Semantic search

From Rinchen Terdzö
Condition
Printout selection
Options
Parameters [
limit:

The maximum number of results to return
offset:

The offset of the first result
link:

Show values as links
headers:

Display the headers/property names
mainlabel:

The label to give to the main page name
intro:

The text to display before the query results, if there are any
outro:

The text to display after the query results, if there are any
searchlabel:

Text for continuing the search
default:

The text to display if there are no query results
import-annotation:

Additional annotated data are to be copied during the parsing of a subject
propsep:

The separator between the properties of a result entry
valuesep:

The separator between the values for a property of a result
template:

The name of a template with which to display the printouts
named args:

Name the arguments passed to the template
userparam:

A value passed into each template call, if a template is used
class:

An additional CSS class to set for the list
introtemplate:

The name of a template to display before the query results, if there are any
outrotemplate:

The name of a template to display after the query results, if there are any
sep:

The separator between results
prefix:

Control display of namespace in printouts
Sort options
Delete
Add sorting condition

ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ ལས་བྱང་གི་ཁོག་སྙིང་ཐུགས་ཀློང་ཕག་མོའི་ལྷ་ཚོགས་བསྐྱེད་ཐབས་ (Volume 33, Text 16)

ྈ ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ ལས་བྱང་གི་ཁོག་སྙིང་ཐུགས་ཀློང་ཕག་མོའི་ལྷ་ཚོགས་བསྐྱེད་ཐབས་བཞུགས་སོ༔ ྈྈྈྈྈྈྈྈ བཛྲ་ཝཱ་རཱ་ཧི་ན་མོ༔ མཁའ་འགྲོ་སེང་གདོང་ལས་བྱང་ཁོང་སྙིང་འདྲ༔ ཐུགས་ཀློང་ཕག་མོའི་ལྷ་ཚོགས་སྐྱེད་པའི་ཐབས༔ མེད་དུ་མི་རུང་གསང་བའི་ཞལ་གདམས་བསྟན༔ ཉི་མའི་ཟེར་ལྟར་གྲངས་མེད་འགྱེད་པར་བྱེད༔ ཞེས་པའི་མཚམས་སུ་འདི་ལྟར་བསྐྱེད་པ་གནད༔ རང་ཉིད་དྲག་མོར་གསལ་བའི་ཙིཏྟའི་དབུས༔ དགའ་འཁྱིལ་དམར་པོ་ཁོང་སེང་ཡོད་པ་ལ༔ ལྔ་ལྡན་འཇའ་ཡི་གུར་ཁང་ལྔ་རིམ་ཕུབ༔ དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས༔ ལྗགས་འདྲིལ་སྨིན་འཁྱུགས་ཤངས་མཛེས་ཁྲོ་གཉེར་ཅན༔ རལ་པ་སྤྱིར་བཅིངས་ལྷག་མ་ཐུར་དུ་གཏིབས༔ སྐམ་རློན་ཐོད་ཕྲེང་ཞིང་གླང་པགས་པ་དང༔ རུས་རྒྱན་ཁྲག་ཞག་ཐལ་བའི་རྒྱ་དང་བཅས༔ སྐུ་ལ་རྒྱན་བཀླུབས་སྤྱི་བོར་ཕག་ཞལ་ངུར༔ ཕྱག་གཉིས་གྲི་ཐོད་གྲུ་གཡོན་ཁ་ཊྭཱཾ་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་པད་ཉི་རོ་གདན་བརྫིས༔ དེ་ཡི་ཐུགས་ཀར་ཡེ་ཤེས་ཕག་མོ་ལྔ༔ མཐིང་ནག་དཀར་སེར་དམར་ལྗང་ཁྲོ་མོའི་ཚུལ༔ ཡོང་རྫོགས་ཀུན་གྱི་གཙུག་ནས་ཕག་ཞལ་ངུར༔ རྒྱན་མེད་ཌཱ་རུ་ཐོད་ཁྲག་ཕྱག་ན་བསྣམས༔ ཁ་ཊྭཱཾ་ལ་འཁྱུད་ཞབས་རྣམས་བརྐྱང་བསྐུམ་བཞུགས༔ ཕྱི་ཡི་ཕག་མོའི་སྐུ་ཡི་འོད་ཟེར་ལས༔ རང་འདྲ་མཁའ་འགྲོ་འབུམ་ཕྲག་འཕྲོ་ཞིང་གསལ༔ ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས༔ བཞི་པོ་དཀར་སེར་དམར་ལྗང་གཙོ་དང་མཚུངས༔ རང་རང་ཐུགས་ཀར་བདེ་ཆེན་དཀར་མོ་དང༔ སེར་མོ་དོན་གྲུབ་དམར་མོ་སྒྲ་སྒྲོག་མ༔ སྣ་ཚོགས་མཐར་ཕྱིན་ལྗང་གུ་བཞི་པོ་ཡང༔ ཕག་ཞལ་སྤངས་པའི་གཙོ་དང་མཚུངས་པར་གསལ༔ མཚམས་བཞིར་དམ་ཚིག་སྣ་ཚོགས་ཐམས་ཅད་དང༔ ལོ་ཀ་ཌཱ་ཀི་བཞི་ནི་ཐལ་མདོག་དམར༔ ལྗང་གུ་སྣ་ཚོགས་མདོག་ཅན་ཕག་ཞལ་སྤངས༔ གཞན་རྣམས་གཙོ་མོའི་ཚུལ་མཚུངས་གསལ་བ་འོ༔ དེ་དག་རང་རང་འོད་ལས་རང་འདྲ་འབུམ༔ སྤྲོ་ཞིང་གསལ་བ་མ་འདྲེས་སོ་སོར་གནས༔ དེ་ལྟར་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་ཀྱང༔ གསལ་སྟོང་འཇའ་གཟུགས་ཐུགས་སྲོག་སོ་སོར་གསལ༔ མཁའ་འགྲོའི་དཀྱིལ་འཁོར་སྐུ་ལ་རྫོགས་པ་ཡི༔ དྲག་མོ་སེང་གདོང་སྤྲུལ་པའི་སྐུ་རུ་གནས༔ སྤྱན་འདྲེན་གོང་དུ་འདི་ལྟར་སྦྱར་བའོ༔ ཧོ༔ ཆོས་ཉིད་མི་འགྱུར་བདེ་ཆེན་ཀློང་ཡངས་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀུན༔ འགྲོ་བའི་དོན་དུ་སྒྱུ་འཕྲུལ་སྐུར་བཞེངས་ལ༔ འདིར་གཤེགས་དམ་ཚིག་པ་དང་དབྱེར་མེད་བཞུགས༔ རང་གསལ་གཉིས་མེད་ལྷ་ལ་ཕྱག་འཚལ་ལོ༔ རང་བྱུང་བདེ་ཆེན་མཆོད་པ་དགྱེས་བཞེས་མཛོད༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས་ལ་བསྟོད༔ རང་རིག་མཁའ་འགྲོར་མ་ཤེས་མཐོལ་བཤགས་སོ༔ ཀ་དག་རང་ས་ཟིན་པའི་དངོས་གྲུབ་སྩོལ༔ མཁའ་འགྲོའི་ཐུགས་སྲོག་རྣམས་ལས་འོད་འཕྲོས་པས༔ སྣང་སྲིད་མཁའ་འགྲོ་མ་ལུས་སྤྱན་དྲངས་ནས༔ ཁྱབ་བརྡལ་བདེ་ཆེན་ངང་དུ་བཞུགས་པར་གྱུར༔ དེ་ནས་ཛཔ྄་ཀྱི་སྐབས་སུ་འདི་སྦྱར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀློང་མཁའ་འགྲོ་རིགས་སོ་སོར༔ ཐུགས་ཀར་དགའ་བ་འཁྱིལ་བའི་དབུས༔ ཨ་དང་ཧ་རི་ནི་སས་མཚན༔ དེ་ལས་འོད་འཕྲོས་རྩ་བ་གསུམ༔ བཞུགས་སོ་འཚལ་ཀུན་འུབ་ཀྱིས་བསྡུས༔ ཐུགས་ཀའི་དབུས་སུ་འོད་དུ་ཞུ༔ དེ་འོད་མཁའ་འགྲོའི་ཚོགས་ལ་ཕོག༔ ཐམས་ཅད་འོད་འབར་དེ་ཡི་འོད༔ ལྔ་ལྡན་སྣང་སྲིད་འཁོར་འདས་ཁྱབ༔ མ་དག་རིགས་ཀུན་སྦྱངས་བྱས་ནས༔ ཐམས་ཅད་དག་པ་བཞི་རུ་གྱུར༔ སྣང་སྲིད་འཇའ་འོད་གཞལ་ཡས་སུ༔ དག་པ་ལྷ་ཡི་ཁྲ་མེར་གཏམས༔ རང་སྔགས་སྒྲ་ཡིས་འཁོར་འདས་གཡོ༔ རིག་སྟོང་ཆོས་སྐུ་འབྱམས་སུ་ཀླས༔ རྣལ་འབྱོར་དེ་ཡི་སྤྱོད་པར་གནས༔ ཨ་ཧ་རི་ནི་ས་ཧཱུྃ༔ དེ་ནས་རྟགས་ཀྱི་རིམ་པ་བཤད་པར་བྱ༔ རྟགས་ཆེན་གསུམ་ནི་གཞུང་དུ་ལེགས་པར་བསྟན༔ སེང་གདོང་ཁྲོ་མོའི་རྟགས་ཀྱང་ལས་བྱང་གསལ༔ སྒྲུབ་པའི་མཁའ་འགྲོ་ཉེ་བའི་རྟགས་པ་ནི༔ རྨི་ལམ་བུད་མེད་མང་པོ་འཛུམ་ཞིང་འདུད༔ བྲོ་གར་རོལ་མོ་བྱེད་ཅིང་བདུད་རྩི་སྟེར༔ དུར་ཁྲོད་གནས་སུ་བྱ་རྒོད་ཁྱུ་མང་འཚོགས༔ ལྔ་ལྡན་འཇའ་ཤར་སྐུ་གསུང་ཐུགས་རྟེན་རྙེད༔ ཉི་ཟླ་ཤར་དང་ཌཱ་རུ་རྐང་གླིང་ཐོགས༔ མཁའ་ལ་འཕུར་སོགས་རྨིས་ན་ཉེ་བའི་རྟགས༔ དགྱེས་པས་ལུས་སྦྱོར་བདེ་བ་འཛག་མེད་སྟེར༔ མི་རོའི་རིགས་བྱེད་སྟེར་དང་ཚོགས་འཁོར་སྟེར༔ སྐུ་གཟུགས་ཕྱག་མཚན་བུད་མེད་ཀྱིས་སྟེར་སོགས༔ དངོས་གྲུབ་འབྱུང་ལ་ཉེ་བའི་རྟགས་སུ་བཤད༔ དངོས་སུ་དག་སྣང་མོས་གུས་ཆོས་ཕྱོགས་ལ༔ བློ་མོས་འཁོར་བར་ཞེན་པ་ལོག་སོགས་ནི༔ དངོས་གྲུབ་ཤིན་ཏུ་ཉེ་བའི་རྟགས་སུ་བཤད༔ མདོར་ན་ཉིན་མོ་སྒྲུབ་ལ་མ་ཡེངས་ཤིང༔ ཁབ་མིག་སྐུད་འཛུད་ལྟར་བྱས་དེ་ཡི་གནད༔ རྨི་ལམ་དག་སྣང་མང་འབྱུང་ཐེ་ཚོམ་མེད༔ ལེ་ལོ་ལྷོད་དང་བརྩོན་ཆུང་ཡེངས་པའི་ངང༔ སྒོམ་སྒྲུབ་ཚིག་རིས་སོང་ཙམ་བྱས་ན་ནི༔ རྨི་ལམ་འཁྲུལ་བ་མ་གཏོགས་གཞན་མི་འབྱུང༔ སླར་ཡང་རྟགས་ལ་མི་ངེས་བཟང་རྟགས་རིགས༔ འབྱུང་ཞིང་རང་སེམས་དགའ་ན་ངེས་པར་ལེགས༔ ཆལ་ཆོལ་འཁྲུག་ཅིང་སེམས་ཡང་མི་དགའ་ལ༔ ཐེ་ཚོམ་མང་འབྱུང་སྒྲུབ་དང་ཆོས་མི་འདོད༔ ངན་རིགས་བྱུང་ན་བར་ཆད་ཡིན་པས་སྤང༔ སྐོང་ཟློག་ལ་བརྩོན་བགེགས་བསྐྲད་བསྐྱེད་རྫོགས་འབུང༔ རྨི་ལམ་མཛེ་མོ་བུད་མེད་ངུ་བ་དང༔ རྒྱབ་ཕྱོགས་ཁྲོ་ཞིང་ཆོ་འཕྲུལ་མང་འབྱུང་བ༔ མཁའ་འགྲོ་འཁྲུགས་རྟགས་ཡིན་པས་སྐོང་བཤགས་འབད༔ བུད་མེད་མཛེ་མོ་སྦྱོར་ཞིང་ཐིག་ལེ་འཆོར༔ གཟུགས་ཀྱང་མི་རྟག་རང་ཡང་མི་དགའ་བ༔ བསེན་མོའི་བར་ཆད་ཡིན་པས་དྲག་པོས་གཟིར༔ མཁའ་འགྲོའི་དམ་ཚིག་དམིགས་བསལ་དམ་རྫས་དང༔ རང་མི་འབྲལ་ཞིང་མཆོད་གཏོར་མ་ཆག་བྱ༔ སྤྱིར་བཏང་གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ ཁྱད་པར་ལྟག་སྤྲོད་རྐང་གླིང་ཐོད་མཚན་ལྡན༔ མེ་ལོང་སིནྡྷུ་ར་དང་བདུད་རྩི་ལྔ༔ རང་དང་འབྲལ་མེད་འཆང་བ་མེད་མི་རུང༔ དམ་རྫས་བཅང་བ་གཞུང་ན་གསལ་བ་འོ༔ ཕག་མོའི་བསྐྱེད་རྫོགས་རྟགས་དང་དམ་ཚིག་བཅས༔ ཤིན་ཏུ་ཟབ་བོ་མང་དུ་མ་སྤེལ་རྒྱཿརྒྱཿརྒྱ༔ རིག་འཛིན་རོལ་པའི་རྡོ་རྗེའི་གཏེར་མའོ།། །།

དངོས་གྲུབ་ལེན་པ་ (Volume 20, Text 16)

དངོས་གྲུབ་ལེན་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་དཀྱིལ་འཁོར་དུ༔ སྣང་བ་མཐའ་ཡས་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་རང་ཤར་རོལ་པའི་དཀྱིལ་འཁོར་དུ༔ ཚེ་དཔག་མེད་མགོན་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ པདྨ་འདབ་སྟོང་རྒྱས་པའི་དཀྱིལ་འཁོར་དུ༔ ཨོ་རྒྱན་པདྨ་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ། བདེ་ཆེན་འོད་གསལ་མཆོག་གི་དཀྱིལ་འཁོར་དུ། །བཻ་རོ་ཙ་ན་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ། ཟབ་ལམ་སྨིན་གྲོལ་ཆོས་ཀྱི་དཀྱིལ་འཁོར་དུ། །གཏེར་བདག་གླིང་པ་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ། ལས་རླུང་དྷཱུ་ཏིར་དག་པའི་དཀྱིལ་འཁོར་དུ། །རྩ་བའི་བླ་མ་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གསོལ་འདེབས་ཚེ་ཛཔ྄་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། སླར་ཡང་སྒྲུབ་རྫས་རྣམས་གནས་གསུམ་དུ་རེག་ཅིང་། ཨོཾ། བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །སྐུ་ཡི་ཚེ་དབང་བདག་ལ་སྩོལ། །མི་ཟད་རྒྱན་གྱི་འཁོར་ལོའི་སྐུ །མགོན་པོ་ཁྱོད་དང་མཉམ་པར་ཤོག །ཀཱ་ཡ་སིདྡྷི་ཨོཾ། ཨཱཿ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །གསུང་གི་ཚེ་དབང་བདག་ལ་སྩོལ། །མི་ཟད་རྒྱན་གྱི་འཁོར་ལོའི་གསུང་། །མགོན་པོ་ཁྱོད་དང་མཉམ་པར་ཤོག །ཝཱ་ཀ་སིདྡྷི་ཨཱཿ ཧཱུྃ། བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །ཐུགས་ཀྱི་ཚེ་དབང་བདག་ལ་སྩོལ། །མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས། །མགོན་པོ་ཁྱོད་དང་མཉམ་པར་ཤོག །ཙིཏྟ་སིདྡྷི་ཧཱུྃ། ཚེ་ཟན་གཡས་སྐོར་དང་ཚེ་ཆང་གཡོན་སྐོར་དུ་རོལ་ལ། སླར་ཡང་། ཨོཾ་བྷ་ག་ཝ་ཏེ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཧྲཱི༔ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ སེམས་མ་བཞི་དང་མགྱོགས་མ་ཆེན་མོ་བཞི༔ སྒོ་སྲུང་བཞི་སོགས་འཁོར་དང་བཅས་ལ་བསྟོད༔ ཞེས་བསྟོད། ཡི་གེ་བརྒྱ་པ་དང་། མ་རྙེད་ཡོངས་སུ་མ་ཚང་དང༔ སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བསྟིམ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། ཨ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་ལྷར༔ གཤེགས་བཞུགས་དངོས་པོའི་མཚན་མས་དབེན་མོད་ཀྱི༔ འོན་ཀྱང་རང་གསལ་མ་འགགས་སྣང་སྟོང་གཞི༔ སྐྱེ་མེད་ཐུགས་སྲོག་ནཱ་དའི་དབྱིངས་སུ་བསྡུ༔ བཛྲ་མུ༔ ཞེས་དམ་ཚིག་པ་བསྡུ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགགས་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་སོགས་བཀྲ་ཤིས་རྒྱ་ཆེར་བརྗོད་པས་མཐའ་བརྒྱན་པར་བྱའོ།། །།

ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་ (Volume 30, Text 16)

༄༅། །ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མཱ་ར་དེ་ཝ་སྱ་མཎྜ་ལེ་བྷྱཿ འཆི་མེད་གྲུབ་དབང་པདྨཱཀ་ར་དང་། །འཆི་མེད་དཀྱིལ་འཁོར་ལྷ་ལ་གུས་བཏུད་ནས། །འཆི་མེད་རིག་འཛིན་བསྙེན་ཅིང་སྒྲུབ་པའི་ཐབས། །འཆི་མེད་བདུད་རྩིའི་གཏེར་མཛོད་འདིར་བཤད་བྱ། །དེ་ལ་འདིར་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་རེག་ཟིག་མདོ་ཙམ་འབྲི་བ་ལ་སྤྱི་དོན་གསུམ་ལས། སྤྱིར་སྒྲུབ་སྐོར་འདི་ཉིད་ན་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི་པ་ཨོ་རྒྱན་ཆེན་པོའི་རང་འགྱུར་དང་། པཎྜི་ཏ་བི་ཤྭ་མི་ཏྲ་དང་ལོ་ཙཱ་བ་འཇིག་གསལ་འབར་གྱིས་བསྒྱུར་བ་བཀའ་གཏེར་གཉིས་མཐུན་པའི་རྒྱུད་དོན་ལྟར་གུ་རུ་པདྨས་བདུད་རྩི་འཁྱིལ་བའི་སྐོར་གྱི་སྒྲུབ་ཐབས་རྒྱས་པར་མཛད་པ་ལས། རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་དང་། རྒྱུན་ཁྱེར་གཉིས་པ་བདུད་རྩིའི་ཆུ་རྒྱུན་གཉིས་ཀྱི་ཉམས་ལེན་ཁྱེར་བདེ་བ་དང་། ཚོམ་བུ་ཚོགས་སྒྲུབ་ཆེན་པོ་སྒྲུབ་ཁོག་དངོས་གྲུབ་རྒྱ་མཚོའི་སྒོ་ནས་རྒྱས་པར་བཤད་པ་ལས། བསྡུ་ན་རྒྱུན་ཁྱེར་གཉིས་ཇི་ལྟ་བར་ཉམས་སུ་བླངས་པས་འཐུས་མོད་ཀྱང་། འདིར་སྤྲོས་བཅས་རྒྱས་པའི་དབང་དུ་བཤད་པ་ལ་དོན་གསུམ་གྱི། སྤྱི་དོན་དང་པོ་སྦྱོར་བ་ནི། སྤྲོ་ན་སྒྲུབ་ཁོག་ལྟར་ས་སློང་བཟུང་སྦྱང་བ་དང་། ལྷ་དང་བུམ་པ་སྟ་གོན། དབང་དང་འབྲེལ་ན་སློབ་མ་ལྷག་གནས་སོགས་ཉིན་དང་པོའི་བྱ་བ་དང་། ཉིན་གཉིས་པར་ཕྱི་མཚམས་རྒྱལ་ཐོ་གཟུག་པ། བར་མཚམས་དམ་སྲི་མནན་ཅིང་སྒོ་བྱང་གདག་པ། ནང་མཚམས་ཁྲོ་བཅུའི་ཕུར་གདབ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཡེ་ཤེས་དང་ལས་ཀྱི་ཐིག་གདབ་པ། ཚོན་ལྔ་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་བྲི་བ། ཉུལ་ལེ་སྐྲོད་ཅིང་ངོ་མཚར་བསྟོད་པ་བྱ་བ། སྒྲུབ་རྫས་དང་རྒྱན་བཀོད་པ། དབང་དུས་བསྲེ་བསྣན་དང་སྒྲུབ་ལུང་སྟེར་བ། སྒྲུབ་ཆེན་དང་འབྲེལ་ན་མངའ་གསོལ། རྟགས་གདབ་པ། ཞལ་བཀོད་བསླབ་བྱ་རྣམས་བྱའོ། །བསྡུ་ན་ཁོ་བོས་བྱས་པའི་ས་ཆོག་སྟ་གོན་ཟུར་བཀོལ་ལྟར་བགྱིས་པས་འཐུས་ཤིང་། སྒྲུབ་རྫས་བཀོད་ཚུལ་རྒྱས་བསྡུས་གང་བྱེད་ཀྱི་ཕྲ་ཞིབ་རྣམས་སྒྲུབ་ཁོག་ཏུ་བལྟའོ། །དཀྱིལ་འཁོར་བྲི་བའི་སྐབས་འདིར་ལས་བྱང་དངོས་གྲུབ་ཆར་འབེབ་ཀྱི་མངོན་རྟོགས་སྐབས་ལས། ཆོས་སྐུ་འགྱུར་མེད་ལྟེ་བ་ཟླུམ་པོའི་ཕྱིར༔ རྣམ་ཤེས་ཚོགས་བརྒྱད་རྣམ་དག་པད་འདབ་བརྒྱད༔ ལྷུན་གྲུབ་ཡེ་ཤེས་འོད་ལྔའི་ར་བས་བསྐོར༔ ཞེས་པ་ལྟར་ན་ལྟེ་བའི་པད་འདབ་ཀྱི་ཕྱིར་འོད་ལྔའི་མུ་ཁྱུད་དགོས་པ་འདྲ་ཡང་སྒྲུབ་ཁོག་ལས། ལྟེ་བར་ཚོན་ལྔའི་མུ་ཁྱུད་ལ་དབུས་མཐིང་ག༔ དེའི་ཕྱིར་པད་འདབ་མཛེས་ཚོན༔ ཞེས་གསུངས་པ་ལྟར་ཁོ་བོས་བྱས་པའི་ཕྱག་ལེན་ཟིན་བྲིས་དངོས་གྲུབ་ཀུན་འབྱུང་དུ་བྲིས་ཡོད་པ་ལྟར་བྱ་བ་གཅེས་སོ། །སྤྱི་དོན་གཉིས་པ་དངོས་གཞི་ནི། ཕྱག་ལེན་ལྟར་སྔོན་འགྲོ་ཆོས་སྤྱོད་ལམ་རིམ་ལྔ་པ་དང་། སྤྲོ་ན་འཆི་ཟློག་གི་སྔོན་འགྲོའི་ལྷན་ཐབས་རིན་ཆེན་ཕྲེང་བ་ལྟར་མགྲོན་བཞིར་ཆབ་གཏོར་གཏང་། བསྡུ་ན་བགེགས་གཏོར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཏེ་ལས་གཞུང་དངོས་ལ་འཇུག་གོ །འཛབ་བཟླས་ཀྱི་སྐབས་སུ་ལས་གཞུང་ལས་སྤྱི་འཛབ་དང་སྒོས་འཛབ་གཉིས་སུ་གསུངས་པས་སྐབས་འདིར་སྤྱི་འཛབ་དྲིལ་འཛབ་གལ་ཆེ་ཞིང་། དེ་ཡང་ལས་བྱང་ལས། ཧྲཱིཿཧཱུྃ༔ བདག་ཉིད་ཚེ་བདག་ཐུགས་ཀ་རུ༔ པདྨ་དམར་པོ་འདབ་བརྒྱད་དབུས༔ འོད་ལྔའི་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་ཉི་ཟླའི་ག་འུའི་དབུས༔ དྭངས་མའི་ཐིག་ལེ་ལྔ་ལྡན་ཀློང༔ འགྲོ་བའི་སྲོག་ཡིག་ནྲྀ་ཡིག་གི༔ ལྟེ་བར་མི་འགྱུར་ཨོཾ་གསེར་མདོག༔ ཡུམ་གྱི་ཐུགས་ཀར་ལཱཾ་སེར་ལ༔ འདྲེན་སྲོག་སྔགས་ཀྱི་འཕྲོ་འདུ་གསལ༔ ཡར་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ༔ ཕར་འཕྲོས་ཕྱོགས་བཅུའི་རྒྱལ་སྲས་མཆོད༔ མར་འཕྲོས་འགྲོ་དྲུག་སྒྲིབ་སྦྱངས་བཀོད༔ ཚུར་འདུས་དུས་གསུམ་རྒྱལ་བས་དང༔ སྣོད་བཅུད་དྭངས་མ་གནས་ལྔར་ཐིམ༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་པ་འདི་བཟླས་དམིགས་དངོས་གཞི་ཡིན་ཞིང་། བདག་མདུན་བུམ་གསུམ་དབྱེར་མེད། ཞུགས་སྒྲུབ། བདག་རྫོགས། མེ་ལོང་གི་གཟུགས་བརྙན་ལྟར་ཚིག་གཅིག་གིས་བདག་མདུན་བུམ་གསུམ་ཐ་དད་དུ་བསྒོམས་པའི་གྱེར་སྒོམ་སོགས་རྣལ་འབྱོར་པའི་བློ་ཆེ་ཆུང་དང་བསྟུན་ནས་ཉམས་སུ་ལེན་པ་སྤྱི་ལྟར་དང་། སྒྲུབ་ཆེན་དུས་སུ་སྒྲུབ་ཁོག་གི་བུམ་པ་སྟ་གོན་སྐབས་ལས། བྷྲཱུྃ་ལས་རིན་ཆེན་བུམ་པ་ཉིད༔ གང་སྒྲུབ་ལྷ་ཡི་གཞལ་ཡས་ཁང༔ མཚན་ཉིད་རྫོགས་པ་བསྒོམས་པའི་ནང༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ གཙོ་འཁོར་ས་བོན་ཞུ་བ་ལས༔ གང་སྒྲུབ་ལྷ་ཚོགས་གསལ་བར་བསྐྱེད༔ དེ་ཡི་ཐུགས་ཀའི་འོད་ཟེར་འཕྲོས༔ མཆོད་མཉེས་སྒྲིབ་སྦྱངས་སླར་འདུས་པས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ལ༔ ལས་གཞུང་ལྟར་དུ་མཆོད་བསྟོད་བྱའོ༔ ཞེས་གསུངས་ཤིང་། ཇི་ལྟར་སྒྲུབ་ཚུལ་ནི། དེ་ཉིད་ལས། ལས་བྱང་ཚར་གཅིག་གྱེར་བྱས་ལ༔ ཏིང་འཛིན་མཚམས་སུ་བུམ་པ་བསྒྲུབ༔ ཅེས་ལས་གཞུང་གི་སྔོན་འགྲོའི་ས་བཅད་རྒྱས་པ་བཤགས་པ་ཡན་གྲུབ་ནས། དངོས་གཞིའི་ཏིང་འཛིན་རྣམ་གསུམ་གྱི་གོང་དུ་བསྒྲུབ་པ་དང་། ལས་བུམ་རྟ་མགྲིན་བསྐྱེད་བཟླས་སོགས་ཀྱང་དེའི་འཕྲོས་ལས་བཤད་པ་ལྟར་དང་། འདིར་ནི་གོང་དུ་བཤད་པ་ལྟར་རོ། །ལས་བྱང་གི་འཛབ་ཀྱི་སྐབས་ལས། དབང་རྫས་བུམ་པའི་ནང་དུ་ཞི་བའི་ལྷ་ཚོགས་ཀྱི་ཐུགས་ཀར༔ ཉི་ཟླའི་གའུའི་ནང་དུ་རང་རང་གི་ས་བོན་འབྲུ་རེ་རེ་དང༔ ཚེ་ཟན་རྣམས་ཀྱི་སྟེང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་རྟ་མགྲིན་རིགས་ལྔ༔ གཙོ་བོ་ལ་གསང་ཡུམ་བཞི༔ རིགས་བཞི་ལ་རང་རང་ཡུམ་བཞི་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་ཧྲཱིཿརིགས་ལྔ་དང་མ་ཧ་རི་ནི་ས་གནས་པ་ལས་འོད་ཟེར་གྱི་སྤྲོ་བསྡུ་བྱ་ཞིང་དྲིལ་འཛབ་བམ་རང་རྐྱང་ནས་བྱའོ༔ ཞེས་གསུངས་པས། གོང་དུ་ལས་བྱང་གི་མངོན་རྟོགས་སྐབས་བདག་མདུན་བུམ་གསུམ་གྱེར་སྒོམ་ལྟར་ཉམས་སུ་ལེན་ན། བདག་མདུན་གཉིས་མེ་རི་འདབས་འབྲེལ་དང་། རིན་པོ་ཆེའི་བུམ་པ་ལྔའི་དབུས་ཀྱི་བུམ་པར་གཙོ་བོ་ཡབ་ཡུམ། ཤར་བུམ་ལ་རྡོར་སེམས་ཡབ་ཡུམ། ལྷོ་བུམ་ལ་རིན་འབྱུང་ཡབ་ཡུམ། ནུབ་བུམ་ལ་སྣང་མཐའ་ཡབ་ཡུམ། བྱང་བུམ་ལ་དོན་གྲུབ་ཡབ་ཡུམ་རྣམས་བསྒོམ་ཞིང་། རྣམ་བུམ་གཅིག་ཏུ་བྱེད་ན་བུམ་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་བསྒོམ། དབང་དང་སྒྲུབ་ཆེན་དུས་ལས་བུམ་ཡོད་ན་སྒྲུབ་ཁོག་ལྟར་རྟ་མགྲིན་བསྐྱེད་བཟླས་སྒྲུབ་ཁོག་གི་བུམ་པ་སྟ་གོན་ལྟར་བྱ། ཟན་བུམ་ལྔ་ཡོད་ན་དབུས་མར་བུམ་ནང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་རྟ་མགྲིན་ལས་བྱང་ལས་བཤད་པ་ལྟར་དམར་པོ། ཞལ་གསུམ་གཡོན།་་་མཐིང་གཡས།་་་དཀར་དབུས།་་་དམར་བ། ཕྱག་བཞི་པ། རྩིབས་བཞི་ལ་ཤར་དུ་རྒྱས་འདེབས་མི་ཕམ་མ་དཀར་མོ་ལྕགས་ཀྱུ། ལྷོར་ཟ་བྱེད་ཁྲོ་གཉེར་མ་ཞགས་པ། ནུབ་ཏུ་རྨོངས་བྱེད་རལ་གཅིག་མ་དམར་མོ་ལྕགས་སྒྲོག །བྱང་དུ་རོ་ལངས་ཚེ་དཔལ་མ་ལྗང་ཁུ་དྲིལ་བུ་ཐོགས་པ་དང་སྦྱོར་བ། ཟན་བུམ་གཞན་བཞིར་རྟ་མགྲིན་རིགས་བཞི་ནི་ཞལ་ཕྱག་གཞན་གཙོ་བོ་དང་འདྲ་བ་ལ། སྐུ་མདོག་མཐིང་། སེར། དམར། ལྗང་བ་བཞིའི་དབུས་དང་ཤར་གཉིས་ཞལ་མདོག་འདྲ་ཡང་སྐུ་མདོག་ཤར་མཐིང་ག །ལྷོར་དབུས།་་་སེར་གཡས།་་་དཀར་གཡོན།་་་དམར་བའི་ཞལ་དང་སྐུ་མདོག་སེར་པོ། ནུབ་ཏུ་དབུས།་་་དམར་གཡས།་་་མཐིང་གཡོན།་་་དཀར་བའི་ཞལ་དང་སྐུ་མདོག་དམར་པོ། །བྱང་དུ་དབུས།་་་ལྗང་གཡས།་་་དཀར་གཡོན།་་་དམར་བའི་ཞལ་དང་སྐུ་མདོག་ལྗང་གུ །རང་ཡུམ་བཞི་མཐིང་སེར་དམར་ལྗང་གྲི་ཐོད་འཛིན་པ་དང་སྦྱོར་བ། དེ་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་གཙོ་བོ་ལ་ཧྲཱིཿདམར་རིགས་བཞིར་ཧྲཱིཿམཐིང་སེར་དམར་ལྗང་། གཙོ་བོའི་ཡུམ་བཞི་པོར་ཐུགས་སྲོག་མ་དམར་པོ་དང་རིགས་བཞིའི་ཡུམ་ལ་ཧ་རི་ནི་ས་མཐིང་སེར་དཀར་ལྗང་རེ་གསལ་འདེབས། ཟན་བུམ་གཅིག་ཏུ་བསྡུ་ན་གཙོ་བོའི་ཕྱོགས་བཞིར་གསང་ཡུམ་བཞི་དང་། རྩིབས་བཞིར་རིགས་བཞི་བསྒོམ། བདག་མདུན་བུམ་གསུམ་གྱི་གཙོ་བོའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཡེ་ཤེས་འོད་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་དབུས་ར་དང་ལྟེ་བ་མཐིང་། ཤར་གྱི་རྭ་གཉིས་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དེའི་ལྟེ་བར་ཟླ་བ་སྟེང་དང་ཉི་མ་འོག་ཏུ་བྱས་པའི་གའུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་སྟེང་འོག་མཚན་པ། གའུའི་ནང་དུ་དྭངས་མའི་སྲོག་གི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་འཕྲོ་བའི་དབུས་སུ་རང་གི་སྲོག་ཡིག་ནྲྀ་དམར་ལྗང་གི་ན་མིག་ནང་དུ་གཙོ་བོའི་ཐུགས་སྲོག་ཨོཾ་སེར་པོ། ཐིག་ལེ་ལྔ་ལྡན་གྱི་ཕྱིར་ནང་སྐོར་དུ་ཛི་ན་ཛིཀ྄་སེར་པོ་དང་། ཕྱི་སྐོར་ལ་ཨོཾ་ཨཱཿཧཱུྃ་ཨཱ་ཡུརྫྙཱ་ན་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་གི་སྔགས་ཕྲེང་ཁ་དོག་དམར་པོས་བསྐོར་བ། ཡུམ་གྱི་ཐུགས་ཀར་ཟླ་གདན་ལ་ལཱཾ་སེར་པོ་ལ་དྭེ་ཥ་རཱ་ཏཱི་སཏྭཾ་ཞེས་པས་བསྐོར་བ། དེ་བཞིན་དུ་ཤར་གྱི་རྡོར་སེམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་ཧཱུྃ་དཀར་པོའི་མཐར་བཛྲ་དྷྲྀཀ་དཀར་པོ་དང་། ཡུམ་གྱི་ཐུགས་ཀར་ཟླ་གདན་ལ་མཱུཾ་དཀར་པོའི་མཐར་དྷཱ་ཏྭཱི་ཤྭ་རཱི་སཏྭཾ་ཞེས་པས་བསྐོར་བ་དཀར་པོ། ལྷོའི་རིན་འབྱུང་གི་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་སྭཱ་སྔོན་པོ་ལ་རཏྣ་དྷྲྀཀ྄་སྔོན་པོ་དང་ཡུམ་གྱི་ཐུགས་སྲོག་མཱཾ་དང་མོ་ཧ་རཱ་ཏཱི་སཏྭཾ་སྔོན་པོ། ནུབ་ཀྱི་སྣང་མཐའི་ཐུགས་སྲོག་ཨཱཾཿདང་ཨཱ་རོ་ལྀཀ྄་ཡུམ་གྱི་ཐུགས་སྲོག་པྱཱཾ་དང་རཱ་ག་རཱ་ཏཱི་སཏྭཾ་དམར་པོ། བྱང་གི་དོན་གྲུབ་ཀྱི་ཐུགས་སྲོག་ཧཱ་དང་པྲ་ཛྙཱ་དྷྲྀཀ྄་ཡུམ་གྱི་ཐུགས་སྲོག་ཏཱཾ་དང་བཛྲ་རཱ་ཏཱི་སཏྭཾ་ལྗང་ཁུ། ཞི་ལྷ་ལྔ་པོའི་ཐུགས་ཀློང་རྟ་མགྲིན་རིགས་ལྔ་པོར་ཉི་ཟླའི་གའུའི་དབུས་སུ་ཧྲཱིཿདམར་དཀར་སེར་དམར་ལྗང་ལ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿཅེས་པ་ས་བོན་གྱི་མདོག་མཚུངས་ཀྱིས་བསྐོར་བ། མགྱོགས་མ་བཞིའི་ཐུགས་ཀར་ཟླ་གདན་ལ་ཛཿཧཱུྃ་བཾ་ཧོཿདཀར་སེར་དམར་ལྗང་བཞིའི་མཐར་ཨོཾ་བཛྲ་ལཱ་སྱེ་ཧཱུྃ་ཛཿ ཨོཾ་བཛྲ་མཱ་ལྱེ་ཏྲཱཾ་ཧཱུྃ། ཨོཾ་བཛྲ་གཱིརྟཱི་ཧྲཱིཿབཾ། ཨོཾ་བཛྲ་ནིརྟི་ཨཱ་ཧོཿ ཞེས་པ་རྣམས་དཀར་སེར་དམར་ལྗང་གིས་བསྐོར་བ། སྒོ་མ་བཞིའི་ཐུགས་ཀར་ཟླ་གདན་ལ་ཛཿཧཱུྃ་བཾ་ཧོ་དང་། བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ཞེས་སམ་ཡང་ན་ཁཎྜ་རོ་ཧི་ཛ་ཛཿ རཱུ་པི་ནི་ཧཱུྃ་ཧཱུྃ། ཌཱ་ཀི་ནཱི་བཾ་བཾ། ས་མ་ཡ་ཧོཿཧོཿ ཞེས་པ་གང་བདེ་དཀར་སེར་དམར་ལྗང་གིས་བསྐོར་བ་གསལ་འདེབས། ཁྱད་པར་དྲིལ་འཛབ་ཀྱི་དུས་གཙོ་བོའི་ཐུགས་ཀའི་སྔགས་འཁོར་རྣམས་གསལ་བ་ལས་འོད་ཟེར་སེར་པོ་ཤས་ཆེ་བའི་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་ཡར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པའི་སྣེ་ལས་མཆོད་སྤྲིན་སྤྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། འོད་ཟེར་མར་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་དང་བདག་གཞན་གྱི་བསྒྲུབ་བྱ་གང་ཡིན་གྱི་སྒོ་གསུམ་སྡིག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་སར་བཀོད། ཚུར་འདུས་ཕྱོགས་དུས་ཀྱི་སངས་རྒྱས་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཡེ་ཤེས་ཚེའི་དངོས་གྲུབ་ཐམས་ཅད་དང་། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་སྣོད་ཀྱི་ཡོན་ཏན་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེ་དཔལ་ལོངས་སྤྱོད་བཀྲག་དང་གཟི་བརྗིད་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ཏེ་བདག་གི་གནས་ལྔར་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཚེ་དབང་དངོས་གྲུབ་ཐམས་ཅད་འདུས་པར་བསམ་ཞིང་འཛབ་བཟླ། གཞན་དོན་དུ་ཚེ་སྒྲུབ་བྱེད་ན་ཐུགས་ཀའི་སྲོག་ཡིག་གི་མདུན་དུ་བསྒྲུབ་བྱ་དངོས་སམ་སྲོག་ཡིག་ནྲྀའི་རྣམ་པར་གསལ་བ་ལ་བསྟིམ་པའི་དམིགས་གནད་གལ་ཆེ་ཞིང་། སྤྱིར་ཁྱེར་སོ་གསུམ་ལྡན་གྱི་ངང་ནས་སྣོད་བཅུད་ཀྱི་ཡོན་ཏན་བསྡུ་ཚུལ་ཚེ་སྒྲུབ་སྤྱིའི་རིགས་འགྲེས་སྦྱར་ཏེ་དཔེར་ན་གསེར་རི་ལྷུན་པོ་སོགས་ཀྱི་སའི་བཅུད། རོལ་མཚོ་རྒྱ་མཚོ་སོགས་ཀྱི་ཆུའི་བཅུད། ཉི་ཟླ་ནོར་བུ་རྟ་གདོང་གི་མེ་དང་གཙུབས་པ་དང་བརྡབས་པ་ལས་བྱུང་བའི་མེ་དང་། འོག་གཞིའི་རླུང་སོགས་ལྡེམ་འདེགས་འཐོར་བསྐྱོད་ཀྱི་རླུང་དང་། དབྱིངས་ཀྱི་ནམ་མཁའ་སོགས་ནམ་མཁའི་བཅུད་རྣམས་ཁ་དོག་སོ་སོའི་རྣམ་པ་ཅན་དང་། རྒྱལ་བ་སྲས་བཅས་ལྷ་ཀླུ་མི་སོགས་སེམས་ཅན་ཚེའི་རིག་འཛིན་དྲང་སྲོང་རྒྱལ་པོ་རྒྱལ་ཕྲན་སྡེ་བརྒྱད་སོགས་བཅུད་ཀྱི་སྐྱེ་འགྲོའི་ཚེ་བཀྲག་ནུས་སྟོབས་བསྡུ་བ་སོགས་རིགས་པས་འགྲེ་ཞིང་། བུམ་ལྷའི་སྐུ་ལས་འཆི་མེད་ཀྱི་བདུད་རྩི་བབས་པས་བུམ་པ་འགེང་བ་སོགས་བྱའོ། །སྒོས་འཛབ་ཀྱི་དུས་སུ་ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོ་འདུ་གོང་བཞིན་དང་ཁྱད་པར་ཡེ་ཤེས་ལྔའི་འོད་སྣང་གིས་དུག་ལྔ་འཇོམས་པར་དམིགས་པ་འཛབ་བྱང་ལྟར་དང་། ཡུམ་བཞིའི་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་ཚེར་བྱིན་གྱིས་བརླབས་ཏེ་ཤ་ཁྲག་དྲོད་དབུགས་ཡིད་ཁམས་སུ་བསྟིམ་པ་དང་། མགྱོགས་མ་བཞི་ལས་རང་འདྲའི་ཕོ་ཉ་ཕྱོགས་བཞིར་སྤྲོས་ཏེ་ཚེའི་གཡབ་དར་དཀར་སྔོ་དམར་ལྗང་གིས། དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་གྱིས་ཚེ་ཕྲོགས་པ་རྣམས་དྲངས་ཏེ་བསྟིམ་པ་དང་། སྒོ་མ་བཞིས་སྤྲུལ་པ་གོང་བཞིན་སྤྲོས་ཏེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཏེ་ཁམས་གསུམ། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་སྟེ་སྲིད་པ་གསུམ། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་སྟོང་གི་འཇིག་རྟེན་ཏེ་སྟོང་གསུམ། དེ་དག་ཆགས་གནས་འཇིག་སྟོངས་དུས་གཅིག་ཏུ་བྱེད་པས་འཇིག་རྟེན་གསུམ་སྟེ། དེ་རྣམས་ཀྱི་ཚེ་བཅུད། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་ལྷ་མོ་རྣམས་ཀྱིས་འགུགས་བསྟིམ་དང་། ཁྲོ་བོའི་ཚེ་འགུགས་སྐབས་ཚེའི་ལྷ་ཚོགས་རྣམས་དང་། ཁྱད་པར་ཐུགས་ཀློང་དང་ཟན་བུམ་གྱི་རྟ་མགྲིན་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་ཁྱུང་དང་གནམ་ལྕགས་ཀྱི་ཐོག་དང་རྡོ་རྗེའི་མཚོན་ཆ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ཚེའི་བར་གཅོད་རྣམས་ཀྱིས་ཚེ་ཕྲོགས་ཏེ་སྦས་ཤིང་གབ་པ་རྣམས་ཁྱུང་གི་གཤོག་བརྡབ་ཀྱིས་རྒྱ་མཚོ་དཀྲུགས། གནམ་ལྕགས་ཐོག་གིས་སྲིད་པའི་རི་བོ་བཤིག །རྡོ་རྗེའི་མཚོན་ཆས་འབྱུང་པོ་རྣམས་རྡུལ་དུ་བརླགས་ཏེ་ཕྲོགས་ནས་བདག་ལ་བསྟིམ་པའི་དམིགས་བཟླས་བྱེད་པ། རྒྱུད་དང་སྒྲུབ་ཁོག་ལས་གཞུང་རྒྱུན་ཁྱེར་སོགས་ཀྱི་དགོངས་པ་གཅིག་ཏུ་བསྡུས་ཤིང་བཀྲལ་ཏེ་བཀོད་པ་ལས་རང་བཟོ་མ་ཡིན་པ་ཞིབ་ཆ་གཞུང་དེ་དག་ལ་བལྟས་པས་རྟོགས་པར་འགྱུར། ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་སོགས་སྐུ་མདོག་དང་མ་མཐུན་ཡང་ཚེ་འགུགས་དང་ལས་གཞུང་མངོན་རྟོགས་ཀྱི་དགོངས་པ་དང་། མགྱོགས་མ་དང་སྒོ་མའི་ས་བོན་ཟློས་པ་ལྟར་སྣང་ཡང་། མགྱོགས་མ་བཞི་ལཱ་སྱེ་མ་སོགས་སེམས་མ་བཞི་དང་། སྒོ་མ་བཞིི་འཁོར་ལོ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞིའི་ངོ་བོར་གཅིག་ཅིང་སྔགས་བྱང་དང་བསྟུན་པས་འགལ་འདུར་མི་འཁྲུལ་པ་ཤེས་དགོས་སོ། །དེ་ཡང་གཙོ་བོར་དྲིལ་འཛབ་ཁོ་ན་དང་ཐུན་བསྡུ་ཁར་སྒོས་འཛབ་རྣམས་བཟླ་བ་དང་། བསྙེན་ཚད་ངེས་ཅན་མ་གསུངས་མོད། འོན་ཀྱང་སྒྲུབ་ཁོག་གི་བུམ་པ་སྟ་གོན་སྐབས་ལས། སྒྲུབ་ཐབས་གང་བྱེད་གཙོར་བཟུང་ནས༔ གཙོ་ལ་ཁྲི་འབུམ་འཁོར་ལ་སྟོང༔ སྐབས་སུ་སྟོང་ཚིགས་མཆོད་བསྟོད་བྱའོ༔ ཞེས་གསུངས་པས་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་དང། རིགས་བཞི་ཡབ་ཡུམ་ལ་ཁྲི་ཕྲག །མགྱོགས་མ་དང་སྒོ་མར་སྟོང་ཕྲག་རེ་ཙམ་འཐད་པ་འདྲ་ཞིང་རྒྱས་པར་སྤྲོ་ན་སྒྲུབ་ཁོག་གི་སྙིང་པོ་ལུང་དབང་གི་སྐབས་སུ་བསྙེན་པ་དང་། སྒྲུབ་པ་དང་། ཉེ་བསྙེན་དང་། བསྙེན་སྒྲུབ་དྲིལ་བ་དང་། ཀུན་གྱི་དྲིལ་འཛབ་དང་། བསྙེན་པའི་དབང་འཛབ་སོགས་རྒྱ་ཆེར་གསུངས་པ་དང་། རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོར་སྒྲུབ་ཁོག་གི་སྒྲུབ་སྔགས་དང་འདྲ་བ་ཞིག་དང་། རྒྱུན་ཁྱེར་གཉིས་པ་བདུད་རྩིའི་རྒྱུན་འབྱུང་དུ་སྔགས་ཐུང་གཉིས་བཤད་པ་སོགས་ཀྱང་རིགས་པས་སྤྲོས་ཏེ་སྐབས་སྦྱར་བཟླས་ཀྱང་སྐྱོན་དུ་མི་འགྱུར་ཞིང་ཕན་ཡོན་ཆེ་ལ། གཞན་དུ་ལས་གཞུང་གི་དྲིལ་འཛབ་དང་སྒོས་འཛབ་ཁོ་ནས་འཐུས་སོ། །ཐུན་མཚམས་ཀྱི་མཆོད་བསྟོད་དང་གཏེར་སྲུང་མཆོད་པ་ཚོགས་འཁོར་སོགས་ཕྱག་བཞེས་ལྟར་དང་། ཐུན་བཞི་ཀར་ལས་བྱང་ཚར་རེ་འགྲུབ་ན་ལེགས་ཤིང་། མི་སྤྲོ་ན་སྔ་ཐུན་དང་སྲོད་ཐུན་ཙམ་ལ་ཚར་རེ། བསྡུ་ན་ཐོར་ཐུན་ལ་ལས་གཞུང་བསྲང་ཞིང་ཐུན་མཚམས་ཀྱི་ཚེ་འགུགས་མཆོད་བསྟོད་སོགས་ཚུལ་བཞིན་དང་། སྲོད་ཐུན་མཐར་གཏེར་སྲུང་མཆོད་ཅིང་ཚོགས་ལས་རྣམས་བྱ། ཐུན་གཞན་རྣམས་ལ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་གསལ་བཏབ་སྟེ་བཟླས་པ་དང་། ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་བསྟོད་དགེ་བསྔོ་ཙམ་བྱས་ཀྱང་ཉེས་པ་མེད་ཅིང་། གསར་མ་དང་རྒྱུད་སྡེ་འོག་མ་ལྟར་པར་བཀབ་མ་བྱུང་ཡང་རྫོགས་ཆེན་ཀ་དག་གི་ལྟ་བས་རྩིས་ཟིན་པའི་ལྷུན་གྲུབ་རིག་པའི་འཆར་སྒོ་ལྷ་དང་གཞལ་ཡས་ཁང་དུ་གསལ་བཏབ་ལ་ཞེན་འཛིན་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྤྱོད་པ་ཡིན་ནོ། །སྒྲུབ་པའི་གེགས་བསལ་བ་དང་། སྒྲུབ་པའི་རྟགས་ལྟ་བ་སོགས་ནི་སྒྲུབ་ཁོག་ལྟར་རོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་སོང་ནས་ཁ་སྐོང་གི་སྦྱིན་སྲེག་སྤྲོ་ན་ལུང་རྒྱུན་མེད་ཀྱང་ལས་བཞིའི་སྦྱིན་སྲེག་ལས་བཞི་ལྷུན་གྲུབ་ལྟར་ལས་བཞི་ཀའམ་ཞི་བ་ཙམ་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལས་དངོས་གྲུབ་བླང་བ་ནི། རྒྱས་པར་སྤྲོ་ན་སྒྲུབ་ཁོག་ལས་གསུངས་པ་ལྟར་སྒྲུབ་རྫས་བཤམ་པ་ནི། གཞུང་དོན་བཀྲལ་ཏེ་བཤད་ན། ཀ་པཱ་ལ་ཁ་སྦྱར་གྱི་ནང་དུ་དཀར་གསུམ་མངར་གསུམ་ཆོས་སྨན་བཏབ་པའི་དཔལ་གཏོར་ཟས་དབྱིབས་རིན་པོ་ཆེ་འབར་བའམ་ཟུར་བརྒྱད་པ་ལ་དབུས་དང་ཕྱོགས་བཞིར་མར་ཚོན་གྱིས་ཁ་དོག་བསྒྱུར་བའི་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དེ་དག་སོ་སོའི་མདུན་དུ་ཅུང་ཟད་ཆུང་བའི་མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། རྩེ་མོར་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ། ཕྱོགས་བཞིར་ཤར་དུ་རྒྱས་པ་གྲུ་བཞི། ལྷོར་ཞི་བ་ཟླུམ་པོ། ནུབ་ཏུ་དབང་ཟླ་གམ། བྱང་དུ་དྲག་པོ་གྲུ་གསུམ་དང་ཚེ་རིལ་དང་ནོར་བུ་ཆ་བདུན་ལ་སོགས་པའི་དབྱིབས་དུ་མ་བཟོས་པས་བསྐོར་བ་ལ་དར་སྣ་ལྔའི་གུར་ཕུབ། གཟུངས་ཐག་བཏགས་པ་དཀྱིལ་འཁོར་གྱི་དབུས་མཉྫིའི་སྟེང་བཀོད་པ་དང་། གཞན་ཡང་མཱཾ་ས་གསར་རྙིང་དང་། གོ་རོ་ཙ་ན་དང་། བ་སུ་ཏ་སོགས་ཤ་རིགས་དང་། ཞོ་མར་ཐུད། ཕྱུར་བ། གླུམ། ཤིང་ཏོག །ཟས་སྣ། སྦྲང་བུར། ཛ་གད་སོགས་སྣ་ཚོགས་དང་བཅས་པ་ཕྱོགས་གང་བདེར་བཤམ། སྒྲུབ་ཁོག་ལས། བཟླས་པའི་ནུས་སྐྱེད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་གིས་འཛབ་མཇུག་སྦྲེལ་ནས་ཞག་གཅིག་བསྒྲུབ༔ ཅེས་གསུངས་པ་ལྟར་སྤྱི་འཛབ་སྒོས་འཛབ་རྣམས་ཀྱི་མཐར་ཀཱ་ཡ་སོགས་ཀྱི་སྔགས་བཏགས་ལ་བཟླ། བཟླས་དམིགས་སྒྲུབ་ཁོག་ལས། རང་གཞན་གྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་བྱོན༔ སྦྱོར་བ་མཛད་པའི་བྱང་སེམས་འོད་ལྔའི་རྣམ་པར་བབས་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་མོ༔ ཞེས་གསུངས་པ་ལྟར་བྱ་བ་དང་། རྒྱས་པར་ན་དེ་ཉིད་ལས། དངོས་གྲུབ་ཀྱི་སྣ་སེལ་རྒྱུན་བཤགས་རྣམས་བྱ༔ དངོས་གྲུབ་ཀྱི་འཛབ་སྙིང་པོ་རྣམས་ཀྱི་མཇུག་ཏུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་ཞག་གཅིག་གམ་ཐ་ན་སྟོང་ཕྲག་བཟླས་ཏེ༔ ཞེས་གསུངས་པ་ལྟར་བགྱིད་དགོས་ཤིང་། རྒྱུན་བཤགས་ནི། སྒྲུབ་ཁོག་ལས། ཧྲཱིཿཧཱུྃ༔ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་དུ༔ བདག་གཞན་མ་རིག་ལས་དབང་གིས༔ གསང་སྔགས་དཀྱིལ་འཁོར་འདིར་ཞུགས་ནས༔ བསྙེན་སྒྲུབ་ཟབ་མོ་དམ་བཅས་ཀྱང༔ མ་རིག་མ་རྟོགས་ཚོད་ཡོད་ཀྱིས༔ བཀའ་དང་འགལ་བ་ཅི་བགྱིས་པ༔ དཀྱིལ་འཁོར་ལྷ་ལ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཞེས་དང་། གསང་རྫོགས་ལྟར་བྱས་ཀྱང་རུང་། སྒྲུབ་ཁོག་ལས། ཐོད་པ་བདུད་རྩིས་བཀང་བ་ཞིག་ནས་བདུད་རྩི་འཐོར་ཞིང་འདི་སྐད་དོ༔ ཧྲཱིཿཧཱུྃ༔ དུས་གསུམ་སངས་རྒྱས་དཀྱིལ་འཁོར་གཙོ་དང་འཁོར༔ ཞེས་པ་ནས། བདུད་རྩི་གཏོར་རོ་ལྕེ་ཐོག་ཏུ་བཞག་གོ༔ ཞེས་པའི་བར་བྱ། སྤོགས་ཆོག་གི་དངོས་གྲུབ་བླང་བ་གཉིས་ཡོད་པའི་བསྡུས་པ་སྒྲུབ་ཁོག་ལས། སླར་སྤོགས་ཆོག་ཏུ་དངོས་གྲུབ་བླང་བ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་མཚམས་སུ་འཕྲོས་འདུས༔ རྒྱལ་བ་དཔག་ཏུ་མེད་པ་རྣམས་ནམ་མཁར་སྤྱན་དྲངས༔ ཞེས་པ་ནས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བསམ་མོ༔ ཞེས་པའི་བར་སྦྱར། མཆན་བུར་གོང་དུ་སྦྱར་བར་གསུངས་ཀྱང་འདིར་འཐད། སྤོགས་ཆོག་རྒྱས་པ་མི་དགོས་པས་བཞག །སྐབས་འདིར་དབང་རྒྱས་པར་ལེན་ན་སྨིན་བྱེད་བསྙེན་པའི་དབང་རིམ་བདུད་རྩི་འཁྱིལ་བའི་ནང་ལྟར་བདག་འཇུག་གི་ཚུལ་དུ་ལེན། བསྡུ་ན་ཕྱག་བཞེས་ཀྱི་དཀྱུས་ལྟར་ལས་བྱང་གི། ཧྲཱིཿཧཱུྃ༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྔོན་ཚེ་གོང་ནས་བསྙེན་ཅིང་བསྒྲུབས༔ ད་ལྟ་བདག་དང་གཉིས་མེད་ཕྱིར༔ གཉིས་སུ་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་སོགས་ཀྱིས་དངོས་གྲུབ་བསྐུལ་ཏེ། ཧྲཱིཿཧཱུྃ༔ ནམ་མཁའི་དབྱིངས་ནས་མ་གཅིག་ཚེ་འཛིན་མ༔ ཞེས་སོགས་ནས། ཨོཾ་ཨཱ་ཡུརྫྙཱ་ན་བི་ན་དུ་རུ་དུ་རུ་ཞེས་སོགས་ཀྱི་བར་དཀྱུས་དང་ཕྱག་ལེན་ལྟར་དབང་དང་དངོས་གྲུབ་བླང་ངོ་། །ཤིན་ཏུ་སྤྲོས་ན་སྤོགས་ཆོག་རྒྱས་པའི་མཇུག་གི །མཆོག་གི་དངོས་གྲུབ་མཁའ་དབྱིངས་དག་པའི་ཡུམ་ལ་ཚེ་སློང་བའི་སྤོགས་ཆོག་ནི༔ ཞེས་པ་ནས། ཞེས་པད་ཀོར་གྱི་ཕྱག་རྒྱས་བླངས་ལ་རོལ་ལོ༔ ཞེས་པའི་བར་དང་། དེ་ནས་དངོས་གྲུབ་ཀྱི་རྫས་རྣམས་ཆ་གསུམ་དུ་བགོས་ཏེ༔ ཞེས་པ་ནས། མེ་དཔུང་ཀློང་ན་གནས་པར་བསྒོམ་མོ༔ ཞེས་པའི་བར་ལྟར་བྱའོ། །དེ་རྗེས་སྒྲུབ་ཆེན་དང་འབྲེལ་ན་རྗེས་ཀྱི་ལས་རིམ་གཏེར་སྦ་བ་ནས་བསྔོ་སྨོན་གྱི་བར་བྱ། ཡང་ན་གཏེར་སྦེད་དང་དབང་ཞབས་ཚེ་འགུགས་བཀྲ་ཤིས་ཙམ་སྦྱར་ན་ལེགས། གཞན་དུ་ལས་བྱང་དཀྱུས་བཞིན་བྱས་པས་འཐུས། རྒྱལ་ཐོ་ཡོད་ན་སྒྲུབ་ཁོག་ལྟར་འགྲོལ། དཀྱིལ་འཁོར་རྡུལ་ཚོན་ལ་བསྡུ་ཆོག །རས་བྲིས་ལ་བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་སོགས་དཀྱུས་ལྟར་བྱའོ། །དེ་ལྟར་འཆི་མེད་བདུད་རྩི་འཁྱིལ་བ་ཡི། །བསྙེན་སྒྲུབ་ཡི་གེ་བདུད་རྩིའི་གཏེར་མཛོད་འདི། །ཟུར་ཆེན་མཆོག་སྤྲུལ་གང་གི་བཀས་བསྐུལ་ནས། །དགེ་སློང་པདྨ་ཕྲིན་ལས་བདག་གིས་བྲིས། །མགོན་ཁྱོད་མཁྱེན་རབ་ཟབ་ཅིང་རྒྱ་ཆེ་བས། །གཞུང་དོན་རྟོགས་ཕྱིར་ཡི་གེའི་ངལ་བས་ཅི། །འོན་ཏེ་ཐོས་ཆུང་ཤེས་རབ་དམན་རྣམས་ཕྱིར། །གོ་བདེའི་ཟབ་གནད་ལྷུག་པོར་བཀྲོལ་ཏེ་བཀོད། །དགེ་འདིས་བདག་གཞན་དུས་མིན་འཆི་སོགས་ཀྱི། །འགལ་རྐྱེན་ཉེར་ཞི་དལ་འབྱོར་དམ་ཆོས་ལ། །ཡུན་དུ་སྤྱོད་ཕྱིར་འཆི་མེད་དངོས་གྲུབ་ལ། །ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་གྱུར་ཅིག །དེ་ལྟར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་འདི་ཡང་ཟུར་ཆེན་རྡོ་རྗེ་འཆང་གི་མཆོག་སྤྲུལ་མཁས་བཙུན་བཟང་པོའི་ཟློས་གར་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བཀས་བསྐུལ་བ་ལྟར། དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་རང་ལོ་རེ་ལྔ་པ་གྲོ་བཞིན་ཟླ་བའི་ཤེར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་རང་གནས་ཐུབ་བསྟན་གྱི་ཆོས་གྲར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་པའི་དགེ་དེས་བདག་གཞན་ཐམས་ཅད་འཆི་མེད་རིག་འཛིན་གྱི་ས་ལ་འཁོད་པར་གྱུར་ཅིག། །།

གཤིན་རྗེ་འཆར་ཁ་ནག་པོའི་ཕྲིན་ལས་ (Volume 18, Text 16)

༄༅༔ གཤིན་རྗེ་འཆར་ཁ་ནག་པོའི་ཕྲིན་ལས་བཞུགས་སོ༔ ༔ སྔགས་སྒྲུབ་ལས་བྱང་ཡང་ཟེར། ྈྈྈྈྈྈ བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོ་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་འཆར་ཀ་ནག་པོའི་ཕྲིན་ལས་ཀྱི་རིམ་པ་འདི་ལ་སྤྱི་དོན་གཉིས་ཏེ༔ ཕྲིན་ལས་ཀྱི་སྔོན་དུ་འགྲོ་བ་དང༔ དངོས་གཞིའོ༔ དང་པོ་སྔོན་དུ་འགྲོ་བ་ལ་དྲུག་སྟེ༔ མཚམས་བཅད༔ བརྡ་སྒོ་དབྱེ༔ དམ་བཅའ༔ བྱིན་དབབ༔ བཤགས་པ་བྱ་བ༔ མཆོད་རྫས་བྱིན་གྱིས་བརླབ་པ་ལ་སོགས་པ་ཞི་ཁྲོ་སྤྱི་གཞུང་ལྟར་ཤེས་པར་བྱའོ༔ གཉིས་པ་དངོས་གཞི་ལ་གསུམ་སྟེ༔ དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང༔ རང་བཞིན་གྱི་དཀྱིལ་འཁོར་སྒྲུབ་པ་དང༔ མཇུག་ལས་ཀྱི་ཁ་བསྒྱུར་བའོ༔ དང་པོ་རང་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ལྔ་ལས༔ དང་པོ་ཏིང་འཛིན་རྣམ་པ་གསུམ་སྒོམ་པ་ནི༔ ཧཱུྃ༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ཉིད་དེ༔ རང་སེམས་དམིགས་མེད་སྤྲོས་དང་བྲལ་བར་བསྒོམ༔ དེ་ཡི་ངང་ལས་མ་རྟོགས་སེམས་ཅན་ལ༔ ཁྱབ་པའི་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང༔ དེ་ཡི་ངང་ལས་རང་སེམས་རྒྱུ་ཡི་དངོས༔ མཐིང་ནག་འབར་བའི་ཧཱུྃ་དུ་གསལ་བར་བྱ༔ ཧཱུྃ་རྒྱུའོ༔ གཉིས་པ་འབྱུང་བ་རིམ་བརྩེགས་བསྐྱེད་པ་ནི༔ ཧཱུྃ༔ ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་འབར༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ཁྱབ་པར་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག༔ སུཾ་ལས་ཞིང་ཆེན་ས་གཞི་ཀུན་ཏུ་ཁྱབ༔ ཀེཾ་ལས་ཀེང་རུས་རི་རབ་བརྗིད་པའི་སྟེང༔ རཾ་ལས་འབར་བའི་མེ་དཔུང་ཀུན་ཏུ་འཁྲིགས༔ ཞེས་པའོ༔ གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ བྷྲཱུྃ་ལས་དུར་ཁྲོད་འཇིགས་པའི་གཞལ་ཡས་ཁང༔ ཕྱི་རོལ་རིན་ཆེན་སྣ་ལྔ་ལས་གྲུབ་པ༔ ནང་དུ་ཐོད་པ་སྐམ་རློན་རྩིག་པ་བྱས༔ རྒྱལ་པོ་ཆེན་པོ་བཞི་ཡི་ཀ་བ་བཙུགས༔ ལྷ་ཆེན་བརྒྱད་ཀྱི་གདུང་མ་བྲེས་པ་ལ༔ གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་དྲལ་ལྕམ་བྱས༔ ཞིང་གི་དྲལ་ལྕམ་ཞིང་ལྤགས་ཡ་ཐོག་ཕུབ༔ ཀླུ་རྒྱལ་གདུག་པ་སྦྲུལ་གྱི་ཟར་མས་བརྩེགས༔ ཁྲག་གི་ཞམ་ཆུ་འབབ་པའི་ཉི་ཟླ་འཆར༔ སྒོ་བཞི་རྟ་བབས་རྒྱན་གྱིས་མཛེས་པར་སྤྲས༔ ཁོར་ཡུག་རྡོ་རྗེའི་ར་བ་མེ་རིས་བསྐོར༔ དེ་དབུས་འཁོར་ལོ་རྩིབས་དྲུག་ཐོད་པས་བསྐོར༔ དབུས་སུ་གྲུ་གསུམ་མཐིང་ནག་གདན་སྟེངས་སུ༔ མ་ཏྲཾ་རོ་དང་ཆུ་གླང་ཉི་ཟླའི་སྟེང༔ ཞེས་པའོ༔ བཞི་པ་ལྷ་བསྐྱེད་པ་ནི༔ རྒྱུ་ཡི་ཧཱུྃ་བཅས་རྡོ་རྗེ་རྩེ་ལྔར་གྱུར༔ དེ་ལས་སྤྲོས་བསྡུས་བདག་ཉིད་གཤིན་རྗེའི་གཤེད༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཀྱི་ཕྱག་ན་དབྱུག་ཐོ་དགྲ་སཏྭ་ཅན༔ གཡོན་གྱི་ཕྱག་ན་སྡིགས་མཛུབ་སྦྲུལ་ཞགས་ཅན༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ༔ གླང་ཆེན་ཀོ་རློན་སྟག་ལྤགས་ཤམ་ཐབས་ཅན༔ ཐོད་ཕྲེང་སྦྲུལ་གྱི་ཆུན་པོས་དབུ་ལ་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དགྲ་བགེགས་གནོན༔ ཡུམ་ཆེན་ནག་མོ་མི་སྡུག་དགྱེས་པར་འཁྲིལ༔ གཡས་པས་ཡབ་འཁྱུད་གཡོན་པས་ཐོད་རློན་གཙོ་ལ་སྟོབ༔ དུར་ཁྲོད་འཇིགས་པའི་རྒྱན་གྱིས་མཛེས་པར་བརྒྱན༔ མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས༔ ཡབ་ཡུམ་གཉིས་མེད་རོལ་པའི་སྦྱོར་མཚམས་ནས༔ མདུན་དུ་ཧཱུྃ་འཕྲོས་དེ་ཡོངས་གྱུར་པ་ལས༔ གཤིན་རྗེ་འཆར་ཁ་ནག་པོ་སྦྲུལ་གྱིས་བརྒྱན༔ དབུ་ལ་དར་ནག་ཅོད་པན་འཇིགས་པའི་སྐུ༔ སྐུ་གསུང་ཐུགས་དང་ལྡན་པའི་རང་རྟགས་སུ༔ གཡས་གཡོན་ཕྱག་དང་དབུ་ལ་མཆོད་རྟེན་གསུམ༔ དར་ནག་བེར་གྱོན་སྦྲུལ་སྔོན་མཇུག་མ་ཅན༔ མིག་དམར་མཆེ་གཙིགས་ཁ་གདངས་ཁྲོ་གཏུམ་ཅན༔ གདུག་པ་སྒྲོལ་ཞིང་བདག་གི་བཀའ་ཉན་བསྐྱེད༔ དེ་ཡི་སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བའི་གནས་ནས་སྤྲུལ་པའི་བཤན་པ་འཕྲོ༔ བན་ནག་གཡས་པ་རྡོ་རྗེ་གཡོན་དར་ནག༔ བོན་ནག་ལྕགས་ཀྱི་སྤར་བཤད་ཐོགས་པ་སྟེ༔ ཞང་བློན་རལ་གྲི་མོན་པ་གྲི་གུག་དང༔ སྦྲུལ་ཞགས་ཐོགས་པ་གནས་བཞིར་རིམ་བཞིན་བསྐྱེད༔ འཁོར་ལོ་དྲུག་ལ་ཧཱུྃ་ལས་ཕོ་ཉ་དྲུག༔ ནག་པོ་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ གཡས་པ་སཏྭ་གྲི་གཡོན་པ་ཁྲམ་བམ་བསྣམས༔ མགོ་ནི་སྟག་དང་སེང་གེ་དོམ་དང་དྲེད༔ ཆུ་སྲིན་བ་གླང་མགོ་ཅན་བསྐྱེད་པར་བྱ༔ དེ་ཡི་ཕྱི་རིམ་ཐོད་པའི་ར་བས་བསྐོར༔ དེ་ཡི་ཕྱི་ཁྱམས་ཕྱོགས་དང་མཐུན་པ་ལ༔ གཙོ་བོའི་མདུན་ངོས་ལྷོ་རུ་གཤིན་རྗེ་བདུན༔ ཕྱ་སངས་ཏེལ་པ་རལ་པ་ཚར་དགུ་དང༔ ཡ་བ་ཏི་དང་འབྱུང་པོ་དམར་ནག་དང༔ རྨིག་པ་ཨ་ཝ་གླང་མགོ་ཅན་དང་བདུན༔ ཁྲམ་བམ་ནད་རྐྱལ་ཐོགས་པ་དམིགས་པར་བྱ༔ ནུབ་ཏུ་ཕོ་རྒྱུད་ཟློག་བྱེད་བདུད་རྒྱལ་བདུན༔ ནག་པོ་བཀྲག་མེད་ཡ་ཞེར་ནག་པོ་དང༔ སོག་པོ་མི་ཟན་ལྕགས་ཀྱི་བེར་ཀ་ཅན༔ ཁ་ལ་རུ་ཙེ་སྲིད་པ་མཁའ་ལ་ཉུལ༔ ཟངས་ཀྱི་བྱ་རུ་ཅན་དང་བདུན་པོ་ནི༔ མི་ནག་འཇིགས་པ་རྟ་ནག་ཞོན་པ་བདུན༔ གཡས་པ་དར་ནག་གཡོན་པ་ཤོ་རྡེའུ་འཕེན༔ རོ་དོམ་ནག་པོ་བདུད་ཀྱི་བཤན་པ་ཡིན༔ ཤར་དུ་ཕོ་རྒྱུད་འདུལ་བྱེད་མ་མོ་བདུན༔ ཨེ་ཀ་ཙཱ་ཏི་ནག་མོ་རེ་མ་ཏི༔ རེ་མ་ཛུ་དང་ནག་མོ་ཏེ་འཆང་མ༔ བལ་མོ་ནག་མོ་དང་ནི་རྣམ་པ་བདུན༔ ནད་ཀྱི་རྐྱལ་པ་ཐོད་ཁྲག་ཕྱག་ན་བསྣམས༔ དར་ནག་ལ་འུ་གྱོན་པ་བསྐྱེད་པར་བྱ༔ བྱང་དུ་ལྷ་རྣམས་ཟློག་བྱེད་གནམ་སྨན་བདུན༔ དཀར་མོ་མགྱོགས་མ་ཁྱུང་ལ་ཞོན་པ་དང༔ གནམ་ཕྱི་དཀར་མོ་སྲིད་པའི་རྒྱལ་མོ་དང༔ སྦས་པའི་མ་གསུམ་རྡོ་རྗེ་ཁྱུང་གཤོག་ཅན༔ དཀར་མོ་ལས་ཕྲན་ཅན་ཏེ་ཁྱུང་ལ་ཞོན༔ གཡས་གཡོན་མེ་ལོང་གཡབ་ཅིང་སེར་བ་འདྲིལ༔ དེ་ལྟའི་སྐུ་རུ་་གསལ་བར་བསྐྱེད་པར་བྱ༔ ཡེ་ཤེས་ལྔས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི༔་་་་བཀའ་བརྒྱད་ཀྱི་གནས་གསུམ་བྱིན་རླབས་དང་དབང་ལེན། དེ་ནས་ལྷ་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་གར་རིམ་བཞིན་ཟླ་བ་པདྨ་ཉི་མའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་བསམ༔ སྤྲོ་བསྡུས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ དབུ་ལ་ཐོད་པ་ལྔ་ཡི་ནང་དུ་ནི༔ ཨོཾ་ཨཱཿཧཱུྃ་སྭཱ་ཨཱཾཿཧཱ་དགོད་པར་བྱ༔ སྤྲོ་བསྡུའི་སྦྱོར་བས་རྒྱལ་བ་རིགས་ལྔར་བསྐྱེད༔ གཉིས་པ་རང་བཞིན་གྱི་དཀྱིལ་འཁོར་སྒྲུབ་པ་ལ་བརྒྱད་ལས༔ དང་པོ་སྤྱན་དྲང་བ་ནི༔ ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང༔ གཉིས་མེད་དག་པ་ཆེན་པོའི་མཁའ་དབྱིངས་ནས༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་སྤྱན་འདྲེན་གྱིས༔ ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ཁམས་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར༔ གཤིན་རྗེའི་སྤྲུལ་སྐུ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེ་གནས་པའི་ཞིང་ཁམས་ནས༔ ཡ་བདུད་ཕོ་མོ་བསྒྱེལ་བའི་གདན་སྟེང་དུ༔ དུར་ཁྲོད་བསྐལ་པའི་མེ་དཔུང་འབར་བའི་དབུས༔ རབ་བརྗིད་འཇིགས་པའི་གཞལ་ཡས་ཆེན་པོ་ནས༔ གཤིན་རྗེའི་རྒྱལ་པོ་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ གཤིན་རྗེ་འཆར་ཁ་ནག་པོ་མཐུ་བོ་ཆེ༔ འཇིག་རྟེན་སྲིད་པའི་མ་མོ་ཐམས་ཅད་ཀྱང༔ ནག་པོ་ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན༔ མ་མོ་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཁྲམ་ཐོགས་གཤིན་རྗེའི་ལས་མཁན་ཐམས་ཅད་ཀྱང༔ ནག་པོ་ཁྱོད་ཀྱི་ང་རྒྱལ་ཆ་ལ་བརྟེན༔ ལས་ཀྱི་གཤིན་རྗེ་འཁོར་བཅས་གཤེགས་སུ་གསོལ༔ ནག་པོ་བདུད་ཀྱི་ཚོགས་རྣམས་ཐམས་ཅད་ཀྱང༔ འཆར་ཁ་ཁྱོད་ཀྱི་ཞེ་སྡང་ཆ་ལ་བརྟེན༔ ནག་པོ་རྔམས་པ་འཁོར་བཅས་གཤེགས་སུ་གསོལ༔ གནམ་སྨན་དཀར་མོའི་ཚོགས་རྣམས་ཐམས་ཅད་ཀྱང༔ ནག་པོ་ཁྱོད་ཀྱི་འདོད་ཆགས་ཆ་ལ་བརྟེན༔ ལས་བྱེད་མཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང༔ ནག་པོ་ཁྱོད་ཀྱི་འཁོར་དང་གཡོག་ལ་བརྟེན༔ སྤྲུལ་པ་ཡང་སྤྲུལ་ཚོགས་བཅས་གཤེགས་སུ་གསོལ༔ ཡ་མ་ཡེ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ གཉིས་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ རི་རབ་བང་རིམ་བརྩེགས་པའི་གཞལ་ཡས་སུ༔ ཉི་ཟླ་པདྨ་བརྩེགས་པའི་གདན་ཁྲི་ལ༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་བཞུགས་སུ་གསོལ༔ མ་ཏྲཾ་གདུག་པ་བསྒྲལ་བའི་གདན་ཁྲི་ལ༔ ནག་པོ་འཇིགས་བྱེད་འཆར་ཁ་བཞུགས་སུ་གསོལ༔ དུར་ཁྲོད་ཏི་ར་གསར་རྙིང་གདན་ཁྲི་ལ༔ མ་གཤིན་དྲེགས་པ་འཁོར་བཅས་བཞུགས་སུ་གསོལ༔ ཡ་མ་ཡེ་ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེས་སྤྲུལ་པ་འགྲོ་བའི་དོན་མཛད་ཅིང༔ དབྱིངས་དང་ཡེ་ཤེས་ངང་དུ་རབ་སྦྱོར་བ༔ ཁྲོ་རྒྱལ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ དབང་དྲག་གཏུམ་ཆེན་འབར་བ་རྔམ་པའི་སྐུ༔ གདུག་པ་མ་ལུས་འདུལ་བའི་མཐུ་བོ་ཆེ༔ དྲག་པོའི་ལྷ་ཚོགས་རྣམས་ལ་དབང་བསྒྱུར་བ༔ འཆར་ཁ་ནག་པོའི་སྐུ་ལ་ཕྱག་འཚལ་ལོ༔ གདུག་པའི་ངན་སྔགས་མ་ལུས་གཅོད་པའི་ཕྱིར༔ མ་གཤིན་བདུད་པོ་དྲེགས་པའི་སྐུར་བསྟན་ནས༔ གང་ལ་དམིགས་པའི་ཕྲིན་ལས་ཀུན་སྒྲུབ་པ༔ ལྷ་སྲིན་དྲེགས་པའི་འཁོར་ལ་ཕྱག་འཚལ་ལོ༔ བཞི་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་ཡབ་ཡུམ་ལ༔ རྨད་དུ་བྱུང་བ་བདུད་རྩི་རཀྟ་དང༔ འདོད་ཡོན་ལོངས་སྤྱོད་རྒྱན་གྱི་གཏོར་མ་འབུལ༔ ཁམས་གསུམ་གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ འཇིགས་བྱེད་རྒྱལ་པོ་འཆར་ཁ་ནག་པོ་ལ༔ མི་ཤ་རྟ་ཤ་ཕག་ཤ་ཤ་སྣའི་ཚོགས༔ དེ་དག་སྙིང་དང་ཁྲག་གི་རྒྱ་མཚོ་དང༔ དམ་རྫས་བདུད་རྩི་སྨན་ཕུད་གཏོར་མ་དང༔ སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང༔ སྒྲ་སྙན་གུ་གུལ་དཀར་ནག་དུད་པས་མཆོད༔ གང་དམིགས་ལས་རྣམས་འགྲུབ་པའི་ཕྲིན་ལས་མཛོད༔ ལྷ་དང་བདུད་དང་མ་མོ་གཤིན་རྗེ་དང༔ གཟའ་དང་སྲིན་པོ་གནོད་སྦྱིན་རྒྱལ་པོ་དང༔ བཀའ་ཉན་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ༔ ཤ་ཁྲག་ཆང་དང་བཤོས་སོགས་མཐུན་རྫས་འབུལ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྲིན་ལས་མཛོད༔ འོག་གི་ས་བདག་ཀླུ་གཉན་མ་ལུས་པ༔ དཀར་གསུམ་མངར་གསུམ་སྨན་སྣ་ཐམས་ཅད་དང༔ ཞལ་ཟས་གཙང་མར་སྦྱར་བའི་མཆོད་པ་འབུལ༔ གདུག་པའི་ཚོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ བར་ཆད་མི་མཐུན་རྐྱེན་དབང་བཟློག་པ་དང༔ རུ་དྲ་དམ་ཉམས་ཐམས་ཅད་བརླག་བྱའི་ཕྱིར༔ མཐུན་པའི་དམ་རྫས་དགྱེས་པའི་མཆོད་པ་འབུལ༔ བཞེས་ནས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གཤིན་རྗེའི་རྒྱལ་པོ་དགྱེས་པའི་གད་མོ་སྒྲོག༔ བཞད་སྒྲས་ཁོངས་ཤིག་མ་སྲིང་རྒྱ་མཚོའི་ཚོགས༔ དགྲ་ཤ་ཟོ་ཞིག་ལས་ཀྱི་གཤིན་རྗེའི་ཚོགས༔ དགྲ་སྲོག་ཆོད་ཅིག་བདུད་དང་སྲིན་པོའི་ཚོགས༔ གདུག་པ་ཐུལ་ཅིག་ས་བདག་ཀླུ་ཡི་ཚོགས༔ དགྱེས་པ་སྐྱེད་ཅིག་སྤྲུལ་པ་འཁོར་དང་བཅས༔ དམ་རྫས་མཆོག་གི་མཆོད་པ་འདི་བཞེས་ལ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་དམ་བཅས་པ༔ སངས་རྒྱས་བསྟན་པ་བསྲུང་བར་ཆད་པ་ལས༔ སྔོན་ཚེ་དམ་བཅས་ཐུགས་དམ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲི་དི་ཨ་མོ་ཀ་ལི་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་ཤ་རཱི་བྷྱོ༔ ཞེས་པའི་སྔགས་ལ་ཡ་མ་ཡེ་དགྲ་བོ་མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ་བ་སུ་ཤི་ཛི་བཾ་ཏྲི་ནི་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་ལ་བསྟབ་བོ༔ གཏོར་མར་རཀྟ་དང་དམར་སྦྲེང༔ ལྔ་པ་ལས་ཀྱི་གཉེར་གཏད་པ་ནི༔ མ་ཏྲཾ་བྲུབ་ཁུང་དུ་ལིངྒ་གཞུག༔ འཆར་ཁའི་རྟེན་གྱི་ཞལ་དུ་ཡང་ལིངྒ་དགྲར་གསལ་བ་བཅུག་ལ་ཟས་སུ་བསྟབ་བོ༔ ཧཱུྃ༔ བཅོམ་ལྡན་འཆར་ཁ་ནག་པོ་འཁོར་བཅས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་འབུལ་གྱིས༔ ནག་མོ་བདུད་དང་ཁྲམ་ཐོགས་ཡ་མའི་ཚོགས༔ གནམ་སྨན་དཀར་མོ་དུར་ཁྲོད་མ་མོ་དང༔ གཟའ་བདུད་ཀླུ་དང་བཅས་པ་དྲེགས་པའི་ཚོགས༔ སྲོག་རྩར་རྔམས་པ་འཁོར་བཅས་དགོངས་སུ་གསོལ༔ འཆར་ཁ་ནག་པོ་ཁྱོད་ཀྱི་ལྟོ་བ་ན༔ སྲིད་པ་གསུམ་པོ་མ་ལུས་ཀུན་གནས་པས༔ གདུག་བྱེད་བསྟན་པ་འཇིག་པའི་དགྲ་བོ་དང༔ སྒྲུབ་ལ་བར་དུ་གཅོད་པའི་དམ་སྲིར་བཅས༔ བཞེས་ཤིག་རོལ་ཅིག་དཔལ་ལྡན་ནག་པོ་ཆེ༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་དུམ་བུར་གཏུབས༔ འཁོར་སོད་ཚང་ཤིགས་ཡུལ་མཁར་རྨངས་ནས་སྒྱེལ༔ ཚེ་སྲོག་ཕྲོལ་ལ་དུས་མཐར་མྱུར་དུ་སྟུངས༔ གདུག་པའི་སྦྱོར་བ་ཐམས་ཅད་རྒྱུན་ཆོད་ཅིག༔ ཧ་ཧ་ཧོ་ཧོ་ཧེ་ཧེ་ད་རོལ་ཅིག༔ ཅེས་པས་ཟས་སུ་གསོལ་བར་བསམ་མོ༔ དྲུག་པ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་པོ་རབ་འཇིགས་ཡ་མའི་གཤེད༔ མི་རོ་རྟ་རོ་འབུམ་གྱི་ཁྲི་སྟེང་ན༔ བན་དྷ་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ༔ མ་ཧེ་པདྨ་ཉི་ཟླའི་གདན་སྟེང་ན༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་འཇིགས་པའི་གཟུགས༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་སྐན་སྒྲ་རྡེབ༔ སྤྱན་གསུམ་དམར་ལ་སྡང་མིག་ཕྱོགས་བཅུར་གཟིགས༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འབར༔ སྦྲུལ་དང་ཐོད་པའི་ཕྲེང་བས་རྒྱན་དུ་བྱས༔ གཡས་པ་དབྱུག་ཏོ་དགྲ་སཏྭས་ཉོན་མོངས་གཅོད༔ གཡོན་པ་སྡིགས་མཛུབ་སྦྲུལ་ཞགས་དགྲ་བགེགས་འཆིང༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་སྐུ་ལ་རྫོགས༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ༔ ཡུམ་ཆེན་ནག་མོ་མི་སྡུག་སྐུ་ལ་འཁྲིལ༔ གཡོན་པས་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབ༔ གཡས་པ་དགྱེས་བྱེད་ཡབ་ཀྱི་སྐུ་ལ་འཁྲིལ༔ ཧ་ཧ་ཧི་ཧི་དགྱེས་པའི་གད་མོ་སྒྲོག༔ ཧཱུྃ་ཧཱུྃ་ཕཊ་ཕཊ་དྲག་པོའི་སྒྲ་འབྱིན་པས༔ འཁོར་གྱི་དྲེགས་པ་མ་ལུས་འབངས་སུ་འཁོལ༔ གདུག་པའི་ང་རོས་ཕོ་ཉ་འདར་ཞིང་སྡུད༔ བདུད་དང་གཤིན་རྗེའི་ཚོགས་རྣམས་ལས་ལ་འགྱེད༔ ཁྲོ་རྒྱལ་ཡབ་ཡུམ་ཐུགས་དམ་དུས་ལ་བབ༔ ཅེས་པ་ལ་ཤམ་བུ་ལས་ཀྱི་སྐབས་དང་སྦྱར་ལ་གདགས་སོ༔ དེ་ནས་འཁོར་བསྐུལ་བ་ནི༔ ཧཱུྃ༔ ནག་པོ་འཆར་ཁ་མཐར་བྱེད་མཐུ་བོ་ཆེ༔ ཞེ་སྡང་འདུལ་ཕྱིར་སྐུ་མདོག་ཆར་སྤྲིན་འདྲ༔ ལྷ་རྣམས་འདུལ་ཕྱིར་སྤྱན་གསུམ་གྱེན་དུ་བསྒྲད༔ རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འཆར༔ ལྷ་སྲིན་འདུལ་ཕྱིར་ཕྱག་གཉིས་རབ་ཏུ་བརྐྱང༔ སྲིད་གསུམ་དབང་སྡུད་སྐུ་གདུང་ཕྱག་ན་ཁྱེར༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་མཇུག་རྒྱ་མཚོར་བརྐྱང༔ ཀླུ་རྣམས་དབང་སྡུད་རིགས་བཞིའི་སྦྲུལ་གྱིས་བརྒྱན༔ དམ་ཉམས་བསྒྲལ་ཕྱིར་ཞལ་ནས་ཁྲག་དུག་འབེབ༔ སྟོང་གསུམ་དབང་སྡུད་སྙན་ནས་འབྲུག་སྒྲ་སྒྲོག༔ ངན་སྔགས་སྲེག་ཕྱིར་བ་སྤུ་མེ་སྟག་འཕྲོ༔ དགྲ་སྲོག་གཅོད་ཕྱིར་བཤན་པ་སྤྲུལ་པར་འགྱེད༔ ལས་རྣམས་བསྒྲུབ་ཕྱིར་མ་གཤིན་འཁོར་གྱིས་བསྐོར༔ བདུད་ནག་འདུལ་ཕྱིར་བེར་ནག་སྐུ་ལ་གསོལ༔ གནོད་སྦྱིན་འདུལ་ཕྱིར་ཕྱི་བམ་ཕྱག་ན་བསྣམས༔ དགྲ་བགེགས་འཆིང་བྱེད་གཡོན་ན་ཞགས་པ་བསྣམས༔ རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་ཚེ་བུམ་བསྣམས༔ དགྲ་སྲོག་གཅོད་ཕྱིར་སྤུ་གྲི་སྦྲུལ་ཞགས་འཛིན༔ ཟློག་པའི་ལས་མཛད་མཆོད་རྟེན་ཆེན་པོ་འཛིན༔ མནན་པའི་ལས་མཛད་བསྐལ་པའི་རི་རབ་བསྣམས༔ རི་རབ་ཆེན་པོའི་སྟེང་ནས་སྐུར་བཞེངས་ནས༔ ཚངས་རིགས་ལྷ་ཚོགས་ཐམས་ཅད་དབང་དུ་སྡུད༔ སྐུ་ཡི་ཆ་ལས་མ་མོ་སྤྲུལ་པར་འགྱེད༔ ང་རྒྱལ་གནས་ནས་གཤིན་རྗེའི་སྤྲུལ་པ་འགྱེད༔ ཞེ་སྡང་ཆ་ལས་བདུད་དམག་སྤྲུལ་པ་འགྱེད༔ འདོད་ཆགས་ཆ་ལས་གནམ་སྨན་སྤྲུལ་པ་འགྱེད༔ ཕ་ནི་བདུད་རྒྱལ་ནག་པོ་བཀྲག་མེད་དེ༔ མ་ནི་ཀླུ་མོ་དེ་ཕྱིར་ཀླུ་ཡི་ཚེ༔ ཀླུ་བདུད་དྲེགས་པའི་རྒྱལ་པོ་མཐུ་བོ་ཆེ༔ ལྷ་སྲིན་སྡེ་བརྒྱད་སྒྲོལ་བའི་དྲག་རྩལ་ཅན༔ ནག་པོ་ཁྱོད་ནི་ལས་ལ་བསྐུལ་བའི་ཚེ༔ གནམ་ས་བར་གསུམ་ཐམས་ཅད་འགུལ་ཞིང་རྡེག༔ ཁྱོད་ཀྱི་ཐུགས་ཀར་འཁོར་ལོ་བསྐོར་བ་ཡིས༔ རྟེན་འབྲེལ་བཅུ་གཉིས་འཁོར་བ་རུ་ནས་ཟློག༔ ཁྱོད་ནི་སྲིད་པ་ཀུན་གྱི་བདག་པོ་ཡིན༔ ཁྱོད་ནི་མ་མོ་ཀུན་གྱི་གཙོ་བོ་ཡིན༔ ཁྱོད་ནི་གཤིན་རྗེ་ཀུན་གྱི་རྗེ་བོ་ཡིན༔ ཁྱོད་ནི་དྲེགས་པ་ཀུན་གྱི་བདག་པོ་ཡིན༔ ཁྱོད་ནི་འཁོར་འདས་ཀུན་གྱི་གཞི་ཡིན་པས༔ ཁྱོད་ཀྱི་ལྟོ་ན་སྲིད་པ་གསུམ་པོ་གནས༔ ཁྱོད་ཀྱིས་སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ ཁྱོད་ཀྱིས་གདུག་པ་ཐམས་ཅད་འདུལ་བར་བྱེད༔ ཁྱོད་ཀྱིས་ངན་སྔགས་ཐམས་ཅད་སྲེག་པར་བྱེད༔ གནས་ལ་ངེས་མེད་ནམ་མཁའི་ཁམས་ཀུན་རྒྱུ༔ ཟས་ལ་ངེས་མེད་ཤ་ཁྲག་ཀུན་ལ་གསོལ༔ གོས་ལ་ངེས་མེད་རླུང་ནག་བེར་ཆེན་གསོལ༔ གྲོགས་ལ་ངེས་མེད་མཁའ་དབྱིངས་ངང་དུ་སྦྱོར༔ ལས་ལ་ངེས་མེད་བཅོལ་ན་གང་ཡང་སྒྲུབ༔ ཡུལ་ལ་ངེས་མེད་སྟོང་པའི་ངང་ལ་གནས༔ ཁྱོད་ཀྱི་སྐུ་ནི་སྲིད་པའི་གཏོས་བས་མཐོ༔ གསུང་ནི་ང་རོས་འཇིག་རྟེན་གཡོ་བར་བྱེད༔ ཐུགས་ནི་ཆོས་ཉིད་སྐྱེ་བ་མེད་པའི་ངང༔ སྤྱན་མིག་གཡས་གཡོན་ཉི་ཟླ་འཁྱིལ་བ་འདྲ༔ དབུ་ལ་དར་ནག་འབར་བའི་ཅོད་པན་བཅིངས༔ དུང་གི་མཆེ་གཙིགས་ལན་ཕྲན་ཙ་ར་ར༔ སྤུ་གྲི་འབར་བའི་ཚེམས་བདར་ཁྲིགས་སེ་ཁྲིག༔ སྐུ་ཡི་འོད་ཟེར་འཇའ་ལྟར་ཀྱི་ལི་ལི༔ རླུང་ནག་འཇིགས་པའི་འཚུབ་མ་འུ་རུ་རུ༔ ཞལ་ནས་དྲག་པོའི་འོ་དོད་ལྷངས་སེ་ལྷང༔ སྣ་ནས་གདུག་པའི་བཤུགས་པ་ཀྱུ་རུ་རུ༔ ཞལ་ནས་དྲག་པོའི་ངན་སྔགས་ཤ་ར་ར༔ ལྗགས་ནས་སྐན་སྒྲ་འབྲུག་ལྟར་ཆེམས་སེ་ཆེམ༔ སྙན་ནས་བསྐལ་པའི་ཐོག་འབེབ་ཙ་ར་ར༔ མགྱོགས་པའི་བང་ནི་གློག་ལྟར་ཁྱུགས་སེ་ཁྱུག༔ ནག་པོ་ཁྱོད་ཀྱིས་རྫུ་འཕྲུལ་མཛད་པའི་ཚེ༔ གནས་ནི་སྲིད་པའི་རྩེ་ལ་གནས་པ་སྟེ༔ ཞབས་ནི་རི་རབ་སྟེང་དུ་འཇོག་པར་བྱེད༔ སྤྱན་ནི་ཁམས་གསུམ་ཡོངས་ལ་ཁྱབ་པར་གཟིགས༔ ཕྱག་ནི་འཇིག་རྟེན་ཀུན་ཏུ་ཁྱབ་པར་ཉུལ༔ ཟས་སྐོམ་དམ་ཉམས་དགྲ་བོའི་ཤ་ཁྲག་རོལ༔ འཇིག་རྟེན་ལྷ་ཆེན་རྣམས་ཀྱི་འཁོར་དང་བཅས༔ ནག་པོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ ཅེས་པ་ལ་ཕྲིན་ལས་ཀྱི་ཤམ་བུ་སྦྱར་རོ༔ ཧཱུྃ༔ འཆར་ཀ་ནག་པོ་ཁྱོད་ཀྱི་སྤྲུལ་པ་ནི༔ སྐུ་ཡི་སྤྲུལ་པ་བནྡྷེ་ནག་པོ་སྟེ༔ སྐུ་ཡི་ཆ་ལུགས་བནྡྷེ་ནག་པོ་ལ༔ གསུང་གི་སྒྲ་ནི་བྱི་ཏྲི་པ་ཏྲར་སྒྲོག༔ ཁྱོད་ཀྱི་ཐུགས་ནི་ཞེ་སྡང་མེ་ལྟར་འབར༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱན་གསུམ་སྡང་མིག་ཁྲོས་པའི་ཚུལ་དུ་སྟོན༔ དགྲ་བོའི་སྲོག་ལ་རྔམས་པའི་མཆེ་བ་གཙིགས༔ ཞལ་ནས་གདུག་པའི་མེ་སྟག་འཕྲོ་བར་བྱེད༔ སྐུ་ལ་བེར་ནག་དབུ་ལ་དར་ནག་བཅིངས༔ སྦྲུལ་དང་ཐོད་པའི་ཕྲེང་བས་རྒྱན་དུ་བྱས༔ ཞིང་གི་གཡང་གཞི་རློན་པ་ཕྲག་ལ་བཀལ༔ གཡས་ན་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེགས༔ གཡོན་ན་དར་ནག་རུ་མཚོན་དམག་དཔུང་སྡུད༔ ནད་ཀྱི་རྐྱལ་པ་གློ་ལ་བཏགས་ནས་ནི༔ མཚོན་གྱི་གྲུ་གུ་དགྲ་ལ་མདའ་ལྟར་འཕེན༔ བཀའ་ཡི་བནྡྷེ་ནག་པོ་རྫུ་འཕྲུལ་ཅན༔ སྔོན་གྱི་དམ་ལས་མ་འདའ་ད་ཚུར་བྱོན༔ དར་ནག་གཡོབས་ལ་བན་ནག་འཁོར་དུ་སྡུས༔ བན་ནག་འབུམ་གྱི་སྤྲུལ་པ་དགྲ་ལ་ཁྱེ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ འགྲེའོ། །ཧཱུྃ༔ གསུང་གི་སྤྲུལ་པ་བོན་པོ་ནག་པོ་སྟེ༔ སྐུ་ཡི་ཆ་ལུགས་བོན་པོ་ནག་པོ་ལ༔ གསུང་གི་སྒྲ་སྐད་བསྭོ་བསྭོ་ཧ་ལར་སྒྲོག༔ ཁྱོད་ཀྱི་ཐུགས་ནི་འདོད་ཆགས་ཆུ་ལྟར་འཁྲུགས༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱན་གསུམ་སྡང་མིག་ཁྲོས་པའི་ཚུལ་དུ་སྟོན༔ དགྲ་བོའི་སྲོག་ལ་རྔམས་པའི་མཆེ་བ་གཙིགས༔ ཞལ་ནས་གདུག་པའི་མེ་སྟག་འཕྲོ་བར་བྱེད༔ སྐུ་ལ་བེར་ནག་དབུ་ལ་དར་ནག་བཅིངས༔ སྦྲུལ་དང་ཐོད་པའི་ཕྲེང་བ་རྒྱན་དུ་བྱས༔ ཞིང་གི་གཡང་གཞི་རློན་པ་ཕྲག་ལ་བཀལ༔ གཡས་པ་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེགས༔ གཡོན་པ་དར་ནག་རུ་མཚོན་དམག་དཔུང་སྡུད༔ ནད་ཀྱི་རྐྱལ་པ་གློ་ལ་བཏགས་ནས་ནི༔ མཚོན་གྱི་གྲུ་གུ་དགྲ་ལ་མདའ་ལྟར་འཕེན༔ བཀའ་ཡི་བོན་པོ་ནག་པོ་རྫུ་འཕྲུལ་ཅན༔ སྔོན་གྱི་དམ་ལས་མ་འདའ་ད་ཚུར་བྱོན༔ དར་ནག་གཡོབས་ལ་བོན་ནག་འཁོར་དུ་སྡུས༔ བོན་ནག་འབུམ་གྱི་སྤྲུལ་པ་དགྲ་ལ་ཁྱེ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་ཞང་བློན་ནག་པོ་ནི༔ སྐུ་ཡི་ཆ་ལུགས་ཞང་བློན་ནག་པོ་ལ༔ གསུང་གི་སྒྲ་སྐད་ཧ་ལ་ཧ་ལར་སྒྲོག༔ ཁྱོད་ཀྱི་ཐུགས་ན་ང་རྒྱལ་བྲག་ལྟར་འཚེར༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱན་གསུམ་སྡང་མིག་ཁྲོས་པའི་ཚུལ་དུ་སྟོན༔ དགྲ་བོའི་སྲོག་ལ་རྔམས་པའི་མཆེ་བ་གཙིགས༔ ཞལ་ནས་གདུག་པའི་མེ་སྟག་འཕྲོ་བར་བྱེད༔ སྐུ་ལ་བེར་ནག་དབུ་ལ་དར་ནག་བཅིངས༔ སྦྲུལ་དང་ཐོད་པའི་ཕྲེང་བ་རྒྱན་དུ་བྱས༔ ཞིང་གི་གཡང་གཞི་རློན་པ་ཕྲག་ལ་བཀལ༔ གཡས་པ་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེགས༔ གཡོན་པ་དར་ནག་རུ་མཚོན་དམག་དཔུང་སྡུད༔ ནད་ཀྱི་རྐྱལ་པ་གློ་ལ་བཏགས་ནས་ནི༔ མཚོན་གྱི་གྲུ་གུ་དགྲ་ལ་མདའ་ལྟར་འཕེན༔ བཀའ་ཡི་ཞང་བློན་ནག་པོ་རྫུ་འཕྲུལ་ཅན༔ སྔོན་གྱི་དམ་ལས་མ་གཡེལ་ད་ཚུར་བྱོན༔ དར་ནག་གཡོབས་ལ་ཞང་བློན་དབང་དུ་སྡུས༔ ཞང་བློན་འབུམ་གྱི་སྤྲུལ་པ་དགྲ་ལ་ཁྱེ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ ཕྲིན་ལས་སྤྲུལ་པ་མོན་པ་ནག་པོ་སྟེ༔ སྐུ་ཡི་ཆ་ལུགས་མོན་པ་ནག་པོ་ལ༔ གསུང་གི་སྒྲ་སྐད་སོད་སོད་རྒྱོབ་རྒྱོབ་སྒྲོག༔ ཁྱོད་ཀྱི་ཐུགས་ནི་ཕྲག་དོག་རླུང་ལྟར་འཚུབ༔ དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་བརྫེས༔ སྤྱན་གསུམ་སྡང་མིག་ཁྲོས་པའི་ཚུལ་དུ་བལྟ༔ དགྲ་བོའི་སྲོག་ལ་རྔམས་པའི་མཆེ་བ་གཙིགས༔ ཞལ་ནས་གདུག་པའི་མེ་སྟག་འཕྲོ་བར་བྱེད༔ སྐུ་ལ་བེར་ནག་དབུ་ལ་དར་ནག་བཅིངས༔ སྦྲུལ་དང་ཐོད་པའི་ཕྲེང་བས་རྒྱན་དུ་བྱས༔ ཞིང་གི་གཡང་གཞི་རློན་པ་ཕྲག་ལ་བཀལ༔ གཡས་པ་སྦྲུལ་ཞགས་བརྡེག་ཅིང་མགོ་ལ་འཕེན༔ རེས་འགའ་དགྲ་སྲོག་སྤུ་གྲིས་ཀླད་ལ་བསྐོར༔ གཡོན་པ་དར་ནག་རུ་མཚོན་དམག་དཔུང་སྡུད༔ ནད་ཀྱི་རྐྱལ་པ་གློ་ལ་བཏགས་ནས་ནི༔ མཚོན་གྱི་གྲུ་གུ་དགྲ་ལ་མདའ་ལྟར་འཕེན༔ བཀའ་ཡི་མོན་པ་ནག་པོ་རྫུ་འཕྲུལ་ཅན༔ དར་ནག་གཡོབས་ལ་མོན་ནག་འཁོར་དུ་སྡུས༔ མོན་ནག་འབུམ་གྱི་སྤྲུལ་པ་དགྲ་ལ་ཁྱེ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཕོ་ཉ་དྲུག་བསྐུལ་བ་ནི༔ ཧཱུྃ༔ འཆར་ཁ་ཁྱེད་ཀྱི་ཕོ་ཉ་ལས་བྱེད་ནི༔ ནག་པོ་སྟག་མགོ་སེང་མགོ་དོམ་གྱི་མགོ༔ དྲེད་ཀྱི་མགོ་དང་ཆུ་སྲིན་བ་གླང་མགོ༔ གཅེར་བུ་འཇིགས་ཚུལ་སྟག་དང་སྦྲུལ་གྱིས་བརྒྱན༔ གཡས་པ་སཏྭ་གྲི་དགྲ་བོའི་མགོ་ལ་གཤོག༔ གཡོན་པ་ཁྲམ་བམ་དམ་ཉམས་དགྲ་ལ་འདེབས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ འཆར་ཁ་ཁྱོད་ཀྱི་སྟེང་ཕྱོགས་རྒྱུག་པ་ནི༔ དཀར་མོ་མགྱོགས་མ་སྲིད་པའི་མ་མོ་བདུན༔ མ་མོ་ཆེན་མོ་གནམ་སྨན་དཀར་མོ་དང༔ མ་མོ་སྲིད་པ་ཡོངས་ཀྱི་བདག་མོ་ནི༔ གཡས་པ་མེ་ལོང་གཡོན་པ་སེར་བ་འདྲིལ༔ དབུ་ལ་གཡུ་ཡི་ལན་ཕྲན་མཛེས་པར་སྤྲས༔ སྐེད་པ་མུ་ཏིག་མཛེས་པའི་རྩར་ཕྲན་ཅན༔ སྤྱི་གཙུག་གསེར་གྱི་རྡོ་རྗེ་རྩེ་ལྔས་མཚན༔ ཆིབས་སུ་སྲིད་པའི་བྱ་ཁྱུང་འཆིབ་ནས་རྒྱུག༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ གནམ་གྱི་སྲིང་གཅིག་ཆེན་མོ་ཡེ་འདར་མོ༔ ས་ཡི་སྲིང་གཅིག་ཆེན་མོ་ཕུང་བྱེད་མ༔ བར་གྱི་སྲིང་གཅིག་མ་མོ་གློག་མ་སྤྲིན༔ མ་མོ་ཆེན་མོ་ཕུང་བྱེད་སྤུན་གསུམ་ཡང༔ སྐུ་ལ་ངེས་པ་མ་མཆིས་ཅིར་ཡང་སྟོན༔ ཆིབས་ནི་མ་ངེས་ཁྱུང་དང་ཁྲུང་ཁྲུང་འཆིབ༔ ཕྱག་མཚན་མ་ངེས་མཚོན་ཆ་སྣ་ཚོགས་ཐོགས༔ ནམ་མཁའི་ཁམས་ཀུན་འོད་དང་འཇའ་ཡིས་ཁེངས༔ མཛེས་པའི་རྒྱན་ཆ་མང་པོ་ཁྲ་ལ་ལ༔ མ་མོ་སྤྲུལ་པའི་གླུ་རྒྱང་ཀྱུ་རུ་རུ༔ སངས་རྒྱས་བསྟན་པ་སྲུང་བའི་མངའ་བདག་མོ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ དཀར་མོ་ཆེན་མོ་ཁྱུང་གི་གཤོག་པ་ཅན༔ དཀར་མོ་ཆེན་མོ་བསེ་ཡི་ལན་ཕྲན་ཅན༔ དཀར་མོ་ཆེན་མོ་གཡུ་ཡི་ལན་ཕྲན་ཅན༔ དཀར་མོ་ཀུན་ཀྱང་གཡུ་ཡི་གོ་ལྕོགས་ཅན༔ ཁྱོད་ཀྱིས་ཆིབས་སུ་གཡུ་འབྲུག་སྔོན་པོ་འཆིབ༔ རོལ་དུ་གློག་ལྕམ་འབར་ཞིང་འགྱུ་བ་ཕྱི་ལ་ཁྲིད༔ ཕྱག་མཚན་མེ་ལོང་གཡབ་མོ་ད་ཐོབས་ལ༔ སངས་རྒྱས་བསྟན་པ་གཉན་ལ་དགྲ་དར་གྱིས༔ རྣལ་འབྱོར་བདག་གི་ལས་ལ་ད་ཚུར་བྱོན༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ འཆར་ཁ་ཁྱེད་ཀྱི་གཡས་ནས་རྒྱུག་པ་ནི༔ ནག་པོ་བདུད་རྒྱལ་མི་ནག་རྟ་ནག་ཞོན་པ་བདུན༔ ནག་པོ་བཀྲག་མེད་བདུད་པོ་ཀུན་གྱི་གཙོ༔ དབུ་ལ་མཛེས་པའི་སྟག་ཞུ་ལྡེམས་སེ་ལྡེམ༔ དུང་གི་མཆེ་བ་ལན་ཕྲན་ཙ་ར་ར༔ ནག་པོ་བདུད་ཀྱི་འོ་དོད་ལྷངས་སེ་ལྷང༔ དུག་སྦྲུལ་ནག་པོའི་མགུལ་རྒྱན་རངས་སེ་རང༔ ནག་པོ་བདུད་ཀྱི་ཐོད་ར་ད་ཐོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་རྦད་པའི་ཚེ༔ གང་ལ་དམིགས་པའི་ཚེ་སྲོག་དྭངས་སྙིགས་འབྱེད༔ རྣལ་འབྱོར་བདག་གིས་བོས་ཤིང་གདུངས་པའི་ཚེ༔ ནག་པོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ ཡ་ཞེར་ནག་པོ་བདུད་པོ་ཀུན་གྱི་གཙོ༔ སྐུ་མདོག་མཐིང་ནག་རབ་ཏུ་མི་བཟད་པ༔ སྐུ་ལ་མཐིང་ནག་བདུད་ཀྱི་བེར་ནག་གསོལ༔ ཕྱག་ན་ཞིང་གི་གཡབ་མོ་དགྲ་ལ་ཐོབས༔ ཁྲག་ནད་ཤྭོ་རྡེའུ་ཉམས་པའི་དགྲ་ལ་ཐོངས༔ ཞལ་ནས་རུ་ལུ་རུ་ལུའི་སྔགས་བརྗོད་ཅིང༔ བདུད་ཀྱི་ཞགས་པ་ནག་པོ་མདའ་ལྟར་འཕེན༔ བསྟན་པ་འཇིག་པའི་དགྲ་ལ་རྦད་ཙ་ན༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ སོག་པོ་ནག་པོ་ཆེན་པོ་མི་ཟན་པོ༔ སྐུ་མདོག་ནག་པོ་དབྱར་གྱི་ཆར་སྤྲིན་འདྲ༔ མགྱོགས་པའི་ཆིབས་སུ་རྟ་ནག་རླུང་འདྲ་འཆིབ༔ ཟས་སུ་མི་ཤ་རློན་པ་ཟ་བར་བྱེད༔ སྐོམ་དུ་མི་ཁྲག་རློན་པ་འཐུང་ཞིང་རྔམས༔ རོལ་དུ་མོན་པ་ནག་པོ་གློག་འཁྱུག་ཁྲིད༔ འབོད་དོ་ནག་པོ་ཁྱོད་ཀྱི་མིང་ནས་འབོད༔ རྣལ་འབྱོར་བདག་གིས་ཁྱོད་མིང་བོས་ཙ་ན༔ མཆི་མ་ཐུལ་ཐུལ་ཡུད་ཀྱིས་མི་འབྱོན་ནམ༔ བསྟན་པ་འཇིག་པའི་དགྲ་བོ་བསྒྲལ་བའི་ཕྱིར༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ གནོད་སྦྱིན་རྒྱལ་པོ་ལྕགས་ཀྱི་བེར་ཀ་ཅན༔ བརྗིད་པའི་སྐུ་ལ་ཕྱིང་བེར་ཁྲ་བོ་གསོལ༔ ཕྱག་ན་ལྕགས་ཀྱི་བེར་ཀ་དགྲ་ལ་རྡེག༔ བསྟན་པ་འཇིག་པའི་དགྲ་ལ་རྦད་ཙ་ན༔ ནམ་མཁའ་ཐམས་ཅད་སྐད་ཅིག་ཡུད་ཀྱིས་སྐྱོད༔ ས་གཞི་རླུང་ནག་འཚུབ་མས་ཁྱབ་པར་འགེངས༔ ཁྱོད་ནི་གནོད་སྦྱིན་ཀུན་གྱི་གཙོ་བོ་ཡིན༔ བསྟན་པ་སྲུང་ཞིང་ཐུགས་དམ་དུས་ལ་བབས༔ ཀྱཻ༔ བདུད་ཀྱི་རྒྱལ་པོ་ཁ་ལ་རུ་ཙེ་ནི༔ སྐུ་ལ་མཐིང་ནག་འབར་བའི་བེར་ཆེན་གསོལ༔ དབུ་ལ་དར་ནག་ཅོད་པན་ཡུག་ཐོད་བཅིངས༔ ཆིབས་སུ་བདུད་རྟ་ནག་པོ་རྟིང་དཀར་འཆིབ༔ རྦད་པའི་ཚེ་ན་ཉམས་པའི་སྙིང་ཁྲག་འཐུང༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ བདུད་ཀྱི་རྒྱལ་པོ་སྲིད་པ་མཁའ་ལ་ཉུལ༔ སྲིད་པ་གསུམ་གྱི་མཁའ་ལ་ཁྱབ་པར་ཉུལ༔ སང་ཕོད་དེང་སང་འཆི་བ་གང་ཡིན་པ༔ དོ་ཅིག་ཁྱོད་ཀྱིས་ཁྲམ་ལ་འདེབས་པར་བྱེད༔ སང་ཕོད་དེང་སང་མཚོན་གྱིས་སུ་འཁྲུགས་པ༔ དོ་ཅིག་ཁྱོད་ཀྱིས་རྩིས་ལ་འཇུག་པར་བྱེད༔ མགྱོགས་པའི་ཆིབས་སུ་བདུད་རྟ་བྲ་ནག་འཆིབ༔ ཕྱག་ན་བདུད་ཀྱི་ཤྭོ་རྡེའུ་ཤ་ར་ར༔ དབུ་ལ་སྟག་ཞུ་ཁྲ་བོ་ལྡེམས་སེ་ལྡེམ༔ དུང་གི་སྙན་ཆ་མང་པོ་ཁྲ་ལ་ལ༔ ཞལ་ནས་བདུད་ཀྱི་འོ་དོད་ལྷངས་སེ་ལྷང༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ གནོད་སྦྱིན་རྒྱལ་པོ་ཟངས་ཀྱི་འབེ་ལོག་ཅན༔ ཞལ་ནས་ཟངས་ཀྱི་མཆེ་བ་ཟངས་སེ་ཟང༔ སྤྱན་མིག་ཁྲག་མཚོ་དམར་པོ་ཀྱི་ལི་ལི༔ ཕྱག་ན་དར་གྱི་གཡབ་མོ་ལྷབས་སེ་ལྷབ༔ དབུ་ལ་ཟངས་ཀྱི་བྱ་རུ་ལྡེམས་སེ་ལྡེམ༔ རྫུ་འཕྲུལ་མཛད་ན་དཔག་ཚད་ཕྱག་གིས་ཉུལ༔ དམ་ཉམས་དགྲ་བོའི་སྲོག་ལ་རྦད་པའི་ཚེ༔ གནོད་སྦྱིན་ལག་རིང་འཁོར་བཅས་དམག་ལ་འགྱེད༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ འཆར་ཁ་ཁྱོད་ཀྱི་གཡོན་ནས་རྒྱུག་པ་ནི༔ མོ་རྒྱུད་ཟློག་བྱེད་མ་མོ་ཆེན་མོ་བདུན༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་མཐུ་མོ་ཆེ༔ སྤྱི་བོའི་གཙུག་ན་རལ་པའི་ཐོར་ཚུགས་ཅན༔ སྐུ་ལ་མཐིང་ནག་དར་གྱི་ལ་འུ་གསོལ༔ ཕྱག་ན་ནད་ཀྱི་རྐྱལ་པ་དགྲ་ལ་རྡེབ༔ ཞལ་གདངས་སྐན་སྒྲ་བརྡེབ་ཅིང་སྤྱན་རྩ་རྒོད༔ སྐད་ཅིག་ཡུད་ཀྱིས་དུར་ཁྲོད་ཁྱབ་པར་ཉུལ༔ འཁོར་དུ་སྣང་སྲིད་མ་མོ་སྟོང་གིས་བསྐོར༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ དཔལ་ལྡན་ནག་མོ་ཆེན་མོ་རེ་མ་ཏི༔ ཨ་ཕྱི་ཆེན་མོ་རབ་ཏུ་མི་བཟད་མ༔ མ་གཅིག་འདོད་པ་ཁམས་ཀྱི་མངའ་བདག་མོ༔ སྐུ་མདོག་མཐིང་ནག་མི་ལྤགས་རློན་པ་གྱོན༔ ཆིབས་སུ་མགྱོགས་པའི་དྲེལ་རྟ་རྐང་གསུམ་འཆིབ༔ ཕྱག་ན་རལ་གྲི་བསྟན་པའི་དགྲ་སྲོག་གཅོད༔ དུར་ཁྲོད་གནས་ཉུལ་མ་མོའི་ཚོགས་ལ་བསྐུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ དཔལ་ལྡན་ནག་མོ་ཆེན་མོ་རེ་མ་ཏི༔ མ་མོ་སྟོང་གི་གཙོ་མོ་མཐུ་བོ་ཆེ༔ སྐུ་མདོག་དམར་ནག་ཞག་གི་གོ་ཟུ་གྱོན༔ ཆིབས་སུ་ཆུ་གླང་ནག་པོ་ཆིབས་སུ་འཆིབ༔ ཕྱག་མཚན་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འདྲེན༔ ནག་མོ་ཁྱོད་ཀྱིས་སྐན་སྒྲ་བརྡབས་པ་ཡིས༔ ལས་ཀྱི་མ་མོ་ཐམས་ཅད་བྲན་དུ་འཁོལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ དཔལ་ལྡན་འཇིགས་མ་མ་མོ་རེ་མ་ཛ༔ སྲིད་པ་ཀུན་གྱི་བདག་མོ་སྲོག་ཉུལ་མ༔ སྐུ་མདོག་སེར་ནག་རྨ་བྱའི་ཐུལ་པ་གསོལ༔ མགྱོགས་པའི་ཆིབས་སུ་སྨན་ཤ་ཡུ་ཆུང་འཆིབ༔ ཕྱག་ན་གསེར་གྱི་ཟོར་བས་དགྲ་ལུས་གཤོག༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡུད་ཀྱིས་གཅོད༔ མི་མཇེད་འཇིག་རྟེན་ཉུལ་བའི་མངའ་བདག་མོ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ དཔལ་ལྡན་གཏུམ་མོ་ཆེན་མོ་རེ་མ་ཛུ༔ ས་བརྒྱད་ནོན་པའི་སེམས་དཔའ་དམ་ཚིག་ཅན༔ སྐུ་མདོག་ལྗང་ནག་ཆུ་དར་ཐུལ་པ་གསོལ༔ ཆིབས་སུ་ཕུང་སྲི་རྔ་མོང་གྭ་པ་འཆིབ༔ ཕྱག་ན་ཁྲམ་བམ་དགྲ་བོ་ཁྲམ་ལ་འདེབས༔ མཁའ་འགྲོ་ཡོངས་ཀྱི་གཙོ་མོ་དྲོད་ཉུལ་མ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ དུར་ཁྲོད་མ་མོ་ཆེན་མོ་ལྟོ་འཕྱང་མ༔ བརྗིད་པའི་སྐུ་ལ་ཐལ་ཆེན་མཚན་མས་སྤྲས༔ དབུ་ལ་ཉི་མ་ཟླ་བའི་ཐོད་གདེང་ཅན༔ སྐུ་ལ་མཐིང་ནག་དར་གྱི་གོ་ཟུ་གསོལ༔ གཡས་ཀྱི་ཕྱག་ན་ནད་ཀྱི་རྐྱལ་པ་བསྣམས༔ གཡོན་གྱི་ཕྱག་ན་ཞིང་གི་རྒྱལ་མཚན་བསྣམས༔ རོ་ལངས་འཁོར་གྱིས་བསྐོར་ནས་ཤ་ཁྲག་ཟ༔ ཞལ་ནས་དུང་གི་མཆེ་བ་ཤ་ར་ར༔ གསེར་གྱི་སྙན་ཆ་མཛེས་པ་ཁྲ་ལ་ལ༔ མ་མོ་ནག་མོའི་བཤུག་པ་ཀྱུ་རུ་རུ༔ མཁའ་འགྲོ་རྣམས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ མོན་མོ་ནག་མོ་བརྡ་འབོད་ལྷངས་སེ་ལྷང༔ དགྲ་ལ་རྦད་ན་ལས་ལ་ཤམ་མེ་ཤམ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཀྱཻ༔ བལ་མོ་ནག་མོ་ཆེན་མོ་རོ་ཟན་མ༔ གཟུགས་ནི་མི་སྡུག་འཇིགས་པ་སྲིན་མོའི་གཟུགས༔ དཀར་མོ་དུང་གི་སྙན་ཆ་ཁྲ་ལ་ལ༔ གོས་ནི་ལྭ་བ་ནག་པོའི་གོ་ཟུ་ལ༔ མི་ཡི་པགས་པས་ཆ་ག་བརྒྱན་པ་ནི༔ གཡས་པས་བརྡ་ཡི་གཡབ་མོ་རྡེག་པར་བྱེད༔ གཡོན་པས་ཡུངས་དཀར་མདའ་ལྟར་འཕེན་པར་བྱེད༔ ཁྱོད་ཀྱི་འཁོར་ནི་ནག་མོ་སྟོང་གིས་བསྐོར༔ དགྲ་ལ་རྦད་ན་རླུང་གི་ཤུགས་བས་མགྱོགས༔ བལ་མོ་ནག་མོའི་སྐན་སྒྲ་ཆེམས་སེ་ཆེམ༔ བལ་མོ་ནག་མོའི་སྤྱུགས་པ་ཀྱུ་རུ་རུ༔ བལ་མོ་ནག་མོའི་མིག་ལྟ་ཧྲིག་གེ་ཧྲིག༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ འཆར་ཁ་ཁྱོད་ཀྱི་མདུན་ནས་རྒྱུག་པ་ནི༔ གསོད་བྱེད་གཤིན་རྗེ་རབ་ཏུ་འཇིགས་པ་བདུན༔ གཤིན་རྗེ་ཕྱྭ་སངས་སྐུ་མདོག་དམར་པོ་ལ༔ ཆིབས་སུ་ཉི་མ་ཟླ་བའི་ཟེར་ལ་འཆིབ༔ གཡས་པ་ཁྲམ་བམ་གཡོན་པ་ལྕགས་ཀྱུ་ཐོགས༔ ཟས་སྐོམ་མི་ཡི་ཤ་ཁྲག་རློན་པ་རོལ༔ འཁོར་དུ་ལས་ཀྱི་གཤིན་རྗེ་སྟོང་གིས་བསྐོར༔ དགྲ་བགེགས་གང་ལ་རྦད་ཀྱང་བརླག་པར་བྱེད༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེ་ཏེལ་པ་སྐུ་མདོག་དམར་ནག་ལ༔ སྐུ་ལ་མི་ལྤགས་རློན་པའི་ན་བཟའ་གསོལ༔ མདུན་ན་འཚུབ་མ་དམར་ནག་ཀྱི་ལི་ལི༔ དུར་ཁྲོད་མ་ལུས་ཁྱབ་པར་ཉུལ་བར་བྱེད༔ བརྡ་ནི་མི་འཕྲོད་མོན་སྐད་ལྡབ་མ་ལྡིབ༔ འགྲོ་ནི་མི་མཁས་འཕྱང་ཞིང་རྒྱུག་པའི་ཚུལ༔ དགྲ་བགེགས་གང་ལ་བབས་ཀྱང་ཚལ་པར་འགས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེ་རལ་པ་ཚར་དགུ་མཐུ་བོ་ཆེ༔ གཡས་གཡོན་ཕྱག་ན་རལ་གྲི་ཁྲམ་བམ་བསྣམས༔ ཁ་ནས་སྲེག་བྱེད་མེ་འབར་ལམས་སེ་ལམ༔ ཞབས་གཉིས་དུག་སྦྲུལ་ནག་པོའི་ཁྲི་ལ་བཞུགས༔ རྒྱུག་ནི་རྒྱ་མཚོ་ཆེན་པོའི་ངོས་སུ་རྒྱུག༔ གཅེར་བུ་མིག་དམར་མང་པོའི་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོའི་གསོད་བྱེད་ཡ་བ་ཏི༔ བཞུགས་པའི་གནས་དང་ས་ལ་ངེས་པ་མེད༔ ཆིབས་སུ་རླུང་ནག་འཚུབ་མ་འཆིབ་ནས་ནི༔ བརྗིད་པའི་སྐུ་ལ་ལྭ་བ་དམར་པོ་གསོལ༔ ཕྱག་ན་ཐོད་དབྱུག་ཐོགས་ནས་དགྲ་ལ་རྡེག༔ གྲོགས་ནི་བདུད་མོ་ཡོངས་དང་གཉིས་མེད་འགྲོགས༔ ཟས་སུ་འགྲོ་བ་མི་ཡི་ཚེ་སྲོག་ཟ༔ སྐད་ནི་བར་སྣང་ཁམས་ནས་འབོད་པར་བྱེད༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེ་དུར་ཁྲོད་འབྱུང་པོ་དམར་ནག་ནི༔ ཆིབས་སུ་ར་སྐྱེས་ཁམ་པ་འཆིབ་ནས་ནི༔ སྐུ་ལ་ལྭ་བ་ནག་པོའི་ན་བཟའ་གསོལ༔ ཞིང་གི་པགས་པ་ར་ལ་སྟན་དུ་བཀལ༔ དུག་སྦྲུལ་ནག་པོའི་གོ་ཐང་བསྡམས་ནས་ནི༔ བཤན་པ་དམར་པོའི་འཁོར་ཚོགས་ལས་ལ་འགྱེད༔ ཟས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེ་དམར་པོ་སྐུ་མདོག་ཆར་སྤྲིན་འདྲ༔ ཕྱག་མཚན་ཞིང་གི་དབྱུག་པ་ཕྱར་ནས་ནི༔ སྐུ་ལ་མི་ལྤགས་རློན་པའི་ན་བཟའ་གསོལ༔ དབུ་ལ་མཐིང་ནག་དར་གྱི་གོ་ཅོག་ཅན༔ ཁྲག་དང་ཞག་གིས་སྐུ་ལ་རྒྱན་དུ་བྱས༔ རྒྱུག་པའི་བང་ནི་སྐད་ཅིག་གློག་བས་མགྱོགས༔ སྐུ་ཡི་ཤུགས་ནི་ནམ་མཁའི་ཐོག་བས་དྲག༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཧཱུྃ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི༔ བཞུགས་པའི་གནས་ནི་རྒྱ་མཚོའི་འགྲམ་ན་བཞུགས༔ བསེ་མཁར་སྨུག་པོ་བསེ་སྒོའི་ནང་ཤེད་ནས༔ འཁོར་ནི་ལས་ཀྱི་གཤིན་རྗེ་སྟོང་གིས་བསྐོར༔ ལས་སུ་ལེགས་ཉེས་ཞལ་ལྕེ་གཅོད་པར་བྱེད༔ ཕྱག་ན་ཐོད་དབྱུག་ཀླད་ལ་བསྐོར་ཅིང་རྡེག༔ རྦད་ན་དགྲ་བོ་མ་ལུས་ཁྲམ་ལ་འདེབས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ ཞེས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ༔ བདུན་པ་བསྙེན་ཅིང་སྒྲུབ་པའི་རིམ་པ་ལ་གཉིས་ཏེ༔ ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང༔ ནག་པོ་འཆར་ཁ་སྒྲུབ་པའི་ཐབས་སོ༔ དང་པོ་ནི༔ བདག་ཉིད་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོར་གསལ་བའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཡ་སྔོན་པོ་ལ་ཧྲཱིཿཥྚིས་བསྐོར་བར་བསམས་ཏེ༔ དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཏེ་ཚུར་འདུས་པ་ལས༔ དངོས་གྲུབ་ཀྱི་བཅུད་ཐམས་ཅད་བདག་ལ་འདུས་ནས་བདག་ཉིད་གཏུམ་ཆེན་གྱི་སྐུ་སྣང་ལ་རང་བཞིན་མེད་པ༔ དྲེགས་པ་འཁོར་ཚོགས་ཐམས་ཅད་དབང་དུ་སྡུད་ཅིང་འདར་ཡེད་ཡེད་ཟིལ་གྱིས་མནན་པར་བསམ༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཅེས་བཟླས་པ་ནི་སྐུ་ཡི་བསྙེན་པའོ༔ དེའི་དུས་སུ་སྔགས་ཀྱི་སྒྲ་འབྲུག་ལྟར་བསྒྲགས་པས་སྒྲ་ཐམས་ཅད་ཀྱིས་སྔགས་ཀྱི་འུར་སྒྲ་བུང་བ་ཚང་བཤིགས་པ་ལྟར་སྒྲོག་པར་བསམས་ལ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་པ་ནི་གསུང་གི་བསྙེན་པའོ༔ ཐུགས་ཀའི་ཡ་ལ་ཧྲཱིཿཥྚིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་ཐུགས་ཀའི་ཡ་ལ་ཐིམ་ནས༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ལྷན་གྱིས་གནས་པར་བཞག་ལ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཅེས་བཟླས་པ་ནི་ཐུགས་ཀྱི་བསྙེན་པའོ༔ སྐུ་ལྷར་གསལ་གསུང་སྔགས་སུ་བསྒྲགས་པ༔ ཐུགས་ཆོས་ཉིད་དགོངས་པ་ལས་མི་འདའ་བར་བྱས་ནས༔ སྔགས་གསུམ་གཅིག་ཏུ་དྲིལ་ནས་འབུམ་ཕྲག་གཅིག་བཟླས་ན༔ རྟགས་ནི་སློབ་དཔོན་བྱོན་པ་དང༔ སྐུ་གཟུགས་བཞད་པ་དང༔ གོས་བཟང་པོ་གྱོན་པ་དང༔ མཚོན་ཆ་བཟང་པོ་བརྟེན་པ་དང༔ རི་ལ་འཛེག་པ་དང༔ མཁའ་ལ་འཕུར་པ་ལ་སོགས་པ་འབྱུང༔ གཉིས་པ་ནག་པོ་འཆར་ཁའི་སྒྲུབ་པ་ནི༔ གཟའ་སྐར་ཤིས་པའི་དུས་སུ་གནས་མཚན་ཉིད་དང་ལྡན་པར་སོང་ལ༔ དུར་ཁྲོད་ས་ལ་དལ་བཞེངས་ཏེ༔ ཟོར་སྒྲུབ་པའི་རྟེན་རྫས་རྣམས་བཤམས་ལ༔ བདག་ཉིད་ལྷར་གསལ་བའི་མདུན་དུ་འཆར་ཁ་དལ་གྱི་ལྷ་བཞེངས་པ་ལ་གསལ་བཏབ་སྟེ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤ་རཱི་བྷྱོ༔ མ་རི་བྷྱོ༔ ཁྲག་མ་མ་བྷྱོ༔ ཙི་རི་སྙིང་བྷྱོ༔ སྙིང་བྷྱོ༔ མ་ཏི་ཐོད་ཁྲག་ཛ༔ ཁྲག་ཏི་སྙིང་ལ་ཡ༔ ནི་ཏྲི་ཆོད༔ མུ་ལོ་ཆོད༔ ཤ་ལོ་ཆོད༔ ཤ་ལ་ཀྱིང་ཀྱིང་བྷྱོ༔ ས་མ་ཡ༔ ཨ་ཏི་ཀྲ་མ་ན་ཡ༔ ཤ་རཱི་བྷྱོ༔ མ་མ་ཏྲག་རགཤ་ཁ་མུན་ཏྲ་སྙིང་ཁ་རག་དུན་བྷྱོ་ཟློག༔ མ་ཏི་བྷྱོ་ཧེ་མ་མ་ཏི་བྷྱོ་ཟློག༔ ཁྲག་མ་མ་བྷྱོ་ཧ་དེ་མོ་ཧ་ནི་བྷྱོ་ཟློག༔ ཙི་རི་སྙིང་བྷྱོ་སྲོག་ལ་ཤཱནྟིཾ་བྷྱོ་ཟློག༔ སྙིང་བྷྱོ་ནི་ཤ་ཀུ་རུ་ཐུན་བྷྱོ་ཟློག༔ ནིསྶ་ར་ནི་ཟློག་ཟློག༔ ཅེས་པ་བཟླས་སོ༔ འཁོར་གྱི་སྔགས་ལ༔ དཀར་མོ་བདུན་གྱི་སྔགས༔ ཨོཾ་གནམ་ཡེར་བྷྱོ༔ ས་ཡེར་བྷྱོ༔ སེར་སྐྱང་རྗེ་བྷྱོ༔ རྐྱང་ཡེར་སོད༔ ཆུ་ཡེར་སོད༔ མེ་ཡེར་ཡེར་སོད༔ དགྲ་སྙིང་ལ་བྷྱོ་བྷྱོ༔ ཞེས་པའོ༔ ཨོཾ་རུ་ལུ་རུ་ལུ་ཧ་ཧ་ཡཀྴ་བམ་རིལ༔ ཁྲག་ལ་རྦད༔ རུས་ལ་ཆེམ༔ དགྲ་སྙིང་ལ་བྷྱོ་བྷྱོ༔ བྷྱོ་བྷྱོ༔ བྷྱོ་བྷྱོ༔ བྷྱོ༔ ཅེས་པ་བདུད་མོ་བདུན་གྱི་སྔགས་སོ༔ ཨོཾ་རུ་ལུ་རུ་ལུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་བྷྱོ་ཛ༔ ཡག་མོ་ཁ་ལ་ཙེ་བྷྱོ༔ རག་མོ་ཁ་ལ་ཁ་ཙེ་བྷྱོ༔ ཁ་ཙེ་ཧཱུྃ་བྷྱོ༔ རུ་ལུ་རུ་ལུ་ནག་མོ་ཧ་ཧ་ཧཱུྃ་བྷྱོ༔ བྷྱོ་བྷྱོ༔ བྷྱོ་བྷྱོ༔ ཅེས་པ་མ་མོ་བདུན་གྱི་སྔགས་སོ༔ ཨོཾ་ཡ་མ་སྙིང་བྷྱོ༔ ཡ་མ་ཁྲག་བྷྱོ༔ སརྦ་བུ་དྷེ་བྷྱོ༔ ཡ་མ་རཱ་ཙ་བྷྱོ༔ ཡ་མ་ཐུམ་ཐུམ་བྷྱོ༔ དགྲ་སྙིང་ལ་བྷྱོ༔ གཤིན་རྗེ་བདུན་གྱི་སྔགས་སོ༔ དེ་ལྟར་བཟླས་ཤིང་ཟོར་ཀོང་དུ་ཐུན་བྲབ་བོ༔ དེ་ཡང་སྔགས་བཟླས་པའི་ཐབས་ནི༔ གཙོ་བོའི་སྔགས་བརྒྱ་བརྒྱ་ལ༔ འཁོར་གྱི་སྔགས་བདུན་བདུན་བཟླས་པའམ༔ ཡང་ན་ཆུ་རིས་སུ་བཟླས་ཀྱང་བཟང་ངོ༔ དེ་ལྟར་ཞག་བདུན་བཟླས་པ་དང༔ ཕྱི་རྟགས་ནི་ཉི་མ་ཤར་བ་དང༔ གདོས་པ་འཛིན་པ་དང༔ དམག་དཔོན་བྱེད་པ་དང༔ དར་ནག་འཕྱར་བ་དང༔ གཞན་ཡང་རྟགས་བཟང་པོ་སྣ་ཚོགས་འོང་ངོ༔ བྱེ་བྲག་ཏུ་ཕྱི་རྟགས་ཆར་སྤྲིན་ཆེན་པོ་དང༔ འཚུབ་མ་སྦོམ་ལ་ནག་པ་དང༔ འབྲུག་སྒྲ་དང་ཐོག་སེར་འབབ་པ་འོང་ངོ༔ ནང་རྟགས་ཉལ་བའི་རྨི་ལམ་དུ་མི་ནག་དང༔ མཚོ་ནག་དང༔ ཨ་ཙ་ར་དང༔ བྱ་ནག་དང༔ རས་དང་དར་གོས་གྱོན་པ་དང༔ མདུང་རིང་ཐོགས་པ་དང༔ དམག་དཔུང་བསད་པ་རྣམས་ནི་རབ་ཡིན༔ གཡག་རྒོད་དང༔ ཁྱི་དང་ལུག་དང༔ གཅན་གཟན་མང་པོ་འོང་བ༔ སྒྲ་དང་འོད་ལ་སོགས་པ་འབྲིང་ཡིན༔ སེམས་ཅན་དེ་དག་ཐག་རིང་ཞིང་མི་རྒྱུ་བ་ནི་ཐ་མ་ཡིན༔ ཡུགས་ས་དང་མཛེ་ཕོ་རྨིས་ན་དམ་ཚིག་བསྐང་ཞིང་ཚོགས་འཁོར་བྱའོ༔ དེ་ནས་བཟང་རྟགས་དང་ལྡན་པ་དང་ལས་ལ་སྦྱར་བ་ནི་རང་རང་གི་སྐབས་དང་སྦྱར་རོ༔ བརྒྱད་པ་ཚོགས་འབུལ་ཞིང་སྐོང་བཤགས་དྲག་པོ་བྱ་བ་ནི༔ ཞི་ཁྲོ་སྤྱི་གཞུང་ལྟར་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་གཉིས་པ་མཇུག་ལས་ཀྱི་ཁ་བསྒྱུར་བ་ལ་གཉིས་ཏེ༔ སྤྱིར་བསྟན་པ་དང༔ བྱེ་བྲག་ཏུ་བཤད་པའོ༔ དང་པོ་ནི༔ སྒྲུབ་པ་སྤྱིའི་དུས་སུ་དུས་ལ་བབས་ཞེས་པ་རྣམས་ཀྱི་རྗེས་སུ༔ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དང༔ རང་རང་མཐུན་པའི་མཆོད་པ་འདི་བཞེས་ལ༔ བདག་དང་རྣལ་འབྱོར་འཁོར་དང་བཅས་པ་ལ༔ མི་མཐུན་གནོད་པའི་ཚོགས་རྣམས་ཞི་བར་མཛོད༔ ཚེ་དང་མངའ་ཐང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཞེས་ཀུན་ལ་སྦྱར་རོ༔ གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ༔ སྲུང་བ་དང༔ ཟློག་པ་དང༔ མནན་པ་དང༔ བསད་པའོ༔ དང་པོ་སྲུང་བའི་དུས་སུ༔ དམ་རྫས་མཐུན་པའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ༔ ནད་གདོན་གནོད་པའི་ཚོགས་རྣམས་མ་ལུས་པ༔ ཐམས་ཅད་ཞི་ཞིང་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་པ་དང༔ སྲིའུ་ལ་སོགས་གང་བསྲུང་བའི་ཕྲིན་ལས་བཅོལ་ལོ༔ ཟློག་པའི་དུས་སུ་ནི༔ དམ་རྫས་མཐུན་པའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ༔ གནོད་པའི་རྦོད་གཏོང་རྦད་འདྲེ་ཟོར་ཁ་དང༔ བྱོལ་པོ་ཆགས་ཆེ་ཉམ་ང་མ་ལུས་རྣམས༔ ཐམས་ཅད་བསྒྱུར་ཞིང་བཟློག་པའི་ཕྲིན་ལས་མཛོད༔ ཅེས་པ་ཀུན་གྱི་མཇུག་ཏུ་སྦྱར་ཏེ་ཕྲིན་ལས་བཅོལ་ལོ༔ བཟློག་བསྒྱུར་ཆེན་མོ་ནི་འོག་ནས་འབྱུང་བ་ལྟར་མདོས་དང་ཟོར་ལ་སོགས་པ་གཏོང་བ་དང་འཕེན་པའི་དུས་སུ་བྱའོ༔ གསུམ་པ་མནན་པའི་དུས་སུ་ནི༔ དམ་རྫས་མཐུན་པའི་མཆོད་པ་འདི་བཞེས་ལ༔ བསྟན་པ་འཇིག་པའི་དམ་ཉམས་ཆེ་གེ་དང༔ བར་དུ་གཅོད་པའི་འབྱུང་པོ་ཕོ་མོ་འདི༔ ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གནོན༔ རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས༔ བྱས་པའི་ལས་དང་ནུས་མཐུ་གཏན་ནས་སོད༔ རྟག་ཏུ་ཐར་བ་མེད་པའི་གནས་སུ་ཆུགས༔ ཞེས་ཕྲིན་ལས་བཅོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་བསད་པའི་དུས་སུ་ནི༔ དམ་རྫས་མཐུན་པའི་མཆོད་པ་འདི་བཞེས་ལ༔ བསྟན་པ་འཇིག་པའི་དམ་ཉམས་རུ་དྲ་འདི༔ རང་གཤེད་རང་ལ་འབེབ་པའི་ཕྲིན་ལས་མཛོད༔ རང་བདུད་རང་ལ་སློང་བའི་ཕྲིན་ལས་མཛོད༔ འཁོར་དང་བཅས་པ་དགྲ་ལ་དམག་ལ་ཆོས༔ དགྲ་བོ་གང་ཡིན་སྙིང་ནས་ཟུངས་ལ་ཤོག༔ བདུད་ཀྱི་ཁྲམ་བམ་དགྲ་ལ་ཐོབ་ལ་ཤོག༔ སྤུ་གྲི་འབར་བས་དགྲ་སྲོག་ཆོད་ལ་ཤོག༔ ཕྲིན་ལས་དམ་ལ་མ་འདའ་ས་མ་ཡ༔ ཞེས་བསད་པའི་སྔགས་དང་བཅས་པ་རྡེག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཟློག་བསྒྱུར་ཆེན་མོའི་མདོས་གཏོང་བ་དང༔ ཟོར་འཕེན་པ་དང༔ གཏོར་མ་གཏོང་བའི་དུས་སུ༔ སྔགས་པ་ཆས་གོས་ནག་པོར་བྱས་ཏེ༔ གཡས་ན་སྐྱེས་པ་ཕོ་བརྒྱས་གོ་དང་བཅས༔ གཡོན་ན་བུད་མེད་བརྒྱ་ཡིས་དུལ་མོ་གདབ༔ རོལ་མོ་སྣ་ཚོགས་དང་བཅས་ནས༔ ཆོ་ག་བྱ་བ་ནི༔ དང་པོར་གཤིན་རྗེ་གཤེད་པོའི་བཟློག་པ་བྱ་བ་ནི༔ ཧཱུྃ༔ ཡབ་ཅིག་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ནི༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་འཇིགས་པའི་སྐུ༔ དབུ་སྐྲ་ཁམ་ནག་རལ་པའི་ཐོར་ཅོག་ཅན༔ ཁྲག་ཞག་ཐིག་ལེ་སྦྲུལ་གྱིས་རྒྱན་དུ་བྱས༔ སྐུ་ཡི་སྤྲུལ་པ་ལྷ་བྲན་ལས་ལ་འགྱེད༔ སྟེང་གི་ལྷ་རྣམས་ཟློག་པའི་ཕྲིན་ལས་མཛོད༔ གསུང་གི་སྤྲུལ་པས་སྡེ་བརྒྱད་ལས་ལ་འགྱེད༔ བར་གྱི་གདོན་རྣམས་ཟློག་པའི་ཕྲིན་ལས་མཛོད༔ ཐུགས་ཀྱི་སྤྲུལ་པས་ཀླུ་རྣམས་ལས་ལ་འགྱེད༔ འོག་གི་ཀླུ་རྣམས་ཟློག་པའི་ཕྲིན་ལས་མཛོད༔ གཡས་ཀྱི་ཕྱག་ན་བདུད་ཀྱི་སཏྭ་གྲི་བསྣམས༔ སྲིད་པ་ཕོ་གདོན་ཟློག་པའི་ཕྲིན་ལས་མཛོད༔ གཡོན་གྱི་སྡིགས་མཛུབ་སྦྲུལ་གྱི་ཞགས་པ་ཡིས༔ སྲིད་པ་མོ་གདོན་ཟློག་པའི་ཕྲིན་ལས་མཛོད༔ ཉི་ཟླ་ཐམས་ཅད་རྒྱན་དུ་བྱས་པ་ཡིས༔ ནམ་མཁའི་གཟའ་གདོན་ཟློག་པའི་ཕྲིན་ལས་མཛོད༔ སྦྲུལ་ནག་འཇིགས་པ་རྒྱན་དུ་བྱས་པ་ཡིས༔ ཞེ་སྡང་གདུག་བྱེད་ཟློག་པའི་ཕྲིན་ལས་མཛོད༔ ཁྲོ་གཏུམ་རྔམ་པའི་ཆས་དང་ལྡན་པ་ཡིས༔ གནོད་བྱེད་དགྲ་སྡང་ཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་གི་ཚེ་སྲིངས་དཔལ་སྐྱེད་ལ༔ བྱད་ཀྱི་སྦྱོར་བ་ཟློག་པའི་ཕྲིན་ལས་མཛོད༔ འཇིགས་བྱེད་སྐུར་སྟོན་ཁྲོ་བོ་གཤིན་རྗེའི་གཤེད༔ སྲིད་པའི་འཁོར་ལོ་ལྟོ་ན་གནས་པ་ཡིས༔ སྲིད་པའི་བྱོལ་ཁ་ཟློག་པའི་ཕྲིན་ལས་མཛོད༔ སྤྱི་བོའི་གཙུག་ན་མཆོད་རྟེན་ནག་པོ་ཡིས༔ ཡེ་ཤེས་ལྷ་གདོན་ཟློག་པའི་ཕྲིན་ལས་མཛོད༔ ལག་པ་གཡས་ན་མཆོད་རྟེན་དཀར་པོ་བསྣམས༔ སྲིད་པ་ཕོ་རྒྱུད་ཟློག་པའི་ཕྲིན་ལས་མཛོད༔ ལག་པ་གཡོན་ན་མཆོད་རྟེན་དམར་པོ་བསྣམས༔ སྲིད་པ་མོ་རྒྱུད་ཟློག་པའི་ཕྲིན་ལས་མཛོད༔ བྷྱོ༔ ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི་གདོན༔ བརྗིད་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ གང་བ་བཟང་པོ་ལ་སོགས་གནོད་སྦྱིན་གདོན༔ འཇིགས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ ཟ་བྱེད་རྔམས་པ་ལ་སོགས་སྲིན་པོའི་གདོན༔ རྔམས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ གཙོ་བོ་ཁ་འབར་ལ་སོགས་ཡི་དྭགས་གདོན༔ བཞད་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ བྱི་ནཱ་ཡ་ཀ་ལ་སོགས་བགེགས་ཀྱི་གདོན༔ འགྱིང་བའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ བྱི་ཏྲི་པ་ཏྲ་ལ་སོགས་གཟའ་ཡི་གདོན༔ གཏུམ་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ སྲོག་བདག་དཀར་པོ་ལ་སོགས་གིང་གི་གདོན༔ ཡང་སྤྲུལ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ ཡམ་ཤུད་དམར་པོ་ལ་སོགས་བཙན་གྱི་གདོན༔ དྲེགས་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ ཏེལ་པ་ཕྱྭ་སངས་ལ་སོགས་གཤིན་རྗེའི་གདོན༔ སྐུ་ཡི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ རལ་གཅིག་ནག་མོ་ལ་སོགས་མ་མོའི་གདོན༔ གསུང་གི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ རོལ་པ་སྐྱ་བོ་ལ་སོགས་སྨུ་ཡི་གདོན༔ མགོ་བརྙན་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ མ་ཧཱ་དེ་ཝ་ལ་སོགས་དམུ་ཡི་གདོན༔ བདེན་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གདོན༔ གདུག་པའི་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ པེ་དཀར་དགྲ་ལྷ་ལ་སོགས་རྒྱལ་པོའི་གདོན༔ ཁྲོ་གཏུམ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ ནག་མོ་རེ་ཏི་ལ་སོགས་བདུད་མོའི་གདོན༔ ང་རྒྱལ་སྟོབས་ཀྱིས་ཟློག་པའི་ཕྲིན་ལས་མཛོད༔ སྣང་སྲིད་སྡེ་བརྒྱད་ལ་སོགས་གདོན་གྱི་ཚོགས༔ གདུག་པ་འདུལ་མཛད་ཁྲོ་བོས་ཟློག་ཏུ་གསོལ༔ ཅེས་པ་དང་ཟློག་པའི་སྔགས་བཟླས་སོ༔ གཉིས་པ་ཟོར་རབས་ཕྱུང་སྟེ་ཟློག་པ་ནི༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ནས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་དུ་བྱུང༔ རྒྱལ་བ་ཤཱཀྱ་ཐུབ་པ་ལ༔ ནག་པོ་བདུད་ཀྱི་བར་ཆད་ལ༔ ཀླུ་སྲིན་བདུད་མོའི་ཆོ་འཕྲུལ་དང༔ ལྷས་བྱིན་བདུད་ཀྱི་བར་ཆད་བྱུང༔ དཔའ་བོ་ཁྲོས་པའི་ཆ་བྱད་ཀྱིས༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ བདུད་ཀྱི་དམག་དཔུང་གཡུལ་དུ་བཟློག༔ བདུད་མོའི་ཆོ་འཕྲུལ་རང་སར་བཟློག༔ ལྷ་སྲིན་བདུད་ཀྱི་ཆད་པ་བཟློག༔ སྔོན་ཚེ་ལྟས་ངན་བཟློག་པ་དེ་ལྟར་བཟློག༔ ད་ལྟ་ཟློག་པ་འདི་ལྟར་ཟློག༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ ལྟས་ངན་བདུད་ཀྱི་བར་ཆད་བྱུང༔ ལྟས་ངན་རྫུ་འཕྲུལ་སྣ་ཚོགས་བྱུང༔ ལྷ་སྲིན་རྒྱལ་པོས་བཏང་ངོ་ཟེར༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ལས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་ལས་བྱུང༔ རྒྱ་གར་རྒྱལ་པོ་སང་ཀྲི་ལ༔ ངན་སྔགས་མཁན་གྱི་སྔགས་ཟོར་འདུས༔ མཁའ་འགྲོ་འབུམ་གྱི་ཆད་པ་བྱུང༔ སྔགས་མཁན་རོ་ལངས་གསང་བ་ཡིས༔ བྷྱོ་ཟོར་དྲག་པོའི་སྔགས་བཟླས་ཏེ༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ སྔགས་ཟོར་མཁའ་འགྲོའི་ཆད་པ་བཟློག༔ སྔོན་ལྟར་བཟློག་པ་དེ་ལྟར་བཟློག༔ ད་ལྟར་ཟློག་པ་འདི་ལྟར་ཟློག༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ༔ བན་བོན་སྔགས་ཟོར་འདུས་པ་ཟློག༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ལས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་ལས་བྱུང༔ ཁ་ཆེའི་རྒྱལ་པོ་ཧོར་ནག་ལ༔ ངན་སྔགས་མཁན་གྱི་སྔགས་ཟོར་འདུས༔ མཁའ་འགྲོ་འབུམ་གྱི་ཆད་པ་བྱུང༔ སྔགས་མཁན་ཤཱཀྱ་པྲ་བྷ་ཡིས༔ བྷྱོ་ཟོར་དྲག་པོའི་སྔགས་བཟླས་ཏེ༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ སྔགས་ཟོར་མཁའ་འགྲོའི་ཆད་པ་བཟློག༔ སྔོན་ལྟར་བཟློག་པ་དེ་ལྟར་བཟློག༔ ད་ལྟར་ཟློག་པ་འདི་ལྟར་ཟློག༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ༔ བན་བོན་སྔགས་ཟོར་འདུས་པ་ཟློག༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ནས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་ལས་བྱུང༔ སིང་ག་ལ་ཡི་རྒྱལ་པོ་ལ༔ ངན་སྔགས་མཁན་གྱི་སྔགས་ཟོར་འདུས༔ མཁའ་འགྲོ་འབུམ་གྱི་ཆད་པ་བྱུང༔ སྔགས་མཁན་གུ་ན་གསང་བ་ཡིས༔ བྷྱོ་ཟོར་དྲག་པོའི་སྔགས་བཟླས་ཏེ༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ སྔགས་ཟོར་མཁའ་འགྲོའི་ཆད་པ་བཟློག༔ སྔོན་ལྟར་བཟློག་པ་དེ་ལྟར་བཟློག༔ ད་ལྟ་ཟློག་པ་འདི་ལྟར་ཟློག༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི༔ བན་བོན་སྔགས་ཟོར་འདུས་པ་ཟློག༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ལས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་ལས་བྱུང༔ བལ་པོའི་རྒྱལ་པོ་མགྲིན་བཟང་ལ༔ ངན་སྔགས་མཁན་གྱི་སྔགས་ཟོར་འདུས༔ མཁའ་འགྲོ་འབུམ་གྱི་ཆད་པ་བྱུང༔ སྔགས་མཁན་ཉི་མའི་རྒྱལ་མཚན་གྱིས༔ བྷྱོ་ཟོར་དྲག་པོའི་སྔགས་བཟླས་ཏེ༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ སྔགས་ཟོར་མཁའ་འགྲོའི་ཆད་པ་བཟློག༔ སྔོན་ལྟར་བཟློག་པ་དེ་ལྟར་བཟློག༔ ད་ལྟ་ཟློག་པ་འདི་ལྟར་ཟློག༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ༔ བན་བོན་སྔགས་ཟོར་འདུས་པ་ཟློག༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཧཱུྃ༔ སྔོན་ཚེ་ལྟས་ངན་ཟློག་པ་གང་ལས་བྱུང༔ གདོང་ཟོར་ནག་པོ་གང་ལས་བྱུང༔ ནག་པོ་འཆར་ཁ་གང་ལས་བྱུང༔ ཟ་ཧོར་རྒྱལ་པོ་ཧསྟི་ལ༔ ངན་སྔགས་མཁན་གྱི་སྔགས་ཟོར་འདུས༔ མཁའ་འགྲོ་འབུམ་གྱི་ཆད་པ་བྱུང༔ སྔགས་མཁན་དར་མ་ཀོ་ཤ་ཡིས༔ བྷྱོ་ཟོར་དྲག་པོའི་སྔགས་བཟླས་ཏེ༔ ཁྲག་གི་ཀོང་བུའི་ཟོར་བརྒྱབས་པས༔ སྔགས་ཟོར་མཁའ་འགྲོའི་ཆད་པ་བཟློག༔ སྔོན་ལྟར་བཟློག་པ་དེ་ལྟར་བཟློག༔ ད་ལྟ་ཟློག་པ་འདི་ལྟར་ཟློག༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ༔ བན་བོན་སྔགས་ཟོར་འདུས་པ་ཟློག༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ སྔོན་ཚེ་དེ་ལྟར་བཟློག་པ་ལྟར༔ ད་ལྟ་རྣལ་འབྱོར་རྒྱུ་སྦྱོར་ལ༔ བར་ཆད་བདུད་ཀྱི་ཆོ་འཕྲུལ་བྱུང༔ གང་བྱུང་མདོས་ཟོར་གཏོར་མས་ཟློག༔ མོན་ནག་འཇིགས་པའི་ཆ་བྱད་ཅན༔ མཛེ་ཕོའི་འཁོར་གྱིས་བསྐོར་བ་ནི༔ ལས་ཀྱི་གཤིན་རྗེའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ འགྲེས་སོ༔ ནག་མོ་དྲེའུ་ཞོན་ཁྲམ་བམ་ཅན༔ བུད་མེད་ནག་མོའི་འཁོར་གྱིས་བསྐོར༔ ནད་གཏོང་མ་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ མི་ནག་རྟ་ནག་དར་ནག་ཅན༔ བྱ་ནག་ཁྱི་ནག་འཕུར་ཞིང་ཉེར༔ ནག་པོ་བདུད་ཀྱི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ མི་དཀར་སྟག་དང་སེང་གེ་ཞོན༔ བྱ་དཀར་ཁྱི་དཀར་སྐྱ་ཤར་འགྱེད༔ སྲོག་བདག་གིང་གི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བུད་མེད་ནག་མོ་མཛོ་ནག་ཞོན༔ བྱ་ནག་སྦྲ་གུར་ནག་པོ་ནི༔ མ་བདུད་རྒྱལ་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ མི་དཀར་རྟ་དཀར་མདུང་དཀར་ཅན༔ མི་རྟ་དཀར་པོས་བསྐོར་བ་ནི༔ སྣང་སྲིད་ལྷ་འདྲེའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བཤན་པ་གྲི་ཐོགས་དྲེད་ཀྱི་གཟུགས༔ གཅན་གཟན་མང་པོས་བསྐོར་བ་ནི༔ ཤ་ཟ་སྲིན་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བུད་མེད་མི་སྡུག་གཅན་གཟན་ཞོན༔ ནག་མོ་ཁྲོས་མས་བསྐོར་བ་ནི༔ ཁྲག་འཐུང་སྲིན་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ མི་དམར་རྟ་དམར་ཞོན་ནས་ནི༔ སྐྱེས་ཕྲན་རཱ་ཛའི་འཁོར་གྱིས་བསྐོར༔ དམར་པོ་བཙན་གྱི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བཙུན་པ་བཙན་པོ་འབག་སེང་དང༔ རོལ་མོ་ལྷ་ཁང་སྐུ་གཟུགས་ནི༔ རྒྱལ་པོ་ཆེན་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ འདབ་ཆགས་ཕོ་རོག་འཕུར་ཞིང་ལྡིང༔ མུན་པ་ནག་པོས་འཐིབས་པ་ནི༔ ནག་པོ་དམུ་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ སྤྱང་ཀི་སྔོན་མོ་ཉེར་ཞིང་རྒྱུག༔ བནྡྷེ་སྐྱེས་ཕྲན་བྲོ་པ་ནི༔ རྡོ་རྗེ་ལེགས་པའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ མི་ལུས་གཅན་གཟན་སློག་པ་གྱོན༔ ལུས་ལ་མེ་སྟག་འཕྲོ་བ་ནི༔ གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བན་ནག་བོན་ནག་དར་ནག་དང༔ ནག་པོའི་ཚོགས་ཀྱིས་བསྐོར་བ་ནི༔ ཆོས་སྐྱོང་མགོན་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ སྤྲང་པོ་ཧྱལ་པོ་གླང་མཁར་ཁྱེར༔ སྤྲ་སྤྲེའུ་བྱི་ལས་བསྐོར་བ་ནི༔ ཐེའུ་བྲང་འགོང་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ སྤྲང་པོ་ཁྱི་སྤྱང་རྒོད་པ་དང༔ བཙུན་པ་དམ་ཉམས་ལ་སོགས་པ༔ དམ་སྲི་ལངས་པའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ བ་གླང་སྦལ་སྦྲུལ་སྡོམ་སྡིག་དང༔ མཚོ་དང་ནེའུ་གསེང་ཆུ་མིག་ནི༔ ས་བདག་ཀླུ་གཉན་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཐོག་རྦབ་སྒྱོགས་དང་མདའ་རྡོ་འཕེན༔ སེར་བ་འབབ་ཅིང་རླུང་འཚུབ་སྟོན༔ རྦོད་གཏོང་སྤྱི་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་ཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་ཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་ཕྲད་མཚམས་སུ་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ གསུམ་པ་དམིགས་བྱ་བཟུང་ནས་ཟློག་པ་ནི༔ ཧཱུྃ༔ ཡབ་ཅིག་འཇམ་དཔལ་གཤིན་རྗེ་ནི༔ ཟློག་སྒྱུར་བྱེད་པའི་སྟོབས་པོ་ཆེ༔ ཁྲམ་ཁ་སྒྱུར་བའི་མཐུ་བོ་ཆེ༔ ཟོར་ཁ་སྒྱུར་བའི་ང་རོ་ཅན༔ དོ་ནུབ་སྲིད་པའི་ཁྲོམ་ཁ་སྒྱུར༔ དོ་ནུབ་ལྷ་འདྲེའི་དམག་སྣ་དྲོངས༔ ཕས་ཀྱི་རྦོད་གཏོང་བྱེད་པ་ཟློག༔ ཉུངས་ཟོར་མཚེ་ཟོར་འཕེན་པ་ཟློག༔ འབྱུང་པོའི་ཐོད་ཟོར་འཕེན་པ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ༴ ཕུར་པའི་དབལ་ཁ་འཕེན་པ༴ མ་མོའི་ཁྲག་ཟོར་འཕེན་པ༴ བདུད་ཀྱི་ཁྲམ་ལ་འདེབས་པ༴ རྒྱལ་པོ་ཐོག་རྒྱུག་བྱེད་པ༴ བཙན་གྱི་ཤོ་རྡོ་འཕེན་པ༴ གཟའ་ཡི་ཀིང་ཀང་འབེབ་པ༴ སྲིན་པོའི་ཟ་རེས་བྱེད་པ༴ གནོད་སྦྱིན་ཕོ་མོའི་གདུག་རྩུབ༴ ཀླུ་ཡི་བྱད་དུ་བཅུག་པ༴ ལྷ་ཆད་གནམ་ལས་བབས་པ༴ མུ་སྟེགས་བར་ཆད་བྱེད་པ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བྲམ་ཟེས་ཚེ་ལ་བརྐུ་བ༴ བནྡྷེའི་སྔགས་ཟོར་འཕེན་པ༴ བོན་པོའི་ཙོ་དམར་འཕེན་པ༴ སུམ་པའི་གླང་ཟོར་འཕེན་པ༴ སྐྱེས་པས་མདའ་ཟོར་འཕེན་པ༴ བུད་མེད་ནག་མོའི་དམོད་མོ༴ བོན་པོའི་སྨྲང་ཟོར་འཕེན་པ༴ དགྲ་བཅོམ་དམོད་ཟོར་འཕེན་པ༴ འཆར་ཀའི་པར་བུ་འཕེན་པ༴ སྲིད་པའི་དལ་ཁ་གཡོས་པ༴ མོ་ངན་ཆག་ཁ་ཆེ་བ༴ རྨིས་ལྟས་མཚན་ལྟས་ངན་པ༴ ལོ་ཀག་ཟླ་ཀག་ཐམས་ཅད༴ བརྒྱ་འདྲེ་སྟོང་འདྲེ་བྱེད་པ༴ ཕོ་ཉའི་རྦོད་གཏོང་བྱེད་པ༴ ཡས་ཀྱི་བདུད་དུ་བབས་པ༴ མས་ཀྱི་སྲི་རུ་ལངས་པ༴ ལྟག་པའི་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཁོར་བ༴ ཕ་མེས་དུར་སྲི་ལངས་པ༴ གཡས་ནས་ཕོ་བརྒྱས་མཚོན་བརྡར༴ གཡོན་ནས་མོ་བརྒྱས་དུག་སྦྱོར༴ མདུན་ནས་རྩང་བཞིན་འཛུགས་པ༴ རྒྱབ་ནས་ཁྱི་བཞིན་འབྲེང་བ༴ ངོ་ལ་གདོང་ཐུབ་བྱེད་པ༴ ལྐོག་ནས་འབུ་བཞིན་གཡེང་བ༴ མི་ལ་ནད་དུ་གཏོང་བ༴ ཕྱུགས་ལ་གོད་ཁ་བྱེད་པ༴ གནམ་གྱི་དལ་ཁ་འབབས་པ༴ ས་ཡི་དུག་ཁ་འབབས་པ༴ མི་མཐུན་གནོད་པ་མ་ལུས་ཟློག༔ ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ དགྲ་བོ་ལ་སྙིང་ཁ་རག་བྷྱོ༔ ནཱ་ག་དུ་ན་ཟློག༔ པ་ཏྲ་པ་ཏྲ་ཟློག༔ མ་མ་བི་ན་ཟློག༔ རཱ་ཙ་དུ་ན་ཟློག༔ ད་ཏྲི་སུ་ཏྲི་ཟློག༔ ཟ་ཏྲི་ཞུ་ཏྲི་ཟློག༔ ཡཀྵ་པ་ཏྲ་ཟློག༔ ཤཱུ་ལ་ཙ་ཏྲི་པ་ཤ་ཟློག༔ ཡ་མ་ར་ཏི་ཟློག༔ རཀྴ་ཙིཏྟ་ཟློག༔ པུ་པ་ར་ཙིཏྟ་སྙིང་གཟེར་ཆོད༔ ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྒྱ་རྩ་བརྒྱད་བཟླས་སོ༔ བཞི་པ་ཟོར་གྱི་ཕོ་ཉ་བསྟོད་ཅིང་དཔུང་བསྐྱེད་པ་ནི༔ ཧཱུྃ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ ལས་ཀྱི་གཤིན་རྗེ་ནག་པོ་བདུན༔ ཕྱག་ན་ཟློག་པའི་ཟོར་ཀོང་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་ཡ་མ་ཏིང་སྙིང་བྷྱོ༔ ཞེས་ལན་བདུན་བཟླས་སོ༔ ཧཱུྃ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ནག་པོ་བདུད་རྒྱལ་ནག་པོ་བདུན༔ ཕྱག་ན་ཟློག་པའི་ཟོར་ཀོང་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧ་ཧ་ཡཀྴ་བམ་རིལ༔ སོགས་བཟླས་སོ༔ ཧཱུྃ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ སྲིད་པའི་མ་མོ་དཀར་མོ་བདུན༔ ཕྱག་ན་ཟློག་པའི་རྡོ་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་གནམ་ཡེར་བྷྱོ༔ ཞེས་པ་བཟླས་སོ༔ ཧཱུྃ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ སྲིད་པའི་མ་མོ་ནག་མོ་བདུན༔ ཕྱག་ན་ཟློག་པའི་གཏོར་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་རུ་ལུ་རུ་ཙ་པ་ཙ་པ༔ ཞེས་བཟླས་སོ༔ བཤན་པ་བཞི་བསྐུལ་ནི༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་མཐུ་བོ་ཆེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ བན་ནག་ཉི་མའི་ག་ཤ་ཅན༔ ཕྱག་ན་ཟློག་པའི་གཏོར་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་བཛྲ་ཙི་དུ་ནི་རྦད་རྦད་སྭཱ་ཧཱ༔ དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ གསུང་གི་སྤྲུལ་པ་མཐུ་བོ་ཆེ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ བོན་ནག་རལ་པའི་ཐོར་ཚུགས་ཅན༔ ཕྱག་ན་ཟློག་པའི་གཏོར་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་སྙིང་ཁྲག་དུན་རྨུགས་རྦད་རྦད་སྭཱ་ཧཱ༔ དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་མཐུ་བོ་ཆེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ དམག་དཔོན་མཚོན་གྱི་དཔའ་ཆས་ཅན༔ ཕྱག་ན་ཟློག་པའི་གཏོར་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་ཐུམ་རིལ་ཁུག༔ ལིང་རྦད་རྦད་སྭཱ་ཧཱ༔ དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཕྲིན་ལས་སྤྲུལ་པ་མཐུ་བོ་ཆེ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ མོན་ནག་འཇིགས་པའི་ཆ་ལུགས་ཅན༔ ཕྱག་ན་ཟློག་པའི་གཏོར་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཨོཾ་སྙིང་ཁྲག་དུན་རྨུགས་རྦད་རྦད་སྭཱ་ཧཱ༔ དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ ཟོར་བདག་མོ་བཞི་བསྐུལ་བ་ནི༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཟླ་ཚེས་ཁ་སྦྱར་ནང་ཤེད་ན༔ བལ་མོ་ཉི་མའི་ག་ཤ་ཅན༔ ཕྱག་ན་མ་མོའི་ཀོང་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ༔ ཤ་ཁྲག་ཀོང་བུས་རོལ་ཏེ་མཆོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ ཟླ་ཚེས་ཁ་སྦྱར་ནང་ཤེད་ན༔ བལ་མོ་གཙུག་གི་ཟུར་ཕུད་ཅན༔ ཕྱག་ན་མ་མོའི་ཀོང་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ ལྷོ་ཡི་ཕྱོགས་ནས་གཤེགས་སུ་གསོལ༔ ཤ་ཁྲག་ཀོང་བུས་རོལ་ཏེ་མཆོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཟླ་ཚེས་ཁ་སྦྱར་ནང་ཤེད་ན༔ བལ་མོ་འཕྲུལ་གྱི་མེ་ལོང་ཅན༔ ཕྱག་ན་མ་མོའི་ཀོང་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ ནུབ་ཀྱི་ཕྱོགས་ནས་གཤེགས་སུ་གསོལ༔ ཤ་ཁྲག་ཀོང་བུས་རོལ་ཏེ་མཆོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ ཟླ་ཚེས་ཁ་སྦྱར་ནང་ཤེད་ན༔ བལ་མོ་གཅེར་བུ་རལ་པ་ཅན༔ ཕྱག་ན་ཟློག་པའི་ཀོང་ཟོར་ཐོགས༔ སྔོན་ནས་སྔགས་ཟོར་བཟློག་པའི་ལྷ༔ བྱང་གི་ཕྱོགས་ནས་གཤེགས་སུ་གསོལ༔ ཤ་ཁྲག་ཀོང་བུས་རོལ་ཏེ་མཆོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ མ་མོ་བདུན་ཚན་བཞི་བསྐུལ་བ་ནི༔ ཧཱུྃ༔ ཤར་ཕྱོགས་དུང་ཁང་སྒོ་མེད་པོ༔ ཡིད་ཀྱི་སྒོ་ཅན་ནང་ཤེད་ནས༔ དུང་གི་མ་མོ་མཆེད་སྡེ་བདུན༔ ལག་ན་ལྕགས་ཀྱི་ཟོར་སྐྱོགས་ཐོགས༔ སྔོན་ནས་བཟློག་པའི་དབང་མོ་ཆེ༔ དྲག་པོ་ཟོར་གྱི་སྣ་འདྲེན་མ༔ ཤར་གྱི་མ་བདུན་གཤེགས་སུ་གསོལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཐིང་མུར་ཡ་མ་ཤ་དེ་བྷྱོ༔ ཧཱུྃ༔ ལྷོ་ཕྱོགས་གསེར་ཁང་སྒོ་མེད་པོ༔ ཡིད་ཀྱི་སྒོ་ཅན་ནང་ཤེད་ན༔ གསེར་གྱི་མ་མོ་མཆེད་སྡེ་བདུན༔ ལག་ན་ཁྲག་གི་ཟོར་སྐྱོགས་ཐོགས༔ སྔོན་ནས་བཟློག་པའི་དབང་མོ་ཆེ༔ དྲག་པོ་ཟོར་གྱི་སྣ་འདྲེན་མ༔ ལྷོ་ཡི་མ་བདུན་གཤེགས་སུ་གསོལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཐི་མུར་མ་ཀྲ་བྷྱོ༔ ཧཱུྃ༔ ནུབ་ཕྱོགས་ཟངས་ཁང་སྒོ་མེད་ན༔ ཡིད་ཀྱི་སྒོ་ཅན་ནང་ཤེད་ན༔ ཟངས་ཀྱི་མ་མོ་མཆེད་སྡེ་བདུན༔ ལག་ན་ཁྲག་གི་ཟོར་སྐྱོགས་ཐོགས༔ སྔོན་ནས་བཟློག་པའི་དབང་མོ་ཆེ༔ དྲག་པོ་ཟོར་གྱི་སྣ་འདྲེན་མ༔ ནུབ་ཀྱི་མ་བདུན་གཤེགས་སུ་གསོལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཐི་མུར་ཡ་མ་ར་ཏྲེ་བྷྱོ༔ ཧཱུྃ༔ བྱང་ཕྱོགས་བྷནྡྷའི་ཁང་པ་ན༔ ཡིད་ཀྱི་སྒོ་མེད་ནང་ཤེད་ན༔ ཁྲག་གི་མ་མོ་མཆེད་སྡེ་བདུན༔ ལག་ན་ཁྲག་གི་ཟོར་སྐྱོགས་ཐོགས༔ སྔོན་ནས་བཟློག་པའི་དབང་མོ་ཆེ༔ དྲག་པོ་ཟོར་གྱི་སྣ་འདྲེན་མ༔ བྱང་གི་མ་བདུན་གཤེགས་སུ་གསོལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དོ་ནུབ་ཟློག་པའི་དམག་དཔུང་མཛོད༔ ཐི་མུར་ཡ་མ་ར་ཏྲི་བྷྱོ༔ ཞེས་པས་སྔགས་རྣམས་བརྒྱད་དམ་ཉེར་གཅིག་བཟླས་ལ་ཟོར་གྱི་དཔུང་བསྐྱེད་དོ༔ ལྔ་པ་གཟུ་དཔང་གསོལ་ཞིང་ལམ་བསལ་བ་ནི༔ དང་པོ་ཆང་ཕུད་གསེར་སྐྱེམས་གཏོར་ཞིང༔ བྷྱོ༔ བདག་གིས་མ་ཉེས་མ་ལན་ནོ༔ དུས་གསུམ་སངས་རྒྱས་གཟུ་དང་དཔང༔ དམ་ཅན་སྲུང་མ་གཟུ་དང་དཔང༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང༔ རྣལ་འབྱོར་བདག་གི་ཁྲག་ཟོར་འདི༔ སྟེང་གི་ལྷ་ལ་མི་འཕེན་ནོ༔ མཐོ་བ་རྣམས་ཀྱི་ཞབས་སྐུམས་ཤིག༔ འོག་གི་ཀླུ་ལ་མི་འཕེན་ནོ༔ དམའ་བ་རྣམས་ནི་དབུ་ཟུར་ཅིག༔ བར་གྱི་བཙན་ལ་མི་འཕེན་ནོ༔ ལྷ་སྲིན་སྡེ་བརྒྱད་སྐུ་ཟུར་ཅིག༔ ཀོ་ལོང་གདུག་པ་མ་འཆང་ཞིག༔ གསེར་སྐྱེམས་གཙང་མ་འདི་གསོལ་ལ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ ཅེས་གསེར་སྐྱེམས་ཕྱོགས་བཞིར་གཏོར་རོ༔ དྲུག་པ་ཟོར་འཕང་བ་ལ་ལྔ་ལས༔ དང་པོ་ཀོང་ཟོར་འཕང་བ་ནི༔ ཧཱུྃ༔ འཇམ་དཔལ་ཐུགས་ལས་འཁྲུངས་པའི་སྲས༔ འཆར་ཁ་ནག་པོ་མཐུ་བོ་ཆེ༔ སྐུ་ནི་རི་རབ་ཟོམ་དང་མཉམ༔ གསུང་གི་འབྲུག་སྒྲ་འུ་རུ་རུ༔ ཐུགས་ནི་ཆོས་ཉིད་སྐྱེ་འགག་མེད༔ ཡོན་ཏན་འགྲོ་དོན་སྣ་ཚོགས་མཛད༔ ཕྲིན་ལས་དགྲ་བགེགས་ཕོ་མོ་སྒྲོལ༔ དོ་ནུབ་ཟློག་པའི་ཕྲིན་ལས་མཛོད༔ ཁྲག་གི་ཀོང་བུ་ལོ་ཚད་འདིས༔ སྣང་སྲིད་ལྷ་འདྲེའི་ཆད་པ་ཟློག༔ ཡུངས་དཀར་ཐུན་གྱི་གོང་བུ་འདིས༔ གཤིན་རྗེ་རྣམས་ཀྱི་གནོད་པ་ཟློག༔ བྲག་ནག་ལ་སྐྱེས་མཚེ་ཟོར་འདིས༔ ནག་པོ་བདུད་ཀྱི་གནོད་པ་ཟློག༔ དྲི་ཞིམ་སྤོས་ཀྱི་རེང་བུ་འདིས༔ རྒྱལ་པོ་རྣམས་ཀྱི་གནོད་པ༴ ཡུགས་སའི་འཕང་གི་རྩང་རྣོན་འདིས༔ མ་བདུད་རྣམས་ཀྱི་གནོད་པ༴ རབས་ཆད་ཁང་པའི་དུད་པ་འདིས༔ གནོད་སྦྱིན་ཕོ་མོའི་གདུག་པ༴ ཤ་ཁྲག་སྣ་ཚོགས་བསགས་པ་འདིས༔ ཀླུ་བདུད་ཕོ་མོའི་གནོད་པ༴ མྱོས་བྱེད་ཆང་གི་སྦང་མ་འདིས༔ ཐེའུ་བྲང་རྣམས་ཀྱི་གནོད་པ༴ མར་མེ་གསལ་བའི་སྡོང་པོ་འདིས༔ མཁའ་འགྲོ་རྣམས་ཀྱི་གནོད་པ༴ གདུག་པ་ཤིང་གི་ཚེར་མ་འདིས༔ གཟའ་སྐར་རྣམས་ཀྱི་གནོད་པ༴ ལྷ་བཤོས་ཁྲག་གིས་བྱུགས་པ་འདིས༔ ས་བདག་རྣམས་ཀྱི་གནོད་པ༴ མེ་ཏོག་བཅུད་ཅན་ཕབས་རྩི་འདིས༔ གྲི་བོ་རྣམས་ཀྱི་གནོད་པ༴ དྲག་པོའི་དུག་སྣ་མང་པོ་འདིས༔ འགོང་པོ་རྣམས་ཀྱི་གནོད་པ༴ གྱི་ལིང་རྟ་ཡི་ཚིལ་བུ་འདིས༔ དམར་པོ་བཙན་གྱི་གནོད་པ༴ རམས་ཀྱི་ཕྱི་མོའི་ཕྱེ་མ་འདིས༔ དམུ་ཡི་ཚོགས་ཀྱི་གནོད་པ༴ གུ་གུལ་སྦྱར་བའི་དྲི་བསུང་འདིས༔ ལྷ་ཆེན་རྣམས་ཀྱི་གནོད་པ༴ དར་ཚོན་ལྔ་ཡི་ཚོན་སྤྲིན་འདིས༔ རིམས་ནད་དལ་ཡམས་ཐམས་ཅད༴ སྐྱེས་པ་ཕོ་ཡི་མདའ་བཀྲ་འདིས༔ དགྲ་བགེགས་མཚོན་ཆ་ཐམས་ཅད༴ ཟ་མ་མོ་ཡི་འཕང་བཀྲ་ཡིས༔ ལྟས་ངན་རྨི་ལམ་ངན་པ་ཟློག༔ ཨོཾ་ཧ་དེ་མོ་ཧ་ཧྲི་ད་ཡ་སྥ་ར་ཎ་དྷི་ཧ་བྷྱོ་བྷྱོ༔ ས་མ་ཡ་ཟློག༔ ཨ་ལ་ལ་པྲ་མོ་ཧ་བྷྱོ༔ མཱ་ར་ཡ་ཟློག་ཟློག༔ ཅེས་ཀོང་བུ་རེ་རེ་ལ་སྔགས་ལན་བདུན་བདུན་བཟླས་ཏེ༔ དགྲ་བགེགས་གང་ན་གནས་པའི་ཕྱོགས་སུ་འཕང་ངོ༔ གཉིས་པ་གཏོར་ཟོར་འཕང་བ་ནི༔ ཧཱུྃ༔ ལྕགས་སམ་བྷནྡྷའི་སྣོད་ཡངས་སུ༔ འབྲུ་ནག་ཕྱེ་ལ་ངར་ཟན་བྱས༔ དབུས་སུ་འཆར་ཁའི་ཞལ་བྱས་ནས༔ དཔལ་གྱི་བཤོས་བུས་མཐའ་བསྐོར་ཏེ༔ མར་མེ་ཡུངས་དཀར་རྩང་གིས་བཙུགས༔ དུག་དང་ཐུན་གྱི་སྔགས་ཀྱིས་བསིབས༔ ཤ་ཁྲག་དམར་གྱིས་རབ་བརྒྱན་ཏེ༔ དུག་ནད་ཁྲག་ཏུ་བྱིན་གྱིས་བརླབས༔ དྲག་པོ་སྔགས་ཀྱི་གཏོར་མ་འདི༔ འཕེན་ནི་འཆར་ཁ་ཉིད་ཀྱིས་འཕེན༔ བརྡེག་ནི་སྡང་བའི་དགྲ་ལ་རྡེག༔ བརྡེག་ནི་གནོད་པའི་བགེགས་ལ་རྡེག༔ བྷྱོ་བྷྱོ་སྙིང་གི་དཀྱིལ་དུ་བྷྱོ༔ ཟློག་གོ་དམར་གྱི་གཏོར་མས་ཟློག༔ སྒྱུར་རོ་མི་མཐུན་གནོད་པ་སྒྱུར༔ སྣང་སྲིད་ལྷ་འདྲེའི་ཆད་པ་རྣམས༔ དགྲ་དང་བགེགས་ཀྱི་སྟེང་དུ་སྒྱུར༔ བར་ཆད་བདུད་ཀྱི་སྟེང་དུ་སྒྱུར༔ དམ་ཉམས་རུ་དྲའི་སྟེང་དུ་བྷྱོ༔ ཡུལ་མཁར་གནས་ལ་གཏོར་ཟོར་ཡ༔ གཟུགས་ཅན་ལུས་ལ་གཏོར་ཟོར་ཡ༔ གཟུགས་མེད་ཡིད་ལ་གཏོར་ཟོར་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱོས༔ དི་ཧ་རག་མོ་དུན་སྙིང་ཏྲ་པ་ལ་དུན་བྷྱོ་བྷྱོ༔ བྷྱོ་བྷྱོ༔ ཧ་ཧྲིང་ཧྲིང་ཧཱུྃ་ཧཱུྃ༔ ཡ་ཡ་བྷྱོ་བྷྱོ༔ ཞེས་བརྒྱ་བཟླས་ལ་དགྲ་བགེགས་ཀྱི་སྟེང་དུ་འཕང་ངོ༔ གསུམ་པ་མདའ་ཟོར་འཕང་བ་ནི༔ ཧཱུྃ༔ གདུག་པ་ཅན་གྱི་ཤིང་བུ་ལ༔ ལྟས་ངན་བྱ་ཡི་སྒྲོ་ཡིས་བསྐྱོན༔ དམེ་བོའི་ཁྲག་དང་དུག་གིས་བྱུགས༔ མཆོག་ཆེན་རྩིབ་མས་གཞུ་བྱས་ཏེ༔ མི་ཡི་རྒྱུས་པའི་རྒྱུད་བཏགས་ནས༔ གནམ་ལྕགས་མདའ་གཞུར་བྱིན་བརླབས་ཏེ༔ བསྟན་པའི་དགྲ་ལ་མདའ་ཟོར་ཡ༔ དང་པོ་ཞེ་སྡང་ཕ་ཡིས་བསྐྱེད༔ ཞེ་སྡང་རྩད་ནས་བཅད་པའི་ཕྱིར༔ སྙིང་གི་དཀྱིལ་དུ་མདའ་ཟོར་ཡ༔ བར་དུ་འདོད་ཆགས་མ་ཡི་མངལ༔ འདོད་ཆགས་རྩད་ནས་བཅད་པའི་ཕྱིར༔ གསང་བའི་དཀྱིལ་དུ་མདའ་ཟོར་ཡ༔ མཐའ་མ་དྲི་ཟ་ལྟེ་བར་འཁོར༔ སྐྱེ་རྒྱུད་རྩད་ནས་བཅད་པའི་ཕྱིར༔ ལྟེ་བའི་དཀྱིལ་དུ་མདའ་ཟོར་ཡ༔ དེ་ལས་གཟུགས་ཕུང་ཡན་ལག་རྒྱས༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ འདུས་པའི་ལུས་ལ་མདའ་ཟོར་ཡ༔ དེ་ནས་དབང་པོ་རྣམ་ཤེས་ཚང༔ སྒོ་ལྔ་རྩད་ནས་བཅད་པའི་ཕྱིར༔ དབང་པོ་ལྔ་ལ་མདའ་ཟོར་ཡ༔ ནག་པོ་པྲ་མ་ཡ་ཧ་རི་ཡ༔ ནག་པོ་ཡཀྴ་ཐུན༔ ཧེ་ཏྲ་བ་ལ་སྙིང་ལ་ཐུན༔ ག་ནི་ལོ་ཙ་སྲོག་ལ་ཐུན་མཱ་ར་ཡ་ཐུན༔ ཧར་ཧར་ཧུར་ཧུར་ཉམས་པའི་སྙིང་ལ་བྷྱོ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་དགྲ་བགེགས་ལ་འཕང་ངོ༔ བཞི་པ་རྡོ་ཟོར་འཕང་བ་ནི༔ ཧཱུྃ༔ ཚོན་སྐུད་སྔོ་དམར་འུར་ཐོག་ཏུ༔ དུར་ཁྲོད་རྡོ་ནག་བཅུག་ནས་ནི༔ གནམ་ལྕགས་ཐོག་ཏུ་བྱིན་བརླབས་ཏེ༔ སྡང་དགྲ་གནོད་པའི་བགེགས་ལ་འཕེན༔ བར་སྣང་ཁམས་སུ་འུ་རུ་རུ༔ དམིགས་པའི་ཀླད་པའི་རྒྱས་སུ་རྒྱོབ༔ སྟོང་གསུམ་གངས་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ སྟོང་གསུམ་སྤང་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ འཛམ་གླིང་ཟངས་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ འཛམ་གླིང་ཟངས་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ འཛམ་གླིང་དངུལ་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ འཛམ་གླིང་གཡུ་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ འཛམ་གླིང་ཤེལ་རིས་བསྐོར་བ་ནས༔ གནོད་སྦྱིན་གདུག་པའི་བུ་མོ་རྣམས༔ སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ༔ ཨོཾ་པྲ་ས་ར་བྷྱོ༔ དུན་ཏིང་བྷྱོ་ཕཊ༔ དན་ཏིང་བྷྱོ་ཕཊ༔ ཀརྨ་རཀྴ་བྷྱོ༔ ཛ་ལ་ཏིང་ཏིང་བྷྱོ༔ ཛ་ལ་རཀྴ་བྷྱོ༔ རག་མོ་རག་མོ་བྷྱོ༔ ཡཀྴ་བྷྱོ་ཡཀྴ་བྷྱོ༔ བྷྱོ་བྷྱོ༔ དི་མ་བྷྱོ༔ མུ་བྷྱོ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ་དགྲ་ཕྱོགས་སུ་འཕང་ངོ༔ ལྔ་པ་ཁྲག་ཟོར་འཕང་བ་ནི༔ ཧཱུྃ༔ ནག་པོ་ལྕགས་ཀྱི་སླ་ངའི་ནང༔ དུག་ཁྲག་སྦྱར་བའི་ཐུན་བྱས་ཏེ༔ དུག་དང་ནད་དུ་བྱིན་བརླབས་ནས༔ བསྟན་པ་འཇིག་པའི་དགྲ་ལ་འཕེན༔ ཉི་མ་སྟོང་ཁམས་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ འཇིག་རྟེན་ཞབས་མནན་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ སྟོང་གསུམ་སྟན་བཏིང་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ བསྐལ་པ་མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ ཆུ་ཆེན་རབ་འཁྲུགས་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ མི་རོ་གསར་རྙིང་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ རཀྟ་མཚོ་བསྐྱིལ་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ ཀེང་རུས་རི་བརྩེགས་དཀྱིལ་འཁོར་ནས༔ སྲིན་མོའི་ནད་གཏོང་དགྲ་ལ་བྷྱོ༔ ཨོཾ་བཛྲ་ར་ཏྲི་དགྲ་ལ་ཡ་བྷྱོ༔ བཛྲ་རུ་ཏྲི་དགྲ་ལ་ཡ་བྷྱོ༔ བཛྲ་ན་ཏྲི་དགྲ་ལ་ཡ་བྷྱོ༔ བཛྲ་ཤན་ཏྲི་དགྲ་ལ་ཡ་བྷྱོ༔ བཛྲ་ར་ཏྲི་དགྲ་ལ་ཡ་བྷྱོ༔ ཏྲག་རཀྴ་རུ་ལུ་རུ་ལུ་བམ་རིལ་དགྲ་ལ་ཡ་བྷྱོ༔ ནག་མོ་སྲོག་སྡུས་ཁྱེར་ཡཀྴ་བམ་རིལ་བྷྱོ༔ རག་མོ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཅེས་བརྒྱ་རྩ་བརྒྱད་ཀྱིས་དགྲ་བོའི་སྟེང་ལ་འཕང་ངོ༔ དེ་ནས་མདོས་གང་ཡིན་པར་བཏང་ལ༔ ཕྱི་མིག་མི་ལྟ་བར་གནས་སུ་ལོག༔ ནང་དུ་ཕྱིན་ནས་དལ་བསྡུ༔ ཚེ་ཡི་ཆོ་ག་གང་ཡང་རུང་བ་བྱ༔ བཀྲ་ཤིས་གསོལ་ལོ༔ དགེ་བའི་རྩ་བ་བསྔོ་བར་བྱའོ༔ ྈྈྈྈྈྈྈྈྈྈ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཐུགས་གཏེར་གཉན་གྱི་བཀའ་འདི་སྲུངས༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་འཆར་ཁ་ནག་པོའི་ཕྲིན་ལས་ཀྱི་རིམ་པ་ལས་གསལ་བར་བྱེད་པའི་ཕྲེང་བ་ཞེས་བྱ་བ༔ བདག་འདྲ་པདྨ་ཐོད་ཕྲེང་གིས་ཕྱི་རབས་ཀྱི་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱི་དོན་དུ་སྦྱར་ཏེ༔ རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་མོའི་གཏེར་རྒྱ༔ དམ་མེད་ལ་སྦས་རྒྱ༔ སྐྱེ་བོ་ལ་གསང་རྒྱ༔ རྒྱ་གསུམ་གྱིས་བཏབ་བོ༔ ྈྈྈྈྈ རྫོགས་སོ༔ སྐྱེ་བོ་མི་ནག་ལག་ཏུ་ཤོར་ར་རེ༔ མཆོད་རྟེན་དཀར་པོའི་བུམ་པར་འོད་སྲུང་གིས་བྱིན་གྱིས་བརླབས་པའི་ཡེ་དྷརྨཱ་བྲིས་ལ་གཞུག༔ སྐུ་གཟུགས་ཀྱི་ཐ་མར༔ སརྦ་ནཱ་ག་རཱ་ཙ་ཕུ་ནན་བྲིས་ལ་རི་རབ་ཏུ་གཞུག༔ མཆོད་རྟེན་ནག་པོའི་བུམ་པར༔ ཨོཾ་པུ་ཏ་པ་ཏྲ་ཧཱུྃ་ན་མ་ཏྲེ་ཡ་ད་ཏི་ཀ་ནན༔ སརྦ་ཏ་ཐཱ་ག་ཏས་ས་ནན༔ སརྦ་བི་ཏ་པྲ་ཏི་ཧོ༔ ཧ་ཏ་བོ་བྷ་ཧོ༔ སྨ་ཏི་བཱ་ལི་ནན༔ ཨོཾ་ཨ་ས་མནྟ་ཏི་ཨ་ནན༔ ཧ་དཾ་ནི་ཏི༔ ཤ་ནི་ཧ་ར་ཧ་ར༔ སྨ་ར་སྨ་ར་ནི༔ བྷི་ག་དྷ་ར་ཧཱུྃ་ད་ཧྲ་དྷརྨ་དེ༔ ས་ར་ས་ར༔ མ་མ་པ་ལ༔ ཧ་ས་ཧ་ས༔ ཏྲ་ཡ་ཏྲ་ཡ༔ ག་ག་ན༔ ག་ག་ན༔ མ་ར་མ་ཧཱ་ན༔ ཛྭ་ལ་ཛྭ་ལ་སཱ་ག་ནི་སྭཱ་ཧཱ༔ ཞེས་ཤཱ་རིའི་བུས་བྱིན་གྱིས་བརླབས་པའི་སྔགས་བྲིས་ལ་བུམ་པར་གཞུག༔ ཕུ་གཟུགས་ཀྱི་ཐ་མར་སརྦ་རཱ་ཙ་ཏྲི་ནན་གྱིས་བསྐོར་བ་བྲིས་ལ་རི་རབ་ཏུ་གཞུག༔ མཆོད་རྟེན་དམར་པོའི་བུམ་པར༔ ན་མ་ཏྲི་ར་སརྦ་ཏ་ཐཱ་ག་ཏ་ཧ་ར་ཧཱུྃ༔ ཞེས་ཅང་ཤེས་ཀཽཎྜི་ནྱས་བྱིན་གྱིས་བརླབས་པའི་སྔགས་བུམ་པར་གཞུག༔ ཅེས་སྔགས་བསྒྲུབ་ཏུ་བལྟ་བར་བྱའོ༔ ༈ གདོང་ཟོར་ལ་བརྟེན་པའི་ཟློག་དཀྱིལ་ནི། ཆོས་འབྱུང་ཐོད་ར་རྩིབས་དྲུག་གི་ཁྱམས་ཕྱོགས་མདོག་གི་སྣམ་བུ་གྲུ་བཞིའི་ཁར་གྲུ་གསུམ་རིས་བདུན་ཚན་རེ་བྲིས་པའི་མཐར་རྡོར་རྭ་མེ་རིས་བསྐོར་བ་ཕྱིས་ཀྱི་ཕྱག་ལེན་ནོ། །གཞན་རྣམས་ནི་མི་དགོས། དེའི་སྟེང་དུ་དབུས་སུ་མཉྫིའི་ཁར་ཞལ་གཏོར། རྩིབས་དྲུག་ལ་བཤོས་བུ་ནག་པོ་གྲུ་གསུམ་དྲུག་དང་ངར་གླུད་དྲུག །ཁྱམས་ལ་བཤོས་བུ་དཀར་པོ་ནག་པོ་དམར་པོ་དམར་ནག་རྣམས་བདུན་ཚན་རེ་བཀོད་པའི་སོ་སོའི་མདུན་དུ་ངར་གླུད་བདུན་ཚན་རེ་ཡང་བཤམ་མོ། ༈ །ཨཱོ་ཌི་ཡ་ནའི་ཞལ་ནས། དགྲ་དང་བགེགས་ཀྱི་སྟེང་དུ་ཟློག །ཞེས་པ་རེ་རེའི་མཇུག་ཏུ། མདོས་བདག་ལ་སོགས་མདོས་ལོངས་ཤིག །ཅེས་པ་འདི་རྣམས་ཐོག་མཐའ་བར་གསུམ་མི་གནང་བར་རེ་རེའི་མཇུག་ཏུ་སྦྱར་བ་ཕྱག་ལེན་དངོས་ཡིན་ལ། ཐོག་མཐའ་བར་གསུམ་གནང་ན་རྗེ་རཏྣ་བི་ཛས་གནང་བའི་ཆོ་གའི་ལག་ལེན་དུ། རེ་རེའི་མཇུག་ཏུ་སྦྱར་ཞེས་པ་དེ་རྣམས་ལ་གུར་གུམ་དང་རྒྱ་སྐྱེགས་ཀྱི་ན་བཟའ་གསོལ་བ་ལས་འོས་ཅི་མཆིས་ཞེས་བཀའ་སྤྱི་བོར་ཕེབས་པ་ལགས།། །།

འགུགས་པ་རྟ་རྨིག་མ་ (Volume 34, Text 16)

འགུགས་པ་རྟ་རྨིག་མ་སྤྲོ་ན། བདག་ལྕེ་རྡོ་རྗེ་རྩེ་དགུའི་ལྟེ་བ་ཡི། །ཧཱུྃ་ལས་འོད་འཕྲོས་རྭ་རྩེ་དགུ་ལ་ཕོག །དེ་ལས་ཛཿའཕྲོས་རྟ་རྨིག་འཁོར་ལོ་བསྐུལ། །འཁོར་ལོའི་རྩིབས་བརྒྱད་རང་གི་ལྕེ་རྩེ་ལས། །སྤྲོས་པའི་ཛཿལས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་ཐོགས་རང་འདྲའི་ཁྲོ་བོའི་ཚོགས། །གྲངས་མེད་བཀའ་ཉན་དྲེགས་པ་སྡེ་བརྒྱད་དམག །སྣ་ཚོགས་མཚོན་འཛིན་སྟོང་ཁམས་ཁྱབ་རྣམས་ཀྱིས། །ལྕགས་ཀྱུས་དགྲ་བགེགས་དམིགས་བྱའི་སྙིང་ནས་བཏབ། །ཞགས་པས་མགྲིན་བཅིངས་མཚོན་ཆས་རྒྱབ་ནས་རྡེག །སྐད་ཅིག་ཉིད་ལ་དྲག་པོའི་འབྲུབ་ཁུང་ནང་། །ལིངྒར་སིབ་ཐིམ་དགྲ་བོ་དངོས་སུ་བསམ། །ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ དེ་བཞིན་དུ་ས་ག་པཱ་ཤ་ནན་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ ནཱ་ག་དུ་དུ་ནན་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ མ་མཾ་མ་མཾ་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ ཙིར་ཙར་ཙིར་ཙར་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ ཧོ་ར་ཧོ་ར་ཛཿ སརྦ་ནྲྀ་ཏྲི་དགྲ་བགེགས་ཆེ་གེ་ཨཾ་ཀུ་ཤ་ཛཿ ཞེས་སྡེ་བརྒྱད་སོ་སོར་སྦྱར་བའི་མཐར། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ་གྱི་མཇུག་ཏུ། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་ཏྲི་ཛཿ ཆེ་གེ་མོ་ཨཾངྐུ་ཤ་ཛཿ ཞེས་པའི་སྔགས་ཅི་འགྲུབ་བཟླས་ཤིང་འགུགས་བསྟིམ་ཡང་ཡང་བྱའོ།། །།

དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་བསྡུས་པ་ (Volume 41, Text 16)

༄༅། །དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་བསྡུས་པ་བཞུགས་སོ། ། ཨོཾ་སིདྡྷི་རསྟུ། བླ་མ་མཆོག་དང་དབྱེར་མེད་ཡི་དམ་ལྷ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་བཙལ་ནས། །དེ་མཉེས་བྱེད་པའི་གཏོར་མའི་ལས་རིམ་དག །དང་པོའི་ལས་ཅན་དོན་དུ་ཉུང་ངུར་བྲི། །འདིར་དམ་ཅན་སྤྱིའི་གཏོར་མའི་ཕྲིན་ལས་ལ་འཇུག་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་སྐུ་རྟེན་སྤྱན་གཟིགས་སོགས་མཛེས་པར་བསྟར་ཞིང་། གཏོར་སྣོད་གསུམ་གྱི་ནང་དུ་བླ་མ་ཡི་དམ་དབྱེར་མེད། ནག་པོ་ཆེན་པོ་ཡེ་ཤེས་དམ་ཅན་སྤྱི། གཏེར་སྲུང་གཞི་བདག་དང་བཅས་པའི་གཏོར་མ་རྒྱན་ལྡན། སྨན་རཀ་ཉེར་སྤྱོད་དང་བཅས་པ་བཤམ། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཐོད་རྔ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར། རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ལག་གཡོན་གདེངས་ཨོཾ་གྱིས་སྦྱང་། གཡས་གདེངས་ཨཱཿས་སྤེལ། སྙིམ་པ་བཀན་ཏེ་ཧཱུྃ་གིས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བྱས། མཁའ་ལྡིང་གི་རྒྱ་དང་ཧོཿས་ཟག་མེད་ཀྱི་བདུད་རྩིར་བལྟས་ལ་བྱིན་གྱིས་བརླབ། དེ་ནས་མགྲོན་བསྡུ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད། རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། ཆོས་དབྱིངས་མཁའ་ལྟར་དག་པའི་དབྱིངས། །མི་གཡོ་འོག་མིན་ཉམས་དགའི་གནས། །རྡོ་རྗེ་གདན་དང་ནཱ་ལེནྡྲ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །དཔལ་ལྡན་མགོན་པོ་ལྕམ་དྲལ་ནི། །བཀའ་སྡོད་དམ་ཅན་རྒྱ་མཚོར་བཅས། །བདག་གིས་དད་པས་སྤྱན་འདྲེན་ན། །སྔོན་གྱི་ཞལ་བཞེས་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་མཛད་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས། །འདིར་ནི་དགྱེས་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། ཅེས་བཞུགས་སུ་གསོལ། སྲུང་མ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྗགས་ལ་བྱིན་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱཱ། ཤབྡ། ཞེས་མཆོད། མ་ཧཱ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་སྨན་རཀ་སྟོབ། གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ་རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོཾ་གུ་རུ་མཎྜ་ལ་དེ་ཝ་ག་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿ ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ ཨོཾ་མ་ཧཱ་དེ་ཝ་ཛ་ཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཛཿ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་སྙིང་པོ་ཀུན་གྱི་མཐར། ས་པ་རི་ཝཱ་ར་མན་ཆད་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུས་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། དཔལ་མགོན་མ་ནིང་ནག་པོ། མཐུ་ཆེན་དྲག་པོ་ཞལ་བཞི། མ་མོ་སྔགས་ཀྱི་སྲུང་མ། ལྷ་ཆེན་དབང་ཕྱུག་ཆེན་པོ། ཁྱབ་འཇུག་དུག་གི་སྤུ་གྲི །རྒྱལ་ཆེན་རྣམ་མང་ཐོས་སྲས། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལས་གཤིན་འཆི་བདག་ནག་པོ། དམ་ཅན་རྡོ་རྗེ་ལེགས་པ། བཙན་རྒོད་འབར་བ་སྤུན་བདུན་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ། འཇིགས་བྱེད་ཁྲག་འཐུང་དཔལ་ལྡན་ནག་པོ་ཆེ། །བདུད་དཔུང་མཐར་བྱེད་དུར་ཁྲོད་སྒྲོལ་བའི་གིང་། །སྒྲུབ་པོའི་རེ་སྐོང་ལེགས་ལྡན་ཚོགས་ཀྱི་བདག །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང་། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དངོས་གྲུབ་མཆོག་སྩོལ་ཡོན་ཏན་རྫོགས་པའི་ལྷ། །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་མི་བཟད་སྡེ་བརྒྱད་དྲེགས་པའི་གཙོ། །དྲག་ཤུལ་ཕྲིན་ལས་ཀུན་སྒྲུབ་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་དགུའི་ཆར་འབེབ་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོས་པོ་ལ་བསྟོད། །མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུངས་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །མྱུར་མགྱོགས་མཐུ་རྩལ་ཐོགས་མེད་ཕྲིན་ལས་ཀྱིས། །གདུག་ཅན་དགྲ་དང་བདུད་བགེགས་ཕམ་མཛད་པ། །གཤིན་རྗེ་གཤེད་པོའི་བཀའ་ཉན་དམ་ཚིག་ཅན། །བཻ་བྷ་ས་ཏ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྟེ། །འཇིག་རྟེན་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་སློབ་དཔོན་པདྨ་སཾ་བྷ་ཝའི། །བཀའ་ཉན་དམ་ཚིག་རྗེས་དགོངས་གཏེར་གྱི་བདག །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་ཀྱིས། །དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། །ཅེས་བསྟོད་ཅིང་། ༈ གཏེར་བདག་སྤྱིའི་གཏོར་འབུལ་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་བཅས་སྤྱན་དྲང་པར་བསམ་ཞིང་། ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་རྣམས་འབུལ། ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ། དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱི་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་བསྲུང་བར་དམ་མནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། གཞི་བདག་སྤྱི་གཏོར་ནི། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཕྱི་ནང་གིས་མཆོད། གཞི་བདག་གཉུག་མར་གནས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་གོང་བཞིན་དང་། གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བརྗོད། ༈ དེ་ནས་འབུལ་གཏོར་ལ་དམིགས་བྱ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤཱ་ས་ནའི་མཐར་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བསྟིམ། ཨཱོཾ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ས་པ་རི་ཝཱ་ར་སོགས་ལན་གསུམ་གྱིས་ཕུལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུངས་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་སྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ། ཡང་ན་འབྲུ་གསུམ་གྱི་བྱིན་རླབས་དང་སྔགས་མཆོད་སྔོན་དུ་འགྲོ་བས། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གཏོར་མ་གཙང་སར་ཕུལ་ནའང་རུང་ངོ་། །གཏང་རག་དོན་དུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་མཆོད་ཅིང་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་འཆགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་དམ་ཡེ་གཉིས་ཀ་བསྟིམ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་གྱིས་རང་གནས་སུ་བཏང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་སྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་བརྗོད་པར་བྱའོ། །དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་བསྡུས་པ་འདི་ནི་རྒྱུན་གྱི་ཉམས་ལེན་ལ་འཇུག་པ་བདེ་བའི་ཕྱིར་རིག་འཛིན་འགྱུར་མེད་རྡོ་རྗེས་ལྷ་ལྡན་གྲུ་འཛིན་གྱི་རི་བོར་སྦྱར་བའོ། །སརྦ་མངྒ་ལཾ།། །།

རིག་འཛིན་ཐུགས་ཐིག་གི་ལས་བཞིའི་ཤམ་བུ་ (Volume 9, Text 16)

རིག་འཛིན་ཐུགས་ཐིག་གི་ལས་བཞིའི་ཤམ་བུ་ནི། རིག་འཛིན་ལས་བྱང་གི་ལས་སྦྱོར་གྱི་བཟླས་པའི་སྐབས་སུ་ཤེས་པར་བྱ་བ་ནི་འདིའི་ལས་ཚོགས་འདོད་དགུའི་བང་མཛོད་ལས་འབྱུང་བ་བཞིན་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་གདོན་བགེགས་དང་བར་ཆད་རྐྱེན། །སྡིག་སྒྲིབ་ཉེས་ལྟུང་འཇིགས་བརྒྱད་ཚོགས། །ཕྱི་ནང་མི་མཐུན་འགལ་རྐྱེན་རྣམས། །ཐམས་ཅད་མ་ལུས་ཞི་གྱུར་ཅིག །ཨོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་རཏྣ་གུ་རུ་སརྦ་སིདྡྷི་ཧཱུྃ། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས། །མངའ་ཐང་སྙན་གྲགས་ལུང་རྟོགས་ཆོས། །སྲིད་ཞིའི་ལེགས་ཚོགས་ཡོན་ཏན་ཀུན། །རབ་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག །ཨོཾ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་སརྦ་སིདྡྷི་ཧཱུྃ། ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱལ་བློན་རྗེ་འབངས་ཡུལ་འཁོར་སོགས། ཁམས་གསུམ་གནས་པའི་འགྲོ་ཀུན་དང་། །མཐུ་སྟོབས་ཕུན་སུམ་ཚོགས་པའི་དཔལ། །ཐམས་ཅད་བདག་གིས་དབང་གྱུར་ཅིག །ཨོཾ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ། མཱ་ར་ཡ་རྦད། གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །བསམ་པ་ངན་དང་སྦྱོར་བ་རྩུབ། །བདུད་དང་བདུད་ཀྱི་ཕྱོགས་རྣམས་ཀུན། །ཐམས་ཅད་མ་ལུས་འཇོམས་གྱུར་ཅིག །ཨོཾ་མཱ་ར་ཡ་རྦད། ཅེས་ལས་བཞི་ཀའམ་བསྒྲུབ་བྱ་གང་ཡིན་དེ་གཙོ་བོར་བཟླ་ཞིང་དམིགས་པའི་ཁ་བསྒྱུར་ནི་ཞལ་ལས་ཤེས་པར་བྱའོ།། །།

བདུད་གཟའ་ཁ་འབར་རལ་གཅིག་གི་བསྙེན་སྒྲུབ་ལས་གསུམ་གྱི་གྱེར་སྒོམ་གནམ་ལྕགས་སྤུ་གྲི་ (Volume 53, Text 16)

༄༅། །བདུད་གཟའ་ཁ་འབར་རལ་གཅིག་གི་བསྙེན་སྒྲུབ་ལས་གསུམ་གྱི་གྱེར་སྒོམ་གནམ་ལྕགས་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཙཎྜཱ་ཡ། སྟོང་ཉིད་དབྱིངས་ལས་རབ་འབར་རྡོ་རྗེའི་ཐོག །མ་རུངས་འཇོམས་མཛད་ཀུན་ཏུ་འབེབ་པའི་སྟོབས། །རང་བཞིན་ཤུགས་ལྡན་གསང་བདག་ཐོད་ཕྲེང་རྩལ། །སྤྱི་བོར་བསྙེན་ལ་ནུས་པའི་དབང་མཆོག་སྩོལ། །མངོན་སྤྱོད་ལས་ཀྱི་སྦྱོར་བ་ལ། །རྣོ་མྱུར་ཐོག་འདྲའི་རྩལ་སྟོབས་ཅན། །གཟའ་བདུད་མོན་པ་ཀེ་ཏ་ཡི། །བསྙེན་སྒྲུབ་ཕྲིན་ལས་བཀླག་ཆོག་བསྡེབ། །འདི་ལ་གསུམ། དང་པོ་རྫས་དང་གཏོར་མ་ལ་བརྟེན་ཏེ་བསྙེན་པ་སྐྱེལ་བ། གཉིས་པ་འཁོར་ལོ་དང་ལིངྒ་ལ་བརྟེན་ཏེ་སྒྲུབ་པ་བྱ་བ། གསུམ་པ་རྫ་སྦལ་ལ་བརྟེན་ཏེ་ལས་ལ་སྦྱར་བའོ། །དང་པོ་ནི། རྫས་དང་བཅའ་གཞི་གཞུང་ལྟར་གྲུབ་ནས། བརྒྱུད་པའི་གསོལ་འདེབས་ནི། ཡེ་ཤེས་མཁའ་འགྲོ་ཆེན་མོ་ཉི་མའི་སྤྱན། །བྲམ་ཟེ་སྦུ་གུ་པདྨ་ཐོད་ཕྲེང་རྩལ། །སྟག་སྡེའི་བོན་སྟོན་གུ་རུ་ཧཱུྃ་འབར་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་ལས་འགྲུབ་ཤོག །སྟག་སྡེ་གྲགས་རྒྱལ་ལྷ་བཙུན་བྱང་ཆུབ་དང་། །ཀློག་སྟོན་དཔའ་དར་ཁུ་ལུང་ཇོ་བདུད་ཞབས། །ལྷ་མགོན་ཞང་སྟོན་གངས་པ་ཤཱཀ་འབུམ་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་ལས་འགྲུབ་ཤོག །གནུབས་སྟོན་ཡེ་རྒྱམ་ཕྱི་མ་གླན་འཇམ་སེང་། །ཀུན་དགའ་བཀྲ་ཤིས་རྒྱལ་སྲས་ཆོས་རྗེ་དང་། །ལེགས་པ་དཔལ་དང་རིན་ཆེན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་ལས་འགྲུབ་ཤོག །བདུད་འཇོམས་རྡོ་རྗེ་བྱང་བདག་ཡབ་སྲས་དང་། །ཡོལ་མོ་སྔགས་འཆང་བསྟན་འཛིན་ནོར་བུ་བཟང་། །ཆོས་དབྱིངས་རང་གྲོལ་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་ལས་འགྲུབ་ཤོག །སྙན་བརྒྱུད་གསང་འཛིན་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་ལས་འགྲུབ་ཤོག །བརྒྱུད་ལྡན་བླ་མའི་ཕྱག་བཞེས་མན་ངག་གནད། །དམར་ཁྲིད་ཞལ་གྱི་བདུད་རྩི་ལས་འོངས་པའི། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་འཕྲུལ་འཁོར་ལ། །བརྟེན་ནས་ཞིང་བཅུའི་དགྲ་སྲོག་གཅོད་པར་ཤོག །རང་གཞན་ཉོན་མོངས་འཕྲུལ་པའི་དྲྭ་བ་རྣམས། །རང་རིག་ཡེ་ཤེས་རྡོ་རྗེའི་མཚོན་རྣོན་པོས། །བཅད་ནས་འཁོར་འདས་གཉིས་མེད་ཧེ་རུ་ཀའི། །གོ་འཕང་ད་ལྟ་ཉིད་དུ་ཐོབ་པར་ཤོག །དེ་ནས་བདག་བསྐྱེད་གཤིན་རྗེའི་གཤེད་དམ་གསང་བདག་ལྟ་བུའི་སྒོམ་བཟླས་བྱས་ལ། འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། སླར་ཡང་། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས། ཧཱུྃ། སྣང་སྲིད་ཆོས་ཀུན་སྟོང་ཉིད་བདག་མེད་དབྱིངས། །མ་རྟོགས་འགྲོ་ལ་ཀུན་ཁྱབ་སྙིང་རྗེ་བརྡལ། །ཟུང་འཇུག་རང་རིག་ཡི་གེ་ཧཱུྃ་དུ་ཤར། །དེ་ལས་འགག་མེད་རང་མདངས་མཁའ་ཁྱབ་ཏུ། །འཕྲོས་པས་འགྲོ་ཀུན་བྱང་ཆུབ་སྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་རྣམས། །མོན་པ་ནག་པོའི་བསྙེན་སྒྲུབ་ལས་སྦྱོར་གྱིས། །ཚར་བཅད་བྱང་ཆུབ་ལམ་ལ་འགོད་པར་བྱ། །སྐད་ཅིག་ཧཱུྃ་ལས་རང་དང་མདུན་གྱི་རྟེན། །མོན་པ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ལྕགས་ཀྱུས་གང་དམིགས་དགྲ་བོ་ནི། །འགོ་བའི་ལྷ་ལྔ་རྒྱབ་རྟེན་དཔུང་བཅས་ཀྱི། །ལུས་ངག་ཡིད་གསུམ་བླ་ཚེ་སྲོག་དབུགས་བཅས། །དབང་མེད་བཀུག་ནས་དམིགས་པའི་རྟེན་ལ་སྟིམ། །གཡོན་པ་འཆིང་བྱེད་ཞགས་པ་ནག་པོ་ཡིས། །དགྲ་བོའི་དབང་པོ་ཡན་ལག་ཚེ་བསོད་རྣམས། །དབང་མེད་བཅིངས་ནས་བྲུབ་ཁུང་ནང་དུ་སྐྱུར། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ། །གཅེར་བུ་སྤྱན་མིག་སྟོང་གིས་ཁྱབ་པའི་ལུས། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་སྟེང་དུ་བསྒྲད། །རལ་པ་དམར་ནག་ས་གཞི་ཁྱབ་པར་ཁེབས། ཁྲག་འཛག་མི་མགོའི་དོ་ཤལ་རྒྱན་དུ་བྱས། །ཡུམ་ཆེན་མོན་མོ་ཁྲོས་མ་འཇིགས་ཆེན་མོ། །སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྲིན་མོའི་ཚུལ། །གཡས་གཡོན་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །རྒྱན་དང་ཆ་བྱད་རྫོགས་དང་གཉིས་མེད་འཁྲིལ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་ཡིས། །རབ་འཇིགས་དུར་ཁྲོད་ཕུང་ལུང་ནག་པོ་ནས། །མོན་པ་ཡབ་ཡུམ་ལས་མཁན་གསུམ་དང་བཅས། །དབང་མེད་བཀུག་ནས་བདག་དང་རྟེན་ལ་བསྟིམས།  །རྟེན་གྱི་འོག་གཞི་ཀྵ་ཡིག་ནག་པོ་ལས། །བྲུབ་ཁུང་ཁམས་གསུམ་འཁོར་བའི་བཙོན་ཁང་ནི། །ནང་དུ་འདོད་ཆགས་ཁྲག་གི་རྦ་ཀློང་འཁྲུགས། །ཕྱི་ནག་མུན་རུབ་གཏི་མུག་མུན་པ་གཏིབས། །ངོས་ལ་ཞེ་སྡང་མེ་འབར་མཐིལ་དང་ལོགས། །སྟག་སོ་གཟེང་འདྲ་མཚོན་ཆ་བུ་ཡུག་འཚུབས། ཁ་དོག་མཐིལ་ཡངས་ཐར་མེད་ལས་ཀྱི་གནས། །དེ་དབུས་ནྲྀ་ཡིག་ཡོངས་གྱུར་དགྲ་བོ་ནི། །ལུས་རིད་ཉམ་ཐག་ཡན་ལག་སྒྲོག་ཏུ་བཅུག །སྐྱོབ་པའི་ལྷ་སྲུང་དང་བྲལ་འདར་ཕྲིལ་ལེ། །གནས་པའི་ཁ་ཁྱེར་སྤྲུལ་པའི་ཕོ་ཉ་རྣམས། །འགུགས་འཆིང་སྡོམ་མྱོས་ལས་བྱེད་དུ་མས་གང་། །འོག་བཞིན་དགུག་གཞུག་ཅི་མང་བྱས། །སླར་ཡང་དགྲ་བོའི་སྟེང་དུ་ཡཾ་སྔོ་སྐྱ། །ཡོངས་གྱུར་འཐོར་བྱེད་རླུང་ནག་རྒྱ་གྲམ་གཏམས། །དེ་སྟེང་བཾ་ལས་མཐིང་ནག་རྒྱ་མཚོ་ནི། །ཕྱོགས་བཞིར་གཡོ་བའི་རྦ་རླབས་རབ་ཏུ་འཁྲུགས། །དེ་སྟེང་ལཾ་ལས་ས་གཞི་གྲུ་བཞིར་བརྡལ། །ཀིཾ་ལས་ཀེང་རུས་རི་རབ་སྔོ་སྐྱའི་སྟེང་། །གཏོར་མ་བྷྲཱུྃ་ཡིག་སྨུག་ནག་ལས་བྱུང་བའི། །གྲུ་གསུམ་མཐིང་ནག་ཐོད་སྐམ་ཕྲེང་བ་དང་། །འཁོར་ལོ་རྩིབས་བརྒྱད་ཐོད་རློན་ཕྲེང་བས་བསྐོར། །དབུས་སུ་གཟའ་བདུད་མོན་པ་ཡབ་ཡུམ་ལ། །ཕྱི་རིམ་ཟླ་གམ་གསུམ་ལ་ལས་མཁན་གསུམ། །རྩིབས་ལ་སྡེ་བརྒྱད་ཚོགས་རྣམས་རང་བཞིན་གནས། །གཟའ་བདུད་ཡབ་ཡུམ་སྐུ་ལས་སྤྲུལ་པ་དང་། །ཡང་སྤྲུལ་ཉིང་སྤྲུལ་ཉི་ཟེར་རྡུལ་བཞིན་འཁྲིགས། །ཡབ་ཡུམ་ཐུགས་ཀར་ས་བོན་ཏྲི་དང་ནྲྀ། །ལས་མཁན་གསུམ་གྱི་ཐུགས་ཀར་ཛཿཡིག་རྣམས། །གསལ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། །ཕོ་ཉ་ཡང་སྤྲུལ་བུ་ཡུག་འཚུབས་པ་ལྟར། །སྤྲོས་པས་དགྲ་བོ་སྐྱོབ་བྱེད་ལྷ་དང་བཅས། །སྲིད་རྩེ་མནར་མེད་དམྱལ་ཁམས་ཉི་ཟླའི་བར། །ཆོས་བོན་སྲུང་མའི་སྐྱབས་འོག་ལ་སོགས་པ། །སྲིད་པ་གསུམ་གྱི་ས་ཁོངས་གར་གནས་ཀྱང་། །འགུགས་བྱེད་ལྕགས་ཀྱུས་སྙིང་ཕུག་ནྲྀཿམིག་ནས། །བཟུང་ཞིང་ཞགས་པས་སྐེ་བཅིངས་སྒྲོག་གིས་བསྡམས། །རྒྱོབ་སོད་སྒྲ་ཡིས་སེམས་མྱོས་དབང་མེད་དུ། །ལས་རླུང་དམར་པོའི་རྟར་བསྐྱོན་སྔ་ཕྱི་ཀུན། །སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པས། ཁང་རུལ་སྒྱོགས་དང་བ་མོས་མེ་ཏོག་བཞིན། །བཅོམ་ནས་རྣམ་ཤེས་སྐྱོབ་པའི་ལྷ་སྲུང་བཅས། །སྦུར་བ་བལ་གྱིས་བཏུམས་པ་ཇི་བཞིན་དུ། །འཁྲིད་ནས་བྲུབ་ཁུང་ནང་གི་ལིང་གར་བསྟིམས། །བདེན་པའི་སྟོབས་བརྗོད་དམིགས་གནད་ཡང་ཡང་གསལ། ཨོཾ་ཏྲིང་ཏྲིང་ཧཱ་སྭཱ་ཧཱ་ཧཱ༔ བྷནྡྷ་ཡ་བྷུ་ཧུད་སད་ཏ་ཧྲིང༔ མྱགས་མྱགས༔ མུགས་སོད༔ མུགས་ཐིབས༔ ཧེད་བྱེར་སོད༔ རཀྨོ་ཤམ་ཤམ༔ བྱེར་མུགས་ཐིབས་སོད༔ དགྲ་བོ་བསམ་པ་ངན་པ་བྱེད་པ་འདི་ཞེས་བྱ་བ་དཔོན་གཡོག་ཐིབས་སོད༔ མུགས་བྱེར་ཉིག་རིལ༔ ཟློག་སོད་ཛཿཛ༔ དེ་ལྟར་ཐུན་བཞིའི་རིམ་པས་རྟགས་མཐོང་གི་བར་དུ་བཟླ་འོ། །རྟ་ནག་ཞོན་དང་ཨ་ཙར་མོན༔ མི་ནག་ཞུབ་ཅན་མཐའ་མི་དང༔ སྒྲ་འོད་ཐུག་ཆོམ་ཁང་པ་ཚེག༔ བཙུན་པ་མི་ཤར་ཕོ་མོ་འབྱུང༔ དེ་ནི་བསྙེན་པའི་ལྟས་སུ་རིག༔ ཞེས་པ་ལྟར་གདིང་ཁེལ་ནས་བརྡའ་གཏོར་འབུལ་བ་སོགས་ཞལ་ལས་ཤེས། ༈ གཉིས་པ་འཁོར་ལིང་ལ་བརྟེན་ནས་སྒྲུབ་པ་བྱ་བ་ནི། རྫས་དང་བཅའ་གཞི་གཞུང་ལྟར་ལ། སྒོམ་རིམ་ནི། དབང་མེད་བཀུག་ནས་བདག་དང་རྟེན་ལ་བསྟིམས། །ཞེས་པའི་མཚམས་སུ་ཐུན་གཏོར་བཤམས། རྟེན་གཏོར་ལ་སྨན་རཀ་བྲན་ནས། ང་རྒྱལ་དྲག་པོས་འདི་ལྟར་བསྐུལ་ལོ། །ཧཱུྃ༔ དུག་ལྔ་ལས་ལས་གྲུབ་པའི་མཐུ་རྩལ་ཅན༔ གཟའ་བདུད་ནག་པོ་ཆེན་པོ་མཐུ་བོ་ཆེ༔ ཕ་ནི་གནམ་གྱི་བདུད་པོ་ཐོད་ཕྲེང་ཡིན༔ མ་ནི་རྒྱ་མཚོའི་ཀླུ་མོ་པུས་འགྲོ་མ༔ འདོད་ཆགས་གདུང་བས་ཤིང་ཁར་འཚོགས་པའི་བུ༔ གདུག་པའི་སྒོ་ང་གསུམ་དུ་བྱུང༔ དུང་སྒོང་ནང་ནས་བྱ་ཁྱུང་བྱུང༔ མཆོང་སྒོང་ནང་ནས་ཁྱབ་འཇུག་བྱུང༔ ལྕགས་སྒོང་ནང་ནས་བདུད་གཟའ་བྱུང༔ མུན་པ་ནག་པོའི་ཀློང་ན་བཞུགས༔ སྐྱེ་འགྲོ་ཡོངས་ལ་དབང་སྒྱུར་བ༔ ཉི་ཟླ་གཉིས་ཀྱི་ཁ་ལོ་སྒྱུར༔ ལྷ་སྲིན་ཡོངས་ལ་དབང་སྒྱུར་བ༔ སྡེ་བརྒྱད་མ་ལུས་བྲན་དུ་ཁོལ༔ འཇིག་རྟེན་གསུམ་ལ་དབང་སྒྱུར་བ༔ སྲིད་པ་གསུམ་གྱི་བདག་པོ་མཛད༔ སྐུ་ལུས་མཐིང་ནག་གཅེར་བུ་ལ༔ རལ་པས་ཁམས་གསུམ་ཟིལ་གྱིས་གནོན༔ མི་མགོའི་དོ་ཤལ་ལུས་ལ་བརྒྱན༔ སྐྱེ་འགྲོ་དབང་དུ་སྡུད་པའི་རྟགས༔ ལུས་ལ་བལྟ་བའི་མིག་གིས་ཁེངས༔ ཁམས་གསུམ་ཀུན་ཀྱང་ས་ལེར་གཟིགས༔ སྲིད་གསུམ་ཀུན་ཀྱང་ཟིལ་གྱིས་གནོན༔ མི་རོ་རློན་པའི་སྟེང་ན་བཞུགས༔ དགྲ་བོ་དམྱལ་ཐག་གཅོད་པའི་རྟགས༔ ཞལ་གདངས་གདུག་པ་མ་ལུས་འབྲུབ༔ གཡས་པ་ལྕགས་ཀྱུས་དགྲ་སྙིང་འབྱིན༔ གཡོན་པ་ཞགས་པས་ལོག་འདྲེན་འཁྱིག༔ ཞེ་སྡང་ཡི་གེ་ཧཱུྃ་ལས་སྐྱེས༔ དུག་ལྔ་རྒྱས་པའི་མཐུ་རྩལ་ཅན༔ གཟའ་བདུད་བུ་ལ་མོན་པའི་ལུས༔ ལྷ་མཆོག་ཁྱོད་ལ་བདག་བསྟོད་ན༔  བདག་ལ་གནོད་པའི་དགྲ་བགེགས་ཀྱི༔ སྙིང་ཐོན་ངག་ཆིངས་བསམ་ངན་སྒྱུར༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ཉམས་དགྲ་བོ་འདི་རྣམས་ཀྱི༔ གྲོས་དཔུང་ཤིགས་ལ་འདུན་དཔུང་གཏོར༔ འདུན་དཔུང་ཤིགས་ལ་བསམ་ངན་སྒྱུར༔ ཕུང་བར་གྱིས་ཤིག་ནམ་མཐར་སྐྱོལ༔ རེངས་སུ་ཆུགས་ཤིག་ལྐུགས་པར་གྱིས༔ དམ་ཉམས་མྱོས་ཤིང་ཧལ་དུ་ཆུགས༔ དམ་ཉམས་སྲོག་དབུགས་མཆོད་པར་བཞེས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ ཀེ་ཏ་ཀེ་ཏ་ཏྲི་བྷྱོ༔ ཆེ་གེ་མོའི་བླ་སྲོག་རྣམ་ཤེས་ལ་མཱ་ར་ཡ་བྷྱོ༔ བྷྱོ༔ གཟའ་མཆོག་མོན་པའི་ཡུམ་གཅིག་མ༔ མོན་མོ་ཁྲོས་མ་འཇིགས་ཆེན་མོ༔ སྐུ་མདོག་སྔོ་སྐྱ་སྲིན་མོའི་ཚུལ༔ རལ་པ་ཁམ་ནག་འཁྲུགས་པ་ཡིས༔ ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན༔ མི་མགོའི་ཕྲེང་བས་ལུས་ལ་བརྒྱན༔ དགྲ་བོ་དབང་དུ་སྡུད་པའི་རྟགས༔ མོན་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ དམ་ཉམས་སྒྲོལ་མཛད་ཡབ་ལ་འཁྱུད༔ གཡོན་གྱི་ཕྱག་ན་ཐོད་ཁྲག་བསྣམས༔ སྙིང་ཁྲག་ཟ་ཞིང་ཡབ་ལ་སྟོབ༔ ཟས་སུ་དགྲ་བོའི་ཤ་ལ་ཟ༔ སྐོམ་དུ་དམ་ཉམས་སྙིང་ཁྲག་འཐུང༔ ཤ་ཁྲག་ཡང་ཕུད་གཙོ་ལ་སྟོབ༔ འཁོར་དུ་གཟའ་བདུད་ཕོ་མོས་བསྐོར༔ སྡེ་བརྒྱད་མ་ལུས་བྲན་དུ་ཁོལ༔ ཕོ་ཉ་འབུམ་ཕྲག་བསམ་མི་ཁྱབ༔ ལྷ་སྲིན་མ་ལུས་ཕོ་ཉར་འགྱེད༔ ལྷ་མཆོག་ཁྱེད་ལ་བདག་བསྟོད་དོ༔ བདག་ལ་གནོད་པའི་དགྲ་བགེགས་ཀྱི༔ ཞེས་པའི་ཚིག་རྐང་བཅུ་གཉིས་གོང་མ་དང་འགྲེ་འོ། །ནྲྀ་བྷྱོཿརཀྨོ་རཀྨོ་ཤམ་ཤམ་ནྲྀ་བྷྱོ༔ ཆེ་གེ་མོའི་བླ་སྲོག་རྣམ་ཤེས་ལ་མཱ་ར་ཡ་བྷྱོ༔ བྷྱོ༔ འཁོར་གྱི་ལས་བྱེད་ཕོ་ཉ་ནི༔ མི་ཡི་ལུས་པོ་ཆེན་པོ་ལ༔ ཅེ་སྤྱང་འཇིགས་པའི་མགོ་བོ་ཅན༔ ཕྱག་གཡས་འགུགས་བྱེད་ལྕགས་ཀྱུ་ཐོགས༔ ཕྱག་གཡོན་སྦྲུལ་ཞགས་འགུགས་ཤིང་འཆིང༔ ཉམས་པའི་དགྲ་བགེགས་ཁུག་ལ་ཤོག༔ འགུགས་བྱེད་ཆེན་པོ་དགྲ་ལ་བྷྱོ༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ༔ འགུགས་བྱེད་འཁོར་བཅས་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ འཁོར་གྱི་ལས་བྱེད་ཕོ་ཉ་ནི༔ མོན་པ་ཁྲོས་པ་འཇིགས་ཆེན་པོ༔ མི་ཡི་ལུས་ལ་བྱ་ཁྱུང་གཤོག༔ འཕར་བའི་མགོ་ཅན་འཇིགས་པའི་གཟུགས༔ ཕྱག་གཡས་ཞགས་པ་ནག་པོ་བསྣམས༔ དགྲ་བོ་འཆིང་ཞིང་བྱད་དུ་འཇུག༔ གཡོན་པས་སྦྲུལ་ནག་ཞགས་པ་ཡིས༔ དམ་ཉམས་དགྲ་བོ་འགུགས་ཤིང་འཆིང༔ གཏོང་བ་མེད་པར་དམ་དུ་སྡོམས༔ འཆིང་བྱེད་ཆེན་པོ་དགྲ་ལ་བྷྱོ༔ བསམ་ངན་སྒྱུར་ལ་ངག་རྣམས་ཆིངས༔ འཆིང་བྱེད་འཁོར་བཅས་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ འཁོར་གྱི་ལས་བྱེད་ཕོ་ཉ་བ༔ སེང་ཆེན་ལུས་ལ་སྟག་གི་མགོ༔ ཕྱག་གཡས་གསོད་པའི་མཚོན་ཆ་བསྣམས༔ གཡོན་པས་དགྲ་བོའི་ཙིཏྟ་འཛིན༔ ལས་སུ་དམ་ཉམས་སྲོག་རྩ་གཅོད༔ མོན་པ་སྲོག་ཟན་དགྲ་ལ་བྷྱོ༔ ཟས་སུ་དགྲ་བོའི་ཤ་ལ་ཟ༔ སྐོམ་དུ་ཉམས་པའི་ཁྲག་ལ་འཐུང༔ ཤ་ཟོ་ཁྲག་ཐུངས་སྲོག་རྩ་ཆོད༔ དམ་ཉམས་དགྲ་བོ་སླར་ལ་སྒྲོལ༔ ཁྱོད་ཀྱི་འཁོར་བཅས་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ གཟའ་མཆོག་མོན་པའི་ཕོ་ཉ་གདུག་པ་ཅན༔ ཡི་གེ་ཛཿཡིས་ཐུགས་དམ་བསྐུལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དམ་ཉམས་ངག་ཆིངས་བསམ་ངན་སྒྱུར༔ འདུན་གྲོས་ཤིགས་ལ་སྲོག་རྩ་ཆོད༔ བསམ་སྦྱོར་ངན་པ་སླར་ལ་ཟློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ སུ་རག་པྲེ་ཤ་པ་ལ་ཡ་བྷྱོ༔ ཆེ་གེ་མོའི་བླ་སྲོག་རྣམ་ཤེས་ལ་མཱ་ར་ཡ་བྷྱོ༔ གསེར་སྐྱེམས་བྱིན་གྱིས་བརླབས་ལ། ཧཱུྃ། བརྒྱུད་གསུམ་རྩ་བརྒྱུད་བླ་མ་དམ་པ་དང་། །བརྒྱུད་དྲུག་ཐེག་དགུའི་ཡི་དམ་ལྷ་ཡི་ཚོགས། །ཕྱི་ནང་བསྟན་སྲུང་དམ་ཅན་རྒྱ་མཚོ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །བདུད་གཟའ་ཁ་འབར་རལ་གཅིག་ཡབ་ཡུམ་དང་། །ལས་མཁན་ཕོ་ཉ་རྣམ་གསུམ་སྤྲུལ་པ་བརྒྱད། །གཟའ་གདོང་སྡེ་བརྒྱད་སྤྲུལ་པའི་དམག་ཚོགས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །དབང་ལྷ་སུམ་བརྒྱ་དྲུག་ཅུ་འགོ་བའི་ལྷ། །གཟའ་སྐར་ཞག་དུས་ཚེས་གྲངས་དུས་ཚོད་ལྷ། །ཡུལ་གཞིས་མཁར་ལྷ་སྲིད་གསུམ་འབྱུང་པོ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཐུན་སྒྲུབ་ནི། བདག་མདུན་སྤྲུལ་པའི་དམག་ཚོགས་ཐམས་ཅད་ཀུན། །དམ་ཉམས་དགྲ་བོ་འགོ་བའི་ལྷ་ལྔ་སོགས། །ཚར་གཅོད་དྲག་པོའི་ཕྲིན་ལས་བསྒྲུབ་པའི་ཕྱིར། །མཚོན་དུག་ནད་ཀྱི་ཆར་འབེབ་བརླགས་པར་གྱུར། །རྩ་སྔགས་ཨོཾ་ཏྲིང་ཏྲིང་ནས། མུགས་བྱེར་ཉིག་རིལ༔མཚམས་ལ་འདི་བཏགས་ལ་ཐུན་ལ་སྔགས། ཆེ་གེ་མོའི་ཙིཏྟ་རྦད༔ སྲོག་ལ་དུན་དུན༔ ཀེ་ཏ་ཏྲི་དུ་ནྲྀ་མཱ་ར་ཡ་རྦད་བྷྱོ༔ ཞེས་ནུས་ལྡན་དུ་བསྒྲུབས་ལ་ཐུན་འཕང་། བྷྱོ༔ གཟའ་བདུད་མོན་པ་ཆེན་པོ་སྐུ་བཞེངས་ཤིག༔ གཟའ་བདུད་ཁྱེད་དང་དབྱེར་མེད་སྤྲུལ་པ་ནི༔ དུར་ཁྲོད་ཆེན་པོ་ཕུང་ལུང་ནག་པོ་ནས༔ མོན་པ་ཆེན་པོ་ཁ་འབར་རལ་གཅིག་བཞེངས༔ ཁྱེད་ཀྱི་མགོ་ལུས་ཐམས་ཅད་མིག་གིས་ཁེངས༔ ཕྱག་གཡས་རུ་དར་ནག་པོ་འཕྱར་ཞིང་གཡོབ༔ གཡོན་པའི་ཞགས་པས་བཅིངས་ནས་མུན་ཁུང་འབྲུབ༔ འགུགས་འཆིང་གསོད་པའི་ལས་མཛད་སྐུ་མདོག་ནག༔ མི་མགོའི་དོ་ཤལ་ལུས་བརྒྱན་སྲོག་དབུགས་བཞེས༔ ཁ་འབར་རལ་གཅིག་ཐུགས་དམ་དུས་ལ་བབས༔ དམ་ཉམས་འདི་ལ་ཐུན་ཁ་ཡ༔ སྲོག་ཆོད་མྱོས་ཤིང་ཧལ་དུ་ཆུགས༔ མཱ་ར་ཡ་རྦད་བྷྱོ༔ བྷྱོ༔ འཁོར་གྱི་ལས་བྱེད་ཕོ་ཉ་བ༔ སྟག་མགོ་སེང་ལུས་དགྲ་སྙིང་འབྱིན༔ ཕྱག་ན་གསོད་པའི་མཚོན་ཆ་བསྣམས༔ དམ་ཉམས་དགྲ་བོ་སླར་ལ་སྒྲོལ༔ གསོད་བྱེད་ཆེན་པོ་དགྲ་ལ་བྷྱོ༔ དམ་ཉམས་འདི་ལ་ཐུན་ཁ་ཡ༔ སྲོག་ཆོད་མྱོས་ཤིང་ཧལ་དུ་ཆུགས༔ མཱ་ར་ཡ་རྦད་བྷྱོ༔ མི་ལུས་སྤྱང་མགོ་ལྕགས་ཀྱུ་ཐོགས༔ ཉམས་པའི་དགྲ་བགེགས་ཁུག་ལ་ཤོག༔ འགུགས་བྱེད་ཆེན་པོ་དགྲ་ལ་བྷྱོ༔ སྲོག་ཆོད་མྱོས་ཤིང་ཧལ་དུ་ཆུགས༔ མཱ་ར་ཡ་རྦད་བྷྱོ༔ འཕར་མགོ་མི་ལུས་བྱ་ཁྱུང་གཤོག༔ ཕྱག་ན་ཞགས་པ་ནག་པོ་བསྣམས༔ བསམ་ངན་སྒྱུར་ལ་ངག་རྣམས་ཆིངས༔ འཆིང་བྱེད་ཆེན་པོ་དགྲ་ལ་བྷྱོ༔ སྲོག་ཆོད་མྱོས་ཤིང་ཧལ་དུ་ཆུགས༔ མཱ་ར་ཡ་རྦད་བྷྱོ༔ གཟའ་མཆོག་མོན་པའི་ཕོ་ཉ་གདུག་པ་ཅན༔ ཡི་གེ་ཛཿཡིས་ཐུགས་དམ་བསྐུལ༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དམ་ཉམས་ངག་ཆིངས་བསམ་ངན་སྒྱུར༔ འདུན་གྲོས་ཤིགས་ཤིག་སྲོག་རྩ་ཆོད༔ བསམ་པ་ངན་པ་སླར་ལ་ཟློགས༔ གཟའ་མཆོག་འཁོར་བཅས་དགྲ་ལ་བྷྱོ༔ དམ་ཉམས་འདི་ལ་ཐུན་ཁ་ཡ༔ སྲོག་ཆོད་མྱོས་ཤིང་ཧལ་དུ་ཆུགས༔ མཱ་ར་ཡ་རྦད་བྷྱོ༔ ཞེས་བསྐུལ་ཅིང་ཐུན་ཤུགས་ཕྱུངས་ལ་འཕང་ངོ་། །ཐུན་སྔོན་དུ་འགྲོ་བས། མདུན་རྟེན་འོག་གཞི་རི་རབ་མོན་པ་དང་བཅས་པའི་སྐུ་ལས་མཚོན་ཆའི་ཆར་བབས་ཐལ་བར་བརླགས་པར་བསམ་ཞིང་། རྩ་སྔགས་ལ། མ་ཧཱ་བ་ལིངྟ་ཀེ་ཏ་བྷྲཱུྃ་ལིང་མཱ་ར་ཡ་ནྲྀ་ཁཱ་ཧི༔ བསམ་ངན་གཏོང་བ་སྦྱོར་བ་རྩུབ་པ་ཐམས་ཅད་ཁ་ཐཾ༔ ནྲྀ་ཟློག༔ ཏྲི་ཟློག༔ ཡཾ་ཟློག༔ སུ་རཀ་པྲེ་ཤ་པ་ལ་ཡ་ནྲྀ་ཟློག༔ ཐེར་ཁུམ་བྱེར་བུས་རྨུགས་ཟློག༔ མ་ར་ཡ་རྦད་བྷྱོ༔ ཞེས་པ་ཐུན་བཞིར་བཟླ་ཞིང་། ཐུན་ཁ་གཅོད་པའི་གཏོར་མ་སོགས་ཞལ་ལས་ཤེས། རྟགས་ནི། བཟང་ངན་གཉིས་ལས་དང་པོ་ནི། རྟ་གཡག་ར་ལུག་གཟུང་ངམ་ཁྲིད༔ མོན་དང་མཐའ་མི་ཕོ་མོར་སྟོན༔ དམག་སོགས་བཙུན་ཆེན་བོན་པོ་དང༔ ཕོ་མང་ཕོ་ལ་མོ་མང་མོ༔ གང་ཤས་ཆེ་བ་དེ་འགྲུབ་རྟགས༔ ཉམས་སམ་རྨི་ལམ་རང་ལ་འབྱུང༔ དེ་ནི་གྲུབ་པའི་རྟགས་སུ་རིག༔ ཞེས་པའི་རྟགས་མཐོང་ནས་གཏོར་མ་བསྔོ་བ་སོགས་ཞལ་ལས་ཤེས། ༈ དེ་ནས་སྦྱོར་བ་དངོས་འཁོར་ལོ་སྒྲུབ་པ་ནི། བཅས་གཞུང་བཞིན་ལ། སྦྱོར་དངོས་བསྙེན་སྒྲུབ་དང་འདྲ་བས་ཁྱད་པར། མདུན་རྟེན་གྱི་འོག་གཞི་ཀྴ་ཡིག་ཞེས་པ་ནས། དམིགས་བྱ་བསྐྱེད་པའི། ལས་བྱེད་དུ་མས་གང་། ཞེས་པའི་མཚམས་སུ། བདག་མདུན་ལྷ་ཚོགས་སྤྲུལ་འཁོར་བཅས་པ་ལས། །རང་འདྲའི་སྤྲུལ་པ་ལྕགས་ཀྱུ་ཞགས་པ་ཅན། །ཉི་ཟེར་རྡུལ་བཞིན་སྤྲོས་པས་དམ་ཉམས་པའི། །དགྲ་བོ་འགོ་བའི་ལྷར་བཅས་དབང་མེད་དུ། །བཀུག་ནས་བྲུབ་ཁུང་ནང་གི་ལིང་གར་བསྟིམ། །འགུག་པའི་ཕྱག་རྒྱ་བཅས་ལ་ཞེ་སྡང་དྲག་པོས། ན་མོ། བརྒྱུད་གསུམ་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་། །བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །ཆོས་ཉིད་སྤྲོས་བྲལ་ཀུན་རྫོབ་སྣང་བའི་ཆོས། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྒྱུད་གསུམ་དྲེགས་པའི་མཐུ་སྟོབས་རྣམས། །གཅིག་བསྡུས་དུག་ལྔ་ལས་གྲུབ་གཟའ་བདུད་ནག །ཁ་འབར་རལ་གཅིག་མོན་པ་ཀེ་ཏ་ཀ །ཡབ་ཡུམ་ཕོ་ཉ་གསུམ་དང་བཀའ་ཉན་བརྒྱད། །སྤྲུལ་པ་ཡང་སྤྲུལ་བཅས་པའི་བདེན་པ་ཡིས། །སངས་རྒྱས་བསྟན་ལ་གནོད་པ་ཞིང་བཅུའི་དགྲ། །སྐྱེ་འགྲོའི་བདེ་སྐྱིད་འཕྲོག་ཅིང་ཁྱད་པར་དུ། །སྔགས་འཆང་བདག་གི་ཕ་མེས་རིགས་རྒྱུད་ལ། །སྔ་དགྲ་ལག་བཀལ་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་དངོས་སུ་བསྡོ་ཞིང་རིགས་ལ་བརྙས། །སྲུང་མ་ཁྱད་བསད་ནོར་རྫས་རྐུ་ཞིང་འཕྲོག །མི་མཐུན་སྦྱོར་བ་རླུང་ལྟར་བཀྱེ་བ་ཡི། །དགྲ་བོ་མི་ནོར་སྐྱོབ་པའི་ལྷ་སྲུང་བཅས། །སྲིད་རྩེ་དམྱལ་ཁམས་ཁམས་གསུམ་སྲིད་གསུམ་དང་། །ཉི་ཟླའི་གོ་བར་ཆོས་བོན་ལྷ་ལྔ་སོགས། །སྲུང་མའི་སྐྱབས་འོག་གང་ན་གནས་ཀྱང་རུང་། །མཐུ་སྟོབས་དྲག་རྩལ་ཐོགས་མེད་ཁྱེད་རྣམས་ཀྱིས། །དམིགས་རྟེན་གཟུགས་བྱང་རྣམ་ཤེས་རྟེན་འདི་ལ། །ད་ལྟ་ཉིད་དུ་འགུག་སྟིམ་ཕྲིན་ལས་མཛོད། །སྒྲུབ་སྔགས་ཀྱི་ཉིག་རིལ༔གྱི་རྗེས་སུ། ཆེ་གེ་མོ་ནྲྀ་ཛཿཛ༔ ཞེས་སྒོ་མ་བཞི་དང་དབྱེ་དབབ་ཀྱི་སྔགས་རྒྱས་ཡང་ཡང་བསྟིམ་ཞིང་། ཁུག་རྟགས་བྱུང་བྱུང་བར་བླ་འགུགས་དང་སྒྲུབ་སྔགས་ཐུན་སྔགས་གཉིས་ལ་འབད། ཐུན་ཁ་གཅོད་དུས་ཐུན་གྱི་གཏོར་མའང་འགྲེ། ལས་དངོས་འཁོར་ལོ་གསུམ་སྤྱིར་སྒྲུབ་པ་དང་བྱེ་བྲག་ཏུ་སྒྲུབ་པ་གཉིས་ལས། ཐུན་བཞི་ཀར་འོག་གཞི་བསྐྱེད་པ་ནས་དགུག་བསྟིམ་ཐུན་སྔགས་ཡམ་རེ་སོང་ནས། རྦད་གསད་ཅིག་ཅར་འཁོར་ལོ་གསུམ་པོའི་སྤྱི་སྒྲུབ་འདི་ལ་ནན་ཏན་དུ་བྱ་གསུང་། ཨོཾ་ཏྲིང་ཏྲིང་ཆེ་གེ་མོ་ཧཱ་སྭཱ་ཧཱ་ཧཱ༔ ཆེ་གེ་མོ་བྷནྡྷ་ཡ་བྷནྡྷ་ཡ༔ ཆེ་གེ་མོ་བྷུ་ཧུད་སད་ཏ་ཧྲིང༔ ཆེ་གེ་མོ་མྱགས་མྱགས༔ ཆེ་གེ་མོ་མུགས་སོད༔ ཆེ་གེ་མོ་ཐིབས་བྱེར༔ ཆེ་གེ་མོ་ཧེད་ཧེད་སོད་སོད་ཡ་ཛ༔ ཨོཾ་རཀྨོ་རཀྨོ༔ ཆེ་གེ་མོ་ཤམ་ཤམ༔ ཆེ་གེ་མོ་བྱེར་བྱེར༔ མུགས་ཐིབས་སོད་ཡ་ཛ༔ ཆེ་གེ་མོ་བསམ་པ་ངན་པ་གཏོང་བ་སྦྱོར་བ་རྩུབ་པ་རྩོམ་པ་རྣམས་མུགས་བྱེར་ཉིག་རིལ༔ ཟློག་སོད་ཛཿཛ༔ ཞེས་ཐུན་བཞིའི་རིམ་པས་བཟླ་ཞིང་ཐུན་གྱི་གཏོར་མ་འགྲེ། ༈ དེ་ནས་འཁོར་ལོ་གསུམ་སོ་སོར་སྒྲུབ་པ་ལའང་གོང་བཞིན་ཐུན་བཞིའི་རིམ་པས་ཉམས་སུ་ལེན་དགོས་པ་ལས། དང་པོ་རྔ་མོའི་འཁོར་ལོའི་ཉིན་སྔགས་ནི། རྣལ་འབྱོར་པ་ས་མཱ་དྷི་གསལ་བས་རྩ་སྔགས་ཀྱིས་མགོ་མནན་ལ། ཉིག་རིལ༔གྱི་རྗེས་སུ། ཨོཾ་ཡར་ཛ་ཏེ་ན་དུ་ཛ༔ རུ་དྲ་ཛ༔ རྦད་ཤ་ལ་དུན་དུན༔ ཙ་ཧེ་ལ་དུན་དུན༔ ཧ་ར་ནན༔ དུ་པ་ཤ༔ ཆེ་གེ་མོ་སྙིང་དཀྲུགས༔ འདུ་ཤེས་སྒྱུར༔ བྱེར་བྱེར་ཕཊ༔ ཅེས་བཟླས་ལ་ཐུན་བྲབ། གཏོར་མ་བསྒུལ་གཏོར་སོགས་ཞལ་ལས་ཤེས། མཚན་སྔགས་ནི་རྩ་སྔགས་ཀྱིས་མགོ་མནན་ལ། ཨོཾ་ཏྲིག་ཏ་ཤག་རྦད༔ ཨ་ཧ་ར་རྦད༔ ཡ་ཏ་ཏྲིག༔ ཆེ་གེ་མོ་བྱེར་བུད་ཉིག་རིལ་ཛཿཛ༔ ཞེས་ཉིན་མཚན་སོ་སོར་མ་ཡེངས་པར་བཟླ་ཞིང་། བརྒྱ་རེར་ཐུན་ལ་སྔགས་ཤིང་སྟོང་རེར་ཐུན་བྲབ་བོ། །འཁོར་ལོའི་ཐུན་སྔགས་ནི། ཨོཾ་ཏྲག་རཀྴ་ལུམ་འཛངས་སོད༔ ཏྲི་པ་ནན་ཁུམ་ཛཿཕཊ༔ རོ་པ་ཏྲག་སོད༔ ཡཾ་རྦད་ནན༔ པ་ཏ་མ་ལ་རུ་མུགས་སོད༔ ཙི་རི་ནག་པོ་སྲོག་ལོང་སོད་སོད༔ རུ་ཏྲ་མ་རུ་ཤ་མྱོགས་རྦད་ནན་སོད༔ ནཱ་ག་རཱ་ཙ་པྲ་མ་ཤ་རྦད་ནན་སོད༔ ཆེ་གེ་མོ་བྱེར་བུད་ཉིག་རིལ་ཛཿཛ༔ ཞེས་རྟགས་མཐོང་བར་དུ་བསྒྲུབ་ཅིང་། རྟགས་ནི། དགྲ་བོ་རྟ་ཞོན་ཡུལ་གཞན་རྒྱུག༔ གཅེར་བུར་འདུག་དང་ཡུལ་གཞན་བསྐྱོད༔ རླུང་ནག་ཆེན་པོ་འཇིགས་པ་ཡིས༔ ཁོ་རང་ཁྱེར་དང་ཡུལ་མཁར་བསྒྱེལ༔ དེ་བྱུང་རྔ་མོའི་ལས་འགྲུབ་རྟགས༔ ཞེས་གསུངས་པའི་རྟགས་བྱུང་བ་དང་གཏོར་མ་འབུལ་བ་སོགས་ཞལ་ལས་ཤེས། ༈ གཉིས་པ་རུས་སྦལ་འཁོར་ལོ་སྒྲུབ་ལུགས་ཀྱང་ཐུན་བཞི་སྦྱར་ཚུལ། ཉིན་མཚན་གྱི་སྔགས་འདྲེན་ལུགས་ཐུན་བྲབ་གཏོར་མ་བསྔོ་བ་དབྱེ་འགུགས་བྱེད་པ་སོགས་གོང་བཞིན་ལས། ཉིན་སྔགས་ནི། རྩ་སྔགས་དང་། ཨོཾ་ཡར་ཛ་ཏེ་ཞེས་པ་ནས། ཧ་ར་ནན༔ དུ་པ་ཤ༔ ཞེས་པའི་ཤམ་བུར། ཆེ་གེ་མོ་སོད༔ ནྲྀ་ཡཾ་རྦད་ཛ༔ ཞེས་བཟླ་བ་སོགས་གོང་བཞིན་ནོ། །མཚན་སྔགས་ནི་རྩ་སྔགས་དང་། ཨོཾ་ཏྲིག་ཏ་ཤག་ནས། ཡ་ཏ་ཏྲིག༔ ཞེས་པའི་བར་སྔར་བཞིན་ལས། ཆེ་གེ་མོ་སོད༔ ཡཾ་ནྲྀ་རྦད༔ ཅེས་བཟླ་བ་སོགས་གོང་བཞིན་ནོ། །འཁོར་ལོའི་ཐུན་སྒྲུབ་ནི། ཨོཾ་ཏྲག་རཀྴ་ལུམ་འཛངས་སོད༔ ཞེས་པ་ནས། ནཱ་ག་རཱ་ཙ་པྲ་མ་ཤ་རྦད་ནན་སོད༔ ཞེས་པའི་ཤམ་བུར་ཆེ་གེ་མོའི་ལུས་ངག་ཡིད་གསུམ་རྦད་ནན་སོད༔ ཅེས་རྟགས་མཐོང་བར་དུ་སྒྲུབ་ཅིང་། རྟགས་ནི། མེ་གཏོང་ཤིང་གཅོད་ར་གཡག་དང༔ སེམས་ཅན་རིགས་རྣམས་གང་ཡང་རུང༔ བསད་པ་བྱུང་ན་ལས་རྣམས་འགྲུབ༔ དེ་ནི་རུས་སྦལ་ལས་གྲུབ་རྟགས༔ ༈ གསུམ་པ་ལུག་གི་འཁོར་ལོ་སྒྲུབ་ལུགས་ཀྱང་། ཐུན་བཞི་སྦྱར་ཚུལ། ཉིན་མཚན་གྱི་སྔགས་འདྲེན་ལུགས། ཐུན་བྲབ། གཏོར་བསྐུལ་དབྱེ་འགུགས་བྱེད་པ་སོགས་གོང་བཞིན་ལས། ཉིན་སྔགས་ནི། རྩ་སྔགས་དང་། ཨོཾ་ཡར་ཛ་ཏེ་ནས། དུ་པ་ཤ༔ ཞེས་པའི་ཤམ་བུར། ཆེ་གེ་མོའི་ཙིཏྟ་དཀྲུགས༔ ཤེས་པ་སྒྱུར༔ གྷྲིག་ཧ་ལ་ནན༔ ཞེས་བཟླ་བ་སོགས་གོང་བཞིན་ནོ། །མཚན་སྔགས་ནི་རྩ་སྔགས་དང་། ཨོཾ་ཏྲིག་ཏ་ཤག་རྦད་ནས། ཡ་ཏ་ཏྲིག༔ ཞེས་པའི་བར་སྔར་བཞིན་ལས། ཆེ་གེ་མོ་གྷྲིག་ཧ་ལ་ནན༔ ཞེས་བཟླ་བ་སོགས་གོང་བཞིན་ནོ། །འཁོར་ལོའི་ཐུན་སྒྲུབ་ནི། ཨོཾ་ཏྲག་རཀྴ་ལུམ་འཛངས་སོད༔ ཅེས་པ་ནས། ནཱ་ག་རཱ་ཙ་པྲ་མ་ཤ་རྦད་ནན་སོད༔ ཅེས་པའི་ཤམ་བུར། ཆེ་གེ་མོའི་ལུས་ངག་ཡིད་གསུམ་རྦད་ནན༔ ཞེས་རྟགས་མཐོང་བར་དུ་བསྒྲུབ་ཅིང་། རྟགས་ནི། རི་ཉིལ་བ་དང་དེ་འོག་ཆུད༔ གྲོང་ཁྱེར་ཤྭ་ཆུས་ནོན་པ་དང༔ ཡུལ་མཁར་ཞིག་ཅིང་རྡིབ་པ་འབྱུང༔ མཁར་རྨེང་འགྱེལ་དང་ཤིང་མེས་ཁྱེར༔ རང་གི་ཉམས་དངོས་དགྲ་ཕྱོགས་འབྱུང༔ དེ་བྱུང་ལུག་གི་ལས་གྲུབ་རྟགས༔ གཞན་ཡང་བླ་ཁུག་རྟགས་ནི། སེམས་ཅན་དངོས་དང་རྗེས་དང་ནི༔ བླ་ཡི་སྐད་དང་ཁོ་རང་དངོས༔ དེ་ལྟར་བྱུང་ན་བླ་ཁུག་རྟགས༔ ཞེས་དང་། སྲོག་རྟགས་ནི། སྲོག་རྟགས་རུས་སྦལ་དང་མཐུན་ལ༔ ཁྱད་པར་ཁོ་རང་དངོས་སུ་གསོད་པ་དང༔ མགོ་སྙིང་ཡན་ལག་སྟོན་པ་དང༔ ཤ་ཁྲག་ལོངས་སྤྱོད་གཡོ་བ་ནི༔ ལས་རྣམས་མྱུར་དུ་བྱས་ཟིན་པས༔ མི་འགྱུར་སྲོག་གི་ལས་འགྲུབ་རྟགས༔ དེ་དུས་རང་ཡང་ཤེས་པ་འཚིག༔ འཚིག་པ་ཟ་ཡང་ཕྲུག་ཕྲུག་འབྱུང༔ ཤེས་པ་འགྱུར་རམ་འགྲོ་སྙིང་འདོད༔ ཟས་དང་སྐོམ་ལ་དྲན་པ་འབྱུང༔ དེ་དུས་གནས་སུ་ཁབ་ཕུར་གདབ༔ ཅེས་གསུངས་པ་ལྟར་བླ་ཁུགས་པའི་རྟགས་དང་། བསད་རྟགས་རྣམས་གྲུབ་པའི་རྟགས་བྱུང་བ་དང་། གྲི་ལྕགས་ཀྱི་ཁབ་ཕུར་ལ་རྫས་དང་སྔགས་ཀྱིས་ངར་བླུད་པ་ནི། རྫས་བྷི་ཥ་ནག་པོ་ད་དྷུ་ར་འཛིན་པ་གྲི་ཁྲག་རྣམས་སྦྱར་ལ་ཁབ་ཕུར་རྩེར་བྱུག །སྔགས་ནི་རྩ་སྔགས་ལ་ཉིག་རིལ༔གྱི་རྗེས་སུ། ཆེ་གེ་མོ་ནྲྀ་དུ་ཙིཏྟ་ཚ་ལ་རི་ཀ་ཙིཏྟ་རྦད༔ ར་ས་ཀུ་ར་ཁེ་ཏྲ་པ་ལ༔ ཧབས་སེ་ཧབས་སེ༔ ནྲྀ་མཱ་ར་ཡ་རྦུད་ལིང༔ ཐིབས་སོད་རྦད་རྦད༔ ཅེས་ནུས་ལྡན་དུ་བསྒྲུབས་ལ་བསྐུལ་གཏང་། ཕུད་གཏོར། ཐུན་བྲབ། ཁབ་ཕུར་བཏབ་ཅིང་། ཐུན་གཏོར་བཤམ། དགུག་བསྟིམ་བྱིན་བརླབས། ལྷ་ཚོགས་འཁོར་བཅས་ཀྱི་ལྗགས་མཚོན་ཆའི་རང་བཞིན་ཅན་གྱིས་གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་གསོལ་བར་བསམ་ཞིང་། ཀེ་ཏ་ཀེ་ཏ༔ རཱ་ཧུ་ལ༔ བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཀེ་ཏ་ཁཱ་ཧི༔ བྷྲཱུྃ་ནྲྀ་ཁཱ་ཧི༔ ཀེ་ཏ་ཏྲི་ཁཱ་ཧི༔ ཀེ་ཏ་བ་ལིཾ་ཏ་ཁཱ་ཧི༔ སུ་རག་པྲེ་ཤ་པ་ལ་ཡ་ནྲྀ་མཱ་ར་ཡ་ཁཱ་ཧི༔ ནྲྀ་ཁཱ་ཧི༔ ཆེ་གེ་མོའི་ཤ་ལ་ཁཱ་ཧི༔ ཁྲག་ལ་ཁཱ་ཧི༔ ཧཱུྃ༔ གཟའ་བདུད་ཁ་འབར་རལ་གཅིག་འཁོར་བཅས་ལ༔ དགྲ་བོའི་ཤ་རུས་ནང་ཁྲོལ་དབང་པོ་ལྔ༔ བླ་ཚེ་སྲོག་དབུགས་ཕུང་ཁམས་སྐྱེ་མཆེད་དང༔ ཡུལ་མཁར་ལོངས་སྤྱོད་མཐུ་རྩལ་སྟོབས་ནུས་རྣམས༔ ཞལ་དུ་བསྟབ་བོ་ལྷག་མེད་དགྱེས་པར་རོལ༔ སྤྲུལ་པའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ མི་གསོད་ཁྱིམ་ཤིགས་ནོར་རྫས་རླུང་ལ་སྐུར༔ རྗེས་མེད་ཐལ་བའི་རྡུལ་དུ་བརླག་པར་མཛོད༔ ཅེས་གཏོར་མ་གཏའ་གཏོར་ལ་བསྟབ་བམ་ཟ་ལམ་བསྟན་ཏེ་འཕང་བ་སོགས་སྐབས་ཐོབ་ཤེས་པར་བྱའོ། །དེ་ལྟར་བཟང་པོའི་རྟགས་རྫོགས་ན་གོང་བཞིན་བྱ་བ་དང་། ངན་རྟགས་ནི། བསྙེན་སྒྲུབ་ལས་སྦྱོར་དུས་རྣམས་སུ༔ ཁྱི་ནག་དོམ་ནག་ཚུར་ཟ་རྨུག༔ གནོད་པ་ཚུར་བྱེད་ལྟས་སྟོན་པ༔ དེ་ནི་འཁུ་ཞིང་ལྡོག་པས་ན༔ འཇམ་དཔལ་གཤེད་ནག་ཏིང་འཛིན་གསལ༔ ཛཿདང་ལྕགས་ཀྱུ་མང་སྤྲོས་ལ༔ དགྲ་བོ་དངོས་བཀུག་ལིང་གར་བསྟིམ༔ རྦད་སྔགས་ཀྱིས་ནི་ལིང་ག་ལ༔ ཐུན་བྲབ་ཆོ་འཕྲུལ་གང་བྱུང་བའི༔ ལྷ་འདྲེའམ་ཁྱི་ནག་དོམ་ནག་ཀུན༔ དགྲ་ལ་འུབ་འུབ་འདུས་པར་བསམ༔ ཆོ་འཕྲུལ་ཐམས་ཅད་དགྲ་ལ་འོང༔ དེ་ཡིས་འཁུ་ལྡོག་ཞི་བར་འགྱུར༔ མཚན་མེད་སྒོམ་པའང་མཆོག་ཏུ་ཤིས༔ ཞེས་པ་དང་། གཞུང་དང་གབ་སོའི་ནང་བཞིན་བླ་རྡོ་བཅང་བ་དང་། ཞུད་ཁ་སྲུང་བ། སྟོང་ཉིད་བསྒོམ་པ་སོགས་སྐབས་དེར་ཤེས་པར་བྱའོ། །ལྷ་དང་དབྱེ་བའི་མན་ངག་ནི་གབ་སོ་དང་གཞུང་བཞིན་ལ་སྒྲུབ་ཁང་ནང་དུ་རྒྱུན་པར་བྱེད་དགོས་པ་བྱུང་ན། རྫས་ཀྱི་ཐུམ་བུ་འཁོར་ལིང་གི་ལྟེ་བར་འཇོག་ཅིང་། གུ་གུལ་བདུད་སྒྲོ་ནུས་ལྡན་གྱིས་བྱབ་ཅིང་། ཧཱུྃ༔ དུག་ལྔ་ལས་ལས་གྲུབ་པའི་དྲག་རྩལ་ཅན༔ བསྟན་སྲུང་འཇིགས་བྱེད་བཀའ་ཡི་བྱ་ར་བ༔ རལ་ནག་ལྕགས་ཀྱུ་ཞགས་པས་དགྲ་སྲོག་གཅོད༔ ཁུག་ཅིག་སྡོམས་ཤིག་འཁོར་གྱི་ལས་མཁན་གསུམ༔ རུ་དར་ཕྱོར་ལ་རླུང་གི་བ་དན་གཡོབས༔ དགྲ་བོ་དུས་མཐའི་གཡུལ་དུ་བརྒྱལ་དུ་ཆུགས༔ ལས་ཀྱི་བྱ་རོག་འུག་པ་ཕྲ་མ་མཁན༔ དགྲ་བོ་ལྷ་དང་བར་དུ་ཡཾ་ཏྲི་ཛ༔ ཁྱོད་ཀྱིས་དགྲ་བོ་འགོ་བའི་ལྷ་དང་ཕྲོལ༔ གནས་སྐྲོད་བཅོལ་དང་འུར་འདྲོགས་ཧལ་དུ་ཆུགས༔ མྱོས་དང་བརྒྱལ་བའི་བར་ནས་བླ་ཚེ་ཕྲོགས༔ ཞེས་བསྐུལ་ཞིང་། སྲོག་ལ་ནན་ཏན་དུ་བྱེད་ན་མན་ངག་ཞལ་ལས་ཤེས། གསུམ་པ་རྫ་སྦལ་ལ་བརྟེན་ལས་སྦྱོར་ནི། རྫས་དང་ལག་ལེན་གཞུང་ལྟར་ལས། ལས་སྦྱོར་ནི། རྒྱུ་སྐར་ གཅིག་ཤོས་ཀྱི་ཉིན། སྐྲོད་བྱེད་ཀྱི་འཁོར་ལོར་འགུག་གཞུག་ནན་ཏན་དུ་བྱ་ཞིང་ལྷ་དང་ཕྱེ། ཐུན་གྱིས་བྲབ། ཁབ་ཕུར་གདབ། ལོ་གཅིག་ཤོས་ཀྱི་སྐུད་པས་བྱད་དུ་བཅུག་ལ་རྦད་གསད་གཅིག་སྒྲིལ་གྱི་སྔགས་བཟླ་བཞིན་པས་སྦལ་ནག་ཏུ་གཞུག །མ་ཁེངས་ན་ཐུན་དང་མི་ཁའི་རྫས་ཀྱིས་བཀང་། ཁ་ལ་ཆས་བསྡམས་ལ་ཁྲོ་ཞལ་གྱི་རྒྱས་བཏབ་ཆུ་ལ་གཏད་དུ་བྱ་བ་ཡིན་ནོ། །ཡང་ལྐུགས་པའི་འཁོར་ལོར་རྒྱུ་སྐར་དང་ལོ་གོང་འདྲ། འཁོར་ལིང་དང་ལྷ་ལྔའི་རཱུ་པ་ལ་དགུག་བསྟིམ་སོགས་འདྲ། སྐུད་པས་བྱད་དུ་གཞུག་པ་རྦད་གསད་སོགས་འདྲ་བས་སྦལ་པ་དུད་ཀར་གཞུག་པ་སོགས་གོང་བཞིན་ལས་ས་ལ་མནན་པ་སྟེ་ཞལ་ལས་ཤེས། ཡང་རེངས་བྱེད་ཀྱི་འཁོར་ལོར་ཡང་དགུག་གཞུག་སོགས་གོང་དང་འདྲ་བ་ལས་སྦལ་པ་སེར་ནག་ཏུ་བཅུག་ལ་ཕ་རོལ་གྱི་རྒྱུ་སྲང་ངམ་ཐེམ་འོག་ཏུ་སྦ་བ་སོགས་རྫས་ཀྱི་ཁྱད་པར་ཙམ་ལས་ལག་ལེན་གནད་གཅིག་ཤེས་པར་བྱའོ། །དེ་ནས་ཀྱང་ཕྱི་རྟགས་མ་ཐོན་བར་དགྲ་ཕྱོགས་སུ་བསྐུལ་དང་ཟོར་ཐུན་འཕང་། ལྷ་འདྲེ་སྤྱི་ལ་ཕུད་གཏོར། དཔང་གཟུག །རྒྱུན་པར་རྦད་གསད་ཀྱི་སྔགས་དང་ཐུན་ལ་གཙོ་བོར་བཏོན་ལ་འཕང་བ་ཡིན་ནོ། །གང་ལྟར་ཡང་རྗེས་ཀྱི་བྱ་བ་གཏོར་སྐྱོང་བྲོ་བརྡུང་ཚེ་འགུགས་སོགས་ནི་ལས་གཞུང་གང་ཡིན་ལྟར་བྱས་པས་འགྲུབ་སླ་ཞིང་རྗེས་བཀྲ་ཤིས་པར་འབྱུང་བར་གསུངས་སོ། །སྔར་དུས་སྔགས་པ་རྣམས་ལ་གྲགས་ཆེ་ཞིང་། །བསྟན་སྲུང་མཚོན་ཆ་གཅིག་ཆོག་གྱུར་ན་ཡང་། །དེང་དུས་མཆོག་གི་གྲུབ་པ་ལྟ་ཅི་སྨྲོས། །མངོན་སྤྱོད་སྣེ་གཅིག་གདིང་དུ་ཁེལ་བ་མེད། །དེ་ཕྱིར་དོན་དུ་འགྱུར་བ་དཀའ་མོད་ཀྱི། །རྒྱུན་ལ་བསམ་ནས་འབད་པས་བྲིས་འདིས་ཀྱང་། །བསྟན་ལ་གནོད་པའི་གདུག་ཅན་ཇི་སྙེད་པ། །བཅོམ་ནས་རྒྱལ་བསྟན་དབུ་འཕང་དགུང་སྙེག་ཤོག །ཅེས་པ་གཞུང་འདིའི་དམིགས་རིམ་མཐའ་དག་གབ་འཐོར་གྱི་ཚུལ་དུ་བཞུགས་པས་བརྟགས་དཀའ་བའི་སྟབས། གཞུང་འགྲེལ་གབ་སོའི་གནད་ཀུན་གཅིག་ཏུ་དྲིལ་བའི་གྱེར་བསྒོམ་དགེ་སྦྱོང་བློ་གསལ་རྒྱ་མཚོས་མཛད་པ་ཉིད་ལུང་རྒྱུན་མ་བཞུགས་པས། རྒྱུན་ལ་ཕན་པའི་སླད་དུས་མཐའི་སྔགས་གཟུགས་པདྨ་གར་གྱི་དབང་ཕྱུག་གིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་གསལ་བཀོད་བགྱིས་པ་དགེ་ལེགས་འཕེལ།། །།

གཉན་ཆད་པའི་ལུགས་ཀྱི་གཟའ་བདུད་ནམ་མཁའི་ཧོམ་ཁུང་གི་ལོ་རྒྱུས་སྒྲུབ་ཐབས་ལས་མཐའ་དང་བཅས་པ་ (Volume 54, Text 16)

༄༅། །གཉན་ཆད་པའི་ལུགས་ཀྱི་གཟའ་བདུད་ནམ་མཁའི་ཧོམ་ཁུང་གི་ལོ་རྒྱུས་སྒྲུབ་ཐབས་ལས་མཐའ་དང་བཅས་པ་བཞུགས་སོ། ། དཔལ་དྲེགས་པའི་བདག་པོ་ལ་ན་མོ། །ཨ་མུ་ཀ་མཱ་ར་ཡ་གྷུ་ཧ་ནཱ་མ། གཟའ་རྒོད་དྲག་སྔགས་སྤུ་གྲི་མཛད་པའི་མཁན་པོ་ནི། རྒྱ་གར་ཀེའུ་ཚང་དགུའི་བདག་པོ། སེམས་དང་ཆོས་སུ་འདྲེས་པ། ཏིང་ངེ་འཛིན་ལས་སུ་རུང་བ། རིག་པ་ཀློང་ནས་ཤར་བའི་སློབ་དཔོན་ཤྲཱི་སིང་ཧས་མཛད་ནས་སློབ་དཔོན་པདྨ་ལ་གནང་། དེས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དེ་ལས་ཅན་དུ་གཟིགས་ནས། ཆོས་འཁོར་བསམ་ཡས་སུ་བྱོན། རྫོགས་ཆེན་གྱི་ཡང་ཞུན་ལྟ་བུར་སེམས་དོན་བཞི་པ་གནང་། བསྟན་པ་བསྲུང་བའི་དོན་དུ། སློབ་དཔོན་པདྨ་དེ་སྲིན་པོའི་ཁ་གནོན་ལ་བཞུད་པའི་དུས་སུ་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དུ་ཁྱུང་རུ་སྨུག་པོའི་མཆུ་ནང་དུ་བསེའི་གྭའུ་སེན་གང་བཀའི་རྒྱ་དང་བཅས་ནས་སྦས། ལན་གཅིག་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་གིས་རྙེད་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། །ཕྱིས་བླ་མ་གྲུམ་དང་། སྤ་གྲོའི་ཡོན་བདག་ནག་པོ་མཁར་གྱིས་བཏོན། དེ་ལ་གནང་ཁྱུང་ལུང་གི་བྱ་རྩ་སྣུབས་བན་སྟོན་པས་ཞུས། དེ་ལ་པུ་རང་གི་སྔགས་པ་སྤུན་དྲུག་པོའི་དཔོན། དགེ་བཤེས་གཉན་ཆད་པ་དེས་གཙང་དུ་བླ་མ་ལ་ཆོས་ཞུར་བྱོན་ནས་མར་ལ་བྱོན་པའི་དུས་སུ། བླ་མའི་ཞལ་ནས། ཆོས་སྐྱོང་འདི་ཡང་གདན་དྲོངས་གསུངས་པས། ཁོ་བོས་ཆོས་བརྒྱད་སྤངས་པ་ལ་བསྟན་པ་བསྲུང་མི་འཚལ་ཞུས་ནས་མ་བཞེས་སོ། །ཕྱིས་གནས་གཞི་ཉང་ཆུང་གི་ཆོས་དཔོན་དུ་གྱུར་ནས་སྡེ་པ་ལ་དགྲ་བྱུང་ནས་དགོས་པ་བྱུང་བ་ལ་ཉེ་གནས་ལ་ཁྲབ་སྐྱ་ཆུང་མ་བཟང་པོ་གཅིག་དང་། སྣམ་བུ་ཕྲུག་ཆུང་མ་བཟང་པོ་གཅིག་བསྐུར་ནས་ཞུར་བཏང་བས། བླ་མའི་ཞལ་ནས། ཆོས་སྐྱོང་དེའི་དཔེ་ང་ལ་མེད། གཞེས་ནིང་ཁོ་རང་ལ་གདན་དྲོངས་བྱས་པས་མ་ཁྱེར། ངས་ཁོ་ལ། ཆོས་སྐྱོང་མང་པོ་བསླབས་ཡོད་པས་དེ་ཚོ་ཚགས་གྱིས། ཁྱོད་རང་ང་ཡི་འདིར་ཞག་ཤས་སྡོད་གསུངས་ནས། དེའི་བར་དུ་རས་ཐད་ཅིག་དྲུབས་ནས། འདི་ལ་གང་འདོད་ཀྱི་དངོས་གྲུབ་ཡོང་བས་དུག་པོར་མ་སོང་བར་དུ་གོན་ཅིག་གསུང་། དེར་ཉེ་གནས་ཀྱིས་ཅི་ཡོད་དམ་སྙམ་བསྣམས་ནས་ཟུར་གཅིག་ན་མཁྲེགས་པ་གཅིག་འདུག་ནས་བལྟས་པས་དཔེ་འདི་འདུག་གོ །བཤང་ཤོག་གཅིག་ལ་བྲིས་ནས་འདི་ལ་ཞལ་གདམས་མི་དགོས་གཏེར་མ་ཡིན་པས་དཔེ་ཐོབ་ཆོས་ཐོབ་ཏུ་ཡོད་ཅིང་། འཕེལ་གྱིས་དོགས་པས་དེ་ཙུག་བྱས་པ་ཡིན་གསུངས། ཆིག་བརྒྱུད་ལས་མེད་མ་སྤེལ་ཅིག་གསུངས་པའི་ཡིག་ཕྲིན་དང་། སྒྲུབ་ཐབས་འདི་སྦས་གདའ་འོ། །དེ་ནས་དགེ་བཤེས་གཉན་ཆད་པས་ཉམས་སུ་བླངས་པས་རྟགས་ཐོན་ནས་བབས་ཆེན་པོ་བྱུང་སྟེ་མཐུ་ཆེ་བར་གྲགས་སོ། །དེ་ལ་ལྡན་སྟོན་གྱིས་ཞུས་པའི་ལོ་རྒྱུས་ནི། གཉན་གྱི་གནས་གཞིའི་ཕྱུགས་རྣམས་ཞགས་འགྲོ་བས་ཕྱགས་ནས་སྙག་པ་བྱས་པས་མ་བྱུང་བས། གནས་བརྟན་དང་གྲྭ་པ་རབ་བྱུང་རྣམས་གྲོས་བྱས་པས་གནས་བརྟན་ལ་གྲྭ་པ་རབ་བྱུང་བཙུན་པ་རྣམས་ན་རེ། ངེད་ཀྱིས་ཁ་མཆུ་མི་འོང་བས་འགྱེས་པ་ཡིན། ཁྱེད་རང་གང་ལེགས་མཛོད་བྱས་པས་གནས་བརྟན་ན་རེ། སྡེ་པ་འདི་ཞིག་ན་ཤི་བ་དང་མཉམ་པས་ཁྱོད་རྣམས་མ་འགྱེས་ཤིག །བསྟན་སྲུང་གཅིག་འཛུག་དགོས་ཟེར། དེར་བསྟན་སྲུང་གི་གྲོས་བྱས་པས་སུ་ཡང་ཁས་ལེན་པ་མ་བྱུང་། ལྡན་སྟོན་ན་རེ། སློབ་དཔོན་གཉན་ཆད་པ་ལ་ཆོས་སྐྱོང་ཟབ་མོ་གཅིག་ཡོད་པར་འདུག་པས། ངས་ཞུས་ལ་ཡོང་གི །ང་ལ་ཕྱག་རྟེན་སྐུར་བྱས་པས་གནས་བརྟན་གྱིས་ཁྲབ་གཅིག་དང་། མར་ཚུད་གཅིག་བསྐུར་ནས་ཞུར་བཏང་བས། སློབ་དཔོན་གྱི་ཞལ་ནས། ཆོས་སྐྱོང་འདི་ཡིས་ཁྱེད་རང་ལ་འགོ་བར་འདུག་གི་གསུངས་ནས་བྱིན་ཏོ། །གཏེར་དཔེ་རུ་སོང་བས་འདི་ཀ་བཞིན་ཉམས་སུ་བླངས་པས་ཆོག་གི་གསུངས་ནས་བསྒྲུབས་པས་བབས་ཆེན་པོ་བྱུང་། ལྡན་སྟོན་རོ་ཟན་བྱ་བ་མཐུ་ཆེ་བར་གྲགས་སོ། །ཕྱིས་ཀ་བ་ལ་སྦས་སོ། །དེ་ནས་གཉོས་འབུམ་ཁྲིས་བཏོན། ཁོང་ལ་སྐྱོག་བྱ་ཞུ་ཅན་གྱིས་ཞུས། དེ་ལ་རཏྣེ་ཤྭ་རས་ཞུས། དེ་ལ་ཁུ་བན་གྱིས། དེ་ལ་མར་པའི་སྤྲང་པོས། དེ་ལ་བོན་ཞིག་ཨ་གཡུང་ངས་ཞུས། ༄༅། །གཟའ་བདུད་དུག་གི་སྤུ་གྲི་ལས་བར་སྣང་ཧོམ་ཁུང་མ་བཞུགས། ཨ་མུ་ཀ་མཱ་ར་ཡ། གཟའ་རྒོད་དུག་གི་སྤུ་གྲི། མཱ་ར་ཡ་གསད་པའི་སྦྱོར་བ། ནམ་མཁའ་ཧོམ་ཁུང་མའི་སྒྲུབ་ཐབས་འདི་ལ། དོན་རྣམ་པ་ལྔ་སྟེ། སྒྲུབ་པའི་བཅའ་གཞི་བསྟན་པ། སྔགས་བཟླས་ཤིང་རྟགས་ཀྱི་རིམ་པ། འགྱངས་ན་རྐྱང་ཁོལ་ལམ་དུ་གཞུག་པ། ལས་མི་བྱེད་ན་བདུད་པོ་ཨར་ལ་གཏད་པ། ལས་མཇུག་གནན་སྲེག་འཕང་གསུམ་བྱ་བ་དང་ལྔའོ། །དང་པོ་ཕུང་ས་གསུམ་གྱི་འབྲུབ་ཁུང་གཅིག་བྱ། ཤོག་བུའམ་ཏ་ལའི་ལོ་མ་ལ་རུ་ཏྲ་དུ་ཡོད་ཀྱི་ལིང་ག་བྱ། དཔུང་པ་གཡས་སུ་ཨ་མུ་ཀ་སཏྭཾ་བྷ་ཡ། གཡོན་པ་ལ་ཀ་ཙ་སཏྭཾ་བྷ་ཡ། དཔྲལ་བར་རུས། སྙིང་གར་མིང་། ལྟེ་བར་ཚ། བླ་ལ་བླ་དྭགས། རྒྱབ་ཏུ་ལྷ་དང་དབྱེ་བའི་སྔགས་བྲི། རྒྱབ་ཏུ་འུག་སྒྲོ་གླན། མདུན་དུ་ཕོ་རོག་སྒྲོ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས། ལིང་ག་མགོ་མཇུག་བཟློག་ལ་བྲུབ་ཁུང་དུ་གཞུག །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དེ་མལ་འོག་ཏུ་དོང་བྲུས་པར་བཅུག་ལ་སས་གཡོགས། དམར་གཏོར་གཅིག་བཤམ་མོ། །གཉིས་པ་སྔགས་དང་རྟགས་ནི། དང་པོ་འབོད་སྔགས་འདི་སྨྲ་བཅད་བྱས་ལ་ཞག་བཅུ་བཞིར་གྲིམས་པར་བཟླའོ། །ཧྲི་ཤག་རུ་རམ། ནཱ་ག་ཙིཏྟ་ཏྲམ། མ་མ་ཡོང་ཟ་འགྲམ་ཧ་ཧི། ཡོ་གི་ཤེ་ལ་ཛ་ཛཿ ཞེས་བཟླས་པས། བན་དྷེ་ནག་པོ་རལ་པ་ཅན་ཞག་གཉིས་གསུམ་ནས་གཏོར་མ་ལེན་དུ་འོང་སྟེ། དམར་གཏོར་དེ་ནུབ་ཀྱི་རིགས་ལ་གཏོང་ངོ་། །འོང་དུ་མ་གཏུབ་ན་གཏོར་མ་གཏར་གཟུང་ངོ་། །བསྙེན་སྔགས་ལ་ཤར་བཟླ། དེས་འོང་ངེས་སོ། །དེ་ནས་རྦད་སྔགས་བོད་ཤམ་ལ། སྤྲའི་ཤག་སྤྲའི་ཤག །ཧ་ཧ། ཚལ་པ་ཚལ་པ། རུམ་རུམ། ཉིག་ཉིག །ཞུད་ཞུད། འུར་འུར། རྒྱུག་རྒྱུག །ཀེ་ཏ་ཀེ་ཏ་རྦད་རཱ་ཧུ་ལ་རུ་ཏྲའི་སྙིང་དང་ནང་རོལ་ལ་རྦད། ཤ་རུས་པགས་པ་ལ་རྦད། བླ་ཚེ་སྲོག་ལ་རྦད། ཅེས་བཟླས་ཏེ་ཞག་བདུན་དུ་འོ། །རྟགས་དགྲ་བོ་དངོས་སུ་བསད་པ་དང་། སྙིང་སྟེར་བ་དང་། ལིངས་བྱེད་པ་དང་། ཐོག་ཚེག་པ་ལ་སོགས་པའི་རྟགས་འོང་། དེ་ལྟར་མ་བྱུང་ན་ལས་འགྱངས་པ་ཡིན་པས། འགྱངས་པ་ལམ་དུ་གཞུག་པའི་མན་ངག་ནི། ཤོག་བུ་ལ་མུ་ཁྱུད་རིམ་པ་གཉིས་བསྐོར་ལ། བར་ཁྱམས་ལ་འཁོར་ལོ་རྩིབས་བཞི་བྱ། ལྟེ་བར་འབོད་སྔགས། རྩིབས་མཆན་རྦད་སྔགས། མུ་ཁྱུད་ལ་གསད་སྔགས་བྲིས་ལ། རུ་ཏྲའི་རཱུ་པ་སྦྱར། སྐུད་པ་སྔོན་དམར་བཏགས་ལ། སྐུད་པ་ཆུ་ཤིང་གི་ཕུར་པ་ལ་གཏོད་ལ་ཀླད་ལ་བསྐོར་རོ། །དེ་བཞིན་བྱས་ཀྱང་དགྲ་ལ་རྟགས་མེད་པར་ནང་དུ་རྩུབ་ན། བཞི་པ་ཨར་ལ་གཏད་པ་ནི། ཤོག་བུ་ལ་རྩིབས་བརྒྱད་བྲིས་ཏེ། ཕྱི་རོལ་ལ་གཟའི་ཞལ་ཕྱག་བྲི་འོ། །རྩིབས་བརྒྱད་ལ། སྡེ་བརྒྱད་ཀྱི་སྲོག་སྔགས་བརྒྱད་བཀོད། དེ་རང་གི་གདན་གྱི་འོག་ཏུ་གཞུག་གོ །རང་ཡེ་ཤེས་ཀྱི་རཱ་ཧུ་ལ་ལུས་གཅིག་ལ་མགོ་དགུ་པ། རོ་སྨད་སྦྲུལ་དུ་འཁྱིལ་བ། ཕྱག་བཞི་གཡས་གཉིས་ན་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ་འཛིན་པ། གཡོན་གཉིས་སྦྲུལ་ཞགས་དང་གཞུ་འཛིན་པར་བསྐྱེད་ལ་རྦད་སྔགས་བཟླ། དེ་དུས་བརྟུལ་ཞུགས་དང་ལྡན་པ་གལ་ཆེ་འོ། །དེ་དུས་རང་ལ་ཉེན་ཡོད་པས་བསྲུང་བ་དང་། བསྐུལ་གྱི་ཤོག་ཆུང་ལོགས་ན་ཡོད་དོ། །དེ་བཞིན་བྱས་པས་དགྲ་དངོས་སུ་བསད་པ་དང་སྙིང་ཁྱེར་བ་འོང་ངོ་། །དེ་བྱུང་དུས་རཱུ་པ་འབྲུབ་ཁུང་ནས་བཏོན་ལ། ཐོད་པ་དུམ་བུ་དྲུག་པའི་ནང་དུ་བཅུག་གོ །སྔགས་འདི་ཞག་གསུམ་དུ་དུག་ཁྲག་དང་ཡུངས་དཀར་ལ་བཟླས་པས་བྲབ་བོ། །ཧེ་བ་ཧི་པར་ཁ་རྡོར་ཏི་ཤོད་ཟན་ཟོན་མ་ལ་ཐུན་རྦད། ཅེས་བཟླ་འོ། །ཐུན་བྲབ་ཅིང་ཐལ་མོ་བརྡབ། ཐུན་བྲབ་པ་དང་གཞོབ་ཏུ་བུན་བུན་སོང་བར་བསམ། འདི་ལྷ་བསྒོམ་དུ་མེད། རྟེན་པའི་རྫས་མེད། དགྲ་བར་སྣང་གི་ཧོམ་ཁུང་དུ་གསོད་པའི་མན་ངག་ཤྲཱི་སིཾ་ཧའི་གདམས་པ་འདི། བདག་འདྲ་ལས་ཅན་བན་ཆུང་གིས། སྤ་གྲོའི་སྐྱེར་ཆུའི་ལྷ་ཁང་ནས་ཁྱུང་རུ་ཁྲ་མོའི་ནང་ནས་བསེའི་གྭའུ་སེན་གང་ནས། བཀའི་རྒྱ་དང་བཅས་ཏེ་རྙེད། གནན་སྲེག་འཕང་གསུམ་གྱིས་ལས་མཇུག་བརྟུལ་བ་ནི། ས་བདག་གདུག་པ་ཅན་གནས་པའི་ཆུ་མིག་ཏུ། ཆུ་མིག་གི་ཕུགས་སུ་གྲུ་གསུམ་གྱི་སར། ཤ་རུའམ། དགོ་རུས་དོང་གྲུ་གང་མཐོ་གང་བྲུས་ལ་དེའི་ཁར་མཛོ་རྐང་གི་སྒྱེད་པུ་གསུམ་བཙུག་ལ། དེའི་སྟེང་དུ་ཐོད་པ་དུམ་བུ་དྲུག་པ་དེ་ལིང་རོ་དང་བཅས་པ་དུག་ཁྲག་གིས་ཕྱེད་ཙམ་གང་བ་བྱས་ཏེ་བཞག །དང་པོ་བུད་ཤིང་ཚེར་མ་ཅན་གྱིས་མེ་བཏང་། རྫས་ཁོལ་བ་དང་། ཐོད་པ་དེ་ཁ་སྦུབས་ལ་གཡོགས། ཚེས་བཅོ་ལྔ་དང་དགུ་སྟོང་ལ་གཏད། དེ་དུས་རང་བརྟུལ་ཞུགས་དང་ལྡན་པ་གལ་ཆེ་འོ། །ཟོར་འཕང་བ་ན། ཡོག་སྐྲ་སྤྱི་བོར་བཅིངས་ལ། གཏའ་གཏོར་དེ་ཁྱེར་ལ་དགྲ་ཡི་ཁང་པ་ལ་བརྡེག །འདི་སྒྲུབ་པ་ཉེར་གཅིག་ལས་མི་འགོར་རོ། །ཇི་ལྟར་འགོར་ཡང་ཟླ་བ་གཅིག་ལ་འགྲུབ་བོ། །ས་མ་ཡ། ༈ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགྲ་བར་སྣང་གི་ཧོམ་ཁུང་དུ་གསད་པ་ནམ་མཁའི་ཧོམ་ཁུང་མའི་ཡིག་ཕྲན་འདི་ལ་དོན་བཞི་སྟེ། གཏོར་མ་དང་གསོལ་མཆོད་ཀྱིས་ཐུགས་དམ་བསྐང་བ། བསྟོད་བསྐུལ་གྱི་ལས་རིམ་གྱིས་སྡེ་དཔོན་དགྲ་ལ་རྦད་པ། སྲུང་བའི་ཡིག་ཆུང་གིས་རང་གི་ཧོམ་ཁུང་དགག་པ། ལྷ་ལྔ་དབྱེ་བའི་ཡིག་ཆུང་གིས་དགྲ་ཡི་ཧོམ་ཁུང་དབྱེ་བ་དང་བཞིའོ། དང་པོ་མཆོད་ཐབས་ཀྱིས་ཐུགས་དམ་བསྐང་བ་ནི། ཕྱེ་ཕུད་གཙང་མ་ལ་གཟའི་གཏོར་མ་གྲུ་གསུམ་མཐེབ་ཀྱུས་བསྐོར་བར་ཤ་དང་ར་ཁྲག་གིས་བྲན། དེ་བར་སྣང་གི་ལྡིང་ཁྲིའི་སྟེང་དུ་བཞག་གོ །དར་ནག་གི་ཡོལ་བས་བཅད་དོ། །དེ་སྒྲུབ་པ་མ་ཐོན་གྱི་བར་དུ་རྟེན་གཏོར་དུ་བཅའ་འོ། །ཡང་ན་གཏོར་མ་གྲུ་གསུམ་པ་ཁ་མིག་དོད་པ་བྱས་པ་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་གིས་བྲན་ལ་ནུབ་རེ་ལ་རེ་རེ་བཞིན་གཏང་། དེར་བན་ནག་གཏོར་མ་ལེན་དུ་འོང་དེ་ལེན་མ་འདོད་ན། རྟག་གཏོར་དང་སྦྲགས་ལ་གཏར་བཟུང་ལ། བསྙེན་སྔགས་མས་ཡར་ལྡོག་ལ་བཟླ་འོ། །གཉིས་པ་བསྟོད་བསྐུལ་གྱིས་ཆོས་སྐྱོང་དགྲ་ལ་རྦད་པ་ནི། ཧཱུྃ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ༔ ལུས་པོ་གཅིག་ལ་མགོ་བོ་དགུ༔ མགོ་ལུས་མེད་པར་མིག་གིས་གང༔ སྐུ་ནི་འཇིགས་པའི་དུད་ཁ་ལ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་འཕྱར༔ གཡོན་པས་རྭ་ཡི་མདའ་གཞུ་བསྣམས༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག༔ ཚེས་གྲངས་བཞི་ཡི་སྲོད་དག་ལ༔ ནུབ་ནས་ཤར་དུ་རྒྱུ་ཙ་ན༔ མ་མོ་ཡོངས་ཀྱི་དམག་དཔོན་བྱེད༔ རིམས་ནད་འབེབ་པའི་མཐུ་བོ་ཆེ༔ མ་མོའི་ཀིང་ཀང་དགྲ་ལ་བྷྱོ༔ ཞེས་སོགས་ཀྱིས་བསྐུལ་པ་ཁྲག་མཚོ་ལྟར་རོ། །རྗེས་ལ། ཕྱོ་ཕྱོ་དམ་ཉམས་དགྲ་ལ་ཕྱོ༔ གཟའ་མཆོག་ཉི་མ་དགྲ་ལ་ཆོས༔ སོགས་བརྗོད་དོ། །ཛཿཧཱུྃ་བཾ་ཧོ༔ ཁ་བསྒྱུར་དཀར་པོ་ཁུ་ཛ་ཙ་ཙ་ཁུག་ཤག་ཐུམ་འུབ༔ ཧྲི་ཤག་བུ་རུ་འུབ་ཛ་ཛ༔ མ་ད་ནག་པོ་ཛཿཛ༔ མ་སྨྲི་པྲ་ཤག་ཟ་སད་ཛ༔ གིང་རང་བུ་ཤག་ལྕགས་ཀྱི་ཐ་རམ་ཛ༔ ཡག་ཤ་ཁ་ཐམ་ཐོགས་མེད་ཛ༔ མགྲིན་པ་བཅུ་ཟ་བྱེད་ཁ་ཐུན་ཛ༔ རྦུད་ཡ་རྦུད་ཡ་ཡཀྴ་ཐུན༔ སྙིང་ཆེན་གཟུང་ལྕགས་སྒྲོག་ནག་པོས་སྡོམས༔ གནམ་མཐིང་ནག་པོ་གཏིབས༔ མི་རེང་སྐྱ་བོ་སོད༔ སྤྲིན་ལམ་དམར་པོ་ཕྱེ༔ ཆེ་གེ་མོ་ཙིཏྟ་མཱ་ར་ཡ་རྦུད༔ ཧྲི་ཧུ་དོན་ཐུལ་འུབས༔ རཱ་ཙ་ཏྲིག་ནན༔ ཅེས་རྦད་དོ། །དོན་གསུམ་པ་སྲུང་བའི་ཡིག་ཆུང་གིས་རང་གི་ཧོམ་ཁུང་སྒོ་གཅད་པ་ནི། སྐྱེས་པ་གྲིར་ཤི་བའི་སྲིན་ལག་གཡས་པ་བཅད་པའི་རླུད་བུ་བཤུས་ལ། དེའི་ནང་དུ་གདུང་ཤ་རཱི་རམ་དང་། གི་ཝཾ་གིས་གཙོར་བྱས་པའི་བཟང་དྲུག་དང་། གུ་གུལ་གླ་རྩི་ཤུ་དག་རྣམས་བླུགས་པའི་ཁ་ལེགས་པར་བཀྱིག་ལ་རང་གི་སྤྱི་གཙུག་ཏུ་གདགས་སོ། །དེ་སྲུང་བའི་མཆོག་ཡིན་ནོ། །དོན་བཞི་པ་ལྷ་ལྔ་དབྱེ་བའི་ཡིག་ཆུང་གིས་དམ་ཉམས་དགྲ་བོའི་ཧོམ་ཁུང་དབྱེ་བ་ནི། ཧོམ་ཁུང་ལ་གསུམ་སྟེ་ཕྱིའི་ཧོམ་ཁུང་ནི་ནམ་མཁའ་སྟོང་པ། ནང་གི་ཧོམ་ཁུང་དགྲ་ཡི་ཚངས་བུག །གསང་བའི་ཧོམ་ཁུང་དགྲ་ཡི་ཀུན་གཞིའི་རྣམ་ཤེས། ཧོམ་ཁུང་དེ་རྣམས་ཀྱི་སྒོ་འགགས་པ་ནི། འགོ་བའི་ལྷ་ཡིན་པས་ལྷ་ལྔ་དབྱེ་ཤེས་དགོས། དེ་དབྱེ་ཐབས་ལ་བྱ་རོག་གི་སྒྲོ་ལ། ཏྲག་ཡ་མཁའ་ལྡིང་མཱ་ར་ཡ་ཛ༔ འུག་པའི་སྒྲོ་ལ། དགྲ་ཡི་ལྷ་ལྔའི་སྔགས་འདི་བྲིས་ལ་བསླན་ནོ། །ཏྲག་རག་ཤ་ཕྱེ༔ སྒྲོ་གཉིས་དུ་བར་བདུག་ལ། ལྷ་དང་དབྱེ་བའི་འབྲེལ་བའི་སྔགས་འདི་བཟླ་འོ། །མཱ་ར་ཡ་ཛ༔ ཀླུ་ཡི། བྷ་ཡ་སང་ཀླུ་མིན་ཤུ་ནན་ཡེ་ལྕགས་ཀུ་ཏ་ཀི་ཧཱུྃ་ཕཊ༔ ཅེས་བཟླས་ཏེ་ལྷ་དང་ཕྲལ་ལོ། ༈ །འདིའི་བརྒྱུད་པ་ནི། བླ་མ་གཉན་ཆད་པ་ནས་མར་བརྒྱུད་དེ། སྔགས་ནག་གསང་སྔགས་རྡོ་རྗེ་ལ་ཡོངས་འཛིན་བདུད་འཇོམས་རྡོ་རྗེ་ཉིད་ཀྱིས་བསྟན་སྲུང་ལ་ཞུས་པ་ལགས། ཡ།་་་གཤིན་རྗེ། མ།་་་མ་མོ། རཱ་ཛ།་་་རྒྱལ་པོ། དུ།་་་བཙན། ཏྲི།་་་བདུད། ཕུ།་་་ཀླུ། ཏྲི།་་་གཟའ། དེ་ཉིད་རྐྱང་པ་ལ་ཡང་ལྷོ་བྲག་ཕྱོགས་སུ་དཀའ་བ་སྤྱད་ནས། གསང་སྔགས་རྡོ་རྗེ་ལས་གསན་པའི་ལོ་རྒྱུས་དང་བཅས། མཐུ་ལྡན་དབང་པོའི་སྡེ་ལ་དགྱེས་བཞིན་དུ་གནང་བའོ། །དེ་ཉིད་ཀྱི་དཔེ་རྒྱུན་ཁུངས་ཐུབ་ལས་ཞུས།། །། ༄༅༔ གཟའ་བདུད་ཐེབས་ལྡོག་ལས་མཐའ་བཞུགས་སོ༔ གཟའ་བདུད་ཆེན་པོའི་ལས་རིམ་ལས༔ དགྲ་བོ་ལྷ་དང་དབྲལ་བ་ནི༔ ཕོ་རོག་དོང་རུ་གཡས་པ་ལ༔ ཨ་རྣྲི་ཏྲག་རཀྴ་མཱ་ར་ཡ་ཕྱེ༔ ཞེས་པ་བྲི༔ འུག་པའི་དོང་རུ་གཡོན་པ་ལ༔ མིང་རུས་བྲི༔ དུད་ངན་བདུག་སྟེ་རླུང་ལ་ཕྱར༔ སྒྲུབ་པ་ཐོན་ནས་མེ་ལ་བསྲེག༔ ཐལ་བ་ཆུ་བོའི་གཞུང་ལ་བསྐུར༔ སྨྱོ་འབོག་ཁྲག་ཏུ་སྐྱུག་པར་ངེས༔ གཟའ་བདུད་དུག་གི་སྤུ་གྲི་འོ༔ ལྷ་དང་དབྱེ་བའི་རྫས་ལྔ་ནི༔ ཡུགས་ས་མ་ཡི་ཞབས་མ་དང༔ ཀོ་ཀྲད་ཁྱི་ལུད་སྐམ་པོ་དང༔ བཙན་དུག་ཤ་ཆེན་རྫས་ལྔ་ཡི༔ དུད་པས་ལིངྒ་བདུག་པར་བྱ༔ གོང་གི་ཕོ་རོག་འུག་པའི་སྒྲོ༔ ལིང་ག་དག་ལ་གདགས་པར་བྱ༔ རང་ཉིད་དུད་པ་དེ་ལ་འཛེམ༔ སྲུང་བའི་ཞལ་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གསང་བདག་ཆེ་ལ་ཕྱག་འཚལ་ལོ༔ གཟའ་རྒོད་དྲག་པོའི་གདོང་གཏད་ལས༔ དམ་ཉམས་དགྲ་བོ་ལྕོག་འགྱེལ་ཐབས༔ ཀེ་ཚེ་ཤང་ཚེ་ཕྱེ་ཕུལ་གང༔ ཤིང་ཚྭ་ཟེ་ཚྭ་ཁ་རུ་ཚྭ༔ དགྲ་བོའི་རྗེས་ས་སྣབས་ལུད་དང༔ དྲི་ཆེན་དྲི་ཆུ་ཟག་པའི་རྫས༔ གང་འཛོམ་ཕྱེ་མ་བྱས་ལ་ནི༔ ཨ་བར་སྐྱུར་གསུམ་ཁུ་བས་སྦྲུས༔ སོར་བརྒྱད་གཟུགས་བྱས་དབང་ལྔ་དོད༔ ལིངྒ་མིང་རུས་བླ་དྭགས་བཅས༔ རི་བོང་ལྤགས་སམ་གྲོ་གར་བྲི༔ ལྕེ་ལ་ཆེ་གེ་མོ་ང་ལོང་བྲི༔ ཡན་ལག་བཞི་དང་མགོ་འདམ་དུ༔ བདུད་པོ་ཆེ་གེ་མོ་འདི་ཟོ༔ བྲིས་ཏེ་གོང་གི་གཟུགས་ནང་གཞུག༔ མི་ཁྱི་རྟ་ཡི་ཁྲག་གིས་བྱུགས་བྱས་ལ༔ བཞི་བརྒྱད་བཅུ་གཅིག་བཅོ་ལྔ་དང༔ བཅོ་བརྒྱད་ཉེར་གཉིས་ཉེར་ལྔ་དགུ༔ ཤིང་གཅིག་ས་ཕུག་བྲག་དམར་རི་སུལ་མཆོད་རྟེན་དང༔ ཆུ་མིག་གཉན་དང་ལྷ་རྟེན་བཅས༔ རིམ་པས་གཟའ་བདུད་འོང་སྟེ་རྒྱུ༔ དགྲ་བོའི་གཟུགས་དེ་གདོང་བཙུག་ལ༔ རྭ་ཡི་གཞུ་དང་སྐྱེར་པའི་མདའ༔ གྲི་ལྕགས་མདེ་འུ་ཕོ་རོག་སྒྲོ༔ མདའ་གཞུ་དེ་ཉིད་ལག་ཐོགས་ལ༔ རང་ཉིད་གཟའ་བདུད་མགོ་དགུ་བསྒོམ༔ རྒྱུ་ཕྱོགས་ངོས་སུ་བསྡད་བྱས་ལ༔ ཁ་ནི་ལིང་ག་ངོས་སུ་བལྟ༔ སྔགས་འདི་བརྒྱ་སྟོང་བཟླས་པར་བྱ༔ ཨོཾ་ཨཱཿཧཱུྃ་རཀྴ་རཱ་ཧུ་ལ༔ མཱ་ར་ཙ་ཤ་ཛ༔ ཆེ་གེ་མོ་ནྲྀ་མཱ་ར་ཡ་རྦད༔ རྒྱུ་རྟགས་གཟུགས་ལ་སེར་ཁ་འབྱུང༔ དེ་དུས་གཟུགས་ལ་མདའ་དེ་བསྣུན༔ ཡང་ན་ཐོག་མདིལ་གོང་བསྙེན་ཅན༔ ཕུར་པའི་རྩེ་ལ་བསྐྱོན་ཏེ་བརྡེག༔ མི་བསད་གྲི་མདའ་ཡིན་ཀྱང་རུང༔ གཟའ་ཡི་ཡང་སྙིང་རྒྱུད་གཟེར་ལས༔ གཟའ་རྒོད་བདུད་པོ་ལྕགས་གཞུག་བཀྲོལ༔ རྒྱུ་དུས་བརྒྱད་ལ་འགྲོན་བུ་ནི༔ བུ་ཆེ་མིག་མེད་གཅིག་དག་ནི༔ ཆུ་ཕོར་གང་གི་ནང་དུ་གཞུག༔ ཁ་རུ་དུད་པ་བྱ་བལ་མ༔ ཡང་ན་ཕ་ཝང་དབུས་སུ་གདབ༔ རྒྱུ་རྟགས་གཞུང་རལ་ནར་གྱིས་འོང༔ དེ་དུས་ཁྱི་ནག་དོམ་སྤྲེ་སྦྲུལ༔ ཤ་ཡི་ཕྱེ་བཏབ་ཁབ་རྒྱབ་ལ༔ སྒོང་ཆུ་མ་ཟད་བར་དུ་སྡོད༔ དེ་མན་རྩལ་ཆེན་མདའ་འཕང་འདྲ༔ ཙནྡན་དཀར་པོ་འགྲོན་བུ་ནི༔ ལྡན་པ་གཡོན་ལ་བཏགས་པར་བྱ༔ གཡས་པ་ཕོ་རོག་སྒྲོ་ཡང་གཟུག༔ གུ་གུལ་མུ་ཟི་སྒོག་སྐྱ་བྱུགས༔ དེ་ནི་རང་གི་སྒྲིབ་ཤིང་ཡིན༔ ཡང་ན་སླ་ངའི་སྣོད་གཙང་དུ༔ ཆུ་བླུག་དུད་པ་ཕ་རོལ་གདབ༔ རྒྱུ་རྟགས་གཞུང་རལ་ནར་གྱིས་འོང༔ སྨྱུག་དོང་བག་ཕྱེས་བཀང་བཞག་ན༔ རྒྱུ་དུས་ཨུ་བྷི་འགས་པར་བྱེད༔ སྒོ་ང་དག་ལ་ཁབ་རྒྱབ་བཞག༔ རྒྱུས་ན་བུག་པར་ཆུ་དོར་འོང༔ སྦ་ལྕག་བག་ཕྱེ་ལ་བཙུག་ན༔ རྒྱུ་རྟགས་སྦ་ལྕག་འདར་འཁྲིལ་འོང༔ རྒྱུ་དུས་བྱ་ཕོ་མཚལ་ལུ་ནི༔ སྲུག་ཟེར་དུས་ན་རྒྱུ་བ་ཡིན༔ གཏོར་མ་ལིང་གའི་གདོང་བཙུག་ལ༔ ལས་ལ་སྦྱོར་ཞིང་ཕྲིན་ལས་བཅོལ༔ ཚེས་གྲངས་དུས་བརྒྱད་དགྲ་བོ་འགུམ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོཾ་ཨཱཿཧཱུྃ་རཀྴ་རཱ་ཧུ་ལ༔ མཱ་ར་ཙ་ཤ་ཛ༔ ཁྲག་རྩ་རྦུད༔ ཁྲག་རྩ་རྦད༔ སྙིང་རྩ་རྦུད༔ མཱ་ར་ཡ་ཁས་ཁས༔ བྲེ་གུ་གསེར་ཐིག་དག་ལ་ནི༔ དེ་ཉིད་འབུམ་དུ་བཟླས་བྱས་ཏེ༔ ལྕེ་ལ་བྱུགས་ན་ལས་རྣམས་འགྲུབ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ ཁྱུང་རུ་འབར་བའི་མཆུ་ནང་དུ༔ བསེ་ཡི་གྭའུ་སེན་གང་ནང༔ བཀའ་ཡི་རྒྱ་དང་བཅས་ནས་སྦས༔ བེ་དཀར་དགྲ་བླས་བཀའ་འདི་སྲུངས༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་གིས་རྙེད་པར་ཤོག༔ ཤྲཱི་སིཾ་ཧའི་ཨུ་པ་དེ་ཤ༔ ཨོ་རྒྱན་པདྨ་ལ་གདམས་པ་འོ༔ ཨོཾ་ཏོ་ཕ་རམ༔ ཏོ་མ་རམ༔ ཏེ་ལེ་ཏེ་པྲེ་དེ༔ ཞེས་ཐོ་རངས་བརྒྱ་རྩ་རེ་བཟླས་གསེར་གྱིས་བྲིས་ལ་མགུལ་དུ་ཐོགས༔ གནད་དམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོ་རྣམས་ལ་བཟོད་པར་གསོལ༔ བསྐལ་པ་དུས་ཀྱི་ཐ་མ་ལ༔ དུས་མཚམས་འཇིག་པའི་སྔ་ལྟས་ནི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་དོན་དུ་ཤེས་པའི་དོན༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བསྙེན་སྒྲུབ་གཉིས་ཀྱི་ལོང་མེད་པར༔ དམ་ཉམས་གློ་བུར་བྱུང་བའི་ཚེ༔ མ་ཉེས་དམ་ལ་བསྡོ་བ་འབྱུང༔ དེ་ལྟར་བྱུང་བའི་དུས་ཚོད་ན༔ དུག་རྣམས་འདུས་པའི་དྲག་སྔགས་མཁན༔ མེ་ལྕེ་ཁྲོ་ཆུ་ཁོལ་མ་ཡི༔ གནམ་ལྕགས་ཐོག་གི་མཚོན་ཆ་ལས༔ ཕྱུང་པའི་ལས་འདི་བསྟན་པར་བྱ༔ ལས་ཀྱི་གཤིན་རྗེ་གཟའ་ལ་ཡིན༔ དགྲ་བོ་ཟས་ཀྱི་སྐལ་པར་གཏད༔ སྤྱིར་ཡང་གཟའ་ཡི་བསྟན་པ་དར༔ སྐྱེ་འགྲོའི་སྲོག་དབུགས་ཡོངས་ལ་རྒྱུག༔ དྲག་གཏད་འདི་ལ་སྨྲོས་ཅི་དགོས༔ ད་ནི་རྫས་ཀྱི་རིམ་པ་བསྟན༔ སྐེ་ཚེ་ཤང་ཚེ་ཡུངས་དཀར་ཕུལ་གང་ལ༔ ཨ་བར་སྐྱུར་གསུམ་བསྒྲལ་བྱའི་ཁུ་བས་སྦྲུ༔ ཤིང་ཚྭ་རྒྱ་ཚྭ་ཁ་རུ་ཚྭ་གསུམ་བཏབ༔ དམིགས་པའི་དགྲ་བོ་དེའི་གཟུགས་དོད་པར་བྱ༔ དེ་ནས་མི་ཁྱི་ར་གསུམ་གྱི་ཙིཏྟའི་གདན་ལ་བཞག༔ མི་ཁྱི་རྟ་གསུམ་གྱི་ཁྲག་གིས་བྱུག༔ དགྲ་ཡི་མིང་རུས་བྲིས་པ་སྙིང་གར་བསླན༔ ཡན་ལག་བཞི་དང་མགོ་བོ་ལ་བདུད་པོ་འདི་ལོང་བྱ་བ་བྲི༔ རི་གསུམ་རྩེའམ་ལུང་གསུམ་མདོ༔ ཡང་ན་ཐང་ཆེན་དཀྱིལ་དག་ཏུ༔ དུས་བརྒྱད་གཟའ་དང་དཔྲལ་བ་ཐུག་བྱས་ལ༔ གདོང་ཕྱོགས་དག་ཏུ་བཞག་ནས་ནི༔ དུག་གི་ཁ་ཆུ་ཐོག་གི་བུ་ཡུག་ཅན༔ གཟའ་ཆེན་ཁ་དྲངས་རྦད་སྔགས་བཟླ༔ པྲ་གྱིས་ཤག༔ པྲ་གྱིས་ཤག༔ ཧ་ཧ༔ ཚལ་པ་ཚལ་པ༔ རུག་རུག༔ ཉིག་ཉིག༔ ཆེམ་ཆེམ༔ རཱ་ཧུ་ལ༔ ཆེ་གེ་ལ་ཁཱ་ཧི་ཁཱ་ཧི༔ ཤ་ལ་རོལ༔ ཁྲག་ལ་རོལ༔ དབུགས་ལ་རོལ༔ གཟུགས་ཕུང་ལ་ཁཱ་ཧི༔ དགྲ་བོ་ཆེ་གེ་མོ་ལ་ད་རོལ་ཅིག༔ བཞེས་ཤིག་ཁཱ་ཧི་ཁཱ་ཧི༔ ཞེས་བརྒྱ་རྩ་བརྒྱད་བཟླ༔ རཱ་ཧུ་ལ་རང་གིས་ཁྱེར་ནས་ལིང་ག་གས་འགྲོ་བས༔ ཉིན་ཕྱེད་ན་རྒྱུ་བས་ནམ་ཕྱེད་ན་འཆི་འོ༔ གདོང་བཟླས་བྱེད་ན་ཐུན་མཚམས་བར་པ་ལ་འཆི་འོ༔ ཇི་ལྟར་འགོར་ཡང་བཟླ་དུས་ལས་མི་འགྱང་ཤིན་ཏུ་འཇིགས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་བསྟན་པ་བསྲུང་ཕྱིར་དུ༔ རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ༔ དྲག་སྔགས་མང་པོའི་སྒྲ་ཡང་བསྒྱུར༔ ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་ཀྱང་ཤེས༔ མན་ངག་མང་པོའི་ཁོག་སྙིང་ཕྱུང༔ སྒྲ་དོན་མང་པོའི་ལས་ཐབས་ནས༔ ངན་སྔགས་འབུམ་དང་ཉེར་གཅིག་སྦས༔ དེ་ལས་ཁོལ་དུ་ཕྱུང་བ་ཡི༔ གནམ་ལྕགས་སྲོག་གི་སྤུ་གྲི་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་ཁ་ཐམ༔ གསུམ་སྤོགས་བྱས་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང་འགུམ་པར་འགྱུར་རོ༔ བསྟན་པའི་སྤྱི་དགྲ་བྱུང་ཡང་མ་སྤེལ་ཅིག༔ ཤིན་ཏུ་སྐྱི་གཡའ་ཞིང་སྡིག་ཆེ་འོ༔ ས་མ་ཡ༔ ཁ་ཐམ༔ དྲག་པོ་གཟའི་གདོང་གཏད༔ ཨོ་རྒྱན་པདྨའི་དབུ་བསྙུང་མ༔ ཨ་སིང་ཡོ་ནི༔ རྒྱ་རྒྱ་རྒྱ༔ ༄༅༔ མན་ངག་ལས་ཀྱི་མེ་ལོང་ལ་ན་མོ༔ ཤག་དང་ལ་ཉེ་མེད་པའི་མི༔ དགྲ་གློ་བུར་དུ་བྱུང་ན༔ དེ་ལ་ཡིད་འཕྲོག་དྲག་པོ་གཏང་བའི་ལས་མཐའ་གཟའ་རྒོད་གནད་ལ་དབབ་པའི་ཐབས༔ ཟླ་བ་གང་ཡང་རུང་བའི་ཉ་ལ་རི་གངས་མ་ནག་པོ་ལ་རི་སྣ་ཆད་པ་གཅིག་ཏུ༔ མི་སྟག་གམ་སྤྲེལ་ལོ་པ་གཉིས་ཀྱིས་ཕྱིན་ལ༔ གྲོ་ཕྱེ་ལ་དགྲ་བོའི་གཟུགས་དོད་པ་གཅིག་བྱས་ལ་གྲོ་ཤོག་ལ་ལིངྒ་མིང་རུས་བྲིས་པ་རྟ་ཁྲག་གིས་བྱུག༔ བག་ཟན་ལ་མི་མོའི་སྙིང་དང་མགོ་བོ་དཔྲལ་བར་སླན༔ གཟའི་གཟུགས་དང་ཁ་སྤྲད་ལ་མི་གཉིས་ཁ་ཤར་དུ་བལྟས་ཏེ༔ གཏོར་གཞིའི་ལྷ་དང་ཚོགས་མཆོད་རྫས་བཤམས་ནས་སྔགས་འདི་བཟླས་པས་ཁོ་གར་འདུག་དང་གར་གནས་ཤེས་ནས་འོང་ངོ༔ སྔགས་ནི༔ ཡ་མ་ཧྲི་ས༔ ཡ་མ་རྦད༔ སྙིང་ཁྲག་ཁཾ་ཁཾ་ས་རྦད་རྦད༔ རྦུད་རྦུད༔ ཐིབས་སོད༔ མཱ་ར་ཡ་སྙིང་ཁྲག་ཕྱུང་རྦད་ཡ་བྷྱོ་བྷྱོ༔ ཞེས་ཉི་མ་ཤར་དྲོས་ཀྱི་བར་བཟླའོ༔ འདི་ཟོལ་མེད་ལམ་དུ་བསྒྲུབ་ན་ཉི་མ་ཤར་དྲོས་ཀྱི་ལས་མཐའ་འོ༔ དགྲ་བོ་ཟླ་ཕྱེད་འགྱངས་ན་གུ་རུའི་བཀའ་རྫུན་ཏེ་བཀའ་ཆད་འོང་ངོ༔ གཟའི་གཟུགས་དོད་པར་བྱེད་པ་གལ་ཆེ༔ ཟབ༔ ས་མ་ཡ༔ ཆོས་རྒྱལ་ཆེན་པོ་ཕ་བཀྲ་ཤིས་སྟོབས་རྒྱལ་བའི་ཕྱག་དཔེ་ལས་སྔགས་འཆང་མཐུ་སྟོབས་གྲགས་པས་དག་པར་བཤུས་པའོ།། །། ༄༅༔ གཟའ་བདུད་ཆེན་པོའི་ཞལ་གདམས་གནད་ཀྱི་ཤོག་དྲིལ་བྱོན༔ བཛྲ་པཱ་ཎི་ལ་ན་མོ༔ གཟའ་ཆེན་པོའི་ཞལ་གདམས་དང༔ བླ་རྡོ་དང༔ བསྲུང་བ་བཅའ་གཞི༔ སྒོམ་ཐབས༔ ལུས་ཀྱི་གནས་ཚུལ༔ ལིངྒའི་བཅའ་གཞི༔ སྦྱིན་སྲེག༔ གནན་པ༔ དུག་དབྱུང༔ ཞུད་སེལ༔ མཐོ་བྱང༔ ལོ་རྒྱུས་དང་བཅས་པ་བསྟན་པ་ནི༔ གཟའ་བདུད་ཀྱི་བླ་རྡོ་ལ༔ རྡོ་ཕ་བོང་ལོང་བུའི་ལོགས་དྲུག་ལ༔ སྔགས་འདི་མཚལ་གྱིས་དབུ་ཅན་དུ་བྲི་ལ༔ ཨོཾ་པ་ཤ་མི་ཀི་རུ་རུ་མ་མ་ཏི་ཀི་ཛ་ལ་ཏི་སྭཱ་ཧཱ༔ ཡིག་འབྲུ་བཅོ་ལྔ་ཡོད༔ ལྷག་ཆད་མེད་པར་ལེགས་པར་བྲིས་ནས༔ བླ་རྡོ་འཁོར་ལོའི་དཀྱིལ་དུ་ལེགས་པར་དྲིལ་ལ་དེ་ར་རོག་པོའི་སྙིང་གི་ནང་དུ༔ དར་སྣ་ལྔ་དང་བཅས་པ་གཞུག༔ དེ་ནས་དར་ནག་གིས་བཏུམ་ལ་ཟངས་དང་ལྕགས་ཀྱི་གྭའུ་ཁ་སྦྱོར་ནང་དུ་གཞུག༔ དེ་ནས་རང་གི་མཆན་ཁུང་གཡོན་དུ་དྲོད་དང་མ་བྲལ་བར་བཅང་ངོ༔ དེ་ལྟར་བཅངས་ན་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འཁོར་བར་འགྱུར༔ གྭའུ་ཡ་གབ་དག་ལ་བླ་རྡོའི་སྔགས་བྲིས༔ མ་གབ་ལ་སྔགས་འདི་བྲིས༔ ཨོཾ་ཏེ་ཕག་རམ་ཏོ་མ་རམ་སེ་ཏེ་ཧྲིད་ཏེ༔ དེ་ལ་ཁྱབ་འཇུག་དགུག་བསྟིམ་བྱས་ནས་རབ་གནས་ལེགས་པར་བྱ༔ བཀྲ་ཤིས་མང་དུ་བརྗོད་ནས་ལུས་ལ་བཅངས་ནས་བསྒྲུབ་ན་གཟའ་བདུད་བུ་བས་ཀྱང་ཉན་པར་འགྱུར་རོ༔ བླ་རྡོ་འདི་ཀུན་ལ་མེད་པས་གསང་བར་བྱའོ༔ མཁས་པས་མཐོང་ན་ངོ་མཚར་སྐྱེའོ༔ གཞན་གྱིས་ཤེས་པ་ཡོད་རེ་ཀན་ནོ༔ དེ་བས་དམ་པ་ཤིན་ཏུ་གཅེས༔ དེ་ནི་བླ་རྡོ་དངོས་སུ་བསྟན་པའོ༔ དེ་ནས་བསྲུང་བ་བསྟན་པ་ནི༔ སྐྱེས་པ་གྲིར་ཤི་བའི་སྲིན་ལག་གཡས་པ་རླིད་བུར་བཤུས་ལ་དེའི་ནང་དུ་གདུང་ཤ་རཱི་རམ་དང༔ གི་ཝཾ་དང༔ བཟང་དྲུག་གུ་གུལ་ནག་པོ་དང༔ གླ་རྩི་དང་ཆུ་དག་ནག་པོ་རྣམས་བླུགས་ལ༔ དེ་དར་ཚོན་སྣ་ལྔས་ཁ་དམ་པར་བཀྱིགས་ལ་རང་གི་སྤྱི་བོར་གདགས༔ དེ་ནི་བསྲུང་བ་བསྟན་པའོ༔ དེ་ནས་སྒོམ་ཐབས་བསྟན་པ་ནི༔ རང་གཟའ་བདུད་དཀར་པོ་མགོ་དགུར་བསྒོམ༔ དེ་ཡི་སྤྱི་བོར་ཕྱག་རྡོར་བསྐྱེད༔ སྙིང་གར་བླ་མ་གུ་རུ་བསྒོམ༔ དེ་མདུན་དུ་གཟའ་བདུད་ནག་པོ་བྱ་རོག་མགོ་དང་བཅུ༔ ཕྱག་བཞི་དང་པོ་གཉིས་ཆུ་སྲིན་སྦྲུལ་ཞགས་དང་རལ་གྲི་བསྣམས་པ༔ འོག་མ་གཉིས་པོ་མདའ་གཞུ་བསྣམས་པ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་འཁྱིལ་བ༔ མགོ་ལུས་མེད་པར་མིག་གིས་གང་བ་གཅིག་བདག་གི་མདུན་དུ་བཀའ་ཉན་ལས་བྱེད་པ་གཅིག་ཏུ་བསྒོམ༔ དེ་ནི་སྒོམ་ཐབས་བསྟན་པའོ༔ དེ་ནས་ལུས་ཀྱི་གནས་ལུགས་བསྟན་པ་ནི༔ སྒྲུབ་པའི་དུས་སུ་རང་གི་ལུས་ལ་རེ་བའི་གོས་གྱོན༔ མགོ་ལ་རེ་བའི་ཞྭ་གྱོན༔ གདོང་ལ་རོ་སོལ་བྱུག༔ འོག་ཏུ་སྟན་ནག་པོ་བཏིང༔ ཁ་ལྷོ་ནུབ་མཚམས་སུ་བསྟན་ལ་བསྒྲུབ་བོ༔ དེ་ནི་ལུས་ཀྱི་གནས་ལུགས་བསྟན་པའོ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པའི་གནས་བསྟན་པ་ནི༔ བྲག་ནག་པོའི་ཕུག་པ་ཁ་ལྷོ་ནུབ་མཚམས་སུ་ལྟ་བའམ༔ ལུང་པ་ནག་པོ་མདོ་ལྷོ་ནུབ་མཚམས་སུ་ལྟ་བའི་ཁང་པ་ཕྱགས་དར་ལེགས་པར་བྱས་ལ་སྤོས་ཆུས་ལེགས་པར་གཏོར་ནས༔ དེར་སྟེགས་བུ་མདའ་གང་གྲུ་བཞི་པ་གཅིག་བརྩིགས༔ དེའི་སྟེང་དུ་བྲུབ་ཁུང་ནག་པོ་རྒྱར་ཁྲུ་གང་བ༔ དཔངས་སུ་མཐོ་གང་པ་གཅིག་བརྩིགས༔ རྟ་ནག་དང་ར་རོག་ཁྱི་ནག་དང་གསུམ་གྱི་སྙིང་ཁྲག་གིས་ཆག་ཆག་གདབ་བོ༔ དཀར་གསུམ་མངར་གསུམ་མཆོད་པའི་རྫས་རྣམས་བཞག་གོ༔ དེ་ནི་བཅའ་གཞི་བསྟན་པའོ༔ ྀཨཚ༔ དེ་ནས་གཏོར་མ་བསྟན་པ་ནི༔ གཏོར་མའི་དབྱིབས་གྲུ་གསུམ་ལ༔ མིག་མང་པོ་དོད་པར་བྱས་ལ༔ བཤོས་བུ་ཆུང་བ་བརྒྱད་ཀྱིས་མཐའ་མ་བསྐོར༔ དེའི་མཐའ་མར་སྐྱུ་གུ་དང་རིལ་བུ་བརྒྱད་ཀྱིས་བསྐོར༔ ལིང་དམར་བརྒྱད་ཀྱང་བཙུག་ལ་ར་ཤ་ར་ཁྲག་ར་མཆིན་རྣམས་ཀྱིས་ལེགས་པར་བརྒྱན༔ དེ་ལ་དར་སྣ་བཏགས་ལ་བྲུབ་ཁུང་སྟེང་དུ་བཞག་གོ༔ དེ་ནི་གཏོར་མ་བསྟན་པའོ༔ ྀཨཚ༔ དེ་ནས་ལིངྒ་བསྟན་པ་ནི༔ རོ་རས་སམ༔ ཤོག་བུ་ལ་ལིངྒ་ལེགས་པར་བྲིས་ལ༔ དཔུང་པ་གཡས་སུ༔ ཀ་ཏ་སཏྭཾ་བྷ་ཡ་ནན༔ བྲི༔ མུ་ཀ་སཏྭཾ་བྷ་ཡ་ནན༔ གཡོན་དུ་བྲི༔ དཔྲལ་བར་རུས་བྲི༔ སྙིང་ཁར་མིང་བྲི༔ འདོམས་སུ་བླ་དྭགས་བྲི༔ འབོད་རྦད་གསད་གསུམ་གྱི་སྔགས་ཀྱིས་མཐའ་མ་བསྐོར༔ ལིང་ག་གསུམ་དུ་བྱས་ལ༔ གཅིག་ལ་བདུད་པོ་ང་ལོང༔ བདུད་པོ་ཆེ་གེ་མོ་ང་ཟོ༔ ང་སོད༔ ཅེས་བྲིས་ལ༔ དགུག་གཞུག་ལེགས་པར་བྱས་ལ་ཉུངས་དཀར་རྩེར་བསྐྱོན་ལ་གཏོར་མ་ལ་བཙུག་གོ༔ ལིང་ག་གཅིག་ལ་དགྲ་བོ་ཆེ་གེ་ང་དང་ཕོ་ལྷ་གཉིས་ཕྲོལ༔ ང་དང་ཞིང་ལྷ་གཉིས་ཕྲོལ༔ ཞེས་རིམ་པར་བྲི་ལ་ཕོ་རོག་དང་འུག་པ་གཉིས་ཀྱི་དོང་རུའི་བར་དུ་བཙུག་གོ༔ ཕོ་རོག་དོང་རུ་གཡས་པ་ལ༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ༔ ཞེས་བྲིས༔ འུག་པའི་དོང་རུ་གཡོན་པ་ལ་དགྲ་ཡི་མིང་བྲི༔ ཡུགས་སའི་ཞབས་མ༔ མཛེ་ཕོའི་ཀོ་ཀྲད་བཙན་དུག༔ ཤ་ཆེན༔ གུ་གུལ་ལྔའི་དུད་པས་བདུག་ལ༔ ཤིང་སེ་བའི་དབྱུག་པའི་རྩེ་ལ་གདགས་པ་རླུང་ལ་ཕྱར་རོ༔ དུད་པས་བདུག་ཐབས་ཞལ་ལས་ཤེས་སོ༔ གཅིག་ལ༔ དགྲ་བོ་ཆེ་གེ་མཱ་ར་ཡ་སོད་སོད༔ དགྲ་བོ་ཆེ་གེ་མཱ་ར་ཡ་ཛ་ཛ༔ ཆེ་གེ་མཱ་ར་ཡ་སོད་སོད༔ ཅེས་བྲིས་ལ་རང་གི་མལ་འོག་ཏུ་ཤིང་ལ་བྱས་པའི་བྲུབ་ཁུང་གྲུ་གསུམ་མཐོ་གང་བར་མགོ་ཐུར་དུ་བསྟན་ལ་བཞག་གོ༔ རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད༔ དེའི་སྟེང་དུ་རང་གཟའ་མགོ་དགུ་པ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ༔ དགྲ་བོའི་སྙིང་དཀྱིལ་དུ་ཐེམས་སེ་བརྒྱབ་པར་བསྒོམས་ལ་འདུག་གོ༔ ཉི་མ་སྔ་དྲོ་ལྷ་ཡི་ཉི་མ་ཡིན་པས་འགུགས་འདྲེན་མི་བྱའོ༔ ཉི་མའི་གུང་ལ་དགྲ་བོ་ལྷ་དང་འབྱེད་ཀྱིན་ལིང་ག་ལ་འགུགས་འདྲེན་དྲག་ཏུ་བྱའོ༔ ལྷ་དང་བདུད་གཉིས་འཐབས་པས་བདུད་རྒྱལ་ཏེ་ལྷ་དང་དགྲ་བོ་གཉིས་དབྱེ་བར་བསམ་མོ༔ ཉི་མ་དགོང་མོ་གཏོར་མའི་ལིང་གར་འགུགས་འདྲེན་དྲག་ཏུ་བྱས་ལ་བདུད་ཕོ་ལ་ཕུལ་བས་དགྲ་བོའི་ཤ་ཟོས་ཁྲག་འཐུང་བས་དགྲ་བོ་བརླགས་པར་བསམ་མོ༔ ནམ་གྱི་གུང་ལ་དགྲ་བོ་གཉིད་ལོག་པས་དེ་དུས་དགྲ་བོའི་བླ་མི་སྡོད་འཁྱམས་པས་འགུགས་འདྲེན་དྲག་ཏུ་བྱའོ༔ དྲག་ཏུ་བྱས་པས་དགྲ་བོའི་བླ་རང་གི་མལ་འོག་གི་ལིང་ག་ལ་ཐིམ་པར་བསམ༔ དེའི་སྙིང་གར་རང་གི་སྐུ་སྨད་ལྕགས་ཀྱི་ཕུར་པ་གཏད་པས་དགྲ་བོ་ཤི་བར་བསམ་མོ༔ དེ་ནི་ལིང་གའི་བཅའ་གཞི་བསྟན་པའོ༔ ད་ནི་གནན་པ་བསྟན་པ་ནི༔ རང་ཉིད་དམིགས་ལྟས་རྫོགས་པ་དང༔ དགྲ་ཡི་ཕྱོགས་སུ་སྐྱེར་པའི་ཧོམ་ཁུང་གསུམ་དུ་བརྩེགས་ལ་ལིང་ག་གསུམ་པོ་ལ་དགུག་གཞུག་དྲག་ཏུ་བྱས་ལ་མེ་ལ་བསྲེག་གོ༔ གཟའ་བདུད་ཆེན་པོས་ཤ་ཟོས་ཁྲག་འཐུང་བར་བསམ་མོ༔ དེ་ནས་ལིང་རོའི་ཐལ་བ་དེ་སོལ་བ་དང་མ་འདྲེས་པར་བྱས་ལ༔ ལིང་རོའི་ཐལ་བ་དེ་ཚིལ་ལམ་ལ་ཆ་དང་བསྲེས་ལ་གཟུགས་ལེགས་པར་བཅོས་ལ༔ དེའི་ནང་དུ་དགྲ་ཡི་མིང་རུས་བཅུག་ལ༔ གཟུགས་དེ་གླང་ཤ་པའི་སའི་རྭ་གཡས་པའི་ནང་དུ་བཅུག་དེ་ལ་ཆས་ཁ་དྲིལ་ལ་ཀླུ་ཡོད་སར་གནན་ནོ༔ དེའི་སྟེང་དུ་ཁྲོ་བོས་བྲོ་བརྡུང་ངོ༔ ལག་པའི་ཁྲུ་ཐབས་ཞལ་ཤེས་སོ༔ དེ་ནི་གནན་པ་བསྟན་པའོ༔ ད་ནི་ཞལ་གདམས་བསྟན་པ་ནི༔ གོང་མའི་འཁོར་ལོ་དེ༔ ཤོག་བུ་གཙང་མ་ལ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་ལ་དབུས་ཀྱི་ལྟེ་བ་ལ༔ ཧྲི་ཤ་རུཿབྲི༔ ཕྱི་མ་ལ་རྩིབས་བརྒྱད་བྲི༔ རྩིབས་བརྒྱད་ལ༔ ཧྲི་ཤ་རུཿབྲིཿ མུ་ཁྱུད་ཕྱི་མ་ལ་གཏུམ་པོའི་སྙིང་པོ་བྲི༔ དེ་གཏུམ་པོའི་ལྟོ་བར་གཞུག༔ འཁོར་ལོ་རྡོ་ཕ་བོང་ལོང་བུར་དྲིལ་ལ་དེ་ར་རོག་པོའི་ཙིཏྟར་བཅུག༔ དེ་དར་ནག་གིས་དྲིལ་ལ་ལྕགས་དང་ཟངས་ཀྱི་གྭའུ་ཁ་སྦྱར་ནང་དུ་བཅུག༔ དར་སྣ་ལྔའི་ལུང་ཐག་བཏགས༔ ལུས་དང་མ་བྲལ་བར་རྒྱུན་དུ་བཅང་ངོ༔ གྭའུ་ཡ་གབ་ཟངས་ལ་བྱས་པས་ལྷ་འདྲེ་མི་གསུམ་དབང་དུ་འདུ་འོ༔ ཚེ་དང་བསོད་ནམས་སྤེལ་བར་འགྱུར༔ མ་གབ་ལྕགས་ལ་བྱས་པས་བསྟན་པའི་རུ་ཏྲ་སྒྲོལ་ཕྱིར་གཟའ་བརྒྱད་བྲན་དུ་ཁོལ་བར་འགྱུར་རོ༔ དེ་ནི་བླ་རྡོའི་ཞལ་གདམས་སོ༔ དེ་ནས་གཟའ་ཡི་ཐོ་བྱང་བསྟན་པ་ནི༔ གཟའ་རྒོད་དུག་གི་སྤུ་གྲི་ལ་ལེའུ་ཉི་ཤུ་རྩ་བཞི་ཡོད༔ དེ་ལ་བླ་རྡོ་སྲུང་བ་སྒོམ་ཐབས་འདི་གསུམ་དང་མི་ལྡན་ན༔ རང་སྲོག་རང་གིས་བཅད་པ་ཡིན༔ རང་གི་ཚབས་རང་གིས་བཅད་པར་འདུག་གོ༔ ནམ་མཁའི་ཧོམ་ཁུང་མ་ལ་སྒྲུབ་ཐབས་མི་འདྲ་བ་ཉི་ཤུ་རྩ་བཞི་ཡོད༔ དེ་ལ་བླ་རྡོ་སྲུང་བ་སྒོམ་ཐབས་འདི་གསུམ་དང་མི་ལྡན་ན་ཁོང་དུ་སྤུ་གྲི་ཟོས་པ་དང་འདྲ་བར་ཡོད༔ ལྕང་ལོ་ཅན་གྱི་སྒྲུབ་ལ་རིགས་མི་འདྲ་བ་ལྔ་ཡོད༔ དེ་ལ་བླ་རྡོ་སྲུང་བ་བྷེཾ་ཐབས་འདི་དང་བཅའ་གཞི་འདི་མེད་ན་ཁོང་དུ་དུག་སྦྲུལ་ཞུགས་པ་དང་འདྲ་བར་ཡོད་དོ༔ གངས་རི་ཐོད་དཀར་མ་ལ་སྒྲུབ་ཐབས་རིགས་མི་འདྲ་བ་ལྔ་ཡོད༔ དེ་ལ་བླ་རྡོ་སྲུང་བ་བྷེཾ་ཐབས་འདི་མེད་ན་ལག་རྡུམ་བྲག་ལ་འཛེགས་པ་དང་འདྲ་བ་ཡོད་དོ༔ ལྷོ་བྲག་མཁོ་མཐིང་མ་ལ་སྒྲུབ་ཐབས་རིགས་མི་འདྲ་བ་གཉིས་ཡོད་དོ༔ དེ་ལ་གནད་འདི་མེད་ན་ལོང་བ་གསེར་གླིང་དུ་ཕྱིན་པ་དང་འདྲ་བར་ཡོད་དོ༔ དེ་ལ་སོགས་ཏེ་གཟའ་བདུད་ཀྱི་སྒྲུབ་སྐོར་བརྒྱ་རྩ་བརྒྱད་ཡོད་དོ༔ དེ་རྣམས་ཐམས་ཅད་ལ་གནད་འདི་མེད་པའི་ཐབས་མེད་དོ༔ གནད་འདི་མེད་ན་མི་ནོར་ཐམས་ཅད་ལ་གནོད་པར་འདུག་གོ༔ གནད་འདི་རྣམས་དང་ལྡན་ན་མི་ནོར་ཐམས་ཅད་འཕེལ་བར་ཡོད་དོ༔ དེ་ནི་ཐོ་བྱང་བསྟན་པའོ༔ ད་ནི་ཞལ་གདམས་སྙིང་གི་ལྟོ་ཚིལ་བསྟན་པ་ནི༔ གོང་གི་ལྷ་དང་དབྱེ་བའི་ལིང་ག་དེ་ལ་ཁྱི་ནག་པོའི་སྤུ་ལ་སྐུད་པ་བྱས་ལ་འུག་སྒྲོ་གཉིས་ལ་བཏགས༔ ཕོ་རོག་སྒྲོ་ལ་ཤི་སྐྲའི་སྐུད་པས་བཏགས༔ སྐུད་པ་འཁལ་ལུགས་ཞལ་ཤེས་སོ༔ གོང་གི་ལས་མཇུག་སྡུད་པ་དེ་ལ་མེ་ནང་དུ་རཱ་ཧུ་ལ་བསྐྱེད༔ རཱ་ཧུ་ལ་ཞལ་ཐམས་ཅད་གདངས་པར་བསམ་ལ༔ གོང་གི་ལིངྒ་གསུམ་པོ་དེ་དང་ར་ཤ་ར་ཁྲག་ར་མཆིན༔ དཀར་གསུམ་མངར་གསུམ་དང་བཅས་པ་རྣམས་སྲེག་རྫས་ལ་ཕུལ་བས་དགྲ་བོའི་ཤ་ཟོས༔ ཁྲག་འཐུང་བར་བསམ་མོ༔ གཟའ་བདུད་མཉེས་ནས་བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་སྟེར་བར་བསམ་མོ༔ དེ་ལྟར་བྱས་པས་མི་ནོར་ཟས་གསུམ་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་འགྱུར་རོ༔ གཟའི་ཨོལ་བ་ཡང་དེ་ཡིས་འགོག་པར་འགྱུར་རོ༔ དུག་འབྱིན་པ་ནི༔ སྒྲུབ་པ་ཐོན་པའི་ཤུལ་དེ་རུ༔ བོང་དུག༔ ཐར་ནུ༔ སྤྱང་ཚེར་དང༔ གུ་གུལ་ནག་པོས་འབྲུབ་ཁུང་བཀྲུ་འོ༔ དཀར་གསུམ་མངར་གསུམ་རཏྣ་དང༔ རྩི་སྨན་སྣ་ཚོགས་ནི་བསྲེས་བྱས་ནས་རིན་ཆེན་སྣོད་དུ་བླུགས་ལ་དེ་དང་མདའ་བྱ་རྒོད་མའི་མགུལ་དུ་རྨ་བྱ་དང་དར་སྐྱེར་ཁ་གང་གདགས་ལ༔ ཞལ་གཅིག་འབྲུབ་ཁུང་དུ་གཞུག༔ དེ་ནས་རང་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ༔ ཞག་གསུམ་མི་དང་ལབ་མ་འདྲེས་པར་ངག་མཚམས་དམ་པར་བྱས་ནས༔ ཕྱག་ན་རྡོ་རྗེའི་གཟུངས་ཆུས་སྒྲུབ་ཁང་ལ་གཏོར༔ རྡོ་རྗེ་སེམས་དཔའི་གཟུངས་ཆུས་རང་གི་ཆས་གོས་ལ་གཏོར༔ དེ་ལྟར་བྱས་ན་དུག་དབྱུང་ལ་བཀྲ་ཤིས་པར་འགྱུར་རོ༔ མདའ་དར་གྱི་གཡུག་ལུགས་ཞལ་ལས་ཤེས་སོ༔ དེ་ནས་སྔགས་བྱང་བསྟན་པ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཧྲི་ཤག་རུ་རག་རམ་ན་གེ་ཙིཏྟ་ཏྲཾ་མ་མ་ཡང་ཟ་འགྲམ་ཧ་ཧི་ཡོ་གི་ཤ་ལ་ཛ་ཛ༔ ཞེས་བཟླས་པས་ཞག་བདུན་ན་སྔགས་པ་ནག་པོ་གོས་ནག་གྱོན་པའམ༔ གིང་པའམ༔ བཙུན་པའམ༔ རས་པའམ༔ འཇིག་རྟེན་འོད་ཀྱིས་ཁེངས་པའམ༔ ནམ་མཁའ་ན་མེ་སྟག་རྒྱུ་བའམ༔ འཇའ་ཚོན་གྱི་གུར་ཕུབ་པའམ༔ ཉི་མ་ཤར་བའམ༔ རྣལ་འབྱོར་པའི་ཚོགས་མང་པོ་འཚོགས་པའམ༔ ར་ལུག་གི་ཁྱུ་ཆེན་པོ་འདུག་པའམ༔ དགྲ་ཡུལ་མེས་ཁེངས་པའམ༔ ནམ་མཁའ་ལ་འཕུར་བ་ལ་སོགས་འབྱུང་ངོ༔ དེ་ལྟར་མ་བྱུང་ན་གཏོར་མ་གཏར་བཟུང་ཞིང་དགོངས་པ་བསྐྱེད་ལ་སྔགས་བཟླ་འོ༔ ཞག་གསུམ་ལ་མི་ཡོང་མི་སྲིད་དོ༔ གསང་སྔགས་འདི་བཟླ་འོ༔ སྔགས་འདི་རྟགས་དང་སྦྱར་ལ་བཟླས༔ མང་ན་ཚིག་གོ༔ ནི་ཏ་པ་ཀི་ལ་ཙ་ཀི༔ མེ་རུ་རུ་ཀྱེ་མེ་ཤན་པ་ཝོང༔ ཉག་ཐུམ་རིལ་རྦད་ཡ༔ ཞེས་བཟླས་པས་རྨི་ལྟས་འབྱུང་ངོ༔ རབ་དངོས༔ འབྲིང་ཉམས༔ ཐ་ན་རྨི་ལམ་དུ་འབྱུང་ངོ༔ དེ་ལྟར་བྱུང་བ་དང་རྦད་སྔགས་འདི་བཟླ་འོ༔ ཨ་ཀྲོ་ཏེ་ཀ་ཧྲི་ཤྲི་རུ་མ་མ་ཟ་ཀ་ལ་རྦད་ཛ་ཛ༔ སརྦ་དུཥྚཱན་ཤ་ཏྲུཾ་ཆེ་གེ་མཱ་ར་ཡ་རྦད་ཛ་ཛ༔ དེ་ལྟར་བཟླས་པ་དང་རྨི་ལྟས་སུ་མཚོན་བརྡར་བ་དང༔ དམག་ལ་འགྲོ་བ་དང༔ རི་དྭགས་ཁྱིས་དེད་པ་དང༔ སེམས་ཅན་མང་པོ་གཡང་ཆེན་པོ་ལ་དེད་པ་དང༔ བཙོན་འཛིན་པ་དང༔ རྒྱ་འཛུག་པ་དང༔ ཇག་ལ་འགྲོ་བ་ལ་སོགས་པའི་རྨི་ལྟས་འབྱུང་ངོ༔ དེ་ལྟར་བྱུང་བ་དང་གསད་སྔགས་འདི་བཟླ་འོ༔ སྲོག།་་་པ་རཱ་ཧུ་ལ༔་་་གཟའ་ཡིན། གཤིན་རྗེ།་་་ཡ་མ༔ ཀླུ།་་་ནཱ་ག༔ ལྷ།་་་དེ་བ༔ གནོད་སྦྱིན།་་་ཡཀྴ༔ སྲིན་པོ།་་་རཀྴ༔ དགྲ་ལྷ།་་་དྷ་ཤ་གྷྲཱི་བ༔ དགྲ་མིང་།་་་ཆེ་གེ་མཱ་ར་ཡ་རྦད་་་སྤུ་གྲི་འབྲུ་བཞི།་་་སོད་སོད༔ ཅེས་བཟླས་པ་དང༔ གཡག་བསད་པ་དང༔ ཤ་ཟོས་པ་དང༔ སྙིང་ཁྱེར་བ་དང༔ བཤས་བྱེད་པ་དང༔ ནང་རོལ་མང་པོ་ཟ་བ་དང་བཅས་པ་འབྱུང་ངོ༔ པ་རཱ་ཧུ་ལའི་དྲག་སྔགས་འདི་ལྷ་སྲིན་སྡེ་བརྒྱད་པོའི་དཔུང་བསྐྱེད་པ་ཡིན༔ དགྲ་ལ་མི་འགྲོ་བའི་དབང་མེད་པ་ཡིན༔ པ་རཱ་ཧུ་ལ་བཟླས་ན་ཟློག་པ་མཁན་སྟོང་གིས་ཟློག་པར་མི་འགྱུར་རོ༔ པ་རཱ་ཧུ་ལ་ཡི་སྔགས་འདི་ཁྱབ་འཇུག་གི་སྒྲུབ་སྐོར་ཀུན་ལ་མེད་པས་གསང་བ་གལ་ཆེའོ༔ རྟགས་རྣམས་རྫོགས་པ་དང་གནན་པའི་ལས་བྱའོ༔ རྨི་ལྟས་ཕུར་པ་དང་རྟགས་ཀྱི་ཞག་གྲངས་དང་བཅས་པ་ཞལ་ལས་ཤེས་སོ༔ ལིངྒ་བྲི་བའི་དུས་དང་ཚེས་གྲངས་དུས་ཚོད༔ གཟའ་དར་རྒུད་བརྩི་བ་དང༔ བྲི་ལུགས་བྲི་བའི་རྫས་རྣམས་དང༔ ཁའི་ལྟ་ཕྱོགས་རྣམས་དང་རང་གི་ཁ་དང་ལིངྒའི་ཁ་དང་བཅས་པ་རྣམས་ཞལ་ལས་ཤེས་སོ༔ དེ་ནས་དུག་སྲུང་བསྟན་པ་ནི༔ རང་ཉིད་ལྕགས་ཀྱི་སྡིག་པ་འཇིགས་སུ་རུང་བ་རྭ་གཡས་པ་ཟེང་ཟེང་བྱས་པས་མེ་འུར་འུར་གྱེན་ལ་འབར་བ༔ རྭ་གཡོན་པ་ཟེང་ཟེང་བྱས་པས་ཆུ་ཐུར་ལ་ཤབ་ཤབ་འབབས་པ༔ སྒལ་པ་ལྕགས་མ་འགྲིགས་ཡོད་པ༔ རྭ་གཡས་པའི་མེས་དུག་རླངས་བསྲེག་པ༔ གཡོན་པའི་ཆུས་བཀྲུ་བ༔ རང་སྡིག་པར་གྱུར་པའི་བཀའ་འོག་ཏུ༔ རང་གི་འཁོར་དང་ནོར་ཕྱུགས་ཐམས་ཅད་ཚུད་པར་བསྒོམས་ལ༔ སྔགས་འདི་བཟླ་འོ༔ ཨོཾ་སུ་བྷི་ར་ཏན་མེ་སྭཱ་ཧཱ༔ ཞེས་བཟླས་པའི་དུག་རླངས་ཀྱིས༔ ཁྱབ་འཇུག་གི་དུག་ཞི་སྟེ་རང་གི་འཁོར་ནོར་ཐམས་ཅད་ལ་དུག་རླངས་མི་འབྱུང་ངོ༔ དེ་ནས་ཞུད་ཁ་སེལ་བ་ནི༔ ཨོཾ་ཏེ་ཕག་རམ་ཏོ་མ་རམ་སེ་ཏེ་ཧྲི་ཏེ༔ དེས་ཞུད་ཁ་སེལ་ལོ༔ ཏོ་ཕག་རམ་ཏོ་གསེར་གྱིས་བྲིས་ནས་རང་གི་མགུལ་དུ་བཏགས་ན་རང་གི་འཁོར་ནོར་ཐམས་ཅད་བསྲུང་བར་འགྱུར་རོ༔ དེ་ནས་སྲུང་བ་བསྟན་པ་ནི༔ ཨོཾ་པ་ཤ་མི་ཀི་རུ་རུ་མ་མ་ཏི་ཀི་ཛ་ལ་ཏི་སྭཱ་ཧཱ༔ ཞེས་བཟླས་སོ༔ སྔགས་འདིའི་གྲངས་དང་ཡོན་ཏན་རྣམས་ཞལ་ལས་ཤེས་སོ༔ སྲོད་ལ་ཕྱག་རྡོར་བསྙེན་པ་བརྒྱ་རྩ་རེ༔ སུམ་བྷི་ར་བརྒྱ་རྩ་རེ༔ པ་ཤ་མི་ཀི་བརྒྱ་རྩ་རེ༔ ཏེ་ཕག་རམ་ཏོ་བརྒྱ་རྩ་རེ་བཟླས་སོ༔ དེ་ལྟར་བཟླས་ན་སྲུང་བ་གཞན་མི་དགོས༔ རྟ་མགྲིན་བསྙེན་པ་ཞལ་ལས་ཤེས་སོ༔ དེ་ནི་ཞལ་གདམས་བླ་རྡོ་སྲུང་བ་སྒོམ་ཐབས་སྔགས་འདི་རྣམས་མང་ནས་ཕྱིན་ན༔ ཉི་མ་གཅིག་ལ་སེར་བ་ལན་སྟོང་ཕབ་ཀྱང་ཐོག་གི་ཉེས་པ་མི་འབྱུང་ངོ༔ དེ་བས་གནད་འདི་རྣམས་དང་ལྡན་ན་ནད་པ་ལ་གདོན་ཚབ་ཅན་རྒྱབ་ཀྱང་དྲག་ཐལ་བྱེད་པ་དང་བསྲུང་བ་འདོགས་པ་ལ་སོགས་བྱས་ཀྱང་ཉེས་པ་མི་འབྱུང་ངོ༔ བླ་རྡོའི་སྲུང་བ་སྒོམ་ཐབས་བསྙེན་པ་འདི་དང་མ་བྲལ་བར་ལུས་ལ་བཅང་ན་དུས་ཀྱི་གཏོར་མ་ཆག་ཀྱང་ཉེས་པ་མི་འབྱུང་ངོ༔ ལོངས་སྤྱོད་དངོས་གྲུབ་རྒྱུན་མི་འཆད་དོ༔ ཕྱི་ལ་ཁྱི་བཞིན་འབྲང་བར་འགྱུར་རོ༔ འདི་ཡི་ལོ་རྒྱུས་ནི༔ གྲུབ་ཐོབ་མེ་ལོང་རྡོ་རྗེས་སྒྲུབ་པ་མཛད་པའི་དུས་སུ་གཟའ་བདུད་ཕོ་མགོ་དགུ་པ་དངོས་སུ་ཞལ་མཇལ་བའི་དུས་སུ༔ ཚེས་བརྒྱད་ཀྱི་ཐོ་རངས་སྐར་ཆེན་ཤར་བ་དང་བྱུང་ནས༔ གཟའ་བདུད་ཕོ་མགོ་དགུ་པས་སྲོག་སྙིང་མདོངས་གསོལ་དུ་ཕུལ་བ་འདི་ལ༔ བླ་རྡོ༔ སྲུང་བ༔ སྒོམ་ཐབས༔ དུག་འབྱིན༔ ཞུད་ཁ་སེལ་བ༔ བཅའ་གཞི་འདི་རྣམས་ཕུལ་ནས་ནམ་མཁའ་ལ་ཡལ་ལོ༔ ཁོང་ཐུགས་ཡིད་མ་ཆེས་ནས་གཞན་ལ་སྤེལ་ན་ངའི་སྙིང་ཁྲག་ཐང་ལ་ཕོ་གསུངས་ནས༔ བཀའ་དམ་པར་གདམས་ནས་ནམ་མཁའ་ལ་ཡལ་ལོ༔ དེ་ནས་གྲུབ་ཐོབ་མེ་ལོང་རྡོ་རྗེས་སྤེལ་བའི་གནས་མེད་པས་ལྷོ་བྲག་མཁོ་མཐིང་གི་བྲག་གོ་ན༔ བྲག་སྤྱང་མོ་ཐུར་དུ་རྒྱུག་པ་དང་འདྲ་བ་གཅིག་ཡོད་པས༔ དེ་ཡི་ལྟོ་བར་གཏེར་ལ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་བཀའ་རྒྱས་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁོ་མཐིང་ལྷ་ཁང་མའོ༔ དེ་ནས་ལྷོ་བྲག་མཁར་ཆུའི་བླ་མ་ཕྱག་རྡོར་བ་ཐུགས་དམ་ལ་བཞུགས་པའི་དུས་སུ༔ ལྷོ་བྲག་མཁོ་མཐིང་གི་བྲག་སྤྱང་མོ་ཐུར་དུ་རྒྱུག་པ་འདྲ་བ་གཅིག་ལས༔ ཉིན་བཞིན་རླུང་ནག་འཚུབས་པ༔ མཚན་བཞིན་མེ་འབྱུང་བ་འོད་འཕྲོ་བ་གཅིག་འདུག་པས༔ ཁོང་གིས་དེར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་པས༔ བྲག་གི་གཤོར་ནས་ཚུར་རླུང་གིས་ཤོག་དྲིལ་གཅིག་ཁྱེར་བྱུང་བས༔ དེ་གཟིགས་པས་གཟའ་བདུད་མགོ་དགུ་པའི་བླ་རྡོ༔ སྲུང་བ་སྒོམ་ཐབས༔ བཅའ་གཞི་དང་བཅས་པ་འདི་འདུག་པས༔ ཁོང་གིས་ཞག་བདུན་བསྒྲུབས་པས༔ མཐུ་དང་ལོངས་སྤྱོད་སྙན་གྲགས་ཆེན་པོ་ཐོབ་བྱུང་ངོ༔ བླ་མ་ཕྱག་རྡོར་བ་ལ༔ དྭགས་པོ་དུ་ལུང་བའི་སྟོན་པ་ཀུན་དགའ་རྒྱལ་གྱིས་བེར་ཐུལ་གཅིག༔ ཇ་སིག་གཅིག༔ དར་ཡུག་གཅིག་ཕུལ་ནས་ཞུས་ཏེ༔ ཞག་བཅུ་གཉིས་བསྒྲུབས་པས་ཟླ་བ་གཅིག་ན་མི་ཉི་ཤུ་རྩ་གཅིག་ཤིའོ༔ ཁོ་རང་གི་མི་ནོར་ཐམས་ཅད་འཕེལ་བར་བྱུང་ངོ༔ སྟོན་པ་ཀུན་དགའ་རྒྱལ་ལ་དཔོན་ཆོས་དཔལ་བཟང་པོས་ཕྲུག་ལྕམ་གཅིག༔ ཟངས་ཆུང་གཅིག༔ ལྕགས་སྒྱེད་གཅིག་དང་བཅས་པ་རྣམས་ཕུལ་ནས་ཞུས་སོ༔ ཁོང་གི་མ་བསྒྲུབ་པ་ལ་མཐུ་དང་སྙན་གྲགས་ཆེན་པོ་བྱུང་ངོ༔ དཔོན་ཆོས་དཔལ་བཟང་པོ་ལ་བླ་མ་བྲག་མཁར་བས་གཡུ་ཞོ་བཞི་རི་བ་གཅིག༔ འབྲི་དམར་ཞོ་གསུམ་རི་བ་གཅིག༔ གསེར་ཞོ་བཞི་དང་བཅས་པ་ཕུལ་ནས་ཞུས་པས་སྙིང་ན་བས་དགྲ་ཐམས་ཅད་ལོ་གཅིག་གི་རིང་དུ་ཤི་སྟེ་མཐུའི་གྲགས་པ་ཆེན་པོ་བྱུང་ངོ༔ ཁོང་གིས་བདག་ལ་མན་ངག་སྦྱིན་པའི་གཏང་རག་ལ་གནང་བས་འདི་བདག་ལ་ཡིད་ཆེས་ཤིང༔ ཁུངས་བཙུན་རིགས་གསང་བར་བྱའོ༔ འདིའི་བཀའ་ལུང་ཞུ་བ་དང་འབྲི་བའི་དུས་སུ༔ ནས་བྲེ་གསུམ་གྱི་ཁར་དམར་གཏོར་ཆེ་བ་གཅིག་བཞག༔ དེ་ལ་ར་ཤ་ར་ཁྲག་གིས་བརྒྱན་མདའ་བྱ་རྒོད་མའི་སྟེང་དུ་དར་ལེ་བརྒན་དམར་པོ་གཡས་གཡོན་གྱི་མུ་ཚང་པ་གཅིག་བཏགས་ལ་གཏོར་མ་ལ་གཟུགས༔ གཏོར་མའི་གཡས་སུ་ར་ཤ་ལག་པ་གཡས་པ་གཅིག་བཞག༔ གཡོན་དུ་བདུད་རྩི་བུམ་པ་གང་བཞག་ར་ཚིལ་དང་སྤོས་ཀྱི་དུད་པ་བཏང་ལ་རོལ་མོའི་སྒྲ་དང་བཅས་ཏེ་ཆོས་སྐྱོང་རཱ་ཧུ་ལ་ལ་གཏོར་མ་འབུལ་ལོ༔ གྱེར་བའི་དབྱངས་དང་བཅས་ཏེ་བསྟོད་དོ༔ འདོད་པའི་དོན་ལ་གསོལ་བ་བཏབ༔ དངོས་གྲུབ་བླངས༔ ནོངས་པ་བཟོད་པར་གསོལ༔ དགེ་བ་བསྔོ༔ བཀྲ་ཤིས་བརྗོད་དོ༔ དྲག་སྔགས་ཐོག་དང་འདྲ་བ་སྣང་སྲིད་སིལ་བུར་གཏོང་བ་ཆོས་སྐྱོང་རཱ་ཧུ་ལ་ཡི་ལས་ཡང་དག་པ་རྫོགས་སོ༔ ༄༅༔ སྤུ་གྲི་ནག་པོ་བཞུགས༔་་་པྲ་དུན་རྩེའི་ཀ་ཞུ་ནས། སྔགས་པ་དབང་ཆེན་གྱིས་བཏོན། བཛྲ་པཱ་ཎི་ལ་ན་མོ༔ སྤུ་གྲི་ནག་པོ་དྲང་སྲོང་ཁྱབ་འཇུག་གི་ལས་གཟའ་ནག་པོ་ཁྱབ་འཇུག་ལ་དགྲ་བོ་ཟས་སུ་གཏད་པ་ནི༔ ཚེ་གསུམ་ཕྱེ་མ་ཕུལ་གང་ལ༔་་་སྐེ་ཚེ། ཤང་ཚེ། ཡུངས་ཚེ། ར་གསུམ་བསྒྲལ་བའི་ཁུ་བས་སྦྲུ༔་་་ཨ་རུ་ར། བ་རུ་ར། སྐྱུ་རུ་ར། ཚྭ་གསུམ་བཏབ་ལ་འདྲ་འབག་བྱ༔་་་རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། ཙིཏྟ་གསུམ་གྱི་རྟེན་ལ་བཞག༔་་་མི། རྟ། ཁྱི་གསུམ། རཀྟ་གསུམ་གྱིས་ཁྱབ་པར་བྱུགས༔ གྲོ་གའམ་ཤོག་བུ་ལ།་་་མིང་རུས་བྲིས་ལ་སྙིང་གར་སླན༔ ཡན་ལག་དྲུག་ལ་་་གཟའ་རཱ་ཧུ་ལ་ཆེ་གེ་མོ་སོགས་བྲི།ང་ལོངས་བྲི༔ རི་གསུམ་རྩེ་དང་ལུང་གསུམ་མདོ༔ དུས་བརྒྱད་འགྱུ་དུས་གདོང་དུ་བཞག༔ དྲང་སྲོང་ཁ་གདངས་སྔགས་འདི་བཟླས༔ པྲ་བྱིད་ཤག་པྲ་བྱིད་ཤག༔ ཧ་ཧ༔ ཚལ་པ་ཚལ་པ༔ ཉིག་ཉིག༔ རྒྱུག་རྒྱུག༔ ཆེམ་ཆེམ༔ རཱ་ཧུ་ལ་ཁཱ་ཧི་ཁཱ་ཧི༔ ཤ་ལ་རོལ༔ ཁྲག་ལ་རོལ༔ དབུགས་ལ་རོལ༔ མཱཾ་ས་ལ་རོལ༔ གཟུགས་ཕུང་ལ་ཁཱ་ཧི༔ བླ་ཚེ་དབུགས་མདངས་ལ་ཁཱ་ཧི༔ ཆེ་གེ་མོ་འདི་ལ་རོལ༔་་་དམ་ཉམས་དགྲ་བོ་ཆེ་གེ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་གཉན་པོ་བཤིག་གོ །དམ་ཉམས་པ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། རོལ་ཅིག་ཁྱེད་ལ་འབུལ་ལོ། །མ་གཏང་ཞིག །མིང་དང་རུས་སུ་བཅས་པ་ཁྱེད་ལ་འབུལ་ལོ། །བྱས་ལ་འབུལ་ལོ། །བཞེས་ཤིག༔ བསྔོས་ཤིག༔ ཅེས་པ་བརྒྱ་རྩ་བརྒྱད་བཟླས༔ གཟུགས་དང་ལིང་ག་སྦྲགས་ལ་བཞག༔ ཁྱེར་ན་གས་ནས་འོང༔་་་འཆོར་མི་སྲིད། ལོག་པའི་གདོང་དུ་འཆི་བར་འགྱུར་རོ༔་་་སྲུང་ཟློག་གིས་མི་ཐུབ། འགོར་ཡང་ཟླ་བ་དག་ནས་ཡོང༔་་་མྱུར་དུ་འོང་། རང་གི་ཁ་ལྟ་ཕྱོགས་ཤེས་པར་བྱ༔ རང་ལ་སྲུང་བ་ལྡན་པར་བྱ༔་་་ཚུར་ལོག་ཉེན་ཡོད། དྲང་སྲོང་ནག་པོ་སྤུ་གྲི་ཡི༔ གུ་རུ་པདྨའི་གདམས་པ༔ བྱང་པྲ་དུན་རྩེའི་གཏེར་མ༔ རྒྱ་རྒྱ་རྒྱ༔ གཟའ་ནག་པོ་ཁ་གདངས་པ་ལ་དགྲ་བོ་ཟས་སྐལ་དུ་གཏད་པ་འདི༔ ཨོ་རྒྱན་པདྨས་བྱང་པྲ་དུན་རྩེའི་ལྷ་ཁང་གི་ཀ་ཞུ་ལ་སྦས༔ དེ་ལ་སྟོད་པའི་སྔགས་པ་དབང་ཆེན་གྱིས་བཏོན་པ་འདི༔ ལག་ལེན་གསུམ་བྱས་དགྲ་གསུམ་བསད༔ དེ་ནས་སྟོན་པ་ནམ་བཟང་གིས་ཞུས༔ གསེར་སྲང་བདུན་ཕུལ་སྟོན་རའི་ཉ་ལ་ལག་ལེན་བྱས་པས༔ ཟླ་བ་ཕྱི་མའི་ཚེས་བཅོ་ལྔ་ལ་བསྒྲལ་ཐུབ་བོ༔ འདི་ལས་ཟབ་པ་ཡོད་རེ་ཀན༔ མ་སྤེལ་ཙིཏྟ་ཉིད་ལ་སྟིམས༔ ྀཨཚ༔ སྔགས་འཆང་མཐུ་སྟོབས་ཀྱིས་བྲིས་སོ།། ༄༅། །ངན་སྔགས་མུ་སྟེགས་རྡེའུ་ནག་པོ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱ་གར་ཡུལ་གྱི་བྱེ་བྲག་ཟ་ཧོར་གྱི་ཡུལ། མཚོ་ཨ་ཀུན་འཁུན་གྱི་འགྲམ་ན། བྲག་ལྕོང་མོ་འདྲ་བ་གཅིག་དང་། སྡིག་པ་ཐུར་ལ་རྒྱུག་པ་འདྲ་བ་གཅིག་གི་བར་དུ། སློབ་དཔོན་ཨ་ཙརྻ་གྲགས་པའི་ཡེ་ཤེས་ཀྱིས་གཟིགས་པས། དུག་སྦྲུལ་དངུལ་རྒྱབ་པ་གཅིག་གི་ཁ་ན་མཐིང་ཤུན་ལ་གསེར་གྱིས་བྲིས་པ་གཅིག་དང་། སྦལ་པ་གསེར་སྦལ་རྐང་གསུམ་པ་གཅིག་དུག་སྦྲུལ་ཁ་ན་ཁྱེར་བ་མཐོང་ངོ་། །གར་སོང་བལྟས་པས་དུར་ཁྲོད་ཆེན་པོ་བསྟན་བྲག་གི་འོག་ཏུ་སྦས་ནས་དུག་གི་ཁ་ཆུས་ཆག་ཆག་འདེབས་པ་མཐོང་ངོ་། །དེར་བོང་ང་ནག་པོའི་ནགས་ཚལ་སྐྱེས་པ་མཐོང་། སློབ་དཔོན་གྱིས་དུག་གིས་མི་ཚུགས་པའི་སྒྲུབ་པ་མཛད་ནས་གཏེར་ནས་བཏོན་ནོ། །སློབ་དཔོན་གྱི་ཐུགས་ཀྱི་ཉིང་ཁུ་ཨ་ཙརྻ་དམར་པོ་ལ་གནང་། ཨ་ཙརྻ་དམར་པོས། བྲམ་ཟེ་མཐོང་བའི་རེག་ཆོད་ལ་གནང་། དེས་མྱ་ནམ་གླང་ཡུལ་གྱི་བྲག་དམར་པོ་ཆུ་སྲིན་ཁ་གདངས་པ་འདྲ་བ་གཅིག་གི་འོག་ཏུ་སྦས་པ་དེ། བསམ་ཡས་ཀྱི་ཁ་ཡིག་ལ་ཡོད་པས། དགེ་བཤེས་དབང་ཤག་གིས་གཏེར་ནས་བཏོན་ནོ། །ངན་སྔགས་འདི་ཡི་མིང་ནི། མུ་སྟེགས་རྡེའུ་ནག་པོ་ཡིན། འདི་ཡི་ལུགས་ཀྱི་དགྲ་ལ་མཐུ་བྱེད་ན། གཡག་གམ་འབྲི་ཡི་ལྕི་བ་ལ་དགྲ་བོའི་ལིང་ག་བྱས་ལ། ཤོག་བུ་ལ་དགྲ་བོའི་མིང་རུས་བྲིས་ལ་ནང་དུ་གཞུག །ལྕགས་ཀྱི་ཕུར་པ་སོར་བཞི་པ་གཅིག་དགྲ་བོའི་ལིང་གའི་མཁལ་མའི་ཐོག་ཏུ་རྒྱབ་ལ་བཞག །ཟངས་ཀྱི་སྦུ་གུ་སོར་བཞི་པ་ལིང་གའི་ལྟེ་བའི་ཁུང་དུ་བཙུགས་ལ། སྦུ་གུ་ལ་མཆུ་གཏད་པར་བྱའོ། །སྔགས་བཟླས། ངན་སྔགས་འདི་ཡིན་ནོ། །རྒྱུག་རྒྱུག་ཆོ། ཤ་ཟན་ཧོར་མོ་མགྱོགས་མོ། ཤུགས་ལ་བྲེང་། ཧུར་ཐུམ་མུག་རྩ་ལ་བྲེང་། རོ་ལ་ཐིབས། ཙཀྲ་ཝརྟི་རྦུད། སྙིང་ཁྲག་ཁ་ལ་ཏིག་རམ། སྲོག་གི་མགོ་ལ་རྒྱོབ། སྙིང་ཙིཏྟ་དམར་པོ་ཤག །ཚལ་ཚལ་ཙ་ལེ། སྒྲུབ་པ་བྱེད་པའི་དུས་སུ། ཉིན་སྟོང་མཚན་སྟོང་རྡེག །རང་གི་ནུས་ཚད་ཞག་བདུན་བསྒྲུབ་པར་བྱའོ། །སྒྲུབ་པ་ཐོན་པའི་དུས་ཉི་མ་རྒས་པའི་ཟེར་ལ། དགྲ་བོ་ཕོ་ལོག་གིས་བཏབ་ནས་འཆི་ཁ་མིག་སྣ་རྩེ་ལྕེ་རྩེ་ལ་ཁྲག་ཟགས་ནས་འོང་། རྟགས་ནི་སྤྱང་ཀི་སྔོན་པོའི་ཁ་ནས་ཁྲག་དམར་ཙར་རེ་བ་དང་། ལྕགས་ཀྱི་མི་རེང་གིས་དེ་ཡི་སྙིང་བཏོན་ནས་འོང་། བདག་ལ་ཁྱི་ཡི་མགོ་ཁྱེར་བ་བྱུང་སྐད། ཁྱི་མགོ་སྔུན་དུ་ཁྱེར་བ་ཡང་ཡོང་། སྔུན་དུ་མེ་འབར་བ་ལ་སོགས་པ་ཡང་ཡོང་ངོ་། །བར་སྣང་ལ་ལྕགས་ཀྱི་སྤྱང་མོས་དགྲ་བོའི་སྙིང་བཏོན་པ་ཡོང་ངོ་། །འདི་ནི་ཐུན་མོང་མ་ཡིན་པའི་ངན་སྔགས་སོ། །ཕྱུགས་མས་མི་ལ་འཛིང་དུ་འོང་བ་དང་། ཕྱུགས་སྟེང་དུ་རྫོགས་པ་དང་། ཕྱུགས་ལ་འོད་འོང་བའི་ཐབས་ལ། རྟ་ཕྱུགས་ཕྱུགས་ལུག་གང་ཁྱེར་བའི་གཟུགས་བྱས་ལ། ནང་དུ་དགྲ་བོའི་མིང་རུས་བྲིས་ལ་གཞུག་གོ །ཡང་ན་གཟི་གོང་ལ་མིང་རུས་བྲིས་ལ་གཞུག །དེ་ནས་སྔགས་འདི་བཟླས། རྒྱུག་ཆོ་ཤ་ཟན་ཧོར་མོ་མགྱོགས་མོ། ཤུགས་ལ་བྲེང་། ཤག་ཏི་ཚལ་པ་རྦད། དམ་ཉམས་དགྲ་བོའི་ཡུལ་དུ་ཐོག་རྒྱོབ་ཆོ་ཆོ།་་་ཆིལ་ཆིལ་ཟེར། ཞེས་བཟླས་ལ་གཟུགས་བརྙན་ཀླད་ལ་བསྐོར་ཏེ་དགྲ་ཕྱོགས་སུ་ཁ་བལྟས་ལ། རང་གི་འགྲམ་པ་གཡས་པ་ལ་ས་དཀར་བྱུག །གཡོན་ལ་ནག་པོ་བྱུག །བྲང་བརྡུངས་ཆོ་ངེས་འདེབས། དམ་ཉམས་དགྲ་བོ་འདི་མི་ཕྱུང་མགོ་ནས་ཕྱུང་། ཤིང་ཕྱུང་རྩད་ནས་ཕྱུང་། ཉི་མ་དགོང་ཀ་ཉི་ཟེར་ལ་བསྐྱོན་ཏེ་དགྲ་ཕྱོགས་སུ་འཕང་ངོ་། །དེས་རྟ་ཕྱུགས་ལ་མེ་འབར་བ་དང་། མི་སྐད་སྨྲ་བ་དང་། མི་འཛིང་བ་ལ་སོགས་པ་འོང་ངོ་། །བན་རྒན་ང་མ་གསད་ཟེར་དུ་འོང་སྟེ་དགྲ་བོ་དར་ཅིག་ཀྱང་སྡོད་མི་ཚུགས་སོ། །ངན་སྔགས་འདི་ཁོལ་བ་ལ། བལ་པོ་རཀ་གཅོད་གང་ན་མེད། ས་མ་ཡ་ཁ་ཐམ། ཟབ་ཟབ། ༈ རྒྱུག་རྒྱུག་ཆོ། ཤ་ཟན་ཧོར་མོ་མགྱོགས་མོ། ཤུགས་མ་འབྲེང་། ཨུར་ཐུམ་མུགས་ཙ་ལ་བྲེང་། རོ་ལ་ཐིབས། ཙཀྲ་ཝརྟི་རྦད། སྙིང་ཁྲག་ལ་ཏིགས་རཾ། སྲོག་གི་མགོ་ལ་རྒྱོབ། སྙིང་ཙིཏྟ་དམར་ཤག །ཚལ་ཚལ་ཙ་ལེ། འདིའི་དཔེ་ཤིན་ཏུ་དཀོན། ཁོ་བོ་སྔགས་འཆང་མཐུ་སྟོབས་པས། བྱང་བདག་པོ་མཚུངས་མེད་བཀྲ་ཤིས་སྟོབས་རྒྱལ་པའི་ཤོག་དྲིལ་ལ་བཤུས་སོ།། །། ༄༅༔ གཟའ་བདུད་རཱ་ཧུ་ལ་དང་ལྷ་མོ་རེ་མ་ཏི་གཉིས་ཀྱི་ཆོ་འཕྲུལ་ཁྱད་འཕགས་བཞུགས་སོ༔ དཔལ་ལྡན་བླ་མ་དམ་པ་དང༔ གསང་བདག་ཆེ་ལ་ཕྱག་འཚལ་ལོ༔ གསང་བདག་གོང་བསྙེན་སོང་བ་ཡིས༔ བཀའ་སྲུང་འདི་ཉིད་བསྒྲུབ་པར་བྱ༔ འདི་ཡི་བྱ་ཐབས་བསྟན་པ་ནི༔ ཤིན་ཏུ་དབེན་ཞིང་ཉམས་སྤྲོ་བའི༔ བྲག་ཁྲོད་ལུང་གསུམ་འདུས་པའི་སར༔ ཕད་བུ་ནག་པོའི་ནང་དག་ཏུ༔ འབྱུང་པོ་སྤྲེ་འུའི་ཐོད་པའི་ནང༔ རྡོ་བ་ཕ་བོང་ལོང་བུ་ལ༔ ལོགས་དྲུག་མཚལ་གྱིས་ཏྲི་དྲུག་བྲི༔ ཏྲི་དྲུག་ཐ་མ་དྲུག་པོ་ལ༔ ཕོ་སྔགས་མོ་སྔགས་བྲིས་ལ་བསྐོར༔ དར་དམར་དྲིལ་ལ་ཐོད་པ་ཡི༔ ཨག་ཙེའི་ནང་དུ་བཅུག་པར་བྱ༔ ཕོ་འཁོར་འཁོར་ལོ་རྩིབས་བརྒྱད་དང༔ མོ་འཁོར་པདྨ་འདབ་བརྒྱད་ཉིད༔ ཁ་སྦྱོར་བར་དུ་ལིང་འཁོར་བཅུག༔ འཁོར་ལོའི་ཡིག་མགོ་གྱེན་དུ་བསྟན༔ ལིངྒའི་མགོ་བོ་ཐུར་དུ་བསྟན༔ ལེགས་པར་དྲིལ་ལ་ཚོན་སྐུད་ལྔས༔ རྒྱ་གྲམ་དག་ཏུ་བཅིངས་པར་བྱ༔ བསྙེན་དུས་སྤྲེལ་ཐོད་ནང་དུ་གཞུག༔ རྦད་གསད་བྱེད་ཚེ་ཁ་རུ་བཅུག༔ དེ་ནི་བཅས་ཀྱི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་སྒྲུབ་པའི་རིམ་པ་ལ༔ གཟའ་དང་མ་མོ་གནས་པའི་སར༔ ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ༔ བསྙེན་སྔགས་འདི་ལ་འབད་པར་རིགས༔ དེ་བས་མྱུར་བར་འགྲུབ་ཀྱང་སྲིད༔ རྟགས་དང་སྦྱར་ཅིང་བསྒྲུབ་པར་བྱ༔ དེ་ཡི་དྲག་སྔགས་འདི་ཡིན་ནོ༔ ར་ཏྲི་ར་ཏྲི༔ རུ་ཏྲི་རུ་ཏྲི༔ རེ་མ་ཏྲི་རེ་མ་ཏྲི༔ གི་གུ་དྲུག་ལ་ར་བཏགས་དྲུག༔ ཞབས་ཀྱུ་གཉིས་དང་ཡིག་རྐྱང་བཞི༔ ཡིག་འབྲུ་བཅུ་བཞིའི་དྲག་སྔགས་འདི༔ རེ་མ་ཏི་ཡི་སྔགས་སུ་བཤད༔ ཡཱ་ཡཱ༔ ཁས་ཁས༔ ཕོབ་ཡ༔ དུ་ཏྲི་དུ་ཏྲི༔ ཕོབ་ཡ༔ ན་རོ་གཉིས་དང་གི་གུ་གཉིས༔ ར་བཏགས་གཉིས་དང་ཟུང་བསྡེབས་བཞི༔ ཡ་བཞིས་བརྒྱན་པའི་བསྙེན་པ་འདི༔ གཟའ་བདུད་ཆེན་པོའི་སྔགས་སུ་བཤད༔ སྤྱི་དྲིལ༔ སྔགས་འབྲུ་ཉེར་དྲུག་ཡོད༔ འདི་ལ་སྨྲ་བ་བཅད་ལ་བསྒྲུབ༔ ཐུན་མཚམས་ཨག་རྩེའི་ཁུང་བུ་རུ༔ མཆིལ་མ་མི་བཏབ་ཧུ་ཧུ་བྱ༔ ཉིན་མཚན་དུས་དྲུག་སྔགས་རྒོད་བྲབ༔ དེ་ཡིས་འགྲུབ་པར་ཐེ་ཚོམ་མེད༔ ཨར་ལ་གཏད་དམ་མ་འགྲུབ་སྤོག༔ མཚམས་དང་བསྐྱེད་རིམ་ཕྲིན་ལས་དང༔ མཆོད་གཏོར་ལ་སོགས་འདི་ལ་མེད༔ ཁ་གསལ་དོན་འདྲིལ་དཀའ་ལས་ཆུང༔ དམ་ཚིག་སྤྲེ་འུའི་ཐོད་པ་ནི༔ མིས་མ་མཐོང་བར་མཆན་ཁུང་བཅང༔ སྔགས་ཚིག་མི་ལ་བཤད་མི་བྱ༔ དམ་ཚིག་དེ་ལས་བསྲུང་རྒྱུ་མེད༔ དེ་ནི་སྒྲུབ་པའི་རིམ་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་རྟགས་ཀྱི་རིམ་པ་ལ༔ ཐོད་པའི་ནང་དུ་མེ་འབར་དང༔ འོད་ཁྱིམ་བྱུང་ན་འགྲུབ་རྟགས་ཡིན༔ བུད་མེད་ནག་མོ་རལ་པ་ཅན༔ འོག་ཏུ་བོང་བུ་ཞོན་བྱས་ནས༔ གཅེར་གྲི་ཐོགས་པ་ལ་སོགས་འབྱུང༔ དེ་ནི་མ་མོའི་ཆོ་འཕྲུལ་ཡིན༔ མི་ཐུང་གྲི་ཐོགས་མོན་དང་ཨ་ཙ་ར༔ བནྡྷེ་ཁྱི་དང་སྤྲེའུ་འོད་དམར་འབྱུང༔ དེ་ནི་གཟའ་བདུད་ཆོ་འཕྲུལ་ཡིན༔ ཐོག་ཚག་ཐུག་ཆོམ་དངོས་སུ་འོང༔ རྟགས་ཀྱི་རིམ་པ་འདི་རྣམས་ནི༔ རང་དང་ཕ་རོལ་དགྲ་བོ་དང༔ གཉིས་ཀ་ལ་ནི་འབྱུང་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་རྟགས་དེ་རྣམས་རྫོགས་པ་དང༔ ལས་སྦྱོར་དགྲ་ལ་འདི་ལྟར་རྦད༔ ཐོད་པའི་ཁ་ནི་དགྲ་ལ་བསྟན༔ བྲ་མའི་ལྕག་གིས་ཐོད་པ་བྲབ༔ ཐོད་པའི་ཕྱི་མར་སྔགས་གསུམ་བྲིས༔ མཚལ་དང་རྒྱ་ཁྲག་བསྲེས་བྱས་ནས༔ འཁོར་ལོ་གསུམ་དང་སྤྲེལ་ཐོད་ལ༔ བྲི་བའི་སྣག་ཚར་ཤེས་པར་བྱ༔ བསྙེན་སྔགས་རྦད་སྔགས་བཏགས་པ་འདི་ལྟར་ཡིན༔ ར་ཏྲི་ར་ཏྲི༔ རུ་ཏྲི་རུ་ཏྲི༔ རེ་མ་ཏྲི་རེ་མ་ཏྲི༔ ཡཱ་ཡཱ༔ ཁས་ཁས༔ ཕོབ་ཡ༔ དུ་ཏྲི་དུ་ཏྲི༔ ཕོབ་ཡ༔ ར་ཏྲི་ར་ཏྲི་རྒྱུག་རྒྱུག༔ རུ་ཏྲི་རུ་ཏྲི་རྒྱུག་རྒྱུག༔ རེ་མ་ཏྲི་རེ་མ་ཏྲི་རྒྱུག་རྒྱུག༔ ཏྲི་ཏྲི་ཡཱ་ཡཱ༔ ཁས་ཁས༔ ཆེ་གེ་མོ་ལ་རྒྱུག་རྒྱུག༔ ཅེས་པས་དགྲ་ལ་རྦད་དོ༔ དེ་ནས་དགྲ་ལ་ཆོ་འཕྲུལ་འདི་ལྟར་འོང༔ མཚན་མོ་མེ་འབུད་རང་འཐག་ཕྱིར་ལ་འཁོར༔ ཐོག་ཚག་འོད་དང་བུད་མེད་ཨ་ཙ་ར༔ བནྡྷེ་བྱི་དང་སྤྲེ་འུ་འོད་དམར་དང༔ སྨྱོ་འབོག་བརྒྱལ་ནད་ལ་སོགས་དངོས་སུ་འོང༔ ནོར་རྫས་ཕྱི་རུ་རྦད་པར་གྱུར་པ་ན༔ གང་ཡིན་ནོར་ལ་ཟུག་རྔུ་འབྱུང་གྱུར་ཞིང༔ ནོར་སྙག་ནོར་དགོས་ཕྱིར་སྐྱོལ་ཟེར་བ་དང༔ ཟས་ནོར་དེ་ལ་ཆོ་འཕྲུལ་འཁོར་ནས་འོང༔ འདི་ཡི་སྲོག་སྔགས་ནར་མ་བགྲང་གྱུར་ན༔ ནོར་སྟོར་བ་ལ་རང་གིས་མ་ཚོར་ཀྱང༔ ཁོ་ཡིས་ཚོར་ནས་ཆོ་འཕྲུལ་འབྱུང་བར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་གསད་པའི་རིམ་པ་ནི༔ འཁོར་ལོ་གསུམ་པོ་སྤྲེལ་ཐོད་ཁ་ནང་བརྫང༔ བསྙེན་སྔགས་གཉིས་པོའི་སྟེང་དུ་གསད་སྔགས་འདི་དག་གདགས༔ ར་ཏྲི་ར་ཏྲི་ཆེ་གེ་མོ་མཱ་ར་ཡ༔ རུ་ཏྲི་རུ་ཏྲི་ཆེ་གེ་མོ་མཱ་ར་ཡ༔ རེ་མ་ཏྲི་རེ་མ་ཏྲི་ཆེ་གེ་མོ་མཱ་ར་ཡ༔ ཏྲི་ཏྲི། ཡཱ་ཡཱ༔ ཁས་ཁས་ཆེ་གེ་མོ་མཱ་ར་ཡ༔ འདི་ནི་གསད་པའི་མན་ངག་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡི་མན་ངག་ཞལ་གདམས་ལ༔ སྐབས་སུ་བསྙེན་པ་བྱས་པས་ཆོག༔ ལན་གཅིག་གྲུབ་ནས་བསྐྱར་ཞིང་སྒྲུབ་མི་དགོས༔ སྤྲེལ་ཐོད་མཆན་ཁུང་དུ་བཅངས་ནས༔ སྐབས་སུ་བསྙེན་སྔགས་བཟླས་ལ་བྲབ༔ དགོས་དུས་འཁོར་ལོ་ཁར་བཅིང་ལ༔ རྦད་གསད་གང་བྱེད་རིགས་པས་སྦྱར༔ རྦད་ལ་བྲ་མའི་ལྕག་གིས་བྲབ༔ གསད་ན་ཉུངས་ཐུན་ཁྲག་ཐུན་དང༔ ཟངས་དང་ལྕགས་ཀྱི་བྱེ་མས་བྲབ༔ འདི་ཡང་ཟབ་པའི་མན་ངག་གོ༔ ནོར་རྫས་ཐམས་ཅད་ཁོ་རང་ནི༔ གཉིས་པོ་དག་ལ་གཉེར་དུ་བསྔོ༔ འཁོར་ལོ་གཉིས་ཀྱི་ལྟེ་བ་རུ༔ རང་གི་མི་ནོར་ཟས་གསུམ་རྣམས༔ སྲུངས་ཤིག་སྐྱོབས་ཤིག་ཅེས་པ་འབྲི༔ དགྲ་ལ་རྦད་དུས་ཟས་ནོར་ནི༔ ཁྱེར་པ་ཁྱེར་ཤོག་བྱས་ལ་རྦད༔ ལྟས་ངན་རྣམས་ལ་འདི་ལས་ཟབ་པ་མེད༔ བཅས་དང་འཁོར་ལོའི་རིམ་པ་ནི༔ དཔེ་རིས་བཞིན་དུ་མ་འཕྱུག་པར༔ མཁས་པས་ཡིད་གཞུང་བྲི་བར་བྱ༔ ཕྱིང་བར་སྟག་རྩེ་ཀླུ་བཙན་གྱིས༔ བཀའ་འདི་སྲུངས་ཤིག་ས་མ་ཡ༔ ནམ་ཞིག་ཆོས་ལ་དགྲ་དར་དུས༔ ཆོ་འཕྲུལ་གནམ་ལྕགས་རྒྱལ་པོ་འདིའི༔ གསང་སྤྱོད་ཟབ་མོ་ལས་ལ་ཁོལ༔ ཤེས་རབ་བློ་ལྡན་གཅིག་དང་འཕྲད་པར་ཤོག༔ གཏེར་འདི་བྱི་བ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཉིན་རྒྱུ་སྐར་མགོ་ལ་གཏེར་སྟོན་ཤེས་རབ་མེ་འབར་གྱིས་སྟག་རྩེ་བྲག་ནས་ཆེ་བཞི་གསུམ་དང་བཅས་ནས་ཉི་མ་རྩེ་ཤར་ལ་བཏོན་པའོ༔ དེས་བླ་མ་སྨན་ལུང་པ་ཤཱཀྱ་གཞོན་ནུ། དེས་བླ་མ་མཚར་སྟེང་བ་རང་གྲོལ་རིན་ཆེན་ལ། དེས་བླ་མ་ཙ་རི་བ་བསོད་ནམས་བཟང་པོ་ལ། དེས་ལྷོ་པ་བཛྲ་དྷཱ་ཛ་ལ། དེས་བདག་ལའོ། །ཤིན་ཏུ་དགེའོ།། །། ༄༅༔ གཟའ་ཡི་རྗེས་གཅོད་དང༔ ཕྱི་ལམ་གཅད་པ་བཞུགས་སོ༔་་་སྙིང་རི་ལུགས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུས་ཀྱི་བསྐལ་པ་ཐ་མ་ལ༔ ནད་ཀྱི་བསྐལ་པ་དར་བའི་དུས༔ སྡེ་བརྒྱད་བདུད་དུ་བབས་པའི་དུས༔ གཟའ་རྒོད་ཁྱབ་འཇུག་ཆེན་པོ་ཡིས༔ སྐྱེ་འགྲོའི་བདུད་དུ་བབས་པ་ལ༔ བརྟག་པ་གསོ་བ་རྗེས་གསུམ་ལས༔ འདི་ནི་རྗེས་གཅོད་མན་ངག་གོ༔ བརྟག་པ་གསོ་བ་བྱས་རྗེས་ལ༔ ཡང་ཡང་བརྟག་ལ་ཁྱབ་འཇུག་གི༔ དུག་ལྔ་ལུས་སམ་མ་ལུས་བརྟག༔ དུག་མེད་མཚན་མ་ཤར་བ་དང༔ ཕྱི་རྗེས་གཅད་པ་འདི་ལྟ་སྟེ༔ རྫས་སྔགས་ཆོ་ག་དག་དང་གསུམ༔ རྫས་དང་བཏགས་དང་བདུག་པའོ༔ བཏགས་པ་ཟིལ་གནོན་འཁོར་ལོ་དང༔ རྫས་བསྙེན་སྦྲགས་ནས་འདོགས་པ་ཡིན༔ བདུག་པ་ཟིལ་གནོན་རྫས་རྣམས་ཀྱིས༔ བུ་ག་དགུ་རུ་བདུག་པར་བྱ༔ སྔགས་ཀྱི་ཕྱིར་རྗེས་གཅད་པ་ནི༔ ཨོཾ་ཧྲིཾ་མ་ཀྲི་ཨ་ཡུ་སྭཱ་ཧཱ༔ ཨ་ཡ་མ་པྲེ་དུ་ཏེ་ཤ་ལ་ན༔ ནད་པའི་བློ་ལ་བཟུང་བྱས་ལ༔ མ་བརྗེད་རྒྱུན་དུ་བགྲང་བ་ཡིན༔ ཆོ་གས་ཕྱི་རྗེས་གཅད་པ་ནི༔ ཡི་དམ་གང་བྱེད་ཤམ་བུ་ལ༔ དཀར་གཏོར་དམར་གཏོར་གཉིས་བཅས་ལ༔ སྡེ་བརྒྱད་རིགས་དྲུག་རྣམས་ལ་སྦྱིན༔ རིགས་གསུམ་མགོན་པོའི་གཟུངས་བསྒྲང་ཞིང༔ ཡུམ་གྱི་གཟུངས་ཆོག་རྒྱས་པར་བྱ༔ རཱ་ཧུལ་ཟློག་པའི་མདོས་ཆེན་དང༔ མདོས་མི་བཏང་བའི་ཡུམ་མཆོག་ཟིན༔ རིགས་གསུམ་ཡུམ་བསྒྲགས་དེ་རྗེས་ལ༔ ཁྲོ་བོའི་བསྟོད་པ་འདི་ལྟར་བྱ༔ ཧཱུྃ༔ ཆོས་དབྱིངས་གཉིས་མེད་སྤྲོས་པ་ཀུན་བྲལ་ཀྱང༔ ཐུགས་རྗེས་སེམས་ཅན་དོན་དུ་སྐུ་སྤྲུལ་པ༔ གདུག་པ་འདུལ་མཛད་དྲག་པོ་ཁྲོས་པའི་སྐུ༔ མཐིང་ནག་འཇིགས་པ་ཧཱུྃ་གི་ང་རོ་སྒྲོག༔ དབུ་སྐྲ་དམར་སེར་རྒྱལ་རིགས་ཐོད་དུ་བཅིངས༔ སྨིན་མ་སྨ་ར་མེ་སྟག་ཚྭ་ཚྭ་འཕྲོ༔ སྤྱན་གསུམ་དམར་ཞིང་སྡང་མིག་ལྷ་སྲིན་འདུལ༔ ལྗགས་ཀྱི་གློག་དམར་ལྷ་སྲིན་དངངས་སུ་འཇུག༔ མཆེ་བ་གཙིགས་པས་ལོག་འདྲེན་སྙིང་ཡང་འདྲེན༔ རྗེའུ་རིགས་མགུལ་རྒྱན་དུག་གསུམ་དབང་དུ་སྡུད༔ སྐུ་སྟོད་གླང་ཆེན་ཀོ་རློན་གཏི་མུག་རྩད་ནས་གཅོད༔ སྦྲུལ་གྱི་སྐུ་རགས་ཞེ་སྡང་གནས་སུ་དག༔ སྟག་གི་ཤམ་ཐབས་སེར་སྣ་རྣམ་པར་དག༔ ཐོད་པའི་དོ་ཤལ་ང་རྒྱལ་གནས་སུ་དག་པར་མཛད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེས་བགེགས་རིགས་སྟོང་ཕྲག་འདུལ༔ བྲམ་ཟེ་དམར་པོ་སྙན་གྱི་རྒྱན་དུ་ཆེ༔ གདོལ་པ་ནག་པོ་དཔུང་རྒྱན་ཁྱུད་འཁོར་ཅན༔ དམངས་རིགས་ཞབས་བརྒྱན་འགྱིངས་པའི་དཔའ་ཆས་ཅན༔ ཕྱག་གཡོན་སྡིགས་མཛུབ་གཟའ་སྐར་བྲན་དུ་ཁོལ༔ ཞབས་ཀྱི་དོར་སྟབས་ཀླུ་བདུད་གཟིར་ཞིང་གནོན༔ བ་སྤུ་མཚོན་ཆའི་བུ་ཡུག་དགྲ་བགེགས་དམྱལ་ཐག་གཅོད༔ མེ་དཔུང་དབུས་ན་འགྱིང་ཞིང་གདུག་པ་འདུལ༔ དཔལ་ཆེན་ཟིལ་གནོན་སྐུ་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་པས་སྒྲ་དབྱངས་རྔ་སྒྲ་དང་བཅས་པས་བསྟོད་དོ༔ དེ་ནས་བུམ་པས་དབང་བསྐུར་ཅིང༔ འབྲུ་ཟན་ནད་པའི་ལུས་ལ་དྲིལ་ལ༔ ངར་མི་སྐྱེ་མཆེད་དོད་པ་ལ༔ མཚོན་སྣ་ལྔས་སྒྲོག་ཏུ་བཅུག་ལ༔ རྒྱུ་སྦྱོར་ཡོན་བདག་འདི་ཞེས་པ༔ སྔོན་ཆད་ཁྱབ་འཇུག་ཞགས་པས་བསྡམས༔ མི་གཙང་རྣམ་པས་གཟའ་དང་འཁོན༔ ལུས་ཀྱི་སྤྱོད་ལམ་རྩིང་པ་ཡིས༔ སྡེ་བརྒྱད་རྣམས་དང་ཡོན་བདག་འགྲས༔ དུག་ལྔའི་འབྱུང་བ་འཁྲུགས་སུ་བཅུག༔ དེ་ལ་རྣལ་འབྱོར་བདག་གིས་ནི༔ དུས་གསུམ་སངས་རྒྱས་བདེན་པ་དང༔ ཆོས་ཉིད་སྐྱེ་མེད་བདེན་པ་དང༔ འདུས་པའི་དགེ་འདུན་བདེན་པ་དང༔ རྣལ་འབྱོར་བདག་གི་བདེན་པ་ཡིས༔ གཟའ་དང་སྡེ་བརྒྱད་ཐམས་ཅད་ལ༔ མི་གཙང་བཀྲུས་སོ་འཁོན་པ་སྦྱངས༔ འགྲས་པ་བསྡུམས་སོ་ཉམས་པ་གསས༔ གླུད་འབུལ་ཁྲིམས་འཇལ་ཆད་པ་གསབས༔ བདེན་པའི་མཆོད་པ་འདི་ཕུལ་བས༔ རྒྱུ་སྦྱོར་ཡོན་བདག་འདི་ཞེས་པ༔ དྲང་སྲོང་ཆེན་པོའི་ལག་ནས་ཐར༔ སྡེ་བརྒྱད་ཡོངས་ཀྱི་ཁ་ནས་ཐར༔ དུག་ལྔའི་བཅིངས་པ་ད་ཁྲོལ་ལོ༔ ཞེས་བརྗོད་ལ་ངར་མིའི་ཚོན་སྣ་གཏུབ༔ ཡོན་བདག་ཉིད་ལ་ལན་གསུམ་བསྐོར་རོ༔ མདོས་ལ་བཅུག་ལ་མདོས་ས་གཙང་སར་བསྐྱལ༔ དེ་ནས་ཆོ་གའི་རྗེས་ལམ་བྱ༔ དེ་ནས་སྨོན་ལམ་བཀྲ་ཤིས་བརྗོད༔ རྒྱུ་སྦྱོར་ཡོན་བདག་ཆེ་གེ་མོ་ཞེས་བྱ་བ་འདི་ཉི་ཟླ་ལྟར་མདངས་གསལ་བར་གྱུར་ཅིག༔ ས་གཞི་ལྟར་བརྟན་པར་གྱུར་ཅིག༔ རི་རྒྱལ་ལྟར་འཕོ་འགྱུར་མེད་པར་གྱུར་ཅིག༔ དཔལ་ཕྱག་ན་རྡོ་རྗེ་ལྟར་གང་གིས་ཀྱང་བསྐྱོད་དུ་མེད་པར་གྱུར་ཅིག༔ ནད་མེད་ཅིང་ཚེ་རིང་བར་གྱུར་ཅིག༔ དེ་ནས་བཀྲ་ཤིས་གསོལ་ཏེ༔ རྒྱུ་སྦྱོར་ཆེ་གེ་མོ་འདིའི་ཡུལ་ལ་བཀྲ་ཤིས་པ་ལྕང་ལོ་ཅན་ལགས་ཏེ༔ དེ་བཞིན་དུ་ཡུལ་ཆེ་གེ་མོ་འདི་བཀྲ་ཤིས་པར་གྱུར་ཅིག༔ རིགས་ཀྱི་བདག་པོ་ལ་བཀྲ་ཤིས་པ་དཔལ་ཕྱག་ན་རྡོ་རྗེ་ལགས་པས༔ དེ་བཞིན་དུ་ཡོན་བདག་འདི་ལ་སྡེ་བརྒྱད་ཀྱིས་མི་ཚུགས་ཤིང་བཀྲ་ཤིས་པར་གྱུར་ཅིག༔ ཀུན་ལ་བྱམས་པ་དང༔ སྡེ་བརྒྱད་འདུལ་བ་དང༔ ཐམས་ཅད་མཁྱེན་པའི་བཀྲ་ཤིས་ཐོབ་པར་གྱུར་ཅིག༔ བཀྲ་ཤིས་པར་གྱུར་ཅིག༔ ངོ་དྲོ་བར་གྱུར་ཅིག༔ ཅེས་བརྗོད་བཀྲ་ཤིས་ཀྱིས་བསྐུལ་བར་བྱ༔ དེ་ནས་རྗེས་གཅོད་འཁོར་ལོ་བཏགས༔ འདི་ནི་རྗེས་གཅོད་ཆོ་ག་སྟེ། ཨོ་རྒྱན་པདྨ་བདག་གིས་ནི༔ སྙིགས་མའི་དུས་སུ་དར་བའི་སྨོན་ལམ་བཏབ་ནས་བསམ་ཡས་སུ་གཏེར་དུ་སྦས་སོ༔ ྀཨཚ༔ ན་མོ་གུ་རུ་རཏྣ་དྷཱ་ཀི་ནཱི༔ གཟའ་ལམ་གཅོད་པའི་མན་ངག་ལ༔ གཅོད་པའི་ཡུལ་ནི་རྣམ་པ་གཉིས༔ ཡུལ་དང་གང་ཟག་གཉིས་ཡིན་ནོ༔ ཡུལ་ལ་གཟའ་ལམ་ཟུག་པ་ན༔ མཁར་གྱི་སྟེང་ངམ་སྒོ་ལྟག་ཏུ༔ རིགས་གསུམ་ཐུགས་ཀྱི་རྟེན་བཙུག་ལ༔ སྲོག་ཤིང་དག་ལ་སྙིང་པོ་བྲི༔ འོག་ཏུ་ཡབ་ཡུམ་སྲས་གསུམ་པོའི༔ འཁོར་ལོ་རིམ་པས་གནན་པར་བྱ༔ སྟེང་དུ་རྒྱལ་མཚན་རྒྱ་ཡིས་གནན༔ སྤྱན་རས་གཟིགས་ལ་པདྨ་སྟེ༔ གསང་བདག་རྡོ་རྗེ་འཕགས་པ་རལ་གྲིས་མཚན་པའོ༔ དེ་ལ་རབ་ཏུ་གནས་བྱས་ལ༔ ཁང་པའི་ཕྱོགས་བཞིར་འབྲུ་བརྒྱད་དགོད༔ གཟའ་ཁ་ཏྲ་རུ་ཏྲ་ཡེ་ཧཱུྃ་ཕཊ༔ དེས་ནི་ཡུལ་གྱི་གཟའ་ལམ་ཆོད༔ གང་ཟག་དག་ལ་ལམ་ཞུགས་ན༔ རིགས་གསུམ་འཁོར་ལོའི་འོག་ཏུ་ནི༔ ཡབ་ཡུམ་སྲས་གསུམ་འཁོར་ལོ་བྲིས༔ ཕྱག་མཚན་ལ་སོགས་གོང་བཞིན་ལ༔ ཤུ་དག་་་སྤྱན་རས་གཟིགས།བོང་ང་་་ཕྱག་རྡོར།ཡུང་བ་་་འཇམ་དཔལ།གསུམ༔ རིགས་གསུམ་དག་ལ་མ་ནོར་བྱུག༔ དར་སྣ་གསུམ་་་དཀར་སྔོ་སེར།གྱིས་རིམ་པས་དྲིལ༔ སྟག་དཀར་བེ་སྨུག་སྐྱེར་བ་ལ༔ ཕུར་པ་བྱས་ལ་ཕུར་པ་ལ༔ སྔགས་གསུམ་་་ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཝཱ་གཱི་ཤྭ་ར་མུཾ།་་་བྲིས་ལ་འཁོར་ལོ་ལ༔ བསྡེབས་ནས་བཏགས་པས་གཟའ་ལམ་ཆོད༔ ནད་གསོས་རྟིང་ལ་རྗེས་གཅད་དང༔ ལམ་ཆོད་མ་ཤེས་མཁན་པོ་དེ༔ ལྟག་ཆུ་མ་ཆོད་རྫིང་ནང་དུ༔ ཆུ་ཡི་རྒྱུན་མི་ཆད་དང་མཚུངས༔ རྗེས་དང་ལམ་ནི་ཆོད་པ་ན༔ འབབ་ཆུ་ཆད་པའི་རྫིང་དང་མཚུངས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཡུལ་བསམ་ཡས་བྱམས་ཁང་དུ༔ འཆུག་མེད་སྡེ་བརྒྱད་གནད་ལ་བོར༔ འཇིག་རྟེན་ལྷ་སྲིན་མ་ལུས་བཏུལ༔ ཁྱུང་འདབ་ཀ་བ་སྦྲུལ་མགོ་ལ༔ རྡོ་རྗེ་རིགས་ཀྱི་རྒྱ་ཡིས་བཏབ༔ ལྔ་བརྒྱའི་དུས་སུ་ལས་ལྡན་གྱིས༔ རྙེད་ནས་སེམས་ཅན་མགོན་དུ་ཤོག༔ ཅེས་སྨོན་ལམ་བཏབ་ནས་སྦས་སོ༔ དེ་ནས་ཁམས་པ་ཁྲ་མོས་ལྕགས་ཕོ་ཁྱིའི་ལོ་ལ་གཏེར་ནས་བཏོན་པའོ༔ ྀཨཚ༔ ༄༅། །དྲང་སྲོང་ཆིག་ཤུར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གསལ་ བར་ལག་ཁྲིད་དུ་ཉམས་སུ་ལེན་ཚུལ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ རིག་འཛིན་པདྨ་བརྒྱུད་པར་བཅས་པའི་ཞབས་ལ་ཕྱག་འཚལ་ལོ། །དྲང་སྲོང་ཆིག་ཤུར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གསལ་བར་ལག་ཁྲིད་དུ་ཉམས་སུ་ལེན་ཚུལ་ནི། མངོན་རྟོགས་དང་མཐུན་པའི་ཐང་ཀའམ་ཙཀླི་མདུན་དུ་བཤམས་པའམ། དམིགས་ལ། དེའི་མདུན་དུ་དྲག་གཏོར་དགུ་བསྐོར་གཅིག་དང་། རྒྱུན་གཏོར་གསོལ་ཀ་དཀྱུས་བཞིན་སྨན་རཀ་དང་བཅས་པ་བཤམ། སྐྱབས་སེམས་སྔོན་སོང་རང་ཉིད་ཡི་དམ་ལྷའི་སྒོམ་བཟླས་བགྱིས་པའི་མཐར། མདུན་བསྐྱེད་དུ་དམིགས་ནས། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རླུང་ནག་འཇིགས་སུ་རུང་བའི་ནང་དུ་པདྨ་ཉི་ཟླ་གནོད་བྱེད་དགྲ་བོ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ། ར་ལས་ཁྱབ་འཇུག་རཱ་ཧུ་ལ་ལུས་པོ་གཅིག་ལ་མགོ་བོ་དགུ་ཡོད་པ། སྟེང་ཕྱོགས་བྱ་རོག་གི་ཞལ་དང་བཅུ། རྩ་བའི་ཞལ་གསུམ་གཤིན་རྗེའི་ཞལ་གཡས་ལྗང་གཡོན་ནག་དབུས་དུད་ཁ། སྤྱན་དགུ་ཐུར་དུ་གཟིགས་པ། བར་པ་གསུམ་ནི་བདུད་ཞལ་གཡས་མཐིང་གཡོན་དམར་དབུས་མཐིང་ནག །སྤྱན་དགུ་བར་སྣང་ཁམས་ལ་གཟིགས་པ། སྟེང་མ་གསུམ་ནི་ལྷའི་ཞལ་གཡས་ལྗང་གཡོན་དམར་དབུས་དཀར། སྤྱན་དགུ་གྱེན་དུ་གཟིགས་པ། ཤིན་ཏུ་རྔམས་པའི་གཟུགས་ཅན་མཆེ་བ་གཙིགས་ཤིང་སྨ་ར་ཨག་ཚོམ་བསྐལ་པའི་མེ་སྟག་འཕྲོ་བ། མགོ་ལུས་ཐམས་ཅད་མིག་གིས་གང་ཞིང་། ཕྱག་གཡས་ཆུ་སྲིན་ཞགས་པ་དང་གཡོན་པས་རྭ་ཡི་མདའ་གཞུ་བསྣམས་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་དང་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཕྱོགས་བཞིར། ཤར་དུ་མ་ལས་སྟག་སྲིན་ཟོར་གདོང་སེར་ནག་སྟག་མགོ་སྟག་ཤམ་ཅན། ཟོར་བ་བསྣམས་ནས་ཉི་མ་ལ་ཞོན་པ། ལྷོར་ར་ལས་བམ་སྲིན་དྲེད་གདོང་སྔོ་ནག་དྲེད་མགོ་དྲེད་ལྤགས་གྱོན་ཅིང་། སྦྲུལ་ཞགས་བསྣམས་ནས་ཟླ་བ་ལ་ཞོན་པ། ནུབ་ཏུ་ཙ་ལས་རྐོང་སྲིན་བ་གླང་གདོང་དམར་ནག་གླང་ལྤགས་གྱོན་པ། ཟངས་གྲི་བསྣམས་ཤིང་སྡིག་པ་ལ་ཞོན་པ། བྱང་དུ་ཤ་ལས་འབྲོག་སྲིན་ཆུ་སྲིན་གདོང་ལྗང་ནག་གཡང་གཞི་གྱོན་ཅིང་། བེ་ཅོན་བསྣམས་པ་སྨིགས་བུ་ལ་ཞོན་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཟའ་བདུད་རཱ་ཧུ་ལ་གར་བཞུགས་པའི་གནས་ནས། ཞེས་སོགས་བསྐྱེད་ཆོག་རྒྱས་པའི་སྐབས་བཞིན་དྲངས། ལས་བྱང་དོན་བདུན་མ་བཞིན་སྤྱན་འདྲེན་བཞུགས་གསོལ་སོགས་དེ་བཞིན་དུ་བྱས་ནས། བཟླས་པའི་སྐབས་སུ་རཀྴ་རཱ་ཧུ་ལ་རཀྨོ་ཏྲག་ཏྲ་ཛཿ ཞེས་ཁྱབ་འཇུག་གདོང་མོ་བཞི་དང་བཅས་པའི་འབོད་པ་འདི་བསྙེན་པ་བསྐྱལ། རྟགས་ལ། མི་རེང་སྔོན་པོ་ལག་པ་ཁྲག་ཏུ་དམར་བ་མེ་འབུད་པ་སོགས་གཞུང་བཞིན་འབྱུང་གི་བར་དུ་བཟླས། རྗེས་ལས་བྱང་གི་དུས་སུ་བདུད་རྩི་འབུལ་བ་གཏོར་མའི་སྐབས་སུ་གསོལ་ཁ་ལ་དམིགས་ནས་གོང་གི་བསྙེན་སྔགས་མཇུག་ཏུ། བ་ལིཾ་ཏ་ཁཱ་ཧི། བཏགས་པ་ལྔའམ་བདུན་གྱིས་ཕུལ། སྤྲོ་ན་གསོལ་ཁ་བྱ། སླར་སྤྱན་འདྲེན་སོགས་ཡིག་ཆུང་བཞིན་ཚང་བར་བྱས་མཚམས། གསོལ་ཁ་རྒྱུ་དུས་བརྒྱད་ལ་ཕྱོགས་མཚམས་ཐ་དད་དང་རྒྱུན་དུ་ལྷོ་ནུབ་མཚམས་སུ་སྒྲུབ་ཁང་གི་ཕྱི་རོལ་འབུལ། དེ་འདྲ་བ་ཐུན་གཉིས་བཞི་སོགས་རང་གང་འདོད་སྐབས་དང་སྦྱར། དེ་ལྟར་བསྙེན་རྟགས་ཐོན་ནས་ལས་སྦྱོར་གྱི་དང་པོར་སྲོག་ལས་དང་། ཐན་དང་། སེར་བ་སོགས་གང་སྒྲུབ་གཞུང་བཞིན་ལིངྒ་སོགས་བཅའ་གཞི་ཐ་དད་གང་འགྲུབ་བཤམས་ནས་དེ་སྐབས་བསྙེན་སྒྲུབ་ལས་གསུམ་ཆུན་གཅིག་ཏུ་དྲིལ་བ་ཡིན་པས། གོང་གི་སྔགས་ལ། རྒྱུག་ཆོ་ཤ་ཟན་ཧོར་མོ་མགྱོགས་མོ་ཤུགས་ལ་བྲེང་། ཧུར་ཐུམས་མུགས་རྩ་ལ་བྲེང་། རོ་ལ་ཐིབས་ཙཀྲ་ཝརྟི་རྦུད། སྙིང་ཁྲག་ཁ་ལ་ཏིག་རཾ། ཆེ་གེ་མོའི་སྲོག་གི་མགོ་ལ་རྒྱོབ། ཆེ་གེའི་སྙིང་ཙིཏྟ་དམར་པོ་ཤག །ཚལ་ཚལ་ཙ་ལེ་མྱགས་རྦད། ཞེས་སོགས་གསད་པའི་སྐབས་དང་ཐན་གྱི་སྐབས། ཐོག་སེར་སྐབས་སྔགས་བསྒྱུར་བ་དེས་དེ་བཞིན་བཏང་རེས་མཚམས། སྦུག་གུ་ལ་ཐུད་ཐུད་ཞེས་ཕུ་རེ་དང་གསུམ་ལས། དམིགས་པ། མཚོན་ཆའི་དུག་གི་རླུང་སོ་སོར་གསལ་བཞིན་པས་འདེབས་ལ། དེ་མ་ཡིན་པར་སྔགས་བསྒྲང་བའི་རིང་། རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་ཡིད་ལ་ཅི་འདོད་པ་བཞིན་མདུན་དུ་རཱ་ཧུ་ལ་འཁོར་དང་བཅས་པས་བཀའ་སྡོད་ཚུལ་དུ་བསམ། དེ་ནས་གཞན་གྱི་དམིགས་པ་མི་དགོས་ཞེས་པའི་དོན་ཡིན། རྟག་གཏོར་དགུང་བསྟོད། དང་པོ་བསྙེན་པའི་སྐབས་བསང་སྦྱང་བྱིན་རླབས་སྤྱི་མཚུངས་ཀྱིས་བརླབས་ནས། ཆོས་སྐྱོང་རཱ་ཧུ་ལ་འཁོར་དང་བཅས་པས་བདག་གི་ལས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཉེ་བར་འགྲུབ་པའི་ཚེ། མཆོད་གཏོར་བཟང་པོ་འདི་ཁྱེད་ལ་གཏང་རག་ཏུ་འབུལ་ལོ། །ཞེས་ཁས་བླངས་ལ་གཏོར་མ་དེ་ལ་དམིགས་ནས་མི་བསྔོ། ཡི་དམ་ལྷའི་སྔགས་ཀྱི་མཇུག་ཏུ། ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་སྲུང་བས་རྒྱས་གདབ། ལས་སྦྱོར་སྡེབས། སྲོག་སེར་ཐན་གསུམ་གང་འདོད་གང་བསྒྲུབ་པའི་ཚུལ་བཞིན། དཔེར་ན། དམ་ཉམས་དགྲ་བོ་འདི་ཞེས་བྱ་བ་དུས་ད་ལྟ་ཉིད་དུ་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད་ཅིག །དེ་ལྟར་བསྒྲུབས་པའི་རྟགས་གསལ་པོར་བྱུང་བའི་ཚེ་ཞེས་འདོན་པ་བསྒྱུར་ནས་གཏོར་མ་གཏོང་བར་ཁས་བླངས། དེ་ལྟར་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་ཐུན་གྲངས་ཅི་ཙམ་བྱེད་པ་བཞིན་གཏོར་སྐྱུས་ཁ་གསོ། སྨན་རཀ་བྲན། སྦྱང་སྤེལ་སྒྱུར་བ་ལ་སོགས་གཏོར་མ་བྱིན་གྱིས་བརླབས་ནས་རྒྱུན་གཏོར་བསྔོ་བའི་གོང་དུ་དྲག་གཏོར་གྱི་ཁས་བླང་བྱས་ནས། རྒྱུན་གཏོར་ཚུལ་བཞིན་འཕྲལ་མར་གཏོང་། དུར་ཟན་གྱི་སྡོང་བུ་ཡང་ཆན་མ་ཕུར་བྱེད་ཟེར་བ་ཕྲ་མོ་ཤིག་མཆན་བུ་འདུག་ན་ཡང་། དབང་ཤག་གི་གཏེར་ཁ་ལས་སྦུ་གུ་སོར་བཞི་པ་བཤད་པ་འདི་འདོད། དྲང་སྲོང་ཆིག་ཤུར་གྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་ལག་ཁྲིད་དུ་ཉམས་སུ་ལེན་ཚུལ་འདི་ནི། བྱང་ཕྱོགས་ས་སྐྱོང་གི་རིགས་སྐྱེས་གཏེར་འབྱིན་བྱེད་པ་སྔགས་འཆང་དབང་པོའི་སྡེས་སྦྱར་པའོ།། །།

གུ་རུ་དྲག་པོའི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ (Volume 12, Text 16)

༄༅། །གུ་རུ་དྲག་པོའི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་བཞུགས་སོ། ། ན་མོ་གུ་རུ་བུདྡྷ་ཡ། དམིགས་མེད་ཆོས་དབྱིངས་དག་པ་བདེ་བ་ཅན། །རང་བཞིན་རྣམ་པར་དག་པའི་ཕོ་བྲང་དུ། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཡོན་ཏན་ལྷུན་གྱིས་གྲུབ་པའི་པོ་ཏ་ལར། །རང་བཞིན་བྱིན་གྱིས་བརླབས་པའི་ཕོ་བྲང་དུ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འོད་གསལ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །འགྲོ་འདུལ་ཕྲིན་ལས་རྣམ་བཞི་འགྲུབ་པའི་གནས། །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས། །སྤྲུལ་སྐུ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །མི་མངོན་ཀ་ནས་དག་པ་གནས་ཀྱི་མཆོག །སྤྲོས་བྲལ་ལྷུན་གྱིས་གྲུབ་པའི་མཁའ་སྤྱོད་དུ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བསྐལ་པར་ཚོགས་གཉིས་རྒྱ་ཆེར་འཕེལ་བའི་ཞིང་། །ཟབ་གཏེར་ཉེར་ལྔ་ཆོས་ཀྱི་ཕོ་བྲང་དུ། །རཏྣ་གླིང་པའི་ཞབས་ལ་གསོལ་བ་འདེབས། །འགྲོ་དོན་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བཀའ་བབ་ཐུགས་རྗེ་བརྒྱུད་འཛིན་གནས་ཀྱི་མཆོག །འབྲེལ་ཚད་དོན་དང་ལྡན་པ་ཆོས་ཀྱི་རྗེ། །ཚེ་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཉམས་རྟོགས་ཡོན་ཏན་རྫོགས་པར་བྱིན་གྱིས་རློབས། །ཐུགས་ཀྱི་སྒྲུབ་གནས་ཉེ་བའི་ཚནྡྷོ་ཧ། །ལྷོ་བྲག་མཁར་ཆུ་དཔལ་གྱི་གཏེར་གནས་སུ། །ཡང་གསང་ཐུགས་སྒྲུབ་ཉིད་ལ་གསོལ་བ་འདེབས། །བསྐྱེད་རྫོགས་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །རྩ་ཁམས་དག་པ་ལུས་ཀྱི་ཕོ་བྲང་དུ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྐུ །ཡི་དམ་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །གདོས་བཅས་འོད་ལུས་ཡལ་བར་བྱིན་གྱིས་རློབས། །བདེ་ཆེན་འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །དུས་གསུམ་རྒྱུན་ཆད་མེད་པ་བདེ་བའི་ངང་། །ཡེ་ཤེས་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །བདེ་སྟོང་ཟུང་དུ་འཇུག་པར་བྱིན་གྱིས་རློབས། །རྒྱལ་བའི་བསྟན་པ་གོང་དུ་འཕེལ་བའི་ཞིང་། །བཀའ་དང་དམ་ཚིག་གསང་བའི་དཀྱིལ་འཁོར་དུ། །བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །བདག་རྒྱུད་སྨིན་གྲོལ་ཆོས་ཀྱིས་གྲོལ་ནས་ཀྱང་། །བསྐྱེད་རྫོགས་གཉིས་ལ་བརྟན་པ་རབ་ཐོབ་ནས། །མཆོག་གི་དངོས་གྲུབ་ད་ལྟ་ཐོབ་པ་རུ། །བྱིན་གྱིས་རློབས་ཤིག་གུ་རུ་རིན་པོ་ཆེ། །ལམ་སྣ་དྲོངས་ཤིག་གུ་རུ་རིན་པོ་ཆེ། །བར་ཆད་སོལ་ཅིག་གུ་རུ་རིན་པོ་ཆེ། །དངོས་གྲུབ་སྩོལ་ཅིག་གུ་རུ་རིན་པོ་ཆེ། །དོན་གཉིས་སྒྲུབས་ཤིག་གུ་རུ་རིན་པོ་ཆེ། །གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ཡིས། །བདག་གཞན་འགྲོ་བ་སེམས་ཅན་མ་ལུས་རྣམས། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས། །འགྲོ་ཀུན་མ་ལུས་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་བྱིན་གྱིས་རློབས་ཤིག་དྲིན་ཅན་རྣམས། །ཞེས་མོས་གུས་དྲག་པོས་གསོལ་བ་གདབ་པར་བྱའོ། །ས་མ་ཡ། སྙིང་ནས་གསོལ་བ་འདེབས་མི་ལ། །བྱིན་རླབས་ཆུ་བོའི་རྒྱུན་བཞིན་འབབ། །དག་སྣང་ཅན་གྱི་སྐྱེས་བུ་ལ། །སྣང་བ་བླ་མར་འཆར་བར་ངེས། །ཞེན་ལོག་ཅན་གྱི་སྐྱོ་ཤས་ལ། །བདག་འཛིན་འཁྲི་བ་རྩད་ནས་ཆོད། །བདག་མེད་རྟོགས་པའི་རྣལ་འབྱོར་ལ། །རེ་དོགས་དགྲ་ཡི་འཕྲང་ནས་ཐོན། །འཆི་བ་དྲན་པའི་གང་ཟག་ལ། །འཇིག་རྟེན་བློ་སྣ་ངང་གིས་ཐུང་། །དེ་ཀུན་འབྱུང་བཤད་ཞོར་བྱུང་ཡིན། །གང་ཤར་ལ་འཛིན་པ་མ་ཞུགས་ན། །ཆེད་དུ་ལྟ་བ་གཉེར་མི་འཚལ། །རཏྣ་གླིང་པའི་འཁྱལ་གཏམ་ཡིན། །བྱིན་རླབས་ཤིན་ཏུ་ཆེ་བར་གདའ། །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བར་སྲུང་མ་སྤྱི་དང་བྱེ་བྲག་གི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་ (Volume 24, Text 16)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བར་སྲུང་མ་སྤྱི་དང་བྱེ་བྲག་གི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་བཞུགས་སོ། ། ན་མཿཔདྨ་ནཱིརྟཱི་ཤྭ་ར་ཡ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བར་སྲུང་མ་སྤྱི་དང་བྱེ་བྲག་གི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་ནི། ཐོག་མར་བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་འགྲོ་བས། མཆོད་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབ། སྨན་ཕུད། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ། ལན་གསུམ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ། ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཨོཾ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ། ཞེས་ལན་གསུམ་མམ་བདུན་ལ་སོགས་པས་བྱིན་གྱིས་བརླབ་བོ། །འདས་གཏོར་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ་ཞིང་། ཕེཾ་ཞེས་བརྗོད། ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་ཝ་ག་ཎ་ས་པ་རི་ཝཱ་རེ་བྷྱཿབཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང་། རྡོར་ཐལ་གྱེན་དུ་ཕྱེ་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། དྷཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛཿཧཱུྃ་བཾ་ཧོ༔ མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཨ་མྲྀཏ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཁྱབ་གདལ་བདེ་ཆེན་ཆོས་དབྱིངས་ལས༔ འགག་མེད་གཟུགས་སྐུའི་རོལ་པར་ཤར༔ བདེ་གཤེགས་ཀུན་འདུས་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་ཕྱུག་ཁྱོད་ལ་བསྟོད༔ ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་ལོ། །དེ་ནས་ཆོས་སྐྱོང་སྤྱིའི་སྤྱན་འདྲེན་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་སོགས་ནས། དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། །ཅེས་པའི་བར་གཏོར་བསྔོ་བཞིན་དང་། བྱེ་བྲག་ལྷ་ཆེན་ལྕམ་དྲལ་གྱི་མངོན་རྟོགས་ནི། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བྱ་བའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་འོད་ཟེར་འབར་བའི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་ཡིག་དམར་པོ་འབར་བ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སྣོད་བཅུད་ཐམས་ཅད་དབང་དུ་བསྡུས་ནས་འོད་ཟེར་དམར་པོའི་རྣམ་པས་ཨཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཆགས་པ་དང་སྒེག་པའི་ཉམས་ཅན་ཅུང་ཟད་ཁྲོ་ལ་འཛུམ་པ། གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་སྡིགས་མཛུབ་དང་བཅས་པས་རླུང་གི་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལ་ཟླ་བ་ཚེས་པས་བརྒྱན་པ། གཅེར་བུ་ལིངྒ་བསྒྲེངས་ཤིང་བདེ་བ་རྒྱས་པའི་ཉམས་གསལ་བ། དར་སྣ་ཚོགས་པའི་སྟོད་གཡོགས་དང་ཅོད་པན་འཆང་ཞིང་། ཨུཏྤལ་དམར་པོའི་དོ་ཤལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་གཡོན་དུ་ཡུམ་ཨུ་མ་དེ་ཝཱི་དམར་གསལ་མཛེས་འཛུམ་ལང་ཚོ་རྒྱས་ཤིང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། དར་དང་མེ་ཏོག་དམར་པོའི་རྒྱན་ཅན་སྐྲ་གྲོལ་བ་ལྷ་མོའི་ཆ་བྱད་རྫོགས་པས་ཡབ་ལ་བརྟེན་ཏེ་བཞེངས་སྟབས་སུ་གནས་པ། ཕྱོགས་ཀྱི་འདབ་མ་བཞི་ལ་གསང་བའི་ཌཱ་ཀི་འགུགས་བྱེད་མ། འཆིང་བྱེད་མ། རྨོངས་བྱེད་མ། མྱོས་བྱེད་མ་བཞི་སྟེ། ཐམས་ཅད་ཀྱང་བིནྡྷུ་ཀའི་མདོག་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་འཛུམ་ཞིང་ཆགས་པའི་ཉམས་ཅན་འགྲེང་སྟབས་སུ་འཁོད་པ། གཞན་ཡང་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ཞིང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་ན་བཞུགས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་དང་སོ་སོའི་ས་བོན་གྱིས་མཚན་པ་དང་། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་ཚངས་པའི་གནས་དང་གངས་དཀར་ཏི་སེ་རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པ་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །སྤྱན་འདྲེན་པ་ནི། ལག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མ་ཧཱ་དེ་ཝ་ཨཱ་ཀརྵ་ཡ་ཛ་ཛཿ ཞེས་བཟླ་ཞིང་དར་གྱི་གཡབ་མོ་སྦྱར་སྤོས་ཀྱི་བདུག་པ་རོལ་མོའི་རྣམ་འགྱུར་སྙན་པའི་དབྱངས་དང་བཅས་པས། ཛ༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ༔ མངོན་ཤེས་རྫུ་འཕྲུལ་ཐབས་ལ་མཁས༔ ཆགས་པའི་ཞལ་ལ་སྒེག་པའི་སྐུ༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ ཨུ་མ་ཡུམ་དང་གཉིས་སུ་མེད༔ ཁྱོད་ནི་དབང་ཕྱུག་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་དབང་དུ་བྱེད༔ ཁྱོད་ནི་འཇིགས་བྱེད་ཆེན་པོ་སྟེ༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དུས་ལ་བབ་པོ་གཤེགས་སུ་གསོལ༔ ཞེས་དང་སྔར་བཞིན་འབོད་སྔགས་རོལ་མོའི་སྒྲ་ཡུན་རིང་དུ་སྦྱར་བས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་པས། དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་བསམ་ལ། ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་ཏྲི་ཤཱུ་ལའི་རྒྱ་བསྟན་ཏེ། ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། གར་དབང་ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རིག་འཛིན་འགྱུར་མེད་རྡོ་རྗེ་ལ་སོགས་ཏེ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་བསྒྲགས་པས་ཅི་བསྒོ་བའི་བཀའ་ནོད་པར་བསམ་མོ། །ཐུན་མོང་གི་མཆོད་པ་ནི། ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ལྷ་ཆེན་ལྕམ་དྲལ་འཁོར་བཅས་རྣམས༔ དངོས་སུ་བཤམས་དང་ཡིད་སྤྲུལ་གྱི༔ མཆོད་པ་བཟང་པོ་འདི་བཞེས་ཤིག༔ མེ་ཏོག་ཕྲེང་སོགས་རིན་ཆེན་དབྱིག༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ སྤོས་དང་སྨན་སྦྱར་ཏིལ་མར་སྒྲོན༔ བཤོས་གཙང་ཡོན་ཆབ་སྣ་ཚོགས་དང༔ འབྲས་ཆང་རྒུན་ཆང་བཏུང་བའི་མཆོག༔ སྦྲང་རྩི་བུ་རམ་མངར་བའི་རོ༔ རཀྟ་བཅུད་ཆེན་གི་ཝང་དང༔ བཙོས་དང་རྗེན་ཤ་ཁུ་བ་རྐང༔ བཟའ་དང་བཅའ་དང་བཏུང་བའི་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ སྣ་ཚོགས་མཆོད་པ་འདི་དག་ཀུན༔ བཞེས་ཤིང་མཉེས་པར་མཛད་དུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ཁྱད་པར་གྱི་མཆོད་པ་ནི། སྣང་བ་ཡབ་ལ་སྟོང་པ་ཡུམ༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ བདེ་ཆེན་དགའ་བཞིའི་རོལ་པར་སྤེལ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་གསང་མཆོད་དང་། རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་བདུང་རྩི་སྨན༔ ཡེ་ཤེས་སྒྲུབ་རྫས་ཆེན་པོ་འདི༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་འབུལ༔ ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་སྨན་མཆོད་དང་། ཉོན་མོངས་ཆགས་པ་འཁོར་བའི་ཁྲག༔ ཆགས་མེད་བདེ་ཆེན་རྒྱ་མཚོར་བསྐྱིལ༔ གསང་བའི་སྒྲུབ་རྫས་ཆེན་པོ་འདི༔ མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཞེས་རཀྟ་དང་། ཆོས་དབྱིངས་རྣམ་དག་གཏོར་གཞོང་དུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཟག་མེད་བདེ་ཆེན་མཆོད་པའི་མཆོག༔ དམ་ཚིག་བདུད་རྩིར་བཞེས་སུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་དང་། ཁྱད་པར་དུ་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པའི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མ་བདུད་རྩིའི་རང་བཞིན་ཅན་གྱི་བཅུད་དྲངས་ཤིང་གསོལ་བས་ཚིམ་ཞིང་མཉེས་པར་བསམ་ལ། ཨོཾ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་ཕུལ་ལ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་དམ་བཞག་གི་སྐབས་ལྟར་ཕྲིན་ལས་གསོལ། བསྟོད་པ་བྱ་བ་ནི། ཧྲཱི༔ སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་སྐུ༔ ཉི་ཟླའི་སྤྱན་བགྲད་ཁྲོ་གཉེར་བཞད་པའི་ཞལ༔ མཆེ་གཙིགས་འཛུམ་ཆགས་གཞན་ཡིད་འགུགས་པ་པོ༔ གར་གྱི་དབང་ཕྱུག་དཔལ་ཆེན་བཀའ་བཞིན་དུ༔ དམ་ཚིག་འཁོར་ལོའི་གནས་རྣམས་སྐྱོང་མཛད་ཅིང༔ སྣ་ཚོགས་དར་དང་རཏྣ་ཨུཏྤལ་གྱིས༔ ངེས་པར་ཆེ་བཙན་རྒྱལ་པོའི་རྟགས་སུ་བརྒྱན༔ ཚངས་གནས་ཏི་སེ་རྒྱ་མཚོ་ཆེན་པོའི་ཀློང༔ དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར༔ ཁྱོད་ནི་རྣལ་འབྱོར་སྒྲུབ་པའི་དབང་ཕྱུག་ཡིན༔ དྲེགས་པའི་ལྷ་ཆེན་ཀུན་གྱིས་ཕྱག་བྱས་ཤིང༔ ལོག་འདྲེན་བགེགས་རྣམས་མ་ལུས་འདུལ་བར་མཛད༔ ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ༔ ལྷ་དམག་དབུགས་འབྱིན་ཆེ་བཙན་གཡུལ་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ལྕགས་ཀྱུ་དང༔ རླུང་གི་ཞགས་པས་སྐྱེ་འགྲོ་འགུགས་ཤིང་འཆིང༔ གནོད་སྦྱིན་གཟི་བརྗིད་མདངས་ཀུན་རྟགས་ཀྱིས་འཕྲོག༔ ཨུ་མ་ཡུམ་འཁྱུད་རྟག་ཏུ་ཆགས་ཤིང་རོལ༔ གསང་བའི་མ་བཞིས་འགྲོ་ཀུན་དབང་དུ་སྡུད༔ དྲེགས་པའི་ལྷ་ཆེན་ཀུན་ཀྱང་ལས་ལ་འགྱེད༔ ཁྱོད་ནི་མི་བཟད་འཇིགས་བྱེད་ཀུན་གྱི་བདག༔ སྨོན་ལམ་དབང་གིས་རྣམ་འཕྲུལ་ཅིར་ཡང་སྟོན༔ འདོད་པའི་མཆོག་སྩོལ་འཇིག་རྟེན་ཀུན་གྱི་སྐྱབས༔ ཁྱོད་ལ་ཕྱག་འཚལ་རྒྱ་ཆེན་དངོས་གྲུབ་སྩོལ༔ ཅེས་བསྟོད་དོ། །བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀ་ནས་ཁ་དོག་དམར་པོའི་སྔགས་ཀྱི་འོད་ཟེར་འཕྲོས་ལྷ་ཆེན་ལྕམ་དྲལ་གྱི་ཐུགས་ཀའི་ས་བོན་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་བས་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ནས་བདག་ལ་བསྩལ་བར་བསམ་ཞིང་། ཨོཾ་མ་ཧཱ་དེ་ཝ་ས་མ་ཡ་ཧྲཱིཾ་ཛ༔ ཞེས་བསྙེན་སྔགས་དང་། ཨོཾ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཞེས་སྒྲུབ་སྔགས་ཀྱང་ཅི་རིགས་བཟླ་ཞིང་། སྟོང་ཚིགས་ཀྱི་མཆོད་པ་ནི། ཨོཾ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་ནས་ཐུགས་དམ་སྐོང་བ་ནི། སྐོང་རྫས་རྣམས་རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཕུན་སུམ་ཚོགས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཏེ་ཟད་མི་ཤེས་པར་སྤེལ་ལ། ཧྲཱིཿ རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་འཛིན། །པདྨ་གར་དབང་ཐུགས་རྗེའི་རྣམ་རོལ་ལས། །གདུལ་དཀའ་འདུལ་ཕྱིར་འཇིག་རྟེན་མགོན་པོའི་སྐུར། །ཡོངས་བཞེངས་ལྷ་ཆེན་ལྕམ་དྲལ་འདིར་གཤེགས་ཤིག །ཆོས་ཉིད་འགྱུར་མེད་དབྱིངས་ལས་བདེ་ཆེན་གྱི། །རྣམ་རོལ་མ་འགགས་འདོད་ཡོན་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་ཁམས་ཀུན་ཡོངས་གང་བས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །ལེ་བརྒན་དར་གྱི་ལྷབ་ལྷུབ་གཡབ་མོ་དང་། །དམ་རྫས་སྦྱར་བའི་སྤོས་ཀྱི་དུད་སྤྲིན་གཏིབས། །ཏིང་འཛིན་སྔགས་རྒྱ་གདུང་དབྱངས་རོལ་མོའི་སྒྲས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །པདྨ་རཱ་གའི་ཁང་བཟང་ཟླ་གམ་དབྱིབས། །ངོ་མཚར་རྒྱན་གྱི་ཁྱད་པར་དུ་མ་ཡིས། །རབ་མཛེས་ཕོ་བྲང་གནས་ཀྱི་རྟེན་མཆོག་འདིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །མངར་གསུམ་སྦྱར་བའི་སྐྱེམས་དང་མེ་ཏོག་སྤོས། །མར་མེ་དྲི་མཆོག་ཞལ་ཟས་སྙན་བརྗིད་ཀྱི། །རོལ་མོར་བཅས་པའི་མཆོད་རྫས་སྣ་ཚོགས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །མཛེས་པའི་གཟུགས་དང་དབྱངས་སྙན་བཟང་པོའི་དྲི། །རོ་བརྒྱའི་བཟའ་བཏུང་རེག་བྱའི་ཁྱད་པར་སོགས། །དབང་པོའི་སྤྱོད་ཡུལ་འདོད་ཡོན་རྣམ་པ་ལྔས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །མངའ་ཆེའི་འབྱོར་པ་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་རྫས་བརྒྱད་དང་འཇོ་སྒེག་གི །རྣམ་འགྱུར་མཐའ་ཡས་ལྷ་མོའི་རོལ་རྩེད་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །འབྲུ་བཟང་སྨན་སྤོད་སྣ་ཚོགས་མངར་གསུམ་གྱིས། །སྦྲུས་པའི་བཤོས་བུ་ཤ་ཆེན་ཁུར་བ་དང་། །ལ་དུ་མྱོས་བྱེད་ཞོ་མར་གྱིས་བྲན་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །མངར་གསུམ་མྱོས་བྱེད་སྦྱར་བའི་བཏུང་བ་དང་། །རང་བྱུང་མེ་ཏོག་ཏིལ་གྱི་སྒྲོན་མེ་སྦར། །ཙནྡན་ཆབ་སོགས་ཁྱད་པར་དམ་རྫས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་དང་། །དམར་ཆེན་རཀྟ་རྦ་ཀློང་འཁྲུགས་པའི་དབུས། །འདོད་དགུའི་རྟེན་གཏོར་ལྷུན་པོ་ལྟར་སྤུངས་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །སེང་གེ་སྟག་གཟིག་དོམ་དང་མཁའ་ལྡིང་ཚོགས། །རྟ་མཆོག་གླང་ཆེན་མ་ཧེ་བ་ལང་ཁྱུ། །མཛེས་བརྗིད་མཁོ་དགུའི་སྲོག་ཆགས་སྣ་ཚོགས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། ཁྱད་པར་རྒྱུ་ལས་བཟོ་བོས་ཆོ་ག་བཞིན། །བསྒྲུབས་པའི་དམ་ཚིག་མཆོག་གི་བྲིས་སྐུ་དང་། །གླེགས་བམ་བགྲང་ཕྲེང་སྔགས་ཀྱི་ཕྱག་རྒྱ་ཡིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །གཟུགས་འཚོང་ལས་བྱུང་ལྕགས་ལས་བྱས་པ་ཡི། །ལྕགས་ཀྱུ་ལེ་བརྒན་དར་གྱིས་བརྒྱན་པ་དང་། །དབང་སྡུད་འཆིང་བྱེད་ཉི་ཟླའི་ཟེར་ཅན་གྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །ཡབ་ཡུམ་སྲོག་འཁོར་བླ་རྟེན་ཕུར་བུ་དང་། །ལྷ་འདྲེ་མིའི་སྲོག་དམ་རྫས་དཀོར་ཆར་བཅས། །སྲིད་མེས་སྣོད་དུ་གཏམ་པའི་གསང་རྟེན་གྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྟོང་སྐུ་ཡི་ཕྱག་རྒྱ་གསལ་ཞིང་བརྟན། །བཟླས་བརྗོད་སྔགས་ཀྱིས་ཐུགས་དམ་གནད་ནས་བསྐུལ། །རིག་སྟོང་སྤྲོས་བྲལ་ཀ་དག་གཞིར་རྫོགས་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །སེམས་ཉིད་གདོད་ནས་དག་པ་རིག་པའི་གཤིས། །རྩལ་སྣང་འགག་མེད་འཆར་བ་སྒྱུ་མའི་འཕྲུལ། །རང་ཤར་རང་གྲོལ་གནས་ལུགས་ཇི་བཞིན་དབྱིངས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །སྟོང་ཉིད་དབྱིངས་དང་བདེ་ཆེན་ཡེ་ཤེས་རྩལ། །གཉིས་མེད་དབྱིངས་སུ་ཐུགས་དམ་བསྐངས་གྱུར་ནས། །མངོན་པར་འདོད་པའི་ཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །ཅེས་དང་། བཤགས་པ་ནི། ཧྲཱིཿ གར་གྱི་དབང་ཕྱུག་ཐུགས་རྗེའི་རྣམ་རོལ་ལས། །འཇིག་རྟེན་སྐྱོང་བ་ཡོངས་ཀྱི་རྗེ་བོའི་སྐུར། །རབ་བཞེངས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས། །ཐུགས་རྗེས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མི་ཤེས་རྨོངས་པའི་དབང་གྱུར་པས། །འདོད་ཁྲོ་གཏི་མུག་དབང་གིས་བཅས་པ་དང་། །རང་བཞིན་ཁ་ན་མ་ཐོའི་ནོངས་པ་ཀུན། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི། །སྣང་སྲིད་རྣམ་དག་ལྷ་སྐུར་རྫོགས་པ་ལ། །མ་དག་ཐ་མལ་སྣང་ཞེན་བདེན་འཛིན་གྱིས། །སྒོམ་སྒྲུབ་གཡེལ་ཞིང་མི་དགེའི་གཡེང་བས་གོལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །གཞོམ་མེད་རླུང་སྔགས་ནཱ་དའི་རང་བཞིན་ལ། །ཐ་སྙད་ཡི་གེའི་བརྡ་དང་མཚན་མས་བཅིངས། །བཟླས་བརྗོད་མ་དག་ལོང་གཏམ་འཁྲུལ་པས་བསླད། །གསུང་གི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ཆོས་ཀུན་ཡེ་ནས་སྤྲོས་དང་བྲལ་བ་ལ། །གཟུང་འཛིན་རྣམ་རྟོག་མཚན་མས་རིས་སུ་བཅད། །གནས་ལུགས་མ་རྟོགས་འཁྲུལ་སྣང་མུན་པར་འཐོམས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །སྐྱོན་དག་ཡོན་ཏན་མ་ལུས་ཡོངས་རྫོགས་ཤིང་། །སྲས་བཅས་རྒྱལ་བའི་ཡེ་ཤེས་རྣམ་རོལ་ལ། །ཚུར་མཐོང་ཕྱོགས་རེའི་བསམ་པས་གཞལ་བ་སོགས། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ཕྲིན་ལས་རྣམ་བཞིས་འདོད་དོན་མ་ལུས་པ། །ཡིད་བཞིན་ནོར་ལྟར་ཐོགས་མེད་རེ་སྐོང་ལ། །བྱིས་བློས་ཉི་ཚེའི་ལས་ལ་བཀོལ་བ་སོགས། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །རྡོ་རྗེའི་ཡལ་གམ་ཆེན་པོ་གཉེར་བླངས་ཀྱང་། །སྤྱི་དང་ཁྱད་པར་གྱུར་པའི་དམ་ཚིག་ལས། །ནོངས་ཤིང་ཉམས་པར་གྱུར་པ་གང་བགྱིས་པ། །མཐོལ་ཞིང་བཤགས་སོ་ཚངས་ཤིང་དག་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བཟླའོ། །གཏེར་སྲུང་སྨན་བཙུན་མའི་མཆོད་ཕྲིན་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྨན་བཙུན་མཆེད་ལྔ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིན་ཆེན་བྲག་རིས་གཏམ་པའི་ཞིང་། །སྨན་ལྗོངས་ནགས་ཚལ་རྒྱས་པའི་དབུས། །གཡུ་མཚོ་འཁྱིལ་བའི་ཕོ་བྲང་ནས། །སྨན་བཙུན་ལྷ་མོ་གཡུ་སྒྲོན་མ། །ཡིད་འོང་མཛེས་མ་མཆེད་ལྔ་དང་། །འཁོར་ཚོགས་འབུམ་ཕྲག་དུ་མར་བཅས། །དགྱེས་ཤིང་བརྩེ་བས་ད་ཚུར་བྱོན། །དམ་ཚིག་སྟན་ལ་བག་ཕོབ་ཅིག །པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ས་མ་ཡ་སཏྭཾ། ས་མ་ཡ་ཧོ། མ་གཅིག་དགྱེས་པས་བྱོན་ལགས་སམ། །ཞབས་བསིལ་སྨན་ཆབ་ཨརྒྷའི་རྒྱུན། །མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །སྣང་གསལ་སྒྲོན་མེ་བྱུག་པའི་ཀླུང་། །རོ་བརྒྱའི་བཟའ་བཏུང་སྙན་འཇེབ་སྒྲ །གཙང་སྦྱར་གསེར་སྐྱེམས་དཀར་མངར་ཕུད། །ཕྱེ་མར་འོ་སྐོལ་རྩི་སྨན་སྤོས། །སྤྱན་གཟིགས་ཡོ་བྱད་མཁོ་དགུར་བཅས། །འབུལ་ལོ་དགྱེས་པའི་ཞལ་སྟོན་ལ། །དམ་ཚིག་གནས་ལ་ངོ་འཐོན་མཛོད། །ཨོཾ་ཨཱཿཧཱུྃ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྔགས་དེ་ཉིད་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་མེ་པྲ་ཡཙྪ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་བས་ཚིམས་ཤིང་དགྱེས་པར་བསམ་ལ། ཀྱཻ། འགྱུར་མེད་ཡེ་ཤེས་ལྔ་ཡི་དངོས། །རིགས་ལྔའི་རྣམ་རོལ་ཌཱ་ཀི་ནཱི། །མཐུ་ཆེན་སྨན་བཙུན་མཆེད་ལྔ་ལ། །ཕྲིན་ལས་དོན་དུ་བསྟོད་པར་བགྱི། །སྣ་ཚོགས་རྒྱན་ལྡན་གཏོར་མ་དང་། །མཐུན་པའི་སྤྱན་གཟིགས་དཀོར་ནོར་སོགས། །ཕྱི་ནང་གསང་བའི་འདོད་ཡོན་གྱིས། །འཁོར་བཅས་དགྱེས་ཤིང་ཚིམས་གྱུར་ནས། །པདྨ་ཐོད་ཕྲེང་བཀའ་བཞིན་དུ། །རིག་འཛིན་བདག་ཅག་འཁོར་བཅས་རྣམས། །བུ་གཅིག་པ་ཡི་མ་བཞིན་དུ། །རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། །ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་ལོངས་སྤྱོད་འཁོར་སློབ་སྤེལ། །ཅི་འདོད་ཕྲིན་ལས་མྱུར་བསྒྲུབས་ནས། །དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །ཅེས་དང་དམ་ཅན་རྡོར་ལེགས་ཀྱི་གསོལ་མཆོད་ནི། ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ཟབ་མོ་གཏེར་གྱི་བདག༔ དགྲ་བླའི་རྒྱལ་པོ་རྫུ་འཕྲུལ་ཅན༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ ཏྲི་བཛྲ་སཱ་དྷུ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ སྟོང་གསུམ་ནམ་མཁའི་ཁམས་གང་བའི༔ ཕྱི་ནང་གསང་དང་དེ་ཁོ་ན༔ སྨན་རཀ་བ་ལིཾ་གཏོར་མ་སོགས༔ མཁོ་དགུའི་ལོངས་སྤྱོད་བསམ་མི་ཁྱབ༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་རོལ་ལ་ཕྲིན་ལས་མཛོད༔ མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧིཿ ཧཱུྃ༔ སྐྱེ་མེད་དབྱིངས་ལས་བསྟན་བསྲུང་ཕྱིར༔ སྙིང་རྗེས་བཞེངས་པའི་དམ་ཚིག་ཅན༔ སྲིད་པའི་རྒྱལ་པོ་རྡོ་རྗེ་ལེགས༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ དར་དམར་བེར་གསོལ་ཁྲོ་ཆས་ཅན༔ ཕྱག་གཡས་རྡོ་རྗེས་དགྲ་དཔུང་འཇོམས༔ གཡོན་པས་དམ་ཉམས་ཙིཏྟ་བསྣམས༔ ཆིབས་སུ་སྟོབས་ལྡན་སེང་གེ་འཆིབ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་ཅན༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ གདུག་པའི་དགྲ་བགེགས་དབྱིངས་སུ་སྒྲོལ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་དང་། གཏེར་བདག་དང་། གཞི་བདག་སྤྱི་གཏོར་ཕུལ་ནས། ཚོགས་བྱིན་རླབས་ནས་ལྷག་མ་གཏོང་བའི་བར་སོང་ནས། འབུལ་གཏོར་རྣམས་དཔལ་འབར་བཙུགས། ལྷ་ཆེན་གྱི་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་གྱི་མཐར། ཧྲཱིཿ ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་དབང་ཕྱུག་ལྷ་ཆེན་པོ། །ཡུམ་ཆེན་ཨུ་མ་དེ་ཝཱི་དང། །འགུགས་འཆིང་རྨོངས་དང་མྱོས་བྱེད་སོགས། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སྲིད་ཞིའི་ཕུན་ཚོགས་དབང་བསྡུས་ནས། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ་རྣམས་སྒྲུབ་ཁང་གི་ཡང་ཐོག་ལ་སོགས་པར་འབུལ་ལོ། །གཏང་རག་གི་མཆོད་བསྟོད་ནས་བཀྲ་ཤིས་བར་གཏོར་བསྔོ་ལྟར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བར་སྲུང་མ་སྤྱི་དང་བྱེ་བྲག་གི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་འདི་ནི་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དཀྱུས་སུ་བྲིས་པའོ། །དགེ་ཞིང་བཀྲ་ཤིས།། །།

དཔལ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་བདེ་མཆོག་སངས་རྒྱས་མཉམ་སྦྱོར་ལས། སྨིན་བྱེད་དབང་གི་ཆོ་ག་གསལ་བར་བྱེད་པ་རིན་ཆེན་ཐིགས་པ་ (Volume 4, Text 16)

༄༅། །དཔལ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་བདེ་མཆོག་སངས་རྒྱས་མཉམ་སྦྱོར་ལས། སྨིན་བྱེད་དབང་གི་ཆོ་ག་གསལ་བར་བྱེད་པ་རིན་ཆེན་ཐིགས་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་བུདྡྷ་ས་མ་ཡོ་གཱ་ཡ། །བདེ་ཆེན་གསང་བའི་དགྱེས་པ་ནས། །ཐམས་ཅད་བདག་ཉིད་རྣམ་པར་འཕྲུལ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །དྲུག་པའི་བདག་ཉིད་བླ་མར་འདུད། །རྡོ་རྗེ་སེམས་དཔའ་རིགས་ཀུན་བདག །རིགས་དྲུག་འཁོར་ལོར་ཤར་བ་ལས། །མཆོག་གི་མྱུར་ལམ་ཟླ་མེད་པ། །དེ་ཡི་སྨིན་བྱེད་རྣམ་གསལ་བྱ། །རྒྱུད་ལས་ཇི་སྐད་གསུངས་པའི་མཚན་ཉིད་ཚང་བའི་སློབ་དཔོན་གྱིས་སྣོད་ལྡན་གྱི་སློབ་མ་དཀྱིལ་འཁོར་འདིར་གཞུག་པ་ལ། གཞུང་ལས། མཚན་མའི་དཀྱིལ་འཁོར་བྲིས་པ་ལ༔ ཕྱི་དབང་བསྐུར་ཞིང་བསྐྱེད་རིམ་བསླབ༔ ཅེས་ཕྱི་དཀྱིལ་ཁོ་ནར་བརྟེན་ཏེ་ཕྱི་དབང་སྤྱི་མཐུན་དུ་བསྐུར་བ་དང་། ཏིང་འཛིན་ལེགས་པར་བྱང་བ་ཡི༔ སློབ་དཔོན་ཡབ་ཡུམ་རིག་མར་བཅས༔ གསུམ་གྱིས་སློབ་མ་སྨིན་པར་བྱ༔ ཞེས་ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཐམས་ཅད་ཟབ་དབང་དུ་བསྐུར་བ་དང་། ལུས་ཀྱི་དཀྱིལ་འཁོར་ཁོ་ནར་བརྟེན༔ ཏིང་ངེ་འཛིན་གྱི་དབང་བསྐུར་བས༔ དབང་བསྐུར་གཞན་ལས་ཁྱད་པར་འཕགས༔ ཞེས་རྡོ་རྗེ་སློབ་དཔོན་གྱི་ལུས་དཀྱིལ་ཁོ་ནར་བརྟེན་ནས་ཐམས་ཅད་ཏིང་ངེ་འཛིན་གྱི་དབང་ཁོ་ནར་བསྐུར་བ་སྟེ་དབང་གཞུང་གཅིག་ལ་དབང་པོའི་རིམ་པ་དང་མཐུན་པའི་ཁ་བསྒྱུར་གསུམ་དུ་གསུངས་པ་ལས། གཏེར་ཆེན་བླ་མ་རྣམ་གཉིས་ཀྱི་ཕྱག་བཞེས་སུ་མཚན་མའི་དབང་རྫས་རྣམས་དམིགས་རྟེན་ཙམ་དུ་བཤམས་ནས་གཞུང་གི་དཀྱུས་གསལ་ལུས་དཀྱིལ་དུ་དབང་བསྐུར་བའི་ཕྱག་བཞེས་མཛད་པ་ལྟར་འདིར་ཡང་དེ་ལྟར་འགོད་པར་བྱའོ། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དབང་གི་དམིགས་རྟེན་འདུ་བྱ་བ། དབང་དོན་དཀྱིལ་འཁོར་སྒྲུབ་པའོ། །དང་པོ་ནི། དབེན་པའི་གནས་རྟེན་དང་རྒྱན་ཇི་ལྟར་རིགས་པས་མཛེས་པར་བྱས་པའི་གུང་དུ་སྟེགས་བུ་ལ་དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་རུང་ངམ། མ་འཛོམ་ན་མཎྜལ་དྲི་བཟང་གི་ཆུས་བརླན་པ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་བཞི་རིམ་གཉིས་བཅས་བཀོད་པས་ཀྱང་ཆོག་སྟེ་སྐབས་འདིར་གཙོ་བོར་ལུས་དཀྱིལ་དུ་གཞུག་པའི་ཕྱིར་རོ། །དེ་སྟེང་ཁྲི་འུར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་ལྡན་པ་གཟུངས་རྡོར་བཅས་བཞག །མདུན་སོགས་སུ་རིགས་དྲུག་གི་སྐུ་ཙཀ །ཐོད་ཆང་མངར་གསུམ་ཆོས་སྨན་སྦྱར་བ། རིག་ཙཀ །ཕུར་བུ་རལ་གྲི །སྣ་ཚོགས་རྡོ་རྗེ་རྣམས་བཀོད། རྒྱབ་ངོས་སྨན་རཀ་གཏོར་གསུམ། ཕྱོགས་བཞིར་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སྟེ་བཞི་བསྣོལ་ཚར་བཞི། ཤར་དུ་ལྷག་པོ་གཅིག་བཅས་བཤམ། ལས་བུམ། མིག་དར། མེ་ཏོག་རྣམས་དང་། ཚོགས་རྫས་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། བརྒྱུད་འདེབས། བསང་ཆུ་བྱིན་རླབས། སྔོན་གཏོར། ཚོགས་གསག་སྤྱི་ལྟར་བྱས་ལ། གཏེར་གཞུང་ཕྲིན་ལས་རིན་ཆེན་སྒྲོན་མེ་ལྟར་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་བར་ཆོ་གའི་སྔོན་འགྲོ་རྣམས་བཏང་། དངོས་གཞིའི་དཀྱིལ་འཁོར་རྟེན་བརྟེན་པ་བདག་མདུན་དབྱེར་མེད་དུ་བསྐྱེད་ལ། དེའི་ཡན་ལག་སྤྱན་འདྲེན་ནས་མཆོད་བསྟོད་བར་དུ་བྱ། ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་གདབ་པའི་ཚིག་བརྗོད་ལ་འབྲུ་ལྔའི་རང་བཞིན་ལྷུན་གྲུབ་ཀྱི་བཟླས་པ་བྱ། བློ་དམན་ན་ཛཔ྄ཁང་དབྱེ། སེམས་དཔའ་སུམ་བརྩེགས་ཀྱི་ཛཔ྄་དཀྱིལ་དང་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ་བཀའ་མ་ལས་འབྱུང་བ་ལྟར་གཙོ་བོ་དྲུག་གི་སྙིང་པོ་ཅི་འགྲུབ་དང་། འབྲུ་ལྔ་ངག་བཟླས་བྱ། བུམ་པར་བསྐྱེད་བཟླས་སྤྲོ་བསྡུ་སྤྱི་མཐུན། མཐར་མཆོད་བསྟོད་ནོངས་བཤགས་བུམ་ལྷ་འོད་ཞུ་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧཱ་ལས་ཕྲིན་ལས་རྟ་མཆོག་ལྗང༔ རྟ་གདོང་རབ་བཞད་མེ་ཕུང་འབར༔ རྒྱ་གྲམ་རལ་གྲི་དྲིལ་བུ་འཛིན༔ ལས་བྱེད་གསང་བའི་ཡུམ་དང་འཁྲིལ༔ བདག་སྲོག་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ སྙོམས་ཞུགས་བྱང་སེམས་རྒྱུན་བབས་གྱུར༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ ཞེས་བརྒྱ་རྩ་ཙམ་བཟླ། རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གསོལ་བ་གདབ་པ་ནི། ཧཱུྃ༔ རྒྱལ་བའི་ཕྲིན་ལས་རྨད་པོ་ཆེ༔ སེམས་ཅན་ཀུན་ལ་འཇུག་པའི་ཕྱིར༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་གིས་སློབ་མ་གཞུག་པར་འཚལ༔ ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་པའི་ཞལ་ནས། ཧཱུྃ༔ རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱིས༔ འགྲོ་བ་རྣམས་ལ་སྨན་སླད་དུ༔ སྐལ་བར་ལྡན་པ་སུ་མཆིས་པར༔ དབང་རྣམས་རིམ་པར་བསྐུར་བར་འཚལ༔ ཞེས་གནང་བ་བསྩལ་བར་གྱུར་པར་མོས། གཉིས་པ་དངོས་གཞི་དབང་གི་ལས་རིམ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་ལུས་དཀྱིལ་དུ་འཇུག་པར་ནུས་པ་ཧ་ཅང་མི་མང་བ་ཕྱི་རོལ་དུ་ལས་བུམ་གྱིས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བདེན་སྟོབས་དང་ལས་བྱང་གི་བཀའ་བསྒོ་བརྗོད་ལ་བགེགས་བསྐྲད། སྲུང་འཁོར་བརྟན་པོར་བསྒོམ་ཞིང་གསལ་འདེབས་བརྗོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་ཁྱད་པར། གང་གསན་པར་བྱ་བ་ནི་སྤྱིར་སྔགས་ཀྱི་ཐེག་པ་མཐའ་དག་སྤྱོད་པ་གཙོར་སྟོན་པ་བྱ་རྒྱུད་དང་། ལྟ་བ་གཙོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་གཉིས་སུ་འདུ་བར་བཤད་ཅིང་ཕྱི་མ་ལ་རྣལ་འབྱོར་ཙམ་པོ་དང་རྣལ་འབྱོར་བླ་མེད་གཉིས་སུ་ཡོད་པའི་བླ་མེད་ལ་སྔ་འགྱུར་རྙིང་མའི་རང་སྐད་དུ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གཙོ་བོར་སྟོན་པའི་དབང་གིས་རྒྱུད་མ་ཧཱ་ལུང་ཨ་ནུ་མན་ངག་ཨ་ཏི་སྟེ་ཡོ་ག་རྣམ་པ་གསུམ་དུ་བཞུགས་ཤིང་། དེ་རེ་རེ་ལའང་ཐབས་བསྐྱེད་རིམ་དང་མཚན་བཅས་རླུང་གི་རྫོགས་རིམ་གཙོར་བྱེད་པ་མ་ཧཱ། བསྐྱེད་རིམ་ཤས་ཆུང་ཞིང་ཤེས་རབ་རྫོགས་རིམ་ཐིག་ལེ་ལམ་བྱེད་གཙོར་སྟོན་པ་ཨ་ནུ། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་རྣམ་པར་མི་རྟོག་པ་དང་འོད་གསལ་གྱི་ཡེ་ཤེས་ཉམས་ལེན་གཙོར་བྱེད་པ་ཨ་ཏི་སྟེ་གསུམ་གསུམ་དུ་དབྱེར་ཡོད་པ་ལས། འདིར་བསྐྱེད་པ་མ་ཧཱ་ཡོ་ག་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྩ་བའི་རྒྱུད་ཆེན་པོ་ལྔ་ལས་སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་མ་ཧཱའི་ཨ་ནུ་ལྟར་ཉམས་སུ་ལེན་པ་ཡིན། དཀྱིལ་འཁོར་དེ་ལའང་སློབ་དཔོན་ཀུ་ཀུ་རཱ་ཛས་རིགས་སོ་སོ་བ་དྲུག །རིགས་བསྡུས་དང་གཙོ་བསྡུས་རེ་རེ་བཅས་དཀྱིལ་འཁོར་བརྒྱད་དངོས་སུ་བསྟན་པའི་རིགས་བསྡུས་ཀྱི་དཀྱིལ་འཁོར་སྔ་འགྱུར་བཀའ་མའི་བཀའ་སྲོལ་ཡོངས་གྲགས་སུ་བཞུགས་ཤིང་འདི་ནི་གཙོ་བསྡུས་ཡིན་ལ། རྒྱུད་སྡེ་རྣམས་ཀྱི་སྨིན་གྲོལ་རང་རྐང་ཚུགས་པ་སྔོན་ཆད་གཏེར་མའི་ཕྱོགས་སུ་མ་བྱོན་ཀྱང་། ཟབ་གཏེར་འདིའི་ཕྱོགས་སུ་མདོ་དང་སྒྱུ་འཕྲུལ་གྱིས་མཚོན་རྒྱུད་ལུང་གི་རང་རྐང་མ་ཉམས་པའི་ཟབ་ཆོས་ཨུ་དུམྦ་ར་ལྟར་དཀོན་ལ་ངོ་མཚར་ཆེ་བ་འགའ་ཞིག་བྱོན་པའི་ནང་ནས། མཉམ་སྦྱོར་གྱི་སྨིན་གྲོལ་ལས་ཚོགས་དང་བཅས་པའི་གདམས་སྐོར་ཁྱད་པར་འཕགས་པ་འདི་ནི། ལྷ་སྲས་རྣམ་རོལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་མདོ་ཁམས་ཡོན་ཏན་གནས་ལྔའི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་བསམ་གཏན་དབེན་ཁྲོད་བདེ་བ་ཆེན་པོ་ནས་སྤྱན་དྲངས་པ་སྟེ། སྤྱིར་གཏེར་ཁ་འདིའི་བཀའ་སྲོལ་དུ་རྒྱས་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར། འབྲིང་པོ་ཧེ་རུ་ཀ་དམ་ཚིག་རྒྱ་མཚོ་ལྷ་དྲུག་ཅུ་རྩ་བཞི་པ། བསྡུས་པ་ཧེ་རུ་ཀ་སྙིང་པོའི་དཀྱིལ་འཁོར་གསུམ་དུ་བཞུགས་པར་གསུངས་པ་ལས་སྐབས་སུ་བབས་པ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་གཙོ་བསྡུས་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱི་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྔོན་ཆད་ལྷན་སྐྱེས་ཀྱི་སྒྲིབ་པས་དག་པ་ཡེ་ཤེས་ཀྱི་མིག་ལྡོངས་ནས། འཁོར་ལོའི་མགོན་པོའི་དཀྱིལ་འཁོར་མ་མཐོང་བའི་བརྡར། གདོང་གཡོགས་འཆིང་བར་ཞུ། ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་གདོང་གཡོགས་དམར་མོ་སྦྱིན། རིགས་བརྟག་ཅིང་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཐོགས་པར་མོས་ཤིག །སྔགས་སྔ་མས་ཅོད་པན་སྦྱིན། གནས་ཁང་དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱང་དཔལ་ཧེ་རུ་ཀའི་རྣམ་པས་འཁོད་པར་མོས་ལ་ཕྱག་སྙིམས་པ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་གྲོང་ཁྱེར་ཆེན་པོ་འདིར༔ སྐལ་བ་ལྡན་པའི་སློབ་མ་བདག༔ ཐར་པ་བསྒྲུབ་ཕྱིར་གཞུག་ཏུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ རྨད་བྱུང་གསང་བའི་གནས་འདི་ལ༔ མོས་པ་བྱེད་པའང་དོན་ཆེ་སྟེ༔ ཁེ་ཉེན་དམ་ཚིག་སྲུང་བར་གྱིས༔ གནང་བའི་སྐབས་ཕྱེད་པ་ལ་དད་ཅིང་སྤྲོ་བ་ཆེན་པོས་ཇི་ལྟར་བསྩལ་བའི་དབང་སྲོག་གི་དམ་ཚིག་རྣམས་བསྲུང་སེམས་བརྟན་པོས་འདིའི་རྗེས་ཟློས། ཧོ༔ ལྷ་དང་སློབ་དཔོན་དགོངས་སུ་གསོལ༔ རྡོ་རྗེ་སེམས་དཔའ་རིགས་དྲུག་གི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སངས་རྒྱས་བསྒྲུབ་ཕྱིར་བརྟན་པོར་བཟུང༔ ལན་གསུམ། གསང་བ་གསུམ་གྱི་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ བླ་མ་མཆེད་ལྕམ་སྙིང་ལྟར་ཆོངས༔ སངས་རྒྱས་ཀུན་གྱི་གསུང་འཆང་བ༔ ལྷ་དང་སྔགས་རྒྱ་དེ་བཞིན་ནོ༔ སངས་རྒྱས་ཀུན་གྱི་ཐུགས་འཆང་བ༔ གསང་བ་བྱང་ཆུབ་སེམས་ཟུངས་ཤིག༔ བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད། བདུད་རྩིའི་དམ་ཆུ་སྦྱིན་ལ། ཧཱུྃ༔ དེ་བཞིན་གཤེགས་པའི་དམ་ཚིག་ཆུ༔ ཉམས་ན་སྲེག་པར་བྱེད་པའི་མེ༔ དམ་ཚིག་ཐུབ་ན་དངོས་གྲུབ་སྤེལ༔ ལས་རྣམས་ཐམས་ཅད་འདིས་འགྲུབ་བྱེད༔ དམ་ཚིག་རྡོ་རྗེའི་ཆུ་ནན་ཧཱུྃ་གི་ཚོགས་སུ་གྱུར་པས་ལུས་ཐམས་ཅད་གང་། སླར་སྙིང་གི་དབུས་སུ་དམ་ཚིག་གི་དཔང་པོར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས་ལ་བསྲུང་མཚམས་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་གྱིས་ཤིག །སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་ཨོཾ༔ ཨོཾ་གྱི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ ཨོཾ་ལས་རྒྱལ་བ་རྟག་པའི་སྐུ༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་སྦྱོར༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ རྒྱལ་བ་རྟག་པའི་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་བསྟིམ༔ བདེ་བ་བཟོད་མེད་འབར་བར་གྱུར༔ ཅེས་བསྒོམས་ལ་ཨོཾ་རིང་པོ་གླུང་བླང་། བྱང་སེམས་དཀར་དམར་ཤ་ཆེན་དང་ཙནྡན་བདུག །ཌཱ་དྲིལ་འཁྲོལ་བ་ཕྱི་མ་རྣམས་ལའང་འགྲེ །ཡེ་ཤེས་པ་ཇི་སྲིད་བར་གཉིས་མེད་དུ་བརྟན་པར་བྱས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་སྤྱི་བོར་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་སྤྱི་བོར་ཕོག་པས་རྒྱལ་བ་རྟག་པའི་རིགས་སུ་ངེས་པ་ཡིན་ནོ། །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། དབང་བསྐུར་བ་དངོས་ལ་རྣམ་པ་དྲུག་ཏུ་ཡོད་པའི་དང་པོ་དབང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མེ་ཏོག་ཕྲེང་བའི་དབང་བསྐུར་བ་ནི། ཅོད་པན་རིགས་ཀྱི་ལྷའི་ས་བོན་ཨོཾ་གྱིས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ་ལ། ཕྱི་མཚན་མའི་དཀྱིལ་འཁོར་བྷ་ག་གསང་བའི་གཞལ་ཡས་ཁང་མཚན་ཉིད་བསམ་གྱིས་མི་ཁྱབ་པའི་དབུས་སུ་རྒྱལ་བ་རྟག་པ། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རྡོ་རྗེ་ཉི་མ། ནུབ་ཏུ་པདྨ་གར་དབང་། བྱང་དུ་རྡོ་རྗེ་ཁྲག་འཐུང་། སྒོ་བཞིར་རྟ་མཆོག་འབར་བ་རྣམས་རང་རང་གི་སྤྲུལ་པ་ཡང་སྤྲུལ་དང་བཅས་ཏེ་བཞུགས་པ་རྣམས་ནང་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་རྫོགས་པ་སྟེ། སྤྱི་བོར་རྟག་པ། མགྲིན་པར་གར་དབང་། ཐུགས་ཀར་རྡོར་སེམས། ལྟེ་བར་ཉི་མ། གསང་བར་ཁྲག་འཐུང་། ཕྱག་ཞབས་བཞིར་རྟ་མཆོག་རྣམས་བདེ་ཆེན་ཡེ་ཤེས་དྲི་མ་དང་བྲལ་བའི་མིག་གིས་མངོན་སུམ་བཞིན་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་འཚལ། ཞེས་དཀྱིལ་འཁོར་བསྟན། གཉིས་པ་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ༔ སླར་ཡང་སྙོམས་པར་ཞུགས་པ་ཡིས༔ རྒྱལ་བ་བུམ་པ་ཐོགས་པའི་ཚོགས༔ ནམ་མཁའ་གང་བ་སྤྱན་དྲངས་པ༔ སྐུ་ཡི་དབྱིབས་བརྒྱུད་སློབ་མ་ལ༔ བྱང་སེམས་བདུད་རྩིས་དབང་བསྐུར་གྱུར༔ རྣམ་བུམ་ཀྱིས་དབང་བསྐུར་ལ། ཧཱུྃ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བ་བུམ་པ་ཐོགས་པ་ཡིས༔ སྐུ་ཡི་ལམ་ནས་ལེགས་བརྒྱུད་དེ༔ རྣམ་དག་ལྷ་ཡི་དབང་བསྐུར་རོ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་འཐོར་འཐུང་བྱ། བྱང་སེམས་བདུད་རྩིའི་ཆུ་རྒྱུན་གྱིས། །ལུས་གང་སྒྲིབ་བྱང་ཆུ་ཡི་ལྷག །གྱེན་བརྟན་སྣང་མཛད་དབུ་བརྒྱན་གྱུར། །རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། །རྒྱལ་བ་རིགས་དྲུག་སོ་སོ་ལས། །ཡེ་ཤེས་ཕྱག་རྒྱ་གཉིས་པ་འཕྲོས། །ལུས་གནས་དྲུག་ཏུ་ཐིམ་པར་གྱུར། །ཨོཾ༔ འོད་གསལ་ཡེ་ཤེས་རྟག་པའི་སྐུ༔ རྒྱལ་བ་སྣང་མཛད་དབང་བསྐུར་བས༔ གཟུང་འཛིན་དྲི་མ་ཀུན་དག་ནས༔ དབྱིངས་ཡེ་གཉིས་མེད་སྐུ་ཐོབ་ཤོག༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་བཞག །ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་སེམས༔ མི་བསྐྱོད་རྡོ་རྗེས་དབང་བསྐུར་བས༔ གཏི་མུག་དྲི་མ་ཀུན་དག་ནས༔ ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་རོ། །སྭཱ༔ མཉམ་ཉིད་ཡེ་ཤེས་ཉི་མ་མཆོག༔ རིན་ཆེན་འབྱུང་ལྡན་དབང་བསྐུར་བས༔ ང་རྒྱལ་དྲི་མ་ཀུན་དག་ནས༔ མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ལྟེ་བར་རོ། ཨཱཿ སོ་སོར་རྟོག་པ་རྡོ་རྗེ་ཆོས༔ པདྨ་གར་དབང་དབང་བསྐུར་བས༔ འདོད་ཆགས་དྲི་མ་ཀུན་དག་ནས༔ སོར་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ མགྲིན་པར་རོ། །ཧཱུྃ༔ མ་འགག་ཐོགས་མེད་ཧེ་རུ་ཀ༔ ཁྲག་འཐུང་ཆེན་པོའི་དབང་བསྐུར་བས༔ ཞེ་སྡང་དྲི་མ་ཀུན་དག་ནས༔ མེ་ལོང་ཡེ་ཤེས་ཐོབ་པར་ཤོག༔ བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱ༔ གསང་བར་རོ། །ཧཱ༔ ཕྲིན་ལས་རོལ་པ་རྟ་མཆོག་དཔལ༔ ལས་བྱེད་ཕོ་ཉའི་དབང་བསྐུར་བས༔ ཕྲག་དོག་དྲི་མ་ཀུན་དག་ནས༔ བྱ་གྲུབ་ཡེ་ཤེས་ཐོབ་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་ལའོ། །དེ་ལྟར་བུམ་དབང་ཡན་ལག་དང་བཅས་པ་རྫོགས་ནས་ཁྱེད་རང་རྣམས་མཁའ་གསང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་སེང་གེས་བཏེགས་པའི་ཁྲི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ ཅེས་མེ་ཏོག་འཐོར། རོལ་མོ་བསྒྲག་པ་ཕྱི་མ་རྣམས་ལའང་འགྲེ །དེ་ལྟར་རྒྱལ་བ་རྟག་པ་ལ་བསྟེན་ནས་བུམ་པའི་དབང་བསྐུར་བ་ཐོབ་པས། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་རྟོགས་པའི་བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །གསུམ་པ་གསང་བའི་དབང་བསྐུར་བ་ལ། སྔོན་ཆད་སོགས་གོང་ལྟར་ལ། པདྨ་གར་དབང་དཀྱིལ་འཁོར་མ་མཐོང་བའི་བརྡར་ཅེས་བསྒྱུར་ནས་མིག་དར་མེ་ཏོག་སྦྱིན། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་ཨཱཿ ཨཱཿཡི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ ཨཱཿལས་པདྨ་གར་དབང་དམར༔ པདྨ་དང་ནི་དྲིལ་བུ་འཛིན༔ གསང་བའི་ཡུམ་མཆོག་བདེ་ཆེན་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ པདྨ་གར་དབང་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་བསྟིམ༔ བདེ་བ་བཟོད་མེད་འབར་བར་བསམ༔ ཨཱཿ་་་་རིང་པོར་བརྗོད་ལ་སྤོས་རོལ་བྱ། ཡེ་ཤེས་པ་སོགས་གོང་ལྟར་བརྗོད་ལ། ཛཿཧཱུྃ་བཾ་ཧོ༔ས་བརྟན་པར་བྱ། ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་མགྲིན་པར་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་མགྲིན་པར་ཕོག་པས་པདྨ་གར་དབང་གི་རིགས་སུ་ངེས་པ་ཡིན་ནོ། །ཅོད་པན་རིགས་ཀྱི་ལྷའི་ས་བོན་ཨཱཿས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ། བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ༔ སླར་ཡང་སྙོམས་པར་ཞུགས་པ་ཡིས༔ ནམ་མཁའ་གང་བར་སྤྱན་དྲངས་པའི༔ དབང་གི་ལྷ་ཚོགས་སྙོམས་ཞུགས་པས༔ བྱང་ཆུབ་སེམས་ཀྱི་རྒྱུན་བབས་པ༔ སྐུ་ཡི་དབྱིབས་བརྒྱུད་ཁྱེད་རང་གི༔ མགྲིན་པའི་ལམ་བརྒྱུད་ལུས་ཁྱབ་མོས༔ བདུད་རྩི་སྦྱིན་ལ། ཨཱ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བ་བྱང་ཆུབ་སེམས་ཐོགས་པ༔ སྐུ་ཡི་དབྱིབས་བརྒྱུད་སློབ་མ་ལ༔ ཐིག་ལེ་བདེ་ཆེན་དབང་བསྐུར་རོ༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གསང་དབང་ཐོབ། ཁྱེད་རང་རྣམས་མཁའ་གསང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་རྨ་བྱས་བཏེགས་པའི་ཁྲི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ དེ་ལྟར་པདྨ་གར་དབང་ལ་བསྟེན་ནས་གསང་བའི་དབང་བསྐུར་བ་ཐོབ་པས། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །བཞི་པ་ཕོ་ཉའི་དབང་བསྐུར་བ་ལ། སྔོན་ཆད་སོགས་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མ་མཐོང་བའི་བརྡར་ཞེས་བསྒྱུར་ལ་མིག་དར་མེ་ཏོག་སྦྱིན། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་ཧཱུྃ༔ ཧཱུྃ་གི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར༔ རང་འོད་ཡུམ་འཁྱུད་རྡོར་དྲིལ་འཛིན༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་ཐིམ༔ བདེ་བ་བཟོད་མེད་འབར་བར་བསམ༔ ཧཱུྃ་རིང་པོ་བརྗོད་ལ་སྤོས་རོལ་བྱ། ཡེ་ཤེས་པ་སོགས་གོང་ལྟར་བརྗོད་ལ། ཛཿཧཱུྃ་བཾ་ཧོ༔ས་བརྟན་པར་བྱ། ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་ཐུགས་ཀར་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་ཐུགས་ཀར་ཕོག་པས་རྡོ་རྗེ་སེམས་དཔའི་རིགས་སུ་ངེས་པ་ཡིན་ནོ། །ཅོད་པན་རིགས་ཀྱི་ལྷའི་ས་བོན་ཧཱུྃ་གིས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ་ལ། བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ། །སླར་ཡང་སྙོམས་པར་ཞུགས་པ་ཡིས༔ རྒྱལ་བའི་ཡུམ་རྣམས་སྤྱན་དྲངས་ནས༔ སྐུ་ཡི་དབྱིབས་བརྒྱུད་སློབ་མར་འཁྱུད༔ རིག་ཙཀ་གཏད་ལ། ཧཱུྃ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ པདྨ་ཅན་གྱི་སེམས་མའི་ཚོགས༔ བྷ་ག་འཛུམ་པ་དང་བཅས་ཏེ༔ བདེ་ཆེན་ཡེ་ཤེས་དབང་བསྐུར་རོ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕོ་ཉའི་དབང་ཐོབ། ཁྱེད་རང་རྣམས་མཁའ་གསང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་གླང་པོ་ཆེས་བཏེགས་པའི་ཁྲི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་དཔེ་ལས་སྐྱེས་པའི་ཡེ་ཤེས་ཀྱིས་མཚོན་ནས་དོན་དམ་ལྷན་སྐྱེས་ཀྱི་འོད་གསལ་ཚིག་གིས་ངོ་སྤྲད་པ་འདིའི་དོན་ལ་གསན་ཏེ་མཉམ་པར་ཞོག་ཅིག །ཨོཾ༔ བདེ་བའི་ཡེ་ཤེས་འོད་གསལ་ནི༔ རྟོག་པ་ཀུན་འགག་བདེ་ཆེན་གསལ༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ དོན་གྱི་རྡོ་རྗེ་སེམས་དཔའ་འོ༔ དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ དེ་ལྟར་རྡོ་རྗེ་སེམས་དཔའ་ལ་བསྟེན་ནས། དཔེ་དོན་གྱི་དབང་བསྐུར་བ་ཐོབ་པས། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པ་དང་ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ལྔ་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ། སྔོན་ཆད་སོགས་ནས། རྡོ་རྗེ་ཉི་མའི་དཀྱིལ་འཁོར་མ་མཐོང་བའི་བརྡར་ཞེས་བསྒྱུར་ནས་མིག་དར་མེ་ཏོག་སྦྱིན། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་སྭཱ༔ སྭཱ་ཡི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ སྭཱ་ལས་རྡོ་རྗེ་ཉི་མ་སེར༔ རིན་ཆེན་དྲིལ་འཛིན་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ རྡོ་རྗེ་ཉི་མའི་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་ཐིམ༔ བདེ་བ་བཟོད་མེད་འབར་བར་བསམ༔ སྭཱ་རིང་པོར་བརྗོད་ལ་སྤོས་རོལ་བྱ། ཡེ་ཤེས་པ་སོགས་གོང་ལྟར་བརྗོད་ལ། ཛཿཧཱུྃ་བཾ་ཧོ༔ས་བརྟན་པར་བྱ། ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་ལྟེ་བར་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབས་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་ལྟེ་བར་ཕོག་པས་རྡོ་རྗེ་ཉི་མའི་རིགས་སུ་ངེས་པ་ཡིན་ནོ། །ཅོད་པན་རིགས་ཀྱི་ལྷའི་ས་བོན་སྭཱ་ཡིས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ་ལ། བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ། །སླར་ཡང་སྙོམས་པར་ཞུགས་པ་ཡིས༔ རྒྱལ་བ་སེམས་དཔའ་རྣལ་འབྱོར་མ༔ ནམ་མཁའ་གང་བར་སྤྱན་དྲངས་པ༔ སྐུ་ཡི་དབྱིབས་བརྒྱུད་སློབ་མ་ལ༔ ཐབས་ཤེས་ཕྱག་རྒྱས་དབང་བསྐུར་རོ༔ རྡོར་དྲིལ་གཏད་ལ། ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ གསང་བའི་བསྟན་པ་གཏད་པའི་ཕྱིར༔ རྡོ་རྗེ་དྲིལ་བུ་འཛིན་པ་ཀུན༔ སྐུ་ཡི་དབྱིབས་བརྒྱུད་དབང་བསྐུར་བས༔ གསང་བའི་བསྟན་པ་རྒྱས་བྱེད་ཤོག༔ དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་འཁྱུད་རྒྱས་བཟུང་དུ་གཞུག །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ། ཁྱེད་རང་རྣམས་མཁའ་གསང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་རྟ་མཆོག་གིས་བཏེགས་པའི་ཁྲི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ དེ་ལྟར་རྡོ་རྗེ་ཉི་མ་ལ་བསྟེན་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པས། དབང་བསྐུར་བ་དང་རབ་ཏུ་གནས་པ་སོགས་བདེ་བ་མཆོག་གི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་ཏེ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡིན་ནོ། །དྲུག་པ་ལོག་འདྲེན་གདུག་པ་ཅན་བསྒྲལ་བའི་དབང་བསྐུར་བ་ལ། སྔོན་ཆད་སོགས་ནས། རྡོ་རྗེ་ཁྲག་འཐུང་གི་དཀྱིལ་འཁོར་མ་མཐོང་བའི་བརྡར་སོགས་བསྒྱུར་ནས་མིག་དར་མེ་ཏོག་སྦྱིན། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་ཧཱུྃ༔ ཧཱུྃ་གི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ ཧཱུྃ་ལས་རྡོ་རྗེ་ཁྲག་འཐུང་མཐིང༔ རྡོ་རྗེ་དང་ནི་དུང་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ཞི་མ་ཁྲོ་ཡི་ཆ་ལུགས་རྫོགས༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ རྡོ་རྗེ་ཁྲག་འཐུང་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་ཐིམ༔ བདེ་བ་བཟོད་མེད་འབར་བར་བསམ༔ ཧཱུྃ་རིང་པོ་བརྗོད་ལ་སྤོས་རོལ་བྱ། ཡེ་ཤེས་པ་སོགས་གོང་ལྟར་བརྗོད་ལ། ཛཿཧཱུྃ་བཾ་ཧོ༔ས་བརྟན་པར་བྱ། ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་གསང་གནས་སུ་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་གསང་བར་ཕོག་པས་རྡོ་རྗེ་ཁྲག་འཐུང་གི་རིགས་སུ་ངེས་པ་ཡིན་ནོ། །ཅོད་པན་རིགས་ཀྱི་ལྷའི་ས་བོན་ཧཱུྃ་གིས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ་ལ། བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ། །སླར་ཡང་སྙོམས་པར་ཞུགས་པ་ཡིས༔ ཁྲག་འཐུང་མཚོན་ཆ་ཐོགས་པའི་ཚོགས༔ ནམ་མཁའ་གང་བར་སྤྱན་དྲངས་པ༔ སྐུ་ཡི་དབྱིབས་བརྒྱུད་སློབ་མ་ལ༔ མངོན་སྤྱོད་དྲག་པོའི་དབང་བསྐུར་གྱུར༔ རྡོ་རྗེ་ཕུར་པ་རལ་གྲི་གཏད་ལ། ཧཱུྃ༔ ཞི་བས་མི་འདུལ་གདུག་པ་ཀུན༔ འདུལ་ཕྱིར་ཁྲོ་བོའི་ཚོགས་རྣམས་ཀྱིས༔ སྒྲོལ་བྱེད་རྡོ་རྗེའི་དབང་བསྐུར་བས༔ རུ་དྲ་མ་ལུས་སྒྲོལ་བར་ཤོག༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དྲག་པོའི་བསྒྲལ་དབང་ཐོབ། ཁྱེད་རང་རྣམས་མཁའ་ནང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་རུ་དྲ་བསྣོལ་བའི་ཁྲི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ དེ་ལྟར་རྡོ་རྗེ་ཁྲག་འཐུང་ལ་བསྟེན་ནས་དྲག་པོ་བསྒྲལ་བའི་དབང་བསྐུར་བ་ཐོབ་པས། མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་གཟུང་འཛིན་འཁྲུལ་པའི་དགྲ་བགེགས་རྣམས་བདེ་བ་མཆོག་གི་དབྱིངས་སུ་སྒྲོལ་བའི་ནུས་པ་ཐོབ་པ་ཡིན་ནོ། །བདུན་པ་ཕྲིན་ལས་རབ་འབྱམས་སྒྲུབ་པའི་དབང་བསྐུར་བ་ལ། སྔོན་ཆད་སོགས་ནས། རྟ་མཆོག་འབར་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་ཞེས་བསྒྱུར་ལ་མིག་དར་མེ་ཏོག་གཏད། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འབར༔ སློབ་མའི་ལུས་སྦྱངས་རིག་པ་ཧཱ༔ ཧཱ་ཡི་གླུ་ཡིས་རླུང་སྒྲོམ་བརྒྱུད༔ སྐུ་ཡི་དབྱིབས་བརྒྱུད་ནོར་བུ་ནས༔ ཡུམ་གྱི་པདྨའི་དཀྱིལ་འཁོར་དུ༔ ཧཱ་ལས་ཕྲིན་ལས་རྟ་མཆོག་ལྗང༔ རྟ་གདོང་རབ་བཞད་མེ་ཕུང་འབར༔ རྒྱ་གྲམ་རལ་གྲི་དྲིལ་བུ་འཛིན༔ ལས་བྱེད་གསང་བའི་ཡུམ་དང་འཁྲིལ༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ ནམ་མཁའི་མཐར་ཐུག་རྒྱལ་བ་རྣམས༔ རྟ་མཆོག་འབར་བའི་སྐུ་གསུང་ཐུགས༔ ཆར་ལྟར་དབུ་ཡི་གཙུག་ནས་ཞུགས༔ ཡབ་ཡུམ་དབུ་མའི་ནང་བརྒྱུད་དེ༔ སློབ་མ་ལྷར་གསལ་ཉིད་ལ་ཐིམ༔ བདེ་བ་བཟོད་མེད་འབར་བར་བསམ༔ ཧཱ་རིང་པོ་བརྗོད་ལ་སྤོས་རོལ་བྱ། ཡེ་ཤེས་པ་སོགས་གོང་ལྟར་བརྗོད་ལ། ཛཿཧཱུྃ་བཾ་ཧོ༔ས་བརྟན་པར་བྱ། ཕྱག་གི་མེ་ཏོག་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་སློབ་དཔོན་གྱི་ཕྱག་ཞབས་སུ་འདོར་བར་ཞུ། ཧཱུྃ༔ གསང་བ་སྐུ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡེ་ཤེས་དྲུག་ནི་གང་ཐོབ་པ༔ དེ་དང་དེ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སློབ་དཔོན་གྱིས་བླང་། མེ་ཏོག་སློབ་དཔོན་གྱི་ཡན་ལག་ལ་ཕོག་པས་རྟ་མཆོག་འབར་བའི་རིགས་སུ་ངེས་པ་ཡིན་ནོ། །ཅོད་པན་རིགས་ཀྱི་ལྷའི་ས་བོན་ཧཱས་མཚན་པ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིན་ཆེན་ཅོད་པན་དོར་བའི་མཐུས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཅོད་པན་མིང་གིས་དབང་བསྐུར་རོ༔ ཞེས་ཅོད་པན་སྤྱི་བོར་བཞག །བདེ་ཆེན་རྒྱུད་ལ་སྐྱེས་པའི་རྐྱེན་གྱིས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཧཱུྃ༔ བདེ་བ་མཆོག་ལྡན་དེང་ཁྱོད་ཀྱི༔ མ་རིག་སྒྲིབ་པའི་རབ་རིབ་བསལ༔ བདེ་བ་མཆོག་གི་མིག་དག་གིས༔ གསང་བའི་དཀྱིལ་འཁོར་ལེགས་པར་ལྟོས༔ མིག་དར་བསལ་ལ། བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ། །སླར་ཡང་སྙོམས་པར་ཞུགས་པ་ཡིས༔ དབང་ལྷ་རྒྱ་གྲམ་ཐོགས་པའི་ཚོགས༔ ནམ་མཁའ་གང་བར་སྤྱན་དྲངས་པ༔ སྐུ་ཡི་དབྱིབས་བརྒྱུད་སློབ་མ་ལ༔ ཕྲིན་ལས་སྒྲུབ་པའི་དབང་བསྐུར་གྱུར༔ རྒྱ་གྲམ་གཏད་ལ། ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་འགྲུབ་པར་ཤོག༔ བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྲིན་ལས་སྒྲུབ་པའི་དབང་ཐོབ། ཁྱེད་རང་རྣམས་མཁའ་ནང་ནས་ཕྱིར་ཕྱུངས་ཏེ། མདུན་དུ་དབང་སྟེགས་རྒྱ་གྲམ་གྱིས་མཚན་པའི་ཁྲི་དང་ཉི་མའི་གདན་ལ་འཁོར་ལོས་སྒྱུར་བའི་འབྱོར་པ་ལས་བྱུང་བའི་མཆོད་ཚོགས་དང་བཅས་ཏེ་འཁོད་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ནི༔ འགྲོ་བ་ཀུན་གྱི་སྙིང་ལ་ཡང་དག་གནས༔ གཞི་ལམ་འབྲས་གསུམ་མཚུངས་པར་ལྡན་པའི་དབང༔ མྱུར་དུ་ཐོབ་པའི་བཀྲ་ཤིས་སྣང་བར་ཤོག༔ དེ་ལྟར་ཕྲིན་ལས་རྟ་མཆོག་འབར་བ་ལ་བསྟེན་ནས་ཕྲིན་ལས་སྒྲུབ་པའི་དབང་བསྐུར་བ་ཐོབ་པས་སངས་རྒྱས་ཀྱི་མཛད་པའི་ཕྲིན་ལས་རབ་འབྱམས་ཀྱིས་ས་གསུམ་གྱི་སྐྱེ་དགུ་མཐའ་དག་འགྱུར་མེད་བདེ་བ་མཆོག་གི་གོ་འཕང་དུ་འགོད་པ་ལ་དབང་བ་ཡིན་ནོ། །སླར་ཡང་བླ་མ་དཀྱིལ་འཁོར་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་རྟག་ཁྱབ་བཀྲ་ཤིས་ཀྱི་ཉི་མ་ནུབ་མེད་དུ་འཆར་བར་མོས་ཤིག །རྟེན་སྙིང་བཟླས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱ་ཆེར་བྱའོ། །གསུམ་པ་རྗེས་རིམ་ནི། དེ་དག་རྣམས་ཀྱིས་དཔལ་བདེ་མཆོག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་གཙོ་བསྡུས་ཀྱི་དཀྱིལ་འཁོར་དུ་མཚན་མ་རྫས་དང་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ཟུང་འཇུག་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ལས་བྱང་ལྟར་ཚོགས་མཆོད་ལྷག་མའི་བར་དང་། ཆད་བརྟན་རྟ་བྲོ། དཀྱིལ་འཁོར་པ་ལ་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། རས་བྲིས་སོགས་རྟེན་ཡོད་ན་མདུན་ལྷ་བརྟན་བཞུགས། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་ཀྱི་བར་བྱས་པས་ལེགས་པར་གྲུབ་བོ། །བདེ་ཆེན་དབང་གིས་རྒྱུད་སྨིན་ཅིང་། །བདེ་མྱུར་ཟབ་ལམ་མཐའ་རུ་ཕྱིན། །བདེ་མཆོག་སངས་རྒྱས་ཐམས་ཅད་དང་། །བདག་གཞན་མཉམ་པར་སྦྱོར་བར་ཤོག །འདིའི་གཏེར་གཞུང་རྩ་བ་གཞན་དང་མི་མཉམ་པ་རྡོ་རྗེའི་ཚིག་ཏུ་བཞུགས་པས་སོ་སྐྱེའི་བློ་རྟོག་གིས་ཤིན་ཏུ་ཕྱེད་པར་དཀའ་ཡང་། ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་གཟི་བརྗིད་ཀྱིས་ཡང་ཡང་རྗེས་སུ་གནང་བ་དང་། རང་མཚུངས་བློ་ཆུང་མོས་ལྡན་གཞན་ལའང་ཕན་པའི་སེམས་ཀྱིས་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་འཁྲུལ་ཞིང་མ་རྟོགས་པས་ནོངས་པ་གང་མཆིས་བཟོད་པར་གསོལ་ལོ། །དགེ་ལེགས་འཕེལ།། །།

གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་ལས༔ ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་ (Volume 37, Text 16)

༁ྃ༔ གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་ལས༔ ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ངེས་པའི་བསྟན་པ་སྲུང་བའི་ཕྱིར༔ བསྟན་སྲུང་རྒྱ་མཚོའི་རྒྱུད་དང་ནི༔ ལུང་རྣམས་ཀྱི་ནི་དོན་བསྡུས་པའི༔ སྙིང་པོ་ཡེ་ཤེས་མགོན་པོ་མཆོག༔ ཕྱག་བཞི་པ་ཡི་སྒྲུབ་ཐབས་དག༔ བརྒྱུད་པ་འཛིན་ལ་ཕན་སླད་དུ༔ ཁྲག་འཐུང་ནག་པོའི་མན་ངག་མཆོག༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་ཁྲག་འཐུང་ནག་པོ་ངས༔ བསྟན་སྲུང་བྱེ་བ་འབུམ་ཕྲག་ཤེས༔ ཀུན་ལས་ཁྱད་འཕགས་འདི་ན་སྟོན༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ རུ་དྲ་ཐམས་ཅད་འདུལ་དོན་དུ༔ ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས༔ སྤྲུལ་པའི་མགོན་པོ་ཆེན་པོར་བཞེངས༔ མེ་རི་འབར་བའི་གནས་སུ་བྱོན༔ ཐུགས་རྗེ་ཁྲོས་པའི་ཚུལ་བསྟན་ཏེ༔ ཞབས་གཉིས་བརྡབ་པའི་ཟེར་དག་ལས༔ ཁྲོ་བོ་བྱ་རོག་གདོང་ཅན་སྤྲུལ༔ གཞན་ཡང་སྤྲུལ་པ་དུ་མ་ཡིས༔ བདུད་སྡེ་མ་ལུས་ཕམ་པར་མཛད༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་གི༔ བསྟན་པ་སྲུང་བར་ཞལ་གྱིས་བཞེས༔ མཁའ་འགྲོ་ཨེ་ཀ་ཛཱ་ཊི་མས༔ བཀའ་ཡི་བསྡུ་བ་མཛད་ནས་སུ༔ ཁྲག་འཐུང་ནག་པོ་བདག་ལ་གཏད༔ མཐུ་མྱུར་བྱིན་ཆེ་བཀྲ་ཤིས་པ༔ སྙིང་ཉེ་དངོས་གྲུབ་རྣམ་མང་འབེབ༔ ཚེ་རིང་བདེ་འཕེལ་སྟོང་ཉིད་རྟོགས༔ རྒྱུད་འཕེལ་ནད་མེད་ལོངས་སྤྱོད་རྒྱས༔ འགྲུབ་མྱུར་ཡོན་ཏན་བཅུ་ལྡན་པའི༔ དཔལ་མགོན་འདི་ནི་ཁྱད་དུ་འཕགས༔ དམ་ཚིག་ལྡན་པའི་སློབ་དཔོན་ནི༔ ལྟ་གདིང་ལྡན་པས་འདི་བརྩམ་སྟེ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ཏུ༔ སྟེགས་བུ་མདའ་གང་ཁྲག་གིས་བྱུགས༔ དུར་ཁྲོད་རྫས་ཀྱིས་དཀྱིལ་འཁོར་བྲི༔ འཁོར་ལོ་རྩིབས་བརྒྱད་ཨེ་བཅས་པ༔ ཕོ་བྲང་དུར་ཁྲོད་སྲུང་འཁོར་བཅས༔ རོ་རས་དར་ནག་སྐུ་བྲིས་པ༔ གྲི་སྙིང་མ་ཉམས་ནག་པོའི་རྡོ༔་་་མཚོ་ནག་གྲུ་གསུམ་བྱང་ལ་བལྟ་བ་ནས་གནམ་མ་མཐོང་བར་ཤ་རྗེན་གྱིས་མ་རེག་པ། མཆན། གསེར་གྱིས་ཧཱུྃ་མཚན་ཤིང་ཤོག་ལ༔ སྲོག་སྔགས་བྲིས་པ་དག་གིས་དྲིལ༔ ལྕགས་ཀྱི་གྭ་འུའི་ནང་དུ་བཅུག༔ གཞན་ཡང་ནལ་བུ་བྱ་རོག་སྙིང༔ དེ་བཞིན་ཁྱི་ནག་མི་སྙིང་དང༔ གཡག་དཀར་གླང་ནག་ར་ནག་དང༔ རྟ་ནག་སྙིང་ནང་སྲོག་སྔགས་གཞུག༔ རིགས་ཀྱི་མདའ་དར་གསེར་གཡུས་བརྒྱན༔ ཀུན་ལ་ཕ་ཝཾ་ལོང་རྡོ་གཞུག༔ སྲོག་ཡིག་སྔགས་ཀྱིས་བྲིས་པ་དཀྲི༔ སོ་སོའི་ཕྱག་མཚན་མཛེས་པར་བཤམ༔ བདུད་རྩི་ཤ་ལྔ་འབྲུ་སྣ་དང༔ བཟའ་བཅའ་རིགས་ཀུན་འདུས་པར་བཤམ༔ རྩ་བརྒྱད་སྟོང་སྦྱར་རཀྟ་དང༔ ཛ་གད་ཉིང་ཁུའི་ཕུད་རྣམས་བཤམ༔ དབང་ལྔ་མཁྲིས་ཆེན་གསུར་ཆེན་དང༔ ཞུན་ཆེན་མར་མེ་ཤ་ཁྲག་ཚོགས༔ ཐོད་རྔ་རྐང་གླིང་དུང་ཆེན་དང༔ གཞན་ཡང་སྐུ་འབག་གོ་མཚོན་དང༔ བེར་ཕོད་རྟ་དྲེལ་གཡག་ལུག་ར༔ བྱ་ཁྱི་གླང་རྣམས་རིགས་མཐུན་དང༔ ཞིང་སྟག་གཟིག་དང་རྒྱལ་མཚན་དང༔ ཁྱད་པར་གྲི་ལྕགས་རྩེ་གསུམ་པ༔ དར་ནག་འཕྱར་དར་རྟེན་མདུང་བཅས༔ སྒྲུབ་རྫས་ཐམས་ཅད་ཚོགས་པར་བྱ༔ སྐྱབས་སུ་འགྲོ་ཞིང་སེམས་གཉིས་བསྐྱེད༔ ཧེ་རུ་ཀ་ཡི་སྐུར་བསྒོམས་ནས༔ མཆོད་པ་རཾ་ཡཾ་ཁཾ་གིས་སྦྱང༔ བྷྲཱུྃ་ལས་བྷཉྫ་འབར་བ་རུ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ དགའ་བ་བཞི་ཡི་དམར་ཆེན་པོ༔ བདུད་རྩི་ཤ་ལྔ་བཟའ་བཅའི་ཚོགས༔ དུར་ཁྲོད་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ དེ་ནས་བསྐྱེད་རིམ་བསྒོམ་པ་ནི༔ ཆོས་རྣམས་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཆོས་ཀྱི་དབྱིངས༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང༔ དུར་ཁྲོད་མཆོག་གི་ཕོ་བྲང་དུ༔ འཁོར་ལོ་ནག་པོ་རྩིབས་བརྒྱད་དབུས༔ པད་ཉི་དགྲ་བགེགས་གདན་སྟེང་དུ༔ ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན༔ འོད་འཕྲོས་དགྲ་བགེགས་ཚར་བཅད་ནས༔ ཡོངས་གྱུར་རང་རིག་ལས་གཉིས་མེད༔ དཔལ་ཆེན་ཡེ་ཤེས་མགོན་པོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ དང་པོས་གྲི་གུག་སྙིང་གིས་མཚན༔ གཡོན་པ་ཐོད་ཁྲག་བསྣམས་པ་དཀྲུགས༔ འོག་མས་རལ་གྲི་ཁ་ཊྭཱཾ་འཕྱར༔ ཞལ་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ པང་དུ་མ་ལས་ཙཎྜི་ཀ༔ གྲི་ཐོད་འཛིན་པས་ཡབ་ལ་འཁྱུད༔ ཤར་དུ་ཧཱུྃ་ལས་བྱ་རོག་གདོང༔ གཤོག་པ་གདེངས་ཞིང་གྲི་ཐོད་འཛིན༔ ལྷོ་རུ་རུ་ལས་འབར་མ་ནག༔ རྩེ་གསུམ་ཐོགས་ནས་ཐུན་ཁྲག་འཕེན༔ བེར་ནག་གསོལ་ཞིང་བྱ་རོག་ཞོན༔ ནུབ་ཏུ་ཧཱུྃ་ལས་སེང་གེའི་གདོང༔ མཐིང་ནག་མདུང་དར་དམར་གཏོར་ཐོགས༔ དར་བེར་གསོལ་ནས་བདུད་རྟ་འཆིབ༔ བྱང་དུ་པ་ལས་རཱ་ཧུ་ལ༔ དུད་ཁ་མགོ་དགུ་བྱ་རོག་ཞལ༔ མདའ་གཞུ་འགེངས་ཤིང་སྦྲུལ་མཇུག་ཅན༔ ཤར་ལྷོ་ར་ལས་ཚངས་པ་དཀར༔ དར་མདུང་མཚོན་ཆའི་འཁོར་ལོ་བསྐོར༔ དར་བེར་གསོལ་ནས་རྟ་དཀར་འཆིབ༔ ལྷོ་ནུབ་ཡཿལས་གཤིན་རྗེ་དམར༔ གྲི་ཞགས་ཐོགས་ནས་ར་དམར་འཆིབ༔ ནུབ་བྱང་ཙ་ལས་རྡོ་རྗེ་ལེགས༔ སྔོན་པོ་རྡོ་རྗེ་དགྲ་སྙིང་འཛིན༔ དར་བེར་གསོལ་ནས་སེང་གེ་འཆིབ༔ བྱང་ཤར་དུ་ལས་གནོད་སྦྱིན་ནག༔ བེར་ཀ་དང་ནི་དགྲ་སྙིང་འཛིན༔ དར་ནག་གོས་གསོལ་རྟ་ནག་འཆིབ༔ ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ བྱ་དང་གཅན་གཟན་དུ་མར་བཅས༔ ལྷ་རྣམས་གནས་གསུམ་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ལས་འོད་འཕྲོས་སྤྱན་དྲངས་གྱུར༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ རྡོ་རྗེ་གདན་དང་ན་ལེནྡྲ༔ དུར་ཁྲོད་ཆེན་པོ་བརྒྱད་དག་ནས༔ ཡེ་ཤེས་མགོན་པོ་སྤྱན་འདྲེན་གྱིས༔ རང་བཞིན་གནས་ནས་གཤེགས་སུ་གསོལ༔ དབྱིངས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ བྱ་རོག་གདོང་ཅན་གཤེགས༴ འབར་མ་ནག་མོ་གཤེགས༴ སེང་གེའི་གདོང་ཅན་གཤེགས༴ གཟའ་མཆོག་ཆེན་པོ་གཤེགས༴ དྲེགས་པ་སྡེ་བཞི་གཤེགས་སུ་གསོལ༔ ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲིང༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་སུ༔ པད་ཉི་དགྲ་བགེགས་གདན་སྟེང་དུ༔ བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ སྔོན་ཚེ་ཧེ་རུ་ཀ་དཔལ་དང༔ སྟོན་པ་སངས་རྒྱས་གསང་བའི་བདག༔ རིག་འཛིན་བརྒྱད་དང་པདྨ་འབྱུང༔ རྩ་བརྒྱུད་བླ་མ་ཐམས་ཅད་ཀྱི༔ བཀའ་དང་དམ་ལས་མ་འདའ་ཞིག༔ ཧཱུྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཡེ་ཤེས་ཀྱིས༔ འབར་བ་གཏུམ་པའི་སྐུར་སྟོན་པ༔ རྒྱལ་བའི་བཀའ་སྲུང་ནག་པོ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཧཱུྃ༔ ལྷ་རྫས་ལས་གྲུབ་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་ཕྱི་མཆོད་འབུལ༔ དབང་པོའི་ཕྲེང་བ་ཚིལ་ཆེན་དུད་པའི་སྤྲིན༔ ཞུ་ཆེན་མར་མེ་མྱོས་བྱེད་ཁྲག་མཁྲིས་དུག༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ ཤ་ལྔ་བདུད་རྩི་ལྔ་ཡི་ཨ་མྲྀཏ༔ པདྨ་རཀྟ་བསད་པའི་དམར་ཆེན་པོ༔ འབྲུ་བཅུད་དཀར་མངར་ཤིང་ཐོག་ལ་དུའི་ཟས༔ དམ་རྫས་གཏོར་ཆེན་ནང་གི་མཆོད་པ་འབུལ༔ ཐབས་ཤེས་དགའ་བཞི་བྱང་སེམས་སྦྱོར་མཆོད་དང༔ ཞིང་བཅུ་དགྲ་བགེགས་མ་ལུས་བསྒྲལ་པས་མཆོད༔ མཆོད་བྱ་མཆོད་བྱེད་གཉིས་མེད་དེ་ཁོ་ན༔ གསང་བའི་མཆོད་སྤྲིན་ཆེན་པོ་འབུལ་གྱིས་བཞེས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ དཔལ་མ་ཧཱ་ཀཱ་ལ་ཧེ་རུ་ཀའི་སྤྲུལ་པ༔ དམ་ཅན་རྒྱ་མཚོའི་གཙོ་བོ༔ གཙུག་ལག་ཁང་གི་སྲུང་མ༔ རྣལ་འབྱོར་གྱི་དགྲ་བླ༔ དམ་ཉམས་ཀྱི་གཤེད་མ༔ རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི༔ ལས་ཀྱི་མགོན་པོ་བྱ་རོག་གདོང༔ དཔལ་ལྡན་ལྷ་མོ་འབར་མ་ནག་མོ༔ ཞིང་སྐྱོང་སེང་གེའི་གདོང་པ་ཅན༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ ལྷ་ཆེན་ཚངས་པ་དཀར་པོ༔ གཤིན་རྗེ་དམར་ནག༔ དམ་ཅན་རྡོ་རྗེ་ལེགས་པ༔ གནོད་སྦྱིན་ནག་པོ༔ ནག་པོ་སྟོང༔ ཤ་ཟ་འབུམ༔ མ་མོ་བྱེ་བ༔ གནོད་སྦྱིན་ཁྲི༔ ལྕམ་དྲལ་སྤྲུལ་པ་ཕྱག་བརྙན་དང་བཅས་པ་རྣམས་ཀྱིས་དམ་རྫས་སྨན་རག་གཏོར་གསུམ་ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དམ་ཆོས་འཕེལ་ཞིང་རྒྱས་པར་མཛོད༔ དགེ་འདུན་གྱི་དབུ་འཕང་བསྟོད༔ བླ་མའི་སྐུ་ཚེ་སྲིངས༔ རྣལ་འབྱོར་པ་བདག་གི་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང༔ བར་ཆད་ཀྱི་རྐྱེན་ངན་ཐམས་ཅད་ཟློག༔ འཁོར་དང་དཀོར་ནོར་སྐྱོང་བ་དང༔ སྡང་བར་བྱེད་པའི་དགྲ་སོད༔ གནོད་པར་བྱེད་པའི་བགེགས་རིགས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་ཁྲོ་བོའི་སྐུར་སྟོན་པ༔ གདུག་པ་འདུལ་མཛད་མ་ཧཱ་ཀཱ་ལ་ནི༔ ཆོས་དབྱིངས་ཞལ་གཅིག་ཚད་མེད་བཞི་ཡི་ཕྱག༔ གྲི་གུག་སྙིང་མཚན་ཐོད་པ་ཁྲག་བཀང་འཛིན༔ སྐྱེ་ཤི་རྩད་གཅོད་དངོས་གྲུབ་རྣམ་གཉིས་སྩོལ༔ རལ་གྲི་མེ་འབར་ཁ་ཊྭཱཾ་རྩེ་གསུམ་འཕྱར༔ ལོག་རྟོག་རྩད་གཅོད་དུག་གསུམ་དགྲ་བགེགས་སྒྲོལ༔ སྙིང་རྗེ་ཚད་མེད་ཞལ་གདངས་མཆེ་བ་གཙིགས༔ རྣམ་ཐར་སྤྱན་གསུམ་བསྒྲད་ཅིང་སྨིན་མ་འབར༔ ཆོས་ཀུན་འཆད་པའི་ལྗགས་འདྲིལ་ཧ་ཧ་སྒྲོག༔ དབུ་སྐྲ་ཁམ་ནག་གྱེན་འཁྱིལ་རྡོ་རྗེའི་ཏོག༔ ཡེ་ཤེས་སྐྱེད་ཅིང་རྡོ་རྗེ་ཐེག་པ་སྲུང༔ ཐོད་སྐམ་རིན་ཆེན་ལྔས་བརྒྱན་ཅོད་པན་འབར༔ རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཞིང༔ དངོས་གྲུབ་ཆས་རྫོགས་མཁའ་འགྲོ་དབང་དུ་སྡུད༔ ཐབས་ཤེས་ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཡོན་ཏན་རབ་རྫོགས་པད་ཉིའི་གདན་སྟེང་དུ༔ སྐུ་ལས་ཡེ་ཤེས་མེ་ཕུང་ཕྱོགས་བཅུར་འཕྲོ༔ སྤྲུལ་པ་ཡང་སྤྲུལ་མང་པོ་ལས་ལ་འགྱེད༔ ཡེ་ཤེས་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དབྱིངས་ཀྱི་ཡུམ་ཆེན་ཨེ་ཀ་ཛཱ་ཊི་ནི༔ ནམ་མཁའི་མདོག་ཅན་གྲི་གུག་ཐོད་ཁྲག་འཛིན༔ ཕྱག་རྒྱ་ལྔ་འཆང་དུར་ཁྲོད་ཆས་ཀྱིས་བརྒྱན༔ མཁའ་འགྲོའི་གཙོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་ནི༔ གྲི་ཐོད་འཛིན་ཅིང་རྐན་སྒྲས་སྲིད་གསུམ་གཡོ༔ རྡོ་རྗེའི་གཤོག་གདེངས་ཕྱོགས་བཅུ་ཀུན་ཏུ་འཕུར༔ བཀའ་སྡོད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ལྡན་ལྷ་མོ་འབར་མ་ནག་མོ་ནི༔ གྲི་ཐོད་འཛིན་ནས་བྱ་ནག་མཁའ་ལྡིང་འཆིབ༔ མ་མོ་མཁའ་འགྲོ་མང་པོ་ལས་ལ་འགྱེད༔ ཕོ་ཉ་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞིང་སྐྱོང་ཆེན་པོ་སེང་གེའི་གདོང་པ་ཅན༔ ཁ་ཊྭཱཾ་དམར་གཏོར་ཐོགས་ནས་རྟ་ནག་ཞོན༔ སྲིན་མོ་ཡུམ་བཅས་བདུད་དམག་དགྲ་ལ་འགྱེད༔ དངོས་གྲུབ་ཀུན་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲེགས་པའི་གཙོ་བོ་གཟའ་མཆོག་རཱ་ཧུ་ལ༔ མགོ་དགུ་བྱ་རོག་ཞལ་དང་སྦྲུལ་མཇུག་ཅན༔ མདའ་གཞུ་འགེངས་ནས་དྲག་པོའི་ཐོག་མདའ་འཕེན༔ དྲག་ཤུལ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚངས་པ་དཀར་པོ་དར་གྱི་འགྱིང་ཐོད་ཅན༔ བ་དན་འཛིན་ཅིང་མཚོན་ཆའི་འཁོར་ལོ་བསྐོར༔ རྟ་དཀར་བཅིབས་ནས་ལྷ་དམག་དགྲ་ལ་འགྱེད༔ གིང་ཆེན་ཤན་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཤིན་རྗེ་དམར་ནག་སྤུ་གྲི་ཞགས་པ་འཛིན༔ རྫུ་འཕྲུལ་ལྡན་པའི་ར་དམར་འཇིགས་ལ་འཆིབ༔ གཤིན་རྗེ་ལས་ལ་འགྱེད་པའི་སྟོང་དཔོན་ཆེ༔ སྐྱེ་འགྲོའི་སྲོག་ལ་རྔམས་མཛད་ཁྱོད་ལ་བསྟོད༔ ཧཱུྃ༔ རྡོ་རྗེ་ལེགས་པ་མཐིང་ནག་རྔམ་པའི་སྐུ༔ རྡོ་རྗེ་རྩེ་ལྔ་དམ་ཉམས་ཙིཏྟ་འཛིན༔ དྲག་པོའི་ཆས་ལྡན་སེང་གེ་གཏུམ་པོ་འཆིབ༔ དམ་ཅན་མཐུ་རྩལ་སྟོབས་ལྡན་ཁྱོད་ལ་བསྟོད༔ ཧཱུྃ༔ གནོད་སྦྱིན་ནག་པོ་བེར་ཀ་དགྲ་སྙིང་འཛིན༔ བདུད་རྟ་བཅིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ དགྲ་བགེགས་ཆམ་ལ་འབེབ་པའི་མཐུ་བོ་ཆེ༔ བསྟན་སྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ༔ བྷྱོ༔ དཔལ་ལྡན་མགོན་པོའི་བཀའ་ཡི་ཕོ་ཉ་བ༔ ནག་པོ་སྟོང་དང་ཤ་ཟ་ཆེན་པོ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་སྐབས་དང་སྦྱར༔ ཚོགས་དང་སྐོང་བཤགས་ལ་སོགས་བྱ༔ ལྷ་རྣམས་ཐམས་ཅད་རྟེན་ལ་བསྟིམ༔ བསྔོ་བ་སྨོན་ལམ་རྗེས་བསྡུ་བྱ༔ བསྟན་སྲུང་ཀུན་གྱི་མཐར་ཐུག་པ༔ པདྨ་ང་ཡི་རྗེས་འཇུག་རྣམས༔ གཡར་དམ་མཛད་པར་གལ་ཆེ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས་སོ༔ ༁ྃ༔ བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ༔ ཡང་གསང་ཐུགས་ཀྱི་སྒྲུབ་པ་འདི་ལ༔ གནས་དབེན་པར་དཀྱིལ་འཁོར་བཞེངས་ཤིང་རྟེན་རྫས་ཚོགས་པར་བྱ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ ཚོགས་བསགས་ཤིང་བགེགས་བསྐྲད་སྲུང་འཁོར་བསྒོམ༔ རང་ཧེ་རུ་ཀར་བསྒོམས་པའི་མདུན་མ་ཧཱ་ཀཱ་ལ་ཡབ་རྐྱང་འཁོར་དང་བཅས་པ་བསྐྱེད༔ སྤྱན་དྲངས་ཤིང་མཆོད་བསྟོད་བྱ༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལ་སོགས་པའི་བསྐྱེད་པའི་ས་བོན་རྣམས་ཀྱི་མཐར་རང་རང་གི་སྲོག་སྔགས་འཁོད་པར་བསམ༔ དང་པོ་གོང་ནོན་གྱི་བསྙེན་པ་ནི༔ རང་ལྷར་གསལ་བའི་སྔགས་ཀྱི་འོད་ཟེར་འཕྲོས༔ གཙོ་འཁོར་རྣམས་ཀྱི་ས་བོན་ལ་ཕོག་པས་སྔོན་གྱི་དམ་བཅའ་དྲན་པར་བསམ་ལ༔ ཡི་དམ་གྱི་བསྙེན་པ་བཟླ༔ གཉིས་པ་འཁོན་གཅུགས་བཤགས་པའི་བསྙེན་པ་ནི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་ལ་གནོང་འགྱོད་དང་བཅས༔ རང་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བརྒྱ་པས་བསྐོར་བའི་འོད་ཟེར་དཀར་པོ་འཕྲོས༔ ལྷ་རྣམས་ལ་ཕོག་པས་བཟོད་པར་བཞེས་ནས་ཁྲོས་ཤིང་འཁྲུགས་པ་ཐམས་ཅད་སྦྱངས་པར་བསམ་ལ༔ ཡི་གེ་བརྒྱ་པ་བཟླ༔ གསུམ་པ་ཐུགས་དམ་བསྐུལ་བའི་བཟླས་པ་ནི༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོོ་འཕྲོས༔ གཙོ་འཁོར་རྣམས་ཀྱི་ཞལ་ནས་ཞུགས༔ ཐུགས་ཀའི་ས་བོན་ལ་ཐིམ༔ འོད་ཟེར་དམར་པོས་ཁྱབ༔ བདག་ལ་ཆགས་ཤིང་ཐུགས་རྗེའི་བརྩེ་བས་དགོངས་པར་བསམ་ལ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཡབ་སྔགས་དང༔ ཨོཾ་ཨེ་ཀ་ཛཱ་ཊི་བྷྱོ་ཛ༔ ཡུམ་སྔགས་དང༔ སྤྲོ་ན་འཁོར་སྔགས་རྣམས་ཀྱང་བཟླའོ༔ བཞི་པ་གཟི་བྱིན་བསྐྱེད་པ་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག༔ ས་བོན་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་མཆོད་ཅིང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ནས་ཐིམ་པས་གཟི་བྱིན་མཆོག་ཏུ་འབར་བར་བསམ༔ ལྔ་པ་སྒྲུབ་པ་བདེ་ཆེན་གྱི་བཟླས་པ་ནི༔ གཙོ་བོ་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཐུགས་སྲོག་སྔགས་ཕྲེང་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་ནས་བདེ་བ་ཆེན་པོ་བྱང་སེམས་ཀྱི་རང་བཞིན་ཡབ་ཡུམ་གྱི་ཞལ་བརྒྱུད་བར་མེད་དུ་འཁོར༔ བདེ་ཆེན་བཟོད་མེད་དུ་འབར་ཞིང་བདག་ལ་ཅི་འདོད་པའི་དངོས་གྲུབ་སྩོལ་བར་བསམ་ལ་ཡབ་ཡུམ་གྱི་སྔགས་སྦྲེལ་ཏེ་བཟླ༔ དྲུག་པ་ཕྲིན་ལས་ཀྱི་བཟླས་པ་ནི༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་མ་མགོན་ལྕམ་དྲལ་གྱི་སྐུ་ལས་འོད་ཟེར་འཕྲོས་འཁོར་རྣམས་ལ་ཕོག༔ ཐམས་ཅད་ལས་ལ་བསྐུལ༔ སྤྲུལ་པ་དང་ཡང་སྤྲུལ་དུ་མས་ཅི་འདོད་པའི་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ་ལ་སྔགས་སྤྱི་དྲིལ་བཟླའོ༔ དེ་དག་གི་ཐུན་མཚམས་རྣམས་སུ་གཏོར་མ་བྱིན་གྱིས་བརླབས་སྔགས་ཀྱི་མཐར་ཁཱ་ཧི་བཏགས་པས་འབུལ༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་ཧེ་རུ་ཀ༔ ཐུགས་རྗེས་སྐུ་སྤྲུལ་རྡོ་རྗེ་ནག་པོ་ཆེ༔ ཡེ་ཤེས་མགོན་པོ་ཕྱག་བཞི་མཐུ་རྩལ་ཅན༔ དབྱིངས་ཀྱི་མ་མོ་ཨེ་ཀ་ཛཱ་ཊི་མ༔ དཔལ་ལྡན་ཕྲིན་ལས་མགོན་པོ་བྱ་རོག་གདོང༔ འབར་མ་ནག་མོ་ཞིང་སྐྱོང་སེང་གེའི་གདོང༔ གཟའ་མཆོག་རཱ་ཧུ་ལ་དང་ཚངས་པ་ཆེ༔ གཤིན་རྗེ་དམ་ཅན་རྡོ་རྗེ་ལེགས་པ་དང༔ གནོད་སྦྱིན་ལ་སོགས་བཀའ་སྡོད་ཕོ་ཉའི་ཚོགས༔ འདིར་གཤེགས་དམ་རྫས་གཏོར་མའི་མཆོད་པ་དང༔ བདུད་རྩི་སྨན་མཆོད་རཀྟའི་མཆོད་པ་དང༔ འདོད་ཡོན་ལྔ་ཡི་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི༔ བར་ཆད་ཀུན་ཞི་མཐུན་རྐྱེན་བསམ་པ་སྒྲུབས༔ བཅོལ་པའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ འགྲུབ་ནས་གཏོར་མ་བསྐྱང་ཞིང་དངོས་གྲུབ་བསྐུལ༔ རྟེན་ལ་བསྟིམས་ནས་དཀྱིལ་འཁོར་གཤེགས་བསྡུ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མགོན་པོའི་ལས་མཐའ་ནི༔ ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་བརྩེགས༔ བྲུབ་ཁུང་བྲུས་པའི་ནང་དུ་དགྲ་བོའི་མིང་བྱང་ཟག་རྫས་བཞག༔ སྟེང་དུ་ཐོད་ངན་ཐུན་གྱིས་བཀང་བ་དང༔ མ་མགོན་ལྕམ་དྲལ་གྱི་གཏོར་མ་དར་ནག་སྐུ་རྟེན་བཙུགས་པ་བཤམ༔ ཕྱོགས་མཚམས་བརྒྱད་ནས་སྡེ་བརྒྱད་མགོན་པོའི་སྐུ་དང་གཏོར་མ་ཁ་ནང་བསྟན་དུ་བཤམ༔ དམིགས་པ་མགོན་པོའི་གསད་ལས་སྤྱི་ལྟར་ལ༔ དང་པོ་བཀུག༔ ཁུག་རྟགས་བྱུང་ནས་ལྷ་དབྱེ་བ་སོགས་རིམ་པ་བཞིན་སྲོག་ལས་ཀྱི་བར་དུ་བྱ༔ བསད་རྟགས་བྱུང་ནས་ལིངྒ་མེ་ལ་བསྲེག་གོ༔ གཏོར་མ་རྣམས་ཞལ་ཕྱིར་བསྒྱུར་ལ་ཟློག་པའི་ཕྲིན་ལས་བཅོལ༔ དར་ནག་ཕྱར་ཞིང་དུང་ཆེན་དང་བཤུག་གླུ་བྱ༔ ཧཱུྃ༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ འཇིགས་སུ་རུང་བའི་ཐོད་མཁར་ནས༔ ཡེ་ཤེས་མགོན་པོ་སྐུ་བཞེངས་ཤིག༔ ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ སྔགས་ཀྱི་སྲུང་མ་སྐུ་བཞེངས་ཤིག༔ རི་རབ་འབར་བའི་རྩེ་མོ་ནས༔ ལས་ཀྱི་མགོན་པོ་སྐུ་བཞེངས་ཤིག༔ རླུང་ནག་འཚུབས་མའི་ཀློང་དཀྱིལ་ནས༔ འབར་མ་ནག་མོ་སྐུ༴ རྔམ་པ་སྒྲ་སྒྲོག་དུར་ཁྲོད་ནས༔ སེང་གེའི་གདོང་ཅན་སྐུ༴ ཀི་ལི་སྒྲོག་པའི་དུར་ཁྲོད་ནས༔ གཟའ་མཆོག་ཆེན་པོ་སྐུ༴ འཇིག་རྟེན་དྲེགས་པའི་གནས་མཆོག་ནས༔ འཇིག་རྟེན་དྲེགས་པ་སྐུ༴ མགོན་པོ་ལས་ལ་ཆས་པའི་ཚེ༔ བྱ་རོག་གདོང་ཅན་ལས་ལ་འགྱེད༔ ནམ་མཁའི་ཁམས་ནས་གཟའ་མཆོག་རྒྱུག༔ ས་གཞིའི་ཁམས་ནས་འབར་མ་འགྱེད༔ སེང་གདོང་བདུད་དམག་ལས་ལ་ཆོས༔ དྲེགས་པ་སྡེ་བཞི་ཇག་པར་རྒྱུགས༔ ནག་པོ་སྟོང་ནི་ཤ་ར་ར༔ ཤ་ཟ་འབུམ་ནི་ཐིབས་སེ་ཐིབ༔ མཁའ་འགྲོ་བྱེ་བ་སྤྲིན་ལྟར་གཏིབས༔ གནོད་སྦྱིན་ཁྲི་ནི་རླུང་ལྟར་འཚུབས༔ བྱ་ནག་འབུམ་ནི་ནམ་མཁའ་གང༔ ཁྱི་ནག་འབུམ་ནི་དགྲ་ལ་ཟུག༔ མི་ནག་འབུམ་གྱིས་འོ་དོད་འབོད༔ གཅན་སྤྱང་མཁའ་ལྡིང་སྐར་ལྟར་འཁྲུགས༔ དམག་ཚོགས་བུ་ཡུག་ལྟ་བུར་འཚུབས༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ བརྒྱུད་པར་བཅས་པས་ཁྱོད་བསྒྲུབས་ནས༔ བསྟེན་བསྟེན་དེ་ནི་རྒྱང་མ་རིང༔ འབོད་དོ་རྡོ་རྗེའི་སྙན་མ་སྲ༔ གཡབ་བོ་ཡེ་ཤེས་སྤྱན་མ་བརྟུལ༔ བསྐུལ་ལོ་བསྐུལ་ལོ་རྒབ་མ་ལྗི༔ རྦད་དོ་རྦད་དོ་རྩལ་མ་ཞན༔ ཕོ་ཉར་འགྱེད་དོ་བང་མ་བུལ༔ ཉེས་མེད་རྣལ་འབྱོར་གྲོགས་མ་གཡེལ༔ མྱུར་བར་མྱུར་བར་དགྲ་ལ་ཆོས༔ རྟགས་དང་མཚན་མ་དགྲ་ལ་སྟོན༔ འཇིགས་ཤིང་དཔའ་འཁུམ་གསོད་པ་སོགས༔ གང་ལ་གང་འཚམ་ཆད་པ་ཆོད༔ བིང་ཆེན་སྤྲུལ་པའི་ལྷ་དམག་གིས༔ དམ་ཉམས་དགྲ་བོ་སོད་ལ་ཤོག༔ ཅེས་བསྐུལ་ཞིང་དམོད་པ་བོར་ལ་གཏོར་མ་འཕང་ངོ༔ དེ་དག་གིས་དགྲ་བོ་འཇོམས་ཤིང་རྐྱེན་དང་བར་ཆད་ཐམས་ཅད་བཟློག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་བ་ཡང་དག་པའོ།། །།

ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་ (Volume 23, Text 16)

༄༅། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། ཐུགས་བསྐྱེད་རྣམ་ཐར་ཕྲིན་ལས་མཁའ་དང་མཉམ། ཁྱད་པར་གངས་ཅན་སྐྱེ་དགུའི་མགོན་གཅིག་པུ། །བླ་མ་མཆོག་དང་དབྱེར་མེད་སྙིང་རྗེའི་གཏེར། །བདག་སོགས་རྒྱུད་ལ་སྨིན་གྲོལ་བྱིན་རླབས་སྩོལ། །གང་དེའི་སྒྲུབ་ཐབས་སྙིང་པོའི་ཕུལ། །ཡང་འདུས་གསུམ་པའི་སྨིན་བྱེད་སྒོར། །ཞུགས་ནས་སྡུག་བསྔལ་མཚོ་བསྒྲལ་ཏེ། །གཏན་བདེའི་ལྗོངས་སུ་རྩེན་པར་འཚལ། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་གི་རྩ་བ་ལས་དོན་རྣམ་པ་བདུན་གྱིས་བསྟན་པའི། དང་པོ་བསྙེན་སྒྲུབ་ལ་བརྟེན་ཏེ་དབང་གི་རྫོང་བཅའ་བ་ནི། དངོས་སྒྲུབ་ཆེན་དང་འབྲེལ་བ་ཡིན་པས་འདིར་མགྱོགས་དབང་དཀྱུས་འགྲེ་ཙམ་དུ་བསྟན་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར། རྗེས་འཇུག་ཆོག་གི་རིམ་པ་རྣམས་སོ། །དང་པོ་ནི། གནས་ཁང་རྟེན་དང་རྒྱན་བཀོད་ཅི་འབྱོར་བྱས་པའི་གུང་དུ་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་གཉིས། དེ་རྒྱབ། དྲུག་དེ་རྒྱབ་བཞི་རྣམས་བཀོད་པའི་སྟེང་དུ་མཉྫི་ལ་རྣམ་རྒྱལ་བུམ་པ་དྲི་བཟང་ཆུ་དང་སོ་ལྔ་སྦྱར་བའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ། མདུན་དུ་དབང་རྟེན་མར་མེ། ཡི་གེ་འབྲུ་བདུན་སོ་སོར་ཕྲལ་བའི་ཙཀ་ལི། གཡས་སུ་དཔལ་གཏོར་རྒྱན་ལྡན་དར་གདུགས་ཅན། གཡོན་དུ་ཐོད་ཆང་དང་མེ་ལོང་གསལ་བ་རྣམས་བཀོད། སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། ལས་བུམ། མིག་དར་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་དང་། སྲུང་མའི་གཏོར་འབུལ། སྔོན་གཏོར། ཚོགས་ཆས་སོགས་ལས་བྱང་ལ་དགོས་པའི་རིགས་རྣམས་འདུ་བྱའོ། །གཉིས་པ་ནི། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་བསྒྲིགས་པའི་ལས་བྱང་སྐལ་བཟང་འདོད་འཇོ་ལྟར། བགེགས་བསྐྲད་ནས་མཆོད་བརླབ་བར་སྔོན་འགྲོའི་ཆོས་བདུན་བཏང་། དངོས་གཞི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། ཛཔ྄་ཁང་ཕྱེས་ལ་འཕྲོ་འདུའི་དམིགས་པ་བཅས་ཏེ་བཟླས་པ་ཅི་འགྲུབ་ཡེ་ཤེས་རིག་པ་གསལ་གདབ་བཅས་བྱ། གནད་ཀྱི་ཤོག་གཅིག་མའི་གཏོར་དབང་སྦྲེལ་ན། གཏོར་མའི་སྟེང་དུ་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ནག་བསམ་ལ། ཨོཾ་ཨཱཿཧཱུྃ། གུ་རུ་དེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཞེས་ཉེར་གཅིག་བརྗོད། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་པ་བརྒྱ་སྟོང་ལ་སོགས་པ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། གཟུངས་ཐག་ལས་བུམ་ལ་སྤོས་ཏེ། ལས་བུམ་ནང་དུ་པད་ཉི་ལ། །རྟ་མགྲིན་དམར་པོ་ཁྲོ་གཏུམ་ཉམས། །གཡས་གཡོན་བེ་ཅོན་ཞགས་པ་འཛིན། །དུར་ཁྲོད་རྒྱན་ལྡན་བརྐྱང་བསྐུམ་བཞུགས། །ཞེས་མོས་ལ། ཧྲཱིཿཧྱ་གྲཱི་བ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླས། ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས། དེ་ནས་བཀའ་གཏེར་སྲུང་མ་ལ་གཏོར་འབུལ་རྒྱས་བསྡུས་ཅི་འགྲུབ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བྱ། སློབ་མ་གཞུག་པའི་དོན་དུ་རིག་པའི་མེ་ཏོག་དོར་ཞིང་གསོལ་བ་གདབ་པ་སྤྱི་ལྟར་བྱའོ། །དེ་ནས་དབང་བསྐུར་བ་ལ། འཇུག་པའི་ཆོས་དང་། དབང་བསྐུར་བ་དངོས་གཉིས་ཀྱི་དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་བཅས་གྲལ་དུ་འཁོད། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། བགེགས་གཏོར་བྱིན་བརླབས་ནས་སྔགས་བསྔོས་བར་ལས་བྱང་ལྟར་བྱས་ལ། བདེན་སྟོབས་བརྗོད་པ་ནི། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། རྡོ་རྗེ་སློབ་མ་འདི་རྣམས་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་དབང་བསྐུར་བ་ལ་གླགས་བལྟ་ཞིང་བར་དུ་གཅོད་པར་བྱེད་པ་ཐམས་ཅད། འདིར་མ་གནས་པར་དཔག་ཚད་དང་རྒྱང་གྲགས་མང་པོ་འདས་པའི་སར་དེངས་ཤིག །གང་མི་འགྲོ་བ་དེ་དག་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། བགེགས་གཏོར་དོར། གུ་གུལ་བདུག །ཡུངས་ཐུན་གཏོར་ལ་ལས་སྔགས་དང་། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ལས་བྱང་གི་མཚམས་བཅད་སྦྱར་ལ་སྲུང་འཁོར་གྱིས་བཅིངས། མཎྜལ་བཀྱེ་བསྡུ་གྲུབ་པ་དང་། སེམས་བསྐྱེད་གསལ་གདབ་དབང་བཤད་སྤྱི་འཚམ་རྒྱས་བསྡུས་ཅི་རིགས་དང་ཁྱད་པར། འདིར་སྐབས་སུ་བབས་པ། བཅོམ་ལྡན་འདས་ཀྱི་ཞལ་ནས་སངས་རྒྱས་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་ལན་གཅིག་ཕྱག་བྱས་པ་བསོད་ནམས་ཆེ་བར་གསུངས་པ་ལྟར། རྣམ་ཐར་སྨོན་ལམ་ཕྲིན་ལས་ཚད་མེད་པ་དང་ལྡན་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་མཚན་དང་སྐུའི་རྣམ་འགྱུར། རྒྱུད་སྡེ་གོང་འོག་ནས་གསུངས་པའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་མཆིས་པ་ཕལ་མོ་ཆེ། སྤྱན་རས་གཟིགས་དབང་ཉིད་གདུལ་བྱ་འདུལ་དཀའ་བ་མཐའ་དག་ཐབས་ལ་མཁས་པས་འདུལ་བའི་སླད་དུ་འཆི་མེད་རིག་པ་འཛིན་པའི་སྐུར་བསྟན་པ་གུ་རུ་པདྨ་སཾ་བྷཱ་ཝ་དེ་ཉིད་ཀྱིས། མངའ་བདག་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་དོན་དང་། གངས་རིའི་འགྲོ་བ་མགོན་མེད་པ་རྣམས་ལ་ལྷག་པར་བརྩེ་བས་དགོངས་ཏེ་རྒྱུད་དང་མན་ངག་སྒྲུབ་ཐབས་དང་འབྲེལ་བའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་བསྩལ་པ་མཐའ་དག །གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་ལ་སོགས་པས་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ་ཤོག་སེར་ལ་བརྡ་ཡིག་ཏུ་བཀོད་ནས་མ་འོངས་གདུལ་བྱའི་དོན་དུ། བོད་ཡུལ་མཐའ་དབུས་རྣམས་སུ་གཏེར་དུ་སྦས་པར་མཛད་པ་འདོན་པའི་སྐྱེས་བུ་རིམ་པར་བྱོན་ནས་འགྲོ་བའི་དོན་དཔག་ཏུ་མེད་པར་མཛད་པའི་ནང་ཚན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལ་བརྟེན་པའི་སྒྲུབ་སྐོར་འདི་ལ་འང་རིམ་པ་གསུམ་དུ་བྱོན་པ་ལས། དང་པོ་གུ་རུ་ཆོས་དབང་དང་། གཉིས་པ་རྡོ་རྗེ་གླིང་པས་སྤྱན་དྲངས་ཤིང་། གསུམ་པ་མུན་སེལ་སྒྲོན་མེ་དང་མཚུངས་པའི་ཆོས་སྐོར་འདི་ཉིད་མོན་ཡུལ་བུམ་ཐང་རི་མོ་ཅན་གྱི་ཟངས་ཕུག་རྡོ་རྗེའི་ར་བ་ནས། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔ་པ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་འགྲོ་བ་མཐའ་ཡས་པ་རྣམ་གྲོལ་གྱི་ས་ལ་དབུགས་དབྱུང་བར་མཛད་པའི། ཟབ་ཆོས་ཁྱད་པར་ཅན་འདིའི་རྩ་བའི་སྨིན་བྱེད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་གདོང་དགབ། ཨ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཡི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་སོགས་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༔ ཀུན་གྱིས་མཐོང་བ་མ་ཡིན་གྱི༔ སྐལ་ལྡན་སྒྲུབ་མཆོག་འགས་མཐོང་སྲིད༔ སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད༔ ཨ་ལ་ལ་ཧོ༔ དེ་ནས་སེམས་བསྐྱེད་པར་བསྐུལ་བ་ནི། ཧོ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བླ་མེད་བྱང་ཆུབ་མ་བསྐྱེད་ན༔ བསྟན་པས་མཐོང་བར་མི་འགྱུར་ཕྱིར༔ བུ་ཁྱོད་འགྲོ་དོན་སེམས་བསྐྱེད་ཅིག༔ འོ་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད་ཅིང་། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་དང་རིགས་དྲུག་སོགས་ལས་བྱང་ལྟར་ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འདི་བཟུང་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བཅུ་པའི་སྒོ་ནས་གསག་སྦྱང་སྤེལ་གསུམ་ལྷན་ཅིག་ཏུ་བྱ་བའི་འདུན་པས་ཚིག་སོ་སོ་དང་མཐུན་པའི་བསྒོམ་དོན་གསལ་ཐོབ་ལ་རྗེས་ཟློས། ཧོཿ བླ་མ་ཡི་དམ་མཁའ་འགྲོ་སོགས་གསུམ་བྱ། དེ་ནས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞི་མ་རིག་འཁྲུལ་པས་གདོད་ནས་བཅད་པ་མཚོན་བྱེད་རྟགས་ཀྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ནས༔ བདུད་བཞི་འཇོམས་མཛད་ཁྲོ་བོ་བཞི༔ འགྲོ་དྲུག་འཁོར་བའི་སྒོ་ཆོད་ལ༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་གྱུར་པ་མོས་མཛོད། ཅེས་བརྗོད་ལ་ཡོལ་བ་བཏང་ཡོད་ན་བསལ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་ནས། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དངོས་སུ་ཚོམ་བུའི་དཀྱིལ་འཁོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མོས་པ་ལ་འདོར་བ་ཞུ། ཧོ༔ དབང་མཛད་ཐུགས་རྗེའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ པྲ་ཏི་ཛ་པཱུ་ཛཿཧོཿ ཞེས་དོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་བྱོན་ནས་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་མོས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་མེ་ཏོག་མགོ་བོར་བཞག་ལ། ཐུགས་རྗེའི་དབང་ཕྱུག་གམ་པདྨ་དགྱེས་པ་ལྟ་བུ་ལྷའི་མཚན་ལས་གྲས་པའི་གསང་མཚན་བཏགས། དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བདག་ནི་ཐོག་མ་མེད་དུས་ནས༔ མི་ཤེས་མ་རིག་མུན་པར་ཚུད༔ བླ་མའི་ཐུགས་རྗེའི་གསེར་ཐུར་གྱིས༔ ཡེ་ཤེས་མིག་ཕྱེ་ལྷ་དང་སྤྲོད༔ ཅེས་ལན་གསུམ་ཞུ། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། བུ་ནི་མི་ཤེས་རྨོངས་འཁྲུལ་པས༔ མདོངས་ཤིང་འགྲིབས་པར་གྱུར་པ་ནི༔ རྡོ་རྗེ་གསེར་གྱི་ཐུར་མ་ཡིས༔ ལིང་ཏོག་ངེས་བསལ་དལ་ལ་ལྟོས༔ ཞེས་གསེར་ཐུར་གྱིས་དབྱེ་ཚུལ་བྱ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ། གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་རང་བྱུང་ལྷུན་གྲུབ་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་པདྨའི་ལྟེ་བར། དབུས་སུ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྙོམས་པར་འཇུག་པ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་བཞུགས་པ། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད། སྲས་ནོར་བུ་འཛིན་པ་གཡས་ནས་འདུད་ཅིང་། གཡོན་ནས་གསང་སྔགས་འཛིན་མ་འདུད་པ། འདབ་མ་དྲུག་ལ་ལྷའི་ཐུབ་པ་ཨོཾ་དཀར་པོ། ལྷ་མིན་གྱི་ཐུབ་པ་མ་སྔོན་པོ། མིའི་ཐུབ་པ་ཎི་སེར་པོ། བྱོལ་སོང་གི་ཐུབ་པ་པད་སེར་ནག །ཡི་དྭགས་ཀྱི་ཐུབ་པ་མེ་ལྗང་དམར། དམྱལ་བའི་ཐུབ་པ་ཧཱུྃ་མཐིང་ནག །དེའི་ཕྱི་རིམ་པད་འདབ་སྟོང་རྩ་མུ་ཁྱུད་རིམ་པ་བཞིར་རྫོགས་པ་ལ་སངས་རྒྱས་སྟོང་རྩ་གཉིས། སྒོ་བཞིར་བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་མ་རིག་མུན་སེལ་འཕགས་པ་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་གྱུར་པར་མོས་ལ་དད་པ་དང་སྤྲོ་དགའ་བསྐྱེད་མཛོད། དམ་ཚིག་བདུད་རྩིའི་མནའ་ཆུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་ནས་ཡེ་ཤེས་སེམས་དཔར་གྱུར་ཏེ་བྱིན་གྱིས་རློབས་པར་མོས་ཤིག །ཀ་པཱ་ལའི་བདུད་རྩི་ཆོས་སྨན་སྦྱར་བ་བྱིན་ལ། ཧཱུྃ༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཡིས༔ དམ་ཚིག་བསྲུང་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྒྲིབ་གཉིས་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ན་ན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་བ་གཅེས༔ ས་མ་ཡ་ན་ར་ཀན་བག་ཤ་སཱི༔ ཞེས་བརྗོད། དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་འགྲོ་འདུལ་ཕྲིན་ལས་མཐའ་རྟེན་གཏོར་དབང་ཕན་ཡོན་གྱིས་ངེས་ཤེས་སྐྱེད་པ་བཅས་རྣམ་གྲངས་བདུན་དུ་མཆིས་པ་ལས། དང་པོ་ཕྱི་བུམ་པའི་དབང་ལ་བརྟེན་ནས་ལུས་བྱིན་གྱིས་རློབ་ཅིང་ལྷ་བསྒོམ་པར་རྗེས་སུ་གནང་བ་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་བག་ཆགས་དང་བཅས་པ་དག་ནས་ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ་ཕྱག་གཡས་པདྨའི་ཕྲེང་བ་དང་། གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས་པ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མ་དམར་གསལ་གཅེར་བུ་དབུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་གཉིས་ཀྱིས་པདྨ་དང་བུམ་པ་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་བྱོན། བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བའི་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བཟླ་ཞིང་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ། གཉིས་པ་ནང་བདུད་རྩི་ལ་བརྟེན་ནས་ངག་བྱིན་གྱིས་རློབ་ཅིང་སྔགས་བཟླ་བའི་ལུང་འབོགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པ་བདུད་རྩིས་གང་བ་མགྲིན་པར་བཞག །བདུད་རྩི་བླུད། ཁྱེད་རང་རྣམས་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་འཐོན་མགྲིན་པའི་ལམ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་བདུན། གསུམ་པ་གསང་བ་མར་མེ་ལ་བརྟེན་ནས་ཡིད་བྱིན་གྱིས་རློབ་ཅིང་སེམས་ཀྱི་ངོ་སྤྲད་པ་ལ་ཐོག་མར་བྱིན་རླབས་འབེབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཁྱེད་རང་རྣམས་བཞེངས་ནས་ཐལ་སྦྱར་དུ་གནས་པ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྙིང་གར་ཧྲཱིཿཡིག་མར་མེ་ལྟར་འབར་བ། སྤྱི་བོར་བླ་མ་དང་དབྱེར་མེད་པའི་སྣང་བ་མཐའ་ཡས། སྣང་སྲིད་ཐམས་ཅད་ཡི་དམ་དཔའ་བོ་མཁའ་འགྲོས་ཤིག་ཤིག་ཡམ་ཡམ་གང་ཞིང་གར་སྟབས་བསྒྱུར་བར་མོས་མཛོད། རོལ་མོ་བསྒྲགས། གུ་གུལ་དང་སྤོས་ཆེན་བསྲེགས། ཡིག་བདུན་གྱི་དབྱངས་དིར་དིར་བྱ། སྤྲོ་ན་གསོལ་འདེབས་དང་མ་ཎིའི་ཛཔ྄་དབྱངས་གཏེར་སྟོན་གྱི་གསུང་རྒྱུན་ལྟར་བྱ། དེ་ནས་མར་མེ་བསྟན་ལ། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་བཞག །དེའི་དོན་མར་མེའི་སྣང་བ་གསལ་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧྲཱི༔ སེམས་ཉིད་ཀ་དག་ཀུན་བཟང་ཀློང༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་དེ་ཁོ་ན་ཉིད་མེ་ལོང་ལ་བརྟེན་ནས། འཁོར་འདས་ཐམས་ཅད་ཀྱི་གཞི་རང་སེམས་འཁྲུལ་པའི་ངོ་བོ་གསལ་སྟོང་འཛིན་མེད་དུ་རིག་པས་འཆིང་གྲོལ་མེད་པའི་གནས་ལུགས་ཡང་དག་པ་རྟོགས་པ་ན། སྣ་ཚོགས་རང་གྲོལ་རིག་པའི་རྩལ་དབང་ཐོབ་པ་ཡིན་པས་དེའི་དོན་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། ཧྲཱི༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ ངན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ༔ ཟུག་རྔུ་བྲལ་བས་བདེ་བ་ཆེ༔ དེ་ནི་གནས་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་མེད་པ༔ མེ་ལོང་ལྟ་བུར་རྟོགས་པ་ན༔ སྒོ་གསུམ་ཐ་མལ་སྐུ་གསུང་ཐུགས༔ ཅིར་མི་དགོངས་པས་ཐུགས་རྗེ་ཆེ༔ དེ་ནི་ལྷ་མཆོག་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པས་ན༔ སྒོ་ལྔ་ཡུལ་ལྔ་གཉིས་མེད་མཆོད༔ དེ་ནི་མཆོད་ཚོགས་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ མེ་ལོང་ལྟ་བུར་རྟོགས་པ་ན༔ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ༔ དེ་ནི་གཞན་དོན་རིག་པའི་དབང༔ རྒྱལ་པོས་དབང་མཆོག་བསྐུར་མི་ལ༔ འཁོར་རྣམས་ཀྱིས་ནི་ཅིས་མི་བསྐུར༔ བུམ་ཆུ་སྤྱི་ནས་བླུགས་དུས་སུ༔ ལུས་ཀུན་ཁྱབ་པ་སྨོས་ཅི་དགོས༔ མཚོན་ཆའི་འཁོར་ལོ་འཕར་བའི་ཚེ༔ གང་འཕོག་གཅོད་པ་ཆོས་ཉིད་དོ༔ ཡེ་ཤེས་འཁོར་ལོ་མེ་འབར་བས༔ མ་རིག་ནགས་སྲེག་ཐེ་ཚོམ་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ལྔ་པ་སྤྲུལ་སྐུ་ཡི་གེའི་དབང་ལ་བརྟེན་ནས་འགྲོ་བ་འདུལ་བར་རྗེས་སུ་གནང་བ་ནི། ཡི་གེ་འབྲུ་བདུན་རེ་རེ་བཞིན་གཏད་ལ། ཨོཾ༔ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས༔ ལྷ་རྣམས་འདུས་པའི་སྲོག་སྙིང་ཨོཾ༔ ཨོཾ་བཟུང་ལྷ་ཡི་འགྲོ་བ་ཐུལ༔ མ། ཐགས་བཟང་རིས་ཀྱི་སྐུ་གསུང་ཐུགས༔ ལྷ་མིན་འདུས་པའི་སྲོག་སྙིང་མ༔ མ་བཟུང་ལྷ་མིན་འགྲོ་བ་ཐུལ༔ ཎི། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས༔ མི་རྣམས་འདུས་པའི་སྲོག་སྙིང་ཎི༔ ཎི་བཟུང་མི་ཡི་འགྲོ་བ་ཐུལ༔ པད། སེང་གེ་རབ་བརྟན་སྐུ་གསུང་ཐུགས༔ བྱོལ་སོང་འདུས་པའི་སྲོག་སྙིང་པད༔ པད་བཟུང་བྱོལ་སོང་འགྲོ་བ་ཐུལ༔ མེ། ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས༔ ཡི་དྭགས་འདུས་པའི་སྲོག་སྙིང་མེ༔ མེ་བཟུང་ཡི་དྭགས་འགྲོ་བ་ཐུལ༔ ཧཱུྃ། ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས༔ དམྱལ་བ་འདུས་པའི་སྲོག་སྙིང་ཧཱུྃ༔ ཧཱུྃ་བཟུང་དམྱལ་བའི་འགྲོ་བ་ཐུལ༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས༔ བདེ་གཤེགས་འདུས་པའི་སྲོག་སྙིང་ཧྲཱི༔ ཧྲཱིཿབཟུང་འཁོར་བ་དོང་ནས་སྤྲུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ གཞུང་གི་ས་བཅད་ཀྱིས་མ་བསྡུས་ཀྱང་གནད་ཀྱི་མན་ངག་ཤོག་གཅིག་མ་འདིར་སྤྲད་ན་ཡང་འདུས་གཞན་གྱི་འགྲོས་དང་མཐུན་ཞིང་དགོས་གནད་ཆེ་བར་སྣང་བས་དེ་ལྟར་སྦྱོར་ན། དྲུག་པ་མཐའ་རྟེན་གཏོར་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ་མོས་གུས་བྱས་པས་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་དུ་མོས་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་དབང༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མས་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་གྱིས་རློབས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས༔ མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་བ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ༔ དེས་འགྲེས་ཏེ། ཡང་གཏོར་མ་འདི་ཉིད་སོགས་ནས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དངོས་གྲུབ་སོགས། གཏོར་མ་མགྲིན་པར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་གོང་ལྟར་ལ། བྱིན་གྱིས་རློབས༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་བྱང་གྱུར་ནས༔ སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་མཐར། ཝཱ་ཀ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨཱ༔ ཡང་གཏོར་མ་འདི་ཉིད་སོགས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་སོགས། གཏོར་མ་སྙིང་གར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་ནས། བྱིན་གྱིས་རློབས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ ཡིད་ཀྱི་སྒྲིབ་པ་བྱང་གྱུར་ནས༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལ། མོས་གུས་དུང་བ་བྱས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པ་ཅན་དུ་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཨེ་མ་ཧོ༔ ངོ་མཚར་སོགས་ནས་བྱིན་གྱིས་རློབས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིང་ཏ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་ལྷ་ཁྱེད་རང་རྣམས་ལ་ཐིམ་པས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་མཛོད། གཏོར་དབང་མི་བྱེད་ན་འདི་བཞག་ལ་གོང་གི་ས་བཅད་ལྔ་པའི་འཕྲོས། དྲུག་པ་ཞེས་མཚམས་སྦྱར་ནས་ཕན་ཡོན་བརྗོད་པ་ལ་འཇུག །བདུན་པ་དབང་ཐོབ་པའི་ཕན་ཡོན་བརྗོད་ཅིང་སྣོད་ལྡན་དུ་ངེས་ཤེས་སྐྱེད་པ་ནི་རྡོ་རྗེའི་ཚིག་རྐང་ཉིད་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ཧོ༔ ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ དེ་ལྟར་དབང་རྫོགས་སྤྱན་རས་གཟིགས༔ ཁྱེད་ཡིན་སངས་རྒྱས་སྐུ་གསུང་ཐུགས༔ མཁའ་མཉམ་འགྲོ་དོན་ད་སྤྱོད་ཅིག༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་ཀུན༔ ཡིག་བདུན་དབང་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲངས་ན་འཛད༔ དབང་ཐོབ་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲངས་ནུས་ཀྱི༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བདུན་དབང་ཐོབ་འཛིན་ཟློས་མིས༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་སྦྱོང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་གཅོད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང༔ བསྒོམ་བཟླས་བྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གསུངས་པ་ལྟར་ལགས་པས་དགའ་སྤྲོ་རྒྱ་ཆེན་པོ་བསྐྱེད་མཛོད། དེ་ནས་དབང་ཐམས་ཅད་ཀྱི་སྙིང་པོའི་དོན་ཁྱད་པར་དུ་འཕགས་པ་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་རྩ་བའི་རྒྱུད་དོན་རིག་པའི་རྩལ་དབང་འདི་དང་མི་ལྡན་ན༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བཤད་ཀྱང༔ འབྲས་བུའི་དོན་རྟོགས་པ་མི་སྲིད་པས༔ དོན་མེད་དུ་ཚེ་ཟད་པ་ཡིན་ནོ༔ དེ་ཕྱིར་རིག་པ་རྩལ་གྱི་དབང་ཁོང་གི་སྙིང་ངམ་མིག་འབྲས་ལྟ་བུ་ཡིན་ནོ༔ དེ་ཡང་ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་གནད་འདིར་འདུས་ཤིང༔ རྩལ་དབང་འདི་ཐོབ་ན་བསྐལ་བར་བསགས་པའི་ལས་ཀྱིས་མི་གོས་ཤིང༔ ཡི་གེ་གཅིག་གམ་བཤད་པ་ཚིག་གཅིག་མི་ཤེས་ཀྱང༔ སངས་རྒྱས་དངོས་ཡིན་ནོ༔ དེ་ལྟ་བུའི་དབང་དོན་གང་ཞེ་ན༔ རྒྱུད་ལས་འདི་སྐད་དུའོ༔ འཁོར་བ་སངས་རྒྱས་ཀུན་གྱི་གཞི༔ རང་སེམས་རིག་པ་བཅིང་གྲོལ་མེད༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྣ་ཚོགས་རང་གྲོལ་རིག་པའི་དབང༔ ཞེས་པས༔ རྩལ་དབང་འདི་ལ་དོན་བརྒྱད་དེ༔ དབང་གི་ངོ་བོ་དང༔ གང་གིས་བསྐུར་བ་དང༔ གང་ལ་བསྐུར་བ་དང༔ ཅིའི་ཕྱིར་བསྐུར་བ་དང༔ ཐོབ་པའི་རྟགས་དང༔ སྐྱོན་ཡོན་དང་འབྲས་བུ་བསྟན་པ་དང་བརྒྱད་དོ༔ ངོ་བོ་ནི་འཁོར་འདས་ཀྱི་ཀུན་གཞི་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ༔ དེ་ཡང་སངས་རྒྱས་དང་སེམས་ཅན་གཉིས་ལ་ཁྱད་རིག་མ་རིག་གཉིས་ལས་མེད༔ ཡང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ནངས་རྟོགས་ན་ནངས་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་པའོ༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་སྐུ་དང་ཡེ་ཤེས་རྒྱས་པར་སྣང་ཡང༔ ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་ངོ་བོ་ཉིད་ཀྱིས་མ་གྲུབ༔ ངན་སོང་དུ་འགྲོ་བ་ལྟར་སྣང་ཡང༔ ལོག་རྟོག་སྒྱུ་མར་སྣང༔ ངན་སོང་ངོ་བོ་ཉིད་ཀྱིས་མ་གྲུབ༔ སྡིག་པས་གནོད་མ་བསྐྱལ༔ དགེ་བས་ཕན་མ་བཏགས༔ ཅི་སྟེ་དེ་ལྟར་དགེ་སྡིག་གཉིས་ཀྱང་སེམས་ཐིག་ལེ་ཉག་གཅིག་ཏུ་སྣང་བས༔ བདེ་སྡུག་སྣ་ཚོགས་སུ་བྱུང་ཡང་རྩལ་ལས་བྱུང༔ ཞི་ཡང་ཐིག་ལེ་ཉག་གཅིག་ཏུ་ཞི་བས༔ བདེ་སྡུག་ཇི་ལྟར་སྣང་ཡང་སེམས་ཐིག་ལེ་ཉག་གཅིག་ལ་བྲི་གང་དང་བཅིང་གྲོལ་མེད་དེ༔ རིག་པ་ཡེ་ཤེས་དབང་གི་ངོ་བོ་ཡིན་ནོ༔ དབང་དེ་གང་གིས་བསྐུར་ན༔ སེམས་ཅན་སངས་རྒྱས་སུ་རྟོགས་པའི་བླ་མས་སོ༔ གང་ལ་བསྐུར་ན༔ སློབ་མ་རིག་པའི་རྩལ་ཅན་ལ་བསྐུར་བའོ༔ ཅིའི་ཕྱིར་དབང་བསྐུར་ན༔ རང་ཐ་མལ་པ་རང་ཉིད་ཆོས་སྐུར་རྟོགས་ནས་དབང་ཐོབ་པར་བྱེད་པའོ༔ ཇི་ལྟར་བསྐུར་ན༔ སློབ་དཔོན་གྱིས་སློབ་བུའི་སེམས་ཡེ་སངས་རྒྱས་པའི་དོན་རང་གནས་སྣང་བ་རང་སེམས་བླ་མེད་དུ་ངོ་སྤྲད་པས༔ སྣ་ཚོགས་རང་གྲོལ་བློ་འདས་སུ་རིག་པས༔ ཁམས་གསུམ་འཁོར་བ་ལས་གྲོལ༔ སེམས་ལ་རང་དབང་ཐོབ་པས་དབང་བསྐུར་ཏེ༔ སྣང་བ་ཐམས་ཅད་སེམས་སུ་སྣང་བས་གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན༔ སེམས་ཀྱི་ངོ་བོ་སྐྱེ་བ་མེད་པར་མཐོང་བས་གདོང་གཡོགས་བཀྲོལ་བ་ཡིན༔ སྡུག་བསྔལ་རོལ་པ་སྟོང་གསལ་འཛིན་མེད་མེ་ལོང་ལྟ་བུར་ཤེས་པས་མིག་ཕྱེ་བ་ཡིན༔ རང་རིག་ཆོས་སྐུར་ཡིད་ཆེས་པ་ནི་ལྷ་ངོ་སྤྲད་པ་ཡིན་ནོ༔ རྟོག་མེད་ངང་དུ་གནས་པས་དཀྱིལ་འཁོར་དུ་ཞུགས་པ་ཡིན་ནོ༔ རང་རིག་ཆོས་སྐུར་དབང་ཐོབ་པས་རྟོགས་པ་མངོན་དུ་གྱུར་ཏེ༔ སྣང་སྲིད་འཁོར་འདས་ལ་དབང་ཐོབ་པར་འགྱུར་རོ། །ཐོབ་པའི་རྟགས་རིག་པ་སྟོང་གསལ་ཆོས་སྐུ་ཉམས་སུ་མྱོང་ཞིང་རྟོགས་མཁན་ཁོ་རང་གྲོལ་བ་དང་དུས་གཅིག་ཏུ་འོང་ངོ་། །དབང་མ་ཐོབ་པའི་སྐྱོན༔ འབྲས་བུ་མེད་ཅིང་བརླག་པར་འགྱུར༔ ཞེས་སོ༔ ཐོབ་པའི་ཡོན་ཏན་ནི༔ ལས་དང་ཉོན་མོངས་པས་མི་བརྫི་བར་རྣམ་རྟོག་ཡེ་ཤེས་སུ་འཆར་ཞིང༔ ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ལ་དབང་བསྒྱུར་བའོ༔ འབྲས་བུ་ནི༔ དེ་ལྟར་དབང་བསྐུར་ཐོབ་པ་དང༔ ཐུགས་རྗེ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ཏེ༔ དཔེར་ན་ཁྱུང་ནམ་མཁའ་ལ་ལྡིང་ཙ་ན་གཅོང་རོང་དོག་པོ་ལ་ཉམ་མི་ང་བར་རང་གསལ་ཞིང༔ ཡུལ་ཀུན་ལ་བལྟ་བ་བཞིན་དུ༔ རིག་པའི་རྩལ་དབང་ཐོབ་པའི་རྣལ་འབྱོར་པ་ཡང་རང་རིག་ཀུན་བཟང་རོལ་པར་ཉམས་དགའ་ཞིང༔ འཁོར་བའི་གཅོང་རོང་གི་ཉམས་ང་མེད་པར་རང་དབང་རང་གིས་ཐོབ་པའོ༔ ཨེ་མ་ཧོ༔ སྣང་སྲིད་འཁོར་འདས་རྟོག་པའི་ཚོགས༔ སེམས་ཡིན་སེམས་ཉིད་སྐྱེ་འགག་མེད༔ མཐའ་བྲལ་སྤྲོས་མེད་ལྷ་ཡི་དབང༔ རང་གསལ་དགེ་སྡིག་སྐྱོན་ཡོན་གོས་པ་མེད༔ རང་སྣང་མ་རིག་འཁོར་བའི་དབང༔ འཁྲུལ་འཁོར་ཟད་མེད་འཕེལ་བ་མེད༔ རང་རིག་རྟོགས་ན་ཡེ་ཤེས་དབང༔ ཆོས་དབྱིངས་དམ་པ་ཟད་མི་ཤེས༔ གང་ལྟར་སྣང་བས་ཀུན་དབང་བསྒྱུར༔ ཉིན་ནུབ་སྣང་བ་ཇི་བཞིན་པ༔ རིག་པའི་རྩལ་དབང་མཁྱེན་པར་མཛོད༔ ཐུགས་རྗེའི་མཐར་ཐུག་ཅིར་མི་དགོངས༔ སྣང་བ་རྟོག་མེད་ཆོས་སྐུའི་རྒྱན༔ མེ་ལོང་ལྟ་བུའི་དོན་རྟོགས་ན༔ རིག་པ་རྩལ་གྱི་དབང་ཐོབ་བོ༔ ཆོས་ཐམས་ཅད་ཀྱང་རིག་པ་རྩལ་གྱི་དབང་ཐོབ་ནས་གཅིག་ཤེས་ཀུན་གྲོལ་དུ་གྱུར་ལ༔ རྩལ་དབང་མ་ཐོབ་ན་ཀུན་ཤེས་གཅིག་རྡུགས་སུ་འགྱུར་བས༔ འདི་ཁོ་ན་ལ་ནན་ཏན་དུ་བྱ་བར་གསུངས་སོ༔ དེ་ནས་མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་དག་གིས་གཏེར་ཆེན་པདྨ་གླིང་པའི་ཟབ་ཆོས་ཐུགས་རྗེ་ཆེན་པོ་ཡང་སྙིང་ཀུན་འདུས་མུན་སེལ་སྒྲོན་མེའི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་སློབ་མའི་བྱ་བ་གྲུབ། གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་ཆོག་བྱ། གཏོར་འབུལ་དང་བརྟན་མ་བསྐྱང་ཞིང་། གཏང་རག་མཆོད་བསྟོད་འབུལ། ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་པ་རས་བྲིས་དང་རྟེན་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་དང་རྟེན་མེད་ན་གཤེགས། ཉེར་བསྡུ། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །སྣང་ཞེན་ཐུགས་རྗེའི་ཕྱག་རྒྱར་དག །སྒྲ་རྩོལ་ཡིག་བདུན་དབྱངས་སུ་སྨིན། །འཁྲུལ་རྟོག་བདེ་ཆེན་ཐིག་ལེར་རྫོགས། །འཁོར་འདས་མཉམ་ཉིད་དབྱིངས་ཐིམ་ཤོག །ཚུལ་འདིར་པད་གླིང་བདུན་པའི་ཆོག་ཁྲིགས་བཞུགས་ཀྱང་སྐབས་ཐོག་དཔེ་རྒྱུན་མ་འབྱོར་པས། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་སྣེ་སེལ་ཙམ་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཞུང་འདིར་མི་གསལ་བའི་འཐད་འོས་ཁ་ཤས་ཆོས་དབང་ཡང་འདུས་ནས་ཁ་བསྐངས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབ་ (Volume 48, Text 16)

༄༅། །གཏེར་ཆེན་པོའི་བུམ་པ་བཟང་པོ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་ཤིན་ཏུ་མདོར་བསྡུས་འདོད་རྒུའི་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། གང་ཞིག་བསྙེན་པས་འདོད་རྒུའི་དཔལ། །ཡིད་བཞིན་སྦྱིན་མཛད་བླ་མ་ལྷར། །བཏུད་ནས་ཕུན་ཚོགས་གཏེར་ཆེན་པོའི། །བུམ་བཟང་སྒྲུབ་པའི་མན་ངག་འབྲི། །རྒྱུད་སྡེ་རྣམས་སུ་གཏེར་ཆེན་པོའི་བུམ་པ་སྒྲུབ་ཚུལ་དང་། གཞུག་པའི་ཚུལ་ཇི་སྙེད་ཅིག་གསུངས་ཤིང་། ནོར་ལྷ་རྣམས་ཀྱི་བྲིས་སྐུ་དང་གཟུངས་སྔགས་ཀྱང་རིན་པོ་ཆེ་དང་འབྲུ་སྨན་སོགས་དཔལ་ཅན་གྱི་རྫས་དང་བཅས་ཏེ་བང་མཛོད་དུ་སྦ་བར་རྟོག་པ་དང་མན་ངག་ལས་གསུངས་པ་དག་ཕན་ཚུན་སྦྱར་ཏེ་ཛམྦྷ་ལ་རིགས་ལྔ་དང་། ལྷ་མོ་བརྟན་མ། ཀླུ་ཆེན་དགུ་སོགས་ཀྱི་གཏེར་བུམ་སྒྲུབ་པའི་ཚུལ་ཇི་སྙེད་པ་ཞིག་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་དམིགས་བསལ་སོ་སོའི་གཞུང་ནས་འབྱུང་བ་ལྟར་བྱ། རང་གཞུང་བུམ་པ་སྒྲུབ་ཚུལ་ཟུར་དུ་མེད་པའི་སྤྱི་ཁྱབ་ལ། ནོར་བུམ་རིགས་རྣམས་ཆེ་ཆུང་བྲེ་གང་ཤོང་བ་ལས་མི་ཆུང་བའི་རིན་པོ་ཆེའམ་རྫའི་བུམ་པ་གཙང་མ་ལྷ་སོ་སོའི་སྐུ་མདོག་དང་མཐུན་པའམ། དཀར་པོའི་ཚོན་གྱིས་ལེགས་པར་བསྒྱུར་ལ་རྒྱས་པར་ཁོར་ཡུག་ཏུ་བཀྲ་ཤིས་རྟགས་བརྒྱད་སོགས་བྲི། བསྡུ་ན་མདུན་རྟགས་ནོར་བུ་དང་ས་བོན་ཙམ་བྲིས་པའི་ནང་དམིགས་བསལ་རང་རང་གི་གཞུང་ནས་འབྱུང་བ་ལྟར་དང་། སྤྱིར་བཏང་ཙམ་ལ་ཐིལ་དུ་ས་སྣ་ཆུ་སྣ་བྱིན་ཅན་དགྲམ་པའི་སྟེང་། བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ་ཁྲོལ་བུའམ་རིལ་བུ། རིན་པོ་ཆེ་སྣ་ཚོགས། དུག་རིགས་མ་གཏོགས་པའི་སྨན་སྣ། འབྲུ་དཀར་རིགས་སྣ་ཚོགས། དར་ཟབ་དང་གོས་ཆེན། དཀར་གསུམ་མངར་གསུམ་སོགས་བཟའ་བཏུང་གི་ཕུད་གཙང་མ། རྟ་ཕྱུགས་ཀྱི་སྤུ་སྣ། བཀྲ་ཤིས་པའི་ཐབ་དང་ཁང་པ་ཞིང་ས་བཟང་པོའི་ས་སོགས་དཔལ་ཆེན་གྱི་རྫས་དམ་ཚིག་མི་གཅིག་པས་མཚོན་སེལ་ཅན་གྱི་ལག་ནས་བྱུང་བ་མ་ཡིན་པས་ཕྱུར་བུར་བཀང་བའི་དབུས་སུ་རང་རང་གི་སྐུ་གཟུགས་དང་། སྔགས་བྱང་འདོད་གསོལ་དང་བཅས། སྲོག་འཁོར་རིགས་གང་ཡོད་རྣམས་ལག་ཚགས་དམ་པར་བཅུག །ཁ་འབྲུ་སྨན་བསང་ཤིང་གི་ཕྱེ་མ་སོགས་ཀྱིས་བཀང་། རས་དཀར་པོས་བཅད། སྤྲོ་ན་འཁོར་ལོ་རྩིབས་བརྒྱད་དམ། རྡོ་རྗེ་རྒྱ་གྲམ་སོགས་བྲི། ཚོན་སྐུད་ཀྱིས་མགུལ་བ་བཅིངས་ལ་རྒྱབ་ཕྱོགས་སུ་སྒྲུབ་པ་པོའམ་སྦྱིན་བདག་གི་རྟགས་ཀྱི་རྒྱས་གདབ། ས་བདག་དང་ཁྱད་པར་ཀླུ་བུམ་རིགས་རྣམས་སྤྱིན་མེད་པའི་བག་ཕྱེ་སོགས་ཀྱིས་དམ་དང་བཅས་དཀར་རྩིས་བྱུགས། མདུན་རྟགས་ནཱཾ་བྲི། ནང་གི་ཐིལ་དུ་ས་སྣ་ཆུ་སྣ་གཙང་མ་དགྲམ། གླ་རྩི་སོགས་ཀླུ་ལ་གནོད་པའི་དྲིས་མ་ཕོག་པའི་འབྲུ་སྣ་གཙང་མ། སྤང་སྤོས་ཀྱིས་བུངས་བསྐྱེད་པའི་ཀླུ་སྨན་སོགས་ཀྱིས་བཀང་བའི་དབུས་སུ་རང་རང་གི་སྐུ་དང་སྔགས་བྱང་སོགས་གང་རིགས་བཅུག །ཁ་རས་དཀར་གཙང་མས་བཅད་ཅིང་མགུལ་ཆིངས་བྱ། དེ་ནས་གཞི་གཙང་མའི་སྟེང་དུ་བཀོད་ལ། མཐར་རང་རང་གི་གཞུང་ལས་བཤད་པའི་གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་ནོར་བུམ་རིགས་ཕལ་ཆེར་ལ་རང་རང་གི་བདག་བསྐྱེད་དམ་ཕྱག་རྡོར་དང་། བརྟན་མ་དང་ཀླུ་བུམ་ལ་ཀླུ་དབང་རྒྱལ་པོའམ་སེང་གེ་སྒྲ་སོགས་གང་འོས་བཟླས་པ་དང་བཅས་པ་བྱ། ལས་བུམ་རྒྱས་བསྡུས་གང་རིགས་ཀྱིས་བསྒྲུབ་པའམ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་མཐར། སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ། ཡང་ན་བསང་ཆུ། ཨ་མྲྀཏའི་སྔགས་ཀྱིས་བརླབ། སྤྲོ་ན་སྦྱང་ཁྲུས་རྒྱས་པར་བྱ། དེ་ཙམ་མི་ནུས་ན། རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར་པའི་མོས་པས་ལས་སྔགས་དང་སུམྦྷ་ནི་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པའི་ཁྲུས་གསོལ་མདོར་བསྡུས་དང་། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་བ་རྣམས་བྱ་ཞིང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་མེ་ཏོག་འཐོར། དེ་ནས་མདུན་རྟེན། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས། བུམ་པ་གཅིག་ལས་མེད་ན།་་་པཾ་ལས་པདྨ་དང་སོགས་སྦྲེལ་ཞིང་། འོག་གི་ཚིག་ཀྱང་།་་་ཡངས་ཤིང་རྒྱ་ཆེ་བའི་ནང་དུ།་་་ཞེས་བསྒྱུར་རོ། །མཆན། བུམ་པའི་གྲངས་དང་མཉམ་པའི། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཡོ་བྱད་མ་དག་པ་རྣམས་སྦྱངས་ཏེ་སྐྱོན་ཐམས་ཅད་དང་བྲལ་བར་གྱུར། ཅེས་བརྗོད་ཅིང་བསམ། དེ་བཞིན་དུ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཁྱབ་པར་གྱུར། བདུད་རྩི་འཁྱིལ་པའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྫས་རྣམས་མགྲོན་སོ་སོའི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྒྱ་ཆེན་ཤུགས་ལྡན་འོད་ཀྱིས་སྔགས་རྒྱས་སྤྱོད་པར་དབང་བར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་སྒྲེང་། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང་། སེམས་ཅན་རྣམས་ཀྱི་དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་འབྱུང་བར་གྱུར། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་གར་བཞག །གཡོན་མཐེ་བོང་ལག་པའི་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་པས་མཉེས་ཤིང་སེམས་ཅན་རྣམས་ཡོ་བྱད་རྒྱལ་ཕམ་དང་རྩོད་པ་མེད་པར་སོ་སོའི་མོས་པ་བཞིན་ཐོབ་པར་གྱུར། དབང་བསྒྱུར་འཁོར་ལོའམ་ལྷ་མགོན་སྤྱིའི་སྔགས་རྒྱས་དབང་དུ་བསྒྱུར་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས། མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ན་མསྶ་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་ཐམས་ཅད་ཀྱང་དམ་ཚིག་གི་དབང་གིས་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་གྱུར། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྐོར་ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད། མགོན་དཀར་སོགས་ཀྱི་སྐབས་སུ་ཚིག་ལྷུག་མེད་པའི་སྔགས་རྐྱང་པ་བརྗོད་པར་གསུངས་པས་དེ་ལྟར་བྱ། གང་ལྟར་ཡང་བུམ་པའི་ནང་གི་འབྲུ་སྨན་རིན་པོ་ཆེ་སོགས་ལྷ་སོ་སོའི་ཐུགས་དང་མཐུན་པའི་ཡོ་བྱད་ཟད་མི་ཤེས་པའི་གཏེར་དང་། ལོངས་སྤྱོད་དང་། བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། བྲིས་སྐུ་དང་སྔགས་བྱང་སོགས་ལྷར་བསྐྱེད་པ་ནི། དེ་ལྟ་བུའི་བུམ་པ་རྣམས་ཀྱི་སྟོད་ཀྱི་ཆར་དབུས་སུ་པཾ་ལས་པདྨ་དང་། ཞེས་སོགས་རང་རང་གི་མངོན་རྟོགས་ལྟར་དམ་ཚིག་པ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ་རྒྱས་བསྡུས་གང་རིགས་དང་། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ་གི་བར་སྦྱར་བས་བརླབ། མཚན་སྔགས་ཀྱི་མཐར། ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་བས་མཆོད། རང་གཞུང་གི་བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་གཙོ་བོར་བྱ། འདིའི་སྐབས་སུ་བུམ་པ་ལ་གཟུངས་ཐག་བཏགས་ཏེ་གཟུང་ཡང་ལེགས། བཟླས་དམིགས་སོ་སོའི་གཞུང་ནས་འབྱུང་བ་ལྟར་དང་། སྤྱིར་བཏང་ནོར་བུམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་བར་བྱས། སྣོད་བཅུད་སྲིད་ཞིའི་དགེ་མཚན་ལེགས་ཚོགས་དཔལ་ཡོན་དྭངས་བཅུད་མ་ལུས་པ་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས། འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར་པར་བསམ་ལ་བཟླས་པ་བྱ། བརྟན་མ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔག་ཚད་བརྒྱད་ཁྲི་ཚུན་ཆད་ཀྱི་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་བསལ། དཔལ་དང་གཟི་བྱིན་བསྐྱེད། བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་ས་བཅུད་དང་དགེ་མཚན་ཐམས་ཅད་འཕེལ་བའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས་བཟླ། ཀླུ་བུམ་སྐབས། རང་གི་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་འཕྲོས། མདུན་བསྐྱེད་འཁོར་དང་བཅས་པ་ལ་ཕོག་པས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྟན་གཡོའི་དྭངས་བཅུད་མ་ལུས་པ་བསྡུས་ནས་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར་པའི་མོས་པས་བཟླ་འོ། །ཐུན་མཐར་མཆོད་བསྟོད་རང་རང་གི་གཞུང་ལྟར་དང་། འདོད་གསོལ་སོ་སོའི་གཞུང་ལྟར་རམ། ནོར་བུམ་ལ། མགོན་པོ་ཛམྦྷ་ལས་བདག་དང་སེམས་ཅན་ཐམས་ཅད་ལ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུ་དང་། བརྟན་མ་ལ། སའི་ལྷ་མོས་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་བསྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་འབྱོར་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དང་། ཀླུ་ལ། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བདག་དང་སྦྱིན་པའི་བདག་པོ་ལ་སོགས་གོང་ལྟར་བྱ། གཏོར་མ་རང་རང་གི་གཞུང་ལྟར་རམ། སྤྱི་ཁྱབ་ལ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། མཚན་སྔགས་སམ་སྙིང་པོའི་མཐར། ཨ་ཀཱ་རོ་སོགས་བཏགས་པས་ཕུལ། མཆོད་བསྟོད་འདོད་གསོལ་བྱ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་གང་། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐལ་མོ་སྦྱར་བའི་བར་དུ་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་གཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། ཞེས་སམ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་བསྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་དང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། མང་དུ་བརྗོད་ཅིང་མེ་ཏོག་འཐོར། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་བདག་བསྐྱེད་ཀྱི་དགེ་བསྔོ་དང་། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཁྱད་པར་བ་དང་། གཞན་ཡང་། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ནས། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་དང་། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་མདོ་རྒྱུད་ནས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱ། དེ་ལྟ་བུར་ཐུན་བཅད་ལ་ལེགས་པར་བསྒྲུབས་པའི་རྗེས། ནོར་ལྷའི་རིགས་ཀྱི་བུམ་གཏེར་མཛོད་དང་། ཁྱིམ་ཕུགས། ཕྱུགས་ལྷས་ཀྱི་གོང་། བརྟན་མའི་བུམ་པ་ཡུལ་གྱི་དབུས། མཁར་གྱི་རྩེ། ཞིང་ས་བཟང་པོའི་དཀྱིལ། ཀླུ་བུམ་ཀླུ་གནས་ངེས་པའི་མཚོ་དང་། ཆུ་མིག །རྫིང་བུ་སོགས་ཀྱི་མགོའམ་མདུན་སོགས་ཀྱིས་མཚོན་གང་དུ་སྦས་པའི་སར་ལག་ཚགས་དམ་པར་བྱས་ལ་གཞུག །བཅུག་པའི་སྐབས་སུའང་ཆོ་ག་ཚར་རེ་བསྐྱར་ན་ལེགས། མ་གྲུབ་ན་བརྟན་བཞུགས་དང་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད། དེ་ལྟར་བགྱིས་པས་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་། དཔལ་འབྱོར་ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ནི་སོ་སོའི་གཞུང་ལས་ཤེས་པར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་མཉྫུ་གྷོ་ཥས་ལྷག་པའི་བསམ་པས་བྲིས་པ་སྲིད་ཞིའི་དགེ་མཚན་དུས་རྟག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

ཟབ་བདུན་རྩ་གསུམ་སྐོར་ལས༔ གུ་རུ་བདེ་བ་ཆེན་པོའི་སྒྲུབ་ཐབས་ (Volume 10, Text 16)

༁ྃ༔ ༔ཟབ་བདུན་རྩ་གསུམ་སྐོར་ལས༔ གུ་རུ་བདེ་བ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ༔ ༔ བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སིནྡྷུའི་མཚོ་ལས་འཁྲུངས་པའི་པད་འབྱུང་བདག༔ སྒྱུ་རྩལ་སྦྱངས་པས་བློ་ལྡན་མཆོག་སྲེད་དེ༔ རྒྱལ་སྲིད་བཟུང་བས་པདྨ་རྒྱལ་པོར་གྲགས༔ རབ་ཏུ་བྱུང་བས་དགེ་སློང་པདྨ་སཾ༔ སྤྱོད་པ་བསྐྱངས་པས་ཉི་མ་འོད་ཟེར་ཏེ༔ སངས་རྒྱས་བསྟན་པའི་བདག་པོ་ཤཱཀྱ་སེང༔ མུ་སྟེགས་རྩོད་ཟློག་འཕགས་པ་སེང་གེ་སྒྲ༔ ལྷ་སྲིན་བཏུལ་པས་རྡོ་རྗེ་གྲོ་ལོད་རྩལ༔ ཆོས་འཁོར་བསྐོར་བས་པདྨ་ལེགས་བཤད་རྒྱལ༔ མཐའ་འཁོབ་འདུལ་བས་རྡོ་རྗེ་དྲག་པོ་རྩལ༔ གསང་སྔགས་དོན་སྟོན་གུ་རུ་ཀུན་ཏུ་བཟང༔ སྲིན་པོའི་ཁ་གནོན་པདྨ་ཐོད་ཕྲེང་སོགས༔ སྐུ་གཅིག་མཚན་བརྒྱ་རྣམ་པ་ཅིར་བསྟན་ཀྱང༔ ངོ་བོ་བདེ་བ་ཆེན་པོ་འདི་ཡིན་པས༔ དེ་ཉིད་བསྒོམ་ན་རང་སེམས་མ་བཅོས་ངང༔ སྣང་སྲིད་ཆོས་ཀུན་ཆོས་འབྱུང་ཆེན་པོར་རྫོགས༔ དེ་དབུས་པདྨ་ཉི་ཟླ་བམ་རོའི་སྟེང༔ རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔ དམར་གསལ་རྣ་ལྟག་གཡས་ན་ཕག་ཞལ་རྔམ༔ གྲི་ཐོད་འཛིན་ཅིང་ཞབས་གཉིས་གར་སྟབས་སྒྱུར༔ རུས་པའི་རྒྱན་ལྡན་དར་གྱི་ཅོད་པན་འཕུར༔ དེ་ཡི་པང་དུ་ཐབས་མཆོག་དཔའ་བོ་ནི༔ རྟ་མགྲིན་དཀར་པོ་དབུ་གཙུག་རྟ་ཞལ་བཞད༔ རུས་པའི་རྒྱན་ལྡན་ཡུམ་དང་གཉིས་མེད་འཁྲིལ༔ བདེ་དྲོད་མེ་ཕུང་འཁྲིགས་པའི་ཀློང་དུ་གསལ༔ རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ༔ པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང༔ ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས༔ གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས༔ མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ༔ གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན༔ པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་སྟེང་ན་ཐོད་པ་འོད་འབར་ནང༔ བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི༔ བདེ་བ་ཆེན་པོ་ཡི་གེ་བཾ་དུ་གསལ༔ དེ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང༔ འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བའི༔ བདེ་བ་ཆེན་པོའི་ངང་ལ་བློ་བཞག་གོ༔ ཨོཾ་གུ་རུ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ མཐར་ནི་འོད་གསལ་བདེ་བ་ཆེན་པོར་བསྡུ༔ འདིས་ནི་གནས་སྐབས་སེམས་ཀྱི་སྡུག་བསྔལ་དང༔ སྙིང་རླུང་སྙིང་གཟེར་སྨྱོ་འབོག་རྣམ་རྟོག་འཚུབས༔ བྱིང་རྨུགས་འཐིབས་དང་རྩ་རླུང་གེགས་རྣམས་སེལ༔ ལུས་སེམས་བདེ་ཞིང་རྩ་རླུང་ཐིག་ལེ་རྒྱས༔ ལོངས་སྤྱོད་ནོར་འདུ་འཁོར་མང་བཀྲ་ཤིས་ཤིང༔ ནད་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་འགྱུར༔ མཐར་ཐུག་བདེ་བ་ཆེན་པོའི་ཡེ་ཤེས་བརྙེས༔ འོག་མིན་པདྨ་དྲྭ་བར་རྫོགས་སངས་རྒྱས༔ མཚོ་རྒྱལ་ཁྱོད་ཀྱིས་འདི་ཉིད་སྙིང་ལ་ཕུར༔ ནམ་ཞིག་དཀར་ཆག་ཐོབ་ལ་གཏེར་དུ་སྦོས༔ མ་འོངས་ལྷ་སྲས་དམ་འཛིན་ཡབ་ཡུམ་གཉིས༔ གླང་ལོ་ནོར་བུ་རྟ་ལོ་བདེ་བའི་མིང༔ མ་འོངས་འབྱུང་འགྱུར་དེ་ལ་འཕྲད་འགྱུར་ཏེ༔ མཁའ་འགྲོའི་ལུང་བཞིན་སྣོད་ལྡན་བུ་ལ་གཏོད༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གནས་མཆོག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་ཤོག་གུ་ཞེང་མཐོ་གང་དཀྱུས་སོར་བཞི་ཡིག་ཕྲེང་གསུམ་པ་གུ་རུ་རིན་པོ་ཆེའི་ཕྱག་བྲིས་ན་ག་ར་ཡིག་ཕྱི་མ་ལས། གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ། བོད་ཆེན་པོའི་སའི་ཐིག་ལེ། དཔལ་གནམ་སའི་དབང་ཕྱུག་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་ལྷུན་གྲུབ་སྟེང་དང་ཟུང་དུ་འབྲེལ་བའི་ཆོས་གྲྭར་སྣང་སྲིད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་སྐབས་གཏན་ལ་ཕབ་རིམ་བཞིན་དུ། བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་ཕན་བདེའི་འདོད་རྒུ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

འཆི་མེད་འཕགས་མའི་སྙིང་ཐིག་གི་སྔོན་འཆིངས་ (Volume 36, Text 16)

མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་བླ་མ་ཡིད་བཞིན་འཁོར་ལོའི་སྤྱན་སྔར། རང་གཞན་ཡིད་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་གསོལ་ཞིང་སེམས་བསྐྱེད་པར་མོས་པས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སོགས་སྐྱབས་སེམས་ཚོགས་གསག་རྣམས་བྱས་ལ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་མོ། ༈ །གཞི་བདག་འབྱུང་པོའི་ཚོགས་ལ་གཏོར་མ་བཤམ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་འབྲུ་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གསུམ་གྱིིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་པས་བསྔོའོ།། ༈ རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། ཅེས་མཚམས་ལྷའི་ང་རྒྱལ་གཟུང་། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། ལྕགས་ཀྱུའི་རྒྱ་དང་། སརྦ་བྷཱུཏ་ཨ་ཀརྵ་ཡ་ཛཿས་བགེགས་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་དེ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ གདོད་ནས་འཁོར་འདས་སོགས་ཀྱིས་བཀའ་བསྒོ་ལ་འཇུག་གོ། ༈ ཚེ་འགུགས་མཐར་ཚེ་སྔགས་རྣམས་སྦྱར་བར་གསུངས། ཚུལ་འདི་རྣམས་རང་གཞུང་གི་རྒྱུན་ཁྱེར་དང་བསྙེན་ཡིག །གྲུབ་ཐིག་བཀའ་བརྒྱད་ལས་བྱང་སོགས་ཚད་མའི་གསུང་ལས་བཏུས་པའོ།། །།

བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ (Volume 60, Text 16)

བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ། ཨོཾ་སྭསྟི་བི་ཛ་ཡནྟུ། ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི། །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས། །ཏིལ་གྱི་གང་བུ་བཞིན་དུ་བཞུགས་པ་ཡི། །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད། །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར། །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན། ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད། །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན། །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས། །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་བཀའ་གཏེར་དག་སྣང་བརྒྱུད། །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །ཞི་དང་ཁྲོ་ཚུལ་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །ཉེ་བའི་སྲས་མཆོག་བརྒྱད་དང་སེམས་མ་བརྒྱད། །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི། །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས། །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ། །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན། །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ། །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ། །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན། །རང་བྱུང་ཡེ་ཤེས་རྟོགས་པའི་བཀྲ་ཤིས་ཤོག །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ། །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་ཚེས་༡༡གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་བ་རྣམས་ཀྱི་དཔལ་དུ་གནས་པ་དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ། །སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བཀའ་བརྒྱད་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ (Volume 14, Text 16)

༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པའི་བརྒྱུད་འདེབས་བཞུགས་སོ། ། ཁྱབ་བདག་སྟོན་པ་ཀུན་བཟང་ཆེ་བའི་མཆོག །རྡོ་རྗེ་སེམས་དཔའ་ཞི་ཁྲོ་བཀའ་བརྒྱད་ལྷ། །རྡོ་རྗེ་འཆང་དབང་ཤཱཀ་ཐུབ་དགའ་རབ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་ཆེན་བཀའ་ཡི་སྡུད་པོ་རྡོ་རྗེ་ཆོས། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །སྐལ་ལྡན་མཆོག་རབ་ཨིནྡྲ་བྷཱུ་ཏི་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མི་སློབ་ཟུང་འཇུག་མངོན་གྱུར་ཤྲཱི་སིཾ་ཧ། །བདེ་ཆེན་སྒྱུ་མའི་གར་མཁན་གོ་མ་ས། །ཛམ་གླིང་རྒྱན་མཆོག་དཔལ་གྱི་རིག་འཛིན་བརྒྱད། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །གངས་ཅན་བསྟན་པའི་ཉིན་བྱེད་གྲུབ་ཆེན་བརྒྱད། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཟབ་གཏེར་བསྟན་པའི་སྤྱི་མེས་མངའ་བདག་ཉང་། །མཁའ་མཉམ་འགྲོ་བའི་མགོན་པོ་ནམ་མཁའ་དཔལ། །སྙིང་པོའི་དོན་གཟིགས་བློ་ལྡན་ཤེས་རབ་ཞབས། །གསོལ་བ་འདེབས་སོ༴ མཐུ་སྟོབས་བརྟུལ་ཞུགས་མཐར་ཕྱིན་བདུད་འདུལ་མཚན། །སྒྲོལ་མས་རྗེས་བཟུང་མདོ་སྡེ་སེང་གེ་དང་། །མཁས་གྲུབ་ཟླ་མེད་པདྨ་དངོས་གྲུབ་ལ། །གསོལ་བ་འདེབས་སོ༴ འཇམ་དཔལ་གྲུབ་པའི་དཔའ་བོ་ནོར་བུའི་མཚན། །འཇིག་རྟེན་དབང་ཕྱུག་ཀུན་དགའ་རྒྱལ་མཚན་དཔལ། །གྲུབ་པའི་རིག་འཛིན་ཉང་སྟོན་ནོར་བུ་འཕེལ། །གསོལ་བ་འདེབས་སོ༴ ཕན་བདེས་ཀུན་ཏུ་དགའ་བའི་འོད་ཟེར་ཅན། །འཁྲུལ་ཞིག་རྗེ་རིགས་ནམ་མཁའི་རྣལ་འབྱོར་པ། །གནས་ལྔ་རིག་པའི་པཎ་ཆེན་པདྨ་དབང་། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ལྷ་སྲས་རྣམ་རོལ་རིན་ཆེན་ཕུན་ཚོགས་ཞབས། །གར་དབང་ཡེ་ཤེས་མཆོག་གི་རོལ་པ་རྩལ། །བློ་གྲོས་མཆོག་གིས་བསྟན་པའི་རྒྱལ་མཚན་འཛིན། །གསོལ་བ་འདེབས་སོ༴ གཞན་ཕན་ཕྲིན་ལས་མཐར་ཕྱིན་རྡོ་རྗེ་འཛིན། །གར་དབང་མགོན་པོ་ཕྲིན་ལས་ལྷུན་གྲུབ་དང་། །པདྨ་གར་དབང་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ ཕྲིན་ལས་གྲུབ་པའི་རྡོ་རྗེ་འགྲོ་འདུལ་རྩལ། །ཧཱུྃ་མཛད་རོལ་པ་རྡོ་རྗེའི་གཏེར་མཛོད་འཛིན། །དབང་བཞིའི་རྒྱལ་མཚན་མཛེས་པའི་རྡོ་རྗེའི་ཏོག །གསོལ་བ་འདེབས་སོ༴ བསམ་གཏན་རྒྱ་མཚོར་ཡེ་ཤེས་རིན་ཆེན་འཕེལ། །ཀུན་བཟང་གདུང་འཚོབ་ཕྲིན་ལས་ལྷུན་གྱིས་གྲུབ། །ངེས་དོན་ཆོས་ཀྱི་སྲིད་སྐྱོང་གར་གྱི་དབང་། །གསོལ་བ་འདེབས་སོ༴ ཁ་སྐོང་ཤློ་ཀ་གཉིས་གུ་ཎས་སོ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྗེ། །སྨིན་གྲོལ་གདམས་པའི་བདུན་རྩི་མཆོག་སྦྱིན་མཁན། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཕྱི་དཀྱིལ་སྨིན་བྱེད་ལམ་གྱིས་ལྷ་སྐུར་ཤར། །ལུས་དཀྱིལ་དབང་གིས་རྩ་ཁམས་བདེ་དྲོད་འབར། །ཕྱག་རྒྱ་ལ་བསྟེན་དགའ་བཞིའི་ཡེ་ཤེས་རྟོགས། །རང་སེམས་ཀ་དག་ཀུན་བཟང་མངོན་གྱུར་ཤོག །ཅེས་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་སོ།། །།

ཆད་ཐོ་བསྒྲག་པ་ (Volume 31, Text 16)

ཆད་ཐོ་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ། །འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཆོས་ཀྱི་དབྱིངས་ནས་ཀཱི་ལིའི་སྒྲ་བསྒྲགས་ཚེ། །རིགས་ཀྱི་ཁྲོ་བོ་ལྕམ་དྲལ་ཚོགས་རྣམས་ཀྱིས། །སོ་སོའི་སྐུ་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །མོན་ཁ་ནེ་རིང་སེངྒེ་རྫོང་གསུམ་དུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །ཇོ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །ལྷག་པའི་ལྷ་མཆོག་དཀྱིལ་འཁོར་བསྒྲུབས་པའི་ཚེ། །དྲེགས་པ་སྡེ་བརྒྱད་བརྟན་མ་གཅུ་གཉིས་ཀྱིས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ། །རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། །ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་དང་། །རིག་འཛིན་ཆོས་དབང་ལངྐའི་ཚོགས་བཅས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཕུར་སྲུང་བཅུ་གཉིས་གིང་དང་དམ་ཅན་གྱིས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཅག་གིས། །མཁའ་འགྲོ་དམ་ཅན་འདུ་བའི་གནས་མཆོག་འདིར། །ཚེ་འདིར་སངས་རྒྱས་སྐུ་གསུམ་འགྲུབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པའི་ཕྱིར། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་གཏོར་འདི་ཞེས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་དུ་གསུངས་ཤིང་དིལ་མཁྱེན་རིན་པོ་ཆེའི་ཐུགས་དམ་ཕུར་པོད་ལས་བྱུང་བའོ།། །།དཔེ་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བཻ་རོ་ཙ་ནའི་ཐུགས་ཐིག་རྫོགས་ཆེན་སྡེ་གསུམ་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་ (Volume 62, Text 16)

བཻ་རོ་ཙ་ནའི་ཐུགས་ཐིག་རྫོགས་ཆེན་སྡེ་གསུམ་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡེ། རྫོགས་ཆེན་སྡེ་གསུམ་གཏེར་སྲུང་བྱ་ར་དཀར་དམར་སྔོ་གསུམ་ལ་གཏོར་མ་འབུལ་བར་འདོད་ན། འབྲས་བཤོས་དཀར་པོ། ཤ་ཁྲག་གི་དམར་གཏོར། དཀར་གསུམ་གྱི་ཀླུ་བཤོས་རྒྱན་ལྡན་བཤམས། རཾ་ཡཾ་ཁཾ་གིས་བསང་། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། རྔ་གླིང་རོལ་མོ་དང་བཅས་པས་སྤྱན་དྲང་བ་ནི། ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏིཿས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ནི་དྷི་པ་ཏིཿས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ནི་དྷི་པ་ཏིཿདེ་ཝཱ་རཱ་ཛ་ཤཱུ་ལ་རཱ་ཛ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་རྣམས་འབུལ། ཟབ་གཏེར་སྲུང་མའི་དབང་པོ་ལྷ་བཙན་ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །བསྟོད་ཅིང་ཕྲིན་ལས་གསོལ་བ་ནི། ཀྱཻ༔ ལྷ་ཡུལ་དེ་ནི་ཤེལ་མཁར་དུ༔ གསལ་བའི་འོད་ལས་ལྷ་ཡི་རྒྱལ༔ ཤེལ་རྨོག་ཤེལ་ཁྲབ་འོད་དུ་འཚེར༔ དར་འཕྲུ་དར་མདུང་སྤྲིན་ལྟར་བསྐྱོད༔ གསེར་གྱི་འཁོར་ལོ་ཉི་ལྟར་ཤར༔ ཆུ་ཤེལ་ནོར་བུ་ཟླ་ལྟར་གསལ༔ གནམ་རྟ་དཀར་པོ་མགྱོགས་འགྲོ་འཆིབས༔ ལྷ་སྨན་ལྷ་དམག་འབུམ་གྱིས་བསྐོར༔ འབྲས་བཤོས་རྒྱན་ལྡན་འདི་བཞེས་ལ༔ དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྤེལ༔ ཀྱཻ༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་རི་རྩེ་དགུའི་ཕོ་བྲང་ནས༔ བཙན་རྒྱལ་བསྐལ་པའི་མེ་ལྟར་འབར༔ མདུང་དམར་ཞགས་པ་གློག་ལྟར་འཁྱུགས༔ བསྭེ་ཁྲབ་ཟངས་རྨོག་ཡ་ལ་ལ༔ རྟ་དམར་རླུང་གཤོག་དགོང་མོ་འགྲིམ༔ བཙན་དམག་ཤན་པ་འབུམ་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ནག་ཕྱོགས་སྒྲོལ་ལ་བསྟན་པ་སྲུངས༔ ཀྱཻ༔ ཀླུ་ཡུལ་རྒྱ་མཚོ་སྟེང་སྔོན་ནས༔ ཀླུ་རྒྱལ་དཀར་ལ་སྔོ་བའི་མདངས༔ ཡིད་འོང་ཁྱེ་འུ་གཞོན་ནུའི་ཚུལ༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ སྦྲུལ་མཇུག་གཡས་འཁྱིལ་ཀླུ་རྟ་འཆིབས༔ ཡིད་བཞིན་ནོར་བུ་གཏེར་བུམ་འཛིན༔ ཀླུ་སྨན་ཀླུ་ཕྲན་འབུམ་གྱིས་བསྐོར༔ དཀར་གསུམ་བདུད་རྩིའི་གཏོར་མ་བཞེས༔ སྙིང་པོའི་རྣལ་འབྱོར་ཐམས་ཅད་ལ༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ ཅེས་བརྗོད་ལ་གཏོར་མ་ཕྱི་རོལ་ཏུ་འབུལ། སརྦ་བྷཱུ་ཏ་གཙྪས་རང་གནས་སུ་གཤེགས། ཞེས་གཏེར་གཞུང་སོར་བཞག་ལ་སྤྱི་འགྲོའི་ཁ་སྐོང་ཕྲན་བུས་བརྒྱན་ཏེ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དགེ་སློང་ཀུན་དགའ་རྒྱན་མཚན་ཐུགས་བཞེད་ལྟར་བགྱིས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་ (Volume 22, Text 16)

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྟེང་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་སུ༔ སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཤར་ཕྱོགས་རི་བོ་ཏ་ལའི་རྩེ་མོ་རུ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷོ་ནུབ་ཟངས་མདོག་དཔལ་རིའི་གནས་མཆོག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་སུ༔ སྤྲུལ་པའི་སྐུ་མཆོག་རྣམ་ལྔ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྨོན་ལམ་ལས་འཕྲོ་འཛོམས་པའི་དུས་མཚམས་སུ༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་ལ་གསོལ་བ་འདེབས༔  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཕྱོགས་ཟངས་མཛོད་དབང་གི་ཕོ་བྲང་དུ༔ དམ་ཆོས་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཀའ་དང་བསྟན་པ་བསྲུང་བའི་གཞལ་ཡས་སུ༔ བཀའ་སྲུང་དབང་གི་མ་བདུན་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་མོས་གུས་དྲག་པོས་གསོལ་བ་འདེབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཕགས་པ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་རྫོགས་སོ༔ ༈ བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་གི་ཁ་སྐོང་ནི།  ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། བོད་ཁམས་སྐྱོབ་པའི་གསང་མཛོད་ལྔ་ཡི་བདག །རིག་འཛིན་དངོས་གྲུབ་རྒྱལ་མཚན་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཟབ་གཏེར་ཕྱོགས་བརྒྱར་སྤེལ་བའི་ཕྲིན་ལས་པ། །ཆོས་རྗེ་སངས་རྒྱས་བསྟན་པ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། སྨིན་གྲོལ་གདམས་པས་སྐལ་ལྡན་རྒྱུད་གྲོལ་མཛད། །མཚུངས་མེད་སངས་རྒྱས་བྱམས་བཟང་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་མཆོག །བྱང་སེམས་སངས་རྒྱས་དཔལ་བཟང་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གསང་ཆེན་བསྟན་པའི་ཉིན་བྱེད་འདྲེན་པའི་གཉེན། །འཇིགས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཐབས་མཁས་རྨད་དུ་བྱུང་བའི་རོལ་རྩེད་མཁན། །མཁྱེན་ལྡན་ངག་དབང་རྒྱ་མཚོ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། རྡོ་རྗེ་ཐེག་མཆོག་ལུང་གི་མཛོད་འཛིན་པ། །གྲུབ་དབང་ཚེ་རིང་དབང་པོ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། མཁྱེན་གཉིས་ཡེ་ཤེས་གཏིང་དཔག་དཀའ་བའི་མཛོད། །དཔལ་ལྡན་ཀླུ་གྲུབ་དབང་པོ་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། སྣང་སྲིད་བདེ་མཆོག་ཕྱག་རྒྱས་འདེབས་པའི་མགོན། །དཔའ་བོ་རོལ་པའི་རྡོ་རྗེ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གནས་ལུགས་ཚུལ་བཞིན་རྟོགས་པའི་གདིངས་དང་ལྡན། །སེ་སྟོན་ཐུགས་མཆོག་འོད་འབར་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཕྱོགས་མེད་བརྟུལ་ཞུགས་སྤྱོད་པའི་རྩལ་ཆེན་རྫོགས། ཁྲག་འཐུང་ཆོས་དབྱིངས་རྡོ་རྗེ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གཞན་ཕན་མཁའ་ཁྱབ་ལམ་གྱིས་འགྲོ་བ་འདྲེན། །བླ་མེད་གྲུབ་མཆོག་ངག་དབང་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། བྱམས་ཆེན་ཐུགས་རྗེའི་སྣང་བ་མཁའ་ལྟར་ཁྱབ། །བླ་མ་ཆོས་གྲགས་རྒྱ་མཚོ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གང་འདུལ་རབ་འབྱམས་ཆོས་ཀྱི་སྒོ་མོ་འབྱེད། །མཁྱེན་ལྡན་ཀུན་བཟང་ཡེ་ཤེས་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གྲུབ་པ་མཆོག་གི་བདུད་རྩིས་རྟག་དགྱེས་པ། །རིག་འཛིན་པདྨ་འགྱུར་མེད་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། རང་བྱུང་རིག་པའི་རྡོ་རྗེ་གར་གྱི་དབང་། །ཆོས་རྒྱལ་ཀུན་བཟང་འགྱུར་མེད་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། འོད་གསལ་འཁོར་ཡུག་ཡངས་པའི་གཞལ་ཡས་སུ། །པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། གནས་གསུམ་མཁའ་འགྲོ་རོལ་པའི་ཚོགས་ཀྱི་བདག །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་ལ་གསོལ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། བརྒྱུད་པའི་མན་ངག་དབང་གི་ཆུ་བོ་འབེབ། །འགྱུར་མེད་བསྟན་འཛིན་དཔལ་བཟང་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཟབ་གཏེར་གསང་མཛོད་ཡོངས་ཀྱི་སྡུད་པ་པོ། །འདྲེན་མཆོག་པདྨ་གར་དབང་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། འབྲལ་མེད་སོགས་སྦྲེལ་ལོ། །ཞེས་པའང་ཀརྨ་པས་སོ།།

བླ་མ་རྡོ་རྗེ་འཆང་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་ (Volume 52, Text 16)

༄༅། །བླ་མ་རྡོ་རྗེ་འཆང་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། སངས་རྒྱས་ཆོས་དང་ཚོགས་སོགས་ལན་གསུམ་སྔོན་དུ་འགྲོ་བས། ཨེ་མ་ཧོ། མདུན་གྱི་མཁའ་དབྱིངས་མི་འཇིགས་སེང་གེའི་ཁྲི། །སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་སྟེང་། །ངོ་བོ་རང་གི་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ། །སྐུ་མདོག་གསེར་འདྲ་མཚན་དཔེའི་གཟི་འོད་འབར། །ཞི་འཛུམ་ཞལ་ཅན་སྨིན་མཚམས་མཛོད་སྤུ་འཁྱིལ། །དཀར་ནག་ཆ་ཤས་མ་འདྲེས་སྤྱན་གྱིས་གཟིགས། །འོད་འབར་གསེར་གྱི་ཏོག་མཛེས་ལྷང་ངེར་གསལ། །ཕྱག་གཡས་ས་གནོན་གཡོན་པ་མཉམ་གཞག་དང་། །དམར་སེར་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་མཛད། །འོད་དང་འོད་ཟེར་འབར་བའི་ཀློང་དཀྱིལ་ན། །སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས་པར་གྱུར། །བླ་མ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །མཆོད་དོ། །སྐྱབས་སུ་མཆི་འོ། །ལན་གསུམ། མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཉེས་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་ཚོགས་བྱང་ཆེན་བསྔོ། །གསང་གསུམ་ཡོན་ཏན་དཔག་ཡས་ཁྱོད་ལ་བསྟོད། །ཐུགས་ཀའི་ཨ་དཀར་སྔགས་ལས་འོད་འཕྲོས་པས། །སྐྱབས་ཀུན་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་ཀུན་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཏེ། །འོད་ཟེར་སླར་འདུས་ས་བོན་ཐིམ་པར་གྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླས་ལ། མཇུག་ཏུ། གསེར་གྱི་འོད་འབར་འདྲེན་མཆོག་ཤཱཀྱ་ཐུབ། ཁྱོད་ནི་བདག་གི་སྟོན་པ་གཅིག་པུ་ཡིན། །དེའི་ཕྱིར་ཁྱོད་ལ་གུས་པས་གསོལ་བ་འདེབས། །སྔོན་གྱི་དམ་བཅའ་མ་བསྙེལ་ཐུགས་རྗེས་གཟིགས། །ཞེས་གང་མང་དང་། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཐུབ་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །གང་གི་སྐུ་གཟུགས་གསེར་གྱི་རི་འདྲ་བ། །མཐོང་བ་ཀུན་གྲོལ་བསྒོམས་པའི་དགེ་བ་དང་། །རྟེན་མཆོག་རྣམས་ལ་ཕྱག་མཆོད་སྒྲུབ་བྱེད་ཅིང་། །ཡང་ཡང་མཇལ་ཞིང་ཕྱག་མཆོད་དད་གུས་བྱེད། །བདག་སོགས་སེར་སྐྱ་ཕོ་མོ་ཐམས་ཅད་ཀྱི། །དགེ་བ་ཕྱོགས་གཅིག་བསྡོམས་པའི་མཐུ་ལ་བརྟེན། །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་པར་ཤོག །བདག་སོགས་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །སྡིག་སྒྲིབ་སྡུག་བསྔལ་ཉེས་ལྟུང་ཀུན་དག་ནས། །ཕྱི་མར་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །བླ་མ་ཐུབ་དབང་ངོ་བོ་དབྱེར་མེད་ལ། །གསོལ་བ་བཏབ་པས་བདག་ཅག་ཡོན་མཆོད་ཀུན། །ཤཱཀྱའི་རྒྱལ་པོའིི་དྲུང་དུ་ངོ་ཤེས་བཞིན། །འཕྲད་དེ་ལྷན་ཅིག་ཆོས་ལ་སྤྱོད་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བས། །བདེན་པའི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་བསྔོ་སྨོན་ཡང་བརྗོད་པར་བྱའོ།། །། ༄༅། །ཐུབ་ཆོག་གསེར་ཞུན་སྙིང་པོའི་འགྲེལ་བ་གདམས་ངག་ཐར་པར་འདྲེན་པའི་ལྕགས་ཀྱུ་རྣོན་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ནི་བྷྱཿ འདིར་ཐུབ་ཆོག་གསེར་ཞུན་སྙིང་པོ་ཉམས་སུ་ལེན་པར་འདོད་ན། གནས་གཙང་མར་བྱི་དོར་ལེགས་པར་བྱ་བ་དང་རྟེན་བཀྲམ་པ་སོགས་གྲུབ་ན་སྤྱི་ལྟར་བྱ། མ་གྲུབ་ན་མོས་པ་བྱས་ཀྱང་རུང་། དེ་ནས་སྟན་བདེ་བ་ལ་འདུག་ཚུལ་བདུན་ལྡན་ནམ་གང་བདེར་འཁོད་ནས། སངས་རྒྱས་ཆོས་ཚོགས་མའི་ཚིག་འདོན་སྐབས་མདུན་གྱི་ནམ་མཁར་བླ་མ་ཐུབ་པའི་དབང་པོ་བཞུགས་པ་སྐྱབས་ཀུན་འདུས་པའི་ངོ་བོ་ཡིན་སྙམས་ནས་སྐྱབས་འགྲོའི་རྒྱུ་གཉིས་ཚང་བའི་སྒོ་ནས་ཚིག་རྐང་དང་པོ་གཉིས་ཀྱིས་སྐྱབས་འགྲོ་ལན་གསུམ་དང་། ཚིག་རྐང་ཕྱི་མ་གཉིས་ཀྱི་དོན་རང་ལ་སྦྱིན་པ་སོགས་དགེ་བ་གང་ཡོད་ཀྱི་མཐུ་ལ་བརྟེན་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པ་དང་བཅས་ལན་གསུམ་བརྗོད་ནས་སེམས་བསྐྱེད། དེ་ནས་བདག་གིས་བླ་མ་ཐུབ་པའི་དབང་པོའི་སྒོམ་བཟླས་བྱས་ནས་གཟུགས་བརྙན་ཡིད་ལ་འཆར་རྒྱུ་བྱུང་ན་སྐལ་པ་བཟང་སྙམ་སྟེ། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་བརྗོད། དེ་རྗེས་དངོས་གཞི་ཉམས་སུ་ལེན་ཚུལ་ནི། མདུན་གྱི་མཁའ་དབྱིངས་ཞེས་སོགས་ཏེ་རང་གི་མདུན་གྱི་ནམ་མཁའི་དབྱིངས་སུ་གཞན་གང་གིས་ཀྱང་གཞོམ་མི་ནུས་པས་ན་མི་འཇིགས་པའི་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཁ་དོག་སྣ་ཚོགས་པ་དང་། དེའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་དེ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པའི་མཚན་སོ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་དཔེ་བྱད་བརྒྱད་ཅུས་སྤྲས་པའི་སྐུ་ལ་གཟི་བརྗིད་དང་འོད་ཟེར་འབར་ཞིང་། འགྲོ་བ་སེམས་ཅན་ལ་ཐུགས་ཞི་བ་སྙིང་རྗེ་ཆེན་པོའི་སྒོ་ནས་ཞལ་འཛུམ་བག་དང་ལྡན་པ། སྨིན་མཚམས་སུ་མཛོད་སྤུ་ཁ་དོག་དཀར་པོ་གཡས་སུ་འཁྱིལ་བ། སྤྱན་གྱི་ཆ་ཤས་དཀར་ནག་མ་འདྲེས་པར་བརྩེ་བས་སེམས་ཅན་ལ་གཟིགས་ཤིང་། དབང་སྔོན་ཏེ་སྤྲིན་དང་བྲལ་བའི་གནམ་གྱི་མདོག་སྔོ་ནག་གི་མདངས་འཛིན་པའི་དབུ་སྐྲའི་མདོག་ཤིན་ཏུ་མཛེས་པ་དང་ལྡན་པའི་གཙུག་ཏོར་གྱི་རྩེ་མོ་ན་འོད་ཟེར་འབར་བའི་གསེར་གྱི་ཏོག་མཛེས་པ་ལྷམ་མེར་གསལ་ཞིང་། ཕྱག་གཡས་ས་གནོན་མཛད་ཅིང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཁ་དོག་དམར་སེར་དང་ལྡན་པའི་ཆོས་གོས་སྣམ་སྦྱར། ཆོས་གོས་བླ་གོས། ཆོས་གོས་མཐང་གོས་གསུམ་སྐུ་ལ་གསོལ་ནས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། སྐུ་ལས་འོད་འཕྲོས་པའི་འོད་འདོམ་གང་བ་དང་འོད་ཟེར་མཐའ་ཡས་པ་འབར་བའི་ཀློང་དཀྱིལ་ན་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཅན་དུ་བཞུགས་པར་བསྒོམས་ན་དེར་ངེས་པར་བཞུགས་ཡོད་པས་སྤྱན་འདྲེན་གྱི་ཚིག་གཞན་མི་དགོས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། འཆགས་དང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་མཚམས་འདིར་བླ་མ་སྟོན་པ་བཅོམ་ལྡན་འདས་ཞེས་པ་ནས་སྐྱབས་སུ་མཆིའོ་ཞེས་པའི་བར་ཚིག་དོན་དྲན་བཞིན་ལན་གསུམ་བརྗོད་ཅིང་དངོས་སུ་ཕྱག་འཚལ་བའམ་མོས་པ་དང་བཅས་ཕྱག་འཚལ་གྱི་ཚིག་གཞན་དང་། ལྟུང་བཤགས་སོགས་འདོན་པར་བྱས་ཀྱང་རུང་། བསྡུ་ན་མཆོད་ཚོགས་ཀུན་འབུལ་སོགས་ཀྱི་སྐབས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་བའི་མོས་པ་དང་། སྡིག་ལྟུང་ཉེས་པའི་ཚོགས་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་པ་དང་། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བ་ལ་ངོ་མཚར་ཆེ་སྙམ་པའི་ཡི་རང་། སེམས་ཅན་གྱི་དོན་དུ་ཆོས་བསྟན་དུ་གསོལ་སྙམ་པ་དང་། མྱ་ངན་ལས་མི་འདའ་བར་བསྐལ་བརྒྱའི་བར་དུ་བཞུགས་ཞུ་བ་དང་། དགེ་བ་གང་ཡོད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་འོ་སྙམ་པ་རྣམས་དྲན་ཙམ་བྱས་ནས་དལ་བུས་འདོན། དེ་ནས་བསྟོད་པ་ནི། གསང་གསུམ་ཞེས་པའི་ཚིག་རྐང་གཅིག་སྟེ། དེའི་དོན་སངས་རྒྱས་ཀྱི་མཚན་དཔེ་ལ་སོགས་པའི་སྐུའི་ཡོན་ཏན་དང་། ཡན་ལག་དྲུག་ཅུ་རྩ་བཞི་ལ་སོགས་པའི་གསུང་གི་ཡོན་ཏན་དང་། ཇི་ལྟ་ཇི་སྙེད་མཁྱེན་པ་ལ་སོགས་པའི་ཐུགས་ཀྱི་ཡོན་ཏན་ཏེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐྱེ་འཕགས་རྣམས་ཀྱི་བློར་ཤོང་དཀའ་བས་གསང་བའི་གནས་སུ་གྱུར་པ་ལྟ་བུ་བསམ་གྱིས་མི་ཁྱབ་པས་ན་དཔག་ཡས་པ་དང་ལྡན་པ་ཁྱོད་ལ་བསྟོད་ཅེས་འཇུག་པ་བདེ་བའི་ཕྱིར་ཚིག་རྐང་གཅིག་བྱས་ཀྱང་བསྟོད་པ་ཐམས་ཅད་ཀྱི་གནད་འདུས་པ་ཡིན་ནོ། །དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཕན་ཡོན་སྤྱི་ལྟར། དེ་ནས་བླ་མ་ཐུབ་དབང་ངོ་བོ་དབྱེར་མེད་བྱས་པ་ལ་དགོས་པ་དང་ཕན་ཡོན་ཆེན་པོ་ཡོད་པ་ཨ་བྷི་དྷ་ནའི་རྒྱུད་ལས་གསུངས་ཤིང་། གྲུབ་ཆེན་ནཱ་རོ་པས་ཀྱང་གསུངས། དེ་རྗེས་ཐུབ་དབང་གི་སྐུ་གཟུགས་ཡིད་ངོར་བསྒོམ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་ཏིང་འཛིན་རྒྱལ་པོ་དང་། བསྟན་རིམ་སོགས་སུ་གསུངས་ཤིང་། རྗེ་ཙོང་ཁ་པས་ཀྱང་གསུངས། དེ་ལ་ཡན་ལག་བདུན་འབུལ་བའི་ཕྱག་འཚལ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་བརྗོད་ན་ལོ་དུང་ཕྱུར་མང་པོའི་ལས་ངན་སྡིག་སྒྲིབ་འདག་པ་དང་། མཐར་སངས་རྒྱ་བར་འགྱུར་ཞེས་མདོ་སྡེ་པདྨ་དཀར་པོ་དང་། པཎ་གྲུབ་རྣམས་ཀྱི་གསུང་ལས་འབྱུང་། སློབ་དཔོན་རིན་པོ་ཆེས་ཀྱང་མཚན་དེ་བརྗོད་ན་བསྐལ་པ་དུང་ཕྱུར་སྟོང་ཕྲག་བརྒྱད་ཀྱི་སྡིག་པ་འདག་པར་འགྱུར་ཞེས་གསུངས། སངས་རྒྱས་དེ་ལ་ཚུལ་ཁྲིམས་ཉམས་པ་ཞིག་གིས་ཀྱང་སྐྱབས་འགྲོ་བྱས་ན་ཕན་ཡོན་དཔག་མེད་ཡོད་པ་མདོ་སྡེ་ཉི་མའི་སྙིང་པོ་ལས་གསུངས། ཡན་ལག་བདུན་པའི་ཕྱག་གི་ཕན་ཡོན་སྤྱན་རས་གཟིགས་ཀྱི་མདོ་དང་འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ནས་གསུངས། མཆོད་པའི་ཕན་ཡོན་མདོ་སྙིང་རྗེ་པད་དཀར་ལས་གསུངས། བཤགས་པའི་ཕན་ཡོན་ཆོས་བཞི་བསྟན་པའི་མདོ་ལས་གསུངས། ཡི་རངས་ཀྱི་ཕན་ཡོན་ཤེས་རབ་ཁྲི་པ་ལས་གསུངས། ཆོས་འཁོར་བསྐོར་བར་བསྐུལ་པའི་ཕན་ཡོན་དགེ་རྩ་ཡོངས་འཛིན་གྱི་མདོ་ལས་གསུངས། མྱ་ངན་ལས་མི་འདའ་བར་གསོལ་བའི་ཕན་ཡོན་མདོ་སྡེ་པད་དཀར་ལས་གསུངས། བསྔོ་བའི་ཕན་ཡོན་ཁྲི་བརྒྱད་དང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས། བསྟོད་པའི་ཕན་ཡོན་མདོ་སྡེ་བསྐལ་བཟང་ལས་གསུངས་ཤིང་ཟླ་བ་སྒྲོན་མེའི་མདོ་དང་ཚིགས་བཅད་བཞི་པའི་མདོ་ལས་གསུངས། དེ་རྣམས་ཤེས་པར་འདོད་ན་བཀའ་ཆོས་ཀྱི་དཀར་ཆག་ལས་བཙལ་ཏེ་མདོ་དེ་རྣམས་ལ་ལྟོས་ཤིག །ཡང་ན་ཁོ་བོའི་གསུང་འབུམ་ནང་དུ་བཀོད་ཡོད་པས་དེར་བལྟས་ཀྱང་རུང་། དེ་ལྟར་མགོ་ནས་གཟུང་སྟེ་རང་རང་གི་ཐད་ནས་འདི་ལ་ཕན་ཡོན་ཆེན་པོ་ཡོད་གསུངས་འདུག་སྙམ་དུ་རེ་རེ་ནས་དྲན་བཞིན་འདོན་པར་བྱའོ། །དེ་ནས་མཚམས་འདིར་གྲུབ་ན་མཎྜལ་རྒྱས་བསྡུས་གང་བྱུང་གྲངས་གང་མང་ཕུལ་ཡང་རུང་། བསྟོད་པ་ཡང་རྒྱས་བསྡུས་ཅི་བྱས་ཀྱང་ཆོག་ལ་དེ་མ་གྲུབ་ཀྱང་ཆད་པའི་སྐྱོན་ནི་མེད་དོ། །དེ་ནས་བཟླས་པ་ལ་འཇུག་པ་ནི། ཐུགས་ཀའི་ཨ་དཀར་སྔགས་ལས་ཞེས་སོགས་ཏེ། ཚིག་དོན་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀར་ཟླ་གདན་ལ་དེའི་ས་བོན་ཨ་ཡིག་གི་མཐར་མུ་ནིའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས་སྐྱབས་གནས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་བསྡུས་ནས་སྒྲུབ་པ་པོ་རང་ལ་ཐིམ་པར་བསམ། སླར་འོད་ཟེར་འོག་ཏུ་སྤྲོས་ཏེ་རིགས་དྲུག་གི་གནས་ལ་ཁྱབ་པས་རང་གཞན་འགྲོ་བ་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་ནས་དེ་ཐམས་ཅད་སངས་རྒྱས་པར་བསམ། འོད་ཟེར་སླར་འདུས་ཏེ་ཐུབ་དབང་གི་ཐུགས་ཀའི་ས་བོན་ཨ་ཡིག་དཀར་པོ་ལ་ཐིམ་པར་མོས། དེ་ཡང་འདིར་བཟླས་པ་བྱེད་པ་ལ་བྱ་བ་སྤྱིའི་རྒྱུད་ཆེན་གྱི་ནང་ཚན་བསམ་གཏན་ཕྱི་མའི་རྒྱུད་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། ཞེས་གསུངས་པ་ལྟར་བཟླས་བརྗོད་ཡན་ལག་བཞི་ཚང་བའི་སྒོ་ནས་བཟླས་པ་བྱ་དགོས་པས་དེའི་ཚུལ་ནི། རང་གི་སྙིང་གར་ཟླ་གདན་གྱི་སྟེང་དུ་ཨ་ཡིག་གི་མཐར་སྔགས་ཕྲེང་བཀོད་པའི་སྔགས་ལས་རང་སྒྲ་གྲགས་པར་མོས་པ་ནི་སྒྲ་དང་། རང་སེམས་ཟླ་བ་ཨ་ཡིག་ལྷ་སྐུ་སྔགས་ཕྲེང་དང་བཅས་པའི་རྣམ་པར་ཤར་བར་མོས་པ་ནི་སེམས་དང་། དེ་རང་གི་ཐུགས་ཀ་ལ་དམིགས་པ་ནི་བདག་གི་གཞི་དང་། མདུན་གྱི་བླ་མ་ཐུབ་པའི་དབང་པོ་སོགས་དང་། སེམས་ཅན་གཞན་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་དམིགས་པ་ནི་གཞན་གྱི་གཞི་ལ་དམིགས་པ་སྟེ། དེ་ལྟར་རེས་མོས་ཀྱི་ཚུལ་དུ་བཟླས་པ་བྱ་བ་ནི་བཟླས་བརྗོད་ཡན་ལག་བཞི་བྱ་ཚུལ་དང་། གཟུགས་གང་སྣང་ཐུབ་དབང་གི་སྐུ་དང་། སྒྲ་གང་གྲགས་མུ་ནི་སོགས་ཀྱི་སྔགས་ཀྱི་སྒྲ་དང་། སེམས་ལ་དྲན་རྟོག་ཐམས་ཅད་ལྷའི་ཐུགས་ཀྱི་མོས་པ་བཟུང་ནས་སྔགས་བཟླ་བ་འཁྱེར་སོ་གསུམ་སྟེ། དེ་གང་རིགས་ཀྱི་མོས་པ་དང་བཅས་མུ་ནིའི་སྔགས་ཅི་མང་བཟླ་འོ། །དེ་ལྟར་མུ་ནི་བཟླས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། རྒྱུད་ཀྱི་དབང་དུ་བྱས་ཚེ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས། མུ་ནི་ལན་གཅིག་བརྗོད་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་སྡིག་པ་འདག་པར་འགྱུར་གསུངས་པའི་བསྐལ་པ་ནི་བར་བསྐལ་ལ་བྱ་བས་དེ་ལ་ལོ་དུང་ཕྱུར་མང་པོ་ཡོད་དོ། །དེ་འདྲའི་བསྐལ་པ་བྱེ་ཆེན་ཁྲི་ཚོ་བརྒྱད་དུ་བྱས་པའི་སྡིག་པ་ཡོད་ཀྱང་དེ་ཐམས་ཅད་དག་གསུངས་པ་ཡིན་ལ། མདོའི་དབང་དུ་བྱས་ཚེ་མདོ་ཤེས་རབ་སྣ་ཚོགས་ལས། ཡུམ་སྲས་བཅུ་བདུན་གྱི་གཞུང་བཤད་པ་ལས་སྲས་བཅུ་གཅིག་གི་ནང་ཚན་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བ་ནི་མུ་ནི་ཡིན་པས། དེ་ཇི་ལྟར་གསུངས་ན་བཅོམ་ལྡན་འདས་ལ་འཁོར་བྱང་སེམས་དང་ཉན་རང་མང་པོས་བསྐོར་ཏེ་བཞུགས་པའི་ཚེ་སྤྱན་རས་གཟིགས་བཞེངས་ནས། བཅོམ་ལྡན་འདས་ལ་སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་མྱུར་དུ་བྱང་ཞིང་མྱུར་དུ་བྱང་ཆུབ་འཐོབ་པའི་གདམས་པ་ཁྱད་པར་ཅན་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བ་བཀའ་བསྩལ་དུ་གསོལ། ཞེས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ་གསུངས་ནས། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གདམས་པ་འདི་ལ་བརྟེན་ནས་སྔོན་བྱོན་དུ་མ་སངས་རྒྱས་པ་ཡིན། ཁྱོད་ཀྱང་གདམས་པ་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ལ། འདི་ལ་བརྟེན་ནས་ཁྱོད་མ་འོངས་པ་ན་སངས་རྒྱས་འོད་ཟེར་ཀུན་ཏུ་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་སངས་རྒྱ་བར་འགྱུར་རོ་ཞེས་མ་འོངས་ལུང་བསྟན་དང་བཅས་པ་གསུངས། སྔགས་དེའི་དོན་ནི་ཏདྱ་ཐཱ་འདི་ལྟ་སྟེ། དེ་ཡང་སངས་རྒྱས་ཀྱིས་ཤེར་ཕྱིན་ཡི་གེ་ཉུང་ངུ་འདི་ལྟ་བུ་ཡིན་གསུངས་པའི་དོན་ཡིན་པས་ད་ལྟ་ངག་ཏུ་མ་བརྗོད་ཀྱང་ཆོག །ཨོཾ་ནི་གསང་བ་གསུམ་གྱི་མཚོན་དོན་ཡིན་པས་ངག་ཏུ་བརྗོད་ན་བསོད་ནམས་ཆེན་པོ་འཐོབ་བོ། །མུ་ནི་ཐུབ་པ། ཡང་མུ་ནི་ནི་དེ་ལྟར། མ་ཧཱ་ཆེན་པོ། མུ་ན་ཡེ་ཐུབ་པས། སྭཱ་ཧཱ་ནི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཚུགས། ཞེས་པའི་དོན་ཡིན་པས་ཕན་ཡོན་དེ་ལྟ་བུ་ལ་བསམས་ནས་ཉིན་པར་འགྲེང་འཆགས་ཉལ་འདུག་གང་དུ་ཅི་འགྲུབ་བཟླ། མཚན་མོ་ཉལ་རན་པའི་ཚེ་ཅི་འགྲུབ་བཟླས་ནས། དགེ་བ་འདི་ཡིས་སོགས་ཀྱི་སྨོན་ལམ་དང་། ཁྱད་པར་གསེར་གྱི་འོད་འབར་ཞེས་སོགས་ཀྱི་ཚིག་དོན་དྲན་བཞིན་སྨོན་ལམ་སྙིང་ཐག་པ་ནས་གདབ་ན་དགོས་པ་ཆེན་པོ་ཡོད་དེ་རྒྱུ་མཚན་ཇི་ལྟར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་དམ་ཆོས་པདྨ་དཀར་པོ་ལས། གང་དག་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་འགྱུར་བ་དེ་དག་ལས་བདག་གིས་ཐ་ན་སེམས་ཅན་འགའ་ཙམ་ཞིག་སྤངས་ཏེ་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པར་ལུང་སྟོན་པར་མ་བགྱིས་ན་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་བ་ནས་བདག་འཚང་མི་རྒྱ་བའི་བར་དུ་གྱུར་ཅིག་ཅེས་དབུ་སྙུང་བཞེས་པ་ལྟ་བུ་མཛད། དེའི་དོན་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་རང་ལ་གདུལ་བྱ་རྣམས་ཀྱིས་ངེད་ཚོ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་ཡིན་སྙམ་པ་དང་། སངས་རྒྱས་དེ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་སྙམས་ནས་གུས་པར་བྱེད་པའི་མི་དུ་ཙམ་ཡོད་ཀྱང་དེ་ཐམས་ཅད་ཀྱི་ནང་ནས་གཅིག་ཀྱང་མི་ལུས་པར་ཐམས་ཅད་ཀྱིས་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་བ་ལུང་བསྟན་མཛད་པ་ཡིན་གྱི། དེ་ལྟར་མི་མཛད་པར་སེམས་ཅན་འགའ་རེ་ཞིག་ཀྱང་སྤངས་ནས་ལུང་བསྟན་པར་མ་མཛད་ན་སངས་རྒྱས་ཁོང་རང་གིས་སངས་རྒྱས་གཞན་ཐམས་ཅད་བསླུས་པ་ཡིན་པས་ཁོང་རང་ཡང་འཚང་མི་རྒྱ་བར་གྱུར་ཅིག་ཅེས་གསུངས་པ་ཡིན་པས་དེ་ཕན་ལ་དབུ་སྙུང་བཞེས་པའམ་འགགས་ཆེན་མཛད་རྒྱུ་མེད་ལ། དེ་ལྟར་ཐེག་པ་གསུམ་ནི་ཐེག་ཆེན་དང་། ཉན་རང་གི་ཐེག་པ་གཉིས། དེའི་ཕྱིར་མི་ལྡོག་པའི་ས་ནི་ཉན་རང་གི་དགྲ་བཅོམ་པ་གཉིས། ཐེག་ཆེན་གྱི་ས་བརྒྱད་པ་ཡན་ཆད་ཡིན། དེ་ཇི་ལྟར་ལུང་སྟོན་ན་སྟོན་པའི་འདུ་ཤེས་དང་གུས་པ་སྙིང་ཐག་པ་ནས་ཆེན་པོར་བསྐྱེད་ན་ཚེ་འདིའི་མཐར་འཆི་ཁར་ས་བརྒྱད་པ་ཡན་འཐོབ་པར་ལུང་སྟོན། འབྲིང་ཙམ་བསྐྱེད་ན་བར་དོར་རང་རྒྱལ་དགྲ་བཅོམ་ཐོབ་པ་དང་། ཆུང་ངུ་ཙམ་བསྐྱེད་ན་ཕྱི་མར་ཉན་ཐོས་དགྲ་བཅོམ་ཐོབ་པར་ལུང་སྟོན་པ་ཡིན་ལ། དེའི་ཕྱིར་ཐོག་མར་གསེར་གྱི་འོད་འབར་འདྲེན་མཆོག་ཅེས་ཚིག་རྐང་གཅིག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ཡིད་ལ་དྲན་ནས། ཁྱོད་ནི་བདག་གི་སྟོན་པ་ཞེས་པས་སྟོན་པའི་འདུ་ཤེས་བསྐྱེད། དེ་ཕྱིར་ཁྱོད་ལ་གུས་པས་ཞེས་པ་གུས་པའི་སེམས་བསྐྱེད་པ་ནི་སྔར་གྱི་མདོའི་ཚིག་རྩ་བསྟན་པ་ཡིན་ལ། བདག་གིས་དེའི་ཚིག་དོན་ལྟར་གསོལ་བ་འདེབས་པར་བྱེད་པས་སངས་རྒྱས་ཁྱེད་ཀྱིས་སྔོན་གྱི་དམ་བཅའ་སྟེ་དབུ་སྙུང་བཞེས་པ་དེ་མ་བསྙེལ་བའམ་མ་བརྗེད་པར་ངེད་ཅག་གདུལ་བྱ་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཅེས་ཐུགས་རྒྱུད་བསྐུལ་བ་ཡིན་པས་འདི་གནད་དོན་ཤིན་ཏུ་ཆེ་བས་ལན་འགར་བརྗོད། ཚིག་ལྷག་མ་རྣམས་གོ་སླ་འོ། །དེ་ལྟར་སྨོན་ལམ་བཏབ་རྗེས་ཕྱག་གསུམ་བཙལ་ནས་ཉལ་ཚེ་སྔས་མགོ་ལ་བླ་མ་ཐུབ་དབང་བཞུགས་ཡོད་སྙམ་ནས་དྲན་ན་རྨི་ལྟས་ངན་པ་དང་འདྲེ་གདོན་སོགས་ཀྱི་གནོད་པས་མི་ཚུགས་པར་མདོ་རྒྱལ་མཚན་དམ་པ་ནས་གསུངས། དེ་ལྟར་དྲན་བཞིན་གཉིད་དུ་སོང་ན་རྨི་ལམ་གྱི་སྐབས་སོགས་དགེ་སྦྱོར་གྱི་ངོ་བོར་འགྱུར་བའི་དགོས་པ་དུ་མ་ཡོད་དོ། །དེ་ནས་ཕྱིར་ཉིན་སད་པའི་ཚེ་བླ་མ་ཐུབ་དབང་དྲན་ནས་ཡར་ལངས་ཏེ་ཕྱག་གསུམ་བཙལ། སླར་སྔར་ཉིན་ལྟར་སྐྱབས་འགྲོ་སེམས་བསྐྱེད་ནས་ཉལ་ཚེའི་མཇུག་གི་བར་བྱ། སངས་རྒྱས་དེ་ལ་ཇ་མཆོད་ཀྱང་ཕུལ། དེ་ལྟར་འཆི་བ་ལ་ཉེ་བའི་བར་ཉིན་བཞིན་རང་གི་ཆོས་སྐལ་མ་ཆད་པར་བྱས་ནས་ཉམས་སུ་བླངས་ན་མཐར་འཆི་ཚེ་དགོས་པ་ཆེན་པོ་ཡོད་དེ། མདོ་ཏིང་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུན་བསྒོམས་པས། །ཉིན་མཚན་དུ་ནི་འཇིག་རྟེན་མགོན་པོ་མཐོང་། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །འཆི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཤིང་། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོངས་མི་འགྱུར། །ཞེས་གསུངས་པ་ལྟར་ད་ལྟ་ནས་སངས་རྒྱས་ཡང་ཡང་དུ་མདུན་དུ་བསྒོམ་ན་རིམ་བཞིན་འཇིག་རྟེན་མགོན་པོ་སྟེ་སངས་རྒྱས་དེ་ཡིད་ངོར་མཐོང་བར་འགྱུར་ལ། ནམ་ཞིག་ན་འཆི་ཁར་རང་ན་ཞིང་མི་བདེ་བར་འཆི་བ་ལ་ཐུག་པའི་ཚེ་སངས་རྒྱས་ཡིད་ལ་དྲན་པ་མི་ཉམས་ཤིང་སངས་རྒྱས་རྗེས་སུ་དྲན་ནས་འཆི་ཁའི་གནད་གཅོད་དམ་སྡུག་བསྔལ་གྱི་ཚོར་བས་ཡིད་འཕྲོག་པར་མི་འགྱུར་རོ་གསུངས་པ་ཡིན་པས། དེའི་ཚེ་སངས་རྒྱས་དྲན་ནས་ཐུབ་ཆོག་འདོན་པ་སོགས་ཀྱིས་གསོལ་བ་བཏབ་ཚེ་རྣལ་འབྱོར་པ་རབ་ཡིན་ན་ང་ལ་འཆི་ལྟས་ཡོང་བར་འདུག་སྙམ་པ་དང་མཉམ་དུ། མདུན་གྱི་ཐུབ་དབང་གི་སྐུ་ཇེ་ཆུང་དུ་སོང་སྟེ་མཐེའུ་ཆུང་གི་རྩེ་སོར་ཙམ་དུ་གྱུར་ནས་རང་གི་སྤྱི་བོ་ནས་བྱོན། སྙིང་དབུས་ཀྱི་རང་སེམས་ལ་ཐིམ་ནས་རང་སེམས་དང་ཐུབ་དབང་གི་ཐུགས་བསྲེས་པའི་ངང་ནས་ཚེ་འཕོས་ན་དག་པའི་ཞིང་བགྲོད་པར་ཐེ་ཚོམ་མེད། ཡང་རྣལ་འབྱོར་པ་དེ་ལས་ཞན་པ་ཞིག་གིས་གོང་ལྟར་གསོལ་བ་བཏབ་ནས་སྤྱན་དྲངས་ཏེ་རང་གི་སྙིང་དབུས་ཀྱི་སེམས་ལ་ཐིམ་པའི་མོས་པ་བྱ་མ་ནུས་ཀྱང་། མདུན་དུ་བཞུགས་པ་དེ་དྲན་བཞིན་གསོལ་བ་བཏབ་ནས་ཤི་འཕོས་ན་ངན་སོང་དུ་མི་འགྲོ་བར་བདེ་རྟེན་འཐོབ་པ་ངེས་ཅན་ཡིན་པས། དེས་ན་གསོལ་བ་བཏབ་ན་འཆི་ཁར་སངས་རྒྱས་དྲན་ཐུབ་པའི་ལོ་རྒྱུས་མངོན་སུམ་ཚད་མས་གྲུབ་པ་མང་པོ་ཡོད་དོ། །དེ་ལྟར་གོང་གི་ཆོ་གའི་རྣམ་བཤད་ཞིབ་ཏུ་བྱས་ན་ཧ་ཅང་མང་བས་མ་སྤྲོས་སོ། །གོང་དུ་མདོ་ལས། ཕྱིར་མི་ལྡོག་པ་འཐོབ་ཚུལ་གསུངས་པ་ལ་མཁས་པ་འགའ་ཞིག་གིས་དེ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མི་དགོས་སམ་སྙམ་དུ་དགོངས་ན། དེ་དགོས་མོད་དེ། སྟོན་པའི་འདུ་ཤེས་བསྐྱེད་དེ་སྙིང་ནས་གུས་པས་སྡིག་སྒྲིབ་མང་པོ་དག་ནས་ཕྱི་མར་སྟོང་ཉིད་མངོན་སུམ་དུ་མྱུར་དུ་རྟོགས་ཏེ་རིམ་བཞིན་ཐར་པ་འཐོབ་པར་འགྱུར་བ་ཡིན་ནོ། །ཡང་མུ་ནིའི་ཕན་ཡོན་རྒྱུད་དང་མདོ་ནས་གསུངས་པ་དང་། སྟོན་པའི་འདུ་ཤེས་བཞག་ནས་གུས་པའི་སེམས་སྐྱེད་ཚུལ་སོགས་དམ་ཆོས་པད་དཀར་ལས་གསུངས་པ། མཁར་རྡོ་བཟོད་པ་རྒྱ་མཚོས་བདེ་ལམ་ཟིན་བྲིས་སུ་དྲངས་ཏེ་ཚད་མར་མཛད་འདུག་པ་ལ་ཡིད་མི་ཆེས་པ་སུ་ཞིག་ཡོད། གལ་ཏེ་ཡིད་མ་ཆེས་ན་དམ་ཆོས་པད་དཀར་དང་། མདོ་རྒྱུད་དེ་རྣམས་ལ་ལྟོས་ཤིག །དེས་ཀྱང་ཡིད་ཆེས་པར་མ་གྱུར་ན་གང་ཟག་དེའི་སེམས་རྒྱུད་ལ་བདུད་ཞུགས་ངེས་ཡིན་འདུག་པས་ཕྱི་མར་ངན་སོང་དུ་སྐྱེ་ཕྱིར་བསམ་པ་ལོག་ལྟ་དེ་འདྲའི་དབང་དུ་མི་གཏོང་བར། ཡིད་ཆེས་དང་ངེས་ཤེས་བསྐྱེད་ནས་རང་གི་ཆོས་སྐལ་དེ་ཙམ་མ་ཤིའི་བར་དུ་མ་བསྒྲུབ་ན་ཁྱི་ལ་སྐྱེས་པ་དང་ཁྱད་མེད་པས་མཐོ་དམན་རྒན་གཞོན་ཀུན་གྱིས་སེམས་ལ་ཞོག་ལ། ཚིག་ཉུང་ཞིང་གནད་ཟབ་པ་འདི་ལ་ཉམས་ལེན་སྙིང་པོར་བྱེད་པ་གལ་ཆེ་བས་ཚེ་འདིའི་བྱ་བྱེད་ཁོ་ན་ལ་གཙོ་བོར་མ་མཛད་ཅེས་མཐེ་བོང་གེལ་ནས་ནན་གྱིས་བསྐུལ་བ་ཡིན་པས་འབད་འཚལ། ཅེས་བླ་མ་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་དམིགས་རིམ་དང་། མུ་ནི་དང་སྨོན་ལམ་གྱི་ཕན་ཡོན་སོགས་ཐོས་ན་ཀུན་ལ་ཕན་ཆེ་བར་འདུག་པས། གོང་སྨྲོས་ཀྱིི་དོན་ཚང་བ་ཞིག་བྲི་དགོས་ཞེས་མང་དགེ་དབོན་ཨེ་མཆི་ངག་དབང་བསྟན་དར་གྱིས་ནན་གྱིས་བསྐུལ་བ་དང་། གཞན་ཡང་དོན་གཉེར་ཅན་རྣམས་ལ་ཕན་དུ་རེ་བའི་བསམ་པས་ཀུན་ནས་བསླངས་ནས་གདམས་ངག་ཐར་པར་འདྲེན་པའི་ལྕགས་ཀྱུ་རྣོན་པོ་ཞེས་བྱ་བ་འདི་ཡང་ཆོས་བརྩེགས་ལྷུན་པོའི་རི་སུལ་གྱི་རྒོད་ཚང་རི་ཁྲོད་ནས་དགེ་བཞི་པ་ཤྲེ་ཡའི་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་གནས་དུ་མ་ལ་སྦྱངས་པའི་དགེ་ཚུལ་ཤྲཱི་ཡ་དྷརྨ་ཀཱིརྟིའོ། །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ (Volume 35, Text 16)

མླྃ༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཞུགས་སོ༔ ཞིག་གླིང་ཟབ་གཏེར། རྒྱ་གར་སྐད་དུ༔ ཨཱརྻ་ཏཱ་ར་ཨ་མཱ་ར་ཎི་ཡེ་སཱ་དྷ་ན་ནཱ་མ༔ བོད་སྐད་དུ༔ འཕགས་མ་སྒྲོལ་མ་འཆི་བ་མེད་པའི་སྒྲུབ་ཐབས་ཞེས་བྱ་བ༔ བཅོམ་ལྡན་འདས་འོད་དཔག་མེད་པ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་ལམ་ཞུགས་བརྩོན་འགྲུས་ཅན༔ ཚེ་དང་བསོད་ནམས་རྒྱས་པའི་ཕྱིར༔ རྗེ་བཙུན་སྒྲོལ་མ་བསྒྲུབ་འདོད་ན༔ དབེན་ཞིང་དང་བའི་ས་ཕྱོགས་སུ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ འདི་ཉིད་རྟེན་དང་མཆོད་རྫས་བཤམ༔ བུམ་པ་བུམ་རྫས་ཆུས་བཀང་བ༔ མཆོད་པའི་མདུན་དུ་བཤམ་པར་བྱ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན༔ སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱ༔ དེ་ནས་མ་ཧཱ་ཤཱུ་ཛྙཱ་ཏ༔ ཛྙཱ་ནའི་སྔགས་ཀྱིས་མི་དམིགས་པའི༔ སྟོང་པ་ཉིད་དུ་བསམ་པར་བྱ༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ རང་མདུན་ནམ་མཁར་པདྨ་དཀར༔ འདབ་བརྒྱད་སྟེང་དུ་ཟླ་བའི་གདན༔ ཨ་ཡིག་དཀར་པོ་འོད་ཟེར་འཕྲོ༔ ཁ་དོག་ལྔ་དང་ལྡན་པ་ལས༔ འཕྲོ་འདུས་སྐད་ཅིག་དྲན་རྫོགས་སུ༔ འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ༔ སྐུ་མདོག་མན་ཤེལ་མདོག་ལྟར་དཀར༔ གཡས་པའི་ཕྱག་ནི་མཆོག་སྦྱིན་དང༔ ཕྱག་གཡོན་མེ་ཏོག་ཨུཏྤལ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཞལ་འཛུམ་འོད་འཕྲོ་སྤྱན་གསུམ་ལྡན༔ ཕྱག་ཞབས་མཐིལ་དུ་སྤྱན་རྩ་རེ༔ ཨུཏྤལ་ཞི་བའི་སྤྱན་བདུན་ལྡན༔ རིན་ཆེན་རྒྱན་བརྒྱད་རྣམ་པར་མཛེས༔ དར་ལའི་སྟོད་གཡོགས་སྨད་ཤམ་ཅན༔ དེ་ཐུགས་ཟླ་བའི་དལ་དབུས་སུ༔ ཏཱྃཿཡིག་དཀར་པོ་རིང་ཆ་ཅན༔ མཐའ་སྐོར་རྩིབས་བརྒྱད་ཡིག་འབྲུས་མཚན༔ དེ་ལས་འོད་ཟེར་འཕྲོས་པ་ལས༔ འཕགས་མ་ཡེ་ཤེས་སེམས་དཔའ་ལ༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ ཆོས་ཀྱི་དབྱིངས་ནས་བྱོན་པར་བསམ༔ ཨཱརྻ་ཏཱ་རེ་བཛྲ་ས་མ་ཡ་ཛ༔ ཨོཾ་ཨཱརྻ་ཏཱ་རེ་ཨེ་ཧྱེ་ཧི་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨརྒྷཾ་ལ་སོགས་པས་མཆོད༔ ཧཱུྃ༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ན་བ་རྣམས་ལ་ཡང༔ སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལྷ་མོ་དེ་ཉིད་ཀྱི༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ རིགས་ལྔའི་སངས་རྒྱས་རྣམ་པར་བྱོན༔ ལྷ་མོ་དེ་ཉིད་སྐུ་ལ་ཐིམ༔ མདུན་གྱི་འཕགས་མ་འོད་དུ་གྱུར༔ རང་གི་ལུས་ལ་ཐིམ་པ་ཡིས༔ རང་ཉིད་འཕགས་མའི་སྐུར་གྱུར་པའི༔ སྙིང་གར་པད་དཀར་འདབ་བརྒྱད་ཀྱི༔ དབུས་སུ་ཟླ་གདན་དེ་ཡི་དབུས༔ ཏཱྃཿཡིག་དཀར་པོ་རིང་ཆ་ཅན༔ འདབ་བརྒྱད་ཅུང་ཞིག་ཁ་ཟླུམ་པའི༔ རྩིབས་བརྒྱད་ཡི་གེ་འབྲུ་བརྒྱད་པོ༔ མར་མེའི་ཕྲེང་བ་ལྟར་འཁོར་བས༔ དེ་ལས་འོད་ལྗང་དཔག་མེད་འཕྲོས༔ མི་ཤིགས་རྡོ་རྗེའི་གུར་ཁང་གྱུར༔ འོད་ཟེར་དཀར་པོ་དཔག་མེད་འཕྲོས༔ ནད་གདོན་བགེགས་དང་བར་ཆད་ཞི༔ འོད་ཟེར་དམར་པོ་དཔག་མེད་འཕྲོས༔ འཁོར་འདས་ཚེ་བསོད་ཐམས་ཅད་བསྡུས༔ འོད་ཟེར་སེར་པོ་དཔག་མེད་འཕྲོས༔ ཚེ་དང་བསོད་ནམས་ཐམས་ཅད་སྤེལ༔ འོད་ཟེར་མཐིང་ག་དཔག་མེད་འཕྲོས༔ གཉེན་པོས་མི་ཤིགས་རྡོ་རྗེའི་སྐུ༔ གཞོམ་གཞིག་མེད་པའི་སྐུ་ཉིད་བསམ༔ དེ་ཉིད་རྩེ་གཅིག་མ་ཡེངས་བཟླ༔ ཐུགས་ཀའི་སྔགས་ཕྲེང་དམིགས་གཏད་ལ༔ ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ༔ ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱ་ན་པུཎྱཻ་ཏིཥྛ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེངས་མེད་རྩེ་གཅིག་འབུམ་ཕྲག་གཅིག༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ རྫོགས་པའི་རིམ་པ་བསྒོམ་པ་ནི༔ སྣང་སྲིད་འཁོར་འདས་མ་ལུས་པ༔ འོད་དཔུང་ཆེན་པའི་ཀློང་དུ་གྱུར༔ རྡོ་རྗེའི་གུར་ཁང་ཉིད་ལ་ཐིམ༔ གུར་ཁང་འོད་དུ་ལྟེམ་གྱིས་ཞུ༔ འོད་ཟེར་དཀར་པོ་ཉིད་ལ་ཐིམ༔ དཀར་པོ་དམར་ཐིམ་དམར་པོ་སེར༔ སེར་པོ་མཐིང་ག་ཉིད་ལ་ཐིམ༔ མཐིང་ག་འཕགས་མའི་སྐུ་ལ་ཐིམ༔ སྐུ་ཡང་འཁོར་ལོ་ལྔ་ལྡན་ལ༔ སྔགས་ཕྲེང་སྲོག་ཡིག་ཏཱྃཿལ་ཐིམ༔ ཏཱྃཿཡིག་སྤྱི་བོར་ཟླ་ཚེས་ལ༔ ཟླ་ཚེས་ཐིག་ལེའི་ཀློང་དུ་ཐིམ༔ ཐིག་ལེ་དམིགས་མེད་ཆོས་ཀྱི་སྐུ༔ གཞོམ་གཞིག་མེད་པའི་ངང་ལ་བཞག༔ དགེ་ཚོགས་འགྲོ་བའི་དོན་དུ་བསྔོ༔ སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད༔ བདག་འདྲ་བྱེ་མ་མུ་ཏྲ་ཡང༔ ཚེ་ཡི་རིག་འཛིན་འདི་ཡིས་ཐོབ༔ ཤིན་ཏུ་ཟབ་པའི་ཡང་བཅུད་དོ༔ འདི་བཀོད་དགེ་བས་འགྲོ་བ་ཀུན༔ འཆི་མེད་རིག་པ་འཛིན་ཐོབ་ཤོག༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་འཆི་བ་མེད་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་བྱེ་མ་མུ་དྲས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་ཉིད་ཉང་བན་ཡང་ཡི་དམ་འདི་ཉིད་ལ་བགྱིས་པས༔ པཎ་ཆེན་དང་འདྲ་བར་འཆི་མེད་རིག་འཛིན་ཐོབ་ནས་ཉང་བན་བདག་གིས་ཡི་གེར་བཀོད་པ༔ ཕྱི་རབས་ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས༔ བརྡ་ཐིམ༔ ཁ་ཐཾ༔ བདག་འདྲ་འོད་གསལ་སྒྱུ་མས་དབུ་རུ་ཞྭའི་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། །།

རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་བདུད་རྩིའི་སྙིང་པོ་བཀླག་པས་ཀུན་ཤེས་ (Volume 47, Text 16)

༄༅། །རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་བདུད་རྩིའི་སྙིང་པོ་བཀླག་པས་ཀུན་ཤེས་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། ཁྲོ་བོའི་སྐུར་བཞེངས་བདུད་བཞིའི་དཔུང་། །རྣམ་པར་འཇོམས་མཛད་ལྷག་པའི་ལྷར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཀོད། །དེ་ལ་རྫས་བཤམ་པ། བདག་བསྐྱེད། བུམ་སྒྲུབ། ཁྲུས་ཆོག་དང་བཞི་ལས། དང་པོ་ནི། གཙང་མའི་སྟེགས་བུ་ཁེབས་དང་ལྡན་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་བུམ་གདན་པདྨ་འདབ་མ་བརྒྱད་པའི་སྟེང་དུ། རིན་པོ་ཆེ་ལས་གྲུབ་པའི་བུམ་པ་དྲི་བཟང་པོའི་ཆུས་སུམ་གཉིས་གང་བ་རྫས་ཉེར་ལྔའི་བཅུད་ལྡན། དར་སྔོན་པོའི་མགུལ་ཆིངས། ཀུ་ཤ་དང་རྨ་བྱའི་སྒྲོ་ཆུན་གྱི་ཁ་རྒྱན་ཅན། མཆོད་ཡོན་གྱི་དུང་ཆོས། གཟུངས་ཐག་རྡོ་རྗེ་དང་བཅས་པ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་དང་། རྣམ་འཇོམས་རྩ་བའི་མཆོད་གཏོར་བླ་གཏོར་དཀར་པོ་པད་འདབ་བཞི་དང་རིལ་བུས་མཚན་པ་རྒྱན་ལྡན་ཤ་ཆང་གི་དྲིས་མ་གོས་པ་རྒྱབ་ཏུ་བཀོད་པ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་གཏོར་མ་ཟླུམ་པོ་མཐེབ་ཀྱུ་རིལ་བུས་མཚན་པ་ཆ་གཉིས་དང་། གཏོར་ཟླུམ་མཐེབ་ཀྱུ་རིལ་བུ་ཏིང་ལོ་ཆངས་བུས་བསྐོར་བ་ཤ་ཆང་ལ་ཕུག་འབྲས་ཆན་སོགས་ཀྱིས་བརྒྱན་པ་གཅིག་སྟེ་ཆ་གསུམ་པོ་མདུན་དུ་བཤམ་མོ། །གཉིས་པ་བདག་སྐྱེད་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི༴ ནམ་མཁའི་གནས་སུ༴ སངས་རྒྱས་ཆོས་དང་ཚོགས༴ རྣམས་ཀྱིས་སྐྱབས་སུ་འགྲོ། བདག་དང་མཐའ་ཡས༴ སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་སེམས་བསྐྱེད། དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས་ཀྱིས་གནས་བྱིན་བརླབ། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་སོགས་ཀྱིས་དྲིལ་བུ་གསིལ་ཞིང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་ཀྱིས་སྤྱན་འདྲེན། ཁྲུས་གསོལ། བརྟན་བཞུགས་བར། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཀྱི་ཡན་ལག་བདུན་པ། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་སེམས་བསྐྱེད་གཟུང་བ་རྣམས་ཆོས་སྤྱོད་ནང་ལྟར་སྔོན་དུ་འགྲོ་བས། རང་གི་སྙིང་གར་པད་ཉི་ལ་ཧཱུྃ་ཡིག་སྔོན་པོ། དེ་ལས་འོད་འཕྲོས་ལུས་གང་སྡིག་སྒྲིབ་སྦྱངས། སྣ་བུག་ནས་ཕྱིར་འཕྲོས་པས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་ཚོགས་ཞིང་སྤྱན་དྲངས་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་བིདྱཱ། ཤབྡ་རྣམས་སྦྱར་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཡན་ལག་བདུན་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། གོང་དུ་གནས་དང་ཡོ་བྱད་བྱིན་རླབས་སྔོན་དུ་སོང་གྲུབ་པས་མཆོད་རྫས་བྱིན་རླབས་ཟུར་དུ་མི་མཛད་པ་ཕྱག་ལེན་ནོ། །བདག་བསྐྱེད་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་གྱི་དབུས་སུ་པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་འབར་བ། གཡས་རྡོ་རྗེ་རྩེ་ལྔ་པ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཆང་བ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱངས་པའི་སྟབས་ཅན། ཕྱོགས་བཅུར་སྤྲུལ་པའི་ཁྲོ་བཅུ་དང་བཅས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ནས། ཤབྡའི་བར་སྦྱར་བས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། སླར་ཡང་། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་གྱིས་མཆོད། རང་གི་སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱང་བར་གྱུར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ཞེས་པ་ནས། ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ཞེས་པའི་བར་ཚར་གཅིག་གི་རྗེས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ་སོགས་ནས། བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱའི་བར་རྩ་སྔགས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ་སོགས་ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ་ཀྱི་བར་སྙིང་པོ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ་སོགས་ནས། ཨ་མྲྀཏེ་ཧཱུྃ་ཕཊ་ཀྱི་བར་ཉེ་སྙིང་སྟེ། སྔགས་ཚན་གསུམ་པོ་སྦྲགས་པར་ཚར་གཅིག་འདོན། དེ་ནས་སྔགས་ཚན་གསུམ་པོ་སོ་སོར་ཕྲལ་ཏེ་རང་གི་མོས་པ་དང་སྦྱར་ཏེ་བཟླ་བ་ལས། རྩ་སྔགས་བདུན་ཙམ་བཟླས་ན། སྙིང་པོ་ཉེར་གཅིག་ཙམ་དང་། ཉེ་སྙིང་བརྒྱ་དང་བརྒྱད་ཙམ་བཟླ་བ་དཔེར་མཚོན་པ་ཙམ་ཡིན། གང་ལྟར་ཡང་བཟླས་པ་འཇོག་པའི་མཐར། སྡིག་པ་ཐམས་ཅད་བྱང་བ་དང་། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱིས་ཕན་ཡོན་བརྗོད། དེ་མན་འདོན་མི་དགོས་པ་གསུང་རྒྱུན་ཡིན་ནོ། །གསུམ་པ་བུམ་སྒྲུབ་ནི། མདུན་བསྐྱེད་ཀྱི་མཆོད་པ་རྣམས་ལ་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། དེ་བཞིན་དུ། ཤབྡ་ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབ། སྔར་བཀོད་པའི་བུམ་པར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བས་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་རྒྱན་དང་། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པད་ཉི་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་མེ་ལྟར་འབར་བ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱངས་པའི་སྟབས་ཅན། ཕྱོགས་བཅུར་སྤྲུལ་པའི་ཁྲོ་བོ་བཅུ་དང་བཅས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲང་། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་ནས། མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡའི་བར་རིམ་བཞིན་བཅུག་པས་མཆོད། བསྟོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །དེ་ནས་བུམ་བསྐྱེད་ཀྱི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་བསྒྲུབ་བྱ་གང་ཡིན་དེ་གསལ་གདབ་ནས་གཟུངས་ཐག་ནས་བཟུང་སྟེ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྤྲོས་པའི་འོད་ཟེར་བསྒྲུབ་བྱའི་ལུས་ལ་ཕོག་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་ནས་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་གྱུར་པར་བསམ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས། ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ཞེས་པའི་བར་ཚར་གཅིག །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མྴྨཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཞེས་པ་ནས། ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱི་བར་སྔགས་ཚན་གསུམ་ཀ་སྦྲེལ་བ་ཚར་གཅིག་བཏོན་རྗེས། དེ་ནས་སྔགས་ཚན་གསུམ་སོ་སོར་ཕྲལ་ཏེ་བཟླ་བ་ལས། བཟླ་ལུགས་དཔེར་མཚོན་ན། རྩ་སྔགས་བདུན་ཙམ། སྙིང་པོ་ཉེར་གཅིག །ཉེ་སྙིང་བརྒྱ་རྩ་ཙམ་རེ་སྟེ། དེ་ལས་མང་བར་རང་གིས་གང་ནུས་བཟླས་པས་ལེགས་པར་འགྱུར་རོ། །མཐར་བུམ་པའི་ལྷ་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་སོགས་ཤྭ་ལོ་ཀས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་གསོལ་བྱ། བཛྲ་མུཿ ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། དམ་ཚིག་པ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་ཞིང་། འཇིག་རྟེན་ལས་འདས་པའི་གཏོར་མ་ཆུ་གཙང་གིས་བྲན་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བྱིན་བརླབ། རང་གི་སྙིང་གའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་གཏོར་མགྲོན་སྤྱན་དྲང་། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ་ལ། དེ་བཞིན་གཤེགས་པ་སོགས་ཤྭ་ལོ་ཀས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་འདོད་དོན་གསོལ། འཇིག་རྟེན་པའི་གཏོར་མ་ཆ་གསུམ་བཞིན་གཏང་ངོ་། །བཞི་པ་ཁྲུས་ཆོག་ནི། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་བགེགས་བསལ་བ་ནི། མཐེབ་ཀྱུའི་གཏོར་མ་བསྐོར་བའི་ཚུལ་གྱིས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་གཟེད་ཞལ་དུ་བཞག །ཡང་ཏིང་ལོ་དང་ཆངས་བུ་བསྐོར་ཚུལ་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་གཏོར་མ་གཟེད་ཞལ་དུ་བཞག །བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་གདུག་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པ་ལ། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། བསྒྲུབ་བྱ་འདི་ཉིད་ལ་གནོད་ཅིང་འཚེ་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམྦྷ་བཟླ་ཞིང་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དང་བཅས་པས་གཏོར་མ་ཕྱིར་དོར་བ་རྣམས་ཞི་དྲག་ཕྱེད་མའི་སྒོ་ནས་བགེགས་སྦྱོང་བའོ། །དེ་ནས་སྡིག་པ་སྦྱོང་བ་ནི། བསྒྲུབ་བྱའི་མདུན་དུ་ཏིལ་དང་། གཡས་གཡོན་དུ་མེ་ཆུ་བཤམས་ལ། ཁྱེད་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོའི་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་འཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེར་བསྲེག །གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར་པར་བསམ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་མེ་ཆུར་དོར་ལ། བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུ་བླུགས་ནས་ཕྱིར་དོར། དངོས་གཞི་བཀྲུ་བྱབ་སྲུང་གསུམ་ལས། ཁྲུས་ནི། རང་གི་སྙིང་གའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲང་། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་སོགས་ཤྭ་ལོ་ཀས་བསྟོད་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ནས་རྩ་སྔགས། སྙིང་པོ། ཉེ་སྙིང་ཡན་ཆད་ཚར་གཅིག་རྫོགས་པར་བཏོན་ལ། དེ་ནས་བུམ་པ་ཐོགས་ཏེ་ཁྲུས་ཆུ་སྤྱི་བོ་ནས་བླུག་བཞིན་དུ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཕཊ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣཱཾ་ཤཱནྟིཾ༴ སརྦ་རོ་གཿཤཱནྟིཾ༴ སརྦ་དུཥྚཱན་ཤཱནྟིཾ༴ སརྦ་ཛྭ་རེ་ཤཱནྟིཾ༴ སརྦ་ཨུ་པ་དྲ་བེ་ཤཱནྟིཾ༴ སརྦ་ཨ་ཀཱ་ལ་ིམྲྀ་ཏྱུ་ཤཱནྟིཾ༴ སརྦ་དུར་སཔྣི་ཤཱནྟིཾ༴ སརྦ་དུརྞི་མིཏྟེ་ཤཱནྟིཾ༴ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བུམ་པའི་ཆུས་ཁྲུས་བྱས་ཤིང་ཁ་བཤལ་ལོ། །བྱབ་པ་ནི། རྨ་བྱའི་སྒྲོ་ཆུན་ལག་ཏུ་ཐོགས་ནས། འོ་རྨ་བྱའི་སྒྲོ་མདོངས་ཀྱི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་འཁོད་པ་དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་བྱབས་ནས་ཁྲུས་ཆུ་ལ་ཐིམ་པར་མོས་པ་མཛོད། བྱབ་ལ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ནས། ཨ་མྲྀཏེ་ཧཱུྃ་ཕཊ། སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱ། སརྦ་བིགྷྣཱཾ་ཨ་པ༴ སརྦ་རོ་གཿཨ་པ༴ སརྦ་དུཥྚཱཾ་ཨ་པ༴ སརྦ་ཛྭ་རེ་ཨ་པ༴ སརྦ་ཨུ་པ་དྲ་བེ་ཨ་པ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ཨ་པ༴ སརྦ་དུར་སཔྣི་ཨ་པ༴ སརྦ་དུརྞི་མིཏྟེ་ཨ་པ༴ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབ་པར་བྱའོ། །སྲུང་བ་ནི། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ནས། ཨ་མྲྀཏེ་ཧཱུྃ་ཕཊ། སརྦ་པཱ་པཾ་རཀྵཿརཀྵཿ སརྦ་བིགྷྣཱཾ་རཀྵཿརཀྵཿ སརྦ་རོ་གཿརཀྵཿརཀྵཿ སརྦ་དུཥྚཱཾ་རཀྵཿརཀྵཿ སརྦ་ཛྭ་རེ་རཀྵཿརཀྵཿ སརྦ་ཨུ་པ་དྲ་བེ་རཀྵཿརཀྵཿ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་རཀྵཿརཀྵཿ སརྦ་དུར་སཔྣི་རཀྵཿརཀྵཿ སརྦ་དུརྞི་མིཏྟེ་རཀྵཿརཀྵཿ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿརཀྵཿརཀྵཿ ཞེས་བརྗོད་ཅིང་། སྤྱི་བོ། མདུན། རྒྱབ། དཔུང་པ་གཡས། གཡོན། དཔྱི་གཡས། གཡོན་ཏེ་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་བཀོད། དེ་ལས་འོད་འཕྲོས་ཏེ་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པར་བསམས་ཤིང་། མཐར་རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ནི་བདག་གིས་བསྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། སྡིག་པ་ཐམས་ཅད་བྱང་བ་དང་། །ཞེས་སོགས་ནས། ཚེ་དང་བསོད་ནམས་འཕེལ་བ་དང་། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པ་ཡན་ཆོད་བརྗོད་པས་ཕན་ཡོན་བསྟན། མཐར་མེ་ཏོག་འཐོར་ཞིང་། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་རྒྱས་བསྡུས་ཇི་ཙམ་ནུས་པ་རོལ་མོར་བཅས་ཏེ་བྱའོ། ༈ །ཡང་གནས་རྟེན་དང་མགོན་ཁང་སོགས་ལ་ཁྲུས་གསོལ་བྱ་དགོས་ན། གང་དུ་བྱ་བའི་གནས་དེར་ཞི་དྲག་ཕྱེད་མ་གསུམ་གྱིས་བགེགས་སྦྱོང་བ་གོང་དུ་བཤད་པ་སོར་བཞག་ལས། བདེན་སྟོབས་སྐབས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་ཁྲུས་ཀྱི་ཆོ་ག་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་སོགས་བསྒྱུར་བའི་སྦྱོང་བ་སྔོན་དུ་འགྲོ་བས། ཁྲུས་དངོས་ནི། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཞེས་དང་། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱི་འོ། །ཞེས་ཤྭ་ལོ་ཀ་གཉིས་ཀྱིས་ཁྲུས་ཁང་བསྐྱེད་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཤྭ་ལོ་ཀ་གཅིག །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད།  །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱོང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ།  །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ།  །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ།  །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ།  །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ།  །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ།  །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་པ་རྣམས་ཀྱི་མཚམས་སོ་སོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཞེས་ཤྭ་ལོ་ཀ་ཕྱེད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་འཕྱི་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་གོས་ཟུང་འབུལ་ལོ། །དེ་ནས་ཉེ་སྙིང་ཁོ་ནའི་མཐར། སརྦ་པཱ་པཾ་སོགས་སྔགས་ཚན་བཅུ་པོ་བཏགས་པས་བུམ་ཆུ་འཐོར་ཞིང་ཁྲུས་གསོལ་བར་བྱའོ། །དེ་ལྟར་ཁྲུས་གསོལ་གྲུབ་ནས། སྡིག་པ་ཐམས་ཅད་བྱང་བ་དང་། །སོགས་ཕན་ཡོན་བརྗོད་ནས། མཇུག་གི་ཆོ་ག་ལ་མདུན་གྱི་ལྷ་ལ་མཆོད་བསྟོད། གསོལ་གདབ། ཡིག་བརྒྱ། གཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱ་བར་གསུངས་པས། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སོགས་ཤྭ་ལོ་ཀས་བསྟོད་ནས། ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དངོས་གྲུབ་གསོལ། ཡིག་བརྒྱ་བཟླ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ་ནས། བཛྲ་མུཿ མདུན་གྱི་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར་པར་བསམ་ལ། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་ནས། །ངན་སོང་རྒྱུད་རྣམས་མ་ལུས་སྟོངས་པར་ཤོག །ཅེས་སྨོན་ལམ་བཏབ་ཅིང་། བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་རྒྱ་ཆེར་བརྗོད་པར་བྱའོ།། ༈ །།ཡང་རྣམ་འཇོམས་ལྗང་སྔོན་ལུགས་སུ་བྱ་བར་འདོད་ན། ཆོ་གའི་བྱ་བ་འདི་ཁོ་ན་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་ཁྲོ་འཛུམ་མཆེ་བའི་མྱུ་གུ་གཙིགས་པ། རལ་པའི་ཐོར་ཚུགས་ཅན། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཅན་གཟི་བྱིན་མཐའ་ཡས་པ་མངའ་ཞིང་མ་ལུས་པའི་སྤྲུལ་པ་འཆང་བའོ། །ཞེས་བསྐྱེད་པས་གཙོ་རྐྱང་དུ་བྱེད་པའི་ཁྱད་པར་རོ། །རྡོ་རྗེའི་རིགས་མཆོག་ལྷག་པའི་ལྷའི། །སྒྲུབ་ཐབས་ཁྲུས་ཀྱི་ཆོ་གར་བཅས། །སྙིང་པོའི་ལག་ལེན་ཁྱེར་བདེ་བ། །བརྗོད་འདིས་འགྲོ་ལ་ཕན་གྱུར་ཅིག །ཅེས་མདོ་ཁམས་པ་ངེས་དོན་བསྟན་འཛིན་གྱིས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་དར་རྒྱས་ཆོས་གླིང་གི་དབེན་གནས་སུ་བཀོད་པའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་སོའི་མཐའ་ཅན་ལ་མཁན་ཆེན་ཨཽ་ཌི་ཡ་ནས་ནག་འགྲོས་མཛད་པ་ཉིད་ལུང་རྒྱུན་མ་བཞུགས་སྟབས། ཞལ་བསྒྱུར་ཕྲན་བུས་བརྒྱན་ཏེ་གཏེར་མཛོད་ཀྱི་ཆ་རྐྱེན་དུ་བཞུགས་སུ་གསོལ་བ་པོ་བློ་གྲོས་མཐའ་ཡས་སོ། །དགེ་ལེགས་འཕེལ།། །།

གསང་སྔགས་རྙིང་མའི་ཐེག་པ་དགུའི་འཇུག་སྒོ་ལས། དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་ (Volume 40, Text 16)

༄༅། །གསང་སྔགས་རྙིང་མའི་ཐེག་པ་དགུའི་འཇུག་སྒོ་ལས། དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། ། ན་མོ་གུ་རུ་ཤཱཀྱ་སིཾ་ཧཱ་ཡ། སྟོན་པ་ཤཱཀྱ་སེང་གེར་ཕྱག་འཚལ་ནས། །ཐེག་པ་ཐུན་མོང་སྐྱབས་སྡོམ་འབོགས་ཐབས་འགོད། །སྟོན་པའི་སྐུའམ་མཚན་བརྒྱད་ཀྱི་ཞལ་ཐང་བཤམ། མཆོད་པ་རྣམ་ལྔ་མཎྜལ་ལ་སོགས་པ་བཤམས་ན་ལེགས། དེ་ནས་མདུན་དུ་གཅིག་གམ་མང་པོ་ཡང་རུང་སྟེ། ཕྱག་འཚལ་ནས་ཐལ་མོ་སྙིང་གར་སྦྱར་ཏེ་ཙོག་པུར་འདུག་ཏུ་བཅུག་ལ། འོ་ན་ད་ལམ་ཁྱེད་རང་རྣམས་དམ་པའི་ཆོས་ཀྱི་སྒོར་འཇུག་འདོད་པ་དེ་ཤིན་ཏུ་ལེགས། དེའི་རྒྱུ་མཚན་ཅི་ཞེ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་མི་རྣམས་སྟོང་ལོག་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར། མི་ལུས་འདི་ལྟ་བུ་ཡང་ཡང་མི་ཐོབ། ད་རེས་ཁོ་ན་ཙམ་ཡིན། ད་རེས་ལུས་འདི་ཡང་མི་རྟག་སྟེ་ནམ་འཆི་ཆ་མེད། ཤི་བའི་འོག་ཏུ་སྐྱེ་ས་རིགས་དྲུག་གང་རུང་གཅིག་ལས་འོས་མེད། རིགས་དྲུག་གང་རུང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །ཞེས་གསུངས་སོ། །སྡུག་བསྔལ་དེ་ལས་ཐར་བར་བྱེད་པ་ལ་དམ་པའི་ཆོས་ཀྱི་སྒོར་འཇུག་དགོས། ཆོས་དེ་ལའང་ཐེག་པ་རིམ་པ་དགུ་ཡོད་པ་ལས། དེ་ལ་སྐས་འཛེགས་པ་ལྟར་རིམ་པ་བཞིན་དུ་ཐེག་པ་ཐུན་མོང་ནས་འཇུག་དགོས་ཏེ། ཨོ་རྒྱན་རིན་པོ་ཆེས་སྒྲུབ་ཆེན་གྱི་གཞུང་རྣམས་ནས། ཀྱཻ། རིགས་ཀྱི་བུ་རྣམས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ། དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད། སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ཞེས་སོགས་དང་། སྔར་མ་ཐོབ་པ་རྣམས་ལ་སྐྱབས་འགྲོ་སོགས་སྡོམ་པ་རྣམས་ཐེབས་པར་འབོགས་དགོས་པར་གསུངས་པས། ད་རེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་འབོགས་པ་ཡིན་པས། མདུན་དུ་བཤམས་པའི་སྐུ་རྟེན་འདི་རྣམས་དང་དབྱེར་མེད་པར་གྱད་དང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ། བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་བཅས་པའི་རྡོ་རྗེ་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། འོད་དང་འོད་ཟེར་འཕྲོ་ཞིང་འཕགས་པ་གནས་བརྟན་བཅུ་དྲུག་ལ་སོགས་པ། ཐེག་པ་ཆེ་ཆུང་གི་དགེ་འདུན་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་བཞུགས་པར་སྒོམས་ཤིག །ཅེས་དམིགས་པ་སྤྲད་ནས། རང་ཉིད་ཐལ་མོ་སྙིང་གར་སྦྱར་ཏེ། ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་ཤཱཀྱ་སེང་གེ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་སེང་གེ་འཁོར་དང་བཅས་པ་དང་། ངེད་སློབ་དཔོན་དང་བཅས་པའི་དྲུང་དུ། དུས་ད་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་བྱ་སྙམ་པའི་འདུན་པ་རྩེ་གཅིག་གིས་སྟོན་པ་སངས་རྒྱས་ལ་དམིགས་ཏེ་ཕྱག་གསུམ། འདིས་གསུངས་པའི་ཆོས་ལ་དམིགས་ཏེ་ཕྱག་གསུམ། ངེད་ལ་སློབ་དཔོན་ཞུ་བའི་ཕྱིར་ཕྱག་གསུམ་དང་དགུ་ཕྲུགས་དེ་འཚོལ་ཅིག །ཅེས་ཕྱག་དགུ་འཚལ་དུ་བཅུག་གོ །དེ་ནས་སྔར་ལྟར་འདུག་བཅུག་གོ །ད་ནས་གཟུང་སྟེ་སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་སྐྱབས་སུ་ཞུ། དགེ་འདུན་ལ་གྲོགས་ཞུ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། བཙུན་པས་གཟུང་དུ་གསོལ། དེ་ལྟར་ལན་གཅིག་སོང་ནས། ལན་གཉིས་པའི་རྗེས་ཟློས་མཛོད། ཅེས་ལན་གཉིས་པ་གོང་ལྟར་རོ། །ད་ལན་གསུམ་པའི་མཇུག་ཏུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྐྱེ། ང་ཡང་ཁྱེད་རང་རྣམས་ཀྱི་སློབ་དཔོན་དུ་འགྱུར་བ་ཡིན་པས། འདིའི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་གཟུང་དུ་གསོལ། ད་ངེད་ཀྱིས་ཐབས་ཡིན་ནོ། །བརྗོད་པའི་ཚེ། ཁྱོད་རང་ལེགས་སོ། །བརྗོད་ཅིག །རང་གིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བརྗོད་དོ། །དེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བསླབ་པ་རྣམས་བསྲུང་དགོས། དེ་ལ་བསྲུང་བྱའི་བསླབ་པ་དགུ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ན། སངས་རྒྱས་ཀྱི་སྐུ་གཟུགས། ཐ་ན་སཙྪའི་དུམ་བུ་ཡན་ཆད་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ། ཆོས་ལ་སྐྱབས་སུ་སོང་ན། ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གུས་པ་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན། ཐ་ན་ལྷན་པ་སེར་པོ་གྲུ་བཞི་བཏབ་པ་ཡན་ཆད་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ། སངས་རྒྱས་ལ་སྐྱབས་སུ་སོང་ན། ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན། སེམས་ཅན་ལ་གནོད་པ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན། གྲོགས་མུ་སྟེགས་ཅན་མི་བསྟེན། ནངས་ནུབ་སྐྱབས་འགྲོ་ལ་བརྩོན་པ་དང་། ཅི་ཟ་ཅི་འཐུང་ཕུད་ཀྱིས་དཀོན་མཆོག་གསུམ་མཆོད་པ་དང་། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་ཚོལ་བ་རྣམས་ལེགས་པར་སྲུངས་ཤིག །གལ་ཏེ་དེ་རྣམས་མ་བསྲུང་ན་སྐྱབས་སུ་འགྲོ་བའི་སྡོམ་པ་ལས་ཉམས་པས། ཚེ་འདི་ཕྱིའི་སྐྱབས་མེད་ཅིང་ངན་སོང་དང་འཁོར་བ་མཐའ་མེད་དུ་འཁྱམས་པའི་ཉེས་པ་ཆེན་པོ་འོང་། ལེགས་པར་བསྲུངས་ན། སྐྱེ་བོ་ཐ་མལ་པ་དང་། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། སྡོམ་པ་དང་དམ་ཚིག་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་རྣམ་བཞིའི་གྲར་ཆུད་པ་དང་། ལས་ཀྱི་རྣམ་སྨིན་མ་གཏོགས་པའི། ཚེ་འདིའི་ནད་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་དང་། སྡིག་པ་ཐམས་ཅད་སྲབ་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་སོགས་ཕན་ཡོན་ཆེན་པོ་ཐོབ་སྟེ། ཨོ་རྒྱན་རིན་པོ་ཆེས། རྟེན་སྡོམ་པ་གསུམ་གྱི་རྟེན་དུ་རུང་། ཅི་བྱས་ཚོགས་སུ་འགྲོ །གནས་སྐབས་ཀྱི་བར་ཆད་སེལ་བ་དང་། འཁོར་བའི་དུཿཁ་ལས་སྐྱོབ། མུ་སྟེགས་ལ་སོགས་པ་ལམ་ལོག་པར་མི་འགྲོ །ལམ་དམ་པའི་གཞི་ཐིངས་བས་ཅི་བྱས་ཚོགས་སུ་འགྲོ་བས་མཆོག་ཏུ་གཅེས་པ་ཡིན་ནོ། །ཞེས་གསུངས་སོ། །ད་མིང་འདོགས་པ་དང་སྐྲ་བྲེག་པ་ནི། འདུལ་བའི་གཞུང་ལས་ནི་རབ་བྱུང་དང་དགེ་ཚུལ་སྒྲུབ་པའི་དུས་ཀྱི་བར་བྱེད་དགོས་པར་ཡང་མ་གསུངས་ནའང་། བོད་ཡུལ་འདིར་ཚངས་སྤྱོད་དགེ་བསྙེན་ལ་སྐྲ་བྲེག་པ་དང་། མིང་བརྗེ་བ་སོགས་བྱེད་པར་བོད་ཀྱི་མཁས་གྲུབ་ཀུན་གྱི་ཕྱག་བཞེས་སུ་གྲགས་ཆེ་ཞིང་། ཁྱད་པར་དུའང་གངས་ཅན་ལྗོངས་ཀྱི་གྲྭ་ས་ཆེན་པོ་འཛིན་པའི་གདུང་རྒྱུད་པ་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས་སྐྲ་ཕུད་ལེན་ཅིང་མཚན་གསོལ། རབ་ཏུ་བྱུང་བའི་ན་བཟའ་ཡང་མནབ་སྲོལ་དང་། མཐའ་འཁོབ་རྒྱལ་པོ་དང་བློན་པོ་ཆེན་པོ་རྣམས་ལ་ཡང་། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས། མཚན་གསོལ་སྐྲ་ཕུད་ལེན་པར་བོད་ཀྱི་བླ་ཆེན་རྣམས་ཀྱིས་མཛད་པའི་ཕྱག་ལེན་ལྟར། སྐྲ་ཕུད་ལེན་པ་ཡིན་པས། གཙུག་ཕུད་བྲེག་གམ་བརྗོད་དུས་སློབ་མས་བྲེགས་སྨྲོས་ཤིག །མཆོད་གཡོག་གཅིག་གིས་གྲི་བཟུང་ནས། སྐྲ་ལ་འཇུ་བཅུག་ལ། སློབ་དཔོན་གྱིས། གཙུག་ཕུད་བྲེག་གམ། བརྗོད་དུས། སློབ་མས། བྲེགས། བརྗོད། སྐྲ་ཕུད་སློབ་དཔོན་གྱི་ཕྱག་ཏུ་བཞག །དེ་ནས་རྟེན་གྱི་མདུན་དེར་བཞག་གོ །འོ་དེ་སྔ་ཁྱོད་རྣམས་སངས་རྒྱས་ཀྱི་བསྟན་པའི་གྲར་མ་ཚུད། དམ་པའི་ཆོས་སྒོར་མ་ཞུགས་པ་ཡིན་པ་ལས། དེ་རིང་ནས་དམ་པའི་ཆོས་སྒོར་ཞུགས་པ་ཡིན་པ་ལས། སྐྲ་བྲེགས་མིང་བརྗེ་བ་འདི་བརྗེད་ཐོ་ཡིན་པས། བསམ་པ་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་མཛོད་ཅིག །མིང་ཡང་རྒྱ་གར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་སོ་སོའི་མིང་ནས་དྲངས་ནས་འདོགས། བོད་དུ་སློབ་དཔོན་སོ་སོའི་མཁན་པོའི་མཚན་ལ་དྲངས་ནས་འདོགས་པའི་སྲོལ་སྣང་ནའང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། པདྨ་ལ་དྲངས་ནས་འདོགས་པ་ལེགས་པར་གསུངས་པས། ད་ལམ་ཁྱོད་ཀྱི་མིང་ལའང་ཆེ་གེ་ཐོགས། ཞེས་ཨོ་རྒྱན་ནམ། པདྨའམ། གུ་རུའམ། རྡོ་རྗེ་སོགས་ཀྱི་དབུ་ཅན་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས་མཁས། སྟོབས་ཆེན། ཡེ་ཤེས། སྙིང་རྗེ། བྱམས་པ། དགའ་བ། ཀུན་ཁྱབ། རབ་དགའ། དྲི་མེད། འོད་འཕྲོ། འོད་ཟེར། རྣམ་དག །བློ་གྲོས། ལེགས་པ། ཆོས་མཆོག །ཆོས་སྐུ །འོད་གསལ། སློབ་ལམ། མཐར་ཕྱིན། མཉམ་ཉིད། དོན་གྲུབ། ཡོན་ཏན། ཚངས་དབྱངས། ནོར་བུ། ཆོས་འཁོར། རྟ་མཆོག གླང་པོ། བརྒྱ་བྱིན་ལ་སོགས། གཞན་གང་འོས་བཏགས་སོ། །འོ་དེས་ཁྱེད་རྣམས་ཀྱིས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས་བཀའ་དྲིན་ཆེའོ། །ཞེས་བརྗོད་ལ་ཕྱག་གསུམ་འཚོལ། ཞེས་བརྗོད་ལ་གྲོལ་ལོ། །དེ་ནས་སྐྲ་སྐར་ལེགས་པར་བརྩིས་ལ། དེ་ཉིན་རུང་ན་ལེགས་མི་རུང་ན་རྗེས་སོར་སྐར་མ་ལེགས་དུས་སྐྲ་བྲེག་པར་བྱའོ། །རབ་བྱུང་གི་སེར་གོས་རྣམས་འདུལ་བ་ནས་རབ་བྱུང་བསྒྲུབ་དུས་ངེས་པར་སེར་གོས་དགོས་པའི་ངེས་པ་མེད་ཀྱང་། བོད་དུ་དགེ་བསྙེན་ལ་བཙུན་ཆས་བྱེད་སྲོལ་ཡོད་པས། སྐྱབས་གསུམ་འཛིན་པས་ཀྱང་བཙུན་ཆས་འཛོམ་ན་མི་རུང་མེད་པས་གང་རྙེད་གྱོན་ནོ། །ཅེས་སྤྲུལ་སྐུས་གསུང་གིས་བསྐུལ་ནས། རྫོགས་ཆེན་དང་མཐུན་པར་ཨ་རཱ་གས་བྲིས་པར་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་རྗེས་ཞུགས་ཀྱིས་འཛམ་གླིང་ཁྱབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་སྒྲུབ་ཐབས་འདོད་བུམ་ལས་ཟུར་དུ་ཕྱུང་བ་ (Volume 39, Text 16)

༄༅། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་སྒྲུབ་ཐབས་འདོད་བུམ་ལས་ཟུར་དུ་ཕྱུང་བ་བཞུགས་སོ། ། བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཆོས་དབང་དང་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཡིག་ཆའི།མཆན།་་་སྒྲུབ་ཐབས་ལས་ཟུར་དུ་ཕྱུང་བ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ་ཡི་དམ་དང་འདིའི་བྲིས་སྐུ་ཡོད་ན་བཀྲམ། དེའི་མདུན་དུ་སྟེགས་བུ་ཇི་ལྟར་འོས་པ་ལ། ཞིང་ངམ་གཅན་གཟན་གྱི་པགས་པའི་ཁར་འབྲས་དཀར་གྱི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་དབུས་སུ། གུ་རུ་ཞི་དྲག་སོགས་གོང་མནོན་ཡི་དམ་གྱི་གཏོར་མ་མདའ་དར་གྱིས་བརྒྱན་པ་བཞག །དེའི་མདུན་དུ་མཆོད་གཏོར་པདྨ་སྤུངས་པའམ། ལྕོག་ཟླུམ་བཅུ་གཉིས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ་དང་། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། རྒྱ་ཕོར་དངུལ་ཕོར་ལ་སོགས་པར་ཕྱེ་མར་ཕུད་སྐྱེམས་འབྲུ་དང་གསེར་གཡུས་བརྒྱན་པ། དཀར་སྐྱེམས་འོ་ཆོལ་སྨན་སྣས་གཏམས་པ། མངར་སྐྱེམས་སྦྲང་ཆང་བུ་རམ་དང་བཅས་པ་རྣམས་དང་། ཉེར་སྤྱོད་རྣམ་པ་ལྔ། སྨན་ཤིང་སྤོས་དཀར་སོགས་ཀྱི་དུད་སྤྲིན། མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་དང་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གོང་མནོན་ལྷའི་བདག་བསྐྱེད་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་པ་རྣམས་བྱིན་གྱིས་བརླབ་ཅིང་། ཁྱད་པར་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ཏྲཱཾ་སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊཿ ཅེས་བརྗོད་པས། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། མདུན་བསྐྱེད་བསྒོམས་པའམ་མ་བསྒོམ་ཡང་རུང་སྟེ། རང་གི་སྙིང་གའི་འོད་ཟེར་གྱིས་དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ཞིང་། དུང་དམར་གྱི་ཕྱག་རྒྱ་བཅིངས་ཏེ་འབྲས་དཀར། ཙནྡན་དཀར་པོ། ཨ་ག་རུ། སྤོས་དཀར་མར་གསར་དང་སྦྱར་བའི་སྤོས་དང་རོལ་མོར་བཅས་པས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཧོཿ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང་། དཀར་ཤམ་བཞིན་བཟང་མ་ཡི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དཔལ་ཆེན་པོའི་ཕམ་ཕབ་ལེན་པ་དང་སྒྲུབ་པ་པོའི་སྟོངས་གྲོགས་ལ་འདིར་གཤེགས་ཤིག །ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཧྲིཾཿ ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཧཱུྃ། སྔོན་ཚེ་དུར་ཁྲོད་བསིལ་བའི་ཚལ་དུ་ནི། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་དང་། །བར་དུ་བལ་བོད་ཁ་ལ་རོང་སྒོ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི། །བོད་སྐྱོང་བརྟན་མ་བཅུ་གཉིས་གནས་འདིར་གཤེགས། །རང་རང་སྡེ་བརྒྱད་དུ་མའི་འཁོར་དང་བཅས། །བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ། །ཐུགས་ཉིད་བརྩེ་བ་ཆེན་པོས་ཉེར་དགོངས་ལ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཌཱ་ཀི་ནཱི་ས་པ་རི་བཱ་ར་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་པས་སོ་སོའི་རྟེན་ལ་གཉིས་མེད་དུ་ཐིམ་སྟེ་བཞུགས་པར་བསམ་ཞིང་། ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན་ལ། དཔལ་ཆེན་པོའི་སྙིང་པོ་ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཞེས་པའི་མཐར། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་པདྨ་བྷནྡྷ་མུ་ཁ། ཨ་ཀརྴ་ཡ་ཨ་ཀརྴ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཤ་ཡཱ་ཏོ་ཤ་ཡཱ། མོ་ཧ་ཡཱ་མོ་ཧ་ཡཱ། ཤྲཱི་མ་ཧཱ་ཀཱ་ལ་སརྦ་རཱུ་པ་བཛྲ་སརྦ་དུཥྚཱན། སརྦ་ཌཱ་ཀི་ནཱི་ཧྲི་ད་ཡ། ཧ་ཧ་ཧི་ཧི། ཨེ་ཨ་རལླི་ཧཱུྃ་ཛཿ མཆོད་པ་ནི། སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་། །དུག་ལྔ་རྣམ་དག་རང་བྱུང་དག་པའི་རྫས། །བདེ་ཆེན་རང་གྲོལ་གསང་བའི་མཆོད་པ་རྣམས། །བརྟན་སྐྱོང་ཆེན་མོ་འཁོར་དང་བཅས་ལ་འབུལ། །ཨོཾ་མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཱ་ཏཱ། ཏེ་ཏེ། ཁ་རགྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་ཀྱང་སྦྲེང་ངོ་། །བྷྱོ། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །སོ་སོར་མཚན་བཏགས་རྒྱན་དང་ཆ་ལུགས་དང་། །བཞོན་པར་བཅས་ཏེ་བསྟན་པའི་བྱ་ར་མཛད། །སྔོན་གྱི་ཐུགས་དམ་དམ་ཚིག་བརྩེར་དགོངས་ལ། །བྲན་དང་གཡོག་འཁོར་མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །འདིར་གཤེགས་དམ་སྐོངས་མཆོད་སྦྱིན་གཏོར་མ་བཞེས། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །རྣལ་འབྱོར་བདག་གི་བསམ་པ་བསྒྲུབ་ཏུ་གསོལ། །ཞེས་གསོལ་ནས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དམ་ཅན་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། བཛྲ་ཨཱ་ར་ལི་ཛཿ བཛྲ་ཨཱ་ར་ལི་ཧཱུྃ། བཛྲ་ཏི་ཏི་དྷེ། བཛྲ་བྷ་ར་དྷ། བཛྲས་བྱཱ་ཧཱུྃ། བཛྲ་ཏི་ཏི་ཧཱུྃ། བཛྲ་མ་ཏི་ཧཱུྃ། བཛྲ་ཏིང་ས་ཧཱུྃ། བཛྲ་ཁ་ར་ལི་ཧཱུྃ། བཛྲ་སིང་སོ་ཧཱུྃ། བཛྲ་ཡཀྴ་ཕྱིར། བཛྲ་དུ་ཕྱི་ས་ར་ན་ཕཊཿ མ་དུང་བྷྱོ་མ་དུང་བྷྱོ། ཧཱུྃ་ཧཱུྃ་ཛཿཛཿ ཞེས་བཟླ་ཞིང་དངོས་གྲུབ་ཞུ་བ་དང་རྦད་གསད་ལ་སོགས་པའི་སྔགས་ཀྱི་མཐའ་བསྒྱུར་མང་དུ་གསུངས་ཀྱང་སྐབས་འདིར་གོང་དུ་བཤད་པ་ཉིད་ཅི་རིགས་བཟླས་པའི་མཐར། གཏོར་མ་ཤ་མར་ཆང་དང་བདུད་རྩིས་བྲན་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ། མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཱ་ཏཱ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་ལན་གསུམ་བསྔོས་ལ། ཧཱུྃ། ང་ནི་པདྨ་འབྱུང་གནས་ཡིན། །དཔལ་མོ་དཔལ་ཐང་གཙང་གི་སྟོད། །ལྷ་མཚོ་སྲིན་མཚོའི་རྩ་བ་རུ། །དམ་ལ་བཏགས་པ་བརྟན་མའི་ཚོགས། །ལ་ལ་ནག་མོ་སྲིན་མོའི་ཚོགས། །ལ་ལ་དམར་མོ་གནོད་སྦྱིན་ཚོགས། །ལ་ལ་དཀར་མོ་མཛེས་མའི་གཟུགས། །ལ་ལ་སྔོན་མོ་ནམ་མཁའི་གཟུགས། །མ་མོ་ཆེན་མོ་བཅུ་གཉིས་པོ། །བོད་ཀྱི་ཡུལ་བདག་ཆེན་མོ་ཡིན། །དམ་ལ་བཏགས་པ་བརྟན་མའི་ཚོགས། །བོད་དུ་མུ་སྟེགས་རྟག་ཆད་ཀྱི། །ཆོས་ལོག་མ་གཏང་ཁྱེད་ཀྱིས་སྲུངས། །གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ། །བར་ཆད་མ་གཏང་ཁྱོད་ཀྱིས་སྲུངས། །གནས་ཆེན་བྱིན་གྱིས་བརླབས་པའི་གཏེར། །མ་ཉམས་སྨོན་ལམ་བཙན་པར་གྱིས། །དམག་དང་འཁྲུགས་པ་ཞི་བར་མཛོད། །ནད་དང་མུ་གེ་མ་གཏང་ཞིག །སད་སེར་བཙའ་དང་འབུ་སྲིན་སྲུངས། །གཙུག་ལག་ཁང་དང་མཆོད་པའི་རྫས། །དབེན་པའི་གནས་དང་སྒྲུབ་པ་པོ། །མ་ལུས་བུ་བཞིན་སྐྱོང་བ་དང་། །དགྲ་བགེགས་གནོད་པ་ཟློག་ཏུ་གསོལ། །ཞེས་དང་སྤྲོ་ན། ཧཱུྃ། མ་མོ་རྡོ་རྗེ་བརྟན་མའི་ཚོགས། །མ་རྟོགས་རྟེན་འབྲེལ་བཅུ་གཉིས་པོ། །རྣམ་དག་སྐྱེ་མཆེད་མཁའ་འགྲོ་མ། །ཚོགས་དྲུག་ཡུལ་དྲུག་རབ་རྒྱས་ནས། །དགེ་ལེགས་བསམ་པ་ཀུན་འགྲུབ་ཅིང། །བདེ་ཆེན་ཡེ་ཤེས་འབར་བར་མཛོད། །འཇིག་རྟེན་འདས་ཀྱང་འཁོར་བ་མོ། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་གཉེར། །རྫུ་འཕྲུལ་ཐོགས་མེད་སྙིང་ཉེའི་གྲོགས། །སྔོན་ཚེ་རྡོ་རྗེ་སྲིན་པོའི་བཀའ། །བར་དུ་པདྨ་ཐོད་ཕྲེང་ལུང་། །དེ་ནས་རིག་འཛིན་བླ་མའི་མཆིད། །ད་ལྟ་བདག་གི་རེ་བ་སྐོངས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། ཧཱུྃ། དཔལ་ཆེན་ཁྲག་འཐུང་སྤྲུལ་པ་མོ། །ཡེ་ཤེས་དབྱིངས་ལས་རྟེན་འབྲེལ་ཚུལ། །ཕྱོགས་མ་བཞི་དང་མཚམས་མ་བཞི། །སྙིང་པོའི་མ་མོ་ཆེན་མོ་བཞི། །མ་རྟོགས་སྐྱེ་མཆེད་བཅུ་གཉིས་ཏེ། །ཕྱི་རོལ་བརྟན་མ་བཅུ་གཉིས་པོ། །ཀུན་ཀྱང་ཐུགས་ཀྱི་དབྱིངས་སུ་གཅིག །བཅུ་གསུམ་ས་དང་ལམ་གྱི་དངོས། །ཕྱི་ནང་གསང་བའི་དགའ་བ་བཞི། །དབྱེར་མེད་ཡེ་ཤེས་བཞི་དང་བཅས། །བཅུ་དྲུག་བདག་ཉིད་ཆེན་མོ་མ། །སྣང་སྲིད་ཐམས་ཅད་མཆོད་དོ་བཞེས། །ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་རྣམས། །དགའ་བཞིའི་ངོ་བོར་རྣམ་དག་ནས། །མཐར་ཐུག་རྡོ་རྗེ་འཆང་གི་ས། །སྐུ་གསུང་ཐུགས་དང་ཡེ་ཤེས་སུ། །མངོན་དུ་གྱུར་པའི་ཕྲིན་ལས་མཛོད། །ཅེས་བརྗོད་དེ། མཆོད་བསྟོད་ཕྲིན་བཅོལ་ཐུགས་དམ་བསྐུལ་བ་རྣམས་དེ་དག་ལ་ཚང་བ་ཡིན་ནོ། །གལ་ཏེ་སྐོང་བཤགས་ཕུད་སྐོང་སོགས་སྤྲོ་ནའང་འདིར་སྦྱར་རོ། །དེ་ནས་མངའ་གསོལ་བ་ལ། བདུད་མོ་བཞི་ནི། བྷྱོཿ བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །སྐུ་མདོག་མཐིང་ནག་བདུད་ཀྱི་བེར་ནག་གསོལ། །ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་འཛིན། །འབྲོང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ མགོ་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །སྐུ་མདོག་སྔོ་ལྗང་དར་གྱི་ན་བཟའ་གསོལ། །ཤང་ལང་དང་ནི་ཞགས་པ་བསྣམས་ནས་སུ། །རྐྱང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ བྲིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །སྐུ་མདོག་དཀར་མོ་དར་གྱི་ན་བཟའ་གསོལ། །རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས་ནས་ནི། །སེང་གེ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ ཡར་འབྲོག་མཚོ་བདག་ཆེན་མོ་གསང་བའི་མཚན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །སྐུ་མདོག་ལྗང་ནག་དར་གྱི་ན་བཟའ་གསོལ། །རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས། །དྲེལ་རྟ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །གནོད་སྦྱིན་བཞི་ནི། བྷྱོཿ ལྷ་ཕུ་གངས་དཀར་མ་ནི་གསང་བའི་མཚན། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ། །ཤ་བ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ རོང་གི་ཇོ་མོ་ཁ་རག་གསང་བའི་མཚན། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ། །ཌཱ་མ་རུ་དང་མེ་ལོང་བསྣམས་ནས་ནི། ཁྱུང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །སྐུ་མདོག་དཀར་གསལ་དར་གྱི་ན་བཟའ་གསོལ། །བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན། །འཕར་བ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ བྱང་སྟོད་དམར་གྱི་མཚོ་བདག་གསང་བའི་མཚན། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུང་མོ་ནི། །སྐུ་མདོག་སེར་མོ་དར་གྱི་ན་བཟའ་གསོལ། །བེ་ཅོན་དང་ནི་མཁར་གཞོང་བསྣམས་ནས་ནི། །རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །སྨན་བཙུན་བཞི་ནི། བྷྱོཿ ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །མདའ་དར་དང་ནི་རིན་ཆེན་སྒྲོམ་བུ་འཛིན། །རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ ཨེ་གཉལ་ར་མདོའི་སྤོ་ན་གསང་བའི་མཚན། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས། །མཛོ་མོ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ། །རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤགས་བསྣམས། །ཤ་ཡུ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྷྱོཿ བུད་ཀྱི་ཇོ་མོ་གཡུ་ཏིང་གསང་བའི་མཚན། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྐུ་མདོག་ལྗང་སེར་དར་གྱི་ན་བཟའ་གསོལ། །སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས། །སྟག་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད། །གསོལ་ལོ་མཆོད་དོ་དགྱེས་ཤིང་ཚིམས་གྱུར་ནས། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །གཏོར་འབུལ་ནི། ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་ཉན་བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །མཛེས་བརྗིད་སྐུ་ལ་སྣ་ཚོགས་རྒྱན་གྱིས་སྤྲས། །མི་ཟད་ཆོ་འཕྲུལ་འདོད་དགུར་སྒྱུར་བ་ཡིས། །ཕྲིན་ལས་ཐོགས་མེད་དམ་ཚིག་རྗེས་གཅོད་མ། །བཀའ་སྡོད་འཁོར་དང་བཅས་པ་འདིར་གཤེགས་ཤིག །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུང་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་གཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས། །མི་མཐུན་ཕྱོགས་རྣམས་ཞི་དང་ཟློག་པ་དང། །རྒྱུ་སྦྱོར་རྐྱེན་ངན་ཟློག་པའི་ཕྲིན་ལས་མཛོད། །གཏོར་མ་གཙང་སར་ཕུལ། གཏང་རག་བཟོད་གསོལ་སོགས་ཀྱང་སྤྱི་དང་འདྲ། ཤིས་བརྗོད་ནི། བརྒྱུད་གསུམ་རིག་འཛིན་བླ་མ་དཀོན་མཆོག་གསུམ། །ལྷག་པའི་ལྷ་དང་དམ་ཅན་སྲུང་མ་ཡིས། །ཕན་དགོངས་མཐུ་ཡིས་བསྲུང་སྐྱོབ་མི་གཡེལ་བའི། །བཀྲ་ཤིས་དཔལ་གྱིས་ཕྱོགས་བཅུར་ཁྱབ་པར་ཤོག །ཅེས་སོ།། །།བརྟན་གསོལ་འདི་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་དང་། པཎ་ཆེན་པདྨ་དབང་གི་རྒྱལ་པོའི་ཆོག་ཁྲིགས་ཀྱི་དགོངས་དོན་གཙོར་བཟུང་གིས་བསྒྲིགས་པའི། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་དུ་སྒྲུབ་ཐབས་དང་སྲོག་དབང་སྐབས་གྱེར་ཚིག་འདི་ཡི་མངའ་གསོལ་སྐབས་ལྟར་འབྱུང་བ་དང་། སྨིན་གླིང་གདན་སའི་ལོ་ཟླའི་བསང་གསོལ་སྐབས་ཀྱི་ཕྱག་སྲོལ་གྱི་དཔེ་ཁུངས་ཆེ་ངེས་ལས་ཀྱང་འདི་ཁོ་ན་ལྟར་བྱུང་བ་བཅོས་མེད་ལགས་ཤིང་། མཛད་བྱང་སྔོན་ནས་མེད་པའམ་དཔེ་འདིར་དམིགས་བསལ་མ་བྱུང་ཡང་དོན་གྱི་བྱུང་བ་ནི་དེ་ལྟར་ངེས་པའོ། །དགེ་ལེགས་འཕེལ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་མེ་ལྕེ་ཕྲེང་བའི་ལས་བྱང་ (Volume 28, Text 16)

༄༅༔ དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་མེ་ལྕེ་ཕྲེང་བའི་ལས་བྱང་བཞུགས་སོ༔ གུ་རུ་ཆོས་དབང་གི་གཏེར་མའོ། །མཆན། བཛྲ་པཱ་ཎི་ལ་ན་མོ༔ བླ་མ་གསང་བའི་བདག་པོའི་སྒོམ་རིམ་ཉམས་སུ་ལེན་པ་ལ༔ སྦྱོར་དངོས་རྗེས་གསུམ་སྟེ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་འཛིན་པའི་དགོངས་པ་ཡིས༔ ངེས་པའི་དོན་དུ་སེམས་བསྐྱེད་པས༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ རང་སྐད་ཅིག་གིས་གསང་བདག་ཏུ་གསལ་བའི་ང་རྒྱལ་གྱིས༔ གཏོར་མ་བྱིན་བརླབས་ལ་བསྔོས་ཏེ༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ བདག་ཉིད་གསང་བདག་བཀའ་འདས་ན༔ གནོད་བྱེད་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་བགེགས་གཏོར་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབྱུང་པོ་ཨུ་ཙ་ཊ་ཡ་ཕཊ༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ བགེགས་བསྐྲད་སྲུང་བའི་གུར་དུ་བསྒོམ༔ ཧཱུྃ༔ རང་ཉིད་ཐུགས་ལས་འོད་འཕྲོས་པས༔ ཐོད་ནང་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔར་གསལ་བ་འོད་དུ་ཞུ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ གཏོར་སྣོད་བྷནྡྷ་འབར་བའི་ནང༔ གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ རཀྟ་དགྲ་བགེགས་བསྒྲལ་པའི་ཁྲག༔ འདོད་ཆགས་རྣམ་དག་བདེ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ༔ ཕྱི་མཆོད་རྣམ་ལྔའི་ལྷ་མོ་ཡིས༔ རྒྱལ་བ་རྒྱ་མཚོ་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ། དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨ༔ དེ་ནི་སྦྱོར་བ་སྔོན་འགྲོ་འོ༔ དངོས་གཞི་བསྐྱེད་རྫོགས་བསྒོམ་པ་ནི༔ ཨོཾ༔ ཆོས་རྣམས་རང་བཞིན་སྤྲོས་དང་བྲལ༔ ནམ་མཁའ་ལྟ་བུའི་ཏིང་འཛིན་ལས༔ ཨཱ༔ འགྲོ་དྲུག་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་རབ་ཏུ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་གསལ་བའི་ཀློང༔ རང་རིག་ཧཱུྃ་མཐིང་འོད་དུ་འབར༔ དེ་ལས་འོད་འཕྲོས་ཡུམ་ལྔའི་ཀློང༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ རཾ་ལས་མེ་དཔུང་འབར་བའི་ཀློང༔ མཐིང་ནག་གྲུ་གསུམ་ཨེ་དཀྱིལ་དུ༔ པདྨ་ཉི་ཟླ་གཟའ་ཀླུའི་སྟེང༔ བདག་ཉིད་གསང་བདག་ཕྱག་རྡོར་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ ཕྱག་གཡོན་སྡིགས་མཛུབ་མེ་འོད་འབར༔ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་འཁྲུགས༔ ཐོད་པ་སྐམ་རློན་སྦྲུལ་གྱིས་བརྒྱན༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་གསོལ༔ དབུ་གཙུག་རིགས་བདག་མི་བསྐྱོད་བཞུགས༔ གནས་གསུམ་འཁོར་ལོ་པད་ཉིའི་སྟེང༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རྩ་སྔགས་དེ་ཡིས་བསྐོར་བ་ལས༔ འོད་འཕྲོས་རང་བཞིན་ཆོས་དབྱིངས་ནས༔ རང་འདྲའི་གསང་བདག་ཡེ་ཤེས་པ༔ ཁྲོ་བཅུ་ཁྱུང་དང་བཅས་པ་རྣམས༔ ཆར་སྤྲིན་གཏིབས་བཞིན་བྱོན་པར་གྱུར༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགག་མེད་གཟུགས་སྐུ་ཁྲོས་པའི་སྐུ༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འོག་མིན་གནས་ནས་གཤེགས་སུ་གསོལ༔ ལྕང་ལོ་ཅན་ནས་གཤེགས་སུ་གསོལ༔ གནམ་ལྕགས་རྩེ་ནས་གཤེགས་སུ་གསོལ༔ དུར་ཁྲོད་གནས་འདིར་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་བགྱི་འོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་སཏྭཾ༔ ཨ་ཏི་པཱུ་ཧོ༔ ཨོཾ་ཨཱཿཧཱུྃ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་བླ་མེད་པ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ སྨན་རག་གཏོར་མ་སྔགས་ཀྱིས་འབུལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་རབ་བསྡུས་ཤིང༔ བར་གཅོད་བགེགས་དཔུང་འཇོམས་མཛད་པའི༔ ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔ དོན་དང་མཐུན་པའི་བསྟོད་པ་བྱ༔ རང་དང་གཉིས་སུ་མེད་པར་བསྒོམ༔ རང་གི་སྙིང་གའི་སྔགས་ཕྲེང་ལས༔ འོད་ཟེར་སྔགས་སྒྲ་མེ་འོད་འཕྲོ༔ ཕར་འཕྲོས་གནོད་བྱེད་དགྲ་བགེགས་བསྲེགས༔ ཚུར་འདུས་ཉོན་མོངས་དུག་ལྔ་བཅོམ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང༔ གོང་གི་རྩ་སྔགས་བརྒྱ་སྟོང་བཟླ༔ ཕྲིན་ལས་རྣམ་བཞི་གང་འདོད་པ༔ དམིགས་པས་བསྒྱུར་ཞིང་མཆོད་པར་བྱ༔ རྫོགས་རིམ་བསྒོམ་ན་གཞལ་ཡས་ཁང༔ འོད་ཞུ་གསང་བདག་ཉིད་ལ་ཐིམ༔ ཏིང་འཛིན་འོད་ཞུ་སྙིང་གའི་སྔགས་ཕྲེང་བསྡུ༔ སྔགས་ཀྱང་ཧཱུྃ་ཐིམ་ཧཱུྃ་འོད་གསལ༔ བསམ་མེད་སྤྲོས་མེད་བདེ་ཆེན་ངང༔ གང་གནས་བཞག་ཅིང་སླར་ཡང་ནི༔ གསང་བདག་སྟོང་གསལ་གཉིས་མེད་བསྒོམ༔ རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོ༔ གསང་བདག་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མའི་རྒྱུ་དག་ནས༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཏེ༔ རང་གཞན་སངས་རྒྱས་མྱུར་ཐོབ་ཤོག༔ ཆོས་སྐུའི་བཀྲ་ཤིས་མཁའ་དབྱིངས་དག་པའི་ཀློང༔ ལོངས་སྐུའི་བཀྲ་ཤིས་མཚན་དཔེའི་འོད་འབར་བ༔ སྤྲུལ་སྐུའི་བཀྲ་ཤིས་གཞན་ཕན་མཐའ་ཡས་ཤིང༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་དེང་འདིར་སྩོལ༔ ཅེས་བརྗོད་དོ༔ གཏུམ་པོ་མེ་ལྕེ་ཕྲེང་བའི་ལས་བྱང་གུ་རུ་ཆོས་དབང་རིན་པོ་ཆེའི་གཏེར་ཁའོ། །ཟབ་རྒྱ། འདིའི་བཟླས་པའི་མཇུག་ཏུ། ཕྱག་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་ཁྱུང་ཆེན་རིགས་ལྔའི་སྤྲོ་བསྡུས་གདོན་བགེགས་ཐམས་ཅད་ཚར་བཅད་པར་བསམ་ལ། རྩ་སྔགས་ཀྱི་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བཏགས་པ་དང་། སྒྲུབ་པའི་སྔགས་རིང་། ཨོཾ་ཉི་མ་པཱ་ལ་ནན༔ ཀླད་པ་ནན༔ གུ་ན་ཞིང༔ ཙིཏྟ་གུ་ལིང་ནན༔ ཡཀྴ་ཙིཏྟ་མུ་ཏྲ་གནོད་བྱེད་གཟའ་ཀླུ་ས་བདག་རྦོད་གཏོང་ཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་ཟློག༔ ནཱ་ག་བྱེར༔ ནཱ་གའི་སྙིང་ལ་ནན༔ ནཱ་གའི་མགོ་ལ་ནན༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་བྷ་རི་ཤ་ཡ་ཕཊ༔ ཅེས་པའང་ཅུང་ཟད་བཟླས་མཐར་མཆོད་བསྟོད་ཚོགས་མཆོད་སོགས་བྱའོ།། ༈ ཕྱག་ན་རྡོ་རྗེ་གཏུམ་པོའི་ཚོགས་མཆོད་བཞུགས་སོ། །ན་མོ་བཛྲ་པཱ་ཎ་ཡེ། ཕྱག་རྡོར་གཏུམ་པོའི་བསྙེན་སྒྲུབ་སོགས་ཀྱི་སྐབས་ཚོགས་མཆོད་བྱེད་པར་འདོད་པས་བཟླས་པའི་རྗེས་སུ་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་བརྗོད། དེ་ནས་ཚོགས་རྫས་ལ་བསང་ཆུ་འཐོར་ལ། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ན་ཧཱུྃ་ཕཊ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ ཁཾ་ལས་ཆུ་བྱུང་དངོས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་ཕྱིར་ཡི་གེ་སྤྲོ༔ ཧཱུྃ་ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ རཾ་ཡཾ་ཁཾ་ཨོཾཿཨཱཿཧཱུྃ་ཧྲཱི༔ ཞེས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་དང༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲང་། དྲག་པོའི་གཞལ་ཡས་འདིར་བཞུགས་ལ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ བཅོམ་ལྡན་གསང་བདག་ལྷ་ཚོགས་རྣམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ ཞེས་དང་སྐོང་བའི་རིམ་པ་གཞན་ཡང་བྱའོ། །དེ་ནས་ཚོགས་ཕུད་གསུམ་བཅད་ལ། དང་པོ་ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བདུད་རྩི་འབུལ་བ་ནི། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀཏ༔ དུག་ལྔ་རྣམ་དག་སྐུ་ལྔ་ལྷུན་གྲུབ་ཕྱིར༔ རོ་བརྒྱར་ལྡན་པའི་དམ་རྫས་བདུད་རྩི་འདི༔ ཡེ་ཤེས་གསལ་བའི་ཀློང་དུ་ཁ་རཾ་ཁཱ་ཧི༔ ཞེས་བདུད་རྩི་འབུལ། རཀྟ་འབུལ་བ་ནི། ཆོས་ཉིད་སྟོང་གསལ་བྷནྡྷ་རུ༔ དམར་ཆེན་ཤ་ཁྲག་རི་ལྟར་སྤུངས༔ གཉིས་མེད་པདྨ་རཀྟའི་རྒྱུན༔ སྐུ་གསུམ་ལྷུན་གྲུབ་ཐོབ་ཕྱིར་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཚོགས་བཤགས་བྱ་བ་ནི། སྔོན་བྱུང་ཐོག་མཐའ་མེད་པ་ནས༔ ད་ལྟའི་དུས་འདི་ཡན་ཆད་དུ༔ མ་རིག་འཁྲུལ་པ་ཅི་བགྱིས་པ༔ ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བསྒྲལ་ཞིང་བསྟབ་པ་ནི། ལིངྒ་ལ་དགུག་གཞུག་བྱས་ལ། བཅོམ་ལྡན་གསང་བདག་སྐུ་བཞེངས་ཤིག༔ དགྲ་བགེགས་འདུལ་བའི་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁོངས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་གཏུབས་ཤིག་མཱ་ར་ཡ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ༔ ཞེས་ལིངྒ་བསྒྲལ་ལོ། །བསྟབ་པ་བྱ་བ་ནི། ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཞལ་དུ་བསྟིམ་མོ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ་པར་བྱའོ། །ལྷག་མ་གཏང་བ་ནི། ཚོགས་ལྷག་ཁ་ཆུས་བྲན་ལ། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་མ་སྲིང་མཁའ་འགྲོ་དང༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ གནས་བཟང་དེ་ནི་དུར་ཁྲོད་འགྲིམ༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ ཟས་སུ་ཤ་དང་ཁྲག་ལ་བྱེད༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ ཨོ་རྒྱན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚཱ་བ་ལིཾ་ཏ་གྲྀཧྞ་ཁཱ་ཧི༔ ཞེས་བསྔོས་ལ་ཕྱི་རོལ་དུ་བསྐྱལ། ཆད་ཐོ་བསྒྲག་པ་སོགས་རིགས་མཐུན་གྱི་ཆོ་ག་སྤྱི་ལྟར་བྱ། དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཅོམ་ལྡན་གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཨ་ལ་ལ་ཧོ༔ ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཞེས་ཟབ་གཏེར་རིགས་མཐུན་ལས་བྱུང་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ཁོ་ན་བླ་མའི་ཕྱག་བཞེས་ལྟར་བསྡེབས་པ་དགེ། ༄༅༔ རྡོ་རྗེ་གཏུམ་པོ་མེ་ལྕེ་ཕྲེང་བའི་དབང་ཆོག་དབང་བཤད་དང་བཅས་པ་བཞུགས་སོ། །ཆོས་དབང་རིན་པོ་ཆེའི་གཏེར་ཁའོ།། ྈྈྈྈ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །འདིར་ཐུགས་སྒྲུབ་གསང་བ་འདུས་པའི་ཐེམ་མེད་དང་འབྲེལ་བ་དཔལ་ཕྱག་ན་རྡོ་རྗེ་གཏུམ་མོ་སེང་གེ་སྒྲ་སྒྲོག་གི་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ། འདི་ཉིད་ཀྱི་མངོན་རྟོགས་དང་མཐུན་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་སུ་བུམ་པ་བཅུད་ལྡན། མདུན་དུ་སྐུ་རྟེན་དང་དཔལ་གཏོར་བརྗིད་ལྡན་དར་གདུགས་སྔོན་པོས་སྤྲས་པ། གཡས་སུ་བདུད་རྩིའི་ཐོད་པ། གཡོན་དུ་རྡོ་རྗེ་རྩེ་ལྔ། རྒྱབ་ཏུ་དར་གྱི་ཅོད་པན་ཁ་དོག་ལྔ་པ་རྣམས་དང་སྨན་རག་ཉེར་སྤྱོད། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། སྐྱབས་སེམས་ནས་བརྩམ་སྟེ་ལས་ཀྱི་གཞུང་བསྲངས་ལ་བདག་མདུན་དབྱེར་མེད་ཀྱི་བསྐྱེད་རིམ་གསལ་བཏབ་ཅིང་བཟླས་པ་ཇི་ལྟར་རིགས་པ་བྱ། བུམ་བཟླས་ལོགས་སུ་མ་བགྱིས་ཀྱང་རུང་ཡང་། སྤྲོ་ན། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོའི་དབུས་སུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་པའི་ལྷ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་བུམ་པའི་ལྷ་ལ་ཐིམ། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། རྩ་སྔགས་ཅི་ནུས་དང་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པའང་ཅུང་ཟད་བཟླ། ལས་བུམ་དུ་བདུད་རྩི་འཁྱིལ་པའམ། རྡོར་སེམས་སྐད་ཅིག་གིས་གསལ་ལ་བཟླས་མཐར་ལྷ་རང་ལ་བསྡུ། མཆོད་བསྟོད་དང་། ཏིང་ངེ་འཛིན་གྱི་དབང་བླང་། གཉིས་པ་དངོས་གཞིའི་དབང་བསྐུར་བ་ནི། སློབ་མ་རྣམས་གནས་ཁང་གི་སྒོར་ཁྲུས་བྱ།་་་སྨན་ལུང་པའི་ཕྱག་བཞེས་སུ་བགེགས་གཏོར་གཏང་བ་སྔོན་དུ་མཛད་ཀྱང་། སྤྱི་འགྲོ་དཀྱུས་སུ་གསལ་བ་ལྟར་བྱས་ཀྱང་མི་འགལ། མཆན། བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། གྲལ་དུ་འཁོད་ལ། སློབ་དཔོན་གྱིས། འོ་སྐལ་ལྡན་རྣམས་ཚེ་འཁོར་བ་ཐོག་མཐའ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་བྱང་ཞིང་དག་པ་དང་། ཚེ་འདིའི་གནས་སྐབས་སུ་ཡང་རྐྱེན་ཕྱི་ནང་གི་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཞི་བ་དང་། མཐར་ཐུག་ཀྱང་ཕྱག་ན་རྡོ་རྗེའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ་བའི་ཕྱིར། ཕྱག་ན་རྡོ་རྗེའི་དབང་མཆོག་བསྐུར་བར་བྱ་བ་ཡིན་ཏེ། དེ་ལ་དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པ་གཉིས་སུ་བཞུགས་པ་ལས། དང་པོ་ཡིད་ཆེས་ཤིང་ཁུངས་བཙུན་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ནས༔ དཔལ་ཀུན་ཏུ་བཟང་པོ་ཆོས་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ དེའི་རྩལ་ཉིད་དང༔ བདག་ཉིད་ཀྱི་ཐུགས་རྗེ་ལས༔ འོག་མིན་གནས་སུ་རྡོ་རྗེ་འཆང་ཆེན་པོར་སྐུར་སྤྲུལ༔ གསང་སྔགས་ཀྱི་རྒྱུད་ལུང་ཐམས་ཅད་བྱིན་གྱིས་བརླབས་པ་ཙམ་དུ་གནང༔ རྡོ་རྗེ་འཆང་གིས་ཀྱང་སྤྲུལ་སྐུ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཏནྟྲ་སྡེ་བཅོ་བརྒྱད་བརྡ་བསྟན་པ་ཙམ་དུ་གནང༔ རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་ན་རྡོ་རྗེ་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་གདམས་སྐོར་གནང་བ་ནི༔ ཕྱི་མཆོད་རྟེན་སྔོན་པོའི་རྒྱུད༔ ནང་འཕགས་པ་གོས་སྔོན་ཅན་གྱི་རྒྱུད༔ གསང་བ་དྲེགས་པ་ཀུན་འདུལ་གྱི་རྒྱུད༔ ཡང་གསང་གཏུམ་པོ་མེ་འབར་གྱི་རྒྱུད༔ བླ་མེད་མེ་ལྕེ་ཕྲེང་བའི་རྒྱུད་དང་ལྔའོ༔ དེའི་དུས་ཨོ་རྒྱན་པདྨ་འབྱུང་གནས་ཨོ་རྒྱན་གྱི་ནུབ་བྱང་གི་མཚམས༔ གེ་སར་པདྨའི་སྙིང་པོ་ལ་སྐུ་འཁྲུངས་ནས༔ ཨིནྡྲ་བྷཱུ་ཏིའི་སྲས་མཛད་དེ་རྒྱལ་སྲིད་ཆོས་དང་མཐུན་པར་བསྐྱངས༔ འཁོར་བ་ལ་སྐྱོ་བའི་ཚུལ་བསྟན༔ བསིལ་བ་ཚལ་དུ་བྱོན་ནས་བམ་རོའི་སྒྲུབ་པ་མཛད༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ ཟ་ཧོར་ཡུལ་དུ་བྱོན་པྲ་བྷ་ཧསྟི་དང་མཇལ་རབ་ཏུ་བྱུང༔ ཨ་སུ་རའི་བྲག་ཕུག་ཏུ་བྱོན་བཀའི་བསྡུ་བ་མཛད་སྡེ་སྣོད་ཀྱི་ཆོས་ལ་སྦྱངས༔ མ་ལ་ཡར་བྱོན་འཇམ་དཔལ་བཤེས་གཉེན་ལས་ཐེག་པ་ཆེན་པོའི་ཆོས་ཞུས༔ མེ་རི་འབར་བ་གསང་ཆེན་རོལ་པའི་དུར་ཁྲོད་དུ་བྱོན༔ དགའ་རབ་རྡོ་རྗེ་དང་མཇལ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་རྣམས་ཞུས༔ ལྷག་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྒྱུད་ལུང་མན་ངག་རྣམས་རྫོགས་པར་ཞུས༔ དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བར་བྱོན་ནས་སྒྲུབ་པ་མཛད་པས༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་དང་ཞལ་དངོས་སུ་མཇལ༔ སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ༔ རྡོ་རྗེ་གདན་དུ་བྱོན༔ བསྟན་པའི་སོ་ནམ་མཛད༔ མུ་སྟེགས་སྟོན་པ་སྡེ་དྲུག་བཅོམ༔ ནང་པའི་བསྟན་པ་དར་བར་བྱས་སོ༔ དེའི་དུས་སུ་་འཇམ་དཔལ་གྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཏེ༔ དུས་དེར་སྐུའི་གདུལ་བྱའི་ཞིང་ལ་བརྟེན་ནས༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བོད་དུ་བྱོན༔ ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིམ་གསུམ་གྱི་གཙོ་བྱས་ནས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པར༔ ཤིང་མེད་པས་ཤིང་བཟོ་བ་ཐམས་ཅད་ལག་རྡུགས་པར་གྱུར་ཏེ༔ རྒྱལ་པོས་ཨོ་རྒྱན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ངེད་བོད་ཀྱི་ཕྱོགས་འདི་རི་རྩེ་གངས་རི་དཀར་པོ་མཚོན་ཆ་གཟིངས་པ་འདྲ་བ༔ རི་རྐེད་ཐམས་ཅད་ནི་ཀེང་རུས་བཀྲམ་པ་དང་འདྲ༔ ས་གཞི་ཐམས་ཅད་ནི་བྱེ་མའི་གླིང་དུ་སོང་ནས༔ ཤིང་གི་རྣམ་པ་མེད་པས་བདག་གི་གཙུག་ལག་ཁང་འདི་མི་འགྲུབ་པ་འདྲ༔ ཞེས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ ཆོས་རྒྱལ་ལགས་ཐུགས་ཞུམ་མི་དགོས༔ བསམ་ཡས་འདི་ནས་བཙལ་བའི་བྱང་ཤར་ན༔ མཚོ་སྒོ་ང་གཉིས་སུ་བཤགས་པ་འདྲ་བ་གཅིག་ཡོད༔ དེ་ན་ཀླུའི་རྒྱལ་པོ་ནེའུ་ལེ་ཐོད་དཀར་བྱ་བ་ཡོད༔ དེར་བྱོན་ནས་ཀླུ་སྒྲུབ་ན་ཤིང་གི་དངོས་གྲུབ་སྟེར་བ་ཡོད༔ ཅེས་གསུངས་པས༔ རྒྱལ་པོའི་ཞལ་ནས་འོ་ན་ཀླུ་སྒྲུབ་པའི་མན་ངག་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ གཉེན་པོ་ལྷ་གསུམ་གྱི་མན་ངག་བྱིན༔ བཀའ་བསྒོ་བ་མཛད་ནས༔ རྒྱལ་པོ་ལགས་དཀར་གསུམ་མངར་གསུམ་ཁྱེར་ནས༔ ཀླུ་བསྒྲུབས་ན་ཤིང་གི་དངོས་གྲུབ་འབུལ་བ་འོང༔ ཞེས་གསུངས་པས༔ རྒྱལ་པོས་མཚོ་འགྲམ་དུ་བྱོན་ནས༔ གུར་དཀར་པོ་གཅིག་ཕུབ་སྟེ༔ དཀར་གསུམ་གྱི་མཆོད་པ་ཕུལ་ཞིང་ཞག་ཉི་ཤུ་རྩ་གཅིག་བཞུགས་པ་དང༔ ཐོ་རངས་རི་རྩེར་ཉི་མ་ཤར་བའི་དུས་གཞོན་ནུ་ལང་ཚོ་དང་ལྡན་པ་གཅིག་བྱུང་ནས༔ རྒྱལ་པོ་ང་བོས་ནས་ཅི་བྱེད་པ་ཡིན་ཞུས་པ་དང༔ རྒྱལ་པོའི་ཞལ་ནས་གཞོན་ནུ་ཁྱོད་གང་ཡིན་དྲིས་པས༔ ང་ཀླུའི་རྒྱལ་པོ་ནེའུ་ལེ་ཐོད་དཀར་བྱ་བ་ཡིན་ཞུས་པ་དང༔ འོ་ན་ཁྱོད་ནེའུ་ལེ་ཐོད་དཀར་ཡིན་ན༔ ང་ལ་ཤིང་གི་དངོས་གྲུབ་སྟེར་བར་གྱིས་ཤིག་གསུངས་པ་དང༔ ནེའུ་ལེ་ཐོད་དཀར་ན་རེ༔ རྒྱལ་པོ་གྲོང་དུ་བྱོན་ཅིག་ངས་ཤིང་གི་དངོས་གྲུབ་འབུལ་ལོ༔ ཞེས་ཞུས་ནས་མཚོ་ནང་དུ་བཞུད་པར་གྱུར་ཏོ༔ དེ་ནས་རྒྱལ་པོ་ཕོ་བྲང་དུ་བྱོན་ནས་ཞག་གསུམ་སོང་བའི་ཐོ་རངས་བྲག་དམར་འོམ་བུའི་ཚལ་ནས་མར་ལ་ཆར་དྲག་པོ་གཅིག་བྱུང་བས༔ སའི་གད་པ་ཆེན་པོ་གཅིག་ཆད་པ་ལ་བརྟེན་ནས༔ བསམ་ཡས་ཀྱི་ཟུར་ནས་མར་ལ༔ ཤིང་ཆེ་བ་དང་ཆུང་བ་རི་ཉིལ་བ་ཙམ་བྱུང་བས༔ བསམ་ཡས་ཀྱི་ཤིང་ཐམས་ཅད་དེ་ལས་གྲུབ་པ་ཡིན་འདུག༔ དེ་ནས་བསམ་ཡས་བཞེངས་ཚར་བའི་རྗེས༔ རྒྱལ་པོའི་དགོངས་པ་ལ༔ ངའི་གཙུག་ལག་ཁང་འདི་ལྟ་བུ་འགྲུབ་པ་ཀླུའི་དྲིན་ཡིན༔ ཁོང་གི་སྐུ་གཅིག་ཀྱང་བཞེངས་དགོས་སྙམ་པའི་དགོངས་པ་ཤར་ཏེ༔ སྔར་བཞིན་དཀར་གསུམ་དང་མངར་གསུམ་གྱི་མཆོད་པ་བསྣམས་ནས༔ རྒྱ་མཚོའི་འགྲམ་དུ་བྱོན་ནས་ཀླུ་བོས་ནས༔ སྔར་བཞིན་དུ་གཞོན་ནུ་ལང་ཚོ་དང་ལྡན་པ་དེ་བྱོན་ནས༔ རྒྱལ་པོ་ཅི་འདོད་བྱས་པས༔ རྒྱལ་པོའི་ཞལ་ནས༔ ངའི་གཙུག་ལག་ཁང་འགྲུབ་པ་འདི་ཁྱོད་ཀྱི་དྲིན་ཡིན་པས༔ ཁྱོད་ཀྱི་སྐུ་གཅིག་བཞེངས་པར་བྱའོ༔ ཁྱེད་རྒྱ་མཚོའི་ནང་གི་ཕོ་བྲང་ན་ཇི་ལྟར་བཞུགས་ཀྱི་བཀོད་པ་གཅིག་སྟོན་ཅིག༔ ཞེས་གསུངས་པས༔ གཞོན་ནུའི་ཞལ་ནས༔ ངའི་ཕོ་བྲང་ལ་གནས་པའི་ལུས་ཀྱི་བཀོད་པ་བསྟན་ན༔ ང་ལ་མཐོང་བའི་དུག་དང༔ རེག་པའི་དུག་དང༔ ཁ་རླངས་ཀྱི་དུག་དང༔ བསམ་སྦྱོར་གྱི་དུག་དང་རྣམ་པ་བཞི་ཡོད་དེ༔ རྒྱལ་པོའི་སྲོག་ལ་ཕོག་ན་བར་ཆད་འོང༔ དེ་བས་གཞོན་ནུ་བདག་འདྲ་བ་གཅིག་བཞེངས་ཤིག་བྱས༔ རྒྱལ་པོས་ནན་གྱིས་གསུངས་པ་དང༔ གཞོན་ནུས་ཞུས་པ༔ འོ་ན་ཕོ་བྲང་དུ་ལོག་ལ་བྱོན་ཅིག༔ ཞག་གསུམ་ལ་ཡོང་གི་གནམ་སྒྲ་དི་རི་རི་བྱུང་བ་དང༔ ལུས་ལ་སྨན་བྱུགས༔ མིག་ལ་ཁྲོལ་མ་ཁོབས་ལ་ལྟོས་ཤིག༔ ཅེས་ཞུས་ནས་མཚོ་ནང་དུ་བཞུད་དོ༔ དེ་ནས་རྒྱལ་པོ་ཕོ་བྲང་དུ་ལོག་ནས༔ ཞག་གསུམ་སོང་བའི་ཐོ་རངས་སྒྲ་དི་རི་རི་བྱུང་བ་དང༔ རྒྱལ་པོས་ལུས་ལ་སྨན་བྱུགས༔ མིག་ལ་ཁྲོལ་མ་བཀབ་ནས་གཟིགས་པས༔ བསམ་ཡས་ཀྱི་སྟེང་ནས་ཚུར་སྦྲུལ་ནག་པོ་འཇིགས་སུ་རུང་བ༔ ལུས་ལ་འཇའ་ཚོན་གྱི་འོད་འཕྲོ་བ༔ ཁའི་རླངས་པས་བསམ་ཡས་ཀྱི་ཕྱོགས་ཐམས་ཅད་ན་བུན་འཐིབས་པ་ལྟར་མཐོང་བ་དང༔ རྒྱལ་པོའི་ལུས་ལ་མཛེ་ནད་ཀྱིས་བཏབ་ནས་ཡན་ལག་ཐོ་ལུམ་དུ་སོང༔ རྣག་ཁྲག་གི་རྒྱུན་ཆུ་འབབས་པ་ལྟར་བྱུང་ནས༔ ནད་ཀྱིས་མ་བཟོད་པ་ལྟར་གྱུར་ཏེ༔ སློབ་དཔོན་ལ་ཞུས་པ༔ ངའི་ལུས་ཀྱི་ནད་འདི་སྔོན་གྱི་ལས་ཡིན་ནམ༔ འཕྲལ་གྱི་རྐྱེན་ཡིན༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་ནས༔ རྒྱལ་པོ་ཁྱོད་ཀྱི་ལུས་ཀྱི་ནད་འདི་སྔོན་གྱི་ལས་མ་ཡིན་འཕྲལ་གྱི་རྐྱེན་ལས་བྱུང༔ ཀླུ་ལ་གྲོགས་པོ་བཅོལ་བས༔ ཀླུའི་དུག་ཕོག་པ་ཡིན་གསུངས་པ་དང༔ རྒྱལ་པོས་ཞུས་པ༔ ནད་འདི་ལ་ཕན་པའི་ཐབས་ཡོད་དམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཕན་པའི་ཐབས་ཡོད་ཀྱི་གསུངས་ནས༔ རྒྱལ་པོ་དང་མཚོ་རྒྱལ་དང༔ ཨོ་རྒྱན་གསུམ་བྲག་དམར་འོམ་བུའི་ཕུག་རིང་དུ་བྱོན་ནས༔ རྒྱལ་པོ་ལ་དབང་བསྐུར༔ བྱིན་གྱིས་རློབ་པར་མཛད་པས༔ རྒྱལ་པོའི་ལུས་ཀྱི་མཛེ་ནད་ལ་ཕན་ཏེ༔ སྔར་བས་ཀྱང་མཚར་བར་གྱུར་ཏོ༔ དེའི་དུས་སུ་མཚོ་རྒྱལ་གྱིས་ཨོ་རྒྱན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ གདམས་པ་འདི་ད་ལྟ་སྤེལ་ལམ་ཇི་ལྟར་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ད་ལྟ་དུས་བཟང་བསྐལ་པ་ཡང་བཟང༔ མ་འོངས་པའི་དུས་སུ་ཡས་གདོན་དང་མས་གདོན་གྱིས་གནོད་ཅིང༔ མཛེ་དང་སྨྱོ་འབོག་དར་བར་འགྱུར་ཏེ༔ དེའི་དུས་སེམས་ཅན་ལ་ཕན་ཐོགས་པར་བྱ་བའི་ཕྱིར་གཏེར་དུ་སྦ་བར་བྱེད་ཀྱིས༔ ཡི་གེར་ཐོབས་ཤིག་གསུངས་པས༔ མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ༔ སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ཞུས་པ༔ གཏེར་དུ་སྦ་ན་གང་དུ་སྦ༔ འདོན་པའི་དུས་ནི་ནམ་ཙམ་ཡིན༔ འདི་ཡི་ཆོས་བདག་གང་གིས་བྱེད༔ ཅེས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ གཏེར་དུ་སྦ་ན་བསམ་ཡས་འདིའི་ལྷོ་ནུབ་གནམ་སྐས་བྲག་ལ་སྦོས༔ འདོན་པའི་དུས་ནི་ལྔ་བཅུའི་དུས༔ མཛེ་དང་སྨྱོ་འབོག་འབྱུང་དུས་ཡིན༔ འདི་ནི་ཆོས་བདག་ད་ལྟ་ཡི༔ མངའ་བདག་སྐྱེ་མཐའ་ལྕགས་སྤྲེལ་ལོ༔ སྐྱེས་བུ་དེ་ཡིས་གདན་དྲངས་ནས༔ འགྲོ་བ་ཀུན་ལ་ཕན་ཐོགས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ཅེས་སྨོན་ལམ་གྱིས་དབང་བསྐུར་བའི་ཆོས་དབང་རིན་པོ་ཆེ་དེས། ཨོ་རྒྱན་གྱི་སྨོན་ལམ་དང་། མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས་ཏེ་རིན་པོ་ཆེས་སྐལ་ལྡན་ཡབ་སྲས་ལ་བཀའ་བབས་གཏད་པ་ལས། སྲས་ཀྱི་ཐུ་བོར་གྱུར་པ་ཉང་ཤཱཀྱ་པྲ་བྷ་ཞེས་གྲགས་པ་ལྟར། སྒྲ་ཐལ་འགྱུར་གྱི་རྒྱུད་ལས། དེ་འོག་ཡོ་གི་པྲ་བྷས་འཛིན། །ཞེས་དང་། ལུང་སྐོར་ལས་བི་མ་ལའི་སྤྲུལ་པར་གསུངས་ཤིང་། པདྨ་བཀའ་ཐང་ལས། སྨན་གྱི་ཡུལ་དུ་འཇམ་དཔལ་སྤྲུལ་པ་འབྱུང༔ ཞེས་པའི་ལུང་བསྟན་དང་མཐུན་པར་བཞུགས་གནས་དང་གསང་མཚན་ལས་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་པ་དེ་ཉིད་ཀྱིས་སངས་རྒྱས་དྭགས་སྟོན་ཆོས་ཀྱི་སྤྱན་ལྡན་ལ་གནང་། དེས་ཉང་སྟོན་རྡོ་རྗེ་ཡེ་ཤེས། དེས་སེ་སྡིངས་པ་སངས་རྒྱས་དཔལ་ཡབ་སྲས། དེ་གཉིས་ཀས་གུ་རུ་ཆོས་སྐུ་འོད་ཟེར་ལ་གནང་། བླ་མ་འདི་ནི་ཆོས་དབང་རིན་པོ་ཆེའི་སྤྲུལ་པར་གྲགས་ཤིང་། དགུང་ལོ་བརྒྱ་དང་བཅུ་གཉིས་སུ་བཞུགས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུར་མཛད་པ་ལས་རིམ་གྱིས་བརྒྱུད་ནས། རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བྱོན་པའི་ཡི་དམ་ཁྱད་པར་ཅན་འདི་ཉིད་ཀྱི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཟབ་མོ་སྒྲུབ་པར་བྱེད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་ནས་སློབ་མའི་བྱ་བའི་རིམ་པ་ལ་གཉིས་ལས། ཐོག་མར་ཡོན་དབུལ་ཞིང་གསོལ་བ་གདབ་པའི་སླད་དུ། ད་ལྟར་གྱི་སློབ་དཔོན་འདི་ཉིད་གསང་བའི་བདག་པོ་མི་འཇིགས་སེང་གེ་སྒྲ་སྒྲོག་ཨོ་རྒྱན་པདྨ་དང་ཐ་མི་དད་པར་དངོས་སུ་གསལ་བ་དེ་ཉིད་ཀྱི་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ཞེས་ལན་གསུམ་བཏབ་པ་ལ་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ རྫོགས་པའི་སངས་རྒྱས་གང་འདས་དང༔ དེ་བཞིན་གང་དག་མ་བྱོན་དང༔ ད་ལྟར་བྱུང་བའི་རྫོགས་སངས་རྒྱས༔ འགྲོ་བའི་དོན་ཕྱིར་བཞུགས་པ་རྣམས༔ དེ་དག་ཀུན་གྱིས་གསང་སྔགས་ཀྱི༔ ཆོ་ག་བཟང་པོ་འདི་མཁྱེན་ནས༔ དཔའ་བོས་བྱང་ཆུབ་ཤིང་དྲུང་དུ༔ ཐམས་ཅད་མཁྱེན་པ་ཚད་མེད་བརྙེས༔ སྐྱོབ་པ་ཤཱཀྱ་སེང་གེ་ཡིས༔ གསང་སྔགས་སྦྱོར་བ་མཉམ་མེད་པས༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་དེ་ཡིས་བཏུལ༔ དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ ཅེས་བརྗོད་ལ་དེའི་དོན་བཤད། གཉིས་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས༔ ཐར་པའི་མགོན་གྱུར་དཀོན་མཆོག་གསུམ༔ ཡིད་ཀྱིས་དམིགས་ཏེ་ཕྱག་འཚལ་ཞིང༔ སྐྱབས་གསོལ་སྡིག་པ་བཤགས་པར་གྱིས༔ དེ་ཡང་མདུན་གྱི་ནམ་མཁར་གསང་བའི་བདག་པོ་དང་དབྱེར་མི་ཕྱེད་པའི་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་དཔའ་བོ་དཔའ་མོ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་འཛིན་པའི་དགོངས་པ་ཡིས༔ ངེས་པའི་དོན་དུ་སེམས་བསྐྱེད་པས༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཞེས་བཤགས་པ་བྱ། བྱིན་རླབས་ཀྱི་དངོས་གཞི་ལ་སྦྱོར་བ་དམ་ལ་བཞག་པ་དང་། དངོས་གཞི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་གཉིས་ལས། དང་པོ་ལ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཞེས་བརྡ་སྦྱར་ལ་རྡོ་རྗེ་སྤྱི་བོར་བཞག་ཅིང་། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སངས་རྒྱས་ཀུན་ཏུ་ཁྱོད་འགྲུབ་ཅིང༔ མི་ཕྱེད་ཡེ་ཤེས་མཆོག་ཏུ་འགྱུར༔ ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། སྙིང་གར་བཞག་ལ། རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱི༔ སྙིང་ལ་ཡང་དག་ཞུགས་པར་འགྱུར༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཧཱུྃ༔ སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། ཡང་སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བཀའ་བསྩལ་པ༔ གུས་པའི་ཚུལ་གྱིས་མཉན་པར་གྱིས༔ ཁྱོད་ཀྱིས་ང་ལ་བརྙས་པ་ན༔ མི་བདེ་མ་སྤངས་དུས་བྱས་ནས༔ དམྱལ་བར་ལྟུང་བར་འགྱུར་ཏ་རེ༔ ཞེས་བརྗོད། གཉིས་པ་དངོས་གཞི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དངོས་ལ། དབང་རྟེན་གསལ་གདབ་ཅིང་ཡེ་ཤེས་དབབ་པ། སྲུང་བའི་འཁོར་ལོ་སྤྲོ་ཞིང་སློབ་མ་ལྷར་གསལ་གདབ་པ། སྐུ་བུམ་པའི་དབང་། གསུང་བདུད་རྩིའི་དབང་། ཐུགས་རྡོ་རྗེའི་དབང་། ཡོན་ཏན་གཏོར་མའི་དབང་། ཕྲིན་ལས་ཅོད་པན་གྱི་དབང་རྣམས་སོ་སོར་བསྐུར་བ་དང་། སླར་སྐུ་རྟེན་ཙཀླི་དང་བཅས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྱིར་དྲིལ་བའི་དབང་རྒྱས་པར་བསྐུར་བ་དང་། སྔགས་ཀྱི་བཟླས་ལུང་སྦྱིན་པ། དབང་རྟགས་སྲུང་སྐུད་གདགས་པ་སྟེ་དོན་ཚན་རྣམ་པ་བཅུར་ཡོད་པ་ལས། དང་པོ་དབང་རྟེན་གསལ་གདབ་ཅིང་ཡེ་ཤེས་དབབ་པ་ནི། དབང་རྟེན་བུམ་པ་གཏོར་མ་སྔར་སློབ་དཔོན་གྱིས་བསྐྱེད་ཟིན་པ་ཉིད་སྔར་ཡོད་གསལ་གདབ་པའི་ཚུལ་གྱིས་རང་རང་གི་དམིགས་པའི་ཡུལ་དུ་འདི་བཞིན་གསལ་ཐོབས་མཛོད། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཐོད་པ་སྐམ་རློན་གྱི་རྩིག་པ་ལ༔ ལྷ་ཆེན་བརྒྱད་ཀྱི་ཀ་བ་རྔམ་ཞིང་འགྱིང་པ༔ འོག་ན་རུས་སྦལ་དང་ཆུ་སྲིན་འཁུན་པ་འདེབས་པ༔ སྟེང་ན་གཟའ་ཆེན་བརྒྱད་ཀྱི་ཀ་ཞུ་གློག་ལྟར་འཁྱུག་པ༔ གནོད་སྦྱིན་བརྒྱད་དང་ཀླུ་བརྒྱད་ཀྱི་གདུང་མ་དང༔ གདུང་འདེགས་བྱས་པ༔ རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་ལྕམ་ལ༔ ཞིང་ཆེན་གྱི་པགས་པས་ཐོག་ཕུབ་པ༔ ཙིཏྟའི་ཕོ་ཏོ༔ རྒྱུ་མའི་དྲྭ་ཕྱེད༔ མི་རོའི་རྒྱལ་མཚན༔ ཀེང་རུས་ཀྱི་འཕན་གདུགས༔ རྡོ་རྗེའི་ཡ་ཐེམ་མ་ཐེམ་དང་རེ་བཞི་བྱས་པ་ལ། གནམ་ལྕགས་སྒོ་མོ་དང་རྡོ་རྗེ་ཉི་ཟླའི་ཡག་ཤིང་བྱས་པའི་ཕོ་བྲང༔ ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ཀློང་དཀྱིལ༔ གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་གི་དབུས་སུ༔ ཐབས་ཤེས་ཉི་ཟླ་པདྨ་བརྩེགས་པའི་གདན་ལ༔ གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་ཁར༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ༔ སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གདེངས་པ༔ གཡོན་སྡིགས་མཛུབ་ཐུགས་ཀར་མཛད་ཅིང་རྡོ་རྗེ་ཁྱུང་གི་ཚོགས་སྤྲོ་བ༔ སྦྲུལ་གདུག་པ་ཞལ་དུ་གསོལ་ཞིང་ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ༔ སྤྱན་གསུམ་དམར་ལ་འཁྱུག་ཅིང་ཐུར་དུ་གཡོ་བ༔ སྨ་ར་དང་སྨིན་མ་རབ་འཇིགས་གློག་ལྟར་འཁྱུག་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་པ༔ རལ་པའི་ཁྲོད་ན་མི་བསྐྱོད་པས་དབུར་བརྒྱན་པ༔ ཐོད་སྐམ་ལྔ་དང་རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ སྐུ་སྟོད་ལ་སེང་གེའི་གཡང་གཞི༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས༔ དགའ་བོ་འཇོག་པོས་ཐོད་བཅིང་དང༔ འདབ་བཟང་དཀར་པོས་སྐེ་རགས་བྱས་པ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ༔ ཁྲོ་བོ་དུ་མའི་སྤྲིན་འཕྲོ་བའི་ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་ན་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བཞུགས་པར་བསྒོམ༔ དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་་་བདག་བསྐྱེད་ཀྱི་སྐབས་སུ་ཐུགས་ཀར་ཉི་དཀྱིལ་བསྒོམ་པ་ཞལ་རྒྱུན་ལས་འབྱུང་ཡང་། དབང་གི་སྐབས་སུ་དཔེ་ཐམས་ཅད་ལ་འདི་ལྟར་སྣང་ངོ་། །མཆན། གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་ཡོད་པར་གསལ་བཏབ༔ དེ་ལས་འོད་ཟེར་འཕྲོས་པས༔ འོག་མིན་དང་ལྕང་ལོ་ཅན་ནས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་ཆེ་བ་རི་རབ་ཙམ༔ ཆུང་བ་ཡུངས་འབྲུ་ཙམ་ཚད་མེད་དཔག་ཏུ་མེད་པ་ནམ་མཁའ་ལས་ཆར་བབས་པ་ལྟར་བྱོན་ཏེ་མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད༔ ཞེས་བརྡ་སྤྲད་ལ་སྤྱན་འདྲེན་གྱི་ཚིགས་སུ་བཅད་པ་སྔགས་དང་རོལ་མོ་དྲག་ཏུ་སྦིར་ཞིང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། གཉིས་པ་སྲུང་བའི་འཁོར་ལོ་སྤྲོ་ཞིང་སློབ་མ་ལྷར་གསལ་བ་ནི། སླར་ཡང་ཐུགས་ཀའི་ཡིག་འབྲུ་ལས་འོད་ཟེར་ཁ་དོག་ལྔ་ཕྱོགས་བཅུར་འཕྲོས་པས་འོད་ཟེར་དཀར་པོ་ལ་བརྟེན་ནས་རྡོ་རྗེའི་གུར་ཁང༔ འོད་ཟེར་སེར་པོ་ལ་བརྟེན་ནས་ཕུར་པའི་གུར་ཁང༔ འོད་ཟེར་དམར་པོ་ལ་བརྟེན་ནས་གྲི་གུག་གི་གུར་ཁང༔ འོད་ཟེར་ལྗང་གུ་ལ་བརྟེན་ནས་རལ་གྲིའི་གུར་ཁང༔ འོད་ཟེར་མཐིང་ག་ལ་བརྟེན་ནས་འཁོར་ལོའི་གུར་ཁང་སྟེ༔ དེ་ལྟར་མཚོན་ཆ་སྣ་ལྔའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་སྲུང་བའི་འཁོར་ལོའི་ནང་དུ་ཁྱེད་རང་རྣམས་ཀྱང་སྐད་ཅིག་གིས་དཔལ་གསང་བའི་བདག་པོའི་སྐུར་ལམ་སྟེ་གསལ་བར་གྱུར༔ གསུམ་པ་སྐུ་བུམ་པའི་དབང་ནི། བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པས་དབང་བསྐུར་བ་དང་ལྷན་ཅིག་དབང་གི་ལྷ་དཔག་ཏུ་མེད་པ་གདོད་མ་ནས་ཡེ་ཤེས་ཁྱབ་བརྡལ་ཆེན་པོར་བཞུགས་པ་ཀུན་ཏུ་སྣང་བ་བྱས་ཏེ༔ དེ་ཡང་རྡོ་རྗེ་སེམས་དཔའ་སོགས་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད༔ སངས་རྒྱས་སྤྱན་མ་ལ་སོགས་ཡུམ་ལྔས་ཤིས་པ་བརྗོད༔ ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ༔ རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་བཅུས་བགེགས་བསྐྲད༔ ལཱ་སེ་དཀར་མོ་ལ་སོགས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས་མཆོད་ཅིང་གླུ་ལེན་གར་བསྒྱུར་རོལ་མོ་སྒྲོག༔ བུམ་པའི་ཆུ་སྤྱི་བོར་གཏོར་ཞིང་བླུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་དྲི་མ་བག་ཆགས་དང་བཅས་པ་དག༔ ལྷ་དང་ཡེ་ཤེས་ཀྱི་སྐལ་བ་བཞག༔ རང་རིག་གཞན་དབང་དུ་མ་གྱུར་པའི་ཆོས་སྐུ་རང་ཚུགས་ཐུབ༔ རིག་པའི་རྩལ་དབང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་བྱན་ཚུད་ཅིང་དབང་བསྒྱུར་ནུས་པར་གྱུར་སྙམ་པའི་མོས་པ་མཛོད༔ ཅེས་བརྡ་སྦྱར། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ ནང་ན་གསང་བདག་ཕྱག་རྡོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཞི་པ་གསུང་བདུད་རྩིའི་དབང་བསྐུར་བ་ནི། ཐོད་པ་མགྲིན་པར་བཞག་ལ། ཨཱ༔ ཐོད་པ་ཆགས་བྲལ་ལྕང་ལོར་ལྡན༔ རང་བྱུང་བྱང་སེམས་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལྔ་པ་ཐུགས་རྡོ་རྗེའི་དབང་བསྐུར་བ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ མི་འགྱུར་མི་འཇིག་བདུད་ལས་རྒྱལ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་དབང་སེམས་ཀྱིས་ཐོབ་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཡོན་ཏན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ གཏོར་མའི་རང་བཞིན་གཞལ་ཡས་ཁང༔ གསང་བདག་རྟེན་དང་བརྟེན་པ་དངོས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་བདུན་པ་ཕྲིན་ལས་ཅོད་པན་གྱི་དབང་ནི། དར་གྱི་ཅོད་པན་ཐོགས་ལ། ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ཕྲིན་ལས་ལྔ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱ༔ དེ་ནས་བརྒྱད་པ་མི་ཟད་རྒྱན་འཁོར་ལྔ་སྤྱི་དྲིལ་གྱི་དབང་རྒྱས་པར་བསྐུར་བ་ནི། སྐུ་རྟེན་བྲིས་འབུར་གང་རུང་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་འཁོར་ལོ་རབ་སྒྱུར་བས༔ ལུས་ཀྱི་ནད་གདོན་ཞི་ནས་ཀྱང༔ རྡོ་རྗེ་ལྟ་བུའི་སྐུར་གྱུར་ཅིག༔ མགྲིན་པར་བཞག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གསུང་གི་འཁོར་ལོ་རབ་སྒྱུར་བས༔ ངག་གི་སྡིག་སྒྲིབ་ཞི་ནས་ཀྱང༔ གསུང་དབྱངས་དྲུག་ཅུར་ལྡན་གྱུར་ཅིག༔ སྙིང་གར་བཞག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་འཁོར་ལོ་རབ་སྒྱུར་བས༔ ཡིད་ཀྱི་རྣམ་རྟོག་ཞི་ནས་ཀྱང༔ ཆོས་དབྱིངས་དོན་རྣམས་རྟོགས་གྱུར་ཅིག༔ ལྟེ་བར་བཞག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཡོན་ཏན་འཁོར་ལོ་རབ་སྒྱུར་བས༔ ཤེས་བྱའི་སྒྲིབ་པ་དག་ནས་ཀྱང༔ རིག་པའི་རྩལ་དབང་ཐོབ་གྱུར་ཅིག༔ གསང་གནས་སུ་བཞག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་འཁོར་ལོ་རབ་སྒྱུར་བས༔ ཉོན་མོངས་སྒྲིབ་པ་དག་ནས་ཀྱང༔ ཕྲིན་ལས་ཐམས་ཅད་འགྲུབ་གྱུར་ཅིག༔ མེ་ཏོག་འཐོར་ལ། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འཁོར་ལོ་ལྔ་རབ་ཏུ་སྒྱུར་བ་ལ་བརྟེན་ནས་ལུས་བདེ་བ་དང་ལྡན་སེམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག༔ བྱེ་བྲག་ཏུ་རྡོ་རྗེའི་སློབ་མ་འདི་དག་ལ་གནོད་ཅིང་འཚེ་བ་སྟེང་གདོན་གཟའ་དང་རྒྱུ་སྐར༔ འོག་གདོན་ཀླུ་དང་ས་བདག༔ བར་གདོན་བདུད་བཙན་མ་མོ༔ རྒྱལ་འགོང་དམ་སྲི་ཤི་འདྲེ་ཤི་ངོག༔ ཐེའུ་རང་འབྱུང་པོའི་གནོད་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཞི་བ་དང་ཚར་གཅོད་པར་མཛད་དུ་གསོལ༔ བྱང་ཆུབ་མ་ཐོབ་བར་དུ་སྲུང་བ་དང༔ སྐྱོབ་པ་དང་སྦ་བར་མཛད་དུ་གསོལ༔ མདོར་ན་རིག་འཛིན་རྩལ་འཆང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཕགས་པ་སེང་གེ་སྒྲ་སྒྲོག་ཨོ་རྒྱན་པདྨ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཉིད་དང་དབྱེར་མི་ཕྱེད་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་བརྗོད་ཅིང་སྤོས་དང་རོལ་མོ་བྱས་པས། དབང་གི་ལྷ་ཚོགས་རྣམས་གསང་བའི་བདག་པོ་ལ་ཐིམ༔ དེ་ཉིད་སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་དང་གསང་བའི་བདག་པོའི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས། སློབ་མ་ཕྱག་ན་རྡོ་རྗེ་དངོས་སུ་གྱུར་པར་བསམ་ལ་དར་གཅིག་མཉམ་པར་བཞག །དེ་ནས་དགུ་པ་སྔགས་ཀྱི་བཟླས་ལུང་ཞུ་བའི་ཕྱིར་ཐོག་མར་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་ཡི་དམ་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདི་ལ་སོགས་ལན་གསུམ། ཞེས་གསོལ་བ་བཏབ་པས་མདུན་གྱི་ཕྱག་རྡོར་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱུང་། ཞལ་ནས་ཐོན། སློབ་མ་ཕྱག་རྡོར་དུ་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧཱུྃ་མཐིང་ནག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ལ་སློབ་དཔོན་གྱི་ཕྲེང་བ་ལ་འཇུས་ཏེ་རྗེས་ཟློས་ལན་གསུམ་གྱིས། དང་པོས་དམ་ཚིག་པར་བསྐྱེད་པ། གཉིས་པས་ཡེ་ཤེས་པ་བསྟིམ་པ། གསུམ་པས་བརྟན་ཅིང་རྒྱས་གདབ་པའི་ཚུལ་དུ་མོས་མཛོད། སློབ་དཔོན་གྱིས་ཕྲེང་བའམ་མེ་ཏོག་སྤྱི་བོར་བཞག་ལ། ཧཱུྃ༔ གསང་སྔགས་ཀུན་གྱི་གྲངས་འཛིན་ཕྱིར༔ བསྐྱེད་རིམ་གསལ་བའི་བགྲང་ཕྲེང་ཟུངས༔ བསྙེན་པ་ཆུ་བོའི་གཞུང་བཞིན་ཟློས༔ བསྐྱེད་རྫོགས་ཟུང་འབྲེལ་དབང་ཐོབ་ཤོག༔ རྩ་སྔགས་བརྗོད། བཅུ་པ་མཐར་སྲུང་སྐུད་འདོགས་པ་ནི། སྲུང་སྐུད་མགྲིན་པར་བཏག་ལ། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ བརྡ་རྟགས་སྔགས་མདུད་ལུ་གུ་རྒྱུད༔ གང་ལ་བཏབ་ཀྱང་གདོན་བགེགས་འཇོམས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་གདགས་ལ་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེས་གསང་བའི་བདག་པོ་གཏུམ་པོ་མེ་ལྕེ་ཕྲེང་བའམ། ཨོ་རྒྱན་པདྨ་བླ་མའི་སྐུ་གཅིག་ལ་མཚན་བརྒྱད་དུ་གྲགས་པ་ལས་སེང་གེ་སྒྲ་སྒྲོག་གི་དྲག་སྒྲུབ་ཅེས་པ་ལྟར། གུ་རུ་སེང་གེ་སྒྲ་སྒྲོག་རབ་ཏུ་ཁྲོས་པའི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བརྗོད་ལ་་་འདིར་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བགྱིས་ཀྱང་རུང་ངོ། །མཆན། གཏང་རག་གི་མཎྜལ་འབུལ་དུ་གཞུག །དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གོང་བཤད་ཀྱི་ལོ་རྒྱུས་རྒྱས་པར་མི་སྤྲོ་ན། བླ་མེད་མེ་ལྕེ་ཕྲེང་བའི་རྒྱུད་དང་ལྔའོ༔ ཞེས་པའི་མཚམས། དེའི་དུས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྒྱུད་དང་མན་ངག་རྣམས་རྫོགས་པར་གསན་ཏེ། དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བར་བྱོན་ནས་སྒྲུབ་པ་མཛད་པས་ཞལ་དངོས་སུ་གཟིགས། སྣང་སྲིད་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ། སླར་ཡང་གངས་ཅན་གྱི་ལྗོངས་སུ་བྱོན་པའི་ཚེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཀླུའི་དུག་གིས་བསྙུན་པ་ན། གདམས་སྐོར་ཟབ་མོ་འདི་ཉིད་གསུངས་པའི་མོད་ལ་རྒྱལ་པོ་བསྙུན་ལས་གྲོལ་ཞིང་། ཡེ་ཤེས་མཚོ་རྒྱལ་གྱིས་བཀའི་བསྡུ་བ་པོ་མཛད་ནས་ལྷོ་བྲག་གནམ་སྐས་ཅན་དུ་ཟབ་གཏེར་སྦ་བར་མཛད་པས། ཕྱིས་མངའ་བདག་གི་གསུང་སྤྲུལ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ། ལུང་ཟིན་གྱི་ཆོས་བདག་སྤྲུལ་པའི་སྐྱེས་མཆོག་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་ལ་གནང་བ་ནས་རིམ་གྱིས་བརྒྱུད་ནས་རྩ་བའི་བླ་མའི་སོགས་མན་དཀྱུས་དང་སྦྲེལ་ལོ། །ཡང་གནས་སྐབས་ཀྱི་རྐྱེན་སེལ་སོགས་ལ་དབང་གྲངས་གསོག་ན། ཐོག་མར་སྐུ་རྟེན་གྱི་དབང་བསྐུར་བ་སྨོན་ལམ་གདབ་པ་ཡན་གཞུང་ལྟར་རྒྱས་པར་གྲུབ་རྗེས། སླར་ཡང་ཁྱེད་རང་རྣམས་དཔལ་གསང་བའི་བདག་པོར་གསལ་བཞིན་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས༔སོགས་མན་སྦྲེལ་ལ་ཡེ་ཤེས་དབབ་ཅིང་བརྟན་པར་བྱ། དེ་ནས་བླ་མ་དང་དཔལ་གསང་བའི་བདག་པོ་དབྱེར་མེད་པ་ནམ་མཁའ་གང་བའི་དབང་གི་ལྷ་རྣམས་དང་བཅས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པ་བཞིན་དུ་བསྩལ་བྱུང་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་བུམ་དབང་ནས་སྐུ་རྟེན་གྱི་དབང་བསྐུར་བ་སྨོན་ལམ་དང་བཅས་པའི་བར་བྱ། བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་རེ་བརྗོད་ལ་གྲངས་བཟུང་། དེ་བས་ཀྱང་བསྡུ་ན། དབང་དངོས་བུམ་པ་ནས་ཅོད་པན་གྱི་བར་དབང་ལྔ་པོ་ཁོ་ན་བསྐྱར་བས་ཀྱང་རུང་ངོ་། །གང་ལྟར་ཡང་གྲངས་རྫོགས་པ་ན། མཐར་དབང་གི་ལྷ་ཚོགས་རྣམས་གསང་བའི་བདག་པོ་ལ་ཐིམ༔ཞེས་སོགས་མན་ཆད་དཀྱུས་ལྟར་བྱའོ། །གསུམ་པ་རྗེས་ནི། ཚོགས་ཀྱི་འཁོར་ལོ་བླ་མའི་ལས་གཞུང་སོགས་སྤྱི་ལྟར་བྱས་ཏེ། མདུན་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ་བྱ། ཡེ་ཤེས་བྲིས་སྐུའམ་རང་དང་གཉིས་སུ་མེད་པར་བཞུགས་སུ་གསོལ། བསྔོ་བ་དང་སྨོན་ལམ་ཤིས་པ་རྒྱ་ཆེར་བརྗོད་པར་བྱའོ། །དེ་ལྟར་གསང་བའི་བདག་པོའི་དབང་གི་ཆོ་ག་འདི་ནི་གུ་རུ་ཆོས་དབང་རིན་པོ་ཆེའི་གཏེར་གཞུང་ལ་དཔལ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་དང་སངས་རྒྱས་དྭགས་སྟོན་ཆེན་པོ་ནས་བརྒྱུད་པ་རིན་པོ་ཆེའི་གསུང་གིས་ཁ་བཀང་སྟེ། ཉང་གི་བནྡེ་བློ་གྲོས་མཆོག་ལྡན་ཞེས་བྱ་བའི་ལྡོམ་བུ་བ་ཞིག་གིས་སློབ་དཔོན་ཆེན་པོ་ལ་གསོལ་བ་གདབ་པའི་ཐུན་མཚམས་ལ་གཞན་ཕན་སླད་དུ་བྲིས་པ་དགེ་ལེགས་འཕེལ། སླར་ཡང་སྦྱོར་རྗེས་ཀྱི་སྐབས་འགའ་ཞིག་བསྣན་ཏེ་་་རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ།ཤིན་ཏུ་གསལ་བར་བཀོད་པ་མངྒ་ལཾ་བྷ་བ་ཏུ།། །།

གྲུབ་ཐོབ་ཐང་སྟོང་པའི་གདམས་པ་འཆི་མེད་དཔལ་སྟེར་གྱི་ཚེ་སྒྲུབ་དང་དབང་ཆོག་ (Volume 61, Text 16)

ཨོཾ་སྭསྟི། གསུང་གི་རྡོ་རྗེ་འོད་དཔག་མེད། །འགྲོ་ལ་རྗེས་ཆགས་འཆི་མེད་ཀྱི། །མཆོག་སྩོལ་མཛད་པ་དེར་བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བཤད་པར་བྱ། །གྲུབ་ཆེན་ཐང་རྒྱལ་ལུགས།་་་འདིར་འཆི་མེད་དཔལ་སྟེར་དུ་གྲགས་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུའི་སྟེང་དུ་མཉྫི་ལ་ཚེ་འབྲང་བུམ་གཟུགས་རྟ་མགོས་མཚན་པ་བཞག །དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་གཏོར་ཟླུམ་གཉིས་དང་། མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་རྣམས་བཤམ། གཞན་ཡང་རྡོར་དྲིལ་མེ་ཏོག་སྔོན་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལ། བགེགས་བསྐྲད། མཚམས་བཅད། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་བདེ་བ་ཅན་གྱི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ཧྲཱིཿལས་རང་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་ཚེའི་བུམ་པ་བདུད་རྩིས་གང་བ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་འབར་བ། དེའི་སྤྱི་བོ་ནས་རིམ་བཞིན། རྩ་བའི་བླ་མ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། རྗེ་བཙུན་དབང་ཕྱུག་རབ་བརྟན། བསྟན་འཛིན་ཉི་ཟླ་བཟང་པོ། འཇམ་མགོན་ཀུན་དགའ་གྲོལ་མཆོག །ཀུན་སྤངས་ཆོས་ཀྱི་ཉི་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། སློབ་དཔོན་པདྨ་འབྱུང་གནས། རྟ་མགྲིན་དབང་གི་རྒྱལ་པོ། མགོན་པོ་ཚེ་དཔག་མེད། སངས་རྒྱས་སྣང་བ་མཐའ་ཡས་རྣམས་མས་རིམ་གྱིས་ཐོ་བརྩེགས་སུ་བཞུགས་པའོ། །རིག་འཛིན་བརྒྱུད་པ་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཏེ་སྤྱི་བོའི་བླ་མ་རྣམས་ཀྱི་སྐུ་ལ་ཐིམ་པར་གྱུར་པ་ལ་མོས་གུས་གདུང་ཤུགས་དྲགས་པོས་སྤྱི་བོར་ཐལ་མོ་སྦྱར་བ་དང་བཅས་པས། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །མཁས་བཙུན་གྲུབ་པའི་སར་བཞུགས་ཀུན་སྤངས་རྗེ། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །དཔལ་ལྡན་གྲུབ་རིག་འཛིན་པ་ཉི་ཟླའི་མཚན། །རྡོ་རྗེ་འཛིན་པ་དབང་ཕྱུག་རབ་བརྟན་དང་། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་དཔལ། །བཀའ་དྲིན་མཉམ་མེད་ཕྲིན་ལས་ལྷུན་གྲུབ་ཞབས། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །བརྒྱུད་པའི་ཁྱད་པར་གཞན་ཡོད་པའང་འདོད་མོས་བཞིན་སྦྱར་ཆོག་ཅིང་གང་ལྟར་ཡང་། ཞེས་གསོལ་བ་བཏབ་པས་རིག་འཛིན་བརྒྱུད་པ་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་གི་བླ་ཚེ་ཡར་པ་ཐོར་པ་ཉམས་ཆག་ཏུ་གྱུར་པ་རྣམས་དང་། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩིའི་དྭངས་མར་དྲངས་ནས་སྤྱི་བོའི་བླ་མ་རྣམས་ལ་ཐིམ། དེ་དག་གི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས་པ་བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོ་ནས་ཞུགས་པས་ལུས་ཐམས་ཅད་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཧཱུྃ་ཛཿ ཞེས་བརྒྱ་སྟོང་སོགས་བཟླ་ཞིང་། བསྙེན་ཚད་ནི་འབུམ་ཕྲག་བཅུའོ། །ཐུན་བསྡུ་བ་ན་སླར་ཡང་མོས་གུས་དྲག་པོས། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཀྱི། །ཐུགས་རྗེའི་ནུས་པ་མཐུ་དང་དཔུང་སྐྱེད་ལ། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་བརྒྱུད་པ་རིམ་བཞིན་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཞུགས་སྙིང་གའི་ཧྲཱིཿལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་རང་ཉིད་ཀྱང་སྙིང་གའི་ཧྲཱིཿལ་བསྡུས་ནས་འཆི་མེད་གཉུག་མའི་གནས་ལུགས་ལ་མཉམ་པར་གཞག །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱིས་དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ལ། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། ཐོག་མར་སྒྲུབ་མཆོད་ནི། སྐྱབས་སེམས་ཀྱི་གོང་དུ་མཆོད་རྫས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། སྔར་བཤད་པ་བཞིན་བདག་མདུན་དབྱེར་མེད་དུ་བྱས་ནས་བཟླས་པའི་བར་གྲུབ་རྗེས། གཏོར་མ་ཨོཾ་ཨཱཿཧཱུྃ་ཧོཿཞེས་པས་བྱིན་གྱིས་བརླབས། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་བློ་གྲོས་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། འདིར་གཏོར་མ་གཉིས་པ་གསར་རྙིང་ལུགས་གང་རུང་གི་མཁའ་འགྲོ་སྤྱི་གཏོར་གྱིས་འབུལ་བའི་ལག་ལེན་ཡང་གདའ་འོ། །དབང་དངོས་ནི། སློབ་མ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྲམ་བསྡུ་བྱས་ལ། ཆོས་བཤད་མཚམས་སྦྱོར་ཅི་རིགས་པ་སྔོན་དུ་འགྲོ་བས། དེ་ཡང་རང་གཏེར་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང༔ དྲག་པོ་ཁྲོ་བོ་རྟ་མགྲིན་གཉིས༔ གཉིས་མེད་གཅིག་ཏུ་སྤྲུལ་པ་ལས༔ སྐུ་ཡི་ཆ་ལུགས་ཞི་མ་ཁྲོ༔ མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན༔ ངང་རྒྱུད་དལ་ཞིང་རིག་རྩལ་ཆེ༔ མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང༔ ནང་རྟགས་ཡ་མཚན་སྟོན་པ་འབྱུང༔ ཞེས་ལུང་བསྟན་པའི་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་གྲགས་པ། ཆོས་ཉིད་ཟབ་མོའི་གནས་ལུགས་མངོན་སུམ་དུ་རྟོགས་ཤིང་། ཡི་དམ་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་པ། ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར་བས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་སྐུ་དངོས་ཀྱིས་བྱོན་ནས་ཨོ་རྒྱན་ཆེན་པོ་ལ་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་དང་། ཁྱད་པར་ཚེ་སྒྲུབ་ཟབ་མོ་འདི་ཉིད་གསན་ཅིང་། ཕྱིས་མཆིམས་ཕུའི་ཟབ་གཏེར་ལས་ཀྱང་བྱུང་བས་ཆུ་བོ་གཉིས་འདྲེས་སུ་གྱུར་པ་འདི་ཉིད་ཐུགས་ཉམས་སུ་བསྟར་པས་གྲུབ་ཆེན་ཉིད་ཀྱིས་དགུང་ལོ་བརྒྱ་དང་ཉེར་ལྔ་ཙམ་བཞུགས། རྗེས་འཇུག་གི་སློབ་མའང་དགུང་ལོ་བརྒྱ་ཕྲག་ཏུ་བཞུགས་པ་དུ་མ་བྱུང་བས་མཚོན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་འཆི་མེད་དཔལ་སྟེར་དུ་གྲགས་པ་དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་བྱེད་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་གྱིས་རྒྱུན་བཤགས་བྱ། དབང་གི་གཞི་སྒྲུབ་པ་ནི། སློབ་མ་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་བདེ་བ་ཅན་གྱི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་ཞེས་པ་ནས། མཚན་དཔེའི་གཟི་བྱིན་འབར་བ་ཞེས་པའི་བར་གྱིས་ལྷར་བསྐྱེད་པའི་སྤྱི་བོར། སློབ་དཔོན་ཚེ་དཔག་མེད་ཀྱི་རྣམ་པ་ཅན། དེའི་སྤྱི་བོ་ནས་རིམ་པ་བཞིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་ནས། མས་རིམ་གྱིས་ཐོ་བརྩེགས་སུ་བཞུགས་པའོ། །ཞེས་པའི་བར་གྱིས་གསལ་བཏབ། སྤྱི་བོའི་རིག་འཛིན་བརྒྱུད་པ་རྣམས་ལ་མོས་གུས་དུང་དུང་བ་བྱས་པས་དེ་དག་གི་སྐུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་བཞུགས་པའི་མགོན་པོ་འོད་དཔག་ཏུ་མེད་པ་དང་། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་ན་བཞུགས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པ་འཆི་མེད་རིག་འཛིན་བརྙེས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་གྱུར་སྙམ་པའི་མོས་པ་མཛོད། སྔགས་ཀྱི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། སྤྲོ་ན་གསོལ་འདེབས་ཚེ་ཛཔ྄་དབྱངས་དང་བཅས་པས་གྱེར་རོ། །དེ་ནས་དབང་དངོས་ནི། ཁྱེད་རང་གི་སྤྱི་བོ་ན་བཞུགས་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ། དེ་དག་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཁྱེར་པ་དང་། བརྐུས་པ་དང་། བཞབས་པ་དང་། བན་བོན་མཐུ་བོ་ཆེ་རྣམས་ཀྱིས་རྫས་སྔགས་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་བརྟེན་ནས་ཚེ་སྲོག་ཕྲོག་པ་ལ་སོགས་པ་རྣམས། འོད་ཟེར་དེས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས། བླ་མ་ཚེ་དཔག་མེད་དུ་གསལ་བའི་ཕྱག་གི་བུམ་པའི་ནང་དུ་ཞུགས་འཆི་མེད་ཀྱི་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་འབྱུང་བ་བཞིའི་ཁམས་ཐམས་ཅད་ལ་ཕོག །འོག་གཞི་གསེར་གྱི་ས་གཞི་དང་རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་བརྒྱད། ཁོར་ཡུག་ལྕགས་ཀྱི་རི་བོའི་བར་ན་གནས་པའི་འབྱུང་བ་སའི་བཅུད་སྲ་ཞིང་འཐས་པ་ཐམས་ཅད་དང་། འོག་གཞི་ཆུའི་དཀྱིལ་འཁོར་ཆེན་པོ་དང་ཕྱིའི་རྒྱ་མཚོ། ནང་གི་རོལ་མཚོ། གདྒཱ་ལ་སོགས་པ་ཆུ་བོ་ཆེན་པོ་བཞི་དང་། མདོར་ན་མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་ཆུ་ཀླུང་ཆུ་བྲན་སོགས་འབྱུང་བ་ཆུའི་བཅུད་བརླན་ཞིང་གཤེར་བ་ཐམས་ཅད་དང་། འོག་གཞི་མེའི་དཀྱིལ་འཁོར་དང་རྟ་གདོང་གི་མེ། སྲེག་ཟའི་མེ་དང་། ཁྱིམ་གྱི་མེ་དང་། བརྡབས་པ་དང་གཙུབས་པ་ལས་བྱུང་བའི་མེ་དང་། ཉི་ཟླ་ནོར་བུའི་འོད་ལ་སོགས་པ་འབྱུང་བ་མེའི་བཅུད་འབར་ཞིང་སྲེག་པ་ཐམས་ཅད་དང་། འོག་གཞི་རླུང་གི་དཀྱིལ་འཁོར་དང་། ལྡེམ་འདེགས་འཐོར་སྐྱོད་ལ་སོགས་པ་ལས་བྱེད་ཀྱི་རླུང་དང་། སྐྱེས་བུའི་ལུས་ལ་གནས་པའི་ལས་དང་ཡེ་ཤེས་ཀྱི་རླུང་སོགས་འབྱུང་བ་རླུང་གི་བཅུད་ཡང་ཞིང་གཡོ་བ་ཐམས་ཅད་དེ། འབྱུང་བཞིའི་ཁམས་ཀྱི་བཅུད་དང་ནུས་པ་ཐམས་ཅད་བླ་མ་ཚེ་དཔག་མེད་དུ་གསལ་བའི་ཕྱག་གི་བུམ་པའི་ནང་དུ་ཞུགས་འཆི་མེད་ཀྱི་བདུད་རྩིར་གྱུར། ཡང་འོད་ཟེར་འཕྲོས་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག །རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་བསོད་ནམས་ལས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་དང་། ཁྱད་པར་དུ་ལྷ་དང་དྲང་སྲོང་ཚེའི་རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ། འཇིག་རྟེན་གྱི་གཙོ་བོ་གསུམ་དང་ལྷའི་དབང་པོ་ལ་སོགས་པ་རྣམས་ཀྱི་བསོད་ནམས་མཐུ་དཔལ། མཁྱེན་ལྡན་གྱི་པཎྜི་ཏ། ནུས་ལྡན་གྱི་རིག་འཛིན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་རྒྱལ་ཕྲན་ལ་སོགས་པ་རྣམས་ཀྱི། མཁྱེན་བརྩེ་ནུས་པ་མཐུ་སྟོབས་གཟི་བརྗིད་ཚེ་དཔལ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་། བྱེ་བྲག་ཏུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྣམ་པར་དྲངས་ནས། བླ་མ་ཚེ་དཔག་མེད་དུ་གསལ་བའི་ཕྱག་གི་བུམ་པའི་ནང་དུ་ཞུགས། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་གྱུར་པ་ལ། མོས་གུས་དུང་དུང་མཛད་པས་བདུད་རྩི་སོར་གྱིས་ཁོལ་ཏེ་བུམ་པའི་ཁ་ནས་ཞམ་གྱིས་བྱུང་བ་དང་། སྤྱི་བོའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་སྐུ་ལས་ཀྱང་འཆི་མེད་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟ་བུ་ནར་གྱིས་བྱུང་བ། ཁྱེད་རང་གི་ཚངས་བུག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས། རྩ་ཁམས་ཐམས་ཅད་ལ་ཁྱབ་པས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་དང་བྲལ་བ་ཚེ་དཔག་མེད་ཀྱི་སྐུར་གྱུར་སྙམ་པ་མཛོད། ཚེ་བུམ་མགོ་བོར་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཞེས་སོགས་བརྒྱུད་པའི་གསོལ་འདེབས་ཚེ་ཛཔ྄་དང་བཅས་པས་དབང་བསྐུར། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །ཞེས་སོགས་སྔགས་དང་བཅས་པས་ཚེ་རིལ་དང་ཚེ་ཆང་ཡང་བྱིན། མེ་ཏོག་འཐོར་ཞིང་། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །ཚེ་འཕེལ་བར་གྱུར་ཅིག །ཚེ་རྒྱས་པར་གྱུར་ཅིག །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཅེས་བརྟན་པར་བྱས་ནས། དཔོན་སློབ་མི་འབྲལ་ལྷན་ཅིག་གནས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། སླར་ཡང་ཁྱེད་རང་གི་སྤྱི་བོར་བཞུགས་པའི་རིག་འཛིན་བརྒྱུད་པ་རྣམས་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཀྱི། །ཐུགས་རྗེའི་ནུས་པ་མཐུ་དང་དཔུང་སྐྱེད་ལ། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། འཆི་མེད་རིག་འཛིན་བརྒྱུད་པ་རྣམས་ཡས་རིམ་ནས་འོད་དུ་ཞུ། ཁྱེད་རང་གི་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་ཡོན་འབུལ་ཏེ་སྤྱི་དང་འདྲའོ། །འདི་ལ་བརྒྱ་རྩ་གསོག་ན། སྣང་མཐའ་ནས་གྲུབ་ཆེན་ཡན་གྱི་གསོལ་འདེབས་སྡེ་ཚན་དང་པོ་སྔགས་དང་བཅས་པས་དབང་བསྐུར་བ་དང་ཚེ་རིལ་དང་ཚེ་ཆང་བྱིན། དཔོན་སློབ་མི་འབྲལ་སོགས་ཀྱི་ཤིས་བརྗོད་རྣམས་ལ་གྲངས་འཛིན། གྲངས་ཚང་རྗེས། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག་སོགས་སྔར་ལྟར་བྱ་བ་ཡིན་ནོ། །ཆོ་གའི་རྗེས་ཀྱི་བྱ་བ། མཆོད་བསྟོད་ནོངས་བཤགས་བྱས་ནས་གཏོར་མགྲོན་གཤེགས། བདག་བསྐྱེད་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ། །མི་འ༵གྱུར་འཆི་མེ༵ད་སྒྲུབ་པའི་ཐབས། །མཚོ་སྐྱེས་རྡོ༵་རྗེ༵ས་ཐང་སྟོང་པར། །རྗེས་གདམས་གྲགས་ཆེ་ཉེར་མཁོའི་ཕྱིར། །གཟུང་བདེའི་སྙིང་པོ་ཉུང་ངུར་དྲིལ། །ཚེ་སྒྲུབ་ལྕགས་ཟམ་ལུགས་འཆི་མེད་དཔལ་སྟེར་དུ་གྲགས་པའི་ལེའུ་ཚན་ནོ།། །།

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བསྡུས་པ་ (Volume 15, Text 16)

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བསྡུས་པ་བཞུགས། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རིག་འཛིན་ཡོངས་ཀྱི་གཙོ་མཆོག་ཀུཉྫ་ར། །རིགས་ལྡན་ཆེན་པོ་དེ་བ་བཟང་སྐྱོང་དང་། །ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོར། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་པདྨ་འབྱུང་། །མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་མ། །རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་འདུས་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བདེ་གཤེགས་ཞི་བ་སྤྱི་དཔལ་རྩ་བའི་ལྷ། །བྱང་ཆུབ་ཉི་ཤུའི་ཡེ་ཤེས་དཀྱིལ་འཁོར་བ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ལྷ་མིའི་ཐེག་པས་བློ་སྣ་ཆོས་ལ་འཁོལ། །ཉན་རང་འཇུག་སྒོས་ངེས་འབྱུང་རྣམ་པར་དག །བྱང་སེམས་ཐེག་པས་ལམ་གྱི་གཞི་བཟུང་སྟེ། །རྒྱལ་སྲས་སྤྱོད་པ་རླབས་ཆེན་སྤྱད་པར་ཤོག །ཀྲི་ཡོག་ལ་བརྟེན་ཚོགས་བསགས་སྒྲིབ་པ་བསལ། །མོས་གུས་སྟོབས་ཀྱིས་བརྒྱུད་པའི་བྱིན་རླབས་ཞུགས། །མ་ཧཱ་ཡོ་གས་ཐ་མལ་སྣང་ཞེན་སྦྱང་། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན་པར་ཤོག །ཨ་ནུ་བདེ་ཆེན་ཐབས་ཀྱི་ལམ་མཆོག་གིས། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གྲུབ། །ཨ་ཏི་རྩོལ་མེད་ཀ་དག་ལྷུན་གྲུབ་ཀྱི། །དགོངས་པ་མངོན་གྱུར་གདོད་མའི་སར་ཕྱིན་ཤོག །བྱང་ཆུབ་སྒྲུབ་པའི་བར་ཆད་མཐའ་དག་ཞི། །ཐུན་མོང་ཁྱད་པར་མཆོག་གི་དངོས་གྲུབ་བརྙེས། །སྲིད་ཞིའི་སྤྱི་དཔལ་ཀུན་ཏུ་འཆང་ཆེན་དང་། །དབྱེར་མེད་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ (Volume 3, Text 16)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རྗེ་བཙུན་རྡོ་རྗེ་འཆང་། །བཀའ་དྲིན་གསུམ་ལྡན་ཕྲིན་ལས་རྣམ་པར་རྒྱལ། །ཐུགས་རྗེ་ཉི་མའི་སྣང་བས་འགྲོ་ཀུན་གྱི། །ཚེ་རབས་སྐྱེ་དང་སྐྱེ་བར་ངན་འགྲོ་ཡི། །འཇིགས་མུན་ཚོགས་ཀྱིས་དམ་འཁྱུད་འཁོར་མཚོ་རུ། །གནས་པའི་འགྲོ་བློའི་གཞི་རྒྱུད་དྲི་མའི་ཚོགས། །བསལ་ནས་ཐར་ལམ་འདྲེན་མཛད་དེ་ལ་འདུད། །འདིར་འགྲོ་བ་རྣམས་འཆི་བདག་གི་ཞགས་པས་བཟུང་བ་དག་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་དམིགས་ཁྲིད་ཀྱི་རིམ་པ་ཟིན་བྲིས་སུ་བཀོད་པ་ལ། སྔོན་འགྲོ །དངོས་གཞི། ལས་ལ་སྦྱོར་བ་དང་གསུམ། དང་པོ་སྔོན་འགྲོ་ལ་གཉིས་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ་བར། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་གཅིག །སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་བས་གཉིས། མགྲིན་པ་ཅུང་ཟད་རྒུར་བས་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གསུམ། ལྕེ་རྩེ་ཡ་རྐན་ལ་སྦྱར་བས་བཞི། མཆུ་སོ་རང་སར་བཞག་པས་ལྔ། ལག་ངར་བསྲང་བའི་མཉམ་གཞག་གིས་དྲུག །རྐེད་པ་ཉེད་ལྟོ་བ་ཕྱིར་ཕུལ་བས་བདུན་པོ་བྱས་ཏེ། ངག་གནད་རླུང་རོ་དགུ་འབུད་དུས་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། གཡས་ནས་དེ་འདྲ་བ་གསུམ། དབུས་ནས་དེ་འདྲ་བ་གསུམ། གསུམ་འབུད་དུས་གཡས་གཡོན་དབུས་གསུམ་ནས་ལན་རེ་འབུད། དམིགས་པ་གཡོན་ནས་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་གྱི་རྣམ་པ། གཡས་ནས་ནད་གདོན་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་སྟག་གཟིག་དྲེད་ལ་སོགས་པའི་རྣམ་པ། དབུས་ནས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་རླུང་དང་འགྲོགས་ཏེ་ཕྱིར་སངས་ཀྱིས་སོང་བར་བསམ། སེམས་གནད་རང་གི་སྤྱི་བོར་སྣ་ཚོགས་པདྨ་འདབ་བརྒྱད། དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་གསལ་བཏབ་སྟེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་དགུའམ་བདུན་ལྔ་གསུམ་གྱི་ཉུང་མཐའ་ངག་འདོན་མོས་པ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམས་པའི་ངང་ནས་གསོལ་བ་བཏབ་སྟེ། བླ་མ་སྤྱི་བོ་ནས་སྙིང་དབུས་སུ་ཐིམ་སྟེ་རང་སེམས་དང་འཁྲུག་གི་འདྲེས་པར་བསམས་ལ། བདག་གིས་བླ་མའི་རྣལ་འབྱོར་གྱི་ལམ་ཟབ་མོ་ཉམས་སུ་བླངས་པ་ལ་བརྟེན་ནས་བདག་གཞན་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག་སྙམ་དུ་བསམས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། །གཉིས་པ་ཐེག་པ་སྤྱིའི་སྔོན་འགྲོས་བློ་སྦྱོང་བ་ལ་བདུན་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་བསམ་པ་ལ། རང་ཅག་རྣམས་ཚེ་སྔོན་བསགས་རྒྱབ་ཀྱི་མཐུས་ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་རྙེད་པར་དཀའ་བའི་དུས་འདིར། ནམ་བཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཅི་ནས་ཀྱང་བྱའོ་བསམ། གཉིས་པ་འཆི་བ་མི་རྟག་པ་ནི། མཐར་འཆི་བ་ཡོང་སྙམ་པ་ཀུན་གྱི་བློ་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་དེ་འཆི་ཁ་ཚུན་ཆད་དུ་འབྱུང་། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས་ནད་ཕྱི་མའི་དོན་སྒྲུབ་པ་ཕྱི་གཤོལ་ལེ་ལོའི་དབང་དུ་འགྲོ་བས་ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་བསམ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། འགྲོ་དྲུག་སོ་སོར་སྡུག་བསྔལ་ཟད་མཐའ་མེད་པ་མྱང་དགོས་པས་དེ་ལས་ཐར་བའི་ཕྱིར་དུ་དམ་པའི་ཆོས་ལ་འབད་པར་བྱའོ་བསམ། བཞི་པ་ལས་འབྲས་སྨིན་ཚུལ་ལ། ལས་མི་དགེ་བ་བཅུ་དང་དུ་བླངས་པས་མི་འདོད་པ་བཅུ་དང་། དགེ་བ་བཅུ་དང་དུ་བླངས་པས་འདོད་པ་བཅུ་སྟེ། དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་འབད་རྩོལ་ཆེན་པོས་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །ལྔ་པ་སྐྱབས་འགྲོ་ནི། སྐྱབས་ཡུལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཅིག་ཆོག་ནོར་བུ་ལུགས་སུ་བསྒོམས་ཏེ་སྐྱབས་འགྲོའི་ཡུལ་ཡིན་ལ། སྐྱབས་འགྲོའི་གང་ཟག་ནི། རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ །རྒྱབ་ཏུ་གཉེན། མཐའ་སྐོར་དུ་དགྲ་གཉེན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམས་ལ། དེ་ཐམས་ཅད་འདུན་ཇུས་གཅིག་སྒྲིལ་གྱི་སྒོ་ནས་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་འུར་དིར་དིར་འདོན། ཡིད་གུས་པས་རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་འདི་ཕྱི་བར་དོ་གསུམ་དུ་བསྐྱབ་ཏུ་གསོལ་སྙམ་པས། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་ཏེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་བརྗོད། དྲུག་པ་སེམས་བསྐྱེད་ནི། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པས་སྨོན་པ་སེམས་བསྐྱེད། འདི་ཐམས་ཅད་སྙིང་རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ་སྙམ་པས་འཇུག་པ་སེམས་བསྐྱེད་དང་བཅས། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ཞེས་སེམས་བསྐྱེད་བརྗོད། དབུགས་ཕྱིར་འགྲོ་བའི་ཚེ། བདག་གིས་ཚེ་རབས་ནས་བསགས་པའི་དགེ་བ་དང་བདེ་བ་བྱས་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བསམ། དབུགས་ནང་དུ་རྔུབ་པའི་དུས་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་རྣམས་བདག་ལ་སྨིན་པར་གྱུར་ཅིག་སྙམ་པས་བཏང་སྙོམས་སེམས་བསྐྱེད། སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་པའི་ངང་དུ་དར་གཅིག་འཇོག་པ་དོན་དམ་སེམས་བསྐྱེད་དོ། །བདུན་པ་ཚོགས་གསག་པ་ནི། ཡན་ལག་བདུན་པའི་དམིགས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལོག་ལྟ། ཐེ་ཚོམ་རྣམས་ཀྱི་གཉེན་པོར། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་ལས་ལྡོག་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐུལ་བ། གསོལ་བ་འདེབས་པ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་མོས་པས། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ངག་འདོན་བརྗོད་དེ། སྐྱབས་ཡུལ་རང་གི་སྤྱི་བོ་ནས་སྙིང་དབུས་ལ་སིབ་ཀྱིས་ཐིམ་པར་བསམ་པ་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ། སྟོང་ར་སྦྱང་བ། སྒོ་དགུ་བཀག་པ། རླུང་སེམས་བསྡུ་བ། བསུ་སྐྱེལ་ལ་བསླབ་པ་བཞི་ལས། དང་པོ་སྟོང་ར་སྦྱོང་བ་ནི། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་སོ་མར་བཞག །སེམས་གནད་རང་བཞིན་གྱིས་སྦྱང་བདེ་ན་དང་། མི་བདེ་ན་ངག་ཏུ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པའི་རྐྱེན་གྱིས་རང་ཐ་མལ་གྱི་ལུས་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བུན་ལོང་གིས་ཡལ་བར་བསམས་ལ་སེམས་སྣང་མེད་དུ་ཅུང་ཟད་བཞག །དེའི་ངང་ལས་རང་ལུས་ཕྱི་ལྤགས་པའི་སྐྱ་རིས་ཙམ་ལས་ནང་གློ་སྙིང་སོགས་གདོས་བཅས་ཀྱི་རྣམ་པ་མེད་པར་དྭངས་གསལ་འོད་ཀྱི་རང་བཞིན་དཔེར་ན་ཕྲུ་མ་ཕུས་བཏབ་པའམ་དར་དཀར་གྱི་ལྡིང་གུར་ཕུབ་པའམ། ཤེལ་གྱི་བུམ་པ་ལྟར་ཕྱི་གསལ་ནང་གསལ་དྭངས་ཤིང་སྒྲིབ་པ་མེད་པར་བསམ། གཉིས་པ་སྒོ་དགུ་བཀག་པ་ནི། དེ་ལྟར་གསལ་བའི་སྙིང་ཁར་ཧཱུྃ་ཡིག་མཐིང་ག་ཆེ་ཆུང་མཐེབ་སོར་གང་ཙམ་ཞིག་གསལ་བཏབ། དེ་གསལ་བ་དང་། དེ་ལས་ཧཱུྃ་སྤྲོ་རིམ་དང་བསྟུན། ངག་ཏུ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྙིང་གའི་ཧཱུྃ་ཡིག་དེ་ལས་ཐུར་དུ་ཧཱུྃ་གཉིས་ཆད་པས་གཤང་ལམ་དང་ཆུ་ལམ། གཅིག་ཆད་པས་ལྟེ་བ། གྱེན་དུ་གཅིག་ཆད་པས་ཁའི་ལྕེ་ཆུང་གི་ཐད། གཉིས་ཆད་པས་སྣ་གཉིས། གཉིས་ཆད་པས་མིག་གཉིས། གཉིས་ཆད་པས་རྣ་བ་གཉིས། གཅིག་ཆད་པས་དཔྲལ་བའི་སྒོ་རྣམས་དང་། སྦྱོང་བའི་སྐབས་འདིར་གེགས་ཆུང་ཁྱད་སླར་ཡང་གཅིག་ཆད་པས་ཚངས་པའི་བུ་ག་ཡང་བཀག་སྟེ། དཔེར་ན་སྐར་ཁུང་འབེ་དོས་བཀག་པ་ལྟར། ནང་ནས་ཆུ་མི་འཛགས་པ་ལྟ་བུ། ཕྱི་ནས་རླུང་མི་ཐར་བ་ལྟ་བུ་བསྒོམས་རྗེས་སྙིང་ཁའི་ཧཱུྃ་ཡིག་མི་དམིགས་པར་བསམ་མོ། །དེ་ལྟར་མ་བཀག་ན་འཆི་བའི་ཚེ་སྒོ་གང་དང་གང་དུ་འཕོ་བའི་ཚུལ་ནི། གཤང་ལམ་ལས་དམྱལ་བ། ཆུ་ལམ་ལས་དུད་འགྲོ །ལྟེ་བ་ནས་འདོད་ལྷ་རིགས་དྲུག །ཁ་ནས་ཡི་དྭགས། སྣ་ནས་གནོད་སྦྱིན། མིག་ལས་མི། རྣ་བ་ལས་གྲུབ་པའི་ལྷ་ཞེས་གྲུལ་བུམ། དཔྲལ་བ་ལས་གཟུགས་ཁམས་ཀྱི་ལྷ་རྣམས་སུ་འཕོ་ཞིང་། དེའང་ངན་འགྲོའི་སྒོ་དགུར་བཤད་ཚོད་ལས། འདིར་དངོས་བསྟན་བརྒྱད་ལས་མི་འབྱུང་བ་ཅིའི་ཕྱིར་སྙམས་ན། བླ་མ་ཁ་ཅིག་སྤྱི་བོའི་རྩ་བུག་ནས་གཟུགས་མེད་ཀྱི་ལྷ་དང་། ཚངས་བུག་ནས་ཐར་པའི་སྒོའི་ཐ་སྙད་མཛད་མོད། རང་ལུགས་ཀྱི་གསུང་རྒྱུན་ལ་ལམ་འདིའི་ཐབས་ཀྱིས་ཟིན་མ་ཟིན་ལས་སྒོ་སོ་སོའི་རྣམ་དབྱེ་མི་མཛད་དེ་སྡོམ་འབྱུང་ལས་ཀྱང་། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཧཱུྃ་ཡིག་རྣམས་ལས་འཕྲོས་པའི་འོད་ཀྱིས་ལུས་ནང་ཞལ་བས་བལྟམས་པ་ལྟར་གྱུར་པས་མདོར་ན་བ་སྤུའི་ཁུང་བུའི་མཐར་ཐུག་གི་བུ་ག་ཚུན་ཆད་ཀྱང་བརྟན་པར་བཀག་པས་ན་དབུགས་ཕྱི་ནང་དུ་རྒྱུ་བའང་མི་བདེ་བ་ལྟ་བུའི་འདུ་ཤེས་མ་སྐྱེས་ཀྱི་བར་དམིགས་པ་གསལ་བརྟན་དུ་སྒོམ། གསུམ་པ་རླུང་སེམས་བསྡུ་བ་ནི། དེ་ལྟར་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་གམ་མདའ་སྙུགས་འབྲིང་པོ་ཙམ་པ་དེའང་རག་དུང་ཁ་བསླང་བ་ལྟར་ཡར་སྣེ་གདེང་ཁ་ཅུང་ཟད་རྒྱས་པ་སྤྱི་བོ་ཚངས་པའི་བུ་ག་ལ་ཟུག་ཅིང་། མར་སྣེ་ཇེ་ཕྲ་ཇེ་ཕྲར་སོང་བ་ལྟེ་འོག་སོར་བཞིའི་ཐད་ཙམ་དུ་སླེབ་པ་མཚན་ཉིད་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། དྲང་བ་ཆུ་ཤིང་ལྟ་བུ། གསལ་བ་མར་མེ་ལྟ་བུ། དྭངས་པ་ཤེལ་བུམ་ལྟ་བུ། སྲབ་པ་པདྨའི་ཤུན་པ་ལྟ་བུ། དཔེར་ན་དྭངས་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེར་ཡོད་པ་གསལ་བཏབ། དེ་གསལ་ཐེབས་པ་ན་སྤྱི་བོའི་དབུ་མའི་ཡར་སྣར་ཧཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་མགོ་ཐུར་བསྟན་བྱང་སེམས་དཀར་པོའི་རྒྱུན་འཛགས་ལ་ཁད་ཁད་པ་ཞིག་དང། དབུ་མའི་མར་སྣར་གདན་ཐབས་སུ་རླུང་གི་དཀྱིལ་འཁོར་རྒྱ་གྲམ་དུ་བཞག་པའི་དབྱིབས་ཅན་ཡང་ཞིང་གཡོ་བ་ཞིག་གསལ་བཏབ། དེའི་སྟེང་དབུ་མའི་མས་སྣེའི་ཁོངས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཆེ་ཆུང་བོད་སྲན་ཙམ་པ་དཀར་ཞིང་འཚེར་བ་སྣུམ་ཞིང་འདྲིལ་བ་ཡང་ཞིང་གཡོ་བ་ཞིག་གསལ་བཏབ་པར་བྱ་སྟེ། དེ་ཡང་འདི་ལ་གོམས་འདྲིས་ལ་བརྟན་པ་ཅུང་ཟད་མ་ཐོབ་ན་སྤར་ཀྱང་དོན་མེད་པས། དེ་ཡང་ཐོག་མ་ནས་གསལ་ཐེབས་ཡོང་ངམ་མི་ཡོང་སྙམ་པའི་རྣམ་རྟོག་མེད་པར་ལམ་གྱིས་གསལ་བཏབ་སྟེ། གཞན་དུ་མ་ཡེངས་པར་དེ་ཁར་ཤེས་པ་རྩེ་གཅིག་ཏུ་གཏད་དེ་བསྒོམ། དེའི་ངང་ལས་ཐ་མལ་གྱི་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་ཉིད་སྐྱེས་མཚམས་ནས་ངོས་ཅེར་གྱིས་ཟིན་པར་བྱས་ནས་འཕྲོ་རྦད་ཀྱིས་བཅད་དེ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་སྒྲིལ་ལ་དེ་ཁའི་ཐོག་ཏུ་གཟོ་མེད་ཡེངས་མེད་དུ་འཇོག །དེ་ལྟར་ནན་ཏན་དུ་བསྒོམས་པས་རྣམ་རྟོག་བཅོས་འགྱུར་རྣམས་འགགས་ཏེ་ཐིག་ལེའི་རྣམ་པ་ལམ་མེ་བ་དེ་ཁ་ལ་རྩེ་གཅིག་ཏུ་སེམས་ཟིན་པ་དང་། ཐུན་མཚམས་སུའང་རྟག་ཏུ་དྲན་པ་ཞིག་བྱུང་ན་རླུང་སེམས་འདུས་པ་ཡིན་ནོ། །བཞི་པ་བསུ་སྐྱེལ་ལ་བསླབ་པ་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་ངོ་བོ་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་མོས་ལ། ན་མོ་གུ་རུ། རང་ལུས་སྟོང་གསལ་འོད་ཀྱི་གོང་བུའི་ཞིང་། །ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར། །དྭངས་གསལ་དྷཱུ་ཏིའི་མར་སྣར་རླུང་དཀྱིལ་ལ། །རྣམ་ཤེས་མི་འགྱུར་ཐིག་ལེ་འཕར་ཞིང་གཡོ། །བདེ་ཆེན་འཁོར་ལོར་རྒྱལ་ཀུན་འདུས་པའི་དཔྱིད། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་མཚན་དཔེར་ལྡན། །མཐོང་ཐོས་དྲན་རེག་སྒྲོལ་བའི་མགོན་པོར་བཞུགས། ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས། །མཆོག་གི་སྤྲུལ་པའི་གར་མཁན་དགའ་རབ་རྗེ། །སྙིང་པོའི་དོན་སྟོན་ཤྲཱི་སིདྷ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །ཟུང་འཇུག་སྒྱུ་མའི་རྣམ་རོལ་ཧཱུྃ་ཀ་ར། །མཉམ་རྫོགས་ཐིག་ལེར་བྱང་ཆུབ་བི་མ་དང་། །ཟབ་ལམ་གསལ་མཛད་བཻ་རོ་ཙ་ན་ལ། །གསོལ་བ༴ མཆོག༴ སྲིད་པའི༴ གདོད༴ བདེ་ཆེན་རྒྱལ་བ་ཀུན་ཡུམ་མཁར་ཆེན་བཟའ། །ཐེག་མཆོག་བསྟན་པའི་མངའ་བདག་གཏེར་བདག་གླིང་། །མཁས་གྲུབ་གཙུག་རྒྱན་ཆོས་དཔལ་རྒྱ་མཚོའི་ཞབས། །རྫོགས་ཆེན་རྣལ་འབྱོར་ཤེས་རབ་སྒྲོན་མ་ལ། །གསོལ༴ མཆོག༴ སྲིད༴ གདོད༴ རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དཔལ། །དུས་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །མཚན་དཔེའི་གཟི་བྱིན་རབ་འབར་འཁོར་འདས་ཆོས། །མ་ལུས་ལེགས་སྟོན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ༴ མཆོག༴ སྲིད༴ གདོད༴ མཁའ་ཁྱབ་ཆོས་སྐུ་སྲིད་ཞི་ཀུན་གྱི་བདག །མཆོག་གི་ལམ་མཁན་རྩ་བའི་བླ་མ་དང་། །ཞི་དང་ཁྲོ་བོའི་རོལ་གར་ཡི་དམ་ལྷ། །རྩ་ཁམས་དག་པའི་དཔའ་བོ་རྣལ་འབྱོར་མར། །གསོལ༴ མཆོག༴ སྲིད༴ གདོད༴ རང་ལུས་འབྱུང་འདུས་སྒྱུ་མའི་གཡར་ཁང་ནས། །རྣམ་ཤེས་མགྲོན་པོ་དྭངས་མའི་ཐིག་ལེའི་དཔྱིད། །གནད་གསུམ་ཟབ་ལམ་བགྲོད་པས་ཚངས་པའི་སྒོར། །དཔག་ཆེན་མདའ་བཞིན་དབྱིངས་སུ་འཕོ་བར་ཤོག །ལས་ངན་སྒྲིབ་པའི་མུན་པ་དབྱིངས་སུ་སངས། །ཟུང་འཇུག་རིག་པ་བདེ་ཆེན་འོད་སྐུར་གྲོལ། །ས་ལམ་ཡོངས་རྫོགས་ཁྱབ་བདག་རྡོ་རྗེ་སེམས། །དབྱེར་མེད་ཐིག་ལེ་ཆེན་པོར་མངོན་རྫོགས་ཤོག །ཅེས་པའི་བར་གྱི་གསོལ་འདེབས་ཀྱི་རིམ་པ་དེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་མཐའ་གསུམ་གྱི་ཉུང་མཐའ་བྱས་པས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། སླར་ཡང་རླུང་དཀྱིལ་སྟེང་གི་ཐིག་ལེ་སྤྱི་བོའི་ཧཾ་ཡིག་དང་བཅས་པ་རྣམས་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས་ངག་ཏུ་ཧཱི་ཞེས་བརྗོད་པའི་ཚེ་རྣམ་ཤེས་ཐིག་ལེ་དེ་ཉིད་རླུང་གིས་ཆེར་བསྐྱོད་པ་འདར་ཁྲིལ་ལེ་གྱེན་དུ་ཇེ་ཆེར་འཕགས་པ། ཧིཀ །ཅེས་བརྗོད་པའི་ཚེ་དབུ་མའི་ནང་ནས་ཡར་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་རྒྱང་གིས་སོང་ནས་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་ཕྱིར་མི་འདོན་པར་ཧཾ་དང་བསྲེས་ཏེ་བསུ་སྐྱེལ་ལ་བསླབ་སྟེ་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ཤེས་པ་ཧཾ་ཡིག་ལ་བདེ་སིང་ངེར་འཕངས་ལ་ཅུང་ཟད་མཉམ་པར་བཞག །ཡང་ངག་ཏུ་ཀ་ཞེས་བརྗོད་པ་དང་མཉམ་དུ་མིག་ཐུར་དུ་ཕབ་ལྟོ་བ་ཆིལ་གྱིས་ནོན་པ་དང་མཉམ་དུ་ཧཾ་ལས་བ་ཐག་དང་བཅས་ཏེ་ཐིག་ལེ་ཧྲིལ་གྱིས་ཕབ་པས་རླུང་དཀྱིལ་ལྕི་ཐེན་གྱིས་མནན་ཐབས་སུ་ཡོད་པར་བསམས་ལ་ཅུང་ཟད་མཉམ་པར་བཞག །ཡང་སྔར་ལྟར་སྤར་བ་སོགས་རྟགས་ཁྱད་པར་ཅན་མ་ཐོན་གྱི་བར་དུ་བསུ་སྐྱེལ་ལ་ནན་ཏན་དུ་བསྒོམས་པར་བྱས་ནས་སྤྱི་བོའི་བླ་མ་ཉིད་ཧཾ་ཡིག་ལ། ཧཾ་ཡིག་རྩ་དབུ་མ་ལ། དབུ་མ་ཐིག་ལེ་ལ། ཐིག་ལེ་རླུང་དཀྱིལ་ལ་ཐིམ་སྟེ་ཅི་ཡང་མི་དམིགས་པའི་ངང་ལ་མཉམ་གཞག་བྱས་རྗེས། དགེ་བ་འདི་ཡིས༴ དཔལ་ལྡན་བླ་མ་སོགས་ཀྱིས་དགེ་བ་བསྔོ། དེ་རྗེས་འབྲུ་གསུམ་གྱི་རྡོར་བཟླས་ལ་འབད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལས་ལ་སྦྱར་བ་ལ་རང་དོན་དང་གཞན་དོན་གཉིས་ལས། དང་པོ་རང་དོན་དུ་ཇི་ལྟར་བྱ་བའི་ཚུལ་ནི། དེའང་མེ་དང་དུ་བའི་ཚུལ་ལྟར་འཆི་བའི་སྔ་རོལ་དུ་འཆི་ལྟས་འབྱུང་སྟེ། དེའང་རྨི་ལམ་དུ་རྟ་དམར་དང་། བོང་དྲེལ། རྔ་མོང་། མ་ཧེ་ལ་སོགས་པ་ལ་གཅེར་བུས་ཞོན་ཏེ་ཁ་ལྷོར་ཕྱོགས་ནས་ལ་ཀླུང་བརྒལ་ཏེ་འགྲོ་བ་དང་རི་རོང་དོག་མོའི་རྩེ་ནས་ཐུར་དུ་འགྲོ་བ་དང་། གོས་རྒྱན་དམར་པོ་ཤ་སྟག་དང་། མེ་ཏོག་དམར་པོའི་ཚལ་དུ་འདུག་པས་གཤིན་པོ་དང་ལྷན་ཅིག་བཟའ་བཏུང་བྱེད་པ་དང་། དངོས་སུ་ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ། ནོར་རྫས་ལ་འཛིན་ཞེན་ཆེ་ཆུང་སྔར་ལས་གོ་ལྡོག་པ། སྣའི་རླུང་ཕལ་ཆེར་གཡས་ནས་རྒྱུ་བ། ལུས་ཀྱི་བྱད་ཉམས་པ་སོགས་གང་རུང་འབྱུང་བས་ན། དེ་ལྟར་འཆི་ལྟས་མཐོང་ཚེ་ཚེ་སྒྲུབ་དང་། གཙོ་བོར་རྡོ་རྗེའི་བཟླས་པ་ཉིད་ལ་བརྩོན་པ་གལ་ཆེ་ཞིང་། གཞན་ཡང་སྲོག་བསླུ་དང་། ཕྱི་ནང་གསང་བའི་འཆི་བསླུ་སོགས་པར་ནན་ཏན་དུ་འབད་ཅིང་། དེ་དག་གིས་ཀྱང་བསླུས་པའི་མཚན་མ་མ་མཐོང་བར་ཉེ་བའི་འཆི་ལྟས་རྣམས་མཐོང་ན། དེའི་ཚེ་རང་ཉིད་གནས་པའི་ས་དེ་གྲོང་ཡུལ་སོགས་ཡིན་ན་དེ་ལས་དབེན་པའི་གནས་སུ་འགྲོ་ཞིང་། ཚེ་འདི་སྣང་གི་ལོངས་སྤྱོད་ཉེ་འཁོར་སོགས་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་ཞེན་ཆགས་ཀྱི་འཁྲི་བ་བཅད་དེ་ཡོ་བྱད་ཐམས་ཅད་མཆོད་སྦྱིན་དང་སྤོང་དག་ལ་གཏོང་། ཚོར་བ་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་ཚོགས་སྐོང་གི་ཆོ་ག་ལ་སོགས་པས་བཤགས་ཤིང་དམ་ཚིག་གསོ་བའི་ཕྱིར་དབང་ཡང་བླང་། སྲུང་མའི་རྟེན་གཏོར་ཡོད་ན་གཏོར་འབུལ་བྱ་ཞིང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་གསོལ། བར་དོའི་གདམས་ངག་རྣམས་དང་། འཕོ་བའི་གདམས་པ་བློ་ལ་གསལ་འདེབས་ཤིང། ཁྱད་པར་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་གནས་ལུགས་རང་ངོ་སྐྱོང་ཅི་ཐུབ་བྱ། དེ་ནས་ཤིན་ཏུ་ཉེ་བའི་འཆི་ལྟས་ས་ཆུ་ལ་ཐིམ་པ་ཙམ་དུ་གྱུར་པ་ན། བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་རམ། ཚོང་པ་རང་ཡུལ་དུ་འགྲོ་བ་ལྟར་རང་ཉིད་གང་ལ་མོས་པའི་དག་པའི་ཞིང་དུ་འགྲོ་སྙམས་པའི་ཤེས་པ་སྤྲོ་སིང་ངེ་བའི་ངང་ནས། ད་རེས་འཆི་བ་འོད་གསལ་འདི་ལ་བརྟེན་ཏེ་འཆི་སྲིད་ཆོས་སྐུའམ་འོན་ཏེ་བར་དོ་སྒྱུ་འཕྲུལ་དྲ་བའི་སྐུ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པའི་འཕེན་ཤུགས་དྲག་པོ་སྔོན་དུ་བཏང་། སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བཟོད་མེད་ཀྱི་མོས་གུས་དྲག་པོས་ཚངས་པའི་བུ་ག་རྒྱ་མཐོངས་ཁ་བྱེ་བ་ལྟར་བུག་པ་ཧ་རེ་ཡོད་པར་གསལ་བ་སོགས་འཕོ་བའི་དམིགས་སྐོར་རྣམས་མཐར་ཆགས་སུ་བསྒོམས་རྗེས་ཧིག་བརྗོད་པའི་ཚེ་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ནས་ཐིག་ལེ་བླ་མའི་ཐུགས་ཀར་ཡིད་ཚིམ་གྱི་བར་དུ་སྦར་རྗེས། དེ་ཇེ་མཐོར་གྱུར་པ། ཕཊ། ཅེས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་བཞག་སྟེ་འཆི་བ་འོད་གསལ་ཆོས་སྐུ་ཉམས་སུ་མྱང་བར་བྱའོ། ༈ །གཉིས་པ་གཞན་དོན་དུ་འདེབས་པ་ནི། དེའང་ཕ་རོལ་པོ་འཆི་བའི་སྔ་རོལ་དུ་རང་ཉིད་སླེབས་པ་ཡིན་ན་དེའི་ལུས་གནད་ཙོག་པུར་འདུག་ཐུབ་ན་རབ། དེ་མིན་གློ་གཡས་ཕབ་པའི་སེང་གེའི་ཉལ་སྟབས་ལྟ་བུར་མགོ་ནུབ་ཏུ་ཕྱོགས་པར་བཞག །མིག་གི་ལྟ་སྟངས་ཀྱང་སྤྱི་བོར་གཏོད་དུ་གཞུག །ཕྱི་དབུགས་ཆད་ནས་ནང་དབུགས་གནས་པའི་བར་དེར། ལུས་གནད་རླུང་རོ་བསལ་བ་ནས་ལས་འབྲས་སྨིན་ཚུལ་བར་རང་དོན་ལྟར་རོ། །དེ་ཡང་གང་ཟག་དེ་ཉམས་ལེན་དང་ལྡན་པ་ཞིག་ཡིན་ན་བར་དོ་རྣམ་བཞིའི་གདམས་ངག་གསལ་འདེབས་པ་དང་། འཕོ་བའི་དམིགས་པའང་འབོག །གལ་ཏེ་ཐ་མལ་པ་ཡིན་ནའང་ལོང་ཆེ་ན་ཐིམ་རིམ་གྱི་འབྱུང་ཚུལ་འཕོ་བའི་ཕན་ཡོན་སོགས་འཆད་ཅིང་། ཁྱད་པར་དུ་ཚེ་འདས་ཀྱི་མིང་ནས་བོས་ལ། འོ་རིགས་ཀྱི་བུ་ཚེ་འདིའི་སྣང་བ་ནུབ། ཕྱི་མའི་སྣང་བ་མ་ཤར་གྱི་བར་དེར་འཕོ་བ་མ་སྒོམ་སངས་རྒྱས་ཀྱིས་ཁྱོད་བར་དོའི་འཇིགས་པ་ལས་ཐར་བར་བྱེད་པ་ཡིན་པས། ཁྱོད་རང་གི་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་བཞུགས་ཡོད་པས་དེའི་ཐུགས་ཀར་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །ལན་གསུམ། འོ་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་ཡིན་ལ། ཁྱད་པར་དུའང་རིགས་ཀྱི་བུ་ཁྱོད་སྔོན་གྱི་ལས་ཟད། ཚེའི་འཕེན་པ་རྫོགས་པས་དེ་རིང་འཆི་བ་ཞེས་བྱ་བ་དེ་བྱུང་བ་ཡིན། འདིའི་ཚེ་གལ་ཆེ་བ་འཕོ་བའི་གདམས་པ་ཡིན་ཏེ། སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལས་ཀྱིས་འགྲུབ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པས་འཕོ་བའི་གདམས་པས་ཟིན་ན་སྡིག་ཅན་ཡང་འཆི་ཁར་གྲོལ་ནུས་པའི་ཆོས་ཟབ་མོ་ཡིན་ཞིང་། དེའང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་ཤར་དུས་སུ༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་ཞོག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕངས༔ གདོས་བཅས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཞེས་གསུངས་པ་ལྟར། ཁྱོད་རང་གཉེན་བཤེས་རྣམས་དང་འགྲོགས་པའི་ལས་སྨོན་གྱི་འཕེན་པ་རྫོགས་ཏེ་འཆི་ཁར་སླེབས་པ་ཡིན་པས་འདུས་པའི་སྙིང་ཉེའི་གྲོགས་ལ་མ་ཆགས་ཤིག །ད་ནི་སྐད་ཅིག་ཀྱང་འགྲོགས་པའི་མཐུ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཤིང་། གཞན་ཡང་རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་པའི་བདེ་བ་སྐད་ཅིག་ཙམ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཏེ། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བ་ཞིག་བྱ་སྙམ་དུ་གང་དུ་འཕོ་བའི་གནས་དག་པའི་ཞིང་དུ་ཡིད་གཏད་དེ་བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་ངེ་བ་གྱིས་ལ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསམས་ལ་མོས་གུས་ཆིག་སྒྲིལ་གྱིས་གསོལ་བ་ཐོབ་ཅིག །ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་གསུམ། ཧོ༔ དེེང་ནས་བཟུང་སྟེ་སོགས་གསུམ། བླ་མ་དཔལ་ལྡན་སོགས་གསུམ། སྐྱབས་ཡུལ་རང་ལ་བསྡུ། གོམས་འདྲིས་ཅན་ལ་ཁྱེད་རང་གི་ལུས་སྟོང་ར་འོད་ཀྱི་རང་བཞིན་དུ་གསལ་བའི་ངན་འགྲོའི་སྒོ་དགུར་ཧཱུྃ་མཐིང་ནག་འབར་བ་རེས་བཀག་པ། ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྙུགས་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབ་སྟོང་གི་ཡར་སྣ་རྒྱས་པ་ཚངས་བུག་ལ་ཟུག་པའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། མར་སྣ་ཇེ་ཕྲར་སོང་བའི་ལྟེ་འོག་སོར་བཞིའི་མཚམས་སུ་སླེབས་པའི་མར་སྣེར་རླུང་གི་དཀྱིལ་འཁོར་གྱི་སྟེང་གི་དབུ་མའི་ནང་ཁོངས་སུ་ཁྱོད་རང་གི་སེམས་མི་ཤིགས་པའི་ངོ་བོ་ཐིག་ལེ་དཀར་པོ་གསལ་འཚེར་འཕར་ཞིང་གཡོ་བ་ཞིག་གསལ་ཐོབ་མཛོད། དེ་ནས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧིཀ་བརྗོད་པའི་ཚེ་ཁྱོད་རང་གིས་སྤྱི་བོའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་རེ་ལྟོས་ལིང་གིས་སྐྱུར་བས་རླུང་དཀྱིལ་སྟེང་གི་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་མདའ་འཕངས་པ་ལྟར་རྒྱང་གིས་སོང་བ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་མཉམ་པར་ཞོག་ཅིག །ཕལ་པར། ཨོཾ་སྭ་བྷཱ་ཝས་སྦྱང་། དེ་རྗེས་སྣ་བུག་གཡོན་ནས་འོད་དཀར་པོ་དང་འདོད་ཆགས་ལས་གྱུར་པའི་དུག་ཐམས་ཅད་སངས་ཀྱིས་སོང་བར་བསམས་ལ་རྔུབ། ཡང་སྣ་བུག་གཡས་ནས་འོད་དམར་པོ་དང་། ཞེ་སྡང་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམས་ལ་རྔུབ། དབུས་ནས་འོད་སྔོན་པོ་དང་གཏི་མུག་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམས་ལ་རྔུབ། སྟོང་ར་ནས་ངན་འགྲོའི་སྒོ་དགུའི་བར་རང་དོན་ལྟར་ལས། དེ་ནས་རང་རྡོར་སེམས་སུ་གསལ། ཕུང་པོ་སྟོང་ར་རྩ་དབུ་མ་རླུང་དཀྱིལ་ཐིག་ལེ་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་རྣམས་གསལ་བཏབ་ནས། ན་མོ་གུ་རུ། རང་ལུས་སྟོང་གསལ་སོགས་ཀྱིས་བླ་མའི་སྐུ་ལས་འོད་ཟེར་བྱུང་བ་རང་གི་སྙིང་ཁར་ཐིམ། དེ་ལས་འོད་ཟེར་འཕྲོས་པས་ཕུང་པོའི་རྣམ་ཤེས་དང་བསྲེ། དེ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམིགས་ཡུལ་ཚེ་ལས་འདས་པ་འདིའི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བར་དོ་རུ་སངས་རྒྱས་པར་བྱིན་གྱིས་རློབས། ཞེས་གསོལ་བ་འདེབས་པ་དང་། རང་གི་ལག་གཡོན་པའི་མཐེ་བོང་སྣང་མཛད་དང། སྲིན་ལག་འོད་དཔག་མེད་དུ་བསྐྱེད་ལ། ཧིཀ་བརྗོད་པའི་ཚེ་སྤྱི་བོའི་སྐྲ་ལེའུ་གཅིག་བཟུང་སྟེ་ཧིཀ་བརྗོད་རེས་དང་བསྟུན་བོད་ཐུན་ཅུང་ཟད་རེ་བྱ་ཞིང་། དེ་ལྟར་ཧིཀ་བརྗོད་པའི་ཚེ་གནམ་མཐོང་ནས་ཕུག་རོན་འཕུར་པ་ལྟར་ཐིག་ལེ་སྤྱི་བོ་ནས་རྒྱང་གིས་ཐོན་པ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། ཡང་ཐིག་ལེ་མར་མི་འབེབས་པར་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་གསར་དུ་རམ་རམ་བསྐྱེད་ལ་སྔར་ལྟར་རྟགས་མ་བྱུང་གི་བར་དུ་ཧིཀ་གསུམ་གྱིས་སྤར་བར་བྱ་སྟེ། དེའི་ཚེ་ཕཊ་དྲག་པོ་བཏབ་པས་གཤིན་པོའི་རྣམ་ཤེས་དང་བླ་མའི་ཐུགས་འཁྲུག་གི་འདྲེས་པས་ཚེ་འདས་ཉིད་འོག་མིན་གྱི་ཞིང་དུ་སོང་བར་བསམ། བླ་མ་ཇེ་མཐོ་ཇེ་ཆུང་དུ་གྱུར་པ་མཐར་ནམ་མཁའ་དང་འཁྲུག་གི་འདྲེས་པས་འཕོ་བྱ་འཕོ་བྱེད་ཐམས་ཅད་དང་བྲལ་བ་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །རང་གི་རྣམ་ཤེས་ཡི་དམ་གང་ཡིན་གྱི་ས་བོན་ནམ། སྤྱི་ཙམ་དུ་ཧཱུྃ་དཀར་པོའི་རྣམ་པས་སྤྱི་བོ་ནས་ཐིམ་པས་ཡི་དམ་གང་ཡིན་ནམ། དཔལ་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་ལངས་ལ། རྡོར་སེམས་ཡིག་དྲུག་དང་། ཡིག་བརྒྱ། ངན་སོང་གནས་འདྲེན་ཨོཾ་སརྦ་པ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ་ཅེས་དང་། རྣམ་སྣང་དང་མི་འཁྲུགས་པའི་གཟུངས་་་རྫོགས་ཆེན་འབྲུ་དྲུག་འ་ཨ་ཧ་ཤ་ས་མ། འ་ཨ་ཤ་ས་མ་ཧ་་་སོགས་གཟུངས་སྔགས་བྱིན་ཅན་རྣམས་མང་དུ་བཟླ་ཞིང་། དགེ་བ་འདི་ཡིསྎ དཔལ་ལྡན་བླ་མ་སོགས། བཏགས་གྲོལ་བཀླག་པ་བསྔོ་བ་སྨོན་ལམ་སོགས་ཅི་ཤེས་བྱའོ། །འདི་ལྟར་མཁའ། མཉམ་འགྲོ་རྣམས་ཤེས་སྒྲིབ་ཀུན། །འཕོ་བའི་བཙན་ཐབས་སྦྱོར་བས་རབ་བཅོམ་སྟེ། །དྷཱུ་ཏིའི་དབྱིངས་བརྒྱུད་མཁའ་སྤྱོད་གྲུབ་དབྱིངས་སུ། །འཕེལ་འགྲིབ་མེད་པར་རྣམ་གྲོལ་ཉིད་གྱུར་ཅིག །ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་འདི་ནི་གྲྭ་ནང་དར་རྒྱས་ཆོས་གླིང་གི་བུ་སློབ་རྣམས་ལ་ཕན་པའི་ཕྱིར་མྱོས་རིགས་ཤཱཀྱའི་དགེ་བསྙེན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱིས་རང་ལུགས་ཕྱག་བཞེས་ཇི་ལྟ་བ་བཞིན་གྲྭ་ནང་དར་རྒྱས་ཆོས་གླིང་གི་དབེན་གནས་སུ་ཐུན་མཚམས་ལ་བྲིས་པས་འགྲོ་ཀུན་བྱང་ཆེན་ལ་འགོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

མཁའ་འགྲོ་སྙིང་ཐིག་གི་བརྒྱུད་འདེབས་ (Volume 56, Text 16)

ཨཱོྃ་ཨཱཿཧཱུྃ། ཆོས་ཀུན་ཀ་ནས་དག་པ་ཡེ་ཤེས་ཀྱི། །སྐུ་དང་ཡོན་ཏན་ལྷུན་གྲུབ་རྫོགས་པ་ཆེ། །རང་རིག་འགྱུར་མེད་སྐུ་བཞིའི་ངོ་བོ་ཉིད། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཁྱབ་བདག་སྟོན་པ་ཀུན་བཟང་ཆོས་ཀྱི་སྐུ། །དཀྱིལ་འཁོར་གཙོ་མཆོག་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ། །གསོལ་བ༴ པཎ་གྲུབ་ཀུན་གྱི་གཙུག་རྒྱན་ཤྲཱི་སིང་། །དུས་གསུམ་རྒྱལ་བ་ཀུན་དངོས་པདྨ་འབྱུང་། །བདེ་ཆེན་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །གསོལ་བ༴ ཟབ་གཏེར་གདམས་པའི་སྒོ་འབྱེད་ལས་འབྲེལ་རྩལ། །བཀའ་བབས་ཆོས་ཀྱི་བདག་པོ་ལེགས་ལྡན་པ། །ར༷ང་བྱུང༷་ཆོས་ཀུན་མཁྱེན་པའི་རྡོ༷་རྗེ༷་འཛིན། །གསོལ་བ༴ སྡོམ་བརྩོན་མཁས་གྲུབ་དབང་པོ་གཡུང་སྟོན་པ། །རོལ་པའི་རྡོ་རྗེ་ཆོས་རྡོར་ནམ་མཁའི་མཚན། །ཚུལ་ཁྲིམས་འབུམ་དང་ཤཱི་ལ་དྷྭ་ཛའི་ཞབས། །གསོལ་བ༴ ཕྲིན་ལས་ཕུན་ཚོགས་ཡེ་ཤེས་རྒྱལ་མཚན་ཅན། །སྤྱན་རས་གཟིགས་དབང་སེམས་དཔའ་ཆེན་པོ་དང་། །རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །གསོལ་བ༴ ཐུགས་སྲས་རྒྱལ་མཆོག་རྗེ་བཙུན་ཕྲིན་ལས་མཚན། །རྣལ་འབྱོར་དབང་ཕྱུག་ཀུན་བཟང་དཔལ་འབྱོར་དང་། །མཁས་གྲུབ་ཟླ་མེད་མདོ་སྔགས་བསྟན་འཛིན་བཟང་། །གསོལ་བ༴ གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ཞབས། །སྐྱབས་གསུམ་ཀུན་འདུས་ངོ་བོ་རིག་པ་འཛིན། །དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །གསོལ་བ༴ ཡང་ལུགས་གཅིག་ནི། གཡུང་སྟོན་གྱི་རྗེས་སུ། ཡེ་ཤེས་བཟང་པོ་ཚུལ་ཁྲིམས་མགོན་པོ་དང་། །མགོན་པོ་རྒྱལ་མཚན་རྒྱལ་སྲས་ཐུགས་མཆོག་རྩལ། །གསོལ་བ༴ ཉང་སྟོན་ཆོས་རྗེ་གནུབས་སྟོན་རིན་ཆེན་དཔལ། །ནམ་མཁའ་ཤེས་རབ་པཎ་ཆེན་པདྨ་དབང་། །ལེགས་ལྡན་རྡོ་རྗེ་དོན་རྒྱལ་རྣམ་གཉིས་ལ། །གསོལ་བ༴ ཚེ་རིང་དབང་པོ་རང་གྲོལ་ཀླུ་སྒྲུབ་མཚན། །སེ་སྟོན་ཐུགས་མཆོག་འོད་འབར་རིག་པ་འཛིན། །དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།། ཡང་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པ་ལྟར་ན། ལས་འབྲེལ་གྱི་རྗེས་སུ། ངེས་དོན་བསྟན་པའི་བདག་པོ་ཀློང་ཆེན་པ། །བདེ་ལེགས་རྒྱ་མཚོ་བཀྲ་ཤིས་འབྱུང་གནས་ཞབས། །གསོལ་བ༴ གཞོན་ནུ་བློ་གྲོས་རབ་གསལ་ཟླ་བ་མགོན། །མཁྱེན་རབ་དབང་ཕྱུག་པཎ་ཆེན་པདྨ་དབང་། །སོགས་གོང་ལྟར་རོ། །ཡང་ཏིག་གཙོ་ཆེ་བའི་བརྒྱུད་ལུགས་ལྟར་ན། ཀུན་མཁྱེན་གྱི་རྗེས་སུ། མཚུངས་མེད་ཡེ་ཤེས་རབ་འབྱམས་བསམ་གཏན་མཚན། །གསོལ་བ༴ སྦྱིན་པ་བཟང་པོ་སྤྲུལ་སྐུ་ཟབ་ལུང་པ། །རྫོགས་ཆེན་རྣལ་འབྱོར་བསོད་ནམས་རིན་ཆེན་དང་། །རྩེ་ལེ་རིག་འཛིན་བསོད་ནམས་རྣམ་པར་རྒྱལ། །གསོལ་བ༴ ཐུགས་སྲས་རྒྱལ་མཆོག་མན་སྔར་ལྟར་རོ། །ཡང་ལུགས་གཅིག་ནི། ཀུན་མཁྱེན་ཆེན་པོའི་རྗེས་སུ། བདེ་ལེགས་རྒྱ་མཚོ་མཚུངས་མེད་ཡོན་ཏན་དཔལ། །གསོལ་བ༴ སངས་རྒྱས་རིན་ཆེན་སངས་རྒྱས་རྒྱལ་མཚན་དང་། །རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་ཀརྨ་གུ་རུའི་ཞབས། །གསོལ་བ༴ ཀུན་བཟང་དཔལ་འབྱོར་མདོ་སྔགས་བསྟན་འཛིན་བཟང་། །གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། །དྲིན་ཅན་བླ་མ་འགྱུར་མེད་རྡོ་རྗེ་ལ། །གསོལ་བ༴ དེ་ལྟར་བརྒྱུད་ལུགས་གང་བྱེད་ཀྱང་མཐར། སངས་རྒྱས་ཀུན་གྱི་ཡེ་ཤེས་སྒྱུ་དྲྭའི་གར། །ཐུན་མོང་འགྲོ་ལ་ཟབ་མོའི་ལམ་བཟང་རྣམས། །གསལ་མཛད་ཚད་མེད་ཐུགས་རྗེའི་ཕྲིན་ལས་ཅན། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དབྱིངས་རིག་དབྱེར་མེད་ཡེ་ཤེས་རྣམ་ལྔའི་རྩལ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷར། །ཡོངས་ཤར་དཔའ་བོ་མཁའ་འགྲོའི་ཚོགས་བཅས་པས། །ཚད་མེད་ཐུགས་རྗེས་དགོངས་ནས་བྱིན་གྱིས་རློབས། །དེང་ནས་མི་ཁོམ་གནས་སྤང་དལ་འབྱོར་རྟེན། །ཡོངས་རྙེད་དགེ་བའི་བཤེས་ཀྱིས་རྗེས་གཟུང་སྟེ། །ལམ་མིན་ལམ་ལྟར་བཅོས་པས་མི་འདྲིད་པར། །ཡང་དག་ལམ་དུ་གེགས་མེད་འཇུག་པར་ཤོག །མི་རྟག་འཆི་བས་རྒྱུད་བསྐུལ་ལས་འབྲས་ཚུལ། །བསླུ་མེད་ཤེས་པས་སྲིད་བདེ་རྨི་ལམ་ལྟར། །འཁྲུལ་པར་རྟོགས་ནས་ངེས་འབྱུང་བརྟན་པོ་ཡིས། །རྣམ་གྲོལ་ཐར་པའི་ལམ་སྣ་ཟིན་པར་ཤོག །ཐོག་མེད་དུས་ནས་དྲིན་གྱིས་རྗེས་བསྐྱངས་པའི། །འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང་། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །ཟབ་ལམ་སྟོན་པའི་དྲིན་ཅན་བླ་མ་ལ། །བཟོད་མེད་མོས་གུས་ལམ་དུ་ལོངས་པ་དང་། །དབང་གི་ཆུ་བོས་བདག་རྒྱུད་ཡོངས་སྨིན་ནས། །སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བར་ཤོག །གདོད་ནས་རང་གནས་སེམས་ཉིད་ཆོས་སྐུའི་གདངས། །རྣམ་འགྱུར་ལྷ་སྔགས་ཡེ་ཤེས་རྣམ་རོལ་དུ། །ཡོངས་གྲུབ་དག་པའི་སྣང་བ་འབྱམས་ཀླས་པའི། །ཆོས་ཉིད་རྫོགས་པ་ཆེན་པོ་མངོན་གྱུར་ཤོག །འཁོར་འདས་ཀ་དག་རང་སྣང་རིས་མེད་ཀྱི། །གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །ལྷུན་གྲུབ་སྐུ་དང་ཞིང་ཁམས་ཚད་མེད་པའི། །སྣང་བཞིའི་རྣལ་འབྱོར་མཐའ་རུ་ཕྱིན་པར་ཤོག །དེ་ལས་ཀུན་ཁྱབ་རང་རིག་རྫོགས་སངས་རྒྱས། །མངོན་པར་བྱང་ཆུབ་འཕོ་མེད་མཆོག་གི་སར། །སྐུ་དང་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པའི། །འབྲས་བུ་ཚེ་འདི་ཉིད་ལ་འགྲུབ་པར་ཤོག །མདོར་ན་བདག་གི་སྒོ་གསུམ་བྱ་བ་ཀུན། །བསྟན་དང་འགྲོ་བའི་ཕན་བདེའི་གཞིར་གྱུར་ནས། །འོད་གསལ་རྫོགས་པ་ཆེན་པོའི་མྱུར་ལམ་ལས། །ཀུན་བཟང་གདོད་མའི་ཞིང་དུ་འགོད་པར་ཤོག །དབང་ལུང་གི་བརྒྱུད་པའི་རྣམ་གྲངས་གཞན་ཡང་ཡོད་མོད། དབང་ཁྲིད་ལུང་གསུམ་ཀའི་བརྒྱུད་ལུགས་གཙོ་ཆེ་བ་ནི་དེ་ཙམ་མོ། །ཞེས་པའང་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཀྱི་ཆ་རྐྱེན་དུ་འགྱུར་མེད་རྡོ་རྗེས་བརྗོད་པའོ།། །།

རྫོགས་ཆེན་དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ་ (Volume 8, Text 16)

རྫོགས་ཆེན་དཀོན་སྤྱིའི་རིག་འཛིན་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ །ཆོས་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་། །དག་པ་གཉིས་ལྡན་མཐའ་བྲལ་གདོད་མའི་མགོན། །རིག་སྟོང་ཉག་གཅིག་གཞོན་ནུ་བུམ་པ་སྐུ། །ཀུན་བཟང་འོད་མི་འགྱུར་བ་ལ་གསོལ་བ་འདེབས། །རང་སྣང་ལྷུན་གྲུབ་ཚངས་པ་རྔ་སྒྲའི་ཞིང་། །ངེས་པ་ལྔ་ལྡན་མཚན་དཔེ་ལོངས་སྤྱོད་རྫོགས། །བདེ་སྟོང་ཁ་སྦྱོར་སྐུ་ཡི་འདུ་འབྲལ་མེད། །རིགས་འདུས་ནམ་མཁའ་རྒྱལ་པོ་ལ་གསོལ་བ་འདེབས། །མཁའ་ཁྱབ་རྡུལ་སྙེད་ཚངས་ཆེན་ཞིང་གི་མགོན། །མཁྱེན་པ་གཉིས་ལྡན་སྒྱུ་འཕྲུལ་དྲྭ་བའི་གར། །སྣང་སྟོང་སྲིད་ཞི་ཀུན་བདག་རྡོ་རྗེ་སེམས། །རྒྱལ་དབང་པདྨ་འོད་འབར་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན། །གདོད་ནས་གྲུབ་པ་མཁའ་སྤྱོད་ཌཱ་ཀིའི་གཙོ། །གསང་སྔགས་མཛོད་འཛིན་འཆི་མེད་རྡོ་རྗེའི་སྐུ། །དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་ལ་གསོལ བི་མས་རྗེས་བཟུང་རྫོགས་ཆེན་བསྟན་པའི་བདག །སེམས་ཀྱི་ཆོས་ཟད་གདོད་མའི་གྲོལ་གཞིར་ཕྱིན། །ཟག་བཅས་ཕུང་པོ་ཟག་མེད་འོད་དུ་དེངས། །གྲུབ་ཆེན་ཏིང་འཛིན་བཟང་པོ་ལ་གསོལ རི་བོ་སྤྱི་ཆིངས་དགོངས་པའི་གདེངས་ཚད་བརྙེས། །སྣང་བཞི་མཐར་ཕྱིན་འབྱུང་བཞི་དབང་དུ་སྒྱུར། །ཉང་བན་རྣམ་འཕྲུལ་སྐྱེ་མཐའི་སངས་རྒྱས་མཆོག །རིག་འཛིན་འཇའ་ཚོན་སྙིང་པོ་ལ་གསོལ ཡེ་ཤེས་སྤྱི་བླུག་རྒྱལ་ཐབས་དབང་བསྐུར་བརྙེས། །གཞི་རྫོགས་དགོངས་པས་སྣང་སྲིད་ཟིལ་གྱིས་མནན། །འབྲོག་བན་ཐུགས་སྤྲུལ་པདྨ་ཐོད་ཕྲེང་དངོས། ཁྲག་འཐུང་བདུད་འདུལ་རྡོ་རྗེ་ལ་གསོལ ཐིག་ལེ་མཐོང་རྡོལ་རྟོགས་གྲོལ་ཟུང་འཇུག་བརྙེས། །ལྷུན་གྲུབ་རིན་ཆེན་སྦུབས་སུ་བརྟན་པ་ཐོབ། །ལང་གྲོའི་རྣམ་འཕྲུལ་སྐྱེ་འཆིའི་མཚན་མ་ཟད། །རིག་འཛིན་ཀློང་གསལ་སྙིང་པོ་ལ་གསོལ ཉི་ཟླ་ཁད་མཉམ་ཡེ་ཤེས་ཟང་ཐལ་བརྙེས། །འཁོར་འདས་ཡོངས་གྲོལ་ཀུན་ཁྱབ་ཞིང་གི་བདག །བཻ་རོའི་རྣམ་འཕྲུལ་རྒྱུན་མཐའི་རིག་པ་འཛིན། །པདྨ་བདེ་ཆེན་གླིང་པ་ལ་གསོལ རྒྱ་མཚོ་ཀློང་རྡོལ་ས་ལམ་ཅིག་ཆོད་བརྙེས། །རང་བྱུང་རྡོ་རྗེ་རྩེ་མོའི་རྩལ་ཆེན་རྫོགས། །ནམ་སྙིང་ཐུགས་སྤྲུལ་འཕོ་བའི་བག་ཆགས་བཅོམ། །རྡོ་རྗེ་ཚེ་དབང་ནོར་བུ་ལ་གསོལ སྲིད་ལ་མི་གནས་དགོངས་པ་ཀློང་དུ་གྲོལ། །ཞི་ལ་མི་གནས་སྣང་བ་རང་རྒྱས་ཐེབ། །སྤྱན་རས་གཟིགས་དབང་རྣམ་འཕྲུལ་ཐམས་ཅད་མཁྱེན། །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ་གསོལ ཆོས་སྐུ་རང་བཞག་ལྟ་བ་གྱད་དུ་གྱུར། །འགྱུར་མེད་རང་གསལ་སྒོམ་པ་ཚད་ལ་ཕེབས། །མངའ་བདག་རྣམ་འཕྲུལ་སྙིགས་མའི་འགྲོ་འདུལ་མཆོག །རིག་འཛིན་རྡོ་རྗེ་དྲག་པོ་ལ་གསོལ ཕྱོགས་བཅུ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །པདྨས་ལུང་བསྟན་ཁྱབ་བདག་རྡོ་རྗེ་འཆང་། །པདྨ་ཉིན་བྱེད་དབང་པོ་ལ་གསོལ གཞན་ཡང་ཡང་ཟབ་བསྐྱེད་རྫོགས་རྫོགས་པ་ཆེའི། །ཆོས་བདག་རྩ་བ་གཅིག་ལ་སྡོང་པོ་གཉིས། །ཡན་ལག་བརྒྱད་དང་མེ་ཏོག་འབྲས་བུ་ལྔར། །ལུང་ཟིན་སྐྱེས་ཆེན་རྣམས་ལ་གསོལ བི་མ་དངོས་བྱོན་འཛམ་གླིང་ནོར་བུ་རྒྱན། །མཆོག་གི་སྤྲུལ་སྐུ་བཟང་པོ་རྡོ་རྗེའི་ཞབས། །མཆོག་གྲུབ་རྣམ་རོལ་མི་ཕམ་བློ་གྲོས་སོགས། །སྤྲུལ་པའི་ཆོས་བདག་རྣམས་ལ་གསོལ གངས་ཅན་མགོན་པོ་ཆོས་དབྱིངས་རྡོ་རྗེའི་ཞབས། །དཔལ་གྱི་དབང་ཕྱུག་རྣམ་འཕྲུལ་གྲགས་པའི་མཚན། །ཀླུ་ཡི་རྒྱལ་མཚན་ཀརྨ་ཆགས་མེད་སོགས། །སར་གནས་ཆོས་བདག་རྣམས་ལ་གསོལ ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་མེད་རྩལ། །སཱ་ལེའི་རྣམ་རོལ་གཏེར་ཆེན་བསམ་གཏན་གླིང་། །མཁས་གྲུབ་ཆེན་པོ་སྣ་ཚོགས་རང་གྲོལ་སོགས། །རྒྱལ་ཚབ་ཆོས་བདག་རྣམས་ལ་གསོལ བརྟུལ་ཞུགས་གྲུབ་པའི་དབང་ཕྱུག་ཕག་འཚོ་བ། །ཤ་མི་གོ་ཆའི་རོལ་གར་བསྟན་སྤེལ་མཆོག །བསྟན་པ་དར་རྒྱས་ཀརྨའི་མཚན་ཅན་སོགས། །བཀའ་བབས་ཆོས་བདག་རྣམས་ལ་གསོལ པདྨ་ཀུན་དགའ་ཕྲིན་ལས་དབང་འབྱུང་ཞབས། །ཤེས་རབ་གྲགས་པ་བསྟན་འཛིན་དོན་གྲུབ་རྗེ། །རིགས་བརྒྱའི་ཁྱབ་བདག་ཐེག་མཆོག་བསྟན་འཕེལ་སོགས། །ཡོངས་རྫོགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས།  །དཀོན་མཆོག་གསུམ་འདུས་མཐར་ཐུག་སྐྱབས་ཀྱི་མཆོག །རྩ་བ་གསུམ་དངོས་བྱིན་རླབས་དངོས་གྲུབ་གཏེར། །བཀའ་དྲིན་གསུམ་ལྡན་དཔལ་ཆེན་ཀུན་ཏུ་བཟང་། །རྩ་བའི་བླ་མའི་ཞབས་ལ་གསོལ སྐུ་ལྔ་རྡོར་འཆང་སྐལ་མགོན་དྲུག་ཅུ་ལྔ། །སྟོན་པ་བཅུ་གཉིས་རིག་འཛིན་ཆེ་བརྒྱད་སོགས། །དགུ་ལྡན་བརྒྱུད་པའི་རྩ་བ་བྱིན་རླབས་མཛོད། །བླ་མ་དཀོན་མཆོག་སྤྱི་འདུས་ལ་གསོལ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི། །དཀྱིལ་འཁོར་རྗེ་བཙན་པདྨ་ཧེ་རུ་ཀ །མཆོག་དང་ཐུན་མོང་དངོས་གྲུབ་རྒྱ་མཚོའི་གཏེར། །ཆེ་མཆོག་དམར་ནག་མེ་ཕྲེང་ལ་གསོལ གནས་ཡུལ་དུར་ཁྲོད་རྩ་རླུང་ཐིག་ལེ་རུ། །ཕྲིན་ལས་མངའ་མཛད་གནས་གསུམ་མཁའ་འགྲོ་མ། །ཡེ་ཤེས་ལས་དང་འཇིག་རྟེན་སྤྱི་དཔལ་ཆེ། །རྒྱལ་ཡུམ་སེང་གེའི་གདོང་ཅན་ལ་གསོལ སངས་རྒྱས་ཀུན་འདུས་རྩ་གསུམ་དཀྱིལ་འཁོར་ལྷ། །མཁྱེན་བརྩེ་ནུས་མཐུ་བསམ་གྱིས་མི་ཁྱབ་པས། །བདག་སོགས་ད་ལྟ་ཉིད་དུ་ཐུགས་རྗེས་ཟུངས། །རེ་ས་གཞན་ན་མེད་དོ་བྱིན་རླབས་ཕོབ། །རྩེ་གཅིག་གདུང་བའི་ང་རོས་གསོལ་འདེབས་ཤིང་། །སྟོང་ཉིད་སྙིང་རྗེའི་ཐུགས་དམ་དགོངས་པ་བསྐུལ། །རྨོངས་པའི་སྙིང་ལ་ཡེ་ཤེས་ལྕགས་ཀྱུས་གཟེར། །རྒྱལ་བའི་རིགས་སད་ནུས་པ་རྫོགས་པར་མཛོད། །སྲིད་པར་ངེས་འབྱུང་འཆི་བ་སྙིང་ལ་གཟེར། །ཆོས་བརྒྱད་འབྲེལ་ཐག་ཆོད་པར་བྱིན་གྱིས་རློབས། །ཚེ་འདི་བློས་ཐོངས་ཆོས་ཕྱིར་དཀའ་ཐུབ་བཟོད། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཐོག་མེད་ནས་བསགས་ལས་ཉོན་སྡིག་སྒྲིབ་བྱང་། །ལས་རླུང་བཙན་ཐབས་འགག་པར་བྱིན་གྱིས་རློབས། །ལས་འབྲས་ཡིད་ཆེས་སྡོམ་དང་དམ་ཚིག་བརྟན། །བསྒྲུབ་པའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །བདུད་ཀྱི་གེགས་ཞི་ཆོས་མཐུན་ཚེ་བསོད་རྒྱས། །དགེ་བསམ་བར་ཆད་མེད་པར་བྱིན་གྱིས་རློབས། །ཕྱོགས་མེད་སྙིང་རྗེ་རིས་མེད་དག་སྣང་འབུངས། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ན་ཚ་སྡུག་བསྔལ་ཉོན་མོངས་རྣམ་རྟོག་སོགས། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །དྲོད་རྟགས་མངོན་ཤེས་ལྟོ་གོས་སྐྱིད་འདོད་སོགས། །ངར་འཛིན་ཁོང་འཚོད་བྲལ་བར་བྱིན་གྱིས་རློབས། །མོས་གུས་དྲག་པོས་བྱིན་རླབས་སྙིང་ལ་ཞུགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །བསྐྱེད་པས་གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར། །སྣོད་བཅུད་ལྷ་རུ་འཆར་བར་བྱིན་གྱིས་རློབས། །རྩ་རླུང་ཐིག་ལེ་རྡོ་རྗེ་གསུམ་དུ་དག །འཕོ་མེད་ཞུ་བདེ་བརྙེས་པར་བྱིན་གྱིས་རློབས། །དཔེ་ཚིག་ཡིད་དཔྱོད་གོ་བར་མི་ལུས་པར། །སྒྲོ་འདོགས་སེམས་ལ་ཆོད་པར་བྱིན་གྱིས་རློབས། །རང་ཐོག་ངོ་འཕྲོད་གཅིག་ཐོག་ཐག་ཆོད་དེ། །གྲོལ་ཐོག་གདེང་འཆའ་ནུས་པར་བྱིན་གྱིས་རློབས། །གཟུང་འཛིན་འབྲེལ་ཆད་རིག་སྟོང་རྗེན་ལ་བུད། །དབྱིངས་རིག་མ་བུ་འདྲེས་པར་བྱིན་གྱིས་རློབས། །ཡེ་ཤེས་སྐུ་ཐིག་ལུག་རྒྱུད་འཕེལ་ཞིང་བརྟན། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཐོབ་གསུམ་གཟེར་ཐེབས་གདེང་བཞིའི་དྲོད་ཚད་བརྙེས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །སྐྱེ་འཇུག་དབང་ཐོབ་འཕོ་བ་ཆེན་པོའི་སྐུས། །འགྲོ་དོན་འཁོར་བ་དོང་སྤྲུགས་བྱིན་གྱིས་རློབས། །ཡེ་ཤེས་གསུམ་ལྡན་ཀ་དག་གསང་བའི་སྦུབས། །ལྷུན་རྫོགས་དུས་བཞི་མཉམ་ཉིད་གདོད་མའི་ཀློང་། །འོད་མི་འགྱུར་བའི་གོ་འཕང་མཆོག་བརྙེས་ནས། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་པའང་དཔལ་སྤུངས་རི་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཟབ་ཆོས་འདི་ཉིད་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་གསག་པའི་ཐུན་སྐབས་སུ་རྩེ་གཅིག་གསོལ་བ་བཏབ་པ་སྟེ་བློ་གྲོས་མཐའ་ཡས་ཀྱིས་སོ། ༈ །འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུའི་ཁ་སྐོང་ནི།  རྣམ་སྣང་རྒྱལ་བ་ཡོངས་རྫོགས་བསྟན་པའི་བདག །མཐའ་ཡས་དཀྱིལ་འཁོར་ཀུན་གཙོ་གར་གྱི་དབང་། །རྒྱལ་བས་ཡོངས་བསྔགས་དཔལ་ཆེན་རྡོ་རྗེ་ཅན། །འཆི་མེད་གཡུང་དྲུང་གླིང་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་འདུས་སོགས་སྦྲེལ་བ་དང་། བརྒྱུད་འདེབས་བསྡུས་པར། ཐུགས་ཀྱི་རྡོ་རྗེ་རྩལ་ཞེས་པའི་འཕྲོས་སུ། པདྨ་ཉིན་བྱེད་གཡུང་དྲུང་གླིང་པའི་ཞབས། །དོན་གཉིས་མཐར་ཕྱིན་སོགས་དང་། སྨན་མཆོད་སྐབས། འཆི་མེད་གཡུང་དྲུང་གླིང་པའི་ཞལ་དུ་སརྦ་པཉྩ དྲིན་ཆེན་རྩ་བའི་བླ་མའི་སོགས་དང་། མངྒ་ལཾ།། །།

གནམ་ཆོས་དཔལ་རྣོ་བཀྲའི་སྐོར་ལས་རྟ་གཟུངས་ (Volume 51, Text 16)

གནམ་ཆོས་དཔལ་རྣོ་བཀྲའི་སྐོར་ལས་རྟ་གཟུངས་བཞུགས་སོ༔ ཧྱ་གྲཱི་བ་ལ་ན་མོ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བར་དུ་ཐུགས་རྗེ་ཆེན་པོ་དང༔ ཐ་མར་པདྨ་འབྱུང་གནས་དང༔ ཡང་མཐའ་རྣལ་འབྱོར་ཆེ་གེ་ཡན༔ དེ་ཡི་བར་གྱི་ལྷ་སྲིན་རྣམས༔ རྣལ་འབྱོར་བདག་གི་དམ་ལ་ཤོག༔ ཁྱད་པར་རྟ་ལ་གནོད་བྱེད་པའི༔ རྟ་ཡི་གདོན་བགེགས་བཅུ་པོ་ཡང༔ རྟ་གདོན་དམར་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྨུག༔ ལག་ན་མཁར་གོང་ལྕགས་ཀྱུ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ ཏདྱ་ཐཱ༔ ཨོཾ་ར་སི་ར་སི༔ སི་ལི་སི་ལི༔ གོ་ར་བྷ་དྷི༔ ཡཾ་ཡ་ཡཾ་ཡ༔ པི་རི་འགའ་ཡ༔ པི་རི་འགའ་ཡ༔ ཧ་རི་ཧ་རི༔ ཧོ་ར་ཧོ་ར༔ དྷ་ཟོ་དྷ་ཟོ༔ ཏ་ཐི་ཏ་ཐི༔ ཏད་ཏྲཾ་ཏད་ཏྲཾ༔ ས་ས་མ་མ༔ ཧུ་ལུ་ཧུ་ལུ༔ ཡ་ཡཱ་ཡ་ཡཱ་སྭཱ་ཧཱ༔ རྟ་གདོན་རྣམས་ཀྱིས་གཟུངས་འདི་ཉོན༔ ཏདྱ་ཐཱ༔ ཙི་ལིཾ་ཙི་ལིཾ༔ ཧོ་ར་ཧོ་ར༔ ཏ་ཐེ་ཏ་ཐེ༔ རང་ཏེ་ཏེ༔ རང་ཏེ་ཏེ༔ རྟ་གདོན་རྣམས་ཀྱིས་མི་ཚུགས་པ་ལ་སྭཱ་ཧཱ༔ རྟ་བགེགས་རྣམས་ཀྱིས་གཟུངས་འདི་ཉོན༔ ཏདྱ་ཐཱ༔ ཧ་ལ་ཧ་ལ༔ མ་ཧཱ་མ་ཧཱ༔ འགུ་རུ་ཡོ་ག་མ་མ༔ གྒོ་ར་རཀྵ༔ པ་ཏི་པ་ཏི༔ ད་ཧོན་ཆོན་ད་ཧོན་ཆོན༔ མ་ར་མ་ར༔ ཡ་ཐེཾ་ཡ་ཐེཾ༔ བུན་ས་བུན་ས༔ ད་ཧ་ན་ད་ཧ་ན༔ རྟ་བགེགས་རྣམས་ཀྱིས་མི་ཚུགས་པ་ལ་སྭཱ་ཧཱ༔ རྟ་བདུད་རྣམས་ཀྱིས་གཟུངས་འདི་ཉོན༔ ཏདྱ་ཐཱ༔ འཛ་ཛ་འཛ་ཛ༔ ཧེ་ཧེ་ཧེ་ཧེ༔ ཡ་ཡ་ཡ་ཡ༔ ཕཊ་ཕཊ༔ མ་ར་མ་ར༔ ཨ་ནུ་ཙི་རི༔ རི་མཾ་རི་མཾ༔ མོཾ་ག་ཏེ་ཧེ་དུ༔ ཡ་ཏ་ཡ་འདའ༔ ཧེ་དུན་ཏེ་ཧེ་དུན་ཏེ༔ ཥན་ཙམ་ཀྵོ༔ ཥན་ཙམ་ཀྵོ༔ ཀྵེ་ཏ་འགུ་ཡ༔ ཀྵེ་ཏ་འགུ་ཡ༔ རྟ་བདུད་རྣམས་ཀྱིས་མི་ཚུགས་པ་ལ་སྭཱ་ཧཱ༔ རྟ་གཟུངས་རྫོགས་སོ༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈྈ ྈྈ ྈ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་འབྲུག་ཟླའི་ཉེར་གཅིག་ནུབ་ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པའོ།། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་མཆོད་ཅིང་སྒྲུབ་པའི་ཐབས་ཚོགས་གཉིས་ཀྱི་ཆར་རྒྱུན་གསེར་གྱི་ཕྲེང་བ་ (Volume 21, Text 16)

༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་མཆོད་ཅིང་སྒྲུབ་པའི་ཐབས་ཚོགས་གཉིས་ཀྱི་ཆར་རྒྱུན་གསེར་གྱི་ཕྲེང་བ་བཞུགས༔ ལས་བྱང་གསེར་གྱི་ཕྲེང་བ་ྀཨཚ༔ ྈྈྈྈྈྈྈྈ བཅོམ་ལྡན་འདས་གཟི་བརྗིད་ཀྱི་རྒྱལ་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཚོགས་གཉིས་མྱུར་བར་རྫོགས་ཤིང་སྒྲིབ་གཉིས་ཡོངས་སུ་དག་པའི་ཕྱིར༔ འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་མཆོད་ཅིང་སྒྲུབ་པའི་ཐབས་བསྟན་པ་ནི༔ རྒྱུད་རྡོ་རྗེ་པདྨའི་དྲ་བ་ལས༔ སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གང༔ ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནི༔ མཁའ་འགྲོ་མ་ཡི་དྲྭ་བས་གསུངས༔ ཞེས་གསུངས་པས༔ འདི་ནི་སྤྱི་དོན་བཅུ་གསུམ་སྟེ༔ བཀའ་བསྒོ་བ་དང་གཅིག༔ མཚམས་གཅོད་པ་དང་གཉིས༔ ཕྱག་རྒྱ་བཟུང་བ་དང་གསུམ༔ སྐྱབས་སེམས་བྱ་བ་དང་བཞི༔ ཡན་ལག་འབུལ་བ་དང་ལྔ༔ བྱིན་གྱིས་བརླབ་པ་དང་དྲུག༔ གཞལ་ཡས་ཁང་བསྒོམ་ཞིང་ལྷ་གསལ་བ་དང་བདུན༔ སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་བརྒྱད༔ ཕྱག་འཚལ་ཞིང་ཕྱི་ནང་གསང་མཆོད་འབུལ་བ་དང་དགུ༔ བསྟོད་པ་བྱ་ཞིང་བསྙེན་པ་བྱ་བ་དང་བཅུ༔ ཚོགས་བྱ་བའི་རིམ་པ་དང་བཅུ་གཅིག༔ ཐུགས་དམ་བསྐུལ་ཞིང་ཆད་བརྟན་ཚེའི་དངོས་གྲུབ་བླང་བ་དང་བཅུ་གཉིས༔ བཤགས་པ་བཀྲ་ཤིས་བསྔོ་སྨོན་བྱ་ཞིང་དལ་བསྡུ་བ་དང་བཅུ་གསུམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་བཀའ་བསྒོ་བ་ནི༔ རང་ཉིད་རྟ་མགྲིན་གསལ༔ ཧཱུྃ༔ ང་ནི་དབང་དྲག་རོལ་པའི་སྐུ༔ དུས་གསུམ་རྒྱལ་བ་ཀུན་མཆོད་ཀྱི༔ མཆོད་པའི་མདངས་འཕྲོག་བར་ཆད་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྡོ་རྗེ་འཛིན་པ་ཐུགས་ཁྲོས་ནས༔ ཁྱོད་ཀྱི་ལུས་སེམས་རྡུལ་དུ་རློག༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འདུས་པའི་སྐུ༔ དཔལ་ཆེན་བདུད་འདུལ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱིས་དབང་བསྐུར་ནས༔ གདུག་པ་འདུལ་བར་རབ་བསྔགས་པས༔ མེ་རི་མཚོན་ཆ་རྡོ་རྗེའི་རྭ༔ ཁྲོ་ཚོགས་འབར་བས་མཚམས་བཅད་དོ༔ ཛྭ་ལ་རཾ་ཧཱུྃ་བྷྲཱུྃ་དྷི་ཧ་ར་རཾ་བཛྲ་རཀྵ་ཧཱུྃ་ཕཊ༔ ཧཱ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ༔ དེ་ནས་ཕྱག་རྒྱ་བཟུང་བ་ནི༔ ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ལ༔ ཧཱུྃ༔ ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན༔ འདས་དུས་འགྲོ་རྣམས་སད་པའི་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ བཛྲ་དྷརྨཱ་ཧཱུྃ་ཨཱ༔ བཞི་པ་སེམས་བསྐྱེད་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ཤེས་རབ་སྙིང་རྗེ་དང་བཅས་པའི༔ བརྩོན་པས་སེམས་ཅན་དོན་དུ་བདག༔ སངས་རྒྱས་མདུན་དུ་གནས་བཅས་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ ལྔ་པ་ཡན་ལག་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རྣམ་དག་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས༔ ལྷུན་གྲུབ་ཡེ་ཤེས་ཆོ་འཕྲུལ་རིགས་ལྔ་ཤར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འགྲོ་དོན་སྐུར་བཞེངས་ཐུགས་རྗེས་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་རང་རིག་དཀྱིལ་འཁོར་འདིར༔ ཁམས་གསུམ་ཟིལ་གནོན་དམ་ཚིག་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པད་གདན་ལ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ རང་བྱུང་ཐབས་དང་ཤེས་རབ་ཐུགས་རྗེའི་རྩལ༔ དུས་གསུམ་རྒྱལ་བ་ཕྱོགས་བཅུར་བཞུགས་པ་རྣམས༔ ཡེ་ནས་ཐམས་ཅད་དབྱེར་མེད་མཐའ་དང་བྲལ༔ རང་བཞིན་འཁོར་འདས་གཉིས་མེད་ཕྱག་འཚལ་ལོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཕྱི་ནང་གསང་བའི་མཆོད་ཡོན་གཏོར་ཚོགས་རྣམས༔ དངོས་འབྱོར་ཡིད་སྤྲུལ་རང་ཤར་རང་གྲོལ་ངང༔ འཁོར་བ་མ་ལུས་ཡེ་ཤེས་དབྱིངས་སུ་བཞེས༔ རྣམ་དག་ཡེ་ཤེས་ཀུན་མཁྱེན་དགོངས་སུ་གསོལ༔ ཐོག་མེད་དུས་ནས་བདག་གིས་དུག་གསུམ་གྱིས༔ སྒོ་གསུམ་སྡིག་པ་ཁམས་གསུམ་སྡུག་བསྔལ་བསགས༔ གནོང་འགྱོད་མཐོལ་བཤགས་སླན་ཆད་བྱང་གྱུར་ཅིག༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང༔ སྙིང་པོ་བྱང་སེམས་བསོད་ནམས་ཡེ་ཤེས་གཏེར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ རྣམ་དག་རྗེས་སུ་ཡི་རང་ཕྱག་འཚལ་བསྟོད༔ ཆོས་དབྱིངས་ཀློང་ནས་གདུལ་བྱར་གང་འོས་སྤྲུལ༔ ཆོས་ཀྱི་འཁོར་ལོས་ཉོན་མོངས་དྲ་བ་གཅོད༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ལོ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛད་དུ་གསོལ༔ བླ་མ་སངས་རྒྱས་འགྱུར་མེད་རྡོ་རྗེའི་སྐུ༔ མ་དག་སྣང་ངོར་འདས་ཚུལ་མི་སྟོན་པར༔ འཁོར་བ་མ་སྟོངས་བར་དུ་དོན་མཛད་ཅིང༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གཞན་དགེ་བ་ཡོད་དང་དུས་གསུམ་དུ༔ བྱས་བསྐུལ་ཡི་རང་ཟག་བཅས་ཟག་མེད་ཀྱི༔ བསོད་ནམས་ཡེ་ཤེས་དམིགས་མེད་དབྱིངས་སུ་བསྔོ༔ བདག་གཞན་འགྲོ་ཀུན་སྐུ་གསུམ་སངས་རྒྱས་ཤོག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པ་དང༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ དྲུག་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ གཙང་ཞིང་གཙང་མར་སྦྱར་བ་བཅུད་ཀྱི་ཕུད༔ འབྲུ་བཅུད་སྟོང་ལ་སྦྱར་བའི་བདུད་རྩི་ཨ་མྲྀཏ༔ སྐལ་མེད་རྣམས་ཀྱི་རྐྱེན་དང་མི་ལྡན་ཏེ༔ རང་བྱུང་དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨཱ༔ མཁའ་གསང་རྨད་བྱུང་ཡུམ་གྱི་རང་བཞིན་ལས༔ རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང༔ ཁམས་གསུམ་བསྒྲལ་བ་བམ་གྱི་རཀྟ་དང༔ དུག་གསུམ་བསྒྲལ་བ་རྩ་ཡི་རཀྟ་དང༔ ཆགས་བྲལ་འཁོར་བ་གནས་ནས་དྲང་བའི་ཕྱིར༔ བླ་མེད་ལྷ་ལ་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས༔ འབུལ་ནི་སློབ་དཔོན་མཆེད་ལ་འབུལ༔ མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད༔ བླ་མེད་ཚོགས་སུ་འབུལ་ལོ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གྷུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔས་ཀྱང་རབ་བརྒྱན་ནས༔ ཐུགས་དམ་དམ་ཚིག་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཨོཾ་ཨཱཿབཛྲ་ནཻ་བིདྱ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཧྲཱི༔ གཟུགས་ནི་ལག་གཉིས་མེ་ལོང་འཛིན༔ སྒྲ་ནི་སྙན་པའི་པི་བཾ་འཁྲོལ༔ དྲི་ནི་སྤོས་ཀྱི་འུར་ཏིལ་འཛིན༔ རོ་ནི་རོ་མཆོག་བརྒྱ་ལས་འདས༔ རེག་ནི་པཉྩ་ལི་ཀཱ་འཛིན༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཨོཾ་ཨཱཿབཛྲ་ར་ས་ཧཱུྃ༔ ཨོཾ་ཨཱཿབཛྲ་སྤརྴེ་ཧཱུྃ༔ ཨོཾ་ཨཱཿབཛྲ་པཱུ་ཙ་ཧཱུྃ༔ ཨོཾ་ཨཱཿབཛྲ་པཉྩ་ལི་ཀཱ་ཧཱུྃ༔ ཨོཾ་ཨཱཿབཛྲ་དྷརྨ་ཧཱུྃ༔ ཞེས་ལྷ་ཡུལ་མི་ཡུལ་འདོད་ཡོན་ཐམས་ཅད་བླ་མེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ནམ་མཁའ་དང་མཉམ་པར་སྤྲུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱི་དོན་བདུན་པ་རྟེན་པའི་གཞལ་ཡས་ཁང་བསྒོམ་ཞིང་ལྷར་གསལ་བ་ནི༔ རང་ཉིད་དབང་ཆེན་རྒྱས་བསྡུས་གང་ཡིན་བསྐྱེད་ལ༔ གཉིས་པ་མདུན་དུ་འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་བསྒོམ་པ་ནི༔ ཨོཾ༔ མི་གནས་མི་དམིགས་ཆོས་སྐུ་དེ་བཞིན་ཉིད༔ ཨཱ༔ ཀུན་སྣང་ཀུན་ཁྱབ་འགྲོ་ལ་སྙིང་རྗེ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྲིན་ལས་ཀྱིས༔ ཧྲཱི༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་རོལ་པ་ལས༔ བདག་ལུས་སྣང་སྟོང་རྟ་ཕག་ཡབ་ཡུམ་གསལ༔ ཐུགས་རྗེའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ༔ རྒྱུ་ཡི་ཧེ་རུ་དམར་གསལ་མེ་འོད་འབར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཕག་མོ་གཉིས་མེད་ཟུང་འཇུག་རོལ་པར་བསྒོམ༔ ཡབ་ཡུམ་སྦྱོར་བ་གསང་བའི་མཁའ་གསང་ནས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨེ་ཡཾ་རཾ་ཁཾ་ལཾ་ཀེཾ་བྷྲཱུྃ༔ དབང་ཆེན་འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཧྲཱི༔ བྷྲཱུྃ་གྱིས་ཡེ་ཤེས་ལས་གྲུབ་པའི༔ རིན་པོ་ཆེ་ཡི་གཞལ་ཡས་ཁང༔ མཐར་ཐུག་མེད་པའི་འོད་གསལ་འབར༔ ལྷུན་གྱིས་གྲུབ་པའི་གནས་ཆེན་པོ༔ ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན༔ མེ་ཤེལ་གྱི་ནི་ཀ་བ་འགྲེང༔ ས་ལེ་སྦྲམ་གྱི་གདུང་མ་བྲེས༔ སྣ་ཚོགས་རིན་པོ་ཆེ་ཡིས་སྤྲས༔ མུ་ཏིག་དྲ་བ་དྲ་ཕྱེད་ལྡན༔ དེ་བཞིན་སྣ་ཚོགས་མེ་ཏོག་གི༔ ཆུན་པོས་མཛེས་པར་བརྒྱན་པ་དང༔ ཁ་བད་སྔོན་པོ་བཻ་ཌཱུརྻ༔ པདྨ་རཱ་གའི་དྲ་བ་རིས༔ དར་གྱི་ཡོལ་འགྲིག་ཕྱོགས་བཅུར་བསྐྱོད༔ འཇའ་ཚོན་གྱི་ནི་དྲ་བ་འབར༔ ཨིནྡྲ་ནཱི་ལའི་སྒོ་བཞི་ལ༔ ཨུཏྤལ་བརྒྱད་ཀྱིས་སྒོ་རྒྱན་མཛེས༔ རྨ་བྱ་ཀ་ལན་དྷ་ཀ་དང༔ རི་སྐེགས་ངུར་པ་ལ་སོགས་ཀྱིས༔ ཡིད་དུ་འོང་བའི་ངག་ཕྱུང་ངོ་༔ སྒོ་ཡི་རྒྱན་དུ་མཛེས་པར་བཞུགས༔ གཡེར་ཁའི་དྲིལ་ཆུང་ཕྲེང་བ་བསིལ༔ ཆོས་ཀྱི་བ་དན་ཕྱོགས་བཅུར་བསྐྱོད༔ ཏོག་དང་རིན་ཆེན་སྒྲོན་མ་དང༔ རྨ་བྱའི་གདུགས་དང་རྒྱལ་མཚན་བསྒྲེངས༔ ལྷ་མོས་འདོད་ཡོན་མཆོད་སྤྲིན་གཏིབས༔ བསིལ་བའི་ཁྲོན་པ་བཞི་འབབ་པ༔ དེ་ཀུན་ཡན་ལག་བརྒྱད་དང་ལྡན༔ དཀྱིལ་འཁོར་ཆེན་པོ་དེ་ཡི་དབུས༔ རིན་ཆེན་ཁྲི་རྒྱན་རྨ་བྱས་བཏེགས༔ ཆུ་སྐྱེས་པདྨ་གེ་སར་བརྩེགས༔ དེ་རྒྱབ་པདྨ་འདབ་བརྒྱད་དམར༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ཕྱི་རིམ་པདྨ་དྲུག་སྐོར་མཛེས༔ སྒོ་བཞིར་པད་རྐྱང་རེ་རེ་དང༔ ཁྱམས་ལ་པདྨའི་མུ་ཁྱུད་ཕྲེང༔ ས་གཞི་པདྨས་གཅལ་དུ་བཀྲམ༔ དབུས་ཀྱི་པདྨ་ཟླ་བའི་དབུས༔ ཧྲཱིཿལས་མགོན་པོ་འོད་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཉམ་གཞག་ལྷུང་བཟེད་ཚེ་བུམ་འཛིན༔ ཆོས་གོས་གསུམ་ལྡན་འཇའ་མདངས་འཁྲིགས༔ གཙུག་ཏོར་ཞབས་རྗེན་ཞལ་འཛུམ་མཛེས༔ མཚན་དཔེས་བརྒྱན་པ་སྐྱིལ་ཀྲུང་བཞུགས༔ ཕྱི་རིམ་པད་འདབ་བརྒྱད་རྣམས་སུ༔ ཀུན་བཟང་མཐིང་ནག་རྡོ་རྗེ་བསྣམས༔ བྱམས་པ་དམར་སེར་རིན་ཆེན་བསྣམས༔ ནམ་སྙིང་དཀར་པོ་ཕྲེང་བ་བསྣམས༔ སྤྱན་གཟིགས་དམར་པོ་པདྨ་བསྣམས༔ འཇམ་དཔལ་སེར་པོ་ཨུཏྤལ་བསྣམས༔ སྒྲིབ་སེལ་སྔོན་པོ་རལ་གྲི་བསྣམས༔ རྡོར་འཆང་ལྗང་མདོག་རྡོ་རྗེ་བསྣམས༔ ས་སྙིང་དམར་སྐྱ་བུམ་པ་བསྣམས༔ ཐམས་ཅད་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ སྣ་ཚོགས་རིན་པོ་ཆེ་རྣམས་ཀྱིས༔ དབུ་རྒྱན་སྙན་ཆ་མགུལ་ཆུ་དང༔ སེ་མོ་དོ་དང་དོ་ཤལ་དང༔ དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་ལྡན༔ དར་གྱི་པཉྩ་ལི་ཀཱ་མནབས༔ ཞལ་འཛུམ་དབུ་སྐྲ་ཐོར་ཚུགས་ཅན༔ ཞབས་རྣམས་སྐྱིལ་མོ་ཀྲུང་གིས་བཞུགས༔ དེ་ཡི་ཕྱི་རིམ་པདྨ་ལ༔ ལཱ་སྱེ་དཀར་མོ་མེ་ལོང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཕོར་ཐོགས༔ མཱ་ལེ་དམར་མོ་རྒྱན་ཕྲེང་ཐོགས༔ གཱི་ཏཱི་དམར་མོ་པི་ཝཾ་ཐོགས༔ ཨཱ་ལོ་ཀེ་དམར་མར་མེ་ཐོགས༔ ནཱིར་ཏཱི་མཐིང་མདོག་ཞལ་ཟས་བསྣམས༔ གནྡྷེ་ལྗང་མོ་དྲི་ཆབ་བསྣམས༔ ཐམས་ཅད་རིན་ཆེན་རྒྱན་གྱིས་མཛེས༔ བཞེངས་ཤིང་གར་གྱིས་པདྨར་གནས༔ སྒོ་བཞིར་སྒོ་མ་རིགས་བཞི་སྟེ༔ ལྕགས་ཀྱུ་དཀར་མོ་ལྕགས་ཀྱུ་འཛིན༔ ཞགས་པ་སེར་མོ་ཞགས་པ་བསྣམས༔ ལྕགས་སྒྲོག་དམར་མོ་ལྕགས་སྒྲོག་བསྣམས༔ དྲིལ་བུ་ལྗང་མོ་དྲིལ་བུ་བསྣམས༔ ཐམས་ཅད་ཞི་རྒྱས་ལྡན་པར་བསམ༔ ཁྱམས་ཀྱི་མུ་ཁྱུད་པདྨ་ལ༔ ཕྱི་ནང་གསང་བའི་མཆོད་ལྷ་མོ༔ སྤྲིན་ཕུང་འཇའ་ལྟར་འཁྲིགས་པར་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་པདྨ་དྷ་རི་ཧྲཱི༔ ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་ལཱ་སྱ་པཱུ་ཛ་ཨཱཿསྭཱ་ཧཱ༔ ཨོཾ་གཱི་ཏཱི་པཱུ་ཛ་ཨཱཿསྭཱ་ཧཱ༔ ཨོཾ་མཱ་ལྱ་པཱུ་ཛ་ཨཱཿསྭཱ་ཧཱ༔ ཨོཾ་ནཱིརྟཱི་པཱུ་ཛ་ཨཱཿསྭཱ་ཧཱ༔ ཨོཾ་ཨཾཿཀྵིཾ་ནཾ་ཛིཾ་སུཾ་ཀཾ་ཏྲི་གཾ་སྲི་མུཾ་དུ་སྭ་རཾ་སྭཱ་ཧཱ༔ པུཥྤེ་ཛ༔ དྷཱུ་པེ་ཧཱུྃ༔ དྷཱི་པ་བཾ༔ གནྡྷེ་ཧོ༔ གཙོ་བོའི་ཐུགས་ལས་རབ་སྤྲུལ་པའི༔ འོད་ཟེར་ཐུབ་པ་དྲུག་ཏུ་འགྱེད༔ འཇིག་རྟེན་དྲུག་གི་དོན་མཛད་པའི༔ བརྒྱ་བྱིན་ཤཱཀ་ཐུབ་ཐགས་བཟང་དང༔ སེང་གེ་ཁ་འབར་ཆོས་རྒྱལ་བཅས༔ དཀྱིལ་འཁོར་ཆེན་པོའི་ནང་དུ་གསལ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་བརྒྱད་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ རྒྱལ་བའི་སྲས་མཆོག་སེམས་དཔའ་བརྒྱད༔ དཀྱིལ་འཁོར་མཆོད་བྱེད་སེམས་མ་དང༔ རིགས་དྲུག་དོན་མཛད་ཐུབ་ཆེན་དྲུག༔ དཀྱིལ་འཁོར་ཡེ་ཤེས་ལྷ་ཚོགས་རྣམས༔ བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས༔ རྩོལ་བྲལ་མཚན་མ་མི་མངའ་ཡང༔ རིགས་ཀྱི་བདག་ཉིད་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ཕྱག་རྒྱར་སྐུ་བཞེངས་ཤིག༔ དམ་ཚིག་དཀྱིལ་འཁོར་བདག་ལ་དགོངས༔ ཚུར་གཤེགས་ཚུར་བྱོན་བཅོམ་ལྡན་འདས༔ དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང༔ འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧྲཱི༔ མཉམ་ཡངས་འོད་ཀྱི་གཞལ་ཡས་འདིར༔ རིན་ཆེན་པདྨ་ཉི་ཟླའི་དབུས༔ རིགས་འདུས་སྤྲུལ་པའི་གཙོ་འཁོར་རྣམས༔ མི་གཡོ་བརྟན་པར་བཞུགས་སུ་གསོལ༔ པདྨ་ཨ་ཙནྡྲ་མཎྜལ་ཏིཥྛ་ལྷན༔ དགུ་པ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་ནི༔ དང་པོ་ཕྱག་ནི༔ ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་དབྱེར་མེད་བཅོམ་ལྡན་འདས༔ འོད་དཔག་མེད་ཀྱི་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ དང་པོ་ཞབས་བསིལ་འབུལ་བ་ནི༔ ཧྲཱི༔ མ་རིག་སེམས་ཅན་སྒྲིབ་སྦྱང་ཕྱིར༔ ཆུ་གཙང་ལྷ་ཡི་བདུད་རྩི་འདི༔ དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན༔ འགྲོ་ཀུན་ལས་སྒྲིབ་དག་གྱུར་ཅིག༔ ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧཱུྃ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཧྲཱི༔ སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་བའི་མདངས་ལྡན་པའི༔ མཛེས་ལྡན་དྲི་ཞིམ་མེ་ཏོག་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཧྲཱི༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ ཙནྡན་དུ་རུ་ཀ་དང་ཨ་ཀ་རུ༔ དྲི་ཞིམ་བསུང་ལྡན་བདུག་སྤོས་སྣ་ཚོགས་རིགས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཧྲཱི༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ འབྲུ་མར་ཤིང་དང་ཤེལ་རིགས་འོད་ཀྱི་མདངས༔ དཀར་གསལ་མདངས་ཅན་སྣང་གསལ་སྣ་ཚོགས་རིགས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཧྲཱི༔ སྲིད་པར་གཏོགས་པའི་དྲི་ཆབ་བདེ་བའི་མཆོག༔ ཙནྡན་གུར་གུམ་རྩི་ཡི་ལྡེ་གུ་སོགས༔ རང་བྱུང་སྦྱར་བའི་བྱུགས་པ་བདེ་བྱེད་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཧྲཱི༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་ཟས༔ སྣ་ཚོགས་གཡོས་མཆོག་གཙང་མའི་ཞལ་ཟས་རྣམས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མྱོང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ ཧྲཱི༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ རྔ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་དུང༔ འབྱུང་བའི་རང་སྒྲ་གླུ་གར་རོལ་མོའི་དབྱངས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཧྲཱི༔ སྣོད་བཅུད་སྣང་སྲིད་ཡིད་འོང་གཟུགས༔ རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ་པྲ་ཏཱིཙྪ་ཧཱུྃ༔ ཧྲཱི༔ སྣོད་བཅུད་སྣང་སྲིད་ཡིད་འོང་སྒྲ༔ རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ཤབྡ་ཧཱུྃ༔ ཧྲཱི༔ སྣོད་བཅུད་སྣང་སྲིད་དྲི་ཞིམ་སྤོས༔ རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཧྲཱི༔ སྣོད་བཅུད་སྣང་སྲིད་རོ་ལྡན་ཟས༔ རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ར་ས་ཧཱུྃ༔ ཧྲཱི༔ སྣོད་བཅུད་སྣང་སྲིད་བདེ་བའི་རེག༔ རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ཏེ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་སྤརྴེ་ཨཱཿཧཱུྃ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཧྲཱི༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་དརྴེ་ཧཱུྃ༔ ཧྲཱི༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོག་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་མུ་རན་ཛེ་ཧཱུྃ༔ ཧྲཱི༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོག་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་བཱི་ཎི་ཧཱུྃ༔ ཧྲཱི༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོག་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་བཱཾ་སེ་ཧཱུྃ༔ ཧྲཱི༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྔ་ཡི་སྒྲ་སྒྲོག་མ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་མེ་དྷེ་ཀེ་ཧཱུྃ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཨོཾ་གྱི་ཡེ་ཤེས་ལས་བྱུང་བ༔ ཨཱཿདང་ཧཱུྃ་དང་སྭཱ་ཧཱ་ལས༔ འདོད་ཡོན་ལྔ་པོ་སོ་སོར་སྤྲུལ༔ བདེ་གཤེགས་ཐུགས་ལས་འོད་ཟེར་བཀྱེ༔ ཨེ་མ་བདེ་གཤེགས་བཅོམ་ལྡན་འདས༔ སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས༔ ཆུ་ཡི་ཚུལ་དུ་སྤྲུལ་པ་འདི༔ འགྲོ་བ་རྣམས་ཀྱི་དོན་གྱི་ཕྱིར༔ དཀྱིལ་འཁོར་ལྷ་ལ་མཆོད་པར་བྱ༔ ཐུགས་རྗེས་དགོངས་ལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དེ་ནས་དམར་ཆེན་འབུལ་བ་ནི༔ ཧྲཱི༔ བདེ་སྟོང་ཡེ་ཤེས་འབྱུང་བའི་ཁྲག༔ རྟེན་འབྲེལ་སྣ་ཚོགས་རྩི་ཡི་བཅུད༔ བདུད་དཔུང་བཏུལ་བ་དྲག་པོའི་རྫས༔ མདངས་ལྡན་རཀྟའི་མཆོད་པ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧྲཱི༔ ལྷ་དང་མི་སོགས་སྲིད་པའི་བཅུད༔ འབྲུ་དང་རྩི་སྨན་དྲི་རོ་རེག༔ ཚེ་དང་གལ་ཕྱེ་དཀར་དམར་བཅུད༔ སྦྱར་ཞིང་མཐུན་བསྡེབས་རོ་བརྒྱ་ལྡན༔ གཟུགས་མཛེས་ཡིད་འོང་རྒྱན་གྱིས་སྤྲས༔ སྙན་དབྱངས་ཚིག་གིས་རབ་འབུལ་བས༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་པཱུ་ཛ་བ་ལིཾ་ཏ་ནཻ་བིདྱ་ཨཱཿཧཱུྃ༔ ཞེས་མཆོད་དོ༔ བཅུ་པ་བསྟོད་པའི་རིམ་པ་ནི༔ དང་པོ་གཙོ་བོ་ཉིད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ ཟླ་གམ་དབང་ཆེན་རོལ་པའི་ཕོ་བྲང་དུ༔ མ་འགག་ཆོས་ཉིད་ཡངས་པའི་དཀྱིལ་འཁོར་དབུས༔ རིགས་མཆོག་རྒྱལ་བ་མགོན་པོ་འོད་དཔག་མེད༔ འདུས་པ་ཀུན་གྱི་གཙུག་རྒྱན་རིན་པོ་ཆེ༔ མ་ཆགས་པདྨ་འབར་བའི་སྐུ་མངའ་བ༔ དམར་གསལ་མཐོན་མཐིང་བུང་བ་གཙུག་ཏུ་འཁྱིལ༔ འདོད་འབྱུང་དབང་གི་རྒྱལ་པོས་རབ་ཏུ་མཚན༔ ཞི་བ་ཆགས་བྲལ་འོད་དཔག་མེད་ལ་བསྟོད༔ ཧྲཱི༔ ཟེར་ལྡན་ཐུགས་རྗེའི་སྤྱན་གྱིས་ཡོངས་ལ་གཟིགས༔ བྱམས་པའི་ཞལ་མདངས་པདྨོ་འཛུམ་པ་ཡིས༔ རིགས་ལྡན་བུ་ལ་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ སྨྲ་བའི་སེང་གེ་དེ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཆོས་ཉིད་ཟབ་ཡངས་སྟོང་ཁམས་ཁ་ལོ་སྒྱུར༔ ཀུན་ལ་སྙོམས་མཛད་མཉམ་ཉིད་འོད་ཟེར་འཕྲོ༔ བདེ་ཆེན་དག་པ་ཐུགས་མཆོག་མཚུངས་པ་མེད༔ ཡང་དག་དོན་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྣ་ཚོགས་ཅོད་པན་རིན་ཆེན་དྲ་བས་སྤྲས༔ མཉམ་གཞག་ལྷུང་བཟེད་མཚན་དང་དཔེ་བྱད་ལྡན༔ གཟི་བརྗིད་མཐའ་ཡས་འགྲོ་བའི་ལོག་རྟོག་འཇོམས༔ ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐོག་མཐའ་མེད་ནས་འགྲོ་རྣམས་ཐབས་ཀྱིས་སྐྱོབ༔ ཐབས་དང་ཤེས་རབ་འགྲོ་འདུལ་ཅིར་ཡང་སྟོན༔ དུས་གསུམ་བདེ་གཤེགས་ཡོངས་ཀྱི་མཛད་པ་མངའ༔ ཕྲིན་ལས་རྨད་བྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ རྩལ་རྫོགས་ཅིར་ཡང་འགྱུར་བ་སྣ་ཚོགས་འཕྲོ༔ སྤྲུལ་དང་ཡང་སྤྲུལ་དེ་སྤྲུལ་བསམ་མི་ཁྱབ༔ ཀུན་ཁྱབ་དཔག་མེད་ཁྱེད་ལ་ཕྱག་འཚལ་བསྟོད༔ དེ་ནས་འཁོར་ཚོགས་རྣམས་ལ་བསྟོད་པ་ནི༔ ཧྲཱི༔ སྣ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ ཀུན་ཏུ་བཟང་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྣ་བའི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དམར་སེར་རིན་ཆེན་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ བྱམས་པ་མཻ་ཏྲིའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྕེ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དཀར་པོ་ཕྲེང་བ་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ ནམ་མཁའི་སྙིང་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལུས་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དམར་པོ་པདྨ་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ སྤྱན་རས་གཟིགས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཡིད་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་སེར་པོ་ཨུཏྤལ་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ འཇམ་དཔལ་དབྱངས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཀུན་གཞིའི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་སྔོན་པོ་རལ་གྲི་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ སྒྲིབ་པ་རྣམ་སེལ་སྐུ་ལ་ཕྱག་འཚལ་བསྟོད༔ ཉོན་ཡིད་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་ལྗང་གུ་རྡོ་རྗེ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ ཕྱག་ན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ མིག་གི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དམར་སྐྱ་བུམ་པ་དྲིལ་བུ་བསྣམས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ ས་ཡི་སྙིང་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལཱ་སྱ་དཀར་མོ་ལག་གཉིས་མེ་ལོང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་ཕྲེང་བ་བསྣམས༔ མཱ་ལྱ་སེར་མོ་མཛེས་པའི་ཕྲེང་བ་བསྣམས༔ དྷཱུ་པེ་སེར་མོ་ལག་ན་སྤོས་ཕོར་བསྣམས༔ གཱི་ཏཱི་དམར་མོ་པི་ཝཾ་དབྱངས་སྒྲ་སྒྲོག༔ མར་མེ་དམར་མོ་གསལ་བའི་སྒྲོན་མེ་བསྣམས༔ གནྡྷེ་ལྗང་མོ་དྲི་ཡི་དུང་ཕོར་ཐོགས༔ ནཱིརྟཱི་ལྗང་མོ་རོ་བརྒྱའི་ཞལ་ཟས་བསྣམས༔ དེ་ལྟར་ལྷ་མོ་ཡ་མཚན་སྤྲུལ་པ་མོ༔ རིན་ཆེན་རྒྱན་ལྡན་གར་དང་ཕྱག་རྒྱ་སྒྱུར༔ དུས་གསུམ་བདེ་གཤེགས་མཆོད་པས་མཉེས་བྱེད་པའི༔ སེམས་མ་ཆེན་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞི་ཡི་བདག༔ དཀར་སེར་དམར་ལྗང་ཁ་དོག་སོ་སོར་སྟོན༔ ལྕགས་ཀྱུ་ཞགས་པ་དྲིལ་བུའི་ཕྱག་རྒྱ་སྒྱུར༔ ཡེ་ཤེས་སྒོ་མ་ཞི་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ལྷ་ལ་ཕྲིན་ལས་འགྲོ་འདུལ་དྲུག༔ བརྒྱ་བྱིན་དཀར་པོ་བཞེངས་སྟབས་པི་ཝཾ་སྒྲོག༔ ཤཱཀ་ཐུབ་སེར་པོ་སྤྲུལ་སྐུ་ལྷུང་བཟེད་ཐོགས༔ ཐགས་བཟང་སྔོན་པོ་སྲིན་གཟུགས་གོ་མཚོན་བསྣམས༔ རབ་བརྟན་སེང་མགོ་མཐིང་ནག་གླེགས་བམ་བསྣམས༔ ཁ་འབར་ཡིད་གཟུགས་དམར་པོ་སྒྲོམ་བུ་བསྣམས༔ ཆོས་རྒྱལ་གླང་མགོ་དུད་ཁ་མེ་ཆུ་བསྣམས༔ རང་རང་ཆ་ལུགས་སྤྲུལ་སྐུའི་སྐུར་བསྟན་ནས༔ རིགས་དྲུག་འགྲོ་བའི་སྡུག་བསྔལ་སྐྱེ་སྒོ་གཅོད༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བསྐལ་བཟང་སངས་རྒྱས་སྟོང་དང་ནི༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སྲུང་མའི་ཚོགས༔ ཡེ་ཤེས་འཇིག་རྟེན་གྲུབ་པ་ལས་ཀྱི་འཕྲུལ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ མགོན་པོ་ཁྱོད་ལ་བསྟོད་པའི་བྱིན་རླབས་ཀྱིས༔ བདག་དང་མཐའ་ཡས་འགྲོ་བ་ཐམས་ཅད་ལ༔ ཚེ་དབང་བྱིན་རླབས་དངོས་གྲུབ་བསྩལ་ནས་ཀྱང༔ འདོད་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ༔ དེ་ནས་འཛབ་བཟླ་བ་ནི༔ དམིགས་པ་ནི་སྒྲུབ་ཐབས་ལྟར་བྱ༔ ཁྱད་པར་ཚེ་སྒྲུབ་སོགས་ཡིན་ན་འཛབ་བཅས་འདིར་བླང་ངོ་༔ དང་པོ་བསྙེན་པ་ནི༔ ཨོཾ་པདྨ་དྷཱ་རི་ཧྲཱིཿསྭཱ་ཧཱ༔ ཞེས་གཙོ་བོ་འོད་དཔག་མེད་ཀྱིའོ༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བདག་བསྐྱེད་ཀྱིའོ༔ ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ མཚན་སྔགས་སོ༔ ཨོཾ་ན་མོ་བོ་དྷི་སཏྭ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཨོཾ་ཀྵེཾ་ཛེཾ་ཀཾ་གྷཾ་མཾུ་སྭ་རཾ་སྭ་རཾ༔ ཨེ་ཧྱེ་ཧི་བོ་དྷི་སཏྭ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ལྷ་ཚོགས་ཀྱི་གཟུངས་འདིས་ནི་སྡིག་པ་ཐམས་ཅད་དག་པར་འགྱུར་ཏེ༔ དཔེར་ན་སྡིག་པ་ནི་བལ་རྡུལ་ལྟ་བུ་ལ༔ སྔགས་ནི་མེ་འོབས་དང་ལྕགས་བསྲེག་ལྟ་བུར་གྱུར་ཏེ༔ ལན་གཅིག་བཟླས་པས་ཀྱང་དག་པར་འགྱུར་རོ༔ དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་ཀྱི་སྔགས་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དག་བྱེད་དོ༔ སྔགས་དངོས་ནི༔ ཨོཾ་པདྨ་དྷཱ་རི་ཧྲཱིཿསྭཱ་ཧཱ༔ ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ གསུམ་པ་གཟུངས་སྔགས་ནི༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ མ་ཧཱ་པཱ་ཤ་བེ་ཤ་ད༔ ས་པ་རི་པཱུ་ར་ཎ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ན་མོ་ལོ་ཀེ་ཤྭ་རཱ་ཡ༔ ས་ར་ས་ར༔ པདྨ་མུ་ཏ་ས་པ་རི་ཀི་ཏེ་ཤྭ་རཱ་ཡ༔ མ་ཧཱ་མནྟྲ་ནི་པདྨ་སྭཱ་ཧཱ༔ ཞེས་བཟླ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་བཅུ་གཅིག་པ་ཚོགས་བྱ་བའི་རིམ་པ་ནི༔ ཐོག་མར་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ རཾ་འཕྲོས་དངོས་འཛིན་རྣམ་རྟོག་བསྲེགས༔ ཡཾ་འཕྲོས་བག་ཆགས་ཞེན་ཆགས་གཏོར༔ ཁཾ་འཕྲོས་དངོས་འཛིན་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ ཧྲཱི༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཨོཾ་དང་ཨཱཿདང་ཧཱུྃ་འཕྲོས་པས༔ ཨོཾ་གྱིས་འདོད་ཡོན་ལོངས་སྤྱོད་སྤེལ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་གིས་བགེགས་བསྐྲད་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ༔ ཚོགས་སྤྱན་འདྲེན་པ་ནི༔ ཧྲཱི༔ རྣམ་དག་ཆོས་དབྱིངས་སྤྲོས་མེད་ཀྱང༔ འགྲོ་བའི་ཚོགས་གསག་བསོད་ནམས་སྤེལ༔ ཐུགས་རྗེས་གང་འདུལ་སྐུར་བཞེངས་ལ༔ ཡིད་འོང་མཆོད་པའི་གནས་འདིར་བྱོན༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛ༔ ཕྱག་འཚལ་བ་ནི༔ ཧྲཱི༔ སྐུ་གསུམ་བདག་ཉིད་ཐུགས་རྗེ་ཅན༔ རྟག་ཏུ་འགྲོ་བའི་དོན་ལ་གཟིགས༔ གང་ལ་གང་འདུལ་དེར་སྟོན་པ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་ཚོགས་དང་པོ་འབུལ་བ་ནི༔ ཧྲཱི༔ འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ལྡན་ལྷ་ཚོགས་རྣམས༔ སེམས་དཔའ་ལྕམ་དྲལ་སྒོ་མའི་ཚོགས༔ གཙོ་འཁོར་བྲན་དང་བཅས་རྣམས་ལ༔ ཚོགས་ཀྱི་མཆོད་པ་འདི་འབུལ་བས༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་སུ་ར་ཧོ༔ བར་པ་བཤགས་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ འབྱོར་ཚོགས་ཆུང་བས་སྐུ་མ་མཉེས༔ བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐེབས༔ རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཧོ༔ ཐ་མ་བསྒྲལ་ཞིང་མཆོད་པ་ནི༔ ཧཱུྃ་ཧྲཱི༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ རི་རབ་ཕུར་པ་དགྲ་ལ་འདེབས༔ དབུ་གཙུག་རྟ་སྐད་བགེགས་དཔུང་འཇོམས༔ ཞབས་གཉིས་འདོར་ཐབས་བདུད་དཔུང་འདུལ༔ དུར་ཁྲོད་ཆས་ཀྱིས་མཁའ་འགྲོ་སྡུད༔ གདུག་པ་ཀུན་བསྒྲལ་ཞལ་དུ་བསྟབ༔ ཨོཾ་པདྨཱནྟ་ཀྲྀཏ་ཨ་མུ་ཀ་ཤ་ཏྲཱུཾ་དགྲ་བགེགས་མཱ་ར་ཡ་ཕཊ༔ དེ་ནས་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ དགྱེས་པའི་ཉམས་སྐྱོང་བྲོ་གླུ་བྱེད༔ དེ་ནས་ལྷག་མ་བྱ་བ་ནི༔ ལྷག་མ་སྦགས་སྐྱོང་ལྷག་སྟེང་ལྷའི་ཕ་འབབ་ཕུད་གཅིག་བཞག་ལ༔ རྡོ་རྗེ་སློབ་དཔོན་གསོལ་རས་བསྲེ༔ དམ་ཚིག་གཅིག་ཕྱིར་ཞལ་ཕྲུ་བཏབ༔ ཨོཾ་སརྦ་ཨུཙྪིཥྚ་བྷཀྵ་བྷཀྵ་ཡེ་སྭཱ་ཧཱ༔ ཞེས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ སེམས་དཔའ་ཆེན་པོའི་དཀྱིལ་འཁོར་དུ༔ ལས་རྣམས་ཞལ་བཞེས་དམ་ཅན་རྣམས༔ མ་མགོན་དམ་ཅན་རྒྱ་མཚོའི་ཚོགས༔ མཁའ་འགྲོ་གིང་དང་ལང་ཀ་དང༔ དུར་ཁྲོད་མ་བདུན་སྲིང་མོ་བཞི༔ འབར་མ་ཕོ་ཉ་དབང་ཕྱུག་ཚོགས༔ མཛེས་པའི་སྐུ་ལ་འཇིགས་སྒེག་ཚུལ༔ མེ་ཏོག་མཛེས་པའི་སྐུ་རེགས་ཅན༔ ཕྱག་ན་གཞོང་ཐོགས་གཏོར་ལེན་མ༔ རྡོ་རྗེ་ཕྲ་མེན་མངགས་གཞུག་ཚོགས༔ བཀའ་ཡི་ཕ་འབབ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲིཾ་ཧྲིཾ་ཧྲིཾ༔ བྷྱོ་བྷྱོ་བྷྱོཿ ཏྲི་ཏྲི་ཏྲི༔ བ་ལིཾ་ཏ་བྷཀྵ་ཁཱ་ཧི༔ ཞེས་སྐྱོང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་པ་ཆད་མདོ་སོགས་ལས་རྗེས་ཀྱི་ཆོ་ག་ནི༔ ཆད་མདོ་གཏོར་མ་སོགས་དཔག་ནས༔ དང་པོ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་སྐུ་ཀུན་བཟང་སྣང་བ་མཐའ་ཡས་དེ༔ རང་རིག་མཐའ་བྲལ་ལྟ་བའི་གནས་ལུགས་ཡིན༔ རྟོགས་པའི་གདིང་གིས་ཐུགས་དམ་རྒྱུད་བསྐུལ་ལོ༔ ཉོན་མོངས་ཞི་བའི་ཕྲིན་ལས་གྲུབ་པར་མཛོད༔ ལོངས་སྐུ་རིགས་ལྔ་སེམས་དཔའ་སེམས་མ་དེ༔ རང་རིག་བློ་བྲལ་བསྒོམ་པའི་ཏིང་འཛིན་ཡིན༔ མ་བཅོས་གཉུག་མའི་ཐུགས་དམ་རྒྱུད་བསྐུལ་ལོ༔ ཡེ་ཤེས་རྒྱས་པའི་ཕྲིན་ལས་གྲུབ་པར་མཛོད༔ སྤྲུལ་སྐུ་ཐུབ་དྲུག་སྤྲུལ་འཁོར་སྒོ་མ་དེ༔ རང་རིག་འཛིན་བྲལ་སྤྱོད་པའི་རོལ་པ་ཡིན༔ རང་ཤར་རང་གྲོལ་ཐུགས་དམ་རྒྱུད་བསྐུལ་ལོ༔ རང་གྲོལ་དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ངོ་བོ་ཉིད་ཀྱི་སྐུ་མཆོག་རྟ་མགྲིན་དབང༔ རང་རིག་འཁྲུལ་མེད་འབྲས་བུའི་ཀློང་ཡངས་ཡིན༔ སྐུ་གསུམ་རང་ཆས་ཐུགས་དམ་རྒྱུད་བསྐུལ་ལོ༔ འཁོར་བ་ཡེ་སྒྲོལ་ཕྲིན་ལས་འགྲུབ་པར་མཛོད༔ དག་དང་མ་དག་སྣོད་བཅུད་འཛིན་པའི་སེམས༔ སྣང་བ་ཕྱི་ནང་རྣམ་པར་རྟོག་པའི་ཚོགས༔ སེམས་དཔའ་འོད་དཔག་མེད་པའི་དཀྱིལ་འཁོར་ཡིན༔ བསྙེན་སྒྲུབ་མཐར་ཕྱིན་བསྒྲུབས་པའི་བྱིན་རླབས་ཀྱིས༔ འགྲོ་ཀུན་སྨིན་གྲོལ་འགོད་པའི་ཕྲིན་ལས་མཛོད༔ དེ་ནས་ཆད་མདོ་གྱེར་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་དུས་མེད་འཁོར་འདས་དུར་ཁྲོད་དུ༔ སྐུ་གསུམ་རང་ཆས་རྒྱལ་བའི་སྤྱན་སྔ་རུ༔ སྣང་སྲིད་འབྲས་བུ་རང་ཆས་ལྷ་འདྲེ་ཡིས༔ བདེ་སྡུག་སྣ་ཚོགས་རང་གཟུགས་བསྟན་པའི་ཚེ༔ རྒྱུ་འབྲས་བླང་དོར་བྱེད་པར་མ་ཆད་དམ༔ མི་དགེ་སྡིག་ལས་བསྒྲལ་བར་མ་ཆད་དམ༔ དགེ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཚོགས་གཉིས་མཐར་ཕྱིན་གཏོར་མ་འདི་བཞེས་ལ༔ སྒྲིབ་གཉིས་བག་ཆགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་བདག་གཟུང་འཛིན་ཕུང་ཁམས་དུར་ཁྲོད་དུ༔ ངོ་བོ་རང་བཞིན་ཐུགས་རྗེའི་སྤྱན་སྔ་རུ༔ མ་རིག་ཉོན་མོངས་དུག་ལྔའི་ལྷ་འདྲེ་ཡིས༔ རང་གཞན་གནོད་པའི་ཚོགས་དྲུག་བསྟན་པའི་ཚེ༔ འཁྲུལ་མེད་དྲན་ཤེས་བཟུང་བར་མ་ཆད་དམ༔ ཉོན་མོངས་འཁྲུལ་པ་བཟློག་པར་མ་ཆད་དམ༔ བསྐྱེད་རྫོགས་མན་ངག་བསྒྲུབ་པར་མ་ཆད་དམ༔ ཉམས་རྟོགས་ཏིང་འཛིན་གཏོར་མ་འདི་བཞེས་ལ༔ འབྲས་བུ་གདོད་མར་བསྐྱལ་བའི་ཕྲིན་ལས་མཛོད༔ དེ་ནས་གཏོར་མ་འབུལ་བ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་གཏོར་ལེན་ཚོགས༔ མཁའ་འགྲོ་ཤུགས་འགྲོ་མ་མོ་རྣམས༔ སྣང་མཐའ་རྟ་མཆོག་པད་འབྱུང་གི༔ སྤྱན་སྔར་དམ་བཅས་ཞལ་བཞེས་ལྟར༔ བཀའ་དང་དམ་ལས་མ་འདའ་བར༔ དམ་རྫས་ཤ་ཁྲག་གཏོར་མ་བཞེས༔ བཞེས་ཤིག་རོལ་ཅིག་ཁཱ་རཾ་ཁཱ་ཧི༔ མི་མཐུན་སྐྱོན་གྱི་ཚོགས་ཀུན་ཟློག༔ པྲ་མོ་ཧ་བྷྱོ་བྷྱོ་ཟློག་ཟློག༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ དགུང་སྔོན་སྟེང་དང་གཡའ་རི་གངས་རིའི་རྩེ༔ སྤང་ལྗོང་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་དག་ལ་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་སྲུང་རྐྱེན་ངན་ཟློག༔ མ་མ་ལ་ལ་སྲིང་འགྲོ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་དམ་སྲི་མནན་ཅིང་བྲོ་རྒྱས་བཏབ་པ་ནི༔ ཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འབྱུང་ལྔ་མི་འགྱུར་ཚེ་ཡི་བཅུད༔ སྙིང་པོ་གསང་བ་ཐུགས་ཀྱི་དཀྱིལ༔ ཡང་གསང་རྡོ་རྗེའི་གཡུང་དྲུང་གྱུར༔ བཀྲ་ཤིས་ཐིག་ལེ་ལུ་གུ་རྒྱུད༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ རྡོ་རྗེའི་སྐུ་ཡི་དངོས་གྲུབ་ཚོགས༔ མི་འགྱུར་ལུས་ལ་བསྩལ་དུ་གསོལ༔ མི་འགྱུར་གཡུང་དྲུང་གསུང་གི་བཅུད༔ འགག་མེད་ངག་ལ་བསྩལ་དུ་གསོལ༔ ཐིག་ལེ་རང་གསལ་ཐུགས་ཀྱི་བཅུད༔ འཁྲུལ་མེད་ཐུགས་ལ་བསྩལ་དུ་གསོལ༔ བསྐལ་བརྒྱའི་བར་དུ་ཞབས་བརྟན་ནས༔ དུས་བརྒྱར་ཆོས་ཀྱི་འཁོར་ལོ་བསྐོར༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ་ཡུ་ཥེ༔ ཨཱཿབྷྲཱུྃ༔ ཨོཾ་བྷྲཱུྃ༔ ཧྲཱིཿབྷྲཱུྃ༔ ཧཱུྃ་བྷྲཱུྃ༔ ཏྲཱཾ་བྷྲཱུྃ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བཅུ་གསུམ་པ་བཤགས་པ་བྱ་ཞིང་དལ་བསྡུ་བའི་ལས་རིམ་ལ༔ ཧོ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་སེམས་དཔའི་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བྱང་གྱུར་ཅིག༔ ཡི་གེ་བརྒྱ་པ་བཟླ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧོ༔ ཆོས་སྐུ་སྐྱེ་མེད་མཐའ་བྲལ་དོན་རྟོགས་ནས༔ ཉོན་མོངས་ནད་དང་སྡུག་བསྔལ་ཞི་བ་དང༔ འགྱུར་མེད་ཚེ་ཡི་བཀྲ་ཤིས་གང་ལགས་པ༔ འོད་དཔག་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཤོག༔ ལོངས་སྐུ་བློ་འདས་འགག་མེད་དོན་བསྒོམས་ནས༔ ཡེ་ཤེས་བསོད་ནམས་ལོངས་སྤྱོད་རྒྱས་པ་དང༔ ཟག་མེད་བདེ་ཆེན་བཀྲ་ཤིས་གང་ལགས་པ༔ སེམས་དཔའ་སེམས་མའི་བཀྲ་ཤིས་བདེ་ལེགས་ཤོག༔ སྤྲུལ་སྐུ་འཁྲུལ་མེད་ཤར་གྲོལ་སྤྱོད་པ་ཡིས༔ སྣང་སྲིད་རིག་པ་དབང་དུ་འདུས་པ་དང༔ རྩོལ་མེད་རང་གྲོལ་བཀྲ་ཤིས་གང་ལགས་པ༔ ཐུབ་དྲུག་སྤྲུལ་པའི་བཀྲ་ཤིས་བདེ་ལེགས་ཤོག༔ ངོ་བོ་གཉིས་མེད་རང་གྲོལ་འབྲས་བུ་ཡིས༔ འཁོར་འདས་མ་ལུས་གཅིག་ཏུ་གྲོལ་བ་དང༔ རྫོགས་སངས་རྒྱས་ཀྱི་བཀྲ་ཤིས་གང་ལགས་པ༔ དབང་མཆོག་རྒྱལ་པོའི་བཀྲ་ཤིས་བདེ་ལེགས་ཤོག༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ དགེ་བ་དྲི་མེད་རྒྱ་ཆེན་འདིས༔ མཐའ་ཡས་སེམས་ཅན་མ་ལུས་པ༔ སྒྲིབ་པ་ཀུན་བྲལ་ཚོགས་གཉིས་རྫོགས༔ ས་ལམ་མ་ལུས་ཡོངས་རྫོགས་ནས༔ སྐུ་གསུམ་དབྱེར་མེད་ལྷུན་རྫོགས་པ༔ བུམ་པ་མྱ་ངན་འདས་པའི་ས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག༔ དེ་ནས་དཀྱིལ་འཁོར་བསྡུ་བ་ནི༔ ཧོ༔ འགྲོ་འདུལ་སེམས་དཔའི་དཀྱིལ་འཁོར་རྣམས༔ སྒྱུ་མ་འཇའ་འམ་ཆུ་བུར་ལྟར༔ འགྲོ་དོན་ཀུན་རྫོགས་རང་བཞིན་ཡལ༔ དམིགས་མེད་ངང་དུ་རྩོལ་སྒྲུབ་བྲལ༔ རང་རིག་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀློང་དུ་བཛྲ་མུ༔ ས་མ་ཡ་ཧོ༔ གཙྪ༔ ཞེས་བསྡུས་ནས་དམིགས་མེད་དུ་བཞག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ལས་ཐམས་ཅད་ཀྱི་ཁ་སྐོང༔ སེམས་དཔའི་དཀྱིལ་འཁོར་མཆོད་པའི་ལས་རིམ༔ སྒྲིབ་གཉིས་མྱུར་དུ་དག་ཅིང་ཚོགས་གཉིས་རྒྱ་མཚོ་ལྟ་བུར་སོགས་ཤིང་ཕྱི་མ་བདེ་བ་ཅན་དུ་མྱུར་མར་དྲངས་པའི་ཐབས་འདི་ནི་སློབ་དཔོན་པདྨ་སམ་བྷ་བས་མཛད་ནས་བོད་ཀྱི་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པའོ༔ ྀཨཚ༔ གུ་ཧྱ༔ དམ་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ྈྈྈྈྈྈྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་སྟག་ཤམ་ནུས་ལྡན་པས་བྱང་དགའ་བའི་ཚལ་ནས་གདན་དྲངས་ཤིང་བསམ་གཏན་གླིང་དུ་དག་པར་ཕབ་པའོ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་སྐུར་ཐབས་ལྷན་ཐབས་ཀྱི་ཚུལ་དུ་སྤྲོས་པ་ (Volume 58, Text 16)

༄༅། །རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་སྐུར་ཐབས་ལྷན་ཐབས་ཀྱི་ཚུལ་དུ་སྤྲོས་པ་བཞུགས་སོ། ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འགྱུར་མེད་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་། །གང་དང་དབྱེར་མེད་གཏེར་བདག་གླིང་། །དྲིན་ཆེན་བླ་མ་དམ་པ་ལ། །སྙིང་ནས་འདུད་དོ་བཀའ་དྲིན་སྩོལ། །རྫོགས་ཆེན་མན་ངག་ཀུན་གྱི་བཅུད། །ཚེ་གཅིག་གྲོལ་བའི་དམ་པའི་ཆོས། །ཨ་ཏི་ཟབ་དོན་སྙིང་པོ་ཡི། །རིག་པའི་རྩལ་དབང་སྐུར་ཐབས་བཤད། །དེ་ཡང་རྟེན་གྱི་གང་ཟག་འཁོར་བ་ལས་ངེས་པར་འབྱུང་ཞིང་ཐར་པའི་གོ་འཕང་དོན་དུ་གཉེར་བ་དག་ལ་ཐུན་མོང་མ་ཡིན་པ་རིག་པའི་རྩལ་དབང་བསྐུར་བ་ནི། ཁྲིད་གཞུང་གི་ལམ་སྟེགས་དང་ཁྲེགས་ཆོད། བསྐྱེད་རྫོགས་ཀྱི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་མཐར་ཆགས་སུ་སོང་བའི་རྗེས་སུ། གང་དུ་བྱ་བའི་གནས་སུ་རྡུལ་ཚོན་ནམ་སྟེགས་བུ་ཁེབས་ལྡན་གྱི་ཁར་རས་བྲིས་ཀྱི་འོད་ལྔ་ཐིག་ལེའི་དཀྱིལ་འཁོར་བཀྲམ། དེའི་སྟེང་དུ་མཉྫིའི་ཁར་དབུས་སུ་བུམ་པ་ཆུ་གཙང་གིས་གང་བ། དྲི་བཟང་དང་རྫས་སོ་ལྔས་སྦགས་པ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཀོད་པའི། ཤར་དུ་བཏགས་གྲོལ། ལྷོར་མན་ཤེལ། ནུབ་ཏུ་རིགས་ལྔའི་སྐུ་ཙཀ་རྣམས་སོ་སོར་དར་ཚོན་གྱི་ན་བཟའ་ཅན། བྱང་དུ་བུར་ཆང་བདུད་རྩིའི་ཕབས་ལྡན་གྱིས་གང་བའི་ཀ་པཱ་ལ་རྣམས་བཀོད་པའི་མཐར་སྣལ་མ་ལྔ་སྒྲིལ་གྱིས་བསྐོར། དཀྱིལ་འཁོར་གྱི་འདས་གཏོར་དང་ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་མ། དེའི་གཡས་གཡོན་དུ་སྨན་རཀ་རྣམས་བཤམ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་གཡས་སྐོར་དུ་བཀོད། གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་ཅི་འབྱོར་པས་མཛེས་པར་བྱས་རྗེས། གསང་ཆུ་སྒྲུབ་པ་ནས་གཟུང་གཞི་བགེགས་ལ་གཏོར་མ་བསྔོ་ཞིང་སྲུང་འཁོར་བསྒོམ། དེ་ནས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབ། དེ་ནས་རྡོར་སེམས་ཀྱི་ལས་བྱང་བདག་བསྐྱེད་ཀྱི་བཟླས་པའི་རྗེས་ཀྱི་གསོལ་བཏབ་ཀྱི་བར་དུ་གྱེར་ཚིག་གཅིག་གི་སྒོ་ནས་བདག་མདུན་དབྱེར་མེད་དུ་བསྒྲུབས་པའི་བར་སོང་རྗེས། བུམ་པ་ལོགས་སུ་ཕྱེ་སྟེ་སྤྲོ་ཞིང་ནུས་ན་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་བཀོད་པའི་རྣམ་པར་གསལ་བའི་འོད་ལྔའི་ཀློང་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ་གསལ་བཏབ་ཅིང་། གནས་གསུམ་བརླབས་ཏེ་སྤྱན་འདྲེན་བསྟིམ་པ་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱ་བ་ནི་གཞུང་དུ། ད་ལ་བུམ་པ་གཞལ་ཡས་དབུས༔ ཞི་ཁྲོའི་ཕྲིན་ལས་གཞུང་བསྲངས་ལ༔ ཀུན་བཟང་རིགས་ལྔ་རིགས་བརྒྱ་བསྐྱེད་པ་དང༔ བསྟིམ་ཞིང་རྒྱས་གདབ་སྤྲོ་བསྡུའི་བཟླས་པ་བྱ༔ མཆོད་བསྟོད་གསོལ་གདབ་ལ་སོགས་སྤྱི་ལྟར་བྱ༔ ཞེས་པའི་དགོངས་པ་ལྟར་སྨྲོས་པ་ཡིན། མི་ནུས་ན་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཙམ་བསྐྱེད་པས་འཐུས་ཏེ། རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཅན་དུ་ངེས་པས་སོ། །དེ་ལྟར་རྒྱས་བསྡུས་གཉིས་གང་གི་ཚེ་ཡང་གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་སོགས་བརྗོད་ཅིང་ཡིག་བརྒྱ་ཅི་ནུས་བཟླས་མཐར། བུམ་ནང་དུ་མཆོད་ཡོན་ཕུལ་ཏེ་ལྷ་འོད་ཞུས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་རྗེས་སྲུང་མའི་གཏོར་བསྔོ་དང་། ཚོགས་མཆོད་ཀྱི་ཚོགས་ཐ་མ་བསྒྲལ་སྟོབ་ཀྱི་བར་སོང་རྗེས་སུ། བདག་འཇུག་རྫོགས་པར་ལེན་པའམ་རིག་པའི་མེ་ཏོག་དོར་ཞིང་སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་བྱ་གྲུབ་རྗེས་སུ། སློབ་མ་རྣམས་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱས་ཏེ་གྲལ་ལ་འཁོད་དེ། བགེགས་གཏོར་བྱིན་ཞིང་བསྐྲད་པ་སྲུང་འཁོར་སྒོམ་པ་རྣམས་བྱས་རྗེས། འོ། ནམ་མཁའ་དང་མཉམ་པའི་སོགས་དབང་བཤད་རྒྱས་བསྡུས་ཅི་རིགས་པ་སྔོན་དུ་འགྲོ་བས། བསྐྱེད་རྫོགས་རྫོགས་ཆེན་རྣམ་པ་གསུམ་དུ་ཡོད་པ་ལས་རྫོགས་པ་ཆེན་པོ་སྟེ། རྫོགས་པ་ཆེན་པོ་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་འདིར་མན་ངག་ཟབ་མོའི་སྡེའི་ཡང་རྩེ་གཏེར་མའི་ཕྱོགས་སུ་གྱུར་པ་ཟབ་ཅིང་འདྲིལ་བ་དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་གྱུར་པ་ཨ་ཏི་ཟབ་དོན་སྙིང་པོའི་སྐོར་ཏེ། ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་༧འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་བྱིང་མདའ་ཨོ་དཀར་བྲག་ནས་མེ་འབྲུག་སྟག་གི་ཟླ་བ་ལ་ཟབ་མོའི་གཏེར་ནས་སྤྱན་འདྲེན་པར་མཛད་པའི་གདམས་པ་ཁྱད་པར་ཅན་འདི་ལ་ཡང་། སྨིན་བྱེད་དབང་དང་གྲོལ་བྱེད་ཐོད་རྒལ་གྱི་སྐོར་རྣམས་སུ་ཡོད་པ་ལས། འདིར་ད་རེས་སྨིན་བྱེད་རིག་པ་རྩལ་གྱི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་པས། དེ་ལ་ཡང་སློབ་དཔོན་དང་སློབ་མའི་བགྱིད་འོས་གཉིས་སུ་ཡོད་པ་ལས་སློབ་དཔོན་གྱི་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་སོང་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཡིན་པས་མཎྜལ་ཕུལ་མཛོད་ཅེས་བརྡ་སྦྱར་ལ་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་འབུལ་དུ་བཅུག །དེ་ནས་གསོལ་བ་བཏབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་དབུས་སུ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ། མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོ་དང་ལྡན་པའི་སྒོ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ༔ བླ་མ་ཀུན་བཟང་བདག་ལ་དགོངས་སུ་གསོལ༔ སོགས་གསུམ་གྱིས་གསོལ་བ་བཏབ། ཁྱེད་རང་རྣམས་ལ་སྤྲོ་བ་དྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཀྱེ་སྐལ་ལྡན་རིགས་ཀྱི་བུ༔ སོགས་ཀྱིས་སྤྲོ་བ་དྲི། དེ་ལྟར་དྲིས་པ་ལ་ལན་བཏབ་པའི་མོས་པ་མཛད་པས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་རྡོ་རྗེ་འཆང༔ སོགས་ཀྱིས་ལན་བཏབ། དེ་ལྟར་ན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། སྐལ་ལྡན་ཐར་པ་འདོད་རྣམས་ཉོན༔ སོགས་གནང་བ་སྦྱིན། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སློབ་དཔོན་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པའི་མཐའ་སྐོར་དུ་བླ་མ་ཡི་དམ་དཔའ་བོ་ཌཱ་ཀི་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་དེ་འདུན་པ་གཅིག་དྲིལ་གྱི་སྒོ་ནས་ཚིག་རྗེས་སུ་དོན་བསམ་བཞིན་པ་དང་བཅས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛད་པ་ཞུ། བླ་མ་ཡི་དམ་མཁའ་འགྲོ་དང༔ སོགས་ཀྱིས་སྐྱབས་སུ་འགྲོ། དེ་ནས་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མེད་སྣང་འཁོར་བའི་གནས་སུ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པའི་ཕ་མ་སེམས་ཅན་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས། རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ་བའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཇི་ལྟར་དུས་གསུམ་བུདྡྷ་ཡིས༔ སོགས་ཀྱིས་སེམས་བསྐྱེད། དེ་ནས་སྦྱོར་བ་དམ་ལ་གཞག་པར་བྱ་བའི་སླད་དུ་དམ་ཚིག་བདུད་རྩིའི་མནའ་ཆུ་འདི་ཉིད་ཁྱོད་རང་རྣམས་ཀྱི་ལྗགས་ཐོག་ཏུ་སྦྱིན་པ་ཡིན་ཏེ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ སོགས་ཀྱིས་ནང་མཆོད་བདུད་རྩི་དང་ལས་བུམ་གྱི་ཆུ་བསྲེས་པ་སྦྱིན། དེ་ལྟར་བདུད་རྩིའི་ཆུ་དེ་གཞག་པ་ལྕེ་ལ་བཞག་ཀྱང་ཐིམ་པ་སྙིང་གི་དཀྱིལ་དུ་ཐིམ་པས། དམ་ཚིག་ཉམས་ན་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་ཕྱི་མ་ན་རཀ་གི་དམྱལ་གནས་སུ་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་བ་ཡིན་ནོ། །ཞེས་ཁེ་ཉེན་གྱི་དམ་ཚིག་བཤད། དེ་ནས་དབང་བསྐུར་དངོས་ལ་དྲུག་ཡོད་པ་ལས། དང་པོ་དཀྱིལ་འཁོར་བསྟན་པ་ནི། ཁྱེད་རང་རྣམས་སློབ་དཔོན་གྱི་ཐུགས་ཀ་ནས་ཕྱེ་བའི་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། དཀྱིལ་འཁོར་ལ་ཡོལ་བ་ཡོད་ན་འདིར་བསལ། དེ་ཡང་འདི་ན་བཞུགས་པའི་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པར་ངོ་སྤྲད་པ་ནི། རྟེན་གཞལ་ཡས་ཁང་ཉིད་འོད་ལྔའི་ཐིག་ལེར་གསལ་བ་ནི། ཉོན་མོངས་པ་ཞེ་སྡང་། ང་རྒྱལ། འདོད་ཆགས། ཕྲག་དོག །གཏི་མུག་རྣམས་དག་ཅིང་། དྲི་མ་མཐའ་དག་དང་བྲལ་བས་འོད་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། ལྷུན་གྱིས་གྲུབ་པས་དམར་པོ། བྱ་བ་གྲུབ་པས་ལྗང་གུ། འགྱུར་བ་མེད་པས་མཐིང་ཁར་སྣང་བའི་བརྡའོ། །དེ་ལྟར་འོད་ལྔ་འབར་ཞིང་འཁྲུགས་པའི་ཀློང་དུ་དགོས་འདོད་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེའི་ཁྲི། ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཤེས་རབ་སྟོང་ཉིད་ཀྱི་བརྡར་ཉི་གདན། ཐབས་འགག་པ་མེད་པའི་བརྡར་ཟླ་གདན་གྱི་སྟེང་དུ། རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་རྣམ་འགྱུར་གློ་བུར་གྱི་དྲི་མ་མཐའ་དག་ལས་གྲོལ་བའི་བརྡར་སྐུ་མདོག་དཀར་པོ། སྣང་སྟོང་ཟུང་དུ་འཇུག་པའི་བརྡར་ཡུམ་སྙེམས་མ་དཀར་མོ་དང་འཁྲིལ་སྦྱོར་གྱིས་བཞུགས་པ། ཐབས་ཤེས་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད་པའི་བརྡར་ཡབ་ཕྱག་མཚན་རྡོར་དྲིལ་དང་ཡུམ་གྲི་ཐོད་འཛིན་པ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཡབ་རྡོར་སྐྱིལ་དང་ཡུམ་སེམས་སྐྱིལ། འདོད་ཡོན་མ་སྤངས་པ་རྒྱན་དུ་རོལ་པའི་བརྡར་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། ཡེ་ཤེས་གཅིག་ཉིད་དུ་མར་སྣང་བའི་བརྡར་རིགས་ལྔ་དང་རིགས་བརྒྱ་སོགས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྣང་བའོ། །དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པའི་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་པར་ཞུ། དེ་ལྟར་བཤད་ཅིང་མཐོང་བ་དེ་ཡང་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བཞུགས་པ་ལས་གུད་ན་ཡོད་པ་མ་ཡིན་པར་ཤེས་པར་གྱིས་ཤིག །ཅེས་རྒྱས་བསྡུས་ཇི་ལྟར་རིགས་པ་བཤད། གཉིས་པ་བྱིན་དབབ་པ་ནི། ཁྱེད་རང་རྣམས་ལུས་གནད་ཆོས་བདུན་གྱིས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་གནད་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བུན་ཟེར་གྱིས་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྟོང་པར་སྦྱངས། སྟོང་ཉིད་སྤྲོས་བྲལ་གྱི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་པ་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེས་བརྒྱན་པ། བདེ་སྟོང་ཟུང་འཇུག་གི་ངོ་བོར་འོད་དང་འོད་ཟེར་འབར་བའི་ཀློང་ན་བཞུགས་པར་གསལ་འདེབས་པར་ཞུ། དེ་ལྟར་གསལ་བའི་སྨིན་མཚམས་སུ་འོད་ལྔའི་ཐིག་ལེ་མཐེབ་ཀོར་ཙམ་པའི་དབུས་སུ་ཐིག་ལེ་སྲན་འབྲུའི་ཚད་ཙམ་གསལ་ཞིང་འབར་བ་ལྔ་ཚོམས་སུ་གནས་པ། བླ་མ་དང་མདུན་གྱི་རྟེན་དབྱེར་མེད་པའི་ཐུགས་ཀ་ནས་མུ་མེད་པའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སོགས་དག་པའི་ཞིང་ཁམས་དཔག་ཏུ་མེད་པ་ནས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་སིབ་སིབ་ཐིམ་ཞིང་། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་བྱུང་བ། ཚངས་བུག་དང་སྨིན་མཚམས་ནས་ཞུགས་པ་སྙིང་དབུས་སུ་ཐིམ་པའི་མོས་པ་རྩེ་གཅིག་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་རིགས་ལྔ་དང༔ སོགས་ཀྱིས་བྱིན་དབབ་རྗེས། སྐུ་ཕེབས་པའི་རྟགས་སུ་འཕར་ཞིང་གར་བསྒྱུར་བ་སོགས་དང་། གསུང་ཕེབས་པའི་རྟགས་སུ་སྨྲ་ཞིང་དགོད་པ་དང་སཾསྐྲྀཏའི་སྐད་རང་རྡོལ་དུ་སྨྲ་བ། ཐུགས་ཕེབས་པའི་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་འཆར་བར་འགྱུར་བ་ཡིན་པས། དེའི་ངང་མདངས་བསྐྱངས་ཏེ་བཟོ་མེད་དུ་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་པ་ཞུ། ཞེས་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །གསུམ་པ་མེ་ཏོག་དོར་བ་ནི། འདི་ན་དཔལ་རྡོ་རྗེ་སེམས་དཔའ་ཉིད་དང་སློབ་དཔོན་དབྱེར་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་ཉིད་ཀྱིས། བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་དུ་འདིའི་རྗེས་ཟློས་མཛོད། ཧོ༔ རང་བྱུང་རིག་པའི་ལྷ་ཚོགས་ལ༔ སོགས་ཀྱིས་མེ་ཏོག་དོར་དུ་གཞུག །བཞི་པ་མེ་ཏོག་གི་ཕྲེང་བ་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིངས་པར་གྱུར་པའི་མོས་པ་མཛོད། དེ་རིང་ཕྱིན་ཆད་བུ་ཁྱོད་ནི༔ སོགས་ཀྱིས་སློབ་མའི་སྤྱི་བོར་མེ་ཏོག་བཞག །ལྔ་པ་རིག་པ་ངོ་སྤྲོད་པ་ཡིན་པས་མ་ཡེངས་པར་གསན་འཚལ། ཧོ༔ རིགས་ཀྱི་བུ་རྣམས༔ ཉོན་ཅིག །རང་གི་རིག་པ་སོགས་ཀྱིས་ངོ་སྤྲད། དྲུག་པ་ཇི་ལྟར་དབང་བསྐུར་བའི་རིམ་པ་ལ། དེ་ཡང་བུམ་པ་ལ་སོགས་པ་དབང་རྫས་ལྔ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་བསྐྱེད་ཅིང་ངོ་སྤྲད་པ་ཡིན་ཏེ། དེ་ལ་སྤྱིར་དབང་གི་ངོ་བོ་ནི་འཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ཡིན་ཅིང་། ངེས་ཚིག་ནི་མངོན་པར་གཏོར་བའམ་བླུག་པ་སྟེ་རིག་པ་རྩལ་གྱི་དབང་བསྐུར་བས་མངོན་སུམ་རང་ཐོག་པའི་གནས་ལུགས་དེ་ཉིད་གཏན་ལ་འབེབ་པར་བྱེད་པ་སྟེ། དབྱེ་ན་བུམ་པ་ལ་སོགས་པའི་དབང་ལྔ་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། བུམ་པ་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་སུ་ཐུགས་རྗེ་རྒྱུན་ཆད་མེད་པའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོར་དབང་བསྐུར་ཞིང་བུམ་རྫས་ལྗགས་ཐོག་ཏུ་བཞག་པ་ཡིན་ཏེ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་དབྱིངས་རྣམ་དག་ཀློང༔ ཞེས་སོགས་ཀྱིས་དབང་བསྐུར་རྗེས། ཧོ༔ རིགས་ཀྱི་བུ་ཁྱོད་ལ་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་བསྐུར་པས༔ ཞེས་སོགས་ཀྱིས་ངོ་སྤྲད། གཉིས་པ་ཁྱེད་རང་རྣམས་ཀྱི་རིག་པའི་རང་ངོ་ལ་ཡེ་ནས་བཅོས་སླད་མེད་པ་མཚོན་བྱེད་མན་ཤེལ་ཁྱེད་རང་རྣམས་ཀྱི་མིག་ལམ་དུ་བསྟན་ཅིང་ངོ་སྤྲད་པ་ནི། ཧོ༔ དྲི་མེད་ཤེལ་ལྟར་དག་པ་ཀུན་གཞིའི་གཤིས༔ སོགས་ཀྱིས་སློབ་བུ་རྣམས་ཀྱི་མིག་སྒོར་བསྟན་ཅིང་། ཧོ༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ སྔོན་ཚེ་རྒྱལ་བ་སོགས་ཀྱིས་ངོ་སྤྲད། གསུམ་པ་བདེ་བར་གཤེགས་པ་རིགས་ལྔའི་སྐུ་འདི་ཉིད་མེ་ལོང་གི་ནང་དུ་འཆར་བ། ཕྱི་རོལ་གྱི་ནམ་མཁར་རིག་པ་སྐུ་རུ་སྨིན་པ་མཚོན་བྱེད་དུ་མིག་ལམ་དུ་བསྟན་ཅིང་ངོ་སྤྲད་པ་ནི། ཧོ༔ འདི་ལྟར་མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སོགས་ཀྱིས་མིག་ལ་བསྟན་ཅིང་། ཧོ༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ འདི་ལྟར་དཔེ་སོགས་ཀྱིས་ངོ་སྤྲད། བཞི་པ་བསྟན་པ་བུ་གཅིག་པུའི་གླེགས་བམ་འདི་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་བདག་ཉིད་དུ་བཞུགས་པ། ཁྱེད་རང་རྣམས་ཀྱི་རྣ་བར་སྒྲོག་པས་འགྲོ་བ་གང་དང་གང་འདུལ་བ་རྒྱལ་བ་རིགས་ལྔ་དེ་དང་དེའི་སྐུར་བསྒོམས་ཏེ། འགྲོ་བའི་དོན་རླབས་པོ་ཆེ་མཛད་པའི་ཐུགས་འདུན་རྣམ་པར་དག་པའི་སྒོ་ནས་ཚིག་དོན་ཡིད་ལ་གཟུང་ལ་མ་ཡེངས་པར་གསན་པ་ཞུ། ཞེས་བརྗོད་ཅིང་བཏགས་གྲོལ་རྒྱུད་དྲུག་གསལ་དག་དང་ལྡན་པས་ཚར་གཅིག་བཀླགས་པའི་རྗེས་སུ། ཧོ༔ ཕྱོགས་དུས་སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ སོགས་བརྗོད་ཅིང་དབང་རྫས་ཀྱི་བཏགས་གྲོལ་སློབ་མའི་གནས་བཞིར་དབང་བསྐུར། སླར་ཡང་ལག་ཏུ་གཏད། ཕྱོགས་དུས་བླ་མ་སངས་རྒྱས་རྣམས༔ སོགས་བརྗོད་རྗེས། ཁྱེད་རང་རྣམས་ཀྱི་ལུས་ལ་གདགས་པའི་མོས་པ་མཛོད། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་བརྗོད། ལྔ་པ་བདུད་རྩིའི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱུན་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བབས་པ། ཐོད་པའི་བདུད་རྩི་དང་འདྲེས་པར་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་སྦྱིན་པའི་མོས་པ་མཛོད། ཧཱུྃ༔ བདེ་ཆེན་གདལ་བ་རང་བྱུང་ཀ་པཱ་ལ༔ སོགས་བརྗོད་ཅིང་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བརྗོད་བཞིན་དུ་བདུད་རྩི་བླུད། དེ་ལྟར་མྱངས་པས་འཁོར་ལོ་བཞིའི་དབུས་ན་སོགས་བརྗོད་པའི་མཐའི་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་མོས་ཏེ་དེའི་ངང་ལ་མཉམ་པར་འཇོག་ཏུ་བཅུག །རྗེས་དམ་ཚིག་བསྒྲག་གཟུང་། གཏང་རག་གི་མཎྜལ་འབུལ་བ། བསྔོ་སྨོན་རྣམས་སྤྱི་ལྟར་བྱས་རྗེས། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ། སྲུང་མའི་གཏོར་མ་གཙང་སར་འབུལ་བ། དཀྱིལ་འཁོར་གྱི་མཆོད་པ་རྣམས་གསོ་ཞིང་མཆོད་བསྟོད་ཡིག་བརྒྱས་ལྷག་ཆད་ཁ་སྐོང་བ་ནོངས་བཤགས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་རིམ་པ་རྣམས་བྱ་བ་ཡིན་ནོ། །དབང་བཤད་དང་སོ་སོའི་མཚམས་སྦྱོར་རྣམས་མ་འཆོལ་ཕྱིན་དབྱེ་བསྡུ་སོགས་ཀྱི་པར་བཀབ་མཐའ་གཅིག་ཏུ་རང་མ་ངེས་སོ། །རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་སྐུར་ཐབས་ལྷན་ཐབས་ཀྱི་ཚུལ་དུ་ཅུང་ཟད་སྤྲོས་པ་འདི་ནི། དད་སྟོབས་མངའ་བ་གྲུབ་ཆེན་འགྱུར་མེད་འོད་གསལ་ཀློང་ཡངས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོ་མ་ལྕོགས་པ་དང་། རྡོར་སེམས་ཀྱི་དབང་དེ་ཁས་ཐོད་རྒལ་སྨིན་བྱེད་ཀྱི་གོ་གཅོད་མི་དང་། རྩལ་དབང་འོལ་ཚོད་གང་དྲན་གྱིས་བསྐུར་མི་འདྲ་ཡོད་པར་ཤར་ན། དེ་འདྲ་གཞན་ལ་ཕན་རེས་མི་འགྱུར་དཔལ་གྱི་སྒྲོན་མས་བགྱིས་པར་བླ་མ་མཁའ་འགྲོས་གནང་བ་བསྩལ་ཞིང་དབུགས་དབྱུང་སྟེ་འགྲོ་བ་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་ཞིང་། གཏེར་ཆེན་བླ་མའི་དགོངས་པ་རྫོགས་ཤིང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པ་དང་། བདག་གི་བསམ་པ་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷན་ཐབས་ཀྱི་ཚུལ་འདི་ལྟར་ལས་ཆུ་འབབ་ནག་འགྲོས་སུ་འབྲི་བར་མི་ནུས་སོ། །སླར་གཞན་དག་གིས་ཀྱང་བྲིས་ན་མ་མོ་སྔགས་ཀྱི་སྲུང་མས་བཀའ་ཆད་འབྱུང་བས་ཧོལ་སྤྱོད་མི་མཛད་པར་ཞུ།། །།

ཕྱག་རྡོར་གཏུམ་པོ་མེ་ལྕེ་ཕྲེང་བའི་རྒྱུན་ཁྱེར་ (Volume 28, Text 17)

ཕྱག་རྡོར་གཏུམ་པོ་མེ་ལྕེ་ཕྲེང་བའི་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། མངའ་བདག་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བླ་མ་གསང་བ་འདུས་པའི་ཐེམ་མེད་གུ་རུ་སེང་གེ་སྒྲ་སྒྲོག་གི་སྒོས་སྒྲུབ་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་མེ་ལྕེ་ཕྲེང་བའི་རྒྱུན་གྱི་རྣལ་འབྱོར་ལས། སྐྱབས་སེམས་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྡོ་རྗེ་གཏུམ་པོ་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། དངོས་བཞི་བསྐྱེད་རིམ་ནི། སྐད་ཅིག་མ་ཡི་ཏིང་འཛིན་གྱིས༔ བདག་ཉིད་རྡོ་རྗེ་གཏུམ་པོའི་སྐུ༔ སྔོན་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་བརྟེན༔ པདྨ་ཉི་ཟླ་མི་རོའི་སྟེང༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང༔ སྟག་གི་པགས་པས་ཤམ་ཐབས་བྱས༔ ཞལ་གདངས་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྤྱན་རྩ་ཤིན་ཏུ་དམར༔ སྙན་ཆ་དང་ནི་དོ་ཤལ་དང༔ ཕྱག་དང་ཞབས་ཀྱི་གདུ་བུ་རྣམས༔ ཞེ་སྡང་སྦྲུལ་གྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་ཕུང་དབུས་ན་བཞུགས༔ ཞེས་གསལ་བཏབ་ལ་བཟླས་པ་བྱ་བ་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་སྔགས་སྒྲ་མེ་འོད་འཕྲོ༔ ཕར་འཕྲོས་གནོད་བྱེད་དགྲ་བགེགས་བསྲེགས༔ ཚུར་འདུས་ཉོན་མོངས་དུག་ལྔ་བཅོམ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླས་མཐར། ཕྱག་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་ཁྱུང་ཆེན་རིགས་ལྔའི་ཚོགས་ཁྲ་ཐབས་སུ་སྤྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད། ཚུར་འདུས་རང་ལ་ཐིམ་པས་ནུས་པ་བསྐྱེད་པར་བསམ་ལ། རྩ་སྔགས་ཀྱི་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄༔ ཞེས་བཏགས་པའང་ཅུང་ཟད་བཟླ་ཞེས་བླ་མའི་ཞལ་ནས་གསུངས་སོ། །སྔོན་དུ་བསྙེན་པ་སོང་བ་ཡིན་ན་སྒྲུབ་པའི་སྔགས་རིང་། ཨོཾ་ཉི་མ་པཱ་ལ་ནན༔ ཀླད་པ་ནན༔ གུ་ན་ཞིང༔ ཙིཏྟ་གུ་ལིང་ནན༔ ཡཀྴ་ཙིཏྟ་མུ་ཏྲ་གནོད་བྱེད་གཟའ་ཀླུ་ས་བདག་རྦོད་གཏོང་ཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་ཟློག༔ ནཱ་ག་བྱེར༔ ནཱ་གའི་སྙིང་ལ་ནན༔ ནཱ་གའི་མགོ་ལ་ནན༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་བྷ་རི་ཤ་ཡ་ཕཊ༔ ཅེས་པའང་ལན་བདུན་སོགས་ཇི་ལྟར་རིགས་པ་བཟླ། ཉེར་བསྡུའི་རྫོགས་རིམ་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །རང་ཡང་ཐུགས་སྲོག་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་སྤྲོས་བྲལ་ངང་། ཁྲོ་རྒྱལ་གསལ་སྟོང་ཆེན་པོར་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །འདིའི་བསྙེན་པ་བྱེད་ན། རྩ་སྔགས་འབྲུ་འབུམ་དང་། ཁྱུང་གི་སྔགས་ཤམ་འདོགས་ཅན་རྟགས་ཐོན། ལས་སྒྲུབ་པའི་སྔགས་རིང་ཉི་མ་པཱ་ལ་ཞག་གསུམ་སོགས་གང་འགྲུབ་བཟླ་ཞིང་། དེ་ཡང་བྱད་ཕུར་རྦོད་གཏོང་ཟློག་པ་གཙོ་བོར་བྱེད་ན། སྔགས་རིང་གི་ཉི་ཞེས་པ་ནི་དང་། གུ་ཀུ་དང་། ནཱ་གའི་གནས་སུ་རྦོད་གཏོང་ཞེས་བཅུག་ལ་བཟླ། སྤྱིར་རྒྱུན་ཁྱེར་དང་དབང་སྒྲུབ་སོགས་ཀྱི་སྐབས་ཁྱུང་ཁྲ་ཐབས་ཀྱི་འཕྲོ་འདུ་དང་། སྔགས་ཁྱུང་གི་འདོགས་ཅན་ངེས་པར་དགོས་ཞེས་སྤང་སྟོན་བརྒྱུད་པའི་ཞལ་ལུང་མ་ཉམས་པ་ཁོ་བོའི་བླ་མའི་གསུང་ལས་ཐོས་སོ། །ཞེས་པའང་སྒྲོལ་སྟོན་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། གཏེར་གཞུང་རྩ་བའི་དགོངས་པ་བླ་མའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བའི་དགེ་བས་འགྲོ་ཀུན་དཔལ་གསང་བའི་བདག་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོ༔ གསང་བདག་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མའི་རྒྱུ་དག་ནས༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཏེ༔ རང་གཞན་སངས་རྒྱས་མྱུར་ཐོབ་ཤོག༔ ཆོས་སྐུའི་བཀྲ་ཤིས་མཁའ་དབྱིངས་དག་པའི་ཀློང༔ ལོངས་སྐུའི་བཀྲ་ཤིས་མཚན་དཔེའི་འོད་འབར་བ༔ སྤྲུལ་སྐུའི་བཀྲ་ཤིས་གཞན་ཕན་མཐའ་ཡས་ཤིང༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་དེང་འདིར་སྩོལ༔ ཅེས་བརྗོད་དོ༔

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ་ (Volume 12, Text 17)

༄༅། །གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། ཧེ་རུ་ཀ་ཁྲོས་པའི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དྲག་སྒྲུབ་ཐམས་ཅད་ཀྱི་ཡང་སྙིང་ཐུགས་ཀྱི་ཏི་ཀ་གསང་བའི་ཡང་ཞུན༔ འདི་ཉམས་སུ་བླང་བའི་རིམ་པ་ལས་བྱང་གཞུང་བསྲང་ཆོ་གའི་རིམ་པ་བསྟན་པ་ལ་གསུམ་སྟེ༔ སྔོན་འགྲོ་དང༔ དངོས་གཞི༔ རྗེས་དང་གསུམ་མོ༔ དང་པོ་སྔོན་འགྲོ་རྫས་བཤམ་ནི༔ གནས་ཁང་གཙང་མར་དཀྱིལ་འཁོར་མདའ་གང་འདོམ་གང་ལ་སོགས་གནས་དང་བསྟུན་ཏེ༔ རབ་སྒྲུབ་པའི་སྟེགས་བུ༔ འབྲིང་དབུས་སུ་ཆོས་འབྱུང་ཐོད་ཕྲེང་གིས་བསྐོར་བ༔ དེའི་ཕྱི་རིམ་རྩིབས་བཞི༔ དེའི་ཕྱི་རིམ་རྩིབས་བརྒྱད༔ དེའི་ཕྱི་རིམ་རྩིབས་བཅུ༔ སྒོ་རྫོགས་གྲུབ་ན་ལེགས༔ ཐ་མ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ལ་བརྟེན་ནོ༔ སྨན་རཀ་གཏོར་གསུམ་ཕྱི་ནང་གི་མཆོད་ཚོགས་སྐབས་དང་མཐུན་པ་རྒྱས་པར་བཤམ༔ རྣལ་འབྱོར་པ་ལྷ་ཡི་བསྐྱེད་རིམ་དང་ལྡན་པས༔ བདེ་བའི་སྟན་ལ་འདུག་སྟེ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ བདག་ཉིད་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད་པ་ནི། ཧཱུྃ༔ བདག་ཉིད་རྣལ་འབྱོར་དབང་ཕྱུག་གིས༔ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔ དྲེགས་པ་མ་ལུས་ཚར་བཅད་ནས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ལན་གསུམ་སྔོན་དུ་འགྲོ་བས་འབྱུང་གཏོར་གཏང་བ་ནི༔ རང་ཉིད་སྐད་ཅིག་གིས་ཁྲག་འཐུང་པདྨ་དྲག་པོ་གཟི་བརྗིད་མེ་ལྟར་འབར་བའི་སྐུར་གྱུར། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཁྲོ་རྒྱལ་འབར་བའི་བཀའ་ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ དམར་ནག་མེ་ཕྲེང་ཁྲོས་ནས་ནི༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང༔ བགེགས་ཚོགས་ཐལ་བའི་རྡུལ་དུ་རློག༔ མིང་ཡང་གྲགས་པར་མི་འགྱུར་ན༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན༔ བིདྱཱ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ༔ ཅེས་བཀའ་བསྒོ་ནས་འབར་བའི་ཏིང་ངེ་འཛིན་གྱིས་མཚམས་བཅད་པ་ནི༔ ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར༔ རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང༔ རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བསྲུང༔ བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས༔ སྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱི༔ གསང་བའི་དཀྱིལ་འཁོར་འདི་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཙཀྲ་ཏིགྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མ་དྷ་ལ་ཧཱུྃ་ཕཊ༔ དམ་བཅའ་བཟུང་བ་ནི། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་མ་ལུས་པ༔ ཐམས་ཅད་ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློང༔ མ་བཅོས་ལྷུན་གྲུབ་རང་ལ་རྫོགས་པར་གསལ༔ མི་འདའ་རྡོ་རྗེའི་དམ་ཚིག་བཟུང་བར་བྱའོ༔ ཙིཏྟ་བཛྲ་ཧཱུྃ་ས་མ་ཡ་ཏི་ཛ༔ བྱིན་ཆེན་དབབ་པ་ནི། ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐལ་ལྡན་བདག་ཅག་སྒྲུབ་པའི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེའི་མངའ་དབང་དུས་འདིར་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་མཆོད་རྫས་འདོད་པའི་ཡོན་ཏན་ཐམས་ཅད་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམས་ལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་པཱུ་ཛ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་བྱའོ། །སྨན་ཕུད་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཨོཾ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ལན་གསུམ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་རཾ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། སྣང་སྲིད་སྣོད་བཅུད་ཐམས་ཅད་རྣམ་དག་ཡེ་ཤེས་ཀྱི་འཁོར་ལོ་ཐབས་ཤེས་སྦྱོར་སྒྲོལ་གྱི་རང་བཞིན་རྡོ་རྗེའི་དམ་ཚིག་ཆེན་པོའི་རོལ་མོ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཧཱུྃ། ཞེས་ཕྱི་ནང་གསང་གསུམ་བྱིན་གྱིས་བརླབ་བོ༔ དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ༔ ལྷག་པའི་ལྷ་མཆོག་པདྨ་དབང་གི་ལྷ༔ ཐོག་མེད་དུས་ནས་རང་སེམས་ཆོས་སྐུ་ཡང༔ རང་ངོ་མ་ཤེས་མཐའ་མེད་འཁོར་བར་འཁྱམས༔ མ་རིག་འཁྲུལ་པའི་ལས་དབང་ཅི་བགྱིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ་ཐམས་དང༔ དེ་ནས་ཏིང་འཛིན་རྣམ་གསུམ་ལས་དང་པོ་དེ་བཞིན་ཉིད་ནི༔ ཧཱུྃ༔ ཆོས་རྣམས་ཆོས་ཉིད་སྤྲོས་དང་བྲལ༔ སྨྲ་བསམ་བརྗོད་འདས་དེ་བཞིན་ཉིད༔ མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ༔ ཨོཾ་མ་ཧཱ་ཤུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཧཱུྃ༔ ཆོས་རྣམས་ཡེ་ཤེས་སྙིང་པོ་ཅན༔ ཡེ་ནས་སངས་རྒྱས་ངོ་བོ་ཉིད༔ དེ་དོན་རང་གིས་མ་ཤེས་པ༔ འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཧཱུྃ༔ ཐམས་ཅད་རྟེན་འབྲེལ་རྒྱུ་ཡི་ངང༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུྃ་ནི་རྒྱུ་ཡི་ས་བོན་ཉིད༔ རང་བྱུང་ཡེ་ཤེས་སྙིང་པོར་བསྒོམ༔ ཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ རཾ་ཡཾ་ཁཾ༔ ཧཱུྃ༔ དག་བྱེད་ཡི་གེ་འབྲུ་གསུམ་གྱིས༔ སྣོད་བཅུད་དུག་གསུམ་རྣམ་པར་དག༔ མཁའ་ཀློང་རྣམ་པར་དག་པའི་དབྱིངས༔ རང་བྱུང་ཡེ་ཤེས་ལྔ་ཡི་དངོས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཧཱུྃ༔ རང་བྱུང་འབྱུང་བ་ཆེན་པོ་ལྔ༔ མཁའ་ལ་རླུང་བརྟེན་གསེར་གྱི་གཞི༔ རི་རབ་བསྐལ་པའི་མེ་འབར་དབུས༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ ཕོ་བྲང་ཕྱི་ནང་ཡོངས་སུ་རྫོགས༔ ཆོས་འབྱུང་འབར་བ་ཨེ་ཡི་དབུས༔ སྒོ་གྲུ་རྟ་བབ་ཆོས་འཁོར་དང༔ རིན་ཆེན་སྣ་ལྔའི་རྩིག་པ་ལས༔ སྟེང་ན་ཐོད་པ་སྐམ་རློན་བརྩེགས༔ གནམ་ལྕགས་འབར་བའི་གཟེར་གྱིས་བསྡམས༔ ལྷ་བརྒྱད་ཀ་བ་ཉི་ཟླའི་གདུང༔ གཟའ་སྐར་གྲལ་ཕྱམ་ཞིང་གི་ཐོགས༔ སྦྲུལ་ནག་སྐྱེས་བུ་ཟ་ར་ཚག༔ གདུགས་ཏོག་ཆོས་འཁོར་ཉི་ཟླས་སྤྲས༔ དུར་ཁྲོད་བརྒྱད་ལྡན་ཁོར་ཡུག་བཅས༔ པད་རྡོར་མེ་རི་བྲག་ཆེན་བསྐོར༔ ཕྱི་གསལ་ནང་གསལ་ཟང་ཐལ་ཀློང༔ དྲི་མེད་ཡེ་ཤེས་རྒྱལ་བའི་གནས༔ ཞི་ཁྲོ་འབར་བའི་ཕོ་བྲང་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ༔ ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ བཾ་རུ་དྲ་ཏི་ར་བཾ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ བྷྲཱུྃ་ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དེ་ནས་དལ་རྩ་བའི་ལྷ་བསྐྱེད་པར་བསྟན་ཏེ༔ ཧཱུྃ༔ ཆོས་དབྱིངས་དག་པའི་མཁའ་ཀློང་ནས༔ ཕོ་བྲང་ཨེ་ཡི་དཀྱིལ་འཁོར་དུ༔ ཧཱུྃ་དམར་འོད་ཀྱི་རང་བཞིན་བབས༔ སྤྲོ་བསྡུའི་སྦྱོར་བས་ཁྲོ་རྒྱལ་སྐུ༔ བདག་ཉིད་རིག་པའི་ངོ་བོ་ལས༔ འཇིགས་བྱེད་རྡོ་རྗེ་ཐོད་ཕྲེང་རྩལ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ གཡས་གསུམ་རྡོ་རྗེ་གྲི་གུག་གྲི༔ གཡོན་གསུམ་བྷནྡྷ་ཁ་ཊྭཱཾ་སྡིག༔ ཞབས་བཞི་བརྐྱང་བསྐུམ་འདོར་སྟབས་བགྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་ཆས་བརྒྱད་རྫོགས་པར་གསལ༔ ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ༔ གྲི་ཐོད་འཁྱུད་སྟོབ་བརྐྱང་བསྐུམ་སྦྱོར༔ ཡབ་ཡུམ་གསང་བའི་ཐུགས་ཀ་རུ༔ སྐབས་འདིར་སྤྲོ་ཞིང་ནུས་ན་གོ་ཆ་ལྷ་ལྔའི་ཤོག་དྲིལ་སྦྱར་བ་ཡིན་ལ། བསྡུ་ན། གསེར་གྱི་མཆོད་རྟེན་བུམ་པའི་དབུས། །ཉི་ཟླའི་སྟེང་དུ་ཕྱག་རྡོར་མཐིང་། །རྡོ་རྗེ་སྡིགས་མཛུབ་འདོར་ཐབས་འགྱིང་། །དེ་ཡི་ཐུགས་ཀར་ཡེ་ཤེས་སེམས། །རྡོ་རྗེ་ཁྲག་འཐུང་ཐུགས་ཀ་རུ། །རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ། །ཉི་ཟླ་ཁ་སྦྱོར་དབུས་སུ་ཧཱུྃ། །རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། །སྤྱི་བོར་པདྨ་ཐོད་ཕྲེང་མཐིང་། ཁ་ཊྭཱཾ་ཐོད་ཁྲག་ཌཱ་རུ་བཀལ། །བཞེངས་སྟབས་ཧེ་རུ་ཀ་ཡི་ཆས། །དེ་སྟེང་མཁའ་ལྡིང་ག་རུ་ཌ། །མཐིང་ནག་མེ་གཤོག་དུག་སྦྲུལ་གསོལ། །དེ་སྟེང་རིགས་བདག་སྣང་མཐའ་ཡས། །དམར་པོ་མཉམ་གཞག་ཚེ་བུམ་འཛིན། །དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། །སེར་ནག་རལ་གྲི་པུསྟི་འཛིན། །མགྲིན་པར་རྟ་མགྲིན་པདྨ་དབང་། །དམར་པོ་དབྱུག་ཏོ་སྦྲུལ་ཞགས་བསྣམས། །ལྟེ་བར་མཁའ་འགྲོ་སྡེ་ལྔ་ནི། །མཐིང་དཀར་སེར་དམར་ལྗང་བའི་མདོག །གྲི་ཐོད་ཁ་ཊྭཱཾ་རུས་རྒྱན་གསོལ། །གསང་བར་ཡཀྴ་མེ་དབལ་མཐིང་། །རྡོ་རྗེ་ཐོ་བ་མེ་ཞགས་བསྣམས། །ཀུན་ཀྱང་ཁྲོ་རྔམ་དུར་ཁྲོད་ཆས། །རང་སྲོག་སྔགས་ལས་འོད་འཕྲོས་པས། །རྩ་གསུམ་རྒྱལ་བ་སྲས་བཅས་མཆོད། །ཚུར་འདུས་ལྷ་རྣམས་ཀུན་ལ་ཐིམ། །བྱིན་བརླབས་ནུས་པ་བསྐྱེད་པར་གྱུར། །ཕུང་ཁམས་དཔའ་བོ་དཔའ་མོར་གསལ། །སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ། །དྲྭ་མིག་གནམ་ལྕགས་སྡིག་པས་གཏམས། །ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང༔ ཤར་དུ་རྡོ་རྗེ་དྲག་པོ་རྩལ༔ དཀར་པོ་རྡོ་རྗེ་སྡིག་པ་འཛིན༔ ལྷོ་རུ་རཏྣ་དྲག་པོ་རྩལ༔ སེར་ནག་རྡོ་རྗེ་སྡིག་པ་འཛིན༔ ནུབ་ཏུ་པདྨ་དྲག་པོ་རྩལ༔ དམར་ནག་རྡོ་རྗེ་སྡིག་པ་འཛིན༔ བྱང་དུ་ཀརྨ་དྲག་པོ་རྩལ༔ ལྗང་ནག་རྡོ་རྗེ་སྡིག་པ་འཛིན༔ ཀུན་ཀྱང་ཁྲོ་གཏུམ་རྔམ་ཞིང་འཇིགས༔ དུར་ཁྲོད་ཆས་བརྒྱད་འབར་བའི་སྐུ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་རྡོ་རྗེ་གྲི་ཐོད་འཛིན༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་མོ་རིན་ཆེན་གྲི་ཐོད་འཛིན༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ དམར་མོ་པདྨ་གྲི་ཐོད་འཛིན༔ བྱང་དུ་ཀརྨ་མཁའ་འགྲོ་མ༔ ལྗང་ནག་རྒྱ་གྲམ་གྲི་ཐོད་འཛིན༔ ཀུན་ཀྱང་སྒེག་ཅིང་བརྐྱང་བསྐུམ་བགྲད༔ གཡང་གཞི་སྟག་ཤམ་རྒྱན་དྲུག་སྤྲས༔ ཤར་ལྷོར་གཤིན་རྗེ་སེར་ནག་འབར༔ འཁོར་ལོ་ལྕགས་ཀྱུ་ཞགས་པ་འཛིན༔ ལྷོ་ནུབ་ཁྲོས་མ་ནག་མོ་ནི༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ ནུབ་བྱང་བཛྲ་ཀཱི་ལ་ཡ༔ ལྗང་ནག་ཕུར་པ་འདྲིལ་ཞིང་འདེབས༔ བྱང་ཤར་མཁའ་འགྲོ་སེང་གདོང་མ༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ ཀུན་ཀྱང་བཾ་གྱི་གདན་ལ་བཞུགས༔ དུར་ཁྲོད་ཆས་གསོལ་མེ་ཀློང་བཞུགས༔ ཕྱི་རིམ་རང་བྱུང་ཁྲོ་རྒྱལ་བཅུ༔ འཇིགས་པའི་ཁྲོ་རྒྱལ་འབར་བའི་སྐུ༔ རང་རྟགས་ཕྱག་མཚན་སྣ་ཚོགས་འཛིན༔ ཀུན་ཀྱང་ཧཱུྃ་སྒྲ་སྒྲོག་ཅིང་བཞུགས༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས༔ དཔག་མེད་སྤྲིན་ཚོགས་ལྟ་བུར་གཏིབས༔ ཀུན་ཀྱང་མ་འདྲེས་འཇའ་ཚོན་ལྟར༔ ཡོངས་རྫོགས་དཀྱིལ་འཁོར་ཆེན་པོར་བསྒོམ༔ བཛྲ་གུ་རུ་ཀྲོ་དྷ་སརྦ་ས་མ་ཡ༔ ཨ་མི་དྷེ་ཝ༔ ཁྲོོཾ་ག་རུ་ཎ༔ ཡ་མཱནྟ་ཀ༔ ཧ་ཡ་གྲཱི་ཝ༔ བཛྲ་པཱ་ཎི༔ ཧ་རི་ནི་ས༔ བཛྲ་ཡཀྴ་ཡ་མ་རཱ་ཛ་བཛྲ་བྷ་ར་ཧི་ཀཱི་ལ་ཡ་སིཾ་ཧ་མུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་ཤ་ཆེན་སྤོས་བསྲེག་རོལ་མོས་བྱིན་དབབ་ཅིང་སྤྱན་དྲང་བ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་གི༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཁྲག་འཐུང་ཁྲོ་བོ་རོལ་པ་ཡི༔ དམར་ནག་མེ་ཡི་ཀློང་དཀྱིལ་ནས༔ གདུག་པ་མ་ལུས་འདུལ་མཛད་པ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་ཆེན་དབྱིངས་ཀྱི་ཕོ་བྲང་ནས༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ རི་རབ་འབར་བའི་རྩེ་མོ་ནས༔ ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྐུ་མཆོག་འཇམ་དཔལ་གཤེགས་སུ་གསོལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས༴ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་གཏུམ་པོ་གཤེགས༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་གིང་བཅས་གཤེགས༴ རབ་འཇིགས་གཏུམ་པོའི་དུར་ཁྲོད་ནས༔ ཚེ་བདག་ནག་པོ་གཤེགས༴ བདེ་ཆེན་གསང་བའི་གནས་མཆོག་ནས༔ རྡོ་རྗེ་ཕག་མོ་གཤེགས༴ མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ བཛྲ་ཀཱི་ལ་གཤེགས༴ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མཁའ་འགྲོ་སེང་གདོང་གཤེགས༴ རྩུབ་འགྱུར་མེ་ཡི་འཁྲུགས་ཀློང་ནས༔ ཡཀྴ་མེ་དབལ་གཤེགས༴ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ རིག་འཛིན་ཡི་དམ་མཁའ་འགྲོ་གིང༔ དམ་ཅན་ཆོས་སྐྱོང་སྲུང་མར་བཅས༔ ཐམས་ཅད་མ་ལུས་གཤེགས་སུ་གསོལ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཅོད་པན་དར་དཔྱང་པུ་རུ་རུ༔ བསྐལ་པའི་མེ་དཔུང་འུ་རུ་རུ༔ དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང༔ ཧཱུྃ་གི་འབྲུག་སྒྲ་ཏི་རི་རི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་བཛྲ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི། ཧཱུྃ༔ དུར་ཁྲོད་ཆེན་པོ་མེ་ཀློང་འབར་བའི་དབུས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ ཁྲོ་རྒྱལ་དྲེགས་འཇོམས་དྲག་པོའི་ལྷ་ཚོགས་རྣམས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ གུ་རུ་བཛྲ་ཀྲོ་དྷ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དྲག་པོ་ཐོད་ཕྲེང་བདེ་གཤེགས་འདུས་པའི་སྐུ༔ ཧཱུྃ་སྒྲ་སྒྲོག་ཅིང་བགེགས་རྣམས་འཇོམས་མཛད་ལྷ༔ འབར་བའི་ཁྲོ་རྒྱལ་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་རྣམ་གསུམ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་དང་ནི་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་དང༔ སིལ་སྙན་ཡིད་འོང་མཆོད་པའི་སྤྲིན༔ ཀུན་བཟང་བླ་མེད་མཆོད་སྤྲིན་འདི༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ ནང་མཆོད་ནི། ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཕུང་པོ་ལྔ་ཉིད་ཡེ་ཤེས་ལྔ༔ འདོད་ཡོན་གླུ་གར་མཆོད་ཡིད་ཚིམ༔ རྣམ་དག་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ གཉིས་མེད་སྦྱོར་བའི་འཕྲོ་འདུ་ལས༔ བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ༔ ཐབས་ཤེས་བདེ་བ་ཆེན་པོར་བཞེས༔ མ་ཧཱ་མུ་དྲ་ས་མ་ཡ་གུ་ཧྱ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ངོ་མཚར་རྨད་བྱུང་ཡེ་ཤེས་མཆོག༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ མཉམ་ཉིད་ཆེན་པོར་འབུལ་ལགས་ན༔ ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ༔ བཞེས་ནས་རྣལ་འབྱོར་བདག་ཅག་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྣང་བ་མཐའ་ཡས་སྤྱན་གཟིགས་པདྨ་འབྱུང་། །མཚོ་རྒྱལ་རཏྣ་གླིང་པ་ཚེ་དབང་གྲགས། །བཀའ་བབ་ཉེར་ལྔ་རྩ་བརྒྱུད་བླ་མ་ལ། །རྣམ་དག་བདུད་རྩི་མཆོག་གི་མཉེས་མཆོད་འབུལ། །དབང་དྲག་པདྨ་ཡབ་ཡུམ་གོ་ཆའི་ལྷ། །དྲག་རྩལ་མཁའ་འགྲོ་འཇིགས་བྱེད་ཁྲོ་བོ་བཅུ། །སྒོ་མ་བཞི་སོགས་ཡི་དམ་དཀྱིལ་འཁོར་ལ། །རྣམ་དག་བདུད་རྩི་མཆོག་གི་མཉེས་མཆོད་འབུལ། །དམ་ཅན་སྡེ་བདུན་བདུད་མགོན་ལྕམ་དྲལ་དང་། །སྤུ་གྲི་མཆེད་གསུམ་སྨྱོ་ཁ་མཁའ་རི་སོགས། །ཆོས་སྐྱོང་གཏེར་སྲུང་དམ་ཅན་རྒྱ་མཚོ་ལ། །རྣམ་དག་བདུད་རྩི་མཆོག་གི་མཉེས་མཆོད་འབུལ། །ཞེས་ལྷ་དང་སྲུང་མ་ཐམས་ཅད་ལ་མཚན་དོན་སྦྱར་ནས་འབུལ་ལོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླང་། ཧཱུྃ༔ དམ་རྫས་གཏོར་ཆེན་འབར་བ་འདི༔ བརྗིད་ལྡན་རོ་མཆོག་བརྒྱ་དང་ལྡན༔ འདོད་ཡོན་ལྷ་མོའི་ཚོགས་ཀྱིས་སྤྲས༔ ཡེ་ཤེས་རྒྱ་མཚོའི་མཆོད་པ་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མ་རིག་ལོག་རྟོག་འཁྲུལ་པ་ཡི༔ ཞིང་བཅུ་གདུག་པའི་རུ་དྲ་བསྒྲལ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ ཁམས་གསུམ་བསྒྲལ་པའི་རཀྟ་བསྐྱིལ༔ ཁྲག་འཐུང་འབར་བའི་ལྷ་ཚོགས་ཀྱི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡང་དག་དོན་རྟོགས་ཤེས་རབ་ཀྱིས༔ གཟུང་འཛིན་གདུག་པའི་དགྲ་བགེགས་བསྒྲལ༔ རྒྱལ་བའི་ཚོགས་རྣམས་དེ་ལ་དགྱེས༔ ཆོས་དབྱིངས་རོལ་པའི་མཆོད་པ་བཞེས༔ མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་པྲ་བེ་ཤ་ཡ་ཁཱ་ཧི༔ ཞེས་ཕྱི་ནང་གསང་གསུམ་སྨན་གཏོར་རཀྟ་ལ་སོགས་རིམ་པར་རོལ་མོའི་ཚོགས་ཀྱིས་མཆོད༔ ྈྈྈྈྈྈྈ དེ་ནས་བསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས༔ སྤྲོ་ན་ལས་བྱང་གི་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད། བསྡུ་ན། ཧྲཱི༔ དམར་ནག་འབར་བ་མེ་ཡི་ཀློང་དཀྱིལ་ནས༔ སྤྱན་རས་གཟིགས་དབང་འགྲོ་དོན་སྐུར་སྤྲུལ་པ༔ དྲེགས་པ་འདུལ་མཛད་དྲག་པོ་ཐོད་ཕྲེང་རྩལ༔ བསྐལ་པའི་མེ་དཔུང་དམར་ནག་འཚུབས་མའི་དབུས༔ བདུད་དང་དྲེགས་པ་རུ་དྲ་བསྣོལ་བའི་སྟེང༔ རབ་ཏུ་འཇིགས་པའི་སྐུ་མཆོག་ཁྱད་པར་ཅན༔ མེ་ཡི་མདོག་ཅན་སྐུ་ཆེ་ཡན་ལག་རགས༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་འབྲུག་ལྟར་སྒྲོག༔ ཨག་ཚོམ་མེ་འབར་སྨིན་མ་གློག་ལྟར་འཁྱུགས༔ རལ་པ་དམར་སེར་སྲིད་གསུམ་རྩེ་མོར་འབར༔ ཕྱག་གཡས་རྡོ་རྗེ་གསོར་ཞིང་བགེགས་རྣམས་འཇོམས༔ གཡོན་པས་སྡིག་པ་མགོ་དགུས་སྙིང་ཁྲག་འཇིབ༔ ཐོད་ཕྲེང་སྐམ་རློན་སྦྲུལ་རིགས་ལྔ་ཡིས་བརྒྱན༔ གླང་ཆེན་ཀོ་རློན་ཞིང་ཆེན་གཡང་གཞི་གསོལ༔ དཔའ་བོའི་སྐུ་ལ་སྟག་གི་ཤམ་ཐབས་གསོལ༔ རྡོ་རྗེའི་གོ་ཁྲབ་རྒྱན་དྲུག་དག་གིས་སྤྲས༔ དབང་དྲག་སྐུ་ལ་གོ་ཆའི་ལྷ་རྣམས་རྫོགས༔ དབུ་གཙུག་རིགས་བདག་སྤྲུལ་པའི་བྱ་ཁྱུང་དཀར༔ དཔྲལ་བར་འཇམ་དཔལ་མགྲིན་པར་རྟ་མགྲིན་དང༔ ཐུགས་ཀར་གསང་བདག་ལྟེ་བར་དྷཱ་ཀི་ལྔ༔ གསང་བའི་གནས་སུ་ཡཀྴ་མེ་དབལ་ཏེ༔ ཀུན་ཀྱང་རང་རྟགས་ཕྱག་མཚན་རྒྱན་དང་ལྡན༔ ཁྱོད་ཀྱི་སྐུ་ལ་མཚོན་ཆ་འབར་བའི་ཚོགས༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཁྱབ༔ ཉིད་ཀྱི་སྤྲུལ་པ་ཡཀྴ་མེ་དབལ་ཚོགས༔ སྐར་ལྟར་འཁྲུག་ཅིང་རླུང་ལྟར་འཚུབས་པ་ལ༔ མཚོན་ཆའི་འཁོར་ལོ་གཡས་གཡོན་འཁོར་བྱེད་ཅིང༔ འཁོར་ལོའི་བར་ན་རྒྱལ་བསེན་སྡེ་བརྒྱད་རྣམས༔ ཕྱེ་མར་གཏུབ་ཅིང་རྡུལ་ཕྲན་བཞིན་དུ་བརླག༔ གདུག་པ་ཅན་རྣམས་སྔངས་ཤིང་བརྒྱལ་བར་བྱེད༔ གདུག་ཅིང་སྡང་སེམས་ལྡན་པའི་བར་ཆད་རྣམས༔ ཐལ་བ་བཞིན་དུ་མ་ལུས་རླག་པར་བྱེད༔ ལྷ་ཡི་ནང་ནས་ལྷག་པའི་མཐུ་བོ་ཆེ༔ རྒྱལ་བ་ཀུན་གྱི་མཐུ་རྩལ་ལྷག་པའི་ལྷ༔ དངོས་གྲུབ་གློག་ལྟར་མྱུར་བའི་ཐུགས་རྗེ་ཅན༔ ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད༔ སྔོན་གྱི་ལས་དང་འཕྲལ་རྐྱེན་བཟློག་ཏུ་གསོལ༔ བྱིན་གྱིས་རློབས་ཤིག་གུ་རུ་དྲག་པོ་རྩལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཐུན་མོང་དུ་བཤགས་པ་ནི། ཧཱུྃ༔ དྲག་པོ་ཐོད་ཕྲེང་རིག་འཛིན་ལྷ་ཡི་ཚོགས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་བར་དུ༔ རང་རིག་དབྱེར་མེད་ལྷ་དང་མ་མཇལ་ཏེ༔ གཉིས་འཛིན་འཁྲུལ་རྟོག་མ་རིག་དབང་གྱུར་པས༔ དབྱེར་མེད་ཆོས་དབྱིངས་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླའོ༔ སྐབས་འདིར་སྒྲུབ་ཐབས་གསུམ་གང་རུང་ལྟར་འཛབ་ཞི་དྲག་སྦྲེལ་ཏེ་བརྒྱའམ་སྟོང་ལ་སོགས་པ་བྱའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུཾ་ཨཱ༔ ཞེས་ཞི་བའི་སྙིང་པོའོ། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་བའི་བསྙེན་པའོ། །བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་མེ་དབལ་དང་སྡེ་བརྒྱད་ཤམ་བུའོ། །ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨོཾ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚྲྀ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ༔ ཡ་མ་རཱ་ཛ༔ བཛྲ་བྷ་ར་ཧི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་འཛབ་བརྒྱ་སྟོང་ལ་སོགས་ཅི་ནུས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་བཟླའོ། །དེ་ནས་བསོད་ནམས་རྒྱ་ཆེན་ཚོགས་ཀྱི་རིམ་པ་བྱ་སྟེ༔ ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ༔ ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམ༔ བསང་ཆུ་འཐོར་ཞིང༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང་ངོ་། །རཾ་ཡཾ་ཁཾ་སྭཱ་ཧཱ༔ ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་འབྲུ་གསུམ་གྱིས༔ དངོས་འཛིན་མཚན་མའི་བག་ཆགས་སྦྱངས༔ དག་པར་མ་གྱུར་གང་ཡང་མེད༔ དག་པའི་ངང་དུ་གནས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ༔ ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ བྱིན་རླབས་འཕྲོ་འདུའི་འོད་ཟེར་གྱིས༔ དཔག་མེད་ནམ་མཁའི་མཐར་གྱུར་པའི༔ འདོད་པའི་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཧཱུྃ་གིས་རྣམ་རྟོག་དབྱིངས་སུ་བསྒྲལ༔ ཨཱཿཡིས་དྲི་མེད་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྤྲིན་ཚོགས་གཏིབས༔ ཧྲཱིཿཡིས་སྣང་སྲིད་མཆོད་པས་བཀང༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ གསེར་དངུལ་གཡུ་ཡི་གཞོང་པ་ནས༔ ལོངས་སྤྱོད་དཔག་མེད་ཚོགས་ཀྱིས་བཀང༔ གར་དང་ཕྱག་རྒྱ་བསྒྱུར་ཞིང་མཆོད༔ ཨ་ལ་ལ་ཏེ་མཆོད་པ་བཞེས༔ དགྱེས་བསྐངས་བདག་ལ་དངོས་གྲུབ་སྩོལ༔ ཚོགས་ལྷ་སྤྱན་འདྲེན་པ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་དྲག་པོ་རྩལ༔ གོ་ཆ་ལྷ་ལྔ་གཙོ་དང་འཁོར༔ མཁའ་འགྲོ་དཔའ་བོ་གིང་དང་བཅས༔ སྐུ་ལ་སྒྲིབ་སེམས་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ དེ་ནས་རིམ་པ་གསུམ་དུ་བཅད་དེ༔ དང་པོ་མཆོད༔ བར་པ་སྐོང་བཤགས༔ ཐ་མ་བསྒྲལ་བར་བྱས་ཏེ༔ དང་པོ་ཚོགས་ཕུད་ཕུལ་ལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པ་ཆེན་པོས་རོལ་ནས་ཀྱང༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི༔ དཔང་གྱུར་སྐྱབས་མཆོག་མ་ལུས་རྣམས༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ འགལ་འཁྲུལ་ཉམས་ཆག་མ་ལུས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་ཁཱ་ཧི་ཤུདྡྷེ་ཨ༔ ཐ་མ་ལིངྒར་འགུགས་བསྟིམ་སྤྱི་ལྟར་བྱ༔ གིང་པ་དཀར་ནག་ཆས་སུ་ཞུགས་ཏེ༔ ཧཱུྃ༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ རྔམ་བརྗིད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔ དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གུ་རུ་བཛྲ་ཀྲོ་དྷ་ནྲྀ་ཏྲི་དགྲ་བགེགས་ཤཱ་ཏྲུན་མཱ་ར་ཡ་རྦད༔ ཅེས་བསྒྲལ་ནས་བསྟབ་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབས༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྡོ་རྗེ་སློབ་དཔོན་སོགས་ལ་རིམ་པར་དྲང་སྟེ༔ ཀྱེ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ལག་གཉིས་པདྨའི་ཕྱག་རྒྱས་བླངས་ཏེ༔ ཧོ༔ རིན་ཐང་མེད་ལ་ལེགས་འོང་ཆོས༔ གཟུང་འཛིན་མཚན་མ་ཀུན་སྤངས་པའི༔ བླང་དོར་ཆོས་ཀུན་བྲལ་བ་ཡི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཞེས་རོལ་ལོ༔ དེ་ནས་ལྷག་མའི་ཆོ་ག་བྱ་སྟེ༔ ལག་པ་མཁའ་གསང་གི་ཕྱག་རྒྱས་ཁ་ཕྲུ་བཏབ་སྟེ༔ ཕུད་ལྷག་བསྲེས་ལ༔ རྐང་གི་གཟར་བུས་རཀྟ་གཏོར་ཞིང་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་ལ་འཆམས་སྟབས་དང་བསྟུན་ཏེ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། ཚོགས་གཞོང་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ལྷག་མའི་ངོ་བོ་དེ་ཉིད། འདོད་ཡོན་གྱི་ལོངས་སྤྱོད། ཤ་ཆེན་གྱི་ཕུང་པོ། རཀྟའི་རྒྱ་མཚོ་སྟོང་གསུམ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྔགས་འདིས་ལན་གསུམ་བྱིན་བརླབས་ནས༔ ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོ་ལས༔ སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་ཤར༔ འཁོར་འདས་སྣང་སྲིད་ང་ཡི་དབང༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དྲག་པོའི་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལྷག་མས་མི་མཆོད་རྒྱུ༔ དམ་ཅན་མཁའ་འགྲོ་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ རྣལ་འབྱོར་བདག་དང་གཡར་དམ་གཅིག༔ དཀྱིལ་འཁོར་མཐའ་ལ་མི་བཞག་རྒྱུ༔ བྲན་གཡོག་ཕོ་མོའི་ཚུལ་ལ་གནས༔ དྲག་པོའི་བཀའ་ཉན་ལས་བྱེད་ཚོགས༔ ཤར་གྱི་ཕྱོགས་ཀྱི་གཏོར་ལེན་ནི༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས༔ ལྷོ་ཡི་ཕྱོགས་ཀྱི་གཏོར་ལེན་ནི༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཚོགས༔ ནུབ་ཀྱི་ཕྱོགས་ཀྱི་གཏོར་ལེན་ནི༔ པདྨ་རིགས་ཀྱི་མཁའ་འགྲོའི་ཚོགས༔ བྱང་གི་ཕྱོགས་ཀྱི་གཏོར་ལེན་ནི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས༔ གིང་དང་ལངྐ་དུར་ཁྲོད་བདག༔ ཀེ་སེང་དབང་ཕྱུག་ཉེར་བརྒྱད་སོགས༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ དར་གྱི་ཅོད་པན་པུ་རུ་རུ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་ཞིང་ལྤགས་བརྗིད་རེ་ཆེ༔ སྐྱོགས་བཟང་བྷནྡྷ་མཚན་རེ་བཟང༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཱཾ་ས་རོ་རེ་ཞིམ༔ རྟག་ཏུ་དུར་ཁྲོད་གནས་རྣམས་ཉུལ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ཡང་དག་དོན་ལ་སངས་རྒྱས་ཀྱང༔ ཐབས་ཀྱིས་དྲག་པོའི་ཕྲིན་ལས་མཛད༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་བྷཱ་ར་ཡོ་གི་ནཱི་དྷཱ་ཀ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྷག་མའི་གཏོར་མ་བཏང་ངོ་༔ དེ་ནས་ཆད་མདོ་ནི༔ གཏོར་མ་རྣམས་དཀྱིལ་འཁོར་ནས་གོམ་པ་བདུན་བཅུའི་སར་དཔགས་ལ༔ ཕུད་དང་རཀྟ་ཕྱོགས་བཅུར་གཏོར༔ རོལ་མོ་བསྒྲགས་ལ་འདི་སྐད་དོ༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་པདྨ་སྤྱན་དྲངས་ཚེ༔ ཡང་ལེ་ཤོད་ནས་བོད་ཡུལ་བྱོན༔ མང་ཡུལ་ལ་ནས་མར་བྱོན་ཚེ༔ ལྷ་སྲིན་དམ་ལ་འདོགས་ཤིང་བྱོན༔ བདག་ནི་རིག་འཛིན་དེ་ཡི་གདུང༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས༔ སློབ་དཔོན་པདྨའི་བཀའ་མ་བཅག༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལ་མ་འདའ་ཞིག༔ གཙང་གི་ཆུ་མིག་གནས་པ་དེར༔ དགེ་བསྙེན་ཐམས་ཅད་དམ་ལ་བཏགས༔ རྒྱས་པར་ན། བདག་ནི་རིག་འཛིན་སོགས་རེ་རེ་བཞིན་སྦྱར། བསྡུ་ན་གཤམ་དུ་ཚར་གཅིག་སྦྱར་བས་འཐུས་སོ། །གནུབས་ཀྱི་རུ་ཐོག་བྲག་དམར་དེར༔ དྲི་ཟ་ཕོ་མོ་དམ་ལ་བཏགས༔ གཡུ་མཚོ་ཕྱུག་མོའི་ནང་ཤེད་ནས༔ ཕོ་རྒྱུད་མོ་རྒྱུད་དམ་ལ་བཏགས༔ འབྲོག་གི་ན་དམར་རྒོད་གང་དེར༔ ལྷ་བཙན་ཐམས་ཅད་དམ་ལ་བཏགས༔ མ་དྲོས་ཀུན་གྱི་རྒྱ་མཚོ་དེར༔ ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ རུ་དམ་ལུང་པ་ནག་པོ་དེར༔ མ་ཡམས་ཐམས་ཅད་དམ༴ སིལ་མ་གཙང་གི་གངས་དཀར་དེར༔ སྨན་དང་ལྷ་སྨན་དམ༴ ཁ་རག་གངས་ཀྱི་ལྷོ་ཕྱོགས་དེར༔ བརྟན་མ་བཅུ་གཉིས་དམ༴ གཙང་གི་ཁ་རག་ཡུལ་གོང་དེར༔ འབྲོག་གནས་ཐམས་ཅད་དམ༴ བསམ་ཡས་དབུ་རྩེ་རིམ་གསུམ་དེར༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ འགོས་ཀྱི་གླ་བ་རྐང་གཅིག་དེར༔ ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་སྔགས་འཆང་དམ་མ་བཀྲལ༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཐ་ཚིག་གིས་གནད་ནས་བསྐུལ་ཞིང་ཆད་མདོ་བྱའོ༔ དེ་ནས་བརྟན་མ་སྐྱོང་སྟེ༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་མཛད་པའི༔ བརྟན་མ་བཅུ་གཉིས་དཔོན་དང་གཡོག༔ དཔལ་གནས་མ་དང་ཡང་དག་ཤེས༔ ཀོང་ལྷ་གཡུ་བུན་ཁྱུང་བཙུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་སྐྱོང་མཛད་འཁོར་དང་བཅས༔ ཁྱེད་རྣམས་སྔོན་གྱི་གཡར་དམ་ཅན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ ཞིང་ཆེན་བཀྲམ་པའི་གདན་སྟེང་དུ༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཞག༔ མ་འོངས་སངས་རྒྱས་ལུང་ཡང་བསྟན༔ དབང་བསྐུར་ཅོད་པན་སྤྱི་བོར་བཞག༔ དབང་རྟགས་རྡོ་རྗེ་ཕུར་པ་གཏད༔ ལྕེ་ལ་དམ་ཚིག་བདུད་རྩི་བཞག༔ དམ་ཚིག་གཉན་གྱི་གྲལ་དུ་བཅུག༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་པས༔ སྔོན་ཚེ་ཞལ་བཞེས་དམ་མནོས་བཞིན༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ལོ་ཀ་ལོ་ཀི་ནཱི་མ་མ་ཧྲཱིང་ཧྲཱིང༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ལ་གཏོར་གཞོང་བདུད་རྩིས་བཤལ་ཏེ་མཆོད་དོ༔ དེ་ནས་རྟ་བྲོ་ནི་ལས་བྱང་གང་ཡང་རུང་བ་ལྟར་བྱ་བར་གསུངས་པས། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམས་ལ། རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཆེན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་བྲུབ་ཁུང་མནན༔ མནན་ནོ་བཅིངས་སོ་སཏྭམྦྷ་ཡ༔ རྡོ་རྗེའི་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭམྦྷ་ཡ་ནན༔ ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བྱའོ༔ ནང་དུ་ལོག་ནས་ཚེ་འགུགས་བཀྲ་ཤིས་དང་བསྔོ་བ་སྨོན་ལམ་རྒྱས་པར་བྱ་བར་གསུངས་པས། དང་པོ་ཚེ་འགུགས་པ་ནི། བདག་ཉིད་ཚེ་དཔག་མེད་པ་ཇི་ལྟ་བ་བཞིན་བསྐྱེད༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་ཚེ་བཅུད་བསྡུས་པར་བསམ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཅི་འགྲུབ་བཟླ། དེ་ནས་ཚེ་ཡི་མདའ་དར་དམར་པོ་གཡབ་ཅིང་འདི་སྐད་དོ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་བུམ་པ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔ བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཅེས་བསྐུལ། དངོས་གྲུབ་བླང་བ་ནི། ཧཱུྃ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ཕྲིན་ལས་འདུས་པའི་དྲག་པོ་ཐོད་ཕྲེང་རྩལ༔ རྣམ་དག་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ སྤྲོས་མེད་མཁའ་ལྟར་དག་པའི་ཐུགས་མངའ་བ༔ དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང༔ ལས་དང་ཐུགས་རྗེ་མཐུན་པའི་རྟེན་འབྲེལ་གྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ རྒྱལ་བ་རྣམས་ཀྱིས་ཐུགས་རྗེའི་རང་བཞིན་གྱིས༔ སྒྲུབ་པོ་བདག་ནི་སྐལ་ལྡན་དམ་ཚིག་ཅན༔ དབང་ཆེན་དྲག་པོའི་དངོས་གྲུབ་མཆོག་ཆེན་པོ༔ དུས་འདིར་བདག་ལ་ཡོངས་རྫོགས་བསྩལ་དུ་གསོལ༔ ཅེས་པའི་མཐར་རྩ་སྔགས་ཤམ་བཅས་བརྗོད། གཏང་རག་གི་མཆོད་བསྟོད་སྤྲོ་ན་སྐབས་འདིར་བྱ། དབྱངས་གསལ་ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། དབང་དོན་དཀྱིལ་འཁོར་སོགས་དང་འབྲེལ་ན་ཡེ་ཤེས་པ་གཤེགས་པའམ་བརྟན་བཞུགས་སྤྱི་མཐུན་བྱ། དམ་ཚིག་པ་བདག་ལ་བསྡུ་ཞིང་། བདག་བསྐྱེད་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ རྩ་གསུམ་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་ཤར༔ གང་འདུལ་འགྲོ་བའི་སྡུག་བསྔལ་ཀུན་བསལ་ནས༔ སླར་ཡང་སྐྱེ་མེད་ཆོས་དབྱིངས་ངང་དུ་མུ༔ ལྷར་ལྡང་བ་ནི། ཧཱུྃ༔ རང་ལུས་འབྱུང་བ་ལྔ་དང་སྐྱེ་མཆེད་ཚོགས༔ ཡེ་ནས་རང་བྱུང་རང་གསལ་ཡི་དམ་ལྷ༔ ཐབས་ཤེས་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ནས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ལུས་ལྷའི་དཀྱིལ་འཁོར་ཡེ་ཤེས་སེམས་དཔར་གསལ་གདབ༔ རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གོན་པར་བསམས་ཏེ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ༔ སྨོན་ལམ་ནི༔ ན་མོ༔ བདག་གིས་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ ཤིས་བརྗོད་ནི། ཧཱུྃ༔ དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅན༔ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོག༔ ཐབས་ཤེས་ཟུང་འཇུག་སྣང་སྟོང་ཡི་དམ་ལྷ༔ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ འཁོར་འདས་ཆོས་ལ་དབང་བསྒྱུར་མཁའ་འགྲོའི་ཚོགས༔ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོག༔ མཐུ་སྟོབས་བདུད་འདུལ་བཀའ་སྲུང་གཏེར་བདག་ཚོགས༔ སངས་རྒྱས་བསྟན་པ་སྲུང་བའི་བཀྲ་ཤིས་ཤོག༔ ཅེས་སོགས་རྒྱས་པར་བརྗོད་དོ། ཀྱེ་མ༔ དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་པས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ དེ་ལྟའི་དུས་ན་རྒྱ་འགྱུར་མ་འཕྱུགས་པ༔ པདྨའི་ཐུགས་གཏེར་ཡིན་གྱིས་ཉམས་སུ་ལོངས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ གསང་སྔགས་མི་ནུབ་བསྟན་པ་མཐའ་རྒྱས་ཤོག༔ མཁར་ཆུ་དཔལ་གྱི་ཕུག་རིང་ཨ་ཐམ་རྒྱ༔ ྈྈྈྈྈ ྈྈྈྈྈ ྈྈྈྈ ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པས་བྱི་བའི་ལོ་ལ་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་ཏེ། ལོ་བཅུ་ལ་བཀའ་རྒྱ་བསྡམས་ནས། བྱ་ཡི་ལོ་ལ་ས་བདག་རྒྱལ་པོའི་ཕོ་བྲང་སྣེ་གདོང་དུ། ཤོག་སེར་ཞེང་མཁྱུད་གང་། དཀྱུས་མཐོ་གང་བ་གཅིག་ལས་ཞལ་བཤུས་པའི་ཡི་གེ་པ་ནི་རྗེ་ཉིད་ཀྱི་སྲས་དབང་ཆེན་བཟང་པོས་བགྱིས་པའོ། །ཞེས་གཏེར་གཞུང་རྩ་བ་བཅོས་བསླད་མེད་པ་ལ་ཟུར་འདེབས་དགོས་རིགས་རྣམས་དབང་སྒྲུབ་སོགས་ཀྱི་སྐབས་སུ་ཁྱེར་བདེ་བར་ནག་འགྲོས་སུ་བགྱིས་པ་ལ་འགལ་བ་གང་མཆིས་བཤགས་ཤིང་། དགེ་བས་པདྨ་དྲག་པོ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པའི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 17)

ཨོཾ་སྭསྟི། གང་ཞིག་རྒྱལ་བ་ཐམས་ཅད་ཀྱང་། །སྤྲོ་བསྡུའི་བྱེད་པོ་འཇིག་རྟེན་མགོན། །ཐུགས་རྗེའི་གཏེར་ཆེན་དེར་བཏུད་ནས། །སྒྲུབ་ཐབས་དབང་ཆོག་མདོ་ཙམ་བྲི། །འདིར་རྒྱལ་པོ་བཀའ་འབུམ་ལས། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། དུས་ཁྱད་པར་ཅན་ལ་གནས་ཁང་མཛེས་པར་བརྒྱན། སྟེགས་བུ་ཁེབས་དང་ལྡན་པ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དབུས་སུ་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་བཞག །ཤར་དུ་དཀར་གསུམ་སོགས་ཀྱིས་བརྒྱན་པའི་མཆོད་གཏོར། ལྷོར་དབུ་རྒྱན། ནུབ་ཏུ་ཆང་དང་བུ་རམ་སོགས་སྦྱར་བའི་ཐོད་པའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་ཧྲཱིཿཡིག་དང་བཅས་བྲིས་པའི་སྟེང་དུ་བྱང་སེམས་དཀར་དམར་དང་ཅུ་གང་གུར་གུམ་རྣམས་མངར་གསུམ་དང་སྦྱར་བའི་རིལ་བུ་སློབ་མའི་གྲངས་མཉམ་བཀོད་པ་དང་། བྱང་དུ་སྐུ་གཟུགས་དང་སྔགས་བྱང་གི་ཙཀླི་རྣམས་བཞག །གླེགས་བམ། དུང་། ཆོས་དབྱུག་རྣམས་ཕྱོགས་ཅི་བདེར་བཀོད། མཐའ་མཆོད་པ་རྣམས་ཀྱིས་མཛེས་པར་བསྐོར། གཞན་ཡང་ལས་བུམ་རྡོར་དྲིལ་མེ་ཏོག་སྔོན་གཏོར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་པའམ་རྒྱུན་བཤགས་གང་འོས་ཤིག་བྱ། བཛྲ་མུཿས་ཚོགས་ཞིང་གཤེགས། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཀུན་ཏུ་ཁྱབ་པར་གྱུར། སྲུང་འཁོར་གྱི་དབུས་སུ་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་གྱི་སྟེང་ན་འཁོར་ལོ་རྩིབས་སྟོང་བྲེས་ཤིང་། འོག་གཞི་པདྨ་འདབ་མ་སྟོང་དུ་གདལ་བ། དེའི་ནང་དུ་པདྨ་འདབ་མ་བཞི་པ་དང་བཅུ་གཉིས་རིམ་པ་ཅན་གྱི་ལྟེ་བ་དང་འདབ་མ་རྣམས་ལ་པཾ་དང་ཨ་ལས་བྱུང་བའི་པདྨ་དང་ཟླ་བ་བརྩེགས་པ་རེ་རེ། བར་ཁྱམས་དང་སྒོ་བཞིར་པད་རྐྱང་ལྷ་གྲངས་དང་མཉམ་པའོ། །དབུས་ཀྱི་གདན་ལ་ཧྲཱིཿལས་པདྨ་དཀར་པོ་ཧྲཱིཿས་མཚན་པ་ལས་འོད་འཕྲོས་འདུས། ཨོཾ་མ་ཎི་པདྨེ་ཧཱུྃ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཤེལ་ཕྲེང་དང་གཡོན་འོག་མ་པདྨ་དཀར་པོའི་སྡོང་བུ་འཛིན་པ། མཛེས་ཤིང་འཛུམ་པའི་ཉམས་ཅན་ཞི་བའི་སྤྱན་གྱིས་གཟིགས་པ། རལ་པའི་ཐོར་ཚུགས་ཅན། དར་སྣ་ཚོགས་པའི་སྟོད་གཡོགས་དང་སྨད་དཀྲིས་གསོལ་ཞིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། མཚན་དཔེའི་ལང་ཚོ་རྒྱས་པ། འོད་དང་འོད་ཟེར་དཔག་མེད་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །ནང་གི་པད་འདབ་བཞིའི་མདུན་དུ་ཧྲཱིཿལས་ཡི་གེ་དྲུག་མ་གཙོ་བོ་དང་མཚུངས་པ་ལས་ལྷ་མོའི་ཆ་བྱད་འཇོ་སྒེག་གི་རྣམ་འགྱུར་དང་ལྡན་པ། གཡས་སུ་ནོར་བུ་འཛིན་པ་དཀར་པོ་གཡས་རིན་པོ་ཆེ་དང་གཡོན་ཕྲེང་བ་འཛིན་པ། གཡོན་དུ་རིག་སྔགས་འཛིན་མ་དཀར་མོ་གཡས་ཤེལ་ཕྲེང་དང་གཡོན་པདྨ་འཛིན་པ། གཉིས་ཀའང་གཙོ་བོའི་ཞལ་ལ་བལྟ་ཞིང་པུས་མོ་ཕྱོགས་གཅིག་ལ་བཙུགས་པའི་འདུད་ཚུལ་གྱིས་གནས་པ། རྒྱབ་ཏུ་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན་མཉམ་གཞག་སྐྱིལ་ཀྲུང་གིས་བཞུགས་པ། ཕྱིའི་པདྨ་འདབ་མ་བཅུ་གཉིས་ཀྱི་དྲུག་ལ་རིམ་བཞིན་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མི་བསྐྱོད་པ་སྔོན་པོ་རྡོ་རྗེ། རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ། སྣང་བ་མཐའ་ཡས་དམར་པོ་པདྨ། དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ། འཇིག་རྟེན་དབང་ཕྱུག་དཀར་པོ་པདྨ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་ཅན་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་རེ་རེའི་གཡོན་ལོགས་ཀྱི་འདབ་མ་རྣམས་ལ་རིམ་པ་བཞིན། སངས་རྒྱས་སྤྱན་མ་དང་། ཀུན་ཏུ་བཟང་མོ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམས་སྐུ་མདོག་དང་ཕྱག་མཚན་རང་རང་གི་ཡབ་དང་མཚུངས་པ་ལ་ལྷ་མོའི་འཇོ་སྒེག་གིས་འདུད་པའི་ཚུལ་དུ་གནས་པའོ། །སྒོ་བཞིའི་ཤར་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་འཛིན་པ་དང་། ཐགས་བཟང་རིས་སྔོན་པོ་གོ་ཆ་འཛིན་པ། ལྷོ་སྒོར་ཤཱཀ་ཐུབ་སེར་པོ་གསེག་པར་འཛིན་པ། ནུབ་སྒོར་སེང་གེ་རབ་བརྟན་ནག་པོ་པུ་ཏི་འཛིན་པ་དང་། ནམ་མཁའ་མཛོད་དམར་པོ་སྒྲོམ་བུ་འཛིན་པ། བྱང་སྒོར་ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་སྟེ། དྲུག་ཀའང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་བཞེངས་སྟབས་ཀྱིས་བཞུགས་པ། ཁྱམས་ལ་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་སེམས་དཔའི་ཚུལ་གྱིས་བཞུགས་པའོ། །རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །མ་འགགས་རྣམ་རོལ་ལོངས་སྤྱོད་རྫོགས་སྐུར་བསྟན། །ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་སྐུ། །སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཞེས་པས་ཕྱག་བྱ། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །མཆོད་པའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ལ། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང་། །འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་ཨཱཿ ཞེས་གསུང་ཞིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམ་མོ། །རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བསམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །བྱིན་རླབས་དབང་བསྐུར་རྒྱས་གདབ་བོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ་ཞེས་བྱིན་གྱིས་བརླབ། མཆོད་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོ་སོགས། །ཕྱི་ཡི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨརྒྷཾ་ནས། ཤབྡའི་བར་དང་། སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་ཞེས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པར་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་རཱུ་པ། བཛྲ་ཤབྡ། བཛྲ་གནྡྷེ། བཛྲ་ནཻ་བིདྱཱ། བཛྲ་སྤརྴེ། བཛྲ་དྷརྨ་སརྦ་པཱུ་ཛ་ས་མ་ཡ་མཎྜལ་ཨ་ལ་ལ་ཧོཿ ཞེས་པས་མཆོད། བསྟོད་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ། །རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ། །ཡེ་ནས་མ་བསྒྲུབ་རང་དང་གཉིས་མེད་ལྷ། །ཡེ་ཤེས་ལྷ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད། །རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་འཇིག་རྟེན་དབང་ཕྱུག་རིགས་ཀྱི་ཡབ། །སྤྱན་མ་བཟང་མོ་མཱ་ཀི་གོས་དཀར་མོ། །སྒྲོལ་མ་ཤེར་ཕྱིན་ཡུམ་རྣམས་ལ་ཕྱག་འཚལ། །དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་རྩ་གཉིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བ་འདུལ། །བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད། །བརྒྱ་བྱིན་ཐགས་བཟང་རིས་དང་ཤཱཀྱ་ཐུབ། །ཤཱཀ་སེང་ནམ་མཁའ་མཛོད་དང་ཆོས་ཀྱི་རྒྱལ། །འགྲོ་དྲུག་སྡུག་བསྔལ་སྐྱོབ་ཕྱིར་གང་འདུལ་སྟོན། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་བྱ་བ་ནི། སྙིང་གར་ཟླ་བ་ལ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ་ཞིང་། སྐུ་སྣང་སྟོང་། གསུང་གྲགས་སྟོང་། སེམས་སྟོང་ཉིད་སྙིང་རྗེའི་རང་བཞིན་གྱིས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། དག་པའི་སྐུ་གསུང་ཐུགས་སུ་རྒྱས་གདབ་པར་བྱའོ། །ཐུན་འཇོག་ཁར་སྙིང་གའི་ཧྲཱིཿཡིག་གི་འོད་ཟེར་གྱིས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། འཁོར་རྣམས་གཙོ་བོ་ལ། དེ་ཡང་སྙིང་གའི་ཧྲཱིཿལ་ཐིམ། ཧྲཱིཿཡུངས་འབྲུ་ཙམ་དུ་གྱུར། དེ་ཡང་འཇའ་ལྟར་ཡལ་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །དེ་ལས་སྐད་ཅིག་གིས་ལྷར་ལངས་ཏེ་སྣོད་བཅུད་གཞལ་ཡས་ཁང་དང་ལྷ་སྐུའི་ལམ་ཁྱེར་ལ་སྦྱོར་ཞིང་དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། ཐོག་མར་ཡོ་བྱད་རྣམས་ཚོགས་པར་བྱས་ནས་བགེགས་བསྐྲད། མཚམས་བཅད། མཆོད་རྫས་བྱིན་གྱིས་བརླབ་པ་རྣམས་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ནས་མདུན་བསྐྱེད་སྒྲུབ་པ་འམ། བདག་མདུན་བུམ་གསུམ་དབྱེར་མེད་དུ་བསྒོམས་ནས་བཟླས་པ་བྱ་བ་རྣམས་ཕྲུགས་གཅིག་ཏུ་བྱས་རྗེས། སླར་ཡང་བུམ་ལྷ་ལ་དམིགས་པའི་ཡི་གེ་དྲུག་པའི་བཟླས་པ་ཅི་ནུས་དང་། ལས་བུམ་དུ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་ཞགས་པ་ཐོགས་པ་བསྐྱེད། དེའི་སྔགས་ཨོཾ་ཧྱ་གྲཱི་བ་ཧཱུྃ། ཞེས་བཟླས་ནས་བདུད་རྩིར་ཞུ། ཐོད་པའི་བདུད་རྩི་ལ་དམིགས་ནས་ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཞེས་པའང་ཅི་ནུས་བཟླ་ཞིང་། ཏིང་ངེ་འཛིན་གྱི་དབང་བླང་བའང་བྱའོ། །སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ཕྱག་བྱས་གྲལ་དུ་འཁོད་པ་ལ། བགེགས་གཏོར་གཏང་། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་སྤྱི་གཟུགས་སམ་རང་བཞིན་ནི་སངས་རྒྱས་འོད་དཔག་མེད་ཡིན་ཞིང་། དེའི་ཕྲིན་ལས་ཀྱི་རྣམ་པར་རོལ་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ཏེ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ལ་སོགས་པར་སྣང་བ་ཡང་མགོན་པོ་འདི་ཉིད་ཀྱི་རྣམ་པར་རོལ་པ་ལས་གཞན་དུ་མེད། དེ་ཕྱིར་སྟོན་པས་ལྷག་པའི་ལྷ་འདི་ཉིད་ཀྱི་སྒྲུབ་ཐབས་མདོ་དང་རྒྱུད་སྡེ་དུ་མར་གདུལ་བྱའི་མོས་བློ་དང་མཚུངས་པར་གསུངས་ཤིང་། རིས་མེད་པའི་འགྲོ་བ་མཐའ་དག་གི་མགོན་པོ་བླ་ན་མེད་པར་གྲུབ་ཀྱང་། ཁྱད་པར་གངས་ཅན་བོད་ཀྱི་འགྲོ་བ་འདུལ་ཕྱིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོར་སྤྲུལ་ནས་ཕྲིན་ལས་ཀྱི་གདུལ་ཞིང་དུ་བྱིན་གྱིས་བརླབས། འཕགས་པའི་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས། ཟབ་རྒྱས་ཀྱི་གདམས་པའི་སྒོ་ཕྱེ་སྟེ། ལྷ་ཐུགས་རྗེ་ཆེན་པོ་དང་སྔགས་ཡི་གེ་དྲུག་པའི་སྒོ་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། ཕྱི་རབས་ཀྱི་དོན་དུ་སྒྲུབ་ཐབས་ཞལ་གདམས་དང་བཅས་པ་ར་སའི་དབུ་རྩེ་བྱང་མའི་རྟ་མགྲིན་གྱི་ཞབས་འོག་ལ་སོགས་པར་གཏེར་དུ་སྦས། དེ་ཉིད་ཨོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་བསྟན་ཅིང་གདམས་པ། རྒྱལ་པོས་དེ་ལ་ཐུགས་དམ་དུ་མཛད་པས་དངོས་གྲུབ་ཐོབ། ཕྱིས་ར་སའི་གཏེར་རྣམས་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ནས་མངའ་བདག་མྱང་རལ་པ་ཅན་ལ་གནང་། ཉང་གིས་ཀྱང་ཞལ་གདམས་འགའ་ཞིག་བཏོན་ནས་གདམས་པ་མ་བུ་གཅིག་ཏུ་འདྲིལ་བ་རྣམས། ལ་སྟོད་པ་མི་བསྐྱོད་རྡོ་རྗེ་ལ་བསྩལ་པ་སོགས་ལས་རིམ་པར་བརྒྱུད་པའི་ཟབ་ཆོས་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་སོགས་འབྲེལ་བཀོད་ནས་མཎྜལ་ཕུལ། ཐལ་མོ་སྦྱར་བས་བཏུད་དེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོ་ཡི་དམ་དུ་འཛིན་པར་འདོད་པ་དེ་ལེགས་སོ། །དུས་དེ་རིང་ནས་གཟུང་སྟེ་སྐྱབས་སུ་འགྲོ་བ་དང་སྡོམ་པ་གཟུང་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །ཅེས་བསྒོ་འོ། །རྒྱུན་བཤགས་གང་འོས་ཤིག་སྔོན་དུ་འགྲོ་བས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དུས་འདི་ནས་ནི་གཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གུས་པས་ཡང་དག་གཟུང་བར་བགྱི། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །སྨོན་པའི་སེམས་དང་འཇུག་པའི་སེམས། །དོན་དམ་སེམས་མཆོག་བསྐྱེད་པར་བགྱི། །བདེ་གཤེགས་སྐུ་ཡི་རིགས་མཆོག་དང་། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །རིགས་འདུས་ཐུགས་རྗེ་ཆེན་པོ་ཡི། །དམ་ཚིག་རྗེས་སུ་གཟུང་བར་བགྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །དབང་བསྐུར་མཆོག་དེ་བདག་ལ་སྩོལ། །ཅེས་ལན་གསུམ་གྱིས་སྡོམ་པ་གཟུང་། འབྲུ་གསུམ་གྱིས་བདུད་རྩི་སྦྱིན། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་ཐུགས་རྗེ་ཆེན་པོ་ གཙོ་རྐྱང་ངམ་འཁོར་དང་བཅས་པར་ མོས་སུ་བཅུག་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་ལུས་སྦྱངས། སྒྲུབ་ཐབས་བཞིན་གཙོ་བོར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་འོད་ཀྱིས་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་སྤྱི་བོ་ནས་ཐིམ་པར་བསམ་ལ། ཡིག་དྲུག་གི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཞེས་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་བྱིན་ཕབ་ལ་བརྟན་པར་བྱའོ། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་པས་མེ་ཏོག་འབུལ་དུ་གཞུག །དེ་ནས་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་བུམ་པའི་དབང་བསྐུར་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། ཕྱི་བུམ་པའི་དབང་གིས་ལུས་སྨིན་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག་བྱས་ལ། བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་གནས། །གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་ཆུས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ནས། །ཐུགས་རྗེ་ཆེན་པོའི་སྐུ་རུ་སྨིན་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་བུམ་པའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་གནས་སྒྱུར། ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་དབུ་བརྒྱན་བཅིང་། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལྷ་སྒོམ་པ་ལ་དབང་། སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་མཎྜལ་ཕུལ་ལ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་གསང་བའི་དབང་བསྐུར་དུ་གསོལ། གསང་བའི་དབང་གིས་ངག་སྨིན་པར་མཛད་དུ་གསོལ། ཞེས་སྦྱར་བས་གསོལ་བ་འདེབས། མེ་ལོང་གི་སྟེང་གི་བདུད་རྩི་རིལ་བུ་བླངས་ལ། བྱང་སེམས་དཀར་དམར་ཐབས་དང་ཤེས་རབ་སྟེ། །བཅུད་མཆོག་བདུད་རྩིའི་རོ་མཆོག་བདེ་བ་སྐྱེ། །ཡབ་ཡུམ་གཉིས་མེད་སྙོམས་འཇུག་བྱང་ཆུབ་སེམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ངག་ལ་བདུད་རྩིའི་རོ་མཆོག་མྱང་གྱུར་ནས། །ལུས་ངག་ཡིད་གསུམ་བདེ་བ་བསྐྱེད་པར་ཤོག །ཡིག་དྲུག་དང་མ་ཧཱ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་བདུད་རྩི་རིལ་བུ་དང་ཐོད་པའི་མ་ད་ན་བླུད། དེ་ལྟར་བདུད་རྩི་མྱངས་པས་ལུས་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ་མོ། །གསང་བའི་དབང་བསྐུར་པས། ངག་གི་དྲི་མ་དག །སྔགས་བཟླ་བ་ལ་དབང་། ལོངས་སྐུ་ཐོབ་ཅེས་རྟོགས་པ་བསྐྱེད། ཡང་མཎྜལ་ཕུལ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་མཛད་དུ་གསོལ། ཞེས་གསོལ་བ་འདེབས། སིནྡྷུ་རའི་ཡིག་འབྲུ་ལས་སློབ་དཔོན་གྱི་སྲིན་ལག་གིས་བླངས་པས་སྙིང་གར་ཐིག་ལེ་བྱས་ནས་མེ་ལོང་གཏད་ལ། དག་ཅིང་གསལ་ལ་དྲི་མ་མེད་པ་ཡི། །གསལ་སྟོང་ངོས་གཟུང་མེད་པ་རང་གི་སེམས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་བསྟན་པས། །ཤེས་རབ་ཡེ་ཤེས་དབང་དང་ལྡན་པར་ཤོག །ཡིག་དྲུག་དང་བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ཀུན་རྫོབ་ཀྱི་རྐྱེན་གྱིས་དོན་དམ་འགྱུར་མེད་ཀྱི་གནས་ལ་སྦྱར་བས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སྐྱེས་པར་བསམ་མོ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་ལ་དབང་། ཆོས་སྐུ་ཐོབ་ཅེས་རྟོགས་པ་བསྐྱེད། ཡང་མཎྜལ་ཕུལ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་རིག་པ་རྩལ་གྱི་དབང་བསྐུར་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། དེ་ཁོ་ན་ཉིད་རིག་པའི་རྩལ་དབང་གིས་སྒོ་གསུམ་སྨིན་པར་མཛད་དུ་གསོལ། ཞེས་གསོལ་བ་འདེབས། ཆོས་དབྱུག་སློབ་མའི་སྙིང་གར་གཏད་དེ། རང་བྱུང་ཆོས་སྐུ་སྐྱེ་བ་མེད་པ་ལ། །སྣ་ཚོགས་འཆར་བ་རིག་པའི་རྩལ་ཡིན་ཏེ། །དབང་པོ་ཚོགས་དྲུག་ཡུལ་དྲུག་དབྱིངས་ན་གསལ། །ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག །རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ངང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མ་བཅོས་རང་བྱུང་བས་གཅིག་པུར་སྐྱེས་པ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པས་དཀར་བ། སྐུ་གསུམ་རང་ལ་ཤར་བས་ཚིགས་གསུམ་པ་སྟེ། དོན་ཉོན་མོངས་སྤང་དུ་མེད། ཡེ་ཤེས་སྒྲུབ་ཏུ་མེད། རང་བྱུང་རང་ཤར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་གྲོལ་བའོ། །དབང་བཞི་པ་ཐོབ། ཤེས་བྱའི་དྲི་མ་དག །རང་བྱུང་ཡེ་ཤེས་སྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དོ། །དེས་དབང་གི་དངོས་གཞི་སོང་། རྗེས་གནང་ལ། སྐུ་ལྷ་བསྒོམ་པའི་རྗེས་གནང་ནི། སློབ་མར་གཙོ་བོའི་མངོན་རྟོགས་བཞིན་སྒོམ་པའི་དམིགས་པ་ཕོག །གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱས་ལ་འབྲུ་གསུམ་བརྗོད་ཅིང་བསྒོམ། དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་ལྷ་ཐུགས་རྗེ་ཆེན་པོ་སྤྲོས་པ་སྤྱི་བོ་ནས་ཐིམ་པར་བསམ་སྟེ། སྐུ་གཟུགས་མགོ་བོར་བཞག་ལ། ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །འགྲོ་དྲུག་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་བག་ཆགས་ཀུན་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་སྐུ་རུ་འགྱུར་བར་ཤོག །ཡིག་དྲུག་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་ཞིང་སྣང་བ་ལྷ་སྐུའི་ལམ་ཁྱེར་ལ་བསླབ། གསུང་བཟླས་པའི་རྗེས་གནང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་ཚོགས་སྤྲོས་སློབ་མའི་མགྲིན་པར་ཐིམ་པར་བསམ་ལ། ཡི་གེ་དྲུག་པ་དངུལ་གྱིས་བྲིས་པ་གཏད་ལ། ཡི་གེ་འབྲུ་དྲུག་སྤྲུལ་སྐུ་ཆོ་འཕྲུལ་དྲུག །འགྲོ་དྲུག་སྐྱེ་སྒོ་གཅོད་ཅིང་སྒྲིབ་པ་སྦྱོང་། །ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ངག་གི་སྒྲིབ་པ་བག་ཆགས་ཀུན་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་ཤོག །ཡིག་དྲུག་དང་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བསྐུར་ཞིང་། སློབ་དཔོན་གྱི་ཐུགས་ཀར་ཟླ་བ་ལ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་དང་། སློབ་མའི་སྙིང་གར་ཟླ་བ་ལ་ཧྲཱིཿཡིག་ཙམ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས། དེའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་གའི་ས་བོན་གྱི་མཐར་སྤར་བཏབ་པ་བཞིན་འཁོད་པར་བསམ་ལ། ཡི་གེ་དྲུག་པ་ལན་བདུན་གྱི་རྗེས་ཟློས་བྱ། དེང་ཕྱིན་ཆད་སྔགས་བཟླ་བ་ལ་བརྩོན་པར་གྱིས་ཤིག་ཅེས་ལུང་འབོགས། གཞན་དོན་གྱི་རྗེས་གནང་ནི། གླེགས་བམ་དང་འབུད་དུང་སོགས་གཏད་ལ། ཆོས་ཀྱི་དུང་ནི་བླ་མེད་མཆོག །དྲི་མེད་ཀུན་ཏུ་གང་བར་གྱིས། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །བདུད་རྩིའི་ཆུ་རྒྱུན་དབབ་པར་གྱིས། །ཇི་སྲིད་འཁོར་བ་མ་སྟོངས་བར། །སེམས་ཅན་ཀུན་དོན་སྒྲུབ་པར་གྱིས། །དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམ་པས་སྐལ་པར་ལྡན་པ་དག་ལ་འགྲོ་བའི་དོན་ཅི་ནུས་སུ་སྒྲུབས་ཤིག །ཅེས་གཞན་དོན་བྱེད་པར་གནང་བ་སྦྱིན་ནོ། །རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་བ་དང་། མཎྜལ་ཡོན་འབུལ་སོགས་བྱ་སྟེ་སྤྱི་དང་མཐུན་ནོ། །སླར་ཡང་དཀྱིལ་འཁོར་ལ་མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ་ལ་སོགས་པའང་བྱ་སྟེ་སྤྱི་དང་འདྲའོ། །འདི་ལ་རྩ་བའི་གཞུང་དུ་དབང་གི་ཆོ་ག་དང་ལག་ལེན་རྒྱས་བསྡུས་གཉིས་སུ་གསུངས་པ་ལས། དངོས་བསྟན་ཕྱི་མ་ལྟར་བཀོད་ཀྱང་ཚིག་ཚོགས་ཙམ་ལས་དོན་གྱི་སྙིང་པོ་མ་ཚང་བ་མེད་པའི་ཕྱིར་འདི་ཁོ་ནས་དགོས་པ་འགྲུབ་པར་འགྱུར་རོ། །མི་འ༵གྱུར་བདེ་བ་ཆེན་པོའི་དངོས། །ཐོགས་མེ༵ད་འགྲོ་ལ་སྩོལ་མཛད་པ། །འཕགས་པའི་སྒྲུབ་ཐབས་སྲོང་བཙན་གྱི། །རྡོ༵་རྗེ༵འི་གསུང་དོན་སྙིང་པོར་དྲིལ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།

དཔལ་བཀའ་འདུས་ཀྱི་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ་ (Volume 15, Text 17)

དཔལ་བཀའ་འདུས་ཀྱི་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ༔ ྈྈྈྈ སྤྱི་དཔལ་ཞི་ཁྲོ་འདུས་པའི་ལྷ་ཚོགས་ལ༔ གཉིས་སུ་མེད་པར་གུས་པས་ཕྱག་འཚལ་ནས༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བྱ་བའི་ཕྱིར༔ ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ་བསྟན༔ ས་མ་ཡ༔ དེ་ལ་བཀའ་འདུས་རྩ་བའི་རྒྱུད་ལས༔ ཕྲིན་ལས་བསྒྲིགས་རིམ་གྱེར་སྒོམ་བྱང་ལུང་བརྒྱད༔ མཚམས་གཅོད་བཤགས་པ་མཆོད་རྫས་བྱིན་གྱིས་རློབ༔ འཕྲོ་འདུ་ཚོགས་གསོག་བསྙེན་སྒྲུབ་ཟས་ཚོགས་ལུང༔ ལྷག་ཆོག་མཇུག་བསྡུ་ཕྲིན་ལས་ལུང་བརྒྱད་ཡིན༔ ཅེས་པས༔ དང་པོ་མཚམས་གཅོད་པ་ནི༔ བགེགས་ལ་གཏོར་མ་སྦྱིན་ཞིང༔ ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཅིག་མྱུར་དུ་དེངས༔ དྲག་སྔགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་བསྐྱལ༔ ཧཱུྃ༔ རྒྱལ་ཆེན་སྡེ་བཞིས་ཕྱི་ཡི་མཚམས་སྲུངས་ལ༔ བགེགས་འདུལ་ཁྲོ་བཅུས་ནང་གི་བར་ཆད་སོལ༔ ཕྱོགས་སྐྱོང་འབྱུང་པོའི་གནོད་པ་རྡུལ་དུ་རློགས༔ ཡེ་ཤེས་རང་རྩལ་འབར་བའི་མེ་འོད་དང༔ མཚོན་ཆ་སྣ་ཚོགས་གུར་གྱིས་རབ་ཏུ་དཀྲིགས༔ གཟུང་འཛིན་སྣང་བ་སེམས་ཉིད་སྒྱུ་མའི་འཕྲུལ༔ མ་དག་མཚན་མ་རྡུལ་ཙམ་མི་དམིགས་ཕྱིར༔ ཐམས་ཅད་དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང༔ འཁོར་འདས་གཉིས་མེད་ཆེན་པོར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ྄༔ བཀའ་ནན་རྣམ་པ་བཅུ་ནི༔ བཛྲ་ས་མཱ་ཛཿས་སྐྱབས་ཀྱི་ཡུལ་ཚོགས་ཞིང་རྣམས་སྤྱན་དྲངས་ལ༔ ན་མོ༔ བདག་སོགས་འགྲོ་ཀུན་སྙིང་པོ་བྱང་ཆུབ་བར༔ བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ༔ གུས་པས་སྐྱབས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ སེམས་ཅན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར༔ སྒོ་གསུམ་དགེ་བའི་ལས་ལ་འཇུག་པར་བགྱི༔ ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་རྒྱལ་དང་བྱང་ཆུབ་སེམས་དཔའ་ལ༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདར་གསོལ༔ ཚོགས་གཉིས་འབྲས་བུ་ཡོངས་སུ་བསྔོས་པ་ཡིས༔ བདག་གཞན་མི་གནས་ཡེ་ཤེས་ཐོབ་པར་ཤོག༔ ཅེས་ནན་ཏན་དུ་བྱས་པས་རྣལ་འབྱོར་ལ་འཇུག་པའི་བར་ཆད་ཐམས་ཅད་མཚམས་ཆོད་པར་འགྱུར་རོ༔ གཉིས་པ་རྒྱུན་བཤགས་བྱ་བ་ལ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ ཡེ་ནས་གཞལ་ཡས་ཁང་དང་ལྷ་རུ་གྲུབ༔ གཉིས་འཛིན་མཚན་མས་བཅིངས་པའི་སྒྲིབ་གཉིས་སྒོ༔ རང་གསལ་ཡེ་ཤེས་བརྡ་ཡི་ཕྱག་རྒྱས་དབྱེ༔ ཛཿཧཱུྃ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ༔ ཕྱག་འཚལ་བ་ནི༔ ཧོ༔ ཞི་ཁྲོ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་རྣམས༔ བསྐལ་པ་གོང་ནས་བདག་གི་ཡི་དམ་སྟེ༔ དེང་འདིར་རང་རིག་རྩལ་དུ་རྟོགས་པ་ཡི༔ བརྡ་དང་གར་གྱི་ཕྱག་འཚལ་མཆོད་པ་འབུལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དམ་བཅའ་ཞིང་གཟི་བྱིན་བསྐྱེད་པ་ནི༔ ཨོཾ༔ བདེ་གཤེགས་རྒྱ་མཚོ་བདག་གིས་གཉིས་མེད་བསྒྲུབ༔ ཧེ་རུ་ཀ་དཔལ་རོལ་པའི་གཟི་བྱིན་སྐྱེད༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ངང༔ རྡོ་རྗེ་གསུམ་མཆོག་ཡེ་ཤེས་མཆོག་ཏུ་རོལ༔ ཨོཾ་ཨཱཿཧཱུྃ་ཨ་ལ་ལ་ཧོ༔ རྒྱུན་བཤགས་ནི༔ ཧོ༔ བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ དུག་གསུམ་དབང་གིས་འཁྲུལ་པའི་ལས་བསགས་པ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་བཤགས་པར་བགྱི༔ ས་མ་ཡ་བི་ཤུདྡྷེ་ཨ་ཨ༔ གསུམ་པ་མཆོད་རྫས་བྱིན་རློབ་ནི༔ ཧཱུྃ༔ བདག་ཉིད་གསལ་བ་དཔལ་ཆེན་ཧེ་རུ་ཀའི༔ རིག་རྩལ་རོལ་པས་གནས་དང་མཆོད་པ་སྦྱངས༔ ཁྲག་འཐུང་དགྱེས་པ་དུར་ཁྲོད་གཞལ་ཡས་སུ༔ ཕྱི་ནང་གསང་བའི་མཆོད་རྫས་སྤྲིན་ལྟར་གཏིབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་པཱུ༔ དྷཱུ་པེ་དྷཱུ༔ ཨཱ་ལོ་ཀེ་ཨཱ༔ གནྡྷེ་གྷན༔ ནཻ་བིདྱ་ནཾ༔ ཤབྡ་ཤ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ས་མ་ཡ་ཧཱུྃ༔ སླར་ཡང་ཡེ་ཤེས་ཀྱི་བྱིན་དབབ་སྟེ༔ ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སྒྲུབ་གནས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབས༔ མཆེད་ལྕམ་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ ཕྱི་ནང་གསང་བ་བླ་མེད་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ནས་ཀྱང༔ སྣང་སྲིད་ཡོངས་རྫོགས་ཡེ་ཤེས་རོལ་པའི་ལྷ༔ བདེ་ཆེན་བརྡལ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཏོ་ཥཱ་ཡ་ཏོ་ཥཱ་ཡ༔ བནྡྷཱ་ཡ་བནྡྷཱ་ཡ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ༔ སྤོས་དང༔ རོལ་མོ་དང༔ གར་གྱི་འགྱུར་བག་གིས་གཟི་བྱིན་བསྐྱེད་ཅིང་བྱིན་དབབ་པས་གནས་དང་ཡོ་བྱད་རྣམས་སྔར་ལས་བྱིན་ཆགས་པར་འགྱུར་རོ༔ བཞི་པ་འཕྲོ་འདུ་བསྐྱེད་པའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་གདོད་ནས་སྟོང་པ་ཆེ༔ ཀུན་ཏུ་སྣང་བ་འགྲོ་ལ་སྙིང་རྗེའི་གདངས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྐྱེད་པའི་རྒྱུ༔ ཧཱུྃ་ཡིག་མཐིང་ནག་ནམ་མཁའི་ཀློང་དུ་གསལ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཨཱཏྨ་ཀོ྅་ཧཾ༔ བཛྲ་མ་ཧཱ་ཀཱ་རུ་ཎི་ཀ་ཧོ༔ ཧཱུྃ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ རྒྱུ་ལས་ཨེ་ཡཾ་ཁཾ་ལཾ་རཾ་སུཾ་བྷྲཱུྃ༔ ཨེ་ལས་ཆོས་དབྱིངས་འབྱམས་ཀླས་ནམ་མཁའི་དབུས༔ ཡཾ་ལས་སྐྱོད་བྱེད་ཡེ་ཤེས་རླུང་གི་དཀྱིལ༔ ཁཾ་ལས་བྱང་ཆུབ་སེམས་ཀྱི་རྒྱ་མཚོ་འཁྱིལ༔ ལཾ་ལས་ཞི་གནས་འདེགས་པའི་ས་གཞི་དང༔ རཾ་ལས་ལྷག་མཐོང་གསལ་བའི་མེ་འོད་འབར༔ སུཾ་ལས་ཞི་རྒྱས་དབང་དྲག་རི་རབ་རྩེར༔ བྷྲཱུྃ་ལས་སྤྲུལ་པའི་གཞལ་ཡས་ལྷུན་གྱིས་གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ ཕྱི་ནི་རིན་ཆེན་སྣ་ལྔའི་རྩིག་པས་མཛེས༔ ནང་ཁོངས་ཐོད་མཁར་འཇིགས་པའི་མེ་རླུང་འཚུབས༔ དབུས་སུ་སྤྱི་དཔལ་ཆེན་པོའི་ཕོ་བྲང་དང༔ ཕྱོགས་མཚམས་སྤྲུལ་པ་ཉི་ཤུའི་གཞལ་མེད་ཁང༔ ཡེ་ཤེས་ཉེར་གཅིག་ཀུན་ཏུ་མ་འདྲེས་མདངས༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ དྲག་པོའི་བཀོད་པའི་མཚན་ཉིད་ཡོངས་སུ་རྫོགས༔ ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཀུན་ཏུ་བསྐོར༔ རྡོ་རྗེའི་གུར་དང་བསྐལ་པའི་མེ་ཆེན་འབར༔ གཙོ་བོའི་གནས་རྣམས་པདྨ་ཉི་ཟླ་དང༔ བདུད་བཞི་རུ་དྲ་ཕོ་མོ་ལྔ་བཅུ་བརྒྱད༔ རིགས་དྲུག་སྐྱེ་འགྲོ་བརྗིད་པའི་གདན་དུ་བཏིང༔ རཾ་བཛྲ་པདྨ་ཙནྡྲ་སཱུརྻ་རུ་དྲ་ཏི་ར་བཾ༔ ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ༔ རྒྱུ་ཡི་ཧཱུྃ་ཡིག་སྐར་མདའ་བཞིན་དུ་བབས༔ འཕྲོ་འདུས་ཡོངས་གྱུར་ཞི་བ་ཀུན་ཏུ་འཆང༔ འབར་བའི་སྐུར་བཞེངས་སྤྱི་དཔལ་ཆེ་བའི་མཆོག༔ སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག༔ ཕྱོགས་རེར་ཞལ་ལྔ་་་མདུན་་་མཐིང་་་གཡས་་་དཀར་་་རྒྱབ་་་ལྗང་དང་་་་གཡོན་་་དམར༔ གཙུག་གི་ཞལ་གཅིག་མཐིང་ནག་ནམ་མཁའི་མདངས༔ ཞལ་དང་མཚུངས་པའི་ཡན་ལག་བཞི་བཅུ་དང༔ རྩ་བའི་ཕྱག་གཉིས་མཐིང་ག་རྡོར་དྲིལ་བསྣམས༔ ལྷག་མ་གཡས་རྣམས་ཕྱོགས་བཅུའི་སངས་རྒྱས་་་་ལོངས་སྐུའི་རྣམ་པ་ཅན་ཡབ་ཡུམ་་་དང༔ གཡོན་རྣམས་ཕྱོགས་བཅུའི་བྱང་སེམས་ཡབ་ཡུམ་བསྣམས༔ ཉི་ཤུ་རྩ་བཞི་ཞབས་ཀྱི་དོར་སྟབས་ཀྱིས༔ ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་གདན་དུ་བརྫིས༔ དུར་ཁྲོད་དཔལ་ཆས་རུས་པའི་རྒྱན་གྱིས་བརྒྱན༔ གཉིས་མེད་ཡུམ་ཆེན་ཀུན་ཏུ་བསྐྱོད་མ་ནི༔ དམར་ནག་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད༔ ཡབ་ཡུམ་ཟུང་འཇུག་བདེ་སྟོང་རོལ་པ་ལས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ སྤྱི་དཔལ་ལྷ་ཚོགས་དྲུག་བརྒྱ་དྲུག་ཅུ་བཞི༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་མ་འདྲེས་པ༔ གང་འདུལ་འགྲོ་བའི་དཔལ་དུ་ལྷམ་མེར་གསལ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ ཡབ་ཡུམ་བརྡ་དང་གར་གྱི་རོལ་པ་ཡིས༔ རྗེས་ཆགས་དགའ་བཞིའི་ཐིག་ལེ་གནས་སུ་བབས༔ བྷ་གའི་ཀློང་ནས་སྐྱེད་བྱེད་ཡི་གེའི་སྤྲིན༔ སྤྲུལ་པའི་དཀྱིལ་འཁོར་ཉི་ཤུར་སྤྲོ་ཞིང་བསྡུ༔ ཧཱུྃ༔ ཤར་སྟོད་བྱམས་པའི་ཕོ་བྲང་ལྟེ་བ་ལ༔ ཡང་དག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང༔ གཡོན་གསུམ་ཞིང་དབྱུག་དུང་དམར་རྒྱུ་ཞགས་གདེངས༔ ཀྲོ་དྷཱི་ཤྭ་རཱི་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་སྲིབ་སྙིང་རྗེའི་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་ཕྲེང་བ་ནག་དམར་དཀར་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་མེ་ཕུང་མགོ་ཕྲེང་གཡས༔ དྲིལ་བུ་བམ་དང་གླེགས་བམ་གཡོན་ན་བསྣམས༔ སྣང་དབྱིངས་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་རྩ་བརྒྱད་སྤྲུལ་པའི་འཁོར་ལོར་བཞེངས༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་དབུས་དགའ་བའི་ཕོ་བྲང་ལྟེ་བ་ལ༔ ཕྱག་ན་རྡོ་རྗེ་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྒྱ་གྲམ་ཕྲེང་བ་རལ་གྲི་གཡས༔ ཐོད་ཁྲག་སྡིགས་མཛུབ་སྦྲུལ་ཞགས་གཡོན་ན་བསྣམས༔ ཁམས་གསུམ་དབང་སྡུད་དམར་མོས་ཡབ་ལ་འཁྲིལ༔ དབུ་གསུམ་ཕྱག་དྲུག་གྲི་གུག་བམ་དབྱུག་གཡས༔ བྷན་དམར་དྲིལ་བུ་སྦྲུལ་ཞགས་གཡོན་གྱིས་འཁྱུད༔ ལྷ་ཚོགས་བརྒྱད་ཅུའི་འཁོར་ལོ་སྤྲོ་ཞིང་བསྡུ༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦྷ་ར་དྷཱ་ར་ཧཱུྃ་ཕཊ྄༔ ཧཱུྃ༔ ཤར་སྨད་བཏང་སྙོམས་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་རྩལ་རྫོགས་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་དགྲ་སཏྭ་ལྕགས་ཀྱུ་གཡས༔ དྲིལ་བུ་མི་མགོ་ཙིཏྟ་གཡོན་ན་བསྣམས༔ རྡོ་རྗེ་བདེ་མ་གྲི་ཐོད་འཛིན་པ་དམར༔ མཉམ་སྦྱར་སུམ་ཅུ་རྩ་དྲུག་ལྷ་ཚོགས་ཤར༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྟོད་སྦྱིན་པའི་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་ཐོད་ཕྲེང་དམར་སྨུག་དཀར་སེར་ཞལ༔ ཕྱག་དྲུག་རྩེ་ལྔ་རྩེ་དགུ་རྒྱ་གྲམ་གཡས༔ གསེར་ལྕགས་ཟངས་ཀྱི་སྡིག་པ་གཡོན་ན་གཟིར༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ རིག་འཛིན་མཁའ་འགྲོ་བརྒྱད་ཅུའི་འཁོར་གྱིས་བསྐོར༔ ཨོཾ་བཛྲ་ཀུ་ལ་དྷཱ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་ཕོ་བྲང་དབུས༔ བདེ་མཆོག་འཁོར་ལོ་རྩ་ཞལ་མཐིང་ག་ལ༔ གཡོན་ལྗང་རྒྱབ་དམར་གཡས་སེར་ཕྱག་བཅུ་གཉིས༔ དང་པོ་གཉིས་ཀྱིས་རྡོར་དྲིལ་ཡུམ་ལ་འཁྱུད༔ མཐའ་མ་གཉིས་ཀྱི་གླང་ཀོ་བརྒྱངས་ཏེ་འཛིན༔ ལྷག་མ་ཅང་ཏེའུ་དགྲ་སཏྭ་གྲི་གུག་དང༔ རྩེ་གསུམ་དབྱུག་པ་གཡས་ལ་ཁ་ཊྭཱཾ་ག༔ ཐོད་དབྱུག་བྷན་དམར་ཚངས་མགོ་གཡོན་ན་གདེངས༔ རྣལ་འབྱོར་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་གཉིས་བདེ་སྟོང་ཆེན་པོར་རྫོགས༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་དྷཱ་ཀི་ནཱི་ཛཱ་ལ་སམྦྷ་རཾ་ཧྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་དཀྱིལ་དོན་མཐུན་ཕོ་བྲང་ལྟེ་བ་ལ༔ གཤིན་རྗེ་མཐིང་ནག་མཐིང་དཀར་དམར་བའི་ཞལ༔ གཡས་གསུམ་ཐོད་དབྱུག་དགྲ་སཏྭ་རལ་གྲི་དང༔ གཡོན་གསུམ་ཞགས་པ་མདུང་ཐུང་ཐོད་ཁྲག་བསྣམས༔ ཟ་བྱེད་དགྲ་སཏྭ་དུང་དམར་སྟོབ་པས་འཁྲིལ༔ དྲུག་ཅུ་རྩ་ལྔའི་སྤྲུལ་པས་དགྲ་བགེགས་འདུལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྨད་དོན་སྤྱོད་ཕོ་བྲང་ལྟེ་བ་ལ༔ རཏྣ་རྩལ་རྫོགས་སེར་ནག་དམར་བའི་ཞལ༔ བེ་ཅོན་རལ་གྲི་སྲིད་པ་འཁོར་ལོ་གཡས༔ སྦྲུལ་ཞགས་ཕུབ་དང་བྷན་དམར་གཡོན་ན་འཛིན༔ སྦྱོར་ཡུམ་དམར་ནག་བེ་ཅོན་བྷན་འཛིན་འཁྱུད༔ ལྔ་བཅུ་རྩ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་ལྟེ་བ་ལ༔ རྟ་མགྲིན་དམར་ནག་དམར་དཀར་སྔོ་བའི་ཞལ༔ ཕྱག་དྲུག་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ རལ་གཅིག་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྲིལ༔ ལྔ་བཅུ་རྩ་ལྔའི་ལྷ་ཚོགས་གཟི་བྱིན་འབར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་ལྟེ་བ་ལ༔ ཀྱཻ་ཡི་རྡོ་རྗེ་ཞལ་བརྒྱད་བཅུ་དྲུག་ཕྱག༔ གཡས་དཀར་གཡོན་སྔོ་མདུན་རྒྱབ་ཉི་མའི་མདོག༔ གཡས་བརྒྱད་རྡོ་རྗེ་ཐོད་ཕྲེང་སྦྱོར་ཡུམ་འཁྱུད༔ གཡོན་བརྒྱད་བྷན་དམར་ཁ་ཊྭཱཾ་སྒྲོལ་ཡུམ་འཁྱུད༔ བདག་མེད་རྡོ་རྗེ་གྲི་ཐོད་འཛིན་དང་སྦྱོར༔ དྲུག་ཅུ་རྩ་ལྔའི་དཀྱིལ་འཁོར་འོད་ཟེར་འཕྲོ༔ ཨོཾ་དེ་བ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་ལྟེ་བ་ལ༔ གསང་འདུས་ཞལ་ལྔ་ཕྱག་བཅུ་རྩ་ཞལ་མཐིང༔ གཡས་དཀར་གཡོན་ནག་རྒྱབ་མཐིང་སྤྱི་གཙུག་དམར༔ གཡས་ལྔ་རྡོ་རྗེ་ཉི་མའི་རྒྱལ་མཚན་དང༔ གཡོན་ལྔ་དྲིལ་བུ་ཉི་ཟླའི་ཕྲེང་བ་འཛིན༔ མཁའ་སྤྱོད་ཙིཏྟ་བྷན་དམར་སྟོབ་པས་འཁྲིལ༔ ལྷ་ཚོགས་བརྒྱ་དང་སུམ་ཅུའི་ཚོམ་བུར་རྫོགས༔ ཨོཾ་མ་ཧཱ་ཤྲཱི་གུ་ཧྱ་ས་མཱ་ཛ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྨད་ལྟ་བ་ཟག་མེད་ཕོ་བྲང་དབུས༔ པདྨ་རྩལ་རྫོགས་དམར་སྨུག་དཀར་སྔོའི་ཞལ༔ ཕྱག་དྲུག་མདའ་དར་ཐོད་དབྱུག་མེ་ཕུང་གཡས༔ ཤེལ་བུམ་ཟླ་ཉི་དཔལ་བེ་གཡོན་ན་བསྣམས༔ འོད་སྐོར་ཁྲོ་མོ་ཚེ་བུམ་བསྣམས་པས་འཁྲིལ༔ དགུ་བཅུ་རྩ་བརྒྱད་ལྷ་ཚོགས་ཡོངས་སུ་རྫོགས༔ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུར་བྷནྡྷ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཨཱ་ཡུ་ཥེ་བྷྲཱུྃ་སྭཱ་ཧཱ༔ ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་ལྟེ་བ་ལ༔ ཆེ་མཆོག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ དབུས་གསུམ་མཐིང་ནག་གཡས་གསུམ་དཀར་སེར་ཞལ༔ གཡོན་གསུམ་དམར་ནག་ཞབས་བརྒྱད་ཕྱོགས་མཚམས་བགྲད༔ གཡས་དགུ་རྡོ་རྗེ་གཡོན་དགུ་བྷནྡྷ་བསྣམས༔ ཀྲོ་དྷཱི་ཤྭ་རཱི་གྲི་ཐོད་འཛིན་པས་འཁྱུད༔ ཡོན་ཏན་ལྷ་ཚོགས་བདུན་ཅུ་རྩ་གཉིས་སྤྲོ༔ ཨོཾ་ཤྲཱི་མ་ཧཱ་ནཱ་ཡཱ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་སྲིབ་མཚན་མེད་དཀྱིལ་འཁོར་ལྟེ་བ་ལ༔ དུས་ཀྱི་འཁོར་ལོ་མཐིང་ནག་རྩ་ཞལ་གནག༔ གཡོན་དཀར་རྒྱབ་སེར་གཡས་པ་དམར་བའི་ཞལ༔ ཕྱག་གཡས་བཅུ་གཉིས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ཕྲེང༔ མེ་ལོང་སྤོས་མེ་སྣང་གསལ་དྲི་ཆབ་འཛིན༔ གཡོན་ན་དྲིལ་བུ་ཐོད་པ་རིན་ཆེན་སྒྲོམ༔ གསེག་པར་པི་ཝཾ་པུསྟི་གོ་ཆ་དང༔ མི་མགོ་སྦྲུལ་ཞགས་མདའ་གཞུ་དགྲ་སཏྭ་གཤོལ༔ ཛྙཱ་ན་སཱ་ར་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་དྲུག་ཅུ་རྩ་བཞིའི་ལྷ་ཚོགས་ཤར༔ ཨོཾ་ན་མོ་བྷ་ག་ཝ་ཏཱི་ཀ་ལ་ཙཀྲཱ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་ལྟེ་བ་ལ༔ མཁའ་ཀློང་འཁྱིལ་པ་དམར་མཐིང་ལྗང་བའི་ཞལ༔ དགོས་འབྱུང་བསམ་འཕེལ་ཡིད་བཞིན་ནོར་བུ་གཡས༔ ནམ་མཁའ་རྒྱ་མཚོ་ས་གཞིའི་མཛོད་གསུམ་གཡོན༔ རང་འདྲའི་སྦྱོར་ཡུམ་ཨུ་ཙུཥྨཱ་དང་འཁྲིལ༔ ནོར་ལྷ་བརྒྱ་དང་བཅུ་བདུན་ཚོམ་བུར་རྫོགས༔ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་སྨད་མངོན་པར་འདུ་མི་བྱེད་པའི་དབུས༔ ཀརྨ་རྩལ་རྫོགས་སེར་ལྗང་དམར་བའི་ཞལ༔ གཡས་གསུམ་རལ་གྲི་ལྕགས་ཀྱུ་མེ་ཕུང་གདེངས༔ གཡོན་གསུམ་ལྷ་ཁང་གླེགས་བམ་འཇའ་ཚོན་འཛིན༔ ཡུམ་ཆེན་ཟིལ་གནོན་རིན་ཆེན་བྷན་འཛིན་འཁྱུད༔ བརྒྱ་དང་ལྔ་བཅུའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཨཱ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ མངོན་རྫོགས་རྒྱལ་པོ་མཐིང་དཀར་དམར་བའི་ཞལ༔ རྡོ་རྗེ་ཁྱུང་དང་སྦྲུལ་ཞགས་གཡས་ན་བསྣམས༔ བྷནྡྷ་ཞིང་གཡབ་གྭ་འུ་གཡོན་ན་འཛིན༔ ཉིད་བཞི་མུ་ཁ་བདེ་སྟོང་ཐིག་ལེར་སྦྱོར༔ སྲིད་པ་མ་མོ་བདུན་ཅུ་རྩ་བཞིར་རྫོགས༔ ཨོཾ་གུ་ཧྱ་དྷཱ་ཏུ་ཨཱ་ཀརྵ་མ་ཧཱ་པ་ཏ་ཡེ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ རྡོ་རྗེ་གཞོན་ནུ་མཐིང་དཀར་དམར་བའི་ཞལ༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ཐ་མ་གཉིས༔ སྲིད་པ་ཕུར་བུར་འདྲིལ་ཞིང་སྦྱོར་བའི་ཡུམ༔ རྒྱས་འདེབས་མཐིང་ནག་ཁ་ཊྭཱཾ་ཐོད་པ་འཛིན༔ ཕྲིན་ལས་ལྷ་ཚོགས་བརྒྱད་ཅུ་རྩ་བཞི་འཕྲོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ དྲེགས་འདུལ་མཐིང་ནག་མཐིང་སེར་སྨུག་ནག་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་ན་བསྣམས༔ ཐོད་ཁྲག་ཀླུ་བརྒྱད་མགོ་བོ་གཡོན་ན་འཛིན༔ ཁམས་གསུམ་སྤྱི་འདུལ་རྡོ་རྗེ་བྷན་འཛིན་འཁྱུད༔ དྲེགས་པའི་ལྷ་ཚོགས་བཞི་བཅུ་རྔམས་ཤིང་རོལ༔ ཨོཾ་བཛྲ་ཀྲོ་དྷ་དེ་པ་ཙཎྜ་བྷཻ་ར་པ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ སྟོབས་ལྡན་ནག་པོ་མཐིང་ནག་དྲག་པོའི་ཞལ༔ རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས་ན་བསྣམས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་འཛིན༔ འབྱུང་ལྔའི་བདག་མོ་གཡས་པས་ནམ་མཁའ་འདེགས༔ གཡོན་པས་ས་གཞི་གནོན་ཅིང་ཡབ་དང་འཁྲིལ༔ དྲག་སྔགས་ལྷ་ཚོགས་ཉི་ཤུ་རྩ་བརྒྱད་འབར༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ གཞལ་ཡས་ཕྱི་ནང་བར་ཁྱམས་ཐམས་ཅད་དུ༔ འགྲོ་འདུལ་ཐུབ་དྲུག་སངས་རྒྱས་སྟོང་རྩ་གཉིས༔ སྒོ་བཞིར་སྒོ་བ་འདོད་སྣམ་མཆོད་པའི་སྤྲིན༔ ཕྱི་རོལ་མཁའ་འགྲོ་གིང་ལང་དབང་ཕྱུག་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་ཅིར་ཡང་སྟོན༔ ཀུན་ཀྱང་ཞི་ཁྲོའི་ཉམས་དང་ཆ་ལུགས་རྫོགས༔ སྣང་སྟོང་ཟུང་འཇུག་གཞའ་ཚོན་ལྟ་བུར་གསལ༔ བརྗིད་པའི་སྔགས་སྒྲ་འོད་གསལ་དགོངས་པར་ལྡན༔ ནམ་མཁའ་གང་བའི་ཞི་བ་དབྱིངས་ཀྱི་ལྷས༔ ཡེ་ཤེས་དབང་བསྐུར་རིགས་ལྔའི་ཅོད་པན་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་གྱི་དངོས༔ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ས་མ་ཡ་ཧཱུྃ༔ དེ་ལྟར་རྒྱུ་དམ་ཚིག་པའི་དཀྱིལ་འཁོར་གསལ་བཏབ་ནས༔ འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ནི༔ ཤར་སྒོ་ནས་རྡོ་རྗེའི་གླུས་བསྐུལ་ཏེ༔ ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ འོག་མིན་བཀོད་པ་ལྷུན་གྲུབ་ཕོ་བྲང་ནས༔ ཞི་བ་དབྱིངས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ འབར་བ་ཁྲག་འཐུང་རོལ་པའི་དུར་ཁྲོད་ནས༔ སྤྱི་དཔལ་ཁྲོ་བོའི་ལྷ་ཚོགས་གཤེགས་སུ་གསོལ༔ བྱང་ཆུབ་ཉི་ཤུའི་ཡེ་ཤེས་ཨེ་དབྱིངས་ནས༔ སྤྲུལ་པའི་དཀྱིལ་འཁོར་ཉི་ཤུ་གཤེགས་སུ་གསོལ༔ ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་ཞིང་ཁམས་ནས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་གཤེགས་སུ་གསོལ༔ ཕྱག་རྒྱའི་བརྡ་ལ་གཟིགས་ནས་གཤེགས་སུ་གསོལ༔ སྔགས་ཚིག་སྒྲ་ལ་གསན་ནས་གཤེགས་སུ་གསོལ༔ གདུང་བའི་སྣོད་ལ་དགོངས་ཏེ་གཤེགས་སུ་གསོལ༔ ཚུར་གཤེགས་ཚུར་སྤྱོན་བཀའ་འདུས་དཀྱིལ་འཁོར་ལྷ༔ སྒྲུབ་པའི་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་དབང་བཞི་སྐུར༔ གྲུབ་པའི་རྟགས་དང་མཚན་མ་མྱུར་དུ་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་བརྗོད་ཅིང་ཐལ་མོ་བརྡབ༔ རོལ་མོ་དང་བཤུག་པའི་སྒྲས་སྤྱན་དྲངས༔ ཧཱུྃ༔ རྒྱལ་བའི་སྐུ་ལ་གཤེགས་བཞུགས་མི་མངའ་ཡང༔ ཡེ་ཤེས་དབྱིངས་སུ་འདུ་འབྲལ་མེད་པའི་དོན༔ གཉིས་མེད་དགྱེས་ཤིང་བཞུགས་པའི་བརྡས་མཚོན་ཏེ༔ དངོས་གྲུབ་བསྩལ་ཞིང་བརྟན་པར་མཛད་དུ་གསོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་གཟི་བྱིན་འབར་བར་བསམ་མོ༔ ལྔ་པ་ཚོགས་གསོག་པ་ལ༔ ཐོག་མར་ཕྱག་གིས་མཆོད་པ་ནི༔ ཧཱུྃ༔ དབྱིངས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ འབར་བའི་ཡེ་ཤེས་ཁྲོ་རྒྱལ་ཉི་ཤུ་གཅིག༔ ཉི་དང་ཟེར་བཞིན་བསམ་ཡས་དཀྱིལ་འཁོར་སྤྲོ༔ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཕྱག་རྒྱ་བཅུ་དྲུག་གར་གྱི་མཆོད་པ་འབུལ༔ འདོད་ཡོན་རྣམ་མང་ཕྱི་ཡི་མཆོད་པ་འབུལ༔ ཏིང་འཛིན་ཟབ་མོ་རྟོགས་པའི་མཆོད་པ་འབུལ༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པ་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ རྒྱུ་དྲུག་བསྒྲལ་པ་རཀྟའི་མཆོད་པ་འབུལ༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་མཆོད་པ་འབུལ༔ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོཿ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ༔ བསྟོད་པ་གླུ་ཡི་མཆོད་པ་ནི༔ ཧཱུྃ༔ མཁའ་ལྟར་དག་པ་ཀུན་ཁྱབ་ཆོས་ཀྱི་སྐུ༔ ཉི་ལྟར་འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཟེར་ལྟར་དོན་མཛད་འགྲོ་འདུལ་སྤྲུལ་པའི་སྐུ༔ ཞི་བ་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་འུབ་ཆུབ་ཡེ་ཤེས་ཆེན་པོའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་སྤྱི་དཔལ་ཧེ་རུ་ཀ༔ ཁྲོ་རྒྱལ་རྗེ་བཙན་བདེ་སྟོང་དྲྭ་བར་སྡོམ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་དགྱེས་པའི་སྒྱུ་འཕྲུལ་རོལ་པ་ནི༔ དཀྱིལ་འཁོར་ཉི་ཤུའི་གཙོ་དང་འཁོར་དུ་སྤྲུལ༔ ཁྱབ་བརྡལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ འབར་བའི་ཡེ་ཤེས་དཔལ་ཆེན་གསང་བའི་བདག༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ གཏུམ་རྔམ་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ བསམ་འཕེལ་ཡེ་ཤེས་ཀུན་འབྱུང་རཏྣ་རྩལ༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ རྟོག་བྲལ་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཐིག་ལེའི་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ རང་རིག་གཙོ་ལ་རིག་མདངས་འཁོར་གྱིས་བསྐོར༔ སྤྲུལ་པའི་ཆོ་འཕྲུལ་བསམ་ཡས་ཕྱོགས་བཅུར་འགྱེད༔ བྱང་ཆུབ་ཉི་ཤུའི་ཡེ་ཤེས་རོལ་པ་ལ༔ ངོ་མཚར་བསྟོད་པ་གླུ་ཡི་མཆོད་སྤྲིན་འབུལ༔ ཧཱུྃ༔ ཞི་ཁྲོའི་སྐུ་ནི་གང་འདུལ་ཉམས་དང་ལྡན༔ རྡོ་རྗེ་དགྱེས་པ་སྔགས་ཀྱི་རང་སྒྲ་ཅན༔ ཡེ་ཤེས་ཀློང་ལས་ཡོན་ཏན་ཕྲིན་ལས་རྫོགས༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་པ་གླུས་མཆོད་པའོ༔ དྲུག་པ་བཟླས་པས་བསྙེན་ཅིང་སྒྲུབ་པ་ལ༔ ཛཔ྄་སྒོ་དབྱེ་བ་ནི༔ ཧཱུྃ༔ བཅོམ་ལྡན་སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འགྱིང༔ རིན་ཆེན་ཟུར་བརྒྱད་རྒྱ་གྲམ་ལྟེ་བར་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཡབ་ཡུམ་ཞལ་དང་གསང་བར་བརྒྱུད་ཅིང་འཕྲོས༔ བདེ་ཆེན་ཉམས་རྒྱས་ལྷ་ཚོགས་བདེ་བས་མཉེས༔ གནས་གསུམ་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ༔ རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོད༔ འགྲོ་དྲུག་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཚུར་འདུས་རྡོ་རྗེ་གསུམ་གྱི་བྱིན་རླབས་དང༔ དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ བཟླས་པ་བྱ་བ་ལ༔ ཐོག་མར་ཞི་བ་རིགས་འདུས་པའི་སྔགས་ནི༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ སྤྱི་དཔལ་ཆེན་པོའི་སྔགས་ནི༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ ཡང་དག་གི་སྔགས་ནི༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རྡོ་རྗེ་ཕྲེང་བའི་སྔགས་ནི༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ ཕྱག་ན་རྡོ་རྗེའི་སྔགས་ནི༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦྷ་ར་དྷཱ་ར་ཧཱུྃ་ཕཊ༔ རྡོ་རྗེ་རྩལ་རྫོགས་ཀྱི་སྔགས་ནི༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ བདེ་མཆོག་གི་སྔགས་ནི༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀིཾ་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ༔ གཤིན་རྗེའི་སྔགས་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ རཏྣ་རྩལ་རྫོགས་སྔགས་ནི༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ རྟ་མགྲིན་སྔགས་ནི༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཀྱེ་རྡོ་རྗེའི་སྔགས་ནི༔ ཨོཾ་དེ་བ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ གསང་འདུས་སྔགས་ནི༔ ཨོཾ་ཨཱཿབཛྲ་དྷྲྀཀ྄་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ༔ པདྨ་རྩལ་རྫོགས་སྔགས་ནི༔ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུར་བྷནྡྷ་བྷྲཱུྃ་སྭཱ་ཧཱ༔ ཆེ་མཆོག་གི་སྔགས་ནི༔ ཨོཾ་ཤྲཱི་མ་ཧཱ་ནཱ་ཡ་ཧེ་རུ་ཀ་ཧཱུྃ་ཕཊ༔ དུས་འཁོར་གྱི་སྔགས་ནི༔ ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ༔ མཁའ་ཀློང་འཁྱིལ་བའི་སྔགས་ནི༔ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ ཀརྨ་རྩལ་རྫོགས་སྔགས་ནི༔ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཧཱུྃ་ཕཊ༔ མངོན་རྫོགས་རྒྱལ་པོའི་སྔགས་ནི༔ ཨོཾ་གུ་ཧྱ་དྷཱ་ཏུ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཕུར་པའི་སྔགས་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དྲེགས་འདུལ་སྔགས་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ དྲག་སྔགས་ནི༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ༔ སྤྱི་དྲིལ་ནི༔ ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དེ་ལྟར་རབ་ཉིན་མཚན་དུས་དྲུག་ཏུ་སྟོང་ཕྲག༔ འབྲིང་དུས་བཞི༔ ཐ་མ་དུས་གཉིས་སུ་བཟླས་པས་ཞག་བདུན་ནམ་ཉེར་གཅིག་གམ་སུམ་ཅུ་ཕྲག་དྲུག་ན་བྲིས་སྐུ་བཞད་པའམ༔ སྔགས་ཀྱི་སྒྲ་སྒྲོག་པའམ༔ བྷནྡྷ་འབར་བའམ༔ མར་མེ་རང་འབར་བ་སོགས་གྲུབ་པའི་མཚན་མ་འབྱུང་ངོ༔ ཐུན་རེ་རེ་བཞིན་དུ་སོ་སོར་ཛཔ྄་སྤོ་མཚམས་ཐམས་ཅད་དུ༔ ཧཱུྃ༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རིག་པ་ཛཔ྄་ཀྱི་མཆོད་པ་འབུལ༔ སྨན་གཏོར་རཀྟས་ཐུགས་དམ་བསྐང༔ དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ༔ སོ་སོའི་ཛཔ྄་དང༔ མ་ཧཱ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ༔ རཀྟ་ལན་གསུམ་དུ་ཕྱར་བས་དགྱེས་པར་བསམས་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ལྡན་ཧེ་རུ་ཀ༔ འབར་བའི་གར་དང་སྔགས་ཀྱི་སྒྲ༔ ཡེ་ཤེས་འོད་ཟེར་བསམ་མི་ཁྱབ༔ ཕར་འཕྲོས་སྣང་སྲིད་ལྷ་སྐུར་འགྲུབ༔ ཚུར་འདུས་བདེ་ཆེན་ཐིག་ལེའི་དབྱིངས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ལུས་བདེ་ངག་ལ་ནུས་པ་འབར༔ རྟོགས་པའི་ཡེ་ཤེས་སེམས་ལ་ཐོབ༔ ཛཔ྄་ཀྱིས་མི་འགྲུབ་གང་ཡང་མེད༔ མཆོག་ཐུན་ཕྲིན་ལས་ལྷུན་གྲུབ་ནས༔ དཔལ་ཆེན་པོ་དང་སྐལ་བ་མཉམ༔ བར་ཆད་མི་འབྱུང་དངོས་གྲུབ་སྩོལ༔ ཅེས་ང་རྒྱལ་བསྐྱེད་པས་བསྟོད་ཅིང་ཡི་གེ་བརྒྱ་པས་བརྟན་པར་བྱའོ༔ བདུན་པ་བཟའ་བཏུང་ཚོགས་ཀྱི་མཆོད་པས་དགྱེས་པ་བསྐྱེད་པ་ནི༔ ཡོ་བྱད་བཤམ༔ གསོལ་བ་གདབ༔ མེ་རླུང་ཆུས་བསང༔ ཧཱུྃ༔ བདག་ཉིད་འབར་བ་ཆེན་པོའི་ཆོ་འཕྲུལ་ནི༔ རཾ་ལས་མེ་བྱུང་ཚོགས་ཀྱི་འབག་བཙོག་བསྲེགས༔ ཡཾ་ལས་རླུང་བྱུང་མི་གཙང་བག་རྡུལ་གཏོར༔ ཁཾ་ལས་ཆུ་བྱུང་ཉེས་པའི་དྲི་མ་བཀྲུས༔ ཨོཾ་ལས་འོད་འཕྲོས་དངོས་འཛིན་ཐམས་ཅད་སྦྱངས༔ ཨཱཿལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཧཱུྃ་ལས་འོད་འཕྲོས་འདོད་ཡོན་ཚོགས་སུ་བསྒྱུར༔ རྨད་དུ་བྱུང་བའི་མཆོད་སྤྲིན་རྒྱ་མཚོར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་གྱིས་བརླབ༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་རོལ་པའི་དཀྱིལ་འཁོར་ལྷ༔ དམ་ཚིག་ཚོགས་ཀྱི་མཆོད་པར་གཤེགས་སུ་གསོལ༔ མ་མོ་མཁའ་འགྲོ་ཐམས་ཅད་དམ་ལ་འདུས༔ ཕོ་ཉ་ལས་བྱེད་ཚོགས་ཀྱིས་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དཀྱིལ་འཁོར་པ་མངོན་དུ་གྱུར་པ་ལ༔ ཕུད་དང་བདུད་རྩི་འབུལ༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་དཔག་ཏུ་མེད༔ བཟའ་བཅའ་བཏུང་བའི་ཚོགས་རྣམས་རྒྱ་མཚོར་བསྐྱིལ༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ བདེ་སྟོང་དབྱེར་མེད་ཕྱག་རྒྱའི་གར་དང་བཅས༔ བདག་ཅག་གུས་པའི་བློ་ཡིས་འབུལ་ལགས་ན༔ བཞེས་ཤིག་བླ་མ་ཡི་དམ་མཁའ་འགྲོ་མ༔ རོལ་ཅིག་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས༔ དགྱེས་པར་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ སླར་ཡང་མཆོད་པ་ཕུལ་ལ༔ ཧོ༔ དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་སེམས་ཅན་ཉོན་མོངས་པས༔ འདོད་ཁྲོ་གཏི་མུག་དབང་གིས་སྡིག་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ བདུད་རྩི་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཉམས་པ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ སརྦ་ཤུདྡྷེ་ཨ་ཨ༔ མངོན་སྤྱོད་ཀྱིས་བསྒྲལ་བར་འོས་པ་རྣམས་ཚོགས་དང་གཟུགས་ལ་བཀུག༔ ཧཱུྃ༔ འབར་བའི་ཕོ་ཉ་མི་བཟད་པ༔ ཕྱག་རྒྱ་བཞི་ལྡན་སྐར་ལྟར་སྤྲོས༔ ཉམས་པའི་དགྲ་བགེགས་ཟུངས་ཤིག་ཆིངས༔ དམ་པར་བསྡམས་ནས་གཟུགས་ལ་སྟིམས༔ ཨེ་ནྲྀ་ཏྲི་སརྦ་དུཥྚཱན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་སྲས་ཀྱི་མཆོག༔ བཞེངས་ཤིག་བཛྲ་ཀཱི་ལ་ཡ༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྐྱེད༔ དམ་ཉམས་དགྲ་དང་བགེགས་ལ་གཟིར༔ ཚེ་དང་བསོད་ནམས་དབང་ཐང་གི༔ དྭངས་མ་སྒྲུབ་མཆོག་རྣམས་ལ་བསྟིམ༔ རྣམ་ཤེས་དཔལ་ཆེན་ཧེ་རུ་ཀའི༔ བྱང་ཆུབ་ཐུགས་ཀྱི་དབྱིངས་སུ་སྤར༔ ཕུང་པོ་དུར་ཁྲོད་གནས་སུ་བསྒྲལ༔ རྡུལ་དུ་བྱས་ནས་ཚོགས་ལ་འབུལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ནྲྀ་ཏྲི་ཕཊ༔ མཱ་ར་ཡ་རྦད༔ ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས༔ རབ་འཇིགས་ཁྲོ་བོའི་གཟུགས་ཀྱིས་གདུག་པ་འདུལ༔ དཔལ་ཆེན་བཀའ་འདུས་ཡབ་ཡུམ་སྲས་འཁོར་བཅས༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་མཆོད་པར་བཞེས༔ སྒྲོལ་བ་ཚད་དུ་ཕྱིན་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་ཤ་ཁྲག་རུས་གསུམ་མཆོད་པར་བཞེས༔ དུག་གསུམ་གཏིང་ནས་སྤྲུགས་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་རྣམ་ཤེས་དབང་པོ་མཆོད་པར་བཞེས༔ འཁྲུལ་པ་ཀ་ནས་དག་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཆོད་པར་བཞེས༔ ཉམས་ཆག་རྟོག་སྒྲིབ་བསྐངས་པའི་དངོས་གྲུབ་སྩོལ༔ དམ་ཚིག་ཚོགས་ཀྱི་བསྟབ་པ་འདི་བགྱིས་པས༔ སྦྱོར་བ་ལམ་དུ་མ་ལོངས་བཟོད་པར་བཞེས༔ སྒྲོལ་བ་གནས་སུ་མ་སྟོབ་མཐོལ་ལོ་བཤགས༔ ལྟ་བ་འཕང་དམའ་ཆོས་ཉིད་དོན་མ་རྟོགས༔ སྒོམ་པ་ཡུན་ཐུང་ཡི་དམ་ཞལ་མ་མཇལ༔ སྤྱོད་པ་རླབས་ཆུང་བརྟུལ་ཞུགས་ལམ་མ་ལོངས༔ འབྲས་བུ་དོན་ཆུང་དམན་པར་གོལ་བ་རྣམས༔ ཡི་དམ་དཔལ་ཆེན་སྤྱན་སྔར་མཐོལ་ཞིང་བཤགས༔ མ་མོ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཉམས་ཆག་བཤགས་ཤིང་ཐུགས་དམ་གཉན་པོ་བསྐང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ནས་ཀྱང༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྐང་ཞིང་གཏོར་མ་དང་ཚོགས་ཀྱི་དམ་རྫས་ཕུལ་ལ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྐུ་མངའ་འགྲན་དུ་མེད་པ་ཡི༔ ཞི་བ་དབྱིངས་ཀྱི་ལྷ་ཚོགས་སྐུར་བཞེངས་ཤིག༔ ཐུགས་དམ་རྒྱུད་བསྐུལ་ལས་བཞིའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲག་འཐུང་འབྱམས་ཀླས་སྤྲུལ་པའི་དཀྱིལ་འཁོར་ནས༔ འབར་བའི་ལུས་ཅན་ཉི་མ་འབུམ་གྱི་གཟི༔ སྤྱི་དཔལ་ཁྲོ་བོའི་ལྷ་ཚོགས་སྐུར་བཞེངས་ཤིག༔ རྡོ་རྗེ་ཁྲོས་པའི་ཐུགས་དམ་དུས་ལ་བབས༔ མ་རིག་ལས་ཀྱིས་མནར་བའི་སེམས་ཅན་རྣམས༔ ཉོན་མོངས་སྡུག་བསྔལ་ཞི་བའི་ཆུ་རྒྱུན་ཕོབས༔ ཚེ་བསོད་ཡེ་ཤེས་རྒྱས་པའི་གཟི་བྱིན་སྐྱེད༔ ཁམས་གསུམ་དབང་དུ་མཛད་པའི་བརྟུལ་ཞུགས་སྩོལ༔ དགྲ་བགེགས་ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ ཆག་ཆེ་ཉམ་ང་རྦོད་གཏོང་འཚེ་བ་ཟློག༔ གློ་བུར་དུས་འཁྲུགས་འཇིགས་པའི་བར་ཆད་སོལ༔ ཉི་ཤུ་རྩ་གཅིག་དཀྱིལ་འཁོར་གཙོ་མཆོག་དང༔ ཡབ་ཡུམ་སྲས་དང་སྤྲུལ་པ་བཀའ་ཉན་ཚོགས༔ མ་གཡེལ་མ་འཕང་བཅོལ་པའི་ཕྲིན་ལས་སྒྲུབས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཚོགས་ཀྱི་དངོས་གྲུབ་གསོལ་བ་ནི༔ ཧོ༔ ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་དགྱེས་པར་བཞེས༔ ཡེ་ཤེས་བདེ་བ་ཆེན་པོའི་དངོས་གྲུབ་དབྱིག༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་ཕ་འབབ་སྩོལ༔ རིགས་ལྔའི་མཁའ་འགྲོ་གྲངས་མེད་འདུས་པ་ཡིས༔ ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་རྣམས༔ དངོས་གྲུབ་ཚོགས་ཀྱི་དམ་རྫས་ལ་བརྟེན་ནས༔ དེང་འདིར་བདག་ལ་བསྩལ་ཞིང་བརྟན་པར་མཛོད༔ དམ་ཚིག་རྫས་མཆོག་པཉྩ་ཨ་མྲྀཏ༔ རོལ་པ་ཆེན་པོའི་ལོངས་སྤྱོད་རྣལ་འབྱོར་དབང༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་ཕྱིར༔ དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ལས་མཛོད་ཅིག༔ ཨ་ལ་ལ་ཧོ༔ ཞེས་རིམ་པ་གསུམ་གྱི་བརྟུལ་ཞུགས་བསྐྱེད་ལ༔ དཔལ་གྱི་ཞལ་ལྷག་དབང་གི་ཚུལ་དུ་བླང༔ མཁའ་འགྲོའི་རྫས་དངོས་གྲུབ་ཏུ་ཐོབ༔ ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མཉེས་པས་མ་མོ་མཁའ་འགྲོའི་ཚོགས་ཟིལ་གྱིས་མནན་ཅིང་ཕྲིན་ལས་མཛད་པར་བསམ་མོ༔ བརྒྱད་པ་ལྷག་མ་སོགས་མཇུག་བསྡུ་བའི་ཆོ་ག་ལ༔ ཡར་གནས་ཕུད་ཀྱིས་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ རིགས་ཀྱི་ལྷ་མོ་ནམ་མཁའ་གང་བ་ཡིས༔ ཞལ་ཟས་ཚོགས་ཀྱི་མཆོད་པའི་སྤྲིན་གཏིབས་ནས༔ ཉི་ཤུ་རྩ་གཅིག་སྤྲུལ་པའི་དཀྱིལ་འཁོར་རྣམས༔ དགྱེས་མཉམ་རོལ་པ་ཆེན་པོའི་ངང་དུ་མཆོད༔ ཨོཾ་སརྦ་མཎྜ་ལ་ག་ཎ་པཱུ་ཛ་ཧོ༔ མར་གནས་ལྷག་མ་བསྔོ་བ་ནི༔ བྷྱོ༔ ཀེ་སེང་ཕྲ་མེན་སྒོ་སྐྱོང་དབང་ཕྱུག་མ༔ མཁའ་འགྲོ་ཤུགས་འགྲོ་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་འཛིན་གིང་བཞི་བཅུ་གཉིས༔ ལྷག་སྡུད་དྲུག་ཅུ་རྩ་གཉིས་ཕོ་ཉར་བཅས༔ འཇིགས་པའི་སྐུར་སྟོན་རྔམས་པའི་གདངས་སྐད་ཅན༔ ཚོགས་ཁང་གནས་ཉུལ་དུར་ཁྲོད་བདག་མོ་ཀུན༔ དཔལ་གྱི་ཕམ་ཕབ་རིག་འཛིན་ལྷག་མ་རྣམས༔ བཞེས་ཤིག་རོལ་ཅིག་ཕྲིན་ལས་རྣམ་བཞི་སྒྲུབས༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཧོ༔ ལྷག་ཕུད་བསྲེས་ལ༔ ཧཱུྃ་བྷྱོ༔ དང་པོ་ཕུད་ཀྱིས་དཔལ་ཆེན་ལྷ་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་རིག་འཛིན་དགྱེས་པ་བསྐྱེད༔ ཐ་མ་ལྷག་མས་སྲུང་མ་རྒྱ་མཚོ་བསྐང༔ ད་ལྟ་སྲིད་ཞི་མཉམ་ཉིད་གཅིག་ཏུ་བསྲེས༔ ས་དང་བར་སྣང་ནམ་མཁའི་ཁམས་གང་བའི༔ ལངྐའི་བདག་པོ་འབུམ་ཕྲག་བྱེ་བའི་འཁོར༔ ཅི་བགྱིའི་བཀའ་ཉན་རྡོ་རྗེ་ཀིང་ཀཱ་ར༔ རྗེས་འབྲངས་བགེགས་དང་ནམ་གྲུ་ཤ་ཟའི་ཚོགས༔ ཡི་དྭགས་སྨྱོ་བརྗེད་སྡེ་བརྒྱད་འབྱུང་པོའི་གདོན༔ ཐམས་ཅད་བདེ་ཆེན་རིགས་སུ་གཅིག་བསྡུས་ནས༔ ཁྲག་འཐུང་ཆེན་པོའི་བཀའ་ཕབ་འདི་ལོངས་ལ༔ རྔམས་པའི་བརྟུལ་ཞུགས་དགྲ་དང་བགེགས་ལ་སྐྱེད༔ ཟ་བའི་མཆེ་བས་དམ་ཉམས་སྙིང་ལ་གཟིར༔ འཛིན་པའི་སྦར་མོས་སྲོག་རྩ་དམར་པོ་དྲོངས༔ གློག་འགྱུའི་ལྗགས་ཀྱིས་ཉམས་པའི་ཕུང་ཁམས་རོལ༔ མིང་ཙམ་མེད་པར་དགྲ་བགེགས་རྩད་ནས་ཆོད༔ གཞན་ཡང་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ སརྦ་ས་མ་ཡ་བཛྲ་ཨ་མྲྀཏ་ཁཱ་ཧི་ཧོ༔ བྷྱོ་རཾ་བྷྱོ་སརྦ་དུཥྚཱན་མཱ་ར་ཡ་ཁཱ་ཧི༔ དམར་ལམ་གྱིས་ཕྱེ་སྟེ་གོམ་པ་བདུན་ཅུའི་སར་བསྐྱལ་ལོ༔ དེ་ནས་དམར་གྱི་གཏོར་མ་ལ་རཀྟ་སྦྲེང་ཞིང༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསམ་མི་ཁྱབ་པའི་ཚེ༔ འོག་མིན་བཀོད་པ་ལྷུན་གྲུབ་ཕོ་བྲང་དུ༔ དང་པོའི་སངས་རྒྱས་ཀུན་ཏུ་འཆང་ཆེན་གྱིས༔ ཞི་ཁྲོའི་དཀྱིལ་འཁོར་ནམ་མཁའ་མཉམ་པར་སྤྲུལ༔ དགོངས་པས་བྱིན་བརླབས་བཀའ་འདུས་རྒྱུད་ཆེན་བཤད༔ གདུལ་བྱ་རུ་དྲ་དྲག་པོ་འདུལ་བའི་ཕྱིར༔ རྟ་ཕག་ཡབ་ཡུམ་རྔམ་པའི་ཆོ་འཕྲུལ་གྱིས༔ ཀེ་སེང་ཕྲ་མེན་དབང་ཕྱུག་བྲན་དུ་བཀོལ༔ རིག་འཛིན་གཙོ་བོ་རྡོ་རྗེ་ཀུཉྫ་རས༔ བརྡ་དོན་ངོ་སྤྲད་ཚོམ་བུ་འབུམ་ཕྲག་སྨིན༔ རིགས་ལྡན་ཆེན་པོ་དེ་བ་བཟང་སྐྱོང་དང༔ ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོས༔ རྡོ་རྗེའི་བླ་མ་པདྨ་བཛྲ་ལ༔ ཚིག་གི་རྒྱུད་གསུངས་དོན་གྱི་གཉེར་ཆེན་གཏད༔ བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་གིས༔ གསང་བ་ཡེ་ཤེས་མནྡཱ་ར་བ་དང༔ དགའ་བ་བཞི་སྦྱོར་བདེ་ཆེན་སྐུ་བསྒྲུབས་ནས༔ ཟ་ཧོར་ཡུལ་དུ་རྡོ་རྗེའི་ཆོས་ཆར་ཕབ༔ ཨོ་རྒྱན་ཡུལ་དུ་མཁའ་འགྲོ་དབང་དུ་བསྡུས༔ བོད་ཡུལ་དབུས་སུ་རྗེ་འབངས་ཉེར་གཅིག་སྨིན༔ རིག་འཛིན་དྷཱ་ཀི་ཆོས་སྲུང་སྤྲིན་ལྟར་གཏིབས༔ ཁས་བླངས་དམ་བཅས་བསྟན་པ་སྲུང་བར་བསྐོས༔ གཞན་ཡང་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གི༔ རྡོ་རྗེའི་གདུང་འཛིན་ཧེ་རུ་ཀ་དཔལ་ཆེ༔ རྒྱ་བོད་རིག་འཛིན་གྲུབ་པ་ཐམས་ཅད་ཀྱིས༔ རང་རང་གནས་སུ་རྫུ་འཕྲུལ་མཆོག་བརྙེས་ཤིང༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་པའི་ཚེ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྒྲུབ་མཆོག་བུ་བཞིན་སྐྱོང་བར་མ་ཆད་དམ༔ ཞལ་བཞེས་ཐ་ཚིག་དམ་བཅའ་མ་གཡེལ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དམ་བསྒྲགས་ཤིང་གཏོར་མ་ཟོར་དུ་འཕང༔ ཧཱུྃ་བྷྱོ༔ དྲེགས་པའི་སྡེ་དཔོན་ཚོགས་རྣམས་དང༔ ལྷ་སྲིན་འབྱུང་པོའི་དམག་ཚོགས་ཀུན༔ ཧེ་རུ་ཀ་དཔལ་བཀའ་བྱུང་གིས༔ དེ་རིང་དྲག་པོའི་ཕྲིན་ལས་མཛོད༔ བྷྱོ༔ དཔལ་ཆེན་གཙོ་འཁོར་དབྱིངས་ནས་དགོངས་པ་སྐྱེད༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ལས་ལ་ཆོས༔ རྡོ་རྗེའི་སྲུང་མས་དྲག་པོའི་རྩལ་ཤུགས་ཕྱུངས༔ ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དམག་ལ་ཆོས༔ གཏོར་ཟོར་དུག་དང་མཚོན་ཆའི་ཆར་ཆེན་པོས༔ དམ་ཉམས་དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་དྲུང་ནས་ཕྱུངས༔ མི་མཐུན་ཕྱོགས་རྣམས་བཟློག་པའི་དུས་ལ་བབས༔ ཆག་ཆེ་ཉམ་ང་བསྒྱུར་བའི་དུས་ལ་བབས༔ དགྲ་བགེགས་རྩད་ནས་བརླག་པའི་དུས་ལ་བབས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཤྲཱི་ཧེ་རུ་ཀ་དྷཱ་ཀ་དྷཱ་ཀི་ནཱི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ལ་དགྲ་ཕྱོགས་སུ་འཕང༔ གཏོར་གཞོང་སྨན་ཕུད་ཀྱིས་བཤལ་ལ་སྟེང་དུ་མཆོད༔ བྷྱོ༔ བོད་ཁམས་མཐའ་དབུས་ཀུན་ན་བཞུགས་པ་ཡི༔ བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ སྨན་ཕུད་བདུད་རྩིའི་བཤལ་ཆུ་འདི་བཞེས་ལ༔ མཐའ་དམག་དུས་འཁྲུགས་དལ་ཡམས་འཚེ་བ་ཟློག༔ མ་མ་དྷཱ་ཀི་ནཱི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ སླར་གཏོར་གཞོང་ཁ་སྦུབས་ལ་རྡོ་རྗེའི་བྲོ་རྡུང་བ་ནི༔ ཧཱུྃ༔ སྟོང་གསུམ་ཨེ་ཡི་གཏོར་གཞོང་དུ༔ ཁམས་གསུམ་དགྲ་བགེགས་འབྱུང་པོ་མནན༔ དཔལ་ཆེན་ལྷ་ཚོགས་རྡོ་རྗེའི་བྲོ༔ ཞི་རྒྱས་དབང་དྲག་གར་གྱིས་བརྡུང༔ དམ་སྲིའི་ཚོགས་རྣམས་དབྱིངས་སུ་གཟིར༔ ནམ་ཡང་ལྡང་བའི་གོ་སྐབས་མེད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ལས་ཀྱི་བརྟུལ་ཞུགས་མཐར་ཕྱིན་ནོ༔ ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ སརྦ་དུཥྚཱན་ལཾ་སཏྭཾ་བྷ་ཡ་ནན༔ ཅེས་རྒྱས་གདབ་བོ༔ དེ་ནས་མཆོད་ཅིང་བསྟོད་ལ་དུས་དང་ནར་མའི་དངོས་གྲུབ་བླང༔ ནོངས་བཤགས་བྱ༔ དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ་སརྦ་མཎྜ་ལ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ དཀྱིལ་འཁོར་ཐམས་ཅད་གཙོ་བོའི་སྐུ་ལ་འདུས༔ སྤྱི་དཔལ་ཡབ་ཡུམ་མཁའ་ལ་སྤྲིན་དེངས་ལྟར༔ དམིགས་བསམ་བརྗོད་པ་བྲལ་བའི་ངང་ལ་ཐིམ༔ ཨ་ཨ༔ ཞེས་སྐྱེ་མེད་ངང་ལ་བཞག༔ སླར་ཡང་འགག་མེད་ཀྱི་རིག་རྩལ་དཔལ་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམས་ལ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་བཟུང༔ ནམ་མཁའ་གང་བའི་ཧེ་རུ་ཀས་བཀྲ་ཤིས་པའི་མེ་ཏོག་འཐོར་བར་བསམ་ཞིང་བསྔོ་སྨོན་བྱ༔ འགྲོ་བ་དང༔ འདུག་པ་དང༔ བཟའ་བཏུང་དང༔ རྗེས་ཆགས་སྤྱོད་པ་དང༔ ཉལ་བ་དང༔ ལྡང་བ་ཐམས་ཅད་ཧེ་རུ་ཀའི་ང་རྒྱལ་གྱིས་བྱ་ཞིང༔ སྙིང་གའི་ཧཱུྃ་ལ་སེམས་བཟུང་ནས་རིག་སྟོང་ཁྱབ་བརྡལ་ཨ་ཏི་ཡོ་གའི་དགོངས་པ་ལ་གནས་པར་བྱའོ༔ དེ་ལྟར་བརྩོན་པས་ལོ་དང་ཟླ་བ་ཙམ་གྱིས་ལས་དང་པོ་པའི་རིག་འཛིན་དང༔ མོས་པས་སྤྱོད་པའི་རིག་འཛིན་དང༔ རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གནས་ནས༔ ཀུན་ཏུ་འཆང་གི་རིག་འཛིན་ཐོབ་པར་འགྱུར་རོ༔ དཔལ་ཆེན་བཀའ་འདུས་ཀྱི་ཕྲིན་ལས་ནར་མ་འདི་རྒྱུད་ལས་བསྡུས་ཏེ་པདྨ་བདག་གིས་ཟ་ཧོར་གྱི་རྗེ་འབངས་རྣམས་ལ་བཤད༔ མནྡཱ་ར་བས་ཡི་གེར་བྲིས༔ སླར་ཡང་བོད་ཀྱི་ཡུལ་དུ་བོད་ཀྱི་སྐད་དང་ཡི་གེར་བྲིས་ཤིང་མཁར་ཆེན་བཟའ་ལ་གཏད་པ༔ ད་ལྟ་མི་སྤེལ་གཏེར་དུ་སྦོས༔ ནམ་ཞིག་ཕག་གིས་ས་རློག་ནས༔ བོད་ཁམས་སྡུག་བསྔལ་ཉམ་ཐག་དུས༔ ཤེས་རབ་ལྡན་ཞིང་སྙིང་རྗེ་ཆེ༔ ངང་རིང་རྟ་སྐད་ཆོ་ལེར་སྨྲ༔ ཨོ་རྒྱན་གླིང་དང་འདི་འཕྲད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈ ྈྈྈ སྤྲུལ་སྐུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པ་ནས་ཆུ་ཕོ་འབྲུག་གི་ལོ་ལ་སྤྱན་དྲངས་པ། སླར་ཡང་མངོན་རྟོགས་འོད་ཀྱི་སྙིང་པོ་དང་སྦྱར་ནས་ཆོག་ཁྲིགས་སུ་བསྡེབས་པའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་ (Volume 3, Text 17)

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་བཞུགས་སོ༔ རྣམ་དག་ཆོས་དབྱིངས་ཁྱབ་གདལ་ཕོ་བྲང་ནས༔ སྐྱེ་མེད་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ མ་རིག་གཏི་མུག་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་མ་བཅོས་ལྷུན་གྲུབ་ཏུ༔ ཆོས་སྐུའི་བྱིན་རླབས་ཀ་དག་རང་དབང་ཞུ༔ གསལ་དག་ཡེ་ཤེས་བདེ་ཆེན་ཕོ་བྲང་དུ༔ མ་འགག་བདེ་ཆེན་ལོངས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ འདོོད་ཆགས་ཞེན་པ་མ་སྤངས་རང་གྲོལ་ནས༔ རང་རིག་ཡེ་ཤེས་བདེ་ཆེན་རང་གྲོལ་དུ༔ ལོངས་སྐུའི་བྱིན་རླབས་ལྷུན་གྲུབ་རང་དབང་ཞུ༔ སྐྱོན་མེད་རྣམ་དག་པདྨའི་ཕོ་བྲང་དུ༔ རིས་མེད་རང་ཤར་སྤྲུལ་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལོག་རྟོག་ཞེ་སྡང་མ་སྤངས་རང་གྲོལ་ནས༔ རང་སྣང་ཡེ་ཤེས་རང་རིག་རང་གསལ་དུ༔ སྤྲུལ་སྐུའི་བྱིན་རླབས་རང་གྲོལ་དབང་བསྐུར་ཞུ༔ ཡང་དག་འོད་གསལ་རང་རིག་ཕོ་བྲང་དུ༔ ཕྱོགས་མེད་བདེ་ཆེན་སྐུ་གསུམ་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ཐ་དད་གཟུང་འཛིན་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཏུ༔ བདེ་ཆེན་སྐུ་གསུམ་བྱིན་རླབས་དབང་བསྐུར་ཞུ༔ རང་སེམས་མཐའ་བྲལ་ཆོས་སྐུར་མ་རྟོགས་པར༔ གཏི་མུག་རྨོངས་པས་འཁོར་བར་འཁྱམས་པ་ཡི༔ སྡུག་བསྔལ་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ཆོས་སྐུ་ཐོབ་པར་ཤོག༔ རང་རིག་བདེ་ཆེན་ལོངས་སྐུར་མ་རྟོགས་པར༔ འདོད་ཆགས་སྲེད་པས་འཁོར་བར་འཁྱམས་པ་ཡི༔ འདོད་ལོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ལོངས་སྐུ་ཐོབ་པར་ཤོག༔ རང་སེམས་རང་གྲོལ་སྤྲུལ་སྐུར་མ་རྟོགས་པར༔ སྡང་སེམས་གཉིས་སྣང་འཁོར་བར་འཁྱམས་པ་ཡི༔ ལོག་རྟོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྤྲུལ་སྐུ་ཐོབ་པར་ཤོག༔ རང་སེམས་སྐུ་གསུམ་དབྱེར་མེད་མ་རྟོགས་པར༔ དེར་འཛིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སངས་རྒྱས་མ་ཐོབ་འགྲོ་ཀུན་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྐུ་གསུམ་ཐོབ་པར་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དམ་ཆོས་འདི་ཡང་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའོ།། །།

མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་ (Volume 56, Text 17)

ཨོཾ་སྭསྟི། འཇིག་རྟེན་འདས་ཀྱང་འཇིག་རྟེན་དུ། །སྲིན་མོའི་ཚུལ་གྱིས་བསྟན་སྐྱོང་མ། །སྲོག་སྒྲུབ་ལྷ་མོར་གུས་བཏུད་ནས། །སྒྲུབ་ཐབས་ཆོ་ག་མདོ་ཙམ་བཤད། །འདིར་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་ལྷ་མོ་སྲོག་སྒྲུབ་མའི་མཆོད་གཏོར་བྱ་བར་འདོད་པས། གཙང་མའི་སྟེགས་ལ་གཏོར་མ་གྲུ་གསུམ་གཙོ་འཁོར་བཞི་པ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་ཕུད་རཀྟ་ཉེར་སྤྱོད་ལྔ་སོགས་མཆོད་རྫས་རྣམས་ཚོགས་པར་བྱས་ལ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་དུར་ཁྲོད་ཆེན་པོའི་དབུས་འཇིགས་པའི་མུན་ནག་འཁྲིགས་ཤིང་མེ་རླུང་འཚུབས་མར་འཁྱིལ་པའི་ཀློང་དུ། བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམ་ཞིང་ཁྲོས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་ཆུ་གྲི་རྣོན་པོ་ཕྱར་ཞིང་གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ཅེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སྟེ། གསུམ་ཀའང་ཕོ་ཉ་མོའི་གཟུགས་ཅན་མཚོན་ཆ་ཐོགས་པ། གཞན་ཡང་ཤ་ཟ་མ་མོ་འབུམ་སྡེའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་སྲོག་སྒྲུབ་མ་མོ་འཁོར་དང་བཅས་པ་ཨཱ་ཀརྵཱ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པའམ། སྤྲོ་ན། བྷྱོཿ དཔལ་ལྡན་ཤན་པ་མི་བསྲུན་ནམ་མཁའི་མདོག །ཤ་ཟ་ཁྲག་འཐུང་ལས་ཀྱི་ཡུམ་ཆེན་རྣམས། །མི་འགྱུར་བདེ་བ་ཆེན་པོའི་ས་ལས་བཞེངས། །བསྐལ་པ་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་རྣམས། །ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་སྣ་ཚོགས་སྟོན། །ནམ་མཁའི་འབྲུག་ལྟར་སྒྲ་སྐད་སྣ་ཚོགས་སྒྲོག །གློག་ལྟར་འཁྱུག་ཅིང་གང་ལ་འང་ཐོགས་པ་མེད། །དུས་བཞིར་ཉུལ་ཞིང་བསྟན་པའི་དམ་རྫས་སྲུང་། །དཔལ་གྱི་མ་ཚོགས་འཁོར་དང་བཅས་པ་རྣམས། །མ་ལུས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཞེས་པའང་བརྗོད། རཀྨོ་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཨཱོྃ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་འབུལ། ཨོཾ་ཁྱི་ཁ་ལེ་ནག་མོ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་གཏོར་མ་འབུལ་བའམ། སྲོག་སྔགས་ཡོངས་རྫོགས་ངེས་ན་དེའི་མཐར་གཏོར་སྔགས་བཏགས་པས་སྔར་བཞིན་འབུལ། བསྟོད་པ་ནི། བྷྱོཿ ཤན་པ་ནག་མོ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་ཆུ་གྲི་དགྲ་བོའི་གློ་སྙིང་བསྣམས། །ལས་བྱེད་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར། །ནམ་གྲུ་ནག་མོ་འཇིགས་པའི་ཚོགས་ལ་བསྟོད། །ཅེས་པ་ཙམ་མམ། སྤྲོ་ན། བྷྱོཿ མཁའ་འགྲོ་ནག་མོ་མི་བསྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །ཕྱག་ན་གསོད་པའི་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་བཅིབས། །རལ་པ་མཚོན་ཆ་ཤ་ར་ར། །གཅེར་བུ་མི་ལྤགས་སྟོད་ལ་དཀྲིས། །མི་ཡི་གློ་སྙིང་ཞལ་དུ་ནི། །དམར་མོ་ཁྲག་འཛག་རྒྱུན་དུ་གསོལ། །ཞལ་ནས་ཁྲག་འཛག་ཀྱུ་རུ་རུ། །སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས། །སྨ་ར་མཚོན་ཆ་མེ་ལྟར་འབར། །ཤངས་ནས་འཚུབ་མ་མཚོན་ཆར་འགྱེད། །བ་སྤུ་མཚོན་ཆ་མེ་ལྟར་འབར། །མི་མགོ་རློན་པའི་དོ་ཤལ་ཅན། །གསོད་བྱེད་མ་མོ་ཆེན་མོ་ལ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །གཡས་ན་གསོད་བྱེད་ཤ་ཟ་མོ། །དམར་མོ་ཤ་ཟ་ཅེ་སྤྱང་གདོང་། །རོ་ལ་ཞོན་ནས་ཤ་ལ་ཟ། །རྐན་རྡེབ་དགྲ་བོའི་མིག་འབྲས་འབྲུལ། །ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན། །དམར་མོ་ཁྲག་འཛག་ཞལ་དུ་གསོལ། །གཡོན་ན་ནག་མོ་ཝ་ཡི་གདོང་། །བ་སྤུ་མཚོན་ཆ་སྤུ་གྲིའི་སོ། །རེག་པ་ཙམ་གྱིས་མགོ་ལུས་འབྲེག །ཕྱག་ན་ཞགས་པ་གྲི་གུག་ཐོགས། །ལུས་ཆིངས་སྲོག་རྩ་དམར་པོ་ཆོད། །ཤ་ཟ་ཁྲག་འཐུང་ཀེང་རུས་མུར། །མདུན་ན་སྲོག་གཅོད་ཤ་ཟ་སྟོང་། །ནག་མོ་འུག་གདོང་གནམ་ལྕགས་སྡེར། ཁྲག་གི་རལ་པ་མཚོན་ཆའི་སྡེར། །མཚོན་སྡེར་དགྲ་ཡི་སྙིང་ལ་འདེབས། །གནམ་ལྕགས་མཆུ་ཡིས་སྲོག་རྩ་གཅོད། །སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ། །རྐན་རྡེབ་སྲིད་གསུམ་སྙིང་ཁྲག་འབྲུལ། །སྟོང་གསུམ་ཟ་ཞིང་སྲིད་གསུམ་འཐུང་། །ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར། །ཤ་ཟ་དཔོན་གཡོག་འཁོར་དང་བཅས། །འདིར་བྱོན་ནག་མོ་ལས་མཁན་མ། །དགྲ་བོའི་ཤ་ཁྲག་གཏོར་མ་འབུལ། །དགྲ་བོ་སྒྲོལ་བའི་དུས་ལ་བབས། །རྒྱལ་བའི་བཀའ་ལས་མ་འདའ་བར། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུངས། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །ཞེས་བསྟོད་བསྐུལ་ཡང་བྱ་ཞིང་། མཐར། སྲོག་སྒྲུབ་མ་མོ་འཁོར་དང་བཅས་པ་ཡིས། །གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་ཅག་འགལ་རྐྱེན་ཀུན་ཞི་མཐུན་པའི་རྐྱེན། །མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད། །ཅེས་གསོལ་ཞིང་གཏོར་མ་སྟོབ་པ་དང་བཟོད་གསོལ་གཤེགས་བསྡུ་རྣམས་བྱའོ།། །། ༄༅། །གཏེར་སྲུང་ལྡང་ལྷ་མཆོད་པར་འདོད་པས། བཤོས་བུ་དཀར་ཟླུམ་མཐེབ་ཀྱུ་བདུན་གྱིས་བསྐོར་བ་དཀར་གསུམ་སོགས་གཙང་ཕུད་ཀྱིས་བྲན། བསང་སྦྱང་། ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་ཕུང་པོར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། སྙིང་གའི་འོད་ཀྱིས་གཏེར་སྲུང་ལྡང་ལྷ་འཁོར་བཅས་མདུན་དུ་སྤྱན་དྲངས་པར་བསམ་ལ། ཨོཾ་བ་རི་བ་རི་གིངྐ་ར་ཛཿཛཿ ཞེས་པས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། འབོད་སྔགས་ལ་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །སྐུ་ལ་དར་དཀར་རལ་ཀ་གསོལ། །ཆིབས་སུ་ངང་དཀར་སྒབ་སྔོན་འཆིབས། །གཡས་པས་དར་དཀར་རུ་མཚོན་ཕྱར། །གཡོན་པའི་དགྲ་སྙིང་ཞལ་དུ་གསོལ། །བཙན་རྒོད་བྱ་ར་སྟོང་གིས་བསྐོར། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ནས། གཙྪས་རང་གནས་སུ་གཤེགས་པ་རྣམས་བྱའོ། །ལྡང་ལྷའི་གཏེར་གཞུང་དུ་དམར་གྱི་མཆོད་པ་བཤམ་པར་བཤད་པ་ནི་དྲག་ལས་ལ་མངགས་པའི་དབང་དུ་བྱས་ཤིང་། རྒྱུན་གྱི་ཕྲིན་ལས་ལ་གཙང་གཏོར་དུ་བྱས་ན་སྐབས་སུ་བབས་པར་ཡང་ཏིག་གི་མཐོང་སྣང་འོད་དྲ་ལས་ཤེས་སོ། །ཅེས་པའང་འགྱུར་མེད་རྡོ་རྗེས་སོ།། །།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ་ (Volume 8, Text 17)

༄༅། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། ། ཀུན་ཁྱབ་རང་བྱུང་འོད་གསལ་ཆོས་ཀྱི་སྐུ །ལྷུན་གྲུབ་བདེ་ཆེན་རྣམ་སྣང་ལོངས་སྤྱོད་རྫོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་གར། །དཀོན་མཆོག་སྤྱི་འདུས་མ་ཧཱ་གུ་རུར་འདུད། །ཟབ་ཆོས་མཆོག་འདིས་རྒྱལ་ཁམས་ཕལ་ཆེར་ཁེངས། །ལུགས་གཅིག་རྣམ་པར་གཞག་ཏུ་མ་མཆིས་ཀྱང་། །བླ་མའི་བཀའ་དང་རང་གི་མོས་པ་བཞིན། །དོན་གསལ་ཁྱེར་བདེའི་ལས་བྱང་བཀླག་ཆོག་བསྡེབ། །གུ་རུ་ཟ་ཧོར་མའི་སྒྲུབ་ཐབས་ཕྱིས་བྱོན་ཐམས་ཅད་ཀྱི་ཕྱི་མོའི་ཤིང་རྟར་གྱུར་ཅིང་གཏེར་སྟོན་ཉིད་ཆོས་འདི་ལས་སྣང་བཞི་ཟད་སར་འཁྱོལ་བའི་དབང་གིས་བྱིན་རླབས་དང་ཕྲིན་ལས་བོད་ཀྱི་གཏེར་བྱོན་ཙམ་ལ་འགྲན་ཟླ་དང་བྲལ་བ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་ཕྲིན་ལས་བྱ་བ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་དུས་དེ་དག་དང་འབྲེལ་བའི་དཀྱིལ་འཁོར་བུམ་པ་དབང་རྫས་གཏོར་མཆོད་ཕྱི་མཆོད་བསྐོར་ཏེ་བཤམ་པ་སོགས་བྱས་ལ། འོག་ཏུ་སྨོས་པའི་ལས་བྱང་ཐར་ཆགས་སུ་གཏང་ཞིང་། གལ་ཏེ་དྲག་སེང་གི་གཏོར་ཟློག་ལྟ་བུ་དང་འབྲེལ་ན་དེ་དག་གི་བསྐུལ་དང་གདབ་ཁ་ཟོར་ལས་སོགས་སྦྱོར་ཚུལ་སྒམ་པོ་དང་ཆགས་མེད་ཞབས་ཀྱི་གསུང་ལྟར་བྱའོ། །གཉིས་པ་ནི། བསྙེན་སྒྲུབ་ཀྱི་ཐུན་ཕྱི་མ་རྣམས་དང་རྒྱུན་ཁྱེར་ལྟ་བུ་ལ། སྔོན་གཏོར། སྨན་མཆོད། ཕྲིན་ལས་བཞི་སྒྲུབ། ཚོགས་རྗེས་འབྲེལ་བཅས་བོར། ཤིན་ཏུ་བསྡུ་ན་བརྒྱུད་འདེབས། སྲུང་འཁོར། སྐྱབས་སེམས། ཡན་ལག་བདུན་པ་ཙམ་ལས་སྔོན་འགྲོ་གཞན་རྣམས་ཀྱང་མི་བྱ་བར་མཆོད་པ་བྱིན་རླབས་ལ་འཇུག་ཀྱང་ཆོག་ཅིང་། ཚེ་སྒྲུབ་དྲག་སེང་བཅས་སྦྱོར་མིན་སྐབས་དང་བསྟུན། ཚེས་བཅུའི་དུས་མཆོད་ལྟ་བུར་ནི་རྒྱས་བསྡུས་གང་བྱེད་དལ་ཁོམས་དང་བསྟུན་པ་ལས་པར་བཀབ་རང་མི་དགོས་སོ། །གང་ལྟར་སྦྱོར་བ་གུང་དུ་གུ་རུ་རིན་པོ་ཆེའི་སྣང་བརྙན་བྲིས་འབུར། འདི་ཉིད་ཀྱི་གླེགས་བམ། རྡོ་རྗེ་བདེ་སྐྱོང་དམ་ཚིག་གི་རྟེན་དུ་བསྒྲུབས་པས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམ་དགྲམ་པའི་མདུན་དུ་སྟེགས་གཙང་མར་སྒམ་པོ་ལུགས་སམ་རང་ལུགས་གང་བདེའི་བླ་མའི་གཏོར་མ་རྒྱན་སྤྲོས་ཅན། དེའི་གཡས་གཡོན་སྨན་རཀ །དེ་མདུན་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། རྒྱས་པར་སྤྲོ་ན་དྲག་སེང་གཏོར་མ་བླ་གཏོར་གཡས་གཡོན་དུ་བཞག །གཏེར་སྲུང་འབུལ་གཏོར་བསྡུས་པ་དཀར་དམར་གཉིས། བགེགས་གཏོར་ཤ་གཟུགས་མ། ཚོགས་དང་ཆད་བརྟན། ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཕྲིན་ལས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་བདུན་ལས། ཐོག་མར་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བགེགས་གཏོར་བྲན་ལ། རཾ་ཡཾ་ཁཾ༔ བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ སྲེག་སྦྱོང་གཏོར་བ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ། དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམས་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་བརླག༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ ཅེས་གཏོར་མ་དོར། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། གཉིས་པ་སྲུང་འཁོར་ནི། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་རྭ་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ གསུམ་པ་སྐྱབས་སེམས་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བཞི་པ་སྒྲིབ་སྦྱོང་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཡིག་བརྒྱ་དང་ཡང་སྙིང་ཡིག་དྲུག་ཅི་འགྲུབ་བཟླ། མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ༔ ལྔ་པ་ཚོགས་གསག་ནི། ཨེ་མ་ཧོ། རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར། །བརྒྱུད་པའི་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ཡན་ལག་བདུན་པ་དང་། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི། དྲུག་པ་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སྱྣ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང། །ཡེ་ཤེས་མཚོ་རྒྱལ་ཉང་བན་ཏིང་འཛིན་བཟང་། །ཡང་སྤྲུལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་། །བདུད་འདུལ་གླིང་པ་ཀློང་གསལ་སྙིང་པོའི་ཞབས། །བདེ་ཆེན་གླིང་པ་ཚེ་དབང་ནོར་བུའི་དཔལ། །ཕྲིན་ལས་ཤིང་རྟ་ཐུགས་ཀྱི་རྡོ་རྗེ་རྩལ། །རིགས་བརྒྱའི་ཁྱབ་བདག་པདྨ་ཉིན་མོར་བྱེད། །དོན་གཉིས་མཐར་ཕྱིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབ་པ་དང་། ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ནས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཏེ། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་དབང་ལེན་ཅིང་བླ་མའི་ལྷ་ཚོགས་རང་ལ་བསྟིམ། བདུན་པ་མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་དང༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་བྷཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ཕྱི་ཞི་བ་ལྟར་སྒྲུབ་པ་ལ་ཏིང་འཛིན་རྣམ་པ་གསུམ་ནི། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཧྲཱི༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེ་རབ་རྒྱས་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམ༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་གྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཡེ་ཤེས་པ་སྤྱན་དྲང་བ་ནི། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལ༔ ཉོན་མོངས་མ་སྤངས་ནང་མཆོད་འབུལ༔ འདུ་འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལ༔ དུག་ལྔ་བསྒྲལ་པའི་རཀྟ་འབུལ༔ བ་ལིཾ་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བར་འདིར་སྤྲོ་ན་སྨན་མཆོད་བླ་སྒྲུབ་གཞན་ལྟར་ཁ་ཅིག་གིས་སྦྱོར་བར་སྣང་བས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འོད་འབར་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ཉང་བན་ཏིང་འཛིན་བཟང་པོའི་ཞལ་དུ༴ རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་དུ༴ ཁྲག་འཐུང་བདུད་འདུལ་རྡོ་རྗེའི་ཞལ་དུ༴ གཏེར་ཆེན་ཀློང་གསལ་སྙིང་པོའི་ཞལ་དུ༴ པདྨ་བདེ་ཆེན་གླིང་པའི་ཞལ་དུ༴ རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་དུ༴ བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞལ་དུ༴ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་ཞལ་དུ༴ པདྨ་ཉིན་བྱེད་དབང་པོའི་ཞལ་དུ༴ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ༴ བཀའ་བབ་ཆོས་བདག་སྐྱེས་བུའི་ཞལ་དུ༴ བླ་མ་དཀོན་མཆོག་སྤྱི་འདུས་ཞལ་དུ༴ ཡི་དམ་པདྨ་དྲག་པོའི་ཞལ་དུ༴ མཁའ་འགྲོ་སེང་གེའི་གདོང་ཅན་ཞལ་དུ༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ༴ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐོད་པ་དང༔ ཟུང་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤེ་འུའི་སྙན་ཞུ་རྒོད་ལྡེམ་དར་སྣ་འཕྱང༔ པདྨའི་གདན་ལ་མཚན་དང་དཔེ་བྱད་འབར༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུག་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང༔ གློ་བུར་དྲི་མའི་རྣམ་རྟོག་སེལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ དེས་བསྐྱེད་པའི་རིམ་པ་རྗེས་འབྲེལ་བཅས་སོང་། །གཉིས་པ་བཟླས་པའི་རྣལ་འབྱོར་ལ་ཕྱི་སྒྲུབ་ནི། རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་མཆོག་གསུམ་རྩ་བ་གསུམ་པོ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་ཁ་བ་བབས་པ་ལྟར་བྱོན། རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དབྱངས་དང་སྟང་སྟབས་བཅས་བཟླའོ། །ནང་སྒྲུབ་ནི། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ། རྡོ་རྗེའི་མཐའ་སྐོར་དུ་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་འདུས། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཅི་བསྒོ་བའི་ལས་ཐམས་ཅད་རྩོལ་མེད་དུ་བསྒྲུབས། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་བས་ཚིམས་པར་བྱས། འོད་ཟེར་འཕྲོ་འདུས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདི་བཟླས་པའི་དངོས་གཞི་ཡིན་པས་ཅི་འགྲུབ་བྱ། གསུམ་པ་དེའི་ཡན་ལག་ཏུ་ཚེ་སྒྲུབ་ཉམས་སུ་ལེན་པར་སྤྲོ་ན། ནང་སྒྲུབ་བཟླས་པ་ཁྱུག་ཙམ་སྔོན་དུ་སོང་ནས། བདག་མདུན་སྐད་ཅིག་གིས་རིག་འཛིན་ཚེ་དཔག་མེད་པདྨ་འོད་འབར་དུ་གསལ་བར་གྱུར། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསོལ་འདེབས་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདཀར་པོ་ནྲྀ་དང་ཨཿས་མཚན་པ། དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པས་གཡས་བསྐོར་དུ་འཁོར་བ་དང་། གནས་ལྔར་ཕྱག་མཚན་ལྔ་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས། སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་། དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ། རྩལ་དྲག་པ། འཁོར་མང་བ། ཡོན་ཏན་ཆེ་བ། སྟོབས་དང་སྙན་གྲགས་ལྡན་པ། གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀའི་རྣམ་པ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་ཚེ་བསྙེན་གང་འགྲུབ་བཟླ། མཐར་སྨོན་ལམ་གདབ་པ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་དང༔ རྐྱེན་ངན་ཉིས་ཁྲི་ཆིག་སྟོང་དང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཚེ་འགུགས་ནི་མདའ་དར་གཡབ་ལ། ཧྲཱི༔ ཕྱི་ནི་བུམ་པ་ནང་དུ་བདུད་རྩིས་གང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ འདིར་རྒྱུན་བཟླས་ལྟ་བུ་ལ་མདུན་རྟེན་ཚེ་རྫས་དམིགས་བསལ་བཤམས་པ་མེད་ཀྱང་གངས་བྲག་ནགས་རི་ཉི་ཟླ་གཟའ་སྐར་མཚོ་སོགས་ལ་དམིགས་པའི་རྟེན་བྱ་བ་རྡོ་རྗེའི་གསུང་གི་ངེས་དོན་ཡིན་ནོ། །བཞི་པ་གསང་བ་གུ་རུ་དྲག་པོར་སྒྲུབ་པ་ནི། རང་ཉིད་སྐད་ཅིག་གིས་པདྨ་འོད་འབར་འོད་དུ་ཞུ་བ་ལས་བྱུང་བའི་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ཁྲོ་བོའི་ཞིང་དང་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི། ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་དྲག་འབར་བ་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང༔ བསྟོད་པ་ནི། ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཚེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་གསོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་པར་བྱེད༔ ཤངས་ནས་རླུང་འཚུབས་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ཟིལ་གྱིས་གནོན༔ རལ་པ་ཁམ་ནག་ནམ་མཁའི་དབྱིངས་ལ་བསྒྲེངས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་བརླག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་ཟློག༔ གཡོན་པས་ལྕགས་སྡིག་ནག་པོའི་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟེར་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་ན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་ད་སྐུལ་ཅིག༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ པེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཡེ་ཤེས་པ་རང་ལ་ཐིམ་པས། རང་གི་དབུ་གཙུག་ན་རིགས་བདག་གུ་རུ་ཞི་བས་མཚན་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས། མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད། སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ མཐར་སྡེ་བརྒྱད་ཤམ་བུ་ནི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ རྩ་སྔགས་དང་སྦྲེལ་ལ་དེའི་བཅུ་ཆ་བཟླའོ། །ལྔ་པ་ཡང་གསང་མཁའ་འགྲོར་སྒྲུབ་པ་ནི། རང་ཉིད་རིག་འཛིན་དྲག་པོ་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་དང་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱ་ཀི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ༔ ལྕང་ལོ་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལེ༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱ་ཀི་སིཾ་ཧ་མུ་ཁ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁཱ་ཧི༔ ཡེ་ཤེས་པ་བསྟིམས་པས། རང་གི་དབུ་གཙུག་ན་གུ་རུ་ཞི་བ། གྲུ་མོར་རིག་འཛིན་དྲག་པོ་མཚོན་བྱེད་ཁ་ཊྭཱཾ་གས་མཚན་པ། ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པ་མཚོན་ཆའི་གུར་དང་ཡེ་ཤེས་ཀྱི་མེ་ཕུང་འཁྲིགས་པའི་དབུས་སུ་རང་འདྲའི་སྤྲུལ་པ་དུ་མ་དང་བཅས་ཏེ་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་སྔོན་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། དམ་ཆོས་བསྒྲུབ་པའི་བར་ཆད་ཐམས་ཅད་སྤུ་གྲིས་སྐྲ་བཞར་བ་ལྟ་བུར་སོང་བར་གྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ སྤྲོས་བཅས་སྤྲོས་མེད་གང་གི་ཚེའང་ཟློག་དམིགས་སྦྱར་བར་སྤྲོ་ན། སྤྱི་བོར་ཨཿཀཿམགྲིན་པར་སཿམཿདང་། །སྙིང་ཁར་རཿཙཿལྟེ་བར་ཤཿདཿསྟེ། །གསང་བར་རཿསཿབརླ་གཉིས་མཿརཿཡ༔ ཕཊཿཀྱིས་མཚན་ལས་མེ་འོད་མཚོན་ཆ་འཁྲུགས། །བར་ཆད་ཐམས་ཅད་རྡུལ་བཞིན་བརླག་པར་གྱུར། །ཞེས་མོས་ལ་ཡི་གེ་བཅུ་བཞི་པ་བཟླ། མཐར་ཐལ་རྡེབ་སྤྲོ་ན་ལག་གཉིས་ཉི་ཟླར་གསལ་བ་ཆ་ལང་བརྡབས་པས་གནོད་བྱེད་ཐམས་ཅད་སྒོ་ང་བྲག་བར་དུ་བཅར་བ་བཞིན་སོང་བར་བསྒོམས་ལ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ །གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །ལན་གསུམ་བྱ། ཟློག་དམིགས་དང་ཐལ་རྡེབ་འདི་དགོང་མོའི་ཆ་དང་དགུ་གསུམ་དུས་གཉན་ལྟ་བུར་ཆེད་དུ་དགོས་ན་མ་གཏོགས་ཚེས་བཅུའི་ཚོགས་མཆོད་བསྙེན་སྒྲུབ་སྐབས་སོགས་ལ་མི་སྦྱར་རོ། །དྲུག་པ་ཕྲིན་ལས་བཞི་སྒྲུབ་ནི། བསྙེན་སྒྲུབ་མཐར་ཕྱིན་པའི་ལས་སྦྱོར་གྱི་སྐབས་མ་གཏོགས་གཞན་ལ་སྦྱར་མི་དགོས་ཀྱང་། རྒྱུན་ཁྱེར་ལྟ་བུར་སྦྱོར་ཡང་འགལ་བ་མེད་པས་དེ་ལྟར་ན། ཞི་བ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དཀར། །སྤྱི་བོར་པད་དཀར་འདབ་མ་སོ་གཉིས་ལྟེར། །ཟླ་སྟེང་ཨོཾ་མཐར་སྔགས་ཕྲེང་འོད་ཟེར་དཀར། །རྒྱུད་བསྐུལ་ནུས་བསྐྱེད་སྡིག་སྒྲིབ་འཇིགས་བརྒྱད་ཞི། །སྣོད་བཅུད་རྡོ་རྗེ་སེམས་དཔའི་ཞིང་དུ་གྱུར། །བཛྲ་གུ་རུའི་ཤམ་དུ། ཨོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ རྒྱས་པ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་སེར། །ལྟེ་བར་པད་སེར་འདབ་མ་རེ་བཞིའི་ལྟེར། །རིན་ཆེན་བྷྲཱུྃ་མཚན་སྔགས་ཕྲེང་འོད་ཟེར་སེར། །རྒྱུད་བསྐུལ་ནུས་བསྐྱེད་ཚོགས་གཉིས་འབྱོར་དྲུག་རྒྱས། །སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ དབང་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དམར། །མགྲིན་པར་པད་དམར་འདབ་མ་བཅུ་དྲུག་ལྟེར། །ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་འོད་ཟེར་དམར། །རྒྱུད་བསྐུལ་ནུས་བསྐྱེད་འཁོར་འདས་མོས་བཞིས་བསྡུས། །སྣོད་བཅུད་པདྨ་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླ། སྨོན་ལམ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ དྲག་པོ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་མཐིང་། །གསང་བར་པད་ལྗང་འདབ་མ་ཉེར་བརྒྱད་ལྟེར། །རལ་གྲི་ཧཱུྃ་མཚན་སྔགས་ཕྲེང་འོད་ཟེར་ནག །རྒྱུད་བསྐུལ་ནུས་བསྐྱེད་དགྲ་བགེགས་དུག་ལྔ་བརླག །སྣོད་བཅུད་ལས་ཀྱི་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧཱུྃ་མཱ་ར་ཡ་ཕཊ༔ ཞེས་བཟླ། སྨོན་ལམ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ལས་གང་སྒྲུབ་མང་དུ་བཟླ་བའམ་དམིགས་བསལ་མེད་ན་ཆ་སྙོམས་པར་བཟླ། དེ་དག་གི་མཐར་ལྷག་ཆད་ཁ་སྐོང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱང་ལན་གསུམ་གསུམ་བཟླའོ། །བདུན་པ་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ། བདག་ཉིད་པདྨ་འོད་འབར་ཐུགས་ཀ་ནས། །མེ་རླུང་ཆུ་བྱུང་གཏོར་མའི་ཉེས་སྐྱོན་སྦྱངས། །ཨ་ལས་པདྨ་བྷནྡྷ་ཡངས་པའི་ནང་། །འབྲུ་གསུམ་ལས་བྱུང་ཡེ་ཤེས་བདུད་རྩིའི་མཚོ། ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ་ཧྲཱིཿ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་རྗེ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཡེ་ཤེས་ཌཱ་ཀི་སེང་གེའི་གདོང་པ་ཅན། །གནས་གསུམ་དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད། །དཔལ་མགོན་ལྕམ་དྲལ་གཟའ་མཆོག་རྡོ་རྗེ་ལེགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་སངས་རྒྱས་བསྟན་པ་གཉན་པོ་སྲུངས། །རྡོ་རྗེ་དེ་མོ་བརྟན་མ་བཅུ་གཉིས་སོགས། །དཀར་ཕྱོགས་སྐྱོང་བའི་གཞི་གནས་གཏེར་བདག་གིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་བོད་ཡུལ་མཐའ་དབུས་བདེ་བར་མཛོད། ཁྱད་པར་གཏེར་སྲུང་དགེ་བསྙེན་མཐུ་སྟོབས་ཆེ། །ཧོམ་འཕྲང་ཀླུ་བདུད་མཚོ་སྨན་འཁོར་བཅས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ལ་ཡང་ཟབ་བསྟན་པ་རྒྱས་པར་མཛོད། །རྩ་བརྒྱུད་བླ་མའི་སྤྱན་སྔར་ཞལ་བཞེས་ཤིང་། །བསྟན་པ་སྐྱོང་མཛད་དམ་ཚིག་ལྡན་རྣམས་ཀྱིས། །གཏོར་མ་འདི་བཞེས་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་ཙམ་མམ། སྤྲོ་ན་རྩེ་ལེ་རིན་པོ་ཆེས་མཛད་པ་སོགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལའང་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་ཚོགས་པར་བྱས་ཏེ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧྲཱི༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེགས་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའ་བར་སྣང་ས་གཞི་གང༔ གནས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང༔ ཚོགས་དང་མཆོད་རྫས་དང་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་དྲ་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྐོང་བ་ཅུང་ཟད་རྒྱས་པར་སྤྲོ་ན། ཧྲཱི༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང༔ མ་འོངས་ལས་འཕྲོ་ལྡན་པ་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང༔ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང༔ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང༔ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ ཕྱི་དང་ནང་གི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་གྱུར་ཆོས་སྐུའི་ཐུགས་དམ་བསྐང༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ རང་སྣང་མ་འགག་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང༔ ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང༔ ཧཱུྃ༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང༔ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང༔ ཕྲིན་ལས་དྲག་པོས་བསྒྲལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་རྗེས་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང༔ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང༔ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང༔ བསྡུ་ན་འདི་མན་ཆད་ཀྱིས་འཐུས། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང༔ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་དམ་བསྐང༔ སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པ༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང༔ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབ་པའི༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང༔ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི་ཐུགས་དམ་བསྐང༔ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་ཁ་གཏད༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང༔ ཨོ་རྒྱན་པདྨས་བཀའ་ཡི་གཉེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང༔ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པ༔ གཞི་བདག་གཞིས་སྲུང་རྣམས་ཀྱི་ཐུགས་དམ་བསྐང༔ ཧཱུྃ༔ གཞན་ཡང་ཐུགས་དམ་སྐོང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ པདྨ་མཱཾ་སར་སྦྱར་བའི་རཀྟ་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ བདག་གི་གཡར་དམ་གཉན་པོ་སོར་སྩོལ་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང༔ ཚོགས་བཤགས་ནི། ཧོཿ དཀོན་མཆོག་སྤྱི་འདུས་དགོངས་སུ་གསོལ། །པདྨ་འོད་འབར་ལ་ཕྱག་འཚལ། །རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་ཏུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང༔ ཉ་ཤི་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྦྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང༔ བསྐངས་ཤིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆག་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པར་བྱང་ཆུབ་ནས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཉམས་ཆག་མ་བྱུང་མ་སྐྱེས་པས༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ འདིའི་ཚིག་རྐང་དང་པོ་གཉིས་གསུང་རྒྱུན་དང་འཕྲོས་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ཚིག་གོ །བདག་ཅག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ གནམ་ཕུད་འཐོར་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས་ལ་རོལ༔ མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ༔ ཆོས་སྐྱོང་སྲུང་མ་ཚོགས་ལ་རོལ༔ ནོར་ལྷ་གཏེར་བདག་ཚོགས་ལ་རོལ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ཡུལ་ལྷ་གཞི་བདག་ཚོགས་ལ་རོལ༔ རིགས་དྲུག་ཕ་མ་ཚོགས་ལ་རོལ༔ ལན་ཆགས་བགེགས་རིགས་ཚོགས་ལ་རོལ༔ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལས་རྡོར་གྱིས། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཅེས་སྟོབ། ལེན་པ་པོས། ཨ་ལ་ལ་ཧོཿ ཞེས་བླངས་ལ་ནང་གི་སྲེག་བླུགས་ཀྱིས་རོལ། ལྷག་མ་ནི། ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབས་ཤིང་ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དྲག་པོའི་ལས་དང་འབྲེལ་བའི་བསྐུལ་བ་དགོས་ན་སྐབས་འདིར་སྦྱར་བར་བྱ་སྟེ་གཞན་དུ་ཤེས་སོ། །གཉིས་པ་གཏོར་སྐྱོང་ལས་ཆད་མདོ་བྱ་བ་ནི། གཏོར་མ་ལ་དགྲ་བགེགས་འགུགས་བསྟིམས་བྱས་ཏེ་བདུད་རྩིར་དམིགས་ལ། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མིའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང༔ རྒྱུད་གསུངས་གཏེར་དུ་སྦས་དང་བཏོན་པའི་ཚེ༔ སྣང་སྲིད་སོ་སོས་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པ༔ བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ དཀྱུས་ལ་ཕྱག་ལེན་དུ་མི་མཛད་ཀྱང་དྲག་ལས་སོགས་ཀྱི་མཇུག་ཏུ་རྟ་བྲོ་བྱ་བ་ནི། གཏོར་གཞོང་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་པའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་རླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ གནོད་བྱེད་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་མཐར། ཧཱུྃ་ཧཱུྃ་ལཾ་ལཾ་སྟམྦྷ་ཡ་ནན༔ གསུམ་པ་མཆོད་བསྟོད་ནི། མཆོད་པ་ཁ་གསོས་ཏེ། ཨོཾ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་ནས། རྒྱལ་བར་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ རྒྱལ་བ་ཐམས་ཅད་སོགས་ཤློ་ཀ་གཅིག་གིས་བསྟོད། མཆོད་བསྟོད་འདི་ཚེས་བཅུའི་ཚོགས་མཆོད་སོགས་ལ་མཛད་སྲོལ་མེད་དོ། །བཞི་པ་དངོས་གྲུབ་བླང་བ་ནི། ཨེ་མ་ཧོ༔ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ནོངས་བཤགས་བརྟན་བཞུགས་གཞུང་འགྲེལ་གང་དུའང་མ་གསུངས་པས་ཚེས་བཅུའི་ཚོགས་མཆོད་སོགས་ལ་ཕྱག་ལེན་མི་མཛད་ཀྱང་། སྒྲུབ་མཆོད་དང་དབང་སྒྲུབ་ཀྱི་སྐབས་སུ་ཡིག་བརྒྱ་བཟླ་ཞིང་ནོངས་བཤགས་དང་། ཚོགས་མགྲོན་སོགས་བརྟན་བཞུགས་སྤྱི་ལྟར་བྱའོ། །ལྔ་པ་སྨོན་ལམ་ནི། ཨོཾ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ དྲུག་པ་བཀྲ་ཤིས་ནི། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བདུན་པ་བསྐྱེད་རིམ་བསྡུ་ལྡང་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་བཞིན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇལ་བར་འགྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཟུགས་སྣང་ཐམས་ཅད་གསལ་སྟོང་ལྷ་ཡི་སྐུ །སྒྲ་གྲགས་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ །དྲན་རྟོག་ཐམས་ཅད་རང་གྲོལ་ངོས་བཟུང་བྲལ། །དམིགས་མེད་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་ཤོག །ཅེས་བརྗོད་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་བར་བྱའོ། །རྩ་བའི་གཞུང་དང་དཀའ་འགྲེལ་ཡང་འགྲེལ་བཅས། །རིག་འཛིན་བརྒྱུད་པ་དུ་མའི་བཞེད་སྲོལ་གྱི། །སྙིང་པོ་བསྡུས་ཏེ་དད་པས་སྦྱར་ན་ཡང་། །རྨོངས་བློས་ཉེས་ཀུན་རྩ་གསུམ་ལྷ་ལ་བཤགས། །དབང་ལུང་ཐོབ་པས་རྒྱས་བསྡུས་གང་བྱས་ཀྱང་། །འགལ་བ་མེད་པར་རྗེས་སུ་གནང་བའི་མཐུས། །འདིས་ཀྱང་ལུས་ཅན་བྱེ་བ་དུང་ཕྱུར་སྙེད། །པདྨ་འོད་འབར་གོ་འཕང་སྒྲུབ་ནུས་ཤོག །ཆོས་འདིར་འབྲེལ་ཀུན་དག་པའི་ཞིང་གཅིག་ཏུ། །ཐུགས་ཡིད་གཅིག་འདྲེས་འོད་གོང་ཁྱབ་བརྡལ་ཆེ། །ལྷུན་གྲུབ་ཐིག་ལེར་མངོན་པར་འཚང་རྒྱ་བར། །རྡོ་རྗེའི་གསུང་བཞིན་བསླུ་མེད་འགྲུབ་གྱུར་ཅིག །ཅེས་པ་འདིའང་༧ཁྱབ་བདག་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་ཞབས་ཀྱིས་གསེར་གྱི་མེ་ཏོག་བཅས་བཀའི་ཅོད་པན་སྤྱི་བོར་ཕེབས་པ་དད་པས་གཙུག་ཏུ་བཀོད་དེ། པདྨའི་ཞལ་ཚབ་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་ཞིང་ཆོས་འདིའི་རིག་སྔགས་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ། སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པ་དང་རྗེས་སུ་འབྲེལ་བར་གྲུབ་པར་བགྱིས་པ་ཟབ་ཆོས་འདི་ཉིད་ནམ་ཡང་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་་ཅིག །དགེ་ལེགས་འཕེལ།། །།

རེ་མནྟའི་སྐོང་གསོལ་ཅང་ཤེས་ཆར་འབེབ་ (Volume 51, Text 17)

རེ་མནྟའི་སྐོང་གསོལ་ཅང་ཤེས་ཆར་འབེབ་ཡོད། ཧཱུྃ། འགྲོ་བ་ཀུན་ལ་བརྩེ་བའི་ཤཱཀྱ་ཐུབ། །བྱང་ཆུབ་སེམས་དཔའ་ཅང་ཤེས་ཉི་མའི་སྙིང་། ཁྲོ་རྒྱལ་རྟ་མཆོག་པདྨ་ཧེ་རུ་ཀ །རྟ་དྲེལ་རྔོག་ཆགས་སྐྱབས་ཕྱིར་གཤེགས་སུ་གསོལ། །ཉི་མའི་སྲས་པོ་འཕགས་པ་རེ་མནྟ། །རང་འདྲ་ལྔ་བརྒྱའི་འཁོར་དང་བཅས་པ་རྣམས། །རྟ་དྲེལ་རྔོག་ཆགས་འཕེལ་ཞིང་རྒྱས་པའི་ཕྱིར། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་རྟ་ནག་རྟིང་དཀར་ཅན། །སེམས་དཔའ་རྣམ་ཐོས་སྲས་དང་གང་བ་བཟང་། །རྟ་ཡི་སྲུང་མ་གནོད་སྦྱིན་ཀུ་བེ་ར། །རྔོག་ཆགས་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །པད་ཟླ་ཉི་མ་དགྲ་བགེགས་བསྣོལ་བའི་གདན། །ཅང་ཤེས་རྒྱན་ལྡན་ལ་སོགས་ཁྲི་སྟེང་དུ། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཧཱུྃ། འཇིག་རྟེན་འདས་དང་མ་འདས་རྟ་ལྷའི་ཚོགས། ཁྱེད་རྣམས་མཆོད་ཅིང་ཐུགས་དམ་བསྐང་བ་ནི། །འབྲུ་བཟང་བཤོས་གཙང་བདུད་རྩི་སྐྱེམས་ཕུད་བྲན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཀུན་ཏུ་བཟང་པོའི་རྣམ་ཐར་མཆོད་པའི་སྤྲིན། །ཆུ་བཞི་ཉེར་སྤྱོད་ལྔ་དང་འདོད་ཡོན་ལྔ། །ངོ་མཚར་མཆོད་པ་བཅོ་བརྒྱད་རྒྱལ་སྲིད་བདུན། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་དཔག་མེད་རྣམས། །བློ་ཡིས་བླང་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །བཅོམ་ལྡན་ཤཱཀྱ་སེང་གེའི་ཐུགས་དམ་བསྐང་། །ཅང་ཤེས་ཉི་མའི་སྙིང་པོའི་ཐུགས༴ གསང་མཆོག་གཟུངས་སྔགས་རྣམས་ཀྱི་ཐུགས༴ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ལ། །ཚད་མེད་ཐུགས་རྗེས་རྟག་ཏུ་སྲུང་སྐྱོབ་མཛོད། །སྨན་རཀ་གཏོར་མ་ཕྱི་ནང་གསང་མཆོད་ཚོགས། །རིག་མ་བཅུ་དྲུག་ལྟ་སྤྱོད་ཏིང་འཛིན་གྱིས། །བཅོམ་ལྡན་ཁྲོ་རྒྱལ་རྟ་མགྲིན་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་སྲུང་ཞིང་སྐྱོབ་པ་དང་། །གནོད་བྱེད་བཙན་སྲིའི་གནོད་པ་ཟློག་པ་དང་། །རྔོག་ཆགས་རྣམས་ཀྱི་གནོད་བྱེད་ཚར་ཆོད་ཅིག །གཏོར་མ་འབྲུ་སྨན་རིན་ཆེན་དར་ཟབ་དང་། །ཤེལ་རྨོག་བསེ་ཁྲབ་བ་དན་ལྕེ་བརྒྱད་དང་། །རལ་གྲི་འཁོར་ལོ་རྡོ་རྗེ་མདའ་དར་དང་། །རྟ་སྔོན་ངང་པ་སྤུ་མཛེས་རྒྱན་ལྡན་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རྡོ་རྗེ་རེ་མནྟ་ཡི་ཐུགས་དམ་བསྐང་། །དཔལ་རབ་འཆང་བའི་མགོན་པོའི་ཐུགས༴ ཨཱརྻ་རེ་མནྟ་ཡི་ཐུགས༴ གཞོན་ནུ་ཉི་མའི་སྲས་པོའི་ཐུགས༴ ཁྲོ་ཆེན་རེ་མནྟ་ཡི་ཐུགས༴ རང་འདྲའི་འཁོར་ཚོགས་ལྔ་བརྒྱའི་ཐུགས༴ སྟེང་ན་ལྡིང་བ་ཁྱུང་གི་ཐུགས༴ ལོགས་ན་འཇུམ་པ་བྱ་ཁྲའི་ཐུགས༴ མདུན་ན་འགྲོ་བ་སྟག་མོའི་ཐུགས༴ རྒྱབ་ན་འགྱིང་བ་སེང་ཆེན་ཐུགས༴ འཁོར་དང་བཅས་པའི་ཐུགས་དམ་བསྐངས་གྱུར་ནས། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀུན། །དུས་རྣམས་ཀུན་ཏུ་སྲུང་ཞིང་སྐྱོབ་པ་དང་། །འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །སྡོམ་ལྷེབ་ལ་གར་གྲང་བ་ཆུ་འགགས་སོགས། །རྟ་ནད་འཚེར་རྩུབ་ཐམས་ཅད་ཟློག་ཏུ་གསོལ། །གློ་བུར་དགྲ་རྐུན་རྟ་འདྲེ་རྟིལ་སྲི་རྣམས། །བསྐྲད་དང་བཅིང་དང་གསོད་པའི་ཕྲིན་ལས་མཛོད། །དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་དང་། །སྔོན་པོ་ཆུ་རིས་དར་སྣའི་རྒྱལ་མཚན་སོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རྡོ་རྗེ་རྣམ་ཐོས་སྲས་པོའི་ཐུགས་དམ་བསྐང་། །གནོད་སྦྱིན་གང་བ་བཟང་པོའི་ཐུགས་དམ་བསྐང་། །འཁོར་བཅས་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀུན། །འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཞོན་པས་ཕོངས་དང་དབུལ་དང་རྒུད་པ་རྣམས། །ཐམས་ཅད་ཟློགས་ཤིག་སྒྱུར་ཅིག་ཞི་བར་མཛོད། །གོད་འདྲེ་ལྟོག་འགོང་དབུལ་སྲི་ཚར་ཆོད་ཅིག །བཤོས་བུ་སྐྱེམས་ཕུད་འབྲུ་སྣ་དར་ཚོན་དང་། །རྟ་ནག་རྟིང་དཀར་འཇོལ་བེར་རལ་གྲི་དང་། །རུ་མཚོན་ལ་སོགས་དངོས་འབྱོར་ཡིད་སྤྲུལ་གྱིས། །ལྷ་ཆེན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །རྟ་ནག་རྟིང་དཀར་འཆིབས་པའི་ཐུགས༴ ཉི་ཟླ་སྐར་ཆེན་འཕྲོ་བའི་ཐུགས༴ རྟ་བདག་ཀུ་བེ་ར་ཡི་ཐུགས༴ རང་འདྲའི་སྤྲུལ་པ་འབུམ་གྱི་ཐུགས༴ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀུན། །སྲུང་ཞིང་སྐྱོབ་པའི་རྫི་བོ་ཁྱོད་ལ་བཅོལ། །སྔོན་གྱི་དམ་ཚིག་ཐུགས་དམ་དྲན་མཛོད་ལ། །གཞི་བྱེས་ལམ་གསུམ་ཀུན་ཏུ་སྲུང་སྐྱོབ་མཛོད། །རྔོག་ཆགས་རྣམས་ལ་གནོད་པ་ཐམས་ཅད་ཟློགས། །རྟ་འདྲེ་བཙན་སྲི་གནོད་བྱེད་ཚར་ཆོད་ཅིག །ཤཱཀ་ཐུབ་སེམས་དཔའ་ཅང་ཤེས་ཉི་མའི་སྙིང་། །རྟ་མགྲིན་རེ་མནྟ་དང་རྣམ་ཐོས་སྲས། །མགོན་པོ་ཀུ་བེ་ར་རྣམས་བདག་ལ་དགོངས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །ཞོན་པ་ཕོངས་པའི་སྒྲིབ་པ་ཅི་བསགས་པ། །མགོན་པོ་ཁྱེད་རྣམས་སྤྱན་སྔར་འགྱོད་པས་བཤགས། །ཕྱིན་ཆད་མི་བགྱིད་ལེགས་པར་སྡོམ་ལགས་ཀྱིས། །སྔོན་བསགས་ལས་སྒྲིབ་བྱང་བར་བྱིན་གྱིས་རློབས། །མི་སྒྲིབ་ཚངས་པའི་དངོས་གྲུབ་མྱུར་དུ་སྩོལ། །རྐང་བཞི་རྔོག་ཆགས་འཕེལ་བའི་བཀྲ་ཤིས་ཤོག །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཨཱརྻ་རེ་མནྟ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་ནས་སཏྭ་ཨཱཿ ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །འདི་བྲིས་ཉེས་པ་མཆིས་ན་རྟ་ལྷའི་ཚོགས་ལ་བཤགས། དགེ་བས་འགྲོ་ཀུན་རྟ་མཆོག་འགྲུབ་པར་ཤོག །ཅེས་ཨ་རཱ་གས་སྦྱར་བ་མངྒ་ལཾ།། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཚེ་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་གསང་བའི་ཡང་སྙིང་ (Volume 21, Text 17)

༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཚེ་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་གསང་བའི་ཡང་སྙིང་བཞུགས་སོ༔ ྈྈྈྈྈྈྈྈྈ བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཧེ་རུ་ཀ་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་དེ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་སྒོ་ནས་ཚེ་འགུགས་པའི་ཐབས་བསྟན་པ་ནི༔ སྦྱོར་དངོས་གཉིས་ལས༔ དང་པོ་སྦྱོར་བ་ནི༔ མདའ་དར་ཁ་དོག་ལྔ་རིགས་ལྔའི་འབྲང་རྒྱས་ལ་གཟུག༔ དུང༔ གཡུ༔་་་སྐུ་རྟེན། གསེར༔ དངུལ༔་་་ཡོན་ཏན་རྟེན། མུ་མེན༔་་་ཐུགས་རྟེན། བྱེ་རུ༔་་་གསུང་རྟེན། ཁྲབ་བྱང་མིག་དགུ༔་་་ཕྲིན་ལས་རྟེན། གཞན་ཡན་ལག་གི་རྟེན་དུ་གསེར་ཐིག༔ མུ་ཏིག༔ ཟ་འོག༔ སྟག་རས༔ གཟིག་རས༔ སྨན་སྣ་དང་དྲི་བཟང་གི་ཐུམ་བུ༔ མཆོང༔ གཟི་མིག་དགུའམ་གཟི་ཕལ་པ༔ སྤོས་ཤེལ༔ ཤེལ་དཀར༔ མན་ཤེལ༔ པདྨ་རཱ་ག༔ དཀར་ཕྲ་མེན༔ སྤུག༔ འཆིང་བུ༔ མ་ན་ཧོ༔ ཕ་བོང་ལོང་བུ༔ མགྲོན་བུ༔ དར་སྣའི་ལྕེའུ་ལྔ༔ ལེ་བརྒན་དམར་པོ༔ ཐོག་ལྕགས་སོགས་གདགས་ལ༔ ཚེའི་རྟེན་དུ་བཟུང༔ གཏའ་གཏོར་རྐང་གཅིག་གི་དབུས་སུ་འབྱུང་ལྔའི་གཏོར་མའམ༔ དབུས་སུ་གཏོར་མ་གཅིག་ལ་ཚེ་རིལ་གྱིས་བཀང་བར་བཤམས་ལ༔ གཉིས་པ་དངོས་གཞི་ནི༔ མདའ་དར་གཡབ་ཅིང་ཚེ་འགུགས་གྱེར་བ་ནི༔ ཧཱུྃ་ཧྲཱི༔ དབུས་ནས་རང་བྱུང་ཚེ་ཡི་ལྷ༔ བླ་མ་མགོན་པོ་འོད་དཔག་མེད༔ འཆི་མེད་བཅོམ་ལྡན་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ སྤྲུལ་སྐུ་རྒྱལ་བ་རིགས་ལྔའི་ཚོགས༔ ཡང་སྤྲུལ་སེམས་དཔའ་སེམས་མ་སྟེ༔ ཡབ་ཡུམ་སྤྲུལ་འཁོར་ཡང་སྤྲུལ་སོགས༔ ཁྲོ་བོ་དབང་ཆེན་ཧེ་རུ་ཀ༔ ཁྲོ་མོ་གཟི་ལྡན་རལ་གཅིག་མ༔ སྲས་དང་སྤྲུལ་པ་ཁྲོ་བོ་བཅུ༔ ཡང་སྤྲུལ་གྲངས་མེད་བཀའ་ཉན་ཏེ༔ སྐུ་མདོག་ཕྱག་མཚན་རང་རྟགས་གསལ༔ རྒྱན་ཆ་རིན་ཆེན་སྣ་ཚོགས་བརྒྱན༔ ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ནས༔ བདག་ཅག་བླ་ཚེ་མྱུར་དུ་ཁུག༔ སྟེང་ཕྱོགས་ཉི་ཟླའི་ལག་ནས་ཚེ་ཁུག་ལ༔ འོག་ཕྱོགས་ས་བདག་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ཤར་ནས་རང་བྱུང་ཚེ་ཡི་ལྷ༔ ཚེ་ལྷའི་མཚན་ནི་རྡོ་རྗེ་སེམས༔ རིག་མའི་མཚན་ནི་སངས་རྒྱས་སྤྱན། སེམས་དཔའ་ས་སྙིང་བྱམས་པ་དཀར༔ སེམས་མ་ལཱ་སེ་པུཥྤེ་དཀར༔ ཁྲོ་བོ་ཆེན་པོ་ཁམས་གསུམ་རྒྱལ༔ དབྱུག་པ་སྔོན་པོ་འཇིགས་པའི་གཟུགས༔ ཁྲོ་མོ་གཙུག་ཏོར་སྡེར་མོ་གཉིས༔ མ་མོ་ཀཽའུ་རི་པུསྐ་སཱི༔ ཕྲ་མེན་སིཾ་ཧ་བྱ་རྒོད་གདོང༔ དབང་ཕྱུག་དཀར་མོ་མ་བདུན་བཅས༔ མགྱོགས་མ་སྒོ་མ་འཁོར་དང་བཅས༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ ཤར་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ མེ་ལྷའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ལྷོ་ནས་རང་བྱུང་ཚེ་ཡི་ལྷ༔ རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ མཱ་མ་ཀཱི་དང་གཉིས་མེད་འཁྲིལ༔ སེམས་དཔའ་ཀུན་བཟང་ནམ་སྙིང་མཐིང༔ སེམས་མ་མཱ་ལེ་དྷཱུ་པེ་མ༔ ཁྲོ་བོ་གཤིན་རྗེ་མི་གཡོ་མགོན༔ ཁྲོ་མོ་རལ་གཅིག་གཏུན་ཁུང་མ༔ མ་མོ་ཙོའུ་རཱི་ཀསྨ་རཱི༔ ཕྲ་མེན་སྟག་གདོང་ཀང་ཀའི་གདོང༔ དབང་ཕྱུག་སེར་མོ་སྲིང་མོ་བདུན༔ མགྱོགས་མ་སྒོ་མ་འཁོར་དང་བཅས༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ ལྷོ་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ སྲིན་པོའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ནུབ་ནས་རང་བྱུང་ཚེ་ཡི་ལྷ༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ གོས་དཀར་མོ་དང་གཉིས་མེད་འཁྲིལ༔ སེམས་དཔའ་སྤྱན་གཟིགས་འཇམ་དཔལ་དམར༔ སེམས་མ་གཱི་ཏཱི་ཨཱ་ལོ་ཀེ༔ ཁྲོ་བོ་རྟ་མགྲིན་འདོད་པའི་རྒྱལ༔ ཁྲོ་མོ་ཕག་མོ་མདའ་སྙེམས་མ༔ མ་མོ་པྲ་མོ་ཙནྡྷ་ལཱི༔ ཕྲ་མེན་ཝ་གདོང་བྱ་རོག་གདོང༔ དབང་ཕྱུག་དམར་མོ་མཛའ་མོ་བདུན༔ མགྱོགས་མ་སྒོ་མ་འཁོར་དང་བཅས༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ ནུབ་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ ཀླུ་གདོན་ལག་ནས་ཚེ་ཁུག་ལ༔ རླུང་ལྷའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་སྲོག་སྐྱོབས་ཤིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ བྱང་ནས་རང་བྱུང་ཚེ་ཡི་ལྷ༔ དོན་ཡོད་གྲུབ་པ་ཚེ་དཔག་མེད༔ དམ་ཚིག་སྒྲོལ་དང་གཉིས་མེད་འཁྲིལ༔ སེམས་དཔའ་སྒྲིབ་སེལ་ཕྱག་རྡོར་ལྗང༔ སེམས་མ་གནྡྷེ་ནཱིརྟཱི་མ༔ ཁྲོ་བོ་བདུད་རྩི་སྟོབས་པོ་ཆེ༔ ཁྲོ་མོ་རླུང་འབྱིན་སྐྱོད་བྱེད་མ༔ མ་མོ་བཻ་ཏ་སྨ་ཤ་ནི༔ ཕྲ་མེན་སྤྱང་གདོང་འུག་གདོང་མ༔ དབང་ཕྱུག་ལྗང་མོ་བྲན་མོ་བདུན༔ མགྱོགས་མ་སྒོ་མ་འཁོར་དང་བཅས༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ བྱང་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ དབང་ལྡན་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་སྲོག་སྐྱོབས་ཤིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཅེས་དཀྱིལ་འཁོར་གྱི་ལྷ་ཞི་དྲག་གཉིས་མེད་ལ་ཕྲིན་ལས་བཅོལ་བའོ༔ ྀཨཚ༔ གུ་ཧྱ༔ གཉིས་པ་ཚེ་ཡི་ལས་བྱེད་ལྷ་མོ་རྣམས་བསྐུལ་བ་ནི༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡི་དམ་རྟ་མཆོག་ཧེ་རུ་ཀའི༔ བཀའ་ཉན་ལས་བྱེད་ལྷ་མོའི་ཚོགས༔ ནམ་མཁའ་སྟོང་ལ་དབང་སྒྱུར་ཅིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་པའི༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ཤར་ཟླ་འོད་དཀར་པོའི་དཀྱིལ་འཁོར་དུ༔ རྡོ་རྗེ་དཀར་མོ་སྤྱན་ཕྲན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་འཛིན༔ བུམ་པའི་ནང་ཡང་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་བཀང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་རྡོ་རྗེའི་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭ་ཁུག་ཚེ་ཁུག་གཡང་ཁུག་ཅིག༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་ནྲྀ་ལྗང་གུ༔ བུམ་པར་སྟིམས་ལ་རྒྱ་ཡིས་ཐོབས༔ མི་འགྱུར་གཡུང་དྲུང་ཚེ་ཡི་གཏེར༔ མི་ཤིགས་རྡོ་རྗེ་ཚེ་ཡི་གཏེར༔ མི་ནུབ་རྒྱལ་མཚན་ཚེ་ཡི་གཏེར༔ མི་ཟད་རིན་ཆེན་ཚེ་ཡི་གཏེར༔ ཚེ་གཏེར་རྒྱ་དང་བཅས་པ་འདི༔ ཚེ་རྟ་ཞི་ཁྲོའི་ཐུགས་ལ་སྦ༔ ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ༔ ཚེ་མཆོག་དབང་གི་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ལྷོ་ཟླ་འོད་སེར་པོའི་དཀྱིལ་འཁོར་དུ༔ རིན་ཆེན་སེར་མོ་སྤྱན་ཕྲན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་འཛིན༔ བུམ་པའི་ནང་ཡང་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་བཀང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་རིན་ཆེན་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱ་ཁུག་ཚེ་ཁུག་གཡང་ཁུག་ཅིག༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་ནྲྀ་ལྗང་གུ༔ བུམ་པར་སྟིམས་ལ་རྒྱ་ཡིས་ཐོབས༔ མི་འགྱུར་གཡུང་དྲུང་ཚེ་ཡི་གཏེར༔ མི་ཤིགས་རྡོ་རྗེ་ཚེ་ཡི་གཏེར༔ མི་ནུབ་རྒྱལ་མཚན་ཚེ་ཡི་གཏེར༔ མི་ཟད་རིན་ཆེན་ཚེ་ཡི་གཏེར༔ ཚེ་གཏེར་རྒྱ་དང་བཅས་པ་འདི༔ ཚེ་རྟ་ཞི་ཁྲོའི་ཐུགས་ལ་སྦ༔ ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ༔ ཚེ་མཆོག་དབང་གི་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་རྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་བསྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ནུབ་ཟླ་འོད་དམར་པོའི་དཀྱིལ་འཁོར་དུ༔ པདྨ་དམར་མོ་སྤྱན་ཕྲན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་འཛིན༔ བུམ་པའི་ནང་ཡང་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་བཀང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་པདྨའི་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭག་ཁུག་གཡང་ཁུག་ཚེ་ཁུག་ཅིག༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་ནྲྀ་ལྗང་གུ༔ བུམ་པར་སྟིམས་ལ་རྒྱ་ཡིས་ཐོབས༔ མི་འགྱུར་གཡུང་དྲུང་ཚེ་ཡི་གཏེར༔ མི་ཤིགས་རྡོ་རྗེ་ཚེ་ཡི་གཏེར༔ མི་ནུབ་རྒྱལ་མཚན་ཚེ་ཡི་གཏེར༔ མི་ཟད་རིན་ཆེན་ཚེ་ཡི་གཏེར༔ ཚེ་གཏེར་རྒྱ་དང་བཅས་པ་འདི༔ ཚེ་རྟ་ཞི་ཁྲོའི་ཐུགས་ལ་སྦ༔ ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ༔ ཚེ་མཆོག་དབང་གི་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་ཚེ་འགུགས་ཤིང་དམིགས་པས་བསྟིམ་པའོ༔ ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་ལྷ་མོ་ཙནྡྷ་ལཱིའི་གསུངས་ལྟར་པདྨས་བཀོད་པ་རྫོགས་སོ༔ ས་མ་ཡ༔ ྀཨཚ༔ གུ་ཧྱ༔ མནྟྲ༔ སུ་ཏན༔ སྟག་ཤམ་ནུས་ལྡན་རྡོ་རྗེས་སོ།། །།

སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ་ (Volume 58, Text 17)

སྔགས་སྲུང་མའི་གཏོར་འབུལ་ཁྱེར་བདེ་བཞུགས་སོ། །ན་མོ་བཛྲ་དྷཱ་ར་ཡ། འདིར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་བཀའ་སྲུང་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མའི་མཆོད་གཏོར་བྱ་བར་འདོད་པས། གཙང་མའི་སྟེགས་ལ་གཏོར་མ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་ཕུད་རཀྟ་ཉེར་སྤྱོད་ལྔ་སོགས་མཆོད་རྫས་རྣམས་ཚོགས་པར་བྱས་ལ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྦྱང་། མདུན་དུ་ཁྲག་མཚོ་ཀེང་རུས་ཁྲིར༔ པད་ཉིའི་གདན་ལ་ཏྲག་ཡིག་ལས༔ ཨེ་ཀ་ཙཱ་ཏི་སྨུག་ནག་མདོག༔ འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་མ༔ རལ་གཅིག་སྤྱན་གཅིག་ནུ་མ་གཅིག༔ མཆེ་གཅིག་མི་བཟད་ཁྲོ་ཚུལ་ཅན༔ ཕྱག་གཡས་ཞིང་གི་དབྱུག་པ་འཕྱར༔ གཡོན་པས་ཙིཏྟ་ལྕགས་སྤྱང་འགྱེད༔ གཅེར་བུ་དུར་ཁྲོད་རྒྱན་ཆ་དང༔ འཇའ་ཚོན་བེར་དང་སྤྲིན་དཀར་གསོལ༔ བརྐྱང་བསྐུམ་སྟབས་ཀྱིས་གནས་པར་བསྒོམ༔ དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་སྔགས་ཀྱི་སྲུང་མ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་ཁྲོ་མོ་རག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཞེས་སྤྱན་དྲངས། ཏྲག་རཀྴ་ས་མ་ཡ་ཏིཥྛནྟུས་བཞུགས་སུ་གསོལ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་ཞེས་སྨན་རཀ་འབུལ། འབོད་སྔགས་མཐར་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་འབུལ། བསྟོད་པ་ནི། བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་སྤྱན་གཅིག་སྲིད་གསུམ་ཁུང་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཞེས་བསྟོད་ནས། སྔགས་སྲུང་མ་མོ་འཁོར་དང་བཅས་པ་ཡིས༔ གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང༔ བདག་ཅག་འགལ་རྐྱེན་ཀུན་ཞི་མཐུན་པའི་རྐྱེན༔ མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད༔ ཅེས་གསོལ་ཞིང་གཏོར་མ་སྟོབ་པ་དང་བཟོད་གསོལ་གཤེགས་བསྡུ་རྣམས་བྱའོ། །ཞེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་པ་དགེ་ལེགས་འཕེལ་བར་གྱུར་ཅིག། །།

གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཡི། རེག་ཟིག་ཐེ་ཚོམ་ཀུན་སེལ་ཡོད། སྔགས་ཀྱི་གསོ་སྦྱོང་བསྡུས་འབྲིང་རྒྱས་གསུམ་བྱ་ཚུལ་གྱི་ཟིན་བྲིས་ (Volume 67, Text 17)

གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཡི། རེག་ཟིག་ཐེ་ཚོམ་ཀུན་སེལ་ཡོད། སྔགས་ཀྱི་གསོ་སྦྱོང་བསྡུས་འབྲིང་རྒྱས་གསུམ་བྱ་ཚུལ་གྱི་ཟིན་བྲིས་ལ། བཅས་གཤོམ་རྒྱས་པ་ཡིག་ཆུང་དུ་གསལ་བ་ལྟར་དང་། བསྡུས་འབྲིང་ལ། རྒྱབ་ཏུ་ཐུགས་སྒྲུབ་ཀྱི་དཔལ་གཏོར་དང་། མདུན་དུ་གཏེར་གསར་ན་རག་དོང་སྤྲུག་གི་རྨད་བྱུང་གཏོར་མ་གཉིས་སུ་གོང་གཏོར་འདུས། ཞི་ཁྲོའི་གཏོར་མ་ལྷ་གྲངས་གཞུང་བཞིན་དགོས། བཀའ་སྲུང་དམ་ཅན་གཏོར་ཆོག་ཁོ་ནས་འཐུས། ༈ འདོན་ཚུལ་བསྡུས་པ་ལ་ཕྲིན་ལས་སྙིང་པོ་ལྟར་གྲུབ་ནས། ཞི་ཁྲོའི་ལྷ་བསྐྱེད་ཚང་མ་དང་། དབང་བསྐུར་བྱིན་རླབས་ལ་སྔགས་རྐྱང་པ། སྤྱན་འདྲེན་ལ་རང་རིག་ཧཱུྃ་སྔོན་དང་། ཐུགས་རྗེའི་ལྕགས་ཀྱུས། མཆོད་པ་ལ་སྔགས་རྣམས་དང་། བསྟོད་པ་ལ་ཞི་བསྟོད་ཁྲོ་བསྟོད་གཉིས། ཞི་ཁྲོའི་ཛཔ྄་བསྐུལ་དམིགས་པ་དང་། རྟོག་སྒྲིབ་སྦྱོང་བ། འཁོར་བ་དོང་སྤྲུག །ཡེ་ཤེས་ལྷ་ཚོགས་ཀྱིས་ཛཔ྄་བསྟོད་བྱ། རྣམ་བུམ་ཁྲུས་བུམ་གཞུང་བཞིན་བསྒྲུབ། གསོལ་ཁ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས།སོགས་རྐྱང་པས་འཐུས། གསོ་སྦྱོང་དངོས་ལ་གཏེར་གཞུང་གི་དགོངས་པ་ལྟར། ཡེ་ཤེས་སྐུ་མཆོག་གི་སྙན་གསན་དབབ་ནས། དགའ་ཆེན་ཁྱོད་བདག་ལན་གསུམ་གྱིས་གསོལ་བ་གདབ། སྤྱི་བཤགས་ཚར་གསུམ། རིགས་ལྔའི་སྡོམ་གཟུང་། བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་དམ་ཆུ་འཐུང་། ལུས་ཀྱི་བཤགས་པ་ལ་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་བ། ངག་གི་བཤགས་པ་ལ་རྡོར་སེམས་སྒོམ་བཟླས་དང་སྨྲེ་བཤགས་འདོན། ཡིད་ཀྱི་བཤགས་པ་ལ་ལྟ་བའི་ཀློང་བཤགས། སྒོ་གསུམ་ཐུན་མོང་གི་བཤགས་པ་ལ་དམ་ཚིག་ཉེར་བརྒྱད་པ། སྒོ་གསུམ་གྱི་ཁྲུས་བསྡུས་པ། ཚོགས་མཆོད་གཏེར་གཞུང་ལྟར་ལ་བསྐང་བ་མི་སྦྱར། མཎྜལ་ས་གཞི་སྤོས་ཆུས། ཆས་ཞུགས་མི་དགོས། བྱིན་དབབ། སྒོ་གསུམ་དངོས་འཛིན་མི་དམིགས་པར༔ སོགས་ཐོད་ཕྲེང་རྩལ་ལ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ བཏགས་པ་བརྗོད། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། བྱང་ཆུབ་རྡོ་རྗེས་སོགས་ལན་གསུམ་གྱིས་གསོལ་བ་འདེབས། ལུས་དང་རྩའི་ཉམས་པ་གསོ་ཕྱིར་གཏོར་མའི་བསྐང་བ། བུམ་དབང་གཏེར་གཞུང་གི་ཚིག་བཅད་རྐྱང་པ། རླུང་དང་ངག་གི་ཉམས་པ་གསོ་ཕྱིར་རཀྟའི་བསྐང་བ། གསང་དབང་གཏེར་གཞུང་ཚིགས་བཅད། ཡིད་དང་ཐིག་ལེའི་ཉམས་པ་གསོ་ཕྱིར་བདུད་རྩིའི་བསྐང་བ། ཤེར་དབང་ཚིགས་བཅད། ཀུན་གཞི་ཡེ་ཤེས་ཀྱི་ཉམས་པ་གསོ་ཕྱིར་མར་མེའི་བསྐང་བ། ཚིག་དབང་གཏེར་གཞུང་། སྐུ་གསུང་ཐུགས་དབང་བཞག་ལ། ཧཱུྃ༔ བསྐང་ངོ་ཀལྤས་སོགས་ཀྱིས་འཁོར་གསུམ་དམིགས་མེད་ཀྱི་བསྐང་བ་བྱ། གཏོར་དབང་ཚིགས་བཅད་གཏེར་གཞུང་ལྟར་དང་ཐོད་ཕྲེང་རྩལ། ཞི་ཁྲོའི་སྤྱི་སྔགས་མཐར་བ་ལིངྟ་བཏགས་པས་དབང་ལེན། དམ་བཅའ་ཉེར་བརྒྱད་རྣལ་འབྱོར་དབང་པོ་བཞག །བཀའ་དྲིན་དྲན་པས་བླ་མ་རྡོ་རྗེ་རྒྱལ་པོ་སོགས་བྱ། ཚོགས་ལ་རོལ། དུས་གསུམ་སངས་རྒྱས་དང་ཡིག་བརྒྱ་འདོན། སྨོན་ལམ་དང་གླུ་རྣམས་བཞག །མར་མེའི་སྨོན་ལམ་འདོན། བླ་མ་རིག་འཛིན་སོགས་ཀྱིས་སྨོན་ལམ་བཏབ་ལ། ལྷག་མ་བྱིན་རླབས་སྔགས་རྐྱང་པ་འདོན། གཏེར་གཞུང་ལྟར་ལྷག་མ་བསྔོ། ཆད་བརྟན་རྟ་བྲོ་མི་དགོས། རྗེས་ཆོག་བསྡུ་རིམ་བསྡུས་པ་བྱ་བས་འཐུས་སོ།། །། ༈ འབྲིང་པོ་ལ་ལས་བྱང་འབྲིང་བསྡུས་སྐབས་དང་སྦྱར་ཞིང་། བཤགས་པའི་ཚེ། སྤྱི་བཤགས་ཀྱི་རྗེས་སུ་རྩ་ལྟུང་བཅུ་བཞིའི་བཤགས་པ་འདོན། ཚོགས་ཀྱི་ཚེ་བསྐང་བ་གཡུ་ཞལ་མ་འདོན་དགོས། དབང་གི་སྐབས་སུ་དབང་བཞིའི་བཤགས་པའང་བྱ། སྐུ་གསུང་ཐུགས་དབང་ཡང་ལེན། དམ་བཅའ་རྣལ་འབྱོར་དབང་པོ་འདོན། བདག་ལུས་ཕུང་ཁམས་སོགས་ཀྱིས་སྨོན་ལམ་བྱ། མར་མེའི་སྨོན་ལམ་སོགས་བསྡུས་པ་ཅི་ལྟ་བ་ལ། ལས་བྱང་ཕྲིན་ལས་འབྲིང་པོ་སྔོན་དུ་སོང་བ་ཡིན་ན་ཆད་བརྟན་འདོན། ཕྲིན་ལས་སྙིང་པོ་ལྟར་བཏང་ན་ཆད་བརྟན་མི་སྦྱར་རོ།། །། ༈ རྒྱས་པ་ནི་གཞུང་གསལ་ལྟར་ཆོག་སྒྲིག་ཚང་བ་ལ། བྱིན་རླབས་བཅུ་གཅིག་ཚང་བའམ། རྔ་དང་ཕྲེང་བ་ཕུར་བུ་བྱིན་རླབས་གསུམ་སྦྱར། བསང་ཆུ་བྱིན་རླབས་རང་གཞུང་དུ་བཀོད་ཡོད་པ་ལྟར་རོ། །དེ་ཡང་དང་པོ་རྒྱལ་ཚབ་པས་ཡིག་བརྒྱ་བཟླས་ཤིང་ཁྲུས་བྱ། དཔོན་སློབ་ཀུན་གྱིས་ཡིག་བརྒྱ་བཟླས་ཤིང་ཕྱག་བཙལ་ནས་གདན་ལ་འཁོད། ལེའུ་བདུན་མ་སོགས་ཆོས་སྤྱོད་གང་འོས་བྱ། གསོལ་ཀའང་རྒྱས་པར་འདོན། ཚོགས་སྐབས་ཚོགས་ཕྲིན་གདབ་པ་རྒྱས་པར་གྲུབ་ན་ལེགས་སོ།། །། ༄༅། །ཞི་ཁྲོའི་སྒོམ་དོན་གྱི་མི་བརྗེད་ཐོ་ལ། ཐུགས་ཀྱི་སྒྱུ་འཕྲུལ་ལ་གཙོ་བོ་རྡོར་སེམས་ཡིན་ཡང་། འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་རྒྱུད་ཀྱི་དགོངས་པ་ལྟར། གཙོ་བོ་ཀུན་བཟང་གི་མདུན་དུ་རྡོར་སེམས་ཡིན་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་གསུངས་པ་ལྟར་རོ། །ཞལ་ཕྱག་སྤྲོ་བའི་སྐབས་སྒྱུ་འཕྲུལ་བཀའ་མ་ལའང་རྒྱས་འབྲིང་བསྡུས་གསུམ་ཡོད་གསུངས་པ་ལྟར། འདིར་འབྲིང་པོ་དང་མཐུན་ཡང་གསལ་མ་ཐེབ་ན་ཞལ་གཅིག་ཕྱག་གཉིས་སྒོམ་ཡང་རུང་མོད། རིགས་ལྔའི་ཕྱག་མཚན་རྡོར་སེམས་ལ་གསལ་བར་གསུངས་ནས། གཞན་འཁོར་ལོ་ལ་སོགས་གསུངས་པ་ནི། རིགས་བཞིའི་གཡས་དང་པོར་རང་རྟགས་ཀྱི་ཕྱག་མཚན་སོང་བའི་ཤུལ་དུ་རྡོ་རྗེ་སྤོ་བའི་ཁྱད་པར་རོ། །ཤར་གྱི་ཁྱམས་ལ་ཀུན་བཟང་ཡབ་མཐིང་ག་ཕྱག་གཡས་སྟེང་དང་གཡོན་འོག་དུ་བྱས་པའི་མཉམ་གཞག །ཁྱམས་ཀྱི་ནུབ་ལ་ཀུན་བཟང་ཡུམ་མཐིང་ག་གཡོན་སྟེང་གཡས་འོག་གི་མཉམ་གཞག་ཕྱག་རྒྱ་ཅན། འདི་གཉིས་སྐུ་གཅེར་བུ་ཡིན་པས་ན་ཡབ་ཡུམ་ཉེར་བརྒྱད་ཅེས་དམིགས་ཀྱིས་བསལ་ནས་གསུངས་པའོ། །ལྷ་བཞི་བཅུ་ཞེ་གཉིས་པོ་ཐམས་ཅད་ལ་ལྷག་པའི་ལྷ་དགུ། རྩ་བའི་ལྷ་དང་བཅུ་སྒོམ་པ་ཡིན་ཞིང་། དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་གཉིས་ལ་གནས་ལྷ་སྒོམ་ཞིང་། ཁྱམས་ཀྱི་བྱ་བྱེད་ཡབ་ཡུམ་གཉིས་ལ་གནས་ལྷ་སྒོམ་མི་དགོས་པར་གཏེར་ཆེན་མཆོག་གིས་གསུངས། ཁྲག་འཐུང་ཁྲོ་བོ་རྣམས་ལ་ཡེ་ཤེས་སེམས་དཔའ་མ་གཏོགས་པའི་ཡན་ལག་གི་ལྷ་བརྒྱད་ཞི་ཁྲོ་ཐུན་མོང་ཡིན་པས་ཞི་བ་ལྟར་སྒོམ་ཆོག །དབང་ཕྱུག་ཉེར་བརྒྱད་ལ་ཕྱི་ནང་གསང་བ་གསུམ་དུ་གསུངས་ཏེ། སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས། ཕྱི་ཡི་མཁའ་འགྲོ་རང་རྒྱུད་མ། །ནང་གི་མཁའ་འགྲོ་ཁྲོ་མོར་སྟོན། །གསང་བའི་སྤྲུལ་པ་མགོ་བརྙན་མ༑ །བཀའ་རྟགས་རྡོ་རྗེ་རང་རྟགས་འཆང་། །ཞེས་གསུངས་པ་ལས། སྐབས་འདིར་ནང་ལྟར་ཁྲོ་མོ་བསྒོམ་པར་གསུངས། ལྷ་རྣམས་ཀྱི་ཀླད་པ་དུང་ཁང་གི་ནང་དུ་ཟླ་བ་ལ་ཨོཾ་དཀར་པོ་ལས་རྣམ་སྣང་དཀར་པོ་འཁོར་ལོ། མགྲིན་པའི་དབུས་སུ་པདྨ་ལ་གནས་པའི་ཨཱཿདམར་པོ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ། ཐུགས་ཀའི་ཡེ་ཤེས་སེམས་དཔའི་མདུན་དུ་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་དེ་གསུམ་ཀ་ལོངས་སྐུའི་ཆ་བྱད་ཅན། ལྷ་སོ་སོའི་ཙིཏྟའི་ནང་ངམ་གོ་སར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ། དེའི་ཐུགས་ཀར་རང་གི་ཕྱག་མཚན་གྱི་ལྟེ་བར་ཞི་བ་ལ་ཟླ་བ་ཁྲོ་བོ་ལ་ཉི་མ་གང་ཡིན་གྱི་གདན་ལ་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ། །དབང་སྐུར་སྐབས་སུ་ཆུའི་ལྷག་མ་ཡར་ལུད་པ་ལས་རང་རིགས་བདག་པོར་གྱུར་པའི་་་་རིགས་གང་ཡིན་སོ་སོའི་ཕྱག་རྒྱ་ཅན་ནོ།མཆན།རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན། ཕུང་པོ་ལྔ་རིགས་ལྔར་དག་པའི་ང་རྒྱལ་བྱ། རིགས་བདག་རིགས་ལྔ་ཡབ་ལ་ཡབ་ལྔ། ཡུམ་ལ་ཡུམ་ལྔ། གནས་དང་ཡུལ་གྱི་མ་མོ་བཅུ་དྲུག །སྒོ་མ་བཞི་བཅས་ཁྲོ་མོ་ཉི་ཤུ་ལ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་དང་། དབང་ཕྱུག་ཉེར་བརྒྱད་ལ་དྲག་པོའི་ལས་མཛད་པའི་རྟགས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེས་དབུ་བརྒྱན་པར་བསྒོམ་མོ། །སེམས་དཔའ་སུམ་བརྩེགས་ལ་སྤྱིར་བཏང་དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ། དེ་ལའང་རྒྱས་འབྲིང་བསྡུས་གསུམ་གྱིས། རྒྱས་སྐབས་གོང་དུ་བཤད་པ་ཞི་ཁྲོ་གང་ཡིན་གྱི་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རང་རང་གི་ཕྱག་མཚན་ས་བོན་གྱིས་མཚན་པ། འབྲིང་པོར་ཡེ་སེམས་ཀྱི་ཐུགས་ཀར་ཟླ་ཉི་གང་ཡིན་ལ་ས་བོན་བཀོད་པ། བསྡུས་པར་དམ་ཚིག་གི་སེམས་དཔའ་བདག་མདུན་གྱི་ལྷའི་ཐུགས་ཀར་ཡེ་སེམས་ཀྱི་ངོ་བོ་ལྷ་རང་རང་གི་ཕྱག་མཚན། དེའི་ལྟེ་བར་ཏིང་འཛིན་སེམས་དཔའ་ས་བོན་བསྒོམ་པ་སོགས་སྣ་ཚོགས་ཡོད་ཀྱང་། འདི་སྐབས་གུ་རུའི་ཐུགས་ཀར་ཞི་བ་ཞེ་གཉིས་པོ་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་གནས་པ་སྟེ། དཔེར་ན་དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་ལ་མཚོན་ན། དམ་ཚིག་པ་ཀུན་བཟང་ཡབ་ཀྱི་ཐུགས་ཀར་རང་འདྲའི་ཡེ་སེམས་ཀུན་བཟང་རྒྱན་དང་ཕྱག་མཚན་སྤངས་པ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཟླ་བའི་སྟེང་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཡེ་ཤེས་ལྔ་མཚོན་པའི་ཨཱོྃ་ཡིག་མཐིང་ག་ལ་བོ་དྷི་ཙིཏྟས་བསྐོར་བ། ཡུམ་ལ་རང་འདྲའི་ཡེ་སེམས་ཀྱི་ཐུགས་ཀར་ཕྱག་མཚན་མེད་པར་ཟླ་བ་ལ་སྐྱེ་མེད་མཚོན་པའི་ཨ་ཐུང་ངུ་མཐིང་གའི་མཐར་བོ་དྷི་ཙིཏྟས་བསྐོར་་་་ཞལ་ནང་བསྟན་གཡོན་དུ།མཆན།ཏེ་ཐམས་ཅད་ལ་རིགས་འགྲེས་སོ། །ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ ཐུགས་སྲོག་མཐའ་མར་ཡི་གེ་བརྒྱ༔ ཞེས་པ་འདི་ཞི་ཁྲོ་ན་རག་དོང་སྤྲུག་གི་མཚན་གཞི་མན་ངག་གི་ཁྱད་ཆོས་ཡིན་ཞིང་སྒྲིབ་སྦྱོང་ལ་གལ་ཤིན་ཏུ་ཆེ་བར་གསུངས་པས། འདི་སྐབས་ཞི་ཁྲོ་ཀུན་ལ་ཡབ་རྣམས་ཀྱི་ཐུགས་ཀར་རྡོར་སེམས་ཡབ་རྐྱང་་་་རང་རང་གི་ཡེ་ཤེས་སེམས་དཔའ་གནས་འགྱུར་བ།མཆན།དཀར་པོ་རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པ། ཡུམ་རྣམས་ཀྱི་ཐུགས་ཀར་་་སོ་སོའི་ཡེ་ཤེས་སེམས་དཔའ་གནས་འགྱུར་ཚུལ་གྱིས།མཆན།དབྱིངས་ཕྱུག་མ་སྙེམས་མ་དཀར་མོ་རྡོར་དྲིལ་ཅན་ཏེ། ཡབ་ཡུམ་གཉིས་ཀའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོའི་མཐར། ཡི་གེ་བརྒྱ་པ་་་ཡབ་རྣམས་ལ།དཀར་པོ་ཞལ་ངོ་ཕྱིར་བསྟན་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་་་ཡུམ་རྣམས་ལ་ཞལ་ནང་བསྟན་གཡས་སུ་བཀོད་པ་གཡོན་དུ་འཁོར་བ་ཡིན།མཆན།གསལ་བས་རྟོག་སྒྲིབ་སྦྱོང་བ་དང་། ན་རག་དོང་སྤྲུག །འཁོར་བ་དོང་སྤྲུག་གི་དམིགས་པ་རྣམས་གཞུང་གསལ་ལྟར་བསྒོམ་ཞིང་། གནང་བའམ་དབྱུགས་དབྱུང་བསྩལ་བ་དེ་ནི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་ཐམས་ཅད་ཀྱིས་དུས་གཅིག་ལ་འུར་དིར་གྱིས་གསུངས་པར་བསམ་པའོ། །ཞེས་པ་འདི་ཡང་མཁྱེན་བརྩེ་ནུས་པའི་བདག་ཉིད་ལྷ་ལུང་གསུང་སྤྲུལ་རིན་པོ་ཆེས་བསྐུལ་བ་དང་། རྣལ་འབྱོར་པ་པདྨ་རང་གྲོལ་བཟང་པོས་འདོན་ལུགས་སྒོམ་དོན་ཀུན་ལ་ཐེ་ཚོམ་མེད་ཅིང་ཡིད་སྟོན་འཕེར་བ་ཞིག་དགོས་ཞེས་ནན་ཏན་ཆེན་པོའི་གསུང་ངོ་ལྡོག་མ་ཕོད་པར་རང་གིས་གང་ཤེས་གྲོགས་མཆེད་ནང་ལུགས་སུ་གཏེར་སློབ་འདུལ་འཛིན་པས་སྙེ་མོ་ཀླུ་སྡིངས་སུ་སྔགས་ཀྱི་གསོ་སྦྱོང་སྐབས་སུ་བྲིས་པ་ས་མ་ཡ་བི་ཤུདྡྷ་ཝརྡྷནྟུ། སརྦ་དཱ་ཀ་ལྱཱ་ནཾ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ནོར་སྒྲུབ་རིན་ཆེན་བུམ་བཟང་དང་འབྲེལ་བའི་བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས་རིན་ཆེན་དྲྭ་བ་ (Volume 50, Text 17)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ནོར་སྒྲུབ་རིན་ཆེན་བུམ་བཟང་དང་འབྲེལ་བའི་བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས་རིན་ཆེན་དྲྭ་བ་བཞུགས་སོ། ། ཨོཾ་སྭསྟི། རབ་འབྱམས་ཞིང་དུ་བདེ་ཆེན་རྡོ་རྗེའི་སྐུ། །འཕོ་མེད་ཉིད་ཀྱང་ཟུང་འཇུག་རོལ་པའི་གར། །སྐལ་ལྡན་དྭངས་པའི་རྒྱ་མཚོར་གཟའ་སྐར་བཞིན། །སྲིད་པ་མི་འདོར་པདྨ་སཾ་བྷས་སྐྱོངས། །ཉིད་ལས་མི་གཞན་ཉིད་ཀྱི་སྒྱུ་འཕྲུལ་ལས། །འགྲོ་ལ་བརྩེ་བའི་སྙིང་རྗེའི་སྤྲིན་ཆེན་གྱིས། །གང་ལ་འཚམ་པའི་གྲུ་ཆར་བསྙིལ་མཁས་པའི། །གཏེར་ཆེན་བླ་མའི་ཞབས་རྡུལ་སྤྱི་བོར་མཆོད། །གང་ལ་བརྟེན་ན་འདོད་འབྱུང་བ། །བུམ་པ་བཟང་པོའི་ཆོས་ཉིད་ཕྱིར། །རིན་ཆེན་དྲྭ་བས་སྤྲས་འདི་ཡང་། །རྫོགས་ལྡན་ལང་ཚོ་ངོམ་ཕྱིར་སྤེལ། །དེའང་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་རིག་འཛིན་བླ་མ་ནོར་ལྷའི་སྒོ་ནས་གཏེར་ཆེན་པོའི་བུམ་པ་བཟང་པོ་དང་འབྲེལ་བའི་བཀྲ་ཤིས་གཏེར་བུམ་ལྷན་ཅིག་བཅའ་སྒྲུབ་བགྱི་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས་དང་པོ་ནི། གནས་དབེན་པར་དུས་བཟང་པོར་རིན་པོ་ཆེའི་རིགས་སམ་རྫ་ལས་བྱས་པའི་བུམ་པ། གཙོ་བོར་ཚད་འབྲུ་ཁལ་གཅིག་གམ་ཞོ་གཅིག །ཐ་ནའང་ཡུལ་གྱི་བྲེ་གང་ཤོང་པ། གཞན་རྣམས་ཀྱང་དེས་མཚོན་གཙོ་འཁོར་གྱི་རྣམ་པ་ཕྱེ་ལ། གཙོ་བུམ་ཁ་དོག་དམར་སེར་གྱི་སྟེང་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་སོགས་ཀྱི་རི་མོ་དང་། གཞན་རྣམས་སོ་སོའི་རང་མདོག་ལ་རྟགས་བརྒྱད་སོ་སོར་བྲི། མ་འཛོམས་ན་ཐམས་ཅད་རྩི་དཀར་པོར་རུང་ཞིང་མདུན་དུ་རྟགས་ཀྱི་ཚུལ་གཙོ་བུམ་ལ་ནོར་བུ་མེ་འབར་ཙམ་དང་གཞན་རྣམས་ལ་རྟགས་བརྒྱད་གོང་བཞིན་བྲི། དར་རས་རྒྱ་ཤོག་གང་རུང་ལ་གསེར་དངུལ་མཚལ་སོགས་ཇི་ལྟར་འབྱོར་བས་འཁོར་ལོ་རྣམས་གཏེར་གཞུང་དང་གསལ་བྱེད་ལས་འབྱུང་བ་ལྟར་ལ། ཞལ་ཤེས་འབྱུང་ལྔའི་ཙཀྲ་ཚར་དགུ་བཅས་སོ་སོའི་རྫས་དང་། གཞན་ཡང་བུམ་པའི་ནང་གཞུག་རྫས་སོགས་སྙིང་བྱང་གཞུང་དུ་གསུངས་པ་བཞིན་ཚང་བར་བྱ། འཁོར་ལོ་རྫས་ལྡན་དེ་རྣམས་སྟེགས་དབུས་བཀྲམ་ལ་མཆོད་པས་བསྐོར། སྦྱོང་ཁྲུས་ནས་བསྐྱེད་བསྟིམ་རབ་གནས་སོགས་གྲུབ་ན་ཤིན་ཏུ་ལེགས། བསྡུ་ན་ཡོ་བྱད་དང་བཅས་པ་ལ་སྦྱོང་ཁྲུས་ཙམ་ནི་ངེས་པར་དགོས། གང་ལྟར་བཟང་ཤིང་ལས་བྱས་པའི་སྲོག་ཤིང་དྲི་བཟང་གིས་སྦགས་པར་འབྲུ་གསུམ་སྙིང་པོས་མཚན་པ་ལ་འཁོར་ལོ་བལྟབས་ཤིང་གདམ། དར་སྣ་ཚོགས་ཀྱིས་བཀླུབས་ཏེ་བུམ་པ་རེ་རེ་བཞིན་ནང་འབྱུང་ལྔའི་གདན་འཁོར་རེ་བཀྲམ་པའི་དབུས་སུ་སྲོག་ཤིང་འཁོར་ལོ་ཅན་རེ་གཟུགས། འབྱུང་ལྔའི་ཙཀྲ་གཅིག་ལས་མ་འབྱོར་ཚེ་གཙོ་བུམ་དུ་བཀྲམ། གོང་གི་སོ་སོའི་རྫས་སོགས་འབྲུ་སྨན་གྱིས་བུངས་བསྐྱེད་པ་ལག་ཚགས་དམ་པས་ལེགས་པར་བཀང་། རྡོ་ཤིང་གང་རུང་གིས་ཁ་བཅད་དེ་རས་དཀར་ཐུམ་གྱིས་གཡོགས་ལ་ཚོན་སྐུད་ཀྱིས་དཀྲི། སྤྲོ་ན་སླར་ཡང་སྦྱོང་ཁྲུས་དང་སྤོས་རོལ་བཅས་བུམ་པ་རྣམས་གདན་དྲངས་ཏེ་དཀྱིལ་འཁོར་བསྐོར་བ་སོགས་ཀྱིས་མངའ་དབུལ་བའམ། བསྡུ་ན་འོག་ནས་སྦྱོང་ཁྲུས་ས་བཅད་ཙམ་འབྱུང་བས་སྤོས་ཀྱིས་བདུག །འདིང་དཀྱིལ་པདྨ་འདབ་བརྒྱད་ཀྱི་སྟེང་དབུས་དང་ཕྱོགས་མཚམས་མ་འཆོལ་བ་མངོན་རྟོགས་ལྟར་བཀོད་ལ་དབུ་རྒྱན་དང་གཟུངས་རྡོར་གྱིས་སྤྲས། བུམ་པ་གཅིག་ཏུ་བསྡུ་ན་འབྱུང་ལྔ་ཙཀྲ་གཅིག་གིས་འཐུས་ཤིང་སྲོག་ཤིང་གཅིག་ལ་གཙོ་འཁོར་ནས་གཟུང་འཁོར་ལོ་རྣམས་རིམ་བཞིན་མ་འཆོལ་བར་བཅིངས་ཏེ་ན་བཟའ་དང་ཚུལ་གཞན་རྣམས་གོང་ལྟར་བྱ། ཤིན་ཏུ་བསྡུ་ན་འཁོར་ལོར་བཀོད་པའི་སྔགས་རྣམས་ཕྲེང་བྲིས་ཀྱི་སྔགས་བྱང་ཤོག་དྲིལ་བྱས་ཏེ་བཅུག་པར་ཡང་གསུངས། གཞན་ཡང་བུམ་པའི་ཁ་བསྒྱུར་རྫས་སྔགས་རྣམས་སྙིང་བྱང་གཞུང་དུ་གསལ་བར་འདོར་ལེན་གང་བྱས་ནོར་བུམ་རྐྱང་སྒྲུབ་དང་ལས་ཚོགས་བཅས་ཀྱི་སྐབས་རྣམས་ཕྱེད་པར་གཅེས། བདག་བསྐྱེད་བླ་མ་ནོར་ལྷ་དང་འབྲེལ་ཞིང་ཕྲིན་ལས་ཀྱི་ཆིངས་དེ་ཉིད་ཀྱིས་གཞུང་བསྲང་བ་ཕྱག་བཞེས་ཡིན་པས་དེའི་གཏོར་མ་ནོར་བུམ་ཅན་འདི་སྐབས་དོར་ནས་ཐུགས་སྒྲུབ་རྩ་བའི་དཔལ་གཏོར་བཅའ་བའི་ལུགས་སྲོལ་ཙམ་ལས་གཞན་དེར་བཤད་པའི་ཡས་ཆས་གཏོར་མཆོད་དང་། ཚོགས་ཀྱི་ཡོ་བྱད་སྤོས་མར་མེ་སོགས་བརྒྱ་རྩ། སྤྱན་གཟིགས་རྒྱས་སྤྲོས། གཞན་ཡང་ཁྲུས་བུམ་ཆས་འཛོམས། འབྲུ་དཀར་གྱི་མེ་ཏོག་དང་མཎྜལ། སྦྱོང་ཆས་སོགས་འདུ་བྱའོ།། །།གཉིས་པ་དངོས་གཞི་ལ་གཉིས་ཀྱི། དང་པོ་བདག་བསྐྱེད་ནོར་སྒྲུབ་རིན་ཆེན་བུམ་བཟང་རྒྱུད་འདེབས་ནས་གཟུང་སྔོན་འགྲོ་བཀར་ཡས་སོགས་དང་། དངོས་གཞི་ཕྱག་རྒྱ་བསྐྱེད་པ་ནས་བསྟོད་པའི་རྗེས། ཛཔ྄་ཁང་དབྱེ་བ་དོར་ཏེ་བཟླས་པ་རྣམས་ཉུང་ཤས་རེ་གྲུབ་ནས། ཁྲུས་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ བཅོམ་ལྡན་སྨེ་བ་བརྩེགས་པ་དང༔ དག་བྱེད་འབྱུང་ལྔའི་ལྷ་མོ་བཅས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་ནས་འོད་ཟེར་འཕྲོས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་ཡོངས་གང་གྱུར༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་སྦྲེལ་ཏེ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། མཆོད་བསྟོད་བཟོད་གསོལ་རྣམས་བྱ། རྟེན་སྙིང་བརྒྱ་རྩས་འབྲུ་དཀར་བྱིན་གྱིས་བརླབས་ནས། མདུན་རྟེན་བགེགས་བསལ་ཁྲུས་ཀྱིས་སྦྱོང་བ་ནི། གཏོར་མ་རྣམས་སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་གཡས་སུ་བསྐོར་ཞིང་། སརྦ་བིགྷྣཱན་ན་མཿསོགས། གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱཿ ཞེས་ཞི་བས་སྦྱང་། ཆངས་བུ་ཏིང་ལོ་གཡོན་དུ་བསྐོར་ལ། ཨོཾ་སུམྦྷ་སོགས་ཧཱུྃ་བཞི་བརྗོད་པས་ཞི་དྲག་ཕྱེད་མས་སྦྱང་། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་ལས་ཀྱི་ཧེ་རུ་ཀ་སྨེ་བ་བརྩེགས་པའི་སྐུར་གྱུར་པར་བསམ་ལ་ཧཱུྃ་མཛད་ཀྱི་རྒྱ་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་མི་མཐུན་པའི་ཕྱོགས་སྦྱོང་ཞིང་ལེགས་པའི་ཚོགས་སྤེལ་བ་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གཞན་དུ་འགྲོ་བར་གྱིས། གང་དག་མི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཅིག །ཅེས་གཏོར་མ་ཕྱིར་དོར། དྲག་སྔགས་བཟླས་ལ་ཐུན་གྱིས་བྲབ་ཅིང་གུ་གུལ་བདུག །རོལ་མོའི་ཚམ་རྔམ་བཅས་ཀྱིས་བསྐྲད་པ་ནི་དྲག་པོའི་སྦྱོང་བའོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། རྟེན་རྣམས་མེ་ལོང་ངོགས་སུ་ཤར་བ་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཧཱུྃ༔ བཀྲ་ཤིས་བུམ་པའི་བདུད་རྩིའི་ཆུས༔ བདེ་བར་གཤེགས་པའི་གསང་གསུམ་ལ༔ གུས་པས་བསྙེན་བཀུར་བགྱིས་པ་ཡིས༔ བདག་ཅག་ཉོན་མོངས་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཇི་ལྟར་བཅོམ་ལྡན་བལྟམས་པའི་ཚེ༔ ལྷ་རྣམས་བདུད་རྩིའི་ཁྲུས་གསོལ་ལྟར༔ ཡེ་ཤེས་དག་པའི་ཆུ་རྒྱུན་གྱིས༔ དེང་འདིར་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རྒྱལ་བ་རྣམས་ཀྱི་རྟེན་མཆོག་ལ༔ ཙང་ཞིང་བཀྲུ་བ་མི་མངའ་ཡང༔ བདག་ཅག་སྒོ་གསུམ་སྒྲིབ་སྦྱང་ཕྱིར༔ རྡོ་རྗེ་བདུད་རྩིས་ཁྲུས་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་ཁྲུས་གསོལ། གཙང་ཞིང་མཛེས་པ་ལྷ་ཡི་གོས༔ བཟང་པོའི་དྲི་ངད་ལྡན་པ་འདིས༔ རྒྱལ་བའི་རྟེན་མཆོག་ཕྱིས་པ་ཡིས༔ བདག་ཅག་སྒྲིབ་གཉིས་དག་གྱུར་ཅིག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛྙཱ་ན་ཀཱ་ཡ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ༔ ཅེས་དྲི་བཟང་གིས་ཡིག་འབྲུ་ལྔ་བྲིས་པའི་ཁྲུས་རས་ཀྱིས་སྐུ་ཕྱིས། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ།། །།གཉིས་པ་མདུན་བསྐྱེད་ལ་བདུན་ལས། དང་པོ་མདུན་རྟེན་རྣམས། ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་ལ་ལྷ་བསྐྱེད་པ་ནི། ཨ། བདག་ཉིད་ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས། །སྣོད་བཅུད་དངོས་འཛིན་ཐམས་ཅད་དབྱིངས་སུ་སྦྱངས། །སྟོང་གསལ་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །བྷྲཱུྃ་ལས་བུམ་པ་་་་མཚན་ཉིད་ཡོངས་རྫོགས་ནང་།མཆན།དབུས་མའི་ནང་ཉིད་དུ། །རིན་ཆེན་ནོར་བུ་སྣ་ཚོགས་གཞལ་མེད་ཁང༔ ཡངས་ཤིང་རྒྱ་ཆེ་ངོ་མཚར་བཀོད་པས་མཛེས༔ ལྟ་ན་ལྷུན་སྡུག་བཀྲ་ཤིས་ཕོ་བྲང་ཆེར༔ དབུས་ཉིད་དྭངས་མ་འོད་ལྔར་འཁྲུགས་པའི་ཀློང༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿལས་འོད་ཟེར་སྤྲོ་བསྡུའི་ཆོ་འཕྲུལ་གྱིས༔ འཁོར་འདས་དྭངས་མའི་བཅུད་ཀུན་གཅིག་ཏུ་བསྡུས༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ མ་ཧཱ་གུ་རུ་པདྨ་སམ་བྷ་བ༔ འདོད་རྒུའི་མཆོག་སྩོལ་སྐྱེས་མཆོག་ཚུལ་བཟང་རྩལ༔ ནོར་ལྷ་བྱེ་བའི་དབང་ཕྱུག་ཆེན་པོར་བཞེངས༔ གསེར་མདོག་བརྗིད་ཆགས་མཚན་དཔེའི་གཟི་བྱིན་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་བཅས་པའི༔ ཁམས་གསུམ་དབང་སྡུད་རིན་ཆེན་རྒྱལ་མཚན་བསྣམས༔ གཡོན་པས་མཉམ་གཞག་རིན་ཆེན་ཟ་མ་ཏོག༔ འདོད་རྒུའི་དངོས་གྲུབ་མ་ལུས་ཆར་དུ་འབེབ༔ དབུ་ལ་རབ་མཛེས་པཎ་ཞུ་དམར་པོ་དང༔ སྐུ་ལ་གསང་བའི་ན་བཟའ་མཐིང་གའི་སྟེང༔ ཆོས་གོས་གསུམ་གསོལ་བེར་ཆེན་སྨུག་པོས་བཀླུབས༔ ཞབས་ཟུང་མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་བཅིངས༔ དེ་ཡི་ཕྱི་རོལ་པདྨའི་འདབ་མ་ལ༔ ཤར་དུ་རྡོ་རྗེའི་ནོར་བདག་ཛམྦྷ་ལ༔ དཀར་གསལ་རྡོ་རྗེའི་བེ་ཅོན་ནེའུ་ལེ་འཛིན༔ ལྷོ་རུ་རིན་ཆེན་ནོར་བདག་ཛམྦྷ་ལ༔ གསེར་མདོག་དབང་གི་རྒྱལ་པོ་ནེའུ་ལེ་འཛིན༔ ནུབ་ཏུ་པདྨའི་ནོར་བདག་ཛམྦྷ་ལ༔ དམར་གསལ་པདྨའི་ལྕགས་ཀྱུ་ནེའུ་ལེ་འཛིན༔ བྱང་དུ་ལས་ཀྱི་ནོར་བདག་ཛམྦྷ་ལ༔ ལྗང་ནག་ཐོད་ཁྲག་དང་ནི་ནེའུ་ལེ་འཛིན༔ ཀུན་ཀྱང་ཤ་རྒྱས་གསུས་ཁྱིམ་མཆོག་ཏུ་ཆེ༔ འཛུམ་ཞིང་ཁྲོ་ལ་སྒེག་པའི་ཉམས་འགྱུར་ཅན༔ དར་དང་རིན་ཆེན་པདྨའི་ཕྲེང་བས་བརྒྱན༔ ཞབས་གཉིས་བཞེངས་སྟབས་ནོར་སྐྱུག་ཕོ་མོ་བརྫིས༔ སྐུ་ལས་སྐྱེས་པའི་འོད་ཀྱི་ཀློང་ན་བཞུགས༔ ཤར་ལྷོར་ལྷ་ཡི་ནོར་བདག་ཚོགས་ཀྱི་དབང༔ དཀར་གསལ་གླང་གདོང་ལ་ཕུག་ནོར་བུ་བསྣམས༔ ལྷོ་ནུབ་མི་ཡི་ནོར་བདག་ནོར་གྱི་རྒྱུན༔ གསེར་མདོག་མཆོག་སྦྱིན་འབྲས་ཀྱི་སྙེ་མ་བསྣམས༔ ནུབ་བྱང་ཀླུ་ཡི་ནོར་བདག་རིག་བྱེད་མ༔ དམར་གསལ་པདྨའི་ལྕགས་ཀྱུ་ཞགས་པ་བསྣམས༔ བྱང་ཤར་གནོད་སྦྱིན་ནོར་བདག་རྣམ་ཐོས་སྲས༔ ལྗང་སེར་རིན་ཆེན་རྒྱལ་མཚན་ནེའུ་ལེ་བསྣམས༔ ཀུན་ཀྱང་རང་རང་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས༔ ཞི་རྒྱས་དབང་དྲག་འབར་བའི་ཉམས་དང་ལྡན༔ དེ་ཡི་ཕྱི་རོལ་མཚམས་ཀྱི་གྲྭ་བཞི་རུ༔ ཤར་ལྷོར་དབྱིག་གི་ནོར་བདག་ནོར་བུ་བཟང༔ དཀར་སེར་ཡིད་བཞིན་རིན་ཆེན་ནེའུ་ལེ་འཛིན༔ ལྷོ་ནུབ་ཅང་ཤེས་ནོར་བདག་རེ་མནྟ༔ གསེར་འོད་ཤེལ་གྱི་རལ་གྲི་ནེའུ་ལེ་འཛིན༔ ནུབ་བྱང་ཟས་གོས་ནོར་བདག་གནོད་སྦྱིན་དམར༔ དབང་མདོག་མདུང་དར་རིན་ཆེན་ནེའུ་ལེ་འཛིན༔ བྱང་ཤར་རྐང་བཞིའི་ནོར་བདག་ཀུ་བེ་ར༔ མཐིང་ནག་རལ་གྲི་དང་ནི་ནེའུ་ལེ་འཛིན༔ ཀུན་ཀྱང་ནོར་བུའི་གོ་ཁྲབ་བརྗིད་པར་བགོས༔ རིན་ཆེན་རྒྱན་ཕྲེང་དར་གྱི་ན་བཟས་བཀླུབས༔ རང་རང་མདོག་མཚུངས་རྟ་མཆོག་རྒྱན་ལྡན་བཅིབས༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་རུ༔ ཤར་ཕྱོགས་འཇིག་རྟེན་ནོར་བདག་ཡུལ་འཁོར་སྲུང༔ དཀར་གསལ་ཞི་བའི་ལས་མཛད་པི་ཝཾ་སྒྲེང༔ ལྷོ་ཕྱོགས་འཇིག་རྟེན་ནོར་བདག་འཕགས་སྐྱེས་པོ༔ མཐིང་ནག་དྲག་པོའི་ལས་མཛད་རལ་གྲི་འཕྱར༔ ནུབ་ཕྱོགས་འཇིག་རྟེན་ནོར་བདག་སྤྱན་མི་བཟང༔ དམར་གསལ་ཁམས་གསུམ་དབང་སྡུད་སྦྲུལ་ཞགས་འཆིང༔ བྱང་ཕྱོགས་འཇིག་རྟེན་ནོར་བདག་ངལ་བསོས་པོ༔ གསེར་མདོག་རྒྱས་པའི་ལས་གྲུབ་བེ་ཅོན་གདེངས༔ ཀུན་ཀྱང་མཛེས་ཤིང་བརྗིད་ཆགས་རྒྱན་གྱིས་སྤྲས༔ གཞན་ཡང་གཞལ་ཡས་བར་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང༔ ལྷ་ཀླུ་གནོད་སྦྱིན་ནོར་བདག་བྱེ་བས་བསྐོར༔ འདོད་རྒུའི་ཆར་འབེབ་དབུལ་བའི་གདུང་བ་སེལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ དྲག་ཤུལ་ཐབས་ཀྱིས་གདོན་བགེགས་ཚར་གཅོད་པའི༔ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱར་བཞེངས༔ ཞེས་ནོར་བུམ་རྐྱང་པའི་སྐབས་དང་། བཀྲ་ཤིས་གཏེར་བུམ་དང་སྦྲེལ་བའི་སྐབས། ཕྱོགས་བཞི་མཚམས་བརྒྱད་བུམ་པ་རུ༔་་་་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་དུ།མཆན། ཤར་དུ་གཙུག་ཏོར་གདུགས་དཀར་པོ༔ དཀར་གསལ་གདུགས་དཀར་ཞགས་པ་འཛིན༔ བཀྲ་ཤིས་གདུགས་ཀྱི་ལྷ་མོ་དཀར༔ ཕྱག་གཡས་རིན་ཆེན་གདུགས་འཛིན་པ༔ གྲངས་མེད་ཉི་ཟེར་རྡུལ་བཞིན་འཕྲོ༔ ལྷོ་རུ་འཇམ་དཔལ་གཞོན་ནུ་སེར༔ རལ་གྲི་དང་ནི་པུསྟི་འཛིན༔ བཀྲ་ཤིས་གསེར་ཉའི་ལྷ་མོ་སེར༔ གསེར་ཉ་འཛིན་པ་གྲངས་མེད་འཕྲོ༔ ནུབ་ཏུ་འཕགས་མ་ནོར་རྒྱུན་ལྗང༔ མཆོག་སྦྱིན་རིན་ཆེན་སྙེ་མ་འཛིན༔ བཀྲ་ཤིས་གཏེར་བུམ་ལྷ་མོ་ལྗང༔ བུམ་པ་འཛིན་པ་དཔག་མེད་སྤྲུལ༔ བྱང་དུ་རིགས་བྱེད་སྒྲོལ་མ་དམར༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ བཀྲ་ཤིས་པདྨའི་ལྷ་མོ་དམར༔ པདྨ་འཛིན་པ་མཐའ་ཡས་འཕྲོ༔ ཤར་ལྷོར་ནོར་འཛིན་སྒྲོལ་མ་སེར༔ ཕྱག་གཉིས་མཆོག་སྦྱིན་དུང་དཀར་འཛིན༔ བཀྲ་ཤིས་དུང་གི་ལྷ་མོ་དཀར༔ དུང་དཀར་འཛིན་པ་བསམ་མི་ཁྱབ༔ ལྷོ་ནུབ་ཚེ་དཔག་མེད་མགོན་དམར༔ ཚེ་བུམ་དཔལ་བེའུས་མཚན་པ་འཛིན༔ བཀྲ་ཤིས་དཔལ་བེའུའི་ལྷ་མོ་སེར༔ དཔལ་བེའུ་འཛིན་པ་གྲངས་མེད་སྤྲུལ༔ ནུབ་བྱང་རྒྱལ་མཚན་རྩེ་མོ་སེར༔ ཕྱག་གཉིས་རལ་གྲི་སྡིགས་མཛུབ་མཛད༔ བཀྲ་ཤིས་རྒྱལ་མཚན་ལྷ་མོ་སྔོ༔ རྒྱལ་མཚན་འཛིན་པ་གྲངས་མེད་སྤྲུལ༔ བྱང་ཤར་ཡིད་བཞིན་འཁོར་ལོ་དཀར༔ ཡིད་བཞིན་ནོར་བུ་འཁོར་ལོ་འཛིན༔ བཀྲ་ཤིས་འཁོར་ལོའི་ལྷ་མོ་སེར༔ གསེར་འཁོར་ཐོགས་པ་བསམ་ཡས་སྤྲུལ༔ བཀྲ་ཤིས་ལྷ་མོ།་་་ཀུན་ཀྱང་གཡོན་པས་ནོར་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང༔ ཁྱད་པར་དབྱིངས་ཕྱུག་ཡུམ་ལྔ་ལས༔ འབྱུང་བ་ལྔ་ཡི་ལྷ་མོ་ནི༔ ནམ་མཁའི་ལྷ་མོ་སྐུ་མདོག་སྔོ༔ ཕྱག་གཉིས་ཆོས་འབྱུང་ནོར་བུ་བསྣམས༔ ས་ཡི་ལྷ་མོ་སྐུ་མདོག་སེར༔ ཕྱག་གཉིས་རི་རབ་ནོར་བུ་བསྣམས༔ ཆུ་ཡི་ལྷ་མོ་སྐུ་མདོག་དཀར༔ ཕྱག་གཉིས་ཆུ་དཀྱིལ་ནོར་བུ་བསྣམས༔ མེ་ཡི་ལྷ་མོ་སྐུ་མདོག་དམར༔ ཕྱག་གཉིས་མེ་ཕུང་ནོར་བུ་བསྣམས༔ རླུང་གི་ལྷ་མོ་སྐུ་མདོག་ལྗང༔ ཕྱག་གཉིས་བ་དན་ནོར་བུ་བསྣམས༔ གྲངས་མེད་ཉི་ཟེར་རྡུལ་བཞིན་འཕྲོ༔ གཞན་ཡང་སྤར་སྨེ་ལོ་ཟླ་ཚེས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་དང༔ ས་བདག་དཀར་ཕྱོགས་སྐྱོང་བ་ཀུན༔ མངོན་སུམ་བཞིན་དུ་འཁོད་པར་གསལ༔ ཞེས་དང་། གང་ལྟར་ཡང་། སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་པ་དབབ་ཅིང་བསྟིམ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་དུས་བདེ་གཤེགས་རབ་འབྱམས། རྩ་གསུམ་ནོར་ལྷ་རྒྱ་མཚོའི་ངོ་བོར་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཡ་ཛཿ སྤོས་རོལ་བཅས། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་བ༔ རབ་འབྱམས་རྩ་གསུམ་ནོར་ལྷའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་། གཏེར་བུམ་ཡོངས་རྫོགས་སྐབས། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་འཇིག་རྟེན་སྐྱོང་བ་རྣམས༔ མཆོད་པའི་གནས་འདིར་སྤྱན་འདྲེན་ན༔ དགྱེས་པར་དགོངས་ནས་རྟེན་ལ་བཞུགས༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི༔ གང་ལྟར། ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧྲཱི༔ ཡིད་འོང་ཕོ་བྲང་མཛེས་པའི་གཞལ་ཡས་དབུས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ བླ་མ་རྩ་གསུམ་ནོར་ལྷའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་ཡེ་ཤེས་པ་རྣམས་རྟེན་དམ་ཚིག་པར་དབྱེར་མེད་དུ་བསམ་པ་ནི་བསྟིམ་པའོ། །གསུམ་པ་ཕྱག་འཚལ་བ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅན་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རྩ་གསུམ་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་མཆོད་པ་ལ་མཆོད་རྫས་རྣམས། རཾ་ཡཾ་ཁཾ༔ སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཨཱ༔ བྷྲཱུྃ་ལས་གནས་ཁང་པདྨོ་བཀོད་པའི་ཞིང༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས༔ ཏྲཱཾ་ཡིག་ཡོངས་གྱུར་རྒྱན་གྱི་བྱེ་བྲག་དང༔ ཧྲཱིཿལས་ཀུན་བཟང་ཕྱི་ནང་གསང་མཆོད་སྤྲིན༔ རྒྱུན་མི་ཆད་པ་ནམ་མཁའ་མཛོད་ཀྱི་གཏེར༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ༔ མངྒ་ལ་ཀ་ལ་ཤཿཔཉྩ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ཁྱད་པར་བུམ་པའི་ནང་གི་རྫས་རྣམས་ཀུན༔ འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ༔ གང་ལ་གང་བཞེད་དེ་བཞིན་འཆར་བ་ཡི༔ འདོད་རྒུའི་ལོངས་སྤྱོད་ཕུན་ཚོགས་དཔག་མེད་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་བཅས་ཀྱིས་བྱིན་བརླབ། མཆོད་པ་འབུལ་བ་དངོས་ལས། ལྷ་རྫས་ཕྱི་ཡི་མཆོད་པ་ནི། ཧཱུྃ་ཧྲཱི༔ རབ་འབྱམས་རྩ་གསུམ་ནོར་ལྷའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་གསལ༔ བྱུག་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀ་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཁྱད་པར་རྟེན་འབྲེལ་རྫས་ཀྱི་མཆོད་པ་ནི། ཨོཾ༔ གླིང་བཞིར་དབང་མཛད་འཁོར་ལོས་སྒྱུར་རྣམས་ཀྱི༔ དཔལ་གྱི་འབྱོར་པ་ཆེན་པོ་རིན་ཆེན་བདུན༔ བླ་མ་རྩ་གསུམ་ནོར་ལྷའི་ཚོགས་ལ་འབུལ༔ བཞེས་ནས་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ༔ རྒྱལ་བའི་ཚོགས་གཉིས་ལས་བྱུང་མཚན་དཔེའི་དཔལ༔ ཀུན་ཏུ་དགེ་བའི་བཀྲ་ཤིས་རྟགས་མཆོག་བརྒྱད༔ བླ་མ་རྩ་གསུམ་ནོར་ལྷའི་ཚོགས་ལ་འབུལ༔ བཞེས་ནས་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཥྚ་མངྒ་ལཾ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ༔ སྔོན་ཚེ་རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་པའི༔ བཀྲ་ཤིས་འབྱོར་པ་སྤེལ་བའི་རྫས་མཆོག་བརྒྱད༔ བླ་མ་རྩ་གསུམ་ནོར་ལྷའི་ཚོགས་ལ་འབུལ༔ བཞེས་ནས་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་མངྒ་ལཾ་ཀུ་རུ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ༔ བཀྲ་ཤིས་ཡིད་འོང་གཏེར་གྱི་བུམ་པ་ཆེ༔ འདོད་པའི་ཡོན་ཏན་མི་ཟད་ནམ་མཁའི་མཛོད༔ འཇིག་རྟེན་འཇིག་རྟེན་འདས་པའི་མགྲོན་རྣམས་ལ༔ འབུལ་ལོ་བཞེས་ནས་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་མངྒ་ལཾ་ཀ་ལ་ཤཿསརྦ་པཱུ་ཛི་ཏེ་ཨཱཿཧཱུྃ༔ གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་དང༔ ལྷ་ཀླུ་མི་ཡི་དཔལ་འབྱོར་ཐམས་ཅད་ཀུན༔ བླ་མ་རྩ་གསུམ་ནོར་ལྷའི་ཚོགས་ལ་འབུལ༔ བཞེས་ནས་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས་ཁཾ་སྭཱ་ཧཱ༔ རྨད་བྱུང་ནང་གི་མཆོད་པ་ནི། ཧཱུྃ་ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་མཆོག༔ བདེ་སྟོང་ཆགས་མེད་རཀྟའི་མཆོད་པ་ཆེ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ འཁོར་འདས་དྭངས་བཅུད་ཁམས་གསུམ་ཆགས་པའི་ཁྲག༔ ཟག་མེད་བདེ་བ་ཆེན་པོར་བཞེས་སུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་ཁཱ་ཧི༔ བདུད་རྩིའི་ཐིགས་གཏོར་ཞིང་། ཚེ་དཔག་མེད་མགོན་གར་དབང་སྤྱན་རས་གཟིགས། །གུ་རུ་པདྨ་བཀའ་བབས་མི་དགུ་དང་། །ནུས་ལྡན་རྣམ་གཉིས་ཆོས་རྒྱལ་ཡབ་སྲས་ལ། །སྨན་མཆོད་འབུལ་ལོ་འདོད་རྒུའི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །བརྒྱུད་འཛིན་ཆོས་བདག་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་འདོད་རྒུའི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཡིད་བཞིན་དབང་རྒྱལ་བླ་མ་ནོར་ལྷའི་ཚོགས། །མཁའ་འགྲོ་དམ་ཅན་དཀར་ཕྱོགས་སྐྱོང་བའི་ལྷ། །སྣང་སྲིད་བླ་མའི་དཀྱིལ་འཁོར་ཤར་པ་ལ། །སྨན་མཆོད་འབུལ་ལོ་འདོད་རྒུའི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ མཐེབ་སྲིན་ཉི་ཟླའི་གྭའུ་སྦྱར་བ་ཡིས༔ ལྷ་ཚོགས་དངོས་གྲུབ་བདུད་རྩིའི་འབྲུ་གསུམ་པོ༔ བླངས་ཏེ་རྡོ་རྗེ་ལྕེ་ཡི་ཧཱུྃ་ལས་བརྒྱུད༔ ལུས་ཀུན་གང་བས་ཡེ་ཤེས་རྒྱས་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ྄་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཧཱུྃ་ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ བླ་མ་རྩ་གསུམ་ནོར་ལྷའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཀ་དག་གསང་བའི་མཆོད་པ་ནི། ཨོཾ༔ ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས༔ བདེ་ཆེན་དགྱེས་བསྐྱེད་འཁྲུལ་པ་བསྒྲལ་བའི་སྤྲིན༔ ཡེ་ནས་མཆོད་དང་མཆོད་ཡུལ་དམིགས་གཏད་བྲལ༔ རང་བྱུང་ལྷུན་གྲུབ་མཆོད་པ་ཆེན་པོ་འོ༔ ཏ་ན་ག་ཎ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ལྔ་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ བསོད་ནམས་ཡོངས་རྫོགས་སྦྱིན་པའི་ཕ་རོལ་ཕྱིན༔ འདོད་རྒུའི་མཆོག་སྩོལ་དངོས་གྲུབ་ཆར་བཞིན་འབེབ༔ རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་བ༔ ཡིད་བཞིན་རེ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔ རིགས་བཞིའི་ནོར་བདག་ཨཱརྻ་ཛམ་བྷ་ལ༔ ལྷ་མི་ཀླུ་དང་གནོད་སྦྱིན་དབང་སྡུད་པའི༔ ཚོགས་བདག་ནོར་རྒྱུན་ཀུ་རུ་ཀུལླེ་དང༔ རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ རིན་ཆེན་ཅང་ཤེས་ཟས་གོས་ཕྱུགས་ཀྱི་བདག༔ གནོད་སྦྱིན་སྡེ་དཔོན་ཆེན་པོའི་ཚོགས་རྣམས་དང༔ འཇིག་རྟེན་ཀུན་ལ་དབང་བསྒྱུར་རྒྱལ་ཆེན་བཞི༔ རབ་འབྱམས་ནོར་ལྷའི་དཀྱིལ་འཁོར་ལྷ་ལ་བསྟོད༔ བཀྲ་ཤིས་གཏེར་བུམ་སྐབས་བསྟོད་པའི་ཁྱད་པར་ནི། བཀྲ་ཤིས་གཏེར་གྱི་བུམ་པའི་གཞལ་ཡས་སུ༔ འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་ལྷ༔ མ་ལུས་རྒྱལ་བ་འདུས་པའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་བཀྲ་ཤིས་དགེ་ལེགས་སྩོལ༔ གང་ལྟར་ཡང་། དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔ བདག་སོགས་འགྲོ་ཀུན་སེར་སྣའི་སྒྲིབ་པ་ཞི༔ ལོངས་སྤྱོད་རྒྱས་ཤིང་ཁམས་གསུམ་དབང་དུ་འདུས༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ དྲུག་པ་ཛཔ྄་ལ། ཧཱུྃ་ཧྲཱི༔ རིག་འཛིན་ནོར་ལྷའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ྄་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་གཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབས༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ ཅེས་རོལ་མོ་དང་བཅས་ཀྱིས་བསྐུལ་ལོ། །ཛཔ྄་དམིགས་ནི་གཟུངས་ཐག་འཇུས་ལ། བདག་གི་ཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དེ་དག་སྐུ་ལས་ཐུགས་རྗེའི་འོད༔ དཔག་ཡས་འཇིག་རྟེན་ཁམས་ཀུན་ཁྱབ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ ཁམས་གསུམ་བརྟན་གཡོའི་དྭངས་མའི་བཅུད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སོགས༔ མདོར་ན་འཁོར་འདས་དགེ་མཚན་ཀུན༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ འཇའ་འོད་ཐིག་ལེའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ སྲིད་ཞི་ཀུན་ལ་དབང་སྒྱུར་བའི༔ ཡེ་ཤེས་ཆེན་པོའི་དབྱིག་ཏུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ སརྦ་ཨ་ནྲྀ་ཏྲི་པུཎྱེ་དྷ་ནཾ་མེ་དྷི་རཏྣ་བཱ་སུ་སིདྡྷི་སྡུས་སྡུས་པཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་གཙོ་སྔགས་དང་། འཁོར་སྔགས་རྒྱས་སྐབས། ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ བདེ་གཤེགས་རིགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ་མ་ལུས་པ་སྡུས་སྡུས་པཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་རཏྣ་ཛམྦྷ་ལ་ཏྲཱཾ་སྭཱ་ཧཱ༔ རིན་ཆེན་རིགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་པདྨ་ཛམྦྷ་ལ་ཧྲཱིཿསྭཱ་ཧཱ༔ པདྨའི་རིགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔ ལས་ཀྱི་རིགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་གཾ་ག་ཎ་པ་ཏི་སྭཱ་ཧཱ༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་གི་དངོས་གྲུབ་མ་ལུས་པ་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་བཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ བར་ཕྱོགས་མི་ཡི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱ༔ འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་བཻཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ བྱང་ཕྱོགས་གནོད་སྦྱིན་གྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ བང་མཛོད་དབྱིག་གི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་ཨཱརྻ་རེ་མནྟ་ཡ་སྭཱ་ཧཱ༔ ཅང་ཤེས་རྟ་ཡི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་བཻ་ཧྲཱིཿསྭཱ་ཧཱ༔ ཟས་གོས་བཅུད་ཀྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ༴ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ དབུལ་བའི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་དུས་འཁྲུགས་སྲུང་བ་ལ་དམིགས་ན་སྔགས་མཐར། ཡུལ་ཕྱོགས་ཐམས་ཅད་ལ་ཕས་ཀྱི་རྒོལ་བ་དུས་ཀྱི་འཁྲུག་པ་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་བཻ་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ལྟོག་འདྲེ་དབུལ་སྲི་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ འཁོར་སྔགས་རྣམས་བསྡུ་ན། ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སརྦ་ཡཀྵ་བཱ་སུ་པ་ཏིཿལོ་ཀ་པཱ་ལ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ སརྦ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། བཀྲ་ཤིས་གཏེར་བུམ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་ཧཱུྃ་ཕཊ྄་སྭཱ་ཧཱ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཨོཾ་མངྒ་ལཾ་ཙྪ་ཏྲཾ་ག་ཨཱཿཧཱུྃ༔ གནས་ཁང་ལུང་པ་ཡུལ་ཕྱོགས་འདིར་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ༔ རཀྵ་རཀྵཿ ཨོཾ་ཧྲཱིཿདྷཱི་མ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱི་སྭཱ་ཧཱ། ཨོཾ་མངྒ་ལཾ་ཉ་ཚ་ཨཱཿཧཱུྃ༔ ཕྱོགས་འདིར་གནས་པ་ཐམས་ཅད་ཀྱི་བློ་དང་ཤེས་རབ་དང་སྟོབས་རྩལ་ཕུན་སུམ་ཚོགས་པ་སརྦ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་བཾ་བཱ་སུ་དྷཱ་རི་ཎཱི་མ་ཧཱ་ནི་དྷི་སརྦ་སིདྡྷི་ཧཱུྃ༔ ཨོཾ་མངྒ་ལཾ་ཀ་ལ་ཤཿཨཱཿཧཱུྃ༔ གནས་འདིར་འདོད་རྒུའི་གཏེར་གྱི་དངོས་གྲུབ་ཐམས་ཅད་པུཥྚིཾ་ཨོཾ༔ ཨོཾ་ཀུ་རུ་ཀུལླེ་སརྦ་ལོ་ཀ་ཤྲཱི་ཝཱ་ཤཾ་ཀུ་རུ་ཧོ༔ སརྦ་སིདྡྷི་ས་མ་ཡ་ཧྲཱིཿསྭཱ་ཧཱ༔ ཨོཾ་མངྒ་ལཾ་པདྨ་ཨཱཿཧཱུྃ༔ གནས་འདིར་ཁམས་གསུམ་བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་ཏཱཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་ཀིརྟི་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་མངྒ་ལཾ་ཤཾ་ཁ་ཨཱཿཧཱུྃ༔ གནས་འདིར་བདག་པོའི་སྙན་གྲགས་མངའ་ཐང་སྲིད་པ་གསུམ་དུ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱཧཱ། ཨོཾ་མངྒ་ལཾ་ཤྲཱི་ཛངྨ་ཛ་ཨཱཿཧཱུྃ༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཧཱུྃ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ ཨོཾ་མངྒ་ལཾ་དྷྭ་ཛ་ཨཱཿཧཱུྃ༔ གནས་འདིར་རྟེན་དང་བརྟེན་པར་བཅས་པ་མི་མཐུན་པའི་རྒོལ་བ་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་སརྦ་ལོ་ཀ་ཤྲཱི་སིདྡྷི་སིདྡྷི་ཀུ་རུ་ཨོཾ༔ ཨོཾ་མངྒ་ལཾ་ཙཀྲ་ཨཱཿཧཱུྃ༔ གནས་འདིར་ཆོས་དང་སྲིད་ཀྱི་མངའ་ཐང་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ མཱུཾ་ཨེ་མ་མ་སལ་སལ་ཁཾ་ཁཾ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་ནམ་མཁའི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ ལཱཾ་ལཾ་མ་མ་སུ་སུ་ཏང་ཏང་ཀུང་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་ས་ཡི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ མཱཾ་བཾ་མ་མ་སོ་སོ་ཏ་ཏ་ཀར་ཡེ་ཁར་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་ཆུ་ཡི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ པཱཾ་རཾ་མ་མ་ཛྭ་ཛྭ་རཾ་རཾ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་མེ་ཡི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ ཏཱཾ་ཡཾ་མ་མ་ཀང་ཀང་ཕེ་ཊ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་རླུང་གི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ འཿཨཿཤཿསཿམཿཧཿམ་མ་ཀོ་ལིང་ས་མནྟ་ཨ༔ ཏདྱ་ཐཱ༔ ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ བ་ཧ་བ་ཧ་སྭཱ་ཧཱ༔ ཨོཾ་སརྦ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ྄་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་དེ་བ་རཱ་ཛ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཱ་ཡུ་རཱ་ཛ༔ ཀྵོ་བྷ་ཀྵོ་བྷ༔ པ་ཙ་ན་ཏ་ཡ་སྭཱ་ཧཱ༔ གནས་ཁང་དང་ཡུལ་ཕྱོགས་འདི་ཐམས་ཅད་དུ་འབྱུང་བ་བཞིའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྱུང་བ་བཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ འབྱུང་བ་བཞིའི་དྭངས་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ འབྱུང་བཞི་འཁྲུགས་པའི་ནད་གདོན་བགེགས་རིགས་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཨོཾ་ཨཥྚ་མངྒ་ལཾ་ཨཱཿཧཱུྃ༔ ཞེས་བཟླས་པ་དེ་དག་ཇི་ལྟར་འཚམ་པས་ཅི་འགྲུབ་བྱའོ། །བདུན་པ་བསོད་ནམས་ཀྱི་དངོས་གྲུབ་ཐོབ་པ་ལ་ཚོགས་རྫོགས་དགོས་པར་གསུངས་པས་མཆོད་པ་སྤྱིར་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་མངྒ་ལཾ་ཀ་ལ་ཤཿསརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེས་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔ རྩ་གསུམ་ནོར་ལྷའི་ལྷ་ལ་ཕྱག་འཚལ་བསྟོད༔ ནོངས་བཤགས་ནི། ཨོཾ༔ རྩ་གསུམ་ནོར་ལྷའི་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ བྱིང་རྒོད་འཆལ་བར་གྱུར་པ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་ལན་གསུམ། ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང་། ཁྱད་པར་ཐལ་མོ་སྦྱར་ལ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེ༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང༔ ཚེ་དང་བསོད་ནམས་འཕེལ་བ་དང༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་ཉེས་སེལ་སྔགས་འདི་བཟླ༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མ་སངྒྷཱཿཡ༔ ན་མོ་གུ་རུ་བྷྱ༔ ན་མོ་དེ་ཝཱ་ཡ༔ ན་མོ་དྷཱ་ཀི་ནཱི་ཡེ༔ ཏདྱ་ཐཱ༔ ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷུ་ཏཱ་ཡ༔ ཨོཾ་ཝཱ་གི་ཤྭ་རི་མུཾ་ཧྲཱིཿཧཱུྃ་སྭཱ་ཧཱ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སརྦ་གྲ་ཧ་ནཀྵ་ཏྲ་མ་ཧཱ་བྷཱུ་ཏ་ཨ་པ་ཀཱ་ར་ཤ་མ་ཤ་མ་པྲ་ཤ་མ་ཤ་མནྟུ་སྭཱ་ཧཱ༔ ཨོཾ་ཨ་མ་ལེ་བི་མ་ལེ་ནིརྨ་ལེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་འབྱུང་ལྔའི་གྲིབ་སེལ་སྔགས་ཀྱང་བཟླ། བསྡུ་ན། ཨོཾ་ཨ་ཀ་ནི་སོགས། གང་ལྟར། ཉི་མ་ཐམས་ཅད་དགེ་བ་ཡིན༔ རྒྱུ་སྐར་ཐམས་ཅད་བཟང་བ་ཡིན༔ སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ༔ དམ་པའི་ཆོས་ནི་འདོད་ཆགས་བྲལ༔ བྱང་སེམས་འཕགས་ཚོགས་ཕྱིར་མི་ལྡོག༔ ཆོས་ཉིད་རང་བཞིན་བསམ་མི་ཁྱབ༔ ཆོས་ཅན་རྟེན་འབྲེལ་བསླུ་བ་མེད༔ བདེན་དང་བདེན་པའི་ཚིག་འདི་ཡིས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མི་མཐུན་གནོད་པ་ཞི་གྱུར་ཅིག༔ མཐུན་རྐྱེན་བསམ་རྒུ་འགྲུབ་པ་དང༔ བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག༔ ཅེས་དང་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གྱིས་ནུས་པ་བསྐྱེད་དོ། །བྱེ་བྲག་ཐུན་མོང་གི་ཚོགས་གསག་པ་མཎྜལ་འབུལ་བ་ནི། ཚོམ་བུ་འགོད་བཞིན་པས། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ གྲངས་ཅི་མང་དུ་ཕུལ། བྱིན་གྱིས་བརླབས་པའི་མེ་ཏོག་འཐོར་ཏེ། ཨོཾ༔ འདོད་རྒུའི་མཆོག་སྩོལ་དངོས་གྲུབ་གཏེར༔ རྩ་གསུམ་ཀུན་འདུས་ཡིད་བཞིན་ནོར༔ གུ་རུ་པདྨ་སཾ་བྷ་བ༔ རིགས་བཞིའི་མགོན་པོ་ཛམྦྷ་ལ༔ ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང༔ བྱེ་བ་བསམ་གྱིས་མི་ཁྱབ་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དངོས་གྲུབ་སྩོལ་ཅིག་ལོངས་སྤྱོད་སྤེལ༔ རྟེན་འདིར་བཞུགས་ཤིང་ཕྲིན་ལས་མཛོད༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ སྣོད་ཀྱི་དགེ་མཚན་བཅུད་ཀྱི་གཡང༔ ལྷ་མི་ཀླུ་དང་གནོད་སྦྱིན་གྱི༔ ཟས་ནོར་རིན་ཆེན་འབྱོར་པའི་སྤྲིན༔ ཅང་ཤེས་རྟ་དང་རྐང་བཞི་ཕྱུགས༔ ལོ་ཏོག་འབྲུ་དང་རྩི་ཤིང་སྨན༔ ཚེ་རིང་ནད་མེད་བཀྲ་ཤིས་དཔལ༔ ཆོས་དང་རིགས་ཀྱི་རྒྱུད་འཛིན་སོགས༔ མདོར་ན་སྲིད་ཞིའི་ཕུན་ཚོགས་ཀུན༔ འབད་པ་མེད་པར་དབང་དུ་སྡུས༔ ཟད་མེད་ཆུ་བོའི་རྒྱུན་ལྟར་སྤེལ༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང༔ བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད༔ ལན་གསུམ། ཞར་བྱུང་སྔ་ཐུན་ལྟ་བུར་འདིར་གཡང་བསང་བྱ་བའི་ཕྱག་བཞེས་ལྟར་དང་། ཁྱད་པར་ཐུན་མིན་གྱི་སྒོ་ནས་ཚོགས་གསག་པ་ཚོགས་ཀྱི་མཆོད་པ་བརྒྱ་རྩའམ། ཐ་ནའང་ཐུན་གྱི་གྲངས་མཉམ་གལ་ཆེ་བས་དེ་ཉིད་འདིར་བྱ་བའི་བཞེད་པ་ལྟར་བྱས་ལ་ཚོགས་ལ་ལོངས་མ་སྤྱད་པའི་གོང་། ཕྱྭ་གཡང་འགུགས་པ་ནི། བདག་མདུན་དཀྱིལ་འཁོར་གྱི་སོགས་ནས། ཆར་བཞིན་དུ་བབས་པར་བསམ་ལ་མདའ་དར་གཡབ། སྤོས་བསྲེག །དབྱངས་དང་རོལ་མོ་བཅས། ཧཱུྃ་ཧྲཱི༔ འོད་གསལ་སྤྲོས་དང་བྲལ་བའི་སོགས་ནོར་སྒྲུབ་རིན་ཆེན་བུམ་བཟང་ལྟར་གཡང་འགུགས་མཐར་དབྱུང་། བསྡུ་ན། བཀྲ་ཤིས་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ནས། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་སོགས་ལ་འཇུག་གོ །གང་ལྟར་མཐར། གཙོ་སྔགས་དང་སྤྱི་དྲིལ་ཤམ་བུ་ལ་ཁུ་ཡེ་པུཥྚིཾ་སོགས་བཏགས་པ་སྦྲེལ་ཏེ་ཇི་ལྟར་རིགས་པ་བཟླས་རྗེས། རྟེན་སྙིང་གིས་ཐོག་དྲངས་མེ་ཏོག་འཐོར་ཏེ་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད་ཅིང་ཚོགས་ལ་རོལ་ལྷག་མ་གཏང་ངོ་། །དེ་ལྟར་སྔ་གུང་ཕྱི་དྲོའི་ཐུན་གསུམ་ཙམ་བསྐྱར་ཏེ་གཙོ་བོར་བཟླས་པ་ཅི་འགྲུབ་གཅེས་པས་གུང་ཐུན་དང་ཕྱི་ཐུན་གྱི་སྐབས་བསྡུ་ན་སྦྱོང་ཁྲུས་དོར་ལ། ལས་སྔགས་དང་སྭ་བྷཱ་ཝས་བསང་སྦྱང་། ཨ། བདག་ཉིད་ཐུགས་སྲོག་ཧྲཱིཿསོགས་ནས་བསྐྱར། དེ་ཡང་བསྡུ་ན་ཕྲིན་ལས་ཀྱི་ཆིངས་སྙིང་པོའི་འགྲོས་དང་སྦྱར་ཡང་རུང་། གཞན་ལས་ཚོགས་ཀྱི་སྐོར་ཡོད་ན་དེ་ཡི་ལག་ལེན་རིན་ཆེན་སྤུངས་པ་ལས་ཤེས་སོ། །འདི་ཡི་རྒྱབ་ཆོས་སུ་གསུང་རབ་སྤྱི་དང་ཁྱད་པར། ཤར་དུ་ཤེར་ཕྱིན། ལྷོར་སྟོབས་ཆེན། ནུའ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་བཀླག །བསང་བརྔན་གསེར་སྐྱེམས་བྱ། བཀྲ་ཤིས་ཆེན་པོའི་མདོའམ་བཀྲ་ཤིས་བརྩེགས་པ། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་སོགས་ཀྱང་བརྗོད་པར་གསུངས་སོ། ཐུན་རྗེས་མ་ལྷག་མ་ཡན་གྲུབ་ནས་སྤྱི་བྱེ་བྲག་གི་བཀའ་སྲུང་གཏོར་ཆོག་ཇི་ལྟར་རིགས་པ་དང་། ཆད་བརྟན་རྟ་བྲོ་མཆོད་བསྟོད་བཟོད་གསོལ་ཡན་ནོར་སྒྲུབ་གཞུང་བཞིན་གྲུབ་ནས། རྩ་གསུམ་བྱིན་འབེབ་བྱ་བར་གསུངས་པས་ཉི་ཚོད་སོགས་ཀྱི་ལོང་སྐབས་བྱུང་ན་ཆས་དང་ཡོ་བྱད་ཀྱིས་བརྒྱན། མོས་གུས་ཀྱི་ཤུགས་བསྐྱེད་ལ་ལྷ་བཙུན་དག་སྣང་གཡང་འགུགས་མེ་ཏོག་ཆར་བསིལ་ལམ། བསྡུ་ན་མཁན་རཏྣའི་གསུང་། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས། །རང་རིག་ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ། །གཞན་སྣང་འགྲོ་འདུལ་ལོངས་སྐུའི་དཀྱིལ་འཁོར་ནས། །གཞན་དོན་ལྷུན་གྲུབ་གཟུགས་སྐུས་བྱིན་ཆེན་ཕོབ། །རྒྱ་བལ་ས་མཚམས་སྤོས་རི་ངད་ལྡན་ནས། །སྐྱེས་མཆོག་ཚུལ་བཟང་བླ་མས་བྱིན་ཆེན་ཕོབ། །གངས་ཅན་བོད་ཡུལ་གནས་ཆེན་ཉེར་ལྔ་ནས། །ཐུགས་སྲས་རྗེ་འབངས་ཉེར་ལྔས་བྱིན་ཆེན་ཕོབ། །ཕྱོགས་བཞི་དབུས་ལྔ་ལ་སོགས་གཏེར་གནས་ནས། །གཏེར་ཆེན་གཏེར་ཕྲན་རྒྱ་མཚོས་བྱིན་ཆེན་ཕོབ། །དུར་ཁྲོད་མེ་རི་འབར་བ་ལ་སོགས་ནས། །ཡི་དམ་ཞི་ཁྲོ་རབ་འབྱམས་བྱིན་ཆེན་ཕོབ། །ཙ་རི་ཏྲ་སོགས་ཉེར་བཞིའི་གནས་ཡུལ་ནས། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བྱིན་ཆེན་ཕོབ༔ ཁམས་གསུམ་ཡོངས་སྒྲོལ་དྲག་པོའི་ཕོ་བྲང་ནས། །དམ་ཅན་ཆོས་སྐྱོང་རྒྱ་མཚོས་བྱིན་ཆེན་ཕོབ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་ལྷ་གཏེར་བདག་རྒྱ་མཚོས་བྱིན་ཆེན་ཕོབ། །སྐྱབས་གནས་རྒྱ་མཚོས་བྱིན་ཆེན་འབེབ་པའི་ཚེ། །སྦྱིན་པའི་ཕར་ཕྱིན་གཏེར་ཆེན་སྤུངས་སེ་སྤུང་། །ཚུལ་ཁྲིམས་རྣམ་དག་སྤོས་དྲི་ཐུལ་ལུ་ལུ། །བཟོད་པའི་གོ་ཆའི་རྒྱན་ཆས་སིལ་ལི་ལི། །བརྩོན་འགྲུས་མྱུར་མགྱོགས་གར་སྟབས་ཁྱུགས་སེ་ཁྱུག །བསམ་གཏན་འོད་གསལ་ཟེར་ཐག་སྦྲེངས་སེ་སྦྲེང་། །ཤེས་རབ་ཡེ་ཤེས་མེ་ཕུང་འུར་རུ་རུ། །ཐབས་མཁས་ཐུགས་རྗེའི་རྒྱ་མཚོ་མེར་རེ་རེ། །སྟོབས་བཅུ་སྒྲ་དབྱངས་རོལ་མོ་དིར་རི་རི། །སྨོན་ལམ་བདེ་ཆེན་བརྡ་སྐད་ལྷངས་སེ་ལྷང་། །ཡེ་ཤེས་ལྔ་ལྡན་འཇའ་འོད་ལམས་སེ་ལམ། །ཐབས་ཀྱི་དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །ཤེས་རབ་དཔའ་མོའི་གླུ་དབྱངས་ཀྱུ་རུ་རུ། །ཟུང་འཇུག་དགྱེས་པའི་གར་སྟབས་ཤིགས་སེ་ཤིག །དྲག་པོའི་གད་རྒྱངས་ཕཊ྄་སྒྲ་སངས་སེ་སང་། །སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབས། །དགྱེས་ལྡན་ལྷ་ཡི་ཞལ་བཟང་དངོས་སུ་སྟོན། །འབྱོར་ལྡན་ཚོགས་ཀྱི་མཆོད་པར་བཅུད་ཆེན་ཕོབ། །དམ་ལྡན་རྣལ་འབྱོར་ཕོ་མོ་སྨིན་གྲོལ་མཛོད། །ཕྱི་སྣོད་རྣམ་དག་འོག་མིན་ཞིང་དུ་སྒྱུར། །ནང་བཅུད་རྣམ་དག་ལྷ་དང་ལྷ་མོར་སྒྱུར། །རང་རྒྱུད་རྣམ་དག་ཡེ་ཤེས་ལྔ་རུ་སྒྱུར། ཁྱད་འཕགས་བཞི་ལྡན་གསང་སྔགས་ཟབ་ཆོས་ཀྱིས། །འབྲེལ་ཚད་དོན་དང་ལྡན་པའི་བྱིན་ཕོབ་ཅིག །སྟོན་ཅིག་རྟགས་དང་མཚན་བཟང་མྱུར་དུ་སྟོན། །སྩོལ་ཅིག་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཟུངས་ཤིག་ཐུགས་རྗེའི་ལྕགས་ཀྱུས་འབྲལ་མེད་ཟུངས། །སྒྲོལ་ཅིག་བདག་འཛིན་ཉོན་མོངས་དུག་ལྔ་སྒྲོལ། །ཕོབ་ཅིག་རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ། །སྐུར་ཅིག་བྱིན་རླབས་འཕོ་བའི་དབང་ཆེན་སྐུར། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །བཛྲ་གརྦྷ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དཀྱིལ་འཁོར་བསྐོར་བ་དང་དར་གྱིས་གཡབ་བོ། །ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ་ས་བསྐྱེད་ཅིང་སྤྱན་དྲངས་པ་རྣམས་རྟེན་དང་དབྱེར་མེད་དུ་བསྟིམས་ནས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་སོགས་ནོར་སྒྲུབ་གཞུང་བཞིན་གྱིས་གྲུབ་བོ། །ཉིན་གཉིས་པ་སོགས་ལའང་ནོར་སྒྲུབ་ཀྱི་སྒབ་འདྲེ་ལ་ཡས་བྱིན་ཏེ་བསྐྲད་པ་ཉིན་བཞིན་དུ་དགོས་པར་གསུངས་པས་མཚོན་སྔ་ཉིན་ལྟར་བྱའོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ་དགེ་བའི་རྟགས་མཚན་མངོན་དུ་གྱུར་པའི་ཉིན་ཐ་མ་ཐུན་གཅིག་གམ་གང་རུང་ནས་ཚོགས་མཆོད་རྒྱས་སྤྲོས་དང་ཕྱྭ་གཡང་འགུགས་པའི་རྗེས། དབང་ལེན་པ་སྤྲོ་ན། གཏེར་བུམ་རྩ་གསུམ་ནོར་ལྷའི་ཕོ་བྲང་དུ་གསལ་བ་སྤྱི་བོར་བླངས་ཏེ་སྐུ་ཡི་དངོས་གྲུབ་ཐོབ་པར་མོས་ལ། ཨོཾ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་ན༔ རབ་འབྱམས་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་བཞུགས༔ མཆོག་ཐུན་རེ་སྐོང་ཡིད་བཞིན་ཆར་འབེབ་པའི༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། སརྦ་སིདྡྷི་ཀཱ་ཡ་ཨ་དྷིཥྛཱ་ན་ཏིཥྛ་ཨོཾ༔ གཡང་ཆང་འཁོར་འདས་ཀྱི་དྭངས་མ་བཏུང་སྟེ་གསུང་གི་དངོས་གྲུབ་ཐོབ་པར་མོས་ལ། ཨཱ༔ ལོངས་སྤྱོད་འཛད་མེད་རིན་ཆེན་སྣོད་མཆོག་ཏུ༔ འཁོར་འདས་དྭངས་མ་བདུད་རྩིའི་རྒྱུན་གྱི་གང༔ ཚེ་དང་བློ་གྲོས་དཔལ་འབྱོར་རབ་རྒྱས་པའི༔ ནུས་པ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། སརྦ་སིདྡྷི་ཝཱཀ྄་ཨ་དྷིཥྛཱ་ན་ཏིཥྛ་ཨཱ༔ གཡང་རྫས་སྲིད་ཞིའི་ཐིག་ལེ་བླངས་པས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ལ། ཧཱུྃ༔ མི་འགྱུར་སྙིང་པོ་ཐུགས་ཀྱི་ཐིག་ལེ་རུ༔ སྲིད་དང་ཞི་བའི་བཅུད་རྣམས་ཀུན་བསྡུས་པས༔ དགེ་ལེགས་ཡོན་ཏན་ནམ་མཁའ་མཉམ་པར་འཕེལ༔ འདོད་རྒུ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ སྔགས་མཐར། སརྦ་སིདྡྷི་ཙིཏྟ་ཨ་དྷིཥྛཱ་ན་ཏིཥྛ་ཧཱུྃ༔ དེ་ནས་ཚོགས་ཀྱིས་ཞལ་བསྲོས་ཏེ་འདོད་རྒུའི་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ་ཤིས་བརྗོད་བྱ། གཞན་ལ་སྦྱིན་ནའང་གཡང་འགུགས་ཕྱིན་ཚུལ་དེ་དང་གཅིག་གོ །དངོས་གྲུབ་ལེན་པ་བསྡུ་ན་གཡང་འགུགས་རྗེས། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱིས་དབང་བླང་ངོ་། །གང་ལྟར་ལྷག་མ་ནས་རྟ་བྲོ་ཡན་རྫོགས་པར་བཏང་། འགྲུབ་ན་གནས་ཁང་གི་དབུས་དང་ཕྱོགས་མཚམས་སུ་བུམ་པ་རྣམས་སྦ་བར་གསུངས་ཀྱང་། ཕྱག་ལེན་ལ་སྒྲོམ་གཅིག་ཏུ་ལྷན་ཅིག་བཞུགས་ན་སྟབས་བདེ་བས་དེ་ལྟར་ན་གང་དུ་བྱ་བའི་གནས་དེར་འདིའི་འདིང་དཀྱིལ་བཀྲམ་པའི་དབུས་གཙོ་བུམ་དང་། ལས་ཚོགས་སྐོར་བཅས་བསྒྲུབས་ཡོད་ན་ལྷ་གནས་ལྟར་ལ་དེ་ཡི་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་གཏེར་བུམ་རྣམས་གནས་མ་འཆོལ་བར་བཀོད། ཕྱི་ནང་གི་མཆོད་པས་ཀྱང་བསྐོར། སྦྱོང་ཁྲུས་སྔར་ལྟར་ནས་ལྷ་བསྐྱེད་དང་སྤྱན་འདྲེན་རྗེས། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་རྣམས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ བཛྲ་སྥ་ར་ཎ་ཁཾ་གིས་སྦྱངས་སྤེལ་བསྒྱུར་ཏེ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་མངྒ་ལ་ཀ་ལ་ཤཿསརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེས་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔ རྩ་གསུམ་ནོར་ལྷའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད་ནས། ཨོཾ༔ འདོད་རྒུའི་མཆོག་སྩོལ་དངོས་གྲུབ་གཏེར༔ རྩ་གསུམ་ཀུན་འདུས་ཡིད་བཞིན་ནོར༔ གུ་རུ་པདྨ་སཾ་བྷ་བ༔ རིགས་བཞིའི་མགོན་པོ་ཛམྦྷ་ལ༔ ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང༔ བྱེ་བ་བསམ་གྱིས་མི་ཁྱབ་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དངོས་གྲུབ་སྩོལ་ཅིག་ལོངས་སྤྱོད་སྤེལ༔ རྟེན་འདིར་བཞུགས་ཤིང་ཕྲིན་ལས་མཛོད༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ སྣོད་ཀྱི་དགེ་མཚན་བཅུད་ཀྱི་གཡང༔ ལྷ་མི་ཀླུ་དང་གནོད་སྦྱིན་གྱི༔ ཟས་ནོར་རིན་ཆེན་འབྱོར་པའི་སྤྲིན༔ ཅང་ཤེས་རྟ་དང་རྐང་བཞི་ཕྱུགས༔ ལོ་ཏོག་འབྲུ་དང་རྩི་ཤིང་སྨན༔ ཚེ་རིང་ནད་མེད་བཀྲ་ཤིས་དཔལ༔ ཆོས་དང་རིགས་ཀྱི་རྒྱུད་འཛིན་སོགས༔ མདོར་ན་སྲིད་ཞིའི་ཕུན་ཚོགས་ཀུན༔ འབད་པ་མེད་པར་དབང་དུ་སྡུས༔ ཟད་མེད་ཆུ་བོའི་རྒྱུན་ལྟར་སྤེལ༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང༔ བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད༔ བར་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་སོགས་སྔགས་རྐྱང་པ་རྣམས་ཚར་གསུམ་གསུམ་མཐར་ཡེ་དྷར་ཇི་ལྟར་རིགས་པ་དང་། བསྡུ་ན། ཨོཾ། འདིར་ནི་རྟེན་དང་སོགས་ནས། བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། སྤྲོ་ན། ཨོཾ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་དང༔ ཆོས་ཅན་རྟེན་འབྲེལ་བསླུ་མེད་པའི༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི༔ བདེན་པའི་སྟོབས་དང་མཐུ་བྱིན་གྱིས༔ རྟེན་འདིར་འཁོར་བ་ཇི་སྲིད་བར༔ ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་ཀྱི༔ ཡེ་ཤེས་ལྷག་པར་བརྟན་བཞུགས་ནས༔ ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་ཤིང༔ ཆར་ཆུ་དུས་འབབ་འཁྲུག་རྩོད་ཞི༔ ནད་རིམས་གདོན་བགེགས་འཚེ་བ་བྲལ༔ སྣོད་བཅུད་འབྱོར་པ་ཕུན་སུམ་ཚོགས༔ བདག་དང་ཡོན་གྱི་བདག་པོ་སོགས༔ རྟེན་འདིར་གང་གིས་འབྲེལ་བ་དང༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ ཐུན་མོང་ལས་བཞིའི་དངོས་གྲུབ་ཐོབ༔ མཐར་ཐུག་མཆོག་ཏུ་མི་འགྱུར་བའི༔ ཡེ་ཤེས་སྙིང་པོར་རོ་གཅིག་པའི༔ བཀྲ་ཤིས་དགེ་མཚན་རྒྱས་པར་ཤོག༔ ཡེ་ཤེས་བརྟན་པའི་སྔགས་བརྗོད་ལ། ཨོཾ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས༔ བཀྲ་ཤིས་རྩ་གསུམ་ནོར་ལྷའི་སྒོ་སྲུངས་ལ༔ དངོས་གྲུབ་འཛད་མེད་ཡུན་དུ་བརྟན་པ་དང༔ དུས་དང་དུས་སུ་ཐུགས་རྗེས་སྒོ་དབྱེ་གསོལ༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་བཻ་རཱུ་ཌྷ་ཀ་ཡ་བི་རཱུ་པཱཀྵ་ཡ་བཻ་ཤྲ་མ་ཎཱ་ཡ་ཏིཥྛ་བཛྲ། ཞེས་སླར་སྒོ་དབྱེ་བ་ན་སྔགས་མཐར་པྲ་ཝེ་ཤ་ཡ་ཕཊ྄་ཅེས་འདོར་ལེན་གྱི་དབྱེ་བ་ཙམ་མོ། །ཞལ་ནས་གསུངས་པའི་བཀྲ་ཤིས་དང་སྤྲོ་ན་རྟགས་རྫས་ཀྱི་ཤིས་བརྗོད་ཅི་རིགས་མཐར། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་རོལ་མོ་རྒྱ་ཆེར་བསྒྲག་གོ །དེ་ཡང་སོ་སོར་སྦས་ཤིང་སྤྲོས་པ་རྒྱས་ཚེ་ལྷ་བསྐྱེད་ཁ་ཕྲལ་བསྟོད་པ་བཀྲ་ཤིས་རྣམས་འཁོར་ལོར་བཀོད་པ་སོགས་རིགས་མཐུན་གྱིས་སྐབས་ཕྱེད་པར་བྱ། དེ་ལྟར་མ་ལྕོགས་ན་བུམ་པ་དབུས་མ་དང་ཉེ་བར་མཆོད་པ་རྣམས་བཤམས་ཤིང་འདོན་ཆོག་གོང་བཞིན་གྱིས་དམིགས་པས་ཁྱབ་པར་བྱས་ཀྱང་རུང་། རི་བོ་སོགས་ལ་སྦས་ན་སྦྱོང་ཁྲུས་རྗེས་རི་ཁྲུས་བྱས་རྗེས་ལྷ་བསྐྱེད་ལ་འཇུག །ཡང་ནོར་བུམ་རྐྱང་པའི་ཚེ་ལྷ་བསྐྱེད་དང་སྔགས་སོགས་ཀྱང་དེ་ལྟར་འཕྲུལ་ཤེས་པར་གྱིས་ཤིག །དེ་ནས་བདག་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་གཞུང་བཞིན་གྱིས་གྲུབ་བོ། །སྤྲོ་ན་ཤར་ཕྱོགས་སུ་སྐྱེ་ཤིང་འཛུགས་པ་སོགས་རྟེན་འབྲེལ་མཐའ་རྒྱས་ཀྱི་ཆོས་རྣམས་གཞུང་བཞིན་འགྲུབ་ན་གནད་དོན་ཆེ་འོ། །སྨྲས་པ། གུ་རུའི་ཐུགས་རྗེའི་འོད་དཀར་གྱིས། །སྣོད་བཅུད་རྒུད་མུན་རབ་བསལ་ནས། །ཕན་བདེའི་འདོད་འཇོའི་ཀུནྡ་ཡིས། །རྫོགས་ལྡན་སྣང་བའི་དཔལ་དུ་ཤོག །ཅེས་པའང་སྔོན་གྱི་སྐྱེས་ཆེན་དམ་པ་འགས་ལྗགས་སྒྲིག་གནང་བ་ཡོད་ཅེས་ཐོས་ཀྱང་དཔེ་རྙེད་པའི་སྐལ་པ་མ་བྱུང་བས། གཏེར་ཆེན་ཕྱག་བཞེས་བྱང་འདྲེན་རྒན་བུ་རྣམས་ཀྱི་ཞལ་རྒྱུན་དང་གཏེར་གཞུང་གུང་སྤྲད་དེ་མཆོག་གི་མཚན་ཅན་པདྨ་བཛྲ་རྩལ་གྱིས་བརྗེད་ཐོར་བཀོད་པ་མངྒ་ལ་ཀ་ལ་ཤཿབྷ་བནྟུ།། །། ༄༅། །བཀྲ་ཤིས་གཏེར་བུམ་གྱི་འཁོར་ལོའི་བྲི་ཡིག་དག་ཅིང་གསལ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཐུགས་སྒྲུབ་བར་ཆན་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་གསུངས་པའི་བླ་མ་ནོར་ལྷའི་འཁོར་ལོ་ནི་ལས་ཚོགས་ཁོལ་ཕྱུང་་་འཇམ་མགོན་རིན་པོ་ཆེའི་གསུང་།དུ་གསལ་ཅིང་། བཀྲ་ཤིས་གཏེར་གྱི་བུམ་པ་བརྒྱད་ལས། དང་པོ་སྲུང་ཞིང་སྐྱོབ་པ་བཀྲ་ཤིས་གདུགས་ཀྱི་ཙཀྲ་ནི། བྲི་གཞི་དཀར་པོར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་གདུགས་དཀར་པོའི་ལོགས་སུ་ཕྲེང་བྲིས་ཀྱིས། ཨོཾ་མངྒ་ལཾ་ཙྪ་ཏྲཾ་ག་ཨཱཿཧཱུྃ༔ གཙུག་ལག་ཁང་ངམ་གནས་ཁང་འདི་ཞེས་བྱ་བས་ཐོག་དྲངས་ཡུལ་ཕྱོགས་འདི་ཐམས་ཅད་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ་རཀྵ་རཀྵ༔ ཞེས་བྲི། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ། བྷྲཱུྃ་ཡིག་དབུ་ཕྱིར་བསྟན་བཞིའི་མཐར་ཀླད་ཀོར་ནས་བརྩམ་གོང་གི་སྔགས་འདོད་གསོལ་དང་བཅས་པ་གཡས་སྐོར་དུ་ཕྲེང་གཅིག་གམ། མ་ཤོང་ན་སྦྲུལ་འཁྱིལ་བ་ལྟར་བྲིས་ཀྱང་འགལ་བ་མེད། རྩིབས་མཆན་གདུགས་ཏོག་ཕྱིར་བསྟན་སྤེལ་ལ་བྲི། མུ་ཁྱུད་དང་པོ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་ཧཱུྃ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ྄། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་པའི་མཐར་འདོད་གསོལ་གོང་ལྟར་བྲི། མུ་ཁྱུད་གཉིས་པ་ལ་དབྱངས། གསལ་བྱེད། རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་འབུལ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་བདེ་ལེགས་ཤོག །ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོ་རྗེའི་ར་བ་སྔོན་པོ། ལྔ་པར་འོད་ཟེར་པ་ཏྲ་ཁ་དོག་སྣ་ལྔ་རྩེ་གཡས་སྐོར། དེའི་ཕྱི་རིམ་གྲྭ་བཞིར་གདུགས་དཀར་པོ་རེ་རེ་རྣམས་བྲི་འོ།།་་་ཡུངས་དཀར་ཤུ་དག་རིན་ཆེན་བྱུགས༔ ཡུངས་དཀར་རྫས་དང་ལྷན་ཅིག་བཅུག༔ ༈ གཉིས་པ་ཤེས་རབ་རྒྱས་པར་བྱེད་པའི་བཀྲ་ཤིས་གསེར་ཉའི་འཁོར་ལོ་ནི། བྲི་གཞི་སེར་པོར་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་གསེར་ཉ་མགོ་ནང་བསྟན་སྟེང་དུ་བལྟས་ནས་འཁྱིལ་པའི་མགོ་ནས་བརྩམ་སྟེ་མཇུག་མའི་བར། ཨོཾ་མངྒ་ལཾ་ཉ་ཚ་ཨཱཿཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་བཞུགས་པའི་ས་ཕྱོགས་འདིར་གནས་པ་ཐམས་ཅད་ཀྱི་བློ་དང་ཤེས་རབ་སྟོབས་རྩལ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ རྩིབས་བཞིར་དྷཱིཿཡིག་རེ་རེ་ལ་སྔགས་སྤེལ་ཚིག་དང་བཅས་པས་བསྐོར། མུ་ཁྱུད་དང་པོ་ལ་ཤེས་རབ་བློ་འཕེལ་གྱི་གཟུངས། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ་བི་མ་ལེ། ནིརྨ་ལེ། ཛ་ཡ་བ་ཏི། རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་པའི་མཐར་སྤེལ་ཚིག་གོང་ལྟར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་འབུལ་ལྟར། །སྤྱན་ལ་གསེར་ཉའི་བཀྲ་ཤིས་བདེ་ལེགས་ཤོག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡེ་ཤེས་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །ཟབ་ཅིང་རྒྱ་ཆེའི་བློ་གྲོས་དང་། །གསལ་བརྟན་མྱུར་བའི་ཤེས་རབ་ཀྱི། །སྤོབས་པ་ཆུ་བོའི་རྒྱུན་ལྟ་བུ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཞི་པར་རྡོར་ར། ལྔ་པར་པ་ཏྲ། ནང་གི་རྩིབས་མཆན་དང་། ཕྱིའི་གྲྭ་བཞིར་གསེར་ཉ་འཁྱིལ་བ་རེ་རེ་བྲི་འོ།།་་་བ་བྱུང་ལྔ་དང་ཞོ་སྦྱར་བ༔ གུར་གུམ་ཡུང་བ་བསྲེས་ལ་བྱུགས༔ དཀར་གསུམ་རྫས་དང་ལྷན་ཅིག་བཅུག༔ ༈ གསུམ་པ་འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་སྩོལ་བའི་བཀྲ་ཤིས་བུམ་པའི་ཙཀྲ་ནི། བྲི་གཞི་ལྗང་གུར་རྩིབས་དང་མུ་ཁྱུད་འདྲ། དབུས་སུ་ནོར་བུས་ཁ་བརྒྱན་པའི་བུམ་པ་བཟང་པོའི་ལྟེ་བར་ཕྲེང་བྲིས་ཀྱིས། ཨོཾ་མངྒ་ལཾ་ཀ་ལ་ཤཿཨཱཿཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཞུགས་པའི་ས་ཕྱོགས་འདིར་འཁོད་པ་ཐམས་ཅད་ལ་འདོད་རྒུའི་གཏེར་གྱི་དངོས་གྲུབ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ རྩིབས་བཞིར་བཾ་ཡིག་རེ་རེའི་མཐར་གོང་སྔགས་སྤེལ་ཚིག་བཅས་པས་བསྐོར། མུ་ཁྱུད་དང་པོ་ལ། ཨོཾ་བཾ་བཱ་སུ་དྷཱ་རི་ཎཱི་མ་ཧཱ་ནི་དྷི་སརྦ་སིདྡྷི་ཧཱུྃ༔ ཞེས་ཚར་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག །གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི་བཀྲ་ཤིས་བདེ་ལེགས་ཤོག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ནང་གི་རྩིབས་མཆན་དང་། ཕྱིའི་གྲྭ་བཞིར་བུམ་པ་རེ་རེ་བྲི་འོ།།་་་རིན་ཆེན་གུར་གུམ་ཙནྡན་བྱུགས༔ གཡང་ཅན་ནོར་དང་བཅུད་ཅན་ཟས༔ བཀྲག་མདངས་ཅན་གྱི་གོས་སྣའི་ཕུད༔ བིལྦའི་འབྲས་དང་ལྷན་ཅིག་གཞུག༔ ༈ བཞི་པ་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་སྡུད་པ་བཀྲ་ཤིས་པདྨའི་ཙཀྲ་ནི། བྲི་གཞི་དམར་པོར་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་ཆུ་སྐྱེས་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར། ཨོཾ་མངྒ་ལཾ་པདྨ་ཨཱཿཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་ས་ཕྱོགས་འདི་རྣམས་སུ་ཁམས་གསུམ་བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་ཕྲེང་དུ་བྲི། རྩིབས་བཞིར་ཧྲཱིཿཡིག་གི་མཐར་གོང་ལྟར་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ཀུ་རུ་ཀུལླེ་སརྦ་ལོ་ཀ་ཤྲཱི་ཝཱ་ཤཾ་ཀུ་རུ་ཧོ༔ སརྦ་སིདྡྷི་ས་མ་ཡ་ཧྲཱིཿསྭཱ་ཧཱ༔ ཞེས་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག་སྦྱར། གཉིས་པ་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་བདེ་ལེགས་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་མཆན་གྲྭར་པདྨ་དམར་པོ་འདབ་བརྒྱད་པ་ལྡོང་བུ་ནང་དུ་བསྟན་པ་རེ་རེ་བྲི་འོ།།་་་བྱང་སེམས་དཀར་དམར་ཁབ་ལེན་རྡོ༔ གླང་སྣ་ལྕགས་ཀྱུ་སིནྡྷུ་ར༔ སྤོས་དཀར་སྦྲང་རྩི་བྱུགས་བྱས་ལ༔ ལི་ཁྲི་དང་ནི་ལྷན་ཅིག་གཞུག༔ ༈ ལྔ་པ་སྙན་གྲགས་སྲིད་གསུམ་དུ་ཁྱབ་པར་བྱེད་པ་བཀྲ་ཤིས་དུང་གི་འཁོར་ལོ་ནི། བྲི་གཞི་སེར་པོ་ལ་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་དུང་དཀར་གཡས་སུ་འཁྱིལ་བའི་ཁོང་པའི་ངོས་སུ། ཨོཾ་མངྒ་ལཾ་ཤངྑ་ཨཱཿཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་ས་ཕྱོགས་འདི་རྣམས་ཀྱི་གནས་འདིའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་སྙན་གྲགས་མངའ་ཐང་སྲིད་པ་གསུམ་དུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ཕྲེང་དུ་བྲི། རྩིབས་བཞིར་ཏཱཾ་ཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་ཀཱིརྟི་པུཥྚིཾ་ཀུ་རུ་ཨོཾ༔ གསུམ་ལྔ་བདུན་སོགས་གང་ཤོང་མཐར་སྤེལ་ཚིག་སྦྱར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི་བཀྲ་ཤིས་བདེ་ལེགས་ཤོག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ཆོས་དང་སྲིད་ཀྱི་དགེ་མཚན་དང་། །སྙན་པས་ནམ་མཁའི་མཐར་ཁྱབ་ཅིང་། །ལྷ་དང་བཅས་པའི་འཇིག་རྟེན་ན། །ཡོངས་སུ་གྲགས་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་མཆན་གྲྭར་དུང་གཡས་འཁྱིལ་མཇུག་ནང་དུ་བསྟན་པ་དར་དཔྱང་དང་བཅས་པ་རེ་རེ་བྲི་འོ།།་་་ཉི་ཟླའི་དྭངས་མ་མེ་ཆུའི་ཤེལ༔ ག་པུར་གླ་རྩི་བཅས་པས་བྱུགས༔ གཡས་འཁྱིལ་དུང་དང་ལྷན་ཅིག་གཞུག༔ ༈ དྲུག་པ་ཚེ་དང་བསོད་ནམས་ཡེ་ཤེས་འཕེལ་བར་བྱེད་པ་བཀྲ་ཤིས་དཔལ་བེའུའི་ཙཀྲ་ནི། བྲི་གཞི་དམར་སེར་ལ་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་དཔལ་བེའུ་ཟུར་བརྒྱད་པ་དར་དཔྱང་གིས་མཛེས་པའི་ཕྱི་ནང་གི་ཁོང་སེང་བཅུ་བདུན་ལ། སྟེང་གི་གྲྭ་ནས་བརྩམ་སྟེ་རིམ་པར། ཨོཾ་ ༡༽ མངྒ་ལཾ་ ༢༽ ཤྲཱི་ཛངྨ་ཛ་ ༣༽ ཨཱཿཧཱུྃ༔ ༤༽ བཀྲ་ཤིས་ ༥༽ གཏེར་གྱི་ ༦༽ བུམ་པ་ ༧༽ བཟང་པོ་ ༨༽ འདི་ཉིད་ ༩༽ བཞུགས་པའི་ ༡༠༽ ས་ཕྱོགས་འདིར་ ༡༡༽ གནས་པའི་ ༡༢༽ སྐྱེ་རྒུ་རྣམས་ ༡༣༽ ཚེ་དང་བསོད་ནམས་ ༡༤༽ ཡེ་ཤེས་ཐམས་ཅད་ ༡༥༽ པུཥྚིཾ་ཀུ་རུ་ ༡༦༽ ཨོཾ༔ ༡༧༽ ཞེས་བྲི། རྩིབས་བཞིར་ཧྲཱིཿཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་གཟུངས་ཀྱི་མཐར་སྤེལ་ཚིག་སྦྱར་བ། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེ་འུ་རབ་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་བདེ་ལེགས་ཤོག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་སྟེ། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་གཡང་འཕེལ་གྱུར་ཅིག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོག །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་མཆན་གྲྭར་དཔལ་བེའུ་དར་དཔྱང་གིས་མཛེས་པ་བྲི་འོ།།་་་བྲི་ཞིང་བཅུད་ལེན་རྫས་ཀྱིས་བྱུགས༔ དཱུརྦའི་རྩ་དང་ལྷན་ཅིག་གཞུག༔ ༈ བདུན་པ་ཕས་རྒོལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཀྲ་ཤིས་རྒྱལ་མཚན་གྱི་ཙཀྲ་ནི། བྲི་གཞི་སྔོན་པོ་ལ་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་རྒྱལ་མཚན་ནོར་བུའི་དྲྭ་ཕྱེད་ཀྱིས་བརྒྱན་པའི་ཤམ་བུ་རྣམས་ནས་ཕྲེང་སྒྲིག་ཏུ། ཨོཾ་མངྒ་ལཾ་དྷྭ་ཛ་ཨཱཿཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་བཞུགས་པའི་གནས་འདིར་རྟེན་དང་བརྟེན་པར་བཅས་པ་དང་སྐྱེ་རྒུ་མཐའ་དག་མི་མཐུན་པའི་རྒོལ་བ་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག༔ ཅེས་བྲི། རྩིབས་བཞིར་དྷྭཾ་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ཧཱུྃ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ༔ ཞེས་ཚར་གསུམ་ལྔ་གང་ཤོང་གི་མཐར་སྤེལ་ཚིག་སྦྱར། གཉིས་པ་ལ་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་བདེ་ལེགས་ཤོག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཕྱི་ནང་འགལ་རྐྱེན་བར་གཅོད་དང་། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །ཕས་རྒོལ་མི་མཐུན་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་མཆན་གྲྭར་ནོར་བུའི་རྒྱལ་མཚན་ཡུ་བ་ནང་དུ་བསྟན་པ་རེ་རེ་བྲི་འོ།།་་་གུ་གུལ་ཤུ་དག་ཐོག་ལྕགས་བྱུགས༔ གི་ཝང་བཅུད་དང་ལྷན་ཅིག་གཞུག༔ ༈ བརྒྱད་པ་ཆོས་དང་སྲིད་ཀྱི་འཁོར་ལོས་བསྒྱུར་བར་བྱེད་པ་བཀྲ་ཤིས་འཁོར་ལོའི་ཙཀྲ་ནི། བྲི་གཞི་སེར་པོ་རྩིབས་དང་མུ་ཁྱུད་འདྲ། དབུས་སུ་གསེར་གྱི་ཆོས་འཁོར་རྩིབས་བརྒྱད་པའི་ལྟེ་བར། ཨོཾ་མངྒ་ལཾ་ཙཀྲ་ཨཱཿཧཱུྃ༔ རྩིབས་བརྒྱད་ལ་རྒྱབ་ནས་བརྩམ་སྟེ་གཡས་སྐོར་དུ་རིམ་པར། བཀྲ་ཤིས་གཏེར་གྱི་ ༡༽ བུམ་པ་བཟང་པོ་ ༢༽ འདི་ཉིད་བཞུགས་པའི་ ༣༽ གནས་འདི་རྣམས་སུ་ ༤༽ དམ་པའི་ཆོས་དང་ ༥༽ སྲིད་ཀྱི་མངའ་ཐང་ ༦༽ ཕུན་སུམ་ཚོགས་པ་ཐམས་ཅད་ ༧༽ པུཥྚིཾ་ཀུ་རུ་ཨོཾ༔ ༨༽ རྩིབས་བཞིར་ཧྲཱིཿཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོར། ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་སརྦ་ལོ་ཀ་ཤྲཱི་སིདྡྷི་སིདྡྷི་ཀུ་རུ་ཨོཾ༔ ཞེས་ཚར་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག་སྦྱར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་བདེ་ལེགས་ཤོག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་མཆན་གྲྭར་གསེར་འཁོར་རྩིབས་བརྒྱད་པ་རེ་རེ་བྲི་འོ།།་་་བཀྲ་ཤིས་རང་བྱུང་སྒྲུབ་གནས་དང༔ ཆོས་གྲྭ་ཆེན་པོ་ཚོང་འདུས་ཆེ༔ རྒྱལ་པོའི་ཕོ་བྲང་ཆེན་པོ་ཡི༔ ས་ཆུ་ཤིང་སྣའི་ཚོགས་ཀྱིས་བྱུགས༔ འཕགས་པ་གསུམ་གྱི་རིང་སྲེལ་དང༔ མེ་ལོང་ཧྲཱིཿས་མཚན་ལྷན་ཅིག་གཞུག༔ ༈ ཐུན་མོང་དུ་སྣོད་བཅུད་ཀྱི་དཔལ་དང་ལེགས་ཚོགས་ཐམས་ཅད་སྐྱེད་པར་བྱེད་པ་རྟེན་འབྲེལ་འབྱུང་ལྔའི་ཙཀྲ་ནི། བྲི་གཞི་ལྗང་གུ་རྩིབས་བཞི་མུ་ཁྱུད་རིམ་པ་དགུས་བསྐོར་བའི་ལྟེ་བར། མཱུཾ་ཡིག་གི་མཐར། ཀླད་ཀོར་ནས་བརྩམ་གཡས་སྐོར་དུ། མཱུཾ་ཨེ་མ་མ་སལ་སལ་ཁཾ་ཁཾ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་ནམ་མཁའི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ རྩིབས་བཞིར་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས། ཤར་དུ། ལཱཾ་ཡིག་གི་མཐར། ལཱཾ་ལཾ་མ་མ་སུ་སུ་ཏང་ཏང་ཀུང་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་སའི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག༔ ལྷོར། མཱཾ་ཡིག་གི་མཐར། མཱཾ་བཾ་མ་མ་སོ་སོ་ཏ་ཏ་ཀར་ཡེ་ཁར་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་ཆུའི་སོགས་གོང་ལྟར། ནུབ་ཏུ། པཱཾ་ཡིག་གི་མཐར། པཱཾ་རཾ་མ་མ་ཛྭ་ཛྭ་རཾ་རཾ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་མེའི་སོགས། བྱང་དུ། ཏཱཾ་ཡིག་གི་མཐར། ཏཱཾ་ཡཾ་མ་མ་ཀང་ཀང་ཕེ་ཊ་ཡེ་སྭཱ་ཧཱ༔ གནས་འདིར་འབྱུང་བ་རླུང་གི་སོགས། མུ་ཁྱུད་དང་པོ་ལ། འཿཨཿཤཿསཿམཿཧཿམ་མ་ཀོ་ལིང་ས་མནྟ་ཨ༔ ཏདྱ་ཐཱ༔ ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ བ་ཧ་བ་ཧ་སྭཱ་ཧཱ༔ ཨོཾ་སརྦ་ནཱ་ག་རཱ་ཛ་ཕུཿཧཱུྃ་ཕཊ྄་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་དེ་བ་རཱ་ཛ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཱ་ཡུ་རཱ་ཛ༔ ཀྵོ་བྷ་ཀྵོ་བྷ༔ པ་ཙ་ན་ཏ་ཡ་སྭཱ་ཧཱ༔ གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་གཙུག་ལག་ཁང་དང་ཡུལ་ཕྱོགས་འདི་ཐམས་ཅད་དུ་འབྱུང་བ་བཞིའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྱུང་བ་བཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ འབྱུང་བ་བཞིའི་དྭངས་མ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ འབྱུང་བཞི་འཁྲུགས་པའི་ནད་གདོན་བགེགས་རིགས་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཅེས་བྲིས། གཉིས་པ་ལ། ཨོཾ་མངྒ་ལཾ་ཙྪ་ཏྲཾ་ག་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་ཉ་ཚ་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་ཀ་ལ་ཤཿཨཱཿཧཱུྃ༔ ཨོཾ་མངྒ་ལཾ་པདྨ་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་ཤཾ་ཁ་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་ཤྲཱི་ཛངྨ་ཛ་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་དྷྭ་ཛ་ཨཱཿཧཱུྃ༔ ཨོཾ་མངྒ་ལཾ་ཙཀྲ་ཨཱཿཧཱུྃ༔ ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཅེས་ཤློ་ཀ་གསུམ་གྱི་མཐར། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་བྲི། གསུམ་པ་ལ། ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཞེས་དབྱངས་དང་། ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ་སྭཱ་ཧཱའི་བར་གསལ་བྱེད་བཅས་ཚར་རེ་དང་། ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒྷཱ་ཡ༔ ན་མོ་གུ་རུ་བྷྱ༔ ན་མོ་དེ་ཝཱ་ཡ༔ ན་མོ་དྷཱ་ཀི་ནཱི་ཡེ༔ ཏདྱ་ཐཱ༔ ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷུ་ཏཱ་ཡ༔ ཨོཾ་ཝཱ་གི་ཤྭ་རི་མཱུཾ་ཧྲཱིཿསྭཱ་ཧཱ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སརྦ་གྲ་ཧ་ནཀྵ་ཏྲ་མ་ཧཱ་བྷཱུ་ཏ་ཨ་པ་ཀཱ་ར་ཤ་མ་ཤ་མ་པྲ་ཤ་མ་ཤ་མནྟུ་སྭཱ་ཧཱ༔ ཨོཾ་ཨ་མ་ལེ་བི་མ་ལེ་ནིརྨ་ལེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྜ་ལ་མ་ཡེ་སྭཱ་ཧཱ༔ ཞེས་པ་ཚར་གཉིས་གསུམ་གང་ཤོང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ དང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བྲི་འོ། །བཞི་པར་རྡོར་ར། ལྔ་པར་འོད་ཕྲེང་། དྲུག་པར་ས་དཀྱིལ་སེར། བདུན་པར་ཆུ་དཀར། བརྒྱད་པར་མེ་དམར། དགུ་པར་རླུང་ལྗང་། འདི་རྣམས་ཁ་དོག་སོ་སོའི་གཞི་ལ་སོ་སོའི་རི་མོ་མཚོན་པ་དང་བཅས་འབྲི་བར་བྱའོ།།་་་ཤེལ་གསེར་ལན་ཚྭ་མེ་ཤེལ་དང༔ དར་སྣ་ལྔ་བཅས་ལྷན་ཅིག་ཏུ༔ ཁ་དོག་སྣ་ཚོགས་དར་གྱིས་དྲིལ༔ མངྒ་ལཾ་བྷ་བ་ཏུ། དགེའོ། །འཇམ་དབྱང་མཁྱེན་བརྩེའི་དབང་པོའི་ཡིག་ཆ་སྟེ་གསུང་འབུམ་ལས་ཕྱུང་བའོ།། །། ༈ གཙོ་བུམ་རྫས་སྙིང་བྱང་གཞུང་ལས་འབྱུང་བ་ཟུར་བཀོལ་ནི༔ གནས་ཁང་བཀྲ་ཤིས་དགེ་འདོད་ན༔ རིན་ཆེན་བུམ་པ་དགུ་ཡི་ནང༔ ཚེ་རིང་འབྱོར་ལྡན་བཀྲ་ཤིས་པའི༔ ལག་ནས་བྱུང་བའི་ཟས་གོས་ནོར༔ རིན་ཆེན་སྨན་འབྲུའི་ཕུད་དང་ནི༔ རང་བྱུང་གནས་ཆེན་མ་ཉམས་པའི༔ ས་རྡོ་ཆུ་ཤིང་སྣ་ཚོགས་དང༔ ཀླུ་ཆེན་གནས་པའི་མཚོའི་རྡེལ་བྱེ༔ ས་ཡི་སྙིང་པོ་གསེར་དང་ནི༔ ཆུ་ཡི་སྙིང་པོ་ལན་ཚྭ་བཟང༔ མེ་ཡི་སྙིང་པོ་མེ་འབྱུང་ཤེལ༔ རླུང་གི་སྙིང་པོ་དར་སྣ་ལྔ༔ ནམ་མཁའི་སྙིང་པོ་རང་བྱུང་ཤེལ༔ ཚེ་རིང་ཕྱིར་དུ་དཱུརྦའི་རྩྭ༔ ནད་ཀུན་ཉུང་ཕྱིར་ཨ་རུ་ར༔ དོན་རྣམས་འགྲུབ་ཕྱིར་བིལྦའི་འབྲས༔ གདོན་བགེགས་ཞི་ཕྱིར་ཉུངས་དཀར་འབྲུ༔ ནང་མཐུན་ཕྱིར་དུ་གི་ཝང་སྨན༔ ལེགས་ཚོགས་དབང་སྡུད་སིནྡྷུ་ར༔ བཀྲ་ཤིས་དགེ་བའི་དཀར་གསུམ་དང༔ ཀུན་གྱི་ཡིད་འཕྲོག་མངར་གསུམ་བཅུད༔ ཟས་བཅུད་འཕེལ་ཕྱིར་ཟས་མཆོག་དང༔ གོས་ཀྱིས་འབྱོར་ཕྱིར་ཟ་འོག་དམར༔ ནོར་གྱི་སྙིང་པོ་རིན་ཆེན་ལྔ༔ ལོ་ཕྱུགས་ལེགས་ཕྱིར་ཞིང་དང་ནི༔ ཕྱུགས་ལྷས་བཀྲ་ཤིས་དགུ་ཡི་ས༔ འབྲུ་སྣ་རྟ་ཕྱུགས་སྤུ་སྣའི་ཚོགས༔ ཚུལ་ཁྲིམས་དག་ཕྱིར་དྲི་མཆོག་ལྔ༔ ལང་ཚོ་རྒྱས་ཕྱིར་སྨན་སྣའི་ཚོགས༔ བཀྲག་མདངས་རྒྱས་ཕྱིར་རྨ་བྱའི་མདོངས༔ དུས་འཁྲུགས་ཞི་ཕྱིར་ཁབ་ལེན་རྡོ༔ ལྷ་ཀླུའི་འཁོན་སྦྱོང་ཤུ་དག་དཀར༔ རྒྱ་སྤོས་སྤང་སྤོས་རྡོ་དྲེག་དམར༔ ལྷ་སྲིན་གཏོད་ལ་གནས་པའི་ཕྱིར༔ ཕ་བོང་ལོང་བུ་ཏྲི་ཡིས་མཚན༔ གཞི་བདག་འཕོ་སྐྱས་སྤང་བའི་ཕྱིར༔ སོ་སོའི་དཀྱིལ་ནས་བླངས་པའི་རྡོ༔ ཆོས་སྲུང་མི་འབྲལ་འགྲོགས་པའི་ཕྱིར༔ གཡུ་བྱང་ས་བོན་མཚན་པ་དང༔ མཁའ་འགྲོའི་འདུ་བ་མི་ཆད་སླད༔ འགྲོན་བུ་ཧ་རི་ནི་སས་མཚན༔ རིགས་རྒྱུད་མི་ཆད་འཕེལ་བའི་ཕྱིར༔ མོན་ལུག་གླ་སྒང་ཉུངས་མའི་འབྲུ༔ དགེ་འདུན་འདུ་བ་རྒྱས་པའི་ཕྱིར༔ ཆོས་གྲྭ་བཀྲ་ཤིས་ཆེན་པོའི་ས༔ བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྱིར༔ རྟེན་གསུམ་བྱིན་ཅན་བག་རྡུལ་དང༔ བསྟན་པའི་སྙིང་པོ་རྒྱས་པའི་ཕྱིར༔ དེ་བཞིན་གཤེགས་པའི་འཕེལ་གདུང་དང༔ སངས་རྒྱས་སྲས་གཅིག་གླེགས་བམ་བཅས༔ ཇི་ལྟར་འབྱོར་པས་ཕྱུར་བུར་གཏམས༔ དབུས་སུ་ནོར་སྒྲུབ་གླང་འཁོར་བཅུག༔ ཕྱོགས་མཚམས་བཀྲ་ཤིས་ཙཀྲས་གཏམས༔ ཞེས་གསུངས་སོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ་ (Volume 27, Text 17)

༄༅། །ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ་བཞུགས་སོ། ། ཨོཾ་སྭསྟི། བདེ་ཆེན་ཁྱབ་བདག་ཧེ་རུ་ཀ །སྟོང་ཉིད་དབྱིངས་ཀྱི་དབང་ཕྱུག་མ། །ཟུང་འཇུག་བླ་མ་ཡང་དག་ལྷར། །བཏུད་ནས་བསྙེན་ཡིག་འཇུག་བདེར་སྤེལ། །འདིར་དཔལ་ཡང་དག་གི་བསྙེན་པ་ལ་འཇུག་པར་འདོད་པས་ཤེས་པར་བྱ་བ་ནི་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་དམིགས་པའི་ཡུལ་ནི་གང་ཞེ་ན། བསྒྲུབ་གཞིའི་ལྷ་དེ་རང་ལ་ཡེ་ནས་གནས་པས་ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པའི་ཕྱིར། འཐོབ་བྱའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་སྤྲོ་བ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་ཀྱང་གསུངས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་ལྔ་སྟེ། སྒྲུབ་པའི་གང་ཟག །སྒྲུབ་པའི་གནས། སྒྲུབ་པའི་དུས། བརྟེན་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་གང་ཟག་ནི། དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་གཞིར་བྱས་ནས། དེའི་སྟེང་དུ་དངོས་གྲུབ་ཐོབ་པ་ལ་རྒྱུ་རྐྱེན་གཉིས་ཚང་དགོས་ཏེ། བསྒྲུབ་བྱའི་འབྲས་བུ་ཐོབ་འདོད་ཀྱི་བསམ་པ་དང་ལྡན་པ་ནི་རྒྱུ། ལྷ་དང་གདམས་ངག་ལ་ཡིད་ཆེས་ཀྱི་དད་པས་ཐང་ལྷོད་མེད་པའི་བརྩོན་འགྲུས་དང་། དག་བྱ་དང་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་པ་ནི་རྐྱེན་ཡིན་ནོ། །གཉིས་པ་གནས་ནི། རྡོ་རྗེའི་ཚིག་བདུན་མར། ཆུ་གླིང་ངམ། གངས་ཕུག་གམ། དུར་ཁྲོད་དམ། ལྷ་སྲིན་འཁྲུགས་པའི་གནས་སམ་མི་མི་འགྲིམ་པའི་ས། སྔོན་སྒྲུབ་པ་པོས་བསྙེན་པ་ཤིན་ཏུ་དབེན་པ་བཙལ་ཞེས་གསུངས་ཀྱང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ལ་དེ་དག་འགྲུབ་དཀའ་བས། གང་དུ་ཡིད་སྤྲོ་ཞིང་འཚེ་བ་མེད་པའི་གནས་དབེན་པ་ཞིག་ནི་ངེས་པར་དགོས་ཏེ། ལྷ་དགུའི་སྒྲུབ་ཐབས་རྩ་བར། རྣལ་འབྱོར་པ་གང་དུ་འདུག་པ་དེ་ཕྱིའི་གནས། སྒྲུབ་པ་པོའི་ལུས་ནི་ནང་གི་གནས། རང་སེམས་རང་ལ་གནས་པ་ནི་གསང་བའི་གནས། ཞེས་གསུངས་སོ། །གསུམ་པ་དུས་ནི། བསྙེན་པ་ལ་འཇུག་པའི་དུས་དང་། ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་གཞུང་ལས། ལོ་དང་ཟླ་བ་ཡར་གྱི་ངོ་ལ། ཚེས་བརྒྱད་དམ་ཉའམ་བཟང་པོ་ལ་དཀྱིལ་འཁོར་བཞེངས་ལ་བསྒྲུབ་པར་བྱའོ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་གཟའ་སྐར་འཕྲོད་སྦྱོར་དགེ་ན་མར་ངོ་ལ་ཡང་རུང་ངོ་། །གཉིས་པ་ཇི་ཙམ་སྒྲུབ་པའི་དུས་ནི། གཞུང་ལས། ཞག་ཐེམས་པའམ། རྟགས་ཕེབས་ཚེ་དངོས་གྲུབ་བླང་། ཞེས་པས། དུས་ལོའམ་ཟླ་བ་དྲུག་གམ་གསུམ་སོགས། གྲངས་ནི་འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅུ་དྲུག་དང་། གཅིག་གི་བར་དང་། མཚན་མ་ནི། རྟགས་དང་ནུས་པ་ཅི་རིགས་པ་མ་ཐོན་གྱི་བར་དེ་སྲིད་དུ་བཟླ་བའོ། །བཞི་པ་ཡོ་བྱད་ནི། རྩ་བ་ལས། ཕྱི་ཐོད་པ་ལ་དཔལ་ཆེན་པོའི་ཞལ་དང་བཅས་པ། ཐོད་ཚལ་ཀཽ་རཱི་མའི་ཞལ་དང་བཅས་པ་དགུ །ནང་གི་རྫས་དཔལ་བཤོས་རཀྟའི་ཐིག་ལེ་དགུ་བཏབ་པ། གསང་བའི་རྫས་ཀོང་བུ་གཅིག་ལ་མར་མེ་དགུ་བཏང་བའོ། །ཞེས་གསུངས་པས་མཚོན་ནས་དཀྱིལ་འཁོར་སོགས་བསྙེན་སྒྲུབ་ཀྱི་རྫས་དང་། འཚོ་བའི་ཟས་སྐོམ་རྐྱེན་ཟློག་གི་སྨན་དང་སྨན་པ། མཆོད་རྫས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཐབས་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། རྡོ་རྗེའི་ཚིག་བདུན་མར། དེ་ཡང་རྣལ་འབྱོར་པའི་ལས་དང་བག་ཆགས་ཀྱི་དྲི་མ་དག་པར་བྱ་བའི་ཕྱིར། དགེ་བའི་ལས་ཀ་ལྕོགས་ཚད་བྱ། ཞི་ཁྲོ་དང་མཁའ་འགྲོ་ལ་ཚོགས་འཁོར་བྱ། རྒྱུ་ཚོགས་གཉིས་བསགས་པས་སྒྲིབ་པ་གཉིས་དག་ནས་ལྷའི་དངོས་གྲུབ་མི་འདོད་ཀྱང་ཤུགས་ལ་ཡོང་བ་ཡིན་ནོ། །ཞེས་གསུངས་པས་དཀོན་མཆོག་གི་རྟེན་ལ་མཆོད་འབུལ། འབུམ་ལྔ་སོགས་གསུང་སྒྲོག །དགེ་འདུན་ལ་བསྙེན་བསྐུར། སཱཙྪ་གདབ་པ། སྲོག་བསླུ། ཉེ་འདོན། བྱིས་སྟོན། ཆབ་གཏོར་སོགས་རང་ངམ་གཞན་ལ་བཅོལ་ཀྱང་རུང་སྟེ་དགེ་བའི་དཔུང་བསྐྱེད་པ་ཅི་ནུས་སུ་འབད་དོ། །གནས་དེ་སྒྲུབ་ཁང་གསར་པ་ཡིན་ན་ས་ཆོག་སྒྲུབ་གཞུང་ལྟར་བྱ་དགོས་ཀྱང་འདིར་སྒྲུབ་ཁང་རྙིང་པའི་དབང་དུ་བྱས་ཏེ། གནས་ཁང་ལ་ཕྱག་བདར་བྱས་ལ། དེར་བདག་གི་རྣལ་འབྱོར་བཟླས་པའི་བར་ཆོ་ག་མདོར་བསྡུས་པ་ཙམ་བསྒོམས་རྗེས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ནས། བདག་ཉིད་དཔལ་ཆེན་པོ་གཙོ་རྐྱང་གི་སྐུར་ལངས་ཏེ་ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་རྣམས་ལ་བགེགས་གཏོར་བཏང་ནས་བཀའ་བསྒོ་དྲག་སྔགས་ཐུན་བྲབས་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་ཙཀླི་རབ་གནས་ཅན་གཟུག །དེའི་མདུན་དུ་མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབ། ཐོ་ལྷར་བསྐྱེད་བསྟིམ་མཆོད་ནས་ཕྲིན་ལས་གསོལ་བ་རྣམས་བྱས་པས་ཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིའི་སྲུང་བའི་རྭ་བས་མཚམས་བཅད་པར་བསམ་པ་ནི་ཕྱི་མཚམས་སོ། །ནང་མཚམས་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ སོགས་ཤོ་ལོ་ཀ་གཅིག་དང་། ཨཱོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཞེས་པས་རྡོ་རྗེ་འཁོར་ལོ་རལ་གྲི་ཕུར་བུ་སོགས་མཚོན་ཆ་སྣ་ཚོགས་སྤྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་མཚོན་ཆའི་གུར་ཁང་མེའི་ར་བ་དང་བཅས་པས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་རྣམ་པར་རྟོག་པ་ཙམ་སྟེ། སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཡིན་པས་སུས་ཀྱང་གཞིག་ཏུ་མེད་པའོ། །དེ་ལྟར་མཚམས་བཅད་ཕྱིན་ཆད་ནས་སྔར་དམིགས་ཁོངས་སུ་མ་བཅུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་མི་བྱ། སྲུང་འཁོར་འདི་ཉིད་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་སྐྱོར་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཡོད། དེ་ནས་ཡོ་བྱད་བཤམ་པ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་ཐིག་ཚོན་བྱིན་བརླབས་དང་ལྡན་པས་དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གླིང་དགུ་ཟླ་གམ་དང་བཅས་པ་བྲི་བའམ། སྐབས་འདིར་ཡུན་རིང་བས་ཟུབ་པ་སོགས་ཀྱིས་དགག་བྱ་ཆུང་ཞིང་འཇུག་པ་བདེ་བས་རས་བྲིས་དགྲམ། དེ་ཡང་མ་འབྱོར་ན་སྟེགས་བུ་ཁེབས་ལྡན་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་སྟེང་དུ་ཕྱི་རྟེན་ཐོད་པ་ཚད་ལྡན་ལ་བྱང་སེམས་དཀར་དམར་སྦྱར་བའི་ཚོན་གྱིས་དཔལ་ཆེན་པོའི་སྐུ་རྫོགས་པའམ། སྔགས་དང་ཕྱག་མཚན་གང་འབྱོར་བྲིས་པ་དང་། དེའི་ཕྱོགས་མཚམས་བརྒྱད་དུ་བྲམ་ཟེ་ལ་སོགས་པའི་ཐོད་ཚལ་བརྒྱད་ལ་མ་མོ་བརྒྱད་ཀྱི་སྐུའམ་སྔགས་དང་ཕྱག་མཚན་བྲིས་པའམ། མ་འབྱོར་ན་ཐོད་པ་གཅིག་གི་ནང་ལ་དཔལ་ཆེན་པོ་དང་ཕྱོགས་མཚམས་བརྒྱད་ལ་ཧ་བརྒྱད་མགོ་ཕྱིར་བསྟན་དུ་བྲིས་པ་དབུས་སུ་བཀོད། ནང་རྟེན་དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པ་དཀྱིལ་འཁོར་གྱི་ནུབ་དང་། གསང་རྟེན་ཀོང་བུ་གཅིག་ལ་སྡོང་བུ་དགུ་པའི་མར་མེ་བྱས་པ་ཐོད་སྐུའི་མདུན་ངོས་སུ་བཤམ། གཞན་ཡང་ཡི་དམ་ཆོས་སྐྱོང་དང་གཏེར་སྲུང་སོགས་ཀྱི་གཏོར་མ་དང་། དེའི་གཡས་གཡོན་དུ་སྨན་ཕུད་དང་རཀྟའི་ཞལ་བུ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཁྱད་པར་ལ་སོགས་པ་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཁ་སྤྲོད་དུ་ཡོང་བའི་སར་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲིས་ཤིང་ཀུ་ཤ་བཀྲམ་པའི་ཁར་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བ་འདིང་། དེའི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་སོགས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། ཐོག་མར་རྙེད་པར་དཀའ་ཞིང་འཇིག་པར་སླ་བའི་རྟེན་ལ་བསམས་ནས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལུས་ཀྱི་བྱ་བྱེད་ངག་གི་སྨྲ་བརྗོད་སེམས་ཀྱི་ཆགས་སྡང་སོགས་སྤངས་ཏེ་སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ཐག་བཅད། རྐྱེན་ཅི་བྱུང་ཡང་ཆོས་མིན་པའི་བྱ་རྒྱུ་མེད་པས་ཉམས་ལེན་མཐར་བསྐྱེལ་གྱི་ཞེ་དམ་དྲག་པོས་བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ཏིང་ངེ་འཛིན་གྱི་ཕན་ཡོན་ཤེས་པས་ལྷ་འདི་བསྒྲུབ་ཏུ་ཡོད་པ་སྐལ་པ་རེ་བཟང་སྙམ་དུ་ཡང་ཡང་གསལ་གདབ། །ཚུལ་དེ་ལྟ་བུས་རྒྱུད་བསྐུལ་ནས་ལྷ་སྔགས་མཚན་བཅས་ཀྱི་རྣལ་འབྱོར་དང་། དེ་ཉིད་རང་བཞིན་མེད་པར་རྟོགས་པས་འཁོར་གསུམ་ཡང་དག་མཚན་མེད་ཀྱིས་ཟིན་པར་བྱས་ནས། ཐུན་མཚམས་སུ་ཡང་ཉམས་ཆག་བཤགས་སྡོམ་གྱི་བསམ་པ་དྲག་པོས་ཕྱག་མཆོད་སོགས་གསག་སྦྱོང་དང་། བསྙེན་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་ལ་ནན་ཏན་དུ་བྱའོ། །དེ་ལྟར་བསྙེན་པ་དངོས་མ་ཚུགས་པའི་གོང་གི་ཞག་བདུན་ནམ་གསུམ་དང་གཅིག་སོགས་གང་འབྱོར་ལ། ཐུན་བཞིའམ་གཉིས་སོགས་གང་འོས་ཁོངས་གྲིམ་ཞིང་སྤྱོད་ལམ་སྙོམས་པས་བྱ་ཞིང་འདི་རྣམས་ཐོ་མཚམས་མ་བཅད་པའི་གོང་དུ་བྱེད་པའང་ཡོད་དེ། དགོས་པ་ལྷག་པོ་མེད་ན་སྐབས་འདིར་བྱེད་པ་གཞུང་གིས་ཟིན་ཅིང་རྣམ་གཡེང་གཞན་གྱིས་བར་མི་ཆོད་པས་ལེགས་པར་འགྱུར་རོ། །གཉིས་པ་དངོས་གཞི་ནི། ཐུན་བཞིའི་རིམ་པས་བསྒྲུབ་པ་སྟེ། དེ་ཡང་ཐོ་རེངས་དང་། སྔ་དྲོ། ཕྱི་དྲོ། སྲོད་ཐུན་དང་བཞིར་བྱས་པས་སྤྱོད་ལམ་འཇུག་པ་བདེ་ཞིང་ཁྲིགས་མཚམས་པར་འགྱུར་བའི་ཕྱིར། སྔར་སྨོས་པའི་གསག་སྦྱོང་རྣམས་རེ་ཞིག་ཆོག་པའི་དབང་དུ་བྱས་པའི་དགོང་མོ་དེ་ནས་སམ། སང་སྔ་ཐུན་གང་བདེ་ནས་འགོ་འཛིན་པ་ལ་འདི་ཕྱི་མའི་དབང་དུ་བྱས་ཏེ། ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་བཅས་ལ། མཚམས་གཅོད། བརྡ་སྒོ །བརྡ་ཕྱག །དམ་བཅའ། བྱིན་འབེབ། མཆོད་རྫས་བརླབ་པ། བཤགས་པ་སྟེ། སྔོན་འགྲོའི་ལས་བདུན་གསང་རྫོགས་ལས་བྱང་ལྟར་བྱས་ནས། དངོས་གཞི་ཏིང་ངེ་འཛིན་གསུམ་ནས་བཟུང་སྒྲུབ་རྫས་བསྒྲུབ་གཞི་བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པར་བསྒོམ་པ་ནི་གཞུང་འདིའི་དོན་ལ་གནས་པ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སོ་སྙམ་དུ་གནས་ལུགས་ལ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་བཞིན་ཧཱུྃ་ཡིག་མཐིང་གར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན། འདི་གསུམ་གྱིས་སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་དང་སྦྱོར་ཏེ། དེ་ཏིང་གིས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུའི་དཀྱིལ་འཁོར་གྱི་འཁོར་དང་བཅས་པས་སྐྱེ་སྲིད་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད། མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་ལྡངས་པས་ནི་ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་སྦྱོང་ཞིང་རང་བཞིན་ཆོས་སྐུའི་ངང་ནས་འགྲོ་བའི་དོན་མཛད་པ་མཚོན་པ་ཡིན་ནོ། །དེ་ཡང་སྔགས་ལམ་གྱི་སྦྱང་བྱར་གྱུར་པའི་སྡུག་བསྔལ་ནི་དོན་དུ་ཐ་མལ་གྱི་སྣང་ཞེན་ཉིད་ལས་གཞན་དུ་མེད་ཅིང་། དེ་ཡང་སྣང་བ་ནི་སེམས་འཁྲུལ་པའི་སྣང་བ་མ་དག་པའི་སྣོད་བཅུད་འདི་ཡིན་ལ། ཞེན་པ་ནི་ཡུལ་སྔ་མ་ལ་ཕྱི་མ་མུ་མཐུད་པའི་རྟོག་པ་ལུ་གུ་རྒྱུད་དེ་ཡིན་ཞིང་། རྟོག་པ་ལ་མཚམས་སྦྱོར་བཅོལ་ནས་དེའི་ངང་རང་སར་བཞག་པའི་སྣང་ཆ་ལྷར་བསླང་བ་ཡིན་ལ། མཚམས་སྦྱོར་གྱི་རྟོག་པ་དེ་ལ་ནང་གི་ཡིད་བྱེད་ཕྲ་མོ་ཟེར་ཡང་མུ་མི་མཐུད་པའི་ཕྱིར་རྟོག་པ་ཕལ་པ་མ་ཡིན་ནོ། །དེས་མ་དག་པའི་སྣང་བ་ཐམས་ཅད་དེ་ཏིང་གིས་སྟོང་ཉིད་དུ་སྦྱངས་པའི་ངང་ལས་རྩལ་སྙིང་རྗེར་ལངས་པའི་འཕེན་ཤུགས་ལྷ་སྐུའི་གསལ་སྣང་ལམ་མེ་བ་གཅིག་ཅར་དུ་གསལ་བ་ལ་སེམས་བཟུང་ཞིང་། དེ་ལྟར་མ་གསལ་ན་བྱིང་རྒོད་ཀྱི་མཐའ་བརྟགས་ནས། བྱིང་ན་མས་རིམ་དང་རྒོད་ན་ཡས་རིམ་གྱིས་སྐུའི་ཆ་ཤས་ལ་སེམས་བཟུང་ནས། མཐར་གཅིག་ཅར་དུ་གསལ་བ་ལ་སྦྱངས་པས། དང་པོ་ཡིད་ཀྱི་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་འཆར། དེ་ནས་རེག་མཐོང་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས། ལྷའི་གསལ་སྣང་དང་ང་རྒྱལ་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། དེ་གསུམ་ལ་ཡིད་ཀྱི་ཡུལ། སྣང་བའི་ཡུལ། ཞེན་པའི་ཡུལ་དུ་གསལ་བ་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་། རྒྱན་ཆ་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཅིང་། དེ་ལས་ལྷ་སྐུ་ཆེ་ཆུང་མང་ཉུང་ཐུན་རིང་ཐུང་སོགས་མ་ངེས་པ་ལ་རྩལ་སྦྱངས་པས་ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ་ཇི་ལྟར་བསྒོམས་ཀྱང་བདེ་བར་འགྱུར་བ་ལ་བསླབ་ཅིང་། ཚུལ་དེས་རྟེན་དང་བརྟེན་པའི་གསལ་སྣང་འཐོན་པ་ན་སེམས་ཉིད་གདོད་ནས་ལྷར་དག་པ་ལས་གཞན་ནས་བཙལ་དུ་མེད་པ་དང་། སེམས་དང་ལྷ་སྐུ་དབྱེར་མེད། དེ་ཡང་གསལ་སྟོང་འཛིན་མེད་དུ་ཤེས་པ་ནི་གནད་དམ་པའོ། །དེ་ལྟར་ངེས་པར་བྱས་ནས་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་གཞུང་བསྲངས་རྗེས། ༈ བཟླས་པ་ལ་འཇུག་སྟེ་རྩ་བའི་གཞུང་ལས། སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ་སྟེ༔ ཞེས་གསུངས་པས། ཐོག་མར་ཕྲེང་བ་བྱིན་རླབས་སྔོན་དུ་འགྲོ་བས། དང་པོ་སྐུའི་བསྙེན་པ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་བསྒོམས་པའི་སྐུ་ལ་ལྷ་དགུ་རང་བཞིན་ལྷུན་གྲུབ་ཏུ་རྫོགས་པའི་ངེས་ཤེས་བསྐྱེད་དེ། ཁྱད་པར་གཙོ་བོའི་རྒྱན་ཆ་ཕྲ་མོའི་བར་ཡང་གསལ་བའི་ངང་ནས་བཟླས་པ་བྱའོ། །གཉིས་པ་ཐུགས་ཀྱི་བསྙེན་པ་ནི། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་པ་མཐིང་གསལ་བཻ་ཌཱུརྻ་ལྟ་བུའི་ཟུར་བརྒྱད་ལ་འབྲུ་བརྒྱད་ལྗང་དམར་ཡུངས་འབྲུ་ཕྱེད་པ་ཙམ་གྱིས་བསྐོར་བ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དོང་རྩེ་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ་ཙམ། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དེའི་ཐུགས་ཀར་མ་ལས་ཉི་དཀྱིལ་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་ག་སྤུས་བྲིས་པ་ལྟ་བུ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་དང་། རྡོ་རྗེའི་ལྟེ་བའི་ཕྱིར་ཡང་འབྲུ་བརྒྱད་ཀྱིས་བསྐོར་བར་བསམས་ནས་སྔགས་བཟླས་པས། རུ་ལུ་ལས་ཡེ་ཤེས་ལྔའི་འོད་ཟེར་དབུགས་དང་ལྷན་ཅིག་ཕྱོགས་བཅུར་འཕྲོས། འཕགས་པ་དང་མ་མོ་བརྒྱད་ཀྱི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། དངོས་གྲུབ་ཐམས་ཅད་བསྡུས་ནས་དབུགས་དང་བསྟུན་བདག་གི་ཐུགས་ཀར་ཐིམ་པའི་འཕྲོ་འདུ་འགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུས་བཟླས་པ་བྱའོ། །གསུམ་པ་གསུང་གི་བསྙེན་པ་ནི། ཡང་ཐུགས་ཀའི་རུ་ལུའི་འོད་ཟེར་སྲོག་དག་པ་ནས་བྱུང་སྟེ་ལྗགས་པདྨ་འདབ་མ་བརྒྱད་པའི་སྟེང་ན་རྡོ་རྗེ་ནས་འགྲེང་ཙམ་གྱི་ཆངས་ཟུང་གི་དབུས་སུ་ཟླ་བ་དམར་པོའི་སྟེང་ན་ཨཱཿདམར་པོ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་ཏེ་ཡོད་པ་ལ་ཕོག །རྐན་དང་ལྕེའི་བར་ནས་འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས་པས། གཟུགས་སུ་སྣང་བ་ཐམས་ཅད་དཔལ་ཆེན་ཁྲག་འཐུང་གི་ལྷ་ཚོགས་རུ་ལུའི་སྒྲ་སྒྲོག་པར་བསམས་ནས་བཟླའོ། །དེ་ལྟར་དམིགས་སྐོར་གསུམ་པོ་ཕྲུགས་གཅིག་ཏུ་གསལ་ནུས་ན་ཐུན་གསུམ་ཆའི་དབྱེ་བས་བཟླ་མི་དགོས་ལ། མི་ནུས་ན་ཛཔ྄་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་བགོས་ཏེ་སྔར་གྱི་སྒོམ་བརྒྱུད་རྣམས་རིམ་བཞིན་གསལ་ལ་སེམས་རྩེ་གཅིག་པས་བཟླའོ། །བཟླ་བྱའི་སྔགས་ནི་དེ་གསུམ་ཀ་ལ། ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་ཁོ་ན་ཡིན་ཏེ། རྩ་བར་འབྲུ་བརྒྱད་མ་མོ་བརྒྱད་དང་རེ་རེ་བཞིན་སྦྱར་བའི་རྗེས་ཉིད་དུ། ཀུན་འདུས་དཔལ་ཆེན་ཡབ་ཡུམ་གཉིས༔ མན་ངག་དོན་གྱི་ལྷ་དགུ་གསལ༔ ཞེས་གསུངས་སོ། །དེ་ཡང་ཧ་ཅང་མྱུར་བ་དང་། བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་། གཉིད་རྨུགས་སོགས་བྱིང་བ་དང་། འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ་ཅིང་། ཐུན་མཐར་དབྱངས་གསལ་ཁ་ཤས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་ཕཊ་གསུམ་གྱིས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ཏེ་སྣོད་བཅུད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྦྱོར། དེ་ལ་ཐུན་གྱི་གཅོད་ཚུལ་ནི། ཐོག་མར་ཐོར་ཐུན་ནས་འགོ་བཟུང་ན་སྨོས་མ་དགོས། གཞན་དུ་ཉིན་གཉིས་པ་མན་ཆད་ཐོར་ཐུན་གྱི་འགོར་སྔོན་འགྲོའི་ལས་བདུན་ཚང་བར་བྱ་ཞིང་། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་ཀྱང་བྱ། དེའི་ཕྱི་ཐུན་གཞན་གསུམ་གྱི་འགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་འཛིན་གསུམ་ལ་ཞུགས་ཆོག་ཅིང་ཕྲེང་བ་བྱིན་རླབས་ཀྱང་མི་དགོས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབས་ནུས་ན། ཕྱི་ཐུན་གསུམ་པོར་མངོན་རྟོགས་སྒོམ་བྱང་རྣམས་ངག་ཏུ་མ་བརྗོད་ཀྱང་ཆོག་ཅིང་། དབང་བསྐུར་བྱིན་རླབས་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱང་མདོར་བསྡུས་ཀྱིས་ཆོག །གང་ལྟར་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་རྣམས་དང་ཚོགས་མཆོད་རེ་ཡང་བྱ། གལ་ཏེ་ཚོགས་མཆོད་མ་འབྱོར་ན་ཚུགས་གྲོལ་གཉིས་ཀྱི་ཐུན་ཐོག་མཐའ་དང་ཡར་ངོ་མར་ངོའི་བརྒྱད་གཉིས་དང་ཉ་སྟོང་དུས་བཞིར་ཆག་ཏུ་མི་རུང་། ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་དམ་བཅའ་ཅན་ཡོད་ན་ཐུན་མཚམས་གང་བདེར་བྱས་ཆོག་ཅིང། གཞན་ཐུན་མཚམས་སུ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཡང་གྲངས་ལ་མི་བརྩི། ཁམས་གསེང་བ་སོགས་ཀྱི་ཚེ་ཕྲེང་བ་ལ་མདུད་པ་བརྒྱབས་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་སྲུང་། གཞན་འགྲོ་འཆག་སོགས་རྣམ་གཡེང་ཐམས་ཅད་སྤངས་ནས་སྟན་གྱི་དྲོད་མ་ཡལ་བ་བྱེད་པ་གལ་ཆེ། སྲོད་ཐུན་གྱི་མཐར་དཀྱིལ་འཁོར་ཡོངས་རྫོགས་བསྡུས་ནས་གཏོར་བསྔོ་སོགས་བྱས་པ་ཡིན་ན། ཐུན་མཚམས་ཀྱི་ལྷ་དེ་འོད་གསལ་དུ་བཅུག་སྟེ་བརྗོད་མེད་བསམ་འདས་ཆོས་ཉིད་བདེ་ཆེན་གྱི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཐོ་རེངས་གཞོམ་མེད་སྔགས་ཀྱི་རང་སྒྲ་གྲགས་པས་སད་པར་མོས་ལ་སྣང་གྲགས་རིག་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གསལ་བས་རྒྱས་བཏབ་སྟེ་ལྡང་ཞིང་། ཐུན་མཚམས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་ལ་ནང་གི་སྦྱིན་སྲེག་གིས་ལོངས་སྤྱོད་པ་ལ་སོགས་ཉལ་ལྡང་འགྲོ་འདུག་ཟ་གྱོན་གྱི་བྱ་བ་རྣལ་འབྱོར་དང་ལྡན་པས་དོན་ཡོད་པར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་མཚན་མའི་བསྙེན་པ་གསུམ་གང་རུང་བྱ་སྟེ། ལས་གཞུང་ལས། ཞག་གྲངས་ཐེམས་པའམ་རྟགས་ལ་ཕེབས་ཚེ༔ དངོས་གྲུབ་བླང་ངོ༔ ཞེས་གསུངས་པས། ཞག་ནི་དུས་ཀྱི་དབང་དུ་བྱས་པས་ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་དམ་བཅས་པ་ལས་མ་འདས་པ་བྱ་ཞིང་། དེ་ཡང་རབ་ལོ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གཅིག་སོགས་ཀྱིས་མཚོན་པའོ། །གྲངས་ཐེམས་པའམ་ཞེས་པས་གྲངས་ཀྱི་དབང་དུ་བྱས་པས། འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅུ་བདུན་དང་དགུ་ལ་སོགས་པ་སྟེ། མ་མཐའ་ལ་ཡང་འབུམ་ཕྲག་གཅིག་གིས་མཐའ་རྟེན་པའོ། །རྟགས་ལ་ཕེབས་ཚེ་ཞེས་པ་མཚན་མའི་དབང་དུ་བྱས་པས། དངོས་ཉམས་རྨི་ལམ་གང་རུང་དུ་དངོས་གྲུབ་ཐོབ་པའི་མཚན་མ་མཐོང་གི་བར་དེ་སྲིད་དུའོ། །གསུམ་པ་རྗེས་ནི་དངོས་གྲུབ་ལེན་པ་སྟེ། དེ་ལྟར་དུས་གྲངས་མཚན་མའི་བསྙེན་པ་གང་ཡིན་ཡང་། ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསོས་ལ་བསྟོད་པའི་བར་སྔར་ལྟར་ལས། བཟླས་པའི་ཚེ། བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར། རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ཞིང་སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། སླར་ཡང་བགེགས་བསྐྲད། སྲུང་འཁོར་བསྒོམ། མཁོན་བཅུག་སྦྱོང་བའི་བཤགས་པ་དང་ཡིག་བརྒྱ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། གཟི་བྱིན་བསྐྱེད་པའི་བྱིན་དབབ། སྨན་གཏོར་རཀྟས་མཆོད་ནས་རུ་ལུས་སྣ་དྲངས་ཏེ། ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་ཏཱི་ཤྭ་རཱི་ཡུམ། །སྔོན་ཚེ་བདག་གིས་བསྙེན་པའི་ལྷ༔ ད་ལྟ་གཉིས་སུ་མེད་པར་སྒྲུབ༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཽ་རཱི་ཙཽ་རཱི་པྲ་མོ་ཧ། །བེ་ཏ་པུཀྐ་གྷསྨ་རཱི། །སྨ་ཤ་ནི་དང་ཙཎྜ་ལཱི། །གནས་ཀྱི་མ་མོ་བརྒྱད་རྣམས་ཀྱང༔ སྔོན་ཚེ་བདག་གིས་བསྙེན་པའི་ལྷ༔ ད་ལྟ་གཉིས་སུ་མེད་པར་སྒྲུབ༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ མི་འགྱུར་གཡུང་དྲུང་ཚེ་ཡི་དངོས་གྲུབ་དང༔ ཅིར་ཡང་ཐོགས་པ་མེད་པའི་དངོས་གྲུབ་དང༔ རྒྱུན་གྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་དང༔ རིག་འཛིན་མཁའ་འགྲོའི་དངོས་གྲུབ་དང༔ མི་འབྲལ་གཟུངས་ཀྱི་དངོས་གྲུབ་རྣམས༔ བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དུག་གསུམ་རྩད་ནས་གཅོད་པའི་དངོས་གྲུབ་དང༔ ཐུགས་དམ་དབྱིངས་ནས་བསྐུལ་བའི་དངོས་གྲུབ་དང༔ ཆགས་མེད་དབང་དུ་སྡུད་པའི་དངོས་གྲུབ་དང༔ ཕྲིན་ལས་གྲུབ་པར་བྱེད་པའི་དངོས་གྲུབ་དང༔ དུག་གསུམ་གཏིང་ནས་འབྱིན་པའི་དངོས་གྲུབ་དང༔ རྒྱུད་དྲུག་གནས་ནས་འདྲེན་པའི་དངོས་གྲུབ་དང༔ སྣ་ཚོགས་དབྱིངས་སུ་སྡུད་པའི་དངོས་གྲུབ་དང༔ རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་རྣམས༔ བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དངོས་གྲུབ་བསྐུལ་ཞིང་སྒྲུབ་རྟེན་གནས་གསུམ་དུ་གཏུགས། མཐར་མདུན་གྱི་ལྷ་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་ལ། གཏོར་རྫས་སོགས་དངོས་གྲུབ་ཀྱི་བདུད་རྩིར་རེ་མོས་ནས་མྱོང་བས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམ་ཞིང་མཉམ་པར་བཞག །དེ་ནས་ཚོགས་མཆོད་སྤྱི་བྱེ་བྲག་གི་གཏོར་འབུལ་རྣམས་ཀྱང་བྱ་དགོས་ཏེ། དེ་དག་དངོས་གྲུབ་ལེན་པའི་གོང་དུ་བྱ་བའམ། སྐབས་འདིར་བྱས་ཀྱང་མི་འགལ་ཞིང་ལག་ལེན་བདེ། གང་ལྟར་ཡང་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་རྟེན་ལ་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལྡངས་ཏེ། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་ཐོ་ལ་མཆོད་གཏོར་སྔར་ལྟར་ཕུལ་ལ་གཤེགས་སུ་གསོལ་ནས་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་སྲུང་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་དང་། བསྙེན་པའི་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བཅུ་ཆའི་གྲངས་ལོངས་སུ་བསགས་ཤིང་། འགྲུབ་ན་ཐོ་གྲོལ་གོང་དང་སྐབས་འདི་དག་ཏུ་བྱས་ཀྱང་འགལ་བ་མེད་དོ། །གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ནི། རྩ་སྒྲུབ་ལས། གྲུབ་པའི་རྟགས་ནི་དྲོད་ཆེན་པོ་གསུམ་འབྱུང་སྟེ༔ མངོན་སུམ་གྱི་དྲོད་དང༔ འོད་ཀྱི་དྲོད་དང༔ དྲོད་ཀྱི་དྲོད་དང་གསུམ་མོ༔ ཞེས་གསུངས་པས་དང་པོ་ནི། བདག་དཔལ་ཆེན་པོར་རང་ཤུགས་སུ་གསལ་ཞིང་རྐྱེན་གྱིས་མི་གཡོ་བ་དང་། བྲིས་སྐུ་འཛུམ་པ་དང་། གཏོར་མ་འབར་ཞིང་རཀྟ་ཁོལ་བ་སོགས་སོ། །གཉིས་པ་ནི། རང་ལུས་ལས་འོད་འཕྲོ་བ་དང་། མར་མེ་སྲིས་རྨེ་བར་འབར་བ་སོགས་སོ། །གསུམ་པ་ནི། ལྷ་སྔགས་ཆོས་ཉིད་གདིང་དུ་གྱུར་པས་ཐ་མལ་གྱི་རྣམ་རྟོག་མི་འབྱུང་། ལུས་ཤིང་བལ་ལྟར་ཡང་ཞིང་ཡོད་དུ་མི་ཚོར་བ་དང་། སྲིན་བུ་མི་འབྱུང་ཞིང་དྲི་ཞིམ་པ་དང། མཁའ་འགྲོ་རྣམས་རུ་ལུའི་དབྱངས་ཀྱིས་མཚོ་ལ་ངང་པ་ལྟར་འདུ་ཞིང་ལས་བྱེད་པའོ། །དེ་ཡང་ཕྱིའི་སྒྲུབ་རྫས་རྣམས་བསྒྲུབ་བྱའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མཚོན་པའི་བརྡར། ནང་བདག་གི་སྒོ་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་ཡེ་ནས་རྫོགས་པའི་ཆོས་ཉིད་རྩ་རླུང་ཐིག་ལེའི་དྲི་མ་དྭངས་པར་བྱས་ཏེ། འབྲས་བུ་མི་ཤིགས་པ་སྐུ་གསུམ་གྱི་ངོ་བོར་བྱང་ཆུབ་པར་བྱེད་པའི་ཕྱིར། སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ ཞེས་གསུངས་པ་དང་། མདོར་ན་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་དང་པོ་སྣེ་ཟིན་པ་ནས་ཕྱིས་མཐར་ཕྱིན་པར་གྱུར་གྱི་བར་ཉམས་རྟོགས་ཡོན་ཏན་གྱིས་མཚོན་པ་སྟེ། རྩ་བའི་སྒྲུབ་པ་འདིར་ཟླ་གམ་གཅིག་པ་དང་། ལྔ་བཅུ་རྩ་བརྒྱད་པ་དང་། ལྷ་དགུ་པ་རྣམས་གསུངས་པ་ལས། ཡང་དག་གྲུབ་པའི་དོན་གྱི་སྙིང་པོ་ལྷ་དགུ་པ་ཉིད་ཡིན་ཏེ། གཙོ་བོའི་གཡས་གཡོན་གྱི་ཞལ་དང་ཕྱག་དྲུག་ལ་མ་མོ་བརྒྱད་སྦྱོར་བས་ཀྱང་ལྷ་དགུར་ངེས་པ་དང་། འདི་ཉིད་ལས། གདམས་པ་ཁྱད་འཕགས་ཡང་དག་སྙིང་པོའི་སྐོར༔ སྤྲོས་བཅས་ལྷ་སྒོམ་བསམ་གྱིས་མི་ཁྱབ་ཀྱང༔ དོན་གྱི་སྙིང་པོ་ལྷ་དགུ་ཁོ་ན་ཡིན༔ ཞེས་ལྷ་དགུའི་སྒྲུབ་པ་ཕུལ་དུ་བྱུང་བར་རྐང་ཚུགས་སུ་གསུངས་ཤིང་། ཉམས་ལེན་འཇུག་པ་བདེ་བས་གནད་འདྲིལ་བ་དང་། རྒྱས་བསྡུས་འཚམ་པའང་ཡིན་པས་བསྙེན་སྒྲུབ་ཆིག་ཆོད་ཀྱི་དབང་དུ་བྱས་ནས་བཀོད་པ་ཡིན་ལ། ཡང་ཤིན་ཏུ་བསྡུས་པ་ཉམས་ལེན་གནད་འདྲིལ་དུ་བྱེད་ན་རུ་ལུ་འབྲུ་བརྒྱད་བདུན་ཚན་གསུམ་དུ་བྱས་པའི། དང་པོ་ཆོ་ག་བདུན་གྱིས་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ལྷ་སྐུའི་ལམ་ཁྱེར་དང་། གཉིས་པ་ཡན་ལག་བདུན་གྱིས་ངག་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་གྲགས་པ་གསུང་གི་ལམ་ཁྱེར་དང་། གསུམ་པ་ཐིམ་པ་བདུན་གྱིས་ཡིད་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་དང་སྦྱར་ཏེ་རིམ་པ་བཞིན་དུ་རུ་ལུའི་བཟླས་པ་ཉིད་ལ་རྩེ་གཅིག་ཏུ་འབད་ཅིང་། སྤྱོད་ལམ་ཀུན་ཏུ་ཡང་སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པས་རྩལ་སྦྱོང་བ་སོགས་ཉིན་མཚན་གྱི་རྣལ་འབྱོར་བྱ་བའི་ཚུལ་རྣམས་ནི་རྩ་བའི་གཞུང་ཉིད་བློའི་རིམ་པ་དང་འཚམ་པར་ཉམས་སུ་བླང་བར་བྱའོ། །དཔལ་ཆེན་ཡང་དག་སྙིང་པོ་ལྷ་དགུའི་བསྙེན་པའི་ཡི་གེ་ཉུང་ངུར་བསྡུས་པ་འདི་ནི་དད་བརྩོན་བློ་གྲོས་ཀྱི་ནོར་ལྡན་ངག་དབང་པདྨའི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་རྒན་པོ་འགྱུར་མེད་རྡོ་རྗེས་རང་ལོ་ང་དགུ་པ་ལ་བཀོད་པའོ། །སརྦ་དཱ་མངྒ་ལཾ།། །།

རྫོགས་ཆེན་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཕྲིན་ལས་ལྷན་ཐབས་ཀྱིས་བརྒྱན་པ་འཆི་མེད་འོད་ཟེར་ (Volume 19, Text 17)

༄༅། །རྫོགས་ཆེན་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཕྲིན་ལས་ལྷན་ཐབས་ཀྱིས་བརྒྱན་པ་འཆི་མེད་འོད་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡ། ཐིག་ལེ་ཆེན་པོར་སྐྱེ་འཆིའི་མཚན་མ་སྡོམ། །ཡེ་ཤེས་བདུད་རྩིས་རྣམ་གྲོལ་རིང་འཚོ་སྤེལ། །ཚེ་བདག་རྒྱལ་བ་ཞི་ཁྲོར་གུས་བཏུད་ནས། །སྒྲུབ་ཕྲིན་ལུས་བཟང་ཁ་སྐོང་རྒྱན་མཛེས་བྱ། །ལྟ་བ་ཀློང་ཡངས་ཞི་ཁྲོའི་ཆ་ལག་ཚེ་སྒྲུབ་སྤྱི་དོན་བཅུ་གཉིས་པ་འདི་ཉིད་སྒེར་སྒྲུབ་ཁོལ་འདོན་དུ་བྱ་བའི་སྐབས་སུ་ཅུང་ཟད་ཁ་བསྐང་བར་འོས་པ་རྣམས་རྩ་གཞུང་ཞི་ཁྲོའི་ཕྲིན་ལས་ཀྱིས་རིགས་འགྲེ་སྦྱར་དགོས་པར་སྣང་བས་དེ་ལྟར་བསྟན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། རང་དོན་བསྙེན་སྒྲུབ་དང་གཞན་དོན་དབང་བསྐུར་གང་བྱེད་སོ་སོའི་སྐབས་དང་བསྟུན་པའི་དཀྱིལ་འཁོར་གཏོར་མཆོད་ཚུལ་བཞིན་བཤམས་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ༔ རྡོ་རྗེ་ཚེ་མཆོག་བསྒྲུབ་པའི་ལས་ལ་བརྩོན༔ ཞི་ཁྲོ་ཆོས་སྐུ་ལོངས་སྐུ་རིགས་ལྔའི་བདག༔ ཕྲིན་ལས་ལྔ་རྫོགས་ཡེ་ཤེས་སྐུ་ལྔ་ལྡན༔ གཞོན་ནུ་སྟོབས་ཀྱི་ལྷ་ལ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་འདོད་ཁམས་སེམས་ཅན་རྣམས༔ ཞི་ཁྲོ་ཚེ་མཆོག་དཀྱིལ་འཁོར་བསྒྲུབས་ནས་ནི༔ ཕྲིན་ལས་ལྔ་ལྡན་ཡེ་ཤེས་གཏེར་བླང་ཕྱིར༔ འཆི་མེད་བདུད་རྩི་བསྒྲུབ་པར་དམ་བཅའ་འོ༔ ལན་གསུམ། བགེགས་གཏོར་གཏང་བ་སྤྱི་ལྟར་བྱ། བགེགས་བསྐྲད་པ་ནི། ཉོན་ཅིག་བདུད་བཞི་བགེགས་ཀྱི་ཚོགས༔ ལུས་ངག་སེམས་ལ་གནོད་བྱེད་བགེགས༔ ཞི་ཁྲོ་བསྒྲུབ་པའི་དཀྱིལ་འཁོར་འདིར༔ བགེགས་རྣམས་མ་ལུས་ཕྱིར་དེངས་ཤིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་སྥ་ར་ཎ་ཕཊ༔ མཚམས་བཅད་པ་ནི། ཧཱུྃ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ཤར༔ ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་ལྷ༔ གཟུང་འཛིན་རྟོག་པའི་དྲི་མ་བྲལ༔ ཚེ་ཡི་དཀྱིལ་འཁོར་མཚམས་ཆོད་ཅིག༔ ཚོགས་གསག་ཡན་ལག་བཅུ་པ་ནི། ཚེ་བདག་ཞི་ཁྲོའི་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བྱིན་དབབ་པ་ནི། ཧཱུྃ༔ དུས་གསུམ་བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ ཉོན་མོངས་ལྔ་དག་ཕུང་ལྔ་གནས་གྱུར་པའི༔ སྐུ་གསུམ་ལྔ་ལྡན་རིགས་ལྔ་ཡབ་ཡུམ་ཚོགས༔ འགྲོ་དོན་བསྒྲུབ་ཕྱིར་གནས་འདིར་བྱིན་ཕོབ་ཅིག༔ སྒྲུབ་མཆོག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ སྒྱུ་མ་ཆུ་ཟླ་ཡེ་ཤེས་གཞལ་ཡས་འདིར༔ མ་ཆགས་པདྨ་ཉི་ཟླ་འོད་འབར་གསལ༔ སྐུ་གསུམ་འདུ་འབྲལ་མེད་པར་བྱིན་ཕོབ་ཅིག༔ ཡེ་ཤེས་རང་རྩལ་ཆེན་པོའི་དངོས་གྲུབ་སྩོལ༔ ཧཱུྃ༔ སྐུ་གསུམ་མི་འགྱུར་རིག་པ་བྱང་ཆུབ་སེམས༔ གཉིས་མེད་ཐབས་ཤེས་རོལ་པ་བྱང་ཆུབ་ལམ༔ མ་འགགས་རང་རྩལ་རྫོགས་པའི་བྱིན་ཕོབ་ཅིག༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨཱ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ ཧྲཱི༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས༔ མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ ཕྱི་ནང་གསང་སོགས་མཆོད་པའི་སྤྲིན༔ ཟད་མེད་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ༔ ཨོཾ་པཉྩ་ཀཱ་མ་གུ་ཎ་ཨཱ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གསུམ་བརྗོད། བཤགས་པ་ནི། ཧོ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ངང༔ སྣང་བ་དག་པའི་ལྷ་ཚོགས་མ་ལུས་དགོངས༔ དོན་གྱི་སྙིང་པོ་སྐྱེ་འཆི་མེད་པ་ལ༔ སྐྱེ་དང་འཆི་བར་བཟུང་བ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཆོས་སྐུ་བསམ་པ་ཀུན་དང་བྲལ་བ་ལ༔ བསམ་པ་སྣ་ཚོགས་སྐྱེས་པས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྐུ་གསུམ་འདུ་འབྲལ་མེད་པའི་ངང་ཉིད་ལས༔ སྐུ་གསུམ་དུ་མར་བཟུང་བ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཆོས་རྣམས་ཐམས་ཅད་རིག་པའི་རང་བཞིན་ལས༔ དབྱིངས་རིག་གཉིས་སུ་འཛིན་པ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སྙིང་པོར་གོལ་སྒྲིབ་མེད་པ་ལ༔ གོལ་སྒྲིབ་གཉིས་སུ་འཛིན་པ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཆོས་ཀྱི་སྐུ་ལ་སྒྲིབ་གཡོགས་བྲལ་བ་ལ༔ གསལ་སྒྲིབ་གཉིས་སུ་འཛིན་པ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྐུ་གསུམ་སྐྱེ་མེད་རང་ལས་བྱུང་བ་ལ༔ སྐུ་གསུམ་གཞན་ནས་འོང་དུ་རེ་བས་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ༔ ཚིག་དང་ཡི་གེར་སྟོན་པ་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཤེས་རབ་འགག་མེད་རང་གསལ་འཆར་བ་ལ༔ བློ་རྨོངས་གཞན་དུ་ཚོལ་བས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྐུ་དང་ཡེ་ཤེས་ལྷུག་པར་འཆར་བ་ལ༔ ཚོགས་དྲུག་ཡུལ་ལས་འཐས་པས་ང་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྣང་རིག་ཐམས་ཅད་རིག་པའི་རང་རྩལ་ལས༔ རྩལ་སྣང་ཕྱོགས་བཅུར་བཟུང་བས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ མངོན་སུམ་བརྗོད་གཞི་ངོ་བོ་གཅེར་གྲོལ་ལ༔ ཡིད་དཔྱོད་བློ་ཡིས་བསྒོམས་པས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ སྐུ་གསུམ་སྣང་བཞི་ལམ་གྱི་རང་སྣང་ལ༔ འབྲས་བུ་ཕྱི་དུས་རེ་བས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ གནས་ལུགས་དགེ་སྡིག་བྲལ་བའི་ཟང་ཐལ་ལ༔ རེ་དོགས་བླང་དོར་བྱས་པས་ང་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ རང་རིག་ཐིག་ལེ་ཉག་གཅིག་ཡིན་པ་ལ༔ ཐེག་དགུའི་ས་ལམ་བརྩིས་པས་ང་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བརྗོད། གཉིས་པ་དངོས་གཞིའི་དང་པོ་ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ དེ་བཞིན་ཉིད་ཀྱི་དགོངས་སྤྱོད་ཏིང་ངེ་འཛིན༔ སྐྱེ་བ་མེད་པ་བྱང་ཆུབ་སྙིང་པོའི་ཆོས༔ མཚན་མ་ཡུལ་བྲལ་དངོས་པོ་ཀུན་ལས་འདས༔ མཉམ་ཉིད་གཉིས་སུ་མེད་པའི་བློ་མཉམ་བསྒོམ༔ ཧཱུྃ༔ ཀུན་ཏུ་སྣང་བའི་ཏིང་འཛིན་ཆེན་པོ་སྟེ༔ ཡེ་ཤེས་ལྔ་ལྡན་མུ་ཁྱུད་དཀྱིལ་འཁོར་རྫོགས༔ གྲུབ་བཞི་སྒོ་བཞི་རྟ་བབས་མཛེས་པས་བརྒྱན༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་གཞལ་ཡས་ཁང༔ ཤར་ཕྱོགས་གངས་ལྟར་དཀར་པོ་ཤེལ་འོད་འབར༔ ལྷོ་ཕྱོགས་རིན་ཆེན་སེར་པོ་གསེར་འོད་འབར༔ ནུབ་ཕྱོགས་པདྨ་རཱ་ག་དམར་འོད་འབར༔ བྱང་ཕྱོགས་ཨིནྡྲ་ནཱི་ལ་ལྗང་འོད་འབར༔ དབུས་ཕྱོགས་བཻཌཱུར་མཐིང་ག་མཐིང་འོད་འབར༔ རིན་ཆེན་ཉི་ཟླ་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་ཁང་པར་བསྒོམ༔ བྷྲཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ༔ རྒྱུ་ཡི་ཏིང་འཛིན་ཡིག་འབྲུ་རྣམ་ལྔ་སྟེ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདང་རྣམ་པ་ལྔ༔ གཞལ་ཡས་ཁང་གི་གདན་ལ་བབས་པ་ནི༔ གཞལ་ཡས་ཁང་ཡང་བུམ་པ་རིན་ཆེན་ཁང༔ ཕྱི་ནང་མེད་པར་ཟང་ཐལ་ཀུན་ཏུ་སྣང༔ ཡི་གེ་ལྔ་ནི་སྐད་ཅིག་དྲན་རྫོགས་ངང༔ ཨོཾ་དཀར་ཧཱུྃ་མཐིང་ཏྲཱཾ་སེར་ཧྲཱིཿདམར་དང༔ ཨཱཿལྗང་ལ་སོགས་ཡི་གེ་རྣམ་པ་ལྔ༔ འོད་དང་འོད་ཟེར་སྟོང་ཁམས་ཕྱོགས་བཅུར་ཁྱབ༔ ཡར་འཕྲོས་སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད༔ མར་འཕྲོས་འགྲོ་བ་རིགས་དྲུག་རྟོག་སྒྲིབ་སྦྱངས༔ ཚུར་འདུས་ཡིག་འབྲུ་རྣམ་པ་ལྔ་ལ་འདུས༔ གཉིས་མེད་གཅིག་ཏུ་འདྲེས་པར་གྱུར་པ་ལས༔ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སྟེ༔ ཕྱག་གཡས་འཁོར་ལོ་ཕྱག་གཡོན་བུམ་པ་བསྣམས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་ཕྱག་གཡོན་ཚེ་བུམ་བསྣམས༔ སེང་གེ་པདྨ་ཉི་ཟླ་རིན་ཆེན་ཁྲིར༔ སྐུ་ལྔ་རབ་རྫོགས་འོད་དཔག་མེད་པར་བཞུགས༔ རིགས་ལྔ་ཡབ་ཡུམ་གཙོ་འཁོར་སྤྲུལ་པར་བཅས༔ སྐད་ཅིག་དྲན་རྫོགས་ཆུ་ཟླ་འཇའ་ལྟར་བསྒོམ༔ དེ་ཡི་འོད་ཟེར་ཕྲིན་ལས་ཆོ་འཕྲུལ་ལས༔ རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་སྟེ༔ ཕྱག་གཡས་རྡོ་རྗེ་གཡོན་པས་བུམ་པ་བསྣམས༔ ཡུམ་མཆོག་མཱ་མ་ཀཱི་ནི་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་ཕྱག་གཡོན་ཚེ་བུམ་བསྣམས༔ གླང་ཆེན་པདྨ་ཉི་ཟླ་རིན་ཆེན་ཁྲིར༔ སྐུ་ལྔ་རབ་རྫོགས་འོད་དཔག་མེད་པར་བཞུགས༔ སེམས་དཔའ་སེམས་མ་ཡབ་ཡུམ་གཙོ་འཁོར་བཅས༔ སྐད་ཅིག་དྲན་རྫོགས་ཆུ་ཟླ་འཇའ་ལྟར་བསྒོམ༔ དེ་དང་གཉིས་མེད་ཕྲིན་ལས་ཆོ་འཕྲུལ་ལས༔ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་སྟེ༔ ཕྱག་གཡས་རིན་ཆེན་ཕྱག་གཡོན་བུམ་པ་བསྣམས༔ ཡུམ་ཆེན་སངས་རྒྱས་སྤྱན་མ་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་ཕྱག་གཡོན་ཚེ་བུམ་བསྣམས༔ རྟ་མཆོག་པདྨ་ཉི་ཟླ་རིན་ཆེན་ཁྲིར༔ སྐུ་ལྔ་རབ་རྫོགས་འོད་དཔག་མེད་པར་བཞུགས༔ སེམས་དཔའ་སེམས་མ་ཡབ་ཡུམ་གཙོ་འཁོར་བཅས༔ སྐད་ཅིག་དྲན་རྫོགས་ཆུ་ཟླ་འཇའ་ལྟར་བསྒོམ༔ དེ་དང་གཉིས་མེད་རིག་རྩལ་ཆོ་འཕྲུལ་ལས༔ སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་སྟེ༔ ཕྱག་གཡས་པདྨ་ཕྱག་གཡོན་བུམ་པ་བསྣམས༔ ཡུམ་ཆེན་གོས་དཀར་བཟང་མོ་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་ཕྱག་གཡོན་ཚེ་བུམ་བསྣམས༔ རྨ་བྱ་པདྨ་ཉི་ཟླ་རིན་ཆེན་ཁྲིར༔ སྐུ་ལྔ་རབ་རྫོགས་འོད་དཔག་མེད་པར་བཞུགས༔ སེམས་དཔའ་སེམས་མ་ཡབ་ཡུམ་གཙོ་འཁོར་བཅས༔ སྐད་ཅིག་དྲན་རྫོགས་ཆུ་ཟླ་འཇའ་ལྟར་བསྒོམ༔ དེ་རྣམས་འདུས་པ་སྐུ་ཡི་ཕྲིན་ལས་རྩལ༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་སྟེ༔ ཕྱག་གཡས་རྒྱ་གྲམ་ཕྱག་གཡོན་བུམ་པ་བསྣམས༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་སྐུ་ལ་འཁྲིལ༔ ཕྱག་གཡས་མདའ་དར་ཕྱག་གཡོན་ཚེ་བུམ་བསྣམས༔ ཤང་ཤང་པདྨ་ཉི་ཟླ་རིན་ཆེན་ཁྲིར༔ སྐུ་ལྔ་རབ་རྫོགས་འོད་དཔག་མེད་པར་བཞུགས༔ སེམས་དཔའ་སེམས་མ་ཡབ་ཡུམ་གཙོ་འཁོར་བཅས༔ སྐད་ཅིག་དྲན་རྫོགས་ཆུ་ཟླ་འཇའ་ལྟར་བསྒོམ༔ དེ་དག་ཀུན་གྱི་ཕྲིན་ལས་མཐར་ཕྱིན་པའི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཡེ་ཤེས་སྒོ་སྲུང་ཐུབ་པ་དྲུག་རྣམས་དང༔ ཀུན་བཟང་ཡབ་ཡུམ་རིགས་ལྔ་འདུས་པའི་སྐུ༔ བཞི་བཅུ་རྩ་གཉིས་ལྔ་བཅུ་རྩ་བརྒྱད་དང༔ ཞི་ཁྲོ་རིགས་བརྒྱ་ཆོས་ལོངས་སྤྲུལ་པའི་སྐུ༔ སྣང་ལ་རང་བཞིན་མེད་པ་གསལ་བར་གྱུར༔ ལྷ་ཚོགས་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས༔ འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ཐིམ༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ དབུས་ནས་རང་བཞིན་གྲུབ་པའི་ལྷ༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ ཆོས་ཉིད་མི་འགྱུར་གཙོ་འཁོར་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་བྱོན༔ ཧཱུྃ༔ ཤར་ནས་རང་བཞིན་གྲུབ་པའི་ལྷ༔ རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས༔ རྡོ་རྗེ་མི་འགྱུར་གཙོ་འཁོར་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་བྱོན༔ ཧཱུྃ༔ ལྷོ་ནས་རང་བཞིན་གྲུབ་པའི་ལྷ༔ རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས༔ རིན་ཆེན་མི་འགྱུར་གཙོ་འཁོར་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་བྱོན༔ ཧཱུྃ༔ ནུབ་ནས་རང་བཞིན་གྲུབ་པའི་ལྷ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ པདྨ་མི་འགྱུར་གཙོ་འཁོར་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་བྱོན༔ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ ལས་རབ་མི་འགྱུར་གཙོ་འཁོར་བཅས༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་བྱོན༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཧཱུྃ་ཛ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ རིན་ཆེན་འབར་བ་བཀྲག་རེ་བཟང༔ སེང་གེ་གཙོ་བརྒྱད་ཡ་རེ་མཚན༔ སྣ་ཚོགས་པདྨ་རྒྱ་རེ་ཆེ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ གཞལ་ཡས་ལྷུན་རྫོགས་རྒྱ་རེ་ཆེ༔ རང་བྱུང་རང་ཤར་དཀྱིལ་འཁོར་འདིར༔ ཞི་ཁྲོ་ཚེ་མཆོག་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ སྐུ་ལྔ་རབ་རྫོགས་རྡོ་རྗེ་འོད་དཔག་མེད༔ ས་ལྔ་མཐར་ཕྱིན་ཞིང་ཁམས་ལྔ་ཡི་བདག༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཕྲིན་ལས་གཙོ༔ བུདྡྷ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ རཏྣ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ པདྨ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཀརྨ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཞི་ཁྲོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ མཆོད་པ་འབུལ་བ་ནི། ཧྲཱི༔ བཅོམ་ལྡན་ཚེ་བདག་མགོན་པོ་འོད་དཔག་མེད༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ཚོགས་དང་བཅས༔ དཀྱིལ་འཁོར་ལྔ་རྫོགས་གཙོ་འཁོར་ཐམས་ཅད་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཚོགས་རྣམས༔ ཕྱི་ནང་གསང་བ་ཡང་གསང་བླ་ན་མེད༔ སྦྱོར་སྒྲོལ་ཞི་རྒྱས་དབང་དྲག་སྣ་ཚོགས་འབུལ༔ ཧྲཱི༔ ལྔ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཡིད་འོང་མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ ཡེ་ཤེས་སྤྱན་ལྔའི་དབང་པོ་ཚིམ་གྱུར་ཅིག༔ སྒྲ་སྙན་རོལ་མོ་སྣ་ཚོགས་སྙན་ལ་འབུལ༔ ཡེ་ཤེས་ཚོར་བའི་ཕུང་པོ་ཚིམ་གྱུར་ཅིག༔ དྲི་ཞིམ་སྣ་ཚོགས་དུད་སྤྲིན་ཤངས་ལ་འབུལ༔ འདུ་ཤེས་ཤངས་ཀྱི་དབང་པོ་ཚིམ་གྱུར་ཅིག༔ རོ་མཆོག་བརྒྱ་ལྡན་ཟས་མཆོག་ལྗགས་ལ་འབུལ༔ རྡོ་རྗེ་འདུ་བྱེད་རྣམ་ཤེས་ཚིམ་གྱུར་ཅིག༔ རེག་བྱ་ལྷུན་གྲུབ་མཉེན་ལྕུག་སྐུ་ལ་འབུལ༔ ཡེ་ཤེས་སྐུ་ཡི་དབང་པོ་ཚིམ་གྱུར་ཅིག༔ མཛད་སྤྱོད་ཏིང་འཛིན་ཆོ་འཕྲུལ་ཐམས་ཅད་ཀུན༔ དག་དང་མ་དག་མེད་པར་ཆོས་ཉིད་ངང༔ ཡེ་ཤེས་འབར་བ་ཆེན་པོའི་ཐུགས་ལ་འབུལ༔ དྲན་པ་སེམས་ཀྱི་དབང་པོ་ཚིམ་གྱུར་ཅིག༔ ཧྲཱི༔ རང་བཞིན་འོད་འབར་ཚེ་ཡི་ལྷ་ཚོགས་ལ༔ ཏིང་འཛིན་རྫས་སྤྲུལ་མཆོད་པ་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མདངས་ཀྱིས་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཞིམ་སྣ་ཚོགས་མཆོད༔ རྐང་གླིང་ཐོད་རྔ་རྫ་རྔ་པི་ཝཾ་མཆོད༔ ཤ་ལྔ་བདུད་རྩི་ལྔ་ལྡན་མདངས་ལྔས་མཆོད༔ ཧཱུྃ༔ རང་བཞིན་འོད་འབར་ཚེ་ཡི་ལྷ་ཚོགས་ལ༔ གཉིས་མེད་བདེ་སྟོང་གསང་མཆོད་འབུལ་བ་ནི༔ སྣང་བ་ཐམས་ཅད་ཡབ་ཀྱི་ཆ་འཛིན་ཅིང༔ སྟོང་པ་ཐམས་ཅད་ཡུམ་གྱི་ཆ་འཛིན་ལ༔ སྣང་སྟོང་གཉིས་མེད་བརྡལ་བ་ཆེན་པོའི་ཞིང༔ མཁའ་གསང་བྷ་ག་ཡངས་པའི་ཀློང་དཀྱིལ་དུ༔ རྡོ་རྗེ་འདུ་འབྲལ་མེད་པ་གསང་བ་ཆེ༔ གཉིས་མེད་བྱང་ཆུབ་ཆེན་པོར་མཆོད་པ་འབུལ༔ སྐུ་ལུས་ཞིང་ཁམས་རྒྱས་ཕྱིར་བཞེས་སུ་གསོལ༔ ཧྲཱི༔ རང་བཞིན་འོད་འབར་ཚེ་ཡི་ལྷ་ཚོགས་ལ༔ ཡང་གསང་བླ་མེད་སྦྱོར་སྒྲོལ་མཆོད་པ་ནི༔ དུག་གསུམ་སྐུ་གསུམ་ཡེ་ཤེས་གསུམ་དུ་འབུལ༔ དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ་རུ་མཆོད༔ ཚོགས་དྲུག་བསྒྲལ་ནས་ཡིད་དྲུག་ཡུལ་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛཿཧོ༔ ཨོཾ་བཛྲ་རཏྣ་ཙཀྲ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ མཆོད་པ་ཡིད་ཀྱི་སྤྲིན་ཚོགས་མ་ལུས་འདི༔ དངོས་དང་དངོས་མེད་ལོངས་སྤྱོད་ཕུན་ཚོགས་རྫས༔ དཔལ་འབར་གཟི་བརྗིད་འབར་བའི་བླ་མེད་རྫས༔ རང་སྣང་གནས་ཡུལ་དག་པའི་མཆོད་པ་འབུལ༔ ཨོཾ་བཛྲ་སྥ་ར་ཎ་ཧཱུྃ༔ དེ་ནས་འཛབ་བསྙེན་བཟླ་བ་ལ་འཕྲོ་འདུའི་ཏིང་འཛིན་ནི། ཞི་ཁྲོའི་ལྷ་ཚོགས་དེ་དག་གི༔ ཐུགས་སྲོག་ཡི་གེ་ཨོཾ་ཨཱཿཧཱུྃ༔ ཚེ་ཡི་སྙིང་པོ་ཡི་གེ་ཨ༔ མི་ཡི་སྙིང་པོ་ཡི་གེ་རྣྲི༔ བུམ་པའི་ནང་དུ་གསལ་བར་བསྒོམ༔ ཡིག་འབྲུ་ལྔ་པོ་དེ་དག་ལས༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ ཡར་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ༔ མར་འཕྲོས་རིགས་དྲུག་རྟོག་པ་སྦྱངས༔ ཚུར་འདུས་ཡིག་འབྲུ་ལྔ་ལ་ཐིམ༔ ཡིག་འབྲུ་ལྔ་པོ་འོད་དུ་ཞུ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ ཡེ་ཤེས་བདུད་རྩི་ཆེན་པོར་གྱུར༔ འཆི་མེད་ཚེ་ཡི་རང་བཞིན་ལས༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འོད་ཟེར་དེ་དག་རེ་རེ་ལས༔ ཚེ་ཡི་ལྷ་མོ་སྐུ་མདོག་དཀར༔ ཕྱག་གཡས་ལྕགས་ཀྱུ་མདའ་དར་བསྣམས༔ ཕྱག་གཡོན་བདུད་རྩི་ཚེ་བུམ་བསྣམས༔ ཤར་གྱི་ཕྱོགས་ནས་ཚེ་དྲངས་ནས༔ བུམ་པའི་ནང་དུ་ཐིམ་པར་བསྒོམ༔ ཡང་གཅིག་འོད་ཟེར་ཕར་འཕྲོས་པས༔ ཚེ་ཡི་ལྷ་མོ་སྐུ་མདོག་སེར༔ ཕྱག་གཡས་ཞགས་པ་མདའ་དར་བསྣམས༔ ཕྱག་གཡོན་བདུད་རྩི་ཚེ་བུམ་བསྣམས༔ ལྷོ་ཡི་ཕྱོགས་ནས་ཚེ་དྲངས་ནས༔ བུམ་པའི་ནང་དུ་ཐིམ་པར་བསྒོམ༔ ཡང་ཅིག་འོད་ཟེར་ཕར་འཕྲོས་པས༔ ཚེ་ཡི་ལྷ་མོ་སྐུ་མདོག་དམར༔ ཕྱག་གཡས་ལྕགས་སྒྲོག་མདའ་དར་བསྣམས༔ ཕྱག་གཡོན་བདུད་རྩི་ཚེ་བུམ་བསྣམས༔ ནུབ་ཀྱི་ཕྱོགས་ནས་ཚེ་དྲངས་ནས༔ བུམ་པའི་ནང་དུ་ཐིམ་པར་བསྒོམ༔ ཡང་ཅིག་འོད་ཟེར་ཕར་འཕྲོས་པས༔ ཚེ་ཡི་ལྷ་མོ་སྐུ་མདོག་ལྗང༔ ཕྱག་གཡས་རྒྱ་གྲམ་མདའ་དར་བསྣམས༔ ཕྱག་གཡོན་བདུད་རྩི་ཚེ་བུམ་བསྣམས༔ བྱང་གི་ཕྱོགས་ནས་ཚེ་དྲངས་ནས༔ བུམ་པའི་ནང་དུ་ཐིམ་པར་བསྒོམ༔ རིགས་བཞིའི་ལྷ་མོ་གྲངས་མེད་ཀྱིས༔ ཚེ་ཡི་བདུད་རྩི་དཀར་པོའི་རྒྱུན༔ འོད་ཟེར་འོ་མའི་ཆུ་རྒྱུན་གྱིས༔ བུམ་པ་ཐམས་ཅད་ལྟེམ་གྱིས་གང༔ ལྷ་དང་བདུད་རྩི་བུམ་པ་དང༔ འོད་དང་འོད་ཟེར་ཐམས་ཅད་ཀུན༔ གཉིས་མེད་གཅིག་གི་རང་བཞིན་དུ༔ སྣང་སྟོང་འོད་ཀྱི་ལུ་གུ་རྒྱུད༔ ཆུ་གཉེར་ལྦུ་བ་ཇི་བཞིན་དུ༔ སྣང་སྟོང་ལུ་གུ་རྒྱུད་དུ་བསྒོམ༔ ཞེས་དམིགས་ལ། ཨོཾ་ཨཱཿཧཱུྃ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་དྷྲྀཀ྄་ཛཿཧཱུྃ་སྭཱ་ཧཱ༔ ཞེས་བཟླ་ཞིང་ཆོས་སྐུ་སྐྱེ་འཆི་མེད་པའི་དགོངས་པའི་གདིང་བསྐྱེད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། བསྟོད་ཅིང་ཚེ་འགུགས་པ་ནི། ཧཱུྃ༔ ཡི་གེ་ཨ་ཡི་འཕྲོ་འདུ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་སེར་ལ་འོད་ཟེར་འབར༔ ལྟེ་བ་མན་ཆད་ལྗང་གུ་སྟེ༔ ཕྱག་གཡས་ཚེ་ཡི་བུམ་པ་གདེངས༔ ཕྱག་གཡོན་ནོར་བུ་འོད་འབར་གདེངས༔ སྣ་ཚོགས་པདྨ་ཉི་ཟླའི་གདན༔ སྣང་སྟོང་རང་བཞིན་གསལ་བར་བཞུགས༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་བསལ་བའི་ཕྱིར༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་བསལ་བའི་ཕྱིར༔ མཁའ་དང་མཉམ་པའི་གསུང་མངའ་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་བསལ་བའི་ཕྱིར༔ མཁའ་དང་མཉམ་པའི་ཐུགས་མངའ་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་བསལ་བའི་ཕྱིར༔ མཁའ་དང་མཉམ་པའི་ཡོན་ཏན་ལྡན༔ རྡོ་རྗེ་མི་ཕྱེད་ཡོན་ཏན་བདག༔ སངས་རྒྱས་ཡོན་ཏན་དངོས་གྲུབ་སྩོལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་བསལ་བའི་ཕྱིར༔ མཁའ་དང་མཉམ་པའི་ཕྲིན་ལས་ལྡན༔ རྡོ་རྗེ་མི་ཕྱེད་ཕྲིན་ལས་བདག༔ སངས་རྒྱས་ཕྲིན་ལས་དངོས་གྲུབ་སྩོལ༔ ཧཱུྃ༔ འཆི་མེད་འོད་འབར་ཚེ་ཡི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ དངོས་གྲུབ་ནུས་པ་ཐམས་ཅད་ཀུན༔ དེང་འདིར་སྒྲུབ་མཆོག་རྣམས་ལ་དངོས་གྲུབ་སྩོལ༔ དངོས་གྲུབ་ཆེན་པོ་ཕབ་ཏུ་གསོལ༔ དེང་འདིར་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཡུམ་ལྔ་བསྐུལ་བ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་ཚེ་འགུག་མ༔ བདེ་གཤེགས་རིགས་ཏེ་ཀུན་ཏུ་བཟང༔ སྐུ་མདོག་མཐིང་ལ་འོད་ཟེར་འབར༔ ཕྱག་གཡས་མཐིང་གི་འཁོར་ལོ་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་སྟིམས་ལ༔ འཁོར་ལོ་འབར་བས་ཚེ་ཁ་བཅད༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣིྲ་ལྗང་དང༔ བདེ་གཤེགས་སྙིང་པོ་ཧཱུྃ་མཐིང་གསུམ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ ཆོས་དབྱིངས་ཡེ་ཤེས་བདུད་རྩིར་གྱུར༔ དབུས་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ འཁོར་ལོ་འབར་བས་རྒྱས་ཐོབ་ཅིག༔ བདེ་གཤེགས་རིགས་ཀྱིས་ཚེ་སྒོ་སྲུངས༔ བདེ་གཤེགས་ཚེ་མཆོག་སྒྲུབ་པའི་ལས་མཛོད་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ རྡོ་རྗེའི་རིགས་ཏེ་མཱ་མ་ཀཱི༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ ཕྱག་གཡས་ཤེལ་དཀར་རྡོ་རྗེ་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་སྟིམས་ལ༔ རྡོ་རྗེ་འབར་བས་ཚེ་ཁ་བཅད༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣིྲ་ལྗང་དང༔ བདེ་གཤེགས་སྙིང་པོ་ཧཱུྃ་མཐིང་གསུམ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ མེ་ལོང་ཡེ་ཤེས་བདུད་རྩིར་གྱུར༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ རྡོ་རྗེ་འབར་བས་རྒྱས་ཐོབ་ཅིག༔ རྡོ་རྗེའི་རིགས་ཀྱིས་ཚེ་སྒོ་སྲུངས༔ རྡོ་རྗེ་ཚེ་མཆོག་སྒྲུབ་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ རིན་ཆེན་རིགས་ཏེ་སངས་རྒྱས་སྤྱན༔ སྐུ་མདོག་སེར་ལ་འོད་ཟེར་འབར༔ ཕྱག་གཡས་རིན་ཆེན་འབར་བ་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་སྟིམས་ལ༔ རིན་ཆེན་འབར་བས་ཚེ་ཁ་བཅད༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣིྲ་ལྗང་དང༔ བདེ་གཤེགས་སྙིང་པོ་ཧཱུྃ་མཐིང་གསུམ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ མཉམ་ཉིད་ཡེ་ཤེས་བདུད་རྩིར་གྱུར༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ༔ རིན་ཆེན་འབར་བས་རྒྱས་ཐོབ་ཅིག༔ རིན་ཆེན་རིགས་ཀྱིས་ཚེ་སྒོ་སྲུངས༔ རིན་ཆེན་ཚེ་མཆོག་སྒྲུབ་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ པདྨའི་རིགས་ཏེ་གོས་དཀར་མོ༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་གཡས་པདྨ་རཱ་ག་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་སྟིམས་ལ༔ པདྨ་འབར་བས་ཚེ་ཁ་བཅད༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣིྲ་ལྗང་དང༔ བདེ་གཤེགས་སྙིང་པོ་ཧཱུྃ་མཐིང་གསུམ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ སོར་རྟོག་ཡེ་ཤེས་བདུད་རྩིར་གྱུར༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ པདྨ་འབར་བས་རྒྱས་ཐོབ་ཅིག༔ པདྨའི་རིགས་ཀྱིས་ཚེ་སྒོ་སྲུངས༔ པདྨ་ཚེ་མཆོག་སྒྲུབ་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལས་ཀྱི་རིགས་ཏེ་དམ་ཚིག་སྒྲོལ༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཕྱག་གཡས་སྣ་ཚོགས་རྒྱ་གྲམ་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་སྟིམས་ལ༔ རྒྱ་གྲམ་འབར་བས་ཚེ་ཁ་བཅད༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣིྲ་ལྗང་དང༔ བདེར་གཤེགས་སྙིང་པོ་ཧཱུྃ་མཐིང་གསུམ༔ གཉིས་མེད་གཅིག་གི་རང་བཞིན་དུ༔ བྱ་གྲུབ་ཡེ་ཤེས་བདུད་རྩིར་གྱུར༔ བྱང་གི་ཕྱོགས་ནས་ཚེ་ཁུག་ལ༔ རྒྱ་གྲམ་འབར་བས་རྒྱས་ཐོབ་ཅིག༔ ལས་ཀྱི་རིགས་ཀྱིས་ཚེ་སྒོ་སྲུངས༔ ལས་རབ་ཚེ་མཆོག་སྒྲུབ་པའི་ལས་མཛོད་ཅིག༔ རིགས་ཀྱི་ཡུམ་ལྔ་བསྐུལ་བ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་ཚེ་འགུག་མ༔ བདེ་གཤེགས་སྣ་ཚོགས་ཡིད་འོང་མ༔ ཚེ་རིང་རྫས་ལ་དབང་བསྒྱུར་མ༔ དེང་འདིར་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ རྡོ་རྗེ་སྣ་ཚོགས་ཡིད་འོང་མ༔ ཚེ་རིང་རྫས་ལ་དབང་བསྒྱུར་མ༔ དེང་འདིར་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ རིན་ཆེན་སྣ་ཚོགས་ཡིད་འོང་མ༔ ཚེ་རིང་རྫས་ལ་དབང་སྒྱུར་མ༔ དེང་འདིར་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ པདྨ་སྣ་ཚོགས་ཡིད་འོང་མ༔ ཚེ་རིང་རྫས་ལ་དབང་སྒྱུར་མ༔ དེང་འདིར་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལས་རབ་སྣ་ཚོགས་ཡིད་འོང་མ༔ ཚེ་རིང་རྫས་ལ་དབང་བསྒྱུར་མ༔ དེང་འདིར་བདག་ལ་དངོས་གྲུབ་སྩོལ༔ རིགས་ཀྱི་ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་ཚེ་ཡི་མངའ་བདག་མོ༔ ཞི་མཛད་དཀར་མོ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་ཆུ་ལ་བཅིབས༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ ཤར་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཚེ་ཡི་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཧཱུྃ༔ ལྷོ་ཕྱོགས་ཚེ་ཡི་མངའ་བདག་མོ༔ རྒྱས་མཛད་སེར་མོ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་ས་ལ་བཅིབས༔ ཕྱག་ན་རིན་ཆེན་ཚེ་བུམ་བསྣམས༔ ལྷོ་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཚེ་ཡི་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཧཱུྃ༔ ནུབ་ཕྱོགས་ཚེ་ཡི་མངའ་བདག་མོ༔ དབང་མཛད་དམར་མོ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་མེ་ལ་བཅིབས༔ ཕྱག་ན་པདྨ་ཚེ་བུམ་བསྣམས༔ ནུབ་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཚེ་ཡི་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཧཱུྃ༔ བྱང་ཕྱོགས་ཚེ་ཡི་མངའ་བདག་མོ༔ དྲག་མཛད་ལྗང་གུ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་རླུང་ལ་བཅིབས༔ ཕྱག་ན་རྒྱ་གྲམ་ཚེ་བུམ་བསྣམས༔ བྱང་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཚེ་ཡི་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཧཱུྃ༔ དབུས་ཕྱོགས་ཚེ་ཡི་མངའ་བདག་མོ༔ མཆོག་མཛད་སྨུག་མོ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་ནམ་མཁའ་བཅིབས༔ ཕྱག་ན་འཁོར་ལོ་ཚེ་བུམ་བསྣམས༔ དབུས་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཚེ་ཡི་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་སྩོལ༔ དེ་ནས་ཞི་ཁྲོའི་ཚེ་བསྐུལ་བ་ནི། རོལ་མོ་བསྒྲག །མདའ་དར་གཡབ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དབུས་ནས་རང་བྱུང་ཚེ་ཡི་ལྷ༔ འོད་དཔག་མེད་མགོན་ཚེ་དཔག་མེད༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་དང༔ ལོངས་སྐུ་རྣམ་པར་སྣང་མཛད་དང༔ སྤྲུལ་སྐུ་རྒྱལ་བ་རིགས་ལྔའི་ཚོགས༔ ཡབ་ཡུམ་སྤྲུལ་པ་སྲས་དང་བཅས༔ ཁྲོ་བོའི་མཚན་ནི་ཧེ་རུ་ཀ༔ ཁྲོ་མོའི་མཚན་ནི་གནམ་ཞལ་མ༔ འཁོར་དུ་སྤྲུལ་པ་ཏ་ཀྲྀཏ་བརྒྱད༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཆ་སྣ་ཚོགས་རིན་ཆེན་མཛེས༔ ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་གང༔ སྟེང་ཕྱོགས་ཉི་ཟླའི་ལག་ནས་ཚེ་ཁུག་ལ༔ འོག་ཕྱོོགས་ས་བདག་ལག་ནས་ཚེ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ཤར་ནས་རང་བྱུང་ཚེ་ཡི་ལྷ༔ སངས་རྒྱས་མཚན་ནི་རྡོ་རྗེ་སེམས༔ རིག་མའི་མཚན་ནི་མཱ་མ་ཀཱི༔ སེམས་དཔའ་ས་སྙིང་བྱམས་པ་དཀར༔ སེམས་མ་ལཱ་སེ་དྷཱུ་པེ་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ ཁྲོ་བོའི་མཚན་ནི་ཁམས་གསུམ་རྒྱལ༔ ཁྲོ་མོའི་མཚན་ནི་གཙུག་གཏོར་མ༔ མ་མོ་ཆེན་མོ་ཀཽ་རི་མ༔ ཁྲོ་མོ་ཆེན་མོ་པུསྐ་སཱི༔ ཕྲ་མེན་ཆེན་མོ་སིང་ཧ་མ༔ མགྱོགས་མ་ཆེན་མོ་ཀྲྀཏ་མ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་མ༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་སྣ་ཚོགས་རིན་ཆེན་མཛེས༔ ཤར་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ མེ་ལྷའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ལྷོ་ནས་རང་བྱུང་ཚེ་ཡི་ལྷ༔ སངས་རྒྱས་མཚན་ནི་རིན་ཆེན་འབྱུང༔ རིག་མའི་མཚན་ནི་སངས་རྒྱས་སྤྱན༔ སེམས་དཔའ་ཀུན་བཟང་ནམ་སྙིང་མཐིང༔ སེམས་མ་མཱ་ལེ་པུཥྤེ་སྔོ༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ ཁྲོ་བོའི་མཚན་ནི་གཤིན་རྗེ་གཤེད༔ ཁྲོ་མོའི་མཚན་ནི་རལ་གཅིག་མ༔ མ་མོ་ཆེན་མོ་ཙཽ་རཱི་མ༔ ཁྲོ་མོ་ཆེན་མོ་གསྨ་རཱི༔ ཕྲ་མེན་ཆེན་མོ་བྱཱ་གྷྲྀ་མ༔ མགྱོགས་མ་ཆེན་མོ་ཀངྐ་མ༔ སྒོ་མ་ཆེན་མོ་ཞགས་པ་མ༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ ལྷོ་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ སྲིན་པོའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་དཔལ་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ ནུབ་ནས་རང་བྱུང་ཚེ་ཡི་ལྷ༔ སངས་རྒྱས་མཚན་ནི་སྣང་མཐའ་ཡས༔ རིག་མའི་མཚན་ནི་གོས་དཀར་མོ༔ སེམས་དཔའ་སྤྱན་གཟིགས་འཇམ་དཔལ་དམར༔ སེམས་མ་གཱིརྟི་ཨཱ་ལོ་དཀར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ ཁྲོ་བོའི་མཚན་ནི་རྟ་མཆོག་དཔལ༔ ཁྲོ་མོའི་མཚན་ནི་ཕག་མོ་ཡུམ༔ མ་མོ་ཆེན་མོ་པྲ་མོ་ཧཱ༔ ཁྲོ་མོ་ཆེན་མོ་སྨེ་ཤ་ནཱི༔ ཕྲ་མེན་ཆེན་མོ་སྲི་ལ་མ༔ མགྱོགས་མ་ཆེན་མོ་ཁཱ་ཁ་མ༔ སྒོ་མ་ཆེན་མོ་ལྕགས་སྒྲོག་མ༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ ནུབ་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ ཀླུ་གདོན་ལག་ནས་ཚེ་ཁུག་ལ༔ རླུང་ལྷའི་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་སྲོག་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཧཱུྃ༔ བྱང་ནས་རང་བྱུང་ཚེ་ཡི་ལྷ༔ སངས་རྒྱས་མཚན་ནི་དོན་ཡོད་གྲུབ༔ རིག་མའི་མཚན་ནི་དམ་ཚིག་སྒྲོལ༔ སེམས་དཔའ་སྒྲིབ་སེལ་ཕྱག་རྡོར་ལྗང༔ སེམས་མ་གནྡྷེ་ནིརྟི་མ༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ ཁྲོ་བོའི་མཚན་ནི་བདུད་རྩི་འཁྱིལ༔ ཁྲོ་མོའི་མཚན་ནི་རེ་མ་ཏི༔ མ་མོ་ཆེན་མོ་བཻ་ཏ་ལཱི༔ ཁྲོ་མོ་ཆེན་མོ་ཙཎྜ་ལཱི༔ ཕྲ་མེན་ཆེན་མོ་ཤྭ་ན་མ༔ མགྱོགས་མ་ཆེན་མོ་ཧུ་ལུ་མ༔ སྒོ་མ་ཆེན་མོ་དྲིལ་བུ་མ༔ སྐུ་མདོག་ཕྱག་མཚན་རང་རྟགས་ལ༔ རྒྱན་ཕྲེང་རིན་ཆེན་སྣ་ཚོགས་བརྒྱན༔ བྱང་ཕྱོགས་འཇིག་རྟེན་ཁམས་དཀྲུགས་ལ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དབང་ལྡན་ལག་ནས་བླ་སྲོག་ཁུག༔ ཚེ་ཁུག་བླ་ཁུག་སྲོག་སྐྱེད་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བརྟན་པར་མཛོད༔ ཚེའི་ལས་མཁན་བསྐུལ་བ་ནི། ཧཱུྃ༔ ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ཤར་ཕྱོགས་ཟླ་འོད་དཀར་པོའི་དཀྱིལ་འཁོར་དུ༔ རྡོ་རྗེ་དཀར་མོ་སྤྱན་འདྲེན་ཕྲ་མེན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་གཏམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་རྡོ་རྗེའི་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭ་ཁུག་གཡང་ཁུག་ཚེ་ཁུག་ཅིག༔ ཚེ་ཡི་སྙིང་པོ་ཨ་དཀར་དང༔ མི་ཡི་སྙིང་པོ་རྣྲྀ་ལྗང་གཉིས༔ བུམ་པར་སྟིམས་ལ་རྒྱ་ཡིས་ཐོབས༔ མི་འགྱུར་གཡུང་དྲུང་ཚེ་ཡི་གཏེར༔ མི་ཤིགས་རྡོ་རྗེ་ཚེ་ཡི་གཏེར༔ མི་ནུབ་རྒྱལ་མཚན་ཚེ་ཡི་གཏེར༔ མི་ཟད་རིན་ཆེན་ཚེ་ཡི་གཏེར༔ ཚེ་གཏེར་རྒྱ་དང་བཅས་པ་འདི༔ ཞི་ཁྲོ་རིགས་བརྒྱའི་ཐུགས་ལ་སྦ༔ ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ༔ ཚེ་མཆོག་དབང་གི་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ལྷོ་ཕྱོགས་ཟླ་འོད་སེར་པོའི་དཀྱིལ་འཁོར་དུ༔ རིན་ཆེན་སེར་མོ་སྤྱན་འདྲེན་ཕྲ་མེན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་ཡི་བཀང༔ བུམ་པའི་ནང་ཡང་གཡང་གིས་གཏམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་རིན་ཆེན་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭ་ཁུག་གཡང་ཁུག་སོགས་གོང་གིས་འགྲེའོ། །ཧཱུྃ༔ ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ ནུབ་ཕྱོགས་ཟླ་འོད་དམར་པོའི་དཀྱིལ་འཁོར་དུ༔ པདྨ་དམར་མོ་སྤྱན་འདྲེན་ཕྲ་མེན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་གཏམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་པདྨོའི་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭ་ཁུག་གཡང་ཁུག་སོགས་གོང་གིས་འགྲེའོ། །ཧཱུྃ༔ ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང༔ རི་རབ་ཀུན་ལ་རྒྱབ་བརྟེན་ནས༔ འབྱུང་བ་ཀུན་ལ་མངའ་བརྙེས་ཤིང༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ ཚེ་ཡི་ལྷ་མོ་རྒྱུད་འཕེལ་མ༔ བྱང་ཕྱོགས་ཟླ་འོད་ལྗང་གུའི་དཀྱིལ་འཁོར་དུ༔ ཀརྨ་ལྗང་གུ་སྤྱན་འདྲེན་ཕྲ་མེན་འབུམ༔ ཕྱག་གཡས་ཚེ་དཔལ་མདའ་དར་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ནང་དུ་ཚེ་ཡིས་བཀང༔ བུམ་པའི་ནང་ཡང་གཡང་གིས་གཏམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་རྒྱ་གྲམ་ཕྲེང༔ བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱྭ་ཁུག་གཡང་ཁུག་སོགས་གོང་གིས་འགྲེའོ། །དེ་རྣམས་ཀྱིས་ཚེ་འགུག་པ་གྲུབ་བོ། །ཚོགས་མཆོད་ནི། དམ་ཚིག་གི་རྫས་བཤམས་ལ་བྱིན་བརླབ་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་གྱིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་གིས་རྒྱུ་དྲུག་དག་པར་བྱས༔ ཚོགས་ཀྱི་དངོས་པོ་ཐམས་ཅད་རྣམས༔ འདོད་པའི་ཡོན་ཏན་ལྔ་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་ནི། ཧཱུྃ༔ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ནས༔ ཚེ་བདག་རིགས་ལྔ་གཙོ་དང་འཁོར༔ ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ ཁྲོ་རྒྱལ་ཁྲག་འཐུང་ཐམས་ཅད་དང༔ སྤྲུལ་པ་ཡང་སྤྲུལ་ཕྲ་མེན་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དང་པོས་མཆོད་པ་ནི། ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ སྣ་ཚོགས་ཚོགས་ཀྱི་ལོངས་སྤྱོད་རྣམས༔ དཀྱིལ་འཁོར་ལྔ་རྫོགས་ཚེ་ཡི་བདག༔ སངས་རྒྱས་བཞི་བཅུ་རྩ་གཉིས་དང༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་འབུལ༔ ཐུགས་དམ་སྐོང་ལ་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ག་ཎ་ཙཀྲ་ཁ་རཾ་ཁཱ་ཧི༔ བར་པས་བཤགས་པ་ནི། ཨོཾ་ཨཱཿཧཱུྃ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ནྲྀ་ཏྲིཿབཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་སྐུ༔ གཟུང་འཛིན་ཚེ་ཡི་བར་ཆད་བདུད༔ གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ༔ གསལ་སྟོང་ཆེན་པོར་མཱ་ར་ཡ༔ ཧཱུྃ༔ དུག་ལྔ་བསྒྲལ་བའི་གཟུགས་ཕུང་ལྔ༔ ཡེ་ཤེས་ལྔ་ཡི་རང་བཞིན་དུ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་ལ་རོལ་ཅིང་སྨོན་ལམ་ནི། ཧོ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རབ་གསལ་ནས༔ དག་པ་ཆེན་པོའི་ས་ཐོབ་ཤོག༔ ཅེས་བརྗོད། ཚེ་དབང་བསྐུར་ན་སྐབས་འདིར་བྱའོ། །ལྷག་མ་གཏང་བ་ནི། བྱིན་རླབས་སྤྱི་ལྟར། བྷྱོ༔ ལྷག་ལ་དབང་བའི་དམ་ཚིག་ཅན༔ མ་མོ་དབང་ཕྱུག་ཉེར་བརྒྱད་དང༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་སུམ་ཅུ་རྩ་བཞི་དང༔ ལངྐ་དུར་ཁྲོད་བདག་པོ་སོགས༔ ལས་དང་འཇིག་རྟེན་ཤ་ཟ་ཡི༔ ཁྲོ་ཚོགས་ཡང་སྤྲུལ་ཕོ་ཉར་བཅས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ ཚེ་བདུད་བར་ཆད་ཟློག་པ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གཏེར་སྲུང་གཏོར་མ་སྤྱི་འགྲེ་འབུལ། གཏོར་སྐྱོང་ནི། ཧཱུྃ༔ ཕྱོགས་མེད་མཐའ་དང་བྲལ་བའི་ཕྱོགས་ལྔ་རུ༔ ཁ་དོག་ལྔ་ལྡན་གར་སྒྱུར་སྒེག་པ་མོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་རྒུ་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ རིགས་ལྔའི་ལས་ལས་གྲུབ་པའི་མཁའ་འགྲོ་འབུམ༔ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དགྲ་སོད་རྐྱེན་ཟློག་བགེགས་དཔུང་ཐུལ་བར་གྱིས༔ བྷྱོ༔ དཔལ་གྱི་བཀའ་ཉན་དབང་ཕྱུག་ཉི་ཤུ་བརྒྱད༔ བརྟན་མ་བཅུ་གཉིས་མཁའ་འགྲོ་སུམ་ཅུ་གཉིས༔ གིང་དང་ལངྐ་དུར་ཁྲོད་འབར་མའི་ཚོགས༔ མ་བདུན་སྲིང་བཞི་ཉུལ་ལེའི་ཚོགས་བཅས་རྣམས༔ དགའ་རབ་ཤྲཱི་སིང་ལོ་པན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཀའ་ཡི་གཏོར་མ་ལོངས༔ ཚེ་དབང་དངོས་གྲུབ་འགྲུབ་པའི་སྡོངས་གྲོགས་མཛོད༔ ཅེས་གཏོར་མ་བཏང་ངོ་། །གཏོར་བྲོ་ནི། ཧཱུྃ༔ བདག་ཉིད་རིགས་ལྔའི་ཧེ་རུ་ཀ༔ ཞབས་ཀྱི་བྲོ་བརྡུང་དུག་ལྔ་འཇོམས༔ རོལ་པའི་བྲོ་རྡུང་ཆེམས་སེ་ཆེམ༔ འཁོར་བའི་གཅོང་ནད་བཟློག་པར་མཛོད༔ ཨོཾ་ཧཱུྃ་སཏྭཾ་བྷ་ས་མ་ཡ་ནན༔ དཀྱིལ་འཁོར་དང་འབྲེལ་བ་སོགས་སམ་ཚོགས་མཆོད་སྐབས་གཏོང་རག་མཆོད་བསྟོད་མདོར་བསྡུས་ཕུལ། ནོངས་པ་བཤགས་ལ་ཡིག་བརྒྱ་བརྗོད། འོད་གསལ་དུ་བསྡུ་བ་ནི། ཧཱུྃ༔ ཚེ་དང་ཡེ་ཤེས་གསལ་སྣང་ལས༔ ལྷུན་གྲུབ་རྫོགས་པ་སྒོམ་མེད་སྣང༔ ཚེ་དང་ཡེ་ཤེས་རྒྱས་པའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་སྟེ༔ རྡོ་རྗེ་ཚེ་ལས་རྣམས་རྫོགས་པའི༔ འགྱུར་མེད་ཚེ་ཡི་དབང་ཐོབ་བོ༔ ཞེས་ཀ་དག་གི་ངང་ལ་བཞག་ཅིང་སླར་སྣོད་བཅུད་དག་པའི་འཁོར་ལོར་ལྡང་། ཤིས་བརྗོད་ནི། ཧོ༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ ཆོས་དབྱིངས་ཡེ་ཤེས་ཀློང་ལ་མངའ་བརྙེས་པའི༔ བླ་མ་ཡི་དམ་མཁའ་འགྲོའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་སོགས་བརྗོད། བསྔོ་བ་ནི། ཧོ༔ ཀུན་བཟང་ཡབ་ཡུམ་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ༔ སྲིད་པར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་དུས་མེད་བསགས་པའི་དགེ་བ་རྣམས༔ གཞོན་ནུ་བུམ་པ་སྐུ་ཡི་ལྷུམས་སུ་རྫོགས༔ གཉིས་མེད་མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ སྨོན་ལམ་ནི། ཧོ༔ སྒོ་གསུམ་ཡོངས་སུ་བསགས་པའི་དགེ་བ་འདིས༔ སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག༔ འཁོར་གསུམ་ཡོངས་དག་དགེ་བ་གང་སྤྱད་རྣམས༔ སྲིད་གསུམ་དག་པ་ཡེ་ཤེས་ཆེན་པོར་བསྔོ༔ སྐུ་གསུམ་མཐར་ཕྱིན་ཆེན་པོའི་ས་ཐོབ་ཤོག༔ ཅེས་དང་། གཞན་ཡང་འོས་ཤིང་འཐད་པའི་ཤིས་བརྗོད་སྨོན་ལམ་ཇི་ལྟར་རིགས་པ་བརྗོད་ལ་མཐའ་རྒྱས་སུ་བྱའོ། །འཁྲུལ་རྟོགས་བརྒྱ་རྩས་དབང་མེད་ཉམས་པའི་ཚེ། །རིགས་བརྒྱའི་ཡེ་ཤེས་སྟོབས་ཀྱིས་གདོད་གནས་སུ། །འགྱུར་མེད་རྟག་པ་དམ་པར་བྱིན་བརླབས་ནས། །སྐྱེ་འཆིའི་འཇིགས་ལས་རྟག་ཏུ་གྲོལ་གྱུར་ཅིག །སྤྲུལ་པའི་གཏེར་ཆེན་འདི་ཉིད་ཀྱི་ཟབ་ཆོས་སྨིན་གྲོལ་གྱི་རྒྱུན་སོགས་ཤིན་ཏུ་དཀོན་པས་གཅེས་པར་སྤྲས་པའི་འདུན་པས། ལུགས་འདིའི་རིང་བརྒྱུད་དང་ཉེ་བརྒྱུད་ཁྱད་པར་ཅན་ཐོབ་པའི་སྐལ་པ་བཟང་པོས་ངལ་འཚོ་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་སྐུ་གསུམ་འོད་ཀྱི་སྙིང་པོ་ (Volume 6, Text 17)

༁ྃ༔ ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་སྐུ་གསུམ་འོད་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ གུ་རུ་ཙིཏྟ་སཱ་དྷ་ན་ཙིཏྟ་མ་ཎི་ནཱ་མ༔ བོད་སྐད་དུ༔ གུ་རུའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཞེས་བྱ་བ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་སྔགས་འཆང་པདྨ་འབྱུང་གནས་བདག༔ འོད་གསལ་གཞོན་ནུ་བུམ་སྐུའི་ཕོ་བྲང་དུ༔ ཆོས་སྐུའི་སངས་རྒྱས་རྣམས་དང་དབྱེར་མེད་པའི༔ དགོངས་ཀློང་རོ་གཅིག་འདུ་འབྲལ་མེད་པ་ལས༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ ལོངས་སྤྱོད་རྫོགས་སྐུ་ཐོད་ཕྲེང་རིགས་ལྔར་ཤར༔ དེ་ལས་མི་མཇེད་འཛམ་གླིང་གདུལ་བྱའི་ཕྱིར༔ དྷ་ན་ཀོ་ཥའི་མཚོ་རྫིང་པདྨའི་སྦུབས༔ རྒྱུ་རྐྱེན་ལས་འདས་སྤྲུལ་པའི་སྐུ་རུ་སྣང༔ ཐེག་གསུམ་རིམ་ཞུགས་པདྨ་སཾ་བྷ་བས༔ སྡེ་སྣོད་རྒྱུད་སྡེའི་བསྟན་པའི་རྒྱལ་མཚན་བཙུགས༔ གསུང་གི་བདག་ཉིད་པདྨ་རྒྱལ་པོ་ཡིས༔ གསང་སྔགས་ཆོས་ཀྱི་འཁོར་ལོས་སྒྱུར་བ་འཆང༔ ཐུགས་ཀྱི་རིག་རྩལ་དཔལ་ཆེན་སེང་གེའི་སྒྲས༔ བདུད་དང་མུ་སྟེགས་ལོག་འདྲེན་ཕམ་པར་བྱས༔ ཡོན་ཏན་ཡོངས་རྫོགས་ཤཱཀྱ་སེང་གེ་ནི༔ རྡོ་རྗེ་གདན་དུ་ཐུབ་པའི་རྒྱལ་ཚབ་གྱུར༔ ཕྲིན་ལས་རྩལ་འཆང་ཉི་མ་འོད་ཟེར་གྱིས༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་བསྐྱངས༔ དེ་ལས་རབ་འཕྲོས་བློ་ལྡན་མཆོག་སྲེད་རྩལ༔ པཎ་གྲུབ་རྣམས་དང་ཆོས་ཀྱི་བགྲོ་བ་མཛད༔ དབྱེར་མེད་ངོ་བོ་པདྨ་འབྱུང་གནས་ཞེས༔ འཕགས་བོད་རྣམས་སུ་ཉི་ཟླ་ལྟ་བུར་གྲགས༔ སུམ་སྟོང་ལོན་ནས་བོད་ཀྱི་ཡུལ་དུ་འོང༔ བསམ་ཡས་ས་བཏུལ་རབ་གནས་མེ་ཏོག་འཐོར༔ མདོ་སྔགས་བཤད་སྒྲུབ་ཤིང་རྟའི་ལམ་སྲོལ་ཕྱེས༔ མངའ་བདག་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས༔ ཁྱད་པར་གདུལ་དཀའི་དྲེགས་པ་འདུལ་བའི་སླད༔ འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཅེས༔ སྲིད་ཞི་ཀུན་གྱི་ཆེ་བཙན་ཆེན་པོར་བཞེངས༔ བོད་ཁམས་འབྱུང་པོ་ཐམས་ཅད་ཟིལ་གྱིས་མནན༔ རི་བྲག་མཚོ་གསུམ་སྒྲུབ་གནས་བྱིན་གྱིས་བརླབས༔ མིང་ཅན་མིང་མེད་གཏེར་ཁ་གྲངས་མེད་སྦས༔ ད་ནི་མི་སྡོད་སྲིན་པོ་འདུལ་དུ་འགྲོ༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ རྗེས་འཇུག་རྣམས་ལ་ཤིན་ཏུ་སྙིང་བརྩེ་བས༔ རང་གི་སྒྲུབ་ཐབས་རང་གིས་མཛད་ཚུལ་གྱིས༔ ཐུགས་སྒྲུབ་བྱེ་བ་བསམ་ཡས་གྲངས་མེད་པ༔ ཀུན་གྱི་བཅུད་བསྡུས་ཡིད་བཞིན་ནོར་བུ་འདི༔ ཚེ་རབས་འབྲེལ་བའི་ལྷ་སྲས་མཆོག་གྲུབ་དང༔ སྔགས་འཆང་ཆེན་པོ་སངས་རྒྱས་ཡེ་ཤེས་དང༔ ཐུགས་ཀྱི་གཟུངས་མ་མོས་གུས་ཕུལ་ཕྱིན་པ༔ མཚོ་རྒྱལ་རྣམས་དང་འབྲལ་ཁའི་ཞལ་ཆེམས་སུ༔ ལེགས་པར་བསྟན་གྱིས་རྩེ་གཅིག་ཡིད་ཀྱིས་ཟུངས༔ ཁོང་པའི་དབུགས་བཞིན་ཐུགས་དམ་སྙིང་པོར་དྲིལ༔ མ་འོངས་དོན་ཕྱིར་བརྡ་ཡིག་གཏེར་དུ་སྦོས༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་ནས་ཀྱང༔ བྱིན་རླབས་མི་ནུབ་སྙིང་པོའི་བཙས་སུ་འགྱུར༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ པདྨ་བདག་དང་དབྱེར་མེད་སྒྲུབ་འདོད་ན༔ བླ་མ་ལ་གུས་དབང་ཐོབ་དམ་ཚིག་ཅན༔ ངེས་འབྱུང་ཤུགས་བསྐྱེད་ཚེ་འདིའི་གདོས་ཐག་བཅད༔ དབེན་པའི་གནས་སུ་དཀའ་ཐུབ་ས་སྡེ་ཚུགས༔ འདུ་འཛིའི་བྲེལ་བ་ཐམས་ཅད་རྒྱང་བསྲིངས་ལ༔ སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་གང་འབྱོར་དགྲམ༔ བླ་མའི་གཏོར་ཆེན་རིན་ཆེན་འབར་བ་དང༔ སྨན་རཀ་ཉེར་སྤྱོད་ཚོགས་ཀྱི་འཁོར་ལོ་བཤམ༔ བདེ་བའི་སྟན་འདུག་ཉམས་ལེན་གནད་དུ་བསྣུན༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོ་མཚམས་བཅད་ཚོགས་གསག་ཅིང༔ བདག་དང་གནས་དང་དམ་རྫས་ལ༔ ཡེ་ཤེས་གཟི་བྱིན་དབབ་པས་བརླབ༔ དང་པོ་ཕྱི་མཚམས་བཅད་པའི་ཕྱིར༔ མཐུ་ཆེན་རྒྱལ་པོ་སྡེ་བཞི་ལ༔ གཙང་མའི་གཏོར་མ་བྱིན་ནས་ཀྱང༔ མཚམས་སྲུང་ཕྲིན་ལས་གསོལ་བར་བྱ༔ ནང་མཚམས་དབང་ཆེན་ལྷར་བསྒོམས་ལ༔ ཧཱུྃ་ཧྲཱི༔ ང་ནི་མཉམ་ཉིད་ངང་གིས་ཁྲོས་པ་ལས༔ ཐུགས་རྗེའི་རང་རྩལ་རྟ་མཆོག་དཔལ་གྱི་སྐུའི༔ རྡོ་རྗེའི་འདུ་འཕྲོ་ཁྲོ་བོའི་སྤྲིན་ཕུང་གིས༔ ལོག་འདྲེན་བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུཙྪཱ་ཊ་ཡ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་བ་དོན་གྱི་མཚམས་བཅད་ནི༔ ཧཱུྃ༔ ཕྱི་ནང་བར་ཆད་རྣམ་པར་རྟོག་པ་སྟེ༔ རྟོག་པའི་རང་བཞིན་གདོད་ནས་སྟོང་པ་ཉིད༔ འོད་གསལ་རྡོ་རྗེའི་སྲུང་མཚམས་ལྷུན་གྱིས་གྲུབ༔ གཟུང་འཛིན་བགེགས་ཚོགས་འཇུག་པའི་སྐབས་མེད་དོ༔ བཛྲ་ཛྙཱ་ན་ཤུདྡྷེ་ཨ༔ གཉིས་པ་ཚོགས་གསག་ལས་རིམ་ལས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ བླ་མ་སྐུ་གསུམ་འདུས་པའི་ལྷར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ སྨོན་འཇུག་སེམས་མཆོག་བསྐྱེད་པ་ནི༔ ཧོ༔ མ་གྱུར་འགྲོ་བ་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་དུ༔ རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ༔ ཡན་ལག་བཅུ་ཡིས་གསག་སྦྱང་ནི༔ ཧོ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ ཡེ་ཤེས་དབྱིངས་ནས་གནས་འདིར་གཤེགས༔ ཉི་ཟླ་པད་སྟེང་དགྱེས་པར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་སྤྲིན་འབུལ༔ ཐོག་མེད་འཁོར་བའི་སྡིག་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་རྟག་བཞུགས་ནས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ༔ དགེ་ཚོགས་འདུས་མ་བྱས་པར་བསྔོ༔ འོད་གསལ་སྙིང་པོའི་དོན་རྟོགས་ཤོག༔ གསུམ་པ་བྱིན་ཆེན་དབབ་པ་ནི༔ སྤོས་རོལ་དང་བཅས་གདུང་ཤུགས་བསྐྱེད༔ ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཁམས་ནས༔ སྐུ་གསུམ་བླ་མའི་ལྷ་ཚོགས་ཐུགས་དམ་ཅན༔ མོས་ཤིང་གདུང་བས་རྩེ་གཅིག་རྒྱུད་བསྐུལ་ན༔ གློག་ལྟར་མྱུར་བའི་ཐུགས་རྗེས་གནས་འདིར་གཤེགས༔ རྣལ་འབྱོར་རྒྱུད་ལ་བདེ་ཆེན་གཟི་བྱིན་སྐྱེད༔ སྒྲུབ་པའི་གནས་མཆོག་འོག་མིན་ཞིང་དུ་སྒྱུར༔ སྒྲུབ་རྫས་མཆོད་ཚོགས་ཡེ་ཤེས་དབྱིངས་ཀྱི་རྒྱན༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་སྥ་ར་ཎ་ཁཾ༔ སྒྲུབ་པ་པོ་ཡི་རྒྱུད་འགྱུར་ཞིང༔ གནས་དང་ཡོ་བྱད་བྱིན་འོད་ཆགས༔ དེ་ཚེ་ཡེ་ཤེས་ཕེབས་པའི་རྟགས༔ མོས་གུས་སྐྱེ་ཞིང་དགོངས་པ་བསྐྱང༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ སྔོན་འགྲོའི་ལས་རིམ་སྟེ་ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་ཕྲིན་ལས་རིམ་པ་ལ༔ ལྷ་བསྐྱེད་ཛཔ྄་བཟླས་ཐུན་མཚམས་བྱ༔ དང་པོ་སྣང་སྲིད་གཞིར་བཞེངས་ཀྱི༔ བླ་མའི་དཀྱིལ་འཁོར་བཀོད་པ་ནི༔ ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སྟོང་ཉིད་རྡོ་རྗེའི་ངང༔ ལོངས་སྤྱོད་ཡོངས་རྫོགས་དམིགས་མེད་སྙིང་རྗེའི་སྤྲིན༔ རྒྱུ་ཡི་ས་བོན་ཧཱུྃ་ཡིག་མཐིང་གསལ་མདངས༔ ནམ་མཁའི་དབྱིངས་སུ་སྐར་ཆེན་བཞིན་དུ་ཤར༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་ཀུན་སྦྱངས༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་དང༔ རི་རབ་པདྨ་སྣ་ཚོགས་རྡོ་རྗེའི་སྟེང༔ མི་ཕྱེད་སྲུང་བའི་འཁོར་ལོ་གསལ་ཞིང་བརྟན༔ དེ་དབུས་བྷྲཱུྃ་ལས་རིན་ཆེན་ཕོ་བྲང་ཆེ༔ གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་བཀོད་རྫོགས༔ ཡེ་ཤེས་སྒྱུ་མའི་བཀོད་པ་བསམ་ཡས་པར༔ རཏྣ་ཟུར་བརྒྱད་འདབ་བཞིའི་པདྨའི་དབུས༔ ཆུ་སྐྱེས་གེ་སར་ཉི་ཟླའི་དཀྱིལ་འཁོར་སྟེང༔ རིག་རྩལ་ཧཱུྃ་བབས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུས་སྟོབས་བཅུའི་གཟི་བྱིན་འབར༔ མཐིང་གསལ་ཐིག་ལེ་ཡོངས་གྱུར་སྐད་ཅིག་གིས༔ ཀུན་བཟང་ཆོས་སྐུ་བླ་མ་རྡོ་རྗེ་འཆང༔ ནམ་མཁའི་མདངས་ཅན་ཁྲོ་འཛུམ་བརྗིད་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས༔ ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔ་འཕྲོ་བའི་ཀློང་དཀྱིལ་དུ༔ རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེན་པོར་བཞེངས༔ ཧཱུྃ་ཧྲཱི༔ དབུས་དང་མདུན་སོགས་ཕྱོགས་བཞིའི་འདབ་མ་ལ༔ བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཐོད་ཕྲེང་རྩལ༔ དཀར་མཐིང་སེར་དམར་ལྗང་གུའི་མདངས་འོད་འཚེར༔ ཕྱག་གཡས་སོ་སོའི་རིགས་ཀྱི་ཕྱག་མཚན་གདེངས༔ གཡོན་པས་ཤེས་རབ་དྲིལ་བུ་དཀུ་ལ་བརྟེན༔ གསང་གོས་ཕོད་ཀ་པདྨའི་སྙན་ཞུ་གསོལ༔ དར་དཔྱངས་རིན་ཆེན་རུས་རྒྱན་རབ་ཏུ་བརྗིད༔ ཞི་ཆགས་ཁྲོ་ཞིང་འཛུམ་པའི་ངང་ཚུལ་ཅན༔ རང་འདྲའི་ཡུམ་རྣམས་གཉིས་མེད་དགྱེས་པས་འཁྱུད༔ པདྨ་ཉི་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས༔ སོ་སོའི་ཐུགས་ཀར་ཚེ་བདག་རིགས་མཆོག་ལྔ༔ ཡབ་ཡུམ་མཉམ་སྦྱོར་འོད་སྐུར་ལམ་མེར་གསལ༔ ཧཱུྃ་ཧྲཱི༔ དེ་ཡི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ༔ པད་ཉི་ཟླ་སྟེང་འོད་ལྔའི་གུར་ཁང་དབུས༔ སྤྲུལ་པའི་སྐུར་སྣང་རྡོ་རྗེའི་མཚན་མཆོག་བརྒྱད༔ ཤར་དུ་ཀུན་འདུས་གུ་རུ་པདྨ་འབྱུང༔ མཐིང་མདོག་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྱུད༔ ལྷོ་རུ་སྐུ་ཡི་གུ་རུ་སཾ་བྷ་བ༔ དཀར་གསལ་པད་ཕོར་སྐྱབས་སྦྱིན་རབ་བྱུང་ཆས༔ ནུབ་ཏུ་གསུང་གི་གུ་རུ་པདྨའི་རྒྱལ༔ དམར་སྨུག་ཌཱ་རུ་མེ་ལོང་འཁོར་ལོས་སྒྱུར༔ བྱང་དུ་ཐུགས་ཀྱི་གུ་རུ་སེང་གེའི་སྒྲ༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་ཁྲོ་ཆས་རྫོགས༔ ཤར་ལྷོར་ཡོན་ཏན་གུ་རུ་ཤཱཀྱ་སེང༔ གསེར་མདོག་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཚུལ༔ ལྷོ་ནུབ་ཕྲིན་ལས་གུ་རུ་ཉི་མ་འོད༔ སེར་གསལ་ཁ་ཊྭཱཾ་ཉི་ཟེར་རྣལ་འབྱོར་སྤྱོད༔ ནུབ་བྱང་རིག་རྩལ་གུ་རུ་བློ་ལྡན་མཆོག༔ དཀར་དམར་ཌཱ་རུ་པད་ཕོར་དར་ཕོད་གསོལ༔ བྱང་ཤར་སྟོབས་ཀྱི་གུ་རུ་གྲོ་བོ་ལོད༔ དམར་ནག་རྡོ་རྗེ་ཕུར་འཛིན་འཆོལ་བའི་ཆས༔ ཀུན་ཀྱང་ཞི་ཆགས་འབར་བའི་ཉམས་འགྱུར་རྫོགས༔ རང་འདྲའི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཕྲོ༔ སོ་སོའི་ཐུགས་ཀར་མཆོག་གི་རིག་འཛིན་བརྒྱད༔ མཐིང་མདོག་བདེ་སྟོང་ཌཱ་རུ་ཐོད་ཆང་བསྣམས༔ རིན་ཆེན་རུས་རྒྱན་དར་ཕོད་བརྗིད་པར་གསོལ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་གསལ༔ ཧཱུྃ་ཧྲཱི༔ ཕྱི་རོལ་སྒོ་བཞིར་པད་ཉི་བམ་རོའི་སྟེང༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་མཉམ་པར་སྦྱོར༔ མཐིང་སེར་དམར་ལྗང་གྲི་གུག་ཐོད་ཁྲག་བསྣམས༔ ཞི་རྒྱས་དབང་དྲག་འབར་བའི་ཉམས་འགྱུར་ཅན༔ རིན་ཆེན་རུས་རྒྱན་དར་དཔྱང་སྟག་ཤམ་གསོལ༔ ཞབས་གཉིས་འདོར་སྟབས་འོད་ཕུང་ཀློང་ན་རོལ༔ གཞན་ཡང་བདག་སྐྱོབ་ལྷ་དང་རིག་འཛིན་ཚོགས༔ སྣང་སྟོང་ཟུང་འཇུག་ཆུ་ཟླ་འཇའ་ཚོན་ལྟར༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་དབང་སྒྱུར་བའི༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཆེན་པོར་གསལ༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བྱིན་བརླབས་ཤིང༔ རང་བྱུང་དབང་ཐོབ་རིགས་ལྔའི་ཅོད་པན་རྫོགས༔ བདེ་ཆེན་རོལ་པ་ལྕགས་ཀྱུའི་འོད་ཟེར་གྱིས༔ མཁའ་ཁྱབ་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཐིམ༔ གདུང་ཤུགས་དྲག་པོས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ ཀ་དག་སྔོན་གྱི་བསྐལ་པ་དང་པོ་ལ༔ ལྷུན་གྲུབ་རིག་པ་ཡེ་ཤེས་སྤྲིན་བཀོད་དེ༔ སྐུ་གསུམ་དབྱེར་མེད་ཆོ་འཕྲུལ་ཅིར་ཡང་སྟོན༔ ཁྱབ་བདག་པདྨ་ཐོད་ཕྲེང་སྐུར་བཞེངས་ཤིག༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་འཆང་བ་གཤེགས་སུ་གསོལ༔ སྟུག་པོ་བཀོད་སོགས་དག་པའི་ཞིང་མཆོག་ནས༔ ལོངས་སྐུ་ཐོད་ཕྲེང་རིགས་ལྔ་གཤེགས་སུ་གསོལ༔ མི་མཇེད་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནས༔ སྤྲུལ་པའི་གུ་རུ་མཚན་བརྒྱད་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་དྲག་པོའི་ཕོ་བྲང་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་གཤེགས་སུ་གསོལ༔ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣལ་འབྱོར་རྒྱུད་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བདུད་བཞིའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནི་རྨ་ཀཱ་ཡ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན་པ་ལེགས༔ རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང༔ དགྱེས་པར་བཞུགས་ནས་དབང་དང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པས་བྱིན་རླབས་བསྐུལ༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཆོས་སྐུའི་སྙིང་པོ་ལས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལོངས་སྤྱོད་རྫོགས༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་སྤྲུལ་པའི་སྐུ༔ རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ལས་གྲུབ་ཉེར་སྤྱོད་འདོད་ཡོན་སོགས༔ ཀུན་བཟང་རྣམ་འཕྲུལ་ཕྱི་ཡི་མཆོད་པར་འབུལ༔ རང་བྱུང་ལྷུན་གྲུབ་དབང་པོའི་མེ་ཏོག་སོགས༔ དྲག་པོའི་ལོངས་སྤྱོད་ནང་གི་མཆོད་པར་འབུལ༔ བདེ་སྟོང་མཉམ་སྦྱོར་རྟོག་ཚོགས་དབྱིངས་སུ་བསྒྲལ༔ གཉིས་མེད་རིག་པ་གསང་བའི་མཆོད་པར་འབུལ༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ སྣང་སྲིད་དམར་གྱི་རྒྱ་མཚོ་ཆེན་པོར་བསྐྱིལ༔ ཆགས་བྲལ་བདེ་ཆེན་རཀྟའི་མཆོད་པ་འབུལ༔ སྣོད་བཅུད་འབྱོར་ཚོགས་བཟའ་བཅའ་བཏུང་བའི་རིགས༔ འདོད་འབྱུང་དཔལ་གྱི་གཏོར་མའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜལ་ས་པཱ་རི་བ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་པཱུ་ཛ་ཛྙཱ་ན་སུ་ཁ་ཧོ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་འོད་གསལ་འདུས་མ་བྱས༔ དུས་གསུམ་བདེ་གཤེགས་ཐམས་ཅད་འབྱུང་བའི་གནས༔ སྐུ་དང་ཡེ་ཤེས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཁ་སྦྱོར་ཡན་ལག་བདུན་ལྡན་བདེ་ཆེན་དབྱིངས༔ ཕུང་པོ་གནས་འགྱུར་ཉོན་མོངས་རང་སར་གྲོལ༔ མི་ཟད་བཀོད་པ་རྒྱན་གྱི་འཁོར་ལོར་ཤར༔ རིགས་ལྔ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ མི་མཇེད་ཛམ་གླིང་བྱེ་བ་ཕྲག་བརྒྱ་རུ༔ པད་སྡོང་ལས་འཁྲུངས་རྒྱལ་སྲས་རིག་པ་འཛིན༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར་མཛད་པ༔ སྤྲུལ་པའི་མཚན་མཆོག་བརྒྱད་ལ་ཕྱག་འཚལ་བསྟོད༔ གནས་ཡུལ་དུར་ཁྲོད་རབ་འཇིགས་ཞིང་རྣམས་སུ༔ བདེ་སྟོང་རོལ་པའི་རྟགས་ཀྱི་ཕྱག་རྒྱ་འཆང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བདག་སྐྱོབ་ལྷ་དང་རིག་པ་འཛིན༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐུར་སྟོན་པ༔ ཡེ་ཤེས་དམ་ཚིག་ཐུགས་རྗེས་མངོན་བཞུགས་པའི༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལྷ་སྐུའི་གསལ་སྣང་ལ༔ ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ བྱིང་རྒོད་རྙོག་མས་མ་བསླད་པའི༔ ཏིང་འཛིན་གྱད་དུ་འགྱུར་ལ་བསླབ༔ གཉིས་པ་ཛཔ྄་ཀྱི་དགོངས་པ་ལ༔ ཐོག་མར་རྩ་བའི་བསྙེན་པ་ནི༔ དཀྱིལ་འཁོར་གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཁྱབ་བདག་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་བཟང་མོ་ཡུམ་དང་འཁྲིལ༔ དེ་ཡི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་དབུས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་ཡིག་མཐར༔ རང་བྱུང་རིག་པ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས༔ སྐུ་གསུམ་བླ་མའི་བྱིན་རླབས་ནུས་སྟོབས་ཀུན༔ ཚུར་འདུས་བདག་ཐིམ་ཐུགས་ཡིད་དབྱེར་མེད་འདྲེས༔ ཁྱབ་བདལ་གཉུག་མ་འོད་གསལ་ངང་ནས་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་རྩེ་གཅིག་བཟླས༔ དུས་གསུམ་བླ་མས་བྱིན་གྱིས་རློབ༔ རིག་སྟོང་དོན་གྱི་རང་ཞལ་མཐོང༔ པདྨ་བདག་དང་སྐལ་པ་མཉམ༔ ཁྱད་པར་སྒྲུབ་པའི་ཛཔ྄་དགོངས་ནི༔ ཐོད་ཕྲེང་རིགས་ལྔའི་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་ས་བོན་མཐར༔ སྔགས་ཕྲེང་འཁོར་བའི་ཟེར་གྱིས་སྣང་སྲིད་ཁྱབ༔ རྒྱལ་བ་མཉེས་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས༔ དྲེགས་ཚོགས་དབང་བསྡུས་ཐ་མལ་སྣོད་དང་བཅུད༔ ལྷ་སྔགས་ཆོས་སྐུ་དག་པ་རབ་འབྱམས་ངང༔ ཚུར་འདུས་བདག་ཐིམ་བདེ་ཆེན་རིག་རྩལ་རྒྱས༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་སྲོག་འགྲུབ་འགྱུར༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་ལྔ་བཟླས་རིགས་ལྔ་ཡི༔ ཚེ་དང་ཡེ་ཤེས་དངོས་གྲུབ་འཐོབ༔ སླར་ཡང་རང་གི་ཐུགས་ནས་འོད་འཕྲོས་པས༔ སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་རྒྱུད་བསྐུལ༔ ལྷ་སྔགས་ཕྱག་མཚན་འོད་ཟེར་སྤྲོ་ཞིང་བསྡུས༔ གང་འདུལ་དངོས་གྲུབ་རབ་འབྱམས་དབང་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་ཡིས་གང་འདོད་ཀྱི༔ དངོས་གྲུབ་ཡེ་ཤེས་རང་དབང་ཐོབ༔ ཐུན་མོང་ལས་ཀྱི་བཟླས་པ་ནི༔ སྐུ་གསུམ་བླ་མའི་ཡེ་ཤེས་འོད་ཟེར་གྱིས༔ རིགས་བཞི་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ འབུམ་ཕྲག་ཡངས་པའི་ཕོ་ཉའི་འཕྲོ་འདུ་ཡིས༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྲུབ་གྱུར༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་རྦད༔ ཁྲི་ཕྲག་བཞི་ཡིས་ལས་ཀུན་བྱེད༔ གསུམ་པ་ཐུན་མཚམས་འཇུག་པ་ནི༔ མཆོད་ཅིང་བསྟོད་ལ་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱི༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ དུས་གསུམ་རྒྱལ་བ་རྣམས་ཀྱི་གདུང་འཚོབ་པར༔ རིག་འཛིན་དངོས་གྲུབ་སྩོལ་བར་ཞལ་བཞེས་པའི༔ སྐུ་གསུམ་བླ་མའི་ལྷ་ཚོགས་དུས་ལ་བབ༔ ཧཱུྃ་ཧྲཱི༔ འོད་གསལ་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཆོས་སྐུའི་བླ་མ་པདྨ་རྡོ་རྗེ་འཆང༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ རང་བྱུང་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔ་ཐོད་ཕྲེང་རྩལ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ མི་མཇེད་ཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ སྤྲུལ་པའི་སྐུར་སྣང་གུ་རུ་མཚན་མཆོག་བརྒྱད༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ འགྲོ་འདུལ་ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ༔ གནས་ཡུལ་དུར་ཁྲོད་བདེ་ཆེན་ཕོ་བྲང་ནས༔ བདེ་སྟོང་ཕོ་ཉ་དཔའ་བོ་མཁའ་འགྲོའི་ཚོགས༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ ཞི་རྒྱས་དབང་དྲག་ལས་ཀྱི་དངོས་གྲུབ་སྩོལ༔ སྐུ་གསུམ་རིགས་འདུས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ དེང་འདིར་ཐུགས་དམ་བསྐུལ་བའི་དུས་ལགས་ན༔ བྱིན་རླབས་དངོས་གྲུབ་ཆར་ཆེན་དབབ་ཏུ་གསོལ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ བགེགས་དང་ལོག་འདྲེན་འབྱུང་པོ་རྡུལ་དུ་རློག༔ ཚེ་བསོད་དཔལ་འབྱོར་བདེ་ཆེན་ཡེ་ཤེས་སྐྱེད༔ སྒྲུབ་པའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སིདྡྷི་ས་མ་ཡ་ཧོ༔ ཞེས་བསྐུལ་མོས་གུས་རྩེ་གཅིག་སྐྱེད༔ བྱིན་རླབས་ཉམས་འུར་རྟོགས་པ་སྐྱེ༔ དེ་ཚེ་དཀྱིལ་འཁོར་ལྷ་ཚོགས་དང༔ དགོངས་པ་དབྱེར་མེད་ལྟ་གདེང་སྐྱེད༔ ཉམས་མྱོང་ལམ་དུ་བསླང་ཤེས་ན༔ དངོས་གྲུབ་སྐད་ཅིག་འགྲུབ་པར་འགྱུར༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ དངོས་གཞིའི་ལས་རིམ་སྟེ་ལེའུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་ཕྲིན་ལས་རིམ་པ་ལ༔ ཚོགས་མཆོད་བྱ་ཞིང་གཏོར་མ་བསྐྱང༔ སྤྱོད་ལམ་ཡེ་ཤེས་རོལ་པར་འཇུག༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ རྡོ་རྗེའི་དམ་ཚིག་རྫས་བཤམས་ལ༔ བདུད་རྩིས་བསང་སྦྱང་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ དམ་ཚིག་རྫས་ལ་ཉེས་པའི་སྐྱོན་བྲལ་ཡང༔ དངོས་འཛིན་རྣམ་རྟོག་བག་ཆགས་སྦྱང་བའི་ཕྱིར༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ སྣོད་བཅུད་འདོད་ཡོན་བདེ་ཆེན་རྒྱན་དུ་ཤར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཔཉྩ་ཀཱ་མ་གུ་ཎ་ཛྙཱ་ན་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ བཞེངས་ཤིག་སྐུ་གསུམ་བླ་མའི་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ ལོངས་སྤྱོད་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བྱིན་གྱིས་རློབས༔ བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ བཟའ་བཅའ་བཏུང་བ་རྡོ་རྗེའི་དམ་ཚིག་རྫས༔ འདོད་ཡོན་བདེ་ཆེན་ཡེ་ཤེས་རོལ་པའི་རྒྱན༔ སྐུ་གསུམ་བླ་མའི་ལྷ་ཚོགས་མཉེས་ཕྱིར་འབུལ༔ མཆོད་བཞེས་དམ་སྐོངས་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ བདག་ཅག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ གྲུབ་པའི་རིག་འཛིན་བསྒྲུབ་པར་དམ་བཅས་ཀྱང༔ སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བ་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨ་ཨ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཁྲོས་པ་དཔལ་གྱི་ཕོ་ཉ་ཡིས༔ འདུ་བར་འོས་མིན་དགྲ་བགེགས་འབྱུང་པོའི་ཚོགས༔ བཀུག་ཅིང་བསྟིམས་ནས་ཡེ་ཤེས་མཚོན་གྱིས་བསྒྲལ༔ ཤ་ཁྲག་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་བཞེས༔ སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོཿམཱ་ར་ཡ་རྦད༔ བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ལྟར་ཕྱི་ཡི་དཀྱིལ་འཁོར་པ༔ ཚོགས་ཀྱི་མཆོད་པས་དགྱེས་པར་བསྐང༔ ནང་དུ་ཕུང་ཁམས་སྐྱེ་མཆེད་ལྷ༔ དམ་ཚིག་བདུད་རྩི་མྱངས་པས་ཚིམས༔ གསང་བ་བདེ་སྟོང་ཉམས་སྤར་ཅིང༔ དེ་ཉིད་རིག་པའི་ངང་དུ་བཞག༔ ཚོགས་གཉིས་མིག་འཕྲུལ་ལྟ་བུར་རྫོགས༔ ཡང་དག་ཡེ་ཤེས་མངོན་དུ་འགྱུར༔ ལྷག་མས་ཞིང་སྐྱོང་ཕོ་ཉ་མཆོད༔ ཨེ་ཨཱ་རལླི་སརྦ་དྷཱ་ཀ་དྷཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མའི་བཀའ་ཉན་དམ་ཚིག་ཅན༔ ལྷག་ལ་དབང་བའི་མཁའ་འགྲོ་གིང་ལངྐ༔ འདིར་གཤེགས་འདོད་ཡོན་བདུད་རྩིའི་གཏོར་མ་བཞེས༔ འཁོར་སྲུངས་རྐྱེན་ཟློག་སྒྲུབ་པའི་བར་ཆད་སོལ༔ མ་མ་དྷཱ་ཀ་དྷཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་གཏོར་མ་བསྐྱང་བ་ནི༔ གཏོར་མར་ཤ་ཁྲག་སྨན་ཕུད་བྲན༔ རྡོ་རྗེའི་ཆོས་སྲུང་ཚོགས་རྣམས་ལ༔ ལས་ཀྱི་ཐ་ཚིག་བསྒྲག་པར་བྱ༔ ཧཱུྃ་ཧྲཱི༔ ཆོས་སྐུའི་དབྱིངས་སུ་ཡེ་ཤེས་འདུ་འབྲལ་མེད༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སྤྲིན་བཀོད་དེ༔ འགྲོ་འདུལ་སྤྲུལ་པའི་རིག་འཛིན་རྒྱ་མཚོ་ཡིས༔ རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་བའི་ཚེ༔ བཀའ་ཡི་དམ་ནོས་རྡོ་རྗེའི་ཡལ་གམ་ཅན༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་ཆོས་སྲུང་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་སྟོན་ཅིང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་རྣམས༔ སྔོན་ཚེ་ཞལ་བཞེས་དམ་བཅས་མ་གཡེལ་བར༔ ཤ་ཁྲག་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ཐུལ་གནོད་པའི་བར་ཆད་ཆོམས༔ ཚེ་སྲིངས་དཔལ་སྐྱེད་བཤད་སྒྲུབ་བསྟན་པ་སྤེལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པའི༔ རབ་འབྱམས་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ སརྦ་དྷརྨ་པཱ་ལ་ཨི་དམ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤལ་ཆུས་བོད་སྐྱོང་བརྟན་མ་གསོལ༔ ཧཱུྃ་ཧྲཱི༔ དགུང་སྔོན་སྟེང་དང་གཡའ་རི་གངས་རྩེ་སོགས༔ བོད་ཁམས་མཐའ་དབུས་ཁྱབ་པའི་བརྟན་སྐྱོང་ཚོགས༔ དཔལ་གྱི་ཞལ་ཆབ་གཏོར་མའི་བཤལ་ཆུ་བཞེས༔ གངས་ཅན་བདེ་སྐྱིད་རྒྱས་པའི་ཕྲིན་ལས་མཛོད༔ པདྨ་དྷཱ་ཀི་ནཱི་མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ལས་མཐའ་དཔལ་གྱི་རྟ་བྲོས་བསྡུ༔ ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་རིགས་འདུས་དཀྱིལ་འཁོར་འདིར༔ སྒྲུབ་ལ་བར་ཆད་དམ་སྲི་གདུག་པའི་ཚོགས༔ ཨེ་དབྱིངས་རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔ དབང་ཆེན་རོལ་པའི་བྲོ་ཡིས་རྒྱས་གདབ་བོ༔ སརྦ་བིགྷྣཱན་སཏྭཾ་བྷ་ཡ་ནན༔ ཤྲཱི་པདྨ་ཧེ་རུ་ཀ་ཧི་ཧི་ཧི་ཧཱུྃ༔ གསུམ་པ་བསྐྱེད་པའི་ལྷ་རྣམས་ཀུན༔ འོད་གསལ་ངང་བསྡུ་ལྷར་ལྡང་ཞིང༔ བསྔོ་སྨོན་ཤིས་བརྗོད་མཚམས་སྦྱར་ནས༔ ཐུན་མཚམས་ཡེ་ཤེས་རོལ་པར་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་སྣོད་བཅུད་འོད་གསལ་དབྱིངས་སུ་ཐིམ༔ དོན་དམ་བླ་མ་ཆོས་སྐུ་མངོན་དུ་གྱུར༔ སླར་ཡང་གཟུགས་སྐུ་སྒྱུ་མའི་ཕྱག་རྒྱ་ཡིས༔ སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་བྱ་འོ༔ ཨ་ཨ་ཨཿ ཛྙཱ་ན་ཀཱ་ཡ་ཨོཾ་ཨཱཿཧཱུྃ༔ བདག་གིས་བླ་མ་སྐུ་གསུམ་བསྒྲུབས་ལ་སོགས༔ དགེ་ཚོགས་མཁའ་ཁྱབ་འགྲོ་བའི་ཆེད་དུ་བསྔོ༔ ཀུན་ཀྱང་བྱང་ཆུབ་སྙིང་པོ་མངོན་འགྱུར་ནས༔ རང་གཞན་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག༔ ཧཱུྃ་ཧྲཱི༔ སྐུ་གསུམ་བརྒྱུད་ལྡན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཡི་དམ་ཞི་ཁྲོའི་བཀྲ་ཤིས་ཤོག༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དངོས་གྲུབ་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཐུན་མཚམས་ཐམས་ཅད་དུ༔ ཡེ་ཤེས་སྙིང་རྗེ་ཆེན་པོའི་ངང༔ རང་གཞན་ཕན་པའི་དོན་སྤྱོད་ཅིང༔ ཐ་མལ་སྣང་ཞེན་ཀུན་སྦྱང་བྱ༔ ས་མ་ཡ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བ་ཡི༔ རིགས་འདུས་ཕྲིན་ལས་འདི་ལ་སུས་སྤྱོད་པ༔ འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ༔ རང་བྱུང་པདྨ་བདག་དང་འབྲལ་བ་མེད༔ ཁྱད་པར་དུས་ཀྱི་རྒྱལ་པོ་ཚེས་བཅུ་ལ༔ འབྱོར་ཚོགས་ཅི་ཡོད་ཚོགས་དང་གཏོར་མར་སྤུངས༔ དམ་ཚིག་དག་པ་འདུས་པའི་གྲོགས་དང་བཅས༔ གདུང་ཤུགས་དྲག་པོས་ཚུལ་བཞིན་ཉམས་བླངས་ན༔ རྔ་ཡབ་གླིང་སོགས་སྤྲུལ་པའི་ཞིང་ཁམས་ནས༔ ཨོ་རྒྱན་ང་ཉིད་ཐེ་ཚོམ་མེད་པར་འབྱོན༔ བར་ཆད་སེལ་ཞིང་བསམ་པ་ཆོས་བཞིན་འགྲུབ༔ ཡུལ་ཕྱོགས་ཀུན་ཀྱང་བཀྲ་ཤིས་བདེ་ལེགས་འབྱུང༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་རྗེས་ཀྱི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་སྔོན་སོང་རྣལ་འབྱོར་པས༔ ལས་ཚོགས་རིམ་པ་འདི་ལྟར་བྱ༔ ཐོག་མར་སྡིག་སྒྲིབ་ཞི་བའི་ཕྱིར༔ རང་ཉིད་དཀྱིལ་འཁོར་གཙོ་བོ་ཡི༔ ཐུགས་ནས་འོད་ཟེར་དཀར་པོ་འཕྲོས༔ ལུས་ཀྱི་གནས་ཀུན་ཡོངས་སུ་ཁྱབ༔ ཁྱད་པར་འཕོ་ཆེན་བཅུ་གཉིས་ཀྱི༔ རྩ་མདུད་རྣམས་སུ་ཞུགས་པ་ཡིས༔ གཟུང་འཛིན་མདུད་པ་དབྱིངས་སུ་གྲོལ༔ མ་རིག་ལས་བྱུང་རྟེན་འབྲེལ་ཀུན༔ ལུགས་ལྡོག་ཡེ་ཤེས་ཆེན་པོར་སྨིན༔ འཁོར་བའི་ལས་ཉོན་བག་ཆགས་དང༔ སྡིག་སྒྲིབ་རྩད་ནས་དག་པར་བསམ༔ གསང་སྔགས་ཡི་གེ་བཅུ་གཉིས་བཟླ༔ སྐབས་སུ་ཤམ་བུ་འདི་ཡང་སྤེལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿའཿཨཿཤཿསཿམཿཧཿམ་མ་ཀོ་ལིང་ས་མནྟ༔ རིགས་དྲུག་གི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལུས་ཀྱང་དབུགས་ཀྱི་རྒྱུ་བ་དལ༔ ཉོན་མོངས་རྣམ་རྟོག་ངང་གིས་ཞི༔ ཡེ་ཤེས་རྒྱུད་ལ་འཆར་བ་སོགས༔ རྟགས་དང་ཡོན་ཏན་བསམ་མི་ཁྱབ༔ སྐབས་རེར་འོད་ཟེར་སྤྲོ་བསྡུ་ཡིས༔ མཁའ་ཁྱབ་འགྲོ་བའི་ལས་ཉོན་སྦྱངས༔ དར་རས་གྲོ་ཤོག་དྲི་མེད་ལ༔ འཁོར་ལོ་མུ་ཁྱུད་བཅས་པའི་དབུས༔ གཙོ་བོའི་སྐུ་འམ་ཧཱུྃ་མཐིང་བྲི༔ གོང་རས་བསྙེན་སྒྲུབ་སྔགས་ཕྲེང་དགོད༔ མུ་ཁྱུད་པད་འདབ་བཅུ་གཉིས་ལ༔ ཐབས་ཤེས་ཡིག་འབྲུ་བཅུ་གཉིས་་་ཨོཾ་ཨཱཿཧཱུྃ་སོགས་་་དང༔ དེ་རྒྱབ་དོང་སྤྲུགས་སྔགས་ཤམ་་་མ་མ་ཀོ་ལིང་སོགས་་་དགོད༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་དགོད༔ མཐའ་སྐོར་པ་ཏྲ་མཛེས་པར་བྲི༔ མྱང་གྲོལ་རྫས་བྱུགས་རབ་གནས་བྱ༔ འཁོར་ལོ་མཐོང་བ་ཙམ་གྱིས་གྲོལ༔ འཆང་བས་བཏགས་གྲོལ་རྒྱལ་པོ་ཡིན༔ ཤ་ལྔ་བདུད་རྩི་མཆོག་གྲུབ་གདུང༔ འབྲས་བུ་གསུམ་དང་ལྔ་ཚན་ལྔ༔ གནས་ཆེན་ཅུ་གང་སིནྡྷུ་ར༔ རྟག་ངུ་རིགས་གསུམ་དབང་པོ་ལག༔ སྦྱར་བས་རིལ་བུ་སྲན་ཙམ་དྲིལ༔ ཐོད་པའི་ནང་བླུགས་དལ་དབུས་བཞག༔ འོད་ཟེར་སྤྲོ་བསྡུས་ཚུལ་བཞིན་བསྒྲུབས༔ དམ་ཚིག་ལྡན་པས་མྱང་བས་གྲོལ༔ ལས་ཀྱི་རིམ་པ་འདི་བརྩམས་པས༔ པདྨའི་བྱིན་རླབས་ཤུགས་ཕྱུངས་ནས༔ འདི་འམ་འཆི་ཁ་བར་དོ་རུ༔ རང་རིག་བདེ་ཆེན་བཙན་ས་ཟིན༔ མཆོག་གི་ལས་སྦྱོར་མཐར་ཐུག་གོ༔ ས་མ་ཡ༔ བདེ་ཆེན་ཡེ་ཤེས་འཕེལ་འདོད་ན༔ རང་ཉིད་བུདྡྷ་ཐོད་ཕྲེང་བསྒོམ༔ སྙོམས་ཞུགས་བདེ་བས་རྒྱུད་གང་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ གསེར་མདོག་དབང་ལག་ར་མོ་ཤག༔ འོ་མར་སྦྱར་ཟོས་ཁམས་བདེ་ཞིང༔ བདེ་བའི་ཡེ་ཤེས་འཕེལ་བར་འགྱུར༔ ས་མ་ཡ༔ གཟུང་འཛིན་ཉོན་མོངས་ཞི་འདོད་ན༔ རང་ཉིད་རྡོ་རྗེ་ཐོད་ཕྲེང་བསྒོམ༔ སྙིང་གའི་ཧཱུྃ་ལ་རླུང་སེམས་བསྡུ༔ རྟོག་ཚོགས་དབྱིངས་སུ་ཞི་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཐོད་ཕྲེང་རྩལ་སརྦ་བི་ཀལྤ་ཨ་ཨ་ཨ༔ བུལ་ཏོག་ཅུ་གང་སྒ་སྐྱ་ལ༔ སྔགས་བཏབ་འཐུང་བས་ཉོན་མོངས་ཞི༔ ཏིང་འཛིན་གསལ་ཞིང་བརྟན་པར་འགྱུར༔ ས་མ་ཡ༔ རིག་རྩལ་ཤེས་རབ་རྒྱས་འདོད་ན༔ རང་ཉིད་རཏྣ་ཐོད་ཕྲེང་བསྒོམ༔ ཐུགས་སྲོག་འོད་ཀྱིས་སྙིང་དབུས་ཀྱི༔ མ་རིག་སྒོ་ངའི་སྦུབས་འབྱེད་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རཏྣ་ཐོད་ཕྲེང་རྩལ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཤུ་དག་གི་ཝཾ་ཞུན་མར་ལ༔ སྔགས་བཏབ་ཟོས་པས་རིག་རྩལ་འཕེལ༔ ས་མ་ཡ༔ རླུང་སེམས་དབང་དུ་འདུ་འདོད་ན༔ རང་ཉིད་པདྨ་ཐོད་ཕྲེང་བསྒོམ༔ ཁ་སྦྱོར་བར་རླུང་བདེ་བར་བཟུང༔ སྣང་ཤེས་འཛིན་མེད་ངང་དུ་བཞག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་པ་ཤཾ་ཀུ་རུ་སརྦ་སིདྡྷི་ཧཱུྃ༔ བླ་མ་ཡབ་ཡུམ་བྱང་སེམས་ལ༔ སྔགས་བཏབ་ཟོས་པས་རླུང་སེམས་ཟིན༔ སྣང་བ་དབང་སྒྱུར་འཇའ་ལུས་འགྲུབ༔ ས་མ་ཡ༔ འབྱུང་བ་ལུས་འཁྲུགས་ཚར་གཅོད་ན༔ རང་ཉིད་ཀརྨ་ཐོད་ཕྲེང་བསྒོམ༔ བར་རླུང་བཟུང་ཞིང་ཧ་འདོན་བྱ༔ སྔགས་ཀྱི་འོད་ཀྱིས་འདུ་འཁྲུགས་སྦྱངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་རུ་ཅོང་ཞི་བྲག་ཞུན་ལ༔ བཟླས་བཏབ་ཟོས་པས་ནད་ཀུན་འབྱང༔ ས་མ་ཡ༔ མངོན་སུམ་ཡེ་ཤེས་མཐོང་འདོད་ན༔ རང་ཉིད་པདྨ་འབྱུང་གནས་བསྒོམ༔ འཇའ་ཟེར་ཐིག་ལེས་ལུས་ཀུན་གང༔ སྣང་སྲིད་འོད་ཕུང་ཆེན་པོར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨ་བ་རྟག་ངུ་གསང་སྨན་ལ༔ སྔགས་བཟླས་མིག་ལ་བྱུགས་པ་ཡིས༔ སྐུ་དང་ཐིག་ལེ་མཐོང་བར་འགྱུར༔ ས་མ་ཡ༔ ཡོན་ཏན་སྣ་ཚོགས་བསྒྲུབ་འདོད་ན༔ རང་ཉིད་པདྨ་སཾ་བྷར་བསྒོམ༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི༔ ཡེ་ཤེས་ཡོན་ཏན་བདག་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་བ་སརྦ་གུ་ཎ་སིདྡྷི་ཧཱུྃ༔ རྒུན་འབྲུམ་ཤུ་དག་སྦྲང་རྩི་ལ༔ སྔགས་ཀྱིས་བྱིན་བརླབས་ལྟོ་སྟོང་བཟའ༔ གཟུངས་དྲན་མངོན་པར་ཤེས་པ་ཐོབ༔ སྣ་ཚོགས་ཡོན་ཏན་རྒྱས་པར་འགྱུར༔ ས་མ་ཡ༔ ཁམས་གསུམ་དམིགས་བྱ་དབང་སྡུད་ན༔ རང་ཉིད་པདྨ་རྒྱལ་པོར་བསྒོམ༔ ལྕགས་ཀྱུའི་འོད་ཀྱིས་སྣང་སྲིད་ཀུན༔ དམར་ལམ་ཞུ་སྟེ་བདག་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ གི་ཝཾ་སིནྡྷུར་པད་རཱཀ་ལ༔ སྔགས་བཏབ་དཔྲལ་བར་ཐིག་ལེ་བྱ༔ སྣང་སྲིད་ཐམས་ཅད་དབང་དུ་འགྱུར༔ ས་མ་ཡ༔ བྱད་ཕུར་རྦོད་གཏོང་ཚར་གཅོད་ན༔ རང་ཉིད་སེང་གེ་སྒྲ་སྒྲོག་བསྒོམ༔ སྔགས་ཀྱི་འོད་ཟེར་མེ་ལྕེ་ཡིས༔ ཕས་རྒོལ་ཐམས་ཅད་བསྲེགས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སིང་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ༔ སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ གུ་གུལ་ཤུ་དག་ཡུངས་ཀར་ལ༔ སྔགས་བཟླས་དུད་པས་བདུག་ཙམ་གྱིས༔ གདུག་པ་ཅན་རྣམས་གྱེས་པར་འགྱུར༔ ས་མ་ཡ༔ ལོག་འདྲེན་བདུད་བཞི་འདུལ་འདོད་ན༔ རང་ཉིད་ཤཱཀྱ་སེང་གེར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པས༔ བར་ཆད་བདུད་ཚོགས་བཅོམ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ སརྦ་མཱ་ར་པྲ་མཱརྡྷ་ན་ཧ་ན་ཧཱུྃ་ཕཊ༔ ཡུངས་ཀར་ལ་བཟླས་ཕྱོགས་བཅུར་གཏོར༔ བར་གཅོད་བདུད་ཀྱིས་ཉེ་མི་ནུས༔ ས་མ་ཡ༔ འགྲོ་འདུལ་ཕྲིན་ལས་རྒྱས་འདོད་ན༔ རང་ཉིད་ཉི་མ་འོད་ཟེར་བསྒོམ༔ ཉི་ཟེར་འོད་ཀྱིས་སྣང་སྲིད་ཁྱབ༔ མོས་བཞིས་སྣང་སྲིད་དབང་སྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སཱུརཡ་རསྨི་སརྦ་སིདྡྷི་ཧཱུྃ༔ ཏྲེ་ལོ་ཀ་སརྦ་དྷརྨ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཙནྡན་རྒྱ་སྤོས་སྦྲང་རྩི་ལ༔ བཏབ་ནས་མང་དུ་ཚོགས་སར་བདུག༔ སྣང་བ་དབང་འདུས་གདུལ་བྱར་འགྱུར༔ ས་མ་ཡ༔ ཤེས་རབ་བློ་དང་ལྡན་འདོད་ན༔ རང་ཉིད་བློ་ལྡན་མཆོག་སྲེད་བསྒོམ༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི༔ ཤེས་བྱ་ཀུན་ལ་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨ་རུ་དྲི་བཟང་ཡུང་བ་ལ༔ སྔགས་བཏབ་ཆུ་གཙང་སྦྱར་ལ་བཏུང༔ གཟུངས་དྲན་སྤོབས་པ་རྒྱས་པར་འགྱུར༔ ས་མ་ཡ༔ ལོག་འདྲེན་གདུག་པ་ཚར་གཅོད་ན༔ རང་ཉིད་རྡོ་རྗེ་གྲོ་ལོད་བསྒོམ༔ ཐུགས་ནས་འབར་བའི་ཁྲོ་ཚོགས་འཕྲོས༔ དམ་སྲི་འབྱུང་པོ་བརླག་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ དུག་ཁྲག་བདུག་ཅིང་ཡུངས་ཀར་བྲབ༔ ཕུར་པ་གདེངས་ཤིང་ཧཱུྃ་གླུ་ལེན༔ རྡོ་རྗེའི་ལྟ་བས་བལྟས་པ་ཡིས༔ གདུག་པ་ཅན་རྣམས་རིང་དུ་བྱེར༔ ས་མ་ཡ༔ ནད་གདོན་འཇིགས་བརྒྱད་ཞི་འདོད་ན༔ རང་ཉིད་དཀྱིལ་འཁོར་གཙོ་བོར་བསྒོམ༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ རྡོ་རྗེ་དཔའ་བོ་འཁོར་བཅས་བསྐུལ༔ དེ་ལས་རང་འདྲའི་ཕོ་ཉ་དང༔ འོད་ཟེར་དཀར་པོ་མཁའ་ཁྱབ་འཕྲོས༔ རང་གཞན་ནད་གདོན་འཇིགས་བརྒྱད་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བར་བསམ༔ ཨོཾ་ར་བཛྲ་གིངྐ་ར་ཧ་བཛྲ་དྷཱ་ཀི་ནཱི་ནད་གདོན་འཇིགས་བརྒྱད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་དྲི་བཟང་སྤོས་ཆུར་བཏབ༔ འཐོར་འཐུང་བཀྲུས་པས་མི་མཐུན་ཞི༔ ས་མ་ཡ༔ ཚེ་བསོད་དཔལ་འབྱོར་རྒྱས་འདོད་ན༔ རང་ཉིད་དཀྱིལ་འཁོར་གཙོ་བོར་བསྒོམ༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ རཏྣ་དཔའ་བོ་འཁོར་བཅས་བསྐུལ༔ དེ་ལས་རང་འདྲའི་ཕོ་ཉ་དང༔ འོད་ཟེར་སེར་པོ་མཁའ་ཁྱབ་འཕྲོས༔ རང་གཞན་ཚེ་བསོད་དཔལ་འབྱོར་སོགས༔ ལེགས་ཚོགས་ཐམས་ཅད་རྒྱས་པར་བསམ༔ ཨོཾ་ཙ་རཏྣ་གིངྐ་ར་རི་རཏྣ་དྷཱ་ཀི་ནཱི་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་ཐོད་པ་མཚན་ལྡན་དུ༔ དཔལ་ཆེན་རྫས་བཀང་རྟེན་དུ་བཟུང༔ ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར༔ ས་མ་ཡ༔ བསྒྲུབ་བྱ་དབང་དུ་བསྡུ་འདོད་ན༔ རང་ཉིད་དཀྱིལ་འཁོར་གཙོ་བོར་བསྒོམ༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ པདྨ་དཔའ་བོ་འཁོར་བཅས་བསྐུལ༔ དེ་ལས་རང་འདྲའི་ཕོ་ཉ་དང༔ འོད་ཟེར་དམར་པོ་མཁའ་ཁྱབ་འཕྲོས༔ དམིགས་བྱའི་སྙིང་དང་གསང་བར་ཞུགས༔ ཡིད་གཡོས་ཆགས་པས་འོད་དམར་ཞུ༔ བདག་ཐིམ་སྣང་བ་དབང་འདུས་བསམ༔ ཨོཾ་ཧྲཱིཿཔདྨ་གིངྐ་ར་ནི་པདྨ་དྷཱ་ཀི་ནཱི་དམིགས་བྱ་འགྲོ་བ་ཕོ་མོ་པ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་རྒུན་ཆང་ལ་བཏབ་སྦྱིན༔ ཚངས་པ་ཕོ་མོ་ཡིན་ཡང་འགུགས༔ ས་མ་ཡ༔ དགྲ་བགེགས་འབྱུང་པོ་ཚར་གཅོད་ན༔ རང་ཉིད་དཀྱིལ་འཁོར་གཙོ་བོར་བསྒོམ༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཀརྨ་དཔའ་བོ་འཁོར་བཅས་བསྐུལ༔ དེ་ལས་རང་འདྲའི་ཕོ་ཉ་དང༔ མཚོན་ཆའི་འོད་ཟེར་མཁའ་ཁྱབ་འཕྲོས༔ དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔ རྗེས་ཤུལ་ལྷག་མེད་བརླག་པར་བསམ༔ ཨོཾ་ཡ་ཀརྨ་གིངྐ་ར་ས་ཀརྨ་དྷཱ་ཀི་ནཱི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ ཞེས་བཟླས་དུག་ཁྲག་ཡུངས་ཀར་ལ༔ བཏབ་ནས་གནོད་པའི་ཕྱོགས་སུ་འཕང༔ གདུག་པ་ཅན་རྣམས་ཚར་གཅོད་འགྱུར༔ ས་མ་ཡ༔ དེ་ལྟར་ལས་ཀྱི་ཚོགས་རྣམས་ཀུན༔ སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི༔ ལམ་གྱི་དྲོད་ཐོབ་རྣལ་འབྱོར་པས༔ རང་གཞན་དོན་དུ་བརྩམ་པའི་མོད༔ ཏིང་འཛིན་སྔགས་དང་རྫས་ཀྱི་མཐུས༔ ཇི་ལྟར་བསམ་པ་བཞིན་དུ་འགྲུབ༔ ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ སྐུ་གསུམ་བླ་མའི་ལས་སྦྱོར་རོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ལས་སྣ་ཚོགས་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་མ་རྗེས་བཟུང་དབང་བསྐུར་ནི༔ དཀྱིལ་འཁོར་རྫས་བཤམ་ཚུལ་བཞིན་བསྒྲུབ༔ བདག་ཉིད་དབང་བླང་ནུས་ལྡན་བྱ༔ སྣོད་ལྡན་སློབ་མའི་དྲི་མ་དང༔ བགེགས་སྦྱངས་སྲུང་བའི་འཁོར་ལོས་བཅིང༔ མཎྜལ་དང་བཅས་གསོལ་གདབ་བྱ༔ དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ ཁྱབ་བདག་བླ་མ་དགོངས་སུ་གསོལ༔ བདག་ཅག་སྨིན་ཅིང་གྲོལ་བྱའི་ཕྱིར༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ཞེས་ཞུ་རྒྱུད་སྦྱང་སྡོམ་པ་སྦྱིན༔ ལྷར་གསལ་ཡེ་ཤེས་དབབ་ཅིང་བརྟན༔ དེ་ནས་བཀྲ་ཤིས་གླུ་བླང་ཞིང༔ བུམ་པས་དབང་བསྐུར་འཐོར་འཐུང་བྱ༔ ཨོཾ༔ བཀྲ་ཤིས་བུམ་པ་བཟང་པོ་ཆེ་བའི་མཆོག༔ ཡོན་ཏན་དཔག་ཏུ་མེད་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་བཅུད་ལྡན་བདུད་རྩིའི་དབང་བསྐུར་བས༔ སྣང་ཞེན་ལྷ་ཡི་ཕྱག་རྒྱར་རྫོགས་པར་ཤོག༔ སྔགས་མཐར་ཀ་ལཱ་ཤ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བསྐུར་རིགས་ཀྱི་ཕྱག་རྒྱས་གདབ༔ དེས་ནི་བླ་མ་སྤྲུལ་སྐུ་ལ༔ བསྟེན་ནས་བུམ་པའི་དབང་ཐོབ་པས༔ ལུས་ཀྱི་སྒྲིབ་དག་བསྐྱེད་པའི་རིམ༔ བསྒོམ་པར་དབང་ཞིང་སྐུ་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ བླ་མ་རིགས་ལྔ་མཉམ་སྦྱར་པའི༔ བྱང་སེམས་བདུད་རྩི་ལྕེ་ལ་བཞག༔ ཨཱ༔ བླ་མ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ བཀྲ་ཤིས་རང་བྱུང་བྷནྡྷའི་སྣོད་དུ་བསྐྱིལ༔ རྩ་ཁམས་རླུང་ལ་བསྟིམ་ཞིང་དབང་བསྐུར་བས༔ སྲོག་རྩོལ་རྡོ་རྗེའི་སྔགས་སུ་དག་པར་ཤོག༔ གུ་ཧྱ་ཙིཏྟ་བོ་དྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གསལ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ སྔགས་ཀྱི་བཟླས་ལུང་དག་ཀྱང་དབོག༔ དེས་ནི་བླ་མ་ལོངས་སྐུ་ལ༔ བསྟེན་ནས་གསང་བའི་དབང་ཐོབ་པས༔ ངག་གི་སྒྲིབ་དག་རྩ་རླུང་ལམ༔ བསྒོམ་པར་དབང་ཞིང་གསུང་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ ཤེས་རབ་མཚན་ལྡན་ཕོ་ཉར་སྦྱིན༔ ཧཱུྃ༔ སློབ་མ་ཀུན་བཟང་པདྨ་རྡོ་རྗེ་འཆང༔ རིགས་ཀྱི་ལྷ་མོ་བདེ་སྟེར་པདྨའི་ཡུམ༔ གཉིས་མེད་བརྟུལ་ཞུགས་སྤྱོད་པའི་དབང་བསྐུར་བས༔ ཐིག་ལེ་དགའ་བཞིའི་ལྷན་སྐྱེས་མངོན་གྱུར་ཤོག༔ ཛྙཱ་ན་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྙོམས་འཇུག་བདེ་བའི་དོན་ངོ་སྤྲད༔ དེས་ནི་བླ་མ་ལོངས་སྐུ་ལ༔ བསྟེན་ནས་གསུམ་པའི་དབང་ཐོབ་པས༔ ཡིད་ཀྱི་སྒྲིབ་དག་ཕོ་ཉའི་ལམ༔ བསྒོམ་པར་དབང་ཞིང་ཐུགས་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ བླ་མའི་སྐུ་འབག་སྤྱི་བོར་བཞག༔ ཧྲཱི༔ སྐུ་གསུམ་རིགས་འདུས་བླ་མ་རྡོ་རྗེ་འཆང༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ གུས་པས་གསོལ་བཏབ་ཐུགས་ཡིད་དབྱེར་མེད་འདྲེས༔ ཡེ་ཤེས་རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ བླ་མ་སྤྱི་ནས་སྙིང་དཀྱིལ་བསྟིམ༔ ཐུགས་ཡིད་བསྲེས་ནས་དགོངས་པ་བསྐྱང༔ དེས་ནི་སྐུ་གསུམ་དབྱེར་མེད་ལ༔ བསྟེན་ནས་རིག་རྩལ་དབང་མཆོག་ཐོབ༔ སྒོ་གསུམ་སྒྲིབ་དག་རྫོགས་པ་ཆེ༔ བསྒོམ་པར་དབང་ཞིང་འོད་གསལ་གྱི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ དབང་དོན་ནུས་པ་བརྟན་པའི་ཕྱིར༔ གཏོར་མ་ལྷར་གསལ་སྤྱི་བོར་བཞག༔ ཧཱུྃ་ཧྲཱི༔ གཏོར་མ་རིན་ཆེན་འབར་བའི་གཞལ་ཡས་སུ༔ དཀྱིལ་འཁོར་གཙོ་བོ་པདྨ་རྡོ་རྗེ་འཆང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ འགྲོ་འདུལ་སྤྲུལ་པའི་རིག་འཛིན་མཚན་མཆོག་བརྒྱད༔ ཕྲིན་ལས་ལྷུན་གྲུབ་དཔའ་བོ་མཁའ་འགྲོ་སོགས༔ རྩ་གསུམ་ལྷ་ཚོགས་མ་འདྲེས་འཇའ་ལྟར་ཤར༔ དགྱེས་པའི་གར་མཛད་རྡོ་རྗེའི་སྔགས་སྒྲ་སྒྲོག༔ ཡེ་ཤེས་འོད་ཟེར་འཕྲོ་འདུས་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་ཞུགས༔ སྒྲིབ་བཞི་དག་ཅིང་དབང་བཞིའི་རྟོགས་པ་འཕེལ༔ མཐོང་ཐོས་དྲན་རེག་གདུལ་བྱ་སྨིན་ཅིང་གྲོལ༔ རབ་འབྱམས་བཀའ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ མཐར་ནི་གཏོར་མའི་ལྷ་ཚོགས་རྣམས༔ འོད་ཞུ་སློབ་མར་གཉིས་མེད་ཐིམ༔ དམ་རྫས་དངོས་གྲུབ་ཚུལ་དུ་སྦྱིན༔ དབང་དོན་ནུས་པ་བརྟན་པར་བསམ༔ མཐའ་རྟེན་བཀྲ་ཤིས་ཚེ་དབང་ནི༔ ཚེ་མདའ་གཡབ་ཅིང་དྭངས་བཅུད་བསྡུ༔ ཧཱུྃ་ཧྲཱི༔ ཆོས་སྐུའི་བདག་ཉིད་མགོན་པོ་ཀུན་ཏུ་འཆང༔ ཐོད་ཕྲེང་རིགས་ལྔ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ སྣོད་བཅུད་འཁོར་འདས་ཚེ་ཡི་དྭངས་མ་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་དབྱེར་མེད་སྟིམས༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ནས་ཚེ་འབྲང་སྤྱི་བོར་བཞག༔ ཧཱུྃ་ཧྲཱི༔ མཁའ་ཁྱབ་ཆོས་སྐུ་པདྨ་ཀུན་ཏུ་འཆང༔ ལོངས་སྐུ་ཚེ་བདག་རིགས་ལྔ་ཐོད་ཕྲེང་རྩལ༔ སྤྲུལ་པའི་རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས༔ འོད་གསལ་དབྱིངས་ལས་ཐུགས་རྗེས་བརྩེར་དགོངས་ལ༔ འཆི་མེད་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡི་ཚེ་དབང་སྩོལ༔ ངག་ལ་བདེན་ཚིག་གསུང་གི་ཚེ་དབང་སྩོལ༔ ཡིད་ལ་སྤྲོས་བྲལ་ཐུགས་ཀྱི་ཚེ་དབང་སྩོལ༔ ཡོན་ཏན་མི་ཟད་རྒྱན་གྱི་ཚེ་དབང་སྩོལ༔ ཕྲིན་ལས་འགྲོ་འདུལ་ནུས་པའི་ཚེ་དབང་སྩོལ༔ ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཚེ་ཡི་བཟའ་བཏུང་བདུད་རྩི་སྦྱིན༔ ཧྲཱི༔ ཐབས་ཀྱི་རང་བཞིན་འཆི་མེད་ཚེ་ཡི་རྫས༔ ཤེས་རབ་དྭངས་བཅུད་བདུད་རྩིའི་བཏུང་བའི་རྒྱུན༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ཚེ་དཔལ་ཡེ་ཤེས་དགའ་སྟོན་རྒྱས་པར་ཤོག༔ སྔགས་བརྗོད༔ ཚེ་ཡི་དྭངས་མ་རྒྱས་གདབ་བྱ༔ ཨ༔ འཁོར་འདས་ཚེ་བཅུད་ཐུགས་སྲོག་ཐིག་ལེར་ཐིམ༔ ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་དྲྭ་བར་བསྡམས༔ འཕོ་མེད་གཉུག་མ་དོན་གྱི་རྒྱས་བཏབ་པས༔ མི་འགྱུར་རྟག་པ་ཡེ་ཤེས་སྲོག་འགྲུབ་ཤོག༔ ཛྙཱ་ན་བིནྡྷུ་ཨཱ་ཡུ་ཥེ་བྷྲཱུྃ་ཨ༔ བཀྲ་ཤིས་ཡོ་བྱད་དུ་མ་དང༔ ཚིགས་སུ་བཅད་པས་མངའ་གསོལ་ཞིང༔ དམ་ཚིག་ཁས་བླང་མཎྜལ་སོགས༔ རྗེས་ཀྱི་བྱ་བ་སྤྱི་ལྟར་སྤྱད༔ ས་མ་ཡ༔ བསྐྱེད་རྫོགས་ཚུལ་བཞིན་བསྒྲུབ་པ་ལ༔ ཡེ་ཤེས་ནུས་བྱིན་བསྐྱེད་པའི་ཕྱིར༔ ཕྱག་རྒྱ་སྐུ་ཡི་དབང་བསྐུར་གྱི༔ བཀོལ་བྱང་གུད་དུ་བསྟན་པ་ནི༔ སློབ་མ་ལུས་དཀྱིལ་ལྷར་བཅས་གསལ༔ དཀྱིལ་འཁོར་ལྷ་ལས་གཉིས་པ་སྤྲོས༔ སོ་སོར་བསྟིམས་པས་བྱིན་གྱིས་བརླབ༔ རྟགས་ཀྱི་སྣང་བརྙན་དབང་གནས་བསྐུར༔ ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་མཁའ་ཁྱབ་སྟོང་པའི་གཟུགས༔ རིགས་ཀུན་ཁྱབ་བདག་པདྨ་ཀུན་ཏུ་འཆང༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ འོད་གསལ་ཕྱག་རྒྱའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་གུ་རུ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཏི་མུག་རྣམ་དག་བུདྡྷ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་བུདྡྷ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་བུདྡྷ་གུ་རུ་ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཞེ་སྡང་རྣམ་དག་བཛྲ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་བཛྲ་གུ་རུ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རྣམ་དག་རཏྣ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་རིན་ཆེན་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་རཏྣ་གུ་རུ་ཏྲཱཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རྣམ་དག་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་པདྨ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་པདྨ་གུ་རུ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རྣམ་དག་ཀརྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་ལས་ཀྱི་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་ཀརྨ་གུ་རུ་ཨཱཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ཧཱུྃ༔ གང་འདུལ་སྤྲུལ་པའི་གུ་རུ་མཚན་བརྒྱད་དང༔ རིག་འཛིན་རྩལ་འཆང་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་རང་གྲོལ་ཡེ་ཤེས་ཆེན་པོར་སྨིན༔ མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞི་སྐྱོང་མཛད་ཕོ་ཉའི་ཚུལ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་དབང་བསྐུར་བས༔ ཚད་མེད་བཞི་ལྡན་ལས་བཞི་མཐར་ཕྱིན་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ར་ཙ་ཧྲི་ཡ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྟོང་ལྷ་སྐུ་འཆར་ལ་བསླབ༔ བཟླས་པ་སྔགས་ཀྱི་འཕྲོ་འདུ་བཅས༔ རྗེས་སུ་ཟློས་ཤིང་སྔགས་ཕྲེང་སྦྱིན༔ ཨཱ༔ བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་ཤར༔ གྲགས་སྟོང་དབྱེར་མེད་ཡེ་ཤེས་དབང་བསྐུར་བས༔ འོད་ཟེར་སྤྲོ་བསྡུས་བསྙེན་སྒྲུབ་ལས་སྦྱོར་གྱི༔ ནུས་རྩལ་སྟོབས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ སྔགས་མཐར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་རྡོ་རྗེའི་བརྡས་མཚོན་ཏེ༔ ཧཱུྃ༔ འདི་ལྟར་སྣང་བའི་ལྷ་སྔགས་སྤྲོས་པ་ཀུན༔ མེ་ལོང་གཟུགས་ལྟར་གསལ་ལ་འཛིན་པ་མེད༔ རིག་སྟོང་ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་དགོངས་པ་མངོན་འགྱུར་ཤོག༔ ཙིཏྟ་མ་ཧཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཁྱད་པར་དབང་བསྐུར་བས༔ ལྷ་སྔགས་གཉུག་མའི་གཟེར་ཐེབ་ཅིང༔ འགྲོ་འདུལ་ཕྲིན་ལས་མཐའ་ཡས་པའི༔ ཡེ་ཤེས་རྒྱུད་ལ་སྨིན་པར་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ སློབ་མ་སྨིན་བྱེད་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་བྱུང་རིག་པ་ཨོ་རྒྱན་པདྨ་བདག༔ ཡིད་ཅན་ཀུན་གྱི་རྒྱུད་ལ་ཁྱབ་པར་བཞུགས༔ དེ་ལྟར་མ་རྟོགས་མངོན་དུ་བྱ་བའི་ཕྱིར༔ གདམས་ངག་ཁྲིད་ཀྱི་རིམ་པ་འདི་ལྟར་སྒོམས༔ ས་མ་ཡ༔ ཐུགས་རྗེའི་བྱིན་རླབས་འཕོ་ནུས་སློབ་དཔོན་གྱིས༔ དམ་ལྡན་བཀའ་བཞིན་སྒྲུབ་ནུས་སློབ་མ་ལ༔ ཟབ་མོའི་དབང་བསྐུར་ཁྲིད་ཕོག་ངོ་སྤྲོད་གདབ༔ དབེན་པའི་གནས་སུ་ཉམས་ལེན་བྱེད་པར་བསྐུལ༔ དེས་ཀྱང་ལྟོས་མེད་བྱ་བ་ཀུན་བཏང་སྟེ༔ སྒོ་གསུམ་རྣལ་དབབ་ཤིན་ཏུ་སྦྱངས་ནས་ཀྱང༔ དལ་འབྱོར་རྙེད་དཀའ་འཇིག་པར་སླ་བ་དང༔ འཁོར་བར་ངེས་འབྱུང་ལས་འབྲས་བླང་དོར་བརྩོན༔ རྩེ་གཅིག་དད་པས་དཀོན་མཆོག་སྐྱབས་སུ་འགྲོ༔ བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་བསྐྱེད༔ སྡིག་ལྟུང་སྦྱང་དང་ཚོགས་གསག་ནན་ཏན་བྱ༔ ཁྱད་པར་བླ་མ་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཆོས་ཀྱི་སྐུ་ནི་རིས་མེད་ཀུན་ཏུ་ཁྱབ༔ ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་དང་ལྡན༔ སྤྲུལ་སྐུ་སྣ་ཚོགས་མ་ངེས་འགྲོ་བ་འདུལ༔ དེ་ཕྱིར་ངོ་བོ་རྩ་བའི་བླ་མ་དང༔ དབྱེར་མེད་ཡེ་ཤེས་དབྱིངས་གཅིག་རོལ་པ་ལས༔ རྣམ་པ་མ་འགག་ཀུན་བཟང་པདྨ་འབྱུང༔ སྤྱི་གཙུག་ཆུ་སྐྱེས་ཉི་ཟླའི་སྟེང་དུ་སྒོམས༔ སྣང་སྟོང་འོད་ཕུང་བྱིན་རླབས་དཔལ་དུ་འབར༔ ཁྱེད་ཤེས་དད་པས་གསོལ་བཏབ་ཐུགས་རྒྱུད་སྐུལ༔ དབང་བཞི་བླང་ཞིང་ཆུ་ལ་ཆུ་ཐིམ་ལྟར༔ རང་དང་དབྱེར་མེད་དུ་མ་རོ་གཅིག་བསྲེ༔ མོས་གུས་ཉམས་འུར་སྣང་བ་བླ་མར་ཤར༔ ཤེས་པ་གཟའ་གཏད་བྲལ་བའི་དོན་ཤར་ན༔ ཚིག་བཤད་དབང་བསྐུར་བརྒྱ་ལས་དེ་ཉིད་ལྷག༔ དེ་ཀའི་ངང་ལས་བཟོ་མེད་ལྷོད་ཀྱིས་ཀློད༔ རྣམ་རྟོག་སྐྱེས་ན་བྱུང་གནས་འགྲོ་གསུམ་བཙལ༔ དང་པོ་བྱུང་ས་སྐྱེ་མེད་ཆོས་ཀྱི་སྐུ༔ བར་དུ་གནས་སྣང་འགག་མེད་ལོངས་སྤྱོད་རྫོགས༔ ཐ་མ་འགྲོ་ས་རིས་མེད་སྤྲུལ་པའི་རྩལ༔ ཁ་དོག་དབྱིབས་མེད་ངོ་བོ་ངོས་བཟུང་བྲལ༔ དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་དུ་མེད༔ སེམས་ལས་འདས་པའི་རིག་པ་འདི་ཀ་རང༔ པདྨ་འབྱུང་གནས་ལུགས་སུ་བླུགས་པ་འདྲ༔ མ་ནོར་མ་བཅོས་ཨོ་རྒྱན་ཐོད་ཕྲེང་རྩལ༔ འདི་ཉིད་ཡིན་ནོ་གཞན་དུ་མ་ཚོལ་ཅིག༔ དྲན་མདངས་ཡེ་ཤེས་རོལ་པ་ཤར་ཙམ་ལས༔ བཅོས་མིན་གཉེན་པོའི་སྒོམ་པ་བསྐྱུར་ལ་ཐོངས༔ སེམས་འཛིན་བྱ་བྱེད་མང་པོ་གཡེང་བའི་རྒྱུ༔ ཐ་སྙད་བསལ་བཞག་མང་པོ་བསླུ་བའི་ཆོས༔ ཆོས་རྣམས་མིང་ཙམ་མིང་ཡང་བཏགས་པ་ཙམ༔ བཏགས་པ་ཐམས་ཅད་དོན་མེད་འཁྲུལ་པ་ཡིན༔ མིག་གི་ཡུལ་དུ་གཟུགས་སྣང་ཅི་ཤར་ཡང༔ སྣང་ལ་ཞེན་མེད་བྱིས་པའི་ལྟད་མོ་འདྲ༔ སྣང་སྟོང་ཟུང་འཇུག་ངོས་གཟུང་མེད་པར་འཆར༔ ཨོ་རྒྱན་པདྨ་སྤྲུལ་པའི་སྐུ་དང་མཇལ༔ རྣ་བའི་ལམ་དུ་གྲགས་པའི་སྒྲ་སྐད་ཀུན༔ གྲགས་ལ་འཛིན་མེད་བྲག་ཆའི་ལད་མོ་འདྲ༔ གྲགས་སྟོང་ཟུང་འཇུག་སྐྱེ་འགག་མེད་པར་འཆར༔ ཨོ་རྒྱན་པདྨ་ལོངས་སྤྱོད་རྫོགས་དང་མཇལ༔ ཡིད་ཀྱི་ཡུལ་དུ་རྣམ་རྟོག་ཅི་ཤར་ཡང༔ རིག་རྩལ་ཉིད་དེ་བློ་ཡིས་བཅོས་མི་གཞུག༔ རིག་སྟོང་རང་གྲོལ་བྱ་ལམ་རྗེས་མེད་ངང༔ ཨོ་རྒྱན་པདྨ་ཆོས་ཀྱི་སྐུ་དང་མཇལ༔ ལྟ་བ་ཡིན་ནོ་གཏད་སོ་ཅི་ཡང་མེད༔ བསྒོམ་པ་ཡིན་ནོ་ངང་བཞག་གཉུག་མར་བཟླུམས༔ སྤྱོད་པ་ཡིན་ནོ་འཛིན་ཞེན་སྦྲུལ་མདུད་གྲོལ༔ འབྲས་བུ་ཡིན་ནོ་དབྱིངས་རིག་ཟུང་དུ་ཆུབ༔ འདི་ཡིན་འདི་ལས་གཞན་དུ་མ་དམིགས་ཕྱིར༔ རྫོགས་ཆེན་རྣལ་འབྱོར་སྤྲིན་མེད་ནམ་མཁའ་འདྲ༔ གེགས་དང་གོལ་ས་མེད་ཅིང་བོགས་འདོན་མེད༔ རང་བབས་བསྐྱངས་པས་ས་ལམ་སྤང་ཐོབ་རྫོགས༔ ཐམས་ཅད་གདོད་མའི་གཞི་ལ་བྱང་ཆུབ་ཀྱང༔ དང་པོའི་ལས་ཅན་རྣམས་ལ་མཚོན་སླད་དུ༔ གེགས་སེལ་གཙོ་བོ་མི་རྟག་བྱང་སེམས་སྦྱོངས༔ བོགས་འདོན་རྒྱལ་པོ་བླ་མའི་མོས་གུས་སྒོམས༔ སྐབས་སུ་ལུས་སེམས་གཉིས་ཀ་ཁོང་ཀློད་ལ༔ ཡིད་ཙམ་རླུང་ནི་ཕྱིར་འཛིན་དལ་བར་བསླབ༔ རིག་པ་མིག་གི་གསང་འབྲས་དཀྱིལ་དུ་གཏད༔ དེ་ཉིད་ནམ་མཁའ་སྟོང་པར་མདུང་ཚུགས་གཟིར༔ བསམ་འདས་བརྗོད་མེད་འོད་གསལ་རང་བབས་འཆར༔ དབྱིངས་གསུམ་དབྱེར་མེད་པདྨའི་རང་ཞལ་མཇལ༔ སྐབས་སུ་སྒོ་ཡུལ་རླུང་རིག་གནད་གཅུན་པས༔ རྡོ་རྗེ་ལུག་རྒྱུད་པདྨའི་དངོས་ཞལ་འཁུམས༔ དེ་ཉིད་གོང་འཕེལ་དབྱིངས་རིག་ཚད་ལ་ཕེབ༔ ཆོས་ཅན་ཀུན་ཟང་ཆོས་ཉིད་ལྷུམས་སུ་ཞུགས༔ འདི་དང་འཆི་ཁ་བར་དོའི་ཉམས་ལེན་གནད༔ ཐམས་ཅད་གཅིག་དྲིལ་རང་ངོ་ཤེས་པ་དང༔ གཅིག་ཐོག་ཐག་ཆོད་གྲོལ་ཐོག་གདིང་འཆའ་བས༔ དོན་གྱི་མན་ངག་རིག་པ་རྗེན་པར་སྐྱོངས༔ ས་མ་ཡ༔ ཐུན་མོང་གདུལ་བྱ་རྣམས་ལ་ཕན་གདགས་ཕྱིར༔ པདྨའི་སྣང་བརྙན་མཚན་ཉིད་ལྡན་པ་བཞེངས༔ ཨོ་རྒྱན་བདག་གི་རིང་བསྲེལ་རྣམ་བཞི་སོགས༔ སྙིང་པོའི་དམ་རྫས་སེལ་མེད་སྲོག་ཏུ་གཞུག༔ ཚིག་བདུན་གསོལ་འདེབས་ཁྲི་དང་འབུམ་དུ་བཟླ༔ བྱིན་ཆེན་དབབ་ཅིང་ཡུལ་དང་ཡུལ་ཅན་གཉིས༔ དབྱིངས་རིག་ཟུང་འཇུག་དགོངས་པ་གཡོ་མེད་གཏད༔ སྔར་ལས་ཟིལ་དང་གཟི་བརྗིད་ཆེར་འབར་ན༔ ཨོ་རྒྱན་བདག་དང་ཁྱད་པར་ཅུང་ཟད་མེད༔ འབྲེལ་པ་ཐོགས་ཚད་རིག་འཛིན་གྲལ་དུ་འཁོད༔ སྙིང་པོ་གསང་སྔགས་ཡིག་འབྲུ་བཅུ་གཉིས་དང༔ རང་བྱུང་རིག་པ་སྟོང་ཆེན་ཡིག་འབྲུ་དྲུག་་་འཿཨཿསཿཤཿམཿཧ༔ མཐིང་ཤོག་ངོས་ལ་རིན་ཆེན་གསེར་གྱིས་བྲིས༔ དགོངས་པ་གཏད་དེ་མྱང་གྲོལ་རྫས་ཀྱིས་བྱུག༔ སྨོན་ལམ་དང་བཅས་གང་ལ་བཏགས་ན་དེ༔ འཆི་ཁའི་དབུགས་ལ་སླེབ་པས་ངན་སོང་ཐར༔ ཕུང་པོ་སྲེག་ཚེ་འཇའ་འོད་རིང་བསྲེལ་འབྱུང༔ དེ་བཞིན་སྲ་བའི་རྡོ་ལ་རྐོ་བ་དང༔ དར་རས་ལ་བྲིས་གཡོ་བའི་རླུང་དང་སྦྱར༔ བུམ་ཆུ་རིལ་བུ་དྲི་ཞིམ་སྤོས་ལ་བཟླས༔ སུ་ཡིས་མྱངས་དང་མེར་བསྲེགས་དྲི་ཚོར་དང༔ ཆུ་བོ་ཆེ་ལ་བཏབ་ནས་མྱངས་པས་ཀྱང༔ སྨོན་ལམ་འབྲེལ་པས་པདྨ་འོད་དུ་སྐྱེ༔ དེ་སོགས་ཨོ་རྒྱན་བདག་གི་ཕྲིན་ལས་ཀྱིས༔ མཁའ་ཁྱབ་འགྲོ་བའི་དོན་ལ་བརྩོན་པ་ནི༔ རྒྱལ་དང་དེ་སྲས་རྣམས་ཀྱི་གདུང་འཚོབ་ཕྱིར༔ ཐམས་ཅད་འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ གདམས་ངག་སྙིང་པོའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་རང་བྱུང་པདྨ་བདག་ཉིད་ཀྱི༔ ཐུགས་ཀྱི་གསང་བ་རྨད་བྱུང་དྭངས་མའི་བཅུད༔ སྐུ་གསུམ་དབྱེར་མེད་འོད་ཀྱི་སྙིང་པོའི་གཟུགས༔ སྣོད་ལྡན་རྣམས་དང་འབྲལ་ཁའི་ཞལ་ཆེམས་ཚུལ༔ འདི་ཡིན་འདི་ལས་གཞན་དུ་མ་བཅོས་པར༔ རྩེ་གཅིག་ཉམས་ལོངས་བརྡ་ཡི་ཡི་གེར་བྲིས༔ མཆིམས་ཕུའི་ཉེ་འདབས་བྲག་གི་སུལ་དུ་སྦོས༔ མ་འོངས་རྩུབ་འགྱུར་དུས་ཀྱི་བར་སྐབས་སུ༔ གནུབས་བན་རང་གིས་སྤྱོད་པའི་སྨོན་ལམ་ཐོབ༔ དྲི་མེད་མིང་ཅན་དེ་དང་འཕྲད་ནས་ཀྱང༔ རང་ཉམས་བླངས་ནས་མ་ཕྱིའི་ཤོག་སེར་ནི༔ འགྲོ་འདུལ་འཕགས་པའི་ཐུགས་ཀྱི་ཏི་ཀ་དང༔ ལྷན་ཅིག་སྦས་པས་རྩུབ་འགྱུར་ཡང་མཐའི་དུས༔ ད་ལྟའི་དུས་ཀྱི་ལྷ་སྲས་མཆོག་གྲུབ་རྒྱལ༔ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པས༔ འདི་ཉིད་བླངས་ནས་རིང་དུ་གསང་རྒྱས་གདབ༔ དུས་སུ་བབས་ཚེ་སྣོད་ལྡན་མཆོག་ལ་སྤེལ༔ དེས་ཀྱང་ཉམས་བླངས་རྟོགས་པའི་རྩལ་ཆེན་རྫོགས༔ ཀུན་བཟང་གདོད་མའི་ས་ལ་ཕྱིན་པར་འགྱུར༔ བཅོལ་ལོ་གཉེར་རོ་རྡོ་རྗེ་ནག་པོ་ཆེས༔ ཐུབ་པར་སྲུངས་ཤིག་དམ་ཚིག་ས་མ་ཡ༔ བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་རཀྵནྟུ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ སྤྲུལ་པའི་གཏེར་སྟོན་དྲི་མེད་ཀུན་དགས་བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས་སྤྱན་དྲངས་ཏེ་སླར་བྲག་དམར་མགྲིན་པ་བཟང་པོར་ཡང་གཏེར་དུ་སྦས་པ། ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་བཔལ་གནས་དེར་ཡེ་ཤེས་མཁའ་འགྲོས་དངོས་སུ་བསྩལ་པའི་ཤོག་སེར་ལས་དག་པར་ཕབ་པའོ།། །།

འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ (Volume 25, Text 17)

༄༅། །འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོ་གསལ་བའི་དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཅེས་བྱ་བ། བླ་མ་མགོན་པོ་འོད་དཔག་ཏུ་མེད་པ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་གཙོ་མཆོག་སྤྱན་རས་གཟིགས། །སངས་རྒྱས་མཐའ་དག་སྐྱེད་པའི་ཡབ་མཆོག་སྟེ། །དེ་བཞིན་སངས་རྒྱས་ཀུན་སྲས་ཐུ་བོའི་ཚུལ། །དབྱེར་མེད་བླ་མའི་ཞབས་ལ་གུས་ཕྱག་འཚལ། །ནོར་བུ་དམིགས་མེད་སྙིང་རྗེ་བདེ་ཆེན་ཐབས། །པདྨ་དམིགས་བཅས་སྟོང་ཆེན་ཤེས་རབ་མ། །ནོར་བུ་སྟོང་ཆེན་འགྱུར་མེད་ཡིག་ལྔ་ཝཾ། །པདྨ་ཐིག་ལེ་སྟོང་པ་ཡིག་དྲུག་ཨེ། །དབྱེར་མེད་རྟེན་བརྟེན་སྲིད་ཞི་ཤེས་ཤེས་བྱ། །བདེན་གཉིས་ཆོས་རྣམས་ཀུན་གྱི་སྟོང་པའི་གཞི། །ཆོས་ཉིད་ཀུན་འགྲོ་བྱང་ཆུབ་སེམས་ཟུང་འཇུག །སངས་རྒྱས་ནོར་བུ་པདྨར་ཕྱག་འཚལ་འདུད། །དེ་བཞིན་གཤེགས་པ་ཀུན་གྱི་རིན་ཆེན་གཏེར། །ཡོངས་སུ་གནས་གྱུར་ཟ་མ་ཏོག་བཀོད་པའི། །སྒྲུབ་ཐབས་མདོ་རྒྱུད་ཀུན་གྱི་དགོངས་པའི་བཅུད། །འཕགས་པའི་བཀའ་ལུང་གྲུབ་གྱུར་གྱིས་ཉམས་སྐྱུགས། །ཀུན་གྱི་བཅུད་བསྡུས་བླ་མའི་ཞལ་གདམས་གང་། །རང་མྱོང་དང་བསྟུན་འཇུག་སླ་དོན་ཆེ་ཉིད། །སྐལ་བཟང་འགྲོ་ལ་ལེགས་བཤད་གསར་པའི་གཏམ། །ཉུང་ངུ་རྣམ་གསལ་ངག་གིས་འདིར་བཤད་བྱ། །དེ་ཡང་རིས་སུ་མ་ཆད་པའི་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན་པོ། བྱེ་བྲག་གདུལ་དཀའ་གདོང་དམར་བོད་ཡུལ་འདུལ་མཛད་ལྷག་པའི་ལྷ་སྐལ་རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མན་ངག་སྨར་ཁྲིད་ལས་བརྩམ་སྟེ། རྒྱུད་སྡེ་རྒྱ་མཚོ་ནས་གསུངས་པའི་ཡི་དམ་རང་གི་མོས་པ་གང་འདོད་ཀྱི་ཁྲིད་རིམ་དུ་སྦྱོར་བར་རྗེས་སུ་གནང་བའི་སྤྱི་གཞུང་ཆེན་པོ་ལ། ཟབ་དོན་མཐའ་དག་གི་སྙིང་པོ་བཏུས་ཏེ་ལེགས་པར་བཤད་པ་གང་ཉམས་སུ་ལེན་པར་འདོད་པས་འདི་ལྟར་བྱ་སྟེ། དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་གསུམ་མོ། །དང་པོ་ལ། སྤྱི་དང་ཁྱད་པར་ཐུན་མོང་མ་ཡིན་པ་གསུམ་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་བྱང་ཆུབ་ལམ་གྱི་རིམ་པ་སྤྱི་དང་མཐུན་པར་འབོགས་ནས། དད་དང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་བསྐྱེད་པས། དཀོན་མཆོག་རིན་པོ་ཆེ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། རང་ཉིད་གང་དུ་གནས་པའི་ས་ཕྱོགས་གཞི་རིན་པོ་ཆེ་ལས་གྲུབ་པ་ཁོད་སྙོམས་ལག་མཐིལ་ལྟར་བརྡལ་བ་ལ། རང་གི་གཡས་གཡོན་དུ་ཚེ་འདིའི་ཕ་མ། མདུན་རྒྱབ་མཐའ་སྐོར་དུ་འགྲོ་དྲུག་སེམས་ཅན་མུ་མེད་པས་བསྐོར་ཞིང་ཀུན་ཀྱང་སྐྱབས་སུ་འགྲོ་བའི་བསམ་པ་མཐུན་པ། སྟེང་གི་ནམ་མཁའི་གནས་སུ་བླ་མ། ཡི་དམ། སངས་རྒྱས། ཆོས། དགེ་འདུན། བྱང་སེམས་ཉན་རང་འཕགས་པའི་ཚོགས་རྒྱུ་སྐར་བཀྲ་བ་ལྟར་ཐེམ་མེ་ནེམ་མེར་ཁེངས་པ་ལ། བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་རྩེ་གཅིག་གིས་འགྲོ་བར་བསམ་ནས་སྐྱབས་འགྲོ་བརྗོད་དེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་པའམ་གཞན་ཡང་སྐྱབས་འགྲོའི་ཚིག་གང་འོས་བྱ་རུང་ངོ་། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། འདི་ལྟར་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དྲིན་ཆེ་བའི་ཕ་མ་འབའ་ཞིག་ཡིན་པ་ལ། འདི་དག་འཁོར་བ་སྡུག་བསྔལ་གྱི་བཙོན་དོང་དུ་འཁྱམས་པ་རྣམས་སྙིང་རེ་རྗེ། དེ་དག་བོར་ནས་བདག་ཉིད་གཅིག་པུའི་ཞི་བདེ་དོན་གཉེར་ནི་ཤིན་ཏུ་མི་རིགས་པ་ཁྲེལ་མེད་ངོ་ཚ་བྲལ་བའི་སྤྱོད་པ་སྟེ། དེས་ན་ལྷག་པའི་བསམ་པས་དེ་དག་ལ་ཕན་པ་རྒྱ་ཆེན་པོ་བདག་གིས་བཏགས་ཤིང་། ཁྱད་པར་བླ་ན་མེད་པ་སངས་རྒྱས་ཀྱི་ས་ལ་ཅིས་ཀྱང་འགོད་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྨར་ཁྲིད་ཁྱད་པར་ཅན་ཉམས་སུ་བླངས་ནས་ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་བགྱིའོ་བསམ་ནས་སྐྱབས་ཡུལ་རྣམས་དཔང་པོར་བྱས་ཏེ་སེམས་བསྐྱེད་པ་ནི། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་པ་དོན་ལ་དམིགས་བཞིན་དུ་བརྗོད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་པས་ཚད་མེད་པའང་ཅི་ནུས་བསྒོམ། རང་གཞན་འཁོར་བའི་སྡུག་བསྔལ་ལས་མྱུར་དུ་ཐར་བར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་ཞེ་ཐག་པ་ནས་བྱ་ཞིང་། དབུགས་གཏང་རྔུབས་སྐབས་བདག་གི་དགེ་ཚོགས་སེམས་ཅན་རྣམས་ལ་བཏང་ཞིང་། དེ་དག་གི་སྡིག་པ་བདག་གིས་བླངས་ནས་སྦྱོང་བར་བསམ་པ་ནི་ཉིན་རེ་བཞིན་ཐུན་དང་ཐུན་སྐབས་རྣམས་སུ་མ་ཆགས་ཤིང་མ་བརྗེད་པར་བྱའོ། །གསུམ་པ་ཐུན་མིན་གྱི་སྔོན་འགྲོ་ནི། རང་གི་སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁའི་གནས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། རྩ་བའི་བླ་མའི་སྐུ་དེ་ཀ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆས་སུ་ཞུགས་པའམ་ངོ་བོ་བླ་མ་ལ་རྣམ་པ་འོད་དཔག་མེད་དམ་སྤྱན་རས་གཟིགས་ལྟ་བུ་བློ་ངོར་གང་བདེ་ཞིག་གསལ་བ་དེ། སངས་རྒྱས་བྱང་སེམས་ཀུན་གྱི་ངོ་བོར་གྱུར་ཅིང་རང་ལ་བཀའ་དྲིན་ཆེ་བའི་སྒོ་ནས་སངས་རྒྱས་ལས་ཀྱང་ལྷག་ལ་ལྷག་པར་ཡང་རྒྱུད་སྡེ་མཐའ་དག་ནས་གསུངས་པས་དེ་ལྟར་ངེས་པས། འདི་ནས་བྱང་ཆེན་སྙིང་པོའི་བར་དུ་རྩ་བའི་བླ་མ་རིན་པོ་ཆེ་ལས་སྐྱབས་གནས་རེ་ས་བློ་གཏད་གཞན་སུ་ཡང་མ་མཆིས་པས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། བདག་ལུས་ཚེ་བསོད་ལོངས་སྤྱོད་གཏན་གྱི་འདུན་མ་ཡོངས་སུ་སྐྱབས་གནས་ཁྱེད་ལ་འབུལ་ལོ། །ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན་ནོ་སྙམ་པའི་ཁ་ཙམ་ཚིག་ཙམ་མ་ཡིན་བློ་གཏད་ལིང་བསྐྱུར་གྱིས་བཞག་ལ། ངག་ནས་ཀྱང་། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་བསྙེན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། ཞེས་བརྗོད་ཅིང་དོན་བསམ། བླ་མའི་གནས་བཞིར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་ངོ་བོར་བཞུགས་པའི་ཨོཾ་ཨཱཿཧཱུྃ་ཧོཿདཀར་དམར་མཐིང་སེར་གསལ་བཏབ་སྟེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མེད་ནས་ད་ལྟའི་བར་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུས་གཅིག་ལ་སྦྱངས་པའི་འདུན་པ་རྩེ་གཅིག་གིས་ཡིག་བརྒྱ་ཅི་ནུས་བཟླས་པས། བླ་མའི་སྐུའི་ཆ་དང་ཡི་གེ་བཞི་ལས། ངོ་བོ་ཡེ་ཤེས། རྣམ་པ་བདུད་རྩི། རང་སྒྲ་ཡི་གེ་བརྒྱ་པའི་སྒྲ་སྒྲོག་པའི་རྒྱུན་བར་མ་ཆད་པ་བདག་གཞན་རྣམས་ཀྱི་སྤྱི་གཙུག་ནས་ཞུགས་པས། འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མ་བག་ཆགས་དང་བཅས་པ་ནག་ནུ་རུ་རུ་བུ་ག་དགུ་སྐྲ་སེན་བ་སྤུའི་སྒོ་ནས་ཕྱིར་ཐོན། དེ་དང་ལྷན་དུ་ནད་གདོན་བར་ཆད་བགེགས་རིགས་རྣམས་ཀྱང་སང་སང་ཐོན་རང་ལུས་ཤེལ་སྒོང་དྲི་མེད་ལྟར་དྭངས་པར་བསམ། ཁྱད་པར་དངོས་གྲུབ་ཐམས་ཅད་འདུས་པ་བླ་མའི་རྣལ་འབྱོར་དུ་ཡིད་ཆེས་པའི་དད་གུས་ཕུར་ཚུགས་དྲག་པོ་དུང་དུང་པ་ཡང་ཡང་བྱ་ཞིང་། བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། །ཞེས་པ་དང་། ཕ་བླ་མ། ཕ་བླ་མ། ཕ་བླ་མ། བླ་མ་རང་མཁྱེན་ནོ། །དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་གདུང་བའི་ཤུགས་དོས་དྲག་ལ་ཡུན་རིང་བར་བླ་མའི་མཚན་ནས་ཀྱང་གསོལ་བ་འདེབས་ལ། བླ་མའི་གནས་བཞིའི་ཡི་གེ་ལས། ཨོཾ་ལས་ཨོཾ་དཀར་ཡིག་དྲུག་དཀར་པོས་བསྐོར་བ་བྱུང་། བདག་གི་དཔྲལ་བར་ཐིམ། བུམ་དབང་གི་སྦྱང་སྨིན་ཐོབ་གསུམ་མངོན་དུ་བྱས། དེ་བཞིན་ཨཱཿལས་ཨཱཿདམར་ཡིག་དྲུག་གིས་བསྐོར་བ་སྔ་མ་ལྟར་མགྲིན་པར་ཐིམ་པས་གསང་དབང་གི་དང་། ཧཱུྃ་ལས་ཧཱུྃ་སྔོན་སྔགས་ཕྲེང་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས། ལྟེ་བའི་ཧོཿལས་ཧོཿསེར་སྔགས་ཕྲེང་བདག་གི་ལྟེ་བར་ཐིམ་པས་དབང་བཞི་པའི་སྦྱང་སྨིན་ཐོབ་གསུམ་མངོན་དུ་བྱས་པར་བསམ་ལ་གསོལ་འདེབས་ལ་འབད་ཅིང་། མཐར་བླ་མ་རང་གི་ཚངས་བུག་ནས་མར་བྱོན། སྙིང་གར་བཞུགས་ཤིང་དེ་ཡང་འོད་དུ་ཡལ་ཏེ། བླ་མའི་སྐུ་གསུང་ཐུགས་དང་བདག་གི་སྒོ་གསུམ་དབྱེར་མེད་བསམ་ངང་ཅུང་ཟད་མཉམ་པར་བཞག །དེ་ལྟར་བསྐྱར་བལྡབ་ཀྱིས་ཅི་ནུས་བསྒོམ། རྗེས་སུ་དགེ་བ་བསྔོ་སྨོན་གྱི་རྒྱས་བཏབ་ཅིང་ལམ་བསྒོམ་པ་སོགས་བྱའོ། །རྣམ་དཀར་ལམ་ཀུན་རྩ་བ་དད་པ་སྟེ། །བསྐྱེད་པར་གལ་ཆེ་འཁོར་བའི་ཉེས་དམིགས་དང་། །མངོན་མཐོ་ངེས་ལེགས་ཚུལ་བསམ་ངེས་འབྱུང་གིས། །སྐྱབས་སུ་འགྲོ་བ་ཚུལ་ཁྲིམས་ཀུན་གཞི་ཡིན། །སེམས་བསྐྱེད་ངོ་བོར་ཐེག་ཆེན་བྱང་སྡོམ་འདུ། །བླ་མའི་རྣལ་འབྱོར་རིག་འཛིན་སྡེ་སྣོད་གཞུང་། །དེས་ན་སྔོན་འགྲོར་གྲགས་པའི་གནས་འདི་གསུམ། །སྡོམ་གསུམ་ཉམས་ལེན་བཅུད་ཡིན་འབད་པར་རིགས། །ཞེས་པའང་སྨྲས་སོ། ༈ །སྤྱི་དོན་གཉིས་པ་དངོས་གཞི་ལ། བསྐྱེད་རིམ། རྫོགས་རིམ་གཉིས། དང་པོ་ལ། མངོན་བྱང་ལྔ་ལ་བརྟེན་ནས་རང་ཉིད་ཡི་དམ་ཀུན་འདུས་སུ་བསྐྱེད་པ། སྤྱི་བོར་རིགས་བདག་བླ་མ་ཀུན་འདུས། ཐུགས་ཀའི་ས་བོན་སྔགས་ཕྲེང་དམ་པའི་ཆོས་ཀུན་འདུས། མཁའ་ཁྱབ་བཟླས་པའི་རྣལ་འབྱོར། རྗེས་སྡུད་འཕོ་བ་འོད་གསལ་གྱི་རྣལ་འབྱོར་དང་ལྔ་ལས། དང་པོ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷཱརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་གཟུང་ཡུལ་གྱི་ཕྱི་དོན་གྱི་ཆོས་ཐམས་ཅད་བར་སྣང་ལ་འཇའ་ལྟར་ཡལ་ཞིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ནང་ཕུང་ཁམས་དབང་ཤེས་བདག་འཛིན་གྱི་ཚོགས་ནམ་མཁའ་དག་པའི་དབྱིངས་ལྟར་དྭངས་ཏེ། ཡུལ་ཡུལ་ཅན་གྱི་འཛིན་པ་མེད་པ་རྣམ་པར་རྟོག་གསུམ་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་ཇི་གནས་སུ་བཞག །དེ་ཆོས་ཉིད་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པའོ། །འདི་རྫོགས་རིམ་དངོས་ཀྱི་སྐབས་སྟོང་ཉིད་རྒྱས་འདེབས་ཞེས་ཕལ་ཆེ་བས་དགག་ཀྱང་། བསྐྱེད་རིམ་སྐབས་སུ་ཆེ་ཐང་དུ་མ་བཅས་ཏེ་གསུངས་པ་ཡིན་པས་ཚུལ་འདི་ནན་དུ་བསྒོམ་དགོས་ལ། དེང་སང་གི་ཕལ་ཆེའི་བློ་ངོར་བཞག་པའི་སྟོང་ཉིད་མངོན་བྱང་འདི་ཙམ་ནི་རྒྱས་འདེབས་སུ་ཤོར་བའི་ནང་ཚན་དུ་ཡིན་མོད་ཀྱང་། བླ་མ་དམ་པའི་མན་ངག་ཡང་དག་གིས་ཟིན་ན་རྒྱས་འདེབས་སུ་ཤོར་བའི་ནང་ཚན་དེ་ཡང་མ་ཡིན་པ་གོ་དགོས། དེ་ལྟར་སྟོང་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་དུང་པ་ཞིག་སྐྱེས་པའི་རྐྱེན་ལ་བརྟེན་སེམས་དག་པ་ཟླ་བའི་གཟུགས་སུ་གྱུར་པ་ནི་སྐུ་ཟླ་བ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བའི་སྟེང་ཐད་དུ་སྲོག་གི་རླུང་དག་པ་ལས་ཡི་གེ་ཧྲཱིཿཡིག་དཀར་པོ་གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པའོ། །དེ་ཡང་ཡིད་གནས་སུ་དག་པ་མི་འགྱུར་བདེ་བ་ཆེན་པོའི་ངོ་བོ་ཉིད་སྡོང་བུ་དང་བཅས་པའི་པདྨའམ་ཨུཏྤལ་དཀར་པོ་རྒྱས་ཤིང་ཡིད་འོང་ལྷུན་ཆགས་པ་ཧྲཱིཿཡིག་གིས་མཚན་པ་ཞིག་ཟླ་བ་ལ་གནས་པར་གྱུར་པ་ནི་ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པའོ། །དེ་གསུམ་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་སྡུག་བསྔལ་བསལ། འོད་ཟེར་ཚུར་འདུས་ཐིམ་པས་ཟླ་པད་ཧྲཱིཿཡིག་རོ་མཉམ་དུ་འདྲེས་ནས་ཟབ་གསལ་བདེ་བ་ཆེན་པོའི་རང་བཞིན་སྐུ་ཡོངས་རྫོགས་སུ་རྫོགས་པ། མེ་ལོང་ངོས་སུ་ལྷ་སྐུའི་གཟུགས་བརྙན་འཆར་བ་ལྟར་སྐད་ཅིག་གིས་ཝལ་གྱིས་སྣང་བ་ནི་སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པའོ། །སྐུ་ཡི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པས་དབྱིབས་ཁ་དོག་ཐམས་ཅད་པའམ། ཡང་སྒྲུབ་ཐབས་རྣམས་ནས་ཇི་ལྟར་བཤད་བཞིན་པའི་འཕགས་པའི་སྐུའི་རྣམ་པ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་གཅིག་ཕྱག་བཞི་པ་དང་། བཅུ་གཅིག་ཞལ་རྩ་ཕྱག་བཅུ་པ་དང་། ཕྱག་སུམ་ཅུ་རྩ་བརྒྱད་བཅས་པ་དང་། ཕྱག་སྟོང་སྤྱན་སྟོང་བཅས་པ་སོགས་དང་། སྤྱིར་ཡང་ཐུགས་རྗེ་ཆེན་པོའི་རིགས་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རྒྱལ་པོ་ལུགས། བཅུ་གཅིག་ཞལ་དཔལ་མོ་ལུགས། བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ། བཅུ་གཅིག་ཞལ་པདྨའི་ཕྱག །བཅུ་གཅིག་ཞལ་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ། བཅུ་གཅིག་ཞལ་དོན་ཞགས་སྣ་ཚོགས་དབང་པོ་སོགས་དང་། དོན་ཞགས་ཞལ་གཅིག་ཕྱག་བརྒྱད་པ། དོན་ཞགས་ཞལ་གཅིག་ཕྱག་བཞི་དམར་པོ་དང་སེར་པོ། དོན་ཡོད་ལྕགས་ཀྱུ། དོན་ཡོད་ནོར་བུ། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ། ཡིད་བཞིན་ནོར་བུའི་འཁོར་ལོ། སེང་གེ་སྒྲ །ཡི་གེ་དྲུག་པ། ཁ་སར་པ་ཎི། སུ་ཁ་ཝ་ཏི། སེམས་ཉིད་ངལ་གསོ། འཇིག་རྟེན་དབང་ཕྱུག་དང་། སྤྱན་རས་གཟིགས་གསང་བ་འདུས་པ། སྤྱན་རས་གཟིགས་པདྨ་དྲྭ་བ། སྤྱན་རས་གཟིགས་བདེ་མཆོག་ཡི་གེ་བདུན་པ་སོགས་དང་། ཐུགས་རྗེ་ཆེན་པོ་པདྨ་ཉི་ཟླ། འགྲོ་འདུལ་ཡིད་བཞིན་ནོར་བུ། ཡང་སྙིང་ཀུན་འདུས། རྒྱལ་བ་རྒྱ་མཚོ་ལ་སོགས་ཏེ། དེ་བཞིན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བརྒྱ་རྩ་ཕྲག་དུ་མ་འཕགས་ཡུལ་གྱི་གཞུང་ཚད་མར་གྱུར་པ་ད་ལྟ་ཡང་མང་དུ་མཆིས་པས། དེ་དག་རང་བློར་གང་བདེ་བ་བསྒོམ་པ་ལས་ཕྱོགས་རིས་ངེས་བཟུང་མེད་ལ། དེར་མ་ཟད་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་འཁོར་ལོའི་ལྷ་གང་ཡང་རུང་བས། དེས་ན་ཕྱོགས་འདི་ཡི་དམ་ལྷ་ཐམས་ཅད་ཀྱི་སྨར་ཁྲིད་ཡིན་ཞེས་བླ་མ་གོང་མ་རྣམས་ཀྱིས་རྩིས་སུ་མཛད་པའི་རྒྱུ་མཚན་ཏེ་འཕྲོས་ཀྱི་དོན་དུ་བརྗོད་པའོ། །དེ་ལྟར་ཡི་དམ་རབ་འབྱམས་གང་འདོད་བསྒོམ་པར་བྱ་བ་ལ། འདིར་དེང་སང་ཡོངས་ལ་གྲགས་ཆེ་བས་འཇུག་སླ་ཞིང་བསྒོམ་བདེ་བ། ཁྱད་པར་འཕགས་མཆོག་སྲོང་བཙན་སྒམ་པོའི་གསུང་བོད་ཀྱི་ཕ་ཆོས་སྙིང་པོར་གྱུར་པའི་བྱིན་རླབས་ཁྱད་པར་རྨད་དུ་བྱུང་བ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པ་འགྲོ་འདུལ་ཡིད་བཞིན་ནོར་བུར་གྲགས་པའི་བསྒོམ་རིམ་དང་མཐུན་པར་བཤད་པར་བྱ་སྟེ། དེ་ཡང་གདན་གསེར་གྱི་པདྨ་འདབ་མ་རབ་ཏུ་རྒྱས་པ་དང་ཉི་ཟླའི་སྟེང་དུ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་ལ་འོད་ཟེར་དཔག་མེད་འཕྲོ་བས་ཟླ་བ་བྱེ་བ་གྲངས་མེད་ཀྱི་གཟི་བརྗིད་འཕྲོག་པ། ཞལ་གཅིག་རབ་ཏུ་ཞི་ཞིང་འཛུམ་པ། སྤྱན་གཉིས་ས་ལ་འདོམ་གང་ཐད་ཙམ་དུ་གཟིགས་པ། ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་སྦྱར་སྦུབས་སྟོང་གིས་ཙིནྟཱ་མ་ཎི་འཆང་བ། གཡས་ཀྱི་འོག་མས་ཤེལ་ཕྲེང་དང་། གཡོན་གྱི་འོག་མས་པད་དཀར་རམ་ཨུཏྤལ་དཀར་པོ་ཡུ་བ་ནས་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དབུ་སྐྲ་རལ་པ་ཕྱེད་ཐོར་ཚུགས་ཕྱེད་སྐུ་རྒྱབ་དང་དཔུང་ཁར་སིལ་མར་འཕྱོ་བ། རི་དྭགས་ལྤགས་པས་ནུ་མ་གཡོན་བཀབ་ཅིང་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་པ་ལྟ་བུ། མཚན་དང་དཔེ་བྱད་ཀྱིས་ཤིན་ཏུ་རྫོགས་པར་བརྒྱན་པའི་སྐུ་མཚར་སྡུག་ལྟ་བས་ཆོག་མི་ཤེས་པ་བསྐལ་པ་རྒྱ་མཚོར་བལྟས་ཀྱང་ངོམས་པ་མིན་པ། བ་སྤུའི་སྒོ་རེ་རེ་ན་ཡང་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོ་མུ་མེད་གྲངས་འདས་རྫོགས་པ། འོད་དང་འོད་ཟེར་གྲངས་མེད་མུ་མེད་མཁའ་མཉམ་དུ་འཕྲོ་བ། དེ་ཡི་དཔྲལ་བར་ཨོཾ་དཀར། མགྲིན་པར་ཨཱཿདམར། སྙིང་གར་ཧཱུྃ་མཐིང་གིས་མཚན་པར་བསྒོམ་ཞིང་། དེ་ལྟར་སྐུ་ཡི་རྣམ་པ་མ་གསལ་བར་དུ་ཐོག་མར་ཐུན་ཆུང་ལ་གྲངས་མང་བ་དང་རིམ་པས་ཐུན་ཡུན་ཇེ་རིང་དུ་གསལ་བཏབ། ཡང་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་ནམ་མཁའི་ཁམས་ཁྱབ་པར་འཕྲོས་ཤིང་། སྤྱིར་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་དང་ཁྱད་པར་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་འཁོར་ལོའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པར་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པ་ལ། ཡིད་ལས་དེ་མ་ཐག་པར་སྤྲུལ་པའི་ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་སྤྲོས་པས་མཆོད་ནས། བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་པས་བདག་ལ་ཞུགས། གཉིས་མེད་དུ་འདྲེས། རབ་ཏུ་དགྱེས་ཤིང་བརྟན་པར་བྱས་པས། བདག་ཉིད་སྤྱན་རས་གཟིགས་ཡི་དམ་ཀུན་འདུས་ཀྱི་སྐུར་གྱུར་པ་ལ་ཡིད་གཉིས་མེད་པར་རྩེ་གཅིག་གི་གསལ་སྣང་བརྟན་པོར་བཟུང་བར་བྱ་སྟེ། དེ་ཡང་། བདག་གི་མིང་རུས་བླ་དྭགས་ཀྱི་ཞེན་པ་མེད་པར་བདག་རྣམ་པ་མ་འགྱུར་སྤྱན་རས་གཟིགས་ཀྱི་སྐུ་ཡིན། ངོ་བོ་མ་འགྱུར་སྤྱན་རས་གཟིགས་དངོས་ཏེ། ཁྱད་ཆོས་ཡི་དམ་མཐའ་དག་འདུས་པ་རང་ཡིན་ཅིང་། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱང་བདག་ལ་རྫོགས་པའོ་བསམ་པའི་ང་རྒྱལ་དྲག་ཏུ་བཟུང་། དེ་ལྟར་སྐུའི་རྣམ་པར་ཤར་བ་དེ་ཡང་སྣང་བཞིན་དུ་སྟོང་པ་ཡེ་ཤེས་ཀྱི་སྐུ་སྟེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་པའི་དོན་རྗེས་སུ་དྲན་པ་ནི་རྣམ་དག་གི་རྩ་བ་སྟེ། གཞན་ཡང་སྐུ་མདོག་ཞལ་ཕྱག་རྒྱན་ཕྱག་མཚན་གྱི་དག་པ་ཡང་བསམ་པར་བྱའོ། །སྤྱིར་བཏང་བསྐྱེད་རིམ་གང་དང་གང་བསྒོམ་ཡང་། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ་འདི་གསུམ་གལ་ཆེ་བའི་གནད་དམ་པ་ཡིན་པས་ནན་ཏན་དུ་བསྒོམ་མོ། །གོང་དུ་བཤད་པའི་མངོན་རྟོགས་འདིར་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་མན་ངག་ཡིག་དྲུག་གི་སྒྲུབ་ཐབས་ཀྱང་འདུས་པར་བསྟན་པ་ཡིན་ལ། དེ་བཞིན་འཕགས་པའི་ས་བོན་དང་སྐུ་མདོག་ཕྱག་མཚན་དམར་པོ་རྩ་ཕྱག་ཐལ་སྦྱར་སྦུབས་སྟོང་ཅན་དུ་བསྒྱུར་བས་རྒྱལ་བ་རྒྱ་མཚོ་དང་། དེ་ལ་ཡུམ་རྡོ་རྗེ་ཕག་མོ་འཁྱུད་པ་ཐུགས་རྗེ་ཆེན་པོ་ཉི་ཟླ་པདྨ་དང་། ཡང་ཞལ་གཅིག་ཕྱག་གཉིས་དཀར་པོ་ཐལ་སྦྱར་ཡུམ་ཅན་བྱས་པས་ཡེ་ཤེས་འོད་མཆོག་ལ། དེ་དམར་པོ་ཐལ་སྦྱར་བར་དུ་པདྨ་འཛིན་པ་པདྨ་རྒྱལ་པོར་འགྱུར་ཞིང་། སྤྱིར་ཡང་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་ཡིད་བཞིན་ནོར་བུ་ཡིག་དྲུག་འགྲོ་འདུལ་འདི་ཉིད་སྣང་བས་རྩ་བའི་ཐུགས་རྗེ་ཆེན་པོ་ཞེས་ཀྱང་བྱའོ། །གཉིས་པ་སྤྱི་བོར་རིགས་བདག་བླ་མ་ཀུན་འདུས་ཚུལ་ནི། བདག་གི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རང་བཞིན་རྣམ་དག་འོག་མིན་ཞིང་ནས་རང་གི་རྩ་བའི་བླ་མ་རིན་པོ་ཆེ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་མགོན་པོ་འོད་དཔག་ཏུ་མེད་པའི་རྣམ་པ་གདན་གསུམ་ཚང་བའི་ངོ་བོར་གནས་པའི་མཐའ་སྐོར་དུ། ཕྱོགས་བཅུ་རབ་འབྱམས་ནས་སྤྱི་འདྲེན་ཤེས་རབ་དབང་སྐོང་ལུང་གི་བླ་མའི་རིགས་སུ་གྱུར་པ་རྣམས་དང་། དགོངས་བརྡ་སྙན་ཁུངས་ལྟ་སྤྱོད་རྟོགས་པ་བསླབ་གསུམ་བརྒྱུད་པའི་བླ་མའི་ཚོགས་དང་། གཞན་ཡང་དུས་གསུམ་དུ་བྱོན་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་མ་ལུས་མི་ལུས་ལུས་པ་མེད་པ་རྣམས་སྐད་ཅིག་གིས་བྱོན་ཏེ་བཞུགས་པ་ལ། གོང་བཞིན་ཡིད་ཀྱིས་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་འོད་དཔག་མེད་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་རིགས་ཐམས་ཅད་འདུས་པའི་བདག་ཉིད་སངས་རྒྱས་པདྨ་རྣམ་པར་རྒྱས་པ་འོད་དཔག་མེད་པས་དབུ་བརྒྱན། དེ་ལ་རྩ་བ་ཡན་ལག་བརྒྱུད་པའི་བླ་མ་ཐམས་ཅད་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པས་རིགས་བདག་འོད་དཔག་མེད་བླ་མ་ཀུན་འདུས་པའི་ངོ་བོར་གྱུར་པར་བསམ། གསུམ་པ་ཐུགས་ཀའི་ས་བོན་སྔགས་ཕྲེང་དམ་པའི་ཆོས་ཀུན་འདུས་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུའོ། །དང་པོ་ནི། རང་གི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་སྙིང་པདྨ་དཀར་པོ་འདབ་བརྒྱད་ཟླ་བ་དང་བཅས་པའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར། ཏིང་འཛིན་སེམས་དཔའ་དེ་བཞིན་གཤེགས་པའི་ཐུགས་གཉིས་མེད་ཡེ་ཤེས་ངོ་བོ་ཕྱག་མཚན་གང་རུང་ཞིག་གི་རྣམ་པ་ལ། འདིར་པདྨའམ་ཨུཏྤལ་དཀར་པོ་ནས་འབྲས་ཙམ་གྱི་དབུས་སུ་ཡུངས་དཀར་ཚད་ཀྱི་ཟླ་བའི་ལྟེ་བར་ཧྲཱིཿལ་ཡིག་དྲུག་སྤུས་བྲིས་པ་ལྟ་བུས་བསྐོར་བ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཻ་ཌཱུརྻ་དཀར་པོའམ་སེར་པོའི་ཁ་དོག་ལྟར་འབར་བའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྒྱལ་བའི་ཞིང་ཁམས་རབ་འབྱམས་ཀླས་པ་ནས། ལུང་རྟོགས་དམ་པའི་ཆོས་མ་ལུས་མི་ལུས་ལུས་པ་མེད་པ་གླེགས་བམ་གྱི་རྣམ་པ་རང་སྒྲ་དང་བཅས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་མདུན་གྱི་ནམ་མཁར་སྤྱན་དྲངས། གོང་ལྟར་མཆོད་མཐར་དེ་རྣམས་ཡི་གེ་དྲུག་པའི་རྣམ་པར་གྱུར་ནས་རང་གི་སྙིང་གའི་ཧྲཱིཿཡིག་སྔགས་ཕྲེང་བཅས་པ་ལ་ཐིམ་པར་གྱུར་པས། སྔགས་གཅིག་ལ་དམ་པའི་ཆོས་ཐམས་ཅད་འདུས་པའི་ངེས་ཤེས་དྲག་པོ་བསྐྱེད། འོན་ཀྱང་རེ་ཞིག་དེ་ཙམ་མི་ནུས་ཤིང་ཉུང་བར་དགའ་ན། སྙིང་པད་དཀར་ཟླ་བ་ལ་ཧྲཱིཿཡིག་སྔགས་ཕྲེང་བཀོད་པ་སྟེ། དེ་ལྟར་ན་པད་ཟླ་ཡེ་ཤེས་སེམས་དཔའ་དང་། ཧྲཱིཿཡིག་ཏིང་འཛིན་སེམས་དཔའ་ཡིན་ལ་འདི་ཁྱེར་བདེ་ཞིང་བྱིན་རླབས་ཆེན་པོའི་རྒྱུན་དང་ལྡན་པས་ལེགས་པ་ཡང་ཡིན་ནོ། །གཉིས་པ་བྱེ་བྲག་ནི། སྙིང་པད་ཟླ་ལ་ཧྲཱིཿཡིག་བཀོད་པའི་འོད་ཟེར་གྱིས་གོང་བཞིན་སྤྱན་འདྲེན་མཆོད་དེ་དེ་རྣམས་ཡིག་དྲུག་རྣམ་པར་ཧྲཱིཿལ་ཐིམ་པས། དེ་གནས་འགྱུར་ཏེ་དུས་གསུམ་དུ་བྱོན་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པའི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་ཡི་གེ་དྲུག་མ་རྡོ་རྗེའི་སྒྲ་དབྱངས་ཅན། བདག་བསྐྱེད་དང་མཚུངས་པ་ལས་ལྷ་མོའི་མཚན་ཉིད་འཇོ་སྒེག་མཚར་སྡུག་གི་ངང་ཚུལ་དུ་མས་སྤུད་པའི་སྐུ་ཚོན་གང་བ་དེ་ཡེ་ཤེས་སེམས་དཔར་བྱས་པའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་གོང་དུ་བཤད་པ་ལྟར་བསྒོམ་པ་སྟེ། འདི་ཡང་བླ་མའི་མན་ངག་དམིགས་གནད་ཤིན་ཏུ་ཟབ་ཅིང་མ་སྦས་པ་ཞིག་གོ །གཞན་རྒྱལ་བ་རྒྱ་མཚོ་དང་པདྨ་རྒྱལ་པོ་སོགས་ལ་ནི་ཡེ་སེམས་ཧྱ་གྲཱི་ཝ་དང་། ཛྙཱ་ན་ཌཱ་ཀི་ནཱི་བསྒོམ་པ་སོགས་ཁྱད་པར་བ་རྣམས་ཀྱང་ཤེས་པར་བྱ་ལ། འདི་ཡན་བསྐྱེད་པའི་རིམ་པ་གསལ་སྣང་ཇི་ནུས་སུ་བསྒྲུབ་དགོས་ཀྱང་། དེ་ལྟར་མི་ནུས་པའི་དབང་བརྩོན་དམན་པའི་རིགས་ཀྱིས་ནི་རྣམ་པ་གསལ་མི་གསལ་ལ་མ་ལྟོས་པར་ལྷ་དེ་ལྟར་ཡིན་ནོ་བསམ་པའི་མོས་འདུན་གྱི་དྲན་པ་རྒྱུན་ཆགས་སུ་བརྟེན་པ་ཙམ་ལས་འོས་མེད་ཅིང་། དེ་ནི་བསྐྱེད་རིམ་གྱི་གཟུགས་བརྙན་ཙམ་སྟེ། དེང་སང་སྐབས་དེ་ཙམ་གྱིས་གོ་མི་ཆོད་ཀ་མེད་དུ་གྲུབ་པ་འདིས་རུང་བ་ཡང་གཞིར་བཅས་སྣང་ལ། ཐེ་ཚོམ་མེད་པའི་དད་གུས་བརྟན་པོ་ཡོད་ན་དེས་ཀྱང་དངོས་གྲུབ་ཆེན་པོ་ཐོབ་ནུས་པ་ཡང་ཡིན་པར་བཤད་དོ། །བཞི་པ་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ནི། ཐོག་མར་སྙིང་གའི་ས་བོན་ལ་ཡིད་བཟུང་ཞིང་སྔགས་ཕྲེང་བཀླག་ཐབས་སུ་ཡིག་དྲུག་རིང་ཐུང་རན་པོར་ལན་ཁ་ཤས་བཟླ། དེ་ནས་བདག་ཡི་དམ་ཀུན་འདུས་ཡིན་པས་བདག་གིས་བཟླས་པས་ཡི་དམ་ཀུན་གྱིས་བཟླས་པར་འགྱུར། ལུས་ཀྱི་སྲིན་བུ་བརྒྱད་ཁྲི་བཞི་སྟོང་དང་སྐྲ་ཉི་ཁྲི་ཆིག་སྟོང་། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་ཡང་ཐུགས་རྗེ་ཆེན་པོའི་ངོ་བོར་གནས་པ་རེ་རེ་ནས་ཡིག་དྲུག་གི་སྒྲ་རེ་རྒྱུན་ཆད་མེད་པར་བྱུང་། རང་དང་ལྷན་ཅིག་པར་སྤྱི་བོའི་བླ་མ་ཀུན་འདུས་ཀྱིས་གསུངས་པས་བླ་མ་ཀུན་གྱིས་བཟླས། དེས་རྒྱལ་བ་རྣམས་ཐུགས་རྒྱུད་འཁུལ་ནས་བྱིན་རླབས་དང་ཐུགས་རྗེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ། དངོས་གྲུབ་ཐམས་ཅད་ཐོབ། ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡིག་དྲུག་རྒྱུན་མི་ཆད་པར་སྒྲོག་པ་དང་། ཕྱི་སྣང་བ་ཀུན་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་འོད་མདངས། འབྱུང་བཞིའི་རྡུལ་ཕྲ་རབ་རེ་རེ་བཞིན་ནས་ཀྱང་ཡིག་དྲུག་གི་སྒྲ་སྒྲོག་ཅིང་། དེ་བཞིན་སངས་རྒྱས་བྱང་སེམས་སློབ་བཅས་འཕགས་མཆོག་ནམ་མཁའི་ཁམས་ཀུན་ཁེངས་པར་བཞུགས་པས་ཀྱང་བཟླས་པའི་གྲོགས་མཛད་དེ། སྔགས་ཀྱི་སྒྲ་རྒྱུན་ནམ་མཁའི་ཁྱོན་ཡོངས་སུ་ཁེངས་ཤིང་དུས་ཁམས་དེ་ཇི་སྲིད་དུ་ཆད་པ་མེད་པར་སྒྲོག་པར་བསམ་པ་དང་ཡི་གེ་དྲུག་པ་ཅི་ནུས་སུ་བཟླའོ། །དེ་ལྟ་བུའི་ཏིང་ངེ་འཛིན་མི་ལྡན་པར་བྱེ་བ་ཕྲག་བརྒྱ་བཟླས་པ་ལས། དམིགས་པ་གསལ་བའི་གྲངས་ཉུང་ངུའི་ཕན་ཡོན་ཆེ་བས་ཇི་བཞིན་གསལ་མ་ཐུབ་ཀྱང་མོས་པ་ལམ་ཁྱེར་ཙམ་གྱི་སྒོ་ནས་འབད་པས་ཀྱང་ནུས་པ་བླ་ལྷག་ཏུ་ཐོབ་པར་འགྱུར་རོ། །ལྔ་པ་རྗེས་སྡུད་ལ། འཕོ་བ་དང་། འོད་གསལ་ཏེ། དང་པོ་ལ་ཡང་གསུམ། དང་པོ་སྐུ་ཡུངས་འབྲུ་ལྟར་འཕོ་བ་ནི། སྦྱོར་དངོས་རྗེས་འབྲེལ་ལས། སྦྱོར་བ་སྐུ་རྡོ་རྗེ་སྒྲིབ་བྱེད་ལུས་ཀྱི་མི་དགེ་གསུམ་འགྱོད་བཤགས་བསྡམ། སྲོག་སྐྱོབ་སྦྱིན་གཏོང་། ཚུལ་ཁྲིམས་བླང་། དངོས་གཞི་གདོད་ནས་སྤྱན་རས་གཟིགས་ཡིན་པ་ལ། ཡིན་བཞིན་པར་སྐུ་ཡི་ཁྱེར་སོ་མི་འབྲལ་བའི་རྗེས། རང་ལུས་ཕྱི་འཕགས་པའི་སྐུ་སྟོང་ར་པདྨའི་འདབ་ལྟར་སྲབ་པ། ནང་དབུས་དབུ་མ་མཚན་ཉིད་བཞི་ལྡན་ཡར་སྣེ་སྤྱི་གཙུག་ཏུ་ཧ་རེ་ཟུག་པའི་སྟེང་ཐད་དུ་བླ་མ་འོད་དཔག་མེད་ལ་ལྷ་ཡི་བུ་དང་བུ་མོ་སྟེ་བྱང་ཆུབ་སེམས་དཔའ་སེམས་མས་བསྐོར་བ། དེ་ཡི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་། རང་གི་སྙིང་ཐད་དབུ་མའི་དབུས་ཡེ་སེམས་ཚོན་གང་འོད་ཀྱི་གོང་བུར་གྱུར་པར་ཕོག །དབུ་མའི་ལམ་ནས་རྒྱང་ཐོན་འོད་དཔག་མེད་ལ་ཐིམ། འོད་དཔག་མེད་ཀྱང་འཇའ་ལམ་ནས་ཡུད་ཀྱིས་བདེ་བ་ཅན་དུ་བཞུད། རང་ལུས་ལྷ་སྐུའི་སྣང་ཆ་ཡང་དམིགས་མེད་ངང་དུ་བཞག །དེ་ལས་ལྡང་ཚེ་ཐུགས་རྗེ་ཆེན་པོའི་སྐུར་གསལ། དགེ་བ་བསྔོ་བའོ། །གཉིས་པ་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། སྦྱོར་བ་གསུང་རྡོ་རྗེ་སྒྲིབ་བྱེད་ངག་གི་མི་དགེ་བཞི་འགྱོད་བཤགས་བསྡམ། བདེན་སྨྲ། མཐུན་བྱེད། བསྔགས་བརྗོད། ཞི་དེས་སྨྲ་བ་བླང་། དངོས་གཞི་གདོད་ནས་སྒྲ་ཀུན་ཡིག་དྲུག་རྡོ་རྗེའི་སྒྲ་དབྱངས་སུ་གནས་བཞིན་ལམ་དུ་ཁྱེར་ལ། རྗེས་དབུ་མའི་མར་སྣར་ཧྲཱིཿཡིག་ཤེལ་ལྟར་དྭངས་པ་སྲན་རྡོག་ཙམ་ལ། གོང་ལྟར་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་བ་ཧྲཱིཿལ་རེག །དབུ་མའི་ལམ་བརྒྱུད་ཧྲཱིཿའོད་དཔག་མེད་ལ་ཐིམ། འོད་དཔག་མེད་བདེ་བ་ཅན་དུ་གཤེགས་པར་བསམ་ལ་དམིགས་མེད་ངང་དུ་བཞག །གསུམ་པ་ཐུགས་འོད་གསལ་དུ་འཕོ་བ་ལ། སྦྱོར་བ་ཐུགས་རྡོ་རྗེ་སྒྲིབ་བྱེད་ཡིད་ཀྱི་མི་དགེ་གསུམ་འགྱོད་བཤགས་བསྡམ། ནོར་ལ་ཆོག་ཤེས། འགྲོ་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་སུ་བྱ། དངོས་གཞི། སེམས་ཉིད་གདོད་ནས་ཆོས་སྐུར་གནས་པར་ཡིད་ཆེས་པས། ལྷ་སྔགས་སྣང་གྲགས་ཆོས་ཀུན་སྒྱུ་མ་ལྟ་བུ་སེམས་ཀྱི་རོལ་པར་གྲུབ་ཅིང་སེམས་ཉིད་སྐྱེ་འགག་གནས་བྲལ་རང་བཞིན་གྱི་འོད་གསལ་བའི་ངང་ཉིད་དུ་ལམ་དུ་ཁྱེར་ཞིང་། རྗེས་སུ་ཐུགས་འོད་གསལ་དུ་འཕོ་བ་ཞེས་འཕོ་བྱ་འཕོ་བྱེད་དང་བྲལ་བའི་སྒོ་ནས་འོད་གསལ་མ་བུ་ཞལ་མཇལ་བ་དེ་ཉིད་དོ། །དེ་ལྟར་འཕོ་བའི་མན་ངག་འདི་ནི་འཕགས་མཆོག་སྲོང་བཙན་སྒམ་པོའི་བཀའ་བྱིན་རླབས་ཀྱི་ཚན་ཁ་ཟླ་མེད་པ་སྟེ། ཁྲིད་རྒྱུན་ཆེས་ཉག་ཕྲ་བ་ཡིས། དེ་མི་ནུབ་པའི་ཆེད་དུ་རྒྱལ་པོ་ལུགས་ཀྱི་ཁྲིད་དོན་ཚང་བར་འདིར་འཕོ་བ་གསུམ་དུ་བསྒྲིལ་ཏེ་བསྟན་པ་ཡིན་ལ། གཞན་དང་མ་འབྲེལ་ཡང་འཕོ་བ་འདི་ཁོ་ན་ཁྲིད་ཆེན་རང་རྐང་ཐུབ་པ་གཅིག་སྟེ། དེས་ན་ཆོས་འདི་ལ་བོད་ཀྱི་ཕ་ཆོས་ཁྱད་པར་ཅན་གྱི་ཞེན་གྱིས་ཤིན་ཏུ་གཅེས་ཤིང་རྩིས་སུ་བྱས་ནས་ཉམས་ལེན་འབད་པར་བྱོས་ཤིག །གཉིས་པ་འོད་གསལ་སྡུད་རིམ་ནི། ལྷ་སྔགས་བསྐྱེད་རིམ་གྱི་ཐུན་བསྡུ་བ་ལ་ཕྱོགས་པའི་སྐབས་སུ་ཕྱི་རྟེན་ཀུན་ནང་བརྟེན་པ་ལ་ཐིམ། དེ་ཡང་རིམ་པས་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ། སྤྱི་བོའི་བླ་མ་ཡང་རང་ལ་ཐིམ། རང་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ། དེ་ཡང་ཏིང་འཛིན་སེམས་དཔའ་ལ། དེ་སྔགས་ཕྲེང་། དེ་ས་བོན། དེ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་གྱུར་ཅིང་། དེ་ཡང་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ། མཐར་སྐྲ་ཤད་བརྒྱ་སྟོང་ཚལ་པ་ཙམ་ནས་ཡལ་བར་བསམ། སྟོང་ཉིད་སྤྲོས་བྲལ་གྱི་རང་ངོ་ལ་ཅི་གནས་བཞག །དེ་ལས་ལྡང་ཚེ་སྙིང་རྗེ་ཆེན་པོས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུ་སྒྱུ་མ་ལྟ་བུར་གསལ་བཏབ། འདི་བསྐྱེད་རིམ་གྱི་རྫོགས་རིམ་སྟེ་བསྐྱར་གྱིན་ཡུན་རིང་དུ་བསྒོམ་ན་འོད་གསལ་འཛིན་པའི་རྒྱུ་མཆོག་ཏུ་འགྱུར། བསྐྱེད་རིམ་གྱི་རྗེས་སྡུད་དངོས་ནི་འདི་ཡིན་གྱི། འཕོ་བ་གསུམ་རྫོགས་རིམ་བསྟན་པ་སྟེ། འདི་གཉིས་གང་རུང་རེས་རྗེས་སྡུད་བྱེད་མོད། འོན་ཏེ་འཕོ་བ་དང་གོ་རིམ་བཞིན་བསྒོམ་ཡང་འོག་མ་རྒྱལ་པོ་ལུགས་ཀྱི་སྒྲུབ་ཐབས་ནས་གསུངས་པའི་སྡུད་རིམ་ཡིན་པས་འབྲེལ་ཞིང་ཐུགས་འོད་གསལ་འཕོ་བའི་ནང་ཚན་དུ་འདུ་བས་ལེགས་པ་ཡང་ཡིན་ནོ། །དེ་ལྟར་བསྒོམས་པའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པས་བསྔོ་བ་སྨོན་ལམ་གདབ། དེ་བཞིན་དུས་ཀུན་ལྷ་ཡི་སྣང་བ་སྔགས་ཀྱི་རང་གདངས་དང་མ་བྲལ་བའི་ངང་ནས་ཕྱག་དང་མཆོད་པ་དང་བསྟོད་པ་དང་གཏོར་མ་དང་ཆབ་གཏོར་དང་། སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་ཞིང་གསོལ་བ་གདབ་པ་དང་མཎྜལ་ཕུལ་བ་ལ་སོགས་པ་དགེ་བའི་བྱ་བ་ཐམས་ཅད་བྱ་ཞིང་། རྫོགས་རིམ་ཟབ་མོ་ཡང་བླ་མའི་མན་ངག་བཞིན་བསྒོམ་པར་བྱའོ། །རྒྱལ་བ་རབ་འབྱམས་བགྲང་གཞལ་མི་ནུས་ཤིང་། །ཀུན་ཀྱང་ངོ་མཚར་རྨད་བྱུང་འབའ་ཞིག་ལས། །གདུལ་དཀའ་འདུལ་ལ་ལྷག་པར་དམ་བཅས་པའི། །སྤྱན་རས་གཟིགས་དབང་བོད་ཀྱི་ལྷ་སྐལ་གྱུར། །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་གྲངས་མང་ཞིང་། །གསང་རིག་གཟུངས་སྔགས་ནུས་པ་རྨད་བྱུང་ཡང་། །བཀླག་སླ་འཛིན་བདེ་ཕན་ཡོན་ཟླ་མེད་པ། །དམ་ཆོས་ཡིག་དྲུག་བོད་ཀྱི་ཆོས་སྐལ་མཆོག །ཚུལ་འདིར་བསམ་ནས་གངས་ཅན་འགྲོ་བ་རྣམས། །དད་གུས་སྤྲོ་བ་ལྷག་པར་འཕེལ་ཡང་རིགས། །ལྷ་གཅིག་བསྒོམས་པས་སངས་རྒྱས་ཀུན་རྗེས་དྲན། །སྔགས་གཅིག་བཟླས་པས་དམ་ཆོས་ཀུན་བཀླགས་བྱས། །སངས་རྒྱས་སྲས་བཅས་ཀུན་གྱི་ཐུགས་གསུང་སྐུའི། །རིན་ཆེན་གཅིག་ཏུ་འཁྱིལ་པའི་ཟ་མ་ཏོག །ཕྱོགས་དུས་རྒྱལ་བ་ཀུན་གྱིས་ཆེར་བསྔགས་པ། །སྤྱན་གཟིགས་བསྒོམ་བསྒྲུབ་སྙིང་ནས་འབད་འོས་ཡིན། །ཞེས་པའང་སྨྲས་སོ། ༈ །དོན་གཉིས་པ་རྫོགས་པའི་རིམ་པ་ལ། བསམ་གཏན་གྱི་རྟེན་བཅའ་བ། ཇི་ལྟར་སྐྱོང་ཚུལ་ལམ་སྤོགས་ཆོག །སེམས་ཉིད་སྐུ་དང་ཡེ་ཤེས་ཟུང་འཇུག་ཆེན་པོར་ངོ་སྤྲད་པ། བགེགས་བསལ་བ། ཉམས་ངོས་བཟུང་བ་དང་ལྔ་ལས། དང་པོ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་དང་། བསྐྱེད་རིམ་མུ་མཐུད་ཡིན་ན་སྐྱབས་སེམས་གོང་གིས་འཐུས་ལ། བླ་མའི་རྣལ་འབྱོར་ནན་ཏན་དུ་བསྒོམས་པའི་མཐར། ལུས་བསམ་གཏན་ཆོས་བདུན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ། དེ་ཡེ་ནས་མ་ལྕོགས་ན་སེམས་དཔའི་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་གམ་ཁུ་ཚུར་བརླར་བཞག །དཔུང་མགོ་ཕྱིར་བསྐྱེད། རྒལ་ཚིགས་བསྲང་། ལྕེ་རྐན་ལ་སྦྱར། སོ་མཆུ་རང་སར་བཞག །མིག་ལྟ་སྟངས་བཅས་ཆུན་ལྡན་དུ་བྱས་ཏེ་རླུང་རོ་ལན་གསུམ་བསལ། དེ་རྗེས་རླུང་རང་བབ་ཏུ་བཞག །རང་གི་མདུན་ཁྲུ་གང་ངམ་ཁྲུ་ཕྱེད་དོ་ཙམ་སོགས་ཅི་བདེ་བར། གཞི་མཐིང་ནག་མི་ཆེ་ཙམ་རིལ་ཟླུམ་ཞིག་བཞག་སྟེ་མིག་ཕྱེད་བཀབ་ཕྱེད་བལྟས་ཀྱིས་དེ་ལ་ཚམ་ཚུམ་མེད་པར་གཡོ་མེད་བཞག །སེམས་སྔར་བྱས་ཕྱིས་སྤྱོད་ད་ལྟའི་བསམ་གཞིག་མེད་པར་རང་བབ་ལ་མ་ཡེངས་པའི་རྩི་ཡོད་ཙམ་བྱས་ལ། དེ་ཀའི་ངང་ལས་བཅས་བཅོས་གང་ཡང་མི་བྱེད་ཅིང་། རྣམ་རྟོག་བྲེང་བྲེང་འཕྲོས་ཀྱང་རྗེས་མཐུད་མི་བྱེད་པར་ཁོའི་ངོ་ཙིར་གྱིས་བཟུང་ལ་རང་བབ་ཏུ་བཞག །ལས་དང་པོ་པས་བསྒོམ་དང་ཐོག་མ་ནས་སྣ་སུན་མེད་པར་ཐུན་ཆུང་ལ་གྲངས་མང་བར་བྱས་ཏེ་བསྒོམ། ཡང་སྐབས་སུ་རང་གི་དཔྲལ་བའི་དབུས་སུ་སྤྱན་རས་གཟིགས་ཚོན་གང་འོད་སྐོར་བཅས་པ་དང་། སྣ་རྩེར་ཧྲཱིཿདཀར་དབུགས་ཀྱི་འགྲོ་འོང་ཅན་དང་། སྙིང་དབུས་སུ་ཟླ་བ་དམར་སྐྱ་སེན་གང་བར་མི་ཤིགས་ཐིག་ལེ་ཡུངས་དཀར་ཙམ་གསལ་བ་སྟེ། དེ་གསུམ་གང་རིགས་དང་། དེ་བཞིན་དུ་མིག་སྣ་རྩེའི་བར་སྣང་དུ་བལྟ་བ་དང་མིག་བཙུམས་པ་དང་། ཉིན་མོ་ནམ་མཁའ་སྔོ་ཐིང་དང་མཚན་མོ་མུན་པ་ནག་ཐིང་བ་བལྟ་ནས་ཡང་བསྒོམ་ཞིང་། གང་བདེ་བདེ་གཙོ་བོར་བྱས་ལ་མི་ཡེངས་པར་བྱ། ཧ་ཅང་གི་རྣམ་རྟོག་མང་སྟེ་སུན་པ་ལྟར་སྣང་ན། སྔར་ཕན་རྣམ་རྟོག་ཡོད་ཀྱང་ངོ་མ་ཤེས་པས་ལན་པར་གདའ། ད་བླ་མའི་མན་ངག་ལ་བརྟེན་སྒོམ་གྱི་སྣ་ཟིན་པའི་སྔ་ལྟས་མེ་འབར་གོང་དུ་དུ་བ་འབྱུང་བ་ལྟ་བུར་རྣམ་རྟོག་མང་བར་ངོས་ཟིན་པ་སྙམ་སྤྲོ་བ་བསྐྱེད། རིམ་པས་རྣམ་རྟོག་ཇེ་ཉུང་གི་མཐར་རྟོག་མེད་ངང་དུ་གནས་པ་ནི་བསྒོམ་གྱི་སྣ་ཁ་ཟིན་པའོ། །གཉིས་པ་ཇི་ལྟར་སྐྱོང་ཚུལ་ལམ་སྤོགས་ཆོག་ནི། གོང་བཤད་སེམས་འཇོག་སྤྱི་ཁྱབ་རྩ་བ་ལྟ་བུ་ལ། བྱེ་བྲག་སྒྲིམ་པ་ནི། དཔེ་རྒྱལ་ཁྲིམས་ཀྱིས་ཉེན་པར་ཏིལ་མར་གཞོང་པ་བསྐུར་ནས་འཛག་ན་གསོད་ཅེས་བསྡིགས་པའི་སེམས་ལྟ་བུ་སྟེ། དོན་དུ་རྣམ་རྟོག་གི་འཕྲོ་རྦད་བཅད་དེ་མ་ཡེངས་པའི་ཤེས་པ་ལ་རྩེ་གཅིག་ཏུ་བསྒྲིམ་པའོ། །བར་མ་ནི། དཔེ་གླང་རྫིས་གླང་སྐྱོང་བར་འཇམ་རྩུབ་རན་པ་བཞིན། སེམས་ཧ་ཅང་མི་གློད་པར་རང་བབ་ཏུ་མ་ཡེངས་པར་བྱེད་པའོ། །གློད་པ་ནི། དཔེ་རྒྱ་མཚོའི་རྫིང་ནས་བྱ་རོག་བཏང་བ་ལྟར། སེམས་ཅི་བདེར་བཞག་བཞིན་རང་ངོ་སྐྱོང་བའོ། །དེ་གསུམ་གང་བདེ་གཙོ་བོར་བསྒོམས་ནས། རིག་པའི་རང་ངོ་སྐྱེ་འགག་གནས་བྲལ་དབྱིབས་ཁ་དོག་སོགས་ཀྱི་ངོ་བོ་གང་ཡང་མ་གྲུབ་པའི་སྟོང་པ། སྟོང་པར་ཡང་མ་ཆད་པའི་སྟོང་ཉིད་རང་བཞིན་གྱིས་འོད་གསལ་བའི་བྱང་ཆུབ་སེམས་མ་ཡེངས་པར་སྐྱོང་བ་སྟེ། གོ་རིམ་ཁྲིག་ཁྲིག་ནི་མེད་ལ་གང་ཟིན་བློ་དང་བསྟུན་པའོ། །མདོར་ན་དུས་ཐམས་ཅད་དུ་རྣམ་རྟོག་གང་ཤར་ཝལ་པོ་རྗེས་མེད་ཀྱི་སེམས་ཉིད་སྟོང་གསལ་ངང་ལ་ཆེད་འཛིན་བྲལ་བ་ཡུལ་མེད་རང་ངོ་ཤེས་པ། ཐིམ་ལ་མ་རྨུགས་པ། གྲིམས་ལ་གཉེན་པོས་མ་བསླད་པ། རིག་པ་རྟོག་པར་མ་འགྱུས་པ། གསལ་ལ་ཡེངས་པ་མེད་པ། འབོལ་ལེ། ཤིག་གེར། མཉམ་གཞག་དུས་རྒྱུན་དུ་སྐྱོང་བ་ནི་གདམས་པའི་མཐར་ཐུག་སྟེ། འཕགས་མཆོག་སྲོང་བཙན་སྒམ་པོའི་བཀའ་ཐུགས་ཆོས་ཉིད་འོད་གསལ་འཕོ་བའི་མན་ངག་གི་སྙིང་པོ་ཡང་མདོ་དོན་དུ་བསྟན་པ་འདི་ཡིན་ནོ། །གཞན་ཡང་ལྟ་སྟངས་གྱེན་ཐུར་དུ་ཕྱོགས་པ་དང་། ཁ་ཐོན་མང་ཉུང་བླག་ཅོར་གྱི་སྒྲ་སོགས་སྤེལ་ནས་དང་། ཚོགས་དབེན་གྱི་སར་འགྲོ་བ་དལ་བྲེལ་སྣ་ཚོགས་དང་། སེམས་དགའ་བདེ་གྱ་ནོམ་པ་ཟུག་རྔུ་ཉོན་མོངས་སྐྱེས་པའི་སྐབས་རྣམས་སུ་རིག་པ་རང་བབ་ཏུ་སྐྱོང་ནས་བལྟ་བར་བྱའོ། །ཉམས་བཟང་ངན་རྐྱེན་ཐོག་ཏུ་འདྲེས་མི་འདྲེས་ལ་དགའ་བ་དང་མི་དགའ་བའི་བློ་ནི་མི་བྱའོ། །གསུམ་པ་སེམས་ཉིད་སྐུ་དང་ཡེ་ཤེས་ཟུང་འཇུག་ཆེན་པོར་ངོ་སྤྲད་པ་ནི། སེམས་ཉིད་རང་ངོ་ལ་གནས་ཤིང་སྐྱེ་འགག་གནས་པའི་མཐའ་ཡིས་དབེན་ཅིང་རང་རིག་གཡོ་བ་མེད་པ། གནས་འགྱུ་ལ་སོགས་ཆོས་ཀུན་སེམས་ཉིད་ཀྱི་ངོ་བོར་མཉམ་ཞིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཙལ་ལྷུན་རྫོགས་རང་རིག་ཆོ་འཕྲུལ་དུ་རང་ངོ་ཤེས་པ་འདི་ཀ་ལ་ཆོས་སྐུའི་རང་ཞལ་མཇལ་བ་ཞེས་བྱ་སྟེ། དེ་ལས་གཞན་པའི་ཆོས་སྐུ་ཞིག་འཚོལ་དུ་མེད་ལ། དེ་ཡང་སེམས་ཉིད་སྨྲ་བསམ་དཔེ་བརྗོད་ཀྱི་ཡུལ་ལས་འདས་པའི་སྟོང་པ་ཉིད་ཆོས་སྐུ །རང་མདངས་གོ་མ་འགགས་པར་ཆོས་ཐམས་ཅད་འཆར་རུང་གི་གསལ་བ་སྤྲུལ་སྐུ །དེ་གཉིས་ཟུང་དུ་འཇུག་པའི་ངོ་བོ་ཟག་མེད་བདེ་བར་སྣང་བ་ལོངས་སྐུ །དེ་ཐམས་ཅད་ཀྱང་དབྱེར་མི་ཕྱེད་ལ་གཅིག་ཏུ་མ་བྲལ་བའི་གཤིས་ལུགས་ནི་ངོ་བོ་ཉིད་སྐུ་སྟེ། དེ་ནི་དོན་དམ་པའི་ནོར་བུ་པདྨ་སྟེ། མ་ཎི་པདྨེ་ཡིན་ལ། གཞན་ཡང་འགྱུར་མེད་དོན་དམ་བདེ་ཆེན་མཁའ་ཁྱབ་ནོར་བུ་རིན་པོ་ཆེ་སྟོང་གཞི་ཆོས་ཉིད་ཀྱི་པདྨའི་ཟ་མ་ཏོག་ཏུ་བཞུགས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཆེན་པོ་སྟེ་ཨེ་ཝཾ་ཨ་ཧཾ་ཨཱ་ལི་ཀཱ་ལི་རྡོ་རྗེ་པདྨ་ཉི་ཟླ་དཀྱིལ་འཁོར་ལྷ་ཚོགས་དང་པོའི་སངས་རྒྱས་སེང་གེའི་ཁྲི་སོགས། བདེན་གཉིས་ཐབས་ཤེས་ཞི་ལྷག་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆོས་མ་ལུས་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་སྟེ་མ་ཎི་པདྨེ་ཞེས་བྱ་ལ། ཨོཾ་ཡིག་སྣང་བ་ཐབས་ཀྱི་ཡེ་ཤེས་ལྔ་དང་། ཧཱུྃ་སྟོང་པ་ཤེས་རབ་ཀྱི་ཡེ་ཤེས་ལྔ་སྟེ། ཤེས་བཅུའི་བདག་ཉིད་ཅན་དུ་ཤེས་པར་བྱ་སྟེ། དེ་དག་ནི་ཟབ་ཅིང་བརླིང་བའི་དོན་བླ་མའི་མན་ངག་གིས་ཞིབ་པར་ངོ་སྤྲད་དོ། །དེ་ཡང་གནས་སྐབས་ལམ་དུ་བྱེད་པ་ནི། ཐ་མལ་གྱི་ཤེས་པ་ལ་རྟོག་མེད་རང་བཞིན་གྱི་འོད་གསལ་ངོ་ཤེས་པ་འདི་ཀ་སྟེ་ཟབ་མོ་ནང་དོན་དུ་གྲགས་པ་ཀུན་གྱི་སྙིང་པོ་དབུ་སེམས། ཞི་གཅོད། ཟབ་གསལ། ཕྱག་རྫོགས་མཐའ་དག་གི་ངོ་སྤྲོད་ཀྱི་སྙིང་པོ་དེ་ཀ་སྟེ། དེ་ངོ་ཤེས་ཤིང་ངོ་འཕྲོད་པར་བྱས་ལ་དུས་ཀུན་མ་ཡེངས་མི་བསྒོམ་པའི་སྐྱོང་ཚུལ་དང་མི་འབྲལ་བར་བྱ་བའོ། །བཞི་པ་བགེགས་བསལ་བ་ནི། ངོ་སྤྲད་པའི་ངོ་བོ་ཇི་བཞིན་མཐར་མ་ཕྱིན་གྱི་བར་དུ་གེགས་སེལ་བ་ལ་མཁས་དགོས་ཏེ། མདོ་ཙམ་ནི། བྱིང་ན་ལུས་གནད་བསྒྲིམས་ཤིང་ལྟ་སྟངས་སྤར་བ་དང་བསིལ་བ་བརྟེན། རྨུགས་ན་བླ་མའམ་རྟེན་ཁྱད་པར་ཅན་ལ་ཕྱག་བསྐོར་བྱ། འཐིབས་ན་རིག་པ་ངར་བཏགས་ཤིང་ཕཊཿམང་དུ་བརྗོད། འཕྲོ་ན་ལུས་གནད་ཤེས་པ་གློད་ཅིང་ལྟ་སྟངས་ཕབ། རྒོད་ན་སྒྲིམ་གློད་རྣམ་རྟོག་ཨར་གཏད་གསུམ་གང་གནད་དུ་འགྲོ་བ་དེ་བྱ། འཐོར་ན་ལྷ་སྐུ་ཡིག་འབྲུ་ལ་སེམས་བཟུང་། གཞན་ཡང་སེམས་བདེེ་བ་ལ་མི་ཆགས། གསལ་བ་ལ་མི་ཞེན། མི་རྟོག་པ་ལ་དགའ་བར་མི་བྱ་ལ། དེ་རྣམས་སྤང་བ་ཡང་མ་ཡིན། དགག་སྒྲུབ་དང་སྤང་བླང་མེད་པར་མ་བཅོས་བཟོ་མེད་རང་རིག་རང་གྲོལ་དུ་ལམ་ཁྱེར་བྱ་བ་ནི་གནད་དམ་པའོ། །ལྔ་པ་ཉམས་ངོས་བཟུང་བ་ནི། སྒོམ་ལ་འཇུག་པ་དང་པོའི་སྐབས་སུ་རྣམ་རྟོག་རི་གཟར་གྱི་ཆུ་རླབས་བཞིན་བར་མི་ཆད་པ་ནི་གཡོ་བའོ། །དེ་ནས་རིམ་པས་རྣམ་རྟོག་ཅུང་ཟད་ཙམ་དལ་བ་རོང་གི་གཞུང་ཆུ་ལྟ་བུ་ནི་ཐོབ་པའོ། །རྣམ་རྟོག་འཕྲོ་བ་ཉུང་ཞིང་རྟོག་མེད་གནས་པ་ཤས་ཆེ་བ་དལ་འབབ་ཀྱི་ཀླུང་ཆུ་ལྟ་བུ་ནི་གོམས་པའོ། །རྐྱེན་དྲག་པོ་མེད་ཚེ་ཕལ་ཆེར་རྟོག་མེད་ངང་དུ་འབྱམས་པ་གངྒཱ་རྒྱ་མཚོར་འདྲེས་ཉེ་བ་ལྟ་བུ་ནི་བརྟན་པའོ། །རྐྱེན་གྱིས་མི་བརྫི་བར་མ་ཟད་རྐྱེན་གྱི་ངོ་བོར་གསལ་བཏབ་པ་རྒྱ་མཚོའི་ཀློང་ལྟ་བུ་ནི་མཐར་ཕྱིན་པ་སྟེ་ཉམས་རིམ་པ་ལྔའོ། །གཞན་ཡང་གནས་པ་སེམས་ཀྱི་རྒྱན་དུ་ཤར་བ་གནས་པའི་ཉམས་སམ་རྩེ་གཅིག་རྣལ་འབྱོར་དང་། འགྱུ་བ་སེམས་ཀྱི་རོལ་པར་སྟོང་པ་མི་གཡོ་བའི་ཉམས་སམ་སྤྲོས་བྲལ་རྣལ་འབྱོར། རྣལ་འབྱོར་དེ་གཉིས་ཀྱི་ནོར་བུ་པདྨའི་དོན་དཔེ་ཡི་ཞི་ལྷག་ཉམས་སུ་མྱོང་བ་དང་། ཆོས་དང་ཆོས་ཉིད་རོ་མཉམ་དུ་མྱོང་བ་མཉམ་ཉིད་ཉམས་སམ་རོ་གཅིག་རྣལ་འབྱོར་དང་། ཆོས་ཀུན་བྱ་རྩོལ་མེད་པར་རིག་པའི་རང་རྩལ་རྫོགས་པ་ནི་ལྷུན་གྲུབ་ཀྱི་ཉམས་སམ་སྒོམ་མེད་རྣལ་འབྱོར་ཏེ། རྣལ་འབྱོར་འདི་གཉིས་ནི་མ་ཎི་པདྨེའི་དོན་ཞི་ལྷག་ཟུང་འཇུག་དཔེ་ཡི་འོད་གསལ་ཚུལ་བཞིན་རྟོགས་ནས་དོན་གྱི་འོད་གསལ་ལ་འཇུག་སྟེ་ཟུང་འཇུག་གི་སྐུ་ཐོབ་པར་བྱེད་པའོ། །དེ་དག་སྙིང་པོར་བརྗོད་པ་ཙམ་ལས་མངོན་རྟོགས་རྒྱས་པ་ནི་གཞན་དུ་བརྟག་གོ། དེ་ལྟར་འདིར་བསྟན་པའི་རྫོགས་རིམ་དོན་ཚན་ལྔ་ལ་ཟབ་མོའི་ཕྱོགས་ཀྱི་རྫོགས་རིམ་མཐའ་དག་གི་མན་ངག་གནད་དུ་འདུས་པར་དགོངས་དྲིལ་དུ་བསྟན་པ་ཡིན་ལ། འོན་ཀྱང་གནས་ལུགས་ཟབ་མོའི་ཉམས་རྟོགས་དཔེ་བཀླག་ཙམ་ཁོ་ནས་ཤེས་པ་ནི་མ་ཡིན་པས། ཐོག་མར་བླ་མ་ཉམས་རྟོགས་ཀྱིས་བརྒྱན་པ་མ་ནོར་བའི་བཟང་པོ་ལ་གཏུགས་ནས་ལོག་ལྟ་དང་མཉམ་འགྲོགས་ཡེ་ནས་མ་ཤོར་བས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་ཤེས་པའི་དད་པ། ཇི་མཛད་ལེགས་མཐོང་ཇི་གསུང་ཚད་མར་བཟུང་བའི་གུས་པ། དགྱེས་པ་སྒྲུབ་ཅིང་མི་དགྱེས་པ་སྤང་བའི་མོས་པ། ལུས་སྲོག་ལ་བབ་ཀྱང་རྩ་བའི་བླ་མའི་དམ་ཚིག་མི་གཏོང་བའི་དུང་པ་སྟེ། མཚན་ཉིད་འདི་བཞི་དང་ལྡན་པས་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་གདབ་པས་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཡར་ཟླ་ལྟར་སྐྱེ་བ་ཡིན་ཞེས། རྒྱལ་བའི་བཀའ་ལུང་མན་ངག་ཐམས་ཅད་ཀྱི་དགོངས་པའི་ཡོངས་བཅུད་དམ་པའི་གསུངས་པ་ཡིན་པས། སྙིང་གི་དཀྱིལ་དུ་བཟུང་ནས་གསར་ངས་ལྟེམ་རྐྱང་ངོས་ལྐོག་ཏུ་མ་སོང་བར། རང་སེམས་དཔང་པོར་བཞག་སྟེ་ཞུ་དག་ཕེར་བ་ཞིག་ཇི་སྲིད་འཚོ་ཡི་བར་དུ་དགོས་པར་མ་ཟད་བྱང་ཆུབ་མ་ཐོབ་བར་དུའང་སྤྱོད་པའི་འདུན་པ་གཟུང་བ་ཡིན་གྱི། སྤྱིར་ཡང་སངས་རྒྱས་གོ་འཕང་ཐོབ་ཟིན་ནས་བླ་མ་བསྟེན་དགོས་པ་མིན་ཡང་། བླ་མ་དོར་བ་མ་ཡིན་པའི་ཚུལ་སྟོན་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྱི་བོར་འོད་དཔག་མེད་བཞུགས་པ་ལྟ་བུ་སྟེ། དེས་ན་སློབ་པ་ལམ་གནས་པ་རྣམས་ཀྱིས་ནི་བླ་མ་བསྒོམ་དགོས་པ་སྨོས་མ་དགོས་སོ། །དེས་ན་བྱང་ཆུབ་དོན་གཉེར་གྱི་ཐོག་མར་བླ་མ་མ་ནོར་བར་བཟང་བ་བཙལ་ནས་བར་དུ་མོས་གུས་ཀྱིས་བཟུང་། དམ་ཚིག་སྲོག་ཕུར་བཙུགས་ནས་མཐར་སོན་པར་བྱེད་པ་རང་གལ་ཆེའོ། །གཞན་ཡང་འཁོར་བས་སུན་པ་དང་། འདི་སྣང་ལ་ཞེན་པ་ཆུང་བ། ངེས་འབྱུང་གི་བསམ་པ་བརྟན་པ། ལྷག་བསམ་སྙིང་རྗེ་རྒྱ་ཆེ་བ། རྣམ་དཀར་བསྒྲུབ་ལ་བརྩོན་འགྲུས་བརྩོན་པ། དཀའ་ཐུབ་ལ་ཞེ་བཅད་དམ་པ་རྣམས་ཀྱང་ལམ་མཆོག་སྒྲུབ་པ་ལ་ངེས་པར་གལ་ཆེ་ཞིང་གཅེས་པའི་ཆོས་སོ། །དེ་ལྟར་འདིར་ལམ་གྱི་གནད་དོན་ས་བོན་མིང་སྨོས་ཙམ་ལས་ཞིབ་རྒྱས་བླ་མའི་ཞལ་ལས་བླང་བར་བྱའོ། །རྒྱལ་བས་གསུངས་པའི་མདོ་སྔགས་དམ་པའི་ཆོས། །ཀུན་གྱི་གནད་བསྡུས་རྒྱུ་ལམ་འབྲས་བུའི་ཆོས། །ཡོངས་ལ་ཁྱབ་པ་ཟབ་གསལ་དབྱེར་མེད་དེ། །དེ་དོན་གཏན་ལ་འབེབ་བྱེད་ཐབས་ཀྱི་སྒོ །དུ་མར་འཆར་རུང་གཅིག་ཏུ་འདུས་པའི་བཅུད། །འཕགས་མཆོག་སྒྲུབ་ཐབས་བསྐྱེད་རྫོགས་ལམ་འདི་རྨད། །རྨད་བྱུང་སྙིང་པོའི་གདམས་པ་རྫོགས་རིམ་ཆོས། །རྒྱལ་བ་སྲས་བཅས་ཀུན་ཤུལ་བགྲོད་གཅིག་ལམ། །ལྷན་སྐྱེས་ཡེ་ཤེས་སེམས་ཉིད་ཆོས་ཀྱི་སྐུ། །རང་ངོ་ཇི་བཞིན་སྟོན་པའི་མན་ངག་གནད། །དོན་བསྡུས་དོོན་ཚང་བཟུང་འདྲིལ་སྤྲོ་ན་རྒྱས། །བཅང་བདེ་ཉམས་སུ་བླངས་བདེ་ཁྱད་འཕགས་ཆོས། །འདི་ཀོ་ཚེ་དབང་ནོར་བུའི་བློ་དཔལ་ལས། །ལེགས་ཕྱུང་སྐལ་བཟང་ཡིད་གསོས་བདུད་རྩིར་བྱིན། །རྟོག་གེའི་བློ་དང་ཐ་སྙད་ཚིག་སྐམ་རྗེས། །མ་འབྲངས་དོན་བསྒོམ་སྙིང་པོར་དྲིལ་མཛོད་ཀྱེ། །ཞེས་པའང་སྨྲས་སོ། ༈ །སྤྱི་དོན་གསུམ་པ་རྗེས་ལ། རྒྱུན་གྱི་སྤྱོད་ལམ་དང་། འཕོ་བ་དང་། བར་དོའི་རྣལ་འབྱོར་གསུམ་སྟེ། དང་པོ་ནི། ལྡང་བའི་སྐབས་སུ་འཕགས་པ་ལ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རོལ་མོ་སྔགས་སྒྲས་བདག་སོགས་མ་རིག་གཉིད་ལས་བསླངས་ཏེ་སྐད་ཅིག་མར་རང་རིག་འཕགས་པའི་སྐུར་ཝལ་གྱིས་གསལ་བཏབ། སྣོད་བཅུད་ཐམས་ཅད་རང་དང་ལྷན་ཅིག་སྒྲོག་པར་བསམ་ལ་ཡིག་བརྒྱ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་ཚར་བདུན་ནམ་གསུམ་བརྗོད། སྐྱབས་ཡུལ་མདུན་གྱི་ནམ་མཁར་དམིགས་ལ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མ་སུ་ཤྲཱི་ཡེ་སྭཱ་ཧཱ། ན་མ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཏེ་ལྡང་ཕྱག་བྱ། སྔགས་དེས་རྐྱང་ཕྱག་རེ་དང་ཕྱག་གསུམ་བྱས་ན། སྡེ་སྣོད་གསུམ་ཐོས་བསམ་སྒོམ་གསུམ་བྱས་པའི་བསོད་ནམས་དང་མཉམ་ཞིང་། དེས་ཉིན་རེ་བཞིན་ཕྱག་གསུམ་རེ་བྱས་ན་མཐོང་ལམ་ཡེ་ཤེས་ཚེ་འདིར་སྐྱེ་ཞིང་དེ་སྲིད་མི་དང་མི་མ་ཡིན་འབྱུང་པོ་ནད་རིམས་ཀྱི་གནོད་པས་མི་ཚུགས་པར་བསྲུང་བར་གསུངས་སོ། །གོས་བགོ་བ་ན། འབྲུ་གསུམ་གྱིས་གོས་ངོ་བོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་ལྷ་ཡི་དར་ཟབ་པཉྩ་ལི་ཀར་གྱུར་པ་དེ་བདག་ཉིད་འཕགས་པའི་སྐུ་བླ་མ་ཡི་དམ་ཀུན་འདུས་སྐྲ་བ་སྤུ་སྲིན་བུའི་ཚོགས་ཀྱང་། ཐུགས་རྗེ་ཆེན་པོར་བཞུགས་པ་ལ་བགོས་པས་དེ་དག་རབ་ཏུ་དགྱེས་ཏེ་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་པར་བསམ། བཟའ་བཏུང་ལོངས་སྤྱོད་པ་ན། འབྲུ་གསུམ་གྱིས་བྱིན་རླབས་གོང་ལྟར་བྱས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཟའ་བཏུང་འཆི་མེད་བདུད་རྩིའི་རང་བཞིན་དུ་གྱུར་པས་བདག་ཉིད་ཐུགས་རྗེ་ཆེན་པོ་བླ་མ་ཡི་དམ་སོགས་གོང་ལྟར་དང་། དེར་མ་ཟད་སེམས་ཅན་ཐམས་ཅད་འཕགས་པར་གསལ་བའི་སྐུ་ལུས་ཕྱི་ནང་དུ་ཐུགས་རྗེ་ཆེན་པོའི་བྱེ་བྲག་རང་དང་མཚུངས་པར་བཞུགས་པ་ལ། བདག་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོས་བདུད་རྩིའི་ཚོགས་འཁོར་ཕུལ་ཞིང་། ཐམས་ཅད་ཀྱིས་བདག་དང་ལྷན་ཅིག་ཏུ་ལོངས་སྤྱད་པས་དགྱེས་ཤིང་ཚིམས་པར་བསམ་ཞིང་མཐར་དགེ་བ་བྱང་ཆེན་དུ་བསྔོ་བ་སོགས་བྱ། གནད་འདི་མ་ཤེས་ཕན་ཆད་ཟས་ཟོས་པ་བྱོལ་སོང་གི་ཁ་ཟས་ཟ་བ་ལྟར་ལ་གནད་འདི་ཤེས་ཤིང་འབད་པས་ཉམས་སུ་བླང་ན་ཟས་ཁམ་གང་སྐོམ་ཧུབ་གཅིག་ཀྱང་ཚོགས་འཁོར་རེ་བསྐོར་བར་འགྱུར་བས་དཀོར་སྒྲིབ་དག །ཚོགས་རྫོགས་པའི་ཡོན་ཏན་ཁྱད་པར་ཅན་བླ་ན་མེད་པ་ཐོབ་པས་ཤིན་ཏུ་གལ་ཆེའོ། །ལུས་ཀྱི་ཟག་རྫས་འདོར་བའི་སྐབས་སུ་སྤྱི་བོའི་བླ་མ་ལས་བདུད་རྩི་བབས་པ་བདག་འཕགས་པའི་སྐུའི་བདུད་རྩིར་འདྲེས་ཏེ་ཕྱིར་བབས་ནས་གཤང་གཅི་དྲི་མ་ཟ་བའི་མི་མ་ཡིན་ཐམས་ཅད་ཀྱིས་ཐོབ་སྟེ་ངོམས་ཤིང་ཚིམས་པར་བསམ་ལ། མཆིལ་མ་ལ། ཨོཾ་ཨ་ཤླེ་སྨ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུད་པ་ལ། ཨོཾ་ཨ་ཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། སྣབས་ལ། ཨོཾ་ཨ་བྷི་གྷ་ན་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུས་ཀྱི་དྲི་མར། ཨོཾ་ཨ་མ་ལ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆེན་ལ། ཨོཾ་ཨ་བྷི་སྡྱ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆུ་ལ། ཨོཾ་ཨ་མཱུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དེ་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག །ཅེས་པས་བསྔོ་སྟེ། དེ་ཡི་ཕན་ཡོན་ནི་དཔག་ཏུ་མེད་པ་ཡོད་དེ་ཉིན་རེ་བཞིན་དུ་མུ་ཏོ་བ་འབུམ་འབུམ་ཁ་ཟས་ཀྱིས་ཚིམས་པར་བྱས་པ་དང་མཉམ་པར་གསུངས་པས་འབད་དེ་བྱའོ། །ཡང་འགྲོ་བའི་སྐབས་སུ་རང་གི་ཕྲག་པ་གཡས་ཀྱི་ཐད་ནམ་མཁའ་ལ་པདྨའི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་ཚད་བཟུང་ལས་འདས་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དེ་བཞིན་གཤེགས་པའི་མཆོད་སྡོང་རྩེ་མོ་འོག་མིན་ཆེན་པོར་སྙོགས་པའི་སྟེང་དུ་བླ་མ་འོད་དཔག་མེད་ལ་བླ་མའི་ཚོགས་དང་བཅས་པ། བུམ་པའི་དབུས་འཕགས་མཆོག་སྤྱན་རས་གཟིགས་རྒྱུད་སྡེ་རབ་འབྱམས་ཡི་དམ་མ་ལུས་པས་བསྐོར་བ། བང་རིམ་རྣམས་ལ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་དང་། དེ་དག་གི་བར་མཚམས་སུ་གསུང་རབ་གླེགས་བམ་བགྲང་འདས་ཡོད་པ། དེ་བཞིན་གཤེགས་པའི་གདུང་རིགས་ལྔ་དང་། གཞན་ཡང་དཀོན་མཆོག་གི་རྟེན་ཚོགས་ཀྱི་ཞིང་དུ་གྱུར་པས་ཕྱུར་བུར་གཏམས་པ། དེ་ལས་ཅུང་ཟད་རིམ་གྱིས་དམའ་བའི་མཆོད་སྡོང་བརྟེན་པ་གོང་མཚུངས་ཀྱིས་པདྨའི་ས་གཞི་ཡོངས་སུ་ཁེངས་པ་ལ། ཐོག་མར་ཕྱག་འཚལ་སྔགས་བཅས་འགྲོ་ཕྱག་གསུམ་འཚལ་མཐར། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པས་བསྐོར་བ་གཅིག་བྱས་པ་ཡང་དཔག་ཏུ་མེད་པ་བྱས་པར་འགྱུར་བར་གསུངས་སོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་དེ་ལ་བསྐོར་བའི་ཚུལ་གྱིས་འགྲོ་བར་བསམ་པ་ནི་གོམ་གང་འདོར་བས་ཀྱང་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཐབས་བླ་ན་མེད་པའོ། །སྡོད་པ་ནི། ཐང་སྟོང་ངམ་གནས་ཁང་གང་ཡིན་ཀྱང་རུང་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་ཆེན་ཁང་བཟང་པདྨའི་སྙིང་པོར་བདག་འཕགས་པའི་སྐུར་གསལ་བའི་ངང་དུ་ཤེར་སྙིང་སྙིང་པོ་ལན་བདུན་ནམ་གསུམ་བརྗོད་དེ་གནས་པར་བྱའོ། །གཉིད་ལོག་པ་ན། མལ་དུ་ཙོག་པུའམ་སེང་གེའི་ཉལ་སྟབས་གང་བདེར་བྱས་ལ། རྨི་ལམ་འོད་གསལ་འཛིན་པའི་དྲན་འདུན་དྲག་པོ་ཡང་ཡང་དང་། བླ་མ་ལ་གསོལ་འདེབས་ཕུར་ཚུགས་སུ་ནན་ཤིན་ཏུ་ཆེ་བས་གདབ་ཅིང་སྤྱི་བོའི་བླ་མ་སྙིང་གར་བྱོན་ནས་ཡེ་ཤེས་སེམས་དཔས་དབུ་བརྒྱན། སྙིང་པདྨ་འདབ་མ་བརྒྱད་ཁ་ཟུམ་པ་བུམ་སྐུ་ལྟར་གྱུར་པ་བླ་མ་དང་ཡེ་ཤེས་སེམས་དཔའི་འོད་ཀྱིས་ནང་ཁེངས་ཏེ་རིམ་གྱིས་མཆེད་དེ། ལུས་དང་ལུས་ཀྱི་ཐོ་ཕྱི་སྣང་སྲིད་ཀུན་ཁྱབ་སྟེ་སླར་བསྡུས་ནས་སྙིང་ག་འོད་ཀྱིས་ཁེངས་པ་ལ་སེམས་གཏད། གལ་ཏེ་སྙིང་གར་ཡེ་ཤེས་སེམས་དཔའ་ཞལ་ཕྱག་ཅན་མི་བསྒོམ་ཚེ་ཧྲཱིཿཡིག་བླ་མ་དང་རོ་མཉམ་སྟེ་བླ་མའི་སྐུ་བསྒོམ་པའི་ཁྱད་པར་རོ། །གཞན་གོང་གི་བསྐྱེད་རིམ་གྱི་རྗེས་སྡུད་ཀྱང་སྤོགས་ཆོག་ཚུལ་དུ་རིང་པོར་བསྒོམས་པས། ཐོག་མར་རྨི་ལམ་མཐར་འོད་གསལ་གྱི་དགེ་སྦྱོར་ཡང་དག་པ་སྐྱེའོ། །འདི་རྣམས་སྤྱོད་ལམ་ཚོགས་སུ་བསྒྱུར་བའི་མན་ངག་ཁྱད་པར་ཅན་ཡིན་པས་བློ་ལ་བཞག་སྟེ་བསྒོམ་པར་གཅེས་ཤིང་། གཞན་ཡང་ཆོས་སྤྱོད་བཅུ་ལ་ཅི་ནུས་སུ་འབད་པ་དང། སྦྱོར་དངོས་རྗེས་ཀྱི་ཆོས་བསྐྱེད་རྫོགས་ལམ་གྱི་རིམ་པ་སོགས་ཚོགས་ཀྱི་རྒྱུར་གྱུར་པ་ཆེ་ཕྲ་ཇི་འདྲ་ཞིག་ལ་སྤྱད་ཀྱང་རུང་། མཐར་དགེ་བ་བྱང་ཆེན་དུ་བསྔོ་ཞིང་ཐེག་པ་ཆེན་པོའི་སྨོན་ལམ་བཟང་པོ་སྤྱོད་པའི་ངང་ཚུལ་རྒྱ་ཆེ་བར་གདབ་པ་ཡང་ཤིན་ཏུ་གལ་ཆེ་བ་ཡིན་པས་དུས་ཀུན་ཏུ་མ་བརྗེད་ཅིང་མི་ཆད་པར་བྱའོ། །དེ་ལྟར་བྱས་ན་ཚེ་རིང་ནད་མེད་པ་དང་ལོངས་སྤྱོད་དབང་ཕྱུག་ཕུན་སུམ་ཚོགས་ལ། དགྲ་དང་ཆོམ་རྐུན་དང་མེ་དང་ཆུ་ལ་སོགས་པ་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཞི་བ་དང་བསམ་པ་དགེ་ཞིང་ལས་སུ་རུང་བ་དང་། ཆོས་དང་མཐུན་པས་འཆི་བའི་འཇིགས་པའི་སྣང་བ་དེ་དག་མི་འཆར་བར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པའམ། དེ་ཡི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་བསུས་ནས་པོ་ཏ་ལའམ་བདེ་བ་ཅན་དུ་པདྨ་ལ་བརྫུས་ཏེ་སྐྱེས་ནས། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་མགོན་པོ་སྤྱན་རས་གཟིགས་དང་མཚུངས་པའི་གོ་འཕང་ཐོབ་པར་འགྱུར་རོ། །གཉིས་པ་འཕོ་བ་ནི། རབ་བུམ་པ་ལྟར་འཆི་བ་ཞེས་ཞི་ལྷག་ཟུང་འཇུག་གི་ཉིན་མཚན་འཁོར་ཡུག་ཏུ་འབྱམས་ཤིང་འཐུག་པོའི་འོད་གསལ་རྒྱུན་ཆད་མེད་པར་འཆར་བ་ནི། དེ་ལས་གཞན་པའི་འཕོ་བ་མི་དགོས་ཏེ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ཞེས་བྱ་ལ། འབྲིང་བསྐྱེད་རིམ་གྱི་ཡེ་ཤེས་ཕེབ་པའི་མཐར་ཐུག་པ་ཡན་བསྐྱེད་རིམ་གྱི་ནུས་པས་མཁའ་སྤྱོད་ཀྱི་གནས་གང་འདོད་དུ་འཕོ་ནུས་ལ། དམ་ཚིག་བསྐྱེད་པའི་རིམ་པ་ཡེ་ཤེས་དག་པའི་མངལ་དུ་འཇུག་བཏུབ། ལོངས་སྐུ་ཟུང་འཇུག་གི་འཕོ་བར་གྲགས་ལ། དེ་གཉིས་གནས་སྐབས་ལམ་དུ་བྱས་པ་ནི་གོང་གི་འཕོ་བ་གསུམ་ཡང་ཡིན་ནོ། །དེ་ལས་གཞན་པ་རླུང་སེམས་སྒྲ་སོགས་ལ་བརྟེན་པ་སྤྲུལ་སྐུའི་འཕོ་བ་སྟེ། དེ་ལྟར་བསྒོམ་པ་ནི་འདིར་རང་ཉིད་འཕགས་པའི་སྐུ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་གནས་པའི་བུ་ག་དགུ་ཧྲཱིཿའོད་ཟེར་འབར་བ་དགུས་བཀག་ཅིང་། ལུས་དབུས་ལྟེ་འོག་སོར་བཞིའི་མཚམས་ནས་ཆོས་འབྱུང་ཕྱི་དཀར་ནང་དམར་བ་ལྟེ་འོག་མཁལ་ཁུང་གཉིས་སུ་ཕྱོགས་ཤིང་། རྩེ་མོ་བཤང་བར་དུ་ཟུག་པའི་དཀྱིལ་ནས་འོད་ཀྱི་སྦུ་གུ་སྔོ་སྐྱ་དྲང་ཐལ་ལེ་ཡས་སྣ་ཇེ་སྦོམ་གྱིས་སྤྱི་གཙུག་ཚངས་པའི་སྒོར་ཟུག་པ་ཟླ་བའི་ཁ་ཆོད་ཅན། དེ་སྟེང་བླ་མ་ཀུན་འདུས་བཞུགས་པ་སྙིང་གའི་འོད་ལམ་དབུས་སུ་ཡེ་ཤེས་སེམས་དཔའ་བསྒོམ་བདེ་བའི་དབང་གིས་ཧྲཱིཿདཀར་པོ་གསལ་ཀྱང་རུང་ལ། ལྟེ་འོག་ཆོས་འབྱུང་གི་ནང་དུ་རང་སེམས་ངོ་བོ་ཐིག་ལེའི་རྣམ་པ་ཁ་དོག་སྔོ་དམར་ཙ་ན་ཀའི་འབྲས་བུ་ཙམ་བསམ་ལ། བླ་མ་ལ་གསོལ་བ་ཕུར་ཚུགས་སུ་གདབ་མཐར་རླུང་རོ་ལན་གསུམ་བསལ་ནས་འཇམ་རླུང་ཅུང་ཟད་གཅིག་བཟུང་སྟེ་ཕྱིར་བཏང་བ་དང་། ཕཊཿཀྱི་སྒྲ་བཅས་ལྟེ་འོག་ཐིག་ལེའི་དཀྱིལ་ནས་ཏི་ལ་དཀར་སེར་ཡུངས་འབྲུ་ཙམ་འཐོན། འོད་ཀྱི་སྦུ་གུའི་དབུས་བརྒྱུད་སྙིང་གའི་ཡི་དམ་མམ་ཧྲཱིཿལ་གཡས་སུ་བསྐོར། ཟླ་བའི་དབུས་ནས་ཐོགས་མེད་དུ་ཐོན། འོད་དཔག་མེད་ཀྱི་ཐུགས་ཀར་ཞུགས་ཏེ་གནས། ཡང་འཇམ་རླུང་བཟུང་ནས་ཕྱིར་བཏང་ཚེ་སྔ་མ་ལྟར་ལན་བདུན་འཕོ། དེ་མཐར་རླུང་ནང་དུ་སྔར་ལས་ཡུན་རིང་ཙམ་གྱིས་འཐེན་ཏེ་ཧཱུྃ་ཞེས་པའི་སྒྲ་དང་བཅས་འོད་དཔག་མེད་ཀྱི་ཐུགས་ཀའི་ཐིག་ལེ་བདུན་གཅིག་ཏུ་གྱུར་ཏེ་ཟླ་བ་ལ་ཐོགས་པ་མེད་པར་བབ། ཧྲཱིཿལ་གཡོན་དུ་ལན་གསུམ་བསྐོར་ཏེ་ལྟེ་བའི་ཐིག་ལེའི་དབུས་སུ་ཐིམ་པར་བསམ་ལ་ཅུང་ཟད་བཞག །ཡང་སྔར་ལྟར་འཕོ་བ་དང་འབེབ་པ་རྣམས་མང་དུ་བྱས་ལ་རྟགས་ཐོན་པར་སྦྱངས་མཐར་ཐུན་བཞག་སྐབས་འོད་དཔག་མེད་ལས་ཚེ་ཡི་བདུད་རྩིའི་རྒྱུན་བབ་པ་ཧྲཱིཿདང་ཐིག་ལེར་ཐིམ་ཞིང་། མཐར་ལུས་ཁེངས། བླ་མ་ཡང་རང་ལ་ཐིམ། འོད་སྦུག་གི་ཡས་སྣ་ཟླུམ་པོ་ཚིགས་འགག་པར་བསམ། ལྟེ་འོག་གི་ཐིག་ལེར་སེམས་བཟུང་སྟེ་ཡིག་དྲུག་བརྒྱ་རྩ་ཙམ་བཟླས་པས་འཕོ་བའི་ལོག་ནོན་དང་ཚེ་སྒྲུབ་པའི་མཆོག་ཏུ་འགྱུར་རོ། །ནམ་ཞིག་འཆི་རྟགས་ཚང་ནས་དུས་ལ་བབ་པ་ན་ཆགས་ཞེན་སྤང་ཞིང་མི་དགེ་བ་བཤགས་པ་དང་། བླ་མར་མོས་གུས་གནད་དུ་བསྣུན་ནས་གསོལ་འདེབས་ཏིང་འཛིན་དབང་ཅི་ནུས་སུ་བླང་། དེ་ནས་དམིགས་པའི་གཞི་སྔ་མ་ལྟ་བུ་ལ་ཏི་ལ་དཀར་སེར་རིགས་བདག་ཐུགས་ཀར་ཐིམ་མཐར། བླ་མའི་ཐུགས་ལས་འོད་དཔག་མེད་པའི་སྐུ་ཆུང་ངུ་ཞིག་ཐོན་པའི་ཐུགས་ཀར་གོང་གི་ཐིག་ལེ་དེ་འཛིན་བཞིན་རྒྱང་གིས་བདེ་བ་ཅན་དུ་གཤེགས་ནས་གཙོ་བོ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། དེ་ལྟར་ལན་ཁ་ཤས་དང་། མཐར་ཐིག་ལེ་སྔོ་དམར་ཕཊཿཀྱི་སྒྲ་དྲག་པོ་དང་བཅས་འཕར། སྙིང་གའི་ལྷ་སྐུའམ་ཧྲཱིཿདང་ལྷན་ཅིག་སླར་ཡང་ཕཊཿཀྱི་སྒྲ་བཅས་ཤུགས་དྲག་ཏུ་འཕར། ཟླ་བའི་ཁ་ཁེབས་ཀྱང་འཕར་ནས་འོད་དཔག་མེད་ཀྱི་ཐུགས་ཀར་ཐུག་པས་འོད་དཔག་མེད་ནམ་མཁར་ཡེར་གྱིས་ལྡིང་བ་དང་། ཆོས་འབྱུང་འོད་སྦུག་ཀྱང་འུབ་ཀྱིས་འོད་དཔག་མེད་ལ་ཐིམ་པས། འོད་དཔག་མེད་གྱད་ཀྱིས་མདའ་འཕང་བ་ལྟར་སྐད་ཅིག་གིས་བདེ་བ་ཅན་དུ་བུདྡྷ་ཨ་མི་ཏ་བྷཱའི་ཐུགས་ཀར་འཕོས་ཏེ་རོ་གཅིག་ཏུ་འདྲེས་པར་བསམ། དེ་འདྲ་ལན་ཁ་ཤས་ཀྱིས་འཕོ་ནུས་པར་གསུངས་ལ། སྔར་མཚམས་མེད་སྤྱད་པའམ་སོ་ཐར་གྱི་ཕམ་ལྟུང་ཕོག་པ་ཡིན་ཡང་། བླ་མའི་མོས་གུས་ལྟེམ་རྐྱང་མ་ཤོར་བར་གསོལ་འདེབས་ལ་བརྩོན་ཞིང་། བླ་མ་དགྱེས་པའི་གནས་གྱུར་ཞིག་ཡིན་ན་འཕོ་བས་ངེས་པར་དག་ཞིང་ངམ་མཐོ་རིས་སུ་སྐྱེ་བར་ནུས་ལ། སྔགས་ཀྱི་སྒོར་ཞུགས་ནས་དགེ་བ་གཞན་འབད་ཀྱང་དམ་ཚིག་སེལ་ཡོད་ཅིང་བཤགས་པ་མ་བྱས་པ་ལ་ནི་འཕོ་བ་ཐེབས་པའི་རེ་ཆེ་དང་བྲལ་གྱི་གང་གིས་ཀྱང་མི་ལྡོག་སྟེ་བྲག་རི་ཞིག་པའི་རྦབ་བརྟེན་དུ་མེད་པ་ལྟར་མར་གྱི་ཟང་ཐལ་ལོ། །དེ་བས་འཕོ་བ་ཐེབས་ཤིང་བདེ་འགྲོ་འདོད་པ་རྣམས་དམ་ཚིག་ལ་རབ་ཏུ་བརྩོན་པར་གཅེས་སོ། །འཕོ་བའི་མངོན་པར་རྟོགས་པ་མཐའ་དག་ནི་འདིར་བརྗོད་ཀྱིས་ག་ལ་ལངས། འདིར་དང་པོའི་བློ་ཅན་ལ་ཕན་སླད་དམིགས་རིམ་ཅུང་ཟད་སྤྲོས་ཏེ་བཀོད་པར་བྱས་པའོ། །གསུམ་པ་བར་དོའི་རྣལ་འབྱོར་ནི། སྤྱིར་འཁོར་བའི་ཆོས་མཐའ་དག་བར་དོ་ཡིན་མོད། བྱེ་བྲག་ཏུ་བར་དོ་རྣམ་པ་དྲུག་དང་། རྣམ་པ་བཞི་དང་། རྣམ་པ་གསུམ་དུ་བཞག་པ་མང་ཡང་། དོན་གྱི་སྙིང་པོ་རང་བཞིན་བར་དོར་འདུ་ཞིང་། དེར་སྒྲོ་འདོགས་གཅོད་པའོ། །སྤྱིར་ནི་དུས་ཀུན་ཏུ་ང་འཆི་བ་ཡིན། ད་ལྟ་བར་དོའི་སྣང་བ་ཡིན། ལམ་ཡར་འགྲོ་མར་འགྲོའི་ས་མཚམས་ཆེན་པོ་ཡིན་པས། བླ་མ་ལ་གསོལ་འདེབས། སེམས་ཅན་ལ་སྙིང་རྗེ། མ་ཡེངས་པའི་དྲན་པ་རྣམས་བརྩོན་པ་ཆེན་པོས་འཁྲུལ་པའི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འོད་གསལ་ཆོས་སྐུ་ངོ་ཤེས་པར་བྱ་དགོས་སྙམ་པའི་ཞེ་བཅད་དྲག་པོའི་དྲན་པ་རྒྱུན་ཆགས་སུ་བརྟེན་ནས་རང་བཞིན་འོད་གསལ་གྱི་ངང་དུ་བཞག །འཆི་དུས་ཀྱི་འབྱུང་བའི་ཐིམ་རིིམ་སྣང་མཆེད་ཐོབ་པ་ཉེར་ཐོབ་རྣམས་བློར་བཞག་སྟེ་ངོས་བཟུང་གི་འདུན་པ་དང་ཁྱད་པར་གཟུགས་སྣང་ཐམས་ཅད་འཕགས་པའི་སྐུ །སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་གི་སྔགས། འགྱུ་རྟོག་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་རོལ་པར་ཤེས་ཤིང་དགྲ་གཉེན་གྱི་ཡུལ་ལ་ཆགས་སྡང་གི་ཞེན་པ་ཆེན་པོ་དང་། ཕོ་མོ་ལ་མིག་སེར་གྱི་འཛིན་ཆགས་རང་རྒྱུད་པ་རྣམས་སྤང་ཞིང་། བདག་གཞན་སྣོད་བཅུད་ཐམས་ཅད་སྣང་སྟོང་གྲགས་སྟོང་དྲན་སྟོང་ཤར་གྲོལ་འཛིན་མེད་སྒྱུ་མ་ལྟ་བུའི་བློ་དང་སྤྱོད་ལམ་ཐམས་ཅད་དུ་མ་བྲལ་བ་གལ་ཆེའོ། །དེ་ལྟར་བར་དོ་ལམ་བྱེད་ཀྱི་ཆོས་ཀྱི་གནད་ཐམས་ཅད་འདུས་པའོ། །སྤྱོད་ལམ་ཐ་མལ་གྱུར་པའི་ལྕགས་ཁམས་ལ། །ཐབས་ལ་མཁས་པས་ཚོགས་བསྒྱུར་བཅུད་ལེན་ཐེབས། །འཛད་མེད་བྱང་ཆུབ་གཏེར་དུ་ལོངས་སྤྱོད་པའི། །རིན་ཆེན་འདི་ལྟས་དོན་གཉིས་དབུལ་བ་བྲལ། །རླུང་སེམས་རྟེན་འབྲེལ་ནུས་པའི་མཁའ་ལྡིང་གིས། །བདེ་ཆེན་སུམ་རྩེན་གནས་བགྲོད་ངོ་མཚར་ཕུལ། །རང་སེམས་བར་མ་དོར་འཁྱམས་ཡུན་རིང་དེ། །བདེ་ཆེན་བཙན་ས་ད་ནི་གཟུང་བར་རིགས། །ཞེས་པའང་སྨྲས་སོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ལས་བརྩམས་ཏེ་མན་ངག་དུ་མའི་སྙིང་པོ་བཏུས་པའི་གཞུང་། བསྐྱེད་རྫོགས་ལམ་གྱི་རིམ་པའི་སྟོང་ཐུན་ཡི་དམ་རབ་འབྱམས་ལ་འཇུག་པའི་སྤྱི་ཁྲིད་ཁྱད་པར་ཅན་ཚེ་གཅིག་སངས་རྒྱས་ཀྱི་གོ་འཕང་མ་ལུས་པ་བགྲོད་པའི་གང་ཟག་གཅིག་ལ་ཆོས་གཅིག་གིས་ཆོག་པ། རིམ་གཉིས་སྦྱོར་དངོས་རྗེས་གསུམ་ཚང་བ་ཚིག་ཉུང་ལ་དོན་རྒྱ་ཆེ་ཁྱད་པར་འཕགས་པའི་ཆོས་ཡིན་པས་ཐར་པ་བྱང་ཆེན་དོན་དུ་གཉེར་བ་རྣམས་ཀྱིས་འདི་ལ་འབད་པས་ཉམས་སུ་ལེན་པར་མཛོད་ཅིག །ལར་ཡང་གདམས་པ་ཉམས་ལེན་དང་བྲལ་ན་པུསྟི་བརྒྱ་ལ་བསྐྱར་སྦྱངས་བྱས། བཤད་པ་རྒྱ་མཚོའི་རླབས་ལྟར་གཡོ་ཞིང་མཁས་པའི་ང་རྒྱལ་སེང་གེ་ལྟར་དྲེགས་ཀྱང་། འཆི་བའི་དུས་ལ་བབ་ཚེ་ཕན་པར་མི་འགྱུར་བས་ཉམས་སུ་བླང་བར་ཤིན་ཏུ་གལ་ཆེ་ལ། སྤྱིར་ཐོས་བསམ་ཀུན་བསྒོམ་ལ་གཞོལ་བའི་ཆེད་ཁོ་ན་ཡིན་ཞིང་། དེང་སང་དུས་སྙིགས་མ་ཚེ་ཡི་ལང་ཚོ་དམན་པའི་སྐབས་འཇིག་རྟེན་གྱི་བྱ་བ་སྨོས་ཀྱང་ཅི་འཚལ། བསྟན་པ་ལ་ལྷག་བསམ་འབའ་ཞིག་མ་ཡིན་པའི་ཆོས་བརྒྱད་དང་འདྲེས་པའི་ཐོས་བསམ་ཟ་ཟི་ལས། བླ་མའི་མོས་གུས་ལྟེམ་རྐྱང་ངོས་ལྐོག་མེད་པར་རྩེ་གཅིག་གིས་སྒོམ་སྒྲུབ་ཁོ་ནར་འབད་པ་ཟབ་ཅེས་ཀྱང་སྙིང་པོར་གདམས་པའོ། །དེ་ལྟར་མདོ་རྒྱུད་ཡོངས་ཀྱི་དགོངས་པའི་བཅུད། །ནོར་བུ་པདྨའི་སྒྲུབ་ཐབས་རྨད་བྱུང་གང་། །ཉུང་ངུའི་ཚིག་གིས་དོན་མང་གསལ་བྱེད་དག །སྔོན་མེད་བཤད་དང་བསྐྱར་ཟློས་ཀྱང་མིན་པར། །ངོ་མཚར་གཏམ་གྱི་དགའ་སྟོན་གཞོན་ནུའི་ཚུལ། །ཐོགས་མེད་བསྟན་མེད་གླེགས་བམ་ནང་ནས་ཏེ། །ལེགས་པར་བཤད་ཀུན་བླ་མའི་མཐུ་ལས་ཡིན། །ཚུལ་འདི་འགྲོ་འདྲེན་དོན་ཡོད་ལྕགས་ཀྱུར་སེམས། །འོན་ཀྱང་ཉེས་པའི་ཆ་ཀུན་བདག་བློ་ཡིས། །ནོངས་པས་དཔང་གྱུར་རྣམས་ལ་བཟོད་གསོལ་ན། །ཉེས་མེད་བསྩལ་ཞིང་དགེ་ལེགས་ཡོན་ཏན་དུ། །དབུགས་དབྱུང་ཐུགས་རྗེ་མངའ་བ་རྣམས་ཀྱིས་སྩོལ། །ཚུལ་འདི་ལྷག་པའི་བསམ་པ་ཁོ་ན་ཡིས། །འབད་པ་བགྱིས་ལས་བྱུང་བའི་དགེ་བ་གང་། །ཡོངས་སུ་བཟླུམས་ཏེ་ནམ་མཁའི་མཐས་གཏུགས་པའི། །ཇོ་བོ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དེ་མཐུས་འགྲོ་ཀུན་སྲིད་ཞི་ལས་གྲོལ་བ། །གདོད་མའི་དབྱིངས་སུ་རྣམ་གྲོལ་བྱང་ཆུབ་སེམས། །བྲལ་སྨིན་ཡོན་ཏན་ཡོངས་རྫོགས་སྤྱན་རས་གཟིགས། །ཇི་འདྲའི་གོ་འཕང་དེ་ལ་མྱུར་སྦྱོར་ཤོག །ཅེས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོ་གསལ་བའི། དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཅེས་བྱ་བ་འདི་ནི། ཚུལ་འདི་ལྟ་བུ་ལ་མོས་པའི་སྐལ་པ་ཅན་རྣམས་ལ་སྨན་པའི་ཆེད་དུ་བགྱི་འདུན་ལྡན་ཅིང་དགེ་བའི་བཤེས་གཉེན་དུ་གྱུར་པ་མང་པོས་རིང་ནས་བསྐུལ་བ་དང་། ཉེ་བར་རིག་པའི་གཏེར་ཆེན་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་རིང་ལུགས་དྲི་མེད་འཛིན་པ་གཙང་རོང་འབྲས་ཡུལ་སྐྱེད་མོས་ཚལ་གྱི། སྡེ་སྣོད་འཛིན་པ་མཁྱེན་རབ་བསྟན་པ་དར་རྒྱས་ལ་སོགས་པའི་ལུང་རིག་སྨྲ་བ་ཆེན་པོ་དུ་མས་གསོལ་བ་བཏབ་པའི་རྐྱེན་ལ་བརྟེན། གུ་རུའི་སྒྲུབ་གནས་གཙང་གཡས་རུ་ལྷང་ལྷང་བྲག་གི་འདབས་ཁམ་བུ་ལུང་མཚོ་རྒྱལ་སྒྲུབ་ཕུག་ཏུ་རབ་བྱུང་ཉི་མའི་མེ་འབྲུག་ནག་ཟླའི་ཚེས་ལྔ་ནས་བརྒྱད་ཀྱི་ཐུན་སྐབས་སུ། ཅུང་ཟད་བྲིས་ཏེ་གྲུབ་པར་ཤཱཀྱའི་དགེ་བསྙེན་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའི་སྡེ་དཔལ་ཀུན་ཏུ་རྒྱས་པས་སྦྱར་བ་སྟེ། སླར་ཡང་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་གར་སྐྱེ་བའི་ཕྲེང་བས་བྱིན་གྱིས་བརླབས་པའི་བསྟི་གནས་ས་ལ་གནས་པའི་འོག་མིན་སྟོད་ལུང་མཚུར་མདོ་བོ་ཡི་གནྡྷོ་ལ་ཡི་རྩེ་མོར། ལོ་དེ་ཀའི་ས་ག་ཟླ་བའི་ཡར་ངོར་རང་བློ་ལ་ཇི་འཐད་པ་ཐུན་མོང་མ་ཡིན་པའི་ཚུལ་གྱི་ཞུ་དག་བགྱིས་པའི་སྔ་མའི་ཡི་གེ་པ་ནི་དད་གུས་བརྩོན་པའི་ནོར་ཅན་དགེ་སློང་ཀུན་བཟང་ངེས་དོན་གཞན་ཕན་དང་། ཕྱི་མ་ནི་དགེ་ཚུལ་ཤེས་རབ་བསྟན་འཛིན་གྱིས་བགྱིས་པ་ཀུན་ཏུ་དགེ་ལེགས་འཕེལ་བར་གྱུར་ཅིག །དགེའོ། །དགེའོ། །གོང་གི་ཐུགས་རྗེ་ཆེན་པོའི་ཁྲིད་ཀ་ཡིག་ཆ་འདི་ཡི་སྟེང་ནས་ཉན་པས་རྒྱལ་པོ་ལུགས་དང་སྨར་ཁྲིད་བཞིའི་རྒྱུན་གཅིག་ཏུ་ཐོབ་པར་འགྱུར་ལ། སྨར་ཁྲིད་གཞན་ཐོབ་པས་ཁྲིད་འདི་ཐོབ་པའི་གོ་ནི་མི་ཆོད་ཀྱི། དེས་ན་ཁྲིད་ཡིག་འདི་ཀའི་སྟེང་ནས་ཞལ་ལུང་སྨིན་པོར་ཉན་བསྒོམ་བགྱིས་ནས། གདོད་རང་གིས་ཉམས་སུ་བླང་ཞིང་གཞན་ལ་འཆད་སྤེལ་འགྲོ་བའི་དོན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བགྱིད་འཚལ་ལོ། །དོན་བཟང་རྙེད་པར་འདོད་པའི་སྐྱེ་བོ་རྣམས། །དོན་ལྡན་རིན་ཆེན་གཏེར་སྒོ་འདི་ཕྱེས་ལ། །དོན་མཆོག་གཏན་གྱི་འདུན་མ་བསྒྲུབ་པ་ཡིས། །དོན་གྲུབ་རྒྱལ་བའི་གོ་འཕང་མྱུར་འཛེག་མཛོད། །ཅེས་པའང་སྨྲས་སོ། །དགེའོ། །དགེའོ། །མངྒ་ལཾ་བྷ་ཝནྟུ།། །།

ཡང་ཟློག་མེའི་སྤུ་གྲིའི་ལོ་རྒྱུས་ (Volume 17, Text 17)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལོ་རྒྱུས་བཞུགས་སོ། ། ཡང་ཟློག་འདི་ཡི་བྱུང་ཁུངས་ནི། སློབ་དཔོན་གཙུག་ལག་དཔལ་དགེ་ཡིས་ཚེ་བདག་ནག་པོའི་རྒྱུད་ལས་བཏུས་ནས་མཛད། དེས་པདྨ་འབྱུང་གནས་ལ་གནང། དེས་བལ་པོ་བ་སུ་དྷཱ་ར་ལ་གནང་། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བལ་ཡུལ་དུ་ལན་བདུན་ཕྱིན་པའི་མཐའ་མ་ལ་སྤེལ་རེའི་མནའ་བསྒགས་ནས་གནང་། དེས་སྤེལ་བའི་གནས་མེད་ནས། ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་གོང་དུ་གཏེར་དུ་སྦས་སོ། །དེ་ནས་ལས་དང་སྐལ་པར་ལྡན་པའི་ལྷ་རྗེ་གནུབས་ཆུང་གིས་གཏེར་ནས་བཏོན། ཁོང་ལ་ཞུས་པའི་ལོ་རྒྱུས་ནི། མཚུར་སྟོན་རིན་ཆེན་རྡོ་རྗེ་བདག་གིས་སྤང་ཞང་སྟོན་ཆུང་བུ་བདུན་ལས་སྤུན་ཚུན་ཆད་ལ་ཕོ་ངོ་དྲུག་ཅུ་ལིདྒ་ལ་བཏབ་ནས་མཐུ་བྱས་པས། དོལ་པ་མེས་སྟོན་གྱིས་བཟློག་པ་བྱས་ནས་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་ནས། དེར་ཁ་རག་བལ་པོ་བྱང་ཆུབ་རྡོ་རྗེའི་སྤྱན་སྔར་ཕྱིན་ནས། གོང་གི་ལོ་རྒྱུས་ཀུན་བཤད་པས། ཁོང་གི་ཞལ་ནས། མེས་སྟོན་ལས་བལ་གཙང་གི་རྒྱལ་ཁམས་ན་ཟློག་པ་ལ་མཁས་པ་མེད། དེ་ལ་ཡང་ཟློག་པ་ཞུ་མཁན་མང་པོ་ཡོད་པས་དེ་ཡང་མི་ཡོང་། ཁྱོད་རང་ཡང་ཕྱག་རྒྱ་དང་ལས་ཚོགས་དང་ཨུར་མོ་ལ་མཁས་ཏེ་ཡང་ཟློག་ཟབ་པ་གཅིག་དགོས་པ་ཡིན། དེ་ལྷ་རྗེ་གནུབས་ཆུང་ལ་ཡོད། དེར་སོང་ཞིག་གསུངས་སྣམ་བུ་སོ་མ་བདུན་ཁྱེར་ནས་གཙང་རོང་དུ་ཕྱིན་ཏེ་ཡང་ཟློག་འདི་ཞུས་ནས། སྔགས་རྒྱུན་བཟླས་པས་ཆོ་འཕྲུལ་ཆེར་སོང་། དེ་ནས་ཡང་རྟ་ཕོ་སེང་གེ་འབུམ་གྱིས་མགོ་བྱས་ནས་གསེར་ཞོ་གང་ཕུལ་ཏེ། ཡང་ན་གདམས་ངག་འདི་ཚང་མ་ཞུ་དགོས། དེ་མིན་ན་ང་རང་གི་འབུལ་བ་རྣམས་ཕྱིར་ཁྱེར་དགོས། འདིའི་བཅའ་ཁ་བྱས་ནས་ཆོ་འཕྲུལ་ཆེར་སོང་ཞུས་པས། དེར་ཁོང་གིས་སྔགས་ཀྱི་གཤམ་འདོགས་དང་ལྷའི་སྒོམ་ཐབས་གཉིས་གནང་ནས་གདམས་ངག་འདི་ལ་ལྷག་མ་ཡོད་རེ་ཡ་མཱནྟ་ཀ་དཔང་པོ་མཛོད། གསུངས་ཏེ་དབུ་བསྙུང་བཞེས་ནས་གནང་ངོ་། །དེ་ཡང་ཁྱོད་རང་གི་བརྒྱུད་པ་མིན་པ་ལ་མ་སྦྱིན་ཅིག་གསུངས་ནས་མནའ་བསྒགས་ནས་གནང་བ་ཡིན་ནོ། །དེ་ནས་བུ་ཆེ་བ་མཚུར་སྟོན་འཇམ་དཔལ་ལོ་བཅོ་བརྒྱད་པ་གཅིག །མཚུར་སྟོན་དབང་ངེ་ལོ་བཅོ་ལྔ་ལོན་པ་གཉིས་དང་། ངེད་གསུམ་གྱིས་ཟློག་པ་འདི་ལ་སྔགས་རྒྱུན་བྱས་པས། མེས་སྟོན་དཔོན་གཡོག་བཞི་ཁྲག་བཤལ་ཁྲག་སྐྱུགས་ནས་ཤིའོ། །དེ་ནས་སྤང་ཞང་སྟོན་ཆུང་ལ་མཐུ་ཟུག་སྟེ་ལོ་གསུམ་ལ་ཕོ་ངོ་དྲུག་ཅུ་རྩ་གཅིག་ལིངྒ་ལ་བཏབ་པ་སོང་ངོ་། །དེ་ནི་ལོ་རྒྱུས་སོ།། ༁ྃ༔ གཤིན་རྗེའི་ཡང་ཟློག་མེའི་སྤུ་གྲི་བཞུགས༔ གྲཨཨརྷགྭ༔ དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཡང་ཟློག་མེའི་སྤུ་གྲི་་་རྣོ་བའི་དཔེ་ཡིན་་་ལ་དོན་རྣམ་པ་བཅུ་རུ་ཤེས་པར་བྱའོ༔ སྐོར་གསུམ༔ མཚན་བཞི༔ གནད་གསུམ་མོ༔ སྐོར་གསུམ་ནི༔ བདག་ཉིད་་་སྲུང་བ་དང༔ རྦད་འདྲེ་་་ཟློག་པ་དང༔ དགྲ་བོ་ཨེ་ཀ་ཡ་མས་་་བསད་པ་དང་གསུམ་མོ༔ མཚན་བཞི་ནི༔ ལྷ་ལ་མཚན་གསོལ་བ་་་གཤིན་རྗེ་ཚེ་བདག་ནག་པོ་་་དང༔ སྔགས་ལ་མཚན་གསོལ་བ་་་གཤམ་འདོགས་ལ་དགྲ་བོ་ཨེ་ཀ་ཡ་མ་་་དང༔ རྫས་ལ་མཚན་གསོལ་བ་་་སཱཙྪ་དཀར་ནག་གཉིས་་་དང༔ དཔེ་ལ་མཚན་གསོལ་བ་་་ཡང་ཟློག་མེའི་སྤུ་གྲི་་་དང་བཞིའོ༔ གནད་གསུམ་ནི༔ བཅའ་བ་རྫས་ཀྱི་གནད༔་་་སཱཙྪ། སྒོམ་པ་ལྷའི་གནད༔་་་གཤིན་རྗེ། བཟླས་པ་སྔགས་ཀྱི་གནད་་་གཤམ་འདོགས་་་དང་གསུམ་མོ༔ གནད་གསུམ་འཛོམ་ན༔ ཕུར་ཐོག་སྟོང་གིས་བྲུབས་ཀྱང་མི་ཚུགས་ཁོ་རང་ཕུང་བར་ངེས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྔགས་པས་ནང་རྒྱས་བྱེད་པའི་དུས༔ སེང་གེ་ཁ་འཐབ་བྱུང་བའི་ཚེ༔ གདམས་ངག་གུད་དུ་འདི་བཀོལ་ལོ༔ གདམས་ངག་འདི་ཡི་བྱ་ཐབས་ལ༔ ཚ་ཚཱ་དཀར་ནག་གཉིས་བྱས་ཏེ༔ དང་པོ་ཚ་ཚཱ་དཀར་པོའི་བྱ་ཐབས་ལ༔ བཀྲ་ཤིས་པའི་ས་ལ༔ སྔགས་པ་དམ་ཚིག་ཅན་གྱིས་གདབ༔ ནང་ནི་ཟླུམ་པོ་དག་ཏུ་བྲུ༔ ཚོན་རྩི་དཀར་པོས་ན་བཟའ་གསོལ༔ ཚ་ཚཱ་དཀར་པོའི་བྱ་ཐབས་ཡིན༔ སྲུང་བའི་འཁོར་ལོའི་བྱ་ཐབས་ནི༔ ཤོག་བུ་རས་སམ་ཤིང་ཤུན་ལ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔་་་པ་བྲི། ལྟེ་བའི་རྩིབས་དང་མུ་ཁྱུད་ལ༔་་་བདག་ལ་སྲུངས་ཤིག །རྟེན་འབྲེལ་སྙིང་པོ་བདག་གི་མིང༔ རུས་དང་སྔགས་རྣམས་རྫོགས་པར་བྲི༔ དེ་ལ་སྔགས་ཀྱི་བཀོད་ལུགས་ནི༔་་་གཡས་དང་གཡོན་མ་ནོར་བ་གལ་ཆེ། བླ་མའི་ཞལ་ལས་ཤེས་པར་བྱ༔ ཤོག་བུ་དག་ལ་བྲིས་པ་ཡི༔ བདག་གི་སྲུང་བའི་འཁོར་ལོ་དེ༔ རས་དཀར་ན་བཟའ་གསོལ་ནས་ཀྱང༔ ཚ་ཚཱ་དཀར་པོའི་ནང་དུ་བཅུག༔ སྒྲུབ་ཁང་ཡ་ཐེམ་སྟེང་དུ་བཞུགས༔ དེས་ནི་རང་ཉིད་སྲུང་བྱེད་ཅིང༔ གཞན་གྱིས་རྦད་འདྲེ་ཟློག་པ་འོ༔ ཚ་ཚཱ་ནག་པོའི་བྱ་ཐབས་ནི༔ དུར་ཁྲོད་ས་ནག་དག་ལ་ནི༔ གྲི་ཁྲག་དུག་ཆུས་སྦྲུ་བར་བྱ༔ ནང་ནི་གྲུ་གསུམ་དག་ཏུ་བྲུ༔ དེ་ཡི་ཕྱི་ནང་ཐམས་ཅད་ལ༔ རོ་སོལ་དུག་ཁྲག་དག་གིས་ནི༔ ནང་ནི་དམར་ནག་བྱུག་པར་བྱ༔ ཚ་ཚཱ་ནག་པོའི་བྱ་ཐབས་ཡིན༔ ཤོག་བུ་དག་ལ་བསྒྲུབ་བྱའི་མིང༔ སྙིང་གར་འཁོར་ལོ་རྩིབས་བཞི་བྲི༔ ལིངྒ་བྲི་བསད་ཞལ་ལས་ཤེས༔ པ་ཀ་ཁེལ༔ ཐ་བ་ཀ་ཤ་སྔོས་ཕ་ཟི་བྱིས༔ པཀ་བཛོར་པཀ་ཤ་སྑྱ་ཁ་མ་ཕྲིར༔ དགུག་གཞུག་ལྷ་དབྱེ་བྱས་ནས་ཀྱང༔ ཚོན་སྐུད་སྣ་ལྔས་བཅིངས་ནས་སུ༔ ཚ་ཚཱ་ནག་པོའི་ནང་དུ་གཞུག༔ སྒྲུབ་ཁང་ཐེམ་པའི་འོག་ཏུ་མནན༔ དེ་ལྟར་བཅའ་གཞི་རྫོགས་པ་དང༔ བདག་ཉིད་གཤིན་རྗེའི་གཤེད་དུ་བསྒོམ༔ སྲུང་ཟློག་དྲག་སྔགས་འདི་དག་ནི༔ ངག་བཅད་དམ་བཅས་སྟོང་ཚོ་རེ༔ བྱས་ལ་དྲག་ཏུ་བཟླས་པར་བྱ༔ ཨོཾ་ཨེ་ཀ་ཡ་མ་ཟློག༔ ཧེ་ཀ་ཡ་མ་ཟློག༔ གྷྲི་མ་ཡ་མ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན༔ ཏྲིག་ནན༔ རྦད་ཡ༔ ཟློག་ཡ༔ བདག་ལ་སྲུངས་ཤིག་རཀྵ་རཀྵ༔ དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ་ཟློག་ཡ༔ དེ་བཞིན་དྲག་སྔགས་བཟླས་པ་ཡིས༔ བན་དགྲ་ནུས་པ་ཆེ་ན་ནི༔ ཁྲག་དང་གཟེར་གྱི་ནད་ཀྱིས་ནི༔ བདུན་ཞག་གཅིག་ནས་ངེས་པར་འཆི༔ འབྲིང་ན་བདུན་ཞག་གཉིས་ནས་འཆི༔ ཐ་མ་བདུན་ཞག་གསུམ་ན་འོ༔ ནད་ནི་གོང་མ་དག་གིས་སོ༔ ཤིན་ཏུ་གསང་བའི་གདམས་ངག་འདི༔ དམ་མེད་དག་ལ་བྱིན་གྱུར་ན༔ དེ་ཡི་ལག་ཆར་སོང་ནས་ནི༔ དམ་ལྡན་རང་གི་གཤེད་མར་འགྱུར༔ དེ་བས་ཤིན་ཏུ་གསང་བར་བྱ༔ ཚེགས་ཆུང་དོན་ཆེ་ཚེ་བདག་གི༔ རྒྱུད་ལུང་གདམས་ངག་བཅུད་ཕྱུངས་ནས༔ ཡང་ཟློག་ཐུགས་ཀྱི་ཉིང་ཁུ་འདི༔ གང་ལ་དམིགས་ཀྱང་རླག་པར་བྱེད༔ སྲིད་པ་གསུམ་ཡང་བཀའ་ལས་འདས་ན་སྲེག༔ དབང་བསྒྱུར་དམ་ཅན་ཡེ་ཤེས་ལྷ༔ འདི་འདྲ་བསྟན་པ་ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས༔ གཞན་ལ་མ་སྤེལ་གསང་ངོ་གསུངས༔ བཀའ་རྒྱ་དང་བཅས་གཏེར་དུ་སྦས༔ ཡང་ཟློག་མེའི་སྤུ་གྲི་རྫོགས་སོ༔ ཟབ་བོ༔ གསང་ངོ༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་གནད་ཀྱི་ལག་ལེན་བཞུགས༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཡང་ཟློག་མེའི་སྤུ་གྲི་འདི་ལ༔ སྒོམ་པ་ལྷའི་གནད༔ བཟླས་པ་སྔགས་ཀྱི་གནད་དོ༔ འདི་མ་ཤེས་ན་མི་རྒན་གྱིས་དཔའ་བོར་ཁས་ལེན་པ་དང་འདྲའོ༔ དེ་ལ་སྒོམ་པ་ལྷའི་གནད་ནི༔ དང་པོ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ༔ དེའི་ངང་ལས་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་སེམས་བསྐྱེད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཅིག་བསྒོམ༔ ཧཱུྃ་དེ་ལས་འོད་འཕྲོས་པས༔ ཡ་མ་ཏི་ར་བཾ༔ ཞེས་བརྗོད་པས་གཤིན་རྗེ་ཕོ་མོ་གདན་དུ་གཏིང་བར་བསྒོམ༔ དེའི་སྟེང་དུ་མ་ཧེ་གླང་རྒོད་ཕོ་མོ་བསྣོལ་བའི་གདན་བཤམ༔ དེ་ཀུན་གྱི་གདན་གྱི་སྟེང་དུ་ཉི་ཟླ་པདྨ་སུམ་བརྩེགས་སྟེང་ན་ཧཱུྃ་ཆད་ནས་གདན་སྟེང་དུ་བབ་སྟེ༔ འོད་དུ་ཞུ་བ་ལས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ༔ ཞེས་བརྗོད་པས༔ དཔལ་གཤིན་རྗེ་སྐུ་མདོག་མཐིང་ནག༔ དབུ་གསུམ་ཕྱག་དྲུག་ཞབས་བཞི༔ ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཕྱག་གཡས་དང་པོས་འཁོར་ལོ་རྩིབས་བརྒྱད་རྣོ་བའི་ངར་ཅན༔ བར་མས་རལ་གྲི༔ འོག་མས་རྡོ་རྗེ༔ གཡོན་དང་པོས་ལྕགས་ཀྱུ༔ བར་མས་གཏུན་ཤིང༔ འོག་མ་ན་སྡིགས་མཛུབ༔ སྤྱི་བོའི་གཙུག་ན་ཁྱུང་ཆེན་ནག་པོ་ཡོད་པ༔ བ་སྤུའི་བུ་ག་ཐམས་ཅད་ཁྱུང་དང་རྡོ་རྗེས་གཏམས་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཐོད་པ་རློན་པས་སེ་རལ་བརྒྱན་པ༔ སྦྲུལ་ནག་ཁྲས་སྐུ་རེགས་བྱས་པ༔ སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང༔ ཞིང་ཆེན་གཡང་གཞི་གསོལ་བ༔ སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ༔ མེ་རི་མེ་དཔུང་འབར་བའི་ནང་དུ་བཞུགས་པར་བསྒོམ༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུྃ་གཅིག་གནས་པར་བསྒོམ༔ དེ་ནི་སྒོམ་པ་ལྷའི་གནད་དེ༔ རང་ཉིད་དེ་བཞིན་དུ་བསྒོམ་པར་བྱའོ༔ ད་ནི་བཟླས་པ་སྔགས་ཀྱི་གནད་ལ༔ སྲུང་བ་དང༔ ཟློག་པ་དང༔ བསད་པའོ༔ སྲུང་བའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ༔ ཟློག་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བོ་ལྷ་དང་བཅས་པ་མཱ་ར་ཡ་ཧཱུྃ་ཕཊ༔ བསད་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སོད༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ ཆེ་གེ་ལྷ་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད༔ བསད་པའི་དུས་ན༔ ཕྱག་རྒྱ་གཡོན་དང་པོའི་ལྕགས་ཀྱུས་དགྲ་བོའི་སྙིང་གའི་ནྲྀ་ལ་བཟུང་ནས༔ ཕྱག་གཡས་དང་པོའི་འཁོར་ལོས་དཀྲུག་པར་བསམ༔ གནད་ཀྱི་ལག་ལེན་ྀཨཚ༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་སྔགས་ཀྱི་བྱང་བུ་བཞུགས༔ ཡབ་གཤིན་རྗེ་ཚེ་བདག་ཡིན༔ ཡུམ་མ་མོ་ཁྲག་མིག་མ་ཡིན༔ སྔགས་ཟོལ་མེད་པ་འདི་ཡིན་ནོ༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝ་རི་བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ༔ འདི་ཡན་ཆད་སྲུང་བའི་སྔགས་སོ༔ ཟློག་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བོ་ཆེ་གེའི་ཤ་ལ་རུབ༔ སྙིང་ལ་མཱ་ར་ཡ༔ དབུགས་ལ་རྔུབས༔ སྲོག་ལ་མཱ་ར་ཡ༔ རྩ་ལ་རྔུབས༔ ཁྲག་ལ་མཱ་ར་ཡ༔ ཧཱུྃ་ཕཊ་ཟློག་ཡ༔ བསད་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སོད༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བགེགས་ཀྱི་ཤ་ལ་རྔུབས༔ སྙིང་ལ་མཱ་ར་ཡ༔ དབུགས་ལ་རྔུབས༔ སྲོག་ལ་མཱ་ར་ཡ༔ ཁྲག་ལ་རྔུབས༔ རྩ་ལ་མཱ་ར་ཡ༔ ཧཱུྃ་ཕཊ་ཟློག་ཡ༔ ཞེས་པ་ནི་སྔགས་ཀྱི་བྱང་བུའི་ཞལ་གདམས་ཨི་ཐི༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་མཆོད་བསྟོད་བཞུགས༔ གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ལྷ་ལ་གཏོར་མ་གཏོང་ཞིང་ཕྲིན་ལས་གཞོལ་བར་འདོད་ན༔ གཏོར་མའི་སྣོད་ཀ་པཱ་ལའམ་གང་རུང་གི་ནང་དུ༔ དཔལ་གཏོར་གྲུ་གསུམ་ཤ་ཁྲག་གིས་བརྒྱན་ལ་ཆང་ཕུད་དང་རཀྟས་བྲན་ནས་བྱིན་གྱིས་རླབས་པ་ནི༔ སྭ་བྷཱ་བས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༔ ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་གྱུར༔ ཡཾ་ལས་རླུང་གཡོས་མེ་སྦར༔ ཐོད་པ་དྲོས་པས་ཁོལ་བའི་རླངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག༔ ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་གཉིས་སུ་མེད་པར་བསྟིམ༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྟོང་གསུམ་གང་བ་ཙམ་དུ་གྱུར༔ ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་ལ་བདག་བསྐྱེད་དང་གཉིས་སུ་མེད་པར་བསྟིམ༔ ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་བདག་ལ་དགྱེས་ཤིང༔ འདོད་པའི་དངོས་གྲུབ་སྩོལ་བར་དམིགས་ལ༔ འབུལ་བའི་སྔགས་ནི༔ ཨོཾ་ཨཱཿཧཱུྃ་ཤྲཱི་ཡ་མཱནྟ་ཀ༔ བཛྲ་ག་རུ་ཌ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་གྲོགས་མཆེད་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་སྲུང་བ་དང༔ བསྐྱབ་པ་དང༔ སྦ་བ་རྒྱ་ཆེན་པོ་མཛད་དུ་གསོལ༔ ཞེས་སྲུང་བའི་དུས་སུ་སྲུང་བའི་འདོད་གསོལ་ཤམ་བུ་བཏགས༔ ཟློག་པ༔ བསད་པ༔ མནན་པ་ལ་དེ་ལྟར་གཤམ་དུ་གདགས་ལ་ཕྲིན་ལས་གཞོལ༔ དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡེ་ཤེས་འཁོར་ལོའི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་མཐིང་ནག་འབར་བ་ལ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཞལ་གཡས་དུང་ལྟར་དཀར་ལ་མཛེས༔ ཞི་བའི་ལས་རྣམས་མ་ལུས་འགྲུབ༔ ཞལ་གཡོན་དམར་ལ་དྭངས་པ་ནི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཐུགས་རྗེ་ཆགས་པས་སྐྱོང་བར་མཛད༔ དབུས་ཞལ་མཐིང་ནག་འཇིགས་པ་ནི༔ དྲེགས་པ་མ་ལུས་དབང་དུ་སྡུད༔ ཞལ་ནས་མེ་འབར་འཇིག་རྟེན་ཁམས་རྣམས་སྲེག༔ དྲག་པོའི་སྟོབས་ཀྱིས་སྲིད་གསུམ་དབང་དུ་སྡུད༔ ཕྱག་དྲུག་གཡས་ཀྱི་དང་པོ་ན༔ གསོད་བྱེད་འཁོར་ལོ་འབར་བ་བསྣམས༔ དྲེགས་པའི་མགོ་བོ་རྣམ་པར་གཤག༔ ཕྱག་དྲུག་གཡས་ཀྱི་བར་མ་ན༔ ཤེས་རབ་རལ་གྲི་འབར་བ་བསྣམས༔ གདུག་པ་མ་ལུས་མགོ་ལུས་ཕྱེ༔ ཕྱག་དྲུག་གཡས་ཀྱི་ཐ་མ་ན༔ གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས༔ ལོག་རྟོག་མ་ལུས་འཇོམས་པར་བྱེད༔ གཡོན་གྱི་དང་པོ་ལྕགས་ཀྱུ་ཡིས༔ སྔགས་ཟློག་བསྟན་དགྲའི་སྙིང་ནས་འགུག༔ བར་མ་གཏུན་ཤིང་འབར་བ་ཡིས༔ ལྷ་སྲིན་སྡེ་བརྒྱད་དོན་སྙིང་འགས༔ ཐ་མ་སྡིགས་མཛུབ་མེ་ཆེན་འབར༔ དགྲ་བགེགས་མ་ལུས་སྡིགས་ཤིང་སྲེག༔ ཞབས་བཞི་ཡིས་ནི་བདུད་བཞི་མནན༔ མེ་དཔུང་འབར་བའི་ཀློང་དཀྱིལ་ན༔ དྲེགས་བྱེད་བསྣོལ་བའི་གདན་ལ་བཞུགས༔ ཡ་མཱནྟ་ཀར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་མེ་དཔུང་ཀློང་དཀྱིལ་ན༔ རྡོ་རྗེ་ཁྱུང་ཆེན་ཀླུ་འདུལ་ནི༔ སྐུ་མདོག་མཐིང་ནག་འཇིགས་པའི་སྐུ༔ ཀླུ་ཆེན་མ་ལུས་ཞལ་དུ་གསོལ༔ རལ་གྲིའི་གཤོག་པས་བར་སྣང་ཁེངས༔ ཀླུ་དང་ས་བདག་དབང་དུ་སྡུད༔ དྲེགས་པ་མ་ལུས་འཇོམས་མཛད་པ༔ ཡེ་ཤེས་ཁྱུང་ལ་ཕྱག་འཚལ་བསྟོད༔ བླ་མེད་མཆོད་པ་རྒྱ་ཆེན་དང༔ དམ་རྫས་བདུད་རྩིའི་གཏོར་མ་འདི༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ དཀོན་མཆོག་སྐུ་དགྲའི་སྔགས་ཟློག་མཁན༔ བན་དགྲ་བྱད་མ་ལྷ་སྲུང་དང༔ སྡང་དགྲ་གནོད་བྱེད་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛོད༔ བྱད་མ་རང་གཤེད་རང་ལ་ཕོབ༔ བདག་གི་དགེ་བའི་སྡོངས་གྲོགས་མཛོད༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ནས་ལས་ལ་འཇུག་པར་བྱའོ༔ ཡང་ཟློག་མེའི་སྤུ་གྲིའི་མཆོད་བསྟོད་གཞན་ལ་མེད་པའི་གདམས་པ་རྫོགས་སོ༔ དམ་ཚིག་མེད་པའི་མི་ལ་སྤེལ་དུ་མི་རུང་ངོ༔ སྤེལ་ན་རང་ལ་ལྡོག་པའི་ཉེན་ཡོད་པས་གསང་བར་བྱའོ༔ རྒྱ་རྒྱ་རྒྱ༔ དགེའོ།། །།

པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ (Volume 63, Text 17)

༄༅། །པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། ཟབ་ལམ་གྱི་སྣོད་དུ་གྱུར་པའི་སྐལ་པ་དགེ་བའི་ལས་འཕྲོ་ཅན་དག་གིས་བྱ་བའི་གཙོ་བོ་སྔོན་དུ་འགྲོ་བའི་ཆོས་ལ་ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་དབེན་པའི་གནས་སུ་སྟན་བདེ་བར་འཁོད་དེ། ལུས་གནད་དྲང་པོར་བསྲངས། རླུང་རོ་ལན་གསུམ་བསལ། དབུགས་ཕྱི་ནང་གི་རྒྱུ་བ་ཉེར་གཅིག་བར་བསྒྲངས་ཏེ་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། ཐོག་མར་ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་འདེབས་པ་ནི། ཨཿ རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་རྡོ་རྗེ་འཆང་གི་ཆ་ལུགས་ཅན། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་དང་བཅས། །འཇའ་ཟེར་ཐིག་ལེ་འོད་ལྔ་འཁྲུགས་པའི་ཀློང་། །གསལ་སྟོང་མཉམ་གནས་ཆེན་པོར་བཞུགས་པར་གྱུར། །རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །འོད་གསལ་ཁོང་ནས་འཆར་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། བླ་མའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་དེ། ཨོཾ་ཨཱཿཧཱུྃ། གང་མང་བརྗོད་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་གཞག །དེ་ནས་ཐུན་མོང་སྤྱིའི་སྔོན་འགྲོ་ངེས་འབྱུང་གི་བློ་བཅོས་པ་འདི་ལྟར་འདོན་སྒོམ་བྱའོ། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི་ལུས་རྟེན་འདི། །ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཕྱི་སྣོད་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་བཅུད་སྐྱེ་འགྲོའི་ཚེ་སྲོག་རྟག་མི་ཐུབ། །སྐད་ཅིག་མི་སྡོད་འཆི་ལ་ཇེ་ཉེར་འགྲོ །འཆི་ཆོས་སྙིང་ནས་འགྲུབ་པར་བྱིན་གྱིས་རློབས། །འཆི་ཚེ་དཀར་ནག་ལས་འབྲས་རྗེས་སུ་འབྲང་། །དགེ་བས་བདེ་འགྲོ་སྡིག་པས་ངན་འགྲོར་འཕེན། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །དགེ་སྡིག་སྤང་བླང་ནུས་པར་བྱིན་གྱིས་རློབས། ཁམས་གསུམ་གནས་རིས་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློས། །ཐེག་མཆོག་ཟབ་མོའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་འདོན་སྒོམ་ནན་ཏན་དུ་བྱའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ལ་སྐྱབས་ཡུལ་གསལ་གདབ་པ་ནི། ཨཿ རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་སྙེམས་མ་གྲི་ཐོད་འཛིན་དང་སྦྱོར། །སྐུ་ཡི་གནས་ལྔར་བདེ་གཤེགས་རིགས་ལྔ་ལ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་འཁོར་གྱིས་བསྐོར། །སྐྱབས་ཀུན་འདུས་པའི་བདག་ཉིན་ཆེན་པོར་གསལ། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་དོན་གྱི་སྐྱབས་སུ་འགྲོ། །ཞེས་གསལ་གདབ་ལ། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང་ཕྱག་འབུམ་ཐེར་གྲངས་གསག །ཐུན་མཐར། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོར་ཐིམ་སྒྲིབ་བྱང་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་བོར་འདུས། །དེ་ཡང་མི་དམིགས་སྤྲོས་བྲལ་ཆེན་པོར་གཞག །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་གཞག་པ་ནི། ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ ཞེས་གྲངས་གསག །ཐུན་མཐར་དགེ་བ་བསྔོ། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཨཱཿ བདག་ཉིད་ཐ་མལ་སྤྱི་གཙུག་ཏུ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་རིག་མར་སྙོམས་པར་ཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །སྐུ་དང་ཐུགས་ཀྱི་སྔགས་ཕྲེང་ལས། །འོད་ཟེར་བདུད་རྩིའི་རྒྱུན་བཅས་བབས། །རང་གི་ཚངས་པའི་སྒོ་ནས་ཞུགས། །ལུས་གང་ནད་གདོན་སྡིག་སྒྲིབ་དག །དྭངས་གསལ་འོད་ཀྱི་རང་བཞིན་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཡི་གེ་བརྒྱ་པ་གྲངས་མང་བཟླ། ཐུན་མཐར། བླ་མ་རྡོ་རྗེ་སེམས་དཔའ་ཉིད། །དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་ལ་ཐིམ་པས་རང་ཉིད་ཀྱང་། །སྣང་སྟོང་སེམས་དཔའི་སྐུ་རུ་གསལ། །ཞེས་བསམ་ལ། ཡིག་གེ་དྲུག་པ་གྲངས་མང་བརྗོད། སེམས་མ་བཅོས་གཉུག་མའི་ངང་ལ་གཞག །བཞི་པ་ཚོགས་གསག་མཎྜལ་ནི། ཚོམ་བུ་སོ་བདུན་མ་སྤྱི་ལྟར་དུ་ལན་གྲངས་ཁ་ཤས་ཕུལ་ཞིང་། གྲངས་གསོག་སྐབས་དངོས་གཞི་སྐུ་གསུམ་མཎྜལ་ནི། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འཇིག་རྟེན་མཎྜ་ལར། །མངོན་མཐོ་ལྷ་མིའི་འབྱོར་པས་བཀང་། །བླ་མ་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་སྣོད་ཀྱི་མཎྜ་ལར། ཁམས་དང་དབང་པོའི་མདངས་ཀྱིས་བརྒྱན། །བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ། །སྟོང་གསལ་དབྱིངས་ཀྱི་མཎྜ་ལར། །རིག་གདངས་འགགས་མེད་རྒྱན་གྱིས་སྤྲས། །བླ་མ་ཆོས་ཀྱི་སྐུ་ལ་འབུལ། ཁམས་གསུམ་སྣོད་བཅུད་རང་གྲོལ་ནས། །སྐུ་གསུམ་ཞིང་ཁམས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་གུ་རུ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་པས་འབུལ། ལྔ་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ནི། ཨཿ སྣང་སྲིད་རྣམ་དག་འཇའ་ཟེར་ཐིག་ལེའི་ཀློང་། །རང་སེམས་རྣམ་དག་རྟ་མཆོག་ཧེ་རུ་ཀ །དམར་གསལ་རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ། །གྲི་གུག་ཐོད་འཛིན་ཕྱག་རྒྱ་ལྔ་ཡིས་སྤྲས། །སྤྱི་བོའི་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང་། །པདྨ་ཉི་ཟླ་མཛེས་པའི་གདན་གྱི་སྟེང་། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ནི། །རྣམ་པ་འཆི་མེད་པདྨ་སམ་བྷ་ཝ། །དཀར་གསལ་མཛེས་འཛུམ་མཚན་དཔེའི་རྒྱན་གྱིས་བརྒྱན། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །ཤེས་རབ་རང་བཞིན་སྦས་ཚུལ་ཁ་ཊྭཱཾ་འཁྱུད། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཐེག་དགུ་ཡོངས་སུ་རྫོགས་པའི་ཆས་ཀྱིས་བཀླུབས། །ཐུགས་ཀར་འོད་ལྔའི་ཐིག་ལེ་མཛེས་པའི་ཀློང་། །བདེ་ཆེན་རྡོ་རྗེ་ཆོས་སྐུ་ཚེ་དཔག་མེད། །དཀར་གསལ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས། །རང་འོད་ཡུམ་འཁྱུད་བདེ་སྟོང་ཡུམ་དང་འཁྲིལ། །ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང་། །གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད། །རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་འཁོར་གྱིས་བསྐོར། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཚིག་བདུན་གསོལ་འདེབས་གྲངས་མང་བརྗོད་ལ་བྱིན་དབབ། ཨོཾ་ཨཱཿཧཱུྃ། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ ཞེས་ཡན་ལག་བདུན་པ་གྲངས་མང་བརྗོད་ཅིང་ཕྱག་འཚལ། དེ་ནས་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་བ་དྲག་པོས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གྲངས་གསོག །ཐུན་མཐར། དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་རྩ་བའི་བླ་མར་ཐིམ། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཉིད། །དགྱེས་པ་ཆེན་པོས་འོད་ཞུ་རང་ལ་ཐིམ། །རོ་མཉམ་ཀ་དག་ཆེན་པོའི་ངང་ལ་གཞག །ཅེས་མ་བཅོས་གཉུག་མའི་ཤེས་པ་བསྐྱང་ལ། ཐུན་ལས་ལྡང་བ་ན། དགེ་རྩ་རྫོགས་བྱང་དུ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཚམས་སྦྱར་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་མིང་གིས་བྲིས་པ་དགེ། །།

ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབ་ (Volume 13, Text 17)

༄༅། ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང། ཁྲག་འཐུང་དབང་དྲག་དཀྱིལ་འཁོར་འཁོར་ལོའི་ཚུལ། །ཡེ་ཤེས་གཅིག་ཉིད་དུ་མའི་སྐུར་སྟོན་པ། །དྲིན་ཅན་བླ་མའི་ཞབས་ཀྱི་པདྨོར་འདུད། །གང་གི་སྒྲུབ་པའི་ཕྲིན་ལས་སྙིང་པོའི་དོན། །ཟབ་དོན་གཞུང་གི་དགོངས་པ་ཇི་ལྟ་བར། །བརྗོད་བདེའི་ངག་གི་ཁྲིགས་སུ་འདིར་བསྡེབ་ཀྱིས། །བྱིན་རླབས་མཆོག་གི་བཀའ་དྲིན་སྩོལ་བར་མཛོད།།དེའང་གཏེར་གཞུང་རྩ་བ་ལས། ཇི་སྐད་དུ། སྙིང་པོའི་དོན་ལ་རྟག་སྤྱོད་ཅིང༔ དམ་ཚིག་གནས་ལ་ཉེར་གནས་པའི༔ སྔགས་པས་དངོས་གྲུབ་དོན་གྱི་ཕྱིར༔ སྒྲུབ་པའི་ཕྲིན་ལས་ཡང་དག་བརྩམ༔ དུར་ཁྲོད་དབེན་པའི་གནས་རྣམས་སུ༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང༔ ཕྱི་ནང་མཆོད་རྫས་ཚང་བར་བྱ༔ ལས་ཀྱི་རིམ་པ་འདི་ལ་འཇུག༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན༔ བགེགས་བསྐྲད་མཚམས་བཅད་བྱིན་དབབ་བརླབ༔ དངོས་གཞི་ལྷ་བསྐྱེད་སྤྱན་དྲངས་བཞུགས༔ ཕྱག་མཆོད་བསྟོད་པ་ཛཔ྄་བཟླ་བ༔ རྗེས་ཚོགས་བསྐུལ་བྱ་ཆད་ཐོ་བསྒྲག༔ ཟོར་འཕང་བརྟན་སྐྱོང་བྲོ་བརྡུང་གཤེགས༔ དེ་ལྟར་ཉེར་གཅིག་ལས་ཀྱི་ཁྲིགས༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ཞེས་གསུངས་པའི་རིམ་པ་བཞིན་སྒྲུབ་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལའང་ཡོ་བྱད་འདུ་བྱ་བ་དང་། ཆོ་གའི་སྦྱོར་བའོ། །དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། དུར་ཁྲོད་ལ་སོགས་ཏེ་དབེན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། རྒྱན་དང་སྤྱན་གཟིགས་དུ་མས་མཛེས་པར་བྱ། སྟེགས་བུ་གཙང་མར་གཏོར་མ་སྨན་རཀ་ཉེར་སྤྱོད་སོགས་དང་། ཇི་ལྟར་བདེ་བར་ཚོགས་མཆོད་རྔ་སིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་བཤམ་མོ། །གཉིས་པ་ལ་བདུན་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། བདེ་བའི་གདན་ལ་བསམ་གཏན་གྱི་གནས་པས་འདུག་སྟེ། རང་ཉིད་ཁྲག་འཐུང་པདྨ་དྲག་པོར་གསལ་བའི་སྙིང་གར་ཟླ་བ་དྲི་མ་མེད་པ་ལ་གནས་པའི་ཧཱུྃ་ཡིག་དམར་པོ་དེ་ལས་བྱུང་བའི་འོད་ཟེར་གྱིས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཧཱུྃ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། མཁའ་མཉམ་འགྲོ་བ་མ་ལུས་པ༔ སྲིད་པའི་མཚོ་ལས་ཡོངས་བསྒྲལ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་ལན་གསུམ། གསུམ་པ་ཡན་ལག་བདུན་པ་ནི། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གསོལ་བ་འདེབས༔ བླ་མེད་མཆོག་གི་དམ་ཚིག་རྣམས༔ བདག་གིས་དེང་ནས་བཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་ཚོགས་བསགས་ཤིང་རྒྱུད་དག་པར་བྱས་ནས། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྟིམ། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་བཤམ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་སརྦ་བིགྷྣཱན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་བསྔོས་ཏེ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གསང་སྤྱོད་ལྟ་བར་མི་དབང་ཞིང༔ བྱང་ཆུབ་སྒྲུབ་ལ་བར་གཅོད་རྣམས༔ མཆོད་སྦྱིན་བཟང་པོས་ཚིམ་བྱོས་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་སྤོས་རོལ་སོགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད་དོ། །ལྔ་པ་མཚམས་བཅད་པ་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་དང་མཚོན་ཆ་སྣ་ཚོགས་པའི་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་སྲུང་མཚམས་རྣམས་རྡོ་རྗེའི་ས་གཞི་ར་གུར་བླ་བྲེ་ར་བ་དྲྭ་བ་བཟོད་པར་དཀའ་བའི་མེ་དང་བཅས་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམས་ལ། ཧཱུྃ༔ ང་ནི་ཡེ་ནས་རང་བྱུང་བའི༔ སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ ཐུགས་ལས་ཁྲོ་ཆུང་མཚོན་ཆ་དང༔ རབ་འབར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱོགས་མཚམས་ཀུན་ཏུ་རབ་ཏུ་གཏམས༔ བར་ཆད་ཀུན་གྱིས་མི་ཕྱེད་པའི༔ གཞོམ་མེད་རྡོ་རྗེའི་གུར་དུ་གྱུར༔ བཛྲ་ཀྲོ་དྷ་ཙཀྲ་རཀྵ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ༔ ཞེས་མཚམས་བཅད་དོ། །དྲུག་པ་བྱིན་དབབ་པ་ནི། ནམ་མཁའ་གང་བའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ་སྤོས་རོལ་གཡབ་དར་གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ བཛྲ་གུ་རུ་ཀྲོ་དྷ་རཱ་ཛ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ་བོ། །བདུན་པ་མཆོད་རྫས་བྱིན་བརླབ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་པཱུ་ཛ་སརྦ་ས་མ་ཡ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་བྱ། སྨན་ཕུད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ལན་བདུན། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ལན་བདུན། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཨོཾ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ལན་བདུན་བརྗོད། ཞེས་མཆོད་རྫས་བྱིན་གྱིས་བརླབ་པའོ། །དེ་དག་ནི་སྔོན་འགྲོའི་ལས་ཀྱི་རིམ་པའོ། །གཉིས་པ་དངོས་གཞི་ལ་བདུན་གྱི་དང་པོ་ལྷ་བསྐྱེད་པ་ནི། ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སྟོང་ཉིད་མཐའ་བྲལ་ནམ་མཁའི་དབྱིངས༔ དེ་ལས་འགག་མེད་སྙིང་རྗེའི་རྩལ༔ ཀུན་ཁྱབ་མཁའ་ལ་འཇའ་ལྟར་ཤར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ རང་རིག་འགྱུར་མེད་ཐུགས་སྲོག་ཧཱུྃ༔ དེ་ལས་ཨེ་ཡཾ་རཾ་ར་སུཾ༔ ཀེཾ་བྷྲཱུྃ་རྣམས་ནི་རིམ་པར་ཆད༔ ནམ་མཁའ་རླུང་མེ་རཀྟའི་མཚོ༔ ཤ་ཆེན་ས་གཞི་ཀེང་རུས་ཀྱི༔ རི་རབ་བང་རིམ་བཞི་པ་རྣམས༔ བརྩེགས་སྟེང་སྣ་ཚོགས་རྡོ་རྗེའི་དབུས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་ཅན༔ འདོད་སྣམ་ཕ་གུ་དྲྭ་ཕྱེད་དང༔ ཤར་བུ་གདུགས་དང་རྒྱལ་མཚན་སོགས༔ རྔམ་བརྗིད་དྲག་པོའི་གཞལ་ཡས་ཀྱི༔ མཚན་ཉིད་ཡོངས་རྫོགས་མཐའ་སྐོར་དུ༔ གཞོམ་མེད་རྡོ་རྗེའི་གུར་ཁང་དང༔ རབ་འབར་མེ་ཡི་ཕྲེང་བས་བསྐོར༔ ལྟེ་བར་སྡེ་བརྒྱད་པད་ཉི་དང༔ རཀྴ་སྲིན་པོ་ཕོ་མོའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་གིས་མཚན་པར་གྱུར༔ དེ་ཉིད་ཡོངས་གྱུར་ཁྲོ་བོའི་རྒྱལ༔ འཇིགས་བྱེད་དྲག་པོ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་རྔམ་བརྗིད་གཟུགས༔ དམར་ནག་བསྐལ་པའི་མེ་ལྟར་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དམར་ཟླུམ་སྤྱན་གསུམ་སྡང་མིག་གཡོ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནི༔ རྩེ་དགུ་ནམ་མཁའི་དབྱིངས་སུ་འཕྱར༔ གཡོན་པ་གནམ་ལྕགས་ཕུར་བུ་ནི༔ རྣོ་དབལ་བགེགས་ཀྱི་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་གིས༔ སྤྲུལ་པའི་ཕོ་ཉ་གྲངས་མེད་འགྱེད༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ དྲག་ཤུལ་ཆེན་པོའི་སྟབས་ཀྱིས་རོལ༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་དང༔ སྟག་ཤམ་ཐོད་ཕྲེང་སྦྲུལ་ཆུན་སོགས༔ དུར་ཁྲོད་འབར་བའི་ཆས་ཀྱིས་སྤྲས༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ མཐིང་ནག་གྲི་གུག་ཐོད་པ་འཛིན༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བདེ་སྟོང་གཉིས་མེད་མཉམ་པར་སྦྱོར༔ ཐུགས་ཀར་པད་ཟླར་ཡེ་ཤེས་སེམས༔ པདྨ་འབྱུང་གནས་དཀར་དམར་མདངས༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་འཛིན༔ མཉེན་ཞུ་གསང་ཕོད་སྣམ་སྦྱར་གསོལ༔ དེ་ཡི་ཐུགས་ཀར་པད་ཉི་ལ༔ ཧཱུྃ་མཚན་རྡོ་རྗེ་སྔགས་ཀྱིས་བསྐོར༔ ཏིང་འཛིན་སེམས་དཔའི་ངོ་བོ་ཉིད༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་ནི༔ མཐིང་ནག་མེ་གཤོག་གཡོབ་ཅིང་རྡེབ༔ དེ་སྟེང་རིགས་བདག་འོད་དཔག་མེད༔ དམར་པོ་མཉམ་གཞག་ཚེ་བུམ་འཛིན༔ ཕྱོགས་ཀྱི་པདྨ་འདབ་བཞི་ལ༔ ཉི་སྟེང་ཧ་རི་ནི་ས་ལས༔ རིགས་བཞིའི་མཁའ་འགྲོ་དཀར་སེར་དམར༔ ལྗང་མདོག་གཞོན་ཚུལ་ལང་ཚོ་རྒྱས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན༔ གཅེར་བུ་བདེ་བའི་གར་གྱིས་རོལ༔ རྩིབས་བཞིར་པད་ཉི་རོ་ཡི་སྟེང༔ ཤར་དུ་ཧཱུྃ་ལས་གསང་བའི་བདག༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་ཡ་ལས་གཤིན་རྗེའི་གཤེད༔ སེར་ནག་ཐོད་དབྱུག་འཁོར་ལོ་འཛིན༔ ནུབ་ཏུ་ཧྲཱིཿལས་རྟ་མཆོག་དཔལ༔ དམར་ནག་བེ་ཅོན་ཞགས་པ་འཛིན༔ བྱང་དུ་ཀྵ་ལས་མེ་དབལ་ནི༔ སྨུག་ནག་ཐོ་བ་ལྕགས་ཀྱུ་འཛིན༔ ཀུན་ཀྱང་རྔམ་བརྗིད་ཁྲོ་བོའི་ཚུལ༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ བསྐལ་པའི་མེ་དཔུང་འབར་བའི་ཀློང༔ ཁྲག་འཐུང་འདུས་པའི་ངོ་བོར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས༔ སྤྱི་བོར་དཔའ་བོ་འབྲུ་ལྔ་སྟེ༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་པས་གསལ་གདབ་ཅིང་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་བསམས་ལ། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ དེ་ཉིད་ཞི་བའི་ངང་ཉིད་ལས༔ ཐུགས་རྗེས་གདུག་པ་བསྒྲལ་བའི་ཕྱིར༔ ཁྲག་འཐུང་ཁྲོ་བོར་རོལ་པ་ལས༔ ཆེ་མཆོག་དྲག་པོ་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་བཛྲ་ཀྲོ་དྷ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཞེས་རོལ་མོ་དབྱངས་དང་བཅས་པས་སྤྱན་དྲངས། གསུམ་པ་བཞུགས་གསོལ་ནི། དུར་ཁྲོད་གནས་མཆོག་ཉམས་དགའ་བར༔ དྲེགས་པ་པདྨ་ཉི་ཟླའི་སྟེང༔ དབང་དྲག་རོལ་པའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགག་མེད་ཁྲོ་གཏུམ་གར་གྱིས་རོལ༔ ཟིལ་གནོན་པདྨ་ཐོད་ཕྲེང་རྩལ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་ནི། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཟིལ་གནོན་ཁྲོ་རྒྱལ་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་འབུལ་བ་ནི༔ མེ་ཏོག་ལ་སོགས་ཕྱི་མཆོད་དང༔ འདོད་ཡོན་སྣ་ལྔ་ནང་གི་རྫས༔ གཉིས་མེད་འཁྲིལ་སྦྱོར་བདེ་བའི་མཆོག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ ཉོན་མོངས་རྣམ་དག་རཀྟའི་མཚོ༔ དམ་རྫས་དཔལ་གྱི་གཏོར་མ་དང༔ སྤྲོས་བྲལ་ཀ་དག་དོན་དམ་སྟེ༔ འཁོར་འདས་ཕྱི་ནང་མཆོད་པའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་བཛྲ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ མ་ཧཱ་རཀྟ་པཱུ་ཛ་ཧོ༔ མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧོ༔ དྷརྨཱ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཨཱཏྨ་ཀོ྅་ཧཾ༔ ཞེས་པ་ཙམ་མམ་རྒྱས་པའི་ཕྱོགས་ལ་མོས་ན་ཕྱི་ནང་གི་མཆོད་པ་རྣམས་ཐ་དད་དུ་ཕྱེ་ནས་འབུལ་ཚིག་ཆོ་ག་རིགས་མཐུན་གཞན་ནས་སྦྱར་ཀྱང་མི་འགལ་ལོ། །དྲུག་པ་བསྟོད་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ༔ མཁའ་ལྟར་ཀུན་ཁྱབ་ཁྱོད་ལ་ཕྱག་འཚལ་བསྟོད༔ གང་ཐུགས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ སྙིགས་དུས་ལོག་འདྲེན་གདུག་པ་འདུལ་བའི་ཕྱིར༔ རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུར༔ སྟོན་མཛད་ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔ མི་བཟད་འཇིགས་གཟུགས་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་ཕཊ་རྔམ་སྒྲས་བདུད་དཔུང་སྙིང་རྩ་བསྲེག༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དྲུག་དབྱིངས་སུ་འདྲེན༔ ཆེ་མཆོག་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་གཏུམ་དྲག་ཉམས་བརྒྱར་འབར༔ ཐོད་སྐམ་དབུ་རྒྱན་དོ་ཤལ་སྦྲུལ་ཆུན་དང༔ གླང་ཆེན་ཞིང་ལྤགས་སྟག་ཤམ་རྒྱན་དུ་མཛད༔ ཆེ་བའི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རྡོ་རྗེས་མཐའ་ཡི་དམག་དཔུང་ཟློག༔ ཕྱག་གཡོན་ཕུར་བུས་ལོག་འདྲེན་སྙིང་ལ་གཟིར༔ ལྕགས་སྡིག་ཕོ་ཉས་རྒྱལ་འགོང་ཟས་སུ་ལེན༔ མ་རུངས་བདུད་དཔུང་འདུལ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ རིགས་བཞིའི་མཁའ་འགྲོ་གསང་བདག་གཤིན་རྗེ་དང༔ རྟ་མགྲིན་མེ་དབལ་ལ་སོགས་གྲངས་མེད་འཁོར༔ ཆུ་ཟླའི་རོལ་པར་སྟོན་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པར་བྱའོ། །བདུན་པ་ཛཔ྄་ལ་རིག་འཛིན་བསྐུལ་བ་དང་། ཛཔ྄་དངོས་ལས། དང་པོ་ནི། ཧཱུྃ༔ བདེ་ཆེན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྷོ་ཕྱོགས་རི་བོ་ཏ་ལ་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྔ་ཡབ་པདྨ་འོད་ཞིང་ནས༔ རིག་འཛིན་པདྨ་འབྱུང་གནས་ཀྱང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ནས༔ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ཡང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འགྱུར་མེད་བདེ་ཆེན་ཕོ་བྲང་ནས༔ སྒྲ་སྒྱུར་བཻ་རོ་ཙ་ན་ཡང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ནས༔ ཆོས་རྒྱལ་གཏེར་བདག་གླིང་པ་ཡང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འོག་མིན་ཁྱབ་བརྡལ་ཞིང་ཁམས་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉི་ཤུ་རྩ་བཞིའི་གནས་ཡུལ་ནས༔ དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཡང༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཡུན་རིང་དུས་ནས་བསྙེན་པའི་ལྷ༔ སྐུ་ནི་མི་བཟད་འཇིགས་ཚུལ་ལྡན༔ གསུང་དབྱངས་བཟླས་པས་རྒྱུད་བསྐུལ་ན༔ ཐུགས་ཀྱི་བརྩེ་བས་བདག་ལ་དགོངས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་འདུས་པའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བསྐུལ་ལོ། །གཉིས་པ་ནི། ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འོད་འཕྲོས་སྟོང་གསུམ་འཇིག་རྟེན་གང༔ རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ དྲེགས་པ་ཚར་བཅད་ནུས་མཐུ་འཕྲོག༔ བདག་ཐིམ་ཆེ་བཙན་ཟླ་བྲལ་གྱུར༔ ང་རྒྱལ་ཆེར་སྐྱེད་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ༔ དེ་རྟགས་མཐོང་ནས་ལས་སྔགས་གདགས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ རྟགས་མཐོང་སྤུ་གྲི་མཚོན་ཆ་སྦྲེལ༔ ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཀྴ་ཧཱུྃ་ཕཊ༔ རཱ་ཛ་ཆེ་གེ་མོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྦྲེལ་སུམ་འབུམ་ཉི་ཁྲི་ཆིག༔ མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ དེ་ནས་འཁོར་སྔགས་འདི་དག་བཟླ༔ བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ༔ སོ་སོའི་ཐུགས་ཀར་སྤྲོ་བསྡུ་ཡི༔ དམིགས་པ་སྦྱར་ཏེ་རིམ་བཞིན་བཟླ༔ དེ་ནས་ཡང་གསང་དྲིལ་སྒྲུབ་ནི༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་འཕྲོས་སྣང་སྲིད་ཧཱུྃ་གིས་གང༔ ཐམས་ཅད་དྲག་པོའི་ངར་སྒྲ་སྒྲོག༔ མ་དག་དངོས་འཛིན་ཐམས་ཅད་སྦྱངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་རོལ་ཧཱུྃ་རྣམས་རང་སྒྲར་བཅས༔ མགྲིན་པའི་ལམ་ནས་ལུས་ནང་ཞུགས༔ ཏིང་འཛིན་ཧཱུྃ་ལ་སིབ་སིབ་ཐིམ༔ ཆོས་ཀུན་རང་རིག་ངོ་བོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ སླར་ཡང་ཧཱུྃ་ཡིག་ལས་མཐུན་མདོག༔ ཕྱིར་འཕྲོས་ཞི་རྒྱས་དབང་དྲག་གི༔ གང་འདོད་ལས་བསྒྲུབས་ཧཱུྃ་ལ་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ་ཐུགས་ཀྱི་སྒྲུབ་པའི་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་དག་ནི་དངོས་གཞིའི་ལས་ཀྱི་རིམ་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན་གྱི་དང་པོ་ཚོགས་མཆོད་ལ་བཤམ་ཞིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་པ་བདུད་རྩིས་བསང་གཏོར་བྱས་ལ། ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས༔ མ་དག་ཉེས་སྐྱོན་བསྲེགས་གཏོར་སྦྱངས༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔའི་དམ་ཚིག་འདོད་ཡོན་རྫས༔ ཟག་མེད་ནམ་མཁའ་གང་བར་བསམ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཨོ་རྒྱན་ཡུལ་དང་རྔ་ཡབ་གླིང༔ ལངྐ་དཔལ་གྱི་ཕོ་བྲང་ནས༔ ཆེ་མཆོག་པདྨ་དྲག་པོའི་ཚོགས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ནམ་མཁའ་གང་བར་སྤྱན་དྲངས། ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འདི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླའོ། །ཐ་མ་བསྒྲལ་བསྟབ་ནི། བྲུབ་ཁུང་དུ་དམིགས་བྱའི་རཱུ་པ་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཆེ་མཆོག་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྒྲུབ་སྔགས་ཀྱི་ཤམ་བུར། ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿ ཞེས་པས་དགུག་གཞུག་བཅིངས་ཏེ་མགོན་མེད་སྐྱབས་བྲལ་ཉམ་ཐག་གི་རྣམ་པར་བསམ་ཞིང་། བདག་ཉིད་ཆེ་མཆོག་དྲག་པོའི་ཏིང་འཛིན་གྱིས་ཕུར་པ་མེ་དབལ་དུ་གསལ་བ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བཏབ་ལ། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུག༔ ལས་བྱེད་ཕོ་ཉར་བཅས་པ་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཞིང་བཅུའི་དགྲ་དང་བགེགས་རྣམས་ཀྱི༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བཤིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་རྦད༔ སྙིགས་མའི་ཤ་ཁྲག་བདུད་རྩིར་སྤར་ལ་བསྟབ་པ་ནི། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དོན་སྙིང་ནང་ཁྲོལ་བཅས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཚོགས་ལ་རོལ་པ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་འགྲོལ་ཕྱིར་བརྡ་དང་བརྡ་ཡིས་འབུལ་ལན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་རང་ལུས་ཀྱི་དཀྱིལ་འཁོར་ནང་གི་བསྲེག་བླུགས་ཀྱི་དགའ་བས་མཉེས་ཤིང་ཚིམ་པར་བྱ་སྟེ། དེ་ནས་གསལ་བ་གསུམ་ལྡན་གྱིས༔ ནང་གི་སྦྱིན་སྲེག་ཡང་དག་རོལ༔ ཞེས་པ་བཞིན་ནོ། །ལྷག་གཏོར་ནི། ལྷག་མ་རྣམས་བསྡུས་ལ་སློབ་དཔོན་གྱི་ཁ་ཕྲུ་བཏབ་ནས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་འབྱུང་པོ་ཟས་ཚོལ་བ་རྣམས་ལ་སྦྱིན། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དབང་དྲག་འབར་བ་དཔལ་གྱི་ཕོ་ཉར་བཅས༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ སྙིགས་དུས་གདུག་ཅན་དགྲ་བགེགས་འབྱུང་པོའི་དཔུང༔ བོད་ཁམས་འཕུང་བྱེད་སྡེ་དང་བཅས་པ་རྣམས༔ རྫུ་འཕྲུལ་མཐུ་སྟོབས་ནུས་པས་ཚར་ཆོད་ལ༔ ཡང་དག་ལམ་གྱི་བདེ་ཆེན་རྒྱས་པར་མཛོད༔ ཅེས་ལྟ་བའི་བརྟུལ་ཞུགས་དང་བསྒོམ་པའི་གསལ་སྣང་མ་བྲལ་བའི་ང་རྒྱལ་གྱིས་བསྐུལ་ལོ། །གསུམ་པ་ཆད་ཐོ་བསྒྲག་པ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་པ་རྡོ་རྗེའི་འགྲོས་ཀྱིས་ཕྱི་སྣུར་དུ་བཞག །སྨན་དང་རཀྟ་བྲན། འབྲུ་གསུམ་གྱིས་བྱིན་བརླབས་བྱས་ལ། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བདག་ནི་སློབ་དཔོན་དེ་ཡི་བརྒྱུད༔ ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན༔ སྔོན་ཚེ་ཁས་བླངས་བཀའ་མ་བཅག༔ ད་ལྟ་རིག་འཛིན་དམ་མ་འདྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ་ལོ། །བཞི་པ་ཟོར་འཕང་བ་ནི། ལས་རིམ་རྒྱས་པའི་ཕྱོགས་ལ་ཟོར་ལས་གཞན་དུ་བཤད་པ་ལས་ཤེས་ཤིང་། དཀྱུས་ཀྱི་ཆོ་ག་ལ་ཆད་ཐོའི་གཏོར་མ་དེ་ཉིད་མཐར་ཟོར་དུ་བསྐུལ་བ་འདི་སྐད་ཅེས། ཧཱུྃ༔ ང་ནི་ཆེ་མཆོག་ཐོད་ཕྲེང་རྩལ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན༔ འཇིག་རྟེན་འདས་དང་མ་འདས་པའི༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན༔ རང་རང་ཕོ་ཉའི་དམག་སྡུས་ལ༔ དེ་རིང་དགྲ་བགེགས་སྟེང་དུ་དྲོངས༔ རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས༔ དྲག་རྩལ་མཐུ་དང་དཔུང་སྐྱེད་ལ༔ དགྲ་བགེགས་སྡིག་ཅན་འཁོར་བཅས་ཀྱི༔ གཟུགས་ཕུང་ཐལ་བའི་རྡུལ་བཞིན་བཤིག༔ རྣམ་ཤེས་ཚངས་པའི་ལམ་ནས་དྲོངས༔ རིག་པ་སྐྱེ་མེད་དབྱིངས་སུ་སྤོར༔ དུས་ལ་བབ་པོ་མཐུ་རྩལ་སྐྱེད༔ མཱ་ར་ཡ་རྦད་བྷྱོ་ཟློག༔ ལྔ་པ་བརྟན་མ་བསྐྱང་བ་ནི། སྔར་གྱི་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབ། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བརྟན་མ་བསྐྱང་། དྲུག་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམས་ལ་རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སཏྭམྦྷ་ཡ༔ རྡོ་རྗེའི་བྲོ་ཡིས་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བྱའོ། །ས་བཅད་བདུན་པའི་ཁོངས་ནས་བསྟན་པའི་ལས་རིམ་ལ་ལྔ་ལས། དང་པོ་དངོས་གྲུབ་བླང་བ་ནི། གཏོར་དབང་གི་མན་ངག་བཞིན་ཏེ། གཏོར་སྐྱོང་བྲོ་བརྡུང་བྱས་པའི་རྗེས་དེ་ཉིད་དུ་ནང་དུ་ལོག་ནས། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྩལ་ཞིང་ཐོབ་པར་བསམས་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་དབང་སྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ཅེས་དབང་ནོད་ཅིང་ལྷ་འོད་དུ་ཞུ་བའི་དམ་རྫས་དངོས་གྲུབ་ཏུ་རོལ་ལོ། །གཉིས་པ་བཟོད་པར་གསོལ་བ་ནི། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང༔ གང་ཡང་ནུས་པ་མ་མཆིས་པས༔ འདིར་ནི་བགྱི་བ་གང་ནོངས་པ༔ དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས༔ ཞེས་བཟོད་གསོལ་བྱའོ། །གསུམ་པ་གཤེགས་སུ་གསོལ་བ་ནི། དབང་དོན་གྱི་དཀྱིལ་འཁོར་སོགས་དང་འབྲེལ་ན་དེའི་ཡེ་ཤེས་པ་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་གཤེགས་གསོལ་བྱའོ། །སྤྲུལ་པ་བསྡུ་བ་ནི། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤར༔ འགག་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རང་གི་སྙིང་གར་བསྡུས་ཏེ་འོད་གསལ་སྟོང་ཉིད་དམིགས་པ་མེད་པའི་ངང་ལ་མཉམ་པར་བཞག །སླར་ཡང་དྲན་རིག་་མ་ཧཱ་གུ་རུའི་སྐུར་ལངས་ཏེ་སྤྱོད་ལམ་བསྐྱང་ངོ་། །བཞི་པ་སྨོན་ལམ་གདབ་པ་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། ཁྲག་འཐུང་པདྨ་དྲག་པོ་ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ལྔ་པ་བཀྲ་ཤིས་བརྗོད་པ་ནི། ཨོཾ༔ བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོའི། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པར་བྱའོ། ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་འདི་ནི་གཅུང་ལོ་ཙཱ་བ་མང་ཐོས་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་བསྐུལ་བ་ལས་གཏེར་བྱོན་ལས་ཀྱི་བྱང་བུ་དོན་ཚན་ཉེར་གཅིག་པའི་དགོངས་པ་ཇི་ལྟ་བ་ལ་ཁ་སྐོང་འགའ་ཞིག་བསྡེབས་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་་གྲོལ་གླིང་གི་ཆོས་གྲར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ།། །།ཾ

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཁྱད་པར་འཕགས་པའི་རིག་འཛིན་གྱི་ལས་ཚོགས་ལྷ་སྲིན་དམ་བསྒྲག་རྡོ་རྗེའི་རི་དབང་གི་ཟུར་རྒྱན་ངོ་མཚར་རྡོ་རྗེའི་འཕྲུལ་མིག་ (Volume 43, Text 17)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཁྱད་པར་འཕགས་པའི་རིག་འཛིན་གྱི་ལས་ཚོགས་ལྷ་སྲིན་དམ་བསྒྲག་རྡོ་རྗེའི་རི་དབང་གི་ཟུར་རྒྱན་ངོ་མཚར་རྡོ་རྗེའི་འཕྲུལ་མིག་ཅེས་བྱ་བ་བཞུགས། ། མཁའ་ཁྱབ་ཐུགས་རྗེའི་སྤྲིན་ཆེན་ལས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཆར། །བསྟན་འགྲོའི་སྙིང་གི་དཔྱིད་སྨིན་པའི། །གུ་རུ་ཁྱད་འཕགས་རིག་འཛིན་རྒྱལ། །སྔོན་བྱོན་སྟོན་པའི་རྣམ་པར་ཐར། །རྗེས་འཇུག་གྲུབ་པས་ཉམས་བླངས་ན། །སྙིགས་དུས་ཕན་བདེའི་གསོས་འགྱུར་ཕྱིར། །ཟབ་གཏེར་མན་ངག་སྤྲོས་ཏེ་འཆད། །དེ་ཡང་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་རིག་འཛིན་རྩལ་འཆང་ཡབ་སྲས་ཀྱི་ཟབ་གཏེར་གཅིག་དྲིལ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །གུ་རུ་ཁྱད་པར་འཕགས་པའི་རིག་འཛིན་གྱི་ལས་མཐའ་བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ལ། བྱེད་པ་པོའི་གང་ཟག་ནི། བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་གཏེར་བྱོན་བཀའ་ནན་རབ་བརྗིད་ལས། ཨོ་རྒྱན་བརྒྱུད་འཛིན་རྣལ་འབྱོར་པས༔ ཞེས་པ་ལྟར་གུ་རུའི་ལུང་གིས་བསྔགས་པའི་རྒྱལ་ཚབ་དང་། དེའི་གདུང་རིགས་ནུས་ལྡན་དང་། རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སུ་རུང་ཞིང་བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པས། བྱ་བའི་དགོས་པ་ནི། མ་འོངས་སྙིགས་མ་ལྔ་སྤྱོད་དུས༔ ཉོན་མོངས་དུག་ལྔའི་རང་སྐྱོན་གྱིས༔ ནད་མཚོན་མུ་གེས་རང་སྲོག་འདོར༔ བོད་ཁམས་སྡུག་བསྔལ་སྤྱོད་པའི་ཚེ༔ དམག་དཔུང་གདུག་པས་འཚེ་བ་འམ༔ སད་སེར་ལོ་དགྲ་འབྱུང་འགྱུར་རོ༔ ནད་བདག་ངེས་མེད་རིམས་འབེབ་ཅིང༔ ནད་ངན་གདུག་པས་ཉེན་གྱུར་ན༔ ཡུལ་ཁམས་གྲོང་ངམ་གྲོང་བརྡལ་དུ༔ སྲུང་ཟློག་ཞི་བར་བྱ་འདོད་ན༔ ཞེས་པའི་ཕྱིར་དང་། དུས་ནི། ཡུལ་གསར་འཛིན་ནམ་ལས་སྒོ་འབྱེད༔ མཁར་བརྩེགས་ཀླུ་འདུལ་སྲི་འུ་གསོ༔ བྱ་བ་གང་དང་གང་བྱེད་ཀྱང༔ ཞེས་དང་། དུས་དང་གཟའ་སྐར་ཤིས་པའི་ཚེ༔ ཞེས་པ་ལྟར། དེ་དག་གི་སྐབས་སམ། ཟབ་གཏེར་གྱི་སྒོ་འབྱེད་པ་དང་། གནས་ཆེན་བྱིན་འབེབ་ཀྱི་སྐབས། སྤྲེལ་ལོ་སྤྲེལ་ཟླའི་ཡར་མར་གྱི་ཚེས་བཅུ་སོགས་དུས་ཚེས་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན་ལས་རིམ་ལ་འཇུག་གོ །དམ་བསྒྲག་གི་གནས་ནི། སྦས་པའི་གནས་དང་རི་ཡི་རྩེ༔ ཕོ་བྲང་མཁར་གྱི་ཡང་ཐོག་སོགས༔ ས་ཕྱོགས་ཐམས་ཅད་མཐོང་བ་དང༔ གཉན་ཞིང་བཀྲ་ཤིས་གནས་མཆོག་ཏུ༔ ཞེས་གསུངས་པ་ལྟར་འགལ་རྐྱེན་བྲལ་ཞིང་མཐུན་རྐྱེན་རྣམས་ཚོགས་སར་བྱ་ལ། ཇི་ལྟར་བྱ་བའི་ལས་རིམ་ནི། ཚུལ་འདི་ལྟ་བུའི་ཆོ་ག་ཚད་ལྡན་ནི་ཁེ་ཉེན་ཆེ་བའི་ལས་ཡིན་པས་ན་ཐོག་མར་སྣ་སེལ་དུ། འབུམ་སྡེ་ལྔ། སྲོག་བསླུ། ཉེའུ་འདོན་པ། སྒྲོལ་མ་མཎྜལ་བཞི་ཆོག །སཱཙྪ་གདབ་པ། ཕུད་རབས་རྒྱས་པ། བཤགས་རྒྱུད་དང་དོང་སྤྲུགས་ཀྱི་ཆོ་ག །རྩ་གསུམ་ཚོགས་སྐོང་སོགས་རྒྱས་པར་བསྒྲུབ། བྱེ་བྲག་ཏུ་དམག་ཟློག་ལ་མ་གཤིན་ཕུར་གསུམ་གྱི་མདོས་ཟློག །གདུགས་དཀར། གཙུག་ཏོར་རྣམ་རྒྱལ། སྟོབས་པོ་ཆེ། གཟུངས་གྲྭ་ལྔ། ཕྱིར་ཟློག །སྡོང་རྒྱན་སོགས་མདོ་གཟུངས་སྒྲོག །སད་སེར་ལོ་ཉེས་སྲུང་བར་གཏེར་བུམ་སྒྲུབ་པ། ཀླུ་མཆོད་དང་ཀླུ་གཏོར། ནོར་རྒྱུན་མའི་གཟུངས་མདོ་སྒྲོག །ནོར་ལྷ་དང་ཞིང་ལྷ་མཆོད། གཡང་སྒྲུབ་དང་ཛཾ་གཏོར་གཏང་། ནད་ཡམས་སྲུང་ཟློག་ལ་གཙུག་ཏོར་ནག་མོ་དང་མ་མོའི་མདོས། བརྟན་མའི་མདོས་ཆེན། བརྒྱ་བཞི། ཁ་འབར་དཀར་ནག་ཁྲ་གསུམ། དཀར་དམར་གྱི་གསུར། དམ་སྲི་དང་ཤི་འདྲེའི་གླུད་བསྔོ། ལོ་གྱོན་མའི་གཟུངས་སྒྲུབ་རྣམས་ལེགས་པར་བསྒྲུབ། ལས་རིམ་དངོས་ནི། དཀྱིལ་འཁོར་གང་ལ་བསྟེན་པའི་མཆོད་པ་དང་གཏོར་ཚོགས་རྣམས་དང་། ཁྲུས་དཀྱིལ་དང་ཡོ་བྱད་སྦྱོང་གཏོར། བསང་བརྔན་གྱི་གཏོར་མཆོད་བསང་རྫས་དཀར་མངར་གཡུ་ཁྲག་གི་གསེར་སྐྱེམས། སྡེ་བརྒྱད་སྤྱི་མདོས་སམ་ཁེངས་མདོས་ཀྱི་བཅའ་ཚོགས་རྒྱས་བསྡུས། གྲོ་ལོད་ཀྱི་ཟློག་གཏོར་དང་ཟོར་རྫས་ཟན་ལིང་ཐུན་རྫས་སྒྲོལ་ཆས། སྡེ་བརྒྱད་ཀྱི་ཟོར་གཏོར་སོགས་འོག་ཏུ་དགོས་པ་རྣམས་ཚོགས་པར་བྱས་ནས། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལམ། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུའི་བླ་སྒྲུབ་གང་རུང་ལ་བསྟེན་པའི་བསྐྱེད་བཟླས་ཚོགས་སྐོང་ཞག་བདུན་དང་གསུམ་སོགས་ཇི་ལྟར་རིགས་པས་གཞུང་བསྲངས་ཏེ། དེ་དག་གི་སྐབས་སུ་བྱེ་བྲག་ཁྱད་འཕགས་རིག་འཛིན་གྱི་བསྐྱེད་བཟླས་ཡང་ཡང་བྱ་ཞིང་། གཞུང་གསལ་རྩ་བའི་བསྙེན་དམིགས་དང་། ཁྱད་པར་རང་འདྲའི་ཡེ་ཤེས་སྐུ་གཉིས་པ༔ དཔག་མེད་ཉི་ཟེར་རྡུལ་ལྟར་སོགས་ཀྱི་དམིགས་བཟླས་དང་། རེས་འགའ་ཀུན་ལ་སྙིང་རྗེ་སྐྱེད༔ རེས་འགའ་སྟོང་ཉིད་ཕྱག་རྒྱས་གདབ༔ ཅེས་པ་རྣམས་གནད་དུ་བསྣུན་ཏེ་རྟགས་ཐོན་པར་བྱ། ཡང་གློ་བུར་དུ་བྱེད་དགོས་པ་བྱུང་ན་ཁྱད་འཕགས་རིག་འཛིན་སྒོམ་རིམ་ལ་ཕྲིན་ལས་སྙིང་པོའི་ལས་ཆིངས་སྦྱར་བ་ཁོ་ན་གཏང་ཡང་མི་རུང་བ་ནི་མེད་དོ། ༈ །དམ་བསྒྲག་དངོས་ལ་རྒྱས་པ་ཉིན་གསུམ་དུ་བྱས་ན་ལེགས་པས། དང་པོ་ཞི་བས་བརྔན་པའི་དམ་བསྒྲག་པ་ནི། ལས་གཞུང་གང་ཡིན་སྤྱི་དང་། བྱེ་བྲག་ཁྱད་འཕགས་རིག་འཛིན་གྱི་གཞུང་བསྲངས་རྗེས། ཁྲུས་ཆོག་ཟླ་བའི་བདུད་རྩིའི་བུམ་སྒྲུབ་ལྟར་ཁྲུས་བུམ་ལེགས་པར་བསྒྲུབས། གལ་ཆེ་ན་གཟུངས་སྔགས་རྣམས་དགེ་སློང་བཞི་སྡེ་སོགས་ཀྱིས་གྲངས་བསགས། སྐུ་གསུང་ཐུགས་རྟེན་བྱིན་ཅན་ལ་མཆོག་ཁྲུས་གསོལ་ནས་ཁྲུས་བུམ་དུ་བླུགས། ཐུགས་སྒྲུབ་བསང་བརྔན་འདོད་དགུའི་རྒྱ་མཚོ་རྒྱས་པར་གཏང་དགོས་པས་བྱིན་རླབས་ནས་མགྲོན་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་བཏང་ཞིང་། གསེར་སྐྱེམས་རྩ་གསུམ་ཀུན་འདུས་དང་སྡེ་བརྒྱད་མཆོད་པ་རྒྱས་པར་བཏོན་ལ་དངོས་གཞིའི་ས་བཅད་དང་པོའི་ས་ཁོངས་གཟུང་། དེ་རྗེས་བླ་གབ་མེད་པ་རི་ཀླུང་དང་ཡུལ་ལྷ་ཀུན་མཐོང་བའི་སར་ཕྱིན་ལ། དང་པོ་ཉེས་ཚོགས་བཀྲུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྗོངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་མངའ་བསྒྱུར་བའི་ཡུལ་ལྷ་གཞི་བདག་གནས་བདག་གཉུག་མར་གནས་པའི་དཀར་ཕྱོགས་ཀྱི་ཟོ་དོར་ཆེན་པོ། རྒྱ་བལ་འབྲས་འབྲུག་སོགས་ཀྱི་སྐབས་ཐོབ་དམིགས་བསལ་ཁ་བསྒྱུར།་་་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། ཡ་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག །གངས་ཆེན་ཉེར་གཅིག །བྲག་ཕུག་བརྒྱད། ཕྱོགས་བཞིའི་བྲག་རི། མཚོ་ཆེན་བཞི། ལུང་ལྔ། ལྗོངས་གསུམ། འབྲོས་ཡུལ་བཞི་ལ་སོགས་པ། མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། གཉན་ཆེན་སྡེ་བཞི། སྒང་དྲུག་གཞི་བདག་བཅུ་གཉིས། ཆུ་བཞིའི་དགེ་བསྙེན་བཞི་སོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཞི་གནས་གཏེར་བདག །མཆེད་དང་རིགས་སྲས་བཙུན་མོ་བློན་འབངས་འཁོར་དང་ཡང་འཁོར་བཅས་པ་ཐམས་ཅད་དང་། གཞན་ཡང་འཛམ་གླིང་ཐ་གྲུ་ཁོ་ར་ཁོར་ཡུག་གི་ས་ཆུ་རྡོ་ཤིང་གཉན་པ་ལ་གནས་པ་རྣམས་དང་། ཁྱད་པར་ཕོག་ཐུག་འཁོན་གྲིབ་སོགས་ཀྱི་ཉེས་པས་ཕོག་པ་ཐམས་ཅད། དག་བྱེད་ཁྲུས་ཀྱི་ཆོ་གའི་མགྲོན་འདིར་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདུས་ཤིང་ཁྲུས་ཀྱི་བྱ་བ་ལ་དགྱེས་ཤིང་གུས་པས་འཁོད་པར་གྱུར་ཅིག །སརྦ་བྷཱུ་མི་པ་ཏི་ལོ་ཀ་པ་ལ་ཨཱ་ཀརྵ་ཡ་ཛཿ གཉིས་པ་ཐུགས་དམ་བསྐུལ་བ་ནི། སློབ་དཔོན་འཁོར་འདས་ཡོངས་ཀྱི་རྗེ་བཙན་མ་ཧཱ་གུ་རུ་ཁྱད་པར་འཕགས་པའི་རིག་འཛིན་སྐུས་སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་ཟིལ་གྱིས་གནོན་པ། གསུང་གི་དྲག་སྔགས་ལྡིར་བས་དྲེགས་པའི་སྲོག་སྙིང་འདྲེན་པ། ཐུགས་མི་གཡོ་མཁའ་ཁྱབ་ཀྱི་དགོངས་རྩལ་རྫོགས་པས་དྲེགས་བྱེད་ཨར་ལ་གཏོད་པ། ཞི་ཁྲོ་སྤྲུལ་པའི་འཁོར་ལོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུའི་འཕྲོ་འདུ་གློག་ལྟར་འབྱེད་པའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་དང་། ལས་བྱེད་ལས་བཞིའི་གིང་ཆེན་གྱི་ཚོགས་ཕྱོགས་བཅུར་རྡོ་རྗེའི་སེར་དྲག་འབེབས་པ་བཞིན་འཕྲོས་པས། སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཕོ་མོ་རྣམས་རང་དབང་མེད་པར་ཕྱག་རྒྱ་བཞིས་བཏབ་ཏེ་བཀུག་པར་བསམ། རྔ་རོལ་དབྱངས་དང་བཅས་ཏེ། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ སོགས་བཀའ་ནན་རབ་བརྗིད་ལྟར། ཕྱིར་དེངས་ཤིག༔ བར་སྦྱར། བྱང་གླིང་དཔལ་གྱི་རྒྱལ་མཚན་གྱི་བཀའ་ནན་རབ་བརྗིད་སྦྱོར་ན། ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ང་ནི་ཀུན་ཏུ་བཟང༔སོགས་ནས། ཨོཾ་ཨཱཿཧཱུྃ་ས་མ་ཡ༔ བར་སྦྱར། གསུམ་པ་ནག་ཕྱོགས་བསྐྲད་པ་ནི། སྐབས་འདིར་སྦྱོང་ཆས་རྣམས། ཨོཾ་སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ་མཐར་ཧ་ཧོ་ཧྲཱི༔ས་བྱིན་གྱིས་བརླབས། བཀུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་བཀུག་ལ། ཞི་བ་དང་། ཕྱེད་མ། དྲག་པོའི་སྦྱོང་བ། སྲུང་བ་རྣམས་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་བྱ། བཞི་པ་ཁྲུས་ནི། དེ་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སོགས་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་སྣོད་བཅུད་སྤྱི་ཁྲུས་བྱ་བ་ལས། གཞི་བདག་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཀྱི། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་སོགས་སྦྱར་ལ་བཀྲུ། བྱབ་པའི་སླད་དུ་རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་རྡོ་རྗེ་དང་བཅས་པས་བྱབ་པས། གཞི་བདག་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཀྱི། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་སྒོ་གསུམ་གྱི་ནད་གདོན་གྲིབ་དང་མི་གཙང་བའི་རིགས་ཐམས་ཅད་དུ་བ་རླུང་གིས་བདས་པ་ལྟར་བྱབ་པར་བསམ་ལ་དར་དཀར་རྨ་བྱའི་མདོངས་ཀྱིས་བྱབ་སྟེ། ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ སོགས་སྔགས་བཅས་ཟླ་བའི་བདུད་རྩི་ལྟར་ལ། འདོད་གསོལ། ཡུལ་ལྷ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པ་དུག་ལྔ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། ཞེས་བྱབ། སྲུང་བའི་སླད་དུ་དེ་དག་གི་སྒོ་གསུམ་ཕྱིན་ཆད་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ཕྱིར་སློབ་དཔོན་གྱི་ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས་སོགས་ཟླ་བའི་བདུད་རྩི་ལྟར། ཧཱུྃ༔ མ་སྐྱེས་འཇིགས་པ་མེད་པ་ཡི༔སོགས་བརྗོད་བཞིན་རྡོ་རྗེ་ཕྱོགས་ཀུན་ཏུ་རྒྱ་གྲམ་དུ་བཞག་སྟེ། ཡུལ་ལྷ་རྣམས་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཀྱིས་མི་ཚུགས་པར་རཀྵ་རཀྵ་སྭཱ་ཧཱ། ནམ་མཁའ་མེད་པར་གྱུར་ན་ཡང༔སོགས་བདེན་སྟོབས་བརྗོད། དེ་ནས་དགེ་ལེགས་ཤིས་པའི་སླད་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས། སློབ་དཔོན་དང་ལྷན་ཅིག་ཤིས་པ་བརྗོད་པ་དང་ཆབས་ཅིག་ལྷ་ཡི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡིས། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། གསུང་གཙང་གཙང་མར་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། ཁྱེད་རྣམས་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ལ་བདེ་ལེགས་ཤིང་། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོངས་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ན་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་སོགས་ཤིས་བརྗོད་རྒྱ་ཆེར་རོལ་མོ་བཅས་བྱའོ། །བསང་བརྔན་འདོད་དགུའི་རྒྱ་མཚོའི་བསང་རབས། ཀྱཻ༔ དང་པོ་བསང་བྱུང་གང་ནས་བྱུང༔སོགས་གཞུང་བསྲང་ལ། ཆོས་སྦྱིན་གྱི་དབུར། སླར་ཡང་བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྐྱབས་སེམས་ཀྱི་སྡོམ་པ་འཛིན་སྙམ་པས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་དམིགས་པ་སངས་རྒྱས་དཀོན་མཆོག །ཐེག་ཆེན་གྱི་དམ་ཆོས་གླེགས་བམ་བྲག་རི་བརྩེགས་པ་ལྟར་བཞུགས་པ་ཆོས་དཀོན་མཆོག །ཐེག་པ་ཆེན་པོའི་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ལ་འདི་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གཞི་བདག་གནས་བདག་ས་བདག་གི་རིགས་སུ་གཏོགས་པ་ཐམས་ཅད་དུས་འདི་ནས་གཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་བརྗོད་པས། ཁྱེད་རྣམས་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྐྱེས་པར་བསམ། སླར་ཡང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས། དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་བརྗོད་པས། ཁྱེད་རྣམས་ཀྱི་རྒྱུད་ལ་བྱང་སེམས་ཀྱི་སྡོམ་པ་ཐོབ་བྱུང་སྙམ་དུ་མོས་མཛོད། དེ་ནས་རང་གཞན་དགའ་བ་སྒོམ་ཞིང་སྨོན་ལམ་གདབ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་ལྟས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་རང་དགའ་བ་བསྒོམ་པ་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྒོམ་དུ་འཇུག་པ་དང་། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་པ་རྣམས་ཀྱང་བྱ། བསོད་ནམས་འདི་ཡིས༴ ལྷ་ཡང་དུས་སུ་ཆར་འབེབ་ཅིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །འཇིག་རྟེན་བདེ་ཞིང་སོགས་སྨོན་ལམ་གང་ཤེས་གདབ་བོ། །དེ་ཡང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི། །སེམས་ཅན་ཀུན་གྱིས་ལེགས་ཐོབ་ན། །རྫོགས་པའི་སངས་རྒྱས་རྒྱུར་འགྱུར་ཞེས། །མདོ་དང་བསྟན་བཅོས་རྣམས་ལས་གསུངས། །ཞེས་ཁྱེད་རྣམས་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རྒྱུ་བྱང་ཆུབ་སེམས་ཀྱི་ས་བོན་ཐེབས་པ་ཡིན་ལ། དེ་ལྟར་ན་ལམ་བདེན་དམ་པའི་ཆོས་ཀྱི་སྙིང་པོའི་ཚིག་འདི་ཡང་སྦྱིན་པ་ཡིན་པས་ཉོན་ལ་དོན་ཚུལ་བཞིན་དུ་སྒྲུབས་ཤིག །བསང་བརྔན་གཞུང་གི་ཆོས་སྦྱིན། ཨ༔ སྐྱེ་མེད་དབྱིངས་སུ་ལྷུན་གྲུབ་གསལ༔སོགས་ནས། དེ་ཡིས་སངས་རྒྱས་མྱུར་དུ་འགྲུབ༔ བར་བརྗོད་ལ་སྦྱིན་ནོ། །དམ་བསྒྲག་དངོས་ཉིན་རེར་ལན་རེ་བྱ་དགོས་པས། ལྔ་པ་སྡེ་བརྒྱད་སྙིང་ནས་དྲང་ཞིང་བཀུག་པ་ནི། རང་ཉིད་ཁྱད་པར་འཕགས་པའི་རིག་འཛིན་གྱིས་ལྷ་སྲིན་ཐམས་ཅད་དགོངས་པས་གཟིར་བས་ཐམས་ཅད་དཔའ་བཀོང་ང་རྒྱལ་ཆགས། རྒོལ་བའི་ནུས་སྟོབས་ཟད། མཐུ་དང་རྫུ་འཕྲུལ་གཟི་བརྗིད་ཉམས་ཏེ་འདར་ཞིང་འདུད་པར་བསམ་ལ། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་ཡབ༔སོགས་ནས། བཀའ་ཉན་འབངས་སུ་གྱུར༔ ཅེས་དང་། བྱང་གླིང་སྦྱར་ན། ཧཱུྃ༔ ཨོ་རྒྱན་པདྨ་རྒྱལ་པོ་ཡིས༔སོགས་ནས། ས་མ་ཡ་ལ་རྩེན་པར་མཛོད༔བར་སྦྱར། དྲུག་པ་དམ་ཚིག་གི་དཔང་པོ་རྡོ་རྗེའི་མནའ་ཆུ་བྱིན་པར་མོས་ལ། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ནས༔སོགས་ནས་དཀྱུས་ལྟར། བདུན་པ་མདོས་གཏོར་བརྔན་གྱི་སྒོ་ནས་དམ་ལ་གཞག་པ་བྱིན་རླབས་དང་བསྔོ་བ། རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་མཛོད༔བར་བྱས་ལ། བསང་མཆོད་ཀྱི་འདོད་དོན་གསོལ་བ་སོགས་ནས་རྫོགས་རིམ་བར་བརྗོད་པས་མཐར་དབྱུང་ལ། བཀའ་གཏེར་སྲུང་མའི་གཏོར་ཆོག་སྤྱི་བྱེ་གང་དགོས། ལས་གཞུང་གང་ལ་བསྟེན་པའི་ཚོགས་སྐོང་རྒྱས་པར་བྱ་བ་སོགས་ཀྱིས་ལས་མཇུག་བསྡུ་བ་སྟེ་ཞི་བས་བརྔན་པའི་དམ་བསྒྲག་པའོ། ༈ །ཉིན་གཉིས་པ་དྲག་པོས་གཟིར་བའི་དམ་བསྒྲག་པ་ལ། རྩ་གསུམ་གང་བསྟེན་སྤྱི་བྱེའི་ལས་གཞུང་བསྲངས་ཏེ། ཁྲུས་སྒྲུབ་དང་མཆོག་ཁྲུས་བྱ། དངོས་གཞིའི་དང་པོ་གསེར་སྐྱེམས་གཏོང་བས་ས་ཁོངས་གཟུང་བ་བྱས་ལ། རང་གི་སྙིང་ག་ནས་སོགས་བཀྲུ་མགྲོན་སྐྱེད་ཅིང་བཀུག་སྟེ། གཉིས་པ་བསྐུལ་ནི། སློབ་དཔོན་འཁོར་འདས་ཡོངས་ཀྱི་རྗེ་བཙན་སོགས་ནས། ཕྱག་རྒྱ་བཞིས་བཏབ་སྟེ་བཀུག་པར་བསམ་པའི་བར་སྔ་ཉིན་ལྟར་ལ། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔སོགས་དང། ཕྱིར་དེངས་ཤིག༔བར། བྱང་གླིང་གི་སྦྱར་ན། ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ང་ནི་ཀུན་ཏུ་བཟང༔སོགས། ཨོཾ་ཨཱཿཧཱུྃ་ས་མ་ཡ༔བར་བརྗོད། གསུམ་པ་བསྐྲད་པ་ནི། བྱིན་རླབས་དང་ཞི་དྲག་ཕྱེད་མའི་སྦྱོང་བ་སྲུང་བ་བཅས། བཞི་པ་ཁྲུས་ནི། སྣོད་བཅུད་སྤྱི་ཁྲུས་བདེན་སྟོབས་ཤིས་བརྗོད་བར་རྣམས་དང་། སྤྲོ་ན་བྱང་སྡོམ་དང་ཆོས་སྦྱིན་ཡང་སྔ་ཉིན་ལྟར་དང་། ཐུགས་སྒྲུབ་བསང་མཆོད་བསྡུས་པ་བཅས་བྱ། དེ་ནས་སྡེ་བརྒྱད་ཁེངས་མདོས་འཇམ་མགོན་གསུང་ལྟར་མདོས་བྱིན་རླབས་སྤྱན་འདྲེན་ཡན་ཆད་གྲུབ་པ་དང་། ལྔ་པ་སྡེ་བརྒྱད་དྲང་བཀུག་ནི། རང་ཉིད་ཁྱད་པར་འཕགས་པའི་རིག་འཛིན་གྱིས་ལྷ་སྲིན་ཐམས་ཅད་དགོངས་པས་གཟིར་བས་ཐམས་ཅད་དཔའ་བཀོང་ང་རྒྱལ་ཆགས། རྒོལ་བའི་ནུས་སྟོབས་ཟད། མཐུ་དང་རྫུ་འཕྲུལ་གཟི་བརྗིད་ཉམས་ཏེ་འདར་ཞིང་འདུད་པར་བསམ་ལ། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་ཡབ༔སོགས་ནས། བཀའ་ཉན་འབངས་སུ་གྱུར༔ བར་ཆེ་བ་བརྗོད། བྱང་གླིང་སྦྱར་ན། ཧཱུྃ༔ ཨོ་རྒྱན་པདྨ་རྒྱལ་པོ་ཡིས༔སོགས་ནས། ས་མ་ཡ་ལ་རྩེན་པར་མཛོད༔ བར་སྦྱར་མཐར། དྲུག་པ་དམ་གཞག་དངོས་ནི། དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ནང་མཆོད་རྡོ་རྗེའི་རྩེས་འཐོར་ཏེ། དམ་ཚིག་གི་དཔང་པོ་རྡོ་རྗེའི་མནའ་ཆུ་བྱིན་པར་མོས་ལ་བདུད་རྩི་འཐོར་ཞིང་། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ནས༔སོགས་སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་ལ། བདུན་པ་མདོས་གཏོར་བརྔན་གྱིས་དམ་གཞག་ནི། ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ སོགས་སྡེ་བརྒྱད་མདོས་བསྔོ་བྱང་ཤར་ཀླུ་བདུད་བར་དང་། དེ་རྗེས་བཀའ་ནན་རབ་བརྗིད་གཞུང་གི །ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གཞིར་བཞེངས་སོགས་མདོས་སྡུས་གྲངས་བསགས་མཐར། གླུད་བྱིན་རླབས་བཅས། ཀྱཻ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སོགས་ཀྱིས་བསྔོས་མཐར། བརྒྱད་པ་གཟིར་ཞིང་ཆད་ཐོ་བསྒྲག་པས་དམ་གཞག་ནི། དྲེགས་པ་ཐམས་ཅད་མངའ་འབངས་སུ་ཚུད་པ་ལ་མདོས་གཏོར་འདོད་ཡོན་གྱིས་བརྔན་པས་དགའ་མགུ་ཡི་རངས། དམ་ཚིག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་ཐ་ཚིག་བསྒྲགས་ཏེ་ཕྲིན་ལས་བཅོལ་བས་དགའ་བའི་འཛུམ་མདངས་བཅས་ཕྲིན་ལས་ཐོག་མེད་དུ་སྒྲུབ་པར་ཁས་བླངས་པར་བསམ་ལ། སློབ་དཔོན་གྱིས་རྡོ་རྗེ་གདེང་ཞིང་རིག་རྩལ་སྦར་ལ། ལས་བྱང་ཆད་ཐོ་ལན་གསུམ་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུ་ཏ་བཛྲ་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་དང་། དགུ་པ་སླར་ཡང་ནན་གྱིས་དམ་གཞག་ནི། མདོས་ལ་ཁྲག་ཆང་བདུད་རྩིའི་བྲན། གསེར་སྐྱེམས་སྦྲེང་ཞིང་། ཧཱུྃ་བྷྱོ༔ ཉོན་ཅིག་སྣང་སྲིད་སོགས་ནས། རྡོ་རྗེའི་ཐ་ཚིག་བྲོ་བོར་གྱུར༔བར། མཐར་རྫོངས་འདེབས་དང་བཅས། སྡེ་བརྒྱད་ཁེངས་མདོས་ཀྱི། ཀྱཻ༔ ད་ནི་སྣང་སྲིད་དྲེགས་པའི་སོགས་གཤེགས་གསོལ་བཅས་མདོས་རི་རྩེར་བསྐྱལ། སྐུ་གླུད་གནོད་པའི་ཕྱོགས་སུ་གཏང་། དེ་ནས་གཏོར་བསྔོ་དང་། ལས་གཞུང་གི་ཚོགས་སྐོང་སོགས་གང་རྒྱས་ཀྱིས་མཇུག་བསྡུ་བ་ནི་དྲག་པོས་གཟིར་བའི་དམ་བསྒྲག་པའོ། ༈ །ཉིན་གསུམ་པ་ཤིན་ཏུ་དྲག་པོས་ཚར་གཅོད་པ་ལ། སྔ་དྲོ་ལས་གཞུང་སྤྱི་བྱེ་དང་ཁྲུས་སྒྲུབ་སྔར་བཞིན་རྒྱས་པར་གཏང་། ཕྱི་དྲོ་གྲོ་ལོད་ཀྱི་ལས་བྱང་མཆོད་པ་བྱིན་བརླབ་ནས་བརྩམ་མདུན་རྟེན་ཟློག་དཀྱིལ་ལ་དམིགས་པའི་བསྐྱེད་བཟླས་ཐུན་སྔགས་སྟོང་ཚིགས་མཆོད་བསྟོད་དང་། དངོས་གཞིའི་དང་པོ་གསེར་སྐྱེམས་གཏོང་བས་ས་ཁོངས་གཟུང་བ་བྱས་ལ། གཉིས་པ་བསྐུལ་ནི། སློབ་དཔོན་འཁོར་འདས་ཡོངས་ཀྱི་རྗེ་བཙན་སོགས་དང་། བཀའ་ནན་རབ་བརྗིད་ཀྱི། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་སོགས་དང་། བྱང་གླིང་སྦྱར་ན་དེའི་ཆེ་སྐྱེད། ཨོཾ་ཨཱཿཧཱུྃ་ས་མ་ཡ༔བར་དང་། གསུམ་པ་བགེགས་སྦྱོང་། བྱིན་རླབས་ཞི་དྲག་ཕྱེད་མའི་སྦྱོང་བ་སྲུང་བ་བཅས། བཞི་པ་བརྟན་གཡོའི་ཁྲུས་སོགས། སྤྲོ་ན་བྱང་སྡོམ་ཆོས་སྦྱིན་ཡང་བྱ། ཐུགས་སྒྲུབ་བསང་བསྡུས་བཅས་ཀྱི་མཐར། ལྔ་པ་སྡེ་བརྒྱད་དྲང་བཀུག །ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་སོགས་དྲང་འགུགས་དང་། བྱང་གླིང་སྦྱར་ན། ཧཱུྃ༔ ཨོ་རྒྱན་པདྨ་རྒྱལ་པོ་སོགས་དམ་བརྡར་ཕྲིན་གཞོལ་དང་། དྲུག་པ་བདུད་རྩི་དང་། བདུན་པ་དཔལ་གཏོར་སྡེ་བརྒྱད་ཀྱི་བཤོས་བུས་བསྐོར་བ་ལ་བརྟེན་པའི་མདོས་གཏོར་བསྔོ་བ། བརྒྱད་པ་དམ་གཟིར་ཆད་ཐོ་བསྒྲག་པ་སྔགས་དང་བཅས་བཀའ་ནན་རབ་བརྗིད་དཀྱུས་སུ་བཀོད་པ་ལྟར་དམ་བཞག་ལ། དགུ་པ་ནན་གཞག །ཧཱུྃ༔ ཉོན་ཅིག་སྣང་སྲིད་སོགས་ནས། བྲོ་བོར་གྱུར༔བར་བཏང་ནས། གསོལ་ཀ་དང་། ཚོགས་མཆོད་བར་བཤགས་རྗེས། བཅུ་པ་ནག་ཕྱོགས་བཀའ་འདས་དམ་འཁུ་རྣམས་བསྒྲལ་བསྟབ་བྱ་བ་ནི། གྲོ་ལོད་ཟློག་པའི་ལས་གཞུང་གི་བསྐུལ་སོགས་སྨད་ལས་གཞུང་བསྲང་ལ། འགུགས་པའི་བདེན་བརྗོད་སྐབས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རྡོ་རྗེའི་ཐ་ཚིག་བཀའ་ནན་ཕོག་པའི་སྡེ་བརྒྱད་འབྱུང་པོ་མ་རུངས་པ་བཀའ་ལ་མི་ཉན། དམ་ལ་མི་སྡོད་སླར་ལ་འཁུ་ཞིང་གཤེ་བའི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་གསར་སྐྱེས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་སོགས་སྦྱར། ལྷ་སྲིན་ཟིལ་གནོན་སྔགས། བཛྲ་སརྦ་དུཥྚཱཾ་ཨེ་ཡ་མ་ཡ་མ་མ་ཧཱ་དེ་ཝ་ཨ་རུ་དྲ་མུན་མུ་ཐུན་མུ་ཐུཾ༔ ཤུ་ལ་ཛ༔ རཱ་ཙ་ཙ༔ གྷྲྀ་བ་ཙ་ཛ༔ རཀྴ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ཧུར་ཐུམས་ཛ༔ ཞེས་པས་གཟིར། ཕུར་གདབ་ཀྱི་མགོར་བྱང་གླིང་བཀའ་ནན་སྦྱར་ན། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔སོགས་སྔགས་བཅས་དང་། ཧཱུྃ༔ བདག་ཉིད་རིག་འཛིན་དཔལ་ཆེན་པོ༔སོགས་ནས། ཞལ་བསྟབ་སྔགས་ཀྱི་མཐར། ཨཿཡཿམཿདུཿརུ་ཙཿཤཿནཿས་པ་རི་ཝཱ་ར་སརྦ་དུཥྚཱཾ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚཱཾ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཅེས་སྦྱར། ཤིན་ཏུ་རྩུབ་ན་སྡེ་བརྒྱད་སོ་སོའི་སྔགས་གཅུན་པ་དང་ཤི་ས་བསྟན་པ་སོགས་བྱ་བར་གསུངས་ཀྱང་དེ་ཚུལ་ཞལ་ལས་ཤེས་པར་བྱ་དགོས་སོ། །ཚོགས་ལ་རོལ་ཞིང་ལྷག་མ་དང་ཟློག་བྱང་། ལིང་རོས་བྲན་པའི་སྡེ་བརྒྱད་ཀྱི་གཏོར་མ་གྲོ་ལོད་ཀྱི་གཏོར་ཟོར་ནང་དུ་འབུལ་བ། ཟོར་འཕང་བ་སོགས་རྗེས་རིམ་གཏོར་ཟློག་དང་ལས་བྱང་དཀྱུས་ལྟར་བྱ་བ་ནི་ཤིན་ཏུ་དྲག་པོས་ཚར་གཅོད་པའི་དམ་བསྒྲག་པའོ། །སྡེ་བརྒྱད་གནད་ལ་ཆུན་པའི་རྟགས་བྱུང་ན། སླར་ཁྲུས་དང་བསང་དང་གཏོར་མ་སོགས་ཀྱིས་བརྔན་རྒྱ་ཆེར་འབུལ་བ་དང་། རྟེན་འབྲེལ་གྱི་དགའ་སྟོན་མཐའ་རྒྱས་སུ་བྱ་ཞིང་། དེ་ལྟར་བྱས་པའི་དགོས་པ་ནི། ཞི་བས་བརྔན་དང་དྲག་པོས་གཟིར༔ ཤིན་ཏུ་དྲག་པོས་ཚར་གཅོད་པའི༔ མན་ངག་ཁྱད་པར་འཕགས་པའི་མཆོག༔ རྡོ་རྗེའི་བཀའ་ནན་ཆོ་ག་འདི༔ ནུས་ལྡན་གང་གིས་བརྩམས་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་དགུ་འདུ༔ ནག་ཕྱོགས་འབྱུང་པོ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ནར་བརྩོན་པར་བྱ༔ ཞེས་དང་། དེ་ལྟར་བྱས་པར་གྱུར་པ་ན༔ དམག་ཟློག་ནད་རིམས་ཡོད་ན་ཆད༔ དམོད་ངན་ཐུབ་ཅིང་ཟོར་ཁ་བཟློག༔ སད་སེར་ལོ་དགྲ་འབྱུང་མི་འགྱུར༔ ལེགས་པའི་ཡོན་ཏན་བརྗོད་ལས་འདས༔ ལ་སྒོ་ས་འབྱེད་བདེ་བར་འགྱུར༔ ཡུལ་མཁར་འཛིན་ན་བཀྲ་ཤིས་བརྟན༔ གཡུལ་འཐབ་པ་ན་རྒྱལ་བར་འགྱུར༔ བན་སྔགས་མཐུ་བྱེད་ནུས་པ་ཆེ༔ སྲི་དང་ཤི་ཁ་ཆོད་པར་འགྱུར༔ ལོ་ལེགས་འབྲུ་ཕྱུགས་སྨིན་པར་འགྱུར༔ དགེ་ལེགས་ཚོགས་འཕེལ་བདེ་སྐྱིད་འབྱུང༔ ཞེས་གསུངས་སོ། །པདྨའི་ཕྲིན་ལས་ཉིན་མོར་བྱེད་པའི་མཐུ། །ལེགས་བྱས་ཁྱུང་སྔོན་སྐྱེས་འདི་དྲངས་པས་ཀྱང་། །དགེ་ལེགས་ཕན་བདེའི་པདྨོ་རབ་བཞད་པས། །བསྟན་འགྲོ་ལེགས་ཚོགས་སྦྲང་རྩིའི་ཕྱུག་གྱུར་ཅིག །ཅེས་པའང་ལྕགས་སྤྲེལ་སྤྲེལ་ཟླ་དྲུག་པའི་ཚེས་བཅུར་བོད་ཡུལ་བཀྲ་ཤིས་འབྱུང་བའི་གནས་མཆོག་སྤ་གྲོ་སྟག་ཚང་སེངྒེ་བསམ་འགྲུབ་ནས་ལས་སྦྱོར་འདི་བརྩམས་པའི་ཚེ། རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་༧ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རི་ཁྲུས་སོགས་བསྣན་ཏེ་ཟིན་བྲིས་སུ་བཏབ་པ། གངས་ཅན་བདེ་སྐྱིད་དཔལ་ཡོན་རྒྱས་བརྟན་གྱི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །། ༧སྐྱབས་རྗེ་རབ་འབྱམས་རིན་པོའི་བཀའ་དགོངས་བཞིན་སླར་ཞིབ་དཔྱད་ཀྱིས་གསལ་ཁ་ལྟ་བུའི་ཞུ་བཅོས་མང་དུ་སོང་བ་བཅོས་ཉེས་ནོར་འཁྲུལ་སོང་ན་སྙིང་ནས་བཤགས་པ་ཞུ་དག་མཐའ་མའི་སྲི་ཞུ་བ་པད་བཀོད་སྒམ་སྤྲུལ་པས་འབུལ་ལོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཁྱེར་བདེར་བཀོད་པ་ཀུན་བཟང་བདེ་ལམ་ (Volume 57, Text 17)

༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཁྱེར་བདེར་བཀོད་པ་ཀུན་བཟང་བདེ་ལམ་ཞེས་བྱ་བ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཟབ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་རྫོགས་པའི་རིམ་པའི་སྔོན་འགྲོ་རིག་འཛིན་ཉིད་ཀྱི་ཞལ་ལུང་ལས་འབྱུང་བ་མདོར་བསྡུས་ཏེ་ཉམས་སུ་བླང་བ་ལ། ཐོག་མར་ཐོ་རངས་ལྡང་བའི་རྣལ་འབྱོར་ནི། བླ་མ་དང་མཁའ་འགྲོའི་ཚོགས་ཀྱིས་སྔགས་དང་ཌཱ་མ་རུའི་སྒྲས་བསྐུལ་པས་གཉིད་སད་པ་ལ་ཚངས་པའི་གསུངས་དབྱངས་ཀྱིས་འདི་ལྟར་བསྐུལ་བར་མོས་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ མ་རིག་གཏི་མུག་དབང་དུ་མ་སོང་བར༔ རིག་པ་ངར་སྐྱེད་ད་ལྟ་ཡར་ལོངས་ཤིག༔ ཐོག་མེད་དུས་ནས་ད་ལ་ཐུག་གི་བར༔ མ་རིག་ངང་དུ་ཉལ་ཡུན་དེ་ཙམ་ཆོག༔ ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབུངས༔ ད་ལན་འདི་ལ་དོན་གཅིག་མ་གྲུབ་ན༔ དེ་ནས་བདེ་འགྲོའི་སྒྲ་ཡང་མི་ཐོས་པས༔ ད་ལྟ་ཉིད་ནས་དམ་པའི་ལྷ་ཆོས་སྒྲུབས༔ ཞེས་བརྗོད་ལ་རླུང་རོ་བསལ་བས་སྡིག་སྒྲིབ་དག་པར་མོས། སེམས་རང་བབས་ཀྱི་ངང་དུ་ཅི་གནས་གཞག །དེ་ནས་སྔོན་འགྲོ་དངོས་ལ་གཉིས། ཐུན་མོང་བློ་ཆོས་ལ་བསྐུལ་བ་དང་། ཐུན་མོང་མ་ཡིན་པ་ཆོས་ལམ་དུ་སློང་བའོ། །དང་པོ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། ཀྱེ་མ༔ དལ་འབྱོར་རྙེད་དཀའ་ཐོབ་དུས་ཆུད་ཟོས་ན༔ ཕྱིན་ཆད་རིན་ཆེན་འདི་འདྲ་རྙེད་དཀའ་བས༔ ཉིན་དང་མཚན་དུ་རྣམ་གཡེང་མ་གཏང་བར༔ དལ་འབྱོར་དོན་ཡོད་བྱང་ཆུབ་བསྒྲུབ་ལ་བརྩོན༔ གཉིས་པ་མི་རྟག་པ་བསམ་པ་ནི། ཀྱེ་མ༔ སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འཇའ་ཚོན་ལྟར༔ གར་སྐྱེས་ཐམས་ཅད་ངེས་པར་འཆི་ངེས་པས༔ འཆི་བའི་ཚེ་ན་གང་གིས་ཕན་སྐབས་མེད༔ དེ་བས་ཕྱི་མ་ཕན་པའི་འཆི་ཆོས་སྒྲུབས༔ གསུམ་པ་ལས་འབྲས་བསམ་པ་ནི། བདེ་སྡུག་མྱོང་ཚུལ་ཕྲ་མོ་མ་དག་པར༔ དཀར་ནག་གང་བྱས་འབྲས་བུ་ཐམས་ཅད་ནི༔ ལས་འབྲས་ཕྲ་མོ་ཙམ་ཡང་མི་བསླུ་བས༔ དྲན་དང་ཤེས་བཞིན་སྤང་བླང་ཞིབ་འཚལ་ལོ༔ བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། ཁམས་གསུམ་རིགས་དྲུག་མཐོ་དམན་གར་སྐྱེས་ཀྱང༔ སྡུག་བསྔལ་འབའ་ཞིག་མ་གཏོགས་བདེ་བ་མེད༔ དེ་ཕྱིར་འཁོར་བའི་ཆོས་རྣམས་བློ་ལྡོག་ལ༔ ངེས་འབྱུང་དྲན་པས་ཡང་ཡང་སྐུལ་འཚལ་ལོ༔ ཞེས་པ་རེ་རེ་ནས་ཚིག་དལ་བུས་བརྗོད་ཅིང་དོན་སེམས་རྒྱུད་ལ་འབྱོར་ངེས་པ་བྱའོ། །གཉིས་པ་ཐུན་མིན་ཆོས་ལམ་དུ་སློང་བ་ལ་ལྔ། དང་པོ་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་ནི། གནས་ཁང་དག་པའི་ཞིང་གི་བཀོད་པ་དང་ལྡན་པའི་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་ལ་དཀོན་མཆོག་རྩ་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་འགྲོ་བར་མོས་ལ། ན་མོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་དཀོན་མཆོག་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་དཀོན་མཆོག་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་དཀོན་མཆོག་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་དཀོན་མཆོག་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བརྒྱུད་པ་དགུ་ལྡན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔ ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ༔ གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ༔ རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་མཆིའོ༔ བདེ་དང་གསལ་དང་མི་རྟོག་གསུམ་ལ་སྐྱབས་སུ་མཆིའོ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ༔ རང་སེམས་རྣམ་དག་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔ ཞེས་པ་རྣམས་གྲངས་ཅི་ནུས་སུ་བརྗོད། གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟེན་གཞི་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར། སེམས་ཅན་གྱི་དོན་དུ་བྱང་ཆུབ་དོན་དུ་གཉེར་བ་སྨོན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་དམ་བཅའ་བ་འཇུག་པ་དང་། འཁོར་གསུམ་དམིགས་མཐའ་དང་བྲལ་བ་དོན་དམ་སེམས་བསྐྱེད་རྣམས་གསལ་གདབ་ལ། ཨེ་མ་ཧོ༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ འདི་གཟུང་བླ་མེད་བྱང་ཆུབ་མཆིས་ཀྱི་བར༔ འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨིན་གྲོལ་བྱང་ཆུབ་སེམས་བསྐྱེད་དོ༔ ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ནི། ན་མོ༔ སྔོན་ཆད་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་རབ་གནས་ལྟར༔ འདི་གཟུང་འཁོར་བ་མ་སྟོངས་བར༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ འདྲེན་པའི་དཔལ་དུ་བདག་གྱུར་ནས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ རང་ངོ་མ་ཤེས་གཟུང་འཛིན་འཆིངས༔ འགྲོ་དྲུག་འཁོར་བ་དོང་སྤྲུགས་ཕྱིར༔ རང་ངོ་ཤེས་པར་སེམས་བསྐྱེད་དོ༔ དཀོན་མཆོག་གསུམ་གཟུང་ཕྱིར་མི་གཏང༔ རྩ་གསུམ་ལྷ་ཚོགས་མི་སྤང་བསྒྲུབ༔ སྐུ་གསུམ་ལྷུན་གྲུབ་རང་གསལ་གདབ༔ འཁོར་འདས་ཆོས་རྣམས་རང་གྲོལ་གཞག༔ ལྷུན་རྫོགས་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ་བརྗོད། སྐྱབས་ཡུལ་མི་དམིགས་པར་བཞག །གསུམ་པ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཧྲཱི༔ བདག་ཉིད་ཐ་མལ་སྤྱི་གཙུག་པད་ཟླའི་སྟེང༔ ཡེ་ཤེས་རང་སྣང་འཇའ་ཟེར་ཀློང་དཀྱིལ་དུ༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ རིགས་ཀྱི་བདག་ཉིད་འོད་ཀྱི་སྐུ༔ དཀར་གསལ་མཛེས་འཛུམ་རྡོར་དྲིལ་བསྣམས༔ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ སྐུ་ཡི་དབྱིབས་བརྒྱུད་ཞབས་མཐིལ་ནས༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབས༔ བདག་གཞན་ལུས་ངག་ཡིད་གསུམ་གྱི༔ གྲངས་མེད་སྡིག་སྒྲིབ་མ་ལུས་ཀུན༔ སོལ་ཁུ་འོ་མས་ཁྲུས་བཞིན་དུ༔ རྐང་མཐིལ་ནས་ཐོན་གསེར་གྱི་ས་གཞིར་ཐིམ༔ ཞེས་པའི་དམིགས་པ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ། ཡི་གེ་བརྒྱ་པ་བཟླས་པའི་དངོས་གཞི་དང་། ཡང་སྙིང་ཡིག་དྲུག་ཇི་ལྟར་ནུས་པ་བཟླས་ལ་མཐར་ཐལ་མོ་སྦྱར་ཏེ། རིག་སྟོང་འཇའ་འོད་ཕུང་པོ་ལོངས་སྤྱོད་རྫོགས༔ རིགས་ཀུན་བདག་ཉིད་རྡོར་སེམས་སྣང་སྟོང་སྐུ༔ སྣང་སྲིད་འཇའ་འོད་འབར་བའི་ཐུགས་ཀའི་ཀློང༔ ཟླ་སྟེང་རྡོ་རྗེ་ཧཱུྃ་ཡིག་སྔགས་འཁོར་ལས༔ སྟོང་གསུམ་འབྲུག་སྟོང་ལྡིར་བཞིན་སྔགས་སྒྲ་སྒྲོག༔ ཁམས་གསུམ་རིགས་དྲུག་མ་རིག་རྨོངས་བཅོམ་ནས༔ ལོག་རྟོག་སྲིད་མཚོའི་འགྲོ་བ་མཁའ་སྤྱོད་དུ༔ མི་བཟད་སྐུ་གསུང་ཐུགས་ཀྱི་འོད་ཀློང་སྒྲོལ༔ མཆོད་འོས་དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག༔ རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་གཞན་ཁམས་གསུམ་རིགས་དྲུག་སེམས་ཅན་རྣམས༔ སྒོ་གསུམ་མི་དགེའི་སྡིག་སྒྲིབ་ཀུན་སྦྱངས་ནས༔ འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཤོག༔ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་རྟེན་དང་གཉེན་པོ་དང་རྣམ་པར་སུན་འབྱིན་ཅིང་ཉེས་པ་ལས་སླར་ལྡོག་པའི་སྟོབས་བཞིའི་གནད་ཚང་བའི་བཤགས་པ་བྱས་པས་སྡིག་སྒྲིབ་ཉེས་ལྟུང་ལྷག་མེད་དུ་དག་པར་བསམ་ལ། བླ་མ་རྡོ་རྗེ་སེམས་དཔས་སྡིག་ལྟུང་དག་པའི་གནང་བ་བསྩལ་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་གྱུར། ཅེས་མོས་ལ་དམིགས་མེད་ཀྱི་ངང་དུ་མཉམ་པར་གཞག །བཞི་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་འབུལ་བ་ནི། ཚོགས་ཞིང་སྐྱབས་ཡུལ་སྐབས་ལྟར་གསལ་བཏབ་པ་ལ་མཆོད་པའི་མཎྜལ་གྱིས་མཚོན་བྱེད་དུ་བྱས་ཏེ། ཕྱི་གླིང་བཞི་རི་རབ། ནང་ལུས་ཕུང་ཁམས་སྐྱེ་མཆེད། གསང་བ་དབྱིངས་རིག་ཟུང་འཇུག་གི་མཎྜལ་རྣམས་རིམ་པར་འབུལ་བར་དམིགས་ལ། ཨཱོྃ་ཨཱཿཧཱུྃ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༔ འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ༔ ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད༔ བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ནས༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་རྣམས་ཀྱིས་བརྒྱ་སྟོང་ཅི་ནུས་སུ་འབུལ། སྤྲོ་ན། ས་གཞི་སྤོས་བྱུགས་སོགས་འབུལ་ཚིག་གཞན་ཅི་རིགས་བརྗོད། མཉེས་བྱེད་མཎྜལ་སོགས་ཀྱིས་འདོན་དོན་གསོལ། ཚོགས་ཞིང་མི་དམིགས་པར་བཞག་གོ །ལྔ་པ་རྒྱུད་ལ་བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་ནི། དམིགས་རྣམ་གྱི་གསལ་ཆ། མོས་གུས་ཀྱི་གདུང་ཤུགས་དང་ལྡན་པས། ཧྲཱིཿལས་བདག་ཉིད་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་གསལ་སྤྱན་གསུམ་ཞི་མ་ཁྲོ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་བཀལ༔ དབུ་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོག༔ ཐོད་སྐམ་མགོ་ཕྲེང་རུས་པའི་རྒྱན་དྲུག་དང༔ རཏྣ་རིན་ཆེན་སྣ་ཚོགས་དར་དཔྱང་འཕུར༔ ཐོད་རྔ་དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་པས༔ སྣང་སྲིད་ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ སྲིད་གསུམ་འཇའ་འོད་མེ་དཔུང་འཁྲུག་པའི་ཀློང༔ པདྨ་ཉི་ཟླ་བམ་རོའི་གདན་སྟེང་དུ༔ གཡས་བསྐུམ་གཡོན་བརྐྱང་རང་འོད་ཀློང་དུ་གསལ༔ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང༔ རྩ་བའི་བླ་མ་གདོད་མའི་ཀུན་བཟང་གསལ༔ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང༔ མ་ཎི་ཀཱིརྟི་གདུང་འཛིན་སྐྱེས་བུ་རྣམས༔ སྐྱིལ་ཀྲུང་མཉམ་གཞག་གཟི་བརྗིད་འོད་འབར་བསྐྱེད༔ དེ་ཡི་སྤྱི་བོར་ཉི་ཟླ་པདྨའི་སྟེང༔ རིག་འཛིན་ཆེན་པོ་ཁྲག་འཐུང་བདུད་འདུལ་གླིང༔ དཀར་གསལ་རིག་འཛིན་རོལ་པའི་སྟབས་སུ་བཞུགས༔ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང༔ འབྲོག་བན་ལོ་ཙཱ་མངའ་བདག་ཆོས་ཀྱི་རྒྱལ༔ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང༔ བདེ་ཆེན་རྒྱ་མཚོ་མཚོ་སྐྱེས་པདྨ་འབྱུང༔ ཤྲཱི་སིང་དགའ་རབ་སྟོན་པ་རྡོ་རྗེ་སེམས༔ རྡོར་འཆང་གདོད་མའི་ཀུན་བཟང་ཡབ་ཡུམ་དང༔ དེ་རྣམས་མཐའ་སྐོར་རྩ་གསུམ་སྲུང་མའི་ཚོགས༔ རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་རྣམས༔ དགྱེས་པས་བདག་ལ་གཟིགས་ཏེ་དབང་བསྐུར་ཞིང༔ དཀར་གསལ་མཛེས་འཛུམ་བག་དྲོ་ལྷུན་ཆགས་པ༔ གཟི་བྱིན་འཇའ་ཟེར་འོད་ཕུང་འཁྲིགས་ཀློང་དུ༔ བཞུགས་པའི་འཁོར་ལོ་བདུན་ལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་འདྲེན་གཉིས་མེད་ཐིམ༔ སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ༔ ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད༔ བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ནས༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ན་མོ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ན་མོ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྡོ་རྗེ་འཛིན་པའི་ངོ་བོ་ཉིད༔ དཀོན་མཆོག་གསུམ་གྱི་རྩ་བ་སྟེ༔ མཚན་ལྡན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ལ། གསོལ་འདེབས་ནི། ཧཱུྃ་ཧྲཱི༔ སྐྱེ་མེད་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཉིད་ལས་མི་གཞན་འཁོར་ལ་ཆོས་འཁོར་བསྐོར༔ ཀུན་ཏུ་བཟང་པོའི་ཞབས་ལ་གསོལ་བ་འདེབས༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་སོ་སོའི་ཞིང་ཁམས་ནས༔ སེམས་དཔའི་འཁོར་ལ་དགོངས་པའི་ཆོས་སྟོན་པ༔ རིགས་ལྔ་གང་ཆེན་མཚོ་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ དན་ཏིག་ཆུ་བོར་མཁའ་འགྲོའི་འཁོར་རྣམས་ལ༔ སངས་རྒྱས་བཀའ་ཡི་དགོངས་པ་འགྲོལ་མཛད་པ༔ དགའ་རབ་རྡོ་རྗེའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ སོ་སའི་གླིང་དུ་རིག་འཛིན་འཁོར་རྣམས་ལ༔ སྙིང་ཐིག་དགོངས་པས་རང་བཞིན་འཇའ་སྐུར་གྲོལ༔ ཤྲཱི་སིཾ་ཧའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་གྱི་དངོས༔ པདྨ་ཐོད་ཕྲེང་རྩལ་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ ནམ་མཁས་གར་ཁྱབ་སྐལ་བཟང་སྣོད་ལྡན་ལ༔ སྙིང་ཐིག་བདུད་རྩིས་ཟག་བཅས་ཆོས་སྐུར་གྲོལ༔ བི་མ་མི་ཏྲའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ངོ་བོ་གཅིག་ཏུ་འདུས་པའི་རིན་པོ་ཆེ༔ བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ བི་མའི་རྣམ་འཕྲུལ་པདྨའི་མིང་ཅན་ཞེས༔ ཨོ་རྒྱན་ཆེན་པོའི་བཀའ་ཡི་རྗེས་གནང་ཐོབ༔ ཀློང་གསལ་སྙིང་པོའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ སངས་རྒྱས་དགོངས་པའི་ཕྲིན་ལས་རྨད་བྱུང་བ༔ རྩ་བ་ཡན་ལག་ཆོས་ཀྱི་བདག་པོ་སྟེ༔ དྲུག་ལྡན་བརྒྱུད་པར་བཅས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ བཀའ་དྲིན་མཉམ་མེད་སྐྱབས་ཀུན་འདུས་པའི་ཞབས༔ རྩ་བའི་བླ་མའི་ཞབས་ལ་གསོལ༴ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན༴ འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྲུང་མ་མཆོག༔ སྔགས་ཀྱི་བདག་མོ་དྲང་སྲོང་ལེགས་པ་རྩལ༔ ཆོས་སྐྱོང་དྲག་རྩལ་ཅན་ལ་གསོལ་བ་འདེབས༔ བར་ཆད་རྐྱེན་དང་བྲལ་བར་བྱིན་གྱིས་རློབས༔ ཞེས་ཚར་གང་འགྲུབ་དང་། གྲངས་གསོག་ན་སྤྱི་གཙུག་ཉི་ཟླ་སོགས་རྩ་བའི་བླ་མའི་གསོལ་འདེབས་ཤྭ་ལོ་ཀ་གཅིག་ཉིད་བསྐྱར། འདིར་བླ་མ་རྒྱང་འབོད་སྤྲོ་ན་སྤྱི་དང་བྱེ་བྲག་ཇི་ལྟར་འོས་པ་བྱ། མཐར་དབང་ལེན་པ་ནི། དད་མོས་དྲག་པོས་གསོལ་བ་བཏབ་པས་ཐུགས་རྗེས་རྩེ་གཅིག་ཏུ་དགོངས་ཤིང་བྱིན་གྱིས་བརླབས། མཐའ་སྐོར་གྱི་རྩ་གསུམ་ཆོས་སྐྱོང་རྣམས་དབུས་བླ་མར་ཐིམ། བརྒྱུད་པའི་བླ་མ་རྣམས་ཀྱང་མས་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མ་གདོད་མའི་མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་ཅིག་ཆར་དུ་སྤྲོས་པས་དབང་བཞི་ཐོབ་པའི་དམིགས་པ་སྤྱི་ལྟར་བྱས་ལ། མཚན་རྣམས་ཀུན་རྫོགས་མ་ཧཱ་གུ་རུ་ལ༔ གསོལ་འདེབས་དབང་བསྐུར་བྱིན་རླབས་ལུས་ལ་འཇུག༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལུས་ལ་བདེ་དྲོད་འབར་བ་དང༔ ལུས་སྤྲུལ་སྐུར་གྲོལ་བར་བྱིན་གྱིས་རློབས༔ ཨཱོྃ༔ ཨཱོྃ༔ ཨཱོྃ༔ གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་མ་ཧཱ་གུ་རུ་ལ༔ གསོལ་འདེབས་དབང་བསྐུར་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ ངག་ལ་ནུས་པ་ཐོན་པ་དང༔ ངག་ལོངས་སྐུར་གྲོལ་བར་བྱིན་གྱིས་རློབས༔ ཨཱ༔ ཨཱ༔ ཨཱ༔ འཁྲུལ་མེད་རྒྱལ་བའི་ཐུགས་མཆོག་མ་ཧཱ་གྷུ་རུ་ལ༔ གསོལ་འདེབས་དབང་བསྐུར་བྱིན་རླབས་སེམས་ལ་འཇུག༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ སེམས་ལ་རྟོགས་པ་འཆར་བ་དང༔ ཡིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ སྐུ་བཞིའི་དབང་ཕྱུག་མ་ཧཱ་གྷུ་རུ་ལ༔ གསོལ་འདེབས་བཞི་པའི་དབང་བསྐུར་བྱིན་རླབས་འཇུག༔ སྒོ་གསུམ་འཛིན་སྒྲིབ་མ་ལུས་ཀུན་དག་ནས༔ དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་ཅིང༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་མངོན་གྱུར་ནས༔ མཐའ་ཡས་འགྲོ་བ་སེམས་ཅན་མ་ལུས་ཀུན༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ནས༔ གདོད་མའི་མགོན་མཆོག་མྱུར་དུ་འགྲུབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ་བརྗོད། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་དབྱེར་མེད་པར་གྱུར། ཅེས་མོས་ལ་བཟོ་མེད་ཀྱི་ངང་དུ་མཉམ་པར་གཞག །དེ་ལས་ལྡངས་པ་ན་སྣང་གྲགས་རྟོག་ཚོགས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལམ་དུ་ཁྱེར། ཐེག་པ་ཆེན་པོའི་བསྔོ་བ་དང་སྨོན་ལམ་གདབ། བཀྲ་ཤིས་ནི། ཨེ་མ་ཧོ༔ འོད་གསལ་རྡོ་རྗེ་སྙིང་པོའི་གཞལ་ཡས་ནས༔ དགུ་ལྡན་བླ་མ་འགྱུར་མེད་རྡོ་རྗེའི་སྐུ༔ མི་ཟད་རྒྱན་འཁོར་རྣམ་དག་ལེགས་སྤྲུལ་པས༔ ཨ་ཏིའི་སྒྲུབ་བརྒྱུད་དར་བའི་བཀྲ་ཤིས་ཤོག༔ སྤྲོས་མཐའ་ཀུན་བྲལ་ཆོས་ཟད་འབྲས་བུའི་ཀློང༔ རིག་སྟོང་དབྱེར་མེད་མཁའ་སྤྱོད་རྡོ་རྗེའི་ཞིང༔ ཀ་དག་འགྱུར་མེད་ཀུན་བཟང་པད་འབྱུང་ཀློང༔ འདུས་བྱས་འགྲོ་ཀུན་མ་ལུས་མངོན་རྫོགས་ཤོག༔ ཅེས་བརྗོད་དོ། །འདིའང་ཆོས་ཚུལ་འདིའི་ཁྲིད་རིམ་རྣམས་ལ་ཉེ་བར་མཁོ་བའི་ཡན་ལག་ཏུ་སྣང་བས་པདྨ་གར་དབང་རྩལ་གྱིས་གཏེར་ཆེན་ཉིད་ཀྱི་གསུང་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་ཁྱེར་བདེར་བྲིས་པ་དགེ་ལེགས་འཕེལ།། །།

དམ་ཆོས་སྙིང་པོ་སྐོར་ལྔ་ལས། ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་ཆོག་གནམ་ལྕགས་ཡང་ཞུན་ (Volume 38, Text 17)

༄༅། །དམ་ཆོས་སྙིང་པོ་སྐོར་ལྔ་ལས། ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་ཆོག་གནམ་ལྕགས་ཡང་ཞུན་ཞེས་བྱ་བ་བཞུགས་སོ། ། ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ །བསྟན་སྲུང་དྲག་པོའི་སྐུར་བཞེངས་པ། །དབྱེར་མེད་འཁོར་ལོའི་མགོན་པོའི་ཞབས། །སྤྱི་བོར་བཀོད་ལ་རྗེས་གནང་སྩོལ། །བཀའ་བརྒྱད་གང་རུང་གི་བསྙེན་སྒྲུབ་སྔོན་དུ་སོང་བའི་སྔགས་ཀྱི་རྣལ་འབྱོར་པས་དམ་ཚིག་དང་ལྡན་པའི་སློབ་བུ་བསྟན་པར་སེམས་པ་འགའ་ཙམ་ལ་འདིའི་དབང་བསྐུར་སྙིང་པོ་སྦྱིན་པར་འདོད་ན། གནས་དབེན་པར་སྟེགས་བུ་གྲུ་གསུམ་དུག་ཁྲག་གིས་ཆག་ཆག་བཏབ་ལ་གཞུང་མཐུན་དཀྱིལ་འཁོར་བཀྲམ་པའམ། མ་འཛོམ་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔའི་ཕྱི་རོལ་དུ་བརྒྱད་བཀོད་པའི་ཁར་ལྕགས་སམ་ཐོད་པའི་སྣོད་དུ་དམར་གཏོར་དཔུང་རོང་གཙོ་འཁོར་ལྔ་ལ་མཐེབ་ཀྱུ་མང་པོས་བསྐོར་བ་དྲག་རྒྱན་ཅན་གཙོ་བོའི་སྐུ་ཙཀ་བཙུགས་ཤིང་དར་གདུགས་སྔོན་པོ་ཕུབ་པ་བཀོད། གཡས་གཡོན་དུ་སྔགས་བྱང་དང་ཕྱག་མཚན་གྲི་ཐོད་ཀྱི་ཙཀླི། མདུན་དུ་སྨན་རཀ་གཏོར་གསུམ། དྲག་པོའི་ཉེར་སྤྱོད་བཤམ། ལས་བུམ་སོགས་ཀྱང་ཚོགས་པར་བྱའོ། །དེ་ནས་སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས་གཏེར་གཞུང་ལས་བྱང་གི་བཀའ་བསྒོ་མཚམས་གཅད་མཆོད་བརླབ་རྣམས་བྱ། བདག་བསྐྱེད་མགོན་པོ་ཧེ་རུ་ཀར་བསྐྱེད་ལ་རྩ་སྔགས་འབྲུ་བརྒྱད་བརྒྱ་རྩ་ཙམ་དང་། དེ་ལ་སྲུང་སྔགས་ཤམ་བུ་སྦྱར་བའང་ཉེར་གཅིག་ཙམ་བཟླ། དེ་ནས་མདུན་རྟེན་རྣམས་ཆོས་སྐྱོང་དགོངས་འདུས་གཙོ་འཁོར་དུ་གསལ་བཏབ་ལ། སྤྱན་འདྲེན་ནས་བསྟོད་པའི་བར་དུ་གཏང་། སྒྲུབ་པའི་སྐབས་ཀྱི་སྔགས་དམིགས་ཚན་བཞི་པོ་ཅི་རིགས་བཟླས་པའི་མཐར། སྤྱི་དྲིལ་ཤཱ་ས་ན་ཉིད་གང་འགྲུབ། སྟོང་ཚིགས་མཆོད་བསྟོད་བཅས་བྱ། ལས་བུམ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་མཚམས་གཅད་བྱ། སེམས་བསྐྱེད་གསལ་བཏབ་ནས། དེའང་བདེ་བར་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པ་རྣམས་ཞི་བས་མི་ཐུལ་བའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་ཐུགས་རྗེ་དྲག་པོར་ཁྲོས་པ་དཔལ་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་སྐུར་བཞེངས་ཤིང་། དེ་ལས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་དུ་གཏུམ་ཆེན་མི་བཟད་པའི་གཟུགས་ཅན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཚུལ་དུ་སྣང་བ་ནི་ཡེ་ཤེས་ཀྱི་ཆོས་སྐྱོང་བ་རྣམས་ཡིན་ལ། ངོ་བོ་ཡེ་ཤེས་པ་ལས་སྤྲུལ་ཅིང་རྣམ་པ་དྲེགས་བྱེད་རང་ག་བའི་སྐྱེ་རྒྱུད་ལྟར་བསྟན་ནས་དཔལ་ཧེ་རུ་ཀ་དང་སངས་རྒྱས་སྤྲུལ་པའི་སྐུ་ལས་ཆོས་ཐོས་ཤིང་བདེན་པ་མཐོང་ནས་བཀའ་དང་ཐ་ཚིག་ལ་གནས་པ་ནི་ལས་ལས་གྲུབ་པའི་ཆོས་སྐྱོང་དང་། འཇིག་རྟེན་རང་རྒྱུད་པར་གཏོགས་པའི་དྲེགས་ཅན་འབྱུང་པོ་སྔོན་གྱི་སྨོན་ལམ་དང་དགེ་བའི་སྟོབས་ཀྱིས་མཐུ་རྩལ་གཟི་བརྗིད་དང་ལྡན་པ་རྣམས་རྒྱལ་བ་རིག་འཛིན་གོང་མས་གནད་ལ་ཕབ་སྟེ་རྡོ་རྗེའི་དམ་ཚིག་ཕོག་ཅིང་བསྟན་པ་སྲུང་བར་བསྐོས་པ་ཆོས་སྐྱོང་འཇིག་རྟེན་པར་གྲགས་པ་སྟེ། ཐམས་ཅད་རིགས་སུ་བསྡུ་ན་ཕོ་རྒྱུད་མོ་རྒྱུད་མ་ནིང་སྟེ་རྒྱུད་གསུམ་གྱིས་བསྡུས་པའི་རྒྱལ་བསྟན་བསྲུང་བ་མཐའ་དག་དཀྱིལ་འཁོར་གཅིག་ཏུ་འདུས་པ་ནི་ཆོས་སྐྱོང་དགོངས་པ་འདུས་པ་ཉིད་ཡིན་ནོ། །དེའི་ཡང་སྙིང་ཟབ་ལ་འདྲིལ་བ་འདི་ཡང་དཔལ་ལྷའི་སྲས་པོ་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་འཆོལ་པའི་ཁྲོ་རྒྱལ་ཆེན་པོས་ལྷ་སྲིན་གདུག་པ་ཅན་བཏུལ་ནས་བྱིན་གྱིས་བརླབས་པ་སྟག་ཚང་མིང་ཅན་བཅུ་གསུམ་གྱི་ཡ་གྱལ། རོང་རྨེ་དཀར་མོ་སྟག་ཚང་གུ་རུའི་གསང་ཕུག་གོང་མའི་སྒོ་གདོང་གཡས་ངོས་ནས་སྤྱན་དྲངས་པའི་དམ་ཆོས་སྙིང་པོ་སྐོར་ལྔའི་ནང་ཚན་ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེས་ཀྱང་མཚོན་ཆའི་ཡོན་འབུལ། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་མགོན་པོ་དབྱེར་མེད་ཀྱིས༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ བདག་ལ་བྱིན་གྱིས་བརླབ་པ་དང༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ༔ ལན་གསུམ། བླ་མ་ཡེ་ཤེས་ཀྱི་མགོན་པོ་དང་མདུན་རྟེན་ཆོས་སྐྱོང་དགོངས་པ་འདུས་པའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཆོག་གསུམ་དཔའ་བོ་མཁའ་འགྲོ་དང༔ མ་ཧཱ་ཀཱ་ལའི་ཚོགས་བཅས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་བདེའི་གོ་འཕང་རྫོགས་པའི་སངས་རྒྱས་ཀྱི་སར་དགོད་པར་བྱ། དེའི་ཆེད་དུ་གནས་སྐབས་གདུག་ཅན་མཐའ་དག་ཚར་གཅད་ཅིང་རྗེས་སུ་འཛིན་པ་སོགས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཐབས་ཀྱི་ལམ་ཟབ་མོ་འདིར་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་མ་ལུས་ཀུན་དོན་དུ༔ སངས་རྒྱས་བསྟན་པ་བསྲུངས་ནས་ཀྱང༔ བདུད་དགྲ་མ་ལུས་ཀུན་བསྒྲལ་ནས༔ རྗེས་སུ་འཛིན་པར་སེམས་བསྐྱེད་དོ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཚོགས་གསག་ཡན་ལག་བཅུ་པ་ཚིག་དོན་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་པར་གསོལ༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་བྱིན་རླབས་དབང་གི་གཞི་སྒྲུབ་པ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་ཉི་མ་རོའི་གདན་ལ་ཁྱེད་རང་དཔལ་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང་ཞབས་བརྐྱང་བསྐུམ་རོལ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བ་དམ་ཚིག་པའི་སྐུར་གསལ་ཐོབས་ཤིག །གཏོར་སྣོད་དྲག་པོ་གནམ་ལྕགས་འབར་བའི་ཕོ་བྲང་སུམ་རིམ་མེ་རླུང་འཁྲུགས་པའི་དབུས་སུ། གཏོར་མ་དཔལ་མ་ཧཱ་ཀཱ་ལ་ཡབ་ཡུམ་སྲས་འཁོར་སྤྲུལ་པ་སྡེ་བརྒྱད་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བའི། ཡེ་ཤེས་མ་མགོན་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ། སྐུའི་དབང་དང་བྱིན་རླབས་ཐོབ། མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། མགྲིན་པར་ཐིམ། གསུང་གི་དབང་དང་བྱིན་རླབས་ཐོབ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། སྙིང་གར་ཐིམ། ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། ལས་ཀྱི་མ་མགོན་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཁྱེད་རང་ལ་ཐིམ་པས་མཐུ་རྩལ་ནུས་པའི་དངོས་གྲུབ་ཐོབ། འཇིག་རྟེན་དྲེགས་བྱེད་རྣམས་ཀྱིས་ལུས་དང་གྲིབ་མ་བཞིན་སྡོངས་གྲོགས་མཛད་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད་ཅིག །སྒྲུབ་གཏོར་ཐོགས་ལ། ཧཱུྃ༔ ཡེ་ཤེས་མགོན་པོ་ལྕམ་དྲལ་གྱིས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཞིང༔ ལས་ཀྱི་མ་མགོན་འཁོར་བཅས་ཀྱིས༔ མཐུ་དང་ནུས་པའི་དངོས་གྲུབ་སྩོལ༔ དྲེགས་པ་རྣམས་ཀྱིས་གྲོགས་མཛོད་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་གཏུགས་ཤིང་ལག་པར་གཏད། སྤྲོ་ན་བརྒྱུད་པའི་གཤར་འདེབས་དང་བཀའ་བསྒོ་སྤྱི་ལྟར་བྱ། རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་ནས་བརྒྱུད། ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོའི་མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་། ཤཱ་ས་ན་ལན་གསུམ་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་བྱང་དང་སྔགས་ཕྲེང་མགྲིན་པར་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ དམ་ཚིག་འཛིན་པའི་ནག་པོ་ཆེ༔ གསུང་གི་གསང་སྔགས་བཟླས་པ་ཡིས༔ ཕྲིན་ལས་གང་བརྩམ་འགྲུབ་པ་དང༔ བསྟན་སྲུང་དམོད་པའི་དངོས་གྲུབ་སྩོལ༔ ཝཱ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྔགས་བྱང་ཕྲེང་བ་མགྲིན་པར་བཞག །ལྷ་སྔགས་ཀྱིས་མཚོན་པའི་ཤེས་བྱའི་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ཀ་དག་དེ་བཞིན་ཉིད་ཀྱི་རོལ་པར་ཤེས་པས་རིག་སྟོང་འོད་གསལ་ཐིག་ལེ་ཆེན་པོའི་ངང་དུ་ལ་བཟླས་ཏེ་མཉམ་པར་འཇོག་པར་ཞུ། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ དཔལ་ཆེན་མགོན་པོ་འཁོར་དང་བཅས༔ རྟོགས་ན་རང་དང་གཉིས་སུ་མེད༔ མ་རྟོགས་གཉིས་འཛིན་རུ་དྲའི་རྒྱུ༔ གཉིས་མེད་ཟུང་འཇུག་རྟོགས་པ་དང༔ བསྙེན་སྒྲུབ་བསྟན་སྲུང་ལས་རྣམས་སྒྲུབས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་རྗེས་གནང་སྦྱིན་ལ་ཤིས་བརྗོད་ཅི་རིགས་པ་བྱ་ཞིང་མེ་ཏོག་འཐོར། དེས་དྲག་པོ་ཆོས་སྐྱོང་དགོངས་པ་འདུས་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱིན་རླབས་དབང་བསྐུར་གྱི་སྙིང་པོ་གྲུབ་པ་སྟེ། རྡོ་རྗེའི་གསུང་ལས། ཨེ་མ་ཧོ༔ དེ་ལྟར་མ་མགོན་སྒྲུབ་པ་འདི༔ མ་འོངས་ང་ཡི་རྗེས་འཇུག་པ༔ རྡོ་རྗེ་སྙིང་པོའི་བསྟན་འཛིན་པའི༔ སྐྱེས་བུ་མཐའ་ནས་མཐའ་རུ་འབྱུང༔ བཤད་དང་སྒྲུབ་པའི་སྡེ་མང་པོ༔ ཆོས་འཁོར་ཆེན་པོ་དུ་མ་འབྱུང༔ བར་ཆད་དགྲ་བགེགས་འདུལ་བ་དང༔ བསྟན་པ་སྲུང་ཐབས་འདི་ཉིད་ཟབ༔ ཀུན་གྱིས་ཡལ་བར་མ་དོར་ཅིག༔ ཅེས་གདམས་པར་མཛད་པ་ལྟར་སངས་རྒྱས་ཀྱི་བསྟན་འཛིན་སྤྱི་དང་། ཁྱད་པར་ངེས་གསང་རྡོ་རྗེ་སྙིང་པོའི་རིང་ལུགས་འཛིན་པ་རྣམས་ལ་མེད་དུ་མི་རུང་བའི་བསྟན་སྲུང་ཁྱད་པར་དུ་འཕགས་པ་ལགས་པས། འདིའི་དམ་ཚིག་ཚུལ་བཞིན་བསྲུང་ཞིང་བསྙེན་སྒྲུབ་མཆོད་གསོལ་ཕྲིན་ལས་ཀྱི་སྦྱོར་བ་དང་མི་འབྲལ་བར་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མཆོད་གཏོར་ཁ་གསོས་བྱིན་བརླབས་ལ། ཤཱ་ས་ནའི་མཐར་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ་ལ་ཕྲིན་ལས་གསོལ། མཆོད་བསྟོད་དང་བསྙེན་མཇུག་གི་ནོངས་བཤགས་ཡིག་བརྒྱ་ལན་གསུམ་བཅས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་བསྡུ་གཤེགས་དང་། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་སྤྱི་མཐུན་བྱས་པས་འགྲུབ་བོ། །བསྟན་དང་བསྟན་འཛིན་དབུ་འཕང་མཐོ། །ནག་ཕྱོགས་བདུད་རིགས་ཉམས་སྨད་ནས། །ཆོས་བཞིན་སྤྱོད་པའི་དོན་ཀུན་འགྲུབ། །ཆོས་སྐྱོང་མཐུ་སྟོབས་རབ་རྒྱས་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་རྟེན་གནས་བྷོ་ཊའི་ལྗོན་ཤིང་གིས་མཛེས་པ་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས་ (Volume 44, Text 17)

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་ཁོལ་ཕྱུང་དུ་བྱེད་ན། བདག་བསྐྱེད་ཡི་དམ་གང་རུང་སྔོན་དུ་གཏང་ཡང་ཆོག་ལ། འདིར་བདག་བསྐྱེད་བསྡུས་པ་ཡོད་པས་ཟུར་དུ་མེད་ཀྱང་ཆོག །མདོས་གདན་གཡང་གཞིའི་སྟེང་ཟངས་ལྕགས་ཀྱི་སྣོད་དུ་ཀོང་བུ་ཟུར་གསུམ་ནང་དུ་དམར་གཏོར་བཞག་པ་དབུས་སུ་ཆེ་བ་གཅིག་ལ་ཆུང་བ་བཞིས་བསྐོར། རྩང་གསུམ་རེ་བསྣོལ་མར་གཟུག །འཛོམ་ན་ཚེ་དང་ཡུངས་དཀར་གོང་བུས་བརྒྱན། ཤ་ཁྲག་བླུག །སྨན་རཀ་གཏོར་གསུམ་དང་ཉེར་སྤྱོད་དངོས་སུ་བཤམ་པའམ་ཡིད་སྤྲུལ་གྱིས་ཀྱང་འཐུས། གོང་ལྟར་བཅའ་གཞི་གྲུབ་ནས་སློབ་མ་མདུན་དུ་འཁོད། །སེམས་བསྐྱེད་གསལ་གདབ། བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །སློབ་དཔོན་གྱིས་བསྒོམ་བཟླས་བྱས་ཏེ། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཡེ་ནས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན༔ རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གྲི་གུག་ཐོད་ཁྲག་འཛིན་པ་ཞབས་གར་ཐབས་མཛད་པ༔ ཐུགས་ཀར་ཉི་སྟེང་སྔགས་ཕྲེང་གཡོན་དུ་འཁོར་བ༔ དེའི་མདུན་དུ་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྤྲིན་ལྟར་འཁྲིགས་ནས་ལས་བསྒྲུབ་པར་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བརྒྱ་རྩ་ཙམ་བཟླ་བ་ནི་བསྙེན་པའོ། །སྐད་ཅིག་གིས་རང་ཉིད་གནས་འགྱུར༔ བདག་དང་མདུན་བསྐྱེད་ཟོར་དང་རྩང་རྣམས་སོ་སོར༔ མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་ལྕགས་སྲེག་ལྟ་བུ༔ གནམ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ༔ ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ་ཕྱག་གཉིས་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སྐུ་སྨད་ལྕགས་བསྲེགས་ཀྱི་ཕུར་པས་བན་བོན་ཉམས་པའི་སྙིང་གར་གཟིར་བ༔ དེའི་ཤར་དུ་དཀར་མོ་སེང་གདོང༔ ལྷོར་སེར་མོ་སྟག་གདོང༔ ནུབ་ཏུ་དམར་མོ་དྲེད་གདོང༔ བྱང་དུ་ནག་མོ་དོམ་གདོང༔ ཐམས་ཅད་ཀྱང་གཙོ་མོ་ལྟ་བུ་རང་རྟགས་ཀྱིས་མཚན་པའི་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སེང་གེ་དང་སྟག་དང་དྲེད་དང་དོམ་གྱི་ཤུན་པ་གྱོན་པ་སྐུ་སྨད་ལྕགས་སྲེག་གི་ཕུར་པ་ཅན༔ འཁོར་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ༔ བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་ཉེར་བརྒྱད་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ཨོཾ་པཉྩ་ཌཱ་ཀི་བྷྱོ་ས་ཡ་སི་ཧྲཱིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག༔ ཨོཾ་པཉྩ་ཌཱ་ཀི་བྷྱོ་ས་ཡ་སི་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་སྒྲུབ་ལ་བརྩེ༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་ཉེར་བརྒྱད་ལ་བསྟོད་དོ༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་དགུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་མོ་ལྔ་ཡི་ཐུགས་ཀ་རུ༔ ཧཱུྃཿཨ་ཧྲཱི་ནིཿསཿཡིས་མཚན༔ གཙོ་འཁོར་ཀུན་གྱིས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྡིར་བ་ལྟར་དུ་བཟླས༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམས༔ ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་འདར༔ བྱད་མས་བྱས་པའི་བསམ་སྦྱོར་ཀུན༔ ཁོ་རང་ཐོག་ཏུ་ལོག་སྟེ་སོང༔ སྐུ་ལས་གནམ་ལྕགས་དྲག་པོའི་ཐོག༔ ཚྭ་ཚྭའི་ཚུལ་དུ་དཔག་མེད་འཕྲོས༔ གནོད་བྱེད་ཐམས་ཅད་གཞོབ་ཏུ་བསྲེག༔ སྐུ་སྨད་ལྕགས་བསྲེགས་ཕུར་པ་ནི༔ གནོད་བྱེད་རྣམས་ཀྱི་སྙིང་ལ་གཟིར༔ སྒོ་གསུམ་ནུས་པ་བཅོམ་པར་གྱུར༔ བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོམ་བྷྱོ༔ དུ་དུ་ཙ་ཤ་ནན༔ ཨ་ཀཱ་མ་ནི་ཁྲོཾ་བྷྱོ༔ ཤད་བུ་གྱད་བུ་ནན༔ ས་ར་མ་ནི་ཁྲོཾ་བྷྱོ༔ ཏྲ་ནི་ཏྲ་ནི་ནན༔ ནི་ལི་དྷ་ར་ཁྲོཾ་བྷྱོ༔ ཏྲི་ཕུཾ་ཏྲི་ཕུཾ་ནན༔ ཏྲི་ཤ་ཏྲ་ཁྲོཾ་བྷྱོ༔ དུན་ཏིང་དུ་ནན༔ ཨ་ཧྲཱི་ནི་ས་བྷྱོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཕཊ༔ སྔགས་འདི་ཅི་ལྕོགས་བཟླ་བ་སྒྲུབ་པའོ། །བྷྱོ་ས་ཡ་སི་བྷྱོ༔ བརྒྱ་རྩ་ཙམ་བཟླ་བ་ལས་སྦྱོར་རོ། །དེ་ནས་ཟོར་ལྔ་པོ་བྱང་། ནུབ། ལྷོ། ཤར། དབུས་མ་རིམ་པར་བླངས་ཏེ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཅེས་དང་གོང་སོང་སྔགས་ཚན་གསུམ་པོ་བརྗོད་ལ་ཕྱོགས་གཙང་སར་འཕེན་དུ་བཅུག །བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ མ་མོ་མཁའ་འགྲོ་བཞུགས་པའི་གནས༔ བྱང་ཤར་ཆོས་ཀྱི་དབྱིངས་སུ་གཤེགས༔ སརྦ་ཛྙཱ་ན་ཌཱ་ཀི་ནཱི་ཤྭ་རཱི་བཛྲ་མུ༔ གཏོར་སྣོད་སྦུབ་སྟེང་། རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ རང་ཉིད་དྲན་རྫོགས་མཁའ་འགྲོ་སེང་གདོང་མ༔ གྲི་ཐོད་ཁ་ཊྭཱཾ་འཛིན་ཞིང་གར་ཐབས་མཛད༔ གནོད་བྱེད་གདོན་བགེགས་དམ་སྲི་ཐམས་ཅད་རྣམས༔ རྒྱ་ཁབ་ས་འབོལ་ནང་དུ་བཏབ་པ་ལྟར༔ རིམ་དགུ་ས་ཡི་འོག་ཏུ་ཏལ་ལེར་སོང༔ གཏོར་གཞོང་རི་རབ་གླིང་བཞིས་སྟེང་ནས་མནན༔ བྱམས་མགོན་མ་བྱོན་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ གཏོར་གཞོང་གཟེད་ལ་འབྲུ་འཐོར། ཡེ་དྷར་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱ། དེས་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་ཐོབ་པ་ཡིན་པས་གཏང་རག་ཏུ་མཎྜལ་ཕུལ། ཅེས་པ་ཙམ་གྱིས་འགྲུབ་བོ། །ཞེས་པའང་རྩིས་གཏོ་བཅའ་མཁན་སོགས་ལ་ཉེ་བར་མཁོ་བའི་ཕྱིར་དུ་བརྒྱུད་པའི་ཕྱག་བཞེས་ལྟར་པདྨ་གར་དབང་རྩལ་གྱིས་ཆགས་མེད་གསུང་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ། །འདི་ལ་ཕྱག་ལེན་རྒྱས་པའི་ཕྱོགས་བྱ་ན། ཐོག་མར་བཀའ་གཏད་ཀྱི་ཆས་ཀྱང་བཤམ། བསྒོམ་བཟླས་གྲུབ་པ་དང་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བྱ། མཐར་ཟོར་གཏད་པ་མན་ཆད་འདི་ལྟར་སྦྱར་བ་ཡིན་ནོ། །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་དང་བཅས་པའི་ཁྲིད་ཡིག་ཡིད་བཞིན་དབང་གི་རྒྱལ་པོ་ (Volume 5, Text 17)

༄༅། །རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་དང་བཅས་པའི་ཁྲིད་ཡིག་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས། ། རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལེ་ལག་དང་བཅས་པའི་ཁྲིད་རིམ་གསལ་བར་བྱས་པ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་གུས་པས་ཕྱག་འཚལ་ལོ། །དགོངས་བརྡའ་སྙན་བརྒྱུད་བཀའ་གཏད་ཤོག་སེར་གྱི། །ལྔ་ལྡན་བརྒྱུད་པའི་བླ་མ་མ་ལུས་པ། །མཚོ་སྐྱེས་རྡོ་རྗེ་འཆང་དབང་གང་ཉིད་ཀྱི། །ངོ་བོར་འདུས་ལ་རྣམ་ཀུན་ཕྱག་བགྱིའོ། །ཆིག་ཐུབ་མོས་གུས་ཟོལ་མེད་གསོལ་བཏབ་པས། །བྱིན་རླབས་འཕོ་བས་ཚིག་དང་ཡི་གེ་ཡིས། །མཚོན་མིན་ཀ་དག་རྗེན་པ་རང་ཤར་དུ། །རྟོགས་འདི་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་དྲིན། །ལྷུན་གྲུབ་རང་རིག་རྡོ་རྗེ་ལུ་གུ་རྒྱུད། །མངོན་སུམ་མཛུབ་ཚུགས་སྤྲོད་དང་རྫོགས་པ་ཆེའི། །སྨིན་གྲོལ་རྒྱལ་ཐབས་སྤྱི་བླུགས་མཆོག་སྦྱིན་མཁན། །ནུས་ལྡན་རྡོ་རྗེ་ལས་གཞན་དམིགས་སུ་མེད། །བྱང་ཆུབ་བར་དུ་བཀའ་དྲིན་འཁོར་མེད་གཉིས། །འོག་མིན་རྡོར་འཆང་དཔལ་རིར་ཨོ་རྒྱན་རྗེ། །གཉིས་སུ་སྣང་ཡང་གཉིས་མེད་བདག་རྒྱུད་ཀྱི། །རང་རིག་ངོ་བོར་འདུ་འབྲལ་མེད་པས་མཆོད། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་རྣམས། །ཀུན་འདུས་དྲིལ་སྒྲུབ་གར་དབང་འཆི་མེད་ལྷ། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །མཐའ་ཀླས་ཐེག་པའི་བྱེ་བྲག་ཐམས་ཅད་ཀྱི། །རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེན་པོ་ནི། །འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཟབ་མོའི་ལམ། །འདི་ན་སྐལ་བཟང་དོན་དུ་གསལ་བྱེད་ཁྲིད། །ཡིད་བཞིན་དབང་གི་རྒྱལ་མཚུངས་ཡོངས་སྤེལ་ན། །རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས་པ་དང་། །གར་དབང་ལྷ་ཡིས་དངོས་གྲུབ་ཉེར་སྩོལ་ཞིང་། །ཆོས་བདག་རྣམས་ཀྱི་བཀའ་ཡིས་གནང་བར་མཛོད། །དེ་ལ་འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པའི་ལམ་གཅིག་པུ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ཨ་ཏི་རྫོགས་པ་ཆེན་པོའི་རྩེ་རྒྱལ། ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་བདེ་བླག་ཏུ་འཐོབ་པར་བྱེད་པའི་མྱུར་ལམ་འོད་གསལ་རྡོ་རྗེ་སྙིང་པོ་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཆ་ལག་ཡོངས་སུ་རྫོགས་པའི་ཁྲིད་ཀྱི་རིམ་པ་གསལ་བར་བྱ་བ་འདི་ལ་དོན་གསུམ་སྟེ། གཏེར་བྱོན་ཀ་དག་གི་གཞུང་ལས། ཇི་སྐད་དུ། སྔོན་དུ་འགྲོ་བའི་རིམ་པ༔ དངོས་གཞི་ཁྲེགས་ཆོད་ཀ་དག་གི་ཉམས་ལེན༔ ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་དང་གསུམ་མོ༔ ཞེས་གསུངས་ཤིང་། དང་པོ་སྔོན་འགྲོ་ལ་ཡང་གཏེར་གཞུང་ཉིད་ལས། དཔོན་སློབ་ཀྱི་མཚན་ཉིད༔ མཐུན་རྐྱེན་གྱི་གཞི༔ ལོ་རྒྱུས་ཀྱི་བབས་ལུགས༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་སྟེ་དོན་ཚན་ལྔའོ༔ ཞེས་གསུངས་པས་དང་པོ་དཔོན་སློབ་ཀྱི་མཚན་ཉིད་ལས་སློབ་དཔོན་ནི། ཚེའི་སྒྲུབ་ཆེན་པྲ་ཁྲིད་ལས། ཐུན་མོང་ཐེག་པ་དང་བསྟུན་ཏེ་ཞི་དུལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ༔ གསང་སྔགས་དང་བསྟུན་ཏེ་ལྟ་སྒོམ་སྤྱོད་གསུམ་ཁྱེར་སོ་གསུམ་དང་ལས་རབ་འབྱམས་ལ་མཁས་ཤིང་མ་རྨོངས་པའོ༔ ཞེས་གསུངས་པས་མཚན་ཉིད་དེ་ལྡན་ཞིག་དགོས་པ་དང་། སློབ་མ་ནི། པྲ་ཁྲིད་ལས། དད་པ་དང་ཤེས་རབ་བརྩོན་འགྲུས་གསུམ་ཟུང་དུ་འཛོམ་པ་ཐུན་མོང༔ ཐེག་ཆེན་པའི་ལུགས་ལྟར་བྱམས་སྙིང་རྗེ་དང་ལྡན་ཞིང་སྔགས་ལྟར་ན་གསང་ཐུབ་ཅིང་ཁོག་ཡངས་པ་བློ་བརྟན་ཞིང་ངེས་པའོ༔ ཞེས་གསུངས། དེ་ལྟ་བུའི་དཔོན་སློབ་ཀྱི་འབྲེལ་པ་བརྟག་པ་ནི་ཕན་ཚུན་གཉིས་ཀས་ལོ་དང་ཟླ་བའི་བར་དུ་བརྟགས་ཤིང་དཔྱད་ནས་བསྟེན་པའི་ཡུལ་དང་སྣོད་རུང་དུ་ཡིད་ཆེས་ན་བསྟེན་ཞིང་བཟུང་བར་བྱ་དགོས་པར་གསུངས་སོ། །གཉིས་པ་མཐུན་རྐྱེན་གྱི་གཞི་ལ་ནང་གསེས་ཀྱིས་ཕྱེ་ན་བཞིར་ཡོད་དེ་གཞུང་ལས། གནས་དང༔ དུས་དང༔ གྲོགས་དང༔ ཡོ་བྱད་དེ་བཞིའོ༔ ཞེས་གསུངས་པས། དང་པོ་གནས་ནི་གྲུབ་ཐོབ་རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས་དཔའ་བོ་དང་ཌཱ་ཀི་རང་བཞིན་དུ་འདུ་བ་དེ་ལྟ་བུའི་གནས་སུ་ཉམས་སུ་བླངས་པས་གནས་ཀྱིས་རང་བྱིན་གྱིས་རློབ་པ་དང་། ཡང་ས་ཕྱོགས་དཔྱད་བཟང་ཞིང་བཀྲ་ཤིས་ལ་གཙང་བ་རྣམ་གཡེང་མེད་ཅིང་ཏིང་འཛིན་ངང་གིས་འཕེལ་བའི་གནས་རྣམས་སུ་བསྒྲུབས་པས་རང་གིས་གནས་དེ་བྱིན་གྱིས་བརླབ་པའི་གཞིར་རུང་བའོ། །གང་དུ་ཡང་ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། མཚན་མོ་དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པ་བརྟེན་ནོ། །གཉིས་པ་དུས་ནི་སྤྱིར་གྱིས་དགེ་བ་རྒྱལ་བའི་དུས་ཆེན་བཞི་དང་ཡར་མར་གྱི་ཚེས་བཅུ་ལ་སོགས་པ་དང་། བྱེ་བྲག་མངོན་སུམ་ཡེ་ཤེས་ཀྱི་སྣང་བ་འཆར་བ་བདེ་ཞིང་བསིལ་དྲོད་སྙོམས་པས་སྟོན་མ་དབྱར་དང་དགུན་ཆུང་དཔྱིད་ཀྱི་དུས་དང་བསྟུན་དགོས་པར་གསུངས་སོ། །གསུམ་པ་གྲོགས་ནི་སློབ་མའི་མཚན་ཉིད་དང་ལྡན་པའམ། དམ་ཚིག་དང་ལྡན་པའི་རྡོ་རྗེའི་མཆེད་ལྟ་བུ། དབང་གསུམ་པའི་ཉམས་ལེན་གྱི་སྐབས་སུ་ལས་རྒྱ་མཚན་ཉིད་དང་ལྡན་པ་བསྟེན་པར་བྱ་བའོ། །བཞི་པ་ཡོ་བྱད་ནི་བླ་མ་མཉེས་པར་བྱེད་པའི་རིན་པོ་ཆེའི་མཎྜལ་མེ་ཏོག་ལ་སོགས་པའི་ཡོན་དང་། ཆོས་བདག་དཔའ་བོ་མཁའ་འགྲོ་རྣམས་ཐུགས་དམ་སྐོང་བྱེད་ཚོགས་ཀྱི་འཁོར་ལོའི་ཡོ་བྱད། རང་ཉིད་ཀྱི་སྒྱུ་ལུས་འཚོ་བའི་ཟས་སྐོམ་འདོད་ཡོན་སོགས་ཁམས་ཀྱི་རྟེན་གསོ་མཐུན་པའི་རྐྱེན་ཐམས་ཅད་མ་ཚང་བ་མེད་པར་ཚོགས་པར་བྱའོ། །གསུམ་པ་ལོ་རྒྱུས་ཀྱི་བབས་ལུགས་ནི། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། སྨོན་ལམ་བཀའ་གཏད། ཤོག་སེར་ཚིག་བརྒྱུད་དེ་རྣམ་པ་ལྔར་འདུས་ལ། དེ་ལ་དང་པོ་རྒྱལ་བ་དགོངས་པས་བརྒྱུད་ཚུལ་ནི། པདྨོ་བདེ་བ་ཅན་རྒྱ་ཚད་མེད་བཀོད་པ་ཕྱོགས་ལྷུང་དང་བྲལ་བའི་ཞིང་ཁམས་སུ། ཀ་དག་ཆོས་ཀྱི་དབྱིངས་ལྷུན་གྲུབ་རང་བྱུང་གི་སྟོན་པ་འོད་མི་འགྱུར་བས་ཡེ་ཤེས་ཐུགས་རྗེའི་རྩལ་རྡོ་རྗེ་སེམས་དཔའ་སོགས་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་སུ་སྣང་བ་རང་གི་དགོངས་པ་བྱ་རྩོལ་དང་བྲལ་བ་རྫོགས་པ་ཆེན་པོའི་ངོ་བོ་ཞལ་ནས་མ་གསུང་ཚིག་དང་དཔེས་མ་མཚོན་པར་དགོངས་པས་བརྒྱུད་དེ་དུས་བཞི་མཉམ་ཉིད་ཆེན་པོར་གསུངས་སོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་དང་བྲལ་བར་གསུངས། དགའ་རབ་རྡོ་རྗེས་དུར་ཁྲོད་རྩུབ་འགྱུར་གྱི་ཚལ་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། གཉིས་པ་རིག་འཛིན་བརྡ་བརྒྱུད་ནི་ཤྲཱི་སིཾ་ཧས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་ཡེ་ཤེས་མདོ་གསུམ་ལ་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་གསུངས་པའོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གངས་ཅན་བོད་ཀྱི་ཡུལ་འདིར་རྗེ་འབངས་ཉེར་ལྔ་སྙིང་གི་བུ་དགུ་སོགས་ལ་གསང་སྔགས་སྙིང་པོའི་མཐར་ཐུག་ཐེག་མཆོག་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་དང་། བྱེ་བྲག་ཏུ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚེ་ཉི་ཟླ་དང་མཉམ་པར་གསོལ་བ་བཏབ་པའི་སྐབས་སུ་གང་ཟག་རབ་འབྲིང་ཐ་མ་ཡང་ཐ་བཞིར་དགོངས་ཏེ་སྐལ་པ་རབ་རྣམས་ལ་བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོས་ལུས་སྣང་སེམས་གསུམ་འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་ཏུ་སྒྲུབ་པ། འབྲིང་ལ་སྨིན་བྱེད་ཀྱི་དབང་དང་ལྷའི་བཟླས་བརྗོད་ཐུན་མོང་གི་ལས་རབ་འབྱམས་ཙམ་ལ་བརྟེན་ཏེ་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད་པ། ཐ་མ་ལ་འཆི་མེད་ཚེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་གི་བྱིན་རླབས་ཀྱིས་ཚེ་སྤེལ་བ། ཡང་ཐ་རྣམས་རྫས་ཀྱི་སྒོ་ནས་མྱང་གྲོལ་བཅུད་ལེན་གྱི་རིལ་བུ་དང་འཆི་མེད་ཀྱི་ཚེ་ཆུ་ཙམ་གྱིས་ཚེ་རིང་པོར་བྱེད་པ་སྟེ། ཚུལ་དེ་ལྟ་བུའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་དུ་མ་ཞིག་སྩོལ་བར་བཞེད་ཀྱང་རྗེ་འབངས་རྣམས་བསོད་ནམས་ཀྱི་སྐལ་པར་མ་ཤོང་བས་དུས་ལས་ཡོལ་ཞིང་། སླད་དུ་སློབ་དཔོན་ཉིད་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་ཀར་ར་ས་འཕྲུལ་སྣང་གི་ཤར་ལྷོ་མཚམས་ཀྱི་གཡུང་དྲུང་ཕུག་ཏུ་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། རྒྱལ་སྲས་ཆོས་རྗེ་སོགས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་གོང་དུ་བཤད་པའི་གདམས་པ་དེ་དག་གིས་སྨིན་ཅིང་གྲོལ་བར་མཛད་དོ། །བཞི་པ་སྨོན་ལམ་བཀའ་གཏད་ནི་དེ་ལྟ་བུའི་ཆོས་བཀའ་རྣམས་དུས་མ་འོངས་སྙིགས་མ་རྩོད་ལྡན་གྱི་གདུལ་བྱ་ད་ལྟ་བ་རྣམས་ལ་དགོངས་ནས་གུ་རུའི་གསུངས་བཞིན་དུ་ཨ་ཙརྱ་ས་ལེས་གཏེར་ཤོག་ལ་བཀོད་ཅིང་ཁྱད་པར་དུ་འཕགས་པའི་གཏེར་རྫས་དང་བཅས་ཏེ་མི་འཇིག་པའི་ཚས་དང་མི་བརླག་པའི་རྒྱས་བསྡམས། ཟབ་གཏེར་གྱི་སྒྲོམ་བུ་རྒྱལ་སྲས་ཀྱི་དབུ་ཐོག་ཏུ་བཞག་སྟེ་མ་འོངས་རྩོད་ལྡན་སྙིགས་མའི་དུས་དེར་འཕྲད་པའི་སྨོན་ལམ་བཀའ་གཏད་མཛད་པ་དཔེར་མཚོན་ན། གཏེར་གཞུང་ཉིད་ཀྱི་ཀ་དག་གི་དབུར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ ཁྱད་པར་འཕགས་པ་དྭངས་མའི་བཅུད་ལྟ་བུ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་འདི༔ བདག་འདྲ་སྤྲུལ་སྐུས་མ་འོངས་དོན་ཕྱིར་བཀོད༔ ད་ལྟ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ནམ་ཞིག་སྨོན་ལམ་ལས་སད་སྐལ་ལྡན་པ༔ བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ༔ དེ་དང་འཕྲད་དེ་འགྲོ་དོན་བྱེད་པར་ཤོག༔ ཅེས་གསུངས་ཤིང་རྨ་སྐུང་ལུང་ཟག་མེད་འཇའ་ཚོན་གྱི་ཕུག་པར་གཏེར་བདག་རྣམས་ལ་གཉེར་དུ་བཅོལ་ཏེ་མི་སྣང་བར་རྒྱས་བཏབ། ལྔ་པ་ཤོག་སེར་ཚིག་བརྒྱུད་ནི་ད་ལྟ་སྐལ་ལྡན་ཆོས་ཀྱི་བདག་པོས་སྔོན་སྨོན་གྱི་མཚམས་སྦྱོར་སད་དེ་ཟབ་གཏེར་གྱི་རྒྱ་བཀྲོལ་ནས་སྐལ་ལྡན་རྣམས་ལ་རྒྱ་ཆེར་སྤེལ་བ་སྟེ། དེ་ལྟ་བུའི་ལྔ་ལྡན་གྱི་བརྒྱུད་པ་འདི་ལ་མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་ཞིང་དམ་ཉམས་དང་འདྲེས་ཁྱེར་གྱི་བསྲེ་སླད་མ་ཞུགས་པས་བརྒྱུད་པ་གཞན་དག་ལ་ལྟོས་ན་ཁྱད་པར་དུ་འཕགས་པ་ཞིག་གོ །བཞི་པ་ཐུན་མོང་གི་སྔོན་འགྲོ་ལ། གཏེར་གཞུང་ཉིད་ལས། ཉན་ཐོས་ཐེག་པ་དང་སྒོ་བསྟུན་ཏེ་ལུས་རྙེད་དཀའ་བསམ་པ༔ དེ་མི་རྟག་པའི་ཚུལ༔ ལས་འབྲས་མི་འཆོལ་བར་སྨིན་ལུགས༔ འཁོར་བའི་སྡུག་བསྔལ་དང༔ ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བལྟ་བ་དང་སྐྱབས་སུ་འགྲོ་བའོ༔ བྱང་ཆུབ་སེམས་དཔའི་ཐེག་པ་དང་བསྟུན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༔ གསང་སྔགས་ནང་པ་དང་བསྟུན་ཏེ་སྒྲིབ་སྦྱོང་རྡོར་སེམས་ཀྱི་རྣལ་འབྱོར༔ ཚོགས་གསག་བླ་མའི་རྣལ་འབྱོར་དང་མཎྜལ༔ མོས་གུས་བྱིན་རླབས་ཀྱིས་རྟོགས་པ་མངོན་སུམ་དུ་བྱ་ཕྱིར་གསོལ་འདེབས་ཏིང་ངེ་འཛིན་གྱི་དབང་བླང་བའོ༔ ཞེས་གསུངས་པ་རྣམས་ལག་ལེན་བདེ་ཁྱད་ནས་ས་བཅད་བཅུར་དྲིལ་ནས་བསྟན་པར་བྱ་བ་ལ། དང་པོ་ལུས་རྙེད་དཀའ་བསམ་པ་ནི། དེ་ཡང་མི་ཁོམ་པ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ་དང་པོ་མི་ཁོམ་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ། ལྷ་ཚེ་རིང་པོ་དང་མི་ཡིན་དུ་ཟིན་ཀྱང་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་ཀླ་ཀློ་དང་དབང་པོ་མ་ཚང་བ་དང་ལོག་ལྟ་ཅན་རྣམས་ནི་ཆོས་བྱར་མི་ཁོམ་པ་ཉིད་ཡིན་ལ། དེ་དག་གི་རྩིས་ན་རང་ཉིད་དགེ་བའི་ཆོས་བཅུས་འབྱོར་པ་སྟེ། ཁམས་དྲུག་ལྡན་པའི་མི་ལུས་ཐོབ་པ། དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་ལྔ་ལ་སྐྱོན་མེད་པ། མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས་པ། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ། སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་དེས་ཆོས་གསུངས་པ། དེའི་བསྟན་པ་གནས་པ། ཆོས་སྟོན་པའི་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཡང་ཡོད་ལ་གཞན་དག་ཀྱང་བདག་ལ་རྗེས་སུ་བརྩེ་བའི་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོར་བ་སྟེ་དེས་ན་ཆོས་བྱེད་དུ་ཁོམ་ཞིང་དབང་ཡོད་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་དཀོན་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཞིག་སྟེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཤིང་དེ་བས་ཀྱང་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་སོགས་རྣམ་གྲངས་དུ་མའི་སྒོ་ནས་བསམ་ཞིང་དཔྱད་དེ་དལ་འབྱོར་དོན་ཡོད་ཀྱི་བློ་དང་ལྡན་པར་བྱའོ། །གཉིས་པ་དེ་མི་རྟག་པའི་ཚུལ་ནི། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་རི་གླིང་དང་བཅས་པ་འདི་ཡང་ཐོག་མར་ཆགས། བར་དུ་གནས། ཐ་མར་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཆོས་ཅན་དང་། བཅུད་ཀྱི་སྐྱེ་འགྲོ་འདི་དག་ཀྱང་དང་པོར་ཕ་མའི་རྐྱེན་གྱིས་ཆགས། བར་དུ་མཚམས་སྤྲིན་གསེབ་ཀྱི་ཉི་མ་བཞིན་ཡུད་ཙམ་གནས། ཐ་མར་འཆི་ཞིང་འདིར་འགྲོའི་གཏད་སོ་མ་མཆིས་པས་ན་མི་རྟག་པ་དང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཉི་ཟླ་འཆར་ནུབ་ཀྱི་ཚུལ་སྐད་ཅིག་མ་སྔ་ཕྱིའི་བྱེ་བྲག་དང་། གཞན་ཡང་སྔར་མ་ཤི་བ་ལུས་པ་མེད་པ། ཚེ་སྐད་ཅིག་མས་འཛད་པ། ལུས་འདུས་བྱས་ཡིན་པས་འཇིག་པར་འགྱུར་བ་སོགས་ནས་ནམ་འཆིའི་ངེས་པ་སྤུ་ཙམ་ཡང་མེད་པ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་ནི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །ཞེས་གསུངས་པས་འཆི་བ་བསམ་ཞིང་དེའི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པས་འཆི་ཀར་ཕན་ངེས་དམ་པའི་ཆོས་ཤིག་བྱ་བར་བསམ་ཞིང་། དེ་ཡང་སང་བྱ་གནངས་བྱའི་ངང་ལ་ཟད་ན་འཆི་བ་ནམ་ཡོང་གི་གཏད་སོ་མེད་པས། ལ་འུར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་བྱ་དགོས་ཏེ། བཤེས་སྤྲིང་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཚེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་བཞིན་ཉམས་ལེན་ལ་མྱུར་དུ་འཇུག་པར་བྱ་དགོས་པ་ཡིན་ནོ། །གསུམ་པ་ལས་འབྲས་མི་འཆོལ་བར་སྨིན་ལུགས་ཀྱང་། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པས་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་བཟོད་མེད་མྱོང་དགོས་པ་ནི་མི་དགེ་བ་སྤྱད་པ་ལས་བྱུང་ཞིང་། མཐོ་རིས་ཐར་པའི་བདེ་བ་ཡང་དག་པ་ནི་དགེ་བ་བྱས་པ་ལས་བྱུང་བ་དེའི་ཕྱིར་ལས་འབྲས་མི་འཆོལ་བར་སྨིན་ལུགས་ལ་བསམས་ཏེ་དགེ་སྡིག་གི་འདོར་ལེན་ཕྱེད་ཅིང་སྤང་བླང་ཚུལ་བཞིན་དུ་ཤེས་པས་སྲོག་གཅོད་སོགས་མི་དགེ་བ་བཅུ་སྤོང་ཞིང་། སྦྱིན་སོགས་བཅུ་དང་ཆོས་སྤྱོད་བཅུ་ལ་ནན་ཏན་དུ་འབད་པར་བྱ་བ་ཡིན་ནོ། །བཞི་པ་འཁོར་བའི་སྡུག་བསྔལ་ལ་བསམ་པ་ནི། བདག་ཀྱང་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས། ད་དུང་ཡང་འཁོར་བ་ལས་ལྡོག་པའི་གདིང་ནི་བདག་ལ་མེད། །འཁོར་བ་མཐའ་མེད་དུ་སྡུག་བསྔལ་མི་བཟོད་པ་དཔག་ཏུ་མེད་པ་མྱོང་དགོས། འདི་ལྟར་རང་ཉིད་གཅིག་པུར་མ་ཟད་ཕ་མ་སེམས་ཅན་འདི་ཀུན་ཡང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ཡོད་དེ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་དེ་འདྲ་བ་དང་། ཡི་དྭགས་ལ་བཀྲེས་ཤིང་སྐོམ་པ་མི་བཟད་པས་ཉེན་པ་དང་། དུད་འགྲོ་ལ་ཡང་གསོད་པ་དང་ཟ་བ་དང་། བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་དེ་ལྟ་བུ་དང་། མི་ལའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་དང་། ལྷ་མིན་ཡང་ལྷའི་དཔལ་ལ་སྡང་ཞིང་ཕྲག་དོག་གི་ཟུག་རྔུ་ལྡན་པ་དང་། ལྷ་ཡང་འདོད་ཡོན་ལ་མི་ངོམས་པར་སྲེད་ཅིང་འཕོ་ལྟུང་གི་སྡུག་བསྔལ་མྱོང་བ་སོགས་མདོར་ན་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངས་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ཙམ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་སྲིད་པའི་ཚུལ་འདི་ལ་ཡིད་སྐྱོ་བས་ནག་ཅན་ཁྲི་མུན་ནས་འབྲོས་པ་དང་འདྲ་བར་བྱའོ། །ལྔ་པ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བསམ་པ་ནི། དེ་ཡང་རྣམ་པ་ཀུན་ཏུ་བདེ་བ་དམ་པ་ནི་ཞི་བ་བསིལ་བ་མྱ་ངན་ལས་འདས་པའི་གོ་འཕང་བླ་ན་མེད་པ་ཉིད་དེ་བྲལ་བ་དང་རྣམ་པར་སྨིན་པ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྱི་ཚུལ་དཔག་ཏུ་མེད་པ་ལ་བསམ་ཞིང་སྤྲོ་བ་བསྐྱེད་པར་བྱའོ། །དེ་དག་གི་ཚུལ་རྣམས་ཉམས་སུ་ལེན་བདེ་ཕྱིར་སྙིང་པོ་ངག་འདོན་དུ་བསྡུས་པ་ནི། དེ་ཡང་ཐོ་རངས་ལ་སོགས་པའི་དུས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་ཅིང་རླུང་རོ་དགུ་ཕྲུགས་སུ་བསལ། ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ཚར་གསུམ་བརྗོད་པས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་བྱང་དག་ཆེན་པོར་གྱུར་པར་བསམ་ནས། ཀྱེ་མ་བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲགས་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང་། འདི་ལྟར་བདག་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་ཀུན་ཡང་སྡུག་བསྔལ་འདི་འདྲ་འབའ་ཞིག་ལ་སྤྱོད་ཅིང་། ད་དུང་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པར་སྨྱོན་པས་བཙན་དུག་ཟ་བ་ལྟར་རང་གིས་རང་ཕུང་སྒྲུབ་པ་འདི་ཚོ་ཨ་རེ་སྡུག །སྙིང་རེ་རྗེ། འདི་རྣམས་བདེ་བ་དང་ལྡན་སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་འགྲུབ་པ་ཞིག་ཅི་མ་རུང་། དེ་འགྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ། ད་གདོད་ཁམས་གསུམ་འཁོར་བ་འདི་ན་འཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ། དེའི་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་བསམ་ཞིང་ངག་ཏུ་ཡང་བརྗོད། དྲུག་པ་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པའི་བསྟན་པའི་གཞི་མ་ཡིན་ཏེ། དེ་ཡང་སྐྱབས་སུ་འགྲོ་བའི་ཚུལ་ལ་སྐྱབས་ཡུལ་གསལ་འདེབས་པ་དང་སྐྱབས་སུ་འགྲོ་བའོ། །དང་པོ་ནི། རང་ཐ་མལ་པར་གསལ་བའི་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་ལྡན་གྱི་བླ་མས་བསྐོར་བ༔ མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་དུས་གསུམ་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་སྐོར་དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བར་གྱུར༔ ཞེས་འདོན་བསྒོམ་སྦྲགས། དེ་ལྟ་བུའི་སྐྱབས་ཡུལ་རྣམས་ལ་སྙིང་ཐག་པ་ནས་བློ་ཁེལ་ངེས་པའི་གདུང་ཤུགས་བསྐྱེད་དེ། གཉིས་པ་སྐྱབས་འགྲོ་ནི། ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་ཆོས་མཐུན་འཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་བརྒྱ་སྟོང་ཉེར་གཅིག་སོགས་ཅི་འགྲུབ་བྱ། དེ་ལྟ་བུའི་སྐྱབས་སུ་འགྲོ་བའི་ཕན་ཡོན་ཀྱང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། གཞན་ཡང་ཕན་ཡོན་གྲངས་སུ་ཕྱེ་བ་བརྒྱད་དུ་གསུངས་ཏེ། ཇི་སྐད་དུ། ནང་པའི་རྟེན་དང་སྡོམ་པའི་རྟེན། །སྡིག་སྒྲིབ་དག་དང་བར་ཆད་མེད། །ཚོགས་གཉིས་རྫོགས་དང་བསམ་པ་འགྲུབ། །ངན་སོང་མི་ལྟུང་སངས་རྒྱས་འཐོབ། །ཅེས་གསུངས་པའོ། །བདུན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་ཞར་ལ་ཚད་མེད་བཞི་བསྒོམ་པ་ནི། སེམས་བསྐྱེད་ཀྱི་རྟེན་ཁམས་གསུམ་འཁོར་བ་འདི་ན་གནས་པའི་ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཚད་མེད་དུ་བསྐྱེད་ཅིང་བསམ་སྦྱོར་མཐུན་པས་ནམ་མཁར་བཞུགས་པའི་སྐྱབས་ཡུལ་རྣམས་དཔང་པོར་བྱས་ཏེ་ངག་ཏུ། བདག་གི་ཕ་མ་ཁམས་གསུམ་འགྲོ་བ་རྣམས༔ ཐོག་མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ལས་མ་བསྒྲལ་་་་ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་་་བདག་གིས་བསྒྲལ༔ ཐེག་མཆོག་དབུགས་མ་ཕྱུང་་་ཉན་ཐོས་་་རྣམས་བདག་གིས་དབྱུང༔ ཞི་བདེར་གནས་པའི་་་རང་རྒྱལ་་་སེམས་དཔའ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་དེའི་ཕན་ཡོན་གྱིས༔ སེམས་ཅན་བདེ་དགེའི་ལམ་ལ་སྤྱོད་པ་་་བྱམས་པ་ཚད་མེད་་་དང༔ སྡུག་བསྔལ་མི་དགེའི་ལམ་ལས་རབ་བཟློག་་་སྙིང་རྗེ་ཚད་མེད་སྟེ༔ སྡུག་བསྔལ་ཡོངས་བྲལ་བདེ་བ་དམ་པ་་་དགའ་བ་ཚད་མེད་་་ཡིས༔ གཉིས་མེད་བྱང་ཆུབ་སེམས་་་བཏང་སྙོམས་ཚད་མེད། ལན་གསུམ་བརྗོད་་་སུ་གནས་གྱུར་ཅིག༔ མཇུག་ཏུ་སྐྱབས་ཡུལ་རྣམས་བདག་ལ་ཐིམ་པས་དཀོན་མཆོག་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་གྱུར་ཏེ་ཐུགས་རྗེའི་བྱིན་རླབས་ཞུགས་པས་ཆོས་ཆོས་སུ་འགྲོ་ཞིང་བར་ཆད་མེད་པར་བསམ་མོ། །བརྒྱད་པ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱང་དགོས་ཤིང་། དེའི་ཆོ་ག་ནི་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ་གོང་གི་སྐྱབས་ཡུལ་རྣམས་བདག་ལ་ཐིམ་པའི་རྗེས་ཐོག་དེ་ཉིད་དུ། རང་ཐ་མལ་པའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་ཐེམ་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་བ་ལྟ་བུར་གྱུར་པར་མོས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ སོགས། སཏྭ་ཨཱཿཧཱུྃ༔ ཞེས་སྙིང་པོ་ཅི་འགྲུབ་དང་། ཡང་སྙིང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཡང་བཟླ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་བདག་དང་རོ་གཅིག་ཏུ་གྱུར་པར་མོས། དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ཀྱི་ཐབས། སྦྱོང་མཁན་སྒྲུབ་པ་པོ་གསུམ་ཀ་མི་དམིགས་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་རྒྱས་འདེབས་པར་བྱེད་པ་ཡང་བསྒོམ་བྱའི་སྙིང་པོའོ། །དགུ་པ་ཚོགས་གཉིས་རྫོགས་པར་བྱ་ཕྱིར་མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་སྟེགས་ཀྱི་ཁར་འབྲུ་གསུམ་བརྗོད་པའི་ཚོམ་བུ་ལྔ་ཚོམ་དུ་བཀོད། སྐྱབས་ཡུལ་བཞིན་དུ་བསྒོམ། མཆོད་པའི་མཎྜལ་ལག་ཏུ་ཐོགས། དེ་ཡང་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གས་ཆག་མེད་པ་མཐོ་གང་ལས་མི་ཆུང་བ་ཚོམ་བུའང་རིན་པོ་ཆེ་དང་འབྲུ་སྨན་སོགས་ཅི་འབྱོར་གྱིས་བྱ་ཞིང་། དགོད་པའི་ཚུལ་ནི། མཎྜལ་དྲི་བཟང་གི་ཆུས་བྱུག་ཅིང་ལས་སྔགས་ཀྱིས་བསང་། སྐུ་གསུམ་གྱི་མཎྜལ་ལས་དང་པོ་སྤྲུལ་སྐུའི་མཎྜལ་ནི་འབྲུ་སིལ་མའི་མེ་ཏོག་གཅལ་དུ་བཀྲམ་ལ༔ ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུཾ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་གཡས་དང་ལུས་འཕགས་གཡོན། ལྷོར་རྔ་ཡབ་གཡས་དང་རྔ་ཡབ་གཞན་གཡོན། ནུབ་ཏུ་གཡོ་ལྡན་གཡས་དང་ལམ་མཆོག་འགྲོ་གཡོན། བྱང་དུ་སྒྲ་མི་སྙན་གཡས་དང་སྒྲ་མི་སྙན་གྱི་ཟླ་གཡོན། གླང་པོ་རིན་པོ་ཆེ་ཤར། བློན་པོ་རིན་པོ་ཆེ་ལྷོ། རྟ་མཆོག་རིན་པོ་ཆེ་ནུབ། བཙུན་མོ་རིན་པོ་ཆེ་བྱང་། དམག་དཔོན་རིན་པོ་ཆེ་ཤར་ལྷོ། འཁོར་ལོ་རིན་པོ་ཆེ་ལྷོ་ནུབ། ནོར་བུ་རིན་པོ་ཆེ་ནུབ་བྱང་། གཏེར་ཆེན་པོའི་བུམ་པ་བྱང་ཤར་། ཉི་མ་ཤར། ཟླ་བ་ནུབ། ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །བཞེས་ནས་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ ཚོམ་བུ་སོ་བདུན་མ་དང་བདུན་མ་སོགས་སྤྱི་ཁྱབ་ཏུ་གྲགས་ཆེ་ནའང་འདིར་ནི་འབྲེལ་ཆགས་པའི་དབང་གིས་ཀུན་མཁྱེན་ཆོས་རྗེའི་ལུགས་བཞིན་ཉེར་གསུམ་བྱས་པའོ། །གཉིས་པ་ལོངས་སྐུའི་མཎྜལ་ནི་མེ་ཏོག་གཅལ་དུ་བཀྲམ་ལ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར། འབྲུ་གསུམ་བརྗོད་པས་མེ་ཏོག་དབུས་དང་ཕྱོགས་མཚམས་ཏེ་དགུར་བཀོད་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའ་གང་བར་གྱུར། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གསུམ་པ་ཆོས་སྐུའི་མཎྜལ་ནི་འབྲུ་གསུམ་བརྗོད་པས་ཚོམ་བུ་ལྔ་ཚོམ་དུ་བཀོད་ལ། དབུས་སུ་རྣམ་པར་སྣང་མཛད་ཀྱི་ཞིང་འོག་མིན་ལྷུན་གྱིས་གྲུབ་པ། ཤར་དུ་མི་བསྐྱོད་རྡོ་རྗེའི་ཞིང་མངོན་པར་དགའ་བ། ལྷོར་རིན་ཆེན་འབྱུང་ལྡན་གྱི་ཞིང་དཔལ་དང་ལྡན་པ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱི་ཞིང་བདེ་བ་ཅན། བྱང་དུ་དོན་ཡོད་གྲུབ་པའི་ཞིང་ལས་རབ་རྫོགས་པ་ཐམས་ཅད་ཀྱང་ཆོས་ཉིད་བདེ་གསལ་གྱི་རང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ལྔའི་རང་འོད་དུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པར་གྱུར་པར་མོས་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ དེ་ལྟ་བུའི་མཎྜལ་རྣམས་ཚིག་བརྗོད་ཅིང་ཚོམ་བུ་གསོ་བ་དང་དམིགས་པ་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དངོས་སུ་མཎྜལ་མེ་ཏོག་སོགས་མ་འབྱོར་ན། ཡིད་བྱུང་གིས་སྤྲོས་ཏེ་འབུལ་བ་ཡིན་ནོ། །བཅུ་པ་མོས་གུས་བྱིན་རླབས་ཀྱིས་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་བྱ་ཕྱིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ནི་ཤིན་ཏུ་གལ་ཆེ་སྟེ། ཞི་བྱེད་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་དེ་ཉིད་ཉམས་སུ་ལེན་པའི་ཚུལ་ནི། རང་ཉིད་སྐད་ཅིག་གིས་གར་དབང་རྩ་གསུམ་ཡོངས་འདུས་སུ་གསལ་བའི་སྤྱི་བོར་སེང་གེས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བདག་ལ་བཀའ་ལུང་དབང་དང་མན་ངག་བསྩལ་ཅིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔ རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་བའི་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ལམ་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན༔ གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གྱུར༔ དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་བསམས་ཏེ་སྐྱོན་རྟོག་གི་བློ་ངན་སྤངས་ལ་དད་པ་དང་མོས་གུས་སྙིང་ཐག་པ་ནས་ལུས་འདར་བ་དང་མིག་མཆི་མ་གཡོ་བ་ཙམ་དུ་བསྐྱེད་ཅིང་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཆོས་དབྱིངས་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ གསེར་གླིང་ཧེ་ཆེན་གདལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་གནས་མཆོག་ཏུ༔ དགའ་རབ་རྗེས་བཟུང་རྫོགས་ཆེན་བརྡ་དོན་རིག༔ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལ་བ་འདེབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཟན་ཡང་གནས་དང་གཡུ་རུ་ཁྲ་འབྲུག་ཏུ༔ པདྨས་རྗེས་བཟུང་བཀའ་འདུས་གདམས་པའི་བདག༔ རྒྱལ་སྲས་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས༔ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་བསྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ དམར་གསལ་ཟླ་གམ་ཚེ་ཡི་ཕོ་བྲང་དུ༔ འཆི་མེད་དབང་དང་དངོས་གྲུབ་ཉེར་སྩོལ་བའི༔ གར་དབང་རྩ་གསུམ་ཡོངས་འདུས་ལ་གསོལ་བ་འདེབས༔ རྨ་ལུང་ཟག་མེད་འཇའ་ཚོན་ཕུག་པ་ནས༔ རྒྱལ་བའི་གསེང་ལམ་མཆོག་གསང་ཨ་ཏིའི་ཆོས༔ བློ་འདས་རྫོགས་པ་ཆེན་པོ་ལ་གསོལ་བ་འདེབས༔ རང་བཞིན་གནས་དང་ལྷུན་གྲུབ་ཞིང་ཁམས་སུ༔ མཆོག་གི་བདེ་སྟེར་དམ་ཚིག་ཌཱ་ཀི་མ༔ བསྟན་སྐྱོང་སྔགས་ཀྱི་བདག་མོ་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཀ་དག་རིག་སྟོང་རང་ངོ་འཕྲོད་པ་དང༔ ཐོད་རྒལ་ལྷུན་གྲུབ་སྣང་བ་མཐར་ཕྱིན་ཏེ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་གྱུར་ཅིག༔ ཅེས་པའི་བརྒྱུད་འདེབས་དང་། ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་པར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་ལྷོངས་པར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་ཕེབས་པར་བྱིན་གྱིས་རློབས་ཤིག༔ ཚེ་གཅིག་ལུས་གཅིག་ལ་བློ་འདས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ ཅེས་ཚར་ཅི་མང་དུ་བྱ་ཞིང་དེ་ལྟ་བུའི་གསོལ་འདེབས་ཀྱི་བརྗོད་ཚུལ་ཡང་། གསང་འདུས་ལེའུ་འབུམ་པ་ལས། བླ་མ་ལ་གུས་སློབ་མ་ཡིས། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཞེས་གསུངས། ཁྱད་པར་དུ་ཏིང་ངེ་འཛིན་གྱི་དབང་བཞི་ཞུ་བ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས་བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ་གསུང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔ མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཞེས་ལམ་དུས་ཀྱི་དབང་བཞི་ཡང་ཡང་བླང་བར་བྱ་ཞིང་ཚུལ་འདི་ནི་མཚན་བཅས་ཀྱི་དབང་བཞི་རྣམས་ལས་ཁྱད་པར་དུ་གྱུར་པ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ནས། །རང་བཞིན་བཅུ་ཡི་དབང་ལ་སེམས་མི་ཆགས། །སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག །རྫས་དང་མཚན་མའི་དབང་ལ་རྩོལ་མི་དགོས། །ཞེས་དང་། སྡོམ་འབྱུང་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཏུ་ཞུགས་མཐོང་ན། །དེང་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟང་པོར་འགྱུར་བར་གནས། །ཞེས་གསུངས་པའོ། །དེ་དག་གིས་ཐུན་མོང་གི་སྔོན་དུ་འགྲོ་བའི་རིམ་པ་རྣམས་བསྟན་ཟིན་ཏོ། །བར་འདིར་ཚེའི་གསང་བ་སྒྲུབ་ཆེན་གྱི་དཀྱིལ་འཁོར་དུ་སློབ་མ་རྣམས་ཀྱི་རྒྱུད་སྨིན་ངེས་སུ་བྱ་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་དབང་བཞིའི་ལམ་རིམ་དང་འབྲེལ་བའི་ས་བཅད་བཞི་ལས། དང་པོ་བུམ་དབང་དང་འབྲེལ་པ་བསྐྱེད་རིམ་ལ་བརྟེན་པའི་ཚེ་ཁྲིད་ཉམས་སུ་ལེན་པའི་རིམ་པ་ནི། དེ་ཉིད་ཀྱི་གཞུང་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་སྔོན་དུ་འགྲོ་བས་རྒྱུད་སྦྱོང་ཞིང༔ དམིགས་པའི་མཉེན་བཙལ་བ་དང༔ བསྐྱེད་རིམ་ལས་རུང་དུ་བསྒྲུབས་ནས་རྫོགས་རིམ་དངོས་ལ་འཇུག་པར་བྱའོ༔ ཞེས་གསུངས་པས་དེ་ཡང་རྫོགས་ཆེན་རང་རྐང་གི་སྐབས་སུ་བཤད་མ་ཐག་པའི་སྔོན་འགྲོ་དེ་རྣམས་ལ་ཐུན་མོང་གི་སྔོན་འགྲོ་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་སླར་འཆད་འགྱུར་ལས་ཤེས་ཤིང་། སྤྱི་ཁྱབ་ཏུ་དལ་འབྱོར་རྙེད་དཀའ་ནས་ཐར་པའི་ཕན་ཡོན་གྱི་བར་ཐུན་མོང་གི་སྔོན་འགྲོ་དང་། སྐྱབས་འགྲོ་ནས་དབང་བཞིའི་བར་ཐུན་མོང་མ་ཡིན་པའི་སྔོན་འགྲོར་འཇོག་པ་ཡིན་པས་སྔོན་འགྲོའི་ཡན་ལག་རྣམས་གོང་དུ་བསྟན་པ་དེས་འཐུས་ཤིང་། དམིགས་པའི་མཉེན་བཙལ་བ་ནི་མཚན་ཉིད་དང་ལྡན་པའི་བྲིས་སྐུ་མདུན་དུ་བཤམས་ལ་དེ་ལྟ་བུ་ཡིད་ཡུལ་དུ་ཡང་ཡང་བསྒོམ་པ་དང་། ཤིན་ཏུ་དབང་པོ་བརྟུལ་པོ་རྣམས་དང་པོར་རྩ་ཞལ་ཙམ་དང་དེ་ནས་གཡས་གཡོན་གྱི་ཞལ། མཐར་གྱིས་སྐུ་ལུས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་བར་རིམ་གྱིས་གསལ་གདབ་པས་སེམས་བསྐྱེད་རིམ་ལས་རུང་དུ་བསྒྲུབ་པར་བྱའོ། །དངོས་གཞི་ལ་དཀྱིལ་འཁོར་སྒྲུབ་ཆེན་སོགས་དང་འབྲེལ་ན་མཆོག་ཡིན་ལ་དེ་ལྟར་མ་འབྲེལ་ཀྱང་སྔོན་འགྲོ་རྣམས་ཟིན་པའི་རྗེས་ཐོག་ཏུ་ཏིང་ངེ་འཛིན་རྣམ་གསུམ་གྱི་རྒྱུ་ཏིང་གི་ཧྲཱིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་བདེ་གཤེགས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྐུ་སྣང་ཡུལ་དུ་གྲུབ་ཅིང་གཟུང་བྱའི་ཡུལ་ལས་འདས་པ་རྒྱན་དང་ཕྱག་མཚན་སོགས་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལྟར་བཀྲ་སལ་ལེ་བའི་ཐུགས་ཀར་ཚེའི་ཉི་ཟླའི་གའུ་ཐབས་ཤེས་ཁ་སྦྱོར་གྱི་ནང་དུ། ཐུགས་སྲོག་ཧྲཱིཿཡིག་དམར་གསལ་རིང་ཆ་ཚེག་དྲག་དང་བཅས་པའི་མཐའ་སྐོར་དུ་ལྔ་ལྡན་འོད་ཟེར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ནང་དུ་བཟླ་བྱའི་སྔགས་འབྲུ་ཁ་དོག་དམར་གསལ་འབྲུ་རེ་རེ་གསལ་བ། ཡིག་འབྲུ་དེ་རྣམས་ལུ་གུ་རྒྱུད་ཀྱི་ཕྱི་རོལ་དུ་མི་འདའ་ཞིང་ཐུགས་སྲོག་ལུ་གུ་རྒྱུད་དང་བཅས་པ་མི་གནས་པར་མེར་མེར་ཡོམ་ཡོམ་ཤིག་གེར་གཡོ་བ། སྔགས་འབྲུ་རྣམས་ལས་སྔགས་ཀྱི་སྒྲ་དཔེར་ན་བུང་བ་ཚང་ཞིག་པ་ལྟར་ཟི་དི་རི་རི་སྒྲོག་པར་བསྒོམ་ཞིང་འཛབ་བུང་བ་ཚང་ཞིག་གི་ཚུལ་དང་མཐུན་པའི་དབྱངས་ཀྱི་རྟ་ལ་བསྐྱོན་པའམ་ཤུབ་བུར་བཟླའོ། །དེའི་དགོས་པ་ནི་གཞུང་ལས། དེས་ནི་ཏིང་ངེ་འཛིན་གཞན་དུ་མི་གཡོ་བར་བརྟན་པར་བྱེད་པ་སྟེ༔ དཔེར་ན་བུང་བས་མེ་ཏོག་གི་བཅུད་ལེན་པའི་ཚེ་མེ་ཏོག་དེ་ལས་གཞན་དུ་མི་གཡེལ་བར་འཁོར་བ་ལྟར༔ རྣལ་འབྱོར་པས་ཀྱང་ཐུགས་སྲོག་ལུ་གུ་རྒྱུད་ཀྱི་སྔགས་འབྲུ་ལ་རྩེ་གཅིག་ཏུ་མི་གཡེལ་བར་འཛིན་པ་སྟེ༔ བུང་བ་བཅུད་འཁོར་གྱི་དམིགས་པ་ཞེས་བྱ་སྟེ་ཏིང་ངེ་འཛིན་བརྟན་པའི་དགོས་པ་ཡོད་དོ༔ ཞེས་གསུངས། དེ་ལྟ་བུའི་སྒོ་ནས་དམིགས་པའི་ཏིང་ངེ་འཛིན་དེ་ཉིད་ལེགས་པར་བརྟན་པ་ཐོབ་ནས་བོགས་དབྱུང་ཕྱིར་ཚེ་བཅུད་དངོས་གྲུབ་སྡུད་པའི་སྤྲོ་བསྡུ་བུང་བ་བཅུད་སྡུད་ཀྱི་དམིགས་པ་བྱ་བ་ཡིན་ཏེ། ཐུགས་སྲོག་ལུག་རྒྱུད་དང་བཅས་པ་དེ་ལས་མར་མེ་གཅིག་ལས་དུ་མ་མཆེད་པ་ལྟར་ལྔ་ལྡན་ལུ་གུ་རྒྱུད་ཀྱི་ནང་དུ་སྔགས་ཀྱི་ཡིག་འབྲུ་རེ་སྒྲ་དང་བཅས་པ་གཅིག་རྗེས་གཅིག་མཐུད་བར་མ་ཆད་པ་ཉི་ཟླའི་གའུ་ཁ་སྦྱོར་གྱི་བར་མཚམས་ཕྱེ་ནས་གྱེན་དུ་འཕྲོས། ལྗགས་ཀྱི་པདྨོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་ཡི་གེ་ཨཱཿདམར་གསལ་དེ་ལ་གཡས་བསྐོར་དུ་ལན་གཅིག་བསྐོར་ཏེ། སྤྱི་བོའི་གཙུག་བརྒྱུད་རྟ་མགོའི་ཞལ་ནས་འཐོན་ཏེ་སྣང་སྲིད་སྣོད་བཅུད་བརྟན་གཡོའི་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བབས། བུང་བས་མེ་ཏོག་བཅུད་སྡུད་པ་ལྟར་དངོས་གྲུབ་ཀྱི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ལུག་རྒྱུད་སྔགས་འབྲུ་དང་བཅས་ཡུམ་གྱི་ཕག་གདོང་གི་ཞལ་ནས་བརྒྱུད་ཚངས་བུག་ནས་མར་ཞུགས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོར་བདུད་རྩི་སྦྲང་རྩི་མཆོག་ཏུ་དྭངས་པའི་རྣམ་པར་བསྐྱིལ་ལོ། །རྒྱས་པར་ན་སྤྲོ་བསྡུའི་དམིགས་པ་བྱིངས་གོང་ལྟར་ལས་དང་པོས་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པ་འབྱུང་ལྔ་སྣོད་ཀྱི་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི་དྭངས་བཅུད། གཉིས་པས་ནང་བཅུད་ཀྱི་སྐྱེ་འགྲོ་ལྷ་ཀླུ་གནོད་སྦྱིན་གྲུབ་པ་དྲང་སྲོང་རིག་འཛིན་ལ་སོགས་པའི་ནུས་མཐུ། གསུམ་པས་གསང་བ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་རྩ་གསུམ་ཞི་ཁྲོ་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་རྣམས་སོ་སོར་བསྡུ་ཞིང་འདི་དག་གི་སྐབས་བུང་བ་བཅུད་སྡུད་ཀྱི་དབྱངས་ཀྱི་རྟས་དྲང་བའམ་ཤུབ་བུར་བཟླའོ། །དགོས་པ་ནི་གཞུང་ལས། འདིས་ནི་ཚེའི་དངོས་གྲུབ་སྡུད་ཅིང་ཏིང་ངེ་འཛིན་རྩལ་སྦྱོང༔ ཞེས་གསུངས། དེ་ལྟར་ཡུམ་གྱི་པདྨོར་ཚེ་བཅུད་དངོས་གྲུབ་ཐམས་ཅད་བདུད་རྩི་དྭངས་མ་ཆེན་པོར་བསྐྱིལ་བ་རྣམས་རང་གཙོ་མཆོག་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ཁོང་གསེང་ཅན་དུ་མོས་པས། འོག་རླུང་ཅུང་ཟད་འཐེན་པའི་སྦྱོར་བ་དང་བཅས་ཏེ་ཚེ་བཅུད་དེ་རྣམས་ནུ་རུ་རུ་རྡོ་རྗེའི་ལམ་ནས་གྱེན་དུ་དྲངས་སྐུའི་ལྟེ་བའི་དབྱིབས་བརྒྱུད་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་གི་ལུག་རྒྱུད་སྔགས་འབྲུ་རྣམས་ལ་བསྟིམས་པས། ཇེ་ཆེར་རྒྱས་ཤིང་འོད་འཚེར་བ་སྔགས་ཀྱི་སྒྲ་གདངས་དི་རི་རི་སྒྲོག་ཅིང་ལུས་ཀྱི་ནང་ཐམས་ཅད་ཀྱང་ལྔ་ལྡན་འོད་ཟེར་ཐིག་ལེ་ཐིག་ཕྲན་ལུག་རྒྱུད་ཡིག་འབྲུ་དང་བཅས་པས་མེར་མེར་ཡོམ་ཡོམ་དུ་གྱུར་ཅིང་། རང་སྒྲ་སྒྲོག་པ་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་ངང་ནས་འཛབ་དབྱངས་ཀྱི་རྟར་བཅུག་པའམ་ཤུབ་བུར་བཟླའོ། །དགོས་པ་ནི་གཞུང་ལས། འདི་རྣམས་ཟབ་ལམ་པདྨའི་བཅུད་ལེན་གྱི་སྔོན་འགྲོའི་སྣ་ཁྲིད་ཡིན་ལ་བདེ་སྟོང་ཟག་མེད་འཇའ་ལུས་སྒྲུབ་པའི་དགོས་པ་ཡོད་དོ༔ ཞེས་གསུངས། དེ་རྣམས་ཀྱིས་ནི་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟེན་ཏེ་ཚེ་སྲིང་བའི་མན་ངག་གོ །གཉིས་པ་གསང་དབང་དང་འབྲེལ་བ་བདེ་སྟོང་གཏུམ་མོའི་ཉམས་ལེན་གྱི་རིམ་པ་ནི། དེ་ཉིད་ཀྱི་གཞུང་ལས། རྫོགས་རིམ་མཚན་བཅས་མཚན་མེད་གཉིས༔ དང་པོ་བདེ་སྟོང་གཏུམ་མོ་ཡི༔ བདེ་བ་ཆེན་པོ་སྒོམ་པའི་ཐབས༔ གསང་སྔགས་མ་རྒྱུད་ཟབ་པའི་ལམ༔ ཚེ་བདག་པདྨ་བདག་གིས་བཀོད༔ ཅེས་གསུངས་པའི་གཏུམ་མོ་དང་དབང་གསུམ་པའི་ཉམས་ལེན་གཉིས་མཚན་བཅས་ཀྱི་རྫོགས་རིམ་དུ་བཞག་པ་དང་། ཀ་དག་ལྷུན་གྲུབ་རིན་པོ་ཆེ་གཉིས་མཚན་མེད་ཀྱི་རྫོགས་རིམ་དུ་བཞག་པ་ཡིན་ལ། དང་པོའང་གཞུང་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་གསང་སྔགས་ཀྱི་ཉེ་རྒྱུའི་གྲོང་དུ་འཇུག་པའི་ལམ་དང་སྟེགས་ཀྱི་ཆོས་ཐམས་ཅད་དང་ལྡན་པར་བྱས་ཏེ༔ ཞེས་གསུངས་པས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྨིན་བྱེད་ཀྱི་དབང་བསྐྱེད་རིམ་ཡན་ལག་བཞི་སོགས་དང་ལྡན་དགོས་པར་བསྟན་ཅིང་། དངོས་གཞི་ལའང་གཞུང་ལས། འདི་ལ་གསུམ༔ འཇུག་སྒོ་སྔོན་འགྲོ༔ དངོས་ཀྱི་འཇུག་བྱ་ཉམས་ལེན༔ རྗེས་ཞུགས་པའི་ལམ་རྟགས་དང་ཡོན་ཏན་ནོ༔ ཞེས་དོན་གསུམ་གྱིས་གསུངས་པའི་དང་པོ་ལའང་གསུམ་སྟེ། གནས་གྲོགས་མཐུན་རྐྱེན་བསྟེན་པ། རྩ་ཐིག་རླུང་གསུམ་གྱི་བཞུགས་ཚུལ་ཤེས་པ། དེ་རྣམས་སྦྱང་བའི་རིམ་པའོ། །དང་པོ་གནས་གྲོགས་མཐུན་རྐྱེན་སོགས་སྔར་བཤད་པ་ལྟར་ལས་འདིར་ཁྱད་པར་དུ་ཤ་ལྔ་དང་བདུད་རྩི་ལྔ་སོགས་བཟའ་བར་བྱ་བའི་དམ་རྫས་རྣམས་དང་། རྡོ་རྗེ་དྲིལ་བུ་ཁ་ཊཱཾ་ག་པུས་འཁྱུད་རས་གཟན་ལ་སོགས་ཏེ་འཆང་བར་བྱ་བའི་དམ་རྫས་དང་། གཞན་ཡང་དཔའ་བོ་དང་ཌཱ་ཀི་མཉེས་པའི་འདོད་ཡོན་ཚོགས་དང་མཆོད་གཏོར་སོགས་རྒྱ་ཆེར་བཤམ་པའོ། །གཉིས་པ་རྩ་ཐིག་རླུང་གསུམ་གྱི་བཞུགས་ཚུལ་ནི་ནང་རྡོ་རྗེའི་ལུས་ཀྱི་རྣམ་གཞག་ཤེས་དགོས་ཏེ། དེ་ཡང་ཀུན་རྫོབ་རྩའི་འཁོར་ལོའི་གྲངས་དང་ཆགས་ལུགས། རླུང་གི་འགྲོ་འོང་དང་བྱེད་ལས། ཐིག་ལེའི་འདུ་འཕྲོ་དང་འཕེལ་འགྲིབ། དོན་དམ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་གྱི་གཟོད་མའི་དེ་ཉིད་རྣམས་ཤེས་པར་བྱ་བ་སྟེ་འདི་དག་གི་རྣམ་བཤད་རྒྱས་པར་ལམ་འབྲས་གཞན་དུ་བལྟ་བར་བྱའོ། །གསུམ་པ་དེ་རྣམས་སྦྱང་བའི་རིམ་པ་ལ་གཉིས། རྩ་སྦྱང་བ་དང་། རླུང་སྦྱང་བ་གཉིས་སོ། །དང་པོ་རྩ་ནི། དེའང་བདག་ཉིད་གཙོ་མཆོག་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ནང་དང་མེ་ལོང་དུ་འཆར་བའི་གཟུགས་བརྙན་ལྟ་བུ། སྐུ་ཕྱི་གསལ་ནང་གསལ་དྭངས་ཤིང་སྒྲིབ་པ་དང་བྲལ་བ། སྐུའི་དབུས་དྲང་པོར་གཟུང་འཛིན་རོ་རྐྱང་གིས་བཅིངས་པའི་ཀུན་རྫོབ་རྫས་ཀྱི་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ལུག་རྒྱུད་ཀྱི་རྒྱུ་མ་འདྲ་བ་ཁ་དོག་སེར་སྐྱ་མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན་པ། ཡར་སྣ་སྤྱི་བོ་དང་མར་སྣ་གསང་རྩེར་ཟུག་པ་རོ་རྐྱང་གཉིས་གྲོ་སོག་སྦོམ་པ་ཙམ་ཡར་སྣ་སྣ་བུག་དང་མར་སྣ་ལྟེ་འོག་སོར་བཞིར་དབུ་མར་འདུས་པའི་འདུས་མདོར་ཨ་ཐུང་དང་སྤྱི་བོར་ཧཾ་ཡིག་རྣམས་བསྒོམ། ལག་ལེན་བཞིན་དུ་ལུས་གནད་བཅས། གཉིས་པ་རླུང་ནི། དང་པོར་རླུང་རོ་དགུ་ཕྲུགས་སུ་གཡས་གཡོན་དབུས་རྣམས་ནས་ལན་གསུམ་གསུམ་འབུད། དེ་ནས་རླུང་འཇམ་དལ་རན་ལ་རླུང་ཞབས་མ་ལུས་པ་ཕྱིར་སི་རི་རི་འབུད་པ་དང་རང་གི་སྡིག་སྒྲིབ་ནད་གདོན་བར་གཅོད་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་ཐམས་ཅད་དབུ་མའི་ནང་ནས་གཟུང་འཛིན་རོ་རྐྱང་གི་ལམ་བརྒྱུད་སྣ་བུག་གཉིས་སུ་དུ་བ་ལྟ་བུ་སྔོ་ཕྱུ་རུ་རུ་ཐོན་པར་བསྒོམ། ནང་དུ་རྔུབ་པའི་ཚེ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་སྣ་བུག་ནས་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་ནང་དུ་ཞུགས་རྩ་མདུད་རྣམས་རིམ་པར་བཀྲོལ་ཏེ་ཧཾ་ཡིག་ལ་ཐིམ་པར་བསྒོམ། དེ་ལྟ་བུ་ལན་མང་དུ་བྱས་པས་སྡིག་སྒྲིབ་ནད་གདོན་སོགས་དག་ཅིང་རྩ་གསུམ་པོ་ཁ་དོག་དམར་སེར་ཇེ་གསལ་དུ་གྱུར་ཅིང་། མདུད་པ་དང་བྲལ་ཞིང་ཡ་ཡོ་མེད་པ་ལུས་ཀྱི་དབུས་དྲང་པོར་ཁང་སྟོང་གི་ཀ་བ་བཞིན་དུ་ཟང་ཐལ་ལེ་བ་མཚན་ཉིད་ཐམས་ཅད་དང་ལྡན་པར་བསྒོམ་མོ། །དེ་ནི་རྩ་རླུང་སྦྱང་བའི་རིམ་པའོ། །གཉིས་པ་དངོས་གཞི་ལའང་གཉིས། ཐུན་མོང་རྩ་འཁོར་ལོ་བཞི་ལ་བརྟེན་ཏེ་གསང་སྔགས་སྤྱི་ཁྱབ་དང་བསྟུན་པའི་འབར་འཛག །ཐུན་མོང་མ་ཡིན་པ་རྩ་འཁོར་ལོ་ལྔ་ལ་བརྟེན་ཏེ་ཚེ་ལྷ་རིགས་ལྔ་ལ་བརྟེན་པའི་འབར་འཛག་གོ །དང་པོ་ནི། བདག་ཉིད་གཙོ་མཆོག་ཏུ་གསལ་བའི་སྐུའི་དབུས་རྩ་གསུམ་པོ་སྔར་བཞིན་དུ་གསལ་བ་ལས། སྤྱི་བོའི་གནས་སུ་བདེ་ཆེན་གྱི་འཁོར་ལོ་རྩའི་འདབ་མ་བྱང་ཆུབ་ཀྱི་སེམས་མཚོན་པའི་སུམ་ཅུ་རྩ་གཉིས། མགྲིན་པར་རོ་འདུས་ཀྱི་འཁོར་ལོ་རྩའི་འདབ་མ་ཐབས་ཤེས་དགའ་བ་མཚོན་པའི་བཅུ་དྲུག །སྙིང་ཁར་དྲན་པ་རྣམ་བཀོད་ཆོས་ཀྱི་འཁོར་ལོ་ཐུན་ཆེན་མཚོན་པའི་བརྒྱད། ལྟེ་བར་སྲིད་བཅུད་ཆགས་བྱེད་སྤྲུལ་པའི་འཁོར་ལོ་དུས་སྦྱོར་མཚོན་པའི་དྲུག་ཅུ་རྩ་བཞི། དེ་ཐམས་ཅད་མཚན་ཉིད་དང་ལྡན་པ་དྲྭ་བ་རིས་སུ་བྲེས་པ་ཕྱི་གསལ་ནང་གསལ་ཁ་དོག་དམར་སེར་ཐབས་ཤེས་ཁ་སྦྱོར་གྱི་ཚུལ་དུ་བསྒོམ། སྤྱི་བོར་དབུ་མའི་ནང་དུ་བདེ་བ་ཡབ་ཀྱི་རང་བཞིན་དཀར་ཆའི་ངོ་བོ་ཟླ་བ་ལྟར་དཀར་བའི་ཧཾ་མགོ་ཐུར་དུ་བསྟན་པ་བ་མོ་ལྟར་འཛག་པ། རྩ་གསུམ་འདུས་མདོའི་ནང་དུ་སྟོང་ཉིད་ཡུམ་གྱི་རང་བཞིན་དམར་ཆའི་ངོ་བོ་ཉི་མ་ལྟར་གསལ་བའི་ཨ་ཤད་འཕེལ་ཁ་གྱེན་དུ་བསྟན་པ་མར་མེ་ལྟར་འབར་བའོ། །དེ་ནས་ལུས་གནད་བཅས་རླུང་བུམ་པ་ཅན་ཁ་སྦྱོར་དུ་བསྒོམས་ཏེ། གཞུང་ལས། འདི་ལ་གནད་བཞི་སྟེ༔ རྔུབ་དང་དགང་དང་གཞིལ་བ་འཕང་བའོ༔ ཞེས་གསུངས་པའི་མན་ངག་ལག་ལེན་གྱི་གནད་དང་ལྡན་པས་དམིགས་པ་ནི་གོང་དང་འདྲ་བ་ལས་རླུང་ནང་དུ་རྔུབ་པའི་ཚེ་ཨ་ཤད་ལ་བུས་པས་མེ་ལྕེ་ཕྲ་ལ་འཁྱུག་པ་རེག་བྱ་ཚལ་རྣོ་བ་ཞིག་དབུ་མའི་ནང་ནས་ཡར་བརྒྱུད་ཧཾ་ལ་ཕོག་པས་ཧཾ་འདར་ཕྲི་ལི་ལི་ཞུ་སྟེ་བ་མོ་ལྟར་འཛག་བཞིན་པས་བདེ་ཆེན་གྱི་འཁོར་ལོ་མེར་གྱིས་གང་། དེ་བཞིན་དུ་ཨ་ཤད་ཀྱི་མེས་སྤྲུལ་པའི་འཁོར་ལོའི་རྩ་འདབ་ཀྱི་ནང་ཐམས་ཅད་ཀྱང་གང་། དེས་འགྲེ་བས་ལོངས་སྤྱོད་དང་དྲན་བཀོད་ཀྱི་འཁོར་ལོ་གཉིས་ཀྱང་དཀར་དམར་གྱིས་གང་། དེ་གཉིས་ཀྱི་མཚམས་སུ་དཀར་དམར་འཕྲད་པའི་བདེ་ཆེན་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་བུམ་ཅན་ཁ་སྦྱོར་དུ་བསྒོམ་མོ། །ཐུན་མཚམས་སུ་ལུས་གཅུས་དང་ལུས་སྤྲུགས་དྲག་པོ་བྱས་པས་དཀར་དམར་གཉིས་ཁྲུག་གིས་འདྲེས་ཏེ་རྩ་སྦུབས་ཐམས་ཅད་དང་ལུས་ཀྱི་བ་སྤུའི་བུ་གའི་མཐར་ཐུག་མ་ལུས་པར་ཞུ་བདེས་ཁྱབ་པར་བསྒོམས་ཏེ་བདེ་སྟོང་ས་ལེ་བའི་ངང་ཉམས་བསྐྱང་ངོ་། །གཉིས་པ་ཁྱད་པར་བ་ཐུན་མོང་མ་ཡིན་པ་རྩ་འཁོར་ལོ་ལྔ་ལ་བརྟེན་ཏེ་ཚེ་ལྷ་རིགས་ལྔ་ལ་བརྟེན་པའི་འབར་འཛག་ནི། རྩ་གསུམ་འཁོར་ལོ་བཞི་སོགས་གོང་དང་འདྲ་བ་ལས་གསང་གནས་བདེ་མཆོག་གི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱང་གསལ་གདབ། སྤྱི་བོའི་རྩ་འཁོར་གྱི་འདུས་མཚམས་སུ་རྣམ་སྣང་དེ་བཞིན་ཉིད་ཀྱི་རིགས་མཆོག་ཚེ་དཔག་མེད་སྐུ་མདོག་དཀར་པོ་རང་འོད་ཀྱི་ཡུམ་སངས་རྒྱས་སྤྱན་མ་དང་སྦྱོར་བ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་རྩེ་མོར་རང་འདྲ་རེ་རེ། མགྲིན་པར་རིན་འབྱུང་རཏྣའི་རིགས་མཆོག་ཚེ་དཔག་མེད་གསེར་མདོག་རང་འོད་ཀྱི་ཡུམ་རིན་ཆེན་སྒྲོལ་མ་དང་སྦྱོར་བ་རྩ་འདབ་བཅུ་དྲུག་པོར་རང་འདྲ་རེ་རེ། སྙིང་གར་མི་བསྐྱོད་རྡོ་རྗེའི་རིགས་མཆོག་ཚེ་དཔག་མེད་མཐིང་གསལ་རང་འོད་ཀྱི་ཡུམ་མཱ་མ་ཀི་དང་སྦྱོར་བ་རྩ་འདབ་བརྒྱད་ལ་རང་འདྲ་རེ། ལྟེ་བར་སྣང་མཐའ་པདྨའི་རིགས་མཆོག་ཚེ་དཔག་མེད་དམར་པོ་རང་འོད་ཀྱི་ཡུམ་ན་བཟའ་དཀར་མོ་དང་སྦྱོར་བ་རྩ་འདབ་དྲུག་ཅུ་རྩ་བཞི་ལ་རང་འདྲ་རེ། གསང་བར་དོན་གྲུབ་ལས་རབ་རྫོགས་པ་ཚེ་དཔག་མེད་ལྗང་གསལ་རང་འོད་ཀྱི་ཡུམ་དམ་ཚིག་སྒྲོལ་མ་དང་སྦྱོར་བ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་རང་འདྲ་རེ། དེ་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམ། དེ་ལྟར་གསལ་ཐེབས་ནས་ལུས་གནད་བཅས་རླུང་བུམ་ཅན་ཁ་སྦྱོར་སྔར་ལྟར་བསྒོམས་ཏེ། རླུང་ནང་དུ་རྔུབ་པས་རོ་རྐྱང་གི་ལམ་བརྒྱུད་འདུས་མདོའི་ཨ་ཤད་ལ་ཕོག་སྟེ་བུས་པས་དམར་ཆ་གྱེན་དུ་ཅུང་ཟད་འཕྲོས། གསང་བའི་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་ལ་ཕོག །བདེ་ཆེན་བསྐུལ་གཙོ་འཁོར་ཐམས་ཅད་རྗེས་སུ་ཆགས་པའི་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་སྤྲོས། རྩ་འདབ་ཐམས་ཅད་ཞུ་བ་དེས་མེར་གྱིས་གང་གྱེན་དུ་ཕྱུར་བ་ལྟེ་བའི་ཚེ་དཔག་མེད་ཡབ་ཡུམ་ལ་ཕོག །བདེ་ཆེན་བསྐུལ་གཙོ་འཁོར་ཐམས་ཅད་རྗེས་སུ་ཆགས་པའི་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་སྤྲོ་བ་སོགས་འཁོར་ལོ་གཞན་རྣམས་ལ་ཡང་རིགས་འགྲེ །མཐར་ལུས་ཀྱི་བ་སྤུའི་བུ་ག་ལ་ཐུག་པའི་ནང་ཐམས་ཅད་ཞུ་བདེས་བཟོད་མེད་དུ་ཁྱབ་པར་བསྒོམ་སྟེ་བདེ་སྟོང་གཉིས་མེད་ཀྱི་ངང་ནས་བུམ་ཅན་ཁ་སྦྱོར་དུ་འཆིང་། ཐུན་མཚམས་སུ་ལུས་གཅུས་དང་ལུས་སྤྲུགས་པ་སོགས་གོང་དང་འདྲ། དེ་ལྟ་བུའི་ཞུ་བ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་གོང་དུ་སྤེལ་ཕྱིར་ལུས་ཀྱི་འཕྲུལ་འཁོར་བྱ་བ་ནི། གཞུང་ལས། སེང་གེ་དང༔ ཁྱུ་མཆོག་དང༔ གླང་པོ་དང༔ རུས་སྦལ་ཏེ་དུད་འགྲོའི་འགྱུར་བཞི༔ གྱད་ཀྱི་འགྲོས་དང་ལྔའོ༔ ཞེས་གསུངས་ཤིང་། མན་ངག་གིས་སྦྱར་བས། བག་བཞིའི་ལུས་སྤྲུགས། གེགས་སེལ་ལྔ་སྒྲིལ། རླུང་སྐྱོན་སེལ་བ་སྟེ་རྐང་གྲངས་བརྒྱད་པོ་ལག་ལེན་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །གཞན་ཡང་གཞུང་ལས། རྩ་བའི་རླུང་ལྔ་མ་ཟིན་པ་ཟིན་པར་བྱེད་པ་དམ་ཚིག་གི་རླུང་རྡོ་རྗེའི་བཟླས་པ༔ ཟིན་པ་བརྟན་པར་བྱེད་པ་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་དང་གཉིས་སོ༔ ཞེས་གསུངས་པའི་དང་པོ་ནི་རང་གཙོ་མཆོག་ཡབ་ཡུམ་དུ་གསལ་བའི་སྐུའི་དབུས་སུ་འཁོར་ལོ་སྤངས་པའི་རྩ་གསུམ་འདུས་མདོར་ཨ་ཤད་དེ་ཉིད་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རང་བཞིན་ཡི་གེ་ཨཱཿདམར་པོ་གཅིག་གསལ་གདབ། རླུང་བུམ་ཅན་ཁ་སྦྱོར་དུ་བསྒོམས་ཏེ་རླུང་ཕྱིར་འབུད་པའི་སྐབས་སུ་ཨཱཿལས་འབྱུང་ལྔའི་རླུང་འོད་ཟེར་ལྔ་ལྡན་ཟ་འོག་གི་སྣལ་མ་བརྐྱང་བ་འདྲ་བའི་སྣེ་ལ་ཧཱུྃ་མཐིང་ག་འཕྲོས། སྣ་སྒོ་ནས་འདོམ་གང་གི་ཐད་དུ་སླེབ་པར་བསྒོམ། ནང་དུ་རྔུབ་པའི་ཚེ་ཨོཾ་དཀར་པོ་ཟེར་ཐག་དང་བཅས་པ་སྣ་བུག་ནས་ནང་དུ་ཞུགས་ཨཱཿལ་ཐིམ་པར་བསྒོམ། གནས་པའི་ཚེ་ཕྱི་རོལ་དུ་ཧཱུྃ་དང་ནང་དུ་ཨཱཿལ་ཤེས་པ་གཏོད་པ་ཡིན་ནོ། །ཟིན་པའི་རྟགས་ནི་སྣ་སྒོར་རླུང་ལྔའི་ཁ་དོག་མཐོང་བ་སོགས་སོ། །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་ནི། དེ་བརྟན་པར་བྱེད་པའི་ཡེ་ཤེས་ཀྱི་རླུང་རྡོ་རྗེའི་བཟླས་པ་ནི་བར་རླུང་ཙམ་ལ་བརྟེན་ཏེ་གོང་བཞིན་ཉམས་སུ་བླང་ངོ་། ཁྱད་པར་གྱི་དམ་ཡེ་གཉིས་མེད་རྡོ་རྗེའི་བཟླས་པ་ནི་གཞན་ལས་ཤེས་སོ། །དེ་ནས་བརྟན་པ་གོང་དུ་བོགས་དབྱུང་བའི་རིམ་པ་ནི། གཞུང་ལས། རང་ལུས་ཐབས་ལྡན་བདེ་བ་ཆེན་པོ་དང༔ གཞན་ལུས་ཤེས་རབ་ཟབ་ལམ་ཟུང་འཇུག་པདྨའི་བཅུད་ལེན་སོགས་གུད་དུ་གསལ་བ་ལྟར་ཉམས་སུ་བླང་ངོ་༔ ཞེས་གསུངས་སོ། །གསུམ་པ་རྗེས་ཞུགས་པའི་ལམ་རྟགས་དང་ཡོན་ཏན་ལ་གསུམ་སྟེ་གཞུང་ལས། གནས་པ་རྩའི་འཆིང་བྱེད་གྲོལ་ཚུལ༔ གཡོ་བ་རླུང་ལ་རང་དབང་ཐོབ་ཚུལ༔ བཀོད་པ་བྱང་ཆུབ་སེམས་ཀྱི་བརྟན་ཚུལ་ལོ༔ ཞེས་གསུངས་པའི་དང་པོ་ནི། དེ་ལྟ་བུའི་ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་དམིགས་པ་ངག་རླུང་གི་བཅིང་ལུགས་གསུམ་གྱི་སྒོ་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་གཟུང་འཛིན་གྱི་རྩ་མདུད་ཕྲ་རགས་ཐམས་ཅད་གྲོལ་ཏེ་ཡེ་ཤེས་ཀྱི་རྩ་ཁ་བྱེ། གཉིས་པ་གཡོ་བ་རླུང་ལ་རང་དབང་དུ་གྱུར་པས་ཟིན་པ་སོགས་ཐུན་མོང་གི་རྟགས་ལྔ་དང་བརྟན་པ་སོགས་ཁྱད་པར་གྱི་རྟགས་ལྔ་སྟེ་བཅུ་དང་ལྡན། གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་བརྟན་པས་རྩ་གནས་ཐམས་ཅད་ཁྱབ་པ་ལ་བརྟེན་ཏེ་ཞུ་བདེ་ཟག་མེད་ཀྱི་བདེ་བ་རྫོགས་ནས། མ་དག་པའི་རྩ་ཐིག་རླུང་གསུམ་དག་པ་ཡེ་ཤེས་ཀྱི་རྩ་ཐིག་རླུང་རྣམས་སུ་སྨིན་ཏེ་ལུས་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་དང་། སེམས་རང་འོད་ཀྱི་རིག་མ་དང་ཁ་སྦྱོར་བདེ་སྟོང་དབྱེར་མེད་རང་སྣང་རྣམ་དག་ཡེ་ཤེས་ལྔའི་དབྱིངས་རིག་དབྱེར་མེད་ལོངས་སྐུའི་ཞིང་ཁམས་ལྔ་ལྡན་འོད་ལྔའི་སྦུབས་སུ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ཅིང་ཡན་ལག་བདུན་ལྡན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་བ་ཡིན་ནོ། །བདེ་སྟོང་གཏུམ་མོའི་ཉམས་ལེན་བཤད་ཟིན་ཏོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའི་ཚེ་ལམ་ཕྱག་རྒྱ་པདྨ་ཅན་ལ་བསྟེན་ཏེ་གསུམ་པའི་ཉམས་ལེན་གྱི་ཚུལ་ནི་ལོགས་སུ་འཆད་པ་ལས་ཤེས་པར་བྱའོ། །བཞི་པ་དབང་བཞི་པ་དང་འབྲེལ་བ་ནི་ཀ་དག་ལྷུན་གྲུབ་རིན་པོ་ཆེའི་ཉམས་ལེན་འདི་ཉིད་ཡིན་ཏེ་གཏེར་གཞུང་རྩ་བའི་ས་བཅད་ལྔ་པ་རྫོགས་པ་ཆེན་པོ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བ་ལ་གསུམ་སྟེ། ཀ་དག་གི་གཞུང་ལས། ལྔ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ༔ འཁོར་འདས་རུ་ཤན་དབྱེ་བ༔ སྒོ་གསུམ་གྱི་སྔོན་འགྲོ༔ རྣལ་དུ་དབབ་པའོ༔ ཞེས་གསུངས་པའི་དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། ཁམས་གསུམ་ལུས་ངག་ཡིད་གསུམ་དང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས་འདི་ལ་གཉིས། ཕྱི་འཁོར་འདས་རུ་ཤན་དབྱེ་བ་དང་། ནང་འཁོར་འདས་རུ་ཤན་དབྱེ་བའོ། །དང་པོ་ནི། རི་ངོགས་ལུང་སྟོང་སོགས་མིའི་འགྲོ་འོང་མེད་པའི་གནས་དབེན་པར་སོང་སྟེ་གཞི་བདག་ལ་དཀར་གཏོར་སྦྱིན་ཞིང་འཕྲིན་ལས་བཅོལ། དེ་ཡང་ཆོས་ཉིད་ཀྱི་གནས་ལུགས་གཟོད་ནས་རང་ལ་ཡོད་ཀྱང་གནས་སྐབས་མ་རིག་པའི་སྒྲིབ་པས་བསྒྲིབས་ནས་རིགས་དྲུག་གི་གནས་སུ་བར་མེད་དུ་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་མོད། ད་ནི་སེམས་ཅན་གྱི་དོན་དུ་དུས་ད་རེས་ནས་འཁོར་འདས་ཀྱི་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། འགྲོ་བ་རིགས་དྲུག་སོ་སོའི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་མྱོང་བར་བསམ་ཞིང་ལུས་ཀྱིས་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར། ངག་གིས་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་རྟོག་པའི་སྣ་མི་བསྐྱིལ་བར་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་སྤུན་ཐག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་ལྟ་ཞིང་ངལ་གསོ། ཡང་ལུས་ཀྱིས་བདེ་གཤེགས་ཞི་ཁྲོའི་ཚོགས་ཀྱི་སྐུའི་རྣམ་འགྱུར། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་སུ་བྱས་ལ་རྗེས་ཤེས་ཀྱི་ངང་ཉམས་བསྐྱང་ངོ་། །དེ་ལྟར་ཡང་འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིག་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཅེས་གསུངས། དགོས་པ་ནི་སྒོ་གསུམ་གྱི་སྡིག་སྒྲིབ་འདག །བར་ཆད་ཞི། མངོན་ཞེན་ལྡོག །རྡོ་རྗེ་གསུམ་གྱི་གོ་འཕང་འགྲུབ་པར་བྱེད་པའོ། །གཉིས་པ་ནང་འཁོར་འདས་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས་སྦྱང་གཞི་རང་གི་ལུས་ཀྱི་གནས་དྲུག་ཏུ། སྦྱང་བྱ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་ཡོད་དེ། དེ་ཡང་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། འགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿདུད་ཀ་རྣམས་བག་ཆགས་དང་བཅས་པ་ལྷན་སྐྱེས་སུ་གནས་པ་དེ་སྦྱོང་བྱེད་རིག་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་དེ་ལས་ཐུགས་རྗེའི་ཟེར་ཐག་འཕྲོས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་གཞོབ་ཏུ་བསྲེགས། རིགས་དྲུག་གི་རྒྱུ་འབྲས་དྲུངས་ནས་ཕྱུངས་ཏེ་ལུས་ཤེལ་གོང་གཡའ་བྲལ་ལྟ་བུར་བསྒོམ། འབྲུ་གསུམ་གྱི་བསྙེན་པ་བྱའོ། །དེ་ལྟར་ཡང་ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། ཁམས་གསུམ་འཁོར་བར་ལྡོག་པ་མེད། །དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་སོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ནི། གཞུང་ལས། ལུས་རྡོ་རྗེའི་འདུག་སྟངས་བྱ་ཞིང༔ ངག་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱང༔ སེམས་བྱུང་གནས་འགྲོ་གསུམ་བརྟགས་ཏེ་གཏན་ལ་འབེབས་པར་བྱའོ༔ ཞེས་གསུངས་པའི་དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པས་རྐང་མཐིལ་གཉིས་སྦྱར་སོར་མོ་བཅུ་ས་ལ་བཙུག །པུས་མོ་ཕྱིར་བརྒྱངས་སྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱངས་མགྲིན་པ་ཨོལ་མདུད་ནོན་པར་བྱས་ཉྭ་བཞི་བསྒྲིམས་ཏེ་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ལྟར་བྱས་པས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་ལུས་རང་བབས་སུ་ཁྲེས་སེ་བསྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་བསྐྱང་ངོ་། །དགོས་པ་ནི་ཐུན་མོང་ལུས་ཀྱི་སྡིག་སྒྲིབ་འདག་ཅིང་མངོན་ཞེན་ལྡོག་མཐར་ཐུག་སྐུ་རྡོ་རྗེ་འགྲུབ་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡི། །ཞེས་དོན་ཚན་བཞིར་གསུངས་པའི་དང་པོ་ལ་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི་དབེན་པར་ལུས་གནད་ཆོས་བདུན་བཅས་ཏེ་སྙིང་ཁར་ཧཱུྃ་སྔོན་པོ་ཞིག་བསྒོམ། དེ་ཉིད་གསལ་སྣང་ཐོན་པ་དང་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བ་བླངས་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་འཐོན་ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབས་པའོ། །དེས་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་ཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་བུམ་ཅན་ཅུང་ཟད་བཟུང་། ལུས་ཧཱུྃ་གིས་གང་བར་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ནི་རྒྱས་ཐེབས་པའོ། །དེས་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་བའོ། །དང་པོ་ནི། ཧཱུྃ་དྲག་པོ་ངར་དང་ལྡན་པ་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་ཤུགས་དང་ལྡན་པ་གང་ལ་སྤྲོ་བ་དེ་དང་འཚམ་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་སང་སེང་ཁྲལ་ཁྲོལ་དུ་བཏང་བར་བསམ། ཕྱིའི་ཡུལ་སྣོད་རྣམས་ལ་ཨ་འཐས་ཀྱི་སྣང་བ་དག་པར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་དུ་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུྃ་བརྗོད་ཅིང་སྤྲོས་པས་རང་ལུས་ཀྱི་རྒྱབ་མདུན་སྟོད་སྨད་ཐལ་བྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ། ལུས་ཁོལ་བུར་ན་བ་དང་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ཕུང་པོ་འཇའ་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་ལྟ་བུའི་དམིགས་རྟེན་བཙུགས་ཏེ་ངག་ཧཱུྃ་གི་གླུ་རིང་པོར་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་གི་འཕྲེང་བ་བར་མ་ཆད་དུ་བྱུང་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབས་པ་དང་དར་གཅིག་གློད་ལ་ངལ་གསོ། ཡང་རིམ་བཞིན་བཤིགས་ནས་ནང་དུ་བསྡུས་ཏེ་སྙིང་ཁའི་ཧཱུྃ་ལ་རྫོགས་པར་བསྟིམ་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་གི་འགྲོ་ལྡོག་ལ་སྦྱངས་པས། རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱང་ཐོབ་སྟེ་དམིགས་པ་གང་དུ་ཡང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དགོས་པའོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་བསྒྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་བྱས་ཏེ་མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་ཞིང་འཁྱོགས་མཚམས་སུ་ཅུང་ཟད་ངལ་གསོ། རྒྱང་རིང་པོའི་ཕ་རོལ་ཏུ་སོང་བར་བསམ་ཞིང་ངག་ཏུ་ཧཱུྃ་རིང་པོ་བརྗོད། ཡང་སྔར་བཞིན་ཚུར་འོང་ནས་རང་སོར་གནས་པར་བསམ། བར་བར་དུ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་སོགས་པའི་ཉམས་མཐོ་དམན་ཅན་དང་མཐར་ལུས་སེམས་བདེ་བས་ཁྱབ་པ་འཆར། དགོས་པ་ནི་ཐུན་མོང་ངག་གི་སྡིག་སྒྲིབ་དང་མངོན་ཞེན་སྦྱོང་། མཐར་ཐུག་གསུང་རྡོ་རྗེ་འགྲུབ་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ །དེ་ལྟར་གསུམ་པོ་བརྟགས་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས་དང་པོ་བྱུང་ས་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་ལས་བྱུང་ན་དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ནས་བཙལ་ན་ཨི་རྙེད། ནང་རང་ལུས་ལས་བྱུང་ན་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་ཤས་སུ་བཙལ་བས་ཨི་རྙེད་དམ། ཡང་སྣང་བ་ལས་བྱུང་ན་སྣང་བའི་ཡུལ་ཨི་རྙེད། སྟོང་པ་ལས་བྱུང་ན་སྟོང་པའི་ཡུལ་ཨེ་གྲུབ། མདོར་ན་འཚོལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་རིག་པ་ལ་ཚུར་བལྟས་པས་ངོས་བཟུང་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་དཔྱད་དོ། །གཉིས་པ་གནས་པ་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས་གང་དུའང་མ་གྲུབ་པ་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མེད་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོ་ས་ལ་བརྟག་པ་ནི། སེམས་རྟོག་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་གང་དུ་ཡང་འགྲོ་བའི་ཡུལ་མེད་དེ། ཡུལ་ཅན་གྱི་སེམས་ཉིད་ཀྱང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཐ་དད་དུ་མ་གྲུབ་པ་རིག་སྟོང་ཟུང་འཇུག་དང་བྲལ་བར་གཏན་ལ་མ་ཕེབས་བར་དུ་བསྐྱར་རོ། །དགོས་པ་ནི་ཐུན་མོང་ཡིད་ཀྱི་སྡིག་སྒྲིབ་བར་ཆད་སྦྱོང་། མངོན་ཞེན་ལྡོག །མཐར་ཐུག་ཐུགས་རྡོ་རྗེ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག །ཅེས་གསུངས་སོ། །གསུམ་པ་སེམས་རྣལ་དུ་དབབ་པ་ལ་གཉིས་ཏེ། གཞུང་ལས། རྣལ་དུ་དབབ་པ་དང༔ སོར་གཞུག་པའོ༔ ཞེས་གསུངས་ཤིང་། དང་པོ་ལའང་གཞུང་ལས། ལུས་རང་བབས་ངག་བཅོས་མེད་སེམས་རྟོག་བྲལ་དུ་སྒོ་གསུམ་གཞི་ཐོག་གི་སྟེང་དུ་རང་བབས་སུ་བཞག་པའོ༔ ཞེས་གསུངས་པས་བདེ་བའི་མལ་དུ་ལུས་སེམས་སྐྱིལ་སོགས་གང་བདེར་བསྒུལ་སྐྱོད་མེད་པར་བཞག །ངག་སྨྲ་བརྗོད་དང་བྲལ་བ་རླུང་ཡང་བཟོ་བཅོས་མེད་པར་བཞག །སེམས་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་ཐམས་ཅད་བཏང་ནས་རང་བབས་སུ་འཇོག་སྟེ། དཔེར་ན་ཆུ་མ་རྙོགས་ན་དྭངས་པ་ལྟར་སྒོ་གསུམ་གཞི་ཐོག་ཏུ་དྭངས་པར་འགྱུར་བས་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་སྒྲུབ་པ་ཡིན་ནོ། །དེ་ལྟར་ཡང་འདས་རྗེས་ལས། དེ་ལྟར་ལུས་ངག་ཡིད་གསུམ་པོ། རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་སོ། །གཉིས་པ་སོར་གཞུག་ལ་གསུམ། གཞུང་ལས། ཉན་ཐོས་ཞི་བའི་ལྟ་སྟངས༔ བྱང་ཆུབ་སེམས་དཔའི་ལྟ་ལྟངས༔ ཁྲོ་བོའི་ལྟ་སྟངས་རྣམས་ཀྱིས་རིམ་པ་བཞིན་སྒོ་གསུམ་གནས་པར་བྱེད་པ༔ གནས་པ་བརྟན་པར་བྱེད་པ༔ བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་པའོ༔ ཞེས་གསུངས་པའི་དང་པོ་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པས་ལུས་གནད་བསམ་གཏན་གྱི་ཆོས་བདུན་ལྡན་གྱིས་མི་གཡོ་བར་བཅིང་། ངག་གི་བརྗོད་ཚིག་རླུང་གི་འགྲོ་འོང་རང་ཤུགས་སུ་དལ་བར་བཞག །མིག་སྣ་རྩེའམ་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སར་བཞག་པས་ཡུལ་རྐྱེན་གྱི་ངོ་བོར་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བར་བྱའོ། །གཉིས་པ་བྱང་སེམས་ལྟ་སྟངས་ནི། ཀློང་གསལ་ལས། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། རྣལ་ཕེབ་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པས་གཞན་སྔར་དང་འདྲ་བ་ལས་མིག་བར་སྣང་ལ་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་གསལ་ལ་མ་འགག་པར་འཆར། ཤར་ཙམ་ཉིད་ནས་རང་བཞིན་མ་གྲུབ་པ་སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ཡང་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས་བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམ་དུ་དོར་མིག་ཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས། སྣང་རྐྱེན་ཇི་ཙམ་མང་བཞིན་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་རང་བྱུང་རང་ཤར་སྤྲོས་བྲལ་ལ་བསླབ་པར་བྱའོ། །དེ་དག་གིས་གནས་སྐབས་སུ་བདེ་གསལ་མི་རྟོག་པ་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པའམ་ཉོན་མོངས་པ་རགས་པ་རྣམས་མགོ་ནོན་ཞིང་ཡང་དག་པའི་ལམ་ལ་འཇུག་པ་ཡིན་ནོ། །དེ་དག་གིས་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ་གཉིས་ཡིན་ཏེ། གཞུང་ལས། ཁྲེགས་ཆོད་ཀྱི་ལམ་གནས་ལུགས་ཀ་དག་གི་སྤྲོས་བྲལ་དུ་སྟོན་པ༔ ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པ་གཉིས་སོ༔ ཞེས་གསུངས་པའི་དང་པོ་ཁྲེགས་ཆོད་ཀ་དག་ལ་གཉིས་ཡིན་ཏེ་གཞུང་ལས། གནས་ལུགས་གཏན་ལ་འབེབས་པ་དང༔ རིག་པ་རང་ངོ་སྤྲོད་པའོ༔ ཞེས་གསུངས་པའི་དང་པོ་ལ་གསུམ། གཞུང་ལས། རྟོག་པ་རྩད་གཅོད་པ་དང༔ སེམས་ཀྱི་མཚང་བཙལ་བ༔ བྱུང་གནས་འགྲོ་གསུམ་བརྟག་པའོ༔ ཞེས་གསུངས་ཤིང་འདས་རྗེས་དོན་ཁྲིད་ལས་ཀྱང་། དང་པོར་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག །ཅེས་གསུངས་པས་དང་པོར་རྟོག་པ་རྩད་གཅོད་པ་ནི། དེ་ཡང་བྱ་བྱེད་ཐམས་ཅད་ཀྱི་གཞི་སྒོ་གསུམ་པོ་ལས་འཁོར་བར་འཁྱམས་མཁན་དང་སངས་རྒྱས་བདེ་སྡུག་ཏུ་འཛིན་པ་པོ་སྐྱེ་བ་སྔ་ཕྱིའི་སྲེད་ལེན་རྣམས་ཀྱི་རྩ་བ་དེ་ལུས་སེམས་ཚོགས་པ་གཅིག་པས་སམ། སོ་སོ་བར་བརྟག་ཅིང་དཔྱད་པས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་ནི། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་། གསང་བ་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། གསར་མའི་ཕྱག་ཆེན་རྣམས་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་སོགས་གསུངས་པའང་འདིའི་ཐོག་ཏུ་འབབ་པའོ། །གཉིས་པ་མཚང་བཙལ་བ་ནི། དེ་ལྟར་བརྟགས་ཤིང་དཔྱད་པས་སེམས་ཉིད་གཅིག་པུའི་ཐོག་ཏུ་ཐག་ཆོད་པའི་ཚེ། སེམས་དང་ལུས་གཉིས་པོ་གཅིག་གམ་ཐ་དད། སྣང་བའི་ཡུལ་དང་འཛིན་པའི་སེམས་གཉིས་གཅིག་གམ་ཐ་དད་སོགས་བརྟགས་ཤིང་བརྩལ་པས་གང་དུ་ཡང་གྲུབ་པ་མེད་པའི་མཚང་རིག་པ་སྟེ། ཡུལ་ཡུལ་ཅན་སྐྱེ་འགག་རྟག་ཆད་སོགས་གང་གི་ཡང་ཕྱོགས་སུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ་ཇི་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཁྲུལ་མ་འཁྲུལ་གྱི་མཚན་མ་དང་བྲལ་བ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་སོ། །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། དེ་ལྟར་གཞིའི་མཚང་བཙལ་བས་མ་རྙེད་ཀྱང་བདག་མེད་ལ་བདག་ཏུ་འཛིན་པའི་སེམས་འདི་དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་མཐར་གར་འགྲོ་བརྟགས་ཤིང་དཔྱད་པས། བལྟ་ཡུལ་གྱི་སྟེང་དུ་ལྟ་མཁན་གྱི་རིག་པ་སླེབ་ཚེ་རིག་པ་དེ་ཀ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་འདི་ཞེས་མཚོན་དུ་མེད་ཀྱང་རིག་སྟོང་མྱོང་རྒྱུ་ཡོད་པ་དེ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར་བ་སྟེ། གཞུང་ལས། གནས་ན་གནས་ཐོག་འཕྲོ་ན་འཕྲོ་ཐོག་ཏུ་བལྟས་པས་ཡེ་སྟོང་ཀ་དག་གི་གཤིས་ལུགས་མངོན་སུམ་དུ་གྱུར་པའོ༔ ཞེས་དང་། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་སྟོང་མངོན་གྱུར་རང་སར་གྲོལ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བྱུང་གནས་འགྲོ་གསུམ་བརྟག་པ་ལན་གཉིས་སུ་བཤད་པ་ནི། སྔ་མས་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པ་དང་། ཕྱི་མས་ནི་དེའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་དངོས་བསྟན་པ་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས། སྔ་མ་ནི་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་བྱེད་ཡིན་ལ། འདིར་ནི་ཡུལ་ཅན་ལ་བརྟགས་ནས་ངོ་བོ་ཐོག་ཏུ་འབེབས་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རིག་པའི་རང་ངོ་སྤྲད་པ་ནི། གཞུང་ལས། གནས་ལུགས་ལྟ་ཐོག་ནས་ངོ་སྤྲད་པ་དང༔ ཉམས་མྱོང་སྒོམ་པའི་ཐོག་ནས་ངོ་སྤྲད་པའོ༔ ཞེས་གཉིས་སུ་བསྟན་པའི་ངོ་སྤྲད་ཀྱི་སྔོན་འགྲོར་བླ་མའི་རྣལ་འབྱོར་ལ་བརྟེན་ཏེ་བྱིན་རླབས་འཕོ་བ་ཐོབ་པའི་ཐབས་ཀྱི་རིམ་པ་གལ་ཤིན་ཏུ་ཆེ་བ་ཡིན་པས། མཆོད་པ་དང་ཚོགས་གཏོར་སོགས་རྒྱ་ཆེར་བཤམ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུས་གནད་བཅས་ཏེ་འདུག་པ་ལ། བླ་མའི་རྣལ་འབྱོར་གྱི་དམིགས་རིམ་རྣམས་ཕོག །བླ་མ་བརྒྱུད་པ་དང་བཅས་པ་ལ་ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་ཅིང་། བླ་མས་ཌཱ་དྲིལ་འཁྲོལ་ཞིང་སྤོས་བཏུལ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐལ་ལྡན་སློབ་མའི་ཤེས་རྒྱུད་ལ། །ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །དེ་བཞིན་དུ་རིགས་འགྲེ་བར། རྡོ་རྗེ་སེམས་དཔའ་ནས་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་གསོལ་འདེབས་ཀྱིས་བྱིན་དབབ། ཏིང་ངེ་འཛིན་གྱི་དབང་བཞི་ལེན་དུ་བཅུག །བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་དེའི་རང་ངོ་ལ་བལྟས་པས་བླ་མ་ཆོས་སྐུའི་རང་ཞལ་དྲི་མེད་དུ་མཇལ་བའི་ངང་ལ་བསལ་བཞག་མེད་པར་རང་བབས་སུ་བསྐྱང་ངོ་། །འདི་ནི་མན་ངག་གིས་སྦྱར་བ་ཡིན་པས་ཉམས་རྟོགས་སྐྱེ་བ་ལ་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མྱུར་བ་ཡིན་ནོ། །དེ་ནས་དང་པོ་གནས་ལུགས་ལྟ་ཐོག་ནས་ངོ་སྤྲད་པ་ལ། གཞུང་ལས། དང་པོ་ལ་རྣམ་རྟོག་སེམས་སུ་ངོ་སྤྲད་པ༔ སེམས་སྟོང་པར་ངོ་སྤྲད་པ༔ སྟོང་པ་སྣང་བར་ངོ་སྤྲད་པ༔ སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ༔ གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ༔ དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ༔ ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པའོ༔ ཞེས་བདུན་དུ་གསུངས་པའི་དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། སེམས་ཞེས་བརྗོད་ཀྱང་རྣམ་རྟོག་ལས་གུད་ན་མེད་དེ་རྣམ་རྟོག་ལས་གཞན་པའི་སེམས་ནི་འདི་ཞེས་སངས་རྒྱས་ཀྱིས་ཀྱང་བསྟན་དུ་མེད་པ་སྟེ། ཀློང་གསལ་ལས། སེམས་ཀྱི་དྲན་གསོ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། དེ་ལྟ་བུའི་སེམས་སམ་རྣམ་རྟོག་ཅི་ལྟ་བུར་ཤར་ཡང་དེའི་རང་ངོ་ལ་བལྟས་པས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་གཟོད་ནས་སྟོང་པ་རྣམ་པ་རྣམ་རྟོག་ཏུ་ཤར་ཡང་ངོ་བོ་མ་དམིགས་པས་སྟོང་ཉིད་ལས་འདའ་བ་མེད་དེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤང་རང་གྲོལ་བསེར་བུ་འདྲ། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། དེ་ལྟ་བུའི་སྟོང་པའི་མདངས་ལས་སྣང་བའི་རྣམ་རྟོག་སྣ་ཚོགས་སུ་ཤར་བ་སྟེ་ཇི་ལྟར་ཤར་བའི་ངོ་བོ་ལ་བལྟས་པས་འདི་ཞེས་མཚོན་མེད་དུ་སྟོང་ཉིད་དེའི་སྟེང་དུ་འགྲོ་ཞིང་སླར་སྟོང་པ་དེ་ཀ་ལས་རྗེས་ཐོབ་ཀྱི་འཆར་སྒོ་ཅིར་ཡང་སྣང་སྟེ། རྒྱུད་ལས། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས། བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། སྣང་དུས་ན་སྟོང་པ་མེད་ལ་སྟོང་དུས་ན་སྣང་བ་མེད་དེ་ཅིའི་ཕྱིར་ན་སྣང་བ་དེ་ཀ་རིག་ཚེ་སྟོང་པར་སོང་། མ་རིག་ཚེ་སྟོང་པ་དེ་སྣང་བར་ལྡང་། དོན་ལ་རིག་མ་རིག་གི་ཁྱད་ལས་གཟོད་ནས་སྣང་སྟོང་དབྱེར་མེད་དེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས། ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟ་བུའི་སྣང་སྟོང་དབྱེར་མེད་དེའི་ངོ་བོ་ནི། གཟོད་ནས་སྟོང་པས་ཆོས་སྐུ། རྩལ་སྣང་སྣ་ཚོགས་སུ་ཤར་བས་སྤྲུལ་སྐུ། དེ་གཉིས་ཐ་དད་མ་ཡིན་པར་ཟུང་འཇུག་ལོངས་སྐུ་སྐུ་གསུམ་དུ་རང་གྲོལ་བ་སྟེ། ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །ཅེས་གསུངས་སོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། དཔེར་ན་ཞེ་སྡང་གི་རྟོག་པ་ལྟ་བུ་ཤར་བའི་ཚེ་རྟོག་པ་དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་པས་བལྟ་ཡུལ་མ་འགགས་ལྟ་མཁན་གྱི་རིག་པ་རང་གསལ་ངོ་བོ་འདི་ཞེས་མཚོན་མེད་དུ་གསལ་ཧྲིག་གེ་བ་གསལ་སྟོང་ཡེ་ཤེས་རང་གྲོལ་བའོ། །དེས་མཚོན་ཏེ། གཞུང་ལས། འདོད་ཆགས་བདེ་སྟོང༔ གཏི་མུག་མི་རྟོག་པ༔ ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མར་འཆར་ཞིང༔ དུག་ལྔ་མ་སྤངས་ཡེ་ཤེས་ལྔ་རུ་རང་གྲོལ་བའོ༔ ཞེས་གསུངས་ཤིང་། དེ་བཞིན་དུ་རྩ་ཉོན་དང་ཉེ་ཉོན་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་དུ་སྣང་བའི་ཚེ་སྣང་ཐོག་དེ་ཀར་བཞག་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བའོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲོད་པ་དང་། འགག་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ་དང་། གཉིས་མེད་དུ་ཐག་བཅད་ནས་གདིང་གྲོལ་ཐོག་ཏུ་བཅའ་བ་རྣམས་ཀྱང་གོང་དུ་བསྟན་པའི་དོན་ལས་གཞན་མེད་དོ། །གཞུང་ལས། དེ་དག་གིས་ངོ་རང་ཐོག་ཏུ་སྤྲོད་པ༔ ཐག་གཅིག་ཐོག་ཏུ་བཅད་པ༔ གདིང་གྲོལ་ཐོག་ཏུ་བཅའ་བ་རྣམས་སོ༔ ཞེས་གསུངས། གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ནས་ངོ་སྤྲད་པ་ལ་གཉིས་ཡིན་ཏེ། གཞུང་ལས། བསམ་གཏན་གྱི་རང་ངོ་ལ་ངོ་སྤྲད་པ་དང༔ ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ༔ ཞེས་གསུངས་པའི་དང་པོ་ནི་རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས་སློབ་བུ་རྣམས་རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་གཞག་མདའ་གང་ཙམ་གྱི་ནམ་མཁའ་ལ་མིག་འབྲས་མི་འགུལ་བར་ཧྲིག་གེར་བལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟར་གྱི་ཤེས་པ་གསལ་ལ་ངོས་གཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལས་འདའ་བ་མེད་པར་འཇོག་ཏུ་བཅུག་ལ། ངོ་སྤྲད་པ་ནི། ཇི་སྐད་དུ། དྲི་མ་མེད་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །གསལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །ཞེས་དང་། ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས་སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད་ཕཊཿདྲག་པོ་ཞིག་བརྗོད་པའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་དྭངས་ཆ་དེ་ཞིག་ཀྱང་རྟོག་པ་དེར་འཛིན་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་ཕྱ་ལེ་བ་ཞིག་འཆར་ཏེ། དེ་ཉིད་འཛིན་མེད་རང་གནས་ཀྱི་བསམ་གཏན་ཡིན་པར་ངོ་སྤྲད། འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་བཟང་ངན་གྱི་རྟོག་པ་གང་ལྟ་བུ་ཞིག་ཤར་ན་ཡང་རང་ངོ་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་འཆར་ཏེ་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ། དེ་ཅུང་ཟད་བརྟན་པ་ན་རྐྱེན་ཕྲ་མོ་དང་བསྲེས་པས་མཉམ་རྗེས་རིས་མེད་ཉིན་མཚན་བར་མེད་བླང་དོར་མེད་པ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་བློ་ཟད་ཆོས་ཟད་དུ་ལ་ཟློས་པ་ཡིན་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ཡིན་ཏེ། གཞུང་ལས། གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ༔ འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ༔ འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པའོ༔ ཞེས་གསུངས་པས། དང་པོ་ནི། སེམས་རང་བབས་སུ་ཆམ་མེ་འཛིན་མེད་དུ་ཧྲིག་གེ་བའི་རང་ངོ་ས་ལེ་བ་དེ་ཀའི་རང་འགྲོས་བསྐྱངས་པས་སྐུ་གསུམ་མམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པ་ཉིད་དེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ནས་རང་སྣང་ཞིང་། །ཞེས་གསུངས་པའོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲད་པ་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་ཡང་རང་ངོ་རིག་ཚེ་སྟོང་གསལ་རིག་པའི་སྙིང་པོ་ཅན་ལས་ནམ་དུ་ཡང་འདར་མེད་པ་སྟེ། ནོར་བུ་ཕྲ་བཀོད་ཀྱི་རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེའི་ཕྱིར་མ་གྲོལ་བ་ཡང་ཅི། །ཞེས་གསུངས་པའོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པ་ནི། འཕྲོ་གནས་གཉིས་པོ་རྒྱ་མཚོ་དང་རྦ་རླབས་བཞིན་ཏེ་གང་ལྟར་སྣང་ཡང་ཡེ་ནས་གཅིག་པའི་ཕྱིར་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བ་སྟེ། རྨད་དུ་བྱུང་བའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་ནས་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་གཞུང་ལས། དེས་ན་ཇི་ལྟར་ཤར་ཡང་འཛིན་མེད་དགག་སྒྲུབ་བླང་དོར་ལས་འདས་པ་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མངོན་སུམ་ལག་བཅངས་སུ་ངོ་སྤྲད་པའོ༔ ཞེས་གསུངས་པས་ངོ་སྤྲོད་འདི་རྣམས་སྔར་བཤད་པའི་བསྒོམ་བྱའི་དོན་ལ་ཉམས་མྱོང་སྐྱེ་ངེས་སུ་བྱས་ནས་ངོ་སྤྲོད་རྣམས་རིམ་གྱིས་བཏབ་ན་གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་པར་འགྱུར་བ་ཡིན་ལ། སྒོམ་དོན་ལ་ཉམས་མྱོང་མ་སྐྱེས་པར་ངོ་སྤྲོད་བཏབ་ཀྱང་ངོ་མི་འཕྲོད་ཅིང་གོ་ཡུལ་མཁན་ལ་བྱ་ཤོར་དུ་འགྲོ་བས་ངོ་སྤྲོད་ཚུལ་ཤེས་པར་བྱ་དགོས་པ་ཡིན་ནོ། །གཞན་ཡང་ཀུན་མཁྱེན་ཆོས་རྗེའི་གསུང་རབ་ལས་འབྱུང་བ་ལྟར་དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པར་ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་། རྟག་ཆད་ལས་འདས་པ་རང་གསལ་གྱི་ངོ་བོ་འགག་མེད་ཀྱི་སྣང་བ་གུ་ཡངས་སང་ངེ་བ་གསལ་རིག་སྨྲ་བརྗོད་ལས་འདས་པ་དེའི་རང་ངོ་ཡེངས་མེད་དུ་བསྐྱངས་པས། གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་བསྒྲིམ་ཞིང་ལྟ་སྟངས་བསྟོད། ཤེས་པ་ལ་ངར་གདགས། རིག་པ་ལ་ཧུར་བཏོན་ནས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་སྨད་ལུས་གནད་ལྷོད་ཆ་འཚོལ། མིག་ཕབ་ཞེ་ཀློད་རང་བབས་སུ་འཇོག །ཡང་རེས་འགའ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ནམ་མཁའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས་དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །གཞན་ཡང་བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩལ་སྦྱོང་བོགས་འདོན་གྱི་གནད་ཡིན་ནོ། །དེ་དག་གིས་ཁྲེགས་ཆོད་ཀྱི་ལམ་གནས་ལུགས་ཀ་དག་སྤྲོས་བྲལ་དུ་སྟོན་པའི་ཁྲིད་ཀྱི་རིམ་པ་བཤད་ཟིན་ཏོ། །དོན་གཉིས་པ་ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པ་ལ་གསུམ་ཡིན་ཏེ། གཏེར་བྱོན་ཐོད་རྒལ་ཉིད་ཀྱི་གཞུང་ལས། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་བ༔ དངོས་གཞི་ཡེ་ཤེས་རྒྱུད་ལ་བརྟེན་པ༔ རྗེས་ཉམས་ཀྱི་འཆར་ཚུལ་བསྟན་པའོ༔ ཞེས་གསུངས་པའི་དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུགས་བཏང་། །ཞེས་གསུངས་པ་དང་། གཏེར་གཞུང་ཉིད་ལས་ཀྱང་། སྒོ་གསུམ་མི་གནས་པ་གནས་པར་བྱེད་པ་དང༔ གནས་པ་བརྟན་པར་བྱེད་པ་དང༔ བརྟན་པ་གྲོལ་བར་བྱེད་པའི་ཕྱིར༔ ཞེས་གསུངས་པས་ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད། ནང་ཕྱག་དང་བསྐོར་བ། གསང་བ་རྣམ་གཡེང་བསྒུལ་བསྐྱོད་སོགས་ལུས་ཀྱི་བྱ་བ་གསུམ། ངག་གིས་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་བཟླས་བརྗོད། གསང་བ་སྨྲ་བརྗོད་ཐམས་ཅད་སྤང་བ་སྟེ་ངག་གི་བྱ་བ་གསུམ། ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག །ནང་བསྐྱེད་རྫོགས་སེམས་འཛིན། གསང་བ་རྣམ་རྟོག་གི་འདུ་འཕྲོ་སྟེ་ཡིད་ཀྱི་བྱ་བ་གསུམ། དེ་ལྟར་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བས་སྒོ་གསུམ་གནས་པ་བརྟན་པ་གྲོལ་བ་རྣམས་སུ་རིམ་པས་འགྱུར་ཏེ། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞིའི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལའང་གསུམ་སྟེ། གཏེར་གཞུང་ལས། སྒོ་གསུམ་གྱི་གནད་གཟིར་བ༔ གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་དབབ་པ༔ དེའི་དོན་ངོ་སྤྲོད་པའོ༔ ཞེས་གསུངས་པས་དང་པོ་ལ། ལུས་ངག་ཡིད་ཀྱི་གནད་གསུམ་གྱི་དང་པོ་ལུས་ཀྱི་གནད་ནི་གཞུང་ལས། དང་པོ་ལུས་ཀྱི་གནད་འབྱུང་བ་རང་སར་དག་ཕྱིར་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ༔ གཡོ་བྱེད་ཀྱི་རླུང་ཟིན་ཕྱིར་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ༔ དྲོད་སྐྱེ་ཞིང་འབྱུང་བ་ཆ་སྙོམས་ཕྱིར་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་སྟེ་སྐུ་གསུམ་གྱི་བཞུགས་སྟངས་བྱའོ༔ ཞེས་གསུངས་ཤིང་། ཀློང་གསལ་ལས་ཀྱང་། །དེ་ཡང་ལུས་ཀྱིས་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་འཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་གསུངས་པས་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད། པུས་མོ་ཕྱིར་དགྱེད། ལག་མཐིལ་སར་བཙུགས་ནས་སྟོད་བསྲང་། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་ཕྲག་གི་སྟེང་གི་ནམ་མཁའ་ལ་མི་འགུལ་བར་ཧད་པོར་བལྟ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་བུག་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོས་ཀོ་བསྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིགས་དྲང་པོར་བསྲངས་ནས་མིག་ཐད་ཀའི་ནམ་མཁར་ཧྲིག་གེར་བལྟ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཤིབས། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངས་ཏེ། ལྟ་སྟངས་ཅུང་ཟད་ཕབ་ལ་ཟིམ་བུས་བར་སྣང་ལ་བལྟའོ། །དེ་རྣམས་ཀྱི་ཕན་ཡོན་ཡང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་པའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ཏེ། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ངག་གི་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་གསུངས་པས་སྨྲ་བཅད་ཙམ་དང་ཁ་ཏོན་བཟླས་བརྗོད་ཉུང་ངུ་ཙམ་དང་ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བའོ། །གསུམ་པ་སེམས་ཀྱི་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་པས་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་མིག་ཤེས་མི་འགྱུར་བར་གཏད་ཅིང་ནམ་མཁའ་དང་སེམས་འདྲེས་པ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་པས་དབྱིངས་རྣམ་དག་གི་སྒྲོན་མ་གསལ་སྟོང་ལྷག་གེ་བ་འཆར་བར་འགྱུར་ཏེ། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས། གཉིས་པ་གནད་གསུམ་གྱིས་མངོན་སུམ་རང་ཐོག་ཏུ་ཕབ་པ་ནི། གཞུང་ལས། སྒོ་དང༔ ཡུལ་དང༔ རླུང་རིག་གཉིས་སོ༔ ཞེས་གསུངས་ཤིང་། འདས་རྗེས་ལས་ཀྱང་། སྒོ་ཡུལ་རླུང་གི་གནད་བསྣུན་པས། །ཡུལ་ལ་ཡེ་ཤེས་མངོན་སུམ་སྣང་། །ཞེས་གསུངས་པས། དང་པོ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས་དེ་ཡང་རིག་པའི་ཡེ་ཤེས་ཙིཏྟའི་སྦུབས་སུ་བུམ་ནང་གི་མར་མེ་ལྟར་གསལ་བའི་ཟེར་རྩ་ཀ་ཏི་ཤེལ་སྦུག་དར་སྐུད་བརྐྱང་བ་ལྟ་བུའི་ནང་ནས་མིག་གི་སྒོར་འཆར་བས་ཆོས་སྐུའི་གཟིགས་སྟངས་གྱེན་དང་། ལོངས་སྐུའི་གཟིགས་སྟངས་ཟུར་ཁྲིད། སྤྲུལ་སྐུའི་གཟིགས་སྟངས་ཐུར་ཕབ་ཀྱིས་ནམ་མཁའ་ལ་མདུང་ཚུགས་སམ་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་པས་སྔ་མས་ཕྱི་དང་རྗེས་མས་ནང་གི་དབྱིངས་རིག་མཐོང་ཞིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་ཏེ། ལྟ་སྟངས་གསུམ་པོ་གང་རུང་གིས་ལྟ་བ་ལ་བསླབས་པས་ཇི་ཙམ་བལྟས་ཀྱང་ཚུགས་ནུས་པར་མི་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལས། །ཞེས་གསུངས་པས་གནས་དྭངས་ཤིང་མཐོ་བར་ནམ་མཁའ་གཡའ་དག་པ་ལ་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་རམ། ཟེར་གཉིས་དང་སྦྱར་ཏེ་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟའོ། །གསུམ་པ་རླུང་རིག་གཉིས་ཀྱི་གནད་ནི། འདས་རྗེས་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་དང་། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བསྟེན། །ཞེས་གསུངས་པས་རླུང་མཆུ་སོ་མ་རེག་ཙམ་ནས་ཁ་ནས་དལ་བུས་གཏོང་ཞིང་ཕྱིར་འཛིན་ཅུང་ཟད་ཙམ་བྱ། རིག་པ་ཕྱིའི་དབྱིངས་སྟོང་པ་མེ་ལོང་དང་འདྲ་བར། ནང་གི་དབྱིངས་སྒྲོན་མ་བྱད་དང་འདྲ་བ་སྨིན་མཚམས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་མཆེད་དེ་འཇའ་ཚོན་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་ནང་དུ་རྡོ་བོར་བའི་རི་མོ་ལྟར་འལ་འོལ་དུ་སྣང་བ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། མཐིང་ག་མི་འགྱུར་སྣང་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བར་འཆར་ཞིང་། དང་པོར་རྟ་རྔ་ལ་མདུད་པ་བཏབ་པ་འདྲ་བ་དང་། གསེར་སྐུད་དང་། མུ་ཏིག་གི་འཕྲེང་བ། མེ་ཏོག་གི་ཆུན་པོ་སོགས་ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་འགུལ་འཕྲིག་ཅན་དུ་འཆར་རོ། །དེ་ཡང་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ངང་དུ་ཆེ་རེ་བལྟས་པས་ལྟ་མཁན་གྱི་རིག་པ་རང་གི་ངོ་བོ་ལྟ་ཤེས་ཙམ་ལས་མི་གཡོ་བར་བྱའོ། །རིག་པ་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ཏེ་འོད་གསལ་གྱི་སྣང་བ་སྨིན་ཕྲག་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའི་རྒྱུར་འགྱུར་རོ། །གསུམ་པ་དེ་ཉིད་ངོ་སྤྲད་པ་ནི། ངོ་སྤྲོད་གྱི་ཁང་པ་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ་ཚོགས་གཏོར་མཆོད་པ་སོགས་རྒྱ་ཆེན་པོ་བཤམ། བླ་མའི་རྣལ་འབྱོར་གསོལ་འདེབས་བྱིན་འབེབས་རྣམས་སྔར་ལྟར་བྱས་ནས། སློབ་མ་རྣམས་སྒོ་གསུམ་གྱི་གནད་བཅིངས་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ལ་བླ་མས། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་གཞོན་ནུ་བུམ་པའི་ངོ་བོ་དེ་སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་གསུམ་གྱིས་མཚོན་པར་བྱས་པས་སྙིང་ནང་གི་སྒྲོན་མ་ལྔ་ལྷུན་གྲུབ་ཏུ་བཞུགས་པ་དེ་རྩ་ཀ་ཏི་ཤེལ་སྦུག་གི་ནང་བརྒྱུད། རྒྱང་ཞགས་ཆུའི་སྒྲོན་མ་ནས་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར་ནང་དབྱིངས་སྒྲོན་མའི་གདངས་བྱད་དང་འདྲ་བ་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་དང་། དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ལྟ་བུ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་ལོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་ཤེས་རབ་རང་བྱུང་གི་སྒྲོན་མ་སྣང་སྟོང་འཛིན་མེད་དུ་སྣང་བའོ། །དེ་ཡང་ངོ་བོ་རང་བྱུང་ཐུགས་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་སྙིང་དབུས་སུ་འདུ་འབྲལ་མེད་པར་བཞུགས་པར་ཤེས་པར་གྱིས་ཤིག །དེ་ལྟར་ཡང་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་གསུངས། དེ་ཡང་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཀྱི་ངོ་བོ་ཀ་དག་ཁྲེགས་ཆོད་ཀྱི་དོན་དང་། རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི་ཐབས་ལྷུན་གྲུབ་ཐོད་རྒལ་གྱི་དོན་ཏེ། དོན་ལ་སྣང་སྟོང་འདུ་འབྲལ་མེད་པ་ཉིད་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ །རིག་པའི་རང་བཞིན་ཐབས་ཀྱི་སྐུ །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་དང་། སྣང་བ་དེ་ཡང་ཀུན་རྫོབ་འཇིག་པའི་ཆོས་སུ་མེད་དེ་དོན་དམ་འདུས་མ་བྱས་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཉིད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལས། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པ་འོ། །ཞེས་གསུངས་པས་ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་མཐོང་བ་ཡིན་ཞིང་། དེ་ཉིད་ཀྱང་རྣལ་འབྱོར་བཞིའི་རིམ་པས་ཉམས་སུ་བླང་བར་བྱ་དགོས་ཏེ། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས། དེ་ལྟར་ངོ་ལེགས་པར་འཕྲོད་ངེས་སུ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་། མཐར་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་འདི་ཙམ་ལ་ཚེའི་དུས་བྱས་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ནུས་པ་ཡིན་ནོ། །གསུམ་པ་རྗེས་ཉམས་ཀྱི་འཆར་ཚུལ་བཞི་དང་། མཐའ་རྟེན། འབྲས་བུའི་གྲོལ་ཚུལ་བསྟན་པ་བཅས་དྲུག་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པའི་སྒོ་གསུམ་གྱི་འཕྲུལ་འཁོར་དང། སྒོ་ཡུལ་རླུང་ངག་གི་གནད་བཅིངས་པས། དབྱིངས་ཀྱི་སྒྲོན་མ་འཇའ་གུར་དང་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་པས། གསལ་སྟོང་ཤེས་རབ་རང་བྱུང་གི་སྒྲོན་མ་དེའི་དབྱིངས་སུ་རིག་པ་ཚུད་པས་ཐིག་ལེ་སུམ་སྦྲེལ་མངོན་སུམ་དུ་མཐོང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་གཞི་རྫོགས་སུ་གྱུར་པ་ཡིན་ཏེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་དྲལ་ཏེ་དབང་པོའི་མངོན་སུམ་པར་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་། གྱེན་བསྒྲེང་། རྩིབས་ཤར། དྲྭ་བ་དྲྭ་ཕྱེད་དང་མིག་མང་རིས། ཉི་ཟླ། མཁར་ཐབས་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་པ་དང་། མེ་ལོང་དང་། འཁར་ཕོར་དང་། ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུ་བའམ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་དུ་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཕྱེད་པ་དང་རྐྱང་པ་འགུལ་འཕྲིག་བྲལ་བར་ཤར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང། །ཞེས་དང་། བཏགས་གྲོལ་དོན་ཁྲིད་ལས་ཀྱང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་དྲལ་བའི་དུས་ནས་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་སྐབས་འདི་དག་ཏུ་འོད་སྣང་གྱེན་བསྒྲེང་གི་ཚེ་ལྟ་སྟངས་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར་དུ་གཅུན་པ་ཡང་བྱའོ། །དེ་ལྟར་ཉམས་གོང་འཕེལ་གྱི་སྣང་བའོ། །འདི་དག་མཐོང་བས་གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་དག་པའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པ་ལས་འབྱུང་བཞིའི་སྣང་བ་དག་སྟེ་འོད་གསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པའི་ཡབ་དང་དབྱིངས་ཕྱུག་ལ་སོགས་པའི་ཡུམ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་། དེ་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམས་ཀྱང་ཚད་ལ་ཕེབས་པའོ། །འདིའི་དུས་ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཐག་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས། དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམ་ཡང་ཆོག་ལ་མཐར་ཐུག་ལོངས་སྐུའི་ཞིང་ཁམས་སུ་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་སྣང་དང་མི་སྣང་དུ་འཛིན་པ་ཟད་ནས་འོད་ཀྱི་ནང་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། ངོ་བོ་རང་བཞིན་མ་གྲུབ་པར་རྟོགས་པས་འབྱུང་བཞིས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ཐོགས་པ་མེད། ཐུགས་རྗེ་ལས་ཡེ་ཤེས་ཀྱི་རྩལ་སྣང་འགག་མེད་དུ་འཆར་ཞིང་ཕུང་པོའི་ཟག་པ་མི་ལྡང་བར་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་དེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་པས་གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་སོ་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བ་ཡིན་ནོ། །ལྔ་པ་མཐའ་རྟེན་ནི་གཞུང་ལས། མི་འགུལ་བ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པ༔ གདིང་བཞིའི་གྲོལ་ཚད་དོ༔ ཞེས་གསུངས་ཤིང་། ཀློང་གསལ་ལས་ཀྱང་། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པའི་དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བ་བྱ་སྟེ། དེ་ཡང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ །སྒོའི་གནད་སྒྲོན་མ་ཡིན་པས། རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེ་ལྟར་ཡང་ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་གསུངས་པས་ཚུལ་དེས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད་པ། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད་པ། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །དེ་ལྟར་ཐལ་འགྱུར་ལས། སྡོད་པ་གསུམ་གྱི་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་དང་། གཞུང་ལས། འདི་དག་ཏུ་ཚད་རྨི་ལམ་གྱིས་བཟུང་བ༔ རྟགས་སྒོ་གསུམ་ལ་ཤར་བ་སོགས་རྫོགས་ཆེན་གཞན་དང་མཐུན་ནོ༔ ཞེས་གསུངས་པས་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བཞི་རེ་རེ་ལ་རྟགས་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མི་ནུས། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འདབ་ཆགས་རྙིས་ཟིན་པ་བཞིན་འགྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་གོས་དང་བྱི་དོར་གྱི་སྤྲོས་པ་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ །ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་བག་ཚ་མེད། ངག་བྲག་ཆ་ལྟར་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་དེ་ཉིད་དུ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་གསུངས་པས་སྐྱེ་བ་ལ་རང་དབང་ཐོབ་པས་གདོས་བཅས་སུ་མི་སྣང་། འཇུག་པ་ལ་རང་དབང་ཐོབ་པས་དངོས་པོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་དུ་སྣང་། རླུང་སེམས་ལ་རང་དབང་ཐོབ་པས་རྟགས་བཅུ་ཡོན་ཏན་མ་ལུས་པ་ཐོབ་ཅིང་། ལས་ལ་བཟང་ངན་མེད་པས་མཚམས་མེད་པ་ལྔ་སྤྱད་པའི་སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཉམ་དུ་འཚང་རྒྱ་ནུས་སོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། །ཅེས་དང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་གསུངས་པ་འདི་ལ་ཡར་གྱི་གདིང་གཉིས་དང་མར་གདིང་གཉིས་ཏེ། དང་པོ་གཉིས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་པ་སྟེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས། གཉིས་པ་གཉིས་ནི་འགྲོ་དྲུག་གི་སྡུག་བསྔལ་མཐོང་ཡང་འཁོར་བར་མི་ལྷུང་དུ་རེ་བ་དང་ལྷུང་གིས་དོགས་པ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་དང་བྲལ་བར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པའོ། །དྲུག་པ་རྗེས་འབྲས་བུའི་གྲོལ་ཚུལ་ནི། གཞུང་ལས། དབང་པོ་རབ་འབྲིང་ཐ་མ་གསུམ་དུ་གསུངས་ཏེ། དེ་ཡང་དབང་པོ་རབ་ཚེ་འདིར་ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྣམ་སྨིན་གྱི་ལུས་རྟེན་བོར་ནས་ཟག་མེད་ཀྱི་སྐུ་འགྲུབ་པ་ལ་ལྷག་མེད་དང་། འབྱུང་ལུས་ཟག་མེད་ཡེ་ཤེས་ཀྱི་སྐུར་གནས་འགྱུར་བ་ལ་ལྷག་བཅས་ཀྱི་སྒྲ་དོན་སྦྱར་བའོ། །དབང་པོ་འབྲིང་བར་དོར་གྲོལ་བའི་ཚུལ་ནི། ཐལ་འགྱུར་ལས། སྐྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་རང་བཞིན་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁ་བར་དོ་ནི། འཆི་བ་ལ་ཕྱོགས་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །དེ་རྣམས་སོ་སོའི་ལམ་ཁྱེར་བསྟན་པའི་དང་པོ་ནི། གཞུང་ལས། སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་འཇུག་ལྟ་བུ༔ ཞེས་གསུངས་པས་བླ་མ་དམ་པ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ལ་ཐོས་བསམ་སྒོམ་པས་སྒྲོ་འདོགས་ཆོད་ངེས་སུ་བྱ་དགོས་པ་དང་། གཉིས་པ་ནི། གཞུང་ལས། འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུ༔ ཞེས་གསུངས་པས་སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པར་བྱ་བ་དང་། གསུམ་པ་ནི། གཞུང་ལས་ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུ༔ ཞེས་གསུངས་པས་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གོ་བར་བྱ་བ་དང་། བཞི་པ་ནི་གཞུང་ལས། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུ༔ ཞེས་གསུངས་པས་འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདི་ལྟར་གཞན་ལས་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་སྐྱེ་སྲིད་ལམ་དུ་འཇུག་པ་སྟེ། དེའི་ཚུལ་རྣམས་དཔལ་བདེ་ཆེན་སྙིང་པོའི་སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་གྱི་སྐབས་སུ་རྒྱས་པར་བཤད་པར་བྱས་པས་དེར་ཤེས་པར་བྱོས་ཤིག །དབང་པོ་ཐ་མའི་གང་ཟག་ནི་གཞུང་ལས། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ༔ ད་གདོད་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་དུ་གྱུར་ཏེ་འཁོར་བ་ཇི་སྲིད་དུ་འབད་པ་མེད་པར་འགྲོ་དོན་རྒྱུན་མི་ཆད་པ་ཡིན་ནོ༔ ཞེས་གསུངས་པ་དང། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས་འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེ་ཡེ་ཤེས་ཀྱི་ཌཱ་ཀི་ཆོས་སྐྱོང་རྣམས་ཀྱིས་སྡོང་གྲོགས་བྱས་ཏེ། རྨི་ལམ་སད་པའི་ཆ་ཙམ་ལ་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བ་བླངས་ནས་ཨོ་རྒྱན་རྡོ་རྗེ་འཆང་སོགས་བདེ་བར་གཤེགས་པ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་དབང་བསྐུར་བ་དང་ལུང་ནོས་དབུགས་དབྱུང་ཐོབ་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་གྱུར་ལས་མ་གཡོས་བཞིན་དུ་གདུལ་བྱའི་ཞིང་ཁམས་རྒྱ་མཚོར་ཆུ་ཟླའི་རོལ་པས་གང་འདུལ་གྱི་སྤྲུལ་བསྒྱུར་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་སྔོན་འགྲོ་དངོས་གཞི་མཐའ་རྗེས་དང་བཅས་པས་ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པའི་ཁྲིད་ཀྱི་རིམ་པ་བཤད་ཟིན་ཏོ། །འདི་ལྟ་བུའི་གདམས་པ་ཆེས་མཆོག་ཏུ་ཟབ་པས་ན་རྩིས་ཆེ་བའི་ཕྱིར་བཀའ་རྒྱས་བཏབ་པ་ནི། འདས་རྗེས་དོན་ཁྲིད་ལས་ཀྱང་། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐིག་ལེ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་དང་། རྫོགས་ཆེན་པདྨ་གསང་ཐིག་ཏུ། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས། །ཟབ་དང་རྒྱ་ཆེའི་གདམས་པ་མང་ཡོད་ཀྱང་། །ཉམས་ལེན་གནད་འདྲིལ་འདི་འདྲ་སྲིད་པ་ཙམ། །རྒྱལ་དབང་པདྨའི་ཐུགས་ཀྱི་གསང་ཐིག་སྟེ། །ཉམས་སུ་སུས་བླངས་ཚེ་གཅིག་འཇའ་ལུས་འགྲུབ། །ལུང་ཐོབ་ཙམ་གྱིས་བདེ་ཆེན་ཞིང་དུ་བགྲོད། །ཅེས་གསུངས་པ་ལྟར་འདི་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་ཞིང་། འདི་ཉིད་སྤེལ་བའི་སྐལ་ལྡན་སློབ་མའང་འདི་ཉིད་ལས། འདི་འདྲའི་ཉི་འོག་དཀོན་པའི་གདམས་པ་འདི། །ཉམས་ལེན་དམ་བཅའ་ནུས་ཞིང་སྒོམ་སྲན་ཅན། །ཞབས་ཏོག་སྲི་ཞུ་ལུས་སྲོག་གཏོང་ཕོད་པ། །དེ་འདྲའི་ལས་ལྡན་བུ་ལ་གཏད་རྒྱ་གྱིས། །ཞེས་གསུངས་ཤིང་། སྣོད་དང་མི་ལྡན་པའི་རིགས་ནི། དེ་ཉིད་ལས། དེ་མིན་གསར་ངས་ཆེ་ལ་ཕྱི་ཐག་ཐུང་། །དད་མེད་དྲེད་པོ་ཆོས་བརྒྱད་མཁན་གྱི་རིགས། །ཟོལ་འགྲོགས་ལྟ་ལོག་རྣམས་ལ་གསང་བའི་རྒྱ། །ཞེས་གསུངས་པས། ཤིན་ཏུ་གསང་བའི་བཀའ་རྒྱ་དང་ལྡན་དགོས་ཤིང་། སྐལ་ལྡན་དེས་ཀྱང་ཉམས་ལེན་ལ་གོམས་འདྲིས་གདིང་དུ་གྱུར་པ་ཞིག་དགོས་ཏེ། བདེ་ཆེན་སྙིང་པོའི་ཀ་དག་གི་ཁྲིད་ལས། འདི་འབྱིན་དེས་ཀྱང་རང་ཉམས་ཚུད་པར་བླང༔ ཞེས་དང་། དེས་ཀྱང་སྒྲུབ་པའི་དམ་བཅའ་སྙིང་རུས་བསྐྱེད༔ ངེས་པའི་དོན་གྱི་སྙིང་པོ་ལོན་པར་གྱིས༔ ཞེས་རང་དོན་མངོན་དུ་གྱུར་ངེས་ནས་གཞན་ཕན་ཕྲིན་ལས་སྐྱོ་ངལ་མེད་ཅིང་སྤྲོ་བས་བསྒྲུབ་པར་བྱ་དགོས་པ་ཡིན་ལ། གཞན་ཡང་བཀའི་སྲུང་མ་རྣམས་ལའང་གཉེར་དུ་གཏད་པ་ཡིན་ཏེ། གསང་ཐིག་ལས། གསང་བའི་བཀའ་འདི་ཤ་ཟ་ཧོར་མོ་ཆེ༔ སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མ༔ གནོད་སྦྱིན་ཁྱུང་ཞོན་སྐྱེས་བུ་སྤུན་བདུན་ལ༔ གཏད་དོ་གཉེར་རོ་གཡེལ་མེད་བྱ་ར་གྱིས༔ ཞེས་གསུངས་པས། འདི་ཉིད་ཀྱི་སྒོས་ཀྱི་སྲུང་མ་སྔགས་སྲུང་ཤ་ཟ་ཌཱ་ཀི་དང་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག །གཞན་ཡང་ཇི་སྐད་དུ། སྨུག་ནག་འོད་འཕྲོ་སྡེ་བརྒྱད་ཀུན་འདུས་རྗེ༔ བདག་འདྲ་ཨོ་རྒྱན་པདྨའི་བཀའ་སྲུང་མཆོག༔ གསང་བ་སྙིང་ཐིག་རྫོགས་ཆེན་རྣལ་འབྱོར་སྐྱོང༔ རྣོ་མྱུར་ཐོག་འདྲ་གཞན་གྱིས་མི་ཐུབ་པ༔ ཞེས་གསུངས་པས་ལྷ་ཆེན་དྲག་པོ་རཱ་ཧུ་ལ་སོགས་བཀའ་སྲུང་གཏེར་སྲུང་རྣམས་ལ་ཟབ་ཆོས་བཤད་སྒྲུབ་ཀྱི་ཚེ་མཆོད་གཏོར་ཕྲིན་ལས་བཅོལ་པ་སོགས་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དེ་དག་ནི་བཀའ་གཙིགས་ཀྱི་རྒྱས་གདབ་པར་བྱ་བའི་རིམ་པ་རྣམས་ཡིན་ནོ། །སྨྲས་པ། དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ། །མཐའ་ཡས་ཐེག་པའི་ཡང་སྙིང་རྫོགས་པ་ཆེ། །ཚེ་གཅིག་ཟག་མེད་འཇའ་ལུས་རྡོ་རྗེའི་སྲོག །སྒྲུབ་བྱེད་ཟབ་གཏེར་གསང་བ་བླ་ན་མེད། །གང་གི་ཟབ་དོན་དགོངས་པ་ཇི་ལྟ་བ། །འཕགས་པ་རྣམས་ཀྱི་ཡེ་ཤེས་སྤྱོད་ཡུལ་ལས། །བདག་འདྲ་བློ་རྨོངས་སྐྱེ་བོས་མཚོན་མིན་ཡང་། །སྐལ་མཉམ་དང་པོའི་བློ་ཅན་འགའ་ཞིག་ལ། །ཕན་སྙམ་རིག་འཛིན་ཌཱ་ཀིའི་དགོངས་པའི་མཚོར། །གབ་པའི་མན་ངག་ཡིད་བཞིན་དབང་གི་རྒྱལ། ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་མཆོད་བྱས་འདིས། །ཐར་འདོད་ཡིད་ལ་ཀུན་དགའི་འདོད་པ་འཇོ། །འདི་ལྟར་བགྱིས་པའི་དགེ་ཚོགས་རྨད་བྱུང་དེས། །འགྲོ་ཀུན་བདེ་གཤེགས་སྙིང་པོའི་གནས་ལུགས་གང་། །མངོན་པར་རྟོགས་པའི་རིག་སྟོང་ཀ་དག་དབྱིངས། །སྣང་བཞིའི་ལྷུན་གྲུབ་བཀོད་པ་གསལ་རྫོགས་ཤོག །བདག་ཀྱང་ཚེ་འདིར་ཟབ་དོན་ངེས་པའི་གནད། །གོ་ཡུལ་ལྟར་སྣང་ཆོས་སུ་མི་ལུས་ཤིང་། །འདོད་ཡོན་བདུད་ཀྱི་འཆིང་བས་མ་བཅིངས་པར། །རྒྱལ་བས་བསྔགས་པའི་གངས་འདབས་རི་སུལ་དུ། །ངེས་འབྱུང་མོས་གུས་རྣལ་མས་རྒྱུད་སྦྱངས་ནས། །ཀ་དག་གནས་ལུགས་རྗེན་པ་སྐྱོང་བ་དང་། །ལྷུན་གྲུབ་ཐོད་རྒལ་སྣང་བ་མཐར་སོན་ཏེ། །རིག་འཛིན་གོང་མའི་གཤེགས་ཤུལ་ཟིན་པར་ཤོག །གནས་སྐབས་འགྲོ་ལ་བདེ་སྐྱིད་འབྱུང་བ་དང་། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཨ་ཏི་ཡི། །བསྟན་པ་རིན་ཆེན་ཕྱོགས་མཐར་རབ་གསལ་བས། །སྐལ་བཟང་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལེ་ལག་དང་བཅས་པའི་ཁྲིད་ཡིག་འདི་ལྟ་བུ་ཞིག་རྩོམ་པའི་འདུན་པ་སྔོན་ནས་ཡོད་པ་དང་། རྩེ་ལེ་འོག་མ་སྨིན་གྲོལ་བསྐྱེད་རྫོགས་གླིང་གི་གདན་ཟུར་པདྨ་ཕྲིན་ལས་གནས་གཞི་ཆོས་རྗེ་སྒམ་པོ་བྱིན་རླབས། དཔལ་ལྡན་བླ་མ་དམ་པ་ལྷུན་གྲུབ་ངེས་དོན་དབང་པོ་སོགས་ཀྱིས་བསྐུལ་བར་མཛད་པ་རྣམ་པར་གཡེང་བས་རིམ་ལུས་ཐོག །མངའ་རིས་ནས་གྲུབ་དབང་མཚོ་སྐྱེས་རྡོ་རྗེའི་གདུང་དང་རྣལ་འབྱོར་དབང་ཕྱུག་རང་རིག་རེས་པའི་རྣམ་འཕྲུལ་ཟུང་འཇུག་ཐུགས་སྲས་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་པད་དཀར་བསྟན་འཛིན་གང་ལ་རྫོགས་པ་ཆེན་པོ་ཀ་དག་གི་ཁྲིད་ཕུལ་སྐབས་བརྗེད་བྱང་ཟིན་ཐོ་དང། སླད་དུའང་རང་གཞན་མང་པོར་སྨན་པའི་སླད། དྷརྨ་སྭ་མཱིས་འོད་གསལ་ཆོས་སྡིངས་རྒྱལ་བའི་རི་ངོགས་སུ་སྦྱར་བའི་ཡི་གེ་པ་ནི་གསང་བ་མཆོག་གི་ཆོས་ཚུལ་ལ་ལྷག་པར་མོས་པ་རྭ་སྟོན་ཀུན་བཟང་ལྷུན་གྲུབ་ཀྱིས་བགྱིས་པའོ། །མངྒ་ལཾ། དགེའོ།། །།

བླ་སྒྲུབ་རྩ་བ་ཚིག་རྐང་བདུན༔ འདོན་ཐབས་པདྨ་དྲྭ་བ (Volume 11, Text 17)

༁ྃ༔ བླ་སྒྲུབ་རྩ་བ་ཚིག་རྐང་བདུན༔ འདོན་ཐབས་པདྨ་དྲྭ་བ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རང་བྱུང་རྡོ་རྗེའི་ཚིག་བདུན་པོ༔ བླ་སྒྲུབ་ཀུན་གྱི་རྩ་བ་སྟེ༔ འདི་ཉིད་ཁོ་ནས་མཆོག་ཐུན་གྱི༔ དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་པ༔ དད་མོས་དམ་ཚིག་ལྡན་པ་པོས༔ རྩ་བའི་རྣལ་འབྱོར་ཐོད་ཕྲེང་རྩལ༔ ཡང་ན་ཡི་དམ་གང་འདོད་བསྐྱེད༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སོ་སོའི་ཞིང་ནས་སྤྱན་དྲངས་ཐིམ༔ དངོས་གྲུབ་ཐོགས་མེད་འགྲུབ་པར་མོས༔ ཐོག་མར་བླ་མ་སྐུ་གསུམ་ལ༔ བརྟེན་ནས་ཡེ་ཤེས་གསུམ་སྐྱེད་པའི༔ ཚིག་སྔགས་ཁ་བསྒྱུར་འདི་ལྟར་རོ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཀུན་ཏུ་འཆང་གི་རྣམ་པར་བྱོན༔ གཞི་སྣང་འཁྲུལ་པ་དབྱིངས་སུ་སོལ༔ ཀ་དག་གཞི་ཐོག་ཕེབས་པ་དང༔ ཆོས་སྐུའི་དགོངས་པ་མངོན་གྱུར་མཛོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ དེ་ལྟར་ཚིག་བདུན་འགྲེས་སྦྱར་ཏེ༔ ཚེ་དཔག་མེད་པའི་རྣམ་པར་བྱོན༔ འཆི་བདག་བདུད་བཞི་དབྱིངས་སུ་སོལ༔ ལྷུན་གྲུབ་རིག་རྩལ་རྒྱས་པ་དང༔ ལོངས་སྐུའི་བཀོད་པ་བརྙེས་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱཿ མཚོ་སྐྱེས་རྡོ་རྗེའི་རྣམ་པར་བྱོན༔ གཉིས་སྣང་བག་ཆགས་དབྱིངས་སུ་སོལ༔ འཆི་མེད་འཇའ་ལུས་ཐོབ་པ་དང༔ སྤྲུལ་སྐུའི་འགྲོ་དོན་མཐར་ཕྱིན་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་སྐུ་བཞི་ལ་བསྟེན་ནས༔ དབང་བཞིའི་བྱིན་རླབས་འབེབ་པ་ནི༔ ཚིག་བདུན་ཤམ་བུ་འདི་ལྟར་བསྒྱུར༔ ཐོད་ཕྲེང་རྩལ་གྱི་རྣམ་པར་བྱོན༔ ལུས་ལ་བུམ་པའི་དབང་མཆོག་སྐུར༔ རྩ་ཡི་སྒྲིབ་དག་ལྷ་རུ་སྨིན༔ སྣང་སྟོང་སྤྲུལ་སྐུར་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཐུགས་རྗེ་ཆེན་པོའི་རྣམ་པར་བྱོན༔ ངག་ལ་གསང་བའི་དབང་མཆོག་སྐུར༔ རླུང་གི་སྒྲིབ་དག་སྔགས་སུ་སྨིན༔ གྲགས་སྟོང་ལོངས་སྐུར་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ འོད་དཔག་མེད་ཀྱི་རྣམ་པར་བྱོན༔ ཡིད་ལ་ཐུགས་ཀྱི་དབང་མཆོག་སྐུར༔ ཐིག་ལེའི་སྒྲིབ་དག་ཡེ་ཤེས་སྨིན༔ རིག་སྟོང་ཆོས་སྐུར་འགྲུབ་པར་མཛོད༔ ཨོཾ་ཨ་མི་དྷེ་བ་ཧྲཱི༔ པདྨ་བཛྲའི་རྣམ་པར་བྱོན༔ དབྱེར་མེད་རིག་རྩལ་དབང་མཆོག་སྐུར༔ བག་ཆགས་སྒྲིབ་དག་བདེ་ཆེན་སྨིན༔ ངོ་བོ་ཉིད་སྐུར་འགྲུབ་པར་མཛོད༔ ཨོཾ་པདྨ་བཛྲ་ཧཱུྃ༔ ཐོད་ཕྲེང་སྡེ་ལྔ་ལ་བསྟེན་ནས༔ དུག་ལྔ་ཕུང་ལྔ་སྦྱང་བ་ནི༔ རྡོ་རྗེའི་ཚིག་རྐང་བདུན་གྱི་མཐར༔ བུདྡྷ་ཐོད་ཕྲེང་རྣམ་པར་བྱོན༔ གཏི་མུག་ཆོས་ཀྱི་དབྱིངས་སུ་སྦྱོངས༔ གཟུགས་ཀྱི་ཕུང་པོ་གནས་སྒྱུར་ལ༔ འགྱུར་མེད་སྐུ་རུ་བྱིན་གྱིས་རློབས༔ ཨོཾ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་སརྦ་སིདྡྷི་ཧཱུྃ༔ པདྨ་ཐོད་ཕྲེང་རྣམ་པར་བྱོན༔ འདོད་ཆགས་སོར་རྟོག་ངང་དུ་སྦྱོངས༔ འདུ་ཤེས་ཕུང་པོ་གནས་སྒྱུར་ལ༔ འགག་མེད་གསུང་དུ་བྱིན་གྱིས་རློབས༔ ཨཱཿགུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་མི་ཏ་བྷཱ་སརྦ་སིདྡྷི་ཧཱུྃ༔ བཛྲ་ཐོད་ཕྲེང་རྣམ་པར་བྱོན༔ ཞེ་སྡང་མེ་ལོང་ལྟ་བུར་སྦྱོངས༔ རྣམ་ཤེས་ཕུང་པོ་གནས་སྒྱུར་ལ༔ འཁྲུལ་མེད་ཐུགས་སུ་བྱིན་གྱིས་རློབས༔ ཧཱུྃ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ཨཀྵོ་བྷྱ་སརྦ་སིདྡྷི་ཧཱུྃ༔ རཏྣ་ཐོད་ཕྲེང་རྣམ་པར་བྱོན༔ ང་རྒྱལ་མཉམ་པ་ཉིད་དུ་སྦྱོངས༔ ཚོར་བའི་ཕུང་པོ་གནས་སྒྱུར་ལ༔ ཡོན་ཏན་རྩོལ་མེད་བྱིན་གྱིས་རློབས༔ སྭཱ་གུ་རུ་རཏྣ་ཐོད་ཕྲེང་རྩལ་རཏྣ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཀརྨ་ཐོད་ཕྲེང་རྣམ་པར་བྱོན༔ ཕྲག་དོག་བྱ་གྲུབ་ཆེན་པོར་སྦྱོངས༔ འདུ་བྱེད་ཕུང་པོ་གནས་སྒྱུར་ལ༔ ཕྲིན་ལས་ཐོགས་མེད་བྱིན་གྱིས་རློབས༔ ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཨ་མོ་གྷ་སིདྡྷི་སརྦ་སིདྡྷི་ཧཱུྃ༔ རིགས་དྲུག་གུ་རུ་ལ་བསྟེན་ནས༔ འགྲོ་དྲུག་སྐྱེ་སྒོ་བཅད་པ་ནི༔ ཚིག་བདུན་གཤམ་དུ་སྔགས་ཚིག་བསྒྱུར༔ སྲིད་ཐུབ་འཛིན་གྱི་རྣམ་པར་བྱོན༔ ང་རྒྱལ་རྒྱུ་འབྲས་རྩད་ནས་ཆོད༔ འཕོ་ལྟུང་ལྷ་ཡི་གནས་སྟོངས་ནས༔ དཔལ་ལྡན་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་རཏྣ་གུ་རུ་དེ་བ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ རྣམ་རྒྱལ་གུ་རུའི་རྣམ་པར་བྱོན༔ ཕྲག་དོག་རྒྱུ་འབྲས་རྩད་ནས་ཆོད༔ ལྷ་མིན་འཐབ་རྩོད་གནས་སྟོངས་ནས༔ ལས་རབ་རྫོགས་པར་བྱིན་གྱིས་རློབས༔ ཨོཾ་ཀརྨ་གུ་རུ་ཨ་སུ་རཱ་ཏྲཊ་ཏྲཊ་ཧཱུྃ་ཕཊ༔ པདྨ་གུ་རུའི་རྣམ་པར་བྱོན༔ འདོད་ཆགས་རྒྱུ་འབྲས་རྩད་ནས་ཆོད༔ བྲེལ་ཕོངས་མི་ཡི་གནས་སྟོངས་ནས༔ པདྨོ་བཀོད་པར་བྱིན་གྱིས་རློབས༔ ཨོཾ་མ་ཧཱ་གུ་རུ་ནྲྀ་བྲྀ་ཏ་བྲྀ་ཏ་ཧཱུྃ་ཕཊ༔ སེང་གེ་རབ་བརྟན་རྣམ་པར་བྱོན༔ གཏི་མུག་རྒྱུ་འབྲས་རྩད་ནས་ཆོད༔ གླེན་ལྐུགས་དུད་འགྲོའི་གནས་སྟོངས་ནས༔ སྟུག་པོ་བཀོད་དུ་བྱིན་གྱིས་རློབས༔ ཨོཾ་བུདྡྷ་གུ་རུ་ཏིརྻ་ཀ་མ་ཐ་མ་ཐ་ཧཱུྃ་ཕཊ༔ རྣམ་སྣང་གུ་རུའི་རྣམ་པར་བྱོན༔ སེར་སྣའི་རྒྱུ་འབྲས་རྩད་ནས་ཆོད༔ བཀྲེས་སྐོམ་ཡི་དྭགས་གནས་སྟོངས་ནས༔ བདེ་བ་ཅན་དུ་བྱིན་གྱིས་རློབས༔ ཨོཾ་པདྨ་གུ་རུ་པྲེ་ཏ་ཀ་པ་ཙ་པ་ཙ་ཧཱུྃ་ཕཊ༔ རྣམ་གནོན་གུ་རུའི་རྣམ་པར་བྱོན༔ ཞེ་སྡང་རྒྱུ་འབྲས་རྩད་ནས་ཆོད༔ ཚ་གྲང་དམྱལ་བའི་གནས་སྟོངས་ནས༔ མངོན་དགའི་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་བཛྲ་གུ་རུ་ན་ར་ཀ་ད་ཧ་ད་ཧ་ཧཱུྃ་ཕཊ༔ རབས་བདུན་གུ་རུ་ལ་བསྟེན་ནས༔ དཀོར་བདུན་དོན་དམ་རྩལ་རྫོགས་ཕྱིར༔ ཤམ་བུ་འདི་ལྟར་གདགས་པར་བྱ༔ བདེ་སྐྱོང་རྡོ་རྗེའི་རྣམ་པར་བྱོན༔ ཡོངས་འཛིན་ཕྱི་ཡི་དབང་བསྐུར་སྩོལ༔ མཚན་དཔེའི་སྐུ་ཡི་རང་རྩལ་རྫོགས༔ རྡོ་རྗེ་རྟག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱ་ཡ་སིདྡྷི་ཧཱུྃ༔ ཟག་མེད་འོད་གསལ་རྣམ་པར་བྱོན༔ གསང་གསུམ་ནང་གི་དབང་བསྐུར་སྩོལ༔ ཚངས་དབྱངས་གསུང་གི་རང་རྩལ་རྫོགས༔ གར་གྱི་དབང་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཝཱ་ཀ་སིདྡྷི་ཧཱུྃ༔ འདུལ་སྐྱོང་ཆེན་པོའི་རྣམ་པར་བྱོན༔ གླེགས་བམ་སྒྲུབ་པའི་དབང་བསྐུར་སྩོལ༔ འོད་གསལ་ཐུགས་ཀྱི་རང་རྩལ་རྫོགས༔ རྡོ་རྗེ་སེམས་དཔར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཙིཏྟ་སིདྡྷི་ཧཱུྃ༔ ཏིང་འཛིན་འཆང་བའི་རྣམ་པར་བྱོན༔ བྱང་སེམས་གསང་བའི་དབང་བསྐུར་སྩོལ༔ འདོད་འབྱུང་ཡོན་ཏན་རང་རྩལ་རྫོགས༔ རྡོ་རྗེ་ཉི་མར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་གུ་ཎ་སིདྡྷི་ཧཱུྃ༔ ཡོན་ཏན་བློ་ལྡན་རྣམ་པར་བྱོན༔ ཤེས་རབ་ཕྱག་རྒྱའི་དབང་བསྐུར་སྩོལ༔ འགྲོ་འདུལ་ཕྲིན་ལས་རང་རྩལ་རྫོགས༔ རྟ་མཆོག་རྒྱལ་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཐབས་ཤེས་དབྱིངས་སྦྱོར་རྣམ་པར་བྱོན༔ ཀ་དག་རིག་རྩལ་དབང་བསྐུར་སྩོལ༔ དབྱིངས་ཀྱི་དོན་དམ་རང་རྩལ་རྫོགས༔ ཧེ་རུ་ཀ་དཔལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཏུ་སིདྡྷི་ཧཱུྃ༔ སློབ་དཔོན་པདྨའི་རྣམ་པར་བྱོན༔ ལྷུན་གྲུབ་འོད་གསལ་དབང་བསྐུར་སྩོལ༔ ཡེ་ཤེས་དོན་དམ་རང་རྩལ་རྫོགས༔ འོད་མི་འགྱུར་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ མཚན་བརྒྱད་གཙོ་དགུ་ལ་བསྟེན་ནས༔ ཐེག་པ་རིམ་དགུའི་ལམ་བགྲོད་ཕྱིར༔ ཚིག་སྔགས་ཁ་བསྒྱུར་འདི་ལྟར་སྦྱོར༔ ཤཱཀྱ་སེང་གེའི་རྣམ་པར་བྱོན༔ ཚངས་སྤྱོད་རྣམ་དག་དབང་མཆོག་སྐུར༔ བདེན་བཞིའི་དོན་རྟོགས་ཉན་ཐོས་ཀྱི༔ བསླབ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ བློ་ལྡན་མཆོག་སྲེད་རྣམ་པར་བྱོན༔ རང་བྱུང་ཁྲིམས་རྫོགས་དབང་མཆོག་སྐུར༔ རྟེན་འབྲེལ་དོན་གནས་རང་རྒྱལ་གྱི༔ ལྟ་སྒོམ་རྟོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ པདྨ་རྒྱལ་པོའི་རྣམ་པར་བྱོན༔ བྱང་ཆུབ་སྤྱོད་པའི་དབང་མཆོག་སྐུར༔ ཚུལ་ཁྲིམས་གསུམ་ལྡན་བྱང་སེམས་ཀྱི༔ ས་ལམ་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ པདྨ་སཾ་བྷའི་རྣམ་པར་བྱོན༔ སྤང་རྟོགས་རྫོགས་པའི་དབང་མཆོག་སྐུར༔ སྤྱོད་པ་གཙོ་སྟོན་ཀྲི་ཡ་པའི༔ རྣལ་འབྱོར་མཆོག་ཐོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཉི་མ་འོད་ཟེར་རྣམ་པར་བྱོན༔ སྒྲིབ་སེལ་ནུས་ཐོབ་དབང་མཆོག་སྐུར༔ ལྟ་སྤྱོད་གཉིས་ལྡན་ཨུ་བྷ་ཡའི༔ ཏིང་འཛིན་རྩལ་རྫོགས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ སེང་གེ་སྒྲ་སྒྲོག་རྣམ་པར་བྱོན༔ ཕྱི་ནང་གསང་བའི་དབང་མཆོག་སྐུར༔ ཕྱག་རྒྱ་བཞི་ལྡན་ཡོ་ག་པའི༔ བསྙེན་སྒྲུབ་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ༔ རྡོ་རྗེ་གྲོ་ལོད་རྣམ་པར་བྱོན༔ སྒོ་གསུམ་སྨིན་བྱེད་དབང་བཞི་སྐུར༔ མ་ཧཱ་དཀྱིལ་འཁོར་གསུམ་ལྡན་གྱི༔ རིམ་གཉིས་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔ པདྨ་འབྱུང་གནས་རྣམ་པར་བྱོན༔ ཕྱི་ནང་སྒྲུབ་གསང་དབང་བཞི་སྐུར༔ ཨ་ནུ་དབྱིངས་ཡེ་གཉིས་མེད་ངང༔ ལམ་འབྲས་འབྱོངས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་པདྨཱ་ཀ་ར་སརྦ་སིདྡྷི་ཧཱུྃ༔ ཡིད་བཞིན་ནོར་བུའི་རྣམ་པར་བྱོན༔ དགོངས་པ་དོན་གྱི་དབང་བཞི་སྐུར༔ ཨ་ཏི་ཆོས་ཅན་ཆོས་ཉིད་དབྱིངས༔ ཟད་སར་འཁྱོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གུ་རུ་ཙྪིནྡ་མ་ཎི་སརྦ་སིདྡྷི་ཧཱུྃ༔ འདི་ཀུན་ཤིན་ཏུ་ཟབ་པའི་ཕུལ༔ ཡེ་ཤེས་གཅིག་སྦྱོར་ཏིང་འཛིན་ཏེ༔ སྤྲོས་ལ་དགའ་བའི་རྣལ་འབྱོར་པས༔ གུ་རུ་སོ་སོའི་མངོན་རྟོགས་བསྒོམ༔ ཕྲིན་ལས་རིམ་པའི་སྒྲོམ་དུ་གཞུག༔ འཕྲོ་འདུའི་དམིགས་པ་གསལ་བའི་ངང༔ ཚིག་བདུན་དང་ནི་བཟླས་པར་འབད༔ བྱིན་རླབས་རྟགས་མཚན་དངོས་སུ་འོང༔ ཡིད་གཉིས་ཐེ་ཚོམ་མེད་པར་གཅེས༔ ས་མ་ཡ༔ གཞན་ཡང་འཕྲུལ་མཚན་བཞི་བཅུ་དང༔ སྔགས་ཀྱི་སྟོན་པ་བཅུ་ཕྲག་ལྔ༔ མཚན་བརྒྱ་རྩ་བརྒྱད་ལ་སོགས་པ༔ རེ་རེ་བཞིན་དུ་ཁ་བསྒྱུར་ན༔ འདོད་དོན་མ་ལུས་སྒྲུབ་པ་ལ༔ ཡིད་བཞིན་ནོར་བུའི་རྒྱལ་པོ་བཞིན༔ མདོར་བསྡུས་མཚན་མཆོག་སྤྱི་བསྡོམས་དང༔ ཉེར་མཁོའི་ཤམ་བུ་འདི་ལྟར་སྤེལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནས། གཤེགས་སུ་གསོལ༔ འཕྲུལ་མཚན་བཞི་བཅུའི་རྣམ་པར་བྱོན༔ སྨིན་གྲོལ་མཐར་ཕྱིན་དབང་མཆོག་སྐུར༔ གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་སོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྟོན་པ་ལྔ་བཅུའི་རྣམ་པར་བྱོན༔ ཡེ་ཤེས་གཅིག་སྦྱོར་དབང་མཆོག་སྐུར༔ སྒྲིབ་གཉིས་བག་ཆགས་དབྱིངས་སུ་སོལ༔ སྐུ་ལྔ་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཚན་བརྒྱ་རྩ་བརྒྱད་རྣམ་པར་བྱོན༔ ལྷ་སྔགས་རིག་པའི་དབང་མཆོག་སྐུར༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཚེ་དབང་རིག་འཛིན་རྣམ་པར་བྱོན༔ འཆི་མེད་ཚེ་ཡི་དབང་མཆོག་སྐུར༔ ཚེ་བདུད་བར་ཆད་ཞི་བར་མཛོད༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ གུ་རུ་ཆེ་མཆོག་རྣམ་པར་བྱོན༔ མཐུ་རྩལ་སྟོབས་ཀྱི་དབང་མཆོག་སྐུར༔ དམག་དཔུང་ཟློག་ཅིང་འཐབ་རྩོད་ཞི༔ རྒྱལ་ཁམས་བདེ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གུ་རུ་སྨན་བླའི་རྣམ་པར་བྱོན༔ བདུད་རྩི་འོད་ཟེར་དབང་མཆོག་སྐུར༔ དུག་གསུམ་ནད་གདོན་རྩད་ནས་ཆོམས༔ བདེ་སྐྱིད་དཔལ་གྱི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་བཻ་ཌཱུརྻ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ གུ་རུ་ནོར་ལྷའི་རྣམ་པར་བྱོན༔ རཏྣ་གཏེར་གྱི་དབང་མཆོག་སྐུར༔ དབུལ་ཕོངས་བཀྲེས་སྐོམ་སྡུག་བསྔལ་སོལ༔ དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་པདྨ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ འབྱུང་བཞི་དབང་སྒྱུར་རྣམ་པར་བྱོན༔ གཞོམ་མེད་ནམ་མཁའི་དབང་མཆོག་སྐུར༔ ས་ཆུ་མེ་རླུང་འཇིགས་པ་ཞི༔ རང་དབང་སྒྱུར་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་ཡཾ་རཾ་བཾ་ལཾ་སརྦ་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཟིལ་གནོན་དྲག་པོའི་རྣམ་པར་བྱོན༔ བྱིན་རླབས་རྩལ་གྱི་དབང་མཆོག་སྐུར༔ གནས་ཞལ་གཏེར་སྒོ་འབྱེད་པ་དང༔ ལུང་བསྟན་ཐོབ་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཨ་ཀ་མ༔ ཧ་ཨ་ར་ཡ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་སྦུར་ཐུཾ་ཛཿཛ༔ དྷ་ལོ་ཤ་པུ་ཝ་མ་ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛཿཛ༔ རྡོ་རྗེ་དྲག་རྩལ་རྣམ་པར་བྱོན༔ རིག་རྩལ་ཐོགས་མེད་དབང་མཆོག་སྐུར༔ སྣང་གྲགས་ལྷ་དང་སྔགས་སུ་རྫོགས༔ ཆོས་ཉིད་གདིང་ཐོབ་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དམར་ནག་མེ་ཕྲེང་རྣམ་པར་བྱོན༔ གདུག་པ་འདུལ་བའི་དབང་མཆོག་སྐུར༔ ཁམས་གསུམ་ཟིལ་གྱིས་གནོན་པ་དང༔ སྲིད་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ རྡོ་རྗེ་ཆོས་ཀྱི་རྣམ་པར་བྱོན༔ གསང་ཆེན་ལུང་གི་དབང་མཆོག་སྐུར༔ རྒྱུད་ལུང་མན་ངག་མཛོད་བརྙེས་ཤིང༔ གསང་བ་འཛིན་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་བཛྲ་དྷརྨ་གུ་ཧྱ་སརྦ་སིདྡྷི་ཧཱུྃ༔ བདེ་བ་ཆེན་པོའི་རྣམ་པར་བྱོན༔ ལྷན་སྐྱེས་དགའ་བཞིའི་དབང་མཆོག་སྐུར༔ རྡོ་རྗེའི་གསང་ལམ་བགྲོད་པ་དང༔ བདེ་ཆེན་འགྱུར་མེད་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ འོད་མི་འགྱུར་བའི་རྣམ་པར་བྱོན༔ ཡེ་ཤེས་རིག་པའི་དབང་མཆོག་སྐུར༔ ཐ་སྙད་བློ་ལས་འདས་པའི་ངང༔ རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ དེ་ལྟར་མཚན་དང་རྣམ་པའི་ཚུལ༔ ཐ་དད་བསྒྱུར་བས་གང་འདོད་དོན༔ བདེ་བླག་ཉིད་དུ་བྱེད་པ་སྟེ༔ དཔེར་ན་ནོར་བུ་གཅིག་ཉིད་ལ༔ གསོལ་བ་གང་བཏབ་འགྲུབ་དང་མཚུངས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འདི་ཉིད་ཁོ་ནས་འགྲུབ་པར་ངེས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས༔ སོ་སོའི་བྱིན་རླབས་བསྐུལ་འདོད་ན༔ གཙོ་བོ་རྡོ་རྗེ་སློབ་དཔོན་གྱི༔ ཡེ་ཤེས་ཀློང་དུ་རོ་གཅིག་ཕྱིར༔ ངོ་བོ་གུ་རུ་པདྨ་འབྱུང༔ རྣམ་པ་དེ་དང་དེར་གསལ་ནས༔ ཀུན་ལ་ཚིག་བདུན་ཤམ་བུ་བསྒྱུར༔ རང་རང་སྐུལ་འཛབ་གཞུང་བཞིན་སྦྱར༔ དགོངས་བརྒྱུད་བླ་མའི་བྱིན་རླབས་ཐོབ༔ བརྡ་བརྒྱུད་རིག་པའི་རྩལ་ཆེན་འབྱོངས༔ སྙན་བརྒྱུད་བཀའ་ལུང་མན་ངག་དབང༔ ཕྲིན་ལས་གང་བརྩམ་ལྷུན་གྲུབ་འགྱུར༔ ས་མ་ཡ༔ བདག་ཉིད་པདྨ་ཀུན་ཏུ་འཆང༔ གདོད་མའི་དབྱིངས་སུ་སྙོམས་ཞུགས་ཚེ༔ ཆོས་ཉིད་རང་རྩལ་རྡོ་རྗེའི་སྒྲ༔ ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔ ལོངས་སྐུ་གཟི་བརྗིད་དཔག་མེད་བཞེངས༔ མཁའ་ཁྱབ་ངེས་པ་ལྔ་ལྡན་གྱི༔ ཞིང་དང་སྐུ་ཡི་བཀོད་པ་བསྟན༔ དེ་ཚེ་དབྱིངས་ཀྱི་ཡུམ་ལྔ་ཡིས༔ འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔ བདེ་ཆེན་ཞིང་དུ་འོ་མའི་མཚོར༔ པད་སྡོང་རྩེ་ལ་སྐུར་བཞེངས་པ༔ ཐོད་ཕྲེང་སྡེ་ལྔ་ཞེས་སུ་གྲགས༔ རྣམ་ཐར་མཛད་པ་བསམ་ལས་འདས༔ སླར་ཡང་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་ཕྲག་བརྒྱས་མགྲིན་གཅིག་ཏུ༔ ཛཾ་གླིང་ཤཱཀྱའི་གདུལ་ཞིང་དུ༔ གསང་སྔགས་བསྟན་པ་སྤེལ་བའི་ཆེད༔ ཚིག་བདུན་དབྱངས་ཀྱིས་སྤྱན་དྲངས་པས༔ སྔགས་ཀྱི་འབྱུང་གནས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ ངོ་མཚར་པདྨའི་སྡོང་པོའི་རྩེར༔ བདེ་ཅན་ཞིང་ནས་སྤྲུལ་སྐུར་བྱོན༔ མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་བསྟན༔ ཡ་མཚན་བཀོད་པ་ཚད་ལས་འདས༔ མཚོ་གླིང་དཔའ་བོ་མཁའ་འགྲོ་མར༔ གསང་ཆེན་གསང་བའི་ཡང་སྙིང་ནི༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ རྒྱུད་ལུང་མན་ངག་བྱེ་ཕྲག་བརྒྱ༔ གདུལ་བྱའི་བསམ་པ་ཐ་དད་པ༔ བྱུང་དང་འབྱུང་འགྱུར་དོན་ཕྱིར་གསུངས༔ ཀུན་ཀྱང་རྩ་གསུམ་གཅིག་འདུས་དངོས༔ བདག་ཉིད་གུ་རུ་སྒྲུབ་པའི་ཐབས༔ དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་དཀོར་བདུན་འབྲས་བུར་རྫོགས༔ དེ་ལྟར་རྡོ་རྗེའི་སྒྲ་དབྱངས་འདིས༔ བསྐུལ་བ་ཙམ་གྱིས་པདྨ་བདག༔ དབང་མེད་བྱོན་ནས་བྱིན་གྱིས་རློབ༔ ཡེ་ཤེས་ཆེན་པོའི་དབང་སྐུར་བསྩལ༔ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ༔ དངོས་གྲུབ་རྣམ་གཉིས་ཐོགས་མེད་སྟེར༔ དངོས་ཉམས་རྨི་ལམ་ང་དང་མཇལ༔ འཇའ་འོད་འཁྱིལ་ཞིང་དྲི་བཟང་འཐུལ༔ བརྡ་དབྱངས་ཅང་ཏེའུའི་སྒྲ་སྐད་ཐོས༔ ལུས་ངག་ཡིད་ལ་བྱིན་ཆེན་ཕེབས༔ རིག་རྩལ་ཐོད་རྒལ་རྟོགས་པ་སྐྱེ༔ སྡེ་བརྒྱད་དྲེགས་པར་བཀའ་བཙན་ཞིང༔ འབྲེལ་ཚད་དོན་ལྡན་བྱིན་ནུས་ཐོབ༔ མྱུར་དུ་རིག་འཛིན་སར་གཤེགས་ནས༔ པདྨ་བདག་དང་དབྱེར་མེད་འགྱུར༔ ས་མ་ཡ༔ བདག་ཉིད་རྩ་བ་གསུམ་གྱི་དངོས༔ མཚོ་ལས་སྐྱེས་པའི་རྡོ་རྗེའི་སྐུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བས༔ མོས་པ་དང་མཚུངས་གསོལ་བཏབ་ན༔ དེ་དང་མཐུན་པའི་དངོས་གྲུབ་སྟེར༔ དེ་ཕྱིར་ད་ལྟའི་རྗེ་འབངས་དང༔ ཕྱི་རབས་གདུལ་བྱའི་དོན་ཆེད་དུ༔ ཐུགས་ཀྱི་བཅུད་ཕྱུངས་བརྩེ་བས་གདམས༔ མ་སྤེལ་ཟབ་མོའི་གཏེར་དུ་སྦོས༔ སྙིགས་དུས་ཁོ་བོའི་གདུལ་བྱ་འབྱུང༔ དེ་ཚེ་བཻ་རོའི་སྨོན་ལམ་མཐུས༔ འོད་གསལ་བརྡ་ཡི་རི་མོར་ཤར༔ བློ་ལྡན་ཞིག་གིས་འདུལ་ཐབས་སྟོན༔ འགྲོ་ཕན་མཐའ་རུ་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔

བླ་མ་བཀའ་རྣམས་འདུས་པའི་དོན་དབང་བསྐུར་བའི་ཡི་གེ་རིན་ཆེན་དབྱིག་གི་སྙིང་པོ་ (Volume 7, Text 17)

༄༅། །བླ་མ་བཀའ་རྣམས་འདུས་པའི་དོན་དབང་བསྐུར་བའི་ཡི་གེ་རིན་ཆེན་དབྱིག་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །བཀའ་རྣམས་འདུས་པའི་དོན་དབང་གི །ལག་ལེན་ཉུང་ངུ་རྣམ་གསལ་བཀོད། །འདི་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་ཅིང་དབང་བསྐུར་བའོ། །དང་པོ་ནི། རྟེན་གྱི་སྤྱན་སྔར་སྟེགས་བུ་ལ་དཀྱིལ་འཁོར་གནམ་བབ་མ་རྡུལ་ཚོན་ནམ་རས་བྲིས་གང་རུང་བཀོད་པའི་དབུས་སུ་ཁྲིའུ་ལ། རྣམ་བུམ་མགུལ་ཆིངས་བཅུད་དང་ལྡན་པའི་ཁར་ཐོད་པ་བདུད་རྩི་ཨ་མྲྀཏས་བཀང་བ་བཞག་ལ་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པས་བཀབ། དེ་སྟེང་ཤེལ་རྡོ་དང་གུ་རུའི་སྐུ་ཙཀ་བཞུགས་སུ་གསོལ། གཤམ་དུ་གཏོར་དབང་སྦྲེལ་བར་སྤྲོ་ན། མདུན་རྒྱབ་གང་བདེར་གཏོར་མ་རིན་ཆེན་ཟུར་བརྒྱད་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། ལས་བུམ། མིག་དར། གཏོར་ཚོགས་སོགས་ཉེ་བར་མཁོ་བ་རྣམས་ཀྱང་འདུ་བྱའོ། །གཉིས་པ་ལ། དང་པོ་སྒྲུབ་མཆོད་ནི། ལས་བྱང་ལེའུ་གསུམ་པའི་སྐྱབས་སེམས་ནས་བཟླས་པ་དང་། དབང་བླང་བ་ཡན་གཏད། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། འདིར་གསན་པར་བྱ་བ། མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་ཡང་རྩེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཇི་སྙེད་པའི་སྲོག་དང་སྙིང་པོར་གྱུར་པ་ལམ་ཟབ་བླ་མ་སྒྲུབ་པའི་ཐབས་མང་དུ་མཆིས་པ་ཐམས་ཅད་ཀྱི་ནང་ནས་བླ་ན་མ་མཆིས་པ།ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་་་་རྩལ་ཉིད་ཀྱིས་རྡོ་རྗེའི་ཚིག་ཏུ་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་སྒྲུབ་ཐབས་མཐའ་ཡས་པར་མཆིས་པ་རྣམས་ཀྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་ཆོས་སྐོར་རྣམས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ཉིད་རིག་འཛིན་སྔགས་འཆང་ཆེན་པོའི་སྐུར་བསྟན་ནས་གཏེར་སྟོན་རྒྱལ་པོ་ལྔ་ཡི་གསུམ་པར་བྱོན་པ་ཨོ་རྒྱན་རྡོ་རྗེ་གླིང་པས། ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་ཏེ་དངོས་དང་བརྒྱུད་ནས་བསྟན་འགྲོའི་དོན་མཐའ་ཡས་པར་མཛད་པ་འདི་ལ་དབང་གི་ཆོ་ག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་བཞུགས་པ་ལས། འདིར་སྨིན་བྱེད་ཐམས་ཅད་ཀྱི་སྙིང་པོ་ཟླུམ་པོ་བཞིའི་བརྡ་ལ་བརྟེན་པའི་དོན་དབང་ཟབ་མོ་སྐུར་བར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས་འབྲུ་གསུམ་གྱིས་མིག་དར་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་བླ་མ་རྩ་གསུམ་ཀུན་འདུས་ལ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ཤློཀ་གཅིག་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེའི་གོ་འཕང་ལ་འགོད་པའི་ཕྱིར་དུ་དཀྱིལ་འཁོར་གཉན་པོར་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ཤློཀ་གཅིག་ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་མ་གྱུར་སེམས་ཅན་དོན་དུ་བསྔོ༔ གནས་ལུགས་ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་བཅིང་། སྒོ་ལྔའི་ཤེས་པ་ནང་དུ་བསྡུས་ལ་ཡིད་རྩེ་གཅིག་པས་མོས་གུས་བསྐྱེད་ཅིང་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་གཡུང་དྲུང་དམར་པོ་གཡས་སུ་འཁྱིལ་བ། རྭ་བཞི་ལ་ཧ་རི་ནི་སའི་ཡི་གེ་གསལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བསྐུལ་བས་གཡུང་དྲུང་གཡས་སུ་དྲག་ཏུ་འཁོར། བླ་མ་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང་དཀྱིལ་འཁོར་ལྷ་ཚོགས་རྣམས་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་སྔགས་དང་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་བཅས་ཚིག་བདུན་གསོལ་འདེབས་དང་། བྱིན་འབེབ་དང་སྤྱན་འདྲེན་གྱི་སྔགས་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་བསལ་ནས་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་མངོན་དུ་མཐོང་བར་མོས་ཤིག །ལེགས་འོངས་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཐོག་ང་ཡིས་བསལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་བསྟན༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཞེས་གདོང་བསལ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབ་ཀྱང་མ་གཏང་ཞིག༔ ཡན་ལག་རྣམས་ཀྱང་རྟག་ཏུ་སྲུངས༔ ས་མ་ཡ་རཀྵ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། ཇི་སྐད་བསྒོས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧཱུྃ་ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་སྲུངས༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཁོར་བའི་འདམ་རྫབ་རྒྱ་མཚོ་ལ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དབང་བཞིའི་རིམ་པ་རྫོགས་པར་སྐུར༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། དབང་དངོས་གཞི་ལ་འདི་ལྟར་བུམ་པ་ལ་སོགས་པའི་དབང་རྣམ་པ་ལྔ་པོ་རེ་རེ་ལའང་ནང་གསེས་ཀྱི་བཞི་བཞིར་དབྱེ་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྐུར་བ་ཡིན་པས་སོ་སོའི་སྐབས་སུ་བབས་པའི་ཚིག་དོན་རྣམས་ལ་་་་་་་་་་ཐུགས་རྩེ་གཅིག་ཏུ་གཏོད་ཅིང་ངེས་ཤེས་བསྐྱེད་མཛོད། བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུ་སྐྱེ་བ་མེད༔ བུམ་རྫས་བྱང་ཆུབ་སེམས་འདི་འགག་པ་མེད༔ སྐྱེ་འགག་གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ གཟུང་འཛིན་འཁྲུལ་པའི་བག་ཆགས་དྲི་མ་ཁྲུས༔ ལས་དང་ཉོན་མོངས་བག་ཆགས་ཀུན་དག་ནས༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་མཇུག །ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཡང་སྔགས་བརྗོད་ལ་མགྲིན་པར་བཞག་སྟེ་བུམ་ཆུ་བླུད། སྙིང་གར་གཏད་ལ། དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། ཆོས་སྐུ་སྐྱེ་མེད་མཚོན་པའི་བུམ་པ་ཟླུམ་པོའི་ནང་དུ་འགག་མེད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བཀང་བས་དབང་བསྐུར་བས་གཟུང་འཛིན་འཁྲུལ་པའི་དྲི་མ་དག་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་བུམ་པ་ལ་བརྟེན་པའི་དང་པོའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །བྷནྡྷའི་བདུད་རྩི་ཐོགས་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་དབྱིངས་བདེ་ཆེན་ནང༔ བདུད་རྩི་ལྔ་ལྡན་འཆི་མེད་བཅུད་ཀྱིས་གཏམས༔ ཉོན་མོངས་དུག་ལྔ་རིགས་ལྔ་སྐུ་ལྔར་གྱུར༔ གཉིས་མེད་ངང་ནས་ཐབས་ཤེས་རོལ་པར་སྦྱོར༔ འཁོར་འདས་གཉིས་མེད་བདུད་ལས་རྣམ་པར་རྒྱལ༔ དབང་བཞི་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ སྤྱི་བོར་བཞག་ཅིང་འཐོར། མགྲིན་པར་བཞག་ཅིང་མྱང་དུ་གཞུག །བསྙེན་སྒྲུབ་ལས་གསུམ་གྱི་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། ལས་བྱང་ལྟར་སྔགས་གསུམ་པོ་རྗེས་ཟློས་བྱར་གཞུག །སྙིང་གར་གཏད་ལ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་བཟླས་ལུང་དང་བདུད་རྩི་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཆོས་དབྱིངས་སྤྲོས་བྲལ་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྐུ་དང་ཡེ་ཤེས་སུ་གནས་འགྱུར་བར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་ཐོད་པ་ལ་བརྟེན་པའི་གཉིས་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་སྐྱེ་བ་མེད༔ ཚོགས་དྲུག་གསལ་ཡང་རྙོགས་མེད་བདེ་སྟོང་ངང༔ དགའ་བཞིའི་ངོས་ཟིན་ཐིག་ལེ་རང་ས་ཟིན༔ སེམས་ཉིད་གསལ་སྟོང་འཛིན་མེད་ངང་ན་གནས༔ གཟུང་འཛིན་མཚན་མའི་དངོས་པོ་ཀུན་ལས་འདས༔ དབང་བཞི་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ མེ་ལོང་སྤྱི་བོར་བཞག་ལ་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཀོད། མགྲིན་པར་བཞག་ཅིང་དེར་ཐིག་ལེ་བཀོད་ལ། ཀྱཻ་གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་བྱ་བའོ། །ཞེས་གདགས། སྙིང་གར་གཏད་ཅིང་ཐིག་ལེ་བྱས་ལ། དེ་ལྟར་མེ་ལོང་གི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་གསང་མཚན་གདགས་ནས་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་པའི་མེ་ལོང་ཟླུམ་པོ་ལ་རང་བྱུང་བདེ་བ་ཆེན་པོ་སིནྡྷུ་རའི་ཐིག་ལེས་བརྒྱན་པས་དབང་བསྐུར་བས་བདེ་སྟོང་ཟུང་འཇུག་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་།གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་མེ་ལོང་ལ་བརྟེན་པའི་གསུམ་པའི་དབང་བཞི་་་་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། ཧྲཱི༔ ཀུན་གཞིའི་དབྱིངས་ལས་རྟོག་པ་ཅི་ཤར་ཡང༔ ཤར་ཙམ་ཉིད་ནས་རྟོག་པའི་ངོ་བོ་སྟོང༔ གསལ་ལ་འཛིན་མེད་ཆུ་ཟླ་འཇའ་ཚོན་འདྲ༔ ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་མཐར་ཕྱིན༔ གསལ་སྟོང་འཛིན་མེད་ལྟ་སྒོམ་སྤྱོད་འབྲས་དབང༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཤེལ་རྡོ་སྤྱི་བོར་དང་མགྲིན་པར་བཞག །སྙིང་གར་གཏད་ལ། དེ་ལྟར་ཤེལ་དཀར་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། ཤེལ་ལ་རྐྱེན་དང་འཕྲད་པས་འོད་ཟེར་སྣ་ཚོགས་སུ་ཤར་ཡང་། དེ་ཉིད་ཕྱི་ནང་གང་དུའང་མི་གནས་པ་ལྟར་རང་རིག་པའི་ཀློང་དུ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་པའི་ཀ་དག་གི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །གུ་རུའི་སྐུ་འབག་དང་ཕྲེང་བ་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་རྩ་གསུམ་ལྷ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེའི་དུས་ན་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་རང་དང་སློབ་མའི་སྟངས་ཟུངས་ལ༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག༔ རྩ་སྔགས་ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ སྐུ་འབག་སྤྱི་བོར་བཞག །ཕྲེང་བ་ལག་ཏུ་གཏད་ཅིང་སྐུ་སྙིང་གར་གཏད་ལ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པ་བུམ་དབང་། ཕྲེང་བ་ལག་ཏུ་གཏད་པ་གསང་དབང་། སྐུ་སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲོད་པ་ནི། སེམས་ཉིད་གདོད་ནས་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་གུ་རུའི་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་མཉམ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་སྐུ་འབག་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །སྐབས་འདིར་རྩ་དབང་མ་ཐོབ་པ་སོགས་ལ་གཏོར་དབང་བསྐུར་བར་སྤྲོ་ན། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ་གཏོར་མ་ཉིད་བླ་མ་བདེ་གཤེགས་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་བཞིན་དུ་གསལ་བའི་གནས་གསུམ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་རྩལ་རྫོགས་སུ་ཐོབ། སྒོ་གསུམ་དང་ཤེས་བྱའི་དྲི་མ་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་ཆེན་ཐོགས་ལ། ཨོཾ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ བརྒྱུད་འཛིན་བུ་འདི་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་ཐོབ་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག །མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མ་བདེ་གཤེགས་ཡོངས་རྫོགས་འདུས་པའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར། རྡོ་རྗེ་བདུད་རྩིའི་བཅུད་དུ་འཁྱིལ་བ་མགྲིན་པར་མྱང་བས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། དེ་ནས་རྩ་སྔགས་བརྗོད་བཞིན་དུ་སློབ་བུ་རྣམས་ལ་མེ་ལོང་ངོར་ཁྲུས་བྱ། མེ་ཏོག་དཀར་པོ་ལ་རྟེན་སྙིང་བརྒྱ་རྩ་བརྒྱད་བཟླས་པ་འཐོར་ཞིང་། ཧོ༔ དབང་བསྐུར་བྱིན་བརླབས་བླ་མའི་སྲས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ནས༔ འཁོར་འདས་ཆོས་ལ་དབང་བསྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཅེས་རྩ་སྔགས་མཇུག་ཏུ་ཡེ་དྷརྨ་བཟླས། ཧོ༔ དབང་ཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ སྨིན་གྲོལ་རིག་པ་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ རྟག་ཏུ་གཙོ་བོའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་གྱུར་ཅིག༔ ཅེས་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར། དེ་དག་གིས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་སྨིན་བྱེད་སྙིང་པོ་བསྡུས་པ་བསྐུར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས། གཏོང་རག །ལུས་འབུལ། དགེ་བསྔོ་བཅས་བྱ། སློབ་དཔོན་གྱིས་ཚོགས་ཡོད་ན་ཚོགས་མཆོད། གཏོར་སྐྱོང་སོགས་ལས་བྱང་གི་མཇུག་ཡོངས་རྫོགས་མཐར་དབྱུང་། ཚོགས་མཆོད་མེད་པའི་སྤྲོས་པ་བསྡུ་ན་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ་ཤིས་བརྗོད། བསྔོ་བའི་བར་དུ་བྱའོ། །དོན་དབང་ཟབ་མོས་རྒྱུད་སྨིན་ནས། །དོན་དམ་རང་རིག་བླ་མ་དང་། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་ཆུབ། །གཞན་དོན་སྲིད་མཐར་རྒྱས་གྱུར་ཅིག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཟབ་ཆོས་འདི་ཉིད་འཕེལ་ཞིང་རྒྱས་པའི་བཙས་སུ་དམིགས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

སྨན་མཆོད་ (Volume 55, Text 17)

སྨན་མཆོད་ནི། ཀུན་བཟང་རྡོར་སེམས་ཞི་དང་ཁྲོ་བོའི་ཚོགས། །སྟོན་པ་ཤཱཀ་ཐུབ་རྒྱལ་སྲས་རིགས་གསུམ་མགོན། །ལས་ཅན་རིག་འཛིན་དྲ་མ་ལྔ་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། རྒྱལ་པོ་ཛ་དང་ཨུ་པ་རཱ་ཛའི་ཞབས། །ཨིནྡྲ་བྷཱུ་ཏི་པུ་ཏྲ་རྣམ་གསུམ་དང་། །ཀུ་ཀུ་རཱ་ཛ་དགའ་རབ་བཞད་པ་རྩལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། པྲ་བྷ་ཧསྟི་པདྨ་ཐོད་ཕྲེང་དང་། །བཻ་རོ་ཙ་ན་སངས་རྒྱས་ཡེ་ཤེས་ཞབས། །གཏེར་ཆེན་བླ་མ་ཆོས་བདག་བརྒྱུད་བཅས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། གཞན་ཡང་འདུན་པ་སེམས་དང་རིག་ཆེན་འབྱེད། །དབུགས་ཕྱིན་ལུང་ཐོབ་རྩལ་ཆེན་རྫོགས་པ་ཡི། །རྣལ་འབྱོར་སར་བཞུགས་རིག་འཛིན་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཞེས་པ་འདིའང་སྒྲུབ་ཆེན་ཆ་ལག་ཏུ་བྲིས་པའོ།། །།

ཕྲིན་ལས་ཕུར་པའི་གནད་ཏིག་ལས། སྔོན་འགྲོའི་རྣལ་འབྱོར་སྙིང་པོ་ (Volume 32, Text 17)

༄༅། །ཕྲིན་ལས་ཕུར་པའི་གནད་ཏིག་ལས། སྔོན་འགྲོའི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་བཛྲ་ཀཱི་ལ་ཡ་ཡ། འདིར་སློབ་དཔོན་པྲ་བྷ་ཧསྟིའི་དགོངས་པ། གུ་རུ་ཤཱཀྱ་སེང་གེས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ་དཔལ་ཆེན་ཕུར་པའི་གནད་ཏིག་ལས། སྔོན་འགྲོའི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ནི། གཞུང་རྩ་བ་ལས། དེ་ལ་ཐོག་མར་དབེན་གནས་སུ༔ བདེ་བའི་ཡོ་བྱད་ཚོགས་པར་བྱ༔ ངེས་འབྱུང་དྲག་པོས་རྒྱུད་སྦྱངས་ནས༔ བྱང་ཆུབ་སེམས་མཆོག་རབ་ཏུ་བསྐྱེད༔ བླ་མའི་བྱིན་རླབས་སྙིང་ལ་དབབ༔ ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། དབང་དང་མན་ངག་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གནས་དབེན་པར་སྟན་བདེ་བ་ལ་འདུག ལུས་གནད་བསྲང་། རླུང་རོ་བསལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། བླ་མ་སྤྱི་བོར་བསྒོམ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མཐར་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ལ་དྲན་པ་མངོན་དུ་བཞག་སྟེ་ཁྲིད་ཀྱི་སྔོན་འགྲོའི་དམིགས་རིམ་ལ་འཇུག་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དཔལ་ཆེན་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་དབྱུང་དྲག་ཏུ་བསྐྱེད༔ ཅེས་གསུངས་པ་ལྟར་རེ་རེ་ནས་ཞིབ་ཏུ་དཔྱད་ཅིང་སེམས་བཟུང་ལ་མྱོང་བ་ཐོན་པར་བྱའོ། །གཉིས་པ་ཐུན་མིན་ལའང་གསུམ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོ་གྱུར་པའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། དྲེགས་པ་ཁྱོ་ཤུག་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བྱ། གཉིས་པ་སེམས་སྐྱེད་ནི། སྐྱབས་ཡུལ་དཔང་པོར་བཞུགས་པའི་ཚུལ་གྱིས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ཇི་ལྟར་རིགས་པ་བརྗོད་པའི་སྒོ་ནས་གསལ་གདབ། མཐར་སྐྱབས་ཡུལ་རང་ལ་སྟིམས་ཏེ་དོན་དམ་བྱང་སེམས་ཀྱི་ངང་དུ་མཉམ་པར་བཞག །གསུམ་པ་བླ་མའི་རྣལ་འབྱོར་ལ་དྲུག །རྟེན་བསྐྱེད་པ། ཚོགས་གསག་པ། སྡིག་སྒྲིབ་སྦྱང་བ། གསོལ་བ་གདབ་པ། དབང་བླང་བ། དེ་ཁོ་ན་ཉིད་ལ་བློ་གཞག་པའོ། །དང་པོ་ནི། ཨ༔ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་སྙེམས་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ མཐིང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ཡབ་ཡུམ་མཉམ་སྦྱོར་དུར་ཁྲོད་ཆས༔ བདེ་དྲོད་མེ་ཕུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ གཉིས་པ་ཚོགས་གསག་པ་ལ་གཉིས། ཡན་ལག་བདུན་པ་བྱ་བ་དང་། མཎྜལ་འབུལ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃཿ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ གཉིས་པ་མཎྜལ་ནི། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ གསུམ་པ་སྒྲིབ་སྦྱོང་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆག་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་བཛྲ་སཏྭ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ ཞེས་དཔལ་རྡོ་རྗེ་སེམས་པ་དང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞི་ཁྲོའི་སྔགས་སྦྲེལ་པ་ཅི་ནུས་སུ་བཟླ། བཞི་པ་གསོལ་བ་འདེབས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་སྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་ཡང་ནས་ཡང་དུ་གསོལ་བ་གདབ། ལྔ་པ་དབང་ལེན་ནི། རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ་སེམས་བཟུང་། དྲུག་པ་དེ་ཁོ་ན་ཉིད་ལ་བློ་གཞག་པ་ནི། ཐུན་བསྡུ་བའི་ཚེ། བླ་མ་ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་ཏེ་ཐུགས་ཡིད་བསྲེས། རིག་པའི་གཤིས་དམིགས་མེད་དུ་རྗེན་ནེ། གདངས་བརྗོད་བྲལ་དུ་ལམ་མེ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་གཉུག་མའི་ངང་བསྐྱང་ཞིང་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །ཞེས་པའང་གཞུང་རྩ་བ་དང་། དཔལ་ཆེན་ཡང་དག་ཟབ་ཏིག་ལས་ཇི་ལྟར་འབྱུང་བ་བཞིན་ངག་འདོན་སྙིང་པོར་དྲིལ་བའི་ཚུལ་གྱིས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྦྱར་བའི་དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མ་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།

གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་ཟློག་བྱང་ (Volume 16, Text 17)

གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་ཟློག་བྱང་། ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ དགྲ་བགེགས་གདུག་པ་བསྒྲལ་པ་ཡི༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རོལ༔ ཞེ་སྡང་རུས་པའི་ཕུང་པོ་ཆོམས༔ གཏི་མུག་ཤ་ཡི་རི་བོ་བཞེས༔ འབར་ཞིང་འཁྲུགས་པའི་བརྟུལ་ཞུགས་སྐྱེད༔ བསྟན་དང་འགྲོ་ལ་འཚེ་བྱེད་ཅིང༔ རྣལ་འབྱོར་ལམ་གྱི་བར་ཆད་རྐྱེན༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་ཚོགས་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཕྱི་ནང་དྲང་སྲོང་དམོད་ཚིག་ཟློག༔ བན་བོན་མུ་སྟེགས་རིག་སྔགས་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ སྲ་བ་ས་ལ་མནན་པ་ཟློག༔ གཤེར་བ་ཆུ་ལ་གཏད་ཁྲོམ་ཟློག༔ འབར་བ་མེ་ལ་བསྲེགས་པ་བཟློག༔ གཡོ་བ་རླུང་འཁོར་བསྐོར་བ་ཟློག༔ ཆག་ཆེ་ཉམས་ང་ཐམས་ཅད་ཟློག༔ ལོ་ཟླ་ཞག་དུས་སྐེག་སྲི་ཟློག༔ མི་ཁ་གླེང་གཞི་འཐབ་རྩོད་ཟློག༔ དངོས་ཉམས་རྨི་ལམ་ལྟས་ངན་ཟློག༔ ཕ་མེས་དུར་ཁ་བྱེ་བ་ཟློག༔ ལྷ་སྲུང་བདུད་དུ་བབས་པ་ཟློག༔ དཔྲལ་བའི་བཤེད་དུ་འཇུག་པ་ཟློག༔ ལྟག་པའི་བདུད་དུ་འཇབ་པ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་ཟློག༔ ས་ཡི་རྟེན་ཕུར་བུད་པ་ཟློག༔ སྣོད་ཀྱི་འཇིག་རྟེན་རྒུད་པ་ཟློག༔ འབྱུང་བཞི་གཡོ་ཞིང་འཁྲུགས་པ་ཟློག༔ སད་སེར་བཙའ་ཐན་མུ་གེ་ཟློག༔ དུས་ཚོད་དམན་ལྷག་ལོག་པ་ཟློག༔ བཅུད་ཀྱི་མི་དགེའི་རྣམ་རྟོག་ཟློག༔ མི་ཕྱུགས་ནད་ཡམས་གོད་ཀ་ཟློག༔ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ་ཟློག༔ བསྟན་སེལ་འཕུང་བཤིག་སྡེ་འཁྲུགས་ཟློག༔ རྩ་རླུང་ཐིག་ལེའི་གཡོ་འཁྲུགས་ཟློག༔ གཟུང་འཛིན་འཁྲུལ་པའི་གཉིས་སྣང་ཟློག༔ དབྱིངས་ཀྱི་རྗེ་མོ་གཡེལ་བ་ཟློག༔ འཇིག་རྟེན་མཁའ་འགྲོ་འཁྲུགས་པ་ཟློག༔ ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ འདོད་ཆགས་ལྷ་བུའི་བདུད་ཚོགས་ཟློག༔ ཞེ་སྡང་འཆི་བདག་རྔམས་པ་ཟློག༔ གཏི་མུག་ཉོན་མོངས་མུན་པ་ཟློག༔ ང་རྒྱལ་ཕུང་པོའི་བདུད་སྡེ་ཟློག༔ ཕྲག་དོག་བྱད་ཕུར་རྦོད་གཏོང་ཟློག༔ མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས༔ ཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ སོ་སོའི་རྩ་སྔགས་མཐར། སརྦ་དུཥྚཱཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྔགས་ཀྱི་སྐབས་ཡུངས་ཀར་གཏོར་ཞིང་ཐལ་མོ་བརྡབ་པ་ཐམས་ཅད་ལ་འགྲེ་དགོས། ༈ དྲག་སྔགས་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ་ (Volume 42, Text 17)

༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། འདིར་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪའི་རབ་གནས་དང་། སྒྲུབ་པ་མདོར་བསྡུས་བྱ་བའི་ངག་འདོན་གྱི་རིམ་པ་ལ་གཉིས། རབ་གནས་དང་། སྒྲུབ་པའོ། །དང་པོ་ནི། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། སཱཙྪ་རྣམས་སྟེགས་བུའི་ཁར་ལེགས་པར་བཀོད་པའི་མདུན་དུ་མཆོད་པ་ཅི་འབྱོར་དང་། སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམ། བགེགས་སྦྱོང་བའི་ཚིག་གནས་ལུང་གི་དཀྱུས་ལྟར་ལ། མི་འདྲ་བའི་ཁྱད་པར། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་སོགས་སྦྱར། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །བདག་གཞན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱི། ཨ་མྲྀཏས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔གིས་སྦྱང་། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྤྱན་དབྱེ་བའི་ཚུལ་དང་བཅས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཀྱང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། སླར་ཡང་མཆོད་ཅིང་བསྟོད་ལ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་མང་དུ་བཟླས་པའི་མེ་ཏོག་འཐོར། མེ་ཏོག་དམ་པ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ཤིས་བརྗོད་རྒྱས་པར་བྱའོ།། ༈ །།གཉིས་པ་སྒྲུབ་པའི་ཆོ་ག་ནི། རབ་ཏུ་གནས་པའི་སཱཙྪ་རྣམས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས། རཾ་ཡཾ་ཁཾ། ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ་གིས་བྱིན་བརླབ། དེ་ནས་སཱཙྪ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་སཱཙྪའི་གྲངས་དང་མཉམ་པའི་བུམ་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ། སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སོགས་ནས། ཡེ་ཤེས་ལྔ་མངོན་དུ་གྱུར། ཅེས་པའི་བར་ཆོ་གའི་དཀྱུས་ལྟར་བྱ། ཨོཾ༔ དཔག་མེད་ནམ་མཁའི་ཁམས་སོགས་ནས། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་པའི་བར་གྱིས་མཆོད། ཨོཾ༔ བླ་མ་དཔལ་ལྡན་སོགས་ཚིགས་གཅད་གསུམ་གྱིས་བསྟོད། རང་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་བཞིན་པས། དམིགས་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པར་གྱུར། ཅེས་དམིགས་ལ། ཨོཾ་བཛྲ་སཏྭ་ཨཱ༔ཅི་ནུས། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་ཡི་གེ་བརྒྱ་པ་གཙོ་བོར་བཟླས་པའི་བར་མཚམས་ཅི་རིགས་པར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་དང་། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར། ཐུན་མཐར་མཆོད་བསྟོད་དང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་སོགས་ཀྱིས་གསོལ་བ་གདབ། ནོངས་པ་བཤགས། མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བར་གྱུར། སླར་ཡང་གོང་གི་རབ་གནས་སྐབས་ལྟར་མཆོད་བསྟོད་དང་། བརྟན་བཞུགས་བྱ། རང་གི་སྙིང་གའི་སོགས་བདག་བསྐྱེད་ཀྱི་མཇུག་གི་ཉེར་བསྡུ་དང་། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་དཀྱུས་ལྟར་བྱའོ། །དེ་ལྟ་བུའི་རིམ་པས་སྔགས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་གམ། གཉིས་སམ། མཆོད་རྟེན་ལས་འོད་འབར་བ་ལ་སོགས་པའི་རྟགས་མ་མཐོང་གི་བར་དུ་བཟླ་བར་གསུངས་སོ། །དེ་ལྟར་ཚུར་བཞིན་བསྒྲུབས་པའི་སཱཙྪ་ནི། མཆོག་ཕལ་གང་གི་ཡིན་ཡང་རྟེན་གྱི་ནང་དུ་གཞུག་པ་དང་། ཁང་བུ་བརྩེགས་པའི་མཆོད་རྟེན་སོགས་བགྱིས་ཀྱང་རུང་མོད། མཆོག་རྣམས་ལ་དེ་རྣམས་ཅི་རིགས་པ་དང་། ཕལ་པ་ལ་གནས་དབེན་པར་བཀུར་སྟི་དང་བཅས་ཏེ་བཞུགས་པའམ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོར་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་བསམ་ལ་སྨོན་ལམ་དང་བཅས་ཏེ་ལེགས་པར་སྤྱན་དྲང་བར་བྱའོ། །ཆོ་གའི་རིམ་པ་འདི་བཞིན་རྗེས་སུ་བསྒྲུབས་པའི་ཕན་ཡོན་ཡང་། རྒྱུད་ལས། དེས་ནི་ངེས་པར་དམྱལ་གནས་ནས། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་སོགས་རྒྱ་ཆེར་བསྔགས་པ་ལ་ཡིད་ཆེས་པའི་དད་པ་བརྟན་པོས་འབད་པར་བྱ་བར་རིགས་པ་ཉིད་དོ། །ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ གསང་བའི་བདག་པོའི་སྙིང་ཏིག་ (Volume 59, Text 17)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ གསང་བའི་བདག་པོའི་སྙིང་ཏིག་བཞུགས༔ ྈྈྈྈྈྈྈ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ གསང་བའི་བདག་པོ་ལ་ཕྱག་འཚལ༔ དེ་ཡི་སྙིང་ཐིག་ཟབ་མོ་ནི༔ སྐལ་པ་ལྡན་པ་རྣམས་ལ་བསྟན༔ ས་མ་ཡ༔ རྒྱ༔ ཐེག་པ་མ་ལུས་ཐམས་ཅད་ནི༔ ལྟ་བའི་རིམ་པས་དབྱེ་བ་བྱེད༔ རྒྱལ་བའི་གསུང་རྣམས་མ་ལུས་པ༔ ཐེག་པ་ཆེན་པོར་ངེས་གྱུར་ཀྱང༔ རང་རང་བསམ་པའི་ཁྱད་པར་གྱིས༔ ཐེག་པ་བསམ་ཡས་ཉིད་དུ་གྱུར༔ ས་མ་ཡ༔ མདོར་བསྡུས་ཐེག་པ་རྣམ་པ་དགུ༔ ལྷ་མི་ཉན་རང་བྱང་སེམས་གསུམ༔ མཚན་ཉིད་རྒྱུ་ཡི་ཐེག་པར་བཤད༔ བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད༔ དཀའ་ཐུབ་རིག་བྱེད་སྔགས་ཕྱི་པ༔ བླ་མེད་ཤིན་ཏུ་རྣལ་འབྱོར་གཉིས༔ ནང་པ་གསང་སྔགས་ཐུན་མོང་པ༔ ཁྱད་པར་ཡང་ཟབ་རྡོ་རྗེ་སྙིང༔ ཐེག་པ་ཀུན་གྱི་རྩེ་མོ་ཡིན༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ བཀའ་ཡི་སྡུད་པོ་རིགས་གསུམ་མགོན༔ དེ་ཡང་ཐུགས་ཀྱི་ཐིག་ལེར་བསྡུས༔ ས་མ་ཡ༔ དང་པོ་མཚན་ཉིད་སྡེ་གསུམ་གྱི༔ སྔོན་དུ་འགྲོ་བ་ལྷ་མི་ཡིས༔ མདུན་དུ་དཀོན་མཆོག་གསུམ་དམིགས་ནས༔ དེ་ལ་རྩེ་གཅིག་ཡིད་གཏད་ཅིང༔ རྣམ་པ་ཀུན་ཏུ་འབྲལ་མེད་བསྒོམ༔ འཇིགས་པ་གང་གིས་ཚུགས་མི་འགྱུར༔ མདུན་གྱི་རྟེན་ལ་སེམས་གཏད་དེ༔ གཞན་དུ་མི་གཡེང་ཞི་གནས་བསྒོམ༔ བདེ་གསལ་མི་རྟོག་ཉམས་ཤར་ནས༔ འཇིག་རྟེན་པ་ཡི་བསམ་གཏན་འགྲུབ༔ ས་མ་ཡ༔ ཉན་ཐོས་རང་གི་སྨིན་དབྲག་ལ༔ རུས་པའི་ཐིག་ལེར་ཀེང་རུས་བསྒོམ༔ སྣང་བ་མི་སྡུག་པ་རུ་བསླབ༔ འཁོར་བར་འཆིང་བའི་གང་ཟག་བདག༔ ལུང་དང་རིགས་པས་མེད་པར་སྒྲུབ༔ འཁོར་བའི་རྩ་བ་རྩད་ནས་དབྱུང༔ ས་མ་ཡ༔ རང་རྒྱལ་སྨིན་མཚམས་ཐིག་ལེ་ལ༔ གཅིག་ནས་བཅུ་གཉིས་བར་དག་ཏུ༔ རྟེན་འབྲེལ་གཟུགས་ཤར་རིམ་པར་བསླབ༔ ལུགས་འབྱུང་ལུགས་ལྡོག་སྒོམ་པ་ཡིས༔ ཆོས་རྣམས་རྟེན་འབྲེལ་ཉིད་དུ་འཆར༔ ཤེས་པ་ཆ་མེད་མ་གཏོགས་པ༔ ཆོས་ཀྱི་བདག་མེད་རྟོགས་པ་ཡིས༔ འཁོར་བའི་རྩ་བ་རྩད་ནས་གཅོད༔ ས་མ་ཡ༔ བྱང་སེམས་སྣ་རྩེའི་ཐིག་ལེ་ལས༔ ཚད་མེད་སྤྲོ་ཞིང་བསྡུ་བ་ཡིས༔ སྙིང་རྗེ་ཆེན་པོ་རབ་ཏུ་བསྐྱེད༔ ཆོས་རྣམས་ཐམས་ཅད་བདག་མེད་པའི༔ དོན་དམ་དང་ནི་ཀུན་རྫོབ་ཀྱིས༔ ས་བཅུ་མཐའ་རུ་ཕྱིན་པར་འགྱུར༔ ས་མ་ཡ༔ ཀྲི་ཡཱ་གནས་གསུམ་ཐིག་ལེ་ལ༔ འགོག་པའི་སྦྱོར་བ་ལ་བརྩོན་ཏེ༔ ཆོས་རྣམས་སྤྲོས་པའི་མཐའ་བཞི་བྲལ༔ རྒྱས་པར་སྒོམ་ཚུལ་དྲུག་སོགས་ཀྱིས༔ རིགས་གསུམ་གོ་འཕང་བླ་མེད་འགྲུབ༔ ས་མ་ཡ༔ རྣལ་འབྱོར་སྤྱི་བོའམ་སྙིང་ག་རུ༔ ཐིག་ལེ་ལྔ་སྒོམ་སྤྲོ་བསྡུ་དང༔ མངོན་བྱང་ལྔ་ཡིས་ལྷ་སྐུ་བསྒོམ༔ ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ཅིང༔ སྟོང་པ་ཆེན་པོའི་ལྟ་བ་ཡིས༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་འགྲུབ༔ ས་མ་ཡ༔ ཁྱད་པར་གསང་བདག་བསྒྲུབ་པ་ནི༔ དཀྱིལ་འཁོར་བརྒྱན་ཅིང་མཆོད་གཏོར་བཤམ༔ སྟོང་པའི་ངང་ལས་ཧཱུྃ་ཡིག་ལས༔ འབར་བའི་འོད་འཕྲོས་སྣོད་བཅུད་སྦྱངས༔ མི་འགྱུར་སྲུང་བའི་འཁོར་ལོའི་དབུས༔ ཞིང་གི་བཀོད་པ་ཕུན་སུམ་ཚོགས༔ ཡེ་ཤེས་རང་བཞིན་གཞལ་ཡས་ཁང༔ འདབ་བརྒྱད་བརྡལ་བའི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ ཕྱོགས་བཞིར་བདེ་གཤེགས་རིན་པོ་ཆེ༔ པདྨ་ལས་ཀྱི་གསང་བའི་བདག༔ དཀར་སེར་དམར་ལྗང་རང་རྟགས་འཛིན༔ མཚམས་བཞིར་སྒྲོལ་མ་དཀར་སེར་དམར༔ ལྗང་བའི་མདངས་ལྡན་ཨུཏྤལ་བསྣམས༔ ཁྱམས་ལ་སྒེག་ཕྲེང་གླུ་གར་མ༔ བདུག་སྤོས་མེ་ཏོག་མར་མེ་དང༔ དྲི་ཆབ་མ་རྣམས་དཀར་སེར་དམར༔ གཡུ་ཡི་མདོག་ལྡན་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ཚད་མེད་བཞི་ཡི་དངོས༔ ལྕགས་ཀྱུ་མ་དཀར་ཞགས་པ་སེར༔ ལྕགས་སྒྲོག་མ་དམར་དྲིལ་བུ་ལྗང༔ གར་བསྒྱུར་རང་མདངས་འོད་ཟེར་འབར༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འབར་ཡེ་ཤེས་སྤྱན་དྲངས་ལ༔ བསྟིམ་ཞིང་དབང་བསྐུར་རྒྱས་གདབ་ནས༔ མཆོད་པ་འབུལ་ཞིང་གསོལ་བ་གདབ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ཁྱབ༔ སྲས་བཅས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཐམས་ཅད་སངས་རྒྱས་ས་ལ་བཀོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བཟླས་པས་དངོས་གྲུབ་ཐམས་ཅད་ཐོབ༔ ས་མ་ཡ༔ བླ་མེད་ནང་གི་སྒྲུབ་ཐབས་ནི༔ ཆོས་ཉིད་དབྱིངས་ལས་སྙིང་རྗེའི་རྩལ༔ རྒྱུ་ཡི་ས་བོན་ཧཱུྃ་ཡིག་ལས༔ འོད་འབར་ཡུམ་ལྔའི་མཁའ་ཀློང་དུ༔ མི་ཕྱེད་རྡོ་རྗེའི་སྲུང་བའི་གུར༔ རང་སྣང་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་རྒྱན་གྱིས་སྟུག་པོར་བཀོད༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ ཕྱོགས་བཞིར་རིགས་བཞི་ཡབ་དང་ཡུམ༔ མཆོད་པའི་ལྷ་མོ་སྒོ་མ་བཞི༔ སངས་རྒྱས་བྱང་སེམས་རྩ་བ་གསུམ༔ ཉི་ཟེར་རྡུལ་བཞིན་དཀྲིགས་པར་བསམ༔ དམ་ཡེ་གཉིས་མེད་བྱེད་པ་འམ༔ སྤྲོ་ན་སྤྱན་འདྲེན་ལ་སོགས་བྱ༔ ཡབ་ཡུམ་བདེ་ཆེན་བཟླས་པ་དང༔ ཕྲ་བ་ཐིག་ལེའི་རྣལ་འབྱོར་བསྒོམ༔ ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་བོ༔ ས་མ་ཡ་རྒྱ༔ ཨ་ནུ་ཡོ་གའི་ཉམས་ལེན་ནི༔ པདྨ་ཧེ་རུ་ཀ་རུ་བསྒོམ༔ སྤྱི་བོ་སྙིང་གའི་ཐིག་ལེ་ནི༔ དཀར་དམར་འཕྲོ་འདུ་ཞུ་བདེ་ཡིས༔ ཡེ་ནས་ཇི་བཞིན་དོན་དམ་པ༔ ཡེ་ཤེས་ལྷུན་གྲུབ་ཀུན་རྫོབ་གཉིས༔ ཟུང་འཇུག་བདེ་ཆེན་འོད་གསལ་བའི༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད༔ བསལ་བཞག་མེད་པར་རྟོགས་པ་ཡིས༔ ཧེ་རུ་ཀ་ཡི་གོ་འཕང་ཐོབ༔ ས་མ་ཡ༔ མན་ངག་ཨ་ཏིའི་རྫོགས་རིམ་ནི༔ དམིགས་བཅས་ཨ་ཡིག་འོད་འབར་བར༔ ལུས་བསྡུས་མཁའ་ལ་ལིང་ངེ་བ༔ དམིགས་མེད་ཆོས་རྣམས་སེམས་ཀྱི་ངང༔ སྟོང་གསལ་རང་རིག་འདུས་མ་བྱས༔ ཡིད་དཔྱོད་མཚན་མའི་བློ་དང་བྲལ༔ དེ་ཡང་ཆོས་རྣམས་སྟོང་པའི་ཀློང༔ རང་བྱུང་ཡེ་ཤེས་གསལ་བའི་ཀློང༔ ལྷུན་གྲུབ་ཟུང་འཇུག་བློ་འདས་ཀློང༔ ཆོས་རྣམས་དེ་བཞིན་ཉིད་ཀྱི་ཀློང༔ དེ་བཞིན་ཉིད་ནི་ཀུན་བཟང་ཀློང༔ ཀུན་བཟང་ཆོས་སྐུ་ཐོབ་པ་འོ༔ ས་མ་ཡ༔ དེ་ལྟར་ཐེག་པ་དགུ་པོ་ཡི༔ ལྟ་སྒོམ་སྤྱོད་པ་མང་བསྟན་ཀྱང༔ དྲང་དོན་ཐུན་མོང་ལམ་ཡིན་ལ༔ མཐར་ཐུག་ཡང་ཟབ་ངེས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་པའི་མཐིལ༔ རིག་འཛིན་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་ཀྱི་ཏི་ལ་ཀ་ཆེན་པོ༔ མཁའ་འགྲོ་རྣམས་ཀྱི་སྙིང་ཏིག་ནི༔ འདི་རུ་བསྟན་གྱིས་ཉམས་སུ་ལོངས༔ བླ་མ་མཁས་ཤིང་དགོངས་ཀློང་ཆུབ༔ སློབ་མ་ཤིན་ཏུ་དབང་རྣོན་ལ༔ གནས་དུས་མཐུན་རྐྱེན་ཕུན་སུམ་ཚོགས༔ དེ་ཚེ་ཡང་ཟབ་གཏན་ལ་འབེབས༔ ས་མ་ཡ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་བླ་མར་གསོལ་བ་འདེབས༔ རང་སེམས་དབྱེར་མེད་ངང་དུ་གཞག༔ རྐེད་པ་མདའ་ལྟར་བསྲངས་ནས་ཀྱང༔ མིག་གཉིས་སྣ་རྩེར་ཟིམ་བུར་ཕབ༔ ལག་གཉིས་མཉམ་པར་བཞག་པ་ནི༔ སྔོན་འགྲོ་ལུས་གནད་གཅིག་ཆོག་སྟེ༔ གསང་བའི་རྒྱུད་ཀུན་སྡུད་པའི་བདག༔ དེ་ཡིས་ཀུན་གྱི་བཅུད་ཕྱུང་ཡིན༔ ས་མ་ཡ༔ ངག་གནད་རླུང་ནི་ཕྱིར་འཕང་བ༔ ནར་ནར་ཕྱི་རུ་ཨན་ཙམ་འཛིན༔ ཡང་ན་ཧཱུྃ་ནི་ངར་ལྡན་བརྗོད༔ སྔོན་འགྲོ་ངག་གནད་གཅིག་ཆོག་གོ༔ ས་མ་ཡ༔ སྔོན་འགྲོ་སེམས་གནད་སེམས་ཉིད་འདི༔ ཕྱོགས་བཅུ་ལ་སོགས་གང་ནས་བྱུང༔ མ་བྱུང་མ་སྐྱེས་ཐོག་མ་མེད༔ ལུས་ཀྱི་ཕྱི་ནང་གང་དུ་ཡང༔ གནས་པ་མེད་པར་ཤེས་པར་བྱ༔ ཝལ་གྱིས་ཤར་བ་གང་དུ་འགག༔ ཕྱོགས་མཚམས་གང་དུའང་འགྲོ་བ་མེད༔ དེ་ལྟར་རྟོགས་པ་སེམས་ཀྱི་གནད༔ ས་མ་ཡ༔ དངོས་གཞི་ཁྲེགས་ཆོད་བསྟན་པ་ནི༔ རང་གི་རིག་པ་སྐད་ཅིག་མ༔ རང་ཐོག་ཉིད་དུ་ངོས་གཟུང་ཕྱིར༔ ལུས་གནད་ངག་རླུང་ཅི་བདེར་གཞག༔ མ་བཅོས་མི་སྤྲོ་མི་བསྡུ་བར༔ གཞི་རྩ་བྲལ་བ་ཧད་དེ་བ༔ ཆོས་སྐུ་རྗེན་པར་བུད་པ་འདི༔ རང་ངོ་འཕྲོད་པ་གཅིག་ཆོག་ཡིན༔ དེ་ཚེ་དུག་ལྔའི་རྟོག་པ་སོགས༔ སེམས་ཀྱི་རོལ་པ་ཅི་ཤར་ཡང༔ སྣང་སྲིད་ཆོས་སྐུའི་ཡོ་ལངས་ཏེ༔ ཀུན་བཟང་ཀློང་ལས་མ་འདས་པར༔ མཉམ་གཞག་རྗེས་ཐོབ་ཐམས་ཅད་དུ༔ བཟང་ངན་རོ་མཉམ་ལྟ་བ་ཉིད༔ འཕྲད་ཚད་དོན་ལྡན་ངེས་གསང་མཆོག༔ གཞན་གྱི་མན་ངག་ཐབས་ཚུལ་ལ༔ བློ་མི་འཇུག་པར་ཐག་ཆོད་དོ༔ དེ་ལ་གདེང་དུ་བྱ་བ་ནི༔ ཡེ་ནས་རང་ཤར་རང་གྲོལ་ལ༔ དམིགས་གཏད་མཚན་མ་མི་དགོས་པར༔ ཆུ་ལ་རི་མོ་བྲིས་པ་ལྟར༔ ཁམས་གསུམ་འཁོར་བའི་གཞི་རྩ་ཆོད༔ འདི་ལྟར་རྟོགས་པའི་རྣལ་འབྱོར་པ༔ སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང༔ ཉམ་ང་ཅུང་ཟད་མེད་པ་འོ༔ ཁྲེགས་ཆོད་གཅིག་ཐོག་ཐག་ཆོད་པས༔ རྒྱལ་བའི་དགོངས་པ་མ་ལུས་པ༔ རྟོགས་ཤིང་སྨྲ་བར་བྱེད་པ་ཡིན༔ རིགས་གསུམ་མགོན་པོས་མངོན་སུམ་དུ༔ སྐལ་ལྡན་པདྨ་བདག་ལ་གདམས༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ ཐོད་རྒལ་རིག་པའི་རྩལ་བསྐྱེད་པ༔ ལུས་གནད་སྐུ་གསུམ་འདུག་སྟངས་བཅས༔ ངག་གནད་འགྲོ་འོང་དལ་བར་བསླབ༔ སྒོ་གནད་ལྡོག་ཕབ་ཟུར་མིག་གིས༔ ཡུལ་གནད་ནམ་མཁའ་སྤྲིན་བྲལ་ལ༔ ཕྱི་ནང་སྒྲོན་མ་བཞི་ལྡན་པས༔ དབྱིངས་རིག་ཐིག་ལེར་རབ་གཟིར་ཏེ༔ སྐུ་གསུམ་ལམ་སྣང་མཚོན་བྱས་ནས༔ ཉིན་མཚན་འབྲལ་མེད་ཉམས་བླངས་པས༔ ཆོས་ཉིད་དག་པའི་སྣང་བ་འཆར༔ དེ་ཚེ་ཕྱེད་སྐུ་ལ་སོགས་པའི༔ ཉམས་སྣང་གོང་དུ་འཕེལ་བ་དང༔ བདེ་གཤེགས་རིགས་ལྔའི་སྐུར་ཤར་ནས༔ བསམ་ཡས་དཀྱིལ་འཁོར་རབ་མཐོང་བ༔ རིག་པ་ཚད་ལ་ཕེབས་པའི་རྗེས༔ ཆོས་སྐུའི་སྣང་བ་མངོན་སུམ་དུ༔ ལམ་བྱེད་ཚེ་འདིར་མངོན་སངས་རྒྱས༔ ས་མ་ཡ༔ རྗེས་ནི་མི་འགུལ་སྡོད་པ་སོགས༔ ཆོས་ཉིད་དགོངས་པའི་གཟེར་གདབ་པས༔ ཚེ་འདིར་སྐུ་དང་ཡེ་ཤེས་རྙེད༔ ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད༔ རྒྱལ་ཀུན་གསུང་གི་མངའ་བདག་དང༔ སྙིང་རྗེའི་གཏེར་ཆེན་གསང་བའི་བདག༔ འགྲོ་བའི་མགོན་པོ་གསུམ་གྱིས་གདམས༔ རང་བྱུང་པདྨ་འབྱུང་གནས་ཀྱི༔ སྙིང་གི་ཐིག་ལེ་འདི་ཡིན་པས༔ འཆད་ཉན་སྤེལ་ཞིང་ཉམས་བླངས་པས༔ ང་དང་དབྱེར་མེད་མངོན་སངས་རྒྱ༔ གཞན་དུ་ཡོན་ཏན་ཅི་ཞིག་བརྗོད༔ ཐབས་ཀྱི་རང་གསང་ཡིན་པའི་ཕྱིར༔ མང་དུ་སྤེལ་ཡང་དགོས་པ་མེད༔ འོད་གསལ་སྙིང་པོའི་བསྟན་པ་འདི༔ དབུས་དང་མཐའ་འཁོབ་ཐམས་ཅད་དུ༔ འཕེལ་ཕྱིར་མ་འོངས་དོན་དུ་སྦས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ སྤྱིར་ནི་ཨ་ཏིའི་ཐེག་པ་འདིར༔ བྱིན་རླབས་འཕོ་བའི་དབང་བསྐུར་ལས༔ རྫས་དང་ཚིག་དང་དམིགས་པ་ཡི༔ དབང་བསྐུར་གང་ཡང་ཡོད་མ་ཡིན༔ འོན་ཀྱང་རྟེན་ཅིང་འབྲེལ་འབྱུང་གི༔ ཀུན་རྫོབ་ཁྱད་དུ་མི་གསོད་ཕྱིར༔ སྟེགས་བུ་ཁོད་སྙོམ་མཛེས་པའི་དབུས༔ འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་བཤམ༔ བུམ་པ་བཅུད་དང་ལྡན་པ་ལ༔ མདོངས་སྒྲོ་ཤེལ་དང་མེ་ལོང་དང༔ མདའ་དར་སྣ་ལྔས་བརྒྱན་པ་བཀོད༔ རྒྱན་དང་མཆོད་པས་ཕྱུག་པར་བྱ༔ རིག་མ་གསང་རྫས་འདུ་བྱས་ལ༔ ཕྱི་ནང་གསང་བའི་མཚམས་ཀྱང་གཅད༔ སྐལ་ལྡན་སློབ་མ་གང་ཡོད་པས༔ ལྔ་ཕྲག་ལྔ་ཡི་མཎྜལ་འབུལ༔ དཔལ་ཆེན་ཆེ་མཆོག་བླ་མ་རྗེ༔ དཀྱིལ་འཁོར་ཀུན་རྫོགས་རྡོ་རྗེ་སེམས༔ ཀུན་བཟང་བླ་མ་བདག་ལ་དགོངས༔ རིག་རྩལ་དབང་མཆོག་བསྐུར་དུ་གསོལ༔ ཞེས་གསོལ་དཀྱིལ་འཁོར་ལེགས་བསྟན་ཏེ༔ དབྱིངས་ནི་མཐིང་ག་ཁྱབ་པ་ཆེ༔ ལྷུན་གྲུབ་ཐིག་ལེ་འོད་ལྔར་འབར༔ རིག་པ་སྙིང་པོ་སྐུ་རུ་ཤར༔ རང་གི་སེམས་ཉིད་ངོ་བོ་སྟོང༔ རང་བཞིན་གསལ་བའི་ངང་ཉིད་ལས༔ ཐུགས་རྗེ་སྣ་ཚོགས་སྣང་བའི་དཔལ༔ དེ་ལས་གཞན་དུ་མ་གྲུབ་བོ༔ དེ་ལྟར་ངོ་སྤྲད་བུམ་པ་བཏེགས༔ ཨོཾ༔ ཆོས་སྐུ་གཞོན་ནུ་བུམ་པའི་ཀློང༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཐུགས་རྗེའི་ཁ་རྒྱན་མཁའ་ལ་ཁྱབ༔ དབྱིངས་ནི་སྟོང་པ་མེ་ལོང་ལ༔ ཐིག་ལེ་ཐིག་ཕྲན་རྨ་བྱའི་མདོངས༔ རིག་པ་ཤེལ་གྱི་ཕྲེང་བ་བསྟར༔ འགུལ་འཕྲིག་མེད་པར་བཀྲ་ལམ་མེ༔ འོད་ལྔ་ཁ་དོག་ལྔ་ཡི་དར༔ དབྱིངས་རིག་ཐབས་ཤེས་ཟུང་འཇུག་མདའ༔ བུམ་པའི་དཔེ་ཡི་བརྡས་མཚོན་ཏེ༔ དོན་དམ་སྟོང་གསལ་འདུས་མ་བྱས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་ཨ༔ བུམ་ཆུས་ཁྲུས་བྱ་སྨོན་ལམ་གདབ༔ གསང་རྫས་སློབ་མའི་ཁར་བྱིན་ལ༔ ཨཱ༔ ཐོད་པ་དབྱིངས་ཀྱི་བྷ་ག་རུ༔ རིག་པ་ཐབས་ཀྱི་རྡོ་རྗེའི་བཅུད༔ ཡེ་ཤེས་ལྔ་ལྡན་སྐྱོབས་དང་སྦྱར༔ ཁམས་ལྔ་དག་པའི་རྫས་དང་བཅས༔ བུ་ཡི་ངག་ལ་སྦྱིན་པ་ཡིས༔ རླུང་རྣམས་མ་ལུས་དབུ་མར་ཐིམ༔ སྨྲ་བསམ་བརྗོད་བྲལ་གསལ་ལམ་མེ༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ༔ མཚན་ལྡན་རིག་མ་བྱིན་བརླབས་ནས༔ ཐབས་ཀྱི་ལག་པ་གཡོན་དུ་སྦྱིན༔ སློབ་མ་ཡབ་ཡུམ་སྙོམས་པར་ཞུགས༔ བླ་མས་ངོ་སྤྲོད་འདི་ལྟར་གདབ༔ ཧོ༔ སྣང་བ་རིག་པ་ཡབ་ཀྱི་ངང༔ སྟོང་པ་ཡུམ་གྱི་དབྱིངས་ཉིད་ལ༔ སྙོམས་ཞུགས་དབྱིངས་རིག་ཟུང་དུ་འཇུག༔ ཐབས་མཆོག་རྡོ་རྗེ་རིག་པའི་རྩལ༔ དབྱིངས་ཀྱི་པདྨར་སྤྱོད་པ་ཡིས༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེ༔ ཁྲེགས་ཆོད་ལྟ་བ་དེར་རྟོགས་པའི༔ རང་རྩལ་ཐོད་རྒལ་སྣང་བ་འཆར༔ གཞི་ཐོག་འབྲས་བུ་སྨིན་པ་ཡིས༔ ཐམས་ཅད་བདེ་སྟོང་ཟང་ཐལ་ལེ༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ དེ་ནས་དཔོན་སློབ་མཉམ་པར་གཞག༔ ཨ༔ འདི་ལྟར་སྣང་བའི་སློབ་དཔོན་དང༔ སློབ་མ་མཆེད་ལྕམ་དཀྱིལ་འཁོར་རྫས༔ དབང་བསྐུར་ཚིག་བརྗོད་ཐོས་བསམ་མྱང༔ ཐམས་ཅད་བློ་འདས་གདོད་མའི་དབྱིངས༔ གང་ཡང་མ་བྱས་ལྷུན་གྱིས་གྲུབ༔ མ་བཅོས་ཡེ་ནས་རྫོགས་སངས་རྒྱས༔ ལྟ་བ་སྤྱི་འབྱམས་དབང་འདི་ནི༔ སངས་རྒྱས་ཀུན་གྱི་མཐར་ཐུག་དབང༔ འདི་ཉིད་ཐོབ་ནས་དེ་ཕྱིན་ཆད༔ རྫས་དང་ཚིག་ལ་བརྟེན་པ་ཡི༔ ཀུན་རྫོབ་དབང་ནི་གཅིག་མི་དགོས༔ རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི༔ དབང་མཆོག་ཀུན་གྱི་དམ་པ་ནི༔ སྐད་ཅིག་རེ་ལའང་བྱེ་བ་བསྐུར༔ དེ་བས་སྤྲོས་པ་མང་མི་འཚལ༔ ཐམས་ཅད་འུབ་ཆུབ་རྫོགས་སངས་རྒྱས༔ ཨ་ཏི་བི་ཤུདྡྷ་དྷཱ་ཏུ་ཨ་ཨ་ཨ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བྱ༔ སྙིང་པོའི་གདམས་པ་དུ་མ་ལ༔ དབང་གི་བྱེ་བྲག་ཅིར་བསྟན་ཀྱང༔ འདི་ནི་སྙིང་གི་ཐིག་ལེ་འོ༔ ས་མ་ཡ༔ གསང་སྔགས་སྣོད་རུང་ཐུན་མོང་ལ༔ དཀྱིལ་འཁོར་བུམ་པ་ལ་སོགས་པའི༔ དབང་གི་རྫས་རྣམས་འདུ་བྱས་ལ༔ ལེགས་པར་བསྒྲུབས་ནས་སློབ་མ་ཡིས༔ ཐེག་པ་མཆོག་ལ་མོས་པ་དང༔ གསང་སྔགས་འབྲས་བུ་འཐོབ་བྱའི་ཕྱིར༔ བླ་མ་མགོན་པོར་གུས་འདུད་ན༔ རེ་བ་ཐམས་ཅད་རྫོགས་པར་མཛོད༔ ཅེས་གསོལ་སློབ་མ་དཀྱིལ་འཁོར་དུ༔ བཅུག་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བདེ་ཆེན་གསང་བའི་བུམ་པ་རུ༔ ཡེ་ཤེས་ཐིག་ལེ་བཅུད་དུ་འཁྱིལ༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་འཆར་བར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལ༔ ཨོཾ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ བླ་ན་མེད་པ་གསང་བའི་བདག༔ རང་བྱུང་ཆོ་འཕྲུལ་ཆེན་པོར་ཤར༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ གསང་བ་བླ་མེད་བྱང་ཆུབ་སེམས༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་ཡེ་ཤེས་རྟོགས་པར་ཤོག༔ ཝཱ་ཀ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ རིག་མའི་བརྟུལ་ཞུགས་སྦྱིན་པར་བྱ༔ ཧཱུྃ༔ བདེ་ཆེན་མཆོག་ནི་སྟེར་མཛད་པའི༔ གསང་བའི་ལྷ་མོ་ཆེན་མོ་མཆོག༔ ཡིད་འོང་གཟུགས་མཛེས་ལང་ཚོར་ལྡན༔ འདི་སྤྱོད་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་ཆེན་ཡེ་ཤེས་ངོ་སྤྲད་པ༔ ཨ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་འགགས་མེད་ཤར༔ རིག་སྟོང་ཟུང་འཇུག་བདེ་བ་ཆེ༔ འོད་གསལ་ཡེ་ཤེས་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ ས་མ་ཡ༔ དད་ཅན་རྗེས་སུ་འཛིན་པའི་ཕྱིར༔ དཀྱིལ་འཁོར་བུམ་པ་བརྗིད་པར་བཤམ༔ བགེགས་དང་བྱུར་བསལ་ཡོན་འབུལ་ཞིང༔ གསོལ་བ་གདབ་ལ་གནང་བ་སྦྱིན༔ ལྷར་བསྒོམ་བུམ་པས་དབང་བསྐུར་བ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་ཡེ་ཤེས་ལྷ་ཚོགས་རྣམས༔ འོད་ཞུ་བདུད་རྩིའི་ཆུ་རྒྱུན་གྱིས༔ སྤྱི་བོའི་གཙུག་ཏུ་དབང་བསྐུར་བས༔ སྒྲིབ་པ་མ་ལུས་དག་པ་དང༔ ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལ༔ སྤྲོ་བ་བསྐྱེད་ཅིང་དམ་བཅའ་གཟུང༔ ཤིས་བརྗོད་མེ་ཏོག་རྒྱ་ཆེར་འཐོར༔ རྗེས་ཀྱི་མཐའ་རྒྱས་སྤྱི་ལྟར་བྱ༔ དེ་ལྟར་དད་པ་ལྡན་རྣམས་ལ༔ རིག་པ་གཏད་པའི་སྨིན་བྱེད་རྣམས༔ བསྐུར་ན་འབྲེལ་ཚད་དོན་ལྡན་པས༔ རིགས་གསུམ་ཕྲིན་ལས་མཁའ་ཁྱབ་སྤེལ༔ ས་མ་ཡ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེ་གསང་བའི་བདག༔ ལྷ་སྔགས་ཡེ་ཤེས་ཐམས་ཅད་པའི༔ རྒྱུད་དང་ལུང་དང་མན་ངག་སོགས༔ ཟབ་ཅིང་རྒྱ་ཆེ་མཁའ་འདྲ་བ༔ ཕྱོགས་དང་དུས་དང་གནས་སྐབས་སུ༔ ཁྱབ་ཅིང་རྟག་པར་འཕེལ་བ་ལས༔ ཤིན་ཏུ་སྙིང་པོའི་ཡང་བཅུད་འདི༔ རང་བྱུང་པདྨ་བདག་གིས་བཤད༔ མཁའ་འགྲོ་གསང་བའི་ཡི་གེར་བྲིས༔ མ་འོངས་དོན་དུ་གཏེར་དུ་སྦས༔ སྣོད་དང་སྐལ་བར་ལྡན་པ་རྣམས༔ འདི་དང་འཕྲད་པར་སྨོན་ལམ་གདབ༔ དེ་ཕྱིར་འཕྲད་ཅིང་ཉམས་བླངས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འབད་མེད་ཐོབ་པར་གདོན་མི་ཟ༔ ཤིན་ཏུ་གཅེས་པའི་ཟབ་ཏིག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ྀཨཚ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་ཕུག་གི་གཟིམས་ཆུང་འཆི་མེད་རྡོ་རྗེ་བཀོད་པར་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

བི་མ་མི་ཏྲའི་ཡང་ཐིག་ཡེ་ཤེས་གསང་ལམ་ (Volume 29, Text 17)

༁ྃ༔ བི་མ་མི་ཏྲའི་ཡང་ཐིག་ཡེ་ཤེས་གསང་ལམ་བཞུགས་སོ༔ ཨེ་མ་ཧོ༔ བི་མའི་ཡང་ཐིག་ཉམས་ལ་ཤར་བ་ནི༔ ཐོག་མ་ཐ་མ་མེད་པར་མཉམ་གཞག་ཚེ༔ ངོ་བོ་ཀ་ནས་དག་པའི་ཕོ་བྲང་ནས༔ འཁྲུལ་པ་རང་བཞིན་དག་པའི་བི་མ་ལས༔ སྐུ་ལྔའི་འབྲས་བུར་དམིགས་པའི་སྐྱེས་བུ་ལ༔ ལྟ་བ་གཏན་ལ་འབེབ་པར་བྱ་བའི་ཕྱིར༔ ࿊ ནམ་མཁའི་ལུས་ཅན་བི་མ་མི་ཏྲ་ཞིག༔ ནམ་མཁར་དམིགས་ལ་ཉི་མ་ལན་གསུམ་འབུད༔ བི་མ་ཞུ་བའི་ཟླ་བ་ཁོང་དུ་མིད༔ ལུས་གནད་ལྡན་པས་བསམ་བཟང་སྔོན་བཏང་སྟེ༔ ࿊ དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་དང༔ མི་རྟག་སླུ་བྱེད་རྫུན་ཕུག་བརྡིབ་པ་དང༔ འཁོར་བའི་བྱ་བར་སྙིང་པོ་མེད་པ་དང༔ ཆོས་རློམ་ཆོས་མིན་ལོག་པར་སོང་བ་དང༔ ལས་འབྲས་བསླུ་བ་མེད་པར་ཤེས་པ་དང༔ འཁོར་ཞིང་འགྱུར་བའི་སྡུག་བསྔལ་ཞིབ་བསམ་སྟེ༔ རྩེ་གཅིག་ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ འཇིགས་རུང་འཁོར་བའི་སྡུག་བསྔལ་བཟོད་དཀའ་འདིར༔ འཇིག་རྟེན་མཐུ་ཆེན་ཀུན་གྱི་ཐབས་རྡུགས་པས༔ ཐུགས་རྗེའི་བདག་ཉིད་བླ་མ་རིན་པོ་ཆེ༔ སྐྱོབ་པ་སངས་རྒྱས་ལམ་མཆོག་དམ་པའི་ཆོས༔ འདྲེན་པ་དགེ་འདུན་རྣམས་ལ་སྐྱབས་སུ་བཟུང༔ ࿊ མ་གྱུར་འགྲོ་རྣམས་བླ་ན་མེད་པའི་སར༔ སྟོན་མཆོག་རྣམས་ཀྱིས་བསྒྲལ་པ་དེ་བཞིན་དུ༔ རིན་ཆེན་བསླབ་པ་གསུམ་གྱིས་གཞི་བཟུང་སྟེ༔ བྱང་ཆུབ་མཆོག་གི་སེམས་ལྔས་བློ་སྦྱངས་ཤིང༔ ࿊ ལམ་གྱི་འགལ་རྐྱེན་བར་ཆད་ཞི་བྱའི་ཕྱིར༔ སྤྱི་བོར་པདྨ་ཟླ་སྟེང་ཧཱུྃ་དཀར་པོ༔ ཡོངས་གྱུར་བླ་མ་རིགས་འདུས་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་གཉིས་མེད་འཁྲིལ༔ ཆས་གོས་བཅུ་གསུམ་གྱིས་སྤྲས་འོད་འབར་བ༔ ཞི་བའི་ཚུལ་དགུ་ལྡན་པའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པས་བསྐོར༔ འོད་འཕྲོས་རང་གི་སྡིག་སྒྲིབ་བྱང་བར་བསྒོམ༔ གསང་སྔགས་བཟླ་ཞིང་འགྱོད་པས་བཤགས་པར་བྱ༔ རང་ལ་བསྟིམས་ནས་རྟོག་མེད་ངང་ལ་བཞག༔ ࿊ ཕྱི་ནང་གསང་གསུམ་ཚོགས་ཀྱི་མཆོག་གྱུར་པ༔ རིན་ཆེན་མཎྜལ་ལེགས་སྦྱངས་བཟང་རྫས་བྱུགས༔ དྲི་ཡིས་ཆག་ཆག་གདབ་ལ་དབྱིག་གི་རིགས༔ ཚོམ་བུར་སྤུངས་ལ་ཕྱག་འཚལ་སྔོན་འགྲོ་བས༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མཎྜལ་མངོན་མཐོའི་འབྱོར་པས་བཀང༔ འདོད་པའི་ཡོན་ཏན་སྣ་ཚོགས་སྤྲིན་འཕྲོ་བ༔ མཆོག་གསུམ་བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྟུག་པོ་བཀོད་པའི་ཞིང་ཁམས་བསམ་ཡས་པ༔ ཡེ་ཤེས་རོལ་པའི་ལོངས་སྤྱོད་རྣམས་ཀྱིས་བརྒྱན༔ རྩ་གསུམ་བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་སུ༔ འགག་མེད་འོད་གསལ་རིག་པས་བརྒྱན་པ་འདི༔ སྐུ་གསུམ་བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འབྲས་བུའི་མཐུན་རྐྱེན་འབད་མེད་དེ་ཡིས་བྱེད༔ ࿊ མྱུར་ལམ་ཁྱད་པར་བླ་མའི་བྱིན་རླབས་ཏེ༔ ཀུན་འདུས་བདག་ཉིད་རྗེ་ལ་གསོལ་བ་འདེབས༔ རྩེ་གཅིག་མོས་པས་དབང་བཞི་འབུམ་ཕྲག་བླང༔ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བསྲེ༔ དེ་ལྟར་སྔོན་འགྲོའི་རིམ་པ་མཐར་ཕྱིན་ནས༔ ࿊ དངོས་གཞི་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར་ནི༔ རང་སེམས་དེ་བཞིན་ཉིད་དབྱིངས་བློ་འདས་ངང༔ སྙིང་རྗེ་འགྱུར་མེད་འགྲོ་ཀུན་ཡོངས་ཁྱབ་པའི༔ རང་རྩལ་རྒྱུ་ཡི་ཨ་ལ་སེམས་བཟུང་སྟེ༔ རྣམ་པར་འབྱོངས་ན་ཕྱག་མཚན་རྡོ་རྗེར་བསྒོམ༔ འོད་འཕྲོས་འོག་གཞི་ལོགས་སྟེང་རྡོ་རྗེའི་གུར༔ རབ་ཏུ་འཐས་པ་མེ་ལྔ་འབར་བའི་ཁོངས༔ པདྨ་འདབ་བརྒྱད་ཟླ་བའི་དཀྱིལ་འཁོར་དབུས༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླར་བཅས༔ བརྩེགས་པའི་སྟེང་དུ་ཉི་ཟླ་ཁ་སྦྱོར་ནང༔ ཡིག་འབྲུ་ཕྱག་མཚན་ཞུགས་པས་འོད་དུ་ཞུ༔ རིམ་བཞིན་ཨ་དང་རྡོ་རྗེ་དེ་ཡོངས་གྱུར༔ རང་རིག་བླ་མ་ཕྱག་རྒྱ་གཅིག་པ་ནི༔ བི་མ་མི་ཏྲ་ཨ་ཙར་གཞོན་ནུའི་ཚུལ༔ སྤྱན་ཟླུམ་མཛོད་སྤུ་སྙན་གོང་ཤངས་ཀྱི་སྒོར༔ ཨ་ཡིག་འབར་ཞིང་སྐུ་མདོག་དཀར་པོ་ལ༔ ལྗང་བའི་འོད་འཕྲོ་གསང་གོས་སྔོ་སྐྱ་དང༔ ཐང་ཤམ་དམར་པོ་ཆོས་གོས་གསུམ་གྱིས་བཀླུབས༔ ཆེ་མཆོག་གྲུབ་བརྙེས་བརྡ་རྟགས་ཕྱག་གཡས་ཀྱིས༔ གསེར་གྱི་རྡོ་རྗེ་ཐུགས་ཀར་སྒྲེང་ཐབས་འཛིན༔ ཡང་ན་ཆོས་འཆད་ཕྱག་རྒྱ་མཛད་པར་བསྒོམ༔ གཡོན་པས་མཉམ་གཞག་ཕྱག་རྒྱ་ལྟེ་འོག་མཛད༔ ཟག་མེད་བདེ་ཆེན་རྡོ་རྗེའི་ཐོད་པའི་ནང༔ རང་རིག་བྱང་སེམས་བདུད་རྩིས་བཀང་བ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ལམ་ནི་མཉམ་སྐྱིལ་ཅན༔ ལྟ་བ་རབ་མཐོ་གཞན་སྣང་ཟིལ་གནོན་ཅིང༔ ཕ་རོལ་རྒོལ་འཇོམས་དབུ་ཞྭ་རྩེ་སྨྱུག་ལ༔ ཐུགས་རྗེའི་དཔྱང་ཐག་རྣ་ལྷན་ཐུར་དུ་འཕྱང༔ སྲིད་ཞིར་དབང་བསྒྱུར་དབང་གི་མདོག་ཅན་གསོལ༔ མཚན་བཟང་དཔེ་བྱད་རྫོགས་པ་འོད་ལྔའི་ཀློང༔ གཡོ་མེད་རྡོ་རྗེའི་སྐུ་རུ་བསམས་བྱས་ཏེ༔ གནས་གསུམ་འབྲུ་གསུམ་འབར་ལས་འོད་འཕྲོས་པས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་སྤྱན་དྲངས་ལ༔ ཡི་གེར་བསྟིམས་པས་གནས་གསུམ་བྱིན་གྱིས་བརླབས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་མཁའ་གང་བས༔ དབང་བསྐུར་ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བྱ༔ གནས་གསུམ་འབྲུ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས༔ ཕྱིར་འབུད་གསུམ་བྱས་རྒྱལ་བའི་བྱིན་རླབས་ཀུན༔ འོད་ཟེར་སྣ་ལ་དྲངས་ཏེ་ནང་དུ་རྔུབས༔ སྤྲོས་པར་དགའ་ན་འཁོར་དུ་མཁའ་འགྲོ་བསྒོམ༔ མཐིང་སེར་དམར་ལྗང་གྲི་ཐོད་ཁ་ཊྭཱཾ་འཛིན༔ གཡོན་དུ་སྦས་ཡུམ་དཀར་མོ་དང་བཅས་པ༔ བརྐྱང་བསྐུམ་གར་གྱིས་གཙོ་ལ་འདུད་པའི་ཚུལ༔ གཙོ་བོའི་ཐུགས་ཀར་ཟླ་སྟེང་ཨ་དཀར་པོ༔ སྲོག་སྔགས་ཟླ་སྐར་ཕྲེང་ལྟར་འོད་ཟེར་བཅས༔ གཙོ་བོའི་ཞལ་ཐོན་སྦས་ཡུམ་ཞལ་དུ་བརྒྱུད༔ པདྨའི་ལམ་ནས་རྡོ་རྗེ་ནོར་བུར་ཞུགས༔ ཐུགས་ཀར་ཐིམ་པས་བདེ་ཆེན་རྒྱས་པར་བསམ༔ དེ་ལྟར་མགལ་མེའི་འཁོར་ལོ་ལྟ་བུར་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པ་དང༔ རྣལ་འབྱོར་མ་བཞི་ཡི་གེ་བཞིས་བསྐུལ་བས༔ ལས་བཞིའི་ཕྲིན་ལས་འབད་མེད་འགྲུབ་པར་འགྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་རྦད༔ ࿊ ཁྱད་པར་ཡི་དམ་གསང་བའི་རྣལ་འབྱོར་ནི༔ སྟོང་ཉིད་སྙིང་རྗེའི་རང་རྩལ་ཧཱུྃ་ཡིག་ལས༔ སྐྱེ་རིམ་སྦྱོང་བའི་ཚུལ་གྱིས་རིམ་པར་བསྐྱེད༔ དེ་ཡང་ཆེ་མཆོག་སྨུག་ནག་ཞལ་གཅིག་པ༔ ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣོལ་ཐབས་འཛིན༔ ཡུམ་མཆོག་གནམ་ཞལ་ཁ་ཊྭཱཾ་ཐོད་ཁྲག་ཅན༔ སྦྱོར་ཞིང་དུར་ཁྲོད་རོལ་པའི་ཆས་ལྡན་བསྒོམ༔ བརླབ་ཅིང་དབང་བསྐུར་མཆོད་བསྟོད་ལ་སོགས་དང༔ གནས་གསུམ་ཡིག་འབྲུ་སྤྲོ་བསྡུའི་བཟླས་པ་བྱ༔ སྤྲོས་པར་དགའ་ན་དུར་ཁྲོད་གཞལ་ཡས་དབུས༔ ཕྱོགས་བཞིར་རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་དང༔ ཀེའུ་སེང་དབང་ཕྱུག་སྒོ་མའི་ཚོགས་བཅས་བསྒོམ༔ ཛཔ྄་ཁང་ཕྱེ་ཞིང་དངོས་གྲུབ་སྒྲུབ་པའི་མཆོག༔ སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཆེ༔ སྔགས་རྣམས་བུང་བ་ཚང་ཞིག་ལྟ་བུར་བཟླ༔ འོད་གསལ་ངང་སྡུད་སླར་ཡང་རྒྱུན་སྤྱོད་སོགས༔ མ་དག་སྣང་ཞེན་འགོག་པའི་ཐབས་ལ་བསླབ༔ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་པའི༔ བསྐྱེད་པའི་རིམ་པ་རྣམ་པར་འབྱོངས་པ་ནི༔ ངེས་རྫོགས་ལམ་སྟེ་ཚེ་གཅིག་འབྲས་བུ་ཐོབ༔ ཡང་ན་མོས་པས་བརྒྱུད་པའི་སྒོ་ནས་འགྲུབ༔ ࿊ མཚན་བཅས་བདེ་སྟོང་ཐུགས་ཀྱི་རྫོགས་རིམ་ལ༔ རང་ཉིད་ཡི་དམ་ལྷར་བསྒོམ་སྟོང་ར་ནི༔ འཁོར་ལོ་དྲུག་དང་དབུ་རྐྱང་རོ་གསུམ་རྣམས༔ ཕྱི་དཀར་ནང་དམར་ལྟེ་འོག་སུམ་མད་ོན༔ ཨ་ཤད་སྤྱི་བོར་ཧྃ་ཡིག་ཉིད་ལ་བལྟ༔ དྲོད་མ་སྐྱེས་ཀྱི་བར་དུ་ཨ་ཤད་དང༔ བདེ་བ་མ་སྐྱེས་བར་དུ་ཧྃ་ཡིག་ལ༔ སེམས་བཟུང་བདེ་དྲོད་ཅུང་ཟད་སྐྱེས་པ་ན༔ ཨ་ལས་མེ་འབར་ཨ་ནུ་ཏ་ར་བསྲེག༔ མེ་ལྕེ་ཕྲ་བས་སྦྲུལ་གཟུགས་ལྟ་བུའི་རྩ༔ བརྒྱུད་པས་གཡོན་དུ་ལན་གསུམ་འཁྱིལ་དེ་་་ཞལ་ཤེས་ཡོད།གྲོལ༔ རྩ་ཀུན་མེས་གང་ཧྃ་ཡིག་རབ་ཞུ་བས༔ ཐུགས་ཀར་དཀར་དམར་འཕྲད་པས་བདེ་བ་རྒྱས༔ བདེ་སྟོང་ཡེ་ཤེས་དྭངས་མས་ལུས་ཀུན་གང༔ རིམ་པར་འཁོར་ལོ་དབབ་བཟུང་ལྡོག་དགྲམ་བྱ༔ དེ་ལ་རླུང་སྦྱོར་ལུས་གནད་སྦྱར་བ་ནི༔ རླུང་རོ་བསལ་ཞིང་སྦྱོར་བ་བཞི་ལྡན་པས༔ ཡན་ལག་ལྔ་སྦྱོང་རྡོར་འབེབ་ཧ་སྤྲུག་བྱ༔ སྐྱིལ་ཀྲུང་མི་རྟོག་བུམ་ཅན་ལས་སྦྱར་ཞིང༔ དྲུག་ལྡན་པུས་འཁྱུད་ལྡན་པས་དྲོད་ལ་བསྟེན༔ ཕྱེད་སྐྱིལ་ལག་བསྣོལ་བདེ་བ་དག་ལ་སྦྱང༔ ཆོས་བདུན་འབེབ་པ་ཀུན་གྱི་སྤྱི་ཆིངས་སོ༔ ࿊ ལང་ཚོ་དར་བབས་མི་མོ་ཉི་ཤུ་མན༔ འདུ་ཤེས་གསུམ་སྦྱོར་དགའ་བ་བཅུ་དྲུག་བསྒོམ༔ དབབ་བཟུང་ལྡོག་དགྲམ་རབ་ཀྱིས་ལྟ་བའི་ངང༔ འབྲིང་གིས་ཏིང་འཛིན་ཐ་མས་རླུང་ལུས་གནད༔ བདེ་སྟོང་ཡེ་ཤེས་བསྐྱེད་ཕྱིར་བསླབ་པར་བྱ༔ ࿊ མཚན་མེད་འོད་གསལ་ཡེ་ཤེས་རྫོགས་རིམ་ནི༔ ཐོག་མར་རང་ཉིད་ངན་སོང་གནས་སྐྱེས་ཏེ༔ སྡུག་བསྔལ་མྱོང་ཚུལ་རྣམས་ལ་ལེགས་བསམ་དང༔ མཐོ་རིས་བདེ་བ་རྣམས་ལ་བློ་བཞག་ཅིང༔ འདས་པའི་ཚུལ་རྣམས་སེམས་ཀྱིས་བསྒོམས་ནས་ཀྱང༔ ལུས་ངག་ཡིད་ཀྱི་སྤྱོད་པ་རྣམ་པར་སྤྱད༔ བདེ་སྡུག་མྱོང་མཁན་སེམས་ཀྱི་ངོ་བོར་བལྟ༔ ལུས་གནད་རྡོ་རྗེའི་འདུག་སྟངས་བཅས་ཏེ་བསྒོམ༔ ལུས་ཀྱི་སྟོད་སྨད་གང་དུ་གནས་པ་བརྟག༔ བྲམ་ཟེའི་འདུག་སྟངས་མིག་བཀག་ནང་དུ་བལྟ༔ ལག་གཉིས་པུས་སྟེང་བཀབ་ལ་ལུས་བསྒྲིམ་སྟེ༔ སྟོང་ར་བསྒོམས་ནས་ཕྱི་ནང་གར་གནས་བརྟག༔ བྱ་རྒོད་འདུག་སྟངས་དང་བཅས་ཕུང་སོགས་དང༔ ཡུལ་དང་ཡུལ་ཅན་གང་དུ་སེམས་གནས་བཙལ༔ ཧཱུྃ་དབྱངས་སྲིན་འགྲོས་ནམ་མཁའི་མཐའ་ལ་སྤྲོ༔ འགྲོ་དང་འོང་བའི་ཚུལ་ལ་རྣམ་པར་དཔྱད༔ ཧཱུྃ་གི་ཐག་པས་ཡུལ་ལ་འཆིང་གྲོལ་བྱ༔ དེ་ཚེ་སེམས་ལ་འཆིང་གྲོལ་ཡོད་མེད་བརྟག༔ ཧཱུྃ་གིས་ཕྱི་ནང་ཆོས་ཀུན་རབ་གཏོར་ཏེ༔ ཆོས་དང་ཆོས་ཅན་རྟག་པ་ཡོད་མེད་བརྟག༔ དེ་ནས་མ་དག་དག་པའི་རྟེན་བཅས་ལ༔ བརྟེན་ནས་མཉམ་པར་བཞག་སྟེ་འགྱུ་བ་བརྟག༔ རྟེན་མེད་ལ་གནས་སྐྱེ་བ་ཡོད་མེད་བརྟག༔ ཁ་དོག་གཟུགས་དབྱིབས་དངོས་པོ་ཡོད་མེད་བརྟག༔ ལུས་བསྒྲིམ་གསལ་འདོན་འགགས་པ་ཡོད་མེད་བརྟག༔ ཉན་ཐོས་ལྟ་སྟངས་མིག་གཉིས་སྣ་རྩེར་ཕབ༔ སེམས་ནི་ཅི་ཡང་ཡུལ་མེད་སྟོང་པ་ལ༔ དེ་ཡི་ངོ་བོ་གསལ་ལ་ངོས་བཟུང་མེད༔ མི་རྟོག་བརྗོད་བྲལ་ངང་དུ་ཧྲིག་གེར་བཞག༔ གསལ་དེ་བདེ་ལ་བདེ་དེ་མི་རྟོག་པར༔ ལ་བཟླ་སེང་གེའི་ལྟ་སྟངས་གྱེན་ལ་བལྟ༔ ཁྲོ་བོའི་སྡང་མིག་གྱད་ཀྱི་འཕྱོང་སྟངས་དང༔ བྱ་རྒོད་འཕུར་སྟངས་རྣམས་བྱ་སྤྱོད་ལམ་གྱིས༔ མཉམ་གཞག་སྒྲིབ་པ་མེད་ལ་བསླབ་པར་བྱ༔ དེ་ནས་ལུས་ངག་ཡིད་གསུམ་ལྷོད་དེའི་ངང༔ རྣལ་དབབ་སེམས་ནི་བལྟར་མེད་ངང་ལ་བཞག༔ རྩུབ་པའི་ཉམས་སྐྱེས་དེ་དང་མྱོང་བ་བསྲེ༔ དེ་ལྟར་རུ་ཤན་རྣམ་པ་ཉེར་བདུན་གྱིས༔ སེམས་བཙལ་སྐྱེ་འགག་གནས་གསུམ་འགྲོ་འོང་དང༔ གཟུགས་དང་ཁ་དོག་འཆིང་གྲོལ་ལ་བརྟགས་པས༔ ཅིར་ཡང་མེད་ལ་ཅིར་ཡང་ཤར་བ་ཅན༔ ཡིད་ཆེས་ཡོད་ཀྱང་དམིགས་སུ་མེད་པ་ཡི༔ གཞི་ཡི་ཀ་དག་ལྷུན་གྲུབ་འཁྲུལ་གྲོལ་ཚུལ༔ ཇི་བཞིན་གཏན་ལ་ཕེབས་པར་གྱུར་པ་ན༔ ལམ་གྱི་ཁྲེགས་ཆོད་ཉམས་སུ་ལེན་བྱ་ནི༔ བརྟུལ་ཞུགས་སྤྱོད་པ་རྨད་དུ་བྱུང་བ་ཡིས༔ གང་ཤར་འཛིན་མེད་ཞེན་སྣང་རང་གྲོལ་བ༔ བན་བུན་ཧར་ཧར་གཟའ་གཏད་བྲལ་བར་བསྐྱང༔ ཐོད་རྒལ་རིག་པའི་རྩལ་ཤུགས་མ་ཞན་པར༔ གང་ཡང་བློ་ལ་བྱར་མེད་རྩོལ་བྲལ་བར༔ བྱ་འཕུར་རྗེས་མེད་དེ་ཁོ་ན་ཡི་ངང༔ འདུག་སྟངས་གསུམ་གྱིས་སྒྲོན་དྲུག་གནད་གཅུན་པས༔ ཆོས་ཉིད་མངོན་སུམ་གོང་འཕེལ་ཚད་ལ་ཕེབས༔ མཐར་ཐུག་ཆོས་ཅན་ཆོས་ཉིད་དབྱིངས་སུ་ཟད༔ དེ་ལྟ་བུ་ཡིས་རབ་ནི་ཚེ་གཅིག་ལ༔ དབྱིངས་ཡེ་ཟུང་འཇུག་འབྲས་བུ་གཞི་ལ་སྨིན༔ ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ་པ་འཐོབ༔ འབྲིང་གིས་རྣམ་པར་སྨིན་པའི་རིག་འཛིན་དང༔ ཐ་མ་སྐྱེ་བ་བརྒྱུད་ནས་རྣམ་སྨིན་འཐོབ༔ ࿊ གཞན་ཡང་ལམ་གྱི་ཡན་ལག་འདི་ལྟ་སྟེ༔ ལུས་འདི་ལྷར་བསྒོམ་ལྷ་ཡང་སྒྱུ་མར་བསྒོམ༔ མ་དག་འགྲོ་བ་རིགས་དྲུག་གཟུགས་བརྙན་བཅས༔ ཡི་གེས་སྦྱངས་ལ་གཉིས་ཀ་རོ་མཉམ་པར༔ སྒྱུ་ལུས་སྟོང་པ་ཉིད་ཀྱི་ངང་དུ་བསྒོམ༔ རྨི་ལམ་ངོས་བཟུང་རྩུབ་དང་འཇམ་གྱིས་ཟིན༔ ཨ་དང་ཨ་ནུ་ཏ་ར་ལ་དམིགས་ཤིང༔ འཇམ་ན་སྨིན་མཚམས་འཁྲུགས་ན་ལྟེ་བར་བལྟ༔ ཉིན་སྣང་རྨི་ལམ་བསྒོམས་ལ་སྤྲུལ་སྒྱུར་སྤེལ༔ འོད་གསལ་སྙིང་ནང་ཨ་ལས་འོད་འཕྲོས་པས༔ ལུས་ཀྱི་ནང་གང་བུམ་ནང་མར་མེ་བཞིན༔ གཡོ་མེད་ཕྱི་ལ་འཕྲོས་པས་འཇིག་རྟེན་གསལ༔ སྣོད་བཅུད་འོད་ཞུ་མི་དམིགས་ངང་དུ་བཞག༔ བར་དོ་ད་ལྟར་སྣང་བ་བར་དོར་བལྟ༔ འཇིགས་སྐྲག་འཁྲུལ་པའི་སྣང་བ་ཅི་ཤར་ཡང༔ ཐམས་ཅད་ངོ་བོ་རང་བཞིན་མེད་པར་བཞག༔ གནས་དྲུག་ཨ་སུ་ནྲྀ་ཏྲི་པྲེ་དུ་བསྒོམ༔ ཡིག་འབྲུ་གསུམ་གྱིས་རིམ་བཞིན་སྦྱང་བར་བྱ༔ འཕོ་བ་ཧཱུྃ་གིས་སྒོ་དགག་རྣམ་ཤེས་ཨ༔ དྷཱུ་ཏིའི་དབུས་སུ་བསྒོམས་ཏེ་སྤྱི་བོ་རུ༔ བླ་མའི་ཐུགས་ཀར་འཕོ་བའི་འདུན་པ་གཏད༔ རླུང་སྦྱོར་ཉིད་དམ་སྒྲ་ཡི་སྒོ་ནས་འཕོ༔ དེ་ཡང་ལམ་དུས་ཐུགས་ཀར་རེག་ཙམ་དང༔ ལས་སྦྱོར་དུས་སུ་སྐར་མདའ་བཞིན་དུ་འཕང༔ གྲོང་འཇུག་ཕྱི་རོལ་ཡི་གེའི་གཟུགས་བརྙན་ལ༔ རླུང་སེམས་རྩེ་གཅིག་གཏད་དེ་འཕོ་སྙམ་ཚེ༔ རྣམ་ཤེས་ཨ་དང་རླུང་ཉིད་ཐིག་ལེ་དང༔ འབྱུང་བ་འོད་དུ་བསྒོམ་ལ་སྐྱོན་མེད་པའི༔ ཁྱེ་འུ་ལོ་བརྒྱད་ཕུང་པོར་འཇུག་པར་བྱ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་པ་ནི༔ རང་ཉིད་བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རྒྱལ་བའི་བྱིན་བརླབ་སྣོད་བཅུད་ཀྱི༔ ཚེ་དཔལ་བདུད་རྩིའི་ངོ་བོར་བསྡུས་ནས་ནི༔ ཁ་ནས་ཞུགས་ཏེ་ལུས་གང་ཚེ་འཕེལ་བསམ༔ མདུན་བསྐྱེད་བསྐུལ་ཏེ་ཚེ་བཅུད་རྫས་ལ་བསྟིམ༔ ནུས་ལྡན་སྨན་དང་ནམ་མཁའི་བཅུད་ལེན་བྱ༔ གེགས་སེལ་ངེས་འབྱུང་སྙིང་རྗེ་མོས་གུས་བསྐྱེད༔ ལུས་སྤྱོད་བྱ་ཞིང་ཐམས་ཅད་སྒྱུ་མར་བལྟ༔ བོགས་འདོན་མཐར་ཐུག་རི་རྩེ་མཐོན་པོའི་སར༔ ནམ་མཁའ་དྲི་མེད་ཉི་མ་རྩེ་ཤར་སྐབས༔ ཁ་ནི་ནུབ་བལྟ་རང་ཉིད་སྣང་སྟོང་ངང༔ བི་མ་ལར་བསྒོམ་དེ་ཉིད་ཨ་རུ་བསྒྱུར༔ དེ་ལ་སེམས་བཟུང་དེ་ཡང་མི་དམིགས་པར༔ ནམ་མཁར་བསྟིམས་ལ་རིག་པ་ཧད་དེ་བཞག༔ དེ་ཚེ་དབྱིངས་ཡེ་ཟུང་དུ་འཇུག་པའི་དོན༔ ཇི་བཞིན་བློ་ལ་འཆར་བ་དེ་བརྟན་ན༔ འབྲས་བུ་བླ་ན་མེད་པ་འཐོབ་པར་འགྱུར༔ སླར་ཡང་ཉི་ཟེར་ལ་བལྟ་དབྱིངས་རིག་གཟིར༔ ནང་དུ་བྱ་རྩོལ་བྲལ་བའི་དོན་མཐོང་ན༔ བི་མའི་གླུ་བླངས་རིག་པའི་ཉམས་བསྐྱང་ངོ༔ དེ་ལྟར་ལམ་གྱི་བྱེ་བྲག་གང་གིས་ཀྱང༔ ཚེ་གཅིག་འབྲས་བུ་རྙེད་པར་གདོན་མི་ཟ༔ ས་ལམ་རིམ་བགྲོད་མི་ཟད་རྒྱན་ཉེར་ལྔ༔ ཡོངས་སུ་འགྲུབ་བྱེད་ཐེག་དགུ་འདུས་པའི་བཅུད༔ ཟབ་མོའི་ཆོས་འདི་མི་འགྱུར་བྲག་གི་ནང༔ སྔོན་སྦྱངས་སྨོན་ལམ་ཟབ་མོས་རྒྱས་བཏབ་པ༔ སྐྱེ་བ་བརྒྱུད་མར་གནས་པའི་གཏེར་ཁ་གང༔ ལྟ་བ་ནམ་འཕང་གཅོད་པའི་ཁྱུང་བྲག་ལ༔ དྭངས་བའི་སེམས་ཀྱིས་ལག་པ་བརྐྱང་བ་ན༔ དག་པའི་རྐྱེན་གྱིས་ཆོས་ཀྱི་སྒྲོམ་ཞིག་རྙེད༔ ཉམས་ཀྱི་པུསྟིར་ཤར་བའི་ཡི་གེ་རྣམས༔ རྩོལ་མེད་བྲིས་པའི་གཟུགས་འདི་ཤིན་ཏུ་ཟབ༔ སྔགས་ཀྱི་བདག་མོས་འདི་ལ་གཉེར་ཁ་གྱིས༔ ཡང་ཟབ་བསྟན་པ་ཀུན་ཏུ་འཕེལ་བ་དང༔ འཕྲད་ཚད་ཀུན་བཟང་རྒྱལ་ས་ཟིན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༁ྃ༔ སློབ་དཔོན་ཆེན་པོ་བི་མ་མི་ཏྲའི་རྡོ་རྗེའི་གླུ་བདུད་རྩི་དྲི་མེད་བཞུགས་སོ༔ ཨེ་མ་ཧོ་ཨ་ལ་ལ་ཧོ༔ དུས་གསུམ་རྟོག་བྲལ་ཀ་དག་གདོད་མའི་དུས༔ རང་སྣང་རིག་པ་འོད་གསལ་ཟང་ཐལ་ཀློང༔ ཡེ་ཤེས་སྐུ་ཅན་བི་མ་མུ་དྲ་ཡིས༔ རྡོ་རྗེའི་གླུ་འདི་ཆོས་ཉིད་རང་སྒྲས་བླངས༔ ཨེ་མ་སྲིད་གསུམ་ཡེ་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་རྫོགས་སངས་རྒྱས་ཀྱི་དབྱིངས༔ བསམ་བརྗོད་དཔེ་བྲལ་མཚན་མའི་ཡུལ་འདས་བཞིན༔ རིག་པའི་ཡེ་ཤེས་ཆོ་འཕྲུལ་ཅིར་ཡང་ཤར༔ ཤར་ཙམ་ཉིད་ནས་རང་གི་ངང་དུ་གྲོལ༔ དབྱིངས་རིག་ཟུང་འཇུག་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་གཅིག་པུ་ཡིན་ཤེས་ན༔ དོན་གྱི་བདུད་རྩི་ཆེན་པོ་དེ་ལ་བྱ༔ སྣོད་བཅུད་དག་པ་གཞལ་ཡས་དཀྱིལ་འཁོར་ལྷ༔ ཉོན་མོངས་རྒྱུད་དག་འོད་གསལ་འདུ་འབྲལ་མེད༔ ཉི་མའི་སྙིང་པོར་མུན་པ་མིང་མེད་བཞིན༔ དེ་ཉིད་རྟོགས་ན་འཁོར་བའི་མིང་ཡང་མེད༔ མ་རྟོགས་འགྲོ་རྣམས་སེམས་ཀྱི་གཞན་དབང་གིས༔ རང་བྱུང་ཡེ་ཤེས་ཉི་མའི་སྙིང་པོ་སྒྲིབ༔ སེམས་ནི་ཡུལ་དང་བཅས་ཤིང་གཟུང་འཛིན་ཅན༔ ཉོན་མོངས་འཕེལ་བྱེད་མ་རིག་གཏི་མུག་ལ༔ རིག་པ་ཡུལ་མེད་གཟུང་དང་འཛིན་པ་སྤངས༔ ཉོན་མོངས་རང་གྲོལ་ཡེ་ཤེས་ངང་གིས་གསལ༔ རྟག་པ་མ་ཡིན་ངོ་བོ་གདོད་ནས་སྟོང༔ ཆད་པ་མ་ཡིན་རང་བཞིན་ཟང་ཐལ་ལེ༔ གཉིས་ཀ་མ་ཡིན་གཉིས་མིན་མཐའ་ལས་འདས༔ དང་པོར་མ་སྐྱེས་བར་དུ་གནས་པ་མེད༔ ཐ་མར་འཆི་མེད་དོན་གྱི་ཨ་མྲྀ་ཏ༔ གང་གིས་བསྟེན་པས་བདུད་བཞི་ངང་གིས་འཇོམས༔ འཕོ་མེད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ལྟ་བ་བདུད་རྩི་དྲི་མེད་གཉུག་མའི་གླུ༔ ནམ་མཁའི་རྣལ་འབྱོར་བི་མ་མུ་དྲས་བླངས༔ འདོད་ཆགས་ཞེན་པའི་སེམས་ནི་བདུད་ཡིན་ཏེ༔ ཞེན་མེད་རིག་པའི་རྩལ་སྦྱོང་རྩི་ཡིས་གདབ༔ དྲི་མེད་བདེ་སྟོང་ངང་དུ་རང་གྲོལ་ན༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་འགྱུར༔ ཞེ་སྡང་རགས་པའི་སེམས་ནི་བདུད་ཡིན་ཏེ༔ གཟུང་དང་འཛིན་བྲལ་རིག་པའི་རྩི་ཡིས་གདབ༔ དྲི་མེད་སྣང་སྟོང་སྒྱུ་མར་རང་གྲོལ་ན༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་འབྱུང༔ གཏི་མུག་འཐིབས་པོའི་སེམས་ནི་བདུད་ཡིན་ཏེ༔ གསལ་ལ་མི་རྟོག་རིག་པའི་རྩི་ཡིས་གདབ༔ དྲི་མེད་གསལ་སྟོང་གཉུག་མར་རང་གྲོལ་ན༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་འགྱུར༔ ང་རྒྱལ་ཁེངས་པའི་སེམས་ནི་བདུད་ཡིན་ཏེ༔ བདག་མེད་རང་བྱུང་རིག་པའི་རྩི་ཡིས་གདབ༔ དྲི་མེད་རིག་སྟོང་ཐིག་ལེར་རང་གྲོལ་ན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་འགྱུར༔ ཕྲག་དོག་ཟུག་རྔུའི་སེམས་ནི་བདུད་ཡིན་ཏེ༔ སྐྱེ་འགག་ལས་འདས་རིག་པའི་རྩི་ཡིས་གདབ༔ དྲི་མེད་ཚོར་སྟོང་དབྱིངས་སུ་རང་གྲོལ་ན༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར༔ ཆོས་ཀུན་རང་བྱུང་གདོད་ནས་རྣམ་དག་པའི༔ རིག་པ་ཡེ་ཤེས་ལྔ་ཡི་རྩ་བ་ལས༔ ཡན་ལག་ཤེས་བྱ་ཀུན་ལ་ཁྱབ་པར་ཤར༔ རྟགས་ཀྱི་བདུད་རྩི་ཞེས་ནི་དེ་ལ་བྱ༔ དེ་ལྟར་ཤེས་ནས་ཉོན་མོངས་འཁྲུལ་པའི་བདུད༔ རིག་པ་མ་འཁྲུལ་ཡེ་ཤེས་རྩིས་ཐེབས་པས༔ ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་ལྟར༔ སྐུ་དང་ཡེ་ཤེས་དབྱེར་མེད་ལྷུན་གྱིས་གྲུབ༔ བསྒོམ་པ་བདུད་རྩི་དྲི་མེད་ཟང་ཐལ་གླུ༔ རང་གྲོལ་རྣལ་འབྱོར་བི་མ་མུ་དྲས་བླངས༔ རྫས་ཀྱི་བདུད་རྩི་ཕྱི་ནང་ཁྱད་པར་ཁམས༔ ཕྱི་ནི་སྨན་གྱི་རྩ་བ་ཡན་ལག་དང༔ ནང་ནི་ཤ་ལྔ་བདུད་རྩི་ལྔ་སོགས་ལ༔ གཙང་སྨེ་བླང་དོར་འཛིན་པ་བདུད་ཡིན་ཏེ༔ གཉིས་མེད་ལྷ་སྔགས་དགོངས་པའི་རྩིས་བཏབ་པས༔ ཐམས་ཅད་ཐིག་ལེ་གཅིག་ཏུ་འཁྱིལ་བའི་རྫས༔ གང་གིས་ཟོས་པས་ནད་གདོན་བགེགས་སེལ་ཞིང༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་འགྲུབ༔ ཁྱད་པར་བདུད་རྩི་རྣལ་འབྱོར་པ་རྣམས་ཀྱི༔ བྱང་སེམས་ཉམས་པས་འཆི་བ་བདུད་ཡིན་ཏེ༔ འཕོ་མེད་བདེ་བ་ཆེན་པོའི་རྩིས་བཏབ་པས༔ འཆི་མེད་ཁ་སྦྱོར་རྡོ་རྗེའི་སྐུ་འགྲུབ་བོ༔ ཐིག་ལེ་འཕེལ་བས་བདེ་བའི་ཉམས་འཕེལ་ཞིང༔ དེ་འཕེལ་ཡེ་ཤེས་ལུས་མཆོག་འཐོབ་འགྱུར་ཕྱིར༔ ལྟ་བས་རྒྱུད་སྦྱངས་བསྐྱེད་པའི་གསལ་སྣང་གྲུབ༔ རྫོགས་རིམ་དྲོད་ཐོབ་སྦྱོར་བ་ལམ་བྱེད་པས༔ དབེན་པའི་གནས་སུ་མཚན་ལྡན་མི་མོ་བཙལ༔ དབང་གི་གཟུངས་མ་པདྨ་རིགས་ཀྱི་ཡུམ༔ པདྨའི་མདོག་ཅན་ཡིད་འོང་བདེ་བ་སྐྱེད༔ དེ་དང་རྗེས་མཐུན་རྡོ་རྗེའི་རིགས་ཀྱི་ཡུམ༔ རི་དྭགས་མིག་ཅན་འགྲོས་དལ་སྤྱོད་ལམ་སྙོམ༔ རྒྱས་པའི་གཟུངས་མ་རིན་ཆེན་རིགས་ཀྱི་ཡུམ༔ གླང་ཆེན་དྲི་འཕྲོ་ཤ་རྒྱས་འདོད་པས་མྱོས༔ ཞི་བའི་གཟུངས་མ་བདེ་གཤེགས་རིགས་ཀྱི་ཡུམ༔ དུང་ལྟར་ལྟེ་བ་རབ་འཁྱིལ་སྐད་གདངས་གསལ༔ དྲག་པོའི་གཟུངས་མ་ལས་ཀྱི་རིགས་ཀྱི་ཡུམ༔ ལྟེ་བར་རི་མོ་གསུམ་མཚན་ཁྲོ་ཞིང་གཏུམ༔ རིགས་ཀྱི་ཡུམ་ལྔ་གང་ཡང་རུང་བ་ནི༔ རྒྱུད་སྦྱངས་དབང་བསྐུར་འདོད་པའི་སྒྱུ་རྩལ་རྩེ༔ ལུས་ངག་ལྷར་མཉམ་མཁའ་གསང་བྱིན་བརླབ་མཉམ༔ ལྷན་སྐྱེས་ཡེ་ཤེས་འདོད་པ་མཉམ་ལྡན་པས༔ སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོའི་མེས༔ སྤྱི་བོའི་ཧྃ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ འཁོར་ལོ་རྣམ་བཞིར་རུ་སྦལ་འགྲོས་ཀྱིས་དབབ༔ རླུང་རིག་དབྱེར་མེད་ཀ་དག་ངང་དུ་བཟུང༔ དུད་འགྲོའི་འགྱུར་བ་བཞི་ཡིས་གནས་བཞིར་ལྡོག༔ སེང་གེ་རྣམ་གྲོལ་ཕྱག་རྒྱས་ཁྱབ་པར་དགྲམ༔ དེ་ཚེ་བསྙེན་སྒྲུབ་ཡན་ལག་བཞི་དང་ནི༔ དགའ་བ་བཞི་ལྡན་རྫས་ཀྱི་ཨ་མྲྀ་ཏས༔ ལུས་ཁམས་བཅུད་ཀྱི་དྭངས་མ་འཕེལ་ཞིང་བརྟན༔ རྩ་ཡི་མདུད་གྲོལ་རླུང་བཅུ་ལས་སུ་རུང༔ ཐིག་ལེ་འཕོ་མེད་ནང་གི་ས་དང་ལམ༔ སྐད་ཅིག་གཅིག་བགྲོད་སྐུ་བཞིར་ལྷུན་གྱིས་གྲུབ༔ སྤྱོད་པ་བདུད་རྩི་དྲི་མེད་བདེ་ཆེན་གླུ༔ ལྷན་སྐྱེས་རྣལ་འབྱོར་བི་མ་མུ་དྲས་བླངས༔ ཡིད་དཔྱོད་མཚན་མའི་སེམས་ནི་བདུད་ཡིན་ཏེ༔ དེ་ལ་མངོན་སུམ་རིག་པའི་རྩི་སྦྱར་བས༔ རགས་ལུས་འཕོ་ཆེན་རྡོ་རྗེའི་སྐུ་འགྲུབ་པ༔ ཆོས་ཀྱི་བདུད་རྩི་བླ་མེད་མངོན་བྱེད་ཕྱིར༔ ལུས་ངག་ཡིད་ནི་དབེན་པ་གསུམ་ལ་བསྟེན༔ ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་བཏང༔ བཞུགས་སྟངས་གསུམ་གྱིས་རྩ་ཡི་བྱེད་པ་བཅིང༔ སྲོག་རྩོལ་རང་བབས་འགྲོ་འོང་ངང་གིས་ཞི༔ གཟིགས་སྟངས་གསུམ་གྱིས་ཐིག་ལེ་དྭངས་མར་སྨིན༔ ཡེ་ཤེས་ལམ་ནི་དཀར་འཇམ་རྩ་ཡི་སྦུབས༔ སྣང་བའི་སྒོ་ནི་རྒྱང་ཞགས་ཆུ་ཡི་སྒྲོན༔ ཕྱི་ནང་ཡུལ་ནི་དག་པ་དབྱིངས་ཀྱི་སྒྲོན༔ ཤར་བའི་རང་བཞིན་ཐིག་ལེ་སྟོང་པའི་སྒྲོན༔ དེ་ཡི་ངོ་བོ་ཤེས་རབ་རང་བྱུང་སྒྲོན༔ ནམ་མཁའི་གཟུགས་ཅན་འོད་གསལ་ལྔ་ལྡན་ལུས༔ སྟོང་གསལ་རིས་མེད་ཀུན་གྱི་སྲོག་ཏུ་ཤར༔ ཡེ་ཤེས་སྣང་བ་དབང་པོར་ལམ་མེ་བས༔ ཆོས་དང་ཆོས་ཅན་འཁྲུལ་པའི་ཕུང་པོ་བཅད༔ བལྟར་མེད་ངང་ནས་གཟའ་གཏད་ཀུན་བྲལ་བས༔ དབྱིངས་ཀྱི་ཕྱག་རྒྱ་རིག་པའི་སྒྲོམ་དུ་གཞུག༔ རྒྱ་མཚོ་ཨར་གཏད་མི་གཡོ་དགོངས་པའི་གཟེར༔ དང་པོའི་ས་ནས་མཐར་ཕྱིན་བར་དུ་གདབ༔ སྣང་བ་མངོན་སུམ་ཉམས་ཀྱི་འཕེལ་ཆས་བསྐྱེད༔ ཚད་ལ་ཕེབས་པས་རང་ས་ཟིན་པ་ན༔ ཆོས་ཉིད་དབྱིངས་སུ་ཆོས་ཅན་ཀུན་ཟད་པས༔ བྱར་མེད་ནམ་མཁའ་སྦར་གྱིས་འདེབས་པ་ཡིན༔ འདི་ལྟར་སྣང་བའི་ཆོས་རྣམས་ཡེ་ཤེས་དང༔ སྟོང་པའི་གཤིས་ནི་སྐུ་དང་འདུ་འབྲལ་མེད༔ སྐུ་དང་ཡེ་ཤེས་དབྱེར་མེད་མཐར་ཐུག་པ༔ རྡོ་རྗེའི་ས་ལ་ལྷུན་གྱིས་གྲུབ་པའོ༔ འབྲས་བུ་བདུད་རྩི་དྲི་མེད་ལྷུན་གྲུབ་གླུ༔ འོད་གསལ་རྣལ་འབྱོར་བི་མ་མུ་དྲས་བླངས༔ བདུད་བཞི་ལམ་བཞིའི་རྩི་ཡིས་རབ་སྦྱངས་པས༔ འཆི་མེད་སྐུ་བཞི་མངོན་དུ་འགྱུར་བ་སྟེ༔ དགའ་བྲོད་ལྷ་བུའི་བདུད་ཀྱི་སྒྱུ་མ་ནི༔ བྱར་མེད་ལྟ་བ་ཆོས་སྐུའི་ཀློང་དུ་ཐིམ༔ ཐོགས་མེད་ཉོན་མོངས་བདུད་ཚོགས་གང་སྐྱེས་ཀྱང༔ རང་གྲོལ་བསྒོམ་པས་ལོངས་སྐུའི་ཕྱག་རྒྱར་བསྒྲུབ༔ ཐོགས་བཅས་འཆི་བདག་བདུད་ཀྱི་འཕོ་བ་ཀུན༔ བདེ་ཆེན་སྤྱོད་པས་སྤྲུལ་པའི་བརྟུལ་ཞུགས་འཆང༔ སྙེམ་བྱེད་ཕུང་པོའི་བདུད་ཀྱི་ཉེར་ལེན་ཚོགས༔ ལྷུན་གྲུབ་འོད་གསལ་ངོ་བོའི་སྦུབས་སུ་གཞུག༔ དབང་པོ་རབ་རྣམས་ལྟ་བ་རྟོགས་པས་གྲོལ༔ འབྲིང་ནི་བསྒོམས་པས་ཡེ་ཤེས་ལྷུག་པར་འཆར༔ ཐ་མ་བདེ་ཆེན་ཐབས་ཀྱིས་ལྷན་སྐྱེས་མཚོན༔ གང་ཡང་འབྲས་བུའི་ལམ་གྱིས་མངོན་སུམ་འགྲུབ༔ དེ་ཕྱིར་ཤིན་ཏུ་རབ་ཟབ་སྙིང་པོའི་དོན༔ ཡོན་ཏན་བདུད་རྩིའི་རྒྱུད་ཀྱི་གསང་བ་དང༔ མན་ངག་རྫོགས་ཆེན་མཐར་ཐུག་ཐིག་ལེའི་བཅུད༔ དབྱིངས་ཀྱི་རྣལ་འབྱོར་བི་མ་མུ་དྲ་ཡིས༔ རིག་པ་རང་ཤར་འདུས་པའི་ཚོགས་ལ་གདམས༔ སྣོད་དང་སྐལ་བར་ལྡན་པ་གཉིས་ཀའི་རྒྱུད༔ བྱིན་རླབས་འཕོ་བའི་སྟོབས་ཀྱིས་ལམ་མེར་ཤར༔ ཡི་གེ་འདི་ནི་སྙིང་གི་ཟུངས་ཁྲག་སྟེ༔ ལྷན་ཅིག་སྐྱེས་མ་རྡོ་རྗེ་གཡུ་སྒྲོན་དང༔ ནམ་མཁའི་རལ་གཅིག་ཨེ་ཀ་ཛཱ་ཊི་ལ༔ གཉེར་དུ་གཏད་དོ་བཛྲ་ས་མ་ཡ༔ སྙིང་ལ་སྦོས་ཤིག་བཀའ་རྒྱ་དམ་དུ་གདམས༔ ཉམས་སུ་ལོངས་ཤིག་ཚེ་གཅིག་དོན་ལ་དྲིལ༔ ལྔ་ལྡན་ཐིག་ལེའི་ཀློང་དུ་རང་གྲོལ་བའི༔ ཡེ་ཤེས་སྒྱུ་མ་ཚེ་འདིར་འགྲུབ་པར་གྱིས༔ མཐོང་བ་ཙམ་གྱིས་དགོངས་པ་མངོན་གྱུར་པའི༔ རིག་འཛིན་གྲུབ་པས་འཇིག་རྟེན་ཁྱབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ འདི་ནི་ཡོན་ཏན་བདུད་རྩིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་གསང་བ་ལས་ཆེས་གསང་བ་སྟེ༔ རིང་དུ་གསང་ནས་གདམས་ཁྲིད་ཆིག་བརྒྱུད་དུ་གདབ་པར་བྱའོ༔ མངྒ་ལཾ།། ༁ྃ༔ བཅུད་ལེན་གྱི་གདམས་པ་འཆི་མེད་བདུད་རྩི་འཁྱིལ་བ་བཞུགས་སོ༔ ན་མོ་གུ་རུ་བི་མ་ལ་མི་ཏྲ་ཡེ༔ འཆི་མེད་ཚེའི་རིག་འཛིན་སྒྲུབ་པའི་གདམས་པ་ལས༔ ནུས་ལྡན་སྨན་དང་ནམ་མཁའི་བཅུད་ལེན་བྱ༔ ཞེས་པས༔ དང་པོ་ནུས་ལྡན་སྨན་གྱི་བཅུད་ལེན་ནི༔ ཡེ་ཤེས་བདུད་རྩི་འོད་ལྡན་རྟག་ཏུ་ངུ་འདི་ལ་རིགས་གསུམ་སྟེ༔ མེ་ཏོག་སེར་པོ་འཇམ་པའི་དབྱངས་ཀྱི་རིགས་སོ༔ དཀར་པོ་སྤྱན་རས་གཟིགས་ཀྱི་རིགས་སོ༔ སྔོན་པོ་ཕྱག་ན་རྡོ་རྗེའི་རིགས་སོ༔ རིགས་གསུམ་ཀའི་བཅུད་ལེན་པ་ལ་མན་ངག་དྲུག་སྟེ༔ དང་པོ་བརྟག་པའི་མན་ངག་ནི༔ རབ་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་ཆེན་རྣམས་སུ་སྐྱེས་པ་དང༔ འབྲིང་གནས་ཕྲན་སོགས་ས་གཙང་ཞིང་མཐོ་ལ་མ་ཁྲིགས་པའི་ཕྱོགས་སུ་སྐྱེས་པ་དང༔ ཐ་མ་ས་ནག་དང་གྲོང་ཁྱེར་གྱི་འདབས་སོགས་སུ་སྐྱེས་པ་སྟེ༔ དེ་ལ་ཐ་མ་ནི་མི་རུང་ཞིང་གཞན་གཉིས་གང་འབྱོར་བྱའོ༔ འདི་ལ་རྒྱུད་ལས་ཡེ་ཤེས་བདུད་རྩི་འོད་ལྡན་ཞེས་གསུངས༔ མཁའ་འགྲོ་མ་རྣམས་ཀྱིས་རྟག་ཏུ་ངུ་ཞེས་མཚན་གསོལ༔ སྨན་གྱི་གཞུང་ལས་འཚོ་བྱེད་ཆེན་པོ་ཞེས་ཀྱང་བྱ༔ ངོས་འཛིན་ནི་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱས་ནས་མ་འཁྲུལ་བ་བཙལ་བར་བྱའོ༔ གཉིས་པ་བཏུ་བའི་མན་ངག་ནི༔ དབྱར་ཟླ་ར་བའི་དུས་སུ་ལོ་མ་དང་མེ་ཏོག་གཙོ་བོར་བྱ༔ སྟོན་ཟླ་ར་བའི་དུས་སུ་རྩ་བ་གཙོ་བོར་བྱས་ཏེ་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་སོགས་ཤིས་པའི་དུས་སུ་ཁྱེའུ་དང་བུ་མོ་གཙང་མས་སྔགས་འདི་བཟླས་ལ་བཏུ་ཞིང་བརྐོ་བར་བྱའོ༔ ཨོཾ་སི་ལི་སི་ལི་པདྨ་སི་ལི་པདྨ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ གསུམ་པ་སྦྱར་བའི་མན་ངག་ནི༔ འཇམ་པའི་དབྱངས་ཀྱི་མེ་ཏོག་གི་ཕྱེད་སྤྱན་རས་གཟིགས་ཀྱི་རྟག་ཏུ་ངུ་དང༔ དེའི་ཕྱེད་ཕྱག་རྡོར་རྟག་ངུ་རྣམས་ཤིན་ཏུ་ཞིབ་པར་བཏགས༔ དུག་འདོན་པའི་ཕྱིར་རྒྱམ་ཚྭ༔ པི་པི་ལིང༔ གུར་གུམ་བཟང་པོ་ཐུན་རེ་བཏབ༔ ངར་འདོགས་ཆང་གར་མས་ཁ་ཕྲུ་བཏབ་ལ་ཕོལ་ཙམ་སྦོལ་ཏེ་གཡའ་མེད་པའི་སྣོད་དུ་ཞག་གཅིག་བསྙལ་ལོ༔ དེ་ནས་ཁ་འཛིན་གྱི་སྨན་ལ་ཨ་རུ་ར་ཕྱག་རྡོར་རྟག་ངུ་དང་མཉམ་པ༔ བ་རུ་ར་དེའི་ཕྱེད༔ སྐྱུ་རུ་ར་དེའི་ཕྱེད་དེ་ནད་སེལ་བའི་ཁ་འཛིན་ནོ༔ སྟོབས་སྐྱེད་པ་ལ་དབང་ལག༔ མེ་དྲོད་སྐྱེད་པ་སེ་འབྲུ༔ ཚེ་བསྲིང་བ་ར་མོ་ཤག༔ རྒས་སྲ་བ་ཅོང་ཞི༔ མདངས་གསལ་བའི་ཕྱིར་སྦྲང་རྩི་རྣམས་སྐྱུ་རུ་རའི་བུང་དང་མཉམ་པ་ལྷན་ཅིག་ཏུ་འདམ་བཏགས་ཐེམས་པར་བྱས་པ་རིལ་བུ་སྲན་མ་ཙམ་དྲིལ་ཏེ་ལེགས་པར་སྐམ་མོ༔ བཞི་པ་སྒྲུབ་པའི་མན་ངག་ནི༔ རྒྱས་པར་ན་གནས་སྐབས་བཞི་སྟེ༔ དང་པོ་སྨན་ཁྲོལ་བུ་རྣམས་རིན་པོ་ཆེའི་སྣོད་དུ་བཀོད་ལ༔ དེའི་སྟེང་བདུད་རྩི་འཁྱིལ་བ་ལྗང་སྔོན་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་བྱུང་བས་སྨན་གྱི་མ་དག་པ་ཐམས་ཅད་སྦྱངས༔ སླར་ཡང་འོད་ཟེར་གྱིས་བརྟན་གཡོའི་དྭངས་བཅུད་བསྡུས་ཏེ་ཞལ་དུ་ཞུགས༔ ཐུགས་ཀར་ཞུ༔ སྦྱོར་མཚམས་ནས་སྨན་ལ་ཐིམ་པས་ནུས་པ་ཆེས་ཆེར་བསྐྱེད་པར་བསམ་ལ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཁྲི་བཟླས་མཐར་ལ་མི་དམིགས་པར་བསམ་མོ༔ གཉིས་པ་ཕྱེ་མ་སྒྲུབ་པ་ནི༔ གོང་དུ་བཤད་པ་ལྟར་ལེགས་པར་སྦྱར་བ་ཆང་གི་ཉིང་ཁུས་བྲན་ཕབས་རྩི་དང་བཅས་ཀ་པཱ་ལར་བླུགས༔ དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་ནམ་ཟླ་དང་མཐུན་པའི་དྲོད་འབེབ་ཐབས་བྱ༔ སྒྲུབ་པའི་དངོས་གཞི་སྨན་སྒྲུབ་ཇི་ལྟ་བ་བཞིན་རྟགས་མ་མཐོང་བར་བྱའོ༔ གསུམ་པ་རིལ་བུ་སྒྲུབ་པ་ནི༔ དེ་ནས་སྐབས་ཀྱི་དངོས་གྲུབ་བླང་ཞིང་རིལ་བུར་དྲིལ་ནས་སྐམ་པ་དང་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས༔ དར་དམར་པོས་ཁ་བཅད་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག༔ འཆི་མེད་ཚེ་ཡི་ཕྲིན་ལས་ཀྱི་གཞུང་བསྲང་ཞིང་ཚེ་བཅུད་བསྡུས་པ་རིལ་བུར་བསྟིམ་པའི་དམིགས་པ་དང་བཅས་བཟླས་པ་དང༔ ཚེ་འགུགས་ནན་ཏན་དུ་བྱ༔ རིལ་བུ་ལས་འོད་དང༔ སྒྲ་དང༔ དྲི་བཟང་པོ་བྱུང་བའམ༔ རྨི་ལམ་དགེ་བའི་རྟགས་མཐོང་ནས་ལས་ལ་སྦྱར་རོ༔ བཞི་པ་ལས་སྦྱོར་གྱི་སྒྲུབ་པ་ནི༔ བླ་མའི་ཕྱི་སྒྲུབ་སྔོན་དུ་སོང་ནས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷནྡྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་འཁོར་འདས་ཀུན་གྱི་བཅུད༔ མེ་རླུང་སྦྱོར་བས་དམ་རྫས་ཆེན་པོར་བསྐོལ༔ ཞུ་ཁོལ་རླངས་པ་འོད་ཀྱི་གུར་ཁྱིམ་འཁྱིལ༔ དབུས་སུ་འཆི་མེད་རིག་འཛིན་བི་མ་ལ༔ དཀར་ལྗང་སྤྱན་ཟླུམ་ཨ་ཙར་གཞོན་ནུའི་ཚུལ༔ སོགས་ནང་སྒྲུབ་ཀྱི་ལས་གཞུང་བསྲང༔ ཚེ་ཡི་ཕྲིན་ལས་ལྟར་བཟླས་དམིགས་དང་ཚེ་འགུགས་ནན་ཏན་དུ་བྱ༔ ཁྱད་པར་ཚེ་སྒྲུབ་ཀྱི་བཟླས་པའི་མཇུག་ཏུ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཅུད་ལེན་གྱི་སྔགས་སྤེལ་ལ་བཟླ༔ མཐར་སྟེང་གི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པས་བཅུད་ལེན་གྱི་རིལ་བུ་འོད་འབར་བར་གྱུར་པའི་དྭངས་མ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང༔ རང་གི་གནས་གསུམ་དུ་ཐིམ༔ སྒོ་གསུམ་གྱི་དམ་ཚིག་ཉམས་ཆག་བྱང༔ སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ༔ སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པས་དབང་བླང་ཞིང་རིལ་བུ་བསྟེན༔ ཚོགས་འཁོར་བཟང་པོས་ཞལ་བསྲོ་ཞིང་ཤིས་བརྗོད་རྒྱ་ཆེར་བྱའོ༔ འདི་དག་གི་སྐབས་སུ་སྒྲུབ་གྲོགས་ཡོད་ན་མཚམས་དམ་པར་བཅད་ཅིང་སྔགས་རྒྱུན་མ་ཆད་པ་དང༔ ཐུན་མཚམས་སུ་ཚོགས་མཆོད༔ ཉུ་ལེ་བསྐྲད་པ༔ བྱིན་འབེབ་སོགས་ཀྱང་སྤྱི་ལྟར་བྱའོ༔ དེ་ལྟར་རྒྱས་པར་མ་གྲུབ་ན༔ ལས་སྦྱོར་གྱི་སྒྲུབ་པ་འདི་ཁོ་ན་ལྟར་བྱས་ནས་རྟགས་མཚན་བྱུང་བ་དང་དངོས་གྲུབ་བླངས་ཏེ་མདོར་བསྡུས་པའི་སྒྲུབ་ཚུལ་ལོ༔ ལྔ་པ་བསྟེན་པའི་མན་ངག་ནི༔ ལེགས་པར་བསྒྲུབས་པའི་རིལ་བུ་རླུང་མི་འཆོར་བའི་སྣོད་བཟང་པོར་ཚགས་བྱས་ལ༔ རབ་ཀྱིས་རགས་པའི་ཁ་ཟས་ཐམས་ཅད་སྤངས་ཏེ་ཐོ་རངས་དང་དགོང་མོའི་དུས་རིལ་བུ་བདུན་རེ་ཆུ་སྐོལ་ཚ་མོས་ཕུལ༔ ཚེ་སྒྲུབ་ཀྱི་དམིགས་པ་དང་རླུང་སྦྱོར་འཕྲུལ་འཁོར་རྒྱུན་མི་འཆད་པར་བྱའོ༔ འབྲིང་གིས་སྐོམ་ཅུང་ཟད་མ་གཏོགས་ཟས་གཞན་སྤངས་ལ་བསྟེན༔ ཐ་མས་ཟས་སྐོམ་སྤངས་མ་ནུས་ན༔ རུལ་སྐྱུར་དང་སྔོ་ཚོད་སོགས་སྨན་གྱི་ནུས་པ་ལ་གནོད་པའི་ཟས་སྤངས་ཏེ་བསྟེན་ནོ༔ ཡང་ན་སྨན་མར་དང་སྦྱར་ལ་བཟའོ༔ དེ་དག་གི་སྐབས་སུ་རིལ་བུ་ཉིད་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འདུས་པའི་ངོ་བོར་བསམས་ནས་ཟོས་པས་བདུད་རྩིའི་བཅུད་ཀྱིས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་རྡོ་རྗེའི་སྐུར་གྱུར་པར་བསམ་ལ་རླུང་ཁ་སྦྱོར་བཟུང་བ་ནི་ཤིན་ཏུ་གལ་ཆེའོ༔ དེ་ལྟར་བསྟེན་པའི་ཕན་ཡོན་ནི༔ ཚེ་རིང༔ རྒས་སྲ༔ ལུས་ཡང༔ དབང་པོ་གསལ༔ མངོན་ཤེས་འཆར༔ དཔའ་བོ་མཁའ་འགྲོ་ཐམས་ཅད་ངང་གིས་འདུ༔ ཚོགས་རྫོགས་བར་ཆད་ཐམས་ཅད་ཞི༔ ཆིག་བསྒྲིལ་དུ་བརྩོན་ན་འཆི་མེད་ཚེ་ལ་དབང་བའི་རིག་འཛིན་འགྲུབ་པར་འགྱུར་རོ༔ རྟག་ངུ་རིགས་གསུམ་ཀ་མ་རྙེད་ན་འཇམ་དབྱངས་རྟག་ངུ་ཁོ་ནས་ཀྱང་བསྒྲུབ་ཏུ་རུང་ངོ༔ དྲུག་པ་འདིའི་གདམས་པ་སྦྱིན་པའི་མན་ངག་ནི༔ འོད་ལྡན་བདུད་རྩིའི་དབང་བསྐུར་བ༔ གང་གིས་ཐོབ་པས་འཆི་མེད་འགྲུབ༔ ཅེས་གསུངས་པས༔ དད་པ་དང་དམ་ཚིག་ལྡན་ཞིང་སྙིང་ནས་སྒྲུབ་པ་དོན་དུ་གཉེར་བ་ལ༔ ཚུལ་བཞིན་བསྒྲུབས་པའི་རིལ་བུ་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་སྒྲུབ་པ་བསྐྱར༔ དེ་ནས་སློབ་མ་ཁྲུས་ནས་ཕྱུང་ཞིང་མདུན་དུ་འཁོད་པས་མཎྜལ་ཕུལ༔ གསོལ་བ་གདབ༔ རྒྱུད་སྦྱང༔ བླ་མ་ནང་སྒྲུབ་ལྟར་བསྐྱེད་ལ་ཡེ་ཤེས་དབབ་ཅིང་བརྟན་པར་བྱས་རྗེས༔ ཐོད་པ་རིལ་བུ་བཅས་སྤྱི་བོར་བཞག་ལ༔ རིལ་བུའི་སྟེང་དུ་རིག་འཛིན་བླ་མའི་དཀྱིལ་འཁོར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང༔ ཀ་པཱ་ལའི་ཚངས་བུག་ནས་བརྒྱུད༔ ལུས་ཀྱི་ནང་གང་བས་སྒྲིབ་པ་ཐམས་ཅད་དག་ཅིང་བུམ་པའི་དབང་ཐོབ་པར་བསམ་ལ༔ ཨོཾ༔ སྣོད་ནི་བཀྲ་ཤིས་རང་བྱུང་ཀ་པཱ་ལར༔ བཅུད་ནི་འཆི་མེད་བདེ་ཆེན་བདུད་རྩིར་འཁྱིལ༔ རིག་འཛིན་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར༔ བུ་ལ་དབང་བསྐུར་ཡེ་ཤེས་སྐུ་འགྲུབ་ཤོག༔ སྔགས་མཐར༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད༔ ལྷ་ཚོགས་འོད་དུ་ཞུ་བའི་བྱང་ཆུབ་ཀྱི་སེམས་དང་བཅུད་ལེན་གྱི་དམ་རྫས་སྨན་གྱི་རིལ་བུ་དབྱེར་མེད་པ་ལྕེ་ལ་བཞག་པས་གསང་བའི་དབང་ཐོབ་པར་མོས་ལ༔ བོ་དྷི་ཙིཏྟ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་རིལ་བུ་སྦྱིན༔ བདུད་རྩིའི་བཅུད་དང་དྭངས་མས་ལུས་ཐམས་ཅད་གང་ཞིང་འཁོར་ལོ་བཞིར་ཁྱབ་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་ལ༔ རིལ་བུ་བདུད་རྩི་དང་སྦྱར་བས་གནས་བཞིར་ཐིག་ལེ་བྱ་ཞིང༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མ་ལུས་བསྲང༔ རླུང་ཁ་སྦྱར༔ སེམས་རྟོག་མེད་དུ་བཞག་པས་དབང་བཞི་པའི་ཡེ་ཤེས་སྐྱེས་པར་བསམ་ལ༔ བླ་མས་དགོངས་པ་མི་གཡོ་བའི་ངང་ནས༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་བརྗོད༔ བཀྲ་ཤིས་ཀྱི་གླུ་བླངས་ཤིང་མེ་ཏོག་གི་ཆར་དབབ་པར་བྱའོ༔ དེ་ལྟར་བགྱིས་པས་གདམས་པ་ཉམས་སུ་ལེན་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཡོད་དོ༔ གཉིས་པ་ནམ་མཁའི་བཅུད་ལེན་ནི༔ རླུང་སྦྱོར་ལ་གོམས་པས་ཐོ་རངས་དང་ཉི་མ་འཆར་ཀ་སོགས་རླུང་རིག་དྭངས་པའི་དུས་གཙོ་བོར་བསྒོམ༔ དེ་ཡང་རང་གི་སྙིང་ཁར་རིག་པའི་ངོ་བོ་ཧྲཱིཿདམར་པོ་ལས་འོད་འཕྲོས༔ ལུས་ཀྱི་ཞེན་རྟོག་སྦྱངས༔ ལུས་འཇའ་ཚོན་ལྟ་བུར་གྱུར་པར་བསམ་ལ་རླུང་རོ་འབུད༔ སྣ་བུག་ནས་ཧྲཱིཿམེ་འོད་དང་བཅས་པ་འཕྲོས༔ སྣང་བའི་དངོས་པོ་བར་ཆད་ཀྱི་གདོན་བགེགས་དང་བཅས་པ་བསྲེགས་ཤིང་སྦྱངས་ཏེ་དཔག་ཚད་ཚུན་མེ་ལྕེ་གཅིག་ཏུ་འཁྱིལ་པའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་བསམ་ལ༔ ཧྲཱི་ཧྲཱི་ཧྲཱིཿཞེས་རིག་པ་ངར་བསྐྱེད་ལ་འདྲེན༔ དེ་ནས་ལུས་ཙོག་པུར་བསྲངས་ཏེ་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་པུས་མོ་གཉིས་ནས་འཁྱུད༔ སེམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་དྭངས་བཅུད་ཐམས་ཅད་མདུན་གྱི་ནམ་མཁར་སྔོ་མེར་གྱིས་འདུས༔ དེ་ཡོངས་སུ་གྱུར་པ་ལས་སློབ་དཔོན་བི་མ་ལ་སྐུ་མདོག་ནམ་མཁའ་དྭངས་པའི་མདོག་ལྟ་བུར་གྱུར་པར་བསམ་ལ་སེམས་བཟུང་ཞིང་ཚེ་སྒྲུབ་ཀྱི་སྔགས་ཡིད་བཟླས་བྱ༔ མཐར་བདུད་རྩིའི་ངོ་བོ་འོད་ཟེར་སྔོན་པོའི་རྣམ་པར་མེར་གྱིས་ཞུ་བ་རླུང་གཡས་གཡོན་དབུས་གསུམ་ནས་ཁས་ཧུབ་ཀྱིས་རྔུབ་པ་དང་མཉམ་དུ་རང་གི་ལུས་ནང་དུ་བྱུང༔ སྔོ་མེར་གྱིས་ཁེངས་པར་བསམ་ལ་འོག་རླུང་འཐེན་པ་དང་བཅས་ཁ་སྦྱོར་དུ་བྱ༔ རིག་པ་འཛིན་མེད་དུ་བཞག༔ མི་ཐུབ་ན་དལ་གྱིས་གཏང༔ སྐབས་སུ་འཕྲུལ་འཁོར་ཅི་རིགས་བརྒྱབ༔ སྐོམ་པའི་སྣང་བ་བྱུང་ན་ལྕེ་ཆུང་གི་མདོར་ཧཾ་དཀར་པོ་ལ་སེམས་གཏད་པས་བདུད་རྩི་དཔག་ཏུ་མེད་པ་བབས༔ ལུས་གང་བར་བསམ་ལ་ཆུ་རླུང་བཟུང༔ དེ་ལྟར་ཆིག་བསྒྲིལ་དུ་བརྩོན་ན་འཇའ་ལུས་འགྲུབ༔ བདུན་ཕྲག་རེ་སྦྱང་བས་ཀྱང་དུས་མིན་གྱི་འཆི་བ་བསླུ༔ ཐོ་རངས་ཐུན་རེ་མ་ཆག་པས་ཉིན་ཞག་རེའི་འཆི་བ་བསླུ༔ སྤྱིར་ཚེ་རིང༔ རྒས་སྲ་བ་སོགས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ཅེས་པ་འདི་ཡང་བི་མའི་ཡང་ཐིག་ཡེ་ཤེས་གསང་ལམ་གྱི་ཆ་ལག་ཡིན༔ ཤིན་ཏུ་ཟབ་ཅིང་འདྲིལ་བས་སྙིང་ནས་འོད་གསལ་མཆོག་གི་ལམ་ལ་སྒྲུབ་པར་བྱེད་པའི་གང་ཟག་མ་གཏོགས་གཞན་ལ་གསང་ཞིང་སྦྱིན་པར་མི་བྱའོ༔ བདུད་རྩི་གསང་བའི་སྲུང་མ་རྣམས་ཀྱིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིས་རྣལ་འབྱོར་པ་རྣམས་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པར་གྱུར་ཅིག༔ མངྒ་ལཾ། །དགེའོ།། ༁ྃ༔ ལམ་ཟབ་བླ་སྒྲུབ་བི་མ་ལས༔ དབང་བཞིའི་དོན་གླུ་བཞུགས༔ ཨ་ཧོ་ཡེ༔ ངོ་བོ་སྟོང་པ་ཆོས་དབྱིངས་ཀུན་ཁྱབ་བུམ༔ སྐྱེ་འགག་གནས་གསུམ་འགྲོ་འོང་བྲལ་བའི་བཅུད༔ ཡུལ་དབང་ཤེས་གསུམ་སྐུ་དང་ཡེ་ཤེས་སུ༔ རྟོགས་པ་འདི་ནི་བུམ་པའི་དབང་གི་གླུ༔ ཨ་ཧོ་ཡེ༔ ཐབས་ཤེས་མཁའ་གསང་དག་པའི་བྷནྡྷ་རུ༔ བདེ་བ་ཆེན་པོའི་ཡེ་ཤེས་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་སེམས་རྣམས་གཉིས་མེད་དུ༔ རྟོགས་པ་འདི་ནི་གསང་བའི་དབང་གི་གླུ༔ ཨ་ཧོ་ཡེ༔ སྟོང་པའི་དབྱིངས་ལས་རིག་པ་གསལ་བའི་ཆ༔ ཐབས་ཤེས་རེག་བྱའི་བདེ་བས་རྐྱེན་བྱས་ཏེ༔ དགའ་བ་རིམ་པར་འཕེལ་ཞིང་རྒྱས་པ་ནི༔ ཞེན་མེད་རང་བཞིན་ཤེས་རབ་དབང་གི་གླུ༔ ཨ་ཧོ་ཡེ༔ ངོ་བོ་སྟོང་པ་རང་བཞིན་གསལ་ཆ་ལས༔ ཡུལ་དབང་ཤེས་གསུམ་མཚམས་སྦྱར་སྣང་བ་རྣམས༔ གང་ཤར་མ་བཅོས་ངང་དུ་བཞག་པ་ནི༔ དབང་ཆེན་ཞེས་བྱ་དོན་དམ་ཆེན་པོའི་གླུ༔ ཨ་ཧོ་ཡེ༔ ཡུལ་དབང་ཤེས་གསུམ་རྣམ་པར་དག་པའི་ཕྱིར༔ ངོ་བོ་རང་བཞིན་ཐུགས་རྗེ་བུམ་པའི་དབང༔ གསུམ་ཀ་དབྱེར་མེད་ཆེན་པོར་བསྐུར་བ་ཡིས༔ དབྱིངས་རིག་དབྱེར་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨ་ཧོ་ཡེ༔ སྣ་ཚོགས་སྣང་བ་ཐབས་ཤེས་སྒྱུ་འཕྲུལ་གྱིས༔ རྩ་ཐིག་རླུང་གསུམ་དྲྭ་བ་གསང་བའི་དབང༔ ཐམས་ཅད་སེམས་སུ་འབྲེལ་བའི་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨ་ཧོ་ཡེ༔ སྣང་བ་བདེ་བ་ཡབ་ལ་སྟོང་པ་ཡུམ༔ ཟུང་འཇུག་བདེ་ཆེན་དགའ་བཞིའི་འགྲོས་ཀྱི་མཐར༔ མ་བཅོས་གནས་ལུགས་ཤེས་པའི་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨ་ཧོ་ཡེ༔ ངོ་བོ་སྟོང་པ་དབྱིངས་ཀྱི་མཁའ་ཀློང་དུ༔ རང་བཞིན་བདེ་ཆེན་ལྷུན་གྲུབ་འཇའ་ལྟར་ཤར༔ སྣ་ཚོགས་སྣང་བའི་ཆོས་རྣམས་སོ་སོར་གསལ༔ གསུམ་ཀ་དབྱེར་མེད་དོན་དམ་ངང་དུ་རྫོགས༔ ཞེས་འཇའ་ལུས་རིག་འཛིན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་བཅུད་དབང་བཞིའི་གླུ་འདི། ཁོ་བོ་མཆོག་གྱུར་གླིང་པ་ཆང་གིས་བཟི་བའི་སྐབས་སུ་དད་གུས་ཀྱི་བློ་ཅན་ཀརྨ་ཚེ་དཔལ་གྱི་ངོར་སྨྱོ་གཏམ་འཆལ་ཚིག་གི་ཚུལ་དུ་སྨྲས་བཞིན་དེ་འཕྲལ་ཉིད་དུ་ཡི་གེར་སྣང་བར་བྱས་སོ། །དགེ་ལེགས་འཕེལ།། །།

ཁྱི་སྨྱོན་བཅོས་པའི་ཐབས་ལག་ཏུ་བླང་བའི་རིམ་པ་ (Volume 46, Text 17)

༄༅། ཁྱི་སྨྱོན་བཅོས་པའི་ཐབས་ལག་ཏུ་བླང་བའི་རིམ་པ་བཞུགས་སོ། ། པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །སྙིགས་དུས་མ་མོ་འཁྲུགས་པའི་ཁ་རླངས་དང་། །རྒྱལ་འགོང་འབྱུང་པོ་ཁ་དར་ཆོ་འཕྲུལ་ཆེ། །དེ་དུས་ཁྱི་སྨྱོན་མི་སྨྱོན་བོང་སྨྱོན་གྱིས། །འགྲོ་བ་ཀུན་ལ་གནོད་འཚེ་ཆེ་བ་དང་། ཁྱད་པར་མེ་ཕོ་སྤྲེལ་ལོ་ཚེས་པའི་ཚེ། ཁྱི་སྨྱོན་གནོད་པ་ཆེན་པོ་དར་བར་གསུངས། །དེ་ཡི་སྲུང་ཐབས་བརྟག་ཐབས་བཅོས་ཐབས་དང་། །སྨན་དཔྱད་རྫས་སྦྱོར་དཔག་ཏུ་མེད་པ་རྣམས། །གཏེར་ཁ་དུ་མར་རྒྱ་ཆེར་གསུངས་ན་ཡང་། །ལག་ཏུ་མི་ལོན་སྨན་རྫས་དམ་ཚིག་དཀའ། །དེ་ཕྱིར་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས། །སྔགས་ཀྱི་བཅོས་ཐབས་གབ་སྦས་བསལ་ཏེ་བཀོད། །ཆོས་བདག་མཁའ་འགྲོས་བཀའ་ཡི་གནང་བ་སྩོལ། །སྔགས་མཁན་ཤ་ཆང་སྒོག་ཙོང་སྤངས་བྱས་ཏེ། །ཆུ་ཆེན་ཆུ་བླངས་སྔགས་ཆུ་མང་དུ་བྱ། །མི་རྟ་ནོར་ཕྱུགས་གང་ཕུག་རྣམས་ལ་ནི། །ཡུན་རིང་བར་དུ་བླུད་པས་ཕན་པ་འོ། །དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་ལ། །བདག་དང་ནད་པ་ཐམས་ཅད་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་རིག་སྔགས་བསྒྲུབ་པར་བྱ། །ཆོས་ཀུན་མི་དམིགས་ཡེ་ནས་རྫོགས་པ་ཆེ། །དེ་ཡི་རང་མདངས་རང་སེམས་ཧྲཱིཿཡིག་ལས། །རང་ཉིད་དབང་ཆེན་རྟ་མགྲིན་སྐུ་མདོག་དམར། ཁྲོ་བོའི་ཆས་རྫོགས་དབུ་གཙུག་རྟ་དབུ་འཚེར། །གྲི་གུག་ཐོད་ཁྲག་འཛིན་ཅིང་བརྐྱང་བསྐུམ་བཞུགས། །ཕག་མོ་དམར་མོ་གྲི་ཐོད་འཛིན་པ་འཁྱུད། །མེ་དཔུང་དབུས་སུ་པད་ཉི་རོ་སྟེངས་སུ། །འདོར་ཐབས་ཀྱིས་བཞུགས་ཐུགས་སྲོག་ཧྲཱིཿཡིག་མཚན། །ཡེ་ནས་དམ་ཚིག་ཡེ་ཤེས་གཉིས་མེད་ངང་། །སྟོང་པའི་ངང་ལས་ནད་པ་ཐམས་ཅད་ཀྱི། །ལུས་རྣམས་སོ་སོར་གཞལ་ཡས་ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་བཅས། །དེ་དབུས་པདྨ་ཉི་མ་ཟླ་བའི་སྟེང་། །སེམས་ནི་གསང་བདག་ཕྱག་ན་རྡོ་རྗེ་མཐིང་། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་ཐུགས་ཀར་སྒྲེང་། ཁྲོ་བོའི་ཆས་རྫོགས་འདོར་ཐབས་མེ་ཀློང་བཞུགས། །དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་གིས་མཚན། །དེ་ལྟར་གསལ་བས་སྔགས་འདི་གྲངས་མེད་བཟླས། །ཨོཾ་ཀྱཻ་ཀྱཻ་རིང་རིང་ཀྱེ་རིང་མཆེ་བའི་དབལ་སོད། །དང་པོ་སྔགས་འདི་སྟོང་ཕྲག་ཡན་ཆད་བཟླས། །དེ་ནས་སྔགས་འདི་བཟླ་བར་བྱ་བ་འོ། །ཨོཾ་དཀར་ཁྲམ་སོད། དམར་ཁྲམ་སོད། ནུར་ཁྲམ་སོད། ཁྲག་ཉག་རམ་སོད། མེ་ལྟར་འབར་བ་སོད། ཆུ་ལྟར་ཁོལ་བ་སོད། རླུང་ལྟར་འཕྱོ་བ་སོད། གཞི་དུག་ནད་ཀྱི་བདག་མོ་ལ་སྭཱ་ཧཱ། ཞེས་པའི་སྔགས་འདི་ལྔ་བརྒྱ་ཙམ་རེ་བཟླས། དེ་བར་ངག་བཅད་དེ་ནས་ཐུན་བསྡུ་བ། སྣོད་བཅུད་རང་ཐིམ་དེ་ཡང་མི་དམིགས་གྱུར། །དགེ་བས་འགྲོ་ཀུན་པད་འབྱུང་སྐུ་ཐོབ་ཤོག །དེ་ནས་སྔར་ལྟར་ཐུན་གཟུང་སྔགས་པར་བྱ། །དེ་ལྟར་ཡུན་རིང་ཞག་གྲངས་མང་དུ་བྱ། །ནད་པ་ལ་ནི་ཁྱི་སྨྱོན་གཏམ་མི་སྨྲ། །མི་གཙང་ལ་འཛེམ་དྲག་ཤུལ་འཐབ་རྩོད་སྤང་། །དེ་སྐད་རཱ་ག་ཨ་སྱས་བསྡུས་ཏེ་བྲིས། །དགེ་བས་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །མངྒ་ལཾ།། །། ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཨུ་པ་རཱ་ཛའི་སྐོར་ལས་བྱུང་བའི་གདམས་པ་ནི། ྈྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཁྱི་སྨྱོན་སྲུང་དང་བཅོས་པའི་ཐབས༔ ཀ་ཁ་ག་གསུམ་ཡིན་པ་སྟེ༔ དང་པོ་ཀ་ནི་ཁྱི་སྨྱོན་ནི༔ མི་འོང་བ་ཡི་ཐབས་ཡིན་ཏེ༔ རྫས་ནི་མི་དགོས་སྔགས་དམིགས་འདི༔ རང་ཉིད་ཐུགས་རྗེ་ཆེན་པོར་བསམ༔ རང་གི་ཐུགས་ནས་འོད་ཟེར་ནི༔ དཀར་ལ་དམར་བའི་མདངས་ཆགས་འཕྲོས༔ ཁྱི་རྣམས་ཐམས་ཅད་བྱིན་བརླབས་བསམ༔ དེ་ནས་སྔགས་ནི་འདི་ཡིན་ནོ༔ ཨོཾ་ཏོག་གེ་ཡ་ལེ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་པ་ཁྱི་སྨྱོན་མི་རྨུག་ཐབས༔ རྫས་ནི་མི་དགོས་སྔགས་དམིགས་འདི༔ མི་ཀུན་སྤྱི་བོར་ཐུགས་ཆེན་ནི༔ རྒྱལ་བ་རྒྱ་མཚོ་དམར་པོ་བསྐྱེད༔ དེ་ཉིད་བསྲུང་བྱར་ཐིམ་པར་བསམ༔ དེ་ལྟར་ལན་གྲངས་མང་དུ་བསྐྱར༔ ཨོཾ་ཝ་ལེ་ཡེ་ཝ་ལེ་ཡེ་ཨཻ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ག་པ་རྨུགས་ཀྱང་སྐྱོན་མེད་ཐབས༔ རྫས་ནི་མི་དགོས་སྔགས་དམིགས་འདི༔ རྨུགས་པའི་མི་དེའི་ སྤྱི་བོ་རུ༔ ཐུགས་རྗེ་ཆེན་པོ་བསྐྱེད་ནས་སུ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ མི་དེའི་དུག་རྣམས་དག་རྗེས་སུ༔ ཐུགས་རྗེ་ཆེན་པོ་ཐིམ་པར་བསམ༔ སྤྲོ་ན་ཟ་ཡིག་དཔེའུ་རིས་ལྟར༔ ཟ་ཡིག་་་་ྈ སྔགས་འདི་བཟླས་ཤིང་ཟ་ཡིག་སྔགས༔ ཨོཾ་ཧ་ལ་ཀུ་གུ་ཨ་མྲྀཏ་ཡེ་སྭཱ་ཧཱ༔ སྲུང་སྐུད་ཆུ་སོགས་སྔགས་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བྱ་ལོ་སྣྲོན་ཟླ་བའི་བཅུ་བདུན་ལ་རྒྱལ་བ་རྒྱ་མཚོས་གསུངས་པའོ།། །།

འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལས། མཁའ་འགྲོ་མནྡཱ་རཿབའི་བྱིན་རླབས་སྨིན་གྲོལ་གྱི་རིམ་པ་ཆུ་འབབ་ཏུ་བཀོད་པ་འཆི་མེད་བདུད་རྩིའི་བུམ་བཟང་ (Volume 49, Text 17)

༄༅། །འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལས། མཁའ་འགྲོ་མནྡཱ་རཿབའི་བྱིན་རླབས་སྨིན་གྲོལ་གྱི་རིམ་པ་ཆུ་འབབ་ཏུ་བཀོད་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་ཛྙཱ་ན་དྷཱ་ཀི་ནཱི་ཡེ། ཕུན་ཚོགས་སྲིད་ཞིའི་དྭངས་མར་སྨིན་པའི་དཔྱིད། །འཆི་མེད་མནྡཱ་རཿཡི་འཇོ་སྒེག་ནི། །མཚོ་སྐྱེས་གྲུབ་པའི་དགྱེས་སྡེ་ཌཱ་ཀིའི་གཙོ། །མི་ཤིགས་གཉུག་མའི་དྭངས་མཚོར་འབྲལ་མེད་སྟིམ། །ཡུམ་ཆེན་དགྱེས་པའི་ཟིལ་མངར་འཇོ་བའི་ཐབས། །ཟབ་གསང་ལེགས་བྲིས་ཟས་ཀྱི་ཉིང་ཁུའི་བཅུད། །སྔོན་སྨོན་ཆུ་སྐྱེས་གེ་སར་འཕོས་པ་ལས། །རང་ངོ་ཤེས་པས་སྨིན་ལམ་སྒོ་བརྒྱ་འབྱེད། །དེ་ལ་འདིར་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་མནྡཱ་རཿབའི་སྲོག་སྒྲུབ་ཀྱི་བྱིན་རླབས་དབང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་བཤམ་བཀོད་ཀྱི་རིམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པ་དུས་དགེ་བར། གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་མཁའ་འགྲོའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུར། དཀྱིལ་ཐང་ཆོས་འབྱུང་དམར་པོ་བསྣོལ་བའི་ལྟེ་བར་པད་ཉིའི་སྟེང་དུ་ཧྲཱིཿདམར་པོ་དང་གྲྭ་བཞིར་དགའ་འཁྱིལ་བཞིའི་མཚན་པའི་ཕྱི་རོལ་པདྨའི་ཕྲེང་བ་དང་རྡོར་རྭ་མེ་རིས་བསྐོར་བའི་དབུས་སུ། མཉྫིའི་སྟེང་བུམ་པ་མགུལ་ཆིངས་དམར་པོ་སོ་ལྔའི་བཅུད་ཀྱིས་གཏམས་པ་གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཀོད། གཡས་གཡོན་དུ་ཚེ་རིལ། ཚེ་ཆང་། མདའ་དར། གཞན་ཡང་གསང་རྫས་བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བའི་ཁ། དར་དམར་དང་མེ་ལོང་སིནྡྷུ་རའི་རྡུལ་གྱིས་བཀབ་པར་ཆོས་འབྱུང་དགའ་འཁྱིལ་དང་བཅས་པའི་དབུས་སུ་ཧྲཱིཿས་མཚན་པས་བཀབ། དེའི་སྟེང་དུ་མེ་ལོང་གཡའ་བྲལ་དང་རང་བྱུང་གི་ཤེལ་རྡོ་ཟུར་བརྒྱད་མ་ཉམས་པ་བརྩེགས། མདུན་དུ་མཁའ་འགྲོའི་དཔལ་གཏོར། སྨན་རཀ །བཀའ་སྲུང་མ་ནིང་གི་མཆོད་གཏོར་བཅས་བཀོད་མཛེས་སུ་བཤམ། ཆུ་གཉིས་དང་ཉེར་སྤྱོད་མཆོད་པས་བསྐོར་ཞིང་། གཞན་ཡང་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་འོག་ཏུ་དགོས་པའི་རིགས་གཙང་ཞིང་དག་པར་འདུ་བྱ། སྒྲུབ་པ་པོའི་མདུན་དུ་ནང་མཆོད། ཌཱ་དྲིལ། འཐོར་ནས། ལས་བུམ། ཐུན་བཟེད་སོགས་བཀོད་དོ། །གཉིས་པ་དངོས་གཞི་དབང་དོན་སྒྲུབ་མཆོད་ལ་བརྒྱུད་འདེབས་ནས་བརྩམ་ལས་བྱང་བསྟོད་པའི་བར་དཀྱུས་ལྟར་གཏང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ ཕཊ་ཛཿ ཞེས་སྦྱར་བས་ཛཔ྄་ཁང་དབྱེ། ལས་བྱང་ལྟར་བསྙེན་སྒྲུབ་ལས་བཟླས་འོས་སྟུན་དང་། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟར་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་མོས༔ རྩ་སྔགས་དང་ལས་སྦྱོར་བཅས་བཟླ། ལས་བུམ་དུ་དཔལ་རྟ་མཆོག་རོལ་པ་ཐོད་དབྱུག་དང་སྡིགས་མཛུབ་མཛད་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་པར་མོས་པས་ལས་སྔགས་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་སོགས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་། མཆོད་བསྟོད་དང་། ཡིག་བརྒྱ་བཟླས་ལ། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་རོ་གཅིག་ཏུ་གྱུར། སློབ་དཔོན་བདག་འཇུག་ལེན་པའམ་རིག་པའི་མེ་ཏོག་འཐོར་ཏེ་སློབ་མ་གཞུག་པའི་གནང་བ་ཞུ། བཀའ་སྲུང་གསོལ་མཆོད་དང་། ཚོགས་མཆོད་ཐ་མ་སྦྱོར་སྒྲོལ་མཆོད་པའི་བར་བྱ། དབང་དངོས་ལ་སློབ་མ་རྣམས་བསྡུས་ཏེ་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་སོན་པ་དང་བགེགས་བསྐྲད། མཚམས་བཅད་ནས། སེམས་བསྐྱེད་གསལ་གདབ། ཆོས་བཤད་རྒྱས་བསྡུས་གང་འོས་སྔོན་དུ་འགྲོ་བས། རྒྱལ་བ་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཚུལ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་ནི། སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་གི་གདུལ་བྱ་དབང་པོ་རབ་ཏུ་སོན་པ་རྣམས་སློབ་པ་མིན་པའི་ཟུང་འཇུག་གི་གོ་འཕང་རིན་པོ་ཆེར་མཚམས་སྦྱོར་བར་བྱེད་པ་བླ་ན་མེད་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་གྱི་གསང་བ་འབའ་ཞིག་ཡིན་ཞིང་། གསང་སྔགས་ཀྱི་ཆོ་ག་གཞན་ལས་སྒྲུབ་ཏུ་མི་ནུས་པའི་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་རྣམས་ཀྱང་ལམ་འདིས་དཀའ་བ་མེད་པར་བསྒྲུབ་ནུས་པ་དེ། རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལས་བྱུང་བའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་རག་ལས་པར་གཟིགས་ནས། བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་སྐུ་གང་འདུལ་དེར་སྣང་རྣམ་པ་ཐམས་ཅད་པར་འཆར་བ་དེ་ཉིད་མཁའ་སྤྱོད་དང་ས་སྤྱོད་ཀྱི་འཇིག་རྟེན་སོགས་ཧེ་རུ་ཀའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་འབྱམས་ཀླས་པ་རྣམས་སུ། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་མཐའ་ཡས་པའི་གཟུགས་ཀྱིས་ལྷན་ཅིག་སྐྱེས་པའི་དེ་ཉིད་མཚོན་པ་ལ་བརྟེན་ནས། གསང་སྔགས་ཀྱི་སྤྱོད་པས་དཔའ་བོ་རྒྱ་མཚོའི་རྡུལ་སྙེད་ཁ་སྦྱོར་ཡན་ལག་བདུན་གྱི་ས་ལ་དབུགས་དབྱུང་བར་མཛད་པ་ལས། སྐབས་འདིར་ངེས་པའི་དོན་དུ་ཆོས་ཐམས་ཅད་ཀྱི་འབྱུང་གནས་རྣམ་པར་ཐར་པ་སྒོ་གསུམ་གྱི་དབྱིངས། ཟག་མེད་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ་དབྱིངས་ཡུམ་ཀུན་ཏུ་བཟང་མོ་ཉིད། དེ་བཞིན་གཤེགས་པ་རིགས་ལྔའི་དགྱེས་སྡེ་རྡོ་རྗེ་བཙུན་མོ་དབྱིངས་ཡུམ་ཆེན་མོ་ལྔའི་རིགས་ཀྱི་འཁོར་ལོས་བསྒྱུར་མ་ཆེན་མོ་ལྔ། མཁའ་སྤྱོད་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཁྲོས་མ་རིགས་ལྔ། མཁའ་ཁྱབ་ཀྱི་གདུལ་བྱ་འདུལ་ཕྱིར་སྲིང་མོ་གངྒཱའི་ལྷ་མོ་དང་། སྒེག་སོགས་མཆོད་པའི་ལྷ་མོ་བཅུ་དྲུག་གི་རྣམ་པས་དཀྱིལ་འཁོར་རབ་འབྱམས་དགྱེས་པ་བསྐྱེད་པ་ལས། གསང་བ་སྔགས་ཀྱི་སྟོན་པ་དཔལ་ཧེ་རུ་ཀ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝར་བསྟན་ཅིང་ཚུར་མཐོང་གི་མཛད་པས་རིག་འཛིན་བཞིའི་ས་ལམ་སྐུ་ཚེ་གཅིག་གིས་མཐར་སོན་ཏེ་ཟུང་འཇུག་ཆེན་པོའི་རྒྱལ་ཐབས་ལ་དབང་བསྒྱུར་པའི་གུ་རུའི་ཐུགས་ལས་བྱོན་པའི་གསང་བའི་དགྱེས་སྡེ་ལྔ་རུ་གྲགས་པའི་ཡ་གྱལ་ཞིག་སྟེ། འཕགས་པའི་ཡུལ་གྱི་བྱེ་བྲག་ས་ཧོ་རའི་རྒྱལ་པོའི་སྲས་མོ། ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་རྗེ་མི་མོའི་སྲིད་པ་བཟུང་སྟེ། གསུང་རྡོ་རྗེ་གྲུབ་པའི་སློབ་དཔོན་ཆེན་པོའི་རྣམ་པ་པདྨ་སཾ་བྷ་ཝ་ལ་རྡོ་རྗེའི་བརྟུལ་ཞུགས་ཉེ་རྒྱུའི་སྤྱོད་པའི་གྲོགས་སུ་མཛད་ནས། གསང་ཆེན་བླ་མེད་རྒྱུད་སྡེའི་ཡང་སྙིང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་བརྟོལ་ཏེ་ཚོམ་བུ་ཚོགས་སུ་སྒྲུབ་པའི་གསང་བ་རྨད་དུ་བྱུང་བའི་སྨིན་གྲོལ་གྱི་ཆོས་ཆར་ཕབ་པས། ཟ་ཧོར་དང་ཨུ་རྒྱན་བོད་ཡུལ་གྱི་སྐལ་ལྡན་རྡོ་རྗེའི་འདུས་པ་མཐའ་ཀླས་པ་ཐམས་ཅད་རྡོ་རྗེའི་རིགས་སུ་བསྒྲུབས་པའི་ངོ་མཚར་གྱི་མཛད་པ་བསྟན་ཅིང་། རིགས་གསུམ་མགོན་པོའི་ཕོ་བྲང་བཀྲ་ཤིས་བྲག་ཕུག་འཆི་བ་མཐར་བྱེད་དུ། རྡོ་རྗེའི་ཚེ་སྒྲུབ་པའི་ཚུལ་གྱིས་ཡབ་ཡུམ་གཉིས་ཀ་སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཤིང་། ཚེ་བདག་མགོན་པོ་ཡབ་ཡུམ་གྱི་ཚེ་རྒྱུད་བྱེ་བ་ཕྲག་བརྒྱའི་བཀའ་གཏད་ནས་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་མངོན་དུ་གྱུར་ཅིང་། སླར་ཡང་མ་གཅིག་གྲུབ་པའི་རྒྱལ་མོ། རྣལ་འབྱོར་མ་རུས་པའི་རྒྱན་ཅན། ཡེ་ཤེས་མཁའ་འགྲོ་ནཱི་གུ་མ་ལ་སོགས་པ་མཚན་དང་སྐུའི་བཀོད་པ་བསམ་མི་ཁྱབ་པས་གསང་བ་ཟབ་མོའི་སྒོ་འབྱེད་པ་དང་། སྐལ་ལྡན་རྣམས་ལ་མཆོག་གི་ཡེ་ཤེས་སྦྱིན་པ་དང་། གདུལ་བྱ་ཐ་མལ་པ་རྣམས་ཀྱང་གྲོལ་བ་བཞི་ལྡན་གྱི་རྗེས་སུ་བཟུང་པ་དང་། སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་མཆོག་དངོས་སྟེར་པ་སོགས་ངོ་མཚར་གྱི་རྣམ་ཐར་བསམ་ལས་འདས་པའི་ལྷ་ལྕམ་མནྡཱ་རཿབའི་ཟབ་སྒྲུབ་རྨད་དུ་བྱུང་བ་འདི་ཉིད། མངའ་བདག་ཚངས་པ་ལྷའི་མེ་ཏོག་དང་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་འཕྲུལ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ། གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་འཇིགས་བྲལ་གྱི་སློབ་དཔོན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཨོ་རྒྱན་སངས་རྒྱས་གཉིས་པས་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། བཀའ་བབ་རིན་ཆེན་བདུན་གྱིས་དབུགས་དབྱུང་བར་མཛད་པ་ལས། བཞི་པ་ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག་རིག་འཛིན་ཆེ་མཆོག་གསུམ་ལ་བཀའ་བབས་པའི་ཐུགས་སྒྲུབ་རྣམ་པ་བཞིའི་གསང་སྒྲུབ་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ། འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤེས་རབ་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དུ༔ འཆི་མེད་གྲུབ་པའི་དབང་བསྐུར་སྩོལ༔ ཅེས་ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་དབྱིངས་ཕྱུག་མནྡཱ་རཿབ་རབ་འབྱམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། བདག་སོགས་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ཆེན་པོར་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧྲཱི༔ གདོད་ནས་དག་པ་སོགས་ལས་བྱང་ལྟར་སྐྱབས་འགྲོ་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མར་གྱུར་པའི་སྐྱེ་དགུ་མཐའ་དག་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་རྡོ་རྗེ་བཙུན་མོའི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་རྡོ་རྗེའི་ལམ་གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་ཏེ་འབྲས་བུ་མཐར་ཐུག་འཐོབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་གཞན་མཁའ་ཁྱབ་སོགས་སེམས་བསྐྱེད་ལན་གསུམ། གསག་སྦྱང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་རྒྱུན་བཤགས་ཡན་ལག་བདུན་པ་ཚིག་གི་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧྲཱི༔ ཕྱོགས་བཅུ་དུས་བཞིའི་སོགས་ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱི་རྒྱུད་སྡོམ་ལྡན་དུ་བྱ་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་སློབ་དཔོན་གཉིས་དཔང་པོར་བྱས་ཏེ། དམིགས་པར་བྱ་བའི་ཡུལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྒྲུབ་པར་བྱེད་པའི་ཐབས་སོ་ཐར་བྱང་སེམས་གསང་བ་སྔགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་ནས། གྲུབ་པའི་འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་གི་གོ་འཕང་འཐོབ་པར་བགྱིའོ་སྙམ་དུ་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་བ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་འགྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །ལན་གསུམ། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྣོད་བཅུད་རྒྱུད་གསུམ་གྱི་ཆོས་རྣམས་ཀ་དག་འོད་གསལ་རྣམ་ཐར་སྒོ་གསུམ་གྱི་དབྱིངས་སུ་གཟོད་ནས་རྣམ་པར་དག་པའི་སྣང་ཆ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་རང་སྣང་འོག་མིན་གསང་བ་མཆོག་གི་ཞིང་། བདེ་བ་ཆེན་པོ་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། སྐུ་གསུམ་ཕོ་ཉའི་དབང་ཕྱུག་འཆི་མེད་མནྡཱ་རཿབ་སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ཉིན་བྱེད་བྱེ་བས་འཁྱུད་པ་ལྟ་བུ་ཁྲོ་ཆགས་སྒེག་པའི་ལང་ཚོ་རྣམ་པར་རྒྱས་པའི་གཞོན་ནུ་མྱོས་མའི་ངང་ཚུལ་ཅན། ཕྱག་གཡས་རྡོ་རྗེའི་གྲི་གུག་མཁའ་ལ་གདེངས་ཤིང་། གཡོན་པས་བྷནྡྷ་ཚེ་བུམ་བདུད་རྩིས་གང་བས་མཚན་པ་ཐུགས་ཀར་གཟུང་བ། མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་ག་འཆང་བས་དགའ་བཞིའི་ཉམས་འགྱུར་ཐུགས་རྒྱུད་དུ་འདྲེན་པ། སྐུ་གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན་པ། སྤྱན་གསུམ་རྡོ་རྗེའི་ལྟ་སྟངས་དབྱིངས་སུ་གཟིགས་པ། དེ་ཡི་ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས་སུ་ཡེ་ཤེས་སེམས་དཔའ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་གསལ་བའི་ཐུགས་དབུས་ཐབས་ཤེས་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ། དེ་ལྟར་གསལ་བའི་རང་བྱུང་ལུས་ཀྱི་རྩ་གསུམ་འཁོར་ལོའི་གནས་ལྔར་ཁ་སྦྱོར་འཁོར་ལོའི་ཀློང་དུ་དབང་ཆེན་རིགས་ལྔ་ཡབ་ཡུམ་བཞུགས་པ། རིག་རྩལ་དབྱིངས་སུ་དག་པའི་དཔའ་བོ་རྣལ་འབྱོར་མ་འབུམ་སྡེའི་དབུས་ན་དགྱེས་དགུར་རོལ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་། དག་པ་མཁའ་སྤྱོད་དཔའ་བོ་ཌཱ་ཀིའི་ཞིང་ཁམས། ཨོ་རྒྱན་དྷཱུ་མ་ཐ་ལའི་གྲོང་ཁྱེར་ལ་སོགས་པ་དང་། རྡོ་རྗེའི་གནས་ཡུལ་དུར་ཁྲོད་བརྒྱད་ལ་སོགས་པ་ན་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབ་པ་བཞིན་བྱོན་ཏེ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྤོས་རོལ། ཐོད་རྔ། གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ལས་གཞུང་གི་སྤྱན་འདྲེན། ཧྲཱི༔ ཀ་དག་དབྱིངས་སྣང་སོགས་ཚང་བར་བརྗོད་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་བསྐུར་བ་ལ་ལྔ་ལས། ཐོག་མར་བུམ་དབང་མཐའ་རྟེན་དང་བཅས་པ་ནི། མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྨིན་མཚམས་མཛོད་སྤུ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་འཆི་མེད་ཚེ་ཡི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་ཅིང་། རྡོ་རྗེའི་གཏོར་བླུག་གི་ཆོ་གས་རྗེས་སུ་གཟུང་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་སྟེ་བུམ་ཆུ་བླུད། ཧྲཱི༔ ཀ་དག་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང༔ ལྷུན་གྲུབ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕུང་ཁམས་བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་། དྲི་མ་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། དེའི་རྗེས་འབྲེལ་དུ་ཤེས་རབ་སྟོང་པ་ཉིད་ཀྱི་ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་འདྲེན་པའི་ཆེད་དུ་འཆི་མེད་བདུད་རྩིའི་བཏུང་བ་བྱིན་པའི་མོས་པ་མཛོད། ཚེ་ཆང་སྦྱིན་ལ། ཧྲཱི༔ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལར༔ ནང་བཅུད་རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པ་རྡོ་རྗེ་བཟའ་བའི་རིལ་བུ་མྱངས་པས་དྭངས་མ་སྙིང་དབུས་མི་ཤིགས་ཐིག་ལེ་དང་གཅིག་ཏུ་འདྲེས་པའི་མོས་པ་མཛོད། ཚེ་རིལ་སྙིང་གར་གཏུགས་ཤིང་སྦྱིན་ཏེ། ཧྲཱི༔ འཁོར་འདས་བརྟན་དང་གཡོ་བའི་དྭངས་མའི་བཅུད༔ འཆི་མེད་རིག་འཛིན་སྒྲུབ་པའི་དམ་ཚིག་རྫས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡེ་ཤེས་ཌཱ་ཀིའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐུན་མོང་མ་ཡིན་པ་ཐོབ་པས་སྐུ་རྡོ་རྗེ་བུམ་པའི་དབང་ཐོབ། ལུས་སྐྱེ་འཆིའི་སྒྲིབ་པ་དག །འཆི་མེད་འཇའ་ལུས་རྡོ་རྗེའི་བྱིན་རླབས་ཞུགས། སྣོད་བཅུད་ཡེ་ཤེས་མཁའ་འགྲོའི་སྐུའི་དཀྱིལ་འཁོར་སྒོམ་པ་ལ་དབང་། ས་འོག་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །གཉིས་པ་གསང་བའི་དབང་ནི། འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་ཐབས་ཀྱི་དཔའ་བོ་དང་སྙོམས་པར་ཞུགས་པའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན་མུ་ཏིག་གི་མདངས་སུ་ཆགས་པ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ཉིད་ལྕེ་ཐོག་ཏུ་བཞག་པ་ལ་བརྟེན་ནས་ཆན་ལ་ཕབས་ཀྱིས་ཐེབས་པ་བཞིན་དུ། རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་བདེ་བ་ཆེན་པོའི་ཏིང་འཛིན་མུ་མཐའ་མེད་པས་ཁྱབ་སྟེ་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྲོང་ཁྱེར་ནས༔ སྙོམས་འཇུག་ཞུ་བདེས་དྲངས་པའི་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སེམས་དབུ་མའི་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ལ། མདུན་བསྐྱེད་གཙོ་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་གྱི་སྙིང་དབུས་འོད་གསལ་དབུ་མའི་སྦུབས་སུ་ཐབས་ཤེས་ཉི་ཟླ་ཁ་སྦྱོར་གྱི་དབུས་ཐུགས་སྲོག་ཧྲཱིཿཡིག་ནས་སྔགས་ཀྱི་ཕྲེང་བ་དམར་པོ་ལུ་གུ་རྒྱུད་དུ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སུ་འཁོར་བ་དེ་ལས་བྱུང་བའི་ཡི་གེ་འཁོར་ལོའི་སྤྲིན་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གྱི་འཁོར་ལོ་བཞིར་ཞུགས་པས། འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ་རྩ་བའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ སླར་ཡང་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་འཆི་མེད་ཡེ་ཤེས་ཌཱ་ཀིའི་རྩ་གསུམ་འཁོར་ལོའི་གནས་ལྔར་དབང་ཆེན་རིགས་ལྔ་ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་དང་མཁའ་གསང་ནས་འཁོར་བའི་འོད་ཀྱིས། འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་གནས་ལྔར་ཐིམ་པས་བདེ་སྟོང་དགའ་བཞིའི་ཉམས་འགྱུར་བསྐྱེད་པས་འཆི་མེད་རྡོ་རྗེའི་ཚེ་སྲོག་གྲུབ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿམ་ཧཱ་པུཎྱེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛ༔ རླུང་འབྱུང་འཇུག་གནས་གསུམ་ཡེ་ཤེས་རྡོ་རྗེའི་ཐུགས་སྲོག་འབྲུ་གཅིག་ཏུ་དག་པའི་ངེས་ཤེས་ཀྱིས་འཆི་མེད་གཉུག་མའི་རང་ཞལ་ལྟོས་ལ། ཧྲཱིཿཡིག་རྡོ་རྗེའི་བཟླས་པ་་་བུམ་ཅན་དང་སྦྲགས་པའམ་འཇུག་གནས་ལྡང་གསུམ་ཧྲཱིཿཡིག་ཏུ་མོས་པའི་རྡོར་བཟླས་བྱར་གཞུག།མཛོད་ཅིག །དེས་གསུང་རྡོ་རྗེ་གསང་བའི་དབང་ཐོབ། ངག་འཕོ་འཇིག་གི་སྒྲིབ་པ་དག །གཞོམ་མེད་རྡོ་རྗེ་ནཱ་དའི་བྱིན་རླབས་ཞུགས། རླུང་སྔགས་ཡེ་ཤེས་མཁའ་འགྲོའི་གསུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང་། ས་སྟེང་སྤྱོད་པ་མཁའ་འགྲོ་རྒྱ་མཚོའི་ལོངས་སྐུའི་གོ་འཕང་འཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །དབང་གསུམ་པའི་སླད་དུ་བདེ་སྟོང་གཉིས་མེད་མཚོན་པའི་མེ་ལོང་སིནྡྷུ་རའི་རྡུལ་གྱིས་བསྒོས་པ་ལས་རྡོ་རྗེའི་རིག་མ་གཟུགས་དང་ལང་ཚོར་ལྡན་ཞིང་འདོད་པའི་སྒྱུ་རྩལ་གྱི་གནས་ལ་མཁས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཐར་པ་བསྟེན་པ་ལ་བསྐུལ་བར་གྱུར། མེ་ལོང་བསྟན་ལ། ཧྲཱི༔ བདེ་ཆེན་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་གཟུགས༔ རྣམ་ཐར་གསུམ་ལྡན་དགའ་བཞིའི་དཀྱིལ་འཁོར་འདིས༔ ཐབས་ཤེས་གཉིས་སུ་མེད་པར་དབང་བསྐུར་བས༔ འོད་གསལ་ཕྱག་རྒྱ་ཆེན་པོར་རོ་གཅིག་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷུ་རའི་དཀྱིལ་འཁོར་གྱི་གནས་བཞིའི་རྡུལ་གྱིས་སྙིང་གར་བྱུག །དེས་ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་རྟེན་ཐིག་ལེ་འཕོ་འཛག་གི་སྒྲིབ་པ་དག །འཕོ་མེད་བདེ་ཆེན་རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཞུགས། དྲན་རྟོག་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་དཀྱིལ་འཁོར་སྒོམ་པ་ལ་དབང་། མཁའ་སྤྱོད་མཁའ་འགྲོ་རྒྱ་མཚོའི་ཆོས་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །བཞི་པ་དོན་གྱི་དབང་ལ། དབྱིངས་རིག་དབྱེར་མེད་མཚོན་པའི་ཤེལ་དང་མེ་ལོང་གི་བརྡས་དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་ངོ་སྤྲད་པར་མོས་ཤིག །ཤེལ་དང་མེ་ལོང་བསྟན་ཏེ། ཨ༔ འདི་ནི་དབྱིངས་དང་རིག་པ་དབྱེར་མེད་པ༔ དོན་དམ་འཆི་མེད་ཌཱ་ཀིའི་དཀྱིལ་འཁོར་ཏེ༔ བརྗོད་བྲལ་གནས་ལུགས་རྟོགས་པའི་དབང་བསྐུར་བས༔ འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེས་ཡེ་ཤེས་རྡོ་རྗེ་བཞི་པ་དོན་གྱི་དབང་ཐོབ། སྣང་གསུམ་འཕོ་བའི་སྒྲིབ་པ་དག །དོན་དམ་ཡེ་ཤེས་ཀྱི་མཁའ་འགྲོའི་བྱིན་རླབས་ཞུགས། སྣང་གྲགས་རིག་པ་གནས་གསུམ་མཁའ་འགྲོའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་སྒོམ་པ་ལ་དབང་། ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱ་ཀིའི་ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་རིན་ཆེན་འབར་བ་འདི་ཉིད། ཕྱི་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་སྐུ་གསུམ་དབྱེར་མེད་རྒྱལ་ཡུམ་ཡེ་ཤེས་ཌཱ་ཀི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རིགས་བདག་དང་བཅས་པ་བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པ་ཡོངས་རྫོགས་སུ་ཤར་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རིགས་ལྔའི་སྙིང་པོས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། གནས་སྐབས་སུ་དབང་བཞིའི་ལམ་སྒོམ་པ་ལ་དབང་། མཐར་ཐུག་སྐུ་བཞིའི་གོ་འཕང་འཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཧཱུྃ་ཧྲཱི༔ སྐུ་གསུམ་ཡེ་ཤེས་ཌཱ་ཀི་ནཱི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་གི༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་མནྡཱ་རཿསརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། གཏོར་མ་གནས་གསུམ་དུ་བཞག་སྟེ། ལྷ་ཚོགས་རྣམས་ཀྱི་གནས་ལྔའི་ཕྱག་མཚན་དང་ཡིག་འབྲུ་ལས་འཕྲོས་པའི་འོད་ཀྱིས་དབང་བཞི་ཡོངས་རྫོགས་ཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་གསང་བ་གསུམ་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་དབང་བསྐུར་བྱིན་གྱིས་བརླབས་པ་ལས། སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྣམ་པར་བསྡུས་ཏེ་བསྟིམ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ཕོ་བྲང་སོགས་ཚེ་འགུགས་བྱ། སློབ་མའི་གནས་ལྔར་དབང་ཆེན་རིགས་ལྔའི་ཕྱག་རྒྱའི་རྒྱས་བཏབ་པས་མི་ཤིགས་རྡོ་རྗེའི་ཕྱག་རྒྱས་བྱིན་གྱིས་བརླབས་པར་མོས་ཤིག །ཚེ་མདའ་གནས་ལྔར་བཞག་ལ། ཨ༔ སྤྲོས་པས་འཁོར་འདས་སོགས་རྒྱས་གདབ་མཐར། སྨིན་མཚམས་སུ་སིནྡྷུ་རའི་ཐིག་ལེའི་རྒྱས་གཏབ་ཀྱང་བྱ། མཐའ་རྟེན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་དང་། ཤིས་བརྗོད་བཅས་པ་སྤྱི་ལྟར་བྱ། དམ་ཚིག་ཁས་བླང་། མཎྜལ། ལུས་འབུལ་དང་། སླར་ཡང་ཟབ་མོ་ཁྲིད་ཀྱི་རིམ་པ་ལ་གཏེར་གཞུང་རྡོ་རྗེའི་ཚིག་ནི། བརྒྱད་པ་རྫོགས་པའི་རིམ་པ་ནི༔ ལུས་གནད་རྡོ་རྗེའི་ཆོས་བདུན་བཅས༔ འབྱུང་བའི་རླུང་དུག་བསལ་ནས་ཀྱང༔ ཕྱི་ནང་གསང་བའི་སྟོང་ར་བསྒོམ༔ ཁ་སྦྱོར་བཞི་ལྡན་གསལ་སྟོང་ངང༔ ལྟེ་འོག་སྦས་པའི་ཙཎྜ་ལཱིས༔ སྤྱི་བོའི་ཐིག་ལེ་བཞུ་བ་ཡིས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་མཆོད༔ བདེ་སྟོང་ཟུང་འཇུག་དོན་ལ་བལྟ༔ བོགས་འདོན་ལས་ཀྱི་ཕྱག་རྒྱ་མར༔ སྙོམས་འཇུག་ཟག་མེད་ངང་ལ་བཞག༔ རྗེས་ཐོབ་དག་དང་མ་དག་གི༔ སྣང་བ་ཐམས་ཅད་སྒྱུ་མར་སྦྱང༔ ཉལ་ཁར་སྣོད་བཅུད་འོད་གསལ་ངང༔ རིག་པ་ཡེ་ཤེས་སྦུབས་སུ་འཇུག༔ རྨི་ལམ་གང་ཤར་ངོས་བཟུང་ལ༔ སྦྱང་སྤེལ་སྤྲུལ་སྒྱུར་རང་ངོར་བཞག༔ ཐམས་ཅད་རིག་སྟོང་ཟུང་འཇུག་དབྱིངས༔ བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་གཤིས༔ བཅས་བཅོས་སྤང་བླང་བྲལ་བ་ཡིས༔ ཡེ་ཤེས་ལྷ་ཚོགས་རང་ལ་ཤར༔ དོན་དམ་འཆི་མེད་ཌཱ་ཀི་འགྲུབ༔ ཅེས་སོགས་གཏེར་གཞུང་ཐོག་མཐར་རྡོ་རྗེའི་ཚིག་གིས་དངོས་ཤུགས་ནས་ཇི་ལྟར་བསྟན་པ་བཞིན་སྐུ་རྡོ་རྗེ་བསྐྱེད་བཟླས། གསུང་རྡོ་རྗེ་གཏུམ་མོ་དང་། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་བཅས་རྡོ་རྗེའི་ཆོས་དྲུག་དང་། ཐུགས་རྡོ་རྗེ་གཞན་ལུས། ཡེ་ཤེས་རྡོ་རྗེ་ཕྱག་ཆེན་གྱི་རྣལ་འབྱོར་བཅས་དབང་བཞིའི་ལམ་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས། སྐུ་གསུམ་ཡེ་ཤེས་ཌཱ་ཀིའི་གོ་འཕང་རྟེན་འདིར་མངོན་དུ་བྱེད་པས་འཆི་མེད་འཇའ་ལུས་རྡོ་རྗེའི་སྲོག་བདེ་མྱུར་དུ་སྒྲུབ་པའི་ཐབས་ལ་འབད་པར་མཛོད་ཅིག །དེས་སྨིན་གྲོལ་ཆིག་རྫོགས་སུ་ཕུལ་ཞིང་གསན་པས་དགེ་རྩ་གཞན་དོན་དུ་བསྔོ་བའི་རྒྱས་འདེབས་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་སློབ་མ་རང་གནས་སུ་གཏོང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་ནས་གཟུང་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ་། །ཐུགས་བསྐྱེད་དུས་སྨིན་ཆོས་རྒྱུན་ཏིང་འཛིན་གྱི། །རིན་ཆེན་ལྡེའུ་མིག་གིས་ཕྱེ་ཟབ་གསང་སྒོ། །སྐལ་བཟང་དཔྱིད་དུ་ཐོབ་པ་ཕྱོགས་དུས་ཁྱོན། །སྤེལ་འདིས་ཆོས་ཀྱི་རྒྱལ་སྲིད་དབང་བྱེད་ཤོག །ཅེས་ཡུལ་མདོ་ཁམས་སུ་སྐྱེས་ཀྱང་རྒན་པོའི་ལང་ཚོའི་མེ་ཏོག་ཕྱོགས་མེད་ཀྱི་རྒྱལ་ཁམས་སུ་ངོམ་པའི་མུ་ཏོ་བ་བཀྲ་ཤིས་དཔལ་འབྱོར་པདྨ་དབང་ཆེན་དགྱེས་པའི་ཡིད་ཀྱི་ཟ་མ་ཏོག །ཆོས་ཀྱི་བདུད་རྩི་རྨད་དུ་བྱུང་བ་དག་གིས་ཡང་ཡང་ཁེངས་པའི་སྐལ་པ་མི་དམན་པའི་དགེ་མཚན་གྱིས་ཆོས་ཀྱི་མཆེད་གྲོགས་ཨཱ་ཡུའི་མིང་ཅན་གྱིས་བསྩལ་པའི་སྐྱེས་འདི་ཡང་འཕགས་ཡུལ་དུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཞལ་སྐོང་དུ་བསྡུ་བའི་ཚེ། མ་ཧཱ་གུ་རུའི་རྡོ་རྗེའི་སྐུའི་ཕྱག་རྒྱའི་རེ་ཁཱ་མངོན་པར་གསལ་བའི་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཤིང་སྤེལ་བའི་ཡི་གེའི་མཐུན་འགྱུར་བློ་གྲོས་རྣམ་གསལ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་ཞུས་པ་འདིས་ཀྱང་། ཚེ་རབས་ཀུན་ཏུ་འཆི་མེད་པདྨ་དགྱེས་པ་ཡབ་ཡུམ་གྱིས་དགྱེས་དགུར་སྐྱོང་བས་ཟབ་གསང་ཆོས་སྒོ་རབ་འབྱམས་ཟད་མེད་དུ་སྤྲོ་ནུས་པའི་རྟེན་འབྱུང་རྨད་དུ་བྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱུགས་ཀྱི་གོར་སྲུང་ཟབ་ཁྱད་ཅན་ (Volume 45, Text 17)

༄༅། །མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱུགས་ཀྱི་གོར་སྲུང་ཟབ་ཁྱད་ཅན་བཞུགས་སོ། ། བླ་མ་དམ་པ་རྣམས་དང་ཨོ་རྒྱན་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཕྱུགས་ཀྱི་གོར་སྲུང་བ་དང་ཞི་བའི་ཐབས་ལ་སྤྱི་དོན་བཞི་སྟེ། ཡིད་ཆེས་པའི་བྱུང་ཁུངས་དང་གཅིག །རྫས་བསྟན་པ་དང་གཉིས། སྔགས་བཤད་པ་དང་གསུམ། བྱ་ཐབས་བསྟན་པ་དང་བཞིའོ། །དང་པོ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཤེ་མའི་དོན་དུ་གནང་བའོ། །རྒྱལ་པོས་སློབ་དཔོན་ཆེན་པོ་ལགས། སྙིགས་མའི་དུས་སུ་སྲུང་བས་ནད་ཅང་ཐུབ་བམ་ཞུས་པས། སློབ་དཔོན་གྱི་ཞལ་ནས་འདི་ཉིད་སྲུང་བ་ཙམ་དང་མི་འདྲ་སྟེ། རྫས་དང་སྔགས་སུ་བཅས་ཤིང་། སྡེ་བརྒྱད་སྤྱིར་ཁ་བཅིངས་པས་ཐུབ་པ་ཡིན་གསུངས། དེར་སློབ་དཔོན་ལ་རྒྱལ་པོ་འཁོར་བཅས་ཀྱིས་ཞྭ་ཕུད་ཕྱག་འཚལ་གསེར་བྲེ་དང་དངུལ་བྲེ་མང་པོ་ཕུལ། འབྲས་ཆང་དྭངས་མ་དང་སིང་མ་མང་པོ་ཕུལ་ནས་ཞུས་པ་ལགས། དེ་ནས་རིམ་གྱིས་བདག་ལ་བརྒྱུད་པ་ཡིན་ནོ། །གཉིས་པ་རྫས་གསག་པ་ནི། ར་བསད་པའི་པགས་པ། སྨན་ལ། ཅུ་གང་། གུར་གུམ། ལི་ཤི །ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། གླ་རྩི། ཤིང་ཀུན། གུ་གུལ། གྷི་ཝཾ། ཤུ་དག་ནག་པོ། སྒོག་སྐྱ་སིལ་གཅིག །མུ་ཟི་ནག་པོ། རྟ་བོན་པ། ཕག་དང་སྤྱང་ཀིའི་བྲུན། སྡིག་པའི་ཤ །བཙན་དུག་རྣམས་ཁོང་པར་གཏང་བ་དང་བྱུག་པའི་རྫས་ཡིན། ཡང་། གུ་གུལ་དང་མུ་ཟི་ནག་པོ། རྟ་བོན་པ། ཁྱི་ནག་པོའི་བྲུན། སླེ་ཏྲེས། ཤིང་ཀུན། རྟ་བོན། སྒོག་སྐྱ། མི་རུས་བཙའ་ཅན། ཤི་སྐྲ། ཉུངས་དཀར། མི་དང་ཕག་གི་ཚིལ་བུ། གླ་རྩི། བྱི་བའི་བྲུན། སྡིག་པའི་ཤ །སྐྱེར་པའི་འབྲུ་རྣམས་བསྲེགས་ནས་བདུག་པའི་རྫས་ཡིན་ནོ། །གསུམ་པ་སྔགས་ལ་འདི་ལྟ་སྟེ། ཨོཾ་ནང་ནང་སྟིས་སྟིས་ཕུར་ཕུར་ནན་སྟིས་སྟིས་ཕུར་ཕུར་ནན། ལྷང་ལྷང་ཏྲི་སྟང་ཤག །ཤར་ཤར་དུང་དུང་རྦད་རྦད་ནན་སོད་སྭཱ་ཧཱ། ཞེས་པ་འདི་ལྷག་ཆད་མེད་པ་གལ་ཆེའོ། །བཞི་པ་བྱེད་ཐབས་ནི། ར་ལྤགས་དུམ་བུ་རེ་ཤ་ཕྱོགས་བརྡར་ལ་གོང་གི་སྔགས་ཚར་རེ་རྒྱ་སྣག་གིས་ཕྲེང་རེ་ལ་རྫོགས་པར་བྲིས་ལ། ཐོ་རེངས་སྐར་ཆུ་མང་ཉུང་ཕྱུགས་དང་སྦྱར་ལ་བླངས་ནས། དེར་བྱུགས་པའི་རྫས་རྣམས་ཞིབ་ཏུ་སྣུར་ལ་ཕྱེ་གདབ། དེ་ནས་རང་ཡི་དམ་དུ་གསལ་ལ་སེམས་བསྐྱེད་སྔོན་དུ་འགྲོ་བས་སྨྲ་བ་བཅད་ལ་གོང་གི་སྔགས་དེ་ཞག་གཅིག་གམ་གསུམ་དུ་བསྙེན་པ་བྱས་ལ་ཆུ་ལ་བཏབ། དེའི་རྗེས་ལ་ཕྱུགས་ཐམས་ཅད་བསགས་ལ། སྔགས་བསགས་པའི་རྫས་ཀྱི་དུད་པ་ལྕགས་ཀོང་དུ་སོལ་མེ་བྱས་ཏེ་ཐམས་ཅད་ཀྱི་ལུས་དང་ཁ་གདོང་ལ་ནན་ཆེར་བདུག་གོ །སློབ་དཔོན་གྱིས་སུམ་བྷ་ནིས་བགེགས་བསྐྲད་ཐུན་གྱིས་བྲབ། དེའི་ཉིན་དེའི་རྒྱབ་ཆོག་ཏུ་གཏོར་མ་བརྒྱ་རྩ་གཏོང་། གཙུག་ཏོར་གཟུངས་འདོན། བཀྲ་ཤིས་བརྗོད། བསྔོ་བ་བྱའོ། །དེས་ཞག་བདུན་ཚུན་ཆད་ལ་མ་ན་བར་གྱུར་ན། ལོ་གཅིག་ཏུ་གློ་གོར་རྒྱུ་གོར་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད་དོ། །ཞག་བདུན་ཚུན་ཆོད་ལ་ནད་ལངས་ན་ཁོངས་སུ་ཚུད་པའི་རྟགས་ཡིན་པས་ཁག་མེད་དོ། །དེ་སྟེང་རྗེས་གསོན་བག་ཕྱེའི་རིལ་བུའམ་སྔགས་ཆུ་ཡང་ཡང་གཏང་ངོ་། །དེའི་སྔགས་ནི། ཨོཾ་མན་མན་སྟིས་ནན། ལྷང་ལྷང་སྟིས་ཧ་ཤང་། ཤེལ་ཤེལ་དུལ་རྦད་སོད། ཐབས་དེས་ནི་ནད་ཚབས་ཇི་ལྟར་ཆེ་ཡང་ཞག་བདུན་ནས་ངེས་པར་འཚོ་འོ། །ཡོན་ཕྱེད་རིན་ལེན་པ་འཐད་གསུངས། སྔོན་གྲྭ་པ་མངོན་ཤེས་ཀྱིས་ཡར་འབྲོག་སྒང་ལ་གོར་སྲུང་འདི་བསྩལ་ནས། གྲ་ཐང་དུ་གཙུག་ལག་ཁང་བཞེངས་པ་དང་། ཁོ་བོ་ལྷ་མི་བློན་པོ་ཆེ་ངོ་བོ་རྣམས་ཀྱང་ཟས་ནོར་ཕུན་སུམ་ཚོགས་པ་བྱུང་བ། ཡར་འབྲོག་ཏུ་གོར་ཆེན་བྱུང་བ་ལ། མ་བྱུང་བ་རྣམས་སྲུང་། བྱུང་བ་རྣམས་གསོས་ནས་བཅུ་ག་བསྡུས་པས་ཕྱུག་པོར་སོང་བ་ཡིན་གསུངས། ༈ འཇིག་རྟེན་གྱི་མ་མོ་རྣམས་འཁྲུགས་པ་ལ་བརྟེན་ནས་ཕྱུགས་ནད་གོར་ཡམས་རྣམས་འབྱུང་བས་དེ་སྲུང་བའི་མན་ངག་ནི། བསམ་པ་བཟང་པོས་བུམ་པ་དང་མཎྜལ་སྤྱི་མཐུན་དུ་བྱས་ལ། རྣམ་འཇོམས་ཀྱི་བཟླས་པ་ཞག་གཅིག་བྱ། དེ་ནས་འབྲུ་སྣ། ཕྱེ་བྲེ་གང་དང་། འབྲུ་སྣ་ལ་ཕྱུགས་ནད་བདག་པོའི་གཟུགས་བྱ་སྟེ། དེ་ཡང་བུད་མེད་ནག་མོ་ཁྲག་གི་རལ་པ་ཅན། རྐང་པ་གཉིས་བསྒྲད་པ། ལག་ན་ནད་ཀྱི་རྐྱལ་པ་ཐོགས་ཤིང་ཁ་མིག་སོགས་དོད་པ་གཅིག་བྱས། དེའི་མདུན་དུ་འདམ་ས་ལ་ཕྱུགས་གང་ཡོད་ཀྱི་གླུད་གཟུགས་བྱས་ལ་སྤུས་བརྒྱན། བཙག་དང་རམ་གྱིས་ཁ་དོག་བསྒྱུར་པ་བཞག་གོ །གཞན་ཡང་རུས་པ་སྣ་ཚོགས་ཐལ་ཟན་ཐལ་ཆུ་དང་། ཆབ་གཏོར་བྷ་སུ་ཀི་དང་། ལན་ཆགས་གཏོར་མ་བཏང་བདེན་པ་བརྡར། རང་ཡི་དམ་དུ་གསལ་བས་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་། ནད་ཆད་པར་གསོལ་བ་གདབ། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་རྒྱ་ཆེན་པོ་འབུལ། གསེར་སྐྱེམས་ཀྱིས་མཆོད་ལ་ཕྱུགས་ནད་མི་འབྱུང་བའི་བཀའ་བསྒོ་དྲག་པོ་བྱའོ། །ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱས་ལ། རྔ་སྒྲ་དང་བཅས་པས་གྱེར་བ་འདི་སྐད་དོ། །ཧཱུྃ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད། །རི་རབ་ངོས་ལ་མི་བརྟེན་གང་ཡང་མེད། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད། །འབྱུང་བ་རླུང་ལ་མི་བརྟེན་གང་ཡང་མེད། །འཚོ་བའི་སྲོག་ལ་མི་འཛེམ་གང་ཡང་མེད། །རྣོན་པོའི་མཚོན་ལ་མི་འཇིགས་གང་ཡང་མེད། །ཟས་དང་སྐོམ་ལ་མི་ཆགས་གང་ཡང་མེད། །ཧཱུྃ། མཆོད་སྦྱིན་གླུད་ཀྱི་ཡོ་བྱད་ཕུན་ཚོགས་འདི། །སྤྱིར་ནི་སྣང་སྲིད་ལྷ་འདྲེ་རྣམས་ལ་བསྔོ། །སྒོས་སུ་ཕྱུགས་ནད་བདག་མོ་ཁྱོད་ལ་བསྔོ། །ཕྱུགས་ནད་སྣ་དགུ་ཐམས་ཅད་གཅད་དུ་གསོལ། །ཆག་ཆེ་ཉམ་ང་ཐམས་ཅད་ཟློག་ཏུ་གསོལ། །དེང་འདིར་མ་གནས་ས་ཕྱོགས་གཞན་དུ་བཞུད། ཁྱོད་ཀྱི་ཁྱོ་དང་མིང་སྨྲོས་ན། །ཕ་སྙིང་རྗེ་མེད་པའི་སྲིན་པོ་དང་། །མ་དམ་ཚིག་མེད་པའི་རེ་མ་ཏི། །དེ་གཉིས་གདུང་སེམས་སྐྱེས་པ་ལས། །ལས་ཀྱིས་སྐྱེས་པའི་མིང་སྲིང་བཞི། །ཟླ་ངོ་ལྔ་ན་བུ་སྐྱེས་པ། །དུང་སྒོང་དཀར་པོ་དེ་དང་གཅིག །གསེར་སྒོང་སེར་པོ་དེ་དང་གཉིས། ཁྲག་སྒོང་དམར་པོ་དེ་དང་གསུམ། །དུག་སྒོང་ནག་པོ་དེ་དང་བཞི་རུ་བྱུང་། །དུང་སྒོང་ནང་ནས་མི་དཀར་འཁྲུངས། །སུམ་ཅུ་རྩ་གསུམ་ལྷ་ཡུལ་བསྐྱལ། །ལྷ་ནད་དཀར་པོ་གཏོང་མཁན་ཁྱོད་ཡིན་པས། ཁྱོད་ལ་ཡས་དང་གླུད་འབུལ་ལོ། །ཕྱུགས་ནད་སྣ་དགུ་གཅད་དུ་གསོལ། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །གསེར་སྒོང་ནང་ནས་རྒྱལ་པོ་བྱུང་། །གླིང་བཞི་མི་ཡི་ཡུལ་ན་ཁྱོད་འདུག་སྟེ། །མི་ནད་སྣ་ཚོགས་གཏོང་མཁན་ཁྱོད་ཡིན་པས། ཁྱོད་ལ་ཡས་དང་གླུད་འབུལ་ལོ། །ཕྱུགས་ནད་སྣ་དགུ་གཅད་དུ་གསོལ། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། ཁྲག་སྒོང་ནང་ནས་ནག་མོ་རལ་ཅན་བྱུང་། །བབས་ནས་ཕྱུགས་ཀྱི་གླིང་ལ་ཆགས། །ཕྱུགས་ནད་གཏོང་མཁན་ཁྱོད་ཡིན་པས། ཁྱོད་ལ་ཡས་དང་གླུད་འབུལ་ལོ། །ཕྱུགས་ནད་སྣ་དགུ་གཅད་དུ་གསོལ། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །དུག་སྒོང་ནང་ནས་མི་ལུས་གླང་མགོ་ཅན། །བྱང་ཁ་སྣ་བརྒྱད་དེ་རུ་བབས། །ཕྱུགས་ནད་སྣ་དགུའི་བདག་པོར་གྱུར། །ཕྱུགས་ནད་གཏོང་མཁན་ཁྱོད་ཡིན་པས། ཁྱོད་ལ་ཡས་དང་གླུད་འབུལ་ལོ། །ཕྱུགས་ནད་སྣ་དགུ་གཅད་དུ་གསོལ། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །བློན་པོ་ནམ་མཁའི་མདོག་ཅན་གྱི། ཁྱོད་ལ་ཡུལ་དང་ཟས་སྦྱིན་པ། །བྱང་ཁ་སྣ་བརྒྱད་ན། །འབྲོང་གཡག་དར་མའི་ཁྱུ། །གངས་དཀར་སྟོད་ན་ཉལ། །རི་གཉན་གྱི་ནི་རྩྭ་ལ་ཟ། །ལུང་གཉན་གྱི་ནི་ཆུ་ལ་འཐུང་། །འཚོ་བའི་རྫི་བོ་དེ་ན་མེད། ཁྱོད་ཀྱི་ཟས་སྐལ་དེ་རྣམས་ཡིན། །ཟས་སུ་དེ་ཡི་ཤ་ལ་ཟོ། །སྐོམ་ན་དེ་ཡི་ཁྲག་ལ་ཐུངས། །གོས་སུ་དེ་ཡི་པགས་པ་གྱོན། །སོང་ཞིག་རྒྱུགས་ཤིག་གོར་བདག་མོ། །གལ་ཏེ་དེ་རུ་མི་འགྲོ་ན། །ལྷོ་ཁ་ལུང་དྲུག་ན། །སྟག་གུ་རི་བཀྲ་རྒྱུ། །རི་གཉན་རི་སྐྱེས་ཟ། །ལུང་གཉན་ཆུ་ལ་འཐུང་། །འཚོ་བའི་རྫི་བོ་མེད། ཁྱོད་ཀྱི་ཟས་སྐལ་དེ་རྣམས་ཡིན། །ཟས་སུ་དེ་ཡི་ཤ་ལ་ཟོ། །སྐོམ་ན་དེ་ཡི་ཁྲག་ལ་ཐུངས། །གོས་སུ་དེ་ཡི་པགས་པ་གྱོན། །སོང་ཞིག་རྒྱུགས་ཤིག་གོར་བདག་མོ། །གལ་ཏེ་དེ་རུ་མི་འགྲོ་ན། །སྡིག་པ་འབྲོང་ཙམ་གཅིག །རྩིག་པའི་རྨངས་ན་ཉལ། །སོང་ཞིག་རྒྱུགས་ཤིག་གོར་བདག་མོ། ཁྱོད་ཀྱི་ཟས་སྐལ་དེ་རུ་བཟང་། །ཟས་སུ་དེ་ཡི་ཤ་ལ་ཟོ། །སྐོམ་ན་དེ་ཡི་ཁྲག་ལ་ཐུངས། །གོས་སུ་དེ་ཡི་པགས་པ་གྱོན། །ཕས་ཀྱང་དེ་ལ་སྐལ། །མས་ཀྱང་དེ་ལ་སྐལ། །ཕ་ཟས་དེ་ལ་གྱིས། །མ་ཟས་དེ་ལ་མཛོད། །ཐལ་ཟན་ཐལ་སྐྱོ་འདི་ཡང་ཟོ། །ཤ་ཟས་རུས་པ་དང་། །མར་ཟས་སྐོགས་པ་དང་། །གླུད་གཟུགས་ཁྲ་བོ་རྣམས། །དེ་རིང་ཁྱོད་ཀྱི་རྫོངས་སུ་འདེབས། ཁྱོད་ཀྱི་ཟས་སྐལ་འདི་ན་མེད། །བྱད་ཁ་སྣ་བརྒྱད་ཡུལ་དུ་སོང་། །ཞེས་གྱེར་རོ།། གཏོར་མ་དང་ཡས་སྟགས་རྣམས་བྱང་ཕྱོགས་སམ་ནད་ཕྱོགས་སུ་རོལ་མོ་དང་བཅས་པས་འཕང་། ཟོར་མདའ་རྒྱག །དུལ་མོ་རྡུལ། དྲག་སྔགས་བཟླ། དེ་ནས་ཕྱི་མིག་མི་བལྟ་བར་ལོག །ཕྱུགས་ར་ལ་ཁྲུས་ཆུ་གཏོར། རིན་པོ་ཆེའི་གླེགས་བམ་ལ་དར་སྣ་བཏགས་ལ་རུ་བའི་གྲོང་མཐའ་སྐོར། བསྔོ་སྨོན་གདབ། བཀྲ་ཤིས་བརྗོད། ལན་གསུམ་བསྐྱར་ན་ཆུ་བཅད་པ་ལྟར་འགྲོ་གསུངས། ཕྱུགས་ནད་བཅོས་པའི་ཆོ་ག་ཟབ། ྀཨཚ། ༈ ཡང་གོར་སྲུང་ཟབ་མོ་ཞིག་བཞུགས། སློབ་དཔོན་མཁའ་འགྲོའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །གོར་སྲུང་འདི་ལ་རྫས་དང་སྔགས་གཉིས། འཁོར་ལོ་དང་གསུམ། ཕུར་པ་དང་བཞི། བྱང་བུ་དང་ལྔ་ཡོད་དོ། །དེ་ལ་དང་པོ་རྫས་ནི། གླ་རྩི། ཁ་ཆེ། རུ་རྟ། ཤུ་དག་ནག་པོ། ཤིང་ཀུན། གུ་གུལ། མུ་ཟི། སྒོག་སྐྱ། དྲི་ཆེན། དྲི་ཆུ། དེ་རྣམས་སྙོམ་ལ་ཆུར་བཏབ་ལ་སྔགས་འདི་སྟོང་ཚོ་གསུམ་བཟླ། སྔགས་ཆུ་སྣ་བུག་གཡས་པར་ཧུབ་རེ་བླུག །ཕྱུགས་ར་ལ་ཡང་གཏོར། ཟེ་བ་ལའང་བྱུག །འདོགས་སའི་བྲེས་ལའང་འཐོར། སྔགས་ནི། ཏདྱ་ཐཱ༔ ཛྭ་ལ་ཛྭ་ལ༔ པྲ་ཛྭ་ལ་པྲ་ཛྭ་ལ༔ པྲ་སྲ་ཤ་པ་ནི༔ པྲ་སྲ་ཤ་པ་ནི༔ པྲ་སྲ་མ་ཏི་པྲ་སྲ་མ་ཏི་སྭཱ་ཧཱ༔ འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་ལ། ལྟེ་བར་ཕྱུགས་འདི་ལ་གོར་སྲུངས་ཤིག་རཀྵ་རཀྵ༔ མུ་ཁྱུད་དང་པོ་ལ་རྩིབས་བཞི་དགོད། དེའི་དང་པོ་ལ། ནཱ་ག་དུ་ན་ཟློག༔ གཉིས་པ་ལ། མ་མ་ཨེ་ན་ཟློག༔ གསུམ་པ་ལ། མ་མ་དུ་ན་ཟློག༔ བཞི་པ་ལ། ཧ་ར་དུ་ན་ཟློག༔ དེའི་ཕྱི་རིམ་མུ་ཁྱུད་ལ་གོང་གི་སྔགས་རིང་བྲིས་པའི་མཇུག་ཏུ་རཀྵ༔ དེའི་ཕྱི་རིམ་ལ་ཡེ་དྷརྨཱ་རྣམས་དབུ་ཅན་བྲི། དེའི་ཕྱི་ལ་རྡོ་རྗེ། དེའི་ཕྱི་ལ་མེ་རི་འོ། །ཡང་ལུགས་གཅིག་ལ་མུ་ཁྱུད་རིམ་པ་གསུམ་བསྐོར། དེ་ལ་རྩིབས་བཞི། ལྟེ་བར་ཕྱུགས་འདི་རྣམས་ལ་སྲུངས་ཤིག༔བྲི། རྩིབས་བཞི་ལ་རིམ་པས། ཨོཾ་ཨཱ་དྷཱ་ན༔ གྷན་དུ་པ༔ ཨ་མ་ཛ་དུ༔ རཀྵ་སྭཱ་ཧཱ༔ རྩིབས་མཆན་ལ་རྡོ་རྗེ་ཕྱེད་པ་རེ་བྲི། དེའི་ཕྱི་ལ་ཡེ་དྷརྨཱ། དེའི་ཕྱི་ལ་མེ་རི་འོ། །དེ་ནས་སེང་ལྡེང་གི་ཕུར་པ་སོར་བཞི་པ་གཅིག་ལ། རྒྱ་མདུད་གོང་མ་ལ་ཨོཾ། གཅུམ་གཞོགས་ལ་ཧྲཱིཿ རྒྱ་མདུད་འོག་མ་ལ་ཧཱུྃ། དབལ་ལ་ཕཊཿབྲི། བྱང་བུ་ནི། གླང་མའི་བྱང་བུ་ལ། ཨོཾ་ཧྲཱིཿཧཱུྃ་ཛཿཛཿཧྲིང་ཧྲིང༔ ཨོཾ་བྷནྡྷ་མ་ཧཱ་རོ་པ་ཎི༔ ཆེ་གེ་མོའི་ངག་སཏྭམ་བྷ་ཡ་ནན༔ ཀ་རུ་ཚིན་དྷ་ཡེ་སྭཱ་ཧཱ༔ བསྒྲུབ་བྱ་ལ་བྱེད་ན་རང་གི་རྐང་པ་ལ་ཡང་བརྡབ་པར་བྱའོ། །རང་ཁ་ཤར་དང་བསྒྲུབ་བྱ་ནུབ་ཏུ་བསྟན་པ་ལེགས། ངག་མནན་པའི་མན་ངག་གོ །དགྲ་བོ་འབྱུང་བ་སྟོབས་སུ་གང་འགྱུར་རོ། །ཡང་། ནས་དཀར་མོ་འབྲུ་བདུན་དང་ཕ་ཝང་ལོང་བུ་ལ་འདི་བཏབ། སྤྱི་བོར་བཏགས་ན་ཤོ་རྒྱན་གང་ལས་ཀྱང་རྒྱལ་བར་འགྱུར་རོ། །ཟབ། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གོར་སྲུང་འདི་གསུངས་སོ། །གོར་འདི་ལ་རིགས་གསུམ་སྟེ། རྒྱུ་གོར། གློ་གོར། ཀླད་གོར་རོ། །དེ་ལ་རིགས་ཐམས་ཅད་ཐུབ་པའི་སྲུང་བ་ནི། སྨན་སྔགས་གཉིས་ལས། རྫས་ནི་གླ་རྩི། སྨན་ཆེན། རུ་རྟ། གུ་གུལ། མུ་ཟི་ནག་པོ། །ཤུ་དག །སྒོག་གཅིག་པ། ཤིང་ཀུན། དྲི་ཆེན། དྲི་ཆུ་རྣམས་བསྲེས་ལ་ཆུ་ལ་རྫས་བཏབ། སྔགས་ཀྱང་བཟླས་ལ་བཏབ། ཏདྱ་ཐཱ༔ ཛྭ་ལ་ཛྭ་ལ༔ པྲ་ཛྭ་ལ་པྲ་ཛྭ་ལ༔ པྲ་ཏི་ལ་ནི༔ པྲ་ཤུ་ལ་ནི་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་བཏབ། སྣོད་མཆུ་ཅན་གཅིག་གིས་ཕྱུགས་དུ་ཡོད་ཀྱི་སྣ་བུག་གཡས་པར་ཧུབ་རེ་བླུག །བལ་དང་བསྲེས་པའི་ཐུམ་བུ་བྱས་ལ་སྐེ་ལ་བཏགས། ཕྱུགས་ཀྱི་རྭ་དང་ལུས་ལ་བྱུགས། བྲེས་དང་ཐེམ་པ་ལའང་གཏོར། ཟླ་རེར་ལན་རེ་གྲུབ་ན་ལེགས། དེ་མིན་ལོ་རེ་ལ་ལན་རེ་བྱའོ། །གོར་སྲུང་འདི་རླུང་གི་སྔགས་འཆང་མ་ཎི་ཨིནྡྲ་རཱ་ཛས་ཉམས་སུ་བླངས་པས་ངེས་ཤེས་འདྲོངས་པ་བྱུང་གསུངས་སོ། །མངྒ་ལཾ། ཤི་ཆད་གོད་ཁ་གཅོད་པའི་སྔགས་ནི། ཨོཾ་ཛ་ཛ་ཛཿཏེ་སརྦ་ཤ་ཝ་རི་སྭཱ་ཧཱ༔ མ་ཧཱ་སིདྡྷི༔ བྷུ་གྷྲ་རཀྵ་རཀྵུ༔ གྷ་ཧ་ནེ། ཁ་ཐེན་དྲི་ཁ་མེ་ཙན༔ དྷི་ཏྲི་སྲཾ་ཡེ་སྭཱ་ཧཱ༔ འདི་ནི་དུད་འགྲོ་རྟ་བོང་སོགས་ལ་སྔོན་ནས་གོད་ཁ་བྱུང་ན་ཐེམ་འོག་ཏུ་སྦས་པས་ཕྱུགས་མང་དུ་འཕེལ་ལོ། ཁུངས་བཙུན་དུ་མཛད་དོ། །རི་ཁྲོད་ལོ་མ་གྱོན་མའི་འོ། །དགེའོ།། །། གཉིས་ཀ་མེ་རི་གཡོན་སྐོར་ཡིན།

དབང་ཆེན་དྲེགས་པ་ཀུན་འདུས་ལས༔ བསྙེན་དབང་ཟབ་མོ་ (Volume 26, Text 17)

༄༅༔ དབང་ཆེན་དྲེགས་པ་ཀུན་འདུས་ལས༔ བསྙེན་དབང་ཟབ་མོ་བཞུགས་སོ༔ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བསྙེན་པའི་སྣོད་དུ་བྱ་བའི་ཕྱིར༔ རྗེས་སུ་གནང་བའི་རིམ་པ་ནི༔ དང་པོ་སྐྱོན་མེད་སྣོད་བརྟགས་ལ༔ ཕྱག་འཚལ་མཎྜལ་སྔོན་སོང་ནས༔ སྐྱབས་འགྲོ་གསོལ་བཏབ་ལྷར་བསྐྱེད་ཅིང༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་སྦྱིན༔ མཐའ་རྟེན་སྐུ་དང་བཟླས་ལུང་དང༔ ཕུར་བསྐོར་ཕྲིན་ལས་མ་ལུས་སྡུད༔ ཁས་བླངས་དགའ་སྟོན་ཤིས་པ་བརྗོད༔ བྱ་བའི་རིམ་པ་ཀུན་བསྡུས་པའོ༔ ཞེས་པས་མདུན་བསྐྱེད་ཀྱི་སྒྲུབ་རྫས་རྣམས་ལེགས་པར་བཤམས་ལ༔ སློབ་དཔོན་གྱིས་བསྙེན་ཅིང་བསྒྲུབས་ཏེ༔ བདག་འཇུག་བླངས་ཏེ༔ སློབ་མ་ཁྲུས་ནས་དབྱུང་ཞིང༔ ཨོཾ་ཙཀྵུརྦནྡྷ་ཝཱ་ར་མ་ཎཱ་ཡ་ཧཱུྃ༔གིས་མིག་དར་བཅིངས་ཤིང༔ ཨཱ་ཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་བཀྲམ་ལ་མཎྜ་ལ་ཕུལ་ཏེ༔ སློབ་བུས་སྙིམ་པ་མེ་ཏོག་དང་བཅས་ཏེ༔ གསོལ་བ་གདབ་པ་ནི༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ཞེས་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་དང༔ ཐུན་མོང་མ་ཡིན་པའི་སྐྱབས་སེམས་ནི༔ ན་མོ༔ སྐྱེ་མེད་དོན་གྱི་བླ་མ་སྐུ་གསུམ་ལ༔ འགག་མེད་རང་རྩལ་ཡེ་ནས་རང་གསལ་གདབ༔ ཞེན་མེད་བློ་འདས་རང་རིག་ལྷུན་གྲུབ་ཀྱང༔ འཛིན་མེད་སྐུ་གསུམ་རང་ཆས་སྐྱབས་སུ་མཆི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ སློབ་མ་བསང་ཞིང་སྦྱངས་ལ་ལྷར་བསྐྱེད་པ་ནི༔ གནས་གཞི་དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ༔ ཉིན་པར་རླུང་དམར་འཚུབས་ཤིང་དུ་བ་ཕྱུར་པ༔ མཚན་མེ་འབར་བ༔ གནོད་སྦྱིན་དང༔ ཤ་ཟ་དང༔ འབྱུང་པོ་དང༔ མ་རུངས་པའི་ཚོགས་དུ་མ་རྒྱུ་བ༔ བྱ་རོག་དང༔ བྱ་རྒོད་དང༔ བཞད་ལ་སོགས་པའི་བྱ་ཤ་ཟན་མང་པོ་ནམ་མཁའ་ལ་ལྡིང་བ༔ ཀེང་རུས་ཤ་མེད་ཅིང་རུས་པ་འཆའ་བ༔ དུས་མ་ཡིན་པར་སེར་བ་དྲག་པོ་དང༔ གནམ་ལྕགས་ཀྱི་ཐོག་འབབ་པ༔ རྡོ་ཐམས་ཅད་ཚག་སྒྲ་འདོན་པ༔ ཤིང་ཐམས་ཅད་ཧཱུྃ་འདྲེན་པ༔ ཆུ་ཐམས་ཅད་རྒྱོབ་སོད་དང༔ ས་གཞི་ཐམས་ཅད་ཆེམ་ཆེམ་དང༔ མཱ་ར་ཡའི་སྒྲ་འབྲུག་ལྟར་ལྡིར་ཞིང༔ ནད་ཀྱི་ན་བུན་ཆེན་པོས་ཐམས་ཅད་འཐིབས་པ༔ སྐྱི་གཡའ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོ་དེའི་དབུས་སུ༔ སྣ་ཚོགས་པདྨ་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཧྲཱིཿལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་དབང་ཆེན་དྲེགས་པ་ཀུན་འདུལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་པས་རྡོ་རྗེའི་བེ་ཅོན་ནམ་མཁའ་ལ་ཕྱར་ཞིང༔ གཡོན་པས་གནམ་ལྕགས་ཀྱི་ཐོ་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་བསྣམས་ནས༔ གདུག་པ་ཅན་ཐམས་ཅད་ཀླད་ནས་གཟིར་བར་བྱེད་པ༔ དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པའི་སྤྱི་གཙུག་ནས་རྟ་མགོ་ལྗང་ཞུར་དྲག་ཏུ་འཚེར་བ༔ ཞབས་གཉིས་འདོར་སྟབས་ཀྱིས་སྦྱོར་གིང་བསྣོལ་བའི་སྟེང་ན་བཞུགས་པ༔ ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་ཞིང༔ དུར་ཁྲོད་ཀྱི་ཆས་ཆེན་པོ་བརྒྱད་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་དབུས་སུ་སྔགས་ས་བོན་དང་བཅས་པས་མཚན་པར་དམིགས་ལ༔ བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས༔ འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་དགའ་བ་ཚལ་གྱི་དུར་ཁྲོད་ནས་དབང་ཆེན་དྲེགས་པ་ཀུན་འདུལ་ལ༔ གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་སོགས་ན་གནས་པའི་སྲིད་པ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་སྤྲིན་གྱི་ཕུང་པོ་ལྟ་བུས་བསྐོར་བ་སྤྱན་དྲངས༔ སློབ་མ་ལ་ཐིམ་པར་བསམ་ཞིང༔ ཧྲཱི༔ དགའ་བ་ཚལ་གྱི་དུར་ཁྲོད་ནས༔ རུ་དྲ་ཕོ་མོ་བསྣོལ་བའི་གདན་སྟེང་དུ༔ ཐུགས་རྒྱུད་ངར་དང་བཅས་ནས་སུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ༔ ཨོཾ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ༔ ས་པ་རི་བཱ་ར་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་པའི་མཇུག་ཏུ་རྩ་སྔགས་ཀྱིས་བྱིན་དབབ་ཅིང༔ ཨཱ་བེ་ཤ་ཡ་ཨ༔ ཨ་དྷི་ཏིཥྛ་བཛྲཿགྱིས་བརྟན་པར་བཞུགས་ནས༔ རྩ་སྔགས་ཀྱིས་དཔུང་སྐུད་བཅིངས་ཤིང་དྲི་ཆུས་བྱིན་གྱིས་བརླབས་ཤིང་རྡོ་རྗེ་རྒྱ་གྲམ་གྱི་རྒྱ་དང༔ ལས་སྔགས་ཀྱིས་བརྟན་པར་བྱེད་ཅིང༔ རྫས་དབང་དུར་ཁྲོད་ཆས་བརྒྱད་བསྐུར་བ་ནི༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྟོད་ལ༔ གླང་ཆེན་རློན་པའི་རྒྱན་གསོལ་བས༔ གཏི་མུག་འཇོམས་པའི་སྟོབས་ལྡན་པས༔ ཤེས་རབ་མཆོག་ལྡན་དབང་ཐོབ་ཤོག༔ གླང་ཆེན་ཀོ་རློན་སྟོད་ལ་གཡོགས༔ ཧྲཱི༔ རྒྱལ་སྲས་ཁྱོད་ཀྱི་སྐུ་རེགས་ལ༔ མི་ལྤགས་གཡང་གཞི་འདི་གསོལ་བས༔ འཁོར་བར་མི་ལྡོག་ནུས་སྟོབས་ལྡན༔ རྟོགས་གྲོལ་ལྡན་པའི་དབང་ཐོབ་ཤོག༔ ཞིང་ཆེན་གཡང་གཞི་རྐེད་ལ་དཀྲི་བའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྨད་ལ༔ སྟག་གི་ཤམ་ཐབས་འདི་གསོལ་བས༔ འཁོར་བ་སྒྲོལ་བའི་ནུས་སྟོབས་ལྡན༔ མཐའ་གཉིས་འཇོམས་པའི་དབང་ཐོབ་ཤོག༔ སྟག་ཤམ་སྨད་ལ་དཀྲི་བའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་རྒྱན་ལ༔ ཐོད་པའི་ཕྲེང་བས་བརྒྱན་པ་ཡིས༔ ཆོས་སྐུ་མཐར་ཕྱིན་སྟོབས་ལྡན་ནས༔ རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ མི་མགོའི་དོ་ཞལ་སེ་རལ་ཁར་བརྒྱན་པའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ གདུག་པ་སྦྲུལ་གྱིས་རབ་བརྒྱན་པས༔ ཞེ་སྡང་རྣམ་དག་མཐུ་སྟོབས་ལྡན༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ སྦྲུལ་གྱི་ཆུན་པོས་ཡན་ལག་ལ་བརྒྱན་པའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ ཞག་གི་ཟོ་རིས་བརྒྱན་པ་ལ༔ ཡེ་ཤེས་བདུད་རྩིའི་བཅུད་དང་ལྡན༔ ཡེ་ཤེས་སྨིན་པའི་དབང་ཐོབ་ཤོག༔ ཞག་གི་ཟོ་རིས་ཀྱིས་སྐུ་དང་ཞལ་གྱི་ཁྱིམ་ལ་བརྒྱན་པའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ ཐལ་ཆེན་ཚོམ་བུས་རབ་བརྒྱན་པས༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ བདུད་བཞི་དགྲ་བགེགས་འཇོམས་པའི་དབང་ཐོབ་ཤོག༔ ཐལ་ཆེན་གྱི་ཚོམ་བུས་སྐུ་ལ་བྱུག་པའི་ཚུལ་བྱ༔ ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ ཁྲག་གི་ཐིག་ལེས་རབ་བརྒྱན་པས༔ འགྲོ་བ་ཐུགས་རྗེས་འདྲེན་པའི་སྟོབས་དང་ལྡན༔ མ་ཆགས་འགྲོ་དོན་བྱེད་པའི་དབང་ཐོབ་ཤོག༔ རཀྟའི་ཐིག་ལེ་མཁུར་ཚོས་དང་དཔྲལ་བར་བརྒྱན་པའི་ཚུལ་བྱ༔ དེ་ལྟར་དུར་ཁྲོད་ཆས་བརྒྱད་ཀྱི་དབང་བསྐུར་པས༔ དབང་ཆེན་རྟ་མཆོག་རོལ་པའི་སྐུར་གསལ་ཞིང་ང་རྒྱལ་བརྟན་པར་བྱས་ལ༔ རྡོ་རྗེ་གསེར་ཐུར་གྱིས་མིག་དར་ཕྱེས་ལ༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་ཕྱེས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་བྱེད་པའོ༔ ལྷ་ལ་སློབ་མ་གཏོད་པ་མེ་ཏོག་ཕྲེང་བའི་དབང་ནི༔ སློབ་བུས་མེ་ཏོག་སྔོན་པོ་དཀྱིལ་འཁོར་ལ་གཏོར་ཞིང༔ སངས་རྒྱས་དངོས་གྲུབ་འཐོབ་བྱའི་ཕྱིར༔ བདག་ལ་ཐུགས་བརྩེར་དགོངས་ནས་ནི༔ འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས༔ སྨན་པར་དགོངས་ཏེ་བཞེས་སུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་བརྗོད༔ སླར་ཡང་བླ་མས་དངོས་གྲུབ་ཀྱི་ཚུལ་དུ་མེ་ཏོག་གི་ཕྲེང་བ་སློབ་བུ་ལ་སྦྱིན་པ་ནི༔ པྲ་ཏཱི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ སེམས་དཔའ་སྟོབས་པོ་ཆེ་ཁྱེད་རང་གིས་སློབ་མ་འདི་སྙིང་པོ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག༔ ཅེས་དང་མེ་ཏོག་སྤྱི་བོར་བཞག་གོ༔ དེ་ནས་དབང་དངོས་ལ་འཇུག་པའི་དོན་དུ་སློབ་བུས་གསོལ་བ་བཏབ་པ་ནི༔ སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ལ་འདི་སྐད་དོ༔ དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན༔ རྡོ་རྗེ་མི་ཕྱེད་སྐུ་བསྒོམས་པས༔ སྐུ་ཡི་རྡོ་རྗེ་ཅན་གྱིས་ནི༔ བྱིན་རླབས་གནས་སུ་དེ་ལྟར་མཛོད༔ དཔལ་ལྡན་གསུང་གི་རྡོ་རྗེ་འཛིན༔ རྡོ་རྗེ་མི་ཕྱེད་གསུང་བསྒོམས་པས༔ གསུང་གི་རྡོ་རྗེ་ཅན་གྱིས་ནི༔ བྱིན་རླབས་གནས་སུ་དེ་ལྟར་མཛོད༔ དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན༔ རྡོ་རྗེ་མི་ཕྱེད་ཐུགས་བསྒོམས་པས༔ ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི༔ བྱིན་རླབས་གནས་སུ་དེ་ལྟར་མཛོད༔ ཅེས་གསོལ་བ་བཏབ་པས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་མཛད༔ ཡུམ་ལྔས་དབང་བསྐུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ༔ མངོན་པར་དབང་བསྐུར་བར་མོས་ལ༔ བུམ་པ་སློབ་མའི་སྤྱི་བོར་བཞག་སྟེ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པའི་ཆུ་སྦྱིན་ཞིང་དབང་བསྐུར་པས་ལུས་གང་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་རང་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ་ཞིང༔ བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས༔ ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག༔ སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ༔ བཀྲ་ཤིས་དེས་ནི་དབང་བསྐུར་མཆོག་དེ་ཁྱོད་ལ་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར༔ སླར་ཡང་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་དཔྲལ་བ་ནས༔ དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྐུ་མཆོག་དཔག་ཏུ་མེད་པ་བྱོན༔ སློབ་མའི་ལུས་ལ་ཐིམ་པས་དབྱེར་མེད་དུ་བསམ་ཞིང༔ གཏོར་མ་ཙཀ་ལི་དང་བཅས་པ་སློབ་བུའི་སྤྱི་བོར་བཞག་སྟེ༔ ཧཱུྃ༔ དབང་ཆེན་དྲེགས་པ་ཀུན་འདུལ་སྐུ་ཡི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ རྟ་མགྲིན་སྐུ་ནི་རབ་བསྒྲུབ་ཕྱིར༔ སྐུ་ཡི་དབང་ནི་ཁྱོད་ལ་བསྐུར༔ ཨོཾ་མ་ཧཱ་ཀྲོ་ཏ་ཧཱུྃ༔ ཨོཾ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ ཞེས་དབང་ཆེན་སྐུ་ཡི་དབང་བསྐུར་པས་ལུས་ཀྱི་སྒོ་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག༔ རྟ་མགྲིན་སྐུའི་དཀྱིལ་འཁོར་བསྒོམ་པ་ལ་དབང༔ སྐུ་ཡི་དམ་ཚིག་མ་ལུས་པ་བསྲུང་ཞིང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ༔ སླར་ཡང་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་མགྲིན་པ་ནས༔ གསུང་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་བྱོན༔ སློབ་མའི་ངག་ལ་ཐིམ་པར་བསམ་ཞིང༔ བགྲང་ཕྲེང་མགྲིན་པར་བསྐུར་ཏེ༔ ཧཱུྃ༔ དབང་ཆེན་རྟ་མགྲིན་གསུང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ རྟ་མགྲིན་གསུང་ནི་རབ་བསྒྲུབ་ཕྱིར༔ གསུང་གི་དབང་འདི་ཁྱོད་ལ་བསྐུར༔ ཞེས་དང༔ རྩ་སྔགས་ཀྱི་མཇུག་ཏུ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ ཞེས་དབང་ཆེན་གསུང་གི་དབང་བསྐུར་པས༔ ངག་གི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག༔ དབང་ཆེན་གསུང་གི་དཀྱིལ་འཁོར་བསྒོམ་པ་ལ་དབང༔ གསུང་གི་དམ་ཚིག་མ་ལུས་པ་བསྲུང་ཞིང་འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ༔ སླར་ཡང་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས༔ ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན༔ སློབ་མའི་སྙིང་ཁར་ཐིམ་པར་བསམ་སྟེ༔ ཕུར་བུ་སྙིང་གར་བསྐུར་ཏེ༔ ཧཱུྃ༔ དབང་ཆེན་རྟ་མགྲིན་ཐུགས་ཀྱི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ དབང་ཆེན་ཐུགས་ནི་རབ་བསྒྲུབ་ཕྱིར༔ ཐུགས་ཀྱི་དབང་ནི་ཁྱོད་ལ་བསྐུར༔ ཞེས་དང༔ རྩ་སྔགས་ཀྱི་མཇུག་ཏུ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་ཆེན་ཐུགས་ཀྱི་དབང་བསྐུར་པས༔ ཡིད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག༔ དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང༔ ཐུགས་ཀྱི་དམ་ཚིག་མ་ལུས་པ་བསྲུང་ཞིང༔ འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ༔ མཐར་རྟེན་དགྲ་གདོན་གྱི་རཱུ་པ་ལ་གདོན་བགེགས་ཐམས་ཅད་བཀུག་པར་དམིགས་ཏེ༔ ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཛ༔ ཞེས་བཀུག་ནས་ཕུར་བསྐོར་དང་བཅས་པས་སྙིང་དབུས་སུ་གདབ་ཅིང༔ ཧཱུྃ༔ དབང་ཆེན་ཁྲོས་པ་ཀཱི་ལ་ཡ༔ ལྕགས་ཀྱི་ཕུར་པ་ཟུར་གསུམ་པ༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ དམ་ཉམས་བགེགས་ལ་སྨྲོས་ཅི་དགོས༔ བཛྲ་ཐུན་བྷྱོ༔སོགས་ཀྱིས་གཟིར༔ ཧཱུྃ་གིས་འདྲེན་ཅིང་ཕཊ་ཀྱིས་སྤར་ནས༔ སློབ་མ་བགེགས་དང་བྲལ་བར་བྱས་ནས༔ བཟླས་ལུང་སྦྱིན་པ་ནི༔ སླར་ཡང་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་བྱུང༔ སློབ་མ་དབང་ཆེན་དུ་གསལ་བའི་ཞལ་དུ་ཞུགས༔ སྙིང་གར་ས་བོན་ལ་སྔགས་ཕྲེང་གིས་གཡས་སྐོར་དུ་འཁོར་བར་དམིགས་ཏེ༔ ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ༔ ཨོཾ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ ཧཱུྃཿཧཱུྃཿཧཱུྃ༔ ཕཊཿཕཊཿཕཊ༔ བཛྲ་ཐུན་བྷྱོ༔ བཛྲ་ཏྲིག་ནན༔ བཛྲ་ཛཿཛ༔ བཛྲ་ས་མ་ཡ་སཏྭཾ༔ ཧཾ་ཤཾ་ཏྲི་ཏྲིག་ནན༔ ཏྲི་ཧུར་ཐུཾ་ཛ༔ མཱ་ར་ཡ་ཕཊ༔ ཨོཾ་ཏུ་ཏྲིག་ཏྲིག༔ ཏུ་ཏྲིག་ཏྲིག༔ ཏྲི་ཧུར་ཐུཾ་ཛ༔ མཱ་ཡ་ར་ཕཊ༔ སརྦ་བྷཱུ་ཏ་ཏྲིག་ནན༔ ཞེས་ཚར་གསུམ་རྗེས་ཟློས་བྱེད་དུ་གཞུག༔ སློབ་བུས༔ བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་ཉེ་བར་མཛད་དུ་གསོལ༔ སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ༔ དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་བཞི་རྡོ་རྗེ་སློབ་མ་འདིའི་ཐུགས་རྒྱུད་ལ་འཇུག་པར་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་དང༔ སྐུ་གསུང་ཐུགས་ཀྱི་ཤིས་བརྗོད་ཀྱང་བྱའོ༔ དེ་ལྟར་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་བཟུང་ཞིང་ཁས་བླང་བ་ནི༔ སློབ་བུས་གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ཞེས་དང༔ ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དང་བཅས་པ༔ བླ་མ་དང་དབང་ཆེན་གྱི་ལྷ་ཚོགས་ལ་གཏང་རག་གི་ཚུལ་དུ་འབུལ་བ་ནི༔ སློབ་བུས་དེང་ནས་བརྩམ་སྟེ་བདག་བྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ ཁྱེད་ཀྱིས་སློབ་མར་བཟུང་བ་དང༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ ཞེས་སོ༔ སློབ་དཔོན་གྱིས་ལྷ་ལ་མཆོད་ཅིང་བསྟོད་དེ༔ ནོངས་པ་བཤགས་པ་བྱ་བ་དང༔ འོད་ཟེར་སྤྲོ་བསྡུའི་དབང་བླངས་ནས༔ རྟེན་ཡོད་ན་རང་བཞིན་ལ་བཞུགས་སུ་གསོལ་ཞིང༔ མེད་ན་ཡེ་ཤེས་པ་རང་གནས་སུ་གཤེགས་པར་མོས་ལ༔ དམ་ཚིག་པ་རང་ལ་བསྡུ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་བྱིན་ཆགས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ།། །།

རོལ་རྡོར་སེང་གདོང་སྨན་མཆོད་ (Volume 33, Text 17)

ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་རྡོ་རྗེ་ཕག་མོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་སིཾ་ཧ་མུ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། འཆི་མེད་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་རོལ་པའི་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། དྲག་མོ་སེང་གདོང་ལྷ་ཚོགས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི།

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་རྒྱུན་ཁྱེར་ (Volume 20, Text 17)

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་རྒྱུན་ཁྱེར་བཞུགས་སོ། །སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུྃ༔ འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་རྣམས་ལ༔ ཚེ་ཡི་རིག་འཛིན་མ་ཐོབ་བར༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཧྲཱི༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ ཚེ་ཡི་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ། ༈ ཨ་མཱ་ར་སིདྡྷི་རསྟུ། སྐྱབས་སེམས་སྔོན་དུ་འགྲོ་བས། ཧྲཱིཿ རང་རིག་ཧྲཱིཿཡིག་འོད་ཟེར་སྤྲིན། །རྡོ་རྗེའི་གུར་གྱིས་ཕྱོགས་བཅུར་བཅིངས། །དེ་དབུས་ཡེ་ཤེས་གཞལ་ཡས་ཁང། །ཡིད་འོང་ལྟེ་བར་པད་ཉིའི་སྟེང་། །ཧྲཱིཿལས་རང་ཉིད་ཚེ་དཔག་མེད། །དམར་པོ་མཉམ་གཞག་ཚེ་བུམ་འཛིན། །ལོངས་སྐུའི་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །མཚན་དཔེའི་གཟི་བྱིན་ཕུང་པོར་འབར། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཐུགས་ཀར་པད་ཟླར་ཏིང་འཛིན་ཧྲཱིཿ དེ་མཐར་དམར་གསལ་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་དངོས་གྲུབ་བསྡུས། །འགྲོ་ཀུན་འཆི་མེད་ལམ་ལ་བཀོད། །བརྟན་དང་གཡོ་བའི་ཆོས་བཅུ་བཞིའི། །དྭངས་མ་བདུད་རྩིའི་འོད་ཟེར་གྱི། །རྣམ་པས་ཏིང་འཛིན་ཧྲཱིཿལ་བསྟིམ། །ལུས་ཀུན་འཆི་མེད་དྭངས་མས་གཏམས། །གཞོམ་མེད་རྡོ་རྗེའི་གཡུང་དྲུང་སྐུ །རྟག་བརྟན་བདེ་བ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་བཟླས་པ་ཅི་ནུས་སུ། །ཏིང་འཛིན་ང་རྒྱལ་བརྟན་པོས་བཟླ། །རེས་འགའ་ཁ་སྦྱོར་རླུང་བཟུང་ནས། །ཡིད་བཟླས་ཏིང་འཛིན་ཉིད་དང་སྦྱར། ཐུན་མཐར་སྣོད་བཅུད་འོད་དུ་ཞུ། །ཐུགས་སྲོག་དྭངས་མའི་ཧྲཱིཿལ་བསྡུ། །དེ་ཉིད་མི་དམིགས་བརྗོད་བྲལ་ངང་། །འཆི་མེད་གཉུག་མའི་ངང་ལ་བཞག །སླར་ཡང་སྐད་ཅིག་ལྷ་ཡི་སྐུར། །ཆུ་ལས་ཆུ་བུར་རྡོལ་བ་བཞིན། །དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་སོགས་སྨོན་ལམ་ཤིས་བརྗོད་བྱ། །འཆི་མེད་ཡང་སྙིང་ཀུན་འདུས་ཀྱི། །གདམས་པའི་ཉམས་བཞེས་རྒྱུན་ཁྱེར་དུ། །མི་དབང་མཆོག་གི་བཀའ་བསྩལ་བཞིན། །སྙོམ་ལས་འཛིན་པ་གང་དེས་བྲིས། །དགེའོ།། །།

བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་ (Volume 30, Text 17)

༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་བཞུགས་སོ༔ ྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ གང་ཞིག་རྣལ་འབྱོར་ཚེ་ནི་རབ་འཕེལ་ཕྱིར༔ རྒྱུན་དུ་རྣལ་འབྱོར་ནར་མར་ཉམས་ལེན་པའི༔ ལམ་གྱི་རིམ་པ་དག་ནི་འདིར་བཀོད་བྱ༔ རྒྱུད་ལས༔ ཚེ་སྲོག་བརྟན་པ་ཡི་དམ་སྔགས་སྒྲུབ་དང༔ ཅེས་གསུངས་པས༔ ནར་མར་ཉམས་སུ་ལེན་པའི་ཚུལ་ནི༔ སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་སོགས་གྲུབ་པའི་ངང་ནས༔ སྐད་ཅིག་གིས་རང་གི་གནས་དེ༔ མངོན་པར་དགའ་བའི་ཞིང་ཁམས༔ འོད་ཟེར་དུ་མའི་ར་བ་དང་བཅས་པའི་དབུས་སུ༔ བདུད་རྩིའི་རྒྱ་མཚོ་འོད་ལྔའི་ཟེར་འཕྲོ་ཞིང༔ ཡེ་ཤེས་ཀྱི་སྙིང་པོའི་བཅུད་དང་ལྡན་པའི་དབུས་སུ༔ པདྨའི་སྡོང་པོ་འོད་ལྔའི་མདངས་ཅན༔ འདབ་མ་སྟོང་ལྡན་གྱི་དབུས་ཉི་ཟླའི་གདན་གྱི་སྟེང་དུ༔ རང་རིག་སྐད་ཅིག་མ་ལས༔ མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེ་དང་བཅས་པའི་ས་གནོན་མཛད་པ༔ གཡོན་མཉམ་གཞག་གི་སྟེང་དུ་ཚེའི་བཅུད་ཀྱིས་གང་བའི་བུམ་པ་བསྣམས་པ༔ ཁ་རྒྱན་པདྨའི་སྡོང་པོའི་དབུས་ན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ༔ རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་རྒྱན་དུ་མས་སྐུའི་གནས་ཀུན་ཏུ་སྤྲས་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ༔ དབུས་ཀྱི་རྭ་དང་ལྟེ་བ་སྔོན་པོ༔ རྭ་གཞན་རྣམས་ནི་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་བའི་ལྟེ་བའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་འོད་ལྔའི་རྡོ་རྗེ་རྒྱ་གྲམ་གཉིས་ཀྱི་སྟེང་འོག་ཏུ་གནས་པའི་དབུས་སུ༔ གནས་པའི་སྲོག་ནྲྀ་ཡིག་དམར་ལྗང་འོད་ལྔ་འཕྲོ་བའི་དབུས་སུ་དྭངས་མའི་སྲོག་ཐིག་ལེ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་དྭངས་དང་ལྡན་པའི་འོད་ཟེར་འཕྲོ་བ༔ ནྲྀའི་འཁོར་དུ་ཧཱུྃ་ཨཱོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རྣམས་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང༔ རིགས་ལྔའི་ས་བོན་འཁྲིལ་སྦྱོར་མཛད་པས་བདེ་སྟོང་མཆོག་གི་ཡེ་ཤེས་བསྐྱེད་པ༔ འདྲེན་སྲོག་སྔགས་ཀྱི་འོད་ཟེར་གྱི་ཐག་པས་རྡོ་རྗེ་རྒྱ་གྲམ་སྟེང་འོག་གཉིས་ཕྱོགས་དང་མཚམས་སུ་གཏམས་པ༔ ཡིག་འབྲུ་རང་རང་གི་སྒྲ་སྒྲོག་པར་བསམ་མོ༔ རྡོ་རྗེའི་ལྟེ་བའི་ཕྱིར་གཡས་སྐོར་དུ་སྔགས་ཀྱི་ཕྲེང་ཐག་གིས་འཁོར་བ་གྱེན་ལངས་ཀྱིས་གནས་པའོ༔ དེ་རྣམས་ནི་བསྐྱེད་རིམ་གྱིས་ཚེ་སྤེལ་བ་སྟེ་ཆོས་གསུམ་ལྡན་དུ་བསྒོམ་མོ༔ དེ་ལ་ཤེས་རིག་བརྟན་པར་གྱུར་པ་དང་བཟླས་པ་བྱ་སྟེ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་བྷྱཿསམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མ་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཞེས་པ་དམིགས་པ་དང་ལྡན་པས་བརྒྱ་རྩ་བརྒྱད་དུ་བཟླས་པའི་འོད་ཟེར་གྱིས༔ ལུས་ཀྱི་ནང་རྩ་འཁོར་ཐམས་ཅད་གང་ཞིང་ལུས་ལས་ཕྱིར་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ༔ དུས་གསུམ་གྱི་བདེ་བར་གཤེགས་པ་རིག་འཛིན་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཅུད་ཐམས་ཅད་ཚུར་བསྡུས༔ ཁམས་གསུམ་དུ་གནས་པའི་མཐུ་བོ་ཆེ་ཀུན་གྱི་གཟུང་འཛིན་གྱི་བག་ཆགས་ངན་པ་ཐམས་ཅད་བཅོམ༔ ཐམས་ཅད་བདེ་བ་ཆེན་པོའི་ས་ལ་བཀོད༔ མཐུ་དང་རྩལ་གྱི་ནུས་བཅུད་ཐམས་ཅད་རང་ལ་བསྡུས༔ ཁྱད་པར་འགྲོ་དྲུག་གི་གནས་སུ་འཕྲོས༔ ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་བཅོམ༔ ཡང་དག་པའི་ས་ལ་བཀོད༔ དེ་དག་རྣམས་ཀྱི་ཚེའི་ལྷག་མ་ཐམས་ཅད་ཟག་མེད་ཀྱི་བདུད་རྩིར་གྱུར་ནས་རང་གི་ལུས་ལ་ཐིམ༔ འོད་ཟེར་ཡི་གེའི་ཚོགས་དང་བཅས་པ༔ རྡོ་རྗེ་དམིགས་པའི་རྟེན་དང་བཅས་པ་ལ་ཐིམ༔ མ་བཅོས་པའི་རིག་པ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་དོན་ལ་ཡུན་ཇེ་རིང་དུ་གནས་པར་བྱའོ༔ དེ་དག་ནི་བཟླས་བསྒོམ་ལ་བརྟེན་ནས་ཚེ་སྤེལ་བའོ༔ དེ་ནས་དྭངས་མའི་སྲོག་མི་ཤིགས་པའི་ཚེ་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྒྱས་པ་ཚེ་ཁྲིད་དུ་བལྟའོ༔ སྐབས་སུ་ལས་བྱང་ལྟར་མཆོད་བསྟོད་དང༔ སྤྲོ་ན་ཚེའི་འགུགས་ཆོག་རྣམས་དང༔ རྣལ་འབྱོར་རྒྱུན་དབང་རྣམས་ཀྱང་བྱའོ༔ འདི་ནི་རྣལ་འབྱོར་རྒྱུན་གྱི་ལས་རིམ་དུ༔ རྒྱུད་དོན་གྲོལ་ནས་ཉམས་ལེན་དག་ཏུ་གདམས༔ སྐལ་ལྡན་ལས་ཅན་ཐུགས་ཀྱི་སྲས་དང་སྤྲོད༔ འཕྲད་ནས་ཐུགས་སྲས་བུ་དགུ་སྨིན་གྲོལ་ཤོག༔ ཅེས་གསུངས་ཏེ་དག་པའི་འཁོར་ཉེར་ལྔ་ལ་གདམས་པ༔ མཚོ་རྒྱལ་བདག་གི་ཡི་གེར་བཀོད་ནས༔ ཟབ་མོའི་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ འབྲུག་ལོ་ལ་ལྷ་རི་རིན་ཆེན་སྙིང་པོ་ནས་ལྷ་བཙུན་བདུད་འཇོམས་རྡོ་རྗེས་གདན་དྲངས་སོ།། ༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་ཚེ་བསྲིང་གི་ཉམས་ལེན་རྒྱུན་ཁྱེར་གཉིས་པ་བདུད་རྩིའི་རྒྱུན་འབྱུང་ཞེས་པ་བཞུགས་སོ༔ ྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ ཚེ་རིང་ནད་སེལ་ཐུགས་དམ་ཡིན་པར་གསུངས༔ ཞེས་པས༔ ཚེ་བསྲིང་ཞིང་ནད་སེལ་བའི་ཐུགས་དམ་བར་མའི་རིམ་པ་ལ༔ ཉི་མ་རྩེ་ཤར་གྱི་དུས་སུ་ཤར་ཕྱོགས་སུ་ཁ་བལྟས་ཏེ༔ སྔོན་འགྲོ་རྣམས་གྲུབ་པའི་རྗེས་སུ༔ མདུན་གྱི་ནམ་མཁའི་ཀློང་དུ་འོད་ལྔའི་ཐིག་ལེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཆེ་ཆུང་བློས་འཁྱུད་ཀྱི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དང་ཚེ་དཔག་ཏུ་མེད་པ་གཉིས་སུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་འཛིན་པ༔ འོད་ཟེར་ཁམས་གསུམ་དུ་འཕྲོས་ནས་མཆོད་སྦྱིན་དུ་འགྱེད་པ༔ འོད་ལྔའི་བསིལ་བྱེད་ཀྱིས་ལྷུང་བཟེད་ཀྱི་ཁ་ཁེབས་བྱས་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་འཁོར་ལོ་ལྔའི་གནས་ན་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་འཁོར་བཅས་གསལ་བར་བལྟས་ཏེ་ཡན་ལག་བཅུ་པ་བྱ་བ་ནི༔ ཧྲཱི༔ འོག་མིན་བདེ་ཆེན་ཞིང་ཁམས་ནས༔ བླ་མ་ཚེ་ཡི་ལྷ་ཚོགས་གཤེགས༔ མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔ དྲི་མེད་ཟླ་བའི་གདན་ལ་བཞུགས༔ བདག་སོགས་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་འབུལ༔ སྐྱེ་ཞིང་སྐྱེ་བར་ཉེས་སྤྱད་པའི༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཛད་པའི་ཚོགས་ལ་རྗེས་ཡི་རང༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ ཐེག་གསུམ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་ཀུན་སྨིན་གྲོལ་མ་འཁོད་བར༔ དབྱིངས་ལ་མི་བཞུགས་གསལ་བར་མཛོད༔ ཐེག་པའི་སྙིང་པོའི་དོན་མཆོག་རྣམས༔ སེམས་ཅན་ཀུན་གྱིས་མྱུར་རྟོགས་ཤོག༔ ཡང་དག་སྙིང་པོའི་དོན་སྤྱད་པས༔ ཀུན་ཀྱང་རིགས་ལྔའི་སར་ཕྱིན་ཤོག༔ ཅེས་པ་ཚར་གསུམ་བརྗོད༔ གསོལ་བ་གདབ་པ་ནི༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ ཚེ་དང་ཡེ་ཤེས་བདག་པོ་ཁྱོད༔ བདུད་རྩིའི་ལྷུང་བཟེད་ཁ་ཕྱེས་ལ༔ བསིལ་བྱེད་འབར་མའི་རང་བཞིན་ནས༔ བདེན་པ་བཞི་རྟོགས་ཆུ་བོ་ཕོབ༔ བདག་ལ་ཚེ་དབང་བསྐུར་དུ་གསོལ༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ དུས་འདིར་བདག་ལ་བདུད་རྩི་ཕོབ༔ འཆི་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ ཧཱུྃ་པུཥྤེ་ས་ར་ཧ་ཀ་ར་རེ་ཤྭ་རེ་ཧཱུྃ་ཕཊ༔ ཅེས་པ་བརྒྱ་རྩ་བརྒྱད་བཟླས་ལ་རླུང་རོ་གསུམ་ཕྱིར༔ དེ་ནས་འཇམ་རླུང་གསུམ་ནམ་མཁར་སོང་ནས༔ མདུན་གྱི་བླ་མའི་ཕྱག་གི་ལྷུང་བཟེད་ཀྱི་ཞབས་ལ་ཕོག་པས་ལྷུང་བཟེད་དྲོས་ཤིང་ཁོལ་ནས་འོད་ཟེར་བསིལ་བྱེད་ཀྱི་རྭ་བཞི་ནས་བརྒྱུད༔ བདུད་རྩི་འབུར་འབུར་ཕྱིར་བྱུང༔ རྩེའི་མཆོད་རྟེན་གཉིས་ནས་ཡེ་ཤེས་ལྔའི་བདུད་རྩི་ཆི་ལི་ལི་བྱུང་ནས་རང་གི་སྤྱི་གཙུག་ཚངས་བུག་ནས་ཞུག༔ སྤྱི་བོ་གང༔ གཏི་མུག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཚེ་དབང་ཐོབ༔ མགྲིན་པར་བབས༔ འདོད་ཆགས་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ གསུང་གི་དབང་ཐོབ༔ སྙིང་གར་བབས༔ ཞེ་སྡང་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཐུགས་ཀྱི་དབང་ཐོབ༔ ལྟེ་བར་བབས༔ ང་རྒྱལ་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཡོན་ཏན་གྱི་དབང་ཐོབ༔ གསང་བར་བབས༔ ཕྲག་དོག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཕྲིན་ལས་ཀྱི་དབང་ཐོབ༔ ལུས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་གང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ལ༔ ཟ་མ་ཞག་དང་ཟླ་བ་ལོ་རུ་ཉེ་བར་འཚེ་བའི་མི་མཐུན་ཕྱོགས་ཀུན་ཕྱིར་སངས་དག་ནས་བདུད་རྩིའི་འོད་ཟེར་གྱིས་གནས་ཁང་དང་ཡུལ་ཁམས་རྒྱལ་ཁམས་ཐམས་ཅད་མེར་གྱིས་བདུད་རྩིས་ཁེངས་པར་བློ་གནས་ཚད་དུ་བཞག་གོ༔ སླར་སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་ལ་ཐིམ༔ རང་ཡང་འོད་དུ་ཞུ་ནས་ནམ་མཁའི་བླ་མ་ལ་ཐིམ༔ བླ་མ་ཡང་འོད་དུ་ཞུ་ནས་གནས་ལུགས་མ་བཅོས་པ་དྭངས་མའི་ཚེ་བློ་འདས་རྟོག་བྲལ་གྱི་ངང་དུ་གནས་པར་བྱའོ༔ འདི་ནི་ནང་སྒྲུབ་བདུད་རྩིའི་རྒྱུན༔ ཉི་ཤར་དུས་སུ་མ་ཆག་ཉམས་བླངས་ན༔ རིག་འཛིན་ཚེ་ཡི་གོ་འཕང་ཐོབ་པར་འགྱུར༔ གནས་སྐབས་ནད་གདོན་འཆི་བ་བསླུ་བའི་མཆོག༔ སྤྱོད་ལམ་ཀུན་ཏུ་དེ་ཡི་ངང་བསྐྱང་ངོ༔ མཇུག་ཏུ་སྨོན་ལམ་དག་ནི་འདི་ལྟར་འདེབས༔ ཧོ༔ བླ་མ་མགོན་པོ་འཁོར་བཅས་ཀྱིས༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ བདག་གཞན་མ་ལུས་ཐམས་ཅད་ཀྱི༔ འདི་ཕྱིའི་འགལ་རྐྱེན་ཀུན་སེལ་ཞིང༔ འདུ་བ་རྣམ་བཞིའི་ནད་ཀུན་སོལ༔ བགེགས་དང་ལོག་འདྲེན་ཀུན་ལས་ཐར༔ ལོ་ཟླའི་ཀག་རྣམས་རང་སར་ཞི༔ ལུས་ངག་སེམས་ལ་བདེ་ཐོབ་ཤོག༔ ཅེས་བརྗོད་ནས་དྲི་ཆུའི་ཕྱེད་དེ་ནམ་མཁར་འཐོར༔ དེ་ནས་ཁྱོར་བར་བཟེད་དེ་ལུས་ཀྱི་འཁོར་ལོ་ལྔའི་ཚེ་བདག་ཡབ་ཡུམ་གྱི་སྦྱོར་མཚམས་བདུད་རྩིའི་རྒྱུན་དུ་བསམ་ལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་བཟླས་ཏེ་བཏུང་བར་བྱའོ༔ དེ་ནི་ལུས་འབྱུང་བཞི་འདུས་པའི་བུམ་ནང་དུ༔ ཕུང་ཁམས་སྐྱེ་མཆེད་བུམ་རྫས་སུ་རང་གྲུབ་པ༔ རིག་པ་རང་རྩལ་གྱི་ལྷ་རྩ་ཁམས་དཔའ་བོ་མཁའ་འགྲོའི་ཐུགས་རྗེ་བྱིན་རླབས་ཀྱི་ཆུ་རྒྱུན་ནང་སྒྲུབ་ཀྱི་རྫས་མཆོག་ཏུ་གྱུར་པའོ༔ དེ་ལྟར་ཉམས་ལེན་རྒྱུན་དུ་མ་ཆག་པར་བྱས་པས་རིང་པོར་མི་ཐོགས་པར་ཚེའི་རིག་འཛིན་ཐོབ་པར་འགྱུར་རོ༔ ཨེ་མ་བདུད་རྩི་འཁྱིལ་བའི་རྒྱུད་དོན་སྙིང་པོའི་མཆོག༔ ཚེ་བསྲིང་ཆོ་ག་རྒྱུད་ལས་ཁོལ་དུ་ཕྱུང༔ ཕྱི་རབས་སྙིགས་མའི་འགྲོ་རྣམས་སྐྱབས་ཕྱིར་དུ༔ ཨོ་རྒྱན་གསུང་བཞིན་ནམ་སྙིང་བདག་གིས་བཀོད༔ བདུད་འཇོམས་ཐུགས་སྤྲུལ་དེ་དང་འདི་འཕྲད་ནས༔ ཆོས་བདག་བུ་དགུ་སྨིན་གྲོལ་འཁོད་པར་ཤོག༔ སྨན་གྱི་ལྷ་མོ་བདུན་གྱིས་བཀའ་འདི་སྲུངས༔ བརྟན་མ་བཅུ་གཉིས་བཀའ་ཡི་བྱ་ར་གྱིས༔ རྒོད་བཙན་དམར་པོས་གཏེར་བདག་ལག་ཏུ་སྤྲོད༔ དུས་ངན་ཤར་དུས་འགྲོ་ལ་ཕན་ཕྱིར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ལྷ་རི་ནས་བདུད་འཇོམས་རྡོ་རྗེས་གདན་དྲངས་པའོ།། ༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་ཚེ་བསྲིང་བླ་མའི་མཚན་ཉིད་བརྟག་པ་བྱིན་བརླབ་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཚེ་ཉམས་འགུགས་ཤིང་གསོ་བའི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་ནི༔ རྒྱུད་ལས༔ ཡི་དམ་གསལ་ཞིང་བསྙེན་པ་ཐེམས་པ་ཡིས༔ དྲོད་རྟགས་ཕྲ་མོའི་ནུས་པ་ལྡན་པ་དང༔ དམིགས་མེད་དེ་བཞིན་ཉིད་ལ་བློ་བརྟན་པ༔ སྟོང་ཉིད་ཕྲ་མོ་རྒྱུད་ལ་ཤར་བ་དང༔ རྒྱུད་ལུང་ཐུགས་ལ་གསལ་བར་མཁྱེན་པ་ཡིས༔ ཆོ་གའི་ཡན་ལག་ཀུན་ལ་མཁས་པ་དང༔ བུམ་དབང་ལུས་ལ་ཐོབ་པས་བྱིན་རླབས་ལྡན༔ ལུས་ཀྱི་ལྷ་རྣམས་བསྐྱེད་རིམ་ལྷ་སྐུར་ཤེས༔ གསང་དབང་ངག་ལ་ཐོབ་པས་སྔགས་དང་ལྡན༔ བཟླས་པ་ཐེམས་ཤིང་གཏུམ་མོ་གོམས་པ་དང༔ ཤེས་རབ་ཡེ་ཤེས་ཡིད་ལ་གནས་པ་ཡིས༔ ཁམས་ཀྱི་བདུད་རྩི་ལྷན་སྐྱེས་ཡེ་ཤེས་མྱངས༔ བདེ་ཆེན་དབང་གི་སྙིང་པོ་རླུང་ལ་གོམས༔ གཟུངས་མའི་མཁའ་ནས་བྱང་སེམས་རང་ལ་བསྡུ༔ ལུས་ངག་ཡིད་རྣམས་དག་ཕྱིར་དབང་རྣམས་ཐོབ༔ དབང་རྫོགས་རྒྱུད་མཁྱེན་མན་ངག་ལྡན་པ་ནི༔ མཐུ་དང་བྱིན་རླབས་ངང་གིས་ཆེ་བ་ཡིན༔ ཉི་མ་གང་ལ་ཤར་བ་མུན་པ་སེལ༔ ཡོན་ཏན་དེ་ལྡན་དམ་ཅན་སྲུང་མ་ཉེ༔ འདི་ལྡན་བླ་མའི་མཚན་ཉིད་ཡོད་པས་ཏེ༔ ཕྱི་ཡི་བླ་མས་སྒྲོ་འདོགས་ཡོངས་སུ་སྤྱད༔ ནང་གི་བླ་མས་རང་བྱུང་ཡེ་ཤེས་ཤར༔ གསང་བའི་བླ་མས་ལྷན་ཅིག་སྐྱེས་པ་སྟོན༔ དེ་ཉིད་བླ་མས་ཆོས་རྣམས་ཤིན་ཏུ་དག༔ འདི་ཡིས་ཚེ་རྣམས་ཁུག་པར་ཐེ་ཚོམ་བྲལ༔ གང་ཉམས་སྐྱེས་བུས་བརྩོན་འགྲུས་རབ་བསྐྱེད་ནས༔ བླ་མ་དེ་ལ་ཚེ་ཆོག་མྱུར་དུ་ཞུས༔ ཞེས་གསུངས་པས༔ བླ་མའི་ངོ་བོ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ནོ༔ ངེས་ཚིག་བླ་མ་ཡེ་ནས་འགག་པ་མེད༔ མ་འགག་མེད་དོ༔ དབྱེ་ན་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱིའི་བླ་མས་ནི་ཤེས་བྱའི་གནས་ཐམས་ཅད་ཀྱི་མཚང་རིག་ཅིང༔ མདོ་སྔགས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་སྤྲོས་པའི་མཐའ་ཀུན་རང་གིས་ཆོད་ཅིང༔ གཞན་རྒྱུད་ལ་སྦྱོར་བར་མཁས་པ༔ ནང་གི་བླ་མས་དབང་བཞིའི་འཁོར་ལོ་བརྒྱུད་པར་ལྡན་པའི་ཡུལ་ལས་ནོད་ནས༔ རང་རྒྱུད་ལ་སྐུར་ཏེ་སྐུ་བཞིའི་ས་བོན་ཐེབས་ཤིང༔ གཞན་རྒྱུད་ལ་བསྐུར་བར་མཁས་པ༔ གསང་བའི་བླ་མས་རྡོ་རྗེ་གསུམ་གྱི་གནས་ལུགས་ཕྲ་མོའི་ཏིང་འཛིན་ལས་སུ་རུང་ཞིང༔ གཟེར་བཞིའི་དོན་དང་ལྡན་ཞིང༔ གཞན་རྒྱུད་ལ་ངོ་སྤྲོད་པར་མཁས་པ༔ དེ་ཁོ་ན་ཉིད་ཀྱི་བླ་མས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༔ རིག་པའི་དབྱེ་འབྱེད་ལ་གོམས་པའི་ཤུགས་མཐར་ཕྱིན་ཏེ༔ བརྡ་ཐབས་དུ་མའི་སྒོ་ནས་མདོ་རྒྱུད་ཀྱི་དོན་ཐམས་ཅད་གནད་གཅིག་ཏུ་བསྡུས་ཏེ་སེམས་དང་སེམས་ཉིད་ཀྱི་དབྱེ་འབྱེད་གཞན་རྒྱུད་ལ་ངོ་སྤྲོད་མཁས་པ༔ འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྣང་སྲིད་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་རྟོགས་པའི་གནད་གསང་ལ་མཁས་པ༔ ལམ་རིམ་ཀུན་ཀྱང་སྤྱི་བཤད་དང་དགོས་བཤད་ཀྱིས་ཡུལ་ལ་སྟོན་ཚེ༔ བབ་ཆོལ་མུན་ཕུགས་སུ་མ་སོང་སྟེ༔ ཚོགས་བཤད་དང༔ སྦས་བཤད་དང༔ དཀྲུགས་བཤད་དང༔ གབ་བཤད་དང༔ སྙན་བརྒྱུད་ཀྱི་བཤད་པས་གཞན་རྒྱུད་རིམ་དང་གཅིག་ཅར་སྐད་ཅིག་རེ་རེ་ནས་སྨིན་གྲོལ་ལ་བཀོད་ནུས་པ༔ སོ་ཐར་གྱི་སྒོར་ཞུགས་ནས་བསླབ་བྱ་མ་ཉམས་པར་སྲུང་བ༔ བྱང་སེམས་ཀྱི་སྒོར་ཞུགས་ནས་སེམས་བསྐྱེད་གསུམ་དང་ལྡན་པ༔ གསང་སྔགས་ཀྱི་སྒོར་ཞུགས་ནས་རྩར་སྤྱོད་དག་པ༔ བསྐྱེད་རིམ་དབང་གི་སྒོར་ཞུགས་ནས་རྣལ་འབྱོར་ཆེན་པོའི་ལམ་རིམ་ཀུན་ལ་སྦྱངས་ཤིང་མཁས་པ༔ ཁྱད་པར་སྣོད་བཅུད་རྟེན་དང་བརྟེན་ཅན་དུ་བསྒོམ་པའི་གནས་ལ་མཁས་པ༔ རྫོགས་རིམ་དབང་གི་སྒོར་ཞུགས་ནས་རྩ་རླུང་ཐིག་ལེའི་དོན་ཟུང་འཇུག་པ་དོན་ལྡན་དུ་སྤྱོད་ཤེས་པ༔ ཟུང་འཇུག་དབང་གི་སྒོར་ཞུགས་ནས་དབྱིངས་དང་ཡེ་ཤེས་བདེ་བ་ཆེན་པོར་རོལ་ཤེས་པ༔ བློ་འདས་དབང་གི་སྒོར་ཞུགས་ནས་སྣང་སྲིད་ཐམས་ཅད་རང་བྱུང་རིག་པའི་ཡེ་ཤེས་རང་རྩལ་ཞེན་མེད་རང་གྲོལ་དུ་སྐྱོང་ཤེས་པ༔ གནས་སྐབས་སུ་བྱང་སེམས་ཆེ་ལ་སྙིང་རྗེ་དང་ལྡན་པས་ལུས་དང་ལོངས་སྤྱོད་དངོས་པོ་ཐམས་ཅད་གཞན་དོན་དུ་གཏོང་བ་ལ་སྐྱོ་དུབ་སུན་པ་མེད་པ༔ བསྐྱེད་རྫོགས་དང་རྫོགས་པ་ཆེན་པོའི་དོན་སྟོན་པའི་ལག་ལེན་ལ་གོམས་པ་མཆོག་ཏུ་གྱུར་པའི་གང་ཟག་དེ་ལྟ་བུ་ནི༔ རྒྱལ་བའི་དགོངས་དོན་ཀུན་ལ་ནང་བྱན་ཚུད་པའི་བཅུད་ལྡན་ཡིན་པས་སྣང་ཚུལ་གང་ལྟར་དུ་འདུག་ཀྱང་བསྟེན་བྱའི་མཆོག་ཏུ་གྱུར་པ་ཡིན་ཏེ༔ རྒྱང་རིང་པོ་ན་འདུག་ཀྱང་དཀའ་བ་དང་དུ་བླངས་ནས་འབད་པ་དྲག་པོས་བསྟེན་པར་བྱའོ༔ དེ་ལྟ་བུ་བསྟེན་པས་གནས་སྐབས་སུ་ཚེ་སྲོག་གི་བར་ཆད་ཐམས་ཅད་སེལ༔ མཐར་ཐུག་ཏུ་སེམས་ཉིད་སངས་རྒྱས་སུ་ངོ་འཕྲོད་ནས་སྐྱེ་འཆི་མེད་པའི་ཚུགས་ཐུབ་ནས་སྐུ་ལྔའི་རྒྱལ་སྲིད་ལ་དབང་ཐོབ་པའི་ཡོན་ཏན་ཡོད་དོ༔ དེ་ལྟ་བུའི་མཚན་ལྡན་གྱི་བླ་མ་མ་རྙེད་ན་སོ་ཐར་གྱི་སྡོམ་པ་དང་ལྡན་པའི་དགེ་སློང་ངམ༔ བྱང་སེམས་དང་ལྡན་པའི་རྟེན་གང་ཡང་རུང་བའམ༔ དམ་ཚིག་ལ་གནས་པའི་སྔགས་འཆང་ངམ༔ བརྟུལ་ཞུགས་དང་ལྡན་པའི་རྣལ་འབྱོར་གྱི་རིགས་ཅན་གྱིས་འཆི་བསླུའི་ཆོ་ག་བྱས་ན་གནས་སྐབས་སུ་རྐྱེན་ཕྲན་བུ་ཙམ་སེལ་བར་འགྱུར་རོ༔ སྡོམ་པ་དམ་ཚིག་སྣ་གཅིག་ཀྱང་མ་བླང་མི་སྲུང་བས་ནི་ལས་གང་ལ་བརྩམས་ཀྱང་རྒྱུ་གྲོན་པ་ལས་དོན་འགྲུབ་པར་མི་འགྱུར་བས་ན་མཚན་ལྡན་གྱི་གང་ཟག་བཙལ་བ་གནད་ཤིན་ཏུ་ཆེའོ༔ མཚན་ལྡན་རང་རིག་རྟོགས་པ་མཆོག་གི་རྟེན༔ ཕུང་ཁམས་ལྷ་རུ་གསལ་བས་གང་བྱས་འགྲུབ༔ དམ་ཚིག་སྡོམ་ལ་གནས་པས་བདེན་སྟོབས་འབྱུང༔ ཆོ་ག་ཕྱག་ལེན་མཁས་པས་སྐྱེ་བོ་མགུ༔ དེ་དག་རྣམས་ལས་ལོག་པས་སླར་ལ་གནོད༔ དེ་ཕྱིར་བླ་མ་བརྟག་ལ་རབ་བརྩོན་གྱིས༔ བླ་མའི་བརྟག་པ་བྱིན་རླབས་སྤྲིན་ཕུང་འདི༔ ཕྱི་རབས་སྙིགས་དུས་འགྲོ་རྣམས་བདུད་དབང་འགྲོ༔ དེ་བཟློག་དོན་ཕྱིར་ཚེ་སྒྲུབ་དཔག་མེད་བསྟན༔ ཡང་ཟབ་སྙིང་པོ་བདུད་རྩི་འཁྱིལ་བ་འདིས༔ ཐོག་མར་དགེ་བ་བླ་མ་གཅེས་པའི་ཕྱིར༔ ཕྱི་རབས་དོན་དུ་རྒྱུད་དོན་ཟུར་ཙམ་བཀོད༔ ད་ལྟ་རྗེ་འབངས་ཉི་ཤུ་ལྔ་ལ་གདམས༔ བཞི་བཅུར་ཉེ་དུས་ཚེ་ཐུང་ལོངས་སྤྱོད་དབུལ༔ དམ་པའི་ཆོས་མཆོག་སྒྲུབ་ལོང་མེད་པར་འཆི༔ དེ་དུས་འདི་ཡིས་ཕན་པར་འགྱུར་བའི་ཕྱིར༔ སྦས་ཡུལ་འབྲས་ལྗོངས་འཇའ་འོད་གུར་ཕུག་ཏུ༔ སྒྲུབ་པ་ཁ་གསོས་ཆོས་ཁ་ཚང་བར་བཀོད༔ པདྨ་ང་སྤྲུལ་བདུད་འཇོམས་སྐྱེ་བ་གཅིག༔ འདི་ཡི་ལོ་ལ་འབྱུང་ཞིང་གནས་ལ་སྤྱོད༔ ད་ལྟའི་ཁྱེའུ་ཡིད་མཛེས་དེ་དུས་སུ༔ ཆོས་ལྡན་ཁྲིམས་ཀྱིས་འགྲོ་བ་སྐྱོང་བའི་དུས༔ ང་ཡི་གདམས་པ་འདི་ཉིད་ཉམས་བླངས་ནས༔ ཀག་གསུམ་འཕྲང་གྲོལ་འགྲོ་བའི་དཔལ་དུ་ཤོག༔ བཀའ་འདི་སྲུངས་ཤིག་དཔལ་ལྡན་མཁའ་འགྲོ་ལྔ༔ གཏེར་འདི་སྲུངས་ཤིག་མཐུ་ཆེན་དྲེགས་པའི་ཚོགས༔ ལས་ཅན་བུ་ལ་གཏོད་ཅིག་བརྟན་མའི་ཚོགས༔ བུ་དགུར་སྤེལ་ཅིག་ཆོས་བདག་སྐྱེས་བུ་ཡིས༔ དམ་ཚིག་སྲུངས་ཤིག་སྨོན་ལམ་འཛོམ་པའི་བུ༔ ཞེས་གསུངས་བཀའ་ཡི་རྒྱ་ནན་དང་བཅས་ཏེ་དག་པའི་འཁོར་ཉེར་ལྔ་ལ་གསང་སྔགས་སྤྱི་སྤུངས་ཀྱི་ཆོས་མ་བུ་ཆ་ལག་དང་བཅས་པ་གདམས་པ་ལགས༔ ཚེ་སྒྲུབ་ཀྱི་སྐོར་འདི་རིན་ཆེན་སྙིང་པོའི་བྲག་ལ་ཚེ་ཆུ་དང་བཅས་ཏེ་སྦས་ནས་སྨོན་ལམ་བཏབ་བོ༔ ཁྲི་སྲོང་བདག་གིས་ཡི་གེར་བཏབ་པའོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ འབྲུག་ལོ་ཟླ་བ་བདུན་པའི་ཚེས་བཅུའི་ནུབ་ལྷ་རི་རིན་ཆེན་སྙིང་པོ་ནས་ལྷ་བཙུན་གྱིས་གདན་དྲངས་པའོ། །སརྦ་མངྒ་ལཾ།། །།

འཇོམས་བྱེད་འཆར་ཀ་ནག་པོའི་ཆོ་གའི་ལག་ལེན་ཉུང་ངུ་རྣམ་གསལ་ (Volume 18, Text 17)

༄༅། །འཇོམས་བྱེད་འཆར་ཀ་ནག་པོའི་ཆོ་གའི་ལག་ལེན་ཉུང་ངུ་རྣམ་གསལ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་རྡོ་རྗེ་ཁྲག་འཐུང་དཀྱིལ་འཁོར་ལྷར། །བཏུད་ནས་ཕས་རྒོལ་ཟློག་བྱེད་འཆར་ཀ་ཡི། །མདོས་ཀྱི་བཅའ་ཐབས་ལ་སོགས་ལག་ལེན་ཁྲིགས། །རང་དང་སྐལ་མཉམ་དོན་དུ་འཇུག་བདེར་སྤེལ། །དེ་ལྟར་ཡང་བཀའ་གཙིགས་ལས། ཨ་ཙར་ནག་པོ་ཅོག་རྡུང་སྡེ་དྲུག་ནི༔ གཟའ་ཡི་ཅོག་རྡུང་སྤུ་གྲི་གསང་རྒལ་དང༔ མ་མོའི་ཅོག་རྡུང་བོང་ཞོན་ནག་མོ་དང༔ མགོན་པོའི་ཅོག་རྡུང་བེང་ཆེན་མ་ཏང་ཀ༔ ཟློག་པའི་ཅོག་རྡུང་འཆར་ཀ་ནག་པོ་དང༔ ལྟས་ངན་ཅོག་རྡུང་བྱང་སྨན་རྒྱལ་མོ་དང༔ སེར་བའི་ཅོག་རྡུང་དབང་ཕྱུག་གུ་ལང་ངོ༔ ཅོག་རྡུང་སྡེ་དྲུག་བསྟན་སྲུང་རྐང་ཡིན་པས༔ དམ་ལྡན་སྙིང་རུས་ཅན་གྱི་མཚོན་ཆ་ཡིན༔ ཞེས་དང་། གཞན་ཡང་འཇམ་དཔལ་གཤིན་རྗེའི་རྣ་ཆ་བརྒྱད་དུ་གྲགས་པའི་ནང་ནས་ཟློག་པ་ཟོར་གྱི་རྣ་ཆ་སྟེ། འདི་ཉིད་ཀྱི་སྒོ་ནས་ཕས་ཀྱི་རྒོལ་བ་མཐའ་དག་མདོས་ལ་བརྟེན་ནས་ཟློག་པར་བྱེད་པའི་རིམ་པ་ལ་གཤིན་རྗེ་གཤེད་གང་རུང་གི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་ཁྱད་པར་འདི་ཉིད་ཀྱི་ཟོར་དབང་ཐོབ་པ། དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་ཐེམས་པའི་སྔགས་པས་ལས་འདི་བརྩམ་པར་བྱའོ། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལའང་རྫས་གསོག་པ་དང་། བཤམ་བཀོད་གཉིས་ལས། དང་པོ་ལ་དྲུག་ལས་དང་པོ་ནི། གཙོ་བོ་ལ་གདུག་ཉིས་བརྩེགས་ཁྱུང་ཚང་ཆར་ཁེབས་ཀྱི་གདུགས་ཆུང་རྣམས་ཀྱི་སྟེང་དུ་ནམ་མཁའ་ཁོང་ནག་པོ་འཇའ་རིས་ཅན་རྩེ་རྒྱན་དང་བཅས་པ། ཡབ་ཡུམ་གཉིས་ལ་ནམ་མཁའ་ཁོང་དཀར་རྩེ་ལ་ཆུ་བྱའི་སྒྲོ་དང་ལོགས་གཉིས་ལ་དར་དཀར་ཅན་དང་། ནམ་མཁའ་ཁོང་དམར་རྩེ་ལ་བྱ་དམར་སྒྲོ་དང་ལོགས་ལ་དར་དམར་ཅན་གཉིས། ཕོ་ཉ་དྲུག་ལ་ནམ་མཁའ་ཁོང་མཐིང་རྩེ་ལ་བྱ་རོག་གི་སྒྲོ་དང་ལོགས་ལ་དར་ནག་ཅན་དྲུག །གཤིན་རྗེ་བདུན་ལ་ནམ་མཁའ་ཁོང་ནག་རྩེ་ལ་ཆུ་བྱ་སེ་ར་རོག་པོའི་སྒྲོ་དང་ལོགས་ལ་དར་ནག་བཏགས་པ་བདུན། བདུད་ཕོ་བདུན་ལ་ནམ་མཁའ་ཁོང་དམར་ནག་ཁྱིམ་བྱ་མཚལ་ལུའི་སྒྲོ་དང་ལོགས་ལ་དར་སྨུག་བཏགས་པ་བདུན། མ་མོ་བདུན་ལ་ནམ་མཁའ་ཁོང་ལྗང་ནག་རྩེ་ལ་ནེ་ཙོའི་སྒྲོ་དང་ལོགས་ལ་དར་ལྗང་ནག་བཏགས་པ་བདུན། གནམ་སྨན་བདུན་ལ་ནམ་མཁའ་ཁོང་དཀར་རྩེ་ལ་ཐང་དཀར་སྒྲོ་དང་ལོགས་ལ་དར་དཀར་ཅན་བདུན། བཤན་པ་བཞི་ལ་ནམ་མཁའ་ཁོང་སྨུག་རྩེ་ལ་བྱ་རོག་གི་སྒྲོ་དང་ལོགས་ལ་བལ་ནག་བཏགས་པ་གཅིག ནམ་མཁའ་ཁོང་སྔོན་རྩེ་ལ་ཁུ་བྱུག་གི་སྒྲོ་དང་ལོགས་ལ་བལ་ཚོན་བཏགས་པ་གཅིག །ནམ་མཁའ་ཁོང་དམར་རྩེ་ལ་ཁུ་བྱུག་གི་སྒྲོ་དང་ལོགས་ལ་བལ་དམར་བཏགས་པ་གཅིག །ནམ་མཁའ་ཁོང་ལྗང་ནག་རྩེ་ལ་ཐི་བའི་སྒྲོ་དང་ལོགས་ལ་བལ་ཚོན་བཏགས་པ་གཅིག་སྟེ་ཁྱོན་བཞི། སྤྱི་སྐོང་གི་ནམ་མཁའ་འཇའ་རིས་ཅན་རྩེ་ལ་བྱ་སྤུ་སྣ་ཚོགས་དང་ལོགས་ལ་དར་སྣ་བཏགས་པ་བཅུ་གསུམ། ཁྱོན་ཡོངས་དྲིལ་ནམ་མཁའ་ལྔ་བཅུ་ང་གསུམ་སྟེ། དེ་ཐམས་ཅད་ཀྱི་མགུལ་དུ་ཡུངས་དཀར་གྱི་གོང་བུ་རེ་བཏགས་སོ། ༈ །གཉིས་པ་རྒྱང་བུ་ནི། གཙོ་བོ་དང་གཤིན་རྗེ་བདུན་དང་བརྒྱད་ལ་རྒྱང་བུ་ནག་པོ་བརྒྱད། ཡུམ་དང་གནམ་སྨན་བདུན་ཏེ་བརྒྱད་ལ་རྒྱང་བུ་དཀར་པོ་བརྒྱད། ཡབ་དང་བཤན་པ་གཅིག་བཅས་ལ་རྒྱང་བུ་དམར་པོ་གཉིས། བདུད་ཕོ་བདུན་དང་བཤན་པ་གཅིག་སྟེ་བརྒྱད་ལ་རྒྱང་བུ་དམར་ནག་བརྒྱད། མ་མོ་བདུན་དང་བཤན་པ་གཅིག་སྟེ་བརྒྱད་ལ་རྒྱང་བུ་ལྗང་ནག་བརྒྱད། ཕོ་ཉ་དྲུག་དང་བཤན་པ་གཅིག་སྟེ་བདུན་ལ་རྒྱང་བུ་མཐིང་ནག་བདུན། སྤྱི་སྐོང་ལ་རྒྱང་བུ་སྣ་ཚོགས་བཅུ་གསུམ་སྟེ། ཁྱོན་རྒྱང་བུ་ལྔ་བཅུ་ང་བཞི་ལ་སྤྲོ་ན་ཉི་ཟླས་བརྒྱན་ཡང་སྐྱོན་མེད། ༈ གསུམ་པ་མདའ་ནི། གཙོ་བོ་ལ་མདའ་ནག་ལྟོང་སྔོན་ཅན་གྲི་གུག་རིས་བྱ་ནག་གི་སྒྲོས་སྤུད་པ་གྲི་ལྕགས་མདེའུ་བཅས་གཅིག །ཡུམ་ལ་མདའ་དཀར་ཐང་དཀར་སྒྲོས་བརྒྱན་པ་རྒྱ་ལྕགས་དཀར་པོའི་མདེའུ་ཅན་གཅིག །ཡབ་ལ་མདའ་དམར་མཚལ་ལུའི་སྒྲོས་བརྒྱན་པ་རིན་པོ་ཆེའི་མདེའུ་ཅན་གཅིག །ཕོ་ཉ་དྲུག་ལ་མདའ་སྔོན་ལྟོང་ནག་སཏྭ་རེ་རིས་བྱ་ནག་སྒྲོས་བརྒྱན་པ་གྲི་ལྕགས་ཀྱི་མདེའུ་ཅན་དྲུག །གཤིན་རྗེ་བདུན་ལ། མདའ་ནག་ལྟོང་སྔོན་རིན་ཆེན་རིས་བྱ་ནག་སྒྲོས་བརྒྱན་པ་གྲི་ལྕགས་ཀྱི་མདེའུ་ཅན་བདུན། བདུད་པོ་བདུན་ལ། མདའ་ནག་ལྟོང་ནག་པདྨ་རིས་བྱ་ནག་གི་སྒྲོས་བརྒྱན་པ་ཟངས་ཀྱི་མདེའུ་ཅན་བདུན། མ་མོ་བདུན་ལ་མདའ་ནག་ལྟོང་སེར་རྒྱ་གྲམ་རིས་ངང་པའི་སྒྲོས་བརྒྱན་པ་རིན་པོ་ཆེའི་མདེའུ་ཅན་དྲུག །གནམ་སྨན་བདུན་ལ་མདའ་དཀར་ལྟོང་དམར་རྡོ་རྗེ་རིས་བྱ་དཀར་སྒྲོ་ཅན་ཐོག་མདེའུ་ཅན་བདུན། བཤན་པ་བཞི་ལ་མདའ་ནག་ཀྱུང་ཀའི་སྒྲོས་བརྒྱན་པ་མདེའུ་ཅན་གཅིག །མདའ་སྔོན་ཆུ་བྱའི་སྒྲོས་བརྒྱན་པ་ཆུ་ལྕགས་ཀྱི་མདེའུ་ཅན་གཉིས། མདའ་སྔོན་རྨ་བྱའི་སྒྲོས་བརྒྱན་པ་ཆུ་གྲིའི་མདེའུ་ཅན་གཅིག་སྟེ་ཁྱོན་བཞི། སྤྱི་སྐོང་གི་མདའ་ལྟོང་ནག་མཁར་རིས་བདུད་བྱ་ནག་པོའི་སྒྲོས་བརྒྱན་པ་བཅུ་གསུམ་སྟེ་ཁྱོན་མདའ་ལྔ་བཅུ་ང་བཞིའོ། ༈ །བཞི་པ་འཕང་ནི། གཙོ་བོ་གཤིན་རྗེ་བདུན། མ་མོ་བདུན། བཤན་པ་གཅིག །སྤྱི་སྐོང་གི་འཕང་བཅུ་གསུམ་སྟེ་ཁྱོན་འཕང་ནག་ཉི་ཤུ་རྩ་དགུ །ཡབ་ལ་འཕང་དམར་གཅིག་ཡུམ་དང་གནམ་སྨན་བདུན་ལ་འཕང་དཀར་བརྒྱད། ཕོ་ཉ་དྲུག་དང་བཤན་པ་གསུམ་ལ་འཕང་སྔོན་དགུ །བདུད་ཕོ་བདུན་ལ་འཕང་དམར་ནག་བདུན་ཏེ་ཁྱོན་ལྔ་བཅུ་ང་བཞི་པོ་ཐམས་ཅད་ལ་མཐིང་གི་འཕང་ལོ་ཅན་བཤན་པའི་བལ་ནག་གིས་དཀྲིས་པའོ། ༈ །ལྔ་པ་བྲིས་ཀྱི་སྐོར་ལ། ལྷ་སོ་སོའི་སྐུ་འབག་ནི་ཤུག་པའི་ཤིང་བྱང་ལ་ལྷ་གྲངས་གང་ཡིན་གྱི་སྐུ་བརྙན་གཞུང་བཞིན་བྲིས་པའོ། །སྐོང་རྫས་གཟུགས་བརྙན་གྱི་ཐོ་ལ། བཤན་པ་བཞི་ལ་མི་ནག་བཞི། བོན་ནག་ལ་རྟ་ནག་བཞི། ཞང་བློན་ལ་ཕག་ནག་བཞི། མོན་ནག་ལ་ལུག་ནག་བཞི། ཕོ་ཉ་དྲུག་ལ་བྱ་རོག་དྲུག །གནམ་སྨན་བདུན་ལ་བྱ་མོ་དཀར་མོ་བདུན། བདུད་ཕོ་བདུན་ལ་ཁྱི་ནག་བདུན། གཤིན་རྗེ་བདུན་ལ་ར་གཡག་ཁམ་པ་བདུན། མ་མོ་བདུན་ལ་ལུག་ནག་བདུན། སྤྱི་གླུད་དུ། སེང་གེ །སྟག །དོམ་ནག་སྙིང་དཀར། གཟིག །སྤྱང་སྔོན། གྲུམ་པ། ཤ་བ། འཕར་བ། གླ་བ། དྲེད་མོ། རྟ། མ་ཧེ། ལུག །ར། ཕྱི་བ། ཁྱིམ་བྱ་དེ་ཕོ། བོང་བུ་རྣམས་སོ་སོ་ནས་བཞི་བཞི་རྣམས་སོ། །སྒོ་བཞིར་བུད་མེད་བཞིའི་ལག་ཏུ་སྐུར་རྒྱུའི་སྐྱེར་པའི་ཁྲམ་བྱང་ཤ་རཱི་བྷྱོཿསོགས་བྲིས་པ་བཞི། ནོར་གཟུགས་ཀྱི་ཤོག་ཕན་ལ། སྲུང་ཟློག་བསད་མནན་བཞིའི་གསོལ་བྱང་སོ་སོར་བྲིས་པ་རྣམས་སོ། །ཕོ་ཏང་ལྔ་བཅུ་ང་བཞི་ཕོ་སྐྱེས་པ་འཕྱོར་ཆས་ཅན་དང་ཁྲབ་རྨོག་སོགས་སྟག་ཤར་གྱི་ཆས་ཅན་རྩེར་རྡོ་རྗེ་ཕྱེད་པས་མཚན་པ། མོ་ཏང་ལྔ་བཅུ་ང་བཞི་པོ་ཐམས་ཅད་གཞོན་མཛེས་རིན་པོ་ཆེས་བརྒྱན་པ་རྩེར་པདྨས་མཚན་པ། ཡུལ་མཁར་ང་བཞི་པོ་ཐམས་ཅད་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ། བར་དུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་བྲིས་ལ་རྩེ་མོར་ནོར་བུས་མཚན་པ་རྣམས་སོ། ༈ །དྲུག་པ་དྲས་བཟོའི་སྐོར་ལ། རྒྱལ་མཚན་ལེ་བརྒན་བདུན་ཅུ། འཕན་སྣ་ཚོགས་བདུན་ཅུས་མཚོན་བཅུ་གཉིས་རྣམས་སོ། ༈ །གཉིས་པ་བཤམ་བཀོད་ལ་བདུན་ལས། དང་པོ་དཀྱིལ་འཁོར་བཅའ་བ་ནི། གང་དུ་བྱ་བའི་གནས་སུ། བདག་བསྐྱེད་རྫོགས་པར་བྱ་བའམ། བསྡུ་ན། ཨྱཻ་ཉིད་སྟོང་པ་ཞེས་པས་གསལ་བཏབ་ང་རྒྱལ་བཟུང་ལ་ཨྱཻ་རིང་ཅུང་ཟད་བཟླ། གཞི་བགེགས་ལ་གཏོར་མ་འཇོམས་བྱེད་ལྟར་ཚིག་ལྷུག་གིས་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་སྐུའི་སྔགས་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་སོགས་བཟླ་བ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བས་ཡོངས་སུ་དག་པར་བྱས་པའི་གཞི་དེར་ལས་སྔགས་བཟླ་བཞིན་པས་དུག་ཁྲག་གིས་ཆག་ཆག་གདབ། དེ་ནས་ཐིག་སྐུད་མཚན་ལྡན་དང་ཚོན་སྣ་ལྔ་མདོག་རིས་བསྡེབས་པ་མཆོད་པ་དང་བཅས་པ་འདུ་བྱས། བསང་སྦྱང་། སྟོང་པའི་ངང་ལས་ཐིག་ཚོན་རྣམས་ཧཱུྃ་ཡིག་ལས་བྱུང་བའི་རིགས་ལྔའི་གཤིན་རྗེ་གཤེད་ཡབ་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི༔ སོགས་ཀྱིས་བསྟོད། དེ་རྣམས་འོད་དུ་ཞུ་བ་ཐིག་ཚོན་སོ་སོ་ལ་ཐིམ་པ་རྡུལ་ཚོན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ། ས་བོན་ལྔ་བརྗོད། ཐིག་སྐུད་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེཿ སརྦ་དྷརྨ་པ་ར་སྤ་ཨ་ནུ་པྲ། བིཥྚཿསརྦ་དྷརྨཿཨདྱནྟ་ཨ་ནུ་པྲ། བིཥྚཿསརྦ་དྷརྨཿཨོཾ་ཨཱཿཧཱུྃ། ཞེས་བཟླ་བཞིན་གཅིག་ཏུ་དྲིལ་བ་ལས་ཀྱི་རྡོ་རྗེར་ཛཿཛཿ ཞེས་གཏད་ལ་སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས་ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་ཐིག་ཐིག་བསྐོར་དང་བཅས་པས། མཁའ་ལ་གདབ་ཅིང་སྤྱོད་ལམ་མ་ནོར་བར་བྱེད། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་བཏབ་ནས། དཀྱིལ་འཁོར་ཁྱམས་ཀྱི་ཕྱི་ཐིག་གི་སྟེང་དུ་མདོས་ཁྲིའི་རྐང་འབབ་པར་བྱས་པའི་ལྟེ་བ་ནས་ཁྱམས་ཚུན་ཆ་ཆེན་བཞིར་བྱས་པའི་ལྟེ་བ་ཆ་ཆེན་གཅིག །མུ་ཁྱུད་ཆ་ཕྲན་གཅིག །དེའི་ཕྱིར་ཆ་ཆེན་གཅིག་དང་མུ་ཁྱུད་ཆ་ཕྲན་གཅིག་བྱས་པའི་ཆ་ཆེན་ལ་འཁོར་ལོ་རྩིབས་དྲུག །ལྟེ་བར་ཆོས་འབྱུང་ཟུར་མདུན་བསྟན་ཁྱམས་ཀྱི་གྲྭ་ཟུར་ནས་རྡོར་ར་དང་། ཆ་ཆེན་གཅིག་ནི་མེ་རི། ཚོན་ཐོབ་ནི་ཁྱམས། ལྷོ་སེར། ནུབ་སྔོ། བྱང་དཀར། ཤར་དམར། ཆོས་འབྱུང་དང་རྩིབས་མཐིང་། མུ་ཁྱུད་ནང་ཐོད་ར། ཕྱི་མ་ལྗང་། གྲུ་ཆད་མཐིང་། གཞི་ཁྲག་མཚོ། རྡོར་ར་གཞི་ནག་པོ་ལ་རྡོར་ཕྲེང་སེར། མེ་རི་དམར་སེར་རོ། །ལྷ་གནས་རྣམས་སུ་འབྲུ་ནག་གི་ཚོམ་བུ་བཀོད། ༈ གཉིས་པ་རློན་སོགས་ལ། རྒྱུ་ནི། ནས། གྲོ །འབྲས། སྲན་མ། བྲ་བོ། ཡུངས་དཀར། སོ་བ་སྟེ་འབྲུ་སྣ་བདུན། དུག་ཁྲག་དང་། མཚོ་ཆུས་བརྫིས་པའི་ཟན་དང་། ཕུང་ས། གྲོག་མཁར་གྱི་ས་སོགས། གསེར། དངུལ། ཟངས། ལྕགས། དུང་སྟེ་རཏྣ་ལྔ། དར་སྣ་ལྔ། སྨན་སྣ་རྣམས་ཀྱི་ཕྱེ་བསྲེས་པ་རང་གི་མདུན་དུ་བཀོད་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་ཕུང་པོར་གྱུར་པ་ལས། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེ་འོད་ཀྱི་རྣམ་པར་བྱོན་ནས་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཞེས་ཉེར་གཅིག་དང་། ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ། ཞེས་བདུན་བཟླས་པས་བྱིན་གྱིས་བརླབས་པ་དཀྱིལ་འཁོར་གྱི་དབུས་སུ་མདོས་ཁྲིའི་ནང་དུ་ཤོང་བའི་མཉྫིར་གྱི་ཁར་སྨན་སྤོས་ཀྱིས་བྱུག །དེའི་ཁར་འབྲུ་སྣའི་ཟན་དེ་ཉིད་ལ། རི་རབ་བང་རིམ་བཞི་པ་གླིང་བཞི་གླིང་ཕྲན་དང་བཅས་པའི་རི་རབ་ཀྱི་སྟེང་དུ་མཁར་ཐབས་གྲུ་གསུམ། བང་རིམ་དང་པོར་ཕོ་ཉ་དྲུག་ལ་བཤོས་བུ་གྲུ་གསུམ་དྲུག ངར་གླུད་དྲུག བང་རིམ་གཉིས་པར་མདུན་དུ་་་ལྷོ་་་གཤིན་རྗེ་བདུན་ལ་བཤོས་དམར་གྲུ་གསུམ་བདུན། ངར་གླུད་བདུན། གཡས་སུ་་་ནུབ་་་བདུད་རྒྱལ་བདུན་ལ་བཤོས་བུ་གྲུ་གསུམ་ནག་པོ་བདུན། ངར་གླུད་བདུན། གཡོན་དུ་་་ཤར་་་མ་མོ་བདུན་ལ་བཤོས་བུ་དམར་ནག་གྲུ་གསུམ་བདུན། ངར་གླུད་བདུན། སྟེང་དུ་་་བྱང་་་གནམ་སྨན་བདུན་ལ་བཤོས་བུ་དཀར་པོ་བདུན། ངར་གླུད་བདུན། བང་རིམ་གསུམ་པའི་ཕྱོགས་བཞིར་བཤན་པ་བཞི་ལ་བཤོས་བུ་གྲུ་གསུམ་བཞི། ངར་གླུད་བཞི། བང་རིམ་བཞི་པར་སྤྱིའི་སྐོང་རྫས་འབྲང་རྒྱས་ནག་པོ་ཁ་དཀར་ཅན་བཅུ་གསུམ། འབྲས་ཀྱི་བཤོས་བུ་བཞི། དུང་། བུང་བ། ཉ། རུས་སྦལ། བྱི་བ། ལྕོང་མོ། འཕྱི་བ། སྡིག་པ་རྣམས་ཕྱོགས་རེ་རེར་བཞི་རེ། གླིང་ཕྲན་བཞིར་ངར་གླུད་རེ། བང་རིམ་གྱི་རྨིང་དུ་ངར་གླུད་བརྒྱ་རྩ་རྣམས་བཀོད་དོ། ༈ །གསུམ་པ་སྐམ་སོགས་ནི། མདོས་ཁྲི་བང་རིམ་བཞི་པ་ལྷོ་མདུན་ངོས་སུ་རྩིས་པའི་ལྷོ་སེར། ནུབ་སྔོ། བྱང་དཀར། ཤར་དམར་རྣམས་ཚོན་གྱིས་ཁ་བསྒྱུར་བའི་རི་རབ་ཀྱི་སྟེང་དུ་འཆར་ཀའི་སྐུ་བཀོད། དེའི་སྟེང་དུ་གུར་ནག་པོ་རྡོ་རྗེའི་ཐོག་ཅན་ཉིས་བརྩེགས་ཀྱི་ཁྱུང་ཚང་དང་ཆར་ཁེབས་ཀྱི་གདུགས་ཆུང་རྩེ་རྒྱན་དང་བཅས་པས་མཛེས་པར་བྱས་པ་དར་ཁ་དོག་ལྔ་ལྡན་བཏགས་པ་བཙུགས། གཡས་སུ་རྒྱང་ནག །གཡོན་དུ་ཡུལ་མཁར། གཡས་སུ་ཕོ་ཏང་། གཡོན་དུ་མོ་ཏང་། གཡས་སུ་མདའ་ནག །གཡོན་དུ་འཕང་ནག །མདོས་ཟུར་གྱི་གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། གཙོ་བོའི་གཡས་སུ་ཡབ་ལ་ནམ་མཁའ་ཁོང་དཀར། རྒྱང་དཀར། ཡུལ་མཁར། ཕོ་ཏང་། མོ་ཏང་། མདའ་དཀར། འཕང་དཀར། རྒྱལ་མཚན། བ་དན། གཙོ་བོའི་གཡོན་དུ་ནམ་མཁའ་ཁོང་དམར། རྒྱང་དམར། ཡུལ་མཁར། ཕོ་ཏང་། མོ་ཏང་། མདའ་དམར། འཕང་དམར། རྒྱལ་མཚན། བ་དན། བང་རིམ་དང་པོའི་གཙོ་བོའི་མདུན་ངོས་ལྷོར་ཕོ་ཉ་སྟག་མགོ་ཅན། ནུབ་སྟོད་དུ་སེང་གེའི་མགོ་ཅན། ནུབ་སྨད་དུ་དོམ་མགོ་ཅན། བྱང་དུ་དྲེད་མགོ་ཅན། ཤར་སྟོད་དུ་ཆུ་སྲིན་མགོ་ཅན། ཤར་སྨད་དུ་བ་ལང་མགོ་ཅན་རྣམས་ཀྱི་སྐུ་བཀོད་པའི་ཕོ་ཉ་དྲུག་རེ་རེ་ལ་ནམ་མཁའ་ཁོང་མཐིང་། རྒྱང་མཐིང་། ཡུལ་མཁར། ཕོ་ཏང་། མོ་ཏང་། མདའ་འཕང་ནག་པོ། རྒྱལ་མཚན། བ་དན་རེ་རྣམས་དང་སྐོང་རྫས་བྱ་རོག་དྲུག །བང་རིམ་གཉིས་པའི་མདུན་ངོས་ལྷོ་སྟོད་ནས་ཕྱྭ་སངས། ཏེལ་པ། རལ་པ་ཚར་དགུ །ཡ་བ་ཏི། འབྱུང་པོ་དམར་ནག །རྨིག་པ། ཨ་བ་གླང་མགོ་སྟེ་གཤིན་རྗེ་བདུན་གྱི་སྐུ། དེ་རེ་རེར་ནམ་མཁའ་ཁོང་ནག །རྒྱང་ནག ཡུལ་མཁར། ཕོ་ཏང་། མོ་ཏང་། མདའ། འཕང་ནག་པོ། རྒྱལ་མཚན་བ་དན་རེ་རེ་རྣམས་དང་ར་གཡག་ཁམ་པ་བདུན། ནུབ་སྟོད་ནས་ནག་པོ་བཀྲག་མེད། ཡ་ཞེར་ནག་པོ། སོག་པོ་མི་ཟན། ལྕགས་ཀྱི་བེར་ཀ་ཅན། ཁ་ལ་རུ་རྩེ། སྲིད་པ་མཁའ་ལ་ཉུལ། ཟངས་ཀྱི་བྱ་རུ་ཅན་བདུན་གྱི་སྐུ། དེ་རེ་རེར་ནམ་མཁའ་ཁོང་སྨུག །རྒྱང་བུ། མདའ། འཕང་སྨུག་པོ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རེ་རེ་རྣམས་དང་། ཁྱི་ནག་བདུན། བྱང་སྟོད་ནས་དཀར་མོ་མགྱོགས་མ། གནམ་ཁྱི་དཀར་མོ། སྲིད་པའི་རྒྱལ་མོ། སྦས་པའི་མ་གསུམ། དཀར་མོ་ལན་ཕྲན་ཅན་རྣམས་ཀྱི་སྐུ་དང་། དེ་རེ་རེར་ནམ་མཁའ་ཁོང་དཀར། རྒྱང་བུ། མདའ། འཕང་དཀར་པོ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རེ་རེ་རྣམས་དང་། བྱ་མོ་དཀར་མོ་བདུན། ཤར་སྟོད་ཨེ་ཀ་ཙཱ་ཏི། ནག་མོ་རེ་མ་ཏི། རེ་བ་ཏི། རེ་མ་ཛ། རེ་མ་ཛུ། ནག་མོ་ལྟོ་འཕྱང་མ། བལ་མོ་ནག་མོ་སྟེ་བདུན་གྱི་སྐུ་རེ་རེར་ནམ་མཁའ་ཁོང་ལྗང་ནག །རྒྱང་བུ། མདའ་ནག །འཕང་ལྗང་། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རྣམས་རེ་རེ་དང་། ལུག་ནག་བདུན། བང་རིམ་གསུམ་པའི་ལྷོར་སྐུ་སྤྲུལ་གྱི་སྐུ །ནམ་མཁའ་ཁོང་སྨུག །རྒྱང་བུ། མདའ། འཕང་སྨུག་པོ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རྣམས་རེ་རེ། ནུབ་ཏུ་གསུང་སྤྲུལ་གྱི་སྐུ །ནམ་མཁའ་ཁོང་སྔོན། རྒྱང་བུ། མདའ། འཕང་སྔོན་པོ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རེ། བྱང་དུ་ཐུགས་སྤྲུལ་གྱི་སྐུ །ནམ་མཁའ་ཁོང་དམར། རྒྱང་བུ། མདའ། འཕང་དམར་པོ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རྣམས་རེ་རེ། ཤར་དུ་ཕྲིན་ལས་ཀྱི་སྤྲུལ་པའི་སྐུ །ནམ་མཁའ་ཁོང་ལྗང་། རྒྱང་བུ། མདའ། འཕང་ལྗང་གུ། ཡུལ་མཁར། ཕོ་ཏང་། མོ་ཏང་། རྒྱལ་མཚན། བ་དན་རྣམས་དང་། ལྷོ་སྟོད་ནས་རིམ་པར་མི་ནག །བོན་ནག །རྟ་ནག །ཕག་ནག །ལུག་ནག་རྣམས་སོ་སོ་ནས་བཞི་རེ། བང་རིམ་བཞི་པར་ཤར་སྟོད་ནས་གཡས་སྐོར་དུ། ནམ་མཁའ་བཅུ་གསུམ། རྒྱང་བུ། མདའ། འཕང་། ཡུལ་མཁར། ཕོ་ཏང་། མོ་ཏང་རྣམས་སོ་སོ་ནས་བཅུ་གསུམ་རེ་རྣམས་ཆ་མཉམ་དང་། སེང་གེ །སྟག །དོམ་ནག །གཟིག །སྤྱང་སྔོན། གྲུམ་པ། ཤ་བ། འཕར་བ། གླ་བ། དྲེད་མོ། རྟ། མ་ཧེ། ལུག །ར། ཕྱི་བ། ཁྱིམ་བྱ་དེ་ཕོ། བོང་བུ་རྣམས་སོ་སོ་ནས་བཞི་རེ་བཀོད། བང་རིམ་དང་པོའི་ཤར་ལྷོར་སྲུང་བ། ལྷོ་ནུབ་ཏུ་ཟློག་པ། ནུབ་བྱང་དུ་བསད་པ། བྱང་ཤར་དུ་མནན་པ་རྣམས་ཀྱི་གསོལ་བྱང་དང་། ཟུར་བཞིར་རུ་མཚོན་བཅུ་གཉིས་རྣམས་འཛུགས། ༈ བཞི་པ་གླུད་ཡས་ནི། དཀྱིལ་འཁོར་གྱི་ཕྱོགས་བཞིར་ངར་གྱི་བུད་མེད་རེ་རེའི་གཡས་སུ་ཁྲམ་ཤིང་ཤ་རཱི་བྷྱོཿསོགས་བྲིས་པ་རེ་དང་། གཡོན་དུ་དཔལ་འབར་བསྐུར་བ་རེ། གྲྭ་བཞིར་ཟོར་བདག་བཞི་ལག་པ་རྒྱབ་ཏུ་བསྣོལ་བ་ལ་བྱ་མོ་ནག་མོའི་སྒྲོ་དར་བྷྱོ་བྷྱོ་ཟློག་བྲིས་པ་རེ་བཀོད། ཞར་བྱུང་གླུད་ནི་འབྲུ་སྣའི་ངར་ཕྱེ་ལ་གླུད་གཟུགས་སྐྱེ་མཆེད་དོད་ཅིང་ཡོན་བདག་གི་དྲི་གོས་ཀྱིས་གཡོགས་པ་བཟའ་བཏུང་དཀོར་ནོར་ཚོགས་ཚད་ཀྱིས་བརྒྱན་པ་བཤམ་མོ། ༈ །ལྔ་པ་ལ་ལྕགས་རིར་སྐོང་རྫས་ནི། ཤར་ལྷོར་མཚེ། ལྷོ་ནུབ་ཏུ་ཡུངས་དཀར། ནུབ་བྱང་དུ་བྲ་བོ། བྱང་ཤར་དུ་སྲན་མ། གཞན་ཡང་མི་ཁའི་རྫས་གང་འཛོམ། དམ་རྫས་ཤར་དུ་ཤ་སྣ། ལྷོར་སྙིང་སྣ། ནུབ་ཏུ་ཁྲག་སྣ། བྱང་དུ་དུག་སྣ་རྣམས་བསྲེས་པའི་གཏོར་མ་གྲུ་གསུམ་རེ། གཞན་ཡང་རིན་པོ་ཆེ་སྣ་ཚོགས། སྨན་སྣ། འབྲུ་སྣ། དར་སྣ། ཇ་སྣ། གོས་སྣ། ས་སྣ། སྣམ་སྣ། ཚོས་སྣ། པགས་རིགས། བསེ་བྱང་། ཁྲབ་བྱང། འབྲས་བུ་ཅན་གྱི་རིགས། དཀར་གསུམ། མངར་གསུམ་སོགས་བཤམ། ཕྱི་འཇིམ་པས་ཟླུམ་པོར་བསྐོར་བའི་མཁར། ཡུངས་དཀར་གང་བཟང་། བྲག་ལ་སྐྱེས་པའི་མཚེ།རྩང། ཤིང་གི་རལ་གྲི་རྣམས་བཞི་བཅུ་རེ་འཛུགས། ༈ དྲུག་པ་མཆོད་པ་ནི། རྩ་གསུམ་དམ་ཅན་རྣམས་ཀྱི་མཆོད་པའི་གཏོར་མ་སྤྱི་དང་། ཁྱད་པར་དཀྱིལ་འཁོར་གྱི་མདུན་དུ་དབུས་སུ་འཆར་ཀའི་མཆོད་གཏོར་དཔལ་བཤོས་དམར་པོ། །གཡས་སུ་ཡབ་ལ་དེ་བཞིན། གཡོན་དུ་ཡུམ་ལ་ཀླུ་བཤོས་རྒྱབ་ཡོལ་མ། སྤྲུལ་པ་བཞིར་གྲུ་གསུམ་དམར་པོ་བཞི། ཕོ་ཉ་དྲུག་ལ་གྲུ་གསུམ་དམར་པོ་དྲུག །གཤིན་རྗེ་བདུན་ལ་གྲུ་གསུམ་དམར་པོ་བདུན། བདུད་ལ་གྲུ་གསུམ་ནག་པོ་བདུན། གནམ་སྨན་ལ་དཀར་ཟླུམ་བདུན། མ་མོར་གྲུ་གསུམ་དམར་པོ་བདུན། མཐེབ་སྐྱུ་དང་བཅས་གཙོ་བོ་གསུམ་གྱི་མདུན་དུ་གྲལ་རིམ་གྱིས་བཀོད། དེ་དག་གི་གཡས་སུ་ཐོད་པ་མཚན་ལྡན་དུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སྟེ་ཕྱི་དང་། ཁྲག་གི་ཨརྒྷཾ་ལ་སོགས་ནང་མཆོད་རྣམས་བཤམ། ༈ བདུན་པ་ཟོར་རྫས་སོགས་ནི། ཀོང་ཟོར་ཁྲོ་རོལ་གྱི་ནང་ནས་བཤད་པ་བཞིན་བརྒྱད་དཀྱིལ་འཁོར་ཕྱོགས་བཞི་དང་མཚམས་བཞིར་བཀོད། ཤར་དུ་གཏོར་ཟོར་སྲིན་པོའི་ཞལ་ཅན་ཆེ་བ། ལྟོ་བར་སྲིད་པའི་ཙཀྲ་གཞུག །ཞལ་དུ་དགྲ་བོའི་ལིངྒ་བརྫང་། ཕྲག་གཡས་སུ་མར་མེ། གཡོན་དུ་དར་ནག །མདུན་དུ་ལྷ་བཤོས། རྒྱབ་ཏུ་རྩང་བདུན་བདུན་བཙུགས་ཏེ་ཡུངས་དཀར་གྱིས་བརྒྱན་ལ། མཐའ་མ་བཤོས་བུ་ཟུར་གསུམ་པ་བདུན་ནམ་ཉེར་གཅིག་གིས་བསྐོར་བ་ཤ་ཁྲག་གིས་བརྒྱན་པ་གཅིག་དང་། ཆུང་བ་བཞི་སྟེ་ལྔ། ལྷོར་སྐྱེར་མདའ་ལྟས་ངན་གྱི་བྱ་འུག་པ་ཁྲ་ཕོ་རོག་སྲིན་བྱ་སྟེ་བཞིའི་སྒྲོ་དང་གྲི་ལྕགས་ཀྱི་མདེའུ་ཅན་དྲག་སྔགས་བྲིས་པ་ལྔ། ནུབ་ཏུ་དུར་ཁྲོད་ཀྱི་རྡོ་ནག་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ་ལྔ། ཚོན་སྐུད་ཀྱི་བསྒུལ་མོ་ཞིང་ལྤགས་ཀྱི་མཐིལ་ཡུགས་སྐྲའི་འཇག་ཅན། བྱང་དུ་ཁྲག་ཟོར་ལྕགས་སླང་དུ་དུག་ཁྲག་བླུགས། རས་སོགས་ལ་ལིངྒ་བྲིས་ལ་མགོ་མཇུག་སློག་པ་ཀོང་བུ་ཟུར་གསུམ་སྟེང་དུ་བཙུགས་པ་རྣམས་བཀོད་པའི་མཐར་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་ནས་ཟེ་གདབ་ཕུར་གཡབ་དར་རྣམས་དང་། གཞན་ཡང་གདབ་ལས་ཀྱི་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཞིན་བཤམ་མོ། ༈ །གཉིས་པ་དངོས་གཞི་ཆོ་གའི་ཁྲིགས་ལ། དེ་ལ་ཐོག་མར་བདག་གི་རྣལ་འབྱོར་ནི་གཤིན་རྗེའི་རིགས་འབྲེལ་ཆགས་པས། འཇམ་དཔལ་ཚེ་བདག་ནག་པོའི་ཕྲིན་ལས་སྔོན་འགྲོ་ནས་བརྩམ་སྟེ། བསྟོད་པའི་བར་རྫོགས་པར་བྱ། དེ་ནས་མདོས་བྱིན་གྱིས་བརླབ་པ་ནི། བདག་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་སྤྲོས་ཏེ༔ ཧཱུྃ་ལས་རཾ་འཕྲོས་པས་རཾ་འོད་དུ་ཞུ་མེ་འབར་བས་མདོས་ཀྱི་དངོས་པོ་དང་མཚན་མ་རྣམས་བསྲེགས༔ རཾ་ཛྭ་ལ་མཎྜ་ལ་རཾ༔ ཧཱུྃ་ལས་ཡཾ་འཕྲོས་འོད་དུ་ཞུ་རླུང་དུ་གྱུར་མདོས་ཀྱི་དངོས་པོ་བག་ཆགས་ངན་པ་ཐམས་ཅད་གཏོར༔ ཡཾ་མཎྜ་ལ་ཡཾ༔ ཧཱུྃ་ལས་ཁཾ་འཕྲོས་འོད་དུ་ཞུ་ཆུར་གྱུར་མདོས་ཀྱི་དངོས་པོ་དང་རྣམ་པར་རྟོག་པ་མ་ལུས་པ་བཀྲུས༔ ཁཾ་མཎྜ་ལ་ཁཾ༔ ཕྱི་ལྟར་སྔགས་དྲུག་ཕྱག་དྲུག་གིས་འདོད་ཡོན་ལྔར་བྱིན་གྱིས་བརླབ་སྟེ། ཆོས་དབྱིངས་རྣམ་དག་ཐལ་མོ་ཁོང་སྟོང་དུ༔ སྙིང་གར་བཅངས་ནས་ཤཱཀྱ་ཐུབ་པ་གསལ༔ ཐུགས་ཀའི་ཨཱཿལས་འོད་འཕྲོས་ཉེས་སྐྱོན་དག༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་བ་ཤུདྡྷོ྅་ཧཾ༔ ནམ་མཁའ་མཛོད་ནི་ཐལ་མོ་ཁོང་སྟོང་དུ༔ སོར་མོ་རྩེ་སྤྲད་དཔྲལ་བར་བཅངས་པའི་ནང༔ རིན་འབྱུང་ཐུགས་ཀའི་སྭཱ་སེར་འོད་འཕྲོས་པས༔ མདོས་གཏོར་ལ་ཕོག་བདུད་རྩིའི་རྒྱ་མཚོར་གྱུར༔ ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩིའི་ཐལ་སྦྱོར་ཐལ་མོ་ཕྱིར་བསྐྱེད་དེ༔ ཁ་འགྲམ་བཞག་ནང་མཐའ་ཡས་ཐུགས་ཀ་ནས༔ རཾ་དམར་འོད་འཕྲོས་བདུད་རྩིའི་རྒྱ་མཚོར་སྤེལ༔ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྒྱ་ཆེན་ཤུགས་ལྡན་སྙིང་གར་མཛུམ་མོ་སྒྲེང༔ དོན་གྲུབ་ཐུགས་ཀའི་ཧཱ་ལྗང་འོད་འཕྲོས་པས༔ མདོས་གཏོར་ལ་ཕོག་མོས་པ་བཞིན་དུ་གྱུར༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཡེ་ཤེས་སྐར་མདའ་ཁུ་ཚུར་སྙིང་གར་བཅང༔ གཡོན་པས་མཆོག་སྦྱིན་འདེགས་སྟེང་མི་བསྐྱོད་པའི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སོ་སོར་ཐོབ༔ ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ཧཱུྃ་ཕཊ༔ དབང་བསྒྱུར་འཁོར་ལོ་སོར་བསྣོལ་མཐེ་བོང་གཤིབས༔ སྤྱི་བོར་བཅངས་ནང་རྣམ་སྣང་ཐུགས་ཀ་ནས༔ ཛཿདམར་འོད་འཕྲོས་འདོད་ཡོན་སོ་སོར་ཕུལ༔ དགྱེས་ནས་བདག་གིས་དབང་དུ་འདུས་པར་གྱུར༔ ན་མཿས་མནྟ་བུདྡྷཱ་ནཱཾཿགྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་མ་ཧཱ་ས་མ་ཡེ་སྭཱ་ཧཱ༔ སྔགས་དང་ཕྱག་རྒྱ་བདུན་ནམ་གསུམ་གསུམ་བྱ། ནང་ལྟར་འབྲུ་ལྔས་སྤེལ་བ་ནི། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ལན་གསུམ་བརྗོད་པས། ཨོཾ་ལས་ཡེ་ཤེས་ལྔ་དང་ལྡན་པར་གྱུར༔ བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དང་ལྡན་པར་གྱུར༔ ཏྲཱཾ་ལས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཧྲཱིཿལས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་གྱུར༔ ཨཱཿལས་བཟའ་བཏུང་བདུད་རྩིའི་རྒྱ་མཚོ་དང་ལྡན་པར་གྱུར༔ གཟུགས་བརྙན་རྣམས་སྲོག་ཆགས་དངོས་སུ་གྱུར་ཏེ༔ ལུས་མཛེས་ཤིང་ལྟ་ན་སྡུག་པ༔ ངག་སྙན་པ༔ ཡིད་དྭངས་པ༔ ལག་ན་འདོད་ཡོན་ལྔའི་རྫས་ཐོགས་པ༔ རེ་རེ་ལ་ཡང་མང་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས༔ རྒྱལ་བ་རྒྱ་མཚོ༔ སྣང་སྲིད་མ་མོ༔ རིགས་དྲུག་སེམས་ཅན༔ བུ་ལོན་ལན་ཆགས་ཀྱི་བདག་པོ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་རེ་རེ་ལ་ཡང་མདོས་གླིང་བཞི་རི་རབ་སྐྱེ་འགྲོ་སེམས་ཅན་འདོད་ཡོན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རེ་རེའི་སྤྱོད་ཡུལ་དང་མཐུན་པར་བསམས་ལ༔ མདོས་ཀྱི་དངོས་པོ་དེ་དག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་འགག་མེད་པར་བྱིན་གྱིས་བརླབ་པར་གྱུར༔ ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་ཀྱང་བརྗོད། དེ་ནས་ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ཉིད་དེ༔ ཞེས་པ་ནས། དེ་ལྟའི་སྐུ་རུ་གསལ་བར་བསྐྱེད་པར་བྱ༔ ཞེས་པའི་བར་སོང་རྗེས། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་འཆིང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ་ཡང་སྦྱར་ཞིང་། རང་གི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ཨོཾ་ཨཱཿཧཱུྃ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པའི་སྐུར་གྱུར་པར་བསམ་མོ། །དེ་ནས་རིགས་ལྔའི་ཕྱག་རྒྱ་སྤྱི་བོའི་གནས་ལྔར་འཆིང་ཞིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཤཱུནྱ་ཏཱའི་ཚབ་ཏུ་ཨཱ་དར་ཤ་དང་ས་མཱ་ཏཱ་དང་པྲ་ཏྱ་བཻཀྵ་ཎཱ་དང་ཀྲྀ་ཏྱཱ་ནུཥྛ་ཎ་རྣམས་བཅུག་པ་བརྗོད་ཅིང་། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར་ནས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ནས་སྤྱན་འདྲེན་ནས་བཟུང་ཧ་ཧ་ཧོ་ཧོ་ཧེ་ཧེ་ད་རོལ་ཅིག༔ ཅེས་པའི་བར་དཀྱུས་ལྟར་བྱ། དྲུག་པ་བསྟོད་ཅིང་ཕྲིན་ལས་བཅོལ་བའི་སྐབས་གཙོ་འཁོར་རིམ་པར་བསྐུལ་བའི་རྗེས་ལ་དུས་ལ་བབ༔ཅེས་པ་རེ་རེའི་མཇུག་ཏུ། དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དང༔ རང་རང་མཐུན་པའི་མཆོད་པ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ལ༔ མི་མཐུན་གནོད་པའི་ཚོགས་རྣམས་ཞི་བར་མཛོད༔ ཚེ་དང་དབང་མངའ་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཅེས་ཀུན་ལ་སྦྱར་རོ། །བདུན་པ་བསྙེན་ཅིང་སྒྲུབ་པ་ནི། ལས་བྱང་ལྟར་ཇི་ལྟར་རིགས་པ་སྐབས་ཐོབ་དང་སྦྱར་ཏེ་གཙོ་འཁོར་དང་ཟློག་སྔགས་སོགས་འགྲོས་བརྩིས་ཏེ་བཟླའོ། །སྐབས་འདིར་གླུད་ཡས་ཀྱི་འཕྱོང་འབྲང་འདོན་པའི་གྱེར་ནི་སྨྲེང་བསྡུས་པ་འདི་ཙམ་ཞིག་གྱེར་བ་མི་འགལ་ལོ་སྙམ་བཀོད་པ་ནི། ཧཱུྃ། རྣལ་འབྱོར་དབང་ཕྱུག་བདག་ཅག་གིས། །དཀའ་དགུས་བསགས་ནས་མཐུན་དགུ་བསྡེབས། །དཀའ་བ་མི་ལས་བཙལ་བའི་མདོས། །སྲ་བ་བྲག་ལས་བརྐོས་པའི་མདོས། །རྫས་དང་ཡས་ཀྱིས་གཞི་བཟུང་ནས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཏིང་འཛིན་དག་པས་འདོད་དགུར་བསྒྱུར། །བཅའ་བཅའ་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བཏགས་བཏགས་དེ་ནི་བརྒྱན་བརྒྱན་ནས། །ན་ཆུང་བག་མར་ཆས་པ་འདྲ། །བྲིས་བྲིས་དེ་ནི་བཀོད་བཀོད་ནས། །སྟག་གཟིག་ཚང་ནས་ཐོན་པ་འདྲ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །སྲིད་པའི་མདོས་ཆེན་འདི་ལ་གཟིགས། །འཕན་གདུགས་ནམ་རྒྱང་གུར་ལ་ལྟོས། །ཟ་འོག་གུར་ཁྱིམ་ཕུབ་པ་འདྲ། །ཤིང་རིས་མང་པོ་བྲིས་ལ་ལྟོས། །འཇིག་རྟེན་སྣང་སྲིད་མཁའ་ལ་ཤར། །མདའ་འཕང་མང་པོ་འཁྲིགས་ལ་ལྟོས། །མཁའ་ལ་འཇའ་ཚོན་འཁྱིལ་བ་འདྲ། །རི་རབ་གླིང་བཞི་གླིང་ཕྲན་བཅས། །མཐུན་པའི་རྫས་དང་ཡས་ཀྱིས་བསྐོར། །ལྷ་སྲིན་དམ་རྫས་གཉན་པོ་བསགས། །འདི་ལྟ་བུ་ཡི་མདོས་ཆེན་འདི། །བདག་དང་རྒྱུ་སྦྱོར་འཁོར་ཅས་ཀྱི། །ཚེ་དང་སྲོག་གི་གླུད་དུ་འབུལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ནོར་དང་རྫས་ཀྱི་གླུད་དུ་འབུལ། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །བཅོལ་པའི་ལས་རྣམས་སྒྲུབ་པར་མཛོད། །དེ་ནས་ཚོགས་བྱིན་རླབས་ནས་བར་པའི་བར་ལས་གཞུང་ལྟར་དང་། གསེར་སྐྱེམས་ནས་ཞལ་སྟོབ་ཀྱི་བར་བསྒྲལ་ལས་རྣམས་གཤིན་རྗེ་དྲེགས་འཇོམས་བཞིན་བྱས་ལ། ལས་གཞུང་ལྟར་ལྷག་མ་གཏང་། དེ་ནས། ཧཱུྃ༔ ཡབ་གཅིག་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ནི༔ ཞེས་པ་ནས། གདུག་པ་འདུལ་མཛད་ཁྲོ་བོས་བཟློག་ཏུ་གསོལ༔ ཧཱུྃ༔ སྔོན་ཚེ་ལྟས་ངན་བཟློག་པ་གང་ནས་བྱུང༔ ཞེས་པའི་སྐབས། དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཅེས་པ་རེ་རེའི་མཇུག་ཏུ། མདོས་བདག་ལ་སོགས་་་དེ་ཡང་ཕྱག་བཞེས་སུ་གནང་བ་ལྟར་ལ་སྟོད་ཀྱི་སྔགས་སྒྲུབ་ཏུ་བསྐུལ་གྱི་དུས་ལ་བབ་ཅེས་པའི་མཇུག་ཏུ་སྦྱར་བར་གསུངས་འདུག་པས་དཔྱད་པར་འཚལ་ལོ། །ཞེས་པའི་བར་དང་། མདོས་ལོངས་ཤིག༔ ཟོར་བདག་ལ་སོགས་ཟོར་རྒྱོབ་ཅིག༔ ཁྲམ་བདག་ལ་སོགས་ཁྲམ་རྒྱོབ་ཅིག༔ རྒྱལ་མཚན་འདི་ནི་སྐུ་ཡི་རྟེན༔ མཛེས་པའི་དར་ཟབ་འདི་བཞེས་ལ༔ ལུས་ཀྱི་སྦྱོར་བ་ངན་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ རྒྱང་བུ་འདི་ནི་གསུང་གི་རྟེན༔ མཛེས་པའི་རྒྱན་ཆ་འདི་བཞེས་ལ༔ ངག་གི་དམོད་པའི་དུག་དབལ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ ནམ་མཁའ་འདི་ནི་ཐུགས་ཀྱི་རྟེན༔ ཡེ་ཤེས་ལྔ་ལྡན་འདི་བཞེས་ལ༔ ཡིད་ཀྱི་གདུག་པའི་བསམ་ངན་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ མཐུན་པའི་དམ་རྫས་དཀོར་གྱི་དབྱིག༔ སྤྱན་གཟིགས་སྣ་ཚོགས་འདི་བཞེས་ལ༔ མི་མཐུན་གནོད་པ་མ་ལུས་པ༔ དགྲ་དང་བགེགས་ཀྱི་སྟེང་དུ་ཟློག༔ ཅེས་པ་ཀུན་ལ་སྦྱར་ཞིང་བར་འདིར་གླུད་བསྔོ་བ་ནི། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེ་སོགས༔ སྣང་སྲིད་ལྷ་སྲིན་དྲེགས་པ་ཅན༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ འབྲུ་བཟང་ངར་གྱི་མི་བོ་ཆེ༔ ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ༔ རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན༔ གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིག་གེ་ཧྲིག༔ མཛེས་པའི་གོས་རྒྱན་པུ་རུ་རུ༔ བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོས་ཉིད་རོལ་པའི་མཐུ་ལས་གྲུབ༔ མི་བས་གླུད་དགའ་བཞེས་སུ་གསོལ༔ བཞེས་ནས་བདག་དང་རྒྱུ་སྦྱོར་ལ༔ གདུག་རྩུབ་སེམས་ཀྱི་ཁྲོ་བ་སྤོངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་ཤི་བ་གསོས༔ ཞི་དང་བྱམས་པའི་སེམས་ཀྱིས་ནི༔ འཆི་བའི་འཇིགས་པ་ཞི་བར་མཛོད༔ ཅེས་བརྗོད་ཅིང་ནུབ་མཐའ་མར་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ་ལོ། །དེ་ནས། ཧཱུྃ༔ ཡབ་ཅིག་འཇམ་དཔལ་གཤིན་རྗེ་ནི༔ ཞེས་པ་ནས། ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད༔ ཅེས་པའི་བར་བཏང་ནས་སྔགས་རྣམས་ཅི་རིགས་བཟླས་མཐར་ཐལ་རྡེབ་ལན་གསུམ་བྱས་ལ། ཐུན་གཏོར་ལ་དམིགས་བྱ་དགུག །སླར་བདུད་རྩིར་བསྒྱུར་ནས་ཨ་ཀྲོ་བཅུ་བདུན་མས་བསྔོ། དེ་ཉིད་དམར་ཆེན་གཏོར་ཟོར་སོགས་ཀྱིས་ཕྱིར་འཕང་། དེ་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་ཆོག་སྐོང་གསོའི་རིམ་པ་རྣམས་དང་། གཞུང་གི་བསྟན་སྐྱོང་གཏང་རག་གི་མཆོད་བསྟོད་འདོད་གསོལ་བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། སྒྲུབ་པའི་ཞག་གྲངས་རྫོགས་ནས་མདོས་འཕང་བའི་ཉིན་ཟློག་བྱང་རྫོགས་པའི་བར་དཀྱུས་བཞིན་ལས།་་་འདི་ཉིན་སྤྱི་སྒོས་ཀྱི་སྐོང་གསོ་ཚོགས་མཆོད་གོང་དུ་བྱེད། མཆན། དེ་ནས་གཏང་རག་གི་མཆོད་བསྟོད་ཡིག་བརྒྱས་བཟོད་པར་གསོལ། ཡེ་ཤེས་པ་རྟེན་ལ་བསྟིམས་པའམ་བཏེགས་དམ་ཚིག་པ་བསྡུ། སླར་ཡང་མདོས་ཟོར་རྣམས་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་སོགས་ཀྱི་མཐར་ཧྲཱིཿཥྚི་སོགས་ཟློག་སྔགས་བཟླ་བཞིན་པར་ཟོར་བསྐོར་དང་ཐལ་རྡེབ་བྱ། ཟོར་སྣོད་མདོས་ཀྱི་མདུན་དུ་བསྒྲིག །དེའི་མདུན་དུ་དམར་གཏོར་རཀྟས་བྲན་པར་དམིགས་བྱ་དགུག་བསྟིམ་བྱས་པ་བདུད་རྩིར་སྤེལ་ནས་དམག་ལྟོའི་ཚུལ་དུ། བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་ལ༔ ཞེས་སོགས་ཀྱིས་འབུལ། སྲིད་པ་ཧུའི་ཕྱག་རྒྱ་དཀར་གཏོར་དང་བཅས་པའང་བཤམ་ཞིང་ཟོར་ལམ་འཐེན། དེ་ནས་དམར་གཏོར་བཅུ་དྲུག་གསེར་སྐྱེམས་དང་བཅས་པ་བཤམ་ཞིང་བྱིན་གྱིས་བརླབས་པ་ལས་རྡོར་གྱིས་སྒྲུབ་ཁང་གི་ཐོགས་ནས་འཕང་བ་དང་བསྟུན། ཧཱུྃ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ ཞེས་པ་ནས། ཐི་མུར་ཡ་མ་ར་ཏྲི་བྷྱོ༔ཞེས་པའི་བར་གྱེེར། དེ་ནས་སློབ་དཔོན་དྲག་པོའི་ཆས་སུ་ཞུགས་སྒྲུབ་གྲོགས་གཞན་རྣམས་དང་བཅས། ཕྱོགས་བཞི་མཚམས་བརྒྱད་སོགས་གསེར་སྐྱེམས་དང་སྒོ་དབྱེ་རྣམས་བྱས་ལ་རོལ་མོའི་སྒྲ་དང་བཅས་པས་གཟའི་རྒྱུ་ཕྱོགས་དང་བསྟུན་གང་དུ་འཕང་བའི་སར་སོང་ལ། ཐོག་མར་གསེར་སྐྱེམས་གཏང་། དཀར་གཏོར་བསྔོ་ཞིང་འདོད་དོན་གསོལ། དམིགས་བྱ་དགུག་གཞུག་བྱས་ལ། བྷྱོ༔ བདག་གིས་མ་ཉེས་མ་ལན་ནོ༔ ཞེས་སོགས་ཟོར་བསྐུལ་དང་ཟོར་རྣམས་རིམ་པར་འཕང་། དེ་ནས། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དགྲ་ལ་བྷྱོ༔ སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློགས༔ ལས་ངན་དགྲ་བོ་ཡིད་ལ་བརྣག་པ་འདིའི༔ མི་སོད་ཁྱིམ་ཤིགས་ནོར་ཕྱུགས་ཐལ་བར་རློགས༔ དགྲ་བགེགས་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ༔ བྷྱོ་བྷྱོ་ཕུང་བའི་སྲི་ལ་བྷྱོ༔ ཟོར་ཟོར་དམིགས་པའི་ཡུལ་དུ་ཟོར༔ ཞེས་དགྲ་བགེགས་གང་ལ་བྱ་བའི་ཕྱོགས་སུ་འཕང་ཞིང་། རོལ་མོའི་སྒྲ་དྲག་པོ་དང་བཅས་འཕངས་པས། དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླག་པར་བསམ་ཞིང་། ཐལ་མོ་དང་དུལ་མོ་བརྡབ་བོ། །ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །སོགས་ཀྱིས་སྲུང་འཁོར་བསྒོམ་ཞིང་སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་འོང་། སྤྱིར་མདོས་གང་དུ་གཏོང་བའི་ཕྱོགས་ནི། རྟེན་མདོས་སུ་བྱེད་ན་སྒྲུབ་ཁང་དུ་བཞུགས་སུ་གསོལ། སྐོང་མདོས་སུ་བྱེད་ན་སྒྲུབ་ཁང་གི་རྩེར་གཤེགས། ཟློག་པར་བྱེད་ན་སྒྲུབ་ཁང་སྟེང་དུ་དགྲ་ལ་གཏད་བཙུགས། ནད་སྣ་དང་གནོད་པ་ཞི་བར་འདོད་ན་ཁྲོམ་ལམ་དུ་བཏང་། བསད་པ་གཙོ་བོར་བྱེད་ན་དགྲ་ཕྱོགས་སུ་བཏང་། གཡུལ་ངོ་བཟློག་ན་དམག་དཔུང་གི་གདོང་དུ་བཏང་བ་སོགས་སྤྱི་ལྟར་ཤེས་པར་བྱའོ། །དེ་ནས་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བསྟན་མ་བསྐྱང་། དམིགས་བྱ་བཀུག་པའི་ཁར་གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་བསམས་ལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་གཞལ་ཡས་ན༔ སོགས་ཀྱིས་བྲོ་བརྡུང་བྱ། ནང་དུ་ལོག་ནས་ཚེ་འགུགས་ཆོས་སྐྱོང་གི་གཏོར་སྐྱོང་སོགས་རྗེས་ཆོག་རྣམས་བྱ་ཞིང་། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། རྟེན་ཡོད་པ་རྣམས་བརྟན་བཞུགས་དང་། མེད་པ་རྣམས་གཤེགས། དམ་ཚིག་པ་བསྡུས་ནས། རྡུལ་ཚོན་ཨ་ཀཱ་རོས་བསྡུ་ཞིང་། སྨོན་ལམ་ཤིས་བརྗོད་རྣམས་མཐའ་རྒྱས་སུ་བྱའོ།། ༈ ཡང་གཏོར་བཟློག་རྐྱང་པའི་སྐབས་སུ། དཀྱིལ་འཁོར་གྱི་དབུས་སུ་གཏོར་ཟོར་སྲིན་ཞལ་ཅན་ལྟོ་བར་དུག་གསུམ་འཁོར་ལོ་བཅུག་པ་འཁོར་གྱི་བཤོས་བུ་དང་ཁྲག་ཀོང་བཅད་ཁ་ཕྱིར་བསྟན་གྱིས་བསྐོར་བར་གཙོ་འཁོར་གྱི་ཁྲམ་བྱང་དང་ལྷ་ཙག་བཙུགས། མཚེ་ཡུངས་རྩང་དམར་རྒྱུ་རློན་ཤ་དུམ་སོགས་དྲག་རྒྱན་རྔམ་བརྗིད་དང་ལྡན་པའི་རྩེར་དར་ནག་གི་གདུགས་ཕུབ་པ་མཉྫིའི་ཁར་བཀོད་པའི་ཤར་དུ་གཏོར་ཟོར་བཞི། ལྷོར་མདའ་ཟོར། ནུབ་ཏུ་རྡོ་ཟོར། བྱང་དུ་ཁྲག་ཟོར། ཕྱོགས་མཚམས་བརྒྱད་དུ་ཀོང་ཟོར་རྣམས་དང་། གཞན་ཡང་ཡོན་བདག་གི་གླུད། ཕྱི་ནང་གི་མཆོད་པ་སོགས་ཉེར་མཁོའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱའོ། །ཆོ་གའི་རིམ་པ་ནི། བདག་བསྐྱེད་བཟླས་པའི་བར་སོང་རྗེས། མདོས་བྱིན་རླབས་དང་གླུད་ཡས་ཀྱི་འཕྱོང་། ཟློག་པའི་སྐབས་ཀྱི། མདོས་བདག་ལ་སོགས་མདོས་ལོངས་ཤིག༔ ཅེས་སོགས་དོར་བ་ཙམ་ལས་གཞན་སྔར་ལྟར་དང་། ནུབ་མཐའ་མར་ཚོགས་མཐའ་མའི་ཞལ་སྟོབ་དང་བསྟུན། འཁོར་ལིང་རྣམས་བསྲེག །དམ་ཚིག་པ་བསྡུས་མཐར། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་རྣམས་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་སོགས་ཀྱིས་བསྒྱུར་བར་བྱ་བ་ཙམ་ཁྱད་པར་རོ། ༈ །ཡང་ཕྱག་འཚལ་ཐུབ་པའི་མན་ངག་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་མདུན་ལྟ་བུར། དུར་རྡོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཡུགས་སའི་སླ་ངའི་ནང་དུ་དགྲ་གཟུགས་ངར་མི་སྐྱེ་མཆེད་དོད་པ་མཐོ་གང་པ་གཅིག་བྱས་ལ་ཡི་དམ་གྱི་བསྐྱེད་རིམ་དང་ལྡན་པས་དགུག་གཞུག་དྲག་ཏུ་བྱས་ལ་དགྲ་དངོས་སུ་བསམ། ཆང་རིལ་དགྲའི་ལོ་གྲངས་སམ་བརྒྱ་རྩ་བརྒྱད་བྱས་ལ་ཆང་བླུགས། འདོད་ཡོན་ལྔར་བྱིན་གྱིས་བརླབ། སམ་བྷ་རའི་སྔགས་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དགྲ་བོ་ཁྱོད་ལ་འབུལ་ལོ། །ལན་ཆགས་མེད་དོ། །བུ་ལོན་ཁྱེར་རོ། །ཤ་འཁོན་དག་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ་སླར་ས་ལ་ཕབ་སྟེ་ལན་གསུམ་བསྐོར་བས་ཁོ་ཀླད་ཡུ་འཁོར་བས་ཁ་རྗེ་བསོད་ནམས་དབང་ཐང་ཐམས་ཅད་སྐྱུགས། དེ་ནས་ཇེ་ཆུང་ཇེ་ཆུང་ལ་སོང་སྟེ། མཐར་ས་འོག་ཏུ་ཐིབས་ཀྱིས་ཐིམ་པར་བསྒོམ། སླར་དགུག་གཞུག་བྱས་ལ། རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བར་བསྒོམས་ལ། དགྲ་དེ་ལ་མོས་གུས་ཆེན་པོ་བྱེད་ཅིང་ཕྱག་འཚལ། ཕྱག་འཚལ་དུས། དབུ་སྐྲ་རིང་བ་རྣམས་རལ་གྲི་དང་སྤུ་གྲི །ཐུང་བ་རྣམས་སོག་ལེ་ལ་སོགས་པར་གྱུར་ནས་དེ་དག་གིས་དགྲ་བོའི་ཤ་ཁྲག་དམར་ཐོར་བཏང་བར་བསམ་མོ། །མཐར་དགྲ་གཟུགས་དེ་ཉིད་མདོས་གཏོར་གྱི་སྐབས་སུ་བསྲེག་པར་བྱའོ། །ཡང་འདི་ཉིད་ཀྱི་སྒོ་ནས་ལས་ཁ་སྒྱུར་གྱི་རིམ་པ་གཞན་གསུངས་པ་རྣམས་ནི་གཞུང་དང་དམ་པའི་གསུང་ལས་ཤེས་པར་བྱའོ། །མི་བསྲུན་ཕས་རྒོལ་གདུག་ཅན་ཚོགས་རྣམས་ཀུན། །འཇོམས་བྱེད་འཆར་ཀ་ནག་པོའི་ལས་སྦྱོར་གྱི། །ལག་ལེན་ཉུང་ངུར་བྱས་འདི་བྲིས་པའི་དགེས། །ལོག་ལྟའི་དགྲ་བགེགས་མ་ལུས་ཐུལ་བར་ཤོག །ཅེས་འཇོམས་བྱེད་འཆར་ཀ་ནག་པོའི་ཆོ་གའི་ལག་ལེན་འདི་ནི་སོ་སྟོན་རིག་སྔགས་འཆང་བ་མཐུ་སྟོབས་རྣམ་རྒྱལ་གྱིས་ལྷ་རྫས་བཟང་པོའི་རྟེན་དང་བཅས་གསུང་གིས་བསྐུལ་ཞིང་། ཉེ་ཆར་རིག་འཛིན་འདུས་སྡེའི་ཆེ་བསྒྲེས་རྣམས་དང་། ཉེ་བར་གནས་པ་མི་ཕམ་དང་ཆོས་དབང་གཉིས་ཀྱིས་ཀྱང་ཡང་ཡང་གསོས་བཏབ་པར་བརྟེན་རིན་ཆེན་རྣམ་པར་རྒྱལ་བས་མེ་སྦྲུལ་སྣོན་ཟླའི་དམར་ཕྱོགས་ལ་སྦྱར་བའི་ཡི་གེ་པ་ནི་ཟམ་སྲག་པ་རྡོར་ལེགས་བསྟན་འཛིན་གྱིས་བགྱིས་པའོ།། །།

ལོཀྟྲིའི་སྲུང་ཟློག་གསད་པའི་ལས་ཁྱད་པར་བའམ་དཀྱུས་འགྲེ་ཙམ་ལ་ཐུན་བཞིའི་ངེས་པས་ཉམས་སུ་ལེན་པའི་སྐབས་རྣམས་སུ་མཁོ་བའི་ཐུན་གཏོར་འབུལ་བ (Volume 34, Text 17)

ལོཀྟྲིའི་སྲུང་ཟློག་གསད་པའི་ལས་ཁྱད་པར་བའམ་དཀྱུས་འགྲེ་ཙམ་ལ་ཐུན་བཞིའི་ངེས་པས་ཉམས་སུ་ལེན་པའི་སྐབས་རྣམས་སུ་མཁོ་བའི་ཐུན་གཏོར་འབུལ་བ་ནི། བསྙེན་སྒྲུབ་དང་སྲུང་བའི་ཐུན་མཐར་དམར་གྱི་གཏོར་མར་རཀྟ་བྲན་ནས་དམིགས་བྱ་དགུག་བསྟིམ་བྱ། བདུད་རྩི་བྲན་ལ། རཾ་ཡཾ་ཁཾཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཅེས་པའི་མཐར། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། ཨོཾ་རྀ་ཥི་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་བསྔོས་ལ། ཧཱུྃ། བཅོམ་ལྡན་ཞེ་སྡང་རྡོ་རྗེ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །གཡེལ་མེད་སྲུང་ཞིང་རྟག་ཏུ་སྐྱོབ་པ་དང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་དོན་གསོལ། ཟློག་གསད་གཉིས་ཀྱི་ཐུན་མཐར། འགུགས་གཞུག །བྱིན་རླབས། ཞལ་བསྟབ་མན་སྔ་མ་ལྟར་ལ། ཧཱུྃ། བཅོམ་ལྡན་ཞེ་སྡང་སོགས་ཀྱི་འདོད་གསོལ་གཤམ་བསྒྱུར་ཏེ། ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་གསོལ་ནས། སླར་ཡང་དྲེགས་པའི་དམག་ཚོགས་མཚོན་ཆའི་འཕྲུལ་འཁོར་མི་བཟད་པར་སྤྲོ་བར་བསམ་ལ། ཧཱུྃ། དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ཅེས་སོགས་ཟློག་སྔགས་དམོད་མོ་དང་བཅས་ཏེ་ཕྱིར་འཕངས་པས་དགྲ་བགེགས་རྗེས་མེད་དུ་བརླགས་པར་བསམ་མོ།། །།

རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྐོང་གསོ་ཉུང་ངུར་བསྡུས་པ་འདོད་རྒུའི་ཆར་འབེབ་ (Volume 41, Text 17)

རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྐོང་གསོ་ཉུང་ངུར་བསྡུས་པ་འདོད་རྒུའི་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། བསྟན་པ་སྲུང་བའི་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་སྐོང་བཤགས་ཀྱི་ཆོ་ག་མདོར་བསྡུས་སུ་བྱ་བའི་ཚུལ་ནི། ཡིད་དང་མཐུན་པའི་གནས་སུ་མཆོད་གཏོར་དང་། སྐོང་གཏོར་སོགས་རྒྱས་པར་འདུ་བྱ་བའམ། དེ་ཙམ་མ་ལྕོགས་ན་མཆོད་གཏོར་དམ་ཅན་སྤྱིའི་གཏོར་ཆོག་གི་སྐབས་ལྟར་དང་། དེའི་མདུན་དུ་སྐོང་གཏོར་རིན་ཆེན་འབར་བ་སྨན་རཀ་འབུལ་གཏོར་བཅས་ཕྱག་ལེན་བཞིན་བཤམ། བདག་གི་རྣལ་འབྱོར་གང་རིགས་སྔོན་དུ་འགྲོ་བས་གཏོར་མ་བྱིན་རླབས་ནས་གཟུང་བསྟོད་པའི་བར་དམ་ཅན་སྤྱི་གཏོར་གྱི་ཆོ་ག་ཇི་ལྟ་བ་བཞིན་ལ། རྗེས་འབྲང་བྱེ་བྲག་པ་གཏོང་ན་སྐབས་འདིར་བྱ། དེ་ནས་གཏེར་བདག་དང་གཞི་བདག་ལ་གཏོར་མ་ཕུལ། བཟླས་པ་བྱེད་ན། མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ་ལ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་པས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང་། བདག་བསྐྱེད་ཀྱི་བསྙེན་པ་ཅི་རིགས་གོང་གནོན་གྱི་ཚུལ་དུ་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་སོགས་སོ་སོའི་སྔགས་སྤྱི་གཏོར་གྱི་སྐབས་ནས་འབྱུང་བ་བཞིན་དང་། ཐུན་མོང་དུ་ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཞེས་ཅི་ནུས་བཟླ། སྤྲོ་ན་མཆོད་བསྟོད་ཀྱང་བྱ། ཚོགས་ཡོད་ན་སྐབས་འདིར་ཡི་དམ་གྱི་ལས་གཞུང་ལྟར་བྱིན་རླབས་ནས་བསྒྲལ་བསྟབ་བར་དང་། རྩ་གསུམ་སྐོང་གསོ་སོགས་ཀྱང་གཏོང་ན་འདིར་བྱ། དེ་ནས་སྐོང་རྫས་རྣམས་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ། རྒྱལ་བ་ཡོངས་ཀྱི་བཀའ་སྡོད་དཔའ་བོ་ཆེ། །མ་ལུས་བདུད་སྡེའི་ངོ་ན་རབ་ཁྲོས་པ། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་དམ་གཉན་པོ་བསྐང་ཕྱིར་འདིར་གཤེགས་ཤིག །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བའི། །རྣམ་རོལ་འགག་མེད་ཕྱི་ནང་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །བཞེད་རྒུའི་འབྱོར་པ་རྒྱ་མཚོས་ཐུགས་དམ་བསྐང་། ཁྲག་ཞག་ཨརྒྷཾ་དབང་པོའི་མེ་ཏོག་བཞད། །གསུར་ཆེན་བདུག་སྤོས་ཞུན་ཆེན་སྣང་གསལ་སྦར། །མཁྲིས་པའི་དྲི་ཆབ་ཤ་སྣའི་ཞལ་ཟས་མཛེས། །སྙན་བརྗིད་རོལ་མོའི་སྒྲ་ཡིས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་རཀྟའི་མཚོ། །འདོད་ཡོན་བཟའ་བཅའ་གཏོར་མ་དམ་རྫས་ཚོགས། །དཔག་ཡས་ནམ་མཁའ་གང་བས་ཐུགས་དམ་བསྐང་། །མིག་སྨན་མདངས་ལྡན་རྟ་མཆོག་སྒ་སྲབ་ཅན། །བརྗིད་པའི་གཡག་རྒོད་ལུག་ནག་རོག་པོའི་ར། །དཔའ་གཏུམ་ཁྱི་སོགས་ཕྱི་ཡི་རྟེན་རྣམས་ཀུན། །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས༴ རྔམ་བརྗིད་ཐོད་མཁར་དྲག་པོའི་གཞལ་མེད་ཁང་། །འབོད་པའི་གཡབ་དར་དུར་ཁྲོད་དྲག་པོའི་ཆས། །རྣམ་བཀྲའི་དར་སྣས་མཚན་པའི་བྱ་རྒོད་མདའ། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས༴ སྐུ་གཟུགས་གླེགས་བམ་བེང་སོགས་ཕྱག་མཚན་དང་། །སྣ་ཚོགས་དཀོར་ནོར་གཟུགས་རྟེན་བླ་རྡོའི་ཆས། །རི་རབ་གླིང་བཞི་གླིང་ཕྲན་རྟགས་རྫས་བདུན། །སྲ་བརྟན་དཔའ་བོའི་ཆས་ཀྱིས་ཐུགས༴ སྐུ་ཡི་ཕྱག་རྒྱ་གཡོ་མེད་གསལ་ཞིང་བརྟན། །རླུང་སྔགས་བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཞིང་། །སེམས་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །བསྐྱེད་དང་རྫོགས་པའི་ལམ་གྱིས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་གཉན་པོ་བསྐངས་པའི་མཐུས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བ་དང། །ཐུབ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་གྱི། །རིང་ལུགས་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད། །ཅེས་ཐུགས་དམ་བསྐང་། བཤགས་པ་ནི་ཐལ་མོ་སྦྱར་ཏེ། ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབག་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་། ཡི་གེ་བརྒྱ་པ་ལན་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐང་བ་རྣམས་བཤགས་པར་བྱའོ། །སྐབས་འདིར་གཞན་ལས་འདོད་པའི་དོན་ལ་ཕྲིན་ལས་གསོལ་བ་གསུངས་ནའང་གོང་དུ་སྐོང་བའི་སྐབས་དོན་གྱིས་ཚང་ཞིང་། གཏོར་མ་སྟོབ་པའང་ཚང་བས། ཚོགས་ཡོད་ན་རོལ་ཞིང་སྨོན་ལམ་གདབ། ལྷག་མ་གཏང་། ཡི་དམ་གྱི་བསྐུལ་བ་ཡོད་ནའང་བྱས་ནས། གཏོར་འབུལ་མན་དམ་ཅན་སྤྱི་གཏོར་བཞིན་བགྱིས་པས་དོན་འགྲུབ་པ་ཡིན་ནོ། །ཞེས་པ་འདིའང་དད་ལྡན་དཀོན་མཆོག་རྒྱ་མཚོས་བསྐུལ་ངོར་འགྱུར་མེད་རིན་ཆེན་རྣམ་རྒྱལ་གྱིས་བྲིས་པའོ། །སླར་ཡང་གོང་འོག་གི་མཛེས་རྒྱན་དང་བཅས་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བསྡེབས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ རྩ་གསུམ་སྐོང་གསོ་ཀུན་བཟང་མཆོད་སྤྲིན་ (Volume 9, Text 17)

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ རྩ་གསུམ་སྐོང་གསོ་ཀུན་བཟང་མཆོད་སྤྲིན་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་འདི༔ སྒྲུབ་ཅིང་ཉམས་ལེན་གང་ཟག་གིས༔ ཉམས་ཆག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ སྐོང་བཤགས་འདི་ལ་བརྩོན་པར་བྱ༔ ས་མ་ཡ༔ དེ་ཡང་གནས་གཙང་ཡིད་འོང་སར༔ རྩ་གསུམ་སྐུ་རྟེན་བཤམས་པའི་དྲུང༔ སྒྲུབ་རྫས་གཏོར་མ་སྨན་རཀ་དང༔ ཕྱི་ནང་གསང་བའི་མཆོད་པ་དང༔ རྟེན་སྒྲུབ་སྐོང་མཆོད་རྫས་མ་ལུས༔ བག་དྲོ་ལྷུན་ཆགས་བཤམས་ནས་སུ༔ ཁྲུས་བྱས་བདེ་བའི་སྟན་ལ་འདུག༔ བདག་བསྐྱེད་ལ་སོགས་གཞུང་བཞིན་བྱ༔ དེ་ནས་གནས་དང་མཆོད་རྫས་ལ༔ བསང་ཆུ་འཐོར་ཞིང་འདི་སྐད་བརྗོད༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ མ་དག་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པདྨ་འོད་ཀྱི་ཞིང༔ འཇའ་ཚོན་འོད་ལྔ་དྭངས་མར་འཁྲིགས་པའི་དབུས༔ མཛེས་ཤིང་ཡིད་འོང་ཕོ་བྲང་ཆེན་པོར་གྱུར༔ བྷྲཱུྃ་པདྨ་རཱ་སྱ་མཎྜ་ལ་བྷྲཱུྃ༔ ཨོཾ་བརྗོད་བྲལ་ཁྱབ་བརྡལ་ཆོས་ཀྱི་དབྱིངས༔ ཨཱཿརབ་འབྱམས་དབྱིངས་མཉམ་ཀ་པཱ་ལར༔ ཧཱུྃ་འདོད་ཡོན་ཟག་མེད་མཆོད་པའི་སྤྲིན༔ ཧོཿལྷ་ཚོགས་དགྱེས་སྐོང་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་པས་གནས་རྫས་བྱིན་བརླབས་ལ༔ མདུན་དུ་རིགས་འདུས་ལྷ་ཚོགས་བསྐྱེད༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་པ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་དག་པའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ མ་འགག་རང་གསལ་ཀློང་ཡངས་ནས༔ ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ རྩ་གསུམ་བཀའ་ཉན་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་དེ་བ་ག་ཎ་སརྦ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ པདྨ་སཱུརྱ་ཙནྡྲ་སཏྭཾ༔ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་བསྲེ༔ མཆོད་བསྟོད་བཟླས་པའི་སྒྲུབ་པ་གཟུང༔ དེ་ནས་ཐུགས་དམ་སྐོང་བ་ནི༔ ཧྲཱི༔ མཐའ་བྲལ་ཆོས་དབྱིངས་བརྡལ་བའི་ཁྱོན་གང་བའི༔ རབ་འབྱམས་རྒྱལ་བ་དགྱེས་བྱེད་རྨད་བྱུང་རྫས༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ སྙན་པའི་སྒྲ་དབྱངས་རྒྱལ་སྲིད་སྣ་བདུན་དང༔ ཕུན་ཚོགས་རྟགས་རྫས་བརྒྱད་དང་འདོད་ཡོན་ལྔ༔ གླིང་བཞི་རི་རབ་བཅས་པའི་མཎྜལ་སོགས༔ མི་ཟད་ལྷ་མིའི་ལོངས་སྤྱོད་སྣ་ཚོགས་ཀྱིས༔ ནམ་མཁའ་རབ་འབྱམས་གང་བའི་ཐུགས་དམ་བསྐང༔ དབང་པོ་ལྔ་དང་ཚིལ་ཆེན་ཏིལ་མར་མེ༔ ཁྲག་མཁྲིས་དྲི་ཆུ་མ་ཧཱ་མཱཾ་ས་དང༔ ཅང་ཏེའུ་རྐང་གླིང་རོལ་མོའི་སྒྲ་ཆེན་སྒྲོག༔ ཤ་སྣ་སྙིང་སྣ་རུས་ཆེན་ཞིང་ལྤགས་སོགས༔ དུག་ལྔ་རང་དག་ཡེ་ཤེས་རྫས་མཆོག་འདིས༔ བདེ་ཆེན་དྭངས་མའི་ཀློང་དུ་ཐུགས་དམ་བསྐང༔ རྣམ་བཀྲ་རིག་པའི་མེ་ཏོག་སྙིང་རྗེའི་གསུར༔ འོད་གསལ་མར་མེ་ཟབ་དོན་བྱུག་པ་དང༔ ཏིང་འཛིན་ཟས་མཆོག་གྲགས་སྟོང་སྙན་པའི་སྒྲ༔ མ་འགག་རང་བྱུང་རང་ཤར་མཆོད་སྤྲིན་གྱིས༔ སྐྱེ་མེད་རིག་པའི་རྩ་གསུམ་ལྷ་ཚོགས་རྣམས༔ སྤང་བླང་དག་པ་རབ་འབྱམས་ཐུགས་དམ་བསྐང༔ རྩ་བརྒྱད་ལོ་འདབ་སྟོང་སྦྱར་ཨ་མྲྀ་ཏ༔ འཁོར་བ་རྒྱུན་གཅོད་དམར་གསལ་ཁྲག་མཚོ་བསྐྱིལ༔ སྣང་སྲིད་དཔལ་གྱི་དམ་རྫས་གཏོར་མ་དང༔ རང་བྱུང་ལྷུན་གྲུབ་ཤ་ལྔ་བདུད་རྩི་ལྔ༔ ཐབས་ཤེས་དྭངས་མ་བྱང་སེམས་ཛ་གད་དང༔ ཡིད་འཕྲོག་འཇོ་སྒེག་ལྡན་པའི་མུ་དྲ་ཡིས༔ རང་སྣང་རིགས་འདུས་ལྷ་ཚོགས་ཐུགས་དམ་བསྐང༔ ལོངས་སྤྱོད་མི་ཟད་ག་ཎའི་རྫས་ཆེན་པོ༔ བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་དང༔ དར་འཕན་རྒྱལ་མཚན་ཕྱེ་ཕུར་བླ་བྲེ་དང༔ ལྡ་ལྡི་ཡོལ་བ་དར་དཔྱང་ཅོད་པན་གྱིས༔ དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རྣམས༔ རང་ཤར་རང་གྲོལ་ཆེན་པོའི་ཀློང་དུ་བསྐང༔ གཞན་ཡང་སྒྲུབ་རྟེན་སྐོང་དང་མཆོད་རྫས་རྣམས༔ དངོས་འབྱོར་མི་ཟད་འདོད་ཡོན་རྒྱ་མཚོ་དང༔ ཡིད་སྤྲུལ་ནམ་མཁའ་རབ་འབྱམས་ཁྱོན་བཀང་སྟེ༔ མ་ལུས་འདུས་པའི་གཙོ་མཆོག་དགྱེས་སྐོང་ཕྱིར༔ མ་ཚང་མེད་པའི་དམ་རྫས་འདི་དག་གིས༔ ཁྱབ་བརྡལ་ཆོས་དབྱིངས་ཀློང་དུ་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་བདེ་ཆེན་དྭངས་མ་འཇའ་གུར་ཀློང༔ བདེ་གཤེགས་ཀུན་འདུས་རྗེ་བཙུན་ཐོད་ཕྲེང་རྩལ༔ དགོངས་བརྡ་སྙན་བརྒྱུད་རྩ་བ་བརྒྱུད་བཅས་ཀྱི༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ མ་འགག་རང་ཤར་ལྷུན་གྲུབ་ཚོམ་བུའི་ཀློང༔ རིགས་འདུས་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ ཕྱི་ནང་ཞི་ཁྲོ་རྒྱུད་དྲུག་ཐེག་པ་དགུའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ ཕྲིན་ལས་སྣ་ཚོགས་སྒྱུ་མའི་སྐུར་སྟོན་པ༔ དབྱིངས་ཀྱི་ཡུམ་ཆེན་དཔལ་ལྡན་ཌཱ་ཀི་མ༔ རིགས་བཞིའི་མཁའ་འགྲོ་གིང་ལང་མ་སྲིང་དང༔ འབུམ་ཕྲག་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཕྱོགས་མཚམས་སྟེང་འོག་རབ་འཇིགས་མེ་ཕུང་ཀློང༔ བསྟན་སྲུང་དྲེགས་པ་ཕོ་རྒྱུད་མོ་རྒྱུད་དང༔ ཕོ་ཉ་ལས་བྱེད་བཀའ་ཉན་བཅས་པ་ཡི༔ བསྟན་སྲུང་དབང་པོ་རྣམས་ཀྱི་ཐུགས་དམ་བསྐང༔ གཞན་ཡང་དཀོན་མཆོག་སྲི་ཞུ་ཡོན་ཏན་མགྲོན༔ རིགས་དྲུག་ལན་ཆགས་སྙིང་རྗེའི་མགྲོན་ལ་སོགས༔ མ་ཚང་མེད་པའི་འདོད་ཡོན་ལོངས་སྤྱོད་ཀྱིས༔ བསྐང་ངོ་གསོལ་ལོ་ཐུགས་དམ་གཉན་པོ་བསྐང༔ དེ་ལྟར་ཐུགས་དམ་བསྐང་ཞིང་མཆོད་པའི་མཐུས༔ ཉམས་ཆག་སྡིག་སྒྲིབ་མ་ལུས་བྱང་བ་དང༔ ཕྲིན་ལས་རྣམ་བཞི་འབད་མེད་ལྷུན་གྲུབ་ཅིང༔ སྲིད་པའི་འགྲོ་ཀུན་བདེ་ཆེན་ཀློང་དུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་བསྐངས་ལ་ཡི་གེ་བརྒྱ་པ་བཟླའོ༔ བདག་འདྲ་ལོ་ཙཱ་བཻ་རོ་ཙ་ན་ཡིས༔ ཐུགས་ཐིག་ཆ་ལག་རྩ་གསུམ་སྐོང་བ་འདི༔ ཨོ་རྒྱན་བཀའ་བཞིན་ཡི་གེར་བཏབ་སྟེ་སྦས༔ ལས་ཅན་དང་འཕྲད་འགྲོ་བའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ།། །།

དབང་ཆེན་གསང་བ་འདུས་པ་ལས༔ གཤིན་རྗེ་ཚེ་བདག་ནག་པོའི་ལས་མཐའ་སྲུང་ཟློག་གསད་གསུམ་གྱི་མན་ངག་ཤིན་ཏུ་ཟབ་ (Volume 53, Text 17)

<!TCC Tibetan character 3,182 undefined in unicode!>༔ དབང་ཆེན་གསང་བ་འདུས་པ་ལས༔ གཤིན་རྗེ་ཚེ་བདག་ནག་པོའི་ལས་མཐའ་སྲུང་ཟློག་གསད་གསུམ་གྱི་མན་ངག་ཤིན་ཏུ་ཟབ་བོ༔ རཏྣའི་ཟབ་གཏེར་གྱི་ཨུ་པ་དྷེ་ཤའོ། ། ྈྈྈྈྈྈྈྈ དཔལ་ཚེ་བདག་ནག་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ དཔལ་ཚེ་བདག་ནག་པོའི་ཡང་ཞུན་གུ་རུ་འཇམ་དཔལ་བཤེས་གཉེན་གྱི་ཐུགས་བཅུད༔ རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱི་བརྣག་པ༔ བལ་པོ་བྷ་སུ་དྷཱ་རའི་མཚོན་ཆ༔ བདག་འདྲ་པདྨ་འབྱུང་གནས་ཀྱི་མན་ངག༔ དྲེགས་པ་ཅན་ཆམ་ལ་འབེབ་པའི་ཕུང་ལས༔ ལས་ཀྱི་བརྣག་པ་འདི་ཁོ་ནའོ༔ ཡང་ཟློག་ནག་པོ་མེའི་སྤུ་གྲི་ལ་བཞི་སྟེ༔ སྲུང་བ་དང༔ ཟློག་པ་དང༔ གསད་པ་དང༔ གནན་པ་དང་བཞི་འོ༔ དང་པོ་སཱཙྪ་དཀར་པོ་ལ་བརྟེན་ནས་སྲུང་བ་བྱ་བ་ནི༔ དོན་དང་ལྡན་པའི་རྣལ་འབྱོར་པས༔ སྤྱིར་བསྟན་པའི་སྤྱི་དགྲ༔ སྒོས་བླ་མའི་སྐུ་དགྲ༔ རྣལ་འབྱོར་པ་རང་ལ་བསྡོ་བ་རྣམས་ལ་བྱའོ༔ དེ་མ་ཡིན་པ་བསྙད་ཆུང་སྒོས་དགྲའི་སྔགས་ཟློག་ནོར་དང་ཚེ་འདི་ཡི་ཕྱིར་བྱས་ན་རང་ལ་བཟློག་གོ༔ ཐོག་མར་རྣལ་འབྱོར་པས་སྐྱབས་འགྲོ་སེམས་བསྐྱེད༔ ལྟ་བའི་གདེང་དང་ལྡན་ཞིང་དམ་ཚིག་དང་ལྡན་པས༔ བསྐྱེད་རིམ་ལ་དྲོད་ཐོབ་ཅིང༔ རབ་ཚེ་བདག༔ ཡང་ན་ཡི་དམ་ཞི་ཁྲོའི་བསྙེན་སྒྲུབ་ཚད་དུ་ཐེམས་པས༔ ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་པ་བཀྲ་ཤིས་པའི་ས་དང་སྦྱར་ལ༔ སཱཙྪ་དཀར་པོ་ནང་ཅན་བྱས་ལ་དར་དཀར་རམ༔ རས་དཀར༔ ཤོག་བུ་ལ༔ ག་པུར༔ ཙནྡན༔ བཟང་དྲུག་ལ་སོགས་དྲི་བཟང་སྦྱར་བའི་སྣག་ཚས་གཟའ་སྐར་དར་ཞིང་དུས་ཚེས་བཟང་པོ་ལ་ཙཀྲ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བ་ལ་བདག་མིང་རུས་ཆེ་གེ་མོ་འཁོར་དང་བཅས་པ་ལ་གཞན་གྱི་བྱད་ཁ༔ རྦོད་གཏོང༔ རྦད་འདྲེ༔ གནན་གཏད༔ ཕུར་ཁ༔ ཟོར་ཁ༔ ངན་བྱེད་ཐམས་ཅད་སྲུངས་ཤིག༔ ཅེས་སོགས་བྲི་འོ༔ ལྟེ་བའི་མུ་ཁྱུད་ལ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ༔ ཞེས་བྲི༔ རྩིབས་བཞིའི་སྟེང་མ་ལ༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་གཡས་ལ༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་གཡོན་ལ༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་འོག་མ་ལ༔ སརྦ་ཙིཏྟ་གཟིར་ཐུམས༔ བྷིག་ནན༔ ཏྲིག་ནན༔ རྦད་ཡ༔ ཟློག་ཡ༔ སཾ་གྷྲི་ཝཱ་རི༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྲི་འོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི་འོ༔ དེའི་ཕྱི་རིམ་རྡོ་རྗེའི་ར་བ༔ དེའི་ཕྱི་ལ་མེ་རིས་བསྐོར༔ དེ་ལྟར་སཱཙྪ་དང་འཁོར་ལོ་ཚར་ནས༔ གཞི་མ་དཀར་པོའི་སྟེང་དུ་ནས་དཀར་མོའི་ཚོམ་བུ་དགུའམ་ལྔ་བཀོད༔ དབུས་སུ་འཁོར་ལོའི་སྟེང་དུ་སཱཙྪ་བཞག༔ ཕྱོགས་མཚམས་ཀྱི་ཚོམ་བུ་བརྒྱད་དམ་བཞི་ལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང༔ སྡེ་བརྒྱད་གཞི་བདག་དང་བཅས་པའི་མཆོད་གཏོར་ཆ་ཚང་བ་བཤམ༔ སྔགས་ནག་ཁོ་ཡི་སྲུང་མ་ལ་ཡང་གཏོར་མ་བྱས་ཏེ་ཁོའི་རང་གཤེད་དུ་བསྐོའོ༔་་་ཟུར་དུ་བཤམས། གསེར་སྐྱེམས་རྒྱས་པར་བཤམས་ལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ༔ གཞི་བདག༔ སྡེ་བརྒྱད་དང་བཅས་པ་ལ་རང་གི་མ་ཉེས་པའི་དཔང་གཟུག༔ བདེན་པ་བདར༔ ཤགས་གདབ༔ ཕྲིན་ལས་བཅོལ་ལོ༔ དེ་ནས་སཱཙྪ་དཀར་པོ་དེ་ཉིད་ཨེ་ལས་ལྕགས་ཀྱི་གུར་ཁང༔ ལཾ་ལས་རྡོ་རྗེའི་གུར་ཁང༔ རཾ་ལས་མེའི་གུར་ཁང་དུ་གྱུར་ཏེ༔ བདག་དང་བསྲུང་བྱ་ཐམས་ཅད་དེའི་ནང་དུ་ཚུད་པར་སྒོམ༔ དམིགས་པ་གསལ་ཞིང་རྒྱ་ཆེ་བ་ནན་དུ་སྒོམ་པ་དང༔ རྗེས་ཀྱང་གསལ་འདེབས་པ་ནི་གནད་ཀྱི་གདམས་པའོ་ཞེས་པདྨ་ཐོད་ཕྲེང་གི་ཞལ་གདམས་སོ༔ དཀོན་མཆོག་ལ་གསོལ་བ་གདབ༔ བཤགས་སྐོང་སྐོང་གསོ་ལ་སོགས་བྱས་ལ༔ འཁོར་ལོའི་སྔགས་རྣམས་བརྒྱ་རྩ་བརྒྱད་དང༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱས་ལ༔ བསྐོར་བ་ཆོས་འཁོར་དུ་ལན་བདུན་དུ་བྱས་ལ༔ ཙཀྲ་དྲིལ་ཏེ་མགོ་ཞབས་མ་ལོག་པར་སཱཙྪའི་ནང་དུ་གཞུག༔ རབ་གནས་ཚར་ནས་སྒྲུབ་ཁང་སྒོའི་ཡ་ཐེམ་སྟེང་དུ་བཞུགས་སུ་གསོལ་ལོ༔ རང་རེ་རྣམས་ལའང་རེ་རེ་གདགས་སོ༔ དེ་ནི་སྲུང་བ་མེའི་སྤུ་གྲི་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཟློག་པའི་འཁོར་ལོ་བྱ་བ་ནི༔ དུར་ཁྲོད་ཀྱི་ས་ནག་ལ་དུག་ཁྲག་གིས་སྦྲུས་ལ༔ དམ་ལོག་གམ་མི་ཐང་པོ་གཅིག་གིས་སཱཙྪ་བྱས་ཏེ་ནང་ཅན་དུ་བྱ་འོ༔ ཙཀྲ་བྲི་བ་ནི༔ ལར་ནི་གོང་གི་ལྟ་བུ་ལ་བསྒྱུར་བ་ཡིན་ཏེ༔ བྱད་མའི་ལུས་ལ་ཙཀྲས་བསྐོར་ཏེ༔ ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི༔ རྡོ་རྗེ་དང་ཁ་ཊྭཱཾ་དཔུང་མགོ་གཉིས་ལ་གཟེར༔ གསུམ་པ་གསད་པའི་ཙཀྲ་ཡང་གོང་གི་ལྟ་བུ་ལ༔ ཙཀྲ་བྱད་མའི་སྙིང་ཁར་བསྐོར་ཏེ་བྲི་གཞི་རབ་ཏུ་དུར་ཁྲོད་ཀྱི་རོ་རས༔ ཡང་ན་དུག་ཤོག་ལ་བྲིའོ༔་་་དུར་ཁྲོད་སའི་ཆུ་བྱུགས་ལ། རང་གཤེད་རང་ལ་དབབ་པའི་ཕྱིར༔ ཕུར་པ་དང་རལ་གྲི༔ རང་མཚོན་རང་ལ་འདེབས་པ་བྲི་འོ༔ བཞི་པ་གནན་པའི་ཙཀྲ་བྲི་བ་ནི༔ དེ་ཡང་གཞུང་ལྟ་བུ་ལ༔ རྩིབས་མཆན་ལ་ལྷ་ལྔའི་དགྲ་བོའི་ཕོ་ལྷ་དགྲ་ལྷ་སོགས།་་་མིང་གི་ཤམ་བུར་སཏྭཾ་བྷ་ཡ་ནན་ཅེས་པ་བྲིའོ༔ དེ་ནས་ཟློག་པའི་བྱ་ཐབས་ནི༔ གཞི་མ་རེ་བ་ནག་པོའི་སྟེང་དུ༔ སྲན་མ༔ བྲ་འོ༔ ནས་ནག༔ ཉུངས་ནག་གི་ཚོམ་བུ་དགུའམ་ལྔ་བཀོད་པའི་དབུས་སུ༔ ཙཀྲའི་སྟེང་དུ་སཱཙྪ་གཞུག༔་་་སཱཙྪའི་ནང་དུ་འཁོར་ལོ་དབུ་ཞབས་བཟློགས་ལ་བརྫང་། དཀོན་མཆོག་གསུམ༔ རྩ་བ་གསུམ༔ དམ་ཅན་སྲུང་མ༔ ཡུལ་ལྷ་གཞི་བདག༔ ཁོའི་སྲུང་མ་དང་བཅས་པ་ལ་གསོལ་བ་གདབ༔ ཕྲིན་ལས་བཅོལ༔ བཀའ་བསྒོ༔ དཔང་གཟུག༔ ཤགས་གདབ༔ བདེན་པ་བདར༔ གསེར་སྐྱེམས་བཏང་ལ༔ སཱཙྪ་དེ་ཉིད་ཨེ་ལས་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བར་བསམ༔ ནང་གི་ཙཀྲ་དེ་ཉིད་བྱད་མ་དངོས་སུ་བསྐྱེད་ལ༔ ཁོའི་ཡི་དམ་ཆོས་སྐྱོང་སྲུང་མ་གང་ཡིན་འཁོར་ལོ་ལ་ཡང་ཡང་བཀུག་ལ་བསྟིམ༔ ཁོ་རང་གི་ལྷ་སྲུང་གིས་ཁོ་ཡི་གཤེད་དུ་བབས་ནས་བསྒྲལ་བར་སྒོམ༔ ཕག་བྲུན༔ གུ་གུལ༔ ཁྱི་ལུད༔ ཡུགས་མའི་ཞབས་མའི་དུད་པས་བདུག་ལ་ལྷ་དང་དབྱེ༔ ཚོན་སྐུད་ཀྱིས་བཅིངས་ལ་སཱཙྪའི་ནང་དུ་གཞུག་གོ༔ རང་ཡི་དམ་མམ་ཚེ་བདག་ནག་པོར་གསལ་བས༔ ཟློག་པའི་སྔགས་མཐའ་སྒྱུར་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ལ༔ བསྐོར་བ་བོན་སྐོར་གསུམ་བྱས་ལ་རེ་བ་ནག་པོས་ཐུམ་ལ་སཱཙྪར་བཅུག་བསྐོར་བ་བྱས་ཏེ༔ སྒྲུབ་ཁང་ཐེམ་པའི་འོག་ཏུ་མགོ་མཇུག་བཟློགས་ལ་གནན་ནོ༔ འདི་ནི་ཟློག་པ་མེའི་སྤུ་གྲི་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ དོན་གསུམ་པ་ཉམས་པ་་་དགྲ་བོ།མྱུར་དུ་སྒྲོལ་བར་འདོད་ན༔ དམེ་དང་མཐུས་ཕུང་པའི་ས༔ བཀྲ་མི་ཤིས་པའི་ས་ལ༔ དུག་ཁྲག༔ གདོང་གཅིག་པ༔་་་རབས་ཆད་མ། མཛེ་མོ་ཡུགས་ས་གང་རིགས།་་་སད་ཁྱེར་གྱི་ཆུས་་་ཆུ་མིག་ལྐུགས་པའི།སྦྲུས་ལ་སཱཙྪ་བྱའོ༔ དེ་ཡང་ཕྱི་ནང་གཉིས་ནས་གྲི་ཁྲག༔ དམེ་ཁྲག༔ རོ་སོལ་གྱིས་དམར་ནག་ཏུ་བྱུག་ཙཀྲ་དཔེ་ཆུང་ངམ་གཞུང་ལྟར་བྲིས་པ་གཞུག༔ དགུག་གཞུག་ལྷ་དབྱེ་ལ་སོགས་གོང་ལྟར་བྱས་ལ༔ བྲུབ་ཁུང་དུ་གོང་གི་རྫས་རྣམས་བྱུགས་པའི་ནང་དུ༔ མགོ་མཇུག་་་སཱཙྪ།ཟློག་ལ་གཞུག་གོ༔ སཱཙྪ་དཀར་པོ་གཅིག་ལ་་་ཕུ་ལམ་ཐུན་ལམ།་་་བུག་པ་ཟང་མར་རྟོལ་ལ༔ ཐུན་ལམ་གཏོད་ལ་སྟེང་ནས་གནན༔ སྔགས་རྣམས་བཟླས་ཤིང་ཐུན་གྱིས་བྲབས་པས༔ བསད་རྟགས་བྱུང་ན་དཔང་གཟུག༔ ཤགས་དང༔ དམོད་མོ་རྣམས་བྱའོ༔ དེ་ནས་སྦྱིན་སྲེག་བྱས་པའི་ཐལ་བ་ཆ་གསུམ་དུ་བགོས་ལ༔ ཆ་གཅིག་སྒྲུབ་ཁང་ཐེམ་འོག་ཏུ་གནན༔ ཆ་གཅིག་ཁྱབ་འཇུག་རྒྱུ་དུས་བསྟུན་ལ་དགྲ་ཕྱོགས་སུ་རླུང་ལ་བསྐུར༔ ཆ་གཅིག་མཚོའམ་ཆུ་མིག་ཀླུ་གནས་ངེས་པར་གནན་ནོ༔ ཡང་ན་རང་གི་སྒྲུབ་ཁང་ཐེམ་འོག་ཏུ་སཱཙྪ་དང་བཅས་པ་སྤྱི་ཚུགས་སུ་གནན་ནོ༔ སྦྱོར་བ་འདིས་ནི་རང་གཤེད་རང་ལ་འབེབ་པར་བྱེད་དོ༔ གསད་པ་མེའི་སྤུ་གྲིའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ དོན་བཞི་པ་གནན་པ་མེའི་སྤུ་གྲི་ནི༔ དུར་ཁྲོད་ཀྱི་ས་ནག་དུག་གིས་སྦྲུས་ལ༔ འདི་ཡང་དམ་ལོག་གམ་མི་ཐང་པོས་སཱཙྪ་བྱས་ལ༔ སྒྲུབ་ཁང་དང་སཱཙྪའི་ཕྱི་ནང་ཐམས་ཅད་ལ་རོ་སོལ་དང་དུག་ཁྲག་གིས་བྱུགས་ཏེ༔ འཁོར་ལོ་དང་སཱཙྪ་གཉིས་རེ་བ་ནག་པོའི་སྟེང་དུ༔ ནས་ནག༔ སྲན་ནག༔ བྲ་འོ་སོགས་ཚོམ་བུ་དགུའི་དབུས་སུ་སཱཙྪ་འཁོར་ལོ་དང་བཅས་པ་བཞག༔་་་སྔར་བཞིན། མཐའ་སྐོར་རྣམས་སུ་གོང་ལྟར་མཆོད་གཏོར་ཆ་ཚང་བ་བཤམ༔ མཆོད་བསྟོད༔ སྐོང་བཤགས༔ ཤགས་གདབ༔ དཔང་གཟུག༔ བཀའ་བསྒོ༔ ཕྲིན་ལས་རྒྱས་པར་བཅོལ༔ དེ་ནས་སཱཙྪ་ཁཾ་ལས་ལྕགས་ཀྱི་ཁང་སྒྲོམ་སྒོ་མེད་མེ་འབར་བར་བསམ༔ ནང་གི་ཙཀྲ་བྱད་མ་ལྷ་སྲུང་དང་བཅས་པ་དགྲ་བོ་དངོས་སུ་བསམ་ལ༔ ཡང་ཡང་འཁོར་ལོ་ལ་བསྟིམ་པ་དྲག་ཏུ་བྱ་འོ༔ དེ་ནས་རྫས་གོང་གི་དུད་པས་ལྷ་དབྱེ་བྱས་ལ༔ ཚོན་སྐུད་ཀྱིས་བཀྱིག་ལ་སཱཙྪའི་ནང་དུ་བཅུག་སྟེ༔ རང་ཡི་དམ་དུ་གསལ་བས་གནན་པའི་སྔགས་མཐའ་སྒྱུར་བྱས་པ་བརྒྱ་རྩ་བརྒྱད་བཟླས་ལ༔ བོན་སྐོར་ལན་གསུམ་བྱས་ལ་རེ་བ་ནག་པོས་དྲིལ་ལ་རང་གི་སྒྲུབ་ཁང་ཐེམ་འོག་ཏུ་སྤྱི་ཚུགས་སུ་གནན་ནོ༔ དེས་ནི་ཉམས་པའི་་་དགྲ་བོའི།ལུས་ངག་ཡིད་གསུམ་གྱི་ནུས་པ་གཏན་ནས་འཇིག་སྟེ་བརླག་པར་བྱེད་པས༔ གནན་པ་མེའི་སྤུ་གྲི་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔་་་འདི་ལ་དཔེ་ཆུང་འཁོར་ལོ་བཞི་ཡོད་པ་ལས། ཟློག་པའི་འཁོར་ལོའི་ཡིག་མགོ་ནང་བསྟན། རྩིབས་རྩེ་ཕྱིར་བསྟན། དེ་མིན་འཁོར་ལོ་གསུམ་གྱི་རྩིབས་རྩེ་དང་ཡིག་མགོ་ཕྱིར་བསྟན་པ་ཡིན་ནོ། །མཆན། མན་ངག་གནད་ཀྱི་ཞལ་གདམས་མ་བུ་གུད་དུ་སྦས་པ་མ་བུ་སྦྱོར་རྒྱུ་འདིའི་གནད་ཡིག་ལ༔ ལུས་གནན་ཙཀྲ་མགོ་ལ་བསྐོར༔ ངག་གནན་ཙཀྲ་ལྕེ་ལ་བསྐོར༔་་་ཁ་ནས་བཏོན་ལུས་ཁེངས་པར་བྱས། ཡིད་གནན་ཙཀྲ་སྙིང་ལ་བསྐོར༔ འདི་ནི་མན་ངག་དམ་པ་འོ༔ མནྟྲ་གུ་ཧྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱའོ༔ ྈྈྈྈ <!TCC Tibetan character 3,182 undefined in unicode!>༔ ྈྈྈྈྈྈྈྈ དཔལ་ཚེ་བདག་ནག་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་བདག་གི་བརྣག་པ༔ སྐྱིན་ཐང་ལས་ཀྱི་འཁོར་ལོ༔ འཆུགས་མེད་གནད་ཀྱི་འཁོར་ལོ་འདི་ལ་བཅུ་སྟེ༔ སྐོར་གསུམ༔ མཚན་བཞི༔ གནད་གསུམ་མོ༔ སྐོར་གསུམ་ལ༔ སྲུང་བ༔ ཟློག་པ༔ གསད་གནན་དང་གསུམ་མོ༔ མཚན་བཞི་ལ༔ ལྷ་ལ་མཚན་དུ་གསོལ་བ་གཤིན་རྗེ་ཚེ་བདག༔ སྔགས་ལ་མཚན་དུ་གསོལ་བ་ཨེ་ཀ་ཡ་མ༔ རྫས་ལ་མཚན་དུ་གསོལ་བ་སཱཙྪ་དཀར་ནག༔ དཔེ་ལས་མཚན་དུ་གསོལ་བ་མེའི་སྤུ་གྲིའོ༔ གནད་གསུམ་ནི༔ དང་པོ་བཅའ་གཞི་རྫས་ཀྱི་གནད་ལ༔ གསག་པ་རྫས༔ བཏབ་པ་སཱཙྪ་དཀར་ནག༔ བྲི་ཐབས་འཁོར་ལོ་འོ༔ སྒོམ་པ་ལྷའི་གནད་ནི༔ གཤིན་རྗེ་ཚེ་བདག་གམ་འཇིགས་བྱེད་དུ་གསལ་བ༔ བཟླས་པ་སྔགས་ཀྱི་གནད་ནི་གང་བྱེད་ཀྱི་ཤམ་བུ་འདོགས་པ༔ དེ་ལྟར་གནད་གསུམ་དང་ལྡན་ན་ཕུར་ཐོགས་སྟོང་གིས་བྲུབས་ཀྱང༔ བདག་ནི་གནམ་ལྕགས་ཀྱི་མཁར་དང་འདྲ་ཞིང༔ བྱད་མ་ཁོ་རང་ཕུང་སྟེ་ཐ་མ་བརླག་པར་གདོན་མི་ཟའོ༔ དེ་ལྟར་བཅའ་གཞི་རྫོགས་ནས༔ དང་པོ་སྒོམ་པ་ཏིང་ངེ་འཛིན་ལྷའི་གནད་ནི༔ དང་པོ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ༔ དེ་ནས་སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་ཚད་མེད་པ་བསྒོམ༔ དེ་ནས་རྒྱུའི་ཏིང་ངེ་འཛིན་རིག་པའི་ངོ་བོ་སེམས་ཉིད་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་བསམ༔ ཧཱུྃ་དེ་ལས་ཨེ་འཕྲོས་པ་ལྕགས་ཀྱི་གུར་ཁང༔ གུར་གྱི་ཚུལ་དུ་བསྒོམ༔ དེའི་ཕྱིར་བཛྲ་འཕྲོས་པས་རྡོ་རྗེའི་གུར་ཁང༔ དེའི་ཕྱིར་ཙཀྲ༔ ཏིག་ཎ༔ ཀརྨ༔ ཀཱི་ལ་ཡ་འཕྲོས་པས༔ འཁོར་ལོ༔ དབྱུག་ཐོ༔ རལ་གྲི༔ ཕུར་བུའི་གུར་དུ་བསྒོམ༔ དེའི་ཕྱིར་རཾ་འཕྲོས་པས་མེ་དཔུང་གི་གུར་དུ་གྱུར༔ དེ་དག་ཀྱང་རྒྱ་ཆེ་བ༔ དཔངས་མཐོ་བ༔ ཅིས་ཀྱང་མི་ཤིག་པར་སྒོམ་པ་ནན་དུ་བྱའོ༔ དེ་ནས་ཧཱུྃ་ལ་དམིགས་ཏེ༔ ཡ་མ་ཏི་ར་བཾ༔ ཞེས་བརྗོད་པས༔ གཤིན་རྗེ་ཕོ་མོ་དང༔ གླང་རྒོད་ཟུང་བཞི་བསྣོལ་བའི་གདན་བསམ༔ དེའི་སྟེང་དུ་ཉི་ཟླ་པདྨ་སུམ་བརྩེགས་ཀྱི་གདན་ལ༔ རྒྱུའི་ས་བོན་ཡི་གེ་ཧཱུྃ་ཉིད་བབས་ནས༔ དེ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར༔ དེ་ཡང་འོད་དུ་ཞུ་བ་ལས༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ལས༔ བདག་ཉིད་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ ཞལ་གཡས་དཀར༔ གཡོན་དམར༔ དབུས་མཐིང་ནག༔ ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ༔ བར་པ་རལ་གྲི༔ ཐ་མ་ན་རྡོ་རྗེའོ༔ གཡོན་དང་པོ་ལྕགས་ཀྱུ༔ བར་པ་གཏུན་ཤིང༔ ཐ་མ་སྡིགས་མཛུབ་མཛད་པའི༔ རྡོ་རྗེའི་གཤོག་པ་གཡས་ནས་གདེངས་པ༔ རིན་པོ་ཆེའི་གཤོག་པ་གཡོན་ནས་གདེངས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ༔ ཐོད་པ་ཁྲག་འཛག་པ་ལྔ་བཅུས་སེ་རལ་ཁ་བྱས་པ༔ ཞིང་ཆེན་གྱི་གཡང་གཞི༔ གླང་ཆེན་གྱི་ཀོ་རློན༔ སྟག་ལྤགས་ཀྱི་ཤམ་ཐབས༔ སྦྲུལ་ནག་ཁྲས་སྐུ་རགས་བྱས་པ༔ དེའི་གཡོན་ན་ཡུམ་གཏུམ་མོ་ཁྲག་མིག་མ་མཐིང་ནག༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་པ་ཐོད་ཁྲག་ཡབ་ལ་སྟོབ་པ༔ ཞབས་བརྐྱང་བསྐུམ་ཡབ་ལ་འཁྲིལ་བའོ༔ བདག་གི་སྤྱི་གཙུག་ཏུ་བྱ་ཁྱུང་ནག་པོ༔ བ་སྤུའི་བུ་ག་ཐམས་ཅད་ཁྱུང་དང་རྡོ་རྗེས་གཏམས་པ༔ མེའི་གཤོག་པ་རྡེབ་པ༔ ཀྲང་ཀྲང༔ ཀྲིང་ཀྲིང༔ ཞེས་སྒྲ་ཏང་ཏང་སྒྲོག་པའོ༔ འདི་ནི་སྒོམ་པ་ལྷའི་གནད་དོ༔ ཡང་ན་འཇིགས་བྱེད་མེའི་སྤུ་གྲི་ལྟར་བསྒོམ༔ དེ་ནས་བཟླས་པ་སྔགས་ཀྱི་གནད་ནི༔ དང་པོ་ཕ་རོལ་གྱི་བྱད་ཁ་བདག་ལ་བསྲུང་བ་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན༔ ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝཱ་རི༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ས་མ་ཡ༔ ཟློག་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན༔ ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བགེགས་ཀྱི་་་མིང་རུས་གཞུག་ཀྱང་རུང་།ཤ་རྒྱུད་སྙིང་ལ་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ་ཟློག་ཡ༔ ཞེས་བཟླའོ༔ གསད་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན༔ ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བགེགས་ཆེ་གེ་མོའི་ལྷ་སྲུང་དང་བཅས་པའི་ཤ་རྒྱུད་སྙིང་ལ་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ་ཟློག་ཡ༔ ཞེས་ཟློག་པའི་དུས་སུ་དམིགས་པའི་གནད་ནི༔ ཕྱག་གཡོན་དང་པོའི་ལྕགས་ཀྱུས་བྱད་མའི་སྙིང་ཁ་ནས་བཟུང་ནས་ཕྱག་གཡས་དང་པོའི་འཁོར་ལོས་གཏུབས་པར་བསམ་མོ༔ དམིགས་པ་གསལ་བས་ངག་བཅད་ལ༔ ཞག་རེ་ལ་སྟོང་ཚོ་རེ་མ་ཆག་པར་བཟླ་བར་བྱའོ༔ ཞེས་པ་འདི་ཡང་གུ་རུའི་ཞལ་གདམས་སོ༔ དེ་ནས་གནན་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཆེ་གེ་མོ་སཏྭམྦྷ་ཡ་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཆེ་གེ་མོ་སཏྭམྦྷ་ཡ་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཆེ་གེ་མོ་སཏྭམྦྷ་ཡ་ནན༔ སརྦ་ཙིཏྟ་ཆེ་གེ་མོ་ལྷ་སྲུང་དང་བཅས་པ་གཟིར་ཐུམས་བྷིག་ནན༔ ཏྲིག་ནན་རྦད་ཡ༔ ཆེ་གེ་མོ་ལྷ་སྲུང་དང་བཅས་པའི་མཐུ་སྟོབས་དང༔ ལུས་ངག་ཡིད་གསུམ་སཏྭམྦྷ་ཡ་ནན༔ སྲོག་ལ་མཱ་ར་ཡ་རྦད་ཧཱུྃ་ཕཊ༔ ཟློག་ཡ༔ ཞེས་བཟླའོ༔ དེ་དག་ནི་བཟླས་པ་སྔགས་ཀྱི་གནད་དེ༔ དམ་ཚིག་ཅན་གྱིས་བཟླས་པར་བྱའོ༔ གནད་འདི་མེད་ན་མི་རྒན་གྱིས་དཔའ་བོར་ཁས་ལེན་པ་དང་འདྲ་སྟེ་རྡུགས་སོ༔ འཆི་དུས་བཏབ་པ་ནི༔ དེ་ལྟར་བཟླས་པས༔ བན་དགྲ་དེ་ནུས་པ་ཆེ་ན་ཁྲག་གཟེར་ནད་ཀྱིས་ཞག་བདུན་ནས་འཆིའོ༔ ནུས་པ་འབྲིང་ན་ཞག་བཅུ་བཞི༔ ནུས་པ་ཆུང་ན་ཞག་ཉེར་གཅིག་ནས་འཆིའོ༔ ཁོ་ནུས་པ་ཆེ་བ་ལྟར་གྱིས་མྱུར་ཏེ༔ ཁོ་རང་རང་གཤེད་རང་ལ་འབེབ་པའི་ཕྱིར་རོ༔ མན་ངག་འདི་ནི་ཤིན་ཏུ་གསང་སྟེ་སྤེལ་དུ་མི་རུང་ངོ༔ དམ་མེད་ལ་སྦྱིན་ན་གཞན་གྱི་ལག་ཆར་ཤོར་ཏེ༔ སྐུ་དགྲའི་སྔགས་ཟློག་ཏུ་སོང་ནས༔ དམ་ལྡན་རང་གི་གཤེད་དུ་འགྱུར་བས་ཤིན་ཏུ་གསང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྔགས་འཆང་པདྨ་ཡིས༔ གཤིན་རྗེའི་རྒྱུད་ལུང་ཀུན་གྱི་བཅུད༔ ཡང་ཟབ་ཐུགས་ཀྱི་སྤུ་གྲི་འདིས༔ གང་ལ་དམིགས་པ་བརླག་པར་བྱེད༔ བཀའ་འདས་སྲིད་པ་གསུམ་ཡང་སྲེག༔ དབང་ལྡན་དམ་ཅན་ཡེ་ཤེས་ཏེ༔ འདི་འདྲ་ལོ་ཀའི་ཁམས་ན་དཀོན༔ མ་སྤེལ་སྙིང་ཁྲག་བཞིན་དུ་འཆང༔ འདི་ཡིས་བསྟན་པ་བསྲུང་བར་འགྱུར༔ མན་ངག་རྙེད་པས་མི་ཆོག་སྟེ༔ ཡི་དམ་བསྙེན་པ་ཐེམས་པ་དང༔ རྫས་འཛོམ་ལག་ལེན་མཁས་པ་དང༔ ཞེ་སྡང་བརྩོན་འགྲུས་ལྡན་པར་གཅེས༔ དེ་ལྟར་གནད་དང་ལྡན་གྱུར་ན༔ རང་སྲུང་བྱད་མཁན་ཕུང་བར་འགྱུར༔ ཞེས་གསུངས་པས་ཨོ་རྒྱན་ཆེན་པོའི་བཀའ་ལ༔ བདག་འདྲ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལ་ཟིན་བྲིས་སུ་བཀོད་ནས༔ བསེ་སྒྲོམ་དམར་པོའི་སྣོད་དུ་བྲུབས་ཏེ༔ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ཤར་ངོས་རྟ་ལྤགས་བརྒྱངས་པ་འདྲ་བ་ལ་སྦས་སོ༔ ལར་གུ་རུའི་གསུང་ལ་ཟིན་བྲིས་སུ༔ མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་ཤར་ངོས༔ དར་དཀར་གྱི་གུར་ཀ་བ་བཅུ་དྲུག་མ་ཕུབ་སྟེ༔ ཟླ་བ་ཕྱེད་དུ་དགེ་བསྙེན་མཁའ་རིས་གདན་དྲངས༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་ལ་སོགས་པས་ཡོན་བདག་བྱས་ཏེ༔ དེའི་དུས་སུ་ཚེ་བདག་གི་ཡང་ཞུན་འདི༔ བདག་བཙུན་པ་མཆོག་དབྱངས་དང༔ གནུབས་སངས་རྒྱས་ཡེ་ཤེས་གཉིས་ཀྱིས་ཟིན་བྲིས་བྱས་ཏེ༔ གཏེར་སྣོད་གཉིས་སུ་སོ་སོར་སྦས་ཏེ་འདྲ་མིན་ནང་ནས་འདི་ཉིད་ཟབ་ཅིང་གནད་ཆེའོ༔ དེའི་དུས་སུ་བྲག་འདི་ཚོ་ངན་ན་ཡང༔ ཀླུ་བདུད་འདི་གཏེར་བདག་བཟང་བས་གཏེར་ཁ་ཆེན་པོ་གསུམ་སྦས་སོ༔ ཐུགས་གཏེར་ཆེན་མོ་ཁྲོ་ཆུའི་ཀླུ་བདུད་ལྟོ་བར་བྲུབས༔ གསང་གཏེར་ཆེན་མོ་བསེ་སྒྲོམ་དམར་པོར་བྲུབས༔ སྣ་ཚོགས་ལས་ཀྱི་གཏེར་ཆེན་འདི་ལ་བསེ་ནག་པོའི་གྭའུར་སྦས་སོ༔ བདག་འདྲ་ཨོ་རྒྱན་པདྨའི་ཐུགས་བཅུད་འདི༔ དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་ཚེ༔ འདི་ནས་ཤར་ཕྱོགས་མོན་བོད་ས་མཚམས་སུ༔ ཆོས་ཀྱི་བདག་པོ་མཐུ་སྟོབས་གདུལ་བྱའི་བདག༔ ཐུགས་ཀྱི་སྲས་དང་གསང་གཏེར་འདི་འཕྲད་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མནྟྲ་གུ་ཧྱ་བརྡ་ཐིམ༔ ྈྈྈྈྈ ྈྈྈྈྈྈྈྈྈྈྈྈ ྈྈྈྈ ཤོག་སེར་དཀྱུས་མཐོ་གང་ཞེང་སོར་བཞི་པ་ཞིག་ལ། བྱ་ལོ་ཁྱི་ཟླའི་ཚེས་བཅུ་གསུམ་ལ་རཏྣ་གླིང་པས་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་བཤུས་པའི་བུ་ལས་བཤུས། ལོ་སྐོར་གཅིག་ཏུ་བཀའ་ཡང་མ་གྲོལ་བའོ། །བཀྲ་ཤིས།། །།

གཤིན་རྗེ་དམར་པོའི་དགྲ་གནན་ (Volume 54, Text 17)

༄༅༔ གཤིན་རྗེ་དམར་པོའི་དགྲ་གནན་བཞུགས་སོ༔ ཀིང་ཀང་དམར་ཆུང་རྩ་གཞུང་ལགས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ༔ རླུང་སྒྲུབ་འདི་ནི་རྣལ་འབྱོར་པ་ལ་དགྲ་སྣ་ཆེན་པོ་ཟུག་པའམ༔ ད་ལྟ་གསོད་ཟེར་བ་བྱུང་ན་གཤིན་རྗེ་དམར་ཆུང་མ་འདི་བསྒྲུབ་བོ༔ དང་པོ་འདི་ཡི་བཅའ་གཞི་ནི༔ དབེན་པའི་གནས་སུ་མཎྜལ་གྲུ་བཞིའི་སྟེང་དུ༔ ཆོས་འབྱུང་གྲུ་གསུམ་སུམ་བརྩེགས་བྱ༔ དེ་ལ་རྩང་དམར་ནག་ཉི་ཤུ་རྩ་གཅིག་གིས་བསྐོར༔ གྲུ་གསུམ་ནང་དམར་བ༔ ཕྱི་ནག་པ༔ ཁ་དོག་པ༔ མཐིལ་ཡངས་པ༔ དེའི་ནང་དུ་ལིངྒ་གཞུག༔ ལིངྒའི་སྤྱི་བོར་ལཾ་ནན༔ དཔྲལ་བར་རུས༔ སྙིང་ཁར་མིང་ལ་བླ་འགུགས་སྔགས་ཀྱིས་བསྐོར༔ བླ་ལ་བླ་རྟགས༔ རྐང་པ་ལ་ན་ཏྲི་རྦད་ནན༔ ཁ་ལ་བདུད་པོ་ང་ལོངས༔ མིག་ལ་ལོང་ལོང་བྲི༔ རྣ་བ་ལ་འོན་འོན༔ སྣ་ལ་ཞོམ་ཞོམ༔ མགྲིན་པ་ལ་བརྗེད༔ དཔུང་པ་གཉིས་ལ་ཡུམ་ཤེ༔ རྐང་ཞབས་སུ་ཡཾ༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ ཕོ་རྟགས་ལ་ཕཊ༔ སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཁོར་པ་བྲི༔ རོ་སོལ་གྱིས་དཀྱིལ་འཁོར་ནག་པོར་བྱ༔ རྔ་མ་ནག་པོ་གཅིག་དང༔ རལ་གྲི་གཅིག་དང་གཉིས་རྟེན་ལ་བཞུགས་སོ༔ དེའི་ལུས་ལ་གཡས་སུ་སྦྲུལ་དཀར་པོ་གཅིག་ལྷན་ཅིག་སྐྱེས་པའི་ལྷ་ཡིན་པས་ཁོ་དམ་ཉམས་པས་ཁོའི་བདུད་དུ་བབས་ནས་སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབ་སྙིང་ཁ་ཡན་ཆད་དྲངས་པར་བསམ༔ གཡོན་དུ་སྦྲུལ་ནག་པོ་གཅིག་བྱུང་ནས༔ མཉམ་པོར་འོང་བའི་འཆི་བདག་གི་བདུད་ཡིན་པས༔ ཁོའི་གཤེད་དུ་གྱུར་ནས་གསང་གནས་ནས་ཡར་དྲངས་ཏེ་མཆིན་ཁྲི་མན་འཇིབ་པར་བསམ༔ སྦྲུལ་གཡས་གཡོན་གཉིས་འཛིང་ནས་འཐབ་པས་དགྲ་བོའི་སྙིང་ཁྲག་ཟ་བར་ཟ་ཁ་མ་མཐུན་ནས༔ སྦྲུལ་དཀར་ནག་གཉིས་ཆེ་གེ་མོའི་གཡས་གཡོན་དུ་འཁྲིལ་ནས༔ མཇུག་མས་འཆོར་བ་མེད་པར་མདུད་ནས་སྦྲུལ་གྱི་མགོ་བོ་གཉིས་ཀྱིས་འཇིབ་པར་བསམ༔ སྦྲུལ་གྱི་མགོ་གཉིས་མདུད་པར་བྱས་ནས་ལུས་ལ་འཁྱུད་ཀླད་ཁུང་དུ་གཡས་གཡོན་གཉིས་ནས་ཁ་གདངས་ཤིང་བསྒྲད་པ་བསྒོམ་པ་དང་འབྲི་བ་གཉིས་ཀ་བྱ༔ ཆེ་གེ་མོའི་སྤྱི་བོ་ནས་རྡོ་རྗེ་རྒྱ་གྲམ་སོ་རོ་རོ་འཁོར་ནས་ཀླད་ཁྲག་དང་སྙིང་ཁྲག་ཐམས་ཅད་ཞོ་ལྟར་དཀྲུགས་ནས༔ སྦྲུལ་གཉིས་ཀྱིས་འཇིབ་པར་བསམ༔ སྦྲུལ་གཉིས་ཇེ་ཆེ་ཇེ་ཆེར་སོང་ནས་སྟོབས་དང་ལྡན་པར་བསམ༔ ཐུན་རྒྱག་དུས་སྦྲུལ་མི་དགོས༔ ཐུན་མི་རྒྱག་པའི་དུས་སུ་ཡང་ཡང་སྒོམ༔ ལིངྒ་ལ་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཡོན་དུ་ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མདུན་དུ་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྤྱི་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ནས་གཡོན་སྐོར་དུ་སྔ་དགྲ་ལག་གིས་བདར་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ལ་ཏིལ་རྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱབ་ནས་དེད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མདུན་ན་ཁྱི་བཞིན་སྒུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགྲོ་ལམ་དུ་རྩང་འཛུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱམས་པ་གཉེན་གྱིས་བརྗོད་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ མགར་གྱི་སོལ་མལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ དགེ་འདུན་གྱི་ཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བོན་པོའི་ཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མི་མང་གི་ཁ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕ་ཚོའི་མདུན་ཁང་ནས་མི་ཁ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གྲོས་ངན་ཤོམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ངོས་ལ་སྤྲེལ་ལྟར་འཛེག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཀེག་བདུད་གཤེད་གསུམ་ལ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱད་ཁ་དང་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྦད་འདྲེ་དང་རྦོད་གཏོང་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གནན་སྲེག་འཕང་གསུམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན་སོད༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ འདི་ཡན་འབྲི་བ་དང་བརྗོད་པ་གཉིས་ཀ་བྱ༔ བླ་འགུགས་ནི༔ མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོ༔ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་རུ་ཏི་ཐུམ་ཐུམ་མྱོགས་མྱོགས་ཡེད་ཡེད་ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོགས་ལིང་ཤ་ལིང་ཐུཾ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོ༔ དགྲ་བོའི་བླ་འགུགས་དུས་གསུམ་དུ་ཚར་ཉི་ཤུ་རྩ་གཅིག་རེ་་་ཉི་མ་རྩེ་ཤར་གུང་མུན་མཚམས།བཟླས་ལ་དགུག་གཞུག་འདྲེན་བྱའོ༔ རྒྱུན་དུ་སྔགས་རིང་ལ་འབུངས༔ ཨོཾ་ཀིང་ཀང་ཐུཾ་རིལ་ནྲི་མྱོགས་སྒྲིབས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན༔ བིག་ནན་དགྲ་ཐུཾ་དེ་ཤོ་དེ་ཤཾ་བྱུར་བྲུབས༔ བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ བརྒྱ་རེ་བཟླས་ནས་གོང་གི་དམོད་མོ་ཚར་གཅིག་བརྗོད་དོ༔ ཐུན་ལ་སྔགས་སོ༔ ཁུག་རྟགས་བྱུང་ནས་གསད་སྔགས་དང་སྔགས་རིང་སྦྲེལ་ལོ༔ ཚོགས་དང་བསྒྲལ་ལས་བྱའོ༔ ཏདྱ་ཐཱ༔ དུ་ཤ་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ འདི་གསད་པའི་སྔགས་ཡིན༔ དེ་ནས་སྐད་ཅིག་གིས་རྫུས་སྐྱེས་ཚུལ་དུ་བདག་ཉིད་གཤིན་རྗེ་གཤེད་སྐུ་མདོག་དམར་པོ༔ རྒྱན་མེད་པར་དམར་ཧྲིང་འདུག་པ༔ འཇིགས་སུ་རུང་བ་ཕྱག་གཡས་ལྕགས་ཀྱུ༔ གཡོན་པ་ལྕགས་ཀྱི་ཐོ་བ་ཐོགས་པ༔ རལ་པ་ཕྱེད་ཡར་བརྫེས་པ༔ ཕྱེད་མར་ལ་ཤམ་མེ་གསལ་བའི་ཐུགས་ཀ་ནས༔ རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས༔ དགྲ་བོའི་རྣམ་པར་ཤེས་པ་གར་གནས་གར་ཡོད༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དམྱལ་ཁམས་ཡན་ཆད་དུ༔ རང་དབང་མེད་པར་ལྕགས་ཀྱུས་སྙིང་ནས་བཟུང་མདུན་ནས་ཁྲིད་རྒྱབ་ནས་དེད་ཅིང༔ བདག་གི་མདུན་དུ་སླེབས་ཏེ་འཁོར་རྣམས་ཀྱིས་ཀླད་ལ་གཡུག་ཅིང་ས་ལ་བརྡབས་པས༔ ཁོའི་ཁོང་པའི་ནང་གི་ཚེ་བཅུད་ནུས་པ་ཐམས་ཅད་ཡར་སྐྱུགས་ནས་བདག་ལ་ཚུར་ཐིམ་པར་བསམ༔ ལས་ཀྱི་ཕོ་ཉ་རྣམས་ཀྱིས་ཧབ་སྒྲ་དིར་རི་རི་རང་དབང་མེད་པར་ཁྲིད་ནས་ཕོ་ཐམས་ཅད་གཡས་སུ་བསྐོར་བ༔ མོ་ཐམས་ཅད་གཡོན་དུ་བསྐོར་བ་གཅིག་ཀྱང་འཆོར་བ་མེད་པར་བསྒོམ༔ ཐུན་བརྒྱབ་པའི་དུས་སུ་ཐུན་ཐམས་ཅད་ནི་ཕུར་བུ་དང༔ མཚོན་ཆར་ཕབ་སྟེ༔ དགྲ་བོའི་ལུས་ཐམས་ཅད་ཚལ་པ་ཚལ་པ༔ དུམ་བུ་དུམ་བུར་སོང་སྟེ༔ ལས་བྱེད་ཕོ་ཉ་རྣམས་ཀྱིས་ཁྲག་ཐིགས་པ་ཙམ་ཡང་མ་ལུས་པར་གསོལ་བར་བསྒོམ༔ གྲུ་གསུམ་གྱི་ནང་དུ་ཞེ་སྡང་གི་མེ་འབར་བ༔ ཕྱི་ན་གཏི་མུག་གི་མུན་འཐིབས་པ༔ བདུད་ཀྱི་བཙོན་ར༔ གཤིན་རྗེའི་ཕོ་བྲང༔ ཤན་པའི་གྲོང་ཁྱེར༔ ལས་གསོད་གཅོད་ལ་རྔམས་པ༔ ཟས་སུ་ཤ་ཁྲག་ལ་རྔམས་པ་གཅིག་ཏུ་བསྒོམ༔ ནང་རྟགས་མ་བྱུང་གི་བར་དུ་བསྒོམ་མོ༔ ནང་རྟགས་ནི་ཤིང་ཆེན་པོ་འགྱེལ་བའམ༔ བྲག་རི་བཤིགས་པའམ༔ སེམས་ཅན་རི་དྭགས་ལ་སོགས་པ་གསོད་པའམ༔ བཙོན་དུ་བཟུང་བ་དང༔ རྒྱར་འཛུད་པ་དང༔ གློ་སྙིང་དང་ཤ་ཁྲག་ལ་སོགས་པ་རྨིས་ན༔ ནང་རྟགས་ཡིན་པས་ལས་ལ་སྦྱོར་རོ༔ ཕག་ཐོད་དར་མའམ༔ གླང་རུའི་ནང་དུ་བཅུག་ལ་ཁ་ལ་ཐུན་རྫས་ཚོ་བླུག་གོ༔ མི་ཁའི་རྫས་ཀྱིས་ཁ་བཀང་ངོ༔ དེ་ནས་རེ་བས་བཏུམ་མོ༔ གནན་པའི་དུས་སུ་རང་ཉིད་ཕྱག་གཡས་ལྕགས་ཀྱི་ཐོ་བ༔ གཡོན་པ་ལྕགས་ཀྱུ་བསྣམས་པར་བསྒོམ༔ ཕྱག་གཡས་དགྲ་སཏྭ་ས་ལ་བརྒྱབས་པས་ས་གཞི་གས་ནས་གཉིས་སུ་དེང་ནས་མཐའི་རྒྱ་མཚོ་སྔོ་མེར་རེ་དངོས་སུ་མཐོང་ནས་ཡོད་པར་བསམ༔ ཀླུ་བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན་གཅིག་ཡར་ལངས་ཏེ་ཁ་གནམ་ས་ཙམ་བསྒྲད༔ སྤྱན་ཉི་ཟླ་ཙམ་ཉིན་མཚན་མེད་པར་གསལ་བ༔ མཆེ་བ་གངས་རི་ཙམ་གཙིགས་པ༔ ལྗགས་གློག་དམར་ལྟར་འཁྱུགས་པ༔ དེའི་ཁ་ནང་དུ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་དེར་ཚུད་པར་བསྒོམ་མོ༔ འོག་གི་ས་བདག་ཀླུ་གཉན་ཐམས་ཅད་དགའ་ནས་ས་བདག་གི་ཕྲུ་གུ་ཐམས་ཅད་ཙིར་སྒྲ་དིར་རི་རི་ཡོད་པར་བསམ༔ དགྲ་བོ་དེ་རྣམས་བསྐལ་པ་མ་སྟོངས་ཀྱི་བར་དུ་འཆོར་བ་མེད་པར་དམིགས་པ་དྲག་པོར་བསྐྱེད་དོ༔ དེ་ནས་ཆུ་སྲིན་ཁ་བསྡམས་ནས་ཉི་ཟླ་གཟས་ཟིན་པ་བཞིན་དུ་མུན་ནག་རུམ་གྱིས་སོང་བས༔ ཐར་མེད་དུ་སླར་སོང་བར་དམིག་གོ༔ དེའི་སྟེང་དུ་མེ་ཆུ་གོ་ལྡོག་གི་དམིགས་པ་བྱའོ༔ འབྱུང་བ་རིམ་བརྩེགས་བྱའོ༔ དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ དེ་ནས་མི་དམིགས་པའི་ངང་ལ་བཞག་གོ༔ བླ་མའི་ཞལ་ལས་གསལ༔ ལིངྒ་བྲི་བའི་དུས་སུ་ནི༔ ས་བདག་ཟིན་ཕུང་དང༔ གཟའ་བདུད་འགྱུ་བའི་དུས་སུ༔ དེའི་ཕྱོགས་སུ་ཁ་གཏད་ལ་ལིངྒ་དུག་ཁྲག་གིས་བྲི༔ ཚུར་ལོག་ནས་སྲུང་འཁོར་སྒོམ༔ ཞལ་ཤེས་ལ་ཉུངས་དཀར་ནག༔ རི་ཆེན་པོའི་རྦབ་རྡོ༔ ཚྭ་དང་གཡེར་མ༔ ཅི་རེད་རྣམས་ཀྱིས་ཐུན་བྱའོ༔ གནན་པ་རྒྱག་དུས་གཟའ་ཕར་འགྱུ་བ་དང་བསྟུན་པ་གལ་ཆེ༔ སྲོག་ལ་བྱེད་ན་ཟླ་གཅིག་བསྒྲུབ་བོ༔ དགྲ་བོའི་ཟ་ཐོག་ལོ་ཐོག་དང་བསྟུན་པ་གལ་ཆེ་འོ༔ ཞག་བདུན་བསྒྲུབ་ན༔ ལོ་གསུམ་ཚུན་ཆད་དགྲ་མེད་པར་ཐག་ཆོད༔ བླ་མའི་རིགས་ལ་བྱ་རྒོད་ཀྱི་ཐོད་པ༔ དགེ་སློང་ལ་ངང་པའི་ཐོད་པ༔ སྔགས་པ་ལ་བྱ་རོག་གི་ཐོད་པ༔ བོན་པོ་ལ་གཅན་ཟན་གྱི་ཐོད་པ༔ མི་དཔོན་ལ་གླང་རྭའམ་གཡག་རུ་ལ་བྱའོ༔ མི་སྐྱ་ལ་ཕག་ཐོད་ཟེར་གླང་རུ་ལ་མེ་ཆུ་མ་ཕོག་པ་བྱུང་ན་ཤིན་ཏུ་ལེགས་སོ༔ བུད་མེད་ལ་རྭ་ཐོད༔ འབྱུང་པོ་ལ་ཕག་ཐོད་ཡིན་ནོ༔ ལིངྒ་ཡུགས་སའི་སྐྲས་བཀྱིག༔ མ་རྙེད་ན་མཚོན་སྐུད་ཀྱིས་བཀྱིག་པར་བྱའོ༔ ཕ་རོལ་དེའི་མིང་རུས་དང༔ ཟག་རྫས་ལིངྒ་ལ་བྱུགས་ན་ཤིན་ཏུ་མྱུར་རོ༔ དགྲ་གང་ཡོད་ལིངྒ་ལ་བྲིས་པས་ཆོག༔ མིང་རུས་མ་ཤེས་ན་དཔྲལ་བར་ཛ་བྲི་བར་ཞལ་ཤེས་ཡིན་ནོ༔ གཤིན་རྗེའི་རླུང་སྒྲུབ་དམར་ཆུང་མ་ཁྱད་པར་ཅན་འདི་ཤིན་ཏུ་ཡིད་ཆེས་པ་ཡིན་ནོ༔ ྀཨཚ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ན་མོ༔ མན་ངག་གཞུང་ན་གསལ༔ གོང་གི་རྫས་སོགས་པའི་རྗེས་ལ༔ ཕག་དང་ཝ་ཁྱིའི་ཐོད་པ་གང་རྙེད་གྲིས་བརྡར་ཡག་བྱས་ལ༔ དེའི་དཔྲལ་བར་རྒན་པའི་རྒན་སྲི་ནན༔ གཞོན་པའི་གཞོན་སྲི་ནན༔ བྱིས་པའི་ཆུང་སྲི་ནན་བྱ་བ་བྲིས༔ འགྲམ་པ་གཡས་པ་ལ་ཕོའི་ཕོ་སྲི་ནན༔ གཡོན་པ་ལ་མོའི་མོ་སྲི་ནན༔ བྱ་བ་བྲི༔ དེ་ནས་ཐོད་པ་བལ་ཚོན་སྣ་ལྔས་ཕྱིན་ཁ་ལོག་པར་དཀྲིས༔ ཁ་ཐུར་དུ་བསྟན༔ སྟེང་དུ་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ དེ་ནས་དམོད་བཅོལ་ངན་པ་ཚོ་བྱའོ༔ དགྲ་ཐུལ་བའི་རྟགས་ནི་རྫོང་བཟུང་བའམ༔ གོ་ཁྲབ་གྱོན་པ༔ མཚོན་ཐོགས་པ༔ དར་འཕྱར་བ༔ དུང་འབུད་པ༔ གཡག་གསོད་པ༔ བཅིང་པ༔ རྡུང་པ༔ ཤྭ་དང༔ མིག་མང་རང་རྒྱལ་བ༔ རྒྱལ་ཁ་ཐོབ་པའི་རྟགས་ཡིན་ནོ༔ ཡ་མ་རཱ་ཙའི་དགུག་གཞུག་དུས་བཞིར་བྱའོ༔ ཆོས་སྐྱོང་ལ་ཕྲིན་ལས་རྒྱབ་རྟེན་བཅོལ་ལོ༔ ནང་རྟགས་གལ་ཆེའོ༔ ཞལ་ཤེས་ཡིན༔ ྀཨཚ༔ བསྟན་དགྲ་དམ་ཉམས་མ་ལུས་བསྒྲལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཤིན་རྗེ་གཤེད་དམར་པོའི་དགྲ་གནན་རྒྱ་ཞང་ཁྲོམ་གྱིས་གཏེར་ནས་སྤྱན་དྲངས་པའོ༔ དུམ་པ་རྒྱ་སྟོན་ཞང་ཁྲོམ་གྱི་ཟབ་གཏེར་ལས་བྱོན་པའོ། །ལྕགས་སྲེག་གི་ས་གཞིའི་མདུན་དུ་དྲག་པོའི་མཆོད་པ་ནི༔ དྲག་པོའི་སྣོད་དུ་མེ་ཏོག་ནག་པོ་ཚིལ་ཆེན་གྱི་བདུག་སྤོས༔ ཞུན་ཆེན་གྱི་མར་མེ༔ རཀྟའི་དྲི་ཆབ་ཤ་ཆེན་བཤོས་བཟང༔ མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གནས་ལུང་ཆོ་གའི་ངག་འདོན་ཐར་ལམ་སྣང་བྱེད་ (Volume 24, Text 17)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གནས་ལུང་ཆོ་གའི་ངག་འདོན་ཐར་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གནས་ལུང་ཆོ་གའི་ངག་འདོན་ཐར་ལམ་སྣང་བྱེད་ཅེས་བྱ་བ། པདྨ་གར་གྱི་དབང་ཕྱུག་གི་ངོ་བོ་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཇིགས་རུང་འཁོར་མཚོར་འཁྱམས་ཤིང་ལྷུང་གྱུར་འགྲོ །དམིགས་མེད་བརྩེ་ཆེན་ཐུགས་རྗེའི་དཔྱང་ཐག་གིས། །བདེ་ཆེན་རྡོ་རྗེའི་ཞིང་དུ་འདྲེན་མཛད་པ། །བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ལ་འདུད། །ལས་ཉོན་གྱིས་བསྒྲིབས་ངན་འགྲོའི་མུན་རུམ་དུ། །རབ་ལྷུང་སྙིང་རྗེའི་ཡུལ་གྱུར་གཤིན་རྣམས་ལ། །ཕན་ཕྱིར་མྱུར་བདེའི་ཐར་ལམ་སྣང་བྱེད་འོད། །གནས་ལུང་ཆོ་གའི་ངག་འདོན་འདིར་གསལ་བྱ། །དེ་ཡང་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་ལྡན་པ་བསྙེན་སྒྲུབ་ལས་ལ་དབང་འབྱོར་བའི་སྔགས་པས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་བརྩམ་པར་བྱ་སྟེ། ཇི་སྐད་དུ། གང་ཞིག་འཇིག་རྟེན་ཕ་རོལ་དུ༔ སོང་ཞིང་བར་དོའི་འཇིགས་སྐྲག་གིས༔ ཉམ་ཐག་སྐྱབས་དང་བྲལ་བའི་འགྲོ༔ སྙིང་རྗེ་ཆེན་པོས་རྗེས་འཛིན་པའི༔ ལས་འདི་རྣལ་འབྱོར་ཅན་གྱིས་བརྩམ༔ ཞེས་གསུངས་པ་ལྟར་སྒྲུབ་པའི་སྡོམ་ནི། བཅས་བཤམ་སྒྲུབ་མཆོད་ཁྲུས་བུམ་སྒྲུབ། །བསྐྱེད་དགུག་བགེགས་སྦྱོང་སྔགས་རྒྱ་དང་། །ཕྱིར་ཟློག་ཁྲུས་དང་རིགས་དྲུག་གི། ས་བོན་སྦྱོང་ཞིང་ལྷར་བསྐྱེད་ནས། །དབང་བསྐུར་ཟས་གཏད་མཆོད་ཅིང་གསོལ། །དྭངས་མ་གནས་སྤོར་སྙིགས་མ་བསྲེག །སྨོན་ལམ་གདབ་ཅིང་སཱཙྪར་བསྒྲུབ། །འཕྲོས་དོན་ཁྱད་པར་གཞན་བཤད་པའོ། །ཞེས་དོན་བཅུ་དགུ་ལས། དང་པོ་བཅས་བཤམ་ནི། གང་དུ་བྱ་བའི་གནས་སུ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་བཞེངས་ཤིང་། མཆོད་གཏོར་དང་དབང་རྫས་སོགས་སྒྲུབ་མཆོད་ལ་དགོས་པའི་ཡོ་བྱད་རྣམས་གཞུང་བཞིན་དུ་བྱས་པའི་མདུན་དུ་རྟེན་དམིགས་བྱའི་རོ་ཡོད་ན་དང་། མེད་ན་གཟུགས་བརྙན་ནྲྀ་དང་བཅས་པ་བྲིས་པའི་བྱང་བུ་རྟེན་དང་ལྷན་ཅིག་པདྨའི་གདན་ལ་བཤམ། དེ་དང་ཉེ་བར་སྦྱོང་ཆས། བྲབ་རྫས། ཟས་གཏད་རྣམས་དང་། རང་གི་མདུན་དུ་དྲི་བཟང་དང་བདུད་རྩིའི་ཆུས་བཀང་བའི་ཁྲུས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། བདེ་གཤེགས་ཀུན་འདུས་ཀྱི་ལས་གཞུང་བཟླས་པ་ཡན་ཆད་ཚར་བའི་རྗེས་སུ་བུམ་པའི་དཀྱིལ་འཁོར་ཕྱེ་སྟེ། རྣམ་རྒྱལ་དང་ལས་བུམ་གྱི་བཟླས་པ་བྱ་ཞིང་བསྡུ། སྤྲོ་ན་རང་ཉིད་དཀྱིལ་འཁོར་དུ་ཞུགས་ལ་དབང་ཡང་བླང་ངོ་། །གསུམ་པ་ཁྲུས་བུམ་སྒྲུབ་པ་ནི། ལས་བུམ་གྱི་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་སྡིག་སྒྲིབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་རྩ་སྔགས་རྣམས་སྦྲེལ་བའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ༔ ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་ཡུངས་དཀར་ལའང་སྔགས་ཏེ་བཞག་གོ །བཞི་པ་རྟེན་བསྐྱེད་པ་ནི། རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟར་གྱུར་པར་བསམ། ལྔ་པ་རྣམ་ཤེས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་གར་དབང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་འདི་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་དང་སྐྱེ་གནས་བཞི་སོགས་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛ༔ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོ༔ས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ་མོ། །དྲུག་པ་བགེགས་སྦྱོང་བ་ལ། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམ་ལ། ཧཱུྃ༔ ང་ནི་དབང་ཆེན་རྟ་མཆོག་དཔལ༔ རྡོ་རྗེ་འཇིགས་བྱེད་འབར་བའི་སྐུ༔ ཚེ་འདས་སྒྲིབ་པ་སྦྱོང་བ་ལ༔ བར་གཅོད་གདོན་བགེགས་འབྱུང་པོ་ཀུན༔ འདི་རུ་མ་འདུག་གཞན་དུ་སོང༔ ང་ཡི་བཀའ་ལས་གང་འདའ་བ༔ བརླག་འགྱུར་འདི་ལ་གདོན་མི་ཟ༔ ཞེས་དང་། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་བཛྲ་ཀྲོ་ཏ་པདྨཱན་ཏ་ཀྲྀ་ཏ་ཧ་ཡ་གྲཱི་བ་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་ཏེ་དྲག་པོའི་སྦྱོང་བའོ། །བདུན་པ་སྔགས་རྒྱས་སྡིག་པ་ཕྲལ་བ་ནི། བདག་ཉིད་གར་དབང་ཐུགས་རྗེ་ཆེན་པོར་གསལ་བའི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཧྲཱིཿར་ཙ་ཧྲི་ཡ། གཡོན་གྱི་སོར་མོ་ལྔ་ལ་མ་ཧ་རི་ནི་ས་རྣམས་ཀྱིས་མཚན་པ་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ཨོཾ་སུ་ར་ཏ་སཏྭཾ༔ ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ༔ ཞེས་བཅིངས་པས། རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་རྣམས་མཉམ་པར་སྦྱོར་བར་བསམ་ལ། དཀྱིལ་འཁོར་ལྷའི་རྩ་སྔགས་སྦྲེལ་བའི་མཐར། བཛྲ་བྷནྡྷ་ཏྲ་ཐ་སརྦ་པཱ་པཾ་པྲ་ཝེ་ཤ་ཡ་ཕཊ༔ ཞེས་བརྗོད་ཅིང་། ཕྱག་རྒྱ་བཀྲོལ་ཏེ་རྟེན་ལ་བྱབས་པས། ལྷ་རྣམས་མཉམ་པར་སྦྱོར་བའི་སྐུ་ལས་འོད་ཟེར་ཉི་འོད་ལྟ་བུ་འཕྲོས། དམིགས་ཡུལ་གྱི་ལུས་ལ་རེག་པས་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་མོ། །བརྒྱད་པ་ཕྱིར་ཟློག་གིས་སྡིག་པ་ཕྲལ་བ་ནི། ཡུངས་དཀར་ལ་རྩ་སྔགས་དང་དྲག་སྔགས་སོགས་སྒྲིབ་སྦྱོང་གི་གཟུངས་བྱིན་ཅན་མང་དུ་བཟླས་པའི་ནུས་པ་བསྟིམས་ཏེ་རྩ་སྔགས་རྣམས་སྦྲེལ་བའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་། རྟེན་ལ་བྲབས་པས། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་དག་པར་བསམ་མོ། །དགུ་པ་ཁྲུས་ཀྱིས་སྡིག་པ་སྦྱོང་བ་ནི། ཁྲུས་བུམ་གྱིས་མིང་བྱང་སོགས་རྟེན་བཀྲུས་པས་སྡིག་སྒྲིབ་རྣམས་དུད་ཁུ་བཞིན་ཐོན་ནས་ལུས་ཤེལ་སྒོང་ལྟར་དག་པར་བསམ་ལ། ཧཱུྃ༔ ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང༔ དུག་གསུམ་སྒྲིབ་པ་དག་བྱེད་འདིས༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུ༔ བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས༔ རྒྱུད་དྲུག་བག་ཆགས་གཏན་སྦྱངས་ནས༔ ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཤོག༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཆུས༔ དུག་ལྔའི་སྒྲིབ་པ་ཀུན་བཀྲུས་པས༔ ཕུང་པོ་ལྔ་པོ་གནས་འགྱུར་ནས༔ ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག༔ ཅེས་ཚིགས་སུ་བཅད་པ་རེ་རེའི་མཐར་རྩ་སྔགས་ལ་སྒྲིབ་སྦྱོང་གི་སྔགས་བཏགས་པ་བཟླ་ཞིང་རོལ་མོར་བཅས་ཏེ་བཀྲུས་པས། སེམས་སྡིག་སྒྲིབ་ཀྱི་འཆིང་བ་ལས་རྣམ་པར་གྲོལ་ཏེ། སྐུ་གསུམ་ཡེ་ཤེས་ལྔ་དང་ཕ་རོལ་ཕྱིན་དྲུག་གི་ཡོན་ཏན་རྣམས་ཐོབ་པར་བསམ་མོ། །བཅུ་པ་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱོང་བ་ནི། ཚེ་ལས་འདས་པའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུ་མཐིང་ག །སྙིང་གར་ནྲྀ་ལྗང་གུ །ལྟེ་བར་ཏྲི་སེར་པོ། གསང་གནས་སུ་པྲེ་དམར་པོ། རྐང་མཐིལ་ན་དུ་ནག་པོ་རྣམས་ཀྱི་རྣམ་པར་གནས་པའི་སྦྱང་བྱ་སོ་སོའི་སྟེང་དུ་སྤྱི་བོ་ནས་རིམ་པ་བཞིན་སྦྱོང་བྱེད་རིག་པའི་ཡེ་ཤེས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གསལ་འཚེར་དྭངས་པའི་ཡི་གེ་དྲུག་པོ་འོད་ཟེར་ཀུན་ཏུ་འཕྲོ་ཞིང་འབར་བར་གྱུར། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྐང་མཐིལ་གྱི་ཧཱུྃ་ལ་ཕོག །ཧཱུྃ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་དུ་བསྲེགས་པའི་དྭངས་མ་ཧཱུྃ་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་གྱུར། དེ་བཞིན་དུ། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། གསང་གནས་ཀྱི་མེ་ལ་ཕོག །མེ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་པྲེ་བསྲེགས་པའི་དྭངས་མ་མེ་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿམེ་ཧཱུྃ། ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་གྱུར། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ལྟེ་བའི་པད་ལ་ཕོག །པད་ཡིག་ཡེ་ཤེས་ཀྱི་མེ་འབར་བས་ཏྲི་བསྲེགས་པའི་དྭངས་མ་པད་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿཔད་ཧཱུྃ། དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་གྱུར། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། སྙིང་ཁའི་ཎི་ལ་ཕོག །ཎི་ཡིག་ཡེ་ཤེས་ཀྱི་མེ་འབར་བས་ནྲྀ་བསྲེགས་པའི་དྭངས་མ་ཎི་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿཎི་ཧཱུྃ། མིར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་གྱུར། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། མགྲིན་པའི་མ་ལ་ཕོག །མ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་སུ་བསྲེགས་པའི་དྭངས་མ་མ་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿམ་ཧཱུྃ། ལྷ་མིན་དུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་གྱུར། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། སྤྱི་བོའི་ཨོཾ་ལ་ཕོག །ཨོཾ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་ཨ་བསྲེགས་པའི་དྭངས་མ་ཨོཾ་ཡིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿཨོཾ་ཧཱུྃ། ལྷར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་བསམ་མོ། །བཅུ་གཅིག་པ་ལྷར་བསྐྱེད་པ་ནི། དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྣམས་སྦྱངས་པའི་དྭངས་མ་ཧྲཱིཿཡིག་གི་རྣམ་པར་གྱུར་པ་ལས་ཚེ་འདས་ཉིད་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ་མོ། །བཅུ་གཉིས་པ་དབང་བསྐུར་བ་ནི། རྒྱས་པར་དབང་ཆོག་བཞིན་དུ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཡིན་མོད། བསྡུ་ན། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་པས་དབང་བསྐུར་བར་གྱུར། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ༔ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང༔ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས༔ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུང་བཞིན་ཡེ་ཤེས་ལྔའི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། སྒོ་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་ནས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་སློབ་མ་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་དོར་རོ། །བཅུ་གསུམ་པ་ཟས་གཏད་པ་ནི། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་ནས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང༔ རོ་བདའ་འཇམ་འཁྲིལ་རེག་བྱ་སོགས༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ བདེ་བ་ཆེན་པོའི་རྒྱན་དུ་འབུལ༔ དབང་པོའི་སྤྱོད་ཡུལ་དམ་པར་ནི༔ མ་ཆགས་ཚིམས་པར་ལོངས་སྤྱད་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཅེས་བསྔོ། བཅུ་བཞི་པ་མཆོད་ཅིང་གསོལ་བ་གདབ་པ་ནི། དེ་ལྟར་བསྔོས་པ་བདག་གིར་བཟུང་ནས། དེས་ཀྱང་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་འཁོར་གསུམ་ཡོངས་དག་གི་སྤྲིན་ཆེན་པོར་སྤྲོས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་པར་མཆོད་པར་གྱུར། ཨོཾ༔ ཆོས་སྐུ་དྲི་མེད་སྣང་མཐའ་ཡས༔ འཇིག་རྟེན་དབང་ཕྱུག་འགྲོ་བའི་མགོན༔ ཚེ་འདས་སེམས་ཉིད་མཆོད་པར་འབུལ༔ གཏི་མུག་དབྱིངས་སུ་ཐིམ་པར་གསོལ༔ བྱང་སེམས་རྣམ་པར་དག་པ་ཡི༔ རྣམ་སྣང་རྒྱལ་བ་གངས་ཆེན་མཚོར༔ ཚེ་འདས་ཕུང་པོ་མཆོད་པར་འབུལ༔ མ་དག་གཟུགས་ཀྱི་ཕུང་པོ་སྒྲོལ༔ མི་འགྱུར་རྡོ་རྗེ་ལྟ་བུ་ཡི༔ མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོར༔ ཚེ་འདས་རྣམ་ཤེས་མཆོད་པར་འབུལ༔ ཞེ་སྡང་དབྱིངས་སུ་སྒྲོལ་མཛད་གསོལ༔ དྲི་མེད་པདྨ་ལྟ་བུ་ཡི༔ འཆི་མེད་རྒྱལ་པོ་འོད་དཔག་མེད༔ ཚེ་འདས་འདུ་ཤེས་མཆོད་པར་འབུལ༔ འདོད་ཆགས་དབྱིངས་སུ་སྒྲོལ་མཛད་གསོལ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ ཡོན་ཏན་ཐམས་ཅད་འབྱུང་བའི་གནས༔ ཚེ་འདས་ཚོར་ཕུང་མཆོད་པར་འབུལ༔ ང་རྒྱལ་དབྱིངས་སུ་སྒྲོལ་མཛད་གསོལ༔ ཕྲིན་ལས་ཐམས་ཅད་ཡོངས་རྫོགས་པའི༔ དོན་ཡོད་རྒྱལ་པོ་ལས་ཀྱི་ཆོས༔ ཚེ་འདས་འདུ་བྱེད་མཆོད་པར་འབུལ༔ ཕྲག་དོག་དབྱིངས་སུ་སྒྲོལ་མཛད་གསོལ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་འདུས་ལྷ་ཚོགས་ལ༔ ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ༔ ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ༔ རང་བཞིན་གདོད་ནས་དག་པ་ལ༔ ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས༔ བར་དོར་འཁྱམས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས༔ བཅོ་ལྔ་པ་གནས་སྤར་བ་ནི། དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧྲཱིཿཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་མི་དམིགས་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ་མོ། །བཅུ་དྲུག་པ་སྙིགས་མ་བསྲེག་པ་ནི། སྙིགས་མ་ལས་ཉོན་བག་ཆགས་དང་བཅས་པའི་ཕུང་པོ་ཡེ་ཤེས་ཀྱི་མེས་བསྲེག་པར་བསམ་ཞིང་། ཁྱད་པར་ནུབ་ཐ་མར་དམིགས་རྟེན་རོ་དངོས་ཡིན་ན་གནས་སྤར་བའི་རྗེས་དེ་མ་ཐག་ཏུ་ཞི་བའི་སྲེག་བླུགས་ཀྱིས་སྦྱངས་ཤིང་། བྱང་བུ་ཡིན་ན་ཡེ་ཤེས་ཀྱི་མེས་སྙིགས་མ་བསྲེགས་པའི་དྭངས་མ་དེ་དང་སྦྱར་ཏེ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །རྩ་སྔགས་ཀྱི་མཐར། ཨགྣེ་ཛྭ་ལ་རཾ། ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱངས་ཤིང་། མེ་པྲ་ལས་དམིགས་ཡུལ་གྱི་སྡིག་པ་དག་མ་དག་གི་མཚན་མའང་བརྟག་པར་བྱའོ། །བཅུ་བདུན་པ་སྨོན་ལམ་བྱ་བ་ནི། པདྨ་འདམ་གྱིས་མ་གོས་ལྟར༔ སྲིད་གསུམ་དྲི་མས་མ་གོས་པའི༔ སྲིད་པའི་པདྨོ་ལས་བྱུང་བའི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་སོགས་སྨོན་ལམ་རྒྱ་ཆེར་གདབ་བོ། །བཅོ་བརྒྱད་པ་སཱཙྪ་སྒྲུབ་པ་ནི། རུས་བུའམ་བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། རྩ་སྔགས་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས། རྩ་སྔགས་སྒྲིབ་སྦྱོང་གི་ཤམ་བུ་ཅན་བཟླ་བཞིན་དུ་སཱཙྪ་འདེབས་པར་བྱའོ། །བཅུ་དགུ་པ་འཕྲོས་དོན་ཁྱད་པར་གཞན་བཤད་པ་ནི། སྤྱིར་རྟེན་སྦྱོང་བ་ལ། མཆོད་རྟེན་དུ་གཞུག་པ་དང་། ཁྱིམ་མམ་དུར་མཚེད་དུ་བཞག་པ་དང་། སྦྱིན་སྲེག་གི་མེས་སྦྱོང་བ་དང་། རིར་སྐྱེལ་བའམ་ཆུ་དང་རླུང་གིས་སྦྱོང་བ་སོགས་བཤད་ཅིང་། ཁྱད་པར་གང་ཟག་མཆོག་ཡིན་ན། དཀྱིལ་འཁོར་གྱི་ལྷའི་ངོ་བོར་བལྟས་ནས་སྒྲུབ་ཅིང་མཆོད་པ་ལ་དབང་དང་སྲེག་བླུགས་འབུལ་བ་སོགས་བྱ་དགོས་ཏེ། དེ་དག་གི་ཆོ་གའི་ཁྱད་པར་ནི། རྗེ་བླ་མ་དམ་པས་གཤིན་ལ་ཕན་གདགས་པའི་ཆོ་ག་སྒྲིབ་གཉིས་མུན་སེལ་དུ་གསུངས་པ་བཞིན་མ་འདྲེས་གཙང་དག་དམིགས་ཕྱེད་པའི་སྒོ་ནས་ལག་ཏུ་བླངས་པས་ཤེས་པར་འགྱུར་བའི་ཕྱིར་འདིར་མ་སྨྲོས་སོ། །བདེ་གཤེགས་ཀུན་འདུས་ཐུགས་རྗེའི་ཕྲིན་ལས་ནི། །ངག༵་་ཚིག་བརྗོད་བདེའི་ལེགས་བཤད་ཀྱིས་དྲངས་པས། །ལས་ཉོན་དབ༵ང་གིས་ཉམ་ཐག་འཁོར་བའི་ཆོ༵ས། །གཞི་དབྱིངས་ཀློང་དུ་གྲོལ་བའི་དཔ༵ལ་ཐོབ་ཤོག །ཅེས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གནས་ལུང་ཆོ་གའི་ངག་འདོན་ཐར་ལམ་སྣང་བྱེད་ཅེས་བྱ་བ་འདི་ནི་དགེ་སློང་སྤོང་བ་པ་ངག་དབང་བཟང་པོའི་གསུང་གིས་རིང་མོ་ནས་བསྐུལ་བ་དང་། ཁྱད་པར་བསྟན་པའི་གསལ་བྱེད་ངག་དབང་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བསྟན་འཛིན་ལྷུན་གྲུབ་ཀྱི་ཞལ་སྔ་ནས་བཀའ་ལུང་ནན་ཅན་སྤྱི་བོར་ཕེབས་པ་ལྟར། རྒྱལ་ཀུན་སྤྱི་གཟུགས་གཏེར་ཆེན་བླ་མའི་བཀའ་དྲིན་གྱིས་འཚོ་བའི་གཉོས་བཙུན་རྒན་པོ་དྷརྨ་ཤྲཱིས་མདོ་ཁམས་སའི་ཐིག་ལེ་དཔལ་ཆབ་མདོའི་བྱམས་པ་གླིང་གི་བླ་བྲང་འཕགས་མཆོག་མིག་མི་འཛུམ་གྱི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ (Volume 4, Text 17)

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་ལྷ། །ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་རྫོགས་སངས་རྒྱས། །གང་འདུལ་སྤྲུལ་པའི་སྐུར་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཡི། །ཞི་བ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རིམ་དགུའི་ཐེག་པའི་སྡེ་སྣོད་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །མ་ཕམ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་ཐེག་ཆེན་སེམས་དཔའ་དང་། །ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ༈ །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སོལ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྙིང་ནས་གདུང་ཤུགས་དྲག་པོས་རྗེས་དྲན་ཅིང་། །རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །དད་པས་སྐྱབས་མཆི་འབངས་སུ་དམ་བཅའ་ན། །དེང་ནས་བཟུང་སྟེ་ཐུགས་རྗེས་བསྐྱང་དུ་གསོལ། །བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་བྱང་ནས། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་རྒྱས། །གཞན་རྒྱུད་མཁའ་ཁྱབ་གདུལ་བྱ་སྨིན་ཅིང་གྲོལ། །རྒྱལ་ཀུན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས། །རིས་མེད་ཐུབ་བསྟན་སྒྲོན་མེ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པའི་དཔལ། །ཕྱོགས་མཐར་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྡན་འབྱོར་པ་ངང་གིས་འཕེལ། །ཀུན་ཀྱང་ཐེག་མཆོག་སྙིང་པོའི་སྒོར་ཞུགས་ནས། །སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་ནས། །རང་གཞན་ཕན་བདེར་འགོད་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་ཁྱེད་རྣམས་ཀྱིས། །རྟག་ཏུ་རྗེས་བཟུང་བྱིན་གྱིས་རློབ་པ་དང་། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་བཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་ས་དཱ་སརྦ་སུ་ཤྲཱི་ཡ་སྶིདྡྷཾ་བྷ་བ་ཏུ།། །།

ཟབ་བདུན་བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འཕར་རབ་འབྱེད་ (Volume 37, Text 17)

༄༅། །ཟབ་བདུན་བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འཕར་རབ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། སྲིད་ཞིའི་ཁྱབ་བདག་དཔལ་ཆེན་པོ། །ལྷ་མིན་གཤེད་དུ་ཆེར་ཁྲོས་པ། །བདུད་འཇོམས་བླ་མའི་ངོ་བོ་ལ། །ཕྱག་བྱས་བྱིན་རླབས་སྒོ་འཕར་དབྱེ། །ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ཁྱད་འཕགས་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྦྱོར་དངོས་མཇུག་གི་བྱ་བ་གསུམ་ལས། དང་པོ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་ཅན་གཞུང་མཐུན་ནམ། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་རྡོར་རྭ་མེ་རིས་བསྐོར་བའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་གྲི་ཐོད། རྩིབས་བརྒྱད་ཤར་སོགས་གསུམ་ལ་ཐིག་ལེ་ནག་པོ། ནུབ་ཏུ་མཐིང་ནག །ཤར་ལྷོ་སོགས་མཚམས་བཞིར་དཀར་དམར་སྔོ་ནག་རྣམས་བཀོད་པའི་དབུས་སུ་ཁྲིའུའི་ཁར་བུམ་པ་བདུད་རྩི་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་གིས་སྤྲས་པའི་ཁར་ཐོད་པ་བཅུད་ལྡན། དེ་སྟེང་སིནྡྷུ་ར་བརྡལ་བའི་མེ་ལོང་ལ་ཆོས་འབྱུང་ནང་ཐིག་ལེ་གཙོ་འཁོར་དགུ་བཀོད་པ་དང་ཤེལ་རྡོ་བཞག །མདུན་དུ་དཔལ་གཏོར་དམར་པོ་སྙིང་གཟུགས་ལ་འཁོར་ཟུར་གསུམ་བརྒྱད་ཀྱིས་བསྐོར་བ་རྒྱན་ལྡན་སྐུ་རྟེན་དར་གདུགས་དང་བཅས་པ་སྐུ་ཙཀ་གཙོ་འཁོར་དགུ །རྒྱབ་ཏུ་མཆོད་གཏོར་ལྷ་གྲངས་དང་སྨན་རག །དྲག་མཆོད་བསྐོར་བཤམ་སོགས་སྤྱི་ལྟར་བཅས་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། བདག་བསྐྱེད་ཧེ་རུ་ཀ་སྐབས་སུ་བབས་པའི་སྒོམ་བཟླས་བསྡུ་ལྡང་བཅས་བྱ། འདི་ཉིད་ཀྱི་སྒྲུབ་ཐབས་ལྟར་ཕྱི་ནང་མཆོད་གཏོར་བྱིན་རླབས་བསྐྱེད་རིམ་བསྒོམ་པ་ནས་བརྩམ་བསྟོད་པའི་བར་བཏང་། དེ་ནས་སྒྲུབ་ཐབས་ནང་གསལ་དམིགས་གནད་དང་ལྡན་པས་གོང་གནོན་དང་ཡིག་བརྒྱ་ཉེར་གཅིག་རེ། ཡབ་ཡུམ་སྔགས་བརྒྱ་རྩ་ལས་མི་ཉུང་བ། བདེ་ཆེན་བཟླས་པ་ཅི་འགྲུབ། ཕྲིན་ལས་སྤྱི་དྲིལ་ཤཱ་ས་ན་བདུན་ཙམ་བཟླ། བུམ་པར་དམིགས་གནད་སྤྱི་ལྟར་བྱས་ལ་ཡབ་ཡུམ་སྔགས་བཟླས་པའི་མཇུག་ཏུ། བྱིན་རླབས་བཅས་གཞུང་གསལ་གཏོར་འབུལ་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དབང་དངོས་ཀྱི་ཐོག་མར་ཁྲུས་བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་བཏང་ནས། དེའང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཉིད་མ་རུངས་པའི་བདུད་དགྲ་འཇོམས་ཤིང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སླད་དུ་འབར་བ་ཆེན་པོའི་རྣམ་འགྱུར་དུ་སྟོན་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་རྣམས་ཀྱི་ནང་ནས། ལྷ་མིན་ཀླ་ཀློའི་གཉེན་པོ་ཁྱད་དུ་འཕགས་ཤིང་བྱིན་རླབས་དངོས་གྲུབ་ཕྲིན་ལས་མ་ལུས་པའི་འབྱུང་གནས་སུ་གྱུར་པས། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་རྡོ་རྗེ་གདན་གྱི་སྲུང་མའི་གཙོ་བོར་མངའ་གསོལ་ཅིང་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་མི་འདྲ་བ་དུ་མ་འཕགས་བོད་གཉིས་སུ་རྒྱ་ཆེར་བྱོན་པ་ལས། སྔ་འགྱུར་རྙིང་མ་གཏེར་མའི་ཕྱོགས་སུ་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་མགོན་པོ་མེ་འབར་མར་གྲགས་པའི་སྐོར་ཟབ་རྒྱས་དང་། ཕྱིས་སུ་བདུད་འདུལ་རྡོ་རྗེ་དང་། བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་ཆོས་སྡེར་ཡང་བྱོན་པ་ལས། འདིར་རྒྱུད་ཀྱི་སྡུད་པ་མོ་ཡེ་ཤེས་མཁའ་འགྲོ་ཨེ་ཀ་ཛཱ་ཊིས་སློབ་དཔོན་ཁྲག་འཐུང་ནག་པོ་ལ་བསྩལ། དེ་ལས་གུ་རུ་རིན་པོ་ཆེ་ནས་གསན་ཅིང་གདམས་སྐོར་གྱི་རྩ་བ་ཙམ་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆ་ལག་ཏུ་བཞག་ནས་མདོ་ཁམས་ནམ་མཁའ་མཛོད་ཆེན་པོར་གཏེར་རྒྱས་བཏབ་པ་ཉིད། ལྷ་སྲས་རྣམ་རོལ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པར་མཛད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། གཞན་ལས་ཁྱད་པར་འཕགས་པའི་ཡོན་ཏན་བཅུ་དང་ལྡན་པ་སྟེ་གཞུང་ལས། མཐུ་མྱུར་བྱིན་ཆེ་བཀྲ་ཤིས་པ༔ སྙིང་ཉེ་དངོས་གྲུབ་རྣམ་མང་འབེབ༔ ཚེ་རིང་བདེ་འཕེལ་སྟོང་ཉིད་རྟོགས༔ རྒྱུད་འཕེལ་ནད་མེད་ལོངས་སྤྱོད་རྒྱས༔ འགྲུབ་མྱུར་ཡོན་ཏན་བཅུ་ལྡན་པའི༔ དཔལ་མགོན་འདི་ནི་ཁྱད་དུ་འཕགས༔ ཞེས་བསྔགས་པའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །མིག་དར་མེ་ཏོག་གཏད། བླ་མ་དཔལ་ཆེན་ཧེ་རུ་ཀ་དངོས་སུ་གསལ་བ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དབྱེར་མེད་པ༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ཞེས་ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་ཡེ་ཤེས་མགོན་པོའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་གཅོད་བསལ་བ་དང་མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་། བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་ཅིང་རྟག་བརྟན་ཏུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་ལྡན་ཡེ་ཤེས་མགོན་པོའི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་བཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག །གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་གྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་བསྲང་། རླུང་ཁ་སྦྱོར་དུ་འཆིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་གདོས་བཅས་སྦྱངས་ནས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ནག་པོ་ཆེན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་འཇིགས་སུ་རུང་བ། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ལ་ཟླུམ་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སྨར་སྨིན་དམར་སེར་འབར་བ། ཕྱག་བཞིའི་དང་པོ་གཉིས་ཀྱིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་རལ་གྲི་དང་ཁ་ཊྭཱཾ་ག་འཕྱར་བ། ཐོད་པ་སྐམ་རློན་སྦྲུལ་ཆུན་དང་རུས་པའི་རྒྱན་དྲུག་དར་སྣའི་ཅོད་པན་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་པང་དུ་མ་ལས་ཡུམ་ཙཎྜི་ཀ་ནག་མོ་གྲི་ཐོད་འཛིན་ཅིང་། གཅེར་བུ་ཕྱག་རྒྱ་ལྔ་དང་ཐོད་སྦྲུལ་ཕྲེང་བ་ཅན་གྱིས་འཁྱུད་པ། དྲག་ལ་རྔམ་པའི་ཆ་ལུགས་ཅན། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་ཐོབས་ཤིག །གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཀོད་ལ་འབྲུ་གསུམ་བརྗོད། དེ་ནས་སློབ་དཔོན་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་ནམ་མཁའི་དབྱིངས་གང་བ་འཕྲོས། འོག་མིན་རྣམ་སྣང་ཆེན་པོའི་ཕོ་བྲང་། རྡོ་རྗེ་གདན། ན་ལེནྡྲ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཤ་ཆེན་དང་གུ་གུལ་བདུག །རོལ་མོའི་སྒྲ་དྲག་ཏུ་སྦྱར་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་ལས་ཀྱིས་འབྲེལ་པའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་སྐྱེད་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། ཧོ༔ ཡེ་ཤེས་ལ་ནི་བཟང་ངན་མེད༔ སྔོན་གྱི་ལས་ཀྱིས་འབྲེལ་བ་ཡི༔ ཡེ་ཤེས་ལས་གྲུབ་སྲུང་མ་ལ༔ བརྟགས་པའི་མེ་ཏོག་འཕོག་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །གང་ལ་ཕོག་པའི་རིགས་ཀྱི་མིང་ངམ་སྤྱི་ཙམ་དུ། ཁྱོད་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་བདག་པོ་ལ་ཕོག་པས། དཔལ་ཧེ་རུ་ཀ་རྡོ་རྗེ་ནག་པོ་ཆེ་ཞེས་བྱ་བ་གསང་བའི་མཚན་དུ་ཟུངས་ཤིག །ཅེས་བརྗོད་ལ་མེ་ཏོག་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ མ་རིག་ལིང་ཏོག་སྒྲིབ་པ་རྣམས༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་བྱ༔ མ་ཧཱ་ཀཱ་ལའི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་དངོས་གྲུབ་ཐོབ༔ འདི་ལྟར་མགོན་པོའི་དཀྱིལ་འཁོར་ཡང༔ རང་གི་སེམས་ལ་རྫོགས་པ་ཡིན༔ ཞེས་གདོང་བསལ། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་སྐྱེད་འཚལ། དེ་དག་གིས་འཇུག་པའི་རིམ་པ་གྲུབ་ནས་དབང་རྣམས་རིམ་པར་བསྐུར་བ་ལ། དང་པོ་བུམ་དབང་རྗེས་འབྲེལ་དང་བཅས་པའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། བླ་མ་མགོན་པོ་དབྱེར་མི་ཕྱེད་པ་ལ་མོས་གུས་དུང་པ་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། དེ་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་བཅས་ཏེ་བུམ་པའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་མངོན་པར་དབང་སྐུར་བར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་བུམ་པ་རུ༔ བླ་མ་མགོན་པོ་འཁོར་བཅས་ཞུ༔ མ་ཧཱ་ཀཱ་ལའི་ལྷ་དབང་རྣམས༔ དེ་རིང་བུ་ལ་ཡོངས་རྫོགས་ཤོག༔ ཡབ་ཡུམ་སྔགས་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། མདུན་བསྐྱེད་མགོན་པོ་ཡབ་ཡུམ་གྱི་སྐུ་ལས་སྐུ་གཉིས་པ་སྤྲོས། ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་ཐོབ་པར་གྱུར་པ་མོས་ཤིག །ཡབ་ཡུམ་གཉིས་ཀྱི་སྐུ་སྤྱི་བོར་རིམ་བཞིན་བཞག་ལ། ཧཱུྃ༔ ཡེ་ཤེས་མགོན་པོ་ཧེ་རུ་ཀ༔ མ་ཧཱ་ཀཱ་ལ་ཕྱག་བཞི་པའི༔ སྐུ་ཡི་དབང་མཆོག་བསྐུར་བ་ཡིས༔ མཐུ་རྩལ་ནུས་པ་ཡོངས་རྫོགས་ཤོག༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ དབྱིངས་ཀྱི་རྒྱལ་མོའི་དབང་བསྐུར་བས༔ མཐུ་རྩལ་ནུས་པ་ཡོངས་རྫོགས་ཤོག༔ ཨོཾ་ཨེ་ཀ་ཛཱ་ཊི་མ་མ་ཀཱ་ཡ༴ དེ་ལྟར་དབང་བསྐུར་པས་ཁྱེད་རང་མགོན་པོ་ཡབ་ཡུམ་དངོས་སུ་གྱུར་པ་ལ་བཀའ་སྡོད་རྣམས་བྲན་དུ་གཏད་པས་ཇི་ལྟར་བསྒོས་པའི་ལས་སྒྲུབ་པར་མོས་ཤིག །འཁོར་རྣམས་ཀྱི་ཙཀླི་ལག་ཏུ་གཏད་ལ། ཧཱུྃ༔ ལས་ཀྱི་མགོན་པོ་བྱ་རོག་གདོང༔ སྤུ་གྲིའི་གཤོག་ཅན་གྲི་ཐོད་འཛིན༔ ཕྲིན་ལས་མགོན་པོའི་དབང་བསྐུར་བས༔ མཐུ་རྩལ་ནུས་པ་ཡོངས༴ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ཁ་ཧཱུྃ་མུ་ཁ་ས་མ་ཡ་སྲོག་དུང་དུང་ཛཿཀཱ་ཡ༴ ཧཱུྃ༔ འབར་མ་ནག་མོ་གྲི་ཐོད་འཛིན༔ མ་མོ་ཡོངས་ཀྱི་གཙོ་མོ་སྟེ༔ དཔལ་ལྡན་ལྷ་མོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ མ་མོ་རཀྨོ་ཛྭ་ལི་རུ་ཧྲིཾ་ཀཱ་ཡ༴ ཧཱུྃ༔ ཞིང་སྐྱོང་ཆེན་པོ་སེངྒེའི་གདོང་པ་ཅན༔ རྩེ་གསུམ་དམར་གཏོར་འཛིན་ནས་རྟ་ནག་ཞོན༔ ཤ་ཟ་ནག་པོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ ཨོཾ་མ་ཧཱ་ཀཱ་ལ་སི་ན་ར་ཧཱུྃ་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཀཱ་ཡ༴ ཧཱུྃ༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ མགོ་དགུ་དགྲ་ལ་ཐོག་མདའ་འཕེན༔ སྡེ་བརྒྱད་གཙོ་བོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ རཀྴ་རཱ་ཧུ་ལ་པ་ཧྲིཾ་ཀཱ་ཡ༴ ཧཱུྃ༔ ཚངས་པ་དར་གྱི་འགྱིང་ཐོད་ཅན༔ བ་དན་མཚོན་ཆའི་འཁོར་ལོ་འཛིན༔ ལྷ་ཡི་གཙོ་བོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ གིངྐ་ར་ར་ཧྲིཾ་ཀཱ་ཡ༴ ཧཱུྃ༔ གཤིན་རྗེ་དམར་ནག་སྤུ་གྲི་དང༔ ཞགས་པ་འཛིན་ཅིང་ར་དམར་འཆིབ༔ གཤིན་རྗེའི་གཙོ་བོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ ཡ་མ་རཱ་ཛ་ཡ་ཧྲིཾ་ཀཱ་ཡ༴ ཧཱུྃ༔ རྡོ་རྗེ་ལེགས་པ་རྡོ་རྗེ་དང༔ དགྲ་སྙིང་འཛིན་ཅིང་སེང་གེ་འཆིབ༔ བཙན་གྱི་གཙོ་བོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ ཙ་ཏྲི་ཤཱུ་ལ་ཧྲིཾ་ཀཱ་ཡ༴ ཧཱུྃ༔ གནོད་སྦྱིན་ནག་པོ་བེར་ཀ་དང༔ ཙིཏྟ་འཛིན་ཅིང་བདུད་རྟ་ཞོན༔ གནོད་སྦྱིན་གཙོ་བོའི་དབང༴ མཐུ་རྩལ་ནུས་པ་ཡོངས༴ ཡཀྴ་ནག་པོ་དུ་ཧྲིཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་བསྐྱེད་མགོན་པོ་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་གི་ཞལ་ནས་ཞུགས། ཐུགས་ཀར་ཐིམ་པར་སྒོམས་ལ་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། ཡབ་ཡུམ་གཉིས་གཞུང་གསལ་དང་། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཡབ་ཡུམ་སྦྲེལ་མ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ཁ་མུ་ཁ་ཧཱུྃ་ས་མ་ཡ་སྲོག་དུང་དུང་ཛཿ མ་མ་རགྨོ་ཛྭ་ལི་རུ་ཧྲིཾ་ཛཿ སི་ན་ར་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛཿ རཀྴ་རཱ་ཧུ་ལ་པ་ཧྲིཾ་ཛཿ ལས་མཁན་སྡེ་བཞིའོ། །གིངྐ་ར་ར་ཧྲིཾ་ཛཿ ཡ་མ་རཱ་ཛ་ཡ་ཧྲིཾ་ཛཿ བཛྲ་སཱ་དྷུ་ཙ་ཧྲིཾ་ཛཿ ཡཀྴ་ནག་པོ་དུ་ཧྲིཾ་ཛཿ གིང་ཆེན་སྡེ་བཞི་སྟེ་ལན་གསུམ་རེ་བྱ། དེང་ཕྱིན་ཆད་དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་པའི་མཐུ་ཐོབ་པར་མོས་ཤིག །འདི་དག་ཐུན་མོང་མ་ཡིན་པའི་ལུགས་སུ་བསྐུར་ན་འདོད་འཇོ་བུམ་བཟང་གི་ཉང་ལུགས་སྐབས་ལྟར་བྱ་བ་ཡིན་ནོ། །མཐར་མེ་ཏོག་འཐོར་ལ། ཧོ༔ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་པས་སྣོད་བཅུད་ལྷ་རུ་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་འདུན་འདི་ལྟར་མཛོད། བླ་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ཡུམ་ཀྲོ་དྷཱི་ཤྭ་རཱི་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་དམ་རྫས་དང་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་མགོན་པོ་ཡབ་དང་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར། གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་གསང་བའི་དབང་བསྐུར་པས་རྩ་རླུང་ཐིག་ལེ་མ་ཧཱ་ཀཱ་ལ་ཡབ་ཡུམ་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། སིནྡྷུ་རའི་དཀྱིལ་འཁོར་མ་ཧཱ་ཀཱ་ལ་མཁའ་འགྲོའི་ཚོགས་དང་བཅས་པར་གསལ་བ། རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་རིག་མ་ལ་ཐིམ་པས་དེ་ཉིད་ཀྲོ་དྷཱི་མ་དངོས་སུ་གྱུར་པ་དང་། སློབ་མ་ཡེ་ཤེས་མགོན་པོར་གསལ་བ་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པར་མོས་ཤིག །བརྡའམ་ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧཱུྃ༔ སྣང་སྟོང་མགོན་པོ་ཡབ་དང་ཡུམ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་རྒྱུད་ལ་སྐྱེས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རྣམས་ལ་ཤེས་རབ་ཡུམ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་བདེ་བ་ཆེན་པོའི་རང་རྩལ་དུ་དབང་དུ་འདུས་པར་གྱུར་ཅིག༔ དབང་བཞི་པ་ཚིག་གིས་ངོ་སྤྲོད་པའི་དོན་དམ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་ཞོག་ཅིག །རང་བྱུང་གི་ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཤེལ་དང་འཇའ་ཚོན་ཇི་བཞིན་དུ༔ ཆོས་ཀྱི་དབྱིངས་ལས་མ་མགོན་ཤར༔ རང་རིག་ཡེ་ཤེས་རྩལ་ལས་གྲུབ༔ གཉིས་སུ་འཛིན་པའི་སྒྲིབ་པ་སྦྱངས༔ རང་རིག་ངང་དུ་རྟོགས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་རིག་པ་རྩལ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་རང་གི་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བ་ནི། རྟེན་གཏོར་དཔལ་འབར་བཙུགས་པ་སློབ་མའི་མགོ་ཐོག་ཏུ་བཟུང་ལ། གཏོར་སྣོད་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་འཁོར་ཚོགས་དང་བཅས་པ་དངོས་སུ་གསལ་བ་ལ། ཁྱེད་རང་རྣམས་ཀྱི་མོས་གུས་དྲག་ཏུ་བསྐྱེད་པས་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། ཁྱེད་རང་གི་བྱང་ཆུབ་སྒྲུབ་པའི་བར་གཅོད་ནད་གདོན་དགྲ་བགེགས་ཐམས་ཅད་ཚར་གཅད་ཅིང་། མཐུན་རྐྱེན་ལེགས་ཚོགས་རབ་ཏུ་སྤེལ་བ་སོགས་ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབ་པ་ཞལ་གྱིས་བཞེས་པར་མོས་ཤིག །ཅེས་བྱས་ལ། སྒྲུབ་ཐབས་གཏོར་འབུལ་སྐབས་ཀྱི། དཔལ་མ་ཧཱ་ཀཱ་ལ་ཧེ་རུ་ཀའི་སྤྲུལ་པ༔ སོགས་ནས། ལྕམ་དྲལ་སྤྲུལ་པ་ཕྱག་བརྙན་དང་བཅས་པ༔ ཞེས་པའི་བར་བརྗོད་ལ། ཁྱེད་རྣམས་ཀྱིས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་དཔལ་ནས་རིམ་པར་བྱོན་པའི་རྩ་བརྒྱུད་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་ཆད་མདོ་རྗེས་སུ་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ཅིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་འགྲོགས་ཏེ། ནད་གདོན་བར་ཆད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང་། དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་བརླག་པ་སོགས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པར་སྒྲུབ་པར་མཛད་དུ་གསོལ། ཞེས་རོལ་མོའི་སྒྲ་བཅས་བཀའ་བསྒོ་དྲག་ཏུ་བྱ། མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཡོངས་སུ་རྫོགས་པར་གྱུར་པར་མོས་ཤིག །ཅེས་དང་ཤིས་བརྗོད་ཅི་རིགས་བྱ། དེང་ཕྱིན་ཆད་ཁྱེད་རང་རྣམས་ཀྱིས་ཁས་བླངས་པའི་བསླབ་བྱ་སྤྱི་དང་། བྱེ་བྲག་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་ཡན་ལག །ཁྱད་པར་མགོན་པོ་ཉིད་ཀྱི་སྒོས་ཀྱི་དམ་ཚིག་བསྟེན་སྒྲུབ་མཆོད་གཏོར་ལ་བརྩོན་པ་དང་། བྱ་ནག་ཁྱི་ནག་ལ་མི་འཚེ་བ་སོགས་ཚུལ་བཞིན་བསྲུང་དགོས་པས་དེ་ལྟར་བགྱིའོ་སྙམ་པས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ་གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་གཤེགས་བསྟིམ་གང་འོས། དམ་ཚིག་པ་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་རྣམས་སྤྱི་ཆིངས་ལྟར་བྱས་པས་འགྲུབ་བོ། །དུས་མཐར་རྒྱལ་བསྟན་གཤེད་གྱུར་ལྷ་མིན་དཔུང་། །སྐད་ཅིག་འཇོམས་བྱེད་མཐུ་སྟོབས་རྩེ་བརྒྱ་པ། །ལྷ་མཆོག་མ་ཧཱ་ཀཱ་ལ་མྱུར་འགྲུབ་ནས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །འདི་ལ་ད་རུང་ཆ་ལག་འགའ་རེ་བཞུགས་པར་སྣང་ཡང་འདི་མཚུངས་ཕལ་ཆེར་གཏན་ལ་འབེབ་རྒྱུ་འཕྲོ་ཅན་དུ་གྱུར་པས། སྐབས་འདིར་གཏེར་ཆེན་ཉིད་ལས་ཇི་ལྟར་ནོས་པ་ཙམ་ཞིག་གཞིར་བྱས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་རྣམ་གསལ་ལག་ལེན་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་བསྐུར་གསུང་རྒྱུན་ཁྲོམ་ཤོག་མ་གསལ་བར་བཀོད་པ་ (Volume 23, Text 17)

༄༅། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་བསྐུར་གསུང་རྒྱུན་ཁྲོམ་ཤོག་མ་གསལ་བར་བཀོད་པ་བཞུགས་སོ། ། རྒྱལ་བ་ཀུན་འདུས་གངས་ཅན་མགོན། །དབྱེར་མེད་བླ་མ་ལ་བཏུད་ནས། །གཏེར་ཆེན་གསུང་རྒྱུན་ལས་བྱོན་པའི། །དབང་བསྐུར་ཁྲོམ་ཤོག་གྲགས་པ་དགོད། །འདི་ལ་སྦྱོར་བ་དཀྱིལ་འཁོར་རས་བྲིས་ཚོམ་བུ་གང་འཛོམ་གྱི་དབུས་སུ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་བཅས་པ། མདུན་དུ་ལྷ་ཙཀ་བཅུ་གཉིས། ཨོཾ་ཨཱཿཧཱུྃ་ཧྲཱིཿདང་ཡི་གེ་འབྲུ་བདུན་སོ་སོར་བྲིས་པའི་ཙཀ་ལི། གཡས་སུ་དབང་གཏོར། གཡོན་དུ་ཐོད་པ་བདུད་རྩིས་བཀང་བ་བཞག །ཕྱི་ནང་གི་མཆོད་པ་སྤྱི་ལྟར་བཤམ། ལས་བུམ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱ། དེ་ནས་བརྒྱུད་འདེབས་བགེགས་བསྐྲད་སོགས་སྔོན་འགྲོ་བདུན། དངོས་གཞིའི་ལས་རིམ་རྣམས་ལས་བྱང་ལྟར་ཚང་བར་བཏང་། ཡིག་དྲུག་ཡིག་བདུན་བཟླས་པ་ཅི་འགྲུབ་དང་། བུམ་པ་བསྐྱེད་བཟླས་མཆོད་བསྟོད་འོད་ཞུ་སྤྱི་བཞིན། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས། སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས་ཏིང་ངེ་འཛིན་གྱི་དབང་བླང་། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། དབང་གི་ལོ་རྒྱུས་གཏེར་སྟོན་གྱིས་མཛད་པ་ཧ་ཅང་མང་དྲགས་པས་དཀྱུས་ཙམ་ལ་ཀློག་དཀའ་བས་དེ་ལས་མདོར་བསྡུས་པ་ཙམ་མམ། དེ་འང་མི་ལྕོགས་ན། དེ་ལ་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་པར་འཕྲུལ་པ་དང་ཕྲིན་ལས་ཟབ་མོ་ནམ་མཁའི་ཁམས་ལྟར་ཚད་བཟུང་མེད་པ་ལས། ཁ་བ་ཅན་གྱི་རྒྱལ་ཁམས་གཙོ་བོར་གྱུར་པའི་ཤིན་ཏུ་གདུལ་དཀའ་བའི་འགྲོ་བ་རྣམས་འདུལ་བའི་སླད་དུ། གསུང་ལས་སྤྲུལ་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྲིན་ལས་ལས་སྤྲུལ་པའི་གུ་རུ་པདྨ་གཉིས་དོན་ལ་དབྱེ་བ་མེད་ཀྱང་གདུལ་བྱའི་སྣང་ངོ་ཙམ་དུ་གུ་རུ་རིན་པོ་ཆེས་འཕགས་མཆོག་ཉིད་བསྒྲུབས་པས་གྲུབ་སྟེ། རྒྱུད་དང་མན་ངག་མཐའ་ཡས་པ་གསན་པའི་ཚུལ་བསྟན་ཅིང་དེ་དག་གངས་ལྗོངས་མུན་པའི་གླིང་སྣང་བར་བྱེད་པའི་སླད་དུ་མངའ་བདག་རྗེ་འབངས་རྣམས་ལ་བསྩལ་ཅིང་ཟབ་མོའི་གཏེར་དུ་སྦས་པ་ལས། སྐབས་སུ་བབས་པ་འདི་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་དང་འབྲེལ་བའི་སྨིན་བྱེད་བསྒྲུབ་པ་ལགས། དེ་ལའང་གཏེར་གཞུང་རྩ་བའི་དབང་བསྐུར་དངོས་དང་། གཏེར་ཆེན་ཉིད་ཀྱི་གསུང་རྒྱུན་ལས་བྱོན་པ་གཉིས་སུ་བཞུགས་པ་ལས་འདིར་གསུང་རྒྱུན་མ་ཉིད་བསྐུར་བར་བྱ་བ་ཡིན་པས་དེ་ཉིད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་འབུལ་གཞུག །སློབ་དཔོན་དང་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི༔ ཀུན་གྱིས་མཐོང་བ་མ་ཡིན་གྱི༔ སྐལ་ལྡན་སྒྲུབ་མཆོག་འགས་མཐོང་སྲིད༔ སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད༔ ཨ་ལ་ལ་ཧོཿ ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། བདག་དང་རིགས་དྲུག་སོགས་ལས་བྱང་ལྟར་ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འདི་བཟུང་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བཅུ་པའི་སྒོ་ནས་གསག་སྦྱང་སྤེལ་གསུམ་ལྷན་ཅིག་ཏུ་བྱ་བའི་འདུན་པས་ཚིག་སོ་སོ་དང་མཐུན་པའི་བསྒོམ་དོན་གསལ་ཐོབ་ལ་རྗེས་ཟློས། ཧོཿ བླ་མ་ཡི་དམ་མཁའ་འགྲོ་སོགས་གསུམ་བྱ། དེ་ནས་དངོས་གཞི་ལ་ལྷ་བསྐྱེད་ཅིང་དབང་བསྐུར་བ་གལ་ཆེ་བར་གསུངས་པས། སྔར་བསྒྲུབས་པའི་བུམ་པ་དང་གཏོར་མ་རྣམས་སླར་ཡང་འདི་ལྟར་གསལ་ཐོབ་ཅིག །བུམ་གཏོར་རང་བྱུང་གི་གཞལ་ཡས་ཁང༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཕྱི་ནང་གི་རྣམ་པ་མེད་པ་ནང་ཡེ་ཤེས་འོད་ལྔ་གདལ་བའི་ཀློང་ན་པཾ་ལས་པདྨ༔ ཨ་ལས་ཟླ་བ༔ མ་ལས་ཉི་མའི་གདན་གྱི་སྟེང་དུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན་པ༔ གཡོན་པ་མཉམ་གཞག་གིས་བདུད་རྩིའི་བུམ་པ་ལྟེ་བའི་ཐད་དུ་བསྣམས་པ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་དབུ་ལ་རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ ཕྱག་གདུབ༔ ཞབས་གདུབ༔ སྙན་ཆ་མགུར་ཆུ༔ སྟོད་གཡོགས་སྨད་དཀྲིས་ཀྱིས་བརྒྱན་ཅིང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སྐྱིལ་ཀྲུང་མཉམ་གཞག་དང་བཅས་པ་བསྐྱེད༔ སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་འོད་དཔག་མེད་དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་ཕྱག་རྒྱས་བུམ་པ་འཛིན་ཅིང་ཞབས་སྐྱིལ་ཀྲུང་ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ ཐུགས་ཀར་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ་སྤྱན་གསུམ་ཁྲོ་གཉེར་དང་ལྡན་པ་ལ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ༔ དབུའི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ༔ གཡས་པའི་ཕྱག་གིས་གྲི་གུག་ནམ་མཁར་གདེངས་པ༔ གཡོན་པའི་ཕྱག་ན་དབང་སྡུད་ཀྱི་ཞགས་པ་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཞབས་གཉིས་བརྐྱང་བསྐུམ་གྱིས་རོའི་སྟེང་ན་བཞུགས་པར་བསྐྱེད༔ དེ་ལྟར་ལྷ་གསུམ་བསྐྱེད་པའི་འཁོར་དུ་གསང་སྔགས་འཛིན་མ་དང་ནོར་བུ་འཛིན་པ་གཉིས༔ བཅོམ་ལྡན་འདས་ཐུབ་པ་དྲུག་དང་སྒོ་བ་བཞི་རྣམས་བསྐྱེད་ལ༔ ལྷ་གསུམ་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ འོག་མིན་དང་རི་བོ་ཏ་ལ་ནས་དེ་ཁོ་ན་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ བདག་དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་ཐིམ་པར་བསམ༔ བདག་རྡོ་རྗེ་སློབ་དཔོན་གྱིས་དེ་ལྟར་དམིགས་པའི་གཏོར་མ་དང༔ བུམ་པ་བདུད་རྩི་ཙཀ་ལི་ལ་སོགས་པ་རྣམས་བཏེགས་ཤིང་དབང་བསྐུར་བའི་ཚེ༔ ཁྱེད་ཅག་སྐལ་ལྡན་གྱི་དབང་ཞུ་བ་ཕོ་མོ་རྣམས་ཀྱི་དམིགས་པའི་ཡུལ་དུ་གཏོར་མ་དང་བུམ་པའི་ལྷ་ཚོགས་རྣམས་རང་རང་གི་སྤྱི་གཙུག་ན་མར་ལ་རྡོ་ཚན་ལ་ཁ་བ་བབ་པའམ༔ ཆུ་དང་ཆུ་འདྲེས་པ་བཞིན་སིབ་སིབ་ཐིབ་པར་བསམ༔ དེ་ལྟར་བྱས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག༔ ཚེའི་རྐྱེན་ཕྱི་ནང་གི་བར་ཆད་ཀྱང་ཞི༔ མཐར་ཐུག་ཐུགས་རྗེ་ཆེན་པོའི་གོ་འཕང་ཡང་ཐོབ་པར་འགྱུར༔ དེ་ལྟ་བུའི་དབང་མཆོག་ཟབ་མོ་ཐོབ་པ་ལ༔ མོས་གུས་དྲག་པོ་སྐྱེད་དགོས་ཏེ༔ རྒྱུད་ལུང་རྣམས་ནས་ཀྱང༔ མོས་གུས་རབ་ལ་བྱིན་རླབས་རབ༔ མོས་གུས་འབྲིང་ལ་བྱིན་རླབས་འབྲིང༔ མོས་གུས་ཐ་མ་ལ་བྱིན་རླབས་ཀྱང་ཐ་མ་སྟེ༔ བླ་མ་བཟང་པོའི་གངས་རི་ལ༔ མོས་གུས་ཀྱི་ཉི་མ་མ་ཤར་ན༔ བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབ་པས༔ མོས་གུས་འདི་ལ་ནན་ཏན་མཛོད༔ ཅེས་གསུངས་པས་དེའི་ཕྱིར་སྐལ་ལྡན་རྣམས་ཀྱིས་མོས་གུས་སྐྱེད་མཛོད་ཅིག༔ དེ་ཡང་མོས་གུས་དེ༔ འཇིག་རྟེན་འགྲན་ཟླའི་སྒོ་ནས་མ་ཡིན༔ ཚད་བཟུང་གི་སྒོ་ནས་མ་ཡིན༔ རློམས་སེམས་ཀྱི་སྒོ་ནས་མ་ཡིན༔ ཐེ་ཚོམ་གྱི་སྒོ་ནས་མ་ཡིན༔ སྣང་ཤས་ཀྱི་སྒོ་ནས་མ་ཡིན་པར་སྙིང་ཁུང་རུས་པའི་དཀྱིལ་ནས༔ འཇིག་རྟེན་འདིའི་བྱ་བ་ཇི་ལྟར་ཡང་སྙིང་པོ་མེད་དོ༔ བླ་མ་ཐུགས་རྗེ་ཆེན་པོ་མཁྱེན་ནོ༔ ཕྱི་མའི་སྐྱབས་གནས་གཞན་ན་མེད་དོ་བླ་མ་ཐུགས་རྗེ་ཆེན་པོ་མཁྱེན་ནོ༔ འདི་ཕྱི་གཉིས་ཀྱི་འདུན་མ་ཇི་ལྟར་ཡང་རེ་ས་དང་ལྟོས་ས་གཞན་ན་མི་འདུག་གོ་བླ་མ་ཐུགས་རྗེ་ཆེན་པོ་མཁྱེན་ནོ༔ ཁྱེད་ཀྱི་བརྩེ་བའི་ཐུགས་རྗེ༔ སྐྱོབ་པའི་ནུས་མཐུ༔ མཛད་པའི་ཕྲིན་ལས་ཀྱིས་བདག་ལ་དབང་མཆོག་ཟབ་མོ་བསྐུར་མཛོད་ཅིག༔ སྙམ་པའི་སྒོ་ནས་དབང་མཆོག་ཟབ་མོ་ཞུ་མཛོད་ཅིག༔ ལས་བུམ་གྱི་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ མ་བསྲུང་དམྱལ་བའི་ཆུ་ཡིན་ཏེ༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ས་མ་ཡ་ཤུདྡྷེ་ཨཱ༔ རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པ་རྣམ་དག་ཆོས་དབྱིངས་ཟླུམ༔ ནང་ནི་རང་བྱུང་གཞལ་ཡས་ཁང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྡིག་སྒྲིབ་དག་ནས་ཀྱང༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ བླ་མེད་འབྲས་བུ་ཐོབ་པའི་ཕྱིར༔ ཐུགས་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན་ལ། ཧྲཱི༔ ཐོད་པ་མཚན་ལྡན་ཀ་པཱ་ལར༔ བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱིས༔ གཉིས་མེད་ཐབས་ཤེས་སྦྱོར་བ་ལས༔ ཡེ་ཤེས་བྱང་སེམས་སྤྲོ་བསྡུ་མཛད༔ བདུད་རྩི་རྣམ་ལྔའི་བཅུད་དུ་བལྟམས༔ རིགས་ལྡན་བུ་ལ་སྦྱིན་པར་བྱ༔ ངག་སྒྲིབ་དག་ནས་ནུས་ལྡན་ཕྱིར༔ ཐུགས་རྗེའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་སྤྱི་བོར་བཞག་ལ། ཧྲཱི༔ གཏོར་སྣོད་མི་དམིགས་ཆོས་ཀྱི་དབྱིངས༔ གཏོར་མ་རང་བྱུང་གཞལ་ཡས་ཁང༔ རང་གསལ་འགག་མེད་ཐུགས་རྗེའི་ལྷ༔ ཡེ་ནས་རང་དང་གཉིས་མེད་པར༔ རང་གྲོལ་ཆེན་པོའི་དབང་མཆོག་འདི༔ སྐལ་ལྡན་བུ་ཡིས་ཐོབ་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྒོ་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ལ། སླར་སྐུ་ལྷ་བསྒོམ་པར་དབང་བའི་སླད་དུ་ཡེ་ཤེས་ཀྱི་ལྷ་སྐུ་རྣམས་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མོས་ཤིག །ལྷ་ཙཀ་རྣམས་ཀྱིས་རིམ་པར་དབང་བསྐུར་ལ། ཧཱུྃ༔ ཆོས་སྐུ་དམིགས་མེད་རང་རྩལ་ལས༔ ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ༔ ཐུགས་རྗེ་ཆེན་པོ་སྙིང་རྗེའི་བདག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷུན་གྲུབ་ལོངས་སྐུ་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཛྲ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བས༔ ཞེ་སྡང་དྲི་མ་དག་ནས་ཀྱང༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རཏྣ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བས༔ ང་རྒྱལ་དྲི་མ་དག་ནས་ཀྱང༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ པདྨ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བས༔ འདོད་ཆགས་དྲི་མ་དག་ནས་ཀྱང༔ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀརྨ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བས༔ ཕྲག་དོག་དྲི་མ་དག་ནས་ཀྱང༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ༴ ཆོས་དབྱིངས་ཐུགས་རྗེ་ཆེན་པོའི་དབང་བསྐུར་བས༔ གཏི་མུག་དྲི་མ་དག་ནས་ཀྱང༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྷ་དབང་བརྒྱ་བྱིན་དབང་བསྐུར་བས༔ ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས༔ ལྷ་རྣམས་འདུས་པའི་ཐུགས་སྲོག་ཨོཾ༔ ཨོཾ་བཟུང་ལྷ་ཡི་འགྲོ་བ་ཐུལ༔ མ། སྐལ་ལྡན་རིགས་ཀྱི་བུ༴ ཐགས་བཟང་རིས་ཀྱི་དབང་བསྐུར་བས༔ ཐགས་བཟང་རིས་ཀྱི་སྐུ༴ ལྷ་མིན་འདུས་པའི་ཐུགས་སྲོག་མ༔ མ་བཟུང་ལྷ་མིན་འགྲོ་བ་ཐུལ༔ ཎི། སྐལ་ལྡན༴ ཤཱཀྱ་ཐུབ་པའི་དབང་བསྐུར༴ མི་ཡི་ཐུབ་པའི་སྐུ༴ མི་རྣམས་འདུས་པའི་ཐུགས་སྲོག་ཎི༔ ཎི་བཟུང་མི་ཡི་འགྲོ་བ་ཐུལ༔ པད། སྐལ་ལྡན༴ སེང་གེ་རབ་བརྟན་དབང་བསྐུར་བས༔ སེང་གེ་རབ་བརྟན་སྐུ༴ བྱོལ་སོང་འདུས་པའི་ཐུགས་སྲོག་པད༔ པད་བཟུང་བྱོལ་སོང་འགྲོ་བ་ཐུལ༔ མེ། སྐལ་ལྡན༴ ཡི་དྭགས་ཐུབ་པའི་དབང་བསྐུར་བས༔ ནམ་མཁའ་མཛོད་ཀྱི་སྐུ༴ ཡི་དྭགས་འདུས་པའི་ཐུགས་སྲོག་མེ༔ མེ་བཟུང་ཡི་དྭགས་འགྲོ་བ་ཐུལ༔ ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཨ་བ་གླང་མགོའི་དབང་བསྐུར་བས༔ ཨ་བ་གླང་མགོའི་སྐུ་གསུང་ཐུགས༔ དམྱལ་བ་འདུས་པའི་ཐུགས་སྲོག་ཧཱུྃ༔ ཧཱུྃ་བཟུང་དམྱལ་བའི་འགྲོ་བ་ཐུལ༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་འགྲོ་དོན་རྒྱ་ཆེར་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །གསུང་སྔགས་བཟླ་བར་དབང་བའི་སླད་དུ་གསུང་ཡིག་འབྲུའི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་སྒོམས་ཤིག །ཙཀ་ལི་རྣམས་ཀྱིས་དབང་རིམ་པར་བསྐུར་ལ། ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཡི་གེ་ཨོཾ་གྱི་དབང་བསྐུར་བས༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡི༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཡི་གེ་ཨཱཿཡི་དབང་བསྐུར་བས༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡི༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་ཧཱུྃ་གི་དབང་བསྐུར་བས༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་དབང་སེམས་ཀྱིས་ཐོབ་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་ཨོཾ་གྱི་དབང་བསྐུར་བས༔ འཕོ་ལྟུང་སྡུག་བསྔལ་ཞི་ནས་ཀྱང༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་མ་ཡི་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཞི༴ བྱང་ཆུབ་གོ་འཕང༴ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་ཎི༴ སྐྱེ་ཤིའི་སྡུག་བསྔལ་དག་ནས་ཀྱང༔ བྱང་ཆུབ་གོ༴ ཨོཾ་མ་ཎི༴ ཧྲཱི༔ སྐལ་ལྡན༴ ཡི་གེ་པད་ཀྱི༴ གླེན་ལྐུགས་སྡུག་བསྔལ་ཞི༴ བྱང་ཆུབ༴ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་མེ་ཡི༴ བཀྲེས་སྐོམ་སྡུག་བསྔལ་ཞི༴ བྱང་ཆུབ་གོ༴ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྐལ་ལྡན༴ ཡི་གེ་ཧཱུྃ་གི་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཞི༴ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཡི་གེ་ཧྲཱིཿཡི་དབང་བསྐུར་བས༔ ཆོས་ཉིད་རང་བྱུང་ཆོས་ཀྱི་སྐུ༔ གསལ་ལ་འཛིན་མེད་ངོ་བོ་སྟོང༔ ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས༔ འཁོར་བ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ལྟར་སྔགས་དབང་ངག་ལ་བསྐུར་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་ཆོས་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་མཐུ་ཐོབ་པར་མོས་ཤིག །ཐུགས་ཏིང་ངེ་འཛིན་སྒོམ་པར་དབང་བའི་སླད་དུ་ཕྱག་མཚན་པདྨ་ལ་སོགས་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་བསམ་ལ། གདོད་ནས་སྤྲོས་པའི་མཐའ་དང་བྲལ་ཞིང་འོད་གསལ་བ་དབྱིངས་རིག་ཟུང་འཇུག་ཁྱབ་བདལ་ཆེན་པོའི་གཤིས་ལུགས་ལ་མཉམ་པར་ཞོག་ཅིག །དེ་ལྟར་ཆོས་དབང་སེམས་ལ་བསྐུར་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་འཇུག་པའི་མཐུ་ཐོབ་པར་མོས་ཤིག །གཏོར་མ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དངོས་སུ་གསལ་བ་སྤྱི་བོར་བྱོན་ནས་རྒྱུད་བྱིན་གྱིས་རློབ་པར་མོས་ཤིག གཏོར་དབང་བསྐུར་ལ། ཧཱུྃ༔ གཏོར་སྣོད་མཚན་དང་ལྡན་པའི་ཀ་པཱ་ལར༔ ལོངས་སྤྱོད་ཆེན་པོའི་དཔལ་གཏོར་འདི༔ འདོད་པའི་ཡོན་ཏན་དཔག་ཏུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་བྱེད་ཕྱིར༔ སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔ ཡེ་ཤེས་བདུད་རྩི་ཆེན་པོ་འདི༔ དམ་རྫས་རྨད་བྱུང་གཏོར་མ་འདི༔ སྲུང་མ་ལྷ་དང་བདུད་རྩི་གསུམ༔ གཉིས་མེད་ཡེ་ཤེས་རོལ་པའི་རྫས༔ སྐལ་ལྡན་བུ་ཡིས་ཐོབ་གྱུར་ཅིག༔ ཨོཾ་བ་ལིང་ཏ་འདུ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་འཁོར་བ་དོང་ནས་སྤྲུགས་པའི་མཐུ་ཐོབ། གཏོར་རྫས་བདུད་རྩིའི་དབྱིག་ཏུ་འཁྱིལ་བ་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །བྱས་ལ་ཡིག་བདུན་འཛབ་དབྱངས་བཅས་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། ཤིས་པ་བརྗོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏར་རག་མཎྜལ་ཕྱིན་སྤྱི་ལྟར་དང་། སློབ་དཔོན་གྱིས་ཚོགས་རོལ་ལྷག་ཆོག་ནས་ཤིས་པ་བརྗོད་ཀྱི་བར་མཇུག་བསྡུ་བ་ཡང་ལས་བྱང་ལྟར་བྱའོ། །གཞན་དུ་འགྲོ་འདྲེན་ཕྲིན་ལས་མཐའ་ཡས་ཀྱང་། །ཕྱོགས་འདིར་ཨུ་དུམ་ཝ་ར་ལྟར་དཀོན་པས། །འདིས་ཀྱང་ཟབ་ཆོས་ཤིང་རྟའི་ཁ་ལོ་པར། །གྱུར་ནས་གཞན་ཕན་སྣང་བ་ཕྱམ་བརྡལ་ཤོག །ཅེས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་ཆེད་དུ་ཡོངས་འཛིན་བླ་མ་དམ་པའི་ཕྱག་བཞེས་ཟིན་ཐུན་གྱི་ཚུལ་དུ་པདྨ་གར་དབང་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

གནམ་ཆོས་ས་སྙིང་སྒྲུབ་ཐབས་ཀྱི་མདུན་བསྐྱེད་ལས་ས་བདག་འཁྲུགས་བཅོས་བསྡུས་པ་ (Volume 48, Text 17)

༄༅། །གནམ་ཆོས་ས་སྙིང་སྒྲུབ་ཐབས་ཀྱི་མདུན་བསྐྱེད་ལས་ས་བདག་འཁྲུགས་བཅོས་བསྡུས་པ་བཞུགས་སོ། ། ན་མོ་ཀྵིཾ་ཧི་རཱ་ཛ་ཡེ། ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡི་མཆོད་ཐབས་འཁྲུག་བཅོས་དོན་བསྡུས་ནི། །བསྡུས་འབྲིང་རྒྱས་དང་ཤིན་ཏུ་རྒྱས་པ་བཞི། །བཅའ་ཚོགས་ཁྱད་ཡིན་འདོན་ཆ་ཁྱད་པར་མེད། །སྣོད་གཙང་ནང་ངམ་རྡོ་ཤིང་གཙང་མའི་སྟེང་། །རི་རབ་གཟུགས་བཞག་ས་བདག་སྤྱི་གཏོར་ཡིན། །དེ་སྟེང་རུས་སྦལ་གཟུགས་གཅིག་བཞག་པ་ཡི། །ལོ་ཟླ་སྤར་སྨེ་འབྱུང་ལྔའི་ས་བདག་ཚང་། །དེ་སྟེང་བཤོས་ལྡེམ་པད་འདབ་ལྡན་པ་ལ། །མེ་ཏོག་ཉི་ཟླ་ནོར་བུའི་དཀར་རྒྱན་བྱ། །མདུན་དུ་བརྟན་མའི་བཤོས་བུ་བུམ་པའི་དབྱིབས། །རྒྱབ་དུ་ཡུལ་བདག་དཀར་གཏོར་རྩེ་རྒྱལ་གཅིག །གཡས་སུ་སྤར་ཁ་སྨེ་བའི་བཤོས་བུ་གཉིས། །གཡོན་དུ་འབྲང་རྒྱས་ཞལ་དཀར་ལོ་བཤོས་གཉིས། །ཕྱོགས་བཞིར་སྲུང་བཞིའི་གཟུགས་དང་དཀར་གཏོར་རེ། །མཚམས་བཞིར་གཡག་ལུག་ར་དང་བྱ་ཡི་གཟུགས། །འབྲུ་སྣ་ཤེལ་ ཚིགས་རིན་ཆེན་སྨན་སྣ་བཏབ། །ཤིང་རྩི་བང་གང་བལ་གྱིས་བརྒྱན་པ་དང་། །འོ་ཞོ་ཇ་ཆང་ཕུད་དང་མདའ་དར་བཤམས། །དེ་ནི་བཅའ་ཚོགས་བསྡུས་པའི་རིམ་པ་འོ། ༈ །འབྲིང་པོ་ཀ་ཊོ་ར་སོགས་སྣོད་གཙང་ནང་། །བཅའ་ཚུལ་གཞན་རྣམས་གོང་དང་མཚུངས་པ་ལས། །སྤར་བཤོས་བརྒྱད་དང་དེ་བཞིན་སྨེ་བཤོས་དགུ །ལོ་སྐོར་བཅུ་གཉིས་བཤོས་བུ་བཅུ་གཉིས་དང་། །ཕྱོགས་བཞི་མཚམས་བཞིའི་ལྷ་ལ་དཀར་གཏོར་བརྒྱད། །རྟ་གླང་ཉ་ལྕོང་རྣམས་ཀྱི་གཟུགས་བྱ་འོ། ༈ །རྒྱས་པ་གཞི་དཀར་ནས་ཀྱི་འདབ་བརྒྱད་སྟེང་། །བཅའ་ཚོགས་གཞན་རྣམས་གོང་་་འབྲིང་པོ།དང་འདྲ་བ་ལ། །རི་རབ་མཐའ་རུ་དཀར་གཏོར་བདུན་དང་ནི། །གཞི་མཐའ་སྤང་སྔོན་སྟེང་དུ་ཤིང་རྩིས་བསྐོར། །བསང་མཆོད་དུས་ལྟར་མཆོད་པ་རྒྱས་པར་བཤམས། ༈ །ཤིན་ཏུ་རྒྱས་པ་ས་སྟེགས་གྲུ་བཞིའི་སྟེང་། །རྡུལ་ཚོན་པདྨ་འདབ་བརྒྱད་སུམ་རིམ་དང་། །དེ་རྒྱབ་འདབ་མ་གྲངས་མེད་ཉིས་རིམ་བསྐོར། །དེ་རྒྱབ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་བྲི། །དེ་རྒྱབ་ཟླུམ་པོར་ཆུ་རིས་སྔོན་པོས་བསྐོར། །དེ་རྒྱབ་རུས་སྦལ་རྐང་ལག་མགོ་རྣམས་བྲི། །ཐ་མ་སྤང་སྔོན་གྲུ་བཞི་བསྒྲིགས་པ་ལ། །ཤིང་རྩི་དར་ཚོན་བལ་གྱིས་བརྒྱན་པ་བཙུགས། །འོག་གི་མངོན་རྟོགས་ནང་ནས་འབྱུང་བ་ཡི། །ས་སྙིང་ཙཀ་ལི་གཏོར་མའི་རྩེ་ལ་བཙུགས། །འཁོར་རྣམས་རང་གཟུགས་བག་ཟན་ལ་བཅོས་བཀོད། །ཡོད་ན་སོ་སོའི་ཙཀ་ལི་བཙུགས་ནའང་འཐུས། །སྤྲོ་ན་ཙཀ་ལི་གཟུགས་བརྙན་གཉིས་ཀ་བྱ། །སོ་སོའི་མདུན་དུ་སོ་སོའི་བཤོས་བུ་བཞག །ཀླུ་སྨན་བཏབ་པའི་འོ་ཕུད་མང་དུ་བཤམས། །སྙིང་གཏེར་སྦ་རྒྱུའི་བུམ་པ་ཡོད་ནའང་བཞག །ཀུན་ཀྱང་སྤོས་ཀྱིས་བདུག་ལ་གཙང་མར་བྱ། །རང་ཉིད་ཡི་དམ་གང་ཡིན་གཞུང་བསྲང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཕྱི་ལྟར་རིན་ཆེན་གསེར་གྱི་ས་གཞི་ལ། །ནང་ལྟར་མ་ཧཱ་གསེར་གྱི་རུས་སྦལ་ཆེ། །གསང་བ་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །འཇའ་སྤྲིན་བླ་བྲེ་རིན་ཆེན་ཆར་དུ་འབེབ། །བདུད་རྩིའི་རྫིང་བུ་དཔག་བསམ་ཤིང་གིས་བསྐོར། །ཤིན་དུ་ཉམས་དགའི་འདོད་ཡོན་ལོངས་སྤྱོད་ལྡན། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀྵིཾ་ལས་སེམས་དཔའ་ས་ཡི་སྙིང་པོ་དཀར། །མྱུ་གུ་དྲིལ་འཛིན་སེམས་དཔའི་ཕྱེད་སྐྱིལ་བཞུགས། །མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག །ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན། །གཡས་སུ་ས་བདག་དབང་ཆེན་སྐུ་མདོག་སེར། །ཞལ་གཅིག་ར་བ་བཞི་ཡི་གདེང་ཀ་ཅན། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས། །གཡོན་དུ་ས་འཛིན་ལག་པ་ཆེན་པོ་སྔོ། །ལག་པ་གཉིས་ཀྱིས་རི་རབ་འཛིན་པའི་ཚུལ། །རྒྱབ་དུ་ས་བདག་ལྟོ་འཕྱེ་སྦྲུལ་མཇུག་ཅན། །གདེངས་ཀ་བདུན་ལྡན་ཉལ་བའི་ཚུལ། །ལུས་ལ་ཀླུ་ཆེན་བརྒྱད་པོ་གསལ། །གཡས་ཟུར་ལྔ་སེར་ཤ་བ་ཞོན། །གཡོན་ཟུར་ས་སྐོར་གནས་ཀྱི་བདག །རྒྱབ་གཡས་ཡུལ་འདིའི་ཡུལ་ལྷའི་བདག །རྒྱབ་གཡོན་ཡུལ་འདིའི་ཆུ་ཡི་བདག །དེ་རྒྱབ་སྨེ་དགུ་སྤར་ཁ་བརྒྱད། །དེ་རྒྱབ་ལོ་སྐོར་བཅུ་གཉིས་དང་། །ལོ་དང་ཟླ་བའི་ས་བདག་དང་། །ས་བདག་ཀུན་དང་རྒྱུ་སྐར་ཚོགས། །སྒོ་བཞིར་སྲུང་བཞི་བཅས་པ་གསལ། །གཙོ་བོ་གསུམ་གྱི་གནས་གསུམ་གྱི། །ཡིག་འབྲུ་གསུམ་གྱི་ས་བོན་ལས། །འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར། །ཧོཿ དེང་འདིར་མཆོད་པ་རྒྱ་ཆེན་པོ། །དཀོན་པ་བཙལ་ཞིང་དཀའ་བས་བསྒྲུབས། །དད་གུས་གདུང་བའི་ཤུགས་ཕྱུངས་ཏེ། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་བརྟན་མ་ཡབ་ཡུམ་བཅས། །སྲིད་པའི་ས་བདག་དབང་ཆེན་ཀུན། །མཆོད་ཅིང་བཅོས་ཕྱིར་སྤྱན་འདྲེན་ནོ། །སྙན་གྱིས་གསོན་ལ་སྤྱན་གྱིས་གཟིགས། །བྱམས་པའི་ཐུགས་ཀྱིས་དགོངས་སུ་གསོལ། །ཞེས་རྔ་བརྡུང་རོལ་མོ་བསྒྲག་ལ་འདི་སྐད་དོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །རྡུལ་དང་བྲལ་བའི་ཞིང་ཁམས་དང་། །གྱི་མི་ཤན་གྱི་གནས་ཆེན་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་གཤེགས་སུ་གསོལ། །གླིང་བཞི་འཇིག་རྟེན་འདི་ཡི་འོག །དབང་ཆེན་གསེར་གྱི་ས་གཞི་ནས། །ས་ཡི་ལྷ་མོ་གཤེགས་སུ་གསོལ། །རི་རབ་གསེར་གྱི་རི་བདུན་ནས། །དབང་ཆེན་ཤྲཱི་བྷ་དྲ་དང་། །ས་འཛིན་ལག་པ་གཤེགས་སུ་གསོལ། །སྟོང་གསུམ་ས་ཡི་དཀྱིལ་འཁོར་ནས། །ལྟོ་འཕྱེ་ཀླུ་བརྒྱད་བཅས་པ་བྱོན། །མི་མཇེད་འཇིག་རྟེན་ཕྱོགས་བཅུ་ནས། །ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །སྤར་སྨེ་ལོ་འཁོར་ཟླ་འཁོར་གྱི། །རྒྱལ་བློན་བཅུ་བདུན་བཅས་པ་བྱོན། །ལོ་རྒན་དྲུག་ཅུ་གཟའ་རྒྱུ་སྐར། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ་བྱོན། ཁྱད་པར་ཡུལ་དང་ས་སྐོར་འདིར། །ས་བདག་རི་བདག་བྲག་གི་བདག །ཆུ་བདག་ཤིང་བདག་གནས་བདག་རྣམས། །བྱམས་པའི་ཐུགས་ཀྱིས་འདིར་བྱོན་ལ། །ཡིད་སྤྲུལ་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་དར་ཟབ་པད་ཟླའི་སྟེང་། །གཙོ་འཁོར་འཚམ་པའི་གདན་ཁྲི་ལ། །རང་རང་ཕྱོགས་སུ་དགྱེས་པར་བཞུགས། །སྔོན་ཚེ་གསང་བདག་པད་འབྱུང་སོགས། །རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་བཞིན། །རང་གི་ཁས་བླངས་དྲན་མཛོད་ལ། །རྣལ་འབྱོར་བདག་གིས་གང་བཅོལ་བའི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཧཱུྃ། རྒྱལ་བ་ཀུན་གྱི་སྤྱན་ལས་སྤྲུལ། །འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་། །ལོ་ཐོག་ཕུན་སུམ་ཚོགས་མཛད་པའི། །ས་ཡི་སྙིང་པོ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ས་ལམ་བགྲོད་པའི་དཔང་པོ་མཛད། །བདུད་དཔུང་འདུལ་བའི་གྲོགས་མཛད་མ། །ས་ཡི་ལྷ་མོ་ལ་ཕྱག་འཚལ། །རྒྱལ་བའི་བཀའ་ཉན་འཇིག་རྟེན་སྐྱོང་། །དབང་ཆེན་ས་བདག་ལྟོ་འཕྱེ་སོགས། །ས་བདག་ཀུན་ལ་ཕྱག་འཚལ་ལོ། ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །དངོས་སུ་ཅི་འབྱོར་གཙང་མར་བཤམས། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །ཧ་ཧོ་ཧྲཱིཿཡིས་བྱིན་གྱིས་བརླབས། །ཟག་མེད་བདེ་བ་སྐྱེད་པའི་རྫས། །བཻ་ཌཱུར་ནིའུ་སིང་བདུད་རྩིའི་རྫིང་། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །རིན་ཆེན་གཏེར་ཁ་དུ་མས་བརྒྱན། །སྤྱོད་ཡུལ་མཆོད་པ་འདི་བཞེས་ལ། །ཡུལ་རིས་ས་ཕྱོགས་རྒྱས་པར་མཛོད། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི། ཁོར་ཡུག་རིན་ཆེན་ར་བས་བསྐོར། །རིན་ཆེན་ཁྲི་བཟང་དར་ཟབ་འབོལ། །བླ་རེ་གདུགས་སོགས་རྒྱན་དང་ལྡན། །གནས་དང་གདན་གྱི་མཆོད་པ་འབུལ། །ཕོ་བྲང་གདན་ས་བརྟན་པར་མཛོད། །སྤོས་དཀར་ན་གི་ཙནྡན་དང་། །བསང་ཤིང་སྤོས་ཀྱི་དུད་པ་འབུལ། །ས་བདག་རྨུགས་འཐིབས་སངས་གྱུར་ནས། །བདག་དང་ཡོན་བདག་རྨུགས་འཐིབས་སོལ། །བ་དམར་ར་དཀར་ལུག་དཀར་དང་། །འབྲི་ཟལ་འོ་མའི་མཆོད་པ་འབུལ། །ས་བདག་མགྲིན་པ་བདེ་གྱུར་ནས། །མིག་དཀྱུས་ནད་རྣམས་མེད་པར་མཛོད། །ཡན་ལག་བརྒྱད་དང་ལྡན་པ་ཡི། །ཆུ་གཙང་ལྷ་ཡི་བདུད་རྩི་འདིས། །ས་བདག་ཞབས་ལ་ཁྲུས་གསོལ་བས། །ས་བདག་རྣམས་ཀྱི་ཞབས་བདེ་ནས། །བདག་དང་ཡོན་བདག་རྐང་ནད་སོལ། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འབུལ། །ས་བདག་རྣམས་ཀྱི་སྐུ་མཛེས་ནས། །མི་སྡུག་མཛེ་ཤུའི་ནད་རྣམས་སོལ། །རིན་ཆེན་ཉི་ཟླ་སྐར་མའི་འོད། །ཞུན་མར་བལྟམས་པའི་སྒྲོན་མེ་འབུལ། །ས་བདག་རྣམས་ཀྱི་སྤྱན་གསལ་ནས། །བདག་ཅག་མིག་ནི་གསལ་བར་མཛོད། །དྲི་བཟང་སྦྱར་བའི་སྤོས་ཆབ་དང་། །རྒྱ་ཇ་ངད་ལྡན་དྲི་ཆབ་འབུལ། །ས་བདག་རྣམས་ཀྱི་ཁམས་དྭངས་ནས། །བདག་ཅག་རྟག་ཏུ་ཁམས་བདེ་མཛོད། །ཀ་ར་བུ་རམ་སྦྲང་རྩི་དང་། །ཞོ་དང་ཆུར་བ་མར་གསར་དང་། །ཐུད་དང་གྲོ་མ་གྲོ་ཟན་དང་། །ཕྱེ་མར་ལ་སོགས་ཞལ་ཟས་འབུལ། །ས་བདག་རྣམས་ཀྱི་ལུས་དར་ནས། །བདག་ཅག་ལོངས་སྤྱོད་ཕུན་ཚོགས་མཛོད། །རྔ་དུང་སིལ་སྙན་རོལ་མོ་དང་། །བསྟོད་པའི་དབྱངས་ཀྱིས་མཆོད་པ་འབུལ། །ས་བདག་རྣམས་ཀྱི་སྙན་ཚིམས་ནས། །བདག་ཅག་སྙན་གྲགས་ལྡན་པར་མཛོད། །རྨ་བྱ་ནེ་ཙོ་ཁྲུང་ཁྲུང་དང་། །ངང་པ་ལ་སོགས་ཡིད་འོང་བྱ། །ཕྱི་བ་གྲུམ་པ་སྲམ་དང་སྦྲེ། །ཤ་དགོ་གནའ་གསུམ་རི་དྭགས་རིགས། །གཡག་ལུག་བྱ་ར་རྟ་གླང་གཟུགས། །མཛེས་པའི་གཟུགས་བརྙན་སྣ་ཚོགས་འབུལ། །ས་བདག་དཀོར་ནོར་བསད་པ་ཡི། །མཁོན་འགྲས་ཐམས་ཅད་བྱང་བར་མཛོད། །འཇམ་དཔལ་དབྱངས་ཀྱིས་བཀའ་གནང་བཞིན། །ཏིང་ངེ་འཛིན་གྱིས་བྱིན་བརླབས་པའི། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་དང་གླང་པོ་མ་ཧེ་དང་། །འབྲི་གཡག་མཛོ་དང་མཛོ་མོ་དང་། །ར་ལུག་བ་གླང་བོང་བུ་དང་། །རྔ་མོང་དྲེལ་ལ་སོགས་པ་ཡི། །དཀོར་ནོར་བརྒྱ་སྟོང་ཁྲི་འབུམ་འབུལ། །ས་བདག་དཀོར་ནོར་ཕྱུག་གྱུར་ནས། །བདག་དང་ཡོན་བདག་ཕྱུག་པར་མཛོད། །སུར་དཀར་ཤུག་པ་མཁན་དཀར་དང་། །སྤེན་མ་ཉ་བྲིད་འོམ་བུ་སོགས། །ལྗོན་ཤིང་སྣ་ཚོགས་མཆོད་པ་འབུལ། །ཀླུ་དང་ས་བདག་ཐམས་ཅད་ལ། །དཔག་བསམ་ཤིང་གི་སྐྱེད་མོའི་ཚལ། །ནགས་ཚལ་མཐུག་པོར་གྱུར་ནས་ཀྱང་། །ཤིང་བཅད་མཁོན་འགྲས་བྱང་བར་ཤོག །ནས་འབྲས་གྲོ་སྲན་ཏིལ་དང་ཁྲེ། །ཡུངས་འབྲུ་ལ་སོགས་འབྲུ་སྣ་འབུལ། །ས་བདག་བང་བ་གང་གྱུར་ནས། །བདག་དང་ཡོན་བདག་ལོ་ལེགས་མཛོད། །གསེར་དངུལ་གཡུ་དུང་བྱི་རུ་དང་། །གཟི་མཆོང་སྦུར་ལེན་བཻ་ཌཱུར་སོགས། །རིན་ཆེན་སྣ་ཚོགས་མཆོད་པ་འབུལ། །ས་བདག་བང་མཛོད་གང་གྱུར་ནས། །བདག་དང་ཡོན་བདག་ནོར་འཕེལ་མཛོད། །གསེར་དངུལ་ཟངས་ལྕགས་བསྐོས་པ་ཡི། །མཁོན་འགྲས་འགྲམས་འཁྲུགས་ཞི་བ་དང་། །ཡུལ་འདིའི་ས་བཅུད་འཕེལ་བར་མཛོད། །ཀླུ་གཉན་ས་བདག་ཐམས་ཅད་ལ། །བདུད་རྩི་སྨན་གྱི་མཆོད་པ་ནི། །ཕུལ་བས་ས་བདག་ཉམས་པ་སོས། །རྒྱ་མཚོ་ལྦུ་བས་གླད་ཉམས་སོས། །ཕྱག་ཚང་ཀུ་བས་མགོ་ཉམས་སོས། །ཨུཏྤལ་ཕུལ་བས་མིག་ཉམས་སོས། །གླ་གོར་ཞོ་ཤས་རྣ་བ་སོས། །ཉ་ཕྱིས་སྣ་དང་འགྲམ་པ་སོས། །མཚལ་དང་ལི་ཁྲིས་ཤ་ཁྲག་སོས། །མཁལ་མ་ཞོ་ཤས་མཁལ་ནད་སོས། །ཤུ་དག་དཀར་པོས་རུས་ཉམས་སོས། །དབང་ལག་ལག་པ་ཉམས་པ་སོས། །ཆུ་སྲིན་སྡེར་མོས་རྐང་ཉམས་སོས། །རྡོ་རྒྱུས་ཆུ་རྒྱུས་ཉམས་པ་སོས། །འགྲོན་བུས་སོ་ཉམས་ཐམས་ཅད་སོས། །ལེ་བརྒན་དར་གྱིས་ལྗགས་ཉམས་སོས། །ཨ་རུ་ར་སོགས་བཟང་དྲུག་གིས། །ནང་ཁྲོལ་ཉམས་པ་ཐམས་ཅད་སོས། །ཤིང་ལོ་དར་ཟབ་པགས་ཉམས་སོས། །སྔར་ལས་བདེ་ཞིང་བཀྲག་མདངས་རྒྱས། །གཟི་བརྗིད་མཐུ་སྟོབས་ཕུན་ཚོགས་ནས། །བདག་དང་ཡོན་བདག་འཁོར་བཅས་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་རིགས་ཐམས་ཅད་མེད་པར་མཛོད། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། ཁཾ་ལས་དཀར་གསུམ་གཏོར་མ་ནི། །ཟག་མེད་བདེ་སྐྱེད་བདུད་རྩིའི་མཚོ། །ཟད་མེད་ལོངས་སྤྱོད་རྒྱ་ཆེན་འདི། །སེམས་དཔའ་ས་ཡི་སྙིང་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ལྟོ་འཕྱེ་ཆེན་པོ་ཀླུ་ཆེན་བརྒྱད། །འབྱུང་བ་སྤར་སྨེ་ལོ་ཟླའི་བདག །རྗེ་བློན་བཅུ་བདུན་ལ་སོགས་པ། །སྲིད་པའི་ས་བདག་ཀུན་ལ་འབུལ། ཁྱད་པར་ཡུལ་ཕྱོགས་ས་སྐོར་འདིའི། །ཡུལ་བདག་རི་བདག་ཆུ་ཡི་བདག །བྲག་བདག་རྡོ་བདག་ཤིང་གི་བདག །གནས་བདག་གཉུག་མར་གནས་རྣམས་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦཱ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་འབུལ། ཧཱུྃ། གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་སེམས་དཔའི་ཚུལ། །སེམས་དཔའ་ས་ཡི་སྙིང་པོ་ལ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །བདག་དང་ཡོན་བདག་འཁོར་བཅས་རྣམས། །འཇིགས་པ་ཀུན་ལས་སྐྱོབ་པ་དང་། །རྟག་ཏུ་ལོ་ལེགས་དངོས་གྲུབ་སྩོལ། །ས་བརྒྱད་ལ་གནས་སེམས་མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་ཡི་བཅུད་རྣམས་འདིར་སྡུས་ལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །དག་པའི་ཞིང་དུ་ཡུམ་ཆེན་ལྔ། །མཁའ་སྤྱོད་གནས་སུ་མཁའ་འགྲོ་ལྔ། །འཇིག་རྟེན་ཁམས་འདིར་འབྱུང་བ་ཡི། །རང་རང་མདོག་མཚུངས་ལྷ་མོ་ལྔར། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །ཕྱི་ནང་འབྱུང་བའི་གཅོད་འདྲལ་དང་། །གཡོ་འཁྲུག་ངན་པ་ཞི་གྱུར་ནས། །ཕྱི་རུ་ཡུལ་ཁམས་བདེ་བ་དང་། །ནང་དུ་ལུས་ལ་ནད་མེད་མཛོད། །ལས་ལས་གྲུབ་པའི་སྟོབས་པོ་ཆེ། །དབང་ཆེན་ཤྲཱི་བྷ་དྲ་དང་། །ས་འཛིན་ལག་པ་ལྟོ་འཕྱེ་སོགས། །འཇིག་རྟེན་ས་ཡི་བདག་པོ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ས་ལོག་རི་ཉིལ་བྲག་ཞིག་དང་། །མཁར་ཁང་རྡིབ་དང་ཞིག་རལ་སོགས། །ས་ཡི་གནོད་པ་མེད་པར་མཛོད། །དག་པ་འཕགས་ལམ་ཡན་ལག་བརྒྱད། །འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དོ། །འབྱུང་བརྒྱད་བདག་པོ་སྤར་ཁ་བརྒྱད། །ཕ་མ་བུ་ཚ་བུ་མོའི་ཚུལ། །ལོ་ཟླ་ཞག་དུས་བདག་པོ་ལ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །ཀེག་བརྒྱད་ནད་བརྒྱད་གདོན་བརྒྱད་ཟློགས། །དཔལ་བརྒྱད་གཡང་བརྒྱད་དངོས་གྲུབ་སྩོལ། །དག་པ་རྣམ་ཐར་སྒོ་དགུ་སྟེ། །མ་དག་འཇིག་རྟེན་དྲེགས་པ་དགུ །ཕོ་བྲང་གླིང་དགུ་བརྒྱད་ཅུ་གཅིག །བརྒྱ་དང་བརྒྱད་ཅུ་སྨེ་བའི་ལྷ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །རོ་འདོད་ཆེ་ཆུང་དབུས་ཚུད་ནག །སྨེ་བ་མི་མཐུན་གནོད་པ་རྣམས། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །དོན་དམ་མཛད་པ་བཅུ་གཉིས་ཏེ། །ཀུན་རྫོབ་རྟེན་འབྲེལ་བཅུ་གཉིས་ནི། །དར་རྒུད་བཅུ་གཉིས་བསྟན་པའི་ཕྱིར། །ལོ་སྐོར་བཅུ་གཉིས་གཟུགས་སུ་ཤར། །ང་རྒྱལ་མི་ཡི་ལུས་པོ་ལ། །གཏི་མུག་དུད་འགྲོའི་མགོ་བརྙན་ཅན། །འདོད་ཆགས་བྱ་ཡི་གཤོག་པ་ཅན། །ཞེ་སྡང་སྦྲུལ་མཇུག་རྐེད་ལ་དཀྲིས། །ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར། །གཅེས་པའི་སྲོག་ནི་ཁོང་དུ་སྦས། །ལུས་ཀྱི་འབྱུང་བ་གདན་དུ་བཏིང་། །དབང་ཐང་འབྱུང་བ་གོས་སུ་གྱོན། །རླུང་རྟའི་མགོ་བོ་ཁ་ན་ཁྱེར། །བླ་གཟའ་ཕྲག་པའི་གོང་དུ་ཁུར། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལོ་ཟླ་ཞག་དུས་ལོག་མེན་གྱི། །ཀེག་རིགས་སུམ་བརྒྱ་དྲུག་ཅུ་ཟློགས། །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་གཤེད་མ་འབེབ་ལོ་ལྷ་མཛོད། །ཕྱོགས་སྐྱོང་ཞིང་སྐྱོང་དྲང་སྲོང་གཟའ། །རྒྱལ་བློན་བཙུན་མོ་འབངས་འཁོར་གཟུགས། །སེ་བ་རྟ་ལུས་མི་ཡི་མགོ །ཧལ་ཁྱི་མི་ལུས་ཁྱི་མགོ་ཅན། །ས་བདག་རྗེ་བློན་བཅུ་བདུན་ལ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །ལོ་ཟླའི་ཕྱོགས་ནི་མི་གཙང་སར། །ཀོ་ལོང་སྡོམ་པའི་ལས་བྱས་པའི། །ཉེས་སྐྱོན་ཐམས་ཅད་མེད་པར་མཛོད། །གཡུ་འབྲུག་གསེར་སྦལ་དུང་སེང་དང་། །མཆོང་ཉ་གསེར་སྤྲེལ་གཟིག་གི་མཇུག །ཟངས་གླང་རྡོ་ལུག་ར་གན་འབྲུག །ཤེལ་གྱི་བྱ་ཁྱུང་དཀར་པོ་སོགས། །སྲིད་པའི་གཉན་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །གཉན་རིགས་ནད་རྣམས་མེད་པར་མཛོད། །དག་པ་ཡེ་ཤེས་སྒོ་བ་བཞི། །འཇིག་རྟེན་སྲུང་བཞིའི་ཚུལ་དུ་ཤར། །སྟག་འབྲུག་བྱ་དང་སྦལ་པའི་གཟུགས། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །ཕྱོགས་བཞི་བསྲུང་ཞིང་དཔལ་བཞི་སྐྱེད། །འགྱུར་མེད་སྲ་བརྟན་དངོས་གྲུབ་སྩོལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་དགེ་བསྙེན་གནས་བདག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཁ་འཛིན་སྟོངས་གྲོགས་རྒྱབ་རྟེན་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལུས་ནི་གྲངས་མེད་རྡུལ་སྙེད་སྤྲུལ། །སེམས་ནི་གནོང་འགྱོད་གུས་འདུད་བཅས། །ས་ཡི་སྙིང་པོ་འཁོར་བཅས་ལ། །ཕྱག་འཚལ་བཤགས་པ་བྱེད་པར་གྱུར། །ཨོཾ་ཀྵིཾ་ཧི་རཱ་ཛ་ན་མོ་ཧཱུྃ། ཨོཾ་པྲི་ཐི་དེ་ཝཱི་ན་མོ་ཧཱུྃ། ཨོཾ་སརྦ་བྷཱུ་མི་པ་ཏི་ན་མོ་ཧཱུྃ། སྐབས་འདིར་ནད་པ་ཡོད་ན་ཕྱག་འཚལ་བཅུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ཧོ། བདག་དང་ཡོན་བདག་གཉེན་འདུན་བཅས། །ཚེ་རབས་བསྐལ་པ་གྲངས་མེད་ནས། །ད་ལྟའི་ལུས་འདི་ཡན་ཆད་དུ། །མི་དགེ་མི་རུང་ལས་བགྱིས་པ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཕྱིན་ཆད་བགྱིད་པར་མ་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ཕ་མྱེས་ཡང་མྱེས་བདུན་རྒྱུད་ནས། །བུ་ཚ་ཕྱི་རབས་ཡན་ཆད་ཀུན། །ལོ་ཟླ་སྤར་ཁ་གཟའ་སྐར་རྣམས། །སྐྱེ་མི་རུང་ལ་སྐྱེས་པ་དང་། །ཤི་མི་རུང་ལ་ཤི་བ་དང་། །ས་བདག་འཁྲུགས་པར་གྱུར་པ་རྣམས། །དེ་རིང་བཅོས་ཤིང་བཤགས་པར་བགྱི། །སྤར་ཁ་ལོ་ཟླ་ཞག་དུས་དང་། །ཚེས་གྲངས་གཟའ་སྐར་སོ་སོ་ལ། །བྱ་བ་མི་རུང་བྱས་པ་ཡི། །ས་བདག་འཁྲུགས་པའི་ཉེས་སྐྱོན་རྣམས། །ཐམས་ཅད་བཅོས་ཤིང་བཤགས་ལགས་སོ། །དམག་ཇག་རོ་བག་མདོས་ཟོར་རྣམས། །ས་བདག་བཞུགས་པའི་ཕྱོགས་སུ་བསྐྱལ། །ཐུགས་ཕོག་ཀོ་ལོང་བསྡམས་པ་རྣམས། །དེ་རིང་བཤགས་ཤིང་བཅོས་པ་ཡིན། །ཤིང་གཉན་བཅད་དང་ས་གཉན་བརྐོས། །བྲག་གཉན་བཤིག་དང་རྡོ་གཉན་རློགས། །ཆུ་གཉན་ཡུར་དྲངས་ནེའུ་སིང་བརྐོས། །ཞིང་མུ་སྤང་རྒོད་འཕྲུ་འདུལ་བྱས། ཁང་ནག་བཤུ་འགེབས་མཁར་ལས་ཀྱིས། །ས་བདག་ཐུགས་དང་འགལ་པ་རྣམས། །དེ་རིང་བཤགས་ཤིང་བཅོས་པ་ཡིན། །རི་གཉན་ཀུས་བཏབ་རི་མེ་བཀྱེས། །བྱ་གཅན་རི་དྭགས་གསད་པ་དང་། །མནའ་གཉན་བསྐྱལ་ལེན་དཔང་པོ་བྱས། །རྡོ་ལྕགས་བསྣུར་དང་ཐབ་གཞོབ་ཀྱིས། །ས་བདག་ཐུགས་དང་འགལ་པ་རྣམས། །དེ་རིང་བཅོས་ཤིང་བཤགས་ལགས་སོ། །དམེ་ཡུགས་མཁོན་དང་བཙོག་ནལ་གྱིས། །ས་བདག་སྐུ་ལ་གྲིབ་ཕོག་པ། །དེ་རིང་བསང་ཞིང་དག་པར་བགྱི། །མདོར་ན་བདག་དང་ཡོན་བདག་རྣམས། །མ་ཤེས་མ་རིག་འཁྲུལ་དབང་གིས། །ས་བདག་ཐུགས་དང་གང་འགལ་བ། །ཐམས་ཅད་དེ་རིང་བཤགས་ཤིང་བཅོས། །འདི་ཕྱིར་སྒྲིབ་པ་དག་གྱུར་ཅིག །ཁྱེད་རྣམས་བཟོད་པ་དང་དུ་བཞེས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ས་སྙིང་ཐུགས་ཀར་ཟླ་བའི་སྟེང་། །ཀྵིཾ་མཐར་སྔགས་ཀྱིས་བསྐོར་བ་དང་། །བརྟན་མའི་ཐུགས་ཀར་བཾ་མཐར་སྔགས། །འཁོར་རྣམས་ཐུགས་ཀར་རང་རང་གི །མིང་ཡིག་དང་པོ་ཐིག་ལེས་བརྒྱན། །དེ་མཐར་ཨོཾ་དང་སྭཱ་ཧཱའི་བར། །རང་མིང་སྔགས་ཀྱིས་བསྐོར་བ་སྟེ། །རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ། །ཕོ་རྣམས་གཡས་སྐོར་མོ་རྣམས་གཡོན། །དེ་ལས་འོད་ཟེར་དཀར་པོའི་ཚོགས། །བདུད་རྩིའི་རང་བཞིན་དཔག་མེད་འཕྲོས། །བདག་དང་ཡོན་བདག་རྣམས་ལ་ཕོག །སྡིག་སྒྲིབ་ནད་གདོན་ཐམས་ཅད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག །བདུད་རྩི་ཚངས་བུག་ནས་ཞུགས་པས། །བདུད་རྩིས་ལུས་ཀུན་ལྟེམ་མེར་གང་། །ས་བདག་ནད་དང་གནོད་པ་ཀུན། །བ་སྤུའི་སྒོ་དང་སེན་ཕྲག་ནས། །འབུ་སྲིན་ཚུལ་དུ་ཕྱིར་ཐོན་ནས། །བར་སྣང་ཁམས་སུ་འཇའ་ལྟར་ཡལ། །སླར་ཡང་མདུན་གྱི་ལྷ་རྣམས་ལས། །གསེར་གྱི་མདོག་ཅན་འོད་འཕྲོས་ནས། །བདག་དང་ཡོན་བདག་ཚེ་བསོད་རྒྱས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་བཅུད་བསྡུས་ནས་གནས་དེར་ཐིམ། །བཀྲག་མདངས་གཟི་བརྗིད་སྣུམ་འོད་ལྡན། །ས་བཅུད་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་སྭཱ་ཧཱ། ཅི་ནུས་བཟླ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་བཱི་སརྦ་སིདྡྷི་སྭཱ་ཧཱ། ལོ་ལེགས་ཕྱིར་ཡིན་ན་འདི་ཅི་མང་བཟླ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། འཁྲུགས་བཅོས་ཡིན་ན་འདི་ཅི་མང་བཟླ། ཨོཾ་ཨ་ལས་སུ་རཀྵ་འདུས། ཨ་ལ་མ་རཀྵ་འདུས། ཧཱུྃ་ཧཱུྃ་བྷ་དྷ་དྷུ་དྷུ་མ་ཡེ། ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག །ཕོག་ཐུགས་ཤོར་ན་འདི་ཅི་མང་བཟླ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་བྷཱུ་མི་པ་ཏི་སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་པ་ཡིན་ན་འདི་ཅི་མང་བཟླ་འོ། །འབྲུ་སྣ་མཐེབ་ཀྱུས་གསོ་བྲན་བྱ། དེ་ཡན་ཆད་ཚར་གྲངས་སྟོང་ཁྲི་གང་འགྲུབ་བམ། ལོ་གྲངས་སུམ་འགྱུར་རམ། བརྒྱ་རྩ་ནས་བདུན་ལ་སོགས་དོ་གལ་ཆེ་ཆུང་དང་བསྟུན་ནོ། །རྗེས་ཆོག་གཤེགས་གསོལ་ནི། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ས་སྙིང་ས་ཡི་ལྷ་མོ་དང་། །ས་བདག་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་བཤགས་པ་བྱ་བ་ནི། མཆོད་གཏོར་ཆུང་དང་རྫས་མ་འཛོམ། །ཉེས་འགལ་གང་མཆིས་མཐོལ་ལོ་བཤགས། །ཡིག་བརྒྱ་བརྗོད། ས་སྙིང་ས་ཡི་ལྷ་མོ་གཉིས། །བདག་དང་ཡོན་བདག་སྦྲ་ཁང་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷཱུ་མི་པ་ཏི་སརྦ་གཙྪ། དེ་ནས་བཀྲ་ཤིས་བརྗོད། ཕྱོགས་མཚམས་གཏོར་མ་ཤིང་རྩི་རྣམས། ཁང་ཐོག་ཕྱོགས་མཚམས་བརྒྱད་དུ་འབུལ། །འབྲོག་པས་ཕྱོགས་མཚམས་གཙང་སར་འབུལ། །གཙོ་བོའི་གཏོར་མ་ཁང་དཀྱིལ་ལམ། །སྦྲ་ཡི་གུང་ཤིང་སྟེང་དུ་འབུལ། །ཞེས་གནམ་ཆོས་ས་བདག་འཁྲུག་བཅོས་འདི་ནི་སྔགས་འཆང་ཀརྨ་རཱ་ག་ཨ་སྱས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་དབང་ཆོག་དང་བཅས་པ་བདེ་ཆེན་བཅུད་འདྲེན་ (Volume 10, Text 17)

༄༅། །ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་དབང་ཆོག་དང་བཅས་པ་བདེ་ཆེན་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་བདུད་རྩིའི་བཅུད་འབེབས་པས། །སྡུག་བསྔལ་ཟུག་རྔུ་འཇོམས་མཛད་པ། །གུ་རུའི་མཚན་དཔེ་སྙིང་དབུས་སུ། །བཀོད་ནས་ཟབ་མོའི་གདམས་གསལ་བྱ། །འདི་ཉིད་ཀྱི་ཕྲིན་ལས་ཁོ་ན་གཏང་བ་ལ་རྟེན་ཡོད་ན་བཀྲམ་པའི་མདུན་དུ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་ཙམ་བཤམས་པས་ཆོག་ལ། དབང་བསྐུར་དང་འབྲེལ་ན། སྟེགས་གཙང་མར་མཎྜལ་ལ་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་གཅིག་བཀོད་པའི་དབུས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་སྤྲས་པའི་ཁར་ཐོད་པ་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་སིནྡྷུར་བརྡལ་བ་ལ་བཾ་ཡིག་སྔགས་ཕྲེང་གིས་བསྐོར་བ་བཞག །དེ་སྟེང་འཕྲུལ་སྟེགས་ལ་བརྩེགས་པའམ་གཡས་གཡོན་གང་བདེར་སྐུ་ཚབ་བདེ་བ་ཆེན་པོ། །གཏོར་མ་རིན་ཆེན་ཟུར་བརྒྱད་རྒྱན་ལྡན་བཤམ། སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལས་བུམ། སྔོན་གཏོར་ཚོགས་ཀྱི་རྫས་སོགས་ཕྲིན་ལས་ལ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཕྲིན་ལས་ཀྱི་ཐོག་མར་ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ བདེ་བ་ཆེན་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། སྔོན་གཏོར་བྱིན་རླབས་སྔགས་བསྔོས་སྤྱི་ལྟར་བྱ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་འབེབ་དང་མཆོད་རྫས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ལྷ་བསྐྱེད་པ་ནི། རང་སེམས་མ་བཅོས་སྟོང་པའི་ངང་ཉིད་ལས༔ སྣང་སྲིད་ཆོས་ཀུན་ཆོས་འབྱུང་ཆེན་པོར་རྫོགས༔ དེ་དབུས་པདྨ་ཉི་ཟླ་བམ་རོའི་སྟེང༔ རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔ དམར་གསལ་རྣ་ལྟག་གཡས་ན་ཕག་ཞལ་རྔམ༔ གྲི་ཐོད་འཛིན་ཅིང་ཞབས་གཉིས་གར་སྟབས་སྒྱུར༔ རུས་པའི་རྒྱན་ལྡན་དར་གྱི་ཅོད་པན་འཕུར༔ དེ་ཡི་པང་དུ་ཐབས་མཆོག་དཔའ་བོ་ནི༔ རྟ་མགྲིན་དཀར་པོ་དབུ་གཙུག་རྟ་ཞལ་བཞད༔ རུས་པའི་རྒྱན་ལྡན་ཡུམ་དང་གཉིས་མེད་འཁྲིལ༔ བདེ་དྲོད་མེ་ཕུང་འཁྲིགས་པའི་ཀློང་དུ་གསལ༔ རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ༔ པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང༔ ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས༔ གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས༔ མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ༔ གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན༔ པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་སྟེང་ན་ཐོད་པ་འོད་འབར་ནང༔ བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི༔ བདེ་བ་ཆེན་པོ་ཡི་གེ་བཾ་དུ་གསལ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་མཆོད་བསྟོད་ཀྱི་འཕྲིན་ལས་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་གུ་རུ་བདེ་བ་ཆེ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ གུ་རུ་བདེ་བ་ཆེ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ བདེ་བ་ཆེན་པོ་བླ་མའི་སྐུ་ལ་བསྟོད༔ ཛཔ྄་སྐུལ་བ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཏིང་འཛིན་ནི། བཾ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང༔ འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བའི༔ བདེ་བ་ཆེན་པོ་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་གུ་རུ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཞེས་བདག་མདུན་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཅི་འགྲུབ་བྱ། རྟོགས་པ་དམན་ན་ཛཔ྄་ཁང་དབྱེ། མདུན་བསྐྱེད་བཾ་ཡིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་ཅིང་དབང་རྫས་རྣམས་བྱིན་གྱིས་བརླབ་པའི་དམིགས་པ་སྤྱི་ལྟར་བྱས་ལ་སྙིང་པོ་བཟླ། མཐར་མཆོད་བསྟོད་ཕུལ་ལ་ཡིག་བརྒྱ་བརྗོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། འདིར་གང་གསན་པར་བྱ་བའི་ལོ་རྒྱུས་མདོར་བསྡུས་པ་ནི་ལྷ་སྲས་དམ་འཛིན་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་ཟབ་པ་སྐོར་བདུན་གྱི་ཆོས་སྡེ་ཟངས་བྱང་མའི་སྐོར་སོགས་མདོ་ཁམས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ནང་ཚན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་གུ་རུ་བདེ་བ་ཆེན་པོའི་་་་་་་སྨིན་བྱེད་བསྒྲུབ་པ་སྟེ། དེའི་ཚུལ་ཡང་གཏེར་གཞུང་ལས། སིནྡྷཱུའི་མཚོ་ལས་འཁྲུངས་པའི་པད་འབྱུང་བདག༔ སྒྱུ་རྩལ་སྦྱངས་པས་བློ་ལྡན་མཆོག་སྲེད་དེ༔ རྒྱལ་སྲིད་བཟུང་བས་པདྨ་རྒྱལ་པོར་གྲགས༔ རབ་ཏུ་བྱུང་བས་དགེ་སློང་པདྨ་སཾ༔ སྤྱོད་པ་བསྐྱངས་པས་ཉི་མ་འོད་ཟེར་ཏེ༔ སངས་རྒྱས་བསྟན་པའི་བདག་པོ་ཤཱཀྱ་སེང༔ མུ་སྟེགས་རྩོད་ཟློག་འཕགས་པ་སེང་གེ་སྒྲ༔ ལྷ་སྲིན་བཏུལ་པས་རྡོ་རྗེ་གྲོ་ལོད་རྩལ༔ ཆོས་འཁོར་བསྐོར་བས་པདྨ་ལེགས་བཤད་རྒྱལ༔ མཐའ་འཁོབ་འདུལ་བས་རྡོ་རྗེ་དྲག་པོ་རྩལ༔ གསང་སྔགས་དོན་སྟོན་གུ་རུ་ཀུན་ཏུ་བཟང༔ སྲིན་པོའི་ཁ་གནོན་པདྨ་ཐོད་ཕྲེང་སོགས༔ སྐུ་གཅིག་མཚན་བརྒྱ་རྣམ་པ་ཅིར་བསྟན་ཀྱང༔ ངོ་བོ་བདེ་བ་ཆེན་པོ་འདི་ཡིན་པས༔ ཞེས་གུ་རུའི་མཚན་དང་སྐུའི་རྣམ་འགྱུར་ཐམས་ཅད་ཀྱི་འཕྲོ་གཞི་རྩ་བའི་ལྷ་ཡིན་ཞིང་། འདི་ཉིད་བསྒོམ་བཟླས་བྱས་པའི་ཕན་ཡོན་ཀྱང་གཞུང་ལས། འདིས་ནི་གནས་སྐབས་སེམས་ཀྱི་སྡུག་བསྔལ་དང༔ སྙིང་རླུང་སྙིང་གཟེར་སྨྱོ་འབོག་རྣམ་རྟོག་འཚུབས༔ བྱིང་རྨུགས་འཐིབས་དང་རྩ་རླུང་གེགས་རྣམས་སེལ༔ ལུས་སེམས་བདེ་ཞིང་རྩ་རླུང་ཐིག་ལེ་རྒྱས༔ ལོངས་སྤྱོད་ནོར་འདུ་འཁོར་མང་བཀྲ་ཤིས་ཤིང༔ ནད་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་འགྱུར༔ མཐར་ཐུག་བདེ་བ་ཆེན་པོའི་ཡེ་ཤེས་བརྙེས༔ འོག་མིན་པདྨ་དྲྭ་བར་རྫོགས་སངས་རྒྱས༔ ཞེས་གསུངས་པ་ལྟར་དགོས་པ་ཆེན་པོ་དང་ལྡན་པའི་གདམས་ངག་ཟབ་མོའི་སྨིན་བྱེད་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བདེ་ཆེན་ཡེ་ཤེས་བླ་མ་ལྷས༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ༔ བླ་མ་གུ་རུ་བདེ་བ་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། ཡན་ལག་བདུན་པའི་དོན་རྗེས་སུ་དྲན་པས་གསག་སྦྱང་སྤེལ་གསུམ་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ བླ་མ་རྩ་གསུམ་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་གསུམ་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་རྒྱུད་དག་པར་བྱ་བ་སྔོན་དུ་སོང་ནས། དབང་གི་གཞིར་གྱུར་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། སློབ་མ་མི་དམིགས་སྟོང་པའི་ངང༔ དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ གྲི་ཐོད་འཛིན་ཅིང་གར་བསྒྱུར་བ༔ ཐུགས་ཀར་གཡུང་དྲུང་གཡོན་དུ་འཁོར༔ སྟེང་དུ་ཕག་མོ་གར་བྱེད་པ༔ བསྒོམ་ཞིང་སློབ་དཔོན་བདེ་བ་ཆེ༔ དངོས་ཡིན་སྙམ་དུ་མོས་གུས་ཀྱི༔ གདུང་ཤུགས་དྲག་པོ་བསྐྱེད་པའི་མཐུས༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དམར༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་འཕྲོས༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ ཨོ་རྒྱན་བཞུགས་པའི་ཐུགས་ཀར་ཕོག༔ ཐམས་ཅད་ཐུགས་དམ་བསྐུལ་བྱས་ཏེ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཆར་ལྟར་བབས་ཏེ་སློབ་མ་ཡི༔ བ་སྤུའི་ཁུང་བུ་ནས་ཞུགས་ཏེ༔ ལུས་གང་སྙིང་གའི་ཕག་མོ་ལ༔ སིབ་སིབ་ཐིམ་པས་ཡེ་ཤེས་བསྐྱེད༔ བཟོད་མེད་བདེ་བ་འབར་བར་གྱུར༔ རོལ་མོ་དང་སྤོས་ཀྱིས་བསྐུལ་ལ་སྤྲོ་ན་སྤྱན་འདྲེན་ཚིགས་བཅད་དབྱངས་བཅས་བརྗོད། བསྡུ་ན་ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པའམ་མེ་ཏོག་འཐོར་བ་དང་བཅས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས་སློབ་དཔོན་དང་གུ་རུ་བདེ་བ་ཆེན་པོ་དབྱེར་མེད་པས་དབང་རྣམས་རིམ་པར་་བསྐུར་བར་མོས་ཤིག །རྣམ་བུམ་ལ་སོགས་པའི་དབང་རྫས་རྣམས་འོག་གི་ཚིག་མཚུངས་སུ་གནས་གསུམ་དུ་བཞག་ཅིང་བུམ་ཆུ་དང་དབང་རྫས་སྦྱིན་པ་སོགས་ཕྱག་ལེན་ལྟར་བྱ་བཞིན། ཨོཾ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་བུམ་པ་ཟླུམ༔ རིག་རྩལ་གཟུགས་སྐུ་འགག་མེད་བཅུད་དུ་འཁྱིལ༔ སྐུ་ཡི་བྱིན་རླབས་བུམ་པའི་དབང་བསྐུར་པས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཀཱ་ཡ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་བས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པའི་བདུད་རྩི་ཐོགས་ལ། ཨཱ༔ བྷནྡྷ་ཟླུམ་པོ་བདེ་ཆེན་ཡུམ་གྱི་མཁར༔ རིག་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས༔ གསུང་གི་བྱིན་རླབས་གསང་བའི་དབང་བསྐུར་པས༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཝཱ་ཀ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་བདུད་རྩི་བླུད་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པར་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་གི་དཀྱིལ་འཁོར་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་རྣམ་ཐར་གསུམ་ལྡན་མེ་ལོང་ཟླུམ༔ དགའ་བཞིའི་རིག་རྩལ་མ་འགག་སྔགས་ཀྱིས་བརྒྱན༔ ཐུགས་ཀྱི་དགོངས་པ་གསུམ་པའི་དབང་བསྐུར་པས༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་ཁར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅི་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཏོར་ཆེན་ཐོགས་ལ། ཧྲཱི༔ གཏོར་མ་ཟླུམ་པོ་དབྱིངས་ཀྱི་གཞལ་ཡས་སུ༔ རང་བྱུང་རིག་པ་ལྷ་ཡི་ཚོགས་རྣམས་བཞུགས༔ ཡོན་ཏན་ལྷུན་རྫོགས་བརྡ་ཡི་དབང་བསྐུར་པས༔ རིག་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པས་དབང་བསྐུར་བས། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་རྫོགས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་ཚབ་ཐོགས་ལ། ཧོ༔ ཆོས་དབྱིངས་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ རིག་གདངས་སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་ཤར༔ ཕྲིན་ལས་རིག་རྩལ་དོན་གྱི་དབང་བསྐུར་པས༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་རྩ་བའི་དབང་རྣམ་པ་ལྔ་ལ་ནང་གསེས་ཀྱི་ལྡོག་ཆ་དབང་བཞིའི་ངེས་པས་ཕྱེ་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་སྟེ། བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་བས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །ཤིས་པ་བརྗོད། དེ་དག་གིས་གུ་རུ་བདེ་བ་ཆེན་པོ་ལ་བརྟེན་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླངས། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་ལ་མཐར་དབྱུང་། རྗེས་ཚོགས་མཆོད་འབུལ་བ་སྤྲོ་ན། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱོང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོགས་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་གདོན་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕུལ། རྗེས་ཆོག་མཆོད་བསྟོད་དང་ནོངས་བཤགས་བྱ། རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ༔གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ༔ཀྱིས་གཉུག་མའི་ལྷ་སྐུར་ལྡང་། བསྔོ་སྨོན་དང་ཤིས་བརྗོད་ནི། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་དགེ་ལེགས་སུ་བྱའོ། །འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པ་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་པའི་སྐབས་དགོས་པའི་དབང་གིས་རྩ་བ་ཙམ་གཏན་ལ་ཕབ་ཅིང་། དབང་བསྐུར་ཐུགས་ཐོག་ནས་བསྩལ་པ་ཟབ་དབང་ཐུན་མོང་མ་ཡིན་པ་ཞིག་སྣང་ཡང་དེ་སྐབས་ཡི་གེར་འཁོད་པ་མ་བྱུང་། ཕྱིས་སུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཤོག་སེར་གཟིགས་ནས་དབང་ཆོག་བརྡ་བསྒྱུར་དང་དབང་བསྐུར་འདི་ལྟར་བཀའ་དྲིན་བསྩལ་པ་སྟེ། བདག་བསྐྱེད་ཙམ་ལ་གཏེར་གཞུང་ཁོ་ནས་འཐུས་ཤིང་། སྔོན་དུ་སྐྱབས་སེམས་དང་། རྗེས་སུ་བསྡུ་ལྡང་དགེ་བསྔོ་རྣམས་སྦྱར། དེའང་སྐྱེས་པས་ཉམས་སུ་ལེན་ན་ཡབ་རྟ་མགྲིན་ལ་ཡུམ་ཕག་མོས་འཁྱུད་པ་བསྐྱེད། བུད་མེད་ཀྱིས་ཉམས་སུ་ལེན་ན་གོ་ལྡོག་ལྷ་སྐྱེད་གཞུང་བཞིན་བྱ་བ་ཞལ་རྒྱུན་ནོ། །དབང་བསྐུར་སྐབས་ཕྲིན་ལས་མེད་ཀ་མེད་དུ་སོང་བས་ཐུགས་སྒྲུབ་ཕྲིན་ལས་སྙིང་པོས་ཁ་བསྐངས་པའོ། །སྙིང་ལ་ཉལ་བའི་སྡུག་བསྔལ་ནད། །བདེ་ཆེན་བདུད་རྩིས་བཅུད་འདིས་གསོས། །བྱང་ཆུབ་དགའ་བ་རྒྱས་པ་ཡིས། །སྲིད་པའི་ཟུག་རྔུ་འབྱིན་གྱུར་ཅིག །གདམས་ཟབ་ཁྱད་པར་ཅན་འདི་ཉིད་རྒྱུན་ལ་ཕན་པའི་ལྷག་མོས་ཀྱིས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས༔ ཕྲིན་ལས་ཡེ་ཤེས་སྣང་བ་ (Volume 36, Text 17)

ྈ འཆི་མེད་འཕགས་མའི་སྙིང་ཐིག་ལས༔ ཕྲིན་ལས་ཡེ་ཤེས་སྣང་བ་བཞུགས༔ འཆི་མེད་ཡིད་བཞིན་འཁོར་ལོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ནས༔ གང་དེའི་ཟབ་མོའི་རྣལ་འབྱོར་ནི༔ དངོས་གྲུབ་རྣམ་གཉིས་བསྒྲུབ་ཕྱིར་བཤད༔ ས་མ་ཡ༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ དབང་ཐོབ་དམ་ཚིག་ལ་གནས་པའི༔ སྔགས་པས་དཀྱིལ་འཁོར་སྤྱི་མཐུན་དབུས༔ བྷནྡྷ་དུམ་བུ་གསུམ་པའི་ནང༔ ཅོང་ཞི་བྲག་ཞུན་འབྲས་བུ་གསུམ༔ དབང་པོ་ལག་པ་རྟག་ཏུ་ངུ༔ རྩ་བ་ལྔ་རྣམས་མཉམ་སྦྱར་བའི༔ རིལ་བུ་སྲན་འཕོས་ཙམ་གྱིས་བཀང༔ དར་དམར་ཁ་བཅད་མཆོད་གཏོར་བཤམ༔ བདེ་བའི་སྟན་ལ་མཉམ་བཞག་ནས༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ མདུན་མཁར་སྐྱབས་ཡུལ་གསལ་བཏབ་སྟེ༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་ཡིད་བཞིན་འཁོར་ལོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་རྣལ་འབྱོར་གྱིས༔ འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཡུམ་གྱུར་སྒྲོལ་མའི་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཚོགས་ཞིང་རང་ཐིམ་གཉིས་མེད་ངང༔ ལས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས༔ བཞི་པ་བགེགས་གཏོར་སྦྱིན་པ་ནི༔ ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ རྡོ་རྗེའི་ལྟ་བས་བལྟས་ནས་ནི༔ ལྔ་པ་སྲུང་བའི་འཁོར་ལོ་བསྒོོམ༔ ཧྲཱི༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ དྲུག་པ་བྱིན་ཆེན་དབབ་པ་ནི༔ བདག་ཉིད་འཕགས་མའི་གསལ་སྣང་བཅས༔ འོད་ཟེར་སྤྲིན་དང་གདུང་བའི་གླུ༔ སྤོས་དང་རོལ་མོའི་བརྡས་བསྐུལ་ཏེ༔ ཕྱོགས་བཅུ་དུས་བཞིའི་རྩ་གསུམ་ལྷ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་སད༔ བདག་གནས་སྒྲུབ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས༔ གཞི་སྣང་སོ་སོར་ཀུན་རྟོག་པ༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བདུན་པ་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གཟོད་མ་ནས༔ འོད་གསལ་དེ་བཞིན་ཉིད་དབྱིངས་ལས༔ ཟུང་འཇུག་ཀུན་སྣང་སྙིང་རྗེའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཏཱཾ་དཀར་པོ༔ མཁའ་ལས་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ ཡིད་བཞིན་རིན་ཆེན་ཏོག་གིས་མཛེས༔ རྟ་བབས་ཆོས་འཁོར་རི་དྭགས་གདུགས༔ ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ ཤར་བུ་མདའ་ཡབ་རྒྱན་གྱིས་བརྒྱན༔ འདོད་སྣམ་མཆོད་པའི་ལྷ་མོ་དང༔ ཕྱི་རོལ་འཇིག་རྟེན་སྐྱོང་བས་བསྐོར༔ དེ་དབུས་པདྨ་འདབ་བཞིའི་སྟེང༔ ཐབས་ཤེས་ཉི་ཟླ་ཁ་སྦྱོར་དབུས༔ ཟུང་འཇུག་ཏཱཾ་ཡིག་སྙོམས་པར་ཞུགས༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ འཁོར་འདས་དྭངས་བཅུད་གཅིག་ཏུ་འདུས༔ ཡོངས་གྱུར་ཡེ་ཤེས་སྒྱུ་མའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཆི་མེད་ཡིད་བཞིན་འཁོར་ལོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལར་གནས་ཚེ་བུམ་བསྣམས༔ ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་བཞུགས༔ རང་འོད་ཐབས་མཆོག་གར་གྱི་དབང༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ རྗེས་ཆགས་བདེ་ཆེན་དགའ་བ་བཞིར༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བྱང་སེམས་ས་བོན་ཏཱཾ་དང་བྷྲཱུྃ༔ ཧྲཱིཿཧཱུྃ་འཕྲོ་འདུའི་སྦྱོར་བ་ལས༔ ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ ལྷོ་རུ་རིན་ཆེན་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་རིན་ཆེན་བསྣམས༔ ནུབ་ཏུ་པདྨའི་སྒྲོལ་མ་དམར༔ མཆོག་སྦྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ བྱང་དུ་ལས་ཀྱི་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ ཐམས་ཅད་དར་དང་རིན་ཆེན་བརྒྱན༔ ཞི་རྒྱས་དབང་དྲག་ཉམས་དང་ལྡན༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ སླར་ཡང་ཛཿཧཱུྃ་བཾ་ཧོཿའཕྲོས༔ སྒོ་བཞིར་པད་ཉིའི་གདན་གྱི་སྟེང༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུའི་སྒྲོལ་མ་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་མཚན་ཨུཏྤལ་བསྣམས༔ བརྐྱང་བསྐུམ་གར་གྱིས་བདུད་བཞི་བརྫིས༔ དར་དང་རཏྣའི་རྒྱན་གྱིས་མཛེས༔ བར་མཚམས་རྩ་གསུམ་ཆོས་སྲུང་ཚོགས༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཉི་མ་དང་ནི་འོད་ཟེར་བཞིན༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཀུན་ཀྱང་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསམ༔ གཉིས་པ་ཡེ་ཤེས་བསྐུལ་བ་ནི༔ ཧྲཱི༔ སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོ་ཚེ་ཡི་ལྷ༔ འོད་དཔག་མེད་པའི་དབུ་རྒྱན་ཅན༔ དུས་གསུམ་སངས་རྒྱས་ཕྲིན་ལས་མ༔ ཚུར་གཤེགས་ཡིད་བཞིན་འཁོར་ལོ་འཆང༔ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་བཅས༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་གཟུགས་ཀྱི་སྐུ༔ སྙིང་རྗེ་ཆེན་པོའི་ཐུགས་དམ་གྱིས༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ཕྱིར༔ དམ་ཚིག་དཀྱིལ་འཁོར་འདིར་དགོངས་ལ༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཛྙཱ་ན་སཏྭ་ཨ་ཨཱ༔ གསུམ་པ་བརྟན་པར་བྱ་བ་ནི༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དགུག་གཞུག་བཅིང༔ དགྱེས་མཉམ་ཆེན་པོར་རོ་གཅིག་བསམ༔ ཨོཾ༔ རྡོ་རྗེའི་ཡེ་ཤེས་བླ་མེད་པའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ ཏིང་འཛིན་སྤྲུལ་པའི་ལྷ་ཚོགས་དང༔ དབྱེར་མེད་ཆེན་པོར་བརྟན་པར་བཞུགས༔ བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ཧྲཱི༔ འཆི་མེད་འཕགས་མའི་དཀྱིལ་འཁོར་པ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ གཉིས་འཛིན་བྲལ་བ་ལྟ་བའི་ཕྱག༔ དག་མཉམ་ཆོས་སྐུའི་དབྱིངས་སུ་འཚལ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ རང་ལས་རྡོ་རྗེའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲོས་ཏེ༔ མཆོད་པའི་སྤྲིན་ཆེན་གཏིབས་པར་བསམ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་པ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་པའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས༔ འཁོར་གསུམ་སྤྲོས་པ་ལས་འདས་པའི༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ མཆོག་གི་མཆོད་པ་ཆེན་པོར་བཞེས༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཨོཾ༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་བདག༔ ཞལ་གྱི་ཆུ་སྐྱེས་ལས་བྱུང་བ༔ དུས་གསུམ་སངས་རྒྱས་སྐྱེད་མཛད་ཡུམ༔ ཡིད་བཞིན་འཁོར་ལོ་ཁྱོད་ལ་བསྟོད༔ དྲི་མེད་ཟླ་བ་ནོར་བུའི་མདོག༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བའི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དབྱངས་ཀྱི་ཡན་ལག་རྒྱ་མཚོ་ལས༔ ཞི་བསིལ་བདུད་རྩིའི་ཆར་འབེབ་པས༔ སེམས་ཅན་ཁམས་རྣམས་སད་མཛད་པ༔ ཚངས་པའི་གསུང་ལ་ཕྱག་འཚལ་བསྟོད༔ མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས༔ ཤེས་བྱ་ཀུན་ལ་སྙོམས་པར་འཇུག༔ བསམ་གྱིས་མི་ཁྱབ་ཕྱག་རྒྱ་ཆེ༔ འོད་གསལ་ཐུགས་ལ་ཕྱག་འཚལ་བསྟོད༔ གང་གིས་ཁྱོད་ལ་གསོལ་བཏབ་པས༔ དེ་ལ་དེ་མ་ཐག་བྱིན་རློབ༔ དངོས་གྲུབ་འདོད་དགུ་སྩོལ་མཛད་པའི༔ ཡོན་ཏན་ཕ་མཐའ་ཡས་ལ་བསྟོད༔ མཚན་དང་སྐུ་ཡི་བཀོད་པ་དང༔ རིག་པའི་གསང་སྔགས་སྣ་ཚོགས་པས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་འདུད༔ བདུན་པ་བཟླས་པ་བྱ་བ་ལ༔ ཐུགས་དམ་ཉེ་བར་བསྙེན་པ་ནི༔ རང་ཉིད་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དཀར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་དང་འོད་ཟེར་འཕྲོ་བ་ཡི༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་དབུས༔ ཏཱཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཀྱི་སྣང་བ་མཐའ་ཡས་པ༔ གཙུག་ཏོར་ནོར་བུའི་རྩེ་ནས་འཐོན༔ དེ་ལས་འཕགས་མ་རྣམ་པར་རྒྱལ༔ ཆུ་ཤེལ་མདོག་ཅན་ཕྱག་གཡས་ཀྱིས༔ སྐྱབས་སྦྱིན་ཕྱག་རྒྱས་ལྕགས་ཀྱུ་དང༔ གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས༔ འོད་དང་འོད་ཟེར་དང་བཅས་པ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཔའ་བོ་རྣལ་འབྱོར་མ༔ རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ཡི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཀུན༔ གྲུབ་པའི་དངུལ་ཆུ་ཇི་བཞིན་དུ༔ བདེ་བ་ཆེན་པོའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང༔ བདེ་ཆེན་ཡེ་ཤེས་རྒྱས་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ གཙོ་བོར་བཟླ་ཞིང་བར་མཚམས་སུཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་པས་འདོད་པའི་དངོས་གྲུབ་བསྐུལ༔ ཡེ་ཤེས་སེམས་དཔའ་སྤྲུལ་པར་བཅས༔ ཉེ་བར་བསྙེན་ཕྱིར་རྡོ་རྗེའི་སྔགས༔ འདི་དག་ཀྱང་ནི་བཟླ་བར་བྱ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ བདུན་ཕྲག་གསུམ་དུ་བརྩོན་པ་ན༔ དངོས་ཉམས་རྨི་ལམ་ཅི་རིགས་པར༔ དཀྱིལ་འཁོར་ལྷ་ཡི་ཞལ་མཐོང་ཞིང༔ གསུང་ཐོས་ཏིང་འཛིན་དྲོད་ཚད་རྙེད༔ ཉི་ཟླ་ཤར་དང་མེ་ཏོག་རྒྱས༔ དངོས་སུ་བྷནྡྷ་འཕར་བ་དང༔ རིལ་བུ་འཕེལ་ཞིང་དྲི་བཟང་འཐུལ༔ དེ་སོགས་དགེ་བའི་མཚན་མ་འབྱུང༔ ས་མ་ཡ༔ སྣང་བ་ཕྱག་རྒྱར་བསྒྲུབ་པ་ནི༔ སླར་ཡང་འོད་ཟེར་འཕྲོ་འདུའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀར་ཐིམ༔ ཟག་མེད་བདེ་བ་ཆེན་པོའི་ཉམས༔ རྡོ་རྗེའི་ཡེ་ཤེས་མཆོག་ཏུ་བསྐྱེད༔ བདེ་སྟོང་རོལ་པའི་སྣང་བ་ཡིས༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཁྱབ༔ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་དལ༔ ནང་བཅུད་རིག་པ་ཕྱག་རྒྱའི་སྐུ༔ གཞོམ་མེད་སྔགས་ཀྱི་སྒྲ་གདངས་དང༔ མཆོག་ཏུ་མི་འགྱུར་འོད་གསལ་བའི༔ ཏིང་འཛིན་གཅིག་གི་ཆོ་འཕྲུལ་གྱིས༔ འཁོར་འདས་སྣང་སྲིད་ཆོས་རྣམས་ཀུན༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་བསམ༔ གཞན་དུ་མི་འཕྲོའི་སེམས་ཀྱིས་ནི༔ བསྙེན་པའི་བཟླས་པ་རྣམ་གསུམ་དང༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ ཨོཾ་ཏཱ་རེ་བྷྲཱུྃ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཏཱ་རེ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་ལྷ་སྔགས་རེ་རེ་བཞིན༔ སེམས་འཛིན་སྤྲོ་བསྡུའི་སྦྱོར་བ་བྱ༔ བདུན་ཕྲག་གཅིག་གིས་དངོས་གྲུབ་ཀྱི༔ མཚན་མ་བརྟན་ཅིང་ནུས་ལྡན་འགྱུར༔ ས་མ་ཡ༔ གྲུབ་པ་ལས་ལ་སྦྱར་བ་ནི༔ རང་ཉིད་དམ་ཚིག་ཡེ་ཤེས་དང༔ སྤྲུལ་པའི་སེམས་དཔའ་རྣམ་གསུམ་གྱི༔ ཐུགས་རྗེའི་འོད་ཟེར་རབ་འཕྲོས་པས༔ སྒྲོལ་མ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྲིན་ལས་སྒོ་མའི་རྒྱུད་བསྐུལ་ནས༔ སྔགས་ཀྱི་རང་སྒྲ་སྒྲོག་པའི་སྐུ༔ ནམ་མཁའ་གང་བར་ཕྱོགས་བཅུར་ཁྱབ༔ གང་འདུལ་མཛད་པ་མཐའ་ཡས་ཀྱིས༔ ནད་གདོན་སྡིག་སྒྲིབ་དབྱིངས་སུ་ཞི༔ ཚེ་བསོད་དཔལ་འབྱོར་རིག་པ་རྒྱས༔ ཁམས་གསུམ་རླུང་སེམས་རང་དབང་བསྒྱུར༔ དགྲ་བགེགས་གཟུང་འཛིན་ཚར་བཅད་པའི༔ ཐུན་མོང་མཆོག་གི་ཕྲིན་ལས་རྣམས༔ ཏིང་འཛིན་སྤྲོ་བསྡུའི་ཆོ་འཕྲུལ་གྱིས༔ ཡིད་བཞིན་ཉིད་དུ་འགྲུབ་པར་བསམ༔ ཨོཾ་ཏཱ་རེ་ཏཱཾ་ཛཿཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་བྷྲཱུྃ་ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཏཱ་རེ་ཧྲཱིཿབཾ་ཝ་ཤཾ་ཀུ་རུ་ཧོ༔ ཨོཾ་ཏཱ་རེ་ཧཱུྃ་ཧོཿམཱ་ར་ཡ་ཕཊ༔ ཐོ་རངས་ཞི་བ་ཉི་ཤར་རྒྱས༔ དགོང་མོ་དབང་སྟེ་སྲོད་ཀྱི་དུས༔ དྲག་པོའི་ཏིང་འཛིན་གནད་དུ་བསྣུན༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཚེ༔ དངོས་གྲུབ་བསྐུལ་ཞིང་བསྒྲུབ་རྫས་ལས༔ དབང་བླང་དམ་ཚིག་བདུད་རྩི་མྱང༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ རིལ་བུའི་ལྷག་མ་མགུལ་དུ་འཆང༔ ཤིན་ཏུ་གསང་བས་སྤྱད་པར་བྱ༔ ས་མ་ཡ༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་གྱིས༔ འཕགས་མའི་བསམ་གཏན་ལ་བརྟེན་ནས༔ བདག་དོན་རྡོ་རྗེའི་ཚེ་འགྲུབ་ཅིང༔ གཞན་དོན་ཕྲིན་ལས་མཁའ་ཁྱབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདེ་ཆེན་ཚོགས་ཀྱི་མཆོད་པ་ནི༔ མ་ད་ན་དང་བཱ་ལ་སོགས༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ རཾ་ཡཾ་ཁཾ་བརྗོད་བདུད་རྩིས་བསང༔ སྟོང་པའི་ངང་ལས་རླུང་མེའི་སྟེང༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་རིགས་ལྔའི་དམ་ཚིག་རྫས༔ འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧ་ཧོ་ཧྲཱི༔ ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ གཡུ་ལོ་བཀོད་དང་པོ་ཏ་ལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ༔ སུམ་ཅུ་རྩ་གཉིས་གནས་མཆོག་ནས༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མ༔ རྗེ་བཙུན་འཁོར་བ་སྒྲོལ་མཛད་ཡུམ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང༔ འདོད་ཡོན་རྡོ་རྗེའི་དམ་ཚིག་རྫས༔ ཅིར་སྣང་ལྷ་དང་སྔགས་ཀྱི་སྒྲ༔ ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔ སརྦ་ས་མ་ཡ་ཛཿཛ༔ ཨོཾ༔ རང་བྱུང་མཚན་ལྡན་ཀ་པཱ་ལར༔ བཟའ་བཅའ་བཏུང་བའི་ཚོགས་གཏོར་བཤམས༔ ཐབས་དང་ཤེས་རབ་དམ་རྫས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཕུང་པོའི་བདུད་ཚོགས་དབྱིངས་སུ་སྒྲོལ༔ མི་ཤིགས་སྐུ་ཡི་ཚེ་དབང་སྩོལ༔ ས་མ་ཡ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཨཱ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ འདོད་ཡོན་རྒྱ་མཚོའི་དམ་རྫས་འདི༔ ནང་གི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསུང་གི་དམ་ཚིག་ཉམས་པ་བཤགས༔ འཆི་བདག་བདུད་ཚོགས་དབྱིངས་སུ་སྒྲོལ༔ འགག་མེད་གསུང་གི་ཚེ་དབང་སྩོལ༔ པཉྩ་ཀཱ་མ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་གསུམ་འཁོར་ལོའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་ཚོགས་གཏོར་བཤགས༔ བདེ་སྟོང་དབྱེར་མེད་དམ་རྫས་འདི༔ གསང་བའི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཉོན་མོངས་བདུད་ཚོགས་དབྱིངས་སུ་སྒྲོལ༔ འོད་གསལ་ཐུགས་ཀྱི་ཚེ་དབང་སྩོལ༔ མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཆོས་དབྱིངས་སྤྲོས་བྲལ་ཀ་པཱ་ལར༔ རིག་པ་རང་གསལ་ཚོགས་གཏོར་བཤམས༔ ཟུང་འཇུག་ཆེན་པོའི་དམ་རྫས་འདི༔ བླ་མེད་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ ལྷ་བུའི་བདུད་ཚོགས་དབྱིངས་སུ་སྒྲོལ༔ ཡེ་ཤེས་རྡོ་རྗེའི་ཚེ་དབང་སྩོལ༔ ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ལྟར་ཕུད་ཀྱིས་དཀྱིལ་འཁོར་མཆོད༔ བར་པ་མཎྜལ་དྲུང་དུ་བཞག༔ ལྷ་ཚོགས་བདུད་རྩིས་རབ་མཉེས་ནས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྲིད་དང་ཞི་བའི་དྭངས་བཅུད་བསྡུས༔ དམ་ཚིག་ཚོགས་ཀྱི་རྫས་ལ་ཐིམ༔ མྱོང་གྲོལ་བདུད་རྩིའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་མྲྀཏ་ག་ཎ་ཙཀྲ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ བརྒྱ་རྩ་བརྒྱད་ཀྱིས་བྱིན་བརླབས་ནས༔ ལུས་ཀྱི་དཀྱིལ་འཁོར་མཆོད་པར་བྱ༔ ཕྱིས་ནས་དམ་ལྡན་གཞན་ལ་ཡང༔ བྱིན་ན་ཚེ་དང་ཡེ་ཤེས་རྒྱས༔ ཐ་མ་ལྷག་མ་བསྔོ་བ་ནི༔ ཧྲཱིཿཕཻཾ༔ སྔོན་ཚེ་གྲུབ་པའི་ཧེ་རུ་ཀ༔ རིག་འཛིན་ཤྲཱི་སིཾ་ཧ་དང༔ སློབ་དཔོན་བི་མ་མི་ཏྲ་དང༔ འཆི་མེད་པདྨ་ཐོད་ཕྲེང་གིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཚོགས་ཀྱི་འཁོར་ལོས་བསྒྱུར་པའི་ཚེ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་གིས༔ ལྷག་མའི་གཏོར་མ་དངོས་སུ་བླངས༔ བཀའ་བཞིན་སྒྲུབ་པར་དམ་བཅས་པའི༔ རྡོ་རྗེའི་ཡལ་གམ་དེང་བསྐུལ་ན༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྐྱེད༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས༔ ཚོགས་ཀྱི་མཆོད་པ་བླ་ན་མེད༔ དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས༔ འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག༔ སྨོན་ལམ་གདབ་ཅིང་སྤྱོད་པ་བསྐྱང༔ བདེ་ཆེན་ཚོགས་ཀྱི་འདུ་བ་འདིར༔ འབྲེལ་ཚད་བགེགས་ཞི་ཚེ་བསོད་འཕེལ༔ ཕྱི་མ་ཨོ་རྒྱན་མཁའ་འགྲོའི་གླིང༔ རྡོ་རྗེའི་རིག་འཛིན་མཆོག་ཏུ་འགྱུར༔ གུ་ཧྱ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་མར་སྔོན་གྱི་ཐ་ཚིག་བསྒྲག༔ ཧཱུྃ་བྷྱོ༔ དུས་གསུམ་འཕོ་འགྱུར་མེད་པའི་ཀློང༔ རིག་པ་རང་གསལ་སྐད་ཅིག་མ༔ ཕྱག་རྒྱའི་གཟུགས་སུ་ཤར་བ་ན༔ གཙུག་ཏོར་རྣམ་པར་རྒྱལ་མ་ཡིས༔ རིག་འཛིན་ཤྲཱི་སིཾ་ཧ་ལ༔ མི་འགྱུར་རྟག་པའི་དངོས་གྲུབ་བསྩལ༔ འཆི་མེད་ཡིད་བཞིན་འཁོར་ལོ་ཡིས༔ སློབ་དཔོན་ཆེན་པོ་བི་མ་ལར༔ རྡོ་རྗེ་ཚེ་ཡི་མཆོག་དབང་བསྐུར༔ ཚེ་བདག་མགོན་པོ་ཡབ་ཡུམ་གྱིས༔ ཨོ་རྒྱན་པདྨ་ཐོད་ཕྲེང་ལ༔ སྐྱེ་ཤི་མེད་པར་དབང་བསྐུར་ཚེ༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ ཆོས་སྲུང་དམ་ཅན་རྒྱ་མཚོ་ཀུན༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ མ་འོངས་རྗེས་འཇུག་རིག་འཛིན་རྣམས༔ བུ་བཞིན་སྐྱོང་བར་མ་ཆད་དམ༔ རྡོ་རྗེའི་ཐ་ཚིག་དེང་དགོངས་ལ༔ འདོད་ཡོན་རྒྱ་མཚོའི་གཏོར་མ་དང༔ སྨན་རཀ་ཕུད་ཀྱི་མཆོད་པ་བཞེས༔ བདུད་བཞིའི་བར་ཆད་དབྱིངས་སུ་ཟློག༔ གཟུང་འཛིན་དགྲ་བགེགས་ཀློང་དུ་སྒྲོལ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས༔ འཆི་མེད་འགྲུབ་པའི་ཕྲིན་ལས་མཛོད༔ ས་མ་ཡ་སརྦ་ཀརྨ་ཀུ་རུ་ཧོ༔ བཤལ་ཆུའི་བདུད་རྩིས་བརྟན་མ་མཆོད༔ ཧཱུྃ༔ དུས་སྦྱོར་འཕོ་བ་གནས་དག་པའི༔ རྡོ་རྗེའི་བསྟན་སྐྱོང་མ་སྲིང་ཚོགས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ མ་མ་ཧྲཱིཾ་ཧྲཱིཾ་ཨ་མྲྀཏ་པཱུ་ཛ་ཧོ༔ ལས་མཇུག་རྡོ་རྗེའི་བྲོ་ཡིས་བསྡུ༔ ཧཱུྃ༔ བདག་ཏུ་ལྟ་བའི་དམ་སྲིའི་དཔུང༔ བདག་མེད་རྡོ་རྗེའི་ཨེ་དབྱིངས་མནན༔ རྣམ་ཐར་གསུམ་གྱི་བྲོ་བརྡུངས་པས༔ དུས་གསུམ་མཚན་མ་དབྱིངས་སུ་ཡལ༔ སརྦ་བིགྷྣཱན་སཏྭཾ་བྷ་ཡ་ཨ་ཨ་ཨ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་མཆོད་བསྟོད་དངོས་གྲུབ་བླང༔ ཨོཾ༔ རྗེ་བཙུན་འཕགས་མ་ཚེ་ཡི་བདག༔ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་བཅས༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ གང་འདུལ་གཟུགས་ཀྱི་སྐུར་སྣང་བའི༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་གསལ་ཚེ་ཡི་དངོས་གྲུབ་སྩོལ༔ བསམ་ཡས་ཡོན་ཏན་དཀྱིལ་འཁོར་ནས༔ འདོད་འབྱུང་ཚེ་ཡི་དངོས་གྲུབ་སྩོལ༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ གང་འདུལ་ཚེ་ཡི་དངོས་གྲུབ་སྩོལ༔ ཐུན་མོང་ལས་བཞིའི་དངོས་གྲུབ་སྩོལ༔ ཁྱད་པར་དབང་བཅུའི་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་ཚོགས་བཟོད་གསོལ་ནི༔ ཧོ༔ རྗེ་བཙུན་འཕགས་མའི་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ གསུམ་པ་དཀྱིལ་འཁོར་བསྡུ་བ་ནི༔ ཨ༔ རིག་པ་རང་སྣང་དམ་ཚིག་པ༔ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ཀློང༔ འདུ་འབྲལ་མེད་པར་རོ་གཅིག་ཕྱིར༔ ཞལ་ཕྱག་མཚན་མ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ བཞི་པ་རྗེས་སྤྱོད་བསྐྱང་བ་ནི༔ ཏཱཾ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ བདག་ཉིད་འཆི་མེད་འཕགས་མའི་སྐུ༔ སྣང་གྲགས་རྟོག་གསུམ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ ལྔ་པ་དགེ་བ་བསྔོ་བ་ནི༔ ཧོ༔ གདོད་ནས་དག་པའི་ཡེ་ཤེས་དང༔ རྟེན་ཅིང་འབྲེལ་འབྱུང་བསོད་ནམས་ཚོགས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ བྱང་ཆུབ་སྙིང་པོའི་དབྱིངས་སུ་བསྔོ༔ དྲུག་པ་སྨོན་ལམ་གདབ་པ་ནི༔ འདི་ནས་སྐྱེ་བ་ཐམས་ཅད་དུ༔ འཕགས་མ་མཆོག་གིས་རྗེས་བཟུང་ནས༔ ཚེ་དང་ཡེ་ཤེས་དངོས་གྲུབ་ཀྱིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ བདུན་པ་ཤིས་པ་བརྗོད་པ་ནི༔ ཨོཾ༔ དགོངས་བརྡ་སྙན་བརྒྱུད་རིག་རྩལ་འཆང༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཞི་ཁྲོའི་ཕྱག་རྒྱར་སྣང༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ རྣལ་འབྱོར་གྲོགས་མཛད་བདེ་ཆེན་སྤེལ༔ ཕྱི་ནང་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ མཐར་ཐུག་འཆི་མེད་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཕྱོགས་ཀུན་འཐོར༔ དགའ་སྟོན་བྱ་ཞིང་ཚོགས་གཉིས་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་འཆི་མེད་འཕགས་མ་རྗེའི༔ ཕྲིན་ལས་ཡེ་ཤེས་སྣང་བའི་ལམ༔ གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི༔ ཐུགས་ཀྱི་དགོངས་ཉམས་མཐར་ཐུག་འདི༔ བདག་ཉིད་པདྨ་སཾ་བྷ་ཝས༔ མ་འོངས་སྐལ་ལྡན་དོན་དུ་བསྟན༔ ཚིག་ཉུང་དོན་འདྲིལ་བྱིན་རླབས་ཆེ༔ གང་གིས་ཉམས་སུ་བླངས་པ་ཀུན༔ གནས་སྐབས་བགེགས་ཞི་ཚེ་བསོད་འཕེལ༔ ཟབ་མོའི་ཤེས་རབ་ཕྱོགས་མེད་འཆར༔ གཟུངས་དྲན་མངོན་ཤེས་གཏེར་མཛོད་རྡོལ༔ ཞག་བདུན་ཙམ་ཞིག་བརྩོན་པས་ཀྱང༔ དུས་མིན་འཆི་བ་ངེས་པར་བཟློག༔ མཐར་ཐུག་འཕགས་མས་རྗེས་བཟུང་ཞིང༔ ནང་གི་ས་ལམ་མྱུར་བགྲོད་ནས༔ ཚེ་གཅིག་བྱང་ཆུབ་སྐལ་ལྡན་འགྱུར༔ དེ་ཕྱིར་ཟབ་རྒྱའི་ཡང་ཞུན་འདི༔ ད་ལྟ་མངའ་བདག་ཡབ་སྲས་སོགས༔ རྗེ་འབངས་གྲོགས་ལྔའི་ཚོགས་ལ་གདམས༔ མ་འོངས་དེ་རྣམས་སྐྱེ་བའི་དོན༔ ཐིག་ལེ་ཆེན་པོའི་ཀློང་དུ་སྦོས༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔

རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐར་པར་བགྲོད་པའི་ལམ་སྤྱིའི་ལུས་ཡོངས་སུ་རྫོགས་པའི་སྨོན་ལམ་ཐར་པའི་གྲུ་ཆེན་ (Volume 60, Text 17)

༄༅། །རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐར་པར་བགྲོད་པའི་ལམ་སྤྱིའི་ལུས་ཡོངས་སུ་རྫོགས་པའི་སྨོན་ལམ་ཐར་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། རབ་འབྱམས་ཞིང་ན་དུས་གསུམ་གཤེགས་པ་ཡི། །ཆོས་ཀྱི་རྒྱལ་པོ་རྒྱལ་བ་སྲས་དང་བཅས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཉིན་མཚན་དུས་དྲུག་གདུལ་བྱའི་ཡུལ་གཟིགས་ཤིང་། །ཞིང་སྐུའི་བཀོད་པ་ཆོས་དབྱིངས་རྒྱ་མཚོར་ཁྱབ། །མོས་པའི་ཡིད་མཁར་ཉེ་རིང་མི་མངའ་བའི། །སྐྱབས་མཆོག་མཁྱེན་བརྩེའི་ཟླ་བ་རྒྱས་པ་རྣམས། །རྣམ་དག་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །དཀོན་མཆོག་རྩ་གསུམ་བདེན་པའི་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་སྟོབས། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས། །སྨོན་པའི་འབྲས་བུ་མྱུར་དུ་འགྲུབ་གྱུར་ཅིག །བདག་དང་མར་གྱུར་མཁའ་མཉམ་འགྲོ་བ་རྣམས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ངན་སོང་གསུམ་སོགས་འཇིགས་རུང་མི་ཁོམས་གནས། །ཉམས་ངའི་གཡང་ས་རྟག་ཏུ་སྤང་གྱུར་ཅིག །རང་སྣང་འཁྲུལ་པའི་གཟུགས་བརྙན་དེ་དག་རྣམས། །སྡུག་བསྔལ་ཀུན་ཞི་བདེ་བ་དམ་པས་འཚོ། །བྱང་ཆུབ་སེམས་གཉིས་རྒྱུད་ལ་རབ་སྐྱེས་ནས། །གནས་ངན་ལེན་པའི་མིང་ཡང་མི་གྲགས་ཤོག །ཀུན་ཀྱང་ཕྱམ་གཅིག་འཁྲུལ་སངས་ཡེ་ཤེས་རྒྱས། །ཡང་ན་དག་པའི་ཞིང་བགྲོད་བྱང་ཆུབ་སྤྱོད། །ཐ་མའང་དལ་འབྱོར་སྡོང་པོ་མཐོ་རིས་ཀྱི། །ཡོན་ཏན་མེ་ཏོག་གསར་པས་མཛེས་པར་ཤོག །རྣམ་གཡེང་ཆོས་བརྒྱད་མལ་དུ་གནས་བཅས་ཏེ། །ལོག་པའི་འཚོ་བས་མི་དགེའི་སྟོབས་བསྐྱེད་ཅིང་། །སྒྲིབ་པ་ལྔ་ཡི་ཁུར་གྱིས་ནོན་པ་ཡི། །གཉིས་ཕུང་ལུས་སུ་ནམ་ཡང་མ་གྱུར་ཅིག །གང་དུ་སྐྱེ་བའི་ཡུལ་དེར་ནད་མུག་མཚོན། །སྙིགས་མའི་རྒུད་པ་གཏན་ནས་མི་འབྱུང་བར། །འགྲོ་ཀུན་མི་ཆོས་ལྷ་ཆོས་གཙང་མར་སྤྱོད། །བཀྲ་ཤིས་ཉི་མ་ཁོར་ཡུག་འཆར་བར་ཤོག །འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ། །སྔོན་ལས་འཕྲལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དབང་ཐང་སྙན་གྲགས་སྟོབས། །ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་ཤོག །མི་དང་མི་མིན་བདུད་བཞིའི་འཚེ་བ་དང་། །ལུས་སེམས་ལས་བྱུང་བྱང་ཆུབ་སྒྲུབ་པའི་གེགས། །ནམ་ཡང་མི་འབྱུང་བྱུང་བའང་ངོས་ཟིན་ཞིང་། །བསམ་དོན་མཐའ་དག་ཆོས་བཞིན་ཡོངས་འགྲུབ་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །འདུལ་མདོ་མངོན་པ་གསང་སྔགས་སྡེ་སྣོད་ཀྱི། །ལུང་རྟོགས་བཤད་སྒྲུབ་ལས་ཀྱི་འཁོར་ལོར་བཅས། །འཇིག་རྟེན་ཀུན་ཏུ་དར་རྒྱས་ཡུན་གནས་ཤོག །རིས་སུ་མ་ཆད་བསྟན་འཛིན་སྐྱེས་མཆོག་རྣམས། །ཕན་ཚུན་ཐུགས་མཐུན་ཕྲིན་ལས་འཛམ་གླིང་ཁྱབ། །སྐུ་ཚེ་རྡོ་རྗེའི་ལྷུན་པོ་ལྟར་བརྟན་ཞིང་། །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཤོག །དགེ་འདུན་སྡེ་གཉིས་དར་རྒྱས་ཚུལ་ལ་གནས། །ཐོས་བསམ་སྒོམ་པས་རང་དོན་ལྷུན་གྱིས་གྲུབ། །མཁྱེན་བརྩེ་ནུས་པས་གཞན་དོན་ཕུན་སུམ་ཚོགས། །འཆད་རྩོད་རྩོམ་པས་རྒྱལ་བསྟན་རབ་གསལ་ཤོག །བསྟན་པ་དཀྲུགས་པའི་ཆགས་སྡང་སྡིག་ལྟ་དང་། །ཀླ་ཀློ་ནག་ཕྱོགས་རྒྱབ་རྟེན་བཅས་པ་ཀུན། །མཐུ་སྟོབས་ཉམས་ཤིང་རྩུབ་འགྱུར་གདུག་པའི་བློ། །སྡིག་མེད་དགེ་བའི་སེམས་སུ་འགྱུར་བར་ཤོག །བསྟན་པ་མཆོད་པའི་རྒྱལ་བློན་ཁྱིམ་བདག་རྣམས། །ཚེ་བསོད་དབང་ཐང་དབྱར་གྱི་མཚོ་བཞིན་རྒྱས། །ཡུལ་ཁམས་སྐྱེ་དགུའི་བདེ་སྐྱིད་ལྷ་དང་མཉམ། །ཀུན་ཀྱང་ངེས་ལེགས་ལམ་ལ་འཇུག་པར་ཤོག །གནས་མལ་འཚོ་བ་གྲོགས་དང་སྦྱོར་བ་སྟེ། །བཟང་པོ་བཞི་ལྡན་མཐུན་པའི་ཡུལ་ལ་གནས། །ཡོན་ཏན་ཀུན་ལྡན་དགེ་བའི་བཤེས་གཉེན་མཆོག །མཉེས་པ་རྣམ་དགུས་ཚུལ་བཞིན་བསྟེན་པར་ཤོག །དམིགས་པའི་འདུན་ཟབ་སྟོན་བྱེད་བླ་མ་བཟང་། །ཐབས་དང་ངེས་འབྱུང་བཟང་པོས་ལེགས་སྨོན་གྲུབ། །མི་མཐུན་ཟིལ་གྱིས་གནོན་པའི་བསོད་ནམས་སྟོབས། །ཉིན་རེ་བཞིན་ཡང་གོང་དུ་འཕེལ་བར་ཤོག །སྲིད་གསུམ་མི་རྟག་གློག་གི་གར་མཁན་ལྟར། །འགྲོ་དྲུག་སྡུག་བསྔལ་གསུམ་གྱི་མེ་འོབས་ཆུད། །ཐར་པ་ཞི་བའི་བདུད་རྩི་དོན་གཉེར་བའི། །ངེས་འབྱུང་བློ་ཡི་བུང་བ་རྩལ་རྫོགས་ཤོག །འདུས་བྱས་ཆོས་རྣམས་སྐད་ཅིག་གཡོ་ཞིང་འཇིག །སྐྱེས་བུའི་ཚེ་སྲོག་རྩལ་ཆེན་མདའ་ལྟར་འགྲོ། །མཐའ་བཞིས་དབང་དུ་བྱས་པའི་འཇིག་རྟེན་ལ། །རྟག་འཛིན་ཞེན་པ་གདིང་ནས་ལོག་པར་ཤོག །ས་བོན་སོ་སོས་བསྐྱེད་པའི་འབྲས་བུ་བཞིན། །བསགས་པའི་ལས་ནི་ནམ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་ཚེ་དགེ་སྡིག་གི །རྣམ་སྨིན་འབྱིན་ལ་སྙིང་ནས་ཡིད་ཆེས་ཤོག །དང་ཞིང་ཡིད་ཆེས་འདོད་དང་ཕྱིར་མི་ལྡོག །དད་པ་རྣམ་བཞིས་ཀུན་རྫོབ་དོན་དམ་གྱི། །དཀོན་མཆོག་གསུམ་ལ་རྒྱུ་འབྲས་ཚུལ་གཉིས་ཀྱིས། །སྐྱབས་སུ་འགྲོ་ཞིང་བསླབ་བྱ་མི་འདོར་ཤོག །ལུང་མ་བསྟན་དང་རྟག་ཆད་ལྟ་བ་སོགས། །ལམ་ལོག་ལམ་གོལ་ཤེས་ནས་སྤང་ནུས་ཤིང་། །བསམ་གཏན་སྙོམས་འཇུག་བཞི་རྣམས་ཚེགས་མེད་པར། །མངོན་དུ་གྱུར་ཀྱང་དེ་ལ་མི་གནས་ཤོག །གཟུངས་སྤོབས་བློ་གྲོས་རྟག་གུས་སྦྱོར་ལྡན་པས། །ཚར་གཅོད་རྗེས་འཛིན་ཀུན་མཁྱེན་རིག་པའི་ལམ། །ཡན་ལག་དང་བཅས་བཅུ་ཕྲག་ཤེས་བྱ་ལ། །འཇིགས་མེད་སྨྲ་བའི་དབང་ཕྱུག་གནས་ཐོབ་ཤོག །དད་སོགས་འཕགས་ནོར་བདུན་གྱི་འབྱོར་པས་ཕྱུག །ཕྱག་རྒྱ་བཞི་ཡིས་ཆོས་ཀུན་སྡོམ་དུ་ཐེབས། །རྗེས་དྲན་དྲུག་གི་དགའ་བའི་རོས་མྱོས་ཤིང་། །ཉིན་མཚན་ཆོས་སྤྱོད་བཅུ་ཡི་དུས་འདའ་ཤོག །ངེས་འབྱུང་བསམ་པས་གཞན་གནོད་གཞི་དང་བཅས། །སྤང་སེམས་མཚུངས་ལྡན་སོ་ཐར་རིས་བརྒྱད་པོ། །མ་ཐོབ་ཐོབ་ཅིང་ཐོབ་པ་མི་ཉམས་བསྲུང་། །ཉམས་པ་ཕྱིར་བཅོས་ཆོ་གས་རྣམ་དག་ཤོག ཁྲིམས་འཆལ་སྲེ་ད་ལྟ་བུའི་དགེ་སྦྱོང་དང་། །ལུག་ལྟར་ལྐུགས་སོགས་སྨད་འོས་གནས་སྤངས་ཏེ། །བརྟན་མཁས་ཡན་ལག་ཀུན་ལྡན་གནས་བརྟན་ནི། །མཐུ་ཆེན་རྒྱལ་བསྟན་གསལ་བའི་ཉི་མར་ཤོག །བདེན་བཞིའི་འཇུག་ལྡོག་མ་ནོར་ཚུལ་བཞིན་རྟོགས། །སྦྱངས་པའི་ཡོན་ཏན་ལ་གནས་ཉན་རང་གི །ཐེག་པས་འདུལ་བའི་བློ་དམན་ཐམས་ཅད་ནི། །ངལ་གསོའི་གོ་འཕང་དག་ལ་སྦྱོར་ནུས་ཤོག །དད་བརྩེ་སྙིང་སྟོབས་ལྡན་ཅིང་རིགས་སད་ནས། །གཞན་དོན་རྫོགས་པའི་བྱང་ཆུབ་དོན་གཉེར་བློས། །ཆེན་པོ་བདུན་ལྡན་སངས་རྒྱས་ཐེག་ལ་ཞུགས། །བྱང་ཆུབ་སེམས་གཉིས་སྐྱེ་བརྟན་གོང་འཕེལ་ཤོག །ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལ་ཞུགས་ཏེ། །སྨོན་འཇུག་དབང་པོ་རིམ་གསུམ་མཐུན་པར་བསྐྱེད། །རྩ་བ་ཡན་ལག་ལྟུང་བས་མི་གོས་ཤིང་། །སྟོབས་བཞིའི་སྒོ་ནས་མྱུར་དུ་སོར་ཆུད་ཤོག །ཉེས་སྤྱོད་ཀུན་སྤང་བསླབ་པའི་རྩ་བ་བརྟན། །ཕ་རོལ་ཕྱིན་དྲུག་དཔག་བསམ་ལྗོན་བཟང་རྒྱས། །བསྡུ་དངོས་ཡལ་ག་སྣུམ་པོའི་གྲིབ་བསིལ་དུ། །དབང་བཅུའི་སྙེ་མས་འགྲོ་ཀུན་འཚོ་བྱེད་ཤོག །རྗོད་བྱེད་སྡེ་སྣོད་གསུམ་གྱི་ཚིག་དོན་རྟོགས། །བརྗོད་བྱ་ལྷག་པའི་བསླབ་པ་རྒྱུད་ལ་འབྱོར། །བརྩེ་དང་སྙན་སྨྲ་བརྟན་དང་ལག་བརྐྱང་བ། །དགོངས་ཟབ་ངེས་འགྲེལ་རྒྱལ་བའི་སྲས་གྱུར་ཤོག །གངས་ཅན་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུའི། །མཁྱེན་རབ་རྒྱ་མཚོར་རྣམ་དཔྱོད་ནོར་བུའི་གཏེར། །གང་ཞིག་གཏམས་པའི་གཞུང་ལུགས་དེ་ཀུན་ཀྱང་། །མཁས་ཚུལ་གསུམ་གྱིས་བྱི་དོར་ནུས་པར་ཤོག །མཚན་ཉིད་གསུམ་དང་བདེན་གཉིས་རྣམ་འབྱེད་མཁས། །རྣམ་རིག་ལས་འདས་མཐའ་བྲལ་དབུ་མ་ཆེའི། །ལྟ་བ་རབ་རྟོགས་འཇིགས་མེད་སེང་གེའི་སྒྲས། །གྲུབ་མཐའི་བློ་ངན་མཐའ་དག་འཇོམས་བྱེད་ཤོག །ཁྱད་པར་ངེས་དོན་ཕྱིར་མི་ལྡོག་པའི་གཏམ། །སྲས་བཅས་རྒྱལ་བ་ཀུན་གྱི་དགོངས་པའི་ཕུགས། །འོད་གསལ་བདེ་གཤེགས་སྙིང་པོའི་དོན་མཐོང་བའི། །ཡེ་ཤེས་བློ་མིག་ཆགས་ཐོགས་བྲལ་བར་ཤོག །ཕྱོགས་ལྷུང་རྩོད་པའི་སྒྲོ་སྐུར་ལས་གྲོལ་ཞིང་། །མཚན་འཛིན་བློ་ཡིས་མ་རེག་མཁའ་བཞིན་དུ། །རྣམ་དག་རང་བྱུང་རྣམ་པ་ཐམས་ཅད་པ། །ཚོགས་གཉིས་ཡོངས་སུ་རྫོགས་ལས་རྟོགས་པར་ཤོག །མཐུན་པའི་རྒྱུ་ཚོགས་འགལ་རྐྱེན་ཀུན་དང་བྲལ། །ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད་བརྟེན་པས། །ཞི་གནས་མཐར་ཕྱིན་སྣང་སྟོང་ཟུང་འཇུག་གི །ཆོས་རབ་རྣམ་འབྱེད་ལྷག་མཐོང་གྲུབ་པར་ཤོག །དྲན་པ་ཉེར་བཞག་ཡང་དག་སྤོང་བ་བཞི། །རྫུ་འཕྲུལ་རྐང་པས་ཚོགས་ལམ་རྣམ་གསུམ་དང་། །དབང་པོ་སྟོབས་ལྔས་སྦྱོར་ལམ་བཞི་བགྲོད་ནས། །རབ་དགའི་ས་ཐོབ་མཐོང་བའི་ལམ་གནས་ཤོག །འཇིགས་པ་ལྔ་བྲལ་མཐོང་སྤང་ཀུན་ལས་གྲོལ། །བྱང་ཆུབ་ཡན་ལག་བདུན་ལ་དབང་འབྱོར་ནས། །འཕགས་པའི་ཡན་ལག་བརྒྱད་ཀྱིས་སྒོམ་ལམ་བགྲོད། །དྲི་མ་མེད་སོགས་ས་བཅུ་མཐར་ཕྱིན་ཤོག །སྒོམ་སྤང་བཞི་བརྒྱ་བཅུ་བཞི་ལྷག་མེད་སྤངས། །ཟག་མེད་ཕུང་པོ་ལྔས་བསྡུས་མི་སློབ་ལམ། །མཐར་ཕྱིན་འོད་ཟེར་ཆེན་པོའི་དབང་ཐོབ་ནས། །ཀུན་འོད་ཏིང་འཛིན་རྣམ་གསུམ་མཐར་ཕྱིན་ཤོག །དག་པ་གཉིས་ལྡན་ཆོས་སྐུ་མངོན་དུ་གྱུར། །ངེས་པ་ལྔ་ལྡན་ལོངས་སྐུ་མཁའ་ལྟར་ཁྱབ། །མཁྱེན་པ་གཉིས་ལྡན་སྤྲུལ་སྐུ་མཐའ་ཡས་ཤིང་། །ཡེ་ཤེས་རྣམ་ལྔའི་རྩལ་ཆེན་རྒྱས་པར་ཤོག །བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། །རྣམ་པར་སྨིན་པའི་མཚན་དཔེ་ཚངས་དབྱངས་ལྡན། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས། །འཁོར་བ་མ་སྟོང་བར་དུ་དོན་བྱེད་ཤོག ༈ །ཐབས་མང་དཀའ་བ་མེད་ཅིང་དབང་རྣོན་ལམ། །མྱུར་བདེ་ཐབས་མཁས་རྡོ་རྗེ་ཐེག་ལ་ཞུགས། །དེ་ཉིད་བཅུ་རིག་དཔལ་ལྡན་བླ་མ་ལས། །དག་རྫོགས་སྨིན་པའི་བྱ་བ་མཐར་ཕྱིར་ཤོག །ཤེས་རབ་ཟབ་མོའི་ལྟ་བས་ཐག་བཅད་ཅིང་། །ཐབས་མཆོག་སྒོམ་པའི་རིམ་པས་ལམ་བགྲོད་ཅིང་། །ལམ་ཁྱེར་སྤྱོད་པ་གསུམ་གྱིས་བོགས་དབྱུང་ནས། །ཟུང་འཇུག་མཆོག་ལ་ཚེ་འདིར་སྦྱོར་བར་ཤོག །རིགས་དྲུག་འཇུག་སྒོས་དབང་དང་དམ་ཚིག་གཟུང་། །སྦྱོར་སྤྱོད་བཅུ་དང་དེ་ཉིད་བཞི་མཐར་སོན། །སྒྲུབ་དང་གྲུབ་པའི་སྤྱོད་པས་འཕྲལ་ཡུན་གྱི། །གྲུབ་པ་གསུམ་ལྡན་བྱ་རྒྱུད་ཉམས་ལོན་ཤོག །རིགས་གསུམ་ཕྱི་འཇུག་ལྔས་སྨིན་ལྷ་དྲུག་དང་། །འཇུག་གནས་ལྡང་བའི་རྣལ་འབྱོར་གཉིས་ཀྱིས་བསྙེན། །སྦྱོར་དང་གྲུབ་པའི་སྤྱོད་པས་འདོད་གཟུགས་དང་། །མཆོག་གི་འབྲས་ཐོབ་སྤྱོད་རྒྱུད་དོན་རྟོགས་ཤོག །དཀྱིལ་འཁོར་རིགས་ལྔའི་དབང་བསྐུར་བཅུ་གཅིག་ནོད། །ཐབས་ཤེས་ཕྱག་རྒྱ་བཞི་དང་དེ་ཁོ་ནས། །དངོས་གྲུབ་ཕྱག་རྒྱའི་ཡེ་ཤེས་མངོན་བྱང་ལྔ། །མཐར་ཕྱིན་རྣལ་འབྱོར་རྒྱུད་ལ་འཇུག་པར་ཤོག །ཐབས་ཤེས་ཟུང་འཇུག་བླ་མེད་སྒོར་ཞུགས་ཏེ། །རྒྱུ་རྒྱུད་ཐོས་དང་བསམ་པས་སྒྲོ་འདོགས་ཆོད། །ལམ་རྒྱུད་སྒོམ་པས་ནང་གི་ས་ལམ་བགྲོད། །འབྲས་རྒྱུད་ཚོགས་གསུམ་རྫོགས་པས་མངོན་འགྱུར་ཤོག །ཟླ་ཉི་ཐབས་ཤེས་རྡོར་སེམས་ཨེ་ཝཾ་དབྱིབས། །ཕྱི་ནང་གཞན་མཆོག་རྣམ་བཅུ་དབང་ལྡན་གྱི། །རྟགས་ལས་རྒྱུད་ཀྱི་གསང་བ་ཟབ་མོ་རྙེད། །དོན་དམ་མངོན་རྟོགས་ཉམས་འོག་ཆུད་པར་ཤོག །རང་རིག་བདེ་ཆེན་རང་བཞིན་བདེ་གཤེགས་སྙིང་། །ལྷན་སྐྱེས་འཁྲུལ་པས་གཉིས་སུ་སྣང་ལས་གྲོལ། །རྩ་རླུང་ཐིག་ལེ་སྐབས་བཞིའི་འཁྲུལ་པ་སྤངས། །གཉུག་མའི་ལུས་སེམས་རྣམ་དག་མངོན་འགྱུར་ཤོག །དཀྱིལ་འཁོར་བཞི་རུ་དབང་བཞིས་སྒྲིབ་བཞི་བྱང་། །ལམ་བཞིའི་སྣོད་རུང་སྐུ་བཞིའི་ནུས་པ་བཞག །རང་གཞན་དོན་ནུས་ཕྱིར་མི་ལྡོག་པ་ཡི། །རྡོ་རྗེ་སློབ་དཔོན་གོ་འཕང་ཐོབ་པར་ཤོག །ཉི་ཤུ་ལྔ་སོགས་རྡོ་རྗེའི་བརྟུལ་ཞུགས་དང་། །རིགས་ལྔ་རིགས་དྲུག་སྡོམ་པ་སྤྱི་བྱེ་བྲག །རྩ་བ་ཡན་ལག་དམ་ཚིག་མི་ཉམས་ཤིང་། །ཉེས་བྱས་ཕྲ་མོ་དག་ཀྱང་སོར་ཆུད་ཤོག །མཚན་ཉིད་བཞི་ལྡན་ལྷ་ཡི་གསལ་སྣང་དང་། །ང་རྒྱལ་སྒྱུ་མའི་འདུན་པས་ཐ་མལ་གྱི། །སྣང་ཞེན་སྤངས་ནས་རྣལ་འབྱོར་བཞིར་འཕོ་བ། །བསྐྱེད་པའི་རིམ་པས་ཐུན་མོང་གྲུབ་བརྙེས་ཤོག །མི་འགྱུར་བདེ་དང་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་ཟུང་འཇུག་རླུང་སེམས་དྷཱུ་ཏིར་བཅིངས། །ལྷན་སྐྱེས་མི་རྟོག་རྣམ་པ་ཐམས་ཅད་པ། །རྫོགས་པའི་རིམ་པས་མཆོག་ལ་སྦྱོར་བར་ཤོག །རང་བྱུང་བརླབས་དང་དཀྱིལ་འཁོར་འཁོར་ལོ་དང་། །ཕྱག་ཆེན་རྒྱུ་སྟེ་སྣང་ཕྱོགས་སྟོང་པའི་ཕྱོགས། །ཟུང་འཇུག་འབྲས་བུའི་རྫོགས་རིམ་ཕྱག་རྒྱ་བཞི། །ཀུན་རྫོབ་དོན་དམ་དབྱེར་མེད་མཐར་ཕྱིན་ཤོག །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རྣམས། །གཉིས་སྤང་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་ཚུལ། །འདོད་འཇུག་བརྟན་སློབ་རིག་པ་བརྟུལ་ཞུགས་ཀྱི། །སྤྱོད་པ་དུས་ཚོད་འབྲེལ་བས་བོགས་དབྱུང་ཤོག །བསམ་གཏན་སྦྱིན་སྲེག་འཕྲུལ་འཁོར་ལས་སྦྱོར་ཏེ། །རྒྱུད་ཀྱི་སྦྱོར་བས་ལས་ཆེན་བཅུ་གཉིས་དང་། །གྲུབ་པ་རྣམ་བརྒྱད་འདོད་གཟུགས་རིག་པ་འཛིན། །དབང་ཕྱུག་བརྒྱད་ལྡན་མཁའ་སྤྱོད་ཆེ་འགྲུབ་ཤོག །ཚེ་གཅིག་ཟུང་འཇུག་རྒྱལ་ས་སྟེར་མཛད་པ། །སྒྲུབ་བརྒྱུད་ནོར་བུའི་ཤིང་རྟ་བསིལ་ལྡན་དུ། །འདྲེན་མཛད་གྲུབ་པའི་དེད་དཔོན་ཐུགས་བཅུད་ཀུན། །ངོམས་པ་མེད་པར་ལོངས་སུ་སྤྱོད་ནུས་ཤོག །རྒྱུད་ལུང་མན་ངག་རིམ་པས་རྒྱུད་སྨིན་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གཟུང་། །ལྟ་སྒོམ་སྤྱོད་པས་རིག་འཛིན་རྣམ་བཞི་དང་། །འབྲས་ཆོས་ཉེར་ལྔ་ལྷུན་གྱིས་རྫོགས་པར་ཤོག །ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ། །ཀ་དག་རང་སྣང་རིས་མེད་དགོངས་རྩལ་རྫོགས། །ལྷུན་གྲུབ་སྣང་བ་བཞི་པོ་ཟད་སར་འཁྱོལ། །འཕོ་ཆེན་གཞོན་ནུ་བུམ་སྐུར་རང་གྲོལ་ཤོག །ཆོས་བརྒྱད་རང་གྲོལ་དད་པ་རྣམ་པར་དག །ཐར་པ་དོན་གཉེར་ངེས་འབྱུང་རྣམ་པར་དག །རང་གཞན་དོན་སྤྱོད་ལྷག་བསམ་རྣམ་པར་དག །བྱང་ཆུབ་ལམ་གྱི་རིམ་པ་མཐར་ཕྱིན་ཤོག །འཁོར་འདས་ཐུན་མོང་ལམ་གྱི་གཞི་བཟུང་སྟེ། །འཁོར་ལོ་འཚམ་པས་འཇིགས་རྟེན་ལམ་མྱུར་བགྲོད། །འཁོར་ལོ་བསྐོར་བ་འདས་པའི་གྲུབ་མཐའ་སྙོགས། །ཚད་མ་བཞི་ལྡན་ལམ་འབྲས་ཉམས་ལོན་ཤོག །ཐབས་ལམ་རྩ་བའི་ཆོས་བཞི་ཡན་ལག་གཉིས། །གྲོལ་ལམ་མདོ་སྔགས་སྙིང་པོ་ཕྱག་རྒྱ་ཆེ། །ཟུང་འབྲེལ་མངའ་བདག་མར་པ་བཀའ་བརྒྱུད་ཀྱི། །གདམས་ངག་བདུད་རྩི་སྙིང་ལ་སིམས་པར་ཤོག །བཤད་རྩོད་སྒྲུབ་པ་སྤྱི་དང་ཁྱད་པར་དུ། །རྩ་བ་སྡོང་པོ་ཡལ་ག་མེ་ཏོག་ཟུང་། །འབྲས་བུ་གསེར་ཆོས་དཔག་བསམ་གྲིབ་བསིལ་དུ། །སྐལ་ལྡན་བྱེ་སྙེད་ངལ་བསོ་སྟེར་ནུས་ཤོག །སྡུག་བསྔལ་ཞི་བྱེད་བཀའ་བབ་རྣམ་པ་གསུམ། ཁྱད་པར་བྱ་བ་གཞི་དང་བྱེད་པ་ལམ། །གཅོད་ཡུལ་ཟབ་མོས་གེགས་སེལ་བོགས་ཐོན་ཅིང་། །སྒྲུབ་པ་གནད་ཀྱི་སྲང་ལ་འཇུག་པར་ཤོག །ཡིད་ཆེས་གསུམ་ལྡན་ལྟོས་མེད་རྣམ་བཞིའི་ངང་། །སོར་བསམ་སྲོག་འཛིན་རྗེས་དྲན་ཏིང་ངེ་འཛིན། །ཐོག་མཐའ་བར་དགེ་རྡོ་རྗེའི་རྣལ་འབྱོར་གྱིས། །འཁོར་ལོ་དྲུག་དག་འགྱུར་མེད་སྐུ་ཐོབ་ཤོག །ལྟ་བ་ཡིན་ལུགས་སྒོམ་པ་རྡོ་རྗེ་གསུམ། །བསྙེན་སྒྲུབ་སྒྲུབ་པ་ཆེན་པོས་སྒོ་གསུམ་གྱི། །སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་པ། །རྡོ་རྗེ་བཙུན་མོའི་ཞལ་ལུང་རབ་སྤྱོད་ཤོག །རིམ་གཉིས་སྒོམ་པས་ཡེ་ཤེས་ཐོག་མར་ཕེབས། །གསལ་སྣང་མཆེད་ཅིང་རྒྱུད་ཀྱི་སྦྱོར་བ་ཡིས། །སེམས་ཅན་དོན་བྱེད་ཡེ་ཤེས་ལ་དབང་བ། །ཚོགས་ལམ་གསུམ་བགྲོད་མངོན་ཤེས་ལྔ་འགྲུབ་ཤོག །སྣང་གསུམ་རྟོགས་པས་སྦྱོར་ལམ་དྲོད་ཐོབ་ཅིང་། །ལས་རྒྱའི་བྱེད་པས་རླུང་སེམས་ཙམ་གྱི་སྐུ། །རྩེ་མོ་ལ་སྦྱོར་ཉེར་བཞིའི་ཡུལ་རྣམས་སུ། །ཕོ་ཉའི་འདུ་བ་ཁྱད་པར་ཅན་ཐོབ་ཤོག །ཕྱག་རྒྱའི་བདེ་སྟོང་འཁོར་ལོའི་སྤྱོད་པ་ཡིས། །རང་བཞིན་བརྒྱད་ཅུའི་རྟོག་པ་མངོན་གྱུར་ནུབ། །བཟོད་ཐོབ་སྣང་བའི་ཡེ་ཤེས་ལ་རེག་པས། །འཇིག་རྟེན་ཆོས་ཀྱི་མཆོག་མཐར་བགྲོད་པར་ཤོག །ལམ་གྱི་ལྷན་སྐྱེས་སྐད་ཅིག་གསུམ་གྱི་མཐར། །དོན་གྱི་འོད་གསལ་མཐོང་ལམ་དང་པོའི་སར། །སྤྲུལ་སྐུའི་དབང་ཐོབ་རང་བཞིན་ས་བོན་སྤང་། །གཉིས་སུ་མེད་པའི་ཡེ་ཤེས་སྐུ་འགྲུབ་ཤོག །སེམས་དང་སེམས་བྱུང་ཕུང་ཁམས་དྭངས་མ་ནི། །ཕྲ་བ་གནས་འགྱུར་སྒོམ་ལམ་ས་དགུ་བགྲོད། །དབང་བཅུ་གཟུངས་ཀྱི་སྒོ་བཞི་རྣམ་ཐར་བརྒྱད། །སོ་སོ་ཡང་དག་རིགས་བཞིས་དོན་བྱེད་ཤོག །ཕྱི་དང་ནང་གི་མངོན་བྱང་མཐར་ཐུག་ནས། །རྒྱུན་མཐར་ལོངས་སྐུའི་དབང་ནོད་མི་སློབ་པའི། །ཟུང་འཇུག་ཁྱབ་རྟག་ཆེན་པོ་གསུམ་དང་ལྡན། །མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེ་ཐོབ་ཤོག །ལོངས་སྤྱོད་ཁ་སྦྱོར་བདེ་སོགས་ཡན་ལག་བདུན། ཁམས་དྲུག་ཟླ་ཉི་དག་པའི་ཡོན་ཏན་བརྒྱད། །བདེ་ཆེན་རོ་མྱང་བརྒྱད་དང་དབང་ཕྱུག་བརྒྱད། །ཕྲ་ཡང་ལ་སོགས་ཡན་ལག་ཀུན་རྫོགས་ཤོག །ཤེས་དང་ཤེས་བྱ་གཅིག་གྱུར་ལོངས་སྤྱོད་རྫོགས། །ལྷུན་གྲུབ་ཕྲིན་ལས་ཐུགས་གསུང་སྐུ་རྡོ་རྗེ། །ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་བདེ་བ་ཆེ། ཁྱབ་བདག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །ཕུང་ཁམས་སྒྲིབ་བྲལ་རིགས་ལྔ་རིགས་དྲུག་གི །རྣམ་འགྱུར་རིགས་བརྒྱ་བྱེ་བ་གྲངས་མེད་ཅིང་། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དེ། །རང་སྣང་དཀྱིལ་འཁོར་མཐའ་ཡས་སྤྲོ་བར་ཤོག །དྲི་བྲལ་ཡེ་ཤེས་ལྔ་དང་དེ་ཉིད་བདུན། །བདེན་དོན་བཅུ་གཉིས་ཤེས་བཅུ་རྣམ་དག་གིས། །ནམ་མཁའ་ཇི་སྲིད་ཉེ་རིང་མི་མངའ་བར། །འགྲོ་ཀུན་ཆོས་ཀྱི་དབྱིངས་སུ་སྒྲོལ་བར་ཤོག །མདོར་ན་རྒྱལ་བ་སྐུ་གསུམ་མྱུར་ཐོབ་ནས། །གང་ལ་གང་འདུལ་རྣམ་འཕྲུལ་ཚད་མེད་པས། །འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྟོན་ཞིང་། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སྦྱོང་དང་། །སྐྱེ་འཕགས་ཀུན་གྱི་ཡོན་ཏན་ཇི་སྙེད་པ། །བདག་ལ་རྫོགས་ནས་སེམས་ཅན་དོན་བྱེད་ཤོག །སྲིད་པའི་མཚོ་ལས་སྒྲོལ་བའི་དེད་དཔོན་མཆོག །སྡིག་ལྟུང་དྲི་མ་བཀྲུ་བྱེད་ལྷ་ཡི་ཆབ། །ཕན་བདེའི་དགོས་རྒུ་འབྱུང་བའི་ནོར་བུའི་གཏེར། །དུག་གསུམ་མུན་སེལ་ཉི་ཟླ་དང་མཚུངས་ཤོག །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱིས། །འགྲོ་བའི་དོན་དུ་ཐུན་མོང་ཁྱད་པར་གྱི། །རྣམ་དག་སྨོན་ལམ་ཇི་ལྟར་བཏབ་པ་ཀུན། །བདག་གིས་མྱུར་དུ་གེགས་མེད་འགྲུབ་པར་ཤོག །ཅེས་པ་འདིའང་གཞུང་ལུགས་དུ་མ་ལ་མཁྱེན་དཔྱོད་ཀྱི་བློ་གྲོས་རྒྱས་ཤིང་བསླབ་པ་གསུམ་གྱི་རྒྱུད་ཕྱུགས་པ་བླ་མ་དམ་པ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ (Volume 14, Text 17)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་ཀུན་ཏུ་བཟང་། །གདུག་པ་འདུལ་ཕྱིར་དཔལ་ཆེན་ཁྲག་འཐུང་དགུའི། །སྒྱུ་འཕྲུལ་ཉམས་བརྒྱར་འཆར་བའི་འཁོར་ལོ་ཆེར། །གུས་པས་འདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །བདེ་གཤེགས་དགོངས་པའི་ཆུ་ཀླུང་ཀུན། །འདུས་པའི་རྒྱ་མཚོ་ཆེར་འཇུག་པ། །འདི་ལས་དངོས་གྲུབ་འདོད་དགུའི་དཔལ། །ཐོབ་ཕྱིར་འཆད་ལ་སྤྲོ་བ་སྐྱེས། །དེ་ཡང་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་ཅིང་། དེའི་དུས་སུ་ཁས་བླངས་པའི་སྡོམ་པ་དང་དམ་ཚིག་ལ་གནས་པ། བསྐྱེད་པའི་རིམ་པ་ལ་སོགས་ཏེ་ལམ་གྱི་གནས་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་གནང་བ་ལེགས་པར་ཐོབ་པའི་སྔགས་པ་བླ་ན་མེད་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པས། ཡིད་དང་མཐུན་པའི་གནས་ཁང་ཡོངས་སུ་བརྒྱན་ཅིང་དཔལ་ཆེན་པོའི་སྐུ་རྟེན་སོགས་བཀོད་པའི་མདུན་དུ་སྟེགས་གཙང་མར་དཔལ་གྱི་གཏོར་མ་སྨན་རག་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་པའི་ཚོགས་དང་། ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱས་ནས། ཕྲིན་ལས་ཀྱི་ཆོ་ག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། ཚོགས་གསག་རྡོར་བཟླས་ང་རྒྱལ་བཟུང་། །བཀའ་བསྒོ་མཚམས་བཅད་སྒོ་དབྱེ་ཕྱག །བཤགས་པ་དམ་བཅའ་བྱིན་དབབ་བརླབ། །ཅེས་པ་ལྟར་བྱ་བ་ལས། ཐོག་མར་བདེ་བའི་སྟན་ལ་འདུག་སྟེ། བགེགས་གཏོར་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་འབྲུ་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གཞི་བདག་དང་འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། །དང་པོ་ཚོགས་གསག་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གཉིས་པ་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པའི་ཉམས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བས་སྡིག་སྒྲིབ་ཐམས་ཅད་སྦྱང་པར་བསམ་ལ་ཡིག་བརྒྱ་བཟླ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ། གསུམ་པ་ང་རྒྱལ་བཟུང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཞགས་པ་ལྕགས་སྒྲོག །གཡོན་གསུམ་བྷན་དམར་དགྲ་སཏྭ་ལྕགས་ཀྱུ་འཛིན་པ། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམས་ལ། བཞི་པ་བཀའ་བསྒོ་བ་ནི། ཧཱུྃ། བདེ་གཤེགས་འདུས་པའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་ནི་མ་གཏོགས་པ། །དམ་མེད་བདུད་རིགས་འབྱུང་པོའི་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས། །སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས། །རྡུལ་དུ་བརླག་པར་གདོན་མི་ཟ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བཟླ་ཞིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ལྔ་པ་མཚམས་བཅད་པ་ལ་གསུམ་ལས། དང་པོ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ་ཏེ་སྒྲུབ་ཆེན་གྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ནང་མཚམས་ལ་ལྔ་ལས་འབར་བ་སྟངས་སྟབས་ཀྱི་མཚམས་ནི། ཧཱུྃ། བདག་ཉིད་ལས་ཀྱི་ཧེ་རུ་ཀ །རྔམ་བརྗིད་ཁྲོས་པའི་སྐུར་བསྒོམས་ཏེ། །སྤྱན་མིག་གཡས་གཡོན་ཉི་ཟླར་འབར། །རྡོ་རྗེའི་འགྲོས་ཀྱིས་རབ་བསྐོར་ཞིང་། །ཧཱུྃ་ཕཊ་ང་རོ་འབྲུག་ལྟར་སྒྲོག །ཁྲོས་པའི་སྡང་མིག་མེ་འབར་བས། །བགེགས་ཚོགས་མ་ལུས་བསྲེག་པར་བྱ། །ཨོཾ་སཱུརྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། སྲུང་བ་འཁོར་ལོའི་མཚམས་ནི། ཧཱུྃ། སྣང་སྲིད་འཁོར་ལོ་རྩིབས་བཅུར་འབར། །དེ་དབུས་དཔལ་ཆེན་ཐུགས་ཀ་ནས། །འདོད་རྒྱལ་དམར་སྐྱ་ཐོ་བ་དང་། །ལྕགས་ཀྱུ་འཛིན་པ་ཕྱོགས་བཅུར་འཕྲོས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །རྩིབས་ནང་ཕྱོགས་བཅུར་གདན་དུ་བཏིང་། །ཕོ་མོ་གན་རྐྱལ་ཁ་བུབ་བསྣོལ། །ཧཱུྃ་བཞི་པའི་མཐར། ཨོཾ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡ། ནིརྀར་ཏ་ཡ། ཝ་རུ་ཎ་ཡ། ཝ་ཡ་བེ། ཀུ་བེ་ར་ཡ། ཨི་ཤ་ནཱ་ཡ། ཨཱུརྡྷ་བ་ཏ་ཡེ། སཱུརྱ་ཙནྡྲ། ཏི་ར་བཾ། ཛཿཧཱུྃ་བཾ་ཧོཿ ཕྱོགས་སྐྱོང་བཅུ་ཕྱོགས་བཅུར་གདན་དུ་བཏིང་བར་གྱུར། ཧཱུྃ། བདག་ཉིད་ཐུགས་ནས་འབར་བའི་ཧཱུྃ། །བཅུ་འཕྲོས་ཁྲོ་བོ་བཅུ་རུ་གྱུར། །ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན། །གཤིན་རྗེ་མི་གཡོ་རྟ་མགྲིན་དང་། །འདོད་རྒྱལ་འཁྱིལ་པ་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་སྟེ་ཐམས་ཅད་སྟོད། །ཞལ་གསུམ་ཕྱག་དྲུག་གཏུམ་བརྗིད་འབར། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ཕྱོགས་སྐྱོང་སྙིང་ཟུག་གདོན་བགེགས་འཇོམས། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་ཁྲོ་བོ་བཅུས་ཕྱོགས་སྐྱོང་རྣམས་ཀྱི་སྙིང་གར་གཟིར་བས་རྟོག་མེད་བདེ་བ་ཆེན་པོར་བརྒྱལ་བར་བསམ་མོ། །སྲེག་བྱེད་མེའི་མཚམས་ནི། ཧཱུྃ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡེ་ཤེས་ལྔ་ཡི་མེ་འབར་བས། །སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ཀུན། །བསྐལ་པའི་མེ་དཔུང་ཆེན་པོ་བཞིན། །འུར་འུར་ཆེམ་ཆེམ་རབ་ཏུ་འབར། རྡོ་རྗེའི་ཚྭ་ཚྭ་ཞུགས་སུ་འཕྲོ། །སྲིད་པ་གསུམ་ཡང་སྲེག་བྱེད་ན། །བར་གཅོད་བདུད་རྣམས་སྨོས་ཅི་དགོས། །ཨོཾ་བཛྲ་ཛྭ་ལ་རཾ་རཾ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ། ཞེས་འཁོར་ལོའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་འབར་བས་སྟོང་ཁམས་གང་ཞིང་གདོན་བགེགས་བག་ཆགས་དང་བཅས་པ་བསྲེགས་པར་བསམ། མཚོན་ཆ་འཆོལ་བའི་མཚམས་ནི། ཧཱུྃ། ཐུགས་ལས་ཨོཾ་ཧཱུྃ་ཕཊ་ཨེ་ཛཿ སྤྲོས་པས་རྡོ་རྗེ་འཁོར་ལོ་དང་། །ཕུར་བུ་ཐོ་བ་རལ་གྲིར་གྱུར། །སྟེང་ཡང་མཚོན་ཆའི་བླ་རེ་ལ། །མཚོན་ཆའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་མཚོན་ཆའི་ས་གཞི་ལ། །མཚོན་ཆའི་འཕྲོ་འདུ་མེ་ལྟར་འབར། །ཕྱོགས་མཚམས་མཚོན་ཆས་གཏམས་པ་ལ། །མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །མཚོན་ཆ་རྣམ་ལྔས་མཚམས་བཅད་པས། །བར་གཅོད་བདུད་དཔུང་བརླག་པར་བྱེད། །ཨོཾ་བཛྲ་ཙཀྲ་ཀཱི་ལ་ཡ་མུངྒ་ར་ཨཱ་ཀོ་ཊ་ཡ་ཏཱིཀྵྞཱ་ཧཱུྃ་ཕཊ། ཅེས་ཕྱོགས་མཚམས་ཐམས་ཅད་མཚོན་ཆའི་འཁོར་ལོ་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བར་བསམ་མོ། ཁྲོ་བོ་རོལ་པའི་མཚམས་ནི། ཧཱུྃ། མི་བཟད་ཁྲོ་གཏུམ་རྔམ་པའི་ཚོགས། ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །བར་སྣང་ཁྲོ་ཆུང་སྤྲུལ་པས་ཁྱབ། །ཕོ་ཉ་ལས་བྱེད་དུ་མར་བཅས། །ཕྱོགས་བཅུ་ཀུན་ཏུ་རབ་ཏུ་གཏམས། །ཨོཾ་ལོ་ཀ་སརྦ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀ་པདྨཱནྟ་ཀྲྀཏ་ཀརྨ་ཀྲོ་དྷ་མ་མ་རུ་ལུ་སརྦ་དུཥྚཱན་ཧཱུྃ་ཕཊ། ཅེས་པས་ཕྱོགས་བཅུར་ཁྲོ་བོ་རོལ་པའི་སྤྲིན་གྱིས་གཏིབས་པར་བསམ་མོ། །གསུམ་པ་གསང་མཚམས་ནི། ཧཱུྃ། མ་བཅོས་ཐིག་ལེའི་ཀློང་ཡངས་ལས། །འཁོར་འདས་ཆོས་རྣམས་མ་ལུས་པ། །སེམས་ཉིད་བདེ་ཆེན་དག་པའི་ཀློང་། །དེ་ལྟར་གསལ་བར་རབ་རྟོགས་ན། །བགེགས་ཞེས་བྱ་བའི་མིང་ཡང་མེད། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ས་མ་ཡ་ཨ་ཏི། ཞེས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་མི་དམིགས་སྤྲོས་བྲལ་བདེ་བ་ཆེན་པོར་ལ་ཟླའོ། །དྲུག་པ་བརྡའ་སྒོ་དབྱེ་བ་ནི། ཧཱུྃ། སྣང་སྲིད་འཁོར་འདས་གདོད་མ་ནས། །རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །མ་རྟོགས་གཉིས་འཛིན་སྒྲིབ་གཡོགས་སྒོ །རང་རིག་བརྡ་ཡིས་དབྱེ་བར་བྱ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཅེས་སྣོད་བཅུད་ཡེ་ནས་གཞལ་ཡས་ཁང་དང་ལྷར་རྫོགས་པ་རྟོགས་པའི་ཚུལ་གྱིས་སོ། །བདུན་པ་བརྡ་ཕྱག་ནི། ཧཱུྃ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཉིད། །བརྡ་དང་གར་གྱིས་མཚོན་ནས་ཀྱང་། །གཉིས་སུ་མེད་པར་ཕྱག་བགྱི་འོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་སྣོད་བཅུད་ལྷའི་དཀྱིལ་འཁོར་དེ་ཉིད་རང་ལས་གཞན་དུ་མི་དམིགས་པའི་ཚུལ་གྱིས་སོ། །བརྒྱད་པ་བཤགས་པ་བྱ་བ་ནི། ཧཱུྃ། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་དང་། །ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པ། །རང་སྣང་དག་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །རིག་འཛིན་སྒྲུབ་མཆོག་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་མ་རིག་དབང་གྱུར་པས། །ཐེག་མཆོག་གསང་བའི་ལྟ་སྤྱོད་དུ་མ་རྣམས། །གཞུང་བཞིན་མ་རྟོགས་དང་དུ་མ་བླངས་པས། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །སེམས་ཉིད་གནས་ལུགས་ངང་དུ་གཉིས་མེད་ཀྱང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ནི། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་འབྲས་བུ་མཆོག །རྩོལ་བ་མེད་པར་དུས་འདིར་འགྲུབ་པར་མཛོད། །་ཅེས་དང་ཡིག་བརྒྱ་བཟླ། སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་བྱའོ། །དགུ་པ་དམ་བཅའ་བ་ནི། ཧོཿ ཁམས་གསུམ་སེམས་ཅན་མ་ལུས་པ། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །ལོག་རྟོག་དབང་གིས་འཁོར་བར་འཁྱམས། །སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས། །སངས་རྒྱས་ས་ལ་འགོད་བྱའི་ཕྱིར། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས། །སྔོན་ནས་བདག་གི་ཡི་དམ་ལྷ། །ད་ལྟ་བདག་དང་གཉིས་སུ་མེད། །སྲོག་གི་ཕྱིར་ཡང་མི་སྤོང་ཞིང་། །རྩེ་གཅིག་ཡིད་ཀྱིས་བསྒྲུབ་པར་བྱ། །ཨ་ལ་ལ་ཧོཿ ས་མ་ཡ་བོ་དྷི་ཙིཏྟ་ཨ། བཅུ་པ་བྱིན་དབབ་པ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །ཆོས་སྐུ་སྐྱེ་བ་མེད་པ་ལས། གཟུགས་སྐུས་འགྲོ་བའི་དོན་བགྱིད་ཕྱིར། །གཉིས་མེད་དབྱིངས་ནས་སྐུ་བཞེངས་ཤིག །རྣལ་འབྱོར་རིག་འཛིན་སྒྲུབ་པ་པོས། །དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར། །ལྷ་དང་རིག་འཛིན་སྲུང་མའི་ཚོགས། །སྤྲུལ་པ་འཁོར་དང་བཅས་པ་རྣམས། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །དབང་མཆོག་མ་ལུས་བདག་ལ་སྐུར། །སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས། །གསུང་གི་ང་རོ་འབྲུག་ལྟར་ལྡིར། །ཐུགས་ཀྱི་བརྩེ་བས་བདག་ལ་དགོངས། །དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །སྒྲུབ་རྫས་རྣམས་ལ་བྱིན་གྱིས་རློབས། །གཞལ་ཡས་འདི་ལ་བརྟན་པར་བཞུགས། །མཐུ་དང་རྩལ་གྱི་ནུས་པ་ཕྱུངས། །རྟགས་དང་མཚན་མ་དངོས་སུ་སྟོན། །ཐུགས་དམ་གཉན་པོའི་དུས་ལ་བབ། །ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཨཱ། ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། བཅུ་གཅིག་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་བྱིན་གྱིས་བརླབ། བདུད་རྩི་ལ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོོའི་སྒྱེད་བུ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བར་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས་པའི་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་རྣམས་ཀྱི་ཁ་གཅོད་ཟླ་དཀྱིལ་དཀར་པོ་དབྱངས་གསལ་གྱིས་མཚན་པའི་ལྟེ་བར་རྡོ་རྗེའི་ཁོང་སེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། རླུང་གཡོས་མེ་སྦར་རྫས་རྣམས་ཞུ། རླངས་པ་ལས་བྱུང་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས། དེ་ཉིད་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། །ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་རཱ་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་རཱ་ཏི། ཨཱཾ་ཨཱ་རོ་ལྀཀ྄ །པཱཾ་རཱ་ག་རཱ་ཏི། ཧཱ་པྲ་ཛྙཱ་དྷྲྀཀ྄ ཏཱཾ་བཛྲ་རཱ་ཏི། དེ་རྣམས་ལས་སྐུ་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པར་གྱུར། ས་མ་ཡ་ཧོཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་ཐམས་ཅད་ལ་མཉེས་མཆོད་ཕུལ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་ཚུར་འདུས་ཞལ་དུ་ཞུགས་བྱང་སེམས་བདུད་རྩིའི་རང་བཞིན་དུ་གྱུར་པས་སྐུའི་དབྱིབས་བརྒྱུད། མཁའ་གསང་ལས་ཐོན་ཏེ་དམ་ཚིག་གི་རྫས་ལ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ་པའི་རྡོ་རྗེའི་ལྟེ་བར་རྟ་མགྲིན་དམར་པོ་ཡུམ་དང་བཅས་པས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཞེས་བདུན་ནམ་ཉེར་གཅིག་བཟླ། རཀྟ་ལ། སྟོང་པའི་ངང་ལས་རཀྟའི་སྣོད་ཡུམ་གྱི་མཁའ་དབྱིངས་སུ་ཉི་མ་ལ་གནས་པའི་ར་ཡིག་དམར་པོ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་ཆགས་པ་ཆེན་པོའི་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། གདུག་པ་ཅན་རྣམས་དབང་དུ་བསྡུས་ནས་རཀྟ་ལ་ཐིམ། ཧཱུྃ་བཛྲ་ཕཊ། ཡབ་ཀྱི་རྡོ་རྗེ་ཐོ་བར་གྱུར་པས་གཟིར་ཞིང་བརྡུངས་པས་ཉོན་མོངས་བག་ཆགས་དང་བཅས་པ་སྦྱངས་ནས་རཀྟའི་རྒྱ་མཚོ་ཞིང་ཆེན་གྱི་ལྷུ་དུམ་ཅན་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། བདུན་ནམ་གསུམ་བཟླ། གཏོར་མ་ལ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་བལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། གསུམ་མམ་བདུན་བརྗོད། ཛ་གད་ལ། ཛ་གད་ཀྱི་བུམ་པ་འོད་ཀྱི་གཞལ་ཡས་ཁང་དུ་མཱཾ་ལས་མ་མཱ་ཀི་སྔོན་མོ་ཡིད་དུ་འོང་བའི་ལང་ཚོ་ཅན་བདུད་རྩིའི་བུམ་པ་ཐོགས་པས་སྟོང་ཁམས་ཀྱི་འབྱུང་ལྔའི་བཅུད་ཐམས་ཅད་བསྡུས་ནས་ཛ་གད་ལ་ཐིམ་པར་གྱུར། ཨོཾ་མ་མཱ་ཀི་རི་ཀི་རི་ཏིཥྛ་ཛྙཱ་ན་མཱཾ་སྭཱ་ཧཱ། ཞེས་བཟླ། ཟླ་གམ་ལ། ཧཱུྃ་ལས་ཐབས་ཟླ་བ་དཀར་པོ་དང་། མཱུཾ་ལས་ཤེས་རབ་ཉི་མ་དམར་པོ་མཉམ་པར་སྦྱར་བ་ལས་བདེ་སྟོང་བྱང་སེམས་ཀྱི་བདུད་རྩི་ཆེར་འཕེལ་བས་དགའ་བཞིའི་ཡེ་ཤེས་མཆོག་ཏུ་སྐྱེད་པའི་ནུས་པ་ཅན་དུ་གྱུར། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ ཞེས་བཟླ། ཚེ་ཟན་ལ། བྷྲཱུྃ་ལས་ཚེ་ཟན་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་གདན་ལ་ཧྲཱིཿལས་ཚེ་དཔག་མེད་དཀར་པོ་ཚེའི་བུམ་པ་འཛིན་པ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་འགུགས་བསྟིམས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བུམ་ནང་དུ་བསྐྱིལ་བར་བསམ། ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ། ཞེས་བཟླ། འདིར་རྫས་རྣམས་ཀྱི་ཆེ་བ་བརྗོད་པའི་ཚིགས་བཅད་རྣམས་འདོན་པར་སྤྲོ་ན་ཡིག་རྙིང་བཞིན་བྱའོ། །དེ་ལྟར་བཅུ་གཅིག་ནི་སྔོན་འགྲོའི་ལས་རིམ་མོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། །ཏིང་འཛིན་རྣམ་གསུམ་རྟེན་དང་གདན། །བརྟེན་པ་དབང་བསྐུར་སྤྱན་དྲངས་བཞུགས། །ཕྱག་མཆོད་བསྟོད་པ་འཛབ་བཟླས་སོ། །ཞེས་པའི་དང་པོ་ཏིང་ངེ་འཛིན་གསུམ་ལས་དེ་བཞིན་ཉིད་ནི། ཧཱུྃ། རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་ཡེ་གདལ་གཏིང་མཐའ་མེད། །མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང་། །བརྗོད་མེད་བསམ་འདས་མཉམ་ཉིད་དབྱིངས་སུ་རྫོགས། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་ལ་མཉམ་པར་བཞག །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཉིད་ལ། གཟུང་འཛིན་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། །རྩོལ་མེད་དབྱིངས་ལས་འགག་པ་མེད་པའི་ཕྱིར། །སྒྱུ་མའི་ཕྱག་རྒྱ་བྱེ་བྲག་ཅིར་ཡང་གསལ། །ཨཱཿདྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་བཞིན་དེ་མ་རྟོགས་པའི་འགྲོ་བ་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བའོ། །རྒྱུའི་ཏིང་ངེ་འཛིན་ནི། ཆོས་ཉིད་དབྱིངས་སུ་ཐམས་ཅད་སངས་རྒྱས་ཤིང་། །སྐྱེ་མེད་བདེ་ཆེན་ངང་དུ་རོ་གཅིག་ཀྱང་། །སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ཀྱིས། །རང་རིག་ཡེ་ཤེས་ཆོས་སྐུ་མངོན་དུ་ཤར། །ཧཱུྃ་བཛྲ་ཙིཏྟ་ཧཱུྃ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་མདངས་ཧཱུྃ་ཡིག་མཐིང་ནག་ནམ་མཁར་གནས་པར་གྱུར། ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་སྣོད་བཅུད་སྦྱངས། །དྭངས་མའི་ཧཱུྃ་ཡིག་རྡོ་རྗེ་རྩེ་ལྔར་གྱུར། །དེ་ལས་རྒྱུ་ཡི་ཁྲག་འཐུང་ཡེ་ཤེས་སེམས། །མཐིང་གསལ་རང་སྣང་ཡུམ་བཅས་མཁའ་ལ་གསལ། །ཞེས་གསལ་གདབ་བོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ནམ་མཁར་གནས་པའི་ཧེ་རུ་ཀའི་ཐུགས་ཀ་ནས་ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད་པ་ལས། ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཝཱ་ཡུ་མཎྜ་ལ། ར་རཀྟ་མཎྜ་ལ། སུཾ་ཏི་ར་མཎྜ་ལ། ཀིཾ་ནི་རི་ཏི་མཎྜ་ལ། རཾ་ཛྭ་ལ་མཎྜ་ལ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་རྟེན་གྱི་དཀྱིལ་འཁོར་དེ་ཉིད་གསལ་གདབ་པ་ནི། ཨེ་ལས་ནམ་མཁའ་མཐིང་ནག་འབྱམས་ཀླས་དབྱིངས། །ཡཾ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་གཡོ། །དེ་སྟེང་ར་ལས་ཁྲག་མཚོ་དམར་ཟླུམ་འཁྲུགས། །སུཾ་ལས་ཞིང་ཆེན་ས་གཞི་གྲུ་བཞིར་གདལ། །ཀེཾ་ལས་རུས་པའི་རི་རབ་བང་རིམ་བཞི། །རཾ་ལས་བསྐལ་པའི་མེ་ཆེན་འབར་བའི་ཀློང་། །པཾ་ལས་འདབ་སྟོང་པདྨའི་གེ་སར་ལ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་སྲ་ཞིང་བརྟན། །དེ་སྟེང་མཁའ་ལས་བྷྲཱུྃ་ཡིག་ལྔ་ལྡན་བབས། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། །བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང་། །མརྒད་བཻ་ཌཱུརྻ་ཡི་རང་བཞིན་ཅན། །རྡོ་རྗེ་ནོར་བུའི་རྩིག་སྟེང་རིན་པོ་ཆེའི། །ཕ་གུ་སེར་པོ་དེ་སྟེང་མུ་ཏིག་གི །དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་མཛེས། ཁང་བརྩེགས་ཕྱུར་བུར་རྡོ་རྗེ་ནོར་བུའི་ཏོག །སྣ་ཚོགས་རིན་ཆེན་འོད་འཕྲོ་རྨང་གི་གཞིར། །འདོད་སྣམ་དམར་པོར་གཟུང་མ་བཅུ་དྲུག་འཁོད། །སྒོ་བཞིར་ཀ་བ་བཞིས་བཏེགས་ཏྭ་ར་ཎ། །བང་རིམ་བརྒྱད་ལྡན་ཆོས་འཁོར་རི་དྭགས་གདུགས། །ངོ་མཚར་ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི། །གཞལ་ཡས་ཁང་ནང་རྡོ་རྗེའི་གདུང་བཞི་ཡིས། །མིག་མང་རིས་བྲིས་སོ་སོའི་ནང་ཁོངས་སུ། །དུར་ཁྲོད་རོལ་པའི་གཞལ་ཡས་ཁང་པ་དགུ །རིམ་གསུམ་ཐོད་པའི་རྩིག་པར་ཁྲག་ཞག་འབབ། །ཤ་ཆེན་འདོད་སྣམ་ཕ་གུར་ཐོད་པས་དཀྲིགས། །རྐང་ལག་ཤར་བུ་སྒལ་ཚིགས་མདའ་ཡབ་ཅན། །རྒྱུ་རློན་རུས་པའི་དྲྭ་ཕྱེད་ཐོད་ཚལ་འཕྱང་། །མི་རོའི་རྒྱལ་མཚན་འཕན་གདུགས་ཙིཏྟའི་ཏོག །ལྷ་ཀླུའི་ཀ་གདུང་གཟའ་སྐར་དྲལ་ཕྱམ་བྱས། །ཞིང་ལྤགས་ཐོག་ཕུབ་ཉ་སྦྲུལ་ཟ་ར་ཚགས། །རབ་འཇིགས་ཕོ་བྲང་ཀུན་དབུས་མཐིང་ནག་ཨེ། །རྩིབས་བཞི་མུ་ཁྱུད་ཁྱམས་དང་བཅས་པ་འོ། །ཕྱི་རོལ་འཁོར་ཡུག་དུར་ཁྲོད་ཆེན་པོ་བརྒྱད། །མཆོད་རྟེན་ཤིང་མེ་སྤྲིན་ཆུ་གྲུབ་པ་བརྒྱད། །ལྷ་ཀླུ་ཕྱོགས་སྐྱོང་མ་མོ་ཞིང་སྐྱོང་དང་། །ཤ་ཟ་རོ་ལངས་གསར་རྙིང་བམ་རོའི་ཚལ། །དེ་མཐར་གཞོམ་མེད་རྡོ་རྗེ་སྲུང་བའི་གུར། །མི་ཕྱེད་རབ་འབར་ཕྲེང་བ་འཁྲིགས་པས་བསྐོར། །གསུམ་པ་གདན་བསྐྱེད་པ་ནི། རུ་དྲ་ཀྲོ་དྷཱི་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཕོ་བྲང་ལྟེ་བར་བཻ་ཌཱུར་རང་བཞིན་བྲག །འགྲོ་དྲུག་སྣ་ཚོགས་པདྨའི་གེ་སར་ལ། །རབ་འབར་ཉི་མ་དཀར་གསལ་ཟླ་བའི་དཀྱིལ། །དབང་པོ་ཚངས་པ་དབང་ཕྱུག་ཁྱབ་འཇུག་དང་། །ཉེ་དབང་གཞོན་ནུ་བྷྲྀཾ་གི་ཚོགས་བདག་ལྷ། །མཐའ་ཡས་འཇོག་པོ་དུང་སྐྱོང་སྟོབས་ཀྱི་རྒྱུ། །པདྨ་པད་ཆེན་ནོར་རྒྱས་རིགས་ལྡན་ཀླུ །བསྣོལ་མར་བརྫིས་སྟེང་སེང་གེ་སྟག་གཟིག་དོམ། །གླང་ཆེན་མ་ཧེ་ཆུ་སྲིན་སྦྲུལ་གྱི་ཁྲིར། །གསེར་འཁོར་བཅུ་གཉིས་རྩིབས་ལྡན་ལྟེ་བ་རུ། །མ་ཧཱ་དེ་བ་ཨུ་མ་དེ་བཱིར་བཅས། །ཕྱོགས་མཚམས་བརྒྱད་པོར་པདྨ་ཉི་ཟླའི་སྟེང་། །རུ་དྲ་ཆུ་གླང་ཀླུ་དབང་ལྷ་ཆེན་པོ། །མ་མོ་དར་ཟབ་དྲེགས་པ་དགྲ་བགེགས་རྣམས། །ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །བཞི་པ་བརྟེན་པ་ལྷ་བསྐྱེད་པ་ནི། ནམ་མཁར་གནས་པའི་ཧེ་རུ་ཀ་ཡབ་ཡུམ་དབུས་ཀྱི་གདན་ལ་འཁོད། ཆགས་པ་ཆེན་པོས་སྙོམས་པར་ཞུགས་པའི་དགའ་བའི་རོས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གྱི་དོན་བྱས། སླར་ཉིད་ཀྱི་སྐུ་ལ་བསྡུས་ནས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བར་གྱུར་པ་ལ་དབྱིངས་ཕྱུག་མས་ཆོས་ཉིད་སྟོང་པའི་རང་སྒྲས་བསྐུལ་བ། ཧོཿ ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ཆོས་ཀྱི་དབྱིངས་ལས་དམ་ཚིག་ཉེ་བར་བཞེངས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ཆོས་ཀྱི་དབྱིངས་ནས་བཞེངས། །ཞེས་བསྐུལ་པས་ཐིག་ལེ་དེ་ཉིད་ཧཱུྃ་མཐིང་ནག་འབར་བར་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་ཡིག་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཅས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར་པ་ནི། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་འབར་ཞིང་བཟོད་པར་དཀའ་བའི་གཟི་བྱིན་ཅན། དབུ་དགུའི་རྩ་བའི་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །བར་པའི་ཞལ་གསུམ་གཡས་དམར་གཡོན་ལྗང་དབུས་སྔོ་བ། སྟེང་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་འབར་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་ཀྱི་གཉིས་པ་ན་ཁ་ཊྭཱཾ་ག །གསུམ་པ་ན་ཌཱ་མ་རུ། བཞི་པ་ན་འཁོར་ལོ། ལྔ་པ་ན་རིན་པོ་ཆེ། དྲུག་པ་ན་པདྨ། བདུན་པ་ན་རལ་གྲི །བརྒྱད་པ་ན་དགྲ་སཏྭ། དགུ་པ་ན་ཞགས་པ། ལྷག་མ་གཡོན་གྱི་གཉིས་པ་ན་ཞིང་དབྱུག །གསུམ་པ་ན་ཐོང་གཤོལ། བཞི་པ་ན་ཉི་མ། ལྔ་པ་ན་ཟླ་བ། དྲུག་པ་ན་རི་རབ། བདུན་པ་ན་ཁྲག་མཚོ། བརྒྱད་པ་ན་མེ་དཔུང་། དགུ་པ་ན་རླུང་ནག་འཛིན་པ། ཞབས་བརྒྱད་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟབས་ཀྱིས་ལྷ་ཆེན་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། སྒེག་པ་སོགས་མཆོག་ཏུ་འབར་བའི་གཟི་བྱིན་རྒྱས་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། ཚར་གསུམ་ཐོད་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། གདུག་པའི་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་དཔལ་གྱི་ཆས་བཅུ་རྫོགས་པ། དེའི་པང་དུ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་ག་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་ཞལ་དུ་སྟོབ་པ། ཁྲོ་མོའི་རྒྱན་ཅན་ཞབས་གཉིས་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང་། གཡས་བརྐྱང་བའི་སྟབས་ཀྱིས་སྙོམས་པར་འཇུག་པ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན། བཟོད་པར་དཀའ་བའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་བསྐལ་པའི་མེ་དཔུང་ཆེན་པོའི་ཀློང་ན་བཞུགས་པའོ། །མཁའ་གསང་བྱིན་རླབས་ནི། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་གསང་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུར་ཉི་མ་ལ་མུཾ་གྱིས་མཚན་པར་བལྟས་ལ་ཡབ་ཀྱིས་ས་མ་ཡ་ཧོཿཞེས་བསྐུལ། ཡུམ་གྱིས་ས་མ་ཡ་སཏྭཾ་ཞེས་ལན་བྱིན། སླར་ཡང་ཡབ་ཀྱིས་རཱ་ཧོ་ཧཾ། ཡུམ་གྱིས་རཱ་ག་ཡཱ་མི་ཞེས་པས་བསྐུལ། ཨ་ལ་ལ་ཧོཿ ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་སྒོ་མ་བཞིའི་རྒྱས་འཁྱུད་སྡོམ་སྤྲད་དེ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་ཕྱིར་ཕྱུངས་པས་མཁའ་གསང་བརླབ་པ་དང་གདན་དང་ས་བོན་སྤྲོ་བའི་བྱ་བ་གསུམ་བྱས་ནས། རྡོ་རྗེ་པདྨ་བདེ་བ་རྒྱས་མཛད་ནས། །ཡབ་ཡུམ་གཉིས་མེད་སྦྱོར་བས་དགྱེས་པར་ཚིམ། །བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །སྟོང་གསུམ་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་སྤྲོ། །ཧཱུྃ་ཧཱུྃ་ཧཱུྃ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ཧཱུྃ་གི་རང་བཞིན་ཁྲོ་བོའི་ཚོགས་ཕྱོགས་བཅུར་འཕྲོས། དྲེགས་པ་ཅན་སྡེ་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོས་ཚར་བཅད་ནས་དབང་དུ་བསྡུས། ཐམས་ཅད་དཔལ་ཆེན་པོའི་དཀྱིལ་འཁོར་འཁོར་ལོའི་གོ་འཕང་ལ་བཀོད་ནས་ཚུར་འདུས་སྙོམས་པར་འཇུག་པའི་བདེ་བ་ཆེན་པོར་ཞུགས་པ་འབར་བའི་ཧཱུྃ་ཡིག་བརྒྱད་དུ་གྱུར། ཧཱུྃ། འཇིག་རྟེན་སྟོང་ཁམས་གང་བའི་ཁྲག་འཐུང་རྣམས། །རང་ལ་བསྡུ་བའི་སྦྱོར་བས་ཀུན་བསྡུས་ནས། །དབྱིངས་སུ་ཐིམ་ནས་ཡིག་འབྲུ་ཕྱག་མཚན་དགུ། ཁྲོ་བོར་གྱུར་ཏེ་ཕྱོགས་མཚམས་ཀུན་ཏུ་འཁོད། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྤྲོས་པའི་ཧཱུྃ་ཡིག་རྣམས་ཕྱོགས་མཚམས་ཀྱི་དཀྱིལ་འཁོར་སོ་སོའི་དབུས་ཀྱི་གདན་ལ་འཁོད་པར་བསམས་ལ། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ། །སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཅིང་། །རྒོད་དང་གཤེ་དང་འཇིགས་སུ་རུང་བ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །གར་དགུས་རོལ་མཛད་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་དབྱིངས་ཕྱུག་ཡུམ་དང་གཉིས་མེད་རོལ། །རྩིབས་བཞིར་རིགས་བཞི་ཁྱམས་ལ་ཁྲོ་བོ་བཅུ། །སྒོ་བཞིར་མཐར་བྱེད་མུ་རན་ཅེ་སྤྱང་བརྒྱད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཧཱུྃ། ཤར་ཕྱོགས་དཀྱིལ་འཁོར་དབུས་སུ་རུ་དྲའི་སྟེང་། །ཡང་དག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས། །ཀྲོ་དྷཱི་ཤྭ་རཱི་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞིར་རིགས་བཞི་ཁྱམས་ལ་གཽ་རཱི་སོགས། །མ་མོ་བཅུ་དྲུག་སྒོ་བཞིར་གདོང་ཅན་བཞི། །མུ་རན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོད། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཧཱུྃ། ལྷོ་ཕྱོགས་དཀྱིལ་འཁོར་དབུས་སུ་ཆུ་གླང་སྟེང་། །གཤིན་རྗེ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སཏྭ་གཡས། །བྷན་དམར་སྡིགས་མཛུབ་མདུང་ཐུང་གཡོན་ན་བསྣམས། །བཻ་ཏཱ་དགྲ་སཏྭ་བྷན་དམར་སྟོབ་པས་འཁྱུད། །རལ་གཅིག་རྩེ་གསུམ་ཐོད་འཛིན་གཡས་སུ་འཁོད། །རྩིབས་བཞིར་གཤེད་བཞི་ཁྱམས་ལ་འཆི་བདག་ནི། །བཅུ་གཉིས་སྒོ་བཞིར་གདོང་ཅན་མུ་རན་ལ། །གིང་བདུད་རྩིས་པ་ཤན་པ་ལ་སོགས་འཁོད། །ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཧཱུྃ། ནུབ་ཕྱོགས་དཀྱིལ་འཁོར་དབུས་སུ་ཀླུ་ཆེན་སྟེང་། །རྟ་མགྲིན་དམར་ནག་གཡས་དཀར་གཡོན་སྔོ་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་དུང་དམར་ལྕགས་སྒྲོག་གཡོན་ན་བསྣམས། །པདྨ་ཟིལ་གནོན་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །གཡས་གཡོན་ཕྲ་མེན་བྱི་ལ་པུ་ཤུད་གདོང་། །རྩིབས་དང་ཁྱམས་ལ་ཟིལ་གནོན་ཁྲོ་བོ་བརྒྱད། །སྒོ་བཞིར་སྒོ་སྲུང་མུ་རན་ཁམ་རྒྱ་དྲུག །དམུས་ལོང་ཁྱི་སྤྱང་ཕོ་ཉ་འབྲུག་བཞིར་བཅས། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཧཱུྃ། བྱང་ཕྱོགས་དཀྱིལ་འཁོར་དབུས་སུ་ལྷ་ཆེན་སྟེང་། །ཕུར་པ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཉིས་རྩེ་དགུ་རྩེ་ལྔ་དང། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་མཐའ་གཉིས་ཀྱིས། །ཕུར་བུ་དྲིལ་འདེབས་རྡོ་རྗེའི་གཤོག་པ་གདེངས། །འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞིར་སྲས་བཞི་ཁྱམས་ལ་ཁྲོ་བོ་བཅུ། །ཡབ་ཡུམ་ཟ་གསོད་སྒོ་བཞིར་སྒོ་སྲུང་བཞི། །མུ་རན་ཕུར་སྲུང་དམ་ཅན་བཅུ་དྲུག་འཁོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཧཱུྃ། ཤར་ལྷོའི་དཀྱིལ་འཁོར་དབུས་སུ་མ་མོའི་སྟེང་། །བླ་མེད་ཁྲག་འཐུང་མཐིང་ནག་དཀར་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས། །བྷན་དམར་ཞིང་གཡབ་ཐོད་པའི་ག་འུ་གཡོན། །མུ་ཁ་མཐིང་ནག་ཞལ་ལྔ་དཀར་སེར་དམར། །ལྗང་གུ་མཐིང་ནག་ཕྱག་དྲུག་རྡོ་རྗེ་དང་། །གྲི་ཞགས་བུམ་པ་གཡས་འཛིན་དྲིལ་བུ་དང་། །བྷན་དམར་གཡང་གཞི་ཡབ་འཁྱུད་ཞབས་བརྒྱད་བགྲད། །གཙོ་བོའི་གཡས་གཡོན་མདུན་དུ་བཀྲག་གསལ་དང་། །སྲིད་པ་བདེ་འགྲོ་ཉི་ཟླ་ཐོད་ཕྲེང་ཅན། །རྩིབས་བཞིར་མ་བཞི་ཁྱམས་ལ་རྗེ་མོ་ནི། །བཅུ་གཉིས་སྨན་མོ་ཉེར་གསུམ་སྒོ་བཞི་རུ། །སྲིང་བཞི་མུ་རན་རོ་ཁ་མ་སོགས་འཁོད། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཧཱུྃ། ལྷོ་ནུབ་དཀྱིལ་འཁོར་དབུས་སུ་སེང་གེའི་ཁྲིར། །གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས། །དཀར་གསལ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབུ་སྐྲ་ཐོར་ཚུགས་རིན་ཆེན་ཅོད་པན་ཅན། །ཟི་ལྡིར་སྨད་གཡོགས་རུས་པའི་རྒྱན་དྲུག་གསོལ། །རྩིབས་བཞིར་རིགས་བཞི་ཁྱམས་ལ་རིག་འཛིན་བརྒྱད། །སྒོ་བཞིར་སློབ་དཔོན་མུ་རན་མཁའ་འགྲོས་བསྐོར། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། ཧཱུྃ། ནུབ་བྱང་དཀྱིལ་འཁོར་དབུས་སུ་དྲེགས་པའི་སྟེང་། །དྲེགས་འདུལ་མཐིང་ནག་གཡས་སེར་གཡོན་སྨུག་ཞལ། །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས། །བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་ན་བསྣམས། ཁམས་གསུམ་སྤྱི་འདུལ་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །གཙོ་བོའི་གཡས་གཡོན་དབང་ཕྱུག་ཡབ་ཡུམ་སོགས། །རྩིབས་བཞི་ཁྱམས་སྒོར་སྡེ་དཔོན་སུམ་ཅུ་དང་། །མུ་རན་སྣང་སྲིད་དྲེགས་པའི་ཚོགས་རྣམས་འཁོད། །ཨོཾ་བཛྲ་ཙནྜ་སརྦ་དུཥྚཱན་ཧཱུྃ་ཕཊ། ཧཱུྃ། བྱང་ཤར་དཀྱིལ་འཁོར་དབུས་སུ་དགྲ་བགེགས་སྟེང་། །སྟོབས་ལྡན་ནག་པོ་ཞལ་གསུམ་མིག་སྨན་མདོག །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས། །བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་བསྣམས། །འབྱུང་ལྔའི་བདག་མོ་མཐིང་ནག་ཕྱག་གཉིས་ཀྱིས། །གཟུགས་ཁམས་མཁར་འདེགས་འདོད་ཁམས་ས་གཞིར་གནོན། །རྩིབས་བཞི་ཁྱམས་སྒོར་སྡེ་དཔོན་བཅོ་བརྒྱད་དང་། །མུ་རན་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་འཁོད། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། རིག་འཛིན་མ་གཏོགས་དཔལ་ཆེན་ཁྲག་འཐུང་ཀུན། །དབུ་གསུམ་ཕྱག་དྲུག་ཞབས་བཞི་མི་བཟད་གཟུགས། །གར་དགུས་རྣམ་རོལ་ཞལ་གདངས་མཆེ་བ་གཙིགས། །དམར་ཟླུམ་སྤྱན་ལྡོག་སྨིན་མ་ཨག་ཚོམས་འབར། །ཞིང་ཆེན་གླང་ལྤགས་སྟོད་གཡོགས་སྟག་ཤམ་འཕྱང་། །ཚར་གསུམ་ཐོད་ཕྲེང་སྦྲུལ་བརྒྱན་ཕྱག་རྒྱ་དྲུག །རཀྟ་ཞག་དང་ཐལ་ཆེན་མཚན་མས་སྤྲས། །དཔལ་ཆེན་ཆས་རྫོགས་ཡུམ་རྣམས་ཁྲོ་ཆགས་ཚུལ། །རྔམ་བརྗིད་རྒྱན་ལྡན་རང་རང་ཡབ་དང་སྦྱོར། །གཙོ་འཁོར་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ནང་ཉི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ། །སོ་སོའི་སྔགས་ཕྲེང་འབར་བས་གཡས་སུ་བསྐོར། །དཀྱིལ་འཁོར་ཕྱི་ཁྱམས་ཤར་སོགས་ཕྱོགས་བཞི་རུ། །ཞི་རྒྱས་དབང་དྲག་མ་མོ་དྲུག་དྲུག་དང་། །སྒོ་བཞིར་སྒོ་སྐྱོང་ཀུན་ཀྱང་ཕྱོགས་ཀྱི་མདོག །འཇིགས་གཟུགས་དུར་ཁྲོད་ཆས་ལྡན་རང་རྟགས་འཛིན། །ཕྱི་ཡི་མུ་ཁྱུད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལངྐ་བཅུ་དྲུག་དང་། །འབར་མ་བརྒྱད་དང་ས་བདག་སུམ་ཅུ་གཉིས། །མ་བདུན་སྲིང་བཞི་ཕོ་ཉ་དྲུག་ཅུ་བཞི། །མཁའ་འགྲོ་བརྟན་མ་ཕྱོགས་སྐྱོང་རྒྱལ་ཆེན་སོགས། །དཔལ་གྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ། །ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུ། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ། ཅེས་གསལ་གདབ་བོ། །ལྔ་པ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ནི། ཧཱུྃ། བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ཁྲོ་བོའི་རྒྱལ་པོ་ཡེ་ནས་ཡིན་པའི་ཕྱིར། །སྐུ་དང་གསུང་དང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་རྣམ་པ་ལྔ་ཡི་དབང་བསྐུར་རོ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་འཆིང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། རང་གི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ཨོཾ་ཨཱཿཧཱུྃ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པའི་སྐུར་གྱུར་པར་བསམ་མོ། །དེ་ནས་རིགས་ལྔའི་ཕྱག་རྒྱ་སྤྱི་བོའི་གནས་ལྔར་འཆིང་ཞིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་སཱ་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་པྲཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཀྲྀཏྱཱནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར་ནས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དྲུག་པ་སྤྱན་དྲང་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཧཱུྃ། འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་ནས། །བདེ་གཤེགས་ཞི་བའི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་དབུས་ཕྱོགས་དཀྱིལ་འཁོར་ནས། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཤར་ཕྱོགས་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ལྷོ་ཕྱོགས་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ནུབ་ཕྱོགས་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་བྱང་ཕྱོགས་དཀྱིལ་འཁོར་ནས། །ཕུར་པ་ཕྲིན་ལས་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཤར་ལྷོའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ལྷོ་ནུབ་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ནུབ་བྱང་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་བྱང་ཤར་དཀྱིལ་འཁོར་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་བར་ཁྱམས་ཁོར་ཡུག་ནས། །བཀའ་སྲུང་དམ་ཅན་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། བདུན་པ་བཞུགས་སུ་གསོལ་བ་ནི། ཕོ་བྲང་དགུ་ཀློང་འབར་བའི་ཨེ་དབྱིངས་སུ། །ལྷ་བརྒྱད་ཀླུ་བརྒྱད་བྱོལ་སོང་གཙོ་བོ་བརྒྱད། །རུ་དྲ་གཤིན་རྗེ་ཆུ་བདག་ལྷ་ཆེན་པོ། །མ་མོ་དར་ཟབ་དྲེགས་པ་དགྲ་བགེགས་སྟེང་། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་ལ། །དཔལ་ཆེན་གཙོ་དགུའི་ལྷ་ཚོགས་བཞུགས་སུ་གསོལ། །ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན། ཞེས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་གཉིས་མེད་དུ་བཞུགས་པར་གྱུར། བརྒྱད་པ་ཕྱག་འཚལ་བ་ནི། ཧཱུྃ། ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཟུགས་སྐུ་སྒྱུ་མའི་སྐུར་བཞེངས་པ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། །དཔལ་ཆེན་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དགུ་པ་མཆོད་པ་ལ་དངོས་བསྟན་དང་འཕྲོས་དོན་གཉིས་ལས། དང་པོ་ལ་སྨན་མཆོད་དང་ཐུན་མོང་གི་མཆོད་པ་གཉིས་ཀྱི་དང་པོ་ནི། ནང་མཆོད་ལག་གཡོན་པའི་མཐེབ་སྲིན་གྱིས་ཐིགས་གཏོར་དབུལ་ཞིང་། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་རྣམ་པ་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཆེན་པོ། །ཉོན་མོངས་གདུང་བ་སེལ་བའི་བདུད་རྩི་འདི། །དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །རིག་འཛིན་རྣམ་བརྒྱད་པདྨ་ཐོད་ཕྲེང་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བོད་ཀྱི་གྲུབ་ཆེན་བརྒྱད་དང་ཁྲི་སྲོང་རྗེ། །ཉང་རལ་ནམ་མཁའ་དཔལ་དང་བློ་ལྡན་མཚན། །གསང་བདག་བདུད་འདུལ་མདོ་སྡེ་སེང་གེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། པདྨ་དངོས་གྲུབ་འཇམ་དཔལ་ནོར་བུ་དང་། །ཀུན་དགའ་རྒྱལ་མཚན་ནོར་བུ་འཕེལ་བའི་ཞབས། །ཀུན་དགའ་འོད་ཟེར་ནམ་མཁའི་རྣལ་འབྱོར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བརྒྱུད་སྲོལ་ཀུན་འདུས་པདྨ་དབང་རྒྱལ་སོགས། །སྨིན་གྲོལ་གདམས་པའི་བདུད་རྩི་མཆོག་སྦྱིན་མཁན། །རྩ་བརྒྱུད་བླ་མ་དམ་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བརྒྱུད་སྲོལ་ཇི་སྙེད་ཡོད་པ་ལས་འདྲེན་པར་འདོད་ན་རང་རང་གི་མོས་བློ་བཞིན་སྦྱར་རོ། །ཆེ་མཆོག་ཡང་དག་གཤིན་རྗེ་པདྨ་དབང་། །ཕུར་པ་རྦོད་གཏོང་རིག་འཛིན་དྲེགས་འདུལ་དང་། །དྲག་སྔགས་དཔལ་ཆེན་བཀའ་བརྒྱད་གཙོ་འཁོར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ནག་པོ་ཆེན་པོ་ཡབ་ཡུམ་བཀའ་སྡོད་བརྒྱད། །གནས་གསུམ་མཁའ་འགྲོ་དམ་ཅན་གཏེར་བདག་དང་། །གནས་བདག་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། དངོས་གྲུབ་བླང་བ་ནི། ཧཱུྃ། དོན་དམ་ཐིག་ལེ་བདེ་བ་ཆེན་པོ་ལས། །མཚུངས་པ་མེད་པ་བྷཉྫའི་སྣོད་ནང་དུ། །ཡེ་ཤེས་ལྔ་རྫོགས་བདུད་རྩི་རིན་ཆེན་གཏེར། །དངོས་པོ་མེད་ལས་དངོས་གྲུབ་བླང་བར་བྱ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་མཐེབ་སྲིན་གྱིས་བདུད་རྩི་རང་གི་གནས་གསུམ་དུ་རེག་ཅིང་ལྕེར་མྱང་། གཉིས་པ་ནི། ཞི་བ་དང་དཔལ་དགུ་སོ་སོར་བྱེ་བའི་རིམ་པ་བཞིན་ནམ། ཡང་ན། ཧཱུྃ། འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་སུ། །བདེ་གཤེགས་ཞི་བ་དཔལ་ཆེན་ཧེ་རུ་ཀ །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱག་རྒྱ་གར་དང་ཕྱི་ནང་མཆོད་པ་དང་། །སྦྱོར་སྒྲོལ་གཏོར་མ་རཀྟའི་མཆོད་པ་དང་། །དམ་རྫས་བདུད་རྩི་རྫས་ཀྱི་མཆོད་པ་དང་། །ཆོས་ཉིད་རོལ་པའི་མཆོད་པ་འབུལ་ལགས་ན། །གཉིས་མེད་བླང་དོར་མེད་པར་བཞེས་ནས་ཀྱང། །ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་མཆོད། བསྡུ་ན་དེ་ཙམ་གྱིས་ཆོག །གཉིས་པ་དེ་ལས་འཕྲོས་པ་རྒྱས་པར་སྤྲོ་ན་ཕྱི་ནང་གསང་གསུམ་གྱི་དང་པོ་དངོས་སུ་འབྱོར་པ་དང་ཡིད་སྤྲུལ་གཉིས་ལས། །དངོས་འབྱོར་ནི། ཧཱུྃ། དྭངས་བསིལ་རྙོག་མེད་ཡིད་འོང་མཆོད་ཡོན་སྦྲེང་། །དག་བྱེད་ཞབས་བསིལ་དྲི་ལྡན་གངྒཱའི་རྒྱུན། །ཐང་སྐྱེས་ཆུ་སྐྱེས་རྣམ་བཀྲའི་མེ་ཏོག་ཚལ། །ལྷན་ཅིག་སྐྱེས་དང་ཡོངས་སྦྱར་བདུག་པའི་སྤྲིན། །མར་མེ་ཉིན་མོར་བྱེད་པའི་གཟུགས་གསར་པ། །དྲི་ཆབ་སིམ་པ་མཆོག་སྐྱེད་རོལ་མཚོར་སྤེལ། །ཞལ་ཟས་ལྷ་ཡི་བདུད་རྩི་རོ་བརྒྱའི་དཔྱིད། །རོལ་མོ་སྙན་འཇེབས་ཡན་ལག་རྒྱ་མཚོའི་སྒྲ །ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཧོཿ ཡིད་སྤྲུལ། ཧཱུྃ། འཛམ་བུའི་གསེར་འཁོར་ཡིད་བཞིན་ནོར་བུ་མཆོག །ཡིད་འོང་བཙུན་མོ་བློ་ལྡན་ཁྱིམ་བདག་སྟེ། །སྟོབས་ལྡན་གླང་པོ་ཅང་ཤེས་རྟ་ཡི་མཆོག །ཕས་རྒོལ་མཐར་བྱེད་དམག་དཔོན་རིན་ཆེན་བདུན། །མཛེས་སྡུག་གཟུགས་དང་སྙན་བརྗིད་རོལ་མོའི་སྒྲ །དྲི་ཞིམ་ངད་ལྡང་བཅུད་ལྡན་བདུད་རྩིའི་ཟས། །འཇམ་མཉེན་རེག་བྱ་བཀྲ་ཤིས་རྟགས་རྫས་སོགས། །སྲིད་ཞིའི་འབྱོར་ཚོགས་ནམ་མཁའི་མཛོད་དུ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་སཔྟ་མ་ཧཱ་རཏྣ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ གཉིས་པ་ནང་གི་མཆོད་པ་ལ། ཕྱག་རྒྱ་གར། འདོད་ཡོན་ལྷ་མོ། དམ་རྫས་རྒྱུ། བདུད་རྩི། གཏོར་མ། རཀྟ་དང་དྲུག་གོ །དང་པོ་ནི། ཧཱུྃ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །མ་ཧཱ་མུ་དྲཱ་པཱུ་ཛ་ཧོཿ ཞེས་ལྷའི་ཕྱག་རྒྱ་བྱའོ། །གཉིས་པ་ནི། ཧཱུྃ། རྡོ་རྗེ་སྒེག་མོ་གཟུགས་མཛེས་མ། །ཕྲེང་བ་མ་ནི་རྒྱན་ཕྲེང་འཛིན། །གླུ་མ་གླུ་ལེན་པི་ཝང་བརྡུང། །གར་མ་མཛེས་པའི་གར་སྒྱུར་མ། །མེ་ཏོག་མ་ནི་མེ་ཏོག་འཐོར། །བདུག་པ་མ་ནི་སྤོས་སྤྲིན་སྤྲོ། །མར་མེ་མ་ནི་སྣང་གསལ་འཛིན། །དྲི་མ་དྲི་མཆོག་བྱུག་པ་འབུལ། །བརྒྱད་ཀ་གཟུགས་མཛེས་ལྟ་ན་སྡུག །ཡིད་འོང་གར་སྒྱུར་གླུ་ལེན་མ། །འཆི་མེད་བུ་མོ་ལྟ་བུ་ཡིས། །ཕྱོགས་བཅུའི་འཇིག་རྟེན་བཀང་སྟེ་འབུལ། །ཨོཾ་བཛྲ་ལཱ་སྱཻ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱིརྟཱི་ཧྲཱིཿ ཨོཾ་བཛྲ་ནིརྟཱི་ཨཱཿ ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ གསུམ་པ་ནི། ཧཱུྃ། གདུག་པ་ཅན་རྣམས་ཚར་བཅད་པའི། །དབང་པོའི་མེ་ཏོག་ཕྲེང་བར་སྤེལ། །ཚིལ་ཆེན་གསུར་གྱི་དུད་པའི་སྤྲིན། །མི་བཟད་མུན་པ་ལྟ་བུར་འཚུབས། །ཞུན་མར་མཆོག་གི་སྒྲོན་མེ་ནི། །དུས་མཐའི་ཞུགས་ཀྱི་ཕུང་པོར་འབར། ཁྲག་མཁྲིས་དྲི་དང་ཡོངས་སྦྱར་བའི། །ལྦུ་ཕྲེང་རབ་འཁྲུགས་བྱུག་པའི་མཚོ། །ཤ་ཁྲག་རུས་པ་དོན་སྙིང་ཚོགས། །ལྷུན་པོར་སྤུངས་པའི་ཞལ་ཟས་མཆོག །ཐོད་རྔ་རྐང་གི་གླིང་བུ་སོགས། །རབ་འཇིགས་སྒྲ་དབྱངས་རྒྱ་མཚོར་བཅས། །དུར་ཁྲོད་མཆོག་གི་མཆོད་སྤྲིན་ནི། །གཤིན་རྗེའི་མདུན་ས་བཞིན་དུ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ བཞི་པ་ནི། རྒྱུ་གཉིས་རྐྱེན་སྦྱར་བདུད་རྩི་འདི། །དུག་ལྔ་སྨན་བསྒྱུར་ཡེ་ཤེས་རྫས། །ཛ་གད་དཔའ་བོ་ཕུད་ཀྱི་མཆོག །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ལྔ་པ་ནི། དམ་རྫས་རྨད་བྱུང་གཏོར་ཆེན་པོ། །ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ། །འདོད་ཡོན་སྣ་ལྔས་རབ་ཏུ་སྤྲས། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དྲུག་པ་ནི། ཉོན་མོངས་རྩ་བ་འཁོར་བའི་ཁྲག །ཁམས་གསུམ་འཁོར་བ་སྟོང་བྱའི་ཕྱིར། །དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་གསང་བའི་མཆོད་པ་ལ་གསུམ་སྟེ། སྦྱོར་བ། སྒྲོལ་བ། གཉིས་སུ་མེད་པའི་མཆོད་པའོ། །དང་པོ་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །གཉིས་མེད་སྦྱོར་བ་བདེ་བའི་མཆོག །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་ནུ་རཱ་ག་ཡཱ་མིཿ གཉིས་པ་ནི། ཡང་དག་རྟོགས་པའི་མཚོན་ཆ་ཡིས། །མ་རྟོགས་སེམས་ཅན་དབྱིངས་སུ་བསྒྲལ། །སྒྲོལ་བ་ལས་ཀྱི་མཆོད་པ་ཆེ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད། གསུམ་པ་ནི། གདོན་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲཱ་པཱུ་ཛ་ཧོཿ མཆོད་པའི་རིམ་པ་འདི་རྣམས་བསྙེན་སྒྲུབ་ཆེན་མོའི་ཊཱི་ཀའི་དོན་བཞིན་ཚིག་གི་ཕྲེང་བ་རྣམས་བརྗོད་བདེ་བའི་ཕྱིར་གསར་རྙིང་ཅི་རིགས་སུ་བཀོད་པ་ཡིན་ནོ། །བཅུ་པ་བསྟོད་པ་ནི། ཧཱུྃ། བདེ་གཤེགས་སྐུ་ལྔའི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་དུག་ལྔའི་བག་ཆགས་རྒྱུད་སྦྱོང་ཞིང་། །མཚན་དང་དཔེ་བྱད་འབར་བའི་སྐུར་སྣང་བ། །བདེ་གཤེགས་ཞི་བའི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཡོད་ཏན་མ་ལུས་རྫོགས་པའི་ལྷ། །འགྲོ་དྲུག་ཀུན་གཞིའི་བག་ཆགས་རྒྱུད་སྦྱོང་ཞིང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུར་སྣང་བ། །ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཐུགས་ཀྱི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སེམས་ཀྱི་བག་ཆགས་རྒྱུད་སྦྱོང་ཞིང་། །མེ་ལོང་ལྟ་བུའི་ཡེ་ཤེས་སྐུར་སྣང་བ། །ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྐུ་ཡི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་ལུས་ཀྱི་བག་ཆགས་རྒྱུད་སྦྱོང་ཞིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུར་སྣང་བ། །འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་གསུང་གི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་ངག་གི་བག་ཆགས་རྒྱུད་སྦྱོང་ཞིང། །སོ་སོར་རྟོག་པའི་ཡེ་ཤེས་སྐུར་སྣང་བ། །པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཕྲིན་ལས་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སྒོ་ལྔའི་བག་ཆགས་རྒྱུད་སྦྱོང་ཞིང་། །བྱ་བ་གྲུབ་པའི་ཡེ་ཤེས་སྐུར་སྣང་བ། །ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་དབྱིངས་ཀྱི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སྒྲོལ་མཛད་ཡུམ་གྱི་བྷ་གའི་ཀློང་། །མ་དང་སྲིང་མོའི་ཚུལ་དུ་སྐུར་སྟོན་པ། །མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཕྱག་རྒྱའི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་ལ་དགོངས། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་སྐུར་སྟོན་པ། །རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་བསྟན་པའི་དགྲ་བགེགས་སྒྲོལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་ནས། །སྔགས་བདག་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིས། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྩལ་མངའ་བའི། །དཔལ་གྱི་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད་ཅིང་རྒྱས་པར་མོས་ན་བསྟོད་པ་གཞན་རྣམས་ཀྱང་བྱའོ། །བཅུ་གཅིག་པ་འཛབ་བཟླ་བ་ནི། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལེ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གནས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་འགྲོ་བའི་དོན་བྱས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་བདག་ལ་ཐིམ། སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དང་གྲགས་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་བསམས་ལ། མཚན་ཉིད་དང་ལྡན་པའི་བགྲང་ཕྲེང་བཟུང་སྟེ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ཞི་བ་སྤྱི་བསྡུས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཅེས་ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཆེ་མཆོག་གོ །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཡང་དག་གོ །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། གཤིན་རྗེའོ། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། རྟ་མགྲིན་ནོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཕུར་པའོ། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། མ་མོའོ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། རིག་འཛིན་ནོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲེགས་པའོ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲག་སྔགས་སོ། །ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ། བཀའ་སྡོད་དོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་སྤྱི་དྲིལ་དྲག་སྔགས་སོ་ལྔ་པའོ། །དེ་ལྟར་གཙོ་འཁོར་གྱི་དབྱེ་བས་ཇི་ཙམ་ནུས་པ་བཟླས་པའི་བར་མཚམས་སོ་སོར་སྟོང་ཚིགས་ཀྱི་མཆོད་པ་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་མཆོད་པ་ཡང་བྱའོ། །ཐིག་ལེའི་རྣལ་འབྱོར་གྱི་བཟླས་པ་བྱེད་ན། སྙིང་གའི་འཁོར་ལོ་ལས་སྔགས་ཕྲེང་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས། པདྨ་ནས་རྡོ་རྗེའི་ལམ་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ངོ་བོར་བྱུང་སྟེ་སྙིང་གར་ཐིམ་པར་བསམས་ནས་བཟླས་པ་བྱ་ཞིང་། བཟླ་ཚུལ་རྣམ་གྲངས་གཞན་རྣམས་ནི་མན་ངག་ལས་ཤེས་པར་བྱའོ། །དེ་ལྟར་བཅུ་གཅིག་ནི་དངོས་གཞིའི་རིམ་པའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ནི། རྗེས་ཚོགས་བསྐུལ་བྱ་ཆད་མདོ་བསྒྲག །བརྟན་སྐྱོང་བྲོ་བརྡུང་དངོས་གྲུབ་ལེན། །སླར་མཆོད་ནོངས་བཤགས་གཤེགས་ཤིང་བསྡུ། །རྒྱུན་སྤྱོད་ལུས་བསྲུང་སྨོན་ལམ་གདབ། ཤིས་བརྗོད་རྗེས་ཀྱི་སྤྱོད་ལམ་མོ། །ཞེས་འབྱུང་བའི་དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཞིང་ངམ་གཅན་གཟན་གྱི་པགས་པའི་ཁར་བཟའ་བཏུང་གི་དངོས་པོ་ཅི་འབྱོར་བཤམས་ལ་བྱིན་གྱིས་བརླབ་པ་ནི། ཧཱུྃ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པ་ལས། །རིག་པའི་ཡེ་ཤེས་རཾ་ཡཾ་ཁྃ། །རཾ་ལས་མེ་འབར་དངོས་འཛིན་བསྲེགས། །ཡཾ་ལས་རླུང་གཡོས་བག་ཆགས་གཏོར། ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ། སླར་ཡང་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཧྲཱིཿ འཕྲོས་པས་མཚན་ལྡན་ཀ་པཱ་ལར། །བྷྲཱུྃ་གྱིས་འདོད་ཡོན་ཚོགས་སུ་སྦྱར། །ཨོཾ་གྱིས་དངོས་འཛིན་དྲི་མ་སྦྱངས། །ཨཱཿཡིས་ནམ་མཁའ་གང་བར་སྤེལ། །ཧཱུྃ་གིས་གང་མོས་དེ་ལྟར་བསྒྱུར། །ཧྲཱིཿཡིས་ཟག་མེད་བདུད་རྩིར་ཞུ། །ཕུན་ཚོགས་འདོད་ཡོན་ལོངས་སྤྱོད་ཚོགས། །བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས། །རྒྱ་ཆེ་གཏིང་ཟབ་ལྷུན་སྟུག་པ། །ངོ་མཚར་མཆོད་སྤྲིན་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབ་བོ། །ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། ཆོས་དབྱིངས་འགྱུར་མེད་འོག་མིན་ཞིང་ཁམས་ནས། །བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འབུལ། །ཚོགས་ཀྱི་མཆོད་པ་དམ་པ་བཞེས་ནས་ཀྱང་། །ཚེ་དང་དབང་གི་དངོས་གྲུབ་བསྩལ་དུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ནས། ཨོཾ་བཛྲ་ལཱ་སྱཻ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱིརྟཱི་ཧྲཱིཿ ཨོཾ་བཛྲ་ནིརྟཱི་ཨཱཿ ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་མཆོད། དེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་འབུལ། བར་པ་བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་སྤྱོད་པས་དམ་ལས་འགལ་གྱུར་ཏེ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བཟླ། ཚོགས་ཐ་མ་ནི། དམིགས་བྱའི་གཟུགས་བརྙན་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔ་པའི་མཐར། ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཅེས་བསྐུལ། ཧཱུྃ་ཛཿ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གཏུམ་དྲག་ཕོ་ཉའི་ཚོགས་དང་བཅས། །དྲག་པོའི་ཕྲིན་ལས་དུས་ལ་བབས། །མ་རུངས་ཞིང་བཅུའི་དགྲ་བགེགས་ཚོགས། །དུག་གསུམ་སྲིད་པའི་བཙོན་ཁང་དུ། །རྣོ་དབལ་འབར་བའི་མཚོན་ཆ་ཡིས། །གཟུགས་ཕུང་རྡུལ་ཕྲན་བཞིན་ཏུ་ཤིགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །དྲག་སྔགས་སོ་ལྔའི་མཐར། སརྦ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་བསྒྲལ། ཞལ་དུ་བསྟབ་པ་ནི། དགྲ་བགེགས་གདུག་པ་བསྒྲལ་པའི་ཤ་ཁྲག་རུས། །དུག་གསུམ་དབྱིངས་སུ་སྦྱངས་པ་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིར་སྦྱར་ནས་འབུལ་ལགས་ན། །རྔམས་པའི་སྟབས་ཀྱིས་དགྱེས་པར་བཞེས་སུ་གསོལ། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ལིང་རོ་རྣམས་གཏོར་མར་བསྟབ། ཅུང་ཙམ་ལྷག་གཏོར་ལའང་བསྲེའོ། །དེ་ནས། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཨ་ལ་ལ་ཧོཿ ཞེས་བརྡ་དང་བརྡའི་འབུལ་ལེན་བྱས་ནས་ཚོགས་ལ་རོལ། ལྷག་གཏོར་ནི། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་དམེ་གཏོར་དང་། གཙང་ལྷག་རྣམས་གྲལ་རིམ་དུ་བཤམས་ལ། ཧཱུྃ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་ལྷ་ཚོགས་ཕུད་ཀྱི་བདག །བར་དུ་སྤྲིན་ལྟར་མི་གཏིབ་ཏུ། །དགེ་བའི་བཤེས་གཉེན་གཉན་གྱི་བཀའ། །ཐ་མ་གཅིག་ཏུ་མི་བསྲེ་རུ། །མ་ཚོགས་དབང་ཕྱུག་ལྷག་མའི་གནས། །ལྷག་མ་ཁ་ཆུས་མི་གདབ་ཏུ། ཁྱེད་དང་ངེད་གཉིས་དམ་ཚིག་གཅིག །ཡེ་ནས་འདུ་འབྲལ་མེད་དོན་དུ། །འདུས་ལ་ལས་རྣམས་ཀུན་བྱོས་ཤིག །དེ་ནས་ཕུད་ལྷག་གཅིག་ཏུ་དྲིལ། སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་པར་བསམ། ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཞེས་དང་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲང་། ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ། བདེ་གཤེགས་ཞི་ཁྲོ་དཔལ་ཆེན་དཀྱིལ་འཁོར་དགུའི། །བཀའ་ཉན་རོལ་པའི་ཕོ་ཉ་ལྷག་སྡུད་རྣམས། །སྔགས་ཚིག་བཤུགས་པའི་བརྡ་ཡིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞིང་ཆེན་གཡབ་མོའི་བརྡ་ཡིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །གླུ་གར་ཕྱག་རྒྱ་རོལ་མོས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །དམར་ཆེན་ཁྲག་དང་བདུད་རྩིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་གཏོར་མ་ཕྱི་རོལ་དུ་དོར། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང་། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང་། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཅེས་བསྐུལ་ལོ། །གསུམ་པ་ཆད་མདོ་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས། །བདེ་གཤེགས་འདུས་པའི་རྒྱུད་རྣམས་བཤད་པའི་ཚེ། །རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས། །སོ་སོའི་སྐུ་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ། །མི་མངོན་རིག་པ་འཛིན་པའི་གནས་མཆོག་ཏུ། །རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་རབ་ཀྱིས། །གསང་སྔགས་རྒྱུད་སྡེའི་བསྡུ་བ་མཛད་པའི་ཚེ། །གསང་སྔགས་བཀའ་ཡི་སྲུང་མའི་ཚོགས་རྣམས་ཀྱིས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་འོག་བསྐལ་པའི་དུས་ཀྱི་ཐ་མ་ལ། །ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་ཏུ། །རིགས་ཀྱི་རིག་པ་འཛིན་པའི་ཚོགས་རྣམས་ཀྱིས། །གསང་སྔགས་རྒྱུད་སྡེ་ཡི་གེར་བཀོད་པའི་ཚེ། །སྒྲུབ་པ་བཀའ་བརྒྱད་བཀའ་སྲུང་ཚོགས་རྣམས་ཀྱིས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་རྗེས་རྩོད་པའི་དུས་ལ་བབ་པའི་ཚེ། །གྲུབ་པའི་དུར་ཁྲོད་བསིལ་བའི་ཚལ་ཆེན་དུ། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེས། །གསང་སྔགས་རྒྱུད་སྡེ་གཏེར་དུ་སྦས་པའི་ཚེ། །བཀའ་ཡི་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཀྱིས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་རྗེས་རྩོད་ལྡན་སྙིགས་མའི་དུས་བབས་ཚེ། །མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ། །གྲུབ་པ་བརྙེས་པའི་སློབ་དཔོན་རྣམ་བརྒྱད་ཀྱིས། །དགུང་བདུན་དགོངས་པ་མཛད་ནས་གཟིགས་པའི་ཚེ། །དྲེགས་པ་ཅན་གྱིས་གཏེར་སྒྲོམ་གཏད་ནས་ཀྱང་། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་རྗེས་གདུལ་བྱ་དུས་ལ་བབ་པའི་ཚེ། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སློབ་དཔོན་པདྨ་འབྱུང་གནས་བྱོན་པའི་ཚེ། །བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཅག་གིས། །མཁའ་འགྲོ་དམ་ཅན་འདུ་བའི་གནས་མཆོག་འདིར། །ཚེ་འདིར་སངས་རྒྱས་སྐུ་གསུམ་བསྒྲུབ་པ་དང་། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་ཕྱིར། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད། །བཞི་པ་བརྟན་མ་སྐྱོང་བ་ནི། གཏོར་མ་བྱིན་གྱིས་བརླབས་ཏེ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ལ་ལཱ། ལེ་ལཻ། ཏཾ་ཏཾ། ཏེ་ཏཻ། ཁ་རགྨ། མ་མ་སྲིཾ་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་གཏོར་མ་ཕྱིར་འབུལ། སྐབས་འདིར་གཏོར་མ་ཟོར་དུ་བསྐུལ་ཚུལ་འབྱུང་མོད་དཀྱུས་ལ་མི་དགོས་པས་གཞན་དུ་བལྟའོ། །ལྔ་པ་རྟ་བྲོ་ནི། མདུན་དུ་དྲག་པོའི་ཨེ་ནང་དུ་དམིགས་བྱ་བཅུག་གཏོར་གཞོང་རི་རབ་ཏུ་གྱུར་པས་མནན་པར་བསམས་ལ། ཧཱུྃ། ཡ་མ་བྱ་བའི་དམ་སྲི་ཁྱོད། །མནན་ནོ་རི་རབ་འོག་ཏུ་མནན། །བསྐྱུར་རོ་རྒྱ་མཚོའི་གཏིང་དུ་བསྐྱུར། །བསྲེག་གོ་མེ་དཔུང་ཀློང་དུ་བསྲེགས། །བསྐྱོན་ནོ་འཁོར་ལོའི་རྩིབས་ལ་སྐྱོན། །གཏད་དོ་འཆི་བདག་ལག་ཏུ་གཏད། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་གཏང་བར་མི་བྱ་འོ། །ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཧཱུྃ། དགྲ་བགེགས་བསྒྲལ་པའི་མ་རིག་སེམས། །ཕུང་ཁམས་སྐྱེ་མཆེད་བཅས་པ་ལ། །བདེ་གཤེགས་འདུས་པའི་བྲོ་བརྡུངས་པས། ཁྲོ་བོ་ཁྲོ་མོ་སྤྲིན་ལྟར་གཏིབས། ཁྲོ་ཆུང་ཚོགས་ནི་སྐར་ལྟར་འཁྲུག །བྲོ་ནི་བར་ཆད་མེད་པའི་བྲོ། །གླུ་ནི་འདུ་འབྲལ་མེད་པའི་གླུ །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །དགྲ་རྣམས་ཐལ་བར་བརླག་པའི་བྲོ། །བགེགས་རྣམས་ཕྱེ་མར་འཐག་པའི་བྲོ། །རྒྱུད་དྲུག་གནས་ནས་འདྲེན་པའི་བྲོ། །རིགས་དྲུག་གཡང་ས་གཅོད་པའི་བྲོ། །འཇིགས་པའི་བདུད་བཞི་འཇོམས་པའི་བྲོ། །གསང་བའི་དགྲ་གསུམ་གསོད་པའི་བྲོ། །བྲོ་ནི་སྐྱེ་བ་མེད་པར་བརྡུང་། །གླུ་ནི་འགག་པ་མེད་པར་ལེན། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །དགྲ་བགེགས་དུག་ལྔ་དབྱིངས་སུ་དག །རྫོགས་པ་ཆེན་པོའི་ཀློང་དུ་ཐིམ། །དྲུག་པ་དངོས་གྲུབ་བླང་བ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །དཔལ་ཆེན་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ། །ཕོ་ཉ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་དམ་དབང་གིས་བདག་ལ་དགོངས་སུ་གསོལ། །བདག་ཅག་གསང་བའི་སྒོར་ཞུགས་དམ་ཚིག་ཅན། །བསྙེན་སྒྲུབ་མཐར་ཕྱིན་སྒྲུབ་པའི་ཞག་གྲངས་རྫོགས། །དཔལ་ཆེན་ཧེ་རུ་ཀ་ཡི་གོ་འཕང་མཆོག །དཀའ་བ་མེད་པར་ཚེ་འདིར་འགྲུབ་པ་དང་། །ཕྲིན་ལས་རྣམ་བཞིས་མཁའ་མཉམ་འགྲོ་བ་རྣམས། །ཕན་བདེའི་དཔལ་ལ་འགོད་པའི་དངོས་གྲུབ་སྩོལ། །སརྦ་སིདྡྷི་ཕ་ལ་ཧོཿ བདུན་པ་མཆོད་བསྟོད་ནོངས་བཤགས་ནི། སླར་ཡང་གཏང་རག་གི་དོན་དུ་མཆོད་པ་ནི། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་པུཥྤེ་དྷཱུ་པཾ་དཱི་པཾ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡི་གེ་བརྒྱ་པ་ཚར་མང་དུ་བརྗོད་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་གསོལ་བྱ། བརྒྱད་པ་གཤེགས་ཤིང་བསྡུ་བ་ནི། མཚན་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀྱི་ཉིན་ཐ་མ་ཡིན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས་སུ་གསོལ་ནས་དམ་ཚིག་པ་བསྡུ། གཞན་དུ་ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན་དམ་ཡེ་མ་ཕྱེ་བར། ཧཱུྃ་ཧཱུྃ་ཧཱུྃ། སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ་ཐིམ། གཙོ་བོ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ལ་ཐིམ། དེ་དྭངས་མའི་སྲོག་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་ནཱ་ད་མི་དམིགས་པའི་ངང་ལ་མཉམ་པར་བཞག་སྟེ་རྟག་མཐའ་བསལ། དགུ་པ་རྒྱུན་གྱི་སྤྱོད་ལམ་ནི། ཕཊ་ཕཊ་ཕཊ། ཅེས་སྟོང་གསལ་གྱི་ངང་ལས་བདག་ཉིད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་ཐོད་པ་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་བསམས་ལ་ཆད་པའི་མཐའ་བསལ་ལོ། །བཅུ་པ་ལུས་བསྲུང་བ་ནི། རང་གི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པར་བལྟས་ལ་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ། ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ནི། །ཐམས་ཅད་དུ་ནི་རྒྱལ་བར་གནས། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། ཞེས་གོ་ཆ་བགོ །བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །བཅུ་གཉིས་པ་བཀྲ་ཤིས་བརྗོད་པ་ནི། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་བརྗོད། གཞན་ཡང་ཆོས་སྤྱོད་ནི་བླ་མའི་རྣལ་འབྱོར་དང་། གཏོར་མའི་རྣལ་འབྱོར་དང་། སྒོམ་གྱི་རྣལ་འབྱོར་དང་། ཟས་ཀྱི་རྣལ་འབྱོར་དང་། སྤྱོད་ལམ་གྱི་རྣལ་འབྱོར་དང་ལྔ་ནི་རྗེས་སྤྱོད་ཡན་ལག་དང་བཅས་པ་སྟེ། ཐུན་མོང་གི་རྣལ་འབྱོར་ལྔའི་རྩ་བའི་གཞུང་དུ་གསལ་བ་བཞིན་ཤེས་པར་བྱའོ། །དེ་ལྟར་བསྐྱེད་རིམ་ལ་གོམས་པ་བརྟན་པ་ན་ལས་ཚོགས་ཐམས་ཅད་སྒྲུབ་པ་དང་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་ཞིང་། དེའི་མན་ངག་ནི་གཞན་དུ་ཤེས་པར་བྱ་ལ། རིམ་པ་གཉིས་ཀྱི་རྣལ་འབྱོར་གོམས་པས་ཡེ་ཤེས་ལ་ཅུང་ཟད་དབང་བར་གྱུར་པ་ན་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་བསྒྲུབ་ནུས་པར་འགྱུར་ལ། དེ་ནས་རྫོགས་པའི་རིམ་པ་གཙོ་བོར་བརྟེན་པས་ཡེ་ཤེས་ལ་དབང་བར་གྱུར་པ་ན། སྣ་ཚོགས་པའི་འགྲོ་བ་མཐའ་དག་དོན་ཆེན་པོ་ལ་དཀྲི་བའི་ཕྱིར་རིག་པ་བརྟུལ་ཤུགས་ཀྱི་སྤྱོད་པ་སྤྱད་ཅིང་། དེས་ཡེ་ཤེས་ལ་ཡང་དག་པར་དབང་བར་འགྱུར་རོ། །དེ་ནས་ཕྱག་རྒྱའི་སྦྱོར་བ་ལས་ནང་གིས་ཆེན་པོ་མངོན་དུ་བགྱིས་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་རྒྱུད་སྡེ་རྒྱ་མཚོའི་མཐར་ཐུག་དོན། །བདེ་གཤེགས་དགོངས་པའི་ངེས་གསང་མཆོག་གི་གནད། །ཀུན་འདུས་རིམ་པ་དང་པོའི་ལམ་གྱི་ཁྲིགས། །སྔོན་མེད་རིག་སྔགས་འཆང་བའི་འཇུག་ངོགས་འདི། །རྩ་བའི་རྒྱུད་ལུང་དེ་འགྲེལ་ལེགས་བཤད་གཞུང་། །བརྒྱུད་ལྡན་དམ་པའི་མན་ངག་ཇི་བཞིན་དུ། །བདེ་ཆེན་རྣམ་པར་རོལ་པའི་རྒྱ་མཚོ་ཆེ། །སྤེལ་བ་འདི་ནི་རྒྱལ་བའི་ལམ་བཟང་ཡིན། །དེ་ལྟར་ལེགས་པར་བཤད་པའི་བསོད་ནམས་གང། །ཐོབ་པ་དེས་ཀྱང་མཁའ་མཉམ་འགྲོ་བ་རྣམས། །དཔལ་ལྡན་ཁྲག་འཐུང་དཔའ་བོའི་གོ་འཕང་མཆོག །ད་ལྟ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ཅིག །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ཞེས་བྱ་བ་འདི་ནི་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་མེ་ཕོ་འབྲུག་གི་ལོ་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་སྦྱར་བའོ། །དགེའོ།། །།

དཔལ་རྡོ་རྗེ་ཕུར་བུའི་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་མན་ངག་རྡོ་རྗེའི་མེ་ཆར་ (Volume 31, Text 17)

༄༅། །དཔལ་རྡོ་རྗེ་ཕུར་བུའི་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་མན་ངག་རྡོ་རྗེའི་མེ་ཆར་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་ཕུར་བུའི་འཕྲིན་ལས་དགྲ་བགེགས་སྒྲོལ་བའི་མན་ངག་རྡོ་རྗེའི་མེ་ཆར་ཞེས་བྱ་བ། བླ་མ་དང་ཁྲག་འཐུང་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །གང་ཡང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སྨིན་ཅིང་བསྙེན་སྒྲུབ་མཐར་སོན་པ། ལྟ་བ་གཏན་ལ་ཕེབས་པས་བདེན་འཛིན་གྱི་དབལ་བཅོམ་སྟེ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པའི་སྔགས་པ་སྙིང་རྗེ་ཆེན་པོའི་ཀུན་སློང་དང་ལྡན་པས་སྒྲོལ་བའི་ལས་ལ་མངོན་དུ་ཕྱོགས་པ་དག་གིས་འདི་ལྟར་ཤེས་པར་བྱ་སྟེ། གང་དུ་སྒྲུབ་པ་ཆེན་པོའི་ལས་རྩོམ་པའི་དཀྱིལ་འཁོར་གྱི་སྲིན་པོའི་ཕྱོགས་སུ་གདུག་པའི་ས་ལས་བྱས་པའི་བྲུབ་ཁུང་མེ་རི་རྩང་དམར་གྱིས་བསྐོར་བའི་ནང་དུ་དམིགས་བྱའི་དྲི་མ་དྲུག་གིས་སྦགས་པའི་གཟུགས་རྟེན་ཁྲུ་གང་པ་གཅིག་བྱས་ལ། དེའི་སྙིང་གར་དགྲ་སྲོག་སྤུ་གྲིའི་འཁོར་ལོ་རྩིབས་དྲུག་པ་མན་ངག་བཞིན་བྲིས་པ་སྦྱར་ཐབས་སུ་བཞག་ནས། བདག་དཔལ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བར་རྡོ་རྗེས་མཚན་ཅིང་མེ་འབར་བར་བསམ་ལ་སྔགས་བཟླས་པས། གཙོ་བོའི་འཁོར་ལོ་ལས་བྱུང་བའི་འོད་ཟེར་འཁོར་རྣམས་ཀྱི་ཐུགས་ཀར་ཐིམ་པས་རྒྱུད་བསྐུལ་ནས་སླར་འདུས་རྡོ་རྗེ་གསུམ་གྱི་སྲོག་ཐོབ་པར་བསམ་པ་ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ་བའི་འཁོར་ལོ་དང་། འཁོར་ལོ་དེ་དམ་ཅན་རྣམས་ཀྱི་སྙིང་ནང་དུ་ཐོག་ལྟར་བབས་ནས་འཁོར་བ་ལ་དམིགས་ཏེ་བཟླས་པས། ཕོ་ཉ་ཐམས་ཅད་དགྲ་བོའི་སྟེང་དུ་རུབ་ནས་ལས་བྱེད་པར་བསམ་པ་ནི་དམ་ཅན་གནད་འབེབ་ཀྱི་འཁོར་ལོ་སྟེ། གནད་གསུམ་པོ་འདི་ནི་ལས་སྦྱོར་གྱི་སྔགས་དྲུག་ལ་སོགས་པའི་སྐབས་ཐམས་ཅད་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ནས་ཕྲིན་ལས་གྱེར་བའི་ཚེ་ལས་གཞུང་གི་ཚོགས་བར་པ་ཡན་ཆད་སོང་བ་ན་སྒྲུབ་པ་པོ་རྣམས་ཆས་སུ་ཞུགས་ཏེ་དྲག་པོའི་རོལ་མོ་གདུང་བའི་དབྱངས་དང་བཅས་པས་ཐུགས་དམ་བསྐུལ་བ་ལས། ཐོག་མར་རིག་འཛིན་བསྐུལ་བ་ནི། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབས། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །རྒྱ་གར་ཆུ་བོ་གངྒཱ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མནྡྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །དགུང་གི་ཕོ་རོག་ནག་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་རིག་འཛིན་ཆེན་པོ་ཡིས། །གནམ་ལྕགས་འབར་བའི་བྲག་ལོག་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་རིག་འཛིན་རྒྱུད་པའི་ཚོགས། །འཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །དེ་ནས་རྩ་བའི་ལྷ་ཚོགས་རྣམས་བསྐུལ་བ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །ཞེས་པ་ནས། ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་པའི་བར་གྱི་སྔགས་ཚིག་རྣམས་དོར་བས་དྲག་པོར་བསྐུལ་ལོ། །ཧཱུྃ་བྷྱོཿ སྔོན་ཚེ་སྒྲུབ་པའི་གནས་མཆོག་ནས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །བསེ་ཡི་འཕར་བ་ལྕེ་བརྒྱད་མ། །གཡུ་ཡི་ཁྱི་མོ་རལ་པ་ཅན། །ང་རོ་འབྲུག་ཏུ་ལྡིར་ཞིང་ཟུག །ཁ་རླངས་སྤྲིན་དུ་འཁྱིལ་ཞིང་འཐིབས། །མིག་ནི་ཉི་མའི་ཟེར་བཞིན་འབར། བང་ནི་གློག་གི་འགྲན་མི་ནུས། །སྤུ་ནི་མཚོན་ཆའི་སོ་ལྟར་རྣོ། །དེ་འདྲའི་འཆིབ་ཀྱི་བརྗིད་ཚུལ་ལ། །འཇིགས་པའི་མི་མོ་བཟང་མོ་ཞོན། །མི་བསྲུན་གདུག་པའི་བུད་མེད་བཞི། །གཡས་པ་རྡོ་རྗེ་ཐོད་ཕྲེང་འདྲེན། །གཡོན་པ་རིན་ཆེན་ཕུར་བུ་སྒྲིལ། །མུ་ཁ་མཆེད་བཞིའི་དུས་ལ་བབས། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོཿ བྱིང་བྱེད་མཚོ་ལ་གནས་བཅས་ནས། །རླུང་ནག་འཚུབ་མའི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོཿ བར་སྣང་ཁམས་སུ་རྟེན་བཅས་ཤིང་། །འབྲུག་དང་གློག་གི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཏྲི། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོཿ རི་རབ་རྩེ་ལ་རྟེན་བཅས་ཤིང་། །སད་དང་སེར་བའི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཛ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོཿ ས་ཡི་གླིང་དུ་རྟེན་བཅས་ཤིང་། ཁ་བ་བུ་ཡུག་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཛུ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། བལ་ཡུལ་ཡ་བྱིན་ཡུལ་ལ་བརྟེན། །མར་ཁུའི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། རོང་གི་དེ་བྱིན་ཡུལ་ལ་བརྟེན། །ཞག་གི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། མང་ཡུལ་བསེ་བྱིན་ཡུལ་ལ་བརྟེན། ཁྲག་གི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྙེ་ནམ་ཕག་བྱིན་ཡུལ་ལ་བརྟེན། །འོ་མའི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དམ་ཅན་ཆེན་མོ་བཅུ་གཉིས་སོགས། །ཕུར་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །དམ་རྫས་གཏོར་མ་འདི་བཞེས་ལ། །སྲིད་པའི་ཕུར་བུ་བདག་བསྒྲུབ་པས། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་བཤུགས་པ་དང་རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་བཅས་པས་བསྐུལ་ལོ། །གསེར་སྐྱེམས་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཕུར་སྲུང་བསྟན་སྐྱོང་དམ་ཅན་བཅུ་གཉིས་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །རྣལ་འབྱོར་བདག་གི་རིགས་ཀྱི་སྲུང་མ་དང། །ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་ཛ་གད་གསེར་དང་སྦྱར་བའི་ཕུད་སྐྱེམས་ཀྱིས་མཆོད་དོ། །གཟུ་དཔང་ནི། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས། ཁྱད་པར་དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས། །འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ། །སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ། །མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག །སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན། །ཚུལ་བཞིན་ཉམས་བླངས་དངོས་གྲུབ་བླང་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག །ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ། །བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག །མ་ཉེས་མ་ལན་ཡེ་ཤེས་ལྷ་ཡི་ཚོགས། །སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས། །སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་དམད། །བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང་། །མདུན་ནས་སྒུག་ཅིང་རྒྱབ་འདེད་ཟུར་ནས་གསོད། །ལུས་ཀྱིས་རྡུང་རྡེག་དཀོར་རྫས་རྐུ་ཞིང་འཕྲོག །ངག་གི་ཡ་གས་གཞན་གྱི་ནུས་མཐུ་བསྒུལ། །ཡིད་ཀྱིས་བསམ་ངན་དུག་ལྟར་གཡོ་བྱེད་པས། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་སེམས་དང་། །ད་དགྲ་བདོ་བའི་དགྲ་བགེགས་གར་གནས་ཀྱང་། །དཔལ་ཆེན་ཕུར་བུའི་བཀའ་ཉན་འཁོར་བཅས་ཀྱིས། །སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག །ཅེས་གཤིན་རྗེའི་སྐབས་ལྟར་བདེན་པའི་ཤགས་གདབ་བོ། །དེ་ནས་བྲུབ་ཁུང་། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ན་གཏི་མུག་གི་མུན་པ་གཏིབ་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས། དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ ཅེས་ལན་གསུམ་སོགས་ཀྱིས་དགུག །དེ་ནས་ཕོ་ཉ་གཏང་བ་ནི། ཛཿ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ ཧཱུྃ། དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་འཆིང་བར་བྱེད་པའི་ཞགས་པ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་ཡན་ལག་རྣམས། །བྱད་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །བཾ། དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་སྡོམ་པར་བྱེད་པའི་ལྕགས་སྒྲོག་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་དབང་པོ་རྣམས། །དམ་པར་སྡོམས་ཤིག་བཛྲ་ཕོ་ཊ་བཾ། །ཧོ། དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་མྱོས་པར་བྱེད་པའི་དྲིལ་བུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་རྣམ་ཤེས་ཡིད། །མྱོས་སུ་ཆུགས་ཤིག་བཛྲ་གཎྜེ་ཧོཿ ཞེས་དགུག་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ། དེ་ནས་གབ་པའི་སྤུ་གྲིའི་དགོངས་པར་ལྡན་པས་བསྒྲལ་བའི་ཐབས་དངོས་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལ་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་འབྱུང་བའི་དང་པོ་ལྷ་དང་ཕྲལ་བ་ལ་ཡང་དྲུག་གི །ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པའི་བར་གྱིས་བབ་བརྒྱད་བསྐུལ་རྗེས་སུ། འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊཿ རྫས་ནི། གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་བྱ་རོག་དང་འུག་པའི་དང་རུས་ཕྱིར་འབྱེད་པའི་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བྱེར་བར་བསམ། དམོད་པ་ནི། དགྲ་དང་དགྲ་སྐྱོབ་པའི་ལྷ་གཉིས་བྲལ་བར་གྱུར་ཅིག །ཅེས་བརྗོད་པའོ། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་སྦྱར། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊཿ རྫས་ནི་ཡུངས་དཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབ་ལ་འབེབ་པའི་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་དང་ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་བསྟིམས་པར་བསམ། དམོད་པ། ཆེ་གེའི་རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག །ཅེས་བརྗོད་པའོ། །གསུམ་པ་བྱད་དུ་གཞུག་པ་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སྦྱར། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ རྫས། ཚོན་སྣ་ལྔའི་སྐུད་པ་དང་ཡུགས་སའི་སྐྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ། དམོད་པ། དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག །ཅེས་བརྗོད་པའོ། །བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་། རིངས་པར་ཁུག་ལ་སྨྱོ་རུ་ཆུགས། །ཞེས་སྦྱར། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿ རྫས། དུག་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་ཡང་སྤྲུལ་དང་བཅས་པ་དང་གནམ་ཐེ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་མྱོས་རྨོངས་དྲན་མེད་མུ་འཆོལ་དུ་སྨྲ་བར་བསམ། དམོད་པ། ཆེ་གེ་སྨྱོ་རུ་ཆུགས་འབོག་ཏུ་ཆུགས་དྲན་པ་ཉམས་པར་གྱུར་ཅིག །ཅེས་བརྗོད་པའོ། །ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་འབྱུང་བས། དེ་ཡང་བདག་དཔལ་ཆེན་པོར་གསལ་བའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླས་མཚན་པའི་བར་དུ་བསྙེན་ཕུར་ཡཀྴ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་བར་མོས་ལ་བྱིན་གྱིས་བརླབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ ཅེས་ཉེར་གཅིག་གི་མཐར། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནཱན། མོ་ཧཱ་གྷ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཥྚིཿབི་ཀྲིཏ་ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ། ཅེས་སྤུ་གྲིའི་གདབ་སྔགས་བརྗོད་ཅིང་། དམིགས་བྱའི་སྙིང་དཀར་ནག་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་གར་ཚེའི་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་འདུས་པར། ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨར་བཅས་བསྡུས་ནས་རང་ལ་བསྟན་པས་ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་འབར། སླར་ཡང་ཧཱུྃ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ་ཕཊ་ཕཊ། ཅེས་གནས་སྤར་པས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས། ཀཱི་ལ་ཡ་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེ་རྗེས་འཛིན་གྱི་ཕུར་བུ་ཞེས་བྱ་སྟེ། ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་བྱེད་དོ། །དེ་ནས་ཕྱིར་མི་ལྡོག་པའི་ཕྱིར་ཁྲོ་བོ་བཅུའི་ཕུར་བུས་རིམ་པ་བཞིན་གདབ་སྟེ། སྤྱི་བོར་ཧཱུྃ་མཛད། དཔྲལ་བར་རྣམ་རྒྱལ། ལྟེ་བར་གཤིན་རྗེ། མགྲིན་པར་རྟ་མགྲིན། སྙིང་གར་འཁྱིལ་བ། དཔུང་གཡས་དབྱུག་སྔོན། དཔྱི་གཡོན་མི་གཡོ་བ། དཔྱི་གཡས་འདོད་རྒྱལ། དཔུང་གཡས་སུམ་རྒྱལ། ལྟེ་བར་སྟོབས་ཆེན་རྣམས་ཕུར་བུ་རང་རང་གི་སྔགས་ཀྱིས་གདབ་བོ། །དེ་ལ་རྡུལ་དུ་བརླག་པ་དངོས་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཞེས་གདགས། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊཿ རྫས། རྡོ་རྗེ་ཐོ་བ་དང་གཏུན་ཁུང་གྲུ་གསུམ་བར་དུ་བརྡུང་། ཏིང་ངེ་འཛིན། དཀྱིལ་འཁོར་གསུམ་གྱི་ལྷ་ཡང་སྤྲུལ་དང་བཅས་པ་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླག་པར་བསམ། དམོད་པ། དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག །ཅེས་བརྗོད་པའོ། །དྲུག་པ་ཞལ་དུ་བསྟབ་པ་ལ་ཡང་དྲུག་གི །ཕོ་ཉ། བབ་བརྒྱད་བསྐུལ། འཕྱོང་། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། །ཞེས་གདགས། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ རྫས། ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་སྟོབ་ཅིང། ཏིང་ངེ་འཛིན། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏིས་གྲོགས་བྱས་ཤིང་སྟོབས་པས་དགྱེས་པའི་སྐན་སྒྲ་དང་བཅས་རོལ་བར་བསམ། དམོད་པ། དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །ཅེས་བརྗོད་དོ། །དེ་ནས་སླར་ཡང་ལིང་རོ་རྣམས་བདུད་རྩིར་སྦར་བ་ཞལ་དུ་སྟོབ་ཅིང་། ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི། སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ། ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཕུལ་བས་ལྷ་ཐམས་ཅད་མཉེས་ཏེ་ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་དངོས་གྲུབ་བསྩལ། ཕཊ་ཕཊ་ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་རོལ་པ་ནས་བཟུང་མཇུག་གི་བྱ་བ་རྣམས་ལས་བྱང་བཞིན་ཤེས་པར་བྱའོ། །གཞན་ཡང་དགོས་པ་ཁྱད་པར་བ་དག་གི་དོན་དུ་སྲུང་བ་དང་ཟློག་པ་ལ་སོགས་པའི་ཕྲིན་ལས་ཀྱི་སྦྱོར་བ་གཞན་དག་ལ་འཇུག་པར་འདོད་ན་ངན་རྟོག་གི་སྨྱོ་ཆུས་མ་བསླད་པའི་རིག་འཛིན་བརྒྱུད་པའི་ཞལ་ལུང་གི་བདུད་རྩི་བརྟེན་པ་ལ་འབད་པར་བྱ་བ་ཡིན་ནོ། །དེང་དུས་ཕུར་བུ་མཁན་པོར་ཆེས་སྙེམས་འགའ། །ཟབ་དོན་གསང་བའི་ངེས་པ་མ་རྟོགས་པས། །རྩ་དུམ་གཞུང་ཉིད་རིམ་པར་བཀླགས་ཙམ་ལ། །གདབ་ཁ་དྲུག་གི་ཐ་སྙད་བྱེད་པ་མཐོང་། །འདི་ནི་ཨོ་རྒྱན་མཁན་པོའི་ཞལ་གྱི་ལུང་། །མི་བསྲུན་ཕྱེ་མར་འཐག་པའི་རྡོ་རྗེའི་ཐོག །རྣོ་མྱུར་ཚན་ཆེ་དྲག་སྦྱོར་མན་ངག་གནད། །འཁྲུལ་མེད་གསལ་བར་བྱས་འདིར་ཡིད་དགར་བྱོས། །བསྐྱེད་རྫོགས་དྲོད་ཐོབ་སྲུང་ཟློག་གསད་པ་སོགས། །དྲག་སྦྱོར་འཕྲིན་ལས་རབ་འབྱམས་བསྒྲུབ་མཁས་པའི། །སྔགས་པ་དེ་འདྲ་དཔལ་ལྡན་ཐུབ་པའི་བསྟན། །ཉིན་མོར་བྱེད་ལ་མེད་ཐབས་ཅི་ཞིག་ཡོད། །དཔལ་རྡོ་རྗེ་ཕུར་པའི་འཕྲིན་ལས་དགྲ་བགེགས་སྒྲོལ་བའི་མན་ངག་རྡོ་རྗེའི་མེ་ཆར་ཞེས་བྱ་བ་འདི་ནི། ལྟར་སྣང་གི་ཆོ་གས་བློ་མི་བྲིད་ཅིང་ཕྲིན་ལས་ཕུར་བུའི་མན་ངག་གི་གསང་བ་ཁོང་དུ་ཆུད་པའི་རིགས་སྔགས་འཆང་བ་འགྱུར་མེད་རྡོ་རྗེས་བག་ཡོད་ཀྱི་ལོ་སྨིན་དྲུག་གིས་ཉ་བའི་ཡར་ངོའི་ཚེས་བཅུ་ལ་སྦྱར་བའི་ཡི་གེ་པ་ནི་ལོ་ཙཱ་བ་ཝཱ་གིནྡྲ་དྷརྨ་ཤྲཱིའོ།། །།

རྫོགས་ཆེན་སྡེ་གསུམ་གྱི་ཕྲིན་ལས་བྱང་བུ་ཁྲིགས་སྡེབ་ཀྱི་ཚོགས་མཆོད་ལ་ཉེ་བར་མཁོ་བའི་སྐོང་བཤགས་ཀུན་བཟང་མཆོད་སྤྲིན་ (Volume 62, Text 17)

རྫོགས་ཆེན་སྡེ་གསུམ་གྱི་ཕྲིན་ལས་བྱང་བུ་ཁྲིགས་སྡེབ་ཀྱི་ཚོགས་མཆོད་ལ་ཉེ་བར་མཁོ་བའི་སྐོང་བཤགས་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སརྦ་ཡེ། སྐོང་བའི་རྫས་རྣམས་ཚོགས་པར་བཤམས། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཧཱུྃ་ཧྲཱིཿ འོག་མིན་ལྷུན་གྲུབ་གཞལ་ཡས་ཁང་། །བཀོད་པ་ཚད་མེད་འབྱམས་ཀླས་དབུས། །ཀུན་བཟང་ཁྱབ་བདག་རྡོ་རྗེ་འཆང་། །རིག་འཛིན་བླ་མའི་ལྷ་ཚོགས་དང་། །ཞི་ཁྲོ་རབ་འབྱམས་རྒྱ་མཚོ་དང་། །དྷཱ་ཀི་སྲུང་མ་དམ་ཚིག་ཅན། །ནོར་ལྷ་གཏེར་བདག་གཞི་བདག་སོགས། །རང་བྱུང་ཀློང་ལས་ཤར་བ་ཡི། །སྲིད་དང་ཞི་བའི་ཆོ་འཕྲུལ་ཀུན། །ཡེ་གྲོལ་རབ་འབྱམས་བདེ་བའི་ཀློང་། །ཀུན་བཟང་བྱང་ཆུབ་སེམས་ཀྱི་སྤྲིན། །མཁའ་མཉམ་ཀློང་ཡངས་རྫོགས་པ་ཆེ། །རང་རིག་བྱང་ཆུབ་སེམས་དཀྱིལ་འཁོར། །འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས། །འཕེལ་འགྲིབ་མེད་པར་རྟགས་བཞུགས་པའི། །གཉུག་མ་དོན་གྱི་ལྷ་རྣམས་ལ། །ཕྱི་ནང་གསང་བའི་ཉེར་སྤྱོད་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གཏེར་ཆེན་བུམ་པ་ཁང་བཟང་དང་། ཁྲུས་རྫིང་སྐྱེད་ཚལ་ལ་སོགས་པ། །མཐོ་རིས་འབྱོར་པའི་བཀོད་པ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །འདོད་ཡོན་ལྷ་མོ་དཔག་མེད་སྤྲུལ། །ཡིད་འོང་རྡོ་རྗེའི་རིག་མ་ཡིས། །བདེ་བའི་གར་སྒྱུར་གླུ་དབྱངས་ལེན། །སྙོམས་ཞུགས་ཟག་མེད་དགྱེས་སྤྲིན་གྱི། །བདེ་ཆེན་མཆོག་གི་མཆོད་པ་འབུལ། །སྨན་དང་རཀྟ་གཏོར་མ་རྣམས། །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །གདུག་ཅན་བསྒྲལ་པའི་ཤ་ཁྲག་རུས། །ཡེ་ཤེས་བདུད་རྩིར་བསྒྱུར་ཅིང་སྟོབས། །རྨད་བྱུང་ཚོགས་ཀྱི་འཁོར་ལོ་སོགས། །བླ་ན་མེད་པའི་དམ་ཚིག་རྫས། །ཀུན་ཏུ་བཟང་པོའི་ཏིང་འཛིན་གྱི། །རྣམ་པར་འཁྲུལ་པ་ལས་བྱུང་བའི། །མཆོད་སྤྲིན་ནམ་མཁའི་མཐར་ཁྱབ་པ། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་འགའ་འཁྲུལ་བཤགས། །ཕྱི་ནང་གསང་བའི་འཁྲུལ་རྟོགས་ཚོགས། །ཀ་དག་ཆོས་དབྱིངས་ཀློང་དུ་བསྟིམ། །མཆོག་ཏུ་མི་འགྱུར་བདེ་ཆེན་པོ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རང་བྱུང་ཁྱབ་བདག་དཔལ་ཆེན་པོ། །ཚེ་འདི་ཉིད་ལ་འགྲུབ་པ་དང་། །འཁོར་བ་དོང་ནས་སྤྲུག་པར་ཤོག །ཅེས་པའང་ལྕགས་སྟག་ས་ཟླར་རྩི་རྐེ་མཆོག་གླིང་རིན་པོ་ཆེར་སྨིན་གྲོལ་ཕུལ་བའི་དམར་ཕྱོགས་ཚེས་བཅུའི་མཆོད་པར་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་མངོན་རྟོགས་ཡིད་བཞིན་ནོར་བུ་ (Volume 22, Text 17)

ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་མངོན་རྟོགས་ཡིད་བཞིན་ནོར་བུ་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཧྲཱི༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་པའི་ངང་ལས་པདྨ་ཟླ་བའི་གདན༔ པད་དཀར་ཧྲཱིཿས་མཚན་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་བསྣམས༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔ ཞལ་འཛུམ་སྤྱན་གདངས་ཤངས་ཀྱི་དབྱིབས་མཐོ་ཞིང༔ དབུ་སྐྲའི་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔ སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ རང་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་རུ༔ པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔ ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་ན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔ འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔ སྔགས་ལས་འོད་བྱུང་འབྱུང་བའི་སྒྲ་ལ་སོགས༔ གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་ངང༔ སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག༔ དེ་ལྟར་གསལ་བས་རིག་སྔགས་འབྲུ་དྲུག་པོ༔ གྲྭ་ཟུར་མ་ཉམས་བརྒྱ་སྟོང་ཁྲི་འབུམ་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ལྟར་རྒྱུན་དུ་སྒོམ་བཟླས་བྱ༔ སྐབས་སུ་མཆོད་བསྟོད་ཕྲིན་ལས་བཅོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནུབ་ཟངས་མཛོད་དམར་པོ་ནས། སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་སྤྱན་དྲངས་པའོ།། །།

ཐུབ་ཆོག་བྱིན་རླབས་གཏེར་མཛོད་ (Volume 52, Text 17)

༄༅། །ཨ དྷི ཥྛཱ ན ནི དྷི ཀོ ཥ ནཱ མ མུ ནི བི དྷི བི ཧ ར ཏི སྨ། ། ༄༅། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང་། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་གཞག་ཡིན། །ཞེས་གསུངས་པ་བཞིན་དུ། བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་ཆོས་དང་ཚོགས་སོགས་སྐྱབས་སེམས་དང་། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས། ཨ། སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །སྣང་བ་འགགས་མེད་ཟུང་འཇུག་སྒྱུ་མའི་ཚུལ། །རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །སྟོན་པ་མཚུངས་མེད་ཤཱཀྱ་སེང་གེ་ནི། །གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱང་ཞིང་། །ཕྱག་གཡོན་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུ་ཡང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཤིང་། རྒྱལ་བ་དེ་ཉིད་ལ་དམིགས་ནས་ཚོགས་གསོག་པ་ཡང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་གྱུར་དུ། །འདུས་བྱས་འདི་ནང་བར་མ་དོ་རུ་ཟད་མི་འགྱུར། །ཞེས་དང་། དེའི་མདུན་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །སྙིང་ནས་འགྱོད་པ་དྲགས་པོས་སོ་སོར་བཤགས། །འཕགས་དང་སོ་སོ་སྐྱེ་བོས་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །ཕྱོགས་བཅུར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང་། །སྤྲུལ་པའི་གཟུགས་བརྙན་རྟག་ཏུ་སྣང་བར་མཛོད། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་བྱེད་ཅིང་། །ཆོས་རྗེ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །ཐུགས་རྗེས་ལྷག་པར་བཟུངས་པའི་བཀའ་དྲིན་ལས། །ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །དེ་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད། །ཅེས་ཡིད་ཆེས་ཀྱི་དད་པ་དྲགས་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པའི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆི་འོ། །ཞེས་ཅི་འགྲུབ་དང་། ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་རིགས་དང་། ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླ་འོ། །འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ། དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས། མཚན་བརྗོད་པ་དང་། གཟུངས་བཟླས་པའི་རྐྱེན་གྱིས། སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་བསམ་ལ་དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ། །ཐུན་མཚམས་རྣམས་སུ་མཎྜལ་སོགས་མཆོད་པ་དང་། ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེ་རོལ་པ། སྐྱེས་རབས་སྣ་ཚོགས། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་སོགས་མདོ་གང་འདོད་ཅི་ལྟར་ནུས་པ་བཀླག །དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང་། མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་པའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་པའི་ ཚུལ་ལས་བརྩམ་སྟེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྷོད་པ་མེད་པའི་ངང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་། ཁྱད་པར་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་ཞིག་གིས་རིམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་བ་མདོ་དུ་མ་ནས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་འབྱུང་ཞིང་གཟུངས་འདི་རྙེད་པའི་མཐུས་ཤཱཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཏུ་གྱུར་པ་དང་། གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་གྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུངས་ཤིང་། བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། །དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་བསྐུལ་བ་ཡིད་ལ་འཇགས་པའི་སྟེང་དུ། ཉེ་ཆར་དབོན་རིན་པོ་ཆེ་ཉིད་ནས་སྤྲུལ་པའི་སྐུ་འཇིགས་མེད་པདྨ་བདེ་ཆེན་ལ་སྦྲན་ཏེ་རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་གྲུབ་པར་གྱིས་ཞེས་དམ་པ་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས། སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ་ཤཱཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ། ཀུན་ལྡན་ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་གྲུབ་པར་བགྱིས་པ་འདིས་བསྟན་འགྲོ་ལ་ཕན་པ་རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པ་དང་། ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པར་གྱུར་ཅིག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་པའང་མི་ཕམ་པས་སོ། །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བ་སྲིད་མཐའི་བར། །མི་ཉམས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དགེའོ། །བཀྲ་ཤིས་པར་གྱུར་ཅིག་གུ །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ (Volume 35, Text 17)

༄༅། །འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མསྟཱ་རཻ། གང་གི་མཚན་ཐོས་པས་ཀྱང་འཇིགས་ཀུན་སྒྲོལ། །འཁོར་བའི་དུཿཁ་མ་ལུས་སེལ་མཛད་མ། །འོད་དཔག་མེད་འཆང་རྒྱལ་བ་ཀུན་སྐྱེད་ཡུམ། །འཆི་མེད་གཏེར་འཆང་འཕགས་མར་ཕྱག་འཚལ་ལོ། །དུས་དགྲའི་དཔུང་འཇོམས་མི་ཤིགས་དྭངས་མའི་ཚེ། །བསྒྲུབ་ཕྱིར་བཅོམ་ལྡན་འདས་མ་ཉེར་བསྙེན་པའི། །མན་ངག་ཀུན་སྤྱོད་བདུད་རྩི་ཟབ་མོ་ནི། །ལམ་བཟང་སྙེགས་ལ་ཁོ་བོས་འདིར་བསྟན་བྱ། །དེ་ཡང་གནས་དབེན་ཞིང་གཙང་ལ་ཡིད་དུ་འོང་བར། དུས་ཡར་ངོའི་ཚེས་བརྒྱད་དམ་གཟའ་སྐར་བཟང་པོར་བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི། དབུས་སུ་ཟླ་བ་སྣ་ཚོགས་རྡོ་རྗེ་པད་དཀར་འདབ་བརྒྱད་མུ་ཁྱུད་ལྔ་ལྡན་མཛེས་ཤིང་ཡིད་དུ་འོང་བ་བྲི། དེ་སྟེང་བུམ་པ་མཚན་ལྡན་དར་དཀར་ཆིངས་ལྡན་ནང་གཏན་འཁྱིལ་མཚོའམ་རྒྱུན་འབབ་གངས་ཆུ་བུ་མོ་གཙང་མས་བླངས་ལ་ལྔ་ཚན་ལྔའི་རྫས་བཅས་བླུག །ཁ་རྒྱན་ཤིང་གིས་བྱས་པའི་གསེབ་ལ་འཕགས་མའི་སྐུ་རི་མོའམ་འབུར་དུ་དོད་པ་བཤམ། དེའི་མདུན་དུ་གཏོར་མ། གཡས་སུ་ཚེ་རིལ། གཡོན་དུ་བདུད་རྩི། རྒྱབ་ངོས་མདའ་དར་སྣ་ལྔ། མཐར་མཆོད་པའི་བྱེ་བྲག་གིས་ལེགས་པར་བསྐོར། དེ་ལྟར་གལ་ཏེ་མ་ལྕོགས་ན། རས་དཀར་གྱི་གཞི་མའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་དགུ་པའི་དབུས་སུ། གཏོར་མ་བུམ་པ་སྐུ་གཟུགས་གང་རུང་གཅིག་གི་མཐར། མཆོད་པ་ལྔས་བསྐོར་ནས་བཤམས་ཀྱང་འཐུས་ལ། དེ་ཙམ་གྱི་སྤྲོས་པ་མེད་ན་སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་དཔེ་ལ་མཆོད་པ་བཤམས་ཀྱང་ཤིན་ཏུ་ནས་རུང་ཞིང་། སྤྱིར་སྤྲོས་པ་མེད་པ་ཏིང་ངེ་འཛིན་ཁོ་ནས་ཀྱང་ཡོང་ངོ། །དེ་ལྟར་སྟ་གོན་གྲུབ་ནས། གཞི་བདག་འབྱུང་པོའི་ཚོགས་གཏོར་མས་བརྔན་ལ་སྲུང་འཁོར་ཟབ་མོ་བསྒོམ། དྲི་བཟང་གི་ཆུས་གདོང་བཀྲུས་ཤིང་བདེ་བའི་གདན་ལ་སྙོམས་པར་འདུག་ནས་ལྷག་པའི་བསམ་པ་དང་ལྡན་པས། ན་མོ་ཧཱུྃ། སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་འཕགས་མ་བསྒྲུབ་པར་བྱ། །ཚོགས་ཞིང་བླ་ན་མེད་པའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དགེར་ཡི་རང། །ཆོས་འཁོར་བསྐོར་བསྐུལ་རྒྱལ་བ་བཞུགས་གསོལ་འདེབས། །དགེ་བསགས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །རཾ་ཡཾ་ཁཾ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ། སྥ་ར་ཎ་ཕཊ། འདིར་བཤམས་པ་དང་ཡིད་ཀྱིས་མཆོད་པའི་རྫས། རིན་པོ་ཆེའི་གཞལ་མེད་ཁང་ཁོ་ལག་ཡངས་ཤིང་རྒྱ་ཆེ་བར་ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ནམ་མཁའ་མཛོད་ཀྱི་རང་བཞིན་རྒྱལ་བའི་ཞིང་ཐམས་ཅད་ཁྱབ་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། ཨརྒྷཾ། པཱ་དྱཾ་སོགས་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་པས་བྱིན་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཀུན་སྤྲོས་བྲལ་སྟོང་པ་ཆེན་པོའི་ངང་། །ཀུན་ཁྱབ་སྙིང་རྗེའི་རོལ་པ་བསམ་ཡས་སྤྲོ། །རང་སེམས་ཡེ་ཤེས་ངོ་བོ་ཏཱྃཿདུ་ཤར། །འཕྲོས་པའི་འོད་ཀྱིས་ཁམས་གསུམ་དྲི་མ་སྦྱངས། །སྟེང་འོག་ཁོར་ཡུག་རྡོར་གུར་མེ་རིས་གཏམས། །དེ་དབུས་འཇིག་རྟེན་ཆུ་ཤེལ་གཞལ་ཡས་ཁང་། །འདོད་ཡོན་ཕུན་ཚོགས་བདེ་བ་ཅན་གྱི་དབུས། །རང་མདུན་ནམ་མཁར་པད་དཀར་འདབ་སྟོང་སྟེང་། །གསེར་གྱི་རྒྱ་གྲམ་ཟླ་བའི་དཀྱིལ་འཁོར་ལ། །རྒྱུ་ཡི་ས་བོན་ཏཱྃཿལས་རྒྱལ་ཀུན་གྱི། །ཐུགས་རྗེ་ཕྲིན་ལས་ཡོངས་འདུས་ཨུཏྤལ་དཀར། །ཡོངས་གྱུར་ཡིད་བཞིན་ཟླ་བ་ཚེ་སྦྱིན་མ། །དཀར་དྭངས་ཆུ་ཤེལ་ཟླ་ལྟར་རབ་ཏུ་འཚེར། །ཞི་འཛུམ་སྒེག་ཆགས་ལྔ་ལྡན་འོད་ཟེར་འཕྲོ། །རིན་ཆེན་རྒྱན་རྫོགས་མེ་ཏོག་ཕྲེང་བས་སྤྲས། །དར་དཀར་སྟོད་གཡོགས་སྣ་ཚོགས་སྨད་གཡོགས་གསོལ། །དཔྲལ་བ་ཕྱག་ཞབས་ཞི་སྤྱན་བདུན་གྱིས་བརྒྱན། །ཨུཏྤལ་དཀར་པོ་ཆེར་རྒྱས་སྡོང་བུ་ནི། །ཕྱག་གཡོན་མཐེབ་སྲིན་དག་གིས་ཐུགས་ཀར་འཛིན། །པདྨ་དཀར་པོ་མཆོག་སྦྱིན་ཕྱག་རྒྱ་གཡས། །དབུ་སྐྲ་ཐོར་ཅོག་ལྟག་ཟར་རྣམ་པར་གཡོ། །འོད་ནི་དཔག་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཞོན་ནུ་འགྱིང་ཚུལ་ཟླ་རྒྱས་རྒྱབ་ཡོལ་མཛེས། །དཔྲལ་མགྲིན་སྙིང་གར་ཟླ་བ་པད་ཉི་ལ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན། །ཐུགས་ཀར་པད་ཟླའི་སྟེང་དུ་རྩིབས་བརྒྱད་དཀར། །ལྟེ་བར་ཟླ་སྟེང་ཏཱྃཿཡིག་འོད་དཔག་མེད། །རྩིབས་བརྒྱད་སྔགས་ཕྲེང་བཅས་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་མར་སངས་རྒྱས་བྱང་ཆུབ་སེམས། །མ་ལུས་བསྐོར་ཏེ་མདུན་གྱི་མཁའ་ལ་བྱོན། །མཆོད་ཅིང་བསྟོད་པར་དབང་བསྐུར་གསོལ་བཏབ་པས། །ཡེ་ཤེས་འཁོར་དང་བཅས་པས་བུམ་པའི་ཆུས། །དམ་ཚིག་པ་ལ་དབང་བསྐུར་སྐུ་ལུས་ཁེངས། །ཕྱི་ནང་སྒྲིབ་གཉིས་དྲི་མ་ཐམས་ཅད་དག །ཆུ་ལྷག་ཡར་ལུད་འོད་དཔག་མེད་དབུ་བརྒྱན། །དམ་ཚིག་ཡེ་ཤེས་དབྱེར་མེད་ངོ་བོར་གྱུར། །ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿ ཨོཾ་ཨཱརྱ་ཏཱ་རེ་ཨེ་ཧྱེ་ཧི་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལ་ཡང་། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད་སྭཱ་ཧཱ། །བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ། །བདག་ཡིད་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས། །འཆི་མེད་ཚེ་དབང་ལོངས་སྤྱོད་དཔལ་འབྱོར་དང་། །ཕྲིན་ལས་རྣམ་བཞི་ཅི་འདོད་བསྩལ་དུ་གསོལ། །འདི་ཕྱི་བར་དོ་གནས་སྐབས་ཐམས་ཅད་དུ། །མ་ཁྱེད་འབྲལ་མེད་རྟག་ཏུ་ཐུགས་རྗེས་ཟུངས། །སྐྱེ་བ་འདི་ནས་བྱང་ཆུབ་མཆོག་གི་བར། །ལུང་བསྟན་ཆོས་གསུང་འབྲལ་མེད་འགྲོག་ཏུ་གསོལ། །རྟག་ཏུ་ཉམས་ལེན་སྐྱོ་དུབ་མེད་པ་དང་། །གཞན་དོན་ལྷུར་ལེན་བདེ་ལེགས་ཕུན་ཚོགས་ཤིང། །ཚེ་དང་སྒྲུབ་པ་རླབས་ཆེན་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག །ཅེས་བསྟོད་གསོལ་བ་བཏབ་པས་སྒྲོལ་མཛད་མའི། །སྐུ་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །སངས་རྒྱས་བྱང་སེམས་མ་ལུས་རིགས་ལྔ་ཡི། །རྣམ་པར་སྤྱན་དྲངས་འཕགས་མའི་སྐུར་ཐིམ་ཞིང་། །མདུན་གྱི་འཕགས་མ་འོད་ཕུང་གྱུར་ནས་ནི། །རང་གི་ལུས་ལ་ཐིམ་པས་སྐད་ཅིག་དེར། །རང་ཉིད་འཕགས་མའི་སྐུར་གྱུར་རྒྱན་ཆ་ལུགས། །སྐུ་མདོག་ཕྱག་མཚན་མ་འདྲེས་ལམ་མེར་གསལ། །སྙིང་གར་པད་དཀར་འདབ་བརྒྱད་ཅུང་ཁ་ཟླུམ། །དེ་དབུས་ཟླ་སྟེང་རྩིབས་བརྒྱད་ཡིག་འབྲུ་བརྒྱད། །ལྟེ་བར་ཟླ་གདན་སྟེང་དུ་ཏཱྃཿཡིག་དཀར། །ཅུང་ཟད་ཁ་ཟླུམ་རིང་ཆ་ཚེགས་དྲག་བརྒྱན། །ཕྱི་རིམ་མུ་ཁྱུད་སྔགས་ཕྲེང་སྤེལ་ཚིག་བསྐོར། །སྔགས་ཀྱི་འོད་ཟེར་ཆོས་འཁོར་ལྔ་ལྡན་འཕྲོས། །ལྗང་གུས་མི་ཤིགས་རྡོ་རྗེའི་གུར་ཁང་སྤྲས། །དཀར་པོས་འཇིག་རྟེན་ཁྱབ་བྱས་བདག་སོགས་ཀྱི། །ནད་གདོན་བར་ཆད་དགྲ་བགེགས་མཐའ་དག་ཞི། །དེ་བཞིན་དམར་པོས་འཁོར་འདས་ཚེ་བསོད་བསྡུས། །སེར་པོས་ཚེ་བསོད་དཔལ་འབྱོར་མངའ་ཐང་འཕེལ། །མཐིང་གས་གཉེན་པོས་མི་འཇིགས་རྡོ་རྗེའི་སྐུ །གཞོམ་གཞིག་མེད་སྐུར་གྱུར་པས་རྩེ་གཅིག་ཏུ། །ཐུགས་ཀའི་སྔགས་ཕྲེང་ས་བོན་དམིགས་གཏད་ལ། །ཡེངས་མེད་ངང་ལས་རླུང་སྔགས་དབྱེར་མེད་པར། །བཟླས་པའི་སྐྱོན་ལྔ་སྤངས་ལ་དག་པར་བཟླའོ། །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱན་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་གོང་མ་རྩ་སྙིང་འབྲུ་བརྒྱད་པ་དང་འོག་མ་ལས་སྔགས་སྤེལ་ཚིག་དང་བཅས་པ་སྟེ། བསྙེན་པའི་སྐབས་སུ་གོང་མ་གཙོ་བོ་དང་སྤེལ་ཚིག་ཅན་དེའི་དྲུག་ཆ་ཙམ་དུ་བཟླ་ལ། སྒྲུབ་དང་རྒྱུན་གྱི་བཟླས་པ་ལ་ནི་སྤེལ་ཚིག་ཅན་གཙོ་བོར་བྱའོ། །ཐུན་མཐར་རྫོགས་པའི་རིམ་པ་དང་ལྷར་ལྡང་མཉམ་པར་གཞག་པའི་རིམ་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་ཕུང་ཆེན་པོའི་རང་བཞིན་དུ་གྱུར་ནས་རྡོ་རྗེའི་གུར་ལ་ཐིམ། དེ་ཡང་འོད་ཟེར་དཀར་པོར་ཐིམ། དཀར་པོ་ཡང་དམར་པོར་ཐིམ། དམར་པོ་སེར་པོར་ཐིམ། སེར་པོ་མཐིང་གར་ཐིམ། མཐིང་ག་འཕགས་མར་ཐིམ། འཕགས་མ་ཡང་ཐུགས་ཀའི་འཁོར་ལོ་ལྔ་ལྡན་ལ་ཐིམ། ལྔ་ལྡན་རྩིབས་ཕྲེང་སྔགས། ས་བོན་དེ་ཡང་ཏཱྃ། ཁོག་པ། མགོ །ཟླ་ཚེས། ཐིག་ལེ། ནཱ་ད་ཡལ་ཏེ་ཟབ་ཞི་འོད་གསལ་ལ་ཞུགས། སླར་ཡང་སྔགས་རྐྱེན་གྱིས་སད་དེ་འཕགས་མར་ལྡང་བར་འབྲུ་གསུམ་གྱིས་བརྒྱན་པར་གྱུར། དེ་ལྟར་ཡང་ངོ་བོ་སྟོང་ཉིད་ཆེན་པོ་གང་གི་ཡང་སྤྲོས་པ་མེད་པར་རྟོགས་པ་རྫོགས་རིམ། རང་བཞིན་ལྷར་སྣང་སྒྱུ་མ་ལྟ་བུར་ལམ་ཁྱེར་བསྐྱེད་རིམ། ཐུགས་རྗེ་ཟུང་འཇུག་རིམ་པའི་ངང་ལ་རོ་གཅིག་པ་བསྐྱེད་རྫོགས་གཉིས་མེད་དེ། དེར་མ་ཟད་ཆོས་ཀུན་ཆོས་ཀྱི་སྐུར་རོ་གཅིག་པའོ། །དགེ་འདིས་བདག་གི་ཚོགས་གཉིས་རྫོགས། །མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས། །འགྲོ་ཀུན་སྒྲིབ་པ་གཉིས་སྤངས་ཏེ། །འཆི་མེད་རིག་འཛིན་ཐོབ་པར་ཤོག །ཅེས་རིམ་གཉིས་དགེ་བ་འགྲོ་ལ་བསྔོ་བས་རྒྱས་གདབ་པའོ། །དེ་ནས་ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། དཀར་གསུམ་གཙོ་བོར་བྱས་པའི་ཟླུམ་གཏོར་མར་ཁུས་བྱུགས་པ་མཐེབ་ཀྱུའི་མཐའ་སྐོར་ཅན་སྣོད་གཙང་མར་ཆང་ངམ་ཆུ་དང་སྣོད་གཅིག་ཏུ་བཤམས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ལས་ཆུས་བསང་ཞིང་། རཾ་ཡཾ་ཁཾ་གཏོར་མ་རྫས་མ་དག་པ་ཐམས་ཅད་སྦྱངས། སྟོང་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་སྣོད་བཅུད་ཕུན་སུམ་ཚོགས་ཤིང་འདོད་ཡོན་དུ་མས་བརྒྱན་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། འཁོར་འདས་ཀྱི་སྣོད་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས། བཅུད་མ་ལུས་ཤིང་ལུས་པ་མེད་པ་བཅོམ་ལྡན་འདས་མའི་རང་བཞིན་འཁོར་ལོ་གསུམ་དུ་གྱུར་ཅིང་། དེ་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་ཉེར་གཅིག་གིས་འབུལ་མཐར་གོང་དུ་བསྟན་པའི་བསྟོད་པའམ། སྤྲོ་ན་ཕྱག་འཚལ་ཉེར་གཅིག་གིས་རབ་ཏུ་བསྟོད་ཅིང་ཡིད་ལ་འདོད་དོན་གང་ཡིན་པ་དེ་འགྲུབ་པར་གསོལ་བ་དྲག་ཏུ་གདབ་བོ། །གཞན་ཡང་མདུན་བསྐྱེད་མཆོད་བསྟོད་མཎྜལ་གྱི་བྱ་བ་གཞན་ནས་བྱུང་ལྟར་ཤེས་ཤིང་སྤྲོ་བས་བགྱིས་ཀྱང་ལེགས་ལ་མ་གྲུབ་ཀྱང་རུང་ངོ་། །མཐར་ཡིག་བརྒྱ་ཅི་ནུས་ཀྱིས་ཉེས་བྱས་བཤགས་ཤིང་ལྷག་ཆད་གསོ། ཨཀྵ་དང་རྟེན་འབྲེལ་སྙིང་པོ་ཡང་བཀླགས་ལ་འཁོར་འདས་དག་པ་འོད་གསལ་གྱི་འཁོར་ལོ་རྫོགས་པའི་རིམ་པ་ལ་བསྡུའོ། །སྤྲོས་བཅས་ཀྱི་ཆོ་ག་དང་རྗེས་མཐུན་དམ་ཡེ་རྣམས་ཡེ་ཤེས་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ་བ་དང་། དམ་ཚིག་བསྡུས་ཀྱང་འགལ་བར་མི་འགྱུར་ལ། གང་ཡང་མཐར་བསྔོ་སྨོན་བཀྲ་ཤིས་ཀྱི་རྒྱས་གདབ་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་མ་བསྙེན་པའི་ཚད་ནི། དུས་ཞག་གཅིག་ནས་གསུམ་བདུན་ཉེར་གཅིག་དང་ཟླ་བ་ལོ་སོགས་གང་ཡང་རུང་ཞིང་། གྲངས་ནི་སྤྱིར་སྔགས་ཡི་གེ་བཅུ་པ་འབྲུ་འབུམ་གྱི་དབང་དུ་བྱས་ཏེ་བྱེ་བས་ལས་དང་དངོས་གྲུབ་རྣམས་བསྒྲུབ་པ་ལ་དབང་ཞེས་རྒྱུད་དོན་ལྟར་བཤད་ཀྱི། འདིར་ནི་རྩ་སྔགས་ཀྱི་ཡི་གེ་བརྒྱད་པ་དང་འབྲུ་བཅུ་པ་ལས་སྔགས་སྤེལ་བ་སྦྲགས་མ་དག་པར་འབུམ་ཕྲག་དྲུག་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་པར་བཟླས་པས། ཚེའི་རིག་འཛིན་ཐོབ་པར་ཁ་ཆེའི་པཎྜི་ཏ་འོད་ཀྱི་ལུས་ཅན་བྱེ་མ་ལ་མུ་དྲའི་མན་ངག་ལས། ཡེངས་མེད་རྩེ་གཅིག་འབུམ་ཕྲག་གཅིག༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ ཅེས་གསུངས་པས་དེ་ཡང་སྐལ་པ་དང་བློ་ཡི་རིམ་པས་དུས་མིན་འཆི་རྐྱེན་ཐ་དག་སེལ་ནས་ཚེ་ཚད་ལ་བསྐྱལ་བ་དང་། ཚེ་ཚད་ལྷག་པར་བསྲིང་བ་དང་། འཆི་མེད་རིག་འཛིན་ཐོབ་པ་རྣམས་འགྱུར་རོ། །རྟགས་ཀྱི་བསྙེན་པ་ནི་དབང་པོའི་གོ་རིམ་བཞིན། དངོས་ཉམས་རྨི་ལམ་གྱི་སྣང་བར་འཕགས་མའི་ཞལ་མཇལ་ལུང་བསྟན་གདམས་ངག་འབོགས་པ་རྣམས་འབྱུང་ཞིང་། གཞན་ཡང་ཉི་ཟླ་ཤར་བ་དང་། མེ་ཏོག་དཀར་པོ་འཐུས་པ་དང་། ཤིང་ཐོག་ཟོས་པ་དང་། བདུད་རྩི་འཐུང་བ་དང་། མཆོད་རྟེན་སཱཙྪ་བཞེངས་པ་དང་མང་པོ་མཐོང་བ་དང་། བུ་མོ་དཀར་མོ་ཡིད་དུ་འོང་བས་རྒྱན་ཕྲེང་དཀར་པོ་བྱིན་པ་རྣམས་ཚེ་འགྲུབ་པའི་ལྟས་ཡིན་ནོ། །དེ་ལྟར་འཕགས་མའི་དུས་བསྙེན་གྲུབ་པའི་སྐབས་སམ། གཞན་ཡང་གནས་སྐབས་ཅི་རིགས་པར་བྱིན་རླབས་འཇུག་ཕྱིར་དབང་ལེན་པར་འདོད་ན། མདུན་གྱི་དཀྱིལ་འཁོར་གཏོར་མ་བུམ་པ་ཉིད་འཕགས་མར་བལྟས་ཤིང་གཟུངས་ཐག་རྡོ་རྗེ་འཛིན་ནས་སྔགས་བརྒྱ་སྟོང་ཁྲི་འབུམ་ཅི་རིགས་བཟླས་ནས། མཐར་ཨོཾ་ཨཱཿཧཱུྃ། ཞེས་ལྷ་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་རྫས་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། དེ་ནས་ངོ་བོ་རྩ་བའི་བླ་མ་དང་དཀྱིལ་འཁོར་གཙོ་མོ་ཐ་མི་དད་པ་རྡོ་རྗེ་སློབ་དཔོན་དང་། དེའི་ཐུགས་ཀ་ནས་རིག་རྩལ་སྤྲུལ་པའི་ལྷས་རྒྱལ་ཐེབས་མཛད་པར་མོས་ནས། རང་གློ་བུར་ཞུ་བ་པོའི་ཚུལ་གྱིས་ཕྱག་དང་བཅས་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རིན་པོ་ཆེ། །སངས་རྒྱས་ཀུན་བདག་རྡོ་རྗེ་འཛིན། །ཉོན་མོངས་དྲི་མ་རབ་དབེན་ཕྱིར། །དཔལ་ལྡན་ཡིད་བཞིན་འཁོར་ལོ་ཡི། །འཆི་མེད་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ཅིང་། དེ་ནས་སྐྱབས་སེམས་སྡོམ་གཟུང་གཞན་ནས་འབྱུང་བ་ལྟར་རམ། གོང་གི་སྐྱབས་སེམས་ཡན་ལག་བདུན་པས་ཀྱང་འགྲུབ་པས་རྗེས་ཟློས་ལན་གསུམ་བྱས་ལ། སླར་དཀྱིལ་འཁོར་དངོས་ལ་འཇུག་པའི་དོན་དུ་གསོལ་བ་གདབ་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་ཅེས་བྱ་བའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར་བཅོམ་ལྡན་འདས་མའི་དབང་མ་ལུས་པ་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པའི་མཐར་ཡེ་ཤེས་དབབ་པ་ནི། སློབ་མ་ལས་ཆུས་བསང་། མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱངས་ནས་འཕགས་མའི་སྐུ་མངོན་རྟོགས་ལྟར་གསལ་བཏབ་ཅིང་གནས་གསུམ་བྱིན་གྱིས་བརླབ། སློབ་མའི་གནས་གསུམ་དང་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བའི་ཞིང་ཐམས་ཅད་གཡོས་ཏེ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། འཕགས་མ་ཡིད་བཞིན་འཁོར་ལོའི་སྐུར་སློབ་མའི་སྤྱི་བོ་ནས་སིབ་སིབ་ཐིམ་པར་བསམ་ལ། རྡོར་དྲིལ་གསོར་འཁྲོལ་འཇམ་རོལ་སྤོས་དུད་བཅས་ཏེ། རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་ཉེར་གཅིག་ནས་བརྒྱ་རྩའི་བར་དུ་ཡེ་ཤེས་བསྟིམ་ཞིང་། མདའ་དར་གཡབ་ཅིང་ཁམས་གསུམ་སྣོད་བཅུད་ཀྱི་ཚེ་བཅུད་སྡུད་པའི་དམིགས་པས་གསོལ་འདེབས་ལས་སྔགས་བཟླ་ཞིང་སློབ་མའི་སྙིང་གར་བསྟིམ། རྡོ་རྗེ་སྤྱི་བོར་རེག་ཅིང་སུ་པྲ་ཏིཥྛས་བརྟན་པར་བྱས་ནས། དེ་ནས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའ་གང་བའི་སངས་རྒྱས་སྤྱན་དྲངས། ཏིང་ངེ་འཛིན་གྱིས་མཆོད་ཅིང་དབང་བསྐུར་བར་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམ་ལ། ཨོཾ། བུམ་པ་བཟང་པོ་ལྷ་ཡི་གཞལ་ཡས་ཁང་། །འཆི་མེད་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གང་། །ཀུན་བཟང་རིགས་ལྔ་རིགས་གསུམ་མགོན་པོ་དང་། །ཡིད་བཞིན་འཁོར་ལོ་པདྨ་འབྱུང་གནས་བཅས། །ཕྱོགས་བཅུའི་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩི་མཆོག་གི་དབང་བསྐུར་བས། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་། །འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱརྱ་ཏཱ་རེ་ཨཱ་ཡུརྫྙཱ་ན་སརྦ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་གནས་ལྔར་རེག་ཅིང་བུམ་ཆུ་མྱངས་པས་ཆུས་ལུས་ཁེངས་སྒྲིབ་པ་དག །ཆུ་ཐིགས་སྤྱི་བོར་བླུགས་པའི་ཆུ་ལྷག་ཡར་ལུད་པས་རིགས་བདག་གིས་མཚན་པར་བསམ། དེས་ནི་སྐུ་བུམ་པའི་དབང་ཐོབ་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་ལྷ་དང་སློབ་མའི་སྙིང་གར་པད་ཟླ་ཙཀྲ་ས་བོན་སྔགས་ཕྲེང་སྤེལ་ཚིག་བཅས་གསལ་ཞིང་། སློབ་མའི་མོས་གུས་ཀྱི་རྐྱེན་གྱིས་སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་རྒྱུད་བསྐུལ། ཐུགས་ཀ་ནས་ས་བོན་སྔགས་ཕྲེང་བཅས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱུང་། ལྷའི་ཞལ་ནས་སློབ་མའི་ཁར་ཞུགས། སྙིང་གའི་སྔགས་འཁོར་ལ་ཐིམ་པར་བསམ་ཞིང་། རྩ་སྔགས་ལས་སྔགས་རྗེས་ཟློས་ཚར་བདུན་དང་། དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡང་རྗེས་ཟློས་བྱའོ། །དེ་ནས་ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་བྱིན། ཨཱཿ འགག་མེད་ཚངས་པའི་གསུང་དབྱངས་བདུད་རྩིའི་བཅུད། །གྲགས་སྟོང་བརྗོད་འཛིན་རྟོག་པ་བྲལ་བའི་ངང་། །ཚངས་དབྱངས་སྐྱེ་འགག་མེད་པ་ཚངས་པའི་གསུང་། །སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་གཏད་ནས་མཐེབ་གུང་གིས་བགྲང་། དེས་ནི་གསུང་གི་གསང་དབང་ཐོབ་ཅིང་དེ་ཡིས་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་དུས་རྒྱལ་བའི་ཐུགས་ཀྱི་ཡེ་ཤེས་མ་ལུས་པའི་རང་བཞིན་ཕྱག་མཚན་ཨུཏྤལ་དཀར་པོ་དྲི་མེད་འོད་རབ་འཚེར་བའི་རྣམ་པར་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཞུགས། སྙིང་གའི་ཏཱྃཿལ་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ། ཨུཏྤལ་དཀར་པོའམ་ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ། མཚན་ལྡན་རྒྱལ་ཡུམ་འཕགས་མ་ཐུགས་རྗེ་ཅན། །འཁྲུལ་མེད་སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ། །འཁྲུལ་མེད་འུབ་ཆུབ་བློ་འདས་ཐུགས་ཀྱི་དབང་། །སྐལ་ལྡན་བུ་མཆོག་ཡིད་ལ་བསྐུར་དུ་གསོལ། །ཨཱོྃ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། དེས་ནི་ཐུགས་ཡེ་ཤེས་ཀྱི་དབང་ཐོབ་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་མཐའ་དག་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་འཕགས་མར་ཕོག །དེ་སློབ་མའི་སྙིང་གར་ཞུགས་པ་དང་སྣང་སྲིད་འོད་ཀྱི་གོང་བུར་ཞུ་ནས་ཐིམ་ཞིང་སྐུ་ཡང་ཐུགས་ཀར་ས་བོན་ལ་ཐིམ་ཞིང་། དེ་ཡང་ནཱ་དར་ཡལ་ནས་སེམས་སྐྱེ་འགག་གནས་བྲལ་མ་བཅོས་སོ་མ་རང་ཐོག་ཁྱབ་གདལ་རིག་པ་ཀ་དག་ཆེན་པོར་མཉམ་པར་བཞག་གོ །སློབ་དཔོན་གྱིས། ཨ་ཨ་ཨཿ ཞེས་རིང་བར་བརྗོད། དེས་ནི་དེ་ཁོ་ན་ཉིད་དོན་དམ་པའི་དབང་ཐོབ་པ་སྟེ་དབང་ཀུན་གྱི་མཆོག་ཏུ་གྱུར་ཅིང་དེ་ཡི་སྦྱངས་རྟོགས་སྨིན་པའི་བྱ་བ་ཐམས་ཅད་འགྲུབ་པའི་ངེས་པ་སྐྱེད་དོ། །དེ་ནས་གཏོར་མ་ལྷར་གསལ་བ་སློབ་མའི་གནས་གསུམ་དུ་བཞག་པས་འཕགས་མའི་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་ཅིང་། སླར་གཏོར་མ་སྤྱི་བོར་བཞག་པས་འོད་དུ་ཞུ་ནས་སློབ་མར་ཐིམ་པར་བསམ་ལ། ཧྲཱིཿ གཏོར་མ་སྤྲོས་བྲལ་ཟླུམ་པོའི་ཕོ་བྲང་ནས། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་བཞུགས། །བྱིན་རླབས་ཀློང་ཡངས་ཐུགས་རྗེའི་འོད་ཕུང་འབར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་ནས། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ། །ནད་མེད་བདེ་བའི་དབང་མཆོག་བསྐུར་དུ་གསོལ། །རྩ་སྔགས་ལས་སྔགས་བཅས་པའི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་གཏོར་དབང་བསྐུར་ཞིང་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། དེས་ནི་དབང་བཞི་ཡོངས་རྫོགས་བྱིན་རླབས་མཆོག་ཐུན་གྱི་དངོས་གྲུབ་ཆེན་པོ་ལ་དབང་བར་བྱེད་དོ། །མཐར་གཏོར་མ་བདུད་རྩིའི་རང་བཞིན་དུ་ཤེས་ནས་ཅུང་ཟད་རེ་མྱང་བར་བྱ་ཞིང་། དེ་ནས་ཚེ་རིལ་དང་ཚེ་ཆང་ཡང་རིགས་མཐུན་ཚིགས་བཅད་བླངས་ཏེ་སྦྱིན་པའམ། ཡང་ན་ལས་སྔགས་སྤེལ་ཚིག་ཅན་གྱིས་ཚེ་རིལ་གཡས་ཚེ་ཆང་གཡོན་དུ་སྟེར་ལ་རོལ་ལོ། །དེ་མཐར་མདའ་དར་དང་རྡོ་རྗེ་རྒྱ་གྲམ་དུ་སྤེལ་ལ། ཤིས་བརྗོད་བདེན་སྟོབས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡེ་ཤེས་བརྟན་པའི་སྔགས་རྣམས་བརྗོད་ཅིང་སྤྱི་བོར་བཞག །མེ་ཏོག་ཀྱང་གཏོར། སྤྲོ་ན། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱང་སྦྱིན་ནོ། །རྗེས་དམ་ཚིག་ཁས་བླང་བ། མཎྜལ་ཡོན་འབུལ། བཀྲ་ཤིས་བསྔོ་སྨོན་རྣམས་སྤྱི་མཐུན་བྱ། ཨོཾ་ཨཱཿཧཱུྃ། ཞེས་ལྷ་དང་བླ་མ་རང་སེམས་དབྱེར་མེད་གཉུག་མ་བརྗོད་བྲལ་ངང་དུ་བཞག་གོ །དེ་ལྟར་བདག་འཇུག་ལམ་དབང་ལ་བརྩོན་ན་ཉེས་བྱས་དག་ཅིང་སྔགས་སྡོམ་གོང་དུ་འཕེལ་བ་དང་། ཚེ་བསོད་རྒྱས་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་དག་མྱུར་དུ་ཐོབ་པར་འགྱུར་རོ། །གཞན་ལ་བསྐུར་ན་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་སྔོན་དུ་འགྲོ་ཞིང་། ཆོས་བཤད་རྒྱས་བསྡུས་ཅི་རིགས་པས་སྤྲོ་བ་བསྐྱེད་ཅིང་། དེ་ནས། གསོལ་འདེབས་ནས་གཟུང་ཁས་བླང་མཎྜལ་ཡོན་འབུལ་བར་དུ་དཀྱུས་སུ་བསྟན་པ་དེ་ཉིད་རྡོ་རྗེ་སློབ་དཔོན་དངོས་གྲུབ་ཀྱི་བདག་པོས་སློབ་མ་ལ་ཉེ་བར་སྟོན་པ་དེ་ཀས་འགྲུབ་བོ། །དེ་ཡང་དཀྱུས་འདི་ཟབ་པར་བསྟན་པ་སྟེ། གཞན་དུ་ནི། བུམ་པ། བཟླས་ལུང་། སྔགས་ཕྲེང་། ཕྱག་མཚན་བྱིན་མཐར་གཏོར་མ་སྤྱི་བོར་བཞག་ནས། ལྷ་མོའི་གནས་གསུམ་གྱི་འོད་ཟེར་སློབ་མར་བསྟིམ་པ་ལས། ལྷ་བསྟིམ་པ་མི་དགོས་སོ། །གཞན་ཡང་གནས་སྐབས་རྐྱེན་སེལ་བྱིན་རླབས་ཚེ་དབང་ལ་ནི། བུམ་པ། གཏོར་མ། ཚེ་རིལ། ཚེ་ཆང་བྱིན་པ་དེ་ཡིས་གྲུབ། འདི་ལ་བརྒྱ་རྩ་སོགས་བསགས་ཀྱང་དེ་ལྟར་བྱའོ། །ལུགས་གཞན་གྱི་རྗེས་གནང་ལྟར་བྱེད་ན། ཡེ་ཤེས་དབབ་པ་སྐུའི་རྗེས་གནང་། བཟླས་ལུང་དང་མེ་ཏོག་འཐོར་བ་གསུང་གི་རྗེས་གནང་། ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་། དེ་མཐར་ཁས་བླང་ཡོན་འབུལ་ལ་འཇུག་པས་ཀྱང་རུང་ངོ་། །དེ་ནས་དཀྱིལ་འཁོར་རྗེས་ཀྱི་བྱ་བ་མཆོད་པ་གསོ། བྱིན་གྱིས་བརླབས་ནས་སྔགས་ཕྱག་རྒྱས་ཕུལ་ཞིང་བསྟོད། དེ་ནས་ཉེས་བཤགས་བཟོད་གསོལ་ཡེ་ཤེས་པ་རྟེན་ཡོད་ན་དེར་བསྟིམ། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་བཅོམ་ལྡན་ཚེ་དབང་ལྷ་མོ་ཡིད་བཞིན་གྱི། །སྒྲུབ་ཐབས་རྣམ་མང་རིན་ཆེན་འདུས་པའི་ཕུང་པོའི་དབུས། །འཆི་མེད་འོད་གསལ་རྡོ་རྗེའི་སྐུ་ཅན་གདམས་ངག་མཆོག །བསམ་འཕེལ་ནོར་བུ་བདག་བློའི་རྒྱལ་མཚན་རྩེ་མོར་མཛེས། །འདི་བཀོད་ནོངས་ཀུན་འཕགས་མས་བཟོད་བཞེས་དབུགས་དབྱུང་ཞིང་། །ལེགས་ཚོགས་གྱུར་ལས་སྲིད་པའི་ཆུ་ཀླུང་སྒྲོལ་གྱུར་ནས། །བདེ་ཆེན་བྱ་བ་ཡོངས་གྲུབ་འགྱུར་མེད་ཡེ་ཤེས་ཁམས། །འཕགས་མའི་གོ་འཕང་བདག་སོགས་འགྲོ་བས་མྱུར་ཐོབ་ཤོག །ཅེས་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འདི་ཉིད་རང་གི་ཡིད་ལའང་བཀོད་འདོད་པ་ཞིག་བྱུང་ལ། སྐབས་དེར་གསེར་བཟང་སྤྲུལ་པའི་སྐུ་མཆོག་པདྨ་འགྱུར་མེད་ནོར་བུའི་སྡེས་ཡང་ཡང་གསུང་གིས་བསྐུལ་པ་དང་། གཞན་ཡང་མཆོག་དོན་གཉེར་བ་དུ་མ་ལ་ཕན་པའི་ལྷག་བསམ་འབའ་ཞིག་གིས་མན་ངག་རྩ་བ་འཆི་མེད་འོད་ཀྱི་ལུས་ཅན་པཎྜི་ཏ་བྱེ་མ་མུ་ཏྲའི་གསུང་མན་ངག་སྲོག་ཏུ་བཀོད། ཡན་ལག་གཞན་རྣམས་དང་སྨིན་བྱེད་ཀྱི་གཞུང་འོད་དཔག་མེད་པ་ཚེ་ཡི་རིག་པ་འཛིན་པའི་ཚུལ་དུ་སྣང་བ་པདྨ་སཾ་བྷ་ཝའི་གདམས་པ་བསླད་མེད་བླ་མ་དམ་པའི་ཕྱག་ལེན་གྱིས་གསལ་བར་བྱས་ཏེ། ནོར་འཁྲུལ་གྱི་སྐྱོན་མེད་ཅིང་ཟབ་ལ་ཁྱེར་བདེ་བ་འདི་ཉིད་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་པ་ཤཱཀྱའི་དགེ་བསྙེན་ཚངས་པར་སྤྱོད་ཅིང་གསང་སྔགས་ནང་གི་དགེ་སློང་དུ་ཕྱོགས་ཙམ་གཏོགས་པ་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་སྟོད་མངའ་རིས་མང་ཡུལ་དབུས་རི་བོ་དཔལ་འབར་བདུད་རྩི་ཕུག་ཏུ་ཕུར་བུ་ཞེས་པ་ས་སྤྲེལ་ཧོར་ཟླ་ལྔ་པའི་དུས་ཚེས་བཟང་པོར་བྲིས་པ་འགྲོ་ཀུན་འཆི་མེད་དྭངས་མ་འཕགས་མའི་སྐུ་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གསུང་གི་རྡོ་རྗེ་པདྨ་ཚེ་དཔག་མེད། །འཆི་མེད་མཆོག་སྦྱིན་འཕགས་མ་སྒྲོལ་མ་ཡུམ། །བི་མ་ལ་དང་ཉང་བན་ཏིང་འཛིན་བཟང་། །ཆོས་ཀྱི་བདག་པོ་གར་དབང་ཞིག་པོ་གླིང་། །པདྨ་རྒྱལ་མཚན་པདྨ་མ་ཏིའི་མཚན། ཁྱབ་བརྡལ་ལྷུན་གྲུབ་ཀུན་བཟང་རྣམ་པར་རྒྱལ། །བཀའ་བབས་སྐྱེས་མཆོག་ཚེ་དབང་ནོར་བུའི་སྡེ། །ཚེ་དབང་དཔལ་དང་གཙུག་ལག་ཆོས་ཀྱི་རྒྱལ། །གསང་སྔགས་མགོན་དང་བཀའ་ཡི་སྡུད་པ་པོ། །འཇམ་མགོན་བླ་མ་པདྨ་གར་དབང་ཞབས། །རིམ་བྱོན་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་དང་། ཁྱད་པར་འཆི་མེད་ཚེ་དབང་བསྩལ་དུ་གསོལ། །རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ལས་སོ།།

གནམ་ཆོས་རྣམ་འཇོམས་ལྗང་གུ་ (Volume 47, Text 17)

ྈྈྈ ྈ རྡོ་རྗེ་རྣམ་པར་འཇོམས་ལ་འདུད༔ དེ་ཉིད་སྒྲུབ་པའི་རིམ་པ་ནི༔ རང་ཉིད་རྣམ་འཇོམས་ལྗང་སྔོན་ལ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྣ་ཚོགས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞལ་གཅིག་ལ་ནི་སྤྱན་གསུམ་པ༔ ཞལ་ནི་འཛུམ་ལ་སྤྱན་ནི་བགྲད༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཐུགས་ཀའི་ཧཱུྃ་ལ་སྔགས་བསྐོར་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྡོ་རྗེ་རྣམ་འཇོམས་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ དེ་ཡིས་རྡོ་རྗེ་རྣམ་འཇོམས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ འདིའི་ཞལ་གདམས་ལ༔ དང་པོ་སྐད་ཅིག་གིས་བསྐྱེད༔ སྔགས་གྲངས་སོགས་མེད༔ འདི་ལ་གཟུངས་རིང་བཏགས་ནས་འདོན་ཡང་ལེགས༔ ས་མ་ཡ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་མེ་སྤྲེལ་གྱི་ལོ་མགོ་ཟླ་བའི་ཚེས་བདུན་ནུབ་རྡོ་རྗེ་རྣམ་འཇོམས་མངོན་རྟོགས་དང་མཚུངས་པ་གཅིག་ཞལ་དངོས་སུ་གཟིགས་ནས་དངོས་སུ་སྒྲུབ་ཐབས་འདི་བཀའ་བསྩལ་ཏོ། །འདིའི་དབང་གཟུངས་དབང་གིས་བཅིང་བའོ།། །།

སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་ (Volume 40, Text 17)

༄༅། །སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། སྲིད་ཞིའི་དགེ་མཚན་བདུད་རྩིའི་དོ་ཤལ་ནི། །སྙིང་རྗེའི་ཟླ་བ་གཞོན་ནུ་ལ་ཆགས་པས། །གྲུབ་གཉིས་ངལ་འཚོས་ཡིད་ཅན་གདུང་སེལ་བ། ཁྱབ་བདག་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་བསྙེན་སྒྲུབ་ལས་སུ་རུང་བ་སྔོན་དུ་སོང་ནས། ཟང་ཟིང་མེད་པའི་བྱམས་པ་དང་། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སོགས་གཞན་ལ་གཅིག་ཏུ་ཕན་པ་དང་བདེ་བའི་ཡིད་ཀྱིས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རླབས་པོ་ཆེའི་གནས་སུ་དབུགས་དབྱུང་བའི་སླད། རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་འདོད་པས། གནས་དབེན་ཞིང་ཡིད་དང་མཐུན་པར་སྟེགས་བུའི་ཁར་ལྷག་པའི་ལྷ་གང་ལ་བསྟེན་པའི་དཀྱིལ་འཁོར་དང་། དབང་རྫས། མཆོད་པའི་ཡོ་བྱད་སོགས་མ་ཚང་བ་མེད་པ་འདུ་བྱས་ནས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། རྣམ་བུམ་ལ་དམིགས་ཀྱིས་བསལ་བའི་བཟླས་པ། ལས་བུམ་སྒྲུབ་པ་བཅས་ཀྱི་མཐར་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གསོལ་བ་གདབ་པ་རྣམས་གྲུབ་ནས། བསྒྲུབ་བྱ་རྣམས་གྲལ་ལ་འཁོད་པར། ལས་བུམ་ཐོགས་ཏེ། ཧྲཱིཿ བདེར་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉོན་མོངས་བག་ཆགས་དྲི་མའི་ཚོགས། །བཀྲུ་བར་བགྱི་འོ་བྱང་ཞིང་དག་གྱུར་ཅིག །ལས་སྔགས་དང་ཡི་གེ་བརྒྱ་པ་སོགས་ཀྱི་མཐར། རྡོ་རྗེ་སློབ་མ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པ་སྡིག་པ་དང་སྒྲིབ་པ་ཐམས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲུས་བྱ། དེ་ནས་བགེགས་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནམ་མཁའ་མེ་རླུང་འཁྲུགས་པའི་དུར་ཁྲོད་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡེ་ཤེས་པ་དཔའ་བརྗིད་ཀྱི་ཉམས་དང་ལྡན་པར་གྱུར་པ་ཨོཾ་བཛྲ་ས་མ་ཡ་ཛ་ཛཿ ཞེས་པས་སྤྱན་དྲངས་ཏེ་བདག་དང་གཉིས་མེད་ཀྱི་ང་རྒྱལ་བསྐྱེད། ཧཱུྃ༔ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་ཁུག་ལ༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ བཛྲཱ་ཊཀྐི་རཱ་ཛ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨངྐུ་ཤ་ཛ༔ས་བགེགས་དང་ལོག་འདྲེན་འབྱུང་པོ་ཐམས་ཅད་འདུས་པར་བསམ། གཏོར་མ་ལས་སྔགས་སམ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཱཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། ནམ་མཁའ་ལས་འཕང་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། རྩི་ཤིང་ལས་ལྷུན་སྟུག་པ། ཞིང་རྡུལ་ལས་གྲངས་མང་བ། རང་རང་ལ་གང་མཁོ་བའི་འདོད་འབྱུང་གི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿས་རླབས། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀྱིས་བསྔོས། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་སྔགས་ལྟ་བར་མི་དབང་བའི༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ན་མོ། བླ་ན་མ་མཆིས་པའི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་ཡི་དམ་དབང་ཆེན་ཧེ་རུ་ཀའི་ལྷ་ཚོགས་བཀའ་སྡོད་ཕྱག་བརྙན་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་དང་། ལུས་ངག་ཡིད་གསུམ་ཚེ་སྲོག་བསམ་སྦྱོར་དང་བཅས་པ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ཞིང་འདུག་པར་གྱུར་ན་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ་པོ་ཐུགས་ཁྲོས་ཏེ་སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་པས་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟའོ། །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་བསྐྲད། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གཏོར་མ་ཕྱི་རོལ་དུ་བསྐྱལ། ཧྲཱི༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གྭ་འུ་དང༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ བྷྲཱུྃ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་གྲངས་མེད་པས་བགེགས་རྣམས་རྒྱ་མཚོའི་ཕ་མཐར་ཕྱིར་བསྐྲད། འོད་ཟེར་ཚུར་འདུས་པ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་དུ་འབར་བའི་ཀློང་དུ་རྡོ་རྗེའི་ཁྲོ་བོ་འཆོལ་བའི་ཚོགས་དང་། ཕྱག་མཚན་དང་མཚོན་ཆ་སྣ་ཚོགས་པས་གཏམས་པའི་སྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པ་ལ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་ཀྱིས་རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ད་རེས་རང་རེ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་བརྒྱ་སྟོང་གི་ཆར་ཡང་མི་ཕོད་ཅིང་རྙེད་དཀའ་ལ། ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་ཏུ་ཟིན་ཀྱང་། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་པ་ལྟར། ཕྱི་ནང་སྣོད་བཅུད་དགྲ་གཉེན་བར་མའི་འགྱུར་ལྡོག་གང་ལ་བསམ་ཀྱང་ངེས་པར་འཆི་ཞིང་། ནམ་འཆི་ཆ་མེད། འཆི་བའི་ཚེ་ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་གང་ཡང་རྗེས་སུ་མི་འབྲང་ཞིང་། ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་ནས་བདེ་སྡུག་གི་འབྲས་བུ་མི་བསླུ་བར་སྨིན་པའི་ཚུལ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། དེ་ལྟ་བུའི་ལས་དང་ཉོན་མོངས་པའི་གཞན་དབང་ལ་བརྟེན་ནས་འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་ཏེ། འདུལ་བ་ལུང་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པས་ན། རང་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་པའི་ཐབས་སུ་དམ་པའི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས། དེ་ལའང་། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ། དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ་གཉིས་སུ་འདུས་པ་ལས། འདིར་ནི་མགོན་པོ་བྱམས་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང། །ཡེ་ཤེས་བརྩོན་འགྲུས་བརྩམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཐེག་དམན་ལས་ཁྱད་ཆོས་བདུན་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་ལའང་། ཇི་སྐད་དུ། རྡོ་རྗེ་རྩེ་མོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར། རྒྱུ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་རིག་པ་འཛིན་པ་སྔགས་ཀྱི་ཐེག་པ་སྟེ། རྣམ་པ་གཉིས་སུ་ཡོད་པ་ལས། འདིར་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། རྒྱུའི་ཐེག་པ་ལས་ཁྱད་ཆོས་བཞི་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་རིག་པ་འཛིན་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལའང་རྒྱ་གར་འཕགས་པའི་ཡུལ་དུ་དེ་ལྟ་བུའི་དབྱེ་བ་མེད་ཀྱང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བའི་འགྱུར་སྔ་ཕྱིའི་བྱེ་བྲག་ལས་རྡོ་རྗེ་ཐེག་པ་གསར་རྙིང་གཉིས་སུ་སྒྲོ་བཏགས་པ་ལས། འདིར་ནི་ཕྱི་འགྱུར་རྡོ་རྗེ་ཐེག་པ་གསར་མ་ལས། ཁྱད་ཆོས་དྲུག་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་སྔ་འགྱུར་རྡོ་རྗེ་ཐེག་པ་རྙིང་མ་ཡིན། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་ཡོད་པ་ལས། ད་ལམ་འདིར་ནི། ཞེས་པའི་མཚམས། བཀའ་མ་དང་དག་སྣང་མ་སོ་སོའི་ཁྱད་ཆོས་སྦྱར་ཞིང་། འདིར་གཏེར་མའི་དབང་དུ་བྱས་ན། བཀའ་མ་ལས་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱིས་དུས་དང་འཚམ་པར་མངོན་པར་སྣང་བའི་ཟབ་ལམ་ནུབ་པ་མེད་པས། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། ཞེས་པའི་མཚམས། ཀློང་གསལ་གཏེར་བྱོན་ལྟ་བུ་ལ་མཚོན་ན། རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང༔ མདོ་ཁམས་ཕྱོགས་འབྱུང་དེ་ལ་གཏད་རྒྱ་གྱིས༔ ཞེས་དང་། གཏེར་ཆེན་ནུས་ལྡན་རྡོ་རྗེའི་ལུང་བྱང་ལས། བུ་འབོར་ཕྱོགས་སུ་པདྨ་མདོ་གླིང་ཞེས༔ དཔའ་བོ་ཐབས་ལྡན་གུར་དྲག་གདམས་པ་སྤེལ༔ ཐུགས་རྗེའི་བྱིན་རླབས་གཞན་ལས་ཁྱད་པར་འཕགས༔ དུས་འགོང་དམ་ལོག་ནད་མཚོན་མུ་གེ་ཟློག༔ ཅེས་སོགས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་ཀྱི་སྲས་མཆོག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་དང་། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་རྨ་རིན་ཆེན་མཆོག་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། ལྔ་བརྒྱའི་ཐ་མར་པདྨ་དྲག་པོ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཕྲིན་ལས་ཅན་༧གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ། པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པ་ལ་བརྟེན་ནས་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ས་ལ་འགོད་པར་མཛད་པ་ལས། ཞེས་པ་ཡན་སྤྱིར་བཏང་ནས། བྱེ་བྲག་རྩ་གསུམ་གྱི་སྐོར་ལྟ་བུ་ལ། བོད་ཆེན་པོའི་ལྗོངས་ཀྱི་ས་ཡི་ཐིག་ལེ་གྲུབ་པའི་གནས་མཆོག་ཁེ་མི་འགྱུར་རྡོ་རྗེའི་གསང་སྒྲོམ་ནས་བར་ཆད་མེད་པར་སྤྱན་དྲངས་པའི་རྩ་གསུམ་རྡོ་རྗེ་སྙིང་པོ་ཞེས་བྱིན་རླབས་ཀྱི་ཚན་ཁ་གཞན་བས་ཆེས་ཁྱད་པར་དུ་གྱུར་པའི་སྐོར་ཡིན། དེ་ལའང་རྩ་བ་དང་ཡན་ལག་གི་སྒྲུབ་སྐོར་གཉིས་ལས། རྩ་བའི་སྒྲུབ་པ་ཡི་དམ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ། ཞེས་སོགས་སྐབས་ཐོབ་སྦྱར་ལ། སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་སྒྲུབ་པ་ལའང་། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་དང་། དངོས་གཞི་སློབ་མ་ལ་བྱ་བ་རྣམ་པ་གཉིས་སུ་ཡོད་པ་ལས། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་མཎྜལ་ཕུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ལྷག་པའི་ལྷའི་རྣམ་པར་བཞུགས་པ་ལ། མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རང་གཞུང་གི་གསོལ་འདེབས། དེ་ལྟར་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་མཁྱེན་བརྩེའི་སྒོ་ཕྱེ་ནས་བཀའ་ཡི་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། ཞེས་མཚམས་སྦྱར་ལ་རང་གཞུང་གི་གནང་བ་སྦྱིན། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། རང་རང་གི་གཞུང་ལས་འབྱུང་བ་ལྟར་རམ། ཡང་ན། རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སླར་ཡང་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་ཕྱི་སོ་སོ་ཐར་པའི་སྡོམ་པ་དང་། ནང་བྱང་ཆུབ་སེམས་དཔའི་བསླབ་པ། གསང་བ་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྟེ་སྤྱི་དང་ཁྱད་པར་གྱི་སྡོམ་པ་གསུམ་པོ་ཚུལ་བཞིན་དུ་གཟུང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། རང་གཞུང་གི་སྡོམ་གཟུང་ངམ། སྤྱི་ཙམ་དུ། བདེར་གཤེགས་སྲས་བཅས་བདག་ལ་དགོངས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་གཟུང་བར་བགྱི༔ ལན་གསུམ། ཡེ་ཤེས་དབབ་པའི་སྔོན་འགྲོ་དམ་གཞག་ཡོད་ན་འདིར་བྱ། དེ་ལྟར་རྒྱུད་དག་པར་བྱས་ནས། ནང་འཇུག་གི་དངོས་གཞི་དབང་གི་གཞི་བརྟན་པར་བྱེད་པ་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེད་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རོལ་རྩལ་འོད་གསལ་སྒྱུ་མ་ལྟ་བུའི་སྣང་ཆ་ལྷའི་སྐུར་གྱུར་པ་ནི། རང་རང་གི་མངོན་རྟོགས་ལྟར་གསལ་གདབ་ལ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་བླ་མ་དང་དཀྱིལ་འཁོར་པའི་ཐུགས་བརྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ལྷག་པའི་ལྷའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་སྒོ །བ་སྤུའི་བུ་ག །དབང་པོའི་སྒོ་རྣམས་ནས་རྡོ་ཚན་མོ་ལ་ཁ་བ་བབ་པའམ། རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། ཅེས་བརྡ་སྦྱར་ལ། རང་གཞུང་གི་བྱིན་འབེབ་བམ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཞེས་བབས་དྲུག་འདས་བཞི་མའི་མཐར་རྩ་སྔགས་དང་། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་བྱིན་དབབ། བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད་མེ་ཏོག་འཐོར། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལའང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་གསུང་པ་ལྟར་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པས་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་སྟེ་དབང་བཞི་རིམ་པ་བཞིན་དུ་སྩོལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ་དབང་བཞི་གཞུང་ལྟར་དང་། ཡང་སྐུ་གསུང་ཐུགས་ཀྱི་དབང་བསྐུར་གྱི་རིགས་ལ། དངོས་གཞི་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པ་བཞིན་དུ་སོགས་སྦྱར་ལ་རང་གཞུང་ལྟར་བསྐུར། མཐར་དབང་བཞིའི་རིགས་ལ། དེ་ལྟར་ན་ཁྱེད་རྣམས་ཀྱིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། གནས་སྐབས་སུ་ལམ་བཞི་བསྒོམ་པ་དབང་ཞིང་། མཐར་ཐུག་སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དང་། སྐུ་གསུང་ཐུགས་དབང་གི་རིགས་ལ། དེ་ལྟར་ན་ཁྱེད་རྣམས་ཀྱི་བཅོམ་ལྡན་འདས་འདི་ཞེས་བྱ་བའི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་པ་ཐོབ། ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པའི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་རྣམ་རོལ་དུ་བསྒོམ་པ་དང་། ཕྲིན་ལས་རབ་འབྱམས་ཀྱིས་གཞན་ཕན་སྒྲུབ་པ་ལ་དབང། མཐར་ཐུག་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། ཅེས་དག་པ་བརྗོད། དེ་ནས་མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བཀྲ་ཤིས་པའི་རྫས་བརྒྱད་དང་། རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་སོ་སོའི་བྱེད་ལས་འགྲུབ་པའི་དངོས་པོ་ཅན་ལག་ཏུ་གཏད་པ་ལ་བརྟེན་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་མོས་པ་མཛོད། རྫས་བརྒྱད་གཏད་ལ། ཧྲཱིཿ དུརྦས་ཚེ་འཕེལ་ཡུངས་དཀར་བགེགས་རྣམས་འཇོམས། །བིལ་བས་དོན་འགྲུབ་གི་ཝང་སྡུག་བསྔལ་ཞི། །ཞོ་ཡིས་དོན་རྟོགས་ལི་ཁྲིས་ཆོས་སྲིད་བརྟན། །མེ་ལོང་སྒྲིབ་དག་དུང་གིས་ཆོས་སྒྲ་སྒྲོག །རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྫས་བརྒྱད་ཀྱིས། །སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་བས། །དུས་རྣམས་རྟག་ཏུ་ཤིན་ཏུ་བཀྲ་ཤིས་ཤོག །མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ། རྟགས་བརྒྱད་གཏད་ལ། རྒྱལ་བའི་དབུ་ལ་གསེར་གདུགས་སྤྱན་ལ་ཉ། །ཚེམས་ལ་དུང་དཀར་ལྗགས་ལ་པདྨ་དང་། །མགྲིན་པར་བུམ་པ་ཕྱག་ཞབས་འཁོར་ལོས་མཚན། །སྐུ་ལ་རྒྱལ་མཚན་ཐུགས་ལ་དཔལ་བེ་འུ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱིས། །དེང་འདིར་སྐལ་ལྡན་སློབ་མར་དབང་བསྐུར་བས། །དགེ་ལེགས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་སྲིད་སྣ་བདུན་གཏད་ལ། རྩིབས་སྟོང་འཁོར་ལོ་དགོས་འདོད་ཡིད་བཞིན་ནོར། །འདོད་འབྱུང་བཙུན་མོ་འབྱོར་ལྡན་བློན་པོ་དང་། །སྟོབས་ཆེན་གླང་པོ་རྫུ་འཕྲུལ་ཅང་ཤེས་རྟ། །ཕ་རོལ་གཡུལ་ལས་རྒྱལ་བའི་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་གྱིས་དབང་བསྐུར་བས། །ཚེ་དཔལ་མངའ་ཐང་ལོངས་སྤྱོད་གོང་འཕེལ་ནས། །ཚོགས་གཉིས་མི་ནུབ་རབ་ཏུ་བརྟན་གྱུར་ཅིག །སཔྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སམ། ཡང་ན། སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ལ། །བསོད་ནམས་མཐུ་ལྡན་ཚངས་པ་ལ་སོགས་ཀྱིས། །ཕུལ་བའི་ཡོན་ཏན་རྫས་མཆོག་བཀྲ་ཤིས་ཏེ། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ། སངས་རྒྱས་བསོད་ནམས་རྫོགས་པའི་མཚན་དཔེ་ལས། །ལེགས་པར་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་འདིས། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། འཁོར་ལོའི་བསྒྱུར་རྒྱལ་མཐུས་བྱུང་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་ཁྱོད་ལ་མངའ་གསོལ་ཞིང་། །དབང་མཆོག་བསྐུར་བས་བསོད་ནམས་ལས་ཚོགས་ཏེ། །འཁོར་ལོས་བསྒྱུར་བའི་ཡོན་ཏན་ཐོབ་པར་ཤོག །སཔྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བསྡུ་ན། སྔོན་ཚེ་སྟོན་པས་བྱིན་རླབས་རྫས་མཆོག་བརྒྱད། །རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས། །བསོད་ནམས་མཐུ་ལས་བྱུང་བའི་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་སློབ་མར་དབང་བསྐུར་བས། །སྲིད་ཞིའི་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །མངྒ་ལཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁའི་གནས་སུ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་སློབ་དཔོན་དང་ལྷན་ཅིག་ཏུ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡཱ་ར་བའི་ཆར་ཆེན་པོ་ཕབ་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། ཅེས་བརྡ་སྦྱར་ལ་ཤིས་བརྗོད་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། དེས་དབང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་ལྷག་པའི་ལྷ་འདི་ཞེས་བྱ་བའི། དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་ལེགས་པར་གསན་པ་ཡིན་པས། དེ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟག་པ་མེད་པའི་བསྔོ་བས་རྒྱས་འདེབས་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱི་རྗེས་ཀྱི་ཆོ་ག་ལས་གཞུང་ལྟར་བྱའོ། །དེ་རྣམས་ཀྱིས་ནི་དོན་དབང་མདོར་བསྡུས་པའི་ཚུལ་གྱིས་བསྐུར་བའི་མཚམས་སྦྱོར་འཇུག་བདེ་སྙིང་པོར་དྲིལ་བ་སྟེ། འདི་ཙམ་གྱིས་ཀྱང་ལས་དང་པོའི་བློ་ཅན་རྣམས་ལ་ཅུང་ཟད་ཕན་པའི་སྐབས་རྙེད་པར་འགྱུར་ལ། གཞན་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དབང་རྒྱས་པར་བསྐུར་བའི་ཚུལ་ནི་ལོགས་སུ་རྟོགས་པར་བྱ་བ་ཁོ་ནའོ། །སྨིན་བྱེད་མཚམས་སྦྱོར་ཟླ་བའི་ས་འཛིན་གྱིས། །ངག་གི་ཆུ་གཏེར་བདུད་རྩི་བསྲུབས་པ་ལས། །བྲལ་སྨིན་ནོར་བུའི་སྙེ་མ་གཡུར་ཟ་བའི། །དགེ་མཚན་འཇིག་རྟེན་གསུམ་ན་འབར་གྱུར་ཅིག །དེ་ལྟར་སྔ་འགྱུར་རྡོ་རྗེ་ཐེག་པའི་གཏེར་མའི་ཕྱོགས་སྤྱི་དང་། རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྣམས་ལ་ཁྱད་པར་དུ་སྦྱར་བའི་དབང་བསྐུར་ཕྲན་བུའི་རིགས་ཀྱི་བར་མཚམས་རྣམས་སུ་གླེང་བར་འོས་པའི་གཏམ་ཉུང་ངུ་འདི་ཡང་། གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་གསུང་དང་གསུང་རབ་ལས་བཏུས་ཏེ་ཤཱཀྱའི་དགེ་སློང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་ཝ་ཏུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་ངུར་བསྡུས་པ་འདོད་འཇོའི་སྙེ་མ་ (Volume 39, Text 17)

བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་ངུར་བསྡུས་པ་འདོད་འཇོའི་སྙེ་མ་ཞེས་བྱ་བ། རྒྱལ་ཀུན་ངོ་བོ་པདྨ་ཐོད་ཕྲེང་རྩལ། །གང་གི་ཡོན་ཏན་དྲན་པས་གུས་བཏུད་ནས། །བོད་ཡུལ་སྐྱོང་བ་བརྟན་མ་བཅུ་གཉིས་ཀྱི། །གསོལ་མཆོད་ཉུང་ངུའི་ཕྲིན་ལས་དབྱངས་སུ་ལེན། །གཙང་མའི་སྟེགས་བུར་མཆོད་གཏོར་དམ་རྫས་བཀོད། །གསེར་སྐྱེམས་དཀར་ཕུད་སྤོས་སྣའི་བསང་དུད་སྦྱར། །མདའ་དར་རུ་མཚོན་ལྷབ་ལྷུབ་སྤྱན་གཟིགས་དང་། །སྙན་པའི་རོལ་མོ་དབྱངས་བཅས་འདི་སྐད་གྱེར། །ཀ་དག་ཆོས་སྐུའི་དབྱིངས་ལས་འགག་མེད་རྩལ། །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་ཅན། །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་འཛིན། །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས། །དམ་ཡེ་གཉིས་མེད་རྒྱལ་ཀུན་འདུས་པའི་གཟུགས། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པ་ཅི་ནུས་བཟླས་ལ་སྤྱན་འདྲེན་པ། རང་གི་ཐུགས་ཀའི་འོད་ཀྱིས་བརྟན་མ་རྣམས། །སྔོན་གྱི་དམ་ཚིག་རྗེས་བསྐུལ་སྤྲིན་ཕུང་བཞིན། །མདུན་གྱི་ནམ་མཁར་ཐོགས་མེད་གཤེགས་པར་བསམ། ཀྱེ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་བྱོན་སྐྱོང་མ་རྣམས། །འདིར་བྱོན་དམ་སྐོངས་ཕྲིན་ལས་མཛོད། །བཛྲ་ས་མཱ་ཛཿ མེ་ཏོག་ཚལ་དང་སྤོས་སྤྲིན་གཏིབས། །མར་མེ་གཟི་འབར་དྲི་ཆབ་ཀླུང་། །རོ་ལྡན་ཞལ་ཟས་སྙན་བརྗིད་སྒྲ །འཆི་མེད་བདུད་རྩི་དམར་ཆེན་ཁྲག །བ་ལིཾ་འདོད་ཡོན་གཏོར་མ་སོགས། །ཕྱི་ནང་མཆོད་སྤྲིན་དམ་ཚིག་རྫས། །ཐུགས་ལ་དགྱེས་དགུར་གང་འཆར་བ། །དངོས་བཤམས་ཡིད་ལས་རྣམ་སྤྲུལ་པས། །རབ་འབྱམས་ནམ་མཁའ་ཡོངས་བཀང་སྟེ། །མ་གཅིག་ཀོང་བཙུན་དེ་མོ་སོགས། །དམ་ཅན་བརྟན་མ་བཅུ་གཉིས་པོ། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །འབུལ་ལོ་དགྱེས་ཤིང་ཚིམས་པར་མཛོད། །ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོཿ ཞེས་པས་མཆོད་ནས་བསྟོད་ཅིང་ཕྲིན་བཅོལ་ནི། ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་ཉན་བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །མཛེས་བརྗིད་སྐུ་ལ་སྣ་ཚོགས་རྒྱན་གྱིས་སྤྲས། །མི་ཟད་ཆོ་འཕྲུལ་འདོད་དགུར་སྒྱུར་བ་ཡི། །ཕྲིན་ལས་ཐོགས་མེད་དམ་ཚིག་རྗེས་གཅོད་མ། །བཀའ་སྡོད་འཁོར་དང་བཅས་པ་རྣམས་ལ་བསྟོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་གཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་དྲག་མོ་རྡོ་རྗེ་སྨན་གཅིག་མ། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་སིལ། །སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས། །མི་མཐུན་ཕྱོགས་རྣམས་ཞི་དང་ཟློག་པ་དང་། །རྒྱུ་སྦྱོར་རྐྱེན་ངན་ཟློག་པའི་ཕྲིན་ལས་མཛོད། ཁྱད་པར་པདྨ་ཐོད་ཕྲེང་བཀའ་བསྒོས་ལྟར། །སོ་ཁ་སྲུངས་ལ་ཀླ་ཀློའི་འཚེ་བ་ཟློག །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤིང་། །བོད་ཁམས་མཐའ་དབུས་རྟག་ཏུ་བདེ་བར་མཛོད། །ཅེས་པས་དམ་བསྐུལ་ཕྲིན་ལས་གཉེར་དམ་བྱ། །མཆོད་བསྟོད་ནོངས་བཤགས་རང་བཞིན་གནས་སུ་གཤེགས། །དགེ་བ་བསྔོ་ཞིང་ཤིས་བརྗོད་མཐའ་བརྒྱན་ནོ། །དེ་ལྟར་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི། །ཕྲིན་ལས་ཚིག་ཉུང་དགོས་པའི་དོན་ཚང་བ། །གང་འདི་སྔགས་འཆང་ཚེ་བདག་དཔའ་བོ་ཡིས། །བསྐུལ་ངོར་རིག་འཛིན་འགྱུར་མེད་རྡོ་རྗེའི་སྡེས། །སྦྱར་བའི་ཡིག་མཁན་བློ་གསལ་རྒྱ་མཚོ་འོ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་བཀླགས་པས་ཀུན་ཤེས་ (Volume 24, Text 18)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་བཀླགས་པས་ཀུན་ཤེས་བཞུགས་སོ། ། ན་མོ་ལོ་ཀེ་ཤྭ་ར་ཡ། འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་ནི། གནས་དབེན་ཞིང་ཡིད་དང་མཐུན་པའི་གནས་ཇི་སྲིད་མཚམས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་མཚམས་གློ་བུར་དུ་འགྲོལ་དགོས་པའི་རྐྱེན་མི་འབྱུང་བའི་སར་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། དང་པོར་ཞག་འགའི་རིང་མཚམས་ཀྱི་ཁྲིགས་ཁ་དམ་པོ་མིན་ཙམ་གྱིས། སྐྱབས་སེམས་ཡིག་བརྒྱ་ཕྱག་མཆོད་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་སྤྱོད་ཅི་འགྲུབ་རེ་ཉི་མ་གཉིས་གསུམ་སོགས་ལོང་སྐབས་དང་སྦྱར་བ་དང་། གཞན་ཡང་བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། དགེ་འདུན་སོགས་ལ་བསྙེན་བཀུར་ཚོགས་གསག་གི་སྟོན་མོ་དང་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་དང་སྨོན་ལམ་གདབ་པ་ཡང་བྱ་ཞིང་། དེ་ནས་བདག་ཉིད་རྟ་མགྲིན་དུ་གསལ་བཏབ་དེའི་བཟླས་པ་ཅི་ནུས་བྱས་ནས་ས་གཞིའི་བདག་པོ་ལ་གཏོར་མ་ཕུལ་ཏེ་ས་བླང་བ། ས་གཞིར་དྲིའི་ཆུ་འཐོར་ཞིང་སྦྱོང་བ། བགེགས་བསྐྲད་པ། རྒྱལ་ཆེན་གྱི་ཐོ་བརྩིགས་པ། དམ་སྲི་མནན་པ། སྒོ་བྱང་གདགས་པ། ཁྲོ་བཅུའི་ཕུར་གདབ་རྣམས་འབྱོར་ན་དབང་ཆོག་གི་དཀྱུས་བཞིན་བྱ། དེ་ཙམ་མ་འབྱོར་ན་གཞི་བགེགས་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ་བ་དང་གཞན་དུ་བསྐྲད་རྗེས་ཐོ་བརྩིགས་ལྷར་བསྐྱེད་བསྟིམ་ཕྲིན་བཅོལ་བརྟན་བཞུགས་བྱ། དེ་ཕྱིན་ཆད་མཚམས་ཐོའི་ཕྱིར་མི་འགྲོ །དེ་ནས་སྒྲུབ་ཁང་གི་ནུབ་ངོས་ནས་ཤར་དུ་ལྟ་བའི་སྟེགས་བུ་གྲུ་བཞི་པ་ཁྱད་པར་གྱི་རྫས་ཀྱིས་ཆག་ཆག་བཏབ་པའི་ཁར་རྡུལ་ཚོན་གྱི་དཀྱིལ་འཁོར་དབང་ཆོག་ལྟར་བྲིས་པའམ་ཡང་ན་སྟེགས་བུ་ཁེབས་ཀྱིས་བཀབ་པའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། དེའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དང་ལྡན་པའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་ལ། ཁྱད་པར་གྱི་རྫས་ཀྱིས་ཆོས་འབྱུང་བསྣོལ་མ་ལྟེ་བར་པད་འདབ་བཞི་མུ་ཁྱུད་དང་བཅས་བྲིས་པའི་ལྷ་གནས་སུ་སོ་སོའི་སྔགས་དང་ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་བྲིས་པའི་ནང་དུ་རྫས་ཀྱི་རིལ་བུས་གང་བའམ། མ་འབྱོར་ན། རིན་ཆེན་འབྲུ་སྨན་དྲི་བཟང་ཟས་སྣ་སོགས་ཀྱིས་བཀང་བའི་དབུས་སུ་རྫས་ཀྱི་རིལ་བུ་བརྒྱ་ཕྲག་ལས་མི་ཉུང་བ་དར་དམར་པོས་དྲིལ་བ་སྙིང་པོར་གཞུག །ཐོད་པའི་ཁ་དར་དམར་གྱིས་བཀབ་པའི་ཁར་མེ་ལོང་ལ་སིནྡྷུ་རའི་མཎྜལ་གཡོན་པའི་མཐེབ་སྲིན་གྱིས་ཐོད་པའི་མཎྜལ་ལྟར་བྲིས་པ་བཞག །དེ་རྣམས་ཀྱི་སྟེང་ནས་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམར་པོའི་ལྡིང་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་སྨན་རཀ་གཏོར་གསུམ་དང་མཐའ་མཆོད་པས་བསྐོར། དཀྱིལ་འཁོར་ལ་ཕྱོགས་པར་རང་གི་ཁ་ནུབ་ཏུ་བལྟ་བའི་གདན་ནང་ཚངས་ཅན་བཏིང་བའི་འོག་ཏུ་གཡུང་དྲུང་བྲི། མདུན་དུ་རྡོར་དྲིལ་ནང་མཆོད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། གསང་རྟེན་གྱི་འཁོར་ལོ་ལུས་ལ་བཅང་བ་སོགས་གཤོམ་རྣམས་ལེགས་པར་ཚང་བར་བྱས་ནས། དགོང་ཐུན་གྱི་ཆ་ཉི་མའི་ཕྱི་དྲོར་བབས་པ་ན་སྟན་ལ་འཁོད་དེ་ཐོག་མར་བགེགས་གཏོར་བཤམ་བྱིན་གྱིས་བརླབས་ནས་ལས་བྱང་བཞིན་ཕྱིར་བཏང་ལ་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་དྲག་སྔགས་བཟླ་ཞིང་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་བུངས་བསྐྱེད་དེ་བྱ། དེ་ནས། ཧཱུྃ༔ ང་ནི་བདེ་གཤེགས་སོགས་ཀྱིས་མཚམས་གཅོད་སྲུང་བའི་འཁོར་ལོ་ནན་ཏན་དུ་བསྒོམས་ལ་སྲུང་འཁོར་གྱི་སྔགས་ཉིད་ཅི་ནུས་སུ་བཟླ་ཞིང་། རྡོ་རྗེའི་ས་གཞི་ལ་སོགས་པ་མི་ཕྱེད་ཅིང་རབ་ཏུ་བརྟན་པས་ཕྱོགས་ཀུན་བཅིངས་པར་བསམ། དེ་ནས་མཚམས་དམ་དུ་བཅད་ལ་ཉེར་མཁོ་མཚམས་འོག་ཏུ་ཐོག་མ་ནས་བཅུག་པ་རྣམས་མ་གཏོགས་མི་གསར་དང་མི་འཕྲད། དངོས་སྤྱད་གསར་པ་ནང་དུ་མི་གཏང་བ་སོགས་སྤྱི་ལྟར་བྱའོ། །དེ་ནས་སྔར་གྱི་སྲུང་འཁོར་གྱི་རྗེས་དེ་མ་ཐག་པར་ཐུན་མོང་གི་སྔོན་འགྲོས་བློ་སྦྱངས་ནས་སྐྱབས་འགྲོ །སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་དབང་ལེན་པའི་བར་སྔོན་འགྲོའི་མན་ངག་བཞིན་བྱས་ལ། དེ་ནས་ལས་བྱང་གི་བཤགས་པ། བྱིན་དབབ། མཆོད་རྫས་བརླབ་པ་རྣམས་བྱ། དེ་ནས་དངོས་གཞིའི་ཏིང་འཛིན་གསུམ་ནས་བཟུང་མདུན་གྱི་སྒྲུབ་རྟེན་དང་བདག་ཉིད་དབྱེར་མེད་གཅིག་ཏུ་བྱས་ཏེ་དམ་ཚིག་གི་འཁོར་ལོ་སྒོམ་པ། གནས་གསུམ་བྱིན་བརླབ། དབང་བསྐུར། སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད་བསྟོད་པ་རྣམས་ཚིག་ཤར་ཙམ་དུ་མ་སོང་བར་དེ་དང་དེའི་དོན་བསྒོམ་པ་ལ་ནན་ཏན་དུ་བསྒྲིམས་ཏེ་འཇུར་བར་བྱ། དེ་ནས་བདག་ཉིད་ལྷའི་རྣམ་པ་གསལ་བ་དང་ང་རྒྱལ་ཤུགས་དྲག་ཏུ་བསྒོམ་པ་ལ་བསླབས་ནས། སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་ལྟེ་བར་ཉི་ཟླ་བརྩེགས་པ་སྲན་མ་ཕྱེད་གཤགས་ཙམ་གྱི་ལྟེ་བར་ཧྲཱིཿདམར་པོ་སྤུས་བྲིས་པ་ལྟར་ཕྲ་བ་མར་མེ་ལྟར་འབར་ཞིང་གསལ་བའི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་ཤིན་ཏུ་ཕྲ་བས་བསྐོར་བ། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་སྣང་གྲགས་ལྷ་སྔགས་ཀྱི་རོལ་པར་གསལ་བས་བཟླས་པ་བྱ་སྟེ། གཙོ་སྔགས་ཉིད་ཅི་ནུས་དང་འཁོར་སྔགས་རྣམས་བདུན་གྱིས་ཉུང་མཐའ་བྱས་པ་རེ་བཟླ། ཡིག་བརྒྱ་ཡང་ཅི་རིགས་བཟླས་ནས། རྗེས་སུ་ཕྱི་ནང་སྣོད་བཅུད་ཀུན༔ ཞེས་པའི་དོན་བཞིན་རྗེས་བསྡུ་བྱས་ནས་ཐུན་མཚམས་ཀྱི་ལྷར་ལངས་ནས་སྤྱོད་ལམ་ལ་འཇུག །དེ་ནི་དགོང་ཐུན་ཐོག་མ་ཡིན་ལ། དེ་ནས་སྲོད་ཐུན་ལ་སྔོན་འགྲོ་མདོར་བསྡུས་ཙམ་དང་། དངོས་གཞི་སྔར་བཞིན་བཟླས་པའི་མཐར་ཐུག་པ་བྱས་ནས། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་དང་། ཚོགས་མཆོད་སོགས་རྒྱས་པར་བྱས་ནས་ཐུན་གྱི་རྗེས་བསྡུ་སྤྱོད་ལམ་ལ་འཇུག་པ་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལོ། །མཚམས་ལ་ཞུགས་པའི་ཉིན་གྱི་ཐུན་གཉིས་སོ། །དེ་ནས་སང་ཞོགས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་ཆོ་གའི་ཁྲིགས་གཞན་སྔར་བཞིན་ལས་ཐོག་མར་ཐུན་མོང་སྔོན་འགྲོས་རྒྱུད་སྦྱང་བ་སྐྱབས་སེམས་རྡོར་སེམས་སྒོམ་བཟླས་མཎྜལ་བླ་མའི་རྣལ་འབྱོར་དབང་ལེན་པའི་བར་སྔོན་འགྲོའི་མན་ངག་བཞིན་གྱི་རྗེས་སུ་མཚམས་གཅོད་སྲུང་འཁོར་ལ་ནན་ཏན་དང་། བཤགས་པ་ནས་བཟླས་པའི་བར་སྔར་བཞིན་གྱི་རྗེས་སུ་ཐུན་བསྡུ། ཐུན་མཚམས་ཀྱི་དགེ་སྦྱོར་ཆགས་མེད་སོགས་ཀྱི་ཁྲིགས་ཡོད་ན་བྱ། ཐོར་ཐུན་ནོ། །དེ་ནས་སྔོན་འགྲོ་སྔར་གྱི་སྲོད་ཐུན་བཞིན་བསྡུས་པ་བྱས་ནས་དངོས་གཞི་བཟླས་པའི་མཐར་རྗེས་བསྡུ་དང་གུང་ཚིགས་སོགས་བྱེད། སྔ་ཐུན་ནོ། །དེ་ནས་སྔོན་འགྲོ་སྔར་གྱི་ལྟར་བསྡུས་ལ་དགོང་སྲོད་ཀྱི་ཐུན་གཉིས་ཏེ། གང་ལྟར་ན་ཡང་ཐོར་ཐུན་གྱི་འགོར་སྔོན་འགྲོ་རྒྱས་པ་དང་། སྲོད་ཐུན་གྱི་རྗེས་སུ་རྗེས་ཆོག་གཏོར་བསྔོ་སོགས་རྒྱས་པར་བྱ་སྟེ་ཐུན་གྱི་ཐོག་མཐའ་དེ་གཉིས་ཡིན་པས་སོ། །འོན་ཀྱང་དེ་ལྟ་བུས་མཚམས་དངོས་གཞིའི་ཡུན་དང་སྦྱར་ཏེ་ཞག་གསུམ་མམ་བདུན་ཙམ་གྱི་རིང་བཟླས་པའི་གྲངས་འགྲོ་མ་རྩིས་པར་སྒོམ་བཟླས་ཅི་འདྲེས་སུ་གཅུར་ནས་བློ་ལང་དུ་མ་སོང་བར་བྱ་ཞིང་། ཐུན་ཧ་ཅང་གིས་རིང་བར་མི་བྱེད་པར་ལྷོད་ཅིང་སྙོམས་པར་བྱའོ། །དེ་ནས་ཐུན་ཇེ་རིང་ལ་བཏང་ནས་གཞན་སྔར་དང་འདྲ་བ་ལས་བཟླས་དམིགས་ཀྱི་ཚེ། ཐུགས་ཀའི་ཧྲཱིཿལས་ཇི་ལྟར་བཟླ་བའི་སྔགས་ཀྱི་ཕྲེང་བ་གཅིག་རྗེས་གཅིག་ནོན་དུ་བར་མ་ཆད་པར་བྱུང་བ་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་པདྨར་སོན། རང་གི་རྡོ་རྗེའི་ལམ་ནས་ཞུགས། སྐུའི་དབྱིབས་བརྒྱུད། སླར་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལྟ་བུའི་སྤྲོ་བསྡུ་བར་མ་ཆད་པའི་ངང་ནས་བཟླས་པ་བྱ་སྟེ། གཙོ་སྔགས་ཡི་གེ་བཅུ་པ་ཉིད་གཙོ་བོར་བཟླ་ཞིང་། རྗེས་སུ་རྟ་མགྲིན་དང་ཡུམ་སྔགས་ཀྱང་སྟོང་ཚོ་ལ་བརྒྱ་རྩ་སོགས་གཙོ་སྔགས་ལས་བཅུ་ཆ་རེ་བཟླ་ཞིང་འཁོར་སྔགས་དང་དབང་སྡུད་ཀྱི་སྔགས་ཀྱང་ཉེར་གཅིག་བདུན་སོགས་སྐབས་སྦྱར་ཏེ་བཟླའོ། །དེ་ལྟ་བུས་གྲངས་བསྙེན་གཙོ་བོ་ལ་འབུམ་ཚོ་བཅུ། རྟ་མགྲིན་དང་ཡུམ་ལ་འབུམ་ཚོ་རེ། འཁོར་རྣམས་ལ་ཁྲི་ཚོ་གསུམ་རེ། ལས་སྔགས་ཁྲི་ཚོ་གཅིག་གོ། དུས་བསྙེན་ནི་ཟླ་བ་དྲུག་ནས་གཅིག་གིས་མཐའ་རྟེན་པ་ཡན་ཆད། མཚན་མའི་བསྙེན་པ་ལ་ཞག་གྲངས་ཀྱི་རྩིས་གདབ་མེད། དེའི་རྗེས་སུ་བདུན་ཕྲག་གཅིག་ཙམ་རེ་གཞན་སྔར་དང་འདྲ་བ་ལས་གཅེས་གནད་མན་ངག་ཏུ་གསུངས་པ་བཞིན་ཡབ་སྔགས་ཡི་གེ་དྲུག་པའི་ཤམ་དུ་ར་ཙ་ཧྲི་ཡ་ཞེས་བཏགས་པ་ལྔ་ཆ་གསུམ་དང་། ཡུམ་སྔགས་ཡི་གེ་དགུ་པའི་ཤམ་དུ་ཧ་རི་ནི་ས་བཏགས་པ་ལྔ་ཆ་གཅིག །གཉིས་ཀ་སྦྲེལ་མའི་ཤམ་དུ་པ་ཤཾ་ཀུ་རུ་ཧཱུྃ་ཛ༔བཏགས་པ་ལྔ་ཆ་གཅིག་རེ་ཙམ་བཟླའོ། །ཡང་ན་ཧྲཱིཿལས་སྔགས་ཕྲེང་བྱུང་། རང་གི་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། ཡུམ་གྱི་པདྨ་ནས་ཞུགས། ཡུམ་གྱི་སྐུའི་དབྱིབས་བརྒྱུད། ཞལ་ནས་ཐོན་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསྒོམས་ཀྱང་རུང་སྟེ། དེ་ཡང་སྔ་མས་བྱིང་བ་སེལ། ཕྱི་མས་རྒོད་པ་སེལ་ཞིང་དམིགས་པ་སྔ་མས་རོ་སྟོད་ན་བ་དང་། དབུགས་འཚང་བ། ཤེས་པ་འཕྱོ་བ་སོགས་བྱུང་ན། ཕྱི་མ་འདི་གེགས་སེལ་དུ་ཡང་འགྲོའོ། །རྒྱུན་གྱི་བསྙེན་པའི་ཚེ་ཡིག་འབྲུའི་མདོག་གཙོ་བོའི་སྐུ་མདོག་དང་མཚུངས་ཤིང་། མྱུར་དལ་རན་པ་ཡིད་ལ་འཆར་བདེ་བ་བྱས་པས་ཁྱབ་ལ། ལས་སྦྱོར་གྱི་ཚེ་དུས་གནད་ངེས་པ་དག་ལ་ནི་སྐབས་དེ་དང་དེར་ཁྱད་པར་གསུངས་པ་བཞིན་ནོ། །བཟླས་པ་ལ་རྣམ་གྲངས་མང་ཡང་། གཙོ་བོར་དོ་ལིའམ་ཁྱོགས་ཀྱི་བཟླས་པ་སྟེ་བཤད་མ་ཐག་པ་ཉིད་དོ། །གང་ལྟར་སྔགས་འཁོར་བའི་ཚེ་ཡིག་འབྲུ་རེ་རེ་བཞིན་རང་རང་གི་སྒྲ་རྒྱུན་མི་ཆད་པར་སྒྲོག་པར་འགྱུར་བ་དང་། གཙོ་འཁོར་ཐམས་ཅད་དང་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་བྱིན་གྱིས་རློབ་པའི་དོན་དུ་མདུན་གྱི་ནམ་མཁར་བཞུགས་ནས་བཟླས་པ་མཛད་པར་མོས་པ་བྱའོ། །ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགག་ཆ་ཆུང་ཞིང་། ཐུན་སྒང་ལ་ནི་བཟླ་བྱའི་སྔགས་ཉིད་ལ་སྨྲ་བརྗོད་གཞན་གྱིས་བར་མ་ཆོད་པར་བྱ་བ་གལ་ཆེ་ཞིང་ཐུན་མཚམས་རེ་རེ་བཞིན་མཆོད་གཏོར་སོགས་མ་གྲུབ་ཀྱང་སྲོད་ཐུན་གྱི་མཐར་ངེས་པར་བྱ། ཟས་རྣམས་ཟ་བ་ན་ཕུད་མཆོད་པའི་ཚུལ་དུ་འབུལ་བ་དང་། རང་ལྷར་གསལ་བའི་ནང་གི་སྦྱིན་སྲེག་གིས་ཟས་ལ་ལོངས་སྤྱོད། ཐུན་མཚམས་སུ་དགོས་མེད་ཀྱི་གཏམ་མི་སྨྲ་ཞིང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཡང་ཡང་བཟླ། ངག་ནུས་བསྐྱེད་པ་དང་། བྱིན་རླབས་རྒྱུན་ཆགས་སུ་འབྱུང་བའི་དགོས་པ་ཡོད་ཅིང་། བསྙེན་པའི་གྲངས་ལ་ནི་མི་རྩིའོ། །སྔགས་བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་སྒྲིག་ངེས་བཟུང་རང་མེད་པའི་ངང་ནས་གང་འགྲོ་བྱ། ཐུན་གྲངས་ནི་བཤད་ཚོད་ཐུན་བཞི་མ་ཡིན་པ་བཞིན་ཕྱག་ལེན་ཡང་དེ་ལྟར་མཛད་ལ། དེའི་ཚེ་ན་ཐོ་རངས་ནས་ནམ་སེང་ཡན་ཐོར་ཐུན། དེ་ནས་གུང་ཡན་ལ་སྔ་ཐུན། གུང་རྗེས་ནས་ས་སྲོས་ཡན་དགོང་ཐུན། ས་སྲོས་ནས་སྲོད་ཡན་ལ་སྲོད་ཐུན་ནོ། །གཉིས་མའི་ཚེ་ན་ཐོ་རངས་ནས་ཉིན་ཕྱེད་ཡན་སྔ་ཐུན། ཕྱི་དྲོ་ནས་སྲོད་ཡན་ཕྱི་ཐུན་དུ་བྱ་སྟེ། གཉིས་བྱེད་པ་སྔགས་འགྲོ་ཆེ་བ་ཡིན་གསུངས་ཏེ་དེ་ལྟར་ཡང་རུང་ངོ་། །མདོར་ན་ཡིད་མི་བདེ་སྐྱེས་ན་བློ་དཔངས་བསྟོད། འཇིག་རྟེན་གྱི་རྣམ་རྟོག་གཡེང་ན་དགོས་མེད་ཀྱི་དྲན་པ་བསྟེན་ནོ། །ཡི་དམ་གྱི་ལྷ་མྱུར་དུ་འགྲུབ་པར་བྱ་སྙམ་པའི་འདུན་པ་ཤུགས་དྲག་པོ་བྱ་བ་གནད་ཆེའོ། །དེ་ལྟར་ཐོག་མཐའ་ཐམས་ཅད་ལ་ཤེས་པར་བྱས་ནས་ཕྱི་སྒྲུབ་རྫོགས་རྒྱུའི་སྔ་ཐུན་དེ་ལ་མཆོད་པ་ཁ་གསོ་ཞིང་བཟླས་པའི་འགོར་ཛཔ྄་བསྐུལ་དང་བཟླས་པའི་མཐར་རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བཤགས་ནས། ཨོཾ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ ཅེས་སོགས་ཀྱིས་དངོས་གྲུབ་བླང་། མཆོད་ཅིང་བསྟོད་ནས་ཚོགས་མཆོད་སོགས་རྒྱས་པར་བྱ་ཞིང་། རྗེས་བསྡུ་བྱའོ། །དེ་ནི་ཕྱི་སྒྲུབ་ཀྱི་རིམ་པའོ། །གཉིས་པ་ནང་སྒྲུབ་ལ། ཕྱི་དཀྱིལ་རས་བྲིས་ཉིད་མེད་ཀྱང་ཆོག་མོད། འོན་ཀྱང་གཅེས་གནད་དུ་ཆིག་སྒྲིལ་སྦགས་སྒྲུབ་དང་སྦྱར་ཏེ་གསུངས་པའི་དགོངས་པ་བཞིན་གཤོམ་བཀོད་སྔར་གྱི་དེ་ཉིད་ལ་སླར་ཡང་མཆོད་གཏོར་སོགས་རྒྱས་པར་གསོས་ལ། མཚམས་གཅོད་སྲུང་འཁོར་ནས་བཟུང་སྔོན་འགྲོ་སྔར་བཞིན་ལས། དངོས་གཞིའི་སྐབས་ཏིང་ངེ་འཛིན་གསུམ་གྱི་རྒྱུའི་ཏིང་ངེ་འཛིན་ཧྲཱིཿཡིག་སྒོམ་པ་ནས་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་གཙོ་བོ་ཡབ་ཡུམ་གྱི་སྐུར་ལས་བྱང་བཞིན་སྒོམ་སྟེ། རང་ལུས་གདོད་ནས་གྲུབ་པའི་གཞལ་ཡས་ཁང་གི་ངོ་བོ་ཅན་ནོ། །དེའི་སྤྱི་བོར་པད་ཟླའི་གདན་ལ་རིགས་བདག་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་ངོ་བོར་བསྒོམ། སྙིང་གར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཉི་མ་དང་རོའི་གདན་ལ་རྟ་མགྲིན་ཡི་དམ་ཀུན་འདུས་སུ་བསྒོམ། ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་ཀུན་འདུས་སུ་བསམ། གསང་གནས་སུ་པདྨ་འདབ་བཞི་ལ་རིགས་བཞིའི་མཁའ་འགྲོ་ཡུམ་དང་བཅས་པ་བསྒོམ། དཔུང་པའི་ཚིགས་ཆེན་གཉིས་དང་། པུས་མོའི་ཚིགས་ཆེན་གཉིས་ཏེ་བཞིར་ཕྲ་མེན་བཞི་རྣམས་གསལ་བར་བསྒོམས་ལ་གནས་གསུམ་བརླབ། དབང་བསྐུར་སྤྱན་འདྲེན་མཆོད་བསྟོད་སོགས་སྔར་དང་འདྲ་བ་ལས། བཟླས་པའི་ཚེ། སྙིང་གའི་རྟ་མགྲིན་གྱི་ཐུགས་ཀར་ཧྲཱིཿཡིག་ལ་སྔགས་ཕྲེང་གིས་བསྐོར་བ། ལྟེ་བའི་ཆོས་འབྱུང་གི་ནང་གི་འོག་ཏུ་གཏུམ་མོ་ཨ་ཤད་མེའི་རང་བཞིན་འབར་ཞིང་གསལ་བར་བསྒོམས་ལ། རླུང་འབྱུང་འཇུག་དང་དམིགས་པའི་སྤྲོ་བསྡུ་སྦྱར་ཏེ། རླུང་ཕྱིར་འགྲོ་བ་ན་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག །རླུང་ནང་དུ་འོང་བ་ན་འོད་ཀྱི་རྣམ་པར་དབང་དུ་བསྡུས་སྣ་བུག་གི་ལམ་བརྒྱུད་བྱང་སེམས་ཀྱི་ངོ་བོར་ཞུ་བ་ཆོས་འབྱུང་གི་ནང་གི་མེ་ལ་བསྟིམ། སྡོང་རྩ་མར་ཁུས་བརླན་པ་བཞིན་གཏུམ་མོའི་མེ་ཧར་གྱིས་འབར། བདེ་བ་ཆེར་གཡོས་པ་ན་སྟོང་ཉིད་ཀྱི་ངང་དུ་བཞག །བདེ་སྟོང་དབྱེར་མེད་ཀྱི་ངང་གདངས་བསྐྱང་ཞིང་རླུང་བུམ་པ་ཅན་དང་སྦྱར་ནས་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་པ་ལ་གཙོ་བོར་བྱ་སྟེ། ཡབ་ཀྱི་འབྲུ་བཅུ། རྟ་མགྲིན་གྱི་བཅུ་དྲུག་པ། ཡུམ་གྱི་འབྲུ་དགུ །འཁོར་གྱི་བཅོ་ལྔ་པ་རྣམས་སྦྲེལ་བའི་རྗེས་སུ་དབང་སྡུད་བཞི་བཅུ་རྩ་དྲུག་པ་ཉིད་བཏགས་པ་ཁོ་ན་བཟླ་ཞིང་། ཐུན་རྗེས་སུ་ལུས་ལ་བཀོད་པའི་ལྷ་རྣམས་རང་རང་གི་གནས་སུ་འོད་དུ་ཞུ་བ་མཁའ་ལ་སྤྲིན་དེངས་པ་བཞིན་མི་དམིགས་པའི་ངང་ལ་མཉམ་པར་བཞག་ནས་གནས་ལུགས་སྐྱོང་བ་ལ་ཡུན་བསྲིང་། ཐུན་བཞིར་བྱེད་ཚུལ་ཕྱི་སྒྲུབ་དང་འདྲ། དེ་ལྟ་བུའི་གྲངས་འབུམ་ཕྲག་གཅིག །དུས་ཟླ་བ་གཅིག །མཚན་མ་ལ་རྩིས་མེད། དེ་ལྟར་ནང་སྒྲུབ་སོང་བའི་རྗེས་འབྲེལ་དུ་གཅེས་གནད་ལས་གསུངས་པ་བཞིན་བདུན་ཕྲག་གཅིག་ཙམ་བཟླས་བསྒོམ་གཞན་སྔར་དང་འདྲ་བ་ལས་ཐུན་རེ་རེ་བཞིན་གྱི་བཟླས་པ་རྫོགས་མཚམས་སུ། སྙིང་གའི་ས་བོན་ལས་སྔགས་འོད་ལྕགས་ཀྱུའི་རྣམ་པ་ཅན་མེ་ལྟར་ཚ་ཞིང་རྣོ་བ་འཕྲོས་པས་གང་འདོད་ཀྱི་བརྟན་གཡོ་སྣོད་བཅུད་ཉིད་དབང་དུ་བསྡུས་ནས་སྙིང་གའི་ས་བོན་དང་སྒྲུབ་རྫས་རིལ་བུ་ལ་ཐིམ་པར་བསམ་ལ། ཡབ་ཡུམ་གྱི་རྩ་སྔགས་སྔར་ལྟར་སོ་སོའི་ཤམ་དང་བཅས་པ་སྦྲེལ་བའི་གཤམ་དུ་ཨ་ནྲྀ་ཏྲི་མ་བྷི་ས་མ་ཡེ་པདྨ་ཛ་དྷ་ར་དྷ་ར་ཧཱུྃ་ཛ༔ བུདྡྷ་བུདྡྷ་བི་བུདྡྷ་པདྨ་ཨ་མོ་གྷ་མུ་ཁི་པ་ར་དེ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཛ༔ ཞེས་ཡིག་འབྲུ་ཞེ་བརྒྱད་པ་ཉིད་བཏགས་པ་བརྒྱ་རྩ་སོགས་བཟླས་ལ་རིལ་བུ་འཕེལ་ཞིང་སྒྲ་འོད་འབྱུང་བ་ཚད་ཡིན། དེ་ནས་ནང་སྒྲུབ་རྫོགས་རྒྱུའི་སྔ་ཐུན་ལ་མཆོད་པ་ཁ་གསོ་ཞིང་། ཐུན་རྗེས་སུ་ཚོགས་མཆོད་སོགས་རྒྱས་པར་བྱ་ཞིང་དངོས་གྲུབ་ལེན། རྗེས་སུ་རྫོགས་རིམ་བྱ། དེ་ནི་ནང་སྒྲུབ་ཀྱི་རིམ་པའོ། །གསུམ་པ་གསང་སྒྲུབ་ལ། གོང་གི་སྒྲུབ་རྫས་ཀྱི་གཤོམ་བཀོད་དེ་ཉིད་ལས། ནང་སྒྲུབ་སོང་མ་ཐག་པའི་ཕྱི་དྲོའི་ཐུན་དེ་ཉིད་ལ་སྔར་བཞིན་མཆོད་གཏོར་རྣམས་ཁ་གསོ། མཚམས་གཅོད་སྲུང་འཁོར་སོགས་སྔོན་འགྲོ་རྣམས་རྒྱས་པར་བྱ། དངོས་གཞི་ལ་ཏིང་འཛིན་གསུམ་གྱི་ཧྲཱིཿལས་བདག་ཉིད་གསང་སྒྲུབ་ཐུགས་རྗེ་ཆེན་པོ་རྟ་མགྲིན་ཡབ་ཡུམ་གྱི་སྐུར་བསྒོམས་པའི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ། འཁོར་ལོའི་གནས་རྣམས་སུ་ལྷ་རྣམས་བསྒོམས་པའི་ཡབ་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དང་ཡུམ་རྣམས་ཀྱི་ཐུགས་ཀར་ཕག་མོ་བསྒོམ། རང་གི་སྤྱི་བོར་རིགས་བདག་འོད་དཔག་མེད་གསལ་བཏབ། དེ་ལྟར་གསལ་ཐེབས་པ་དང་གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་ཡེ་ཤེས་པ་སྤྱན་དྲངས། བསྟིམས་ནས་གཉིས་མེད་དུ་བསྲེས་ལ། སླར་ཡང་གཤང་སྒོར་རླུང་དཀྱིལ་ལྗང་གུ་ཡཾ་གྱིས་མཚན་པ་ཡང་ཞིང་གཡོ་བ། དབུ་མའི་མར་སྣར་ཨཾ་དམར་པོ་འབར་ཞིང་གསལ་བ། སྤྱི་བོར་ཧཾ་དཀར་པོ་འཁྱིལ་ཞིང་འཛག་པ་ལྟ་བུ་རྣམས་གསལ་བཏབ། རླུང་རོ་དགུ་ཕྲུགས་སུ་ཕྱིར་བསལ། འོག་རླུང་གྱེན་དུ་འཐེན་པའི་རྐྱེན་གྱིས་གཤང་སྒོའི་རླུང་གཡོས་གསང་གནས་ཀྱི་འཁོར་ལོའི་ལྷ་རྣམས་བདེ་བ་ཆེར་གཡོས་པའི་རྐྱེན་གྱིས་གཏུམ་མོའི་མེ་སྦར། འཁོར་ལོ་བཞིའི་ལྷ་རྣམས་བདེ་བ་ཆེན་པོར་འབར་ཞིང་འཕར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཞུ་ཞིང་བབས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སྤྱི་བོའི་རྩ་འཁོར་གང་བའི་དགའ་བ་ལ་སེམས་བཟུང་ཡིད་བཟླས་བྱ། དེ་བཞིན་དུ་མགྲིན་པའི་རྩ་འཁོར་གང་བའི་མཆོག་དགའ་ལ་སེམས་བཟུང་ཡིད་བཟླས་བྱ། དེ་བཞིན་དུ་སྙིང་གའི་རྩ་འཁོར་གང་བའི་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་བཟུང་ཡིད་བཟླས་བྱ། སླར་ཡང་ལྟེ་བའི་རྩ་འཁོར་གང་བའི་ཁྱད་དགའ་ལ་སེམས་བཟུང་ཡིད་བཟླས་བྱ། སླར་ཡང་རླུང་ཕྱིར་བསལ་བ་ན་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་རླུང་རྔུབ་པ་དང་ལྷན་ཅིག་བསྡུས་བག་ཆགས་དངོས་འཛིན་ཐམས་ཅད་གཏུམ་མོའི་མེས་བསྲེགས། རླུང་སེམས་དྭངས་མའི་ཐིག་ལེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ལ་མ་བཅོས་རང་སར་བཞག་ནས་ཡིད་བཟླས་བྱ། ཐུན་རྗེས་ཐམས་ཅད་དུ་གང་འདོད་ཀྱི་བསྒྲུབ་བྱ་མདུན་དུ་བཀུག་པ་ཐུགས་ཀའི་འོད་ཀྱིས་གདུངས་པས་གཟི་བརྗིད་མ་བཟོད་པར་ཉི་མས་མར་བཞུ་བ་བཞིན་བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ་བ་སྒྲུབ་རྫས་དང་རང་གི་གསང་བའི་ལམ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་ཞིང་། ཐུན་བསྡུ་བ་ནང་སྒྲུབ་དང་འདྲ། བཟླ་བྱའི་སྔགས་ནི་ཡི་གེ་བཅུ་པ། བཅུ་དྲུག་པ། དགུ་པ། བཅོ་ལྔ་པ་སྟེ་གཙོ་འཁོར་གྱི་སྔགས་རྣམས་ཡིན་ལ། ཐུན་རྗེས་དབང་སྡུད་ཀྱི་ཚེ་སྔགས་དེ་དག་གི་གཤམ་དུ་ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཨ་མོ་གྷ་པདྨ་ཀུ་ཤ་ས་མ་ཡ་གྲྀཧྣ་གྲྀཧྣ་ས་ར་ཡ་ཧ་ར་མ་མ་ཧཱ་པ་ཏྲ་ཧཱུྃ་ཛ༔ ཞེས་འབྲུ་སོ་ལྔ་པ་གཅེས་གནད་དུ་གསུངས་པ་ཉིད་བཟླའོ། །ཐུན་གྱི་ཐོག་མཐའ་དང་ཐུན་མཚམས་སོགས་ནི་སྔར་དང་འདྲ་ཞིང་། ཁྱད་པར་ཐུན་རྗེས་མ་ལ་དངོས་གྲུབ་ལེན་པ་ནང་སྒྲུབ་བཞིན་ནོ། །བཞི་པ་ཡང་གསང་སེམས་ལ་བཀོད་ནས་སྒྲུབ་པ་ནི། ཕྱི་ནང་གསང་བ་གསུམ་ཀའི་སྒྲུབ་ཐབས་ལ་སྤྱིར་གཅེས་པའི་གནད་གསང་ཡིན་གྱིས་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ནན་ཏན་བསྒོམ་ཞིང་དེ་ནས་ཐུན་སྒང་དང་ཐུན་མཚམས་ཀྱི་སྤྱོད་ལམ་དང་ཅི་འདྲེས་སུ་སྦྱང་ངོ་། །དེ་ནས་གསང་སྒྲུབ་གྲོལ་རྒྱུའི་སྔ་དྲོའི་ཐུན་འགོར་མཆོད་གཏོར་ཁ་གསོ་བ་དང་། མཇུག་ཏུ་ཚོགས་མཆོད་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་། འདི་རྫོགས་རིམ་གྱི་སྒྲུབ་པ་ལྟ་བུ་ཡིན་པས་ཡུན་རིང་བཞིན་ཕུན་སུམ་ཚོགས་མོད། གཞན་ཟླ་ཞག་སྔགས་ཀྱི་གྲངས་སོགས་ལ་རྩིས་གདབ་མེད་དོ། །དེ་ལྟར་སྒྲུབ་པའི་དྲོད་རྟགས། དེ་ཉིད་ལམ་དུ་ལེན་ཚུལ་སོགས་ནི་རྩ་བའི་གཞུང་དུ་བལྟའོ། །མ་གྲུབ་ན་གནད་དབབ་གསུངས་པ་ཟླ་བ་དྲུག་ཚུན་ལ་བྱར་མི་རུང་། ལོ་སྒྲུབ་སོགས་ལ་རྟགས་མ་བྱུང་ན་གནད་ཤེས་པར་བྱའོ། །དབང་གི་སྦྱིན་སྲེག་ནི། གསང་སྒྲུབ་སྔ་ཐུན་ལ་གྲོལ་བའི་རྗེས་ཀྱི་ཕྱི་དྲོ་དེ་ཉིད་རང་ལ་བྱ་ཞིང་། ཁ་སྐོང་གི་སྦྱིན་སྲེག་དང་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་མཆོད་གཏོར་འབུལ་བ་ཡང་དཀྱུས་ཐོག་དེ་ཉིད་ལ་བྱ་བ་གཞན་གྱིས་བར་མ་ཆོད་པར་བྱེད་པ་ནི་དངོས་གྲུབ་མྱུར་བའི་གནད་དམ་པའོ། །བསྙེན་པ་མ་གྲོལ་བའི་བར་ལྷ་གང་གི་བསྙེན་པ་ཡིན་གཞན་སུས་ཀྱང་མ་ཤེས་པར་བྱ་སྟེ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །རྗེས་ཐོ་འགྲོལ་བ་དང་བག་གསེང་ཞིང་གནས་བསྲུང་བ་སོགས་སྤྱི་དང་འདྲའོ། །རེ་ཞིག་དེ་ཙམ་མོ། །ཞེས་པ་མཆོག་སྤྲུལ་བླ་མ་ཆོས་ཀྱི་བདག །ལམ་འདི་སྒྲུབ་ལ་རྩེ་གཅིག་འཇུག་དགོངས་ཚེ། །གསུང་གིས་བསྐུལ་ངོར་བཛྲ་ཨཀྵ་རས། །སྦྱར་བའི་ཡིག་མཁན་བློ་གསལ་རྒྱ་མཚོ་འོ།། །།

རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་སྙིང་གི་ནོར་བུ་ (Volume 4, Text 18)

༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་སྙིང་གི་ནོར་བུ་བཞུགས་སོ། ། བྱིན་རླབས་ཆར་འབེབས་དངོས་གྲུབ་གཏེར། །འདོད་རྒུའི་མཆོག་སྩོལ་རྩ་གསུམ་ལྷར། །གུས་པས་བཏུད་ནས་དྲིལ་སྒྲུབ་ཀྱི། །ཕྲིན་ལས་སྙིང་གི་ནོར་བུ་སྦྱིན། །འདི་ལ་བཞི། སྦྱོར་བ། དངོས་གཞི། ཐུན་མཚམས་གསག་སྦྱོང་། རྗེས་ཀྱི་བྱ་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་རྗེས་སུ་མཐུན་པར། འབྱོར་ན་རྩ་བ་གསུམ་གྱི་སྣང་བརྙན་བྲིས་འབུར་གང་རིགས་བཀྲམ་པའི་སྤྱན་སྔར། སྨན་གཏོར་རཀྟ་ཉེར་སྤྱོད་དང་། ཚོགས་ཀྱི་ཡོ་བྱད་སོགས་རྒྱས་པར་བཤམ། དེ་ཙམ་མ་འབྱོར་ཡང་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་བཟའ་བཏུང་གི་ཟས་སྣ་གཙང་མའི་ཕུད་དང་། ཉེར་སྤྱོད་སོགས་མཆོད་པ་ཇི་ལྟར་རིགས་པ་གཙང་ཞིང་བཀོད་པས་མཛེས་པར་བསྟར། རང་གི་མདུན་དུ་རྡོར་དྲིལ། ཐོད་རྔ། ནང་མཆོད་སོགས་ཀྱང་འདུ་བྱ། སྟན་བདེ་བ་ལ་ལུས་དྲང་པོར་བསྲང་། རླུང་རོ་དགུ་ཕྲུགས་སུ་བསལ། ངེས་འབྱུང་བྱང་སེམས་མོས་གུས་རྣམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། ཆོ་ག་དངོས་ལ། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བསྒོམ། །མཆོད་པ་བྱིན་གྱིས་བརླབ་པ་འོ། །ཞེས་ལྔ་ལས་དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །གཉིས་པ་ནི། གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ཞེས་སྦྲེལ་ཏེ་ལན་གསུམ་གྱི་མཐར། ཛཿཧཱུྃ་བཾ་ཧོཿས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་ནི། རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གྱུར་པར་བསམ། བགེགས་གཏོར་དངོས་སུ་བཤམས་པ་ཡོད་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧིས་བསྔོ། ཧཱུྃ། ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལ། །གློ་བུར་ལྟར་སྣང་འཁྲུལ་པའི་གདོན་བགེགས་ཀུན། །རིག་པ་ཡེ་ཤེས་དཔལ་གྱི་བཀའ་བྱུང་བས། །དག་མཉམ་རོལ་པ་ཆོས་སྐུའི་དབྱིངས་སུ་དེངས། །སུམྦྷ་སོགས་དྲག་སྔགས་བརྗོད་པས་བསྐྲད། བཞི་པ་ནི། ཧཱུྃ། ཀུན་བརྟགས་མཚན་མས་མི་ཕྱེད་རྡོ་རྗེའི་གུར། དག་པའི་གཞན་དབང་ལྷ་སྔགས་ཕྱག་མཚན་དང་། །ཡོངས་གྲུབ་ཡེ་ཤེས་མཆོག་གིས་བྱིན་བརླབས་པས། །གཉིས་སྣང་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་དོ། །ཨོཾ་བཛྲ་ཛྙཱ་ན་རཀྵ་ཧཱུྃ་བྷཱུྃ། ལྔ་པ་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདེ་བ་ཆེའི། །འདོད་ཡོན་རོལ་མོ་ཅིར་ཡང་འཆར་བར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་བཞུགས་སུ་གསོལ། །མཆོད་ཅིང་བཟླས་པས་ཐུགས་དམ་བསྐུལ། །ཞེས་ལྔ་ལས་དང་པོ་ནི། ཧཱུྃ། དེ་བཞིན་ཉིད་དབྱིངས་སྟོང་པ་ཆེན་པོ་ལས། །སྙིང་རྗེ་སྒྱུ་མ་ཀུན་སྣང་རིག་པའི་གདངས། །ཕྱག་རྒྱ་གཅིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿ །འོད་ཟེར་ལྔ་ལྡན་མཁའ་ལས་འཇའ་ལྟར་ཤར། །སྣོད་བཅུད་ཀུན་སྦྱངས་འོད་གསལ་གཉུག་མའི་ངང། །རིན་ཆེན་གཞལ་མེད་མཚན་ཉིད་ཡོངས་རྫོགས་དབུས། །པད་ཉི་ཟླ་སྟེང་ཧྲཱིཿཡིག་ཡོངས་གྱུར་ལས། །བདག་ཉིད་བླ་མ་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས་ཀྱིས་མཛེས། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་དང་། །དབུ་ལ་རབ་མཛེས་ཤེ་འུའི་སྙན་ཞུས་བརྗིད། །ཕྱག་གཡས་སྡིགས་མཛུབ་དང་བཅས་རྡོ་རྗེ་འཕྱར། །རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀ །མདོག་དམར་མེ་ལྕེའི་ཕྲེང་བ་རབ་ཏུ་འཁྲུག །གནམ་ལྕགས་རྡོ་རྗེ་སྡིག་པའི་ཕྱག་མཚན་ཅན། ཁྲོ་བོའི་ཆས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ། །གཡོན་པས་མཉམ་གཞག་མཚན་ལྡན་ཀ་པཱ་ལར། །འཆི་མེད་མཆོག་སྩོལ་ཚེ་བུམ་བཅུད་ཀྱིས་གཏམས། །ལྔ་ལྡན་འོད་ཟེར་ལྷ་མོ་མགྱོགས་མའི་ཚོགས། །སྤྲོ་ཞིང་སྡུད་པས་སྲིད་ཞིའི་ཚེ་བཅུད་འགུགས། །གྲུ་མོར་གསང་བའི་ཡུམ་མཆོག་མནྡཱ་ར། །སྦས་ཚུལ་ཁ་ཊྭཱཾ་འཁྱུད་པའི་བརྡ་ཐབས་ཀྱིས། །དགའ་བཞིའི་ཡེ་ཤེས་རྩོལ་བ་མེད་པར་འདྲེན། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་གཟི་བྱིན་འབར། །ཐབས་ཤེས་ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས། །འཇའ་ཟེར་ཐིག་ལེ་འོད་ཕུང་འཁྱིལ་པའི་ཀློང་། །སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས། །སྤྱི་བོར་རིགས་བདག་མགོན་པོ་འོད་དཔག་མེད། །སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་ཕྱག་རྒྱའི་སྟེང་། །བཻ་ཌཱུར་ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་རོལ། །ཐུགས་ཀར་རབ་ཏུ་རྒྱས་པའི་པད་ཉིའི་དབུས། །ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་གྲི་ཐོད་གར་དགུའི་ཉམས་ཀྱིས་བརྗིད། །དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་དབུས། །བདུད་བཞིའི་གདན་ལ་གཡོན་བརྐྱང་སྟབས་ཀྱིས་འགྱིང་། །སྦྱོར་ཡུམ་འབུམ་ཕྲག་མཁའ་འགྲོ་འདུས་པའི་གཙོ། །ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད། །རིན་ཆེན་རུས་བརྒྱན་བདེ་བའི་ལང་ཚོ་རྒྱས། །ཡབ་ཡུམ་སྤྱི་བོར་རྟ་གདོང་ཕག་ཞལ་བཞད། །སྐུ་ལས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཆོས་སྲུང་ནོར་ལྷ་གཏེར་བདག་བྲན་བཞིན་འདུ། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་གནས་གསུམ་དུ། །རྡོ་རྗེ་གསུམ་དངོས་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ གཉིས་པ་ནི། ཧཱུྃ་ཧྲཱིཿ པདྨ་འོད་དང་དབང་དྲག་འབར་བའི་ཞིང་། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་དཀྱིལ་འཁོར་ནས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་པ་ནི། ཧཱུྃ་ཧྲཱིཿ ཕྱི་སྣོད་དག་པ་རབ་འབྱམས་གཞལ་མེད་དབུས། །ནང་བཅུད་ཕུང་ཁམས་ལྷ་སྐུར་ཡོངས་རྫོགས་པའི། །དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ཚོགས། །གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཏིཥྛནྟུ། བཞི་པ་ལ་གསུམ་ལས། ཕྱག་གིས་འདུད་པ་ནི། ན་མོ། སྐྱེ་མེད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། །དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི། །ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་མའི་ཚོགས། །ཡུལ་དང་དབང་པོ་མཉམ་སྦྱོར་བདེ་བ་ཆེས། །རྩ་གསུམ་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་མཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ལྔ་པ་ནི། རྟ་མགྲིན་ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཡེ་ཤེས་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་མཆོག་སྦྱིན་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས། །དེ་ཡི་ཐུགས་དབུས་ཉི་ཟླའི་ག་འུའི་ཀློང་། །ཧྲཱིཿམཐར་སྔགས་ཕྲེང་འཁོར་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་བདག་ཐིམ་དངོས་གྲུབ་རྣམ་གཉིས་ཐོབ། །སྣང་སྲིད་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཆུ་བོའི་རྒྱུན་བཞིན་དུ་བཟླ། སོ་སོའི་བཟླས་པ་བྱ་བར་སྤྲོ་ན། སྤྱི་བོའི་རིགས་བདག །སྙིང་གའི་ཡེ་ཤེས་སེམས་དཔའ། བླ་མ་ཞི་དྲག །ཡི་དམ་དང་། མཁའ་འགྲོ་རྣམས་རིམ་པ་བཞིན་དུ་སེམས་བཟུང་ཞིང་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་སྦྱར། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ། ཨཱཿཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ། ཨོཾ་བཾ་བཛྲ་བྷ་ར་ཧཱི་ཀྲོ་དྷི་ཀཱ་ལི་ཧཱུྃ་ཕཊ། ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཞེས་སོ་སོར་བཟླ་ཞིང་། ཆོས་སྐྱོང་སྲུང་མ་ལ་བཀའ་བསྒོ་བའི་ཚུལ་གྱིས་ལས་སྒྲུབ་པར་བསམས་ལ་ཤཱ་ས་ནའང་ཅི་རིགས་པ་བཟླ། ཚེ་སྒྲུབ་བྱེད་ན་ཕྱག་གཡོན་ཚེ་དཔག་མེད་ཡབ་ཡུམ་གྱི་ངོ་བོ་བུམ་ཐོད་ལས་ལྷ་མོ་མགྱོགས་མའི་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་བཅས་པས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་བཟླ། མཆོག་སྒྲུབ་གཙོ་བོར་བྱེད་ན། ལུས་གནད་བསྲང་། རྩ་གསུམ་འཁོར་ལོ་ལྔ་སོགས་སྤྱི་ལྟར་གསལ་གདབ། རླུང་རོ་བསལ། གྲུ་མོ་གཡོན་གྱི་ཁ་ཊྭཱཾ་ག་མནྡཱ་རའི་ངོ་བོ་ལས་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པར་བྱུང་། རང་གི་སྣ་བུག་ནས་ཞུགས། ལྟེ་བའི་གཏུམ་མོ་ལ་རེག་པས་འབར་བའི་མེས་སྤྱི་བོའི་ཧཾ་ཞུ་བའི་བདེ་བ་ལ་སེམས་གཏད་ཅིང་རླུང་བུམ་པ་ཅན་བཟུང་། རིག་པ་འཛིན་མེད་དུ་འཇོག །ཐུན་ལས་ལྡང་བ་ན། དབྱང་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། གོང་ལྟར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་བརྗོད་དོ། །གསུམ་པ་ལ། བསང་གསུར་གཏོར་མ་ཚོགས་མཆོད་དང་། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། །ཞེས་ལྔ་ལས་དང་པོ་ནི། རིན་ཆེན་འབྲུ་སྨན་དར་ཟབ་སོགས་ཕྱེ་ཕུར་ལ་སྦྱར་བ་བཟང་ཤིང་གི་མེ་ལ་བསྲེག །ཆབ་གཙང་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་ཉིད་དབྱིངས་ལས་འབར་བའི་ཡེ་ཤེས་མེ། །འཇའ་ཟེར་ཐིག་ལེའི་དུད་སྤྲིན་རབ་ཏུ་འཁྲུགས། །འདོད་ཡོན་རྒྱ་མཚོའི་ཆར་འབེབས་བདེ་བ་ཆེ། །བསང་གསུར་ནམ་མཁའ་མཛོད་ཀྱི་འཁོར་ལོར་ཤར། །ཨོཾ་ཨཱཿཧཱུྃ་དང་། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཧྲཱིཿ འོད་གསལ་དབྱིངས་ལས་ཡེ་ཤེས་རང་ཤར་བའི། །རྩ་གསུམ་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །ཡུལ་ལྷ་གཞི་བདག་བགེགས་རིགས་སྙིང་རྗེའི་མགྲོན། །འགག་མེད་སྒྱུ་མའི་རོལ་པས་གནས་འདིར་གཤེགས། །བཛྲ་ས་མཱ་ཛཿ ཛ་ཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། དབྱིངས་ཕྱུག་སྤྱན་མའི་རང་བཞིན་ཐབ་ཀྱི་དབུས། །དམ་ཚིག་སྒྲོལ་མས་བསྐུལ་བའི་ཡེ་ཤེས་མེ། །གོས་དཀར་ཡུམ་གྱི་ངོ་བོར་རྣམ་དག་པར། །རིན་ཆེན་འབྲུ་སྨན་བཟའ་བཏུང་འབྱོར་རྒུའི་ཚོགས། །ལེགས་སྦྱར་མཱ་མ་ཀི་ཡི་བདུད་རྩིས་བྲན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །འདོད་ཡོན་རྒྱ་མཚོའི་རོལ་མོར་འཆར་བའི་ཕུལ། །ཟག་མེད་བསང་གསུར་བདུད་རྩིའི་སྤྲིན་ཕུང་འདིས། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་བསང་མཆོད་མཆན། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་བསང་། །ལམ་ལྔ་ས་བཅུའི་སྤང་རྟོགས་ཡེ་ཤེས་སྐྱེད། །རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བསང་། །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་དུ་སྤེལ། །ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མ་བསང་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་ཀུན་བསང་། །དབུལ་བའི་གདུང་སོལ་འདོད་རྒུའི་འབྱོར་པ་སྤེལ། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་བསང་། །གཞི་བྱེས་ཀུན་ཏུ་སྲུང་སྐྱོབས་དགེ་ལེགས་སྐྱེད། །བགེགས་རིག་ལན་ཆགས་སྙིང་རྗེའི་མགྲོན་ཀུན་བསང་ལ་སྦྱིན་མཆན། །ཕན་བདེའི་དཔལ་གྱིས་རྟག་ཏུ་ཚིམ་གྱུར་ཅིག །ཧྲཱིཿ དེ་ལྟར་མཆོད་སྦྱིན་མགྲོན་རྣམས་ཐམས་ཅད་ལ། །འདོད་ཡོན་རྒྱ་མཚོའི་མཆོད་པ་ཕུལ་བའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ལུས་ངག་ཡིད་གསུམ་ནད་གདོན་སྡིག་སྒྲིབ་དང་། །ཉམས་གྲིབ་མི་གཙང་གདུང་བ་ཞི་བར་མཛོད། །ཕུང་ཁམས་སྐྱེ་མཆེད་བཀྲག་མདངས་གཟི་བརྗིད་སྤེལ། །འཁོར་འདས་ཕྱྭ་གཡང་ལེགས་ཚོགས་དབང་དུ་སྡུས། །དགྲ་དང་འགྱེད་ན་རྒྱལ་བའི་རུ་མཚོན་ཕྱོར། །ཆར་ཆུ་དུས་བབས་ལོ་ཕྱུགས་ཚོང་མགྲོན་ལེགས། །མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ཅིང་། །སྣོད་བཅུད་རྫོགས་ལྡན་གསར་པའི་དགའ་སྟོན་གྱིས། །ཕན་བདེའི་དགེ་མཚན་འཕེལ་བའི་བཀྲ་ཤིས་སྩོལ། །ཞེས་མཆོད་ཅིང་ཕྲིན་ལས་གསོལ་བར་བྱའོ། །སྤྱིར་བསང་གསུར་གཞི་མཐུན་པ་ཡིན་ཡང་། གསུར་མཆོད་ཁོ་ན་དམིགས་ཀྱིས་བསལ་བར་སྤྲོ་ན། དངོས་གཞིའི་བསང་ཞེས་པའི་ཚབ་ཏུ། མཆོད་དང་། མགྲོན་འོག་མ་ལ་སྦྱིན་ཞེས་ཁ་བསྒྱུར་བས་ཀྱང་འགྲུབ་བོ། །གཉིས་པ་ནི། ཤ་ཆང་གི་དམ་རྫས་གཙོ་བོར་གྱུར་པའི་གཏོར་མ་བདུད་རྩིས་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཧཱུྃ་ཧྲཱིཿ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །ཐམས་ཅད་ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་འཚལ་ཞིང་ལན་གནང་བར་བསམས་ལ་མཆོད་པ་འབུལ་བ་ནི། ཧཱུྃ། དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་སྨན་རག་གཏོར་ཚོགས་སོགས། །ནམ་མཁའ་རབ་འབྱམས་གང་བའི་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྤྱིར་མཆོད། བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ། སྤྲོ་ན་ཆོས་སྲུང་སོ་སོའི་སྙིང་པོའམ་མཚན་སྔགས་ཀྱི་མཐར་གཏོར་སྔགས་བཏགས་པས་ཕུལ་ཀྱང་ལེགས། བསྟོད་ཅིང་ཕྲིན་ལས་གསོལ་བ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་རྨད་བྱུང་དཔའ་བོ་མཁའ་འགྲོ་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ། །བདེ་ཆེན་ཐབས་མཆོག་དཔའ་བོ་ལེགས་ལྡན་ནག །ཕྱག་བཞི་ཕྱག་དྲུག་ཞལ་བཞི་དབང་ཕྱུག་ཆེ། །དཔལ་མགོན་སྡེ་ལྔ་ཁྱབ་འཇུག་ཆེན་པོ་སོགས། །མགོན་པོ་ཕོ་རྒྱུད་གཙོ་ལ་ཕྱག་འཚལ་བསྟོད། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་རལ་གཅིག་མ། །རང་བྱུང་རྒྱལ་མོ་དུར་ཁྲོད་མ་མོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མ་སོགས། །སྣང་སྲིད་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཡེ་ཤེས་མ་ནིང་སྟོབས་པོ་ཆེ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །དཀར་ཕྱོགས་སྐྱོང་བ་ཀུན་ལ་ཕྱག་འཚལ་བསྟོད། །སོ་སོའི་ཐུགས་དང་མཐུན་པའི་གཏོར་མ་དང་། །མཁོ་རྒུའི་འདོད་ཡོན་རྒྱ་མཚོ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །ཞི་བའི་མཆོག་སྩོལ་རྒྱས་པའི་གཟི་མདངས་སྐྱེད། །དབང་གིས་ཟིལ་ནོན་དྲག་པོས་དགྲ་བགེགས་ཐུལ། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད། །ཞང་བྱུང་དུ་གསེར་སྐྱེམས་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་དུ་འབྲུ་བཅུད་ཀྱི་ཕུད་གཙང་མ་བླུགས། རཾ་ཡཾ་ཁཾ་གིས་བསང་སྦྱང་། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས་ལ། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང་། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །གསོལ་ལོ་མཆོད་དོ་བྱིན་རླབས་ཆར་ཆེན་ཕོབ། །འོད་གསལ་དབྱིངས་ལས་ཟུང་འཇུག་ཡེ་ཤེས་སྐུ། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསོལ་ལོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་བཟུང་བའི། །དཔའ་བོ་མཁའ་འགྲོ་རྒྱུད་གསུམ་དྲེགས་པའི་སྡེ། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །གསོལ་ལོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དཀོན་མཆོག་སྲི་ཞུ་ཡོན་ཏན་མགྲོན་རྣམས་ཀུན། །ཟག་མེད་བདེ་ཆེན་མཆོག་གིས་རབ་མཉེས་ནས། །དངོས་གྲུབ་གཡང་དུ་འཁྱིལ་བའི་བཀྲ་ཤིས་སྩོལ། །ཞེས་མཆོད་ཅིང་ཕྲིན་ལས་གསོལ། བསང་གསུར་དང་། གཏོར་བསྔོ་འདི་དག་ཁོལ་འདོན་དུ་བྱ་བའི་ཚེ་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ལྷག་པའི་ལྷར་གསལ་བའི་ང་རྒྱལ་དང་བཅས་དངོས་གཞི་ལ་འཇུག །རྗེས་སུ་ནོངས་བཤགས། གཤེགས་གསོལ། བསྔོ་སྨོན། བཀྲ་ཤིས་སོགས་ཇི་ལྟར་རིགས་པ་བྱས་པས་གྲུབ་བོ། །གསུམ་པ་ནི། མ་ད་ན་དང་བ་ལ་སོགས་ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་བྲན། རཾ་ཡཾ་ཁཾ། ཡེ་ཤེས་རིག་པའི་རང་རྩལ་མེ་རླུང་ཆུས། །ཚོགས་རྫས་དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུས། །བྷནྡྷའི་སྣོད་དུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་ལོངས་སྤྱོད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཧཱུྃ་ཧྲཱིཿ རང་བཞིན་འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་གཟུགས་ཀྱི་སྐུར་བཞེངས་པ། །རྩ་གསུམ་ཆོས་སྲུང་ནོར་ལྷ་གཏེར་བདག་ཀུན། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བ་བླ་མེད་མཆོད་པ་འབུལ། །དམ་ཚིག་ཉམས་ཆག་ཉེས་ལྟུང་མཐོལ་ཞིང་བཤགས། །གཉིས་འཛིན་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ། ཞེས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་འབུལ་ལོ། །བཞི་པ་ནི། སྐོང་རྫས་རྣམས། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། སྐོར་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། བཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ཧཱུྃ་ཧྲཱིཿ འོད་གསལ་སྟོང་ཉིད་དབྱིངས་ལས་སྒྱུ་མའི་འཕྲུལ། །སྣོད་བཅུད་རྣམ་དག་པདྨོ་བརྩེགས་པའི་གཞིར། །དགོས་འབྱུང་ནོར་བུའི་གཞལ་མེད་ཁང་ཆེན་པོ། །ཡངས་ཤིང་རྒྱ་ཆེ་བཀོད་པ་ཕུན་ཚོགས་དབུས། །རི་རབ་གླིང་བཞི་ལྷ་མིའི་འབྱོར་པའི་ཕུལ། །ཕྱི་ནང་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །བཅུ་དྲུག་རིག་མས་བདེ་བའི་གླུ་གར་བསྒྱུར། །སྨན་རཀ་མཚོར་བསྐྱིལ་གཏོར་མ་ལྷུན་པོར་སྤུངས། །སོ་སོའི་བཞེད་རྒུར་འཆར་བའི་ལོངས་སྤྱོད་མཆོག །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །མི་ཟད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བྱིན་རློབས་དབང་སྐུར་རྡོ་རྗེའི་ཡེ་ཤེས་སྐྱེད། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །རྣལ་འབྱོར་གྲོགས་མཛོད་ལས་བཞིའི་ཕྲིན་ལས་སྤེལ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང་། །ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ། །མདོར་ན་སྣང་སྲིད་དག་པ་རབ་འབྱམས་ཞིང། །སྐུ་དང་ཡེ་ཤེས་རྨད་བྱུང་རྡོ་རྗེའི་སྤྲིན། །འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོ་ཆེས། །ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་ཐུགས་དམ་བསྐང་ཞིང་ཕྲིན་ལས་གསོལ། ཆོས་སྲུང་གི་སྐོང་བ་དམིགས་བསལ་བགྱིད་པར་སྤྲོ་ན། ཧཱུྃ། རྔམ་བརྗིད་དུར་ཁྲོད་རོལ་པའི་གཞལ་ཡས་དབུས། །དགྲ་བགེགས་བསྒྲལ་པའི་དྲག་པོའི་ཉེར་སྤྱོད་དང་། །མཆོད་རྫས་རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས། །འདོད་རྒུའི་འབྱོར་པ་ཟད་མི་ཤེས་པ་འདིས། །ལེགས་ལྡན་ཕྱག་བཞི་ཕྱག་དྲུག་ཞལ་བཞི་པ། །དཔལ་མགོན་སྡེ་ལྔ་དྲག་པོ་ཁྱབ་འཇུག་སོགས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །རྡོ་རྗེ་སྲིན་པོའི་མཐུ་ཡིས་བདུད་དཔུང་ཐུལ། །ཨེ་ཀ་ཛཱ་ཊི་རང་བྱུང་དཔལ་འབར་མ། །དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །སྣང་སྲིད་མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཐུགས་རྗེ་ཆགས་པའི་ཤུགས་ཀྱིས་དགྲ་བགེགས་སྒྲོལ། །དཔལ་མགོན་མ་ནིང་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་སྣང་སྲིད་འབྱུང་པོའི་ཚོགས། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཐུགས་དམ་བསྐང་། །སངས་རྒྱས་བསྟན་སྲུངས་བསྟན་དགྲ་ཆམ་ལ་ཕོབ། །རྣམ་སྲས་ཛམ་ལ་ཡབ་ཡུམ་ཚོགས་ཀྱི་བདག །རྡོ་རྗེ་བདུད་འདུལ་གནོད་སྦྱིན་འབུམ་ཕྲག་དང་། །རིན་ཆེན་གཏེར་འཆང་རྒྱ་མཚོའི་ཐུགས་དམ་བསྐང་། །ཚེ་སྲིངས་དཔལ་སྐྱེད་འདོད་རྒུའི་འབྱོར་པ་སྤེལ། །མདོར་ན་བརྒྱུད་གསུམ་རིག་འཛིན་བླ་མ་ཡི། །སྤྱན་སྔར་ཁས་བླངས་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་དམ་དགྱེས་བསྐང་རྣལ་འབྱོར་བདག་ཅག་གི །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ལྔ་པ་ནི། ཐལ་མོ་སྦྱར་ཏེ། ཧོཿ ཡེ་ཤེས་སྤྱན་མངའ་དམིགས་མེད་ཐུགས་རྗེའི་གཏེར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གནོད་སྦྱིན་ནོར་ལྷ་གཏེར་འཆང་འཁོར་བཅས་ཀུན། །མཁྱེན་བརྩེའི་གཟིགས་པས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ལུས་ངག་ཡིད་ཀྱིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་བསྩལ་དང་རྗེས་སུ་ཡི་རང་དང་། །ངེས་འབྱུང་སོ་སོ་ཐར་པའི་སྡོམ་པ་དང་། །གཞན་ཕན་བྱང་ཆུབ་སེམས་དཔའི་བསླབ་པ་དང་། །ཐབས་ཆེན་གསང་བ་སྔགས་ཀྱི་དམ་ཚིག་ལས། །ཉམས་ཤིང་འགལ་བར་གྱུར་པ་ཅི་མཆིས་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །ཚངས་པར་མཛད་ནས་སྡིག་སྒྲིབ་ཀུན་བྱང་ཞིང་། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་རབ་དགྱེས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཚོགས་ཞིང་རྣམས་ཀྱི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བྱུང་། རང་གི་གནས་གསུམ་དུ་ཞུགས་ཤིང་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པའི་མོས་པས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླའོ། །དེ་ནས་ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་པའི་ལྷག་མ་བསྡུས་ལ་བདུད་རྩིས་བྲན། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བརླབ། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་ལྷག་སྡུད་ནི། །མཁའ་འགྲོ་གིང་དང་ལངྐ་ཕོ་ཉའི་ཚོགས། །བདེ་ཆེན་བདུད་རྩིའི་ལོངས་སྤྱོད་འདི་བཞེས་ལ། །བར་ཆད་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ཕུལ། ཕྱི་ནང་གཞན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ། །བདེ་ཆེན་ཚོགས་ཀྱི་འདུ་བས་མཉེས་བྱས་མཐུས། །བདག་གཞན་འགྲོ་ཀུན་རྩ་གསུམ་ལྷ་ཚོགས་དང་། །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ། སྲུང་མའི་གཏོར་མ་བསྐྱང་བར་སྤྲོ་ན། འབུལ་གཏོར་ལ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་ཧོཿ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར་པར་བསམས་ལ། ཧཱུྃ། བདེ་ཆེན་ཐབས་མཆོག་མགོན་པོ་ཧེ་རུ་ཀ །ཤེས་རབ་དབྱིངས་ཀྱི་ཐིག་ལེ་རལ་གཅིག་མ། །ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག །བརྒྱུད་གསུམ་དྲེགས་ཚོགས་འཁོར་བཅས་འདིར་གཤེགས་ཤིག །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ནི། །ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་གཏེར། །དགྱེས་རྒུར་འཆར་བའི་རྨད་བྱུང་མཆོད་པའི་སྤྲིན། །སྔར་མཛད་ལེགས་པའི་གཏང་རག་ཆེན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉན་པོར་བཞེས། །སངས་རྒྱས་བསྟན་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས། །དགེ་འདུན་སྡེ་སྐྱོངས་འཇིག་རྟེན་ཕན་བདེ་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་སྤོས་དང་རོལ་མོས་མཚོན་པས་གཙང་སར་ཕུལ། བཞི་པ་ལ། དངོས་གྲུབ་གསོལ་ཞིང་ནོངས་པ་བཤགས། །ཉེར་བསྡུ་བསྔོ་སྨོན་ཤིས་པ་བརྗོད། །ཅེས་ལྔ་ལས། དང་པོ་ནི། ཧོཿ རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་གདུང་འཚོབ་བརྒྱུད་འཛིན་ཕྱིར། །རྩེ་གཅིག་གུས་པས་བསྙེན་ཅིང་བསྒྲུབ་ལགས་ན། །ཐུན་མོང་མཆོག་གི་དངོས་གྲུབ་དེང་འདིར་སྩོལ། །སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ། ཞེས་རྒྱུན་གྱི་དངོས་གྲུབ་གསོལ། གཉིས་པ་ནི། ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད། །ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན། །སྙིང་ནས་བཤགས་སོ་བྱང་ཞིང་དག་པ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་སརྦ་པཱུ་ཛ་ཧོ། ཞེས་དང་། ཡི་གེ་བརྒྱ་པ་མང་དུ་བརྗོད། །གསུམ་པ་ནི། ཚོགས་ཞིང་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། འགག་མེད་སྣང་ཆར་ཤར་བའི་བསྐྱེད་པའི་རིམ། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་རོལ་པ་ལས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་ཤར། །ཞེས་བརྗོད་ཅིང་བསམ། བཞི་པ་ནི། དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །རྣམ་གྲོལ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ལྔ་པ་ནི། བྱིན་རླབས་ཆར་འབེབས་དངོས་གྲུབ་རྒྱ་མཚོའི་གཏེར། །ཕྲིན་ལས་ཐོགས་མེད་རྩ་གསུམ་ལྷ་ཚོགས་ཀྱིས། །འགྲོ་ཀུན་སྲིད་ཞིའི་རྒུད་པ་ཞི་བ་དང་། །ཕན་བདེའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར། །རྩ་གསུམ་གཅིག་དྲིལ་སྒྲུབ་པའི་ཐབས། །སྙིང་གི་ནོར་བུའི་གཟི་འབར་བས། །གྲུབ་གཉིས་དགེ་མཚན་སྣང་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་མང་པོར་སྨན་པའི་བསམ་པས། རྩ་གསུམ་ཀུན་འདུས་མཚོ་སྐྱེས་བླ་མའི་བྱིན་རླབས་ཀྱི་བདུད་རྩིས་རེག་པ་རིག་པ་འཛིན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བློ་གྲོས་ཀྱི་ཆུ་གཏེར་ལས་ཕྱུངས་ཏེ་བྲིས་པ་དགེ །ཟབ་གཏེར་ཐོག་མ་སངས་རྒྱས་བླ་མའི་ཆོས། །པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེར། །བཀའ་བབས་རྩ་གསུམ་ཤོག་དྲིལ་ཉེར་གཅིག་པའི། །ཕྲིན་ལས་སྙིང་གི་ནོར་བུར་དྲིལ་བ་འདི། །གཏེར་ཆེན་མཆོག་གྱུར་གླིང་པས་གཞན་ཕན་ཕྱིར། །སྤར་དུ་བཞེངས་པའི་རྣམ་དཀར་སྐྱ་རེངས་ཀྱིས། །རིན་ཆེན་གཏེར་མཛོད་བསྟན་པའི་ཉིན་བྱེད་དྲངས། །བཤད་སྒྲུབ་ཕྲིན་ལས་མཁའ་ཁྱབ་རྟག་པར་ཤོག །ཅེས་པའང་རིག་འཛིན་ཆེ་མཆོག་རྣམ་གཉིས་ཀྱིས་རྗེས་སུ་བཟུང་བའི་སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཞུས་ཤིང་དག་ནས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེར། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་དགེ། །།

འཁོན་ལུགས་རྙིང་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདུད་འཇོམས་སྤུ་གྲི (Volume 37, Text 18)

༄༅། །འཁོན་ལུགས་རྙིང་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདུད་འཇོམས་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བླ་མ་དཔལ་ཆེན་ཧེ་རུ་ཀར། །ཡང་ཡང་གུས་པས་རབ་བཏུད་ནས། །གུར་མགོན་སྲོག་གི་སྤུ་གྲི་ཡི། །སྒྲུབ་ཐབས་བྱིན་རླབས་མདོ་ཙམ་བཤད། །འདི་ལ་གསུམ། སྦྱོར་བ་གཤོམ། དངོས་གཞི་སྒྲུབ་ཐབས། བྱིན་རླབས་དབང་བསྐུར་རོ། །དང་པོ་ནི། གཏོར་ཆོག་ཙམ་ལ་ཕྱི་ནང་མཆོད་པས་འཐུས་ཀྱང་། བསྙེན་སྒྲུབ་བམ་དབང་དང་འབྲེལ་ན། སྟེགས་བུར་མཎྜལ་གྲུ་བཞི་ཕྱི་རྡོར་རྭ་མེ་རིས་བསྐོར་བ་ནང་དུ་ཟླུམ་སྐོར་གྱི་དབུས་སུ་གྲུ་གསུམ་མཐིང་ནག་འབར་བ། ཁྱམས་ཟླ་གམ་ལ་དུར་ཁྲོད་དང་གྲུ་ཆད་བཞི་ཕྱོགས་མདོག་བྱས་པའི་དབུས་སུ་ཕུར་པ་དར་ནག་གི་ཅོད་པན་ཅན་ཕུར་གདན་དང་བཅས་པ་བཀོད། ཕྱོགས་བཞིར་བྷནྡྷ་དམ་རྫས་ཀྱིས་གང་བ་དང་། གྲི་གུག །དཔལ་གཏོར་ཟུར་གསུམ་པ་དང་། རཀྴའམ་ཐོད་པའི་ཕྲེང་བ་རྣམས་བཀོད། རྒྱབ་ཏུ་འབུལ་གཏོར། མདུན་དུ་སྨན་དང་རཀྟ་བཤམ། གཞན་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་རྣམས་ཅི་བདེར་བཀོད་ལ། ཁྲུས་བུམ། སྔོན་གཏོར་གྱིས་མཚོན་པའི་མཁོ་བའི་ཡོ་བྱད་རྣམས་ཀྱང་འདུ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། ཐོག་མར་བདག་བསྐྱེད་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་གང་རུང་གཅིག་སྔོན་དུ་གཏང་བར་གསུངས་པས། ཡང་དག་ཕྱག་རྒྱ་གཅིག་པའི་སྒོམ་བཟླས་བྱས་ན་འབྲེལ་ལ། བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་བྱས་ཀྱང་ཆོག །གང་ལྟར་སྐྱབས་སེམས་ཚོགས་གསག་ནས་སྒོམ་བཟླས་བསྡུ་ལྡང་གི་བར་དུ་བྱས་ལ། སྔོན་འགྲོ་དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་། རཏྣ་པཉྩ་ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་ལྔ་ལྡན་བདུད་རྩིའི་གཏེར་དུ་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །སྔགས་དེའི་གཤམ་དུ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་དུ་སོང་། །ཞེས་བསྒོས་ལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪས་གཤེགས། མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་རྒྱན་བཀོད་ཚད་མེད་པ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་ཕྱི་ནང་མཆོད་པའི་དམ་རྫས་མཁའ་དབྱིངས་ཀུན་ཏུ་རྒྱས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། གཏོར་མ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི། སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བཱ་ལ་བ་ཏེ་གུ་ཧྱེ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་ལན་གསུམ་དང་། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཁཾ་ལས་བྱུང་བའི་སྨན་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། རཾ་ལས་བྱུང་བའི་རཀྟ་དགྲ་བགེགས་ཀྱི་ཤ་ཁྲག་གི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཞེས་ལན་གསུམ་གསུམ་གྱིས་སྨན་རཀ་བྱིན་བརླབ་བོ། །མདུན་བསྐྱེད་གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་རྭ་གུར་མེ་དཔུང་འབར་བའི་དབུས་སུ་སུཾ་ལས་རིན་པོ་ཆེའི་བྲག་རིའི་སྟེང་དུ། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ། པཾ་པདྨ་མཎྜ་ལ་ཧཱུྃ་ལས་པདྨ། ཨ་ཙནྡྲ་མཎྜ་ལ་ཧཱུྃ་ལས་ཟླ་བ། མ་སཱུརྻ་མཎྜ་ལ་ཧཱུྃ་ལས་ཉི་མ། ནྲྀ་ལྗང་ཁུ་ལས་དགྲ་བོའི་བམ་ཆེན་རྣམས་བརྩེགས་པའི་གདན་དུ་གྱུར། དེའི་སྟེང་དུ་ཧཱུྃ་མཐིང་ནག་གི་འོད་ཀྱི་འཕྲོ་འདུ་ལས། ནག་པོ་ཆེན་པོའི་སྐུར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། རྡོ་རྗེ་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་ཤིང་། རྡོ་རྗེའི་གཤོག་པ་འབར་བ་རྡེབ་པ། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ། སྦྲུལ་དང་རུས་པ་དང་རིན་པོ་ཆེའི་རྒྱན་ཅན། སྟག་ལྤགས་རློན་པའི་ཤམ་ཐབས། མི་ལྤགས་དང་གླང་ཆེན་ལྤགས་པའི་སྟོད་གཡོགས་གསོལ་བ། ཞབས་ཕུར་བུ་འབར་བའི་རྣམ་པ་ཅན་དགྲ་བོའི་སྙིང་གར་གཟིར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་དང་མདུན་བསྐྱེད་ཀྱི་བར་དུ་ཉི་མའི་གདན་ལ་གཤིན་རྗེ་གཤེད་དུ་གྱུར་པ་ནི། སྐུ་མདོག་མཐིང་ནག་བེ་ཅོན་དང་ཞགས་པ་འཛིན་པའོ། །དེ་ཉིད་ཀྱི་ཕྱག་མཚན་ལྕགས་ཀྱུར་གྱུར་ཏེ། ཡེ་ཤེས་པ་བཀུག་པར་མོས་ལ། ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ས་མཱ་ཛ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་ཐིམ་ནས་གཉིས་མེད་དུ་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་བྷྱཿ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ལྕགས་ཀྱུ་འོད་དུ་ཞུ་བ་ལས་བུམ་པར་གྱུར་ཏེ་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཤིན་རྗེ་གཤེད་ཉིད་དབུ་རྒྱན་དུ་བཞུགས་པར་གྱུར། ཕྱི་ནང་གི་མཆོད་པ་རྣམས་རིམ་པར་ཕུལ་བར་མོས་ལ། རྡོ་རྗེ་ཁྲོ་རྒྱལ་ནག་པོའི་སྐུ །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའི་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བརྗོད། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་མཆོད་པ་རྒྱ་མཚོར་བསྐྱིལ། །འཁོར་བའི་དྲྭ་བ་གཅོད་པའི་ཕྱིར། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་རུ་དྷི་ར་ཁཱ་ཧི། མ་ཧཱ་མཱཾ་ས་ལ་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཏུ་བརྒྱན། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་ཨི་དཾ་པུཥྤཾ་དྷཱུ་པཾ་གནྡྷཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ། གྲྀཧྞ་ཁཱ་ཧི། བཛྲ་མ་ཧཱ་ཀཱ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་རྣམས་བརྗོད། ནང་མཆོད་རྡོ་རྗེས་དཀྲུགས་ཤིང་གཏོར་མ་ལ་བྲན། ཐུངས་ཤིག་ཐུངས་ཤིག་རྡོ་རྗེའི་ཆུ། །རྡོ་རྗེའི་ཆུ་འདི་འཐུངས་ནས་ནི། །དམ་ཚིག་བསྲུང་ན་དངོས་གྲུབ་འཐོབ། །དམ་ལས་འདས་ན་བརླག་པར་འགྱུར། །ཨོཾ་སརྦ་ཨུ་ད་ཀ་ཋ། ཞེས་བརྗོད། རྡོ་རྗེ་སྙིང་གར་གཏད་ལ། ཧཱུྃ། ཟུངས་ཤིག་ཟུངས་ཤིག་རྡོ་རྗེ་ཆེ། ཁྱོད་ཀྱིས་རྟག་ཏུ་འདི་ཟུངས་ཤིག །གལ་ཏེ་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ཉིད་ཉམས་པར་འགྱུར། །ཞེས་བརྗོད་ཅིང་དམ་ལ་བཞག་གོ །དེ་ནས་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལ། བདག་བསྐྱེད་ཐུགས་ཀའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པར་བསྒྲུབས་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བསྙེན་སྔགས་གཙོ་བོར་བཟླ། དེ་བ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ མ་ཧཱ་ཀཱ་ལ་ཏྲི་ཡཾ་དགྲ་བོ་མཱ་ར་ཡ། མ་ཧཱ་ཀཱ་ལ་ཏྲི་ཡཾ་ཐུམས་རིལ་རྦད་ཀཱི་ལ་ཡ་ཤ་རྦད། དགྲ་བོ་ནྲྀ་མཱ་ར་ཡ་ཧཱུྃ་ཕཊ། ས་མ་ཡ་ཧཱུྃ་ཕཊ། སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་བཏགས་པའང་ཅུང་ཟད་བཟླའོ། །ཐུན་མཐར། ཨེ་སྥ་ར་ཎ་ཕཊ། འབྲུབ་ཁུང་དུ་གྱུར། དེར་ནྲྀ་དང་ཏྲི་ལས་བྱུང་བའི་དགྲ་བགེགས་ཤིན་ཏུ་རིད་པའི་རྣམ་པ་ཅན་དུ་གྱུར། མ་ཧཱ་ཀཱ་ལའི་སྤྲུལ་པའི་དམག་ཚོགས་མདུན་དུ་བསམ་ལ། གཏོར་མ་ཁ་གསོས་ལ་གོང་བཞིན་ཕུལ། ཧཱུྃ། ཁྲོས་པའི་གཟུགས་ལྡན་གདུག་པ་གང་། །ཇི་ལྟར་རྒྱལ་བས་མི་འདུལ་བ། །སྨོན་ལམ་སེམས་ཀྱི་གཟུགས་ཅན་དེ། །བདག་འདོད་ཇི་བཞིན་འདིར་ཁུག་ཅིག །ཅེས་གཟུགས་བརྙན་ལ་ཕབ། ཨོཾ་མ་ཧཱ་ཀཱ་ལ་དགྲ་བགེགས་གདུག་པ་ཅན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བསྐུལ། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པས་བསྟོད། ཧཱུྃ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཐུགས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གང་ཞིག་དཀོན་མཆོག་གསུམ་པོ་དང་། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་ལ་གནོད་བྱེད་དགྲ་དང་བགེགས། །ཐམས་ཅད་ཁྱོད་ཀྱིས་གཞོམ་པ་དང་། །བསྟན་པ་བསྲུང་བར་མཛད་དུ་གསོལ། །ཞེས་པས་ཀྱང་བསྐུལ་ལ། འབར་བ་མེ་ཡི་ཁྲོན་པ་རུ། །རབ་ཏུ་བཅིངས་ནས་མགོན་བྲལ་བའི། །གཟས་པོའི་སྤྱི་བོར་ཕུར་བུ་ཆེ། །ནག་པོ་ཆེན་པོ་ཕྱག་གཉིས་པ། །གནམ་ལྕགས་འབར་བ་ཟུར་གསུམ་དབལ། །རབ་ཏུ་བསྣུན་ནོ་མནལ་བའི་སེམས། །རྣམ་པར་མ་རིག་བྲལ་གྱུར་ནས། །དཔལ་གྱིས་རྗེས་སུ་འཛིན་པར་ཤོག །གོང་གི་སྔགས་ཤམ་བུ་ཅན་དེ་ཉིད་དང་། ཨོཾ་སརྦ་བིགྷྣཱན་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་དྲག་ཏུ་བཟླ། ཨརྒྷཾ་སོགས་དང་། འབྲུ་གསུམ་གྱིས་མཆོད། བསྟོད་པ་སྔར་བཞིན་བྱ། གཏོར་ཆོག་ཙམ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། དབང་གི་སྐབས། བདག་དང་སློབ་མར་བཅས་པ་ལ། བར་ཆད་ཞི་བ་དང་། དངོས་གྲུབ་སྩོལ་བ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་བཏབ། གཏོར་ཆོག་རྐྱང་པའི་སྐབས་འོག་ནས་བཤད་པའི་རྗེས་ཆོག་རྣམས་བྱའོ། །གསུམ་པ་བྱིན་རླབས་དབང་བསྐུར་ནི། སློབ་དཔོན་གྱིས་ཀྱང་འོག་གི་དབང་རྣམས་བླང་། སློབ་མ་ལ་ཁྲུས། བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། མཚམས་སྦྱོར་ཁྱད་པར། དེའང་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་འདི། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །ཕྱག་གཉིས་པ་དང་ཞལ་གཅིག་ལྡན། ཁ་དོག་གནག་ཅིང་ཆེར་འབར་བ། །གྲི་གུག་ཐོད་པ་འཛིན་པ་པོ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་ཆེན་པོས་འཇིགས་པར་བྱེད། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད། །ཅེས་དང་སྙིང་པོ་བཅས་གསལ་བར་བསྟན་པ་དང་། རྡོ་རྗེ་གདན་བཞིའི་རྒྱུད་རྒྱས་པ་ལས་ཀྱང་བསྟན་ཅིང་། བྲམ་ཟེ་མཆོག་སྲེད་ལ་སོགས་པའི་གྲུབ་ཐོབ་རྣམས་ལས་ལོ་ཆེན་རིན་ཆེན་བཟང་པོའི་བར་དུ་བརྒྱུད་དེ། གསར་མའི་ཕྱོགས་སུ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབ་པའི་རྩ་བའི་མགོན་པོ་ལྕམ་དྲལ། མགོན་པོ་ཡབ་རྐྱང་། ལྷ་བཅུ་གཉིས་མ། ལྷ་བརྒྱད་རྣམས་དང་། འཕགས་པ་ཀླུ་སྒྲུབ་ནས་སློབ་དཔོན་ཀླུའི་བྱང་ཆུབ་ལ་བརྒྱུད་པའི་གུར་ཡུམ་ཅན། ནཱ་རོ་མཻ་ཏྲིའི་མན་ངག་མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པ་རྔོག་ལུགས་རྒྱུད་མགོན་རྣམས་དང་། གཞན་ཡང་གྲི་གུག་ལྷ་དགུ་མ་སོགས་གྲི་གུག་གི་རིགས་རྣམས་ཀྱང་འདི་ཉིད་ཀྱི་རྣམ་འགྱུར་ཡིན་ལ། བེར་ནག་ཟངས་གྲི་ཅན་སོགས་འདི་ཉིད་ཀྱི་ལས་མགོན་ཡིན་པས་རྒྱ་ཆེ་བར་བཞུགས་པ་ལས། འདིར་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨཱ་ཀ་རས་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་དང་། དེས་འཁོན་རྡོ་རྗེ་རིན་ཆེན་ལ་བསྩལ་པ་ནས་བཟུང་། འཁོན་སྟོན་རིག་པ་འཛིན་པའི་གདུང་རབས་བར་མ་ཆད་པ་ལས་བྱོན་པའི་སྔ་འགྱུར་རྙིང་མ་བཀའ་མའི་ལུགས་གུར་མགོན་སྲོག་གི་སྤུ་གྲིའམ་ཕུར་ཞབས་ཅན་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དཔལ་ཧེ་རུ་ཀར་གསལ་བ་དང་མདུན་བསྐྱེད་དཔལ་ལྡན་ནག་པོ་ཆེན་པོ་ལ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ། རྒྱུན་བཤགས་ཚུལ་བཞིན་བྱ་བའི་བློས་ཚིག་རྗེས་སུ་དོན་དྲན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་དུ་སྒོ་གསུམ་སྒྲིམས་ལ་ཁྱེད་རང་རྣམས་མགོན་པོ་དམ་ཚིག་པར་གསལ་བ་ལ་ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར་རྒྱས་གདབ་སྟེ་བསྐྱེད་རིམ་ཡན་ལག་བཞི་རྫོགས་ཀྱིས་བསྒྲུབ་དགོས་པ་ཡིན་པས་བསྒོམ་དོན་འདི་རྣམས་རིམ་པར་གསལ་ཐོབས་ཤིག །བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་རྭ་གུར་སོགས་གོང་བཞིན་ལ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་གི་འོད་ཀྱི་འཕྲོ་འདུ་ལས། སྐད་ཅིག་གིས་ཁྱེད་རང་རྣམས་ནག་པོ་ཆེན་པོའི་སྐུར་གྱུར་སོགས་སྔར་ལྟར་གྱིས་སློབ་མ་རྣམས་མགོན་པོར་བསྐྱེད། ཡེ་ཤེས་པ་བཀུག་པའི་སྐབས་སུ་གུ་གུལ་སོགས་སྤོས་དུད་དང་རོལ་མོའི་སྒྲ་དྲག་ཏུ་བྱས་ལ་གཉིས་མེད་དུ་བསྟིམ་ཞིང་མཆོད། དབང་བསྐུར་རྒྱས་གདབ། དབུ་རྒྱན་དུ་བཞུགས་པར་གྱུར་བར་བཏང་ལ། དབུས་ཀྱི་ཕུར་བུ་དཔལ་ནག་པོ་ཆེན་པོའི་ཡེ་ཤེས་ཕྱག་རྒྱའི་ངོ་བོས་བྱིན་གྱིས་བརླབས་པས། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བྱང་། ལུས་གཟི་བརྗིད་དང་ལྡན་པར་གྱུར་པར་མོས་ཤིག །ཕུར་བུ་སྤྱི་བོར་གཏུགས་ཤིང་ལག་ཏུ་གཏད་ལ། དཔལ་ཆེན་ཁྲག་འཐུང་ནག་པོ་ཆེ། །ཕུར་བུའི་གཟུགས་ཀྱིས་དགྲ་བོ་དང་། །བགེགས་སྲོག་དབང་དུ་སྡུད་འདི་ལོངས། །ལྷ་སྐུ་སྒོམ་པའི་དབང་ཐོབ་ཤོག །སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་མགོན་པོའི་སྐུའི་དབང་ཐོབ། ལྷ་བསྒོམ་པ་ལ་དབང་བ་ཡིན་པས་བསྐྱེད་པའི་རིམ་པ་ལ་བརྩོན་པར་གྱིས་ཤིག །དྲག་པོའི་ཕྲེང་བ་དཔལ་ནག་པོ་ཆེན་པོའི་གསུང་སྔགས་ཀྱི་ངོ་བོས་བྱིན་གྱིས་བརླབས་པས། ངག་གི་སྡིག་སྒྲིབ་ནད་གདོན་བྱང་། ངག་ནུས་མཐུ་དང་ལྡན་པར་གྱུར་པར་མོས་ཤིག །ཕྲེང་བ་མགྲིན་པར་གཏུགས་ཤིང་སྦྱིན་ལ། སྒྲུབ་པའི་ཡེ་ཤེས་མཚོན་གང་བ། །གསང་བའི་སྔགས་ཀྱིས་རབ་བསྐྱེད་ལ། །དུས་དང་རྒྱུན་དུ་བཟླ་བྱ་བའི། །འཛབ་བསྙེན་ཕྲེང་བའི་དབང་བསྐུར་རོ། །སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་མགོན་པོའི་གསུང་གི་དབང་ཐོབ། སྔགས་བཟླ་བ་ལ་དབང་བ་ཡིན་པས་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་དུ་གྱིས་ཤིག །གནམ་ལྕགས་འབར་བའི་གྲི་གུག་དཔལ་ནག་པོ་ཆེན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོས་བྱིན་གྱིས་བརླབས་པས། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བྱང་། སེམས་རྟོགས་པའི་ཡེ་ཤེས་དང་ལྡན་པར་གྱུར་པར་མོས་ཤིག །གྲི་གུག་སྙིང་གར་གཏུགས་ཤིང་སྦྱིན་ལ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བསྒྲལ་ཕྱིར་གྲི་གུག་དབང་སྦྱིན་པས། །བར་ཆད་བྱེད་པའི་ལྷ་དང་བདུད། །སྒྲོལ་ཞིང་ཉོན་མོངས་གཅོད་པར་ཤོག །སྙིང་པོའི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་མགོན་པོའི་ཐུགས་ཀྱི་དབང་ཐོབ། ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་པས་ཆོས་ཉིད་འོད་གསལ་གྱི་རྣལ་འབྱོར་དང་མ་བྲལ་བར་གྱིས་ཤིག །ཐོད་ཞལ་བདུད་རྩིས་བཀང་བ་དཔལ་ནག་པོ་ཆེན་པོའི་ཡོན་ཏན་འདོད་འབྱུང་གི་ངོ་བོས་བྱིན་གྱིས་བརླབས་པས། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་སྒྲིབ་ནད་གདོན་བྱང་། ཡོན་ཏན་རྩོལ་མེད་དུ་རྫོགས་པར་གྱུར་པར་མོས་ཤིག །བནྡྷ་ལྟེ་བར་བཞག་ཅིང་གཏད་ལ། ཐོད་པ་བྱང་ཆུབ་སེམས་ཀྱི་རྟགས། །སྨན་མཆོག་ཡེ་ཤེས་ལྔ་ཡིས་གང་། །ཡོན་ཏན་རྫོགས་པའི་དབང་བསྐུར་བས། །རིགས་ལྔའི་སངས་རྒྱས་ཐོབ་པར་ཤོག །སྙིང་པོའི་མཐར། གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ། དེས་མགོན་པོའི་ཡོན་ཏན་གྱི་དབང་ཐོབ། དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་པས་ཐུན་མོང་དང་མཆོག་གི་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག །དཔལ་གྱི་གཏོར་ཆེན་དཔལ་ནག་པོ་ཆེན་པོའི་ཕྲིན་ལས་དྲག་པོའི་ངོ་བོས་བྱིན་གྱིས་བརླབས་པས། ཤེས་བྱ་དང་སྙོམས་འཇུག་ལ་བརྟེན་པའི་སྡིག་སྒྲིབ་ནད་གདོན་བྱང་། ཕྲིན་ལས་ཐོགས་མེད་ཀྱི་རྩལ་དང་ལྡན་པར་གྱུར་པའི་མོས་པ་མཛོད། གཏོར་མ་གསང་གནས་དང་ལག་པར་གཏད་ལ། གཏོར་མའི་དབང་བསྐུར་འདི་སྦྱིན་པས། །དགྲ་བགེགས་བསད་ཅིང་བསྐྲད་པ་དང། །རྨོངས་ཤིང་རེངས་པའི་ཕྲིན་ལས་དང་། །དངོས་གྲུབ་འབྱུང་བའི་དབང་ཐོབ་ཤོག །སྙིང་པོའི་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱ། དེས་མགོན་པོའི་ཕྲིན་ལས་ཀྱི་དབང་ཐོབ། ལས་བཞི་སྤྱི་དང་ཁྱད་པར་མངོན་སྤྱོད་ཀྱི་ལས་སྒྲུབ་པ་ལ་དབང་བ་ཡིན་པས་བསྟན་པ་བསྲུང་བའི་ཕྲིན་ལས་ལ་བརྩོན་པར་གྱིས་ཤིག །སྤྲོ་ན་བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཏེ་གཏོར་མའི་བཀའ་བསྒོ་སྤྱི་ལྟར་བྱས་ཀྱང་རུང་ལ་འདིར་དམིགས་བསལ་མ་གསུངས་པས་མ་བྱས་ཀྱང་ཆོག །ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་སོགས་སློབ་མའི་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ། སླར་ཡང་གཏོར་མ་འབུལ་བ་དང་། མཆོད་བསྟོད་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྟེན་ལ་བརྟན་བཞུགས། སྨོན་ལམ་བཀྲ་ཤིས་སོགས་ཚང་བར་བྱའོ། །པདྨའི་ཞལ་ལུང་འཁོན་རབས་ཀྱི། །རིག་འཛིན་ཀུན་གྱིས་དགའ་བས་བླངས། །དེང་སང་མིང་ཡང་ནུབ་ཏུ་ཉེ། །ཕན་སེམས་ཁོ་ནས་སྙིང་པོར་དྲིལ། །གུར་མགོན་ཕུར་ཞལ་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །ཞེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་རབས་ལས་ཁོལ་དུ་ཕྱུང་སྟེ་ཁ་འཕངས་དཀྱུས་སུ་བཀོད་ཅིང་མཚམས་སྦྱོར་སོགས་གསལ་ཀ་བྱེད་པ་པོ་ནི། པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཀྱི་རྒྱལ་པོར་སྤེལ་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བརྒྱུད་པའི་གསོལ་འདེབས་ (Volume 23, Text 18)

ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བརྒྱུད་པའི་གསོལ་འདེབས་བཞུགས༔ ཨེ་མ་ཧོ༔ རྣམ་དག་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ རིག་སྟོང་དབྱེར་མེད་འོད་དཔག་མེད་མགོན་གྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ འཁོར་འདས་རང་གྲོལ་རྟོགས་པར་གསོལ་བ་འདེབས༔ རིག་རྩལ་འགག་མེད་འོད་ལྔའི་དཀྱིལ་འཁོར་ནས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རལ་གཟིགས་དབང་གིས༔་་་འདིའི་མ་ཕྱིར་སྤྱན་རས་གཟིགས་ཐམས་ཅད་ལ་སྤྱན་རལ་གཟིགས་ཞེས་བྲིས་སྣང་། དེའང་གཏེར་གཞུང་རང་གི་ངེས་ཚིག་བཤད་པ་དང་བསྟུན་ན་རྫོགས་ཆེན་གྱི་གཞུང་རྣམས་ལས་ལྷུན་གྲུབ་ཕྱི་རྒྱ་རལ་ཅེས་གསུངས་པ་དང་གོ་བ་གནད་གཅིག །དོན་དུ་ཐུགས་རྗེ་ཡུལ་ལ་འཇུག་པའི་སྤྱན་དབྱེ་བ་ལ་དགོངས་པ་ཡིན་འདྲ་བས་འགལ་བ་མེད་དོ། །མཆན། སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ རང་སྣང་བརྟན་པ་ཐོབ་པར་གསོལ་བ་འདེབས༔ སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ འགྲོ་བ་འདྲེན་མཛད་བྲམ་ཟེ་རྣམ་གསུམ་གྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཁམས་གསུམ་འཁོར་བ་སྟོངས་པར་གསོལ་བ་འདེབས༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་ནས༔ སངས་རྒྱས་ཀུན་འདུས་ཨོ་རྒྱན་པདྨ་ཡིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བདག་གཞན་དོན་གཉིས་འགྲུབ་པར་གསོལ་བ་འདེབས༔ ཀློང་ཡངས་རྣམ་དག་རིག་པའི་ཞིང་ཁམས་ནས༔ འབྲེལ་ཚད་དོན་ལྡན་ལས་འཕྲོ་གླིང་པ་ཡིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ རིག་པའི་རྩལ་དབང་ཐོབ་བར་གསོལ་བ་འདེབས༔ རྩ་ཁམས་རྣམ་དག་ཐིག་ལེའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་རང་བཞིན་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བསྐྱེད་རྫོགས་མཐའ་རུ་ཕྱིན་པར་གསོལ་བ་འདེབས༔ བལ་ཡུལ་གླང་བྲག་གསང་བའི་གཏེར་གནས་ནས༔ གསང་བའི་ཟབ་ཆོས་དོན་གསལ་སྒྲོན་མེ་ཡིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ མདོ་སྔགས་བསྟན་པ་རྒྱས་པར་གསོལ་བ་འདེབས༔ བཀའ་དང་དམ་ལ་གནས་པའི་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མ་གཏེར་བདག་དམ་ཅན་གྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་གསོལ་བ་འདེབས༔ བར་ཆད་གདོན་བགེགས་འཇོམས་པར་གསོལ་བ་འདེབས༔ བསམ་པ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ྈྈྈྈ

གནམ་ཆོས་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་ (Volume 48, Text 18)

གནམ་ཆོས་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་ཡོད། ས་སྙིང་བསང་མཆོད་བཞུགས་སོ། །སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །འདིར་ས་བདག་བསང་མཆོད་འདོད་ན་བཟང་ཤིང་ཚོགས་ཚད་དུད་པའི་བསང་དང་གསེར་སྐྱེམས་དར་ཟབ། དཀར་གསུམ་མངར་གསུམ། བཟང་དྲུག་དང་། ཞོ་ཕུད། ཆང་ཕུད། ཇ་ཕུད་འབྲུ་སྣ་ཕྱེ་མར་ལ་སོགས་མཆོད་ཚོགས་འདུ་བྱས་ནས། རང་ཉིད་གུ་རུར་གསལ་བ་དེ་ཡི་ངང་ནས་འདི་སྐད་དོ། །ཀྱཻ། སྲིད་པ་ཆགས་ནས་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་དབང་ཆེན་ལྟོ་འཕྱེ་དང་། །ས་ལ་དབང་བའི་ལྷ་རྣམས་དང་། ཁྱད་པར་ཡུལ་འདིའི་ས་བདག་དང་། །ས་བདག་རི་བདག་ཆུ་ཡི་བདག །ཤིང་བདག་བྲག་བདག་ལམ་གྱི་བདག །ཉིན་སྲིབ་ཕུ་མདའ་གཡས་དང་གཡོན། །ཕར་རི་ཚུར་རི་ལ་གནས་དང་། ཁྱད་པར་ས་སྐོར་ས་མིག་འདིར། །གནས་པའི་ས་བདག་ཀླུ་གཉན་དང་། །གཉུག་མར་གནས་པ་ཐམས་ཅད་བསང་། །ཡུལ་ལྷ་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །རང་རང་མོས་པའི་གདན་ལ་བཞུགས། །ས་བདག་ལྷ་ཀླུ་གཉན་དགའ་བ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་མཆོད་པ་དང་། །བཟང་དྲུག་རྩི་སྨན་མཐུན་པའི་རྫས། །གསེར་སྐྱེམས་དར་ཟབ་སྣ་ཚོགས་དང་། །ཇ་ཕུད་ཆང་ཕུད་འོ་ཕུད་དང་། །ཕྱེ་མར་བཟང་ཤིང་དུད་པ་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །མཆོད་པའི་ཡོ་བྱད་སྣ་ཚོགས་ཀུན། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པའི། །འདི་འདྲའི་བསང་མཆོད་ངོ་མཚར་ཅན། །ལྷ་ཀླུ་ས་བདག་ཐམས་ཅད་ལ། །འབུལ་ལོ་མཆོད་དོ་བསང་ངོ་བརྔན། ཁྱེད་རྣམས་མཉེས་ཤིང་ཚིམས་གྱུར་ཅིག །སྔགས་འཆང་བདག་གི་ཚིག་ལ་གསོན། ཁྱེད་ཀྱི་ཕོ་བྲང་གནས་མལ་དུ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མ་ཤེས་པ་ཡི་དབང་གིས་ལས། །ས་གཉན་བརྐོས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་བསྡུམ། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །རྡོ་གཉན་རློགས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་བསྡུམ། །ཕྱེ་མར་དཀར་གསུམ་དུད་པས་བསང་། །རི་རབ་རྩེ་ནས་ཀུ་བཏབ་དང་། །རྫིང་ཆུ་ཡུར་བར་དྲངས་པ་དང་། །ཆུ་མིག་གཉན་པོ་བསུབས་པ་དང་། །རི་ལ་མེ་ཆེན་ཤོར་བ་དང་། །གཉན་ཤ་བསད་དང་རི་དྭགས་བསད། །ཕོ་བྲང་གནས་ཁང་བཤིག་པ་དང་། །གཉན་སར་ཤ་ཁྲག་འཐོར་བ་དང་། །དཀར་དམར་ཐབ་དང་ཆུ་ཐབ་ཤོར། །ཕོ་བྲང་མིག་དུ་ཉལ་བ་དང་། །གཉན་སར་གཅེར་བུར་བུད་པ་དང་། །ཡེངས་མ་ལམ་ལ་ཕཊ་སྒྲ་དང་། །ནུབ་མོ་མེ་འོད་ལྡང་བ་དང་། །གཉན་སར་རླན་ཆེན་ཕོས་པ་དང་། །ས་ཡི་མིག་ཏུ་མེ་བུས་དང་། །ས་གཉན་ཕེད་དང་ཁང་ལས་བྱས། །རྦབ་རྒོད་གཉན་པོ་བསྒྲིལ་པ་དང་། །ཡུལ་ལྷ་གཉན་ལ་ཕོག་པ་དང་། །ས་གཉན་རི་གཉན་ཐམས་ཅད་ལ། །འཇོར་གྱིས་བརྐོས་དང་ཐང་བཙུགས་པ། །བརྒྱལ་དང་འབོག་དང་སློང་བ་དང་། །སྨས་དང་ལྷས་ས་ཕོག་པ་དང་། །འགྲམས་འཁྲུགས་འགལ་བ་བྱུང་གྱུར་ན། །རྩི་སྨན་སྣ་ཚོགས་ཚང་བས་བསང་། །དར་ཟབ་སྨན་སྣ་ཚང་བས་བསང་། །ཇ་ཆང་འོ་ཕུད་ཚང་བས་བསང་། །བཟང་ཤིང་སྣ་ཚོགས་ཚང་བས་བསང་། །རྣལ་འབྱོར་དག་པའི་སེམས་ཀྱིས་བསང་། །ཡེ་ཤེས་ལྷ་ཡི་ཐུགས་རྗེས་བསང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །འགྲམས་པ་ཡོད་ན་ཞི་གྱུར་ཅིག །ཕོག་ཐུག་འགྲམས་འཁྲུགས་ཞི་གྱུར་ཅིག །ཁྲོས་པ་ཡོད་ན་ཞི་གྱུར་ཅིག །འཁོན་འགྲས་ཐམས་ཅད་ཞི་གྱུར་ཅིག །ཀོ་ལོང་ཆེ་བའི་ས་བདག་ཀླུ། །འདིར་གནས་ས་བདག་ཀླུ་བཙན་ལ། །ལུས་ཀྱིས་གུས་བཏུད་ངག་གིས་གསོལ། །ཡིད་ཀྱིས་གཡོ་སྒྱུ་མེད་པར་བཤགས། །ཟས་ཕུད་རིན་ཆེན་མཆོད་རྫས་འབུལ། །ས་རྡོ་ཤིང་ལ་རིན་ཚབ་འབུལ། །གོ་བའི་གཏམ་དང་བདེན་པའི་ཚིག །ས་འདིར་བྱ་བ་གང་བསྒྲུབ་པ། །ས་ལ་ངའི་ས་མ་ཟེར་ཅིག །རྡོ་ལ་ངའི་རྡོ་མ་ཟེར་ཅིག །ཤིང་ལ་ངའི་ཤིང་མ་ཟེར་ཅིག །ཆུ་ལ་ངའི་ཆུ་མ་ཟེར་ཅིག །ཕོག་ཐུག་འགལ་བ་བྱུང་ན་ཡང་། །བཟོད་པ་དམ་པ་མཛད་དུ་གསོལ། །གདུག་རྩུབ་བསམ་ངན་ཀུན་སྤོངས་ལ། །བྱམས་པའི་སེམས་དང་ལྡན་པར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ལ་མཎྜལ་ལ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འགྲམས་འཁྲུགས་བཅོས་པ་ཅི་མང་བརྗོད། ཡིག་བརྒྱ་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོའང་བརྗོད། རཱ་ག་ཨ་སྱེས་ཐུན་མཚམས་སུ་བྲིས་པ་དགེའོ།། །། ༄༅། །བསང་ཡིག་འདོད་དོན་ལྷུན་གྲུབ་བཞུགས་སོ། །ཨོཾ། ལྷ་མིའི་ཕན་བདེ་ལོངས་སྤྱོད་རྒྱས། །ཟས་ནོར་གཏེར་དང་བདུད་རྩི་འབྱུང་། །ཚེ་རིང་ནད་མེད་དགྲ་རྒོལ་གཞོམ། །ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །གནས་གཙང་དཀྱིལ་འཁོར་བྱ་བ་དང་། ཁྲུས་གཙང་གོས་གསར་གྱོན་བྱས་ནས། །སྐུ་གསུམ་རྣམ་དག་རྟེན་དྲུང་འདུག །སྤོས་དང་མེ་ཏོག་ཁ་ཟས་མཆོད། །རྣལ་འབྱོར་དམ་ཚིག་གཙང་ན་འགྲུབ། །འདི་ནི་ས་ཡི་ལྷ་མོས་བདག་པདྨ་ལ་དངོས་སུ་གསུངས་པས་བྱིན་རླབས་ཆེ་འོ། །མཆོད་གསོལ་སྒྲུབ་པའི་སྐབས་སུ་བྱའོ། །ཀྱཻ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གཙོ་མོ་ལྷ་མོ་བརྟན་མ་དང་། །གནས་འདིར་རྟེན་བཅས་ས་བདག་ཀླུ། །གཞན་ཡང་ས་འོག་ས་སྟེང་དང་། །ས་བླ་ཆེན་པོའི་ས་བདག་དང་། །ཡུལ་ལྷ་ཀླུ་གཉན་མ་ལུས་རྣམས། །སྒྲུབ་པ་པོ་ཡིས་སྤྱན་འདྲེན་ནོ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པདྨའི་གདན་ལ་བཞུགས་སུ་གསོལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། ཁྱེད་རྣམས་རྫུ་འཕྲུལ་སྟོབས་དང་ལྡན། །རྒྱ་མཚོ་ཆུ་ཀླུང་རི་བྲག་ནགས། །བར་སྣང་ས་གཞི་ཀུན་གྱི་བདག །བཟང་ངན་གཉིས་ཀྱི་ཤན་ཐང་འབྱེད། །སངས་རྒྱས་རྣམས་ཀྱི་བསྟན་པ་སྐྱོང་། །འགྲོ་བ་མི་དང་ལྷན་ཅིག་གནས། །འདིར་བྱོན་དཀར་མངར་མཆོད་པ་བཞེས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། ཁྱད་པར་ས་ཕྱོགས་འདིར་གནས་པའི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །འདིར་བྱོན་མངར་གསུམ་མཆོད་པ་བཞེས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་འགྲོ་བའི་མགོན་གྱུར་པ། །འཛམ་གླིང་གླིང་བཞིའི་ས་བདག་ཀླུ། །རྒྱ་གར་རྒྱ་ནག་ཧོར་དང་འཇང་། །བལ་ཡུལ་ལི་ཡུལ་བོད་ཁམས་ཡུལ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་ས་འཛིན་ཀླུ་ཆེན་བརྒྱད། །འབྱུང་ལྔའི་ལྷ་མོ་སྨན་མོ་དང་། །མ་མོ་བརྟན་མ་བཅུ་གཉིས་དང་། །འཁོར་གྱི་མ་ཡམས་བརྟན་མའི་ཚོགས། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །ཕོ་ལྷ་དགྲ་བླ་གཉན་པོ་དང་། །ཡུལ་འདིའི་གཞི་བདག་བཅས་པ་ལ། །འབྲས་དཀར་གཡག་ལུག་ར་གསུམ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྨྱུག་རྒོད་དར་སྣའི་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཕྱེ་མར་གསེར་གཡུའི་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མདའ་དར་བལ་ཚོན་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །འབྲང་རྒྱས་ཆང་ཕུད་འོ་མ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཤུག་པ་མཁན་དཀར་སུར་དཀར་གྱི། །བསང་ཆེན་དུད་པའི་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ། །མཁོ་དགུ་ཅི་འདོད་ལྡན་གྱུར་ཅིག །ཁྱེད་རྣམས་ཅི་འདོད་ཚིམས་གྱུར་ཅིག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྔོན་ཚེ་གཞི་བདག་ཁྱེད་རྣམས་ཀྱིས། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི། །བསམ་པ་ཡིད་བཞིན་མྱུར་དུ་སྒྲུབས། །འདོད་པའི་དངོས་གྲུབ་མྱུར་དུ་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་བཏབ། ནངས་མོ་རྟག་ཏུ་བསང་འདི་གཏང་བས་འདོད་དོན་ལྷུན་གྱིས་གྲུབ་ཅིང་ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་སུ་འགྱུར་རོ། །ྀཨཚ།། །། ༄༅། །གནམ་ཆོས་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་ཤིང་རྩི་འབུལ་བ་ནི། ཤར་གྱི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ཤར་ཤིང་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཟིན། སྨེ་བ་གསུམ་མཐིང་། ལོ་སྟག་ཡོས་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཤར་དུ་འབུལ། ལྷོ་ཡི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ལྷོ་མེ་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ལི། སྨེ་བ་དགུ་དམར། ལོ་རྟ་སྦྲུལ་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ལྷོ་རུ་འབུལ། ནུབ་ཀྱི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ནུབ་ལྕགས་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་དྭ། སྨེ་བ་བདུན་དམར། ལོ་བྱ་སྤྲེལ་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ནུབ་ཏུ་འབུལ། བྱང་གི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། བྱང་ཆུ་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁམས། སྨེ་བ་གཅིག་དཀར། ལོ་བྱི་ཕག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བྱང་དུ་འབུལ། ཤར་ལྷོའི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ཤར་ལྷོ་རླུང་ལྷའི་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཟོན། སྨེ་བ་བཞི་ལྗང་། ལོ་འབྲུག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཤར་ལྷོར་འབུལ། ལྷོ་ནུབ་ཀྱི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ལྷོ་ནུབ་ས་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁོན། སྨེ་བ་གཉིས་ནག །ལོ་ལུག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ལྷོ་ནུབ་ཏུ་འབུལ། ནུབ་བྱང་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། ནུབ་བྱང་གནམ་དབང་གི་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁེན། སྨེ་བ་དྲུག་དཀར། ལོ་ཁྱི་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་སོགས་ཀྱིས་ནུབ་བྱང་དུ་འབུལ། བྱང་ཤར་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། བྱང་ཤར་རི་དབང་གི་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་གིན། སྨེ་བ་བརྒྱད་དཀར། ལོ་གླང་ལ་འཁོར་བའི་ས་བདག །ཟླ་བ་ཞག་དང་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་པོ་བློན་པོ། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམས་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བྱང་ཤར་དུ་འབུལ། དབུས་ཀྱི་ཤིང་རྩི་གཟུང་ལ། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱིས་ཆུ་གཙང་བྲན་ལ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཁྱད་པར་དམ་རྫས་བདུད་རྩི་ཤིང་རྩིའི་མཆོད་པ་འདི་འབུལ་བའི་གནས་ནི། སེམས་དཔའ་ས་ཡི་སྙིང་པོ། །ས་ཡི་ལྷ་མོ་བརྟན་མ། དབང་ཆེན་ཤྲཱི་བྷ་དྲ། ས་འཛིན་ལག་པ་ཆེན་པོ། །ལྟོ་འཕྱེ་ཆེན་པོ་ཀླུ་བརྒྱད། འབྱུང་བ་སྤར་སྨེ། ལོ་དང་ཟླ་བའི་ས་བདག་རྒྱལ་བློན་བཅུ་བདུན་ལ་སོགས་པ་སྲིད་པའི་ས་བདག་ཀླུ་གཉན་ཀུན་ལ་འབུལ་ལོ། ཁྱད་པར་དུ་ཡུལ་ཕྱོགས་འདི་ཡི་ཡུལ་བདག་རི་བདག་བྲག་བདག་ཆུ་བདག་རྡོ་བདག་ཤིང་བདག་གནས་བདག །ཁྱིམ་ལྷ་ཕུགས་ལྷ། གཉུག་མར་གནས་པ་རྣམས་ལ་མཆོད་སྦྱིན་གཏོར་མ་ཤིང་རྩི་འབྲུ་སྣ་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམས་པར་གྱུར་ཅིག །ཅེས་པས་དབུལ། མཆོད་དང་བསྟོད་བཤགས་གཤེགས་བསྡུ་གཞུང་ལྟར་རོ། །ཞེས་པའང་རཱ་ག་ཨ་སྱས་སྦྱར་བའོ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་ (Volume 10, Text 18)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་བཞུགས་སོ། ། རྒྱལ་ཀུན་འདུས་གཟུགས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ལྷ་ལམ་ཡངས་པ་ནས། །བདེ་ཆེན་ལོངས་སྤྱོད་དཀྱིལ་འཁོར་ཤར། །སྣ་ཚོགས་ཐབས་མཁས་འོད་འབུམ་འཕྲོ། །འགྲོ་བའི་མུན་སེལ་བླ་མར་འདུད། །གུ་རུའི་ཐུགས་སྒྲུབ་གངྒཱ་ལས། །བློ་དང་འཚམ་པའི་བུམ་པར་བླངས། ཁྱེར་བདེ་སྐལ་ལྡན་རྣམས་ལ་སྤེལ། །དེ་ཡང་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་སྒྲུབ་པ་ཟབ་ལ་འདྲིལ་བ་ཤར་གཏེར་འབྲས་བུའི་ཚུལ་ཅན་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་ཁྱེར་བདེ་བར་བཤད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དེ་ལ་དང་པོ་ཚོགས་གསག་ཅིང༔ གཉིས་པ་བགེགས་ཚོགས་མཚམས་བཅད་བྱ༔ གསུམ་པ་འགལ་རྐྱེན་སྡིག་ལྟུང་བཤགས༔ བཞི་པ་རྡོ་རྗེའི་དམ་བཅའ་བཟུང༔ ལྔ་པ་ཡེ་ཤེས་བྱིན་ཆེན་འབེབ༔ དྲུག་པ་མཆོད་རྫས་བྱིན་གྱིས་བརླབ༔ བདུན་པ་རང་རིག་རང་གསལ་གདབ༔ ཅེས་གསུངས་པས། དང་པོ་ལ་གཉིས། སྦྱོར་བ་རྟེན་མཆོད་བཤམ་པ་དང་། ཚོགས་གསག་དངོས་སོ། །དང་པོ་ནི། གནས་བཀྲ་ཤིས་སར་དུས་ཡར་ངོ་མར་ངོའི་ཚེས་བཅུ་ལྟ་བུར་གནས་ཁང་རྒྱན་གྱིས་བརྒྱན་ཅིང་རྩ་བ་གསུམ་གྱི་སྐུ་གསུང་ཐུགས་རྟེན་དགྲམ། སྟེགས་བུ་ཁེབས་ལྡན་གྱི་ཁར་རབ་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ཚོམ་བུ། ཡང་ན་གཏོར་མ་ལ་བརྟེན་ཀྱང་རུང་སྟེ། གང་ལྟར་ཡང་བླ་མའི་གཏོར་ཆེན་ནི་རིན་པོ་ཆེའི་སྣོད་དུ་འབྲུ་སྣའི་ཕྱེ་ཆང་དང་མར་ཁུས་སྦྲུས། སྤོད་སྣ་ཚོགས་པ་བཏབ་ལ། བང་རིམ་བཞི་པར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་རིན་པོ་ཆེ་འབར་བ་པདྨས་བསྐོར་བ། འབྲིང་པོ་བང་རིམ་རིན་ཆེན་ཟུར་བརྒྱད་དོར་བ། བསྡུས་པ་མ་མོའི་གཏོར་མ་སྟེ་ཟླུམ་པོ་པདྨ་འདབ་བཞི་ཅན་གང་འབྱོར་རྒྱན་ཁྲོམ་མཐོང་བརྒྱུད་ལྟར་རམ་ལྔ་རྒྱན་ཉི་ཟླ་མེ་རི་ཅན་ཤ་རྒྱན་བཙུགས་ཟས་སྣས་བསྐོར། དར་གདུགས་སྣ་ཚོགས་ཕུབ་པའི་གཡས་སུ་རྩ་བརྒྱད་སྟོང་ཆང་དང་སྦྱར་བ། གཡོན་དུ་སོ་ལྔའི་རྫས་ཁྲག་དང་སྦྱར་བ། འོ་ཆང་གི་མཆོད་ཡོན། ཙན་དན་སྦྱར་བའི་ཞབས་བསིལ། མེ་ཏོག་སྣ་ཚོགས། སྦྱར་བའི་སྤོས། འབྲུ་མར་རྩི་མར་གྱི་མར་མེ། དྲི་བཟང་གི་ཆབ། ཞལ་ཟས་སྣ་ཚོགས་བཅས་དང་། ཞིང་ལྤགས་ཀྱི་ཁར་ཚོགས་གཏོར་རིན་ཆེན་འབར་བ་སོགས་བཟའ་བཏུང་འབྱོར་ཚད། བཀའ་སྲུང་། ཆད་ཐོ། བརྟན་མ། བགེགས་དང་གནས་བདག་གི་གཏོར་མ། རང་གི་མདུན་དུ་བསང་ཆུ། ནང་མཆོད། ཌཱ་རུ། རྡོ་རྗེ་དྲིལ་བུ། གདབ་ཕུར། མེ་ཏོག་གི་སྣོད། གུ་གུལ། ཡུངས་ཀར། སྦྱར་སྤོས། སྒྲུབ་གྲོགས་ཡོད་ན་རོལ་མོ་སོགས་དགོས་པའི་ཡོ་བྱད་འདུ་བྱ། གཉིས་པ་ཚོགས་གསག་པ་ལ་ལྔ། ཕྱག་བྱ་བ། གསོལ་འདེབས། བྱིན་རླབས། གཏོར་མ་གཏོང་བ། སྐྱབས་སེམས་སོ། །དང་པོ་ནི། རྣལ་འབྱོར་པ་དུ་མ་ཡོད་ན་གྲལ་ཕྱག་ནི་ལྷ་དང་། ཚུལ་ཕྱག་ཡེ་ཤེས་རྒན་རིམ་དང་བསླབ་པ་རྒན་རིམ་ལ་གཞིག་སྟེ་བྱ། གཉིས་པ་གསོལ་འདེབས་ནི། བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་པོས་ཚིག་བདུན་གསོལ་འདེབས། ལེའུ་བདུན་མའི་ལེའུ་གང་རིགས་ཀྱི་མཐར། བདེ་ལྡན་ཞིང་མགོན་ཁྱབ་བདག་ཆོས་ཀྱི་སྐུ །འོད་མཚན་སྟོང་འབར་འཆི་མེད་ལྷ་ཡི་ལྷ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །གྲུ་འཛིན་བདག་པོ་རྣམ་སྣང་ལོངས་སྤྱོད་རྫོགས། །སྙིང་རྗེའི་དབང་ཕྱུག་འགྲོ་མགོན་པད་དཀར་འཆང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །དཔལ་ལྡན་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ །སྣང་སྲིད་ཟིལ་གནོན་རྒྱལ་དབང་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་ལ་སྤྱོད་པའི་ཚོགས་ཀྱི་རྗེ། །གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །འཇིག་རྟེན་མིག་གཅིག་རྒྱལ་ཚབ་བཻ་རོ་རྗེ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ལ། གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། དམ་འཛིན་རྣམ་འཕྲུལ་གནས་གཏེར་བརྒྱ་རྩའི་བདག །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ལས་སྨོན་སྐལ་ལྡན་ཟབ་གསང་བསྟན་པ་འཛིན། ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཡི་དམ་ཌཱ་ཀི་དམ་ཅན་གནས་གཏེར་སྐྱོང་། །ཟུང་འཇུག་ཡེ་ཤེས་རོལ་པའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །བྱང་ཆུབ་བར་དུ་རྩ་གསུམ་ལྷག་པའི་ལྷས། །རྗེས་བཟུང་འཇིགས་བརྒྱད་བདུད་བཞི་དུག་ལྔ་སོགས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །སྐུ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །གསུམ་པ་བྱིན་རླབས་ཀྱི་ཚོགས་ལ་ལྔ། བསང་ཆུ། རྡོར་དྲིལ། ཕུར་བུ། ཕྲེང་བ། རྔའོ། །དང་པོ་ནི། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀ་པདྨ་དང་ཐོད་ཁྲག་འཛིན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷཱ་ཡ་ཧཱུྃ་ཕཊཿ ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་ཡང་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་རྡོར་དྲིལ་ནི། ཧཱུྃ་ལས་ཡེ་ཤེས་རྡོ་རྗེ་དང༔ ཨཱཿལས་སྟོང་ཉིད་སྒྲ་སྒྲོག་དྲིལ༔ ཐབས་ཤེས་གཉིས་མཚོན་ལག་ཏུ་བཟུང༔ ཨོཾ་བཛྲ་གྷཎྜེ་ཨཱཿཧཱུྃ༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། གསུམ་པ་ཕུར་བུ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཕུར་བུ་སྲས་མཆོག་སྐུར་གྱུར་པའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་འོད་ཀྱིས༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བགེགས་དང་དམ་སྲི་ལོག་འདྲེན་རྣམས༔ འདུལ་བའི་ནུས་པ་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་ཕུར་བུ་བསྒྲིལ། བཞི་པ་ཕྲེང་བ་ལག་གཡོན་དུ་བཀོད་ལ། ཨ་ཙནྡྲ། ཟླ་བ་ལ་གནས་ཏྲཱཾ་ཡིག་ལྔ༔ འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེའི་བྱིན་རླབས་བསྡུས༔ ཡོན་ཏན་ལྡན་པའི་ཕྲེང་བར་གྱུར༔ ལྷ་རྣམས་ཐུགས་དམ་བསྐུལ་བ་དང༔ འཛབ་བཟླས་སངས་རྒྱས་ཐམས་ཅད་ཀྱི༔ གསུང་དབྱངས་མི་ཟད་འགྲུབ་པར་ཤོག༔ ལྷ་གང་བསྒྲུབ་ཀྱི་སྙིང་པོ་བཟླ། ལྔ་པ་རྔ་ནི། ཉི་མ་ལ་གནས་ཧཱུྃ་ཡིག་གིས༔ སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས༔ སྐྱེ་མེད་ཆོས་ཀྱི་སྒྲ་སྒྲོག་པའི༔ ཡེ་ཤེས་རང་བཞིན་རྔ་རུ་གྱུར༔ མ་མོ་མཁའ་འགྲོ་དབང་སྡུད་ཅིང༔ ཐུགས་དམ་བསྐུལ་བའི་ལས་འགྲུབ་གྱུར༔ བཛྲ་ཙ་མ་ར་ཙ་མཱ་ར་ཡ་ཧཱུྃ༔ ཞེས་རྔ་དང་ཌཱ་རུ་བརྡུང་། རོལ་མོ་རྒྱ་ཆེར་བྱ། བཞི་པ་གཏོར་མ་གཏོང་བ་ནི། གཏོར་མ་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ། ལྔ་པ་སྐྱབས་སེམས་ལ་གཉིས། དང་པོ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ལ་གསུམ། སྨོན་སེམས་བསྐྱེད་པ། ཚོགས་གསག་པ། འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བའོ། །དང་པོ་ནི། ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་དོན་ཡིད་ལ་དྲན་བཞིན་པས། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདག་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ གཉིས་པ་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་སོགས་དམིགས་འདོན་ཟུང་དུ་ཆུད་པས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་གསག་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ གསུམ་པ་ནི། བདག་གི་བདེ་བ་གཞན་ལ་གཏོང་བའི་བྱམས་པ། གཞན་གྱི་སྡུག་བསྔལ་རང་གིས་བླང་བའི་སྙིང་རྗེ། དེ་དག་དང་མི་འབྲལ་བར་སྨོན་པའི་དགའ་བ། ཐམས་ཅད་མཉམ་ཉིད་བཏང་སྙོམས་པའི་བློ་ཕྱོགས་རིས་དང་བྲལ་བས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པའི་འདུན་པ་དང་བཅས་པས། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ རྗེས་འབྲེལ་ཚོགས་ཞིང་བསྡུ་བ་ནི། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས༔ ཡི་གེ་གསུམ་གྱི་རྣམ་པ་ཡི༔ བདག་དང་མཁའ་མཉམ་འགྲོ་ལ་ཐིམ༔ སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར༔ གཉིས་པ་བགེགས་ཚོགས་མཚམས་བཅད་པ་ལ་གསུམ། གཏོར་མ་སྦྱིན་པ། བཀའ་བསྒོ་བ། སྲུང་འཁོར་བསྒོམ་པའོ། །དང་པོ་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་ལྡིང་གི་ཕྱག་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་མཐར་ཧ་ཧོ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབ། དགུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། གཉིས་པ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་རྡོ་རྗེའི་མཚོན་ཆར་གྱིས༔ ལུས་ངག་ཡིད་གསུམ་རྡུལ་ཕྲན་ཇི་བཞིན་དུ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པའི་ཕྱིར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ གཏོར་མ་ཕྱི་རོལ་དུ་དོར། ཡུངས་ཀར་བྲབ། གུ་གུལ་བདུག །རྡོ་རྗེ་གསོར་ཞིང་རོལ་མོའི་ཚམ་རྔམ་བཅས་བགེགས་བསྐྲད། གསུམ་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ་ཧྲཱི༔ བདག་ཉིད་དཔལ་ཆེན་པདྨ་དབང་གི་སྐུ༔ འཁོར་འདས་ཐམས་ཅད་གསང་གསུམ་ཕྱག་རྒྱར་རྫོགས༔ རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་སོགས༔ མཚོན་ཆ་རྣམ་ལྔའི་གུར་གྱིས་ཕྱོགས་མཚམས་གཏམས༔ མེ་རི་མེ་དཔུང་སྲིད་གསུམ་ཀུན་ཏུ་འཁྲུགས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ གསུམ་པ་བཤགས་པ་ནི། མདུན་དུ་བཤགས་ཡུལ་གསལ་བཏབ་ལ། ཧོ༔ བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་ལ༔ འཁྲུལ་པའི་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ ལོག་པའི་ལམ་དུ་གོལ་བའི་ནོངས་པ་ཀུན༔ གཉིས་མེད་བློ་ལས་འདས་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བཤགས་དང་བཤགས་ཡུལ་མི་དམིགས་པའི་ངང་ལ་མཉམ་པར་བཞག །བཞི་པ་རྡོ་རྗེའི་དམ་བཅའ་བཟུང་བ་ནི། ཧཱུྃ༔ བདེ་ཆེན་ཡེ་ཤེས་མཆེད་ལྕམ་ལུ་གུ་རྒྱུད༔ མི་འབྲལ་རྩེ་གཅིག་བསྒྲུབ་པའི་གཡར་དམ་གྱིས༔ ཐོག་མ་མཐའ་མ་མེད་པའི་ཡི་དམ་ལྷ༔ བླ་མ་རིག་འཛིན་ཀུན་བཟང་པདྨ་འབྱུང༔ གདོད་ནས་རང་དང་ལྷན་ཅིག་སྐྱེས་པའི་ངང༔ ད་ལྟ་དབྱེར་མེད་དུ་མ་རོ་གཅིག་པའི༔ བསྙེན་ཅིང་སྒྲུབ་པའི་ཏིང་འཛིན་ཟབ་མོ་ལས༔ འདའ་དཀའ་རྡོ་རྗེའི་དམ་ཚིག་མཆོག་ཏུ་བཟུང༔ བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ ལྔ་པ་བྱིན་ཆེན་འབེབ་པ་ནི། ཞྭ་གོས་ཕོད་ཀ་རྒྱན་གྱིས་བཀླུབས། སྤོས་བསྲེགས་རོལ་མོ་སྙན་པར་འཁྲོལ། གར་འཁྲབ་གདུང་དབྱངས་ཞིང་གིས་གཡབ། སྤྲོ་ན་རྟགས་གདབ་ཟུར་གསལ་ལྟར་བྱ། བླ་མ་རིག་འཛིན་ལྷ་ཚོགས་ལ༔ བཟོད་མེད་མོས་གུས་རྩེ་གཅིག་པས༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་དཀྱིལ་འཁོར་དམ་རྫས་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་མཆོག་རྣམས་ལ་དབང་སྐུར་བྱིན་གྱིས་རློབས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲུག་པ་མཆོད་པ་བྱིན་རླབས་ནི། ཧཱུྃ་ཧྲཱི༔ ཡིག་འབྲུ་གསུམ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་བརླབས༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔སོགས་ནས། ཤབྡ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ སྟོང་གསལ་རླུང་མེ་ཐོད་སྒྱེད་རྣམ་ཐར་གསུམ༔ ཆོས་དབྱིངས་རང་བྱུང་བྷནྡྷ་ཆེན་པོ་རུ༔ འབྱུང་བ་ཕུང་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་བྱང་ཆུབ་སེམས་སུ་ཞུ༔ རླངས་པ་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཕྲོས༔ སྣོད་བཅུད་དྭངས་མ་ཨོཾ་ཨཱཿཧཱུྃ་དུ་འདུས༔ བདེ་བར་གཤེགས་པའི་བདུད་རྩི་སྤྱན་དྲངས་ནས༔ ཁ་སྦྱོར་འཁོར་ལོ་སྡོམ་པའི་བདུད་རྩིར་གྱུར༔ བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་གཞལ་ཡས་དབུས༔ འབྲུ་གསུམ་ལས་བྱུང་གཏོར་མ་འདོད་ཡོན་ལྔ༔ རཀྟའི་སྣོད་མཆོག་ཨེ་ཡི་རང་བཞིན་དབུས༔ གཱིརྟིའི་མཁའ་ནས་དམར་ཆེན་ཆར་ལྟར་བབ༔ བདུད་རྩི་དཀྲུགས་ཤིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ བདུད་རྩིས་གཏོར་མར་བྲན་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ རཀྟ་ཕྱར་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ བདུན་པ་རང་རིག་གསལ་གདབ་ནི། ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་རྩ་གསུམ་ལྷ༔ གཞན་དུ་མ་གྲུབ་རང་དང་དབྱེར་མེད་ངང༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས༔ ཡེ་ནས་མ་བཅོས་རང་དུ་ངང་གསལ་གདབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་སཏྭཾ༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ༔ གཉིས་པ་དངོས་གཞི་ལ། དང་པོ་ཕྱག་རྒྱ་བསྐྱེད་ཅིང་གསལ༔ གཉིས་པ་ཡེ་ཤེས་དགུག་ཅིང་བསྟིམ༔ གསུམ་པ་དབྱེར་མེད་བཞུགས་སུ་གསོལ༔ བཞི་པ་ཕྱག་དང་མཆོད་པས་བསྙེན༔ ལྔ་པ་རྡོ་རྗེའི་གསང་གསུམ་བསྟོད༔ དྲུག་པ་འཛབ་བསྐུལ་བཟླས་པས་བསྒྲུབ༔ བདུན་པ་ཕྲིན་ལས་མཐར་ཕྱིན་ནས༔ དབང་དང་དངོས་གྲུབ་བླང་བར་བྱ༔ ཞེས་པ་ལྟར་བདུན་ལས། དང་པོ་ལ་བཞི། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། བྱིན་རླབས་དབང་བསྐུར་བའོ། །དང་པོ་ནི། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱང༔ གཉིས་པ་ནི། འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ གསུམ་པ་ནི། རང་རིག་བདེ་གཤེགས་ཀུན་འདུས་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་འཛུམ་ཁྲོས་པའི་ཉམས༔ པད་ཞྭ་གསང་ཕོད་ཆོས་གོས་བེར་ཕྱམ་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ གསང་བའི་ཡུམ་མཆོག་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ ཞབས་གཉིས་རོལ་སྟབས་འོད་ལྔའི་ཀློང་ན་འགྱིང༔ སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དཀར༔ ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན༔ དེ་ཡི་སྤྱི་བོར་ཆོས་སྐུ་སྣང་མཐའ་ཡས༔ དམར་པོ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ གཉིས་ཀ་ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་མཛེས༔ ཕྱི་རོལ་འདབ་བཞི་པདྨའི་གེ་སར་ལ༔ ཤར་དུ་རྒྱལ་བའི་གདུང་འཛིན་སྐུ་མདོག་དཀར༔ རལ་གྲི་ལྕགས་ཀྱུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས༔ ཐོད་སྐམ་དབུར་བརྒྱན་སྟག་ཤམ་རུས་རྒྱན་འཕྱང༔ ལྷོ་རུ་སྨྲ་བའི་སེང་གེ་དཀར་གསལ་མདངས༔ ཆོས་འཆད་ཕྱག་རྒྱས་པད་སྡོང་གླེགས་བམ་འཛིན༔ པཎ་ཞྭ་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་སྐྱེས་མཆོག་ཚུལ་བཟང་སྐུ་མདོག་སེར༔ རྡོ་རྗེ་སྒྲོམ་འཛིན་པཎ་ཞྭ་དམར་པོ་དང༔ ཆོས་གོས་གསུམ་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ བྱང་དུ་བདུད་ཀྱི་གཤེད་ཆེན་དཀར་སྨུག་མདངས༔ བསྙེན་ཕུར་དཀུར་བརྟེན་ལས་ཕུར་བགེགས་ལ་གཟིར༔ འདོར་སྟབས་པད་ཞྭ་བེར་མཐིང་ཆོས་གོས་གསོལ༔ དེ་ཡི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་འཛམ་གླིང་རྒྱན་མཆོག་སྐུ་མདོག་མཐིང༔ ལས་ཕུར་གཉིས་བསྒྲིལ་བསྙེན་ཕུར་སྐུ་ལ་འཆང༔ བེར་ཆེན་དུར་ཁྲོད་ཆས་གསོལ་འདོར་སྟབས་བཞེངས༔ ལྷོ་རུ་པདྨ་འབྱུང་གནས་མཐིང་གསལ་མདངས༔ རྡོ་རྗེ་དྲིལ་འཛིན་ལྷ་ལྕམ་དཀར་མོ་འཁྲིལ༔ དར་དང་རིན་ཆེན་རུས་བརྒྱན་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ཁྱད་པར་འཕགས་པའི་རིག་འཛིན་དཀར༔ རྡོ་རྗེས་ལམ་སྟོན་ཁ་ཊྭཱཾ་མཁར་བ་མཛད༔ བཞེངས་སྟབས་པད་ཞྭ་བེར་མཐིང་ཆོས་གོས་བཀླུབས༔ བྱང་དུ་རྫུ་འཕྲུལ་མཐུ་ཆེན་དམར་སྨུག་མདངས༔ རབ་བྱུང་ཆ་ལུགས་མགོ་ཕྲེང་རུས་རྒྱན་འཕྱང༔ རྡོ་རྗེ་ཕུར་འཛིན་སྟག་གི་གདན་ལ་འགྱིང༔ ཤར་ལྷོར་རིག་འཛིན་རྡོ་རྗེ་དྲག་རྩལ་དམར༔ རྡོ་རྗེ་སྡིག་པ་འཛིན་ཅིང་ཁྲོ་བོའི་ཆས༔ ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད༔ ལྷོ་ནུབ་སྐལ་ལྡན་འདྲེན་མཛད་མཐིང་ནག་འབར༔ རྡོ་རྗེ་དུང་ཁྲག་འཛིན་ཅིང་དཔལ་གྱི་ཆས༔ གནམ་ཞལ་མཐིང་སྐྱ་གྲི་ཐོད་འཛིན་དང་འཁྲིལ༔ ནུབ་བྱང་རཀྴ་ཐོད་ཕྲེང་སྨུག་ནག་བརྗིད༔ དུར་ཁྲོད་ཆས་གསོལ་རྡོ་རྗེ་དུང་ཁྲག་འཛིན༔ མཐིང་འོད་འབར་མ་གྲི་ཐོད་འཛིན་པས་འཁྱུད༔ བྱང་ཤར་བདེ་ཆེན་རྒྱལ་པོ་དམར་གསལ་མདངས༔ ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཡུམ་དང་སྦྱོར༔ ཁྲོ་འཛུམ་རིན་ཆེན་རུས་བརྒྱན་བརྐྱང་བསྐུམ་གར༔ ཀུན་ཀྱང་གང་འདུལ་རྒྱན་དང་ཆ་ལུགས་རྫོགས༔ སྒོ་བཞིར་དཔའ་བོ་སྡེ་བཞི་ཡུམ་དང་བཅས༔ དཀར་སེར་དམར་ལྗང་རང་རྟགས་གྲི་ཐོད་འཛིན༔ རིན་ཆེན་རུས་བརྒྱན་བརྐྱང་བསྐུམ་གར་གྱིས་བཞེངས༔ བར་མཚམས་རྩ་གསུམ་ཆོས་སྲུང་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ བཞི་པ་ནི། རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་དགུག་ཅིང་བསྟིམ་པ་ནི། དབྱངས་དང་རོལ་མོའི་སྒྲ་དང་བཅས་པས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་གྱི་ཞིང་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་འཁོར་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱི༔ ཡིད་འོང་ཕོ་བྲང་མཛེས་པའི་གཞལ་ཡས་དབུས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་གདན༔ མ་ཧཱ་གུ་རུའི་ལྷ་ཚོགས་འཁོར་དང་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་མཆོད་པ་ལ་གཉིས། ཕྱག་འཚལ། མཆོད་པའོ། །དང་པོ་ནི། རང་ཉིད་ལས་ལོགས་སུ་གྱེས་པའི་མཆོད་ལྷ་རྣམས་ཀྱིས་ཕྱག་མཆོད་བསྟོད་པ་འབུལ་བར་དམིགས་པའི་ཁྱད་པར་དང་བཅས། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ གཉིས་པ་མཆོད་པ་ལ་གསུམ། ཕྱི། ནང་། གསང་བའོ། །དང་པོ་ནི། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་གསལ༔ བྱུག་པས་བདེ་བ་བསྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ནང་མཆོད་ལ་གཉིས། སྨན་རཀ་འབུལ་བ་དང་། གཏོར་མ་འབུལ་བའོ། །དང་པོ་ནི། ཧཱུྃ་ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་མཆོག༔ འདོད་ཆགས་ཆགས་མེད་རཀྟའི་མཆོད་པ་ཆེ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ འཁོར་འདས་དྭངས་བཅུད་ཁམས་གསུམ་ཆགས་པའི་ཁྲག༔ ཟག་མེད་བདེ་བ་ཆེན་པོར་བཞེས་སུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་ཁཱ་ཧི༔ བདུད་རྩིའི་ཐིགས་གཏོར་ཞིང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ༴ ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ཞལ་དུ་སརྦ༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞལ་དུ་སརྦ༴ ལོ་ཙཱ་རྒྱལ་བ་མཆོག་དབྱངས་ཞལ་དུ་སརྦ༴ དགེ་སློང་ནམ་མཁའི་སྙིང་པོའི་ཞལ་དུ་སརྦ༴ གཉགས་ཆེན་ཡེ་ཤེས་གཞོན་ནུའི་ཞལ་དུ་སརྦ༴ ལང་གྲོ་དཀོན་མཆོག་འབྱུང་གནས་ཞལ་དུ་སརྦ༴ སྔགས་འཆང་རྡོ་རྗེ་བདུད་འཇོམས་ཞལ་དུ་སརྦ༴ ལོ་ཆེན་བཻ་རོ་ཙ་ནའི་ཞལ་དུ་སརྦ༴ འབྲོག་མི་དཔལ་གྱི་ཡེ་ཤེས་ཞལ་དུ་སརྦ༴ རླངས་ཆེན་དཔལ་གྱི་སེང་གེའི་ཞལ་དུ་སརྦ༴ གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་དུ་སརྦ༴ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་སརྦ༴ དཀོན་མཆོག་རིན་ཆེན་རྣམ་གསུམ་ཞལ་དུ་སརྦ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སརྦ༴ གནས་ཡུལ་དཔའ་བོ་མཁའ་འགྲོའི་ཞལ་དུ་སརྦ༴ དམ་ཅན་ཆོས་སྲུང་རྒྱ་མཚོའི་ཞལ་དུ་སརྦ༴ སྣོད་བཅུད་ལྷ་རུ་གསལ་བའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བདུད་རྩི་རང་གིས་མྱང་ཞིང་། ཨོཾ་ཨཱཿཧཱུྃ༔ མཐེབ་སྲིན་ཉི་ཟླའི་ག་འུ་སྦྱར་བ་ཡིས༔ ལྷ་ཚོགས་དངོས་གྲུབ་བདུད་རྩིའི་འབྲུ་གསུམ་པོ༔ བླངས་ཏེ་རྡོ་རྗེའི་ལྕེ་ཡི་ཧཱུྃ་ལ་བརྒྱུད༔ ལུས་ཀུན་གང་བས་ཡེ་ཤེས་རྒྱས་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཉིས་པ་གཏོར་མ་འབུལ་བ་ནི། ཧཱུྃ་ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་གསང་མཆོད་ནི། ཨོཾ༔ ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས༔ བདེ་ཆེན་དགྱེས་བསྐྱེད་འཁྲུལ་པ་བསྒྲལ་བའི་སྤྲིན༔ ཡེ་ནས་མཆོད་དང་མཆོད་ཡུལ་དམིགས་གཏད་བྲལ༔ རང་བྱུང་ལྷུན་གྲུབ་མཆོད་པ་ཆེན་པོ་འོ༔ སྟ་ན་ག་ཎ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ལྔ་པ་བསྟོད་པ་ནི། ཨོཾ༔ ཐུགས་རྗེའི་བདག་ཉིད་མགོན་པོ་ཚེ་དཔག་མེད༔ དུས་གསུམ་རྒྱལ་བའི་གཙོ་ལ་ཕྱག་འཚལ་བསྟོད༔ཨཱ༔ འགྲོ་བའི་མགོན་པོ་འཕགས་པ་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུགས་ལ་ཕྱག་འཚལ་བསྟོད༔ ཧཱུཾ༔ དུས་གསུམ་སངས་རྒྱས་ཨོ་རྒྱན་སྤྲུལ་པའི་སྐུ༔ སྐུ་ཡི་སྤྲུལ་པས་ཕྱོགས་བཅུའི་ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔ ཆོས་ཀྱི་གསུང་དབྱངས་ནམ་མཁའི་མཐའ་དང་མཉམ༔ ཐུགས་ཀྱི་དགོངས་པ་ཟང་ཐལ་འདུས་མ་བྱས༔ ཡོན་ཏན་བསམ་ཡས་བརྗོད་པའི་ཡུལ་ལས་འདས༔ ཕྲིན་ལས་འགྲོ་འདུལ་རྩོལ་མེད་རྟག་ཏུ་འཇུག༔ དཀྱིལ་འཁོར་གཙོ་མཆོག་རིགས་རྣམས་ཀུན་གྱི་བདག༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ རྒྱལ་བའི་གདུང་འཚོབ་རིག་འཛིན་འགྲོ་བའི་མགོན༔ མཁྱེན་རབ་མཐར་ཕྱིན་རིག་འཛིན་སྨྲ་བའི་སེང༔ དངོས་གྲུབ་མཆོག་བརྙེས་རིག་འཛིན་པདྨའི་ཞལ༔ མུ་སྟེགས་འདུལ་མཛད་རིག་འཛིན་བདུད་ཀྱི་གཤེད༔ ལྷ་དང་གཉིས་མེད་རིག་འཛིན་འཛམ་གླིང་རྒྱན༔ འཆི་མེད་རྡོ་རྗེའི་རིག་འཛིན་པདྨ་འབྱུང༔ ཁྱད་པར་འཕགས་པའི་རིག་འཛིན་ཀུན་ཏུ་འཆང༔ དྲེགས་པ་ཚར་གཅོད་རིག་འཛིན་གྲོ་བོ་ལོད༔ འཁོར་འདས་ཟིལ་གནོན་རིག་འཛིན་དྲག་པོ་རྩལ༔ ཡེ་ཤེས་ཀློང་དགུའི་རིག་འཛིན་དཔལ་ཆེན་པོ༔ སྲིན་པོའི་ཁ་གནོན་རིག་འཛིན་ཐོད་ཕྲེང་རྩལ༔ སྐུ་གསུམ་དབྱེར་མེད་རིག་འཛིན་བདེ་ཆེན་རྒྱལ༔ ཀུན་ཀྱང་གང་འདུལ་རྒྱན་དང་ཆ་ལུགས་རྫོགས༔ སོ་སོའི་རིགས་ཀྱི་ཚོམ་བུ་མཐའ་ཡས་ཤིང༔ སྤྲུལ་པ་ཡང་སྤྲུལ་ཉི་ཟེར་རྡུལ་ལྟར་འགྱེད༔ མཛད་པ་བཅུ་གཉིས་སྟོན་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ ཕྲིན་ལས་བཞི་ལྡན་དཔའ་བོ་མཁའ་འགྲོའི་ཚོགས༔ རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་ཉིད༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔ སྤྲིན་ལྟར་གཏིབས་པའི་རབ་འབྱམས་རྩ་གསུམ་ལྷ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བར་ཕྱག་འཚལ་བསྟོད༔ དྲུག་པ་འཛབ་བཟླ་བ་ལ་བཞི། འཛབ་ཁང་དབྱེ་བ། ཐུགས་དམ་བསྐུལ་བ། འཛབ་བཟླ་བ། འཛབ་བསྟོད་བྱ་བའོ། །དང་པོ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ གཉིས་པ་འཛབ་ལ་བསྐུལ་བ་ནི། ཧཱུྃ་ཧྲཱི༔ རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་འཛབ་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་འཛབ་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་འགྲུབ་བར་དུ་དགོངས་པ་མི་གཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོ་འགྲུབ་པར་མཛོད༔ གསུམ་པ་ཏིང་འཛིན་བསྒོམ་ཞིང་འཛབ་བཟླ་བ་ལ་གསུམ། སྐུ་གསུམ་བསྙེན་པ། སྤྱི་དྲིལ། ལས་ལ་སྦྱོར་བའོ། །དང་པོ་ལ་གསུམ། ཆོས་སྐུ་ལ་བརྟེན་ནས་བདག་དོན་བྱིན་རླབས་བསྡུ་བ། ལོངས་སྐུ་ལ་བརྟེན་ནས་གཞན་དོན་ཕྲིན་ལས་མཁའ་ཁྱབ། སྤྲུལ་སྐུ་ལ་བརྟེན་ནས་བདག་གཞན་གཉིས་མེད་བསྐྱེད་རྫོགས་ཟུང་འཇུག་གི་བཟླས་པའོ། །དང་པོ་ནི། སྤྱི་བོའི་རིགས་བདག་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ ཕྱག་གི་བུམ་པའི་ནང་དུ་ཐིམ༔ དེ་ལས་བདུད་རྩིའི་རྒྱུན་བབས་པས༔ བདག་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ གཉིས་པ་ནི། འགྲོ་འདུལ་འཕགས་པའི་ཐུགས་ཀ་ནས༔ འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ༔ སོ་སོའི་ཉོན་མོངས་དྲུག་སྦྱངས་ནས༔ ཐུགས་རྗེ་ཆེན་པོའི་སྐུ་རུ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསུམ་པ་ནི། རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿམཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སླར་འཕྲོས་ཕྱི་སྣོད་དག་པའི་ཞིང༔ ནང་བཅུད་འགྲོ་ཀུན་ལྷ་ཡི་སྐུ༔ སྒྲ་གྲགས་རྡོ་རྗེའི་སྔགས་ཀྱི་དབྱངས༔ དྲན་རྟོག་འོད་གསལ་ཡེ་ཤེས་ངང༔ གཉིས་མེད་དཀྱིལ་འཁོར་གཅིག་ཏུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ གཉིས་པ་སྤྱི་དྲིལ་སྒྲུབ་པ་བདེ་ཆེན་བཟླས་པ་ནི། བདག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་ལས་སྐུ་འཕྲོས་འཇིག་རྟེན་གང༔ གསུང་གི་འཛབ་དབྱངས་སྔགས་སྒྲ་སྒྲོག༔ ཐུགས་ནི་འགྱུར་མེད་འོད་གསལ་ངང༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་དོན་གཉིས་བསྒྲུབས༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན་པ་སོགས་བཟླས་པ་ཅི་འགྲུབ་བྱ། ཧཱུྃ་གི་གླུ་དབྱངས་རླུང་གནད་དང་སྦྱར་བ་བདེ་ཆེན་རྡོ་རྗེའི་བཟླས་པ་སོགས་ནི་སྒྲུབ་པའི་སྐབས་ལ་དགོས་པ་ཡིན་གྱི་ཉི་ཚེ་བ་ལ་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །གསུམ་པ་ལས་ལ་སྦྱར་བ་ནི། རང་གི་ཐུགས་ལས་འོད་འཕྲོས་པས༔ དཔའ་བོ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བསམ༔ སྤྱི་དྲིལ་མཐར༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་པའི་བཅུ་ཆ་བཟླ །བཞན་ཁ་བསྒྱུར་དང་མན་ངག་སྦྱར་བར་འདོད་ན་ཞལ་གདམས་སྙིང་བྱང་ལ་བལྟ་བར་བྱའོ། །བཞི་པ་ཛཔ྄་བསྟོད་བྱ་བ་ལ་གསུམ། མཆོད་པ། བསྟོད་ཅིང་འདོད་དོན་གསོལ་བ། བཤགས་པ་བྱ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་མཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ སྨན་རཀ་སྦྲེང་ཞིང་རོལ་མོ་རྒྱ་ཆེར་བྱའོ། །གཉིས་པ་ནི། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེས་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གསུམ་པ་ནི། ཨོཾ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ བྱིང་རྒོད་འཆལ་བར་གྱུར་པ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་དག་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་མང་བཟླས་ཤིང༔ དགོངས་པ་སྐྱེ་མེད་ངང་དུ་བཞག༔ ཨ་ཨ་ཨ༔ བདུན་པ་དབང་བླང་བའི་དོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ ཀཱ་ཡ་བཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ མདུན་དུ་བཞུགས་པའི་ཡེ་ཤེས་པ༔ རང་དང་དབྱེར་མེད་བརྟན་ཅིང་མཉེས༔ གསལ་སྣང་རྫོགས་པའི་ཏིང་འཛིན་ལ༔ མཉམ་པར་བཞག་པས་ལམ་དུ་ཁྱེར༔ སྐབས་འདིར་བཀའ་སྲུང་གི་གསོལ་མཆོད་རྒྱས་བསྡུས་གང་འགྲུབ་ངེས་པར་དགོས། གསུམ་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་ཀྱི་དགའ་སྟོན་སྤེལ༔ གཉིས་པ་བསྐུལ་ཞིང་གཏོར་མ་སྐྱོང༔ གསུམ་པ་བོད་ཁམས་བརྟན་མ་མཆོད༔ བཞི་པ་ལས་མཇུག་བྲོ་ཡིས་བསྡུ༔ ལྔ་པ་བསྐྱེད་པའི་གསལ་སྣང་བསྡུ༔ དྲུག་པ་ཟུང་འཇུག་སྒྱུ་མར་སྤྱོད༔ བདུན་པ་སྨོན་ལམ་ཤིས་བརྗོད་ཀྱིས༔ གསག་པའི་ལས་རྣམས་དོན་ཡོད་འགྱུར༔ ཞེས་པ་ལྟར། དང་པོ་ལ་ལྔ། བྱིན་རླབས། སྤྱན་དྲང་། མཆོད་པ། ལོངས་སྤྱོད། ལྷག་མ་བསྔོ་བའོ། །དང་པོ་ནི། ཚོགས་ཀྱི་ཡོ་བྱད་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་མཆོད་པ་ལ་གསུམ་གྱི། ཚོགས་ཕུད་དང་པོ་འབུལ་བ་ནི། ཞུ་བ་སྔོན་འགྲོས། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་བར་པས་བསྐང་བཤགས་ནི། ཞུ་བ་སྔོན་དུ་འགྲོ་བས། ཧོ༔ ཐོག་མེད་གསག་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ གསུམ་པ་བསྒྲལ་བ་ལ་ཞུ་བ་སྔོན་དུ་འགྲོ་བས། ཚོགས་ཀྱི་འདོད་ཡོན་ལྷ་མོ་རྣམས་ཧཱུྃ་ཞེས་རང་ལ་བསྡུ། བྱིན་རླབས་བྱས་པའི་གོང་དུ་བཅད་ན་དང་། ལིང་ག་ཟུར་དུ་བཅས་ན་འདིར་མི་དགོས་ཤིང་། གང་ལྟར་ཡང་། མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛ༔ ནྲྀ་བཛྲ་ཨཾ་ཀུ་ཤ་ཛ༔ ཏྲི་ཡཾ་ཛ༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཛཿཧཱུྃ་བཾ་ཧོཿས་འགུགས་བཅིངས་བསྡམས་ཤིང་མྱོས་པར་བྱས་ཏེ། ལས་ཕུར་ཐོགས་ནས། ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ བཞི་པ་ལོངས་སྤྱོད་པ་ནི། ལས་རྡོར་གྱིས་ཚོགས་བཏེགས་ལ། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ པདྨའི་ཕྱག་རྒྱས་བླངས་ལ། ཨ་ལ་ལ་ཧོ༔ བཟའ་བཏུང་རྣམས་ནང་གི་བསྲེག་བླུག་ཏུ་རོལ། ལྔ་པ་ལྷག་མ་གཏོང་བ་ནི། སྨོན་ལམ་སྔོན་དུ་འགྲོ་བས་ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས། ལས་རྡོར་གྱིས་ཞུ་བ་སྔོན་དུ་འགྲོ་བས་ཕུད་ལྷག་བསྲེ་ཞིང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་སློབ་དཔོན་གྱི་ཞལ་ཆབ་བྲན་ལ། ཨེ་ཨཱ་རལླི་ཧྲཱིང་ཛ༔ ཞེས་ལྷག་མགྲོན་བཀུག་ལ། བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིང་ཧྲཱིང་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་བསྐུལ་ཞིང་ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དབང་གི་རྒྱལ་པོ་པདྨ་ཡིས༔ དུར་ཁྲོད་ཆེན་པོ་བསིལ་ཚལ་དུ༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ བོད་ཀྱི་ཉི་མ་མཛད་པའི་ཚེ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང༔ ཁྱོད་རྣམས་ལྷ་འདྲེ་དེ་ཡི་རིགས༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་བཀྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཆད་ཐོ་བྱ། །གསུམ་པ་བརྟན་མ་བྱ་བ་ནི། གཏོར་གཞོང་བདུད་རྩིས་བཤལ་ལ་གཏོར་མར་བླུགས་ཤིང་། ཧཱུྃ༔ རྒྱ་གར་ཡུལ་གྱི་ཚུ་རོལ་དང༔ བལ་པོའི་ཡུལ་གྱི་ཕ་རོལ་མཐའ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ རིག་འཛིན་རྡོ་རྗེ་དྲག་པོ་དང༔ སློབ་དཔོན་བ་སུ་དྷཱ་ར་ཡིས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དམ་ཚིག་བདུད་རྩི་བྱིན་པ་ཡི༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ ཐ་ཚིག་དམ་བཅའ་ཇི་བཞིན་དུ༔ མཆོད་གཏོར་བདུད་རྩི་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབས༔ ཨོཾ་མ་མཱ༔ ལ་ལཱ༔ ལེ་ལཻ༔ ཏཾ་ཏཾ༔ ཏེ་ཏཻ༔ ཁ་རགྨ༔ མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུྃ༔ བཞི་པ་ལས་མཇུག་བྲོ་ཡིས་བསྡུ་བ་ནི། གཏོར་གཞོང་སྦུབས་ལ་རྡོ་རྗེས་བསྣོལ་མར་མནན་ལ། ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ གཟུང་འཛིན་ལྟར་སྣང་དམ་སྲིའི་ཚོགས༔ རྫོགས་པ་ཆེན་པོའི་ཀློང་དུ་མནན༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨོཾ་བྷྲཱུྃ་ཧྲཱིཿཕཊ༔ ལྔ་པ་བསྐྱེད་པའི་གསལ་སྣང་བསྡུ་བ་ལ་གསུམ། དཀྱིལ་འཁོར་ལྷ་ལ་མཆོད་བསྟོད་བཟོད་གསོལ་བྱ་བ། དངོས་གྲུབ་བླང་བ། བསྡུ་རིམ་དངོས་སོ། །དང་པོ་མཆོད་བསྟོད་བཟོད་གསོལ་རྣམས་འཛབ་བསྟོད་དུས་ལྟར་བྱ། གཉིས་པ་སྒྲུབ་རྟེན་སྤྱི་བོར་བླངས་ཤིང་བདུད་རྩི་བཏུང་ལ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ཀཱ་ཡ་བཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་བྷྲཱུྃ༔ རྩ་ཁམས་བདུད་རྩིའི་དྭངས་མས་གང༔ མཆོག་གི་དངོས་གྲུབ་མངོན་དུ་གྱུར༔ དྭངས་མའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཐུན་མོང་དངོས་གྲུབ་འབད་མེད་འགྲུབ༔ རྣམ་ཀུན་དཀྱིལ་འཁོར་འཁོར་ལོ་དང༔ དབྱེར་མེད་ཆེན་པོར་བྱིན་བརླབས་གྱུར༔ གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་བསྐྱེད་རྟེན་ཡོད་ན། ཨོཾ༔ འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ འཁོར་བ་སྲིད་དུ་བཞུགས་ནས་ཀྱང༔ ནད་མེད་ཚེ་དང་དབང་ཕྱུག་དང༔ མཆོག་རྣམས་ལེགས་པར་བསྩལ་དུ་གསོལ༔ ཨོཾ་སུ་པྲ་སོགས། རྡུལ་ཚོན་ཡིན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་བཛྲ་མུ༔ གང་ལྟར་ཡང་། ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ལྷར་གསལ་བ་ཐམས་ཅད་རང་ལ་ཐིམ། རང་ཡང་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་དུ་མཉམ་པར་བཞག །དྲུག་པ་ཟུང་འཇུག་སྒྱུ་མ་ལྟ་བུའི་རྒྱུན་གྱི་སྤྱོད་ལམ་ནི། ཕཊ་ཕཊ་ཕཊ༔ སླར་ཡང་ཆུ་ལ་ཉ་ལྡང་བའི་ཚུལ་གྱིས་རང་ཉིད་གཙོ་བོའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵཱ་ཧཾ༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་ཞིང་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །བདུན་པ་སྨོན་ལམ་དང་ཤིས་བརྗོད་ལ་གཉིས། དང་པོ་དགེ་རྩ་རྣམས་འཁོར་གསུམ་ཡང་དག་པའི་བསྔོ་བས་རྒྱས་གདབ་པ་ནི། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ གཉིས་པ་ཤིས་བརྗོད་ནི། མེ་ཏོག་འཐོར་ཞིང་རོལ་མོ་སྣ་ཚོགས་པ་བསྒྲགས་ལ། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གུ་རུའི་མན་ངག་བདུད་རྩིའི་ཆུ། །བློ་དང་འཚམ་པར་བསྟན་པའི་མཐུས། །རིམ་གཉིས་མྱུ་གུ་རབ་སྨིན་ནས། །དངོས་གྲུབ་འབྲས་བུར་སྤྱོད་པར་ཤོག །ཅེས་པའང་ལས་དང་པོ་པ་ལ་མཁོ་ཕྱིར་མཆོག་གྱུར་གླིང་པས་གུ་རུའི་བཀའ་བཞིན་བྲིས་པས་འགྲོ་ཀུན་ཕན་བདེའི་གོ་འཕང་ལ་དཀྲི་བའི་རྒྱུར་གྱུར་ཅིག། །།

སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པ་ (Volume 36, Text 18)

སྒྲོལ་དཀར་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་ན། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་ཞལ་བསིལ་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མེ་ཏོག་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་བདུག་སྤོས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་སྣང་གསལ་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་དྲི་ཆབ་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་ཞལ་ཟས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ནཻ་བིདྱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་རོལ་མོ་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་དང་། ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་གཟུགས་ཀྱི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་སྒྲ་ཡི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་དྲི་ཡི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་རོ་ཡི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ར་ས་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེ་རེག་བྱའི་ལོངས་སྤྱོད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་དང་། ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ འཆི་མེད་བདུད་རྩི་གཡུང་དྲུང་ཆུ༔ དུག་ལྔ་སེལ་བའི་སྨན་ཆེན་པོས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ འདིར་བརྒྱུད་པའི་མཚན་དོན་སྦྱར། ༈ ཚེ་དཔག་མེད་མགོན་གཙུག་ཏོར་རྣམ་རྒྱལ་མ། །ཡིད་བཞིན་འཁོར་ལོ་རིག་འཛིན་ཤྲཱི་སིཾ་ཧ། །དྲི་མེད་བཤེས་གཉེན་མཚོ་སྐྱེས་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མངའ་བདག་ཡབ་སྲས་བཻ་རོ་རྒྱལ་མཆོག་དབྱངས། །གནུབས་ཆེན་ནམ་སྙིང་ཡེ་ཤེས་མཚོ་རྒྱལ་མ། །རང་བྱུང་རྡོ་རྗེའི་གཟི་བརྗིད་རྩལ་འཆང་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རིགས་བཞིའི་སྒྲོལ་མ་ཕྲིན་ལས་ལྷ་མོ་བཞི། །ཚེ་དབང་རིག་འཛིན་ཆོས་སྲུང་གཏེར་གྱི་བདག །སྣང་སྲིད་འཆི་མེད་འཁོར་ལོར་དག་པ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་བདུད་རྩིའི་ཐིགས་གཏོར་ཕུལ་པའི་ལྷག་མ་དངོས་གྲུབ་ཀྱི་དབྱིག་ཏུ་བལྟས་ལ། བཛྲ་ཨ་མྲྀཏ་སིདྡྷི་ས་མ་ཡ་ཧོཿ ཞེས་ལྕེར་མྱང་ངོ་། །འདིའང་བློ་གྲོས་མཐའ་ཡས་པའི་སྡེས་ཞབས་ཏོག་ཏུ་སྤེལ་བའོ།།༽ ཧྲཱི༔ པདྨ་བྷཉྫའི་སྣོད་ནང་དུ༔ ཁམས་གསུམ་བསྒྲལ་པའི་རཀྟའི་བཅུད༔ བདེ་མཆོག་བདེ་བའི་རོལ་མོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་སྣོད་ཡངས་པར༔ ཁམས་གསུམ་འགྲོ་ཀུན་གཏོར་མར་སྦྱར༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྦྱར། དེ་ནས་དོན་མཆོད་ལ་འཇུག་གོ །ཅེས་པའང་རྗེ་བླ་མའི་རྡོ་རྗེའི་གསུང་མ་བསླད་པར་པདྨ་གར་དབང་གིས་བྲིས་པ་དགེ་ལེགས་འཕེལ།། །།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ (Volume 60, Text 18)

༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་། བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས། སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཅིང་བརྣགས་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས༴ རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས༴ ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས༴ སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས༴ བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས༴ རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས༴ ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས༴ རབ་འབྱམས་ཞི་ཁྲོ་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས༴ རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས༴ རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་སྐྱེས༴ གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བཀྲམ། །མཚོ་སྐྱེས༴ ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས༴ ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུངས་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས༴ དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ། །མཚོ་སྐྱེས༴ མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས༴ རྨད་བྱུང་ཨ་ཏི་ཡོ་གའི་གསེང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས༴ ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས༴ རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས༴ བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས༴ མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས༴ དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་། ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བ་ཡིན་པ་འདི་ངོ་ཤེས་ནས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ། གང་ཟག་སྐལ་པ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུའི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་རྙིང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བར་གུང་ཐུན་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བཀའ་བརྒྱད་འདེར་འདུས་ཀྱི་གཙོ་བོའི་མངོན་རྟོགས་ཆེ་ཆུང་ (Volume 14, Text 18)

བཀའ་བརྒྱད་འདེར་འདུས་ཀྱི་གཙོ་བོའི་མངོན་རྟོགས་ཆེ་ཆུང་བཞུགས་སོ། །ཡང་བཀའ་བརྒྱད་ལས་བྱང་གི་སྐབས་སུ། བསྐྱེད་རྫོགས་ཆེན་མོ་ལ་གཙོ་བོའི་མངོན་རྟོགས་རྒྱས་པ་བསྒོམ་པར་འདོད་ན་ལས་བྱང་གི །ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར་པ་ནི། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་བསྐལ་པའི་མེ་ལྟར་འབར་ཞིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། དབུ་ཉི་ཤུ་རྩ་གཅིག་གི་རྩ་ཞལ་སྨུག་ནག །ལྷག་མ་དྲུག་མཐིང་ག །གཡས་ཞལ་བདུན་དཀར་ཞིང་། གཡོན་ཞལ་བདུན་དམར་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུགས་པའི་ལྗགས་འདྲིལ་ཞིང་། རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་འབར་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་བཞི་བཅུ་རྩ་གཉིས་ཀྱི་དང་པོ་གཉིས་ཀྱིས་ཀུན་བཟང་ཡབ་ཡུམ་ཐུགས་ཀར་བསྣོལ་ནས་འཛིན་པ། ལྷག་མ་གཡས་ཀྱི་ཉི་ཤུ་ན། རིགས་ལྔ། སེམས་དཔའ་བརྒྱད། ཁྲོ་བོ་བཞི། ལྷ་དང་། ལྷ་མིན། མིའི་ཐུབ་པ་རྣམས་དང་། གཡོན་གྱི་ཉི་ཤུ་ན་ཡུམ་ལྔ། སེམས་མ་བརྒྱད། ཁྲོ་མོ་བཞི། བྱོལ་སོང་དང་། ཡི་དྭགས། དམྱལ་བའི་ཐུབ་པ་རྣམས་འཛིན་པ། ཞབས་བརྒྱད་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟབས་ཀྱིས་ལྷ་ཆེན་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། སྒེག་པ་སོགས་མཆོག་ཏུ་འབར་བའི་གཟི་བྱིན་རྒྱས་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། ཚར་གསུམ་ཐོད་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། གདུག་པའི་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་དཔལ་གྱི་ཆས་བཅུ་རྫོགས་པ། དེའི་པང་དུ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་དབུ་དགུ །ཕྱག་བཅོ་བརྒྱད་པ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། ཕྱག་དང་པོ་གཉིས་ཀྱི་གཡས་རྡོ་རྗེ་དང་། གཡོན་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ལྷག་མ་གཡས་པ་བརྒྱད་ན་གནས་ཀྱི་མ་མོ་བརྒྱད་དང་། གཡོན་པ་བརྒྱད་ན་ཡུལ་གྱི་ཕྲ་མེན་བརྒྱད་བསྣམས་པ། ཁྲོ་མོའི་རྒྱན་ཅན། ཞབས་བཞི་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང་། གཡས་བརྐྱང་བའི་སྟབས་ཀྱིས་སྙོམས་པར་འཇུག་པ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན། བཟོད་པར་དཀའ་བའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་བསྐལ་པའི་མེ་དཔུང་ཆེན་པོའི་ཀློང་ན་བཞུགས་པའོ། །ཞེས་པ་སྦྱོར་ཏེ། དེ་བཞིན་དུ་མངོན་རྟོགས་ཆུང་བ་ལ་མོས་ནའང་གཙོ་བོ་ཞལ་གསུམ་ཕྱག་དྲུག་པར་བྱེད་པ་ལས། ལྷག་མ་གཞན་རྣམས་དཀྱུས་བཞིན་དུ་བྱས་པས་འགྲུབ་པ་ཉིད་དེ། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་འབར་ཞིང་བཟོད་པར་དཀའ་བའི་གཟི་བྱིན་ཅན། དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་འབར་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་པ་དང་། གཡོན་གསུམ་ཐོད་པ་ཁྲག་གིས་གང་བ་འཛིན་པ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟབས་ཀྱིས་ལྷ་ཆེན་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། ཞེས་སོགས་ལས་བྱང་གི་དཀྱུས་བཞིན་ནོ། །ཞེས་པའང་གནས་སྐབས་ཉེ་བར་མཁོ་བའི་ཡན་ལག་ཏུ་འགྱུར་མེད་རྡོ་རྗེས་བརྗོད་པའོ། །སརྦ་མངྒ་ལཾ།། །།

ཆོས་དབང་ཕུར་པའི་སྨད་ལས་རྡོ་རྗེའི་མེ་ཆར་ལས་ཁོལ་དུ་བྱུང་བ་ (Volume 31, Text 18)

དེ་ནས་བྲུབ་ཁུང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ན་གཏི་མུག་གི་མུན་པ་གཏིབ་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས། དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་དགུག །དེ་ནས་ཕོ་ཉ་གཏང་བ་ནི། ཛཿ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ ཧཱུྃ། དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་འཆིང་བར་བྱེད་པའི་ཞགས་པ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་ཡན་ལག་རྣམས། །བྱད་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །བཾ། དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་སྡོམ་པར་བྱེད་པའི་ལྕགས་སྒྲོག་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་དབང་པོ་རྣམས། །དམ་པར་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །ཧོཿ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ། །ལོག་འདྲེན་མྱོས་པར་བྱེད་པའི་དྲིལ་བུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་རྣམ་ཤེས་ཡིད། །མྱོས་སུ་ཆུགས་ཤིག་བཛྲ་གྷཎྜེ་ཧོཿ ཞེས་འགུག་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ། དེ་ནས་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པར་ལྡན་པས་བསྒྲལ་བའི་ཐབས་དངོས་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལའང་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་འབྱུང་བའི་དང་པོ་ལྷ་དང་ཕྲལ་བ་ལའང་དྲུག་གི །དང་པོ་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པ་བབ་བརྒྱད་བསྐུལ་རྗེས་སུ་འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། རྫས་ནི། གུ་གུལ་སོགས་ཀྱི་དབྱེ་རྫས་ཀྱིས་བདུག་ཅིང་བྱ་རོག་དང་འུག་པའི་དང་རུས་ཕྱིར་འབྱེད་པའི་ཚུལ་བྱ། ཏིང་འཛིན་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བྱེར་བར་བསམ་མོ། །དམོད་པ་ནི། དགྲ་དང་དགྲ་སྐྱོབ་པའི་ལྷ་གཉིས་བྲལ་བར་གྱུར་ཅིག །ཅེས་བརྗོད་པའོ། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱོང་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། རྫས་ནི། ཡུངས་དཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབས་ལ་འབེབ་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་དང་ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་གཉིས་སུ་མེད་པར་བསྟིམས་པར་བསམ། དམོད་པ་ནི། ཆེ་གེ་མོའི་རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག །ཅེས་བརྗོད་པའོ། །གསུམ་པ་བྱད་དུ་གཞུག་པ་ལ་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱོང་ནི། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། རྫས་ནི། ཚོན་སྐུད་སྣ་ལྔའི་སྐུད་པ་དང་ཡུགས་སའི་སྐྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ། དམོད་པ་ནི། དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག །ཅེས་བརྗོད་པའོ། །བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱོང་། རིངས་པར་ཁུག་ལ་སྨྱོ་རུ་ཆུགས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། རྫས་ནི། དུག་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་ཡང་སྤྲུལ་དང་བཅས་པ་དང་གནམ་ཐེ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་སེམས་མྱོས་ལུས་སྐྲངས་དྲན་མེད་དུ་གྱུར་ནས་མུ་ཅོལ་དུ་སྨྲ་བར་བསམ། དམོད་པ་ནི། ཆེ་གེ་མོ་སྨྱོ་རུ་ཆུགས་འབོག་ཏུ་ཆུགས། དྲན་པ་ཉམས་པར་གྱུར་ཅིག །ཅེས་བརྗོད་པའོ། །ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་གཅིག་ཤུར་གྱི་གདབ་ལས་འབྱུང་བས། དེ་ཡང་། བདག་དཔལ་ཆེན་པོར་གསལ་བའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླས་མཚན་པའི་བར་དུ་བསྙེན་ཕུར་ཡཀྴ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་བར་མོས་ལ་བྱིན་གྱིས་བརླབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པ་ཉེར་གཅིག་གི་མཐར། ༼འདིར་ཕྱག་བཞེད་དུ་ཚོགས་མཐའ་མ་ལྟར་བབ་བརྒྱད་དང་། བྱང་ཆུབ་མཆོག་སེམས་སོགས་སྒྲོལ་ཚིག་བརྗོད་ལ། མཆན།༽ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནཱན། མོ་ཧཱ་གྷ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཥྚིཿབི་ཀྲིཏ་ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ། ཅེས་སྤུ་གྲིའི་གདབ་སྔགས་བརྗོད་ཅིང་། དམིགས་བྱའི་སྙིང་དཀར་ནག་གི་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་ཁར་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་འདུས་པར། ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨར་བཅས་བསྡུས་ནས་རང་ལ་བསྟན་པས་ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་འབར། སླར་ཡང་ཧཱུྃ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ་ཕཊ་ཕཊཿ ཅེས་གནས་སྤར་ནས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེའི་རྗེས་འཛིན་གྱི་ཕུར་བུ་ཞེས་བྱ་སྟེ་ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བའོ། །དེ་ནས་ཕྱིར་མི་ལྡོག་པའི་ཕྱིར། ཁྲོ་བཅུའི་ཕུར་བུས་རིམ་པ་བཞིན་གདབ་སྟེ་སྤྱི་བོར་ཧཱུྃ་མཛད། དཔྲལ་བར་རྣམ་རྒྱལ། ལྟེ་བར་གཤིན་རྗེ། མགྲིན་པར་རྟ་མགྲིན། སྙིང་ཁར་འཁྱིལ་བ། དཔུང་གཡོན་དབྱུག་སྔོན། དཔྱི་གཡོན་མི་གཡོ་བ། དཔྱི་གཡས་འདོད་རྒྱལ། དཔུང་གཡས་སུམ་རྒྱལ། གསང་བར་སྟོབས་ཆེན་རྣམས་ཀྱི་ཕུར་བུ་རང་རང་གི་སྔགས་ཀྱིས་གདབ་བོ།།་་་་༼འདི་དག་ནི་ཚོགས་ལས་སྐབས་བཞིན་ཕྱོགས་མཚམས་ཀྱི་ཁྲོ་མོ་བརྒྱད་དང་། ཁྲོ་བཅུ། སྟེང་འོག་གི་ཁྲོ་མོ་གཉིས་བཅས་ཀྱི་ཕུར་གདབ་དང་། དེ་རྗེས་གྲི་སྒྲོལ་བཅས་ཕྱག་བཞེད་དུ་སྐབས་འདིར་བྱེད། མཆན།༽ དེ་ནས་རྡུལ་དུ་བརླག་པ་དངོས་ལ་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱོང་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ། རྫས་ནི། རྡོ་རྗེ་ཐོ་བ་དང་གཏུན་ཁུང་གྲུ་གསུམ་བར་དུ་བརྡུང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཡང་སྤྲུལ་དང་བཅས་པ་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླགས་པར་བསམ་མོ། །དམོད་པ་ནི། དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག །དྲུག་པ་ཞལ་དུ་སྟོབ་པ་ལའང་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་ཕྲིན་ལས་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱོང་ནི། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། རྫས་ནི། ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་སྟོབ་ཅིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏིས་གྲོགས་བྱས་ཤིང་སྟོབ་པས་དགྱེས་པའི་རྐན་སྒྲ་དང་བཅས་པས་རོལ་པར་བསམ། དམོད་པ་ནི། དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །ཅེས་བརྗོད། དེ་ནས་སླར་ཡང་ལིང་རོ་རྣམས་བདུད་རྩི་སྤར་པ་ཞལ་དུ་སྟོབ་ཅིང་། ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི། །སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ། ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཕུལ་བས་ལྷ་ཐམས་ཅད་མཉེས་ཏེ། ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་དངོས་གྲུབ་བསྩལ། ཕཊ་ཕཊ་ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ། །ཞེས་སྨད་ལས་རྡོ་རྗེའི་མེ་ཆར་ལས་བཀླག་ཆོག་ཁོལ་དུ་ཕྱུང་བའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྩ་གསུམ་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་བྱང་བུ་སྤྱིའི་བསྐང་བ་རིན་ཆེན་སྣང་བ་བཀོད་པའི་སྤྲིན་ཆེན་ (Volume 62, Text 18)

རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྩ་གསུམ་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་བྱང་བུ་སྤྱིའི་བསྐང་བ་རིན་ཆེན་སྣང་བ་བཀོད་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས། །ཧཱུྃ་ཧྲཱིཿ ཆོས་ཀུན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས། །མ་བཅོས་མཉམ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཀློང་ཡངས་བརྡལ་བ་ཆེན་པོ་ཆོས་སྐུའི་ངང་། །བདེ་ཆེན་འདུ་འབྲལ་མེད་པའི་རྩ་གསུམ་ལྷ། །ཀུན་བཟང་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་ཆེ། །རང་སྣང་ལོངས་སྤྱོད་ཡོངས་རྫོགས་ཆེན་པོའི་སྤྲིན། །དག་པའི་སྣོད་བཅུད་ཀུན་བཟང་རྡོ་རྗེའི་ཞིང་། །བླ་ན་མེད་པའི་ངོ་མཚར་བཀོད་པ་ནི། །ཕྱི་སྣོད་འོག་མིན་རྡོ་རྗེའི་གཞལ་མེད་ཁང་། །རབ་འབྱམས་མཆོད་པའི་བཀོད་པ་བསམ་ལས་འདས། །ནང་བཅུད་ཡེ་ཤེས་ལྷ་དང་ཌཱ་ཀིའི་ཚོགས། །རྡོ་རྗེའི་གླུ་གར་རོལ་མོ་དང་བཅས་ཏེ། །ཕུལ་བྱུང་འདོད་ཡོན་བཀོད་པ་མ་ཚང་མེད། །ཟག་མེད་དཔལ་གྱི་འབྱོར་པ་རྒྱས་པ་འདིས། །བརྒྱུད་གསུམ་ཀུན་འདུས་རིག་རྩལ་དབང་ཐོབ་པའི། །སྲིད་ཞིའི་སྤྱི་དཔལ་ཧེ་རུ་ཀཿཆེན་པོ། །སྣང་སྲིད་ཟིལ་གནོན་འཇིགས་བྲལ་བརྟུལ་ཞུགས་གྲུབ། །རིག་འཛིན་ཤྲཱི་སིཾ་ཧའི་ཐུགས་དམ་བསྐང་། །ཡེ་ཤེས་དགོངས་བརྒྱུད་ཀློང་ཡངས་གཅིག་ཏུ་སིམ།། རྣམ་འགྱུར་གང་འདུལ་སྐུ་དང་མཛད་པ་ཡིས། །ལས་དང་སྒྱུ་འཕྲུལ་རོལ་པ་འགགས་མེད་སྟོན། །འགྲོ་འདུལ་སུམ་ཅུ་རྩ་གཅིག་ཐུགས་དམ༴ མཆོག་ཏུ་མི་འགྱུར་ཡེ་ཤེས་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་སྙེམས་མར་དགྱེས་རོལ་བས། ཁ་སྦྱོར་བདུན་ལྡན་ཁྱབ་བདག་རྡོ་རྗེ་སེམས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང་། །སེམས་ཀྱི་འཁྲུལ་རྟོག་གཉུག་མའི་ངོ་བོར་དག །ཡུལ་དང་ཡུལ་ཅན་ཆོས་ཉིད་རྒྱན་དུ་ཤར། །གདོད་ནས་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་ཆེར། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས་གྲོལ་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་མཚོ། །ངོ་བོ་སྟོང་པར་རྗེས་ཆགས་རཀྟའི་སྐྱེམས། །ཀུན་བཟང་མཁའ་ཁྱབ་རང་ཤར་བ་ལིཾ་ཏ། །དམ་རྫས་རྒྱན་གྱི་མཆོད་པ་རྨད་བྱུང་བས། །མཁའ་ལྟར་མི་གཡོ་ཆོས་ཉིད་དགོངས་པ་དག །རང་བྱུང་ལྷུན་གྲུབ་ཐུགས་རྗེས་འགྲོ་བ་འདུལ། །ཆོས་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་པའི། །རིག་འཛིན་བླ་མ་བཅོ་ལྔའི་ཐུགས༴ ཀུན་བཟང་གདོད་མའི་མགོན་པོའི་ཡེ་ཤེས་ཉིད། །གང་འདུལ་རོལ་པ་སྟོན་པ་བཅུ་གཉིས་ཚུལ། སྐུ་ལྔའི་སངས་རྒྱས་ཐེག་མཆོག་ཆོས་འཁོར་བསྐོར། །ཞི་བ་མངོན་རྫོགས་དཀྱིལ་འཁོར་ཐུགས༴ འཕགས་པའི་སྤངས་རྟོགས་ས་ལམ་ཡོན་ཏན་གཟུགས། །འགྲོ་སྒྲོལ་སླད་དུ་ཐེག་རིམ་དགུའི་དཀྱིལ་འཁོར། །ཀུན་གཞི་ཚོགས་བརྒྱད་རྣམ་དག་འདུས་པའི་ལྷ། ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཐུགས༴ སྐྱེ་མེད་དབྱིངས་ཀྱི་རྒྱལ་མོ་རང་བྱུང་ལྷ། །འགག་མེད་བདེ་སྟོང་དགྱེས་མའི་རོལ་གར་ཆེ། །གཙོ་དང་འཁོར་དྲུག་ཁྲག་འཐུང་ཡུམ་ཆེན་ཚུལ། །མཁའ་འགྲོ་རོ་ལངས་བདེ་མའི་ཐུགས༴ ཀློང་ཆེན་དབྱིངས་སུ་བཅོས་མའི་ལྟ་སྒོམ་དག །ཆོས་ཉིད་མཁའ་ལས་ནམ་ཡང་འདུ་འབྲལ་མེད། །ཐུགས་རྗེའི་དབྱིངས་སུ་སྐུ་བཞི་ལྷུན་གྲུབ་པའི། །ལྟ་སྒོམ་སྤྱོད་པ་མཐར་སོན་བྱིན་གྱིས་རློབས། །མངོན་སུམ་ཆོས་ཉིད་ཡངས་པའི་བྷཉྫ་རུ། །སྣང་ཉམས་འོད་གསལ་ཚོགས་ཀྱི་དམ་ཚིག་རྫས། །རིག་པ་ཚད་ལ་ཕེབས་པའི་དགའ་སྟོན་དུ། །བློ་འདས་ཡིད་བྱེད་བྲལ་བས་ཐུགས་དམ་བསྐང་། །ཀ་དག་དབྱིངས་སུ་སྟོན་འཁོར་དགོངས་པ་གཅིག །ལྷུན་གྲུབ་སྣང་ཆ་བརྡ་བརྒྱུད་རིག་འཛིན་དང་། །སྙན་བརྒྱུད་བླ་མས་ཐེག་མཆོག་ལམ་སྟོན་མཛད། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས༴ ཞི་བ་ལྷུན་གྱི་གྲུབ་པའི་ཡེ་ཤེས་རྩལ། །འཇོམས་བྱེད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ། །ལྷུན་རྫོགས་གདན་གསུམ་ཡོངས་རྫོགས་འཁོར་ལོའི་སྤྲིན། །ཀུན་ཏུ་འབར་འཕྲོའི་ལྷ་ཡི་ཐུགས༴ ཁྱབ་བརྡལ་ཡེ་ཤེས་ཀློང་ཆེན་རྣམ་དགུའི་མདངས། །མི་ཟད་རྒྱན་གྱི་འཁོོར་ལོ་འབར་བའི་གཟུགས། །རིགས་ལྔ་ཕྱག་རྒྱའི་སྤྲིན་ཕུང་ཡོངས་རྫོགས་པ། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཐུགས༴ དབྱིངས་ཀྱི་ལྟ་བས་འཁྲུལ་རྟོག་གྲོང་ཁྱེར་འཇོམས། །འོད་གསལ་སྒོམ་པས་ཁམས་གསུམ་སྦུབས་ལས་གྲོལ། །སྣང་སྤྱོད་ཡེ་ཤེས་དབང་བསྒྱུར་སྤྱོད་པ་ཡིས། །ལྷུན་གྲུབ་འབྲས་བུའི་བཙན་ས་ཟིན་པར་མཛོད། །བདེ་ཆེན་རྡོ་རྗེ་བཙུན་མོའི་དབྱིངས་སྦྱོར་བས། །རྒྱུད་དྲུག་འཁྲུལ་པའི་རུ་ཏྲ་ཀློང་དུ་བསྒྲལ། །མཉམ་ཉིད་ཕྱོགས་ལྷུང་ཀུན་བྲལ་དེ་ཁོ་ནའི། །རོལ་པ་ཆེན་པོའི་མཆོད་པས་ཐུགས་དམ་བསྐང་། །དབྱིངས་ཕྱུག་ཆོས་ཀྱི་གཉེར་འཛིན་མཁའ་འགྲོ་དགུ། །ཡེ་ཤེས་ཆོ་འཕྲུལ་འབར་མ་གཤོག་རྒོད་མ། །རྡོ་རྗེ་ལེགས་པ་ལྷ་བཙན་ཀླུའི་རྒྱལ་པོ། །བཀའ་གཏེར་ཆོས་སྲུང་རྒྱ་མཚོའི་ཐུགས༴ ཡུལ་དང་དབང་པོའི་གཉིས་རྟོག་ལས་འདས་པའི། །རང་སྣང་ཡེ་ཤེས་རྒྱན་གྱི་རོལ་པ་ཆེ། །གདོད་ནས་ཤར་གྲོལ་གཉིས་མེད་ཆོས་སྐུའི་ཀློང་། །དུས་གསུམ་མཉམ་ཉིད་དགྱེས་པས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ སྣང་བ་རྣམ་དག་ཡུམ་མཁའི་བྷཉྫ་རུ། །སྲིད་པ་བདེ་ཆེན་ཤར་པའི་ཚོགས་ཀྱི་རྫས། །དབང་ཡུལ་གཟུང་འཛིན་ལས་འདས་མཆོད་སྤྲིན་འདིས། །བུམ་དབང་དམ་སྐོང་སྤྲུལ་སྐུའི་དངོས་གྲུབ་སྩོལ། །མི་རྟོག་ཨ་ཝ་དྷཱུ་ཏིའི་བྷཉྫ་རུ། །རྩ་རླུང་ཐིག་ལེའི་བཅུད་ཀྱི་ཚོགས་རྫས་བཤམས། །འཕོ་འགྱུར་སྲེད་ལེན་ལས་འདས་མཆོད་སྤྲིན་འདིས། །གསང་དབང་དམ་སྐོང་ལོངས་སྐུའི་དངོས་གྲུབ་སྩོལ། །རྣམ་ཐར་སྒོ་གསུམ་ཡུམ་མཁའི་བྷཉྫ་རུ། །ཐབས་མཆོག་ཡབ་ཀྱི་རྡོ་རྗེའི་ཚོགས་རྫས་བཤམས། །འཛག་བདེའི་ཞེན་གྲོལ་མཉམ་སྦྱོར་དགའ་བ་བཞིས། །ཤེར་དབང་དམ་སྐོང་ཆོས་སྐུའི་དངོས་གྲུབ་སྩོལ། །ཆོས་དབྱིངས་རང་བྱུང་གསང་བའི་བྷཉྫ་རུ། །རིག་པ་འོད་གསལ་ཆེན་པོའི་ཚོགས་གཏོར་བཤམས། །འཁོར་འདས་རང་གྲོལ་རྡོ་རྗེའི་མཆོད་པ་ཆེས། །བཞི་པའི་དམ་སྐོང་ངོ་བོ་ཉིད་སྐུ་སྩོལ། །དབྱིངས་སྣང་བརྡལ་བ་ཆེན་པོའི་བྷཉྫ་རུ། །ལྷུན་གྲུབ་སྣང་བཞིའི་སྤྲིན་གྱི་ཚོགས་རྫས་བཤམས། །ཟག་པ་རང་ཟད་དོན་གྱི་མཆོད་པ་ཆེས། །རིག་རྩལ་དམ་སྐོང་མི་འགྱུར་རྡོ་རྗེར་སྡོམས། །བསྐང་ངོ་ཡེ་ཤེས་དབྱིངས་ཀྱི་རྩ་གསུམ་ལྷ། །མཆོག་དོ་རྟག་ཏུ་དགྱེས་པའི་དཔལ་ལ་རོལ། །བསྐུལ་ལོ་རྟག་རྒྱུན་ཤུགས་ཀྱི་ཐུགས་རྗེ་བསྐུལ། །མཛོད་ཅིག་ལས་དང་དངོས་གྲུབ་ཀུན་མཛོད་ཅིག །དབང་བཞིའི་དམ་ཚིག་རྡོ་རྗེ་བཞིའི་དབྱིངས་བསྐང་། །ལྟ་བའི་དམ་ཚིག་དམིགས་གཏད་བྲལ་བར་བསྐང་། །སྒོམ་པའི་དམ་ཚིག་རྩོལ་སྒྲུབ་འདས་པར་བསྐང་། །སྤྱོད་པའི་དམ་ཚིག་བླང་དོར་མེད་པར་བསྐང་། །སྣོད་བཅུད་རྒྱུད་གསུམ་ལྷ་སྔགས་ཡེ་ཤེས་ཤར། །རྩ་རླུང་ཐིག་ལེ་དྷཱུ་ཏིའི་སྦུབས་སུ་ཆུད། །ཅིར་སྣང་ཡེ་ཤེས་རྒྱན་གྱི་འཁོར་ལོ་ཆེ། །གཟུང་འཛིན་མཚན་རྟོག་འདས་པས་ཐུགས་དམ་བསྐང་། །སྒྲུབ་ཏུ་མེད་པའི་ལྷ་མཆོག་རང་རིག་རྟོགས། །མཆོད་བསྐང་ཀུན་བྲལ་དགྱེས་པ་ཆེན་པོའི་ཀློང་། །འོད་གསལ་སྣང་བཞིའི་གདངས་རྩལ་མཐར་ཕྱིན་ནས། །བྱར་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་མཛོད། །རིག་རྩལ་དབང་གིས་འཁོར་འདས་རང་དབང་བསྒྱུར། །རྒྱལ་ཐབས་སྤྱི་བླུགས་དཀྱིལ་འཁོར་བདག་པོར་གྲུབ། །ལྷ་དང་གཉིས་མེད་རྒྱུད་ལུང་མན་ངག་མཛོད། །འཆད་རྩོམ་སྒྲུབ་པའི་ཆུ་བོ་བཞི་རྫོགས་ཤོག །སྐྱེ་འཆིའི་མཚན་རྟོག་ཀ་དག་དབྱིངས་སུ་ཟད། །རྡོས་བཅས་འཁྲུལ་པ་འོད་གསལ་མེ་ཡིས་སྦྱངས། །ཡེ་ཤེས་ཆེན་པོའི་དམ་ཚིག་ཡེ་སྲུང་གི །ཐིག་ལེ་གཅིག་ཏུ་གཉིས་མེད་སངས་རྒྱས་ཤོག །ཅེས་པའང་རང་ལོ་དྲུག་ཅུ་རྩ་གཅིག་ཏུ་སོན་པའི་སྐབས་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ལ་བྲིས་སྤེལ་བགྱིས་པའི་སྐབས། ཉིང་འཁྲུལ་གྱི་སྣང་ཆར་པདྨ་ཤེལ་ཕུག་ཏུ་༧འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་སྐྱབས་རྗེ་རབ་འབྱམས་གོང་མ་ལྷན་ཅིག་རང་གི་དབུ་མཛད་ཀྱིས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་འཁོར་ཞིག་བཏང་མུར་བསྐང་བའི་དབུར་སླེབ་པ་དང་། རབ་འབྱམས་རིན་པོ་ཆེས་ཕྲན་ནས་སྟོང་ཚོགས་ཞིག་བསྒྲིག་རྒྱུ་ཡིན་པས་ཅུང་ཟད་སྡོད་གསུངས་པས་རང་ནས་ཚོགས་བསྡུས་ཁ་ཤས་གྲངས་བསགས་པ་དང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོོར་གྱི་གོ་དོན་ཁྱད་པར་ཅན་ཞིག་རིག་ངོར་གསལ་མ་ཐག །བསྐང་བཤགས་བཏང་བར་རྨིས་པས་ཡིད་སྒུལ་ཏེ་འོད་གསལ་སྣ་ཚོགས་རང་གྲོལ་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་སྐྱེ་ཀུན་ཐེག་པ་མཆོག་གི་སྟོན་དང་བསྟན་པར་མི་འབྲལ་བར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།

ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་ཕྲིན་ལས་ (Volume 22, Text 18)

༄༅། །ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་ཕྲིན་ལས་བཞུགས་སོ། ། ྈྈྈྈྈྈྈྈྈྈ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་ནི༔ ཕུན་སུམ་ཚོགས་པ་བཞི་ལྡན་པའི༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ དང་པོ་མཚམས་བཅད་པ་ནི༔ ཧྲཱི༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ འདུས་པའི་ལྷ་རྣམས་མ་གཏོགས་པ༔ བར་གཅོད་དགྲ་བགེགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས༔ ཁྲོ་ཆེན་རྟ་མགྲིན་ཁྲོས་ནས་ཀྱང༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང༔ གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས༔ བར་ཆད་ཐམས་ཅད་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ༔ རང་གི་གནས་དེ་རྟ་མགྲིན་གྱི༔ སྤྲུལ་པ་མང་པོས་གང་བར་བསམ༔ དེ་ནས་བཤགས་པ་བྱ་བ་ནི༔ བླ་མ་འཕགས་པ་འཁོར་བཅས་རྣམས༔ མདུན་གྱི་ནམ་མཁར་དམིགས་བྱས་ལ༔ སྒོ་གསུམ་གུས་པས་བཤགས་པ་འབུལ༔ ཧྲཱི༔ འཕགས་པ་འཁོར་བཅས་དགོངས་སུ་གསོལ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱིས༔ སྔོན་ཚེ་འཁོར་བ་ཐོག་མེད་ནས༔ ཉོན་མོངས་དུག་ལྔའི་དབང་གྱུར་ཏེ༔ ངན་སོང་གསུམ་གྱི་ལས་བསགས་པ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་རྣམས༔ འཕགས་པའི་སྤྱན་སྔར་མཐོལ་ཞིང་བཤགས༔ ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ༔ པདྨ་སཏྭ་ཨཱ༔ དེ་ནས་བྱིན་དབབ་པ་ནི༔ སྤོས་དང་རོལ་མོ་ཐོགས་བྱས་ལ༔ ཧྲཱི༔ ཨ་ལ་ལ་ཧོཿ བྷ་ག་བཱན༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང༔ ཡང་སྤྲུལ་ཐུབ་དྲུག་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་ཐུགས་རྗེས་གཟིགས༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ལ༔ བདག་གི་སྡིག་སྒྲིབ་སྦྱོང་དུ་གསོལ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ དེ་ནས་རང་ཉིད་ཁྲུས་བྱས་ཏེ༔ གཙང་མའི་གོས་གྱོན་མེ་ཏོག་ཐོགས༔ གཏོར་མ་མཆོད་རྫས་ཐམས་ཅད་ནི༔ བསང་སྦྱང་བྱིན་རླབས་བྱ་བ་ནི༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཐམས་ཅད་སྟོང་པར་དག་པར་སྦྱང༔ ཨོཾ་ཨཱ་ཧཱ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཙི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་བུམ་པ་སྒྲུབ་པ་ནི༔ པདྨ་མཎྜ་ལ་བྷྲཱུྃ༔ ཧྲཱི༔ བུམ་ནང་པདྨའི་གཞལ་ཡས་ཁང༔ དབུས་སུ་པདྨ་ཉི་ཟླའི་གདན༔ དེ་སྟེང་ཧྲཱིཿལས་འོད་འཕྲོས་པས༔ གུ་རུ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་ཤེལ་ཕྲེང་འཛིན༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཞི་བའི་རྒྱན་གྱིས་མཛེས་པར་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱི་རིམ་པདྨ་འདབ་མ་དྲུག༔ དེ་སྟེང་ཧཱུྃ་དྲུག་རང་ཤར་བས༔ ཤར་དུ་ལྷ་དབང་བརྒྱ་བྱིན་དཀར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲ་སྙན་པི་ཝཾ་སྒྲོག༔ ལྷ་ལ་ཐུགས་བརྩེ་བཞེངས་ཏེ་ཆས༔ ཤར་ལྷོར་ཤཱཀྱ་སེང་གེ་སེར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གསེག་ཤང་པར་བུ་བསྣམས༔ མི་ལ་ཐུགས་བརྩེ་བཞེངས་ཏེ་ཆས༔ ལྷོ་ནུབ་ནམ་མཁའ་མཛོད་དམར་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་སྒྲོམ་བུ་བསྣམས༔ ཡི་དྭགས་ཐུགས་བརྩེ་བཞེངས་ཏེ་ཆས༔ ནུབ་ཏུ་སེང་གེ་དམ་ལྡན་སྨུག༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་པུསྟི་བསྣམས༔ བྱོལ་སོང་ཐུགས་བརྩེ་བཞེངས་ཏེ་ཆས༔ ནུབ་བྱང་ཐགས་བཟང་རིས་སྔོན་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྲུང་ཟློག་གོ་ཆ་བསྣམས༔ ལྷ་མིན་ཐུགས་བརྩེ་བཞེངས་ཏེ་ཆས༔ བྱང་ཤར་ཆོས་ཀྱི་རྒྱལ་པོ་མཐིང༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲིབ་སྦྱོང་མེ་ཆུ་བསྣམས༔ དམྱལ་བར་ཐུགས་བརྩེ་བཞེངས་ཏེ་ཆས༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས༔ དཀར་སེར་དམར་ལྗང་སྒོ་མ་བཞི༔ གཙང་མའི་གོས་ཀྱིས་མགུལ་ཆིངས་བྱས༔ དཔག་བསམ་སྡོང་པོས་ཁ་བརྒྱན་པ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེས་མཚན༔ ཐུགས་རྗེའི་རྒྱུན་གྱི་གཟུངས་ཐག་བཏགས༔ དེ་ནས་དབྱིངས་ཀྱི་དབང་བསྐུར་བ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ལྟར༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་དབྱིངས་ནས་སྤྱན་དྲང་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྲས་མཆོག་རིག་འཛིན་པདྨ་འབྱུང༔ སྤྲུལ་སྐུ་བཅོམ་ལྡན་ཐུབ་པ་དྲུག༔ ཡེ་ཤེས་ལྷ་མོ་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀེ་ཤྭ་ར་ས་མ་ཡ་ཛ་ཛ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ རིན་ཆེན་བུམ་པའི་གཞལ་ཡས་སུ༔ གཉིས་མེད་བརྟན་པར་བཞུགས་ནས་ཀྱང༔ འགྲོ་དྲུག་སྒྲིབ་སྦྱོང་ཕྲིན་ལས་མཛོད༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱོང་མཛད་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་འབུལ༔ བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ ཨོཾ་བཛྲ་དྷཱུ་པེ་ཨཱ་ཧཱུྃ༔ ལ་སོགས་བྱ། མ་ཧཱ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོས་འགྲོ་དྲུག་ཀུན་ལ་གཟིགས༔ བྱམས་དང་སྙིང་རྗེ་སེམས་ཅན་ཀུན་ལ་སྙོམས༔ དུས་གསུམ་བདེ་གཤེགས་མ་ལུས་སྐྱེད་པའི་ཡབ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ སྐྱེ་འཆི་གཉིས་སྤངས་ཚེ་ཡི་དངོས་གྲུབ་བརྙེས༔ སྣང་སྲིད་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་རྣམས་འདུལ་ཕྱིར་ལྷ་ཡི་རྒྱལ་པོར་སྤྲུལ༔ ང་རྒྱལ་དག་པས་འདོད་ཡོན་ལོངས་སྤྱོད་རོལ༔ མ་ཆགས་ཞེན་མེད་ཆོས་ལ་མངའ་བརྙེས་པའི༔ ལྷ་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་མིན་འདུལ་ཕྱིར་ལྷ་མིན་རྒྱལ་པོར་སྤྲུལ༔ ཕྲག་དོག་དག་པས་འཐབ་རྩོད་སྡུག་བསྔལ་སྦྱོང༔ ཞེ་སྡང་མཚོན་དབལ་ཞི་ལ་མངའ་བརྙེས་པའི༔ ལྷ་མིན་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མི་རྣམས་འདུལ་ཕྱིར་མི་ཡི་རྒྱལ་པོར་སྤྲུལ༔ འདོད་ཆགས་དག་པས་དཀའ་ཐུབ་ཉོན་མོངས་སྦྱོང༔ དམ་པ་ཆོས་ཀྱི་གསུང་ལ་མངའ་བརྙེས་པའི༔ མི་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱོལ་སོང་འདུལ་ཕྱིར་བྱོལ་སོང་རྒྱལ་པོར་སྤྲུལ༔ གཏི་མུག་དག་པས་ཤེས་རབ་ཡེ་ཤེས་གསལ༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་བསྣམས༔ བྱོལ་སོང་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡི་དྭགས་འདུལ་ཕྱིར་ཡི་དྭགས་རྒྱལ་པོར་སྤྲུལ༔ སེར་སྣ་དག་པས་དགོས་འདོད་རེ་བ་སྐོང༔ འདོད་ཡོན་མི་ཟད་ལོངས་སྤྱོད་མངའ་བརྙེས་པའི༔ ཡི་དྭགས་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དམྱལ་བ་འདུལ་ཕྱིར་དམྱལ་བའི་རྒྱལ་པོར་སྤྲུལ༔ ཞེ་སྡང་དག་པས་སྙིང་རྗེའི་ཐབས་ཀྱིས་འདྲེན༔ སྲིད་པ་ལས་ཀྱི་མེ་ལོང་ཆོས་སྟོན་མཛད༔ དམྱལ་བའི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་སུ༔ དཀར་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་མཛད༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་རྣམས་དགྱེས་པའི་རང་སྒྲ་ལས༔ འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཏིང་འཛིན་གསལ་བས་སྙིང་པོ་བཟླ༔ བུམ་པ་ཡེ་ཤེས་བདུད་རྩིས་གང༔ ལྷ་གཤེགས་བུམ་ཆུས་ཁྲུས་བྱ་འོ༔ ྈྈ ྈྈ དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི༔ ཧྲཱི༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལ༔ ཐུགས་རྗེས་འགྲོ་བའི་དོན་ལ་དགོངས༔ རང་བྱུང་རང་རིག་རང་ཤར་སྐུ༔ འབྱུང་བ་ལྔ་འདུས་འཇིག་རྟེན་འདི༔ རང་གསལ་ཆགས་མེད་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ འདོད་ཡོན་ཕ་གུ་དྲྭ་བ་དང༔ དྲྭ་ཕྱེད་མདའ་ཡབ་རྟ་བབས་རྒྱན༔ ཆོས་ཀྱི་འཁོར་ལོ་གདུགས་དང་བཅས༔ ཏྭ་ར་ཎ་ཡིས་རབ་ཏུ་བརྒྱན༔ ཕྱི་རོལ་རྡོ་རྗེ་མེ་རིས་བསྐོར༔ རིན་ཆེན་གཞལ་ཡས་གསལ་བར་བསྒོམ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་ཤེལ་ཕྲེང་འཛིན༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཞི་བའི་རྒྱན་གྱིས་མཛེས་པར་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱི་རིམ་པདྨ་འདབ་དྲུག་ལ༔ དེ་སྟེང་ཧཱུྃ་དྲུག་རང་ཤར་བས༔ ཤར་དུ་ལྷ་དབང་བརྒྱ་བྱིན་དཀར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲ་སྙན་པི་ཝཾ་སྒྲོག༔ ལྷ་ལ་ཐུགས་བརྩེ་བཞེངས་ནས་ཆས༔ ཤར་ལྷོར་ཤཱཀྱ་སེང་གེ་སེར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གསེག་ཤང་པར་བུ་བསྣམས༔ མི་ལ་ཐུགས་བརྩེ་བཞེངས་ནས་ཆས༔ ལྷོ་ནུབ་ནམ་མཁའ་མཛོད་དམར་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་སྒྲོམ་བུ་འཛིན༔ ཡི་དྭགས་ཐུགས་བརྩེ་བཞེངས་ནས་ཆས༔ ནུབ་ཏུ་སེང་གེ་དམ་ལྡན་སྨུག༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་པུསྟི་བསྣམས༔ བྱོལ་སོང་ཐུགས་བརྩེ་བཞེངས་ནས་ཆས༔ ནུབ་བྱང་ཐག་བཟང་རིས་སྔོན་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྲུང་ཟློག་གོ་ཆ་བསྣམས༔ ལྷ་མིན་ཐུགས་བརྩེ་བཞེངས་ནས་ཆས༔ བྱང་ཤར་ཆོས་ཀྱི་རྒྱལ་པོ་མཐིང༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲིབ་སྦྱོང་མེ་ཆུ་བསྣམས༔ དམྱལ་བར་ཐུགས་བརྩེ་བཞེངས་ནས་ཆས༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་ལྗང་མོ་དྲིལ་བུ་འཛིན༔ གཡོན་པ་ཐམས་ཅད་ཤེལ་ཕྲེང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཕྱི་རོལ་འཁོར་ཡུག་ཆེན་པོ་ལ༔ གཙང་རིས་དཔལ་མགོན་སྲུང་མར་བཅས༔ བསམ་གྱིས་མི་ཁྱབ་སྤྲིན་ལྟར་འཐིབས༔ བསྟན་པ་སྲུང་བའི་ཕྲིན་ལས་མཛད༔ དེ་ནས་དབྱིངས་ཀྱི་དབང་བསྐུར་བ་ནི༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ལྟར༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྤོས་དང་རོལ་མོ་ཐོགས༔ རྩེ་གཅིག་གདུང་བས་སྤྱན་དྲང་བ་ནི༔ ཧྲཱི༔ སྔོན་ཚེ་བསྐལ་པ་ཐོག་མ་ལ༔ འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས༔ སྨོན་ལམ་སྟོབས་ཀྱིས་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔ འོད་ལྔ་རྒྱ་མཚོའི་ཀློང་དུ་སྤྲོས༔ རྒྱུ་མེད་རྐྱེན་མེད་སྤྲུལ་པའི་སྐུ༔ པདྨ་ལས་འཁྲུངས་ངོ་མཚར་ཅན༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཁྱེད་ཀྱིས་འགྲོ་དྲུག་དོན་མཛད་ཕྱིར༔ གང་ལ་གང་འདུལ་ཐབས་ཀྱིས་སྤྲུལ༔ རྒྱུན་ཆད་མེད་པར་འགྲོ་དོན་མཛད༔ བདེ་གཤེགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས༔ སེམས་ཅན་འཛིན་པས་བཅིངས་པ་ཡི༔ ལམ་གྱི་བར་ཆད་བསལ་བའི་ཕྱིར༔ འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་སྲུང་ལྷ་མོ་ཆེན་མོ་བཞི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀེ་ཤྭ་ར་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱོང་བ་དང༔ བདག་གི་བསམ་པ་རྫོགས་བྱའི་ཕྱིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཏིཥྛ་ལྷན༔ དེ་ནས་བརྡའ་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་བ་སྒྲོལ་མཛད་སྟོབས་ཆེན་ལྷ༔ སྤྲུལ་པའི་སྐུ་རུ་རང་བྱུང་བ༔ པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ གང་ལ་གང་འདུལ་ཐུབ་པ་དྲུག༔ ཚད་མེད་ལྷ་མོ་སྒོ་མ་བཞི༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་སྦྱར་བའི༔ གཙང་མའི་ཨརྒྷཾ་མཆོད་པ་འབུལ༔ ཙནྡན་ལ་སོགས་སྤོས་སྦྱར་བའི༔ དྲི་ཞིམ་ངད་ལྡན་མཆོད་པ་འབུལ༔ པདྨ་ཨུཏྤལ་མདངས་ལྡན་པའི༔ གསལ་འཚེར་མེ་ཏོག་མཆོད་པ་འབུལ༔ ཉི་ཟླའི་སྙིང་པོ་མུན་སེལ་བའི༔ སྣང་གསལ་སྒྲོན་མེ་མཆོད་པར་འབུལ༔ ཆུ་བོ་རྙོག་མེད་བསིལ་བ་ཡི༔ གཙང་མའི་དྲི་ཆབ་མཆོད་པ་འབུལ༔ འབྲུ་བཅུད་སྙིང་པོ་ཀུན་བསྡུས་པའི༔ དཀར་གསུམ་མངར་གསུམ་རྒྱན་གྱིས་མཛེས༔ གཏོར་མ་ལྷ་ཡི་ཞལ་ཟས་འབུལ༔ དུང་དང་སིལ་སྙན་རྔ་ཆེན་སྒྲ༔ པི་ཝཾ་ཕེག་རྡོབ་གླིང་བུའི་སྒྲ༔ སྙན་པའི་རོལ་མོ་སྣ་ཚོགས་འབུལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཙི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཧྲཱི༔ རིགས་ལྔའི་དབུ་རྒྱན་ཅོད་པན་ཕྲེང་བ་དང༔ དོ་ཤལ་དཔུང་རྒྱན་རིན་ཆེན་སེ་མོ་དོ༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཤམ་བུར་ལྡན༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དུ་མས་སྤྲས༔ འདོད་ཡོན་མ་སྤངས་རང་གྲོལ་རྒྱན་དུ་བཞེས༔ རཏྣ་སརྦ་པཱུ་ཙ་ཧཱུྃ༔ ཧྲཱི༔ ཀུན་བཟང་ཀུན་ཁྱབ་བླ་བྲེ་གུར་ཆེན་པོ༔ སྐྱབས་མཆོག་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ སྙིང་པོ་མི་ནུབ་རྟགས་ཀྱི་རྒྱལ་མཚན་དང༔ འགྲོ་དྲུག་སྙིང་རྗེས་སྐྱོབ་པའི་འཕན་ཕྲེང་དང༔ ཤེས་སྐྱོབ་དར་གུར་ཡོལ་བ་སུམ་རིམ་དང༔ ཕོ་བྲང་བཀྲ་ཤིས་ཡོངས་རྫོགས་མཆོད་པར་འབུལ༔ ཧྲཱི༔ ལོག་རྟོག་གཅོད་པའི་ཤེས་རབ་རལ་གྲི་དང༔ ཤེས་རབ་ཐབས་ལྡན་མ་རིག་འབིག་པའི་མདའ༔ སྒྲིབ་མེད་སྐུ་གསུམ་ཡོངས་རྫོགས་དར་ཚོན་འཕུར༔ མ་རིག་བག་ཆགས་ཀུན་འཁྲུད་ཁྲུས་བུམ་དང༔ རིག་པ་སྙིང་རྗེ་ཐབས་ཀྱི་གཟུངས་ཐག་དང༔ ཡེ་ཤེས་ལྔ་ལྡན་ཚོན་སྐུད་དྲྭ་བ་དང༔ བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པས་འབིགས༔ དཀྱིལ་འཁོར་རྒྱན་རྣམས་ཡོངས་རྫོགས་མཆོད་པར་འབུལ༔ ཧྲཱི༔ ཆོས་སྐུ་མི་འགྱུར་ཐབས་ཀྱི་རྡོ་རྗེ་དང༔ ཆོས་དབྱིངས་ཀློང་ཡངས་ཤེས་རབ་དྲིལ་བུ་དང༔ ཆོས་སྒྲས་སྟོང་གསུམ་ཁྱབ་བྱེད་རྔ་བོ་ཆེ༔ ཚངས་པའི་གསུང་ལྡན་པི་ཝཾ་ཆོས་སྒྲ་སྒྲོག༔ དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ཡོངས་རྫོགས་འབུལ༔ ཧྲཱི༔ འཁོར་ལོ་རིན་ཆེན་ཆོས་ཀྱི་འཁོར་ལོ་བསྐོར༔ ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་སྐོང༔ བཙུན་མོ་རིན་ཆེན་ཕ་རོལ་ཕྱིན་བཅུ་ལྡན༔ ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ༔ གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་བཅོམ༔ རྟ་མཆོག་རིན་ཆེན་འཁོར་བའི་ཕ་རོལ་སྒྲོལ༔ དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་ཟློག༔ རིན་ཆེན་སྣ་བདུན་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ སྒྲུབ་རྫས་ཡུངས་དཀར་རྒྱལ་པོས་བགེགས་ཚོགས་འཇོམས༔ རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅད་རྒྱས༔ རྩྭ་མཆོག་དཱུརྦས་གནོད་པ་ཐམས་ཅད་སྐྱོབ༔ ལི་ཁྲི་མཚལ་ཆེན་འགྲོ་བ་དབང་དུ་སྡུད༔ གི་ཝཾ་སྨན་གྱིས་ཉོན་མོངས་ནད་ཀུན་སེལ༔ བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་སྐྱེད༔ གསལ་བྱེད་མེ་ལོང་མ་རིག་མུན་པ་སེལ༔ ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུར་སྒྲོག༔ བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་ལ་འབུལ༔ སྒྲ་ཡི་ལྷ་མོ་སྔོན་མོ་པི་ཝཾ་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྙན་ལ་འབུལ༔ དྲི་ཡི་ལྷ་མོ་སེར་མོ་སྤོས་ཁང་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཤངས་ལ་འབུལ༔ རོ་ཡི་ལྷ་མོ་དམར་མོ་ཞལ་ཟས་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྗགས་ལ་འབུལ༔ རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྐུ་ལ་འབུལ༔ ཆོས་ཀྱི་ལྷ་མོ་མཐིང་ག་པུསྟི་བསྣམས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་ལ་འབུལ༔ འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་འབུལ༔ ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པ༔ མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ཉིད་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་འཁྲུངས༔ རྒྱལ་བའི་སྲས་མཆོག་རང་བྱུང་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་ཐུགས་རྗེས་འགྲོ་དྲུག་སྡུག་བསྔལ་གཟིགས༔ ཐབས་མཁས་ཐུགས་རྗེས་ངན་སོང་སྦྱོང་བའི་ཕྱིར༔ གང་ལ་གང་འདུལ་སྤྲུལ་པའི་སྐུ་རུ་བསྟན༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱི༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པའི༔ སེམས་ཅན་ལས་དང་མཐུན་པའི་ལམ་སྣ་འདྲེན༔ སྒོ་སྐྱོང་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྙིང་པོ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ཐིམ༔ བདེ་གཤེགས་ཐུགས་ཀྱི་བཅུད་བསྡུས་ཡི་གེར་བྱོན༔ ནམ་མཁའི་འབྲུག་ལྟར་སྒྲོག་པའི་ཡི་གེ་དྲུག༔ སྙིང་པོ་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ སྙིང་པོ་འདི་ཉིད་མཐོང་ཐོས་རེག་པ་ཡིས༔ སེམས་ཅན་ཐམས་ཅད་ངན་སོང་གནས་ལས་ཐར༔ ཐུགས་རྗེ་ཆེན་པོ་ཐུགས་ཀྱི་བཅུད་བསྡུས་པའི༔ གསུང་མཆོག་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཕྱོགས་རིས་མེད་པ་ཀུན་ལ་སྙོམས༔ རང་རིག་མ་བཅོས་རང་གྲོལ་ཆེན་པོར་ཤར༔ གང་ཡང་མ་སྤངས་འཛིན་མེད་བདེ་བ་ཆེ༔ ཐུགས་ཀྱི་དགོངས་པ་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ལྟར་ཆོ་ག་རྣམ་དག་གིས༔ མཆོད་པ་འབུལ་ཞིང་བསྙེན་པ་བྱ༔ རབ་ཀྱིས་ཟླ་གཅིག་འབུམ་ཕྲག་དྲུག༔ འབྲིང་གིས་ཞག་བདུན་འབུམ་དང་ཁྲི་ཚོ་བཞི༔ ཐ་མས་ཞག་གཅིག་ཁྲི་ཕྲག་གཅིག༔ ཚེས་བཅུའི་ཉིན་པར་ཅི་ནུས་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདི་ཉིད་ཅི་ནུས་བཟླས་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ནི་སངས་རྒྱས་ཀུན་གྱི་སྐུ༔ ཨཱཿནི་སངས་རྒྱས་ཀུན་གྱི་གསུང༔ ཧཱུྃ་ནི་སངས་རྒྱས་ཀུན་གྱི་ཐུགས༔ ཧྲཱིཿནི་བདེ་གཤེགས་འདུས་པའི་སྐུ༔ ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མ་ནི་ཐུགས་རྗེ་ཆེན་པོའི་སྐུ༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་སྦྱོང༔ ཎི་ནི་ཞི་བས་སྡིག་སྒྲིབ་སྦྱོང༔ པད་ཀྱིས་ཡོན་ཏན་རྒྱས་པར་སྤེལ༔ མེ་ནི་དབང་གིས་ཀུན་ལ་སྒྱུར༔ ཧཱུྃ་གིས་དྲག་པོས་བགེགས་རྣམས་འཇོམས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་རྟགས་བསྟོད་བྱ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་པོ་འོད་ཟེར་འཕྲོ༔ ཉོན་མོངས་སྐྱོན་གྱིས་མ་གོས་རྟགས༔ ཞལ་གཅིག་འཛུམ་པའི་ཚུལ་སྟོན་པ༔ སེམས་ཅན་ཀུན་ལ་བྱམས་པའི་རྟགས༔ སྤྱན་གཉིས་ཞི་བས་གཟིགས་པ་ནི༔ ཐུགས་རྗེ་ཀུན་ལ་སྙོམས་པའི་རྟགས༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཐབས་དང་ཤེས་རབ་སྦྱོར་བའི་རྟགས༔ གཡས་ཀྱི་འོག་མས་ཤེལ་ཕྲེང་བསྣམས༔ འཁོར་བའི་གནས་ནས་འདྲེན་པའི་རྟགས༔ གཡོན་གྱི་འོག་མས་པདྨ་བསྣམས༔ ཆགས་མེད་སྐྱོན་གྱིས་མ་གོས་རྟགས༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས༔ མཉམ་ཉིད་དོན་ལས་མ་གཡོས་རྟགས༔ པདྨའི་གདན་ལ་བཞུགས་པ་ནི༔ ཆགས་མེད་འགྲོ་དོན་མཛད་པའི་རྟགས༔ རིན་ཆེན་རྒྱན་གྱིས་བརྒྱན་པ་ནི༔ འདོད་ཡོན་མ་སྤང་རང་དག་རྟགས༔ འོད་ཟེར་སྣ་ལྔ་འཕྲོ་བ་ནི༔ འགྲོ་དྲུག་སྒྲིབ་པ་སྦྱོང་བའི་རྟགས༔ རྫོགས་པའི་སངས་རྒྱས་དབུ་བརྒྱན་པ༔ པདྨའི་རིགས་ལས་འཁྲུངས་པའི་རྟགས༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་དོན་མཛད༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་རྟགས༔ ལྷ་མོ་བཞི་ཡིས་སྒོ་སྲུང་མཛད༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་རྟགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ཏེ༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས༔ དེ་ནས་ཚོགས་ལ་སྤྱན་དྲང་བ་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་འཁོར་བཅས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གྱིས༔ ཐུགས་དམ་ཚུལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་བཅས་ལ༔ ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ སྤོས་དང་སྨན་དང་དྲི་མཆོག་དང༔ བཟའ་བཏུང་གོས་རྒྱན་རོལ་མོ་དང༔ མར་ཐུད་ཞོ་དང་འོ་མ་ཕྲུམ༔ དཀར་གསུམ་མངར་གསུམ་མཆོད་པ་འབུལ༔ འབྲས་ཆན་འབྲུ་ཆན་ཤིང་ཏོག་དང༔ ཟན་བཤོས་ཁུར་བའི་བྱེ་བྲག་དང༔ བུ་རམ་སྦྲང་རྩི་ཛ་གད་དང༔ ཁ་མངར་སྐྱུར་བ་ཚ་རྩུབ་སྣུམ༔ འདོད་ཡོན་སྣ་ཚོགས་མཆོད་པར་འབུལ༔ བཞེས་ཏེ་དབང་དང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱི༔ འགྲོ་དྲུག་ཐུགས་རྗེས་གཟིགས་མཛད་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ༔ འགྲོ་དྲུག་གནས་སུ་འདུལ་བའི་ཐུབ་པ་དྲུག༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་དངོས་གྲུབ་སྩོལ༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ དེ་ནས་ལྷག་མ་གཏང་བ་ནི༔ ཚོགས་ལྷག་རྣམས་ལ་ཆབ་ཀྱིས་བྲན༔ བསང་སྦྱང་བྱིན་གྱིས་བརླབས་ནས་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔ དམ་པ་ཆོས་ཀྱི་སྲུང་མ་རྣམས༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ ཧ་རི་ཀ་དང་པཉྩི་ཀ༔ འཕྲོག་མ་བུ་དང་བཅས་པ་དང༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང༔ ལྷ་དང་ལྷ་མིན་མི་འམ་ཅི༔ དྲི་ཟ་གནོད་སྦྱིན་འབྱུང་པོ་དང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དང༔ རིགས་དྲུག་སེམས་ཅན་ཐམས་ཅད་ལ༔ མཆོད་སྦྱིན་གཏོར་མ་འདི་བསྔོས་པས༔ ཅི་འདོད་ཕུན་སུམ་ཚོགས་པར་ཤོག༔ ཇི་ལྟར་ནུས་པའི་ཕྲིན་ལས་མཛོད༔ བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ དེ་ནས་ཕྱི་རོལ་བརྟན་མ་བསྐྱང༔ ནང་དུ་ལོག་ལ་དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བསྔོ་བ་སྤྱི་མཐུན་བྱ༔ དེ་ནས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱ༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་རྫོགས་སོ༔ ནུབ་ཟངས་མཛོད་དམར་པོ་ནས། སྤྲུལ་སྐུ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལཾ།། །།

བདེ་གཤེགས་སྤྱི་བསྟོད་སེམས་བརྩེ་མ་ (Volume 52, Text 18)

བདེ་གཤེགས་སྤྱི་བསྟོད་སེམས་བརྩེ་མ་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག༴ ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག༴ རྟེན་དང་བརྟེན་པར་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བར། །ལེགས་སྟོན་ཁྱོད་ལ་ཕྱག༴ གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག༴ ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག༴ ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག༴ ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག༴ རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་བགེགས་མཛད་པར། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག༴ བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག༴ ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། ཁྱོན་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག༴ འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག༴ སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག༴ སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་མཛད་ཁྱོད་ལ་ཕྱག༴ འཛིན་པ་མི་མངའ་ཉེས་མི་མངའ། །རྙོགས་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ།། ༈ དཔེ་ཚན་འདི་སྔོན་མེད་གསར་བཞག་གིས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དམ་ཆོས་སྤྲུལ་སྐུའི་སྙིང་ཏིག་ལས༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མའི་ནང་སྒྲུབ་ཟབ་མོ་ (Volume 35, Text 18)

ྈ དམ་ཆོས་སྤྲུལ་སྐུའི་སྙིང་ཏིག་ལས༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མའི་ནང་སྒྲུབ་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་ངས༔ བོད་ཁམས་ས་འོག་ཀུན་གྱི་གཏེར་གཅིག་པོ༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ ནང་སྒྲུབ་ཟབ་མོ་འདི་བཞིན་ནོ༔ དེ་ལ་དང་པོ་སྒྲུབ་པའི་གནས་མཆོག་ནི༔ བཀྲ་ཤིས་གངས་རྒྱུད་རི་ཞོལ་དུ༔ བཅས་ཀྱི་རིམ་པ་འདི་བཞིན་ནོ༔ མ་དྷལ་མདའ་གང་དབུས་ཉིད་དུ༔ དལ་དབུས་པདྨ་འདབ་བརྒྱད་བྲི༔ དེ་རྒྱབ་མུ་ཁྱུད་མཛེས་ཚོན་བྱ༔ དེ་དབུས་མན་ཛི་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར༔ མཚན་ལྡན་བུ་མོ་གཙང་མས་ཆུ་བླངས་བུམ་པར་བླུགས༔ བུམ་རྫས་སྤྱི་དང་མཐུན་པར་བྱ༔ དཔག་བསམ་ཤིང་གི་ཁ་རྒྱན་བྱ༔ གཡས་སུ་གཏོར་མ་འཁོར་བཞིས་བསྐོར་བ་བརྗིད་ལྡན་བཤམ༔ ཡིད་བཞིན་འཁོར་ལོའི་སྐུ་དང་ཙཀྲ་བླ་རྡོ་ལ་སོགས་རྟེན་རྣམས་ལེགས་པར་བཀྲམ་ལ༔ མཐའ་སྐོར་དུ་མཆོད་པ་རྣམ་ལྔ་གཞི་བདག་གཏོར་མ་སྤྱི་ལྟར་བཤམ༔ དེ་ནས་རྣལ་འབྱོར་པ་བདེ་བའི་གདན་ལ་འདུག་ཅིང་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཀུན་བཟང་བཀའ་བརྒྱུད་སྣང་མཐའ་མན་ཆད་དང༔ དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་སོགས༔ གཏན་གྱི་རེ་ལྟོས་གྱུར་པའི་སྐྱབས་གནས་ལ༔ བདག་གཞན་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ མ་གྱུར་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས༔ དུས་མིན་འཆི་བ་མ་ལུས་བཟློག་པ་དང༔ འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་ཉིད་བརྩེ་ལྡན་འཕགས་མ་སྒྲོལ་མ་ཡི༔ སྒྲུབ་ཐབས་ཟབ་མོ་ཉམས་སུ་ལེན་པར་བྱ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བདག་སྣང་ཐམས་ཅད་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང༔ རང་སེམས་མ་འགགས་སྟོང་པའི་རང་རྩལ་ལས༔ ཏཱྃཿཡིག་དཀར་པོ་རིང་ཆ་ཚེག་དྲག་བཅས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ ཚུར་འདུས་བདག་ཉིད་ཡིད་བཞིན་འཁོར་ལོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཅན༔ གཡོན་པས་ཨུཏྤལ་དཀར་པོ་སྙན་དུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་ཟབ་ལི་ཁྲིའི་མདོག་ཅན་སྐུ་སྟོད་གསོལ༔ ལེ་བརྒན་དམར་པོའི་སྐུ་སྨད་ཤམ་ཐབས་ཅན༔ ཅོད་པན་ནམ་མཁའི་མདོག་ཅན་རླུང་གིས་གཡེང༔ སྣ་ཚོགས་རིན་པོ་ཆེ་ཡིས་དབུ་བརྒྱན་ཅིང༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དོ་ཤལ་མཛེས༔ འཇའ་ཟེར་སྣ་ལྔའི་ཀློང་དུ་འགྱིང་བག་ལྡན༔ དེ་ལྟར་གསལ་བའི་ཐུགས་ཀ་རུ༔ སྣ་ཚོགས་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེང༔ འཁོར་ལོ་དཀར་པོ་རྩིབས་བརྒྱད་པ༔ མུ་ཁྱུད་ཟླ་བའི་མདོག་ཅན་དབུས༔ ཏཱྃཿཡིག་དཀར་པོ་རིང་ཆ་ཚེག་དྲག་བཅས༔ ཅུང་ཞིག་ཁ་ཟླུམ་ལྟ་བུར་གྱུར༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ འབྲུ་བརྒྱད་མགལ་མེ་ལྟ་བུར་འཁོར༔ རྩིབས་འཁོར་མུ་ཁྱུད་དག་ལ་ནི༔ པུཎྱེ་པུཥྚིཾ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏཱྃཿཡིག་དཀར་པོར་འོད་འཕྲོས་པས༔ སྟོང་པའི་ངང་ལས་རང་མདུན་དུ༔ པད་དཀར་འདབ་སྟོང་ཟླ་བའི་སྟེང༔ ཏཱྃཿཡིག་ལས་བྱུང་ལྷ་མོ་ནི༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ སྐུ་མདོག་གངས་རིར་ཉི་ཤར་ལྟར༔ ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ སྤྱན་དཀྱུས་རིང་ཞིང་ནུ་མ་འབུར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དབུ་སྐྲ་རལ་པ་མཐོན་མཐིང་ཅན༔ ཕྱག་གཡས་མཆོག་སྦྱིན་པདྨ་དཀར༔ གཡོན་པས་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྒྱན་རྫོགས་འོད་དཔག་མེད༔ ཉ་རྒྱས་ཟླ་བའི་རྒྱབ་ཡོལ་མཛད༔ འཇའ་འོད་སྣ་ལྔའི་ཀློང་དཀྱིལ་བཞུགས༔ དེ་ལྟར་བདག་མདུན་གཉིས་ལ་ནི༔ ཐུགས་ཀར་མན་ཤེལ་ལས་བྱུང་བའི༔ སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས༔ དེ་དབུས་ཏཱྃཿཡིག་དཀར་པོ་གསལ༔ སྔགས་ཕྲེང་ཆོས་འཁོར་བསྐོར་བ་ལས༔ འོད་ཟེར་ནམ་མཁའ་གང་བར་འཕྲོས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ སངས་རྒྱས་དྲང་སྲོང་རིག་འཛིན་ཚོགས༔ སྒྲོལ་མ་ཉེར་གཅིག་སྐུར་བཞེངས་ནས༔ བདག་མདུན་གཉིས་ལ་གཉིས་མེད་ཐིམ་པར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿཛ༔ དེ་ནས་སྤྱན་འདྲེན་པ་ནི༔ དྲིལ་བུ་དཀྲོལ་ཞིང་འདི་སྐད་དོ༔ ཨོཾ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ པོ་ཏ་ལ་དང་གཡུ་ལོ་བཀོད་པའི་གནས༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་གྲུབ་པའི་ཚོགས༔ ཚེ་དབང་རིག་འཛིན་ཚེ་ཡི་རིག་འཛིན་རྣམས༔ རྗེ་བཙུན་སྒྲོལ་མའི་རྣམ་པར་སྐུར་བཞེངས་ལ༔ ཐུགས་དམ་དབང་གིས་མ་ཐོགས་མྱུར་དུ་གཤེགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང༔ བརྩེ་ལྡན་ལྷ་མོ་ཁྱོད་ལ་གསོལ་འདེབས་ཀྱིས༔ སྒྲུབ་མཆོག་བདག་ལ་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨཱརྱ་ཏཱ་རེ་ན་མོ་པུ་རུ་ཤཱ་ཡ་ཧོ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝིདྱ༔ ཤབྡ་སརྦ་པཱུ་ཙ་ཨཱཿཧཱུྃ༔ དེ་ནས་བསྟོད་ཅིང་གསོལ་བ་གདབ་པ་ནི༔ ཨོཾ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མཆོག༔ རྗེ་བཙུན་འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ མཆོག་ཏུ་དད་གུས་མོས་པས་གསོལ་འདེབས་ཤིང༔ ལྷ་མོ་ཁྱོད་ལ་རྟག་ཏུ་གུས་པར་འདུད༔ པད་དཀར་ཟླ་བའི་གདན་སྟེང་དུ༔ མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྒྱན་རྫོགས་མ་ལུས་མཛེས༔ མཆོག་སྦྱིན་མཛད་ལ་ཕྱག་འཚལ་བསྟོད༔ སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང༔ ཉི་མ་འབུམ་ལས་གཟི་མདངས་ཆེ༔ ཟླ་བ་དག་ལ་རྒྱབ་ཡོལ་མཛད༔ རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས༔ འཇའ་ཟེར་སྣ་ལྔའི་ཀློང་དུ་བཞུགས༔ ཚེ་བུམ་ཨུཏྤལ་འཛིན་ཕྱག་འཚལ༔ ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཁོར་ལོ་དཀར་པོ་འོད་ཟེར་དཀར༔ རྩིབས་བརྒྱད་གསང་སྔགས་འབྲུ་བརྒྱད་གསལ༔ ཡོངས་སུ་བསྐོར་བའི་རྣམ་པ་ཅན༔ འཁོར་ལོ་ཅན་ལ་ཕྱག་འཚལ་བསྟོད༔ བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ༔ བདག་ཉིད་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་སྐྱབས་མཆི་གསོལ་འདེབས་ཁྱེད་བསྒྲུབ་ཀྱིས༔ བྱང་ཆུབ་བསྒྲུབ་ལ་ཚེ་ཡི་བར་ཆད་དང༔ ནད་གདོན་སྡིག་སྒྲིབ་བཀྲ་མི་ཤིས་ཀུན་དང༔ མི་དང་མི་མིན་འགལ་རྐྱེན་ཉེར་འཚེ་སོགས༔ གློ་བུར་བརྒྱད་ཅུ་ཚེ་ཡི་བར་ཆད་ཀུན༔ བརྩེ་ལྡན་ལྷ་མོ་ཁྱོད་ཀྱིས་ཞི་བར་མཛོད༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཤིང༔ སླར་མདུན་བསྐྱེད་རང་ལ་ཐིམ་པའི་ངང་ནས༔ དམིགས་མེད་ཁྱབ་བདལ་ཆེན་པོའི་ངང་ལ་བཞག་པར་བྱའོ༔ དམ་ཆོས་སྤྲུལ་སྐུ་སྙིང་ཏིག་ལས༔ ཡང་གསང་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འདི༔ པད་འབྱུང་བདག་གི་སྙིང་ཁྲག་མིན་རེ་ཀན༔ འདི་ཉིད་ཉམས་སུ་སུས་བླངས་པ༔ སྣང་སྲིད་མ་ལུས་དབང་དུ་འདུས༔ མཐར་ཐུག་རིག་འཛིན་གནས་སུ་སྐྱེ༔ ཚེ་ཡི་རིག་འཛིན་བརྙེས་པར་མ་གྱུར་ན༔ པད་འབྱུང་བདག་གི་ཕྱི་རབས་བསླུས་པར་ངེས༔ ཤིན་ཏུ་ཡང་ཟབ་གསལ་བའི་ཟབ་ཐིག་འདི༔ པདྨ་བདུད་འདུལ་བཀའ་བཞིན་དུ༔ མཁར་ཆེན་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ དུས་ངན་སྙིགས་མ་ལྔ་བདོ་རྩུབ་འགྱུར་དུས༔ རྟགས་གསུམ་ལྡན་པའི་སྐྱེས་བུ་ང་ཡི་བུས༔ ཟབ་མོའི་གཏེར་ཆོས་འདི་རྣམས་སྤྱོད་པའི་ཚེ༔ ཆོས་བདག་བཅུ་གསུམ་ལ་སོགས་འབྲེལ་ཚད་ཀུན༔ རིག་འཛིན་གནས་སུ་ངེས་པར་ཁྲིད༔ ཐོག་མར་རང་ཉིད་གྲུབ་པ་ཐོབ་པར་གྱིས༔ དེ་ནས་ལས་ཅན་རྣམས་ལ་རིམ་བཞིན་དུ༔ དཔེར་ན་སྦྲུལ་མཇུག་ལྟ་བུར་སྤེལ་མཁས་གྱིས༔ བཀའ་འདི་མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ མནྟྲ་གྷུ་ཧྱ༔ བརྡ་ཐིམ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། ཚ་བ་སྒྲོ་བྲག་ཙི་ཏ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་། །དུས་མཐའི་བན་སྤྲང་དྷརྨ་སཱ་ག་རས་ཤོག་སེར་བུ་ལ་ཞལ་བཤུས་པའི་དམ་ཆོས་འདི། ཇི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ།། །། ༈ དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དམིགས་པའི་གབ་ཐིག་བཞུགས་སོ༔ ྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་ངས༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ལས༔ དམིགས་པའི་གབ་ཐིག་འདི་བཞིན་ནོ༔ རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བ་ཡི༔ ཐུགས་ཀའི་སྔགས་ཕྲེང་ཆོས་འཁོར་བསྐོར་བར་བསམ༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་རབ་འཕྲོས་པས༔ རབ་འབྱམས་ཞིང་ཁམས་རྡུལ་སྙེད་ནས༔ སངས་རྒྱས་བྱང་སེམས་མ་ལུས་དང༔ སྒྲོལ་མ་ཉེར་གཅིག་རྣམ་པ་ཅན༔ མདུན་གྱི་ནམ་མཁའི་གནས་ཉིད་དུ༔ མཁའ་ལ་ཁ་བ་བབས་པ་བཞིན༔ བར་སྣང་བུ་ཡུག་འཚུབས་པ་ལྟར༔ ས་གཞིར་ས་རྡུལ་འཚུབས་པ་ལྟར༔ བདག་མདུན་བུམ་པ་རྣམས་ལ་སིབ་སིབ་ཐིམ༔ རང་ཉིད་འོད་ཕུང་གཟི་བརྗིད་ལྡན་བསམ་ཞིང༔ མཆོད་པ་ལྔ་སོགས་ལོངས་སྐབས་དང་སྦྱར་ཞིང་བསྟོད་པ་ལ་སོགས་བྱའོ༔ དེ་ནས་གསང་སྔགས་རྒྱལ་པོ་བཟླས་པའི་ཚེ༔ སྨྲ་བཅད་མི་ཚིག་གིས་བར་མ་ཆད་པར་བྱ༔ ཞག་བདུན་དག་ལ་ཁྲི་འབུམ་བཟླས་པའི་ཚེ༔ རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བ་ཡི༔ སྙིང་ཁར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ༔ ཟླ་བའི་མདངས་ལྡན་དབུས་ཉིད་དུ༔ ཏཱྃཿཡིག་དཀར་པོ་རིང་ཆ་ཚེག་དྲག་བཅས༔ རྩིབས་བརྒྱད་ཡིག་འབྲུ་དང་བཅས་པའི༔ མཐའ་སྐོར་དུ་མུ་ཁྱུད་སྔགས་ཕྲེང་ཆོས་འཁོར་དག་ཏུ་འཁོར་བར་བསམས་ཤིང༔ སྔགས་ཕྲེང་དག་ལས་འོད་ཟེར་ཁ་དོག་ལྔ་ལྡན་རབ་འཕྲོས་པས༔ རང་འདྲའི་མདུན་བསྐྱེད་ཐུགས་ཀར་ཕོག༔ མདུན་བསྐྱེད་ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་ལྔ་ལྡན་ནམ་མཁའ་གང་བ་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དྲང་སྲོང་རིག་པ་འཛིན༔ ས་གནས་བྱང་སེམས་འཇིག་རྟེན་བརྟན་གཡོ་ཡི༔ ཚེས་བཅུད་ནུས་སྟོབས་མ་ལུས་ཐམས་ཅད་ཀུན༔ ཡི་གེ་ཨ་ནྲྀ་ཏཱྃཿགསུམ་རྣམ་པ་ཅན༔ ཐེམ་མེ་ནེམ་མེར་རབ་ཁེངས་ནས༔ བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསམ༔ མདུན་གྱི་ལྷ་མོའི་ཐུགས་ཀ་ནས༔ འོད་ཟེར་ལྔ་ལྡན་འཇིག་རྟེན་ཁམས་ཀུན་རབ་གང་ནས༔ རང་གི་ལུས་ལ་སིབ་སིབ་ཐིམ་སྙམ་ཞིང༔ རང་གི་ནད་གདོན་སྡིག་སྒྲིབ་དང༔ རྐྱེན་ངན་བར་ཆད་ཀུན་ཞི་ཞིང༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་བསམ༔ རང་ལུས་གཟི་བརྗིད་འོད་ཕུང་མདངས་ལྡན་དུ༔ བསམ་པའི་ངང་ནས་གཞུང་བཞིན་གསང་སྔགས་རྒྱལ་པོ་བཟླས་པར་བྱའོ༔ སྐབས་སུ་ཡང་སྙིང་འདི་ཡང་བརྒྱ་རྩ་བརྒྱད་བཟླས་པར་བྱའོ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་བཟླས་ཚེ་རྟགས་ཀྱི་རིམ་པ་ནི༔ རབ་དངོས་སུ་ཞལ་མཇལ༔ ལུང་བསྟན༔ འབྲིང་ཉམས༔ ཐ་མའང་རྨི་ལམ་དུ་ཞལ་མཇལ་ལུང་བསྟན༔ འོད་ཕུང་དཀར་པོ་མཐོང་བ་དང༔ མེ་ཏོག་འཐུ་བ་དང༔ ཤིང་ཐོག་ཟོས་པ་དང༔ བདུད་རྩི་འཐུང་བ་དང༔ ཉི་མ་ཤར་བ་དང༔ བུ་མོ་དཀར་མོ་ཡིད་འོང་མས༔ རྒྱན་དང་ཕྲེང་བ་ལ་སོགས་དཀར་པོའི་རིགས་རྣམས་བྱིན་པ་དང༔ མཆོད་རྟེན་དང་ཚ་ཚ་ལ་སོགས་མཐོང་བ་རྣམས་ཚེ་འགྲུབ་པའི་རྟགས་ངེས་ཅན་ཡིན་ནོ༔ འདི་ཉིད་ཉམས་སུ་སུས་བླངས་པ༔ ཚེ་ཡི་རིག་འཛིན་མ་བརྙེས་ན༔ པདྨ་བདག་དང་འཕགས་མ་ཡིས༔ སྙིགས་དུས་སེམས་ཅན་བསླུས་པར་ངེས༔ པདྨའི་ཐུགས་བཅུད་ཡང་གསང་བླ་མེད་འདི༔ ཆོས་བདག་བཅུ་གསུམ་ལ་སོགས་མ་གཏོགས་པ༔ མང་དུ་སྤེལ་ན་མཁའ་འགྲོའི་ཆད་པ་འོང༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ཡིས༔ དུང་དཀར་གཡས་འཁྱིལ་རྒྱན་ཕྲེང་དཀར་པོའི་རིགས་རྣམས་འབུལ་བྱུང་ན༔ ཚེའི་ལས་རྣམས་འགྲུབ་པའི་རྟེན་འབྲེལ་ཡིན༔ ཤ་ཁྲག་ལ་སོགས་རྒྱན་གོས་ནག་པོའི་རིགས་བྱེད་རྣམས༔ ཚེ་མི་འགྲུབ་ཅིང་རྟེན་འབྲེལ་ལོག་པར་འགྱུར་རོ༔ ཡང་གསང་དམིགས་པའི་གབ་ཐིག་འདི༔ པདྨ་བདུད་འདུལ་བཀའ་བཞིན་དུ༔ མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་འོངས་ཨོ་རྒྱན་པདྨའི་ཐུགས་ཀྱི་སྤྲུལ༔ རྟགས་གསུམ་ལྡན་པའི་སྐྱེས་བུ་མཆོག༔ རིག་འཛིན་བདུད་འདུལ་རྡོ་རྗེ་རྩལ་དང་འཕྲད་པར་ཤོག༔ ྈྈྈ གཏད་རྒྱ༔ ཟབ་རྒྱ༔ ཉྱན་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་འགགས་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མའི་ཚེ་དབང་ཟབ་མོ་བཞུགས་སོ༔ ྈྈྈྈྈ གུ་རུ་པདྨ་བདུད་འདུལ་བདག་ཉིད་ཀྱིས༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལས༔ ཚེ་དབང་ཟབ་མོ་འདི་བཞིན་བསྟན༔ དང་པོ་སྒྲུབ་གཞུང་ཐམས་ཅད་ནི༔ སྒྲུབ་ཐབས་ལྟར་དུ་བྱས་ལ༔ དེ་ནས་སློབ་མ་གསུམ་མམ༔ བདུན་ལས་མང་མི་རུང༔ ཐམས་ཅད་ཁྲུས་བྱས་གྲལ་དུ་འཁོད་ལ། མདུན་བསྐྱེད་སྒྲུབ་གཞུང་ནས་འབྱུང་བ་ལྟར་བྱ་ཞིང༔ ཐོག་མར་ཁྱེད་རང་རྣམས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ༔ མ་ཞུགས་པ་ཞུགས་པར་བྱེད་པ༔ རྒྱུད་སྣོད་དུ་རུང་བར་བྱེད་པའི་ཕྱིར༔ སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད༔ ཅེས་སྐྱབས་འགྲོ་གཞུང་ལྟར་བྱའོ༔ དེ་ནས་སྡོམ་པ་བཟུང་བ་ནི༔ དཀོན་མཆོག་གསུམ་སོགས་རྗེས་ཟློས་བཅོལ༔ དེ་ནས་བགེགས་གཏོར་བསྔོ༔ སྲུང་འཁོར་བསྒོམ་པར་བྱའོ༔ དེ་ནས་ཆོས་བཤད༔ འདིའི་རྗེས་ཟློས་བཅོལ༔ རིགས་ཀུན་བདག་ཉིད་བླ་མ་རྗེ༔ བདག་ཅག་ཐུགས་རྗེས་བརྩེར་དགོངས་ལ༔ ལུས་ངག་ཡིད་གསུམ་བྱིན་བརླབ་ཕྱིར༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ནད་མེད་བདེ་དབང་བསྩལ་དུ་གསོལ༔ དེ་ནས་རང་ཉིད་སྐད་ཅིག་གིས་ཡིད་བཞིན་འཁོར་ལོ་གཞུང་ལྟར་བསྐྱེད༔ ཡེ་ཤེས་པ་སྤྱན་འདྲེན་ཅིང་ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ དེ་ནས་བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ བུམ་པ་བཟང་པོ་ལྷ་ཡི་གཞལ་ཡས་ཁང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན་པོ་དང༔ ཡིད་བཞིན་འཁོར་ལོ་པདྨ་འབྱུང་གནས་བཅས༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩི་མཆོག་གིས་དབང་བསྐུར་བས༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཨཱ་ཡུར་ཛྙཱ་ན་སརྦ་བྷུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་གནས་ལྔར་བཞག་ལ༔ སྔགས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་གདགས་པར་བྱ་ཞིང་མེ་ཏོག་འཐོར༔ དེ་ནས་གསུང་གི་དབང་ནི༔ ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་མཛོད༔ ང་ཡང་ཐ་མལ་པ་མ་ཡིན་པར༔ རྗེ་བཙུན་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་དང་འཁོར་ལོར་རྩིབས་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཏཱྃཿཡིག་དཀར་པོའི་མཐའ་སྐོར་དུ༔ སྔགས་ཕྲེང་གི་འོད་ཟེར་ཐམས་ཅད་མགལ་མེ་ལྟ་བུར་འཁོར་བ་ལ་བརྟེན་ནས༔ མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆེད་ནས༔ སློབ་དཔོན་གྱི་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས༔ ཐུགས་ཀའི་སྔགས་ཕྲེང་དག་ལ་གཉིས་སུ་མེད་པར་འཁོད་སྙམ་པའི་མོས་པ་མཛོད་ལ༔ ངག་སྙིང་པོ་བཟླས་པ་བྱ་བའི་ཕྱིར་དུ༔ སྙིང་པོའི་བཟླས་ལུང་སྦྱིན་ནོ༔ དེ་ནས་ཕྲེང་བ་ལག་ཏུ་གཏད་ལ༔ ཧཱུྃ༔ འགག་མེད་ཚངས་པའི་གསུང་དབྱངས་བདུད་རྩིའི་བཅུད༔ གྲགས་སྟོང་བསམ་བརྗོད་འཛིན་རྟོག་བྲལ་བའི་ངང༔ ཚངས་དབྱངས་སྐྱེ་འགག་མེད་པ་འཕགས་མའི་གསུང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཀྱི་མཐར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མན་ཤེལ་ཐོགས་ལ༔ ཧཱུྃ་ཧྲཱི༔ དབྱིངས་ཀློང་ཡེ་ཤེས་འོད་དུ་འབར༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་ཀྱི་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་གཏོར་མ་གནས་གསུམ་དུ་བཞག་ལ༔ གཏོར་མ་སྤྲོས་བྲལ་ཟླུམ་པོའི་ཕོ་བྲང་ནས༔ རྗེ་བཙུན་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་བཞུགས༔ བྱིན་རླབས་ཀློང་ཡངས་འོད་ཕུང་འབར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་ནས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ནད་མེད་བདེ་དབང་བསྩལ་དུ་གསོལ༔ རྩ་སྔགས་ཤམ་བུར༔ ཨ་བྷི་ཥིཉྩ་སྦྱོར༔ ཚེ་རིལ་དང་བདུད་རྩི་སྦྱིན༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་རྣམས་འགྲིམ༔ གུ་རུ་པདྨའི་ཐུགས་བཅུད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ་འདི་མཁར་ཆེན་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་ཚེའི་དབུལ་བ་སེལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ཅེས་ཙི་ཏ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་།། །། ༈ དམ་ཆོས་སྤྲུལ་སྐུ་སྙིང་ཏིག་ལས༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལས་ཚོགས་གཏེར་གྱི་བུམ་པ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈ བདག་འདྲ་བདུད་འདུལ་རྡོ་རྗེ་ངས༔ ད་ལྟའི་མཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་དང༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ ལས་ཚོགས་ཟབ་མོ་འདི་བཞིན་ནོ༔ ཚེ་བསོད་རྒྱས་དང་སྣང་སྲིད་དབང་སྡུད་ཕྱིར༔ རླུང་འཁོར་ཟབ་མོ་འདི་བཞིན་ནོ༔ དེ་ལ་དང་པོ་གྲོ་གའམ་ཤོག་གུ་ལ༔ མུ་ཁྱུད་ནང་མ་ཁོང་གསེང་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཅིག༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་བྱ༔ དེ་རྒྱབ་སྣ་ཚོགས་རྡོ་རྗེ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཅིག༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་བྱ༔ དེ་རྒྱབ་མུ་ཁྱུད་བཞི་རུ་བསྐོར༔ དེ་ནས་སྔགས་མགོ་ཕྱིར་བསྟན་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་པུཎྱེ་པུཥྚིཾ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་རྩིབས་བརྒྱད་རྩེ་ལ་འབྲུ་བརྒྱད་བཀོད༔ ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ༔ དེ་ནས་རིམ་བཞིན་རྩིབས་བརྒྱད་ལ༔ ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་པུཎྱེ་པུཥྚིཾ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དམོད་ཚིག་འདི་བཞིན་བྱ༔ སྲོག་ལུས་དབང་ཐང་ཀླུང་རྟ་བླ་གཟའ་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ ཞེས་རྩིབས་བརྒྱད་དག་ལ་རིམ་བཞིན་དེ་ལྟར་བྱ༔ དེ་ནས་རྩིབས་མཆན་དགུ་ལ་འདི་བཞིན་ནོ༔ ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་རྡོ་རྗེའི་མཚམས་བཞི་རུ༔ གོང་གི་སྔགས་དང་དམོད་ཚིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ གོང་གི་རྩ་སྔགས་ཤམ་བུ་རུ༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་བྱང་སེམས་ཚོགས༔ ལྷ་དབང་བརྒྱ་བྱིན་རྒྱལ་ཆེན་རིགས་བཞི་དང༔ སྣང་སྲིད་འབྱུང་བའི་ཚོགས་རྣམས་དབང་སྡུས་ལ༔ གནོད་སྦྱིན་ལྷ་ཀླུ་དྲི་ཟ་གཤིན་རྗེ་ཡིས༔ བླ་ཚེ་ཁྱེར་དང་ཆད་ཉམས་ཡར་ལ་སོགས༔ དབང་དུ་སྡུས་ལ་འཆི་མེད་དངོས་གྲུབ་སྩོལ༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ འདི་རྣམས་ནན་དུ་བཀོད་པར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་འཆི་མེད་ཚེའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཨོཾ་འགུལ་འགུལ༔ མི་ལག་སྒུལ་སྒུལ༔ མ་མ་ཧྲིང་ཧྲིང༔ ཁ་ཁ་མ་མ་ཁ་ཤི་མི་སྙིང་འགུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང༔ སྡུས་སྡུས༔ མ་མ་ཁ་ཤི་ཁ་ཤི༔ ཛཿཧཱུྃ་བཾ་ཧོཿསྭཱ་ཧཱ༔ དེ་ཉིད་མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་ཨཱ་ཡུཿམངྒ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་པ་དེ་རྣམས་དག་པར་བྲིའོ༔ དེ་རྒྱབ་དབྱངས་གསལ་ཡེ་དྷརྨཱ་རྡོ་རྗེ་མེ་རི་རྣམས་བྲིའོ༔ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རླུང་འཁོར་ཟབ་མོ་འདི་ཁོ་ནའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལས༔ ཡང་གསང་བླ་མེད་ཟབ་པའི་གནད༔ བླ་རྡོ་ཙཀྲ་འདི་བཞིན་ནོ༔ དང་པོ་མུ་ཁྱུད་རིམ་པ་བརྒྱད་དུ་བསྐོར༔ དབུས་སུ་ཏཱྃཿཡིག་དཀར་པོའི་ཁོང་སེང་ནང༔ ཡིག་འབྲུ་དགུ་པོ་འདི་ཉིད་བཀོད་པར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ༔ གོང་གི་སྤེལ་ཚིག་སྲུངས་ཤིག༔ རཀྵ་བྲིས༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཧཱུྃ༔ སྤེལ་ཚིག་གོང་བཞིན་བྲིས༔ དེ་ནས་རྩིབས་མཆན་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཧཱུྃ་ཧྲཱི༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ ནང་གི་སྔགས་འགོ་ཕྱིར་བསྟན་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཧཱུྃ༔ པུཎྱེ་པུཥྚིཾ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མགོ་སྤྲོད་བྱས་ལ་མགོ་ནང་དུ་བསྟན༔ ཨོཾ་ཨཱརྱ་ཏཱ་རེ་སོགས་ནན་དུ་བྲིའོ༔ དེ་རྒྱབ་རྩིབས་རྩེ་དང་སྤྲད་ལ་སྣ་ཚོགས་རྡོ་རྗེ་བྲིའོ༔ མཚམས་བཞིར་ཆུ་རིས་བྲིའོ༔ དེ་རྒྱབ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲིའོ༔ དེ་རྒྱབ་པདྨ་རྡོར་ར་མེ་རི་རྣམས་བྲིའོ༔ བླ་རྡོ་ལྟར་དུ་བཅང་ན་བཟང་དྲུག་ཤེལ་དང་མུ་ཏིག་འཇུག༔ འགོས་ནད་བསྲུང་ན་འགོགས་ཀྱི་རྫས་རྣམས་ནན་དུ་བྱུག་གོ༔ རབ་གནས་སྒྲུབ་ཐབས་གཞུང་བསྲང༔ སྙིང་པོ་བརྒྱ་རྩ་བཟླས༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་ཤིང་མེ་ཏོག་འཐོར༔ དར་ཟབ་སྣ་ལྔས་དྲིལ་ཞིང་མཆན་གཡོན་བཅང༔ རྗེ་བཙུན་སྒྲོལ་མའི་བླ་རྡོ་ཟབ་མོ་འདི༔ འདི་འདྲ་འཇིག་རྟེན་གསུམ་ན་དཀོན༔ འདི་འཆང་སྐལ་ལྡན་གང་ཟག་ཀུན༔ རྗེ་བཙུན་མ་དང་སྐལ་པ་མཉམ༔ ཚེ་རིང་དཔལ་སྐྱེད་ཟས་ནོར་དབང་དུ་འདུས༔ འགྲོ་བ་ཀུན་གྱི་ཡིད་དུ་འོང༔ འགོས་པའི་ནད་ཀྱིས་ཚུགས་མི་སྲིད༔ འཆི་དུས་རོ་དང་མཉམ་དུ་བསྲེག༔ འདས་རྟགས་འཇའ་འོད་རིང་བསྲེལ་འབྱུང༔ ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཟུང་གསུམ་སྦས་གྱུར་ཀྱང༔ ཁ་ཚང་དོན་འདྲིལ་འདི་ལས་མེད༔ པདྨའི་ཐུགས་བཅུད་མཁའ་འགྲོའི་སྙིང་ཁྲག་མིན་རེ་ཀན༔ སྙིང་གི་ཁྲག་ཕྱུང་མཚོ་རྒྱལ་ཁྱོད་ལ་གདམས༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་ང་ཡི་ཐུགས་ཀྱི་སྲས༔ རིག་འཛིན་བདུད་འདུལ་རྡོ་རྗེའི་དོན་ཕྱིར་དུ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ཡིད་བཞིན་འཁོར་ལོའི་སྲུང་བའི་རྫས་ནི༔ གླ་རྩི་ཛ་ཏི་ཤིང་ཀུན་རུ་རྟ་སུག་སྨེལ༔ ཨ་རུ་ར་ཀ་ཀོ་ལ་ཟངས་ཐལ་ཏིལ་མར་བཅའ་ལྒ་མུ་ཟི་སེར་པོ༔ སྔོ་ཚ་བ་གསུམ་དང་སྦྱར་ལ་ལྟོ་སྟོང་ཅུང་ཞིག་རེ་བཏང༔ མི་ནོར་གང་བསྲུང་ཐམས་ཅད་ལ་སྔགས་ཆུ་བླུད༔ ཙཀྲ་དང་སྲུང་སྐུད་བཏག༔ དེ་ནས་ནོར་གྱི་གློ་གོར་བསྲུང་བར་འདོད་ན༔ གླ་རྩི་ཟངས་ཐལ་མུ་ཟི་སེར་པོ་བཏུལ་ལ༔ རུ་རྟ་པི་པི་ལིང་ཨ་རུ་ར་རྣམས་སྦྱར་ལ་སྨན་ཅུང་ཞིག་རེ་དང་རྟའི་དྲི་ཆུ་མང་བར་སྦྱར་ལ་བཏང༔ རྒྱུ་གོར་ལ་ཡོལ་ཚིག་མང་བ་དང༔ ཙནྡན་དཀར་དམར་བཟང་དྲུག་རྣམས་ཁ་ཚར་བཏབ་ལ་བཏང་ངོ༔ གློ་གོར་ལ་རུ་རྟ་མང་དགོས༔ མི་ནོར་གང་བསྲུང་ཡང་སྨན་དང་ཙཀྲ་སྔགས་མདུད་ལ་སྔགས་བཏབ་ཅིང་ཁྱད་པར་དུ་གང་བསྲུང་གི་ཁ་སྣ་སྤྱི་བོ་མཁལ་ཁུང་གཡོན་དུ་སྔགས་བཏབ་བོ༔ འདི་དང་དཔལ་ལྡན་རི་ཁྲོད་མ་གཉིས་སྦྲགས་ན་གསེར་གྱི་མ་རྡལ་ལ་གཡུའི་ཚོམ་བུ་བཀོད་པ་དང་འདྲ་བས་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལས༔ ཕྲིན་ལས་མྱུར་འགྲུབ་མེའི་ལས་མཐའ་འདི་བཞིན་ནོ༔ ཞི་རྒྱས་དབང་དྲག་གི་ལས་གང་བྱེད་ཀྱང་སྤྱི་ལྟར་བྱས་ལ༔ དཀར་གསུམ་མངར་གསུམ་ཟས་སྣ་སྨན་སྣ་རིན་པོ་ཆེ་དང་དར་ཟབ་ལ་སོགས་མདོར་ན་རང་གིས་གང་འདོད་པ་ཐམས་ཅད་བསགས༔ མེ་ལྷ་བསྐྱེད་ཅིང་ཡིད་བཞིན་འཁོར་ལོའི་གཞུང་བསྲང༔ སྤྱན་འདྲེན་བཞུགས་གསོལ་བྱ༔ མཆོད་པའི་སྐབས་སུ་བསྲེག་རྫས་སྤྱི་ལྟར་འབུལ༔ ཕྲིན་ལས་བཞིའི་སྤེལ་ཚིག་རིགས་པས་འཕྲུལ་ཤེས་པར་བྱའོ༔ དེ་ནས་བསྟོད་པ་བྱ་ཞིང་ལྷག་ཆད་ཁ་བསྐང༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུའོ༔ བསྔོ་བ་སྨོན་ལམ་སོགས་གཞུང་ལྟར་བྱའོ༔ ཨེ་མ་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ལས་ཚོགས་ཟབ་མོ་འདི༔ བོད་ཁམས་ས་འོག་ཀུན་གྱི་གཏེར་གཅིག་འདི༔ རིག་འཛིན་མ་ཧཱ་གྷུ་རུའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་བདུད་འདུལ་གྱིས་ཚ་བ་སྒྲོ་བྲག་ཅེས་ཙི་ཏ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལས། གསོལ་འདེབས་མུ་ཏིག་ཕྲེང་བ་བཞུགས་སོ། །ཐཾ།༔ ཆོས་དབྱིངས་མངོན་དགའ་བདེ་ཆེན་ཞིང་ཁམས་སུ། །ཀུན་བཟང་རྡོར་སེམས་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །གདོད་མའི་གནས་ལུགས་ཟིན་པར་བྱིན་གྱིས་རློབས། །རི་བོ་ཏ་ལ་རྔ་ཡབ་གླིང་མཆོག་ཏུ། །ནམ་མཁའི་རྒྱལ་པོ་པད་འབྱུང་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །གཉུག་མའི་རང་ས་ཟིན་པར་བྱིན་གྱིས་རློབས། །སྐུ་གསུམ་འདུ་འབྲལ་མེད་པའི་ཕོ་བྲང་ནས། །གྲུབ་ཆེན་འབྲོག་བན་བདུད་འདུལ་མ་ཎིའི་མཚན། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །གདོས་བཅས་འོད་སྐུར་འགྲུབ་པར་བྱིན་གྱིས་རློབས། །དབྱིངས་རིག་འདུ་འབྲལ་མེད་པའི་ཕོ་བྲང་ནས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྩ་ཁམས་རྣམ་དག་ལུས་ཀྱི་ཕོ་བྲང་ནས། །རྒྱལ་བའི་ཡུམ་གྱུར་ཡིད་བཞིན་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་བཞིན་རྣམ་པར་དག་པའི་ཕོ་བྲང་ནས། །གནས་གསུམ་མཁའ་འགྲོ་བཀའ་སྲུང་གཏེར་བདག་ལ། །དམ་ཚིག་ཟོལ་མེད་སྙིང་ནས་གསོལ་འདེབས་ཀྱིས། །ས་ལམ་ཀུན་རྫོགས་ཡར་ངོའི་ཟླ་ལྟར་འཕེལ། །མི་གཙང་ལུས་འདི་འོད་ཕུང་གྲོལ་བ་དང་། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཤོག །ཅེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གསོལ་འདེབས་མུ་ཏིག་ཕྲེང་བ་འདི་ཡང་སྨར་ཁམས་པ་པདྨ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་གཏེར་རྒན་བདུད་འདུལ་རྡོ་རྗེས་སྤུ་སྟོད་བདེ་ཆེན་ཐང་གི་མཚམས་ཁང་དུ་སྦྱར་བ། ཡི་གེའི་རིས་བྱེད་ཨོ་རྒྱན་བསྟན་སྲུང་ངོ་།། །།

གནམ་ཆོས་ལས་ཆོས་ལུགས་མི་གཙང་བའི་ཉེས་སྲུང་ (Volume 47, Text 18)

གནམ་ཆོས་ལས་ཆོས་ལུགས་མི་གཙང་བའི་ཉེས་སྲུང་བཞུགས༔ ྈ ྈྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཕ་རོལ་ཆོས་ལུགས་མི་གཙང་བར༔ ཕྱག་འཚལ་དབང་ཆོས་ཞུ་དགོས་ན༔ དེ་ཡི་ཉེས་པ་མི་འབྱུང་ཐབས༔ དམིགས་པ་འདི་ལྟར་བྱ་བ་ཡིན༔ རང་ཡང་པད་མ་འབྱུང་གནས་བསམ༔ གནས་ཀྱང་པད་མ་འབྱུང་གནས་བསམ༔ དེ་ནས་དྲག་པོའི་དམིགས་པ་ནི༔ གནས་ནི་ཐ་མལ་པ་རུ་བསམ༔ རང་ནི་གྲོ་ལོད་སེང་སྒྲར་བསམ༔ ཕྱག་སོགས་འཚལ་བས་ངེས་པ་རུ༔ གནས་ཀྱི་ནུས་ཉམས་ལྷ་ཡང་བྱེར༔ ནད་འབྱུང་ཁྲག་འཛག་འབྲུམ་པ་ན༔ འདར་ཡེད་བསྔང་བ་རྣམས་འབྱུང་ངོ༔ དེ་ནས་དེ་ཡི་རྫས་ནི་འདི༔ གུར་གུམ་གླ་རྩི་རྩ་བ་ཡི༔ བླ་མའི་ན་བཟའ་དབུ་སྐྲ་དང༔ བཛྲ་གུ་རུའི་ཡི་གེ་རྣམས༔ རང་གི་སྤྱི་བོར་བཏགས་ཀྱང་ཆོག༔ ཡང་ན་རྫས་ནི་འདི་རྣམས་སོ༔ བོང་ང་རྟ་བྲུན་ཁྱི་བྲུན་དང༔ མུ་ཟི་སྤྱང་བྲུན་ནོར་ཕྱུགས་བྲུན༔ རྟ་བླའི་རོ་རྣམས་ཞིབ་བཏགས་ཏེ༔ རྐེད་པ་མན་གྱི་རང་ལ་བཏགས༔ ཕྱག་སོགས་འཚལ་བས་ངེས་པར་ཐུབ༔ དེ་ནས་སྔགས་ནི་འདི་གཉིས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏྲི་ཏ་བྷཻ་ར་ཡེ་སྭཱ་ཧཱ༔ ཡང་ན་སྔགས་ནི་འདི་ཡིན་ནོ༔ ཏདྱ་ཐཱ། ཨོཾ་ཧཱུྃ་ཧཱུྃ་སིང་ཧ་ཨ་ནི༔ མ་ལི་ཀན༔ བཛྲ་ཀྲོ་ཏ༔ འབིར་ཝ་ཨ་ནི༔ ཧ་ས་སུ་ཡ་ཨ་ལི་པ་ན༔ ཨ་ཀ་བྷེ་མུ༔ ན་ན་ཡ་ཧོ་ཧོ་བྷྲཱུྃ༔ ཧཱུྃ་ཧཱུྃ་ཕཊ་ཡ༔ བྷྱོ་ཕཊ་ཕཊ༔ དེ་ཡིས་དེ་ཡི་ཉེས་པ་ཐུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ྈ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྣོན་ཟླའི་མར་གྱི་ཚེས་བཅུའི་ནུབ་རྡོ་རྗེ་གྲོ་ལོད་རཏྣའི་དྲག་པོའི་གཞུང་ནས་གསུངས་པ་ལྟ་བུ་གཅིག་གིས་དངོས་སུ་གསུངས་ཏེ་གྲོ་ལོད་གང་རུང་བསྒོམ་ཆོག་གསུངས་སོ། །ཤུ་བྷཾ།། །།

དབང་བསྐུར་སྤྱི་ལ་འཇུག་པའི་ལག་ལེན་རྣམ་འབྱེད་མདོར་བསྡུས་པ་རབ་གསལ་ཟླ་བའི་མེ་ལོང་ (Volume 40, Text 18)

༄༅། །དབང་བསྐུར་སྤྱི་ལ་འཇུག་པའི་ལག་ལེན་རྣམ་འབྱེད་མདོར་བསྡུས་པ་རབ་གསལ་ཟླ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། དགོངས་པའི་སྟོབས་དང་ཚུལ་ལྡན་ཆོ་གའི་མཐུས། །ཐོག་མེད་འཁྲུལ་པའི་འཆིང་བ་སྐད་ཅིག་ལ། །བྲལ་ནས་མངོན་སུམ་ཡེ་ཤེས་སད་མཛད་པ། །དཀྱིལ་འཁོར་དབང་ཕྱུག་དཔལ་ལྡན་བླ་མར་འདུད། །རྡོ་རྗེ་ཐེག་པའི་རྩ་བ་སྨིན་བྱེད་ཀྱི། །ཚུལ་འདི་ཟབ་རྒྱས་ཉིད་ཕྱིར་རྟོགས་དཀའ་ཡང་། །དང་པོའི་ལས་ཅན་ཕྱོགས་ཙམ་ངེས་རྙེད་ཕྱིར། །གོ་བདེའི་ངག་གིས་མདོར་བསྡུས་བརྗོད་པར་བྱ། །དེའང་རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཐམས་ཅད་ཚང་ཞིང་ཁྱད་པར་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་རྣམས་ལ་ཐོས་བསམ་སྒོམ་པ་གང་བྱེད་ཀྱང་ངེས་པར་སྔོན་དུ་མ་སོང་ཐབས་མེད་པ་ནི་དབང་བསྐུར་བ་དང་། དེ་ལས་ཐོབ་པའི་དམ་ཚིག་མི་ཉམས་པར་སྲུང་བ་ཁོ་ན་ཡིན་ཞིང་། དབང་མ་ནོས་པར་གསང་སྔགས་ལ་ཞུགས་ན་དངོས་གྲུབ་མི་འགྲུབ་པར་མ་ཟད་འདི་དང་གཏན་ཏུ་ཉམས་པ་ཆེན་པོར་འགྱུར་བས། ཐོག་མར་རྒྱུད་སྨིན་ངེས་སུ་བྱེད་པ་ཉིད་དོན་དུ་གཉེར་དགོས། དེའང་གསང་སྔགས་གསར་རྙིང་གཉིས་ལ་རྣམ་གཞག་དང་ཕྱག་ལེན་གྱི་ཁྱད་པར་མང་ཡང་དོན་གྱི་གནད་མཚུངས་ཤིང་། ཨ་ནུ་དང་ཨ་ཏི་གཉིས་ནི་དོན་དང་ཐ་སྙད་གཉིས་ཀའི་ཆ་ནས་སྔ་འགྱུར་ལ་ལྷག་པའོ། །དེ་ལ་འདིར་སྐབས་སུ་བབས་པ་གསང་སྔགས་རྙིང་མའི་ལུགས་ལྟར་ཅུང་ཟད་འཆད་པར་བྱ་སྟེ། དེ་ལ་ལྔ། ངོ་བོ། ངེས་ཚིག །དབྱེ་བ། སྤྱིར་དགོས་པ། ལག་ལེན་བྱེ་བྲག་བཤད་པའོ། །དང་པོ་ནི། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ཞིག་ཡིན་ཞིང་། དེ་ལ་མཚུངས་ལྡན་གྱི་རྒྱུ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གདོད་ནས་སེམས་ཅན་གྱི་རྒྱུད་ལ་རང་ཆས་སུ་བཞུགས་པའི་ཆོས་ཉིད་ཡིན་ཏེ་དེ་མེད་ན་དབང་བསྐུར་ཡང་ཐོབ་པ་མེད་དེ་དབང་བསྐུར་རྒྱལ་པོ་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །དེས་ན་སློབ་མའི་རྒྱུད་ཀྱི་མཚུངས་ལྡན་གྱི་རྒྱུ་དེ་ཉིད་ཐབས་ལ་བརྟེན་ནས་འབྲས་བུ་འབྱིན་པར་བྱེད་པ་མེ་ཏོག་འབྲས་བུར་སྨིན་པ་ལྟ་བུར་སྒྲུབ་པའི་ཕྱིར། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་ཏིང་ངེ་འཛིན་གྱི་ནུས་པས་བྱིན་གྱིས་བརླབས་པའི་དབང་གི་རྫས་ལ་སོགས་པའི་རྟེན་འབྲེལ་གྱིས་སློབ་མའི་སྣོད་དག་པར་བྱེད་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་སྟེ་ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །གང་ལ་བསྐུར་བའི་སློབ་མ་དད་པ་དང་ལྡན་ཞིང་དམ་ཚིག་ལས་མི་འདའ་བས་སྣོད་དུ་རུང་བ་རྒྱུའི་རྐྱེན་དང་། གང་གིས་བསྐུར་བའི་སློབ་དཔོན་ཡང་བདག་དང་། ལྷ་དང་། གསང་སྔགས་དང་། བཟླས་བརྗོད་དང་། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་སྦྱོར་བ་ལ་རང་བྱན་ཚུད་པ་བདག་པོའི་རྐྱེན། མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པའི་བླ་མ་རྣམས་ཀྱི་དབང་གི་བྱ་བ་དང་ཆོ་ག་མན་ངག་གི་གནད་མ་ནོར་བ་མཁྱེན་པ་དམིགས་པའི་རྐྱེན། བུམ་དབང་ལ་སོགས་པ་དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བས་བྱིན་གྱིས་བརླབས་པར་རྟོགས་པ་དང་། ཤེས་རབ་ཀྱིས་མངོན་སུམ་པར་རྟོགས་པས་སློབ་མ་ལ་དབང་སོ་སོའི་གོ་བརྡ་འཕྲོད་པར་བྱེད་པ་ནི་དེ་མ་ཐག་པའི་རྐྱེན་ནོ། །གཉིས་པ་ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས། དྲི་མ་བཀྲུ་བའམ་གཏོར་བས་ན་དབང་སྟེ་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་དང་བག་ཆགས་ཐམས་ཅད་འཁྲུད་པར་བྱེད་པའི་ཕྱིར། སྣོད་དག་པར་བཀྲུས་པས་བཅུད་བླུག་ཏུ་རུང་བ་བཞིན་ནོ། །ཨ་བྷི་ཥེ་ཀའི་སྒྲ་ལས་སྐལ་པ་འཇོག་པས་ན་དབང་སྟེ་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པའམ་སྐལ་པ་ཁྱད་པར་ཅན་འཇོག་པ་སྟེ་ཕས་བུ་ལ་ཕོག་གཏོད་པ་བཞིན་ནོ། །ཡང་སྨིན་པར་བྱེད་པས་ན་དབང་སྟེ། སྒོ་གསུམ་ཐིག་ལེ་དང་བཅས་པ་རྡོ་རྗེ་གསུམ་དང་བདེ་བ་ཆེན་པོར་སྨིན་པར་བྱེད་པའོ། །གསུམ་པ་དབྱེ་བ་ནི། རྒྱུད་སྡེ་འོག་མ་བྱ་རྒྱུད་ལ་སྤང་བ་དང་རྟོགས་པའི་རྟེན་འབྲེལ་སྒྲིག་པའི་ཕྱིར་ཆུའི་དབང་དང་། རིགས་གང་ཡིན་གྱི་དམ་ཚིག་ཕྱག་རྒྱ་ཅོད་པན་གྱི་དབང་དང་། ཡན་ལག་ཏུ་བཟླས་ལུང་། བྱབ་བཀྲུ་སྲུང་གསུམ། བཀྲ་ཤིས་རྫས་བརྒྱད་སྦྱིན་པ་རྣམས་ཀྱིས་གྲུབ་ལ། སྤྱོད་རྒྱུད་ལ་ཆུ་དང་ཅོད་པན་གྱི་སྟེང་དུ་རྡོ་རྗེ་དྲིལ་བུ་མིང་གི་དབང་གསུམ་བསྣན་པ་དང་མེ་ལོང་ཐུར་མ་ཆོས་འཆད་ཀྱི་རྗེས་གནང་སོགས་ཡན་ལག་མང་ཉུང་རྒྱུད་དང་སློབ་དཔོན་སོ་སོའི་གཞུང་གི་ཁྱད་པར་མི་འདྲ་བ་ཡོད་དོ། །རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་སློབ་མའི་དབང་། སློབ་དཔོན་གྱི་དབང་དྲུག་ནི་ཕྱིར་མི་ལྡོག་པ་དམ་ཚིག་གསུམ་གཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་དང་། ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་རིམ་རྣམས་ཤེས་པར་བྱ་བ། ཐུན་མོང་མ་ཡིན་པའི་ཆོས་འཆད། རྗེས་གནང་དང་ལུང་བསྟན། དབུགས་དབྱུང་གཟེངས་བསྟོད་དེ་བཅུ་གཅིག་གོ །འདི་མན་ཆད་ལ་རིག་པའི་དབང་ལྔ་མིང་དང་རྣམ་པ་ཙམ་འདྲའང་དོན་གྱི་ངོ་བོར་བླ་མེད་དང་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །རྣལ་འབྱོར་བླ་མེད་ཀྱི་དབང་ཐམས་ཅད་ནི། ཕྱི་མཚན་མ་སོགས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞིར་བཅུག་ནས་འབྲས་བུ་སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་ཕྱིར་དབང་བཞི་བསྐུར་བ་ལ་འདུ་ཞིང་། དེའང་བུམ་དབང་ལ་རིག་པའི་དབང་ལྔ་དང་དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་སློབ་མའི་དབང་དྲུག་གི་སྟེང་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་བུམ་དབང་དངོས་གཞི་ལ་བདུན་དང་། དེའི་ཡན་ལག་རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དང་བཅུ་གཅིག་དབང་གོང་མ་གསུམ་དང་བཅུ་བཞིའོ། །འདི་ལའང་གསང་འདུས། མཉམ་སྦྱོར། དུས་ཀྱི་འཁོར་ལོ་སོགས་སུ་དབྱེ་བསྡུའི་ཁྱད་པར་མང་ངོ་། ཁྱད་པར་སྔ་འགྱུར་ལ་རྒྱུད་ལུང་མན་ངག་གི་ལུགས་སྲོལ་གསུམ་དུ་འབྱུང་སྟེ། རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བ་ལྟར་ན། གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་ཕྱིར་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པས་སློབ་བུ་དད་པ་ཅན་ལ་དབུ་རྒྱན་ཅོད་པན་སོགས་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་གསུམ་གྱི། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་པ་དང་སྒོམ་པའི། གཞན་དོན་ནུས་པ་ལ་འཆད་པ་དང་ཕྲིན་ལས་ཀྱི། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྟེ་ལྔའོ། །སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བའོ། །ལུང་ཨ་ནུ་ཡོ་ག་ལ་ཀུན་འདུས་རིག་པའི་མདོ་ལས། ཕྱིའི་དབང་བཅུ། ནང་གི་དབང་བཅུ་གཅིག །སྒྲུབ་པའི་དབང་བཅུ་གསུམ། གསང་བའི་དབང་གཉིས་ཀྱིས་རྫོགས་པར་གསུངས་པའི་དོན་རྒྱུད་དང་མན་ངག་གི་ལུགས་ལྟར་བསྐུར་ཚུལ་གཉིས་ཏེ། རང་བཞིན་གྱིས་སྣོད་དུ་གྱུར་པའི་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་བ་ལ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་བསྟན་པ་ཐམས་ཅད་རིག་པ་འཛིན་པའི་སྡེ་སྣོད་ཀྱི་གཞུང་ལམ་གཅིག་ཏུ་ཡོངས་སུ་རྫོགས་པའི་རིམ་པ་སྟོན་པ། མདོ་ཡོངས་རྫོགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་ནས་མན་ངག་གི་དགོངས་པ་ལྟར་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པར་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བའི་ཚུལ་གཉིས་ལས། དེང་སང་རྒྱུད་དང་མན་ངག་གི་དགོངས་པ་གཉིས་ཀ་བརྒྱུད་ནས་མི་ནུབ་པར་བྱ་བའི་ཕྱིར་གཅིག་ཏུ་དྲིལ་ནས་བསྐུར་བར་མཛད་པ་སྟེ། གཉིས་ཀས་ཡོ་ག་བཞི་རྫོགས་དང་ཐེག་དགུའི་དབང་རྫོགས་པ་ལ་ཁྱད་པར་མེད་དོ། །མན་ངག་ཨ་ཏི་ཡོ་གའི་དབང་ནི་དབང་གསུམ་པའི་ཡེ་ཤེས་དཔེ་དང་རྗེས་དཔག་གིས་མཚོན་བྱ་མཚོན་བྱེད་ལ་ལྟོས་མི་དགོས་པར། ཐོག་མ་ཉིད་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་སྐལ་ལྡན་དབང་རྣོན་ལ་རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་བསྐུར་བ་ཡིན་ཞིང་། ཁྱད་པར་མན་ངག་སྡེ་པ་ལྟར་ན་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཞིར་གསུངས། དེའི་དང་པོས་ལུས་ངག་ཡིད་གསུམ་དང་ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་སྦྱོང་། གཉིས་པས་སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །གསུམ་པས་སེམས་ཉིད་གཞི་མེད་རྩ་བྲལ་དུ་ངོ་སྤྲད་ཅིང་བསྒོམས་པས་ཀ་དག་གི་ཡེ་ཤེས་རྟོགས་པ་དང་། བཞི་པས་མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་ལ་དབང་བ་ཡིན་ནོ། །འདི་ནི་དབང་བཞིའི་གྲངས་བླ་མེད་ཀྱི་ཐུན་མོང་དང་འདྲ་རུང་བྱུང་ཡང་དོན་གྱིས་འདྲ་བ་མ་ཡིན་ཏེ་དབང་བཞི་པ་ཉིད་ལ་ལྟོས་ནས་བཞིར་བཞག་པ་ཡིན་ནོ། །སྒྲུབ་སྡེ་སྤྱི་བཀའ་བདེ་གཤེགས་འདུས་པ་ལྟར་ན། མདོ་བྱང་གིས་བསྟན་དོན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་དང་བཞི་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བསྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བསྟེན་ནས་བསྐུར་བ་དང་བཞི་ཡིན་ནོ། །གཞན་ཡང་གསང་སྔགས་གསར་རྙིང་སྤྱིར་དབང་། བྱིན་རླབས། རྗེས་གནང་། རིག་གཏད་བཟླས་ལུང་རྣམས་སུ་གྲགས་པ་ལས། བླ་མེད་ཀྱི་རྒྱུད་སྨིན་བྱེད་དངོས་ནི་སྒྱུ་འཕྲུལ་དང་བཀའ་བརྒྱད་ལྟ་བུའི་དཀྱིལ་འཁོར་ཆེན་པོའི་རྒྱུ་དབང་ཚད་ལྡན་ཞིག་ཐོབ་དགོས་ལ། དེ་སྔོན་དུ་མ་སོང་བར་གཞན་རྣམས་བྱར་མི་རུང་ཞིང་། རྒྱུད་ཀྱི་ལྷ་གཙོ་རྐྱང་ལྟ་བུའི་སྒོམ་བཟླས་ཉི་ཚེ་དོན་དུ་གཉེར་བ་ལ་ནི་ངེས་པ་མེད། དེ་ལས་དབང་བཞིའི་དོན་ཚང་ཡང་བྱ་བའི་རིམ་པ་ཟོར་ཡང་ཞིང་དབང་གོང་མ་བརྡ་ཙམ་ལ་བརྟེན་ཏེ་བསྐུར་བའི་རིགས་རྣམས་ནི་བྱིན་རླབས་ཡིན། གསོལ་གདབ་རྒྱུད་སྦྱོང་ཙམ་སོང་ནས་ལྷ་བསྒོམ་སྔགས་བཟླས་ཏིང་ངེ་འཛིན་སྒོམ་པ་ལ་དབང་བར་བྱེད་པ་ནི་རྗེས་གནང་ཡིན་ལ། སྔགས་ལ་རིག་པ་དང་ལྷ་སྐུ་ལ་ཕྱག་རྒྱ་ཞེས་རྒྱུད་སྡེ་འོག་མ་ལ་གྲགས་ཆེ་བས་རིག་གཏད་ཅེས་པ་གཟུངས་དང་སྔགས་སྦྱིན་པའི་དོན་ཡིན་པས་བཟླས་ལུང་དང་ངོ་བོ་གཅིག་ཡིན་ཞིང་། སྒོམ་ལུང་ཞེས་འབྱུང་བའང་ལྷ་སྒོམ་པའི་ལུང་ཕོག་པ་སྟེ། དེ་བྱས་ཕྱིན་བཟླས་ལུང་ཞར་ལ་འབྱུང་བས་དོན་དུ་རིག་པ་དང་ཕྱག་རྒྱ་གཏད་པ་ཡིན་པས་སྒོམ་བཟླས་ཙམ་ཉམས་སུ་ལེན་རུང་བར་བྱས་པའོ། །བཞི་པ་དབང་སྐུར་སྤྱིར་ངེས་པར་བྱ་བ་ལ་གསུམ། དང་པོ་སྐུར་བ་པོ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཤིན་ཏུ་གལ་ཆེ་སྟེ་དངོས་གྲུབ་ཐོབ་མི་ཐོབ་དེ་ལ་རག་ལས་པའོ། །དེའང་གྲགས་པ་ངོ་དགའ་ཕྱོགས་ཞེན་ཟས་ནོར་སོགས་ཀྱི་རྗེས་སུ་འབྲངས་ཏེ་གང་རུང་བླ་མར་བཟུང་བས་མཐར་ལོག་ལྟ་སྐྱེས་ནས་དམ་ཉམས་སུ་འགྱུར་བའམ། འགའ་ཞིག་དང་པོ་ནས་ཐེ་ཚོམ་གྱི་བློ་དང་བཅས་ཏེ་དབང་ཞུས་པས་སྣོད་བཅུད་ཀྱི་རྟེན་འབྲེལ་ལོག་པ་དང་། མི་དགེ་བའི་བཤེས་གཉེན་གྱི་དབང་དུ་ཤོར་ན་དེའི་སྤྱོད་པ་བྱ་དགོས་པ་དང་། སོ་ཐར་གྱི་སྡོམ་པ་ཙམ་ཡིན་ན་མཁན་པོ་ལ་རང་གིས་མཐོང་ཐོས་དོགས་གསུམ་གྱི་རྟོག་ངན་མེད་ཅིང་བརྡ་འཕྲོད་པ་ཁོ་ནས་ཆོག་ཀྱང་། གསང་སྔགས་ཀྱི་སྨིན་གྲོལ་འབོགས་པ་པོའི་བླ་མ་ལ་བཅུད་མེད་ན་སློབ་མ་དད་མོས་ཡོད་པ་ཁོ་ནས་རྒྱུད་ལ་ཡོན་ཏན་སྐྱེ་མི་ནུས་པས། རྒྱུད་དང་མན་ངག་ལས་མཚན་ཉིད་མང་དུ་གསུངས་ཀྱང་ད་ལྟའི་དུས་དང་བསྟུན་པའི་བསྟེན་པར་འོས་པ་ནི། བརྒྱུད་པའི་ཁུངས་དང་ལྡན་ཅིང་དམ་སེལ་གྱི་ཕྲེང་བར་མ་གྱུར་པ། དབང་བསྐུར་ཚུལ་བཞིན་ནོས་ཏེ་དམ་ཚིག་དང་སྡོམ་པའི་རྩ་བ་མ་ཉམས་པ། དེ་ཉིད་བཅུ་ཤེས་པ་རབ། ཐ་ན་བསྐུར་བྱའི་དབང་གི་ལག་ལེན་མ་ནོར་བ་ཤེས་པ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཅི་རིགས་པ་དང་ལྡན་ཅིང་རྩ་གསུམ་སོ་སོའམ་རྩ་བའི་ཡི་དམ་ཚད་ལྡན་གཅིག་གི་བསྙེན་སྒྲུབ་མཐར་ཕྱིན་པ། དམག་འཁྲུགས་ཚོང་ཁེ་སོ་ནམས་སོགས་འཇིག་རྟེན་པའི་བྱ་བཞག་ལ་མི་ལྟོས་པ་ཞིག་ནི་ངེས་པར་དགོས་ལ། དེ་དག་ལས་ལྡོག་པའི་སྐྱོན་ཅན་ནི་ཐོག་མ་ནས་བསྟེན་པར་མི་བྱ། ཟོལ་མེད་ཀྱི་ཡེ་ཤེས་བརྙེས་ངེས་པ་ཡིན་ན་དེ་དགོས་འབྱུང་གི་ནོར་བུ་ལྟ་བུར་གཟུང་དགོས་ཏེ་གོ་ས་དང་རྟེན་ལ་མི་ལྟོས་སོ། །གཉིས་པ་བསྐུར་ཡུལ་སློབ་མའི་མཚན་ཉིད་ཀྱང་། དད་པ་དང་བརྩོན་འགྲུས་ཆེ་བ། ང་རྒྱལ་ཁྲོ་གཏུམ་སོགས་ཉོན་མོངས་ཆུང་བ། སྒོམ་སྒྲུབ་དང་དམ་ཚིག་ལ་གཙོར་འཛིན་པ་ཞིག་ནི་མེད་ཐབས་མེད་ལ། ཤེས་རབ་ཆེ་བ་ཀུན་གྱི་མཆོག་ཡིན་ཡང་གསང་བའི་མན་ངག་གི་སྣོད་དུ་ངེས་པར་རུང་བ་ལ། ཐེག་པ་འོག་མའི་ལྟ་སྤྱོད་ལ་མངོན་པར་ཞེན་ཅིང་རྟོག་གེའི་རིག་པ་ལ་དགའ་བའི་ལོག་པའི་ཤེས་རབ་ཅན་མ་ཡིན་པ། ཐེ་ཚོམ་མེད་པའི་དད་མོས་དང་ངོ་ཚ་ཁྲེལ་ཡོད་ལྡན་པ་ཁོ་ན་མཆོག་ཏུ་འགྱུར་བས་གཙོར་བཟུང་། མཚན་ཉིད་དང་མི་ལྡན་ན་རིགས་གཟུགས་འབྱོར་པ་སོགས་ལ་ལྟོས་ནས་སློབ་མ་བསྡུ་བ་ནམ་ཡང་མི་བྱ་སྟེ་སློབ་དཔོན་རང་ཉིད་ཉམས་པའི་རྒྱུར་འགྱུར་རོ། །དཔོན་སློབ་ཀྱི་འབྲེལ་བརྟག་པ་ནི་དེང་དུས་ལག་ལེན་བྱེད་པ་མེད་ཀྱང་། དབང་གསུམ་པའི་གདམས་ངག་དང་། ངོ་སྤྲོད་མཛུབ་ཚུགས་སོགས་ཆེས་གསང་བའི་ཟབ་དོན་མཐར་ཐུག་རྣམས་ནི། རིམ་པར་དམ་ཚིག་སྲུང་ཤིང་དད་མོས་ལས་མི་ལྡོག་པར་ཡིད་ཆེས་པ་དང་ཉམས་སུ་ལེན་ངོ་ཤེས་པར་མ་བྱུང་བར་ཁྲོམ་བསྒྲག་ནམ་ཡང་མི་བྱ་སྟེ་རང་གི་དངོས་གྲུབ་ཉམས་ཤིང་གསང་བ་སྣོད་མིན་ལ་བསྟན་པའི་ཉེས་པ་འབྱུང་བས་སོ། །གསུམ་པ་དབང་བསྐུར་བའི་དུས་ནི། ཀུན་རྫོབ་ལ་ལྟོས་ཏེ་དུས་ཚོད་གཟའ་སྐར་བཟང་ངན་གྱིས་དགེ་མི་དགེ་བྱེད་པས་གསང་བ་སྤྱི་རྒྱུད་སོགས་ལས་གསུངས་པ་ལྟར་བླང་དོར་བྱེད་པ་ནི་ཡོངས་སུ་གྲགས་ལ། བྱེ་བྲག་ཏུ། རྒྱལ་བས་བྱིན་གྱིས་བརླབས་པའི་དུས་ཆེན་ནི་ནམ་ཡང་དགེ་བར་འགྱུར་ལ། གུ་རུ་རིན་པོ་ཆེའི་དུས་ཆེན་ཡར་ངོའི་ཚེས་བཅུར་བླ་མའི་དབང་དང་སྒྲུབ་མཆོད། མར་ངོའི་ཚེས་བཅུར་རྣལ་འབྱོར་མའི་རིགས་ཀྱི་བྱིན་རླབས་དང་སྒྲུབ་མཆོད། ཆོས་སྐྱོང་རྣམས་ལ་ཉེར་དགུས་མཚོན་སོ་སོ་རྒྱུ་བའི་དུས་སུ་ལྷག་པར་ཤིས་ལ། ཁྱད་པར་ཡོ་བྱད་ཚོགས་པ་དང་། མོས་གུས་ཆེ་བ་དང་། ལས་ལ་བརྩོན་པ་སོགས་སློབ་མའི་བྱ་བས་བླ་མ་མཉེས་པའི་ཚེ་ཡང་བྱ་བར་གསུངས་ཏེ། བླ་མ་མཉེས་པའི་ཚེ་བྱིན་པའི་སྔགས་ནི་མྱུར་དུ་འགྲུབ་པར་ལེགས་གྲུབ་ལས་ཀྱང་གསུངས་པས། བླ་མའི་ཐུགས་རྗེ་དང་སློབ་མའི་དད་པ་སྣོད་བཅུད་ཀྱི་རྟེན་འབྲེལ་འགྲིགས་པ་ཉིད་ན་མཐའ་བཀག་པ་མེད་པས་དཀྱིལ་འཁོར་དང་དབང་གི་བྱ་བ་ལ་འཇུག་གོ །ལྔ་པ་བྱེ་བྲག་ལག་ལེན་མདོར་བསྡུས་བཤད་པ་ལ་གསུམ། མ་ཧཱ་ཡོ་ག་དང། ཨ་ནུ་དང་ཨ་ཏིའི་ཁྱད་པར། བྱིན་རླབས་སོགས་ཀྱི་འཕྲོས་དོན་ནོ། །དང་པོ་ལ། སྒྲུབ་ཆེན་དང་འབྲེལ་བ་བྱུང་ན་མཆོག་ཡིན་ཡང་ད་ལྟ་དེ་ལྟར་བྱེད་མཁན་དཀོན་ཅིང་། དེའི་ཕྱག་ལེན་ཞིབ་པ་སོ་སོའི་སྒྲུབ་ཁོག་དང་དབང་གཞུང་སྦྲེལ་ནས་རྟོགས་པར་བྱ་དགོས། འདིར་དབང་རྐྱང་གི་ལུགས་སུ་བཤད་པ་ལའང་བརྒྱད། བསྙེན་པ། ས་ཆོག །སྟ་གོན། དཀྱིལ་འཁོར་གྱི་བྱ་བ། སྒྲུབ་མཆོད། བདག་འཇུག །དབང་བསྐུར། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྩ་བའི་བསྙེན་སྒྲུབ་སྔོན་དུ་སོང་བ་གཞིར་བྱས། སྐབས་འདིར་གནང་བ་ཞུ་ཞིང་བགེགས་སྲུང་བ་སོགས་ཀྱི་དོན་དུ་བསྙེན་པ་ཁ་གསོར་གྲགས་པ་སྟེ། སོ་སྐྱེའི་རྒྱུད་ལྡན་གྱི་སློབ་དཔོན་རྣམས་ཀྱིས་ཆོ་གའི་ཡན་ལག་ཅུང་ཟད་ཉམས་པས་ཀྱང་བྱིན་རླབས་དང་དངོས་གྲུབ་ཀྱི་གནས་ལ་སྒྲིབ་པར་བྱེད་ན། ཆོ་གའི་རྩ་བ་ཞུད་ན་བྱིན་རླབས་དང་དངོས་གྲུབ་མི་འབྱུང་བས་ཐོག་མར་དབང་བསྐུར་བ་པོ་རང་ཉིད་རྒྱུད་དག་པར་བྱེད་པ་གལ་ཆེ་བའི་ཕྱིར། སློབ་མས་གློ་བུར་དུ་མ་ཡིན་པར་རིང་མོ་ནས་དབང་གནང་བར་གསོལ་བ་གདབ། སློབ་དཔོན་གྱིས་ཞལ་བཞེས་ཟིན་ནས་ཞག་བདུན་ཕྲག་གིས་མཐའ་རྟེན་པར་བསྙེན་པ་བྱ་སྟེ། དེའང་དཀྱིལ་འཁོར་རྒྱས་པ་འདོན་སྒོམ་མི་ནུས་ན་འདུས་མདོའི་ཞི་ཐུང་ཁྲོ་ཐུང་བཀའ་བརྒྱད་ཀྱི་ཕྱག་རྒྱ་རྐྱང་སྒྲུབ་ལྟ་བུ་སྤྲོས་མེད་མདོར་བསྡུས་ལ་བརྟེན་ཆོག་ཅིང་། གཏེར་ཆོས་ལུགས་གཅིག་གི་དབང་ལུང་ཡོངས་རྫོགས་དུས་གཅིག་ཏུ་བྱེད་པ་ལའང་དེ་ཀའི་ནང་ནས་རང་གི་བསྙེན་སྒྲུབ་སོང་བ་ཞིག་གམ། མ་སོང་ཡང་གང་རྩ་བར་གྱུར་པ་ཞིག་གི་བསྙེན་པ་གྲུབ་ན་མཆོག་ཏུ་འགྱུར་ལ། དབང་དང་བྱིན་རླབས་ཕྲན་ཚེགས་འཕྲལ་དུ་དགོས་པའི་རིགས་ལ་ནི་སུས་ཀྱང་བྱེད་པ་མེད་པས་སྨྲོས་མ་དགོས་སོ། །གཉིས་པ་ས་ཆོག་ལ་ས་བརྟག་སློང་སྦྱོང་གཟུང་སྲུང་བ་ལྔར་བཤད་ཀྱང་། རྡོ་རྗེ་མཁའ་འགྲོ་དང་སྤྱི་རྒྱུད་ལས་དབང་བསྐུར་བའི་གནས་ལྷ་ཁང་བྲག་ཕུག་ཁང་སྟེང་སོགས་དང་གང་ན་ཡིད་དུ་འཐད་པ་ལ་བརྟག་མི་དགོས་པར་གསུངས། སྔར་བདག་ཏུ་བཟུང་བ་ལ་སློང་བའང་མི་དགོས་ཀྱང་ད་ལྟའི་ཕྱག་ལེན་དུ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ན། མི་སྣང་བ་ལས་སློང་བ་དབང་ཕུར་དང་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་བཞིས་སྦྱོང་། གཞི་དེར་སློབ་དཔོན་གྱིས་དཀྱིལ་འཁོར་རྫོགས་པར་བསྒོམས་ནས་རྒྱལ་བ་རྣམས་ལ་མཆོད་ཅིང་བསྟོད་དེ། སློབ་མས་ཡུམ་བཞིར་མོས་ལ་ཕྱོགས་བཞི་ནས་གསོལ་བ་བཏབ་པས་ནམ་མཁའི་ལྷ་ལ་གནང་བ་ཞུས་ཏེ་རང་ལ་བསྟིམ། ཁྲོ་བོའི་ང་རྒྱལ་དང་རྡོ་རྗེའི་ལྟ་བ། སྟངས་སྟབས་བཞི་དང་བརྒྱད། སྤྲོ་ན་རྡོ་རྗེའི་གར་གྱི་ཆོ་གས་ས་གཟུང་བ། ཕྱོགས་བཅུའི་བགེགས་བཀུག་པ་ལ་ཁྲོ་བཅུའི་ཕུར་པ་བཏབ་པས་སྲུང་བ་སྟེ་བཞི་ཀ་བྱ་བ་ཡིན་ལ། རས་བྲིས་ཀྱི་སྐབས་སུ། སློང་བ་དང་སྦྱོང་བ་མི་དགོས་ཀྱང་གནས་བདག་ལ་དཀར་གཏོར་འབུལ་བ་ཙམ་གཏེར་མ་རྣམས་ཀྱི་དཀྱུས་སུའང་འབྱུང་བས་དོར་མི་དགོས། ཁྲོ་བོའི་ང་རྒྱལ་དང་རྡོ་རྗེའི་ལྟ་བས་དྲག་སྔགས་བརྗོད་ཅིང་བསྐོར་བ་ཙམ་བྱས་ལ་བཟུང་བ་དང་། ཕུར་གདབ་དངོས་སམ་ཕུར་བུ་གཅིག་ཁོ་ན་བཅུར་དམིགས་པའམ་དེའང་མེད་ན་ཏིང་ངེ་འཛིན་ཙམ་གྱིས་ཕུར་གདབ་བྱས་ནས་སྲུང་བ་སྟེ། དེ་གཉིས་མཛད་པའི་ཕྱག་སྲོལ་སྣང་། དཀྱིལ་འཁོར་ཆེན་པོ་མང་དུ་སྦྲེལ་ན་ཐོག་མའི་དཀྱིལ་འཁོར་དེ་ལ་འདི་རྣམས་བྱ། ཕྱིན་ཆད་ལ་ས་ཆོག་གི་སྐོར་གང་ཡང་མི་དགོས་ཤིང་ཕུར་པ་རྣམས་ཡོངས་རྫོགས་གྲུབ་པའི་རྗེས་ཁོ་ནར་བསྡུ། ཡང་དབང་མཆོག་ཕུར་བུ་ཁོ་ནས་སྦྱོང་གཟུང་དུས་གཅིག་ཏུ་གྲུབ་པ་དང་། བགེགས་བསྐྲད་ཅིང་སྲུང་འཁོར་སྒོམ་པས་སྲུང་བའི་དོན་གྲུབ་པའང་ཡོད་པས་རྒྱས་བསྡུས་སྐབས་ཕྱེད་པར་བྱ་ཆོག །སྒྲུབ་ཆེན་གྱི་ཚེ་ཕྱི་ནང་གསང་བའི་མཚམས་གཅོད་རྣམས་སྐབས་འདིར་སྦྲེལ་བ་ཡིན་ནོ། །ས་ཆོག་སྐབས་སུ་བཞེང་བྱའི་སྟེགས་བུ་དབུས་མཐོ་ཞིང་ཤར་དང་བྱང་ཡིད་ཙམ་དམའ་བར་བྱ་དགོས་པར་བཤད་པ་ལྟར་ཤིང་སྟེགས་སོགས་ལའང་དེ་ལྟའི་ཉམས་ཡོད་ན་ལེགས་སོ། །གསུམ་པ་སྟ་གོན་ལ། ཡོ་བྱད། ལྷ། བུམ་པ། སློབ་མ་སྟ་གོན་བཞི་ཡོད་པ་ལས། དང་པོ་ནི། དབང་གི་རྫས་བུམ་པ། ཙཀ་ལི། གཏོར་མ་སོགས་དང་། ཌཱ་མ་རུ། རྡོར་དྲིལ། བདུད་རྩི་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བྱིན་གྱིས་བརླབ། གཉིས་པ་ལྷ་སྟ་གོན་ནི། རས་བྲིས་ལ་མི་དགོས་པར་འཆད་པའང་ཡོད་མོད། ལྷ་ལ་བརྙས་པ་སྤང་བ་དང་། དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་ཆེད་ཡིན་པས་གྲུབ་ན་ལེགས་པར་བཤད་པ་ལྟར་ལག་ལེན་དུ་བྱེད་ལ། རྡུལ་ཚོན་ཐིག་ཆོག་ཡོད་པའི་སྐབས་ཡེ་ཐིག་སྔོན་དུ་འགྲོ་བ་ལས་ཐིག་གི་རྩ་ཐིག་ཙམ་བཏབ་ནས་ལྷ་གནས་མི་འཆོལ་བར་བྱ་བ་གྲགས་ཆེ་ཡང་། རས་བྲིས་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་གཞིར་མཎྜལ་བྱི་དོར་བྱས་པར་གཙོ་བོའི་གནས་སུ་དྲི་བཟང་དང་བདུད་རྩི་ལྔའི་ཐིག་ལེ་གྲུ་བཞི་དང་། འཁོར་རྣམས་ལ་ཟླུམ་པོར་བྱས་པའི་སྟེང་དུ་སློབ་དཔོན་གྱིས་གཙོ་བོའམ་སོ་སོའི་སྙིང་པོ་བརྗོད་བཞིན་དུ་མེ་ཏོག་གམ། འབྲུའི་ཚོམ་བུ་བཀོད་པ་གདན་དུ་མོས། མཆོད་གཏོར་དང་འགའ་ཞིག་ཏུ་ཚོགས་མཆོད་འབུལ་བའང་བཤད་པས་གཞུང་མཐུན་བཤམས་ལ། བདག་གི་རྣལ་འབྱོར་དང་ལྡན་པས་མཎྜལ་རང་བྱུང་ཡེ་ཤེས་ཆེན་པོའི་གཞལ་མེད་ཁང་དུ་དམ་ཚིག་གི་འཁོར་ལོ་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ། མཆོད་བསྟོད་འབུལ། སྟ་གོན་ལ་གནས་པའི་སྙན་གསན་ཕབ་པས་དགྱེས་བཞིན་གནང་བ་བསྩལ་བར་མོས། རྒྱས་པར་ན་དཀྱིལ་འཁོར་བར་སྣང་དུ་སྔགས་རྒྱས་བཏེགས་ཏེ་སླར་ཡང་མཆོད་བསྟོད་ཕུལ་ལ་འོད་ཀྱི་དྲྭ་བས་བཅིང་། དེའང་སྐབས་འདིར་བྱ་བ་དང་སློབ་མ་སྟ་གོན་གྱི་རྗེས་སུ་བྱེད་པ་གཉིས་ཡོད་པ་སོ་སོར་བཤད་བཞིན་ལས་ངེས་པ་མེད། བསྡུས་པའི་ཕྱོགས་སུ་རང་ལ་བསྡུ་བའམ་དཀྱིལ་འཁོར་གྱི་གཞི་ལ་ཐིམ་པར་མོས། ལྷ་མ་བཏེགས་ན་ཚོམ་བུ་བཞག །གཞན་ལ་བསྡུའོ། །གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་མཚན་ཉིད་དང་ལྡན་པ་ལྷ་གྲངས་སུ་བཤད་ཀྱང་། བཀའ་བརྒྱད་དབང་ཆེན་ལ་གཙོ་དགུའི་གྲངས། ཞི་ཁྲོ་ལ་ལྔ་ལྟ་བུ་གཙོ་བསྡུས་ཙམ་དང་། ཕལ་ཆེར་ལ་གཅིག་གིས་ཆོག་པས་རྣམ་རྒྱལ་དང་། ལས་བུམ་གཉིས་ནི་ངེས་པར་དགོས་ལ། བུམ་པ་ལ་གོས་གསར་པས་དཀྲི་བ་དང་མགུལ་ཆིངས་ཀྱིས་ཀླུབ་པ་གཉིས་སུ་བཤད་པའི་སྔ་མ་ཕྱག་ལེན་བདེ་བས་བྱེད་པ་མང་ཡང་། གཙོ་བོའི་སྐུ་མདོག་དང་མཚུངས་པའི་དར་གྱིས་བཅིངས་པའང་རྣམ་པ་གསལ་བས་ལེགས་ལ། ནང་བཅུད་དྲི་བཟང་གི་ཆུ་གཞིར་བྱས་པ་ལ་བླ་མེད་ཐམས་ཅད་ཉེར་ལྔའི་རྫས་ཀྱི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་བསྣན་པའི་སོ་ལྔ་གཙོ་ཆེ་བ་དང་། ཚེ་སྒྲུབ་ཕལ་མོ་ཆེར་ཉེར་ལྔ་དམིགས་སུ་བཤད་པ་དང་། ཨ་ཏི་སྙིང་ཐིག་གི་སྐོར་དུ་དག་པ་སྦྱོར་བའི་གནད་ཀྱིས་ཉེར་ལྔར་གསུངས་པ་སོགས་སོ་སོའི་ལུགས་ལྟར་བྱ། ཁ་རྒྱན་གསེབ་ཏུ་གཙོ་བོའི་སྐུ་ཙཀ་ཙམ་བཀོད་པ་འདིའང་སྔ་འགྱུར་རིག་འཛིན་གོང་མའི་ཕྱག་བཞེས་སུ་སྣང་བས་འབྱོར་ན་དགོད། དུང་ཞལ་ལམ་ཐོད་སྣོད་ཀྱི་བདུད་རྩི་བུམ་པའི་ཁར་བཞག་པར་བཤད་པ་ལྟར་བྱེད་པ་ཡིན་ཡང་སྨིན་ལུགས་ཕྱག་བཞེས་སུ་མཚམས་འཛིན་གྱི་ཏིང་ཕོར་ལ་བཀོད་པ་ཉིད། དངོས་གཞིར་བུམ་ཐོད་མེ་ལོང་བརྩེགས་དགོས་པ་སོགས་ལ་བྱ་སྟབས་བདེ་ཞིང་མཆོད་ཡོན་གྱི་དོན་ཡིན་པས་དེ་ཀ་ལེགས། སྔར་སྟ་གོན་གྱི་མཎྜལ་མ་བསྡུས་ན་དེའི་གཡས་གཡོན་སོགས། བསྡུས་ཟིན་ན་ལྷ་གནས་སོ་སོའམ་རྣམ་རྒྱལ་དབུས་དང་ལས་བུམ་བྱང་ཤར་དུ་དགོད་ལ་མཆོད་གཏོར་བཤམ། དེའི་བྱིན་རླབས་སྔོན་དུ་འགྲོ་བས་བུམ་པ་གཞལ་ཡས་ཁང་ཇི་ལྟར་བསྐྱེད་པ་དང་། རང་བྱུང་གི་གཞལ་མེད་ཁང་དུ་མོས་པའི་ནང་གདན་ལ་ལྷ་བསྐྱེད་པ་སྟེ་རྒྱས་བསྡུས་སོ་སོའི་ལུགས་དང་བསྟུན་ཏེ་ཡེ་ཤེས་པ་གཞུག་ཅིང་མཆོད་བསྟོད་འབུལ། ཤིན་ཏུ་བསྡུས་པར། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ཏེ་བཟླས་པ་ལ་འཇུག་པས་ཀྱང་རུང་མོད། སྔ་མ་སྟ་གོན་རྒྱས་པའི་ཕྱོགས་དང་། ཕྱི་མ་དངོས་གཞིའི་བུམ་སྒྲུབ་ཟུར་དུ་བྱེད་པ་ལ་སྦྱོར་ན་སྐབས་དང་འཚམ་པར་འགྱུར། གང་ལྟར་གཟུངས་ཐག་བླངས་ནས་དམིགས་པའི་འཕྲོ་འདུ་བཅས་བཟླས་པ་གྲུབ་པའི་མཐར། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩིའི་རྒྱུན་ཕུལ་བར་མོས་ལ་དུང་ཆུ་བླུགས་པས་དམ་ཡེ་གཉིས་མེད་བདུད་རྩི་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་སྟེ་བུམ་ཆུ་དང་རོ་གཅིག་པར་བསམ། མདོ་དང་སྒྱུ་འཕྲུལ་སོགས་ལ་ཡན་ལག་རབ་གནས་ཀྱི་ཆོ་ག་ཟུར་དུ་སྦྱོར་དགོས་པ་སོགས་འདིས་མཚོན་ཁྱད་པར་གྱི་ཆོས་མང་ཡང་དཀྱུས་སུ་མི་མཁོ་ཞིང་ད་ལྟ་ལག་ལེན་ཤེས་པ་མང་བས་འདིར་སྨྲོས་མ་དགོས་སོ། །ལས་བུམ་དུ་སྤྱི་ཁྱབ་བདུད་རྩི་འཁྱིལ་པའམ། པདྨའི་རིགས་ལ་རྟ་མགྲིན་གྱིས་མཚོན་རང་རིགས་ལས་ཀྱི་ཁྲོ་བོ་ཆོ་ག་གསུམ་བསྐྱེད་ཡན་ལག་རྫོགས་པའི་རྒྱས་པའམ། སྐད་ཅིག་དྲན་རྫོགས་སུ་གསལ་བཏབ་ལ་བཟླས་པས་ཐུགས་རྒྱུད་བསྐུལ། མཐར་འོད་དུ་མི་བཞུ་བར་ཕྲིན་ལས་བཅོལ་བའམ། འོད་དུ་ཞུ་ནས་བུམ་ཆུ་ཁྲོ་ཆུང་ངམ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་མོས། ལས་བྱང་གི་ཐོག་མར་བསང་ཆུ་སྒྲུབ་པ་ཡོད་པའི་རིགས་ལ་དེ་ཉིད་ཀྱིས་བསང་གཏོར་དང་ཁྲུས་བྱ་ཞིང་ལས་བུམ་ཟུར་དུ་བསྒྲུབ་མི་དགོས། བྲིས་སྐུ་སོགས་དམ་ཚིག་གི་རྟེན་དང་བུམ་པས་མཚོན་པའི་དམ་རྫས་རྣམས་དཀྱིལ་འཁོར་དེར་མ་ཞུགས་པས་མཐོང་དུ་མི་རུང་བའི་ཕྱིར་ཡོལ་བས་བསྒྲིབ་བོ། །བཞི་པ་སློབ་མ་སྟ་གོན་ནི། སློབ་མའི་གྲངས་སྤྱིར་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཟད་པར་འགྱུར་བས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སློབ་དཔོན་གྱིས་འཇུག་པའི་ཆོ་ག་ཙམ་ལ་གྲངས་ངེས་མེད་པར་གཟུང་བར་གསུངས་ལ། ངེས་པ་ཅན་གསང་བ་སྤྱི་རྒྱུད་ལས་ཉེར་ལྔ་ཕྱིན་ཟུང་དུ་མ་གྱུར་པ་དང་། རྣམ་སྣང་མངོན་བྱང་ལས་བཅུ་ལ་སོགས་པ་སྐལ་པ་དང་ལྡན་ན་ཟུང་དུ་གྱུར་པའང་རུང་བར་གསུངས་པ་ལྟར་གསར་མའི་ཕྱོགས་སུ་ཕྱག་ལེན་མཛད་པ་མང་ཞིང་། སྔ་འགྱུར་གྱི་ཕྱོགས་སུ་གྲངས་ངེས་མི་མཛད་ལ། སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་ནི་རང་གིས་དབང་བསྐུར་པ་ཞིག་ལས་གསར་པ་གང་རུང་ལ་བྱེད་བཅོལ་ན་དམ་ལས་འགལ་བར་བཤད་པ་དང་། ཁྲུས་ཀྱང་སྒོའི་ཕྱི་རོལ་དུ་བྱ་བ་ལས་སློབ་དཔོན་གྱིས་ཆབ་བཏང་བ་དང་དཀྱིལ་འཁོར་གྱི་ཁང་པར་བྱེད་པ་ནི་མི་འོས་པའི་ལས་སུ་འགྱུར་བས་མི་བྱ་བར། དབང་ཐོབ་པའི་ལས་རྡོར་གྱིས་སྒོའི་དྲུང་དུ་ལས་བུམ་ཁྱེར་ནས་ཆབ་གཏང་། མདོ་སྒྱུ་སོགས་ལ་བགེགས་གཏོར་གཏང་བ་མེད་ཀྱང་བགེགས་དང་སྡིག་པ་དྲལ་བའི་སྔགས་རྒྱས་དོན་འགྲུབ་པ་ཡིན་ཞིང་། གཏེར་མའི་ཕྱོགས་ཕལ་ཆེར་ལ་དངོས་སྟ་གཉིས་ཀར་དངོས་ཤུགས་ཀྱིས་བསྟན་པ་ལྟར། བགེགས་ལ་གཏོར་མ་སྦྱིན་ཏེ་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བསྐྲད་ལ་སློབ་མ་རྣམས་ནང་དུ་གཞུག་ཅིང་སྲུང་འཁོར་བསྒོམས་ལ་མཚམས་གཅད། དེའང་སློབ་དཔོན་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་གཙང་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་བཀོད། །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་འཆད། །ཅེས་གསུངས་པ་ལྟར་རོ། །དེ་ནས་ཐོག་མར་བློ་ལེགས་པའི་ལམ་དུ་བཅོས་པ་དང་། རྡོ་རྗེ་འཛིན་པའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་དོན་དུ་རང་གི་རིགས་སུ་བསྐྲུན་པའི་བྱ་བ་ཡོད་པ་ལ་དེ་ལྟར་བྱ། སྤྱི་ལ་སེམས་བསྐྱེད་གསལ་བཏབ་སྟེ་བློ་ལྡོག་རྣམ་བཞི་དང་འབྲེལ་བའི་ཆོས་བཤད་ཇི་ལྟར་རིགས་པ་དང་། མདོ་ལས་ཁྱད་པར་དུ་འཕགས་པའི་གསང་སྔགས་ཐེག་པ་སྔ་འགྱུར་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་ལས། དམིགས་སུ་ཕྱེ་བའི་འཆད་བྱའི་བྱུང་ཁུངས་ཆེ་བ་སོགས་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་དང་། ཐལ་མོ་སྟོང་པར་མ་སོང་བར་གསོལ་འདེབས་བྱར་གཞུག །དེ་ནས་སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ། སྡོམ་པ་མེད་པ་ལ་དབང་བསྐུར་དུ་མི་རུང་བས་ཐོག་མར་སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་ཡུལ་དུས་བསམ་པ་ཐེག་དམན་ལྟར་མ་ཡིན་པར་ཐེག་པ་ཆེན་པོའི་ལུགས་ལྟར་བྱར་གཞུག །ཆོ་ག་རྒྱས་པ་རྣམས་ལ་སྡོམ་གསུམ་རིམ་གྱིས་གཟུང་བའི་དང་པོ་སོ་ཐར་སྡོམ་པ་གཟུང་བའང་ཐེག་ཆེན་སོ་ཐར་ཡིན་པས་དེའི་འདུན་པས་གཟུང་། སྔགས་དང་ཕར་ཕྱིན་གཉིས་ཀའི་ཐུན་མོང་བའི་སྡོམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་འཇུག་པའི་བསླབ་བྱ་སློབ་པར་དམ་བཅའ་བ་རྣམས་ནི་རྡོ་རྗེ་སློབ་མའི་དབང་བསྐུར་བ་ཙམ་གྱི་དོན་ཡིན་ལ། སློབ་དཔོན་གྱི་དབང་བསྐུར་བ་ལ་དེའི་སྟེང་དུ་རྣལ་འབྱོར་དང་བླ་མེད་གཉིས་ཀྱི་ཁྱད་པར་དུ་གྱུར་པ་རིགས་ལྔའི་སྡོམ་པ་གཟུང་དུ་གཞུག །འདིའང་རྒྱས་པ་འགའ་ཞིག་ཏུ་ཐོག་མར་སློབ་དཔོན་གྱིས་ཚིག་རྒྱས་པར་བརྗོད་ལ་སྡོམ་པ་བསྒྲག །སླར་སློབ་མས་མདོ་རྒྱས་གང་རུང་གིས་གཟུང་བར་ཁས་ལེན་པ་འབྱུང་བ་ནི་དེ་ལྟར་བྱ། དེའང་སྡོམ་པ་ལ་དམིགས་ཕུག་པའི་ལེན་འདོད་དང་། དབང་ཚིག་རྣམས་ལ་འདི་ནི་གཟུང་ངོ་། །འདི་ནི་མི་གཟུང་ངོ་སྙམ་པའི་ཕྱོགས་རིས་སུ་མི་གཅོད་པར་མཐའ་དག་གཟུང་ངོ་སྙམ་པའི་འདོད་པ་བསྐྱེད་པ་ནི་སྡོམ་པ་སྐྱེ་བ་ལ་མེད་ཀ་མེད་ཀྱི་ཡན་ལག་ཡིན་པར་གསུངས་སོ། །ཆོ་ག་ལས་སྐྱེ་བའི་སྡོམ་པ་ཐམས་ཅད་ཐོབ་པ་དང་། གཏོང་བ་དང་སླར་སྐྱོར་བ་གསུམ་ག་འདུན་པའི་རྗེས་སུ་འབྲང་བ་ཡིན་པས་དངོས་གཞིའི་ཆོ་ག་རྣམ་པར་དག་པ་ནི་སྡོམ་པ་ལ་རགས་ལས་ཤིང་། སྤྱིར་སྔགས་སྡོམ་ཐམས་ཅད་ཀྱང་ཚུལ་ཁྲིམས་གསུམ་དུ་འདུ་སྟེ། ཐ་མལ་མ་དག་པའི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། རིམ་པ་གཉིས་ཀྱི་མྱུར་ལམ་ཟབ་མོ་ལ་བསླབ་གཞི་འཛིན་པའི་དགེ་བ་ཆོས་སྡུད། མཐའ་གཅིག་ཏུ་སེམས་ཅན་གཞན་ལ་ཕན་འདོགས་པའི་ལས་བཞིའི་ཕྲིན་ལས་ལ་དབང་སྒྱུར་བ་སེམས་ཅན་དོན་བྱེད་གསུམ་དུ་འདུ་བས། དེ་ཀའི་ཚིག་གིས་ཀྱང་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་མཐའ་དག་བསྡུས་པ་ཤེས་པར་བྱའོ། །དེ་ལྟར་རྒྱུད་སྡོམ་པ་དང་ལྡན་པའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་ཕྱིར་གཞི་ལུས་ཡི་དམ་གྱི་ལྷ་སོ་སོའམ་སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔར་བསྐྱེད་པའི་གནས་གསུམ་དུ་ཕྱག་མཚན་ཡིག་འབྲུ་དང་བཅས་པའམ་བསྡུ་ན་འབྲུ་གསུམ་བསྒོམས་ནས་དྲིའི་ཐིག་ལེས་རྟགས་གདབ་ནས། གདོད་ནས་རང་བྱུང་དུ་གནས་པའི་རྡོ་རྗེ་གསུམ་སད་པར་བྱས་པ་ལ། དེང་ཕྱིན་ཆད་འདོད་ཡོན་རང་ག་མའི་ཞེན་རྟོག་སྤངས་ཏེ་སྒྱུ་མ་ལྟ་བུའི་མཆོད་པས་ཚོགས་གསོག་པར་གདམས་པའི་ཕྱིར་ཉེར་སྤྱོད་ལྔས་མཆོད། འདི་སོགས་སློབ་མ་མཆོད་པའི་རིགས་རྣམས་ཅོག་སྟེགས་ལྟ་བུར་བཀོད་ནས་སློབ་དཔོན་དང་སློབ་མ་གང་རུང་གིས་འབུལ་བའི་ཚུལ་བྱས་པས་ཆོག །དེ་ནས་གཙོ་བོར་སྒོ་གསུམ་ཆ་སྙོམས་དང་བཅས་པའི་སྒྲིབ་པ་སྦྱོང་ཞིང་དབང་བཞིའི་སྣོད་རུང་དུ་བྱ་བ་དང་། ཞར་བྱུང་དངོས་གྲུབ་འཐོབ་མི་འཐོབ་ཀྱི་ལྟས་བརྟག་པའི་དོན་དུ་རྫས་བཞི་སྦྱིན་ཏེ། འདི་རྣམས་གོ་རིམ་མང་ཉུང་འཆད་ཚུལ་འདྲ་མིན་འགའ་ཞིག་འབྱུང་ཡང་གནད་མཚུངས་པས། སྤྱི་འགྲོ་ལྟར་ན། དང་པོ་ལུས་སྒྲིབ་སྦྱོང་ཞིང་བུམ་དབང་གི་སྣོད་དུ་རུང་བ་དང་ཕྱིའི་ལྟས་བརྟག་པའི་སླད་དུ། སོ་ཤིང་དོར་བའི་ར་བ་ནི་གྲུ་བཞི་པའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པའམ། ཡང་ན་པདྨ་འདབ་བརྒྱད་བྲིས་པ་ལ་མེ་ཏོག་གི་ཚོམ་བུ་བཀོད་པ་བཞག །སོ་ཤིང་གི་རྒྱུ་ཨ་ཤྭདཐ་ལ་སོགས་པ་བོད་དུ་མི་རྙེད་པས་འོ་མ་ཅན་གྱི་ཤིང་དྲང་ཞིང་ཕྲ་སྦོམ་འཚམ་པར་སྲོག་ཆགས་མེད་ཅིང་མ་གས་པ་རྩེ་མཇུག་མཉམ་པ་སོར་བཅུ་གཉིས་པའི་ཚད་མར་སྣེ་ཟུར་གསུམ་བྱས་པ། དྲི་བཟང་གི་ཆུས་བཀྲུས། བདུག་པས་བདུག་ཅིང་། རྩེ་མོར་མེ་ཏོག་གི་ཕྲེང་བ་དང་སྐུད་པ་དམར་པོ་བཅིངས་པ་སྔགས་ཀྱི་བྱིན་གྱིས་བརླབས་ལ། སློབ་དཔོན་བྱང་དུ་ཕྱོགས་པས་སློབ་མའི་ལག་པར་མེ་ཏོག་རང་ལ་བསྟན་ནས་སྦྱིན་ཞིང་། སློབ་མ་ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་མཁའ་དབྱིངས་ཀྱི་རྒྱས་བཟུང་བའི་རྩ་བས་སོ་རྩ་དྲུད་པ་དང་མཉམ་དུ་ཤ་ཟོས་པ་སོགས་ལུས་ཀྱི་སྒྲིབ་པ་རྣམས་སྐྱུགས་པའི་ཚུལ་དུ་དོན་པ་དང་། དངོས་གྲུབ་ཀྱི་ལྟས་བརྟག་པའི་འདུན་པ་དྲགས་པོས། སྔགས་ཀྱི་རྗེས་ཟློས་བཅས་མིག་སྟེང་དུ་བལྟ་ཞིང་ལྟོས་པ་མེད་པར་མདུན་གྱི་ར་བའི་ནང་དུ་དོར་བས། ལྟས་བརྟག་པ་ནི་རྩེ་མོ་ཤར་བྱང་ནུབ་ལྷོ་སྟེང་འོག་ཏུ་ཕྱོགས་པར་ལྷུང་ན་རིམ་པ་བཞིན་ཞི་རྒྱས་དབང་དྲག་རིག་འཛིན་ས་འོག་གི་དངོས་གྲུབ་རྣམས་འགྲུབ་ཅིང་། ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མི་འཐོབ་པར་གསུངས་སོ། །གཉིས་པ་ངག་སྒྲིབ་སྦྱོང་ཞིང་གསང་དབང་གི་སྣོད་རུང་དང་ནང་གི་ལྟས་བརྟག་པའི་སྔོན་འགྲོ་རྨི་ལམ་གསལ་བའི་དོན་དུ་བྱིན་གྱིས་བརླབས་པའི་དུང་ཞལ་གྱི་ཆུ་ཁྱོར་བར་ལན་གསུམ་སྦྱིན་ལ་འཐུང་དུ་བཅུག་པའི་ལྷག་མ་དཔུང་པ་གཡོན་ཕྱོགས་ནས་རྒྱབ་ཏུ་དོར་བས་ངག་གི་དྲི་མ་དག་པར་བསམ། གསུམ་པ་ཡིད་སྒྲིབ་སྦྱོང་ཞིང་ཤེར་དབང་གི་སྣོད་རུང་དང་རྨི་ལམ་ལ་བར་ཆད་མི་འབྱུང་བའི་ཕྱིར་སྐུད་པ་སྣ་ལྔ་ཡེ་ཤེས་ལྔ་མཚོན་པའམ་ལས་ལྷའི་ཁ་དོག་ལུས་ཚད་སྒོ་གསུམ་མཚོན་པའི་སུམ་བལྟབ་ཏུ་བསྒྲིལ་བ་ལ། རྡོ་རྗེ་གསུམ་གྱི་མདུད་པ་བཏབ་ནས་བསང་ཞིང་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཁམས་དཀར་དམར་གྱི་བར་ཆད་བསྲུང་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་དཔུང་པ་གཡས་སུ། ཉིན་མཚན་ནམ་ཕྱི་ནང་གི་བར་ཆད་བསྲུང་ཕྱིར་རིམ་པ་གཉིས་སུ་བཅིང་ཞིང་རྡོ་རྗེས་རྒྱ་གྲམ་གྱི་ཚུལ་དུ་རེག་པས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པར་བསམ་མོ། །བཞི་པ་ཆ་སྙོམས་ཀྱི་སྒྲིབ་པ་སྦྱོང་ཞིང་བཞི་པའི་སྣོད་རུང་དང་རྨི་ལམ་མི་འཁྲུག་པའི་ཕྱིར་བཀྲ་ཤིས་པའི་རྫས་ཀུ་ཤའི་ཆུན་པོ་སྟན་དང་རྐྱང་པ་སྔས་ཀྱི་དོན་དུ་སྔགས་ཀྱིས་ཐལ་མོའམ་ལག་གཡས་གཡོན་དུ་སྦྱིན། དེས་ནི་བགེགས་བསྲུང་ཞིང་དགེ་མི་དགེ་རྨི་ལམ་ལ་གསལ་བར་བྱེད་པས། སློབ་མ་རྣམས་ཀྱིས་ཀྱང་དོ་ནུབ་དེ་ལྟར་བྱས་ལ་སེང་གེའི་ཉལ་སྟབས་ཀྱིས་ལྷ་དང་བླ་མའི་ཕྱོགས་སུ་མགོ་བསྟན་ཏེ་ཉལ་བས་དགེ་བར་མཐོང་ན་ལེགས་པས་སླར་ཡང་བླ་མ་ལྷ་ལ་ཡིད་ཆེས་ཀྱི་མོས་གུས་བསྐྱེད། ངན་པར་མཐོང་ན་ཁུ་འཕྲིག་མི་བྱ་བར་ཚོགས་གཏོར་ཡིག་བརྒྱ་ལས་སྔགས་བཟླ་བ་སོགས་ཀྱིས་ཞི་བར་བྱ་ཞིང་ཁྱད་པར་བདག་མེད་པའི་དོན་བསྒོམ་པས་བཟློག །རྫས་བཞི་གྲུབ་ནས་ཕྱིར་མི་ལྡོག་པའི་ཕྱིར་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་སྔར་དེ་ཀར་འཇོག་ན་འདིར་བཏེགས་ཤིང་མཆོད་པ་སོགས་དང་བདག་བསྐྱེད་ཀྱི་རྗེས་བསྡུའི་རིགས་བྱའོ། །བུམ་པ་དང་སློབ་མ་སྟ་གོན་ནི་རས་བྲིས་ལ་བརྟེན་ཀྱང་བྱ་བ་ཉིད་ལེགས་པ་ཡིན་ཏེ་སྟ་གོན་སྔོན་དུ་མ་སོང་བའི་སློབ་མ་ལ་དབང་བསྐུར་ན་རྩ་ལྟུང་དུ་འགྱུར་བར་གསུངས་པའི་ཕྱིར་རོ། །བཞི་པ་དཀྱིལ་འཁོར་གྱི་ལས་ལ་གཉིས་ཀྱི། དང་པོ་སྒྲུབ་པའི་རྟེན་འདུ་བྱ་བ་ལ་དཀྱིལ་འཁོར་ནི། དབང་རབ་ལ་ལྟོས་ཏེ་ཚོམ་བུ། འབྲིང་རས་བྲིས། དབང་བརྟུལ་ལ་རྡུལ་ཚོན་དུ་གྲགས་ཤིང་། ད་ལྟ་དབང་རྣོན་གྱི་དཔོན་སློབ་ཚོགས་པ་དཀོན་ཀྱང་ལག་ལེན་གང་སླ་ཞིག་གིས་རང་གཞན་མགོ་བསྐོར་ནས་རྒྱུད་སྨིན་པ་ལྟ་ཞོག །བཀའ་འདས་ཀྱི་རྩ་ལྟུང་སྒྲུབ་པའི་མིག་ལྟོས་ངན་པ་ཕལ་ཆེར་ལ་འཇུག་པར་སྣང་བའི་རྗེས་རྒྱུག་ཁོ་ན་མི་བྱ་བར་དཔོན་སློབ་གཉིས་ཀྱི་རྒྱུད་ཚོད་དང་བསྟུན་དགོས་ཀྱང་། སྤྱི་ཙམ་དུ་ལྷ་དང་དཀྱིལ་འཁོར་ཆོ་གའི་ཡན་ལག་མི་ཉམས་ཤིང་ཕན་ཡོན་ཆེ་ལ་ཉེས་དམིགས་ཆུང་བ་ལས་དང་པོ་པས་བསྒྲུབ་བྱ་གང་ཡིན་པ་དེ་ཀ་ལག་ཏུ་བླང་དགོས་པས། དཀྱིལ་འཁོར་ཆེན་པོ་དང་སྤྲོས་འབྱོར་ལག་ལེན་རྒྱས་པའི་ཕྱོགས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཐིག་ཚོན་བྱ་བ་སོགས་སོ་སོའི་གཞུང་ལྟར་བཞེངས། དེ་མི་འགྲུབ་པ་རྣམས་དང་དབང་བསྐུར་དཀྱུས་ཙམ་དུ་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་སྔ་ནས་ཚགས་སུ་ཚུད་པར་བྱས་ལ་སྟེགས་བུའི་སྟེང་དུ་དགྲམ། ཅིས་ཀྱང་མ་འབྱོར་ན་ཚོམ་བུའང་སྔ་འགྱུར་གྱི་ཕྱོགས་འདིར་བཀག་པ་མེད་པས་བྱུང་རྒྱལ་མི་བྱ་བར། འབྲུ་དཀར་གཙང་མ་དྲི་བཟང་གིས་བརླན་པའམ་དྲག་པོའི་ཕྲིན་ལས་གཙོར་བཏོན་པའི་རིགས་ལ་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཙོ་འཁོར་གྱི་རྣམ་པ་ཕྱེད་པར་དགོད། དེའི་དབུས་སུ་ཁྲིའུའི་ཁར་སྤྱི་ཙམ་དུ་རྣམ་རྒྱལ་བུམ་པ་སྐུ་ཙཀ་ཡོངས་རྫོགས། ཕྱོགས་བཞིར་རིག་པའི་དབང་ཆས་དབུ་རྒྱན་སོགས་དགོད། བདག་འཇུག་གི་ཆས་ཀྱང་སློབ་མ་རེ་རེ་བཞིན་ནམ་གཙོ་བོ་གཅིག་ལ་སྦྱིན་རྒྱུ་ཡོད་ན་སྟེགས་ཟུར་པར་བཞག །གཞན་སྔགས་བྱང་དབང་ཕྲེང་གསང་ཐོད་རིག་ཙཀ་གིས་མཚོན་པའི་དབང་རྫས་གང་དགོས་སྐབས་ཕྱེད་པར་དགོད་ཅིང་། རྗེས་གནང་ཆས་གཞུང་པོད་གླེགས་བམ་གདུགས་དུང་འཁོར་ལོ་སོགས་དང། སྲུང་ཟློག་གསད་པ། མནན་སྲེག་འཕང་བའི་ཆས་དགོས་པ་རྣམས་སྟེགས་ཟུར་པར་བཤམ་ཆོག །འདི་རིགས་བཀའ་དགོངས་ལྟ་བུའི་རྫས་དབང་ཤིན་ཏུ་མང་བ་རྣམས་ལ་ཙཀླི་མི་མཛད་ཀ་མེད་དུ་སོང་ཞིང་སློབ་མས་དམིགས་པའི་གོ་བརྡ་འཕྲོད་ཕྱིན་དེ་ཀས་འཐུས་ལ། གཞན་དག་གིའང་ཆོས་བཤད་རྗེས་གནང་ལྟ་བུར་རིགས་མཚུངས་པས་སྟབས་བདེའང་། བསྒྲལ་སྲེག་སོགས་ལག་ལེན་དང་དམིགས་པ་རྒྱས་པ་དགོས་པའི་རིགས་ལ་ཆས་རྣམས་དངོས་སུ་མ་བཤམ་ན་བྱ་ཐབས་བྲལ་བས། སླ་ཐབས་ཁོ་ནའི་ལག་ལེན་གཅིག་དཔེ་ཀུན་འགེབས་མི་བྱ་བར་སོ་སོའི་གཞུང་མཐུན་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་ཉིད་ཤིན་ཏུ་གལ་ཆེའོ། །གཉིས་པ་རྒྱན་དང་མཆོད་པའི་ཡོ་བྱད་དགོད་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་བླ་བྲེའམ་གདུགས་ཕུབ། བར་དུ་དར་དང་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་བྲེ། མཐར་སྒབ་སྐོར་གྱིས་དཀྲིས་པའི་ནང་དུ། དཀྱིལ་འཁོར་གྱི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་པོ་ལྷ་གྲངས། དེའང་ཤིན་ཏུ་མང་ནས་མ་ཤོང་ན་བརྒྱད་དམ་ལྔ་ལས་མི་ཉུང་བ། རྒྱུད་ལུང་རིགས་ལ་བཞི་བསྣོལ་གྲངས་དེ་མཚུངས། ཡང་བཀའ་དགོངས་ལྟ་བུར་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་ལྔ། ནུབ་ཏུ་སྒེག་སོགས་བརྒྱད་དམ་རིག་མ་ལྔའི་གཟུགས་སམ་ཕྱག་མཚན་གྱི་གཟུགས་བརྙན། བྱང་དུ་དྲག་མཆོད་བཤམ་པའང་ཡོད་ཅིང་། དབང་རྐྱང་ལྟ་བུར་བྱང་ཤར་དུ་མཚམས་འཛིན་མེ་ཏོག །ཤར་དུ་མཆོད་ཡོན་ནས་བརྩམ་ཕྱོགས་མཚམས་བདུན་དུ་རེ་རེ། མདུན་རྒྱབ་གང་འོས་སུ་སྨན་རཀ་གཏོར་གསུམ་སོགས་མཆོད་པའི་ཡོ་བྱད་སྤྱི་དང་། བཀའ་བརྒྱད་ལ་ཟླ་གམ། ཛ་གད། ཚེ་འབྲང་དགོས་པས་མཚོན་རང་གཞུང་ལས་དམིགས་སུ་བསལ་བ་རྣམས་ལ་དེ་ལྟར་བཤམ། ཕྱི་རོལ་ཟུར་བཞིར་རྒྱལ་མཚན། མདའ་དར་མེ་ལོང་བཅས་པ། ལོག་བཞིར་རལ་གྲི་དང་ཕུར་བུ་འཕན་རྣམས་ལག་ལེན་ལྟར་བཀོད་པ་དང་ཚོན་སྐུད་ཀྱི་དྲྭ་བ་སྦྲེལ། དབང་རྐྱང་ཙམ་ལའང་རྒྱལ་མཚན་འཕན་སོགས་ཕྱོགས་མཚམས་སུ་བསྒྲེང་བ་བྱུང་ན་ལེགས། སྤོས་དང་མར་མེའི་ཕྲེང་བ་རྒྱུན་མི་འཆད་པ་སྦར་བ་སོགས་བག་དྲོ་ལྷུན་བརྗིད་དུ་བྱ། འདི་རྣམས་ཚོགས་ཀྱི་སྒྲུབ་པ་དང་འབྲེལ་ན་ཛཔ྄་དབྱངས་དང་བཅས་རྡོ་རྗེ་སློབ་དཔོན་གྱིས་སྣ་དྲངས་ཏེ་བུམ་པ་སོགས་གཡས་སྐོར་གྱིས་དཀྱིལ་འཁོར་དུ་དགོད། རོལ་མོའི་སྒྲ་སྙན་ཅིང་བརྗིད་ཆགས་པར་བྱ། རྡོ་རྗེ་རྒྱལ་པོ་སོགས་མངའ་གསོལ་ཞིང་རང་རང་གི་གྲལ་ལ་འགོད་ཅིང་བདག་གནས་ཡོ་བྱད་ལ་བྱིན་དབབ། འདིར་སྔར་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་ན་དེ་ཉིད་དང་། སྙིང་གར་བསྡུས་ན་དེ་ལས་ཕྱུངས་ཏེ་དཀྱིལ་འཁོར་ལ་བསྟིམ། གཞི་དེར་བསྟིམས་ནས་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པར་མོས། གཏེར་གཞུང་འགའ་ཞིག་ལ་བྱིན་འབེབ་ཀྱི་གོང་དུ་སྟིམ་པའི་ཚིག་ཟུར་པའང་ཡོད། བྱིན་འབེབ་མེད་པའི་ཕྱོགས་ལ་དཀྱིལ་འཁོར་དབང་རྫས་བཤམས་ཟིན་མ་ཐག་མཆོད་པ་བྱིན་བརླབ། རོལ་མོའི་སྒྲ་བྱས་ལ་ལྷ་བསྟིམ་མོ། །ལྔ་པ་སྒྲུབ་ཅིང་མཆོད་པས་ཐུགས་དམ་སྐུལ་ཞིང་དབང་གི་ལས་ལ་སྦྱོར་བ་ལའང་གཉིས་ཀྱི། དང་པོ་བདག་མདུན་ཐ་དད་དུ་སྒྲུབ་པ་ནི། སྤྲོས་པ་ལ་དགའ་བའམ་ལས་དང་པོ་པའི་སློབ་དཔོན་ལྟ་དགོངས་དམན་པ་ལ་གཅེས་པ་སྟེ། སོ་སོའི་སྒྲུབ་ཐབས་བཞིན་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་བར་བྱས་ནས། དེ་ཉིད་རྫོགས་པའི་རིམ་པ་ཉེར་བསྡུའི་ནཱ་ད་ཤིན་ཏུ་ཕྲ་བའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་སྟོང་པ་ཉིད་དང་། མདུན་བསྐྱེད་ལ་ལྟོས་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་འགག་གནས་གསུམ་རང་བཞིན་གྱིས་དབེན་པའི་ཆོས་ཉིད་གཉིས་མཚམས་སྦྱར་ནས། རྟེན་དང་བརྟེན་པའི་འཁོར་ལོ་སྒོམ་ཚུལ་སྐྱེ་བ་རྣམ་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་པའི་བསྐྱེད་རིམ་གྱི་ཆིངས་ཀྱིས་བསྡམས་པ་སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྒོམས་ལ་ཡེ་ཤེས་པ་གཞུག །རང་ཉིད་གཙོ་བོ་ལས་སྤྲུལ་པའི་ལུས་ལོགས་སུ་བྱེ་བས་ཕྱག་སོགས་བྱེད་པར་མོས་ལ། ཕྱག་མཆོད་བསྟོད་པ་རྒྱས་པར་བྱ་ཞིང་འཕྲོ་འདུའི་ཏིང་འཛིན་གསལ་བས་ཛཔ྄་བཟླས་ཅི་འགྲུབ་དང་། བུམ་ལྷ་སྐད་ཅིག་གིས་གསལ་བ་ལ་འོད་ཟེར་གྱིས་རྒྱུད་བསྐུལ་བཅས་བཟླས་པ་བརྒྱ་རྩ་ཙམ་དང་འོད་ཞུ་བྱའོ། །གཉིས་པ་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ནི། སྤྲོས་པ་ལ་མི་དགའ་བའམ་རྟོགས་གོམས་ཚུལ་བཞིན་ལྡན་པའི་རྣལ་འབྱོར་པས་བསྒྲུབ་གཞི་བདག་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གཉིས་སྒྲུབ་ཆོས་ཏིང་ངེ་འཛིན་གསུམ་ནས་ཆོ་གའི་ཡན་ལག་ཇི་སྲིད་མ་རྫོགས་ཀྱི་བར་ཐམས་ཅད་ཀྱང་། གདོད་ནས་རང་བཞིན་ཡོངས་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་ཞིང་ཁམས་སུ་གནས་པ་ཉིད་གསལ་འདེབས་པ་ཙམ་ཡིན་པས། དེ་ལྟར་སྒོམ་པའི་དུས་ཉིད་ན་རིག་པ་རང་སྣང་བའི་ངོ་བོར་གཅིག་དང་ཐ་དད་བདག་དང་གཞན་དུ་རྫས་སུ་གྲུབ་པ་མེད་པའི་ཕྱིར་རང་བཞིན་དབྱེར་མེད་ཀྱི་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་པ་སྟེ། གསང་སྙིང་ལས། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་གསུངས་པ་ལྟར་རོ། །དེས་ན་ལས་བྱང་ཚར་གཅིག་གིས་སྒྲུབ་རྟེན་གྱིས་མཚོན་པའི་སྣང་སྲིད་ཐམས་ཅད་དཀྱིལ་འཁོར་གཅིག་གི་རྟེན་བརྟེན་པའི་རང་བཞིན་དུ་གསལ་བཏབ་ནས། བཟླས་པའི་སྐབས་དབང་དོན་དུ་དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་སྟེ་མདུན་རྟེན་གྱི་གོ་སར་ཡེ་ཤེས་དཀྱིལ་འཁོར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཕྱེས་ནས་ཛཔ྄་ཀྱི་འཕྲོ་འདུ་བཅས་བཟླས་པ་ཅི་འགྲུབ་དང་། བུམ་པའི་བསྐྱེད་བཟླས་ཀྱང་གོང་སྨྲོས་ལྟར་བྱ། དམ་པ་འགའ་ཞིག་གི་གསུང་རྒྱུན་ལྟར་ཆགས་མེད་ཞབས་ཀྱིས་ལས་བྱང་ཚར་གཅིག་གིས་བདག་མདུན་གཉིས་ཀ་གསལ་འདེབས་པ་རྙིང་མའི་ལུགས་ཀྱི་བདག་མདུན་དབྱེར་མེད་ཡིན་གསུངས་པ་ཡོད་ཀྱང། བདག་མདུན་ཐ་དད་དུ་འཛིན་པའི་བློས་གཉིས་སུ་བསྒོམ་ཕྱིན་དབྱེར་མེད་ཀྱི་དོན་མི་གནས་མོད། དེང་སང་རྟོགས་དགོངས་མཐོ་དམན་ཇི་ལྟར་ཡང་ཕྲིན་ལས་ཚར་གཅིག་ལས་གཏང་སྲོལ་མེད་པ་ལ་ནི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ལ་མྱོང་རྟོགས་མེད་ཕྱིན། གོ་བ་ཙམ་ལ་གདིང་འཆའ་བ་དང་བསྐྱེད་རྫོགས་གང་གི་གནད་ཀྱང་མེད་པར་ཁ་ཁྲལ་ཙམ་ཟློས་ཤེས་པས་ཆོག་རློམས་ཀྱིས་གསང་སྔགས་བོན་དུ་གྱེར་བ་རྣམས་ནི་ཉེས་པ་རིན་གྱིས་ཉོ་བ་ཙམ་དུ་ཟད་པས། གོང་དུ་བཤད་པ་བཞིན་རང་དང་འཚམ་པའི་འདོན་སྒོམ་ཚད་ལྡན་བྱས་ན་དབང་སོགས་སློབ་དཔོན་གྱི་བྱ་བ་ལ་གོ་ཆོད་ངེས་སུ་འགྱུར་བས་ཤིན་ཏུ་ལེགས་སོ། །ཚོགས་སྒྲུབ་ཀྱི་སྐབས་སུ་ཉིན་མཚན་ཐུན་གཟུང་བའི་ཛཔ྄་རྒྱུན་དང་། ཐུན་མཚམས་སུ་ཉུ་ལེ་སྐྲོད་ཅིང་བྱིན་འབེབ། ཚོགས་དུས་བཞིར་འབུལ་བ་སོགས་བྱས་ཏེ་དབང་སྒྲུབ་ཀྱི་སྐབས་འདིར་ཞག་ལྔ་བདུན་ནས་གསུམ་གྱིས་མཐའ་རྟེན་པར་གྲུབ་པའི་ཐོ་རངས་དངོས་གྲུབ་བླང་བའི་ཆོ་ག་ཟིན་ནས་དབང་གི་ལས་ལ་འཇུག་གོ །དྲུག་པ་སློབ་དཔོན་བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལའང་། རྟོགས་དགོངས་དམན་པའི་སློབ་དཔོན་རྣམས་ནི་ཐོག་མར་རང་གིས་དབང་ལེན་རྒྱས་པར་བྱ་དགོས་པ་རྒྱུད་ལུང་རྣམས་ལས་ནན་དུ་གདམས་པས། རང་གི་རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་བཞུགས་པ་ལ་རྣམ་སྨིན་བག་ཆགས་ཀྱི་རྟེན་ཀུན་གཞི་ཚོགས་བརྒྱད་པའི་རྣམ་ཤེས་ཆ་དང་བཅས་པ་སློབ་བུའི་རྣམ་པར་ཕྱེ་བའམ། ཡང་ན་བླ་མས་ལས་ཀྱི་སློབ་དཔོན་མཛད་པར་བསམ་ཡང་རུང་སྟེ་ཁྲུས་དང་བགེགས་བསྐྲད་ནས་བརྩམ། རྗེས་གཏང་རག་ལུས་འབུལ་གྱི་བར་སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་ཡོངས་སུ་རྫོགས་པ་བླང་བ་ནི་ཤིན་ཏུ་གལ་ཆེ་སྟེ། བྱིས་པ་ལས་དང་པོ་པའི་སློབ་དཔོན་ནི་རྣམ་པ་ཀུན་ཏུ་ཉམས་ཆག་རྟོག་སྒྲིབ་དང་བཅས་པའི་ཕྱིར་སློབ་དཔོན་གྱི་རྒྱུད་ལ་རྩ་ལྟུང་ཡོད་ན་སློབ་མ་ལ་རིག་འཛིན་གྱི་སྡོམ་པ་མི་སྐྱེ་བའི་ཕྱིར། ཐབས་དེས་རྩ་ལྟུང་རྣམས་དག་པར་བྱེད་ཅིང་སློབ་མ་ལའང་དོན་དུ་འགྱུར་བ་ཆེན་པོ་ཐོབ་པའི་ཕྱིར་རོ། །བཀའ་བརྒྱད་ལ་སྨིན་ལུགས་རྣལ་འབྱོར་རྒྱུན་དབང་གི་བདག་འཇུག་མཛད་པ་བཞིན་དུ་དབང་ཆོག་རྒྱས་པའི་རིགས་ལ་ཆ་ཚང་མི་ལྕོགས་ན་འཇུག་པ་མདོ་ཚང་ཙམ་ལ་དབང་བཞིའི་སྙིང་པོ་རྫས་དང་བཅས་ཏེ་བླང་། དེ་ལས་ཅུང་ཟད་རྟོགས་གོམས་ཆེ་ཞིང་རྒྱས་བསྡུས་གཉིས་ཀ་རིག་པའི་རྩལ་དུ་ཐག་ཆོད་པས་འོད་ཟེར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱི་དབང་བླངས་པས་ཀྱང་གོ་ཆོད་ལ། དགོངས་པ་གདིང་དུ་གྱུར་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་གདོད་ནས་ལྷ་དང་བདག་ཉིད་དབྱེ་བ་མེད་པར་རྟོགས་པས། རྒྱུད་ལས་གསུངས་པའི། ཨོཾ་བཛྲ་ས་མ་ཡ་ཨོཾ། སོགས་སྔགས་ཚན་ལྔ་བརྗོད་པས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་འབྲས་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་དང་བདག་གི་སྒོ་གསུམ་གཉིས་སུ་མེད་པར་གསལ་གདབ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། སོགས་ཀྱིས་རིག་པའི་མེ་ཏོག་དོར་བས་དཀྱིལ་འཁོར་ལྷ་རྣམས་དངོས་གྲུབ་སྩོལ་བར་ཕྱོགས་ནས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་དམ་ཡེ་བསྲེ། ཨོཾ་བཛྲ་ས་མ་ཡ་སཏྭམ་གྱིས་བརྟན་པར་བྱ། ཨོཾ་བཛྲ་ས་མ་ཡ་ཧོཿས་དབང་དུ་བསྒྱུར་ཞིང་དགྱེས་པ་བསྐྱེད་དེ་དཀྱིལ་འཁོར་པ་དང་ཐ་མི་དད་དུ་གྱུར་པར་བསམ། སྤྱིར་འཇུག་པའི་མཚན་ཉིད་ལྷ་དང་གཉིས་སུ་མེད་པར་བྱ་བ་ཡིན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བདག་གཉིས་སུ་མེད་པར་རིག་པས་དེའི་དོན་གྲུབ་པའི་ཕྱིར་རོ། །རྒྱས་བསྡུས་གང་གི་མཐར་ཡང་ཐལ་མོ་སྦྱར་ཏེ། ཨོཾ། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི། སོགས་ཀྱིས་སློབ་མ་གཞུག་པར་གནང་བ་ཞུ། ཆོ་ག་རྒྱས་པ་ལ་བདེན་པའི་སྟོབས་བརྗོད་པའང་འབྱུང་བ་ལྟར་བྱ། དེ་ལྟར་རྒྱས་འབྲིང་བསྡུས་པའི་འཇུག་པ་དང་གནང་ཞུ་གང་ཡང་མི་བྱེད་པར་དབང་དང་གནས་འདྲེན་སོགས་ལ་འཇུག་པའི་གཟུ་ལུམ་རས་ཆོད་ནི་ནམ་ཡང་མི་བྱའོ། །འཇུག་པའི་ཆོ་གས་དཀྱིལ་འཁོར་དུ་མ་གཞུག་བར་དུ་བལྟ་བར་མི་དབང་བའི་དོན་གྱིས་ཡོལ་བས་ལེགས་པར་བསྒྲིབ་བོ། །བདུན་པ་དབང་བསྐུར་བ་ལ། ཆོ་ག་རྒྱས་བསྡུས་སྟབས་ཀྱིས་དབྱེ་བསྡུ་ཅི་རིགས་པ་དང་གོ་རིམ་ཅུང་ཟད་མི་འདྲ་བ་མང་ཡང་། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་འདུ་ཞིང་། དང་པོ་ལ་སྐལ་པ་ཆེ་ཆུང་དང་ཡོལ་བ་ཕྱི་ནང་དུ་འཇུག་པའི་རིམ་པས་ཕྱི་འཇུག་ནང་འཇུག་གཉིས་ཡོད་པ་ལས། དང་པོ་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོའི་རིམ་པ་ནི། སྟ་གོན་ལ་གནས་པའི་སློབ་མ་རྣམས་དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་འཁོད། སྒོའི་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་སྒོའི་ཕྱིར་ཕྱིན་ལ་སྒོ་སྲུང་ཁྲོ་བོ་ཆེན་པོར་ནང་དུ་གཏང་བའི་གསོལ་འདེབས་དྲིས་ལན་བཅས་བྱར་གཞུག །ལས་བུམ་གྱི་ཆུས་ཁྲུས་བྱ། སྒོ་ཕྱེས་ཏེ་ནང་དུ་འཇུག་པ་ན་སློབ་དཔོན་གྱིས་བགེགས་བསྐྲད། གྲལ་དུ་འཁོད་ནས་སྲུང་བའི་འཁོར་ལོ་བསྒོམ། ལྷན་སྐྱེས་མ་རིག་པའི་སྒྲིབ་པས་ཡེ་ཤེས་ཀྱི་མིག་ལྡོངས་པར་མཚོན་བྱེད་དར་རས་དམར་པོས་གདོང་དགབ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དང་རིགས་དང་སྐལ་པ་བརྟག་པའི་ཆེད་དུ། མཐའ་ཡས་དོན་གྲུབ་རྣམ་སྣང་རིན་འབྱུང་མི་བསྐྱོད་པའི་ས་བོན། ཨཱ་ཁཾ་བཱི་ར་ཧཱུྃ་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་སོ་སོའི་ས་བོན་གྱིས་མཚན་པ་རེ་ཐོགས་པར་མོས་ལ་ཅོད་པན་ནམ་མེ་ཏོག་སྦྱིན། དེ་ནས་འཇུག་ཆོག་དངོས་ལ། ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་པ་དང་། དབང་གི་ངོ་བོ་ངེས་ཚིག་དབྱེ་བ་མ་ཐོབ་པའི་ཉེས་དམིགས་ཐོབ་པའི་ཕན་ཡོན་ཅི་རིགས་བརྗོད་ལ་མཎྜལ་འབུལ་དུ་གཞུག །གང་གིས་གསོལ་བ་མ་བཏབ་པར། །དེ་ཡི་རིགས་སུ་སྐྱེ་བ་མེད། །ཅེས་པས་གསོལ་བ་ལན་གསུམ་གདབ་ཅིང་གནང་བ་སྦྱིན། རིགས་དང་མོས་པ་འདྲི་ཞིང་ལན་ལྡོན་པའི་ཚུལ་འབྱུང་བ་རྣམས་ལ་དེ་ལྟར་བྱ། སྐྱབས་སེམས་ཡན་ལག་བདུན་པས་རྒྱུད་སྦྱོང་བའང་སྟ་གོན་སྐབས་ལྟར་བྱ། སྤྱིར་ཐུན་མོང་གི་སྡོམ་པ་གཉིས། ཁྱད་པར་སྔགས་ཀྱི་དམ་ཚིག་གཉན་པོ་རྣམས་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་དུ་བསྲུང་། དུས་སྐབས་དགོས་པ་གང་གཙོའི་ཐད་ཀར་སྤྱད་པའི་འདུན་པས་སྡོམ་གཟུང་ལན་གསུམ་བྱ། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ལ་གནས་ཤིང་མི་འབྲལ་བརྟན་པའི་དོན་དུ་སློབ་མ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་སྤྲོ་བསྡུའང་འབྱུང་། བསྒོམས་པ་ཙམ་གྱིས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་རྫོགས་པའི་སངས་རྒྱས་དང་མི་འབྲལ་བར་བདུད་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་ཟླ་བ་རྡོ་རྗེའི་སེམས་བསྐྱེད་ནི། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ལྷག་པའི་བདེན་པ་དབྱེར་མེད་དུ་གསལ་བཏབ་ནས། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་སྔགས་བརྗོད་ཅིང་བརྟན་པར་བྱ། དམ་ཚིག་བླངས་ནས་འདས་པའི་དམ་ཉམས་དང་། ཉན་ཐོས་སྔགས་ལ་མི་དད་པའི་མ་འདྲེས་པ་དང་། བསྟན་པའི་སྒོར་མ་ཞུགས་པའི་སྐྱེ་བོ་ཕལ་པ་དམ་མེད་རྣམས་ལ་ཟུར་ཙམ་ཡང་མི་སྨྲ་བར་གསང་བར་གདམས། ལས་རྡོར་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ནས་ཡོལ་བའི་ནང་དུ་ཁྲིད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བྱས་པར་མོས་ལ་ཡོལ་བ་བསལ། སྔགས་རྒྱས་གཞལ་མེད་ཁང་ཡེ་ཤེས་ཀྱི་སྒོ་བཞིར་ཕྱེས་པའི་ཕྱོགས་བཞིར་ཚད་མེད་བཞིའི་འཇུག་པས་ཞུགས་ཏེ་ཕྱོགས་ཀྱི་རིགས་སོ་སོ་ལ་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་ཕྱག་འཚལ་བའམ། བསྡུས་པར་ཤར་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་བྱས་པར་དམིགས་ལ་ཐལ་མོ་གནས་གསུམ་དུ་སྦྱར་བས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ་བ་རྣམས་སོ། །གཉིས་པ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྦྱོར་བ་དམ་ལ་བཞག་པ་ལའང་། གསང་བའི་དམ་ཚིག་བསྲུངས་ན་དངོས་གྲུབ་བདེ་བླག་ཏུ་འཐོབ་པའི་ཕན་ཡོན་བསྟན་པའི་སྒོ་ནས་དང་། མ་བསྲུང་ན་འདི་ཕྱིར་སྡུག་བསྔལ་སྐྱེད་པའི་ཉེས་དམིགས་བཤད་པའི་སྒོ་ནས་དང་། རྡོ་རྗེའི་ཐ་ཚིག་གི་ཆུ་ནན་སྦྱིན་པ་སྙིང་དབུས་སུ་ཧཱུྃ་འབར་བའི་རྣམ་པ་དཔང་པོར་གནས་པས་དམ་ཚིག་ཐུབ་ན་རྡོ་རྗེ་སེམས་དཔར་གྱུར་ནས་ཚེ་འདིར་མཆོག་ལ་སྦྱོར་ཅིང་། མ་ཐུབ་ན་ལྕགས་སྡིག་མགོ་དགུ་པར་གྱུར་ནས་སྲོག་རྩ་གཅོད་ཅིང་མནར་མེད་པར་ལྟུང་བར་འགྱུར་བའི་མནའ་བསྒགས་ནས་ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་སྟེ་གསུམ་མམ། དེ་སྟེང་རྡོ་རྗེ་སློབ་དཔོན་གྱི་བཀའ་ཤིན་ཏུ་གཉན་པར་བསྟན་པ་སྟེ་དམ་བཞག་བཞིར་གྲགས་པ་རྣམས་རིམ་པར་བྱ་ཞིང་། མེ་ཏོག་འབུལ་སྟེར་སོགས་སྐབས་འདིར་བྱ་བའང་ཡོད་རུང་གཏེར་མའི་ཕྱོགས་ཕལ་མོ་ཆེར་འོག་ཏུ་འབྱུང་ངོ་། །ནང་འཇུག་གི་དངོས་གཞི་དོན་དམ་གསང་བའི་འཇུག་པ་ཡེ་ཤེས་པ་དབབ་པ་ནི། སློབ་དཔོན་ཡེ་ཤེས་བརྙེས་པ་དང་སློབ་མ་སྐལ་པ་ཅན་འཚོགས་ན་མ་རིག་པའི་སྦུབས་དྲལ་བའི་བརྡར་སྔགས་རྒྱས་ཁོག་པ་ཁ་ཕྱེས་པར་རིགས་དང་མཐུན་པའི་ལྷ་བསྟིམ་ཞིང་སྔགས་དང་རོལ་མོས་བསྐུལ་བས། ཡེ་ཤེས་ཕེབས་ནས་རིག་པ་ལ་མཚན་ཉིད་གང་ཡང་མ་གྲུབ་ཅིང་གཏད་སོ་ཅི་ཡང་མ་མཐོང་བས་ཆོས་ཉིད་ཀྱི་རིག་པ་ལ་ངར་ཐོགས་ནས་ཕྱི་རོལ་ཏུ་ལུས་ངག་གི་རྣམ་འགྱུར་མ་ངེས་པ་སྣ་ཚོགས་སུ་སྟོན་པ་བྱུང་རྒྱལ་དུ་སྐྱོང་དུ་གཞུག །དེ་ནི་དབང་ཐམས་ཅད་ཀྱི་ངོ་བོ་བྱིན་རླབས་འཕོ་བའི་དབང་ངམ་ཡེ་ཤེས་ཕེབས་པས་དོན་དམ་པར་ལྷ་དང་སྐལ་པ་མཉམ་པར་བྱས་པ་ཡིན་ནོ། །དེར་མ་ཟད་བུམ་དབང་གི་ཐོག་མར་སྒྲིབ་པ་དྲལ་ནས་ཡེ་ཤེས་པའི་བྱིན་རླབས་བཅུག་པ་ཉིད་ཆུ་དབང་སོགས་ཀྱིས་བརྟན་པར་བྱེད་པ་ཁོ་ནའང་ཡོད་མོད། དེང་སྐབས་སོ་སྐྱེའི་སློབ་དཔོན་རྣམས་ཀྱིས་དེ་ལྟར་མི་ནུས་པས་དམིགས་པ་རྫས་སྔགས་སོགས་ཀྱི་སྒོ་ནས་ནན་ཏན་ཏུ་འབེབ་པ་ཤིན་ཏུ་གལ་ཆེ་སྟེ། སྐབས་འདིར་བྱིན་རླབས་སྟོབས་ཀྱིས་སྐྱེས་པའི་ཡེ་ཤེས་ཉིད་དབང་གི་རྩ་བའམ་ས་བོན་ལྟ་བུ་ཡིན་ལ། དངོས་གཞིའི་དབང་བསྐུར་རྣམས་ཀྱིས་དེ་ཉིད་བརྟན་ཅིང་ནུས་པ་གོང་དུ་སྤེལ་བར་བྱེད་པའི་ཕྱིར་དབང་གི་གཞི་དགོད་པ་ཞེས་གྲགས་ཏེ། འདི་སྐབས་ཡེ་ཤེས་ཀྱི་གཞི་མ་འཁོད་ན་བརྟན་སྤེལ་སོགས་དོན་མེད་པར་འགྱུར་བས་སོ། །དེས་ན་སློབ་མས་ལུས་གནད་བསྲང་། རླུང་ཁ་སྦྱོར་དུ་བཟུང་། སེམས་གང་ལའང་མ་ཡེངས་པར་སོ་སོའི་གཞུང་ནས་འབྱུང་བའི་དམིགས་པ་བྱར་གཞུག །སློབ་དཔོན་ཉིད་ཀྱང་ཏིང་ངེ་འཛིན་རྩེ་གཅིག་པས་ཡེ་ཤེས་འབེབ་པའི་རྫས་སྦྱོར་སྔོན་ནས་བསྡུ་སྒྲུབ་བྱས་པའམ། མེད་ན་གུ་གུལ་སོགས་དྲི་བཟང་པོས་བདུག་ཅིང་རོལ་མོའི་སྒྲ་དང་སྔགས་བརྗོད་པས། དམིགས་པ་གསལ་ཞིང་མོས་གུས་ལྡན་པའི་སློབ་མ་ལ་རང་གིས་ཚོར་བའི་ལུས་སེམས་ཀྱི་ཉམས་ངེས་པར་སྐྱེ་བས་དེ་ཙ་ན་རིག་པ་འཛིན་མེད་ཀྱི་ངང་བསྐྱང་བ་གནད་དུ་ཆེའོ། །མ་ཕེབ་ན་སྤོགས་ཆོག་གི་རིམ་པ་བྱ་བའང་ཡོད་མོད་ཏིང་འཛིན་ནུས་པའི་མཐུ་དམན་ན་ས་བཅད་ཙམ་དུ་ཟད་དོ། །གང་ལྟར་ཡེ་ཤེས་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་ཏེ། མཐོང་བ་དྲི་བ་ཡོད་པ་ལ་དེ་ལྟར་ལུང་བསྟན་ཏེ་འདིའང་ཡེ་ཤེས་འབེབ་པའི་བྱ་བ་ཡིན་པས་འདི་རིགས་མ་བྱས་པ་ལ་ཆད་སྐྱོན་མེད་དོ། །སྐབས་འདིར་དབང་ཤེས་ཡུལ་ལ་འཇུག་པ་བཀག་ནས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་དགོས་ཤིང་། དེའང་རོ་རེག་གཉིས་ཀྱི་ཡུལ་དང་འཕྲད་པའི་དགག་བྱ་སྐབས་དེར་ཆུང་བས། གཙོ་བོར་གཟུགས་སྒྲ་དྲིའི་ཡུལ་ལ་འཕྲོ་བ་དགག་པའི་ཕྱིར་མིག་དར་འཆིང་བ། རོལ་མོ་སྒྲོག་པ། སྦྱར་སྤོས་བདུག་པ་རྣམས་འབྱུང་ཞིང་། དེ་དག་གིས་དབང་ཤེས་ནང་དུ་བསྡུས་པ་ལས་ཡེ་ཤེས་པའི་བྱིན་རླབས་བཙན་ཐབས་སུ་འདྲེན་པའི་ཉེར་ལེན་ཁྱད་པར་ཅན་དུ་གྱུར་པའོ། །དེ་ནས་དངོས་གྲུབ་མྱུར་དུ་འགྲུབ་པའི་ལས་འབྲེལ་ལྷའི་རིགས་གང་ལ་ཉེ་བ་བརྟག་ཅིང་ལྷ་དང་སྐལ་པ་མཉམ་པར་སྒྲུབ་པའི་ཕྱིར་དུ། བདེན་ཚིག་དང་སྔགས་བརྗོད་པས་སྔར་བྱིན་པའི་མེ་ཏོག་དཀྱིལ་འཁོར་དངོས་སམ་དེར་མོས་པའི་ཕྱག་རྒྱའམ་ཚོམ་བུ་བཀོད་པ་ལ་འདོར་དུ་གཞུག་ནས་རིགས་བརྟག །གང་ལ་ཕོག་པ་དེ་ཉིད་ཀྱིས་བཞེས་ནས་སླར་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིངས་པར་བསམ་པའམ། ལྷག་པའི་ལྷ་དེ་ཉིད་སྤྱི་བོར་ཐིམ་པས་རྒྱུད་དབྱེར་མེད་དུ་བྱིན་གྱིས་བརླབས་པར་དམིགས་ལ་ཅོད་པན་སྤྱི་བོར་བཞག་པ་ནི་དབང་ལ་སྔ་བ་མེ་ཏོག་ཕྲེང་བའི་དབང་ངོ། །མིག་དབྱེ་བར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་ཐུར་གྱི་དབྱིབས་ཅན་འཕྲོས་ཏེ་མིག་དར་དང་ལྷན་ཅིག་མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བས། གཟུགས་ཅན་ལ་ཐོགས་པ་མེད་པའི་རྡོ་རྗེའི་མིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་མཐོང་བའི་སངས་རྒྱས་ཀྱི་སྤྱན་ཐོབ་པར་མོས་ལ་གདོང་གཡོགས་བསལ། དཀྱིལ་འཁོར་ལ་ལྟ་བར་བསྐུལ་ནས་ཕྱག་ཤིང་ངམ་རྡོ་རྗེས་མཚོན་པར་རྟེན་བརྟེན་པའི་དཀྱིལ་འཁོར་ངོ་སྤྲོད་ཅིང་དག་པ་བརྗོད་པས། སློབ་མས་ཀྱང་གཟུགས་བརྙན་གྱིས་མཚོན་ཏེ་ཡེ་ཤེས་དཀྱིལ་འཁོར་དོན་རྟགས་བཅས་ཇི་བཞིན་མཐོང་བའི་མོས་པས་དད་སྤྲོ་བསྐྱེད་ཅིང་ཆེད་དུ་བརྗོད་པའི་ཚིག་ཡོད་པ་ལ་དེ་ལྟར་བརྗོད་པ་རྣམས་ཀྱིས་གྲུབ་བོ། །དེ་ཙམ་གྱིས་ཀྱང་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པར་གསུངས་སོ། །གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་ལ། སྤྱིར་སྦྱང་གཞི་གདོད་ནས་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་དུ་རང་ཆས་སུ་བཞུགས་པ་དེ་ལ། སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་ལུས་རྩ་ངག་རླུང་ཡིད་ཐིག་ལེ་ཆ་མཉམ་སེམས་ཀྱི་དྲི་མ་བཞི། ཕྱི་དུས་བཞི། ནང་དུག་གསུམ་དང་ཆ་སྙོམས། ཁྱད་པར་འདོད་ཆགས་བཞི། གསང་བ་སྐྱེ་འགག་འགྲོ་འོང་། ཡོད་མེད་རྟག་ཆད་དེ་མུ་བཞི་ལ་སོགས་པར་གནས་པ་རྣམས། སྦྱོང་བྱེད་དབང་བཞིའི་རིམ་པ་བསྐུར་བས་དག་བྱའི་དྲི་མ་བཞི་དག །ལུས་ལྷ་ངག་སྔགས་ཐིག་ལེ་བདེ་ཆེན་སེམས་ཆོས་སྐུར་སྨིན། ལམ་བསྐྱེད་རིམ་རང་ལུས་གཞན་ལུས་རྫོགས་པ་ཆེན་པོ་རྣམས་བསྒོམ་པ་ལ་དབང་བར་བྱས་པ་དེ་དག་བསྒོམས་པ་ལ་བརྟེན། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་བགྲོད། རིག་འཛིན་བཞི་ཐོབ། ཕྲིན་ལས་བཞི་འགྲུབ། སྦྱངས་འབྲས་སྤྲུལ་ལོངས་ཆོས་དང་ངོ་བོ་ཉིད་སྐུ་འཐོབ་པར་འགྱུར་བའི་ཕྱིར། གཞི་ལམ་འབྲས་བུའི་ཆོས་རྣམས་བཞི་འགྲོས་སུ་མཚུངས་པར་ལྡན་པའི་གནད་ཀྱིས་བླ་མེད་ཀྱི་དབང་ཐམས་ཅད་རྣམ་གྲངས་བཞིར་ངེས་པ་སྟེ། འདིར་མ་ཧཱ་ཡོ་ག་ལ་བུམ་པ། གསང་བ། ཤེར་ཡེ། ཚིག་དབང་སྟེ་རྣམ་པ་བཞིར་འབྱུང་། དེ་རྣམས་ཀྱང་ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་གསུམ་གྱིས་སྡུད་པ་སྟེ། རང་དོན་ཉམས་ལེན། གཞན་དོན་ཕྲིན་ལས། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གྱི་དོན་དུ་དགོངས་པས་སོ། །དེ་ལ་དང་པོ་ཕྱི་རྡུལ་ཚོན་སོགས་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ལ་སྔོན་འགྲོ །དངོས་གཞི་གཉིས་ལས་དང་པོ་ནི། མཎྜལ་ཕུལ་ཏེ་གསོལ་བ་གདབ། སློབ་མ་དཀྱིལ་འཁོར་ཤར་སྒོར་ཁྲུས་སྟེགས་ལ་བཀོད་པར་བཤད་པ་དེང་སང་དངོས་སུ་མི་འགྲུབ་པས་དེ་ལྟར་འཁོད་པར་མོས་ལ། ཆོ་ག་རྒྱས་པ་ཁ་ཅིག་ཏུ་བྱུར་བསལ་བ་དང་སྡིག་སྦྱོང་བྱ་བ་ཡོད་ཀྱང་དམིགས་སུ་མ་བཤད་པ་ལ་སྔར་དོན་གྱིས་སོང་བས་འཐུས། རྡོ་རྗེ་འབར་བ་ལས། དབང་བསྐུར་བ་ཡི་རིམ་པ་དང་། །སྦྱིན་སྲེག་ལས་རྣམས་བྱེད་དོན་དུ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །སློབ་དཔོན་གྱིས་ནི་ཁྱེར་བར་བྱ། །སློབ་མས་ཁྱེར་ན་དམ་ཚིག་ཉམས། །ཞེས་གསུངས་པ་ལྟར། དབང་རྫས་རྣམས་སློབ་དཔོན་རང་ཉིད་ལས་གཞན་གྱིས་རེག་ཏུ་མི་རུང་བའི་ཕྱིར་འཇུག་པ་བདེ་ཁྱད་ཀྱིས་ཆེད་དུ་བསྐོས་པའི་ལས་ཀྱི་རྡོ་རྗེ་ཁོ་ན་དང་དེས་ཀྱང་དར་ཟབ་ལ་སོགས་པའི་ལྕིབས་ཀྱིས་བླངས་ཏེ་ཕུལ་དགོས་པའང་ཤེས་པར་བྱས་ལ། དཀྱིལ་འཁོར་བའི་འཁོར་རྣམས་ནི་ཉི་མ་དང་འོད་ལྟར་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་ལས་གཞན་དུ་མེད་ཅིང་གདུལ་བྱའི་དོན་དུ་གཙོ་འཁོར་གྱི་རྣམ་པར་བསྟན་པ་དང་། གཙོ་བོའང་རྡོ་རྗེ་སློབ་དཔོན་ཉིད་ཀྱི་ཡེ་ཤེས་རོལ་པ་ཁོ་ན་ལས་ཐ་དད་དུ་གྲུབ་པ་མེད་པར་ཤེས་ནས་ཐག་ཆོད་པ་ནི་དབང་ཞུ་བའི་ཡུལ་ཡིན་ལ། བླ་མེད་ཀྱི་དབང་བསྐུར་ཞུས་ཕྱིན་དེ་ནས་བརྩམ་སྟེ་ལྷ་དང་བླ་མ་དུས་རྟག་ཏུ་དབྱེར་མེད་པར་བལྟ་བ་ལས་མཆོག་དམན་དུ་བཟུང་ན་རྩ་བ་སྲོག་གི་དམ་ཚིག་དང་མི་ལྡན་པར་འགྱུར་བས་འདི་གོ་བའང་གལ་ཆེའོ། །གཉིས་པ་དངོས་གཞི་ལ་རྡོ་རྗེ་སློབ་མའམ་རྡོ་རྗེ་སློབ་དཔོན་གྱི་དབང་ངམ། ཕན་ནུས་ཀྱི་དབང་གཉིས་ལས། དང་པོ་ལའང་རིག་པའི་དབང་ལྔ་འབྱུང་སྟེ། འདི་ཐམས་ཅད་ལ་བུམ་པའི་གཏོར་བླུགས་ཀྱི་རྗེས་སུ་འགྲོ་བས་བུམ་དབང་གི་སྒྲས་བསྡུས་པ་སྟེ། འདི་སྐབས་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ངོ་བོར་བཞུགས་པར་མོས་པས། ཆོ་ག་རྒྱས་པའི་རིགས་ལ་ནང་དབང་བསྐུར་ཏེ་སློབ་མ་རིགས་ཀྱི་ལྷའམ་རིགས་ལྔ་སོ་སོར་བསྐྱེད་ལ་ཕྱིར་བཏོན་ནས་རང་གྲལ་དུ་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་གདན་གསུམ་ཚང་བའི་འཁོར་ལོའི་རྣམ་པར་ནམ་མཁའ་གང་བར་སྤྱན་དྲངས་པའི་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་རྫས་ཐོགས་ཏེ་དབང་བསྐུར། སེམས་དཔའ་སེམས་མ་སོ་སོས་ཤིས་པ་བརྗོད་པ་དང་མཆོད་རྫས་ཐོགས། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པར་མོས་ལ་དབང་བསྐུར་རྫོགས་པའི་མཇུག་ཏུ་དེ་རྣམས་ཀྱང་སློབ་མ་ལ་བསྟིམ། ཡང་སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་དབང་རྫས་རིགས་ལྔ་སོ་སོའི་ངོ་བོ་ཅན་སྤྲོས་ཏེ། སློབ་མ་མེ་ཏོག་ཕོག་པའི་ལྷའམ་གཙོ་བོ་ཁོ་ནར་བསྐྱེད་པ་ལ་དབང་བསྐུར་བ་སོགས་རྣམ་པ་འདྲ་མིན་བྱུང་ཡང་དགོས་དོན་གཅིག་ལ། གང་ལྟར་བུམ་པས་གཏོར་བླུགས་བྱ། དབུ་རྒྱན་དར་དཔྱང་མགོ་བོར་བཅིངས། རྡོ་རྗེ་ལག་གཡས་སུ་གསོར་བ་དང་། དྲིལ་བུ་གཡོན་པས་དཀྲོལ་དུ་གཞུག །མིང་དབང་ལ་རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ་སྔར་མེ་ཏོག་ཕོག་པའི་རིགས་དང་མཐུན་པའི་གསང་མཚན་དཔལ་དང་རྡོ་རྗེའི་སྒྲ་སྦྱར་བ་སློབ་མ་རང་གི་རྣ་བར་ཐོས་ཙམ་བསྒྲག་པ་སྟེ། དེ་ལྔས་ཉོན་མོངས་དུག་ལྔ་དག །ཕུང་པོ་ལྔ་སྐུ་ལྔར་གནས་སྒྱུར། ཡེ་ཤེས་ལྔ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པས་རིག་པའི་དབང་ལྔ་ཞེས་གྲགས་སོ། །འགའ་ཞིག་ཏུ་འདིར་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི་རིགས་དྲུག་པ་དཀྱིལ་འཁོར་བདག་པོའི་སྐལ་པ་འཇོག་པ་དང་ཐ་མལ་གྱི་སྤྱོད་པ་བརྟུལ་ནས་རྡོ་རྗེ་སེམས་དཔའི་སྤྱོད་ཚུལ་ལ་ཞུགས་པར་བྱེད་པ་སྟེ། དེ་དག་ནུས་དབང་གིས་འགྲུབ་བོ། །གཉིས་པ་ནང་ནུས་པའི་དབང་ལ། རང་དོན་སྒོམ་སྒྲུབ། གཞན་དོན་འཆད་ཉན། གཉིས་དོན་ཕྲིན་ལས་ཀྱི་བྱ་བར་བསྡུས་ཏེ་གནས་སོ་སོར་ལྷ་བསྐྱེད་བསྟིམ་བྱ་བ་ནི་རྒྱུད་ལུགས་གཙོར་བཏོན་པ་སྟེ། དེ་དང་དོན་གྱི་གནད་མཚུངས་ཀྱང་བྱ་བ་ཐ་དད་པ་གཏེར་མའི་ཕྱོགས་ཤས་ཆེ་བ་ལྟར་ན། ལྷ་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་སྤྲོས་ཏེ་གནས་སོ་སོའམ་སྙིང་གར་བསྟིམས་པས་སྣང་བ་ལྷའི་འཁོར་ལོར་བྱིན་གྱིས་བརླབས་ཏེ་སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་། བཟླས་པའི་ལུང་བྱིན་ཏེ་སྔགས་ཕྲེང་བརྟན་བྱེད་དུ་མགྲིན་པར་བཞག་པས་གྲགས་པ་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་གྲགས་སྟོང་སྔགས་བཟླ་བ་ལ་དབང་། མེ་ལོང་ལ་སོགས་པའི་བརྡས་མཚོན་ཏེ་རང་བྱུང་འོད་གསལ་གྱི་དགོངས་པ་ངོ་སྤྲད་པས་དྲན་རྟོག་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་རིག་སྟོང་ཆོས་ཉིད་ཀྱི་ངང་དུ་མཉམ་པར་གཞག་པ་ལ་དབང་། ཡོན་ཏན་ཞི་བ་དང་ཁྲོ་བོའི་ཆས་རྒྱན་སོ་སོར་བྱིན་ཏེ་མངའ་གསོལ་བས་བྱ་རྩོལ་ཐམས་ཅད་ཟག་མེད་ཡོན་ཏན་གྱི་རྒྱན་དུ་བྱིན་གྱིས་བརླབས་ཏེ་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་དབང་། ཕྲིན་ལས་སྣ་ཚོགས་རྡོ་རྗེ་སོགས་དབང་རྫས་སྐབས་དང་འབྲེལ་བ་བྱིན་པས་བྱེད་སྤྱོད་ཐམས་ཅད་འགྲོ་འདུལ་ཕྲིན་ལས་ཀྱི་རོལ་པར་བྱིན་གྱིས་བརླབས་ཏེ་ཐུན་མོང་གི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱི་རྗེས་འབྲེལ་དུ་སྒོམ་སྒྲུབ་དང་ཆོས་བཤད་སོགས་ཀྱི་རྗེས་གནང་མང་ཉུང་གང་རུང་འབྱུང་བས། ཆོས་བཤད་རྗེས་གནང་སྐབས་སློབ་མ་བརྒྱུད་འཛིན་གྱི་གཙོ་བོ་དང་ཆོ་ག་ཤིན་ཏུ་རྒྱས་པའི་སྐབས་ལྟ་བུར་ཁྲི་གདུགས་ཞྭ་གོས་སོགས་དངོས་སུ་བསྟར་ནས་མངའ་གསོལ། གོང་འོག་གི་སྐབས་གང་རུང་དུ་རྣམ་རྒྱལ་བུམ་པའི་དབང་བསྐུར་འབྱུང་བའང་ཡོད་པ་དེ་ནི་དབང་ཐམས་ཅད་བརྟན་བྱེད་ཡིན་ལ། དེ་མཚུངས་སློབ་དཔོན་གྱི་དབང་ཐམས་ཅད་དམ་ཚིག་གསུམ་གཟུང་བ་ལ་བསྡུས་པའང་ཡོད་དོ། །ཐམས་ཅད་ལའང་མཐར་ཤིས་པ་བརྗོད་ཅིང་རབ་ཏུ་གནས་པའི་མེ་ཏོག་འཐོར་རོ། །འདིར་བཀའ་བརྒྱད་བདེར་འདུས་སུ་ཕྱི་དབང་ལ་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད། ནང་དབང་ལ་དཀྱིལ་འཁོར་དགུ་བཀའ་སྡོད་དང་བཅས་པའི་ལྷ་དབང་འབྱུང་བས་མཚོན་རྒྱས་པའི་རིགས་དང་། བུམ་པ་དང་སྐུ་གསུང་ཐུགས་དབང་ཙམ་ལས་མི་འབྱུང་བའི་བསྡུས་པའི་རིགས་སོགས་མ་ངེས་པ་འབྱུང་ཡང་ཕན་ནུས་ཀྱི་དབང་དུ་གནད་གཅིག་གོ །དེ་ནས་གསང་བ་ཟབ་མོའི་དབང་བློ་རིམ་གྱིས་ཆེ་བའི་གང་ཟག་ལ་བསྐུར་བ་ལ་གསུམ་སྟེ་རྫས་གསང་བ་བྱང་སེམས། ལམ་མམ་བྱ་བ་གསང་བ་ཤེར་ཡེ། དོན་ནམ་རང་བཞིན་གྱིས་གསང་བ་བཞི་པ་རྣམས་སུ་དབྱེ། དེའང་བུམ་དབང་གི་ལམ་བསྐྱེད་རིམ་གྱི་ཉམས་ལྔ་མཐར་ཕྱིན་ཏེ་ཐ་མལ་གྱི་སྣང་ཞེན་ཆོད་ནས་གསང་དབང་། དེའི་ལམ་རང་ལུས་ཐབས་ལྡན་འབྱོངས་ཏེ་སྲོག་རྩོལ་ལ་དབང་ཐོབ་ནས་ཐིག་ལེ་འཕོ་མེད་དུ་འཆིང་བར་ནུས་པའི་ཚེ་ཤེར་དབང་། དེ་ལས་སྐྱེས་པའི་སྣང་བ་གསུམ་གྱི་འོད་གསལ་སྟོང་བཞིའི་མཚན་ཉིད་ཅན་ལྷན་ཅིག་སྐྱེས་པའི་དཔེས་མཚོན་ཏེ། དོན་གྱི་ཡེ་ཤེས་ཚིག་གིས་ངོ་སྤྲད་ནས་གནས་ལུགས་ཆོས་ཉིད་རྗེས་དཔག་དང་གོ་ཡུལ་ལ་མི་ལྟོས་པར་མངོན་སུམ་ཉམས་སུ་མྱོང་བས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པ་ཉིད་རྡོ་རྗེ་ཐེག་པའི་ཁྱད་ཆོས་དང་བསྟན་དོན་དངོས་ཡིན་ཡང་། དེང་སང་བཤད་པ་ཙམ་ལས་ལག་ཏུ་ལེན་པ་མེད་ཅིང་ཚིག་དང་ཏིང་ངེ་འཛིན་གྱིས་སྦྱིན་པར་མོས་པའི་གཟུགས་བརྙན་གྱི་རྒྱུན་མ་ནུབ་ཙམ་པའི་སྐབས་འདིར་དེ་དག་བསྐུར་བའི་དུས་དང་བྱ་བ་སོགས་མི་མཁོ་བས་ས་བཅད་ཙམ་སྨྲོས་ན། དེ་ལ་དབང་བཞིའི་གྲངས་ཀྱིས་བསྡུས་པའི་གཉིས་པ་ནང་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ནི། བླ་མ་གསུང་རྡོ་རྗེ་ལོངས་སྐུའི་ངོ་བོར་བཞུགས་པ་ལ་མཎྜལ་དང་གསོལ་གདབ་བྱས་པས། བླ་མ་ཡབ་ཡུམ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲ་དང་འོད་ཟེར་གྱིས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ལུས་ལ་ཞུགས། ཆགས་པ་ཆེན་པོས་ཞུ་བ་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་བབས་པ་དཀར་དམར་འདྲེས་པའི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཉིད་མཐེབ་སྲིན་གྱིས་སྒྲོན་སྐྱོགས་སུ་བླངས་ཏེ་སློབ་མ་ལ་བྱིན་པ། དེས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་མྱངས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་པའོ། །གསུམ་པ་གསང་བ་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མ་ཐུགས་རྡོ་རྗེ་ཆོས་སྐུའི་ངོ་བོར་བཞུགས་པ་ལ་མཎྜལ་དང་གསོལ་གདབ་བྱས་པས། བླ་མས་གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་སྐལ་པ་མཆོག་དང་ལྡན་པའི་རིག་མའི་ལག་གཡས་པ་བཟུང་སྟེ་སློབ་མའི་ལག་གཡོན་དུ་སྤྲད་པར་མོས་ལ་རིག་མའི་གཟུགས་བྲིས་པའི་ཙཀླིའམ་དྲིལ་བུ་ལ་སོགས་པའི་བརྡས་མཚོན་པ་དང་། གསར་མ་པ་ཁ་ཅིག་གིས་ཚིག་ཙམ་སྨྲོས་པ་ལྟར་རམ། སིནྡྷུ་རའི་དཀྱིལ་འཁོར་ལས་སྤྲོས་པ་གང་ཡང་རུང་བས་བྱིན་པའི་ཕྱག་རྒྱ་མོ་དང་སློབ་མ་འདོད་པའི་སྒྱུ་རྩལ་སྔོན་དུ་འགྲོ་བའི་བརྡ་དང་བརྡའི་ལན་གྱིས་བསྐུལ་ཏེ་འདུ་ཤེས་གསུམ་གྱི་ངང་ནས་མཉམ་པར་སྦྱོར་བས། ཐིག་ལེ་རིམ་པར་གཡོས་ཏེ་ཡས་བབས་ཀྱི་དགའ་བ་བཞི་རིམ་གྱིས་སྐྱེས་པའི་མཐར་ནོར་བུའི་རྩེ་མོར་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་། སླར་རླུང་གི་སྦྱོར་བས་གྱེན་དུ་ལྡོག་སྟེ་མས་བརྟན་གྱི་དགའ་བཞིའི་མཐར་ཐུག་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་གྱུར་པར་མོས་པའོ། །བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རང་བཞིན་དུ་བཞུགས་པ་ལ་མཎྜལ་དང་གསོལ་གདབ་བྱས་པས། དབང་གསུམ་པའི་བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་ངོ་མངོན་སུམ་མཐོང་བ་ལ་མཉམ་པར་འཇོག་ཏུ་བཅུག་ནས་ཚིག་གིས་ངོ་སྤྲོད་སྦྱིན་པ་ཡིན་ཡང་། ད་ལྟ་དཔེའམ་ཐབས་རྒྱུད་ལ་མེད་པའི་ཕྱིར་དེས་མཚོན་པའི་ཐབས་བྱུང་སྟོང་ཉིད་མངོན་སུམ་རྟོགས་པའི་ངོ་སྤྲོད་བྱར་མེད་པས་རྒྱུད་ཀྱི་རྡོ་རྗེའི་ཚིག་ཙམ་ནི་ཐོས་པའི་སྐལ་བ་ཁོ་ནར་ཟད་ཀྱང་། གཏེར་མའི་ཕྱོགས་སུ་ཤེལ་དང་མེ་ལོང་གིས་མཚོན་ཏེ་རང་སེམས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །རོལ་རྩལ་འགགས་མེད་སྤྲུལ་སྐུ །དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུར་ངོ་སྤྲད་པ་དང་། ཀ་དག་གི་གནས་ལུགས་དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་རིག་པ་འོད་གསལ་གདོད་ནས་རང་བཞིན་གྱིས་ཟུང་དུ་འཇུག་པ་ཤེལ་དང་། དེའི་རྩལ་མདངས་འགག་མེད་ཅིར་ཡང་འཆར་བ་ཤེལ་འོད་རྐྱེན་གྱིས་སྣང་བས་མཚོན་པ་དང་། ལྷུན་གྲུབ་སྣང་བཞིའི་འཆར་སྒོ་རྨ་བྱ་མདོངས་ཐིག་ལ་སོགས་པས་མཚོན་ཏེ་ངོ་སྤྲོད་བརྗོད་པའོ། །དེའང་སློབ་མ་གསར་བུ་པ་ལ་ཚིགས་བཅད་བརྗོད་པ་ཙམ་གྱིས་ནི་རྣམ་པ་སྤྱིའི་གོ་ཡུལ་ཙམ་ཡང་མི་འཆར་བས་བཀྲོལ་ཏེ་བཤད་པ་བྱུང་ན་ངོ་ཇི་བཞིན་འཕྲོད་པ་དཀའ་ཡང་ཚིག་རྐྱང་དུ་མ་སོང་ཙམ་ནི་འབྱུང་བ་ཉིད་དོ། །བརྒྱད་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་དབང་བཞི་རྫོགས་པར་ཐོབ་ཕྱིན་ཆད་གསང་སྔགས་རིག་འཛིན་གྱི་སྡོམ་པ་རྫོགས་པར་རྒྱུད་ལ་སྐྱེས་པ་ཡིན་ཏེ། དེའང་སློབ་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ནས་བརྩམ་སྟེ་རྒྱུད་སྡེ་འོག་མ་གསུམ་ལ་རང་ལུགས་ཀྱི་དངོས་གཞི་རྫོགས་ནས་སློབ་དཔོན་གྱི་དབང་བསྐུར་བའི་མཐའ་དང་། བླ་མེད་ལ་བུམ་དབང་གི་མཐར་བསྐྱེད་རིམ་གྱི་སྔགས་སྡོམ་དངོས་བསྟན་དང་། དབང་གོང་མ་གསུམ་ལ་དེའི་ལྡོག་ཆས་ཕྱེ་བའི་སོ་སོའི་དམ་ཚིག་གསར་ཐོབ་རེ་རེ་སྟེ་ངོ་བོ་གཅིག་པའི་ཆ་ནས་སྡོམ་པར་ཡང་བཞག་ཏུ་རུང་བ་རྣམས་ཐོབ་པའི་མཚམས་སྐབས་འདི་ཡིན་པས་ན་རང་རང་ལ་ལྟོས་པའི་ཡོན་ཏན་དང་རྩ་ལྟུང་གཉིས་ཀ་བསྐྱེད་པའི་རྟེན་དུ་སོང་བ་ཡིན་ནོ། །དེས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་སྲོག་བཞིན་དུ་བཙའ་བ་སོགས་བསྲུང་བྱ་དང་། སྤྱད་བྱ་བཟའ་བ་མཉམ་རྗེས་ཀྱི་དམ་ཚིག་རྣམས་དབང་བཞི་སོ་སོར་ཇི་སྐད་གསུངས་པ་ཐམས་ཅད་སྤང་བླང་གི་དྲན་ཤེས་ནམ་ཡང་མི་འབྲལ་བར་བྱ་དགོས་པས་དམ་ཚིག་ཁས་བླང་། མོས་གུས་ཆེན་པོས་ལུས་ལོངས་སྤྱོད་ཀྱིས་མཚོན་པའི་ཅི་འབྱོར་པའི་དངོས་པོ་ཐམས་ཅད་སེར་སྣས་མ་བཅིངས་པར་རབ་དངོས། ཐ་མ་བློས་བླངས་ཏེ་གཏང་རག་མཎྜལ་དུ་དབུལ་བར་བྱས་པས། དུས་དེ་ནས་བརྩམ་སྟེ་རིག་པ་འཛིན་པའི་མིང་ལྡན་ཅིང་ཕན་ཡོན་ཚད་མེད་པ་ནི། སྒྱུ་འཕྲུལ་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པས་མཚོན་ནོ། །དབང་གི་ཆོ་ག་རྒྱས་བསྡུས་ལ་སྨིན་ཚུལ་ཁྱད་པར་ཡོད་དམ་ཞེ་ན། འདི་ནི་བླ་མའི་ནུས་པ་དང་སློབ་མའི་སྐལ་པ་ལ་རག་ལས་ཏེ། ཡེ་ཤེས་བརྙེས་པའི་སློབ་དཔོན་དང་སློབ་མ་སྐལ་ལྡན་སྣོད་བཅུད་ནུས་ཡུལ་ཚོགས་ན་བརྡ་ཐབས་སམ་དགོངས་པ་གཏད་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་པའང་མང་མོད། སོ་སྐྱེའི་རྒྱུད་ལྡན་གྱི་དཔོན་སློབ་འཚོགས་པའི་སྐབས་སུ་ནི་རྒྱུད་ལུང་ནས་གསུངས་པའི་ཆོ་ག་ཏིང་འཛིན་ཕྱག་ལེན་ཇི་ཙམ་རྒྱས་པ་དེ་ཙམ་དུ་རྒྱུད་སྨིན་ཚབས་དང་བྱིན་རླབས་ཀྱི་སྟོབས་ཆེ་ཞིང་། བསྡུས་པའི་ཆོ་གས་ས་བོན་འཇོག་པ་ཙམ་གྱི་ཁྱད་པར་ཡོད་དོ། །གཉིས་པ་ཡོ་ག་གོང་མ་གཉིས་ཀྱི་སྨིན་བྱེད་ཁྱད་པར་ཟུར་ཙམ་སྨྲོས་པ་ལ་གཉིས། དང་པོ་ཨ་ནུ་མདོ་རྩ་བའི་ལུགས་དང་རྗེས་སུ་འབྲེལ་བ་རྣམས་ལ། སྟ་གོན་སྐབས་བློ་བཅོས་ཏེ་ཀུན་རྫོབ་དང་དོན་དམ་མཆོག་གི་སེམས་ལྔ་དང་སྤྲོ་བ་བསྐྱེད་པ་སྔོན་དུ་འགྲོ་བས་ཁྱད་པར་གྱི་གསོལ་བ་བཏབ་པ་ལ་གནང་བ་སྦྱིན། སློབ་མའི་ཚེ་བསྲུངས་ཏེ་བགེགས་ཕྲལ་ལ་སྲུང་བའི་གོ་བགོ །ཡེ་ཤེས་ཀྱི་མེ་རླུང་ཆུས་སྡིག་པ་སྦྱངས་ནས་དྭངས་མའི་སེམས་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་བྱིན་རླབས་དབང་བསྐུར་བཅས་གྲུབ་ནས་རྫས་བཞི་སྦྱིན་པའི་མཐར་དབང་གི་གེགས་བཤད་པའོ། །དབང་དངོས་གཞིའི་སྐབས་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ཕན་པའི་དབང་བསྐུར་བས་རྣལ་འབྱོར་ཕྱི་པ་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་བཞག །ནང་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་ནང་དབང་འབྱུང་བའི་ཆུ་བོ་བསྐུར་བས། མ་ཧཱ་ཡོ་ག་མན་ཆད་བཤད་སྒྲུབ་ལ་དབང་། མཐར་ལམ་དང་པོ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་འཐོབ་པའི་སྐལ་བ་བཞག །སྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་བསྐུར་བས། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་བསྐྱེད་རིམ་དང་ཐུན་མོང་གི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་དང་མི་སློབ་ལམ་སྐུ་རྡོ་རྗེ་འཐོབ་པའི་སྐལ་བ་བཞག །དེ་གསུམ་གྱིས་གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་རགས་པ་འབྲིང་པོ་ཕྲ་བ་རྣམས་དག་པར་བྱེད། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གསུམ་བསྐུར་བས། རིམ་བཞིན་ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་ངག་ཡིད་འཕོ་བའི་ཐིག་ལེའི་དྲི་མ་དག །ཨ་ནུ་རང་ལུགས་ཀྱི་ཟབ་མོའི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་ལམ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱེད་པ་རྣམས་ཁྱད་པར་ས་གཅོད་ཀྱི་འགྲོས་ཡིན་ལ་ལག་ལེན་ཕྲ་མོ་རྣམས་འདིར་སྨྲོས་སུ་མ་ལོངས་སོ། །གཉིས་པ་ཨ་ཏི་རྫོགས་ཆེན་གྱི་དབང་ནི། རྟོགས་པ་མཆོག་ལྡན་གྱི་བླ་མས་སློབ་མ་གྲངས་བཅད་ལ་བསྐུར་བ་ལས་གང་བྱུང་བྱས་ན་སློབ་དཔོན་རང་ཉིད་ཉམས་ཤིང་མཁའ་འགྲོའི་བཀའ་ཆད་འབྱུང་ལ། སློབ་མས་ཀྱང་དབང་མི་ཐོབ་པར་གསུངས་མོད། དེང་སྐབས་རྒྱུན་སྲོལ་མ་ནུབ་ཙམ་ལ་དབང་ཐོབ་པར་བྱེད་པ་མང་ཞིང་དེ་ལྟར་ནའང་བྱེ་བྲག་ཕྱེད་པར་བྱ་དགོས་པས། སྤྱིར་ཨ་ཏིའི་དབང་རྣམས་དཀྱིལ་འཁོར་སྒྲུབ་མཆོད་སོགས་སྤྲོས་བཅས་མཚན་མ་ལ་མི་ལྟོས་པར་དགོངས་པ་གསལ་འདེབས་ཙམ་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ཡིན་པས་དོན་གྱི་གནད་གཅིག་ཀྱང་། ཕྱག་ལེན་གྱི་འགྲོས་མི་མཚུངས་པ་མང་སྟེ། བི་མ་ལའི་སྙིང་ཐིག་མ་བུའི་དབང་སྤྲོས་བཅས་སྤྲོས་མེད་གཉིས་ལ་ཚོགས་མཆོད་ཡིད་བཞིན་རྒྱ་མཚོའི་སྒྲུབ་མཆོད་བཟླས་པ་སྔོན་དུ་འགྲོ་དགོས། ཕྱིས་ཀྱི་གཏེར་མ་བི་མའི་ལུགས་ཅུང་ཟད་དཀོན་ཀྱང་ཞིག་གླིང་གསང་བ་སྙིང་ཐིག་དབང་ལ་ལུགས་དེའི་ཞི་ཁྲོའི་དཀྱིལ་འཁོར་དང་འབྲེལ་བས་མཚོན་སོ་སོའི་གཞུང་ནས་བཤད་པ་ལྟར་བྱ། པདྨའི་ལུགས་རྣམས་ནི་གཏེར་བྱོན་འབའ་ཞིག་ཏུ་སྣང་བས་སྤྱི་ལ་རིགས་ལྔ་ཙམ་མམ་ཨ་ཏི་ཞི་ཁྲོའི་དཀྱིལ་འཁོར། བྱེ་བྲག་རྩ་གསུམ་སོ་སོ་དང་སྦྲེལ་བའང་མང་བས་དེ་དག་སོ་སོའི་སྒྲུབ་མཆོད་བཟླས་པ་བཅས་བཏང་། དངོས་གཞི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་རྣམ་གྲངས་ཙམ་མཚུངས་ཀྱང་དེ་དག་བུམ་གསང་ཤེར་ཡེ་བཞི་པའི་ལམ་དུ་བཞག་སྟེ་ཨ་ཏི་རང་ལུགས་ཀྱི་ཡོ་ག་གསུམ་གྱི་ལམ་རྐང་ཚང་བའི་ཁྲིད་བཅས་འབྱུང་བ་དང་། རིག་པའི་རྩལ་དབང་ཉིད་ལ་རྣམ་གྲངས་བཞིར་ཕྱེས་པ་ཨ་ཏི་སྤྱི་མཐུན་དང་། ཀ་དག་ལྷུན་གྲུབ་ཀྱི་ངོ་སྤྲོད་ཁོ་ནར་བསྡུས་པ་སོགས་མདོ་རྒྱས་ཅི་རིགས་པ་འབྱུང་བས་སོ་སོ་ནས་བཤད་ཚོད་ལྟར་བྱ་བ་ལས་འདིར་བསྡུར་མ་ལོངས་སོ། །གསུམ་པ་བྱིན་རླབས་སོགས་ཀྱི་འཕྲོས་དོན་ཅུང་ཟད་སྨྲོས་ན། རྙིང་མ་གཏེར་མའི་ཕྱོགས་འདིར་བྱིན་རླབས་ཀྱི་རིགས་འདྲ་མིན་མང་ཡང་། གཙོ་ཆེ་བ་གུ་རུའི་བླ་སྒྲུབ་རྣམས་ཀྱི་རྩ་བའི་སྨིན་བྱེད་དུ་འགྱུར་བ་རིག་འཛིན་ཡོངས་རྫོགས་འདུས་པའི་རྩ་རྒྱུད་ལས་གསལ་བར་བསྟན་པའི་དོན། བུམ་པ། ཐོད་པ། མེ་ལོང་། གཏོར་མ་བཅས་ཟླུམ་པོ་བཞིའི་དབང་བསྐུར་དུ་གྲགས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་ལ་སྐུ་འབག་སྤྱི་འདུས་སུ་བཞག་པའི་རེ་རེའང་། སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཅུད་མྱང་བ་དང་བཟླས་ལུང་སོགས་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་གསང་དབང་། དེ་ལས་སྣང་སྟོང་སོགས་ཀྱི་ཉམས་སྐྱེས་པ་བཞི་པ་སྟེ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་བྱིན་རླབས་ཀུན་ལས་ཁྱད་པར་དུ་འཕགས་པའི་གནད་ཀྱིས་དེ་ཀས་རྒྱུད་སྨིན་བྱེད་རྫོགས་པས། དེ་ཁོ་ན་དབང་རྫོགས་སམ་དབང་ཐམས་ཅད་ཀྱི་སྔོན་དུའང་བསྐུར་ཆོག་པ་ཡིན། ཕྲིན་ལས་ཀྱི་དབང་དང་མཐའ་རྟེན་ཙམ་དུ་འབྱུང་བ་མིན་པའི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་བྱེ་བྲག་དབང་བསྐུར་བསྡུས་པར་བཞག་པའི་གཏོར་དབང་ཕལ་ཆེ་བའང་དབང་བཞིའི་ཏིང་ངེ་འཛིན་ཆ་ཚང་བས། ཐོག་མར་བྱིན་རླབས་ཀྱི་སྒོ་འབྱེད། བར་དུ་ལས་ཐམས་ཅད་སྒྲུབ། མཐར་ཕྲིན་ལས་ཀྱི་གཞུག་སྡུད་པར་གསུངས་པས་སྤྱི་ལ་ཁྱབ་ཆེ་བ་དང་། གཏོར་དབང་ཁོ་ནས་རྣལ་འབྱོར་པ་སྤྲོས་མེད་སྙིང་པོར་དྲིལ་བ་ལ་སྨིན་བྱེད་ཡོངས་སུ་རྫོགས་པར་འགྱུར་བའང་ཡོད་པས་སྐབས་ཕྱེད་པར་བྱ། འདི་ལྟ་བུའི་སྐབས་སུའང་འབྱོར་སྤྲོས་ལོངས་སྐབས་ཀྱིས་ལྕོགས་ན་དབང་གཏོར་རྩ་གསུམ་སོ་སོའི་གཞུང་ལས་འབྱུང་བ་ལྟར་ཆེ་ལེགས་སུ་བཞེངས་ལ་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་ཁྲིའུར་བཀོད་པ་ལ་དཀྱིལ་འཁོར་གྱི་ལྷ་བསྐྱེད། དེ་མདུན་མཆོད་གཏོར་དཀྱུས་འགྲེ་དང་སྨན་རཀ་ཉེར་སྤྱོད་སོགས་བཤམ། བསྡུ་ན་གཏོར་མ་གཅིག་པུ་ལ་ཤེས་པ་བཞིའམ་དྲུག་ལྡན་ཅེས་རྒྱུད་ལུང་ནས་གསུངས་པ་སྟེ། སྒྲུབ་པའི་སྐབས་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་སྐབས་མཆོད་རྫས་སུ་ཤེས་པ། དབང་བསྐུར་དུས་བྱིན་རླབས་སུ་ཤེས་པ་གསུམ་སྐབས་འདིར་མཁོ་བ་སྟེ་དེ་དག་འཕྲལ་འཕྲལ་ཏིང་ངེ་འཛིན་གྱི་འདུན་སྟངས་བསྒྱུར་བ་ཡིན། རིག་འཛིན་གོང་མ་འགའ་ཞིག་གི་གསུང་ལས་གཏོར་མའི་སྟོད་ཆ་ལྷ་དང་སྨད་ཆ་མཆོད་རྫས་སུ་དམིགས་ཞེས་འབྱུང་སྟེ་ལས་དང་པོ་པ་ལ་རྣམ་པ་འཆར་བདེ་བའོ། །གཏེར་མའི་ཕྱོགས་ལ་ཤིན་ཏུ་ཟོར་ཡང་བའི་དབང་བུམ་གཏོར་སྐུ་གསུང་ཐུགས་རྟེན་ཙམ་ཡོད་པ་མང་དུ་འབྱུང་བ་འདི་རྣམས་ཀྱང་ཕལ་ཆེར་གསར་མའི་རྗེས་གནང་དང་དོན་གཅིག་པ་ཡིན་པས་དབང་བཞི་རྒྱས་པ་རྣམས་ཀྱི་དོད་ཐུབ་པའི་སྨིན་བྱེད་དུ་མི་འགྱུར་ཡང་། སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སེལ་བ་དང་། སྒོམ་བཟླས་ཏིང་ངེ་འཛིན་ལ་དབང་བའི་བྱིན་རླབས་ཀྱི་ནུས་པ་འཇུག་པའི་ཕྱིར་གཏོར་བླུགས་ཀྱི་བྱ་བ་ཚང་བས་དབང་གི་སྒྲས་བརྗོད་པར་སྣང་ངོ་། །ཕག་ཁྲོས་སོགས་རྣལ་འབྱོར་མའི་རིགས་རྣམས་ལ་གཙོ་བོར་འབྱུང་བས་མཚོན་པའི་བྱིན་རླབས་ཀྱི་ཆོ་ག་ལ་དབང་བསྐུར་དུའང་བཏགས་པ་འདི་རྣམས་དབང་བཞིའི་དོན་གྱི་གནད་ཚང་ཡང་སྤྲོས་པའི་བྱ་བ་སྙིང་པོར་བསྡུས་པ་སྟེ། དཔེར་ན་དབང་ཆེན་རྣམས་སུ་ཤེར་དབང་དངོས་རིག་ལ་བསྟེན་ཏེ་ཞུ་བདེ་དཔེའི་ཡེ་ཤེས་སྐྱེས་པ་དེ་ཉིད་ཀྱིས་མཚོན་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚིག་གིས་ངོ་སྤྲོད་དགོས་པ་དེ། སྐབས་འདིར་སིནྡྷུ་རའི་དཀྱིལ་འཁོར་ལས་རྡོ་རྗེ་རྣལ་འབྱོར་མ་འཕྲོས་ལྟེ་བའི་མེ་ལ་ཐིམ་པས་གཏུམ་མོ་འབར། སྤྱི་བོའི་ཧཾ་ཞུ་བའི་འབར་འཛག་གི་ཞུ་བདེས་མཚོན་དཔེར་བྱས་ཏེ་ངོ་སྤྲད་པ་ལྟ་བུ་དབང་བཞིའི་སྙིང་པོ་ལེགས་པར་ཚང་བ་ཡིན་ནོ། །གསར་མའི་རྗེས་གནང་སྤྱི་དང་ཁྱད་པར་སྒྲུབ་ཐབས་བརྒྱ་རྒྱམ་ལྟ་བུའི་ལུགས་གཏེར་མའི་ཕྱོགས་སུ་རྐང་ཚུགས་ཆེར་མི་འབྱུང་ཡང་དབང་གི་ཞར་བྱུང་བཟླས་ལུང་སོགས་དོན་མཚུངས་པ་གོང་སྨྲོས་ལྟར་རོ། །སྒོམ་ལུང་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱིས་མཚོན་འགའ་ཞིག་འབྱུང་བ་རྣམས་དངོས་གཞིའི་དོན་གསར་རྙིང་མཚུངས་ཀྱང་སྦྱོར་རྗེས་ལ་རྒྱས་བསྡུས་ཅུང་ཟད་འབྱུང་བ་ཡོད་མོད་གཞན་ལ་ཁ་འཕང་མ་བྱས་པར་རང་གཞུང་ལ་གསལ་བར་བཤད་པ་རྣམས་དེ་ཀ་ལྟར་བྱས་པས་འགྲུབ་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་རྩ་བ་སྨིན་བྱེད་དང་། །དེ་སྲོག་དམ་ཚིག་གཟུགས་བརྙན་ཙམ་པོ་ཡང་། །ལ་ཁའི་ན་བུན་བཞིན་དུ་ཡལ་བའི་དུས། །སྨྲ་མང་ཡི་གེས་ངལ་བར་ཟད་ཤེས་ཀྱང་། །བློ་དམན་ཉམ་ཆུང་རེ་འགར་ཕན་སྲིད་སྙམ། །བཤད་སྒྲོས་ཚུགས་བོར་གོ་སླའི་ཟིན་ཐུན་དུ། །བཀོད་འདིས་རང་མཉམ་བུམ་གོག་ཐོགས་པ་རྣམས། །ནོར་མེད་གཞུང་ལམ་དྲང་པོར་སྙེགས་ནུས་ཤོག །ཅེས་དབང་དོན་རྣམ་འབྱེད་གསར་རྙིང་ལེགས་བཤད་རྒྱ་ཆེར་བཞུགས་མོད། དེང་སྐབས་ཐོས་བསམ་ལྟ་ཅི་ཀློག་དང་འདོན་འགྲིགས་ཙམ་ཡང་གདིང་དུ་མི་ཁེལ་བཞིན་དུ་དབང་བསྐུར་གྱི་བྱ་བ་བྱེད་པར་སྣང་བས། མཁས་པ་དགྱེས་པའི་ཚིག་དོན་རླབས་སུ་ཆེ་བའི་སྒྲོམ་མེད་ཀྱང་སློབ་དཔོན་དང་པོའི་ལས་ཅན་ལ་རྒྱུས་ཡོད་ལམ་སྟོན་གྱི་དཔེ་ཙམ་འགྱུར་དུ་རེ་བས་རིན་པོ་ཆེའི་གཏེར་མཛོད་ཆེན་པོར་ཉེར་མཁོའི་ཡན་ལག་རྫོགས་པའི་ཆ་རྐྱེན་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།

རྒྱལ་པོ་སྐུ་ལྔ་འཁོར་བཅས་ཀྱི་གསོལ་ཁ་ཕྲིན་ལས་དོན་བཅུ་མ་ (Volume 39, Text 18)

༄༅༔ རྒྱལ་པོ་སྐུ་ལྔ་འཁོར་བཅས་ཀྱི་གསོལ་ཁ་ཕྲིན་ལས་དོན་བཅུ་མ་ཞེས་བྱ་བ་བཞུགས་སོ༔ དབང་མཆོག་པདྨའི་སྤྱན་ལ་ཕྱག་འཚལ་ལོ༔ ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཕྲིན་ལས་འདི་ལ་དོན་བཅུ་སྟེ༔ དང་པོ་བཞེངས་སུ་གསོལ་བ༔ གཉིས་པ་སྤྱན་དྲང་བ༔ གསུམ་པ་བཞུགས་སུ་གསོལ་བ༔ བཞི་པ་ཕྱག་འཚལ་བ༔ ལྔ་པ་དམ་བསྲེ་བ༔ དྲུག་པ་སྨན་མཆོད་འབུལ་བ༔ བདུན་པ་མཐུན་རྫས་འབུལ་བ༔ བརྒྱད་པ་བསྟོད་པ་བྱ་བ༔ དགུ་པ་གསོལ་ཀ་བྱ་བ༔ བཅུ་པ་ལས་ལ་བསྐུལ་བ་སྟེ་བཅུ་ལས༔ དང་པོ་བཞེངས་སུ་གསོལ་བ་ནི༔ ཀྱེ༔ དགུང་སྔོན་མཐོན་པོའི་ཡར་སྟེང་ནས༔ དམུ་བདུད་ཀླུ་ཚ་སྐུ་བཞེངས་ཤིག༔ བྱུ་རུ་སྨུག་པོའི་ལྡིང་ཁང་ནས༔ བདུད་ཀྱི་རྒྱལ་པོ་སྐུ་བཞེངས་ཤིག༔ གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ནས༔ སྤུ་གྲི་འབར་བ་སྐུ་བཞེངས་ཤིག༔ ཤར་ཕྱོགས་དུང་གི་སྒོ་ཕྱེས་ལ༔ ཟླ་འོད་གཞོན་ནུ་སྐུ་བཞེངས་ཤིག༔ ལྷོ་ཕྱོགས་གསེར་གྱི་སྒོ་ཕྱེས་ལ༔ འགར་བ་དབང་ཕྱུག་སྐུ་བཞེངས་ཤིག༔ གནོད་སྦྱིན་སྲིད་པའི་ཁོང་གསེང་ནས༔ གསང་བའི་གནས་འདིར་སྐུ་བཞེངས་ཤིག༔ ནུབ་ཕྱོགས་བྱུ་རུའི་སྒོ་ཕྱེས་ལ༔ བཛྲ་གུ་ཧྱ་ས་མ་ཏི༔ དམུ་རྗེ་བཙན་པོ་དབྱིངས་ནས་བཞེངས༔ བྱང་ཕྱོགས་གཡུ་ཡི་སྒོ་ཕྱེས་ལ༔ ཁྱུང་གཤོག་འབར་བ་དབྱིངས་ནས་བཞེངས༔ སྲོག་བདག་ཆེན་པོ་དབྱིངས་ནས་བཞེངས༔ ཞལ་གསུམ་སྟོད་ཀྱི་མི་བོ་ཆེ༔ དམུ་བདུད་བྲང་དཀར་དབྱིངས་ནས་བཞེངས༔ ལྕགས་ཀྱི་མི་བོ་འཚུབ་ནག་ཅན༔ དགྲ་བླ་ཆེན་པོ་དབྱིངས་ནས་བཞེངས༔ ཁྲག་འཐུང་ཆེན་པོ་དབྱིངས་ནས་བཞེངས༔ ནད་ཀྱི་བདག་པོ་དབྱིངས་ནས་བཞེངས༔ ནོར་གྱི་བདག་པོ་དབྱིངས་ནས་བཞེངས༔ སྟོང་དཔོན་ཆེན་པོ་དབྱིངས་ནས་བཞེངས༔ ཐུགས་ཀྱི་ཡུམ་མཆོག་དབྱིངས་ནས་བཞེངས༔ ཤཱནྟི་རོ་ཟན་དབྱིངས་ནས་བཞེངས༔ སྐུ་ཡི་ཡུམ་མཆོག་དབྱིངས་ནས་བཞེངས༔ བདུད་མོ་རོ་ལངས་སྐུ་བཞེངས་ཤིག༔ ཡོན་ཏན་ཡུམ་མཆོག་སྐུ་བཞེངས་ཤིག༔ གསེར་གྱི་སྤུ་གྲི་སྐུ་བཞེངས་ཤིག༔ གསུང་གི་ཡུམ་མཆོག་སྐུ་བཞེངས་ཤིག༔ མཛེས་བྱེད་པདྨ་སྐུ་བཞེངས་ཤིག༔ ཕྲིན་ལས་ཡུམ་མཆོག་སྐུ་བཞེངས་ཤིག༔ བདུད་བཟའ་སྨིན་དཀར་སྐུ་བཞེངས་ཤིག༔ ཐུགས་ཀྱི་བློན་པོ་སྲོག་བདག་བྱ་ར་བཞེངས༔ སྐུ་ཡི་བློན་པོ་བྱ་ཁྲི་མིག་གཅིག་བཞེངས༔ ཡོན་ཏན་བློན་པོ་བྱ་རྒོད་ཐང་ནག་བཞེངས༔ གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་བཞེངས༔ ཕྲིན་ལས་བློན་པོ་པུ་ཏྲ་ནག་པོ་བཞེངས༔ ནང་བློན་ཤ་འགྲོས་ཁྱི་འགྲོས་འཛིན་སྡོམ་དང༔ ས་ཀ་རྡོ་རྗེ་འབར་བ་དབྱིངས་ནས་བཞེངས༔ འཁོར་བཅས་གསང་བའི་གནས་འདིར་སྐུ་བཞེངས་ཤིག༔ ཛཿཧཱུྃ་བཾ་ཧོ༔ རཱ་ཛ་ཨངྐུ་ཤ་ས་མ་ཡ་ཛཿཛ༔ གཉིས་པ་སྤྱན་དྲང་བ་ནི༔ ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་བསྲུང་བའི་སྐྱེས་མཆོག་རྣམས༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ བཀའ་ཡི་བསྟན་པ་བསྲུང་བའི་དོན་ཆེད་དུ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མར་སྐུ་བཞེངས་ལ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཆེན་པོ་དང༔ ཡུམ་གཅིག་ཤཱན་ཏི་རོ་ཟན་མཐུ་མོ་ཆེ༔ བློན་པོ་སྲོག་བདག་བཀའ་ཡི་བྱ་ར་བ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ སྐུ་ཡི་རྒྱལ་པོ་མོན་བུ་པུ་ཏྲ་སྟེ༔ གསང་བའི་ཡུམ་གཅིག་བདུད་མོ་རོ་ལངས་མ༔ བཀའ་ཡི་བློན་པོ་བྱ་ཁྲི་མིག་གཅིག་པོ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན༔ གསང་བའི་ཡུམ་གཅིག་གསེར་གྱི་སྤུ་གྲི་མ༔ བཀའ་ཡི་བློན་པོ་བྱ་རྒོད་ཐང་ནག་ཅན༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག་པོ༔ གསང་བའི་ཡུམ་མཆོག་མཛེས་བྱེད་པདྨ་སྐྱེས༔ བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན་ཏེ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཕྲིན་ལས་རྒྱལ་པོ་ཞལ་གསུམ་མི་བོ་ཆེ༔ གསང་བའི་ཡུམ་གཅིག་བདུད་བཟའ་སྨིན་དཀར་མ༔ བཀའ་ཡི་བློན་པོ་པུ་ཏྲ་ནག་པོ་སྟེ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་ཨངྐུ་ཤ་ས་མ་ཡ་ཛཿཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མ་ཏྲཾ་བསྒྲལ་པའི་གནས་མཆོག་དམ་པ་འདིར༔ ཁ་བུབ་གན་རྐྱལ་བྱི་ཆིངས་གདན་དུ་བསྣོལ༔ རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་བརྩེགས༔ ཉི་ཟླ་པདྨའི་གདན་གྱིས་མཛེས་པར་སྤྲས༔ མ་ཆགས་ལྷུན་གྱིས་གྲུབ་པའི་གནས་མཆོག་འདིར༔ བསྟན་པ་བསྲུང་ཕྱིར་གཉིས་མེད་བརྟན་པར་བཞུགས༔ དབུས་ཕྱོགས་མཐིང་ནག་འབར་བའི་གཞལ་ཡས་སུ༔ ཐུགས་ཀྱི་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ ཤར་ཕྱོགས་དཀར་པོ་དུང་གི་གཞལ་ཡས་སུ༔ སྐུ་ཡི་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ ལྷོ་ཕྱོགས་རིན་ཆེན་གསེར་གྱི་གཞལ་ཡས་སུ༔ ཡོན་ཏན་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ ནུབ་ཕྱོགས་བྱེ་རུ་དམར་པོའི་གཞལ་ཡས་སུ༔ གསུང་གི་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ བྱང་ཕྱོགས་རིན་ཆེན་གཡུ་ཡི་གཞལ་ཡས་སུ༔ ཕྲིན་ལས་རྒྱལ་པོ་འཁོར་བཅས་བཞུགས་སུ་གསོལ༔ པདྨ་ཨཱ་བེ་ཤ་ཡ༔ བཛྲ་ཏྲི་དུ་རུ་ཤ་ཧཱུྃ༔ བཛྲ་ཨ་ཏི་ཀ་ར་ཡ༔ ཁ་སྒྱུར་དཀར་པོ༔ ས་མ་ཡ་ཛཿཛ༔ ཨཱ་བེ་ཤ་ཡ་སཏྭཾ༔ བཞི་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ཅན༔ རྒྱལ་པོ་ཆེན་པོ་སྡེ་ལྔའི་སྐུར་བསྟན་པ༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ རྒྱལ་པོ་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ ཨཱ་ཀརྴ་ཡ་ཨཱ་བེ་ཤ་ཡ་ཨེ་ཧྱེ་ཧི་ཨཱ་རལླི་ཧོ༔ ཞེས་པས་གཙོ་བོ་རྣམས་ལ་འཁོར་རྣམས་ཀྱིས་ཕྱག་བཙལ་བར་བསམ༔ ལྔ་པ་དམ་བསྲེ་བ་ནི༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་བདུད་རྩི་བྱིན་བརླབས་ལ༔ སྤྱི་རྒྱུགས་སུ་བྱེད་པའི་ཚེ༔ ཧཱུྃ༔ སྐྱེས་མཆོག་དགྲ་བླ་ཆེན་པོ་ཁྱེད༔ ཁྱེད་དང་བདག་ནི་དམ་བསྲེ་ན༔ དཔལ་ཆེན་ཁྲག་འཐུང་གཟུ་དང་དཔང༔ དུས་ཚེས་འདི་ནས་བཟུང་ནས་ནི༔ ཇི་སྲིད་འཚོ་ཡི་བར་དག་ཏུ༔ བདག་ཀྱང་དམ་ལས་མི་འདའ་བར༔ རྟག་ཏུ་རྒྱལ་པོ་མཆོད་ཅིང་བསྟེན༔ ཁྱེད་ཀྱང་དམ་ལས་མ་འདའ་བར༔ རྟག་ཏུ་བདག་གི་གྲོགས་མཛོད་ཅིག༔ ཅི་སྟེ་དམ་ལས་ཁྱོད་འདས་ན༔ རྡོ་རྗེ་གནོད་སྦྱིན་ཁྲོ་བོ་ཡིས༔ ཐལ་བའི་རྡུལ་དུ་བརླག་པར་བྱེད༔ རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག༔ པཉྩ་ཨ་མྲྀཏ་དང་སྦྱར༔ དམ་ཚིག་སྙིང་གི་ཁྲག་ཆེན་པོ༔ བསྲེ་བའི་མཆོག་སྟེ་སྲོག་གི་སྙིང༔ སྙིང་དང་སྙིང་གི་གྲོགས་པོར་བྱས༔ རྟག་ཏུ་དམ་ལས་མ་འདའ་ཞིག༔ བཛྲ་ཏྲི་དུ་རཀྴ་ཡཀྴ་ཧཱུྃ་ཕཊ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་རང་གི་ལྕེ་ལའང་བཞག༔ རྒྱལ་པོ་རྣམས་ལ་ཡང་གཏོར་བས༔ བདག་དང་རྒྱལ་པོ་གཉིས་མེད་དུ་གྱུར་ཏེ༔ ཇི་སྲིད་འཚོའི་བར་དུ་བདག་གི་བཀའ་ཉན་ཞིང་ལས་བྱེད་པར་བསམ་ཞིང་དམ་ཚིག་བསྲེའོ༔ དེ་ནས་རྒྱལ་པོའི་སྲོག་གི་སྙིང་པོ་རྣམས་མདོངས་གསོལ་དུ་བྱའོ༔ དྲུག་པ་སྨན་མཆོད་བྱ་བ་ནི༔ མ་ཏྲཾ་གྱི་མཆན་ཁུང་ནས་དམ་རྫས་ཀྱི་མཆོད་པ་བླངས་ཏེ་འབུལ་བ་ནི༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ བསྟན་པ་བསྲུང་ཕྱིར་འབར་བའི་སྐུར་སྤྲུལ་པ༔ རྒྱུད་དྲུག་དགོངས་མཛད་རིག་འཛིན་སྒྲུབ་མཆོག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཡེ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྱིས་གྲུབ༔ འགྲོ་དྲུག་བསྒྲལ་ཕྱིར་ཡེ་ཤེས་ཁྲོ་བོའི་ཚོགས༔ གདུག་པ་འདུལ་ཕྱིར་རྡོ་རྗེ་རྩེ་དགུ་བསྣམས༔ ཁམས་གསུམ་དབང་དུ་བསྡུས་པའི་སྒྲུབ་མཆོག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ གསུང་མཆོག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ དྲག་པོའི་གད་རྒྱངས་མི་བཟད་ཧ་ཧར་བཞད༔ དགྱེས་པའི་གླུ་ལེན་སྤྱུགས་པའི་སྒྲ་སྒྲོག་པ༔ རྐན་བརྡབས་གྲུབ་པ་ཐོབ་པའི་གསུང་མཆོག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཐུགས་ཉིད་དོན་དམ་ངང་ལས་མ་གཡོས་ཀྱང༔ ལོག་ལྟ་བསྒྲལ་ཕྱིར་ཁམས་གསུམ་ཀུན་ལ་དགོངས༔ ཐུགས་ཀྱི་སྤྲུལ་པས་སྲིད་གསུམ་ཀུན་ལ་དགོངས༔ རིག་འཛིན་དབང་ལྔ་རྫོགས་པའི་སྒྲུབ་མཆོག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ སེམས་ཉིད་དོན་དམ་ངང་ལས་མ་གཡོས་ཀྱང༔ ལོག་ལྟ་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ འཇིགས་བྱེད་སྐུ་ཡི་ཚུལ་དུ་སྟོན་བྱེད་པ༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་སྡེ་ལྔ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ འཇིག་རྟེན་ཀུན་ལ་དབང་བསྒྱུར་མཐུ་བོ་ཆེ༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་མཛད་པའི་ཕྱིར༔ རྒྱལ་པོ་སྡེ་ལྔའི་སྐུ་ལ་དགྱེས་པར་འཁྲིལ༔ གསང་བའི་ཡུམ་ཆེན་བདུད་མོ་རྣམ་ལྔ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བཀའ་ཡི་ལས་མཁན་མཛད་པའི་མཐུ་བོ་ཆེ༔ རྒྱལ་པོའི་ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར༔ བཅོལ་པའི་ལས་རྣམས་ཐོགས་མེད་ཀུན་སྒྲུབ་པའི༔ དམ་ཚིག་བསྲུང་བའི་བློན་པོ་རྣམ་ལྔ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་ལ༔ ཆོ་འཕྲུལ་འབེབ་ཅིང་ཕུང་དུ་གཞུག་པའི་ཕྱིར༔ སྟོང་གསུམ་སྤྲུལ་པ་དམག་གིས་འགེང་མཛད་པའི༔ གཡས་གཡོན་མདུན་རྒྱབ་རུ་འདྲེན་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ རཱ་ཙ་ཨ་ཧོ་བྲུམ་རྦད་ཨརྒྷཾ་པྲ་ཏཱིཙྪ་ཧོ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་སྨན་མཆོད་འབུལ་ལོ༔ བདུན་པ་མཆོད་པ་འབུལ་བ་ནི༔ ཀྱེ༔ དགྲ་བླ་སྐུ་ལྔ་ཡབ་ཡུམ་འཁོར་བཅས་ལ༔ རྣལ་འབྱོར་བདག་གིས་མཆོད་པའི་དམ་རྫས་ནི༔ རིན་ཆེན་སྣ་ཚོགས་རྒྱལ་མཚན་དག་གིས་བརྒྱན༔ མཛེས་ཤིང་ཡིད་འོང་ཞལ་ཟས་སྣ་ཚོགས་བཤམས༔ འདོད་ཡོན་ལྔ་ཡི་ལོངས་སྤྱོད་བསམ་མི་ཁྱབ༔ དར་གྱི་ལྡ་ལྡི་འཕན་གདུགས་ཕྱ་ར་ར༔ ཟ་འོག་གུར་ཕུབ་མཛེས་པ་དི་རི་རི༔ མཛེས་པའི་རྒྱལ་མཚན་སྣ་ཚོགས་རོངས་སེ་རོང༔ རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་ལི་ལི༔ ཤ་ཆེན་རྣམས་ཀྱི་དྲི་ངད་སྦུངས་སེ་སྦུང༔ གསེར་སྐྱེམས་ཕུད་ཀྱི་རྒྱུན་ནི་བྲེངས་སེ་བྲེང༔ སྤོས་དང་ཚིལ་ཆེན་དུད་པ་ཐུ་ལུ་ལུ༔ བཤོས་གཙང་ཞལ་ཟས་སྤྲིན་ལྟར་ཐིབས་སེ་ཐིབ༔ སྤྱན་གཟིགས་སྣ་ཚོགས་རྫ་ལྟར་ཁྲ་ལ་ལ༔ འདི་ལྟར་བཤམས་ནས་ལུས་ཀྱི་དཀྱིལ་འཁོར་དུ༔ གཟུགས་ཀྱི་མཆོད་པ་སྣ་ཚོགས་བཤམས་ནས་སུ༔ སྐྱེས་བུ་ཆེན་པོའི་སྐུ་ཡི་རྒྱན་དུ་འབུལ༔ དགྱེས་མཛད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྒྱལ་པོའི་སྐུ་མཆོག་དེང་འདིར་དངོས་སུ་སྟོན༔ སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་སྲུངས༔ ཀྱེ༔ དགྲ་བླ་ཆེན་པོ་འབོད་པའི་སྒྲ་རྣམས་ནི༔ མི་རྐང་མཆོག་གི་གླིང་བུ་དི་རི་རི༔ སྒྲ་སྙན་སིལ་སྙན་མང་པོ་སིལ་ལི་ལི༔ ཕེག་རྡོབ་ཅང་ཏེའུ་མང་པོ་ཁྲོ་ལོ་ལོ༔ པི་ཝཾ་རྒྱུད་མང་སྒྲ་བྱུང་བྲེངས་སེ་བྲེང༔ རྔ་དང་དུང་དང་ཆ་ལང་ལ་སོགས་པ༔ སྣ་ཚོགས་སྒྲ་ཡི་མཆོད་པ་ཇི་སྙེད་རྣམས༔ རྒྱལ་པོའི་གསུང་གི་དཀྱིལ་འཁོར་དེ་ལ་འབུལ༔ གསུང་གི་སྒྲ་སྐད་དེང་འདིར་དངོས་སུ་སྟོན༔ ཧ་ཧའི་གད་མོ་སྡང་བའི་དགྲ་ལ་རྒོད༔ ཧི་ཧི་བཞད་པས་དབང་དང་ལྡན་པར་མཛོད༔ གདུག་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན༔ དགྲ་བླ་ཆེན་པོ་ཐུགས་ཀྱི་དབྱིངས་བསྟན་པ༔ ཆོས་དབྱིངས་སྐྱེ་མེད་དོན་ལ་འགྱུར་བ་མེད༔ བརྗོད་མེད་བསམ་ལས་འདས་པ་ཆོས་ཀྱི་སྐུ༔ སྤྲོས་བྲལ་ཤེས་རབ་མི་རྟོག་བདེ་བ་ཆེ༔ ཆོས་ཀྱི་མཆོད་པ་རྒྱལ་པོའི་ཐུགས་ལ་འབུལ༔ གནག་པའི་དགོངས་པ་སྡང་བའི་དགྲ་ལ་མཛོད༔ གདུག་པའི་བསམ་ངན་སྡང་བའི་དགྲ་ལ་མཛོད༔ རྒྱལ་པོའི་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ༔ སྣང་སྲིད་ཟིལ་གྱིས་གནོན་པ་ཡང༔ དེ་ཡང་རྒྱལ་པོའི་ཡོན་ཏན་ཡིན༔ འཇིག་རྟེན་འདི་ན་ཆེ་བཙན་པ༔ དེ་ཡང་རྒྱལ་པོའི་ཡོན་ཏན་ཡིན༔ ཁམས་གསུམ་དབང་དུ་འདུས་པ་ཡང༔ དེ་ཡང་རྒྱལ་པོའི་ཡོན་ཏན་ཡིན༔ གྲགས་པ་ཁྱད་འཕགས་ཐོབ་པ་ཡང༔ དེ་ཡང་རྒྱལ་པོའི་ཡོན་ཏན་ཡིན༔ རྒྱལ་པོའི་ཕྲིན་ལས་ཐོགས་པ་མེད༔ དམ་ཉམས་རུ་ཏྲའི་སྙིང་རྩ་འདྲེན༔ ལོག་ལྟ་མུ་སྟེགས་མགོ་བོ་འགེམ༔ ལོག་ལྟ་ཚེ་ཡི་སྲོག་ཤིང་གཅོད༔ རྣལ་འབྱོར་དགྲ་བོའི་གཟུགས་ཕུང་འཇིག༔ འདི་རྣམས་རྒྱལ་པོའི་ཕྲིན་ལས་ཡིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་པཉྩ་ཨ་ར་ཧོ༔ པཱུ་ཛ་ཧོ༔ རཱ་ཛ་ཧོ༔ ཨརྒྷཾ་པྲ་ཏཱིཙྪ་ཧོ༔ བཛྲ་ཡཀྴ་ཁ་ཁ་ཁཱ་ཧི༔ དུནྟིཾ་དུནྟིཾ་ཁཱ་ཧི༔ ཡཀྴ་ནག་པོ་ཁཱ་ཧི༔ ཤ་འགྲོས་ཧ་རུ་ཁཱ་ཧི༔ ཁྱི་འགྲོས་ཧུ་རུ་ཁཱ་ཧི༔ འཛིན་པོ་རུ་ཏྲ་ཁཱ་ཧི༔ སྡོམ་པོ་འཆང་རྒྱུད་ཁཱ་ཧི༔ རུ་དྲ་རུ་དྲ་ཁཱ་ཧི༔ གོ་རོ་ཙ་ན་ཁཱ་ཧི༔ ཙིཏྟ་བ་སུ་ཏ་ཁཱ་ཧི༔ རཀྟ་མཚུལ་པ་ཁཱ་ཧི༔ ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི༔ དབང་པོ་སྣ་ལྔ་ཁཱ་ཧི༔ ཤ་མ་རུ་ཏྲི་ཁཱ་ཧི༔ ཨརྒྷཾ་པྲ་ཏཱིཙྪ་ཧོ༔ པཱུ་ཛ་བཛྲ་དུ་རུ་ཧོ༔ བརྒྱད་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྒྲུབ་མཆོག་བདུད་འདུལ་ཡེ་ནས་ཐུགས་དམ་ཅན༔ འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ༔ དམ་ཉམས་གདུག་པའི་དགྲ་བགེགས་ཀུན་སྒྲོལ་བ༔ ཐུགས་རྗེ་སྙོམ་མཛད་ཁྱོད་ལ་བདག་བསྟོད་དོ༔ འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ༔ སྐྱེ་མེད་ཆོས་ཀྱི་དོན་རྟོགས་སྒྲུབ་མཆོག་ཁྱོད༔ སྐྱེ་ཤི་རྩད་གཅོད་ལེགས་ཉེས་སྟངས་འཛིན་པ༔ ཐོག་མེད་འཇིགས་བྱེད་ཁྱོད་ལ་བདག་བསྟོད་དོ༔ ཆོས་ཀྱི་དབྱིངས་ལས་རྩེ་གཅིག་དགོངས་མཛད་པ༔ གཡས་པའི་བདུད་རྩིས་དུས་གསུམ་སངས་རྒྱས་མཆོད༔ གཡོན་པས་ལྕགས་ཀྱུས་རུ་དྲའི་སྙིང་ནས་འདྲེན༔ ཁྲོ་རྒྱལ་བདུད་འདུལ་ཁྱོད་ལ་བདག་བསྟོད་དོ༔ ཆེ་བའི་ང་རྒྱལ་དྲག་པོས་ཁམས་གསུམ་ཁྱབ༔ དགྲ་བགེགས་མ་ལུས་ཞལ་དུ་གསོལ་མཛད་ཅིང༔ ཉོན་མོངས་ལོག་པར་ལྟ་བ་རྩད་ནས་གཅོད༔ བདུད་འདུལ་མཐུ་ཆེན་ཁྱེད་ལ་བདག་བསྟོད་དོ༔ སྐུ་གསུང་ཐུགས་ནི་ཆོས་ཀྱི་དབྱིངས་དང་མཉམ༔ ཕྲིན་ལས་མཐར་ཕྱིན་ཁྱུང་ཆེན་ཀླུ་འབྲུག་འདུལ༔ དྲག་ཏུ་བསྐུལ་ན་དགྲ་བགེགས་དབང་དུ་སྡུད༔ རྒྱལ་པོ་སྡེ་ལྔའི་སྐུ་ལ་བདག་བསྟོད་དོ༔ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ བསྟན་པ་སྲུང་མཛད་དྲག་པོའི་སྐུར་བསྟན་པ༔ རྒྱལ་པོ་སྡེ་ལྔའི་ཐུགས་དམ་དགྱེས་བསྐུལ་མ༔ ཡུམ་ཆེན་རྣམ་ལྔའི་སྐུ་ལ་བདག་བསྟོད་དོ༔ བཀའ་ཡི་ལས་མཁན་མཛད་པའི་མཐུ་བོ་ཆེ༔ རྒྱལ་པོའི་ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར༔ བཅོལ་པའི་ལས་རྣམས་ཐོགས་མེད་ཀུན་སྒྲུབ་པའི༔ བློན་པོ་རྣམ་ལྔའི་སྐུ་ལ་བདག་བསྟོད་དོ༔ སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་ལ༔ ཆོ་འཕྲུལ་དབབ་ཅིང་ཕུང་དུ་གཞུག་པའི་ཕྱིར༔ སྟོང་གསུམ་སྤྲུལ་པ་དམག་གིས་འགེང་མཛད་པའི༔ འཁོར་གྱི་རུ་འདྲེན་རྣམས་ལ་བདག་བསྟོད་དོ༔ དགུ་པ་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཧོ༔ དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན༔ ཆིབས་སུ་བ་གླང་སྣ་རིང་ལ་འཆིབ་པ༔ སྣ་གཟུང་མོན་བུ་པུ་ཏྲས་བྱས་པ༔ སྐུ་མདོག་མཐིང་ནག་ལ་དར་ནག་དང་དོམ་གྱི་སློག་པ་གསོལ་ཞིང༔ དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ༔ གཡས་པས་བདུད་ཀྱི་ཞགས་པས་དགྲ་བོ་འཆིང་བ༔ གཡོན་པས་སྤུ་གྲིས་དགྲ་སྙིང་རྩད་ནས་གཅོད་པ༔ ཞལ་ནས་གདུག་པའི་ངན་སྔགས་སྒྲོག་པ༔ རོལ་དུ་གློག་དང་མེ་ལྕེ་འཁྲིད་པ༔ ཕོ་ཉར་ཐོག་དང་སེར་བ་གཏོང་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ཤར་ཕྱོགས་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ༔ ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ༔ སྐུ་མདོག་ནག་པོ་མུན་ལྟར་གཏིབས་པ༔ མན་ཏྲི་ནག་པོའི་ན་བཟའ་གསོལ་བ༔ དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ༔ གཡས་ན་གསེར་གྱི་རྡོ་རྗེ་གསོར་ཞིང་བརྡེག་པ༔ གཡོན་པས་ཤེར་ཤིང་གསེག་ཤང་བསྣམས་པ༔ རོལ་དུ་དོམ་ནག་སྨྱོན་པ་འཁྲིད་པ༔ ཕོ་ཉར་སྟག་གཟིག་དོམ་དྲེད་གཏོང་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ལྷོ་ཕྱོགས་ཡོན་ཏན་གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན༔ ཆིབས་སུ་བདུད་རྟ་ནག་པོ་ལ་འཆིབ་པ༔ སྐུ་མདོག་ནག་པོ་སྦྲུལ་དང་སྟག་གིས་བརྒྱན་པ༔ གཡས་པའི་དགྲ་སཏྭས་དགྲ་བོའི་མགོ་ལུས་གཤོག་པ༔ གཡོན་པས་བདུད་ཞགས་དགྲ་ལ་འདེབས་པ༔ དབུའི་ཁྱུང་མགོས་ལྷ་སྲིན་དབང་དུ་སྡུད་པ༔ རོལ་དུ་སྲིད་པའི་གཡུ་འབྲུག་ཁྲིད་པ༔ ཕོ་ཉར་སྤྲ་སྤྲེ་བྱི་ལ་གཏོང་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ནུབ་ཕྱོགས་གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག་པོ༔ ཆིབས་སུ་དྲེལ་ནག་རྐང་དཀར་ལ་འཆིབ་པ༔ སྐུ་མདོག་དམར་པོ་འོད་དུ་འབར་བ༔ སྐུ་ལ་དར་ནག་གི་འཇོལ་བེར་དང་དབུ་ལ་སྨྱུག་ཞུ་གསོལ་བ༔ གཡས་སྦའི་འགྱིང་མཁར་བསྣམས་ནས་དགྲ་བགེགས་རྡུལ་དུ་རློག་པ༔ གཡོན་པས་ཙན་དན་གྱི་བིང་ཆེན་བསྣམས་ནས་སྲིད་པ་གསུམ་འཇོམས་པ༔ རོལ་དུ་སྤྱང་མོ་འུར་བ་ཁྲིད་པ༔ ཕོ་ཉར་ལྕགས་ཀྱི་བྱ་ཁྲ་གཏོང་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ བྱང་ཕྱོགས་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དགྲ་བླ་ཆེན་པོ་ཞལ་གསུམ་གཡས་ནག་གཡོན་དམར་དབུས་དཀར་བ༔ ཐོད་ཆེན་གྱི་སྟེང་ན་སག་ཞུ་གདུགས་ཐབས་སུ་གསོལ་བ༔ ཕྱག་དྲུག་གཡས་ན་ལྕགས་ཀྱུ་མདའ་དང་རལ་གྲི༔ གཡོན་པས་སྤུ་གྲི་གཞུ་དང་བེར་ཀ་བསྣམས་པས༔ རྒྱུད་དྲུག་རྩད་ནས་གཅོད་ཅིང༔ སྐུ་སྟོད་ལ་དར་དཀར་རལ་ག་གསོལ་བ༔ སྐུ་སྨད་ལ་ཞིང་ལྤགས་སྟག་ཆས་ཀྱིས་བརྒྱན་པ༔ ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ༔ སྣ་གཟུང་མོན་བུ་བྷ་ཏྲས་བྱས་པ༔ རོལ་དུ་རླུང་ནག་འཚུབ་མ་འཁྲིད་པ༔ དགེ་བསྙེན་གཞོན་ནུའི་ཆ་བྱད༔ ཕོ་ཉར་བདུད་བྱ་ལྕུང་ཀ་གཏོང་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ཐུགས་ཀྱི་དགྲ་བླའི་སྤྲུལ་པ་དགེ་བསྙེན་གཞོན་ནུའི་ཆ་བྱད་ལ༔ སྐུ་ལ་དར་དམར་གྱི་བེར་ཆེན་གསོལ་བ༔ ཤེལ་གྱི་ཕྲེང་བའི་མགུལ་དོ་བྱས་པ༔ གཡས་པས་སྡིགས་མཛུབ་ནམ་མཁར་སྒྲེང་བ༔ གཡོན་པས་ཟངས་གྲི་འདེབས་ཚུལ་མཛད་པ་ལ་གསོལ་ལོ༔ སྐུ་ཡི་དགྲ་བླའི་སྤྲུལ་པ་དགེ་སློང་དགྲ་བཅོམ་གཞོན་ནུའི་ཆ་བྱད་ཅན༔ ཆོས་གོས་ངུར་སྨྲིག་གསོལ་བ༔ གཡས་པས་ཤེལ་གྱི་གསེག་ཤང་གསིལ་བ༔ གཡོན་པས་གསེར་གྱི་སྤུ་གྲི་བསྣམས་པ༔ ཀ་པ་ལི་རྒྱབ་ཏུ་འཁུར་ཞིང༔ སྤྱི་བླུགས་བུམ་པ་མདུན་ན་འཆང་བ་ལ་གསོལ་ལོ༔ ཡོན་ཏན་གྱི་དགྲ་བླའི་སྤྲུལ་པ་སྐུ་མདོག་སྔོ་སྐྱ་མེན་ཏྲི་དམར་པོའི་ག་ཤ་ཅན༔ གཡས་ན་སྦ་གུག་མཆུ་རིང་བསྣམས་པ་ལ་གསོལ་ལོ༔ གསུང་གི་དགྲ་བླའི་སྤྲུལ་པ་མཐིང་ནག་རལ་པ་གྱེན་དུ་བརྫེས་པ༔ ཨག་ཚོམ་སེར་ནག་མེ་ལྟར་འབར་བ༔ སྐུ་ལ་སྟག་གི་སློག་པ་གསོལ་བ༔ ཕྱག་ན་ཞིང་གི་དབྱུག་པ་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ ཕྲིན་ལས་ཀྱི་དགྲ་བླའི་སྤྲུལ་པ་ནག་པོ་ཞིང་ལྤགས་ཀྱི་གཡང་གཞི་སྐུ་ལ་གསོལ་ཞིང༔ སྦྲུལ་གྱི་ཆུན་པོས་བརྒྱན་པ༔ སྟག་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ཐུགས་ཀྱི་རྒྱལ་པོའི་ཡུམ་གཅིག་ཤཱནྟི་རོ་ཟན་མ་དམར་མོ་ཁྲག་དང་ཞག་གིས་བརྒྱན་པ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་ལ་གསོལ་ལོ༔ སྐུ་ཡི་རྒྱལ་པོའི་ཡུམ་གཅིག་བདུད་མོ་རོ་ལངས་མ་དཀར་མོ་དར་དཀར་གྱི་གོ་ཟུ་གསོལ་བ༔ དམ་ཤིང་དང་བྷཉྫ་བསྣམས་པ་ལ་གསོལ་ལོ༔ ཡོན་ཏན་གྱི་རྒྱལ་པོའི་ཡུམ་གཅིག་གསེར་གྱི་སྤུ་གྲི་ནག་མོ༔ ཞལ་གཅིག་ཕྱག་བཞི་མ༔ དབུ་ལ་དར་ནག་གི་ཅོད་པན་བཅིངས་པ༔ སྙན་གཡས་སྦྲུལ་དང་དྲིལ་བུས་བརྒྱན་པ༔ གཡོན་ན་སེང་གེ་རལ་པ་ཅན༔ ཕྱག་བཞི་གཡས་ན་རལ་གྲི་དང་མདུང་དམར་འཛིན་པ༔ གཡོན་པ་ཤཀྟི་དང་ཏྲི་ཤུ་ལའི་མགུལ་ན་བ་དན་འཕྱར་བ༔ མི་མགོའི་དོ་ཤལ་གླང་ཆེན་གྱི་ཀོ་རློན༔ རེ་ལྡེ་སེར་པོའི་ཤམ་ཐབས་དང་སྦྲུལ་གྱི་སྐ་རགས་བཅིངས་པ༔ ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ༔ བོང་བུ་གྭ་པ་ལ་འཆིབ་པ་ལ་གསོལ་ལོ༔ གསུང་གི་རྒྱལ་པོའི་ཡུམ་གཅིག་མཛེས་བྱེད་པདྨ་སྐྱེས༔ སྐུ་མདོག་དམར་མོ་མཛེས་པའི་རྒྱན་དང་ལྡན་པ༔ ཕྱག་གཉིས་དམ་ཤིང་དང་བྷནྡྷ་བསྣམས་པ་ལ་གསོལ་ལོ༔ ཕྲིན་ལས་ཀྱི་རྒྱལ་པོའི་ཡུམ་བདུད་བཟའ་སྨིན་དཀར་མ༔ མཐིང་ནག་བདུད་ཀྱི་སློག་པ་གྱོན་པ་དམ་ཤིང་དང་བྷནྡྷ་བསྣམས་པ་ལ་གསོལ་ལོ༔ བཅོལ་བའི་ཕྲིན་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ ཐུགས་ཀྱི་རྒྱལ་པོའི་བློན་པོ༔ སྲོག་བདག་བཀའི་བྱ་ར་བ༔ སྐུ་ལ་བེར་སྨུག་གསོལ་བ༔ སེང་གེ་དཀར་མོ་ལ་འཆིབ་པ་ཕྱག་ན་དར་ནག་གི་རུ་མཚོན་ཕྱར་བ་ལ་གསོལ་ལོ༔ སྐུའི་རྒྱལ་པོའི་བློན་པོ་བཤན་པ་བྱ་ཁྲི་མིག་གཅིག་པོ༔ སྦྲུལ་ནག་ཐོད་དུ་བཅིངས་པ༔ ཆིབས་སུ་སྔོན་པོ་སྒབ་ནག་ལ་འཆིབ་པ༔ ཕྱག་ན་ཤེལ་གྱི་རྡོ་རྗེ་འཕེན་པ་ལ་གསོལ་ལོ༔ ཡོན་ཏན་གྱི་རྒྱལ་པོའི་བློན་པོ་བྱ་རྒོད་ཐང་ནག་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན༔ རྡོ་རྗེ་དང་ཐོ་བ་ཐོགས་པ་ལ་གསོལ་ལོ༔ གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་དར་གྱི་ཆོས་གོས་གསོལ་བ༔ རྔ་མོང་གྭ་པ་ལ་འཆིབ་པ་ཤེར་ཤིང་གི་གསེག་ཤང་བསྣམས་པ་ལ་གསོལ་ལོ༔ ཕྲིན་ལས་ཀྱི་རྒྱལ་པོའི་བློན་པོ་པུ་ཏྲ་ནག་པོ༔ སྐུ་ལ་དར་ནག་རལ་ག་གསོལ་བ༔ དྲེལ་རྟ་ནག་པོ་ལ་འཆིབ་པ༔ གྲི་གུག་ཕྱག་ན་བསྣམས་པ་ལ་གསོལ་ལོ༔ ནང་བློན་ཤ་འགྲོས་དང་ཁྱི་འགྲོས༔ ཁོལ་པོ་འཛིན་པོ་དང་སྡོམ་པོ་འཁོར་དང་བཅས་པ་ལ་གསོལ་ལོ༔ བཅོལ་བའི་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཧོ༔ གནམ་གྱི་བླ་ན་བྱིས་པ་ལོ་བརྒྱད་པ༔ གནོད་སྦྱིན་རྡོ་རྗེ་ཐོག་འབེབ་ལ་གསོལ་ལོ༔ རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ་བ་ལ་གསོལ་ལོ༔ ལྷའི་དགེ་བསྙེན་ཆེན་པོ་མ་ཧཱ་ཀཱ་ལ་ལ་གསོལ་ལོ༔ མགོན་པོ་ནག་པོ་ལ་གསོལ་ལོ༔ བྱ་རྒོད་ཐང་ནག་ལ་གསོལ་ལོ༔ སྲོག་བདག་ཆེན་པོ་ལ་གསོལ་ལོ༔ བྷ་ཏྲ་དཀར་པོ་ལ་གསོལ་ལོ༔ པུ་ཏྲ་ནག་པོ་ལ་གསོལ་ལོ༔ སྲོག་བདག་རྔམས་པ་ལ་གསོལ་ལོ༔ དམག་དཔོན་ཆེན་པོ་ལ་གསོལ་ལོ༔ མཐིང་ནག་མུན་ལྟར་འཐིབས་པའི་ནང་ཤེད་ན༔ གསལ་བྱེད་ཟ་འོག་གི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ མེ་དཔུང་དམར་ནག་འབར་བའི་ནང་ཤེད་ན༔ རྔམ་བྱེད་སྟག་གི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ ནམ་མཁའ་སྤྲིན་ལྟར་གཏིབས་པའི་ནང་ཤེད་ན༔ མཆོང་བྱེད་སེང་གེའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ འདོད་ཆགས་ཁྲག་མཚོ་འཁྱིལ་བའི་ནང་ཤེད་ན༔ སྲིན་མོ་རྨ་བྱའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ རླུང་ནག་འཚུབས་མ་འཁྱིལ་བའི་ནང་ཤེད་ན༔ ཟ་བྱེད་སྤྱང་ཀིའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ དཀར་མོ་ཉི་མའི་འོད་ཀྱི་ནང་ཤེད་ན༔ ལྡིང་བྱེད་བྱ་རྒོད་ཀྱི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ སྟོང་གསུམ་སྤྲུལ་པ་འགྱེད་པའི་ནང་ཤེད་ན༔ སྤྲེའུ་དང་བྱི་ལའི་རྒྱལ་མཚན་འཕྱར་བ་ལ་གསོལ་ལོ༔ གཡས་ཀྱི་རུ་འདྲེན་དགེ་སློང་སྟོང་གི་ཚོགས་དང་བཅས་པ་ལ་གསོལ་ལོ༔ གཡོན་གྱི་རུ་འདྲེན་དམག་དཔོན་བནྡྷེ་ནག་པོ་ཨ་ཙ་རའི་ཚོགས་དང་བཅས་པ་ལ་གསོལ་ལོ༔ སྔོན་གྱི་ཤུལ་མཚོན་བདུད་མོ་ནག་མོ་འབུམ་གྱི་ཚོགས་དང་བཅས་པ་ལ་གསོལ་ལོ༔ ཕྱིའི་རྗེས་ཉུལ་བ་བློན་པོ་ཁོལ་པོ་འཛིན་པ་སྟག་ཆས་དང་གཟིག་ཆས་སུ་ཞུགས་པ་འབུམ་ཕྲག་སྟོང་གི་ཚོགས་དང་བཅས་པ་ལ་གསོལ་ལོ༔ སྐུ་ཡི་སྐྱོ་སངས་འབག་སེང་གར་མཁན་གྱི་ཚོགས་དང་བཅས་པ་ལ་གསོལ་ལོ༔ སེང་ལྟར་འཕྱོང་བ་ལ་གསོལ་ལོ༔ སྟག་ལྟར་རྔམས་པ་ལ་གསོལ་ལོ༔ ཁྱུང་ལྟར་ལྡིང་བ་ལ་གསོལ་ལོ༔ ཁྲ་ལྟར་འཛུལ་བ་ལ་གསོལ་ལོ༔ སྤྱང་ལྟར་རྒྱུག་པ་ལ་གསོལ་ལོ༔ སྤུ་གྲི་མཆེད་ལྔ་ལ་གསོལ་ལོ༔ སྟོང་དཔོན་མཆེད་བདུན་ལ་གསོལ་ལོ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་གཟིགས་ལོངས་སྤྱོད་རྒྱན་དང་ལྡན་པ་འདི་བཞེས་ལ༔ བཅོལ་བའི་ལས་གྱིས་ཤིག༔ ཕྲིན་ལས་མངོན་དུ་མཛོད་ཅིག༔ བསྒྲུབས་པའི་རྟགས་ཕྱུངས་ཤིག༔ ཅེས་པའི་རྗེས་ལ་ཕྲིན་ལས་བཅོལ་བའི་ཚིགས་རྒྱས་པར་སྤྲོའོ། །བཅུ་པ་ལས་ལ་བསྐུལ་བ་ནི། ཧཱུྃ༔ སྟེང་ཕྱོགས་རྣམ་དག་འཕྲུལ་གྱི་གཞལ་ཡས་ནས༔ འགྲོ་བའི་དོན་མཛད་འགྲོ་དྲུག་གནས་འདིར་བཞེངས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་ཚུལ་སྟོན་ཅིང༔ ཐུགས་རྗེའི་ངང་ཉིད་སྣང་སྲིད་མཐའ་ལ་གཟིགས༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བདག་གི་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ རྒྱལ་པོ་ཁྱེད་ནི་རིག་འཛིན་སྒྲུབ་པ་པོ༔ ཀུན་རྫོབ་དོན་དུ་ཞིང་ལྤགས་གཡང་གཞི་གསོལ༔ ཞེ་སྡང་སྦྲུལ་གྱི་ཆུན་པོས་སྐུ་ལ་བརྒྱན༔ རུ་དཔོན་ཚུལ་དུ་སྟག་གི་རྒྱལ་མཚན་འཛིན༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ འཇིགས་པའི་ཚུལ་དུ་བེར་སྨུག་དགུ་བརྩེགས་གསོལ༔ རྔམས་པའི་ཚུལ་དུ་ཞལ་གདངས་ཧ་ཧ་བཞད༔ ཁྲོས་པའི་ཚུལ་གྱིས་སྡང་མིག་ཕྱོགས་བཅུར་གཟིགས༔ ཟ་བྱེད་རྟགས་སུ་སྤྱང་ཀིའི་རྒྱལ་མཚན་འཛིན༔ བཀའ་ཡི་བསྟན་པ་བསྲུང་བའི་དོན་ཆེད་དུ༔ ཞི་བའི་ངང་ལས་མི་བཟད་ཁྲོ་ཚུལ་ཅན༔ ཨག་ཚོམ་སེར་ནག་བསྐལ་པའི་མེ་ལྟར་འབར༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་ནི༔ ཉི་ཟླའི་ཐོད་ཕྲེང་ཅན་ཡང་དབང་དུ་སྡུད༔ ཞབས་གཉིས་བསྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི༔ ཀླུ་ཡི་རྒྱལ་ཁམས་མ་ལུས་ཟིལ་གྱིས་གནོན༔ ཕྱག་མཚན་ཞིང་གི་དབྱུག་ཐོ་འཕྱར་བ་ནི༔ ལོག་པར་ལྟ་བའི་དགྲ་བགེགས་དབང་དུ་སྡུད༔ བསྟན་པ་བསྲུང་ཕྱིར་སེང་གེ་དཀར་མོ་འཆིབ༔ སྐུ་ལ་སྤྱན་གཟིགས་སྟག་གི་པགས་པ་གསོལ༔ དགྲ་ལ་རྦད་ན་བ་གླང་སྣ་རིང་འཆིབ༔ གཏུམ་པོ་ཆེན་པོ་དོམ་གྱི་ཆས་ལྡན་པ༔ ཕྱག་མཚན་སྤུ་གྲིས་དགྲ་སྙིང་ཚལ་པར་འགེམས༔ ལོག་པར་ལྟ་བའི་དགྲ་ལ་རྦད་པའི་ཚེ༔ སྐྱེས་པ་མི་བཟད་སྟག་གི་ཆས་སུ་ཞུགས༔ གཡོན་གྱི་ལྕགས་ཀྱུས་འདྲེན་ཞིང་སྤུ་གྲིས་གཏུབ༔ ཐུགས་དམ་ཚུལ་བཞིན་དྲག་ཏུ་བསྐུལ་པའི་ཚེ༔ གང་ལ་དམིགས་པའི་དགྲ་བགེགས་རྩད་ནས་གཅོད༔ བསྟན་པ་གཞུང་བཞིན་སྲུང་བའི་སྐྱེས་མཆོག་ཁྱོད༔ རྣལ་འབྱོར་བདག་གིས་བསྐུལ་ཞིང་རྦད་པའི་ཚེ༔ ཆོ་འཕྲུལ་སྟོན་པ་དགྲ་བཅོམ་གཞོན་ནུའི་ཚུལ༔ དབུ་ལ་སྙུག་ཞུ་དར་ནག་འཐིབས་དང་ལྡན༔ ཕྱག་གཡས་ཙན་དན་གཡོན་པས་གསེག་ཤང་བསྣམས༔ གསང་བ་གསེར་གྱི་རྡོ་རྗེ་གསོར་ཞིང་རྡེག༔ བདག་གིས་རྦད་པའི་ལས་རྣམས་འགྲུབ་པར་བྱེད༔ ཞལ་གསུམ་ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད༔ དྲེལ་རྟ་བཅིབས་ནས་ཁམས་གསུམ་དབང་དུ་སྡུད༔ ཕྱག་མཚན་པར་བུས་དགྲ་བགེགས་མྱུར་དུ་སྒྲོལ༔ སྦ་གུག་མཆུ་རིང་དགྲ་བོའི་སྲོག་རྩ་འདྲེན༔ ཤེལ་ཕྲེང་དཀར་པོས་ཡི་དམ་རྟག་ཏུ་འཛིན༔ དགྲ་སཏྭ་ཁ་ཆེས་དགྲ་བོའི་ཀླད་པ་གཤོག༔ ཞགས་པ་ནག་པོས་དགྲ་བོའི་བླ་སྲོག་འགུགས༔ རྣལ་འབྱོར་བདག་གིས་བསྐུལ་ཞིང་རྦད་པའི་ཚེ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབ་པར་མཛོད༔ ས་མ་ཡཱ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ རྒྱལ་པོ་ཆེན་པོའི་གསོལ་ཀ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ནོར་ལྷ་ནག་པོའི་རྒྱུད་ནས་བཏུས༔ ད་ལྟ་སྤེལ་བའི་གནས་མེད་པས༔ རྣམ་པར་སྣང་མཛད་དབུ་ལ་སྦས༔ ཆོས་འཁོར་སྲུང་བའི་མཚོན་ཆར་བཞག༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ།། །།

ཆོས་དབང་གཏུམ་པོའི་བསྙེན་ཡིག་ཨུཏྤ་ལའི་ཆུན་པོ་ (Volume 28, Text 18)

༄༅། །ཆོས་དབང་གཏུམ་པོའི་བསྙེན་ཡིག་ཨུཏྤ་ལའི་ཆུན་པོ་བཞུགས་སོ། ། རྒྱལ་ཀུན་ཐུགས་མཆོག་གསང་བའི་བདག །མཐུ་སྟོབས་རྡོ་རྗེའི་མཚོན་འཆང་བ། །བདག་མེད་སེང་གེའི་སྒྲ་སྒྲོག་དེར། །བཏུད་ནས་བསྙེན་ཐབས་མདོ་ཙམ་བཤད། །དཔལ་ཕྱག་ན་རྡོ་རྗེ་ལ་གསང་སྔགས་གསར་རྙིང་བཀའ་གཏེར་རྒྱུད་སྡེ་གོང་འོག་ལས་གསུངས་པའི་སྒྲུབ་ཐབས་མང་དུ་ཡོད་པ་ལས། མངའ་བདག་གསུང་སྤྲུལ་ཆོས་དབང་རིན་པོ་ཆེས་ལྷོ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་པའི་སྒྲུབ་ཡིག་ཐོར་བུ་བཅོ་བརྒྱད་ཀྱི་ནང་ཚན། དཔལ་ཕྱག་ན་རྡོ་རྗེ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་དུ་སྒྲུབ་པ་གཏུམ་པོ་སེང་གེའི་སྒྲ་སྒྲོག་མེ་ལྕེ་ཕྲེང་བའི་བསྙེན་སྒྲུབ་བྱ་ཚུལ་ནི། ཅུང་ཞིག་སྤྲོས་པ་ལ་དགའ་ན། རྡུལ་ཚོན་རས་བྲིས་གང་རུང་གི་དཀྱིལ་འཁོར་སྒོ་གྲུ་རྟ་བབས་པདྨ་དུར་ཁྲོད་རྡོར་ར་མེ་རི་སོགས་སྔ་འགྱུར་གཏེར་མའི་ཁྲོ་དཀྱིལ་སྤྱི་འགྲོ་ལ། ལྷ་གནས་གྲུ་གསུམ་མཐིང་ནག་རྩིབས་བཅུ་ཁྱམས་ཕྱི་ནང་བཅས་བྲི་བའམ། མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་སྒྲུབ་གཏོར་དཔལ་བཤོས་སྤྱི་འགྲོ་དར་ནག་གི་གདུགས་དང་བཅས་པ་མཉྫིའི་ཁར་འགོད་ཅིང་། མཆོད་གཏོར་ལོགས་སུ་བཤམས་པའམ་སྒྲུབ་གཏོར་ཁོ་ན་ཤེས་པ་གསུམ་ལྡན་བྱས་ཀྱང་མི་འགལ། སྨན་རཀ་ཉེར་སྤྱོད། སྔོན་གཏོར། ཚོགས་ཀྱི་དམ་རྫས་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། ཚེས་བཅུ་ཡར་མར་སོགས་དུས་ཁྱད་པར་ཅན་ནམ་རྩིས་གཞུང་དང་བསྟུན་པའི་གཟའ་སྐར་བཟང་པོའི་དགོང་ཐུན་ནས་དབུ་འཛུགས། བདག་བསྐྱེད་རྒྱས་བསྡུས་གང་རུང་བཟླས་པ་བརྒྱ་རྩ་ཙམ་སྔོན་འགྲོས་སུམྦྷ་ནི་བཟླས་ནས་གུ་གུལ་ཡུངས་ཐུན་ལ་སྔགས། སྤྲོ་ཞིང་ཤེས་ན་གསར་སྙིང་གང་རུང་གི་ཆ་གསུམ་གཏོར་མ་གཏང་། མི་ཤེས་ན་ཆ་གསུམ་མ་བྱུང་ཡང་རུང་། བགེགས་གཏོར་བྱིན་གྱིས་བརླབས་ནས་ལས་བྱང་ལྟར་བསྔོ། མཐར་གུ་གུལ་ཡུངས་ཐུན་དྲག་སྔགས་ཁྲོ་མཚོན་མེ་དཔུང་སྤྲོ་བའི་དམིགས་པ་དྲག་པོས་བགེགས་བསྐྲད། བཀའ་བརྒྱད་གསང་བ་ཡོངས་རྫོགས་སམ་རྒྱལ་བ་གཅིག་ཡིན་གཤིས་གཏེར་ཁ་གཞན་ནས་བྱུང་བ་ལྟར་བྱས་ཀྱང་འགལ་བ་མེད་པས་གང་རུང་སྒོ་ནས་རྒྱལ་ཐོ་འཛུགས། སྲུང་འཁོར་སྤྱི་ལྟར་ནན་ཆེར་བསྒོམས་ལ་བཛྲ་ཀྲོ་དྷའི་སྔགས་ཀྱིས་བརྟན་པར་བྱ། བསྲུང་བྱ་སྲུང་བྱེད་མི་དམིགས་པ་གནས་ལུགས་ལ་བློ་བཞག་པ་ནི་མཚམས་གཅོད་པའི་རིམ་པའོ། །དངོས་གཞི་ཐུན་གྲངས་བཞིའམ་གཉིས་སོགས་གང་འདོད་སྒྲིག་ཏུ་བཅུག་པའི་སྔ་ཐུན་ལྟ་བུར་ལས་བྱང་གྱེར་ཞིང་། དགོང་ཐུན་སྲོད་ཐུན་གང་རུང་གི་མཐར་བཀའ་གཏེར་སྲུང་མར་གཏོར་བསྔོ་གསུང་རྒྱུན་ལྟར་རམ་གཏེར་བདག་སྤྱི་གཏོར་དང་། ཚོགས་མཆོད་ཚར་རེ་གཏོང་བའི་ཚོགས་ལྷག་སྔ་འཕྲོས་ཕྱིར་མི་གཏོང་བར་གསོག །ལས་བྱང་གྱེར་སྐབས་བདག་མདུན་དབྱེར་མེད་ཏིང་འཛིན་གསུམ་ནས་རྒྱུ་ཡིག་ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ་རྣམས་རིམ་པར་འཕྲོས་པ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་མེ་དཔུང་འབར་བའི་ཀློང་གཞལ་ཡས་ཁང་ཁྲོ་དཀྱིལ། ལྷ་གནས་དབུས་སུ་གྲུ་གསུམ་མཐིང་ནག་གི་ནང་དུ་གཙོ་བོ། དེའི་ཕྱིར་མཚོན་འཁོར་རྩིབས་བཅུ་གདན་ཐབས་ལ་ཁྲོ་བོ་བཅུ། དེའི་ཕྱི་རིམ་རྩིབས་ལྔ་ལ་འབྱུང་ལྔའི་ལྷ་མོ་བསྒོམ་པ་གསུང་རྒྱུན་དུ་སྣང་ཡང་། རྩིབས་བཅུའི་མཐར་རྩིབས་ལྔ་བྲིས་ཆར་མི་མཛེས་པས་འབྱུང་ལྔའི་ལྷ་མོ་ཡུམ་ལྔ་ནང་ཁྱམས་ལ་བཀོད་ཀྱང་མི་འགལ་ལམ་སྙམ། ཕྱི་ཁྱམས་ཀྱི་འཁོར་ཡུག་ལ་དཔལ་མགོན་བདུན་ཅུ་སོགས་དམ་ཅན་སྲུང་མའི་ཚོགས་བཅས་བསྐྱེད། གནས་གསུམ་བྱིན་རླབས་སྤྱན་འདྲེན་མཆོད་བསྟོད་སྤྱི་འགྲེ་ལས་བྱང་གི་དཀྱུས་ལྟར་བྱེད། ཐུན་གཞན་རྣམས་ལ་སྐྱབས་སེམས་ཀྱི་མཐར་སྒྲུབ་ཐབས་རྩ་བ་ལྟར། སྐད་ཅིག་མ་ཡི་ཏིང་འཛིན་གྱིས༔ ཞེས་པ་ནས། རྣལ་འབྱོར་བདག་གིས་དེ་ལྟར་བསྒོམ༔ ཞེས་པའི་བར་གྱིས་རང་རིག་གདོད་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་བཞུགས་པ་ཉིད་གསང་བའི་བདག་པོའི་སྐུར་སྐད་ཅིག་གིས་གསལ་འདེབས་པ་ལས་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་སྤྲོས་པ་མི་དགོས། བཟླས་དམིགས་ནི། རང་གི་སྙིང་གའི་སྔགས་ཕྲེང་ལས༔ འོད་ཟེར་སྔགས་སྒྲ་མེ་འོད་འཕྲོ༔ ཕར་འཕྲོས་གནོད་བྱེད་དགྲ་བགེགས་བསྲེགས༔ ཚུར་འདུས་ཉོན་མོངས་དུག་ལྔ་བཅོམ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང༔ ཞེས་ངག་ཏུ་བརྗོད་ནས་དེའི་དགོངས་པ་མན་ངག་གིས་བཀྲལ་བ་ནི། ཤེས་རིག་རང་ཚུགས་མ་ཤོར་བའི་གསལ་གདངས་འགག་མེད་རང་རིག་གསང་བདག་གཏུམ་པོའི་སྐུ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར། དམིགས་པས་གང་འཆུན་གྱིས་ཆུང་ན་སྲན་ཆུང་དང་། ཆེ་ན་འཕང་ལོ་ཙམ་ལེབ་ཆགས་སུ་གནས་པའི་དབུས་སུ་ཐུགས་སྲོག་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་གཡས་སྐོར་ཡིག་འབྲུ་ཐམས་ཅད་དབུ་ཅན་གྱེན་ལངས་རང་སྒྲ་སྒྲོག་ཅིང་མེ་འོད་རབ་ཏུ་འཕྲོ་བ་གསལ་བཏབ། དེ་ལ་གསལ་སྣང་ཅུང་ཟད་ཐོབ་ནས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་ཉི་མ་འབུམ་ལྟར་གསལ་ཞིང་འཚེར་བའི་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་ཉིད་གཏུམ་པོའི་སྐུ་ལུས་ཀྱི་ནང་གང་ཞིང་། འོད་ཟེར་ཞལ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས། ནམ་མཁའ་གང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཐམས་ཅད་ཁྱབ་སྟེ་སྐྱབས་ཡུལ་རྩ་གསུམ་བདེ་གཤེགས་རིག་འཛིན་རྣམས་ཀྱི་སྤྱན་སྔར། ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་རོལ་ལྟ་བུར་གྱུར་པས་མཆོད་ཅིང་མཉེས་པར་བྱས། སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་གཉིས་གློ་བུར་གྱི་དྲི་མ་སྐད་ཅིག་ལ་དག་ནས་གསང་བའི་བདག་པོའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་བྱས། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཆར་བབ་པ་ལྟར་བདག་ཉིད་ལྷར་གསལ་བའི་གནས་གསུམ་དང་ཁྱད་པར་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས་གཟི་བྱིན་ཆེར་རྒྱས། སླར་ཡང་འོད་ཟེར་མེ་དང་མཚོན་ཆའི་རྣམ་པར་སྟོང་གསུམ་ཁྱབ་པར་སྤྲོས་པས་གནོད་བྱེད་དགྲ་བགེགས་སྟེང་འོག་བར་གྱི་གདོན་ཚོགས་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བསྲེགས། ཚུར་འདུས་རང་གི་སྒོ་གསུམ་ལ་གནས་པའི་ནད་གདོན་ཉོན་མོངས་དུག་ལྔ་མ་ལུས་བསྲེགས་ཤིང་སྦྱངས་པས། སྣང་བ་ཐམས་ཅད་གསང་བའི་བདག་པོའི་སྐུ །སྒྲ་གྲགས་སྔགས། དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་ཤར་གྲོལ་དུས་མཉམ་དུ་ཆམ་བརྡལ་བར་མོས་ལ་རྩ་སྔགས་ཡིག་འབྲུ་བཅུ་གཅིག་པ་འབུམ་ཕྲག་བཅུ་གཅིག་གམ་བཞི་འབུམ་བཅུ་ཆའི་ཁ་སྐོང་དང་བཅས་མ་སོང་བར་ཆིག་སྒྲིལ་དུ་བཟླ། བསྙེན་པ་ཐེམས་ནས་རྗེས་སུ་སྒྲུབ་པའི་སྔགས་ནི། དམིགས་པའི་འཕྲོ་འདུ་སྔར་ལྟར་བྱ་ཞིང་། ཁྱད་པར་རང་ལ་གནོད་པའི་ཀླུ་དང་ས་བདག་བྱད་ཁ་རྦོད་གཏོར་གཏད་ཁྲོམ་ཐམས་ཅད་ཚར་བཅད་པར་བསམ་ཞིང་སྒྲུབ་པའི་སྔགས་རིང་། ཨོཾ་ཉི་མ་པཱ་ལ་ནན། ཀླད་པ་ནན། གུ་ན་ཞིང་། ཙིཏྟ་གུ་ལིང་ནན། ཡཀྴ་ཙིཏྟ་མུ་ཏྲ་གནོད་བྱེད་གཟའ་ཀླུ་ས་བདག་རྦོད་གཏོང་ཟློག་བྱེར། ནཱ་ག་ཤིག །ནཱ་ག་ཟློག །ནཱ་ག་བྱེར། ནཱ་གའི་སྙིང་ལ་ནན། ནཱ་གའི་མགོ་ལ་ནན། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ནཱ་ག་རཱ་ཙ་མཱ་ར་ཡ་ཕཊ། བྷ་རི་ཤ་ཡ།་་་འདིའི་བྷ་རི་ཤ་ཡ་ཅེས་པ་འདི། གོང་གི་མཱ་ར་ཡ་དང་ཕཊ་ཀྱི་བར་དུ་འདོགས་ཏེ། མཱ་ར་ཡ་བྷ་རི་ཤ་ཡ་ཕཊ། ཅེས་བཟླ་བ་གཏེར་གཞུང་རྩ་མཆན་གྱི་དགོངས་པའོ། །ཞེས་པའི་སྔགས་འདི་ཀླུ་གདོན་གྱི་གནོད་པ་ཡོད་ན་རྟགས་མ་བྱུང་གི་བར་དུ་བཟླ་ཞིང་གཞན་དུ་ཉིན་གསུམ་ཙམ་གང་འགྲོ་བཟླས་ཀྱང་འཐུས་པར་སེམས། ལས་སྦྱོར་ནི། སྤྱིར་བཏང་ཙམ་ལ་འོད་ཟེར་དཀར་སེར་དམར་ནག་འཕྲོས། ཚུར་འདུས་ལས་བཞི་སོ་སོར་བསྒྲུབ་པར་མོས་ལ། རྩ་སྔགས་ཀྱི་ཤམ་བུར་ནད་གདོན་སྡིག་སྒྲིབ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ལྷ་འདྲེ་མི་གསུམ་པཱ་ཤཾ་ཀུ་རུ་ཧོཿ གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད། ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཨཱོཾཿ སོ་སོར་བཏགས་པ་དུས་གནད་དང་སྦྱར་བའི་ཐུན་རེ་ཙམ་བཟླ་ཞིང་། དེ་ཡང་སྔ་དྲོ་ཞི་བ། དགོང་ཀ་དབང་། སྲོད་ལ་དྲག་པོ། ཐོ་རངས་རྒྱས་པའི་སྔགས་བཟླ། ལས་སྦྱོར་ཁྱད་པར་བ་བྱེད་ན་དྲག་པོ་རྣམས་ནི་གཞུང་ཉིད་ལས་ཤེས་ཕྱིར་འདིར་མ་སྨོས། སྤྲོས་པ་ཉེར་བསྡུར་མོས་ན་མཆོད་གཏོར་སྨན་རག་ཉེར་སྤྱོད་ཙམ་ལ་བརྟེན། ཐུན་ཚང་མར་བདག་བསྐྱེད་རྩ་བའི་སྒྲུབ་ཐབས་ཁོ་ནའི་སྒོ་ནས་བསྙེན་སྒྲུབ་ལས་གསུམ་ཀའི་བཟླས་བསྙེན་གོང་བཞིན་བྱས་ཀྱང་རུང་། མཐར་ཐུན་བཞི་ལ་ལས་བྱང་གྱེར་བའི་ཚོགས་སྐོང་གི་མཐར། ཚོགས་ལྷག་སྔ་ཕྱི་ཕྱི་རོལ་དུ་གཏང་ཞིང་ཆད་ཐོ་དམ་ཅན་གྱི་འཛིན་གཏོར་རྣམས་འབུལ། བཤལ་ཆུས་བརྟན་མ་བསྐྱང་། དངོས་གྲུབ་སྐུལ་ཚིག་དང་བཅས་སྒྲུབ་གཏོར་ལྷར་གསལ་བ་ལས་ཏིང་ངེ་འཛིན་གྱི་དབང་བླང་། ཁ་སྐོང་སྦྱིན་སྲེག་བྱེད་པར་སྤྲོ་ན་རིགས་མཐུན་ཕྱག་རྡོར་ཕུར་པ་གང་རུང་གི་ཞི་བའི་སྦྱིན་སྲེག་ལ་འདས་ལྷའི་མངོན་རྟོགས་དང་རྩ་སྔགས་བསྒྱུར་བ་བྱ་ཞིང་། ཁ་སྐོང་ཡིན་པས་རྫས་ཏིལ་དང་རྩ་སྔགས་ཉིད་ལ་གྲངས་འཛིན། བསྙེན་སྒྲུབ་འགལ་འཁྲུལ་ལྷག་ཆད་ཀྱི་ཉེས་པ་ཞི་བའི་སྤེལ་ཚིག་ཀྱང་གདགས། ཐོ་འགྲོལ་སོགས་མཇུག་ཆོག་རྣམས་སྤྱི་ལྟར་བྱ། འདིར་ཚོགས་དང་དངོས་གྲུབ་ལེན་ཚིག་ཟབ་གཏེར་འཁྲུལ་མེད་ལས་བྱུང་བའི་ཕྱག་རྡོར་ཕུར་པ་སོགས་གང་རུང་ནས་ཁ་སྐོང་བས་ཆོག་གོ །དེ་ལྟར་གཏུམ་པོ་མེ་ལྕེ་ཕྲེང་བའི་བསྙེན་ཡིག་ཕྱོགས་མཐོང་ཙམ་འདི་ཡང་། ཁྱབ་བདག་བླ་མ་སྙིང་རི་ཞབས་དྲུང་རིན་པོ་ཆེའི་བཀས་བསྐུལ་ལྟར་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་ཇ་ཡུན་གཉིས་ལ་གྲུབ་པར་ངག་སྤོད་དུ་བསྡེབས་པ་འགྱུར་མེད་ཚུལ་ཁྲིམས་ཀྱིས་ཡི་གེར་སྤེལ་བའོ། །མངྒ་ལཾ།། །།

གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་གཏོར་དབང་བྱིན་རླབས་བདུད་རྩིའི་སྙིང་པོ་ (Volume 12, Text 18)

༄༅། །གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་གཏོར་དབང་བྱིན་རླབས་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱ་ཡ། དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ །བླ་མ་དྲག་པོ་ལ་བཏུད་ནས། །བྱིན་རླབས་སྒོ་འབྱེད་སྨིན་བྱེད་དོན། །ཀུན་འདུས་གཏོར་མའི་དབང་བསྐུར་འཆད། །ལུགས་འདིའི་དབང་བསྐུར་ཡོངས་སུ་རྫོགས་པ་བྱེད་པའི་ཐོག་མར་སྔོན་དུ་འགྲོ་དགོས་པའི་བྱིན་རླབས་སྒོ་འབྱེད་ཀྱང་ཡིན་ལ་ཀུན་གྱི་དོན་འདུས་པའི་དབང་བསྐུར་བསྡུས་པའང་ཡིན་པ་དང་། ཁྱེར་བདེ་ལ་བྱིན་རླབས་ཆེ་བས་རྐྱེན་སེལ་ལྟ་བུར་ཁོལ་འདོན་བྱས་ཀྱང་ཆོག་པས་ཉེ་བར་མཁོ་བའི་ཕྱིར་ལོགས་སུ་བཤད་པ་ལ། སྦྱོར་བ་དཀྱིལ་འཁོར་སྤྱི་མཐུན་ལ་ལྟེ་བ་དམར་པོ་གྲུ་གསུམ་ལ་ཐོད་རས་བསྐོར་བའི་རྒྱབ་ཏུ་པདྨ་འདབ་བརྒྱད་བྱ། མ་འཛོམས་ན་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་པ་བཀོད་པའི་ཁར་བང་རིམ་གསུམ་གྱི་སྟེང་གཏོར་མ་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཤ་ཁྲག་གིས་བརྒྱན་པ་བཞག །མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བཤམ། གཞན་ཡང་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་འདུ་བྱའོ། །དངོས་གཞིའི་ཐོག་མར་གཞུང་གི་དགོངས་པ་ལྟར་ཞི་དྲག་གང་རུང་གི་ལས་གཞུང་བསྲང་ཞིང་ཛཔ྄་བཟླས་སོགས་གྲུབ་ནས་བདག་མདུན་སྐད་ཅིག་གིས་དྲག་པོ་དཔའ་གཅིག་ཏུ་བསྒྱུར་ནས་དབང་ལ་འཇུག་པ་ཡིན་ཡང་། དེ་ལྟར་མི་འགྲུབ་ན་མདོར་བསྡུས་ཙམ་དུ། སྐྱབས་སེམས་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ། ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཙ་ཧོ༔ ཞེས་མཆོད་པ་བྱིན་བརླབ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཨེ་གྲུ་གསུམ་དམར་ནག་རབ་ཏུ་འབར་བའི་ཀློང་དུ༔ ཉི་ཟླ་པདྨ་བདུད་བཞི་བསྣོལ་བའི་སྟེང་དུ་ཧཱུྃ་དམར་ནག་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་དང་གཏོར་མ་གུ་རུ་དྲག་པོ་སྐུ་མདོག་དམར་ནག་མེའི་འོད་ཟེར་འཕྲོ་བ༔ སྤྱན་གསུམ་སྡང་མིག་ཏུ་བགྲད་པ༔ ཞལ་གདངས་མཆེ་བ་བཞི་གཙིགས་པ༔ ལྗགས་འདྲིལ་བ༔ སྨིན་མ་དང་སྨ་རའི་རྩེ་ལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་སེར་སྤྱི་བོར་འཁྱིལ་ཞིང་རྒྱབ་ན་འཕྱང་པ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་ལྕགས་སྡིག་མགོ་དགུས་གནོད་བྱེད་གདོན་བགེགས་ཀྱི་སྙིང་ཁྲག་འཇིབས་ཤིང་རྐན་སྒྲ་རྡེབ་པ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་གི་ཤམ་ཐབས༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ མི་མགོ་ལྔ་བཅུས་དོ་ཤལ་བྱས་པ༔ དཔའ་བོ་གར་དགུའི་ཚུལ་བརྒྱད་དང་ལྡན་པ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ འཇིགས་སུ་རུང་བ༔ སྐུ་ལས་ཁྲོ་ཆུང་མཚོན་ཆའི་ཆར་འབེབ་པའོ༔ སྤྱི་གཙུག་དང་པོར་རིགས་བདག་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་མཛད་པ༔ དེའི་འོག་ཏུ་བླ་མ་གསང་འདུས་མཐིང་ག་རྡོ་རྗེ་དང་དྲིལ་བུ་ཡུམ་ལ་འཁྱུད་པ༔ དེའི་འོག་ཏུ་གནམ་ལྕགས་ཀྱི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་རྡེབ་པ༔ དྲག་པོའི་དཔྲལ་བར་སྐུ་ཡི་ལྷ་འཇམ་དཔལ་སེར་པོ་དབྱུག་ཏོ་གདེངས་པ༔ མགྲིན་པར་གསུང་གི་ལྷ་རྟ་མགྲིན་དམར་པོ་རལ་གྲི་ཕྱར་བ༔ ཐུགས་ཀར་གསེར་གྱི་མཆོད་རྟེན་སེར་པོའི་བུམ་པར་ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ༔ ལྟེ་བར་པདྨ་འདབ་མ་བཞིའི་དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ག༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ ཀུན་ཀྱང་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ གསང་གནས་སུ་ཕྲིན་ལས་ཀྱི་ལྷ་ཁྲོ་བོ་ཡཀྴ་མེ་དབལ་ཕྱག་གཡས་རྡོ་རྗེ་དབྱུག་ཏོ་གཡོན་ལྕགས་ཀྱུ་ཞགས་པ༔ སྐུ་མདོག་སྨུག་ནག་ཁྲོ་ཆུང་མང་པོ་འཕྲོ་བར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧཱུྃ༔ དུར་ཁྲོད་རཏྣ་འབར་བའི་ཕོ་བྲང་ནས༔ འཇིགས་བྱེད་ཆེ་མཆོག་བཛྲ་ཧེ་རུ་ཀ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་དུ༔ དྲེགས་པ་པདྨ་ཉི་ཟླའི་གདན་སྟེང་དུ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ རྔམ་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཕྱི་མཆོད་འདོད་ཡོན་རྣམ་པ་ལྔ༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ༔ གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན༔ ཐབས་མཆོག་མཐར་ཕྱིར་བདུད་རྩི་དང༔ ཤེས་རབ་མཐར་ཕྱིན་རཀྟ་དང༔ ཐབས་ཤེས་དབྱེར་མེད་གཏོར་མ་སོགས༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྐུ་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བ་ནི། བཟླས་དམིགས་ཕྱི་ནང་གསང་སྒྲུབ་ཤེས་ན་གང་རུང་སྦྱར། མི་ཤེས་ན་འཕྲོ་འདུ་སྤྱི་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཞི་བསྙེན་དང་། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་བསྙེན་གཙོ་བོར་བཟླས་ལ། བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཤམ་བུའང་སྦྲེལ་ལ་ཅི་རིགས་བཟླ། དེ་ཙམ་གྱིས་ཆོག་མོད། སྤྲོ་ན། ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨོཾ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚྀ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླས་ལ་སྟོང་ཚིགས་མཆོད་བསྟོད་བྱ། ལས་བུམ་སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཕྱག་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་ཙམ་བཟླས་ལ། ཁྲོ་བོའི་དབང་པོ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་ཆུ་བོ་ནུས་པ་དང་ལྡན་པར་གྱུར་པར་མོས་ལ་ཏིང་ངེ་འཛིན་གྱི་དབང་བསྡུས་པ་བླང་ངོ་། །དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་ལས་བྱང་ངམ་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། དུས་ཀྱི་སྙིགས་མ་ལ་པྲེ་ཏ་བོད་ཀྱི་རྒྱལ་ཁམས་འདིར་ལོག་ཆོས་འདྲ་མིན་མང་དུ་དར་ཞིང༔ རང་འདོད་ཀྱི་ལྟ་བ་ལ་ཁ་བདག་བྱས་ཏེ་གཞན་ཕྱོགས་རྣམས་འགེགས་ལ༔ ཁྱད་པར་པདྨ་ང་ཡི་བཀའ་ལ་རས་ཆོད་བྱེད༔ ལྷར་འགོང་པོ་དང་དམ་སྲི་མཆོད༔ དེར་བོད་ཀྱི་བརྟན་མ་དང་དགེ་བསྙེན་རྣམས་འཁྲུགས་ཏེ༔ དུས་འཁྲུགས་ལོ་ཉེས་ནད་ཡམས་ཀྱིས་མི་ཐོག་འབུད་པ་འབྱུང་ངོ་༔ དཔོན་འོག་གཡོག་མི་འདུ་བར་བཙན་རྫོང་གིས་འགེངས༔ མི་རྣམས་སླ་ངར་རྔོ༔ བདེ་བའི་གོ་སྐབས་མེད་པ་འོང་ཞིང༔ གདོན་དུ་རྒྱལ་པོ་དང་གཟའ་དང་བདུད་དང་ཀླུ་དང་བསེན་མོས་གདོན་ཞིང་མིའི་སྙིང་དུ་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐེའུ་རང་གི་ཁྲོམ་ལྟར་འཁྲུགས་པ་འབྱུང༔ དེའི་དུས་སུ་ཞི་བས་མི་ཐུལ་ཏེ༔ སྣང་སྲིད་ལྷ་འདྲེའི་གཉེན་པོར་བདག་པདྨ་དྲག་པོར་སྒྲུབ་པ་ཁག་ཆེ་ཞིང་ཤིན་ཏུ་ཟབ་གསུངས་ཏེ༔ མཚོ་རྒྱལ་བདག་གིས་གུ་རུའི་གསུངས་བཞིན་ཐུགས་སྒྲུབ་དྲག་པོར་གཏེར་ཁ་ལྔ་ཙམ་བོད་མཐའ་དབུས་ཕྱོགས་མཚམས་སུ་སྦས་ཏེ༔ དེའང་ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས་པ་འདི་ས་འོག་ཀུན་གྱི་གཏེར་གཅིག་མའོ༔ ཞེས་གསུངས་པ་ལྟར་དྲག་པོའི་སྒྲུབ་ཐབས་མཐའ་དག་གི་ནང་ནས་གཉན་ལ་ཆེས་ཟབ་པ་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་སྤྱན་དྲངས་པ་འདི་ཉིད་ཀྱི་བྱིན་རླབས་སྒོ་འབྱེད་དམ་སྨིན་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། ཅེས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ༔ འཇིགས་བྱེད་དྲག་པོའི་དཀྱིལ་འཁོར་དུ༔ བདག་ཅག་ཡང་དག་གཞུག་ཏུ་གསོལ༔ དྲག་པོའི་དབང་བཞི་རྫོགས་པ་དང༔ བྱིན་རླབས་འཇུག་པར་མཛད་དུ་གསོལ༔ ལན་གསུམ་ཞུས་པ་ལ། ཚུར་ཤོག་བླ་མེད་གསང་བ་ཡི༔ སྣོད་དང་ལྡན་ན་རྗེས་སུ་བཟུང༔ མཆོག་གི་དངོས་གྲུབ་དམ་པ་ཐོབ༔ ཁྱེད་ཅག་ལས་སད་སྐལ་བར་ལྡན༔ ཞེས་གནང་བ་སྦྱིན། བླ་མ་དང་དཀྱིལ་འཁོར་བ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལན་གསུམ། སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། དབང་གི་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་བཞག་རྣམས་རིམ་པར་བགྱི་བ་ཡིན་པས་ཐུགས་ལ་ངེས་འཚལ། ལས་བུམ་ཆུ་དུང་ཞལ་དུ་བསྲེས་པ་སྦྱིན་ཏེ། ཧཱུྃ༔ ཡེ་ཤེས་གསང་བ་མཆོག་གི་ནི༔ དམ་ཚིག་ཆེན་པོ་མཆོག་ཐོབ་འགྱུར༔ འདི་ཉིད་ཉམས་ན་སྲེག་བྱེད་ཅིང༔ བསྲུང་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ ས་མ་ཡ་ཨི་དན་ཧཱུྃ༔ རྡོ་རྗེ་གདེངས་ཤིང་། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་པས༔ བཀའ་ལས་འདའ་བར་མི་རུང་ངོ་༔ རྡོ་རྗེ་སྤྱི་བོར་བཞག་ལ། བཛྲ་ས་མ་ཡ་ཧཱུྃ༔ ཡང་རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ དེ་རིང་དྲག་པོ་ཁྲོས་པའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་སྨྲས་ན་ཉམས་འགྱུར་ཏེ༔ ཤིན་ཏུ་གསོངས་ཤིག་རིགས་ཀྱི་བུ༔ བཛྲ་ས་མ་ཡ་ཧཱུྃ༔ ཁྱེད་རང་རྣམས་ཀྱི་དཔྲལ་བར་སྐུའི་ས་བོན་ཨོཾ་དཀར་པོ། མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་གིས་མཚན་པར་གྱུར། རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང་། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་དབང་གི་གཞི་འགོད་པ་ལ་དབང་སྐུར་བྱེད་ཀྱི་བླ་མ་དང་། གང་ལས་བྱུང་བའི་ཡུལ་གཏོར་མའི་དཀྱིལ་འཁོར་དང་། བསྐུར་བའི་ཡུལ་ཁྱེད་རང་སློབ་མ་བཅས་སོ་སོར་ལྷ་སྐུ་ཕྱག་རྒྱ་འདི་ལྟར་དུ་གསལ་ཐོབ་ཅིག །བསང་སྦྱང་། སྟོང་པའི་ངང་ལས་ཨེ་གྲུ་གསུམ་དམར་ནག་སོགས་མངོན་རྟོགས་ལྟར་ལས། ཡོངས་སུ་གྱུར་པ་ལས༔ བདག་མདུན་སློབ་མ་སོ་སོར་གུ་རུ་དྲག་པོ་སོགས་ནས། འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་ཆེན་འབར་བའི་དཀྱིལ་འཁོར་ནས་དྲག་པོའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བྱོན་ཏེ། རྩ་སྔགས་དང་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དི་རི་རི་སློབ་བུའི་སྤྱི་བོ་ནས་མར་སིབ་སིབ་ཐིམ་པར་མོས་ཤིག །ཤ་ཆེན་དང་གུ་གུལ་བསྲེག །རོལ་མོའི་སྒྲ་སྦྱར་ལ། ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐལ་ལྡན་བདག་ཅག་སྒྲུབ་པའི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེའི་མངའ་དབང་དུས་འདིར་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པ་དེ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ༔ ཡང་ན་སློབ་མ་དམ་ཚིག་པར་གསལ་བ་ལ། བླ་མ་དང་གཏོར་མའི་དཀྱིལ་འཁོར་པ་ཡེ་ཤེས་པས་དབང་བསྐུར་བར་དམིགས་ལ་བྱིན་འབེབས་མ་བྱས་ཀྱང་ཆོག་གོ །དཀྱུས་ལྟར་ན། གཏོར་མ་ཐོགས་ལ། བླ་མ་དང་གཏོར་མའི་དཀྱིལ་འཁོར་ཡེ་ཤེས་པ་དངོས་སུ་གསལ་བས་དབང་བསྐུར་བའི་ཚེ། གཏོར་མ་དྲག་པོའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འུར་འུར་ཆེམས་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དང་བཅས་རྩ་སྔགས་རང་སྒྲ་ཏི་རི་རི་བྱོན་ནས་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལ་ཐིམ་པར་སྒོམས་ཤིག །ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་ཡི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ སྤྱི་བོར་བཞག །དེས་ལུས་ཀྱི་སྒྲིབ་པ་དག །ལུས་ལ་གནོད་པའི་ནད་གདོན་ཞི། སྐུའི་བྱིན་རླབས་འཇུག །ལུས་ལ་སྐུ་རྡོ་རྗེའི་ས་བོན་ཐེབས་པ་ཡིན་ནོ། །ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འུར་འུར་ཆེམས་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དང་རྩ་སྔགས་རང་སྒྲ་ཏི་རི་རི་བྱོན་ཏེ། མགྲིན་པ་ནས་ལྷ་སོ་སོའི་སྔགས་ཕྲེང་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག །ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ གསུང་གི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །དེས་ངག་གི་སྒྲིབ་པ་དག །ངག་དིག་ལྐུགས་ཞི། གསུང་གི་བྱིན་རླབས་འཇུག །ངག་གསུང་རྡོ་རྗེའི་ས་བོན་ཐེབས་པ་ཡིན་ནོ། །ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འུར་འུར་ཆེམས་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དང་རྩ་སྔགས་རང་སྒྲ་ཏི་རི་རི་བྱོན། ཐུགས་ཀ་ནས་ལྷ་སོ་སོའི་ཕྱག་མཚན་རང་རང་གི་ས་བོན་གྱིས་མཚན་པ་འཕྲོས། འོད་སྔོན་པོར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཐུགས་ཀྱི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་སྙིང་གར་གཏུག །དེས་ཡིད་ཀྱི་སྒྲིབ་པ་དག །སེམས་ཀྱི་སྨྱོ་འབོག་བརྒྱལ་ནད་ཞི། ཐུགས་ཀྱི་བྱིན་རླབས་འཇུག །སེམས་ལ་ཐུགས་རྡོ་རྗེའི་ས་བོན་ཐེབས་པ་ཡིན་ནོ། །ད་གཏོར་མ་འདི་ཉིད་གུ་རུ་དྲག་པོའི་ལྷ་ཚོགས་རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོར་འུར་འུར་ཆེམས་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དང་རྩ་སྔགས་རང་སྒྲ་ཏི་རི་རི་བྱོན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་ནས། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་ལ་དབྱེར་མེད་དུ་ཐིམ་པར་སྒོམས་ཤིག །ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཆེན་ཕོབ༔ ཡེ་ཤེས་དབང་བཞི་ཡོངས་རྫོགས་སྐུར༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ཆོས་བདག་བཀའ་བབས་བུ་ལྔ། ཉེ་བའི་ཐུགས་སྲས་མཆེད་བཞི། རིགས་ལྡན་མཆོག་གི་བུ་ལྔ། དཀྱིལ་འཁོར་འཛིན་པའི་བུ་བརྒྱད། ལས་ཅན་ཆོས་བདག་ཉི་ཤུ་རྩ་ལྔ། གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་ལ་སོགས་པ། རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན། འཆི་མེད་ཚེའི་ལྷ་ཚོགས། དྲག་པོ་ཁྱུང་གི་ལྷ་ཚོགས། གསང་འདུས་ཞི་བའི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། རྟ་མགྲིན་གསུང་གི་ལྷ་ཚོགས། ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས། དྷཱ་ཀི་ཡོན་ཏན་གྱི་ལྷ་ཚོགས། མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས། དྲག་པོ་ལྷ་བཞི། དཔའ་བོ་གིང་བཞི། མཁའ་འགྲོ་སྡེ་བཞི། ཕྲིན་ལས་སྒྲུབ་པའི་ལྷ་བཞི། ཟིལ་གནོན་ཁྲོ་བོ་བཅུ། སྒོ་སྲུང་ཕྲ་མེན་མ་བཞི་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། གཟའ་ཀླུ་རྒྱལ་བསེན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་བསྲུང་བ་དང་བསྐྱབ་པར་མཛད་དུ་གསོལ། བརྒྱལ་ནད་སྨྱོ་འབོག་གག་ལྷོག་གཟེར་གསུམ་ཞ་གྲུམ་ཡམས་ནད་ལ་སོགས་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ། དུས་འདི་ནས་བཟུང་སྟེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་རྗེས་སུ་བཟུང་བ་དང་ལྷག་པའི་ལྷར་མཛད་དུ་གསོལ། གཙོ་འཁོར་གྱི་སྙིང་པོ་རྣམས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད་ལ་གནས་ལྔར་བཞག །སྤྲོ་ན་སོ་སོའི་བར་མཚམས་སུ་ཤིས་བརྗོད་བྱ། འོ་རིགས་ཀྱི་བུ་ཁྱོད་རྣམས་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པ་ཡིན་ནོ། །དེ་ནས་སྔགས་ཀྱི་རྗེས་གནང་བླང་བའི་སླད་དུ་མེ་ཏོག་དམར་པོའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟར་འཕྲོས། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་དམར་པོའི་མཐར་འཁོད་པར་སྒོམས་ལ་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་ཞི་དྲག་གི་སྔགས་ལན་གསུམ་གསུམ། སྤྲོ་ན་གོ་ཆ་སོགས་ཀྱང་རྗེས་ཟློས་བྱར་གཞུག །སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་པའི་མོས་པ་མཛོད། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་ལ་བཅོམ་ལྡན་འདས་གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ཅིང་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། དེས་ནི་གུ་རུ་དྲག་པོའི་གཏོར་དབང་ཕྱག་ལེན་གྱིས་བརྒྱན་ཏེ་རྒྱས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་ཡི་དམ་དུ་བཟུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་ཡན་སྤྱི་ལྟར་བྱ། གལ་ཏེ་དོ་གལ་ཆེན་པོའི་རིགས་ལ་དབང་བརྒྱ་སོགས་གྲངས་གསོག་དགོས་ཚེ། སྐུ་གསུང་ཐུགས་ཀྱི་དབང་ཡན་ཆད་གྲུབ་པ་དང་། གཏོར་མ་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམས་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ་གྱི་སྒྲ་དང་རྩ་སྔགས་རང་སྒྲ་ཏི་རི་རི་བྱོན་ནས་དབང་བསྐུར་བར་སྒོམས་ཤིག །གཏོར་མ་བཟུང་ལ། ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིམ་པར་གནས་གསུམ་དུ་གཏོར་མ་གཏུག །གོང་དུ་ཨ་ཡ་མའི་སྔགས་དེ་སྦྱར་ན་ཤིན་ཏུ་གཉན་པས་ལན་གཅིག་ཙམ་མ་གཏོགས་རྒྱུན་དུ་མི་སྦྱར་རོ། །ཧོ་རིགས་ཀྱི་བུ་ཁྱོད་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པར་གྱུར་ཅིག༔ ཅེས་པ་ལ་གྲངས་བཟུང་ནས་མཇུག་ཏུ་བཀའ་བསྒོ་དང་བཟླས་ལུང་བྱ་བ་བསྐུར་ཐེབས་རེ་ལ་བདུན་ནམ་བཅུ་རེ་ཙམ་བྱས་ནས་སླར་དབང་སྒྲུབ་བསྐྱར་ནས་བསྙེན་པ་ཅི་འགྲུབ་བཟླ་བ་ཡིན་ནོ། །རྗེས་གཏང་རག་མཆོད་བསྟོད། ཡིག་བརྒྱ་དང་ནོངས་བཤགས། མདུན་བསྐྱེད་གཤེགས་བསྟིམ་གང་འོས་དང་བདག་བསྐྱེད་བསྡུ་ལྡང་སྨོན་ལམ་ཤིས་བརྗོད་སྤྱི་ལྟར་བྱས་པས་འགྲུབ་བོ། །གཏོར་མ་ལ་བརྟེན་ཕྲིན་ལས་ཀུན། །འགྲུབ་ཕྱིར་འདི་བྱས་རྣམ་དཀར་ཆ། །ལས་དང་དངོས་གྲུབ་ཐོགས་མེད་ཅིང་། །བླ་མ་དྲག་པོ་འགྲུབ་ཕྱིར་བསྔོ། །ཞེས་པ་འདི་ལ་ཆགས་མེད་རིན་པོ་ཆེའི་ཆོག་བསྒྲིགས་བཞུགས་ཀྱང་དབང་སྒྲུབ་གཞན་དུ་ཁ་འཕངས་པ་སོགས་ཅུང་ཟད་སྟབས་མ་བདེ་བས། མཚམས་སྦྱོར་དང་བཀའ་བསྒོའི་ཚིག་སོགས་དེ་ཉིད་བྱིན་རླབས་ཀྱི་ཁྱད་པར་གཞིར་བཞག་ཁྱེར་བདེ་བར་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྒྱལ་པོ་ལུགས་ཀྱི་བཅུ་གཅིག་ཞལ་ནམ་མཁའ་རྒྱལ་པོའི་སྒྲུབ་ཐབས་དང་དབང་བསྐུར་བྱ་ཚུལ་དང་སྒོམ་ལུང་བཅས་ (Volume 61, Text 18)

ཨོཾ་སྭསྟི། བསྐལ་བཟང་སངས་རྒྱས་སྟོང་རྩ་དང་། །འཁོར་ལོས་སྒྱུར་རྒྱལ་སྟོང་རྩ་ཡི། །སྤྲུལ་གཞི་འཕགས་མཆོག་སྤྱན་རས་གཟིགས། །ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་བཤད། །འདིར་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་དབང་དང་བཅས་པ་བཤད་པ་ལ། གཞིའི་ཁོག་དབུབ་འགྲོ་འདུལ་ཕྱག་བཞི་པའི་ཆོ་གར་བཤད་པ་བཞིན་ཤེས་པར་བྱས་ནས། ཁྱད་པར་ནི། ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་བཞག་ལ་ཨོཾ་སྭ་བྷཱ་བ་བརྗོད་པ་དང་པོ་དེ་བཞིན་ཉིད་དང་། རྩལ་སྣང་མ་འགགས་པ་སྙིང་རྗེར་སྒོམ་པ་གཉིས་པ་ཀུན་སྣང་དང་། པད་ཟླ་ལ་ཧྲཱིཿཡིག་གསལ་བ་གསུམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རྩ་ཞལ་གསུམ་དཀར་ལ་ཞི་བ། དེ་སྟེང་གསུམ་སེར་ལ་བཞད་པ། དེ་སྟེང་གཉིས་མཐིང་ནག་ཁྲོས་པ། དེ་སྟེང་གཉིས་དམར་སྨུག་མཆེ་བ་གཙིགས་པ། དེ་རྣམས་སྤྱན་གསུམ་གསུམ་དང་ལྡན་ཞིང་། ཀུན་གྱི་སྟེང་ན་འོད་དཔག་མེད་ཀྱི་ཞལ་ཏེ་ཞལ་བཅུ་གཅིག་པ། ཆོས་སྐུའི་རྩ་ཕྱག་བཅུ་ལས་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་པས་མུ་ཏིག་གི་ཕྲེང་བ། འཁོར་ལོ། མཆོག་སྦྱིན། སངས་རྒྱས་ཀྱི་སྐུ་གཟུགས། གཡོན་པས་པདྨ། སྤྱི་བླུགས། རིན་པོ་ཆེ། མདའ་གཞུ་འོ། །ཡན་ལག་གི་ཕྱག་སུམ་ཅུ་རྩ་བརྒྱད་ལས། གཡས་རྣམས། རིན་ཆེན། ཞགས་པ། ལྷུང་བཟེད། རལ་གྲི། རྡོ་རྗེ། རྒྱ་གྲམ། ཆུ་ཤེལ། མེ་ཤེལ། གཞུ་སེར་པོ། ལྕུག་མ། རྔ་ཡབ། ཕུབ། བུམ་པ། དགྲ་སཏྭ། ཕྲེང་བ། པད་སྔོན། སྤྱི་བླུགས། ཉི་མ། པད་དཀར་རོ། །གཡོན་རྣམས། སྤྲིན་དཀར། རིལ་བ། པད་སེར། རལ་གྲི། དུང་། ཐོད་དབྱུག །ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། བསིལ་ཡབ། སྤྲུལ་སྐུ། ཁང་བཟང་། གླེགས་བམ། འཁོར་ལོ། སྤྲུལ་གཟུགས། རྒུན་འབྲུ། པདྨ་དམར་པོ། རིན་པོ་ཆེ་འོ། །ཉིང་ལག་གི་ཕྱག་སྟོང་རྩ་གཉིས་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་མངའ་བ། ཞབས་གཉིས་མཉམ་པར་བཞེངས་པ། རི་དྭགས་ཀྱི་པགས་པ་ཕྲག་ལ་གཟར་བ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། མཚན་དཔེ་ཡོངས་སུ་རྫོགས་ཤིང་སྤྲུལ་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་ཐུགས་ཀར་པད་ཟླ་ལ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་ཞེས་སོགས་ཀྱིས་ཡེ་ཤེས་པ་སྤྱན་འདྲེན། ཕྱག་འཚལ། མཆོད་པ། བཞུགས་གསོལ། དབང་བསྐུར། གནས་གསུམ་བྱིན་རླབས་ཀྱི་བར་འགྲོ་འདུལ་གྱི་ཆོ་ག་བཞིན་བྱས་ནས་བཟླས་པ་ལ་འཇུག་ཅིང་། རྩ་གཞུང་གི་དངོས་བསྟན་ལྟར་ན་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །ཞེས་པའི་མཐར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བསམ་ཞིང། ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པར་བསམ་ལ་ཡི་གེ་དྲུག་པའི་བཟླས་པ་ཅི་ནུས་སུ་བྱ། མཐར་རྩ་བྲལ་བློ་འདས་ཀ་དག་གི་དབྱིངས་སུ་མཉམ་པར་གཞག །ཐུན་མཚམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་ལམ་ཁྱེར་དང་མ་བྲལ་བར་བྱའོ།། །།མཆོད་པ་བྱེད་པར་འདོད་ན། དཀྱིལ་འཁོར་དང་མ་འབྲེལ་ན། མདུན་དུ་བྲིས་སྐུའམ་ལུགས་མ་ལ་སོགས་པའི་སྐུ་གཟུགས་ཀྱི་མདུན་དུ། འདས་པ་དང་འཇིག་རྟེན་པའི་གཏོར་མ་དང་། མཆོད་པ་གཙང་ཞིང་རྒྱ་ཆེ་བ་བཤམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། མཆོད་ཡུལ་སྤྱན་འདྲེན་ནས་བཞུགས་གསོལ་བར་བྱས་རྗེས། མཆོད་པ་འབུལ་བ། ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་དང་བཅས་པ་འབུལ་ཚིག་འགྲོ་འདུལ་གྱི་ཆོ་ག་བཞིན་ནམ། དེ་ལས་གཞན་པས་ཀྱང་རུང་ཞིང་། སྤྲོ་ན་རྒྱལ་སྲིད་བདུན་བཀྲ་ཤིས་རྫས་རྟགས་གོས་ཟུང་འབུལ་བ་སོགས་ཀྱང་གྱེར་ཚིག་གང་འོས་ཀྱིས་འབུལ། བསྟོད་པ་ནི། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་ཅིང་། གཞན་ཡང་མཚན་བརྒྱ་སོགས་ཅི་ནུས་སུ་ཀློག་གོ །གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། དང་པོ་ཡིག་དྲུག་གི་མཐར་ཨི་དཾ་བ་ལིནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཞེས་པ་བདུན་གྱིས་ཕུལ། གཏོར་མ་གཉིས་པ་ཨ་ཀཱ་རོའམ་ཁ་འབར་མའི་སྔགས་ཀྱིས་འབྱུང་པོ་རྣམས་ལ་བསྔོས་ལ། མཐར་ཉེར་སྤྱོད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཡེ་ཤེས་པ་སྐུ་གཟུགས་ལ་བརྟན་བཞུགས་བྱས་ནས་རྟེན་འབྲེལ་སྙིང་པོ་བརྗོད། མགྲོན་རྣམས་རང་རང་གནས་སུ་གཤེགས། དགེ་བ་བསྔོ་བ་སོགས་བྱའོ།། ༈ །།འདིའི་དབང་གི་ཆོ་ག་ནི། རྒྱས་པར་གཙོ་བོ་བཅུ་གཅིག་ཞལ་དུ་བསྒྱུར་བ་ལས་གཞན་འགྲོ་འདུལ་གྱི་དབང་ཆོག་བཞིན་བྱ་ལ། ༄། བསྡུ་ན་ཡོ་བྱད་མཆོད་པ་བྱེད་པའི་བཤམ་གྱི་སྐབས་ལྟར་ཙམ་བྱས་ནས། བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་སྒྲུབ་ཚུལ་ཡང་དེ་དང་འདྲ་བ་ལས་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། གཏོར་མ་འབུལ་བ་འདོད་དོན་གསོལ་བ་རྣམས་སྔར་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱ། མཎྜལ་ཕུལ། རྒྱུན་བཤགས། སྐྱབས་སེམས་སྡོམ་གཟུང་རྣམས་འགྲོ་འདུལ་ལྟར་ཕོག་ནས། དེས་སྔོན་འགྲོའི་རིམ་པ་གྲུབ་ནས། དངོས་གཞི་སྒོམ་བཟླས་ཀྱི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་སོགས་གོང་གི་མངོན་རྟོགས་ཚང་བར་བརྗོད་པའི་མཐར། བདག་ཉིད་ཅན་དུ་བཞུགས་པར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བསམ་ཞིང་། ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པར་མོས་ཤིག །སློབ་དཔོན་ཡང་ཇི་སྐད་སྨྲོས་པའི་ཐུགས་རྗེ་ཆེན་པོར་དངོས་སུ་གསལ་བའི་ཐུགས་ཀར་པད་ཟླ་ལ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་པད་ཟླ་ལ་ཧྲཱིཿདཀར་པོ་རེ་རེ་གསལ་ཐོབས། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས། དེའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་ཁའི་ས་བོན་གྱི་མཐར་སྤར་བཏབ་པ་བཞིན་འཁོད་པར་བསམ་ལ་སྙིང་པོའི་རྗེས་ཟློས་མཛད་པ་ཞུ། ཞེས་བྱས་ལ་ཡིག་དྲུག་རྗེས་ཟློས་ལན་བདུན་བྱར་གཞུག །དེང་ཕྱིན་ཆད་ལྷ་ཐུགས་རྗེ་ཆེན་པོ་བསྒོམ་པ་དང་སྔགས་ཡི་གེ་དྲུག་པ་བཟླ་བ་ལ་བརྩོན་པར་གྱིས་ཤིག །ཅེས་སྒོམ་བཟླས་ཀྱི་ལུང་སྦྱིན་ལ། མཐར། དེ་ལྟར་དབང་བསྐུར་པས་ཐུགས་རྗེ་ཆེན་པོའི་སྐུ་དང་ཡེ་ཤེས་སུ་གྱུར་ནས་འཁོར་ལོས་སྒྱུར་པའི་རྒྱལ་པོ་ལྟར་རིག་པའི་རྒྱལ་པོར་རང་དབང་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་དང་། ཐུགས་རྗེ་ཆེན་པོའི་ཆོས་འདི་སེམས་ཅན་གྱི་དོན་དུ་བློ་བསྐྱེད་ལ་སྒྲུབས་ཤིག །ཤོད་ཅིག །སྟོན་ཅིག །འགྲོ་བའི་དོན་གྱིས་ཤིག །ཅེས་པའང་ལན་གསུམ་དུ་བརྗོད་དོ། །མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྔར་དང་འདྲའོ། །མི་འ༵གྱུར་དབྱིངས་ལས་འགག་མེ༵ད་རྩལ། །རྡོ༵་རྗེ༵འི་སྐུར་བཞེངས་སྤྱན་རས་གཟིགས། །སྲོང་བཙན་ཞལ་ལུང་བོད་ཆོས་ཀྱི། །སྙིང་པོ་བདུད་རྩིའི་ཐིག་ལེར་སྤེལ། །སྤྱན་རས་གཟིགས་རྒྱལ་པོ་ལུགས་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། །།

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་གི་མཆོད་ཕྲེང་ཅུང་ཟད་སྤྲོས་པ་ (Volume 15, Text 18)

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་གི་མཆོད་ཕྲེང་ཅུང་ཟད་སྤྲོས་པའི་སྐབས་སུ། ཐོག་མར་ཕྱག་རྒྱ་གར་མཆོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཕྱག་རྒྱ་བཅུ་དྲུག་གར་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོ༔ ཕྱི་ནང་གི་ཉེར་སྤྱོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ འདོད་ཡོན་རྣམ་མང་ཕྱི་ཡི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཧཱུྃ༔ གསང་མཆོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཏིང་འཛིན་ཟབ་མོ་རྟོགས་པའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ ཀུན་བཟང་མཆོད་པ་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ བདུད་རྩི་སྨན་མཆོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བརྒྱུད་མཆོད་ནི། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རིག་འཛིན་ཡོངས་ཀྱི་གཙོ་མཆོག་ཀུཉྫ་ར། །རིགས་ལྡན་ཆེན་པོ་དེ་བ་བཟང་སྐྱོང་དང་། །ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོར། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་པདྨ་འབྱུང་། །མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་མ། །རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་འདུས་རིག་འཛིན་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། བདེ་གཤེགས་ཞི་བ་སྤྱི་དཔལ་རྩ་བའི་ལྷ། །བྱང་ཆུབ་ཉི་ཤུའི་ཡེ་ཤེས་དཀྱིལ་འཁོར་པ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཏེར་བདག་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ངང་། །སྣང་སྲིད་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །གདོད་ནས་རྣམ་དག་བྱང་ཆུབ་སེམས་ཀྱི་ལྷར། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། དངོས་གྲུབ་བླང་བ་ནི། མ་ཧཱ་ཨ་མྲྀཏ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ༔ རཀྟ་འབུལ་བ་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ རྒྱུ་དྲུག་བསྒྲལ་པ་རཀྟའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་འབུལ་བ་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་སྒྲོལ་དོན་མཆོད་ནི། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ༔ ཞེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་གྱི་སྙིང་པོ་ (Volume 3, Text 18)

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་གྱི་སྙིང་པོ་བཞུགས་སོ༔ ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་བློ་དམན་དོན་དུ་ནི༔ ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ འདི་ལ་ལེའུ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ་དང་པོ་སྔོན་འགྲོ་ལ་ཡང་གསུམ༔ བཀའ་བསྒོ་མཚམས་བཅད་བྱིན་བརླབ་བོ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ བདག་གཞན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་ཨཱཿཧཱུྃ༔ སྔོན་དུ་འགྲོ་བའི་ལེ་འུ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལེའུ་བསྟན༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཞིང༔ ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན༔ དང་པོ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང༔ འགག་མེད་རྒྱུ་ཡི་ཨ་མཐིང་གསལ༔ སྟོང་གསལ་རང་བབ་གདོས་བཅས་བྲལ༔ ཨ་ལས་ཨེ་ཡཾ་བཾ་ལཾ་འཕྲོས༔ ནམ་མཁའ་རླུང་ཆུ་ས་གཞི་བརྡལ༔ ཨ་ལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་གཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ དལ་དབུས་པད་ཉིའི་གདན་ལ་བཞུགས༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར༔ སེང་གེ་གླང་ཆེན་རྟ་མཆོག་དང༔ རྨ་བྱ་ཤང་ཤང་ཁྲི་སྟེང་དུ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལ༔ ཧཱུྃ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་གཉིས་མེད་འཁྲིལ༔ རང་སྣང་དཀྱིལ་འཁོར་དབུས་ཕྱོགས་སུ༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱུྃ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱེ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ རིན་འབྱུང་མཱ་ཀི་སྐུ་མདོག་སེར༔ རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མདུན་དུ་མཱ་ལྱ་ཕྲེང་འཛིན་སེར༔ རྒྱབ་ཏུ་དྷཱུ་པེ་སྤོས་ཕོར་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ མཐའ་ཡས་གོས་དཀར་སྐུ་མདོག་དམར༔ པདྨ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྤྱན་གཟིགས་པད་འཛིན་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གཱིརྟི་པི་ཝཾ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང༔ རྒྱ་གྲམ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྒྲིབ་སེལ་པུསྟི་ལྗང༔ གཡོན་དུ་ཕྱག་རྡོར་རྡོར་འཛིན་ལྗང༔ མདུན་དུ་གནྡྷེ་དུང་ཕོར་ལྗང༔ རྒྱབ་ཏུ་ནི་རྟ་ཞལ་ཟས་ལྗང༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ སྣང་ལ་རང་བཞིན་མེད་པར་གསལ༔ འཛིན་མེད་མ་བཅོས་རང་གསལ་བསྒོམ༔ ཧཱུྃ༔ སྟེང་དུ་བརྒྱ་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐག་བཟང་གོ་མཚོན་ལྗང༔ ལྷོ་ནུབ་ཤཱཀ་ཐུབ་གསེག་ཤང་སེར༔ ནུབ་བྱང་སེང་གེ་པུསྟི་མཐིང༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པད་རྐྱང་སྟེང་ན་བཞེངས་ཐབས་གསལ༔ ཧཱུྃ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཁྲོ་བོའི་ཚུལ་རྫོགས་འདོར་ཐབས་བཞུགས༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རི་གཉིས་མེད་འཁྲིལ༔ ཧཱུྃ༔ དབུས་སུ་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སཏྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན༔ བུདྡྷ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷནྡྷ་དགྲ་སཏྭ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཧཱུྃ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་རྩེ་གསུམ་གཡོན༔ རཏྣ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཧཱུྃ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ནག༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ པདྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཧཱུྃ༔ བྱང་དུ་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རྒྱ་གྲམ་རལ་གྲི་ཁ་ཊྭཱཾ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་བོའི་ཆ་ལུགས་རྫོགས་པར་ལྡན༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ པདྨ་ཉི་སྟེང་གསལ་བར་བསྒོམ༔ ཧཱུྃ༔ ཤར་ཕྱོགས་ཀཽ་རཱི་ཞིང་དབྱུག་དཀར༔ ལྷོ་ཕྱོགས་ཙཽ་རཱི་མདའ་འགེངས་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བཻ་ཏཱ་བྷན་དམར་ལྗང༔ ཤར་ལྷོ་པུསྐ་རྒྱུ་འདྲེན་སེར༔ ལྷོ་ནུབ་གྷསྨ་བྷན་དམར་ལྗང༔ ནུབ་བྱང་ཙནྡྷ་རྒྱུ་ཟ་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ སིཾ་ཧ་སེང་གདོང་རོ་ཟ་སྨུག༔ བྱཱ་གྷྲི་སྟག་གདོང་ལག་བསྣོལ་དམར༔ སྲྀ་ལ་ཝ་གདོང་བྱིས་ལྡག་ནག༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང༔ ཀྲྀ་ཏ་བྱ་རྒོད་རྒྱུ་འདྲེན་སེར༔ ཀངྐ་དུར་བྱ་ཞིང་ཕྲག་དམར༔ ཀཱ་ཀ་བྱ་རོག་བྷན་གྲི་ནག༔ ཨཱུ་ལུ་འུག་གདོང་ལྕགས་ཀྱུ་མཐིང༔ ཞིང་ཆེན་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་གདན་ལ་གསལ་བར་བསྐྱེད༔ ཧཱུྃ༔ ཤར་དུ་ཞི་བའི་ལས་མཛད་བདུན༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤུལ་ལྗང༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ ལྷོ་རུ་རྒྱས་པའི་ལས་མཛད་བདུན༔ རྡོ་རྗེ་ཕ་ཝང་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང༔ སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ ནུབ་ཏུ་དབང་གི་ལས་མཛད་བདུན༔ ཟ་བ་བྱ་རྒོད་བེ་ཅོན་ལྗང༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ བྱང་དུ་དྲག་པོའི་ལས་མཛད་བདུན༔ རླུང་ལྷ་སྤྱང་གདོང་བ་དན་ལྗང༔ མེ་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་སྒོ་བཞི་རུ༔ ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར༔ ལྷོ་རུ་ར་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ སྣང་ལ་རང་བཞིན་མེད་པར་གསལ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཡི༔ སྒོམ་ཁོག་གསལ་བའི་སྒྲོན་མེའོ༔ ས་མ་ཡ༔ ཏྱ།ཏྱ།ཏྱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔ བླ་མ་རིན་ཆེན་ཀུན་བཟང་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུམ་ཡོན་ཏན་གསལ་ལ་འགག་པ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་མཆོག་འདིར༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་གཙོ་འཁོར་རྣམས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མ་བརྒྱད༔ འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་དྷཱི་ལྔ་དང་འཁྲིལ༔ དུག་ལྔ་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃ༔ ཀཽ་རཱི་ལ་སོགས་གནས་བདག་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ སྟོབས་ལྡན་རིན་ཆེན་པདྨ་ཉི་ཟླའི་གདན༔ ཆོས་སྐུ་ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ཡི་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རིགས་དྲུག་དོང་སྤྲུགས་བཅོམ་ལྡན་ཐུབ་པ་དྲུག༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔ རང་སྣང་གནས་ཡུལ་དག་པའི་དཀྱིལ་འཁོར་དུ༔ ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ལ༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོས༔ བཅོམ་ལྡན་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷཱི་ལྔ་དང་སྦྱོར༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཀཽ་རཱི་ལ་སོགས་གནས་བདག་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོོ་མ་བཞི༔ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་འབར་བ་ལྔ་བཅུ་བརྒྱད༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡཱ་སཏྭཾ༔ རྒྱ་རྒྱ་རྒྱ༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡིད་ཆོས་གནས་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཕུང་ལྔ་གནས་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་གཙོ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ འབྱུང་ལྔ་གནས་དག་བདེ་ཆེན་ཡེ་ཤེས་ངང༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ དུག་ལྔ་འཇོམས་མཛད་ཁྲག་འཐུང་ཁྲོ་བོ་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་ཕྱི་ནང་གསང་མཆོད་ནི༔ དང་པོ་ཕྱི་མཆོད་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང༔ དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ གཉིས་པ་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ གསུམ་པ་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གསལ་བ་ཡབ་ལ་འོད་ཟེར་ཡུམ༔ བདེ་བ་ཡབ་ལ་སྟོང་པ་ཡུམ༔ སྒྲ་གྲགས་ཡབ་ལ་གྲགས་སྟོང་ཡུམ༔ དྲན་པ་ཡབ་ལ་རིག་སྟོང་ཡུམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེ༔ རིག་མ་དཀར་སེར་དམར་ལྗང་མཐིང༔ བདེ་བ་ཡེ་ཤེས་ཀུན་ལྡན་དུ༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་བཞེས༔ སྨན་རཀ་གཏོར་གསུམ་འབུལ་བ་ལ༔ དང་པོ་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ཤིང༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགག་རྐྱེན་སྦྱར་བའི༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ གཉིས་པ་རཀྟ་འབུལ་བ་ནི༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གསུམ་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྐུ་ནི་མི་འགྱུར་ཀ་དག་ཆོས་ཀྱི་སྐུ༔ གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བྲལ་བའི་ཐུགས༔ ཀུན་བཟང་སྐྱེ་འགག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་ཚོགས༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ དགོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་རྗེ་ངོ་མཚར་ཆེ་ཚུལ་གར་དགུར་ལྡན༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན༔ རྣལ་འབྱོར་ཀུན་གྱི་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་མཐའ་བྲལ་ཆོས་ཀྱི་སྐུ༔ ཉག་གཅིག་ཟང་ཐལ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྲོལ་འགག་མེད་སྣ་ཚོགས་སྤྲུལ་པའི་སྐུ༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས་སུ་གསོལ༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ གཏི་མུག་འཁྲུལ་སེམས་བག་མེད་བྱུང་བ་ནས༔ ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཆག་ཉམས་ནོར་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཨོཾ་བཛྲ་སཏྭ་ཨཱ༔ ཕྲིན་ལས་དངོས་གཞིའི་ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་ལེའུ་བདུན་གྱིས་བསྟན༔ ཚོགས་ལས་བསྐུལ་དང་ཆད་མདོ་གཏོར་སྐྱོང་དང༔ གཏོར་བྲོ་བཀྲ་ཤིས་སྨོན་ལམ་བདུན་ཡིན་ནོ༔ དང་པོ་ཚོགས་འཁོར་བཤམས་ལ་འདི་སྐད་དོ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཚོགས་ལ་བར་ཆད་བྱེད་པའི་བགེགས༔ ལན་ཆགས་གནས་འདིར་མ་འདུག་པར༔ སོ་སོ་རང་རང་གནས་སུ་དེངས༔ ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་བསང་སྦྱང་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གསུམ་ངོ་བོར་གྱུར༔ འབྲུ་གསུམ་མེ་ཆུ་རླུང་གསུམ་འཕྲོས༔ ཚོགས་ཀྱི་རྣམ་རྟོག་བསྲེག་གཏོར་བཀྲུས༔ མེ་ཆུ་རླུང་གསུམ་འོད་དུ་ཞུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བདུད་རྩི་ཆེན་པོར་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོ༔ གསུམ་པ་ཚོགས་ལ་སྤྱན་འདྲེན་ནི༔ ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་དང༔ རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་གསུམ་བཅད་ལ༔ དང་པོ་མཆོད་པ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བར་དུ་བཤགས་ཤིང་འབུལ་བ་ནི༔ ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔ ད་ལྟ་ལུས་འདི་བླངས་པ་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ བཟོད་པར་བཞེས་ནས་ཚངས་པར་བསྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ཨཱ༔ སྐབས་འདིར་ཞི་ཁྲོའི་མདངས་སྐོང་ལ་སོགས་དང༔ ལྟ་བའི་ཀློང་བཤགས་ལ་སོགས་ཅི་རིགས་བྱ༔ ཐ་མ་ཚོགས་ཕུད་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ༔ ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྟན་པ་བཤིག་པའི་དགྲ་བགེགས་མ་ལུས་པ༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ གཉིས་པ་ཕུང་པོ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་སྤྲུལ་འཁོར་བཅས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔ དུག་ལྔ་དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་ལྔ་ལྡན་མི་འགྱུར་ཞལ་དུ་བསྟབ༔ རྣམ་རྟོག་བག་ཆགས་ཆོས་ཉིད་ཀློང་དུ་རོལ༔ བསྟབ་བོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ གཉིས་པ་སྲུང་མ་ལས་ལ་བསྐུལ་པ་ནི༔ ཧཱུྃ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་རྣམས༔ ལ་ལས་བསྟན་པའི་གཞི་འཛིན་མཛད༔ ལ་ལས་བཀའ་ཡི་བྱ་ར་མཛད༔ ལ་ལས་ཆོས་མཛད་སྲུང་མ་མཛད༔ ལ་ལས་གཙུག་ལག་དཀོར་ཁང་སྲུང༔ ལ་ལས་ཡུལ་དགོན་དབེན་གནས་སྲུང༔ ལ་ལས་དམ་ཚིག་ལས་རྗེས་གཅོད༔ ལ་ལས་སྒྲུབ་པའི་སྡོང་གྲོགས་མཛད༔ ལ་ལས་སྟོང་གསུམ་ཁྱབ་པར་རྒྱུག༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལས་སྐྱེ་འགྲོའི་བླ་ཚེ་རྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་བསྐུལ་ཞིང་ཕྲིན་ལས་བཅོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་བཀའ་ཡི་ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀས༔ དྲེགས་པ་རུ་དྲའི་སྡེ་དཔོན་བཏུལ་བའི་ཚེ༔ ཀཽ་རཱི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་དང༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ གཏོར་མ་འདི་བཞེས་བདག་གི་སྟོངས་གྲོགས་མཛོད༔ ཧཱུྃ༔ སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བར༔ ཆད་མདོའི་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ད་ལྟ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ བཞི་པ་གཏོར་སྐྱོང་བྱ་བ་ནི༔ ཧཱུྃ་བྷྱོ༔ ཤར་གྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ ཉོན་མོངས་དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ཡི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ བསོད་ནམས་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཀྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ འཁོར་འདས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྱང་གི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ མ་རིག་སྡིག་སྒྲིབ་ཚར་གཅོད་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔ མི་མཐུན་བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ཉམས་རྟོགས་བསོད་ནམས་སྤེལ་བའི་སྡོང་གྲོགས་མཛོད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་གྲུབ་པར་མཛོད༔ ལྔ་པ་གཏོར་བྲོ་བརྡུང་བ་འདི་སྐད་དོ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་ནས༔ དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་གསལ༔ གསལ་འཚེར་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཕྱོགས་བཅུ་བདེ་གཤེགས་རིགས་ཀྱི་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་ཡེ་ཤེས་ཆེམས་སེ་ཆེམ༔ བྲོ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་བྲོ༔ གླུ་ཡང་ཡེ་ཤེས་ལྔ་ཡི་གྲགས་སྟོང་གླུ༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་ནོན༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ དྲུག་པ་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ ཆོས་སྐུའི་བཀྲ་ཤིས་སྟོང་ཞིང་བདག་མེད་ཤོག༔ ཨཱཿ ལོངས་སྐུའི་བཀྲ་ཤིས་གསལ་ལ་འགག་མེད་ཤོག༔ ཧཱུྃ༔ སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེ་རྒྱུན་འབྱུང་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་དུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ ཅེས་བརྗོད་དབྱངས་བཅས་མེ་ཏོག་དོར༔ བདུན་པ་བསྔོ་བ་སྨོན་ལམ་ནི༔ ན་མོ༔ འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་འདིས༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ སྐུ་གསུམ་འབྲས་བུ་མྱུར་དུ་འགྲུབ་པར་ཤོག༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ ལྷ་ཚོགས་གཤེགས་སུ་གསོལ་བ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ རྗེས་སུ་རྫོགས་རིམ་བསྒོམ་པ་ནི༔ གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་ལ་བཞག༔ སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང༔ གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔ གྲགས་སྟོང་བརྗོད་མེད་ངང་ལ་མཉམ་པར་བཞག༔ དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེངས་ལྟར༔ ཐུགས་དགོངས་སྐྱེ་མེད་ངང་ལ་མ་བཅོས་བཞག༔ ཨ་ཨ་ཨ༔ ཞི་ཁྲོ་རིགས་བརྒྱ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ། །སརྦ་མངྒ་ལཾ།། །།

བྱང་གཏེར་རྫོགས་ཆེན་དགོངས་པ་ཟང་ཐལ་ཞི་ཁྲོའི་ལྷན་ཐབས་ (Volume 56, Text 18)

བླ་མ་ཀུན་བཟང་ཞི་ཁྲོའི་ལྷར། །གུས་པས་བཏུད་དེ་དེའི་ཕྲིན་ལས། །ལྷན་ཐབས་མཐོང་བརྒྱུད་ཕྱག་ལེན་ལྟར། །སྤེལ་ལ་བཀའ་ཡི་གནང་བ་སྩོལ། །ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆ་ལག་ཞི་ཁྲོ་ལྷུན་གྲུབ་གྱི་ཕྲིན་ལས་དབང་སྒྲུབ་སྐབས་འཇུག་བདེའི་ལྷན་ཐབས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་གཉིས། དཀྱིལ་འཁོར་རྡུལ་ཚོན་ཆུ་ཚོན་ཚོམ་བུ་རྣམས་ཡུལ་དུས་ཀྱི་སྤྲོས་པ་དང་བསྟུན་པའི་གཞིའི་སྟེང་དུ། བྱང་ཤར་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་པའི་ཉེར་སྤྱོད་བདུན་སོགས་ཁྱད་པར་གྱི་དབང་བཀླག་ཆོག་གི་གཞུང་ལྟར་བདག་དང་ལྷ་ཡི་ཉེར་སྤྱོད་རྣམས་ཚང་བར་བསགས། གཉིས་པ་ཆོ་གའི་སྦྱོར་བ་ལའང་སྣ་སེལ་དབང་ཆོག་ལྟར་བྱ་ལ། དེ་ནས་བརྒྱུད་འདེབས་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས་སྐྱབས་སེམས་ནི། ཧཱུྃ་ རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་པའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་རློབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་གྱུར། རང་ཉིད་གཉུག་མའི་ལྷ་ཧེ་རུ་ཀའི་སྐུར་བཞེངས་ཏེ། སྤྲོ་ན་དཀར་གཏོར་སྤྱི་འགྲོ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། བགེགས་གཏོར་ལ་ཆབ་བྲན་ཏེ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ་ནང་མཚམས་གཅད་པ་སོགས་ཕྲིན་ལས་གཞུང་ལྟར། ཧཱུྃ༔ དང་པོ་འཁོར་འདས་སོགས་ནས་བཀའ་བསྒོ། བཤགས་པ། བྱིན་འབེབ་བྱ། གཉིས་པ་དངོས་གཞི་ནི། རྟེན་བསྐྱེད། བརྡ་སྒོ་དབྱེ་བ། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ་མཆོད་འབུལ། ཛཔ྄་བཟླས། རླུང་འབྱིན་འཇུག་འབྲུ་གསུམ་གྱི་རང་གདངས་སུ་ཤེས་པའི་སྐབས་སྟུན་དང་། ཨཱོྃ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་ཡི་དམ་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨཱོྃ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷཱ་ཏུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པ་འོ༔ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོ་འོ༔ ཨཱོྃ་ནི་སྐུ་དང་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ འོག་མ་སྣང་ལུགས་ཆོས་ཀྱི་སྐུ༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོའི་རིག་རྩལ་ལས༔ དྲུག་ཅུ་ཐམ་པའི་སྙིང་པོ་འོ༔ ཞེས་ཞི་དྲག་གི་བཟླས་པ་བདག་མདུན་གཉིས་ཀ་ལ་དམིགས་ཏེ་ཇི་ལྟར་རིགས་པ་དང་། དེ་ནས་རྣམ་བུམ་ལ་དམིགས་ཏེ། ཞི་དྲག་གི་མཐར་དབྱངས་གསལ་བཏགས་པ་ཅི་ནུས་བཟླས། མཐར་ཨཱོྃ་ཨཱཿཧཱུྃ༔ རིག་པའི་མེ་ཏོག་སོགས། མཆོད་བསྟོད་བསྡུས་པ་རང་གཞུང་ལྟར་དང་། ཧཱུྃ༔ མ་བཅོས་སྤྲོས་བྲལ་སོགས་བསྟོད་པ་ཐུབ་དྲུག་དབང་ཕྱུག་ཉེར་བརྒྱད་བཅས་པའི་ཕྲིན་ལས་བཅོལ་མཐར། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་གསོལ་བྱ། འདི་སྐབས་བཀའ་གཏེར་སྲུང་མའི་གསོལ་ཀ་ཡང་བྱས་ལ། ཚོགས་རྫས་བྱིན་རླབས་སྔོན་དུ་འགྲོ་བས་རང་གཞུང་ལྟར་དྲང་བའི་མགོར་བཞག །དེ་ནས་དབང་གི་བྱ་བ་ལ་འཇུག་གོ །གསུམ་པ་རྗེས་ཀྱི་རིམ་པ་ནི། ཁས་བླང་མཎྜལ་སོགས་གྲུབ་འཕྲལ་བླ་སློབ་ཀུན་གྱི་ཚོགས་ལ་རོལ་ཞིང་བསམ་པ་ལྷུན་གྲུབ་རྒྱས་བསྡུས་དང་སྤྲོ་ན་རྡོ་རྗེའི་གླུ་བླངས་ཤིང་བསྔོ་སྨོན་བཟང་པོས་མཚམས་སྦྱར། སློབ་མ་རྣམས་རང་གནས་སུ་གཏང་། ཆོ་ག་ཕྲིན་ལས་རྒྱས་པའི་སྐབས་ལྷག་མ་ཆ་བཞི་རང་གཞུང་ལྟར་བྱ་དགོས་མོད། དབང་དང་རྒྱུན་གཏོར་ནར་མའི་སྐབས་ལ་གཙང་གཙོག་གི་ལྷག་མ་བསྲེས་ཏེ་རང་གཞུང་གི །ཧཱུྃ༔ དགོངས་སམ་རྡོ་རྗེ་མཁའ་འགྲོ་སོགས་འབུལ་ཚིག་གོང་འོག་གཉིས་ཀའི་མཐར། ལྷག་མ་ཕྱི་རོལ་དུ་གཙང་སར་སྤུངས་ལ་བཞག་པས་འཐུས་སོ། །གཞན་བསྐུལ་པ་ནས་གཟུང་དཀྱིལ་འཁོར་བསྡུ་བ། བསྔོ་བ་སྨོན་ལམ། བཀྲ་ཤིས་རང་གཞུང་ལྟར་མཐར་ཆགས་བཏང་བས་གྲུབ་བོ། །སྐྱབས་སེམས་ཙམ་མ་གཏོག་འདི་ལ་ལྷན་ཐབས་ཞེས་པའི་ཐ་སྙད་འདོགས་མ་དགོས་མོད་ཀྱང་། སྔ་འགྱུར་གཏེར་ཁ་གཞན་དང་འདོན་ཚིག་ཅུང་མི་འདྲ་བའི་ཁྱད་ཆོས་རྣམས་སྔར་གྱི་གསུང་རྒྱུན་གྲུབ་མཆོག་ཞལ་ལུང་ཞེས་པ་དང་བསྟུན་ཏེ་ལས་གསར་རྣམས་ལ་ཕན་བློས་ཁོ་བོ་འགྲོ་འདུལ་པས་བྱས་པ་རྣམ་པ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གུ་རུའི་དགོངས་གསལ་ (Volume 8, Text 18)

༄༅། །དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གུ་རུའི་དགོངས་གསལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ན་མོ་གུ་རུ་པདྨཱ་ཀ་ར་ཡ། གདོད་མའི་སངས་རྒྱས་ཚེ་བདག་འོད་དཔག་མེད། །འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་གཏེར། །ཀུན་འདུས་བླ་མ་ནོར་བུ་པདྨ་འབྱུང་། །དེ་ལ་བཏུད་དེ་དབང་ཆོག་འདིར་བཤད་བྱ། །འདིར་བླ་མའི་སྒྲུབ་ཐབས་ཐམས་ཅད་ཀྱི་ཉིང་ཁུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བའི་ཚུལ་ལ། ཡང་ཟབ་རྩ་བའི་རྒྱུད་ལེའུ་བརྒྱད་པ་ལས། དབང་བཞི་གདན་ཐོག་གཅིག་ཏུ་བསྐུར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྫས་བཤམས་བདག་གཞན་དབང་བླངས་ན༔ བྱིན་རླབས་མྱུར་འབེབ་སྨིན་གྲོལ་འགྱུར༔ དབང་གི་ལེ་འུ་གསུམ་པ་འོ༔ ཞེས་གསུངས་པ་ལྟར། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་། དངོས་གཞི་བསྒྲུབ་ཅིང་དབང་བསྐུར་བའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་མཎྜལ་པདྨ་འདབ་བརྒྱད་ལ་འོད་ལྔའི་མུ་ཁྱུད་དང་རྡོ་རྗེའི་ཕྲེང་བ་མེ་རིས་བསྐོར་ཞིང་ལྟེ་བར་ཉི་ཟླ་རྡོ་རྗེ་ཐོད་པའམ་ཧྲཱིཿཡིག་ཐིག་ལེ་གང་བདེ་བཀོད་ལ། དེ་ཙམ་མ་ལྕོགས་ན་འབྲུ་དཀར་གྱི་ཚོམ་བུ་བཀོད་པའི་དབུས་ཀྱི་སྟེགས་བུར་ལྔ་ཚན་བདུན་གྱིས་བཀང་པའི་བུམ་པ་རྒྱན་ལྡན་བཤམས་པའི་མཐའ་སྐོར་དུ་དབང་རྫས་ཐོད་པ་བདུད་རྩི། ཁ་ཊྭཱཾ་ག །ཤེལ་རྡོ། སྒྲུབ་སྐོར་གླེགས་བམ། གཏེར་སྲུང་གི་གཏོར་མ་རྣམས་དང་། གཞན་ཡང་མཆོད་གཏོར་སྨན་རཀ་ཉེར་སྤྱོད་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་བཅས་བཤམས་ཤིང་། སློབ་དཔོན་གྱི་མདུན་དུ་ལས་བུམ་རྡོར་དྲིལ་ཌཱ་རུ་འཐོར་ནས་རྣམས་ཀྱང་འདུ་བྱའོ། །གཉིས་པ་བསྒྲུབ་ཅིང་དབང་བསྐུར་བ་ནི། དེ་ཡང་གཏེར་གཞུང་ལས། རང་ལ་དབང་ལེན་པ་དང་གཞན་ལ་སྦྱིན་པ་སོགས་ཐམས་ཅད་ལ་མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་ནས་ལས་གཞུང་ཚོགས་དང་བཅས་པ་སྒྲུབ་བསྐུལ་བརྩོན་པར་བྱའོ༔ ཞེས་གསུངས་པ་ལྟར། ཐོག་མར་སྐྱབས་སེམས་ནས་བརྩམ་སྟེ་བཟླས་པའི་བར་རྩ་བའི་ལས་བྱང་བཞིན་བདག་མདུན་ཕྱམ་གཅིག་ཏུ་བསྒྲུབས་ནས་བཟླས་པ་ཅི་ནུས། མཐར་གུ་རུ་དྲག་པོ་དང་སེང་གདོང་མའི་གཏོར་འབུལ་དང་བཟླས་པ་ཅི་རིགས་བྱས་ལ། ལས་བུམ་ཡང་རྡོར་སེམས་སམ་རྟ་མགྲིན་ལྟ་བུ་བསྐྱེད་ལ་སྔགས་ཀྱི་བྱིན་གྱིས་བརླབ། ཚོགས་ཕུད་དབུལ། སྐོང་བ་བྱ་གྲུབ་ནས་འོག་ཏུ་སློབ་མ་ལ་བྱ་བ་བཞིན་ཏིང་འཛིན་གསལ་པོས་བདག་འཇུག་ལེགས་པར་བླང་ངོ་། །དེ་ལྟར་བདག་འཇུག་བླང་བ་ནི་སྤྱིར་སྔགས་སྡོམ་གསོ་བའི་ཡན་ལག་ཏུ་ངེས་པར་དགོས་གལ་ཆེ་བས་སློབ་མར་དབང་བསྐུར་སྐབས་ཁོ་ན་ཙམ་མ་ཡིན་པར་ཚེས་བཅུ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་ངེས་པར་ཅི་ནུས་བླང་བ་ཡིན་ལ། འདིར་གཏེར་གཞུང་རྩ་བར། བདག་གཞན་དབང་བླང་ན༔ ཞེས་དང་། རང་ལ་དབང་ལེན་པ་དང་གཞན་ལ་བྱིན་པ༔ ཞེས་གསུངས་པས་དོན་འདི་གསལ་བར་བསྟན་པ་ཡང་ཡིན་ནོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་ཕྱུང་། བགེགས་ལ་གཏོར་མ་བྱིན་བཀའ་བསྒོས་མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་རྣམས་བྱས་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་ཐབས་དཀོན་མཆོག་སྤྱི་འདུས་ཀྱི་བྱིན་རླབས་དབང་བསྐུར་ཞུ་སྙམ་པའི་རྟོག་པ་བསྡུས་ཏེ་ཡིད་རྩེ་གཅིག་མོས་པ་བརྟན་པོས་གསན་པར་ཞུ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། གདུལ་བྱའི་བློ་དང་འཚམ་པར་ཐར་པའི་འཇུག་སྒོ་དམ་པའི་ཆོས་ཚུལ་ཇི་སྙེད་གསུངས་པ་ལས་མཆོག་ཏུ་གྱུར་པ་འབྲས་བུ་གསང་སྔགས་རྣལ་འབྱོར་བླ་ན་མེད་པ་སྟེ། དེའི་ཡང་སྤྱིར་བྱིན་རླབས་ཀྱི་འཇུག་སྒོ་རྨད་དུ་བྱུང་ཞིང་ཁྱད་པར་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མཆོག་བདེ་བར་གཤེགས་པ་ཡོངས་སུ་འདུས་པའི་ངོ་བོ་ཆིག་དྲིལ་ལམ་ཟབ་མོ་བླ་མའི་སྒྲུབ་པ་ཁོ་ན་ཡིན་ལ། དེ་ཡང་བདུད་རྩི་འབྱུང་བའི་རྒྱུད་ལས། ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་གཅིག་པོ་སྒོམ་པ་མཆོག །ཅེས་དང་། རྒྱུད་ཆེན་དྲ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་རུ་བླ་མ་རྡོར་འཛིན་བསྒོམ། །ཞེས་དང་། སངས་རྒྱས་འདུས་པ་ལས། གང་གི་གདུལ་བྱའི་ཡིད་བཞིན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམས་ཏེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་ཡིས་ནོན། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཞེས་གསུངས། ནམ་མཁའ་ཆེའི་རྒྱུད་ལས། ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི། །དོན་རྟོགས་འདོད་ན་བླ་མ་བསྒྲུབ། །ཅེས་སོགས་ལུང་འབྱམས་ཀླས་པར་འབྱུང་བ་བཞིན་བླ་མའི་སྒྲུབ་ཐབས་ནི་མཆོག་དང་གཙོ་བོར་གྱུར་པ་སྟེ། དེ་ཡི་སྒྲུབ་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ལས། འདིར་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་རང་གཟུགས་གདོད་མ་ཉིད་ནས་ཆོས་སྐུ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པ་ཉིད། པདྨ་རྣམ་པར་བཀོད་པའི་ཞིང་དུ་འོད་སྣང་དཔག་མེད་གངས་ཆེན་མཚོ་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་གདུལ་ཞིང་འབྱམས་ཀླས་པར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལས་མི་མཇེད་འཇིག་རྟེན་འདིར་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་དབང་བསྐུར་ནས་ལུང་སྟོན་པར་བྱེད་པ་པོ་སངས་རྒྱས་ནུས་ལྡན་རྡོ་རྗེར་གྱུར་ཅིང་། བསྐལ་བཟང་སངས་རྒྱས་རེ་རེ་བཞིན་དེ་ཡི་ཕྲིན་ལས་མཐའ་དག་གི་བྱེད་པོ་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུར་རྟག་ཏུ་སྤྲུལ་བཞིན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ལ་ཡང་སྲིད་པ་གསུམ་དང་འཛམ་གླིང་འགྲོ་བ་རྣམས་ལ་རྒྱལ་བ་ཉིད་དང་དབྱེར་མེད་པའི་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པ། ྃཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་ཏེ། རྒྱལ་བ་དེ་ཉིད་ལ་གངས་ཅན་གྱི་རྗེ་འབངས་སྐལ་ལྡན་ལས་ཅན་རྣམས་ཀྱིས་གསོལ་བ་བཏབ་པར་བརྟེན་ཟབ་རྒྱས་ཆོས་ཚུལ་ཇི་སྙེད་གསུངས་ཤིང་སྙིགས་མའི་དོན་དུ་ཟབ་མོའི་གཏེར་དུ་བཅས་པར་མཛད་པ་ལས། འདི་ནི་གཏེར་སྟོན་ཆེན་པོ་འཇའ་ཚོན་སྙིང་པོའམ་ལས་འཕྲོ་གླིང་པས་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་ཏེ། དེ་ཡང་གཏེར་སྟོན་ཉིད་ནས་རིག་འཛིན་རྩལ་འཆང་མཆོག་གི་བརྒྱུད་པ་བར་མ་ཆད་པ་དྲིན་ཅན་བླ་མ་དམ་པའི་བར་རིམ་པར་བརྒྱུད་པ་དང་། དེ་བཞིན་རིག་འཛིན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེས་སྒྲོ་བྲག་བན་རི་པདྨ་འོད་ནས་བཏོན་པའི་བླ་སྒྲུབ་པདྨ་འོད་འབར་གྱི་བྱིན་རླབས་ཀྱང་རྗེ་བླ་མས་གསན་པ་འདི་དང་ཚིག་དོན་ཕལ་ཆེར་མཚུངས་པའི་ཕྱིར་ཆུ་བོ་གཅིག་འདྲེས་སུ་ཡང་འགྱུར་ཞིང་། བླ་མ་དམ་པ་དེ་ཐམས་ཅད་ཀྱི་ཐུགས་ཉམས་སུ་བསྟར་ཞིང་བྱིན་རླབས་ཀྱི་ཆུ་རྒྱུན་ཆེན་པོ་མ་ནུབ་པར་གནས་པ་ལགས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་བྱས་ན། གཏེར་གཞུང་ལས། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་དམ་ཆོས་ཡང་སྙིང་འདི༔ དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་འདུས༔ ཐེག་པའི་ཡང་རྩེ་རྩོད་མེད་ཨ་ཏི་ཆེ༔ རྒྱུད་དྲུག་འཁོར་བའི་སེམས་ཅན་སྒྲོལ་བའི་ཆོས༔ ཞེས་དང་། ཉང་བན་གྱི་ཞུས་ལན་ལས་ཀྱང་། རྩོད་ལྡན་སྙིགས་དུས་ཀྱི་ངང་ཚུལ་མང་དུ་གསུངས་པའི་མཐར་སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ཐབས་ནི་ཁོ་བོ་པདྨའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་དེ་ཡི་ཚེ་ཤུགས་ཆེ་བས་ས་སྟེང་ཆོས་ཀྱིས་བཀང་ཡོད་པ་ཡང་དེ་རྣམས་ལ་དགོངས་པ་ཡིན༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་ཡང་གསང་དཀོན་མཆོག་སྤྱི་འདུས་འདི་ཡང་ཉང་བན་ཏིང་འཛིན་བཟང་པོའི་སྤྲུལ་པ་ཞིག་གིས་རྙེད་ནས་དུས་ངན་གྱི་སེམས་ཅན་འགའ་ཞིག་ལ་ཕན་པར་ཡོང༔ ཆོས་འདི་ཞལ་ཕྱེས་པ་ཙམ་གྱིས་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་པ་དང༔ རླུང་འཚུབས་ཆུང༔ དད་འདུན་པ་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་དུ་འགྲོ་འོ༔ གཞན་ཡང་ཟབ་གཏེར་འདི་ཉིད་བྱིན་རླབས་ཀྱི་སོ་མ་ཉམས་པར་དད་ལྡན་རྣམས་ལ་དབང་ལུང་སྟོན་པ་ན་དུས་མཐའི་སྐྱེ་འགྲོ་རྣམས་ཡིད་བཞིན་ནོར་བུ་རྙེད་པ་ལས་ཀྱང་འཚེངས་ཆེའོ༔ དེར་མ་ཟད་འདི་ཉིད་འཆང་བ་དང་མཆོད་བསྟོད་བསྔགས་པ་བརྗོད་ཅིང་སྙན་པ་ཐོས་པ་ཙམ་ཡང་བདེ་བར་གཤེགས་པའི་སྲས་དམ་པར་འགྱུར་རོ༔ ལས་སྒྲིབ་ཐམས་ཅད་དུང་དཀར་ཕྱིས་པ་ལྟར་འགྱུར་རོ༔ ཚོགས་གཉིས་ཀྱི་བྱ་བ་སྐར་ཚོགས་རྒྱས་པ་ལྟར་འགྱུར་རོ༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད་ལས་གྲོལ་བར་འགྱུར་རོ༔ མཛེ་ལ་སོགས་པའི་རྣམ་སྨིན་གྱི་ནད་ཐམས་ཅད་སྲབ་ཅིང་བྱང་བ་དང༔ གཅོང་ནད་ཞ་གྲུམ་དང་མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཚེ་དང་བསོད་ནམས་ལ་སོགས་པའི་འབྱོར་པ་དྲུག་ལྡན་དུ་འགྱུར་ཞིང༔ བུ་འདོད་པ་ཡང་རིགས་རྒྱུད་འཕྲལ་དུ་འཕེལ་བར་འགྱུར་རོ༔ མོས་ཚུལ་བཞིའི་དབང་དང་ལྡན་ཞིང་ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པའང་ཕྱི་བཞིན་དུ་འབྲང་བ་དང་བཀའ་ཉན་པར་འགྱུར་རོ༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས་ཤིང་བློ་གྲོས་མི་ཟད་པ་དང་ཤེས་རབ་ཕྱོགས་མེད་དུ་འབར་བར་འགྱུར་རོ༔ དྲག་པོའི་ལས་ཐམས་ཅད་ཀྱང་འཕྲལ་དུ་འགྲུབ་ཅིང༔ དུས་ཀྱིས་འཆི་བ་ཡང་བར་དོར་རང་ངོ་ཤེས་ཤིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཆོས་འདི་ལ་ཐེ་ཚོམ་དང༔ ཡོན་ཏན་འབྱུང་བར་མི་རིགས་པར་བལྟ་བ་ཀུན་ཀྱང་ཐུགས་རྗེས་ཟིན་ཏེ་ལས་ངན་མྱོང་རྗེས་སུ་ལམ་སྣ་ཐར་པ་ལ་སྦྱོར་བར་འགྱུར་རོ༔ དེས་ན་བསྒྲུབས་མཆོད་བསྒོམས་པ་ལྟ་ཅི་སྨོས༔ ཞེས་གསུངས་པ་ལྟར་ཡིན་ལ། ཐུགས་སྒྲུབ་གཞན་ལས་ཀྱང་། ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་པའི་དོན་བཞིན་བླ་སྒྲུབ་ཐམས་ཅད་ཀྱི་རྩ་བ་ཀུན་འདུས་ཡིད་བཞིན་ནོར་བུའི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད། སློབ་མས་ཀྱང་མཎྜལ་འབུལ། གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ནི་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་མ་ཧཱ་གུ་རུ་པདྨ་འོད་འབར་དངོས་སུ་གསལ་བ་ལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་ཟུངས༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བརྗོད་དེ། གནང་བ་སྦྱིན་ཞིང་དམ་ལ་བཞག་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་སུ་ཞུགས་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཞེས་རྡོ་རྗེ་སྤྱི་བོར་བཞག་ཅིང་སྙིང་གར་རེག་ལ། བཛྲ་རཀྵ་སཱི་ཧཱུྃ་ས་མ་ཡ་ཨི་དན་ན་ར་ཀན༔ ཅེས་རྗེས་ཟློས་ཀྱིས་སློབ་མས་བྲོ་བོར་རོ། །དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་འོད་འབར་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་དང་། ཡན་ལག་བདུན་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་ཐབས་ཁྱད་པར་ཅན་ཡན་ལག་བདུན་ལྡན་གྱི་སྒོ་ནས་ཚོགས་གསག་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ལན་གསུམ། ཡེ་ཤེས་དབབ་པ་ནི་སློབ་མ་ལ་ལས་བུམ་གྱི་བསང་ཆུས་གཏོར་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་གཞན་དངོས་འཛིན་གྱི་རྟོག་པ་མཐའ་དག་སྟོང་པ་དེ་ལས་སྐད་ཅིག་གིས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཉི་ཟླའི་གདན་ལ། ཁྱེད་རང་རྣམས་རང་སེམས་རིག་པའི་ངོ་བོ་ལྷུག་པར་གནས་པ་དེ་ཉིད་མ་ཧཱ་གུ་རུ་པདྨ་འོད་འབར་དུ་སྣང་བ་ཚིག་འདིས་གསལ་བཏབ་བཞིན་དུ་སྒོམས་ཤིག །ཧྲཱི༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམ༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། སློབ་དཔོན་དང་དཀོན་མཆོག་སྤྱི་འདུས་པདྨ་འབྱུང་གནས་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཁེངས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། དེ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་རྣམ་པ་འོད་ཟེར་དང་བཅས་ཤིང་། དེ་ཡང་སྐུའི་བྱིན་རླབས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ་ཆུང་བ་ཉུང་འབྲུ་ཙམ་དང་ཏིལ་འབྲུ་ཙམ། གསུང་གི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཨཱ་ལི་ཀཱ་ལི་རྒྱ་ཡིག་བོད་ཡིག་ལ་སོགས་ཁ་དོག་སྣ་ཚོགས་དང་། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་དྲིལ་བུ་དང་། པདྨ་རིན་ཆེན་ཁ་ཊྭཱཾ་དབྱུག་ཏོ་ལ་སོགས་པ་སྟེང་འོག་བར་གསུམ་ཐེམ་མེར་ནེམ་མེར་ཏིལ་གྱི་གོང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག །ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབངབ་ཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཡེ་ཤེས་ཕེབ་པའི་རྟགས་མ་བྱུང་བར་བསྐྱར་ནས་འབེབ། སྤྲོ་ན་གར་འཁྲབ་དབྱངས་དང་བཅས་ཏེ་བྱའོ། །མཐར་ཏིཥྛ་བཛྲ་གྱིས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱའོ། །དེ་ལྟར་ཡེ་ཤེས་དབབ་པ་ནི་ཤིན་ཏུ་གལ་ཆེ་བ་དབང་གི་རྩ་བ་ལ། རྫས་དབང་ཕལ་ཆེར་དེ་བརྟན་བྱེད་དུ་སྒྲུབ་པ་ཡིན། དེ་ནས་དབང་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་གཞུག་ལ། དབང་བཞི་རིམ་པས་བསྐུར་བ་ཡི་དང་པོ་བུམ་པའི་དབང་ལ། དེ་ཡང་སྐུར་མཁན་གྱི་བླ་མ་ནི་པདྨ་འབྱུང་གནས་སྤྲུལ་པའི་སྐུ་ཡི་བདག་ཉིད། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་སྤྱི་བོར། ཇི་ལྟར་སྐུར་བའི་ཚུལ་ནི། བླ་མའི་སྨིན་མཚམས་ཀྱི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་འཕྲོས་ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། དེ་མཚོན་བྱེད་དུ་རྫས་ཀྱི་རྣམ་པ་བུམ་པ་འདི་ཡང་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་། ནང་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པས་ཁྱེད་རང་རྣམས་ཀྱི་དྲི་མ་འཁྲུད་ཅིང་དབང་བསྐུར་ཐོབ་པའི་འདུན་པ་མཛོད། །ཅེས་བརྡ་སྤྲད་ལ་བུམ་པ་ཐོགས་ཏེ། ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས༔ འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་བུ་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར། བུམ་ཆུ་སྦྱིན། དེ་ཡང་གཏེར་གཞུང་རྩ་བར་རྫས་དབང་བུམ་པ་དང་ཡང་འགྲེལ་དུ་གུ་རུའི་སྐུ་འབག་གསུངས་པ་ཡང་གདམ་ཀ་ཅན་དུ་ཤེས་སོ། །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བའོ། །ཞེས་དོན་ངོ་སྤྲད། །གཉིས་པ་གསང་དབང་ནི། སྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་ལོངས་སྤྱོད་རྫོགས་སྐུར་ཤེས་པས། བསྐུར་བའི་གནས་ཁྱེད་རང་རྣམས་ཀྱི་མགྲིན་པ། ཇི་ལྟར་སྐུར་བའི་ཚུལ་ནི། གུ་རུའི་ལྗགས་སྟེང་གི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟ་བུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩི་འདི་ཡང་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ག་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས་སྐུའི་རྩ་གནས་རྣམས་བརྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་དེ་ལྕེ་སྟེང་དུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ གསུང་གི་ལྗགས་སྟེང་ཨཱཿདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་ངག་རླུང་བསྒོམ༔ པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བྱིན་པ་མྱང་། དེ་ལྟར་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་རླབས་པ་བསྒོམ་པ་ལ་དབང་བའོ། །ཞེས་དོན་ངོ་སྤྲད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དབང་སྐུར་བ་པོ་བླ་མ་པདྨ་འབྱུང་གནས་ཆོས་སྐུ་སྤྲོས་བྲལ་གྱི་བདག་ཉིད་ཅན་དུ་ངེས་པ། བསྐུར་བའི་གནས་ཁྱེད་རང་གི་སྙིང་ག །ཇི་ལྟར་སྐུར་བའི་ཚུལ་ནི། གུ་རུའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོ་སྤོས་རེང་གི་དུ་བ་ལྟ་བུ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་ཁ་ཊྭཱཾ་ག་འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཤེས་ནས་འདོད་ཆགས་ཆེན་པོ་བཞི་ཡོངས་སུ་བསྐྱེད་དེ་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བར་བྱེད་པའི་དབང་བསྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས་ཁ་ཊྭཱཾ་ག་ཐོགས་ལ། ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀྱི་ཧཱུྃ་སྔོན་འོད་འབར་ལས༔ འོད་ཟེར་སྤོས་རེང་དུ་བ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེར་ཡེའི་དབང་ཐོབ་གསལ་སྟོང་བསྒོམ༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁ་ཊྭཱཾ་ག་སྙིང་དཀར་ནག་མཚམས་སུ་གཏད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར༔ ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བའོ། །ཞེས་དབང་དོན་ངོ་སྤྲད། བཞི་པ་ནི། དེ་ཡང་དབང་སྐུར་བ་པོ་བླ་མ་པདྨ་འབྱུང་གནས་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་བདག་ཉིད་ཅན། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་ལྟེ་བ་སོགས་གནས་ལྔ། ཇི་ལྟར་སྐུར་བའི་ཚུལ་ནི་གུ་རུའི་ལྟེ་བ་ལ་སོགས་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་ཀྱི་རྫས་ཀྱི་རྣམ་པ་ཤེལ་རྡོ་འདིའི་བརྡ་ལ་བརྟེན་ནས་ངོ་སྤྲད་པས། བརྡ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་ཚིག་ལས་འདས་པ་ཆོས་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཅེས་བརྡ་སྤྲད་ལ་ཤེལ་རྡོ་ཐོགས་ལ། ཧྲཱི༔ དཀོན་མཆོག་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའ་ཆུ་ལ་འཇའ་ཤར་བཞིན༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ༔ པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོ༔ འདིའི་མཚོན་བྱེད་རྫས་ཀྱང་ཡང་འགྲེལ་ལས་ཤེལ་དང་རྡོ་རྗེ་ཐོད་པ་གསུམ་ལ་བརྟེན་ནས་ངོ་སྤྲད་པར་གསུངས། དེ་ལྟར་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བའོ། །ཞེས་ངོ་སྤྲད། དབང་བཞི་པ་དང་འབྲེལ་བའི་རྒྱབ་རྟེན་དུ་སྲོག་ཕུར་གྱི་ལེའུ་འདོན༔ ཞེས་གསུངས་པ་ནི་འདི་ལྟ་སྟེ། དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་ཏེ༔ ལོགས་ནས་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགག་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང༔ ཞི་བ་ཚེ་དཔག་མེད་དུ་སྣང༔ འཕགས་པ་སྤྱན་རས་གཟིགས་སུ་སྣང༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང༔ ཞལ་དང་ཕྱག་ནི་ཅིར་ཡང་སྣང༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ མ་འགག་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགག་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་བསྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ སྲོག་ཕུར་ལེ་འུ་ལྔ་པ་འོ༔ ཞེས་པ་ནི། དབང་བསྐུར་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། དེ་ཡང་པདྨའི་སྲོག་ཕུར་ཞེས་པའི་མཚན་དོན་ནི། རྣམ་ཤེས་ཚོགས་བརྒྱད་པདྨའི་འདབ་མ་ལྟར་སྣང་བ་དེ་ཡི་སྙིང་པོ་བཞིན་རིག་པ་རང་བཞིན་གྱི་འོད་གསལ་འདུས་མ་བྱས་པའི་རྟག་བརྟན་གཡུང་དྲུང་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ། དེ་རང་ངོ་ཚུལ་བཞིན་ཤེས་པས་གློ་བུར་བག་ཆགས་ཀྱི་དྲི་མ་སངས་ནས་ཚོགས་བརྒྱད་གནས་འགྱུར་ཏེ་བྲལ་འབྲས་ཆོས་སྐུ་མངོན་དུ་བྱེད་པ་སྟེ། དེ་ཡི་ལམ་བཞི་ཆ་གསུམ་བྲལ་ཆོས་ཀྱི་སྐུ་ངང་དྭངས་དགོངས་པ་ཤར་གྲོལ་ཆེན་པོ་ཟབ་གསལ་བདེ་བ་དབྱེར་མེད་གནད་དུ་ཕུར་པ་དོན་གྱི་མཐར་ཐུག་འདི་ཁོ་ནའོ། །ཞེས་པ་ཡིན་པ་ཡང་ཤེས་པར་བྱའོ། །དེ་ནས་ལྔ་པ་མཐའ་རྟེན་རྡོ་རྗེ་སློབ་དཔོན་བདག་པོའི་དབང་ངམ། འཆད་དབང་ནི་པུསྟི་ལུང་སྦྱིན་དུ་གྲགས་པའི་སྒོ་ནས་བསྒྲུབ་པ་སྟེ། གླེགས་བམ་མི་དམིགས་པ་སྟོང་པའི་ངང་ལས་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་བཅུ་དྲུག་གིས་མཚན་པ། དེའི་འོག་ཏུ་ཉི་མའི་དཀྱིལ་འཁོར་ཀཱ་ལི་སོ་བཞིས་མཚན་པ་སྟེ་ཉི་ཟླ་གྭའུ་ཁ་སྦྱོར། དེའི་དབུས་སུ་ཧཱུྃ་དཀར་པོ་ལ་ཡང་སྙིང་བཛྲ་གུ་རུས་བསྐོར་བ་དེ་དག་ལས་འོད་ཟེར་འཕྲོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་བཛྲ་གུ་རུ་དང་ཨ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ཐིམ་པར་གྱུར། བཛྲ་གུ་རུ་དབྱངས་གསལ་དང་བརྟན་བྱེད་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་དེ། མེ་ཏོག་གཏོར་བས། ཉི་ཟླ་ཨཀྵཿབཛྲ་གུ་རུ་རྣམས་འོད་དུ་ཞུ་གླེགས་བམ་དུ་གྱུར། དེ་ནས་གླེགས་བམ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་པདྨ་འབྱུང༔ ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ལས་ཅན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང༔ མ་འོངས་དོན་ལྡན་འགྲོ་ཀུན་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་། ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་། གནས་གསུམ་དབང་བསྐུར་ནས་ལག་པར་གཏད། དབུགས་དབྱུང་བ་གཟེངས་བསྟོད་པ་དང་། དུང་འབུད་པ་དར་འཕྱར་བ་སོགས་དངོས་སམ་ཡིད་ཀྱི་སྒོ་ནས་སློབ་མའི་ངོ་སྐལ་དང་འཚམ་པར་བསྒྲུབ་བོ། །དེ་ནས་དྲུག་པ་གཏེར་སྲུང་མཁའ་འགྲོའི་སྲོག་གཏད་ནི། མཁའ་འགྲོའི་གཏོར་མ་སེང་གདོང་མར་བསྐྱེད་བསྟིམ་མཆོད་བསྟོད་བྱས་ནས། ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་ཕྱི་ནང་གི་གཏེར་སྲུང་རྣམས་ཀྱིས་སྐལ་ལྡན་འདི་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་མཛད་དུ་གསོལ། ཞེས་གཏོར་མ་གནས་གསུམ་དང་ལག་པར་གཏད་པ་ཅི་རིགས་པ་བྱའོ། །དེ་ནས་བདུན་པ་ལྟ་བའི་རྩལ་དབང་ནི། དབང་གཞུང་ལས། གུད་དུ་སྦས་པ་སླར་ཚིག་དབང་རིན་པོ་ཆེས་དོན་གྱི་ངོ་བོ་བསྟན་པ༔ ཞེས་གསུངས་ཏེ། དེས་ན་འདི་བསྐུར་ཡུལ་སློབ་མ་སྔོན་འགྲོ་ཐུན་མོང་ཐུན་མིན་གྱིས་རྒྱུད་སྦྱངས་ཤིང་། སེམས་རྣལ་དབབ་སོར་གཞུག་གི་རྗེས་མཐུན་སྐྱེས་པ་ལ་འདི་སྟོན་པར་དགོངས་ནས་སླར་ཞེས་པའི་ཚིག་ནུས་དེས་སྟོན་པ་ཡིན་གྱི། དབང་བསྐུར་ཚུལ་རྒྱས་པ་ཕྱག་བཞེས་ཀྱིས་རྟོགས་དགོས་ལ། འདིར་རྩ་བ་གཏེར་གཞུང་ལྟར་བཀོད་པ་སྟེ། སློབ་མས་གསེར་གྱི་མཎྜལ་ཕུལ་ནས། ཡེ་ཤེས་དབབ་སྟེ། བུ་ཡི་སྙིང་གར་ཡི་གེ་ཨ་དཀར་པོ་སྲན་མ་ཙམ། ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བའི་སྟོབས་ཀྱིས་ལུས་ནམ་མཁར་ཡོད་པར་བསྒོམ། བླ་མས་ཐོད་རྔ་སྒྲོག་ཅིང་། ཨ་ནི་སྐྱེ་བ་མེད་པ་ལ༔ ལུས་ནི་ཡེ་ཤེས་ལྔ་ཡི་ལུས༔ ནམ་མཁའི་ཀློང་ལས་རང་གསལ་འབར༔ ལུས་མེད་ཉམས་ཀྱི་ངོ་བོར་ལྟོས༔ ཞེས་བརྗོད་པས་ཉམས་སྐྱེའོ༔ དེ་ནས་སློབ་བུ་རྣམ་སྣང་ཆོས་བདུན་བྱེད་དུ་བཅུག་སྟེ། ལྟ་སྟངས་དང་རིག་པ་ནམ་མཁར་གཏོད་ཅིག་བྱས་ལ། བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་པས་མི་མཐོང་ངང་དུ་ཞོག༔ ཁྱོད་ཀྱི་རིག་པ་ཕྱོགས་བཞིར་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ བུ་ཁྱོད་འདི་ཡི་རང་ཞལ་ལྟོས༔ འདི་ཞེས་མཚན་མར་མ་གྲུབ་ཀྱང༔ དེ་དོན་རྟོགས་ན་རྩལ་དབང་སྟེ༔ ཚེ་གཅིག་ཐར་ལམ་བགྲོད་པར་འགྱུར༔ རྒྱས་པར་འདོད་ན་སྲོག་ཕུར་ལེའུ་བཤད་པར་བྱའོ༔ འདི་ནི་གུད་དུ་སྦས་པས་སྒྲུབ་པ་ངེས་པར་བྱེད་པ་མ་གཏོགས་གཞན་ལ་མི་བསྐུར་དམ་པར་བྱ༔ ཞེས་གསུངས་པའི་དོན་རྣམས་ཚིག་ཙམ་མ་ཡིན་པར་བླ་མ་མྱོང་ལྡན་གྱིས་སློབ་མའི་རྒྱུད་ལ་ངོ་འཕྲོད་པར་གདམས་པ་ཡིན་གྱི། དོན་དེས་གོང་གི་ཚིག་དབང་སྐབས་སྲོག་ཕུར་ལེའུ་འདོན་ཞེས་པ་དང་འདིར་བཤད་པར་བྱའོ་ཞེས་པ་ཚིག་ནུས་ཆེ་ཆུང་ནི་འདིར་ཇི་བཞིན་པ་གོ་བ་ཙམ་དུ་མ་ཟད་མྱོང་ཐོག་ཏུ་གཏན་ལ་ཕབ་ཅིང་ཡེ་ཤེས་སྐྱེད་པར་བྱེད་པའི་ཆེད་དུ་ཞིབ་མོར་བཤད་ཅེས་པའི་དོན་ཡིན་ནོ། །དེ་ལྟར་འཆད་དབང་དང་། སྲུང་མའི་གཏོར་དབང་། རིག་པའི་རྩལ་དབང་རྣམས་གོ་རིམ་བཞིན་ནུས་པ་དང་། བསྲུང་བ་དང་། སྤེལ་བའི་དབང་སྟེ་སྐལ་བ་དང་ངེས་པར་ལྡན་པ་ལ་སྦྱིན་པར་བྱའོ། །དེ་ནས་རྗེས་དབང་གི་དམ་ཚིག་བསྒྲག་པ་ནི། དེ་ལྟར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ། དེ་ཡང་ཆོས་ཐམས་ཅད་ཀྱི་རྩེ་མོ་གསང་སྔགས་དེ་ཡི་མཐར་ཐུག་རྡོ་རྗེ་ཐེག་པ་ཡིན་ལ། དེ་ཡང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག །དམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་དང་། བྱེ་བྲག་སྙིང་པོར་གྱུར་པ་བླ་མའི་མོས་གུས་གནད་དུ་བསྣུན་པ་དང་། དེའི་མཚོན་བྱེད་དུ་གུ་རུའི་སྐུ་འབག །སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་མི་འབྲལ་བར་བཅང་བ། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ལ་སོགས་བླ་མའི་སྒྲུབ་པ་ལ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །དང་གཏང་རག་མཎྜལ། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། ལུས་འབུལ། བསོད་ནམས་འདི་ཡིས་སོགས་དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་ཚོགས་ལ་རོལ་ཞིང། ལྷག་ཆོག་སོགས་རྗེས་ཀྱི་བྱ་བ་ལས་བྱང་བཞིན་བྱའོ། །འདིར་སྨྲས་པ། ཟབ་མོའི་ཆོས་འདི་གངས་ཅན་རི་བོའི་ཁོངས། །རིས་མེད་ཐ་གྲུར་རླུང་བཞིན་གྲགས་གྱུར་ཅིང་། །མཆོག་དམན་དུ་མས་ཆོག་ཁྲིགས་མང་མཛད་ན། །བདག་ལྟས་ངལ་བ་བསྐྱེད་པས་ཅི་ཞིག་བྱ། །འོན་ཀྱང་དབང་བསྐུར་རབ་དབྱེའི་བརྡའ་དོན་གནད། །མ་ཤེས་རྫས་ཙམ་ཁོ་ན་ཡུལ་ཡུལ་པོས། །བྱང་ཆུབ་ཉེ་ལམ་རྩ་བ་སྨིན་བྱེད་དབང་། །འགྲུབ་པར་ནུས་མིན་དེ་བས་ཐར་འདོད་ཀུན། །ནན་ཏན་ཆེན་པོས་དབང་ལ་བརྩོན་པར་རིགས། །དེས་ན་ཡོངས་འཛིན་མགོན་གྱི་དགོངས་བསྐང་སླད། །དབང་ཆོག་མ་ནོར་ཇི་བཞིན་ལེགས་བཤད་འདི། །མགོན་པོ་ཉིད་ཀྱི་མཐུ་ལས་བདག་གིས་སྨྲས། །དགེ་དེས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སངས་རྒྱས་པད་འབྱུང་བསྟན་ལ་ཉེར་ཞུགས་ཤིང་། །དམ་ཚིག་རྣམ་དག་སྨིན་གྲོལ་བདུད་རྩིར་སྤྱོད། །འཆི་མེད་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཆོག་བཀླགས་པས་གྲུབ་པ་གུ་རུའི་དགོངས་གསལ་ཞེས་པ་འདི་ཡང་། དཔལ་ལྡན་སྟོད་འབྲུག་བཀའ་རྒྱུད་ཀྱི་སྡོང་པོ་སྐྱེས་མཆོག་འབར་ར་བའི་ཁྲིར་བཞུགས་ཤིང་རང་གི་སློབ་མ་དམ་པ་མང་ཡུལ་སྐྱིད་རོང་འཛམ་གླིང་བླ་མ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོས་ཁོ་བོའི་ངག་སྒྲོས་ཟིན་བྲིས་བྱས་འདུག་པ་དེ་ལ་ཞུ་དག་གིས་ལེགས་པར་གཏན་ལ་ཕབ་པར་བྱས་པ་འདི་ནི། རིག་པ་འཛིན་པ་ཚེ་དབང་ནོར་བུ་འགྲོ་འདུལ་རྡོ་རྗེ་སེམས་དཔའ་རྩལ་གྱིས་ཆོས་འདི་ཉམས་སུ་ལེན་པར་འདོད་པ་རྣམས་ལ་ཤིན་ཏུ་མཁོ་ཞིང་ཕན་ཆེ་བར་མཐོང་ནས་རབ་བྱུང་བཅུ་གཉིས་པའི་ནང་ཁོངས་དྲག་པོ་ལྕགས་སྤྲེལ་གསར་དུ་ཤར་ཉེ་བ་རྒྱལ་ཟླའི་ཉེར་གསུམ་གྱི་ཐུན་མཚམས་སུ་གྲུབ་པར་སྦས་ཡུལ་པདྨ་བཀོད་པའི་འདབས་ཀློ་ལམ་དཀར་ནག་གི་དབུས། རྟག་བརྟན་རིན་ཆེན་དེའུ་ཡི་རྩེར་བཀོད་པ་སྟེ་ཡི་གེའི་རིས་བྱེད་དགེ་ཚུལ་ཤེས་རབ་བསྟན་འཛིན་ནོ། །འདིས་ཀྱང་ཆོས་འདིར་ཞུགས་རྣམས། །གྲོལ་འབྲས་མངོན་དུ་བྱེད་པའི། །སྨིན་བྱེད་གསོས་སུ་གྱུར་ནས། །དོན་གཉིས་ལྷུན་གྲུབ་ཤོག་ཅིག །དགེའོ།། །།

རྟིལ་བསང་ཡིད་བཞིན་ནོར་བུ་ (Volume 51, Text 18)

རྟིལ་བསང་ཡིད་བཞིན་ནོར་བུ་ནི། ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །བསང་གི་རྒྱུ་ནི་ཇི་ལྟར་སྲིད། །ཀུན་ཁྱབ་ཀུན་བཟང་མཁའ་ཀློང་ནས། །ཡུམ་ཆེན་ལྔ་ཡི་ཆོ་འཕྲུལ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་བ་ལྔ་ཡི་དྭངས་མ་ལས། །དྲི་བཟང་ཤིང་རྩི་སྣ་དགུ་འཁྲུངས། །སུར་དཀར་དུང་ལོ་ལྷ་ཡི་ཤིང་། །ཉ་བྲིད་སྤེན་མ་གཉན་གྱི་ཤིང་། །འོམ་བུ་བདུད་རྩི་ཀླུ་ཡི་ཤིང་། །མཁན་པ་དཀར་པོ་ཞི་བའི་ཤིང་། །སྟག་པ་སེར་པོ་རྒྱས་པའི་ཤིང་། །སྨན་ཤིང་སེ་བ་དབང་གི་ཤིང་། །ཤུག་པ་གཡུ་ལོ་དྲག་པོའི་ཤིང་། །ཐང་ལོ་ཀླུ་གཉན་དགའ་བའི་ཤིང་། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་འོ་ཞོ་ཇ་ཆང་ཕུད། །བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །དྷཱི་ལས་ལྷ་མོ་བདུག་སྤོས་མ། །དུད་པའི་ལྷ་མོ་སྐུ་མདོག་སྔོ། །ཕྱག་གཡས་བདུད་རྩིའི་བུམ་པ་ཡིས། །ལྷ་སྲུང་གྲིབ་ཀྱིས་ཕོག་པ་བཀྲུ། །ཕྱག་གཡོན་སྨན་གྱི་གཞོང་པ་ནས། །དྲི་ཞིམ་སྤོས་དུད་དཔག་མེད་འཕྲོ། །དུད་པ་སྤོས་ཀྱི་འཁྲི་ཤིང་གིས། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཁྱབ། །དུ་བའི་ཆ་ཤས་རེ་རེ་ལས། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་བཟའ་བཏུང་སོགས། །འཛད་མེད་ནམ་མཁའི་ཆར་བཞིན་འབེབ། །དེ་འདྲའི་དཔག་མེད་བསང་མཆོད་འདིས། །ལྷ་དང་སྲུང་མ་ཐམས་ཅད་བསང་། །ཀྱཻ། འགྲོ་བ་ཀུན་ལ་བུ་ལྟར་བརྩེ། །སྟོན་པ་ཤཱཀྱ་ཐུབ་པ་བསང་། །ས་གནས་སེམས་དཔའ་ཐུགས་རྗེ་ཅན། །ཅང་ཤེས་ཉི་མའི་སྙིང་པོ་བསང་། །རྟ་བདུད་འདུལ་མཛད་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྟ་མགྲིན་རྒྱལ་པོ་བསང་། །རྡོ་རྗེ་ཁྲོ་བོ་རེ་མནྟ། །རྔོག་ཆགས་ཡོངས་ཀྱི་སྲུང་མ་བསང་། །ལྷ་ཡི་སོ་པ་སྤྱན་རྣོན་པོ། །དཔལ་རབ་འཆང་བའི་མགོན་པོ་བསང་། །ཨཱརྱ་ཀྲོ་དྷ་རེ་མནྟ། །ས་གནས་སེམས་དཔའ་ཆེན་པོ་བསང་། །གཞོན་ནུ་ཨཱརྱ་རེ་མནྟ། །ཉི་མའི་སྲས་པོ་ཆེན་པོ་བསང་། ཁྲོ་བོ་ཆེན་པོ་རེ་མནྟ། །རྟ་སྲི་རྟ་འདྲེ་འདུལ་མཛད་བསང་། །ལྷ་དམག་འབུམ་གྱི་ལམ་མཁན་ཏེ། །ལམ་ལྷ་ཆེན་པོ་འཁོར་བཅས་བསང་། །ཉི་མ་ཁྱེར་ནས་གླིང་བཞི་བསྐོར། །རླུང་རྟ་བདུན་གྱི་བདག་པོ་བསང་། །ལྷ་མིན་གཡུལ་ལས་རབ་ཏུ་རྒྱལ། །དགྲ་བླ་ཡོངས་ཀྱི་རྗེ་བོ་བསང་། །དཔལ་དང་གྲགས་པ་གཟི་བརྗིད་ལྡན། །འཕགས་པ་རྟ་ཡི་རྒྱལ་པོ་བསང་། །མཐུ་དང་རྫུ་འཕྲུལ་ནུས་པར་ལྡན། །བསྟན་སྲུང་གནོད་སྦྱིན་ཆེན་པོ་བསང་། །དངུལ་རྨོག་གསེར་ཁྲབ་རྟ་སྔོན་ཅན། །མཚོན་ཆ་སྣ་ཚོགས་བསྣམས་པ་བསང་། །སྟེང་ནས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་ཁྱུང་ཆེན་འབར་བ་བསང་། །ཕྲག་གོང་གཉིས་ནས་སྤྲུལ་པ་ནི། །ལྕགས་ཀྱི་བྱ་ཁྲ་འབར་བ་བསང་། །རྒྱབ་ནས་སྤྲུལ་པའི་སེང་ཆེན་ནི། །འགྱིང་ཞིང་གཡུ་རལ་སྤྲུགས་པ་བསང་། །མདུན་ནས་སྤྲུལ་པའི་སྟག་མོ་ནི། །འགྲོལ་ཞིང་རྒྱུག་མདུར་བྱེད་པ་བསང་། །འཁོར་ནི་རང་འདྲ་ལྔ་བརྒྱའི་ཚོགས། །ཞུབ་ཅན་རྟ་སྔོན་ཞོན་པ་བསང་། །དཔལ་འབྱོར་བདག་པོ་རྟ་ཡི་ལྷ། །གནོད་སྦྱིན་གང་བ་བཟང་པོ་བསང་། །རྟ་ནོར་དངོས་གྲུབ་ཀུན་གྱི་བདག །རྡོ་རྗེ་རྣམ་ཐོས་སྲས་པོ་བསང་། །རྟ་འདྲེ་རྟིལ་སྲི་འདུལ་མཛད་པ། །རྟ་ལྷ་མགོན་པོ་ནག་པོ་བསང་། །ཟླ་བའི་སྲས་པོ་རྟ་ཡི་ལྷ། །གནོད་སྦྱིན་ཀུ་བེ་ར་ཡང་བསང་། །སྤྲུལ་པའི་གནོད་སྦྱིན་ཀུ་བེ་ར། །ནོར་ལྷ་བྱེ་བའི་ཚོགས་བཅས་བསང་། །དེ་ལྟར་བསངས་པའི་ཡོན་ཏན་གྱིས། །རྟ་དྲེལ་རྔོག་ཆགས་ཐམས་ཅད་ལ། །གནོད་པའི་ནད་གདོན་ཞི་བར་མཛོད། །རྟ་དྲེལ་རྔོག་ཆགས་འཕེལ་བ་དང་། །ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད། །རྟ་དྲེལ་རྔོག་ཆགས་རྒྱས་པ་ཡི། །རྟ་གཡང་དངོས་གྲུབ་བདག་ལ་སྩོལ། །གནོད་བྱེད་གོད་འདྲེ་རྟིལ་སྲི་རྣམས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །གློ་བུར་དགྲ་རྐུན་གནོད་པ་ཟློགས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཀྱེ། ཡང་ཅིག་བསང་ཞིང་མཆོད་པ་ནི། །སྔོན་གྱི་བསྐལ་པ་དང་པོ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། །ཕྱག་སེན་རྫི་མ་སོ་ཞོ་དང་། །ཞལ་མཆིལ་བླུགས་ནས་སྨོན་ལམ་བཏབ། །རིན་ཆེན་ཤེལ་སྒོང་དཀར་པོ་བྱུང་། །སྒོ་ངའི་ཕྱི་ཤུན་ལས་བྱུང་བ། །གོར་བུ་རྟ་ཡི་རྟ་བླ་བསང་། །སྒོ་ངའི་བར་ཤ་ལས་བྱུང་བ། །མདོ་བ་རྟ་ཡི་བླ་བྲག་བསང་། །སྒོ་ངའི་སྒོང་ཆུ་ལས་བྱུང་བ། །མདོ་བ་རྟ་ཡི་བླ་མཚོ་བསང་། །མཚོ་ལ་ཤིང་སྡོང་དཀར་པོ་སྐྱེས། །རྔོག་ཆགས་རྟ་ཡི་བླ་ཤིང་བསང་། །ཤིང་རྩེ་མུ་ཏིག་ཤེལ་རུ་དང་། །སྤྲུལ་པའི་བྱ་ཁྲ་བཅུ་གསུམ་བསང་། །རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀྱི། །ལུས་ལ་གནས་པའི་ལྷ་རྣམས་བསང་། །ཕྲུམ་ཕྲུམ་སྟེང་ན་ཁྲ་གཉིས་གནས། །སྤྱི་རྗེ་ཀུན་ཁྱབ་དགྲ་བླ་བསང་། །སྙིང་མཚེར་གཉིས་ན་ཁྲ་གཉིས་གནས། །སྙིང་དཔའ་ཐོབ་པའི་དགྲ་བླ་བསང་། །སྤྱན་མིག་གཉིས་ན་ཁྲ་གཉིས་གནས། །སྣང་གསལ་འོད་ཀྱི་དགྲ་བླ་བསང་། །དཔུང་པ་གཉིས་ན་ཁྲ་གཉིས་གནས། །རྟ་དགྲ་འདུལ་བའི་དགྲ་བླ་བསང་། །ལག་རྨིག་གཉིས་ན་ཁྲ་གཉིས་གནས། །ས་དགྲ་ཐུལ་བའི་དགྲ་བླ་བསང་། །སྒལ་ཚིགས་གཉིས་ན་ཁྲ་གཉིས་གནས། །རླུང་བས་མགྱོགས་པའི་དགྲ་བླ་བསང་། །རྩིབ་ལོགས་གཉིས་ན་ཁྲ་གཉིས་གནས། །བྱ་བས་མགྱོགས་པའི་དགྲ་བླ་བསང་། །མགྱོགས་པ་བྱ་བཞིའི་དགྲ་བླ་བསང་། །དགྲ་བླ་དུང་བྱ་དཀར་མོ་བསང་། །མགྱོགས་པ་བྱ་ཞོན་དགྲ་བླ་དང་། །མགྱོགས་པ་རླུང་ཞོན་དགྲ་བླ་བསང་། །སྲིད་པ་རྔོག་ཆགས་སྲུང་མ་དང་། །སྲིད་པའི་རྟ་ལྷ་ཐམས་ཅད་བསང་། །རྟ་ལྷ་ཉམས་པ་ཐམས་ཅད་གསོ། །རྟ་ལྷ་རྨུགས་པ་ཐམས་ཅད་བསང་། །རྟ་ལྷ་རྒུད་པ་ཐམས་ཅད་གསོ། །རྟ་ལྷ་བྱིང་བ་ཐམས་ཅད་བསང་། །རྟ་ལྷའི་ངོ་སོ་གྱེན་དུ་བསྟོད། །རྟ་ལྷ་མནོལ་པ་ཐམས་ཅད་བསང། །རྟ་ལྷའི་དབུ་འཕང་གྱེན་དུ་བསྟོད། །རྟ་ལྷ་མཉེས་ཤིང་ཚིམས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག །ཀྱེ། རྟ་ལྷ་གཉན་པོ་ཁྱེད་རྣམས་ལ། །བསང་མཆོད་དམ་པ་འདི་ཕུལ་བས། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་ཀྱང་། །རྟ་དྲེལ་རྔོག་ཆགས་འདི་རྣམས་ལ། །རྟག་ཏུ་སྲུང་ཞིང་སྐྱོབ་པར་མཛོད། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །རྟ་འདྲེ་རྟིལ་སྲིའི་ཁ་ཁོག་ལ། །རྟ་ནད་འཚེར་བཅུའི་ངོ་ལོངས་ཤིག །དགྲ་རྐུན་གཅན་གཟན་ཁ་ཁོག་ལ། །འགོང་པོ་ལམ་དགྲའི་ངོ་ལོངས་ཤིག །ལྷད་དང་སྡོམ་གྱི་ཁ་ཁོག་ལ། །ཟེར་མ་གདོན་ནད་ངོ་ལོངས་ཤིག །རྟ་ནད་ཀུན་གྱི་ཁ་ཁོག་ལ། །གདོན་རིགས་ཀུན་གྱི་ངོ་ལོངས་ཤིག །ཀྱེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །རྔོག་ཆགས་རྣམས་ལ་བསྐྱབ་ཏུ་གསོལ། །ཅང་ཤེས་ཉི་མའི་སྙིང་པོ་ཡིས། །རྟ་རྣམས་ཀུན་ལ་ཐུགས་རྗེས་སྐྱོབས། ཁྲོ་བོ་རྟ་མགྲིན་རྒྱལ་པོ་ཡིས། །རྔོག་ཆགས་རྣམས་ལ་སྲུང་དུ་གསོལ། །འཕགས་པ་རྡོ་རྗེ་རེ་མནྟས། །རྔོག་ཆགས་སྲུང་ཞིང་སྐྱོབ་ཏུ་གསོལ། །དཔལ་རབ་འཆང་བའི་མགོན་པོ་ཡིས། །རྟ་ཡི་ནད་རྣམས་ཞི་བར་མཛོད། །འཕགས་པ་ཨཱརྱ་རེ་མནྟས། །རྟ་དྲེལ་འཕེལ་ཞིང་རྒྱས་པར་མཛོད། །གཞོན་ནུ་ཉི་མའི་སྲས་པོ་ཡིས། །རྟ་གཡང་དངོས་གྲུབ་དབང་དུ་སྡུས། ཁྲོ་བོ་ཆེན་པོ་རེ་མནྟས། །རྟ་ལ་གནོད་བྱེད་རྡུལ་དུ་རློགས། །དཔལ་འབྱོར་གང་བ་བཟང་པོ་ཡིས། །རྟ་གཡང་དཔལ་དང་འབྱོར་པ་སྤེལ། །རྡོ་རྗེ་གནོད་སྦྱིན་རྣམ་ཐོས་སྲས། །རྟ་དྲེལ་ལོངས་སྤྱོད་རྒྱས་པར་མཛོད། །མགོན་པོ་ནག་པོ་རྟ་ཡི་ལྷས། །རྟ་ལ་གནོད་པའི་དགྲ་བགེགས་ཐུལ། །ཀུ་བེ་ར་ནི་རྟ་ཡི་བདག །རྟ་ཡི་བདག་པོས་འཚོ་སྐྱོང་མཛོད། །འཇིག་རྟེན་སྲིད་པའི་རྟ་ལྷ་རྣམས། །རྟ་ཡི་སྲུང་སྐྱོབ་མེལ་ཚེ་མཛོད། །རྟ་ཡི་ལུས་ལྷ་གཉན་པོ་རྣམས། །རྟ་ལ་རྟེན་ཆོས་སྲུང་སྐྱོབ་མཛོད། །རྟ་ལྷ་རྟ་དང་མ་འབྲལ་ཅིག །དྲེལ་ལྷ་དྲེལ་དང་མ་འབྲལ་ཅིག །ནོར་ལྷ་ནོར་དང་མ་འབྲལ་ཅིག །དགྲ་བླ་མི་དང་མ་འབྲལ་ཅིག །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ལྷ་རྒྱལ་ལོ། །ཞེས་པ་རྟིལ་བསང་འདི་གྲགས་ཆེ་བར་འདུག་ཀྱང་འདི་འདོན་གྱི་ངེས་ཆ་མི་འདུག་པས་ཨ་རཱ་གས་འཕྲལ་དུ་བྲིས་པ་ལ་ཉེས་འགལ་གང་མཆིས་བཤགས་ཤིང་དགེ་བས་འགྲོ་བ་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །མངྒ་ལཾ།། །།

འོད་དཔག་མེད་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བསྐུར་བ་རིན་ཆེན་འཁོར་ལོའི་ལས་རིམ་གསལ་བར་བྱེད་པ་བདུད་རྩིའི་ཟ་མ་ཏོག་ (Volume 21, Text 18)

༄༅། །འོད་དཔག་མེད་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བསྐུར་བ་རིན་ཆེན་འཁོར་ལོའི་ལས་རིམ་གསལ་བར་བྱེད་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། ཞིང་ཁམས་རྒྱ་མཚོར་མཚན་ཙམ་གྲགས་པས་ཀྱང་། །སངས་རྒྱས་ཕྲིན་ལས་མཛད་པའི་སྨོན་ལམ་སྟོབས། །དུས་གསུམ་རྣམ་འདྲེན་བྱེ་བས་མི་བསྒྲུན་པ། །བདེ་ལྡན་ཞིང་གི་མགོན་པོར་ལན་བརྒྱར་འདུད། །དེ་སྒྲུབ་མཆོག་གྱུར་བླ་མེད་སྔགས། །ཡི་དམ་དགོངས་པ་འདུས་པའི་བཅུད། །གྲོལ་བ་བཞི་ལྡན་ཤུལ་ལམ་འདིར། །ཞུགས་ནས་བདེ་ཆེན་གྲོང་འཇུག་འཚལ། །བཅོམ་ལྡན་འདས་འོད་དཔག་མེད་ཀྱི་དཀྱིལ་འཁོར་ཆེན་པོར་ཚེའི་དབང་མཆོག་རིན་པོ་ཆེའི་འཁོར་ལོ་བགྱི་བར་འདོད་པས། ཡར་ངོ་གཟའ་སྐར་སྦྱོར་བྱེད་བཟང་པོའི་དུས་སུ་བཀྲ་ཤིས་པའི་གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པར། སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམ་བཞུགས་པའི་མདུན་དུ་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ། མ་འཛོམ་ན་མཎྜལ་ལ་དྲི་བཟང་གི་ཐིག་ལེ་དང་ཚོམ་བུ་ལྷ་གྲངས་གཙོ་འཁོར་ཕྱེད་པར་བཀོད་པའི་སྟེང་དུ་དབུས་དང་ཕྱོགས་བཞིར་ཁྲིའུ་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་མཐིང་སེར་དམར་ལྗང་གུ་ཅན་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཀོད། དེ་ལྔའི་མདུན་དུ་མར་ཟན་ལས་བཅོས་པའི་ཚེ་བུམ་རིགས་ལྔའི་ཕྱག་མཚན་དང་ས་བོན་གྱིས་མཚན་པ་ལྔ་བཞག །གཙོ་བུམ་གྱི་རྒྱབ་ཕྱོགས་སུ་རྩ་གཏོར་ནི་རིན་པོ་ཆེའི་སྣོད་དུ་པདྨ་འདབ་བརྒྱད་གྱེན་ལངས་འཁོར་རྩིབས་ཀྱི་རྣམ་པའི་སྟེང་དུ་རིན་ཆེན་ཟུར་བརྒྱད། དེའི་སྟེང་ཉི་ཟླའི་གའུ་ཁ་སྦྱར། དེ་སྟེང་བླ་གཏོར་པད་འདབ་བཞི་པ་གདན་གྱི་པདྨ་འདབ་བརྒྱད་སྟེང་ཟླུམ་གཏོར་བརྒྱད་དང་བར་མཚམས་རིལ་བུ་བརྒྱད་སེམས་དཔའ་ཡབ་ཡུམ་མཚོན་བྱེད་རྒྱན་སྤྲོས་གང་མཛེས་བྱས་པ་བཞག །ཚེ་དཔག་མེད་ཡབ་ཡུམ། རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཐུབ་དྲུག །སྒོ་མ་བཞི་རྣམས་ཀྱི་ཙཀླི་གཙོ་བུམ་གྱི་མདུན་དུ་བཀོད། དེ་རྒྱབ་ཚེ་འབྲང་ཟན་ཟླུམ་པོའི་སྟེང་གཏོར་ཟླུམ་ལྡིར་པོ་རྩེ་ལེབ་པད་འདབ་བཞི་ལྡན་གྱི་རྩེ་དྲང་པོར་མདའ་དར་ཆུང་ངུ་དཀར་སེར་དམར་ལྗང་བཞི་བཙུགས་པ་ལ་རྭ་དབུས་མ་བྱས་ཏེ་མར་གྱི་རྡོ་རྗེ་ཕྱེད་པས་བརྒྱན་པ་བཞི་ཕྱོགས་བཞིར་བཀོད། མཚམས་བཞིར་རལ་གྲི་བཞི་བཙུགས། ཚེ་ཆང་མར་གྱི་ཟེད་ཁ་ཅན་དང་། དམ་རྫས་སྨན་སྣ་བསྲེས་པའི་ཚེ་རིལ། ཤེལ་རྡོའམ་མེ་ལོང་རྡོ་རྗེ། རྒྱལ་སྲིད། རྟགས་བརྒྱད། རྫས་བརྒྱད་ཀྱི་ཙཀླི་རྣམས་ཀྱང་ཅི་བདེར་བཀོད། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སོགས་སྤྱི་ལྟར་བཤམ། ལས་བུམ། མིག་དར་མེ་ཏོག །དམ་ཆུ། མདའ་དར། ལས་བྱང་ལ་མཁོ་བའི་གཏོར་ཚོགས་རྣམས་ཀྱང་འདུ་བྱའོ། །འདི་ལ་ཚེ་སྒྲུབ་ཆེན་མོ་དང་འབྲེལ་བའི་བཅའ་གཞི་རྒྱས་པ་བྱེད་ན་གཞི་སྟེགས་ལ་དཀྱིལ་འཁོར་བཀྲམ། དེ་སྟེང་འཁྲུལ་སྟེགས་བང་རིམ་ཅན་ལ་གོང་གསལ་དབང་རྫས་རྣམས་དང་མཐའ་སྐོར་བརྒྱ་མཆོད་རྒྱས་པར་བཤམ་པའི་ཕྱག་སྲོལ་ཡོད་པ་དང་། མགྱོགས་དབང་ལྟ་བུར་ཤིན་ཏུ་བསྡུ་ན། བུམ་པ་ཚེ་གཏོར་རེ་རེ་ཙམ་དང་། མདའ་དར། ཚེ་རིལ་ཆང་ཙམ་ལ་བརྟེན་ཆོག་པ་གཏེར་གཞུང་དུ་དངོས་སུ་གསལ་བ་ལྟར་རོ། །དེ་ནས་བདག་མདུན་སྒྲུབ་པ་ནི། བརྒྱུད་འདེབས། སྔོན་གཏོར་ཆ་གཉིས་པའམ། སྙིང་པོ་དོན་སྦྱོར་ལས་འབྱུང་བའི་དཀར་གཏོར་གཏང་། ལས་བྱང་གསེར་ཕྲེང་གི་བཀའ་བསྒོ་ནས་མཆོད་པ་བྱིན་རླབས་བར་སོང་ནས། རྟ་མགྲིན་ཡི་གེ་དྲུག་པའི་ལས་བྱང་བསྟོད་པའི་བར་གྱིས་བདག་བསྐྱེད་བྱ། མདུན་བསྐྱེད་ལས་བྱང་སྔ་མའི་འཕྲོས་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་བར་གྱིས་དཀྱིལ་འཁོར་བསྐྱེད་བསྟིམ་ཡན་ལག་བཅས་སོང་ནས། སྤྱི་ལ་ཕྱི་སྒྲུབ་ཀྱི་བུམ་བསྐྱེད་དང་། ཚེ་སྒྲུབ་ལ་ནང་སྒྲུབ་སྐབས་འདིར་སྦྱར་ནས་བཟླས་དམིགས་དང་བཟླས་པ་ཕྱོགས་སུ་མཛད་སྲོལ་ཡོད་ཀྱང་། དབང་བསྐུར་དཀྱུས་འགྲེ་ལ་བཟླས་དམིགས་སྤྱི་མཐུན་ཙམ་དང་། བུམ་པ། ཚེ་ཟན་རྣམས་ལའང་རིགས་ལྔ་སྐད་ཅིག་གིས་གསལ་བཏབ་ཅིང་སྤྲོ་བསྡུའི་དམིགས་པ་སྤྱི་ལྟར་བྱས་ལ། གཙོ་སྔགས། བདག་བསྐྱེད་སྔགས། མཚན་སྔགས་རྣམས་ཆ་མཉམ་དང་། འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གཟུངས་སྔ་མའི་ཕྱེད་ཆ། དག་བྱེད། བདག་མདུན་སྦྲེལ་མ། གཟུངས་སྔགས་གསུམ་པོ་སྐབས་འདིར་ཅི་འགྲུབ་རེ་བཟླས་པས་ཆོག །སྐབས་འདིར་མདུན་གྱི་ཚེ་རྫས་རྣམས་ལ་སྲིད་ཞིའི་ཚེ་བཅུད་བསྡུ་བའི་དམིགས་པ་བཅས་ཟུར་གསལ་ཚེ་འགུགས་རྒྱས་པ་སྦྱར་ན་ལེགས་པར་སེམས་སོ། །མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ཁ་བསྐངས་སྒྲུབ་ཐབས་པདྨའི་སྡོང་པོ་ལྟར་སྤྱན་འདྲེན་ནས་བསྟོད་པའི་བར་གཏང་སྲོལ་ཡོད་ཀྱང་མི་ནུས་ན་སྟོང་ཚིགས་མཆོད་བསྟོད་སྤྱི་འགྲེ་ཕུལ། བུམ་ལྷ་འོད་ཞུ་དང་ལས་བུམ་དུ་རྟ་མགྲིན་ནམ་རྡོར་སེམས་བསྐྱེད་བཟླས་བྱ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བཏབ་བར་དུ་གཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ། །དབང་བསྐུར་བ་ལ་གསུམ། འཇུག་པ་དང་དངོས་གཞི་རྗེས་སོ། །དང་པོ་ནི། སློབ་མ་རྣམས་ཡི་གེ་བརྒྱ་པའི་ཁྲུས་ནས་ཕྱུང་གོས་རྒྱན་གསར་པ་བགོས་ནས་གྲལ་དུ་འཁོད་པ་ལ། སློབ་དཔོན་གྱིས། མ་གྱུར་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པ་ཐམས་ཅད་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཅིང་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་བྱ་ཆོས་ཀྱི་རྣམ་གྲངས་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོའི་རྒྱལ་ཚབ་བླ་མེད་ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་ཡོངས་ཀྱི་མངའ་བདག་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད། གངས་ཅན་བོད་ཀྱི་ཡུལ་དུ་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་ནས་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། སྐལ་ལྡན་མཆོག་རྣམས་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེན་བསྐོར། ཁྱད་པར་དུ་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་རྒྱུད་ལུང་མན་ངག་མཐའ་དག་སྐལ་ལྡན་རྣམས་ལ་སོ་སོར་བསྩལ་པའི་ཚེ་ཨ་ནུ་ཡོ་གའི་སྐོར་འདི་རྣམས་གཞོ་སྟོད་ཏི་སྒྲོའི་གནས་སུ་ཇོ་མོ་མཚོ་རྒྱལ་ལ་བསྟན་ཅིང་ཕྱིས་བསམ་ཡས་མཆིམས་ཕུ་དང་དབུ་རྩེའི་ཕོ་བྲང་དུ་རྗེ་འབངས་བཅུ་བདུན་ལ་ཆོས་བཀའ་ཡོངས་རྫོགས་ཀྱི་སྨིན་གྲོལ་མཛད་ཅིང། མ་འོངས་ལས་འཕྲོ་ལྡན་པའི་གང་ཟག་རྣམས་ཀྱི་ཆེད་དུ་རེ་ཞིག་དགའ་བ་ཚལ་གྱི་གནས་སུ་གཏེར་དུ་སྦས་པ་དུས་ཕྱིས་ཨཱརྻ་སྨྲ་སེང་བློ་གྲོས་ཀྱི་རྣམ་འཕྲུལ་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེས་སྤྱན་དྲངས་པའི་འོད་དཔག་མེད་ཀྱི་ཆོས་སྐོར་ལས།རིན་པོ་ཆེའི་འཁོར་ལོ་ཞེས་བྱ་བའི་ཚེ་དབང་ཟབ་མོ་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས།ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་ཞིང་ཁམས་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་གཉན་པོ་འདིར་མ་ཞུགས་པའམ་ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པས་གདོང་གཡོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མིག་དར། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཕྲེང་བ་རེ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་མགོན་པོ་ཚེ་དཔག་མེད༔ འོད་དཔག་མེད་པ་མགོན་པོའི་སྐུ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་ཕོངས་པའི་སེམས་ཅན་རྣམས༔ བར་ཆད་བདུད་ལས་སྐྱོབ་པ་དང༔ འཆི་བདག་དགྲ་ལས་རྒྱལ་བའི་ཕྱིར༔ བདག་ཅག་རྣམས་ལ་ཚེ་དབང་སྩོལ༔ ལན་གསུམ་ཞུ། ཞེས་གསོལ་བ་བཏབ་པས་ཐུགས་རྗེ་འཇུག་པའི་ཡུལ་དུ་གྱུར་པ་ལ། དམ་ཚིག་གི་ངེས་པ་དྲི་བ་འདི་ལ་གསན་འཚལ། ཧོ༔ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ ཞུགས་པའི་དམ་ལྡན་ཤིན་ཏུ་དཀོན༔ ཁྱེད་རྣམས་ལུས་སྲོག་ཞིག་གྱུར་ཀྱང༔ དམ་ཚིག་མནོས་པ་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་ཇི་སྐད་བསྒོས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་དམ་འཆའ་བ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་སྣོད་ལྡན་དམ་ཚིག་ཅན༔ ལས་དང་སྐལ་པར་ལྡན་པ་ལགས༔ གསང་བའི་དབང་མཆོག་བསྩལ་དུ་གསོལ༔ ཅེས་ལན་གསུམ་ཞུ། མ་གུས་ལོག་ལྟ་སྤང་བ་སོགས་བླ་མའི་སྐུའི་དམ་ཚིག་གཙོ་བོར་ལུས་ཀྱི་སྒོ་ནས་བསྲུང་བར་གྱིས་ཤིག །རྡོ་རྗེ་མགོར་བཞག་ལ། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ང་ཡིན་གྱིས༔ ང་ཡིས་བསྒོ་བའི་བཀའ་འདི་ལས༔ ཁྱེད་ཀྱིས་ཉམས་པར་མ་བྱེད་ཅིག༔ གལ་ཏེ་ཉམས་ན་རྡོ་རྗེ་འདིས༔ ཁྱོད་ཀྱི་ལུས་གཞིག་ཐལ་བར་འགྱུར༔ ཀཱ་ཡ་ས་མ་ཡ་བཛྲ་ཧཱུྃ༔ བསྙེན་སྒྲུབ་བཟླས་བརྗོད་ལ་བརྩོན་པ་སོགས་ཡི་དམ་གསུང་གི་དམ་ཚིག་གཙོ་བོར་ངག་གི་སྒོ་ནས་བསྲུང་བར་གྱིས་ཤིག །བདུད་རྩིའི་མནའ་ཆུ་སྦྱིན་ལ། ཧོ༔ དམ་ཚིག་བདུད་རྩིའི་ཆུ་འདི་ནི༔ བསྲུང་ན་ཡེ་ཤེས་བདུད་རྩིར་འགྱུར༔ སྡིག་པ་དག་ནས་སངས་རྒྱས་ཐོབ༔ ཉམས་ན་དམྱལ་བའི་ཆུ་ཡིན་ཏེ༔ མྱོས་ནས་ན་རག་གནས་སུ་སྐྱེ༔ ཝཱ་ཀ་ས་མ་ཡ་ཨ་མྲྀཏ་ཧཱུྃ༔ གསང་བཅུ་མཆུ་སྒོར་མི་དབྱུང་བ་སོགས་མཁའ་འགྲོ་ཐུགས་ཀྱི་དམ་ཚིག་གཙོ་བོར་ཡིད་ཀྱི་སྒོ་ནས་བསྲུང་བར་གྱིས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧོ༔ བདག་གི་ཡེ་ཤེས་སེམས་དཔའ་འདི༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ དམ་ཚིག་ཚུལ་བཞིན་བསྲུང་གྱུར་ན༔ མྱུར་དུ་སངས་རྒྱས་ས་ལ་བཀོད༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ ལྕགས་ཀྱི་སྡིག་པ་མགོ་དགུར་འགྱུར༔ སྙིང་ཁྲག་བཏུང་ནས་བརླག་པར་བྱེད༔ དེ་བས་དམ་ཚིག་ཚུལ་བཞིན་སྲུངས༔ ཙིཏྟ་ས་མ་ཡ་ཛཿཧཱུྃ༔ དེ་ལྟར་ཁྱེད་རང་རྣམས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་རིམ་པ་བཞིན་དུ་བཞག་པ་དེས་ད་ཕྱིན་ཆད་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་ན་མྱུར་དུ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་གྱུར་ནས་དངོས་གྲུབ་མཆོག་འཐོབ་པར་འགྱུར་ལ། དམ་ཚིག་མ་བསྲུང་ན་དམ་ཉམས་པའི་ཉེས་པས་ལུས་ངག་ཡིད་གསུམ་ཞིག་སྟེ་རྡོ་རྗེ་དམྱལ་བའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་བག་ཡོད་པར་མཛོད་ཅིག །ཅེས་པ་གདམས་ལ་སྤྲོ་ན་དམ་ཚིག་གི་བསླབ་བྱ་རྒྱས་པར་བཤད་དོ། །བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ འགྲོ་རྣམས་བསྒྲལ་འདོད་སོགས་ལས་བྱང་ལྟར་ལན་གསུམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འགྲོ་བ་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་སངས་རྒྱས་ཀྱི་ས་ལ་འགོད་པར་སྨོན་པ་དང་། དེའི་ཆེད་དུ་སྨིན་གྲོལ་གྱི་རིམ་པ་ལ་ཚུལ་བཞིན་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། ཤེས་རབ་སྙིང་རྗེ་སོགས་གསུམ། དེ་ལྟར་རྒྱུད་རྣམ་པར་དག་པར་གྱུར་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདག་ཅག་དམ་ཚིག་ཡིད་དུ་འོང༔ རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དུ༔ བདག་སོགས་བར་ཆད་བསལ་བ་དང༔ ཉོན་མོངས་བདུད་ལས་ཐར་སླད་དུ༔ དཀྱིལ་འཁོར་ཆེན་པོ་བསྟན་དུ་གསོལ༔ ལན་གསུམ་མཐར་ཡོལ་བ་ཕྱེ། དེ་ལྟར་གསོལ་བ་བཏབ་པས་ཁྱེད་རང་རྣམས་ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེས་ལམ་སྣ་ཁྲིད་ནས། དཀྱིལ་འཁོར་གྱི་ཤར་སྒོ་ནས་ནང་དུ་ཞུགས་ཏེ་ལྷ་ཚོགས་རྣམས་ལ་སྤོས་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ༔ རྡོ་རྗེ་འདུ་འབྲལ་མེད་པའི་ལྷ་ཚོགས་ལ༔ རང་རིག་དག་པའི་མེ་ཏོག་མཎྜལ་འབུལ༔ སྐབས་འདིར་མེ་ཏོག་འབུལ་བའི་ཚུལ་ཙམ་བྱ། དངོས་སུ་མི་འབུལ་བ་འོག་མ་གསུམ་ལའང་འགྲེ །བླ་མས་དཀྱིལ་འཁོར་ཤར་ཕྱོགས་པའི་ལྷ་ངོ་སྤྲད་ཅིང་དེའི་སྲས་སུ་དབང་བསྐུར་བར་མོས་ཤིག །གསང་ལྡན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལྟོས༔ རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ༔ སླར་ཁྱེད་རང་རྣམས་སྒོ་དེ་ནས་ཕྱིར་ཐོན་ཏེ་གཡས་སྐོར་གྱིས་ལྷོ་སྒོ་ནས་ནང་དུ་ཞུགས་ཏེ་ལྷ་ཚོགས་རྣམས་ལ་སྤོས་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། ཧཱུྃ༔ ལྔ་ལྡན་རིན་ཆེན་འབར་བའི་དཀྱིལ་འཁོར་དུ༔ རིན་ཆེན་འདུ་འབྲལ་མེད་པའི་ལྷ་ཚོགས་ལ༔ རང་རིག་དག་པའི་མེ་ཏོག་མཎྜལ་འབུལ༔ ཞེས་ཞུ། བླ་མས་དཀྱིལ་འཁོར་ལྷོ་ཕྱོགས་པའི་ལྷ་ངོ་སྤྲད་ཅིང་དེའི་སྲས་སུ་དབང་བསྐུར་བར་མོས་ཤིག །གསང་ལྡན་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ལྟོས༔ རིན་ཆེན་འདུས་པའི་སྲས་སུ་དབང་བསྐུར་རོ༔ ཡང་སྒོ་དེ་ནས་ཕྱིར་ཐོན་ཏེ་གཡས་སྐོར་གྱིས་ནུབ་སྒོ་ནས་ནང་དུ་ཞུགས་ཏེ་ལྷ་ཚོགས་རྣམས་ལ་སྤོས་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། ཧཱུྃ༔ ལྔ་ལྡན་པདྨ་འབར་བའི་དཀྱིལ་འཁོར་དུ༔ པདྨ་འདུ་འབྲལ་མེད་པའི་ལྷ་ཚོགས་ལ༔ རང་རིག་དག་པའི་མེ་ཏོག་མཎྜལ་འབུལ༔ ཞེས་ཞུ། བླ་མས་དཀྱིལ་འཁོར་ནུབ་ཕྱོགས་པའི་ལྷ་ངོ་སྤྲད་ཅིང་དེའི་སྲས་སུ་དབང་བསྐུར་བར་མོས་ཤིག །གསང་ལྡན་པདྨ་རིགས་ཀྱི་དཀྱིལ་འཁོར་ལྟོས༔ པདྨ་འདུས་པའི་སྲས་སུ་དབང་བསྐུར་རོ༔ ཡང་སྒོ་དེ་ནས་ཕྱིར་ཐོན་ཏེ་གཡས་སྐོར་གྱིས་བྱང་སྒོ་ནས་ནང་དུ་ཞུགས་ཏེ་ལྷ་ཚོགས་རྣམས་ལ་སྤོས་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། ཧཱུྃ༔ ལྔ་ལྡན་རལ་གྲི་འབར་བའི་དཀྱིལ་འཁོར་དུ༔ ཀརྨ་འདུ་འབྲལ་མེད་པའི་ལྷ་ཚོགས་ལ༔ རང་རིག་དག་པའི་མེ་ཏོག་མཎྜལ་འབུལ༔ ཞེས་ཞུ། བླ་མས་དཀྱིལ་འཁོར་བྱང་ཕྱོགས་པའི་ལྷ་ངོ་སྤྲད་ཅིང་དེའི་སྲས་སུ་དབང་བསྐུར་བར་མོས་ཤིག །གསང་ལྡན་ཀརྨ་རིགས་ཀྱི་དཀྱིལ་འཁོར་ལྟོས༔ རལ་གྲི་འདུ་འབྲལ་མེད་པའི་དབང་བསྐུར་རོ༔ ཡང་སྒོ་དེ་ཉིད་ནས་ཕྱིར་ཐོན་ཏེ་ཤར་སྒོ་ནས་ནང་དུ་ཞུགས་ཏེ་ལྷ་ཚོགས་རྣམས་ལ་སྤོས་དང་མེ་ཏོག་འབུལ་ཞིང་ཕྱག་འཚལ་བ་དང་། ཁྱད་པར་དུ་སྔོན་ཚེ་གང་ལ་སྦྱངས་པའི་རིགས་གང་ཡིན་པ་དེ་ལ་བབ་པར་གྱུར་ཅིག་སྙམ་པས་མེ་ཏོག་གི་ཕྲེང་བ་ལྟོས་མེད་དུ་འདོར་ཞིང་རྗེས་ཟློས་མཛོད། ཧཱུྃ༔ ལྔ་ལྡན་འཁོར་ལོ་འབར་བའི་དཀྱིལ་འཁོར་དུ༔ བདེ་གཤེགས་འདུ་འབྲལ་མེད་པའི་ལྷ་ཚོགས་ལ༔ རང་རིག་དག་པའི་མེ་ཏོག་མཎྜལ་འབུལ༔ ཞེས་བརྗོད་ལ་མེ་ཏོག་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་དུ་འདོར་བཅུག །ཅོད་པན་སླར་སྤྱི་བོར་བཞག་ལ། བླ་མས་དཀྱིལ་འཁོར་དབུས་ཕྱོགས་ཀྱི་ལྷའི་ངོ་སྤྲད་ཅིང་དེའི་སྲས་སུ་དབང་བསྐུར་བར་མོས་ཤིག །གསང་ལྡན་བདེ་གཤེགས་རིགས་ཀྱི་དཀྱིལ་འཁོར་ལྟོས༔ བདེ་གཤེགས་འདུས་པའི་སྲས་སུ་དབང་བསྐུར་རོ༔ ཞེས་བརྗོད་ལ་གསང་མཚན་ཤར་སོགས་རིམ་བཞིན། རྡོ་རྗེ་འདུས་པ་རྩལ༔ རིན་ཆེན་དངོས་གྲུབ་རྩལ༔ པདྨ་བདེ་གཤེགས་རྩལ༔ ཀརྨ་ནུས་ལྡན་རྩལ༔ བདེ་གཤེགས་ཚེ་དབང་རྩལ་ཞེས་གདགས་ཤིང་ལས་དང་དངོས་གྲུབ་མཐར་རིགས་སོ་སོར་འཚང་རྒྱ་བའི་ཚུལ་ལུང་བསྟན་པའམ། སྤྱི་ཙམ་དུ། དཀྱིལ་འཁོར་པ་ཐམས་ཅད་གཙོ་བོ་འོད་དཔག་མེད་ཀྱི་ཡེ་ཤེས་རོལ་པ་ལས་རང་རྒྱུད་ཐ་དད་དུ་གྲུབ་པ་མེད་པས་ཁྱེད་རང་རྣམས་ཀྱི་གསང་བའི་མཚན་དུ་བདེ་གཤེགས་ཚེ་དབང་རྩལ་ཞེས་བྱ་བར་ཟུངས་ཤིག །མེ་ཏོག་ཤར་ལྷོ་ནུབ་བྱང་དབུས་ཀྱི་ལྷ་གང་ལ་ཕོག་པ་དེ་དང་མཐུན་པར་ཞི་རྒྱས་དབང་དྲག་མཆོག་གི་དངོས་གྲུབ་འགྲུབ་ཅིང་། མཐར་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། པྲ་བེ་ཤ་ཡ་ཧོཿ ཞེས་མིག་ཐུར་གྱིས་གདོང་བསལ། དབང་གཞུང་འདིར་སློབ་མ་ལྷ་བསྐྱེད་དང་ཡེ་ཤེས་དབབ་པ་མ་གསུངས་ཀྱང་སྤྱིར་བླ་མེད་ཀྱི་དབང་རྣམས་ཐ་མལ་པ་ལ་བསྐུར་དུ་མི་རུང་བས་ལྷ་བསྐྱེད་ངེས་པར་གལ་ཆེ་བ་དང་། ཡེ་ཤེས་པ་དབབ་པ་དང་དངོས་གཞིའི་དབང་བསྐུར་བ་དོན་གཅིག་པས་ཟུར་དུ་མ་བྱས་ཀྱང་ཆོག་རུང་། ཡི་དམ་དགོངས་འདུས་སྤྱི་དང་བྱེ་བྲག་ཆོས་སྐོར་འདིའི་སྤྱི་ཆིངས་སྒྲུབ་ཐབས་པདྨའི་སྡོང་པོ་ལས་དམིགས་བསལ་དུ་གསུངས་པ་ཉིད་འདིར་ཡང་ངེས་པར་སྦྱོར་དགོས་པས་དེ་ལྟར་ན། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་ཉི་མའི་གདན་ལ་སྐད་ཅིག་གིས་ཁྱེད་རང་དབང་ཆེན་རྟ་མགྲིན་དམར་པོ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་རྡོ་རྗེའི་ཐོད་དབྱུག་གདེངས་ཤིང་གཡོན་པས་བདུད་རྩིའི་ཐོད་པ་ཐུགས་ཀར་བསྣམས་པ། དབུ་གཙུག་རྟ་ཞལ་འཚེར་ཞིང་དུར་ཁྲོད་རོལ་པའི་ཆས་དང་གར་དགུའི་ཉམས་ཀྱིས་བརྗིད་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་འགྱིང་བའི་པང་དུ་ཡུམ་ཕག་མོ་དམར་མོ་ཁྲོ་མོའི་ཆས་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་ཐུགས་ཀར་པད་ཟླ་ལ་འོད་དཔག་མེད་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན་ཕྱག་མཉམ་གཞག་ལྷུང་བཟེད་བདུད་རྩིས་བཀང་བ་འཛིན་པ། སྤྱི་བོར་པདྨ་སཾ་བྷ་བ་རབ་བྱུང་ཆས་ཅན་རྡོ་རྗེ་ཐོད་པ་འཛིན་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་དྲྭ་བ་ཆོས་དབྱིངས་ཁྱབ་པར་འཕྲོས་པས། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་ནུབ་ཕྱོགས་པདྨ་བདེ་བ་ཅན་གྱི་ཞིང་ཁམས་ནས་ཚེ་འོད་སྣང་བ་མཐའ་ཡས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད། ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་མོས་ཤིག །ཞི་དྲག་སྦྲེལ་མའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། ཡེ་ཤེས་པའི་རྒྱུན་དེ་ཉིད་ཇི་སྲིད་བྱང་ཆུབ་ཀྱི་བར་ཁྱེད་རང་རྣམས་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ་ཞེས་རྒྱ་གྲམ་མགོར་བཞག །དེ་དག་གིས་སྔོན་འགྲོ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། དངོས་གཞིའི་དབང་བསྐུར་གྱི་རིམ་པ་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས༔ འགྲོ་ལ་འཆི་མེད་སྩོལ་བའི་ཐུགས་རྗེ་ཅན༔ གུ་རུ་པདྨ་རིགས་འདུས་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ལན་གསུམ། དབང་དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་རིམ་པར་འབྱུང་བའི་ཐོག་མ་སྐུ་དབང་ལུས་ལ་བསྐུར་བ་ཡིན། དེ་ལའང་བུམ་པ། ལྷ་སྐུ །ཚེ་འབྲང་གི་དབང་གསུམ་དུ་ཡོད་པའི་དང་པོ་ཚེའི་བུམ་པ་རིགས་ལྔས་དབང་བསྐུར་བ་ཡིན་པས་དམིགས་འདུན་འདི་བཞིན་དུ་མཛོད་ཅིག །བུམ་པ་རྒྱན་སྟུག་པོ་བཀོད་པའི་གཞལ་ཡས་ཁང་སོ་སོར་བུམ་བཅུད་རིགས་ལྔའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩིའི་རྒྱུན་གྱིས་ཁྱེད་རང་རྣམས་ཚེ་འོད་དཔག་ཏུ་མེད་པར་གསལ་བའི་གནས་ལྔར་དབང་བསྐུར་བས། སྤྱི་བོ་ལ་སོགས་པའི་གནས་སོ་སོར་རྣམ་པར་སྣང་མཛད་ཡབ་ཡུམ་ལ་སོགས་པ་རིམ་པ་བཞིན་དུ་གསལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབས་ཤིང་ཚེ་དབང་དངོས་གྲུབ་ཐོབ་པའི་མོས་པ་མཛོད། གཙོ་བུམ་སྤྱི་བོར་བཞག་ལ། ཨོཾ༔ སྤྱི་གཙུག་ཉི་ཟླའི་དཀྱིལ་འཁོར་དུ༔ བཅོམ་ལྡན་རྣམ་པར་སྣང་མཛད་དང༔ ཡུམ་ཆེན་ཀུན་ཏུ་བཟང་མོ་གཉིས༔ གཉིས་མེད་སྐུ་ཡི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨོཾ། ནུབ་ཀྱི་བུམ་པ་མགྲིན་པར་བཞག་ལ། ཧྲཱི༔ ལྕེ་སྟེང་པདྨ་འདབ་བརྒྱད་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་དང༔ ཡུམ་ཆེན་ན་བཟའ་དཀར་མོ་གཉིས༔ གཉིས་མེད་གསུང་གི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་པདྨ་དྷེ་ཝ་ཨ་བྷི་ཥིཉྩ་ཧྲཱི༔ ཤར་གྱི་བུམ་པ་སྙིང་གར་བཞག་ལ། ཧཱུྃ༔ སྙིང་ག་འཁོར་ལོ་རྩིབས་བརྒྱད་སྟེང༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང༔ ཡུམ་ཆེན་སངས་རྒྱས་སྤྱན་མ་གཉིས༔ གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་བུམ་པ་ལྟེ་བར་བཞག་ལ། ཏྲཱཾ༔ ལྟེ་བ་རིན་ཆེན་ཟུར་བརྒྱད་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང༔ ཡུམ་ཆེན་མཱ་མ་ཀཱི་དང་གཉིས༔ གཉིས་མེད་ཡོན་ཏན་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རཏྣ་སཾ་བྷ་བ་ཨ་བྷི་ཥིཉྩ་ཏྲཱཾ༔ བྱང་བུམ་གསང་གནས་སུ་བཞག་ལ། ཨཱ༔ གསང་གནས་བདེ་བྱེད་དཀྱིལ་འཁོར་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པ་དང༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་གཉིས༔ གཉིས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཀརྨ་སརྦ་ཨ་མོ་གྷ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཕྱོགས་བཞིའི་བུམ་ཆུ་གཙོ་བུམ་དུ་བསྡུས། དེས་གནས་ལྔར་དབང་བསྐུར་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྣམ་རྒྱལ་བུམ་པ་རིགས་འདུས་མགོན་པོ་ཚེ་འོད་དཔག་མེད་ཀྱི་དཀྱིལ་འཁོར། རྟེན་དང་བརྟེན་པར་བཅས་པའི་རང་བཞིན་ཅན་གྱིས་དབང་བསྐུར་བས་འཆི་མེད་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་ཁེངས། དག་རྫོགས་སྨིན་པའི་ཕྲིན་ལས་མཐར་ཕྱིན་དུ་བྱས། ཚེ་དབང་ཡེ་ཤེས་དངོས་གྲུབ་ཆེན་པོ་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཧཱུྃ༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ རིགས་འདུས་ཡེ་ཤེས་ཚེ་དཔག་མེད༔ རིགས་ལྔ་བདེ་གཤེགས་སངས་རྒྱས་དང༔ རིགས་ལྔ་ལྷ་མོ་འཁོར་དང་བཅས༔ སེམས་དཔའ་དང་ནི་སེམས་མ་དང༔ བདེ་གཤེགས་ཡབ་ཡུམ་འཁོར་དང་བཅས༔ དབང་བསྐུར་གནས་འདིར་གཤེགས་སུ་གསོལ༔ དབང་བསྐུར་གནས་འདིར་གཤེགས་ནས་ཀྱང༔ སྣོད་ལྡན་འདི་ལ་དབང་ཞིག་སྐུར༔ ལོངས་སྤྱོད་རྫོགས་ལྡན་རྡོ་རྗེའི་སྐུ༔ ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་ལ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ལ་རིན་ཆེན་འོད་ཟེར་འཕྲོ༔ ཕྱག་ན་ཚེ་ཡི་དངོས་གྲུབ་འགྱེད༔ ཞལ་ནས་ཚེ་ཡི་ཛཔ྄་ཟེར་འཕྲོ༔ ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད༔ སྐལ་ལྡན་འདི་ལ་ཚེ་དབང་སྐུར༔ བདག་གི་དཀྱིལ་འཁོར་བརྟན་པར་མཛོད༔ མི་མཐའ་ཆུ་བས་རིང་བ་དང༔ མི་འཕེལ་འབྲས་བས་ཆེ་བ་དང༔ མི་འབྲུ་གསེར་བས་བཟང་གྱུར་ཅིག༔ མི་སྲོག་བྲག་བས་སྲ་བ་དང༔ མི་ཚན་ནགས་པས་འཐུག་གྱུར་ཅིག༔ ཨོཾ་ཨཱཿཨ་མི་དྷེ་ཝ་ཧཱུྃ༔ ཧྲཱིཿཔདྨ་དྷཱ་རི་ཧྲཱི༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཧཱུྃ༔ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་སྭཱ༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཨཱ༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཧཱ༔ ཞེས་བསྐུར་ལ་བུམ་ཆུ་སོ་སོར་སྦྱིན། དེ་ནས་ལྷ་དབང་བརྡའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས་ནས་ཁྱེད་རང་ལ་ཐིམ་པས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པ་ཡེ་ཤེས་ཆེན་པོའི་འཁོར་ལོར་གྱུར་པར་མོས་ཤིག །ཚེ་དཔག་མེད་ཡབ་ཡུམ་སྤྱི་བོར་བཞག་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ སྤྲུལ་པ་སྐུ་ཡི་རང་བཞིན་ལས༔ ལོངས་སྐུ་ཚེ་དཔག་མེད་དུ་ཤར༔ གསང་བ་ཡུམ་དང་གཉིས་སུ་མེད༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཚེ་དཔག་མེད་ཀྱིས་དབང་བསྐུར་བས༔ ཕྱག་རྒྱ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་ཡབ་ཡུམ་ཐོགས་ལ། ཨོཾ༔ སངས་རྒྱས་སྐུ་ཡི་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་འཁོར་ལོའི་དབང་བསྐུར་བས༔ མུ་དྲའི་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ༔ སྣང་བ་མཐའ་ཡས་ཐོགས་ལ། ཧྲཱི༔ སངས་རྒྱས་གསུང་གི་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་པདྨའི་དབང་བསྐུར་བས༔ ཕྱག་རྒྱ་གསང་བའི་དབང་ཐོབ་ཤོག༔ ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཐུགས་ཀྱི་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་བས༔ ཕྱག་རྒྱ་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཐོགས་ལ། ཏྲཱཾ༔ སངས་རྒྱས་ཡོན་ཏན་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་རིན་ཆེན་དབང་བསྐུར་བས༔ ཕྱག་རྒྱ་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྲུབ་ཡབ་ཡུམ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཕྲིན་ལས་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་རལ་གྲིའི་དབང་བསྐུར་བས༔ ཕྱག་རྒྱ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ སེམས་དཔའ་བརྒྱད་ཀྱི་སྐུ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཚོགས་བརྒྱད་ལས༔ ཕྱག་རྒྱ་བྱང་ཆུབ་སེམས་དཔའ་བརྒྱད༔ ཚོགས་བརྒྱད་དག་པའི་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཅིང༔ སེམས་དཔའ་བརྒྱད་ཀྱི་དབང་ཐོབ་ཤོག༔ ན་མོ་བོ་དྷི་སརྦ་ཀ་པ་ཙ་ཝ་ཁ་པ་ཙ་ཡ་ཨ་བྷི་ཥིཉྩ་ཨཱ༔ སེམས་མ་བརྒྱད་ཀྱི་སྐུ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ ཕྱག་རྒྱ་སེམས་མ་བརྒྱད་དུ་གསལ༔ ཡུལ་སྣང་དག་པའི་དབང་བསྐུར་བས༔ ཚོགས་དྲུག་ཡུལ་སྣང་གནས་དག་ཅིང༔ སེམས་མ་བརྒྱད་ཀྱི་དབང་ཐོབ་ཤོག༔ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ ཨརྒྷཾ་ པཱདྱཾ་ ཀ་བྷ་ར་ཛྙཱ་ཕ་ག་ལ་ཛཿཨ་བྷི་ཥིཉྩ་ཨཱ༔ ཐུབ་དྲུག་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྗེ་ལས༔ ཕྱག་རྒྱ་ཐུབ་པ་དྲུག་ཏུ་གསལ༔ རིགས་དྲུག་དོན་མཛད་དབང་བསྐུར་བས༔ འཁོར་བ་མ་ལུས་སྟོངས་གྱུར་ནས༔ ཐུབ་པ་དྲུག་གི་དབང་ཐོབ་ཤོག༔ མུ་ནེ་ཀྵཾ་ཡེ་ཧཱུྃ་ཧཱུྃ་ཏྲཱཾ་ཏྲི་མ༔ ནྲྀ་ཧཱུྃ་ཏྲཱཾ་ཛཿཨ་བྷི་ཥིཉྩ་ཨཱ༔ སྒོ་མའི་སྐུ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལས༔ ཕྱག་རྒྱ་སྒོ་མ་བཞི་རུ་ཤར༔ ཕྲིན་ལས་བཞི་ཡི་དབང་བསྐུར་བས༔ འགུག་འཆིང་སྡོམ་དབྱེའི་ལས་འགྲུབ་ཅིང༔ སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མཱཾ༔ ཧོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དང་ལྡན་པར་གྱུར་ཅིག༔ དེ་ནས་ཚེ་འབྲང་གཏོར་མས་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། ཚེའི་འབྲང་རྒྱས་ལྔ་པོ་རིགས་ལྔ་སོ་སོ་དང་ཚེ་གཏོར་རིགས་འདུས་འོད་དཔག་མེད་གཙོ་འཁོར་གྱི་རང་བཞིན་གྱིས་ཁྱེད་རང་གི་གནས་སོ་སོར་དབང་བསྐུར་བས། གནས་ལྔར་དཔའ་བོ་འབྲུ་ལྔ་ལས་བྱུང་བའི་ཕྱག་མཚན་ལྔ་པོ་ས་བོན་སོ་སོ་བཅས་པ། སྙིང་གར་གསེར་གྱི་རྒྱ་གྲམ། ལྟེ་བར་མཆོང་གི་བུམ་པར་སྲོག་རྟེན་བྷྲཱུྃ་ཡིག་འོད་འབར་བ་རྣམས་ཀྱིས་རྒྱས་བཏབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཚེ་དབང་ལ་མངའ་བརྙེས་པའི་མོས་པ་མཛོད། དབུས་ཀྱི་ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ནམ་མཁའ་གསང་བའི་ཨོཾ་ལས་བྱུང༔ འཁོར་ལོ་ཨོཾ་གྱིས་དབང་བསྐུར་བས༔ སྐུ་ཡི་དབང་མཆོག་ཆེན་པོ་སྦྱིན༔ ཨོཾ་བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ནུབ་ཀྱི་ཚེ་གཏོར་མགྲིན་པར་བཞག །ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ པདྨ་གསང་བའི་ཧྲཱིཿལས་བྱུང༔ པདྨ་ཧྲཱིཿཡིས་དབང་བསྐུར་བས༔ གསུང་གི་དབང་བསྐུར་ཆེན་པོ་སྦྱིན༔ ཧྲཱིཿཔདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཤར་གྱི་ཚེ་གཏོར་ཐུགས་ཀར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསང་བའི་ཧཱུྃ་ལས་བྱུང༔ རྡོ་རྗེ་ཧཱུྃ་གིས་དབང་བསྐུར་བས༔ ཐུགས་ཀྱི་དབང་བསྐུར་ཆེན་པོ་སྦྱིན༔ ཧཱུྃ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཚེ་གཏོར་ལྟེ་བར་བཞག་ལ། ཏྲཱཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིན་ཆེན་གསང་བའི་ཏྲཱཾ་ལས་བྱུང༔ རིན་ཆེན་ཏྲཱཾ་གིས་དབང་བསྐུར་བས༔ ཡོན་ཏན་དབང་བསྐུར་ཆེན་པོ་སྦྱིན༔ ཏྲཱཾ་རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ བྱང་གི་ཚེ་གཏོར་གསང་བར་བཞག །ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཀརྨ་གསང་བའི་ཨཱཿལས་བྱུང༔ རལ་གྲི་ཨཱཿཡིས་དབང་བསྐུར་བས༔ ཕྲིན་ལས་དབང་བསྐུར་ཆེན་པོ་སྦྱིན༔ ཨཱཿཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ༔ གཙོ་བོའི་གཏོར་མ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཚེ་དཔལ་གསང་བའི་བྷྲཱུྃ་ལས་བྱུང༔ བུམ་པ་བྷྲཱུྃ་གྱིས་དབང་བསྐུར་བས༔ ཚེ་ཡི་དབང་བསྐུར་ཆེན་པོ་སྦྱིན༔ བྷྲཱུྃ་ཨཱ་ཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ དེས་སྣང་སྟོང་ལྷའི་དཀྱིལ་འཁོར་ལ་བརྟེན་ནས་སྐུ་ཕྱག་རྒྱའི་དབང་བསྐུར་པ་ཐོབ། ལུས་ཀྱི་ནད་གདོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། ལམ་མཚན་བཅས་བསྐྱེད་རིམ་བསྒོམ་པ་ལ་དབང་། འགྱུར་མེད་སྐུའི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་དབང་ངག་ལ་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་སྙིང་པོ་དང་གཟུངས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། སྙིང་གའི་ས་བོན་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད་བྱས་ལ་ལས་བྱང་གི་སྙིང་པོ་དང་གཟུངས་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་བཞུག །དེ་ནས་ཚེ་ཆང་དང་ཚེ་རིལ་སློབ་མའི་མདུན་དུ་བཀོད་ལ། ལས་བྱེད་སྒོ་མ་བཞིའི་ངོ་བོ་ཕྱོགས་བཞིའི་ཚེ་འབྲང་དང་མདའ་དར་རྣམས་རིམ་པར་ཐོགས་ནས་མདའ་དར་གཡབ་པས། སྲིད་ཞི་བརྟན་གཡོའི་ཚེ་བཅུད་དྭངས་མ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཚེ་རིལ་དང་ཚེ་ཆང་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་བཅུད་ལེན་དུ་གྱུར་པར་མོས་ཤིག །ཤར་གྱི་འབྲང་རྒྱས་མདའ་དར་བཙུགས་པ་ཐོགས། རྗེས་དབང་བསྐུར་བ་བཞི་ཀར་འགྲེས་ཏེ། ཧཱུྃ་ཛ༔ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཡིད་འཕྲོག་ལྕགས་ཀྱུ་མ༔ ཐུགས་རྗེས་འཁོར་བ་གནས་འདྲེན་མ༔ ནད་གདོན་སྡིག་སྒྲིབ་ཞི་ནས་ཀྱང༔ མི་ཤིགས་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ་རྟེན་བྱས་ནས༔ ཚེ་དར་འདི་ཡིས་མདངས་བསྐྱེད་དེ༔ ཞལ་དཀར་འདི་ཡིས་མཐུན་སྦྱར་ནས༔ ཚེ་རྫས་འདི་ལ་སིདྡྷི་སྟིམས༔ ཚེ་ཆང་འདི་ལ་བཅུད་ཕོབ་ལ༔ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ ཧཱུྃ་ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ རིན་ཆེན་ཡིད་འཕྲོག་ཞགས་པ་མ༔ སྙིང་རྗེས་ཞེ་སྡང་འཆིང་བར་བྱེད༔ ཚེ་དབང་བསོད་ནམས་རྒྱས་ནས་ཀྱང༔ མི་ཟད་རིན་ཆེན་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ་རྟེན་བྱས་ནས༔ ཚེ་དར་འདི་ཡིས་མདངས་བསྐྱེད་དེ༔ ཞལ་དཀར་འདི་ཡིས་མཐུན་སྦྱར་ནས༔ ཚེ་རྫས་འདི་ལ་སིདྡྷི་སྟིམས༔ ཚེ་ཆང་འདི་ལ་བཅུད་ཕོབ་ཅིག༔ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ ཧཱུྃ་བཾ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ པདྨ་ཡིད་འཕྲོག་ལྕགས་སྒྲོག་མ༔ བྱམས་པས་ལོག་རྟོག་འཇོམས་མཛད་མ༔ ཁམས་གསུམ་སྲིད་གསུམ་དབང་སྒྱུར་ནས༔ མདངས་ལྡན་པདྨའི་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ་རྟེན་བྱས་ནས༔ ཚེ་དར་འདི་ཡིས་མདངས་བསྐྱེད་དེ༔ ཞལ་དཀར་འདི་ཡིས་མཐུན་སྦྱར་ནས༔ ཚེ་རྫས་འདི་ལ་སིདྡྷི་སྟིམས༔ ཚེ་ཆང་འདི་ལ་བཅུད་ཕོབ་ཅིག༔ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ ཧཱུྃ་ཧོ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ ཀརྨ་ཡིད་འཕྲོག་དྲིལ་བུ་མ༔ བདུད་བཞིའི་རུ་དྲ་འདུལ་མཛད་མ༔ བར་ཆད་དགྲ་བགེགས་ཚར་བཅད་ནས༔ རྒྱ་གྲམ་ལས་རབ་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ་རྟེན་བྱས་ནས༔ ཚེ་དར་འདི་ལ་མདངས་བསྐྱེད་དེ༔ ཞལ་དཀར་འདི་ཡིས་མཚམས་སྦྱར་ནས༔ ཚེ་རྫས་འདི་ལ་སིདྡྷི་སྟིམས༔ ཚེ་ཆང་འདི་ལ་བཅུད་ཕོབ་ཅིག༔ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ དེ་ནས་ཚེ་རིལ་དང་ཚེ་ཆང་དྲངས་ཤིང་། དཔོན་སློབ་ཐམས་ཅད་ཀྱིས་དངོས་གྲུབ་ཀྱི་ཚུལ་དུ་རོལ་ལ། ཨོཾ་ཨཱཿཧཱུྃ༔ ཨཱ་ལི་རོ་མཉམ་བཅུད་ཀྱི་མཆོག༔ ཀཱ་ལི་བདེ་བ་ཤེས་རབ་མཆོག༔ ཐབས་དང་ཤེས་རབ་དཀར་དམར་རྫས༔ རྩ་རླུང་ཐིག་ལེའི་བདེ་དྲོད་སྤེལ༔ ཚེ་དང་བསོད་ནམས་འབྱུང་བ་ལྔ༔ ཟླ་བ་ཡར་ངོ་ཇི་བཞིན་དུ༔ གོང་ནས་གོང་དུ་འཕེལ་གྱུར་ཅིག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བདེན་ཚིག་སྨོན་ལམ་གདབ་པ་འདིའི་རྗེས་ཟློས། ཨོཾ་འགྲུབ་པར་གྱུར་ཅིག༔ ཚེ་དབང་དུ་གྱུར་ཅིག༔ དབང་ཡེ་ཤེས་སུ་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ མི་འགག་པ་ཚངས་དབྱངས་ལྟ་བུར་གྱུར་ཅིག༔ མི་འཁྲུལ་པ་སངས་རྒྱས་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར་ཅིག༔ ས་མ་ཡ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བརྗོད། དེས་གྲགས་སྟོང་གསུང་གི་དཀྱིལ་འཁོར་ལ་བརྟེན་ནས་གསུང་སྔགས་ཀྱི་དབང་བསྐུར་པ་ཐོབ། ངག་གི་ནད་གདོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། ལམ་མཚན་ཡོད་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་དབང་སེམས་ལ་བསྐུར་བ་བརྡ་འདི་དག་གིས་མཚོན་ནས། དབྱིངས་སྟོང་ཉིད་སྐྱེ་བ་མེད་པ་ལས། རྩལ་འགག་མེད་ཀྱི་རོལ་པ་ཅིར་སྣང་ཐམས་ཅད་གདོད་ནས་འཕོ་འགྱུར་མེད་པའི་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། སྐྱེ་འཆིའི་མཚན་མ་དང་བྲལ་བ་གཞོམ་མེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་བསྐྱང་མཛོད། ཤེལ་རྡོའམ་རྡོ་རྗེ་དང་བཅས་པའི་མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ ཚེ་དང་ཡེ་ཤེས་སྣང་གསལ་ལས༔ ལྷུན་གྲུབ་རྫོགས་པ་སྒོམ་དུ་སྣང༔ ཚེ་དང་ཡེ་ཤེས་རྒྱས་པའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་སྟེ༔ རྡོ་རྗེ་ཚེ་རྣམས་རྫོགས་པ་ཆེ༔ འགྱུར་མེད་ཚེ་ཡི་དབང་ཐོབ་ཤོག༔ དེས་རིག་སྟོང་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཐུགས་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་ནད་གདོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། ལམ་ཟུང་འཇུག་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་བ་གྲུབ་ནས། རྗེས་མཐའ་རྒྱས་མངའ་གསོལ་རྒྱས་གདབ་ཀྱི་རིམ་པ་འབྱུང་བ་ཡིན་པས་འདུན་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་མཚམས་ཀྱི་རལ་གྲི་བཞི་རིམ་པར་ཕྱག་ཏུ་གཏད་པས་བདུད་བཞི་དང་སྐྱེ་རྒ་ན་འཆིའི་དགྲ་ལས་རྒྱལ་ཏེ་གཙང་རྟག་བདེ་བ་བདག་དམ་པའི་ཕ་རོལ་དུ་སོན་པར་མོས་ཤིག །ཤར་ལྷོའི་རལ་གྲི་གཏད་ལ། ཧཱུྃ༔ སྐྱེ་འཆི་རྩད་གཅོད་རལ་གྲི་འདིས༔ སྣོད་ལྡན་བུ་ལ་དབང་བསྐུར་བས༔ སྐྱེ་མེད་ཆོས་སྐུའི་དབང་ཐོབ་ཅིང༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ མ་ཧཱ་པུཎྱེ་ཨ་པ་རི་མི་ཏ༔ ཨཱ་ཡུར་པུཎྱེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ལྷོ་ནུབ་རལ་གྲི་གཏད་ལ། ཧཱུྃ༔ ཉོན་མོངས་རྩད་གཅོད་རལ་གྲི་འདིས༔ སྣོད་ལྡན་བུ་ལ་དབང་བསྐུར་བས༔ ཉོན་མོངས་འཁོར་བའི་རྒྱུན་དག་ནས༔ མི་ཟད་རིན་ཆེན་དབང་ཐོབ་ཤོག༔ ཛྙཱ་ན་པྲ་བྷ་བ་ཙ་ཡ་ཀ་རི་ནི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ནུབ་བྱང་རལ་གྲི་གཏད་ལ། ཧཱུྃ༔ དུག་གསུམ་རྩད་གཅོད་རལ་གྲི་འདིས༔ སྣོད་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུམ་རང་ངོ་གཅིག་ཐོག་སྤྲད༔ མདངས་ལྡན་པདྨའི་དབང་ཐོབ་ཤོག༔ ཨོཾ་རུ་རུ་སྥུ་རུ་ཏིཥྛ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ བྱང་ཤར་རལ་གྲི་གཏད་ལ། ཧཱུྃ༔ འཁོར་བ་རྩད་གཅོད་རལ་གྲི་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་བདག་འཛིན་དག་ནས་ཀྱང༔ མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་སརྦ་སྭསྟི་ནི༔ ཤཾ་ཀ་རི༔ ཤཾ་ཀ་རི༔ ཤ་ཏ་ཀ་ར་སྭཱ་ཧཱ༔ དུ་རེ་དུ་རེ་དུ་རེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་དབུས་མི་ཤིགས་པའི་ཐིག་ལེར་འདུས་ཏེ་རྡོ་རྗེའི་ལུ་གུ་རྒྱུད་ཀྱིས་འགྱུར་མེད་བདེ་བ་ཆེན་པོར་བཅིངས། གཞོམ་གཞིག་བྲལ་བའི་ཕྱག་རྒྱ་བཅུས་རྒྱས་བཏབ་པས་སྐྱེ་འཆིའི་མཚན་མ་སྤངས་པ་འཆི་མེད་རྟག་པ་དམ་པའི་གོ་འཕང་ལས་མི་གཡོ་བར་གྱུར་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ ཆོས་དབྱིངས་དག་པའི་རང་མདངས་ལས༔ ཁ་དོག་ལྔ་ལྡན་ལུ་གུ་རྒྱུད༔ འོད་ལྔ་འབྱུང་བའི་ཚེ་བཅུད་འདི༔ སྙིང་པོ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ ཐིག་ལེ་མི་ཤིགས་རྡོ་རྗེ་ཆེ༔ ཡེ་ཤེས་ལྔ་ལྡན་རིགས་ལྔ་སྟེ༔ བདེ་བ་ཆེན་པོ་ཡུམ་ཆེན་ལྔ༔ བདེ་སྟོང་དབྱེར་མེད་ཟུང་དུ་འཇུག༔ གསལ་སྟོང་རང་དག་ངོ་བོ་འདི༔ སྟོང་པ་ཉིད་ཀྱི་དབྱིངས་སུ་རྒྱ༔ གཅིག་པ་ཐིག་ལེ་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཚད་མེད་རྣམ་བཞིའི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཐུགས་རྗེ་དྲུག་གི་རྒྱ༔ བདུན་པ་སངས་རྒྱས་བདུན་གྱི་རྒྱ༔ བརྒྱད་པ་བྱང་ཆུབ་སེམས་དཔའི་རྒྱ༔ དགུ་པ་མི་ཤིགས་རྡོ་རྗེའི་རྒྱ༔ བཅུ་པ་ཁྲོ་རྒྱལ་བཅུ་ཡི་རྒྱ༔ རྒྱ་བཅུའི་ཕྱག་རྒྱས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་གཏེར་དུ་སྦས༔ སངས་རྒྱས་མཁྱེན་པས་མི་གཟིགས་ན༔ བགེགས་ཆེན་གཏུམ་པོས་ག་ལ་མཐོང༔ དམིགས་མེད་ཐིག་ལེ་སྐྱེ་བ་མེད༔ འགག་མེད་རང་ཤར་རྡོ་རྗེའི་སྐུ༔ དབྱེར་མེད་ངང་དུ་རྒྱས་བཏབ་བོ༔ ཀཱ་ཡ་གབ་རྒྱ༔ ཝཱ་ཀ་གབ་རྒྱ༔ ཙིཏྟ་གབ་རྒྱ༔ བཛྲ་མུ༔ རྒྱ་རྒྱ་རྒྱ༔ ཞེས་བརྗོད་ཅིང་རྡོ་རྗེ་དང་མདའ་དར་གྱིས་གནས་རྣམས་སུ་རྒྱ་གྲམ་དུ་བཏབ་པའི་ཚུལ་བྱ། མཐའ་རྟེན་དུ་རྒྱལ་སྲིད་ཆེན་པོ་རྣམ་པ་བདུན། བཀྲ་ཤིས་པའི་རྟགས་རྫས་རྣམས་ཀྱིས་མངའ་གསོལ་བས་སྲིད་ཞིའི་ཕུན་ཚོགས་ཚེ་དང་ཡེ་ཤེས་ཀྱི་དཔལ་འབྱོར་ཆེན་པོ་ལས་ནམ་ཡང་ཉམས་པ་མེད་པའི་རྟག་ཁྱབ་དགེ་ལེགས་ཀྱི་སྣང་བ་རབ་ཏུ་རྒྱས་པར་མོས་ཤིག །རྒྱལ་སྲིད་གཏད་ལ། ཧཱུྃ༔ འཁོར་ལོ་རིན་ཆེན་དབང་བསྐུར་བས༔ ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག༔ ནོར་བུ་རིན་ཆེན་དབང་བསྐུར་བས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ བཙུན་མོ་རིན་ཆེན་དབང་བསྐུར་བས༔ ཆོས་ཀྱི་རྒྱལ་སྲིད་བརྟན་གྱུར་ཅིག༔ གླང་པོ་རིན་ཆེན་དབང་བསྐུར་བས༔ ཐེག་ཆེན་བྱང་ཆུབ་ཐོབ་གྱུར་ཅིག༔ བློན་པོ་རིན་ཆེན་དབང་བསྐུར་བས༔ འདོད་དགུ་ཕུན་སུམ་ཚོགས་གྱུར་ཅིག༔ རྟ་མཆོག་རིན་ཆེན་དབང་བསྐུར་བས༔ ས་བཅུའི་ཞིང་ཁམས་བགྲོད་གྱུར་ཅིག༔ དམག་དཔོན་རིན་ཆེན་དབང་བསྐུར་བས༔ འཁོར་བའི་གཡུལ་ལས་རྒྱལ་གྱུར་ཅིག༔ རྟགས་བརྒྱད་སྦྱིན་ལ། སྭསྟི༔ གསེར་གདུགས་འདི་ལ་བརྟེན་བྱས་ནས༔ སྐྱོབ་པ་མཐར་ཕྱིན་དབང་ཐོབ་ཤོག༔ གསེར་ཉ་འདི་ལ་བརྟེན་བྱས་ནས༔ མཐོང་སྣང་མ་འགགས་དབང་ཐོབ་ཤོག༔ དུང་དཀར་འདི་ལ་བརྟེན་བྱས་ནས༔ སྒྲ་དབྱངས་འགག་མེད་དབང་ཐོབ་ཤོག༔ པདྨ་འདི་ལ་བརྟེན་བྱས་ནས༔ ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག༔ བུམ་པ་འདི་ལ་བརྟེན་བྱས་ནས༔ ཆོས་རྣམས་རང་བྱུང་དབང་ཐོབ་ཤོག༔ རྒྱལ་མཚན་འདི་ལ་བརྟེན་བྱས་ནས༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ དཔལ་བེའུ་འདི་ལ་བརྟེན་བྱས་ནས༔ གསལ་བ་འོད་ལྡན་དབང་ཐོབ་ཤོག༔ འཁོར་ལོ་འདི་ལ་བརྟེན་བྱས་ནས༔ ཡོན་ཏན་མྱུར་མགྱོགས་དབང་ཐོབ་ཤོག༔ རྫས་བརྒྱད་གཏད་ལ། ཧཱུྃ༔ ཉོན་མོངས་སྐྱོབ་པའི་ཆོས་དུང་དང༔ བདུད་དཔུང་འཇོམས་པའི་ཡུངས་དཀར་དང༔ ནད་རྣམས་འཇོམས་པའི་གི་ཝཾ་དང༔ འགྲོ་བ་དབང་སྡུད་མཚལ་ཆེན་དང༔ བསོད་ནམས་སྟོབས་འཕེལ་ཞོ་དང་ནི༔ ཚེ་རིང་བདུད་འདུལ་ཀུ་ཤའི་གདན༔ སྣང་སྲིད་ཀུན་གསལ་མེ་ལོང་དང༔ བཀྲ་ཤིས་ཕུན་ཚོགས་བིལ་ཝ་དང༔ བཀྲ་ཤིས་རྫས་བརྒྱད་དབང་བསྐུར་རོ༔ ཞེས་དང་མེ་ཏོག་འཐོར་ཞིང་ཤིས་བརྗོད་གང་འོས་བྱ། དེ་ལྟར་ཡི་དམ་དགོངས་པ་འདུས་པའི་ཆོས་སྡེ་ལས་བྱོན་པ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་ཚེ་དབང་རིན་པོ་ཆེའི་འཁོར་ལོ་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རང་གནས་སུ་གྱེས། སློབ་དཔོན་གྱིས་ཚོགས་རོལ་ལྷག་ཆོག་ཕྱིན་ཕྲིན་ལས་དཀྱུས་སུ་གསལ་བ་ལྟར་ལ། དངོས་གྲུབ་ལེན་ཆོག་རྗེས་གཏང་རག་མཆོད་བསྟོད་མདོར་བསྡུས་བྱ། ནོངས་བཤགས་ཕྱིན་ཆད་ཀྱང་དཀྱུས་སུ་སྙེགས་པས་འགྲུབ་བོ། །གནས་སྐབས་འཆི་མེད་ཚེ་ཡི་དབང་བརྙེས་ཤིང་། །མཐར་ཐུག་སྡུག་བསྔལ་བྲལ་བའི་ཞིང་མགོན་གྱིས། །མི་གནས་བྱང་ཆུབ་ཆེན་པོར་ལུང་བསྟན་ཏེ། །ཚེ་འོད་དཔག་ཏུ་མེད་པའི་མཆོག་འགྲུབ་ཤོག །འདི་ལ་རྗེ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་མཚམས་སྦྱོར་སྣང་ཡང་ཕྱག་ལེན་མི་གསལ་ཞིང་ཚིག་སྣ་བསྡུས་ཆེས་པས། ནག་འགྲོས་ཀྱི་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་འཆི་མེད་བདུད་རྩིའི་ཀླུང་རྒྱུན་གྱིས་བརྒྱན་པའི་ངོགས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ (Volume 58, Text 18)

༄༅། །རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དམིགས་རྗེ་བཙུན་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་༧གར་དབང་མི་འགྱུར་དཔལ་སྒྲོན་གྱི་ལྗགས་བཤད་ཟིན་བྲིས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བློ་འདས་ཆོས་སྐུ་མི༵་འ༵གྱུར་བདེ་ཆེན་མདངས། །མཚན་དཔེའི་སྣང་བརྙན་དཔ༵ལ་གྱི་སྒྲོ༵ན་མའི་སྐུར། །ཡོངས་ཤར་རང་རིག་དོན་གྱི་བླ་མ་དང་། །དབྱེར་མེད་མི་འགྱུར་དཔལ་གྱི་སྒྲོན་མས་སྐྱོངས། །ཀུན་ཁྱབ་འགྱུར་མེད་ཆོས་དབྱིངས་རྡོ་རྗེའི་གཟིས། །འཁོར་འདས་ཟིལ་གྱིས་གནོན་པ་གཏེར་བདག་གླིང་། །རིགས་ཀུན་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་། །ཧེ་རུ་ཀ་དཔལ་དཔའ་བོ་སྤྱི་བོས་མཆོད། །མ་དག་གདོས་བཅས་ཕུང་ལྔ་དག་པའི་དབྱིངས། །འཇའ་ལུས་ཟུང་འཇུག་རྡོ་རྗེར་རྒྱས་བཏབ་ནས། །ལྷུན་གྲུབ་སྣང་བཞི་ཟད་སར་འཁྱོལ་བ་ཡི། །ལམ་འདིའི་གྲུབ་མཆོག་རྣམས་ཀྱང་ཕྱག་གི་གནས། །སྤང་བླང་ཡོངས་གྲོལ་ཆོས་སྐུ་ཀ་དག་གི །དགོངས་པ་ཟབ་གསང་ཐེག་པ་ཀུན་གྱི་རྩེ། །རྣམ་གསུམ་ཐུགས་ཀྱི་མནོག་ཆོས་ཨ་ཏི་ཞེས། །ཡང་གསང་རྫོགས་པ་ཆེན་པོའི་མན་ངག་བཅུད། །ཀུན་ཏུ་བཟང་པོའི་དགོངས་རྒྱན་གཅིག་པུ་ཉིད། །ཟབ་དོན་སྙིང་པོ་གསང་བའི་ཡང་བཅུད་ཀྱི། །གདམས་ཁྲིད་གསང་བ་ལས་ཀྱང་ཆེས་གསང་བ། ཁྱབ་བདག་དྲིན་ཆེན་བླ་མའི་གསུང་བཞིན་བྲི། །དེ་ཡང་བོད་ཡུལ་གངས་རིའི་ལྗོངས་ཀྱི་པདྨ་འོད་ངེས་གསང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཉེ་འདབས་མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། བདག་སོགས་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་དང་བདུན་ཅུ་སྐོར་གྱི་དབུས་སུ། ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་མི་འགྱུར་དཔལ་གྱི་སྒྲོན་མ་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ཀློང་ལས་གང་འདུལ་སྤྲུལ་པའི་ཆུ་ཟླ་མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་པའི་རོལ་གར་གྱིས། དོན་དམ་ཀ་དག་གི་གནས་ལུགས་རྗེན་པ་མིང་ཚིག་གི་བརྗོད་པ་ཞལ་སྒོ་རྡོ་རྗེའི་མཆུ་སྒྲོས་ལ་བརྟེན་ནས་ཆོས་ཉིད་ཀྱི་སྒྲ་སྐད་གྲགས་སྟོང་གཞོམ་གཞིག་བྲལ་བ་ཚངས་པའི་དབྱངས་ཀྱི་རོལ་མོས་འདི་སྐད་ཅེས་བཀའ་བསྩལ་ཏེ། འོ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་སྐུ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ཟབ་མོ་གསན་ནས་ཐུགས་ཉམས་སུ་བཞེས་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་རྒྱ་ཆེན་པོ་དང་ལྡན་པའི་སྒོ་ནས། གཞན་དུ་མ་ཡེངས་པའི་ཚུལ་གྱིས་གནས་ཀྱི་ཁང་པ་འདི་ཉིད་ཀྱང་འོག་མིན་མཐའ་བྲལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབུས་སུ། རང་ལ་དམ་པའི་ཆོས་སྟོན་པའི་སློབ་དཔོན་ཉིད་ཀྱང་གང་ཟག་རང་རྒྱུད་པའི་རྣམ་པ་མིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་ཅན། ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པས་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ཆོས་ཀྱི་སྒྲ་ལྷང་ལྷང་སྒྲོག་པར་མོས་པ་དང་། ཐུགས་ཟག་མེད་ཀྱི་བདེ་བས་མྱོས་ཏེ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་ནུས་པའི་བདག་ཉིད་ཅན་དངོས་ཡིན་སྙམ་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། དེ་བཞིན་གཤེགས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་དད་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ཉན་པར་བགྱི། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར་ཡིན་པས་ན། དགེ་བའི་བཤེས་གཉེན་ལ་གུས་འདུད་དྲག་པོ་དང་ལྡན་པའི་སྒོ་ནས་གཞན་དུ་མ་ཡེངས་པའི་ཚུལ་གྱིས་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པར་གྱུར་པ་འདི་ཉིད་ནི། འོ་སྐོལ་རྣམས་ཀྱི་སྟོན་པ་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་སེམས་ཅན་གྲངས་མེད་པ་ཞིག་གི་བསམ་པ་དང་། དབང་པོ་དང་། ཁམས་དང་མོས་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཞི་བ་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་བསྩལ་པར་མཛད་མོད། དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་དགུར་འདུ་སྟེ། ཇི་སྐད་དུ། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་རིམ་དགུ་བྱུང་། །ཞེས་གསུངས། དེའང་བསྡུ་ན་ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར། རྒྱུ་ལ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལ་ལམ་དུ་བྱེད་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་ཅིང་། ཕྱི་མ་ལའང་གངས་ཅན་བོད་ཀྱི་ལྗོངས་འདིར་གསང་སྔགས་གསར་རྙིང་ཞེས་པའི་ལུགས་སྲོལ་གཉིས་སུ་གྲགས་པ་ལས། འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ་ཆེ་བ་དྲུག་ལྡན་ཆོས་ཀྱི་སྒོ་ནས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པ་རྙིང་མ་ཡིན། །དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་རིམ་པ་ཇི་སྙེད་མཆིས་པ་ལས། འདིར་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེའང་ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུ། ལྷོ་གཏེར་འདྲིལ་བ་སྡོང་པོ་ལྟ་བུ། ནུབ་གཏེར་གསལ་བ་མར་མེ་ལྟ་བུ། བྱང་གཏེར་རྒྱས་པ་པདྨ་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུ་ཞེས་རྩ་བའི་སྡེ་ཚན་ལྔ་ལས། འདིར་ནི་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ། བསྟན་པ་ཐམས་ཅད་ཀྱི་རྩ་བ། གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་གལ་མདོ། མན་ངག་ཐམས་ཅད་ཀྱི་ཡང་སྙིང་ངམ་ཟབ་ཆ། ཐེག་པ་ཐམས་ཅད་ཀྱི་འཕྲོ་བའི་གཞིའམ་བཅུད་བསྡུས་པའི་སྙིང་པོ་ལྟ་བུར་གྱུར་པས་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་གྱུར་པ། རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་རྩེ་ཚེ་གཅིག་ལུས་གཅིག་གིས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། མི་སློབ་པའི་ཟུང་འཇུག་ཆེན་པོ་ཁྱབ་བདག་གདོད་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པའི་མྱུར་ལམ་ཁྱད་པར་ཅན་དུ་གྱུར་པ། ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སྐལ་པ་ལྡན་པའི་སློབ་མ་རྣམས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདེ་མྱུར་སྒོ་ནས་འཁྲིད་པར་བྱེད་པའི་རིམ་པ་ཟབ་མོ་དེ་ཉིད་འཆད་པ་སྐབས་སུ་བབ་པ་ཡིན། དེ་ལྟ་བུའི་གདམས་པ་དེ་སྟོན་པར་བྱེད་པ་ལའང་། ཉམས་ལེན་གྱི་སྒྲོམ་དུ་འཇུག་པ་དང་། ཉམས་སུ་བླང་བ་དངོས་དང་། མཇུག་གི་རིམ་པ་དང་གསུམ་དུ་ཡོད་པ་ལས། དང་པོ་ནི། རྩ་བའི་ཚིག་རྐང་ལས། བླ་མ་སློབ་མའི་མཚན་ཉིད་དང༔ གནས་དང་དུས་དང་ཡོ་བྱད་གྲོགས༔ ཞེས་གསུངས་པ་ལྟར་ལྔ་ལས། དང་པོ་འཆད་པ་པོ་བླ་མའི་མཚན་ཉིད་བསྟན་པ་ལ། བསྟེན་དུ་མི་རུང་བ་སྤང་བར་བྱ་བའི་བླ་མ་ནི༔ རྒྱུད་རང་ཤར་ལས༔ མི་ཤེས་ང་རྒྱལ་ཆེན་པོ་དང༔ བློ་རྨོངས་ཚིག་ཕྱིར་འབྲེང་བ་དང༔ གསང་སྔགས་དོན་ལ་མི་དགོངས་དང༔ གཞན་གྱི་ཞེ་གཅོད་ཁོང་འཚིག་དང༔ ལོག་པའི་ལམ་དུ་ཞུགས་པ་དང༔ དབང་གི་དཀྱིལ་འཁོར་ཞལ་མ་མཐོང༔ དམ་ཚིག་འཆལ་བར་གྱུར་པ་དང༔ དྲིས་པ་དག་ལ་ལན་མི་འདེབས༔ ཐོས་ཆུང་ང་རྒྱལ་ཆེ་བ་དང༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་པས། དེ་ཡང་གསང་ཆེན་རྡོ་རྗེ་ཐེག་པའི་སྙིང་པོའི་དོན་མི་ཤེས་ཤིང་ང་རྒྱལ་ཆེ་བ། བློ་རྨོངས་པས་གསང་སྔགས་ཀྱི་དོན་ལ་མི་དགོངས་པར་ཐ་སྙད་ཀྱི་ཚིག་ཕྱིར་འབྲེང་བ། རང་རྒྱུད་མ་དུལ་བའི་དབང་གིས་གཞན་གྱི་ཞེ་གཅོད་ཅིང་བསམ་པ་ངན་པས་སྙིང་པོའི་ས་བོན་རུལ་བ། ལོག་པའི་ལམ་དུ་ཞུགས་ཤིང་རྡོ་རྗེ་ཐེག་པའི་དབང་གི་དཀྱིལ་འཁོར་ཞལ་མ་མཐོང་བ། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཏུ་གྱུར་ཅིང་སློབ་མས་དྲིས་པ་དག་ལ་ལན་མི་འདེབས་པ། ཐོས་པ་ཆུང་ཞིང་ང་རྒྱལ་ཆེ་བ་སྟེ་དེ་འདྲའི་སློབ་དཔོན་ནི་སློབ་མའི་བདུད་ཡིན་པས་སྤང་བར་བྱ་དགོས་ལ། གང་བསྟེན་པར་བྱ་བའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས༔ མཁས་ཤིང་བྱ་བ་བྲལ་བ་དང༔ ཆོས་ཉིད་དོན་ལ་ཚད་ཕེབས་དང༔ འདོད་པའི་དོན་ལ་རྨོངས་པ་མེད༔ གསང་སྔགས་བླ་མའི་མཚན་ཉིད་དོ༔ ཞེས་དང༔ ཀློང་གསལ་ལས༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བསྐུར་བས་ནི་སྡུག་བསྔལ་སྒྲོལ༔ ཞེས་དང་། མན་ངག་འདི་ཉིད་ལས། དང་པོ་རྡོ་རྗེ་བླ་མ་ནི༔ དབང་ཐོབ་རྒྱལ་བའི་བཀའ་བཞིན་བྱེད༔ ཟབ་དོན་རྟོགས་ཤིང་ཁོང་དུ་ཆུད༔ ཕྱི་ནང་གསང་བའི་རྣམ་གཡེང་བྲལ༔ བྱིང་རྨུགས་སྐྱོན་བྲལ་དགོངས་པ་མཐོ༔ དེས་ཤིང་དག་པས་དབང་བསྐུར་བྱ༔ ཕྱི་ཡི་རྣམ་གཡེང་འདུ་འཛི་དང༔ ནང་གི་རྣམ་རྟོག་ཡིད་བྱེད་དང༔ གསང་བ་ལྟ་བ་ཁ་འབྱམས་སྤང༔ ཞེས་པས། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་ཤིང་གྲུབ་མཐའི་དབྱེ་བ་ཕྱེད་པ། བྱེ་བྲག་ལམ་འདི་ཉིད་ཀྱི་ཉམས་མྱོང་དྲོད་ཚད་དང་ལྡན་པ། མན་ངག་གི་དོན་སྟོན་པ་ལ་མཁས་ཤིང་ཆགས་སྡང་སོགས་ཚེ་འདིའི་འདུ་འཛིའི་གཡེང་བའི་བྱ་བ་དང་བྲལ་བ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཉིད་མངོན་སུམ་གྱི་དོན་ཚད་ལ་ཕེབས་པ། དགོངས་པས་རང་རྒྱུད་གྲོལ་ཅིང་ཐུགས་རྗེས་གཞན་རྒྱུད་སྨིན་ནུས་པ། གནས་ལུགས་ཀྱི་དོན་ལ་ཤེས་རབ་ཟབ་མོས་སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཀྱིས་སློབ་མས་དྲིས་པའི་ལན་ལ་མི་རྨོངས་པ་རྣམས་སོ། །འཆད་ཡུལ་སློབ་མའི་སྣོད་བརྟག་པ་ལ། དེའང་སྣོད་སྐྱོན་ཅན་ནི། རང་ཤར་ལས༔ བཀུར་སྟི་ཕུ་དུད་མི་བྱེད་ཅིང༔ གསང་སྔགས་འཆལ་བར་སྤྱོད་པ་དང༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད༔ ཤེས་རབ་ཆུང་བར་གྱུར་པ་དང༔ བཀའ་དྲིན་ཁྱད་དུ་གསོད་པ་དང༔ རང་གི་རིགས་རྒྱུད་བརྗོད་པ་དང༔ ལུས་ལ་རྒྱན་བཟང་འདོགས་པ་དང༔ དོན་མེད་འཆལ་བར་གྱུར་པ་དང༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཞེས་པས། དེའང་མན་ངག་གི་དོན་སྟོན་པའི་བླ་མ་དམ་པ་ལ་བཀུར་སྟི་ཕུ་དུད་མི་བྱེད་ཅིང་གསང་སྔགས་བག་ཡངས་སུ་འཆལ་བར་སྤྱོད་པ། རྒྱུ་ལ་སྤྱོད་པའི་རིགས་རྒྱུད་མེད་ཅིང་། ངང་རྒྱུད་ཀྱང་མེད་པས་གསང་སྔགས་ཀྱི་སྣོད་དུ་མི་རུང་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་ཆུང་བ། བླ་མའི་བཀའ་དྲིན་དང་རྒྱུ་འབྲས་ཁྱད་དུ་གསོད་ཅིང་། དོན་མེད་དམ་ཚིག་འཆལ་བར་གྱུར་པ་སྟེ། དེ་འདྲ་བའི་སློབ་མ་ནི་སློབ་དཔོན་གྱི་བདུད་ཡིན་པས་སྤང་བར་བྱ་སྟེ། ཀློང་གསལ་ལས༔ ཡང་སྙིང་བཅུད་ཀྱི་བདུད་རྩི་འདི༔ སྣོད་མིན་རྣམས་སུ་བླུགས་གྱུར་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང༔ ཞེས་གསུངས་པས། མཚན་ཉིད་དང་མི་ལྡན་པ་ལ་བསྟན་ན་དམ་ཅན་ཌཱ་ཀིའི་བཀའ་ཆད་འབྱུང་སྟེ༔ དངོས་གྲུབ་མེད་ཅིང་སྒྲོ་སྐུར་འབྱུང་བར་འགྱུར་རོ༔ སྣོད་དང་ལྡན་པའི་སློབ་མའི་མཚན་ཉིད་ནི། ཐལ་འགྱུར་ལས༔ དད་པ་ཤེས་རབ་ལྡན་པ་དང༔ མོས་ཤིང་འཁྲུལ་ནོར་མེད་པ་དང༔ དབང་པོ་གསལ་ལ་བླ་མ་བསྟེན༔ ལྟ་བ་སྒོམ་པ་སྤྱོད་པ་ནི༔ དད་པ་རབ་དང་བརྩོན་འགྲུས་ལྡན༔ གཏོང་བར་ནུས་ཤིང་བླ་མར་གུས༔ བརྟུལ་ཞུགས་ལྡན་ཞིང་སྡིག་ལ་འཛེམ༔ འགྱུར་མེད་རབ་ཏུ་བརྟན་པོར་འཛིན༔ ཞེས་དང༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ སློབ་དཔོན་ཇི་སྐད་གསུང་བཞིན་བྱེད༔ ཞེས་དང་། མན་ངག་འདི་ཉིད་ལས་ཀྱང་། གཉིས་པ་རྡོ་རྗེ་སློབ་མ་ནི༔ འཇིག་རྟེན་བློ་སྤང་ཆོག་ཤེས་ལྡན༔ ཆོས་ཕྱིར་བདོག་པ་ཀུན་གཏོང་ནུས༔ དབེན་པ་བརྟེན་ཅིང་ཉམས་ལེན་བརྩོན༔ དེ་ལ་མན་ངག་འདི་ཡང་སྦྱིན༔ ཞེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེད་དུ་གདུང་བ་འདོད་པའི་དད་པ། ཐེ་ཚོམ་མི་བྱེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེ་བའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཕྱི་གཤོལ་དང་ཐང་ལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོར་ལ་འཛིན་ཆགས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའི་སྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་ནུས་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པས་གཡེང་བ་དང་བྲལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་སྒོམ་པ་ལ་སྐྱོ་ངལ་མེད་ཅིང་། བླ་མས་ཇི་ལྟར་གསུངས་པ་ལས་མི་འདའ་བ་སྟེ། མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུ་གཟུང་བར་བྱ་དགོས་ཤིང་། དེ་ལྟ་བུའི་སློབ་མས་བླ་མ་མཉེས་པར་བྱ་བའི་ཚུལ་ནི། ཀློང་གསལ་ལས༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ ཞེས་དང༔ ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས༔ ནམ་མཁའ་གང་བའི་སངས་རྒྱས་ལ༔ སྣ་ཚོགས་རིན་ཆེན་སྤྲས་པ་ཡིས༔ སྟོང་གསུམ་གང་བར་ཕུལ་བ་བས༔ བླ་མའི་བ་སྤུ་ཉག་གཅིག་ལ༔ མར་གྱི་ཐིགས་པ་གཅིག་བྱུག་པ༔ བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད༔ ཅེས་དང༔ ཐལ་འགྱུར་ལས༔ འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན༔ ལུས་ངག་ཡིད་ཀྱིས་མཉེས་པ་ཡིས༔ བླ་མ་སངས་རྒྱས་མཉམ་པ་བསྟེན༔ སྟོན་པ་དེ་ལས་ཡོན་ཏན་ནི༔ དཔག་བསམ་ཤིང་དང་རིན་ཆེན་ནོར༔ འདོད་འཇོའི་བ་དང་འདྲ་བ་ཡིན༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ༔ དེ་ལ་དམིགས་ཏེ་བླ་མ་བསྟེན༔ འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ༔ ཞེས་དང༔ རང་ཤར་ལས༔ དེ་ལྟར་མན་ངག་སློབ་དཔོན་ལ༔ རང་ལུས་དང་ནི་རིན་ཆེན་རྫས༔ ཤིན་ཏུ་དཀོན་པ་དག་གིས་བསྟེན༔ ཞེས་གསུངས་ཤིང་། གཞན་ཡང་ལུས་ཀྱིས་མཉེས་པར་བྱ་བ་ནི། བདུད་རྩི་འབྱུང་བ་ལས༔ གལ་ཏེ་བླ་མ་ལ་གནོད་པའི༔ མ་རུངས་སེམས་ནི་བརྩམས་པ་ལ༔ བདག་ཉིད་ཀྱིས་ནི་གསོད་བྱས་ན༔ སེམས་ཅན་འབུམ་གྱི་སྲོག་བཏོན་པས༔ བསོད་ནམས་འདི་ཡི་ཆར་མི་ཕོད༔ བླ་མའི་བྱ་བ་རྫོགས་བྱས་ན༔ འདི་ཡང་དེ་དང་མཉམ་པ་འོ༔ ཞེས་དང༔ ངག་གིས་མཉེས་པར་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོར་ཡང༔ སུ་ཡིས་བཀླགས་ཤིང་བརྗོད་པ་ལས༔ བླ་མའི་ཡོན་ཏན་གཅིག་བརྗོད་ན༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ ཞེས་དང༔ ཡིད་ཀྱིས་མཉེས་པར་བྱ་བ་ནི། ཡོན་ཏན་ནང་ན་དད་པ་མཆོག༔ སྟོང་གསུམ་གང་བའི་སངས་རྒྱས་ལ༔ མཆོད་པ་སྟོང་གསུམ་མཆོད་པ་ལས༔ འདི་ཡི་མཉེས་པར་ཆར་མི་ཕོད༔ ཅེས་གསུངས་པ་ལྟར་ཡིན་པས་ན། ཇི་གསུང་དང་ཅི་མཉེས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་གཡོ་ཟོལ་མེད་པར་རྟག་ཏུ་མི་བརྗེད་དྲན་པའི་རྩི་ཡིས་གཟུང་སྟེ། རང་གི་བླ་མ་ཉིད་ཁོང་པའི་སྙིང་དང་གཙུག་གི་ནོར་བུ་བཞིན་མི་འབྲལ་བར་བསྟེན་པར་བྱའོ། །དེ་ལྟ་བུའི་མཚན་ཉིད་ལྡན་པའི་སློབ་མ་དེ་བླ་མས་ཀྱང་དབང་པོའི་རིམ་པ་དང་གོ་བསྟུན་ལ་མན་ངག་གི་གནད་ཅི་རིགས་པས་རྗེས་སུ་གཟུང་བར་བྱའོ།། །།གཉིས་པ་གནས་ཀྱི་མཚན་ཉིད་བསྟན་པ་ནི། སྤྱིར་སྒྲུབ་པའི་གནས་ནི་ཡིད་དང་མཐུན་པ། དགྲ་རྐུན་སོགས་ཀྱི་འཚེ་བ་མེད་ཅིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་སོགས་ཀྱི་རྣམ་གཡེང་ཆུང་བ། ས་ཕྱོགས་བཀྲ་ཤིས་ཤིང་། གཞི་བདག་ཆོས་ལ་དཀར་བ། བླ་མ་དང་མཁའ་འགྲོ་དང་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས། གངས་རིའམ། གཡའ་རིའམ། དུར་ཁྲོད་དམ། མཚོ་གླིང་ངམ། ནགས་ཁྲོད་དང་ལུང་སྟོང་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་། ས་ཕྱོགས་མཐོ་བ། ཤར་གྱི་མདངས་འཕྲོག་ཅིང་། ནུབ་ཀྱི་ཟེར་སྡུད་པ་ཞེས་ཉི་མ་སྔ་མོ་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ། ཆུ་འཇམ་ཞིང་ཉམས་དགའ་བ། མཐུན་རྐྱེན་ཐམས་ཅད་རྙེད་པར་སླ་བའི་གནས་སུ་བསྒྲུབ་སྟེ། ཀློང་གསལ་ལས༔ ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་ཞིང་དྭངས་ལ་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས༔ བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ༔ མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར༔ ཞེས་སྐྱོན་དང་ཡོན་ཏན་གསུངས་སོ།། །།གསུམ་པ་དུས་ཀྱི་མཚན་ཉིད་ནི། དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་ལ་འཇུག་དགོས་ཤིང་། ཁྱད་པར་ཐོད་རྒལ་བསྒོམ་པའི་དུས་ནི། ཀློང་གསལ་ལས༔ ངོ་སྤྲོད་དུས་ཀྱི་ཁྱད་པར་ནི༔ མཁས་པས་དུས་གནད་བཙལ་བར་བྱ༔ ཞེས་དང༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ན་མཆོག་ཏུ་བཤད་པ་ཡིན༔ ཞེས་གསུངས་པས། དུས་དེར་བསིལ་དྲོད་སྙོམས་པའི་དབང་གིས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཏེ། ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའོ། །དེ་ལས་ལྡོག་པ་ནི། མཁས་པས་དུས་གནད་བསྟན་པར་མ་བྱས་ན༔ ངོ་བོ་འགག་ཅིང་ཉམས་ལེན་འཕེལ་དང་བྲལ༔ ཞེས་བཤད་པ་ལྟར་རོ།། །།བཞི་པ་ཡོ་བྱད་གསག་པ་ནི། འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན། བརྟེན་པའི་ཡོ་བྱད་དམ་རྫས། མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས། ཁྱད་པར་གྱི་ཡོ་བྱད་དབང་ཡོན་དང་གཏོར་ཚོགས་ཀྱི་རྒྱུ་ལ་སོགས་པ། མདོར་ན་གང་གི་ཕྱིར་ཡང་གནས་སྐབས་དེ་དག་ཏུ་བྲེལ་མི་དགོས་པར་གོང་དུ་ཚོགས་པར་བྱ་བ་སྟེ། ཀློང་གསལ་ལས༔ གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར༔ རྟེན་འབྲེལ་ཡོ་བྱད་རྫས་རྣམས་གསག༔ ཅེས་དང་། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ཞེས་གསུངས་སོ།། །།ལྔ་པ་གྲོགས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔ་ཤུགས་ཆུང་བློ་ལྡན་ཁོངས་ཡངས་པ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ དམ་པའི་གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་ཐོབ༔ ཅེས་པས་ཟབ་ལམ་བསྒོམས་པའི་ཉམས་མྱོང་ཅན་ནམ། མིན་ཡང་རྒྱུད་ཞི་དུལ་དང་ལྡན་ཞིང་། དམ་ཚིག་གཙང་བ། དག་སྣང་འབྱོངས་ཤིང་ཉོན་མོངས་ཤས་ཆུང་བ། བརྩེ་སེམས་ཆེ་བས་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་ཉིད་བསྟེན་པར་བྱའོ།། །།དེ་ལྟར་ཉམས་ལེན་གྱི་སྒྲོམ་དུ་འཇུག་པའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། ད་ནི་རྩ་བའི་གཉིས་པ་ལམ་གྱི་རིམ་པ་དངོས་ཇི་ལྟར་ཉམས་སུ་བླང་བ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ལའང་ཐུན་གྱི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། དེའང་སྐྱེ་བོའི་རྒྱུ་འགྲུལ་དང་སྒྲའི་ཀླག་ཅོར་ལ་སོགས་པ་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པ་ཉིད་དུ་བདེ་བའི་སྟན་ལ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ལྡན་མི་གཡོ་བར་དྲང་པོར་བསྲང་སྟེ། དེའང་རྐང་པ་གཉིས་གཡོན་འོག་དང་གཡས་སྟེང་དུ་བྱས་པའི་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་ཁུ་ཚུར་བརྐྱངས་པ་བརླ་གཡས་གཡོན་གཉིས་ཀྱི་ཁུག་པར་བཞག །ལག་ཡུ་དྲང་པོར་བསྲང་། དཔུང་མགོ་གྱེན་ལ་འཐེན། ལྟོ་བ་མདུན་དུ་ཕུལ། སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་བརྩེགས། ལྟག་རྩ་བསྲང་སྟེ། མགྲིན་པ་ཨོལ་ཀོས་ཨོལ་མདུད་གནན། མིག་མིག་འབྲས་མི་རྒྱུ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཅེ་རེ་གཞག །མགོ་བོ་ཡ་ཡོ་མེད་པར་གཟེངས་བྱ་ཞིང་ལུས་ཀྱི་ཆ་ཐམས་ཅད་ཧྲིལ་གྱིས་བསྒྲིམས་ལ་འཇོག་དགོས་ཏེ། དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་གསང་སྒོ་ཁེགས་པས་མི་རྟ་ནང་དུ་ཆུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་དང་འདྲ་བས་ན་ལུས་ཀྱི་གནད་དང་ཆུན་ཆེར་ཡོང་བའི་ཐབས་བྱས་པས། ཡེ་ཤེས་ཀྱི་སྣང་བ་རྣམས་གོང་ནས་གོང་འཕེལ་དུ་འགྱུར་ཏེ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དགོས་པ་ཁྱད་པར་ཅན་ཡོད་ཅེས་གསུངས། དེ་ལྟར་ལུས་གནད་དེ་ཁྲིག་གེ་བཅས་ཟིན་མཚམས། དེ་ནས་ཐུན་ཐོག་མ་འདིར་རླུང་རོ་དགུ་ཕྲུགས་དང་། འོག་མ་རྣམས་སུམ་ཕྲུགས་སུ་བསལ་བ་སྟེ། དེའང་དང་པོ་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། དེ་ལྡོག་གཡས་ནས་གསུམ། གཉིས་ཀ་ཕྲུགས་གཅིག་ཏུ་ཆུང་འབྲིང་ཆེ་གསུམ་སྟེ་དགུ་ཕྲུགས་བསལ། དེའི་ཚེ་དམིགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོགས་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བས། མདོར་ན་ལུས་ནང་བཤལ་བ་ལྟར་གྱུར་སྙམ་དུ་བསམ་མོ། །འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུག་པར་བྱེད་པ་ལ་སྔ་ལོགས་སུ་སྣོད་བཀྲུ་བཤལ་བྱེད་པ་དང་འདྲ་གསུང་། དེ་ནས་སེམས་ཀྱི་གནད་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད་དུང་བ་ཞིག་སྔོན་དུ་བཏང་རྗེས། རང་གི་སྤྱི་བོར་རྟོག་པའི་མཐའ་བརྒྱད་རྣམ་པར་དག་པའི་རང་བཞིན་ཅན་གྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་དུ། ཐབས་དང་ཤེས་རབ་མཚོན་བྱེད་ཉི་ཟླའི་དཀྱིལ་འཁོར་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གསལ་བཏབ། དེ་རྣམས་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་ཉིད་རྒྱུན་གྱི་སྐུའི་རྣམ་པ་ཅན་ཕྱག་གཉིས་ཆོས་འཆད་དམ་མཉམ་གཞག་གི་ཕྱག་རྒྱ་གང་བདེར་བཞུགས་ཤིང་། གཟི་བྱིན་མཆོག་ཏུ་འབར་བའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ། དེའང་ལས་དང་པོ་པས་ཐོག་མར་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལམ་གྱིས་གསལ་བཏབ་སྟེ་རྩེ་གཅིག་ཏུ་བསྒོམ་པར་བྱ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། མོས་གུས་གདུང་ཤུགས་དྲགས་པོས་ངག་ཏུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་གཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་ཀྱི་རིམ་པ་དེ་ཉིད་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་ནས་ཉུང་མཐའ་གསུམ་གྱིས་མཐའ་བརྟེན་པ་སོགས། མདོར་ན་མོས་གུས་ཀྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བར་མ་གྱུར་པ་དེ་སྲིད་དུ་འདོད་པའི་དོན་ཞེ་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་སྐུ་འོད་ལྔའི་གོང་བུར་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་སྟེ། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་གཉིས་སུ་འཛིན་པའི་རྟོག་པ་དང་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་གཞག་ཅི་གནས་སུ་བྱས་རྗེས། མཐར་དགེ་བ་འདི་ཡིས་སོགས་ཀྱིས་དགེ་བ་བསྔོ་བ་དང་བཅས་བྱ། འདི་ནི་གཞུང་དངོས་ན་མི་གསལ་ནའང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་བཞེས་སུ་ཐུན་ནམ་སྒོམ་རེ་བཞིན་གྱི་སྔོན་འགྲོ་མགོ་འཛིན་གྱི་ཚུལ་དུ་གཏོང་བ་ཡིན་ནོ།། །།དེ་ནས་གཉིས་པ་ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ཐུན་མོང་གི་ཐེག་པའི་ལམ་སྟེགས་བསྟན་པའི་ཁྲིད་ལ། དེའང་རྩ་བར། དལ་འབྱོར་རྙེད་དཀའ་འཇིག་པར་སླ༔ འཁོར་བའི་ཉེས་དམིགས་རྒྱུ་འབྲས་དང༔ སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་སྦྱང༔ ཚོགས་གསག་གསོལ་གདབ་དབང་བླང་བ༔ བཅུ་ཡིས་ཐུན་མོང་ལམ་སྟེགས་བསྟན༔ ཞེས་གསུངས་པས་ན། དེ་ལ་དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་པ། གཉིས་པ་འཆི་བ་མི་རྟག་པ་བསམ་པ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ། བཞི་པ་ལས་འབྲས་སྨིན་ཚུལ་བསམ་པ། ལྔ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། དྲུག་པ་ཐེག་ཆེན་རྩ་བ་སེམས་བསྐྱེད་པ། བདུན་པ་སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས། བརྒྱད་པ་ཚོགས་གཉིས་རྫོགས་ཐབས་མཎྜལ། དགུ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར། དེའི་ཞར་བྱུང་ལ་དབང་བླང་བའི་རིམ་པ་དང་བཅུ་འོ། །དེ་ལ་དང་པོ་དལ་འབྱོར་རྙེད་དཀའ་བ་ནི། འདི་ལྟར་བསམ་པར་བྱ་སྟེ། འོ་བདག་གིས་ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཡང་ཡང་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ཉིད། ད་རེས་ཙམ་དུ་ཐོབ་པའི་དུས་འདིར་ཆུད་ཟོས་དང་སྟོང་ལོག་ཏུ་མ་སོང་བར་དལ་འབྱོར་ལ་སྙིང་པོ་ལོན་ངེས་པའི་དམ་པའི་ཆོས་གཤའ་མ་ཞིག་ནི་ངེས་པར་བྱེད་དགོས་པར་འདུག་སྟེ། དེ་ལ་དལ་བ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་ནི། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམས་བརྒྱད། །ཅེས་གསུངས་པས། དེའང་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་སྐྱེས་ན་ནི་དུས་རྟག་ཏུ་སྡུག་བསྔལ་གྱི་སྣང་བ་ཁོ་ནས་བྲེལ་ཏེ་ཆོས་བྱེད་མི་ཁོམ། ལྷ་ཚེ་རིང་པོ་དཔལ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་ཤུགས་མེད་པས་ཐོས་བསམ་གྱི་རྟེན་འགགས་པ་སྟེ་ཕྱིའི་མི་ཁོམ་པའི་གནས་བཞི་དང་། གལ་ཏེ་མིར་སྐྱེས་ཀྱང་བསྟན་པ་ལ་འཇུག་པའི་བློ་མེད་པའི་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པས་སྒྲོ་སྐུར་གྱི་མཐར་ལྷུང་པའི་ལོག་ལྟ་ཅན་དང་། ཚིག་དོན་ལ་བརྡའ་སྤྲོད་པའི་ནུས་པ་མེད་པའི་ལྐུག་པ་དང་། སངས་རྒྱས་ཀྱིས་སྟོངས་པའི་ས་ཞེས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པའི་མུན་པའི་བསྐལ་པ་དང་བཞིར་སྐྱེས་པ་ནི་ནང་གི་མི་ཁོམ་པ་བཞི་སྟེ། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་ཤིང་དལ་བ་ཐོབ་པ་འདི་རེ་འཚེངས་སྙམ་དུ་དལ་བ་བརྒྱད་ཐོབ་པ་ལ་སྤྲོ་བ་དང་བཅས་ཏེ་ཆོས་ལ་བརྩོན་པར་རིགས་ཤིང་། དེར་མ་ཟད་འབྱོར་པའི་ཆོས་བཅུ་ཡང་ཚང་སྟེ། དེའང་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། བདག་ལྷ་ཆོས་ཀྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་གནས་པའི་ཡུལ་དབུས་སུ་ནི་སྐྱེས། སྒོས་ཐོས་བསམ་གྱི་རྟེན་མིག་ལ་སོགས་པའི་དབང་པོའི་སྒོ་ལྔ་པོ་ནི་སྐྱོན་མེད་བཀྲ་བར་ཚང་། འཇུག་པའི་སྒོ་དད་པའི་གནས་སུ་འོས་པ་ལ་དད་པས་མུ་སྟེགས་ལ་སོགས་ཕྱིན་ཅི་ལོག་གི་ལམ་གྱི་རྗེས་སུ་མ་ཞུགས་པ་ལས་མཐའ་མ་ལོག་པས་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚང་བ་སྟེ་རང་འབྱོར་ལྔ་དང་། དེར་མ་ཟད་གཞན་གྱི་འབྱོར་པ་ལྔ་ཡང་ཚང་འདུག་སྟེ། དེ་ཡང་རང་འབྱོར་ལྔ་ཚང་ཡང་གཞན་ལྔ་མ་ཚང་ན་དཔེར་ན་ནུབ་མོ་མར་མེ་མེད་ན་མིག་གིས་མི་མཐོང་བ་བཞིན་ཏེ། དེ་ལ། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པས་སྟོན་པ་སངས་རྒྱས་ལོ་ཀའི་ཁམས་སུ་བྱོན། དེས་ལམ་ཐར་པ་དམ་པའི་ཆོས་གསུངས། དེའི་བསྟན་པ་ད་ལྟ་མ་ནུབ་ཙམ་དུ་གནས། དེའི་རྗེས་སུ་འཇུག་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པར་འདུག །གཞན་ཡང་རང་ལ་ཟས་གོས་མཐུན་རྐྱེན་སྦྱོར་བ་པོ་རྣམས་ཀྱང་ཡོད་སྙམ་དུ་བསམ་པའོ། །དེ་ལྟར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ནི། རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟགས་ཤིང་དཔྱད་ཀྱང་ངེས་པར་རྙེད་དཀའ་སྟེ། རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ་ནི། སྔོན་ཆད་རང་ཅག་གི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལ་བརྟེན་ནས་ཐོབ་པ་ཡིན་ཏེ། དབུ་མ་འཇུག་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་ཤིང་། དེས་ན་སེམས་ཅན་གྱི་ནང་ན་སྡིག་པའི་ལས་གསོག་པ་ཆེས་མང་། དགེ་བ་བྱེད་པ་ནི་ཆེས་ཉུང་། དེའི་ནང་ནས་ཀྱང་མི་ལུས་འཕེན་ནུས་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བ་སེན་མོའི་སྟེང་གི་རྡུལ་བས་ཀྱང་དཀོན་པས་ན་སྤྱིར་མི་ལུས་རྙེད་དཀའ་བ་དང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་མང་པོ་ཞིག་བསགས་པའི་མཐུ་ལས་གྲུབ་བོ་སྙམ་དུ་བསམ། རྐྱེན་གྱི་སྒོ་ནས་ཀྱང་རྙེད་དཀའ་སྟེ། བདག་ད་རེས་བླ་མ་དགེ་བའི་བཤེས་གཉེན་གྱི་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་། རང་གིས་སྒོམ་ནུས་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ངེས་གདམས་པའི་མན་ངག་ཟབ་མོ་དང་ནི་མཇལ། དེས་ན་རང་ཅག་རྣམས་གསང་སྔགས་ཟབ་མོའི་ཆོས་སྒོར་ནི་ཞུགས། ཆོས་བྱེད་པའི་དབང་ཡོད། བྱེད་པའི་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཕུན་སུམ་ཚོགས་པ་སྟེ། གཙོ་བོ་རང་གིས་འཆི་ཁ་སྨོན་ལམ་བཟང་པོས་མཚམས་སྦྱར་པ་ཁོ་ནར་ཡང་རག་ལུས་པར་འདུག་སྙམ་དུ་བསམ། དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། གཉའ་ཤིང་བུག་པ་གཅིག་པ་དང་རུས་སྦལ་ཞར་བ་འཕྲད་པ་དང་མཚུངས་ཏེ། དེའང་ཕྱིའི་རྒྱ་མཚོ་ཆེན་པོ་ན་གཉའ་ཤིང་བུག་པ་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་གིས་ལོ་བརྒྱ་བརྒྱ་ནས་སྐེ་སྲིང་བ་ལན་རེ་བྱས་ཏེ་བུག་པའི་ནང་དུ་མགྲིན་པ་ཨེ་ཚུད་ལྟ་བ་དང་ཆོས་མཚུངས་ཏེ། དེ་འདྲ་ཚུད་དཀའ་བ་ཅིའི་ཕྱིར་ན། ཤིང་དེ་ལ་བུག་པ་མང་པོ་ཞིག་ཡོད་ན་གཅིག་ལ་མ་ཐར་ཀྱང་གཅིག་ལ་ཐར་སྲིད་མོད། བུག་པ་ནི་གཅིག་ལས་མེད། དེས་གཅིག་ཏུ་སྡོད་པ་ཞིག་ཡིན་ན་ཆུད་སླ་མོད། ཤིང་དེ་ནི་སྲིད་པའི་རླུང་དང་ཆུ་བོའི་རླབས་ཀྱིས་བསྐྱོད་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འགྲོ། རུས་སྦལ་ཁོས་མིག་མ་ཞར་ན་བལྟས་མོད་དེ། མིག་ནི་ཞར་ནས་མེད། དེ་ཡང་ཡང་བལྟ་བ་ཞིག་ཡིན་ན་སྐབས་འགའ་ཞིག་ཏུ་ཆུད་པ་ཡིན་མོད། ལོ་བརྒྱ་བརྒྱ་ནས་སྐེ་བསྲིང་བ་ལན་རེ་ལས་མི་བྱེད་དོ། །འོ་དེ་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། རང་ཅག་རྣམས་ཀྱི་མི་ལུས་རྙེད་དཀའི་དཔེ་དང་མཚུངས་པར་བསྟན་ཏེ། ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུག་པ་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་འོ་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས། གཞན་ཡང་འདམ་ཞལ་ངོས་ལ་སྲན་མའི་ཕུང་པོ་ཇི་སྙེད་ཅིག་གཏོར་ཀྱང་གཞན་རྐྱེན་འཛོམ་ན་རེ་གཉིས་ཙམ་སྡོད་པ་ཨེ་སྲིད། ཕལ་ཆེར་མི་གནས་པ་དང་། གཞན་ཡང་ཨུ་དུམ་ཝཱ་རའམ། དགུན་གྱི་མེ་ཏོག་གམ། ཉིན་མོའི་སྐར་མ་སོགས་དང་མཚུངས་པའོ་སྙམ་དུ་བསམ། གྲངས་ཀྱི་སྒོ་ནས་རྙེད་དཀའ་སྟེ། འཇིག་རྟེན་གྱི་ཁམས་ན་མིས་བདག་ཏུ་བཟུང་བ་དང་། མ་གཟུང་བའི་དུད་འགྲོ་བྱ་རི་དྭགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདི་ཙམ་ཞིག་མཆིས་མོད། དེ་ལས་རྒྱ་མཚོ་ཆེན་པོའི་བྱིངས་ན་གནས་པའི་དུད་འགྲོ་ཆེས་མང་སྟེ་ཆང་གར་གྱི་སྦང་མ་ལྟ་བུ་ཡོད། དེར་མ་ཟད་དབྱར་དུས་གྲོག་སྦུར་སྦྲང་མ་སོགས་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ་དུ་འདུག་མོད། དེ་བས་ཀྱང་མང་བ་ཡི་དྭགས་ཀྱི་ཡུལ་ན་ཡོད། དེ་བས་ཀྱང་མང་བ་དམྱལ་ཁམས་བཅོ་བརྒྱད་ན་ཡོད་པས་དེ་ལ་ལྟོས་ན་རང་ཅག་ལྷ་མིའི་འགྲོ་བ་སྲིད་མཐའ་ཙམ་དུའོ་སྙམ་དུ་བསམ། དེ་ལྟར་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་ངེས་པར་རྙེད་དཀའི་ཁམས་དྲུག་ལྡན་གྱི་མི་ལུས་འདི་ཉིད་ཐོབ་པ་ལ་དགོས་པ་ཅི་ཡོད་ན། རྒྱལ་བ་ཐམས་ཅད་ཀྱང་རྟེན་འདི་ལ་བརྟེན་ནས་གདོད་མའི་སར་གཤེགས་པ་ཤ་སྟག་ཡིན་ལ། འདི་ཉིད་མ་ཐོབ་ན་ཐར་པ་ལྟ་ཅི་མཐོ་རིས་ཀྱི་བདེ་འབྲས་ཕྲ་མོ་ཙམ་ཡང་སྒྲུབ་པའི་ཐབས་གཞན་མེད་དེ། ཙནྡྲ་གོ་མཱིས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་སྒྲུབས། །ཞེས་དང་། སློབ་དཔོན་ཆེན་པོས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ། །ཞེས་གསུངས། དེ་ལྟར་ན་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ཉིད་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ༔ རྙེད་པར་དཀའ་བ་ནི་ཉིན་མོའི་སྐར་མ་དང་འདྲའོ༔ འཇིག་པར་སླ་བ་ནམ་སྨད་ཀྱི་མེ་ཏོག་དང་འདྲའོ༔ འདིས་ཡར་འགྲོ་མར་འགྲོའི་སོ་མཚམས་བྱེད་པས་ལམ་ཁ་དབྲག་དང་འདྲའོ༔ དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ཞིང་ས་གཤིན་པོ་དང་འདྲའོ༔ མཐོ་རིས་དང་ཐར་པར་འཛེགས་པའི་ཐེམ་སྐས་དང་འདྲའོ༔ སྡིག་པ་མི་དགེ་བའི་ལས་གསོག་པས་མི་གཙང་བའི་སྣོད་དང་འདྲའོ༔ འཁོར་བ་དང་ངན་སོང་དུ་ལྟུང་བར་བྱེད་པས་གཅོང་རྡོ་དང་འདྲའོ༔ དེས་ན་རང་ཅག་རྣམས་ཀྱིས་ད་རེས་དབུལ་པོས་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་འདོད་དོན་ཁྱད་པར་ཅན་བསྒྲུབ་ཏུ་རུང་བའི་རྟེན་ཕུན་སུམ་ཚོགས་པ་ལན་གཅིག་ཐོབ་པའི་དུས་འདིར། སྔར་མདོ་མེད་དུ་དེ་ཙམ་ཞིག་ཐལ། ད་ནི་ཅི་ནས་ཀྱང་ཆུད་ཟོས་དང་སྟོང་ལོག་ཏུ་མི་གཏང་བར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་སྦར་བ་ལྟ་བུས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བཀོལ་བར་བྱ་དགོས་ཏེ། དེའང་འོ་སྐོལ་རྣམས་ཀྱི་ཚེ་འདིའི་བྱ་བྱེད་སྤྱོད་ལམ་ཐམས་ཅད་ནི་ཟིན་ཚར་དུས་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་འབྱུང་བའི་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད་སྙམ་དུ། ཚེ་འདིའི་བློ་ཁྲིད་འཁོར་འདབས་གཉེན་འདུན་ལོངས་སྤྱོད་སོགས་གང་ལའང་མི་ཆགས་པར་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོའི་གླིང་ནས་སྟོང་ལོག་བྱེད་པ་བས་ཀྱང་ཆེས་བླུན་ཏེ། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཀྱང་སྨྱོན་པ། དབུགས་མ་བྲལ་ཀྱང་བེམ་པོ་དང་ངེས་པར་འདྲ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ། །རྙེད་པ་དོན་ལྡན་ཡིད་བཞིན་ནོར་བུ་འདྲ། །ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་བརྒལ་བར་མཛོད། །ཅེས་དང་། ཀུན་མཁྱེན་ཆེན་པོས། ཁོམ་ལྡན་མི་ཡི་འགྲོ་བ་རྙེད་གྱུར་ནས། །ཡང་དག་དམ་པའི་ཆོས་དང་མཇལ་དུས་འདིར། །བདེ་འགྲོ་ཐར་པའི་སྐས་ལ་མ་འཛེགས་ན། །ཕྱིས་ནས་དལ་འབྱོར་ལུས་རྙེད་ཤིན་ཏུ་དཀའ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་འདིས་རྙེད་པ་ཡིན། །ཨེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་ཡིན་པས་ན། གྲུ་ཡོད་དུས་ཆུ་བོའི་ཕ་རོལ་དུ་བརྒལ་དགོས། དཔའ་བོའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་དགོས། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ལ་ཅི་ཐེབས་བྱེད་དགོས་པ་བཞིན་དུ། ད་རེས་ལམ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར། སྐྱེ་བ་གཏན་གྱི་སོ་ནམ་རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ།། །།གཉིས་པ་འཆི་བ་མི་རྟག་པའི་ཁྲིད་ནི། དལ་འབྱོར་ལ་སྙིང་པོ་ལེན་པ་དེའང་སང་བྱེད་གནངས་བྱེད་སྙམ་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ཟློག་པ་ལྟར་བརྩོན་འགྲུས་དྲག་པོས་འཕྲལ་རང་དུ་ཉམས་སུ་བླང་དགོས། དེའི་རྒྱུ་མཚན་འཆི་བའི་རྐྱེན་མང་། གསོན་པའི་རྐྱེན་ཉུང་ཟད་ཅིག་ཡིན། ཤི་རྐྱེན་དེའང་འདིས་བྱེད་དང་འདིས་མི་བྱེད་བྱ་བ་ཞིག་མེད་དེ། འགའ་ཞིག་ནི་གཅན་གཟན་ཁྱི་ལ་སོགས་པས་རྨུགས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་མཐུན་རྐྱེན་སྒྲུབ་ཏུ་ཕྱིན་པས་མཛོ་གཡག་རྭ་ཅན་ལ་སོགས་པས་བརྡུངས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་རྟ་ལ་སོགས་པར་ཞོན་ཏེ་དེས་བསྐྱུར་ནས་འཆི་བའང་ཡོད། འགའ་ཞིག་ནི་རང་གིས་ལྕེབས་ཏེ་འཆི་བའང་ཡོད། འགའ་ཞིག་ནི་བསུབ་བམ་བརྣངས་ནས་འཆི་བའང་ཡོད། འགའ་ཞིག་ནི་ཕན་དུ་རེ་ནས་ཟས་དང་སྨན་ལ་སོགས་པ་བརྟེན་པ་དུག་ཏུ་འགྱུར་ཏེ་འཆི་བའང་ཡོད། དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དང་པོ་ཆགས། བར་དུ་གནས། ཐ་མ་འཇིག །རྗེས་སུ་སྟོངས་པར་འགྲོ། དེ་བཞིན་དུ་ནང་རང་གི་སྒྱུ་ལུས་འདིའང་དང་པོ་ཕ་མའི་རྐྱེན་གྱིས་ཆགས། བར་དུ་ད་ལྟ་ཅུང་ཟད་ཙམ་གནས། ཐ་མར་འཆི་ཞིང་རྗེས་སུ་བར་དོར་རྣམ་ཤེས་རྟེན་མེད་འདི་འཁྱམས་དགོས། དེའང་ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་འདི་ཡང་། དཔྱིད་དང་དབྱར་དང་སྟོན་དགུན་གྱི་གནས་སྐབས་བཞིར་འགྱུར་ལྡོག་འགྱུར་འགྲོ་བ་ལྟར། ནང་རང་གི་སྒྱུ་ལུས་ཀྱི་ལང་ཚོ་དར་རྒུད་ཀྱང་དེ་དང་འདྲ། དེ་ཡང་དཔྱིད་དུས་ས་ལ་དྲོད་སྐྱེས་ནས་མྱུ་གུ་འབུས་ཏེ་ཡར་འཕེལ་བ་ལྟར། དང་པོ་ལུས་འདི་མའི་མངལ་དུ་གྲུབ་ནས་ཡར་བསྐྱེད་ལུས་ཟུངས་ཐམས་ཅད་འཕེལ། དབྱར་དུས་མེ་ཏོག་ལོ་འདབ་རྩྭ་ལྗང་ཆུ་བོ་ཐམས་ཅད་དར་ཞིང་རྒྱས་པ་ལྟར་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་བཀྲག་མདངས་སྟོབས་ནུས་ཐམས་ཅད་དར་ཞིང་རྒྱས་ཏེ་དཀར་ལ་དམར་བའི་མདངས་ཆགས་པ་ཀུན་གྱི་ཡིད་འཕྲོག་པ་ལྟ་བུར་གྱུར། སྟོན་དུས་མེ་ཏོག་གི་འདབ་མ་རྣམས་གྱེས། ལོ་འདབ་དང་འབྲས་བུ་ཐམས་ཅད་རྣམ་པར་འགྱུར་བ་ལྟར། རང་རྒས་པའི་ཚེ་ལུས་ཀྱི་ཟུངས་ཟད། དབང་པོའི་བཀྲག་ཤོར་ཏེ་གདོང་བྱད་སྔོ་ཆོམ་གྱིས་སོང་། ཁའི་སོ་དོན། ལུས་རྒུར་ཞིང་འཁོགས། མགོ་བོ་སྐྱ་ཡེར་གྱིས་སོང་། གདོང་བྱད་གཉེར་མས་གང་སྟེ་ཀུན་གྱིས་ཡིད་དུ་མི་འོང་བར་འགྱུར། དགུན་གྱི་དུས་རྩ་ཤིང་དང་ཆུ་བོ་ཐམས་ཅད་འཁྱགས་ཤིང་བསྐམས། སྐྱི་སེར་གྱི་རླུང་གཡོས་པས་རི་ཀླུངས་ཐམས་ཅད་སྐྱ་ཐལ་གྱིས་སོང་སྟེ་དབྱར་བྱུང་བའི་རྗེས་ཙམ་མེད་པ་ལྟར། རང་འཆི་བའི་ཚེ་ན་ལུས་ཀྱི་འབྱུང་བཞི་ཐམས་ཅད་མཐར་བསྡུས་ཏེ་འཐོར། རྣམ་ཤེས་ཕྱིར་ཐོན་ཏེ་དངོས་མེད་དུ་འཁྱམས། དང་པོ་གསོན་པའི་དུས་མ་བྱས་པ་ལྟར་སོང་། མིང་སྟོང་པ་ཞིག་ཤུལ་དུ་བཞག །གཅེས་པར་བྱས་པའི་ཕུང་པོ་ས་རྡོ་ལྟར་བོར། ཡང་ན་ནི་ཆུར་བསྐྱུར། ཡང་ན་ནི་མེར་བསྲེག །ཡང་ན་ནི་དུར་དུ་སྦ། ཡང་ན་ནི་དུར་ཁྲོད་དུ་བྱ་དང་གཅན་གཟན་གྱིས་ཟ། དེའི་ཚེ་ཤུལ་མི་རྣམས་ཀྱིས་མེད་པར་བྱས་ཐུབ་ཅིང་ཟིན་ན་བློའི་བདེ་ཤོས་བྱེད་འགྲོ། དེའང་སྔར་ཤི་བ་མཐོང་ཞིང་ཐོས་པ་ཐམས་ཅད་ནི་རང་ལ་འཆི་བ་འོང་བའི་བརྡའ་སྟོན་པ་དང་འདྲའོ༔ ཚེ་ལ་ལོང་སྐབས་མེད་པར་འཆི་བ་ནམ་མཁའི་གློག་འཁྱུགས་པ་དང་འདྲའོ༔ ཚེ་ལ་གཏད་སོ་མེད་པ་རི་གཟར་གྱི་འབབ་ཆུ་དང་འདྲའོ༔ ཚེ་འདི་རྟག་པར་འཛིན་པ་ནམ་མཁའི་འཇའ་ཚོན་འཛིན་པ་དང་འདྲའོ༔ ནམ་འཆི་ཆ་མེད་པ་ཤིང་སྡོང་གི་འདབ་ཆགས་འཕུར་བ་དང་འདྲའོ༔ འཆི་བའི་ཚེ་གཞན་གང་གིས་ཀྱང་མི་སྟོངས་པ་ཤིང་སྡོང་འགྱེལ་བའི་ཡལ་འདབ་ལོ་འབྲས་དང་འདྲའོ༔ ཚེ་མྱུར་དུ་འཛད་པ་ལྟག་ཆུས་བོར་བའི་རྫིང་བུ་མཐིལ་རྡོལ་དང་འདྲའོ༔ སྐད་ཅིག་གིས་ཀྱང་འཆི་བར་ཉེ་བ་གསོད་སར་འཁྲིད་པའི་དུད་འགྲོ་དང་འདྲའོ༔ ཕུང་པོ་ཤུལ་དུ་བོར་བ་མི་གཙང་ཕྱིས་པའི་རྡོ་དང་འདྲའོ༔ རྣམ་ཤེས་བར་དོར་འཁྱམས་པ་རྒྱུས་མེད་ཀྱི་འགྲུལ་པ་དང་འདྲའོ༔ ཕྱི་མའི་སྐྱེ་གནས་འཚོལ་བ་སྦྲང་མས་སྦྲང་ཚང་འཚོལ་བ་དང་འདྲའོ༔ གར་འགྲོའི་གཏད་སོ་མེད་པ་བུ་ཆུང་རྗེན་དུ་བོར་བ་དང་འདྲའོ༔ འཆི་བའི་རྐྱེན་མང་བ་དུག་སྡོང་གི་ཡལ་འདབ་དང་འདྲའོ༔ ཚེ་ལ་གནོད་པ་མང་བ་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲའོ༔ གློ་བུར་དུས་མིན་དུ་འཆི་བ་ཕྱེ་མ་ལེབ་མར་མེར་ཕྲད་པ་དང་འདྲའོ༔ དེས་ན་རང་ཅག་རྣམས་འཆི་བའི་ནངས་པར་ནི་བརྩིགས་པའི་ཁང་ཁྱིམ་ཇི་ལྟར་བཙན་པ་ཞིག་ཡོད་ཀྱང་དེར་ཕྲས་ཏེ་སྡོད་པའི་དབང་ནི་མེད། བསགས་པའི་ནོར་རྫས་མདོར་ན་ལྷ་ཡི་ལོངས་སྤྱོད་ཀྱི་དཔལ་དང་མཚུངས་པ་ཞིག་ཡོད་ཀྱང་ཁྱེར་དབང་ནི་མེད། འགྲོགས་པའི་གཉེན་བཤེས་འཁོར་འདབས་སོགས་མང་ཡང་ཁྲིད་དབང་ནི་མེད། དེའང་དགེ་བ་རང་གིས་མ་བྱས་པར་ཁྱེར་དབང་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། མདོར་ན་ཉེ་འབྲེལ་འཁོར་འདབས་དཔལ་འབྱོར་ལོངས་སྤྱོད་འདོད་དགུ་ཐམས་ཅད་ཆམ་གྱིས་དོར་ལ། རང་གིས་བྱས་པའི་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲང་སྟེ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་རང་ཉིད་གཅིག་པུ་སྐུད་པ་སྐྱ་བོ་ཞིག་ཀྱང་ཁྱེར་དབང་མེད་པར་རྟེན་མེད་དུ་འཁྱམ་དགོས། དེའི་ཚེ་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད། དེས་ན་རྟ་གདོང་འདྲོགས་པའམ། ཕྱེ་མ་ལེབ་མར་མེ་དང་འཕྲད་པ་བཞིན་གཟའ་གདོང་ཐུག་དང་། སྲིན་ཕོ་ལང་ལྟ་བུས་བདག་ད་ལྟ་རང་མི་འཆི་བའི་གདེང་ཚད་ཅི་ཡོད། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། ནང་སྐྱེ་འགྲོའི་འགྲོ་བ་ཡང་དགྲ་གཉེན་བར་མའི་གོ་རིམ་མ་ངེས་པ་དེ་ཙམ་ཞིག་ཤི་བ་མཐོང་ཐོས་སུ་གྱུར་པའི་ཚུལ་ལ་བསམས་ཀྱང་བདག་ལ་འཆི་བ་ནམ་ཡོང་ཆ་མེད། གསང་བ་རང་ཉིད་མའི་པང་དུ་འཚོ་བ་ནས་ད་ལྟའི་བར་གྱི་ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཁོ་ནའི་ཚུལ་ལ་བསམས་ཀྱང་འཆི་བ་འོང་བ་མངོན་སུམ་ཚད་མར་གྲུབ། འཆི་བ་ནམ་མཁའི་གློག་འཁྱུག་པ་བཞིན་ནམ་འོང་ཆ་མེད། མདོར་ན་སང་བྱ་དང་གནངས་བྱ་སྙམ་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཙམ་ཡང་འཇོག་མི་ཁོམ་སྟེ། དེའི་རྒྱུ་མཚན་རང་རེ་རྣམས་ཀྱིས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ནའང་མཐར་འཆི་ངེས་པ་ཅན་ཡིན་ཏེ། ལར་སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་ཙམ་ལས་མ་ཤི་བར་ཚེ་ཐར་དུ་ལུས་པའི་འགྲོ་བ་ནི་སྔ་ཕྱི་ད་ལྟ་གང་དུའང་མ་མཐོང་ཞིང་མ་ཐོས་ལ་ཡོད་དམ་མེད་དམ་ཙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་དེ། མདོར་ན་གསོད་སར་ཁྲིད་པའི་སེམས་ཅན་གྱི་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཇེ་ཉེ་ཇེ་ཉེར་སོང་ཞིང་མ་ཚོར་བ་འདི་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེང་ཐུབ་པ་མ་ཡིན་ཏེ། མདོར་ན་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་ཐ་མ་ལྷུང་བ་བཞི་ལས་མ་འདས། དེང་སང་རྒན་པ་རྣམས་ལ་འཆི་བ་ཡོལ་ཟེར་བ་ནི་མེད། གཞོན་པ་རྣམས་ལ་འཆི་བས་མི་ཚུགས་ཟེར་བ་མེད། ཕྲུག་གུ་རྣམས་ལ་འཆི་མ་རན་ཟེར་བ་མེད་པར་རྒན་གཞོན་བར་མའི་གོ་རིམ་མ་ངེས་པ་ཅན་དུ་འཆི་བ་ཡིན། དེས་ན་ཚེ་འདིའི་འཁོར་འདབས་གཉེན་འདུན་ལོངས་སྤྱོད་ཐམས་ཅད་ནི་འཕྲལ་བདེ་བདེ་ལྟར་སྣང་ཡང་། རྟག་ཐུབ་པ་རྡུལ་ཙམ་ཡང་མེད་དེ་མདོར་ན་གཉིད་འཐུམ་པ་ཞིག་གི་རྨི་ལམ་བཟང་བ་དང་མཚུངས། དེ་སྔ་ཕན་ཆད་མ་བསམ་པ་རང་གིས་ལེན་འདུག །ད་བསམ་ན་སོས་དལ་དུ་སྐད་ཅིག་ཙམ་ཡང་སྡོད་མི་རིགས་པར་འདུག་སྟེ། དེའང་མཐར་འཆི་བ་འོང་སྙམ་པ་ཀུན་གྱི་བློ་ལ་ཡོད་ནའང་། རེ་ཞིག་མི་འཆི་སྙམ་པའི་བློ་དེ་འཆི་ཁ་ཚུན་ཆད་དུ་འབྱུང་བ་ཡིན། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་འབའ་ཞིག་གིས་གཡེངས་ནས་དལ་འབྱོར་དོན་མེད་དུ་འགྲོ་བ་ཡིན། དེའི་ཕྱིར་ན་རང་ཅག་རྣམས་ད་ལྟ་འཆི་བའི་རྐྱེན་བུ་ཡུག་དྲག་པོ་འཚུབས་པའི་དབུས་ན་མར་མེ་རླུང་གིས་མ་བསྐྱོད་ཙམ་དུ་གནས་པའི་དུས་འདི་རུ། ནམ་གཞག་གཏན་གྱི་འདུན་མ་ཚགས་སུ་ཚུད་ངེས་པའི་དམ་པའི་ཆོས་གཤའ་མ་ཞིག་ནི་ངེས་པར་རང་མི་བྱེད་རེ་སྙམ་དུ་དྲག་ཏུ་བསམ་པར་བྱ་སྟེ། དེའང་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སོགས་དང་། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨྲོས་ཅི་འཚལ། །ཞེས་དང་། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། མདོ་ལས། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་ཡོང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། སློབ་དཔོན་ཆེན་པོས་ཀྱང་། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་དུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོང་ཀའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འགྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པའི་རྒྱུ། །ཞེས་དང་། ཐུགས་ཐིག་ལས། དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི། །རྒན་གཞོན་བར་མའི་གོ་རིམ་མ་ངེས་ན། །རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ། །ཇི་བཞིན་ལོང་མེད་འཆི་མེད་རྟག་པའི་སེམས། །སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ། །སྙིང་ནས་ཆོས་སྒྲུབས་ཚེ་འདིའི་རྣམ་གཡེང་སྤོངས། །ཞེས་དང་། དམ་པས། ཡེང་བའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས་པ་ཡིན་པས་ན། འོ་སྐོལ་རྣམས་ཀྱིས་སང་གནངས་དང་ཚེ་ཕྱི་མ་གང་སྔ་མི་ཤེས། ཚེ་འདིའི་བྱ་བྱེད་སྤྱོད་ལམ་ཐམས་ཅད་ནི་ཟིན་ཚར་དུས་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་ཕན་པ་ནི་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད། དེས་ན་བདག་ནམ་འཆི་ན་ཨང་སྙམ་དུ་མཉམ་བཞག་མ་ལགས་པའི་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་འཆི་བ་མི་རྟག་པ་སྙིང་ཁུང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་ཐོན་ཐོན་གྱི་བར་དུ་ཡང་ནས་ཡང་དུ་སྒོམ་པ་ནི་ཤིན་ཏུ་ནས་གལ་ཆེའོ།། །།གསུམ་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། ཤི་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན་ཤི་ནས་སྐྱེ་བ་ལེན་མི་དགོས་པར་སེམས་ཅང་མེད་དུ་འགྲོ་བ་ཞིག་ཡིན་ན་འཇིགས་རྒྱུ་ཅི་ཡོད་དེ། ཅང་མེད་དུ་མི་འགྲོ། ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། དེ་ཡང་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དར་དྲགས་ཤིང་ཡུན་རིང་མི་བཟོད་པ་སྣ་ཚོགས་ཞིག་མྱང་དགོས། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པ་རང་ཅག་རྣམས་ཀྱིས་མངོན་སུམ་དུ་གྱུར་པ་འདི་ཀས་མཚོན་མོད། དེས་ན་ལས་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོའི་གནས་སུ་གྱུར་པ་སྟེ། དེ་ལ་དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ། དམྱལ་བ་ལ་ཚ་གྲང་གཉིས་ལས། དང་པོ་ཚ་དམྱལ་བརྒྱད་ཀྱི་གནས་ཀྱི་ཁྱད་པར་ནི། ལྕགས་བསྲེགས་ཀྱི་ས་གཞི་རི་རོང་ངམ་གྲོག་ཅན་གདུག་པའི་བྱ་དང་གཅན་གཟན་དམྱལ་སྲུང་གཤེད་མ་མི་བསྲུན་པ་དུ་མས་གཏམས་པ། ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་དྲག་ཏུ་འབབ་པ། མེ་ལྕེ་ཁྲུ་གང་བ་ཙམ་རྒྱུན་མར་འབར་བ། མཐའ་སྐོར་དུ་ལྕགས་ཀྱི་ཤལ་མ་ལིས་ཟླུམ་པོར་བྱས་པ། འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་གྱུར་པ་སྟེ། དེར་སྐྱེ་བའི་བར་དོ་རྣམས་སྲིད་པ་བར་དོའི་གནས་སུ་ཆར་རླུང་གིས་དེད་པ་ལྟ་བུའི་གྲང་རེག་བཟོད་པར་དཀའ་བ་ཞིག་བྱུང་བ་ལ་བརྟེན་ཚ་དམྱལ་གྱི་གནས་དེ་མཐོང་བ་ན་དེར་དྲོ་བའི་སྲེད་པ་སྐྱེས་ནས་གཉིད་སད་པ་ལྟར་སྐད་ཅིག་དེ་མ་ཐག་ཏུ་སྐྱེ་བ་ལེན་པར་འགྱུར་ཏེ། དེའང་ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་པ་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་རྐྱེན་ཕྲ་མོ་ཙམ་ཡང་ཐེག་པར་དཀའ་བ་ཡོད། དེ་ལ་སྡུག་བསྔལ་གྱི་ཁྱད་པར་གྱིས་ཡང་སོས་དང་། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་དེ་བརྒྱད་ལས། དེ་ལ་དང་པོ་ཡང་སོས་ནི། སེམས་ཅན་རྣམས་ཀྱི་ཕན་ཚུན་དགྲའི་འདུ་ཤེས་ཀྱིས་ཞེ་སྡང་དྲག་པོས་མཚོན་བསྣུན་རེས་བྱས་ཏེ་ཡང་ཤི་ཡང་སོས་དང་། འགའ་ཞིག་ནི་ནམ་མཁའ་ལས་མཚོན་ཆའི་ཆར་བབས་ཏེ་ལུས་དུམ་བུ་བརྒྱ་སྟོང་མང་པོའི་བར་དུ་འཐོར་བ་ན། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲའམ་རླུང་བསེར་བུ་གཡོས་པ་ལ་བརྟེན་ཏེ་དེ་མ་ཐག་འཚོ་བར་འགྱུར་ཞིང་། སྡུག་བསྔལ་དེ་ཁོ་རང་གི་ལས་མ་རྫོགས་ཀྱི་བར་དུ་མྱང་དགོས་པ་ཡོད། ཐིག་ནག་པ་རྣམས་དམྱལ་སྲུང་གཤེད་མ་རྣམས་ཀྱིས་ལུས་ཀྱི་སྤྱི་གཙུག་ནས་རྐང་སེན་གྱི་བར་ཐིག་ནག་པོ་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་སྟེ་རལ་གྲི་དང་སོག་ལེ་མེ་འབར་བས་གཤོགས་པ་དང་འབྲེག་པའི་སྡུག་བསྔལ། བསྡུས་འཇོམས་པ་རྣམས་རི་ར་ལུག་དང་གླང་པོ་ཆེའི་གདོང་པ་འདྲ་བའི་བར་དུ་འཚོག་པས་བཙིར་ཏེ་ཏིལ་གཏུན་དུ་ཏིལ་བརྡུངས་པ་བཞིན་ལུས་དམར་འདག་འདག་སོང་བ་ན་ཡང་སྔར་བཞིན་འཚོ་ནས་སྡུག་བསྔལ་མ་ཐེམས་ཀྱི་བར་དུ་མྱང་དགོས་སོ། །ངུ་འབོད་ནི་དེ་དག་མཐོང་བས་འཇིགས་ཏེ་ཡིབ་པའི་སྣང་བ་སྐྱེས་པ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་ཡུན་རིང་པོའི་བར་དུ་མི་ཐར་པའི་སྡུག་བསྔལ། ངུ་འབོད་ཆེན་པོ་རྣམས་ནི་གཞན་སྔ་མ་ལྟར་ལ་ལྕགས་ཁང་ཉིས་རིམ་དུ་ཚུད་དེ་སྒོ་ནང་མ་ནས་ཐར་ཀྱང་ཕྱི་མ་ནས་ཡུན་རིང་པོའི་བར་དུ་མི་ཐར་བའི་སྡུག་བསྔལ། ཚ་བ་པ་རྣམས་ནི་ལྕགས་ཀྱི་འཕྲུ་བ་དཔང་ཚད་ཙམ་དུ་ཉ་བཞིན་བསྲེག་ཅིང་། ལྕགས་ཀྱི་ཐོ་ལུམ་འབར་བས་བརྡུང་བ་དང་། མདུང་རྩེ་གསུམ་པས་སྤྱི་བོ་དང་ཕྲག་པ་གཉིས་སུ་བཤང་ལམ་ནང་ཐལ་བྱུང་དུ་འབིག་པ་དང་། མདུང་རྩེ་གཅིག་པས་བཤང་ལམ་ནས་སྤྱི་བོའི་བར་དུ་འབིག་པའི་སྡུག་བསྔལ། ལྕགས་ཀྱི་བུམ་པར་བཅུག་སྟེ་འདག་མེ་འབར་བའི་གསེབ་ཏུ་དམྱལ་བ། ཡན་ལག་དང་ལྕེ་ལ་ཕུར་བུ་འདེབས་པ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། རབ་ཏུ་ཚ་བ་པ་རྣམས་ལྕགས་ཟངས་འགྱུར་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འཚོད་ནས་ཤ་རུས་ཞིག་ནས་ཀེང་རུས་ལྟར་གྱུར་པ་ན་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་དེ་མ་ཐག་ཏུ་འཚོ་བ་ན་ཡང་འཚོད་པར་བྱེད་ཅིང་། ཁ་འབྱེད་ཆས་ཀྱིས་ཕྱེ་ཞིང་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་འཚིག་སྟེ་མཐར་རོ་སྨད་ནས་ཤམ་ཤམ་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡོད། མནར་མེད་པ་རྣམས་ལུས་སྡོང་བུ་སྣུམ་ལྡན་ལ་མེ་འབར་བ་ལྟར་སྐད་ངན་ཙམ་ལས་གཞན་མེ་དང་སེམས་ཅན་སོ་སོར་དབྱེ་མི་ཤེས་པ་ལྟར་གྱུར་ཅིང་མེ་དེའང་བསྐལ་པ་འཇིགས་དུས་ཀྱི་མེ་ལས་ཚ་ཞིང་། དེའང་གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་བདུན་འགྱུར་གྱིས་ཚ་ཞིང་ཚེ་ཚད་ཀྱི་ཁྱད་པར་ནི། མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ཀྱི། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱ་འོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པས་དེའང་མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག །དེ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐམ་པ་དེ་ཡོངས་རྫོགས་ཡང་སོས་པའི་ཞག་གཅིག་ཏུ་བྱས། དེ་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན། དེའང་གོང་མ་གོང་མ་ལས་འོག་མ་འོག་མ་ཉིས་འགྱུར་ཉིས་འགྱུར་གནས་དགོས་པ་ཡིན། དེས་ན་ཚ་དམྱལ་གྱི་གནས་སུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་ཁྲོད། གངས་བར། འཁྱགས་པའི་འོབས། འཁྱགས་པའི་སྦུབས། འཁྱགས་པའི་གཅོང་རོང་ཆེན་པོ་རླུང་དང་བུ་ཡུག་ཤིན་ཏུ་འཚུབ་ཅིང་གྲང་བའི་གནས་སུ་གྱུར་པ་སྟེ། དེར་སྐྱེ་བའི་བར་དོ་རྣམས་མེས་འཚིག་པ་ལྟ་བུའི་སྣང་བ་ཤར་བ་ན། གྲང་དམྱལ་གྱི་གནས་མཐོང་སྟེ་དེ་བསིལ་བར་ཤེས་པ་ན་རང་རང་གི་ལས་ཀྱི་དབང་གིས་གཉིད་སད་པ་ལྟར་སྐད་ཅིག་དེ་མ་ཐག་ཏུ་སྐྱེ་བ་ལེན་པར་འགྱུར་ཏེ། སྡུག་བསྔལ་གྱི་ཁྱད་པར་ནི། འདིར་ཆུ་བུར་ཅན་སྔོན་ལ་འདྲེན་པའི་ལུགས་སུ་བྱས་ནས། དེ་ཡང་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའི་བར་དུ་སྡུག་བསྔལ་མྱང་དགོས། དེའང་ཆུ་བུར་ཅན་ནི་གྲང་བའི་རེག་བྱས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་པ་ཤར་བ་དང་། ཆུ་བུར་རྡོལ་བ་ཅན་ནི་དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་བ་སྟེ། དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་ཤ་པགས་རུས་པའི་བར་དུ་ཕུག་ཅིང་ཟ་བའི་སྡུག་བསྔལ། དེ་བས་ཀྱང་གྲང་བས་ཨ་ཆུ་ཟེར་བ་དང་། དེ་བས་ཀྱང་གྲང་བ་ཨ་ཆུ་མ་ཐོན་པར་ཀྱེ་ཧུད་ཅེས་ངུ་སྐད་ཤིབ་ཤིབ་འབྱིན་པ། དེ་བས་ཀྱང་གྲང་བས་སོ་ཐམ་པ་དང་། དེ་བས་ཀྱང་གྲང་བ་ཨུཏྤལ་ལྟར་གས་པ་ནི་གྲང་བའི་རེག་བྱ་ལྷགས་པའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ཏེ་གས་པ་དང་། པདྨ་ལྟར་གས་པ་ནི་སྔོ་བ་ལས་ཀྱང་ཐལ་ཏེ་དམར་པོར་གྱུར་ཏེ་ཁ་བརྒྱད་དང་བཅུ་དྲུག་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་ནི་དེ་བས་ཀྱང་གྲང་བས་ཆུ་རྒྱུས་ཕྲ་མོ་ཙམ་གྱིས་འབྲེལ་བ་མ་གཏོགས་ལུས་བརྒྱ་སྟོང་དུམ་བུ་མང་པོར་འཐོར་བའི་བར་དུ་སྡུག་བསྔལ་མྱང་དགོས་པ་ཡོད། དེའང་ཚེ་ཚད་ཀྱི་ཁྱད་པར་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་གསུངས་པས་ན། དེའང་མ་ག་དྷ་ཡི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱང་ཞེས་པ་ཏིལ་གྱིས་བཀང་སྟེ་ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་ཕྱུང་པས་ཏིལ་དེ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། དེའང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་བདུན་འགྱུར་གྱིས་གྲང་ཞིང་། ཚེ་ཚད་ཀྱང་དེ་ཉི་ཤུའི་འགྱུར་དུ་གནས་དགོས་པ་ཡིན། དེས་ན་གྲང་དམྱལ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཁྱད་པར་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ། །གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་ནི། དེའང་མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱག་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པས་ཚ་དམྱལ་ངོས་བཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་ཚ་དམྱལ་བརྒྱད་ཀྱི་ཕྱོགས་གང་དུ་ཕྱིན་ཀྱང་མེ་མ་མུར་གྱི་འོབས། རོ་མྱག་ཕྱི་སའི་འདམ། རལ་གྲི་ལོ་མའི་ནགས་ཚལ། ཐལ་ཚན་གྱི་ཆུ་བོ་རབ་མེད་པ་རྣམས་ཏེ། དེའང་དང་པོ་མེ་མ་མུར་གྱི་འོབས་པུས་ནུབ་ཙམ་དུ་ཚུད་དེ་རྐང་པ་བཞག་མ་ཐག་ཤ་པགས་བྲལ་ཞིང་པུས་མོ་མན་ཆད་སོལ་བའི་ཕུང་པོར་ནག་རུམ་གྱིས་སོང་། བཏེགས་པ་ན་འཚོ་ཞིང་སྡུག་བསྔལ་དེ་ཁ་རང་གི་ལས་མ་རྫོགས་བར་མྱང་དགོས་པ་དག་ཡོད་དོ། །དེ་ལས་ཀྱང་ཐར་ན་རོ་མྱག་ཕྱི་སའི་འདམ་རྫབ་མི་གཙང་བའི་དྲི་ང་བ་དེར་ཚུད་པ་ན་སྲིན་བུ་མཆུ་རྣོན་པོ་ཁབ་འདྲ་བས་ཤ་པགས་ཁྲོལ་མ་ལྟར་འབུག་ཅིང་ཟ་བའི་སྡུག་བསྔལ། དེ་ལས་ཐར་ཀྱང་ཕྱོགས་བཞི་ན་ནེའུ་གསིང་སྔོ་ཤིག་གེ་བ་ཞིག་མཐོང་སྟེ། དེར་སྲེད་པས་ཀྱང་ལུས་བཀོལ་ཏེ་ཕྱིན་པས་ན་ནེའུ་གསིང་རྣམས་རལ་གྲིའི་ཐང་དུ་ཕྱིན་ཏེ་རྐང་པ་བཞག་མ་ཐག་ལུས་བརྒྱ་སྟོང་སོགས་དུམ་བུ་མང་པོར་འཐོར་ཏེ། ཡང་དེ་མ་ཐག་འཚོ་ཞིང་འབྲོས་པར་འདོད་ཀྱང་སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བསྐོར་ཏེ་འབྲོས་སུ་མི་སྟེར་བའི་སྡུག་བསྔལ། དེ་ལས་ཐར་ཀྱང་ལྗོན་ཤིང་གི་སྡོང་པོ་མཐོང་སྟེ་དེར་སྲེད་པས་ལུས་བཀོལ་ཏེ་ཕྱིན་པ་ན། ལས་དབང་གིས་རླུང་བསིར་བུ་ཙམ་གཡོས་པ་ལ་བརྟེན་ལོ་མ་རྣམས་འཐོར་བ་མཚོན་ཆར་གྱུར་ཏེ་ལུས་དུམ་བུ་མང་པོར་འཐོར་བ་ན་ཁྱི་སྲེ་བོ་དང་སྦྲུལ་གདུག་པ་ཅན་ལ་སོགས་པས་ལུས་ལ་འཁྱུད་ཅིང་ཤ་ཟ་བ་ལ་སོགས་པའི་སྡུག་བསྔལ། དེ་ལས་ཐར་ཀྱང་ཕྱོགས་བཞི་ན་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ལ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཁ་ཡས་མས་སུ་བལྟ་བ་དག་མཐོང་སྟེ། དེར་འགའ་ཞིག་ནི་རང་རང་གི་ལས་དབང་གིས་འགྲོ་བ་དང་། འགའ་ཞིག་ནི་དམྱལ་སྲུང་གཤེད་མ་རྣམས་ཀྱིས་དེད་པ་སོགས་ཡོད་ཅིང་། དེར་རི་དེའི་རྩ་བར་སླེབ་པ་ན་རང་ཅག་མི་ཡུལ་དུ་སྡོད་པའི་ཚེ་ན་རང་གི་ཕ་མའམ་ཉེ་དུ་ལ་སོགས་པ་གང་ཡིད་ལ་བརྩེ་བ་དེས། རི་དེའི་རྩེ་ནས་འོ་ཁྱོད་རང་འདིར་ཤོག་ཅིག་ཅེས་པའི་སྒྲ་ལྷང་ངེ་བ་བྱུང་བ་དེས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་སྐྱེས་པ་ལས། རི་དེའི་རྩ་བ་ནས་འཛེག་པ་ན་པགས་པ་རྣམས་བཤུས། ཤ་རྣམས་ཕྲུལ། ཁྲག་འཐོར། རྩ་རྒྱུས་རྣམས་སོ་མང་གིས་བལ་ཤད་པ་ལྟར་སྐྱ་ཤམ་ཤམ་སོང་། ལ་ལ་དག་དེར་འབྱར་ཞིང་། ལ་ལ་རི་དེའི་རྩེར་སླེབ་པ་ན་བྱ་ལྕགས་མཆུ་ཅན་དང་ཁྭ་ཏ་ལ་སོགས་པས་ཤ་བཏོག་ཅིང་མིག་འབྲུ་བ་ལ་སོགས་པའི་སྡུག་བསྔལ་ཡོད། ཡང་རི་དེའི་རྩ་བ་ནས་བོས་པས་སྔ་མ་བཞིན་སྡུག་བསྔལ་མྱང་བར་འགྱུར་ཞིང་། དེར་སླེབ་པ་ན་ཁྱི་སྲེ་བོ་དང་། སྦྲུལ་གདུག་པ་ཅན་དང་། སྐྱེས་པ་ལྕགས་ཀྱི་མཆུ་ཅན་དང་། སྲིན་མོ་ཟངས་ཀྱི་མཆུ་ཅན་ལ་སོགས་པས་ལུས་ལ་འཁྱུད་ཅིང་ཤ་ཟ་བའི་སྡུག་བསྔལ། དེ་ལས་ཐར་ཀྱང་ཐལ་ཚན་ཆུ་བོ་རབ་མེད་དུ་ཚུད་ཅིང་གཏིང་དུ་སོང་བ་ན་ཤ་ལྤགས་བྲལ་ཏེ་རུས་པ་སྐྱ་སེང་གིས་སོང་། ཁར་ཐོན་པ་ན་དེ་མ་ཐག་འཚོ་ཞིང་། ཁ་འགྲོ་གཏིང་འགྲོ་དེ་ཁ་རང་གི་ལས་མ་རྫོགས་ཀྱི་བར་དེ་སྲིད་དུ་སྡུག་བསྔལ་མྱང་དགོས་པ་དག་ཡོད། འོ་དེ་ཐམས་ཅད་རང་གི་བྱེད་སྤྱོད་ཁོ་ནའི་སྡུག་བསྔལ་ལས་ཕྱི་རོལ་ན་ལོགས་སུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དེས་ན་ཚེ་འདི་དང་དམྱལ་བའི་བར་ན་དབུགས་རྒྱུ་རྒྱུ་བ་འདི་ལས་མེད་ན་སོས་དལ་དུ་སྐད་ཅིག་ཙམ་ཡང་སྡོད་མི་ཁོམ་པར་འདུག་ཨང་སྙམ་དུ་དྲག་ཏུ་བསམ་པར་བྱ་སྟེ། དེའང་ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང་། བཤེས་སྤྲིང་ལས་ཀྱང་། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་མཐོང་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨྲོས་ཅི་འཚལ། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་ཡིན་པས་ན། འཇིག་རྟེན་དམྱལ་བའི་ཡུལ་དུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་འདུག་ཨང་སྙམ་དུ་བསམ་མོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་ཙམ་འདས་པ་ན་ཡོད་པར་བཤད་ཅིང་། དེ་ལ་ཡི་དྭགས་ཀྱི་ཡུལ་ནི་མྱ་ངམ་གྱི་གྲོང་ངམ་གྲོག་རད་རོད་ཅན་ཟངས་དམར་གོག་པོའི་རྣམ་པ་ལྟ་བུ་ཡིད་དུ་མི་འོང་ཞིང་ཀུན་ཏུ་བག་གྲང་པའི་གནས་སུ་གྱུར་པ་སྟེ། དེ་ལ་མདོ་དྲན་ཉེར་ཡི་དྭགས་ལ་རིགས་དྲུག་ཏུ་གསུངས་ཀྱང་འདིར་བསྡུས་པའི་དབང་དུ་བྱས་ན་བཞི་སྟེ། སྤྱི་མཐུན་སྒྲིབ་པ། ཕྱིའི་སྒྲིབ་པ། ནང་གི་སྒྲིབ་པ། ཟས་སྐོམ་གྱི་སྒྲིབ་པ་ཅན་ཏེ། དེ་ལ་སྤྱི་མཐུན་གྱི་སྒྲིབ་པ་ཅན་རྣམས་ནི་བཀྲེས་སྐོམ་གྱིས་ཉེན་པས་ལུས་སྐེམ་ཞིང་རིད་པ། མིག་ཁོང་དུ་ལྷུང་ཞིང་། རྒྱུ་མ་སྟོང་པ་སྒལ་པ་ལ་འབྱར་བ། སྐྲ་ཕག་གི་ཟེ་བ་ལྟར་གཟེངས་པ། མགོ་བོ་པར་བུ་ཙམ། མགྲིན་པ་གཞུ་རྒྱུད་ཙམ་པ། ལྟོ་བ་ཡུལ་ལྗོངས་ཙམ་པ། ཡན་ལག་འཇག་མ་ཙམ་ཡོད་ཅིང་། དེ་ལྟར་ཟས་སྐོམ་གང་ལའང་མ་མྱོང་བས་རུས་ཚིགས་ཁྲོག་སྟེ་མེ་འབར་བ་ལ་སོགས་པའི་སྡུག་བསྔལ། ཕྱིའི་སྒྲིབ་པ་ཅན་རྣམས་ཀྱིས་ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་འཁྱམས་ཀྱང་མི་རྙེད་ཅིང་འགའ་ཞིག་ཏུ་ཟན་གྱི་ཕུང་པོ་རི་བོ་ཙམ་མཐོང་ཡང་དེར་བཀོལ་ཏེ་ཕྱིན་པས་ལ་ལ་ནི་ས་ཕུང་དུ་སོང་། ལ་ལ་ནི་ཤུལ་ཙམ་ཡང་མེད་པ་ལ། ཡང་ལྗོན་ཤིང་འབྲས་བུ་ཅན་མཐོང་ཡང་དེར་སྲེད་དེ་ལུས་བཀོལ་ཏེ་ཕྱིན་པས་ན་ལ་ལ་ནི་སོལ་བའི་ཕུང་པོར་ནག་རུམ་གྱིས་སོང་། ལ་ལ་ནི་འགལ་དུམ་རད་རོད་ཅན་དུ་གྱུར། འགའ་ཞིག་ནི་སྐྱེས་བུ་གོ་མཚོན་ཅན་མང་པོས་བསྐོར་ནས་ལོངས་སྤྱད་དུ་མེད་པ་དང་། ཡང་ནེའུ་གསིང་རྣམས་མཐོང་བ་ན། ལ་ལ་ནི་ཤུལ་ཙམ་ཡང་མེད་པར་ཡལ་ཏེ་གྲམ་པ་སྐྱ་ཁྲོལ་གྱིས་སོང་། ལ་ལ་ནི་རྣག་ཁྲག་གི་མཚོར་སོང་། གཞན་ཡང་རྒྱ་མཚོ་ཆེན་པོ་ལ་དངོས་སུ་སྲུང་བ་ཡེ་མེད་ཀྱང་མཐའ་སྐོར་དུ་སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བསྲུངས་པའི་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་རྣམས་ནི་ཟས་སྐོམ་གང་ཡང་མི་དབང་ཞིང་། དབང་དུ་སྲིད་ཀྱང་ཁ་ཁབ་ཀྱི་མིག་ཙམ་དུ་མི་འདྲོང་ཞིང་། ཁའི་དུག་གིས་སྐེམ་འགྲོ། མ་སྐེམ་ཡང་མགྲིན་པ་ཕྲ་བས་མི་འདྲོང་། འདྲོངས་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་མི་ཁེངས་ཤིང་། ཁེངས་ཀྱང་ཡན་ལག་འཇག་མ་ཙམ་པས་མི་ཐེག་པའི་སྡུག་བསྔལ། ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་ཀྱིས་ཟས་སྐོམ་ཁར་སླེབ་མ་ཐག་ཁ་ནས་མེ་འབར་ཞིང་མཐར་ནང་ལོང་རྒྱུ་མ་ཐམས་ཅད་བསྲེགས་ཤིང་ལྟོ་བ་ནས་མེ་ལྕེ་དམར་ལྷག་ལྷག་འབར་བའི་སྡུག་བསྔལ། གཞན་ཡང་དུས་ཚིགས་ཐམས་ཅད་ཕྱིན་ཅི་ལོག་ཏུ་གྱུར་པའི་དབང་གིས། དབྱར་གྱི་དུས་སུ་ཟླ་བས་ཀྱང་ཚ་རེག་མི་བཟོད། དགུན་ཉི་མས་ཀྱང་གྲང་རེག་བཟོད་དཀའ། དཔྱིད་ཀྱི་དུས་ཆར་སྤྲིན་ཡང་མེ་ཆར་དུ་འབེབ་ཅིང་། གཞན་ཡང་ཁ་ལུད་དང་། སྣ་ལུད་དང་། མི་གཙང་བ་དང་། མེ་འདག་ལ་སོགས་པ་དུཿཁ་སྐྱེ་བའི་ཟས་ཁོ་ན་བརྟེན་དགོས་པ་དང་། ལྟོགས་སྐོམ་ལ་སོགས་ལ་ངོམས་ཤིང་འགྲངས་པའི་དུས་མེད་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམས་ཞན་པས་རུས་ཚིགས་ཁྲོག་སྟེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་། རྡེག་པ་དང་། གསོད་པ་དང་། སྡིགས་པ་དང་། གཏད་སོ་མེད་པར་འཇིགས་སྐྲག་ཆེན་པོས་འབྲོས་པ་ལ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱང་དགོས། ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པས་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་པས། ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་། ཁ་ཅིག་ཁྲི་ཡིན་པར་བཤད་དོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་དང་འཇུར་གེགས་སོགས་ལས་གྲུབ་པ་ཡིན་པའི་ཕྱིར་ད་ལྟའི་གནས་སྐབས་སུ་ཀུན་ཏུ་བསྒྲིམ་སྟེ་བག་ཡོད་པར་བྱའོ། །དེས་ན་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་ན་སྡུག་བསྔལ་དེ་ལྟ་བུ་མྱང་དགོས་པ་འདུག་ཨང་སྙམ་དུ་བསམ་མོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པའི་ཁྲིད་ནི། དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས་ཀྱིས། བྱིངས་ན་གནས་པ་ཕྱིའི་རྒྱ་མཚོ་ཆེན་པོ་ལ་ཡོད་པ་རྣམས་ནི། དེ་ལ་ཀླུ་རྣམས་ཉིན་རེ་བཞིན་བྱེ་ཚན་གྱི་འཇིགས་པ་དང་། མཁའ་ལྡིང་གི་གནོད་པ་བྱུང་དོགས་པ་དང་། ཆུའི་རླབས་ཀྱིས་མཐའ་ལ་ཁྱེར་ཏེ་གནོད་པ་བྱུང་དོགས་པ་དང་། གཞན་ཡང་ཆེ་བ་གཅིག་གིས་ཆུང་བ་མང་པོ་དུས་གཅིག་ལ་ཟ་བ་དང་། ཆུང་བ་མང་པོས་ཆེ་བ་གཅིག་རུབ་སྟེ་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད། ཁ་འཐོར་བ་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཀྱང་། བདག་ཏུ་མ་གཟུང་བ་རྣམས་ནི་ཁོ་རང་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་དབང་ཆེ་བས་ཆུང་བ་གསོན་ཟས་བྱེད་པ་སོགས་གནོད་པ་བྱེད་པ་དང་། གཞན་ཡང་མི་ལ་སོགས་པས་ཤ་ལྤགས་རུས་པ་སྒྲོ་ལ་སོགས་པའི་ཆེད་དུ་དབང་མེད་དུ་གསོད་པ་དང་། བདག་ཏུ་གཟུང་བ་རྣམས་ནི་ཁལ་མི་ཐེག་བཞིན་དུ་འགེལ་བ་དང་། རྨོས་རྨོ་བ་དང་། ཞོ་བཞོ་བ་དང་། སྤུ་འཐོག་པ། བལ་འབྲེག་པ། གཞན་ཡང་རྡུང་བ་དང་། བཙོག་པ་དང་། རྡེག་པ་ལ་སོགས་པ་མདོར་ན་པགས་པ་བཤུ་ཞིང་སྙིང་འདོན་པ་ཙམ་གྱི་སྡུག་བསྔལ་བྱུང་ཡང་ད་དུང་བཟོད་སྲན་བསྐྱེད་དེ་མི་རྣམས་ཀྱི་གཡོག་དབང་མེད་དུ་སྙིང་རུས་བྱེད་དགོས་པ་དང་། ཐུན་མོང་དུ་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དྲག་པོ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པ་ཡོད་དེ། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟོད་འབྱུང་། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །ཚེ་ཚད་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་པས། ཀླུ་ལ་སོགས་པ་ཁ་ཅིག་བར་བསྐལ་ཙམ་དུ་ཐུབ་ཅིང་ཐུང་བ་ངེས་མེད་དུ་བཤད། འོ་དེས་ན་ད་ལྟ་རང་ཅག་རྣམས་ཀྱིས་མེའི་ནང་དུ་མཛུབ་མོ་ཡུད་ཅིག་འཛུག་གམ། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་འདུག་གམ། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པར་ལུས་པའང་ཟས་སྐོམ་གྱི་སྔ་ཕྱིའི་སྒུག་སྡོད་དང་། ལུས་ལ་སྦྲང་མ་དང་ལྗི་ཤིག་གིས་སོ་བཏབ་པའི་སྡུག་བསྔལ་གྱི་རྐྱེན་ཕྲ་མོ་ཙམ་ཡང་ཐེག་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོའི་སྡུག་བསྔལ་ཇི་ལྟར་བཟོད་ན་ཨང་སྙམ་དུ་ད་ལྟའི་རང་ཉམས་ལ་དཔག་སྟེ། ངེས་འབྱུང་སྐྱོ་ཤས་དྲག་པོས་བསྐུལ་ནས་ཚེ་འདིའི་དལ་འབྱོར་དོན་ཡོད་པར་བྱའོ་སྙམ་དུ་བསམ་མོ། །དེ་ནས་གཉིས་པ་མཐོ་རིས་ཀྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། དེའང་བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ཆུང་འབྲིང་ཆེན་པོ་བསགས་པའི་མཐུ་ལས་མི་དང་འདོད་པའི་ལྷ་དང་ཁམས་གོང་མའི་ལྷ་ལ་སོགས་པར་རིམ་གྱིས་སྐྱེས་ནས་གནས་སྐབས་ཀྱི་བདེ་འབྲས་ཕྲ་མོ་ཙམ་ལོངས་སྤྱོད་དུ་ཡོད་པས་དེ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། འཁོར་བ་མཐོ་དམན་གྱི་རང་བཞིན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པ་རང་ཅག་རྣམས་ཀྱིས་མངོན་དུ་གྱུར་པ་འདི་ཀས་མཚོན་པ་ཡིན་མོད། དེས་ན་མིའི་སྡུག་བསྔལ་བསམ་པའང་། དང་པོ་རང་ཅག་རྣམས་མའི་མངལ་དུ་རྩ་མདུད་དོག་ཅིང་མུན་ནག་ལ་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་བ་བགྲངས་ནས་སྡོད་དགོས། དེའི་ཚེ་ནའང་མས་ཟས་ཚ་བ་རྣམས་ཟོས་པའི་ཚེ་ཚ་དམྱལ་དུ་ཚུད་པ་ལྟ་བུ་དང་། གྲང་བ་རྣམས་ཟོས་པའི་ཚེ་གྲང་དམྱལ་དུ་ཚུད་པ་ལྟ་བུ་དང་། ཟས་མང་པོ་ཟོས་པའི་ཚེ་རི་བོས་མནན་ཅིང་རི་བྲག་གི་བར་དུ་བཅར་བའི་སྡུག་བསྔལ། ལུས་ཀྱི་སྒུལ་སྐྱོད་ལ་སོགས་པ་ལས་བྱས་པའི་ཚེ་རྦབ་ཏུ་སྒྲིལ་ཞིང་གཡང་ལ་ལྷུང་དོགས་པའི་སྡུག་བསྔལ། ཕོ་མོ་འཁྲིག་པ་སྤྱོད་པའི་ཚེ་ན་མེ་ཉལ་དུ་ཚུད་པ་ལྟ་བུ། གཞན་ཡང་དེར་མ་ཟད་ཐོམ་ཐོམ་གོར་གོར་ལིང་ལིང་བྱེད་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱང་དགོས་པ་ཡོད། དེ་ནས་ཟླ་བ་ཐེམ་སྟེ་མའི་མངལ་ནས་ཐོན་པའི་ཚེ་ནའང་མའི་མངལ་ཉིད་དོག་པར་གྱུར་པའི་དབང་གིས་འཇུར་མིག་ནས་དྲངས་ཏེ་པགས་པ་བཤུ་བ་ལྟ་བུའི་སྡུག་བསྔལ། ལྟེ་བ་གཅོད་པའི་ཚེ་ན་ནང་ཁྲོལ་ཡོད་ཚད་ཕྱིར་ཐོན་ཞིང་སྙིང་ལ་ཚེར་མ་བཏབ་པ་ལྟ་བུའི་སྡུག་བསྔལ། མའི་ཤ་དང་རེག་ཚེ་ལྕགས་བསྲེགས་དང་ཤའུ་རེག་པ་ལྟ་བུའི་སྡུག་བསྔལ། གོས་ཇི་ལྟར་འཇམ་པ་ཞིག་གཡོགས་ཀྱང་མའི་མངལ་གྱི་རྩ་མདུད་ཉིད་འཇམ་པར་གྱུར་པའི་དབང་གིས་ཚེར་མས་རེག་པ་ལྟ་བུའི་སྡུག་བསྔལ། པང་དུ་བླང་བའི་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ། གཞན་ཡང་བུ་རྫི་ལ་སོགས་པས་ཉར་ཚགས་མ་བྱུང་བའི་དབང་གིས་དབང་པོའི་སྒོ་རྣམས་སུ་སྲོག་ཆགས་ཞུགས་པ་སོགས་སྡུག་བསྔལ་ཡོང་བ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་དང་། འོག་ནས་དྲི་ཆུ་ལ་སོགས་པས་མི་བདེ་བ་སོགས་མདོར་ན་ཡིད་ལ་མི་འདོད་པ་གང་འདྲ་ཞིག་བྱུང་ཡང་ངུ་བ་མིན་པ་གཞན་ཅི་ཡང་མི་འབྱུང་། དེ་ནས་ན་ཚོད་ཡར་ལ་འཕེལ་ཏེ་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་དཀར་ལ་དམར་བའི་མདངས་ཆགས་ཀུན་གྱི་ཡིད་འཕྲོག་པ་ལྟ་བུར་གྱུར་ཀྱང་། མཐར་ཁ་དོག་ཉམས་པས་གདོང་བྱད་སྔོ་ཆོམ་གྱིས་སོང་ཞིང་། གཉེར་མས་གང་། མགོ་བོ་ཡང་སྐྱ་ཡེར་གྱིས་སོང་། དབྱིབས་ཉམས་པས་ཁའི་སོ་དོན། དྲང་པོར་སྐྱེས་པའི་ལུས་དེའང་སྒུར་ཞིང་འཁོགས། ཡན་ལག་འཁྱོག་པོར་སོང་སྟེ་ཀུན་གྱི་ཡིད་དུ་མི་འོང་བར་གྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་མང་ན་མི་འཇུ། ཉུང་ན་ནི་བཀྲེས། སྟོབས་ཉམས་པས་ལྡང་བ་དཀའ། འགྲོ་ན་ནི་འཁྱོར། འདུག་ན་ནི་བུག །སྨྲ་བ་ལྡབ་ལྡིབ་ཏུ་གྱུར། གཞོན་པ་རྣམས་ཀྱིས་ཕྱས་ཆོས་བྱེད་པ་ལ་སོགས་པའི་སྡུག་བསྔལ། མཐར་སྔོན་ལས་འཕྲལ་རྐྱེན་གྱི་འབྱུང་བཞི་འཁྲུགས་པའི་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་ལུས་རྒུད། འདོད་པའི་གཉིད་དང་བཟའ་བཏུང་ལ་སོགས་པ་ལ་སྤྱད་དབང་མེད། མི་འདོད་པའི་སྨན་དང་གཏར་སྲེག་ལ་སོགས་པ་བརྟེན་དགོས་ཤིང་། འཆི་བར་དོགས་པའི་སྡུག་བསྔལ་ལ་མཐའ་མེད། འཆི་བའི་ཚེ་ནའང་ཟས་ནོར་ཤེད་སྟོབས་སྨན་དཔྱད་རིམ་གྲོ་རིག་སྔགས་རྟེན་འབྲེལ་གང་གིས་ཀྱང་མི་ཕན། དེའང་སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དབང་ཐང་འཁོར་གྲོགས་ཐམས་ཅད་དང་། དེར་མ་ཟད་ཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་འཆི་བར་འགྱུར་ཞིང་། སྡུག་བསྔལ་བཞི་པོ་དེ་མི་སྤྱི་མཐུན་དུ་མྱང་དགོས་པར་མ་ཟད། བྱེ་བྲག་གི་སྡུག་བསྔལ་ཡང་སྡུག་བསྔལ་བཞི་པོ་ཤས་ཆུང་བའི་བར་སྐབས་སུ་ལོངས་སྤྱོད་དབང་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་གི་ཤེད་ལ་བོར་ཏེ་དཀའ་བ་ཇི་སྙེད་ཅིག་སྤྱད་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་པའི་སྡུག་བསྔལ། གཉེན་གྲོགས་འཁོར་འདབས་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་འཁོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་དགོས་པ་དང་། ཁྱད་པར་རྒྱལ་པོ་ལ་སོགས་པས་དབང་མེད་དུ་ཆད་པ་སོགས་བྱུང་དོགས་པའི་སྡུག་བསྔལ། དབུལ་པོ་རྣམས་ཟས་སྐོམ་སོགས་འདོད་པའི་ལོངས་སྤྱོད་བཙལ་ཀྱང་མི་རྙེད་པས་དབུལ་ཞིང་ཕོངས་པའི་སྡུག་བསྔལ་དྲག་པོ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་དང་། །ཐ་མ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདིར། །ཉིན་རེ་བཞིན་དུ་འཇོམས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་ན། རང་ཅག་རྣམས་ཀྱིས་མངོན་དུ་གྱུར་པ་འདི་ཀས་མཚོན་པ་ཡིན་མོད། དེས་ན་འཇིག་རྟེན་མི་ཡུལ་དུ་སྐྱེས་ཀྱང་སྡུག་བསྔལ་དེ་ལྟ་བུ་ཞིག་མྱང་དགོས་པར་འདུག་སྙམ་དུ་བསམ་མོ། །གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པའི་ཁྲིད་ནི། དང་པོ་ལྷའི་ཕུན་སུམ་ཚོགས་པའི་དཔལ་རྣམས་མཐོང་བའི་ཚེ། དེ་དག་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་མྱོང་ཞིང་དུས་དུས་སུ་ལྷ་རྣམས་ལ་འཐབ་པ་ལས། ལྷ་མིན་རྣམས་བསོད་ནམས་ཀྱི་མཐུ་ཆུང་བས་གསོད་པ་དང་། རྡེག་པ་དང་། ཡན་ལག་གཅོད་པ་དང་འདྲལ་བའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་རྐེད་པ་མན་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། དེའི་ཚེ་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། གཞན་ཡང་ལྷ་མིན་རྣམས་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་མོས། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་དུས་མེད། དེའང་ལྷ་མིན་རྣམས་ལ་རིགས་བཞི་སྟེ། ཚེ་དཔལ་ལྷའི་རིགས། གདུག་པ་ཀླུའི་རིགས། སྲོག་གཅོད་སྲིན་པོའི་རིགས། སྟོབས་ལྡན་གནོད་སྦྱིན་གྱི་རིགས་ཏེ་ཕལ་ཆེར་ནག་པོའི་ཕྱོགས་ཁོ་ན་ལས་མེད། དེའི་ཕྱིར་ན་ལྷ་མིན་གྱི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་དེ་ལྟ་བུ་ཞིག་མྱང་དགོས་པར་འདུག་ཨང་སྙམ་དུ་བསམ་མོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པའི་ཁྲིད་ནི། དང་པོ་འདོད་པའི་ལྷ་རྣམས་ནི་རང་རང་གི་འདོད་ཡོན་ལ་བག་མེད་དུ་སྤྱོད་ཅིང་དེས་ཀྱང་ཚིམ་པ་མེད་པར་གཞན་གྱི་འདོད་ཡོན་ལ་བག་མེད་དུ་སྤྱོད་པ་དང་། དེ་ལྟར་འདོད་ཡོན་བག་མེད་དུ་སྤྱད་པས་མཐར་ཚེ་འགྲིབ་པ་མ་ཚོར་བར་འཆི་ལྟས་རྣམས་རིམ་གྱིས་ཕོག་སྟེ། མ་རྨོས་པའི་ལོ་ཏོག་ཀྱང་རང་བཞིན་གྱིས་ཡལ། ཁྲུས་ཀྱི་རྫིང་བུ་ཡང་སྐམ། འདོད་འཇོའི་བ་ཡང་ཤི །དཔག་བསམ་གྱི་སྡོང་པོ་ཡང་རང་བཞིན་དུ་སྐམ། དེ་ནས་ལུས་ལ་སྔར་མེད་པའི་དྲི་མ་ནག་པོ་ཆགས་པ་དང་། མེ་ཏོག་གི་ཕྲེང་བ་ཡང་རྙིང་། མཆན་འོག་གཉིས་རུལ། པདྨའི་སྟན་ལའང་སྡོད་སྙིང་མི་འདོད་པར་ཀུན་ཏུ་འཁྱམས་སྙིང་འདོད། དེའི་ཚེ་རང་གི་ལྷ་མོ་ལྷ་ཕྲུག་ལ་སོགས་པས་རང་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་། དེར་ལྷ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པའི་དབང་གིས་རང་ཉིད་ཤི་བར་ནི་ཤེས། ངན་སོང་གི་སྡུག་བསྔལ་དྲག་པོ་མྱང་དགོས་པའང་ཤེས་ཏེ་འཕོ་ལྟུང་གི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་ལྷའི་ཞག་བདུན་དུ་མྱང་དགོས་པ་དང་། དེའང་ཤི་ནས་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ་སྟེ་མིར་སྐྱེ་བའང་ཆེས་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བ་དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱང་དགོས་པ་ཤེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་འབྱུང་སྟེ། དྲན་ཉེ་ལས། ལྷ་ཡི་གནས་ནས་ལྟུང་བ་ཡིས། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིང་ལས་ཀྱང་། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་ཤིང་། གཞན་ཡང་ལྷ་བསོད་ནམས་ཆེ་བ་དག་གི་འདོད་ཡོན་གྱི་དཔལ་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ཅིང་སྤ་བཀོང་བར་འགྱུར་ཞིང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ། ཁྱད་པར་རྒྱལ་ཆེན་བཞི་པའི་རིགས་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དུས་རྟག་ཏུ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་ཅིང་འདྲལ་བ་དང་གསོད་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པ་ཡོད། གཟུགས་དང་གཟུགས་མེད་པ་དག་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་བ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་ཤིང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱིས་མྱོས་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་ཅིང་། དེ་ནས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བའང་ཡོད། གོང་དུ་དེར་གནས་པའི་སོ་སྐྱེ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་མའི་རྟེན་འཇིག་རྟེན་པའི་ཏིང་ངེ་འཛིན་སྒོམ་པའི་སྐབས་དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མི་འགྲུབ་པར་མདའ་ནམ་མཁའ་ལ་འཕངས་པ་ཅིས་ཀྱང་ས་ལ་འབབ་པ་དང་ཆོས་མཚུངས་པ་བཞིན་ཟག་བཅས་ཀྱི་དགེ་བའི་འཕན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྷུང་བར་འགྱུར་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་པས་ན། ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པ་སྟེ། འཁོར་བའི་སྡུག་བསྔལ་དེ་ལྟ་བུ་ལས་ཐར་བར་དཀའ་བས་མེའི་འོབས་དང་འདྲའོ༔ བདེ་བའི་གོ་སྐབས་མེད་པ་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲའོ༔ བདེ་བ་ཅུང་ཟད་མྱོང་ཡང་སྡུག་བསྔལ་དུ་འགྱུར་བ་ཤིང་ཀིམ་པའི་འབྲས་བུ་ཟ་བ་དང་འདྲའོ༔ སྡུག་བསྔལ་དེ་ཉིད་འབོར་དུ་མེད་པ་བུ་གཅིག་པ་ཤི་བའི་མ་དང་འདྲའོ༔ བདེ་བ་འདོད་ནས་སྡུག་བསྔལ་བཟོད་པ་གྱད་ཀྱི་སྒྱུ་རྩལ་དང་འདྲའོ༔ སྡུག་བསྔལ་ལ་བདེ་བར་འཛིན་པ་རལ་གྲིའི་སྦྲང་རྩི་ལྕེས་འདག་པ་དང་འདྲའོ༔ དེ་བས་ན་འཁོར་བ་ལ་ཡིད་སྐྱོ་བ་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་བྱའོ༔ ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག །དེའི་ཕྱིར་ན་ད་རེས་རང་ཅག་རྣམས་བསྟན་པ་གནས་པའི་ཡུལ་དབུས་སུ་ནི་སྐྱེས། བླ་མ་དགེ་བའི་བཤེས་གཉེན་གྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ནི་རྗེས་སུ་བཟུང་། གདམས་པའི་མན་ངག་ཟབ་མོ་དང་ནི་མཇལ། དེས་ན་རང་ཅག་རྣམས་ཀྱིས་གསང་སྔགས་ཟབ་མོའི་ཆོས་སྒོར་ནི་ཞུགས། ཆོས་བྱེད་པའི་ཐབས་ནི་ཤེས། ཆོས་བྱེད་པའི་དབང་ནི་ཡོད། ཆོས་བྱེད་པའི་ལམ་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཕུན་སུམ་ཚོགས་པའི་སྐབས་འདིར་མ་བགྱིས་ན་ནི་རང་གིས་རང་བསླུས་པ་ལྟ་བུར་འགྲོ་བར་འདུག་སྟེ། དེའང་དེད་དཔོན་རྒྱ་མཚོའི་གླིང་ནས་སྟོང་ལོག་བྱེད་པ་བས་ཀྱང་བླུན་ཏེ། ད་རེས་རང་ལ་དབང་ཡོད་པའི་དུས་འདི་རུ་འཁོར་བ་མཐོ་དམན་གྱི་རང་བཞིན་གང་དུའང་མི་སྐྱེ་བའི་དམ་པའི་ཆོས་གཤའ་མ་ཞིག །ངེས་པར་རང་མི་བྱེད་རེ་ཤི་སྙམ་དུ་མཉམ་བཞག་མ་ལགས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུའང་ཡང་ནས་ཡང་དུ་དྲག་ཏུ་བསམ་པར་བྱའོ།། །།བཞི་པ་ལས་འབྲས་བསམ་པའི་ཁྲིད་ནི། དེའང་རང་ཅག་རྣམས་ལས་དགེ་བ་བགྱིས་པ་ལ་བརྟེན་འབྲས་བུ་བདེ་བ། མི་དགེ་བ་བགྱིས་པ་ལ་བརྟེན་འབྲས་བུ་སྡུག་བསྔལ་གྱི་རྒྱུར་སྨིན་པ་སྟེ། དེའང་དཔེར་ན་ས་བོན་མངར་བ་ཞིག་བཏབ་ན་འབྲས་བུ་ཡང་མངར་བ་དང་། ས་བོན་ཁ་བ་ཞིག་བཏབ་ན་འབྲས་བུ་ཡང་ཁ་བ་ཞིག་སྨིན་པ་བཞིན་ཏེ། དེས་ན་ས་བོན་མངར་ཁའི་འབྲས་བུ་སོ་སོར་སྨིན་པ་ལྟར་ལས་དཀར་ནག་གི་འབྲས་བུ་སོ་སོར་སྨིན་པར་འགྱུར་བས་དགེ་སྡིག་གི་འདོར་ལེན་རྣམས་བླང་དོར་གོ་མ་འཛོལ་བར་བསླབ་དགོས་པར་འདུག་སྟེ། དེའང་ལས་དགེ་མི་དགེ་གང་ཡིན་ཡང་རུང་། རྒྱུ་ལས་ཀྱི་དུས་སུ་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཤིན་ཏུ་ཆེ་སྟེ། འགྱུར་ཆུང་ཤོས་ཀྱི་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་ཤོས་ལ་ཚད་གཟུང་མེད་དེ་ནས་སོགས་འབྲས་བུའི་འཕེལ་སྐྱེད་དང་ཆོས་མཚུངས། དེས་ན་རང་གིས་བསགས་པའི་ལས་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བར་མི་སྲིད་པས་བླང་དོར་གྱི་གནས་སོགས་ལ་གཟབ་པ་གལ་ཆེ་སྟེ། དེའང་མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་འཛའ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སོ་སོར་སྨིན། །ཞེས་དང་། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་བདེའི་དབང་འགྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམ་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཡིན་པས་ན། དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་ཞིག་གསུངས་ནའང་། དེ་ཉིད་མདོར་ཧྲིལ་གྱིས་སྒྲིལ་ན། མཛོད་ལས། དེ་ལས་ཆེ་ལོང་བསྡུ་ན་ནི། །དགེ་དང་མི་དགེ་ཅི་རིགས་པ། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་གསུངས་པས་ན། དངོས་གཞི་མི་དགེ་བ་སྤང་བྱ་སྤོང་ཚུལ་ལ་ལྟོས་ནས་བཅུ་དང་། དགེ་བ་བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་ཡིན་ཏེ། དང་པོ་མི་དགེ་སྤང་བྱ་སྤོང་ཚུལ་ལ་ལྟོས་ནས་བཅུ་ནི། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྟེ། དེ་ལ་ལུས་ཀྱི་སྒོ་ནས་གཞན་གྱི་མཐུ་དང་དམག་དང་ཇག་གི་སྒོ་ནས་ཕྲོགས་པ་དང་། གཞན་ཡང་བྲེ་སྲང་ལ་སོགས་གཡོ་སྒྱུའི་སྒོ་ནས་ལེན་པ་སྟེ་མ་བྱིན་པ་ལེན་པ། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་འཁྲིག་པ་སྤྱོད་པ་སྟེ་མི་ཚངས་པར་སྤྱོད་པ་དང་། སེམས་ཅན་གྱི་སྲོག་གཅོད་པའམ་གང་ཡིན་ཡང་རུང་སྟེ། མ་ཤིའི་བར་དུ་གསོད་སེམས་ཀྱི་བསམ་པ་གཏིང་བཙུགས་པས་སྲོག་གཅོད་པ་སྟེ་ལུས་ཀྱི་ལས་གསུམ་དང་། དེ་ནས་ངག་གི་སྒོ་ནས་ཤེས་བཞིན་དུ་མི་བདེན་པར་སྨྲ་བའི་རྫུན་ཚིག །གཞན་གྱི་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་དབྱེ་བའི་ཕྲ་མ། ངག་འཁྱལ་ནི་དེ་གསུམ་མ་ཡིན་པའི་ཁ་གསག་གླུ་དང་དམག་དང་ཆགས་པའི་གཏམ་དང་། ལྟ་ལོག་གི་ཆོས་གཏམ་སྨྲ་བ་ལ་སོགས་གཞན་ལ་སྐུར་པ་འདེབས་པ་ལ་སོགས་པས་མཚོན་མི་དགེ་བའི་ལས་གང་དང་གང་བགྱིས་པ་དེ་ཐམས་ཅད་ངག་གི་ལས་བཞི། ཡིད་ཀྱི་སྒོ་ནས་ཀྱང་གཞན་གྱི་ནོར་ཁོ་ལ་མེད་ཀྱང་རུང་། ང་ལ་ཡོད་ན་བསམ་པའི་བརྣབ་སེམས། ངས་འདི་འདྲ་ཞིག་བྱས་ན་ཁོ་ལ་གནོད་པ་འཁྱོལ་བར་འདུག་སྙམ་པའི་གནོད་སེམས། ལོག་ལྟ་ནི་ཚེ་སྔ་ཕྱི་དང་། ལས་འབྲས་དང་། དཀོན་མཆོག་གསུམ་མི་བདེན་པར་འཛིན་པ་སོགས་དེས་མཚོན་པའི་མི་དགེ་བའི་ལས་དངོས་ལྟ་ཅི་སྨྲོས། ཕྲ་ཞིང་ཕྲ་བ་ནས་ཀྱང་ཁོང་པར་སོང་བའི་དུག་བཞིན་སྤངས་ནས་རྟག་ཏུ་བག་ཡོད་པར་བྱ། འོ་ན་དེ་ལྟར་སྤངས་ནས་དང་དུ་ལེན་རྒྱུ་གང་འདྲ་ཞིག་ལེན་སྙམ་ན་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། དེ་ལ་ལུས་ཀྱི་སྒོ་ནས་མ་བྱིན་ལེན་པ་སྤོང་བའི་གཉེན་པོར་དཀོན་མཆོག་ལ་མཆོད་པ་འབུལ་བ། ཕྱག་འཚལ་བ། སྐོར་བ་བསྐོར་བ། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་དགེ་བའི་ལས་ཅི་འགྲུབ་བྱེད་པ་དང་། མི་ཚངས་སྤྱོད་སྤོང་བའི་གཉེན་པོར་རང་རང་གི་བུད་མེད་ལ་སྤྱོད་པ་མ་གཏོགས། གཞན་གྱི་བདག་ཏུ་བཟུང་བའི་བུད་མེད་ལ་མི་སྤྱོད་དེ། དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི་ཚངས་སྤྱོད་རྣམས་ཀྱིས་དུས་རྟག་ཏུ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་ལྟར་བསྲུང་བ་དང་། སྲོག་གཅོད་སྤོང་བའི་གཉེན་པོར་སེམས་ཅན་གྱི་སྲོག་སྐྱབས་པ་དང་། སྲོག་བསླུ་བ་སོགས་བྱེད་པ་སྟེ་ལུས་ཀྱི་གསུམ། ངག་གི་སྒོ་ནས་རྫུན་ཚིག་སྤོང་བའི་གཉེན་པོར་གསལ་ཞིང་དྲང་པོར་བརྗོད་པ་ལྟར་སྨྲ་བ། ཚིག་རྩུབ་སྤོང་བའི་གཉེན་པོར་འཇམ་ཞིང་སྙན་པར་སྨྲ་བ། ཕྲ་མ་སྤོང་བའི་གཉེན་པོར་མ་བསྡུམ་པའི་འགྲོ་བ་མཐའ་དག་སྡུམ་པར་བྱེད་པ། ངག་འཁྱལ་སྤོང་བའི་གཉེན་པོར་གཞན་ལ་ཆོས་འཆད་པ། རང་གིས་ཉན་པ། ཚིག་དོན་ལ་རྟོག་ཅིང་དཔྱོད་པ། གཞན་གྱི་ཡོན་ཏན་བརྗོད་པ། གཙོ་བོ་ནི་ཡང་དག་པའི་བསམ་གཏན་གྱི་དོན་ཁོ་ན་ལ་མཉམ་པར་འཇོག་པ་དང་། གཞན་ཡང་ཡི་གེ་འབྲི་བ་སོགས་མི་དགེ་བའི་ལས་ཐམས་ཅད་དགེ་བའི་ལས་སུ་བསྒྱུར་བ་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་སྤོང་བའི་གཉེན་པོར་རང་གིས་ནོར་ལ་ཆོག་ཤེས་པ། གནོད་སེམས་སྤོང་བའི་གཉེན་པོར་སེམས་ཅན་ལ་བྱམས་པ་བསྒོམ་པ། ལོག་ལྟ་སྤོང་བའི་གཉེན་པོར་སངས་རྒྱས་ལ་སྐྱབས། ཆོས་ལ་ལམ། ལས་འབྲས་ལ་ཡིད་ཆེས་ཀྱི་བསམ་པ་གཏིང་ཚུགས་པར་བྱ་སྟེ། མདོར་ན་ལས་འབྲས་ལ་སྤང་བླང་གོ་འཛོལ་མེད་པའི་སྒོ་ནས་ཟག་བཅས་ཀྱི་དགེ་བས་ཀྱང་གནས་སྐབས་ཀྱི་བདེ་འབྲས་བསྐྱེད་པ་ཙམ་ལས་མཐར་ཐུག་གི་འབྲས་བུ་འཛད་འགྲོ་བས། དེས་ན་དགེ་བའི་ལས་ཐམས་ཅད་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་དང་། མི་དགེ་བའི་ལས་ཅུང་ཟད་ནོངས་ཀྱང་དེ་མ་ཐག་གནོང་འགྱོད་དྲག་པོས་བཤགས་སྡོམ་འཕྲལ་དུ་མཐོལ་ལ། མཐར་གཉིས་ཀ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྩིས་ཟིན་པར་བྱའོ་སྙམ་དུ་བསམ་སྟེ། འདི་དག་ནི་གཙོ་བོར་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུ་དྲན་ཤེས་བརྟན་པོའི་སྒོ་ནས་ཉམས་སུ་ལེན་པ་ཡིན་ནོ།། །།ལྔ་པ་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ནི་འདི་ལྟར་དུ་བསམ་པར་བྱ་སྟེ། འོ་རང་ཅག་རྣམས་ཀྱི་མི་དགེ་བཅུ་སྤང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེ་འགྲོའི་གནས་སུ་སྐྱེས་ཀྱང་། སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པའི་གོ་འཕང་ཞིག་མ་ཐོབ་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་ཞིག་མྱང་དགོས་པར་འདུག་མོད། དེའང་ད་ལྟ་ནི་སྲིན་མོའི་གླིང་དུ་ཚུད་པ་ལྟ་བུ། དུག་ཅན་གྱི་རྒྱ་མཚོར་ལྷུང་བ་ལྟ་བུ། ནགས་མཐའ་མེས་བསྐོར་བའི་སྐྱེས་བུ་ལྟ་བུར་འདུག་མོད། རང་དབང་ཐོབ་སྟེ་སུ་ལའང་སྐྱབས་འཚོལ་མི་དགོས་པ་ཞིག་ཡིན་ན་དེས་ཆོག་མོད། དེ་ལྟ་མིན་ན་རང་ཅག་རྣམས་ཚེ་རབས་ཐོག་མ་མེད་པའི་སྔོན་རོལ་ནས་མ་རིག་པའི་མུན་པ་འཐིབས་པོས་ནི་ནོན། ལས་ཉོན་གྱི་མཚོན་ཆས་ནི་བསྣུན། རྒན་དང་འབྱོར་རྒུད་ཀྱི་ཆད་པས་ནི་བཅད། མཐར་འཆི་བདག་གི་ཁྲིམས་རར་དབང་མེད་དུ་ཁྲིད་ནས་ངན་སོང་གསུམ་གྱི་གཤེད་མར་གཏོད་པར་འདུག །དེ་ལ་སྐྱབས་ནུས་ནི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་མ་གཏོགས་གཞན་སུའང་མེད་དེ། དེའང་སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་སྟེ་མཆི། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ཚངས་པ་དང་བརྒྱ་བྱིན་རྣམས་ཀྱིས་ཀྱང་འཁོར་བ་ལས་སྐྱབས་པའི་མཐུ་མེད་དེ། དཔེར་ན་ནག་ཅན་བཙོན་དོང་དུ་ཚུད་པ་ཕན་ཚུན་གཅིག་གིས་གཅིག་སྐྱོབ་མི་ནུས་པ་དང་ཆོས་མཚུངས་ཏེ། ཁོ་རང་རྣམས་ཀྱང་འཁོར་བ་ན་གནས་པས་དེ་ལས་སྐྱབས་པའི་མཐུ་མེད། དེས་ན་དེ་ལས་སྐྱབས་ནུས་པའི་སྐྱབས་དང་ར་མདའ་དཀོན་མཆོག་གསུམ་ཁོ་ནར་ངེས་སྙམ་དུ་ལུས་སེམས་རྣལ་དུ་ཕབ། རང་གར་གནས་ཀྱི་ས་ཕྱོགས་འདི་ཉིད་ཉམས་དགའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཅན། ཡང་ན་ནི་བཻ་ཌཱུརྻ་ལ་གསེར་གྱིས་མིག་མང་རིས་སུ་བྲིས་པ་མཐའ་སྐོར་ཐམས་ཅད་རིན་པོ་ཆེའི་ར་བ་ཟླུམ་པོས་བྱས་པ། བདུད་རྩིའི་ཆུ་དང་དཔག་བསམ་གྱི་ཤིང་། མེ་ཏོག་གི་ཚལ། གུར་གུམ་དང་། པདྨའི་སྡོང་པོ་ལ་སོགས་པས་ཁོ་ར་ཁོར་ཡུག་ཏུ་གཏམས་པ། མནན་ན་ནེམ་བྱེད་ཅིང་བཏེག་ན་འཕར་བྱེད་པ། ཡངས་ཤིང་གོ་སྐབས་དང་བྲལ་བའི་འོད་ཀྱི་རང་བཞིན་ཅན་དུ་བསམ། དེའི་དབུས་སུ་པདྨའི་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་ལོ་འདབ་ཕྱོགས་བཅུར་རྒྱས་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་རབ་ཏུ་དུད་པ། ཕན་ཚུན་ཐམས་ཅད་གསེར་གྱི་ཐ་གུས་བྲེས་པ། མེ་ཏོག་གི་ཆུན་འཕྱང་དང་། ཁ་དོག་སྣ་ཚོགས་པའི་དར་དཔྱང་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དང་། གསེར་དངུལ་གྱི་དྲིལ་གཡེར་ལ་སོགས་པས་མཛེས་པར་སྤྲས་པ། རླུང་གཡོས་པ་ཙམ་གྱིས་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་སྒྲོག་པ། དེའང་དངོས་འཛིན་གདོས་བཅས་ཀྱི་རྣམ་པ་མ་ཡིན་པ་འཇའ་ཚོན་གྱི་རང་བཞིན་ཅན་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བ་ཞིག་བསམ། དེའི་དབུས་ཀྱི་སྙིང་པོ་དེ་ལ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་དང་བཅས་པ་གསལ་བཏབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་དེའི་སྟེང་དུ་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལ་བལྟ་བས་ཆོག་མི་ཤེས་པ། འོད་དང་འོད་ཟེར་མཐའ་ཡས་མུ་མེད་པ་སྤྲོ་བའི་བདག་ཉིད་ཅན། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་པའི་བདག་ཉིད་ཅན་དུ་གསལ་གདབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སམ། ཡང་ན་མཐའ་སྐོར་དུ་ཁྲོམ་ཚོགས་སུ་བཞུགས་པ་དཀོན་མཆོག་ཀུན་འདུས་སུ་བསམ། དེ་ནས་ཕྱོགས་བཞིའི་ཡལ་ག་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པར་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ། ཤར་རམ་མདུན་མར་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ་སངས་རྒྱས་དཀོན་མཆོག་ཀུན་འདུས། ལྷོ་འམ་གཡས་སུ་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་གླེགས་བམ་འོག་མ་གཉིས་མཉམ་གཞག་དང་སྐུ་རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། དེའང་རྟོགས་པའི་དམ་ཆོས་ངོ་བོ་བསམ་བརྗོད་དང་བྲལ་བ་རྣམ་པ་འགོག་བདེན་གྱི་རང་བཞིན་ཅན། སངས་རྒྱས་ཀྱི་སར་བགྲོད་བྱའི་ལམ་དང་ལུང་གི་དམ་ཆོས་ནི་སྔ་མ་བརྗོད་བྱར་སྟོན་པའི་རྣམ་དཀར་གྱི་ལེགས་བཤད་མིང་ཚིག་བརྡའ་རྟོགས་ཀྱི་རྣམ་པ་གླེགས་བམ་གྱི་བདག་ཉིད་ཅན་དམ་ཆོས་དཀོན་མཆོག་ཀུན་འདུས། ནུབ་བམ་རྒྱབ་ཏུ་ཐུན་མོང་གི་དགེ་འདུན་དཀོན་མཆོག །དེའང་ཐེག་པ་ཆེན་པོའི་དགེ་འདུན་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས་འཕགས་པ་ཉེ་བའི་སྲས་བརྒྱད་ལ་སོགས་པ་རྣམས་དང་། ཐེག་པ་ཆུང་ངུའི་དགེ་འདུན་ཉན་ཐོས་མཆོག་བརྒྱད་ལ་སོགས་པ་ཉན་རང་འཕགས་པའི་ཚོགས་དང་བཅས་པས་བསྐོར་བ། བྱང་ངམ་གཡོན་དུ་གསང་སྔགས་ཁྱད་པར་ཅན་གྱི་དགེ་འདུན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཁྲོམ་ཚོགས་སུ་བཞུགས་པར་བསམ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་མདོར་ན་ནམ་མཁའ་ལ་གཟའ་སྐར་ཤར་བའམ། དར་ཟབ་ཀྱི་གོང་བུ་གཅལ་དུ་བཀྲམ་པ་ལྟ་བུར་གསལ་བཏབ་པ་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། དེ་ལྟར་ཡང་རྩ་གཞུང་ལས། སྐྱབས་ཡུལ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ པདྨའི་སྡོང་པོ་ཡལ་འདབ་བཞིའི༔ དབུས་དང་ཕྱོགས་བཞིར་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དབུས་སུ་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མས་བསྐོར་བར་བསམ༔ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསྐོར༔ སངས་རྒྱས་དཀོན་མཆོག་ཀུན་འདུས་པ༔ ལྷོ་ཕྱོགས་གདན་ལ་ཡུམ་ཆེན་མོ༔ དམ་པའི་ཆོས་རྣམས་གླེགས་བམ་ཚུལ༔ ནུབ་ཕྱོགས་ཐེག་པ་ཆེ་ཆུང་གི༔ དགེ་འདུན་དཀོན་མཆོག་མ་ལུས་བསྐྱེད༔ བྱང་ཕྱོགས་གསང་སྔགས་ཕྱི་ནང་གི༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་བསམ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་ཕྱིར་རྩེ་གཅིག་སྐྱབས་འགྲོ་བྱ༔ ཞེས་གསལ། གང་ལ་སྐྱབས་ཞུ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པས། དེ་ལ་སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་གནོད་འཚེ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་པ་དང་མི་འགྲོགས། བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་མི་དང་སྤྱོད་པ་འདྲེས་པར་མི་བྱའོ། །དེས་ན་བླང་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་སཱཙྪའི་ཆག་དུམ་ཡན་ཆད་མི་འགོམ་པར་བཀུར་སྟི་དང་ཞབས་ཏོག་ཚད་གཟུང་མེད་པར་བྱེད། ཆོས་ལ་སྐྱབས་སུ་སོང་ན་ཡི་གེ་ན་གཅིག་ལའང་མི་འགོམ་པར་ལུང་རྟོགས་ཀྱི་ཆོས་དངོས་ཀྱི་འདུ་ཤེས་འཇོག །དགེ་འདུན་ལ་སྐྱབས་སུ་སོང་ན་ལྷན་པ་སེར་པོ་གྱོན་པ་ཡན་ཆད་ལ་བདག་ཅག་གི་སྟོན་པའི་ཉན་ཐོས་ཀྱི་དགེ་འདུན་དངོས་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བ་དང་། གཞན་ཡང་ཞོགས་པ་ལང་པའི་ཚེ་ན་སྟོད་གཡོགས་ཐབས། སྨད་གཡོགས་ཤེས་རབ། སྐ་རགས་ཐབས་ཤེས་ཟུང་འཇུག །ཞྭ་དང་གོན་པ་བླ་མའི་ངོ་བོར་བསམ་པ་དང་ལས་ཅི་ལ་ཐུག་ཀྱང་དཀོན་མཆོག་རྣམ་གསུམ་མི་སྤོང་ཞིང་ནམ་ཟ་ནམ་འཐུང་གི་ཚེ་ཕུད་མཆོད་པའི་ཚུལ་དུ་འབུལ་ཞིང་། རི་ཆེན་པོ་སོགས་གྱེན་ལ་འཛེགས་ཏེ་ཡར་འགྲོ་བའི་ཚེ་ན་སེམས་ཅན་ཐམས་ཅད་བདེ་ཆེན་གྱི་ཞིང་དུ་ཡར་དྲངས་ནས་འགྲོ་བ་ཡིན་སྙམ་པ་དང་། ཐུར་དུ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་ངན་སོང་ལས་དྲང་བའི་ཕྱིར་མར་འགྲོ་བ་ཡིན་སྙམ་པ་དང་། ཕྲེད་དུ་འགྲོ་བའི་ཚེ་ནའང་སྐྱབས་ཡུལ་རྣམས་གསལ་བཏབ་ནས་སེམས་ཅན་ཐམས་ཅད་དང་འགྲོགས་ཏེ་སྐོར་བ་བསྐོར་བར་བསམས་ལ་སྐྱབས་འགྲོ་འདོན་པ་ལ་སོགས་པ། མདོར་ན་ལུང་མ་བསྟན་གྱི་བྱ་བ་གང་དང་གང་བགྱིས་པ་དེ་ཐམས་ཅད་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཆེན་པོའི་རྩིས་ཟིན་པར་བྱས་ལ་དཀར་པོ་དགེ་བའི་ལས་ལམ་ཁོ་ནར་སྒྱུར་ཅི་ཐུབ་བྱ། གང་ལྟར་ཡང་དེ་དག་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། སྐྱབས་སུ་འགྲོ་བའི་གང་ཟག་ནི་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན། མཐའ་སྐོར་དུ་དགྲ་གཉེན་བར་མ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམ་ལ། དེ་དག་གི་བྱང་རང་གིས་དྲངས་ཏེ་ལུས་གུས་པའི་སྒོ་ནས་པུས་མོ་བཙུགས། ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་ཉིད་ཁ་ཙམ་ཚིག་ཙམ་མ་ཡིན་པར་འུར་དིར་དིར་སྒྲོག་ཅིང་། ཡིད་གུས་པའི་སྒོ་ནས་མཐོར་གཏོང་དམར་གཏོང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ལྟོས་ཁྱེད་རྣམས་ལས་མེད་དོ་སྙམ་པ། ཅི་མཛད་ཁྱེད་རང་གིས་ཤེས་སོ། །བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དུས་མྱུར་བ་ཉིད་དུ་བསྐྱབ་ཏུ་གསོལ་བསྐྱབ་ཏུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲགས་པོས་ངག་ཏུ། ཀྱེ་མ༔ འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས༔ སྐྱོབ་མཛད་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་ཚོགས་དམ་ཅན་མ་ལུས་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས༔ བླ་མ་རིག་འཛིན་རྣམས་ལ་སྐྱབས་སུ་མཆི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཐེག་གསུམ་ལམ་སྟོན་ཆགས་བྲལ་གསུང་རབ་མཆོག༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ས་ལམ་ལ་གནས་ཚོགས་ཀྱི་མཆོག་གྱུར་པ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་སྐྱབས་སུ་མཆི༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ དེང་ནས་གཟུང་སྟེ་བྱང་ཆུབ་མ་འཐོབ་བར༔ བདག་སོགས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་གནས་རེ་ལྟོས་གཞན་ན་མ་མཆིས་པས༔ ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་སྐྱོབ་ཏུ་གསོལ༔ ཞེས་སྐྱབས་འགྲོ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པའམ་ཉུང་མཐའ་གསུམ་གྱིས་རྟེན་པ་རེ་བཏང་རྗེས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བུན་གྱིས་འཕྲོས་པ་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སེམས་ཅན་ཐམས་ཅད་འཇའ་འོད་ཀྱི་ལམ་ནས་བྱེའུ་ཁྱུ་ལ་རྡོ་འཕངས་པ་བཞིན་དག་པའི་ཞིང་དུ་འུར་དིར་གྱིས་སོང་བར་བསམ། དེ་ནས་རྩ་བའི་བླ་མའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་གྱི་རྒྱལ་བ་རྒྱལ་སྲས་རྣམས་ལ་ཕོག་པ་འོད་ཟེར་གྱི་གོང་བུར་ཞུ་བ་རྩ་བའི་བླ་མའི་སྐུ་ལ་འདུས་པས་དེ་ཉིད་འོད་ཟེར་སྔར་ལས་ཀྱང་མཆོག་ཏུ་འབར་བར་བསམ་ལ། རྩ་བའི་བླ་མ་ཉིད་འོད་དུ་ཞུ་བ་རང་ལ་ཐིམ་པས་རང་སེམས་དང་བླ་མའི་ཐུགས་གཉིས་སུ་འཛིན་པའི་རྟོག་པ་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་གཞག་ཅི་ནུས་སུ་བྱས་རྗེས་དགེ་བ་བསྔོ། ནུབ་མོ་ཉལ་བའི་ཚེ་ན་སྐྱབས་ཡུལ་གྱི་རྟེན་ཉིད་མ་བསྡུས་པ་དེ་ལ་མགོ་ཕྱོགས། གློ་གཡས་འོག་ཏུ་བཅུག་པ་སེང་གེའི་ཉལ་སྟབས་ཀྱིས་མོས་གུས་དུང་ངེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱ་སྟེ། ནངས་ནུབ་ཐམས་ཅད་སྐྱབས་འགྲོར་འགྲོ་བའི་དགོས་པ་ཡོད་གསུངས་སོ།། །།དྲུག་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་པའི་ཁྲིད་ནི། འདི་ལྟར་དུ་བསམ་སྟེ། འོ་ཕྱོགས་བཅུའི་ནམ་མཁའ་འདི་ལ་ཇི་ལྟར་གཞལ་ཡང་མཐའ་དང་ཚད་མེད་པ་དང་། ནམ་མཁས་གར་ཁྱབ་ནི་འཇིག་རྟེན་གྱི་ཁམས་ཡིན། དེས་ན་འཇིག་རྟེན་གྱི་ཁམས་ལའང་མཐའ་དང་ཚད་མེད། དེ་ཐམས་ཅད་རིགས་དྲུག་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ་འདུག་མོད། བདག་གིས་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པའི་སྔ་རོལ་ནས་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླངས་རེས་བཞིན་གྱི་ལུས་རེ་གྲུབ། ལུས་གྲུབ་རེས་བཞིན་ཕ་མ་རེ་བྱུང་འདུག་པས། སེམས་ཅན་འདི་ཐམས་ཅད་ཕ་དང་མར་མ་གྱུར་པ་ནི་གཅིག་རང་ཡང་མེད་དེ། དེ་ལ་ཚེ་འདིའི་མས་མཚོན་ན། རང་རེ་རྣམས་དང་པོ་མའི་མངལ་དུ་སྡོད་པའི་དུས་མའི་ལུས་ཀྱི་ཟུངས་ཟད། དབང་པོའི་བཀྲག་ཤོར། འདོད་པའི་བཟའ་བཏུང་ལ་སྤྱད་དབང་མེད་ཅིང་། ཀུན་ཏུ་ལྡང་ཞིང་ལུས་རྒུད། དེ་ནས་ཟླ་བ་ཐེམ་སྟེ་མངལ་ནས་འཐོན་པའི་ཚེ་ནའང་མའི་ཁ་རུས་མིན་པའི་རུས་མཚམས་ཐམས་ཅད་འབྱེད། དེའི་དུས་སུ་རང་གིས་ལུས་ཀྱི་བསྒུལ་སྐྱོད། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་གང་ཡང་མི་ཤེས་མོད། མ་དྲིན་མོ་ཆེ་བ་འདིས་འཛུམ་པའི་མདངས་ཀྱིས་བསུས། བྱམས་པའི་ཡིད་ཀྱིས་བསྐྱངས། མི་གཙང་བ་ལག་གིས་ཕྱིས། བྱེད་སྤྱོད་དང་ཕན་སྒོ་དུ་མའི་སྒོ་ནས་གཅེས་པར་བསྐྱངས། མཐར་གོས་རྒྱན་སོགས་ཅི་ཡོད་དེར་འདོགས། མདོར་ན་རང་ལས་ལྷག་པར་རྟག་ཏུ་འཁྱགས་དོགས། ལྟོགས་དོགས་སོགས་བརྩེ་ཞིང་གདུང་བ་ཆེན་པོས་བསྐྱངས། དེས་ན་ཚེ་འདིའི་ཕ་མས་ཇི་ལྟར་སྐྱོང་བ་བཞིན་ཚེ་རབས་ཀྱི་ཕ་མས་ཀྱང་དེ་ལྟར་དུ་བསྐྱངས་པས་དྲིན་ཅན་གྱི་མ་ཤ་སྟག་ཡིན། དེས་ན་ཚེ་འདིའི་ཕ་མ་དང་ཚེ་རབས་ཀྱི་ཕ་མ་ཞེས་ཉེ་རིང་དུ་སྤྱོད་པ་ཅི་ལ་འཐད། ད་འདི་ཐམས་ཅད་འདོད་པ་ནི་བདེ་བ་འདོད་དེ་རྨོངས་ཤིང་ཐབས་ལ་མི་མཁས་པའི་དབང་གིས་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་ཅིང་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་རྟག་ཏུ་སྤྱོད་ཅིང་ཉམ་ཐག་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་བསྐལ་ཆེན་གྱི་མེ་འབར་བ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་ཐོན་ཐོན་གྱིས་མདོར་ན་སྙིང་འགས་འགྲོ་བ་ཙམ་བསྐྱེད་དེ། ད་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་འདི་དག་མ་རིག་པའི་མུན་པ་འཐིབས་པོས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་བལྟ་བའི་ཤེས་རབ་ཀྱི་མིག་དང་བྲལ་ཞིང་དགེ་བའི་བཤེས་གཉེན་གྱི་དམིག་བུའི་ལོང་ཁྲིད་ནི་མེད། རྒྱབ་ནས་བརྟེན་པའི་བསོད་ནམས་ཀྱི་འཁར་བ་མེད་ཅིང་ཐབས་ཤེས་ཀྱི་རྐང་པ་ཆག་པ་ངན་སོང་གི་གནས་སུ་གོམ་པ་འདོར། ལས་ཀྱི་དབང་གིས་སྡུག་བསྔལ་གྱི་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་ཞིང་ཉམ་ཐག་པའི་སེམས་ཅན་འདི་རྣམས་ཡལ་བར་བོར་ན། འཇིག་རྟེན་ན་བདག་ལས་ཁྲེལ་དང་ངོ་ཚ་ཆུང་བ་སུ་ཞིག་ཡོད་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྐྱེད། ད་སྙིང་རྗེ་ཞེས་བཞག་པས་ཅི་ལ་ཕན། དེས་ན་བདག་གི་མ་ཆུས་ཁྱེར་བ་དེ་ལ་ཀོ་གྲུའམ་ཐག་པ་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་འདྲེན་དགོས་པ་དང་ཆོས་མཚུངས་པ་ཡིན། སེམས་ཅན་འདི་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ལ་འཐོབ་པར་བྱ། དེའི་ཆེད་དུ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླངས་ཏེ་ཚེ་འདི་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་ངེས་པར་འགོད་པར་བགྱིའོ་སྙམ། མདོར་ན་ཁ་ཙམ་ཚིག་ཙམ་མིན་པའི་སྙིང་རྗེ་ཚུགས་ཐབས་མེད་པ་ཀོང་ཀོང་བསྐྱེད་ལ་ངག་ཏུ། བདག་གིས་ཕ་མ་ཁམས་གསུམ་འཁོར་བ་ཡི༔ སེམས་ཅན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ སེམས་ཅན་མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད་པར་བྱ༔ སེམས་བསྐྱེད་དེ་ཡིས་མཐའ་ཡས་འགྲོ་བ་རྣམས༔ བདེ་དང་དགེ་བའི་ལས་ལམ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་རྣམས་རྒྱུན་ཆད་ཅིང༔ སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན་པ་ཡི༔ མཉམ་ཉིད་ཡེ་ཤེས་ངང་ལ་གནས་གྱུར་ཅིག༔ ཅེས་པའི་སེམས་བསྐྱེད་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པའམ་ཉུང་མཐའ་གསུམ་གྱིས་བྱས་པ་རེ་བཏང་རྗེས། དབུགས་འབྱིན་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་བྱེད་པ་སྟེ། དེའང་དབུགས་རྒྱུན་གྱི་བཟོ་བཅོས་མེད་པ་འདི་ཀ་ཕར་འགྲོ་བ་དང་བསྟུན། བདག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བགྱིས་པའི་དགེ་བ་སེམས་ཅན་ལ་སྦྱིན་ནོ། །སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། ཡང་རླུང་ནང་དུ་འོང་བ་དང་སེམས་ཅན་གྱིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བགྱིས་པའི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག །སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྐྱེན་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ། དེ་ནས་མཐར་སེམས་བསྐྱེད་པའི་རྟེན་སྐྱབས་ཡུལ་མི་དམིགས། སྐྱེད་པ་པོའི་གང་ཟག་དང་བསྐྱེད་ཡུལ་སེམས་ཅན་མི་དམིགས། དེ་བར་གྱི་ཀུན་སློང་གསུམ་ཀ་མི་དམིགས་པའི་ངང་དུ་དལ་ཅིག་མཉམ་བཞག་བྱས་རྗེས། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཞེས་སོགས་ཀྱི་སྨོན་ལམ་དགེ་བ་བསྔོ་བ་དང་བཅས་པ་བྱའོ།། །།བདུན་པ་སྡིག་སྒྲིབ་སྦྱོང་བའི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བསླབ་པ་ནི། དེའང་རང་ཅག་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱེད་པ་ལ་གེགས་དང་ཉེར་འཚེ་བར་ཆོད་བྱེད་པ་ནི་སྡིག་སྒྲིབ་ཡིན་པས་དེ་སྦྱང་དགོས། དེ་སྦྱོང་བའི་མཆོག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱའོ་སྙམ་དུ་བསམ་ལ་ལུས་སེམས་རྣལ་དུ་ཕབ་ནས། རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ བཀླག་པའི་ཚུལ་གྱིས་སྔགས་བཟླས་པས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ཅེས་བརྗོད་པ་དང་ཆབས་ཅིག །རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་ཁ་ཡར་བལྟ་བ། རྩ་བ་རང་གི་ཚངས་བུག་ཏུ་ཟུག་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རྣམས་གསལ་གདབ། དེ་ལ་གསལ་སྣང་ཐོན་པ་དང་། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་འཚེར་བ། གངས་རི་ལ་ཉི་མ་ཕོག་པ་ལྟ་བུའི་གཟི་བྱིན་རབ་ཏུ་རྒྱས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་ཤིང་། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྐེད་ཆིངས་དང་ནོར་བུའི་རྩེ་བྲན་གྱིས་བརྒྱན་པ། སྐུ་སྟོད་ལ་དར་གྱི་སྟོད་གཡོགས་དང་སྐུ་སྨད་ལ་དར་གྱི་སྨད་དཀྲིས་ཅན། གཞན་ཡང་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ལ་སོགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕུན་སུམ་ཚོགས་པ་དུ་མས་མཛེས་པར་སྤྲས་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྟོང་ཆེན་སྒྲིབ་ཐོགས་ཐམས་ཅད་དང་བྲལ་བ་འོད་ཀྱི་རང་བཞིན་དུ་བསམ། དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་བསམ། དེའི་མཐའ་སྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་རྣམས་ཤིན་ཏུ་ཕྲ་བ་རྟ་རྔ་ལ་མདུད་པ་བཏབ་པའམ། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའམ་དངུལ་ཆུའི་མདོག་ལྟ་བུ་བཀླག་པའི་ཚུལ་གྱིས་གསལ་བ་རེག་ཅིང་མ་འབྱར་བའི་ཚུལ་གྱིས་ལྷམ་མེར་འཁོད་པར་བསམ། དེ་ལྟར་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་གནོང་འགྱོད་དྲག་པོས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྔོན་ཆད་སྡིག་པའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་སྡིག་པའི་ལས་དངོས་སུ་ལྟ་ཅི་རྨི་ལམ་དུའང་མི་བགྱིད་སྙམ་པ་སྡིག་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་དྲན་བཞིན་པའི་ངང་ནས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་འབད་པས། དེའང་ཐོག་མར་ཐུགས་ཀའི་ས་བོན་དང་ཞབས་ཀྱི་མཐེ་བོང་གི་རྩེ་ལས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བདེ་ཁྲིལ་ཁྲིལ་གྱིས་བབས་པར་བསམ་ལ། མཐར་སྐུའི་ཆ་ཐམས་ཅད་ནས་ཀྱང་བྱང་སེམས་བདུད་རྩིའི་རྒྱུན་སྐྱ་ཆིལ་ཆིལ་བྱུང་བ་རང་གི་ཚངས་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན། གདོན་ཐམས་ཅད་སྲོག་ཆགས་ཕྲ་མོའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པ་ཅན་དུ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས། མདོར་ན་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་ཕྱིར་སང་སང་སོང་སྙམ་དུ་རང་ལུས་ཤེལ་གྱི་ཁོག་པ་ཕྱིས་པ་ལྟ་བུའི་བློ་མ་སྐྱེས་ཀྱི་བར་དུ་གཞན་དུ་མ་ཡེངས་པར་དམིགས་པ་གཅུན་ལ་བཟླ་སྟེ། དེའང་སློབ་དཔོན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པས་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་སོ། །དེ་ནས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དུས་ད་ལྟ་ཉིད་དུ་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་འབད་པ་ན། བྱང་སེམས་བདུད་རྩིའི་རྒྱུན་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དེ་སྲིད་དུ་མེར་ཁྲིགས་སེ་ལྟེམས་ཙེར་གྱིས་གང་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པར་མཛད་དེ། འོ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་བསམ་ལ། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དབུའི་ནོར་བུ་ནས་མར་འོད་དུ་ཞུ། གདན་པདྨ་ནས་ཡར་འོད་དུ་ཞུ། ཐུགས་འོད་ལྔའི་གོང་བུའི་རང་བཞིན་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་བསམ་ལ། སྡིག་སྒྲིབ་སྦྱང་བྱ་སྦྱོང་བྱེད་སོགས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཏེ་སྟོང་གསལ་ཟུང་འཇུག་སྤྲོས་པ་དང་བྲལ་བའི་ངང་དུ་དལ་ཅིག་མཉམ་པར་བཞག་རྗེས་དགེ་བ་བསྔོ་སྟེ། སྡིག་པ་དག་པའི་རྟགས་མཚན་མ་མཐོང་གི་བར་དུ་དམིགས་པ་གཅུན་ལ་གསལ་ཞིང་དག་པར་བཟླའོ།། །།བརྒྱད་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད་ནི། མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཐབས་མཆོག་རྨད་དུ་བྱུང་བ་ནི་མཎྜལ་ཉིད་དུ་བསྔགས་པས། དེས་ན་མཎྜལ་འབུལ་བའི་ཡུལ་ཚོགས་ཞིང་སྐྱབས་འགྲོའི་སྐབས་བཞིན་གསལ་བཏབ་ལ། མཎྜལ་འབུལ་བའི་རྫས་ནི་རབ་གསེར་ཡིན་ན་སོར་བཞི་ཙམ་དང་། དངུལ་ལ་མཐོ་གང་ཙམ་བྱས་པས་ཀྱང་ཆུང་ངུའི་སྐྱོན་དུ་མི་འགྱུར། ཟངས་དང་འཁར་བ་སོགས་རིན་པོ་ཆེ་ཕལ་པ་ཡིན་ན་ནི་ཁྲུ་གང་ངེས་པར་དགོས། དེ་དག་མི་འབྱོར་པའི་གང་ཟག་གིས་ཀྱང་རྡོ་ལེབ་དང་ས་གཞི་བྱི་དོར་བྱས་པས་ཀྱང་རུང་། གང་ལྟར་ཡང་རིན་པོ་ཆེ་ལ་སོགས་པ་མཆོད་པའི་མཎྜལ་འདུ་བྱས་ལ། དེའང་ཐོག་མར་སེམས་ཀྱི་རང་བཞིན་རྣམ་པར་དག་པའི་བརྡར་མཎྜལ་ཉིད་ལེགས་པར་བྱི་དོར་བྱ། དེ་ནས་བ་བྱུང་ལྔ་དང་དྲི་བཟང་པོའི་ཆུས་ཁྱེམ་མེར་ཆག་ཆག་བཏབ་སྟེ་ཡེ་ཤེས་ཀྱི་རླན་མི་ཡལ་བའི་དགོས་པ་ཡོད་ཅེས་གསུངས། དེ་ནས་ལག་གཡོན་གྱིས་ནས་ཚོམ་ཞིག་བླངས་ལ་མཎྜལ་གཟུང་། རང་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་འཁོད་པར་བསམས་ནས་དེ་ཐམས་ཅད་སུམ་ཕྲུགས་ཀྱིས་ལུས་ཀྱིས་ཚོམ་བུ་འགོད་ཅིང་གསོ་བ་དང་། ངག་གིས་མཎྜལ་གྱི་ཚིག་ཉིད་བྱང་རང་གིས་དྲང་སྟེ་འུར་དིར་དིར་སྒྲོག་པར་བསམ། ཡིད་ཀྱིས་དབང་ཆེན་གསེར་གྱི་ས་གཞིས་བཏེག་པའི་དབུས་སུ་རིའི་རྒྱལ་པོ་རི་རབ། དེ་ནས་རིམ་གྱིས་ཕྱོགས་བཞིར་ཤར་གླིང་ཤེལ་ལས་གྲུབ་པའི་རང་བཞིན་གཟུགས་ཟླ་གམ། ཁ་དོག་དཀར་པོ། ལྷོ་གླིང་བཻ་ཌཱུརྻའི་རང་བཞིན་གཟུགས་སོག་ཁ། ཁ་དོག་སྔོན་པོ། ནུབ་གླིང་པདྨ་རཱ་གའི་རང་བཞིན་གཟུགས་ཟླུམ་པོ། ཁ་དོག་དམར་པོ། བྱང་གླིང་རིན་པོ་ཆེའི་རང་བཞིན་གཟུགས་གྲུ་བཞི། ཁ་དོག་སེར་པོ། དེ་ནས་གླིང་ཆུང་རྣམས་ཆེ་ཆུང་མ་གཏོགས་བཟོ་དབྱིབས་དང་ཁ་དོག་གླིང་ཆེན་རྣམས་དང་མཚུངས་པ། དེ་ནས་རིན་པོ་ཆེའི་རི་བོ་ཤར་གྱི་འདོད་ཡོན། དཔག་བསམ་གྱི་ཤིང་ལྷོའི་འདོད་ཡོན། འདོད་འཇོའི་བ་ནུབ་ཀྱི་འདོད་ཡོན། མ་རྨོས་པའི་ལོ་ཏོག་བྱང་གི་འདོད་ཡོན། འཁོར་ལོ་རིན་པོ་ཆེ་ཤར། ནོར་བུ་རིན་པོ་ཆེ་ལྷོ། བཙུན་མོ་རིན་པོ་ཆེ་ནུབ། བློན་པོ་རིན་པོ་ཆེ་བྱང་། གླང་པོ་རིན་པོ་ཆེ་ཤར་ལྷོ། རྟ་མཆོག་རིན་པོ་ཆེ་ལྷོ་ནུབ། དམག་དཔོན་རིན་པོ་ཆེ་ནུབ་བྱང་། གཏེར་ཆེན་པོའི་བུམ་པ་བྱང་ཤར། སྒེག་པ་མ་ཤར། ཕྲེང་བ་མ་ལྷོ། གླུ་མ་ནུབ། གར་མ་བྱང་། མེ་ཏོག་མ་ཤར་ལྷོ། བདུག་སྤོས་མ་ལྷོ་ནུབ། མར་མེ་མ་ནུབ་བྱང་། དྲི་ཆབ་མ་བྱང་ཤར། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུ་ཟླ་བ། ལྷོར་གདུགས། བྱང་དུ་རྒྱལ་མཚན་རྣམས་དང་། གཞན་ཡང་སྲིད་རྩེ་མན་ཆད་དང་ལྷ་མིའི་འབྱོར་པ་བཟང་ལ་གྱ་ནོམ་པ་རང་གི་བློས་ཇི་ཙམ་འཁྱུད་པའི་བར་དེ་སྲིད་དུ་འབུལ་བ་ནི་སྤྲུལ་སྐུར་འབུལ་བའི་མཎྜལ་ཏེ། དེ་ལྟར་ཚོམ་བུ་སོ་བདུན་མ་དེང་སང་ཡོངས་གྲགས་ཀྱི་ལག་ལེན་ལྟར་བཀོད་ཀྱང་འགལ་བར་མི་སེམས་གསུངས། གཞན་དུ་ཚོམ་བུ་དགུ་བཀོད་ལ། གང་ལྟར་ཡང་། ན་མོ༔ རིན་ཆེན་བཞི་ལྡན་གསེར་རི་ལྷུན་པོ་དང༔ གླིང་བཞི་ཉི་ཟླ་ལྕགས་རི་མུ་ཁྱུད་བཅས༔ ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་པ༔ བླ་མ་སྤྲུལ་པའི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཅེས་དང་། ཡང་ཚོམ་བུ་བདུན་བཀོད་ལ་རང་གིས་ཡོངས་སུ་བཟུང་བའི་འཇིག་རྟེན་གྱི་ཁམས་ཀྱི་བུ་དང་བུ་མོ་གཅེས་དགུ་མ་ལུས་པ་བློས་ལིང་གིས་བཅད་ནས་འབུལ་བ་ནི་ལོངས་སྐུར་འབུལ་བའི་མཎྜལ་ཏེ། བདག་གིས་ཡོངས་བཟུང་བུ་དང་བུ་མོ་དང༔ འཁོར་དང་ལོངས་སྤྱོད་མཛེས་སྡུག་མ་ལུས་པ༔ འཇིག་རྟེན་འདི་ཡི་གཅེས་རྒུ་ཀུན་བསྡུས་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཅེས་དང་། ཡང་ཚོམ་བུ་ལྔ་བཀོད་ནས་བདག་ལུས་མཛེས་ཤིང་ཡིད་དུ་འོང་བ་དཀར་ལ་དམར་བའི་མདངས་ཆགས་པ་དགོས་འདོད་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པར་དམིགས་ཏེ་ཞེན་འཛིན་མེད་པར་འབུལ་བ་ནི་ཆོས་སྐུར་འབུལ་བའི་མཎྜལ་ཏེ། རང་ལུས་འབྱུང་བཞི་ཤ་ཁྲག་སྣ་ཚོགས་པ༔ དབང་པོ་སྒོ་ལྔ་གཙང་ཞིང་མཛེས་པས་བརྒྱན༔ ཞེན་འཛིན་བྲལ་བའི་བློ་ཡིས་ཀུན་བླངས་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཅེས་དང་། ཡང་ཚོམ་བུ་གསུམ་བཀོད་ལ་ཆོས་ཉིད་སྟོང་གསལ་དག་པའི་ཀློང་དུ་རང་གི་རིག་པའི་ངོ་བོ་ཐིག་ལེ་དཀར་པོ་མཐིང་སེར་དམར་ལྗང་ལ་སོགས་པ། མདོར་ན་དེ་རེ་རེའི་ནང་དུའང་ཐིག་ལེ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་འབུལ་བ་ནི་ངོ་བོ་ཉིད་ཀྱི་སྐུར་འབུལ་བའི་མཎྜལ་ཏེ། ཆོས་དབྱིངས་སྟོང་གསལ་དག་པའི་ཀློང་ཡངས་སུ༔ རང་རིག་རང་གསལ་རྡོ་རྗེ་ལུ་གུ་རྒྱུད༔ ཐུགས་རྗེ་མ་འགགས་རོལ་པ་འོད་ལྔའི་ཞིང༔ བླ་མ་ངོ་བོ་ཉིད་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ངོ་བོ་ཉིད་སྐུར་འཚང་རྒྱ་ཤོག༔ ཅེས་བརྗོད་ཅིང་། གཙོ་བོར་སྤྲུལ་སྐུའི་མཎྜལ་ཉིད་ལ་ཆིག་དྲིལ་བྱ་ཞིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དྭངས་པའི་བློས་བླངས་ཏེ་སྙིང་ཐག་པ་ནས་ཕུལ་ན་ཚོགས་གཉིས་རྫོགས་པར་འགྱུར་རོ༔ མཐར་མཎྜལ་འབུལ་བའི་ཡུལ་ཚོགས་ཞིང་། འབུལ་བྱའི་མཆོད་རྫས། འབུལ་བ་པོའི་གང་ཟག་སྟེ་གསུམ་པོ་ཀུན་ཀྱང་མི་དམིགས་པའི་ངང་དུ་དལ་ཅིག་མཉམ་པར་བཞག་རྗེས། དེ་ལྟར་བགྱིས་པའི་མཐུ་ལས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྣམ་པ་གཉིས་རྫོགས། སྒྲིབ་པ་རྣམ་པ་གཉིས་བྱང་བར་མཛད་དུ་གསོལ་སྙམ་པའི་ངང་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱིས་དགེ་བ་བསྔོ་བའོ། །དེ་ལྟར་ཕུལ་པའི་ཕུད་དུམ་པ་རེ་བསགས་པ་ནངས་པར་བླ་མའི་མཎྜལ་གྱི་སྟེང་དུ་འབུལ་ཞིང་། ཡང་མཎྜལ་འབུམ་ཚོ་ལེགས་པར་གསོག་པ་ཡིན་ན། ཕུད་སླར་བླ་མ་ལ་འབུལ་ལམ། དཀོན་མཆོག་གི་རྟེན་ལ་འབུལ་བ་ལས་རང་གིས་ལོངས་མི་སྤྱོད་པ་ཕྱག་ལེན་ནོ།། །།དགུ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། དེའང་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་རྟོགས་ཀྱི་རྩལ་ཁ་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་དམ་པའི་བྱིན་རླབས་ཁོ་ནར་རག་ལས་པས། དེའང་དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅིའི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། སློབ་དཔོན་ཆེན་པོས། འཁོར་བའི་གནས་ན་བདེ་བ་མེད། །ཐར་པ་སྒྲུབ་ལ་ནན་ཏན་འབད། །གཏན་གྱི་སྐྱབས་གནས་བླ་མ་བཟང་། །རྟག་ཏུ་གསོལ་བ་སྙིང་ནས་ཐོབས། །ཞེས་དང་། ལྕེ་བཙུན་ཆེན་པོའི་མགུར་ལས་ཀྱང་། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར་ཡིན་པས་ན། དེའང་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་མྱོང་བའི་སྐལ་པས་ཕོངས་པའི་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་བླ་མ་དམ་པས་མཛད་པ་ཉིད་ཡིན་མོད། དེའང་གལ་ཏེ་སངས་རྒྱས་འཕགས་པ་རྣམས་ཀྱི་ཞལ་དངོས་སུ་མཇལ་ཀྱང་བདག་ལ་བླ་མ་དམ་པ་ལས་ལྷག་པ་ཞིག་མཛད་རྒྱུ་དང་སྟོན་རྒྱུ་མེད་པར་མ་ཟད། དང་པོ་སངས་རྒྱས་ཉིད་ཀྱིས་ཀྱང་བླ་མ་མ་བསྟེན་པར་མ་བྱུང་སྟེ། དེའང་ལམ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་གསུངས་པས་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་ལས་ཀྱང་རང་གི་བླ་མ་ཉིད་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་རིལ་གྱིས་དྲིལ་ལ་ལུས་སེམས་རྣལ་དུ་ཕབ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་ཉམས་དགའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པར་བསམ་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་གདབ་པ་ནི། དེའང་རྩ་བར། རང་གི་སྤྱི་བོར་དཔག་བསམ་གྱི༔ སྡོང་པོ་པདྨའི་ཟེའུ་འབྲུ་ལ༔ ཉི་ཟླ་དར་གྱི་ལྷུག་གདན་དབུས༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གསང་ཡུམ་ཡེ་ཤེས་ཌཱ་ཀི་མ༔ དམར་མོ་གྲི་གུག་ཐོད་པ་འཛིན༔ ལངས་ཚོ་ལྡན་པ་སྐུ་ལ་འཁྲིལ༔ དེ་ཡི་སྤྱི་གཙུག་པདྨ་གསུམ༔ དབུས་སུ་པདྨ་འབྱུང་གནས་ལ༔ གཡས་སུ་བི་མ་མི་ཏྲ་དང༔ གཡོན་དུ་བཻ་རོ་ཙ་ན་བསྒོམ༔ དེ་སྟེང་པདྨ་སུམ་བརྩེགས་ལ༔ འོག་མ་ཤྲཱི་སིང་ཧ་ལ༔ འཇམ་དཔལ་བཤེས་གཉེན་དགའ་རབ་དང༔ རྡོ་རྗེ་སེམས་དཔའ་ཀུན་བཟང་རྣམས༔ འོག་ནས་རིམ་བརྩེགས་བཞུགས་པར་བྷེཾ༔ མཐའ་སྐོར་རྒྱལ་བ་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ སྤྲིན་ཕུང་གཏིབས་པ་བཞིན་དུ་བསམ༔ ཞེས་གསུངས་པ་ལྟར། འདི་སྐྱབས་མཆོག་བླ་མ་ཌཱ་ཀིའི་གཙོ་མོས་དོགས་གཅོད་ཞུས་པར་དགེ་རྒན་སྒྲུབ་པ་མོ་རང་གི་སྤྱི་བོར་དཔག་བསམ་གྱི་སྡོང་པོ་སྐྱེས་པའི་ཚོགས་ཞིང་ཞལ་ཕར་གཟིགས་པ་ཡིན་གསུངས་ཀྱང་། གཏེར་ཆེན་བླ་མས་རང་གི་སྤྱི་བོའི་ཐད་ཀྱི་མདུན་མཁར་ཚོགས་ཞིང་རང་ལ་དགྱེས་ཤིང་བརྩེ་བའི་རྣམ་པས་ཞལ་ཚུར་གཟིགས་ནས་བསྒོམ་ཞེས་གནང་བ་དེ་ལྟར་བྱ་ཞེས་བཀའ་ལས་ཐོས་པའོ། །དཔག་བསམ་གྱི་ཤིང་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་དབུས་དང་ཕྱོགས་བཞིར་གྱེས་པའི་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པས་རབ་ཏུ་གང་བར་བསམ། དེ་ལྟར་གསལ་བའི་དབུས་ཀྱི་སྙིང་པོ་དེ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་གསལ་དང་ཟླ་དཀྱིལ་དཀར་གསལ། དེའི་སྟེང་དུ་དར་གྱི་ལྷུག་གདན་དང་བཅས་པ་རྣམས་གསལ་བཏབ་སྟེ་དེ་རྣམས་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད། རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དང་ཕྱག་རྒྱ་ཐམས་ཅད་ཀྱིས་མཛེས་པར་སྤྲས་པ། སྐུ་བལྟ་བས་ཆོག་མི་ཤེས་པ་འོད་དང་འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་བདག་ཉིད་ཅན་དུ་ལམ་གྱིས་གསལ་བཏབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་པང་དུ་ཡུམ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་མཛེས་ཤིང་ཡིད་དུ་འོང་བ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་པའི་བདུད་རྩི་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་སིལ་བུར་གྲོལ་བ། བྷ་ག་དང་ནུ་མའི་འཁོར་ལོ་རབ་ཏུ་རྒྱས་པ། རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་ལོང་བུ་མདུད་པའི་ཚུལ་དུ་པད་སྐྱིལ་གྱིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། གཉིས་ཀ་བདེ་སྟོང་ཟུང་འཇུག་གི་ངོ་བོར་ལྷམ་མེར་བཞུགས་པར་བསམ། དེ་ལྟར་གསལ་བའི་དབུ་གཙུག་ཏུ་པདྨ་ཉི་ཟླ་དར་འབོལ་གྱི་སྟན་ལ་མི་འགྱུར་དཔལ་གྱི་སྒྲོན་མ་ཕྱག་མཉམ་གཞག །ཞབས་སྐྱིལ་ཀྲུང་ཆོས་བཙུན་མའི་ཆས་ཅན་སྤྱན་དབྱིངས་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་གཟིགས་སྟངས་ཅན། དེའི་སྟེང་དུ་པདྨ་སུམ་གཤིབ་ཀྱི་དབུས་སུ་གཏེར་ཆེན་བླ་མ་སྐུ་དཀར་ཆས་ཞལ་རྒྱན་ཐུགས་ཀའི་རྒྱ་མདོར་སླེབ་པ་ཕྱག་མཉམ་གཞག་གཏེར་སྒྲོམ་འཛིན་པ། གཡས་སུ་ཆོས་རྒྱལ་ཁྲི་སྲོང་འཁོར་ལོས་བསྒྱུར་བའི་ཆས་ཅན་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་འཛིན་པའི་མེ་ཏོག་གི་སྟེང་ན་རལ་གྲི་དང་གླེགས་བམ་གྱིས་མཚན་པ། གཡོན་དུ་ཡེ་ཤེས་མཚོ་རྒྱལ་ཐོད་སྐམ་ལྔའི་དབུ་རྒྱན་སོགས་ཧེ་རུ་ཀའི་ཆས་ཅན་ཕྱག་གཡས་པ་ཐོད་རྔ་ཁྲོལ་སྟབས་དང་གཡོན་མཉམ་གཞག་ཀ་པཱ་ལའི་བདུད་རྩི་བསྣམས་པ་ཞབས་ཕྱེད་སྐྱིལ། དེའི་སྟེང་དུ་པདྨ་སུམ་གཤིབ་ལ་དབུས་སུ་པདྨ་འབྱུང་གནས་རྒྱ་གར་པཎ་ཆེན་གྱི་ཆ་བྱད་ཅན་ཕྱག་གཡས་རྡོ་རྗེ་དང་གཡོན་མཉམ་གཞག་ཀ་པཱ་ལ་བསྣམས་པ་ཞབས་གཡོན་ཅུང་ཟད་བརྐྱང་པའི་རྒྱལ་པོ་རོལ་པའི་བཞུགས་སྟངས་ཅན། དེའི་གཡས་སུ་བི་མ་ལ་མི་ཏྲ་པཎ་གྲུབ་ཆས་སྐུ་མདོག་སྔོ་སྐྱ་པཎ་ཞྭ་སྣེ་རིང་ཕྱག་མཉམ་གཞག་ཞབས་སྐྱིལ་ཀྲུང་། གཡོན་དུ་བཻ་རོ་ཙ་ན་པཎ་གྲུབ་ཀྱི་ཆས་ཅན་སྐུ་གཞོན་ཤ་ཆགས་པ་ཕྱག་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་རྒྱ་དཔེ་བསྣམས་པ། དེའི་དབུ་གཙུག་པདྨ་སུམ་གཤིབ་ཀྱི་དབུས་སུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་ཆོས་འཁོར་གྱི་ཕྱག་རྒྱ་ཅན་དབུ་ལ་གཙུག་ཏོར་སོགས་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སུ་འཇམ་དཔལ་བཤེས་གཉེན་སྐུ་མདོག་སེར་ནག་པཎ་ཆེན་གྱི་ཆ་བྱད་ཅན་པཎ་ཞྭ་གསོལ་བ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག་ནོར་བུ་བསྣམས་པ་ཞབས་གཡས་ཅུང་ཟད་བརྐྱང་པའི་རོལ་སྟབས་ཅན། གཡོན་དུ་ཤྲཱི་སིཾ་ཧ་སྐུ་མདོག་སྔོ་སྐྱ་ཆ་བྱད་གོང་འདྲ་ཕྱག་གཡས་དཔྱི་གཡས་ཀྱི་ཐད་ཀའི་ས་ལ་བཙུགས་པ་གཡོན་ས་གནོན་ཞབས་རོལ་སྟབས་ཅན། དེའི་དབུ་གཙུག་པདྨ་ཉིས་བརྩེགས་ཀྱི་འོག་མར་ལོངས་སྐུ་རྡོ་རྗེ་སེམས་དཔའ་དཀར་པོ་དང་། དེའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱན་མེད་གཅེར་བུ་སྔོན་པོ་ཕྱག་མཉམ་གཞག་སྐྱིལ་ཀྲུང་ཅན་ཡུམ་བཟང་མོ་དཀར་མོ་དང་སྣང་སྟོང་མཉམ་པར་སྦྱོར་བ་སྟེ། ཆོས་ལོངས་གཉིས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དུ་བཞུགས་པར་བསམ། དེ་དག་གི་སྐུའི་མཐའ་སྐོར་དུ་གཞན་ཡང་བརྒྱུད་པའི་བླ་མ་གནུབས་ཆེན་སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། ནམ་མཁའི་སྙིང་པོ། གཉག་ཛྙཱ་ན་ཀུ་མཱ་ར། རྡོ་རྗེ་བདུད་འཇོམས་སོགས་ངོ་མཚར་བླ་བརྒྱུད་ཚང་བའམ། བསྡུ་ན་བཻ་རོའི་རྗེས་སུ་ཆོས་རྒྱལ་དང་མཚོ་རྒྱལ་གྱི་རྗེས་སུ་གཏེར་ཆེན་བླ་མ་ཙམ་སོགས་རྩ་བརྒྱུད་བླ་མ་རྣམས་དང་། འཁོར་གྱི་ལྷ་ཚོགས་རྣམས་སྔར་སྐྱབས་འགྲོའི་སྐབས་བཞིན་གསལ་གདབ། དེ་ལྟར་གསལ་ཐེབས་བྱུང་བ་དང་། རང་གཞན་སེམས་ཅན་ཐམས་ཅད་ལྷན་གཅིག་ཏུ་འཁོད་པར་བསམ། དེ་ཐམས་ཅད་འདུན་འཇུག་ཆིག་དྲིལ་གྱིས་ལུས་གུས་པའི་སྒོ་ནས་པུས་མོ་བཙུགས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་རང་གིས་བྱང་དྲངས་ཏེ་གསོལ་འདེབས་ཉིད་འུར་དིར་དིར་གྱིས་སྒྲོག །ཡིད་གུས་པའི་སྒོ་ནས་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ས་དང་ལྟོས་ས་ཁྱེད་རྣམས་ལས་མེད་པས་ཅི་མཛད་ཁྱེད་རང་གིས་ཤེས་སོ་སྙམ་དུ། སྐྱོན་འདོགས་ཀྱི་བློ་ངན་སྤངས་ཏེ་ཐུགས་རྗེ་དང་བཀའ་དྲིན་རྗེས་སུ་དྲན་བཞིན་པའི་མོས་གུས་གདུང་ཤུགས་དྲགས་པོས་ངག་ཏུ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་དག་པའི་ཞིང་ཁམས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ དྷ་ཧེ་ན་ཡི་ཀེའུ་ཚང་བར་པ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རིག་འཛིན་ཤྲཱི་སེང་ཧ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་བོད་གནས་དང་རྔ་ཡབ་གླིང་ཕྲན་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་གར་ཆུ་བོ་གངྒའི་ཀླུང་འགྲམ་དུ༔ པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ སྒྲ་བསྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ གཞོ་སྟོད་ཏི་སྒྲོ་ཌཱ་ཀིའི་ཚོགས་ཁང་དུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྒྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གུ་རུ་བུདྡྷ་ཛྙཱ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མཆིམས་ཕུ་གྲེ་གུ་གེ་གོང་དབེན་རྩ་རུ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཐུགས་མཆོག་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ ཡར་ལུང་ཤེལ་བྲག་བདུད་རྩི་སྨན་ཕུག་ཏུ༔ ཡོན་ཏན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མོན་ཁ་སེངྒེ་ཡང་རྫོང་གནས་མཆོག་ཏུ༔ ཕྲིན་ལས་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ༔ ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྐུ་དང་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུ༔ སྔགས་སྲུང་ཨེ་ཀ་ཛཱ་ཏི་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཞེས་གསོལ་འདེབས་ཀྱི་རིམ་པ་དེ་ཉིད་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསྐྱར་གྱིན་འཁོར་གྱིན་དུ་མིག་མཆི་མ་འཁྲུག་ལོང་ལོང་། ལུས་བ་སྤུ་སྐྱི་ཟིང་ཟིང་། རྐང་གི་ཁོང་། སྙིང་གི་དཀྱིལ། རུས་པའི་གཏིང་ནས་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་གྱི་བར་དུ་འབད། གཞན་ཡང་། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་ཟད་མཐར་ཕྱིན་པར་བྱིན་གྱིས་རློབས་ཤིག༔ བླ་མ་སྐུ་བཞིའི་བདག་ཉིད་ཅན་ལ་གསོལ་བ་འདེབས༔ སྣང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཅེས་འདོད་པའི་དོན་ལ་སྙིང་ཐག་པ་ཉིད་ནས་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་པས། བླ་མའི་སྐུ་ལས་འོད་ཟེར་བུན་ཟེར་གྱིས་འཕྲོས་པས་འཁོར་གྱི་རྒྱལ་བ་རྒྱལ་སྲས་རྣམས་ལ་ཕོག་པས་འོད་དུ་ཞུ་བ་རྩ་བའི་བླ་མའི་སྐུ་ལ་བསྡུས་པ། དེ་ཉིད་སྔར་ལས་ཀྱང་གཟི་མདངས་མཆོག་ཏུ་འབར་བར་བསམ་པའི་སྤྱི་བོར་འཁོར་ལོ་དཀར་པོའི་དབུས་སུ་ཨོཾ་དཀར་པོ། ལྗགས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བསམ་པ་ལ། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་བལྟམ་པར་མཛོད། །ཅེས་དབང་སྐུར་བར་གསོལ་བ་བཏབ་བོ།། །།བཅུ་པ་ཞར་བྱུང་དུ་དབང་བླང་བའི་རིམ་པ་ནི། བླ་མའི་སྨིན་མཚམས་མཛོད་སྤུ་ཡི༔ ཨོཾ་ཡིག་དཀར་ལས་འོད་དཀར་དང༔ བདེ་གཤེགས་སྐུ་རྣམས་མང་དུ་བྱུང༔ རང་གི་སྨིན་མཚམས་ཐིམ་པ་ཡིས༔ ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ༔ བསྐྱེད་རིམ་ལྷ་སྐུ་སྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱས༔ བླ་མའི་ལྗགས་ཀྱི་པདྨའི་སྟེང༔ ཨཱཿཡིག་དམར་ལས་འོད་དམར་དང༔ གསང་སྔགས་ཡིག་འབྲུ་དཔག་མེད་བྱུང༔ རང་གི་ལྕེ་ལ་ཐིམ་པ་ཡིས༔ ངག་གི་སྒྲིབ་དག་གསང་དབང་ཐོབ༔ ལམ་དུས་བཟླས་པ་བྱ་བར་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ བླ་མའི་ཐུགས་ཀའི་རྡོ་རྗེ་ལས༔ ཧཱུྃ་ཡིག་མཐིང་དང་འོད་སྔོན་པོ༔ རྒྱལ་བའི་ཕྱག་མཚན་དུ་མ་བྱུང༔ རང་གི་སྙིང་གར་ཐིམ་པ་ཡིས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ལམ་དུས་ཕོ་ཉ་སྒོམ་པར་དབང༔ འབྲས་བུ་ཆོས་སྐུའི་ས་བོན་བཞག༔ བླ་མའི་གནས་གསུམ་དཀྱིལ་འཁོར་ནས༔ ཨོཾ་ཨཱཿཧཱུྃ་དང་འོད་ཟེར་ལྔ༔ འཕྲོས་པས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་དག་ཚིག་དབང་ཐོབ༔ ལམ་དུས་ཁྲེགས་ཆོད་ཐོད་རྒལ་སྒོམ༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ ཅེས་གསུངས་པ་ལྟར། བླ་མའི་སྨིན་མཚམས་ཀྱི་མཛོད་སྤུའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་དང་། རྒྱལ་བའི་སྐུ་གྲངས་མེད་པ་བྱུང་བ་རང་གི་སྨིན་མཚམས་སུ་ཐིམ་པས་ལུས་སྒྲིབ་དག །བུམ་དབང་ཐོབ། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པ་སྐུ་ཡི་གོ་འཕང་མངོན་དུ་བྱས་པར་བསམ། ཡང་བླ་མའི་ལྗགས་ཀྱི་ཨཱཿལས་འོད་ཟེར་དམར་པོ་དང་། ཨཱཿཡིག་དམར་པོ་དང་། གསང་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱུང་བ་རང་གི་ལྕེ་ལ་ཐིམ་པས་ངག་སྒྲིབ་དག །གསང་དབང་ཐོབ། ལམ་གསང་སྔགས་བཟླས་པ་བྱ་བ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་གོ་འཕང་མངོན་དུ་བྱས་པར་བསམ། ཡང་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་རྒྱལ་བའི་ཕྱག་མཚན་རྡོ་རྗེ་དྲིལ་བུ་ལ་སོགས་པ་རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ། ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ། ཡང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་ལྔ་དང་འབྲུ་གསུམ་ཅིག་ཅར་དུ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒྲིབ་བཞི་སྦྱངས་ཤིང་དབང་བཞི་པ་ཐོབ། ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ། མཐར་བླ་མ་རྒྱང་འབོད་ཀྱི་རིམ་པ་སོགས་བྱས་པས། སྤྱི་བོའི་བླ་མ་ཉིད་ཇེ་ཆུང་ཇེ་ཆུང་དུ་གྱུར་ཏེ་མཐར་མཐེབ་སོར་གང་ཙམ་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་སྙིང་པདྨ་དམར་སྨུག་འདབ་མ་བརྒྱད་པ་ཁ་བྱེ་བའི་དབུས་སུ་དགྱེས་འཛུམ་གྱི་ཉམས་ས་ལེར་བཞུགས་པར་བསམ་ལ་མོས་གུས་ཆིག་དྲིལ་མཐར། དེ་ཡང་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་མཉམ་པར་འཇོག །ཡང་ན་བླ་མ་ཉིད་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་སྟེ་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་གཉིས་སུ་འཛིན་པའི་རྟོག་པ་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་གཞག་ཅི་ནུས་སུ་བྱས་རྗེས་དགེ་བ་བསྔོ། འདི་དག་ནི་རྩ་བའི་ལམ་གྱི་རྨང་གཞི་ལྟ་བུས་དངོས་གཞིའི་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་བའི་སྒོ་ཁྱད་པར་ཅན་ཡིན་པས་ན་ལས་དང་པོ་བས་གོམས་ཤིང་འདྲིས་ལ་བརྟན་པ་ཐོབ་པའི་ཉམས་ལེན་བྱ། འདི་དག་ལ་རྒྱུད་ལ་མྱོང་བ་མ་སྐྱེས་ན་དངོས་གཞིའི་ཁྲིད་བཏབ་ཀྱང་རྒྱུད་ལ་མྱོང་བ་མི་སྐྱེ་ཞིང་། ཅུང་ཟད་སྐྱེས་ཀྱང་མི་བརྟན་ཞིང་བོགས་སྐྱེད་མི་འབྱུང་བས་ན་མ་མཐའ་ཡང་མྱོང་བའི་སྣེ་ཟིན་ཙམ་རེ་ནི་ངེས་པར་བྱ་དགོས། དེ་དག་གིས་ནི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་རྣམས་སོང་བ་ཡིན་ནོ།། ༈ །།དེ་ནས་གཉིས་པ་དངོས་གཞིའི་ཁྲིད་ཐུན་མོང་མ་ཡིན་པའི་ཐེག་པའི་ལམ་གྱི་གཞི་བཅའ་བ་ལ། རྣལ་འབྱོར་བསྐྱེད་པའི་རིམ་པ་དང་། མན་ངག་རྫོགས་པའི་རིམ་པ་གཉིས་ལས། དང་པོ་རྣལ་འབྱོར་བསྐྱེད་པའི་རིམ་པ་ལའང་། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། དབང་ལས་བྱུང་བའི་ལམ་མོ། །དང་པོ་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་སྐལ་བ་དང་ལྡན་པ་དབང་པོ་ཡང་རབ་སྤྲོས་པ་ལ་དགའ་བ་རྣམས་ལ། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་བསྐུར་བས་རྒྱུད་སྨིན་པར་བྱས་ཏེ། མན་ངག་སྙིང་ཁོང་གི་རྒྱུད་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡོངས་སུ་རྫོགས་པའི་སྒོམ་བཟླས་ལ་འཇུག་པར་བྱ་ཞིང་། དེ་དག་ནི་ཞི་ཁྲོ་དོང་སྤྲུག་འཁོར་བ་ཀུན་སྒྲོལ་གྱི་སྒྲུབ་ཐབས་སམ། དོང་སྤྲུག་པདྨ་བརྒྱ་ལྡན་ལྟར་ཉམས་སུ་བླང་། དབང་པོ་འབྲིང་རྣམས་སྒྱུ་འཕྲུལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། དེ་དག་གི་སྒྲུབ་ཐབས་ལ་འཇུག་པར་བྱ་བ་དང་། བསྡུས་པ་ལ་མོས་པས་རྒྱལ་བ་རིགས་ལྔ་སྟེ། དེ་ནི་མཁའ་འགྲོའི་སྙིང་ཐིག་གི་དབང་དང་རྗེས་སུ་འབྲེལ་བར་རིགས་ལྔའི་སྒྲུབ་ཐབས་ལ་འཇུག་ཅིང་། ཤིན་ཏུ་བསྡུ་ན་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་རིམ་པ་རྣམས་ཡང་དག་པར་བྱའོ། །ཞེས་འདམ་ག་ཅན་དུ་གསུངས་པ་ལས། དེང་སང་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས། གང་ཟག་སྤྱི་ཙམ་ལ་བསྐྱེད་རིམ་ཧ་ཅང་རྒྱས་ན་རེ་ཞིག་རྫོགས་རིམ་ལས་ཕྱིར་ཕྱོགས་པའི་གེགས་སུའང་འགྱུར་བས་ན། དེང་སང་ཕྱག་ལེན་རྫོགས་རིམ་གྱི་རྟེན་ཙམ་དུ་བསྐྱེད་རིམ་བསྡུས་པ་གསང་ཆེན་རིགས་གཅིག་ལྟར་མཛད་པ་ཤས་ཆེ་བ་ལྟར་སྟོན་པར་བྱེད་པ་ལ། དབང་ནི་སྔར་སོང་། ད་དེ་རིང་གི་གནས་སྐབས་སུ་གཉིས་པ་དབང་ལས་བྱུང་བའི་ལམ་དངོས་གཞི་རྣལ་འབྱོར་བསྐྱེད་པའི་རིམ་པ་དེ་ལའང་། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཟབ་མོ་ཁྲིད་ཀྱི་རྩ་བའི་མན་ངག་ལས། དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ ཞེས་པས་དེ་ལ་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་ཆོས་ཉིད་ཀྱི་ཁྲིད་གསུམ། དང་པོ་ནི་རྩ་བར། དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས༔ ཞེས་པས་དེ་ལ་བཞི་སྟེ། རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དྲང་ཞིང་བསྟིམ་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། དེའང་ཐོག་མར་སྔོན་འགྲོའི་རིམ་པ་དེ་དག་ཡུན་རིང་ཐུང་ཇི་ལྟར་ཀྱང་དྲག་ལ་འཇུར་བ་ཞིག་བཏང་། དེ་མཚམས་དེ་ནས་སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རོ་སོ་མར་བཞག །སེམས་གནད་རང་ལུས་ཐ་མལ་དུ་གནས་པ་འདིའི་མཚོན། འདི་ལྟར་སྣང་ལ་དེར་བཏགས་པའི་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་ལ་སེམས་སྣང་མེད་དུ་ཅུང་ཟད་བཞག་སྟེ། ཨོཾ་མ་ཧཱ་ཤཱུནྱ་སོགས་བརྗོད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་མ་སྐྱེས་པའི་སྟོང་པ་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་དལ་ཅིག་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་ང་རྒྱལ་གཟུང་། ཡེ་གདོད་མ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལྟར་ཡིན་ཡང་། མ་རྟོགས་པའི་དབང་གིས་རང་གཞན་སེམས་ཅན་ཐམས་ཅད་འཁྲུལ་པ་ཨ་འཐས་པས་མེད་སྣང་འཁོར་བར་འཁྱམས་པ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་སྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། བར་དོ་དག་པ་ལོངས་སྐུའོ་སྙམ་དུ་བསམ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་སྒོམ་པ་དེ་ཉིད་ཟུང་དུ་འཇུག་པའི་རང་རྩལ་འགག་པ་མེད་པ་ལས། རང་གི་རིག་པ་ཧཱུྃ་ཡིག་དཀར་པོ་ཆེ་ཆུང་ཡིད་ལ་འཆར་གང་བདེ་བ་གསལ་འཚེར་འོད་དུ་འབར་བ་ཞིག་བར་སྣང་ལ་ཡེ་རེ་ཡོད་པ་རྩེ་གཅིག་ཏུ་གསལ་བཏབ་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། དེའང་དམིགས་པ་སྔ་མ་མ་གསལ་གོང་ནས་ཕྱི་མ་ནོག་ནོག་ཞིག་བསྒོམས་ན་སླར་ལང་ཤོར་གྱི་བློ་ཁོ་ནར་འགྲོ་བས། ལས་དང་པོ་པས་ཐོག་མར་དེ་ཁ་རང་ལ་གོམས་འདྲིས་བརྟན་པར་མ་གྱུར་གྱི་བར་དུ་གཞན་དུ་མ་ཡེངས་པས་རྩེ་གཅིག་ཏུ་སྒོམ་པ་གལ་ཆེ་ཞིང་། སྐྱེ་བ་དག་པ་སྤྲུལ་པའི་སྐུའོ་སྙམ་དུ་ང་རྒྱལ་ཡང་གཟུང་། དེ་ཙམ་དུ་མ་ཟད་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལ་གཞི་འབྲས་སྦྲེལ་བའི་ང་རྒྱལ་ལ་བསླབ་པར་འདོད་ན་རྡོར་སེམས་རྩ་བའི་ཁྲིད་ཡིག་བཞིན་ཤེས་པར་བྱ་མོད། འདིར་དེ་དག་ཆད་པའི་སྐྱོན་དུ་ཡང་མི་འགྱུར་ཏེ་ཕྱི་མ་འདིའི་ཁོངས་སུ་ཐམས་ཅད་འདུ་བའི་གནད་ཀྱིས་སོ།། །།གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། རྟེན་གྱི་དཀྱིལ་འཁོར་བསྒོམ་པ། བརྟེན་པ་དམ་ཚིག་པའི་ལྷའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། རྒྱུའི་ཧཱུྃ་ཡིག་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས་རྡོ་རྗེ་སྔོན་པོ་འབའ་ཞིག་གི་སྲུང་བའི་གུར་ཁང་གསལ་གདབ་པ་ནི། དེའང་འོག་གཞི་ཐམས་ཅད་རྡོ་རྗེའི་ས་གཞི་བརྡལ་བ། ལོགས་རྡོ་རྗེའི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ། དེའི་སྟེང་དུ་རྡོ་རྗེའི་གུར་ཕུབ་ཅིང་། རྭ་གུར་གྱི་སྦྲེལ་མཚམས་ནས་ཕྱིར་འཕྱར་བའི་སྣེ་ལ་རྡོ་རྗེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་། ནང་དུ་རྡོ་རྗེའི་བླ་བྲེ་བྲེས་པ་དང་། རྭ་བའི་མཐའ་སྐོར་རྡོར་ཕྲེང་གིས་བཅིངས་ཤིང་། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཛེས་པ། མདོར་ན་དབང་པོའི་ལག་གི་རྡོ་རྗེས་ཀྱང་གཞོམ་དུ་མེད་པའི་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་ཕྱིར་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུས་མཐའི་མེ་ཡི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བས་གཡས་སྐོར་དུ་འཁོར་བར་བསམ། དེ་ལྟར་གསལ་ཐེབས་པ་ན་ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་དེ་ལས་འོག་ཏུ་ཡི་གེ་རིམ་པ་བཞིན་དུ་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་རིམ་པར་མཆེད་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་རེག་ཅིང་མ་འབྱར་བ་བརྩེགས་མར་གནས་པར་བསམ་ལ། དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་མཐོ་ཞིང་ཡངས་པའི་སྟེང་དུ་རྡོ་རྗེའི་ས་རྡུལ་གྱིས་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བྱས་པའི་གཞི་ལ། སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་གེ་སར་གྱི་རྒྱ་དང་མཉམ་པའི་གཞི་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། ཤར་རྭ་གསུམ་དཀར། ལྷོ་གསུམ་སེར། ནུབ་གསུམ་དམར། བྱང་གསུམ་ལྗང་། དབུས་མཐིང་ག་གྲུ་བཞི་པ་ལེབ་ཆགས་ཀྱི་རྣམ་པ་ཅན་གྱི་དབུས་སུ་ནམ་མཁར་གནས་པའི་རྒྱུ་ཡི་ཧཱུྃ་ལས་བྷྲཱུྃ་ཡིག་ཁ་དོག་ལྔ་དང་ལྡན་པ་མཆེད། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བ། ཕ་གུ་དང་དྲྭ་བ་དྲྭ་ཕྱེད། ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་བ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཤིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་ཤིང་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ལམ་གྱིས་གསལ་གདབ། དེ་ལྟར་གསལ་ཐེབས་པ་དང་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོལ་དང་བཅས་པའི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་དང་བཅས་པ་རྣམས་གསལ་གདབ། གལ་ཏེ་དབང་རྟུལ་རྣམས་ཀྱིས་གཞལ་ཡས་ཁང་གསལ་ཐེབ་དཀའ་ན། སྲུང་འཁོར་གྱི་དབུས་སུ་པད་ཟླའི་གདན་ཁོ་ན་གསལ་བཏབ་པས་ཀྱང་དམིགས་པ་གསལ་བདེ་ཞིང་དོན་གྱི་གནད་ཚང་བར་འགྱུར་ལ། གང་ལྟར་ཡང་དེ་ལྟར་རྟེན་གྱི་དཀྱིལ་འཁོར་གསལ་ཐེབས་པ་ན། གཉིས་པ་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བརྟེན་པ་དམ་ཚིག་པའི་ལྷའི་དཀྱིལ་འཁོར་བསྐྱེད་པ་ནི། ནམ་མཁའི་ཧཱུྃ་ཡིག་ཉིད་གདན་སྟེང་དུ་བབས་པ་གསུང་ཡིག་འབྲུའི་ཆོ་ག །དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར་པ་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་ལྷར་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། དེའང་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་གྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཨོཾ་བཛྲ་སཏྭ་ཨཱ༔ ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་འཚེར་བ། གངས་རི་ལ་ཉི་མ་ཕོག་པ་ལྟ་བུའི་གཟི་བྱིན་རབ་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་བཟང་པོ་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྐེད་ཆིངས་དང་ནོར་བུའི་རྩེ་བྲན་གྱིས་བརྒྱན་པ། སྐུ་སྟོད་ལ་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅན། ཟི་ལྡིར་ཅོད་པན། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་དཔུང་རྒྱན་སེ་མོ་དོ། ཕྱག་ཞབས་གདུ་བུ་སྐ་རགས་དོ་ཤལ་ལ་སོགས་པས་མཛེས་པར་བརྒྱན་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་བདག་ཉིད་ཅན་དུ་ལམ་གྱིས་གསལ་གདབ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་དེའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ། ཕྱག་གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་པའི་བདུད་རྩི་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་སིལ་བུར་གྲོལ་བ། བྷ་ག་དང་ནུ་མའི་འཁོར་ལོ་རབ་ཏུ་རྒྱས་པ། དར་དང་རིན་པོ་ཆེའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་ལོང་བུ་མདུད་པའི་ཚུལ་གྱིས་པད་སྐྱིལ་གྱིས་ཡབ་ཀྱི་སྐུ་རྐེད་ནས་འཁྲིལ་བ། གཉིས་ཀ་བདེ་སྟོང་ཟུང་འཇུག་གི་ངོ་བོར་ལྷམ་མེར་བཞུགས་པར་བསམ་ལ་རིམ་གྱིས་གསལ་བཏབ་ཅིང་བསྒོམ། དེ་ལ་ལས་དང་པོ་པས་ཐོག་མ་ནས་གསལ་ཐེབ་པ་དཀའ་ན་མདུན་དུ་དམིགས་རྟེན་བྲིས་སྐུ་ལྟ་བུ་མཚར་ལ་ཡིད་དུ་འོང་བ་ཞིག་དངོས་སུ་བཀྲམ། དེ་ལ་མིག་རེངས་རེངས་སུ་བལྟས་པས་དེའི་རྣམ་པ་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་བྱུང་བ་དང་། དེ་ལ་དཔེ་བྱས་ཏེ་བསྒོམ། དེ་ལྟར་གསལ་བརྟན་དུ་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསམ་མོ། །གསུམ་པ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དྲངས་ཤིང་བསྟིམ་པ་ནི། དེ་ལྟར་གསལ་ཐེབས་ན། དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས། ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པའི་ཀློང་ལས་གཟུགས་སྐུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྟེན་བརྟེན་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་པར་བཞེངས་སུ་གསོལ་སྙམ་དུ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་བརྗོད་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་རང་ལ་གཉིས་སུ་མེད་པར་བསྟིམས་ཏེ། དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤང་སྟེ་བསྒོམ་མོ།། །།བཞི་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ལ་བཞི་སྟེ། དང་པོ་རྣམ་པ་སྤྱི་ལ་སེམས་འཛིན་པ་ནི། སྐུ་ཡི་ཆ་ཤས་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ ཞེས་པས་དེ་ལྟར་དམིགས་པ་སྔ་མ་དེ་ལ་གོམས་པ་ན། དེའང་ཐ་མལ་གྱི་རྣམ་རྟོག་རགས་པ་འཇོམས་པའི་ཕྱིར་སྐུའི་རྣམ་པ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཅིག་ཅར་དུ་གསལ་བཏབ་སྟེ། དེའང་བྲིས་སྐུ་ལྟ་བུ་གཅམ་གཅམ་མ་ཡིན། འབུར་སྐུ་ལྟ་བུ་རྡོས་རྡོས་མ་ཡིན། སྣང་བ་གཟུགས་སུ་གྲུབ་ལ་འཛིན་པ་གཟུགས་སུ་མ་གྲུབ་པ། ནམ་མཁའི་འཇའ་ཚོན་ནམ་མེ་ལོང་ནང་གི་གཟུགས་བརྙན་ནམ། དཔེར་ན་རྫིང་བུ་གསལ་དྭངས་རྙོགས་པ་མེད་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྟར་གསལ་བཏབ་ལ། ལྷ་སྐུ་གསལ་སྟོང་དེ་ལ་གནད་དུ་བསྣུན་ནས་རྩེ་གཅིག་མཉམ་པར་འཇོག་པའོ། །གཉིས་པ་བྱེ་བྲག་ལ་སེམས་འཛིན་པ་ནི། དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ ཞེས་པས། དེའང་དམིགས་པ་སྔ་མ་དེ་ལ་གོམས་པ་ན་ཐ་མལ་གྱི་རྣམ་རྟོག་ཕྲ་བ་འཇོམས་པའི་ཕྱིར་བྱེ་བྲག་ལ་སེམས་འཛིན་པ་སྟེ། ལྷ་སྐུའི་རྣམ་པ་གསལ་ལ་དེར་འཛིན་མེད་པ་དེའང་སྤྱན་དཀྱུས་རིང་བ་དང་། སྤྱན་འབྲས་ནག་རིལ་ལེ་བ། སྤྱན་རྩ་དམར་ཁྱུག་གེ་བ། ཞལ་གྱི་མཆུ་སྒྲོས་བིམ་པའི་ཁ་དོག་ལྟར་དམར་སལ་ལེ་བ་སོགས་མདོར་ན་ཞབས་སེན་གྱི་བར་སྐུའི་ཆ་ཤས་རེ་རེ་ནས་གསལ་སྣང་འདོན་ཅིང་། དབུའི་ནོར་བུ་ནས་ཕྱག་ཞབས་ཀྱི་གདུ་བུ་ཚུན་ཆད་ཀྱི་རྒྱན་ཆ་ཕྲ་མོའི་བར་ཡང་རེ་རེ་ནས་གསལ་སྣང་ཕྲ་ཞིང་ཞིབ་པར་བཏོན་ལ་རེ་རེར་ཡང་སེམས་གཟུང་། དེའང་ཤེས་པ་བྱིང་ཤས་ཆེ་ན་མིག་གི་ལྟ་སྟངས་ཀྱང་གྱེན་དུ་བསྟན། གདན་ནས་དབུའི་ནོར་བུའི་བར་ཡས་རིམ་གྱིས་གསལ་བཏབ་སྟེ་བསྒོམ། འཕྲོ་ཞིང་རྒོད་ན་ལྟ་སྟངས་ཀྱང་ཐུར་དུ་ཕབ་ལ་དབུའི་ནོར་བུ་ནས་པད་གདན་གྱི་བར་མས་རིམ་གྱིས་གསལ་བཏབ་སྟེ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་ཡང་ཅིག་ཅར་དུ་ལམ་གྱིས་གསལ་བཏབ་ལ་རྣམ་པ་ལམ་མེ་བ་དེ་ཁ་ལ་སེམས་འཛིན་ནོ། །གསུམ་པ་ང་རྒྱལ་ལ་སེམས་འཛིན་པ་ནི། དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་གཟུང༔ ཞེས་པས་དེ་ལ་གོམས་པ་ན་ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ང་རྒྱལ་ལ་བསླབ་སྟེ། དེའང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པ་སྟེ། དེའང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ་རྒྱལ་བ་ཀུན་གྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་གློ་བུར་གསར་དུ་བྱུང་ཞིང་གྱུར་པའི་ཆོས་མ་ཡིན་པར་ཡེ་གདོད་མ་ཉིད་ནས་ངའོ་སྙམ་དུ་ང་རྒྱལ་གཟུང་། དེ་ཉིད་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྱུར་བས་ན། དེ་ལྟར་ལྷ་སྐུ་རང་གི་རིག་པའི་རང་རྩལ་དུ་ཤེས་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་ནན་ཏན་གྱིས་བསྒོམ་མོ། །བཞི་པ་དག་དྲན་ལ་བསླབ་པ་ནི། དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བརྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ ཞེས་གསུངས་པ་སྟེ། དེ་ལ་གོམས་པ་ན་ཡེ་གདོད་མ་ཉིད་ནས་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་གཟུང་འཛིན་གྱི་མཚན་མ་རྡུལ་ཙམ་ཡང་མི་སྣང་མོད་ཀྱང་། འགྲོ་བ་རྣམས་གང་དང་གང་འདུལ་བའི་ཕྱིར་འདི་ལྟར་སྐུ་མདོག་དང་ཞལ་ཕྱག་ཡབ་ཡུམ་འཁྲིལ་སྦྱོར་ལ་སོགས་རྣམ་པར་བསྟན་པ་འདི་དང་འདིའོ་སྙམ་དུ་དག་པ་དྲན་པར་བྱ་སྟེ། མདོ་འགག་ནི་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་ད་ལྟར་བློ་བུར་གསར་བྱུང་དུ་གྲུབ་པ་ནི་མིན་ཏེ། ཡེ་གདོད་མ་ཉིད་ནས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའོ་སྙམ་དུ་བསམ། དེ་ལ་གོམས་ནས་གཞན་ཡང་བསྐྱེད་རིམ་གྱི་རྩལ་འདོན་ཕྱིར་ཕྲ་བའི་གནས་ལ་སློབ་སྟེ། རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་རི་རབ་ཙམ་དུ་སྒོམ་པ་དང་། ཡང་རེས་འགའ་རྟེན་གཞལ་ཡས་ཁང་སྟོང་གསུམ་འཇིག་རྟེན་ཙམ་གྱི་ནང་དུ་བརྟེན་པ་ལྷ་ཡུངས་འབྲུ་ཙམ་དུ་སྒོམ་པ་སོགས་མདོར་ན་གང་ལྟར་བསྒོམས་ཀྱང་དོག་པ་དང་། ཡངས་པ་དང་། མི་འཚམ་པ་ལ་སོགས་པའི་སྐྱོན་མེད་པར་བདེ་བ། ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུར་ཐ་མལ་གྱི་རྣམ་རྟོག་གིས་ཕྲོག་ཏུ་མེད་པར་མ་གྱུར་གྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་དག་ནི་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད་ཀྱི་རིམ་པའོ།། །།གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ། རགས་པ་རླུང་བཟླས། ཕྲ་བ་རྡོར་བཟླས། སྐྱོ་ན་ངག་གི་བཟླས་པ་ལ་བསླབ་པའོ། །དང་པོ་ནི། རྩ་བར། གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་གཟུང༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ ཞེས་པས་རྟེན་གཞལ་ཡས་ཁང་དང་། རང་ལྷ་སྐུ་ཡབ་ཡུམ་དུ་གསལ་བ་རྣམས་ལ་གསལ་སྣང་མ་འགག་པ་སྨྲོས་མ་དགོས། འགགས་ན་འདོན་སྐྱོར་ཞིག་བྱས་རྗེས། རང་གི་ཐུགས་འོད་ལྔའི་གོང་བུར་འཁྱིལ་བའི་ཀློང་དུ་པད་ཟླའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྐུ་ཆེ་ཆུང་མཐེབ་སོར་གང་ཙམ་པ་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་གསལ་བཏབ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཟླ་བའི་གདན་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནས་འབྲས་ཙམ་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་དཀར་པོ་ཆེ་ཆུང་ཡུངས་འབྲུ་ཙམ་པ་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེ་རེ་འཕྲོ་བ་ཞིག་གསལ་བཏབ་ལ། དེའང་ཐོག་མ་ནས་གསལ་ཐེབས་ཡོང་ངམ་མི་ཡོང་ངམ་སྙམ་པའི་རྩབ་རྩུབ་ཅི་དྲག་མང་པོ་མི་བསམ་པར་རྩེ་གཅིག་ཏུ་ཤེས་པ་གཏད་དེ་བསྒོམ། དེ་ལ་སེམས་ཟིན་མཚམས་ལུས་གནད་ཆོས་བདུན་གཞན་སྔར་ལྟར་ལས། ལག་པ་གཉིས་ཁུ་ཚུར་ཁ་སྦུབ་པུས་སྟེང་དུ་གཞག །མིག་གནད་ཐད་ཀའི་བར་སྣང་ལ་གཡོ་མེད་དུ་ཅེ་རེ་བལྟ། ངག་གནད་རླུང་རོ་དལ་ལ་རིང་བ་གསུམ་ཕྱིར་སང་ངེ་བསལ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་རླུང་ནར་གྱིས་རྔུབས་ལ་ལྟེ་འོག་ཏུ་སྐྱུར་སྟབས་སུ་གནན། འོག་རླུང་ཧ་ཅང་དྲག་པོ་མ་ཡིན་པར་ཅུང་ཟད་འཐེན་ཙམ་བྱས་ཏེ་ལྟེ་བར་བུམ་ཅན་ཁ་སྦྱོར་འཇམ་ཞིང་རན་པར་གཟུང་། མི་ཐུབ་པ་ན་རྔུབ་ཆུང་བྱས་ཏེ་གཞིལ། དེས་ཀྱང་མ་ཐུབ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་སང་ངེ་འཕང་ལ། ཡང་རྔུབ་པའི་ཚེ་སྔར་ལྟར་བུམ་ཅན་དགང་གཞིལ་འཕང་། དེ་ལྟ་བུ་བཞི་ཚན་རེ་ཙམ་གྱི་ཐོག་ཏུ་རླུང་ངལ་གསོ། དེའང་ཐོག་མར་མ་གོམས་བར་དུ་རླུང་ཧ་ཅང་དྲག་པ་རང་མིན་པར་འཇམ་ཞིང་རན་པར་གཟུང་དགོས་ཏེ། སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྲོ་ཉེན་ཆེ། །ཞེས་གསུངས་ཤིང་། དེ་ལ་སྦྱོར་བ་བཞི་གང་ཞེ་ན། ལྕགས་ཀྱུ་བཞིན་དུ་འགུག་པ། བུམ་པ་བཞིན་དུ་དགང་བ། མཐེབ་གནོན་གྱི་རྒྱ་མདུད་བཞིན་དུ་བསྡམ་པའམ་གཞིལ། མདའ་ལྟར་འཕང་བ་སྟེ་བཞི་ཡིན་ཏེ། སྤྱན་སྔ་ལྷ་གཟིགས་པས། དགུག་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་གསུངས་པ་ལྟར་རོ། །རླུང་འཛིན་པའི་ཚེ་དམིགས་པ་ནི་ཐུགས་སྲོག་ཧཱུྃ་ཡིག་ཁོ་ན་ལ་རྩེ་གཅིག་ཏུ་བཟུང་ནས་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་ཡིད་ནས་ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཡི་གེ་དྲུག་པའི་ཡིད་བཟླས་ལ་འབད་པར་བྱའོ། །གཉིས་པ་ཕྲ་བ་རྡོར་བཟླས་ལ་བསླབ་པ་ནི། དེ་གོམས་འཇུག་གནས་ལྡང་གསུམ་པོ༔ ཨོཾ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ ཞེས་པས་དེའང་བདག་དམ་ཚིག་སེམས་དཔའ། ཐུགས་ཀའི་ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་བཅས་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་ལ། དེའི་མཚམས་དེ་ནས་ཐོག་མར་རླུང་རོ་དལ་ལ་རིང་བ་གསུམ་སྔར་ལྟར་བསལ་རྗེས། དེ་ནས་རླུང་རྒྱུན་གྱི་བཟོ་བཅོས་མེད་པ་དེ་ག་ནང་དུ་འཇུག་པ་ན་ཨོཾ། གནས་པའི་ཚེ་ཨཱཿ ཕྱིར་ལྡང་བའི་ཚེ་ཧཱུྃ་ཞེས་པའི་སྒྲ་གདངས་ཡིད་ཀྱིས་དྲན་པར་བྱས་ལ། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་བ་རླུང་སྔགས་སྟོང་པ་གསུམ་དབྱེར་མི་ཕྱེད་པའི་བརྡར་བསྒྱུར་རྡོ་རྗེའི་བཟླས་པ་ལ་ཇི་སྲིད་མི་སྐྱོ་བའི་བར་དུ་བསླབ་པར་བྱའོ། །དེ་ལྟར་རྩེ་གཅིག་ཏུ་འབད་པས་རླུང་འཇམ་དལ་གྱིས་སོང་ནས་རྒྱུ་བ་མི་ཚོར་བ་དང་། རྟག་ཏུ་རླུང་མཉམ་རྒྱུར་འབབ་པ་དང་། མ་བརྟག་འབྱིན་འཇུག་གི་གྲངས་ཚད་གསལ་པོར་རྟོགས་པ་དང་། རླུང་ཕྲ་ལ་རིང་བ་སོགས་འབྱུང་སྟེ། དེ་ཙ་ན་ཨོཾ་དང་ཧཱུྃ་གཉིས་ཇེ་ཆུང་ལ་བཏང་ནས་ཨཱཿཡི་གདངས་ཉིད་ཇེ་རིང་དུ་གཏང་། དེ་ཡང་སྨིན་སློབ་ཀྱི་ཚེ་འདི་ཁོ་ན་ལའང་བདུན་ཕྲག་ཁ་ཡར་ཆིག་དྲིལ་དུ་བསྒོམ་དགོས་པས་ན། གང་ཟག་སྙིང་རུས་ཅན་གྱིས་དེ་ལྟར་ནན་ཏན་དུ་བསྒོམས་པས་རླུང་འགག་པ་ལ་ཕྱོགས་པ་ན་ཏིང་ཤག་གི་སྒྲའམ། སྤོས་དྲི་ཞིམ་པོ་སྣར་བདུག་པས་སློང་བ་སོགས་ཐབས་མཁས་ཀྱིས་བསལ་བར་བྱ། གལ་ཏེ་དེས་མ་ཕན་ན་སྙིང་གར་རྡོ་གྲང་སྦྱར་བས་ཕན། གང་ལྟར་ཡང་དེ་ལ་གོམས་པ་དང་། རྡོར་བཟླས་དེ་ཉིད་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་དང་སྦྱར་ནས་བསླབ་པར་བྱ་སྟེ། དེའང་ལུས་གནད་ལག་པ་ཁུ་ཚུར་ཁ་སྦུབ་པུས་སྟེང་བཀབ་པ་སོགས་གོང་དུ་བཤད་པ་ལྟར་དང་། ངག་གནད་རླུང་རོ་ལན་གསུམ་བསལ་རྗེས་སྟེང་རླུང་ཨོཾ་གྱི་སྒྲར་མོས་པས་ནར་གྱིས་རྔུབས་ལ་སྣ་སྒོར་རྫོགས་པ་ན། ཨཱཿཡི་གདངས་ཀྱིས་གནས་པར་བསམ་ལ་ཆེར་གྱིས་གནན། འོག་རླུང་ཅུང་ཟད་འཐེན་ཙམ་བྱས་ལ་ལྟེ་བར་བུམ་ཅན་ཁ་སྦྱོར་འཇམ་ཞིང་རན་པ་སྔར་ལྟར་གཟུང་། མི་ཐུབ་ན་གཡས་གཡོན་དབུས་གསུམ་ནས་འཐེན་སྣོན་བྱས་ཏེ་གཞིལ། དེས་ཀྱང་མི་ཐུབ་ན་ཧཱུྃ་གི་སྒྲ་གདངས་སུ་མོས་པས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་བསལ། སླར་ཡང་ཨོཾ་གདངས་ཀྱིས་རྔུབ་པ་སོགས་རླུང་འཛིན་རྩོལ་དྲག་པོ་བྱས་པས། རླུང་ཡུན་རིང་དུ་བཀག་ཀྱང་མི་བདེ་བ་ཆེར་མི་འབྱུང་ན་དེའི་ཚེ་བུམ་ཅན་འབྱོངས་པའི་རྟགས་ཡིན་ནོ། །དེ་ནས་གསུམ་པ་སྐྱོ་ན་ངག་གི་བཟླས་པ་ལ་འཇུག་པ་ནི། དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ ཞེས་པས། དེའང་ཐོག་མར་སེམས་དཔའ་གསུམ་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་ངོས། ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གི་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་སྤུས་བྲིས་པའམ། རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུ། ཤིན་ཏུ་ཕྲ་བ་མུ་ཏིག་སྟར་ལ་བརྒྱུས་པའམ་དངུལ་ཆུའི་མདོག་ལྟར་དཀར་ཞིང་འཚེར་བ་གཡས་སྐོར་དུ་ལྡེམ་མེ་འཁོད་པར་བསམ་སྟེ། དེ་ལ་སེམས་གཏད་ཡུད་ཙམ་ཞིག་གཟུང་། དེའི་མཚམས་དེ་ནས་དེ་ལྟར་གསལ་བརྟན་དུ་གྱུར་པ་ན་ཕྲེང་བ་དང་བཅས་ཏེ་ཐོག་མར་ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཡི་གེ་དྲུག་པ་དང་། དེ་རྗེས་ཡིག་བརྒྱ་ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་བཟླ་བཞིན་པར་དམིགས་པ་ཡུད་ཙམ་ཞིག་གཟུང་། དེའི་མཚམས་དེ་ནས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་སྤྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་དཔེར་ན་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་བསམ་པའམ། ཡང་ན་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་ཚོགས་རྣམ་པ་གཉིས་རྫོགས། སྒྲིབ་པ་རྣམ་པ་གཉིས་བྱང་། དབང་བཞི་རྫོགས་སུ་ཐོབ་ཅིང་། བདེ་ཆེན་ཡེ་ཤེས་སྐྱེས་པར་བསམ་ལ་བཟླ་བ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་སྔར་ལྟར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འཁོར་ལོའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ས་བོན་ལ་སིབ་སིབ་ཐིམ་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་གཉིས་བློ་ཆེ་བས་ཕྲུགས་གཅིག་དང་། མི་ནུས་ན་རེས་མོས་བྱས་པས་ཆོག་མོད། གང་ལྟར་ཡང་བཤད་མ་ཐག་པ་ཉིད་དམིགས་པ་ཆུན་ཆེ་བ་ནི་ཡོང་གསུང་། གཞན་ཡང་དེར་མ་ཟད་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་ཆོས་ཉིད་ཡེ་ཤེས་ཀྱི་འཁོར་ལོར་ཤེས་པས། ལས་དང་པོ་པས་ཐོག་མ་ནས་སྔགས་ཕྲེང་ལ་སེམས་གཏད་ནས་དལ་བུས་བཟླ་བ་གལ་ཆེ་བ་ཡིན་ནོ། །དེའང་བསྙེན་པ་བྱེད་ན་གྲངས་བསྙེན་ནི་ཡིག་དྲུག་འབུམ་ཚོ་དྲུག་དང་། ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་ནས་ཟླ་གཅིག་གི་མཐའ་རྟེན་པ་དང་། མཚན་བསྙེན་ལ་རྩིས་གདབ་མེད་པའོ།། །།གསུམ་པ་ཐུགས་འོད་གསལ་ཆོས་ཉིད་ཀྱི་རྣལ་འབྱོར་ནི། དེ་ལྟར་ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་ཅི་ནུས་སུ་འབད་མཐར་ཐུན་བསྡུ་བ་ན། ཐོག་མར་བསྡུ་བྱའི་རྟེན་དང་བརྟེན་པ་ཐམས་ཅད་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པས་སྣོད་བཅུད་ལྷར་དག་པ་ལ་ཕོག །འོད་ཟེར་གྱི་གོང་བུར་ལྟེམ་གྱིས་ཞུ་བ་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེའང་རང་ལྷ་སྐུ་ཡབ་ཡུམ་གསལ་བ་ལ་ཐིམ། ཡུམ་ཡང་ཡབ་ལ་ཐིམ། ཡབ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེའང་ཐུགས་ཀའི་རྡོ་རྗེ་ལ་ཐིམ་སྟེ། དེའང་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཉིད་ཇེ་མཐོ་ཇེ་མཐོ་ཇེ་ཕྲ་ཇེ་ཕྲར་སོང་ནས་མཐར་དེའི་ཞབས་ཀྱུ་འ་ལ། འ་ཧ་ཁོག་ལ། ཧ་ཁོག་ཧ་མགོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ན་དཱ་ལ་ཐིམ་སྟེ་དེ་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པའི་ཆ་ཤས་ཙམ་གྱི་བར་དུ་ཡང་དེ་ཁ་རང་ལ་སེམས་རྩེ་གཅིག་ཏུ་བཟུང་ནས། མཐར་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བའམ་སྤོས་ཀྱི་དུ་རླངས་ཡལ་བ་བཞིན་སོང་བར་བསམ་ལ། གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་ཅི་ཡང་མི་སེམས་མི་མནོ་མི་བོར་བར་རང་བབ་ཉིད་དུ་གློད་ལ་གཞག །རྣམ་རྟོག་གིས་བསྐྱོད་ན་གང་ཤར་གྱི་རང་ངོ་ལ་ཆེར་གྱིས་བལྟས་ལ་གཞག །ཡང་དེ་ལས་ལྡང་བའི་སྤྱོད་ལམ་ལ་འཇུག་པ་ན་ཆུ་དྭངས་པ་ལས་ཉ་འཕར་བའི་ཚུལ་དུ་སྐད་ཅིག་གིས་ལྷ་སྐུར་ལམ་གྱིས་ལངས་ལ་སྣང་གྲགས་འགྱུ་བ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ལ་དགེ་བ་བསྔོ། དེའང་འདི་ཉིད་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་ཡིན་པས་ན་ནན་ཏན་དུ་བསྒོམ། རེ་ཞིག་རྫོགས་རིམ་ལ་མི་འཇུག་པའམ། དེར་མ་ཟད་གང་ཟག་དབང་རྟུལ་རྣམས་ལ་འདིས་རྫོགས་རིམ་གྱི་གོའང་ཆོད་པ་ཡིན། ཡང་རྫོགས་རིམ་སྙིང་པོར་དྲིལ་བའི་སྐབས་བསྐྱེད་རིམ་རྒྱས་དྲགས་ན་རྫོགས་རིམ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པ་སོགས་ཀྱི་སྐྱོན་སྣང་བས། རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་བསྡུས་པ་འདི་བཞིན་ཡང་བསྒོམ་སྟེ། སྔོན་འགྲོ་རྣམས་སོང་བ་ན་རྒྱུའི་ཏིང་འཛིན་རྣམ་གསུམ་ལས་སྲུང་འཁོར་གྱི་དབུས་སུ་སེང་ཁྲི་པདྨ་ཟླ་བའི་གདན་ལ། ཆོ་ག་གསུམ་བསྐྱེད་ཀྱིས་བདག་དམ་ཚིག་སེམས་དཔའ་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ་ལ། ལྷའི་སྣང་ཞེན་ལ་བསླབ་པའི་སེམས་འཛིན་གྱི་དམིགས་པ་བཞི་པོ་གང་སེམས་གཟུང་སླ་བ་ནས་འཛིན་པ་ལས་གོ་རིམ་མཐའ་གཅིག་ཏུ་མ་ངེས། དེ་ནས་མཐར་རགས་ཕྲའི་བཟླས་པ་དང་། སྐྱོ་ན་ངག་བཟླས་ཀྱང་ཅི་རིགས་བྱས་ལ་སྔར་བཞིན་ཉེར་བསྡུའི་རྣལ་འབྱོར་ལ་འཇུག །ནུབ་མོ་ཉལ་བའི་ཚེ་ན་ཐུགས་ཀའི་ས་བོན་ལ་སེམས་བཟུང་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །གང་ལྟར་ཡང་དེ་དག་གིས་ནི་རྣལ་འབྱོར་བསྐྱེད་པའི་རིམ་པ་རྣམས་སོང་གྲུབ་པ་ཡིན་ནོ།། །།གཉིས་པ་མན་ངག་རྫོགས་པའི་རིམ་པ་ལ། ལྟ་བའི་མཐར་ཐུག་ཁྲེགས་ཆོད་བསྐྱང་བ། སྒོམ་པའི་སྙིང་པོ་ཐོད་རྒལ་སྦྱོང་བ། དབང་པོའི་རིམ་པས་མཇུག་བསྡུ་བ་དང་གསུམ། དང་པོ་ལྟ་བ་ལ་ཡང་ལམ་ལ་འཇུག་པའི་ཁྱད་པར་གྱི་སྔོན་འགྲོ་དང་། དངོས་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་གཉིས། དང་པོ་ལ། འཁོར་འདས་རུ་ཤན་དབྱེ་བ། རིགས་དྲུག་ས་བོན་སྦྱང་བ། སྔོན་འགྲོ་དངོས་དང་གསུམ། དང་པོ་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ནི། ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེ་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་བ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བྱ༔ ཞེས་གསུངས་པ་ལྟར་ཡིན་པས་ན། དེའང་མི་མེད་པའི་རི་སུལ་ལམ་དུར་ཁྲོད་ལུང་སྟོང་ལ་སོགས་པ་ཤིན་ཏུ་འགོལ་བ་སྐྱེ་བོ་ཐ་མལ་པས་མཐོང་ཚོར་མི་འབྱུང་བའི་སར་ཕྱིན་ལ། དེའང་ཐོག་མར་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་བཏང་རྗེས། སྤྲོས་པ་ལ་དགའ་བས་ནི་གཞི་བདག་ལ་གཏོར་མ་བྱིན་ནས། བདག་རིགས་དྲུག་གི་སྐྱེ་སྒོ་གཅོད་ཕྱིར་ཞག་འདི་ཙམ་ཞིག་གི་རིང་ལ་སྤྱོད་པ་ལ་འཇུག་པར་བྱ་བ་ལ་བར་ཆད་མ་བྱེད། ཅེས་བཀའ་བསྒོ་ཞིང་གལ་ཏེ་དེ་དག་མ་བྱས་ན་ཡང་ཆད་པའི་སྐྱོན་དུ་ནི་མི་འགྱུར། གང་ལྟར་ཡང་ཐོག་མར་འདི་ལྟར་བསམ་པར་བྱ་སྟེ། འོ་བདག་གིས་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླངས་རེས་ཀྱི་ལུས་རེ་གྲུབ། ལུས་བླངས་རེས་བཞིན་གྱི་རིགས་དྲུག་གི་སྡུག་བསྔལ་མ་མྱོང་བ་གཅིག་ཀྱང་མེད་ཅིང་། ངག་འདིས་ཀྱང་གཉིས་སུ་འཛིན་པའི་ལས་བྱས། སེམས་འདིའང་བུདྡྷའི་ཐུགས་དང་དབྱེར་མེད་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་དབང་གིས་སྔོན་ཆད་རིགས་དྲུག་ཏུ་འཁྱམས་ཤིང་སྡུག་བསྔལ་དེ་ཙམ་ཞིག་མྱངས། ད་དུང་འདི་ཙམ་གྱིས་སྐྱེ་བ་ཆོད་བསམ་པའི་གདེང་ཚད་ནི་མེད། དེས་ན་ད་རེས་འཁོར་འདས་རུ་ཤན་འབྱེད་པའི་དུས་འདིར་སོས་དལ་དུ་སྡོད་པ་ཅི་ལ་རིགས་པས་ན་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིར་འཁོར་བར་མི་སྐྱེ་བའི་ཐབས་ཤིག་ངེས་པར་བྱ་སྙམ་དུ་འཕེན་པ་སྔོན་དུ་བཏང་ལ། ཐོག་མར་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཨ་ཚ་ཨ་ན་ཨ་ཆུ་ཀྱི་ཧུད་ལ་སོགས་པའི་སྨྲེ་སྔགས་དྲག་པོ་དང་། དེ་བཞིན་དུ་ཡི་དྭགས་ཀྱི་ལྟོགས་འཁྱག་བཀྲེས་སྐོམ་དང་། དུད་འགྲོའི་འུ་དང་འབུ་དང་འབ་དང་ཝང་དང་ཁང་ལ་སོགས་པ། མིའི་འདུ་བྱེད་སྣ་ཚོགས་པའི་གཏམ་དང་མྱ་ངན་ཆོ་ངེ་ལ་སོགས་པ། ལྷ་མ་ཡིན་གྱི་རྒྱོབ་སོད་ང་བསད་དོ། །རྡུང་ངོ་། ཁོ་སོད་ལ་སོགས་པ། ལྷའི་རྩེད་འཇོ་གླུ་གར་ལ་སོགས་པ་བྱ་ཞིང་བྱས་མ་ཐག་དཔག་བསམ་གྱི་ཤིང་བསྐམས་ཁྲུས་དང་ལོངས་སྤྱོད་ཀྱི་ཆུ་མཚོ་སྐམས་ང་ཤི་ན་ངན་འགྲོར་སྐྱེ་ཞེས་ངུ་ངག་གི་སྒོ་ནས་འབོད་པ་སོགས། མདོར་ན་རིགས་དྲུག་གི་སྤྱོད་པ་ཡིད་ལ་དྲན་ཚད་བྱ། དེ་དག་གི་ཚེ་ནའང་རྩེད་འཇོའི་དབང་དུ་མ་སོང་བར་བྱས་ལ། དེ་དང་དེ་དངོས་ཡིན་སྙམ་པའི་གདུང་ཤུགས་དྲགས་པོས་ལུས་ཀྱིས་སོ་སོའི་རྣམ་འགྱུར། ངག་གི་སྨྲ་བརྗོད། ཡིད་ཀྱིས་ཀྱང་དེ་དག་གི་སྡུག་བསྔལ་བློོ་ལ་བླངས་ལ་ངེས་པར་རྒྱུད་ཐོག་ཏུ་ཉམས་སུ་མྱོང་བར་བསམ། དེ་ནས་སོ་སོའི་སྡུག་བསྔལ་མྱོང་བྱེད་ཀྱི་རྗེས་ཤེས་ཀྱི་རང་ངོ་ལ་ཆེར་གྱིས་ལྟ། ཡང་རེས་འགའ་སངས་རྒྱས་ཞི་བ་དང་ཁྲོ་བོའི་སྐུའི་རྣམ་འགྱུར་དང་། ངག་གིས་ཆོས་ཀྱི་སྒྲ་དང་གསུང་དབྱངས་དྲག་པོའི་གད་མོ་སྣ་ཚོགས་དང་། ཡིད་ཀྱིས་དེ་དག་གི་རྣམ་པ་ལམ་དུ་བྱས་ལ། ཡང་རྗེས་ཤེས་ཀྱི་རང་ངོ་ལ་ཆེར་གྱིས་ལྟ། དེའང་རྩ་བར་ལུས་ངག་ཡིད་གསུམ་སོ་སོར་བྱ་བར་གསུངས་ཀྱང་། བཤད་མ་ཐག་པ་ཉིད་ཕྱག་ལེན་དུ་མཛད་པ་ཡིན་ཅིང་། དེ་ལྟར་རུ་ཤན་དབྱེ་བར་དམིགས་ཀྱིས་འགྲོ་མ་ཁོམ་ན། ཁྱིམ་དུ་དེ་ལྟ་བུའི་ཚུལ་ཡིད་ཡུལ་དུ་སྒོམ་པས་ཀྱང་དོན་གྱི་གནད་ཚང་བ་ཡིན་ཞེས་ཞལ་རྒྱུན་དུ་གནང་ངོ་། །དེར་སྦྱངས་པས་འབྱོངས་པའི་རྟགས་ནི་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ལུས་རུ་ཤན་ཕྱེད་པའོ། །བླ་མའི་གདམ་ངག་རྣམས་ལ་གོ་བ་སྐྱེས་ནས་ཚིག་ཙམ་དུ་མ་སོང་བར་དོན་རང་རྡོལ་དུ་ཤེས་ན་ངག་རུ་ཤན་ཕྱེད་པའོ། །སེམས་གསལ་དྭངས་འཁྲུལ་རྟོག་མེད་པ་དང་བདེ་སྟོང་གི་ཉམས་འཆར་ན་ཡིད་རུ་ཤན་ཕྱེད་པའོ། །གཉིས་པ་རིགས་དྲུག་ས་བོན་སྦྱང་བ་ནང་ལྟར་རུ་ཤན་དབྱེ་བ་ནི། འདས་རྗེས་ལས༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེ་རྩལ་སྦྱང་རུ་ཤན་དབྱེ༔ ཞེས་དང༔ ཀློང་གསལ་ལས་ཀྱང༔ ནང་གི་འཁྲུལ་རྒྱུ་ཟད་བྱའི་ཕྱིར༔ འཁོར་འདས་རུ་ཤན་ནང་ལྟར་དབྱེ༔ ཞེས་གསུངས་པས་ན། དེ་ལ་ཕྱི་ལྟར་རུ་ཤན་ཕྱེད་པས་རེ་ཞིག་ཕྱི་འཁྲུལ་པའི་སྣང་རྐྱེན་ཟད་ཀྱང་། ནང་སྐྱེད་བྱེད་ཀྱི་ས་བོན་མ་ཟད་ན་སྡོང་པོ་བཅད་ཀྱང་རྩ་བ་མ་སྟོང་ན་སླར་སྐྱེ་བ་དང་མཚུངས་ཤིང་། རང་འཆི་བའི་ཚེ་གནས་དེ་རྣམས་སུ་རླུང་སེམས་འདུས་ནས་རིགས་དྲུག་དེ་དང་དེར་དེ་མ་ཐག་ཏུ་སྐྱེ་བར་གསུངས་པས་འཁྲུལ་རྒྱུའི་ས་བོན་སྦྱང་བ་གལ་ཆེ་སྟེ། དེ་ལྟར་སྦྱང་བྱ་ནི་རིགས་དྲུག་གི་ས་བོན་དྲུག་ཡིན་ཏེ། དེ་དྲུག་གནས་ཚུལ་ནི། ཀློང་གསལ་ལས༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་གནས༔ ཞེས་པས། དེ་ལ་རྐང་མཐིལ་གྱི་རྩ་འཁོར་འཁྱིལ་བ་ལ་དམྱལ་བའི་ས་བོན་དུ་དུད་ཁ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །ལྟེ་བར་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་དུ་དུད་འགྲོའི་ས་བོན་ཏྲི་དམར་ནག །སྙིང་གའི་སྲོག་པ་རྩའི་ནང་མིའི་ས་བོན་ནྲྀ་སྔོ་སྐྱ། མགྲིན་པའི་ལྟག་རྩ་བ་མེན་གྱི་རྭ་འདྲ་བའི་ནང་དུ་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་སེར། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་རྣམས་གསལ་བཏབ། དེ་ལྟར་སྦྱང་བྱ་སོ་སོའི་འོག་ཏུ་སྦྱོང་བྱེད་རིག་པའི་ཡེ་ཤེས་རཾ་དམར་པོ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ་རེ་དང་། དེའི་འོག་ཏུ་ཡཾ་ལྗང་གུ་རླུང་གི་རང་བཞིན་ཅན་ཡང་ཞིང་གཡོ་བའི་རྣམ་པ་ཅན་རེ་རེ་གསལ་བཏབ། སྦྱོང་བྱེད་ཀྱི་ཡི་གེ་རྣམས་གསལ་ཞིང་འཚེར་བ་འོད་ཟེར་དང་བཅས་པ་ལ། སྦྱང་བྱ་རྣམས་སོལ་དུམ་དུ་བ་འཕྱུར་བའི་རང་བཞིན་ལྟ་བུ་ནག་ངམ་མེ་བར་གསལ་བཏབ། དེ་ལྟར་གསལ་ཐེབས་བྱུང་བ་དང་། ཐོག་མར་རྐང་མཐིལ་གཉིས་སུ་དམིགས་པ་གཏད་དེ་ངག་ཏུ། ཨོཾ་ཨཱཿཧཱུྃ་ན་རཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ཡིག་ལ་ཕོག་པས་མེ་འབར་བས་དུ་དུད་ཁ་དངོས་མེད་དུ་བསྲེགས་པར་བསམ། དེ་བཞིན་དུ། ཨོཾ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་གསང་གནས་ཀྱི་པྲེ་ལྗང་ནག་དངོས་མེད་དུ་བསྲེགས་པར་བསམ། དེ་ནས། ཨོཾ་ཨཱཿཧཱུྃ་ཏིརྻ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་ལྟེ་བའི་ཏྲི་དམར་ནག་དངོས་མེད་དུ་བསྲེགས་པར་བསམ། དེ་ནས། ཨོཾ་ཨཱཿཧཱུྃ་དུ་ཁ་ཏྲི་ཤ་ནི་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་ཏེ་སྙིང་གའི་ནྲྀ་སྔོ་སྐྱ་དངོས་མེད་དུ་བསྲེགས་པར་བསམ། དེ་ནས། ཨོཾ་ཨཱཿཧཱུྃ་ཨ་སུ་ར་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་སུ་ལྗང་སེར་དངོས་མེད་དུ་བསྲེགས། དེ་ནས། ཨོཾ་ཨཱཿཧཱུྃ་དེ་བ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་འབར་བས་ཨ་དཀར་པོ་དངོས་མེད་དུ་བསྲེགས་པར་བསམ་ལ། མདོར་ན་ཡིག་འབྲུ་སོ་སོས་བསྲེགས་པའི་ཐལ་བ་ཡང་མ་ལུས་པར་དངོས་མེད་དུ་སྦྱངས་པར་བསམ། དེ་ནས་རང་གི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཅན་ཨོཾ་དཀར་པོ། མགྲིན་པར་གསུང་གི་རང་བཞིན་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་རང་བཞིན་ཧཱུྃ་སྔོན་པོ་རྣམས་གསལ་བཏབ། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་འབབ་པས་ཡིག་འབྲུ་དྲུག་གི་གནས་རྣམས་ཀྱང་སྦྱངས་ཏེ། རིགས་དྲུག་གི་འཁོར་བའི་འཁྲུལ་གཞི་ས་བོན་བག་ཆགས་དང་བཅས་པ་སྟོང་པར་བསམ་ཞིང་། མདོར་ན་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་སྦྱངས་པར་བསམ་ལ། འབྲུ་གསུམ་སྐད་ཆེན་པོས་དབྱངས་སུ་ལེན་ནམ་ཤུབ་བུར་བཟླས་ཀྱང་རུང་སྟེ་འབུམ་ཚོ་བདུན་ཙམ་ཞིག་བཟླས་པ་བྱ་སྟེ། མདོར་ན་སྡིག་པ་དག་པའི་རྟགས་མཚན་སྣ་ཚོགས་དང་། ཁྱད་པར་སྒོ་གསུམ་གྱི་ཞེན་འཛིན་དག་ནས་རང་ལུས་ཤེལ་གོང་ཕྱིས་པ་ལྟ་བུ་དཀར་སང་གིས་སོང་སྙམ་པའི་བློ་མ་སྐྱེས་ཀྱི་བར་འབད་པར་བྱ། དེ་ལྟར་བགྱིས་པའི་དགོས་པ་ནི། ཐལ་འགྱུར་ལས༔ འོད་གསལ་དགོངས་པ་རྣམ་པ་གཉིས༔ ཐུན་མོང་མཆོག་གི་དབྱེ་བས་བསྟན༔ ཞེས་དང༔ ཀློང་གསལ་ལས༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ ཐུན་མོང་ཁྱད་པར་མཐར་ཐུག་གི༔ དགོས་པ་གསུམ་དུ་ཤེས་པར་བྱ༔ ཞེས་པས། ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་དང་། དེའི་བར་གཅོད་དང་། དེ་ལ་ཞེན་པའི་བག་ཆགས་རྣམས་རྩ་བ་ནས་དག་ཅིང་ཞི་བ་ནི་ཐུན་མོང་གི་དགོས་པའོ། །ལུས་ངག་ཡིད་གསུམ་གྱི་ཞེན་པ་ལྡོག་པས་ད་ཕྱིན་ཆད་འཁོར་བར་མི་ལྡོག་པ་ཁྱད་པར་གྱི་དགོས་པའོ། །ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བ་ནི་མཐར་ཐུག་གི་དགོས་པའོ། །གསུམ་པ་སྔོན་འགྲོ་དངོས་ལ། རྣལ་དུ་དབབ་པ། སོར་གཞུག་པ། སྒོ་གསུམ་གྱི་རྣལ་འབྱོར་དང་གསུམ། དང་པོ་རྣལ་དུ་དབབ་པ་ནི། སྒྲོན་མ་འབར་བ་ལས༔ འཁོར་འདས་རུ་ཤན་ཕྱེས་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་དབབ༔ ཅེས་དང་། ཐལ་འགྱུར་ལས༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དུ་དབབ༔ ཅེས་གསུངས་པས། དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱིས་ལུས་འབྱུང་བ་འཁྲུགས་ཏེ་ངལ་ཞིང་དུབ། ངག་འཛེར་ཞིང་འགགས། སེམས་འགྱུ་བ་སྤུན་ཐག་ཏུ་གྱུར་པ་ན། འདིར་བདེ་བའི་མལ་དུ་ངལ་གསོ་བ་ལྟ་བུ་སྟེ། དེའང་ལུས་གནད་ཆོས་བདུན་ནམ། ཙོག་པུའམ། རང་བཞིན་གྱིས་འཇོག་པ་གང་ཡང་རུང་སྟེ། ལུས་གནད་སྡོམ་པ་དང་འགུལ་བསྐྱོད་སོགས་སྤངས་ལ། དཔེར་ན་སོག་ཕོན་གྱི་ཐག་པ་བཤིགས་པ་ལྟར་རང་བབ་བདེ་ལུགས་སུ་ཤིག་གེ་གཞག །ངག་སྨྲ་བརྗོད་ཐམས་ཅད་དང་བྲལ་བ་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་ཝང་ངེར་གཞག །སེམས་འདས་པ། མ་འོངས་པ། ད་ལྟར་བའི་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དོར་ཏེ་རང་འཐག་ལྟག་ཆུས་བོར་བ་བཞིན་ཁྲེས་སེ་བོར་ལ་གཞག་པར་བྱའོ། །གཉིས་པ་སོར་གཞུག་ནི། ཀློང་གསལ་ལས༔ ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར༔ རྣལ་དུ་ཕབ་ནས་སོར་ཡང་གཞུག༔ ཅེས་དང༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་གསུངས་པས། དེའང་སྔར་རིག་པ་གསལ་ལ་དེར་འཛིན་མེད་པར་གནས་པ་དེ་ཉིད་འདིར་སྤྱོད་ལམ་ཞི་བ་དང་། བར་མ་དང་། རྩུབ་མོ་གསུམ་གྱི་རྐྱེན་རིམ་པར་ཁྲིད་དེ་སྒོམ་པ་ལ་སློབ་པར་བྱ་བ་ཡིན་ཏེ། དེ་ལ་དཔེར་ན་རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་ཐོག་མར་ཤིང་གི་རལ་གྲི་ལ་བསླབ་པ་དང་ཆོས་མཚུངས་ཏེ། དེའང་དང་པོ། ཉན་ཐོས་ཀྱི་ལྟ་སྟངས་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དང་ལྡན་པས། མིག་གནད་སྣ་རྩེར་ཕབ་ལ། མིག་འབྲས་མི་སྒྱུར་ཞིང་རྫི་མ་ཐབ་ཐིབ་མི་བྱ་བར་ཟིམ་བུའི་མིག་གི་ལྟ་སྟངས་ལྷོད་ལ་ཅེ་རེ་གཞག །ངག་རླུང་གནད་སོ་མར་གཞག །སེམས་ཀྱི་གནད་སྔར་འདས་པའི་རྗེས་མི་གཅོད་དེ་འདི་འདྲ་ཞིག་བྱས་བསམ་པ་དང་། ཕྱིས་མ་འོངས་པའི་སྔུན་མི་བསུ་སྟེ་འདི་འདྲ་ཞིག་བྱེད་བསམ་པ་དང་། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་རྟོག་ཚོགས་ཀྱི་འཚོལ་འཕྲོ་ཐམས་ཅད་བཅད་དེ་ད་ལྟའི་རིག་པ་སྐད་ཅིག་མ་དེ་ཁའི་རང་ངོ་ལ་ཅེ་རེ་ལྟ་གཞག་བྱ། དེ་ལ་གོམས་པ་ན། གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། ལུས་གནད་སྔར་ལྟར་ལས་མིག་གནད་ཐད་ཀའི་བར་སྣང་ལ་ལྟ་སྟངས་ཧར་རེ་གཏད། ངག་གནད་རླུང་སོ་མར་གཞག །སེམས་གནད་སྔར་བཞིན་དུས་གསུམ་གྱི་རྣམ་རྟོག་སྤངས་ལ་བཟོ་མེད་དུ་གཞག་གོ །དེ་ལ་གོམས་པ་ན། གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། ལུས་གནད་སྔར་ལྟར་རམ་རོལ་པའི་སྟབས་སམ། ཧག་གིས་ལངས་ལ་སེམས་གནས་ཆའི་ཚུགས་མ་ཞིག་པའི་ངང་ནས་མིག་ལྟ་སྟངས་བར་སྣང་ལ་གྱེན་དུ་བགྲད་དེ་གཡས་གཡོན་དུ་ཧྲིག་ཧྲིག་སྒྱུར་ཞིང་། གོམ་པ་གྱ་ཚོམ་དུ་དོར་ལ། ངག་ཏུ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ལ་སོགས་པའི་ཁྲོ་བོའི་གད་རྒྱངས་ཀྱི་སྒྲ་སྐད་བརྗོད་ཅིང་གནས་ཆའི་ཚུགས་མ་ཞིག་པར་སློབ་ཅིང་རིག་པ་ཧུར་ཕྱུང་སྟེ་རྩལ་སྦྱངས་པས། རང་བྱུང་རང་ཤར་སྤྲོས་བྲལ་བསལ་གཞག་མེད་པར་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་འགྱུར་བས། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ། བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་བགྱིས་པས་ཉན་ཐོས་ཀྱིས་རྣམ་པར་རྟོག་པ་འཇོམས་ཤིང་སྒོ་གསུམ་གནས་པར་བྱེད། བྱང་སེམས་ཀྱིས་རྣམ་རྟོག་རགས་པ་འཇོམས་ཤིང་གནས་པ་བརྟན་པར་བྱེད། ཁྲོ་བོས་རྣམ་རྟོག་སྦོམ་པོ་འཇོམས་ཤིང་བརྟན་པ་ལས་གྲོལ་བར་བྱེད་པའི་དགོས་པ་ཡོད་དོ། །གསུམ་པ་སྒོ་གསུམ་གྱི་རྣལ་འབྱོར་ལ། ལུས་ཀྱི་སྒོ་ནས་རྡོ་རྗེའི་འདུག་སྟངས་ལ་བསླབ་པ། ངག་གི་སྒོ་ནས་རྒྱས་འདེབས་རྩལ་སྦྱང་མཉེན་བཙལ་ལམ་གཞུག་ལ་བསླབ་པ། སེམས་ཀྱི་སྒོ་ནས་བྱུང་གནས་འགྲོ་གསུམ་ལ་མཐའ་གཏད་པའོ། །དང་པོ་ལུས་ཀྱི་གནད་རྡོ་རྗེའི་འདུག་སྟངས་ལ་བསླབ་པ་ནི། ཐལ་འགྱུར་ལས༔ རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས༔ ལུས་སྦྱངས་སེམས་ལ་ཕན་པ་འོ༔ ཞེས་གསུངས་པས། དེའང་ས་གཞི་སྲ་མཁྲེགས་འབར་འབུར་སོགས་མེད་པའི་འཇམ་ཞིང་བདེ་བའི་སར་ཕྱིན་ལ། རྐང་མཐིལ་གཉིས་སྤྲད་དེ་སོར་བཅུ་སར་བཙུགས། པུས་མོ་ཕྱིར་བསྐྱེད། སྒལ་ཚིགས་བརྩེགས་ལ་ལྟག་རྩ་འཐེན་ཏེ་མགྲིན་པ་ཨོལ་མདུད་མནན། ལག་པ་གཉིས་ཐལ་མོ་སྦྱར་བ་སྤྱི་བོར་མ་རེག་ཅིང་ཤད་རྐྱང་དུ་མ་སོང་བར་གྲུ་མོ་ཆག་པ་ནས་ཉ་བཞི་སྒྲིམ། མིག་ཐད་ཀའི་བར་སྣང་ལ་ཧར་རེ་བལྟ། སེམས་ཀྱི་གནད་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་ཏུ་ཧ་ཅང་རང་གིས་ཆེད་འཛིན་མི་བྱ་བར་ཡིད་ལ་དྲན་ཙམ་དུ་བྱས་ལ་ལུས་གནད་དེས་ཚུགས་ཇི་ཙམ་ཐུབ་ཐུབ་ཏུ་བྱ། མི་ཐུབ་པ་ན་ངག་ཏུ་ཧལ་ཞེས་པའི་སྒྲ་དང་བཅས་ལུས་གན་ལོག་ཏུ་དུར་ཁྲོད་ཀྱི་རོ་ལྟར་སྤྲོས་པ་མེད་པར་ཁྲེས་སེ་བོར་ལ། རང་རིག་ཚངས་བུག་ནས་སངས་ཀྱིས་ཐོན་ཏེ་ནམ་མཁའ་དང་ཁྲུག་གིས་འདྲེས་པར་མོས་ལ་རྟོག་མེད་དུ་རྗེན་ནེ་བཞག་ལ་ཡུན་ཇེ་རིང་དུ་བསྒོམ། དེ་ནས་ཡང་སྔར་བཞིན་བསྐྱར་ལ་དེ་ལྟར་བསླབ་བོ། །དེ་ལྟར་འབད་པས་ལུས་ལ་དྲོད་སྐྱེ་ཞིང་ཤ་འཕར་བ་དང་། ལུས་ཁོལ་བུར་ཟུག་རྔུ་ལྡང་བ་དང་། ལུས་ཚུགས་མི་ཐུབ་པ། སེམས་མི་རྟོག་པའི་ངང་དུ་ཕྱལ་ལེ་གནས་པ་སོགས་འབྱུང་སྟེ། དེ་ཙ་ན་འདི་ཉིད་གོམས་པའི་རྟགས་སུ་གསུངས། དེས་ནི་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་དག་ཅིང་གདོན་བགེགས་ཀྱི་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་ཕྱིས་འཁོར་བར་མི་འཇུག །མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་སངས་རྒྱ་བར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ནི། ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་འདེབས་པ་དང་རྩལ་སྦྱོང་གཉིས༔ མཉེན་བཙལ་ལམ་དུ་གཞུག་པ་ཡིས༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་གསུངས་ཏེ། དེ་ལ་རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པ་དང་བཞི། དང་པོ་ལའང་ཕྱི་སྣང་བ་ལ་རྒྱས་གདབ་པ། ནང་ཕུང་པོ་ལ་རྒྱས་གདབ་པ་གཉིས། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲང་། མིག་གནད་ཐད་ཀའི་བར་སྣང་ལ་རྫི་མ་ཐབ་ཐིབ་མི་བྱེད་པར་གཡོ་མེད་དུ་ཅེ་རེ་གཞག །ངག་གནད་མཆུ་སོ་མ་རེག་ཙམ་བྱས་ལ་རླུང་རང་བབས་སུ་གཞག །སེམས་གནད་ཐོག་མར་རང་གི་སྙིང་གར་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ཆེ་ཆུང་ཡིད་ལ་འཆར་གང་བདེ་ཞིག་གསལ་བཏབ་ནས་དེ་ལ་སེམས་ཡུད་ཙམ་ཞིག་གཟུང་། དེ་མཚམས་ནས་ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཧཱུྃ་གི་གླུ་སྙན་ལ་རིང་པ་གྲགས་སྟོང་དུ་ལྷང་ལྷང་དབུགས་ཀྱིས་ཐུབ་ཚད་བརྗོད་པས་ཧཱུྃ་དེ་ལས་ཧཱུྃ་དེ་འདྲ་བ་མང་པོ་ཐོལ་ཐོལ་འཕྲོས། རང་གི་མཆུ་སོ་གཉིས་མ་རེག་ཙམ་གྱི་བར་ནས་ཐོན། ཐོག་མར་རང་གི་ཐོ་ཕྱི་དང་། གནས་པའི་ཁང་ཁྱིམ་དང་། གྲོང་ཁྱེར་དང་། དེ་ནས་ཡུལ་ཁམས་དང་། མཐར་སྟོང་གསུམ་འཇིག་རྟེན་གྱི་ཁམས་ལ་སོགས་པ་བློས་མི་འཁྱུད་པ་ཙམ་དུའང་ཧཱུྃ་གིས་སྔོ་མེ་རེ་རེ་ཡོམ་ཡོམ་ཤིག་ཤིག་གང་བར་བསམ་ལ། དེ་ཐམས་ཅད་རང་རང་གིས་ཧཱུྃ་གི་རང་སྒྲ་བུང་བ་ཚང་ཞིག་པ་ལྟ་བུར་དི་རི་རི་སྒྲོག་པར་བསམ་ཞིང་། ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ཤིག་གེ་བཤིགས་ལ། དེའི་ངང་དུ་ཅུང་ཟད་ཅིག་གཞག་གོ །གཉིས་པ་ནང་ཕུང་པོ་ལ་རྒྱས་འདེབས་པ་ནི། ཡང་ཧཱུྃ་ཧཱུྃ་ཞེས་ཧཱུྃ་གི་གླུ་སྙན་ལ་རིང་བ་སྔར་ལྟར་བརྗོད་པས་ཧཱུྃ་དེ་རྣམས་ཚུར་སྔོ་ཡེར་ཡེར་གཅིག་རྗེས་གཅིག་ནོན་དུ་ཚུར་བྱུང་བ་རང་གི་མཆུ་སོ་གཉིས་ཀྱི་བར་ནས་ཞུགས་ཏེ་རང་ལུས་ཀྱི་རྐང་སེན་ནས་སྤྱི་གཙུག་གི་བར་ཡོངས་སུ་གང་བས། དཔེར་ན་རས་ཀྱི་སྒྱེ་བོ་འབྲས་འབྲུས་བལྟམས་པ་བཞིན་ལུས་ནང་ཐམས་ཅད་ཧཱུྃ་གིས་སྔོ་རང་རང་མེར་ཁྲིག་ཁྲིག་ལྟེམས་ཙེར་རེ་ཡོད་པར་བསམ་ལ། དེ་ཚེ་གདོས་བཅས་ཤ་ཁྲག་གི་ལུས་ཀྱི་སྣང་བ་མེད་པར། རང་ལུས་སྣང་སྟོང་བར་སྣང་ལ་ཡོམ་ཡོམ་འདུག་པར་བསམ་ལ་བར་རླུང་ཅུང་ཟད་གཟུང་། ཕཊ་ཅེས་གཤིས་རང་བབས་སུ་ལྷན་ནེར་སྤྲོས་པ་དང་བྲལ་བའི་ངང་ལ་དལ་ཅིག་གཞག་པར་བྱ། དེས་ནི་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བར་འགྱུར་རོ། །གཉིས་པ་རྩལ་སྦྱོང་བ་ལ་ཕྱི་སྣང་བ་ལ་རྩལ་སྦྱོང་བ། ནང་ཕུང་པོ་ལ་རྩལ་སྦྱོང་བ་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། རང་གི་སྙིང་གར་ཧཱུྃ་ཡིག་མཐིང་ནག་ཚ་ཞིང་རྩུབ་པ་སོགས་མཚན་ཉིད་བཞི་དང་ལྡན་པ་སྟེ། དེའང་ཚ་བ་མེ་ལྕེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། ཤུགས་ཐོག་ལྟ་བུ། ཆེ་ཆུང་ཡིད་ལ་འཆར་གང་བདེ་ཞིག་གསལ་བཏབ། དེ་གསལ་བ་དང་ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཧཱུྃ་དྲག་ལ་ཐུང་བ་ངར་དང་ལྡན་པ་བརྗོད་པས་སྙིང་གའི་ཧཱུྃ་དེ་ལས་ཧཱུྃ་མཚན་ཉིད་བཞི་དང་ལྡན་པ་དེ་འདྲ་བ་ཡུལ་ཆེ་ཆུང་གང་ལ་འཚམ་པ་མང་པོར་ཐོལ་ཐོལ་སྤྲོས་པས། ཐོག་མར་རང་གི་མིག་གི་མཐོང་ཡུལ་དུ་དངོས་པོ་གང་འདྲ་བ་ཞིག་མཆིས་ཀྱང་། དེ་དཔེར་ན་ཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཧཱུྃ་དེས་ཡར་ཐལ་མར་ཐལ། ཕར་ཐལ་ཚུར་ཐལ་ཁྲལ་མ་ཁྲོལ་དུ་ཕུག་སྟེ་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བྱས། དེ་ནས་རིམ་པར་ཡུལ་གྲུ་ལ་སོགས་པ་ནས་རི་རབ་སོགས་མདོར་ན་འཇིག་རྟེན་གྱི་ཁམས་བློས་མི་ཁྱུད་པ་ཙམ་དུའང་ཧཱུྃ་དེས་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་སྟེ། དངོས་པོར་གྲུབ་པ་རྡུལ་ཆ་ཙམ་ཡང་མེད་པར་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ཤིག་གེ་བཤིགས་ལ་དེའི་ངང་དུ་ཅུང་ཟད་ཅིག་གཞག་གོ །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། སྔར་བཞིན་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཡང་ཧཱུྃ་དེ་རྣམས་འདུས། ཧཱུྃ་ཆེ་ཆུང་མཐོ་གང་ཙམ་དུ་གྱུར་པ་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དུ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཁྲོལ་བུར་མ་ལུས་པར་ཕུག་པས། དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་ལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་དལ་ཅིག་མཉམ་པར་གཞག །དེ་ལྟར་འབད་པས་གནས་སྐབས་སུ་གདོན་བགེགས་ཀྱི་གནོད་པས་མི་ཚུགས་ཤིང་། མཐར་ཐུག་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བར་འགྱུར་རོ། །གསུམ་པ་མཉེན་བཙལ་བ་ནི། ཐོག་མར་རང་གི་མདུན་དུ་ཤིང་བུ་ལྟ་བུ་རིང་ཐུང་མཁྱིད་གང་བ་ཙམ་ཞིག་དངོས་སུ་ས་ལ་བཙུགས་པའམ་ཡང་ན་ཡིད་ནས་དེ་ལྟ་བུ་ཞིག་གསལ་བཏབ་རྗེས། རང་གི་སྙིང་གར་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འཚེར་བ་ཞིག་ཡོད་པར་བསམ། དེ་ནས་ངག་ཏུ་ཧཱུྃ་གི་གླུ་སྙན་ལ་རིང་བ་བརྗོད་པས་ཧཱུྃ་དེ་ལས་དེ་འདྲ་བ་གྲངས་མེད་པ་ཐོལ་ཐོལ་སྤྲོས་པ། དེའང་གཅིག་གི་ཀླད་ཀོར་ལ་གཅིག་གི་ཞབས་ཀྱུས་དཀྱུས་པས་བ་ཐག་གམ་ལྕགས་སྒྲོག་ལྟ་བུར་ན་ར་ར་བྱུང་སྟེ་མདུན་ན་ཡོད་པའི་ཤིང་བུ་དེའི་རྩ་བ་ནས་ཡར་རིམ་པར་སྦྲུལ་དཀྲིས་པ་བཞིན་ཧྲིལ་གྱིས་འཁྲིལ་ལ། སྣེ་མོ་ཤིང་དེའི་རྩེ་མོར་སླེབ་པའི་ཚེ་ཧཱུྃ་གཅིག་སྔོ་ཡེར་རེ་ཡོད་པར་བསམ་ལ་དེའི་ངང་ཅུང་ཟད་ཅིག་བཞག་པས་ཤེས་པ་ལྷན་ནེར་ཡོད་སྙམ་པ་ཞིག་འཆར་བ་ཡིན། དེ་ནས་ཡང་སྔར་ལྟར་བརྗོད་བཞིན་པས་ཧཱུྃ་གི་ཐག་པ་རྣམས་རིམ་པར་བཀྲོལ་ལ་ཤིག་གེ་བཤིགས་པའི་མཐར་ཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་ནས་མཐར་སྙིང་གར་སྤྲོ་གཞིའི་ཧཱུྃ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད། དེ་ལྟར་ཡང་ཡང་བྱས་པས་དམིགས་པ་གང་དུའང་བསྒྱུར་བཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། དེའང་ཐོག་མར་རང་གི་སྙིང་གར་ཧཱུྃ་སྔོན་པོ་ཁྲུ་གང་བ་ཙམ་ཞིག་ཡོད་པར་བསམ། དེ་ནས་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་རང་གི་ཕང་པའམ་ལག་པའི་སྟེང་སོགས་སམ་མདུན་གྱི་དངོས་པོ་གང་ཡང་རུང་བ་ཞིག་གི་སྟེང་དུ་ཡེར་གྱིས་སོང་བར་བསམ། ཡང་ཧཱུྃ་ཞེས་བརྗོད་པས་རང་གི་སྙིང་གར་ཧྲིལ་གྱིས་བསྡུ་ལ། ཡང་ཧཱུྃ་ཞེས་བརྗོད་པས་སྔར་ལྟར་སོང་། དེ་འདྲ་བ་ཚར་ཁ་ཤས་ཤིག་བྱས་རྗེས། དཔེར་ན་མགྲོན་པོ་དོན་གཉེར་དུ་འགྲོ་བ་བཞིན་གྲོང་ཁྱེར་དང་། ཡུལ་ལྗོངས་དང་། རི་བྲག་དང་། གླིང་དང་། གླིང་ཕྲན་སོགས་ཐམས་ཅད་དུ་རེས་ཧཱུྃ་དེ་དལ་གྱིས་འགྲོ་ཞིང་། རེས་ཅུང་ཟད་འདུག་པར་བསམ་ལ་ཧཱུྃ་རིང་པོ་བརྗོད། རེས་མདའ་འཕངས་པ་ལྟར་འགྲོ་བར་བསམ་ལ་ཧཱུྃ་མྱུར་པོ་ཐུང་ངུ་བརྗོད། གཞན་ཡང་རེས་སྲིན་འགྲོས་ཀྱིས་འགྲོ་ཞིང་ཕྱོགས་མཚམས་སུ་ངལ་གསོ་བ་དང་། ཡང་རེས་ཤིང་གི་རྩེ་དང་། རི་མཐོན་པོའི་རྩེ་ལ་སོགས་པར་སྔོ་ཡེ་རེ་འདུག་པར་བསམ་ཞིང་དེའི་ངང་དུ་ཅུང་ཟད་ཅིག་གཞག །ཡང་རེས་ཆུ་བརྒལ་བ་དང་། ཆུ་བོའི་གཞུང་དུ་འགྲོ་བ་ལ་སོགས་པ། དེས་མཚོན་འཇིག་རྟེན་ཁམས་བློས་མི་འཁྱུད་པ་ཙམ་སོང་བ་སོགས་མདོར་ན་གང་དུ་སོང་བ་དེ་ཁ་རང་ལ་ཤེས་པ་རྩེ་གཅིག་ཏུ་གཏད། དེ་ནས་ཡང་མཐར་ཚུར་སྔོ་རྒྱང་རྒྱང་བྱུང་ནས། རང་གི་ལག་པའམ་ཕང་པའམ་སྔས་མགོ་ལྟ་བུ་གང་བདེ་བ་ཞིག་གི་སྟེང་དུ་ཡོད་པར་བསམ། དེ་ལྟར་ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་སྒྲིལ་ནས་གཞན་དུ་མ་ཡེངས་པར་ཕྱི་ནང་གང་དུ་དམིགས་པ་གཏད་པའི་ས་དེར་བཞག་པས་རྣམ་རྟོག་རང་ཤུགས་ཀྱིས་ལྡོག་པར་འགྱུར་རོ། །དེས་ལུས་ངག་ཡིད་གསུམ་ལམ་དུ་ཚུད་པའི་དགོས་པ་ཡོད་པའོ། །དེ་ལྟར་འབད་པས་ཐུན་མོང་དུ་ལུས་ངག་གི་སྡིག་པ་དག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་ཅིང་ཕྱིས་འཁོར་བར་མི་འཇུག །མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་སྒོ་ནས་བྱུང་གནས་འགྲོ་གསུམ་ལ་མཐའ་གཏད་པའི་སྔོན་འགྲོ་ནི། ཐལ་འགྱུར་ལས༔ སེམས་ནི་དང་པོ་བྱུང་ས་དང༔ བར་དུ་གནས་དང་ཐ་མར་འགྲོ༔ དེ་ལྟར་གསུམ་ལ་བརྟག་དཔྱད་ན༔ སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས༔ ཞེས་པས་ན། འདི་ལྟར་དུ་བསམ་པར་བྱ་སྟེ། འོ་བདག་སྔོན་ཆད་ཁམས་གསུམ་འཁོར་བའི་གནས་འདིར་འཁྱམས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱངས་པ་དེ་དག་གང་གིས་ལན་ན་སེམས་ཀྱི་གནས་ལུགས་མ་རིག་པས་ལན་པ་ཡིན། དེ་ཡང་ཡར་བུདྡྷ་ཐོབ་ནས་བདེ་བ་མྱོང་བ་པོ་དང་མར་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་བ་པོ་ནི་རང་རིག་གི་སེམས་ཡིན་པར་འདུག་པས། དེས་ན་སེམས་ཀྱི་གནས་ལུགས་ཡང་དག་པ་ཞིག་མ་རྟོགས་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱམ་སྟེ་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱང་དགོས་པར་འདུག་མོད། དེས་ན་ད་རེས་སེམས་ཀྱི་གནས་ལུགས་ཡང་དག་པ་ཞིག་ངེས་པར་རྟོགས་པར་བྱའོ་སྙམ་དུ་བསམ། ལུས་སེམས་རྣལ་དུ་ཕབ། དེའི་མཚམས་དེ་ནས་སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་འདི་ཡིན་འདི་མིན་སོགས་སེམས་ལ་རྟོག་དཔྱོད་གང་ཡང་མི་བྱེད་པར་རང་བབ་ཉིད་དུ་བཞག་པས་རིག་པ་གཅེར་བུ་ལྷིང་བ་ཞིག་འཆར། དེ་འཆར་ནས་བཅས་བཅོས་གང་ཡང་མི་བྱ་བར་རང་བབ་ཉིད་དུ་འཇོག་པ་ནི་གང་ཟག་དབང་པོ་རབ་ཀྱི་སྒོམ་ཚུལ་རིག་པ་སྤྱི་བླུགས་སུ་འཇོག་པ་ཞེས་པ་ཡིན་པས་དེ་ལ་གནས་ན་དེས་ཆོག་མོད། གང་ཟག་ཕལ་ཆེ་བ་ཞིག་རྣམ་རྟོག་གིས་བསྐྱོད་ནས་དེ་ལ་ངོ་འཕྲོད་པ་དཀའ་བས་ན། བྱུང་གནས་འགྲོ་གསུམ་ལ་མཐའ་གཏད་པའི་སེམས་འཚོལ་བ་ལ་འབད་པ་གལ་ཆེ་སྟེ། དེ་ལ་དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ། བར་དུ་གནས་ས་གནས་མཁན་ལ་བརྟག་པ། མཐར་འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། དེའང་རང་གི་སེམས་ཞེས་རིག་རིག་རྒྱུ་རྒྱུ་བ་གྱ་གྱུ་ཏལ་ཏོལ་མི་དྲན་དགུ་དྲན་མི་འཆར་དགུ་འཆར་སྣ་ཚོགས་སུ་འཆར་ཞིང་འཕྲོ་ལ་རྟོག་པ་ཁོ་དང་པོ་གང་ནས་བྱུང་བརྟག་ཅིང་དཔྱད་པར་བྱ་སྟེ། དེའང་ཕྱི་འབྱུང་བ་བཞི་ལས་གྲུབ་པ་ཞིག་ཡིན་ནམ། ནང་རང་གི་སྒྱུ་ལུས་ལས་བྱུང་ངམ། གསང་བ་ཕ་མའི་འདུ་འཕྲོད་ལས་བྱུང་ངམ། དེའང་སྣང་བ་ལས་བྱུང་ངམ་སྟོང་པ་ལས་བྱུང་། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཁུངས་ཨི་རྙེད། སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སེམས་ལས་སེམས་བྱུང་ངམ། ཇི་ལྟ་བུ་ཞིག་ལས་བྱུང་སྙམ་དུ། མདོར་ན་ཡར་བལྟ་མར་བལྟ་ཕར་བལྟ་ཚུར་བལྟ་བྱས་ལ་གཏན་ལ་མ་ཕེབས་ཀྱི་བར་དུ་བལྟ་གཞག་བྱ་སྟེ། དེའང་ཕྱི་འབྱུང་བ་བཞི་ལས་གྲུབ་པ་ཞིག་ཡིན་ན་དེ་ལ་དབྱིབས་དང་ཁ་དོག་ཏུ་གྲུབ་པས་ན། དབྱིབས་དེའང་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ། ཧྲིལ་མོ། ནར་མོ། ལེབ་མོ་སོགས་གང་འདྲ་བ་ཞིག་འདུག་བརྟག་ཅིང་དཔྱད། ཡང་དེ་ལ་དབྱིབས་སུ་གྲུབ་ན་དེ་བཞིན་དུ་ཁ་དོག་ཀྱང་དཀར་པོ། སེར་པོ། དམར་པོ། ལྗང་གུ། སྔོན་པོ། ནག་པོ། ཁྲ་བོ་སོགས་གང་འདྲ་ཞིག་འདུག་བརྟག་ཅིང་དཔྱད། དེར་མ་ཟད་འབྱུང་བ་རེ་རེའི་སྟེང་ནས་སེམས་རེ་རེ་བྱུང་བ་ཞིག་ཡིན་ནམ། ཡང་འབྱུང་བ་ཐམས་ཅད་ཚོགས་པའི་སྟེང་ནས་སེམས་གཅིག་བྱུང་བ་ཡིན་བརྟག་ཅིང་དཔྱད། ཡང་སེམས་ཞེས་པ་རང་གི་སྒྱུ་ལུས་ལས་གྲུབ་པ་ཡིན་ནམ་སྙམ་ན། ལུས་ཀྱི་ཕྱི་ནང་མགོ་མཇུག་བར་གསུམ་གང་ལ་གནས་བརྟག་ཅིང་དཔྱད། ཡང་རང་གི་སྙིང་རང་ལས་བྱུང་ངམ་སྙམ་ན་སྙིང་གི་མགོ་མཇུག་ཕྱིའི་ཤུན་པ་ནང་གི་ཤ་ཚིལ་ཁྲག་སོགས་གང་ལས་བྱུང་བརྟག་ཅིང་དཔྱད། ཡང་བཙལ་བྱའི་སེམས་དང་འཚོལ་བ་པོ་གཉིས་ཀྱང་གཅིག་པར་འདུག་གམ་ཅི་འདྲ་ཞིག་འདུག་བརྟག །དེ་བཞིན་དུ་བར་དུ་གནས་པའང་། སེམས་འདི་འདྲ་ཞིག་བྱུང་སྙམ་ན་ཕྱིའི་དངོས་པོའི་སྟེང་ན་གནས་སམ། ནང་རང་གི་ལུས་ཀྱི་ཕྱི་ནང་གང་དུ་གནས་བརྟག་ཅིང་དཔྱད། མཐར་འགྲོ་བའང་རྣམ་རྟོག་ཝལ་གྱིས་འཆར་ནས་འདི་སོང་སྙམ་པ་འདི་གང་དུ་འགྲོ། འགྲོ་ས་འགྲོ་མཁན་ཇི་འདྲ་ཞིག་འདུག །རྣམ་རྟོག་ཡལ་ནས་སོང་སྙམ་ན་གང་དུ་ཡལ་ལྟ། དེར་མ་ཟད་སེམས་འདི་དངོས་མེད་དོ་སྙམ་ན་དངོས་མེད་མ་ཡིན་ཏེ། དངོས་མེད་ཡིན་ན་ད་ལྟའི་རྣམ་རྟོག་ཝལ་པོ་འདི་ཉིད་མི་འཆར་བ་ཡིན། དེའང་དངོས་པོ་འོ་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་བྱེད་ལས་ངོ་བོ་གང་གིས་མཚོན་སྙམ་དུ་རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་ལྟ་བལྟ་བྱའི་ཤེས་པ་ལ་ཕར་བལྟས་ལ། མདོར་ན་བྱ་མ་ཤོར་བ་བྱས་ལ་ཕུ་འདེད་མདའ་འདེད་རིག་པ་རྐྱང་འདེད། རྒན་མོ་མཛུབ་ཚུགས་སུ་བརྟགས་ཤིང་དཔྱད་པས་དྲན་བསམ་སྤྲོས་པ་དང་བྲལ་བའི་ཤེས་པ་གསལ་ལ་དེར་འཛིན་མེད་པའི་གཞི་ཆལ་པ་ཞིག་འཆར་ཏེ། དེ་འཆར་ན་བཅས་བཅོས་གང་ཡང་མི་བྱ་བར་རྒན་པོ་ཉི་མ་འདེ་བའམ་སྲིན་བལ་འདབ་པ་སྤུངས་པ་ལྟར་རང་བབ་ཉིད་དུ་ལྟ་གཞག་བྱ། ཡང་དེའི་ངང་ལ་རྣམ་རྟོག་ཞིག་ཐོལ་གྱིས་འཕྲོ་ན། དེ་རྒྱ་ཡན་དུ་མ་སོང་བར་བྱས་ལ་ཆེར་གྱིས་གཟུང་། འདི་རྒྱ་ཡན་དུ་བཏང་ན་ངོ་འཕྲོད་པའི་དུས་མི་འབྱུང་། དེ་ལྟར་བླ་མས་ཀྱང་རྙེད་དམ་མ་རྙེད་ཡང་ཡང་དྲི། སློབ་མས་ཀྱང་དེ་ལ་གཡོ་ཟོལ་མེད་པར་ངེས་ཤེས་འདྲོངས་པར་བྱ། དེའང་སྟོང་པ་ཅང་མེད་ཅིག་འདུག་ཅེས་འཚོལ་བ་སོགས་དང་། དངོས་པོ་འདི་འདྲ་བ་འདུག་ཅེས་བདེན་འཛིན་ལ་ཨ་འཐས་པ་དང་། ཡང་སེམས་ཡོད་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཞིག་ཨེ་ཡིན་སྙམ་ན་ད་དུང་སེམས་ཀྱི་ཕུ་ཐག་མ་ཆོད་པ་ཡིན་པས་སྔར་གྱི་དམིགས་པ་རྣམས་བསྐྱར་ཏེ་རྩད་གཅད་པར་བྱ། དེའང་བླ་མ་ཆོས་མཁས་གདམས་ངག་ཟབ་པ་ཞིག་ཡིན་ཀྱང་སློབ་མས་སེམས་མ་བཙལ་ན་དཔེར་ན་བཟོ་བོ་ཇི་ལྟར་མཁས་པ་ཞིག་ཡོད་ཀྱང་། དེ་ལ་བཟོ་བའི་དངོས་པོའི་རྒྱུ་མེད་ན་གང་ཡང་བཟོ་མི་ཤེས་པ་ལྟར་སློབ་མས་ཀྱང་སེམས་ཀྱི་གདར་ཤ་བཅད་ལ་ངེས་ཤེས་འདྲོངས་པར་བྱ་དགོས། དེ་ལྟར་འབད་པས་ཐུན་མོང་དུ་ཡིད་ཀྱི་སྡིག་པ་དག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་སྣང་ཞེན་ལྡོག་པས་ཕྱིས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གྲོལ་བར་འགྱུར་བ་ཡིན་ནོ།། །། གཏེར་གཞུང་ལ་འདིའི་བར་ཁྲེགས་ཆོད་ཀྱི་ངོ་སྤྲོད་དངོས་མང་ཙམ་ཡོད། མཆན། གཉིས་པ་དངོས་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ལ། ཅོག་གཞག་གསུམ་གྱི་གཞི་བཅའ་བ། གང་ཤར་རིག་པ་རྗེན་པར་གཞག་པ། གནས་འགྱུ་ངོ་བོ་དབྱེར་མེད་དུ་སྟོན་པ། ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བའོ། །དང་པོ་ཅོག་གཞག་གསུམ་གྱི་གཞི་བཅའ་བ་ནི། དེའང་ཉོན་མོངས་རང་བྱན་ཚུད་ནས་ཁྲོམ་ཆེན་པོའི་དཀྱིལ་སོགས་སུ་སྒོམ་ཡང་བུད་ཤིང་མང་ན་མེ་ལྕེ་མང་བ་ལྟར་སྣང་རྐྱེན་ཇི་ཙམ་འཕེལ་བ་དེ་ཉིད་ཉམས་རྟོགས་ཀྱི་རྩལ་ཁའང་འཆར་བ་ཡིན་མོད། ལས་དང་པོ་པ་རྣམས་ཀྱིས་ནི་བསམ་གཏན་ལ་ཚེར་མ་མི་འབྱུང་ཞིང་སྐྱེ་བོའི་འགྲུལ་དང་དགྲའི་གླགས་སྦྱོར་ལ་སོགས་པ་མེད་པའི་གནས་དབེན་པ་ཉིད་བརྟེན་པར་བྱ་བ་གལ་ཆེ་སྟེ། དེ་ལ་རི་བོ་ཅོག་གཞག་ལུས་ཀྱི་གཞག་ཐབས་ལུས་གནད་སྣང་མཛད་ཀྱི་ཆོས་བདུན་ལྡན་ལས་མི་གཡོ་བར་བྱ་ཞིང་དྲང་པོར་བསྲངས་ལ་གཡས་གཡོན་རྒྱབ་མདུན་སོགས་སུ་ཡོ་བ་དང་རྒུར་བ་སོགས་མེད་པར། མདོར་ན་སྤང་ལ་བེ་ཕུར་བཏབ་པ་བཞིན་དྲང་ཐལ་གྱིས་བཅའ། རྒྱ་མཚོ་ཅོག་གཞག་མིག་མིག་འབྲས་མི་འགུལ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་མདའ་གང་ཙམ་གྱི་ནམ་མཁའ་ལ་འབྲུ་ཚུགས་སུ་བལྟ། རིག་པ་ཅོག་གཞག་རང་རིག་པའི་ངོ་བོ་མ་བཅོས་གཉུག་མའི་ངང་དུ་ཀློད་ལ་རྩོལ་མེད་དུ་གཞག་པར་བྱ་སྟེ། དེའང་སྔར་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་གང་ལའང་འདི་ཡིན་འདི་མིན་སོགས་རྟོག་དཔྱོད་ཀྱི་ཚོལ་འཕྲོ་གང་ཡང་མི་བྱ་བར་རིག་པ་སོ་མ་སྐད་ཅིག་མ་ཁོ་རང་གི་ངོ་ལ་ཅེར་གྱིས་བལྟ་གཞག་བྱ། དེ་ལྟར་བཞག་པས་དགེ་སྡིག་དང་དགག་སྒྲུབ་བླང་དོར་སོགས་ཤེས་པའི་སྤྲོས་པ་ཉེ་བར་ཞི་བས། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ཀ་དག་གི་ངང་ལ་གནས་པ་ཉིད་ནི་ཁྲེགས་ཆོད་ཀྱི་དོན་ཡིན་ཏེ། དེའང་ཐལ་འགྱུར་ལས༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མེད་པས༔ གཅིག་དང་གཉིས་ཞེས་གྲངས་མེད་དེ༔ གང་དུ་འང་མ་ཕྱེ་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ ཅེས་དང༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་སོ༔ དེའང་སེམས་སྤྲོས་བྲལ་དུ་གནས་པ་ཆོས་སྐུ། གསལ་ལ་དེར་འཛིན་མེད་པ་ལོངས་སྐུ། རྩལ་སྣ་ཚོགས་སུ་སྣང་བའི་འཆར་གཞི་མ་འགགས་པ་སྤྲུལ་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི། ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ རང་བཞིན་རྟག་ཏུ་འགག་པ་མེད༔ ཐུགས་རྗེ་ཀུན་ནས་རང་སྣང་ཞིང༔ ཞེས་དང༔ ཐལ་འགྱུར་ལས༔ ཡེ་ཤེས་རང་རིག་གནས་པ་ལ༔ གསུམ་གྱི་ཚུལ་གྱིས་དབྱེར་མེད་དོ༔ ཞེས་དང༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་བ་ཡང་ཅི༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་སོ། །དེ་ལྟ་བུའི་ཀ་དག་གི་དོན་ཅོག་གཞག་གསུམ་ནི། རིན་ཆེན་སྒྲོན་མ་ལས༔ ཅོག་གཞག་གསུམ་གྱི་རང་བཞིན་ལས༔ ཀ་དག་དོན་ཉིད་མངོན་དུ་གྱུར༔ ཞེས་སོ། །གཉིས་པ་གང་ཤར་རིག་པ་རྗེན་པར་གཞག་པ་ནི། དེའི་ངང་ནས་རྗེས་སྐྱེས་ཀྱི་ཤེས་པ་གང་ཤར་ཡང་། དེ་ལ་མི་རྟོག་ཅིང་ཆེད་གཉེར་དུ་མི་གཟུང་མི་སྤྲོ་མི་སྡུད་བཅས་བཅོས་གང་ཡང་མི་བྱ་བར་བཞག་པས། དེ་ཁའི་རང་ངོ་ལ་ལྟ་ཤེས་པ་ཙམ་བགྱིས་པས་རྟོག་ཚོགས་རང་གྲོལ་དུ་འགྱུར་བ་དཔེར་ན་རྒྱ་མཚོ་ལ་དབའ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་བཞིན། རྣམ་རྟོག་ཇི་ལྟར་ཤར་ཡང་གང་སྐྱེས་ཀྱི་རང་ངོ་ལ་ཆེར་གྱིས་བལྟས་པས་སྦྲུལ་ལ་མདུད་པ་བཏབ་སྟེ་ནམ་མཁའ་ལ་དོར་བ་དང་ཆོས་མཚུངས་པ་རང་གྲོལ་དུ་འགྲོ་སྟེ། དེའང་ཐལ་འགྱུར་ལས༔ ཇི་ལྟར་ཤར་བའི་རིག་པ་ནི༔ སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ༔ གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག༔ ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ༔ ཞེས་དང༔ ཕྲ་བཀོད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ ཤར་བ་ཉིད་ན་རང་སར་གྲོལ༔ གྲོལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་གྲོལ་བ་ཡང་ཅི༔ ཞེས་གསུངས་ཤིང་། དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་སྐྱེལ་བསུ་སྤང་བླང་དགག་སྒྲུབ་གང་ཡང་མི་བྱེད་པར། རང་ཤར་གྱི་ངང་ལ་ཡན་དུ་འཇུག་པ་ནི་རྟོག་པ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་བྱེད་པ་སྟེ། དེ་ལ་རིག་པ་རྗེན་པར་གཞག་པའི་ཚུལ་ནི། ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་ལྷ་ཁང་གི་ལྡེར་བཟོ་ལྟ་བུ། ནང་སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སུ་སྤྱོད་ཀྱང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པའི་འདུ་འཕྲོ་རང་སར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གང་ཤར་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུ་སྟེ། དེའི་ཚེ་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་མཉམ་ཉིད་ཀྱི་ངང་དུ་ཡན་པས་ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ་སྟེ། དེས་ན་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་པ་ཇི་འདྲ་ཞིག་ཤར་ཡང་འདྲ་སྟེ་གང་ཤར་གྱི་རང་ངོ་ལ་ཆེར་གྱིས་བལྟས་པས། རང་གྲོལ་དུ་གྱུར་ནས་གནས་པས་རང་སོ་ཟིན་པ་ཞིག་འབྱུང་བ་ཡིན་ནོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་ཞི་ལྷག་ཟུང་འབྲེལ་དུ་ངོ་སྤྲད་པ་ནི། དེའང་བསྒོམས་པས་རང་སར་གནས་པ་དང་རྟོག་པ་འཕྲོ་བའི་འགྱུ་བ་གཉིས་ཀྱང་ཟུང་དུ་དབྱེར་མེད་དེ། གནས་པ་དང་འཕྲོ་བ་གཉིས་དཔེར་ན་སྐྱེས་བུ་གཅིག་ཉིད་ཀྱི་འགྲོ་འདུག་ལྟ་བུ་སྟེ། རྟོག་ཚོགས་རང་སར་ཞི་བའི་ཞི་གནས་དང་ཡིན་ལུགས་སྒྲིབ་མེད་རྗེན་པར་མཐོང་བའི་ལྷག་མཐོང་གཉིས་ཀྱང་དོན་གྱི་ངོ་བོ་གཅིག་ཡིན་ཏེ། དེའང་ཕར་ཀར་སྣང་བ་མ་འགགས་ལ་ཚུར་ཀར་དེར་འཛིན་བློའི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད། གསལ་ལེ། ཧྲིག་གེ །ཡེ་རེ། ཝལ་ལེ། རྗེན་ནེ། ཅེ་རེ། ཁྱུག་གེ་བ་ཞིག་འཆར་ཏེ། དེ་འཆར་ན་བཅས་བཅོས་གང་ཡང་མི་བྱ་བར་རང་བབ་ཉིད་དུ་ལྟ་གཞག་བྱའོ། །བཞི་པ་ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བ་ལ། དང་པོ་དུག་གསུམ་རང་གྲོལ་ཏེ། དེའང་འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་གང་སྐྱེས་ཀྱང་འདྲ་སྟེ། ལས་དང་པོ་པ་ལ་རྣམ་རྟོག་འབུར་འཇོམས་སུ་ལམ་དུ་མི་ལོང་། དེས་ན་དེ་གསུམ་གྱི་རྣམ་པ་དེ་དང་དེ་གང་སྐྱེས་ཀྱང་དེ་མ་ཐག་དྲན་པས་སླེབ་པར་བྱས་ལ་ཆེར་གྱིས་བཟུང་ནས་གང་སྐྱེས་ཀྱི་རང་ངོ་ལ་ཅེར་གྱིས་བལྟས་ཏེ། དེའི་རྣམ་པ་མི་སྤང་ལ་ཆེད་འཛིན་མེད་པར་རང་བབས་སུ་བཞག་པས་འཛིན་མེད་དུ་གྲོལ་འགྲོ་བ་ཡིན། གཉིས་པ་སྒོ་ལྔ་རང་གྲོལ་ནི། དེ་བཞིན་དུ་མིག་སོགས་དབང་པོ་ལྔ་ལ་འཛིན་པ་གང་སྐྱེས་ཀྱང་། དེ་ཁའི་རང་ངོ་ལ་ཅེར་གྱིས་བལྟས་ཏེ་རང་བབས་སུ་བཞག་པས་སྔར་བཞིན་འཛིན་མེད་དུ་གྲོལ་འགྲོ་བ་ཡིན། གསུམ་པ་ཚོགས་དྲུག་རང་གྲོལ་ནི། དེའང་མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣའི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེའི་ཡུལ་དུ་རོ་མངར་མི་མངར། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་མི་འཇམ། སེམས་ཀྱི་ཡུལ་དུ་དགའ་མི་དགའི་རྟོག་ཚོགས་ཀྱིས་མཚོན་མདོར་ན་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་པ་ཆེ་ཕྲ་གང་འདྲ་ཞིག་སྐྱེས་ཀྱང་འདྲ་སྟེ། གང་སྐྱེས་ཁོ་རང་གི་རང་ངོ་ལ་ཅེར་གྱིས་བལྟས་པས་མཐར་རྟོག་པ་མཐུ་རྡུགས་ནས་ཚུགས་མ་ཐུབ་པར་རང་ཞི་ལ་སོང་ནས་གནས་པས་རང་སོ་ཟིན་ཏེ་དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ཡིན་ཞེས་དམ་པ་རྣམས་ཀྱི་གསུང་ལས་ཐོས་སོ། །དེས་ནི་ཁྲེགས་ཆོད་ཀྱི་མན་ངག་རྣམས་སོང་བ་ཡིན་ནོ།། །།གཉིས་པ་སྒོམ་པའི་སྙིང་པོ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ལ་བསླབ་པ་ནི། དེའང་འདི་ནི་སྔར་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཏེ། བདུན་གང་ཞེ་ན། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་འདྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་མྱོང་རྣམ་འཕེལ་གྱི་ཁྱད་པར་ཏེ། བདུན་པོ་འདིས་གཞན་ལས་ཁྱད་པར་འཕགས་པའོ། ཁྱད་པར་དེ་ལྡན་གྱི་གདམས་པ་དངོས་ཉམས་སུ་ལེན་པ་ལ། སྔོན་འགྲོ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནན་ཏན་བསྒོམས་རྗེས་ཁྱད་པར་ཁྲེགས་ཆོད་ཀྱི་ཉམས་ལེན་ལ་བརྟན་པ་ཐོབ་པ་ཞིག་དགོས་པ་ལས། དེ་དག་ཉམས་སུ་བླང་ཚུལ་སྔོན་དུ་སོང་ནས། བྱེ་བྲག་བྱ་བ་དགུ་ཕྲུགས་སུ་གཏོང་བའི་ཚུལ་ནི། དེའང་འདས་རྗེས་ལས༔ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ ཞེས་དང༔ ཀློང་གསལ་ལས༔ མངོན་སུམ་གནད་དུ་དབབ་པའི་ཕྱིར༔ ཕྱི་ནང་གསང་བའི་བྱ་བ་ནི༔ ལུས་ངག་ཡིད་ཀྱིས་དགུ་ཕྲུགས་གཏང༔ ཞེས་པས། དེའང་ལུས་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད་སྤངས་ཤིང་། ནང་ཕྱག་དང་སྐོར་བ་སོགས་དམན་པའི་དགེ་བ་རྣམས་དང་། གསང་བ་རྣམ་གཡེང་བསྒུལ་བསྐྱོད་སྤངས་ཏེ་གཅིག་པུར་འདུག་པའོ། །ངག་གི་སྒོ་ནས་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་སོགས། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱའོ། །ཡིད་ཀྱི་སྒོ་ནས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་དང་རྫོགས་པའི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེད་དུ་གནས་པར་བྱའོ། །གཉིས་པ་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གནད་གསུམ་སྟེ། ཐལ་འགྱུར་ལས༔ མངོན་སུམ་གནད་ནི་ལུས་ངག་སེམས༔ སོ་སོའི་གནད་རྣམས་ལེགས་པར་གཅུན༔ དེ་ཡང་ལུས་ཀྱིས་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱ་འོ༔ ཞེས་དང༔ ཀློང་གསལ་ལས༔ རིག་པ་ཡུལ་ལ་གནས་གྱུར་ཀྱང༔ འཕྲུལ་འཁོར་དག་གིས་མ་གཅུན་ན༔ ཡེ་ཤེས་དབང་པོར་སྣང་མི་ནུས༔ ཞེས་པས། དེ་ལ་ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི། སྟན་ལ་འདུག་སྟེ་རྐང་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྐྱེད། ལག་པ་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་རྟིང་པའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲང་། རྐེད་པ་ཉེད་བྱས་ཏེ་ལྟོ་བ་མདུན་དུ་ཕུལ། རོ་སྟོད་བསྲིང་བྱས་ཏེ་དཔུང་མགོ་གྱེན་ལ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་སྟོད། མིག་གཉིས་མིག་འབྲས་མི་འགུལ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་ལྟ་སྟངས་ཀློད་ལ་གཙུག་ཏོར་བལྟ་བའི་རྣམ་པར་སྨིན་ཕྲག་གི་ནམ་མཁའ་ལ་ཆེ་རེ་བལྟ། ལྕེ་རྩེ་ཅུང་ཟད་གྱེན་ལ་སྒྲིལ། དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས། མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་པའི་དགོས་པ་ཡོད་དོ། །དེ་ནས་གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི། སྟན་ཐོག་ཏུ་ལུས་ཁ་སྦུབ་ཏུ་འདུག་ལ་པུས་བྲང་སྦྱར། གྲུ་མོ་པུས་མོའི་རྩ་བར་ས་ལ་བཙུགས། ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། ལག་ཡུ་དང་རྒལ་ཚིགས་དྲང་པོར་བསྲང་། རྐང་མཐིལ་གཉིས་ཀྱིས་དཔྱི་གཡས་གཡོན་བརྟེན། མིག་གཉིས་ཟུར་མིག་གིས་གཡས་གཡོན་གང་དུ་བལྟ་ཡང་འདྲ་སྟེ། མགོ་བོ་གྱེན་དུ་ཅུང་ཟད་དགྱེ་ཙམ་བྱས་ཏེ་མདའ་མཁན་སྙུག་མ་བསྲང་བ་བཞིན་ཟུར་བལྟ་ཟུར་ཁྲིད་ཀྱིས་བལྟ་བའོ། །དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའི་དགོས་པ་ཡོད་དོ། །དེ་ནས་གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ནི། སྟན་ལ་རྐང་པའི་ལོང་བུ་གཉིས་གཤིབ་སྟེ་ཙོག་པུར་འདུག་ལ། ལག་གཉིས་སྦར་འཛིངས་ཀྱིས་པུས་མོ་ལ་བསྐོར་རམ། བར་ལྷུ་ལ་འཁྱུད་དེ་པུས་སྟེང་གཞག་པ་གཉིས་གང་བདེ་བྱ། རྒལ་ཚིགས་དྲང་པོར་བསྲངས་ལ་དཔུང་མགོ་གྱེན་ལ་འཐེན། མིག་དྲང་སྲོང་བསམ་གཏན་སྒོམ་པའི་ཚུལ་གྱིས་ཟིམ་བུར་བར་སྣང་ལ་གཏད། དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེ་ཞིང་། མཐར་ཐུག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག་པར་བྱེད། གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའང་ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་དོན་ལ་ལོངས་སྤྱད་དེ༔ པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་སྣང་བ་རང་སྤྲུལ་ཏེ༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་གསུངས་པས། དེའང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་ཟིན་ན་དབང་པོས་མངོན་སུམ་དུ་སྣང་མི་ནུས་ཏེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་བཞིན་ནོ། །ངག་གི་སྨྲ་བ་ནི་ཉིན་གཅིག་ལ་ལན་བཞིའམ། གསུམ་མམ། གཉིས་སམ། གཅིག་ཙམ་སྨྲ་བ་ལས་ཇེ་ཉུང་ཇེ་ཉུང་ལ་བཏང་སྟེ། མཐར་ལག་གི་བརྡའ་བསྟན་ཙམ་ལས་སྨྲ་བརྗོད་ཐམས་ཅད་སྤངས་ལ་རྟོག་མེད་དུ་ལ་བཟླ་བ་ལ་བསླབ་སྟེ། ཐལ་འགྱུར་ལས། ངག་གི་བཟླས་དང་གནས་པ་དང་། །ལ་བཟླ་བསྟན་པར་བྱ་བ་འོ། །ཞེས་སོ། །རླུང་གི་གནད་ནི་རྒྱུན་གྱི་རླུང་བཟོ་བཅོས་མེད་པ་ལ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ལས་བཏང་བ་ཅུང་ཟད་ཙམ་ཕྱིར་འཛིན་པ་ལ་བསླབ་སྟེ། ཐལ་འགྱུར་ལས༔ རླུང་ནི་ཅི་ནས་དལ་བྱ་སྟེ༔ རབ་ཏུ་འཕངས་པ་ལས་བྱུང་བ༔ ལུས་དང་སེམས་ཀྱི་འབྲེལ་ཆད་དེ༔ ཁམས་གསུམ་དུ་ཡང་གཏོགས་པ་མིན༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་སོ། །སེམས་ཀྱི་གནད་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས་ནམ་མཁའ་གསུམ་ལ་བལྟ་སྟེ། དེའང་གསང་བའི་ནམ་མཁའ་ཙིཏྟ་ཤའི་སྒྲོན་མ་ཞེས་སྙིང་མཆོང་གུར་སྨུག་པོའི་ནང་ན་རྩ་རྒྱ་མཚོ་གསེར་གྱི་ཉི་མ་ཅན་ཞེས་བྱ་བ་ཆོས་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སངས་རྒྱས་གཞོན་ནུ་བུམ་སྐུའི་ཀློང་དུ། ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡེ་ནས་རང་ཆས་སུ་བཞུགས་པ་སྟེ། ནང་གི་ནམ་མཁའ་སྙིང་དང་མིག་གི་ཨ་འབྲས་གཉིས་སུ་འབྲེལ་བའི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་རྩ་དཀར་དར་གྱི་སྐུད་པ་ཙམ་པ་འཇམ་མཉེན་འཁྲིལ་བའི་མཚན་ཉིད་དང་ལྡན་པ། དབྱིབས་བ་མེན་གྱི་ར་འདྲ་བ་ནང་ཁྲག་དང་ཆུ་སེར་གྱིས་མ་གང་བ་སྟོང་པ་དྭངས་སང་ངེ་བའི་ལམ་དེ་ལས། ཕྱིའི་ནམ་མཁའ་དག་པ་དབྱིངས་ཀྱི་སྒྲོན་མ་སྤྲིན་དང་ཁུ་རླངས་སོགས་མེད་པའི་སྟོན་གནམ་གཡའ་དག་པ་ལྟ་བུ་སྔོ་མཐིང་ངེ་གནས་པ་དེ་ལ་འབེན་བཅས་ཏེ་བསྒོམས་པས། གསང་བའི་ནམ་མཁའ་སྙིང་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ནང་གི་ནམ་མཁའི་ལམ་ལས་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ལས་ཕྱི་རོལ་གྱི་ནམ་མཁའ་ལ་དབང་པོས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེའང་ཐོག་མར་རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་ཁ་དོག་ལྔ་ལྡན་ལ་འཇའ་ཚོན་འཁྱིལ་བ་ལྟ་བུའི་མཐིང་ག་ཁྱབ་པ་ཆེན་པོའི་བདག་ཉིད་ཅན་དུ་གྱུར། དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་བཀོད་མའི་ནང་དུ་རྡོ་བོར་བའི་རི་མོའམ་ཕུབ་ཀྱི་སྦ་གོར་ལྟ་བུ་འཆར། དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་རིག་པ་སྐུ་རུ་རང་སྨིན་རྒྱུ་དེ། རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་སྟར་ལ་རྒྱུས་པ་ལྟ་བུ་དང་། ལྕགས་ཚགས་དང་། ལྕགས་ཐག་དཔྱངས་པ་ལྟ་བུ་དང་། མེ་ཏོག་གི་ཕྲེང་བ་རང་སར་གནས་པ་ལྟ་བུ་དང་། ཉ་མིག་དང་སྲན་འབྲུ་ལྟ་བུ་ལ་སོགས་པ་རིམ་པར་འཆར། དེའང་གློ་བ་དང་སྙིང་རྩ་འབྲེལ་ཏེ་མིག་ལ་ཟུག་སྟེ་ཡོད་པས་ལྟ་སྟངས་གཅུན་ཏེ་བལྟ་ཞིང་། དེ་ཡང་ཡེ་ཤེས་ཀྱི་སྣང་བ་དེ་དག་འཆར་བའི་ཚེ་ན་གཅིག་ཏུ་མི་གནས་པར་གཡས་གཡོན་གྱེན་ཐུར་དུ་རྒྱུག་པར་བྱེད་པ་ན། དེའི་རྗེས་སུ་མིག་དང་ཤེས་པ་ཅར་ཕོག་ཏུ་ཕབ་ན་འབྱོངས་པའི་དུས་མི་འབྱུང་བས། དེའི་རྗེས་སུ་མི་འབྲང་བར་ལྟ་སྟངས་ཀྱིས་ལེགས་པར་གཅུན་ཏེ་བལྟས་པས་ཇེ་བརྟན་ཇེ་གསལ་དུ་གྱུར་ནས་མཐར་དབྱིངས་སྨིན་མཚམས་ལས་དྲལ་ཏེ། ཐིག་ལེ་ལྔ་ཚོམ་དང་བཅུ་ལྡན་ལ་སོགས་པའི་ནང་དུ་རིམ་པར། དང་པོ་ལྷའི་གཙུག་ཏོར་ནས་ཕྱེད་སྐུ་དང་། སྐུ་རྐྱང་རྫོགས་པ་དང་། དེ་ནས་རིམ་པ་བཞིན་རིགས་ལྔ་ཡབ་ཡུམ་ཡོངས་སུ་རྫོགས་པའི་སྐུ་དང་། དེ་ནས་ཀྱང་རིམ་པར་ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་དང་། གཞན་ཡང་རང་གི་ཡི་དམ་གྱི་སྐུ་གང་སྒོམ་ལ་སོགས་པ་རིམ་པར་འཆར། དེར་མ་ཟད་མདོར་ན་གར་བལྟས་ཐམས་ཅད་ལྷ་སྐུ་དང་ཡིག་འབྲུའི་རྣམ་རོལ་དཔག་མེད་དུ་འཆར་བར་འགྱུར། དེ་དག་གང་འཆར་བ་ཐམས་ཅད་ཀྱང་ཕྱི་རོལ་ན་ལོགས་སུ་གྲུབ་པ་ནི་མ་ཡིན་ཞིང་། རང་གི་རིག་པའི་ངོ་བོར་ཡེ་ནས་རང་ཆས་སུ་བཞུགས་པ་དེ་ཉིད་འཕྲུལ་འཁོར་གྱི་གནད་ལ་བརྟེན་ནས་གཅུན་པས། དཔེར་ན་དངུལ་དཀར་གྱི་མེ་ལོང་གཡའ་དག་པ་ལ་བདག་པོའི་བྱད་གཟུགས་འཆར་བ་བཞིན་ནོ། །གང་ལྟར་ཡང་དེ་དག་འཆར་བའི་ཚེ་ནའང་དགའ་སྤྲོ་དང་རློམ་སེམས་མི་བསྐྱེད། མ་འཆར་བའི་ཚེ་ནའང་འཆར་དུ་རེ་བ་ལ་སོགས་པའི་རེ་དོགས་ཐམས་ཅད་སྤངས་ལ་རིག་པ་འཛིན་མེད་ཀྱི་རྒྱས་འདེབས་པ་གནད་གལ་ཆེ་བ་ཡིན་ཞིང་། དེའང་ལས་དང་པོ་པས་ཐོག་མར་ཆོས་སྐུའི་འདུག་སྟངས་ལ་གཙོ་བོར་འདོན་ཅིང་སྔ་དྲོ་ཁ་ནུབ། ཕྱི་དྲོ་ཤར། གུང་ལ་བྱང་དུ་ཕྱོགས་པའོ། །ཡེ་ཤེས་ཀྱི་སྣང་བ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ཏེ། སྔ་དྲོ་ཤར། ཕྱི་དྲོ་ནུབ་ཏུ་ཕྱོགས་པས་ཉི་མའི་དལ་དངོས་ལ་མི་བལྟ་བར་ཉི་མ་ལས་ཁྲུ་གང་ཙམ་གྱི་འོག་ཏུ་བལྟ། དེའང་ཕྱིའི་དབྱིངས་རིག་ཤར་བ་དེ་དང་ནང་གི་རིག་པ་གཉིས་བལྟ་བྱ་དང་ལྟ་བྱེད་ཀྱི་ཚུལ་དུ་སོ་སོར་མི་བལྟ་བར་ཟུང་འཇུག་གསལ་ལ་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་ཅིང་། དེའང་སྔ་དྲོ་ཆོས་སྐུ་སེང་གེའི་འདུག་སྟངས། གུང་ལ་ལོངས་སྐུ་གླང་པོ་ཆེའི་འདུག་སྟངས། ཕྱི་དྲོ་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་ལ་བསླབ། དེའང་རྩ་བའི་འདུག་སྟངས་གསུམ་པོ་ལེགས་པར་འབྱོངས་ནས། ཡན་ལག་གི་འདུག་སྟངས་བདུན་ལ་བསླབ་པར་འདོད་ན། རྩ་བར། ཁྱུང་དང་སྟག་སྐྱུག་སྐྱེས་བུ་དང༔ ཝ་དང་བྱ་རྒོད་གྱད་དང་དྲུག༔ ཆུ་སྲིན་འདུག་སྟངས་ལུས་གནད་བདུན༔ ཞེས་པས། དང་པོ་ཁྱུང་ནས་གཟུང་འདུག་སྟངས་བདུན་ནི་རྩ་བའི་མན་ངག་གི་དོན་བཞིན་ཉམས་མྱོང་ཅན་གྱི་དམ་པའི་ཞལ་ལས་ཤེས་པར་བྱའོ། །ཉམས་སུ་ལེན་པའི་ཚེ་མིག་ལ་ཚ་གྲང་གི་རྐྱེན་སེལ་བའི་ཐབས་ནི། དེ་ལ་ཚ་བ་རྒྱས་ནས་མིག་ཚ་ན་ཁ་ཆེ་ཤ་ཁ་མ་ཆུ་གཙང་ལ་སྦངས་པ་རོ་མ་བསལ། བལ་ཚི་མེད་པ་ཞིབ་མོར་གཡེངས་པས་མིག་ལ་དྲི་ཆུས་བརླན་ཅིང་། ནུབ་མོ་ཟླ་བའི་ཟེར་ལ་བལྟས་པས་སེལ། གྲང་བ་རྒྱས་པའི་སྐྱོན་གྱིས་མིག་ཆུ་འཛག་ན་རང་གི་རྣ་སྦབས་བཏོན་ལ་ལག་དྲི་མེད་པར་བྱས་ཏེ་མཆིལ་མ་དང་སྦྱར་བ་བསྣུར་ལ་མིག་ལྤགས་ཀྱི་ནང་དུ་བརླན་ཅིང་ནུབ་མོ་མར་མེའི་འོད་ལ་བལྟས་པས་སེལ། རླུང་ལང་དུས་ཆང་གར་སེང་ཕོར་ཕྱེད་ཙམ་བཏུང་ཞིང་རུས་ཐང་དང་། བུ་རམ་མུར་བས་ཕན། ལར་ཆང་མང་ན་རླུང་ལ་མི་ཕན་ཅིང་གནོད་པར་མ་ཟད། དགེ་སྦྱོར་བག་ལ་ཞ་འགྲོ་བས་བག་ཡངས་སྤང་བར་བྱ། སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ། དེའང་ཉིན་མོ་འཆར་བའི་རིམ་པ་རྣམས་མཚན་མོ་ཡིད་ཀྱི་ཡུལ་དུ་བསྒོམ་མོ། །གསུམ་པ་དབང་པོའི་རིམ་པས་མཇུག་བསྡུ་བ་ནི། ཡང་གང་ཟག་ཞན་པ་དག་ལ་ཅི་ཙམ་བསྒོམས་ཀྱང་མཐོང་སྣང་གཏན་ནས་མི་འཆར་བའང་སྲིད་མོད། དེ་དག་ཀྱང་སྒྱིད་ལུག་པར་གྱུར་ན་མི་རུང་བས་ད་ལྟའི་དུས་བླ་མས་ངོ་སྤྲད་པ་རྣམས་མོས་པས་ཡིད་ཀྱིས་བསྒོམས་པས་བར་དོར་དེ་དག་འཆར་ཞིང་རང་ངོ་འཕྲོད་དེ་གྲོལ་བར་འགྱུར་ཏེ། དེའང་དཔེར་ན་སཱཙྪ་བརྐོས་ཕོར་ནས་བཏོན་པ་དང་འདྲ་བར་ལུས་རྒྱ་བོར་ནས་བར་དོར་ངེས་པར་འཆར་ཞིང་གྲོལ་བར་གསུངས། ཡང་རེས་འགའ་མིག་ལ་སིང་རས་དམར་པོའམ། དམར་སྨུག་བཀབ་ལ་བལྟ་བ་དང་། ནུབ་མོ་དྲང་སྲོང་ཙོག་པུའི་སྟབས་ཀྱིས་ལག་པའི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་ལ་གུང་མཛུབ་གཉིས་ཀྱིས་མིག་འོག་ནས་མནན་ཏེ་མཐོང་སྣང་མཚོན་པར་བྱས་ལ་བལྟ་བར་བྱ་སྟེ་འདི་དག་ནི་ཞལ་ཤེས་དྲི་མ་མེད་པའོ། །ཞལ་ཤེས་ཀྱི་ཟབ་གནད་འདི་རྣམས་གཏེར་ཆེན་རིག་འཛིན་ཆེན་པོས་དོན་ཉམས་སུ་ལེན་པའི་སྐལ་ལྡན་མ་གཏོགས་ཁྱབ་བརྡལ་དུ་སྤེལ་བར་མི་བྱ་ཞེས་གསུངས། དེ་ནས་བར་འདིར་་་ཁྲེགས་ཆོད་དང་ཐོད་རྒལ་ཕྱི་ནང་གསང་བའི།མཆན།ངོ་སྤྲོད་རིགས་དང་། མངོན་སུམ་འབྲས་བུའི་གདམས་པ། ཨར་གཏད་མུན་ཁྲིད། ཉིན་མཚན་གྱི་རྣལ་འབྱོར། རྟགས་ཚད་རྣམས་ལྷུག་པར་བཀྲོལ་ཏེ་ལྗགས་བཤད་གནང་བ་ཕྱག་ལེན་ནོ། །དེ་ལྟར་རྩེ་གཅིག་ཏུ་འབད་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་སྟེ་རྟགས་རྣམས་མཐར་ཕྱིན་ནས་ཁྱབ་བདག་གདོད་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པ་ཡིན་ནོ། །དེས་ནི་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་རྩ་བ་དང་ཡན་ལག་གི་ཁྲིད་རྣམས་མ་ལུས་པ་ལྷག་ཆད་མེད་པར་ཕུལ་གྲུབ་པ་ཡིན་པས་དེ་ཉིད་ཀྱི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་གསུངས་སོ།། །།རྩ་བའི་གསུམ་པ་མཇུག་གི་རིམ་པ་ནི། ཞེས་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོའི་རྡོ་རྗེའི་ལྗགས་ཀྱི་བཅུད་སྙིང་ལ་སིམ་པ་བརྗེད་པར་ཕངས་ཏེ་ཕྱི་རབས་དག་གི་དོན་དུ་ཉམས་མེད་ཟིན་བྲིས་སུ་བཀོད་པའོ། །དམ་པ་འདི་ནི་གཏེར་ཆེན་བླ་མས་ངོས་འཛིན་མཛད་པ་ལྟར། དེའང་ཐལ་འགྱུར་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་སུ་དར། །དེ་ནས་མི་གནས་རང་ས་འོ། །ཞེས་གསུངས་པའི་ལུང་གིས་གསལ་བ་བཞིན་ནོ། །སྨྲས་པ། རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བ། །ཐེག་དགུའི་རྩེ་རྒྱལ་མན་ངག་སྙིང་ཐིག་གི །ཟབ་ལམ་ཨ་ཏི་ཡོ་གའི་དམར་ཁྲིད་ཉིད། ཁྱབ་བདག་བླ་མའི་གསུང་བཞིན་དྲན་གསོར་སྤེལ། །གཞུང་དོན་རྡོ་རྗེའི་ཚིག་གི་གནད་རླིངས་ཤིང་། །མཆོག་གི་བླ་མའི་གསུང་གསང་རྟོགས་དཀའ་ཡང་། །སྙིང་པོའི་མན་ངག་ཡང་ཞུན་ཐིགས་པ་འདི། །བདག་བློའི་རྨོངས་དྲིས་ཟབ་དོན་སྦགས་པ་མེད། །དགེ་འདིས་རང་རྒྱུད་གྲོལ་ནས་མཐའ་ཡས་འགྲོ། །རྣམ་གྲོལ་གདོད་མའི་ས་ལ་བགྲོད་ནས་ཀྱང་། །ཡེ་གྲོལ་ཆོས་སྐུ་ཀ་དག་ཀློང་ཡངས་སུ། །ཆོས་ཉིད་འོད་གསལ་འཁོར་ལོར་སྤྱོད་གྱུར་ཅིག །དེ་ལྟར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་ཀྱི་དམིགས་རིམ་རྗེ་བླ་མ་དམ་པའི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་འདི་ནི། ཕུལ་བྱུང་བློ་གྲོས་ཀྱི་ནོར་ལྡན་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་དཔག་བསམ་ཕྲིན་ལས་ཀྱིས་རྒྱ་ཇའི་བཏུང་བ་འདོད་དགུར་འཇོ་བའི་སྐྱེམས་དང་། ལྷ་རྫས་ཀྱི་སྐྱེས་དང་བཅས་ད་ཆ་རྗེ་བླ་མ་དམ་པའི་གསུང་ལ་ཁྱོད་རང་གོམས་འདྲིས་ཆེ་སྟབས། མ་འོངས་ཕྱི་རབས་ཀྱི་དོན་དུ་བརྗེད་ངས་ཀྱི་འཇིགས་པ་སྤང་ཕྱིར་ཟིན་ཐོ་ཞིག་ཅིས་ཀྱང་དགོས་ཞེས། ནན་ཏན་ཆེན་པོས་གསུང་ངོ་མི་ཕོངས་པའི་དོན་དུ་ཤ་འུག་ལྟག་སྒོ་བདེ་ཆེན་འཁོར་ལོར་དབུ་བཙུགས་པ་ལས། འཕྲོས་ཅུང་ཟད་ལུས་པ་མེ་མོ་གླང་ལོ་སྟོན་ཟླ་ར་བ་ལ། རྒྱལ་དབང་པདྨའི་གཟུངས་མ་མཁར་ཆེན་བཟའ་མཚོ་རྒྱལ་འཇིག་རྟེན་འདིར་སྒྱུ་འཕྲུལ་གྱི་རོལ་མོར་བཞེངས་པ། མཚན་བརྗོད་པར་དཀའ་བ་༧གར་དབང་མི་འགྱུར་དཔལ་སྒྲོན་གྱི་བཀའ་འབངས་ཀྱི་ཐ་ཤལ་དུས་མཐའི་རི་ཁྲོད་པ་ཡང་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་ཅིང་། སྐལ་ལྡན་འདུས་པའི་ཚོགས་ལ་ངེས་གསང་སྙིང་པོའི་ཆོས་འཁོར་བསྐོར་བའི་ཁྲིད་གཉེར་དུ་བྱིན་གྱིས་བརླབས་ཤིང་དབང་བསྐུར་པ་རྒྱལ་ཁམས་པ་ཁྱུང་པོ་རས་པས། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་སུ་རྫོགས་པར་བཀོད་པ་འདི་ལ་བླ་མ་དང་ཆོས་བདག་ཌཱ་ཀི་སྤྱི་དང་། ཁྱད་པར་དཔལ་ལྡན་སྔགས་ཀྱི་སྲུང་མས་བཟོད་པར་བཞེས་སུ་གསོལ། ཁྲིད་མ་ཐོབ་པར་དཔེ་སྒྲོག་ཅིང་བག་ཡངས་སུ་སྤྱོད་མི་བྱུང་ན་བཀའ་སྲུང་དམ་ཅན་རྣམས་ཀྱིས་སྲོག་རྩ་ཆོད་ལ་སྙིང་ཁྲག་རོལ་ཅིག །ས་མ་ཡ། རྒྱ་རྒྱ་རྒྱ། དགེའོ།། །།

རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་ (Volume 67, Text 18)

རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་བཞུགས་སོ། །ན་མོ་གུ་རུ་པདྨཱཀ་ར་མ་ཧཱ་ནི་དྷི་ཤཱནྟི་ཀྲོ་དྷ་ཡེ། བླ་མ་རིག་འཛིན་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལ་བརྟེན་སྔགས་ཀྱི་གསོ་སྦྱོང་ཚུལ། །དེ་ཡང་སྒྲུབ་པ་ཆེན་པོ་དང་འབྲེལ་བའི། །རེག་ཟིག་མཐོང་བས་ཁོང་ཆུད་འདིར་གསལ་བྱ། །དེ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བ་ནི། འཇམ་མགོན་སངས་རྒྱས་གཉིས་པ་ཡོན་ཏན་རྒྱ་མཚོས་བསྩལ་པའི་ཡན་ལག་གི་ཐུགས་སྒྲུབ་རྣམ་པ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་བའི་བུམ་བཟང་ཉིད་འཇུག་པ་བདེ་ཞིང་འཚམ་པར་འགྱུར་བས་ན། དེ་ཉིད་ལས་གསུངས་པའི་རྟེན་སྒྲུབ་མཆོད་པའི་རིམ་པ་དང་། སྔགས་གསོ་རང་གཞུང་ལས་ཇི་ལྟར་འབྱུང་བ་རྣམས་ཚོགས་པར་བྱས་ལ།། ༈ །།གཉིས་པ་དངོས་གཞི་ལ་འཇུག་པའི་ཉིན་དང་པོར་སྒྲུབ་ཁོག་དབུ་ནས་བརྩམ་སྟེ་བྱ་ཞིང་། ལྷ་སྟ་གོན་གྱི་སྐབས་མཎྜལ་གསུམ་འདུ་བྱ་བར། དང་པོ་ཐུགས་སྒྲུབ་ལ་ནི་ཁོག་དབུབ་གཞུང་གསལ་ལྟར་དང་། ༈ མཎྜལ་གཉིས་པར་ཞི་བའི་ལྷ་ཚོགས་ནི། དབུས་སུ་ཀུན་བཟང་ཡབ་ཡུམ་ལ་ཚོམ་བུ་གཅིག་བཀོད་དེ། ཧཱུྃ་ཨ། ས་མ་ཡ་སྟྭཾ། ཞེས་བཏགས་པ་བརྗོད། དེས་མཚོན་ཏེ། དབུས་མདུན་དང་ཕྱོགས་བཞིར་ཚོམ་བུ་གཡས་སྐོར་དུ་བཀོད་ཅིང་། རིགས་ལྔ་ཡབ་ཡུམ་གྱི་ས་བོན་སྙིང་པོ། ཧཱུྃ་མཱུཾ། ཨོཾ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། བཅས་སོ་སོར་ཤམ་བུ་བཏགས་ནས་བརྗོད། དེ་བཞིན་རིགས་འགྲེས་ཀྱི་ཕྱི་རོལ་དུ། མཚམས་ལ་ཚོམ་བུ་བརྒྱད་ཉིས་རིམ་དུ་བཀོད་བཞིན། སེམས་དཔའ་ཡབ་ཡུམ་བཅུ་དྲུག་གི་ས་བོན། ཀྵིཾ་ཧཱུྃ། ཏྲཱཾ་ཏྲཱཾ། ཧྲཱིཾ་ཧྲཱིཾ། ཛྲིཾ་ཨཱཿ མཻ་ཛཿ ཐིཾལྷ་ཧཱུྃ། ཧཱུྃ་བཾ། མཱུཾ་ཧོ། ཞེས་པ་རྣམས་ཀྱི་མཐར་ཤམ་བཏགས་ཏེ་བརྗོད། དེའི་ཕྱིར་ཤར་ནུབ་གཉིས་སུ་བྱ་བྱེད་ལ་ཚོམ་བུ་རེ་འགོད་ཅིང་། ཧཱུྃ་ཨ། ལ་ཤམ་འདོགས། ཁྱམས་ལ་ཐུབ་དྲུག་ལ་ཚོམ་བུ་དྲུག་བཀོད་ཅིང་། ཀྲེཾ། སྲུཾ། ཀྵཾ། བྲཾ། ཧཱུྃ། ཏྲུཾ། ཡེ། ཞེས་པ་རྣམས་སྦྲེལ་མཐར་ཤམ་སྦྱར། སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད་ལ་ཚོམ་བུ་བརྒྱད་བཀོད་ཅིང་རང་སྔགས། ཧཱུྃ་ཛཿ ཧཱུྃ་ཧཱུྃ། ཧཱུྃ་བཾ། ཧཱུྃ་ཧོ། ཞེས་ཤམ་བཅས་བརྗོད། ༈ མཎྜལ་གསུམ་པར་ཁྲག་འཐུང་ལྷ་ཚོགས་ནི། དབུས་སུ་ཆེ་མཆོག་ཡབ་ཡུམ་ལ་ཚོམ་བུ་གཅིག་བཀོད་དེ། ཧཱུྃ་ཧཱུྃ། ས་མ་ཡ་སྟྭཾ། ཞེས་བཏགས་པ་བརྗོད། དེས་རིགས་འགྲེས་ཤེས་པར་བྱ་སྟེ། དབུས་མདུན་དང་ཕྱོགས་བཞིར་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ་ལ་ཚོམ་བུ་ལྔ་བཀོད་ཅིང་། ཧཱུྃ་ཧཱུྃ། གཉིས་སྦྲེལ་ཤམ་བཏགས་པ་ཚར་ལྔ་བརྗོད། དེ་ཕྱིར་ཕྱོགས་མཚམས་བརྒྱད་དུ་གནས་མ་བརྒྱད་ལ་ཚོམ་བུ་བརྒྱད་བཀོད་བཞིན། ཧ་བརྒྱད་དལ་བར་བརྗོད་མཐར་སྔགས་ཤམ་སྦྱར། དེ་ཕྱིར་ཡུལ་མ་བརྒྱད་ལ་ཚོམ་བུ་དེ་གྲངས་བཀོད་བཞིན། ཧེ་བརྒྱད་ཤམ་བཏགས་བརྗོད། དེ་ཕྱིར་ཕྱོགས་བཞིར་ནང་གི་སྒོ་མ་བཞི་མཚོན་བཀོད་དེ། ཕཊ྄་བཞི་ཤམ་བཅས། དེ་ཕྱིར་ཕྱོགས་སུ་ཞི་མཛད་དབང་མོ་དྲུག་ལ་ཚོམ་བུ་དེ་ཡི་གྲངས་མཚུངས་སུ་བཀོད་བཞིན། བྷྱོ་དྲུག་དལ་བུས་བརྗོད་མཐར་ཤམ་བཏགས། དེ་ལྟར་ལྷོ་ཕྱོགས་སུ་རྒྱས་མཛད་དྲུག །ནུབ་ཕྱོགས་སུ་དབང་མཛད་དྲུག །བྱང་ཕྱོགས་སུ་དྲག་མཛད་དྲུག་བཅས་གོང་མཚུངས་ལྟར་བཀོད། དེ་ཕྱིར་ཕྱིའི་ཕྱོགས་བཞིར་སྒོ་མ་བཞི་མཚོན་བཀོད་ལ། བྷྱོ་བཞིའི་མཐར་ཤམ་བཅས་བརྗོད། ཚོམ་བུ་རྣམས་མ་འདྲེས་གསལ་བར་བཀོད་ལེགས་སུ་བཀྲམ་ཞིང་། སྟེགས་གོང་འོག་གསུམ་གྱི་རིམ་པའི་དཀྱིལ་འཁོར་གྱི་གོ་རིམ་ལྟར་མཎྜལ་གསུམ་བཀོད། ལྷ་བསྐྱེད་སྐབས་ཕྲིན་ལས་སྙིང་པོའི། དམར་པོ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ ཞེས་པའི་མཚམས། གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང་དཀྱིལ་དུ། །ཞི་བ་བཞི་བཅུ་རྩ་གཉིས་ཚོམ་བུར་བཞུགས། །དེ་ཡི་རང་རྩལ་དུང་ཁང་མེ་འོད་ཀློང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རོལ་པར་བཞེངས། །ཕྱི་རོལ་འདབ་བཞི་པདྨའི་གེ་སར་ལ༔ སོགས་ནས་སྦྲེལ། དེ་ལྟར་ཞི་ཁྲོ་ལུས་དཀྱིལ་ལ་ཚོམ་བུ་ལོགས་སུ་འགོད་དགོས་པའི་ངེས་པ་མ་མཆིས་མོད་ཀྱང་། དཀྱིལ་འཁོར་སོ་སོ་བཞིན་སུམ་བརྩེགས་སུ་བཀྲམ་པར་གསུངས་པས་སོ། །བུམ་པ་སྟ་གོན་གྱི་སྐབས་ལྷ་བསྐྱེད་རྒྱས་པར་བྱ་བའི་ཚེ་བཤད་མ་ཐག་པ་ཇི་བཞིན་དུ་ཞི་ཁྲོའི་བསྐྱེད་བཟླས་བཅས་སྦྱར་ཞིང་། བསྡུས་པའི་ཚེ་ན་གཞུང་དང་ཞི་ཁྲོའི་སྤྱི་སྔགས་བཟླ་བ་ཙམ་ལས་དམིགས་སུ་བྱར་མེད་དོ། །སྒྲུབ་རྫས་རྒྱན་འགོད་སྐབས་སྒྲུབ་ཁོག་གཞུང་བསྟན་གྱིས་མི་འཐུས་པ་མེད་རུང་། སྐབས་ཕྱེད་པའི་སླད་དུ་ཐུགས་སྒྲུབ་ཀྱི་སྐུ་རྟེན་བཀོད་རྗེས། ཞི་བའི་ལྷ་ཚོགས་ཀྱི་ཞལ་ཐང་ཙཀླི་སོགས་བཀྲམ་སྟེ། ཧཱུྃ༔ བླ་མ་ཆོས་སྐུ་ཀུན་བཟང་ཡབ་དང་ཡུམ༔ བདེ་བར་གཤེགས་པ་རིགས་ལྔ་ཡབ་ཡུམ་བཅུ༔ བྱང་ཆུབ་སེམས་དཔའ་ལྕམ་དྲལ་བཅུ་དྲུག་དང༔ འགྲོ་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ མཐར་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད་ལ་སོགས༔ ངོ་བོ་སྟོང་པའི་གཙོ་ལ་རང་བཞིན་འཁོར༔ ཐུགས་རྗེ་སྣ་ཚོགས་སྣང་བས་འགྲོ་དོན་མཛད༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང༔ རང་གི་དབྱིངས་ལས་གཞན་དུ་མ་གྲུབ་པའི༔ རྫོགས་པ་ཆེན་པོའི་ཀློང་དུ་བཞུགས་ནས་ཀྱང༔ ཀ་དག་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས༔ ཞེས་དང་། ཞི་བ་སྤྱི་སྔགས་ཀྱི་ཛཔ྄་དབྱངས་བྱ། ཁྲོ་བོའི་སྐུ་རྟེན་བཀོད་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཡབ་དང་ཡུམ༔ ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རྣམ་པ་བཅུ༔ གནས་ཀྱི་མ་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད༔ སྒོ་མ་བཞི་དང་དབང་ཕྱུག་ཉེར་བརྒྱད་སོགས༔ རིག་རྩལ་རོལ་པའི་ཁྲོ་བོའི་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་བཞུགས་ནས༔ ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་ཁྲོ་བོ་སྤྱི་ཛཔ྄་གྱི་སྔགས་དབྱངས་བྱ། དེ་ནས་ཁོག་དབུབ་ཀྱི་རྒྱན་བཀོད་པ་སོགས་ལ་འཇུག་གོ། ༧ དངོས་གཞི་སྒྲུབ་པ་གཞུང་ལ་ཐུན་བཞིའི་རིམ་པས་འཇུག་པ་སྟེ། དེའང་ཉིན་དང་པོ་ནངས་སྔ་བར་ཁྱམས་སུ་ཕྱིར་བཅོས་བྱ་ཞིང་། གྲལ་ལ་འཁོད་ནས་སྔགས་གསོ་གཞུང་ལྟར། གསོལ་འདེབས་རྒྱས་པ་ལེའུ་བདུན་མ་ཕྱག་བཞེས་ལྟར་སྐབས་སྦྱར་ཞིང་། གཏེར་ཆེན་རྣམ་ཐར་གསོལ་འདེབས་གཙོས་བསྡུས་པའི་རིགས་དང་། བརྒྱུད་འདེབས་ནས་བརྩམ་སྟེ། བསང་ཆུ། རྡོར་དྲིལ། ཕུར་བུ། ཕྲེང་བ། རྔ་རོལ་བཅས་བྱིན་རླབས་རྣམ་ལྔ་ཕྲིན་འབྲིང་ལྟར་སྦྱར། དཀར་གཏོར་ནས་གཞུང་དངོས་བསྟན་ཇི་ལྟ་བ་བཞིན་གྱིས། བསྙེན་བཟླས་ཀྱི་ཐོག་མར་ལས་རྡོར་པས་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཚབ་གཉིས་ལ་གཟུངས་ཐག་ཕྱག་ལེན་ལྟར་ཕུལ་ནས། ཐུགས་སྒྲུབ་ཀྱི་བསྙེན་པ་སྐུ་གསུམ། སྒྲུབ་པ་སྤྱི་དྲིལ། ལས་སྦྱོར་བཅས་གྲུབ་མཚམས། སྐུ་གསུམ། སྤྱི་དྲིལ། ཞི་ཁྲོའི་སྤྱི་སྔགས། ཁྱད་པར་ཉམས་ཆག་སྦྱོང་ཕྱིར་རྡོར་སེམས་སྙིང་པོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་འབྲུ་དྲུག་པ་སྦྲེལ་ཏེ་ཛཔ྄་དབྱངས་དང་ལྡན་པས་བསྙེན་རྒྱུན་འཛུག་ཅིང་། དེ་ཙམ་སྤྲོས་པས་མི་ལྕོགས་ན་སྤྱི་དྲིལ་ཞི་ཁྲོ་ཙམ་གྱིས་འཐུས་སྙམ། གང་ལྟར་རྒྱལ་པོའི་གཟུངས་ཐག་ཐུན་དཔོན་ལ་སྲོལ་བཞིན་སྤྲད། རྒྱལ་ཚབ་དེ་རེ་ཞིག་བསྡུས་ལ་ཛཔ྄་མཆོད་སོགས་ལ་འཇུག་ཅིང་། དེའང་སྒྲུབ་གཞུང་གྲོལ་ལ་ཉེ་བའི་ཞག་གཅིག་གི་གོང་ནས། རྡོར་སེམས་སྙིང་པོ་བཞག་ལ་དཔའ་བོ་རིགས་བཞིའི་ལས་སྦྱོར་གྱི་བཟླས་པ་སྦྱོར་ཤེས་པར་བྱའོ། །ཞི་ཁྲོའི་བསྐྱེད་བཟླས། ལས་སྦྱོར་གྱི་རིམ་པ། མཆོད་བསྟོད། ནོངས་བཤགས། འདོད་གསོལ་སྨོན་ལམ་བཅས་གྲུབ་མཚམས། སྒྲུབ་ཁོག་ནང་གི་ཉུ་ལེ་བསྐྲད་ཅིང་བྱིན་འབེབ་བསྡུས་པའི་ལུགས་ལྟར་དང་། སྔགས་དབྱངས་ལན་གསུམ་བཅས་ཀྱིས་ཐུན་དང་པོ་གྲུབ་ནས། ༧ ཐུན་གཉིས་པར། ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་གང་རིགས་དང་འབྲེལ་བའི་ཞི་ཁྲོའི་བསྐྱེད་བཟླས། ཛཔ྄་མཆོད་རྗེས་བུམ་བཟླས་ལ་འཇུག་ཅིང་། དབང་ལེན་བསྡུས་པ་བཞག་ནས་སྲུང་མའི་གཏོར་ཆོག་རིགས་དང་། སྤྲོ་ན་ཐུགས་སྒྲུབ་སྤྱིའི་བཀའ་གཏེར་སྲུང་མ་ཚེ་རིང་མ་བསྡུས་པ་གཞུང་གི་མལ་དུ་རྒྱས་པ་ཉིད་གཏང་གྲུབ་ན་ལེགས། སྐབས་གང་བདེར་ཐོ་གསོ་བ་དང་། ཕྱི་རོལ་དུ་ཆ་གསུམ་གཏོང་བ་དང་བཅས་དཔོན་སློབ་ཁ་ཤས་ནས་བྱ། དེ་ནས་བདག་འཇུག་གསོ་སྦྱོང་གི་བཤགས་ཡུལ་གསལ་གདབ་ནས་གཟུང་ཆད་ཐོའི་མཐའ་བར་གཏང་ཞིང་། ཟོར་བསྐུལ་ནི། ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ མ་ལུས་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལས་ལ་འདུས༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་རྒྱུགས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ གདུག་པའི་དགྲ་བགེགས་རྣམས་ཀྱི་སྟེང་དུ་འཕེན༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་མཛོད༔ གཞན་ཡང་ཕྱི་ནང་གསང་བའི་སྡུག་བསྔལ་དང༔ བྱད་ཕུར་རྦོད་གཏོང་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དྲག་པོའི་གཏོར་མ་འདི་ཡིས་ཟློག༔ མངོན་སྤྱོད་དམོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་གཏོར་མ་དགྲ་ཕྱོགས་སུ་འཕེན་ལ། བརྟན་སྐྱོང་ནས་རྗེས་རིམ་མཐར་དབྱུང་ཞིང་སྨོན་ལམ་རྒྱས་པར་བྱ། ཁོབ་དབུབ་ལྟར་ཉུ་ལེ་བསྐྲད་ལ། ཕྲིན་ལས་ཆེན་མོའི་བྱིན་འབེབ་སོགས་བགྱིས་པས་ཉིན་གྱི་ཐུན་གྲུབ་བོ། ༧ །མཚན་ཐུན་སྔོན་མར་གསོལ་འདེབས་བསྡུས་ཙམ་དང་། བརྒྱུད་འདེབས་མཚམས་བསང་ཆུ་དཀར་གཏོར་བཞག་ཆོག །སྐྱབས་འགྲོ་ནས་བརྩམ་སྟེ་བུམ་བཟླས་ཡན་དང་། རྗེས་ཆོག་མཆོད་བསྟོད་ནས་བཀྲ་ཤིས་བར་དབྱུང་། བསྐྲད་འབེབ་བསྡུས་པ་ཛཔ྄་དབྱངས་བཅས་བྱ། ཐུན་ཕྱི་མར་ཐུགས་སྒྲུབ་ཕྲིན་ལས་སྙིང་པོ་དང་འབྲེལ་བའི་ཞི་ཁྲོའི་བསྐྱེད་བཟླས་སོགས་མཚན་ཐུན་དང་པོ་ཇི་ལྟ་བ་བཞིན་ལ། དབང་ལེན་བསྡུས་པ་དང་སྲུང་ཕྲིན་བཞག་ནས། བརྗོད་མེད་དོན་བཤགས། བརྒྱ་ཕྱག །རྡོར་སེམས་སྒོམ་བཟླས། སྨྲེ་བཤགས། ཀློང་བཤགས། དམ་ཚིག་ཉེར་བརྒྱད་བཤགས་པ། སྒོ་གསུམ་ཁྲུས་བསྡུས། ཚོགས་བྱིན་རླབས་ནས་ཐ་མ་ཡན་དང་། དེ་མཚམས་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། འཁོར་གསུམ་སྤྲོས་བྲལ་གྱི་བསྐང་བ་རྣམས་གཏང་ཞིང་། དམ་བཅའ། ཚོགས་རོལ། མར་མེ་སྨོན་ལམ། ལྷག་མའི་མཐར་རྗེས་ཀྱི་མཆོད་བསྟོད་ཕྱིན་མཐའ་དབྱུང་ཞིང་། ཉུ་ལེ་བསྐྲད་ཆོག་དང་བྱིན་འབེབ་སོགས་རྒྱས་པར་བགྱིས་ལ་སྨོན་ལམ་གྱིས་མཐའ་བརྒྱན་པས་གྲུབ། གོང་གི་དབང་ལེན་སྐོར་ནས་གསོལ་གདབ་ཀྱི་རིགས། སོ་བྱང་སྔགས་གསུམ་གྱི་བཤགས་པ། སྡོམ་གཟུང་སྐོར། རིགས་དྲུག་གནས་སྦྱོང་། སྒོ་གསུམ་སོ་སོའི་ཁྲུས་དབང་གི་རིགས་རྣམས་དོར་བས་ཆོག་གམ་སྙམ། དངོས་གཞིའི་ཉིན་གཉིས་པ་ནས་གཟུང་གཞན་རྣམས་ལ་ལྟུང་བ་ཕྱིར་བཅོས་མི་དགོས་པའི་ཁྱད་པར་ཙམ་ལས། ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ཐམས་ཅད་ཉིན་དང་པོའི་འགྲོས་ཇི་བཞིན་ཉིད་དུ་བྱའོ།། ༈ །།གསུམ་པ་རྗེས་ཀྱི་དངོས་གྲུབ་ལེན་པའི་ཉིན་ནངས་སྔ་བར་ཚོགས་ནས། ཉིན་ཐུན་དང་པོ་ཇི་ལྟ་བར་ཐུགས་སྒྲུབ། ཞི་ཁྲོ་སོར་བཞག་བུམ་བཟླས་བཅས་བྱ། ཐུན་དཔོན་པས་གཟུངས་ཐག་རྡོ་རྗེ་རྒྱལ་པོ་ལ་ཕྱག་ལེན་ལྟར་འབུལ་བཞེས་དང་། ཐུན་པ་རྣམས་ནས་ཁ་སྐོང་དབྱངས་གསལ་ཡིག་བརྒྱ། སྟོང་ཚིགས་འབུལ་བ་དང་བཅས་བསྙེན་རྒྱུན་སྔ་མ་གྲོལ། སྐུ་གསུམ་སྤྱི་དྲིལ་ཞི་ཁྲོ་བཅས་ཀྱི་སྙིང་པོའི་མཐར་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ྄་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བཏགས་པ་རྒྱུན། དབང་ལེན་བསྡུས་པ་བཞག་ནས་སྲུང་མའི་གཏོར་ཆོག་རིགས་གཏང་། སྐབས་འདིར་དམ་པ་རྣམས་ཀྱིས་བཞེད་སྲོལ་འདྲ་མིན་དུ་སྣང་སྟེ། དེའང་དངོས་གྲུབ་ལེན་པས་དབང་ལེན་དོན་ཐོབ་ཏུ་འགྱུར་བའི་བཞེད་པས། གཏེར་གཞུང་ཚིག་རིས་ལས་ཀྱང་དབང་བླང་གི་རྗེས་ཐོག་ཏུ། ཡང་ན་རྟགས་མཐོང་དངོས་གྲུབ་གསོལ༔ ཞེས་འབྱུང་བ་བཞིན་དགོངས་པ་དང་། འགའ་ཞིག་དངོས་གྲུབ་ལེན་པའི་དོན་གཙོ་བོ་དབང་ལེན་དགོས་པའི་ཁྱད་པར་དུ་གསུངས་པས་གང་འཐད་ཕྱོགས་ཆེ་རུང་། འདིར་ནི་ཕྱི་མ་ཉིད་ཀྱི་རྗེས་སུ་འབྲང་སྟེ། དངོས་གྲུབ་ལེན་བྱའི་གཙོ་བོ་དང་གསོ་སྦྱོང་གི་རྩ་བ་དབང་དུ་ངེས་ཕྱིར་བདག་འཇུག་ལེན་པར་བྱ་སྟེ། གོང་འཕྲོས་བརྗོད་མེད་དོན་བཤགས་ནས་བརྩམ་ཉིན་སྔ་མ་རྣམས་ལྟར་ཚོགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། དངོས་གྲུབ་ཀྱི་བགེགས་བསལ་བ་ནས། མཇུག་གི །བདེ་བླག་གི་ཚུལ་གྱིས་ཐོབ་པར་གྱུར་པར་བསམ་པའི་བར་བྱས་ལ་འདི་སྐབས་རྒྱས་པའི་སྦྱིན་སྲེག་ཀྱང་བྱ། དེ་ནས་དབང་བླང་བའི་མཎྜལ་འབུལ་ཞིང་། མིག་དར་མེ་ཏོག་ནས་གཟུང་ལས་གཞུང་ཇི་ལྟར་གྱིས་བདག་འཇུག་གྲུབ་མཚམས་ཙམ་ལ་ཛཔ྄་རྒྱུན་ཡང་གྲོལ། དེ་ནས་ཚོགས་ལ་རོལ་པ་ནས་རྗེས་རིམ་མཐར་བྱུང་ཞིང་། བསྐྲད་འབེབ་མི་དགོས་སོ། ༧ །ཉིན་ཐ་མར་སྔགས་གསོའི་ཐུགས་སྒྲུབ་ཀྱི་ལས་གཞུང་བསྲངས་ཤིང་། ལྷ་སྐྱེད་སྐབས་སྐུ་གསུམ་མཚམས་གོང་གསལ་སྟ་གོན་སྐབས་ཀྱི་ཞི་ཁྲོའི་ཚིག་རིས་སྦྱར་ནས། བཟླས་པའི་ཚེ། སྤྱི་དྲིལ་རྗེས། ཞི་ཁྲོའི་སྤྱི་སྔགས་བཟླ། ལས་སྦྱོར་ནས་མཆོད་བསྟོད་ནོངས་བཤགས། རིག་མེ་དོར། བསང་བརྔན་བྱེད་ན་འདོད་རྒུའི་རྒྱ་མཚོ་ལྟར་འདིར་བྱ། དེ་ནས་སྲུང་མའི་གཏོར་ཆོག་རིགས། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐའ་བར་དང་། ཚོགས་ལ་རོལ་ཅིང་། གླུ་གར་མཚམས་མར་མེ་སྨོན་ལམ་བཞག་ལ། ལྷག་མ་བསྔོ་ཞིང་སྔར་གྱི་ལྷག་མ་བཙོན་འཛིན་བཅས་འབུལ། ཆད་ཐོའི་སྐབས་སྲུང་མའི་གཏོར་མ་རྒྱུན་བཞག་ལས་འབུལ་འོས་རྣམས་གཤེགས། བརྟན་མ་ནས་བསྡུ་ལྡང་ཡན་གྲུབ་པ་དང་ཁོག་དབུབ་ཀྱི་བུམ་གཏེར་སྦས། རྒྱལ་ཐོ་སྒོ་བྱང་འགྲོལ། ཕུར་གདབ་ཕྱུང་། རྡུལ་ཚོན་བསྡུ་བ་བཅས་བྱ། དེ་ནས་རྡུལ་ཚོན་ཆུར་གཤེགས་ཀྱི་ཀླུ་ཆོག་དགོངས་པ་ཀུན་འདུས་ལྟར་བྱས་ལ། ཁོག་དབུབ་ཀྱི་མར་མེ་སྨོན་ལམ་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པའི་མཐའ་བརྒྱན་པས་ལེགས་པར་གྲུབ་པར་གྱུར་ཏོ། །སྨྲས་པ། སྒྲུབ་ཆེན་དངོས་གྲུབ་འབྱུང་བའི་བུམ་བཟང་དུ། །གསོ་སྦྱོང་བདུད་རྩིའི་རོལ་མཚོས་ལེགས་གཏམས་པས། །ཐེག་ཆེན་ལམ་ཞུགས་རྒྱུད་ལ་ནོངས་པའི་དྲི། །ཡོངས་སྦྱངས་རྣམ་བཞིའི་རིག་འཛིན་འགྲུབ་བྱེད་ཤོག །ཅེས་པ་འདི་ལྟར་སྒྲུབ་བརྒྱུད་སྙིང་པོ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་འཆང་བ་རྩེ་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་གླིང་ནས་སྔགས་གསོའི་སྒྲུབ་ཆེན་གསར་འཛུགས་མཛད་པའི་ཉེར་མཁོའི་ཆ་རྐྱེན་དུ། ཟླ་ཚང་སྲས་སྡེ་སྣོད་འཛིན་པ་དགེ་ཕུན་ཚོགས་རྒྱལ་མཚན་ནས་བསྐུལ་མ་གནང་བཞེད་ཀྱིས་བྲི་གཞིའི་ཤོག་བུ་བཅས་བསྩལ་བར་བརྟེན། སྔོན་དུ་དགེ་བའི་བཤེས་གཉེན་ཇོ་སྐྱབས་ནས་བསྐུལ་བས་གཅེན་པོ་བླ་མ་དམ་པ་བསམ་གཏན་རྒྱ་མཚོས་བསྩལ་པ་ཉིད་གཞིར་བཞག་ཐོག་འདིར་ཡང་འཐད་འོས་འགའ་ཞིག་གིས་བརྒྱན་ཏེ། མཆོག་གླིང་གཏེར་སྲས་སྤྲུལ་མིང་འགྱུར་མེད་ཚེ་དབང་བསྟན་འཕེལ་དུ་འབོད་པས་སུག་བྲིས་སུ་བསྟར་ཏེ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུབྷཾ།། །།

རིག་འཛིན་སྙིང་གི་ཐིག་ལེ་ལས༔ གཡང་འགུགས་མེ་ཏོག་ཆར་སིལ་ (Volume 50, Text 18)

༄༅༔ རིག་འཛིན་སྙིང་གི་ཐིག་ལེ་ལས༔ གཡང་འགུགས་མེ་ཏོག་ཆར་སིལ་བཞུགས་སོ༔ གཡང་འགུགས་མེ་ཏོག་འཇའ་འོད་འབར་བའི་ཆར་སིལ་མ་ནི༔ གཅེས་ཕྲུག་ཕོ་མོ་གཙང་མ་ཁྲུས་བྱས་རྒྱན་གྱིས་སྤྲས༔ མདའ་དར་ཁ་དོག་ལྔ་ལྡན་དང་བཀྲ་ཤིས་པའི་རིགས་དཔག་ཏུ་མེད་པ་ལག་ཏུ་ཐོགས་ལ༔ ཚེའི་དཀྱིལ་འཁོར་དུ་གནས་སྐབས་ཀྱི་བྱིན་འོད་གཡང་དཔལ་ཉམས་པ་སོགས་བཀྲ་མི་ཤིས་པ་ཟློག་པ་དང༔ བཀྲ་ཤིས་བྱིན་འོད་འཇིག་རྟེན་སྲིད་པའི་བཅུད་རྣམས་འགུགས་ཤིང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གང་བསྒྲིགས་ཀྱང་ཁྱད་པར་དུ་འཕགས་པའི་ཆོ་ག་ནི༔ ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན༔ མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས༔ རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ༔ ཐེག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་ལ༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔ བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང༔ བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས༔ སངས་རྒྱས་བསྟན་པ་རྒྱས་པའི་གཡང་ཁུག་ཅིག༔ སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང༔ སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་འདིའི༔ ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས༔ རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག༔ ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ༔ ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ༔ གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས༔ སྟོབས་དང་གཟི་བརྗིད་རྒྱས་པའི་གཡང་ཁུག་ཅིག༔ ལོ་དང་ཟླ་བ་ཞག་དང་དུས་ཚོད་དང༔ རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང༔ མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས༔ འབྲུ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག༔ གཡང་གི་བདག་པོ་ཨཱརྻ་ཛམྦྷ་ལ༔ རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས། ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ༔ གཡང་ཅན་ཚེ་རིང་མ་དང་བརྟན་མའི་ཚོགས༔ ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མས༔ བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག༔ ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང༔ བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ༔ བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར༔ སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག༔ ཕུན་ཚོགས་གཡང་རའི་དབུས་ན་འོད་འབར་བའི༔ གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས༔ རབ་འབྱམས་འཇའ་གུར་འཁྱིལ་བའི་ཟེར་ཕྲེང་སྦྲེལ༔ སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག༔ གཡང་འདིས་སྒྲུབ་གནས་ཀུན་གྱི་བྱིན་འོད་ཕོབ༔ གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས༔ གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས༔ གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད༔ གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན༔ གཡང་འདིས་ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ༔ གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད༔ གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོར༔ གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུགས༔ གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད༔ གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས༔ གཡང་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས༔ གཡང་འདིས་གྲིབ་དང་མི་གཙང་གཡེངས་ལས་སྐྱོབས༔ གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད༔ གཡང་འདིས་དངོས་གྲུབ་ཡར་པ་ཐམས་ཅད་ཁུག༔ གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོངས༔ གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས༔ གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད༔ གཡང་འདིས་ཆོས་དང་རིགས་ཀྱི་བརྒྱུད་པ་སྤེལ༔ གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད༔ གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད༔ གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ༔ གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད༔ གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད༔ གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ༔ ཅེས་ཐུན་དྲུག་ཏུ་ཚེ་གཡང་ཁ་སྤྲོད་འགུགས་པར་བྱའོ༔ ས་མ་ཡ༔ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྡེ་འོ།། །།

ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་ (Volume 27, Text 18)

༄༅། །ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མྱཀྶིདྡྷི་ཤྲཱི་ཡེ། བདེ་མཆོག་རྟག་པའི་ཐིག་ལེ་རུ། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྒྱལ་ཀུན་གྲུབ་པ་གཅིག་པུ་དེར། །བཏུད་ནས་སྨིན་བྱེད་རྣམ་གསལ་འགོད། །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱོན་པ་དཔལ་ཡང་དག་སྙིང་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་རིམ་པ་ལ་གསུམ། དབང་གི་རྫས་བཤམ་པ། དབང་དོན་དཀྱིལ་འཁོར་སྒྲུབ་པ། དབང་སྐུར་གྱི་ཆོ་ག་དངོས་སོ། །དང་པོ་ནི། དམ་མེད་སོགས་ཀྱིས་དབེན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་གཙོར་གྱུར་པའི་རྟེན་གྱི་མདུན་དུ་སྟེགས་གཙང་མ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གླིང་དགུ་ཟླ་གམ་གྱིས་མཚན་པའི་རས་བྲིས་བཀྲམ། མ་འབྱོར་ན་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་ཁར་མཉྫི་ལ་འབྲུའི་གཞོང་པ་བཞག་པའི་དབུས་སུ་ཐོད་སྐུ་དར་མཐིང་ནག་གི་ན་བཟའ་བཅས་བསླངས་ཏེ་བཞུགས་པའི་མདུན་དུ། ཐོད་ཚལ་ལམ་ཀོང་བུར་མར་མེ་སྡོང་བུ་དགུ་བཙུགས་པ་བཀོད། འདིར་ཐོད་སྐུ་ནི་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་སྦྱར་བའི་ཚོན་གྱིས་དཔལ་ཆེན་པོའི་སྐུ་དང་ཕྱི་རོལ་ཕྱོགས་མཚམས་བརྒྱད་ལ་ཧ་ཡིག་བརྒྱད་མགོ་ཕྱིར་བསྟན་བྲིས་པའོ། །རྒྱབ་ངོས་སུ་སྔགས་བྱང་གསེར་རམ་མཚལ་གྱིས་བྲིས་པ། དཀྱིལ་འཁོར་གྱི་ནུབ་ངོས་སུ་དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པའི་གཡས་གཡོན་དུ་སྨན་རཀ་གི་ཞལ་བུ། མཐའ་སྐོར་དུ་མཆོད་ཡོན་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་ཚོགས་དང་དཀར་བགེགས། སྲུང་མ་དང་བརྟན་མའི་འབུལ་གཏོར། ལས་བུམ། མིག་དར་མེ་ཏོག་རོལ་མོའི་རིགས་སོགས་ཉེ་བར་མཁོ་བ་རྣམས་དཀྱུས་ཀྱི་ལག་ལེན་བཞིན་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་པ་ནི། ཚིག་བདུན་སོགས་གསོལ་འདེབས། བསང་ཆུའམ་ལས་བུམ་བྱིན་རླབས་དང་། སྐྱབས་སེམས་ཡན་ལག་བདུན་པ། དཀར་བགེགས་སྨིན་ལུགས་རྡོར་སེམས་ལྟ་བུས་བསྔོས་ནས། ཡོངས་རྫོགས་ལས་བྱུང་བའི་སྔོན་འགྲོ་ལས་བདུན་དང་། གཏེར་ཆེན་གྱིས་མཛད་པའི་ཡང་དག་སྙིང་པོའི་ལས་བྱང་ཉུང་གསལ་གྱི་ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་བསྐྱེད་པ་ནས་བརྩམ་བཟླས་པའི་བར་དུ་བཏང་། དེའང་བླ་མ་རྟོགས་དགོངས་དང་ལྡན་པས་བདག་མདུན་སྣང་སྲིད་ཐམས་ཅད་གཞི་རྫོགས་ཀྱི་དཀྱིལ་འཁོར་གཅིག་གི་ངོ་བོར་གསལ་འདེབས་པ་ལས་སྤྲོས་པ་མང་པོ་མི་དགོས་ཤིང་། གོ་རྟོགས་དམན་ན་བསྟོད་པའི་བར་བདག་མདུན་དབྱེར་མེད་དུ་བྱས། དེ་ནས་དབང་དོན་དུ་རྩ་སྔགས་ལ་ཕཊ་ཛཿབཏགས་པས་མདུན་རྟེན་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེས་ཏེ་ཛཔ྄་དགོངས་ཀྱི་སྤྲོ་བསྡུ་རྣམས་བདག་མདུན་གཉིས་ཀ་ལ་བྱས་ཏེ། འབྲུ་བརྒྱད་ཅི་ནུས་མཐར་སྟོང་ཚིགས་འབུལ། སྲུང་མའི་གཏོར་ཆོག་གཏེར་གཞི་བཅས་པ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་ཆད་བཏང་ལ་རིག་པའི་མེ་ཏོག་དོར། གནང་བ་ནོད་པ་ནི་ཕྱིས་ནས་འབྱུང་བས་འདིར་མི་དགོས། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་ཆོག་ལ་གསུམ། འཇུག་པའི་ཆོ་ག །དབང་གི་ཆོ་ག །རྗེས་ཀྱི་ཆོ་གའོ། །དང་པོ་ནི། ཐོག་མར་སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གྲལ་ལ་འཁོད་དེ་བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་བཅས་སྤྱི་འགྲེ་བྱ། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན། སྲིད་པའི་རྒྱ་མཚོར་སྡུག་བསྔལ་གསུམ་གྱིས་གཡེང་བའི་འགྲོ་བ་མཐའ་དག་གདོད་ནས་རང་བྱུང་གི་ཧེ་རུ་ཀ་ཡང་དག་གྲུབ་པ་གཅིག་པུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཔལ་སྒྱུ་མ་བདེ་མཆོག་གི་དཀྱིལ་འཁོར་དུ་ཞུགས་ནས་སྨིན་བྱེད་ཀྱི་དབང་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ཟབ་མོ་གསལ་བཏབ་ནས་གསན་པར་ཞུ། དེའང་གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་རིང་ལུགས་ལ་ཐེག་པ་རིམ་པ་དགུར་གྲགས་པ་ལས། མཐར་ཐུག་བླ་མེད་ནང་རྒྱུད་སྡེ་གསུམ་ཞེས་རྒྱུད་ལུང་མན་ངག་གི་དོན་ཟབ་སྙིང་པོར་སྟོན་པའི་ཡ་གྱལ་རྒྱུད་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། འདིར་རྒྱུད་ལྟར་ན་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས་ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་གལ་པོ་ཆེ་ཆུང་སོགས་ལ་བརྟེན་ཅིང་། སྒྲུབ་སྡེ་ལྟར་ན་ཡང་དག་ཐུགས་ཀྱི་སྒྲུབ་ལུགས་ཧེ་རུ་ཀའི་སྤྱི་རྒྱུད་སོགས་ལས་ཕྱུང་པ་དང་། གཞན་ཡང་འཇིག་རྟེན་ལས་འདས་པའི་མདོ་སོགས་ཨ་ནུ་ལུང་གི་དགོངས་བཅུད་ཀྱང་དྲིལ་བས་མདོར་ན་རྒྱུད་ལུང་གཉིས་ཀའི་བཅུད་ཕྱུང་ཞིང་། རྡོ་རྗེ་ཧཱུྃ་མཛད་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨས་ཐུགས་ཉམས་སུ་བཞེས་པས་མཆོག་གི་གྲུབ་པ་མཐར་ཕྱིན། ཕྱིས་གུ་རུ་རིན་པོ་ཆེས་བོད་ཡུལ་དུ་ཇོ་མོ་མཚོ་རྒྱལ། གནུབས་ནམ་སྙིང་དང་སངས་རྒྱས་ཡེ་ཤེས་རྣམས་ལ་གདམས་ངག་གི་བཅུད་བསྡུས་ཏེ་མནོག་ཆོས་སུ་བསྩལ་པས་སོ་སོས་ཀྱང་གྲུབ་པའི་འབྲས་བུ་ཐོབ། དེ་དག་གིས་ཀྱང་ཕྱི་རབས་ལ་དགོངས་ཏེ། མཁར་ཆེན་བཟས་མཁོ་མཐིང་ལྷ་ཁང་གི་སྣང་མཐའི་ཐུགས་ཀ་དང་། སངས་རྒྱས་ཡེ་ཤེས་ཀྱིས་ཡེར་པ་ཟླ་བ་ཕུག་ཏུ་སྦས། ནམ་མཁའི་སྙིང་པོ་ལ་ཡང་དག་གི་བཀའ་བབས་གསུམ་དུ་བཞུགས་པ་ལས། ཡང་ཟབ་སྙིང་པོར་དྲིལ་བ་ཁ་ཚང་དོན་འདྲིལ་གྱི་མན་ངག་ཁྱད་པར་དུ་འཕགས་པ་པདྨའི་ལུགས་འདི་ཉིད་སྒྲུབ་རྟེན་ཐོད་སྐུ་མཐོང་གྲོལ། བྱང་སེམས་དམ་རྫས་མྱོང་གྲོལ། སྙན་བརྒྱུད་བཀའ་རྒྱ་བསྟན་སྲུང་གི་ཁྱད་པར་དང་བཅས་ཏེ་མཁར་ཆུ་གསང་བ་དབང་ཕུག་ཏུ་རྒྱས་བཏབ་པ། ཕྱིས་དུས་ལ་བབས་པའི་ཚེ་མངའ་བདག་གསུང་གི་རྣམ་འཕྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ། སྐལ་ལྡན་རྣམས་ལ་རིམ་པར་བརྒྱུད་ཅིང་སྨིན་གྲོལ་བྱིན་རླབས་ཀྱི་ཉག་ཐག་མ་ཆད་པ་གུ་རུའི་ཐུགས་དམ་རྣམ་གསུམ་གྱི་གཙོ་བོར་གྲགས་པ་འདི་ཉིད་ཀྱི་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པར་བགྱི་བ་ལ། འཇུག་པ་དང་དབང་གི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །སྔོན་ཆད་ཁྱེད་རང་རྣམས་དཀྱིལ་འཁོར་འདིར་མ་ཞུགས་པའམ་ཞུགས་ཀྱང་མ་རིག་པའི་སྒྲིབ་གཡོགས་དང་བཅས་པར་མཚོན་པའི་བརྡར་དར་ཡུག་དམར་པོ་རེས་གདོང་གཡོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ། ཞེས་དར་དམར་གྱིས་གདོང་དགབ། དཀྱིལ་འཁོར་པའི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་མེ་ཏོག་གསར་པའི་ཆུན་འཕྱང་ཕྱག་ཏུ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྤྲད། ལས་ཀྱི་སློབ་དཔོན་གྱིས་ཁྲིད་དེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་སླར་ཤར་སྒོར་འདུག་པར་མོས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོའི་བར་དུ་ནི༔ རྒྱལ་བའི་བཀའ་བཞིན་བསྒྲུབ་ལགས་ན༔ བདག་ཅག་དཀྱིལ་འཁོར་གཞུག་ཏུ་གསོལ༔ དམ་ཚིག་སྡོམ་པ་དབང་བསྐུར་ཞུ༔ ལན་གསུམ། དེ་ལྟར་རྩེ་གཅིག་གུས་པས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྣོད་དུ་རུང་བའི་གནང་བ་བསྩལ་བར་མོས་ཤིག །དུས་གསུམ་རྒྱལ་བ་འདུས་པའི་གཙོ༔ ཐུགས་རྗེའི་བྱིན་རླབས་བྱང་སེམས་ལྡན༔ དགོངས་པ་རྣ་བརྒྱུད་ཐུགས་བཅུད་མངའ༔ རྒྱུད་གྲོལ་བྱང་ཆུབ་ལམ་ལ་འཛུད༔ རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་དཀྱིལ་འཁོར་དུ་འཇུག་པ་ལ་རྒྱུད་རྣམ་པར་དག་པ་གལ་ཆེ་བས། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་ནམ་མཁའ་གང་བར་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་བླ་མས་དཀྱིལ་འཁོར་པའི་ལྷ་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ལ། དུས་གསུམ་བླ་མ་སྐུ་དྲིན་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཕོ་བྲང་ན༔ བཞི་བཅུ་རྩ་གཉིས་ལྔ་བཅུ་བརྒྱད༔ དཀྱིལ་འཁོར་ཕྱི་ནང་དམ་ཚིག་ཅན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ དཀྱིལ་འཁོར་ཕྱི་ནང་ཁས་བླངས་ནས༔ བསམ་པ་མྱ་ངན་འདས་མོད་ཀྱང༔ སྦྱོར་བ་འཇིག་རྟེན་པ་ཡི་ཚུལ༔ འཇིག་རྟེན་སྐྱོང་བའི་ལས་མཛད་ཅིང༔ རྣལ་འབྱོར་བསམ་པ་སྒྲུབ་མཛད་པའི༔ དཔའ་བོ་དཔའ་མོ་དམ་ཚིག་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ བདག་དང་ཡོན་བདག་སློབ་མ་ལ༔ ཐུགས་རྗེས་བརྩེ་བར་དགོངས་པ་ཡིས༔ སེམས་ཅན་སྡུག་བསྔལ་བསྒྲལ་བྱའི་ཕྱིར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་དཀྱིལ་འཁོར་དམ་པ་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་བརྗོད། དེ་ནས་ཡེ་ཤེས་རིག་པའི་དཀྱིལ་འཁོར་གྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྒོ་བཞིར་འཇུག་པར་འཚལ་ལགས་ན༔ ཡེ་ཤེས་ལྷ་དང་ཞལ་མཇལ་ཞིང༔ བདག་ལ་བྱིན་གྱིས་བརླབ་པར་ཞུ༔ ཞེས་ཞུ། བླ་མས། ཕོ་བྲང་དཀྱིལ་འཁོར་སྒོ་བཞི་ནི༔ ཞེ་སྡང་ཆེན་པོས་ཤར་གྱི་སྒོ༔ ང་རྒྱལ་ཆེན་པོས་ལྷོ་ཡི་སྒོ༔ འདོད་ཆགས་ཆེན་པོས་ནུབ་ཀྱི་སྒོ༔ ཕྲག་དོག་ཆེན་པོས་བྱང་གི་སྒོ༔ ཐོག་མེད་དུས་ནས་བཅད་པ་ལ༔ སྙིང་རྗེའི་རང་བཞིན་ལྕགས་ཀྱུ་མས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ བྱམས་པའི་རང་བཞིན་ཞགས་པ་མས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ དགའ་བའི་རང་བཞིན་ལྕགས་སྒྲོག་མས༔ ཀུན་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ བཏང་སྙོམས་རང་བཞིན་དྲིལ་བུ་མས༔ ནན་ཏན་ཡེ་ཤེས་བྱང་སྒོ་ཕྱེས༔ ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་ཡོལ་བ་བསལ། ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་མོས་ལ་བརྡའི་ཕྱག་བྱ་བ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང༔ ཞི་ཁྲོའི་ལྷ་ཚོགས་དཀྱིལ་འཁོར་ལྷར༔ དཀོན་མཆོག་གསུམ་དང་རྡོ་རྗེ་མཆེད༔ བརྡ་དང་གར་གྱིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། སློབ་དཔོན་གྱིས། ཧཱུྃ༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ རྒྱུད་ལྔའི་ལམ་གྱི་སྒོ་བཅད་ནས༔ མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ༔ བླ་མེད་གནས་སུ་དྲང་བར་བྱ༔ བཛྲ་ས་མ་ཡ་ཛ༔ ཞེས་སློབ་དཔོན་གྱིས་ཐུགས་རྗེས་བཟུང་བར་ཞལ་གྱིས་བཞེས་པ་ལ། ཁྱེད་རང་རྣམས་ཀྱིས་ཀྱང་འཁོར་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་སྙམ་པས་འདིའི་རྗེས་ཟློས། བདག་ཅག་འཁོར་བའི་སེམས་ཅན་རྣམས༔ མ་རིག་པ་ཡི་བག་ཆགས་ཀྱིས༔ འཁོར་བའི་གནས་སུ་འཁྱམས་པ་ལ༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད། བླ་མས། འཁོར་བའི་སེམས་ཅན་འདི་ལྟ་བུ༔ ཡི་གེ་དཔའ་བོ་འབྲུ་ལྔ་ཡིས༔ ལམ་ལྔར་སྐྱེ་བའི་སྒོ་བཅད་དེ༔ དངོས་གྲུབ་མཆོག་དང་སྤྲད་པར་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སྒོ་དབྱེ་ནས་འདི་བར་སྒྲུབ་ཆེན་དང་འབྲེལ་བའི་བསྲེ་བསྣན་ལ་གཙོ་བོར་དགོངས་པ་ཡིན་ཡང་འདིར་བྱས་པ་ལ་འགལ་བ་མེད་ཅིང་རྒྱུན་མི་ཆད་པའི་ཕྱིར་དཀྱུས་གཅིག་ཏུ་བཀོད་པ་ཡིན་ནོ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་རིགས་དང་མཐུན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་འདིའི་རྗེས་ཟློས་གྲུབ་པའི་སྐབས་དཀྱིལ་འཁོར་དུ་འདོར་བར་ཞུ། བདག་གི་རིག་པའི་མེ་ཏོག་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་གྲྀཧྞ་ཧཱུྃ༔ ཞེས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་ལ་འདོར་དུ་གཞུག །མེ་ཏོག་གང་དུ་ཕོག་ཀྱང་གཙོ་བོ་དཔལ་ཆེན་ཧེ་རུ་ཀའི་དབྱིངས་སུ་གཅིག་པས་ཁྱེད་རང་རྣམས་རྡོ་རྗེ་མི་བསྐྱོད་པའི་རིགས་སུ་ངེས་ཤིང་། གནས་སྐབས་རིགས་སོ་སོ་དང་མཐུན་པའི་ལས་དང་དངོས་གྲུབ་ཐོགས་པ་མེད་པ་འགྲུབ་པ་ཡིན་ནོ། །ཞེས་རུ་ལུ་འབྲུ་བརྒྱད་བརྗོད་ལ་མེ་ཏོག་སྤྱི་བོར་བཞག །དེ་ནས་དམ་བསྒྲག་པ་ནི་བདུད་རྩི་ལན་གསུམ་སྦྱིན་ལ། དམ་ཚིག་འདི་ནི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་ཨི་དན་ན་ར་ཀན༔ སྐབས་འདིར་གཞུང་དུ་མི་གསལ་ཡང་བཀའ་གཏེར་གཞན་གྱི་འགྲོས་ལྟར་ཡེ་ཤེས་པ་དབབ་པར་སྤྲོ་ན། དེ་ནས་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ལ་རྡོ་རྗེ་ཁྲག་འཐུང་ཆེན་པོ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ། སློབ་དཔོན་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེའི་སྙིང་གར་བཅིངས་ཏེ། འདི་ནི་དམ་ཚིག་ཁྲོ་བོ་སྟེ། །རྡོ་རྗེ་ཁྲག་འཐུང་ཞེས་སུ་འདོད། །བླ་མེད་ཡེ་ཤེས་རྡོ་རྗེ་ལྷ། ཁྱོད་ལ་དེ་རིང་དབབ་པར་བྱ། །ཞེས་བརྗོད། ཁྱེད་རང་རྣམས་ལུས་དྲང་པོར་བསྲངས་ཏེ་གནས་པའི་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་བསྐལ་མེ་ལྟར་འབར་བའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེ་ཧཱུྃ་གིས་མཚན་པར་གསལ་ཐོབ་ཅིག །བླ་མས་གཡོན་པའི་ཁུ་ཚུར་ཁ་སྦུབ་པའི་སྲིན་ལག་གཡས་པའི་མཛུབ་མོས་དྲངས་པ་རྡོ་རྗེ་དབབ་པའི་རྒྱ་བཅིང་སྟེ། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་ཤིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་སད་པར་གྱུར་པ་ལ། བླ་མའི་སྙིང་གའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་། སྤོས་ཆེན་གྱིས་བདུག །ཌཱ་དྲིལ་སོགས་རོལ་མོ་སྣ་ཚོགས་པའི་སྒྲ་དང་སྦྱར་ཏེ། རུ་ལུའི་མཐར་ཨཱ་ཝེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་པས་བབས་པའི་རྟགས་བྱུང་བ་ན་རྡོ་རྗེ་རྒྱ་གྲམ་མགོ་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། མ་རིག་པ་ཡི་ལིང་ཏོག་གིས༔ ཤིན་ཏུ་ལྡོངས་པར་གྱུར་པ་ལ༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ ཉོན་མོངས་སྒྲིབ་གཡོགས་བསལ་དུ་གསོལ༔ བླ་མས་གསེར་ཐུར་ཐོགས་ལ། མ་རིག་པའི་སྒྲིབ་པ་མཐའ་དག་གདོང་གཡོགས་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་པ་ལྟར༔ མ་རིག་པ་ཡི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཡེ་ཤེས་དག་པའི་སྤྱན་ཐོབ་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ འདི་ལ་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ རིགས་ཀྱི་བུ་ཉོན་ཅིག །ཕྱི་ལྟར་ན་གཞལ་ཡས་ཁང་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་གྲུབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རྟགས་སུ། གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ལ་སོགས་པ་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པར་སྣང་བའོ། ཁྱད་པར་སྐུ་གསུང་ཐུགས་དང་ལྡན་པས་ཐོད་པའི་ཕྲེང་བ། ཐབས་ཤེས་དབྱེར་མེད་པས་ཉི་ཟླ། ཡེ་ཤེས་བཞིའི་དོན་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་བག་ཆགས་ཀྱིས་མ་གོས་པས་ཟླ་གམ་དང་། ཐུགས་རྗེས་ཐམས་ཅད་ལ་ཁྱབ་པས་རིན་པོ་ཆེའི་བླ་རེ་དང་། འདོད་ཡོན་ལྔ་ལ་སྤྱོད་པས་ན་བཟའ་སྣ་ཚོགས་དང་། ཆེ་བའི་ཡོན་ཏན་དང་ཐུགས་རྗེ་རྒྱུན་མི་ཆད་པས་ཕྲེང་བས་ཀྱང་བརྒྱན་པའོ། །ནང་ལྟར་ན་རང་གི་ཁོག་པ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་། གསང་བ་ལྟར་ན་ཙིཏྟ་རིན་པོ་ཆེ་སུལ་བརྒྱད། དབུས་ཁོག་སྟོང་པ་དང་དགུ་པོ་ཟླ་གམ་དགུའི་དཀྱིལ་འཁོར་ཡིན་ནོ། །དེ་ལ་བཞུགས་པའི་ལྷ་ནི། ཕྱི་ལྟར་གཙོ་མཆོག་དཔལ་ཆེན་བཛྲ་ཧེ་རུ་ཀ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ་ཀྱི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ཧཱུྃ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་པ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་བསྣམས་པས་གཡོན་དང་པོས་ཐོད་ཁྲག་བསྣམས་པ་ཐུགས་ཀར་དཀྲུགས་པའི་ཚུལ་ཅན། བར་མ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་རྒྱུ་མའི་ཞགས་པ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་ཁྱུང་ཆེན་ཁྲ་ཐབས་སུ་འགྱེད་པ། ཞབས་བཞི་གཡོན་བརྐྱང་པའི་སྟབས་ཀྱིས་ཁྱུ་མཆོག་ལྷ་ཆེན་ཕོ་མོ་ཉི་ཟླ་པདྨའི་གདན་ལ་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་ཅན། ཐོད་རློན་གྱི་དོ་ཤལ་དང་། ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་མཐིང་ག་གཡས་ཁ་ཊྭཱཾ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། ཞབས་གཡས་བརྐྱང་པའི་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །འདིའི་ཡེ་ཤེས་ཀྱི་རང་རྩལ་འཁོར་གྱི་ཁྲོ་མོ་བརྒྱད་དུ་ཤར་བ་ནི། ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང། གཡོན་བྷན་དམར་འཛིན་པ། ལྷོར་རྐུན་མོ་སེར་མོ་མདའ་གཞུ་འགེངས་པའི་རྩེ་མོ་གཙོ་བོའི་ཐུགས་ཀར་གཏོད་པ། ནུབ་ཏུ་སྦོས་མོ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དམར་འཛིན་པ། བྱང་དུ་རྨོངས་མོ་ནག་མོ་གཡས་རྡོ་རྗེ་རྩེ་དགུ་ཕྱར་ཞིང་གཡོན་པས་སྙིང་ཟ་བ། ཤར་ལྷོར་རྒན་བྱེད་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་འདྲེན་ཅིང་སྟོབ་པ། ལྷོ་ནུབ་ཏུ་ཐལ་བྱེད་མ་ལྗང་ནག་གཡས་པའི་རྡོ་རྗེས་གཡོན་གྱི་དུང་ཁྲག་དཀྲུག་ཅིང་གསོལ་བ། ནུབ་བྱང་དུ་མ་ཚོགས་མ་མཐིང་ནག་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་སྙིང་ཟ་བ། བྱང་ཤར་དུ་དུར་ཁྲོད་མ་སེར་སྐྱ་གཡོན་ཞིང་ཆུང་བཟུང་བའི་མགོ་བོ་གཡས་པས་བཅད་ནས་ཟ་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་སེར་པོ་འབར་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་བའོ། །དེ་ལྟར་སྐུ་ཕྱག་རྒྱའི་མཚན་ཉིད་ཐ་དད་པར་སྣང་ཡང་། ཡེ་ཤེས་དང་རང་བཞིན་གཞན་དུ་འགྱུར་བ་མེད་ཅིང་། ཆོས་ཀྱི་སྐུ་ལས་གཡོ་བ་མེད་པར་ཤེས་པར་བྱའོ། །ནང་ལྟར་ན་འཁོར་གྱི་ལྷ་མོ་ཐམས་ཅད་དཔལ་ཆེན་པོའི་ཞལ་དང་ཕྱག་སོགས་སྐུ་ལ་རྫོགས་ཤིང་། གསང་བ་ལྟར་ན་གཞིའི་སྐབས་སུ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པས། འབྲས་བུའི་སྐབས་སུ་ཡེ་ཤེས་རྣམ་པ་བརྒྱད་ཀྱི་རང་བཞིན་ཏེ། དེའང་ཡུལ་ཅན་ཡེ་ཤེས་འདུས་པའི་ངོ་བོ་ནི་ཤྲཱི་ཧེ་རུ་ཀའོ། །ཡུལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཡུམ་ཀྲོ་དྷཱི་ཤྭ་རཱི་མའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ནི་གཽ་རཱི་མ་ཁྲོ་མོ་བརྒྱད་དོ། །དེའི་ཡུལ་ལ་སོགས་པ་ནི་སིཾ་ཧ་ཕྲ་མེན་བརྒྱད་དོ། །རྒྱན་གྱི་ལྷ་མོ་དང་དབང་ཕྱུག་མ་ལ་སོགས་པ་དེ་དག་གི་བྱིན་རླབས་ཀྱི་ཆོ་འཕྲུལ་ཤར་བའོ། །དེ་རྣམས་རྣམ་པ་ཐ་དད་པར་སྣང་ཡང་། དོན་དབྱིངས་དང་ཡེ་ཤེས་ལས་མི་གཡོ་བ་ནི་དོན་དམ་པའི་བདེན་པའོ། །རྟགས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྣང་བ་ནི་ཀུན་རྫོབ་བདེན་པའི་ཚུལ་དུ་སྣང་བའོ། །ཞེས་ལྷ་ངོ་སྤྲད་ཅིང་དོན་རྟགས་བཤད་ལ་དམ་བསྒྲག་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་དམ་བཅས་བཞིན༔ སྲོག་ལ་བབས་ཀྱང་མ་གཏོང་ཞིག༔ ཡན་ལག་དམ་ཚིག་རྟག་ཏུ་སྲུངས༔ ས་མ་ཡ་ཧཱུྃ༔ ཇི་སྐད་བཤད་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་མེ་ཏོག་ཕུལ་བཞིན་པར་འདིའི་རྗེས་ཟློས། བཀའ་དྲིན་ཆེ་འོ་བཀའ་བཞིན་བགྱིད༔ ཅེས་ཞུའོ། །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་ཆོག་ནི། ཞུགས་ནས་དབང་རྫོགས་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རིམ་པ་དབང་གིས་བགྲོད་པ་ཞེས་བྱ་སྟེ། དབང་མ་བསྐུར་བར་གསང་སྔགས་སྒྲུབ་པ་ལ་མི་དབང་ཞིང་སྒྲུབ་པ་བྱེད་པ་ལ་དབང་མ་ཐོབ་ན་མི་འགྲུབ་པས། དེ་ལ་དབང་གི་ངོ་བོ་ནི། ཤེས་རབ་དང་ཏིང་འཛིན། ངེས་ཚིག་ལམ་སྒྲུབ་པ་ལ་དབང་བར་བྱེད་པ། དབྱེ་བ་ཕྱི་བུམ་པ། ནང་གསང་དབང་། གསང་བ་ཤེར་ཡེ། དེ་ཁོ་ན་ཉིད་མཐར་ཐུག་གི་དབང་དང་བཞིར་ཡོད་ཅིང་། དེ་དག་ཀྱང་སྐབས་འདིར་དོན་ཟབ་སྙིང་པོར་དྲིལ་ནས་བསྐུར་བར་བགྱིད་པ་ལ། ཐོག་མར་ཕྱི་བུམ་པའི་དབང་གི་དོན་དུ་འདུན་པ་འདི་བཞིན་དུ་མཛོད། བནྡྷ་དཔལ་ཆེན་པོའི་སྐུར་གསལ་བ་སྤྱི་བོར་བཞག་པས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་སྟེ་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལག་ཏུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ སྔོན་གྱི་སྐྱེས་མཆོག་སྒྲུབ་པ་ཡིས༔ དཔལ་ཆེན་ཁྲག་འཐུང་སྐུར་བསྒོམས་ཏེ༔ རྣལ་འབྱོར་ཁྱོད་ལ་དབང་བསྐུར་བས༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ དབང་དེའི་དོན་ཁྱེད་རང་གི་ལུས་དཔལ་ཆེན་པོ་ཡེ་ཤེས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པར་གྱིས་ཤིག །དེའང་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་སྐྱེས་མ་འགགས་པར་ཤར་བའི་རྟགས༔ བཅོམ་ལྡན་འདས་དཔལ་ཀུན་བཟང་ཧེ་རུ་ཀ་ཡེ་ཤེས་ཀྱི་སྐུ་ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་པ་གཅིག་ཏུ་གསལ་ཏེ༔ དེ་ཡང་ཞལ་གཡས་དཀར་བ༔ གཡོན་དམར་བ༔ དབུས་མཐིང་བ༔ དུར་ཁྲོད་ཆས་ཀྱིས་གཏམས་པ༔ ཕྱག་གཡས་དང་པོ་རྡོ་རྗེ༔ བར་པ་ཁ་ཊྭཱཾ་ག༔ ཐ་མ་རྔེའུ་ཆུང༔ གཡོན་དང་པོ་བནྡྷ་རཀྟས་བཀང་བ༔ བར་པ་རྒྱུ་ཞགས༔ ཐ་མ་ཁྱུང་ཁྲ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པའོ༔ དེ་ལྟ་བུར་གསལ་བའི་སྐུ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཀྱི་གཟུགས་བརྙན་ལྷར་གསལ་བ་ཡིན་ནོ༔ ཞལ་གཡས་དཀར་བ་གཽ་རཱི་མ༔ གཡོན་དམར་བ་པྲ་མོ་ཧ༔ ཕྱག་དྲུག་བཻ་ཏཱ་ལི༔ པུཀྐ་སི༔ ཙཽ་རཱི་མ༔ གྷསྨ་རཱི༔ སྨ་ཤ་ནི༔ ཙཎྜ་ལཱི་སྟེ་ལྷ་མོ་དྲུག་གོ༔ གདན་ཟླ་བའི་དཀྱིལ་འཁོར༔ སིཾ་ཧ༔ བྱཱ་ཀྲྀ༔ སྲྀ་ལ༔ ཤྭ་ན༔ གྲྀ་ཌྷ༔ ཀཾ་ཀཱ༔ ཁྭ་ཁ༔ ཧུ་ལུ་སྟེ་ཕྲ་མེན་མ་བརྒྱད་དོ༔ ཞབས་བཞི་རྟ་གདོང༔ ཕག་གདོང༔ སྤྲེལ་གདོང༔ སྤྱང་གདོང་མ་སྟེ་སྒོ་མ་བཞིའོ༔ དེ་རྣམས་ཀྱང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་གཽ་རཱི་མ་བརྒྱད༔ ཡུལ་བརྒྱད་ཕྲ་མེན་མ་བརྒྱད༔ རྟག་ཆད་ཡོད་མེད་མཐའ་བཞི་སྒོ་མ་བཞི༔ དེ་ལྟ་བུ་དེ་རྟག་པ་ཐེར་ཟུག་མ་ཡིན་ཏེ༔ མ་སྐྱེས་པའི་དབྱིངས་སུ་གསལ་བས་ཡབ་ཡུམ་དབྱིངས་ཡེ་ཤེས་གཉིས་མེད་ཐིག་ལེ་ཆེན་པོའི་ངང་དུ་གཅིག་པས༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ ཅེས་བྱའོ༔ རང་གི་སེམས་ཉིད་དཔལ་ཆེན་པོའི་སྐུར་གསལ་བ་དེ་ལ་ལྷ་ཚོགས་ཐམས་ཅད་འདུས་པས༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ ཞེས་བྱའོ༔ དེ་ཁོ་ན་དཔལ་ཆེན་པོའི་ཐུགས་རྣམ་པར་མི་རྟོག་པས་ཆོས་སྐུ༔ རང་བྱུང་ཡེ་ཤེས་རང་ལ་གསལ་བས་ལོངས་སྐུ༔ ལྷའི་དལ་རྣལ་འབྱོར་པའི་ལུས་ལ་རྫོགས་པས་སྤྲུལ་སྐུ་སྟེ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ ཞེས་བྱ་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ཕྱིའི་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་དག །ས་དང་པོའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་ཡིན་ནོ། །གཉིས་པ་ནང་གསང་བ་སྔགས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་སྲོག་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པར་མོས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད་བྱས་ལ་རུ་ལུའི་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་བརྟན་པར་བྱས་པའི་མོས་པ་མཛོད། སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ གསལ་བྱེད་འབར་བའི་གཞལ་ཡས་སུ༔ གསལ་བ་ཐིག་ལེའི་ངོ་བོ་ཉིད༔ ཡི་གེའི་ཕྲེང་བའི་ཚོགས་མཆོག་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་འཕྲོས་ཐིམ༔ ཨོཾ་ཛྙཱ་ན་སཏྭ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དབང་དེའི་དོན་ནི་དཔལ་ཡང་དག་གི་དགོངས་པ་རུ་ལུ་འབྲུ་བརྒྱད་དུ་འདུས་པ་ཡིན་ཏེ། སྒྲ་གྲགས་སྟོང་བྱུང་ཡང་ཆོས་ཉིད་ལས་བྱུང་བས་སྟོང་པའི་སྒྲ་བརྗོད་མེད་མཚོན་དཔེ་ལས་འདས་པར་ཤེས་པར་གྱིས་ཤིག །རང་གི་རིག་པ་སེམས་ཀྱི་བདག་ཉིད་དཔལ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀ་ནས༔ ཡེ་ཤེས་སེམས་དཔའ་རུ་ལུ་འབྲུ་བརྒྱད༔ ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པ་ལས༔ སྣོད་ཀྱི་འཇིག་རྟེན་སྟོངས༔ བཅུད་ཀྱི་སེམས་ཅན་བསྒྲལ་ནས༔ ཤེས་པའི་བདག་ཉིད་ལ་ཐིམ༔ འོད་ལྔ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡིག་འབྲུ་ལ་ཐིམ༔ ཧཱུྃ་ཡང་རིམ་པས་ཡེ་ཤེས་ཐིག་ལེ་ལ་ཐིམ༔ ཐིག་ལེ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སྟོང་ནས༔ ཆོས་ཐམས་ཅད་སྟོང་པ༔ གསལ་བ༔ དག་པ༔ མཚན་མ་མེད་པ༔ རྒྱུན་ཆད་མེད་པ༔ སྐྱེ་འཇིག་མེད་པ༔ བརྗོད་པ་བྲལ་བ༔ ཁ་དོག་དང་དབྱིབས་སུ་མ་གྲུབ་པ༔ ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ༔ དྲན་རིག་ཡེ་ཤེས་རྒྱུན་ཆད་མེད་པ་དེ་ལ༔ ཆོས་ཉིད་མ་བུ་འཕྲད༔ རང་ས་ཟིན༔ རང་ཞལ་མཐོང༔ མཚན་མ་རྒྱས་ཐེབས༔ བག་ཆགས་ཟིལ་གྱིས་མནན༔ མཚན་མ་རང་གྲོལ༔ ཡེ་ཤེས་ཀྱི་ས་ལ་བསླེབས་པ༔ ཞེས་བྱ་བ་ཡིན་པས་དེའི་དོན་ཤེས་པར་གྱིས་ཤིག །དེ་ལྟར་ནང་གི་དབང་ངག་ལ་བསྐུར་པས་ངག་གི་སྒྲིབ་པ་དག །ས་བརྒྱད་པ་དང་སྐལ་པ་མཉམ་པ་ཡིན་ནོ། །གསུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཔེ་མར་མེ་འདིས་མཚོན་ནས་རང་གི་སེམས་ཉིད་རྟོག་མེད་མ་བསྒྲིབས་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །མར་མེ་སྤར་བ་སྙིང་གར་གཏུགས་ལ། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་ནས༔ སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེར་གསལ་བ༔ ཀུན་གཞི་གནས་འགྱུར་སྤྱན་དགུ་ཡེ་ཤེས་འབྱིན༔ སྒྲིབ་པ་བསལ་ཕྱིར་ཡེ་ཤེས་གསལ་བར་ཤོག༔ ཨོཾ་བཛྲ་ཨ་དྷི་པ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེ་ལ་ཀོང་བུ་ནི་རང་གི་སྒོ་ལྔའི་རྣམ་པར་ཤེས་པ་བྷ་ག་ཡངས་པའི་ཀློང་ངོ༔ མར་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བྲལ་བའོ༔ སྡོང་བུ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ༔ མེ་ལྕེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བདག་གི་བག་ཆགས་བསྲེགས་ཤིང་སྦྱངས་ཏེ༔ མ་རིག་པའི་མུན་པ་བསལ༔ རང་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་བར་བསྒོམ་པའི་དོན་ཡིན་པས་ཤེས་པར་གྱིས་ཤིག །དེ་ལྟར་གསང་བའི་དབང་སེམས་ལ་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་ནས་ཐོད་སྐུ་བསྟན་ལ། བཞི་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་ནི༔ བླ་མའི་མན་ངག་སྟེ༔ དེ་ལ་གཉིས༔ སེམས་ངོས་བཟུང་བ་དང༔ ལམ་དུ་སློང་བའོ༔ དེ་ལ་དང་པོ་སེམས་ངོས་བཟུང་བ་ནི༔ ཡེ་ཤེས་འཁོར་ལོ་ལས༔ སེམས་ནི་དྲག་ཏུ་གཏད་པར་བྱ༔ ཞེས་པས་ཐོད་པའི་བྲིས་སྐུ་ལ་དྲག་ཏུ་གཏད་ལ་སེམས་བཟུང་ངོ༔ སེམས་མི་འཕྲོ་བར་འདུག་ན༔ སེམས་ཟིན་པ་ཡིན་པས༔ དེ་ལམ་དུ་བསླང་བ་ནི༔ ལྟ་བ༔ སྒོམ་པ༔ སྤྱོད་པ༔ འབྲས་བུའོ༔ དེ་ལ་ལྟ་བ་ནི༔ འདི་ལྟར་གྱི་སྣང་བ་སེམས་སུ་ངོ་སྤྲད་དེ༔ སེམས་བྱུང་གི་བག་ཆགས་བརྟས་པའོ༔ སེམས་སྟོང་པར་ངོ་སྤྲད་དེ༔ ཁ་དོག་དང་དབྱིབས་མེད་པས་རང་སྟོང་པར་འདུག་པའོ༔ སྟོང་པ་དབྱེར་མེད་དུ་ངོ་སྤྲད་དེ༔ སྣང་སྟོང་གཉིས་མེད་དུ་འདུག་པའོ༔ དབྱེར་མེད་ཙམ་དུའང་མ་ཞེན་པའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ སྣང་སྟོང་དབྱེར་མེད་ཕྱིར་ན་སེམས༔ སེམས་ལ་ངོས་བཟུང་མེད་པ་འོ༔ ཞེས་འབྱུང་ངོ༔ སྒོམ་པ་ནི༔ རིག་པ་ཡུལ་མེད་དུ་གསལ་བ་སྟེ༔ སེམས་མ་བཅོས་པར་བཞག་པས་རང་གསལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ མར་མེ་རླུང་གིས་མ་བསྐྱོད་བཞིན༔ གསལ་ལ་མི་རྟོག་མ་ཡེངས་བཞག༔ ཅེས་གསུངས་སོ༔ སྤྱོད་པ་ནི༔ སེམས་འཕྲོ་བའི་དུས་ན་ནམ་མཁའི་སྤྲིན་བཞིན་དུ་རྣམ་རྟོག་གི་མཚན་མ་ཅི་བྱུང་ཡང་རང་བྱུང་རང་ཞིར་བཞག་གོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ དེ་ལ་སེམས་ནི་འཕྲོས་གྱུར་ན༔ ནམ་མཁའི་སྤྲིན་བཞིན་ཤེས་པར་བྱ༔ ཞེས་སོ༔ འབྲས་བུ་ནི༔ སེམས་གཞི་རྩ་དང་བྲལ་བས་གང་གི་ངོ་བོར་ཅིར་ཡང་མ་གྲུབ་པ་ནི་དཔལ་ཆེན་པོའི་ཐུགས་ཡང་དག་པ་ཆོས་ཀྱི་སྐུའོ༔ ཡེ་ཤེས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ༔ དེ་ལ་ཐུགས་རྗེ་རྒྱུན་ཆད་མེད་པ་ནི་སྤྲུལ་པའི་སྐུའོ༔ དེ་ལྟར་ཡང་ཡེ་ཤེས་འཁོར་ལོ་ལས༔ དེ་ཡི་དོན་རྟོགས་ཆོས་ཀྱི་སྐུ༔ འགྲོ་དོན་གཟུགས་སྐུས་བྱེད་པ་འོ༔ ཞེས་འབྱུང་ངོ༔ མདོར་ན་འདི་ནི་མཐར་ཐུག་ལྟ་སྒོམ་གྱི་དབང་ཡིན་ཏེ། ལྟ་བ་སྣང་སྟོང་དབྱེར་མེད། སྒོམ་པ་རིག་པ་ཡུལ་མེད། སྤྱོད་པ་རྣམ་རྟོག་རང་གྲོལ། འབྲས་བུ་རང་བྱུང་དུ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབང་ལུས་ངག་ཡིད་གསུམ་ལ་བསྐུར་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །སངས་རྒྱས་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་རྣམས་ཀྱིས་ཡེ་ཤེས་འཁོར་ལོ་རྩ་བའི་དབང་ཞེས་བྱ་བ་ཡང་དག་སྙིང་པོའི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཆོག་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་དང་བརྟན་མ་བསྐྱང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་དང་རས་བྲིས་ཡིན་ན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་བཅས་བྱས་པས་འགྲུབ་བོ། །དཔལ་ཆེན་མངོན་གྲུབ་སློབ་དཔོན་གྱིས། །དཔལ་ཆེན་ཐུགས་ཀྱི་བཅུད་ཕྱུང་བ། །འདི་རྒྱུན་ཉིན་སྐར་དང་མཚུངས་ཤིང་། །ལག་ལེན་ཚད་ལྡན་དེ་བས་དཀོན། །དེ་ཕྱིར་ལྷག་བློ་ལས་བྱུང་དགེས། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །འདི་བསྟན་བརྡལ་བའི་འདོད་དོན་དག །གེགས་མེད་ལྷན་ཅིག་ཉིད་འགྲུབ་ཤོག །འདི་ཉིད་གཞུང་ཉུང་ཡང་ལག་ལེན་དུ་འདེབས་པར་དཀའ་བས་རང་འདྲའི་བློ་རྨོངས་ལ་གཟུ་ལུམ་གྱི་ཉེས་པ་མི་འབྱུང་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་ཁྲག་འཐུང་ཐུགས་ཀྱི་འཁོར་ལོའི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

རྫོགས་ཆེན་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཚེ་དབང་རིན་ཆེན་འཁོར་ལོ་བཀླག་ཆོག་ཏུ་བསྡེབས་པ་བདུད་རྩིའི་འོད་ཟེར་ (Volume 19, Text 18)

༄༅། །རྫོགས་ཆེན་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཚེ་དབང་རིན་ཆེན་འཁོར་ལོ་བཀླག་ཆོག་ཏུ་བསྡེབས་པ་བདུད་རྩིའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨཱ་ཡུ་དེ་བཱ་ཡ། སེམས་ཅན་སྲོག་ཕོངས་ཁྱེད་ལ་འགྲོ་ཀུན་ཕོངས། །དེ་ཕྱིར་རྟག་ཏུ་ཚེ་དབང་མཆོག་སྩོལ་མཛད། །འཆི་བདག་དཔུང་འཇོམས་ཞབས་ལ་ཕྱག་འཚལ་ནས། །དབང་ཆོག་མ་བུ་དོན་བསྡེབས་འདིར་གསལ་བྱ། །དེ་ལ་གཉིས། གཞུང་དོན་སྤྱིར་སྨོས་པ། དགོས་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྫོགས་ཆེན་ལྟ་བ་ཀློང་ཡངས་དབང་བཞིའི་ཆ་ལག་ཏུ་ཚེ་དབང་འདི་ཉིད་སྦྱོར་བའི་ཚེ་དབང་གཞུང་རྣམས་རྫོགས་པའི་མཐའ་རྟེན་དུ་གཞུང་གི་དངོས་བསྟན་ལྟར། དཀྱིལ་འཁོར་དབང་རྫས་བཤམས་ལ་དཔོན་སློབ་ལྷན་ཅིག་པས། ཚེ་སྒྲུབ་ལས་བྱང་གི་སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་སྔོན་དུ་སོང་ནས། ཚེ་དབང་ནང་གསལ་བདག་བསྐྱེད་སྒོམ་བཟླས་བྱ། སླར་ཚེ་སྒྲུབ་ལྟར་མདུན་རྟེན་དཀྱིལ་འཁོར་བསྒོམ། སྤྱན་འདྲེན་བཞུགས་ཕྱག་མཆོད་པ། མདུན་བསྐྱེད་ལས་འོད་ཟེར་སྤྲོ་བསྡུའི་བཟླས་པ་དང་། བསྟོད་པ་ཚེ་འགུག་ཚོགས་མཆོད་བཅས་གྲུབ་ནས། ཚེ་དབང་ཞུ་གནང་བྱ། དཀྱིལ་འཁོར་བསྟན། རལ་གྲི་ནས་སྤྱི་དབང་བར་བསྐུར། མཐའ་རྟེན་རྟགས་བརྒྱད་སྦྱར། ལྷག་མ་གཏང་བ་དང་བསྡུ་རིམ་བྱས་པས་འགྲུབ་པ་ཡིན་ནོ། །གཉིས་པ་ནི། འདི་ཉིད་ཁོལ་འདོན་དུུ་བྱ་བའི་སྐབས་གསང་བ་སྤྱིའི་འགྲོས་དང་བསྟུན་ནས་ལག་ཏུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུའི་སྟེང་དུར་ཁྲོད་མེད་པའི་དཀྱིལ་འཁོར་སྒོ་རྫོགས་སོགས་སྤྱི་དང་འདྲ་བའི་དབུས་སུ། མུ་ཁྱུད་རིམ་གསུམ་གྱི་ལྟེ་བར་གཙོ་བོའི་ལྷ་གནས་གྲུ་བཞི་པའི་དབུས་སུ་ཨོཾ། མུ་ཁྱུད་དང་པོར་རྡོ་རྗེའི་ར་བ། གཉིས་པར་འཁོར་ལོ་རྩིབས་བཞི་པའི་རྩིབས་སྟེང་དུ་ཡང་འཁོར་ལོ་རྩིབས་བཞི་པ་རེ་རེའི་ལྟེ་བར་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབྲིས། གསུམ་པར་འོད་ཁ་དོག་ལྔའི་ར་བ་ཟླུམ་པོར་བསྐོར་བའི་དབུས་སུ་མཉྫིའི་ཁར་ཚེ་འབྲང་བུམ་གཟུགས་ཁ་རྒྱན་འཁོར་ལོར་ཨོཾ་གྱིས་བརྒྱན་པ། དེའི་མདུན་དུ་རིན་པོ་ཆེའི་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བའི་ཁ་རྒྱན་གསེབ་རྣམ་སྣང་གི་སྐུ་ཙཀ །ཕྱོགས་བཞིར་བུམ་པ་བཞི་ལ་རིགས་བཞིའི་སྐུ་དང་། ལྔ་ཀ་མགུལ་ཆིངས་ལྷ་མདོག་ཅན། མཚམས་བཞིར་ཚེ་འབྲང་བཞིའི་ཁར་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་བཞི་ལ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿས་མཚན་པས་བརྒྱན་པ། དེའི་ཕྱི་རོལ་སྒོ་བཞིའི་ཐད་དུ་འབྲང་རྒྱས་ཞལ་དཀར་བཞི་དང་མདའ་དར་བཞི་ཕྱོགས་མདོག །མཚམས་བཞིར་རལ་གྲི་བཞི་བཙུགས། རིགས་ལྔའི་ཕྱག་མཚན་སོ་སོ་པའི་ཙཀ་ལི་དབུས་སུ་བཞག །ཚེ་རིལ། ཚེ་ཆང་། མདའ་དར། མཐའ་རྟེན་རྟགས་བརྒྱད། ཕྱི་ནང་གི་མཆོད་གཏོར་སྤྱི་ལྟར་བཤམ། ལས་བྱང་ལ་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། ཕྲིན་ལས་གཞུང་བསྲང་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་འགྲུབ་ཚེ་འགུག་ཚོགས་མཆོད་བཅས་གྲུབ་ནས། ལས་བུམ་དུ་རྟ་མགྲིན་དང་འཁྱིལ་པ་གང་རུང་བསྐྱེད་བཟླས་འོད་ཞུ་བྱ། དཀྱིལ་འཁོར་པའི་གཙོ་བོའི་ཐུགས་ལས་རང་ཉིད་ལོགས་སུ་ཕྱེ་བས་ཚེ་དཔག་མེད་དམར་པོ་ལོངས་སྐུའི་ཆས་ཅན་ཕྱག་གཉིས་ཚེ་བུམ་དང་ནོར་བུ་བསྣམས་པར་བསྒོམས་ལ། རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ཞུའོ། །དེ་ནས་དབང་བསྐུར་བ་ནི། སློབ་མ་རྣམས་བོས་ལ་ལས་བུམ་གྱི་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་བགེགས་བསྐྲད་སྲུང་འཁོར་ལས་བྱང་ལྟར་སོང་ནས། སེམས་བསྐྱེད་གསལ་གདབ། ཚེ་དབང་དང་འབྲེལ་བའི་སྤྱི་བཤད་དང་ཁྱད་པར། དེའང་གཞུང་འདི་ཉིད་ལས། འདོད་ཁམས་ཕོ་མོ་འདོད་པའི་རང་བཞིན་ཀུན༔ རང་ངོ་མ་ཤེས་རང་རྒྱུད་རྟོག་པར་འཁྲུལ༔ འདྲེ་སྲིན་འབུམ་ཕྲག་སྲོག་ལ་ཧུར་ཐུམ་བྱེད༔ དེ་ལས་སྐྱོབ་ཕྱིར་རིགས་ལྔའི་ཚེ་སྒྲུབ་བཤད༔ ཅེས་གསུངས་པ་ལྟར་སྤྱིར་འདོད་ཁམས་དུ་སྐྱེས་པ་རྣམས་དང་ཁྱད་པར་ཚེ་དང་ལྟ་བ་སོགས་སྙིགས་མ་ལྔའི་ཤུགས་བདོ་ཞིང་ཉོན་མོངས་པ་ཤིན་ཏུ་ཧྲགས་པའི་སྐབས་སུ་སྐྱེས་པའི་སེམས་ཅན་རྣམས། མི་ཚེ་དགུན་གྱི་ཉི་མ་ལྟ་བུར་ཐུང་ཞིང་དེའང་ཚེ་ཚད་ཀྱི་ཐོག་ཏུ་མི་འཁྱོལ་བར་དུས་མ་ཡིན་པར་གློ་བུར་དུ་འཆི་བའི་རྐྱེན་མང་བའི་སྐབས་འདིའི་གདུལ་བྱ་རྣམས་ལ་ཐུགས་ཤིན་ཏུ་བརྩེ་བས་བོད་འབངས་སྐྱོབ་པའི་ཡབ་གཅིག་ཚེ་དཔག་མེད་དངོས་འཆི་མེད་གུ་རུ་པདྨ་འབྱུང་གནས་ཀྱིས་རྗེ་འབངས་སྐལ་ལྡན་རྣམས་ལ། སྤྱི་བྱེ་བྲག་ཁྱད་པར་དང་འབྲེལ་བའི་ཚེ་སྒྲུབ་ཟབ་མོའི་རྒྱུད་དང་གདམས་སྐོར་བསམ་གྱིས་མི་ཁྱབ་པ་གནང་ནས་ཕལ་ཆེར་གཏེར་གྱི་རིགས་དུ་མར་གསང་བའི་རྒྱས་བཏབ་སྟེ་དུས་བབས་ཀྱི་རིམ་པ་དང་མཐུན་པར་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བ་ལས། འདིར་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོའི་ཡང་སྲིད་གཏེར་སྟོན་རྒྱལ་པོ་ལྔ་ལས་གསུམ་པ་ཨོ་རྒྱན་རྡོ་རྗེ་གླིང་པས་ཟབ་མོའི་གཏེར་ཁ་བརྒྱ་རྩ་བརྒྱད་ཞལ་དབྱེ་བར་མཛད་པའི་ནང་ནས་ཀུན་གྱི་ཐོག་མར་གྱུར་པ། ངམ་ཤོད་གནམ་ལྕགས་བྲག་ནས་གུ་རུ་རིན་པོ་ཆེས་དངོས་སུ་བསྩལ་པའི་མཆོག་གཏེར་ཆེན་པོ་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཆ་ལག །ཞི་ཁྲོ་གཉིས་ཀྱི་ཚེ་སྒྲུབ་འོད་ཟེར་དྲྭ་བ་དང་འབྲེལ་བའི་ཚེ་དབང་རིན་པོ་ཆེའི་འཁོར་ལོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལའབུལ་དུ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུ་རྦནྡྷ་ཝཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དང་། ཨོཾ་ཨཱཿཧཱུྃ་གིས་མེ་ཏོག་སྦྱིན། གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཀུན་གྱི་བདག༔ ཚེ་དབང་ཡེ་ཤེས་ལྷུན་རྫོགས་པས༔ དབང་གི་རིམ་པ་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་ཚེ་དཔག་མེད་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་དང་བཅས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ནས་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ན་མོ༔ རྡོ་རྗེ་ཚེ་མཆོག་སོགས་ལས་བྱང་ལྟར་ལན་གསུམ། སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་པའི་ཕ་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་དུ། གནས་སྐབས་འཆི་བདག་གི་འཇིགས་པ་ལས་གྲོལ་ཞིང་། མཐར་ཐུག་བཅོམ་ལྡན་འདས་ཚེ་བདག་རིགས་ལྔའི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཐུན་མོང་མ་ཡིན་པའི་སྨིན་བྱེད་ཀྱི་སྒོར་འཇུག་ཅིང་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པར་སེམས་བསྐྱེད་ལ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སོགས་ལན་གསུམ། ཚོགས་ཀྱི་ཞིང་མཆོག་དམ་པ་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བཅུ་པའི་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཚེ་བདག་ཞི་ཁྲོའི་ལྷ་ཚོགས་གཤེགས༔ སོགས། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་བཟུང་བའི་བློས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོ་མཆིས་ཀྱི་བར༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ ལན་གསུམ། དེ་ནས་དམ་ཚིག་བསྒྲག་པ་ནི། རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ ཐུབ་ན་ཡོན་ཏན་བརྒྱ་རྩ་ཐོབ༔ མ་ཐུབ་རྡོ་རྗེ་དམྱལ་བར་ལྟུང༔ ས་མ་ཡ་ཨི་དན་ཏེ༔ ན་ར་ཀན༔ དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ༔ དམ་ཚིག་ཁྲོ་ཆུ་ཁོལ་མ་འདི༔ ཁྱོད་ལ་གཏད་ཀྱིས་ཐུབ་པར་སྲུངས༔ མ་ཐུབ་དམྱལ་བའི་རྒྱུ་ཡིན་ཏེ༔ ཐུབ་ན་ཡོན་ཏན་བརྒྱ་རྩ་ཐོབ༔ དེ་བས་ཁྱོད་ཀྱིས་གུས་པས་ལོངས༔ ས་མ་ཡ་བཛྲ་ཨ་མྲྀཏ་ཧཱུྃ༔ སྐུ་སྙིང་གར་བཞག །མེ་ལོང་བསྟན་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ སྙིང་ལ་ཡང་དག་གཞུག་པར་བྱ༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ས་མ་ཡ་བཛྲ་ཙིཏྟ་ཧཱུྃ༔ ཞེས་བརྗོད། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པར་བྱ་བ་ལ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། སྣང་སེམས་མ་དག་པའི་རྟོག་ཚོགས་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿསེར་པོ་ལས་འོད་ཟེར་སེར་པོ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ་ལྟེ་བ་མན་ཆད་ལྗང་གུ །ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་ཚེ་ཡི་བུམ་པ་ནོར་བུ་འབར་བའི་ཁ་རྒྱན་ཅན་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་སྒོ་གསུམ་ལ་ཐིམ་པར་གྱུར་པའི་མོས་པ་བརྟན་པོ་གྱིས་ཤིག །སྤོས་བསྲེག །དབྱངས་རོལ་བཅས་བབ་དྲུག་གམ། ལས་བྱང་གི་སྤྱན་འདྲེན་བརྗོད་ལ། སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་སྤྱི་བོར་བཞག་ལ་མེ་ཏོག་གཏོར། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལས་ཀྱིས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ རིག་སྟོང་ལྷ་དང་སྔོན་འབྲེལ་བའི༔ གཤིས་ལུགས་དེ་ལ་བབས་གྱུར་ཅིག༔ པྲ་ཏཱིཙྪ་ཧོ༔ ཞེས་མཎྜལ་དུ་དོར། མ་རིག་འཁྲུལ་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧཱུྃ༔ ཁྱོད་ཀྱི་གཏི་མུག་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ དེ་བཞིན་ཉོན་མོངས་འཁོར་བ་རྣམས༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཅེས་མིག་དར་བསལ། དེ་རྣམས་ཀྱིས་གསང་བ་སྤྱིའི་ལུགས་བཞིན་འཇུག་པའི་ཆོས་རྣམས་གྲུབ་ནས། གཞུང་ཉིད་ལས། ཚེ་ཡི་ངོ་བོ་སྟོང་ཉིད་ངང༔ ཚེ་ཡི་རང་བཞིན་སྒོམ་བཟླས་གསལ༔ ཚེ་ཡི་ཐུགས་རྗེ་ཕྲིན་ལས་འགྲུབ༔ དེ་ལྟར་ཏིང་འཛིན་མ་ཡེངས་བུ༔ ཚེ་དབང་དངོས་གྲུབ་འགྲུབ་པ་སྟེ༔ ཚེ་དང་ཡེ་ཤེས་རབ་གསལ་བས༔ ཚེ་དབང་དཀྱིལ་འཁོར་ཉིད་ཀྱང་མཐོང༔ སྐྱེ་ཤི་མེད་པའི་དབང་རྫོགས་འགྱུར༔ ཞེས་གསུངས་པ་ལྟར་དབང་གི་ཐོག་མར་སྒོམ་བཟླས་དང་འབྲེལ་བར་ཚེ་འགུགས་པའི་ཕྲིན་ལས་བསྒྲུབ་པ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བདག་གཞན་གཉིས་འཛིན་གྱི་རྟོག་པ་ཀ་དག་གི་ངང་དུ་སྦྱངས། དེའི་ངང་ལས་རང་གི་རིག་པའི་ངོ་བོ་ཧྲཱིཿདམར་པོ་ལས་སློབ་དཔོན་ཉིད་སྣང་བ་མཐའ་ཡས་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་གཡས་ཚེའི་བུམ་པ་དང་། གཡོན་ནོར་བུ་འབར་བ་བསྣམས་པ། པདྨ་དང་ཉི་མའི་གདན་ལ་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཁྱེད་རང་རྣམས་ཀྱང་རིག་པའི་ངོ་བོ་ཧྲཱིཿལས་སྐད་ཅིག་གིས་ཚེ་དཔག་མེད་སྐུ་མདོག་སེར་པོ་འོད་ཟེར་འཕྲོ་བ། ལྟེ་བ་མན་ཆད་ལྗང་གུ་ལོངས་སྐུའི་ཆས་ཅན། ཕྱག་གཉིས་མཉམ་གཞག་ཚེ་བུམ་ནོར་བུའི་ཁ་རྒྱན་ཅན་བསྣམས་པ། ཞབས་སྐྱིལ་ཀྲུང་པད་ཉི་ཟླ་བའི་གདན་ལ་བཞུགས་པར་གསལ་ཐོབ་ཅིག །སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་བར་དུ་ཡི་གེ་ཨ་དཀར་པོ་དགུ་མགལ་མེའི་ཕྲེང་བ་ལྟར་འཁོར་བ་ལས་འོད་ཟེར་ཨ་ཡིག་དམར་པོའི་ཚུལ་ཅན་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ལུས་ཀྱི་ནང་ཨ་ཡིག་ཡེ་ཤེས་བདུད་རྩིའི་རང་བཞིན་གྱིས་ལྟེམས་སེ་གང་། འཆི་མེད་ཚེའི་དབང་དང་དངོས་གྲུབ་ཐོབ། ལུས་ནང་གི་ཨ་ལས་ཨ་ཡིག་དམར་པོ་དགུ་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དབུས་མདུན་དང་དགུར་འཕྲོས་པས་རང་འདྲ་བའི་ཚེ་དཔག་མེད་རེ་རེར་གྱུར་ནས་བཞུགས་པ། ཐམས་ཅད་ལས་འོད་ཟེར་དམར་པོ་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་དྭངས་མ་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་ཡིག་འབྲུའི་རྣམ་པར་འུབ་འུབ་བསྡུས་ཏེ་རང་དང་བསྒྲུབ་པའི་རྫས་རྣམས་ལ་ཐིམ་པར་སྒོམས་ལ་གཟུངས་སྔགས་ལྷན་ཅིག་ཏུ་ཟློས་ཤིག །ཅེས་པའི་དམིགས་པ་ཕོག་ལ་ལས་བྱང་ལྟར་སྙིང་པོ་ཅི་འགྲུབ་བཟླ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ། དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟ་བུ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཉམས་པ་དང་འཁྱམས་པ། ཡར་ཅིང་སྟོར་བ། བྲོས་ཤིང་འཐོར་བ། སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་དྭངས་བཅུད། རྩ་གསུམ་རྒྱལ་བའི་བྱིན་རླབས་ནུས་མཐུ་མ་ལུས་པ་ཨ་ནྲྀ་ཧཱུྃ་གསུམ་དང་འཇའ་འོད་ཟེར་ཐིག་གི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་ལ་སིབ་སིབ་ཐིམ་པས་ཚེ་སྲོག་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་མོས་ཤིག །སྤྲོ་ཞིང་ལོངས་སྐབས་ཡོད་ན་བསྟོད་པ་དང་ཚེ་བསྐུལ་ལེ་ཚན་ཐམས་ཅད་གཏང་། བསྡུ་ན་ཞི་ཁྲོ་དང་། ཚེའི་ལས་མཁན་བསྐུལ་བ་ཙམ་གཏང་། དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འོད་དཔག་མེད་པ་མགོན་པོའི་སྐུ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་ཕོངས་པའི་སེམས་ཅན་རྣམས༔ བར་ཆད་བདུད་ལས་སྐྱོབ་པ་དང༔ འཆི་བདག་དགྲ་ལས་རྒྱལ་བའི་ཕྱིར༔ བདག་ཅག་རྣམས་ལ་ཚེ་དབང་སྩོལ༔ བདག་ནི་སྣོད་ལྡན་དམ་ཚིག་ཅན༔ ལས་དང་སྐལ་བར་ལྡན་པ་ལགས༔ ལན་གསུམ་ཞུ། བླ་མས་ལན་སྦྱིན་པ་ནི། ཀྱེ་ཧོ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དུ༔ བུ་རྣམས་བར་ཆད་བསལ་བ་དང༔ ཉོན་མོངས་བདུད་ལས་ཐར་སླད་དུ༔ དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས༔ ལན་གསུམ། དེ་ལྟར་གནང་བ་བསྩལ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་ནས་གཡས་སྐོར་དུ་ཕྱིན་ཏེ་སྒོ་སོ་སོ་ནས་ཕྱག་འཚལ་ཞིང་ཞབས་ལ་བཏུད་དེ་ལྷ་ཞལ་མཐོང་བར་མོས་ཤིག །ཧཱུྃ༔ ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ༔ རྡོ་རྗེ་འདུ་འབྲལ་མེད་པའི་ལྷ་ཚོགས་གསལ༔ གསང་ལྡན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ༔ རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ༔ ཧཱུྃ༔ ལྔ་ལྡན་རིན་ཆེན༴ རིན་ཆེན་འདུ་འབྲལ༴ གསང་ལྡན་རིན་ཆེན༴ རིན་ཆེན་འདུས་པའི༴ ཧཱུྃ༔ ལྔ་ལྡན་པདྨ་འབར༴ པདྨ་འདུ༴ གསང་ལྡན་པདྨ་རིགས༴ པདྨ་འདུས༴ ཧཱུྃ༔ ལྔ་ལྡན་ལས་རབ༴ ལས་རབ་འདུ་འབྲལ༴ གསང་ལྡན་ལས་རབ༴ ལས་རབ་འདུས༴ ཧཱུྃ༔ ལྔ་ལྡན་བདེ་གཤེགས༴ བདེ་གཤེགས༴ གསང་ལྡན་བདེ་གཤེགས༴ བདེ་གཤེགས་འདུས་པའི་སྲས་སུ་དབང་བསྐུར་རོ༔ སླར་ཤར་གྱི་སྒོ་ནང་དུ་འཁོད་པར་མོས་ལ་མཐོང་བ་བསྟན་པ་ནི༔ དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་གཙོ་བོའི་ལྷ་གནས་གྲུ་བཞི་ལྷམ་པའི་མཐར་རྡོ་རྗེའི་རྭ་བས་ཟླུམ་པོར་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞིའི་རྩིབས་སྟེང་དུ་ཡང་འཁོར་ལོ་རྩིབས་བཞི་པ་རེ་རེ། དེའི་མཐར་འོད་ཁ་དོག་སྣ་ལྔས་བསྐོར་བའི་དབུས་ཀྱི་ལྟེ་བ་དང་ཕྱོགས་བཞིའི་འཁོར་ལོ་བཞིའི་ལྟེ་བ་རྣམས་སུ་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་ཟླའི་གདན། ལྷ་གཞན་ལ་པད་ཟླའི་གདན་དང་བཅས་པའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་སོགས་རིགས་ལྔ་ཡབ་ཡུམ་རྣམས་སྐུ་མདོག་དཀར་མཐིང་སེར་དམར་ལྗང་བ། ཡབ་རྣམས་ཕྱག་གཡས་རང་རྟགས་དང་གཡོན་ཚེ་བུམ། ཡུམ་རྣམས་གཡས་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ། འཁོར་ལོ་བཞིའི་རྩིབས་གཡས་གཡོན་དུ་སེམས་དཔའ་དང་མདུན་རྒྱབ་ཏུ་སེམས་མ་གཉིས་རེ་སྟེ་གཙོ་འཁོར་དྲུག་དྲུག །ཁྱམས་ལ་ཐུབ་པ་དྲུག་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། སྒོ་བཞིར་སྒོ་བ་ཡབ་ཡུམ་བཅས་ཚེ་དཔག་མེད་པ་རིགས་བརྒྱའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །སྔར་ཕུལ་བའི་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་སྒོམས་ཤིག །ཅོད་པན་སླར་སྤྱི་བོར་བཞག་ལ། ཧོ༔ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ དུས་གསུམ་སངས་རྒྱས་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་འདི་བྱིན་པས༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ན་མོ་པུ་རུ་ཤ་ཡ་ཨ་བྷི་ཥིཉྩ་ཧོ༔ དེས་དབང་གི་ཐོག་མ་མེ་ཏོག་ཅོད་པན་གྱི་དབང་བསྐུར་བ་སོང་ནས། མཚམས་ཀྱི་རལ་གྲི་ཁྲོ་རྒྱལ་མཐར་བྱེད་རྣམ་བཞིའི་ངོ་བོས་དབང་བསྐུར་བས་ཚེ་ལ་བར་དུ་གཅོད་པའི་བདུད་བཞི་རྩད་ནས་བཅད་པའི་དབང་བསྐུར་ཐོབ་པར་མོས་ཤིག །ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར། རལ་གྲི་བཞིའི་རིམ་པར་དབང་བསྐུར་ལ། ཧཱུྃ༔ སྐྱེ་ཤི་རྩད་གཅོད་རལ་གྲི་འདིས༔ སྣོད་ལྡན་བུ་ལ་དབང་བསྐུར་བས༔ སྐྱེ་མེད་ཆོས་སྐུའི་དབང་ཐོབ་ཅིང༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ མ་ཧཱ་པུནྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཉོན་མོངས་རྩད་གཅོད༴ སྣོད་ལྡན༴ ཉོན་མོངས་འཁོར་བའི་རྒྱུད་དག་ནས༔ ཚེ་ནི་མི་ཟད་རིན་ཆེན་དབང༴ ཛྙཱ་ན་པྲ་བྷཱ་རཱ་ཛ་ཡོ་གི་ནཱི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དུག་གསུམ་རྩད་གཅོད༴ སྣོད་ལྡན༴ སྐུ་གསུམ་རང་ངོ་རང་ཐོག་སྤྲད༔ མདངས་ལྡན་པདྨ་རིགས་ཀྱི་དབང་ཐོབ་ཤོག༔ ཨོཾ་རུ་རུ་སྥུ་རུ་ཏིཥྛ་ཛྭ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་བ་རྩད་གཅོད༴ སྣོད་ལྡན༴ མ་རིག་བདག་འཛིན་རང་དག་ནས༔ མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག༔ སརྦ་སིདྡྷི་བ་ཏ་ནི་ཤི་ཀ་རེ་ཤི་ཀ་རེ་ཤ་ཏ་ཀ་ར་སྭཱ་ཧཱ༔ ཏུ་རེ་ཏུ་རེ་ཏཱ་རེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ སྒོ་སྲུང་མགྱོགས་མ་ཆེན་མོ་བཞིའི་རྟེན་གྱིས་དབང་བསྐུར་བས་འབྱུང་བཞིའི་སྒོ་ནས་ཚེ་སྲོག་ཉམས་པ་སོར་ཆུད། ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི་ཚེ་དབང་དངོས་གྲུབ་ཐོབ་པར་མོས་ཤིག །ཤར་ལྷོ་ནུབ་བྱང་སྒོ་བཞིའི་འབྲང་རྒྱས་དང་མདའ་དར་གྱིས་རིམ་པར་དབང་བསྐུར་ལ། ཧཱུྃ༔ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཡིད་འཕྲོག་ལྕགས་ཀྱུ་མ༔ ཐུགས་རྗེས་འཁོར་བའི་གནས་འདྲེན་མ༔ ནད་གདོན་སྡིག་སྒྲིབ་ཞི་ནས་ཀྱང༔ མི་ཤིགས་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ་རྟེན་བྱས་ནས༔ ཚེ་དར་འདི་ཡིས་མདངས་སྤར་ཏེ༔ ཞལ་དཀར་འདི་ཡིས་མཐུན་སྦྱར་ནས༔ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི༴ རིན་ཆེན་ཡིད་འཕྲོག་ཞགས་པ་མ༔ སྙིང་རྗེས་རྒྱུན་དུ་འཆིང་བྱེད་མ༔ ཚེ་དབང་བསོད་ནམས་རྒྱས་ནས་ཀྱང༔ མི་ཟད་རིན་ཆེན་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ༴ ཚེ་དར་འདི་ཡིས༴ ཞལ་དཀར་འདི་ཡིས༴ ཚེ་སྤེལ་གཡང་སྤེལ༴ ཧཱུྃ༔ ནུབ་ཕྱོགས་དབང་གི༴ པདྨ་ཡིད་འཕྲོག་ལྕགས་སྒྲོག་མ༔ བྱམས་པས་ལོག་རྟོག་འཇོམས་མཛད་མ༔ ཁམས་གསུམ་སྲིད་གསུམ་དབང་བསྡུས་ནས༔ མདངས་ལྡན་པདྨའི་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ༴ ཚེ་དར་འདི་ཡིས༴ ཞལ་དཀར་འདི་ཡིས༴ ཚེ་སྤེལ་གཡང་སྤེལ༴ ཧཱུྃ༔ བྱང་ཕྱོགས་དྲག་པོའི༴ ཀརྨ་ཡིད་འཕྲོག་དྲིལ་བུ་མ༔ བདུད་བཞི་རུ་དྲ་འདུལ་མཛད་མ༔ དྲག་པོས་རུ་དྲ་ཚར་བཅད་ནས༔ རྒྱ་གྲམ་ལས་རབ་ཚེ་དབང་བསྐུར་དུ་གསོལ༔ ཚེ་མདའ་འདི་ལ༴ ཚེ་དར་འདི་ཡིས༴ ཞལ་དཀར་འདི་ཡིས༴ ཚེ་སྤེལ་གཡང་སྤེལ་སྲོག་སྡོམས་ཤིག༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་ཕྱག་རྒྱ་ལྔའི་དབང་བསྐུར་བས་མི་ཟད་རྒྱན་གྱི་འཁོར་ལོ་ལྔའི་ཚེ་དབང་ཡེ་ཤེས་ཡོངས་སུ་རྫོགས་པར་མོས་ཤིག །འཁོར་ལོ་སྤྱི་བོར་བཞག་ལ། ཧཱུྃ༔ སངས་རྒྱས་སྐུ་ཡི་རང་མདངས་ལས༔ ཕྱག་རྒྱ་གསང་བའི་བརྡ་རྟགས་ཏེ༔ ཡེ་ཤེས་འཁོར་ལོའི་དབང་བསྐུར་བས༔ མུ་དྲ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ༔ པདྨ་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་གསུང་གི་རང༴ ཕྱག་རྒྱ་གསང་བའི༴ ཡེ་ཤེས་པདྨའི་དབང༴ མུ་དྲ་གསུང་གི༴ ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་ཐུགས་ཀར་བཞག་ལ། ཧཱུྃ༔ སངས་རྒྱས་ཐུགས་ཀྱི་རང༴ ཕྱག་རྒྱ་གསང་བའི༴ ཡེ་ཤེས་རྡོ་རྗེའི་དབང༴ མུ་དྲ་ཐུགས་ཀྱི༴ ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་ལྟེ་བར་བཞག་ལ། ཧཱུྃ༔ སངས་རྒྱས་ཡོན་ཏན་རང༴ ཕྱག་རྒྱ་གསང་བའི༴ ཡེ་ཤེས་རིན་ཆེན་དབང༴ མུ་དྲ་ཡོན་ཏན༴ ཨོཾ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ༔ རལ་གྲི་གསང་བར་བཞག་ལ། ཧཱུྃ༔ སངས་རྒྱས་ཕྲིན་ལས་རང༴ ཕྱག་རྒྱ་གསང་བའི༴ ཡེ་ཤེས་རལ་གྲིའི༴ མུ་དྲ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་རང་བཞིན་ཚེ་འབྲང་ཡིག་འབྲུ་ཕྱག་མཚན་དང་བཅས་པས་དབང་བསྐུར་བས་ཉོན་མོངས་པ་ལྔ་དག་རང་བྱུང་ཡེ་ཤེས་ལྔའི་ཚེ་དབང་ཐོབ་པར་སྒོམས་ཤིག །འཁོར་ལོ་ཅན་གྱི་ཚེ་ཟན་སྤྱི་བོར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ནམ་མཁའ་གསང་བའི་ཨོཾ་ལས་བྱུང༔ འཁོར་ལོ་ཨོཾ་གྱིས་དབང་བསྐུར་བས༔ སྐུ་ཡི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ པདྨའི་ཚེ་ཟན་མགྲིན་པར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད༴ པདྨ་གསང་བའི་ཧྲཱིཿལས༴ པདྨ་ཧྲཱིཿཡིས་དབང༴ གསུང་གི་དབང་བསྐུར༴ ཧྲཱིཿཔདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་ཅན་གྱི་ཚེ་ཟན་ཐུགས་ཀར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས༴ རྡོ་རྗེ་གསང་བའི་ཧཱུྃ་ལས༴ རྡོ་རྗེ་ཧཱུྃ་གིས༴ ཐུགས་ཀྱི་དབང་བསྐུར༴ ཧཱུྃ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་པོ་ཆེའི་ཚེ་ཟན་ལྟེ་བར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས༴ རཏྣ་གསང་བའི་ཏྲཱཾ་ལས་བྱུང༔ རཏྣ་ཏྲཱཾ་གྱིས༴ ཡོན་ཏན་དབང་བསྐུར༴ ཏྲཱཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ རལ་གྲི་ཅན་གྱི་ཚེ་ཟན་གསང་བར་བཞག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས༴ ཀརྨ་གསང་བའི་ཨཱཿལས༴ རལ་གྲི་ཨཱཿཡིས༴ ཕྲིན་ལས་དབང་བསྐུར༴ ཨཱཿཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་སྲོག་ཡིག་འབྲུ་ཕྱག་མཚན་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །བུམ་པ་སྐུ་གཟུགས་དང་བཅས་པས་དབང་བསྐུར་བས་ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་ལྔ་སྐུ་ལྔའི་ཚེ་དབང་དངོས་གྲུབ་ཐོབ་པར་མོས་ཤིག །བུམ་པ་དབུས་མ་སྤྱི་བོར་བཞག་ལ། ཧཱུྃ༔ སྤྱི་གཙུག་ཉི་ཟླའི་དཀྱིལ་འཁོར་དུ༔ བཅོམ་ལྡན་རྣམ་པར་སྣང་མཛད་དང༔ ཡུམ་ཆེན་ཀུན་ཏུ་བཟང་མོ་གཉིས༔ གཉིས་མེད་སྐུ་ཡི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཨོཾ༔ ནུབ་ཀྱི་བུམ་པ་མགྲིན་པར་བཞག་ལ། ཧཱུྃ༔ ལྕེ་སྟེང་པདྨ་འདབ་བརྒྱད་སྟེང༔ བཅོམ་ལྡན་སྣང་བ་མཐའ་ཡས་དང༔ ཡུམ་ཆེན་ན་བཟའ་དཀར་མོ་གཉིས༔ གཉིས་མེད་གསུང་གི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨ་མི་ཏ་བྷཱ་ཧྲཱིཿཨ་བྷི་ཥིཉྩ་ཧྲཱི༔ ཤར་གྱི་བུམ་པ་ཐུགས་ཀར་བཞག་ལ། ཧཱུྃ༔ ཙིཏྟ་པདྨ་འདབ་བརྒྱད་སྟེང༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང༔ ཡུམ་ཆེན་མཱ་མ་ཀཱི་དང་གཉིས༔ གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་བུམ་པ་ལྟེ་བར་བཞག་ལ། ཧཱུྃ༔ ལྟེ་བ་རིན་ཆེན་ཟུར་བརྒྱད་ནང༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང༔ ཡུམ་ཆེན་སངས་རྒྱས་སྤྱན་མ་གཉིས༔ གཉིས་མེད་ཡོན་ཏན་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རཏྣ་སཾ་བྷ་བ་ཏྲཱཾ་ཨ་བྷི་ཥིཉྩ་ཏྲཱཾ༔ བྱང་གི་བུམ་པ་གསང་བར་བཞག་ལ། ཧཱུྃ༔ གསང་གནས་བདེ་བྱེད་དཀྱིལ་འཁོར་སྟེང༔ བཅོམ་ལྡན་དོན་ཡོད་གྲུབ་པ་དང༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་གཉིས༔ གཉིས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཀརྨ་སརྦ་ཨ་མུ་ཀ་ཨ་བྷི་ཥིཉྩ་ཨཱ༔ དབང་རྫས་ཐམས་ཅད་སྣོད་ཆེན་པོ་གཅིག་ཏུ་དྲིལ་བས་དབང་བསྐུར་ལ། ཚེ་བདག་རིགས་ལྔ་ཡབ་ཡུམ་གཙོར་གྱུར་པ་ཞི་ཁྲོ་རིགས་བརྒྱའི་ཚེ་ལྷ་ཡོངས་རྫོགས་གཅིག་ཏུ་དྲིལ་བའི་དབང་ཆེན་བསྐུར་བས། ཚེའི་བདག་པོ་གཙོ་འཁོར་རྣམས་དང་གཉིས་སུ་མེད་པའི་དབང་དང་བྱིན་རླབས་གཅིག་རྫོགས་སུ་ཐོབ། སྐྱེ་ཤི་མེད་པའི་ཚེ་དང་འཕོ་འགྱུར་མེད་པ་རྡོ་རྗེའི་སྐུ་མངོན་དུ་བརྙེས་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མོས་ཤིག །ཧཱུྃ༔ བཅོམ་ལྡན་རིགས་བཞིའི་སངས་རྒྱས་དང༔ རིགས་བཞིའི་ལྷ་མོ་འཁོར་དང་བཅས༔ སེམས་དཔའ་དང་ནི་སེམས་མ་དང༔ བདེ་གཤེགས་ཡབ་ཡུམ་འཁོར་བཅས་རྣམས༔ དབང་བསྐུར་གནས་འདིར་གཤེགས་སུ་གསོལ༔ དབང་བསྐུར་གནས་འདིར་གཤེགས་ནས་ཀྱང༔ སྣོད་ལྡན་འདི་ལ་དབང་ཞིག་སྐུར༔ ལོངས་སྤྱོད་རྫོགས་ལྡན་སྤྲུལ་པའི་སྐུ༔ ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་ལ༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ སྐུ་ལས་རིན་ཆེན་འོད་ཟེར་འཕྲོ༔ ཕྱག་ནས་ཚེ་ཡི་དངོས་གྲུབ་འགྱེད༔ ཞལ་ནས་ཚེ་ཡི་འཛབ་ཟེར་འཕྲོས༔ ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད༔ སྐལ་ལྡན་འདི་ལ་ཚེ་དབང་སྐུར༔ དབང་གི་དཀྱིལ་འཁོར་བརྟན་པར་མཛོད༔ མི་མཐའ་ཆུ་བས་རིང་བར་མཛོད༔ མི་འཕེལ་ནས་བས་ཆེ་བ་དང༔ མི་འབྲུ་གསེར་བས་བཟང་གྱུར་ཅིག༔ མི་སྲོག་བྲག་བས་སྲ་བ་དང༔ མི་ཚན་ནགས་ལས་ཆེར་གྱུར་ཅིག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཧཱུྃ༔ རཏྣ་ཨཱ་ཡུརྫྙཱ་ན་ཧྲཱི༔ ཞེས་བསྐུར། སྙིང་པོ་བརྗོད་ལ་ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ལྟར་དབང་བསྐུར་གྲུབ་པས་མཐའ་རྟེན་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་མངའ་གསོལ་བས་འཆི་མེད་རྟག་པ་དམ་པའི་གོ་འཕང་ལས་ནམ་ཡང་ཉམས་པ་མེད་པའི་དགེ་ལེགས་ཀྱི་སྣང་བས་སྲིད་ཞི་ཀུན་ཏུ་ཁྱབ་པར་བྱས་པར་མོས་ཤིག །རྟགས་བརྒྱད་རིམ་བཞིན་གཏད་ལ། ཧཱུྃ༔ གསེར་གདུགས་འདི་ལ་བརྟེན་བྱས་ནས༔ སྐྱོབ་པ་མཐར་ཕྱིན་དབང་ཐོབ་ཤོག༔ ཧཱུྃ༔ གསེར་ཉ་འདི་ལ་བརྟེན་བྱས་ནས༔ མཐོང་སྣང་མི་འགག་དབང་ཐོབ་ཤོག༔ ཧཱུྃ༔ དུང་དཀར་འདི་ལ་བརྟེན་བྱས་ནས༔ སྒྲ་དབྱངས་འགག་མེད་དབང་ཐོབ་ཤོག༔ ཧཱུྃ༔ པདྨ་འདི་ལ་བརྟེན་བྱས་ནས༔ སྨྲ་བྱེད་ཕར་ཕྱིན་དབང་ཐོབ་ཤོག༔ ཧཱུྃ༔ བུམ་པ་འདི་ལ་བརྟེན་བྱས་ནས༔ ཆོས་རྣམས་རང་བྱུང་དབང་ཐོབ་ཤོག༔ ཧཱུྃ༔ རྒྱལ་མཚན་འདི་ལ་བརྟེན་བྱས་ནས༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ ཧཱུྃ༔ དཔལ་བེའུ་འདི་ལ་བརྟེན་བྱས་ནས༔ གསལ་བ་འོད་ལྡན་དབང་ཐོབ་ཤོག༔ ཧཱུྃ༔ འཁོར་ལོ་འདི་ལ་བརྟེན་བྱས་ནས༔ ཡོན་ཏན་མྱུར་མགྱོགས་དབང་ཐོབ་ཤོག༔ ཉོན་མོངས་སྐྱོབ་པའི་ཆོས་གདུགས་དང༔ ཡེ་ཤེས་གསལ་བའི་གསེར་ཉ་དང༔ ཆོས་སྒྲ་སྒྲོག་པའི་དུང་དཀར་དང༔ དྲི་མེད་མདངས་ལྡན་པདྨ་དང༔ དགོས་འདོད་ཀུན་འབྱུང་བུམ་པ་དང༔ འགྲན་ཟླ་བྲལ་བའི་རྒྱལ་མཚན་དང༔ ཐམས་ཅད་མཁྱེན་པའི་དཔལ་བེའུ་དང༔ ཐོགས་པ་མེད་པའི་འཁོར་ལོ་དང༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་རོ༔ སྤྲོ་ན་རྫས་བརྒྱད་རྒྱལ་སྲིད་རྣམས་ཀྱང་ཚིགས་བཅད་སྤྱི་འགྲོས་གཏད་ལ་ཤིས་བརྗོད་རྒྱས་པར་བྱ། དེ་རྣམས་ཀྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པའི་ཟབ་གཏེར་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་དབང་བསྐུར་མཐའ་རྟེན་བཅས་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏོང་རག་མཎྜལ་ཕྱིན་དབང་མཇུག་རྣམས་སྤྱི་ལྟར་བྱའོ། །སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས། ཤིས་བརྗོད་བསྔོ་སྨོན་བར་ལས་བྱང་ཉིད་མཐར་ཆགས་སུ་གཏང་བས་འགྲུབ་བོ། །དུས་གསུམ་འགྱུར་མེད་རྡོ་རྗེའི་སྲོག་ཀ་ནི། །ཚེ་བདག་རིགས་བརྒྱའི་བྱིན་རླབས་སྟོབས་ཀྱིས་བཙུགས། །འགྲོ་དྲུག་སྐྱེ་འཆིའི་འཕྲང་རིང་སྒྲོལ་བ་ལ། །གཞན་དྲིང་མེད་པའི་དཔའ་བོའི་དབང་ཕྱུག་ཤོག །ཅེས་གཏེར་རྙིང་ཚིག་དོན་དབྱིངས་ཆེ་ཞིང་རྒྱུད་ལུང་གབ་འཁྲུགས་ཀྱི་མཚན་ཉིད་ཅན་དུ་བཞུགས་པའི་དགོངས་པ་རྟོགས་དཀའ་བ་དང་། ཐོག་སྔས་པས་དཔེ་རྒྱུན་མ་དག་རྒྱུན་འབྱམས་སུ་སོང་ཞིང་མན་ངག་ལག་ལེན་གྱི་རྒྱུན་ངེས་ཏིག་མ་བཞུགས་པས་སྤྱི་བརྟོལ་དཀའ་ཡང་། ཉེ་རིང་བརྒྱུད་སྲོལ་གསུམ་གྱི་བྱིན་རླབས་བཀའ་བབས་ཐོབ་པའི་སྐལ་བཟང་སྙིང་ལ་བཅངས་ཏེ་རྒྱལ་དབང་པདྨའི་སྔགས་རིག་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ལམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མཆོད་ཕྲེང་རྒྱས་པར་ (Volume 6, Text 18)

ཟབ་ལམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མཆོད་ཕྲེང་རྒྱས་པར་སྤྲོ་ན། ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ལས་གྲུབ་ཆུ་གཉིས་ཉེར་སྤྱོད་ལྔ༔ ཀུན་བཟང་རྣམ་འཕྲུལ་ཕྱི་ཡི་མཆོད་པར་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ འདོད་ཡོན་ལྔ་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ལས་གྲུབ་འདོད་པའི་ཡོན་ཏན་ལྔ༔ ཀུན་བཟང་རྣམ་འཕྲུལ་ཕྱི་ཡི་མཆོད་པར་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ ནང་མཆོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ རང་བྱུང་ལྷུན་གྲུབ་དབང་པོའི་མེ་ཏོག་སོགས༔ དྲག་པོའི་ལོངས་སྤྱོད་ནང་གི་མཆོད་པར་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་པུཥྤེ་དྷཱུ་པེ་དཱི་པེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ བདེ་སྟོང་མཉམ་སྦྱོར་རྟོག་ཚོགས་དབྱིངས་སུ་བསྒྲལ༔ གཉིས་མེད་རིག་པ་གསང་བའི་མཆོད་པར་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜ་ལ་ས་པ་རི་ཝཱ་ར་ཛྙཱ་ན་སུ་ཁ་ཧོ༔ སྨན་མཆོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ པདྨ་རྡོར་འཆང་རིགས་ལྔའི་ཐོད་ཕྲེང་རྩལ༔ གུ་རུ་མཚན་བརྒྱད་ལྷ་སྲས་མཆོག་གྲུབ་རྒྱལ༔ སངས་རྒྱས་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དྲི་མེད་ཀུན་དགའ་པདྨ་མདོ་སྔགས་གླིང༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དངོས་གྲུབ་བླང་བ་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ རཀྟའི་མཆོད་པ་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སྣང་སྲིད་དམར་གྱི་རྒྱ་མཚོ་ཆེན་པོར་བསྐྱིལ༔ ཆགས་བྲལ་བདེ་སྟོང་རཀྟའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མཆོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སྣོད་བཅུད་འབྱོར་ཚོགས་བཟའ་བཅའ་བཏུང་བའི་རིགས༔ འདོད་འབྱུང་དཔལ་གྱི་གཏོར་མའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔

བདེར་གཤེགས་ཐུགས་དྲིལ་གྱི་ལས་བྱང་གསལ་བའི་མེ་ལོང་ (Volume 25, Text 18)

༄༅། །བདེར་གཤེགས་ཐུགས་དྲིལ་གྱི་ལས་བྱང་གསལ་བའི་མེ་ལོང་བཞུགས་སོ། ། རྟ་མགྲིན་དྲེགས་པ་ཁམས་གསུམ་ཡོངས་སུ་སྒྲོལ་བ་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་དཔལ་རྟ་མཆོག་ཆེན་པོའི་ཚོགས་གཏོར་ཆ་གཅིག་གཏོང་བར་བྱེད་པ་ལ་དོན་རྣམ་པ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས་ཏེ། རྫས་གསག་པ་དང་། ལྷ་བསྐྱེད་ཅིང་དགོད་པའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་རྫས་དང་། འཕྲལ་རྐྱེན་རྫས་སོ། །དེ་ལ་དང་པོར་རྟེན་དང་། མཎྜལ་ལ་སོགས་པ་ཡོངས་སུ་རྫོགས་པའི་རྫས་ལ། ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞེངས་ནས། རྒྱས་པ་ལ་འདི་རྣམས་གཞན་ལྟར་བྱས་ཀྱང་ཉན། དེ་མིན་དབང་རྫས་ཐམས་ཅད་བཀོད་ཀྱང་ལེགས་པ་ཡིན། གཉིས་པ་མཆོད་རྫས་ནི། སྨན་རཀ་གཏོར་གསུམ་ལ་སོགས་པ་ཅི་འབྱོར་པ་བྱའོ། །བླ་བྲེ་དང་ཡོལ་བ་ལ་སོགས་པས་བརྒྱན་པར་བྱའོ། །གཉིས་པ་ལྷ་བསྐྱེད་ཅིང་འགོད་པ་ནི། བདག་ཉིད་རྟ་མཆོག་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས་རྫས་འགོད་པ་ཞལ་ལས་ཤེས་པར་བྱའོ། །དེ་ནས་བྱ་བའི་རིམ་པ་ལ་འཇུག་པ་ནི། བདག་ཉིད་ཏིང་ངེ་འཛིན་དང་ལྡན་པས། འབྱུང་པོ་ལ་གཏོར་མ་སྦྱིན་ཅིང་མཚམས་གཅད་པར་བྱ་སྟེ། དེ་ནས་བདག་ཉིད་ཀྱི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་ཧཱུྃ་སྨུག་ནག་འབར་བ་བལྟ་སྟེ། བགེགས་ཐམས་ཅད་དཔག་ཚད་དུ་བསྐྲད་པར་བསམ་ལ། ཧཱུྃ། ཡང་དག་དོན་ལ་མི་བརྩོན་ཞིང་། །ཐེག་པ་མཆོག་ལ་མི་དད་པ། །འདི་ན་འདུག་པའི་གནས་མེད་ཀྱིས། །སོ་སོ་རང་རང་གནས་སུ་དེངས། །ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཀཱ་ལ་ཡཀྵ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ་ཧཱུྃ་ཕཊ། ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ། འབྱུང་པོ་ཨུཙྪ་ཏཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དོ། ཁྲོ་བོ་རྣམས་ཚུར་འདུས་ཏེ། རང་གི་བ་སྤུའི་གནས་སུ་ཐིམ་ཞིང་ཕྱག་མཚན་མེ་དཔུང་འོད་འབར་ཞིང་བརྟན་པར་དམིགས་ཏེ། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆའི་དངོས་པོ་མེ་ཆེན་འབར། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་དང་འདི་ཡི་སྐབས་སུ་ཁྲོ་བོ་བཅུའི་མཚམས་གཅོད་རྒྱས་པར་བྱས་ཀྱང་རུང་། དེ་ནས་མེ་རི་མེ་དཔུང་གི་ར་བ་དང་གུར་བཅིངས་པ་ལས་ཕྱོགས་མཚམས་ཐམས་ཅད་དུ་མེ་འབར་བས་བགེགས་ཐམས་ཅད་བསྲེགས་པར་བསམ་ཞིང་། ཧཱུྃ། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ། །རྣམ་པར་འཕྲོ་བ་རྣམ་བསམས་ལ། །མ་རུངས་དག་ནི་རྣམ་བསྲེགས་ནས། །བགེགས་རྣམས་ཐམས་ཅད་བརླག་པར་གྱུར། །ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བྱ་བའི་སྲུང་བའི་འཁོར་ལོས་བགེགས་རྣམས་ཚར་བཅད་པར་བྱའོ། །དངོས་གཞི་ལ་དྲུག་སྟེ། བདག་ཉིད་དཀྱིལ་འཁོར་བསྐྱེད། མདུན་གྱི་རྡུལ་ཚོན་དང་ཕུར་པ་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་གཞུག །དབང་བསྐུར་དབུ་བརྒྱན། སྨན་རག་གཏོར་གསུམ། བསྙེན་པ་བརྒྱ་རྩ་ཐོན་ནས་བདག་ཉིད་ལ་གཞུག་པའོ། །དང་པོ་བདུན་རྣམ་དག་ཁྱད་མེད་པར་ཡེ་ཤེས་སྐུ་མཆོག་བྱ་བ་ནི་གཞན་དང་འདྲ། དེ་ནས་བདག་བསྐྱེད་ནི་འདི་ལྟར་རོ། །ཧཱུྃ། སྐད་ཅིག་དང་པོའི་ཡེ་ཤེས་ལས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདེར་གཤེགས་གོ་འཕང་འཐོབ་ནས་སླར། །ཀུན་ཀྱང་བདེར་གཤེགས་ལ་འགོད་བྱ། །གདུག་ཅིང་འཚེ་བ་ཐམས་ཅད་ཀྱང་། །སྙིང་རྗེ་ཆེན་པོའི་དབྱིངས་སུ་བསྒྲལ། །རཾ་དང་ཡཾ་གྱི་སྦྱོར་བ་ཡིས། །རྟོག་པའི་བག་ཆགས་ལུས་སྦྱངས་ནས། །ཡེ་ཤེས་མེ་ཡིས་ཕྱོགས་ཁྱབ་སྟེ། །རང་རིག་རང་གསལ་དབྱིངས་སུ་ཡལ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །ཆོས་རྣམས་རང་བཞིན་རང་གི་སེམས། །སྣང་སྲིད་འཁོར་འདས་སྐྱེ་བ་མེད། །གདོད་ནས་རྣམ་དག་ཆོས་ཀྱི་སྐུ །སྨྲ་བསམ་བརྗོད་འདས་རྣམ་པར་དག །དེ་ནས་ཀུན་སྣང་ཏིང་འཛིན་ནི། །ཀུན་སྣང་ཀུན་རིག་རྣམ་པར་གསལ། །མ་རྟོགས་འཁོར་བའི་སེམས་ཅན་རྣམས། །སྙིང་རྗེ་ཆེན་པོས་རྗེས་སུ་འཛིན། །དེ་ནས་རྒྱུ་ཡི་ཏིང་འཛིན་ནི། རྒྱལ་བའི་དཀྱིལ་འཁོར་བསྐྱེད་པའི་རྒྱུ། །ཡེ་ཤེས་ལྔ་ལྡན་ཧཱུྃ་དུ་གྱུར། །ཨེ་ཡཾ་རཾ་ར་ལཾ་སུཾ་ཀཾ །བྷྲཱུྃ་རཏྣ་མཎྜ་ལ་བྷྲཱུྃ། ཡོངས་སུ་དག་པ་རྒྱལ་བའི་ཞིང་། །བྷྲཱུྃ་སྥ་ར་ཎ་ཕཊ། སཾ་ཧཱ་ར་ཎ་ཧཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཙཀྲ་ཀ་པཱ་ལ་བྷྲཱུྃ། སྣང་སྲིད་འབྱུང་བ་མ་ལུས་ཀུན། །བདེ་གཤེགས་ཕོ་བྲང་ཆེན་པོར་ཤར།་་་རཏྣའི་གཞལ་ཡས་ཁང་ལ་ལྷ་ཀླུའི་ཀ་གདུང་ལ་སོགས་པའི་གཟུགས་བརྙན་ལྟར་ཤར་བ། ལྷ་ཆེན་ཀླུ་ཆེན་ཀ་གདུང་ལ། །གནོད་སྦྱིན་བརྒྱད་ཀྱི་ཀ་གདན་བཅས། །ཐོད་པའི་མཁར་ལ་རྒྱལ་ཆེན་སྒོ །ལྷ་སྲིན་སྡེ་བརྒྱད་གདན་དུ་བྱས། །ཕྱི་ནི་རིན་ཆེན་འབར་བ་སྟེ། །དུར་ཁྲོད་བརྒྱད་ཀྱིས་ཡང་དག་བརྗིད། །ཉིི་ཟླ་གསལ་བའི་འོད་དང་ལྡན། །དཀྱིལ་འཁོར་ཕོ་བྲང་ཆེན་པོ་འདིར། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཕྱོགས་སྐྱོང་མ་ཧཱ་དེ་བ་ཀླུ་འབུམ་ཁྲི། །ཐབས་དང་ཤེས་རབ་ཉི་ཟླ་གདལ་བའི་སྟེང་། །ཧཱུྃ་གི་འཕྲོ་འདུས་དོན་རྫོགས་རྡོ་རྗེར་གྱུར། །དེ་ཉིད་མ་འགགས་རོལ་པའི་འཕྲོ་འདུ་ལས། །བདག་ཉིད་རྫོགས་པ་པདྨ་ཧེ་རུ་ཀ །སྐུ་མདོག་སྨུག་ནག་རབ་ཏུ་འབར་བ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །གཡས་དཀར་གཡོན་དམར་དབུས་སྨུག་ནག །ཀླུ་འབུམ་གཉན་ཁྲི་ས་བདག་དང་། །ལྷ་སྲིན་མ་ལུས་ཟས་སུ་ཟ། །རྒྱུད་དྲུག་འདྲེན་མཛད་ཕྱག་དྲུག་སྟེ། །གཡས་གསུམ་རྡོ་རྗེ་ཐོ་བ་ཡིས། །དྲེགས་པ་ཐམས་ཅད་སྤྱི་ནས་བཅོམ། །གཡོན་གསུམ་རྡོ་རྗེའི་མེ་ཆེན་གྱིས། །གདུག་པ་མ་ལུས་གཏན་ནས་སྲེག །རལ་པ་ཁམ་ནག་སྲིད་རྩེར་འབར། །སྤྱི་གཙུག་རྟ་མགོ་ལྗང་ཞུར་ལ། །རྔོག་མ་ལེ་བརྒན་མེ་དཔུང་འབར། །རྟ་སྐད་ཕྱོགས་བཅུར་སྒྲོག་པ་ཡིས། ཁམས་གསུམ་མ་ལུས་དབང་དུ་སྡུད། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །སྤྱན་དགུ་སྡང་མིག་ལྡོག་པ་ཡིས། །སྟོང་གསུམ་ཐམས་ཅད་དུས་གཅིག་སྲེག །དུར་ཁྲོད་ཆས་བརྒྱད་རྣམ་པར་བརྒྱན། །གླང་ཆེན་ཀོ་རློན་རྒྱན་དུ་ཆེ། །ཞིང་ལྤགས་གཡང་གཞི་ཐབས་ལ་མཁས། །སྟག་གི་ཤམ་ཐབས་དཔའ་བརྗིད་ལྡན། །ཐོད་པའི་ཕྲེང་བས་འཁོར་བ་འདྲེན། །སྦྲུལ་གྱི་ཆུན་པོས་གདུག་པ་སྒྲོལ། །འགྲོ་བའི་དོན་ལ་ཆགས་པའི་ཕྱིར། །རཀྟའི་ཐིག་ལེས་སྐུ་ལ་བརྒྱན། །ཞག་གི་ཟོ་རིས་མཁའ་འགྲོ་སྡུད། །རྒྱན་མཆོག་དབང་གི་རྒྱན་གྱིས་རྣམ་པར་བརྒྱན། །སྙན་ནས་འཇིགས་པའི་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབ་མ་འཁྲིགས། །དབུ་སྐྲ་སྨ་ར་བ་སྤུ་ལ། །གདུག་རྩུབ་སྲེག་པའི་མེ་ཆེན་འབར། །འབར་བའི་གར་དགུ་ལྡན་པའི་དཔལ། །དེ་ལྟ་བུ་ནི་བསྒོམ་པར་བྱ། །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་དུ། །ཉི་ཟླ་དྲེགས་པའི་གདན་སྟེང་དུ། །མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས། །དྲེགས་པ་འཇོམས་མཛད་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཞལ་གཅིག་ཕྱག་གཉིས་རྔམ་ཞིང་གཏུམ། །ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །གཡས་པ་རྡོ་རྗེ་རྩེ་ལྔ་ལ། །གཡོན་པ་སྡིགས་མཛུབ་མེ་ཆེན་འབར། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །ཞབས་གཉིས་བརྐྱང་བསྐུམ་གདུག་པ་གཟིར། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་ནི། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །དེ་དབུས་ཧཱུྃ་མཐིང་ས་བོན་ལ། །བདེ་གཤེགས་འདུས་པའི་གསང་སྔགས་ཀྱིས། །མ་ནོར་ཡང་དག་བསྐོར་བར་བསམ། ཁྲོཾ་གྱི་ས་བོན་ལས་བྱུང་བ། །སྤྱི་གཙུག་བྱ་ཁྱུང་རྒྱལ་པོ་ནི། །འཇིགས་བྱེད་རྒྱལ་པོ་གསེར་མིག་འཁྱིལ། །འཁོར་ལོ་འབར་བའི་གཤོག་པ་ལ། །མཚོན་ཆ་རལ་གྲི་སྤུ་གྲིས་གཏམས། །གདུག་པ་སྦྲུལ་གདུག་ཞལ་དུ་གསོལ། །སྤྱན་གསུམ་ཉི་ཟླའི་གཟི་མདངས་འབར། །གནམ་ལྕགས་རྭ་དང་མཆུ་སྡེར་ཅན། །ནམ་མཁའི་ཁམས་ཀུན་རྣམ་པར་འགེངས། །ཧྲཱིཿཡི་ས་བོན་ལས་བྱུང་བའི། །ཡུམ་ཆེན་གཟི་ལྡན་འཇིགས་པའི་སྐུ །ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་། །ཐོད་ཁྲག་གཙོ་ལ་སྟོབ་པར་བྱེད། །གདོལ་པའི་ཀླུ་དང་ཐོད་པ་ཡིས། །དབུ་དང་ཞབས་དང་ལྷུ་ཚིགས་བརྒྱན། །གདུག་པའི་རལ་པ་མུན་ལྟར་འཐིབ། །རལ་པའི་ཟར་བུ་རེ་རེ་ལ། །རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །སྤྱན་ནས་ཁྲག་འཛག་ཤངས་ནས་དུད་འཐུལ་མ། །དཔལ་ཆེན་སྐུ་ལ་དགྱེས་པར་འཁྲིལ། །སྤྱི་བོ་མགྲིན་པ་ཐུགས་ཀ་དང་། །ལྟེ་བ་གསང་བའི་གནས་ལྔ་རུ། །སྤྱི་བོར་བུདྡྷ་ཧེ་རུ་ཀ །དཀར་པོ་གཡས་པས་འཁོར་ལོ་གཡོན་ཐོད་ཁྲག །ཡུམ་ཡང་དཀར་མོ་ལ་འཁྱུད་པར། །གཡས་བསྐུམ་གཡོན་བརྐྱང་ཡུམ་ཡང་གཡས་འཁོར་ལོ། །གཡོན་པས་ཐོད་ཁྲག་ཉི་མའི་གདན། །རིགས་ལྔ་གནས་ལྔར་རིམ་པས་ཏེ། །ཕྱོགས་མཚམས་རྣམས་ནི་ཐམས་ཅད་དུ། །རྡོ་རྗེ་གཞོན་ནུ་གཤིན་རྗེའི་གཤེད། །ཕྱག་ན་རྡོ་རྗེ་ནག་པོ་ཆེ། །ཕུར་བུ་རལ་གྲི་རྡོ་རྗེ་དང་། །གྲི་གུག་གཡས་ཀྱི་ཕྱག་ན་སྟེ། །གཡོན་པས་ཐོད་ཁྲག་བཀངས་ནས་འཛིན། །རིགས་ཀྱི་ཌཱ་ཀི་ཆེན་མོ་བཞི། །དཀར་སེར་དམར་དང་ལྗང་གུའི་མདོག །རྡོ་རྗེ་རིན་ཆེན་པདྨ་སྟེ། །རལ་གྲི་གཡས་ཀྱི་ཕྱག་ན་འཛིན། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །ཕྱོགས་བཅུར་ཧཱུྃ་གི་ས་བོན་ལས། ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅུ། །སྲུང་དང་ཟློག་པའི་ལས་བྱེད་པ། །ཕྱག་མཚན་རྡོ་རྗེ་དྲིལ་བུ་དང་། །ཐོ་བ་ལྕགས་ཀྱུ་ཕྱག་ན་བསྣམས། །དཀར་ནག་སྲུང་ཟློག་ཚུལ་གྱིས་བསྒོམ། །ཛཿཧཱུྃ་བཾ་ཧོཿའི་འཕྲོ་འདུ་ལས། །བདུད་བཞིའི་སྒོ་གཅོད་ཆེན་མོ་བཞི། །དཀར་སེར་དམར་ལྗང་འཇིགས་པའི་སྐུ །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཀུན་ཀྱང་དུར་ཁྲོད་ཆས་ལྡན་ཞིང། །འོད་ཟེར་ཉི་མ་འབུམ་ལས་ལྷག །འཇིགས་དུས་བསྐལ་པའི་མེ་དཔུང་འདྲ། །འཇིགས་པའི་ཚོགས་རྣམས་འཇིགས་པར་བྱེད། །ཏིང་འཛིན་དཀྱིལ་འཁོར་དེ་ལྟར་བསྒོམ། །རང་བཞིན་གནས་ནས་ཡེ་ཤེས་པ། །ཛཿདང་ཧཱུྃ་དང་བཾ་དང་ཧོཿས། །སྤྱན་དྲངས་དགུག་གཞུག་བརྟན་དང་དགྱེས། །གཉིས་མེད་རོལ་པའི་རྣམ་པར་བསྟིམ། །སྐུ་གསུང་ཐུགས་ལ་པདྨ་དང་། །ཉི་མ་ཟླ་བའི་གདན་སྟེང་དུ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །བྱིན་གྱིས་བརླབས་པར་བྱས་ནས་ནི། །འོད་འཕྲོས་རྒྱལ་བ་མ་ལུས་པ། །སྤྱན་དྲངས་དབང་བསྐུར་་་འོད་དཔག་མེད་པས་་་དབུ་ཡང་བརྒྱན། །རྒྱལ་བའི་དཀྱིལ་འཁོར་རབ་རྫོགས་བསྒོམ། །ཡ་མཚན་རྨད་དུ་བྱུང་བ་ཡི། །དཀྱིལ་འཁོར་ཆེན་པོ་རྒྱལ་བ་ཡི། །རང་བཞིན་ལྷུན་གྲུབ་ཚད་ལས་འདས། །དཔེ་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར། །དྲན་པར་གྱུར་པ་ཙམ་གྱིས་ནི། །སྐྱོན་དག་ཡོན་ཏན་མ་ལུས་རྫོགས། །འཁོར་འདས་སྣོད་བཅུད་མ་ལུས་ཀུན། །དབང་ཆེན་དཀྱིལ་འཁོར་ཆེན་པོར་ཤར། །ཐར་པ་ཆེན་པོའི་གནས་མཆོག་དེར། །ལོངས་སྤྱོད་རྫོགས་སྐུ་ཆེན་པོ་ཐོབ། །དེ་ལྟར་བདག་བསྐྱེད་པ་དང་། མདུན་བསྐྱེད་པར་བྱས་ནས། སྔོན་དུ་རིག་འཛིན་བསྐུལ་བ་ནི། སྔོན་གྱི་བསྐལ་པ་དང་པོ་ལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །རིག་འཛིན་བརྒྱུད་པའི་བླ་མ་རྣམས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གསང་བའི་བདག་པོ་ཉིད་ལ་གསུངས། །གཞན་ཡང་བརྒྱུད་པའི་བླ་མ་ནི། །རྒྱལ་པོ་ཏེ་ཙ་པུ་རི་དང་། །རིག་འཛིན་མ་ཧཱ་རཱ་ཙ་དང་། །ཟ་ཧོར་རྒྱལ་པོ་པྲ་ཧསྟི། །གོ་མཱ་དེ་བཱི་ལ་སོགས་པ། །རིག་འཛིན་བརྒྱུད་པའི་བླ་མ་རྣམས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །བྲན་དུ་ལྷ་སྲིན་སྡེ་བརྒྱད་འགྱེད། ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྨོངས་པའི་མུན་པ་སེལ་མཛད་པ། །ཉི་མ་འོད་ཟེར་གྲགས་པ་སྤྱོན། །ཤེས་བྱ་ཀུན་ལ་མ་རྨོངས་པའི། །བློ་ལྡན་མཆོག་སྲེད་གྲགས་པ་སྤྱོན། །ལོག་འདྲེན་གདུག་པ་འདུལ་བྱེད་པའི། །ཤཱཀྱ་སེང་གེར་གྲགས་པ་སྤྱོན། །བདུད་དང་མུ་སྟེགས་ཚར་གཅོད་པའི། །སེང་གེ་སྒྲ་སྒྲོག་གྲགས་པ་སྤྱོན། །མ་ཆགས་སྐྱོན་གྱིས་མ་གོས་པའི། །པདྨ་འབྱུང་གནས་གྲགས་པ་སྤྱོན། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །པདྨ་རྒྱལ་པོ་གྲགས་པ་སྤྱོན། །བོད་ཀྱི་ཡུལ་དུ་བྱོན་པའི་ཚེ། །གསང་མཚན་རྡོ་རྗེ་གྲོ་བོ་ལོཏ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཞན་ཡང་རིག་འཛིན་བརྒྱུད་པ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་དཔལ་རྟ་མཆོག་ཆེན་པོའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས་བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པའོ། །དེ་ལ་རང་བཞིན་ཕྱིའི་མཆོད་པ། ཏིང་ངེ་འཛིན་གྱི་མཆོད་པ། སྨན་རཀ་གཏོར་གསུམ་གྱི་མཆོད་པའོ། །དེ་ལ་དང་པོར་འདི་སྐད་དོ། །ཧཱུྃ། དབང་ཆེན་ཟླ་གམ་དམར་ནག་གདེངས་པ་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ལྔ། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང་། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ནག་པོ་ཆེན་པོ་དང་། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་ཡང་། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་བཅས་པ་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི། བཛྲ་པཱ་ཎི། བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཀཱ་ལ་ཡཀྵ། ཡ་མཱནྟ་ཀ །ཀཱ་ལ་རཱུ་པ་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ། དུར་ཁྲོད་འཇིགས་སུ་རུང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དྲེགས་པ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །བཅོམ་ལྡན་བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་རྣམས། །མ་ལུས་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ཧཱུྃ། ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་རྣམས་ལ། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་རྣམས་ལ། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུྃ། གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་རྣམས་ལ། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུྃ། གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུྃ། སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ཏི་བྷཱུ་ཧོ་པྲ་ཏཱིཙྪ་ཧོཿ ཧཱུྃ། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཧཱུྃ། གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཧཱུྃ། གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཧཱུྃ། སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན། །གཉིས་མེད་གུས་པའི་ཚུལ་གྱིས་བཞེས་སུ་གསོལ། །མ་ཧཱ་པཱུ་ཙ་ས་མ་ཡ་ཧཱུྃ། ཧཱུྃ། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ལྔ། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་། །ཡཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ། །དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང་། །སྦྱོར་དང་སྒྲོལ་བའི་བདུད་རྩིའི་ཚོགས་རྣམས་དང་། །འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུྃ། འདོད་པའི་ལྷ་མོ་གཟུགས་མཛེས་མ། །གསལ་བྱེད་མེ་ལོང་ཕྱག་ན་བསྣམས། །བདེར་གཤེགས་རྒྱལ་བའི་སྤྱན་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །སྒྲ་ཡི་ལྷ་མོ་པི་ཝང་ཐོགས། །བདེ་གཤེགས་རྒྱལ་བའི་སྙན་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །དྲི་ཡི་ལྷ་མོ་སྤོས་ཁང་འཛིན། །བདེ་གཤེགས་རྒྱལ་བའི་ཤངས་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །རོ་ཡི་ལྷ་མོ་ཟས་སྣོད་འཛིན། །བདེ་གཤེགས་རྒྱལ་བའི་ཞལ་དུ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །རེག་མ་ལག་གཉིས་ཡང་འཁྱུད་མ། །འཇམ་དང་རེག་དང་འཁྲིལ་དང་སྦྱོར། །རེག་བྱའི་ལྷ་མོ་སྐུ་ལ་འབུལ། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །དབྱིངས་ཀྱི་ལྷ་མོ་བདེ་ཆེན་མ། །ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན། །དབྱིངས་ཀྱི་ལྷ་མོ་དབྱིངས་ལ་རོལ། །སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག །ཧཱུྃ། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ལྔ། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེ་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེ་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེ་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། གསང་བའི་བདག་པོ་བཅོམ་ལྡན་གོས་སྔོན་ཅན། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེ་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། མགོན་པོ་ནག་པོ་ཆོས་སྐྱོང་ཀུན་གྱི་རྗེ། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེ་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ག་རུ་ཌ། །ཡེ་ཤེས་སྤྲུལ་པའི་འཁོར་ཚོགས་བཅས་པ་རྣམས། །སྐུ་ནི་རྔམ་བརྗིད་འཇིགས་པའི་འོད་དང་ལྡན། །ཞལ་གདངས་གད་རྒྱངས་རྡོ་རྗེའི་མཆེ་བ་གཙིགས། །གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི། དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །གཉིས་མེད་བརྩེ་བའི་ཚུལ་གྱིས་བདག་ལ་དགོངས། །བདག་ནི་མ་རིག་ཡིད་ཀྱི་འཁྲུལ་པ་ཡིས། །བག་མེད་ཚུལ་གྱིས་ཐུགས་དང་འགལ་བ་གང། །ཞལ་ཟས་མཆོག་གི་མཆོད་པས་ཐུགས་དམ་བསྐང་། །ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །མཐུ་ཆེན་དྲག་རྩལ་སྟོབས་དང་ལྡན། ཁས་བླངས་དམ་བཅས་འཇིག་རྟེན་མ་མོའི་ཚོགས། ཁ་རག་མ་སོགས་བཅུ་གཉིས་འཁོར་དང་བཅས། ཁས་བླངས་དམ་བཅས་ཐུགས་དམ་ཇི་བཞིན་དུ། །བ་ལིཾ་འབུལ་ལོ་མཐུན་པའི་སྟོངས་གྲོགས་མཛོད། །ད་ནི་སྨན་རཀ་འབུལ་ཏེ། སྨན་བྱིན་གྱིས་བརླབ་པ་ནི། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ། ཆང་དང་བདུད་རྩི་ལྔ་དང་ཤ་ལྔ་དང་སྨན་ལྔ་སྦྱར་ཏེ་མདུན་དུ་བཞག་ནས། བདག་ཉིད་ཏིང་ངེ་འཛིན་དང་ལྡན་པས། ཨོཾ་གྱིས་རྫས་རྣམས་མི་དམིགས་པར་གྱུར། ཨཱཿལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བར་བསམ། ཧཱུྃ་གིས་དམ་ཚིག་གི་བདུད་རྩིས་གང་བར་བསམ། དེ་ཡི་ནང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་གསལ་བ་ལ་རིགས་ལྔ་ཡབ་ཡུམ་བཅུར་ཝལ་གྱིས་བསྐྱེད། དེའི་འོག་ཏུ་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ། དེ་ཡི་ཞབས་སུ་རླུང་གི་འཁོར་ལོ་གཞུ་ཡི་དབྱིབས་ཅན། ཡཾ་དང་བ་དན་བཞི་ཡིས་མཚན་པ་ཞིག་བསམ། དེའི་སྟེང་དུ་རཾ་ཞིག་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡཾ་ལ་ཕོག །ཡཾ་ལས་རླུང་གཡོས། རཾ་ལས་མེ་སྦར་ཐོད་པ་དྲོས། རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་འདྲེས་ཏེ། སླར་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། གསུམ་མམ་བདུན་བརྗོད་ལ་བྷཉྫ་ཕྱུར་གྱིས་གང་བ་དེ་རྡོ་རྗེས་དཀྲུག་ཅིང་ཕྱོགས་བཅུར་གཏོར། བགེགས་རིགས་ཐམས་ཅད་ཚར་བཅད་ནས། གནས་ཁང་ཁྲོ་ཆུང་གིས་གཏམས་པར་བསམ། དེ་ནས་རཀྟ་བྱིན་གྱིས་བརླབ་པ་ནི། ཐོད་པ་ལྕང་ལོ་ཅན་ནམ། མཚན་བཟང་ངམ། རིན་པོ་ཆེའི་སྣོད་དུ་མི་རྟ་ཁྱི་བྱ་གླང་རྣམས་ཀྱི་ཁྲག་དང་། སྐྱེས་རྒོད་དར་མ་གྲིར་ཤི་བའི་ཁྲག་བླུགས་མདུན་དུ་བཞག་ལ། ཨོཾ་གྱིས་རྫས་རྣམས་གཙང་ཞིང་དག་པར་བྱས། ཨཱཿལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་བསམ། ཧཱུྃ་གིས་དམར་ཆེན་ཁྲག་གི་རྒྱ་མཚོ་ཆེན་པོ་ཞིང་གི་རྦ་རླབས་འཕྱོ་བ་འདོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་གྱུར། ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གསོལ་ཞིང་མཉེས་པར་བསམ། ཨོཾ་རཀྟ་ཛྭ་ལ་མཎྜ་ལ་ཁཱ་ཧི། དེ་ནས་གཏོར་མའི་རིམ་པ་ནི། བྷཉྫར་ཙིཏྟ་དང་། བ་སུ་ཏ་དང་། གོ་རོ་ཙ་ན་དང་། ག་པུར་དང་། ཞལ་ཟས་རྣམ་པ་སྣ་ཚོགས་པས་བཀང་བ་མདུན་དུ་བཞག་ལ། ཨོཾ་གྱིས་རྫས་དེ་རྣམས་སྟོང་པར་སྦྱངས། ཡཾ་ལས་རླུང་གི་འཁོར་ལོ་བ་དན་བཞིས་མཚན་པ་ཞིག་བསམ། དེ་ཡི་སྟེང་དུ་ཐོད་པའི་སྒྱེད་པུ་གསུམ་རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་དང་བཅས་པ། དེ་ཡི་སྟེང་དུ་ཨཱཿལས་ཀ་པཱ་ལ་རྒྱ་ཆེ་བ་ཞིག་བསམ། ཧཱུྃ་བརྗོད་པས་དམ་ཚིག་གི་བདུད་རྩིར་གྱུར་པར་བསམ། དེའི་སྟེང་དུ་རྡོ་རྗེ་དཀར་པོའི་ལྟེ་བ་ལ་ཨས་མཚན་པ་ཞིག་བསམ། དེ་ཡང་ཡིག་འབྲུ་ལ་རིགས་ལྔ་ཡབ་ཡུམ་བཅུས་བསྐོར་བ་བསམ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བརྗོད་པས། རིགས་ལྔ་ཡབ་ཡུམ་བཅུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་མཛད་པས་བྱང་སེམས་དཀར་དམར་གྱིས་གང་བར་བསམ། དེ་ནས་རླུང་གཡོས་མེ་སྦར་ཐོད་པ་དྲོས་ནས་རིགས་ལྔ་ཡབ་ཡུམ་བཅུ་ཡང་འོད་དུ་ཞུ། རྡོ་རྗེ་ཨས་མཚན་པས་དཀྲུགས་ནས་རྡོ་རྗེ་འོད་དུ་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། དེ་ལྟར་སྨན་དང་གཏོར་མ་དང་རཀྟ་རྣམས། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཉི་ཟེར་ལྟར་ཟུག་པས་གསོལ་ཞིང་མཉེས་པར་བསམ། རྩ་སྔགས་ལ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། བཏགས་པས་འབུལ་ལོ། །ཧོཿ རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བྱེད་བདུད་རྩི་མཆོག །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བདེར་གཤེགས་འདུས་པའི་དཀྱིལ་འཁོར་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཕུལ་བས་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། དེ་བཞིན་དུ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། རྒྱལ་བ་མཆོད་ནས་དངོས་གྲུབ་ཆེན་པོ་གསོལ། །རྒྱལ་བ་མཉེས་བྱེད་བདུད་རྩི་ཆེན་པོ་མཆོག །དུས་གསུམ་བདེ་གཤེགས་རྒྱལ་བའི་ལྷ་ཚོགས་ཀྱི། །ཕྲིན་ལས་རྒྱ་མཚོ་མྱུར་དུ་འགྲུབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྨན་གྱིས་དགྱེས་པར་མཆོད། དེ་ནས་གཏོར་མ་བསྟབ་དུས་ཡེ་ཤེས་ཀྱི་བདུད་རྩི། སྒྲུབ་དུས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་དུ་དམིགས་ལ་བྱ་ཁྱུ་ཐེད་ལ་ལྷགས་པ་བཞིན་དུ་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ། ཧཱུྃ། བདེ་གཤེགས་འདུས་པའི་ལྷ་ཚོགས་དང་། །འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས། །འཁོར་དང་གཡོག་ཏུ་བཅས་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །འདོད་དོན་མ་ལུས་བསྒྲུབ་ཏུ་གསོལ། །ཨི་དཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཁོར་ཡུག་བཅས་པའི་བྷཉྫ་ཆེན་པོ་རུ། །རྒྱུད་དྲུག་རྟོག་པའི་རང་བཞིན་རང་སར་དག །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམས་གྱུར་ཅིག །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་མཛོད། །གཏོར་མའི་མཆོད་པའོ། །དེ་ནས་རཀྟའི་མཆོད་པ་ནི་ཁམས་གསུམ་དུག་གསུམ་གྱི་ངོ་བོ་ཤ་ཁྲག་གི་རྒྱ་མཚོ་ཞིང་གི་རྦ་རླབས་འཕྱོ་བ་འདོད་པའི་ཡོན་ཏན་ལྔ་འཕྲོ་བ་ལ་སྐད་ཅིག་ཙམ་གྱིས་དགྱེས་པའི་རྐན་སྒྲ་དང་བཅས་པས་གསོལ་བར་བསམ་ལ། ཧཱུྃ། རཀྟ་དམར་གྱི་ཨརྒྷཾ་ཆེན་པོ་འདིས། །བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་དང་། །བགེགས་ཀྱི་དཔུང་ཚོགས་མ་ལུས་གཞོམ་པ་དང་། །བདུད་ཀྱི་རྒྱལ་པོའི་མཐུ་རྩལ་འཕྲོག་པ་དང་། །དྲེགས་པ་ཕོ་མོ་བསྒོ་བ་ཉན་པའི་ཕྱིར། ཁམས་གསུམ་ཁྲག་གི་རྒྱ་མཚོ་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམས་གྱུར་ཅིག །ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཁ་ཁ་ཁཱ་ཧི། ཞེས་སྨན་དང་རཀྟ་གཏོར་མ་གསུམ་གྱིས་རྒྱས་པར་མཆོད་དོ། །སྨན་རཀ་གཏོར་གསུམ་གྱི་ལས་བྱང་ངོ་། །དེ་ནས་དབང་བསྐུར་བ་ཡིན་ན། འདིའི་སྐབས་སུ་རྫོགས་པར་བྱའོ། །དབང་བསྐུར་བ་མིན་ན་ཚོགས་ལ་ལོངས་སྤྱད་པར་བྱ་སྟེ། མེ་རླུང་གི་སྦྱོར་བས་བྱིན་གྱིས་བརླབས་ནས་འབུལ་བ་ནི་འདི་སྐད་དོ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་མ་དང་ཁྲོ་བཅུ་ལ་སོགས་རྣམས། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། །ཕྲིན་ལས་མངའ་བདག་སྒོ་མ་བཞི་པོ་དང་། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །འདིར་ཚོགས་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་དུ་ཡེ་ཤེས་ཀྱི་ལྷ་ཚོགས་ལ་འབུལ། དེ་ནས། གཟིགས་ཤིག་མཛེས་ལྡན་སོགས་ཀྱིས་ཚོགས་དྲང་། སློབ་དཔོན་གྱིས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ་སོགས། དེ་ནས་ཚོགས་ལ་ལོངས་སྤྱད། དེ་ནས་རྗེས་ཀྱི་བྱ་བ་ནི། ལྷ་ཚོགས་རྣམས་རང་ལ་བསྡུ། དེ་ནས་རྟ་མཆོག་རྒྱལ་པོའི་ང་རྒྱལ་གྱིས་རྟའི་བྲོ་བརྡུང་བ་ནི། ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དབང་ཆེན་པདྨ་ཧེ་རུ་ཀ །འཇིགས་བྱེད་ཆེན་པོའི་དུས་ལ་བབ། །ཧཱུྃ། གཟི་ལྡན་འབར་བའི་དཀྱིལ་འཁོར་ནས། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །ཧཱུྃ། རྔམ་བརྗིད་དཔའ་བོ་ཆེན་པོའི་སྐུ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འགྲོ་དྲུག་འཁོར་བའི་རྒྱུན་བཅད་ནས། །འཁོར་ལོ་རྒྱན་གྱི་དཀྱིལ་འཁོར་འདིར། །ཡེ་ཤེས་ཆེན་པོའི་སྐུར་གསལ་ཕྱིར། །འཛུམ་པའི་མདངས་ཀྱིས་མཆོད་པ་འབུལ། །ཧ་ཧ་ཧི་ཧི་བཞད་པར་གྱིས། །དགྱེས་པའི་གད་མོས་འཁོར་བ་སྐམ་སར་འདྲེན། ཁྲོས་པའི་གད་མོས་སངས་རྒྱས་ཉིད་ཀྱང་བརླག །ཁམས་གསུམ་ཐམས་ཅད་ང་ཡི་ཟས། ཁམས་གསུམ་ཐམས་ཅད་ང་ཡི་སྐོམ། ཁ་ཁ་ཁཱ་ཧི་བཞེས་སུ་གསོལ། །མ་རུངས་གདུགས་པ་ང་ཡི་ཟས། །ཞིང་བཅུར་གྱུར་པ་ང་ཡི་ཟས། །ཟས་སུ་མ་གྱུར་གང་ཡང་མེད། །ཧ་ཧ་ཧི་ཧི་བཞད་པར་གྱིས། ཁ་ཁ་ཁཱ་ཧི་བཞེས་སུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ་གིས་སྐུར་གསལ་གདབ། །ཕཊ་ཕཊ་ཕཊ་ཀྱིས་ཁྲོས་པར་བསྐུལ། །ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ །དམ་ཚིག་ཆེན་པོའི་དུས་ལ་བབ། །སྒྲོལ་བྱེད་ཕུར་པའི་དཀྱིལ་འཁོར་འདིར། །ཧཱུྃ། །རྔམ་བརྗིད་ཁྲོ་བོ་ཁྲོ་མོའི་ཚོགས། །གཏུམ་ཆེན་དུས་མཐའི་སོགས་ནས། ཕཊ་ཕཊ་ཕཊ་ཀྱིས་ཁྲོས་པར་བསྐུལ། །བར་དང་། ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དཔལ་ཆེན་ཡ་མཱནྟ་ཀའི་སྐུ །གསོད་བྱེད་ཆེན་པོའི་དུས་ལ་བབས། །གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །ཧཱུྃ། གཏུམ་རྔམ་འཇིགས་བྱེད་ཆེན་པོའི་ཚོགས། །གཏུམ་ཆེན་དུས་མཐའི་སོགས་འགྲེ །ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དཔལ་ཆེན་ཕྱག་ན་རྡོ་རྗེའི་སྐུ། ཁྲོ་རྒྱལ་ཆེན་པོའི་དུས་ལ་བབ། །ཡུམ་ཆེན་འབར་བའི་དཀྱིལ་འཁོར་འདིར། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །གཏུམ་ཆེན་རབ་རྔམ་དཔའ་བོའི་ཚོགས། །གཏུམ་ཆེན་སོགས། ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དཔལ་ཆེན་མ་ཧཱ་ཀཱ་ལའི་སྐུ །གནོད་སྦྱིན་འདུལ་མཛད་དུས་ལ་བབ། །ཡུམ་ཆེན་འབར་བའི་དཀྱིལ་འཁོར་ནས། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །དཔལ་ཆེན་ལེགས་ལྡན་ནག་པོའི་སྐུ །གཏུམ་ཆེན་སོགས། ཧཱུྃ། ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་འདིར། །སྣང་བ་རྒྱན་དུ་རབ་རྫོགས་ཏེ། །དཔལ་ཆེན་མཁའ་ལྡིང་ག་རུ་ཌ། །ཀླུ་བདུད་འདུལ་བའི་དུས་ལ་བབ། །ཡུམ་ཆེན་སྡེར་ཅན་དཀྱིལ་འཁོར་འདིར། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །གཤོག་རྒོད་འབར་བའི་གནམ་ལྕགས་མཆུ། །གཏུམ་ཆེན་སོགས། ཧཱུྃ། ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཚོགས། །ཞིང་ཁམས་ཐམས་ཅད་རྣམ་པར་འཕྲུལ། །བདུད་ཀྱི་སྡེ་ཆེན་མ་ལུས་ཀུན། །ཐལ་བ་ཕྲ་རབ་བཞིན་དུ་བརླག །ཞི་རྒྱས་དབང་དང་དྲག་པོའི་ལས། །ཐོགས་པ་མེད་པར་མཛད་དུ་གསོལ། །དགྱེས་པ་རྡོ་རྗེའི་གླུ་དྲུག་པོ། །གླུ་ཡང་དྲུག་ལ་བྲོ་ཡང་དྲུག །གླུ་དྲུག་གསང་བའི་དབྱིངས་སུ་ལེན། །བྲོ་དྲུག་གསང་བའི་མཁའ་ལ་བརྡུང་། །གླུ་བྲོ་མཉམ་ཉིད་ངང་ལ་སྦྱོར། །གླུ་དྲུག་དབྱིངས་སུ་བླང་བྱ་སྟེ། །ཚངས་པའི་གླུ་ཡིས་ཞིང་ཁམས་སྦྱངས། ཁྲོས་པའི་གླུ་ལེན་བདུད་བཞི་བཏུལ། །དཔལ་གྱི་གླུ་ལེན་ཁམས་གསུམ་སྒྲོལ། །ཧཱུྃ་སྒྲའི་གླུ་ལེན་འདུས་པ་འཁྲུགས། །རྣལ་འབྱོར་གླུ་ལེན་ཐུགས་དམ་བསྐུལ། །གླུ་དྲུག་བདེ་ལྡན་ལྟ་བར་བཞག །ཕཊ་ཕཊ་ཕཊ། ཁྲོས་པའི་སྐུ་མདོག་མཐིང་ནག་འབར། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་གནམ་ལྕགས་དབལ་དྲག་ལྡན། །བ་སྤུ་སྐྱེས་པ་ཕུར་པའི་དབྱིབས། ཁྱུང་གི་གཤོག་འབེབ་ཤ་ར་ར། །གཤོག་པའི་འུར་སྒྲས་ཁམས་གསུམ་གང་། །ཐུགས་ཆོམ་རི་རབ་འབུམ་སྙིལ་སྐད། །ཐུགས་རྗེའི་བྲོ་བརྡུང་སྤྲིན་ཕུང་བསྡུས། ཁྲོ་བོའི་བྲོ་བརྡུང་དྲག་བྱེད་འདུལ། །དཔལ་གྱི་བྲོ་བརྡུང་བདུད་དཔུང་འཇོམས། །ཡུམ་ཆེན་བྲོ་བརྡུང་དཔའ་བོ་རྒྱས། །རྣལ་འབྱོར་བྲོ་བརྡུང་ཐུགས་དམ་བསྐུལ། །ལས་ཀྱི་བྲོ་བརྡུང་ཕོ་ཉ་འགྱེད། །གླུ་ཡང་དྲུག་ལ་བྲོ་ཡང་དྲུག །འགྲོ་དྲུག་འཁོར་བའི་རྒྱུན་བཅད་ནས། །མཁའ་དབྱིངས་བདེ་ཆེན་དབྱིངས་སུ་སྦྱོར། །འདི་ནི་མ་སྲིང་དངོས་གྲུབ་ཡིན། །འདི་ནི་ཁྲོ་བོའི་སྟངས་སྟབས་ཡིན། །འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན། །འདི་ནི་རྣལ་འབྱོར་ལྟ་སྤྱོད་ཡིན། །དེ་ཕྱིར་བྲོ་བརྡུང་རྒྱུན་མི་བཅད། །དགྲ་བགེགས་ཐལ་བར་བརླག་པའི་བྲོ། །བདུད་དཔུང་ཕྱེ་མར་འཐག་པའི་བྲོ། །རྒྱུད་དྲུག་གནས་སུ་གཅོད་པའི་བྲོ། ཁམས་གསུམ་དབང་དུ་སྡུད་པའི་བྲོ། །སྟོང་གསུམ་ཟིལ་གྱིས་གནོན་པའི་བྲོ། །གདུག་པ་གཏན་ནས་བརླག་པའི་བྲོ། །ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཀཱ་ལ་ཡཀྵ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ་ཧཱུྃ་ཕཊ། ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བཱ་ཤཾ་ཀུ་རུ། མཱ་ར་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོཾ་སུཾ་བྷ་ནི་སུཾ་བྷ་སོགས་ནས། བིདྱཱ་རཱ་ཛཱ་ཡ་སཏྭམྦྷ་རཀྴ་ནན། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞི་རྒྱས་དབང་དྲག་ཀུན་འགྲུབ་ཅིང་། །ལས་རྣམས་ཀུན་ལ་འབྲས་བུ་ནི། །རྒྱས་འགྱུར་སྨིན་ལ་ཐེ་ཚོམ་མེད། །བདེ་གཤེགས་དྲེགས་པ་སྒྲོལ་བའི་རྒྱུད་ལས་བརྟུལ་ཞུགས་སྤྱོད་པ་བྲོ་དང་གླུའི་རིམ་པའོ། །དེ་ནས་རྗེས་ཀྱི་བྱ་བ་ནི། ལྷ་ཚོགས་རྣམས་ལ་མཆོད་བསྟོད་ཅི་རིགས་པ་བྱ། དེ་ནས་ལྷག་མ་གཏོང་བ་ནི། ལྷག་མ་རྣམས་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་གྱི་མཐའ་ལ་བསྐོར་བའི་ལྷ་ཚོགས་རྣམས་ལ་སྦྱིན་པ་ནི་འདི་སྐད་དོ། །ཧཱུྃ། དཔལ་ཆེན་འབར་བའི་དཀྱིལ་འཁོར་འདིར། །གནས་པའི་དཀྱིལ་འཁོར་སྲུང་བྱེད་པ། །དམ་ཅན་ཕོ་མོའི་ཚོགས་བཅས་རྣམས། །འཇིགས་སུ་རུང་བའི་གཟུགས་སྟོན་ཅིང་། །རྣམ་པར་རྒྱལ་བའི་སྒྲ་སྒྲོག་པ། །དཀྱིལ་འཁོར་མཐའ་མ་སྲུང་ཞིང་ཉུལ། །དམ་ཚིག་ལྡན་པའི་ཕོ་ཉ་རྣམས། །ཕུད་ལྷག་གཏོར་མ་འདི་བཞེས་ལ། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་མ་སྦྱིན་ནོ། །དེ་ནས་གཤེགས་པ་ལ་སོགས་པ་གཞན་ནས་ཁ་སྐོང་རྒྱས་པར་བྱས་ཀྱང་མི་འགལ། བསྡུས་པ་བྱེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། །ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང་ཡི་གེ་བརྒྱ་པ་བརྗོད་དོ། །དེ་ནས་ལྷ་ཚོགས་རང་ལ་བསྡུས་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །འདི་ལ་རྟ་བྲོ་དང་། ཕྲན་ཚེགས་ཀྱི་རིམ་པ་མེད་ཀྱང་ལས་བྱང་གཞན་དག་དང་འདྲ། ཡང་ན་གཏོར་མ་བཏང་བའི་རྗེས་སུ་གཏོར་སྣོད་ཁ་སྦུབས་ཏེ་གོང་གི་རྟ་བྲོ་བྱའོ། །བཅོམ་ལྡན་འདས་དཔལ་རྟ་མཆོག་ཆེན་པོའི་ལས་བྱང་ཅུང་ཟད་བསྒྲིགས་པ་རྫོགས་སོ། །དྲེགས་པ་འཇོམས་མཛད་ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་མངའ་བ་ཡི། །རྟ་མཆོག་ཆེན་པོའི་ལས་བྱང་ཡོངས་སུ་གསལ་བར་བྱེད་པའི་མེ་ལོང་འདི། །བསོད་ནམས་རྣམ་དག་ཆེན་པོའི་དཔལ་ལས་གྲུབ་པའི་བློ་གསལ་བྱ་བའི་ཕྱིར། །བསྐུལ་བའི་དོན་དུ་རང་བྱུང་རྡོ་རྗེ་ཞེས་བྱས་རྣམ་པར་སྦྱར་བའོ། །དགེའོ།། །།

ཡང་ཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་ (Volume 17, Text 18)

༄༅། །ཡང་ཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་བཞུགས། ། རྒྱལ་ཀུན་ཡབ་ཏུ་འཇམ་དཔལ་རྡོ་རྗེ་ཞི་ཞིང་དུལ་བའི་གར་མཛད་ཀྱང་། །དུས་ཀྱི་དགྲ་བོར་ཆེས་ཆེར་རབ་ཁྲོས་སྲིད་གསུམ་ཟ་བ་ཚེ་བདག་ནག །ཁྲག་འཐུང་ཚོགས་ཀྱི་དབང་ཕྱུག་གང་དང་གཉིས་མེད་གཉིས་སུ་སྣང་བའི་གཟུགས། །རྩ་བརྒྱུད་བླ་མ་གཙུག་ན་རབ་མཛེས་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །རྒྱ་བལ་མཁས་ཤིང་གྲུབ་བརྙེས་ཐུགས་ཀྱི་བཅུད། །གནུབས་ཆེན་གདམས་པའི་ཉིང་ཁུ་ཟབ་མོའི་གནད། །ཞང་ཁྲོམ་གཏེར་བྱོན་རང་གཤེད་འབེབ་པའི་ལས། །སྔགས་འཆང་ཡོངས་ཀྱི་ལག་ཆར་འོས་པའི་མཚོན། །དེ་ཕྱིར་རང་སྲུང་གོ་གྱོན་སྦྱོར་སྟོབས་ཟློག །ལྷ་སྲུང་བདུད་དབབ་དམག་དཔོན་གཡུལ་དུ་གསོད། །བཙོན་ནང་དོང་རུལ་གཏོང་བའི་ལས་ཀུན་གྱི། །ཐུན་མོང་གྱེར་སྒོམ་རྡོ་རྗེའི་ཐོག་འདིའོ། །དེའང་སློབ་དཔོན་གཙུག་ལག་དཔལ་དགེས་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་ལས་ལག་ལེན་མན་ངག་ཏུ་བསྡེབས་པ་དཔལ་ཨོ་རྒྱན་ཆེན་པོ་དང་བལ་པོ་བ་སུ་དྷ་རའི་ཐུགས་ཀྱི་བརྣག་པ། དྲག་སྔགས་ཀྱི་བདག་པོ་གནུབས་ཀྱི་ཁྱད་ཆོས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་ཟློག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་གྱི་རིམ་པ་ཉམས་སུ་བླང་བ་ལ། སྤྱིར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ་དང་། ཁྱད་པར་སྙན་བརྒྱུད་རྣོན་པོ་ནད་གཅོད་ཀྱི་དབང་ཟབ་མོ་སྒྲུབ་སྐོར་གྱི་ལུང་མན་ངག་ཕྱག་བཞེས་རྣམས་ལེགས་པར་ནོས་ནས། གོང་བསྙེན་ཞལ་ཤེས་ལྟར་ཚད་དུ་འཁྱོལ་བའི་རིག་སྔགས་འཆང་བས་བཅའ་གཞིའི་རིམ་པ་རྣམས་གསུང་རྒྱུན་དང་ཕྱག་བཞེས་བཞིན་དུ་བསྟར་ནས་ཕྲིན་ལས་ཀྱི་གཞུང་གྱེར་བ་ལ། བརྒྱུད་འདེབས་ནི། རིགས་རྣམས་ཀུན་གྱི་ཁྱབ་བདག་གཤིན་རྗེའི་གཤེད། །རྡོ་རྗེ་རྣོན་པོ་དགའ་རབ་རྡོ་རྗེའི་ཞབས། །འཇམ་དཔལ་བཤེས་གཉེན་ཤཱནྟིཾ་གརྦྷ་དང་། །ཡེ་ཤེས་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིག་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ཞབས། །ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་རྒྱ་མཚོ་རྡོ་སྟོན་ལྕགས་སྤེ་བ། །མེ་སྟོན་དྲན་ཆུང་དྲན་སྟོན་མཐའ་བྲལ་རྗེ། །དཀོན་མཆོག་རིན་ཆེན་བཀྲ་ཤིས་རྒྱལ་མཚན་དཔལ། །མཐར་ཕྱིན་ལྷ་སྒོམ་རྣམས་ལ་གསོལ་བ་འདེབས། །གངས་པ་ཤཱཀ་འབུམ་གྲྭ་ཕྱི་གཡུང་སྟོན་པ། །རྒྱལ་བ་རྡོ་རྗེ་རིག་འཛིན་དར་མ་འབུམ། །རྣམ་འབྱོར་དབང་ཕྱུག་སྟོན་པ་སངས་རྒྱས་མགོན། །བླ་ཆེན་ཁམས་སྟོན་རྣམས་ལ་གསོལ་བ་འདེབས། །བཀའ་ནས་བརྒྱུད་དང་སླར་ཡང་གཏེར་སྟོན་རྒྱ། །ལྷ་རྗེ་གནུབས་ཆུང་མཚུར་སྟོན་སྐུ་ཞང་དཔལ། །ཚུལ་ཁྲིམས་རིན་ཆེན་བྱང་མགོན་ནམ་མཁའི་མཚན། །ཚུལ་ཁྲིམས་རྒྱ་མཚོ་རྣམས་ལ་གསོལ༴ བཀའ་གཏེར་ཟུང་འཇུག་རྒྱ་སྟོན་ནམ་མཁའ་དཔལ། །གནམ་ལྕགས་མེ་འབར་ཆོས་རྒྱལ་ཕུན་ཚོགས་རྗེ། །བཙན་ཡག་སྤྲུལ་སྐུ་བཀྲ་ཤིས་ཕུན་ཚོགས་ཞབས། །དྲག་པོའི་མཚན་ཅན་རྣམས་ལ་གསོལ༴ ལྷ་སྲས་དབུར་སྨྱོན་བསོད་རིན་ཕྲིན་ལས་མཚན། །ཀུན་མཁྱེན་ཉང་སྟོན་སླར་ཡང་རྒྱལ་སྲས་རྗེ། །བྱང་བདག་ཡབ་སྲས་བྲང་སོ་གཏེར་སྟོན་མཆེད། །མཐུ་ཆེན་བསྟན་རྒྱལ་རྣམས་ལ་གསོལ༴ འཁོན་སྟོན་ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ་ཞབས། །སླར་ཡང་སྣང་གསལ་རིག་འཛིན་བཀྲ་ཤིས་མཚན། །དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །གཞོན་ནུ་དོན་གྲུབ་རྣམས་ལ་གསོལ༴ རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ་རྗེ། །སླར་ཡང་དཀོན་མཆོག་ལྷུན་གྲུབ་གཏེར་བདག་གླིང་། །གཤེད་སྐོར་བཀའ་གཏེར་གདམས་པའི་འདོད་འཇོ་མཁན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །དཀྱིལ་འཁོར་ཆེན་པོར་དབང་གིས་རང་རྒྱུད་སྨིན། །རྣོན་པོ་ནད་གཅོད་བྱིན་ཆེན་སྒོ་གསུམ་བརླབས། །ཟབ་རྒྱས་གདམས་པའི་གནད་ཀྱི་དམར་ཁྲིད་ལ། །འཁྲུལ་མེད་སྒྲོ་འདོགས་ཆོད་པར་བྱིན་གྱིས་རློབས། །ངོ་བོ་བློ་འདས་ཀ་དག་རིག་པའི་གདངས། །རང་བཞིན་ལྷུན་གྲུབ་བྱང་ཆེན་སྲུང་འཁོར་རྟེན། །བརྟེན་པ་ཞི་ཁྲོའི་ལྷ་ཚོགས་ཤར་བ་ཡི། །ཐུགས་རྗེས་བཙན་པོའི་མཁར་དུ་འཇུག་པར་ཤོག །མི་དང་མི་མིན་བསམ་སྦྱོར་ངན་པའི་སྟོབས། །རིག་སྔགས་འཁྲུལ་འཁོར་བསྐོར་བས་རྣམ་པར་འཇིག །སྒྱོགས་གཉིས་ནང་འཕྲད་སྒྱོགས་རྡོ་ལམ་བཅག་སྟེ། །སྲུང་མ་བདུད་དབབ་ཟློག་པའི་ལས་འགྲུབ་ཤོག །ཕྱག་ཆ་རང་ལ་བསྐོར་བ་རྦོད་གཏོང་གི །དམག་དཔོན་གཡུལ་དུ་བསད་པ་དཔའ་བོའི་ལས། །བྱད་མའི་སྟོབས་གཞོམ་ངན་སྔགས་ཁ་བཅིངས་ནས། །བཙོན་ཁང་ནང་དུ་དོང་རུལ་གནོན་པར་ཤོག །དེ་ལྟར་ལོག་འདྲེན་གཉིས་འཛིན་འཁྲུལ་པའི་ངོར། །ཤར་བར་ངེས་ནས་ཉོན་མོངས་དུག་གསུམ་དགྲ །བསྐྱེད་རྫོགས་རྫོགས་ཆེན་ལམ་གྱིས་ཚར་བཅད་དེ། །ཚེ་འདིར་འཇམ་མགོན་ཀུན་བཟང་འབྲས་སྨིན་ཤོག །སྐྱབས་སེམས་ཚད་མེད་བཞི་ཚོགས་ཞིང་རྣམས་ལས་བྱང་ཆེན་མོ་ལྟར་དང་། གཏོར་མ་གཏང་ཞིང་མཚམས་བཅད་པ་ནི། རང་སྐད་ཅིག་གིས་ཕྱག་རྒྱ་ཆེན་པོ་ཟིལ་གནོན་སོགས་དཀྱུས་བཞིན་བྱ། གཏོར་མ་དཀར་དམར་གཉིས་བཤམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་དགེ་བའི་སྟོངས་གྲོགས་མཛོད་ཅིག་ཅེས་བཀའ་བསྒོ། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུག་པ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོབ་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། བྱམས་པའི་སེམས་ཀྱིས་སོ་སོར་རང་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས་སོགས་དང་། སྒྲུབ་སྔགས་དང་སུམྦྷ་བརྗོད་དེ། ཁྲོ་བོ་དང་མཚོན་ཆ་དང་མེ་རབ་ཏུ་འབར་བའི་གུར་ཁང་དུ་གྱུར་གྱི་བར་དཀྱུས་བཞིན་བྱ། བྱིན་འབེབ་ནི། འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་རྣམས། །ཞེས་པའི་ཚིག་རྐང་གཅིག་པུ་འདི་སྦྱར་ཏེ་འོག་ནས་འབྱུང་བའི་བསྐུལ་གྱི་ནང་གི །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ༔ རིག་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན་ཕོབ་ཅིག༔ ངག་ལ་བདེན་ཚིག་གསུང་གིས་བྱིན་ཕོབ་ཅིག༔ ཡིད་ལ་རང་བྱུང་ཐུགས་ཀྱིས་བྱིན༴ ཡོན་ཏན་འགྲན་མེད་ཟིལ་གནོན་བྱིན༴ ཕྲིན་ལས་འགྲོ་འདུལ་རྣམ་བཞིས་བྱིན༴ དབང་ཆེན་དབང་སྐུར་ཟིལ་གནོན་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་ཟིལ་གནོན་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཞེས་པའི་བར་བརྗོད། རྟེན་གཏོར་དོར་བའི་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ལས་བྱང་ལྟར་བརླབ། དངོས་གཞིའི་ཐོག་མར་སེམས་བསྐྱེད་གསལ་འདེབས་ནི། སངས་རྒྱས་བསྟན་པ་རྒྱས་པར་བྱ་བ་དང་། །བདག་དང་བསྲུང་བྱའི་བར་ཆད་ཞི་བའི་ཕྱིར། །བཅོམ་ལྡན་འཇམ་དབྱངས་ཁྲོས་པ་གཤིན་རྗེའི་གཤེད། །ཚེ་བདག་ནག་པོའི་སྲུང་འཁོར་བསྒོམ་པར་བྱ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཆོས་ཀུན་ཀ་ནས་དག་པའི་སྤྲོས་བྲལ་ངང་། །དྷརྨ་དྷཱ་ཏུ་ཨཱཿ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། མ་རྟོགས་འགྲོ་ལ་ཀུན་ཁྱབ་སྙིང་རྗེའི་གདངས། །བོ་དྷི་ཙིཏྟ་ཧཱུྃ། རྒྱུའི་ཏིང་ངེ་འཛིན་ནི། འགག་མེད་རང་རྩལ་རིག་པ་ཧཱུྃ་མཐིང་ནག །དེ་ལས་འོད་འཕྲོས་རྩེ་མོར་རཾ་ཡཾ་ཁཾ། །རིམ་བྱུང་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས། །ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་ལྔ། །རིམ་ཆད་ནམ་མཁའ་མཐིང་ནག་གྲུ་གསུམ་སྟེང་། །རླུང་ལྗང་རྡོ་རྗེའི་རྒྱ་གྲམ་ལྟེ་བ་ལ། །མེ་ཕུང་དམར་པོ་ཟུར་གསུམ་འབར་ཞིང་འཕྲོ། །ཆུ་དཀྱིལ་དཀར་པོ་དབྱིབས་ཟླུམ་རྦ་རླབས་འཁྲུགས། །གསེར་གྱི་ས་ཆེན་གྲུ་བཞི་བརྡལ་བའི་སྟེང་། །བྷྲཱུྃ་ཆད་མཆོད་རྟེན་དཀར་པོ་འོད་ལྔ་པ། །ཐབས་ཤེས་དབྱེར་མེད་དབྱངས་གསལ་རྒྱུ་ལས་གྲུབ། །ངོ་བོ་རྡོ་རྗེའི་ཕ་ལམ་རྣམ་པ་ནི། །བྱང་ཆེན་མཆོད་རྟེན་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་སྟེང་བུམ་པ་བྲེ། །ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས། །ཕྱོགས་བཅུར་འོད་འཕྲོ་སྟོང་གསུམ་ཁེངས་པར་གྱུར། །བུམ་པའི་ནང་དུ་རྒྱུ་ལས་ཧཱུྃ་ཆད་པས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་ར་དབྲག་ཏུ། །རྡོ་རྗེའི་ཚྭ་ཚྭ་འཕྲོ་ཞིང་ཆིལ་ཆིལ་ཁོལ། །ལྟེ་བ་ག་འུ་ཁ་སྦྱོར་དབྱིབས་ཅན་ནང་། །པད་ཟླ་ཉི་སྟེང་ཤེལ་གྱི་རྡོ་རྗེ་དཀར། །འོད་ཟེར་ཀུན་འཕྲོའི་ལྟེ་བར་ཧཱུྃ་དེ་ལས། །འོད་འཕྲོས་སྣེ་ལ་ཡ་མ་ཏི་ར་བཾ། །ཡོངས་གྱུར་གཤིན་རྗེ་ཕོ་མོའི་གདན་གྱི་སྟེང་། །མ་ཧེ་གླང་རྒོད་ཟུང་གཉིས་ཀྱིས་གཏེགས་པའི། །པདྨ་ཉི་ཟླའི་སྟེང་དུ་རྒྱུའི་ཡི་གེ །ཧཱུྃ་ཡིག་མཐིང་ག་འོད་ཟེར་ལྔ་ལྡན་བབས། །དེ་ལས་འོད་འཕྲོས་ཚུར་འདུས་ཞུ་བ་ལས། །གནམ་ལྕགས་རྡོ་རྗེ་རྩེ་དགུ་ཧཱུྃ་མཐིང་གིས། །མཚན་པ་ལས་འཕྲོས་འཕགས་པའི་ཚོགས་རྣམས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །ཞལ་གཡས་དཀར་ལ་བཞད་ཅིང་གཡོན་དམར་གཤེ། །དབུས་མ་མཐིང་ནག་རྔམ་པའི་ཞལ་རེ་རེར། །དམར་ལ་རབ་ཟླུམ་སྤྱན་གསུམ་གཡོ་ཞིང་འཁྲུགས། །སྦྲུལ་ནག་གདུག་པས་སྙན་གོང་གཡས་གཡོན་བརྒྱན། ཁྲོ་གཉེར་སྨིན་མའི་མཚམས་བསྡུས་ཤངས་གཉེར་བ། །ལྗགས་འདྲིལ་མཆེ་བ་བཞི་གཙིགས་ཞལ་གདངས་ནས། །ཨཱ་རལླི་སྒྲོག་སྨིན་མ་དམར་སེར་འཁྱུག །ཁམ་སེར་དབུ་སྐྲ་གྱེན་བརྫེས་ཕྱག་གཡས་ཀྱི། །དང་པོས་རྣོ་ངར་རྩིབས་བརྒྱད་འཁོར་ལོ་བསྐོར། །བར་པ་རལ་གྲི་རྡོ་རྗེ་རྩེ་དགུ་མཐའ། །ཕྱག་གཡོན་དང་པོས་ལྕགས་ཀྱུ་གཏུན་ཤིང་བར། །འོག་མ་སྡིགས་མཛུབ་རྩེ་ལ་མེ་དཔུང་འཕྲོ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞེངས། ཁྲག་འཐུང་རིགས་ལྔ་ནང་བཞུགས་ཐོད་སྐམ་ལྔས། །དབུ་བརྒྱན་ར་རི་ཉེར་གཅིག་མགུལ་པར་འཕྱང་། ཁྲག་འཛག་ཐོད་རློན་ལྔ་བཅུའི་སེ་རལ་ཁ། །གླང་ཆེན་ཀོ་རློན་སྟོད་གཡོགས་ཞིང་པགས་ཀྱིས། །རྐེད་བཅིངས་སྟག་ཤམ་སྨད་དཀྲིས་སྦྲུལ་རིགས་ལྔའི། །དཀར་ཁྲས་དབུ་སྐྲ་བཅིངས་ཤིང་སེར་ཁྲ་ཡིས། །ཕྱག་གདུབ་དམར་ཁྲས་སྐ་རགས་ཞབས་གདུབ་ལྗང་། །ནག་ཁྲས་སེ་རལ་ཁ་བྱས་སྨིན་མཚམས་དང་། །སྐུ་ཡི་ཉྭ་སུལ་ཐལ་ཆེན་ཚོམ་བུས་བྱུགས། །མཁུར་ཚོས་དཔྲལ་བ་རཀྟའི་ཐིག་ལེས་བརྒྱན། །ཞག་གི་སོར་རིས་ལྐོག་མ་བྲང་ལ་བཤལ། །བ་སྤུའི་བུ་གར་ཁྱུང་ནག་མེ་གཤོག་དང་། །རྡོ་རྗེ་རྩེ་ལྔས་གཏམས་ལས་མེ་སྟག་འཕྲོ། །སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་བགྱེད། །ལས་ཀྱི་གཤིན་རྗེ་བསམ་མི་ཁྱབ་ཀྱིས་བསྐོར། །ལུས་ལས་འབར་བའི་ཡེ་ཤེས་མེ་དཔུང་གིས། །རྡོ་རྗེའི་ཚྭ་ཚྭ་འཕྲོ་བའི་ཀློང་ན་བཞུགས། །སྤྱི་བོར་ཡེ་ཤེས་ཁྱུང་ནག་ཁྲོ་བོའི་ཞལ། །རྡོ་རྗེའི་མཆུ་ལྡན་ཉི་ཟླའི་སྤྱན་གསུམ་ཟླུམ། །གནམ་ལྕགས་རྭ་དབྲག་ནོར་བུའི་རྒྱན་གྱིས་སྤྲས། ཁམ་ནག་དབུ་སྐྲ་གྱེན་འཁྱིལ་ལྕགས་སྡེར་གྱིས། །དཀར་ནག་སྦྲུལ་བཟུང་མཇུག་མ་ཞབས་ཀྱིས་མནན། །མགོ་བོ་ཞལ་གསོལ་སྤུ་ཕྲན་མཚོན་ཆར་གཏམས། །བསྐལ་པའི་མེ་འབར་སྤུ་གྲིའི་སྒྲོ་གཤོགས་ཚོགས། །བརྡབ་པས་ས་བདག་ཀླུ་གཉན་མ་ལུས་འདུལ། །གཙོ་བོའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་།  །འཇམ་དཔལ་གསེར་མདོག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཞི་འཛུམ་ཞལ། །ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་གྱུར།  །ལྟེ་བར་པད་ཟླ་ཉི་སྟེང་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་མཆོད་རྟེན་འོད་ལྔ་འཕྲོ། །བུམ་ནང་པད་ཟླའི་གདན་གནས་མཐིང་ནག་ཧཱུྃ། །ཡོངས་གྱུར་གསེར་གྱི་རྡོ་རྗེ་རྩེ་ལྔའི་རྭ། །ཡར་ལྔར་རིགས་ལྔ་ཡབ་དང་མར་ལྔར་ཡུམ། །སྐུ་མདོག་ཕྱག་མཚན་རྒྱན་རྫོགས་ཞལ་ནང་གཟིགས། །ལྟེ་བར་ཨཱ་དི་ཀཱ་དི་ལས་གྲུབ་པའི། །དཀར་དམར་ཉི་ཟླའི་ག་འུ་ཁ་སྦྱར་ནང་། །བྷྲཱུྃ་ཡིག་ཁོག་པར་མཐིང་ནག་མདོག་ལྡན་ཧཱུྃ། །འོད་འབར་བསྲུང་བྱ་དང་བཅས་དེ་ཡི་མཐར། །ཨེ་ཀ་ཡ་མ་དུ་རུ་ཙཀྲ་དང་། །དཀར་དམར་དབྱངས་གསལ་ཐབས་ཤེས་ཚུལ་གྱིས་བསྐོར། །རང་གི་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །སྨུག་ནག་མདོག་ལྡན་བྷྱོ་ཡིག་གཡོན་དུ་ཆད། །འཕྲོ་འདུས་ཡོངས་གྱུར་མ་མོ་ཁྲག་མིག་མ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །གཅེར་བུ་རྒྱན་མེད་ཕྱག་གཡས་ལྕགས་ཀྱུ་ཕྱར། །གཡོན་པ་ཐོད་པ་ཁྲག་གང་ཐུགས་ཀར་བསྣམས། །གཟིག་ཤམ་དཀྲིས་ཤིང་ཞབས་གཉིས་དོར་སྟབས་བགྲད། །མ་མོ་བྱེ་བ་ས་ཡའི་འཁོར་ཚོགས་བཅས། །རང་ལུས་ལས་འཕྲོས་མེ་དཔུང་རབ་འབར་དབུས། །བཞུགས་པའི་ཐུགས་ཀར་སྨུག་ནག་བྷྱོ་ཡི་མཐར། །ཧེ་ཀ་ཡ་མ་དུ་རུ་ཙཀྲས་བསྐོར། །སླར་ཡང་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །ཡ་ཡིག་ཁྲག་མདོག་གཡས་སུ་ཆད་པ་ལས། །སྲས་མཆོག་ཡ་མ་རཱ་ཙ་དམར་ནག་མདངས། །ཞལ་གཅིག་ཕྱག་གཉིས་གཡས་པ་བཤན་གྲི་ཕྱར། །ཕྱག་གཡོན་དོན་སྙིང་དམར་པོ་ཙ་རེ་འདྲང་། ཁྲག་འཛག་མི་ལྤགས་གཡང་གཞི་སྐུ་ལ་གསོལ། །ཞབས་གཉིས་སར་བརྡབས་སྟག་ལྤགས་ཤམ་ཐབས་དཀྲིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་བཅས། །སྐུ་ལས་འབར་བའི་ཡེ་ཤེས་མེ་དཔུང་ཀློང་། །བཞུགས་པའི་ཐུགས་ཀར་དམར་ནག་ཡ་ཡིག་མཐར། །གྷྲི་མ་ཡ་མ་དུ་རུ་ཙཀྲས་བསྐོར། །སླར་ཡང་ཡབ་ཡུམ་ཐུགས་ཀའི་ཧཱུྃ་བྷྱོ་ལས། །འཕྲོས་པའི་ཁྲོ་བོ་ཁྲོ་མོ་གཡས་གཡོན་དུ། །ཞལ་ནང་གཟིགས་ཏེ་སྲུང་བའི་ལས་མཛད་གྱུར། །བྱང་ཆེན་མཆོད་རྟེན་ཕྱི་རོལ་བྷྲཱུྃ་ཡིག་ལས། །གསེར་གྱི་ག་འུ་ཁ་སྦྱོར་གུར་ཁང་ཅན། །དེ་ཡི་ཕྱི་རིམ་རིགས་ལྔའི་རང་བཞིན་གུར། །ཧཱུྃ་སྥ་ར་ཎ་ཕཊ། ཁྲོ་བོ་སྔོན་པོ་རང་མདོག་རྡོ་རྗེ་ཐོགས། །རྡོ་རྗེ་སྔོན་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨོཾ་སྥ་ར་ཎ་ཕཊ། ཁྲོ་བོ་དཀར་པོ་རང་མདོག་འཁོར་ལོ་ཐོགས། །འཁོར་ལོ་དཀར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏྲཱཾ་སྥ་ར་ཎ་ཕཊ། ཁྲོ་བོ་སེར་པོ་རང་མདོག་ནོར་བུ་ཐོགས། །ནོར་བུ་སེར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཧྲཱིཿསྥ་ར་ཎ་ཕཊ། ཁྲོ་བོ་དམར་པོ་རང་མདོག་པདྨ་ཐོགས། །པདྨ་དམར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨཱཿསྥ་ར་ཎ་ཕཊ། ཁྲོ་བོ་ལྗང་གུ་སྣ་ཚོགས་རྡོ་རྗེ་ཐོགས། །སྣ་ཚོགས་རྡོ་རྗེས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏིཀྵ་ཎ་མཎྜ་ལ། རལ་གྲི་ངར་མའི་འཁོར་ལོ་གཡོན་ཕྱོགས་སུ། །དྲག་ཏུ་འཁོར་བས་གནོད་བྱེད་མ་ལུས་པ། །ཉལ་ཉལ་གཅོད་ཅིང་གཏུབ་པར་བྱེད་པའི་གུར། །ཕྱི་རིམ་ཡུམ་ལྔའི་རང་བཞིན་གུར་ཁང་ནི། །ཡཾ་སྥ་ར་ཎ་ཕཊ། རླུང་ནག་འཚུབས་མའི་གུར་ནང་ཁྲོ་བོའི་ཚོགས། ཁམ་ནག་རླུང་གཡབ་མཚོན་ཆ་ཐོགས་པས་གཏམས། །རཾ་སྥ་ར་ཎ་ཕཊ། རཾ་ཛྭ་ལ་མཎྜ་ལ། དུས་མཐའི་མེ་དཔུང་འབར་བའི་གུར་ནང་དུ། ཁྲོ་བོ་དམར་ནག་མེ་དཔུང་འབར་བས་གཏམས། །བཾ་ཏཱིཀྞ་མཎྜ་ལ། ཆུ་བོ་རྦ་ཀློང་འཁྱིལ་བའི་གུར་ནང་དུ། ཁྲོ་བོ་དཀར་པོ་ཆུ་ཞགས་ཐོགས་པས་གཏམས། །ལཾ་ཏཱིཀྵ་ཎ་མཎྜ་ལ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གུར་ནང་དུ། ཁྲོ་བོ་སེར་པོ་རི་རབ་ཐོགས་པས་གཏམས། །ཨེ་མཎྜ་ལ། ནམ་མཁའ་ལྕགས་ཀྱི་གུར་ནང་ཁྲོ་བོ་ནག །མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབ་པས་གཏམས། །ཀུན་ཀྱང་སྲ་མཁྲེགས་རབ་འབར་ཁྲོ་ཆུང་མཚོན། །ཐོགས་དང་ནམ་མཁའི་རྡོ་རྗེ་ཕྲ་མོའི་ཚོགས། །སྤུ་གྲི་རེག་གཅོད་རླུང་དང་ཡེ་ཤེས་མེ། །ཆུ་གྲི་སྣ་ཚོགས་མཚོན་ཆའི་འཁོར་ལོ་ཡིས། །འཚུབ་མར་གཏམས་ལས་དྲག་པོའི་འོད་འཕྲོས་པས། །དགྲ་བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བསྐྲད། །མ་སོང་པ་རྣམས་ཐལ་བའི་རྡུལ་བཞིན་བརླག །དེ་ཡི་ཕྱི་རོལ་རང་སྔགས་དབྱངས་གསལ་ཕྲེང་། །ཐབས་ཤེས་ཚུལ་དུ་འཁྲིགས་ལས་དགྲ་བགེགས་ཀུན། །སོད་ཅེས་སྟོང་ཉིད་རང་སྒྲ་ཆེར་སྒྲོག་པ། །ནམ་ཡང་གཞོམ་གཞིག་མེད་པའི་གུར་དུ་གྱུར། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཨོཾ། །མགྲིན་པར་པདྨ་དམར་པོ་འདབ་བརྒྱད་ཨཱཿ སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔར་ཧཱུྃ། །མཚན་པ་ལས་འཕྲོས་འོད་ཀྱིས་ཀ་དག་ཀློང་། །རང་བཞིན་གནས་ནས་འཇམ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་སྲུང་བའི་གུར་ཁང་བཅས། །སྐད་ཅིག་ཉིད་ལ་བཛྲ་ས་མཱ་ཛཿ ཕྲིན་ལས་ཀྱི་གཞུང་ལ་དོན་བདུན་ཡོད་པའི་དང་པོར་སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །འཇམ་དཔལ་ཡབ་ཡུམ་འཁོར་བཅས་སྤྱན་འདྲེན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ཡུམ་མཆོག་མ་མོ་ཁྲག་མིག་གཤེགས་སུ་གསོལ། །སྲས་མཆོག་ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙཱ་ཏི་ས་མ་ཡ་ཛཿ གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས༔ བརྐྱང་བསྐུམ་འགྱིང་བག་རྔམ་བརྗིད་ཚུལ་གྱིས་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི། ཧཱུྃ༔ དགྲ་བགེགས་མ་ལུས་ཐལ་བར་བརླག་བྱེད་པ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ མ་མོ་ཁྲག་མིག་མ་ལ་ཕྱག་འཚལ་ལོ༔ སྲས་མཆོག་ཡ་མ་རཱ་ཙར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་མཆོད་པ་འབུལ་བ་ནི། ཧཱུྃ༔ འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་ལ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཟས༔ སིལ་སྙན་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙཱ་ཏི་ས་པ་རི་བཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ །གནྡྷཾ། ནཻ་བིདྱཾ། ཤབྡ་ཨཱཿཧཱུྃ། སྨན་མཆོད་ནི། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དམ་ཚིག་རྫས། །རྒྱུ་དྲུག་ཀུན་སྒྲོལ་དུག་ལྔ་རབ་སེལ་བ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྨན་སྤྱིར་ཕུལ་ནས་བྱེ་བྲག་ཏུ། འཕགས་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་དང་། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ཞབས། །ཤཱནྟིཾ་གརྦྷ་ཡེ་ཤེས་སྙིང་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིག་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ གཏེར་སྟོན་ཞང་ཁྲོམ་ལྷ་རྗེ་གནུབས་ཆུང་དང་། །མཚུར་སྟོན་རིག་རྡོར་སྐུ་ཞང་དཔལ་ལྡན་པ། །ཚུལ་ཁྲིམས་རིན་ཆེན་བྱང་ཆུབ་མགོན་པོ་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ མཁས་གྲུབ་ནམ་མཁའ་རིན་ཆེན་ཚུལ་ཁྲིམས་ཞབས། །རྒྱ་སྟོན་བོན་པོ་གནམ་ལྕགས་མེ་འབར་རྗེ། །མཆོག་གྲུབ་རྒྱལ་པོ་བཀྲ་ཤིས་ཕུན་ཚོགས་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ དབུར་སྨྱོན་ཆོས་གྲགས་བསོད་ནམས་རིན་ཆེན་དཔལ། །ཕྲིན་ལས་རྣམ་རྒྱལ་ཉང་སྟོན་རིགས་ཀུན་བདག །སླར་ཡང་རིག་འཛིན་བཀྲ་ཤིས་རྒྱ་མཚོ་ལ། །སྨན་མཆོད༴ ཨོཾ་ན་མཿ༴ དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །ཆོས་དབྱིངས་རང་གྲོལ་སླར་ཡང་དཀོན་མཆོག་མཚན། །གཏེར་བདག་གླིང་སོགས་བཀའ་གཏེར་བླ་མ་ལ། །སྨན་མཆོད༴ ཨོཾ་ན་མཿ༴ འཇམ་དཔལ་ཚེ་བདག་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཙ་འཆི་བདག་སྲོག་གི་བདག །ལས་གཤིན་བཀའ་ཉན་དྲེགས་བྱེད་ཕོ་ཉ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ། སླར་ཡང་རིག་འཛིན་སྨྲ་བའི་འབབ་སྟེགས་སོགས་བརྗོད། གཏོར་མ་ནི། བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །གཏོར་མའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དྭངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་ཕྲེང་ཅན། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྦྱོར་སྒྲོལ་ནི། མཚན་ལྡན་གཟུངས་མ་དང་སྦྱར་བཅུ་དྲུག་ཆ། །ཡོངས་རྫོགས་དགའ་བཞིའི་བདེ་ཆེན་རབ་རྒྱས་ཤིང་། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །སྦྱོར་སྒྲོལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། བོ་དྷི་ཙིཏྟ་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ། ལྔ་པ་བསྟོད་པ་ནི། ཨེ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྤྲོས་བྲལ་བདེ་ཆེན་དག་པའི་སྐུ༔ རང་བཞིན་གཉིས་མེད་དག་པའི་གསུང༔ མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས༔ འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན༔ འགྲོ་ཀུན་དོན་མཛད་ཕྲིན་ལས་སོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སེམས་ཅན་དོན་མཛད་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད༔ དྲུག་པ་བཤགས་པ་ནི། བདག་གིས་ཚེ་རབས་ཐོག་མེད་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་ཀྱལ་སྨྲ་བ་མང་དུ་བརྗོད༔ ཡིད་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ལས་སྤྱད་ཀུན༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་དྲེགས་པ་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བརླག་པར་མཛད༔ ནོར་འཁྲུལ་ཆག་ཉམས་མཆིས་ན་བཟོད་པར་གསོལ༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་གསོལ༔ དབྱངས་གསལ་དང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད། སྡེ་བརྒྱད་བྲན་དུ་རབ་འཁོལ་སྙིང་རྗེ་ཆེས། །གདུག་པ་ཅན་རྣམས་དུས་གཅིག་བརླག་ནུས་ཤིང་། །གཞན་གྱི་བྱད་སྟེམས་རིག་སྔགས་སྦྱོར་ངན་གྱིས། །ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །དག་པ་དྲན་ཞིང་ང་རྒྱལ་བརྟན་པ་ནི། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྣང་སྲིད་འཁོར་འདས་ང་ལས་བྱུང་། །སངས་རྒྱས་སེམས་ཅན་ང་ལ་གནས། །སྐུ་གསུམ་ང་ཡི་རང་བཞིན་ཡིན། །ལྷ་སྲིན་སྡེ་བརྒྱད་ང་ལས་བྱུང་། །གཤིན་ནི་སྐྱེ་བ་མེད་པ་སྟེ། །རྗེ་ནི་འགག་པ་མེད་པའི་དོན། །གཤེད་ཅེས་བྱ་བ་མཐའ་གཉིས་བྲལ། །དེ་ཕྱིར་གཤིན་རྗེ་ཚེ་བདག་ཡིན། །མཚན་ཙམ་ཐོས་ཡོན་བསམ་མི་ཁྱབ། །བསྒྲུབ་ན་ལང་ཚོ་ང་དང་མཉམ། །བདུན་པ་འཛབ་བཟླ་བ་ནི། གཙོ་འཁོར་རྣམ་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས། །འཕྲོས་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ། །ལས་བྱེད་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་། །སུམ་སྤྲུལ་ཁྲོ་བོ་ཁྲོ་མོ་དཔག་མེད་ཚོགས། །སྤྲོས་པས་རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་དང་སྲོག་གི་ངོ་བོ་ནྲྀའི་རྣམ་པར། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་ཕྲོགས་ནས། །མཐོ་བ་ནམ་མཁའ་དམའ་བ་དམྱལ་བའི་ས། །ཉི་ཟླའི་ཐེམ་བར་སྤྲིན་གྱི་གོ་བར་ཁྲོད། །རི་རབ་ལྕོགས་བར་འཛམ་གླིང་ཡུལ་གྲུ་སོགས། །ས་འོག་ས་སྟེང་ས་བླ་གར་ཁྱེར་ཞིང་། །སྦས་དང་བསྐུངས་ནས་ཡོད་པ་མ་ལུས་པ། །སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོའི་ཚོགས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ཉེར་གཟིགས་ནས། །གནོད་བྱེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས། །ཚེ་སྲོག་ཡི་གེའི་གཟུགས་ཅན་དེ་ཕྲོགས་ནས། །ཧཱུྃ་གི་རྣམ་པར་རང་གཞན་བསྲུང་བྱ་ཡི། །ཐུགས་ཀར་བསྟིམས་པས་སྲོག་མཐུད་ཚེ་ཉམས་སྤེལ། །སླར་ཡང་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ཡིས། །བླ་མ་ཡི་དམ་བདེ་གཤེགས་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་བྱིན་རླབས་མཐུ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་གི་སྙིང་། །ལྷ་མིའི་ཚེ་དཔལ་བསོད་ནམས་དབང་ཐང་དང་། །ས་ཆུ་མེ་རླུང་འབྱུང་བ་རྣམ་ལྔའི་བཅུད། །ཐམས་ཅད་རང་དབང་མེད་པར་བཀུག་ནས་ནི། །བདག་གཞན་བསྲུང་བ་ཀུན་དང་དབྱེར་མེད་པར། །ཐིམ་པས་བཀྲག་མདངས་མཐུ་སྟོབས་ལྡན་པར་གྱུར། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རང་ཉིད་ལྷར་གསལ་བའི། །ཕྱི་རིམ་འོད་ཟེར་གཡས་སུ་ཡོངས་བསྐོར་ཞིང་། །ལྷ་རྣམས་ཞལ་ནས་སྲུང་བའི་སྔགས་ཀྱི་སྒྲ། །དིར་དིར་རབ་སྒྲོག་གུར་ཁང་ཚོགས་ལས་ཀྱང་། །འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲས། །སྲིད་པ་གསུམ་ཁྱབ་བདག་གཞན་བསྲུང་བྱ་ལ། །འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་དང་། །ལྷ་སྲིན་སྡེ་བརྒྱད་གནོད་པ་ལས་བསྐྱབས་གྱུར། ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་བལྟ། །གཟུགས་སྣང་མ་ལུས་ཁྲོ་རྒྱལ་ཆེན་པོར་རྫོགས། །གྲགས་སྟོང་སྒྲ་རྣམས་བཟླས་བརྗོད་སྔགས་སུ་རྫོགས། །སྲིད་གསུམ་མ་ལུས་ཆོས་ཉིད་རོལ་པའི་རྒྱན། །དུག་གསུམ་རྣམ་དག་སྐུ་གསུང་ཐུགས་སུ་རྫོགས། །རང་བྱུང་དུག་ལྔ་ཡེ་ཤེས་ཆེན་པོ་ལྔ། །འཁོར་འདས་དབྱེར་མེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེང་གསུམ་གསལ་བཏབ་པ་ལས་མི་གཡེལ་བས་གོང་གི་བསྙེན་པ་ཐུན་དྲུག་ཏུ་བཅད་ནས་ཉམས་སུ་ལེན་ཚུལ་མན་ངག་ལྟར་བྱས་ཏེ་རྟགས་མ་བྱུང་གི་བར་དུ་འབད་ཅིང་། མཇུག་སྡུད་ཀྱི་རིམ་པ་རྣམས་འཁྲུལ་པ་མེད་པར་བྱ་བ་ནི་གནད་དམ་པའོ། །བཟློག་པ་ནི། རྩ་ཕྱག་མཐིལ་གཉིས་ཟླ་ཉི་ཐབས་ཤེས་ཚུལ། །ལྷ་ཚོགས་ཞལ་ཕྱིར་གཟིགས་ནས་ཟློག་པའི་སྔགས། །སྒྲོག་ཅིང་གུར་ཁང་ལས་ཀྱང་འབྲུག་སྟོང་ལྟར། །ལྡིར་བས་རྦོད་གཏོང་ལྷ་སྲིན་གནོད་པ་ཟློག །སྔགས་ཕྲེང་ལས་འཕྲོས་འོད་ཟེར་གྱིས་བསྐོར་བའི། །འཕྲོ་འདུས་བྱད་མའི་སྟེང་དུ་བབས་པར་གྱུར། །གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་དང། །བ་སྤུའི་བུ་ག་ནས་ཐོན་ལས་བྱེད་ཀྱི། ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་པ། །ཐོགས་ཏེ་སྐར་ལྟར་འཁྲུག་ཅིང་གློག་ལྟ་བུར། །འཁྱུག་པ་རྣམས་ཀྱིས་བྱད་མ་རྦོད་གཏོང་མཁན། །ལྷ་དང་སྲུང་མར་བཅས་ཀུན་ཕར་བཟློག་ཅིང་། །མེས་བསྲེགས་རླུང་གིས་རབ་གཏོར་ཆུ་ཡིས་བཤལ། །སས་མནན་ཐལ་བ་བུན་བུན་བཞིན་དུ་བཏང་། །ལྷག་མ་ལུས་པ་སྟོབས་ཅན་ཚུར་བྱུང་ནས། །མཚོན་ཆས་གཏུབས་པས་ཉེ་བར་མ་ནུས་ནས། །བྱད་མ་མཁན་པོའི་སྟེང་དུ་རྦད་འདྲེའི་ཚོགས། །བབས་པས་རང་གཤེད་རང་ལ་རྣམ་པར་དབབ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་འབད་དེ་བཟླ། གཡས་གཡོན་ཕྱག་མཐིལ་ཟླ་ཉིའི་དཀྱིལ་འཁོར་བར༔ དགྲ་བགེགས་གནོད་བྱེད་ལྷ་དང་སྲུང་མ་རྣམས༔ བརྡབ་ཅིང་གཅར་བས་ཤ་ཁྲག་རུས་པ་རྣམས༔ འཆི་བདག་གཤིན་རྗེའི་ཚོགས་ཀྱིས་ཧབ་ཟོས་གྱུར༔ ཅེས་གསལ་བཏབ་པས་བདེན་སྟོབས་ལན་གསུམ་བརྗོད་པ་དང་བསྟུན་ནས་ཐལ་མོ་བརྡབ། ཐུན་གཏོར་སྤྲོ་ན་དགུག་གཞུག་བྱ། གཏོར་མའི་དངོས་འཛིན་རཾ་ལས་མེས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས། ཨོཾ་ཨཱཿཧཱུྃ་གིས་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བརླབ། སྒྲུབ་སྔགས་གསུམ་དང་། ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད། ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོ། བསྟོད་རིང་ནི། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་ཀླུ་འབུམ་གསོལ༔ གཡོན་ཞལ་དམར་ལ་གདངས་པས་གཉན་ཁྲི་གསོལ༔ དབུས་ཞལ་མཐིང་ལ་རྔམས་པས་ས་བདག་གསོལ༔ ཕྱག་གཡས་དང་པོ་འཁོར་ལོས་དགྲ་བགེགས་གཏུབ༔ བར་པ་རལ་གྲིས་དགྲ་བགེགས་སྲོག་རྩ་གཅོད༔ ཐ་མ་རྡོ་རྗེས་དགྲ་བགེགས་རྡུལ་དུ་རློག༔ ཕྱག་གཡོན་དང་པོ་ལྕགས་ཀྱུས་དགྲ་བགེགས་འགུག༔ བར་པ་གཏུན་ཤིང་དགྲ་བགེགས་རྣམས་ལ་བརྡེག༔ ཐ་མ་སྡིགས་མཛུབ་དགྲ་བགེགས་རྣམས་ལ་གཟིར༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དགྲ་བགེགས་བརྫིས༔ ཐོད་སྐམ་ར་རི་ཐོད་རློན་ཕྲེང་བ་ཡིས༔ དབུ་རྒྱན་མགུལ་རྒྱན་དོ་ཤལ་མཛེས་པར་བརྒྱན༔ གླང་ཆེན་ཞིང་དང་སྟག་ལྤགས་སྐུ་ལ་གསོལ༔ རྒྱལ་རིགས་བྲམ་ཟེ་དམངས་རིགས་རྗེ་རིགས་དང༔ གདོལ་པའི་རིགས་མཚོན་སྦྲུལ་ལྔས་དབུ་ཞབས་བརྒྱན༔ རཀྟ་སོར་རིས་ཐལ་ཆེན་གསུམ་གྱིས་སྤྲས༔ བསྐལ་པའི་མེ་དཔུང་དབུས་ན་འགྱིང་པར་བཞུགས༔ སྤྱན་བགྲད་ཤངས་གཉེར་ཞལ་གདངས་ལྗགས་འདྲིལ་ཞིང༔ མཆེ་བ་རབ་གཙིགས་དགྲ་བོའི་དོན་སྙིང་ཟ༔ སྤྱི་གཙུག་ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་དང་མཆུ་སྡེར་གནམ་ལྕགས་འབར་བ་ཡིས༔ ཀླུ་གཉན་ས་བདག་མ་ལུས་གསོད་ཅིང་གནོན༔ བ་སྤུ་ཁྱུང་དང་རྡོ་རྗེས་རབ་ཏུ་གཏམས༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉ་དགྲ་ལ་འགྱེད༔ དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག༔ ཁྲོ་རྒྱལ་གཤིན་རྗེའི་ཐུགས་དམ་དུས་ལ་བབས༔ གཤིན་རྗེ་བྱེ་བ་ས་ཡ་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ གསོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཅེར་བུ་རྒྱན་མེད་གཟིག་ཤམ་སྤྱན་བགྲད་ཁྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་བརྡབ༔ ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་དབང་མེད་འགུག༔ ཕྱག་གཡོན་ཉམས་པའི་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཨེ་ཀ་ཙཱ་ཏིའི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་མ་མོའི་དམག་ཚོགས་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཧཱུྃ༔ གཡས་ན་སྲས་མཆོག་ཡ་མ་རཱ་ཛ་ནི༔ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ རབ་འཇིགས་གཅེར་བུ་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ མི་ལྤགས་གཡང་གཞི་སྟག་ལྤགས་སྐུ་ལ་གསོལ༔ ཕྱག་གཡས་བཤན་གྲིས་དགྲ་བགེགས་མ་ལུས་གཏུབ༔ ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད༔ ཡ་མ་རཱ་ཛའི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་ལས་མཁན་སྡེ་བརྒྱད་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཨེ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ལ༔ ཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་སྨོད་པ་དང༔ ཡི་དམ་སྨོད་ཅིང་བརྙས་པར་བྱེད་པ་དང༔ དཀོན་མཆོག་གསུམ་ལ་སྨོད་ཅིང་ཆོས་སྐྱོང་སྨོད༔ བསྙེན་སྒྲུབ་ཟབ་མོའི་བར་ཆད་བྱེད་པ་དང༔ མཆེད་ལ་འཁུ་ཞིང་དམ་ལས་ལྡོག་པ་དང༔ དམ་ཚིག་ཅན་ལ་གནོད་པ་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རིངས་པར་ཁུག་ལ་སྲོག་དང་ད་ཕྲོལ་ཅིག༔ དབང་དུ་སྡུས་ལ་རྡུལ་དུ་ད་རློགས་ཤིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ དྲག་ཏུ་བསྐུལ་བ་ནི། ཨེ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ཡི༔ དྲག་པོ་གྲུ་གསུམ་ཨེ་ཡི་གཞལ་ཡས་ནས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ལྟོ་འཕྱེ་ཕྱོགས་སྐྱོང་ཟླ་ཉི་བརྩེགས་པའི་སྟེང༔ བཅོམ་ལྡན་ཟིལ་གནོན་ཚེ་བདག་ནག་པོའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་རྒོད་རྒོད་འདྲ༔ གཡོན་ཞལ་དམར་ལ་གདངས་པས་ཆགས་ཆགས་འདྲ༔ དབུས་ཞལ་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ རྒྱན་དང་ཆ་ལུགས་ལྡན་པས་ཆས་ཆས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ བདུད་བཞི་ཐལ་བར་རློག་པས་དཔའ་དཔའ་འདྲ༔ བསྐལ་པའི་མེ་དཔུང་བཞུགས་པས་འབར་འབར་འདྲ༔ རྒྱུད་དྲུག་ཐུགས་རྗེས་འདྲེན་པས་བརྩེ་བརྩེ་འདྲ༔ དེ་འདྲའི་ཐུགས་རྗེས་ཁྲོ་ཆེན་སྐུ་བཞེངས་འཚལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ༔ རིག་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན༴ ངག་ལ་བདེན་ཚིག་གསུང་གིས་བྱིན༴ ཡིད་ལ་རང་བྱུང་ཐུགས་ཀྱིས་བྱིན༴ ཡོན་ཏན་འགྲན་མེད་ཟིལ་གནོན་བྱིན༴ ཕྲིན་ལས་འགྲོ་འདུལ་རྣམ་བཞིས་བྱིན༴ དབང་ཆེན་དབང་སྐུར་ཟིལ་གནོན་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་ཟིལ་གནོན་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་རྩེ་གཅིག་གུས་པས་ཁྱོད་བསྒྲུབས་ན༔ ཁྱོད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་དུས་སུ་བདག་སྐྱེས་པས༔ བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་དང༔ བདུད་དང་ལྷ་འདྲེ་ངན་སེམས་ཅན་རྣམས་ཀྱིས༔ བདག་གི་ཚེ་སྲོག་ལམ་ལ་བར་གཅོད་རྣམས༔ དཔལ་ཆེན་ཟིལ་གནོན་འཁོར་དང་བཅས་པ་ཡིས༔ རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང༔ ཐུགས་རྗེ་གཏུམ་རྔམ་ཤུགས་ཀྱིས་བསྒྲལ་ནས་ནི༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྟོབས༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་སྒྲིལ༔ རྣམ་དག་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་སྟིམས༔ སྒྲུབ་མཆོག་བདག་གི་བསམ་དོན་བྱང་ཆུབ་ལམ༔ བར་ཆད་མེད་པར་དུས་འདིར་གྲུབ་པར་མཛོད༔ བསྐུལ་ཐུང་ནི། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ ཡབ་གཅིག་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད༔ སྦྱོར་བའི་ཡུམ་མཆོག་མ་མོ་ཁྲག་མིག་མ༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཏི་མ༔ ཐུགས་ཀྱི་སྤྲུལ་པ་སྒྲོལ་གིང་རྨེ་རུ་རྩེ༔ དུས་གསུམ་གཤིན་རྗེ་བཞི་དང་ཕྱོགས་སྐྱོང་བཅུ༔ གིང་བདུད་མ་མོ་མཁའ་འགྲོ་གྱད་གནོན་ལྷ༔ འཇམ་དཔལ་སྐུ་ཡི་རིགས་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྐུར་བཞེངས་བདག་བྱིན་རློབས༔ ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེས་དགྲ་བགེགས་སྒྲོལ༔ ཅེས་བསྟོད། བསྐུལ་གསུམ་ག་ཤམ་བུ་དང་བཅས་པས་ཕུལ་ཏེ། ཟོར་བསྐུལ་ནི། ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས༔ མདའ་མདུང་མཚེ་ཡུངས་རྩང་གིས་བརྒྱན༔ མྱོས་བྱེད་དུག་དང་ཁྲག་གིས་བྱུགས༔ རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ༔ ངོས་ལ་ཞེ་སྡང་མེ་ཆེན་འབར༔ འོག་ཏུ་གཏི་མུག་མུན་པ་འཁྲིགས༔ རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ༔ རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས༔ གཤིན་རྗེ་རོལ་པའི་གཏོར་ཟོར་འདི༔ འཕང་བ་གཤིན་རྗེ་ཉིད་ཀྱིས་འཕང༔ བརྡེག་པ་དམ་ཉམས་དགྲ་ལ་བརྡེག༔ དགྲ་ཁམས་ཐལ་བའི་རྡུལ་དུ་རློགས༔ རྦད་ཐུམ་རི་ལི་ལི་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོགས་ལ་ཟློག་བསད་མནན་པའི་ཤམ་བུ་སྦྱར་བའི་མཐར། རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱགས་ཀཱ་པ་ཡེ་ཞེས་འཕང་། ཉམས་སུ་བླངས་ནས་རྟགས་མཐོང་གི་བྱ་བའི་རིམ་པའི་མཐར། དགོངས་འདུས་རྟ་ནག་གི་པདྨ་དབང་ཞེས་པ་འདོན་པ་བསྒྱུར་བ་ནི། ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱེད་བསྒྲུབས་ཏེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱེད་ཀྱི་གཟི་བརྗིད་ཀྱིས༔ བར་གཅོད་དགྲ་བགེགས་ཚོགས་རྣམས་བསལ་ནས་ཀྱང༔ བྱམས་པའི་ཞལ་བཟང་མངོན་སུམ་སྟོན་པ་དང༔ བསྒྲུབས་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཡང་འབྲི་གུང་གནམ་ལྕགས་མེ་འབར་གྱིས་མཛད་པའི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ལྷ་མཆོག་ཁྱོད་དང་སྨོན་ལམ་ལྷན་ཅིག་བཏབ༔ ད་ལྟ་ཞལ་མཐོང་ཡི་དམ་ལྷར་གསོལ་ནས༔ སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚེ༔ ཚེ་རབས་འཁོར་བ་གར་སྐྱེ་གར་གནས་ཀྱང༔ རྗེས་སུ་ཟུངས་ཤིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དངོས་གྲུབ་སྩོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ བར་གཅོད་སོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དགྲ་བགེགས་སྒྲོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་ཁོ་བོས་ཞི་བའི་སྦྱིན་སྲེག་ཏུ་བརྩམས་པ་འདོན་པ་བསྒྱུར་བ་འདི་ལྟར། མཁྱེན་བརྩེ་ནུས་མངའ་འཇམ་དཔལ་དཔའ་བོ་ཡིས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །སྐུ་ཚེ་ཕྲིན་ལས་སྐྱེ་རྒུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཟློག་ཏུ་གསོལ། ཁྱད་པར་རིག་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམ་དབུལ་ཕོངས་འཐའ་རྩོད་ཟློག་ཏུ་གསོལ། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །ཀེག་སྲི་ལངས་སོགས་ཆག་ཆེ་ཉམ་ང་བའི། །འགལ་རྐྱེན་བར་གཅོད་ཐམས་ཅད་ཟློག་ཏུ་གསོལ། །ཕྲིན་ལས་ལྷག་ཆད་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་བཤག་པར་བགྱི། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །འཇམ་མགོན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་གསོལ་སྨོན་ལམ་བྱ། དབྱང་གསལ་ཡིག་བརྒྱ་བཟླ་ཞིང་ངག་འགྲོལ། ཚོགས་མཆོད་བམ་སྐོང་དཀྱུས་ལྟར་བྱ། དེ་རྗེས་ཐོག་ནས་ཟོར་ལམ་དབྱེ། གཏོར་མ་ཁ་ཕྱིར་བསྒྱུར་ཏེ་གསོ་དགུག་བྲན་བརླབ་བྱ་ཞིང་ཐུན་གཏོར་ལྟར་བསྔོ། བསྟོད་རིང་གིས་བསྐུལ་ནས་ཕྱིར་སྤགས། ཟློག་གཞུང་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ སོགས་གཙོ་བོའི་ལས་བཅོལ་གཞུང་བཞིན་གྱི་རྗེས་སུ། དེ་ཡི་འཁོར་དུ་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཛ་འཆི་བདག་སྲོག་གི་བདག །ལས་གཤིན་རལ་པ་ཚར་དགུར་བཅས་པ་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །བྱད་དང་རྦོད་གཏོང་མ་ལུས་ཟློག་ཏུ་གསོལ། །གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ཞེས་སོགས་དང་། བྷྱོ། ད་ནི་བཟློག་པའི་དུས་ལ་བབ་ནས། མ་ཧཱ་དེ་ཝ་མུ་སྟེགས་གདོན༔ བདེན་པའི་སྟོབས་ཀྱིས་ཟློག་ཏུ་གསོལ༔ གྱི་བར་དཀྱུས་ལྟར་ལ། ཡུམ་ཆེན་ཟ་བྱེད་བེ་ཏཱ་ལི༔ ཞེས་པ་ཁྲག་མིག་མ་དང་། གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཅེེས་པ། སྲས་མཆོག་སྤྲུལ་པ་རྣམ་གཉིས་ཞེས་པར་བསྒྱུར། རབས་བགྲང་བ་ནི། བྷྱོ༔ སྔོན་ཚེ་ཟློག་པ་གང་ནས་བྱུང༔ བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ལ༔ ལྷས་བྱིན་བདུད་ཀྱི་བར་གཅོད་བྱུང༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབས་པས༔ ལྷས་བྱིན་ངན་པ་ཁྲག་ཏུ་སྐྱུགས༔ བདུད་ཀྱི་དམག་དཔུང་བརྒྱལ་ཅིང་འབོག༔ བར་དུ་ཟློག་པ་གང་ནས་བྱུང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མུ་སྟེགས་ངན་པའི་ཆད་པ་བྱུང༔ གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབས་པས༔ མུ་སྟེགས་ངན་པ་རྩད་ནས་བཅད༔ ཐ་མ་ཟློག་པ་གང་ནས་བྱུང༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ དགྲ་བགེགས་བྱད་དང་རྦོད་གཏོང་བྱུང༔ རིག་འཛིན་སྔགས་འཆང་བདག་ཉིད་ཀྱིས༔ ཕྱག་རྒྱ་ཟིལ་གནོན་ཏིང་འཛིན་དང༔ སྲུང་ཟློག་བསད་མནན་སྦྱོར་བ་ཡིས༔ དགྲ་བོའི་རྦོད་གཏོང་རང་གཤེད་འབེབ༔ བགེགས་ཀྱི་སྦྱོར་བ་རྒྱུན་གཅོད་ཅིང༔ ལྟས་ངན་དམིགས་ཀྱིས་བསལ་ནས་ཟློག༔ བྷྱོ༔ འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ སོགས་གཞུང་ལྟར་གྱེར། གཤེགས་སྐྱེམས་སུ་གཏོར་མ་གོང་ལྟར་འབུལ། དབེན་པར་དྲག་བསྐུལ་ཟོར་བསྐུལ་དང་བཅས་ཏེ་གསུང་རྒྱུན་མན་ངག་ལྟར་འཕང་། མེ་དགྲ་ཆུས་བསད། བྲོ་བསྐོར་བ་ལ་སོགས་ཕྱག་ལེན་བཞིན་བྱ། ཆད་ཐོ་བྱ་ཞིང་བརྟན་མ་སྐྱོང་། ནང་དུ་ལོག་སྟེ་ཚེ་འགུག །གཏང་རག་གིས་མཆོད། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བཟོད་གསོལ་ནི། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བགྱིས་པ་ལ། །བདག་ཅག་མ་རིག་ལོག་རྟོག་དབང་སོང་ནས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཉེར་བསྡུ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྲུང་འཁོར་རྣམས། །མཐའ་ནས་རིམ་བསྡུས་ལྷ་ཚོགས་རྣམས་ལ་ཐིམ། །འཁོར་རྣམས་གཙོ་བོ་དེ་ཡང་བསྲུང་བྱར་བསྟིམ། །བསྲུང་བྱ་ཧཱུྃ་ལ་ཐིམ་ཞིང་དེ་ཐིག་ལེ། །དེ་ཡང་རང་གི་མིང་ཡིག་དང་པོར་ཐིམ། །འཇའ་ལྟར་ཡལ་ཏེ་ཀ་ནས་དག་པའི་ངང་། །སྟོང་པའི་རང་གདངས་འགག་མེད་གཤིན་རྗེའི་གཤེད། །ཞལ་གཅིག་ཕྱག་གཉིས་རྣམ་པར་གསལ་བར་གྱུར། །སྲུང་སྔགས་བརྗོད། སྨོན་ལམ་ཤིས་བརྗོད་བྱའོ། །དེ་ལྟར་རྒྱ་བལ་པཎ་གྲུབ་ཞལ་གྱི་ལུང་། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་ཀྱི་ལུགས། །རོང་པ་རྒྱ་ཡི་ཟབ་གཏེར་མེའི་སྤུ་གྲི །བདུད་སྡེའི་སྙིང་ག་འབིགས་པ་རྡོ་རྗེའི་ཐོག །ཚུལ་འདི་མིང་ཙམ་འཛིན་པའི་རིག་སྔགས་འཆང་། །བོད་ཡུལ་ཁ་བའི་ལྗོངས་སུ་ཆེས་མང་ཡང་། །བརྒྱུད་ལྡན་ཞལ་གྱི་དྲོད་རླངས་མ་ཉམས་པ། །ཐོབ་པའི་སྐལ་བཟང་ཉིན་མོའི་སྐར་མ་བཞིན། །འོན་ཏེ་ལྷ་གཅིག་སྲས་པོ་མུ་ཏིག་བཙན། །སྒྱུ་འཕྲུལ་རོལ་གར་གནམ་ལྕགས་མེ་འབར་གྱི། །ལུགས་སྲོལ་འཁྲུལ་མེད་འཛིན་པའི་ཡོངས་འཛིན་རྣམས། །བསྟེན་པས་ཆོས་ཚུལ་འདི་ལ་ངེས་པ་རྙེད། །གཏེར་གཞུང་ཡིག་རྙིང་ཕལ་ཆེར་རང་སོར་བཞག །ཚིག་ལྷུག་ལེགས་བཅད་འཕྲི་བསྣན་བརྗོད་པ་བདེ། །གབ་དཀྲུགས་འཐོར་བསྡེབས་ཉམས་ལེན་གསལ་འདྲིལ་བ། །ལམ་འདིར་མོས་ལྡན་རྣམས་ཀྱི་སྙིང་ནོར་ཡིན། །ཕྱིས་འགྱུར་ཕྱག་བཞི་མགོན་དང་དྲུག་ཅུ་པར། །བཀའ་བརྒྱད་རྫས་ཚིག་བཅའ་གཞིའི་བསྲེ་བསླད་ཅན། །ཆོས་ལུགས་མུ་ཏོའི་ཕྱེ་ལ་སྙན་བརྒྱུད་ཅེས། །ཐབས་ཀྱིས་གཞན་བློ་འདྲིད་པའི་དོ་ཟླ་མིན། །ཚུལ་འདི་འཁྲུལ་མེད་ངེས་པར་ཉམས་བླངས་ན། །མི་བསྲུན་བསམ་སྦྱོར་འཆང་བའི་དགྲ་བགེགས་རྣམས། །དང་པོའི་སངས་རྒྱས་འཇམ་དཔལ་ཞིང་ཁམས་སུ། །མངོན་སུམ་འདྲེན་པའི་ཉམས་མྱོང་གདིང་ཚད་བདོག །དགེ་དེས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་མཚོན། །གདེངས་པས་མ་རིག་འཁྲུལ་པའི་རྒྱ་དྲལ་ནས། །འགྲོ་ཀུན་རང་སེམས་དོན་གྱི་གཤིན་རྗེའི་གཤེད། ཁྲག་འཐུང་གདོད་མའི་མགོན་པོ་མངོན་གྱུར་ཤོག །ཅེས་པ་ཡང་ཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་འདི་ནི། སྔོན་ནས་བསྒྲིགས་པའི་ཕྲིན་ལས་དེ་ཤིན་ཏུ་ཉུང་བ་ལ་དགའ་བའི་དབང་དུ་བྱས་པས་བརྗོད་དོན་མི་གསལ་ཞིང་མ་ཚང་བས་ལག་ལེན་དུ་འདེབས་དཀའ་བ་ནས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་གལ་པོ་ཆེར་མཐོང་བས་རིང་ནས་བསྒྲིག་པའི་འདུན་པ་ཡོད་ཀྱང་རྣམ་གཡེང་གི་འཁོལ་པོར་ལུས་ཏེ་རེ་ཞིག་འགྱངས་པ། ཉེ་ཆར་སྤང་སྟོན་སྔགས་འཆང་བློ་བཟང་ངག་དབང་སོགས་དོན་གཉེར་ཅན་འགས་བསྐུལ་བས་མཚམས་སྦྱར་ཏེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སོགས་དམ་པ་དུ་མའི་དྲུང་དུ་གཤེད་སྐོར་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་འབད་པས་ནོས་ཤིང་། ཤིན་ཏུ་ཟབ་ཅིང་སྦས་པའི་སྙན་བརྒྱུད་ཀྱི་ཕྱག་ལེན་དམར་ཁྲིད་རྣམས་ལྷ་སྲས་རྣམ་འཕྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་དྲུང་དུ་ཞུན་ཐར་བཅད་པ་ལ་བརྟེན་ནས་གདེང་ཚད་རྙེད་པ། ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་གྲོ་བཞིན་ཟླ་བའི་ཐབས་ཀྱི་ཆའི་དགའ་བ་གཉིས་པའི་ཚེས་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །སརྦ་མངྒ་ལཾ།། །།

པདྨ་གསང་བའི་ཐིག་ལེ་ལས། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར་ (Volume 63, Text 18)

པདྨ་གསང་བའི་ཐིག་ལེ་ལས། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཀ་དག་སྤྲོས་པ་བྲལ་བའི་ཞིང་ཁམས་ན། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག །དུས་གསུམ་རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ངེས་པ་ལྔ་དང་ལྡན་པའི་ཞིང་ཁམས་ན། །ལོངས་སྐུ་ཚེ་ལྷ་པདྨ་གར་གྱི་དབང་། །བརྡ་བརྒྱུད་རིག་འཛིན་སེམས་དཔའ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ན། །ལྷུན་གྲུབ་རིག་འཛིན་པདྨ་ཀུན་ཏུ་འཆང་། །གང་ཟག་སྙན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དྷུ་མ་ཐཱ་ལ་མཁའ་སྤྱོད་གྲོང་ཁྱེར་ན། །དྷཱ་ཀིའི་ཚོགས་རྗེ་སངས་རྒྱས་པདྨའི་ལྕམ། །གནས་ཡུལ་མཁའ་འགྲོ་བྱེ་བའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བོད་ཡུལ་སྒྲུབ་གནས་དབེན་པའི་རི་ཁྲོད་ན། །སྐད་གཉིས་སྨྲ་བ་དཀོན་མཆོག་འབྱུང་གནས་ཞབས། །རྗེ་འབངས་སྤྲུལ་པའི་འཁོར་ཚོགས་བསམ་ཡས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཤར་ཕྱོགས་མེ་ལོང་བཀོད་པའི་ཞིང་ཁམས་ན། །གྲུབ་པའི་ཁྱུ་མཆོག་མཉམ་མེད་གྲགས་པ་དཔལ། །མཁས་ཤིང་གྲུབ་བརྙེས་འཁོར་ཚོགས་མཐའ་ཡས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རང་རིག་འོད་གསལ་བདེ་ཆེན་ཞིང་ཁམས་ན། །སྨོན་ལམ་ལས་སད་གཏེར་སྟོན་སྤྲུལ་པའི་སྐུ། །ཆོས་བདག་རིག་འཛིན་འཁོར་ཚོགས་བརྒྱུད་བཅས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྣང་སྲིད་རྣམ་དག་འོད་གསལ་ཞིང་ཁམས་ན། །རྩ་གསུམ་སྤྱི་གཟུགས་འཆི་མེད་པདྨ་འབྱུང་། །དབྱིངས་ཀྱི་ཡུམ་ཆེན་མཉམ་སྦྱོར་བདེ་ཆེན་ལྷར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དགའ་བཞིའི་ལང་ཚོ་སྟོང་ཉིད་དྭངས་མར་འཁྱིལ། །གཽ་རཱི་མ་སོགས་གནས་ཀྱི་མ་མོ་བརྒྱད། །རྟོག་ཚོགས་རང་གྲོལ་མཆོད་པའི་ལྷ་མོར་ཤར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཚད་མེད་བཞི་ལྡན་འབྱུང་བའི་དྭངས་བཅུད་སྡུད། །བདུད་བཞི་དབྱིངས་སྒྲོལ་ལས་བཞིའི་དངོས་གྲུབ་སྩོལ། །མགྱོགས་མ་སྒོ་སྲུང་ལས་ཀྱི་དྷཱ་ཀི་མར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཚོ་སྐྱེས་རྒྱལ་བའི་ཐུགས་ཏིག་ཟབ་མོའི་ཆོས། །རྟག་ཏུ་སྲུང་ཞིང་སྒྲུབ་པོའི་ཕྲིན་ལས་སྒྲུབ། །ཤ་ཟ་དྷཱ་ཀི་ལྕམ་དྲལ་འཁོར་བཅས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྔོན་འགྲོའི་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱངས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྲོག་ལྟར་སྲུང་། །བསྐྱེད་པའི་རིམ་པས་སྣོད་བཅུད་ཞེན་སྣང་བཅོམ། །རླུང་སྔགས་དབྱེར་མེད་ངག་རླུང་སྔགས་སུ་དག །ཕྱག་རྒྱ་ལ་བསྟེན་དགའ་བདེའི་ཡེ་ཤེས་རྟོགས། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ལས། །གཞོམ་བྲལ་འཆི་མེད་རྡོ་རྗེའི་སྲོག་འགྲུབ་སྟེ། །གཞོན་ནུ་བུམ་སྐུའི་སྦུབས་སུ་མངོན་བྱང་ཆུབ། །ཕྱིར་གསལ་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །ནམ་མཁའ་མཉམ་པའི་འགྲོ་བ་མ་ལུས་པ། །རྒྱལ་དབང་པདྨའི་གོ་འཕང་ལ་འགོད་ཤོག །ཞེས་པའང་དད་ཤེས་ཀྱི་བློ་མིག་ཡངས་པ་མགྲོན་གཉེར་བླ་མ་རིན་ཆེན་ནོར་བུ་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་མཁན་ཆེན་བླ་མ་ངག་དབང་ལེགས་གྲུབ་ཀྱི་གསུང་གིས་བསྐུལ་ངོར། འོད་སྟོང་གི་དྲྭ་བར་རྒྱུ་སྐར་མེ་བཞིའི་འཁོར་ལོ་མཛེས་པའི་ཉིན་པར་ཟབ་ཆོས་ཀྱི་སྐལ་པ་ཐོབ་པ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

སྨིན་གླིང་གུ་རུ་དྲག་དམར་སྲུང་བཟློག་བསད་ཟླས་ (Volume 13, Text 18)

སྲུང་བའི་བཟླས་དམིགས་ནི། རང་ཉིད་དབང་དྲག་ལྷར་གསལ་བའི། །ཕྱི་རོལ་སྲུང་བའི་འཁོར་ལོས་བཅིངས། །སྙིང་ནང་རྡོ་རྗེའི་ལྟེ་བར་ཧཱུྃ། །དེ་དབུས་བསྲུང་བྱའི་སྲོག་མིང་རྣམས། །དཀར་དམར་འོད་ཀྱི་རྭ་བས་བསྐོར། །འོད་འཕྲོས་འཕགས་མཆོད་བྱིན་བརླབས་བསྡུས། །བདག་ཐིམ་རྡོ་རྗེའི་གོ་ཁྲབ་ཏུ། །གྱུར་པས་བདག་ལུས་མི་ཕྱེད་གོ །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་བཏགས་པ་བཞི་བཅུ་ཙམ་དང་། ༈ བཟློག་དམིགས་ནི། རང་ཉིད་དབང་དྲག་ལྷར་གསལ་བའི། །ཕྱི་རོལ་སྲུང་བའི་རྭ་བ་དང་། །སྐུ་ཡི་ཆ་རྣམས་ཐམས་ཅད་ནས། །སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང་། ཁྱུང་སྡིག་མཚོན་ཆ་དཔག་མེད་འཕྲོས། །ཕ་རོལ་ལྷ་སྲུང་བཅས་པ་རྣམས། །རྩྭ་སྦུར་མེ་ཡིས་བསྲེགས་པ་བཞིན། །རྗེས་མེད་རྡུལ་དུ་བརླག་པར་གྱུར། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱུྃ་ཕཊ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བཟློག༔ ཨ་ལ་ལ་པྲ་མོ་ཧ་བྷྱོ་བཟློག༔ ཤནྟིཾ་ཀ་ཤག་བྱེར་བྱེར་བཟློག༔ བྷ་ཡ་ནན་ཀ་ཡ་ག་ཏྲ་ཧཱུྃ་བྷྱོ་བཟློག༔ ཅེས་སུམ་ཅུ་ཙམ་དང་། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན་ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཉེར་གཅིག་བཟླས་ལ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་ནས། མཐུ་དང་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་རྦད་བཟློག ༈ བསད་དམིགས་ནི། རང་ཉིད་དབང་དྲག་ལྷར་བསྒོམས་པའི༔ ཐུགས་ཀའི་ཕོ་ཉས་གནོད་བྱེད་བཀུག༔ མདུན་གྱི་ཏིང་འཛིན་བྲུབ་ཁུང་དུ༔ འཆོར་མེད་དམ་བཅིངས་ཉམ་ཐག་པ༔ ཕྱག་མཚན་མཚོན་ཆ་སྣ་ཚོགས་ཀྱིས༔ གཟིར་བཅོམ་ཞལ་དུ་གསོལ་བར་གྱུར༔ རྩ་སྔགས་མཐར་ཨོཾ་བཛྲ་ཡཀྴ་ཏྲིག་ནན་ཨེ་ཧུར་ཐུཾ་ཛ༔ གཟིར་ནན་ཀཱ་ཝཱ་ཙི་རྦད་རྦད༔

ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ (Volume 43, Text 18)

༁ྃ༔ ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ༔ ཨོཾ་སྭསྟི༔ བླ་མེད་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སྣང་བརྒྱད་གཏེར་མའི་བསང་གི་བཅའ་ཀ་བྱེད་པར་འདོད་ན༔ བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི་པ་བྱས་ལ༔ དྲི་ཞིམ་ཆུས་ལེགས་པར་བྱུག༔ པདྨ་འདབ་བརྒྱད་ལྟེ་བ་སེར་པོའམ་གང་རུང་བྱས་ལ་འདབ་མ་ཕྱོགས་ཚོན་བྱ༔ བསང་གཞི་དཀར་པོའི་སྟེང་དུ་ནས་ཀྱི་ཚོམ་བུ་བྱས་ལ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང༔ ལྷ་བཤོས་དང་ཀླུ་བཤོས་དང་ས་བདག་གི་བཤོས་བུ་དང༔ དཀར་གསུམ་མངར་གསུམ་ཕྱེ་མར་འོ་ཕུད་ཇ་ཕུད༔ ཤིང་རྩི་སྣ་ཚོགས་སྤོས་ལ་སོགས་མཆོད་པའི་ཡོ་བྱད་བཤམ༔ རང་ཉིད་སྤྱན་རས་གཟིགས་བསྒོམས་ལ་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ལ༔ སྲིད་ཞུའི་མགྲོན་ཡོན་ཏན་མགྲོན་གཞི་བདག་གི་མགྲོན་སྙིང་རྗེའི་མགྲོན་ལན་ཆགས་ཀྱི་མགྲོན་ཐམས་ཅད་སྤྱན་འདྲེན་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ན་མོ་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ལྷ་དང་ལྷ་མིན་ལྟོ་འཕྱེ་དྲི་ཟ་དང༔ ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ༔ དྲི་ཟ་སྲིན་པོ་ཀླུ་ཡི་ཚོགས་དང་བཅས༔ ས་བདག་ཀླུ་གཉན་བདུད་བཙན་གྲུལ་བུམ་དང༔ ཉི་ཟླ་གཟའ་སྐར་དམུ་སྨན་ལ་སོགས་པ༔ གང་དག་གནམ་ས་མཁའ་ལ་གནས་པ་ཡི༔ རྒྱུ་བའི་རྫུ་འཕྲུལ་མཐུ་རྩལ་ཅན་རྣམས་ཀྱི༔ སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ནས་ཀྱང༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཧཱུྃ༔ བླ་མེད་འཕགས་པ་དཀོན་མཆོག་གསུམ་པོ་ནི༔ སྐྱབས་ཀྱི་དམ་པ་ཡོན་ཏན་འབྱུང་བའི་གནས༔ མཆོད་གནས་དག་ཞིང་བླ་ན་མེད་པ་ཡི༔ བདེན་པའི་སྟོབས་དང་བྱིན་རླབས་ནུས་པའི་མཐུས༔ སྣང་སྲིད་འབྱུང་བཞིའི་བདག་པོ་མཐུ་རྩལ་ཅན༔ ལྷ་ཀླུ་གནོད་སྦྱིན་དཀར་ཕྱོགས་སྐྱོང་བ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཧཱུྃ༔ ཤེས་རབ་མཆོག་མངའ་འཕགས་པ་ཤཱ་རིའི་བུ༔ རྫུ་འཕྲུལ་མཆོག་མངའ་འཕགས་པ་མཽའུ་འགལ་བུ༔ སྦྱངས་པའི་མཆོག་མངའ་འཕགས་པ་འོད་སྲུངས་དང༔ མང་དུ་ཐོས་པ་འཕགས་པ་ཀུན་དགའ་བོ༔ བསླབ་པ་མཆོག་མངའ་འཕགས་པ་ནོར་འཛིན་དང༔ འདུལ་བ་འཛིན་པ་འཕགས་པ་ཉེ་བར་འཁོར༔ རྫུ་འཕྲུལ་སྤྱན་མངའ་འཕགས་པ་མ་འགགས་པ༔ འདྲི་ཞིང་ལན་ལྡོན་འཕགས་པ་རབ་འབྱོར་དང༔ འཕགས་པ་ཉན་ཐོས་ཆེན་པོ་མཆོག་བརྒྱད་ཀྱི༔ བདེན་པའི་སྟོབས་དང་བྱིན་རླབས་ནུས་པའི་མཐུས༔ འབྱུང་བ་ལྔ་ཡི་བདག་པོ་མཐུ་རྩལ་ཅན༔ རྒྱལ་བའི་བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ རྒྱལ་བའི་བསྟན་སྐྱོང་བདེ་གཤེགས་བཀའ་ཉན་པའི༔ ལེགས་ལྡན་ནག་པོ་ཕྱི་ནང་ཡོངས་ཀྱི་མགོན༔ ཚངས་པ་བརྒྱ་བྱིན་ཉེ་དབང་སུམ་ཅུ་གཉིས༔ རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བཅུ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད༔ མཁའ་ལ་རྒྱུ་བའི་རྒྱུ་སྐར་ཉི་ཤུ་བརྒྱད༔ འཕྲོག་མ་མ་བུ་ལྔ་བརྒྱ་རྩ་གཅིག་དང༔ རྡོ་རྗེའི་ཕོ་ཉ་དྲུག་ཅུ་རྩ་བཞི་སོགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་པ༔ བདུད་རྩི་ཨརྒྷཾ་དཀར་ལ་མངའ་མཛད་པའི༔ རྒྱལ་བའི་བསྟན་སྐྱོང་བཀའ་ཡི་བྱ་ར་བ༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཕྱི་ཡི་རྒྱ་མཚོ་ཆེན་པོའི་མཐའ་དབུས་ལ༔ གནས་པའི་གསེར་གྱི་རུས་སྦལ་ཆེན་པོ་ཡི༔ མགོ་མཇུག་གཉིས་དང་ཡན་ལག་འདབ་མ་བརྒྱད༔ དེ་ལ་གནས་པའི་སྤར་ཁ་ཆེན་པོ་བརྒྱད༔ ཁེན་ཕ་གནམ་ལ་ཁོན་མ་ས༔ གིང་རི་ཟོན་རླུང་དྭ་ལྕགས་དང༔ ལི་མེ་ཟིན་ཤིང་ཆུ་ཁམ་སྟེ༔ འབྱུང་བ་ལྔ་ཡི་ས་བདག་གཅོད་འདྲལ་དང༔ ཤར་ན་གནས་པའི་སྟག་ལྔ་ཡོས་ལྔ་དང༔ ཤར་ལྷོ་མཚམས་ན་གནས་པའི་འབྲུག་ལྔ་དང༔ ལྷོ་ན་གནས་པའི་སྦྲུལ་ལྔ་རྟ་ལྔ་དང༔ ལྷོ་ནུབ་མཚམས་ན་གནས་པའི་ལུག་ལྔ་དང༔ ནུབ་ན་གནས་པའི་སྤྲེལ་ལྔ་བྱ་ལྔ་དང༔ ནུབ་བྱང་མཚམས་ན་གནས་པའི་ཁྱི་ལྔ་དང༔ བྱང་ན་གནས་པའི་ཕག་ལྔ་བྱི་བ་ལྔ༔ བྱང་ཤར་མཚམས་ན་གནས་པའི་གླང་ལྔ་དང༔ གཅིག་དཀར་གཉིས་ནག་གསུམ་མཐིང་བཞི་ལྗང་དང༔ ལྔ་སེར་དྲུག་དཀར་བདུན་དམར་བརྒྱད་དཀར་དང༔ དགུ་དམར་ལ་སོགས་གབ་ཙེ་བརྒྱད་ཅུ་རྩ་གཅིག་ལྷ༔ འབྱུང་བའི་ཁམས་ལྔ་ལོ་སྐོར་བཅུ་གཉིས་དང༔ ཞག་དང་ཟ་མ་དུས་ཚོད་ཚེས་གྲངས་ལྷ༔ ཕྱོགས་བཞི་སྐྱོང་བའི་སྲུང་མ་ཆེན་པོ་བཞི༔ ཤར་གྱི་སྟག་སྐྱ་ལྷོ་ཡི་འབྲུག་སྔོན་དང༔ ནུབ་ཀྱི་བྱ་དམར་བྱང་གི་རུ་སྦལ་རྒྱ་བོ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ གཞན་ཡང་ས་བདག་ལག་པ་ཆེན་པོ་དང༔ ས་ཡི་ལྷ་མོ་བརྟན་མ་ཤྲཱི་བྷ་དྲ་དང༔ ཙང་ཀུན་ཐེ་སེ་ཧལ་ཁྱི་སེ་བྱི་དང༔ སེ་ཕན་ཧོང་ཕན་ཐེ་ཀཾ་ཧེ་ཧང་དང༔ ཧོ་ཕན་ས་བདག་འཁོར་ལོ་ནག་པོ་དང༔ བ་དན་སེར་པོ་གཟིག་གི་མཇུག་མ་ཅན༔ བྱ་ཡི་ཟེ་བ་ཅན་དང་འདབ་ཆགས་དང༔ བླ་མཁྱེན་སེ་ཤར་སྐུ་སྲུང་དང༔ བཙུན་མོ་སྲས་པོ་ཏེ་པོ་གདན་འདིང་དང༔ སེ་བྱ་དུས་འཛིན་ནོར་སྲུང་བྱ་ར་བ༔ སེ་བ་རང་རྟ་སེ་བྱི་བུ་མོ་མག་པ་དང༔ དབུས་ཀྱི་རི་རྒྱལ་ལྷུན་པོ་དང༔ ཤར་གླིང་དཀར་པོ་ཟླུམ་པོ་དང༔ ལྷོ་གླིང་སྔོན་པོ་སོག་ཀ་དང༔ ནུབ་གླིང་དམར་པོ་ཟླ་གམ་དང༔ བྱང་གླིང་ལྗང་གུ་གྲུ་བཞི་ལ༔ གནས་པའི་ས་བདག་ཐམས་ཅད་དང༔ གནམ་ཁྱི་མཆེད་བདུན་ས་ཁྱི་ཧལ་ཁྱི་དང༔ གཤེད་བཞི་སྒོ་སྲུང་བཞི་ཡི་ས་བདག་དང༔ ས་སྣ་ལྔ་ལ་དབང་བྱེད་མཐུ་སྟོབས་ཆེ༔ ས་འོག་ས་སྟེང་བར་སྣང་ཕྱོགས་མཚམས་ལ༔ གནས་པའི་མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་ཅན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ གཉན་ཆེན་སྡེ་བཞི་གཉན་ཕྲན་སུམ་འབུམ་དང༔ གནམ་གཉན་གཡུ་འབྲུག་གངས་གཉན་དུང་སེང་དང༔ མཚོ་གཉན་ལྕོང་མོ་བྲག་གཉན་གསེར་སྤྲེལ་དང༔ ཤིང་གཉན་གཟི་བརྗིད་ལམ་གཉན་གསེར་སྦྲུལ་དང༔ གཉན་གཟུངས་ལྡང་སྤྲེལ་གཡི་ཆེན་རབ་རྡེ་དང༔ མོ་རབ་ཐངས་ཤང་འབྲི་ཆེན་རྡོལ་དུ་དང༔ གཉན་ཆེན་སྡེ་བརྒྱད་འབྲོག་གཉན་བཅུ་གསུམ་དང༔ གཉན་རྗེ་གོང་སྔོན་གཉན་རྒན་དེ་བ་དང༔ ཤར་གཉན་བྱི་བ་སྟག་རྩེ་ལྷོ་གཉན་གཡུ་རྩེ་དང༔ ནུབ་གཉན་ལྕགས་རྩེ་བྱང་གཉན་གསེར་མགོ་དང༔ ས་གཉན་རྡོ་གཉན་ཤིང་གཉན་ཆུ་གཉན་དང༔ མ་སང་གཉན་གྱི་རིགས་སུ་གྱུར་པ་ཀུན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ རི་རྒྱལ་ལྷུན་པོ་གསེར་རི་བདུན་དང་རོལ་མཚོ་བདུན༔ གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང༔ ཕྱི་ཡི་རྒྱ་མཚོ་ཆེན་པོ་མ་ཕམ་དང༔ ལུ་མ་ལྟེང་ཀ་ཆུ་མིག་ནགས་བྲག་དང༔ ཆུ་ཆེན་བརྒྱད་དང་ཆུ་བྲན་འབབ་ཆུ་ལ༔ གནས་པའི་ཀླུ་ཆེན་བརྒྱད་དང་ཀླུ་རིགས་ལྔ༔ ཉི་ཤུ་རྩ་ལྔ་ཀླུ་ཡི་སྡེ་ཚོགས་བཅས༔ རྒྱལ་རིགས་དང་ནི་རྗེའུ་རིགས་དམངས་རིགས་དང༔ བྲམ་ཟེའི་རིགས་དང་གདོལ་པའི་རིགས་ལ་སོགས༔ མཐའ་ཡས་དང་ནི་འཇོག་པོ་སྟོབས་རྒྱུ་དང༔ ཀླུ་རྒྱལ་གཙུག་ན་རིན་ཆེན་དུང་སྐྱོང་དང༔ མི་མགོན་དཀར་པོ་དང་ནི་རིགས་ལྡན་དང༔ ནོར་རྒྱས་པདྨ་རྒྱ་མཚོ་ཆེན་པོ་དང༔ མ་དྲོས་མཚོ་སོགས་ཀླུ་རྒྱལ་བྱེ་བ་འབུམ༔ ཀླུ་མོ་ཀུན་ཤེས་འོད་ལྡན་དཔལ་མོ་ལྡན༔ ཁྲི་མཆོག་ལྡན་དང་ཡེ་ཤེས་ལྡན༔ གཡུ་མོ་ལྡན་དང་རཱ་ཛ་ལྡན༔ ཤེས་རབ་ལྡན་དང་གསལ་མོ་ལྡན༔ འཕྲུལ་མོ་ལྡན་དང་དབང་ཕྱུག་ལྡན༔ སྡོང་བུ་ཅན་དང་སྦུ་བུ་ཅན་གྱི་ཀླུ༔ ཁ་བརྒྱ་མིག་སྟོང་གདེངས་ཀ་ཅན་གྱི་ཀླུ༔ རྐང་ལག་མང་པོ་ཅན་གྱི་ཀླུ་རྣམས་དང༔ ཀླུ་རིགས་ལྔ་དང་ཁམས་གསུམ་སྲིད་པ་ཡི༔ རྒྱལ་བའི་ཞལ་མཐོང་གསུང་ཐོས་བསྟན་པ་སྲུང༔ བདུད་རྩིའི་ཆར་འབེབ་ལོ་འབྲས་སྐྱེད་མཛད་པའི༔ ཀླུ་དང་དྷ་མའི་རིགས་སུ་གྱུར་པ་ཀུན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ སྤྲིན་གྱི་ལྷ་མོ་ཨོག་ཚར་ཅན་དང་ང་རོ་ཅན༔ གྲགས་པ་ཅན་དང་སྒྲོག་པ་ཅན༔ སྒུར་པོ་རབ་གསལ་ཆར་པ་ཅན་ལ་སོགས༔ གནམ་ཁྱི་མཆེད་བཞི་མིང་སྲིང་མཆེད་དགུ་དང༔ ནམ་ནམ་མཆེད་བཞི་ལྷང་ལྷང་མཆེད་ལྔ་དང༔ ལྕེ་ཚར་མཆེད་བརྒྱད་སྤྲིན་ཕུང་བཅུ་བཞི་དང༔ གློག་གི་སྒྲོན་བཀྱག་འབྲུག་གི་ལྕེ་རྡེབ་དང༔ ཐོག་གི་མདའ་འཕེན་སེར་བའི་སྣ་ཁྲིད་དང༔ འཇའ་དང་སྤྲིན་ལ་གནས་པའི་མཐུ་རྩལ་ཅན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཕྱི་ལྷ་ནང་ལྷ་འགོ་བའི་ལྷ་ལྔ་སོགས༔ ཕོ་ལྷ་དགྲ་བླ་མ་ལྷ་ཞང་ལྷ་དང༔ སྲོག་ལྷ་ལེའུའི་ལྷ་དང་ཕྲག་ལྷ་དང༔ ཁྱིམ་ལྷ་སྦྲ་ལྷ་ཐབ་ལྷ་རྩེ་ལྷ་དང༔ ཚེ་ལྷ་སྲིད་ལྷ་དམུ་དག་སྒོ་སྲུང་དང༔ ནོར་ལྷ་རྟ་ལྷ་ལུག་ལྷ་ལོ་ལྷ་དང༔ མི་ཕྱུགས་ནོར་སྲུང་དགྲ་བགེགས་འདུལ་བའི་ལྷ༔ ཚེ་དཔལ་ལོངས་སྤྱོད་བཀྲ་ཤིས་གཡང་འབེབ་ལྷ༔ ཡུལ་ལྷ་གཞི་བདག་གཉན་ཆེན་ཁྱེད་རྣམས་དང༔ མགོན་སྐྱབས་མཐུ་དཔུང་ལེགས་བྱེད་ལྷ་སྲུང་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ དགྲ་བླ་མཆེད་དགུ་ཁྱུང་ལྡིང་དབང་ཆེན་དང༔ མཚུན་གྱིས་འགོ་བའི་བང་སོ་གསར་རྙིང་དང༔ ཕྱི་མཚུན་སྨོན་མི་དབུ་ནག་དང༔ མྱེས་མཚུན་ཕ་མཚུན་མ་མཚུན་གྲི་མཚུན་དང༔ ཞལ་བུ་སྒོ་སྲུང་མཚུན་མགོན་ལས་བྱེད་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་དགུ་དང༔ ཚེ་འཛིན་སྐྱོང་བའི་བརྟན་མ་བཅུ་གཉིས་དང༔ གཡའ་དང་གངས་ལ་གནས་པའི་མཐུ་རྩལ་ཅན༔ མཐའ་འདུལ་བཅུ་གསུམ་ཡང་འདུལ་སྲུང་བའི་ཚོགས༔ རི་དབང་མཆེད་དགུ་བརྒྱ་བྱིན་བདུན་ཅུ་དང༔ རི་བྱིན་སྤུན་དགུ་ཐོས་བཙན་མཆེད་ལྔ་དང༔ སོ་སོའི་ཡུལ་ཁམས་སྐྱོང་བྱེད་གཞི་བདག་དང༔ ཁྱད་པར་ཡུལ་ཕྱོགས་ས་གཞི་འདི་ཀུན་གྱི༔ ཕུ་མདའ་ཉིན་སྲིབ་སྟེང་འོག་ཕྱོགས་མཚམས་ན༔ འབྱུང་བ་ལྔ་ཡི་བདག་པོ་མཐུ་རྩལ་ཅན༔ འབྱུང་བ་ལྔ་ཡི་ས་བདག་ཀླུ་གཉན་དང༔ བཙན་བདུད་དམུ་སྨན་དེ་ལ་གཏོད་སྡེ་སོགས༔ བྲག་རྒྱུད་ཙ་ར་ཆུ་རྒྱུད་དྷ་མ་དང༔ ལྷ་ཆེན་སྟོང་ནི་ཀླུ་ཆེན་བཞུགས་པ་ཡི༔ ཚོར་བ་རྣོ་ཞིང་འདུ་ཤེས་མྱུར་བ་ཡི༔ གཉེན་བཤེས་ཚུལ་དུ་བརྩེ་གདུང་ལྡན་པ་རྣམས༔ མངའ་གསོལ་མཆོད་ཅིང་བསྟོད་པའི་འབྲེལ་པ་ཡིས༔ མཐུ་ཡི་དཔུང་བྱེད་མགོན་སྐྱབས་གྲོགས་མཛད་ཅིང༔ མཉེན་ཚུལ་གཞོན་ནུ་བརྩེ་གདུང་ལྡན་པ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཀྱེ༔ ཁར་སང་དང་ནི་ཁར་ཉིན་སྔོན༔ བདག་དང་ཡོན་བདག་འདི་ཀུན་གྱིས༔ དཀོན་མཆོག་མཆོད་པ་ཆག་པ་འམ༔ ཆོས་སྐྱོང་དུས་མཆོད་ཆག་པ་འམ༔ ས་བདག་ཀླུ་གཉན་མ་མཉེས་པའི༔ ཐབ་གཞོབ་ཆེན་པོ་བྱས་པ་འམ༔ རི་གཉན་མེ་ལ་བསྲེགས་པ་འམ༔ མཚོ་གཉན་དུག་གིས་གཡོས་པ་འམ༔ ཤིང་གཉན་བཅད་དང་རྡོ་གཉན་བརློགས༔ ཆུ་གཉན་ཡུར་དུ་དྲངས་པ་འམ༔ ས་གཉན་ཞིང་དུ་རྨོས་པ་འམ༔ མ་རིག་ཀླུ་གཉན་སྐུ་བགོམ་མམ༔ མ་རིག་གཉན་གྱི་རྒྱུད་བཅད་དམ༔ དམེ་རྨུགས་ནལ་གྱིས་མནོལ་བ་འམ༔ དམར་དང་སློས་མས་འཁྲུགས་པ་འམ༔ ཐབ་དང་གཞོབ་ཀྱིས་འགྲས་པ་འམ༔ བང་དང་དམེ་ཡིས་འཐིབ་པ་འམ༔ བཙོག་དང་འཁོན་གྱིས་རྨུགས་པ་འམ༔ རྡོ་འཕང་ཀླུ་ལ་ཕོག་པ་འམ༔ ཆུ་བསྒྱུར་མེ་བཏང་ཀླུ་འཁྲུགས་སམ༔ དམག་དང་བཤས་བྱས་ཀླུ་འཁྲུགས་སམ༔ ས་བརྐོས་ཕྲུ་བརློགས་ཀླུ་འཁྲུགས་སམ༔ མི་རོ་དམར་ལ་རེག་པ་འམ༔ རྟ་ཤ་བཤུལ་མོ་ཟོས་པ་འམ༔ ཉམས་པ་ཅན་གྱི་ཟས་ཟོས་སམ༔ སྨེ་ཤ་ཅན་གྱི་སྐོམ་འཐུང་ངམ༔ མོ་ནག་མོ་དང་རྡུལ་འདྲེས་སམ༔ སྨྱོ་འམ་ན་འམ་འཁོན་པ་འམ༔ འགྲས་སམ་འཁྲུགས་པ་ཐམས་ཅད་ཀུན༔ བདུད་རྩིས་བཏབ་བོ་སྨན་གྱིས་གསོ༔ ཞི་བ་ཆེན་པོའི་ངང་དུ་བཅོས༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ བྱམས་པའི་སེམས་ཀྱིས་སྡོངས་གྲོགས་མཛོད༔ གནམ་གྱི་སྡང་སེམས་མ་སྐྱིལ་ཅིག༔ སྤྲིན་གྱི་དལ་ཁ་མ་གཏང་ཞིག༔ ལོ་ཡི་རྒྱལ་པོས་བཀའ་ཆད་མ་གཏང་ཞིག༔ ཟླ་བ་བློན་པོས་བཀའ་མཆིད་མ་གླེང་ཞིག༔ ཞག་གི་དམག་མིས་དམག་སྣ་མ་དྲོངས་ཤིག༔ དུས་ཚོད་མཚོན་ཆས་སོ་ནི་མ་རྡེགས་ཤིིག༔ སྤར་ཁ་རུས་པའི་རྡོ་ནི་མ་གཅག་ཅིག༔ སྨེ་བ་ཤ་ཡི་རྒྱ་ནི་མ་བཀྲལ་ཅིག༔ དར་གུད་པགས་པའི་བཀྲག་ནི་མ་ཉམས་ཤིག༔ ཀེག་དང་གོད་ཡམས་ཞི་གྱུར་ཅིག༔ ཕོ་བདུད་གནམ་ནས་མ་འབོད་ཅིག༔ མོ་བདུད་ས་ལ་མ་སྡང་ཞིག༔ ལུས་ཀག་ན་ཚ་མ་གཏང་ཞིག༔ སྲོག་ཀེག་ཤི་ཆད་མ་གཏང་ཞིག༔ ནོར་ལ་གོད་ཁ་མ་གཏང་ཞིག༔ ཀླུང་རྟའི་གྱོད་ཕུལ་མ་གཏང་ཞིག༔ ལི་ཁམ་ཕྱིང་ཐུམ་མ་འདྲིལ་ཅིག༔ ཁེན་ཟོན་བདུད་ནག་མ་འབེབ་ཅིག༔ དྭ་ཟིན་གྲི་ཕུར་མ་འདེབས་ཤིག༔ གིང་ཁོན་ཡམས་ནད་མ་གཏང་ཞིག༔ བྱི་རྟ་རུ་ཆོད་མ་འབེབ་ཅིག༔ གླང་ལུག་ཕུང་གྱོད་མ་གཏང་ཞིག༔ སྟག་སྤྲེལ་བདུན་ཟུར་མ་འགྲིམ་ཞིག༔ བྱ་ཡོས་བྱེ་བྲལ་མ་གཏང་ཞིག༔ ཁྱི་འབྲུག་གནམ་སྒོ་མ་བྱེ་ཞིག༔ ཕག་སྦྲུལ་དགྲ་གཤེད་མ་འཐབས་ཤིག༔ འབྱུང་བ་དགུ་མིག་ཏུ་ཡང་མ་བཅུག་ཅིག༔ དུར་མིག་རུས་མིག་མ་སྡང་ཞིག༔ གནམ་སྒོ་བྱེ་བ་གཅད་དུ་གསོལ༔ ས་སྒོ་བྱེ་བ་གཅད་དུ་གསོལ༔ དུར་སྒོ་བྱེ་བ་ཟློག་ཏུ་གསོལ༔ གནམ་གྱི་འཇུ་ཐག་མ་གཅད་ཅིག༔ ས་ཡི་རྟེན་ཕུར་མ་ཕུད་ཅིག༔ ས་རྒྱང་གནམ་རྒྱང་མ་གཏང་ཞིག༔ དབང་ཐང་ཀླུང་རྟའི་བདུད་དུ་མ་འབེབ་ཅིག༔ མ་ཀླུང་སྲིད་པའི་ཀླུང་མ་བགོ༔ ལོ་ཡི་ཀེག་དང་ཟླ་བའི་ཀེག༔ ཞག་གི་ཀེག་དང་ཟ་མའི་ཀེག༔ དུས་ཚོད་ཀེག་རྣམས་བསྒྱུར་དུ་གསོལ༔ ཀྱེ༔ སྣང་སྲིད་ས་བདག་ཀླུ་གཉན་རྣམས༔ བདེན་པའི་སྒྲ་རྣམས་རྣ་བས་ཉོན༔ བྱམས་དང་ལྡན་པའི་སེམས་ཀྱིས་སོམས༔ ཁ་ཞིམ་རོ་ནི་ལྕེ་ཡིས་མྱོངས༔ ལེགས་ཉེས་གཟུགས་ནི་མིག་གིས་ལྟོས༔ བསང་མཆོད་གཙང་མ་འདི་བཞེས་ལ༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཀྱེ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མེ་ཆུ་གཉིས་ཀྱི་འབར་བསད་སྒྱུར༔ མེ་ལྕགས་གཉིས་ཀྱི་བཞུ་བཏུལ་སྒྱུར༔ ཤིང་ལྕགས་གཉིས་ཀྱི་གཅོད་འདྲལ་སྒྱུར༔ ས་ཆུ་གཉིས་ཀྱི་བཤིག་བཀྲལ་སྒྱུར༔ ས་ཤིང་གཉིས་ཀྱི་ཕུག་བརྟུལ་སྒྱུར༔ རྒྱལ་པོའི་བཀའ་ཆད་བསྒྱུར་དུ་གསོལ༔ བློན་པོའི་སྐུ་དུག་བསྒྱུར་དུ་གསོལ༔ ཉི་མའི་དུས་ཚོད་ངན་པ་སྒྱུར༔ དུར་ཤིང་སྡིག་འགལ་སེ་ཕུང་དང༔ ནམ་མཁའི་དབུ་ཤུག་འབྲང་རྒྱས་དང༔ དོག་མོ་སྤྱི་བླུགས་ཐོད་པ་སྒྱུར༔ གཤིན་རྗེའི་མདའ་འཕེན་སུན་མ་ཟློག༔ ཇུ་ཐིག་མདུད་རྫོང་ངན་པ་སྒྱུར༔ མེ་ཉག་སོག་མོ་ངན་པ་སྒྱུར༔ ཡས་ཀྱི་སྒོ་བརྡུང་ཐོགས་པ་སྒྱུར༔ མས་ཀྱི་སྲིད་མདུང་ཟུག་པ་སྒྱུར༔ གསོན་གཤིན་ལག་པ་སྦྲེལ་བ་སྒྱུར༔ དོག་མོ་སྤྱི་ལུག་ཆད་པ་སྒྱུར༔ ས་སྒོ་དུར་སྒོ་བྱེ་བ་དང༔ རུས་ལ་ཆག་གས་སོང་བ་དང༔ གནམ་གྱི་ཞིག་རལ་ངན་པ་སྒྱུར༔ མགྱོགས་པ་གསུམ་གྱི་བློ་འགྱོད་སྒྱུར༔ སོག་ཀ་རུས་པ་ངན་པ་སྒྱུར༔ ལོ་ཡི་སྐག་སླེང་ངན་པ་སྒྱུར༔ བོད་ཀྱི་ལྷ་ཀ་ངན་པ་སྒྱུར༔ རྒྱ་ཡི་ཛུ་ཡག་ངན་པ་སྒྱུར༔ ལྷ་འདྲེ་གཉིས་ཀྱི་ཉོ་ཚོང་སྒྱུར༔ བདུད་བཙན་གཉིས་ཀྱི་ཇག་པ་སྒྱུར༔ ལྷ་སྲིན་གཉིས་ཀྱི་རྐུན་མ་སྒྱུར༔ རྨི་ལམ་ངན་པ་ཐམས་ཅད་སྒྱུར༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་སྒྱུར༔ མི་མཐུན་ཕྱོགས་ངན་ཐམས་ཅད་སྒྱུར༔ ཞི་བ་བདེ་ལེགས་ངང་དུ་བཅོས༔ ཀྱེ༔ ས་བདག་ཀླུ་གཉན་ཐམས་ཅད་དང༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ སྔོན་གྱི་འབྲེལ་པའི་ལན་ཆགས་སམ༔ ད་ལྟར་འཕྲལ་གྱི་རྐྱེན་གེགས་སམ༔ ཚེ་རབས་སྔོན་གྱི་བུ་ལོན་ནམ༔ ད་ལྟའི་ཚེ་སྲོག་ལན་ཆགས་སམ༔ དུག་ལྔའི་རྣམ་རྟོག་གང་ཡིན་རྣམས༔ འཁོན་པ་ཡོད་ན་ད་བསྡུམ་མོ༔ ཆད་པ་ཡོད་ན་ད་མཐུད་དོ༔ འགྲས་པ་ཡོད་ན་ད་སོལ་ཅིག༔ ཐལ་བ་ཡོད་ན་ད་རློན་ཅིག༔ རལ་པ་ཡོད་ན་ད་དྲུབ་བོ༔ ཡོ་བ་ཡོད་ན་ད་སྲོངས་ཤིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོགས༔ ཀྱེ༔ ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱིས༔ སྟེང་གི་ཀིང་ཀང་མ་འབེབས་ཤིག༔ འོག་གི་སྲི་ཆེན་མ་འགྲོལ་ཅིག༔ བར་དུ་བདུད་བཙན་མ་འཕྱོ་ཞིག༔ རླབས་ཆེན་ཁྱུང་ཆེན་མ་འབེབ་ཅིག༔ འོག་ནས་དུར་ཕག་མ་འདུར་ཅིག༔ གཟའ་མདའ་སྐར་མདའ་མ་འཕེན་ཅིག༔ ནམ་ཟླ་དུས་བཞི་མ་འཁྲུགས་ཤིག༔ འབྱུང་བཞི་ཁམས་ལྔ་མ་འཁྲུགས་ཤིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལོ་ལ་བདུད་དུ་མ་འབེབ་ཅིག༔ ཟླ་བར་གཤེད་དུ་མ་བརྫུ་ཞིག༔ ལོ་ཉེས་ཐམས་ཅད་ཞི་བར་མཛོད༔ ལོ་ཀེག་ཟླ་ཀེག་ཞི་བར་མཛོད༔ ཕོ་བདུད་མིང་སྲིང་བསྒྱུར་དུ་གསོལ༔ བྱིས་པའི་ཆུང་སྲི་བསྒྱུར་དུ་གསོལ༔ གདོན་ཆེན་བཅོ་ལྔའི་གདུག་སེམས་སྒྱུར༔ ཆུང་བདུད་དགྲ་གཤེད་བསྒྱུར་དུ་གསོལ༔ ཆུ་བཙན་མོ་འདྲེའི་གདུག་སེམས་སྒྱུར༔ ནོར་གྱི་གོད་ཡམས་བསྒྱུར་དུ་གསོལ༔ ༈ ཀྱེ༔ ས་བདག་ཀླུ་གཉན་ཁྱེད་རྣམས་ལ༔ དེ་ལྟར་བསངས་དང་མཆོད་བྱས་པས༔ བདག་དང་ཡོན་བདག་འདི་དག་ལ༔ དབུ་ཡིས་རུ་ཡུག་མ་མཛད་ཅིག༔ ཞལ་གྱིས་ངན་པ་མ་སྨྲ་ཞིག༔ སྤྱན་གྱིས་སྡང་མིག་མ་བསྒྲད་ཅིག༔ ཕྱག་གིས་སེ་གོལ་མ་རྡེབས་ཤིག༔ དྲག་པོའི་རླུང་གཞུ་མ་བཀུག་ཅིག༔ གདུག་པའི་སྤུ་མདའ་མ་འཕེན་ཅིག༔ ཉམ་ང་ལུས་ལ་མ་འཆང་ཞིག༔ ཞེ་སྡང་སེམས་ལ་མ་གཟུང་ཞིག༔ གདུག་པའི་དབལ་ཟེར་མ་བསྟན་ཅིག༔ བྲག་ཆེན་པོ་རྨང་ནས་མ་རལ་ཅིག༔ རི་ཆེན་པོ་རྩེ་ནས་མ་ཉིལ་ཅིག༔ ཤིང་ཆེན་པོ་སྐེད་ནས་མ་ཆག་ཅིག༔ ཆུ་ཆེན་པོ་ཕུགས་ནས་མ་འཁྲུགས་ཤིག༔ སྐར་མདའ་ཆེན་པོ་ས་ལ་མ་འགྲིལ་ཅིག༔ མཚོ་ཆེན་པོ་གཏིང་ནས་མ་འཁྲུགས་ཤིག༔ ས་ཆེན་པོ་གཏིང་ནས་མ་གཡོ་ཞིག༔ གཡག་ཆེན་པོ་རྭ་ནི་མ་བདར་ཅིག༔ ཉི་ཟླ་ཐང་ལ་མ་ལྷུང་ཞིག༔ དབྱར་དུས་ཐོག་སེར་མ་འབེབ་ཅིག༔ དགུན་དུས་རླུང་འཚུབས་མ་གཏང་ཞིག༔ སེར་བ་ཧྲམ་པོ་རྟ་ལྟར་མ་རྒྱུགས་ཤིག༔ གནོད་སྦྱིན་ཐོག་སེར་མདའ་ལྟར་མ་འཕེན་ཅིག༔ མི་ལ་ན་ཚ་ཤི་ཆད་མ་གཏང་ཞིག༔ ནོར་ལ་གོད་ཁ་སྨྱོ་འབོག་མ་གཏོང་ཞིག༔ ཞིང་ལ་བཙའ་སད་སེར་གསུམ་མ་གཏང་ཞིག༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ རིམས་ནད་ཡམས་ནད་ཞི་གྱུར་ཅིག༔ བདུད་ཀྱི་ཞགས་པ་ནག་པོ་ཆོད༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར༔ བཙན་གྱི་ཤོ་རྡེལ་དགྲ་ལ་སྤོས༔ མ་མོའི་ཁྲག་ནད་དགྲ་ལ་ཐོངས༔ རྒྱལ་པོའི་སྨྱོ་འབོག་ཞི་བར་མཛོད༔ ལྷ་ནད་ཉི་ལྟར་ཤར་བ་སྒྱུར༔ ཀླུ་ནད་སྤྲིན་ལྟར་གཏིབས་པ་སྒྱུར༔ བདུད་ནད་མུན་ལྟར་འཐིབས་པ་སྒྱུར༔ གཟའ་ནད་ཆུ་ལྟར་ཁོལ་བ་སྒྱུར༔ ལུས་ལ་སྦྲུལ་ལྟར་འཁྲིལ་བ་སྒྱུར༔ མི་དགེ་སེམས་ཀྱི་སྡུག་བསྔལ་སྒྱུར༔ མི་ཤི་སྡུག་ཟན་ངན་པ་སྒྱུར༔ བྱ་ཐན་བྱིའུའི་ཐན་ངན་པ་སྒྱུར༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་སྒྱུར༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་སྒྱུར༔ རྐྱེན་ངན་ཉིས་ཁྲི་ཆིག་སྟོང་སྒྱུར༔ དུས་མིན་འཆི་བ་ངན་པ་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་སྒྱུར༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ མི་མཐུན་གནོད་པའི་བགེགས་རྣམས་ཟློག༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་དང་བསོད་ནམས་ཐམས་ཅད་ལ༔ བར་ཆད་བྱེད་པ་ཐམས་ཅད་ཟློག༔ བཅོལ་པའིཕྲིན་ལས་གྲུབ་པར་མཛོད༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ ཤེལ་གྱི་བུ་ཆུང་གླུ་ནི་མ་ལེན་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ ཆུ་སྦྲུལ་ནག་པོས་ལྕེ་ནི་མ་རྐྱོངས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ སྦལ་པ་ནག་པོས་ལག་གཉིས་ཁ་རུ་མ་བཅུག་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་བྱང་ཕྱོགས་ཕ་གི་ན༔ བྱ་དམར་པོས་གཤོག་པ་མ་རླབས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ཤར་ལྷོ་མཚམས་ཤེད་ན༔ གཡུ་འབྲུག་སྔོན་མོས་རྐན་སྒྲ་མ་རྡེབས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ རྡོ་ལུག་གྲོ་མོ་མ་འཁུན་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ནུབ་བྱང་མཚམས་ཤེད་ན༔ ལྕགས་ཁྱི་སྔོན་མོ་མ་ཟུག་ཅིག༔ གཡུ་ཡི་བྱི་བ་ཁྱི་སྐད་དུ་མ་ཟུག་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་བྱང་ཤར་མཚམས་ཤེད་ན༔ ཟངས་ཀྱི་གླང་བུ་སྟག་རིས་རྭ་ནི་མ་བདར་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ གནམ་རིམ་པ་བཅུ་གསུམ་ཡར་སྟེང་ན༔ བྱ་ཁྱུང་དམར་པོས་གཤོག་པ་མ་རླབས་ཤིག༔ ཤེལ་གྱི་རྟ་དཀར་རྔོག་མ་མ་སྤྲུགས་ཤིག༔ དོམ་བུ་ནག་པོས་ལག་པ་མ་རྐྱོངས་ཤིག༔ བཙན་གྱི་ཤ་བ་རྒྱལ་པོའི་རྒྱབ་ནི་མ་སྤྲུགས་ཤིག༔ ཉ་དཀར་མོའི་རྔ་མ་མ་གཡུགས་ཤིག༔ དུར་ཕག་དཀར་པོས་སྣ་ནི་མ་སྤྲུགས་ཤིག༔ དུར་ཕག་ནག་པོས་ཁྲོན་ནི་མ་བརྐོ་ཞིག༔ འདྲེ་ལྔ་ཕྱོགས་ནས་མ་ལྡང་ཞིག༔ ཡར་བྱ་མར་ལ་མ་ངར་ཅིག༔ ཡར་ཁྱི་མར་ལ་མ་ཟུག་ཅིག༔ ཡར་རྟ་མར་ལ་མ་འཚེར་ཅིག༔ ཡར་མི་མར་ལ་མ་འབྲོད་ཅིག༔ ས་རིམ་པ་དགུ་ཡི་འོག་ཤེད་ན༔ དུར་ཕག་ནག་པོ་མ་འཁུན་ཅིག༔ དུར་དོང་ནག་པོ་མ་བརྐོ་ཞིག༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ ན་ཚ་ཤི་ཆད་མ་གཏང་ཞིག༔ གློ་བུར་སྐྲག་སྔངས་མ་གཏང་ཞིག༔ ཐོག་དང་སེར་བ་མ་གཏང་ཞིག༔ བཙའ་སད་མུ་གེ་མ་གཏང་ཞིག༔ གནམ་ལྕགས་ཐོག་རྒོད་མ་ལྷུངས་ཤིག༔ དེ་རིང་སྲིད་པའི་གནམ་གང་ལ༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མ་རིག་འཁྲུལ་པ་སངས་ནས་ནི༔ ཀུན་རྟོག་ཡེ་ཤེས་རང་ཤར་ནས༔ འབྲས་བུ་སངས་རྒྱས་ཐོབ་པར་ཤོག༔ བཀྲ་ཤིས་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཅེས་པ་འདི་ནི་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ཞེས་བྱ་བ་ས་བདག་ཀླུ་གཉན་མཉེས་པར་བྱེད་པ་འདི་མངའ་བདག་ཉང་གི་གཏེར་མའོ། །ས་མ་ཡ། རྒྱ་རྒྱ་རྒྱ། བཀྲ་ཤིས་དཔལ་འབར་སྣང་སྲིད་མཉེས་གྱུར་ཅིག །སརྦ་མངྒ་ལཾ།། །།

དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཡིག་ཀུན་བཟང་འཇའ་སྐུ་ (Volume 57, Text 18)

ྈ དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཡིག་ཀུན་བཟང་འཇའ་སྐུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ གསང་བ་བས་ཀྱང་ཆེར་གསང་བ༔ ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བཅུད༔ ཡང་གསང་ཁྱབ་བརྡལ་ཨ་ཏི་བླ་མེད་ཀྱི༔ ཁྲིད་ཡིག་ཆོས་ཉིད་རང་གྲོལ་ཞེས་བྱ་བ༔ ཁྱབ་བརྡལ་རྒྱལ་བ་ཀུན་བཟང་ཡབ་དང་ཡུམ༔ ཟླ་བྲལ་རྒྱལ་ཀུན་རྒྱལ་ཚབ་རིགས་བདག་པོ༔ རིག་འཛིན་ཆེན་པོ་པད་འབྱུང་ཡབ་ཡུམ་ལ༔ རྣམ་ཀུན་ཕྱག་འཚལ་སྐྱབས་མཆི་སྤྱི་བོར་མཆོད༔ ཀ་དག་གདོད་ནས་རྣམ་དག་ཆོས་སྐུའི་མཁར༔ རང་བཞིན་འོད་གསལ་སྐུ་ལྔའི་དཀྱིལ་འཁོར་རྒྱས༔ མཛད་པའི་ཟེར་གྱིས་གདུལ་བྱའི་ཁམས་ཀུན་ཁྱབ༔ དགུ་ལྡན་བླ་མའི་ཚོགས་རྣམས་སྤྱི་བོར་མཆོད༔ རྒྱལ་བ་དམ་པ་རིག་འཛིན་མཆོག་རྣམས་སོགས༔ བརྒྱུད་པའི་བླ་མ་འཇའ་སྐུར་གཤེགས་རྣམས་ཀྱི༔ རྗེས་སུ་འཇུག་འདོད་སྐལ་ལྡན་ལས་ཅན་གྱི༔ སྔོན་སྦྱངས་ལས་འཕྲོ་སད་རྣམས་དོན་ཆེད་དུ༔ ཁྲིད་ཡིག་རྡོ་རྗེའི་འཇའ་སྐུ་གསང་གསུམ་བྲི༔ ྈ འོ་ན་འདིར་ཐེག་མཆོག་བླ་ན་མེད་པ་རྣམས་ཀྱི་སྙིང་བཅུད་འདུས་པའི་གདམས་ངག༔ ཟབ་གསང་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་ཨ་ཏི་ཁྱབ་བརྡལ་ཆེན་པོའི་གནད་རང་ཐོག་ཏུ་ཕེབ་པར་བྱེད་པ་ལ་གཉིས་ཏེ༔ བླ་མ་བརྒྱུད་པའི་སྒོ་ནས་ཡིད་ཆེས་སྐྱེད་པར་བྱེད་པ་དང༔ མན་ངག་ཟབ་མོའི་སྒོ་ནས་ཉམས་སུ་ལེན་པ་རྣམས་སོ༔ ྈ དང་པོ་ནི། རང་བྱུང་ལྷུན་གྱི་གྲུབ་པའི་གནས་མཆོག༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གནས་སུ༔ རང་བྱུང་སྟོན་པ་ཨུ་རྒྱན་རྒྱལ་པོ་ནི༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ལ༔ སྐུ་རྒྱབ་གཏད་ནས་བཞུགས་ནས་ཀྱང༔ མ་ཚོགས་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར་བའི་དུས༔ ནམ་གྱི་སྲོད་ལ་བབ་པའི་ཚེ༔ དཔལ་ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ཉིད༔ མངོན་སུམ་བྱོན་ནས་རིན་ཆེན་སྣ་ཚོགས་ཀྱི༔ སྒྲོམ་བུ་འོད་ལྔས་བསྡམས་པ་ཞིག༔ ཕྱག་ཏུ་གཏད་ནས་འདི་སྐད་གསུངས༔ ཨེ་མ་འཇིགས་མེད་སྟོན་པ་ནམ་མཁའ་འཇིགས་མེད་ཁྱོད༔ མཁའ་སྤྱོད་གཞོམ་མེད་འཇའ་སྐུར་གྲོལ་འདོད་ན༔ འདི་ལ་ལྟོས་ཤིག་གསུངས་ནས་མཁའ་ལ་ཡལ༔ དེར་བལྟས་ཟབ་གསང་བླ་མེད་རྡོ་རྗེ་སྙིང་པོའི་ཆོས༔ ཨ་ཏི་ཆོས་ཉིད་རང་གྲོལ་སྐོར་རྣམས་སྣང༔ དེ་ནས་ཨོ་རྒྱན་ཉིད་ཀྱིས་གསོལ་བཏབ་པས༔ ཐོ་རངས་ཀ་དག་འཇིགས་བྲལ་གྱི་ཕོ་བྲང་དུ༔ དཔལ་ཆོས་སྐུའི་སྟོན་པ་རྒྱལ་བ་ཀུན་བཟང་ཡབ་ཡུམ་ཉིད༔ མཚན་དང་དཔེ་བྱད་ལྡན་པ་ཞལ་ཕྱག་གི་རྣམ་པར་བཞེངས་ནས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ རང་བཞིན་ལྷུན་གྲུབ་ཀྱི་བྱིན་གྱིས་བརླབས་ནས་བཤད༔ རིང་བརྒྱུད་ལྟར་ན༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དཔལ་རྡོ་རྗེ་འཆང་ཆེན་པོས༔ རྒྱལ་བ་ཐུབ་པ་ཆེན་པོའི་སྤྲུལ་པ་སྟོན་པ་རྡོ་རྗེ་སེམས་དཔའ་ལ་ངོ་བོས་བཤད༔ དེས་འོག་མིན་ཐིག་ལེའི་ཞིང་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་འགྱུར་མེད་རྡོ་རྗེའི་ཚིག་ཙམ་དུ་བཤད༔ དེས་སེང་ག་ལའི་ནགས་ཚལ་དུ༔ རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་ལ་བཤད༔ དེས་རིག་འཛིན་གྲུབ་པའི་ཀེའུ་ཚང་འོད་འབར་དུ༔ འཇིགས་བྲལ་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ལ་རང་གྲོལ་བདེ་བ་ཆེན་པོས་བཤད༔ དེས་བོད་ཡུལ་གངས་ཅན་གྱི་ཡུལ་དབུས༔ དཔལ་སྟག་ཚང་སེང་གེའི་བསམ་འགྲུབ་ཀེའུ་ཚང་དུ༔ རྒྱལ་བའི་ཡུམ་གྱུར་ཡེ་ཤེས་མཚོ་རྒྱལ་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༔ གྲུབ་པའི་དབང་ཕྱུག་ཆེན་པོ་འབྲོག་བན་ལོ་ཙཱ་བ་རྣམས་ལ་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ་ནས་བཤད༔ ཉེ་བརྒྱུད་གོང་གི་པད་འབྱུང་ནས༔ དེས་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང༔ འགྱུར་མེད་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་བདུད་འདུལ་རྡོ་རྗེ་ལ༔ ཡིད་དཔྱོད་བློ་བྲལ་ལྷུན་གྲུབ་ཆེན་པོར་གཏན་ལ་ཕབ་ནས་བཤད༔ དེས་འགྱུར་མེད་རྟག་བརྟན་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱལ་སྲས་མ་ཎི་ཀཱིརྟི་དང༔ སྐལ་ལྡན་ལས་ཅན་གྱི་སྐྱེས་བུ་རྣམས་ལ་དགེ་སྡིག་ལ་སོགས་ཕན་གནོད་དང་ཕྲལ་ནས་ངོ་བོ་རྗེན་པར་བཤད། འདིར་སྐལ་ལྡན་རྣམས་ཀྱིས་རང་རང་གི་བརྒྱུད་པ་བྲི། འོ་ན་འཁོར་འདས་ལམ་ཀུན་སྣང་བ་ཇི་སྙེད་ཀྱང༔ རང་རིག་རྟོགས་པས་གདོད་མའི་སྐད་ཅིག་རྫོགས༔ ཀུན་བྱེད་ངང་རྟོགས་ཡོན་ཏན་བརྗོད་མི་ལང༔ རང་རིག་ངང་བརྟན་གུ་རུ་མཚན་བརྒྱད་མཁྱེན༔་་་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། བྱ་བཏང་ཏྲ་ཡ་སེང་ཧ། མཚན་ལྡན་གུ་རུ་སིང་ཧ། ས་གསུམ་འགྲན་བྲལ་མང་ག་ཨཱ་ཡུ་རྗེ། སང་གྷ་སིང་ཧ། མཁས་གྲུབ་ཨོ་རྒྱན་བསྟན་འཛིན། སྔགས་འཆང་ཨོ་རྒྱན་རིག་འཛིན། གུ་རུ་རཏྣ་བསྟན་འཛིན། འཇའ་ཚོན་པ། གཞོམ་མེད་རྣམ་དག་བྷུདྡྷ་རང་རིག་དངོས༔ གསེར་འགྱུར་གཡའ་བཞིན་གློ་བུར་དྲི་མས་བསྒྲིབས༔ དེ་ཉིད་དབྱེ་བྱེད་ལམ་བཟང་དམ་པའི་སྲོལ༔ ཐེག་ཀུན་གདམས་ངག་བཅུད་ཀུན་དེང་འདིར་སྤྲོ༔ ཆོས་ནི་བཀའ་རྫོགས་པ་ཆེན་པོ་མཐའ་དག་གི་སྙིང་པོའི་བཅུད་ཕྱོགས་གཅིག་ཏུ་བསྡུས་པའི་ཡང་རྩེ༔ ཨ་ཏི་བླ་ན་མེད་པ་ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་ཡང་བཅུད༔ བྱས་ཆོས་ཀྱིས་མ་བསླད་པའི་བློ་འདས༔ ཡེ་ཤེས་ཀྱི་སྤྱོད་ཡུལ༔ རང་ཤར་རང་བབ་ཁྱབ་བརྡལ་ལྷུག་པར་ཡོངས་སུ་འཇོག་པའི་གནད་དོན༔ དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་བཅུད༔ རིག་འཛིན་འོད་སྐུར་གཤེགས་པ་རྣམས་ཀྱི་ཐུགས་ཐིག༔ ཡེ་ཤེས་ཀྱི་དྷཱ་ཀི་མ་རྣམས་ཀྱི་སྙིང་ཁྲག༔ ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་དམ་པ་རྣམས་ཀྱི་སྲོག་རྩ༔ རྩོལ་བྲལ་ཀློང་ཡངས་ཀྱི་གནད་འགག༔ རྒྱུ་དང་འབྲས་བུའི་གཞུང་ལམ་མ་ནོར་བ༔ དབང་པོའི་རིགས་ཐམས་ཅད་གོང་འཕེལ་དུ་ཁྲིད་པ༔ ལམ་གྱི་འཇུག་སྒོ་རྣམས་གཞན་ལ་མ་ལྟོས་པ༔ ཐོས་པ་ཙམ་གྱིས་མ་རིག་པའི་མུན་པ་སངས་པ༔ བསམས་པས་རང་བབ་གནས་ལུགས་ཀྱི་དགོངས་པ་རྟོགས་པ༔ བསྒོམས་པས་ཆོས་དབྱིངས་ཆེན་པོའི་ཀློང་དུ་ཡེ་ཡིན་ངང་རྫོགས་སུ་གྲོལ་བ༔ བཤད་པས་རང་གཞན་ཐམས་ཅད་ཀྱི་ཤེས་རབ་འཕེལ་བ༔ ཉན་པས་བློ་གྲོས་གཏིང་གསལ་གྱི་པད་ཚལ་རྒྱས་པ༔ བལྟས་པས་ཉོན་མོངས་པའི་སྡིག་སྒྲིབ་ཟད་པ༔ སྤྱད་པས་ཐར་ལམ་གྱི་བྱང་ཆུབ་རིན་པོ་ཆེ་བརྙེས་པ༔ ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཆེན་རྣམས་ཀྱིས་ལེགས་པར་བརྒྱན་པའི་གང་ཆེན་གྱི་མཚོ༔ འོད་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ༔ གཉིས་པ།་་་དེ་ནས་མན་ངག་གི་སྒོ་ནས་ཉམས་སུ་ལེན་པ་ནི༔ མན་ངག་ནི་གང་ཟག་ཇི་ལྟ་བུས་ཉམས་སུ་ལེན་པ་དང༔ ཉམས་སུ་བླང་བྱའི་མན་ངག་དངོས་སོ༔ ྈ དང་པོ་བྱ་བ་དགུ་ཕྲུགས་སུ་གཏང་ཞིང་དལ་བ་བརྟེན་པ་ཞིག་གིས་བསྒྲུབ་དགོས་ཏེ༔ ཇི་སྐད་དུ་གསང་རྒྱུད་ལས༔ ལུས་ངག་ཡིད་ཀྱི་བྱ་བ་དགུ་ཕྲུགས་གཏང༔ དལ་བ་བརྟེན་ཅིང་དབེན་པར་བསྒྲུབ༔ ཅེས་གསུངས་པས༔ དེ་ནས་ལུས་ཀྱི་བྱ་བ་གསུམ་ནི༔ དང་པོ་ལུས་ཕྱིའི་བྱ་བ་སོ་ནམ་དང་འཁྲུག་རྩོད་འཇིག་རྟེན་པའི་བྱ་བ་མཐའ་དག་སྤང༔ ནང་གི་བྱ་བ་ཕྱག་སྐོར་དང་ཆོས་སྤྱོད་རྣམས་ཀྱི་བྱ་བ་ཐམས་ཅད་གཏང༔ ལུས་གསང་བའི་བྱ་བ་གླུ་གར་ལ་སོགས་པའི་བྱ་བ་ཐམས་ཅད་གཏང༔ མདོར་ན་གྲོགས་མེད་པར་གཅིག་པུར་གནས་པར་བྱའོ༔ དེ་ནས་ངག་གི་བྱ་བ་གསུམ་ནི༔ ངག་ཕྱིའི་བྱ་བ་ཐ་མལ་པའི་འཁྲུལ་གཏམ་ཐམས་ཅད་སྤང༔ ངག་ནང་གི་བྱ་བ་རོལ་མོ་དང་མཆོད་བསྟོད་ལ་སོགས་པ་ཐམས་ཅད་སྤང༔ ངག་གསང་བའི་བྱ་བ་བསྙེན་སྒྲུབ་བཟླས་བརྗོད་ཀྱི་རིམ་པ་ཐམས་ཅད་སྤང༔ དཔེར་ན་ལྐུག་པ་ལྟ་བུར་གནས་པར་བྱའོ༔ དེ་ནས་ཡིད་ཀྱི་བྱ་བ་གསུམ་ནི༔ ཡིད་ཕྱིའི་བྱ་བ་ཐ་མལ་པའི་འཁྲུལ་རྟོག་ཐམས་ཅད་སྤང༔ ཡིད་ནང་གི་བྱ་བ་བསྐྱེད་རིམ་ལྷ་སྒོམ་པའི་རིམ་པ་ཐམས་ཅད་སྤང༔ ཡིད་གསང་བའི་བྱ་བ་རྫོགས་རིམ་སེམས་འཛིན་གྱི་སྒོམ་ཐམས་ཅད་སྤང༔ དེ་ལྟར་དགོས་ཆེད་ཀྱང་གནས་སྐབས་དང་མཐར་ཐུག་གཉིས་ལས༔ གནས་སྐབས་སུ༔ ལུས་ངག་ཡིད་གསུམ་གྱི་བྱ་བ་བློས་ཐོང་ཞིང༔ འཁོར་བ་ལ་ཞེན་པ་ལོག་པའི་དགོས་པ་ཡོད་དོ༔ མཐར་ཐུག་ཀྱང་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ཞིང༔ ཟག་མེད་ཡེ་ཤེས་རྒྱུད་ལ་སྐྱེས་པའི་དགོས་པ་ཡོད་དོ༔ ྈ གཉིས་པ་ཉམས་སུ་ལེན་པའི་མན་ངག་ལ་གཉིས་ལས༔ མ་སྨིན་པ་སྨིན་པར་བྱེད་པའི་དབང་ལེགས་པར་ཐོབ་ནས༔ སྨིན་པ་གྲོལ་བར་བྱེད་པའི་གདམས་ངག་ནི༔ གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་གཉིས་ལ༔ ཁྲེགས་ཆོད་ནི༔ གང་ཤར་ལ་ལྟོས་མེད་ཀྱི་སྟེང་དུ༔ གཉེན་པོའི་བློ་དང་བྲལ་ནས་མ་བཅོས་པར་འཇོག་པ་དེ་ཡིན་ལ༔ ཐོད་རྒལ་ནི་ལྷུན་གྲུབ་ལུས་ཀྱི་དབྱིངས་ནས་གསང་སྒོ་ཕྱེས་ཏེ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ༔ ནང་གི་དབྱིངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་འཆར་བར་བྱེད་པས༔ འདིར་གང་ཟག་གཅིག་གིས་ཉམས་སུ་ལེན་པས་སངས་རྒྱས་པར་བྱེད་པ་ལ༔ དེ་གཉིས་གཅིག་ཏུ་དྲིལ་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་པས༔ བརྩོན་འགྲུབ་རབ་རྣམས་ནི་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ཆོས་དབྱིངས་ཀྱི་འཇའ་སྐུར་གཤེགས་པའི་གདམས་ངག༔ འབྲིང་ཆོས་ཉིད་ཀྱི་བར་དོར་ཆོས་ཉིད་སྟོབས་སུ་གྱུར་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའི་གདམས་ངག༔ ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་གདམས་ངག་གོ༔ དང་པོ་ཚེ་འདི་ཉིད་ལ་སངས་རྒྱས་འདོད་པའི་གང་ཟག་གཅིག་ལ་གདམས་ངག་འདེབས་ལུགས་གསུམ་ལས༔ ཁྲིད་ཀྱི་ལུགས་སུ་གདབ་པ་དང༔ ཚང་སྤྲུགས་སུ་གདབ་པ་དང༔ ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་དང་གསུམ་ལས༔ འདིར་ཁྲིད་ཀྱི་ལུགས་སུ་གདབ་པར་བྱ་སྟེ༔ དེ་ཡང་སྔོན་དུ་འགྲོ་བ་དང༔ དངོས་གཞི་ངོ་སྤྲོད་པ་དང༔ དེ་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པར་བྱེད་པའོ༔ དེ་ནས་སྔོན་འགྲོ་ལ་ཡང་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་ལ་བསླབ་ཅིང༔ རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་ཕྱི་ནང་གསང་གསུམ་དུ་དབྱེ་བ་དང༔ སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་བསླབ་པ་དང་གསུམ་ལས༔ དང་པོ་ལུས་ཕྱིའི་སྤྱོད་པ་འཁོར་བའི་ཆར་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེས་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བཤད༔ ཅེས་གསུངས་པས༔ འཁོར་བའི་ཆར་རུ་ཤན་དབྱེ་བ་ནི༔ སེམས་ཅན་གྱི་དོན་དུ་འཁོར་བ་དང་རུ་ཤན་དབྱེ༔ ད་ཕན་ཆད་ལུས་འདི་འཁོར་བར་མི་འཁྱམ་པའི་སེམས་བསྐྱེད་དང་ལྡན་པའི་ངང་ནས༔ ལུས་གཅེར་བུར་བུད་ལ་འགྲོ་བ་རིགས་དྲུག་སོ་སོའི་སྤྱོད་པ་སྤྱད༔ ངག་ནས་སོ་སོའི་སྒྲ་སྐད་སྣ་ཚོགས་བརྗོད༔ ཡིད་དུ་དེ་དག་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རང་གི་རྒྱུད་ཐོག་ཏུ་དམིགས༔ འདུས་བྱས་ཀྱི་དགེ་རྩ་དྲན་ཚད་བྱེད་པར་བསམ༔ སྐབས་སུ་ངལ་གསོ་ཞིང་ནན་དུ་སྦྱང༔ དྲོད་རྟགས་ནི༔ རང་གི་ལུས་ལ་ཆགས་ཞེན་དང་བཀྲེས་སྐོམ་མེད་སྙམ་འབྱུང༔ དེ་ལྟར་དགོས་པའི་རྒྱུ་མཚན་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ ཅེས་གསུངས་པས༔ སང་ཉི་མ་མ་ཤར་གྱི་བར་དུ་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རྡོ་རྗེའི་སྐྱིལ་ཀྲུང་ལེགས་བཅས་ཏེ༔ ལུས་སྦྱང་སེམས་ལ་ཕན་པ་འོ༔ ཞེས་གསུངས་པས༔ ལུས་ཀྱི་ཆ་བསྲང་རྐང་མཐིལ་གཉིས་སྤྲད་ཐལ་མོ་སྤྱི་བོར་སྦྱར་ལ༔ འབྱུང་བའི་ཁམས་དང་བསྟུན་པའི་རྡོ་རྗེ་རྩེ་གསུམ་པ་དཀར་དམར་མཐིང་གསུམ་གང་རུང་ཞིག་ལ་སེམས་གཟུང་ཞིང་ཞག་གསུམ་བར་དུ་སྒོམས་ཤིག༔ དེས་སློང་ཚད་ནི༔ ལུས་ཀྱི་ཤ་རུས་འགྱུར་ཞིང་ན་བ་སོགས་འབྱུང༔ དྲོད་ཚད་ནི༔ ལུས་ཁང་རུལ་ཞིག་པ་ལྟ་བུའི་འདར་ཤིག་ཤིག་པ་དང༔ འབོལ་ལིང་ལིང་མི་འབྱུང་མི་སྲིད་དོ༔ དགོས་ཆེད་ནི་གཉིས་ལས༔ ཐུན་མོང་ནི༔ ཐ་མལ་གྱི་ལུས་ལ་མངོན་ཞེན་མི་འཇུག་པ་དང་བར་ཆད་མི་འབྱུང་ངོ༔ དེ་གཉིས་ཀྱིས་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པར་འགྱུར་རོ༔ མཆོག་གི་དགོས་པ་ནི༔ ད་ཕན་ཆད་ལུས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པ་དང༔ ལུས་སྤྲུལ་པའི་སྐུར་གྲོལ་ནས་སངས་རྒྱས་ཀྱི་སྐུ་དང་གཉིས་སུ་མེད་པའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ངག་རུ་ཤན་དབྱེ་བ་ལ་འཁོར་འདས་གཉིས་ལས༔ དང་པོ་འཁོར་བའི་ཆ་ནི༔ ཇི་སྐད་དུ་འདས་རྗེས་ལས༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་ལ་བསླབ༔ ཅེས་གསུངས་པས༔ དེ་ཡང་སེམས་མ་རིག་པ་ལས་གྲུབ་པའི་ལུས་ངག་ཡིད་ཅེས་པའི་སྒྲ་འདི་ལ་བརྟེན་ནས་འཁོར་བར་འཁྱམས་པ་ཡིན༔ ད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་ཆེད་དུ༔ ངག་འཁོར་འདས་རུ་ཤན་ཕྱེས་ནས་འཁོར་བར་མི་འཁྱམ་པར་བྱ་སྙམ་དུ་སེམས་བསྐྱེད་ལ༔ ངག་ཏུ་ཞི་བའི་གསུང་དབྱངས་དང་ཁྲོ་བོའི་གད་རྒྱངས་འབྱུང་བའི་སྒྲ་སྐད་སྣ་ཚོགས་དྲན་ཚད་བརྗོད་ལ༔ ངལ་གསོ་ཞིང་ཤེས་པ་མ་ཡེངས་པར་འཇོག་གོ༔ དྲོད་ཚད་ནི༔ བླ་མའི་གདམས་ངག་ལ་ངེས་ཤེས་ཀྱི་གོ་བ་སྐྱེ་ཞིང་མ་བསླབ་པའི་ཆོས་ཀྱི་ཚིག་དོན་རྣམས་རང་བརྡོལ་དུ་འོང་ངོ༔ ྈ དེ་ནས་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི༔ ཇི་སྐད་དུ་རྩ་རྒྱུད་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་སྦྱོང་ཞིང༔ མཉེན་བཙལ་ལམ་དུ་གཞུག་པ་ཡིས༔ ངག་སྦྱང་སེམས་ལ་ཕན་པ་ཡིན༔ ཞེས་གསུངས་པས༔ རྒྱས་གདབ་པ་དང༔ རྩལ་སྦྱང་བ་དང༔ མཉེན་བཙལ་བ་དང༔ རིག་པ་ལམ་དུ་གཞུག་པ་དང་བཞི་ལས༔ དང་པོ་ལའང་ཕྱི་སྣང་བ་ལ་རྒྱས་གདབ་པ་དང༔ ནང་ཕུང་ཁམས་ལ་རྒྱས་གདབ་པ་གཉིས་ལས༔ དང་པོ་ནི༔ ལུས་སྐྱིལ་ཀྲུང་བཅའ་ཞིང་དར་ཅིག་ཀློད་ལ་ཁ་ཅུང་ཟད་ཙམ་བཙུམ་ཞིང༔ ངག་ཏུ་ཧཱུྃ་གླུ་ཧ་ཅང་མི་ཆེ་བ་མི་ཆུང་བ༔ སྙན་ལ་རིང་བ་ཏི་རི་རི་བླང་ཞིང༔ རང་གི་ཁོག་པ་ནས་རྣམ་ཤེས་ཧཱུྃ་གི་རྣམ་པ་ཐོལ་ཐོལ་གཅིག་ཐོན་གཉིས་ཐོན་དུ་བྱུང་ནས༔ ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་ཐེམ་མེ་ནེམ་མེར་ཁེངས་པར་བསམ་མོ༔ ཤེས་པ་རླུང་ལ་གཏད་ཅིང་རླུང་གནད་དལ་བར་བྱའོ༔ དྲོད་ཚད་ནི༔ སྣང་སྲིད་ཐམས་ཅད་ཧཱུྃ་གིས་ཁེངས་སྙམ་བྱེད་པ་དང༔ སྣང་བ་བན་བུན་དུ་འབྱུང་ངོ༔ དགོས་ཆེད་ནི༔ དངོས་གཞི་ཉམས་ལེན་གྱི་དུས་སུ་ཕྱི་སྣང་བའི་ཡུལ་དུ་རིག་པ་ཞེན་ཆགས་མི་འགྲོ་བའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ནང་ཕུང་ཁམས་ལ་རྒྱས་གདབ་པ་ནི༔ ལུས་གོང་ལྟར་བྱས་ལ༔ ཧཱུྃ་གླུ་གོང་མ་བས་ཅུང་ཟད་ཐུང་བ་བརྗོད༔ ཕྱིའི་ཧཱུྃ་ཐམས་ཅད་དལ་བུས་རྔུབ་པ་དང་ནང་དུ་བྱུང་ནས་ཧཱུྃ་གིས་ལྟོ་བ་མེར་མེར་ཁེངས་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཧཱུྃ་གིས་ཁེངས་སྙམ་བྱེད་པ་དང༔ ལྟོ་བ་འགྲངས་ཏེ་སྒྲེགས་པ་ཡོང་ངོ༔ མི་བདེ་བ་སྙམ་བྱེད༔ འདིའི་དུས་སུ་སོ་ཚགས་དང་མཆུ་བསྡམ་པ་གནད་ཡིན་ནོ༔ དགོས་ཆེད་ནི༔ སྔར་ཕན་ཆད་སྒྱུ་ལུས་ལ་མ་རིག་པ་འཆིང་སྒྲོག་གིས་བཅིངས་པ་ཡིན་གྱི༔ དངོས་གཞི་ཉམས་སུ་ལེན་པའི་ཚེ་འཆིང་སྒྲོག་གིས་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་རྩལ་སྦྱོང་བ་ལ་གཉིས་ཏེ༔ དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ མདུན་དུ་ཤིང་བུ་འམ་རྡེའུ་གང་འཚམ་ཞིག་འཛུག་ཅིང༔ ཧཱུྃ་ཞེས་ངར་དང་ལྡན་པར་བརྗོད་ཅིང༔ རང་རིག་གི་ངོ་བོ་ཧཱུྃ་མཐིང་ནག་དེས༔ ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་འབིགས་པར་བསམ༔ དེ་ནས་རང་གི་གནས་ཁང་དང་ནགས་ཚལ་ཤིང་སྡོང་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་བསམ༔ དྲོད་ཚད་ནི༔ སྣང་བ་ཟིང་ཟིང་ཁྲལ་ཁྲོལ་བ་དང༔ འཇའ་ཚོན་ལྟ་བུའི་ཉམས་བྱེད༔ དགོས་ཆེད་ནི༔ སྔར་ཕན་ཆད་སྣང་བ་འདི་བདེན་བདེན་རྟག་རྟག་ཏུ་བཟུང་ནས་རང་བཞིན་མེད་པར་མ་ཤེས༔ ཕྱིན་ཆད་སྣང་བ་ལ་རང་བཞིན་མེད་པར་འབྱོངས་ཤིང༔ དངོས་གཞིའི་དུས་སུ་སྣང་བ་ལ་བདེན་ཞེན་མི་སྐྱེ་བའི་དགོས་པ་ཡོད་པ་ཡིན༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ གཉིས་པ་ནང་ཕུང་ཁམས་ལ་རྩལ་སྦྱོང་བ་ནི༔ ངག་ཏུ་ཧཱུྃ་གླུ་སྔར་ལྟར་བླངས་པས༔ རིག་པའི་ངོ་བོ་ཧཱུྃ་མཐིང་དེ་ཁོང་ནས་སྤྱི་གཙུག་ཏུ་ཐོལ་གྱིས་ཐོན༔ སྤྱི་གཙུག་ནས་རྐང་མཐིལ་དུ་ཐོན་ཅིང་ལུས་ཀྱི་ཕྱི་ནང་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་དྲྭ་ཚགས་ལྟ་བུར་གྱུར་ཅིང༔ ཁོལ་ཚེ་མེད་པར་བསམ་མོ༔ དྲོད་ཚད་ནི༔ ལུས་ཀྱི་ཤ་ཁོལ་ཚེར་འཕར་བ་དང༔ ཁྲལ་ཁྲོལ་སང་སེང་དུ་སོང་ཞིང་རང་བཞིན་མེད་པའི་ཉམས་འབྱུང༔ དགོས་ཆེད་ནི༔ ཕྱིན་ཆད་ལུས་ལ་རང་བཞིན་མེད་པར་འབྱོངས་ཤིང༔ དངོས་གཞིའི་དུས་སུ་ན་ཚ་སྡུག་བསྔལ་ཅི་བྱུང་ཡང༔ བདག་འཛིན་གྱི་ཞེན་ཆགས་བློ་ཡིས་ཐོང་ནས༔ ནད་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་མཉེན་བཙལ་བ་ནི༔ མདུན་དུ་ཤིང་བུའམ་རྡེའུ་བཙུགས་ལ༔ རང་རིག་གི་ངོ་བོ་ཧཱུྃ་མཐིང་དེས་དམིགས་རྟེན་དེ་ལ་ཧྲིལ་གྱིས་དཀྲིས་པར་བསམ་ཞིང༔ སླར་ཡང་ཧཱུྃ་གླུ་དྲག་ལ་དལ་བར་ལེན་ཞིང༔ ཕྱིར་བཀྲོལ་བར་བསམ་ཞིང་བློ་གློད་དེ་དར་ཅིག་གཞག་གོ༔ ཡང་ཁང་ཁྱིམ་དང་རི་མཐོ་ཤིང་སྡོང་རྣམས་ལ་ཡང་དེ་བཞིན་བྱས་ལ་གཞག་གོ༔ དྲོད་ཚད་ནི༔ ལུས་ངག་ཡིད་གསུམ་སྐྱི་ལིང་ལིང་བ༔ འཁོར་བ་ལ་ཞེན་པ་ལོག་པ་དང་སྨྲ་བརྗོད་དང་བྲལ་བའི་ཉམས་འབྱུང༔ དགོས་ཆེད་ནི༔ སྔར་ཕན་ཆད་རིག་པ་ལ་རང་དབང་མ་ཐོབ༔ ཕྱིན་ཆད་རིག་པ་ལ་རང་དབང་ཐོབ་པས༔ དངོས་གཞིའི་དུས་སུ་རིག་པ་གང་དུ་ཡང་བསྒྱུར་བཏུབ་པའི་དགོས་པ་ཡོད་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ལམ་དུ་གཞུག་པ་ནི༔ མདུན་དུ་རི་མོ་སྲིན་མོའི་འགྲོས་ལྟ་བུ་བྲིས་ལ༔ ཧཱུྃ་གླུ་སྔར་བཞིན་བླངས་ཤིང་རང་རིག་ཧཱུྃ་མཐིང་དེ་རི་མོའི་ལམ་དེ་ལ་ཞུགས་ནས༔ ཕར་སོང་ཞིང་ཚུར་ལོག་པ་ལ་སྦྱང་བ་དང༔ ལུང་པ་རི་སུལ་རྣམས་དང་། སྔར་ཕྱིན་པའི་གནས་ཡུལ་རྣམས་དང༔ ལུང་པ་ནུབ་བྱང་དུ་ཁ་བལྟས་པ་ཤིན་ཏུ་རིང་ཞིང་ཁོག་དོག་པ༔ འབབ་ཆུ་དལ་གྱིས་འབབ་པའི་བྲག་རོང་ཟབ་ཅིང་ནགས་ཚལ་མཐུག་པོའི་ཆུ་འགྲམ་རྣམས་སུ༔ ཁྲུས་ཀྱི་རྫིང་བུ་དང༔ ལྗོན་ཤིང་དང་ནེའུ་སིང་མེ་ཏོག་སྣ་ཚོགས་ཡོད་པ༔ བྱ་རིགས་མང་པོས་སྐད་ཀྱུ་རུ་རུ་སྒྲོག་པ་རྣམས་སུ༔ གྲོགས་མེད་པར་རང་ཉིད་གཅིག་པུར་སོང་ནས་ཧཱུྃ་གླུ་སྙན་ཏི་རི་རི་ལེན་པར་བསམ༔ ངལ་གསོ་ལ་གློད་དེ་གཞག༔ དྲོད་ཚད་ནི༔ འཁོར་བའི་ཆ་ལ་ཞེན་པ་དྲག་པོ་གཏིང་ནས་ལོག་པ་དང༔ ཤེས་པ་འབོལ་ཤིགས་སེ་བ་འབྱུང་ཞིང༔ ཆོས་རྣམས་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་འབྱུང་ངོ༔ དགོས་ཆེད་ནི༔ དངོས་གཞིའི་དུས་སུ་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་པ་ཡིན་གྱིས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་རྣལ་དུ་ཕབ་པ་ནི༔ ཇི་སྐད་དུ་ཐལ་འགྱུར་ལས༔ འདི་དུས་ལུས་ངག་ཡིད་གསུམ་གནད༔ རྣལ་འབྱོར་ལྡན་པས་རྣལ་དབབ་བྱ༔ ཞེས་པས༔ དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱིས་རྩ་དང་འབྱུང་ཁམས་རྣམས་ཅུང་ཟད་འཁྲུགས་པས༔ དེ་ཉིད་ཀྱི་དོན་མི་མཐོང་བས་དེ་ཉིད་བསལ་བའི་ཕྱིར༔ རྣལ་ཕབ་ཀྱི་རིམ་པ་ལ་འཇུག་པ་ནི༔ ལུས་བདེ་བའི་གདན་ལ་འགུལ་སྐྱོད་དང་བྲལ་བར་ལྷམ་མེར་ལྷོད་ཀྱིས་གློད་ལ་གཞག་གོ༔ དེ་ལྟར་བཞག་པས༔ དྲོད་ཚད་ནི༔ ལུས་འགུལ་སྙིང་མི་འདོད་ཅིང་གཅིག་པུར་གནས་སྙིང་འདོད་པ་འབྱུང༔ དགོས་ཆེད་ནི༔ ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་བྱང་སེམས་རྒྱས་པར་འགྱུར་རོ༔ ཇི་སྐད་དུ་གསང་རྒྱུད་ལས༔ ལུས་ནི་རྣལ་དུ་ཕབ་པ་ཡིས༔ སྤྲུལ་པའི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ངག་རྣལ་དུ་ཕབ་པ་ནི༔ ངག་ཅི་ཡང་མི་སྨྲ་བར་གཅིག་པུར་གནས་ཤིང༔ ཚིག་ལྐུགས་པ་ལྟར་དུ་གནས་པར་བྱའོ༔ དེ་ལྟར་བྱས་པས༔ དྲོད་ཚད་ནི༔ ངག་བརྗོད་པ་ཐམས་ཅད་མ་བཅོས་པར་བརྗོད་མེད་ཀྱི་དོན་ལ་གནས་ཤིང༔ ཚིག་གི་རྟོག་དཔྱོད་ཐམས་ཅད་ཟད་པ་དང༔ ངག་གི་ཞེན་པ་ཐམས་ཅད་ཡུལ་ལྡོག་པར་འགྱུར་རོ༔ ཇི་སྐད་དུ་གསང་རྒྱུད་ལས༔ ངག་ནི་རྣལ་དུ་ཕབ་པ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ཡིད་རྣལ་དུ་ཕབ་པ་ནི༔ སེམས་ཀྱི་འཕྲོ་འདུ་རྣམ་རྟོག་གི་རྒྱུན་ཐག་ཐམས་ཅད་བཅད་ལ་གཡོ་མེད་ཀྱི་ངང་དུ་གཞག་གོ༔ དེ་ལྟར་བཞག་པས་དྲོད་ཚད་ནི༔ སེམས་མི་རྟོག་པའི་དོན་ལ་གོམས་ཤིང༔ ལྷན་ནེར་གནས་པར་འགྱུར་རོ༔ དགོས་ཆེད་ནི༔ ཇི་སྐད་དུ་གསང་རྒྱུད་ལས༔ ཡིད་ནི་རྣལ་དུ་ཕབ་པ་ཡིས༔ ཆོས་ཀྱི་སྐུ་རུ་རེག་པར་འགྱུར༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་དངོས་གཞི་ཁྲེགས་ཆོད་ཀྱི་གདམས་པ་གཏན་ལ་ཕབ་པར་བྱེད་པ་ནི༔ རང་གི་རིག་པ་འདི་ཉིད་ཡེ་ཡིན་ལྷུན་གྱིས་གྲུབ་པས༔ སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་ཡེ་ནས་བཞུགས་ཀྱང༔ ཕ་རོལ་ཡུལ་སྣང་ལ་ཨ་འཐས་ཤིང་རང་སེམས་འཁྲུལ་པ་གློ་བུར་གྱི་དྲི་མས་བསྒྲིབས་པས༔ དེ་མ་མཐོང་བ་ཡིན་གྱི༔ དེ་མཐོང་བའི་ཐབས་ནི༔ ཡེ་གཞི་གདོད་མའི་གནས་ལུགས་དེ་ཉིད་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་དང༔ སྐྱེས་པ་དེ་ཉིད་བརྟན་པར་བྱེད་པའི་ཐབས་དང༔ བརྟན་པ་དེ་ཉིད་འབྲས་བུ་ཆོས་ཉིད་འུབ་ཆུབ་བློ་ལས་འདས་པ༔ གཞོམ་མེད་བདེ་བ་ཆེན་པོ་འོག་མིན་མཁའ་སྤྱོད་རྡོ་རྗེའི་དབྱིངས་ཀློང་དུ་བསྐྱལ་ཐབས་རྣམས་སོ༔ ྈ དེ་ནས་གདོད་མའི་གཞི་གནས་དེ་རང་རྒྱུད་ལ་སྐྱེ་བའི་ཐབས་ནི༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་རང་གི་སེམས་འདས་པའི་རྗེས་མི་གཅད༔ མ་འོངས་པ་ཡི་མདུན་མི་བསུ༔ ད་ལྟའི་ཤེས་པ་ལ་བཟོ་བཅོས་མ་ཞུགས་པར་ལུས་ངག་ཡིད་གསུམ་ལྷོད་ཀྱིས་ཀློད་པར་ཞོག་ལ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སང་སང་དུ་སྡོད་ཅིང་སྐབས་སུ་ཚབ་ཚུབ་རེས་སྐྱོད་པའོ༔ ྈ གཉིས་པ་ལུས་ངག་ཡིད་གསུམ་གོང་བཞིན་ལ༔ མདུན་དུ་ཤིང་བུ་རྡེའུ་གང་རུང་ཞིག་བཞག་ཅིང༔ སེམས་འཕྲོ་བཞིན་སྤྱི་བོར་ཡི་གེ་ཨཱོྃ་དཀར་པོ་ལ་ཤེས་པ་ཡེངས་མེད་དུ་གཏད་ཅིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གཡེང་གཡེང་དུ་འཕྲོ་བར་འགྱུར་རོ༔ ྈ གསུམ་པ་མགྲིན་པར་ཡི་གེ་ཨཱཿདམར་པོ་ལ་སེམས་གཏད་ཅིང༔ དེ་ལ་ཡེངས་མེད་རྩེ་གཅིག་ཏུ་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་རི་གཟར་གློའི་འབབ་ཆུ་ལྟ་བུ་སྐད་ཅིག་ཙམ་ཡང་མི་སྡོད་ཅིང་ཆམ་ཆམ་ཚུབ་ཚུབ་འཕྱོ་བར་འགྱུར་རོ༔ དེ་ལ་གཡོ་བའི་ཉམས་ཟེར་རོ༔ ྈ བཞི་པ་སེམས་ཇི་ལྟར་འཕྲོ་ཡང་ཡེངས་མེད་དུ་སྙིང་གར་ཧཱུྃ་སྔོན་ལ་ཤེས་པ་གཏད་ཅིང་སེམས་རྩེ་གཅིག་ཏུ་མ་ཡེངས་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་རྣམ་རྟོག་ཤིན་ཏུ་ནས་མང་ཞིང༔ སེམས་ཤིན་ཏུ་འཕྲོ་བས་སྒོམ་ཡེ་ནས་མི་འོང་བར་འདུག་སྙམ་པ་འབྱུང༔ དེ་ནི་སྔར་ཕན་ཆད་བག་ལ་ཉལ་བ་ཐམས་ཅད་མ་ཚོར་ཞིང༔ ད་ལྟ་བག་ལ་ཉལ་བ་ཐམས་ཅད་ཚོར་ཞིང་ངོས་ཟིན་པས༔ དེ་ལ་རྐུན་བུ་རྩད་ཆོད་ཀྱི་ཉམས་ཟེར་བ་ཡིན༔ ྈ ལྔ་པ་བྱིང་རྨུགས་འཐིབས་པ་གསུམ་གྱི་དབང་དུ་མ་སོང་བར་ཐིག་ལེ་དཀར་སེར་སྲན་མ་ཙམ་ལ་ཤེས་པ་གཏད་ཅིང༔ སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་བཞག་ཅིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་སེམས་ཀྱི་འཕྲོ་འདུ་ཉུང་དུ་སོང༔ ལུས་ཡང་སིང་ངེར་སོང་བའི་ཉམས་བྱེད༔ དེ་ལ་ཐོབ་པའི་ཉམས་ཟེར༔ ྈ དེ་ནས་དྲུག་པ་མིག་ཐད་ཀར་བལྟ་ཞིང་དཔྲལ་བར་ཐིག་ལེ་ལྗང་གུ་སྲན་མ་ཙམ་ལ་དམིགས་པ་གཏད་ཅིང་ཕྱམ་མེར་བཞག་ཅིང་ལུས་མ་བསྒྲིམ་པར་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་འཕྲོ་རྒོད་ཐམས་ཅད་དལ་བུ་རེ་ཀར་ཀར་འཕྲོ་ཞིང༔ ཆུ་བོ་དལ་བུར་འབབ་པ་ལྟ་བུ་འབྱུང༔ ལུས་ཡང་ཞིང་སྟོང་ལྷང་ངེ་བ༔ ངག་བརྗོད་མེད་དུ་སང་ངེ་བ༔ ཡིད་བདེ་ཕྲིལ་ལེར་གནས། དེ་ལ་འཕྲོ་རྒོད་ཐམས་ཅད་ཞི་བར་གནས་པས་ཞི་གནས་ཟེར༔ ྈ བདུན་པ་ཡེ་ཡིན་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དེ་ཉིད་བརྟན་པར་བྱེད་པ་ནི༔ ལུས་ངག་ཡིད་གསུམ་ཐམས་ཅད་ལྷོད་ཀྱིས་ཀློད་ལ༔ སེམས་སྣ་ཚོགས་འཕྲོ་བྱེད་ཀྱི་མཁན་པོ་དེ་ལ་ཅེར་གྱིས་བལྟ་ཞིང་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ལྟར་ཉམས་སུ་བླངས་པས་ལུས་ཤིང་བལ་ལྟར་དུ་ཡང་ཞིང༔ ལུས་བདེ་ལྷང་ངེ༔ ངག་ལྷམ་མེ༔ ཡིད་བརྗོད་མེད་དུ་ལྷན་ནེར་གནས་ངོས་ནས་རྣམ་རྟོག་སྐྱེས་ཚད་ཐམས་ཅད་དེར་མཐོང་ཞིང་གནས་ཐོག་ཏུ་འདུག་པ་ཞིག་འོང༔ གནས་པའི་མདངས་དབང་དུ་མ་སོང་ན་གནས་འགྱུའི་བར་འབྱེད༔ དེ་ལ་བདེ་གསལ་མི་རྟོག་ཟེར༔ ཞི་གནས་ཅུང་ཞིག་དྭངས་བ་ཡིན༔ ྈ བརྒྱད་པ་ཉམས་ཕྲན་བུ་སྐྱེས་པ་དེ་བརྟན་ཞིང་བོགས་ཐོན་པར་བྱེད་པ་ནི༔ གང་ཤར་ཐམས་ཅད་བཟོ་མེད་དུ་འཇོག་ཅིང༔ དེ་མ་ཡིན་པའི་སྒོམ་རྩོལ་མེད་པར་ཡེངས་མེད་ཀྱི་ངང་དུ་སྐྱོང་ཞིང༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྣམ་རྟོག་གི་འགྱུ་འཕྲོ་ཆད་ཅིང་གནས་འགྱུའི་བར་ལག་འབྱེད༔ དཔེར་ན་མཚོ་ལ་ཉ་མོ་འཕྱོ་བའམ༔ རྦ་རླབས་རྒྱ་མཚོ་ལ་ཐིམ་པ་ལྟ་བུར་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང༔ གནས་འགྱུ་གཉིས་དབྱེར་མེད་དུ་ངོ་འཕྲོད༔ འདི་ལ་སྒོམ་པའི་ཉམས་ཟེར༔ ྈ དགུ་པ་དེ་ལ་གཉུག་བསྲིང་ཞིང་བསྒོམས་པས་རྒྱ་མཚོ་རླུང་གིས་མི་སྐྱོད་པ་ལྟ་བུ་གཡོ་འགུལ་མེད་པ་རྒྱུན་དུ་གནས་པ་ཞིག་འབྱུང༔ དེ་ལ་བརྟན་པའི་ཉམས་ཟེར་དེ་གཡོ་མེད་བདེ་འཁྱིལ་ལེ་བ་དེ་བསྒོམ་མ་ཡིན༔ སྟོང་པ་དེ་མདངས་གཤིས་སུ་མ་སོང་བར༔ བརྗོད་མེད་སིང་ངེ་བ་དེ་ལ་སྒོམ་གྱི་མཐིལ་བཅའ་དགོས་པ་ཡིན་ནོ༔ ཇི་སྐད་དུ་ཕྱོགས་ཀྱི་གླང་པོས༔ རྣམ་རྟོག་མ་རིག་ཆེན་པོ་སྟེ༔ འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན༔ རྣམ་རྟོག་དེ་དང་བྲལ་བ་ན༔ ཁྱོད་ནི་རྟག་ཏུ་མྱ་ངན་འདས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྣམ་རྟོག་ཐམས་ཅད་རང་གྲོལ་དུ་དག་ནས་བརྗོད་མེད་དུ་གསལ་ལམ་མེར་གནས་པ་ན༔ རྩེ་གཅིག་ངོ་བོ་མཐོང༔ དེ་ཚེ་བདེ་གསལ་ལ་ཞེན་འཛིན་གྱི་མཁན་པོ་ལམ་མེ་བ་དེ་ལ་བསྒོམ་གྱི་མཐིལ་བཅའ་འོ༔ ྈ བཅུ་པ་གནས་ཆ་བདེ་གསལ་ལ་མི་ཆགས༔ འཕྲོ་རྒོད་ལ་སྡང་སེམས་མི་སྐྱེ༔ དྲན་པ་ཧ་ཅང་ཆེད་དུ་ཡང་མི་དགག༔ སྒོ་གསུམ་གྱི་ཡུལ་དུ་རྒྱ་ཡན་དུ་མི་གཏང་ལ༔ རྟོག་མེད་དུ་གཞག་གོ༔ རྣམ་རྟོག་སྒོམ་དུ་བསྐྱལ་བའི་སྐྱོན་ནི༔ ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས༔ རྟོག་པའི་འཁོར་ལོས་སྲིད་པའི་དགོན་པར་འཁྱམས༔ རྟག་ཏུ་ལས་ངན་ཉོན་མོངས་འདུ་བྱེད་ཅིང༔ སྡུག་བསྔལ་བརྒྱ་ཕྲག་མང་པོ་སྒྲུབ་པར་བྱེད༔ ཅེས་གསུངས་པས༔ བརྗོད་བྲལ་སྤང་བླང་འཛིན་ཞེན་མེད་པའི་ངང་ནས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ རྩེ་གཅིག་དངོས་ནི་བདེ་གསལ་མི་རྟོག་པའི་བདེ་ཉམས༔ ཡུལ་དེ་དང་ཡུལ་ཅན་དངོས་པོ་གང་གི་ཆ་ལའང་ཚོར་བར་མི་འཇུག་ཅིང༔ སྣང་སྟོང་སྒྱུ་མ་་་འགོག་པའི་ཉམས་སྒྲིབ།ལྟ་བུའི་ངང་ལ་རྩེ་གཅིག་ཏུ་གནས༔ གསལ་ཉམས་ནི་ཚོགས་དྲུག་མ་འགགས་པར་བདེན་འཛིན་དང་བྲལ་ཞིང༔ ཕྱི་ནང་ཡུལ་མེད་གསལ་སྟོང་གོ་མི་འབྱེད་པར་གནས༔ མི་རྟོག་པའི་ཉམས་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་རྩེ་གཅིག་ཏུ་གནས་སོ༔ ཞི་གནས་བདེ་གསལ་མི་རྟོག་པ་གོལ་ས་ཡིན་ནོ༔ མཉམ་བཞག་ལ་གནས་ཞེན་གཏི་མུག་གི་དྲི་མ་ཡོད༔ སྣང་སྟོང་གི་ཉམས་རྗེས་ཐོབ་དང་འཁྲུལ་ཞེན་གྱི་དབང་དུ་མ་སོང་བར་གལ་ཆེའོ༔ ྈ བཅུ་གཅིག་པ་ལྷག་མཐོང་གི་ཉམས་བཙལ་བ་ནི༔ དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ རྗེས་ཤེས་མ་ཟད་བར་དག་ཏུ༔ ལུས་གནད་དག་དང་བྲལ་མི་བྱ༔ ཞེས་གསུངས་པས༔ ལུས་གནད་དང་ལྡན་པས་ངག་སྨྲ་བསམ་བརྗོད་མེད་ཀྱི་ངང་ནས༔ ཡིད་མ་བཅོས་པར་རྣམ་རྟོག་སྔ་ཕྱིའི་རྗེས་སུ་མ་འབྲང་བར༔ ད་ལྟའི་ཤེས་པ་གང་ཤར་གྱི་ངོ་བོ་དེ་ལ་བཟོ་བཅོས་མ་བྱེད་པར༔ ཁོ་རང་དེ་ཀའི་སྟེང་དུ་ཞོག༔ ཇི་སྐད་དུ་བང་མཛོད་ལས༔ ཆུ་མ་རྙོགས་ན་དྭངས༔ སེམས་མ་བཅོས་ན་གསལ༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད་པ་གཅིག་འཆར་བའི་ཚེ༔ ཕཊ༔ དྲག་པོ་བརྗོད་ལ་བཟང་ངན་གྱི་རྟོག་པ་ཅི་ཤར་ཡང༔ གཟའ་གཏད་དང་བྲལ་བ་རང་ཐོག་ཏུ་བཞག་པས༔ འགྱུ་ན་འགྱུ་མཁན་ཁོ་རང་གི་ངོ་བོར་རྗེན་ནེ་བར་བསྒོམ༔ གསལ་ན་གསལ་མཁན་ཁོ་རང་གི་ངོ་བོ་གསལ་སྟོང་དུ་ས་ལེ་བ་དེ་བསྒོམ༔ སྟོང་ན་སྟོང་མཁན་ཁོ་རང་གི་ངོ་བོ་སིང་ངེ་བ་དེ་བསྒོམ༔ ཉམས་ཞེན་གྱི་བདེ་གསལ་མི་རྟོག་པའི་མདངས་དབང་དུ་མ་སོང་བར༔ མཉམ་ཉིད་ངོ་བོ་བློ་ཡུལ་དུ་ཧྲིག་ཧྲིག་ཤར་བ་དེ་ཆོས་ཀྱི་སྐུ་ཡིན༔ རང་རིག་རང་གསལ་དུ་ས་ལེ་སིང་ངེར་གསལ་བ་དེ་ལོངས་སྐུ་ཡིན༔ བརྗོད་མེད་རིག་པ་ཟང་ཐལ་དུ་རྗེན་ཧྲིག་ཧྲིག་ཏུ་ཤར་བ་དེ་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་རུང༔ འདི་ལ་ཞེན་ན་ཡུལ་ཞེན་གྱི་དྲི་མ་ཡིན༔ དོན་ལ་སྔར་མ་མཐོང་བའི་རིག་པ་རྗེན་པར་ལྷག་གིས་མཐོང་བས་ན་ལྷག་མཐོང་ཟེར་བ་ཡིན༔ ཇི་སྐད་དུ་ཀློང་གསལ་ལས༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ རྣམ་པ་གསལ་བ་ལོངས་སྤྱོད་རྫོགས༔ འགག་མེད་ཤར་བ་སྤྲུལ་པའི་སྐུ༔ ཞེས་གསུངས་སོ༔ ྈ བཅུ་གཉིས་པ་དེ་ལ་ཡར་ལ་སྤར་ནས་ཞི་ལྷག་ཟུང་འཇུག་ཏུ་སྒོམ་པ་ནི༔ ཤེས་རིག་གི་ངོ་བོ་ལྷག་གེ་བ་དེ་ཉོན་མོངས་པའི་རྟོག་པས་མ་བསླད་པར༔ ཕྱིའི་སྣང་ཡུལ་ལ་དེར་འཛིན་མེད་པ་ཆུ་ཟླ་ལྟ་བུ༔ ནང་སེམས་ལ་འཛིན་མེད་ཁྱབ་བརྡལ་ལྟ་བུའི་ངང་ནས༔ ཟབ་ཞི་སྤྲོས་མཐའ་དང་བྲལ་བའི་ངང་ནས་བདུད་རྩི་བཏུང་བ་ལྟ་བུའི་ཉམས་མྱོང་ཁོང་ནས་འཆར་ཏེ༔ ཇི་སྐད་དུ་མངོན་རྟོགས་རྒྱན་ལས༔ ཚུར་རོལ་ཕ་རོལ་མཐའ་ལ་མིན༔ དེ་དག་བར་ན་མི་གནས་པ༔ དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར༔ ཤེས་རབ་ཕ་རོལ་ཕྱིན་པར་འདོད༔ ཅེས་གསུངས་པས་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་ཀློང་མངོན་དུ་གྱུར་པའི་ལམ་སྣེ་ཕྲན་བུ་མཐོང་བ་ཡིན་ཏེ༔ དེ་ཚེ་ཧྲིག་གེ་བ་དེ་མ་ཡིན་པར་ཉམས་གསུམ་ལ་ཞེན་ན༔ དོན་ལ་བདེ་ཉམས་ནི༔ ཡུལ་ཅན་དངོས་པོ་དང་བཅས་པའི་ཚོར་བ་ལ་མི་འཇུག་པར༔ སྣང་སྟོང་བརྗོད་མེད་སྒྱུ་མ་ལྟ་བུའི་ཉམས་ཀྱི་མདངས་དབང་དུ་གནས་པ་ནི༔ འགོག་པའི་བདེན་པ་སྟེ༔ འདོད་ཁམས་ཀྱི་གོལ་ས་ཡིན༔ གསལ་བ་ནི༔ ཚོགས་དྲུག་གི་ཡུལ་དུ་མ་འགགས་པར་བདེན་འཛིན་དང་བྲལ་བ་ཕྱི་ནང་ཡུལ་མེད་གོ་འགགས་པར་གནས་པའི་གསལ་མདངས་ལ་འཛིན་ཞེན་དུ་སོང་ན་གཟུགས་ཁམས་སུ་གོལ༔ མི་རྟོག་པ་ནི༔ ཕྱི་ནང་གི་འཆར་སྒོ་ཐམས་ཅད་རྟོག་མེད་ཀྱི་ཤེས་པའི་ངང་དུ་དྲིལ་ཏེ་བརྗོད་མེད་ཀྱི་ངང་དུ་རྩེ་གཅིག་ཏུ་གནས་པའི་ཚེ༔ བློས་བྱས་ཀྱི་འདི་ཡིན་འདི་མིན་གྱི་དེར་འཛིན་ཞུགས་ན་གཟུགས་མེད་ཁམས་སུ་གོལ་བས༔ དེ་ཚེ་གསལ་ཧྲིག་རྗེན་ཧྲིག་གེ་བ་དེ་མ་ཡེངས་པར་བསྒོམ༔ རྩོལ་སྒྲུབ་དང་བྲལ་བར་ཉམས་སུ་ལེན་པར་ཞུ༔ སྐབས་སུ་ཕྱག་རྒྱ་ཆེན་པོའི་ཁྲེགས་ཆོད་ཡང་དག་ལ༔ ས་ལམ་བགྲངས་པ་རྨོངས་ཤིང་གཞན་ཞིག་ན་མེད་དེ༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ས་ལམ་གྱི་དགོངས་དོན་རང་རིག་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མ་འདི་ལ་རྫོགས་པ་ཡིན་གྱི༔ བཅོས་མེད་ཀྱི་ཤེས་པ་བཟོ་གཏད་དང་བྲལ་བ་འདི་ལས་ལྷག་པ་སྟེ༔ ཚོགས་བརྒྱད་ཀྱི་སྣང་བ་རང་གྲོལ་དུ་ལྷུག་པ་ལས་བཟོ་མ་བཅོས་པ༔ གཉིས་འཛིན་ཐེར་ཟུག་པ་ལམ་གྱིས་མ་བསླད་ཅིང་སྒྲོ་མ་བཏགས་ཤིང་སྤང་བླང་དགག་སྒྲུབ་གང་ཡང་མེད་པའི་ཡེ་རེ་བ་ལས༔ ཆད་ལྟ་ཡུག་འབྱམས་མཐའ་བརྒྱད་རང་གྲོལ༔ གང་ཤར་བཟོ་མེད་ཟང་ཐལ་ཚིག་གི་བརྗོད་བྱ་དང་བྲལ་བ་བློས་སྒོམ་ཟད་པ༔ གང་ཤར་གང་སྣང་ཐམས་ཅད་སྒོམ་གྱི་རང་བཞིན་ལས་མཉམ་རྗེས་ཐམས་ཅད་དབྱེ་མཁན་དང་བྲལ་བ་འདི་ལ༔ ཐུན་མོང་ལྟར་དུ་ས་ལམ་དང་སྦྱར་ན༔ སེམས་ཀྱི་རང་བཞིན་འཛིན་པས་མ་བཅིངས་ཤིང་ཀུན་ཏུ་མི་གཡོ་བ་ནི༔ ཚོགས་ལམ་ཆུང་ངུ་ཡིན༔ མཉམ་གཞག་ལ་འཛིན་པ་མེད་པར་རྗེས་ཐོབ་ཀྱི་ཡོན་ཏན་ཐམས་ཅད་གྲོགས་སུ་འཆར་བ་ནི༔ ཚོགས་ལམ་འབྲིང་པོ་ཡིན༔ མཉམ་རྗེས་ཐམས་ཅད་དབྱེར་མེད་དུ་རྟོགས་ནས་འཁོར་འདས་གང་ལ་ཡང་སྤང་བླང་མེད་པ་ནི༔ ཚོགས་ལམ་ཆེན་པོའོ༔ བྱང་ཆུབ་ཀྱི་ཆོས་སོ་བདུན་དང་སྦྱར་ན༔ ཆུང་ངུར་གང་རང་ངོ་ཤེས་ཤིང་འགྲོ་འོང་གི་དྲན་པ་ཐམས་ཅད་རྦད་ཀྱིས་བཅད་པ་ནི༔ ཚོར་བ་དྲན་པ་ཉེ་བར་བཞག་པ་ཡིན༔ ལུས་གཤེད་མ་བརྒྱ་ཡིས་བསྐོར་ཀྱང༔ འགུལ་སྐྱོད་དང་བྲལ་བར་ཆོས་བདུན་གྱི་ངང་དུ་གནས་པ་ནི༔ ལུས་དྲན་པ་ཉེ་བར་བཞག་པ་ཡིན༔ སེམས་མ་བཅོས་པར་རང་མལ་དུ་རྩེ་གཅིག་ཏུ་གནས་པ་ནི༔ ཆོས་དྲན་པ་ཉེ་བར་བཞག་པ་ཡིན༔ རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་ངེས་ཤེས་ཐོབ་སྟེ༔ གཡོ་མེད་དུ་གནས་པ་ནི༔ སེམས་དྲན་པ་ཉེ་བར་བཞག་པ་ཡིན༔ འབྲིང་དུ་ཡང་དག་པར་སྤོང་བ་བཞི་ནི༔ རང་སེམས་བློ་བྲལ་ཆེན་པོར་རྟོག་མེད་དུ་གནས་ཤིང༔ དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བར་བྱེད་པས་ན་ཡང་དག་པའོ༔ དེ་ལ་ཡེངས་པ་མེད་པར་འཁོར་འདས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས་ན་ཡང་དག་པའོ༔ སྐྱེས་པ་དེ་གོ་མ་ལོག་པར་གོང་ནས་གོང་དུ་འཕེལ་བར་བྱེད་པས་ན་ཡང་དག་པའོ༔ རྣམ་རྟོག་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་མ་མཆིས་པས༔ མི་དགེ་བའི་ཆོས་ཐམས་ཅད་མི་དམིགས་པར་བྱེད་པས་ན་ཡང་དག་པར་སྤོང་བར་བྱེད་པ་ཞེས་སོ༔ ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི༔ ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱ་མཚོ་ཆེན་པོའི་ཆུ་བོ་ལྟར་དྭངས་ཤིང་མི་གཡོ་བ་ནི༔ འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ རང་མདངས་ཡུལ་སྣང་ཐམས་ཅད་སྒྱུ་མ་དང་ཆུ་ཟླ་ལྟ་བུར་རྟོགས་པས༔ ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ དེའི་རང་གཤིས་ཡེ་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་ཏེ་རང་བྱུང་ལྷུན་གྱིས་གྲུབ་པ་ནི༔ སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཡིན༔ བསྒོམ་བྱ་སྒོམ་བྱེད་ཡུལ་ཡུལ་ཅན་གྱི་མཚན་མ་མེད་པར་རྟོགས་པ་ནི༔ ཤེས་རབ་རྫུ་འཕྲུལ་གྱི་རྐང་པ་ཡང་དག་པའོ༔ ྈ དེ་ནས་བཅུ་གསུམ་པ་སྤྲོས་བྲལ་དུ་ཡར་ན་སྤར་བ་ནི༔ ཇི་སྐད་དུ་སློབ་དཔོན་ཧཱུྃ་ཆེན་ཀཱ་རའི་ཞལ་ནས༔ ཁྲེགས་ཆོད་སྟོང་ཉིད་རྣམ་དག་བསྒོམ་པ་ལ༔ སྒོམ་ཞེས་བསྒོམ་རྒྱུ་ཅི་ཡང་མེད་མོད་ཀྱི༔ ཐ་མལ་ཤེས་པ་འདི་རང་ཅི་བདེར་ཞོག༔ བཞག་པས་མི་སྡོད་ཕྱོགས་བཅུར་འགྲོ་གྱུར་ན༔ དེ་ཡང་རང་སོར་ལྷོད་ཀྱིས་གློད་ལ་ཞོག༔ ཅེས་གསུངས་པས༔ རྣམ་རྟོག་ཇི་ལྟར་འཕྲོ་ཡང་དགའ་སྡུག་སྤང་བླང་བཟོ་གཏད་དང་བྲལ་བར་བསྐྱང༔ དཔེར་ན་རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོ་ཉིད་ཀྱང་རླབས༔ རླབས་ཉིད་ཀྱང་རྒྱ་མཚོ་ཡིན་པར་ཀུན་གྱིས་གོ་མོད༔ དཔེ་དེ་བཞིན་དུ་སེམས་སྟོང་ཉིད་དུ་གནས་པའི་དུས་ན་ཡང་སྒོམ་ཡིན༔ མི་གནས་ཤིང་སྣ་ཚོགས་སུ་འཕྲོ་ཡང་སྒོམ་ཡིན༔ འགྲོ་འོང་གནས་ཆ་ཐམས་ཅད་སྒོམ་ཡིན་རུང་འདི་ལ་རང་བབ་ཏུ་འཇོག་པ་མ་གཏོགས་ཅི་ཡང་བྱ་རྒྱུ་མེད་པས༔ ཇི་སྐད་དུ་སློབ་དཔོན་ཆེན་པོ་པྲཧསྟིའི་ཞལ་ནས༔ སྟོང་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་པ༔ ཇི་ལྟར་བྱས་ཀྱང་སྒོམ་པའི་ཀློང༔ རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ འདིའི་དུས་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུའི་ཉམས་སྐྱེ༔ རྣམ་རྟོག་རགས་པ་མ་གཏོགས་རྐུན་བུ་མི་ཚོར༔ དེ་ཚེ་སྟོང་གསལ་དུ་གནས་པའི་སེམས་དག་བྱ་ཡིན་པས་སྒོམ་དུ་མི་འདོད༔ སྣ་ཚོགས་སུ་འཕྲོ་ཡང་དྲན་པའི་ངོ་བོ་ཏུར་ཏུར་བ་དེ་རིག་པ་ཡིན་པས་སྒོམ་གྱི་མཐིལ་དེ་ལ་བཅའ་དགོས༔ སྟོང་གསལ་བདེ་ལྷང་ངེ་བ་དེ་ལ་སྒོམ་གྱི་མཐིལ་མི་བཅའ་ཞིང༔ དེའི་མདངས་ཡེ་རེ་བ་ཆུ་ནང་གི་ཟླ་བ་ལྟ་བུར་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་སྒོམ་གྱི་མཐིལ་བཅས་པས༔ བདེ་བ་ལ་ཆགས་པའི་འདོད་ཁམས་ཀྱི་གོལ་ས་ཆོད༔ ཚོགས་དྲུག་གི་ཡུལ་དུ་སྒྱུ་མ་ལྟ་བུ་སྤྲོས་མཐའ་དང་བྲལ་ཞིང༔ སེང་ངེ་བ་དེ་ལ་སྒོམ་གྱི་མཐིལ་བྱས་ན་གཟུགས་ཁམས་ཀྱི་གོལ་ས་ཆོད༔ གོལ་ས་ནི་སྟོང་གསལ་བདེ་ལྷང་ངེ་བ་དེ་སྒོམ་པའི་མཐིལ་བྱས་ན་བསམ་གཏན་དང་པོའི་གོལ་ས་ཡིན༔ འགྱུ་རྟོག་གསལ་ལམ་པ་དེ་ལ་སྒོམ་གྱི་མཐིལ་བྱས་ན༔ བསམ་གཏན་གཉིས་པའི་གོལ་ས་ཡིན༔ བདེ་བ་ལ་ཞེན་མེད་ཙམ་གྱིས་གོལ་ས་མི་ཆོད་པས༔ བསམ་གཏན་གསུམ་པར་གོལ༔ སྟོང་པ་ཅི་ཡང་མ་གྲུབ་པའི་གཤིས་ལ་བཞག་པས༔ བསམ་གཏན་བཞི་པར་གོལ༔ སྟོང་ཉིད་དབྱེར་མེད་དུ་བསྒོམ་པས་གོལ་ས་ཆོད་སྙམ་ན༔ ག་ནས་ཆོད་པས༔ ནམ་མཁའ་མཐའ་ཡས་ནི་གཟུགས་ཅིར་ཡང་མ་གྲུབ་པ༔ སྒོམ་པ་མངོན་དུ་གྱུར་ཀྱང༔ འཁོར་བའི་ཆོས་ལས་མ་འདས་སོ༔ དེང་སང་གི་སྒོམ་ཆེན་ཐམས་ཅད་འདི་ན་ཐུགས་བཞུགས་སྤྲོ་ལས་ཆེ་འདུག༔ དེ་ནི་དྲི་མ་དང་བཅས་པའི་བློས་སྒོམ་ཞེས་བྱ་སྟེ༔ དཔེར་ན་ཀེང་རུས་བསྒོམས་པས་ལུས་ཀེང་རུས་སུ་འཆར་བ་དང༔ སྔོན་ཡངས་པ་ཅན་དུ་རྒན་མོས་སྟག་བསྒོམས་པས་མངོན་དུ་གྱུར་ནས༔ གྲོང་ཁྱེར་ཐམས་ཅད་སྟོང་པས་འབྲས་བུ་དེ་བཞིན་ནོ༔ འདི་གང་གིས་བསྒོམས་པ་མ་ནོར་བར་མངོན་དུ་གྱུར་ན་ཉོན་མོངས་པ་ཤས་ཆེ་ཤོས་ཡེ་ཤེས་དང་སྦྱོར་ནུས་པས་ན་སྦྱོར་ལམ་སྟེ༔ རང་སེམས་གསལ་སྟོང་དུ་ཤེས་ཤིང་མི་གཡོ་བའི་ངང་ནས་སྣང་སྲིད་ཀུན་དེའི་རང་བཞིན་ལས་མ་གཡོས་པར་རྟོགས་པ་ནི་དྲོད༔ ཀུན་བརྟགས་ཀྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་ཉེ་བར་ཞི་སྟེ༔ ཡེ་ནས་འཁོར་འདས་རང་སར་དག་ཅིང༔ མཚན་མ་མེད་པའི་ངོ་བོ་མཐོང་བ་ནི་རྩེ་མོ་ཡིན་ལ༔ དབང་པོ་ལྔ་ནི༔ གནས་ལུགས་ཀྱི་དོན་ལ་ངེས་ཤེས་ཡང་དག་པར་སྐྱེ་བ་ནི་དད་པའི་དབང་པོ་ཡིན༔ དེ་ལ་སེམས་འཛིན་མཚན་མ་མེད་པར་ཡང་དག་པར་གནས་པ་ནི༔ དྲན་པའི་དབང་པོ་ཡིན༔ དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པས་ཆོས་སྐུའི་དགོངས་པར་མི་གཡོ་བར་རྒྱུན་མི་ཆད་པར་གནས་པ་ནི༔ ཏིང་ངེ་འཛིན་གྱི་དབང་པོ་ཡིན༔ དེ་ལ་བསལ་བཞག་འགྲོ་འོང་ཐམས་ཅད་དང་བྲལ་བ་ཆུ་བོའི་རྒྱུན་ལྟར་གནས་པ་ནི༔ བརྩོན་འགྲུས་ཀྱི་དབང་པོ་ཡིན༔ དེ་ཡི་རང་བཞིན་བཟོ་བཅོས་ཐམས་ཅད་དང་བྲལ་བ་ཐ་མལ་གྱི་ཤེས་པར་ཐག་ཆོད་པ་ནི༔ ཤེས་རབ་ཀྱི་དབང་པོ་ཡིན༔ ྈ དེ་ནས་བཅུ་བཞི་པ་དེའི་རང་ངོ་ལ་བལྟ་བ་ནི༔ འདི་དུས་རིག་པ་འཕྲོ་འདུ་མེད་པ་སྟོང་སང་ངེར་གནས་པའི་དུས་ན༔ གནས་ཆའི་མི་རྟོག་པ་དེ་སྒོམ་དུ་བཞེད་པ་མ་ཡིན༔ འདིའི་དུས་སུ་རང་རིག་ཧྲིག་གེ་སིང་ངེ་བའི་གསལ་མདངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་སྐྱོང་དགོས་པ་ཡིན༔ རིག་པ་ཡུལ་ལ་ཆར་ཆར་འཆར་དུས་རྣམ་རྟོག་གང་ཤར་ལ་ལྟ་བ་དེ་སྒོམ་དུ་འདོད་པ་མ་ཡིན༔ ཇི་སྐད་དུ་པདྨ་བཛྲ་གྱི་ཞལ་ནས༔ རྟག་ཏུ་རྣམ་པར་རྟོག་པ་སྒོམ་བྱེད་པ༔ དེ་ནི་བདེ་མེད་འཁོར་བའི་རྒྱུ༔ ཞེས་གསུངས་པས༔ འདི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པ་དེ་ཡེངས་མེད་དུ་སྐྱོང་ངོ༔ སྒོམ་མཐིལ་གྱི་གནད་འདི་མ་གོ་ནས༔ གནས་པ་དང་འགྱུ་བ་གཉིས་རེ་མོས་བལྟ་ཞིང་སྒོམ་གྱི་ངོ་བོར་འདོད་པ་ནི་འཁྲུལ་པའི་རྒྱུ་ཁོ་ནའོ༔ དཔེར་ན་སེམས་གནས་པ་ཙམ་ནི་བསམ་གཏན་གྱི་ལྷ་དང་འདྲ་ལ༔ འཕྲོ་བ་ཙམ་གྱིས་ཐ་མལ་གྱི་རྟོག་པ་དང་འདྲ་བས༔ འདི་ལ་ལོ་བརྒྱ་བསྒོམས་པས་ཀྱང་སངས་རྒྱས་ཐོབ་རེ་ན་ར་ཀན༔ ཞེས་ཨོ་རྒྱན་ཀློང་ཆེན་པས་བཞེད་དོ༔ འདི་དུས་གོང་གི་རིག་པ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་གྱི་རིང་ལ་བསྐྱང་ངོ༔ དེ་ལ་གོམས་པས་དེ་དང་མི་འབྲལ་བར་འགྱུར་རོ༔ ཁྲེགས་ཆོད་ཀྱི་དོན་ཡང་དག་པ་རིག་པ་རྗེན་པ་ཟང་ཐལ་ལེར་ཕུད་པ་གནད་ཡིན་གྱི༔ ཇི་སྐད་དུ་ཡི་གེ་མེད་པ་ལས༔ སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་ཡིན༔ ལྟ་བའི་རྩལ་གསུམ་རྫོགས་ན་སྣང་བ་ཆོས་སྐུའི་ཀློང༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ འདི་ལ་སྟོང་ཟིལ་ཆེ་བས་སྟོང་པ་ཉིད་ཡིན་སྙམ་ཞིང་བསྒོམས་པས༔ ཕུབ་མའི་ཆུ་ལྟ་བུར་སྟོང་ཉིད་ངོ་མི་ཤེས་ཤིང༔ སྟོང་ཉིད་རྒྱས་འདེབས་སུ་ཤོར་བས་ཡུལ་ཐམས་ཅད་སྟོང་ཉིད་དུ་གོལ༔ ལྷག་མཐོང་ཡུལ་སྣང་གི་དྲི་མ་མ་དག་པས་ཡུལ་སྣང་སོ་སོར་འཛིན་པས་གོལ༔ སྟོང་པ་ཉིད་ཀྱིས་སྟོང་ཉིད་གོལ་ཞིང༔ ཡོད་མིན་མེད་མིན་གྱི་ཏིང་ངེ་འཛིན་ནི་མི་རྟོག་པའི་གོལ་ས་ཡིན་པས༔ ཉམས་ལེན་མི་འོང་བས་སྤྲོས་བྲལ་ངོ་མ་མ་ཡིན་ནོ༔ ཇི་སྐད་དུ་ཡུམ་བར་མ་ལས༔ རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ་འོ༔ རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་རྣམས་བསམ་གཏན་གཉིས་པའོ༔ རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ༔ དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ༔ ཞེས་གསུངས་སོ༔ ནམ་མཁའ་ལྟ་བུར་དག་པར་སེམས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན༔ སེམས་ཉིད་སྤྲོས་པ་མེད་པ་ནི་རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད༔ དེ་ལས་སྤྲོས་པ་དང་བྲལ་བར་ཅི་ཡང་མེད་པར་སེམས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད༔ དེ་ལས་ཡོད་མེད་སྤྲོས་པ་ཀུན་དང་བྲལ་བར་སེམས་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད༔ མདོར་ན་མི་རྟོག་པའི་གཤིས་ནམ་མཁའ་ལྟ་བུར༔ ཧུར་རེ་བ་ལས་སྤྲོས་པ་དང་བྲལ་བ་ནི༔ གཟུགས་མེད་དུ་སྐྱེ་བའི་གོལ་ས་ཆོད༔ སྤྲོས་བཅས་ཀྱི་ཤེས་སྒྲིབ་ཐམས་ཅད་དག་ནས་རིག་པ་ལྷུན་གྲུབ་ཏུ་ཧུར་རེ་ཟང་ཐལ་ལེ་བ་དེ་སྒོམ་སྐྱོན་མེད་དུ་བཞེད་དོ༔ ཇི་སྐད་དུ་འཇམ་དཔལ་མཚན་བརྗོད་ལས༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ ཅེས་གསུངས་སོ༔ འདི་ལ་སྣང་སྲིད་ཐམས་ཅད་རོ་གཅིག་པར་རྟོགས་ཤིང༔ ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་འཆར་བ་ནི་བཟོད་པ༔ དེ་ལས་མི་གཡོ་ཞིང་འགྱུར་བ་མེད་པ་ནི་ཆོས་མཆོག་ཡིན༔ དེ་ལྟར་མ་ཡིན་པར་འདིའི་སྐབས་སུ་སྟོང་ཉིད་གཅིག་པུས་གོ་མི་ཆོད༔ ཡོད་མིན་མེད་མིན་གྱི་ཆོས་གཏམ་བབ་ཆོལ་དུ་སྨྲ་བ་ནི༔ མུ་སྟེགས་པ་རྣམས་ཀྱང་དེ་ལྟར་སྨྲ་བ་ཡིན་མོད༔ ཇི་སྐད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ མེད་དགག་སྟོང་གསུམ་མུ་སྟེགས་ལྟ་བ་ཡིན༔ འགྲོ་འོང་སྟོང་ཉིད་གཤིས་ཤོར་དེ་བཞིན་ནོ༔ ཞེས་གསུངས་སོ༔ དེ་ལྟར་ཡིན་ན་ཞང་ཞུང་གི་བོན་པོ་རྣམས་ཀྱང༔ ཕྱི་ནང་སྟོང་པ་ཉིད་དང༔ སྣང་ལ་རང་བཞིན་མེད་པ་དང༔ གསལ་ལ་འཛིན་པ་མེད་པ་དང༔ བདེ་བ་ལ་རྟོག་པ་མེད་པ༔ གཤིས་ཅིར་ཡང་མ་གྲུབ་པ༔ མདངས་འགགས་མེད་དུ་སྣང་བ་སོགས་ཆོས་སྐད་ཆལ་ཆོལ་དུ་སྨྲ་འདུག་པས་བློའི་འཇུག་ཚུལ་གནད་གཅིག་པ་དང༔ ཆོས་དང་མུ་སྟེགས་བོན་རྣམས་ལ་ཁྱད་ཅུང་ཟད་མེད་པར་གོ་བའམ༔ དེ་ལྟར་ཡིན་ན་དེ་དག་རྣམས་ཀྱང་ལམ་དངོས་གཞི་ལྟ་བ་རྣམ་དག་ཡིན་ཅིང་ཐར་པ་ཁྱད་པར་ཅན་འགྲུབ་པར་འགྱུར་རོ༔ དེ་ལྟར་མི་བཞེད་པས༔ ཇི་སྐད་དུ་མགོན་པོ་ཀླུ་སྒྲུབ་སྙིང་པོའི་ཞལ་ནས༔ ཚུལ་ཁྲིམས་ཀྱིས་ནི་ཉམས་སླ་ཡིས༔ ལྟ་ལས་ཅིས་ཀྱང་མ་ཡིན་ནོ༔ ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་ཉིད༔ ལྟ་བས་གོ་འཕང་མཆོག་ཏུ་འགྱུར༔ ཞེས་གསུངས་པས༔ ལྟ་བའི་གནད་འགག་མ་ཁྲོལ་བའི་ཉེས་སྐྱོན་རྣམས༔ ཚུལ་ཁྲིམས་ངན་པ་ཚར་གཅོད་ཀྱི་མདོ་ལ་གཟིགས་དང༔ གང་ཟག་གི་ལྟ་བ་བཟང་ངན་རྣམས་དེར་གསལ་མོད༔ དེང་སང་གི་གང་ཟག་འགའ་ཞིག་གིས་ཤེས་པ་ཡིད་ལ་ཅི་ཡང་མི་བྱེད་པར་བཟོ་མེད་དུ་འཇོག་པས་སོ་མ་དང༔ མ་བཅོས་པ་དང༔ ལྷུག་པ་དང༔ སྤྲོས་བྲལ་དང༔ ཕྱག་རྒྱ་ཆེན་པོར་བཞེད་པ་རྣམས་ཏིང་ངེ་འཛིན་དང་འདུ་ཤེས་ཡོད་མིན་མེད་མིན་གྱི་ཁྱད་པར་མི་འབྱེད་ཅིང་ཆོས་གཏམ་འུར་ལྡིར་དུ་སྒྲོག་ཅིང༔ ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་མངོན་དུ་གྱུར་ཀྱང༔ འདི་དག་གི་འབྲས་བུ་ལེགས་པ་རྣམས་ནི་ལྷ་ཚེ་རིང་པོར་བསྐལ་ཆེན་བརྒྱད་ཁྲིར་མི་འཆི་བའི་ལྷར་སྐྱེ་བ་ཙམ་ཡིན་ནོ༔ དེང་སང་གི་གང་ཟག་འགའ་ཞིག་གིས་འདི་ཙམ་རྟོགས་པ་ཡང་ཤིན་ཏུ་ནས་ཉུང༔ འདིའི་དོན་ཡང་དག་རྟོགས་ཚུལ་ནི༔ དེ་ཡང་རྣམ་པར་རྟོག་པ་དག་པས་སྤྲོས་བྲལ་དུ་བཞེད་པ་ནི༔ ངོ་བོ་ཆོས་དབྱིངས་ནམ་མཁའ་ལྟ་བུར་སྟོང་ཞིང༔ རང་བཞིན་ལྷུན་གྱིས་གྲུབ་པས་འབད་རྩོལ་དང་བྲལ་བ༔ གཉིས་འཛིན་སྤྲོས་བྲལ་གྱི་ཡེ་ཤེས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་འདི་ལ༔ སངས་རྒྱས་སྟོང་བྱོན་ཀྱང་ལྟ་བ་བསྒྱུར་དུ་མི་བཏུབ༔ མུ་སྟེགས་པ་སྟོང་གིས་བརྒལ་ཀྱང་གླན་ཀ་མི་ཚུགས༔ ཇི་སྐད་དུ་ཕར་ཕྱིན་ལས༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ ཞེས་གསུངས་སོ༔ དབུ་མ་རྩ་བ་ལས༔ ཐ་དད་དུ་མིན་དོན་གཅིག་མིན༔ ཞེས་གསུངས་པས༔ ཕྱི་ནང་གི་སྣང་ཡུལ་ལ་དེར་འཛིན་མ་ཞུགས་པའི་ངོས་ནས༔ བློས་བྱས་མ་ཡིན་པར་སྟོང་ཉིད་སྙིང་རྗེ་ཆེན་པོར་ཟུང་དུ་འཇུག་པའི་ཁྱབ་བརྡལ་ཆེན་པོ་དེ་ཡིན་གྱི༔ འདིའི་གནད་གོ་བ་ཤིན་ཏུ་གལ་པོ་ཆེ་བས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ སྒོམ་གྱི་གནད་མཐིལ་གོལ་ཤོར་གྱི་ས་མཚམས་རྣམས་ཡེ་ནས་ཏིལ་འབྲུ་ཙམ་ཡང་མ་གོ་བའི་སྟོང་ཉིད་ཀྱི་ཧང་སྒྲ་སྒྲོག་པ་ནི་ངན་འགྲོའི་ས་བོན་ཁོ་ནའོ༔ མདོར་ན་རྩེ་གཅིག་ལ་སྟོང་སྣང་གི་ཉམས་དང་རྗེས་ཐོབ་འཁྲུལ་པ་ཁོ་ན་ཡིན༔ སྤྲོས་བྲལ་ལ་གསལ་སྟོང་གི་ཉམས་དང༔ རྗེས་ཐོབ་སྒྱུ་མ་དང་རྨི་ལམ་ལྟ་བུར་གཤིས་ཤོར་གྱི་དྲི་མ་ཁོ་ནའོ༔ འདིར་ཡང་དག་གི་དོན་སྟོབས་ལྔ་དང་སྦྱར་ན༔ གནས་ལུགས་ཀྱི་དོན་ལ་རང་ངོ་རང་གིས་ཤེས་ཤིང་འཁོར་འདས་ཀྱི་བློས་མ་རེག་ཅིང་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ནི་དད་པའི་སྟོབས་ཡིན༔ དེ་ཉིད་ལས་འགྱུར་བ་མེད་པར་རོ་གཅིག་ཏུ་རྟོགས་པ་ནི་དྲན་པའི་སྟོབས་ཡིན༔ ང་བདག་གི་སྤྲོས་མཐའ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཡིན༔ དེ་ལ་རེས་འཇོག་དང་འཕོ་འགྱུར་མེད་པ་ནི་བརྩོན་འགྲུས་ཀྱི་སྟོབས་ཡིན༔ རང་བྱུང་གི་རྟོགས་པ་ཡེ་ཤེས་སུ་ངོ་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་ཡིན༔ སྣང་གྲགས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་རྟོགས་ཤིང་རང་རིག་རྗེན་ནེར་མཐོང་བས་བུམ་པའི་དབང་ཡིན༔ སྟོང་ཉིད་སྙིང་རྗེ་ཆེན་པོར་ཡ་མ་བྲལ་བར་བརྡལ་བ་ནི་དགའ་བའི་ཡེ་ཤེས་ཡིན༔ སྣང་ཡུལ་དེར་འཛིན་ཕྲ་མོ་ཙམ་ཡང་མེད་ངོས་ནས༔ རང་རིག་སྟོང་གསལ་གྱི་རིག་པ་རྗེན་ཐལ་ལེ་བ་དེའི་ངང་ལས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད༔ རང་རིག་ལྷུན་གྲུབ་ཏུ་སྒྱུ་མ་ལྟ་བུར་རྟོགས་པས༔ དེ་མ་ཡིན་པའི་ཆོས་འགའ་མེད་པས༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ་རིག་འཛིན་ནཱ་གརྫུ་ནའི་ཞལ་ནས༔ རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ དེ་བཞིན་སྟོང་ཉིད་མ་གཏོགས་པའི༔ ཆོས་འགའ་ཡོད་པ་མ་ཡིན་ནོ༔ ཞེས་གསུངས་པ་དང༔ མདོ་ལས༔ ཆོས་རྣམས་རྟེན་ཅིང་འབྲེལ་ལས་འབྱུང༔ ཐེར་ཟུག་མ་ཡིན་རྐྱེན་ལས་འབྱུང༔ མ་སྐྱེས་པ་ཡི་དོན་བསྒོམ་པ༔ དེ་ནི་ཏིང་ངེ་འཛིན་ཞེས་བྱ༔ ཞེས་གསུངས་སོ༔ ྈ བཅོ་ལྔ་པ་རོ་གཅིག་ཏུ་ན་སྤར་བ་ནི༔ སྤྲོས་བྲལ་གྱི་ལམ་སྟེགས་སུ་རྩེ་གཅིག་དང༔ རོ་གཅིག་གི་ལམ་སྟེགས་སུ་སྤྲོས་བྲལ་བཤད་པ་ཡིན་རུང༔ མཐར་ཐུག་པ་ཡང་དག་གི་ལམ་ནི་མ་ཡིན་ནོ༔ ཅི་ཕྱིར་སེམས་དང་། རྣམ་རྟོག་དང་། བག་ཆགས་དང་། ཀུན་གཞི་དྲི་མ་ཆ་ཤས་དང་བཅས་པ་མ་དག་པས་མཉམ་གཞག་ལ་གནས་ཞེན་གྱི་དྲི་མ༔ རྩེ་གཅིག་ལ་གཏི་མུག་གི་དྲི་མ༔ ལྷག་མཐོང་ལ་ཡུལ་ཞེན་གྱི་དྲི་མ༔ དེ་རྣམས་རིམ་བཞིན་དག་དགོས་པའི་ཕྱིར༔ ཇི་སྐད་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དེ་ཉིད་ཀྱི་ཞལ་ནས༔ ཡིན་པ་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅི་ཡང་མ་འགགས་པས༔ སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ༔ ཞེས་གསུངས་པས༔ ངོ་རང་ཐོག་ཏུ་སྤྲད༔ ཐག་གཅིག་ཐོག་ཏུ་བཅད༔ གདིང་གྲོལ་ཐོག་ཏུ་བཅའ་དགོས་པས༔ ད་ལྟའི་ཤེས་པ་སྣང་ཡུལ་དུ་འགྲོ་འོང་གི་རྒྱས་མ་བཅིངས་པར་རང་ཡན་དུ་ལྷུག་པར་འཇོག་པར་ཞུ༔ དེ་ཚེ་རང་སེམས་ཀྱི་ངོ་བོ་སྟོང་གསལ་བསྒྲུབ་ཏུ་མེད་པར་སྣང་ཡུལ་ལ་སྣ་ཚོགས་སུ་ཤིན་ཏུ་ཕྲ་བ་མཐོང་བར་དཀའ་བས༔ ལྷུན་གྱིས་གྲུབ་པའི་ངང་དུ་བཞག་པ་གལ་པོ་ཆེའོ༔ སྣང་སྟོང་དབྱེར་མི་ཕྱེད་པའི་ཉམས་འཁྲུངས༔ དེ་ལ་ངེས་ཤེས་ཡོད་པས་སྟོང་ཉམས་ཡེ་ཤེས་ཀྱི་དྲི་མ་ཡིན༔ དེ་ལ་གོམས་པས་རྩོལ་མེད་ཀྱི་རང་རིག་ཟང་ཐལ་ལེ་བ་དེ༔ རང་ངོ་མཐོང་བས་མཐོང་བའི་ལམ་ཡིན༔ མཉམ་བཞག་རིག་སྟོང་གི་ཉམས་ཡིན༔ རྗེས་ཐོབ་འོད་གསལ་དང་རྗེས་སྣང་གིས་སྤྲུལ་སྐུར་དགའ་བྲོད་དང་བཅས་ནས་མཐོང་བས༔ ས་དང་པོ་རབ་ཏུ་དགའ་བ་ཡིན་རུང༔ སེར་སྣའི་སྒྲིབ་པ་ཡོད༔ ྈ བཅུ་དྲུག་པ་ཟང་ཐལ་རྗེན་པ་དེ་ལ་འཛིན་པ་མེད་པར་བསྐྱངས་པས༔ མཉམ་རྗེས་དབྱེར་མེད་དུ་འདྲེས་རུང༔ དེ་འདྲེས་པའི་ངེས་ཤེས་ཀྱི་དགའ་བློ་ཡོད༔ དེ་ལ་གོང་གི་ཟང་ཐལ་དེ་གོམས་པས༔ ཉོན་སྒྲིབ་ཆེ་ཕྲ་དག༔ སྣང་སེམས་དབྱེར་མེད་གྱུར༔ ས་གཉིས་པ་ཡིན་རུང༔ འདྲེས་བྱ་འདྲེས་བྱེད་དམ་ཁྲིམས་འཆལ་གྱི་སྒྲིབ་པ་ཡོད༔ ྈ བཅུ་བདུན་པ་རང་གྲོལ་དེ་ངང་དུ་ཤིགས་སེར་བཞག་པས༔ རང་རིག་ཟང་ཐལ་རྗེན་པ་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པས་རོ་གཅིག་ཅེས་སོ༔ འདི་ས་གསུམ་པ་ཡིན་རུང༔ མ་རིག་པ་ཁོང་ཁྲོའི་སྒྲིབ་པ་ཡོད༔ དེ་ཙམ་ཉམས་སུ་ལེན་པར་ཞུ༔ ྈ བཅོ་བརྒྱད་པ་ད་དུང་ཡིད་སྒྲིབ་ཡོད་པས་གང་གོམས་པ་དེ་དང་མ་བྲལ་བར་བསྐྱངས་པས༔ སྒོམ་དང་འབྲལ་བ་མེད་རུང༔ ཤིན་ཏུ་ཆ་ཕྲ་མ་རིག་པའི་དྲི་མ་ཡོད་པས༔ ཟང་ཐལ་རྗེན་པ་དེ་རྒྱང་སོའི་འཛིན་ཕུར་དང་མ་བྲལ་བར་བསྐྱངས་པས༔ རིག་པ་ཤེལ་སྒོང་གཡའ་བྲལ་ལྟ་བུར་བརྟེན༔ ས་བཞི་པ་ཡིན་རུང་འདིར་ལེ་ལོའི་སྒྲིབ་པ་ཡོད༔ ྈ བཅུ་དགུ་པ་རྩོལ་མེད་ཤུགས་འབྱུང་བརྩོན་འགྲུས་དྲག་པོས་བསྐྱངས་པས༔ སྤྲོས་བྲལ་གྱི་སྐབས་སུ་ངོ་བོའི་ཆ་སྟོང་པ་དེ་འདིར་རོ་གཅིག་གི་དུས་སུ་ཆོས་ཀྱི་སྐུར་ཤར་ཞིང་། རྟོགས་པའི་མདངས་འགག་མེད་དེ་ལོངས་སྤྱོད་རྫོགས་སྐུར་ཤར༔ དེ་ཉིད་ཀྱི་ངོ་བོ་ཀུན་ཁྱབ་ཏུ་ཕྱམ་མེ་བ་དེ་སྤྲུལ་པའི་སྐུར་ཤར༔ སྤྲོས་བྲལ་གྱི་གསལ་སྟོང་དབྱེར་མེད་གསུམ་དང་སྐུ་གསུམ་དབྱེར་མེད་གཅིག་ཏུ་ཤར་བས་ན་རོ་གཅིག་ཅེས་སོ༔ འཁོར་འདས་དབྱེར་མེད་དུ་དག་ཅིང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཏིང་ངེ་འཛིན་ལས༔ སེམས་དང་བག་ཆགས་རྣམས་སངས་ཤིང་རིག་པ་རྗེན་པ་ལས་གཞན་གཡོ་བ་མེད་པས་རོ་གཅིག་དུ་མའམ་དུ་མ་རོ་གཅིག་ཏུ་བཞེད་དོ༔ ཇི་སྐད་དུ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་གསུངས་པས༔ འདི་རང་བྱུང་ཀ་དག་གི་གཞི་དེ་དང་བླ་མས་ངོ་སྤྲད་པའི་རིག་པ་གཉིས་དབྱེར་མེད་དུ་རྟོགས་པས་རོ་གཅིག༔ དྲི་མ་དང་བཅས་པའི་དུས་ན་གཞི༔ དྲི་མ་དེ་སྦྱོང་བའི་དུས་ན་ལམ༔ དྲི་མ་མཐའ་དག་དང་བྲལ་བའི་དུས་ན་འབྲས་བུ་རོ་གཅིག་པར་བཞེད་དོ༔ དོན་འདི་མ་གོ་ན་གཟུང་འཛིན་གྱི་རྣམ་རྟོག་མེད་མོད་ཀྱང་སྒོམ་བྱེད་ཀྱི་ཞེན་པ་ཡོད་ན་གོལ༔ གོང་བཞིན་སྟོང་བརྟགས་འཕྲོ་གསུམ་ལ་སྒོམ་བྱས་ན་བསམ་གཏན་བཞི་པ་འཇིག་རྟེན་པའི་བསམ་གཏན་རྣམས་སུ་གོལ༔ ༼སྤྲོས་མཐའ་དང་བྲལ་ཞིང་རིག་སྟོང་དབྱེར་མེད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ནི་གསང་བའི་དབང་ངོ༔་་་འདིར་མཆོག་དགའི་བཤད་པ་ཆད་དམ་དཔྱད།མཆན།༽ འདིར་ཡང་དག་པའི་ས་ལྔ་པ་ཡིན་རུང༔ རྣམ་པར་གཡེང་བའི་སྒྲིབ་པ་ཡོད་དོ༔ དེ་ནས་ཡང་དག་ཏུ་རྟོགས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི༔ སེམས་སྤྲོས་པ་མེད་པར་རང་རིག་ཟང་ཐལ་གྱི་ཏིང་ངེ་འཛིན་ཡང་དག་པ་དེ་ནི༔ བྱང་ཆུབ་ཀྱི་ཡན་ལག་དང་པོ་ཡིན༔ རྟོག་མེད་དུ་རང་བཞིན་གྱིས་འོད་གསལ་བ་དེ༔ དགའ་བ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གཉིས་པ་ཡིན༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་དོན་རང་རིག་གི་ངོ་བོར་རྟོག་པ་ནི༔ ཤིན་ཏུ་སྦྱང་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གསུམ་པ་ཡིན༔ འཁོར་འདས་སམ་བཟང་ངན་གྱི་སྤང་བླང་དང་བྲལ་བ་ནི༔ བརྩོན་འགྲུས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་བཞི་པ་ཡིན༔ དེ་ཁོ་ནའི་ངང་ནས་ས་ལམ་དང་འཁོར་འདས་ཀྱི་སྤུ་རིས་འབྱེད་པ་ནི༔ ཆོས་རབ་རྣམ་པར་འབྱེད་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་ལྔ་པ་ཡིན༔ བཟང་ངན་ནམ་ཕྱོགས་ལྷུང་གཟུང་འཛིན་གྱི་ཞེན་ཆགས་དང་བྲལ་བ་ནི༔ བཏང་སྙོམས་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དྲུག་པ་ཡིན༔ དེ་ལས་འཕོ་འགྱུར་མེད་པ་ཀ་དག་གི་ངོ་བོ་ཧུར་རེ་བ་དེ་ནི༔ དྲན་པ་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་པ་ཡིན་ནོ༔་་་༼བར་འདིར་གསང་དབང་དང་མཆོག་དགའ་སྦྱར་བ་ཆད་དམ་དཔྱད།མཆན།༽ ཡང་དག་པའི་དྲན་པ་སྣང་སྟོང་ཟུང་དུ་འཇུག་ཅིང༔ རང་རིག་ཀ་དག་དེ་ལས་འཕོ་འགྱུར་མེད་པ་ནི༔ ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པ་ཡིན༔ རང་རིག་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཟག་མེད་བདེ་བ་ཆེ་ལ་ལོངས་སྤྱོད་པ་ནི༔ དགའ་བྲལ་གྱི་ཡེ་ཤེས་ཡང་དག་གོ༔ ཏིང་ངེ་འཛིན་དང་སྦྱར་ན༔ རང་བྱུང་ལྷུན་གྲུབ་ཀྱི་རིག་པ་གཟའ་གཏད་དང་བྲལ་བ་ཧུར་རེ་བ་དེ་ལས་མ་གཡོས་ཤིང་། ཉོན་མོངས་པ་ཐམས་ཅད་རང་དབྱིངས་སུ་འཇོམས་པའི་དཔའ་བོ་ལྟ་བུ་དང་འདྲ་བས་ན༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན་ལ༔ ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ སེམས་ཅན་ཐམས་ཅད་སེམས་གཅིག་སྟེ༔ འོད་གསལ་སྐྱེ་བ་མེད་པའི་དོན༔ ཉོན་མོངས་འཇོམས་པའི་དཔའ་བོ་སྟེ༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉི་ཤུ་པ་འུབ་ཆུབ་བློ་འདས་ཆེན་པོར་བསྐྱལ་བ་ནི༔ ཡེ་རྫོགས་ཆེན་པོའི་རིག་པ་མངོན་སུམ་རྗེན་པར་ཉམས་སུ་ལེན་དགོས་པས༔ མདོར་ན་ཚོགས་དྲུག་གི་ཡུལ་དུ་ཕར་འཆར་རམ་རང་བབ་ཏུ་ཤེས་པ་ནང་དུ་གནས་རུང༔ རང་རིག་རང་གསལ་རྗེན་པ་རང་རིག་ཏུ་ཧུར་རེ་བ༔ ངན་རྟོག་ཏུ་ཤར་ཡང་རིག་སྟོང་དུ་རྗེན་སང་ངེ་བ༔ བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་ཧྲིག་གེ་ཧུར་རེ་བ༔ རང་བབ་ཏུ་གནས་ཀྱང་ཧར་རེ་བ་ཡུལ་གྱི་རྒྱར་འཛིན་པས་མ་བསླད་པ༔ སྤང་ལེན་མ་འཇུག་པར་ས་ལེ་སིང་ངེ་ཧྲིག་གེ་ཧུར་རེ་བའི་རིག་པ་ཟང་ཐལ་འདི་ཆོས་སྐུར་ངོས་བཟུང་ཞིང༔ རང་རིག་རང་བྱུང་གི་ཡེ་ཤེས༔ ཡིན་ལུགས་ཆོས་སྐུ་རང་མལ་གྱི་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས༔ དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན༔ ས་དྲུག་པ་ཐོབ་རུང་ཤེས་རབ་འཆལ་བའི་སྒྲིབ་པ་ཡོད༔ འཁོར་བ་ཆོས་སྐུར་སོང་བ་ཞེས་བཞེད༔ ཇི་སྐད་དུ་མུ་ཏིག་ཕྲེང་བ་ལས༔ རང་བཞིན་དག་པའི་ཆོས་རྣམས་ལ༔ དྲི་མ་མེད་པས་ཕྲ་རགས་ལོག༔ གཟུང་འཛིན་མེད་པས་འཁྲུལ་པ་ལོག༔ འགྱུ་བ་མེད་པས་ལས་རླུང་ལོག༔ ཟང་ཐལ་ཡིན་པས་ངོ་བོར་ལོག༔ ཅེས་པ་ལ་སོགས་ལུང་ཤིན་ཏུ་མང་བས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉེར་གཅིག་པ་རང་རིག་རྗེན་པ་དེ་འཆར་རམ་གནས་ཀྱང༔ བཅོས་བསླད་མེད་པར་གསལ་ངར་དང་ལྡན་པ་རྗེན་ཡེ་རེ་ངོས་བཟུང་ཡང་རིག་པ་རྗེན་ཧུར་རེ་བ་དེ༔ དུས་གསུམ་རྟོག་བྲལ་གྱི་སྟེང་དུ་བཞག་པས༔ ཆོས་སྐུ་རང་ཞལ་རང་བཞིན་བར་མེད་ཀྱི་བསམ་གཏན་ཞེས་བྱ་བ་ཡིན་གྱི༔ ཇི་སྐད་དུ་ཁྱུང་ཆེན་ལས༔ སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ༔ མ་གཟུང་མ་བསླད་མ་གཏང་རང་སོ་སྟེ༔ གཅིག་གི་གསུམ་ལས་སུ་ཡིས་ཕོག་པ་ཉིད༔ རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ༔ ཞེས་གསུངས་པས༔ འདི་ལ་རྣམ་རྟོག་སྣང་ཡང་རང་ངོ་མི་ཤེས་པའི་ཡེ་ཤེས་རྗེན་ལ་བུད་ཅིང༔ གཟུང་འཛིན་དང་དུས་གསུམ་འབྲེལ་ཐག་ཆོད་པའི་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་ཉམས་སུ་ལེན་དགོས་པ་ཡིན༔ ཇི་སྐད་དུ་སེང་གེ་རྩལ་རྫོགས་ལས༔ ཡེ་ཤེས་རང་སྣང་ངོ་བོ་ནི༔ ལུས་ངག་ཡིད་རྣམ་རྟོག་མེད་དེ༔ འདས་པའི་ཡུལ་དང་མ་འོངས་ཡུལ༔ སྣང་བ་ཐད་ཀར་གཅོད་པ་འོ༔ ཞེས་གསུངས་པས༔ ཤེས་པ་རྐྱེན་དྲག་པོས་དུག་ལྔ་བསླང་ཞིང་རྣམ་རྟོག་ཇི་ལྟར་སྐྱེས་ཀྱང་དེ་ཀ་ནས་རིག་པ་རྟོག་མེད་དུ་ངོས་རྗེན་པར་བཟུང་བས་ཡེ་ཤེས་ཁྱད་དུ་གསལ་ཚེ་དགའ་བ་དང་མི་དགའ་བའི་བཟང་རྟོག་ངན་རྟོག་ཇི་ལྟར་ཤར་ཡང་རང་རིག་མ་གཏོག་པ་མི་འཆར༔ ངོས་ནམ་ཟིན་ཚེ་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ཆོས་སྐུ་ཡིན་པས་ས་བདུན་པའོ༔ འདིར་ཐབས་ལ་མི་མཁས་པའི་སྒྲིབ་པ་ཡོད༔ ཆོས་སྐུ་ཐོབ་པ་ནི༔ ཇི་སྐད་དུ་རྒྱུད་རིན་ཆེན་སྤུངས་པ་ལས༔ གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ༔ ང་ཡི་སྐུ་ཡི་རོལ་པ་ཡིན༔ འདི་ལ་ང་མེད་པ་ཡི་མི༔ ང་ཡི་སྐུ་ལ་འདི་ཡིས་རེག༔ ཅེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ ཉེར་གཉིས་པ་རང་གི་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་ལས་བཅིངས་གྲོལ་མེད་པའི་ངོ་བོ་དེ་གྲོལ་ཞེས་ཐ་སྙད་ཙམ་ཡིན་མོད༔ རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ཡེ་གྲོལ་གྱི་ཆོས་སྐུ་ཡིན་ལ༔ ཡེ་གྲོལ་ཞེས་པ་ནི༔ གློ་བུར་གྱིས་གྲོལ་བ་མ་ཡིན་གྱི༔ ཐོག་མར་གྲོལ་ཟིན་ནས་ད་བསྐྱར་ནས་གྲོལ་རྒྱུ་མེད་པས་ཡེ་གྲོལ་ཞེས་སོ༔ རིག་པ་ཡེ་ནས་འཁྲུལ་མ་མྱོང་བའི་ཕྱིར༔ གྲོལ་རྒྱུ་མེད་པ་ཞེས་བྱའོ༔ རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལས་གཞན་ཕ་རོལ་ཏུ་སངས་རྒྱས་རྒྱུ་མེད་པས་གྲོལ་ཞེས་ཐ་སྙད་ཙམ་དུ་ཡིན་མོད༔ ས་བརྒྱད་པ་ནོན་རུང༔ སྟོབས་ལ་མི་མཁས་པའི་སྒྲིབ་པ་ཡོད༔ ྈ ཉེར་གསུམ་པ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང༔ གྲོལ་ཡང་རང་རིག་བདེ་བ་ཆེན་པོར་གྲོལ་བར་རྟོགས་པས༔ ལྟ་སྒོམ་སྤྱོད་པ་ཐམས་ཅད་ཡུལ་ཞེན་ལ་བརྟེན་པའི་སྒོམ་སྐྱོན་ཅན་ལྟ་བུ་མ་ཡིན་གྱི༔ དོན་ལས་རང་རིག་བློ་ཟད་ཆོས་ཟད་འུབ་ཆུབ་བློ་འདས་ཆེན་པོའི་ངང་དུ་བསྐྱལ་བ་ཡིན་མོད༔ ཤེས་བྱའི་སྒྲིབ་པ་ཆ་ཕྲ་རྣམས་དག༔ ཉིན་མཚན་དབྱེར་བསལ་མི་འབྱེད་པའི་ཉམས་བྱེད༔ ས་དགུ་པ་ཡིན་རུང༔ སྨོན་ལམ་མ་དག་པའི་སྒྲིབ་པ་ཡོད༔ རང་རིག་ཟང་ཐལ་རྗེན་ཧུར་རེ་བའི་ཆོས་སྐུ་དེ་ཀློང་བདེ་བ་ཆེན་པོའི་ངང་དུ་ཉམས་སུ་ལེན་པར་ཞུ༔ ྈ ཉེར་བཞི་པ་སྟོང་གསལ་གྱི་རྩལ་གཞིའི་ཐོག་ཏུ་རྫོགས༔ ཆོས་ཐམས་ཅད་རང་རང་གིས་སྒྲིབ་པ་སྤངས་ཤིང༔ འཁོར་འདས་ཆམ་གྲོལ་དུ་དག་པས་སྒོམ་མེད་ཅེས་རྣམ་ཀུན་མཆོག་ལྡན་གྱི་རྣལ་འབྱོར་ཟེར་ཏེ༔ གཞི་གསུམ་ལས་ཐོག་མའི་ཡེ་གཞི་ལ་བག་ཆགས་མ་རིག་པའི་ཆ་ཤས་ཡོད་པས་ཡེ་གཞི་ཡིན༔ ལམ་གྱི་སྐབས་སུ་སྒྲིབ་པ་ཐམས་ཅད་སྦྱོང་ཞིང་ཡོན་ཏན་སྐྱེ་བའི་གཞི་ཡིན༔ འདི་གཉིས་ནི་འཁོར་བའི་ཆ་དང་འདྲེས་པའི་ལམ་མོ༔ ཡེ་ནས་སྤྲོས་བྲལ་གྱི་མདངས་རྩལ་ལས༔ རྣམ་རྟོག་མ་རིག་པའི་ཆ་ཤས་དག་སྟེ༔ རང་རིག་ཟང་ཟལ་རྗེན་ཧུར་རེ་བ་ལས་གཡོ་བ་མེད་པ་ནི༔ གཞི་འབྲས་དབྱེར་མེད་རང་རིག་ཀ་དག་གདོད་མའི་སངས་རྒྱས་ཆོས་སྐུ་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་གྱུར་པར་བཞེད་ལ༔ ཇི་སྐད་དུ་སྐུ་གསུམ་འཇུག་པའི་མདོ་ལས༔ ཀུན་གཞི་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཉོན་མོངས་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི༔ སོ་སོར་རྟོག་པའི་ཡེ་ཤེས་སོ༔ སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་པ་འདི་དག་ནི་ཉོན་མོངས་ཀྱི་ཆ་གློ་བུར་གྱི་དྲི་མ་དག་པས༔ ཡེ་ཤེས་ཀྱི་ངོ་བོ་ལ་འཕོ་འགྱུར་མེད་པས་སྒོམ་བྱེད་ཀྱི་ཉམས་ཐམས་ཅད་དང་བྲལ་ཞིང་རྟོགས་པ་ཟང་ཐལ་རྗེན་ཧུར་རེ་ཤར༔ རྗེས་ཤེས་དབྱིངས་སུ་དག་པ་ཡིན་ནོ༔ དེང་སང་གི་སྒོམ་ཆེན་འགའ་ཞིག་གིས་སེམས་སངས་རྒྱས་སུ་བཞེད་རུང༔ རྒྱལ་བ་གོང་མ་རྣམས་དང་ཐ་ན་ཁོ་བོས་ཀྱང་སེམས་སངས་རྒྱས་སུ་མི་འདོད༔ རྣམ་རྟོག་ནི་མ་རིག་པ་ཡིན༔ ལས་དང་ཉོན་མོངས་པ་བག་ཆགས་ངན་པའི་རྟེན་ཐམས་ཅད་སེམས་ཡིན༔ རྣམ་རྟོག་ཐོལ་གྱི་སྐྱེས་ཚེ་ཅེར་གྱིས་བལྟས་པས་རྗེན་ནེར་གནས་པ་དེ་སྒོམ་ཡང་དག་ཆོས་སྐུར་བཞེད་པ་ནི༔ སེམས་སམ་རྣམ་རྟོག་དང་རིག་པ་ཡེ་ནས་མ་ཕྱེད་པ་ཡིན༔ རིག་པའི་ངོ་བོ་ནི་རྟེན་མེད་ཡུལ་བྲལ་ལས༔ རྣམ་རྟོག་གི་དྲི་མས་མ་གོས་པ༔ ངོ་བོ་རང་བཞིན་ཐུགས་རྗེའི་རང་རྩལ་ལྷུན་གྲུབ་ཏུ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལས་གཡོས་པ་མེད་པ་དེ་ཡིན་མོད༔ སེམས་རིག་གི་རྣམ་དབྱེ་ནི༔ ཇི་སྐད་དུ་རྫོགས་པ་ཆེན་པོ་གནད་རྒྱུད་ཀློང་ཡངས་ལས༔ འཁོར་བའི་ཆོས་ཐམས་ཅད་སེམས་ལ་བརྟེན་ན༔ སེམས་ཀྱི་ཉོན་མོངས་པ་དག་དུས་འཁོར་བ་དག༔ འདས་པའི་ཆོས་ཐམས་ཅད་རིག་པ་ལ་བརྟེན༔ རིག་པ་ཡིན་ཐོག་ཏུ་བཞག་པས་སངས་རྒྱས་རང་ཆས་སུ་འཆར༔ ཞེས་གསུངས་པས༔ སེམས་ཀྱི་ངོ་བོ་ནི་མ་རིག་པ་ཡིན༔ རིག་པའི་ངོ་བོ་ནི་སངས་རྒྱས་ཡིན༔ སེམས་ཀྱི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་ཡིན༔ རིག་པའི་ངོ་བོ་ནི་ལས་དང་བག་ཆགས་ཀྱི་རྟེན་མ་ཡིན༔ སེམས་ཀྱི་ངོ་བོ་ནི་གཟུང་འཛིན་འཁྲུལ་པ་ཡིན༔ རིག་པའི་ངོ་བོ་ནི་གཟུང་འཛིན་དང་བྲལ་ཞིང་མ་འཁྲུལ་པའི་རང་བཞིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤྲོས་མཐའ་དང་མ་བྲལ༔ རིག་པའི་ངོ་བོ་ནི་སྤྲོས་མཐའ་དང་བྲལ་བའོ༔ སེམས་ཀྱི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད༔ རིག་པའི་ངོ་བོ་ནི་ཀུན་གཞི་ཚོགས་བརྒྱད་ལས་འདས་པ་ཡིན༔ སེམས་ཀྱི་ངོ་བོ་ནི་རླུང་ཞོན་གྱི་གདངས༔ རིག་པའི་ངོ་བོ་ནི་རླུང་མེད་རང་གསལ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་འདུས་བྱས་ཀྱི་རྐྱེན་དབང་། རིག་པའི་ངོ་བོ་ནི་འདུས་མ་བྱས་པ་རྐྱེན་དང་བྲལ་བ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་རིག་པ་ལ་ལྟོས་པ༔ རིག་པའི་ངོ་བོ་ནི་སེམས་ལ་མ་ལྟོས་སོ༔ སེམས་ཀྱི་ངོ་བོ་ནི་སྐྱེ་འགག་གནས་གསུམ༔ རིག་པའི་ངོ་བོ་ནི་འཕོ་འགྱུར་མེད་པ་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་སྤང་བྱའི་སྒྲིབ་པ༔ རིག་པའི་ངོ་བོ་ནི་འཐོབ་བྱའི་ཡེ་ཤེས་ཡིན་ནོ༔ སེམས་ཀྱི་ངོ་བོ་ནི་གློ་བུར་འཁྲུལ་རྟོག༔ རིག་པའི་ངོ་བོ་ནི་ཡེ་ནས་ཆོས་ཀྱི་སྐུ་ཡིན་ནོ༔ ཞེས་པས་སེམས་སངས་རྒྱས་སུ་འདོད་པ་ན་ལས་དང་ཉོན་མོངས་པ་ཟད་པའི་ཚེ་ན༔ འབྲས་བུ་སངས་རྒྱས་པ་ཡང་ཟད་པས༔ གཉིས་མེད་སེང་གེ་ཡིན་མོད༔ ཇི་སྐད་དུ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ དུས་གསུམ་སངས་རྒྱས་སེམས་དང་བྲལ༔ རང་བྱུང་སྙིང་པོ་ཆོས་ཀྱི་སྐུ༔ སེམས་ལས་མ་བྱུང་སངས་རྒྱས་ཡིན༔ ཞེས་གསུངས་པ་དང༔ ཡང་རྒྱུད་དེ་ཉིད་ལས༔ སེམས་ལ་སངས་རྒྱས་འདོད་པ་ནི༔ མོ་གཤམ་བུ་དང་གཉེན་བྱེད་འདྲ༔ ཞེས་པ་དང༔ རིག་པ་རང་གསལ་གྱི་དུས་ན་རྣམ་རྟོག་ཐོལ་བྱུང་གི་ངོ་བོ་ལ་སྒོམ་ཟེར་ཞིང་སྒོམ་མཐིལ་བྱས་ཀྱང་། དེ་ལ་བལྟས་པས་ཡེ་ཤེས་སུ་འཆར་བ་མ་ཡིན༔ རྣམ་རྟོག་གློ་བུར་དེ་རྟག་མི་ཐུབ་པ་ཁོ་རང་གི་མཚན་ཉིད་ཡིན་མོད༔ དེ་མི་གཅིག་པས་འགྱུ་བ་རང་ཞི་རང་དག་ཏུ་སོང༔ གང་ཟག་གི་རིག་པའི་ངོ་བོ་ཟང་ཐལ་རྗེན་ཧུར་རེ་བ་དྲི་མ་མེད་པ་ཆོས་སྐུ་དེ་ངོ་ཤེས་པས་རྣམ་རྟོག་གིས་ཕན་ཡང་མ་བཏགས་གནོད་ཀྱང་མ་བསྐྱལ་ལོ༔ དཔེར་ན་ནམ་མཁའ་ནས་སྤྲིན་དང་ན་བུན་ཇི་ལྟར་བྱུང་ཡང་ནམ་མཁའ་རང་ལས་བྱུང་ཞིང་། ཐིམ་ཡང་ནམ་མཁའ་རང་གི་དབྱིངས་སུ་ཡལ་བ་བཞིན༔ ནམ་མཁའ་རང་གི་ངོ་བོ་ལ་སྐྱེ་འགག་མེད་ཀྱང་། རྩལ་མ་འགགས་པར་སྤྲིན་དང་ན་བུན་བྱུང་བ་དང་འདྲ་མོད༔ ཇི་སྐད་དུ་དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ནམ་མཁའི་ངོ་བོ་མ་གཡོས་ཀྱང༔ སྤྲིན་དང་ན་བུན་ཁུ་རླངས་གསུམ༔ བྱུང་ཡང་ནམ་མཁའི་རྩལ་ལས་བྱུང༔ ཐིམ་ཡང་ནམ་མཁའི་དབྱིངས་སུ་ཐིམ༔ ཞེས་གསུངས་པས༔ རྣལ་འབྱོར་པས་རིག་པའི་ངོ་བོ་ལ་གཡོ་བ་མེད་ཀྱང་། འགགས་མེད་ཀྱི་རྩལ་ལས་རྣམ་རྟོག་འགྱུ་དྲན་ཇི་ལྟར་ཤར་ཡང་། རིག་པའི་ངོ་བོ་ལ་གཡོ་བ་མེད་པར་ཟང་ཐལ་རྗེན་ཧུར་རེ་བའི་དུས་ན༔ རྣམ་རྟོག་གི་ངོ་བོ་ཆོས་སྐུར་ཤར་བ་ཡིན་སྙམ་ན༔ དེ་ལྟར་མ་ཡིན་རྣམ་རྟོག་གི་འགྱུ་བ་དག་བྱ་བསལ་བྱ་འགག་བྱ་མེད་པའི་ཚུལ་གྱིས་ཟད༔ རང་བྱུང་ཡེ་ཤེས་ཀྱི་རླུང་དེ་ངང་གིས་སྟོབས་སུ་རྒྱས་པས༔ རང་རིག་ཟང་ཐལ་རྗེན་ཧུར་རེ་བ་དེ་ནི༔ སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་མོད༔ དེ་ལྟར་སེམས་རིག་མ་ཕྱེད་པའི་སྐྱོན་ནི༔ ཇི་སྐད་དུ་རྫོགས་ཆེན་རིན་ཆེན་བཅུད་ཐིག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས༔ ཀུན་གཞི་ཆོས་སྐུ་མ་ཕྱེད་ན། ཆུ་དང་འོ་མ་འདྲེས་པ་འདྲ༔ གནས་ལུགས་གཏན་ལ་མ་ཕེབ་ན༔ བྱ་སྒྲོ་རླུང་གིས་ཁྱེར་བ་འདྲ༔ སེམས་དང་རིག་པ་མ་ཕྱེད་ན༔ བུ་རམ་སྦྲང་རྩི་འདྲེས་པ་འདྲ༔ མ་རིག་ཡེ་ཤེས་མ་ཕྱེད་ན༔ གསེར་དང་ར་གན་འདྲེས་པ་འདྲ༔ སེམས་དང་བག་ཆགས་མ་ཕྱེད་ན༔ དུག་དང་སྨན་དུ་འདྲེས་པ་འདྲ༔ ཞེས་གསུངས་པས༔ འདིའི་དགོངས་དོན་མ་འབྱེད་ནས༔ དེང་སང་གི་ཁྲིད་སྟོན་པའི་གང་ཟག་རྣམས་ཀྱིས་ཐེག་པ་ཐམས་ཅད་ཀྱི་དགོངས་དོན་ལྟ་སྒོམ་སྤྱོད་འབྲས་གཅིག་ཡིན་ཁྱད་མེད་སྨྲ་བ་རྣམས་ནི༔ ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་དོན་ཕྱོགས་ཆ་ཙམ་ཡང་མ་ཁྲོལ་ཞིང་ཡེ་ནས་ཏིར་རྒན་ཞིང་། ཐེག་པ་ཐམས་ཅད་ཁྱུ་དེད་བྱེད་པ་རྣམས་ནི༔ སྟོན་པ་རྣམ་གསུམ་གྱི་བཀའ་དང་མི་འགལ་ལམ༔ འདིར་ཕྱིན་ཅི་མ་ལོག་པའི་འཕགས་ལམ་བརྒྱད་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་ནམ་མཁའ་གཡའ་དག་གི་དབྱིངས་ལྟ་བུར་རྟོགས་པ་ནི་ཡང་དག་པའི་ལྟ་བ༔ ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་གསལ་ཆེན་པོའི་རང་གཟུགས་ཁོང་ནས་འཆར་བ་ནི་ཡང་དག་པའི་རྟོགས་པ༔ གཤིས་དེ་ལ་གྲོལ་འཁྲུལ་ཡེ་ནས་བྲལ་བ་ནི་ཡང་དག་པའི་མན་ངག༔ སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་རྫོགས་པ་ནི་ཡང་དག་པའི་རྩོལ་བ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བདེའི་རོས་ཟག་བཅས་ཀྱི་འཚོ་བ་ཡིད་ལ་མི་བྱེད་པ་ནི་ཡང་དག་པའི་འཚོ་བ༔ དེ་ལས་མཉམ་རྗེས་མི་མངོན་པའི་སྟོང་གསལ་ཆུ་རྒྱུན་ལྟ་བུར་མ་འགགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན༔ དེ་ལས་འཕོ་འགྱུར་མེད་པ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡང་དག་པའི་དྲན་པ༔ རེ་དོགས་གཟུང་འཛིན་གྱི་མཐའ་ཐམས་ཅད་ཟད་སར་སྐྱོལ་ཞིང་རང་བྱུང་གི་འོད་གསལ་མངོན་དུ་གྱུར་པ་ནི་ཡང་དག་པའི་ལས་ཀྱི་མཐའ་འོ༔ འདིར་མི་སློབ་པའི་ལམ་ཡིན༔ བརྗོད་བྱའི་ཚིག་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ནི་ཚིག་དབང་རང་རིག་ཟང་ཐལ་རྗེན་ཧུར་རེ་བ་ལས་རིག་སྟོང་དབྱེར་མེད་དུ་ཟུང་འཇུག་ཆེན་པོར་བརྡལ་བ་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན༔ འུབ་ཆུབ་བློ་ལས་འདས་ཤིང་རིག་སྟོང་དབྱེར་མེད་སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལང་རང་རིག་ཧུར་རེ་བ་ལ་རྩལ་རྫོགས་པ་ནི༔ ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ༔ མཁྱེན་རྩལ་མ་རྫོགས་པའི་སྒྲིབ་པ་ཡོད༔ སྒྲིབ་པ་འདི་རྣམས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཡི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མངའ་བར་གསུངས་སོ༔ ཇི་སྐད་དུ་རྒྱུད་གསང་སྙིང་ལས༔ འོག་མིན་བླ་མེད་གནས་མཆོག་ཏུ༔ སྐུ་ནི་རྣམ་པར་སྣང་མཛད་ཚུལ༔ བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ༔ དེ་བཞིན་གསུང་མཆོག་མི་སྨྲ་སྟེ༔ སྐུ་ཡིས་ཆོས་རྣམས་གསལ་བར་སྟོན༔ མེ་ལོང་བསྟན་པའི་ཚུལ་བཞིན་དུ༔ ངོས་ཀྱི་མདོག་ངན་ཐམས་ཅད་བསལ༔ འཁོར་གྱིས་དེ་བཞིན་སྐུར་བལྟས་ན༔ བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད༔ མེ་ལོང་བཞིན་དུ་སྐུ་ལ་སྣང༔ དེ་ཕྱིར་ས་བཅུ་རིམ་གྱིས་བགྲོད༔ བླ་མེད་བྱང་ཆུབ་ཡང་དག་ཐོབ༔ ཅེས་གསུངས་པས༔ ས་ལམ་ཕྲ་མོའི་སྒྲིབ་པ་ཡོད་པས་དེ་རྣམས་སྦྱང་དགོས་པའི་ཕྱིར༔ ས་ལམ་གྱི་རིམ་པ་རྣམས་གསུངས་པ་ཡིན་གྱི༔ སེམས་དང་རྣམ་རྟོག་བག་ཆགས་ཀྱི་ཞེན་པ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་དག་དགོས་པའི་ལུང་ནི༔ ཇི་སྐད་དུ་རྒྱུད་ཀློང་ཆེན་རབ་འབྱམས་ལས༔ ཉི་མའི་དཀྱིལ་ན་མུན་མེད་བཞིན༔ ཡེ་ཤེས་ཀློང་ན་མ་རིག་མེད༔ ཆོས་སྐུའི་ཀློང་ན་རྣམ་རྟོག་མེད༔ ཅེས་གསུངས་སོ༔ རང་བཞིན་ཟང་ཐལ་རྗེན་ཧུར་རེ་བ་ཆོས་སྐུ་ཀུན་ཁྱབ་ཁྱབ་བརྡལ་ཆེན་པོ་འཕོ་འགྱུར་མེད་པ་ནི༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ༔ དཔེར་ན་རྡོ་རྗེ་ཕ་ལམ་ལ་གང་གིས་ཀྱང་གཅོད་མི་ནུས་པ་བཞིན༔ རང་རིག་རིག་སྟོང་དབྱེར་མེད་རིག་པ་ཟང་ཐལ་རྗེན་ཧུར་རེ་བ་དེ་ལ་རྣམ་རྟོག་གང་གིས་ཀྱང་བསྐྱོད་པར་མི་ནུས་པས༔ རིག་སྟོང་དབྱེར་མེད་དོན་དམ་གྱི་རྡོ་རྗེ་དེ་ལ་འཕོ་གཞོམ་མི་མངའ་བས་ན༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ༔ ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས༔ སངས་རྒྱས་རྣམས་ཀྱི་གསང་བའི་ཏིང་འཛིན་ནི༔ མཆོག་ཏུ་གང་འདོད་རྣལ་འབྱོར་རྟག་བསྒྲུབ་པ༔ རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ༔ དེ་ནི་ཏིང་ངེ་འཛིན་ཞེས་བསྟན་པ་ཡིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་ཀུན་གྱི་ཐུན་མོང་མ་ཡིན་པ༔ ཟབ་གསང་ཨ་ཏི་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོར་བསྟན་པས༔ བརྩོན་འགྲུས་ཅན་ལམ་ཐོག་ནས་གྲོལ་བའི་གདམས་པ་ཁྱད་པར་ཅན་ཐོད་རྒལ་ཟབ་མོ་ལ་བརྟེན་ནས༔ དབང་པོ་རབ་ཚེ་གཅིག་ལུས་གཅིག་ལ་ཀུན་བཟང་འཇའ་སྐུར་གཤེགས་པའི་གདམས་པ༔ ཁྲེགས་ཆོད་ལས་ཁྱད་པར་འཕགས་ཚུལ་ནི༔ ཁྲེགས་ཆོད་ནི་ཡིད་དཔྱོད་དང་རྟོག་དཔྱོད་ཀྱི་ཤེས་རབ་བློས་བྱས་ལས་མ་འདས༔ འདི་ནི་དབྱིངས་སྟོང་པའི་སྒྲོན་མ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་ལྟ་རྒྱུ་ཡོད་པས་ཁྱད་པར་དུ་འཕགས་སོ༔ ཇི་སྐད་དུ་ཡི་གེ་མེད་པ་ལས༔ རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ༔ ཞེས་གསུངས་སོ༔ ཁྲེགས་ཆོད་བློས་བྱས་ཀྱི་སེམས་ཆོས་སྐུར་ཡིན་པ་ཡིད་སྨོན་དུ་བྱེད་པ་མ་གཏོགས་མཐོང་བའི་གནད་མེད༔ འདི་ལ་ཡིད་དཔྱོད་དུ་མ་ལྟོས་པར་མངོན་སུམ་དུ་མཐོང་བས་ཁྱད་པར་འཕགས༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཡུལ་གནད་དབང་ལ་དབང་གནད་སེམས༔ སེམས་གནད་མིག་ལ་མིག་གནད་རྩ༔ དེས་ན་ལུས་ཀྱི་འདུག་སྟངས་ལ༔ བག་ཆགས་ལུས་ཀྱི་འབྲེལ་ཆོད་པས༔ སངས་རྒྱས་དགོངས་པ་རྫོགས་པ་འོ༔ ཞེས་གསུངས་སོ༔ རང་རིག་མི་རྟོག་པར་གནས་པ་ཁྲེགས་ཆོད་པས་ཡིད་ཀྱི་གོ་རྟོགས་ཀྱི་མདངས་ལ་ཡེ་ཤེས་ཚོལ་བ་ལས་མ་འདས༔ འདིར་རིག་པ་རྟོག་མེད་འོད་གསལ་གྱི་རང་མདངས་མིག་ནས་འཆར་བ་ལྷུན་གྱིས་གྲུབ་པས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཡེ་ཤེས་གནད་ནི་མིག་ནས་འབྱུང༔ མིག་ནི་གཟིགས་སྟངས་ཤེས་པ་ཡིས༔ ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད༔ ཅེས་གསུངས་སོ༔ ཁྲེགས་ཆོད་ལས་ལྷ་དང་བླ་མ་ཐམས་ཅད་ཡིད་སྨོན་གྱི་རྟོག་དཔྱོད་ལས་མ་འདས༔ འདིར་ཡིད་དཔྱོད་ལ་མ་ལྟོས་པར་ལྷ་དང་བླ་མ་སྣང་སྲིད་ཐམས་ཅད་རྒྱལ་བའི་ཞིང་ཁམས་སུ་མངོན་སུམ་མཐོང་བས་ཁྱད་པར་དུ་འཕགས༔ ཇི་སྐད་དུ་རྒྱུད་དེ་ཉིད་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་པ་སྐུ་ཡི་མདངས༔ ཞལ་ཕྱག་རྫོགས་པ་བུམ་པའི་སྐུ༔ ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔ ཐུགས་རྗེའི་ཁ་དོག་སོ་སོར་གསལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ཡིན་ཟེར་ནས་ཡིད་སྨོན་ལས་མ་འདས༔ འདིར་རང་ལུས་འཁོར་ལོ་བདུན་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས༔ ཇི་སྐད་དུ་གསང་རྒྱུད་ལས༔ ཁྲེགས་ཆོད་ལྷ་སྐུ་ཡིད་དཔྱོད་སེམས་འཛིན་རྫོངས༔ འདི་ནི་འཁོར་བདུན་ལྷ་ཚོགས་རྣམས༔ སྒྲིབ་མེད་སྟོང་གསལ་འོད་སྐུར་འཆར༔ ཡིད་དཔྱོད་ཞེན་འཛིན་དབྱིངས་སུ་དག༔ འདི་གོམས་ཀུན་བཟང་འཇའ་སྐུར་ཡལ༔ ཞེས་གསུངས་སོ༔ ཁྲེགས་ཆོད་ལ་བར་དོ་ཡོད་ཟེར་ནས་ཡིད་དཔྱོད་ལས་མ་འདས༔ འདིར་བར་དོ་ལ་སོགས་སྣང་སྲིད་ཀུན་དབང་པོའི་སྒོར་མངོན་སུམ་དུ་གསལ་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་རྒྱུད་དེ་ཉིད་ལས༔ དམ་ཆོས་གཞན་ལ་བར་དོ་ཡིད་དཔྱོད་ལུས༔ འདི་ནི་བར་དོ་མེད་པས་མངོན་རྫོགས་འགྲུབ༔ ཅེས་གསུངས་སོ༔ ཁྲེགས་ཆོད་ལས་ཚོགས་དྲུག་གི་སྣང་བ་སེམས་འཛིན་དབང་པོས་མཐོང་བས་རྟོག་པ་སྣ་ཚོགས་སུ་འཆར་པ་ལས་མ་འདས༔ འདི་ནི་འོད་རྩ་དང་དྭངས་མའི་དབང་པོས་རིག་པ་ལུ་གུ་རྒྱུད་མཐོང་དུས་རྟོག་པ་ཐམས་ཅད་དུས་གཅིག་ལ་འགག་ཅིང༔ ཡེ་ཤེས་ཀྱི་སྣང་བའི་ཆ་དཔག་ཏུ་མེད་པ་མཐོང་བས་ཁྱད་པར་དུ་འཕགས་ཏེ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ལུ་གུ་རྒྱུད་དུ་གཅེར་མཐོང་བས༔ རྣམ་རྟོག་འགྱུ་བའི་དྲན་པ་འགག༔ བྱ་ལོང་ནམ་མཁར་འགྲོ་བ་བཞིན༔ ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད༔ ཞེན་མེད་རིག་སྣང་ཉམས་དག་པས༔ འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད༔ ཅེས་གསུངས་པས༔ དེ་ལྟ་བུའི་གནད་ཁྱད་པར་ཅན་ཀུན་དང་ཐུན་མོང་མ་ཡིན་པ༔ ཐོད་རྒལ་གྱི་གདམས་ངག་ཟབ་རྒྱ་ཅན་ཉམས་སུ་ལེན་པ་ལ༔ ཐོག་མར་གནད་གསུམ་གྱིས་གཏན་ལ་ཕབ་ཅིང་མངོན་སུམ་རང་ཐོག་ཏུ་ཉམས་སུ་ལེན་པ་ནི༔ ཇི་སྐད་དུ་གསང་རྒྱུད་ལས༔ སྐུ་གསུམ་སེང་གེའི་འདུག་སྟངས་ཀྱིས༔ རང་བཞིན་རྗེན་པའི་གསལ་སྟོང་ཤར༔ ཞེས་གསུངས་པས༔ རས་དཀར་དྲི་མེད་ཀྱིས་མགོ་བཏུམ་ལ༔ ལུས་གནད་སེང་གེའི་འདུག་སྟངས་དང་ལྡན་པས༔ ཡུལ་གནད་ནམ་མཁའ་གཡའ་དག་སཱུརྱའི་འོག་ཏུ་གཏད་ཅིང་མིག་ཟིམ་བུར་བལྟ་བ་གནད་དོ༔ ཇི་སྐད་དུ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས༔ དབྱིངས་དང་རིག་པའི་ལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་མཁའ་ལ་བལྟ༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ཚེ་འོད་དཀར་གྱ་གྱུ་ལང་ལིང་འཇའ་འོད་གྱེན་འགྲེང་དང་རྩིབས་ཤར་དང་ལང་ལིང་རྣམས་ཀྱི་ནང་ནས་ཐིག་ལེ་ཉུང་འབྲུ་ཙམ་ཉ་མིག་འདྲ་བ་རྣམས་དང་། སྐར་མ་ལྟ་བུའི་ཚབ་ཚུབ་དང༔ སྐྲ་ལ་སྲོ་མ་འབྲེལ་པ་ལྟ་བུ་དང༔ གསེར་སྐུད་ལྟ་བུའི་ཁྲ་ཟིང་ཟིང་རྣམས་འཆར༔ དེ་ནི་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཡིན་གྱི༔ ཐལ་འགྱུར་ལས། རྡོ་རྗེ་མིག་གིས་མཐོང་བར་འགྱུར༔ ཞེས་གསུངས་པས༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་ཡེ་ཤེས་འདུ་འབྲལ་མེད་པའི་རང་བཞིན༔ ཁྱབ་བརྡལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་བདག་ཉིད༔ སྐྱེ་འཆི་དང་འཕོ་འགྱུར་མེད་པའི་ཡོན་ཏན་དུ་མ་དང་ལྡན་པ༔ སྒྲ་ཙམ་ཐོས་པས་དགའ་བདེ་དང་ལྡན་ཞིང་དབང་པོར་གསལ་བས་ཚོགས་ཀྱི་ལམ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་མཐའ་དང་བྲལ་ཞིང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལས་མ་འདས་པ༔ དོན་དམ་པའི་གནས་ལུགས་རང་གསལ་གྱི་ཤེས་པ་རྗེན་པ༔ རང་རིག་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་ཟང་ཐལ་ལེར་མངོན་པ་དེ་བླ་མས་ངོ་སྤྲད་པས༔ གང་ཟག་དེས་དེ་ལ་བདེན་པ་མཐོང་ཞིང་དགའ་བ་སྐྱེས་པས༔ ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཡིན་ནོ༔ ལམ་ལྔ་ས་བཅུ་དྲུག་བགྲང་ཡང་གཞན་དུ་ཡོད་པ་མ་ཡིན་ནོ༔ བླ་མས་ངོ་སྤྲད་པའི་གང་ཟག་གཅིག་ལ་རང་རིག་བདེན་པ་མཐོང་ཞིང་མངོན་དུ་གྱུར་ཚེ༔ ས་ལམ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་ཡིན་མོད༔ འཆར་ཚུལ་གྱི་དྲི་མ་དང་བཅས་ཤིང་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་སྐྱེས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ གཉིས་པ་ནི་འདི་དུས་བཞུགས་སྟངས་གསུམ་ལས༔ སྤྲུལ་སྐུའི་བཞུགས་སྟངས་བྱས་ལ། རླུང་གནད་ནི་དལ་བར་བྱས་ལ་འགྲོ་འོང་ཆ་སྙོམས་པར་བྱ༔ དགོས་ཆེད་ནི་ལས་རླུང་སེམས་ཀྱི་རྟ་ཡིན་པས༔ ཕྱིར་འཕོ་དུས་སུ་རྟ་ཕར་ཆད༔ མི་ཚུར་ཆད་པས་རིག་པའི་མདངས་སྙིང་ཁར་ཐིམ༔ རིག་པ་ཀ་དག་རང་ངོ་ལ་གསལ་ཞིང་བརྟན་པ་ཆོས་སྐུའི་དགོངས་པ་རང་གསལ་རང་བབ་ཏུ་འཇོག་པའི་དགོས་པ་ཡོད་དོ༔ ཇི་སྐད་དུ་མུ་ཏིག་ཕྲེང་བ་ལས༔ རླུང་ནི་ཅི་ནས་དལ་བྱས་ཏེ༔ རབ་ཏུ་འཕང་བ་ལས་འབྱུང་བས༔ ལུས་དང་སེམས་ཀྱི་འབྲེལ་ཐག་ཆད༔ ཁམས་གསུམ་དུ་ཡང་ལྡོག་པ་མིན༔ ཞེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་དཀར་པོ་ཟ་ཟི་དང༔ འོད་དཀར་ལང་ལོང་དང༔ དཀར་ཕྲ་ཕྲོ་བ་གནམ་ལ་སྤུ་གཏོར་བ་ལྟ་བུ་དང༔ ཆུ་ཀོ་མོག་ལ་རྡོ་བརྒྱབ་པ་ལྟ་བུ་དང༔ སྦ་ཕུབ་ཀྱི་འཁོར་འཁྱིལ་བ་ལྟ་བུ་དང༔ ཐིག་ལེ་ཉུངས་འབྲུ་ཙམ་དང་སྲན་མ་ཙམ་གྱིས་བརྒྱན་པ་རྣམས་ཐར་ཐར་དུ་འཆར༔ དེ་རྣམས་ཀྱི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་ཞིང་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང༔ ཐིག་ལེ་གཉིས་འབྲེལ་གསུམ་འབྲེལ་དང་ལྕགས་ཐག་གི་དབྱིབས་ལྟ་བུ་རྣམས་འཆར་རོ༔ དེ་ནི་རང་རིག་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱ་བ་དེ་ཡིན༔ བག་ཆགས་ཀྱི་དྲི་མས་མ་གོས་ཤིང་ཆུ་ཟླ་ལྟ་བུའི་འོད་གསལ་གྱི་མདངས་དྭངས་པ༔ རང་རིག་རྗེན་ཐལ་ལེ་བ་དེ་ལས་གཞན་རྩོལ་མེད་ཀྱི་ངེས་ཤེས་སྐྱེས་པས་ས་གཉིས་པ་དྲི་མ་མེད་པ་ནོན༔ འདི་དུས་རང་བྱུང་གི་ཤེས་རབ་རྩོལ་མེད་དུ་རྒྱུད་ལ་སྐྱེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ གསུམ་པ་གཟིགས་སྟངས་གསུམ་ལས་ཐུར་དུ་ཕབ་ལ༔ འོད་དཀར་ལང་ལིང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་ཟིམ་བུར་མཉམ་པར་བལྟ༔ མཐིང་ཤས་ཆེ་ན་དབུས་སུ་སྒྲིལ༔ དཀར་ཤས་ཆེ་ན་གྱེན་དུ་བཟློག༔ སེར་ཤས་ཆེ་ན་གཡས་སུ་བལྟ༔ དམར་ཤས་ཆེ་ན་ཐུར་དུ་ཕབ༔ ལྗང་ཤས་ཆེ་ན་གཡོན་དུ་བལྟ༔ དབྱིངས་ཁྱིམ་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱིས་དྲངས་ལ་བལྟ༔ ལྔ་ལྡན་མཉམ་པོར་གསལ་ན་གཟིགས་སྟངས་གང་ཡིན་དེ་དང་མི་འབྲལ་བ་གནད་ཡིན༔ འདིར་རིག་པའི་གནད་ནི་མིག་མི་འགུལ་སེམས་མ་ཡེངས་པར་དབྱིངས་སྣང་གི་ལུ་གུ་རྒྱུད་ཤར་དུས་དབྱིངས་ཀྱི་ར་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་འཛིན་པ་གནད་དོ༔ ཇི་སྐད་དུ་སངས་རྒྱས་སྲས་གཅིག་ལས༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་འབྲལ་མི་བྱ༔ ཞེས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ དེ་ཚེ་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འཆར་བ་ཡིན་གྱི༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་མཐོང་བའི་ཡོན་ཏན་ནི༔ ཡེ་ཤེས་ཀྱི་སྣང་བ་ལ་རང་དབང་ཐོབ་པ་དང༔ རང་མདངས་ཀྱི་འོད་ཟེར་དུ་མ་དང་ལྡན་ཞིང་རྣམ་པར་དག་པའི་ཐིག་ལེ་ལ་ལུ་གུ་རྒྱུད་ལྷུན་གྲུབ་ཏུ་བརྒྱན་པ༔ དེ་ལ་གོམས་པས་ནི་གསུམ་པ་འོད་ཟེར་འཕྲོ་བའི་ས་ནོན༔ དེ་ལ་གོམས་པས་ཕ་རོལ་པས་རྒོལ་ཀྱང་གནོད་སེམས་མི་སྐྱེ་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ྈ བཞི་པ་རླུང་ཆ་སྙོམས་ལ་དལ་བར་བསླབ་ཅིང༔ རྡོ་རྗེ་ལུ་གུ་རྒྱུད་འཛིན་མེད་ཀྱི་བཙོན་དུ་བཟུང་བས༔ འོད་སྣང་སྟོང་གཟུགས་ཀྱི་ཆ་ཐམས་ཅད་ཁམས་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་གྱི༔ དཔེར་ན་མེ་ཤེལ་གྱི་མདངས་ཕྱིར་ཤར་བ་དང་མཚུངས་ལ༔ འགུལ་འཕྲིག་འགྲོ་འོང་འཕེལ་འགྲིབ་སོགས་ཡུལ་སྣང་གི་ནུས་པའི་ཆ་ཐམས་ཅད་རླུང་ལྔས་བྱེད་པས༔ ཤེལ་ལ་ཉི་ཟེར་ཕོག་པའི་འོད་ཀྱིས་རྐྱེན་བྱས་པ་བཞིན་ཡིན་ནོ༔ དེས་ན་ལྟ་སྟངས་དང་གཟིགས་སྟངས་ཀྱིས་གཅུན་པས༔ གཡོ་བྱེད་ཀྱི་ལས་རླུང་ནང་དུ་འཇུག་དུས་སེམས་དང་སེམས་བྱུང་གི་རྟོག་པའི་འཕྲོ་ཆད་པས༔ འོད་སྣང་འགུལ་འཕྲིག་མེད་པར་སྡོད༔ སེམས་ཀྱི་རྟ་དང་འོད་སྣང་འཆར་བའི་རྐྱེན་གཉིས་རླུང་གཅིག་པུའི་བྱེད་ལས་སོ༔ མཐར་འོད་སྣང་ཟད་པའི་དུས་སུ༔ ལྔ་ལྡན་དབྱིངས་སུ་དག་པས་དེའི་རྒྱུ་རྐྱེན་གྱིས་འཁྲུལ་སྣང་དང་གཟིགས་སྣང་འོད་ཀྱི་ཞིང་ཁམས་ཐམས་ཅད་དབྱིངས་ཀ་དག་ལ་ཐིམ༔ ལྷུན་གྲུབ་ཀྱི་འཆར་སྒོ་ཐམས་ཅད་དབྱིངས་སུ་ཡལ་ནས༔ ལྷུན་གྲུབ་གཏིང་གསལ་ཕྲ་བའི་ཆ་ཙམ་དུ་གནས་པས་དངོས་སྣང་གྲུབ་པ་མེད་པས་ཆོས་སྣང་མེད་པས་རོ་གཅིག་ཅེས་བྱ་བ་ཡིན་གྱི༔ རླུང་ལྔའི་གཡོ་བྱེད་ཟད་པས༔ དབྱིངས་ནི་ནམ་ཡང་མི་འཁྲུལ་ཞིང༔ གཞི་ཉིད་འབྲས་བུར་སྨིན་པས་རང་ས་ཟིན་པ་ཡིན་ནོ༔ དེའི་ཕྱིར་ཐོད་རྒལ་གྱི་སྣང་བ་ཐམས་ཅད་དང་པོ་འཆར་ཐབས་ལ་འབད༔ འཆར་དུས་ཆགས་ཞེན་མེད་པ་གཅེས༔ སླར་ཟད་དགོས་པ་ནི་རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པ་ཡིན་མོད༔ ལས་རླུང་གི་ཆ་ཐམས་ཅད་དག་ཅིང༔ རིག་མདངས་ཀྱི་ཆ་ཐམས་ཅད་འཕེལ་ནས་སླར་ཡང་ནང་དབྱིངས་སུ་ཐིམ་དགོས་པ་ཡིན༔ འདི་ལྟ་བུའི་གནད་ཤིན་ཏུ་རྟོགས་པར་དཀའ་བས། ཁོ་བོས་ཡུན་རིང་པོ་ཞིག་ནས་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོ་མང་གྷ་ཨཱ་ཡུ་དེ་ཉིད་བསྟེན་པས་རྟོགས་པ་ཡིན་གྱི་དེ་ལྟར་ཉམས་སུ་ལེན་པར་ཞུ༔ འདི་དག་འཆར་བའི་གནད་ནི་སྒྲོན་མ་དྲུག་གི་སྒོ་ནས་གཏན་ལ་ཕབ་པ་ནི༔ ཐོག་མར་ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས༔ གཟུགས་སོགས་ངོ་བོ་ཉིད་དུ་བརྒྱུད༔ དག་པ་དབྱིངས་ཀྱི་སྒྲོན་མ་ཡིས༔ རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཡིས༔ འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད༔ ཙིཏྟ་ཤ་ཡི་སྒྲོན་མ་ཡིས༔ གཞོན་ནུ་བུམ་སྐུའི་ཚུལ་དུ་གསལ༔ དཀར་འཇམ་རྩ་ཡི་སྒྲོན་མ་ཡིས༔ དབང་པོའི་སྒོ་རུ་མངོན་སུམ་གསལ་ཞིང༔ མ་རིག་པ་སངས་ནས་དག་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་ཚུལ་ནི༔ རང་གི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་སྨུག་པོའི་དབུས་ན༔ རྩ་ཐམས་ཅད་འདུས་པའི་དྭངས་མ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ་བ་དྭངས་མ་ལྔའི་དབུས་ན༔ རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་ལ་ཐིག་ལེས་བརྒྱན་པ་འགྲོ་འོང་ཉིད་དུ་སྣང་བ་འདི་ཉིད༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རང་རིག་ཟང་ཐལ་དུ་མཐོང་བ་འདི་ཉིད༔ ཐོག་མའི་སངས་རྒྱས་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་དང་ཞལ་མཇལ་ཞེས་ཡེ་ཤེས་དག་པའི་རང་སྣང་མཐོང་བ་ཡིན་གྱི༔ དེ་རིང་ནས་དཔལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་པ་ཡིན་མོད༔ ཇི་སྐད་དུ་ཐལ་འགྱུར་ལས༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་ཡིན༔ ཞེས་གསུངས་པས༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་པར་བཞེད་དོ༔ དེ་ཡང་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་འམ་རྨ་བྱའི་མདོངས་ལྟ་བུའི་ཀློང་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ལྡན་སྦ་འཁོར་ལྟ་བུའི་ནང་དུ་མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ་དང༔ ལྕགས་ཐག་བརྒྱང་པ་ལྟ་བུ་དང༔ མེ་ཏོག་གི་དྲྭ་བ་དྲྭ་ཕྱེད་རླུང་གིས་གཡེངས་པ་ལྟ་བུར་གཅིག་འབྲེལ་གཉིས་འབྲེལ་གསུམ་འབྲེལ་རྣམས་འཆར༔ དེ་ཚེ་ལུས་རུ་སྦལ་འཁར་གཞོང་དུ་ཆུད་པ་ལྟ་བུར་འགྲོ་སྙིང་མི་འདོད་པ་དང༔ ངག་ལྐུགས་པ་ལྟ་བུའི་སྨྲ་བ་ཉུང་བ་དང༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུ་འཕྲོ་བར་འདྲ་ཡང་རང་མལ་དུ་སྡོད་པ་དང༔ ལུས་ངག་ཡིད་གསུམ་བདེན་མེད་དུ་རྟོགས་ནས་དགེ་སྦྱོར་ལས་འབྲལ་སྙིང་མི་ཕོད་པའི་རྟགས་རྣམས་འབྱུང་ངོ༔ འདི་དུས་སངས་རྒྱས་རང་རིག་ལས་མེད་པར་གོ༔ ྈ ལྔ་པ་ཉམས་གོང་འཕེལ་ནི༔ ལུས་གནད་ལོངས་སྐུ་གླང་ཆེན་གྱི་འདུག་སྟངས་དང་ལྡན་པའི་ངང་ནས༔ མིག་འབྲས་ཅུང་ཟད་གློད་ལ་གཞོག་གཡོན་དུ་བལྟས་པས༔ ཤེས་ཉམས་དང་སྣང་ཉམས་གཉིས་ལས༔ ཤེས་པ་དགའ་བདེ་འཕེལ་འགྲིབ་བདེ་གསལ་མི་རྟོག་པའི་འཕེལ་འགྲིབ་དང༔ ཤེས་པ་མཐའ་འགྱུར་གྱི་ཉམས་སྲིན་བུ་མེ་ཁྱེར་ལྟ་བུ་དང༔ སྤྲིན་ལྟ་བུ་དང༔ སྨུག་ཟིལ་ལྟ་བུ་དང༔ སྨིག་རྒྱུ་ལྟ་བུ་དང༔ སྐར་མདའ་ལྟ་བུ་དང༔ ཟླ་འོད་ལྟ་བུ་དང༔ མར་མེ་ལྟ་བུ་སྟེ་ཤེས་ཉམས་ནི་མི་བརྟན་ཅིང་ཚན་ཆུང་བས་འདིར་མི་བསྟན་ནོ༔ སྣང་ཉམས་ནི༔ ཇི་སྐད་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ འཕེལ་སྟོབས་ཟླ་བ་ཡར་ངོ་བཞིན༔ ཞེས་གསུངས་པས༔ རྩོལ་མེད་ཀྱི་ངང་ནས་དབྱིངས་རྣམ་དག་གི་སྒྲོན་མ་འོད་མུ་ཁྱུད་ལྔ་ལྡན་གྱི་དབུས་སུ༔ དཀར་པོ་དང༔ མཐིང་ག་དང༔ སེར་པོ་དང༔ དམར་པོ་དང༔ ལྗང་གུ་དང༔ དེ་རྣམས་ཀྱི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་བྱ་རྩོལ་མེད་པར་འཆར༔ ཐིག་ལེའི་དབུས་ན་པདྨ་འདབ་བཞིའི་རྣམ་པ་ཁ་དོག་མི་འདྲ་བ་དུ་མས་བརྒྱན་པ༔ དྲྭ་བ་དང་དྲྭ་ཕྱེད་མིག་མང་རིས་རྣམས་འཆར༔ དེ་ཚེ་རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ༔ དོན་དམ་པར་དབྱིངས་རིག་འདུ་འབྲལ་མེད་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ནི་སྦྱོར་བའི་ལམ༔ དབྱིངས་རིག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་དུ་རྫོགས་ནས༔ ཉམས་གོང་དུ་འཕེལ་བ་དེ་ལ་གོམས་པས་འོད་ཀྱི་སྣང་བ་མཐོང་བ་ནི་ས་བཞི་པ་འོད་འཕྲོ་བ་ནོན༔ དེ་ཉིད་འབད་རྩོལ་མེད་པར་སྡོད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དྲུག་པ་ཉི་ཤར་ཆོས་སྐུའི་གཟིགས་སྟངས་ཆོས་ཉིད་ཀྱི་སྤྱན་ཡོད་པས་གྱེན་ལ་བལྟས་པས༔ དབྱིངས་རིག་སྨིན་མཚམས་སུ་འབྲེལ་པ་དང༔ འོད་ཁ་དོག་ལྔ་ལྡན་བཀྲག་མདངས་དང་ལྡན་པར་སྣང་ཞིང༔ འོད་ཟེར་གྱེན་འགྲེང་དང་རྩིབས་ཤར་དང་མདུང་རྩེ་གཤིབ་པ་ལྟ་བུ་དང༔ རེ་ལྡེ་དང་པདྨ་སྟོང་ལྡན་དང་མདའ་ལྟ་བུ་དང༔ ཡེ་ཤེས་མཁར་ཐབས་ལྟ་བུ་དང༔ གྲུ་ཆད་ཀྱི་རྣམ་པ་ལྟ་བུ་རྣམས་སྒྲིབ་གཡོགས་དང་བྲལ་བར་དབང་པོའི་སྒོར་མངོན་སུམ་དུ་མཐོང་བས་མཐོང་བའི་ལམ་མོ༔ ཟབ་མོ་རྒྱ་ཆེ་བའི་ཆོས་ཉིད་ཀྱི་གཏིང་དཔག་གཞལ་གྱིས་མི་ལང་ཞིང༔ ཉོན་མོངས་པ་རང་བཞིན་གྱིས་སྦྱངས་ཤིང༔ རང་བྱུང་གི་ཡེ་ཤེས་ཐོབ་པ་ནི་ས་ལྔ་པ་སྦྱང་དཀའ་བ་ནོན༔ ལུ་གུ་རྒྱུད་དེ་ཉིད་ལ་གཡོ་བ་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པསདེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བདུན་པ་རིག་པ་འཛིན་པ་ལ་ཤེས་རབ་ཀྱི་སྤྱན་མངའ་བས་ཐད་ཀར་གཅེར་གྱིས་བལྟས་པས༔ དབྱིངས་རེ་ལྡེ་ཙམ་དུ་མཆེད༔ གྱེན་འགྲེང་རྩིབས་ཤར་མདུན་དུ་འབྲེལ༔ ཐིག་ལེ་མེ་ལོང་ཙམ་དུ་འཆར༔ རིག་པ་ནི་རི་དྭགས་སྤང་རྩིབས་ལ་རྒྱུག་པ་ཙམ་དུ་འཆར༔ དེ་ཚེ་གྱེན་འགྲེང་ལ་ཐུར་དུ་ཕབ༔ ཟླུམ་པོ་གཡོན་དང༔ གྲུ་བཞི་གཡས་དང༔ ཟླ་གམ་སྟེང་དང༔ གྲུ་གསུམ་མདུན་དུ་བལྟ༔ ཡེ་ཤེས་ལྔའི་སྣང་བ་མཁར་ཐབས་ལ་སོགས་པ་ལ་མཉམ་པར་བལྟ་བ་གནད་ཡིན༔ རང་རིག་རྡོ་རྗེ་ལུ་གུ་རྒྱུད་འདུས་མ་བྱས་པ་མ་ཡེངས་པར་བསྒོམ་རྒྱུ་ཡོད་པ་ནི་སྒོམ་པའི་ལམ་ཡིན༔ རང་རིག་རྗེན་པར་གཅེར་མཐོང་དུ་ཤར་ཞིང༔ མངོན་སུམ་དུ་བལྟ་རྒྱུ་ཡོད་པས་ས་དྲུག་པ་མངོན་དུ་གྱུར་པ་ནོན༔ ཆོས་ཉིད་ཡང་དག་གི་རྟེན་འབྲེལ་གྱི་ཐབས་དང་ལྡན་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བརྒྱད་པ་ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་ཟུར་དུ་བལྟས་པས༔ དབྱིངས་རྣམ་པར་དག་པའི་འོད་ཀྱིས་ཡུལ་དང་ལུང་པ་ཁེངས༔ ཐིག་ལེ་སྟོང་པའི་སྒྲོན་མ་སྦ་ཕུབ་ཙམ་དུ་འཆར༔ རིག་པ་ནི་བུང་བ་རྩི་ལ་རྒྱུ་བ་ཙམ་དུ་འགྲོ༔ དེ་ལ་རྩལ་སྦྱངས་པས་འོད་ཀྱིས་གར་བལྟས་ལ་ཁྱབ་པ་དང༔ དབྱིངས་རིག་ལ་ཉིན་མཚན་མེད༔ ཐིག་ལེའི་ནང་དུ་རིགས་ལྔའི་ཕྱག་མཚན་དང༔ རྒྱ་ཡིག་བོད་ཡིག་ལ་སོགས་ཡི་གེའི་རིགས་བྱེད་རྣམས་དང༔ མིག་ཚགས་ལྟ་བུ་དང༔ མདའ་དང་མདུང་རྩེ་ལྟ་བུ་དང༔ མཆོད་རྟེན་བརྩིགས་པ་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང༔ ཉི་ཟླ་དང་མཁར་ཐབས་ལྟ་བུ་དང༔ ཐིག་ལེ་རྣམས་ཀྱི་ནང་དུ་སྐུ་རྐྱང་རེ་སྣང་ཞིང༔ རིག་པ་ནི་འགུལ་འཕྲིག་མེད་པར་གནས་སོ༔ ཏིང་ངེ་འཛིན་གསལ་ཞིང་ལོངས་སྐུ་ལ་པདྨའི་སྤྱན་གྱིས་མཐོང༔ ལས་རླུང་འཁྲུལ་སྣང་ཐམས་ཅད་ཇེ་ནུབ་ཏུ་སོང་ནས༔ ཡེ་ཤེས་ཀྱི་རྩལ་འཕྲུལ་ཐམས་ཅད་ཇེ་རྒྱས་སུ་འཕེལ་བས་ཉམས་གོང་འཕེལ་ཞེས་བྱའོ༔ དོན་ལ་འདིར་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་མཐོང༔ བར་དོའི་སྣང་བ་ཚེ་འདིར་གཏན་ལ་ཕེབ་པས་བར་དོ་མེད་པར་སངས་རྒྱ་འོ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་གྱིས༔ ཡེ་ཤེས་སྣང་བ་ཕྱིར་འབྱུང་བས༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང༔ རིག་པ་སྣང་བ་ཡུལ་དུ་གསལ༔ ཞེས་གསུངས་སོ༔ འདས་རྗེས་ལས༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་སྣང་བ་མངོན་དུ་བྱེད༔ ཅེས་གསུངས་པས༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དགུ་པ་རིག་པ་ཚད་ཕེབས་ནི༔ ཆོས་སྐུའི་འདུག་སྟངས་ཀྱིས་བལྟའོ༔ ཆོས་སྐུ་ལ་ཆོས་ཉིད་ཀྱི་མིག་གིས་མཐོང་བ་ཡིན་གྱི༔ དེ་ཡང་རིག་པའི་དབྱེ་བ་ནི༔ གཞི་འཛིན་པའི་རིག་པ་སྙིང་གར་གནས༔ གཞི་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན༔ ཡུལ་སྣང་གི་རིག་པ་ནི་སྟོང་ཉིད་གང་ཡང་མ་ཕྱེད་པ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཡིན༔ ད་ལན་འདིར་རྡོ་རྗེ་ལུ་གུ་རྒྱུད་གཙོ་ཆེ་བ་ཡིན་པས༔ ཀ་དག་ལྷུན་གྲུབ་ཀྱི་མདངས་རིག་པ་ཞེས་མིང་བཏགས་པའི་རྒྱུ་ནི་རང་རིག་གི་མིང་རང་རིག་ལྷུན་གྲུབ་ལ་འབྲས་བུར་བཏགས་པ་ནི་འོད་ལ་ཉི་མ་ཞེས་བཏགས་པ་དང་མཚུངས་མོད༔ དེ་ཉིད་ལུས་ཀྱི་གནད་ལ་གོམས་པས་དབྱིངས་སྒྲོན་གྱི་སྣང་བ་ནམ་མཁས་གར་ཁྱབ་ཏུ་སྣང་ཞིང༔ ཐིག་ལེ་རེ་རེའི་ནང་པད་མ་རྣམས་ཀྱི་ལྟེ་བར་ཞི་བའི་སྐུ་རྐྱང་བཞེངས་བཞུགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་ལམ་ལམ་དུ་འཆར༔ དེ་ནི་རང་རིག་ཆོས་སྐུ་འགྱུར་མེད་ཆེན་པོ་མངོན་དུ་གྱུར་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ལམ་མོ༔ གོང་གི་ཡོན་ཏན་རྣམས་བརྟན་པ་ཐོབ་ཅིང་ཟག་བཅས་ཀྱི་ཕུང་པོ་ཡལ་ནས་ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག་པ་ནི༔ བདུན་པ་རིང་དུ་སོང་བའི་ས་ནོན༔ རང་རིག་བཅིངས་གྲོལ་དང་བྲལ་ཞིང་ལོངས་སྤྱོད་རྫོགས་སྐུ་ལས་གཡོ་བ་མེད་པ་ནི༔ ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ དོན་ལ་ལོངས་སྐུའི་ཞིང་ཁམས་གཏན་ལ་ཕེབས་པ་ཡིན་གྱི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་པ་སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས༔ ཐུར་དུ་ཕབ་ཅིང་དབྱིངས་ལ་གཟིར་བས༔ ཤེས་རབ་ཀྱི་སྒྲ་ཚིག་དང་ཐོས་བསམ་སྒོམ་གསུམ་གྱི་བྱེད་ལས་ལ་རགས་མ་ལུས་པའི་བྱིན་རླབས་མངོན་སུམ་དུ་འབྱུང་བ་ནི༔ གོང་གི་ཐིག་ལེ་དེ་རྣམས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམ་དུ་འབྲེལ་ཞིང༔ རིག་པ་སྐུ་རུ་སྨིན་པས་ཞི་ཁྲོ་ཡབ་ཡུམ་གྱི་སྐུ་ལྔ་ཚོམ་དཔག་ཏུ་མེད་པ་འཆར་རོ༔ ཐིག་ལེ་ཐམས་ཅད་བསེ་ཕུབ་ཙམ་གྱི་ཀློང་ན་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་གྲངས་མེད་པའི་ཐུགས་ཀར་ཟེར་ཐག་འོད་ལྔའི་ཚོམ་བུར་འབྲེལ་ཞིང་རང་གི་སྙིང་ཁར་འཆར༔ རང་ལུས་ཀྱི་འོད་སྣང་ཐིག་ལེ་དགུ་བརྩེགས་ཀྱི་རྣམ་པར་འཁྱིལ་ཞིང༔ རང་ལུས་གདོས་བཅས་ཀྱི་སྣང་བ་ཇེ་ནུབ་ཏུ་འགྲོ༔ འདི་དུས་ལུས་གླང་པོ་ཆེ་འདམ་ནས་ཕྱིན་པ་ལྟར་རི་བྲག་ལ་ཐོགས་མེད་དུ་འགྲོ༔ ངག་གྲུལ་བུམ་གྱི་ཕྲུ་གུའི་དབྱངས་ལྟར་ཇི་ལྟར་སྨྲ་བ་ཐམས་ཅད་ཆོས་ཚིག་རང་རྡོལ་དུ་ཡོང༔ སེམས་སྐྱེས་བུ་རིམས་ནད་ཀྱིས་བྱང་པ་ལྟར་བག་ཆགས་བཟང་ངན་གང་ཡང་ཡིད་ལ་མི་འགྱུ་འོ༔ ཕྱི་སྣང་གི་རླུང་རགས་པ་ཐམས་ཅད་ཟད་དུས༔ ནང་གི་ཡེ་ཤེས་ཀྱི་རླུང་སེམས་ཚད་ལ་ཕེབས་པས་ཡེ་ཤེས་ངང་གིས་རྫོགས་པའི་ཡོན་ཏན་ནི༔ རིག་པ་གང་ལ་འཇུག་པ་དེ་ལས་སྐད་འབྱིན་པ་དང་འགུལ་བ་དང༔ ཕྱིའི་ཡུལ་སྣང་ཐམས་ཅད་ཡེ་ཤེས་སུ་འཆར༔ ནང་རང་གི་སྒྱུ་ལུས་འོད་གསལ་དུ་གྲོལ༔ གསང་བ་རིག་པ་སྐུ་ལྔར་སྨིན༔ སྒོམ་པའི་རྩོལ་བ་དང་བྲལ༔ འདི་དུས་རྫུ་འཕྲུལ་དུ་མ་དང་ལྡན་ཀྱང་མི་འགྱེད་པ་དཔེར་ན་བུམ་ནང་གི་མར་མེ་དང་མཚུངས༔ ཆོས་ཉིད་རྣམ་པར་དག་པའི་དོན་བདེན་པ་དེ་ལ་རྣམ་ཀུན་འཕོ་འགྱུར་མེད་པ་ནི༔ བརྒྱད་པ་མི་གཡོ་བའི་ས་ནོན༔ ཉོན་མོངས་པའི་ལས་ཐམས་ཅད་ཟད་ཅིང་རང་རིག་གི་ཡེ་ཤེས་མངོན་དུ་གྱུར་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ སྣང་བའི་ཆ་ཐམས་ཅད་དངོས་པོར་མ་གྲུབ་ཅིང་ལོངས་སྤྱོད་རྫོགས་སྐུར་གྲོལ་བས༔ སྐུའི་འཛིན་ཆ་ཐམས་ཅད་རང་སར་གྲོལ་བ་ཡིན་གྱི༔ ཇི་སྐད་དུ་ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྐུ་མཚན་དཔེར་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང༔ དེ་རྣམས་ལྔ་ལྔ་ཟུང་དང་བཅས༔ རབ་ཏུ་གསལ་བའི་ཐིག་ལེར་འབྲེལ༔ ཡབ་ཡུམ་ལྔ་ཡི་སྣང་བ་ཅན༔ འཁྲུལ་སྣང་དག་ནས་ཞིང་ཁམས་གསལ༔ ཞེས་གསུངས་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་གཅིག་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ རང་སྣང་གི་ལྟ་བ་དེ་གཞི་དང་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀ་དག་གཞི་ཐོག་ཏུ་རྫོགས་པར་འདོད་ན་ལུ་གུ་རྒྱུད་ཀྱི་གནད་ལ་གོམས་པ་ཁོ་ན་ཡིན་གྱི༔ ཇི་སྐད་དུ་ནོར་བུ་ཕྲ་བཀོད་ལས༔ སྐྱེ་ཤི་མེད་པའི་སྲོག་འཛིན་པར་འདོད་ན་ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ༔ འགག་པ་མེད་པར་རང་སར་གྲོལ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ༔ དམིགས་པ་མེད་པར་མཚན་མའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ན་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག༔ དུ་མ་མེད་པར་གཅིག་ཏུ་བལྟ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག༔ ཅེས་གསུངས་པས༔ འདིའི་གནད་ལ་གོམས་པས་ཆོས་ཟད་འབྲས་བུའི་གཞི་ཀློང་དུ་མྱ་ངན་ལས་འདས་པས༔ གཟུང་འཛིན་གྱི་བག་ཆགས་ཐམས་ཅད་རང་སར་ཟད་ཅིང་ཅིའི་ངོ་བོར་མ་གྲུབ་པས་རང་དྭངས་སུ་འཇུག་པ་ཡིན་ནོ༔ དཔེར་ན་ཟླ་བ་མར་འགྲིབ་ནས་གནམ་སྟོང་ལ་ཅིའང་མེད་དུས་ཟླ་བའི་སྣང་བ་དང་པོ་ལ་ཆེར་སོང་བ་དང༔ ཆུང་དུ་སོང་བ་ཡང་མེད་པ་བཞིན༔ རང་རིག་གི་སྣང་བ་ཆེ་རུ་ཡང་མ་སོང༔ མར་ཟད་དུས་ཆུང་དུ་ཡང་མ་སོང༔ དོན་རང་མདངས་རང་དབྱིངས་སུ་རང་ཐིམ་ལ་སོང་བ་ཡིན༔ ཇི་སྐད་དུ་ལུང་ལས༔ གང་བ་མེད་ཅིང་བྲི་མེད་པ༔ ཞེས་གསུངས་སོ༔ དོན་ལ་ཕྱིའི་སྣང་བ་དབྱིངས་སུ་ཐིམ་པས་སྣང་བ་དེ་ཆོས་ཅན་ཆོས་ཉིད་ལ་ཐིམ༔ ཆོས་ཉིད་གང་དུ་བསམ་བརྗོད་བྲལ་བས་ཆོས་ཉིད་ཟད་ཅེས་བརྗོད་ལ༔ རང་རིག་ཀ་དག་གི་དབྱིངས་གཞིར་གཏན་ལ་ཕེབ་ཅིང༔ འོད་གསལ་གྱི་སྣང་བ་རྒྱ་ཆེ་བས་མངོན་པར་ཤེས་པ་དུ་མ་དང་ལྡན་ཅིང༔ ཡོན་ཏན་དེ་ལས་གཡོ་བ་མེད་པ་ནི་དགུ་པ་མི་གཡོ་བའམ༔ ལེགས་པའི་བློ་གྲོས་ཀྱི་ས་ནོན༔ ཡང་དག་གི་དོན་ལ་གཡོ་བ་མེད་པས་ཆོས་ཉིད་གཡོ་མེད་ཀྱི་བདེན་པ་མཐོང་བ་ནི༔ སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ བཅུ་གཉིས་པ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་རྟོག་ཚོགས་ཐམས་ཅད་ཟད་ཅིང་། སངས་རྒྱས་ཀྱི་དགོངས་པ་ལ་ལོངས་སྤྱོད་ཅིང་གོང་གི་ཉམས་སྣང་ཐམས་ཅད་ཟད་པས་ན་ཆོས་ཉིད་ཟད་ཅེས་མིང་དུ་བཞེད་པ་ཡིན་ལ༔ ཅིའང་མེད་པའི་མེད་དགག་སྟོང་གསུམ་ནི་མ་ཡིན༔ མཁྱེན་བརྩེ་དང་ཐུགས་རྗེ་ཡེ་ཤེས་ཀྱི་ཡོན་ཏན་ནི་གཞལ་དུ་མི་ནུས་སོ༔ འདིར་ཆོས་ཉིད་ཟད་པའི་ཡོན་ཏན་དང་མདོ་ལུགས་ཀྱི་ལམ་ལྔ་ས་བཅུའི་ཡོན་ཏན་རྣམས་མཉམ་སྙམ་ན༔ དེ་གཏན་ནས་མི་མཉམ༔ མདོ་ལུགས་ཁོ་རང་གི་ལམ་ལྔ་ས་བཅུའི་ཡོན་ཏན་དྲུག་ཅུ་རྩ་བཞི་རྣམས་རྫོགས་རུང༔ ད་དུང་གསང་སྔགས་ཀྱི་ཡོན་ཏན་གཏན་ནས་མ་མཐོང་བས་གསང་སྔགས་ཀྱི་ཐོས་བསམ་སྒོམ་གསུམ་ལ་བློ་སྦྱང་དགོས་པས་ཁྱད་ཤིན་ཏུ་ཆེའོ༔ ཆོས་ཉིད་ཟད་སར་སྐྱོལ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུམ་མཉམ་ཉིད་ཆེན་པོའི་ཀློང་དུ་རོ་གཅིག་པར་མྱ་ངན་ལས་འདའ་ཞིང༔ གདོས་བཅས་ཀྱི་ཡུལ་སྣང་དག་ནས་སངས་རྒྱས་ཚུལ་ནི༔ ཇི་སྐད་དུ་དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་མེད་རྣམ་རྒྱལ་ལས༔ རང་འོད་ཡེ་ཤེས་ལྡན་པའི་སྐུ༔ འཇའ་འོད་བཞིན་དུ་གསལ་བའི་བདག༔ སྟོང་པ་གསུམ་ལས་འདས་པ་པོ༔ རྟོག་མེད་ཡེ་ཤེས་འཕྲོ་བར་འགྱུར༔ ཞེས་གསུངས་པས༔ དངོས་པོར་མ་གྲུབ་ཀྱང་མེད་པའི་སྟོང་པ་མ་ཡིན་པ༔ ཡེ་ཤེས་རང་འོད་དུ་གསལ་བ༔ དཔེར་ན་སེམས་ཅན་དུ་འཛིན་པའི་རྟོག་པ་མི་མངའ་ཡང༔ གཞན་དོན་འབའ་ཞིག་ཏུ་འབྱུང་བ་དེ་ལ་སངས་རྒྱས་ཞེས་བཞེད་དོ༔ དོན་ལ་འཐོབ་བྱ་དང་ཐོབ་བྱེད་མེད༔ རང་རིག་ཀ་དག་གི་ངོ་བོ་འདི་ཀ་རང་ཡིན་མོད༔ གང་ཟག་དབང་པོ་འབྲིང་མན་ཆད་རྩོལ་བ་ཆུང་ཞིང་ཉམས་ལེན་ལ་རབ་ཏུ་བརྩོན་པ་རྣམས་ཀྱང༔ བླ་མའི་ཐུགས་རྗེ་དང་གདམས་ངག་ཟབ་མོའི་བྱིན་རླབས་ཀྱིས༔ རིག་པ་འཛིན་པ་ཆེན་པོ་བཞི་ལ་མངའ་བརྙེས་ཤིང༔ ནང་ལྟར་རྒྱལ་བ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་ལ༔ ཇི་སྐད་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་ཞལ་ལུང་ལས༔ གལ་ཏེ་སྐུ་གསུམ་གྲུབ་ན༔ རིག་པ་འཛིན་པའི་གཙོ་བོར་འགྱུར༔ རིམ་གྱིས་ཕྱག་རྒྱ་ཆེན་པོ་འོ༔ ཞེས་གསུངས་པས་རྣམ་པར་སྨིན་པའི་རིག་འཛིན་ནི་ད་ལྟ་རང་རིག་ལ་བྱན་ཚུད་པའི་སྐྱེས་བུ་དམ་པ་ཞིག་གི༔ ལུས་གདོས་བཅས་ཤ་ཁྲག་ཏུ་འདུག་རུང༔ སེམས་སངས་རྒྱས་དང་མཉམ་མོ༔ ཕྱི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི༔ རིག་པའི་རྩལ་འབྱོངས་པའི་རྟགས་ལུས་ལ་ཤར་བས༔ འཁོར་བ་མ་སྟོངས་ཀྱི་བར་དུ་གཞོམ་གཞིག་མི་མངའ་བ་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུར་འགྱུར་རོ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ ས་བཅུའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པར་གསུངས་སོ༔ ཇི་སྐད་དུ་དེ་ཉིད་འདུས་པ་ལས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་དང༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་སྐད་ཅིག་ཏུ་འགྲོ་བ་དང༔ ལོ་བཅོ་བརྒྱད་ལོན་པའི་ན་ཚོད་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཉུལ་ཞིང༔ ཚེ་བསྐལ་པའི་བར་དུ་གནས་པའོ༔ ཞེས་གསུངས་སོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ མཉམ་གཞག་ལ་བོགས་དབྱུང་རྒྱུ་ཡོད་ཙམ་མ་གཏོགས་སངས་རྒྱས་དང་ཡོན་ཏན་མཉམ༔ ཇི་སྐད་དུ་རྒྱུད་གསང་བ་སྙིང་པོ་ལས༔ ས་རབ་རིག་པ་འཛིན་པའི་ས་འོ༔ ཞེས་གསུངས་པའི་དོན་འདི་ཡིན་ལ༔ སྣང་བ་བཞི་མཐར་ཕྱིན་ནས་བྱ་བྲལ་རྫོགས་པ་ཆེན་པོའི་འབྲས་བུ་མཐར་ཕྱིན་པ་ནི༔ བླ་ན་མེད་ཅིང་མཐར་ཕྱིན་པའི་ལམ་མོ༔ རང་རིག་ཆོས་ཀྱི་དབྱིངས་ལ་ཟག་པ་མེད་ཀྱང༔ རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་སྤྲུལ་པའི་སྐུ་གཉིས་ལས་ལྷག་པར་ཤར་ནས་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པ་ནི༔ བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན༔ ཡེ་ཤེས་ཀྱི་རང་སྣང་ལ་རང་རིག་གི་ཤེས་པ་ཟིན་ཅིང༔ སྣང་བ་བཞི་མཐར་ཕྱིན་ནས་འོག་མིན་མཁའ་སྤྱོད་འགྱུར་མེད་རྡོ་རྗེའི་དབྱིངས་ཀློང་དུ་རང་རིག་ཀ་དག་གདོད་མའི་ཀུན་ཏུ་བཟང་པོར་འཚང་རྒྱ་བས་ན༔ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ༔ ཇི་སྐད་དུ་ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཉམས་ཀྱི་སྣང་བ་སྟོང་པ་ཡིན༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས༔ བརྗོད་བྱའི་ཚིག་དང་བྲལ་བ་ཡིན༔ ཞེས་གསུངས་པ་དང༔ འདས་རྗེས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་ལ་བཙལ་དུ་མེད༔ ཅེས་པ་དང༔ འཇམ་དཔལ་མཚན་བརྗོད་ལས༔ སྒྲིབ་པ་ཀུན་ལས་ངེས་པར་གྲོལ༔ མཁའ་ལྟར་མཉམ་པ་ཉིད་ལ་གནས༔ ཉོན་མོངས་དྲི་མ་ཀུན་ལས་འདས༔ དུས་གསུམ་དུས་མེད་རྟོག་པ་པོ༔ ཞེས་གསུངས་པ་དང༔ ཀློང་གསལ་ལས༔ མངོན་སུམ་གནད་ལ་གང་གོམས་པ༔ འདི་ནི་སྐྱེས་བུས་མདའ་འཕེན་བཞིན༔ སླར་ལ་ལྡོག་པ་མ་ཡིན་ནོ༔ ཞེས་པ་དང༔ མཚན་བརྗོད་ལས༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཕུང་པོ་ལྔ་དག་དུས་གསུམ་དུ༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་དང༔ སྐུ་གདུང་འབར་བ་ལས༔ སྐྱེས་བུ་བློ་རྩལ་ཅན་གྱིས་ནི༔ འཁྲུལ་པའི་སྣང་བ་འདི་ཉིད་ལས༔ འབྱུང་བ་རང་སར་དེངས་ནས་ནི༔ ངོ་བོ་ཉིད་ཀྱི་འབྲས་བུ་ལ༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་རང་ས་ཉིད་དུ་འགྱུར༔ ཞེས་གསུངས་པས༔ འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་རིག་ལས་སངས་རྒྱས་གཞན་ནས་བཙལ་དུ་མེད་པས་དེ་ལྟར་ཉམས་སུ་ལེན་པར་ཞུ༔ ྈ དེ་ནས་བཅུ་གསུམ་པ་མངོན་སུམ་གོང་འཕེལ་རྣམས་ཀྱི་དུས་སུ༔ ཉིན་མོ་དང་མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་ཡེངས་མེད་དུ་སེམས་བཟུང་བས་ཉམས་སྣང་གོང་དུ་མཆེད་པ་དང༔ ཉིན་མོ་མེའི་མིག་ཚ་ཤས་སེལ་ཞིང་ཚ་གྲང་ཆ་སྙོམས་ཤིང་དབྱིངས་སྣང་རབ་ཏུ་འཕེལ་བའི་གནད་ཤིན་ཏུ་ཟབ་བོ༔ ལོངས་སྐུའི་རྟེན་སྒྲོན་མེ་མར་མེ་ལ་གཏད་ནས་ཟུར་དུ་ཁྲིད་པ་དང༔ མེ་ཤེལ་དྲི་མེད་ལ་བསླབས་པས་ཉིན་མོའི་འཁྲུལ་སྣང་མྱ་ངན་ལས་འདས་ཤིང་རང་ས་ཟིན་པའི་གནད་ཟབ་བོ༔ མཚན་མོ་ཟླ་ཟེར་ཆུ་ཤེལ་དྲི་མེད་ལ་གཏད་པས་འོད་གསལ་སྒྲོན་མ་ལྔ་ལྡན་རབ་ཏུ་མཆེད་ནས་མཚན་མོའི་འཁྲུལ་སྣང་ཐམས་ཅད་གཟུགས་སྐུ་གཉིས་སུ་དག་ནས་གདོད་མའི་གཞི་ལ་འཇའ་སྐུའི་ཀློང་དུ་གྲོལ་བའི་གནད་ཁྱད་པར་ཅན་དུ་ཟབ་བོ༔ དབྱིངས་རིག་གི་གནད་ནི༔ ཇི་སྐད་དུ་ཀློང་གསལ་ལས༔ སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ༔་་་བུདྡྷའི་ཡེ་གཞིའི་དོན་ཡིན། རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ༔་་་སྙིང་པོའི་ལུ་གུ་རྒྱུད། རིན་ཆེན་མཁའ་འགྲོས་མེ་ལོང་ཕྱེས༔་་་མིག་གིས་ནམ་མཁའ་ལ་བལྟས་པས་དབྱིངས། སྒོ་ལ་ལས་ཀྱི་མཁའ་འགྲོ་བྱོན༔་་་རང་རིག་རྡོ་རྗེ་ལུ་གུ་རྒྱུད་གཅེར་གྱིས་མཐོང་། པདྨ་མཁའ་འགྲོས་མངོན་སུམ་སྟོན༔་་་སྣང་བཞིའི་དོན་རང་ཐོག་ཏུ་མངོན་སུམ། ཞེས་གསུངས་པས༔ སྔ་དྲོ་ཤར་ཕྱོགས་སུ་གཏད་ལ་འོད་དཀར་བྱུང་ཚེ་ལྷོར་ཁྲིད་ལ་ཅི་གནས་སུ་གཞག༔ དེ་བཞིན་དུ་ནུབ་ཏུ་འོད་ལ་གཏད་པ་དང༔ ཕྱི་དྲོ་ནུབ་ཏུ་གཏད་པས་ཟ་འོག་གི་རིས་ལྟ་བུར་འཆར་ཚེ་བྱང་དུ་ཁྲིད༔ ཅུང་ཞིག་ཁྲིད་མ་ནུས་ན་ཡུན་ཇེ་རིང་ཇེ་རིང་དུ་བསླབ་ཅིང་འོད་སྣང་ལས་ལུ་གུ་རྒྱུད་བཙོན་དུ་འཛིན་པ་གནད་དོ༔ དེ་ལྟར་བརྩོན་པས་ཆོས་ཟད་འབྲས་བུ་གཞི་ཀློང་དུ་མྱུར་དུ་ཕྱིན་པའི་གནད་འདི་ལྟ་བུ་ནི༔ ཁོ་བོ་རྒྱུན་རིང་པོ་ནས་སྲིད་གསུམ་འགྲན་ཟླ་བྲལ་བའི་གྲུབ་ཐོབ་མང་གྷ་ཨཱ་ཡུ་ལ་བསྟེན་པའི་དྲིན་ལས་བྱུང་ཞིང་རང་གིས་ཀྱང་གནད་དུ་བསྣུན་པ་ཡིན་གྱི་གལ་པོ་ཆེའོ༔ ྈ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཆོས་ཟད་འབྲས་བུའི་རིག་པ་གཞི་ཐོག་ཏུ་ཕེབས་ནས་སྐྱེ་བ་ལ་རང་དབང་ཐོབ་པས་རྡོ་རྗེ་ལྟ་བུའི་སྐུར་གྲུབ་པས་བར་དོའི་སེམས་ཅན་ཁྲི་ཕྲག་མང་པོ་ལ་རང་རིག་གི་ཡེ་ཤེས་བཅུག་པས་སངས་རྒྱས་ནུས་པ་དང༔ འཇུག་པ་ལ་རང་དབང་ཐོབ་པས་བེམ་པོ་ལ་རིག་པ་བཅུག་པས་འགུལ་བ་དང་སྐད་འབྱིན་པ་དང༔ པདྨ་དང་དཔག་བསམ་གྱི་ལྗོན་ཤིང་ལ་རིག་པ་བཅུག་པས་ཆོས་སྒྲ་སྒྲོག་པ་དང༔ འོད་འགྱེད་པས་འགྲོ་བ་མང་པོ་འདུལ་བའི་རྫུ་འཕྲུལ་ཡོན་ཏན་དུ་མ་དང་ལྡན་ཀྱང་མི་སྟོན་པ་ནི༔ དཔེར་ན་བུམ་ནང་གི་མར་མེ་དང་འདྲའོ༔ འདི་ནི་རང་རིག་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་སོ༔ འདིས་སླར་ལུས་དེས་འགྲོ་དོན་མི་འབྱུང་ན་དེ་ལ་བལྟ་བ་སྤངས་ཏེ༔ འོད་གསལ་དེའི་ངང་ལ་གཡོ་བ་མེད་པས་ལག་སོར་ཡང་འོད་དུ་ཡལ་ནས༔ ཕྱི་སྣང་བའི་འོད་ནང་ཕུང་པོ་གསང་བ་རིག་པའི་འོད་གསལ་གསུམ་ཀ་དག་ནང་གསལ་གདོད་མའི་ངང༔ གཞོན་ནུ་བུམ་པའི་སྐུ་ཆོས་སྐུ་འགྱུར་མེད་ལོངས་སྐུ༔ སྤྲུལ་སྐུ་འཆར་གཞི་མ་འགགས་པ་ལམ་དུ་ཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མི་གཡོ་བའི་ངང་ནས༔ འཇིག་རྟེན་དུ་ནང་གསལ་ཕྱིར་གསལ་ལྷུན་གྲུབ་སྟུག་པོ་བཀོད་པར་རང་རིག་ཀུན་ཏུ་བཟང་པོའི་རང་རྩལ་ལས༔ ཡེ་སྣང་ཤར་བཞིན་དུ་རང་སྣང་གི་རྒྱལ་བ་རིགས་ལྔ་སེམས་དཔའ་ལྕམ་དྲལ་ལ་སོགས་སྣང་ཞིང༔ དེའི་རྩལ་ཤར་བ་ནི་སྤྲུལ་སྐུ་ཐུབ་པ་དྲུག་སོགས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལྟ་བུ་དང༔ གཞན་ཡང་མཆོག་དང་བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་འབད་མེད་ལྷུན་གྲུབ་ཏུ་རྒྱུན་མི་ཆད་དོ༔ དོན་ལ་རྒྱུ་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་པས་མ་འཁྲུལ༔ རིག་པའི་མདངས་ཕྱིར་ཤར་དུས་གཟུགས་བརྙན་ཙམ་ལས་དོན་དམ་དུ་མི་བཞེད༔ འདིར་སྙིང་པོ་ཙམ་ཡིན་ཡང་ལས་རླུང་དང་སྦྲགས་པའི་གཡོ་བྱེད་དེ་ཟད་པས་རིག་པ་ཀ་དག་གི་ངོ་བོ་ནང་དབྱིངས་གཞི་ཐོག་དེར་བཙན་ས་ཟིན་པ་ནི༔ ཕྱི་རྐུན་སྒོར་དོན་ནས་རྒྱལ་པོས་གདན་ས་ཟིན་པ་དང་མཚུངས་མོད༔ དོན་རང་རིག་གཞི་ཐོག་ཕེབས་པ་འདི་མིན་པ་སངས་རྒྱས་གཞན་གང་ནས་ཚོལ༔ དོན་ལ་མངོན་སུམ་གོང་འཕེལ་གྱི་དུས་རིག་མདངས་གཉིས་ཀྱིས་སྤྲུལ་སྐུའི་ལམ་བྱེད༔ སྤྲུལ་སྐུ་སྤང་བླང་དང་བཅས་པས་སྡེ་སྣོད་གསུམ༔ ཚད་ཕེབས་ཀྱི་ཚོམ་བུའི་སྣང་བ་ལ་ལོངས་སྤྱོད་པས་ལོངས་སྐུའི་ལམ་བྱེད༔ ལོངས་སྐུའི་རོ་མཉམ་དུ་སྤྱོད་པས་གསང་སྔགས་ནང་པ་གསུམ༔ ཆོས་ཉིད་ཟད་པའི་ཚེ་སྟོང་ཉིད་བསམ་བརྗོད་དང་བྲལ་བས་ཆོས་སྐུའི་ལམ་བྱེད༔ ལམ་དེ་རྣམས་བྱང་ཆུབ་ཏུ་སོང་བས་གསང་སྔགས་འབྲས་བུའི་ལམ་ཁོ་ནའོ༔ དེས་ན་ཆོས་སྐུའི་རྟེན་སྐུ་གསུམ་ད་ལྟ་ཉིད་ནས་རང་ཆས་སུ་ཡོད་པས་འོད་གསལ་གྱི་ཡེ་ཤེས་ཀྱི་ལམ་བསྒོམས་པས༔ ཡིན་ལུགས་དྲི་བྲལ་དུ་ཕྱིན་པས་འབྲས་བུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཀུན་ལས་ཁྱད་པར་འཕགས་པའོ༔ དེ་ནས་མི་འགུལ་བ་གསུམ་ནི༔ ལུས་མི་འགུལ་བ་སྡོད་སྟངས་གསུམ་ལས་མི་འདའ་བའི་ངང་ནས༔ མིག་མི་འགུལ་བ་གཟིགས་སྟངས་གསུམ་ལས་མི་འདའ་བར་བལྟ༔ རླུང་མི་འགུལ་བ་བཅོས་བསླད་མེད་པའི་ངང་དུ་བསླབ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི༔ ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ༔ གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་ཡེ་ནས་མི་སྐྱེ༔ འདི་དུས་རྨི་ལམ་གྱིས་ཚད་གཟུང་ཞིང་ནང་རྟགས་ཕྱི་ལ་འཆར༔ བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགག༔ འབྲིང་གིས་རྨི་ལམ་ངོས་ཟིན༔ ཐ་མས་ངན་རྟོག་ནུབ་པས་རྨི་ལམ་བཟང་པོར་འགྱུར༔ དེ་ནས་གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི༔ ཕྱི་སྣང་བ་ལ་རང་དབང་ཐོབ་པས་རྐྱེན་སྣང་ཐམས་ཅད་ཞིང་ཁམས་སུ་འཆར༔ ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་གདོས་བཅས་འོད་དུ་ཡལ༔ གསང་བ་རིག་པ་ལ་རང་དབང་ཐོབ་པས་འཁྲུལ་རྟོག་དབྱིངས་སུ་དག༔ བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི༔ རིག་པ་ཡར་གྱི་སངས་རྒྱས་ཀྱི་ཡོན་ཏན་མཐོང་ཡང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་དང་བྲལ་བ༔ རང་རིག་ལས་སངས་རྒྱས་གཞན་མེད་པར་ཐག་ཆོད༔ སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་དག་པས་མར་འཁོར་བར་འཁྱམས་ནས་སྡུག་བསྔལ་བས་མནར་བའི་དོགས་པ་དང་བྲལ་བའོ༔ བརྩོན་འགྲུབ་རབ་རྣམས་བླ་མས་ངོ་སྤྲད་ཅིང་ཉམས་ལེན་དངོས་གཞི་ལ་ཞུགས་ན་ལོ་གསུམ་དང་ཟླ་བ་གཅིག༔ འབྲིང་ལོ་བཞི་ཟླ་བ་ལྔ་དང་ཞག་དྲུག༔ ཐ་མ་རྣམས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ནས་གདོས་བཅས་ཤ་ཁྲག་གི་འབྱུང་བ་རང་སར་དག་ཅིང༔ འོད་གསལ་འཇའ་ཚོན་དུ་གྲོལ་ནས་ནང་དབྱིངས་ཀ་དག་ཀུན་བཟང་འཇའ་སྐུར་གྲོལ་བར་ཐེ་ཚོམ་མེད་པར་གསུངས་སོ༔ ྈ དེ་ནས་ཉམས་ལེན་ལ་བར་དུ་ཆོད་པ་དང༔ དབང་པོ་ཐ་མའི་ཐ་མ་རྣམས་ལ་བར་དོའི་གདམས་པ་ནི༔ བར་དོ་བར་དོ་ཟེར་ཡང་རང་སྣང་གིས་བཅོས་པ་ཡིན༔ གཞན་ཕ་རོལ་ག་ནས་ཡོད༔ ད་ལྟ་རང་རིག་སྐུ་གང་ལ་བརྟན་པ་ཐོབ་པ་དེ་ལ་ལོངས་སྤྱོད་པ་ཡིན༔ དོན་ལ་འཆི་བ་ཟེར་ཡང་བསྐྱེད་པའི་རིམ་པ་བསྡུ་བ་ཙམ་ཡིན་མོད༔ འོག་མིན་མཁའ་སྤྱོད་གཞོམ་མེད་ཀྱི་ཕོ་བྲང་དུ་འགྲོ་བ་ལས་དགའ་བ་ཅི་ཡོད༔ རྟེན་བྱིན་རླབས་ཅན་གྱི་མདུན་དུ་ཚོགས་གསག་མཆོད་ཚོགས་ལེགས་པར་བཤམ༔ གྲོགས་ཁྱད་པར་ཅན་གྱིས་གསལ་འདེབས་བྱེད༔ དང་པོ་རང་བཞིན་གྱི་བར་དོ་ལ་བླ་མའི་གདམས་ངག་དང་མདོ་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོང༔ བར་དུ་དེའི་དོན་ལ་བསམ་ཞིང་ཚིག་དོན་གྱི་སྒྲོ་འདོགས་གཅད༔ ཐ་མ་གསང་སྔགས་ཀྱི་ལྟ་སྒོམ་རང་ཐོག་ཏུ་ཕབ༔ ཡིན་མིན་བརྗོད་གཞི་ཆོས་ཉིད་ཀྱི་ངང་དུ་ལ་བཟླ༔ ཐེ་ཚོམ་མེད་པར་རང་བཞིན་གྱི་བར་དོ་ལ་ཤིན་ཏུ་ནས་འབྱོངས་པར་གཅེས་སོ༔ གཉིས་པ་འཆི་ཁའི་བར་དོ་ལ༔ མི་གསལ་བ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་གནད་ལ་གོམས་པར་བྱའོ༔ དེ་ནས་ཕྱི་ནང་གི་འཆི་རྟགས་ནི་ཁོ་བོས་བཟོས་པའི་གདམས་པ་ཚ་བ་དམར་ཐག་ལས་གསལ༔ གསང་བའི་འཆི་རྟགས་ནི༔ ས་ས་ལ་ཐིམ་པས་ལུས་ཀྱི་བག་གཞི་ལྷུང༔ ནང་གི་ཤེས་པ་བན་བུན་དུ་འགྲོ༔ ཆུ་ཆུ་ལ་ཐིམ་པས་ཁ་སྣ་དང་མིག་ནས་གློ་བུར་དུ་ཆུ་འབྱུང༔ ཁ་སྐམ་ཞིང་ཡན་ལག་འཆགས༔ ནང་གི་ཤེས་པ་ལང་ལིང་དུ་འགྲོ༔ མེ་མེ་ལ་ཐིམ་པས་རྐང་ལག་གི་དྲོད་འཆོར༔ མིག་མདངས་ཀྱི་བཀྲག་ཡལ༔ ནང་གི་ཤེས་པ་ནག་ཐིབ་ཐིབ་ཏུ་འགྲོ༔ རླུང་རླུང་ལ་ཐིམ་པས་དབུག་རྒོད་ཅིང་ངར་ངར་བྱེད༔ ནང་གི་ཤེས་པ་མི་གསལ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ཁྲོག་གིས་ཆད༔ ནང་དབུགས་ལུས་པ་དེ་དུས་ངོ་སྤྲད་ལ་འབད༔ ཨེ་མ་འཇིག་རྟེན་འདི་ན་ཞེན་ཆགས་མ་བྱེད་ཅིག༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་རང་གི་རིག་པ་དག་པའི་སྣང་བ་ཆོས་ཉིད་ཀྱི་བར་དོར་འོད་དང་ཐིག་ལེའི་སྐུའི་རྣམ་པ་ཅན་འབའ་ཞིག་ཏུ་འཆར་རོ༔ དེ་ཁྱོད་རང་གི་རིག་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ནན་དུ་གསལ་གདབ༔ ཆོས་ཉིད་བར་དོའི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་གཅེས་པས༔ རྣམ་ཤེས་ནམ་མཁའ་ལ་ཐིམ་ཚེ་སྒྲོག་གསུམ་དང་བྲལ་པ་གལ་ཆེ་བས༔ སྒྱུ་ལུས་གདོས་བཅས་ཀྱི་བེམ་པོར་ལིང་གིས་སོང༔ རླུང་བར་སྣང་ལ་བུན་གྱིས་ཡལ་བས་དབུགས་ཆད༔ རིག་པ་མེ་སྟག་འཕར་བ་བཞིན་ཆོས་ཉིད་ཀྱི་བར་དོར་རང་གི་སྣང་བར་ཤར༔ ནམ་མཁའ་འོད་གསལ་ལ་ཐིམ་པས་སྣང་བ་འོད་ལྔའི་རྣམ་པར་ཤར༔ འོད་གསལ་ཟུང་འཇུག་ལ་ཐིམ་པས་རང་གི་ལུས་ཀྱང་འོད་དུ་གསལ༔ སྣང་བ་ཐམས་ཅད་འོད་ཀྱི་སྐུ་རིགས་ལྔའི་ཚོམ་བུར་འབྲེལ་པ་དཔག་ཏུ་མེད་པ་འཆར༔ འདི་དུས་འཇུག་པའི་གནད་གལ་ཆེ་བས༔ རིག་པ་འོད་ལ་ཕར་འཇུག་པ་དང༔ འོད་ཀྱིས་ཚུར་འཇུག་པ་ལས༔ དང་པོ་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་བས༔ ཚོམ་བུའི་སྣང་བ་ལ་རིག་པ་གཏད་པས་ཟིན་ཅིང༔ འདི་ངང་ལ་ཞག་གནས་གསུངས་པ་ནི་གང་ཟག་གཞན་གྱིས་ཞག་དངོས་བཞེད་རུང་། ཁོ་བོའི་བླ་མ་མང་གྷ་ཨཱ་ཡུ་ནི་ཞག་དངོས་ལ་མི་བཞེད་དོ༔ དོན་རང་བཞིན་བར་དོའི་བསམ་གཏན་ཇི་ཙམ་བརྟན་ཆ་ཡོད་པ་དེ་ཞག་ཏུ་བཞེད་པ་ཡིན་མོད༔ འོད་རིག་པ་ལ་ཚུར་འཇུག་དུས༔ རིག་པས་རང་ལུས་རྙེད་པའི་དུས་ན་ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་པ་རྣམས་རང་ལ་འདུས་པའི་ཚེ༔ རང་ངོ་ཤེས་པས་གདམས་ངག་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པས་མཚན་མའི་བག་ཆགས་རང་སར་གྲོལ་བ་དང༔ རང་གིས་རིག་པ་ངོ་ཤེས་པས་མངོན་པར་ཤེས་པ་དང་ལྡན་ཞིང་ཕྱིར་མི་ལྡོག་པ་ནི༔ འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་འོད་དུ་འབར་ཞིང་ཚོམ་བུ་ལྔ་ཤར་བ་དེ་ངོས་ཟིན་ནས་རང་རིག་ཏུ་ལྷུན་གྱིས་གྲུབ་པ་ནི་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་ནོན༔ ཇི་སྐད་དུ་རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ དབྱིངས་དང་རིག་པ་མ་འགྱུར་ན༔ མི་དེ་བར་དོ་མེད་པར་ནི༔ སངས་རྒྱས་ས་ལ་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ དེར་མ་ཟིན་ན་རིག་པ་རྒྱ་དང་བྲལ་བས་རང་སྣང་རང་མདངས་གཞི་སྣང་དུ་ཤར་བ་ནི༔ ཤེལ་འོད་ཕྱིར་གསལ་བའམ༔ བུམ་པ་ཆག་པའི་མར་མེ་སྣང་བ་བཞིན་གསལ་ཏེ་རང་སྣང་དུ་ངོ་ཤེས་པས༔ ནམ་མཁའ་འོད་གསལ་ལ་ཐིམ་པས༔ རང་གི་མིག་གཉིས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ཀ་བ་བཙུག་པ་ལྟ་བུའམ། ཟེར་ཐག་བརྒྱངས་པ་ལྟ་བུ་དེ་རང་གི་རིག་མདངས་སུ་ངོ་ཤེས་པ་ཙམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ བཅུ་གཉིས་པ་མ་ཆགས་པདྨའི་སྤྱན་གྱི་ས་ནོན༔ དེ་ལ་རང་ངོ་ཤེས་ན་ཆོས་ཉིད་བར་དོ་ན་སྣང་བ་ཐམས་ཅད་འོད་ལྔའི་རྣམ་པས་སོས་ཀའི་སྨིག་རྒྱུ་ལྟར་བཀྲ་ལམ་མེ་བ་འོད་ཀྱི་ནང་ནས་ཟེར་མཚོན་ཆའི་ཆར་འབབ་པ་ལྟ་བུ་དང་། ཁྲོ་བོའི་སྐུ་ནམ་མཁའ་གང་ཞིང་ཆོས་ཀྱི་རང་སྒྲ་སྒྲོག་པ་འབྲུག་སྟོང་ལྡིར་བ་ལྟ་བུ་དེ་ངོ་ཤེས་པ་ཙམ་གྱིས་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པ་ཡིན་གྱི༔ ཡེ་ཤེས་ཆེན་པོའི་སྣང་བ་མཐར་ཕྱིན་པ་ནི༔ བཅུ་གསུམ་པ་འཁོར་ལོ་རྫོགས་པ་ཆེན་པོའི་ས་ནོན༔ འོད་ཟེར་འདི་རྣམས་རང་གི་སྙིང་ག་ནས་ཕར་ཟེར་ཐག་འབྲེལ་ཞིང་རིག་པ་འོད་ལ་འཇུག་དུས་རང་སྣང་དུ་ངོ་ཤེས་པ་དང་ཤེས་ཐོག་ཏུ་འཇོག་པ་གནད་ཡིན་ལ༔ རིག་པ་རང་ས་ཟིན་པས་རང་རིག་ཡེ་ཤེས་ཀྱི་སྣང་བ་ལས་གཡོ་བ་མེད་པ་ནི༔ བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན༔ དོན་ལ་རང་ལུས་འོད་ཀྱི་སྦུ་གུར་སྣང་བས་རང་མདངས་ལ་བཞག་པས༔ དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟར་འོད་ཀྱི་སྦུ་གུ་ནང་གི་རིག་པ་ལ་ཐིམ་མོ༔ དེ་རང་མདངས་སུ་ངོ་ཤེས༔ ཤེས་ཐོག་ཏུ་འཇོག༔ འཇོག་ཐོག་ཏུ་ཐིམ་པས། གང་དུ་ཡང་གསལ་འགྲིབ་མེད་པའི་རིག་པ་སྟོང་གསལ་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ནི༔ གདོད་མའི་ཟད་སར་མཐར་ཕྱིན་ཅིང་ཀ་དག་ཆེན་པོའི་ཀློང་དུ་གྲོལ་ནས་སངས་རྒྱས་ཤིང་། ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི༔ བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན༔ དེ་ལ་བརྟན་པ་མ་ཐོབ་ན་ཡེ་ཤེས་བཞི་སྦྱོར་ནི༔ ཟུང་འཇུག་གི་སྣང་བ་རང་ལ་འདུས་པའི་སྐད་ཅིག་མ་ལ༔ རང་གི་སྙིང་ག་ནས་འོད་ཟེར་གྱི་སྣམ་བུ་ཤིན་ཏུ་མཆེད་པ་དཀར་གསལ་གྱི་དཀྱིལ་དུ༔ ཡེ་ཤེས་ལྔའི་ཐིག་ལེ་འོད་ཁ་དོག་ལྔའི་ཚོམ་བུ་དབུས་མ་ཤེལ་གྱི་མེ་ལོང་གིས་བརྒྱན་པ་ལྟ་བུ་དང༔ དེའི་སྟེང་དུ་འོད་སེར་གྱི་སྣམ་བུ་གྲུ་བཞི་པའི་སྟེང་དུ་འོད་ཁ་དོག་ལྔའི་ཚོམ་བུའི་དབུས་མ་གསེར་གྱི་མེ་ལོང་ལྟ་བུས་བརྒྱན་པ་དང་། འོད་དམར་གྱི་སྣམ་བུའི་དཀྱིལ་དུ་ཡེ་ཤེས་ལྔའི་ཚོམ་བུའི་དབུས་མ་པདྨ་རཱ་གའི་མེ་ལོང་ལྟ་བུས་བརྒྱན་པ་དང༔ འོད་མཐིང་གི་སྣམ་བུའི་སྟེང་དུ་ཡེ་ཤེས་ལྔའི་ཚོམ་བུའི་དབུས་མ་བཻ་ཌཱུརྱའི་མེ་ལོང་གིས་བརྒྱན་པ་ལྟ་བུ་དང༔ ལྗང་གུ་མི་སྣང་བ་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་ལས༔ ལྗང་གུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་སོ༔ ཞེས་གསུངས་སོ༔ འདིར་འཇུག་པ་གོང་གི་གདམས་ངག་དྲན་པར་བྱའོ༔ ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཀ་དག་ལ་ཐིམ་པས་གྲོལ་གཞི་མཐར་སོན་པ་ཡིན་གྱི༔ གཞི་སྣང་གི་དབྱིངས་ཀ་དག་གི་ངང་ནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པར་གཞི་སྣང་ཐུགས་རྗེ་འོད་གསལ་ལ་ཐིམ༔ ཕྱིར་གསལ་དུ་མེད་པ་ནི༔ དཔེར་ན་ཤེལ་འོད་ནང་དུ་གསལ་བ་ལྟ་བུའོ༔ ཕྱིར་གསལ་མ་དག་པ་འཁྲུལ་པའི་སྣང་བ་ལ་གདུལ་བྱ་ལྟར་སྣང་བ་ལ་ཐུགས་རྗེ་ཞུགས་པ་ཉིད་དག་པ་ཡེ་ཤེས་ཀྱི་སྒོ་དང༔ ནང་གི་ཐུགས་རྗེ་ལ་ཐིམ་དུས་འཁྲུལ་སྣང་དང་དེ་ལ་འཇུག་པའི་ཐུགས་རྗེར་སྣང་བ་གང་ཡང་མེད་པས་གདུལ་བྱ་འདུལ་བྱེད་རྣམ་པར་དག་པས་རྒྱལ་བ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས་ཀ་དག་གདོད་མའི་ས་ལ་ངེས་པ་རྙེད་པ་ནི༔ བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པ་ཡིན་ནོ༔ ྈ དེ་ནས་བཞི་པ་སྲིད་པ་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་ཡུར་བ་རྐང་ཆག་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་ནི༔ འདི་དུས་བག་ཆགས་སྔོན་གྱི་ལུས་དེ་མེད་རུང་ཡོད་སྙམ་ནས་ཕྱེད་ལུས་སྣང་བའི་རྐྱེན་ལས་བྱེད་སྤྱོད་ཤེས་པ་བདུན་འགྱུར་གྱིས་གསལ་ལ༔ རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རི་དང་མའི་མངལ་དང་གསུམ་ལ་མ་གཏོགས་པ་ཀུན་ཏུ་འགྲོ་ཞིང་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པས༔ དེ་ཚེ་འོད་དཀར་གྱི་ལམ་བྱས་ནས་ལྷ་ཁང་མཆོད་ཁང་མེ་ཏོག་གི་ཚལ་དུ་ཕྱིན་སྙམ་བྱས་ན་ལྷར་སྐྱེ༔ ཕྲག་དོག་གི་འོད་ལྗང་གུ་བཀྲག་མེད་དེ་ལ་ལམ་བྱས་ནས་བྲག་རི་རྩེ་རྣོན་ཟང་ཟིང་གཅོང་རོང་ཚེར་དོང་དུ་ཕྱིན་སྙམ་བྱས་ན་ལྷ་མ་ཡིན་དུ་སྐྱེ༔ འདོད་ཆགས་ཀྱི་འོད་སེར་པོ་ལ་ལམ་བྱས་ནས་མཁར་དང་ལྷ་ཁང་ནང་དུ་ཕྱིན་སྙམ་བྱས་ན་མི་རུ་སྐྱེ༔ གཏི་མུག་གི་འོད་སྨུག་པོས་སྣ་ཁྲིད་ནས་ས་ཕུག་གད་པ་ཕུག་རིང་དུ་ཕྱིན་སྙམ་བྱས་ན་དུད་འགྲོར་སྐྱེ༔ སེར་སྣའི་འོད་དམར་འོད་ཀྱིས་སྣ་ཁྲིད་ནས་ཐང་རྩ་མེད་ཆུ་མེད་ལུང་སྐམ་རྣམས་སུ་ཕྱིན་སྙམ་བྱས་ན་ཡི་དྭགས་སུ་སྐྱེ༔ ཞེ་སྡང་གི་འོད་སྨུག་ནག་གིས་སྣ་ཁྲིད་ནས་རྫ་རོང་ཆུ་རོང་བྲག་ཆུ་འཐབ་རྣམས་སུ་ཕྱིན་སྙམ་བྱས་ན་དམྱལ་བར་སྐྱེ༔ འདིའི་སྐབས་སུ་ཡི་དམ་ལྷ་ཡི་བསྐྱེད་རིམ་དང༔ བླ་མ་ལ་མོས་གུས༔ དཀོན་མཆོག་ལ་སྐྱབས་འགྲོ༔ ཁྱད་པར་དུ་འཕོ་བ་གུ་རུ་སིདྡྷི་རྣམས་ཀྱིས་ངེས་པར་ཁེག༔ འདི་དུས་བླ་མས་རྣམ་ཤེས་བཀུག་ནས་ངོ་སྤྲད་པས་གྲོལ་བར་ཐེ་ཚོམ་མེད་དོ༔ གལ་སྲིད་མིར་སྐྱེས་ཀྱང་ཕ་མ་ཆོས་ལྡན་གྱི་པང་དུ་སྐྱེས་ནས་ལོ་ཉི་ཤུ་རྩ་ལྔའམ་སུམ་བཅུ་རྩ་ལྔ་ནས་དམ་པའི་ཆོས་དང་འཕྲད་ནས་སངས་རྒྱ་བར་ཐེ་ཚོམ་མེད་དོ༔ བརྩོན་འགྲུས་ཐ་མ་རྣམས་ཀྱང་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་ལ་གོམས་ཤིང་དེ་དོན་ལ་ཅུང་ཟད་སྦྱངས་པའི་བདེན་པའི་བྱིན་རླབས་ཀྱིས༔ སྤྲུལ་པའི་ཞིང་དེ་དྲན་པ་ཙམ་གྱིས་གོང་གི་བག་ཆགས་ཟད་པའི་སྟོབས་ཀྱིས་སྲིད་པའི་བར་དོ་ལས་རྨི་ལམ་སད་པ་བཞིན་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བའོ༔ རྡོ་རྗེ་མི་བསྐྱོད་པའི་ཞིང་ཁམས་རྣམ་པར་དག་པ་དེ་ནི༔ ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ་བཏེགས་ན་འཕར་སྙམ་བྱེད་ཅིང་མནན་ན་ནེམ་པ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་དང་ལྟེང་ཀས་བརྒྱན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་ལ་སྤྲུལ་པའི་བྱ་རྣམས་ཀྱིས་རྩེ་ལིང་ལིང་དང་ཆོས་སྒྲ་སྒྲོག་པ༔ ཐ་གྲུ་ཤིན་ཏུ་ཆེ་ཞིང་རེག་ན་འཇམ་པ༔ ལྗོན་ཤིང་ཁང་བརྩེགས་རྣམས་ལ་རིན་པོ་ཆེའི་དྲིལ་གཡེར་རྣམས་རླུང་གིས་བསྐྱོད་པས་དམ་པ་ཆོས་ཀྱི་སྒྲ་ལྡིར་བ༔ རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་མེད་ཁང་བརྒྱ་སྟོང་དུ་མས་བསྐོར་བ་ཐམས་ཅད་སྒོ་གྲུ་བཞི་པ་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་སྒྲེང་ཞིང༔ ཟུར་བཞིར་མཆོད་རྟེན་རིན་པོ་ཆེའི་ཕྲེང་བས་འབྲེལ་པ་སྙན་པའི་རང་སྒྲ་སྒྲོག་པ༔ རིན་པོ་ཆེ་ཆོས་འཆད་པའི་ལྕགས་རི་གདན་དང་བཅས་པ་ལ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོས་བསྐོར་ཞིང་ཆོས་སྟོན་པས་འཁོར་གྱི་རྒྱུད་སྨིན་པ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཤ་སྟག་གོ༔ དེ་བཞིན་དུ་ལྷོར་དཔལ་ལྡན་མཛེས་པའི་ཞིང་ཁམས་ན་སངས་རྒྱས་རིན་ཆེན་འབྱུང་གནས་དང༔ ནུབ་ཕྱོགས་པདྨ་བརྩེགས་སུ་སངས་རྒྱས་སྣང་བ་མཐའ་ཡས་དང༔ བྱང་ཕྱོགས་ལས་རབ་རྫོགས་སུ་སངས་རྒྱས་དོན་གྲུབ་རྒྱལ་པོ་རྣམས་ལ་གོང་བཞིན་ཆོས་ཉན་སྤྲུལ་པ་སྐུའི་ཞིང་ཁམས༔ ཞི་བའི་དཀྱིལ་འཁོར་དེ་དག་ཏུ་དམ་པའི་ཆོས་ཉན་ཅིང་ཉོན་མོངས་པ་སྤངས་པའི་ཐ་མར༔ བར་དོ་མེད་པར་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ཞེས༔ འཇིགས་པའི་དུར་ཁྲོད་མེ་རི་འབར་བ་དེར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོམ་བུ་དེ་མཐོང་བ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ འདི་དག་རྣམས་ཀྱི་གྲོལ་ཚུལ་རྒྱས་པ་ནི༔ རྒྱུད་ཉི་ཟླ་ཁ་སྦྱོར་དང༔ རིག་པ་རང་ཤར་གྱི་རྒྱུད་དང༔ སྐུ་གདུང་འབར་བའི་རྒྱུད་རྣམས་ལས་གསལ་ལོ༔ ࿊ ཨེ་མ་གང་ཞིག་སྲིད་པའི་རྒྱ་མཚོ་བརྒལ་འདོད་ཅིང༔ གཞོམ་མེད་བདེ་ཆེན་ཐར་གླིང་བགྲོད་འདོད་པས༔ མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་པ༔ སྙིང་པོའི་ཡང་ཞུན་ཐེག་པ་ཀུན་གྱི་རྩེ༔ ཨ་ཏི་བླ་མེད་བློ་བྲལ་རྫོགས་པ་ཆེ༔ ཟབ་མོའི་ལེགས་བཤད་བདེ་ཆེན་པད་ཚལ་རྒྱས༔ སྐལ་ལྡན་བསྟན་འཛིན་བུང་བ་འདུས་པའི་རྟེན༔ རང་རིག་ཆོས་སྐུ་བྱར་མེད་རྗེན་པའི་གཤིས༔ རྒྱུ་འབྲས་མ་རེག་མཐའ་གྲོལ་རྫོགས་པ་ཆེ༔ འོད་ཀློང་ཆོས་ཉིད་ཟད་དོ་ཀ་དག་ཀློང༔ ཟབ་དོན་འདི་ལ་ཡིད་ཆེས་གང་ཟག་རྣམས༔ ཚེ་འདི་ཉིད་གྲོལ་དོན་དུ་མི་གཉེར་རམ༔ བར་དོར་རང་རིག་སངས་རྒྱས་འདོད་པ་དང༔ སྤྲུལ་པ་སྐུ་ཡི་ཞིང་དུ་འགྲོ་འདོད་ཀུན༔ ལམ་མཆོག་འདིར་ཞུགས་ཅི་བསམ་དོན་ཀུན་འགྲུབ༔ མི་ཟད་གཏེར་འདི་གཏད་དོ་མི་སྤྱོད་དམ༔ རང་བྱུང་རྣམ་དག་འཇའ་ཚོན་འོད་ལྔའི་ཀློང༔ རང་རིག་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད༔ གསལ་སྟོང་འཛིན་མེད་སྐུ་ཐིག་ལམ་མེར་འཆར༔ གང་ཤར་ཐམས་ཅད་ལྷུན་རྫོགས་ངང་ལ་རོལ༔ ཞེན་འཛིན་རྩོལ་སྒྲུབ་ཐམས་ཅད་སྒྲིབ་བྱེད་ཡིན༔ རེ་དོགས་རྟག་ཆད་འཆིང་བའི་རྒྱ་ཁྲོལ་ཅིག༔ བཟང་ངན་བླང་དོར་ཐམས་ཅད་སེམས་འཛིན་ཡིན༔ བྱས་ཆོས་བློ་ཟད་བསྒོམ་རྒྱུ་རྡུལ་ཙམ་མེད༔ ཁྲེགས་ཆོད་རིག་དོན་མཐོང་བས་གཉེན་པོ་བྲལ༔ ཐོད་རྒལ་དོན་རྟོགས་སེམས་འཛིན་མཁན་པོ་མེད༔ རྣམ་རྟོག་གང་བྱུང་རང་ཤར་ཀློང་གྲོལ་ཡིན༔ རྩོལ་སྒྲུབ་སྤྲོ་བསྡུ་བྲལ་བ་ལྷུན་གྲུབ་ཡིན༔ མ་བཅོས་མ་སྤང་ཅིར་སྣང་ཟང་ཐལ་ཀློང༔ ཡེ་ཡིན་ངང་རྫོགས་སྣང་སྲིད་ཆོས་སྐུར་འཆར༔ སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར༔ ཀུན་བཟང་པད་འབྱུང་མང་གྷ་ཨཱ་ཡུ་ཡི༔ དགོངས་བཅུད་མཁའ་འགྲོའི་སྙིང་ཁྲག་དྭངས་མ་འདི༔ ཤར་ཕྱོགས་མི་དབང་ནོར་འཛིན་བསྟན་པའི་བདག༔ ཀུན་གྱི་གཙུག་རྒྱན་རིག་འཛིན་རྒྱལ་བའི་དབང༔ མཁས་གྲུབ་ཀུན་དགའ་རྒྱ་མཚོས་བཀས་བསྐུལ་ངོར༔ དགུ་ལྡན་བླ་མ་འོད་སྐུར་གཤེགས་རྣམས་ཀྱི༔ ཐུགས་བཅུད་དམ་པ་ཁོ་བོའི་པད་འཁྱིལ་འདི༔ མདོ་ཁམས་ཤར་ཕྱོགས་ཡུལ་གྱི་དབུས༔ རང་བྱུང་ལྷུན་གྲུབ་བསམ་ཡས་པད་བརྩེགས་ཀྱི༔ ཕོ་བྲང་བདེ་ཆེན་མངོན་དགའ་རུ༔ རིག་འཛིན་བདུད་འདུལ་རྡོ་རྗེ་བདག་གིས་བཀོད༔ དམ་ཆོས་འདི་ལ་གཞན་གྱིས་མིང་བཏགས་ནས༔ ང་ཡི་དགོངས་ཉམས་ཡིན་སྨྲ་དང༔ བཀའ་ལུང་མ་ཐོབ་གཞན་ལ་འཆད་བྱེད་དང༔ གཟུ་ལུམ་རས་ཆོད་མཁན་གྱི་དམ་ཉམས་ལ༔ དཔལ་ལྡན་བདུད་ཀྱི་མགོན་པོ་ཡབ་ཡུམ་དང༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏཱི་དང༔ དྲེགས་པ་མིང་སྲིང་དྲང་སྲོང་གཟའ་བདུད་དང༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ཡིས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་མྱུར་དུ་ཕོས༔ འཆི་ནས་མནར་མེད་གནས་སུ་སྐྱོལ་ཅིག་ས་མ་ཡ༔ ཆོས་འདི་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་མ་རྫོགས་སོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་ཤོག༔ མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས༔ དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུའི་ལས་བྱང་ (Volume 38, Text 18)

དྷྃ༔ ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས༔ དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུའི་ལས་བྱང་བཞུགས་སོ། ། ྈྈྈྈྈྈ སྤྱན་རས་གཟིགས་དབང་ཐུགས་རྗེའི་སྤྲུལ་པ་ལས༔ ཁམས་གསུམ་དབང་དུ་སྡུད་ཕྱིར་ཁྲོ་བོའི་སྐུ༔ དབང་གི་ང་རོས་དྲེགས་པ་འདུལ་མཛད་པའི༔ ཁྲོ་རྒྱལ་བགེགས་དཔུང་འཇོམས་ལ་ཕྱག་འཚལ་ལོ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་དཔལ་མགོན་བདུན་ཅུ་དང་བཅས་པའི་ཕྲིན་ལས་ཀྱི་རིམ་པ་འདི་ལ་སྤྱི་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་མཚམས་གཅོད༔ མཆོད་པ་བྱིན་རླབས་བཤགས་པ་སོགས་བླ་མའི་ལས་བྱང་ལྟར་ཤེས་པར་བྱའོ༔ དངོས་གཞི་བསྐྱེད་པ་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་རྣམས་སོ༔ དངོས་གཞི་བདག་བསྐྱེད་བླ་མའམ་རྟ་མཆོག་རོལ་པ་གང་རུང་དུ་གསལ་ལ༔ བདག་བསྐྱེད་ལྷའི་ང་རྒྱལ་དང་ལྡན་པས༔ ཧཱུྃ༔ ཆོས་རྣམས་རང་གི་སེམས་ཉིད་དེ༔ སེམས་ནི་སྤྲོས་དང་བྲལ་བར་བསྒོམ༔ དེ་ལྟར་མ་རྟོགས་སེམས་ཅན་ལ༔ ཁྱབ་པའི་སྙིང་རྗེ་ཀུན་ཏུ་སྣང༔ དེ་ལ་རང་སེམས་རྒྱུ་ཡི་དངོས༔ མཐིང་ནག་ཧཱུྃ་གི་ངང་དུ་གསལ༔ དེ་ལས་འབྱུང་བ་རིམ་བརྩེགས་པ༔ ཨེ་ལས་ནམ་མཁའ་མཐིང་ནག་འབར༔ ཡཾ་ལས་རླུང་ནག་ཁྱབ་པར་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞིས་ཁྱབ༔ ཀེཾ་ལས་རུས་པའི་རི་རབ་སྟེང༔ རཾ་ལས་འབར་བའི་མེ་དཔུང་འཁྲིགས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་རོལ་རིན་ཆེན་ལྔ་ལས་གྲུབ༔ ནང་དུ་སྤྲེ་འུ་ལུག་དང་ནི༔ མི་དང་སྤྱང་ཀིའི་ཐོད་པ་ནི༔ སྐམ་རློན་རྩིག་པས་རབ་བརྩེགས་པ༔ ཀ་བ་ཀ་ཞུ་གདུང་ལ་སོགས༔ ཞིང་ཆེན་ལས་གྲུབ་ཞིང་ལྤགས་ཀྱི༔ གྲལ་ལྕམ་ཐོག་གིས་ལེགས་པར་ཕུབ༔ ཁྲག་ཞགས་ཆུ་འབབ་འོད་དུ་འབར༔ སྒོ་བཞི་རྒྱན་དང་རྟ་བབས་བརྗིད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ དེ་དབུས་གྲུ་གསུམ་གདན་སྟེང་དུ༔ པད་ཉི་ཕོ་བདུད་མོ་བདུད་སྟེང༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ལས༔ དེ་ལས་མ་ཧཱ་ཀཱ་ལ་ཆེ༔ སྐུ་མདོག་སྨུག་ནག་འབར་བ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ མཆེ་གཙིགས་ལྗགས་འདྲིལ་སྡང་མིག་བགྲད༔ སྨ་ར་ཨག་ཚོམ་མེ་ལྟར་འབར༔ སྙན་ནས་བསྐལ་པའི་འབྲུག་སྒྲ་སྒྲོག༔ ཤངས་ནས་བསྐལ་པའི་འཐོར་རླུང་འབུད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དར་དམར་ཅོད་པན་སྦྲུལ་གྱིས་བཅིང༔ གླང་ཆེན་ཞིང་དང་སྟག་ལྤགས་བརྒྱན༔ དར་ནག་བེར་ཆེན་དགུ་བརྩེགས་གསོལ༔ གསེར་སྐ་རིན་ཆེན་སྐུ་སྐེད་བཅིངས༔ མི་མགོ་སྐམ་རློན་དོ་ཤལ་འཕྱང༔ ཐོད་པ་སྐམ་པོའི་དབུ་རྒྱན་ལ༔ རིགས་ལྔའི་སངས་རྒྱས་རྩེ་རྒྱན་སྤྲས༔ ཞབས་གཉིས་དོར་སྟབས་སྭག་ལྷྭམ་མཛེས༔ ཕྱག་གཉིས་ཙན་དན་བེང་ཆེན་ལ༔ སྒོ་གསུམ་ལྷ་བདུད་བཙན་དམག་ཚོགས༔ འགྱེད་བྱེད་གསོར་བའི་ཚུལ་དུ་འཛིན༔ དེ་ལྟར་གསལ་བའི་གཡོན་ཕྱོགས་སུ༔ མ་གཅིག་དཔལ་ལྡན་ལྷ་མོ་ནི༔ སྐུ་མདོག་ཆར་སྤྲིན་མདོག་འདྲ་བ༔ མི་སྡུག་སྲིན་མོ་ཁྲོས་འདྲའི་གཟུགས༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ༔ སྐུ་སྨད་རེ་བའི་ཤམ་ཐབས་ཅན༔ རལ་པ་ལན་བུ་སྤྱི་བོར་བཅིངས༔ ཐོད་སྐམ་དབུ་རྒྱན་ཐོད་རློན་གྱི༔ ཕྲེང་བ་དོ་ཤལ་དུག་སྦྲུལ་གྱི༔ ཕྱག་གདུབ་ཞབས་གདུབ་བརྗིད་པར་སྤྲས༔ སེང་གེ་སྦྲུལ་གྱི་སྙན་ཆ་ཅན༔ ལྕགས་སྒྲོག་སིལ་སྙན་ཞབས་ལ་བརྒྱན༔ ཕྱག་གཡས་གནམ་ལྕགས་རལ་གྲི་ཕྱར༔ ཕྱག་གཡོན་ཐོད་རློན་ཙིཏྟ་གསོལ༔ ཆིབས་སུ་བོང་བུ་གྭ་དམར་འཆིབ༔ མེ་རླུང་དབུས་སུ་བཞུགས་པར་བསྐྱེད༔ ལྕམ་དྲལ་ཡབ་ཡུམ་བཀའ་ཉན་པའི༔ འཁོར་ཚོགས་དཔལ་མགོན་བདུན་ཅུ་ནི༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ འཇིགས་བྱེད་དགུ་དང་རྒྱུ་སྐར་གྱི༔ ལྷ་མོ་ཉི་ཤུ་རྩ་བརྒྱད་སོགས༔ རང་རང་ཆ་ལུགས་རྫོགས་པར་བསྐྱེད༔ དཔལ་མགོན་ཡབ་ཡུམ་འཁོར་བཅས་རྣམས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་དམ་པ་བསྲུང་བའི་ཕྱིར༔ སྔགས་ཀྱི་བདག་པོས་དབང་བསྐུར་ནས༔ ཐར་པ་ཐོབ་པའི་མིང་ཡང་བཏགས༔ སྐྱེད་པ་རྐྱེན་གྱི་སྙིང་པོ་འབྱུང༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ༔ ཨོཾ་དི་ཝི་ཀཱ་ལི་ཧཱུྃ༔ ཨོཾ་རུ་ཨི་ཨ་བི་ག་གྷ་བྷྲི་ག༔ ཨོཾ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ༔ ཨོཾ་མེ་ཤིར་པུ་བི་ཤུལ་ཀྲྀ་ཨ་ཛྷྱོ༔ ཨོཾ་ཨིན་ཨག་ཡ་ནེ་བྷ་བཱ་ཀུ་ཨི་བྷྲ་བྲི༔ ཨོཾ་དྷི་བྷི་བི་བཻ༔ ཨོཾ་ཨཱ་ཀྲི་རོ་མྲྀ་ཨ་སུ་སུ་ཨ་མ་སཱུ་ཧ་ཙི་ཤྭ་བི་ཨ་ཛྱ་མ་མཱུ་སཱུ་ཨུ་ཤྲ་ཨ་དྷ་ཤ་སུ་ཨུ་རེ༔ ཨོཾ་བྷེ་བྷ་བྷི་བྷུ་བྷཻ་བྷོ་བྷཾ་བྷ༔ ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི༔ ས་མ་ཡ་ཛ་ཛ༔ ཨེ་ཨ་ར་ལི་ཌཱ་ཀི་ཛཿཕེཾ་ཕེཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ བསྐྱེད་ཅིང་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་འདིར༔ མ་ཧཱ་ཀཱ་ལ་ཡབ་ཡུམ་སྤྱན་འདྲེན་གྱིས༔ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཁམས་གསུམ་བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིར༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྲིད་པའི་ལེགས་ཉེས་ཀུན་གྱི་བྱ་ར་མཛད༔ ལྷ་ཆེན་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ༔ རྩི་བཅུད་འབྲུ་རྣམས་སྨིན་ཅིང་ཆར་འབེབ་པ༔ ཀླུ་ཆེན་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ༔ འཇིག་རྟེན་ཁམས་འདིར་ལེགས་ཉེས་བྱ་བ་སྟོན༔ གཟའ་ཆེན་བརྒྱད་པོ་འཁོར་བཅས་གཤེགས༴ ཕྱོགས་བཅུ་སྐྱོང་ཞིང་སྣ་ཚོགས་ལས་སྒྲུབ་པ༔ ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་གཤེགས༴ རྒྱལ་བའི་བསྟན་སྲུང་ཕྱོགས་བཞིའི་བགེགས་ཚོགས་འཇོམས༔ རྒྱལ་ཆེན་སྡེ་བཞི་འཁོར་བཅས་གཤེགས༴ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བྱེད༔ འཇིགས་བྱེད་དགུ་པོ་འཁོར་བཅས་གཤེགས༴ ཚེས་གྲངས་ལ་དབང་དུས་ཚེས་ལས་བྱེད་བདག༔ རྒྱུ་སྐར་ལྷ་མོ་འཁོར་བཅས་གཤེགས༴ གཞན་ཡང་རྒྱལ་བའི་སྤྱན་སྔར་ཁས་བླངས་པའི༔ དྲག་རྩལ་སྟོབས་མངའ་གང་ན་སུ་བཞུགས་པ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀ་ལ་དེ་ཝི་དྷརྨ་པཱ་ལ་ཤྲཱི་ནཱ་ཐཱ་ཨེ་ཀ་ཧ་ཏ་རི་སརྦ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡིད་ཀྱིས་སྤྲུལ་ཞིང་བསྐྱེད་པའི་གཞལ་ཡས་སུ༔ ཉི་ཟླ་པདྨ་བམ་ཆེན་གདན་ཁྲི་ལ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་བཅས་རྣམས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་དྷརྨ་པཱ་ལ་སརྦ་ས་པ་རི་ཝཱ་ར་པདྨ་ཀ་མ་ལེ་སཱུརྻ་རུ་ཏྲ་མཎྜལ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ དྲག་པོ་གཏུམ་ཆེན་འབར་བར་སྐུ་བཞེངས་པ༔ གདུག་པ་མ་ལུས་འདུལ་བའི་མཐུ་བོ་ཆེ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་ལ་ཕྱག་འཚལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་ཅིང༔ སྣང་སྲིད་དབང་བསྒྱུར་ལེགས་ཉེས་ཀུན་གྱི་བདག༔ མཁའ་དང་ཤུགས་ལ་སྡོད་པའི་མཐུ་སྟོབས་ཅན༔ འཁོར་ཚོགས་དཔལ་མགོན་བདུན་ཅུ་ལ་ཕྱག་འཚལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་དྷརྨ་པཱ་ལ་ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་སརྦ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས་པ་ལ༔ རྨད་དུ་བྱུང་བའི་བདུད་རྩི་རཀྟ་དང༔ འདོད་ཡོན་ལོངས་སྤྱོད་རྒྱན་གྱི་གཏོར་མ་འབུལ༔ ཁམས་གསུམ་གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ མི་ཤ་རྟ་ཤ་ཕག་ཤ་ཤ་སྣའི་ཚོགས༔ དེ་དག་སྙིང་དང་ཁྲག་གི་རྒྱ་མཚོའི་ཚོགས༔ དམ་རྫས་མཆོད་པ་རྨད་བྱུང་སྤྱན་གཟིགས་དང༔ སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང༔ སྒྲ་སྙན་གུ་གུལ་དཀར་ནག་དུད་པས་མཆོད༔ གང་དམིགས་བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ ཤ་ཁྲག་ཆང་དང་དཀར་གསུམ་མངར་གསུམ་དང༔ སྨན་སྣ་རིན་ཆེན་དར་ཟབ་ཆུ་སྣ་དང༔ མེ་ཏོག་འབྲུ་སྣ་རྩི་ཐོག་ཁུར་བ་སོགས༔ དགྱེས་པའི་དམ་རྫས་སྣ་ཚོགས་མཆོད་པ་འབུལ༔ གང་དམིགས་བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ དར་ཟབ་རྒྱལ་མཚན་འཕན་གདུགས་བླ་རེ་དང༔ སྣ་ཚོགས་ཅོད་པན་རུ་དར་མདའ་མདུང་གྲི༔ ཁྲབ་རྨོག་ཕུབ་དང་གཅན་གཟན་པགས་པ་དང༔ སྤྱན་གཟིགས་དཀོར་ཆ་མཐུན་པའི་རྟེན་དུ་འབུལ༔ གང་དམིགས་བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ རྟ་ནག་ལུག་ནག་གཡག་རྒོད་འབྲོང་ཁྱི་དང༔ བྱ་རོག་བྱ་ནག་རྐང་བཞི་ཕྱུགས་དང་ནི༔ ལས་བྱེད་མི་ནག་གཅན་གཟན་སྟག་གཟིག་སོགས༔ དགྱེས་པའི་སྤྱན་གཟིགས་སྣ་ཚོགས་མཆོད་པ་འབུལ༔ གང་དམིགས་བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་དྷརྨ་པཱ་ལ་ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་སརྦ་ས་པ་རི་ཝཱ་ར་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་མཱཾ་ས་ཙིཏྟ་བ་སུ་ཏ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་སརྦ་མུ་དྲཱ་པཱུ་ཙ་མེ་གྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ༔ བྱང་ཆུབ་ཁྱོད་ལ་བདག་བསྟོད་དོ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ རབ་འཇིགས་སྲིན་པོ་ཁྲོས་འདྲའི་གཟུགས༔ དུར་ཁྲོད་ཆས་དང་བེར་ཆེན་གསོལ༔ རྒྱན་ཆ་རྫོགས་ལ་ཕྱག་འཚལ་བསྟོད༔ རིགས་ལྔའི་སངས་རྒྱས་དབུ་བརྒྱན་ཞིང༔ ཕྱག་གཉིས་ཙནྡན་བེང་ཆེན་གསོར༔ སྒོ་གསུམ་ལས་མཁན་དམག་ཚོགས་འགྱེད༔ དྲག་ཤུལ་ཅན་ལ་བདག་བསྟོད་དོ༔ ཁྱོད་སྔོན་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མཐུ་བོ་ཆེ༔ དམ་བཅའ་མ་བསྙེལ་ལས་ཀུན་སྒྲུབ༔ དམ་ལྡན་ཁྱོད་ལ་བདག་བསྟོད་དོ༔ དཔལ་ལྡན་ལྷ་མོ་སྲིད་གསུམ་བདག༔ གདུག་པའི་ཁའི་རླངས་དགྲ་བགེགས་འཇོམས༔ རྣལ་འབྱོར་དམ་ལྡན་བུ་བཞིན་སྐྱོང༔ སྲིད་གསུམ་བདག་མོ་ཁྱོད་ལ་བསྟོད༔ ལྕམ་དྲལ་ཡབ་ཡུམ་བཀའ་ཉན་པའི༔ ལྷ་ཀླུ་གཟའ་དང་ཕྱོགས་སྐྱོང་དང༔ རྒྱལ་ཆེན་འཇིགས་བྱེད་རྒྱུ་སྐར་གྱི༔ ལྷ་མོར་བཅས་ལ་བདག་བསྟོད་དོ༔ གཞན་ཡང་བསྟན་པ་སྲུང་མཛད་པའི༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས༔ ཆོས་བྱེད་སྒྲུབ་པ་སྐྱོང་མཛད་པའི༔ མཐུ་ལྡན་རྣམས་ལ་བདག་བསྟོད་དོ༔ རྗེས་ཀྱི་རིམ་པ་ནི༔ ཚོགས་བྱིན་རླབས་མཆོད་བསྒྲལ་བསྟབ༔ བསྐང་བཤགས་ལྷག་བསྐུལ་གཏོར་སྐྱོང་མནན་པ་སོགས་རྗེས་གཅོད་དོ༔ ཚོགས་བྱིན་གྱིས་རླབ་པ༔ ཚོགས་ལ་བདུད་རྩི་གཏོར་ལ༔ རཾ་ཡཾ་ཁཾ༔ ཧཱུྃ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ དངོས་དང་དངོས་འཛིན་མཚན་མ་བསྲེགས༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ དངོས་དང་དངོས་མེད་མཚན་མ་གཏོར༔ ཁཾ་ལས་ཡེ་ཤེས་ཆུ་བྱུང་བས༔ དངོས་དང་དངོས་འཛིན་མཚན་མ་སྦྱངས༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཚོགས་ཀྱི་འབགས་བཙོག་སྦྱང་བར་བྱ༔ རཾ་ཡཾ་ཁཾ༔ ཞེས་པས་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་ཚོགས་བདུད་རྩིར་བྱིན་གྱིས་བརླབ༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྤྲོས་བྲལ་ཆོས་དབྱིངས་དག་པ་ནས༔ ལྷུན་གྲུབ་ཡེ་ཤེས་སྐུར་ཤར་བ༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༔ དཔལ་མགོན་གཙོ་འཁོར་ལྕམ་དྲལ་རྣམས༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ ཨ་ལ་ལ་ཏེ་བཞེས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་གྷ་ན་ཙཀྲ་ལ་ཁཱ་ཧི༔ ན་མོ༔ བདག་ཅག་མ་རིག་སྒོ་གསུམ་གྱིས༔ དམ་ཚིག་གཉན་ལས་འགལ་གྱུར་ཏེ༔ ལུས་ཀྱི་སྡིག་པ་དངོས་སུ་བགྱིས༔ ངག་གིས་ཚིག་འཁྱལ་ངན་དུ་བརྗོད༔ སེམས་ཀྱིས་ལོག་པར་བལྟས་པ་སོགས༔ ཉོན་མོངས་དབང་གིས་ནོངས་བགྱིས་པ༔ ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ ཉམས་ཆག་འགལ་འཁྲུལ་བགྱིས་པ་ཀུན༔ ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ མཆོད་པ་བཞེས་ལ་དངོས་གྲུབ་སྩོལ༔ དེ་ནས་ཐ་མ་བསྒྲལ་བ་ནི༔ ལིང་ག་ལ་དགུག་གཞུག་བྱས་ལ་གྲི་དང་ཕུར་པ་བསྒྲིལ་ཞིང༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་བཅས་རྣམས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མཚོན་ཆ་འབར་བའི་ཆར་ཕོབ་ལ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བགེགས་མཱ་ར་ཡ་རྦད༔ དེ་ནས་བསྟབ་པ་བྱ་བ་ནི༔ མ་ཧཱ་ཀཱ་ལ་ལྕམ་དྲལ་དང༔ འཁོར་ཚོགས་དཔལ་མགོན་བདུན་ཅུ་རྣམས༔ ཞིང་བཅུ་ཚང་བའི་དགྲ་བགེགས་ཀྱི༔ ཕུང་པོ་ལྔ་པོ་ཞལ་དུ་བསྟབ༔ འབྱུང་བ་ལྔ་པོ་ཞལ་དུ་བསྟབ༔ ཉོན་མོངས་དུག་ལྔ་ཞལ་དུ་བསྟབ༔ ཤ་ཁྲག་རུས་གསུམ་ཞལ༴ བླ་ཚེ་སྲོག་གསུམ་ཞལ༴ དམ་སྲི་འབྱུང་པོ་ཞལ༴ དགྲ་བགེགས་ཐམས་ཅད་ཞལ༴ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི༔ ཀིཾ་ནི་རི་ཏི་ཁ་རཾ༴ བ་སུ་ཏ་ཁ༴ ཨ་མྲྀཏ་ཁ༴ ག་ཎ་ཙཀྲ་ཁ༴ བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ་བོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་དང༔ འཁོར་ཚོགས་དཔལ་མགོན་བདུན་ཅུའི་ཚོགས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས༴ བརྗོད་མེད་ཡོན་ཏན་དངོས༴ ཐོགས་མེད་ཕྲིན་ལས་དངོས༴ འཆི་མེད་ཚེ་ཡི་དངོས༴ འཛད་མེད་ནོར་གྱི་དངོས༴ ནུས་པ་མཐུ་ཡི་དངོས༴ བཀྲག་དང་གཟི་མདངས་དངོས༴ བུ་ཚ་རིགས་རྒྱུད་དངོས༴ འཁོར་དང་ལོངས་སྤྱོད་དངོས༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་ཚོགས་ལྷག་གཏང་བ་ནི། ཧཱུྃ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་ལ༔ ལྷག་སྡུད་ཚོགས་ཀྱིས་བསྐོར་བ་ནི༔ དབང་ཕྱུག་མཁའ་འགྲོ་གིང་ལང་ཀ༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ མགྱོགས་མ་བཞི་དང་ཕོ་ཉའི་ཚོགས༔ ལྷག་ལ་དབང་བའི་དམ་ཅན་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཧ་རི་ཏེ་བྷྱོ་སྭཱ་ཧཱ༔ དེ་ནས་བསྐུལ་བྱ་བ་ནི༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ དུར་ཁྲོད་ཆས་དང་བེར་ཆེན་གསོལ༔ ཕྱག་གཉིས་བེང་ཆེན་གསོར་ཞིང་བརྡེག༔ བསྟན་པའི་དགྲ་བགེགས་ཐལ་བར་རློག༔ སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ དཔལ་ལྡན་ལྷ་མོ་སྲིད་གསུམ་བདག༔ རབ་འཇིགས་སྟོང་གསུམ་ཁུས་སྒྲ་འདེབས༔ ཕྱག་གཉིས་རལ་གྲི་ཐོད་ཁྲག་བསྣམས༔ མི་སྡུག་འཇིགས་པའི་ཆས་ཀྱིས་སྤྲས༔ སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་མཛད་པའི༔ དབང་ཕྱུག་ནག་པོ་ཏྲི་ཤཱུལ་འཛིན༔ བརྒྱ་བྱིན་དཀར་པོ་རྡོ་རྗེ་འཛིན༔ ཚངས་པ་སེར་པོ་པདྨ་འཛིན༔ ཁྱབ་འཇུག་ལྗང་གུ་ལག་བཞི་ན༔ འཁོར་ལོ་བེ་ཅོན་མདུང་ནོར་བུ༔ ཚོགས་བདག་དཀར་པོ་ལག་བཞི་ན༔ ལ་ཕུག་རིན་ཆེན་གཞོང་པ་དང༔ ཕྲེང་བ་ནོར་བུ་ལྕགས་ཀྱུ་འོ༔ བྷྲིང་གི་རི་སེར་བུམ་པ་འཛིན༔ འདོད་ལྷ་དམར་པོ་ལྕགས་ཀྱུ་ཐོགས༔ གདོང་དྲུག་ལྗང་གུ་མདའ་མདུང་གསོར༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ མཐའ་ཡས་དཀར་པོ་ཨུཏྤལ་འཛིན༔ འཇོག་པོ་དམར་པོ་དགྲ་སཏྭ་འཛིན༔ སྟོབས་རྒྱུ་ནག་པོ་སྦྲུལ་ཞགས་འཛིན༔ རིགས་ལྡན་དཀར་པོ་རིན་ཆེན་འཛིན༔ ནོར་རྒྱས་སེར་པོ་བུམ་པ་འཛིན༔ དུང་སྐྱོང་སེར་པོ་ཕུར་པ་འཛིན༔ པདྨ་དམར་པོ་མེ་ཏོག་འཛིན༔ ཆུ་ལྷ་དཀར་པོ་སྦྲུལ་ཞགས་འཛིན༔ ཀུན་ཀྱང་སྦྲུལ་གྱི་གདེངས་ཀ་ཅན༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃཿ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ པ་སངས་དཀར་པོ་ཤིང་འབྲས་འཛིན༔ ཕུར་བུ་སྔོན་པོ་པོ་ཏི་འཛིན༔ ཟླ་བ་མདོག་དཀར་ཀུ་མུ་ཏ༔ ལག་པ་སེར་པོ་ཨུཏྤ་ལ༔ མིག་དམར་བུམ་པ་མེ་སྒྲོན་འཛིན༔ སྒྲ་གཅན་དུད་ཁ་རལ་གྲི་འཛིན༔ ཉི་མ་སེར་པོ་དབྱུག་པ་འཛིན༔ སྤེན་པ་ནག་པོ་དགྲ་སཏྭ་ཐོགས༔ ཀུན་ཀྱང་རང་རང་ཆས་ཀྱིས་བརྒྱན༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ བརྒྱ་བྱིན་ལག་ན་རྡོ་རྗེ་ཐོགས༔ གཤིན་རྗེ་ཐོད་པའི་དབྱུག་པ་འཛིན༔ ཆུ་ལྷ་སྦྲུལ་གྱི་ཞགས་པ་བསྣམས༔ གནོད་སྦྱིན་ནེའུ་ལེའི་རྐྱལ་པ་ཐོགས༔ མེ་ལྷ་བགྲང་ཕྲེང་སྤྱི་བླུགས་འཛིན༔ སྲིན་པོ་ནག་པོ་རལ་གྲི་འཛིན༔ རླུང་ལྷ་ལྗང་གུ་བ་དན་འཛིན༔ དབང་ལྡན་ལག་ན་རྡོ་རྗེ་ཐོགས༔ ཚངས་པ་གདོང་བཞི་པདྨ་འཛིན༔ ས་ལྷ་མདོག་སེར་བུམ་པ་འཛིན༔ ཀུན་ཀྱང་རང་ཆས་བཞོན་པ་འཆིབ༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ འཇིགས་བྱེད་མཐིང་ནག་ཁ་ཊྭཱཾ་འཛིན༔ བྲི་མི་ཏ་དཀར་རིན་ཆེན་འཛིན༔ འཇིགས་བྱེད་སྔོ་ནག་རྩེ་གསུམ་འཛིན༔ ཀ་དཔེ་དམར་ནག་ཐོད་དབྱུག་འཛིན༔ བྷེ་ར་ལྗང་ནག་འཁོར་ལོ་འཛིན༔ བྷེ་ཤན་དམར་ནག་མདའ་གཞུ་འཛིན༔ བྷེ་ཏི་སྔོ་ནག་དགྲ་སཏྭ་འཛིན༔ ཀ་ལ་དུར་སྐྱ་རལ་གྲི་འཛིན༔ ག་ཏི་སྔོ་སྐྱ་གྲི་གུག་འཛིན༔ ཀུན་ཀྱང་རང་རང་ཆ་ལུགས་ཅན༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་མཛད་པའི༔ སྨིན་དྲུག་དམར་པོ་བུམ་ཁྲིར་བཞུགས༔ སྣར་མ་ལྗང་གུ་ཁྲི་ལ་བཞུགས༔ མགོ་སེར་ཤ་བའི་ཁྲི་དང་བཅས༔ ལག་དམར་གདུག་པ་སྦྲུལ་ལ་ཞོན༔ ནམ་སོ་དམར་པོ་པདྨར་གནས༔ རྒྱལ་ལྗང་བུམ་པའི་ཁྲི་ལ་བཞུགས༔ སྐག་ལྗང་བྱ་རོག་ཁྲི་ལ་བཞུགས༔ མཆུ་སེར་མེ་ཏོག་ལས་བྱུང་བ༔ གྲེ་དཀར་པདྨའི་སྟེང་དུ་འདུག༔ སྦོ་ལྗང་རིན་ཆེན་ཁྲི་ལ་བཞུགས༔ མེ་བཞི་སེར་པོ་གླང་པོ་ཞོན༔ ནག་ལྗང་རྨ་བྱའི་ཁྲི་ལ་བཞུགས༔ ས་རི་དམར་མོ་སྤྱང་མོ་ཞོན༔ ས་ག་ལྗང་གུ་ར་དཀར་གནས༔ ལྷ་མཚམས་སེར་པོ་བྱ་རོག་ཞོན༔ སྣྲོན་ནི་དམར་པོ་འབོལ་ཁྲིར་བཞུགས༔ སྣུབས་ལྗང་ས་བདག་རུས་སྦལ་ཞོན༔ ཆུ་སྟོད་སེར་པོ་འབོལ་སྟེང་གནས༔ ཆུ་སྨད་ལྗང་གུ་ཙིཏྟ་ཞོན༔ བྱི་ཞིན་མདོག་དཀར་གདན་དང་བཅས༔ གྲོ་ཞུན་སེར་མོ་ཀུ་མུད་བཞུགས༔ མོན་གྲེ་ལྗང་གུ་གླང་དཀར་གནས༔ མོན་གྲུ་དམར་པོ་དར་གདན་སྟེང༔ ཁྲུམས་སྟོད་ལྗང་གུ་གསེར་ཁྲི་ལ༔ ཁྲུམས་སྨད་མདོག་སེར་ཁྲི་ལྡན་ལ༔ ནམ་གྲུ་དམར་པོ་རྟ་ལ་ཞོན༔ ཐ་སྐར་ལྗང་སྐྱ་མི་ལ་ཞོན༔ བྲ་ཉེ་སྔོན་པོ་འཁོར་ལོར་ཞོན༔ ཀུན་ཀྱང་ལྷ་མོའི་ཆས་དང་ལྡན༔ མ་ངེས་ཕྱག་མཚན་སྣ་ཚོགས་བསྣམས༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ ཡུལ་འཁོར་སྲུང་དཀར་པི་ཝཾ་འཛིན༔ འཕགས་སྐྱེས་སྔོན་པོ་རལ་གྲི་འཛིན༔ སྤྱན་མི་བཟང་དམར་མཆོད་རྟེན་འཛིན༔ རྣམ་སྲས་སེར་པོ་ནེའུ་ལེ་འཛིན༔ རབ་འཇིགས་སྲ་བའི་གོ་ཆར་བཅས༔ སྔོན་ཚེ་རྒྱལ་བའི་བཀའ་ལུང་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་དཔལ་མགོན་བདུན་ཅུའི་ཚོགས༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཡིས༔ དམ་བཏགས་བཀའ་ཡི་གཉེར་ཡང་གཏད༔ དེ་ནས་ར་ས་འཕྲུལ་སྣང་དུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ མངའ་བདག་ཡབ་སྲས་མཚོ་རྒྱལ་སོགས༔ རྗེ་འབངས་འཁོར་དང་བཅས་པ་ལ༔ འཕགས་པ་འཁོར་བ་ལས་སྒྲོལ་གྱི༔ སྒྲུབ་ཆེན་དབང་བསྐུར་མཛད་པའི་ཚེ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་དང༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ དངོས་སུ་རང་གཟུགས་བསྟན་ནས་ནི༔ རང་རང་སྲོག་གི་སྙིང་པོ་ཕུལ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ དམ་ཆོས་སྒྲུབ་པའི་གང་ཟག་གི༔ ཕྲིན་ལས་རྣམ་བཞི་སྒྲུབ་པ་ལ༔ ཆོས་འཁོར་གཉན་པོ་སྐྱོང་བ་སོགས༔ ཁས་བླངས་དམ་བཅས་མ་གཡེལ་བར༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ དགྲ་རྣམས་ཐམས་ཅད་གཞོམ་པ་དང༔ བགེགས་རྣམས་ཐམས་ཅད་འདུལ་བ་དང༔ ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་ཁམས་འདིར་ལོ་ལེགས་ཤིང༔ བདེ་ལེགས་ཕུན་སུམ་ཚོགས་པ་དང༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ དེ་ནས་གཏོར་མ་བླ་མའི་ལས་བྱང་ལྟར་ཆད་ཐོ་བརྟན་སྐྱོང་སོགས་རྗེས་གཅོད་བྱ་ཞིང༔ མགོན་པོ་འཁོར་བཅས་རྟེན་ཡོད་ན་བསྟིམ༔ མེད་ན་གཤེགས་སུ་གསོལ་ཞིང༔ རང་ལུས་ཡི་དམ་ལྷའི་ང་རྒྱལ་གྱིས་བསྲུང༔ དེ་ལྟར་དཔལ་མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུ་རྩ་ལྔའི་ལས་བྱང་ཨོ་རྒྱན་མ་ཧཱ་གུ་རུའི་བཀའ་བཞིན་བདག་འདྲ་མཚོ་རྒྱལ་གྱིས་ར་ས་འཕྲུལ་སྣང་གི་སྟེང་ཁང་གློ་འབུར་ནུབ་ཏུ་མཐིང་ཤོག་ལེབ་ལ་ཡི་གེར་བཏབ་པ་འདི༔ ཕྱི་རབས་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དྷ་ཐིམ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་མཐིང་ཤུན་སྔོན་མོའི་ལེབ་ནས་དག་པར་ཕབ་པའོ།། །།

གནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མ་ཡི་ཟོར་མདོས་ཁྱེར་བདེ་བར་བཀོད་པ་ (Volume 44, Text 18)

༄༅། །གནམ་ཆོས་དགོངས་གཏེར་ལས་དབང་ཕྱུག་མ་ཡི་ཟོར་མདོས་ཁྱེར་བདེ་བར་བཀོད་པ་བཞུགས་སོ། ། སརྦ་ཛྙཱ་ན་དྷཱ་ཀི་ན་མོ། དགོངས་གཏེར་རྡོ་རྗེའི་གསུངས་ལས་བཀོད་པའི་དོན། །དབང་ཕྱུག་མ་ཡི་ཟོར་མདོས་བསྡུས་པ་བཀོད། །དྷཱ་ཀི་རྣམས་ཀྱིས་བཀའ་གནང་བྱིན་གྱིས་རློབས། །མདོས་གདན་གཡང་གཞི་གང་ཡང་རུང་བའི་སྟེང་། །དབུས་སུ་ཟོར་ཆེན་གཅིག་གི་ཕྱོགས་བཞི་རུ། །ཀོང་ཟོར་དེ་ལས་ཆུང་བ་བཞི་ཡིས་བསྐོར། །དེ་རྒྱབ་ཀོང་ཟོར་ཆུང་ངུ་ཉི་ཤུ་བརྒྱད། །བསྡུས་ན་ཉེར་བརྒྱད་བཞི་ལ་བསྡུ་བར་བྱ། །ཀོང་ཟོར་རྣམས་ནི་ཀོང་བུ་ཟུར་གསུམ་དབྱིབས། །ནང་དུ་ཟོར་མེད་དམར་གཏོར་ཆུང་ངུ་རེ། །ཟུར་གསུམ་རྩང་དེ་རྩེ་གསུམ་བསྣོལ་ལ་གཟུག །ཞིབ་པར་དཔེའུ་རིས་ལ་བལྟས་པས་གསལ། །གལ་ཆེན་ཡོད་ན་ཤོག་ལིང་བྲིས་ནས་ཀྱང་། །གཡང་གཞི་དང་ནི་མདོས་སྣོད་བར་དུ་བཞག །བསྡུ་ན་ཟན་ལིང་གཅིག་བཞག་མགོ་མདུན་དུ། །ཟོར་ཆེན་མདུན་དུ་བཞག་པས་འཐུས་པ་ཡིན། །ཤ་ཁྲག་མཚེ་དང་ཡུངས་དཀར་སྒང་བུས་བརྒྱན། །དེ་ནི་ཟོར་བསྒྲུབ་ཟོར་མདོས་བཅའ་ཆོག་སྟེ། །བཀའ་གཏད་རྐྱང་པར་ཟོར་ཆུང་ལྔ་ཡི་ཆོག །ཟོར་མདོས་དེ་ལ་ཟོར་ཁེབས་ཟུར་གསུམ་བཀབ༔ ལྷ་གཞུང་སྔོན་དུ་སོང་ནས་ཟོར་མདོས་བྲན། །འདི་ལ་བསྙེན་དང་སྒྲུབ་པ་ལས་སྦྱོར་གསུམ། །དང་པོ་བསྙེན་པ་བྱ་བའི་རིམ་པ་ནི། །ཡེ་ནས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན༔ རང་ཉིད་མཁའ་འགྲོ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གྲི་ཐོད་འཛིན་པ་གར་སྟབས་མཛད་པ༔ ཐུགས་ཀར་ཉི་སྟེང་སྔགས་ཕྲེང་གཡོན་དུ་འཁོར་བ༔ དེའི་མདུན་དུ་མ་མོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་སྤྲིན་ལྟར་འཁྲིགས་ནས་ལས་བསྒྲུབ་པར་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བརྒྱ་ལས་མི་ཉུང་ཅི་མང་བསྙེན་པར་བྱ། སྐད་ཅིག་གིས་རང་ཉིད་གནས་འགྱུར་ནས་བདག་དང་མདུན་བསྐྱེད་ཟོར་དང་རྩང་རྣམས་སོ་སོར༔ མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་ལྕགས་སྲེག་ལྟ་བུ༔ གནམ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ༔ ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ་ཕྱག་གཉིས་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སྐུ་སྨད་ལྕགས་སྲེག་གི་ཕུར་པས་བན་བོན་ཉམས་པའི་སྙིང་གར་གཟིར་བ༔ དེའི་ཤར་དུ་དཀར་མོ་སེང་གདོང༔ ལྷོར་སེར་མོ་སྟག་གདོང༔ ནུབ་ཏུ་དམར་མོ་དྲེད་གདོང༔ བྱང་དུ་ནག་མོ་དོམ་གདོང༔ ཐམས་ཅད་ཀྱང་གཙོ་མོ་ལྟ་བུ་རང་རྟགས་ཀྱིས་མཚན་པའི་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སེངྒེ་དང་སྟག་དང་དྲེད་དང་དོམ་གྱི་ཤུན་པ་གྱོན་པ་སྐུ་སྨད་ལྕགས་སྲེག་གི་ཕུར་པ་ཅན༔ འཁོར་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ༔ བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་ཉེར་བརྒྱད་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ཨོཾ་སརྦ་པཉྩ་དྷཱ་ཀི་བྷྱོ་ས་ཡ་སི་ཧྲཱིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག༔ ཨོཾ་པཉྩ་དྷཱ་ཀི་བྷྱོ་ས་ཡ་སི་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་སྒྲུབ་ལ་བརྩེ༔ བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་མོ་ཉེར་བརྒྱད་ལ་བསྟོད་དོ༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་རྒུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་མོ་ལྔ་ཡི་ཐུགས་ཀ་རུ༔ ཧཱུྃཿཨ་ཧྲཱི་ནིཿསཿཡིས་མཚན༔ གཙོ་འཁོར་ཀུན་གྱིས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྡིར་བ་ལྟར་དུ་བཟླས༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམས༔ ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་འདར༔ བྱད་མས་བྱས་པའི་བསམ་སྦྱོར་ཀུན༔ ཁོ་རང་ཐོག་ཏུ་ལོག་སྟེ་སོང༔ སྐུ་ལས་གནམ་ལྕགས་དྲག་པོའི་ཐོག༔ ཚྭ་ཚྭའི་ཚུལ་དུ་དཔག་མེད་འཕྲོས༔ གནོད་བྱེད་ཐམས་ཅད་གཞོབ་ཏུ་བསྲེག༔ སྐུ་སྨད་ལྕགས་སྲེག་ཕུར་པ་ནི༔ གནོད་བྱེད་རྣམས་ཀྱི་སྙིང་གར་གཟིར༔ སྒོ་གསུམ་ནུས་པ་བཅོམ་པར་གྱུར༔ དེ་ལྟར་བསྒོམ་ཞིང་སྔགས་འདི་ཉིད། །ཅི་ནུས་བཟླས་པས་འགྲུབ་པ་ཡིན། །བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོམ་བྷྱོ༔ དུ་དུ་ཙ་ཤ་ནན༔ ཨ་ཀ་མ་ནི་ཁྲོཾ་བྷྱོ༔ ཤད་བུ་གྱད་བུ་ནན༔ ས་ར་མ་ནི་ཁྲོཾ་བྷྱོ༔ ཏྲ་ནི་ཏྲ་ནི་ནན༔ ནི་ལི་དྷ་ར་ཁྲོཾ་བྷྱོ༔ ཏྲི་ཕུཾ་ཏྲི་ཕུཾ་ནན༔ ཏྲི་ཤ་ཏྲ་ཁྲོཾ་བྷྱོ༔ དུན་ཏིང་དུ་ནན༔ ཨ་ཧྲཱི་ནི་ས་བྷྱོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཕཊ༔ དེ་ནས་ཟོར་མདོས་ཡིན་ན་ནི། །དབང་ཕྱུག་མའི་སྔགས་འདི་བརྗོད། བྷྱོ་ས་ཡ་སི་བྷྱོ༔ དེ་ནི་ཅི་ལྕོགས་བཟླས་པར་བྱ། །འདི་ཡི་བཀའ་གཏད་བྱེད་པ་ན། །འདི་ཡན་བརྗོད་རྗེས་ཟོར་ལྔ་པོ། །རིམ་བཞིན་ལག་ཏུ་གཏད་ནས་ཀྱང་། །ཕྱོགས་གཙང་ཕྱོགས་སུ་འཕེན་དུ་འཇུག །དེ་ནས་མཎྜལ་ཕུལ་བར་བྱ། །དེས་ནི་འདི་ཡི་བཀའ་གཏད་ཐོབ། །ཟོར་བསྒྲུབ་ཟོར་མདོས་གང་ཡང་རུང་། །ཟོར་མདོས་ཡིན་ན་གསོ་བྲན་བྱ། །ཐུགས་དམ་བསྐང་བར་མ་བྱས་ན། །བྱད་དབང་ཟློག་པར་མི་འགྱུར་བས། །དེ་ཕྱིར་དང་པོ་བསྐང་བ་ནི། །ཧཱུྃ། མ་མོ་ཀུན་གྱི་ཡང་རྗེ་མོ། །ཡེ་ཤེས་མཁའ་འགྲོ་བྱད་ཟློག་མ། །འཁོར་བཅས་ཐུགས་དམ་བསྐང་བའི་རྫས། །སྲིད་པའི་ཟོར་མདོས་གཞུང་བཞིན་བཤམས། །དམར་གཏོར་ཤ་ཁྲག་རྩང་གིས་བརྒྱན། །མཚེ་དང་ཡུངས་དཀར་སྒང་བུ་བཙུགས། །མ་མོ་མཁའ་འགྲོའི་སྤྱན་ལམ་དུ། །ཅི་འདོད་མཆོད་པའི་སྤྲིན་ཕུང་གཏིབས། །བྱད་ཁ་ཟློག་པའི་མཐུ་མོ་ཆེ། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་། །སེང་གདོང་དཀར་མོའི་ཐུགས༴ སྟག་གདོང་སེར་མོའི་ཐུགས༴ དྲེད་གདོང་དམར་མོའི་ཐུགས༴ དོམ་གདོང་ནག་མོའི་ཐུགས༴ མཁའ་འགྲོའི་བཀའ་སྡོད་སྲུང་མ་ནི། །དབང་ཕྱུག་མ་ཚོགས་ཐུགས༴ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྱིར། །ཤར་གྱི་མ་བདུན་ཐུགས༴ ཚེ་དང་ལོངས་སྤྱོད་རྒྱས་པའི་ཕྱིར། །ལྷོ་ཡི་མ་བདུན་ཐུགས༴ ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར། །ནུབ་ཀྱི་མ་བདུན་ཐུགས༴ དྲག་པོའི་ལས་རྣམས་མཐར་ཕྱིན་ཕྱིར། །བྱང་གི་མ་བདུན་ཐུགས༴ བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་ཐུགས་དམ་བསྐང་། །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་། །མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་། །རང་བྱུང་དམ་རྫས་བདུད་རྩི་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །རཀྟ་དམར་གྱི་དགྱེས་མཆོག་དང་། །ཤ་ཆེན་སྤོས་ཀྱི་དམ་རྫས་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་། །སྣང་གསལ་ཞུན་མར་མདངས་ལྡན་དང་། །མཁའ་ལྡིང་མདངས་དང་ཤེལ་སྒོང་མདངས། །ཙ་ར་འདི་ཡི་མདངས་ཀྱིས་བསྐང་། །འདི་ལྟར་བསྐང་བསྐང་གསོལ་གསོལ་ནས། །ཐུགས་དམ་གཉན་པོ་དེས་བསྐངས་ལ། །ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག །བདག་གི་གཡར་དམ་སོར་སྩོལ་ཅིག །གཡར་དམ་བསྐངས་ལ་རྐྱེན་དབང་ཟློགས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི། །ཐུགས་དང་འགལ་བ་གང་གྱུར་པ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་དང་ཡིག་བརྒྱ་བཟླས། དེ་ནས་སྨད་ལས་ཟློག་པ། ཨོཾ། ཀཾ་ལས་བྱུང་བའི་ཟོར་རྒོད་རྣམས། །གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ། །དེ་ནང་དགྲ་བགེགས་བྱད་མ་རྣམས། །མངོན་སུམ་ལྟ་བུར་གསལ་བའི་སྟེང་། །རྩང་རྣམས་མཁའ་འགྲོ་དབང་ཕྱུག་མ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །དགྲ་བགེགས་གནོད་བྱེད་ཐམས་ཅད་ནི། །སྦུར་མ་རླུང་གིས་བསྡུ་བ་ལྟར། །བསྡུས་ནས་ཟོར་ཀོང་ནང་དུ་ཐིམ། །ཧཱུྃ་བྷྱོ་ཛཿ ལས་ཀྱི་མཁའ་འགྲོ་རྫུ་འཕྲུལ་ཅན། ཁྲི་འབུམ་བྱེ་བ་ས་ཡ་རྣམས། །ཀུན་ཀྱང་སྲོག་གི་བདག་མོ་སྟེ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །ད་ལྟ་ནམ་གྱི་གུང་ཤེད་ལ། །འབྱུང་བ་ཆུ་ཡང་གཉིད་ལོག་གིས། །དམ་ཉམས་དགྲ་བོ་གཉིད་དུ་སོང་། །བླ་ཚེ་འཁྱམས་པོ་ཁྲིད་ལ་ཤོག །རོ་ཉལ་བྱས་པའི་སྲོག་རྩ་ཆོད། །ཞོ་ལྟར་དཀྲུགས་ལ་སྙིང་རྩ་དྲོངས། །གྲུ་གསུམ་ལྕགས་ཀྱི་ཁང་པ་འདིར། །མཁའ་འགྲོའི་ཚོགས་ཀྱིས་ཁྲིད་ལ་ཤོག །ལས་དབང་དྲག་པོས་ཁྲིད་ལ་ཤོག །བྷྱོཿ ལས་ཀྱི་མཁའ་འགྲོ་ཁྱེད་རྣམས་ཀྱིས། །དགྲ་བོའི་སྙིང་ནས་ལྕགས་ཀྱུས་དྲོངས། །དགྲ་བོའི་སྐེ་ནས་ཞགས་པས་ཆིངས། །དགྲ་བགེགས་ཡན་ལག་ལྕགས་སྒྲོག་སྡོམས། །དགྲ་བོའི་རྒྱབ་ནས་དྲིལ་བུས་ཕུལ། །དགྲ་བོ་འགུགས་པའི་དུས་ལ་བབས། །སརྦ་དྷཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོཿ ནྲི་མཱ་ར་ཡ་ཛཿཛཿ ནྲི་ཨངྐུ་ཤ་ཛཿཛཿ ཐུམས་རི་ལི་ལི་ཛཿཛཿ མཁའ་འགྲོའི་སྐུ་སྨད་ཕུར་པའི་དབལ། །ཟུག་པས་གནོད་བྱེད་དགྲ་བགེགས་བསྒྲལ། །ཟོར་ཀོང་དགྲ་བགེགས་ཤ་ཁྲག་གིས། །གང་བ་མཁའ་འགྲོ་རྣམས་ཀྱིས་གསོལ། །ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་པཉྩ་ཤྭ་རཱི་ཡ་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། ཙིཏྟ་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། ཧཱུྃ༔ བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ སངས་རྒྱས་རིགས་ཀྱི་བྱད་མ་ཟློག༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ ཨ༔ སེང་གདོང་དཀར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ རྡོ་རྗེ་རིགས་ཀྱི་བྱད་མ་ཟློག༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ ཧྲཱི༔ སྟག་གདོང་སེར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ རིན་ཆེན་རིགས་ཀྱི་བྱད་མ་ཟློག༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ ནི༔ དྲེད་གདོང་དམར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ པདྨ་རིགས་ཀྱི་བྱད་མ་ཟློག༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ ས༔ དོམ་གདོང་ནག་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ ཀརྨ་རིགས་ཀྱི་བྱད་མ་ཟློག༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ བྷྱོཿ ཡེ་ཤེས་མཁའ་འགྲོ་བྱད་ཟློག་མས། །འདུ་བ་རྣམ་བཞི་དགྲ་ལ་ཟློགས། །བད་ཀན་དམར་སྨུག་དགྲ་ལ༴ མཁྲིས་པ་བཤལ་ཡམས་དགྲ་ལ༴ རླུང་གང་འཕྱོ་བ་དགྲ་ལ༴ ཁྲག་དང་འདུས་པ་དགྲ་ལ༴ བྷྱོཿ ཤར་གྱི་དཀར་མོ་སེང་གདོང་མས། །སྨྱོ་ནད་ཉེར་ལྔ་དགྲ་ལ༴ སྨྱོ་འབོག་བརྒྱལ་ནད་དགྲ་ལ༴ འགྱུར་བུ་འདར་བུ་དགྲ་ལ༴ རླུང་སྨྱོ་ཆེན་པོ་དགྲ་ལ༴ བྷྱོཿ ལྷོ་ཡི་སེར་མོ་སྟག་གདོང་མས། །མཛེ་རིགས་བཅོ་བརྒྱད་དགྲ་ལ༴ མཛེ་ནག་འབྲུམ་ནག་དགྲ་ལ༴ སིབ་དང་བས་ལྡག་དགྲ་ལ༴ དྲེག་དང་གྲུམ་བུ་དགྲ་ལ༴ ལྷོག་པ་འབྲས་ཆེན་དགྲ་ལ༴ སྐེམ་པ་གཡེམ་པ་དགྲ་ལ༴ ཤུ་བ་རྒྱ་ཐོར་དགྲ་ལ༴ རླུང་སྐམ་འབྲས་ཆེན་དགྲ་ལ༴ ཕོལ་མིག་སྐེམ་པ་དགྲ་ལ༴ ཚབ་དང་སྣ་ནད་དགྲ་ལ༴ བྷྱོཿ ནུབ་ཀྱི་དམར་མོ་དྲེད་གདོང་མས། །རིམས་ནད་སྣ་ལྔ་དགྲ་ལ༴ ཀླད་གཟེར་བལ་ནད་དགྲ་ལ༴ རྒྱུ་གཟེར་བལ་ཚད་དགྲ་ལ༴ གློ་སྙིང་རིམས་གཟེར་དགྲ་ལ༴ བྷྱོཿ བྱང་གི་ནག་མོ་དོམ་གདོང་མས། །མཚོན་འཁྲུག་སྣ་བདུན་དགྲ་ལ༴ མདའ་གྲི་མདུང་གྲི་དགྲ་ལ༴ ཁ་ཊྭཱཾ་ཏྲི་ཤུལ་དགྲ་ལ༴ སྒྱོགས་དང་འུར་རྡོ་དགྲ་ལ༴ མཚོན་འཁྲུག་བསྐལ་པ་དགྲ་ལ༴ སརྦ་དྷཱ་ཀི་ནཱི་བྷྱོ་བྷྱོ་ཟློག་ཟློགས། བྷྱོཿ གཞན་ཡང་ཟློག་ཅིང་སྒྱུར་བ་ནི། །ལྷ་ཆེན་དྲག་པོའི་གདུག་རྩུབ་ཟློག །ལྷ་ཆད་གནམ་ནས་བབས་པ་ཟློག །ལྷ་མ་ཡིན་གྱི་རྒྱུ་ཐབས་ཟློག །སྐེམ་བྱེད་ལྕགས་ཀྱུས་ཟིན་པ་ཟློག །མ་མོའི་ཐུན་སྔགས་དམག་ཚོགས་ཟློག །ཕྲ་མེན་མ་ཡི་ཉེ་དབྱེ༴ ས་བདག་ཀླུ་ཡི་གདུག་རྩུབ༴ ཕོ་ཉའི་རྦོད་གཏོང་བྱུང་བ༴ ཕུར་པའི་དབལ་ཁ་འཕེན་པ༴ ཡུངས་ཟོར་མདའ་ལྟར་འཕེན་པ༴ མུ་སྟེགས་བོན་པོའི་བྱད་ཟོར༴ བནྡེའི་ཧོམ་སྤར་ངན་སྔགས༴ ཞང་ཞུང་ཆེན་པོའི་ཛོ་དམར༴ སུམ་པའི་གླང་ཐབས་ལིང་སྐྱས༴ མེ་ཉག་ལྟག་པའི་འཕོང་ལེན༴ ཁྱུང་པོའི་གླང་བཙན་ངན་འཐབ༴ མུ་སྟེགས་ཕྱི་པའི་ངན་སྔགས༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལྡང་བ༴ དཔྲལ་བའི་གཤེད་དུ་འཁོར་བ༴ ལྟག་པའི་བདུད་དུ་བབས་པ༴ ཕོ་སྲི་མོ་སྲི་ཆེ་སྲི༴ ཆུང་སྲི་ཕུང་སྲི་དབུལ་སྲི༴ ཕ་མྱེས་དུར་སྲི་བཙན་སྲི༴ བདུད་ཀྱི་ལྟས་ངན་ཕྱག་བརྙན༴ ལོ་ཀག་ཀེ་འུ་གཤེད་བཞི༴ ལོ་ཀེག་ཟླ་ཀེག་ཞག་ཀེག༴ ས་ལ་ཞག་རྩིས་འདེབས་པ༴ གནམ་ལ་གྲངས་རྩིས་འདེབས་པ༴ གཟའ་སྐར་ལོ་ཀེག་ཟླ་ཀེག༴ དུས་ཚོད་རྩིས་ལ་འདེབས་པ༴ གཤེད་ཁ་རྦོད་གཏོད་ཐམས་ཅད༴ གནམ་ནས་དལ་ཁ་བབས་པ༴ ས་ཡི་མི་ཁ་བྱུང་བ༴ ཐོག་དང་སེར་བ་འབེབ་པ༴ བྱ་ཉེས་མནའ་གྲིབ་ངན་པ༴ ཡུལ་མི་ཁྱིམ་མཚེས་དམོད་མོ༴ གཡས་ན་ཕོ་བརྒྱའི་མདའ་བདར༴ གཡོན་ན་མོ་བརྒྱའི་དུག་གཡོས༴ མདུན་ནས་རྩང་བཞིན་འཛུག་པ༴ རྒྱབ་ནས་ཁྱི་བཞིན་འབྲང་བ༴ མོ་ངན་སོག་པར་སྡིགས་པ༴ ངོས་ལ་གདོང་ཐུག་བྱེད་པ༴ ལྐོག་ན་འབུ་བཞིན་གཡེང་བ༴ ལུས་ལ་ན་ཚ་གཏོང་བ༴ སེམས་ལ་སྡུག་བསྔལ་གཏོང་བ༴ ཚེ་ལ་བར་ཆད་བྱེད་པ༴ ཁ་རྗེ་ཟ་ཁ་དགག་པ༴ མོ་ངན་པྲ་ངན་སྡིགས་པ༴ རྨིས་ལྟས་མཚན་མ་ངན་པ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་གོ་གཅིག༴ དུས་མིན་འཆི་བ་རྣམ་བརྒྱད༴ ཕ་ཚན་ནང་གི་རྒྱབ་འདྲེ༴ མ་ཚན་ནང་གི་སྟོང་འདྲེ༴ མ་བུའི་བྱུར་འདྲེ་ཟློག་ཏུ་གསོལ། །ཕ་བུའི་ཕུང་འདྲེ་ཟློག་ཏུ་གསོལ། བྱུར་གྱི་སྣ་འདྲེ་བྱེད་པ༴ མི་ཁ་བྲ་མཆུ་ཟློག་ཏུ༴ ཆག་ཆེན་ཉམ་ང་ཟློག་ཏུ་གསོལ། །ཧཱུྃ༔ སྨུག་ནག་གཡག་གི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་ཤ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབས༔ དམར་སེར་སྦྲུལ་གྱི་མགོ་བོ་ཅན༔ ཕྱག་ན་སྤུ་གྲི་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་ཁྲག་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབས༔ དཀར་དམར་སྲེ་མོང་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་པགས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ སེར་ནག་ཕ་ཝང་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་རུས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་སེར་དྲེད་ཀྱི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷན་དམར་ཐོགས༔ དམ་ཉམས་དགྲ་བོའི་རྒྱུས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་སེར་དོམ་གྱི་མགོ་བོ་ཅན༔ ཕྱག་ན་དབྱུག་ཏོ་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་སྙིང་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ སྔོ་ནག་ཆུ་སྲིན་མགོ་བོ་ཅན༔ ཕྱག་ན་བམ་རིལ་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་དབུགས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ སྔོ་སྐྱ་སྡིག་པའི་མགོ་བོ་ཅན༔ ཕྱག་ན་གློ་སྙིང་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་སྲོག་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ སེར་ནག་ཁྲ་ཡི་མགོ་བོ་ཅན༔ ཕྱག་ན་བེ་ཅོན་དུང་དམར་བསྣམས༔ དམ་ཉམས་དགྲ་བོའི་གློ་སྙིང་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ མཐིང་ནག་སྟག་གི་མགོ་བོ་ཅན༔ ཕྱག་ན་ཞིང་དབྱུག་བྷནྡྷ་བསྣམས༔ དགྲ་བོའི་རྒྱུ་ཁྲག་ལོངས་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་ནག་བྱ་རྒོད་མགོ་བོ་ཅན༔ ཕྱག་ན་ལྕགས་སྒྲོག་བྷན་དམར་བསྣམས༔ དགྲ་བོའི་དབང་པོ་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་ནག་རྟ་ཡི་མགོ་བོ་ཅན༔ ཕྱག་ན་ཐོད་དབྱུག་བྷནྡྷ་བསྣམས༔ དགྲ་བོའི་ཕུང་པོ་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་སེར་བྱི་ལའི་མགོ་བོ་ཅན༔ ཕྱག་ན་སྤུ་གྲི་བྷནྡྷ་བསྣམས༔ དམ་ཉམས་དགྲ་བོའི་བླ་ཚེ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ སེར་ནག་གཟིག་གི་མགོ་བོ་ཅན༔ ཕྱག་ན་རྡོར་དབྱུག་བྷན་དམར་བསྣམས༔ དགྲ་བོའི་ཁམས་ཆེན་བཅོ་བརྒྱད་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་སེར་ཁྱུང་གི་མགོ་བོ་ཅན༔ ཕྱག་ན་རྡོ་རྗེ་བྷན་དམར་བསྣམས༔ དགྲ་བོའི་སྐྱེ་མཆེད་བཅུ་གཉིས་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་ནག་ཁྱི་ཡི་མགོ་བོ་ཅན༔ ཕྱག་ན་ཙིཏྟ་བྷན་དམར་བསྣམས༔ དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དཀར་དམར་པུ་ཤུད་མགོ་བོ་ཅན༔ ཕྱག་ན་པདྨ་བྷན་དམར་བསྣམས༔ དགྲ་བོའི་ཡན་ལག་ལྔ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ ལྗང་སེར་ཤ་བའི་མགོ་བོ་ཅན༔ ཕྱག་ན་ཞིང་ཆེན་བྷན་དམར་བསྣམས༔ དགྲ་བོའི་སྙིང་ཁྲག་རྩ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ དམར་ནག་ཁྭ་ཏའི་མགོ་བོ་ཅན༔ ཕྱག་ན་རྔེའུ་ཆུང་བྷན་དམར་བསྣམས༔ དམ་ཉམས་དགྲ་བོའི་མགོ་ལ་རོལ༔ ཟློག་ཅིང་སྒྱུར་བའི་དུས༴ ལྗང་ནག་སྲིན་བྱའི་མགོ་བོ་ཅན༔ ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས༔ ཕུང་ཐབས་སྣ་ཚོགས་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ དམར་སེར་ཕག་གི་མགོ་བོ་ཅན༔ ཕྱག་ན་རྩེ་ལྔ་བྷན་དམར་བསྣམས༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ སེར་ནག་ཀྱུང་ཀའི་མགོ་བོ་ཅན༔ ཕྱག་ན་རྒྱུ་ཞགས་བྷན་དམར་བསྣམས༔ སྨྱོ་བའི་ཉེས་ལྔ་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ ལྗང་ནག་བ་གླང་མགོ་བོ་ཅན༔ ཕྱག་ན་ཞིང་བམ་བྷནྡྷ་བསྣམས༔ མཚོན་འཁྲུག་ལྕེབ་གྲི་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ སྔོ་སྐྱ་བྱ་རོག་མགོ་བོ་ཅན༔ ཕྱག་ན་ཟངས་གྲི་བྷན་དམར་བསྣམས༔ དུས་འཁྲུག་མཚོན་ཆར་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ ནག་མོ་ཁུ་བྱུག་མགོ་བོ་ཅན༔ ཕྱག་ན་ལྕགས་ཀྱུ་བྷན་དམར་བསྣམས༔ དལ་ཡམས་སྣ་ཚོགས་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ སྔོན་མོ་ར་ཡི་མགོ་བོ་ཅན༔ ཕྱག་ན་ཞགས་པ་དུང་དམར་བསྣམས༔ དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད༔ ཟློག་ཅིང་སྒྱུར་བའི་དུས༴ དམར་མོ་སྤྲེ་འུའི་མགོ་བོ་ཅན༔ ཕྱག་ན་ལྕགས་སྒྲོག་བྷན་དམར་བསྣམས༔ ལྟས་ངན་སྣ་ཚོགས་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས༴ ལྗང་ནག་སྤྱང་མོའི་མགོ་བོ་ཅན༔ ཕྱག་ན་དྲིལ་བུ་བྷནྡྷ་བསྣམས༔ གཏད་ཁྲམ་སེལ་ངན་དགྲ་ལ་ཐོངས༔ ཟློག་ཅིང་སྒྱུར་བའི་དུས་ལ་བབས༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་ཤིང༔ དགྲ་བགེགས་བསྒྲལ་བར་དམ་བཅས་པའི༔ ཁས་བླང་དམ་བཅས་མ་གཡེལ་བར༔ བརྣག་པའི་ལས་ལ་མཐུ་མ་ཆུང༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བརྣགས་པའི་དགྲ་བགེགས་ཐམས་ཅད་སྒྲོལ༔ ཕ་རོལ་རྦོད་གཏོང་རྦད་འདྲེ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ ཟློག་ཅིང་སྒྱུར་བའི་ལས་མཛོད་ཅིག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གྲོ་བུར་དགུ་བཅུ་རྩ་གཅིག༴ དུས་མིན་འཆི་བ་རྣམ་བརྒྱད༴ བཞི་བརྒྱ་རྩ་བཞིའི་ནད་རྣམས༴ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༴ རྨི་ལམ་མཚན་ལྟས་ངན་པ༴ རྦོད་གཏོང་རྦད་འདྲེ་ཐམས་ཅད༴ བྱད་ཟོར་གཏད་ཁ་ཐམས་ཅད༴ ལྷ་འདྲེའི་དལ་ཁ་བབས་པ༴ གནམ་ལ་བྱ་རྒོད་སྡེར་འཛིང༴ ས་ལ་གཅན་ཟན་མཆེ་འཛིང༴ ཡུལ་དུ་ཝ་སྤྱང་ངུ་བ༴ འུག་པ་ཧ་ཧ་རྒོད་པ༴ སྲིན་བྱས་རོ་བྱུང་ཟེར་བ༴ སྲོད་ལ་ཁྱིམ་བྱས་འབོད་པ༴ ནམ་གུང་འོག་རྟ་འཚེར་བ༴ ཐོ་རངས་སྒོ་ཁྱི་ངུ་བ༴ སྟེང་ནས་གཟའ་སྐར་དལ་ཁ༴ འོག་ནས་ཀླུ་ཡི་གཏོང་རིགས༴ བར་ནས་སྡེ་བརྒྱད་གཡོས་པ༴ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ སྒྱུར་རོ་དམ་ཉམས་དགྲ་ལ་སྒྱུར༔ བཛྲ་མ་ནུ་རཀྴ་སཱི་བྷྱོ༔ བྲཧྨ་ཎི་བྷྱོ༔ རོའུ་ཏྲཱི་མ་བྷྱོ༔ བྷ་ན་བྷེ་བྷྱོ༔ ཀུ་མཱ་རཱི་བྷྱོ༔ ཨིནྡྲ་མ་བྷྱོ༔ ཀཱ་ལ་མ་བྷྱོ༔ བཛྲ་པིངྐ་ལ་མ་བྷྱོ༔ ཨ་མྲྀཏཾ་བྷྱོ༔ སོའུ་མ་བྷྱོ༔ ཏ་ན་ཏཾ་བྷྱོ༔ རཀྴ་སཱི་བྷྱོ༔ བྷཀྵ་སཱི་བྷྱོ༔ ཙ་ཀ་ལ་མ་བྷྱོ༔ བཛྲ་ར་ཏྲི་མ་བྷྱོ༔ རུ་དྷི་ར་མ་བྷྱོ༔ ཨེ་ཀ་ཙ་ར་མ་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བྷཱ་ཡ་བྷེ་བྷྱོ༔ ཀུ་ལ་མ་བྷྱོ༔ བཛྲ་མཱ་ར་ཎ་བྷྱོ༔ ཨགྣ་ཡེ་བྷྱོ༔ བྷ་རཱ་ཧཱི་བྷྱོ༔ ཙ་མུནྟྲི་བྷྱོ༔ ཨུ་དྷ་མ་བྷྱོ༔ བ་རུ་ཎ་བྷྱོ༔ ལཾ་བོ་དྷཱ་ར་བྷྱོ༔ དེ་ནས་གཏོར་ཆུང་ཤ་དུམ་དང་བཅས་པ་ལྔ་བཤམས་ལ་བྲན། དེ་དག་སོ་སོར་འབུམ་ལམ་དུས་གཅིག་འབུལ་ཀྱང་ཆོག་སྟེ། ཨོཾ་ཨཱཿཧཱུྃ། ཧ་ཧོ་ཧྲཱིཿསྭཱ་ཧཱ། བྷྱོཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །བྱད་ཁ་ཐམས་ཅད་ཟློག་མཛད་མ། །སྐུ་མདོག་དམར་ནག་ལྕགས་སྲེག་མདོག །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། །སྐུ་སྨད་ལྕགས་སྲེག་ཕུར་པ་འགྲིལ། །གནོད་བྱེད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་རིགས་ཀྱི་བྱད་ཁ་ཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཤར་ནས་དཀར་མོ་སེང་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འགྲིལ། །གནོད་བྱེད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྡོ་རྗེ་རིགས་ཀྱི་བྱད་ཁ་ཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ནས་སེར་མོ་སྟག་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འགྲིལ། །གནོད་བྱེད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རིན་ཆེན་རིགས་ཀྱི་བྱད་ཁ་ཟློག །བཅོལ་པའི་ཕྲིན་ལས༴ ནུབ་ནས་དམར་མོ་དྲེད་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འགྲིལ། །གནོད་བྱེད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །པདྨ་རིགས་ཀྱི་བྱད་ཁ་ཟློག །བཅོལ་པའི་ཕྲིན་ལས༴ བྱང་ནས་ནག་མོ་དོམ་གདོང་མ། །ཕྱག་ན་ཟངས་གྲི་ཐོད་ཁྲག་འཛིན། ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་སྨད་ལྕགས་སྲེག་ཕུར་པ་འགྲིལ། །གནོད་བྱེད་དགྲ་བགེགས་བྱད་མ་གཟིར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ལས་ཀྱི་རིགས་ཀྱི་བྱད་ཁ་ཟློག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ རྡོ་རྗེ་དབང་ཕྱུག་མ་བདུན་ནི། །སྲིན་མོ་ཚངས་མ་ལ་སོགས་པ། །རིག་འཛིན་ཀུན་གྱི་ཡུམ་གཅིག་མ། ཁྱད་པར་རྣལ་འབྱོར་བདག་གི་མ། །ཡུམ་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །རིན་ཆེན་དབང་ཕྱུག་སྲིང་བདུན་ནི། །རྡོ་རྗེ་བདུད་རྩི་ལ་སོགས་པ། །རིག་འཛིན་ཀུན་གྱི་སྲིང་མོ་སྟེ། ཁྱད་པར་རྣལ་འབྱོར་བདག་གི་སྲིང་། །སྲིང་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །པདྨ་དབང་ཕྱུག་མཛའ་བདུན་ནི། །དགའ་བ་སྟོབས་ཆེན་ལ་སོགས་པ། །རིག་འཛིན་ཀུན་གྱི་མཛའ་མོ་སྟེ། ཁྱད་པར་རྣལ་འབྱོར་བདག་གི་གྲོགས། །གྲོགས་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །ལས་ཀྱི་དབང་ཕྱུག་བྲན་བདུན་ནི། །གསོད་བྱེད་མེ་མོ་ལ་སོགས་པ། །རིག་འཛིན་ཀུན་གྱི་བྲན་མོ་སྟེ། ཁྱད་པར་རྣལ་འབྱོར་བདག་གི་བྲན། །བྲན་གཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །ཧཱུྃ། གདུག་རྩུབ་དྲག་པོའི་ཟོར་མདོས་ཀྱིས། །ད་ནི་ཟློག་སྒྱུར་དུས་ལ་བབས། །སྟེང་ཕྱོགས་ལྷ་ཡི་གདུག་པ་དང་། །འོག་ཕྱོགས་ཀླུ་ཡི་གདུག་པ་དང་། །བར་སྣང་གཉན་གྱི་གདུག་རྩུབ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ་གསོལ། །ལོ་ནི་རྒྱལ་པོའི་ཀེག་ཆེན་དང་། །ཟླ་བ་བློན་པོའི་མཆིད་འཚལ་དང་། །ཞག་ནི་དམག་མིའི་སྣ་དྲངས་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ དུས་ཚོད་མཚོན་ཆའི་བདུད་གཅོད་དང་། །དགྲ་འདྲེ་བྱུར་གསུམ་མི་ཁ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ སྤར་ཁ་རུས་པའི་གཏིང་ཆག་དང་། །སྨེ་བ་ཤ་ཡི་རྒྱ་རལ་དང་། །དར་རྒུད་ལྤགས་པ་རལ་པ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ ཤིང་སོགས་འབྱུང་ལྔའི་ས་བདག་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །བསམ་སྦྱོར་གདུག་རྩུབ་ངན་པ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ ནད་རིགས་བཞི་བརྒྱ་རྩ་བཞི་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ སྲེ་མོང་བྱི་འུ་ཁྱེར་བ་དེ། །ནལ་ཕྲུག་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ རྨོས་གླང་བྲེས་ལ་མཁུན་པ་ནི། །ས་བདག་གནོད་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ སྦྲ་ཡི་གུང་ཤིང་ཆག་པ་དེ། །ལྷ་འདྲེ་གྱེས་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ རི་དྭགས་ཁྱིམ་དུ་འོང་བ་ནི། །མ་དང་བུ་ཡི་ནལ་སྡིག་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ ར་ལུག་ཤྭ་འུད་ཁྱེར་བ་ནི། །ཡུལ་བུད་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ སྦལ་སྦྲུལ་ཁྱིམ་དུ་འོང་བ་ནི། །བུ་སྲིང་བྱེད་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ དྲིལ་རྟས་རྔ་རྔོག་འཆའ་བ་ནི། །མཚོན་ཆ་གཡོ་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ ལུག་ཤ་ལག་པྲ་ངན་པ་དང་། །ར་ལུག་ཆད་ལྷག་མང་བ་རྣམས། །སོག་པའི་མེ་ལོང་རྡོལ་བ་དང་། །རིམས་ནད་འོང་བའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ ཕ་སྤུན་ཟོར་ཁ་སྡིག་པ་དང་། །ལྟས་ངན་བྱེ་བྲག་མང་བ་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ འུག་པ་སྒོ་ནས་རྒོད་པ་དང་། །སྲིན་བྱས་ཉིན་པར་ཀུས་འདེབས་རྣམས། །དམར་ནག་ཟོར་གྱིས་ཟློག་ཏུ༴ སྒོ་ཁྱིས་ངུ་ཟུག་བྱེད་པ་ནི། །བུ་ཚ་དྭ་འུར་ལུས་པའི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ༴ བྱི་ལོང་ལམ་ཁར་མང་བ་དང་། །བུད་མེད་ནག་མོའི་ཅོ་འཛིང་ནི། །ཉེ་བ་ཀུན་གྱི་ལྟས་ངན་ཡིན། །དམར་ནག་ཟོར་གྱིས་ཟློག་ཏུ་གསོལ། །སྐྱེས་པ་ཕོ་ཡི་རུས་འདྲེ་སྒྱུར། །ཟ་མ་མོ་ཡི་དཀོར་འདྲེ་སྒྱུར། །གཉེན་ཕྱོགས་གཉེན་འདྲེ་འཁོར་བ་སྒྱུར་དུ་གསོལ། །ཕ་མྱེས་མཚུན་འདྲེ་སྒྱུར་དུ་གསོལ། །ལྟས་ངན་ཆེ་དགུ་སྒྱུར་དུ་གསོལ། ཁང་ཁྱིམ་བཀྲག་མདངས་སྒྱུར་དུ་གསོལ། །དུར་སར་ཝ་མོ་བརྒྱལ་བ་ཟློག །དེ་ཕོས་སྲོད་ལ་འབོད་པ༴ ཐོ་རངས་སྒོ་ཁྱི་ངུ་བ༴ ཕུ་ཡི་ཤ་ཕོ་རུ་འཛིང༴ མདའ་ཡི་ཉ་མོ་རྔ་འཛིང༴ བར་གྱི་རྒོད་པོ་སྡེར་འཛིང༴ སྲིན་བྱས་ཕུང་ཕུང་ཟེར་བ༴ སྦྲུལ་ནག་ལམ་ཁར་ཉལ་བ༴ ཕྱུགས་ཀྱི་འགྲམ་འཁྲུག་ངན་པ༴ མཚེ་མ་མང་བ་ཟློག་ཅིང་སྒྱུར་དུ་གསོལ། །ཟློག་སྒྱུར་ཆེན་པོའི་དུས་ལ་བབས། །ས་མ་ཡ་བྷྱོ་བྷྱོ་ཟློགས་ཟློགས། དེ་ཡན་བཟློག་པའི་གཞུང་དེ་ཉིད། །ཞག་གསུམ་ལྔ་བདུན་ལ་སོགས་པ། །སྒྲུབ་ན་ཉིན་རེར་དུས་གསུམ་འདོན། །ཉིན་རྫོགས་བྱེད་ན་ཚར་གྲངས་ནི། །གསུམ་ལྔ་བདུན་དགུ་སྐབས་དང་སྦྱར། །དེ་ནས་འབུལ་ཁར་དཀར་གཏོར་འབུལ། །སྤྱི་ལྟར་གསེར་སྐྱེམས་མཆོད་བྱས་ལ། ཁྱིམ་དེར་རྐྱེན་ངན་ཆག་ཆེན་ན། ཁྱིམ་དེའི་ཕྱོགས་ནི་གཙང་ཕྱོགས་སུ། །སླ་ངའི་ནང་དུ་ལིངྒ་བཞག །དགུག་གཞུག་བྱས་ལ་ཟོར་རྣམས་ནི། །བསྲུང་བྱ་ཡོན་བདག་ཐམས་ཅད་ཀྱི། །གཅིག་གིས་གཅིག་གཏད་ལག་འགྲིམ་བྱས། །དང་པོ་སློབ་དཔོན་ཉིད་ཀྱིས་གཏད། །མཐར་ནི་མཆོད་གཡོག་པ་གཅིག་གིས། །ལིངྒ་ཉིད་ལ་རྒྱབ་ཏུ་བཅུག །རི་ལ་འབུལ་ན་ཕྱོགས་གཙང་སར། །ལིངྒ་བཅུག་ལ་དགུག་གཞུག་བྱས། །སྔགས་པ་ཉིད་ཀྱིས་ལིངྒར་བརྒྱབ། །དམག་ཐབས་ཡིན་ཕྱིར་བསྐུལ་བ་ཡང་། །འདི་ལྟར་གོ་ལྡོག་མཇུག་ནས་འདོན། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་གྲུབ་ཀུན་གྱི་བདེན་སྟོབས་དང་། །མ་མོ་མཁའ་འགྲོའི་མཐུ་སྟོབས་ཀྱིས། །བདག་དང་བསྲུང་བྱ་འདི་དག་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ནད་དང་གདོན་དང་བར་ཆད་རྐྱེན། །བྱད་ཁ་ཆག་ཆེན་ཉམ་ང་ཀུན། །ལིངྒ་འདི་ལ་མྱུར་དུ་ཁུག །བཛྲ་ཨཾ་གུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ རོལ་ཆེན་དང་བཅས་ལན་གསུམ་བརྗོད། བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པ་ཡང༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པས༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་བཀུར་བར་བྱའོ༔ དེ་སྐད་ཁྱེད་ཀྱིས་ཞལ་བཞེས་པས༔ དཔལ་གྱི་བཀའ་བཞིན་བདག་བསྒྲུབ་ཀྱིས༔ འདིར་བྱོན་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ༔ གསོད་བྱེད་ལྗང་ནག་རལ་གྲི་འཕྱར༔ སྤྱང་མོའི་མགོ་ཅན་དུས་ལ་བབས༔ མེ་མོ་དམར་མོ་གསལ་ཤིང་འཛིན༔ སྐྱིན་བུའི་མགོ་ཅན་དུས༴ ཕག་མོ་ནག་མོ་མཆེ་ཞགས་བསྣམས༔ ཕག་གི་མགོ་ཅན་དུས༴ རྒན་བྱེད་དམར་མོ་ཞིང་ཆུང་ཟ༔ ཁྭ་ཏའི་མགོ་ཅན་དུས༴ སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང༔ བ་གླང་མགོ་ཅན་དུས༴ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན༔ བྱ་རོག་མགོ་ཅན་དུས༴ གསུས་འཛིན་སེར་ནག་དྲིལ་བུ་འཛིན༔ སྐྱ་གའི་མགོ་ཅན་དུས༴ མངགས་ཤིང་བསྐུལ་བ་ང་ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱེད་ཀྱིས་མཛོད༔ བྷྱོ་ས་ཡ་སི༔ གནོད་བྱེད་དགྲ་བགེགས་མ་རཱ་ཡ་ཐུན་བྷྱོ༔ ཞེས་བྱང་གི་ཟོར་ཆུང་བདུན་སྔགས་ཏེ་བརྗོད་ཅིང་འཕང་ངོ་། །དེ་བཞིན་དུ། བྷྱོ༔ དགའ་བ་དམར་མོ་རྐེ་དར་འཆང༔ བྱ་རྒོད་མགོ་ཅན་དུས་ལ་བབས༔ སྟོབས་ཆེན་དཀར་མོ་ཐོང་གཤོལ་འཛིན༔ རྟ་ཡི་མགོ་ཅན་དུས༴ གཅིག་སྤྱོད་སྔོན་མོས་སྤུ་གྲིས་གཅོད༔ བྱི་ལའི་མགོ་ཅན་དུས༴ འདོད་པ་དམར་མོ་མདའ་གཞུ་འགེངས༔ ཁྱི་ཡི་མགོ་ཅན་དུས༴ ནོར་སྲུང་དཀར་མོ་བུམ་པ་འཛིན༔ པུ་ཤུད་མགོ་ཅན་དུས༴ རླུང་ལྷ་སྔོན་མོ་བ་དན་འཕྱར༔ ཤ་བའི་མགོ་ཅན་དུས༴ བུམ་སྣ་དམར་ནག་ལྕགས་སྒྲོག་བསྣམས༔ སྤྲེ་འུའི་མགོ་ཅན་དུས༴ མངགས་ཤིང་བསྐུལ་བ་ང་ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ བྷྱོ་ས་ཡ་སི༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཐུན་བྷྱོ༔ ཞེས་ནུབ་ཀྱི་ཟོར་ཆུང་བདུན་འཕང་ངོ་། །བྷྱོ༔ རྡོ་རྗེ་སེར་མོ་ཁྲག་ཆེན་འཐུང༔ དོམ་གྱི་མགོ་ཅན་དུས་ལ་བབས༔ བདུད་རྩི་དམར་མོ་བུམ་པ་འཛིན༔ ཆུ་སྲིན་མགོ་ཅན་དུས༴ ཟླ་བ་དཀར་མོ་པུནྡྷ་འཛིན༔ སྡིག་པའི་མགོ་ཅན་དུས༴ བེ་ཅོན་མཐིང་ནག་དབྱུག་ཐོ་འཕྱར༔ ཁྲ་ཡི་མགོ་ཅན་དུས༴ སྲིན་མོ་དམར་མོ་དུང་ཁྲག་འཐུང༔ ཝ་ཡི་མགོ་ཅན་དུས༴ ཟ་བ་ལྗང་ནག་བ་སུ་འདྲེན༔ སྟག་གི་མགོ་ཅན་དུས༴ ར་གདོང་སྔོན་མོ་ཞགས་པ་ཐོགས༔ ར་ཡི་མགོ་ཅན་དུས༴ མངགས་ཤིང་བསྐུལ་བ་ང་ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ བྷྱོ་ས་ཡ་སི༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཐུན་བྷྱོ༔ ལྷོའི་ཟོར་ཆུང་བདུན་འཕང་། བྷྱོ༔ སྲིན་མོ་སྨུག་ནག་ཐོད་རློན་འཆང༔ གཡག་གི་མགོ་ཅན་དུས་ལ་བབས༔ ཚངས་པ་དམར་སེར་པདྨ་འཛིན༔ སྦྲུལ་གྱི་མགོ་ཅན་དུས༴ ལྷ་ཆེན་དཀར་ལྗང་ཏྲི་ཤུལ་ཐོགས༔ གཟིག་གི་མགོ་ཅན་དུས༴ གཏོག་འདོད་སྔོན་མོ་འཁོར་ལོ་འཆང༔ སྲེ་མོང་མགོ་ཅན་དུས༴ གཞོན་ནུ་དམར་མོ་མདུང་ཐུང་འཕེན༔ ཕག་གི་མགོ་ཅན་དུས༴ བརྒྱ་བྱིན་དཀར་མོ་ཨིནྟྲ་གདེངས༔ ཁྱུང་གི་མགོ་ཅན་དུས༴ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ ཁུ་བྱུག་མགོ་ཅན་དུས༴ མངགས་ཤིང་བསྐུལ་བ་ང་ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ བྷྱོ་ས་ཡ་སི༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཐུན་བྷྱོ༔ ཤར་གྱི་ཟོར་ཆུང་བདུན་འཕང་། ས༔ དོམ་གདོང་ནག་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ ཀརྨ་རིགས་ཀྱི་བྱད་མ་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ༼བྷྱོ་ཧཱུྃ་ཏྲི་མ་ནུ་ཁྲོམ་བྷྱོ༔ དུ་དུ་ཙ་ཤ་ནན༔ ཨ་ཀ་མ་ནི་ཁྲོཾ་བྷྱོ༔ ཤད་བུ་གྱད་བུ་ནན༔ ས་ར་མ་ནི་ཁྲོཾ་བྷྱོ༔ ཏྲ་ནི་ཏྲ་ནི་ནན༔ ནི་ལི་དྷ་ར་ཁྲོཾ་བྷྱོ༔ ཏྲི་ཕུཾ་ཏྲི་ཕུཾ་ནན༔ ཏྲི་ཤ་ཏྲ་ཁྲོཾ་བྷྱོ༔ དུན་ཏིང་དུ་ནན༔ ཨ་ཧྲཱི་ནི་ས་བྷྱོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཕཊ༔ བྷྱོ་ས་ཡ་སི༔༽ གོང་གི་བསྙེན་པའི་སྔགས་རིང་བརྗོད་ཅིང་བྱང་གི་གཏོར་མ་བྱང་དུ་གདེངས་ཙམ་བྱས་ལ་ལིངྒར་བརྒྱབ། དེ་བཞིན་དུ། ནི༔ དྲེད་གདོང་དམར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ པདྨ་རིགས་ཀྱི་བྱད་མ་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ནུབ་ཀྱི། ཧྲཱི༔ སྟག་གདོང་སེར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ རིན་ཆེན་རིགས་ཀྱི་བྱད་མ་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ལྷོའི། ཨ༔ སེང་གདོང་དཀར་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ རྡོ་རྗེ་རིགས་ཀྱི་བྱད་མ་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཤར་གྱི། ཧཱུྃ༔ བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས༔ བན་བོན་ཉམས་པ་རྩད་ནས་གཅོད༔ ཡེ་ཤེས་ཁྲོ་བོ་མན་ཆད་ནས༔ ལྷ་སྲིན་ཕྲན་བུ་ཡན་ཆད་དུ༔ སངས་རྒྱས་རིགས་ཀྱི་བྱད་མ་ཟློགས༔ ཉམས་པ་ལྷ་སྲུང་བཅས་པ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཅེས་དབུས་ཀྱི་གཏོར་མ་འཕང་། དེ་ནས་ཟོར་རྣམས་ཐམས་ཅད་བསྡུས་བྱས་ལ། །གཏོར་མའི་རིགས་རྣམས་བྱ་ཁྱིར་ཟ་རྒྱུ་གཏོར། །རྩང་རྣམས་ཐམས་ཅད་བསྡུས་ཏེ་མེ་ལ་བསྲེག །བྱད་ཟློག་ལྷ་མོ་མཆེད་ལྔ་དང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ མ་མོ་མཁའ་འགྲོ་བཞུགས་པའི་གནས༔ བྱང་ཤར་ཆོས་ཀྱི་དབྱིངས་སུ་གཤེགས༔ སརྦ་ཛྙཱ་ན་དྷཱ་ཀི་ནཱི་ཤྭ་རཱི་བཛྲ་མུ༔ དེ་ནས་གཏོར་སྣོད་ཐམས་ཅད་མདུན་དུ་སྦུབས། རི་ལ་ཡིན་ན་དར་ནག་དྲིལ་ཏེ་སྟེང་དུ་བཟུང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ རང་ཉིད་དྲན་རྫོགས་མཁའ་འགྲོ་སེང་གདོང་མ༔ གྲི་ཐོད་ཁ་ཊྭཱཾ་འཛིན་ཞིང་གར་སྟབས་མཛད༔ གནོད་བྱེད་གདོན་བགེགས་དམ་སྲི་ཐམས་ཅད་རྣམས༔ རྒྱ་ཁབ་ས་འབོལ་ནང་དུ་བཏབ་པ་ལྟར༔ རིམ་དགུ་ས་ཡི་འོག་ཏུ་ཏལ་ལེར་སོང༔ གཏོར་གཞོང་རི་རབ་གླིང་བཞིས་སྟེང་ནས་མནན༔ བྱམས་མགོན་མ་བྱོན་བར་དུ་མ་ལྡངས་ཤིག༔ རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་ལ། ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ནས་ཕྱིར་མིག་མི་བལྟ་ནང་དུ་ལོག །བཀྲ་ཤིས་གང་ཤེས་བརྗོད་པ་མ་གཏོགས་པ། །རྗེས་ཆོག་གཞན་ནི་འདི་ལ་མི་དགོས་སོ། །སྤར་ཁ་ལི་ལ་རྩུབ་པའི་སྤར་ཁའི་བཅོས། །བྱད་ཟློག་རིགས་ནི་འདི་ལས་རྣོ་བ་མེད། །ནད་རིམས་རྐྱེན་ངན་དྲག་པོ་ཀུན་ལ་ཕན། །དེ་ཕྱིར་དབང་ཕྱུག་མ་ཡི་ཟོར་མདོས་འདི། །མོ་རྩིས་གཞུང་ཆེན་ཀུན་ནས་ལུང་སྟོན་པས། །ཇི་བཞིན་ཤེས་མཁན་ཉིན་མོའི་སྐར་མ་ཙམ། །སྔར་གྱི་རྙིང་མའི་དཔེ་རྒྱུད་འགའ་མཆིས་ཀྱང་། །ཆ་ལག་མ་ཚང་དབང་ལུང་བརྒྱུད་པ་ཆད། །དེ་ཕྱིར་དགོངས་གཏེར་ནང་ནས་ཕྱུང་བ་ཡི། །དོན་བཀྲོལ་ཕྱག་ལེན་གཏན་ལ་ཕབ་པ་ཡིན། །དབང་གི་དུས་སམ་ཡང་ན་ཟོར་གྱི་དུས། །ཟོར་དེ་ཚུར་ལ་ལོག་པར་གྱུར་པ་ན། །མཁའ་འགྲོ་མ་དགའ་བ་ཡི་རྟགས་ཡིན་པས། །རྗེས་ནས་བསྐང་ཐུང་ཚར་གྲངས་མང་ཞིག་འདོན། །འདི་ཡི་དབང་ལུང་བཀའ་གཏད་ཞུ་བའི་དུས། །ཡོན་དུ་མཚོན་ཆ་ཕུལ་ན་ཕན་ཐོགས་ཆེ། །མ་འོངས་འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ཡིན། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཡིན། །ཉེས་འགལ་མཆིས་ན་མ་མོ་མཁའ་འགྲོར་བཤགས། །དགེ་བས་ཕན་ཐོགས་རྒྱ་ཆེར་འབྱུང་བར་ཤོག །མངྒ་ལཾ།། །།

རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་པདྨའི་དོ་ཤལ་ (Volume 5, Text 18)

རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་པདྨའི་དོ་ཤལ་བཞུགས། ཆོས་སྐུའི་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །སྐུ་དང་ཡེ་ཤེས་ཁྱབ་བདག་སྤྱན་རས་གཟིགས། །རྩ་གསུམ་དབྱེར་མེད་སྤྲུལ་སྐུ་པདྨ་འབྱུང་། །ཐོད་ཕྲེང་སྡེ་ལྔར་ཤར་ལ་གསོལ་བ་འདེབས། །ཡི་དམ་ཀུན་འདུས་དབང་ཆེན་རྟ་མཆོག་དཔལ། །མཁའ་འགྲོའི་དབང་ཕྱུག་ཕག་མོ་མཁར་ཆེན་བཟའ། །ཨ་ཙར་ཡེ་ཤེས་མཆོག་དབྱངས་མངའ་བདག་རྗེ། །བཻ་རོ་ཙ་ན་རྣམས་ལ་གསོལ་བ་འདེབས། །ཟབ་གཏེར་སྒོ་འབྱེད་ཀུན་བཟང་བདེ་ཆེན་རྒྱལ། །པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ། །བསྟན་འཛིན་འཕེལ་རྒྱས་འཇམ་མགོན་གུ་ཎའི་ཞབས། །ཆོས་ཀྱི་ཉི་མ་རྣམས་ལ་གསོལ་བ་འདེབས། །འགྱུར་མེད་ཚེ་དབང་རྒྱ་མཚོ་འཇམ་པའི་དབྱངས། །ཆོས་ཀྱི་བློ་གྲོས་དབང་ཆེན་རྟ་ཕག་སྐུ། །མཁའ་འགྲོ་སྡེ་བཞི་རབ་འབྱམས་རྩ་གསུམ་ལྷ། །སྒྱུ་འཕྲུལ་དྲྭ་བའི་ཚོགས་ལ་གསོལ་བ་འདེབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སྲིད་ལྷ་དང་བླ་མའི་རྣམ་རོལ་གྱི། །བསྐྱེད་རྫོགས་ལམ་གྱིས་དངོས་གྲུབ་འདོད་དགུ་ཐོབ། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག །ཅེས་ལྕགས་ཁྱི་རྒྱལ་ཟླ་བའི་ཚེས་ཉེར་ལྔ་ཉིན་ལྷོ་འབྲུག་སྨན་ལྗོངས་ནས་རིན་ཆེན་གཏེར་མཛོད་དབང་ཁྲིད་འདོན་སྐབས་རྒྱལ་ཁམས་པ་མངྒ་ལས་གསོལ་བ་བཏབ་པ་རྩ་བ་གསུམ་གྱི་བྱིན་རླབས་ཐོབ་པའི་རྒྱུར་གྱུར་ཅིག། །།

ཚིག་བདུན་འདོན་ཐབས་སྣ་ཚོགས་པའི༔ སྒྲུབ་ཐབས་པདྨ་རྒྱས་པ (Volume 11, Text 18)

༁ྃ༔ ཚིག་བདུན་འདོན་ཐབས་སྣ་ཚོགས་པའི༔ སྒྲུབ་ཐབས་པདྨ་རྒྱས་པ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ཆོས་དབྱིངས་བརྗོད་བྲལ་འདུས་མ་བྱས༔ ཐོག་མའི་ཀ་དག་ཀུན་གྱི་གཞི༔ ངོ་བོ་སྤྲོས་པའི་མཐའ་ལས་འདས༔ དྭངས་མ་འོད་ལྔའི་ཐིག་ལེར་ཟླུམ༔ རང་བྱུང་རིག་པས་འཁྲུལ་པ་སངས༔ ཡེ་ཤེས་ཀུན་ཏུ་འཆང་བར་རྒྱས༔ སུས་ཀྱང་མ་བྱས་བྱར་མེད་པར༔ སྲིད་ཞིའི་ཁྱབ་བདག་ཆེན་པོར་གྲུབ༔ རང་བཞིན་འོད་གསལ་ཚེ་དཔག་མེད༔ འཁྲུལ་སྣང་དུག་ལྔའི་མུན་པ་འཇོམས༔ ཐུགས་རྗེ་མཚོ་སྐྱེས་རྡོ་རྗེར་ཤར༔ གྲོལ་བ་བཞི་ལྡན་འདུལ་ཐབས་སྟོན༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ རང་སྣང་བླ་མ་སྐུ་བཞིར་བསྟན༔ ཡེ་ཤེས་རྣམ་པ་ལྔ་ཡི་རྩལ༔ གུ་རུ་ཐོད་ཕྲེང་སྡེ་ལྔར་སྣང༔ ཉོན་དྲུག་རྩད་གཅོད་ཕར་ཕྱིན་དྲུག༔ འགྲོ་འདུལ་གུ་རུ་རིགས་དྲུག་འདྲེན༔ དོན་དམ་དཀོར་བདུན་རང་རྩལ་དུ༔ རབས་བདུན་གུ་རུ་རིམ་པར་བྱོན༔ ཀློང་དགུའི་ཡེ་ཤེས་ཆེན་པོའི་འཕྲུལ༔ མཚན་བརྒྱད་གཙོ་དང་གུ་རུ་སྤྲུལ༔ ཡེ་ཤེས་རོལ་པ་མཐའ་རྒྱས་པས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གར༔ ཇི་ལྟར་འདུལ་བ་དེ་ལྟར་སྣང༔ སྲིད་པའི་འཁྲུལ་འཁོར་ཐབས་ཀྱིས་གཅོད༔ སངས་རྒྱས་གར་མཁན་བླ་ན་མེད༔ ཡེ་ཤེས་རབ་འབྱམས་རྨད་ཀྱི་འཕྲུལ༔ བདེ་ཆེན་དགྱེས་པའི་གསང་བ་མཆོག༔ ཀུན་ཁྱབ་ཀུན་ལས་འདས་པ་འོ༔ ས་མ་ཡ༔ སྟོང་དབྱིངས་འོད་གསལ་འགྱུར་བ་མེད༔ རིག་སྟོང་བླ་མ་ཆོས་ཀྱི་སྐུ༔ གཅིག་དང་དུ་མ་ལས་འདས་ཀྱང༔ ཁམས་དབང་མོས་པའི་བྱེ་བྲག་ལས༔ མཚན་དང་རྣམ་པ་ཐ་དད་པའི༔ གུ་རུ་སོ་སོར་སྒྲུབ་པའི་ཐབས༔ རེ་རེ་ལ་ཡང་མི་འདྲ་བ༔ གདུལ་བྱའི་བློ་རིམ་དང་སྦྱར་ནས༔ རྒྱ་ཆེ་རབ་ཟབ་བསྟན་རྣམས་ཀྱི༔ ཡང་སྙིང་བཅུད་དུ་དྲིལ་བ་འདི༔ ཚིག་བདུན་རྡོ་རྗེའི་དབྱངས་ཀྱི་རྒྱུད༔ འདོན་ཐབས་སོ་སོའི་རྩ་བ་རུ༔ སྔོན་དངོས་རྗེས་ཀྱི་རིམ་པས་བསྟན༔ ས་མ་ཡ༔ སྔོན་འགྲོ་བསམ་གཏན་སྣོད་རུང་ཕྱིར༔ གོང་མས་བྱིན་བརླབས་དབེན་པའི་གནས༔ བཀྲ་ཤིས་ཡིད་འོང་ཉམས་དགའ་བར༔ བག་ཕབ་བདེ་བའི་སྟན་ལ་འདུག༔ འཁོར་བའི་སྡུག་བསྔལ་ཟོ་ཆུའི་རྒྱུན༔ སྲིད་པའི་བདེ་འབྱོར་རྨི་ལམ་ནོར༔ ཐོག་མཐའ་མེད་པའི་སླུ་བྱེད་ལ༔ སྙིང་ནས་ངེས་པར་འབྱུང་བའི་བློས༔ ཐོག་མར་བླ་མ་དཀོན་མཆོག་གསུམ༔ གཏན་གྱི་འདྲེན་པར་བློ་ཁེལ་བའི༔ ཡིད་ཆེས་དད་པས་སྐྱབས་སུ་འགྲོ༔ ཐེག་ཆེན་རྩ་བ་བྱང་ཆུབ་སེམས༔ སྨོན་པས་སངས་རྒྱས་དོན་དུ་གཉེར༔ འཇུག་པའི་སྤྱོད་པར་ཅི་ནུས་བསླབ༔ དེ་ཉིད་སྒྲུབ་བྱེད་ལམ་གྱི་མཆོག༔ བསམ་ཡས་བློ་ཡི་རིམ་མཐུན་པ༔ ཀུན་ལས་ཁྱད་འཕགས་ཡིད་བཞིན་ནོར༔ གཅིག་ཆོག་བདེ་མྱུར་གེགས་མེད་ཅིང༔ དངོས་གྲུབ་བདེ་བླག་སྒྲུབ་པའི་ཕུལ༔ སངས་རྒྱས་ཀུན་འདུས་བླ་མ་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ བྱིན་རླབས་ཞུགས་ནས་རང་སྣང་འགྱུར༔ དེ་ཚེ་གཞན་སྣང་རྩོལ་མེད་གྲོལ༔ ཚེ་གཅིག་གདོད་མའི་ས་ལ་སྦྱོར༔ དེ་ཕྱིར་ཡེངས་མེད་བརྩོན་འགྲུས་གཅེས༔ ས་མ་ཡ༔ དངོས་གཞི་བདག་ཉིད་པདྨ་འབྱུང༔ གཅིག་ཉིད་གང་འདུལ་གདུལ་བྱའི་ངོར༔ བཀོད་པའི་ཆོ་འཕྲུལ་བསམ་འདས་ཀྱང༔ གཙོ་རུ་བསྟན་པའི་རྣལ་འབྱོར་རྣམས༔ བསྐྱེད་སྔགས་རྫོགས་པས་ཉམས་སུ་བླང༔ དེ་ཡང་ཐོག་མར་སྐུ་གསུམ་ལས༔ བླ་མ་ཆོས་སྐུའི་སྒྲུབ་ཐབས་ནི༔ དག་གསལ་ཆོས་དབྱིངས་ཁྱབ་བརྡལ་ཀློང༔ ཆགས་མེད་པདྨ་རྒྱས་པའི་སྟེང༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་ལ༔ ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན༔ འོད་འཕྲོས་གཉིས་འཛིན་བག་ཆགས་སྦྱངས༔ ཡོངས་གྱུར་པདྨ་ཀུན་ཏུ་འཆང༔ ཆོས་ཉིད་འགྱུར་མེད་ནམ་མཁའི་མདངས༔ ཞི་ཚུལ་དར་དང་རིན་ཆེན་བརྒྱན༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་བསྣོལ༔ དབྱིངས་ཡེ་གཉིས་མེད་ཡུམ་དང་འཁྲིལ༔ མཉམ་ཉིད་མཐའ་བྲལ་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཐིག་ལེ་མཁའ་ཁྱབ་དབུས༔ གསལ་སྟོང་རིག་པའི་སྙིང་པོ་ཅན༔ སྲིད་ཞིའི་ཁྱབ་བདག་ཆེན་པོར་བཞུགས༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཆོས་ཉིད་དགོངས་པའི་གདིང་བསྐྱེད་ལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ཞེས་བཟླ་ཆོས་སྐུའི་རང་ཞལ་མཇལ༔ ཡེ་ཤེས་གཅིག་སྦྱོར་ཏིང་འཛིན་ནི༔ ཐུགས་ཀར་འོད་ལྔའི་ཐིག་ལེའི་དབུས༔ ཨ་ཡིག་མཐིང་ཁ་ཨ་བཞིས་བསྐོར༔ དཀར་སེར་དམར་ལྗང་རང་འོད་འབར༔ ཨ་ལྔ་བཟླས་པས་འོད་ཟེར་འཕྲོས༔ འཁོར་འདས་ཨ་དང་འོད་ལྔར་གྱུར༔ སྐྱེ་མེད་དོན་གྱི་རང་སྒྲ་སྒྲོག༔ ཚུར་འདུས་ཨ་བཞི་དབུས་སུ་འདུས༔ ཨ་བཟླས་དབྱིངས་རིག་དབྱེར་མེད་ངང༔ སྤྲོ་བསྡུ་བྲལ་བའི་བྱང་ཆུབ་སེམས༔ འོད་གསལ་ཐིག་ལེ་ཆེན་པོར་སྦ༔ རྫོགས་རིམ་སྒོ་གསུམ་སྔོན་འགྲོ་བཏང༔ བྱུང་གནས་འགྲོ་གསུམ་རྩད་གདར་བཅད༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ཀ་དག་གདོད་མའི་དབྱིངས་ཆེན་པོར༔ མི་གཡོ་གསུམ་གྱིས་ཅོག་གཞག་བྱ༔ རིག་སྟོང་བློ་འདས་ཁྱབ་བརྡལ་ངང༔ འཁོར་འདས་ཆོས་ཀུན་ལ་ཟློས་པས༔ འཁྲུལ་རྟོག་གྲོལ་གཞིར་ཟད་པར་འགྱུར༔ ས་མ་ཡ༔ བླ་མ་ལོངས་སྐུའི་སྒྲུབ་ཐབས་ནི༔ ཀུན་ཁྱབ་ཡེ་ཤེས་འོད་ལྔའི་ཀློང༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་སྐད་ཅིག་རང་གསལ་དུ༔ བླ་མ་ལོངས་སྐུ་ཚེ་དཔག་མེད༔ དམར་གསལ་ཉི་མ་འབུམ་གྱི་གཟི༔ མཚན་རྫོགས་བདེ་ཆེན་ཉམས་བརྒྱས་སྒེག༔ དར་དང་རིན་ཆེན་པད་ཕྲེང་བརྒྱན༔ གཡོ་མེད་ཏིང་འཛིན་ཕྱག་རྒྱའི་སྟེང༔ བདུད་རྩིའི་བཅུད་གཏམས་བུམ་པ་འཛིན༔ པདྨ་ནོར་བུའི་ཁ་རྒྱན་མཛེས༔ ཡུམ་མཆོག་གསང་ཡེ་གོས་དཀར་མོ༔ དམར་མོ་པདྨ་ཚེ་བུམ་བསྣམས༔ བདེ་བའི་ཉམས་རྒྱས་ཡབ་ལ་འཁྲིལ༔ དྭངས་མ་བདུད་རྩིའི་རང་འོད་ཀྱིས༔ ཞིང་ཀུན་འཆི་མེད་རྡོ་རྗེའི་ལྷ༔ མི་གཡོ་མི་འགྱུར་རྟག་པར་རྫོགས༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འཆི་མེད་གཉུག་མའི་གཟེར་གདབ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ འཇའ་འོད་ཟེར་ཐག་སྣང་སྲིད་ཁྱབ༔ བླ་ཚེ་ཆད་ཉམས་ཡར་བ་དང༔ བརྐུས་འཕྲོག་གཞོམ་པ་རང་གནས་བཀུག༔ འཇིག་རྟེན་འབྱུང་ལྔའི་དྭངས་མ་བཅུད༔ སྐྱེ་འགྲོའི་ཚེ་བསོད་དབང་ཐང་དཔལ༔ རྒྱལ་བ་སྲས་བཅས་བྱིན་རླབས་རྣམས༔ འོད་ཟེར་བདུད་རྩིའི་ཐིག་ལེར་བསྡུས༔ ལུས་ངག་ཡིད་ལ་ཐིམ་པ་ཡིས༔ ཚེ་དཔག་མེད་དངོས་འགྲུབ་པར་བསམ༔ ཡང་ཟབ་རྡོ་རྗེ་སྲོག་བཟླས་ནི༔ སྙིང་གི་དབུས་སུ་ཚེ་ཡི་བདག༔ ཤེལ་འདྲ་ཡབ་ཡུམ་སྦྱོར་བ་མཛད༔ དཀར་དམར་བྱང་སེམས་རྒྱུན་བབས་པས༔ ལུས་གང་གཞོམ་མེད་རྡོ་རྗེའི་སྐུ༔ འཇའ་གཟུགས་སྣང་སྟོང་སྐྱེ་འཆི་བྲལ༔ ཞལ་ནས་རང་བྱུང་ཚེ་འཛབ་སྒྲོག༔ སྣང་སྲིད་རྡོ་རྗེའི་སྔགས་སྒྲ་འུར༔ ངག་རླུང་འཕོ་མེད་དབུ་མར་དག༔ ཐུགས་སྲོག་ཧྲཱིཿཡི་འོད་ཟེར་གྱིས༔ འཁོར་འདས་ཨ་ནྲྀ་བྷྲཱུྃ་དུ་གྱུར༔ མེར་མེར་སིབ་སིབ་ལུས་ལ་ཞུགས༔ སྲོག་ཐིག་ཉི་ཟླའི་སྙིང་པོར་ཐིམ༔ མི་ཤིགས་གཉུག་མ་རྡོ་རྗེའི་སྲོག༔ བདེ་ཆེན་ཡེ་ཤེས་ཐུགས་འགྲུབ་བསམ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཟླ་འཆི་མེད་རིག་འཛིན་འགྲུབ༔ སྲོག་ཏིག་གསང་བའི་བཟླས་སྒོམ་ནི༔ ལུས་ནང་དབུ་མ་ཤེལ་དཀར་མདོག༔ ཡར་སྣར་ཐིག་ལེ་ཧཾ་ཡིག་དཀར༔ མར་སྣར་ཐིག་ལེ་ཨ་ཡིག་དམར༔ སྙིང་ཐད་ཕ་ལམ་རྒྱ་གྲམ་ལྟེར༔ ཉི་ཟླའི་ག་འུའི་དབུས་སུ་ཧྲཱི༔ འོད་ལྔའི་མདངས་ལྡན་ཨ་ནྲྀས་མཚན༔ འབྲུ་གཅིག་བཟླ་ཞིང་འཇམ་རླུང་བཟུང༔ ཧྲཱིཿལས་སྒྲ་འོད་འཁོར་འདས་ཁྱབ༔ སྣང་ཆ་བདུད་རྩི་འོད་ཟེར་དཀར༔ བསྡུས་ནས་ཧཾ་ཡིག་བདེ་བ་བརྟན༔ སྟོང་ཆ་བདུད་རྩི་འོད་ཟེར་དམར༔ བསྡུས་ནས་ཨར་ཐིམ་གཟི་བརྗིད་བསྐྱེད༔ ཟུང་འཇུག་བདུད་རྩི་འོད་ལྔར་ཞུ༔ ཐུགས་སྲོག་ལ་ཐིམ་བཀྲག་མདངས་འབར༔ དྷཱུ་ཏི་ཚེ་བཅུད་དྭངས་མས་གང༔ གྭ་འུ་རྡོ་རྗེ་རྩེ་བསྣོལ་བཅིངས༔ སྐྱེ་འཆི་མེད་པའི་སྐུ་ཐོབ་བསམ༔ རིག་སྟོང་ཁྱབ་བརྡལ་ངང་ལ་བཞག༔ རྫོགས་རིམ་འཁོར་འདས་རུ་ཤན་དབྱེ༔ སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང༔ ལུས་གནད་སྐུ་གསུམ་བཞུགས་སྟངས་བཅའ༔ གཟིགས་སྟངས་གསུམ་གྱིས་དབྱིངས་ལ་གཟིར༔ སྒྲོན་བཞི་ལམ་དུ་ལོངས་པ་ཡིས༔ མངོན་སུམ་ཉམས་སྣང་གོང་འཕེལ་ཚེ༔ ཐིག་ལེ་ལུག་རྒྱུད་ཨར་ལ་གཏད༔ སྐུ་དང་ཞིང་ཁམས་ཚད་ཕེབས་ནས༔ འོད་གསལ་སྦུབས་སུ་ཆོས་ཀུན་ཟད༔ འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་ནས༔ སྲིད་པ་ཇི་སྲིད་དོན་མཛད་འགྱུར༔ ས་མ་ཡ༔ བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ནི༔ སྣང་སྲིད་དག་པ་རབ་འབྱམས་ཞིང༔ ངོ་མཚར་བཀོད་པ་བསམ་ཡས་དབུས༔ ཡན་ལག་བརྒྱད་ལྡན་རོལ་པའི་མཚོར༔ པད་སྡོང་རབ་ཏུ་རྒྱས་པའི་རྩེར༔ ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་ས་བོན་ཉིད་ལ་ཐིམ༔ ཡོངས་གྱུར་མཚོ་སྐྱེས་རྡོ་རྗེ་འཆང༔ སངས་རྒྱས་ཀུན་འདུས་སྤྲུལ་པའི་སྐུ༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ བཅུ་དྲུག་དགའ་བ་རྒྱས་པའི་ཉམས༔ ཞི་འཛུམ་ཡིད་འོང་ལྟ་ན་སྡུག༔ དར་དང་རིན་ཆེན་ཨུཏྤལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པ་མཉམ་གཞག་ཚེ་བུམ་བསྣམས༔ ཡེ་ཤེས་མཁའ་འགྲོ་པད་མདོག་འཁྲིལ༔ གྲི་གུག་ཐོད་པའི་བདུད་རྩི་སྟོབ༔ རྒྱན་ཆ་རྣམ་པ་ཡབ་དང་མཚུངས༔ ཞབས་གཉིས་རྡོར་སྐྱིལ་པད་སྐྱིལ་བཞུགས༔ འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས༔ བདེ་བ་ཆེན་པོའི་གཟི་བརྗིད་འབར༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ སྣོད་བཅུད་ཡེ་ཤེས་འཁོར་ལོ་ཆེ༔ རང་བྱུང་རང་ཤར་ཉིད་དུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མོས་གུས་རིག་རྩལ་གོང་དུ་སྦོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུ་ཚེ་འདིར་འགྲུབ༔ འཆི་མེད་རྡོ་རྗེའི་ཏིང་འཛིན་ནི༔ སྣོད་བཅུད་འོད་ཞུ་བླ་མར་ཐིམ༔ ཡབ་ཡུམ་བདེ་ཆེན་དགྱེས་རོལ་པས༔ འོད་ཞུ་ཐིག་ལེ་དཀར་དམར་སྦྱོར༔ དེ་ཉིད་གསེར་གྱི་རྡོ་རྗེར་གྱུར༔ ཡར་རྩེར་ཐབས་ཀྱི་འབྲུ་ལྔ་དང༔ མར་རྩེར་ཤེས་རབ་འབྲུ་ལྔས་མཚན༔ ལྟེ་བར་ཧྲཱིཿབཅས་རང་འོད་འབར༔ ཧྲཱིཿལས་འོད་འཕྲོས་འབྲུ་རྣམས་བསྐུལ༔ ཨོཾ་སོགས་འོད་ཀྱིས་དུག་ལྔ་སྦྱངས༔ སྐུ་དང་ཡེ་ཤེས་བྱིན་ནུས་བསྡུས༔ མཱུྃ་སོགས་འོད་ཀྱིས་ཕུང་ལྔ་སྦྱངས༔ ཕྱི་ནང་འབྱུང་ལྔའི་དྭངས་བཅུད་བསྡུས༔ བདུད་རྩི་འོད་ཟེར་ཁ་དོག་ལྔ༔ ཡར་མར་ནས་ཞུགས་གཟི་བརྗིད་འབར༔ འབྲུ་བཅུ་འོད་ཞུ་ལྟེ་བར་འདུས༔ ཉི་ཟླའི་གྭ་འུ་ཁ་སྦྱོར་གྱུར༔ ཐབས་ཤེས་བཅུད་ཀྱིས་ས་བོན་རྒྱས༔ གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ༔ སྟན་ཐོག་འདི་རུ་མངོན་གྱུར་བསམ༔ སྣང་སྲིད་ཧྲཱིཿཡི་རང་སྒྲ་བཅས༔ སུམ་སྦྲེལ་རྡོ་རྗེའི་བཟླས་པ་ནི༔ ཆུ་བོའི་རྒྱུན་བཞིན་བར་མེད་བྱ༔ བསྐྱེད་སྔགས་རྫོགས་རིམ་ཟུང་འཇུག་པས༔ འཆི་མེད་འཇའ་ལུས་སྒྲུབ་པའི་ཐབས༔ རང་ཉིད་མཚོ་སྐྱེས་རྡོ་རྗེའི་སྐུ༔ སྣང་ལ་རང་བཞིན་མ་གྲུབ་པར༔ གསལ་བརྟན་དག་པའི་ཏིང་འཛིན་བསྒོམ༔ སྟོང་ར་རྩ་གསུམ་འཁོར་ལོ་བཞི༔ འཇའ་གཟུགས་སྒྲིབ་ཐོགས་བྲལ་བ་ཡི༔ སྤྱི་བོར་བླ་མ་འོད་དཔག་མེད༔ དམར་པོ་མཉམ་གཞག་ལྷུང་བཟེད་བསྣམས༔ མགྲིན་པར་གར་གྱི་དབང་ཕྱུག་དམར༔ ཐལ་སྦྱར་བུམ་པ་པད་སྡོང་འཛིན༔ སྙིང་གར་རྟ་མགྲིན་དམར་པོ་གཡས༔ རྒྱ་གྲམ་གཡོན་གྱི་བུམ་པར་བཀབ༔ ཀུན་ཀྱང་རང་འོད་ཡུམ་དང་སྦྱོར༔ སོ་སོའི་ཆ་ལུགས་རྒྱན་རྣམས་རྫོགས༔ ལྟེ་བར་གོས་དཀར་གསང་ཡེ་དམར༔ གྲི་ཐོད་རུས་རྒྱན་བརྐྱང་བསྐུམ་གར༔ ཐམས་ཅད་བདེ་དྲོད་འོད་ཕུང་འབར༔ ཐུགས་སྲོག་ཨོཾ་ཨཱཿཧཱུྃ་དང་ཧྲཱི༔ རྡོ་རྗེ་བཞི་ཡི་ངོ་བོར་གསལ༔ འཇམ་རླུང་རྡོ་རྗེའི་བཟླས་པ་ཡིས༔ ལམ་སྦྱང་དྭངས་མའི་བཅུད་རྣམས་བསྡུས༔ སྦྱོར་བ་བཞི་ལྡན་བུམ་ཅན་གྱིས༔ རླུང་བཟུང་སྲོག་རྩོལ་དབུ་མར་གཞུག༔ འབར་འཛག་དགའ་བཞིའི་ཡེ་ཤེས་བསྐྱེད༔ གོམས་ནས་མཚན་ལྡན་གཞན་ལུས་སྦྱང༔ ལྷན་སྐྱེས་བདེ་ཆེན་འགྱུར་མེད་བརྟན༔ རྩོལ་བཅས་ལམ་གྱི་རིམ་པ་ཀུན༔ མཐར་ཐུག་རྩོལ་བྲལ་གདོད་མའི་གཤིས༔ ཀ་དག་དབྱིངས་ཀྱི་ཐིག་ལེ་ཆེ༔ ཕྱི་ནང་ནམ་མཁའི་གནད་ཀྱིས་སྦྱོར༔ ཡེ་ཤེས་སྣང་བ་གོང་འཕེལ་ངང༔ མངོན་སུམ་རིག་པའི་གདངས་གཅུན་ཏེ༔ འཆི་མེད་གྲུབ་མཐའ་ལམ་དུ་བསླང༔ འཕྲོ་འདུ་དམིགས་པའི་གཟེར་ཆེན་ནི༔ ནང་འཇུག་སྔགས་སྒྲས་གནས་བཞིའི་ལྷ༔ རྒྱུད་བསྐུལ་ཕྱིར་དབྱུང་ཐུགས་སྲོག་འོད༔ འཕྲོས་པས་རྩ་གསུམ་བྱིན་རླབས་དང༔ བརྟན་གཡོའི་དྭངས་བཅུད་བདུད་རྩིར་བསྡུས༔ འཇུག་ཚེ་སྣ་ནས་རོ་རྐྱང་བརྒྱུད༔ དྷཱུ་ཏིའི་ལྷར་ཐིམ་གཟི་བརྗིད་འབར༔ གནས་པ་ཡུན་བསྲིང་དབྱིངས་སུ་སྐྱེལ༔ ལྡང་དུས་འོད་འཕྲོས་སྣོད་དང་བཅུད༔ རྣམ་དག་ཡེ་ཤེས་འཁོར་ལོར་བསྒྱུར༔ དེ་ལྟར་སྦྱངས་པས་རྟགས་མཐོང་ན༔ གནས་བཞིའི་ཐུགས་སྲོག་ཐིག་ལེར་བསྒྱུར༔ བུམ་ཅན་སྦྱོར་བས་ལྟེ་བའི་ལྷའི༔ ཐིག་ལེ་ལས་བྱུང་བདེ་ཆེན་མེས༔ སྙིང་མགྲིན་སྤྱི་བོ་རིམ་པར་བསྐུལ༔ འོད་འཕྲོས་འཁོར་འདས་བདུད་རྩིར་བསྡུས༔ སྤྱི་བོའི་ལྷར་ཐིམ་བྱང་སེམས་རྒྱུན༔ མགྲིན་པར་བབས་སོགས་རིམ་བཞིན་བསྒོམ༔ ལྟེ་བའི་ཐིག་ལེར་ཐིམ་པ་ལས༔ དགའ་བཞིའི་མཐར་སོན་ལྷན་སྐྱེས་མྱོང༔ དེ་ལ་རྟགས་ཐོན་མཁའ་འགྲོ་མ༔ ཙཎྜ་ལཱིར་གྱུར་སྙིང་གར་སླེབ༔ དེ་ཡང་འབར་ནས་མགྲིན་པ་དང༔ སྤྱི་བོ་དེ་བཞིན་འབར་བའི་འོད༔ འཁོར་འདས་ཀུན་ཁྱབ་དྭངས་མར་བཞུས༔ དྷཱུ་ཏིའི་ཡར་སྣ་ནས་ཞུགས་པས༔ མཐའ་ཡས་སྔར་ལས་བཀྲག་མདངས་འབར༔ མར་བབས་ལྟེ་བའི་མཁའ་འགྲོའི་བར༔ གསལ་བཏབ་རླུང་དང་འཁྲུལ་འཁོར་བྱ༔ སླར་ཡང་སྟེང་འོག་རླུང་སྦྱོར་གྱིས༔ གནས་བཞིའི་ལྷ་རྣམས་ཐིག་ལེར་ཞུ༔ ལྟེ་བར་ཡར་སོང་ཉི་མའི་དལ༔ སྤྱི་མགྲིན་མར་བབས་ཟླ་བ་ཡི༔ ག་འུའི་དབུས་སུ་སྙིང་གའི་ལྷ༔ མི་ཤིགས་ཐིག་ལེ་ཨས་མཚན་པར༔ ཡུན་དུ་སེམས་བཟུང་རླུང་འགགས་ན༔ ཐམས་ཅད་དབུ་མའི་ནམ་མཁར་བསྟིམ༔ འོད་གསལ་སྟོང་ཉིད་སྣ་ཚོགས་གཟུགས༔ ཡེ་ཤེས་སྤྱན་གྱིས་མངོན་སུམ་མཐོང༔ ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་འགྱུར༔ ས་མ་ཡ༔ སྣང་སྟོང་སྤྲུལ་སྐུར་བསྒྲུབ་པའི་ཕྱིར༔ ཐོད་ཕྲེང་རྩལ་གྱི་རྣལ་འབྱོར་བསྒོམ༔ སྣང་སྲིད་པདྨ་འོད་ཀྱི་ཞིང༔ སྒྱུ་འཕྲུལ་དྲྭ་བའི་རྒྱན་བཀོད་པར༔ པད་སྡོང་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ སྤྲོ་བསྡུས་དོན་བྱས་ཡོངས་གྱུར་ལས༔ སྐད་ཅིག་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་དཀར་དམར་མདངས༔ ལྔ་ལྡན་ཡེ་ཤེས་རང་འོད་འཕྲོ༔ ཁྲོ་འཛུམ་བརྗིད་ཅིང་སྒེག་པའི་ཉམས༔ པད་ཞུ་སྒྲོ་དར་མེ་ལོང་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩིའི་བཅུད་བལྟམས་ཚེ་བུམ་བསྣམས༔ གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་བསྟེན༔ གསང་གོས་ཕོད་ཀ་ཆོས་གོས་གསུམ༔ ཟ་འོག་བེར་ཕྱམ་སྐུ་ལ་གསོལ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ སྐུ་ཡིས་ཞིང་ཁམས་ཀུན་ཁྱབ་ཅིང༔ ཞིང་ཀུན་བ་སྤུ་རེ་རེར་རྫོགས༔ སྣང་སྟོང་ཟུང་འཇུག་འོད་ཀྱི་ལུས༔ རྩ་གསུམ་ཡོངས་འདུས་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མོས་གུས་འཕྲོ་འདུས་བྱིན་ཆེན་སྡུད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ འདི་བཟླས་རྩ་གསུམ་བྱིན་རླབས་ཐོབ༔ བུམ་དབང་ལམ་དུ་བྱེད་པའི་ཕྱིར༔ སྤྱི་དང་བྱེ་བྲག་མ་འདྲེས་པར༔ རྣམ་པ་གསལ་བ་འཇའ་ཚོན་བཞིན༔ ལྷ་དང་དབྱེར་མེད་ང་རྒྱལ་གྱིས༔ མཉམ་གཞག་རྗེས་ཐོབ་ལམ་དུ་ཁྱེར༔ གཞི་སྣང་འབྲས་བུར་རྫོགས་པའི་ཕྱིར༔ སོ་སོའི་དག་པ་དྲན་པའི་ངང༔ ལྷ་སྐུ་ཕྱག་རྒྱ་གཅིག་པ་ཡི༔ ཏིང་འཛིན་མི་འགྱུར་གཟེར་གྱིས་གདབ༔ གོམས་ནས་ཕྱག་རྒྱ་སྤྲོས་བཅས་དང༔ ཚོགས་སྒྲུབ་ཉེ་རྒྱུའི་བརྟུལ་ཞུགས་ཀྱིས༔ རིག་འཛིན་རྣམ་བཞིའི་གོ་འཕང་བསྒྲུབ༔ ངག་ཡིད་འགོག་དང་རྡོར་བཟླས་ནི༔ དབུགས་ཀྱི་རྒྱུན་དང་མི་འབྲལ་བས༔ ནུས་པ་སྔགས་ཀྱི་གཟེར་གདབ་ཅིང༔ དམིགས་པའི་འཁོར་ལོ་ཕྱོགས་མེད་བསྐོར༔ གང་འདོད་ལས་ཀྱི་ལྡེ་ཁ་བསྒྱུར༔ འཕྲོ་འདུའི་གཟེར་གྱིས་ཕྲིན་ལས་བསྒྲུབ༔ བྱ་བྱེད་འབྲས་བུར་བཅས་པ་ཡང༔ གདོད་ནས་མ་སྐྱེས་རིག་པའི་གཤིས༔ མཉམ་ཡངས་རིས་མེད་ཟང་ཐལ་ངང༔ རང་བྱུང་ཡེ་ཤེས་འོད་གསལ་བ༔ དགོངས་པ་མི་འགྱུར་གཟེར་ཐེབས་ན༔ བུམ་དབང་མཐར་ཕྱིན་ལྷ་དང་མཇལ༔ ནུས་པ་འབར་ཞིང་རྟོགས་པ་སྐྱེ༔ ཡན་ལག་སད་དུས་བག་ཆགས་རྣམས༔ སྒྱུ་མའི་ཏིང་ངེ་འཛིན་གྱིས་སྦྱང༔ འདི་ལྟར་སྣང་བའི་ཆོས་རྣམས་ཀུན༔ སྒྱུ་མའི་དཔེས་མཚོན་སྒྱུ་མར་བལྟ༔ མ་ལུས་ལྷ་སྐུ་ཆུ་ཟླ་དང༔ འཇའ་ཚོན་མེ་ལོང་གཟུགས་བརྙན་བཞིན༔ སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཡིས༔ དངོས་སྣང་མཚན་འཛིན་ཀུན་ལ་འདེབས༔ ཀུན་ཀྱང་སྟོང་བཞིའི་དབྱིངས་སུ་བསྟིམ༔ དེ་ལས་ཡེ་ཤེས་སྒྱུ་མའི་སྐུར༔ ལྡངས་ཏེ་སློབ་པའི་ཟུང་འཇུག་བསྒྲུབ༔ ས་མ་ཡ༔ གྲགས་སྟོང་ལོངས་སྐུ་ལམ་བྱེད་ཕྱིར༔ གར་གྱི་དབང་ཕྱུག་རྣལ་འབྱོར་བསྒོམ༔ པདྨ་དབང་གི་གཞལ་ཡས་ཁང༔ ལོངས་སྤྱོད་རྒྱན་སྟུག་བཀོད་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་པདྨ་ཧྲཱིཿཡིས་མཚན༔ འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི༔ དོན་བྱས་ས་བོན་ཕྱག་མཚན་བཅས༔ ཡོངས་གྱུར་བཅོམ་ལྡན་སྤྱན་རས་གཟིགས༔ པདྨ་རྣམ་པར་རྒྱས་པ་ནི༔ དམར་གསལ་པདྨ་རཱ་གའི་མདངས༔ ཞི་འཛུམ་སྒེག་ཅིང་ཆགས་པའི་ཉམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད༔ གཡས་འོག་གསེར་གྱི་རྡོ་རྗེ་དང༔ གཡོན་འོག་པདྨ་དམར་པོ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ སྤྲུལ་སྐུའི་ཆ་ལུགས་ལྷུང་བཟེད་འཛིན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རྟ་མགྲིན་དམར་པོ་ཁྲོ་ཆས་རྫོགས༔ དབང་སྡུད་ཕྱག་རྒྱ་པད་ཕྲེང་བསྣམས༔ བདེ་སྟོང་འོད་ཕུང་འབར་བའི་ཀློང༔ སངས་རྒྱས་ཀུན་འདུས་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ལྷར་སྣང་རླུང་སྔགས་དབྱེར་མེད་ངང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་ཚེ་གཅིག་མངོན་འཚང་རྒྱ༔ གསང་དབང་ལམ་དུ་ཁྱེར་བའི་ཕྱིར༔ གཏུམ་མོ་དམ་ཚིག་ཕྱག་རྒྱ་ནི༔ ལུས་གནད་གཅུན་ཏེ་སྟོང་ར་བསྒོམ༔ རང་ཉིད་པདྨ་གར་དབང་སྐུ༔ དར་དམར་གུར་ཕུབ་ལྟ་བུའི་ནང༔ དབུ་མ་མཚན་ཉིད་བཞི་ལྡན་སྔོ༔ གཡས་གཡོན་རོ་རྐྱང་དཀར་དམར་ནི༔ ཡར་མར་སྣ་བུག་ལྟེ་འོག་ཟུག༔ གནས་ལྔར་འཁོར་ལོ་ལྔ་གསལ་གདབ༔ ཞི་དྲག་བར་མས་རླུང་རོ་བསལ༔ དལ་བར་རྔུབ་ཅིང་ལྟེ་བར་དགང༔ སྟེང་འོག་ཁ་སྦྱོར་གཞིལ་ཏེ་འཕང༔ བུམ་ཅན་ཚད་དུ་འཁྱོལ་བར་སྦྱང༔ འཁོར་ལོ་ལྔ་དབུས་དུག་ལྔ་དང༔ ཕུང་ལྔ་འབྱུང་བ་ལྔ་ཡི་རྟེན༔ ཐིག་ལེ་དཀར་དམར་མཐིང་སེར་ལྗང༔ ལྟེ་འོག་ཐིག་ལེ་ཧྲཱིཿདམར་མཚན༔ རླུང་བཟུང་དེ་ལས་ཡེ་ཤེས་མེ༔ ཁ་དོག་ལྔ་ལྡན་རབ་ཏུ་འབར༔ གནས་ལྔའི་ཐིག་ལེ་རིམ་པར་བསྲེགས༔ ཉོན་མོངས་རྒྱུ་འབྲས་ཀུན་བཅོམ་ནས༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཡིག་གྱུར༔ དབུ་མའི་ཡར་སྣེར་ཧྲཱིཿདཀར་པོ༔ བླ་མའི་ངོ་བོར་བཞུགས་པ་བསྐུལ༔ འོད་འཕྲོས་རྩ་གསུམ་བྱིན་རླབས་བསྡུས༔ གཟི་བརྗིད་འོད་འབར་ཐིག་ལེ་དཀར༔ དཔའ་བོ་ཧཾ་གིས་མཚན་པར་གྱུར༔ སླར་ཡང་བུམ་ཅན་སྦྱོར་བས་བསྐུལ༔ ཧྲཱིཿལས་དྲོད་ཀྱི་གཏུམ་མོ་འབར༔ འབྲུ་ལྔ་ཕུག་ནས་ཧཾ་ལ་རེག༔ བདེ་བའི་གཏུམ་མོ་བྱང་སེམས་རྒྱུན༔ རིམ་བབས་དགའ་བཞིའི་ཡེ་ཤེས་སྐྱེས༔ སོ་སོར་ངོས་བཟུང་ཡིག་འབྲུ་ལྔ༔ རིགས་ལྔའི་སྤྱན་རས་གཟིགས་སུ་གྱུར༔ ལྟེ་བར་བདེ་དྲོད་ཞལ་སྦྱོར་ཚེ༔ གསང་ལྟེ་སྙིང་མགྲིན་སྤྱི་བོའི་བར༔ ལྷ་རྣམས་ཡས་རིམ་བཞིན་དུ་ཐིམ༔ དེ་ཡང་ཧཾ་ཐིམ་ཧྲཱིཿདཀར་གྱུར༔ སྟོང་བཞིའི་ཡེ་ཤེས་མཐར་ཕྱིན་བསམ༔ རང་ཞལ་བལྟ་ཞིང་སྨིན་ཕྲག་གི༔ དབྱིངས་སུ་གཏད་ལ་མི་འགྱུར་བའི༔ ཟུང་འཇུག་བདེ་ཆེན་ལྷན་ཅིག་སྐྱེས༔ རང་བྱིན་བརླབ་པའི་རིམ་པ་བསྒྲུབ༔ གསང་དབང་གྲུབ་མཐའ་ལམ་ལོངས་བྱ༔ ཡན་ལག་གཉིད་འཁྲུལ་བག་ཆགས་ཉིད༔ བཟུང་སྦྱང་སྤེལ་བས་ལམ་དུ་བྱ༔ ཉིན་པར་སྣང་གྲགས་ཐམས་ཅད་ཀུན༔ རྨི་ལམ་འདུན་པ་དྲག་པོ་དང༔ དེ་ཡང་བདེན་མེད་སྒྱུ་མར་སྦྱང༔ ཉལ་ཁར་མགྲིན་པར་པདྨ་དམར༔ ཐིག་ལེ་ཧྲཱིཿདམར་མཚན་པ་ལ༔ ཡུན་རིང་སེམས་གཏད་སྐབས་སྐབས་སུ༔ དེ་ཉིད་བླ་མའི་ངོ་བོར་བལྟ༔ མོས་གུས་རྨི་ལམ་འདུན་པ་སྦྲགས༔ མ་ཡེངས་ངང་དུ་གཉིད་ལོག་པས༔ རྨི་ལམ་བྱུང་དུས་ངེས་པར་ཟིན༔ དེ་ནས་སྒྱུ་མ་ལྷ་སྐུ་དང༔ བདེ་ཆེན་འོད་གསལ་འཁོར་ལོར་སྦྱང༔ དེ་ལས་གང་འདུལ་ཅིར་ཡང་སྤེལ༔ རྣམ་པར་སྤྲུལ་ནས་ཞིང་ཁམས་བལྟ༔ འབྱོངས་ནས་རླུང་སེམས་ལྷ་ཡི་སྐུ༔ རྣམ་སྨིན་རིག་འཛིན་མྱུར་འགྲུབ་འགྱུར༔ ས་མ་ཡ༔ རིག་སྟོང་ཆོས་སྐུ་མངོན་གྱུར་ཕྱིར༔ འོད་མི་འགྱུར་བའི་ཏིང་འཛིན་བསྒོམ༔ མ་བཅོས་ལྷུན་གྱིས་གྲུབ་པའི་ཞིང༔ ཡེ་ཤེས་བཀོད་པ་ལྷུན་རྫོགས་དབུས༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་བྱུང་རིག་པ་ཧྲཱིཿདམར་པོ༔ འཕྲོ་འདུའི་འོད་ཀྱིས་དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རིགས་ཀུན་ཁྱབ་བདག་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་དམར་གསལ་མདངས༔ འོད་ཟེར་བྱེ་བ་དགུ་ཁྲི་འཕྲོ༔ མཉམ་གཞག་ཕྱག་རྒྱས་བཻ་ཌཱུརྻའི༔ ལྷུང་བཟེད་བདུད་རྩིས་བཀང་བ་འཛིན༔ ངུར་སྨྲིག་ཆོས་གོས་ཚངས་སྤྱོད་ཆས༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མཚན་དཔེའི་གཟི་བརྗིད་དཔག་ཏུ་མེད༔ ཡན་ལག་དྲུག་ཅུའི་ཆོས་དབྱངས་སྒྲོག༔ བསམ་གྱིས་མི་ཁྱབ་ཏིང་འཛིན་ངང༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ སངས་རྒྱས་མཛད་པ་ལྷུན་གྲུབ་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཡེ་ཤེས་འཁོར་ལོ་ཕྱོགས་མེད་བསྐོར༔ ཨོཾ་ཨ་མི་དྷེ་བ་ཧྲཱི༔ ཞེས་བཟླས་མཐའ་ཡས་གོ་འཕང་འགྲུབ༔ ཤེས་རབ་ཡེ་ཤེས་ལམ་བྱེད་ཕྱིར༔ བདེ་ཆེན་ཐབས་ལམ་རྣལ་འབྱོར་པས༔ བདེ་བའི་སྟན་འདུག་ལུས་གནད་བསྲང༔ རང་ཉིད་གསུང་གི་རྡོ་རྗེ་དམར༔ པདྨ་དྲིལ་འཛིན་ཆགས་པའི་ཉམས༔ ལོངས་སྤྱོད་རྫོགས་པའི་ཆས་ལྡན་གསལ༔ བུམ་ཅན་རླུང་དང་གཏུམ་མོ་སྦྱང༔ ཐིག་ལེ་བཟུང་ཟློག་དགྲམ་པ་ཡི༔ རླུང་སྦྱོར་རྣམ་རོལ་འཁྲུལ་འཁོར་སོགས༔ གནད་དང་ལྡན་པས་བྱང་ཆུབ་ནས༔ ཡིད་རིག་ཡེ་ཤེས་ཕྱག་རྒྱ་ལ༔ ལས་རྒྱ་བཞིན་དུ་གདིང་ཐོབ་བྱ༔ དེ་ནས་སྔོན་འགྲོ་པད་ཅན་སོགས༔ མཚན་ལྡན་རྒྱུད་བཞིན་བརྟག་ཅིང་བཙལ༔ རྫས་སྔགས་དམིགས་པའི་སྦྱོར་བས་དགུག༔ རྒྱུད་སྦྱང་སྣོད་དུ་རུང་བ་ན༔ ལུས་ཀྱི་ཟུངས་གསོ་རྩ་ཁ་དབྱེ༔ སྒྱུ་མར་སྦྱངས་ལ་ཆགས་ཞེན་སྤང༔ དངོས་གཞི་ཤིན་ཏུ་དབེན་པའི་སར༔ རང་ཉིད་འདོད་ཆགས་རྡོ་རྗེ་དང༔ རིག་མ་ན་བཟའ་དཀར་མོར་གསལ༔ མཁའ་གསང་རྡོར་པད་ཡིག་འབྲུས་བརླབ༔ ཟག་བཅས་སྲིད་གསུམ་ཟག་མེད་ཀྱི༔ བདེ་ཆེན་སར་སྒྲོལ་སེམས་བསྐྱེད་ནས༔ ཡིད་དང་དངོས་ཀྱིས་སྙོམས་པར་འཇུག༔ དལ་བུས་བདེ་བ་བསྐྱེད་རིམ་བསྟུན༔ རུས་སྦལ་འགྲོས་ཀྱིས་དབབ་མཁས་བྱ༔ ཐེམ་བུའི་གནད་ཀྱིས་ཡུན་བསྲིངས་ཏེ༔ རིལ་བ་ཞབས་ཚག་ཇི་བཞིན་བཟུང༔ འགྱུར་བཞི་མདའ་གཞུའི་སྦྱོར་སོགས་ཀྱིས༔ ཐུར་མའི་སྦུབས་ཆུ་བཞིན་དུ་བཟློག༔ འཁྲུལ་འཁོར་བཞི་ཡིས་ལུས་ཀུན་ལ༔ འགྲེམས་མཁས་ཡོ་ལང་འགྱེད་བཞིན་བྱ༔ རྗེས་ནི་ཀ་དག་དབྱིངས་སུ་བསྐྱལ༔ དགའ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི༔ བདེ་ཆེན་མཆོག་ཏུ་མི་འགྱུར་བས༔ སྐད་ཅིག་སངས་རྒྱས་ས་ལ་སྦྱོར༔ ཤེས་རབ་ལམ་ཟབ་ཉམས་ལོངས་འགྱུར༔ ཐུན་མོང་ཚེ་དང་ནོར་ལ་སོགས༔ འདིར་བསྟན་ཤིན་ཏུ་ཟབ་པའི་གནད༔ དམར་ཁྲིད་ཞལ་གདམས་ཇི་བཞིན་སྤྱད༔ ཡན་ལག་གཉིད་མཐུག་སྦྱང་བའི་ཕྱིར༔ སྐྱོ་ཤས་མོས་གུས་རྩལ་བསྐྱེད་ལ༔ ཉིན་མོར་གཟུང་འཛིན་སྣང་བ་ལ༔ འཁྲུལ་པའི་རྟོག་པས་བར་མི་བཅད༔ གཅེར་མཐོང་རང་གྲོལ་ཐུག་འཕྲད་དུ༔ དབྱིངས་རིག་སྟོང་གསལ་ཆེན་པོར་སྐྱེལ༔ མཚན་མོར་འོད་དཔག་མེད་དུ་གསལ༔ ཐུགས་ཀར་འོད་ལྔའི་གོང་བུའི་དབུས༔ བླ་མའི་ངོ་བོ་ཧྲཱིཿདམར་པོ༔ ཨ་ནུ་ཏ་རས་བསྐོར་བ་ལས༔ འོད་འཕྲོས་སྣོད་བཅུད་འོད་དུ་འདུས༔ རང་ཐིམ་རང་ཡང་ཐིག་ལེར་ཐིམ༔ རིམ་འདུས་དབྱིངས་སུ་ཡལ་བ་དང༔ སླར་ལྡངས་བསྡུ་སོགས་ཡང་ཡང་སྦྱང༔ གཉིད་ཁར་བསྡུས་ཏེ་སྣང་མེད་ངང༔ བཞག་པས་གཉིད་ཀྱི་འོད་གསལ་ཟིན༔ འབྱོངས་ནས་ཉིན་མཚན་ཁོར་ཡུག་འབྲེལ༔ ཕྱག་རྒྱའི་རིག་འཛིན་མཆོག་འགྲུབ་འགྱུར༔ ས་མ་ཡ༔ བཞི་པའི་ཡེ་ཤེས་མངོན་གྱུར་ཕྱིར༔ པདྨ་བཛྲའི་ཏིང་འཛིན་བསྒོམ༔ ཉག་གཅིག་ཐིག་ལེའི་གཞལ་ཡས་སུ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ དང་པོའི་སངས་རྒྱས་འོད་མི་འགྱུར༔ བདེ་ཆེན་པདྨ་བཛྲ་རྩལ༔ ཆུ་སྐྱེས་ཉི་ཟླའི་དཀྱིལ་འཁོར་དུ༔ ཧྲཱིཿལས་སྐུར་བསྐྱེད་དབང་གི་མདོག༔ ཁྲོ་འཛུམ་ཡིད་འོང་སྒེག་ཅིང་ཆགས༔ ཕྱག་གཡས་ཐབས་མཆོག་རྡོ་རྗེ་དང༔ གཡོན་པས་ཤེས་རབ་ཐོད་ཞལ་ནི༔ ཟུང་འཇུག་ཕྱག་རྒྱ་ཐུགས་ཀར་བསྣོལ༔ དབུ་སྐྲ་ཐོར་ཚུགས་ནོར་བུས་སྤྲས༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ པདྨའི་ཕྲེང་བ་དོ་ཤལ་འཕྱང༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་མ༔ དཀར་དམར་མདངས་ལྡན་གཉིས་མེད་འཁྲིལ༔ རྒྱན་དང་ཕྱག་མཚན་ཡབ་དང་མཐུན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ བདེ་བ་ཆེན་པོར་སྙོམས་པར་འཇུག༔ དྭངས་མ་འོད་ལྔ་འབར་བའི་དབུས༔ དྲན་པས་འཁྲུལ་གཞི་རྩད་གཅོད་པའི༔ སྲིད་ཞིའི་ཁྱབ་བདག་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རང་སྣང་རིས་མེད་རྩོལ་བྲལ་ངང༔ ཨོཾ་པདྨ་བཛྲ་ཧཱུྃ༔ ཞེས་བཟླས་འཇའ་ལུས་ཆོས་སྐུ་འགྲུབ༔ བཞི་པའི་ཡེ་ཤེས་ལམ་བྱེད་ཕྱིར༔ བཅུ་དྲུག་དགའ་བའི་མཐར་སྐྱེས་པའི༔ དཔེ་ཡི་ཡེ་ཤེས་དྲན་བྱས་ལ༔ བསལ་བཞག་མེད་པར་རྟག་ཏུ་བསྐྱང༔ རྩིས་གདབ་བྲལ་བས་ལམ་དུ་ཁྱེར༔ ཡེངས་པ་མེད་པའི་གདིང་ཐོབ་ནས༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ ཁྱད་པར་ཤིན་ཏུ་རྣལ་འབྱོར་དོན༔ ངོ་བོའི་འོད་གསལ་ཀ་དག་དབྱིངས༔ དུས་གསུམ་འགྱུར་བ་མེད་པའི་ངང༔ བསལ་བཞག་བྲལ་བའི་རྣལ་འབྱོར་བསྐྱང༔ རང་བཞིན་འོད་གསལ་ལྷུན་གྲུབ་རྩལ༔ འཁོར་འདས་དྭངས་སྲོག་རིག་པའི་གདངས༔ སྐུ་དང་ཐིག་ལེ་ཆེན་པོར་གཏམས༔ འགག་མེད་ཐུགས་རྗེ་ཀུན་ཁྱབ་ཉིད༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ༔ གྲོལ་ནས་གཞན་དོན་ལྷུན་གྱིས་གྲུབ༔ དེ་ཕྱིར་རྩེ་གཅིག་ཉམས་ལེན་གནད༔ ཕྱི་དབྱིངས་ནམ་མཁའ་རྐྱེན་དང་བྲལ༔ ནང་དབྱིངས་ཀ་ཏི་ཤེལ་གྱི་སྦུག༔ གསང་དབྱིངས་གདོད་མའི་འོད་གསལ་གསུམ༔ གཅིག་ཏུ་གཅུན་པས་སྣང་སེམས་ཀུན༔ ཡེ་གྲོལ་སོར་བཞག་ཆེན་པོའི་ངང༔ གདོད་མའི་དབྱིངས་སུ་ལ་བཟླས་ཏེ༔ གཞོན་ནུ་བུམ་སྐུར་མངོན་བྱང་ཆུབ༔ ནང་གསལ་རང་བྱུང་རིག་པའི་གདངས༔ ཕྱིར་གསལ་རྡོ་རྗེ་ལུ་གུ་རྒྱུད༔ བར་དུ་རྒྱ་མཚོ་གསེར་ཉི་མས༔ མཚམས་སྦྱར་དབང་པོའི་མངོན་སུམ་དུ༔ ཨར་གཏད་ཉིན་མཚན་རྣལ་འབྱོར་གྱིས༔ སྣང་བཞི་གོང་འཕེལ་མཐར་ཕྱིན་པས༔ ལྷུན་གྲུབ་རིག་འཛིན་འཕོ་བ་ཆེ༔ འཇའ་ལུས་རྡོ་རྗེའི་སྐུ་འཐོབ་ནས༔ དབང་བཞིའི་གྲུབ་མཐར་བསྙེགས་པར་འགྱུར༔ ལམ་ལ་གོམས་འདྲིས་ཆུང་བ་ཡིས༔ ཚེ་འདིར་བརྟན་པ་མ་ཐོབ་ན༔ ཡེ་ཤེས་གོང་དུ་འཕོ་བ་དང༔ སྲིད་པ་བར་དོའི་ཉམས་ལེན་སོགས༔ རྒྱུད་དང་གྲུབ་པའི་ལུང་བཞིན་སྤྱད༔ ས་མ་ཡ༔ གཏི་མུག་གནས་སུ་དག་པའི་ཕྱིར༔ བུདྡྷ་ཐོད་ཕྲེང་ཏིང་འཛིན་བསྒོམ༔ ཀུན་ཁྱབ་འཁོར་ལོ་བཀོད་པའི་དབྱིངས༔ དཀར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ སེང་གེས་བཏེགས་པའི་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་གྱི་སྟེང༔ ཨོཾ་ཡིག་དཀར་པོའི་འཕྲོ་འདུ་ལས༔ རྒྱལ་བ་ཀུན་གྱི་སྐུ་རྡོ་རྗེ༔ གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྒེག་པའི་ཉམས༔ དཀར་གསལ་ནོར་བུ་ཆུ་ཤེལ་མདོག༔ ཕྱག་གཡས་འཁོར་ལོ་ཐོད་ཕྲེང་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་སངས་རྒྱས་མཁའ་འགྲོ་དཀར༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ འཁོར་ལོ་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ འཁོར་ལོ་སྟོང་ལྡན་རྒྱན་བཀོད་པར༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་མཆོག་མི་ཟད་རྒྱན་འཁོར་ལོ༔ རང་བཞིན་ལྷུན་གྲུབ་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ བརྡལ་ཁྱབ་ནམ་མཁའི་དགོངས་ཉམས་སྤར༔ ཨོཾ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་སྐུ་ཡི་དངོས་གྲུབ་ཐོབ༔ རྫོགས་རིམ་སྤྱི་བོའི་རྩ་འཁོར་དབུས༔ གཏི་མུག་ངོ་བོ་མོཾ་ནག་པོ༔ སྙིང་གར་ཧྲཱིཿཡིག་དཀར་པོ་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི༔ མེ་རླུང་ཆུར་གྱུར་བསྲེགས་གཏོར་བཀྲུས༔ དྭངས་མ་ཨོཾ་དཀར་གཟི་བརྗིད་འབར༔ འོད་ཟེར་དཀར་པོས་ཁམས་གསུམ་ཁྱབ༔ ཉོན་མོངས་གཏི་མུག་རྩད་ནས་སྦྱངས༔ ཕྱི་སྣོད་སྟུག་པོ་བཀོད་པའི་ཞིང༔ ནང་བཅུད་བུདྡྷ་ཐོད་ཕྲེང་རྩལ༔ ཨོཾ་གྱི་རང་སྒྲས་སྣང་སྲིད་གཡོ༔ ཀུན་ཀྱང་ཐིག་ལེ་འོད་དཀར་གྱུར༔ མེར་མེར་ཤིག་ཤིག་འཇིག་རྟེན་གང༔ ཚུར་འདུས་བདག་ཐིམ་བདག་ཉིད་ཀྱང༔ འོད་ཞུ་ཨོཾ་དང་ཐིག་ལེར་གྱུར༔ ནཱ་དར་འདུས་ནས་དབྱིངས་སུ་ཡལ༔ གཟུགས་ཕུང་གཏི་མུག་གནས་སུ་དག༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་བསམ༔ རིག་སྟོང་ཁྱབ་གདལ་ཆེན་པོར་བཞག༔ ས་མ་ཡ༔ འདོད་ཆགས་གནས་སུ་དག་པའི་ཕྱིར༔ པདྨ་ཐོད་ཕྲེང་ཏིང་འཛིན་བསྒོམ༔ ཆགས་མེད་པདྨ་བཀོད་པའི་དབྱིངས༔ དམར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་གྱི་སྟེང༔ ཨཱཿཡིག་དམར་པོའི་འཕྲོ་འདུ་ལས༔ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཆགས་པའི་ཉམས༔ དམར་གསལ་པདྨ་རཱ་གའི་མདོག༔ ཕྱག་གཡས་པདྨ་བགྲང་ཕྲེང་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་པདྨ་མཁའ་འགྲོ་དམར༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ པདྨ་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ པདྨ་སྟོང་ལྡན་རྒྱན་བཀོད་པར༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ གསུང་མཆོག་མི་ཟད་རྒྱན་འཁོར་ལོ༔ རང་བཞིན་ལྷུན་གྲུབ་ཆེན་པོར་བཞུགས༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མ་འདྲེས་རང་གསལ་དགོངས་ཉམས་སྤར༔ ཨཱཿགུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་མི་ཏ་བྷཱ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་གསུང་གི་དངོས་གྲུབ་ཐོབ༔ རྫོགས་རིམ་མགྲིན་པའི་རྩ་འཁོར་དབུས༔ འདོད་ཆགས་ངོ་བོ་རཾ་དམར་པོ༔ སྙིང་གར་ཧྲཱིཿཡིག་དམར་པོ་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི༔ མེ་རླུང་ཆུར་གྱུར་བསྲེགས་གཏོར་བཀྲུས༔ དྭངས་མ་ཨཱཿདམར་གཟི་བརྗིད་འབར༔ འོད་ཟེར་དམར་པོས་ཁམས་གསུམ་ཁྱབ༔ ཉོན་མོངས་འདོད་ཆགས་རྩད་ནས་སྦྱངས༔ ཕྱི་སྣོད་པདྨ་བཀོད་པའི་ཞིང༔ ནང་བཅུད་པདྨ་ཐོད་ཕྲེང་རྩལ༔ ཨཱཿཡི་རང་སྒྲས་སྣང་སྲིད་གཡོ༔ ཀུན་ཀྱང་ཐིག་ལེ་འོད་དམར་གྱུར༔ མེར་མེར་ཤིག་ཤིག་འཇིག་རྟེན་གང༔ ཚུར་འདུས་བདག་ཐིམ་བདག་ཉིད་ཀྱང༔ འོད་ཞུ་ཨཱཿདང་ཐིག་ལེར་གྱུར༔ ནཱ་དར་འདུས་ནས་དབྱིངས་སུ་ཡལ༔ འདུ་ཤེས་འདོད་ཆགས་གནས་སུ་དག༔ སོར་རྟོག་ཡེ་ཤེས་མངོན་གྱུར་བསམ༔ བདེ་སྟོང་འགྱུར་མེད་ངང་དུ་བཞག༔ ས་མ་ཡ༔ ཞེ་སྡང་གནས་སུ་དག་པའི་ཕྱིར༔ བཛྲ་ཐོད་ཕྲེང་ཏིང་འཛིན་བསྒོམ༔ མི་ཤིགས་རྡོ་རྗེ་བཀོད་པའི་དབྱིངས༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ གླང་པོས་བཏེགས་པའི་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་གྱི་སྟེང༔ ཧཱུྃ་ཡིག་སྔོན་པོའི་འཕྲོ་འདུ་ལས༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ གུ་རུ་བཛྲ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཞི་བའི་ཉམས༔ མཐིང་སྔོན་ཨིནྡྲ་ནཱི་ལའི་མདོག༔ ཕྱག་གཡས་རྡོ་རྗེ་ཤེལ་ཕྲེང་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མཐིང༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ རྡོ་རྗེ་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་སྟོང་ལྡན་རྒྱན་བཀོད་པར༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་མཆོག་མི་ཟད་རྒྱན་འཁོར་ལོ༔ རང་བཞིན་ལྷུན་གྲུབ་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འོད་གསལ་ཉི་ཟླའི་དགོངས་ཉམས་སྤར༔ ཧཱུྃ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ཨཀྵོ་བྷྱ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་ཐུགས་ཀྱི་དངོས་གྲུབ་ཐོབ༔ རྫོགས་རིམ་སྙིང་ཁའི་རྩ་འཁོར་དབུས༔ ཞེ་སྡང་ངོ་བོ་དྭེཾ་ཡིག་སྔོ༔ དེ་སྟེང་ཧྲཱིཿཡིག་མཐིང་ག་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི༔ མེ་རླུང་ཆུར་གྱུར་བསྲེགས་གཏོར་བཀྲུས༔ དྭངས་མ་ཧཱུྃ་སྔོན་གཟི་བརྗིད་འབར༔ འོད་ཟེར་མཐིང་གས་ཁམས་གསུམ་ཁྱབ༔ ཉོན་མོངས་ཞེ་སྡང་རྩད་ནས་སྦྱངས༔ ཕྱི་སྣོད་རྡོ་རྗེ་བཀོད་པའི་ཞིང༔ ནང་བཅུད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཧཱུྃ་གི་རང་སྒྲས་སྣང་སྲིད་གཡོ༔ ཀུན་ཀྱང་ཐིག་ལེ་འོད་སྔོན་གྱུར༔ མེར་མེར་ཤིག་ཤིག་འཇིག་རྟེན་གང༔ ཚུར་འདུས་བདག་ཐིམ་བདག་ཉིད་ཀྱང༔ འོད་ཞུ་ཧཱུྃ་དང་ཐིག་ལེར་གྱུར༔ ནཱ་དར་འདུས་ནས་དབྱིངས་སུ་ཡལ༔ རྣམ་ཤེས་ཞེ་སྡང་གནས་སུ་དག༔ མེ་ལོང་ཡེ་ཤེས་མངོན་གྱུར་བསམ༔ རིག་སྟོང་འོད་གསལ་ངང་དུ་བཞག༔ ས་མ་ཡ༔ ང་རྒྱལ་གནས་སུ་དག་པའི་ཕྱིར༔ རཏྣ་ཐོད་ཕྲེང་ཏིང་འཛིན་བསྒོམ༔ འདོད་འབྱུང་རིན་ཆེན་བཀོད་པའི་དབྱིངས༔ སེར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྟ་མཆོག་བཏེགས་པའི་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་གྱི་སྟེང༔ སྭཱ་ཡིག་སེར་པོའི་འཕྲོ་འདུ་ལས༔ རྒྱལ་ཀུན་ཡོན་ཏན་རྡོ་རྗེ་ནི༔ གུ་རུ་རཏྣ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་བརྗིད་པའི་ཉམས༔ སེར་གསལ་བཙོ་མ་གསེར་གྱི་མདོག༔ ཕྱག་གཡས་རིན་ཆེན་གསེར་ཕྲེང་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་རིན་ཆེན་མཁའ་འགྲོ་སེར༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ རིན་ཆེན་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་སྟོང་ལྡན་རྒྱན་བཀོད་པར༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ ཡོན་ཏན་མི་ཟད་རྒྱན་འཁོར་ལོ༔ རང་བཞིན་ལྷུན་གྲུབ་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མཉམ་ཡངས་རྩོལ་བྲལ་དགོངས་ཉམས་སྤར༔ སྭཱ་གུ་རུ་རཏྣ་ཐོད་ཕྲེང་རྩལ་རཏྣ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་ཡོན་ཏན་དངོས་གྲུབ་ཐོབ༔ རྫོགས་རིམ་ལྟེ་བའི་རྩ་འཁོར་དབུས༔ ང་རྒྱལ་ངོ་བོ་མཱུཾ་སེར་པོ༔ སྙིང་གར་ཧྲཱིཿཡིག་སེར་པོ་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི༔ མེ་རླུང་ཆུར་གྱུར་བསྲེགས་གཏོར་བཀྲུས༔ དྭངས་མ་སྭཱ་སེར་གཟི་བརྗིད་འབར༔ འོད་ཟེར་སེར་པོས་ཁམས་གསུམ་ཁྱབ༔ ཉོན་མོངས་ང་རྒྱལ་རྩད་ནས་སྦྱངས༔ ཕྱི་སྣོད་རིན་ཆེན་བཀོད་པའི་ཞིང༔ ནང་བཅུད་རཏྣ་ཐོད་ཕྲེང་རྩལ༔ སྭཱ་ཡི་རང་སྒྲས་སྣང་སྲིད་གཡོ༔ ཀུན་ཀྱང་ཐིག་ལེ་འོད་སེར་གྱུར༔ མེར་མེར་ཤིག་ཤིག་འཇིག་རྟེན་གང༔ ཚུར་འདུས་བདག་ཐིམ་བདག་ཉིད་ཀྱང༔ འོད་ཞུ་སྭཱ་དང་ཐིག་ལེར་གྱུར༔ ནཱ་དར་འདུས་ནས་དབྱིངས་སུ་ཡལ༔ ཚོར་བ་ང་རྒྱལ་གནས་སུ་དག༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་བསམ༔ སྣང་སྟོང་ལྷུན་གྲུབ་ངང་དུ་བཞག༔ ས་མ་ཡ༔ ཕྲག་དོག་གནས་སུ་དག་པའི་ཕྱིར༔ ཀརྨ་ཐོད་ཕྲེང་ཏིང་འཛིན་བསྒོམ༔ ཐོགས་མེད་རྒྱ་གྲམ་བཀོད་པའི་དབྱིངས༔ ལྗང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ཤང་ཤང་བཏེགས་པའི་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་གྱི་སྟེང༔ ཧཱ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ རྒྱལ་ཀུན་ཕྲིན་ལས་རྡོ་རྗེ་ནི༔ གུ་རུ་ཀརྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཁྲོས་པའི་ཉམས༔ ལྗང་གསལ་གཡུ་འོད་འབར་བའི་མདོག༔ ཕྱག་གཡས་རྒྱ་གྲམ་གཡུ་ཕྲེང་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་ཀརྨ་མཁའ་འགྲོ་ལྗང༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ རྒྱ་གྲམ་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ རྒྱ་གྲམ་སྟོང་ལྡན་རྒྱན་བཀོད་པར༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ ཕྲིན་ལས་མི་ཟད་རྒྱན་འཁོར་ལོ༔ རང་བཞིན་ལྷུན་གྲུབ་ཆེན་པོར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྤྱི་སྤྱོད་མཁའ་ལྡིང་དགོངས་ཉམས་སྤར༔ ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཨ་མོ་གྷ་སིདྡྷི་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་ཕྲིན་ལས་དངོས་གྲུབ་ཐོབ༔ རྫོགས་རིམ་གསང་བའི་རྩ་འཁོར་དབུས༔ ཕྲག་དོག་ངོ་བོ་ཨཱིཾ་ལྗང་གུ༔ སྙིང་གར་ཧྲཱིཿཡིག་ལྗང་གུ་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི༔ མེ་རླུང་ཆུར་གྱུར་བསྲེགས་གཏོར་བཀྲུས༔ དྭངས་མ་ཧཱ་ལྗང་གཟི་བརྗིད་འབར༔ འོད་ཟེར་ལྗང་གུས་ཁམས་གསུམ་ཁྱབ༔ ཉོན་མོངས་ཕྲག་དོག་རྩད་ནས་སྦྱངས༔ ཕྱི་སྣོད་ལས་རབ་བཀོད་པའི་ཞིང༔ ནང་བཅུད་ཀརྨ་ཐོད་ཕྲེང་རྩལ༔ ཧཱ་ཡི་རང་སྒྲས་སྣང་སྲིད་གཡོ༔ ཀུན་ཀྱང་ཐིག་ལེ་འོད་ལྗང་གྱུར༔ མེར་མེར་ཤིག་ཤིག་འཇིག་རྟེན་གང༔ ཚུར་འདུས་བདག་ཐིམ་བདག་ཉིད་ཀྱང༔ འོད་ཞུ་ཧཱ་དང་ཐིག་ལེར་གྱུར༔ ནཱ་དར་འདུས་ནས་དབྱིངས་སུ་ཡལ༔ འདུ་བྱེད་ཕྲག་དོག་གནས་སུ་དག༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་བསམ༔ བདག་མེད་རྩ་བྲལ་ངང་དུ་བཞག༔ ས་མ་ཡ༔ ཕམ་ལྟུང་ལྷ་རུ་སྐྱེ་བའི་སྒོ༔ གཅོད་ཕྱིར་ལྷ་ཡི་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ དཀར་གསལ་འཇའ་ཟེར་འཁྲིགས་པའི་དབུས༔ འ་ཡིག་དཀར་སེར་འཕྲོ་འདུ་ལས༔ ང་རྒྱལ་གནས་ངན་ལེན་སྦྱོང་བ༔ ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ སྐུ་མདོག་དཀར་སེར་ཞི་ཞིང་འཛུམ༔ ཕྱག་གཡས་རྡོ་རྗེས་ཉོན་མོངས་གཅོད༔ གཡོན་གྱི་དྲིལ་བུས་བརྩོན་འགྲུས་སྐུལ༔ པད་ཞུ་རིན་ཆེན་སྤྱི་བླུགས་མནབ༔ དར་དཀར་ཕོད་ཀ་ཆོས་གོས་གསོལ༔ དཔག་བསམ་ཤིང་ཏོག་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ མཉམ་ཉིད་ཡེ་ཤེས་དགོངས་པ་ཡིས༔ ང་རྒྱལ་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མི་གཡེང་རང་བབ་བསམ་གཏན་ངང༔ ཨོཾ་རཏྣ་གུ་རུ་དེ་བ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཞེས་བཟླས་ཕམ་ལྟུང་གནས་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ འ་ཡིག་དཀར་སེར་འོད་འབར་བ༔ རྒྱལ་ཀུན་བསམ་གཏན་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ ལྷ་ཡི་ས་བོན་བག་ཆགས་བཅས༔ སྤྱི་བོར་ཨ་དཀར་རྣམ་པར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་ཨ་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་སྤྱི་བོའི་རྩ་མདུད་ཀྱི༔ ལྷར་སྐྱེའི་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་ལྷ་ཡི་གནས་སུ་འཕྲོས༔ རྣམ་གཡེང་ལས་གྲོལ་ཕམ་ལྟུང་སྦྱངས༔ ང་རྒྱལ་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་དཔལ་དང་ལྡན་པའི་ཞིང༔ ནང་བཅུད་རཏྣ་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཟེར་ཐིག་ལེ་དཀར༔ བསྡུས་ཏེ་རང་ཐིམ་འ་ལ་འདུས༔ དེ་ཉིད་ཐིག་ལེ་སེར་པོ་ནི༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ མཉམ་ཉིད་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ འཐབ་རྩོད་ལྷ་མིན་སྐྱེ་བའི་སྒོ༔ གཅོད་ཕྱིར་ལྷ་མིན་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ ལྗང་གསལ་འཇའ་ཟེར་འཁྲིགས་པའི་དབུས༔ ཨ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ ཕྲག་དོག་གནས་ངན་ལེན་སྦྱོང་བ༔ ལྷ་མིན་གུ་རུ་རྣམ་པར་རྒྱལ༔ སྐུ་མདོག་ལྗང་གུ་ཁྲོ་འཛུམ་ཉམས༔ ཕྱག་གཡས་ཁ་ཊྭཱཾ་ཟིལ་གྱིས་གནོན༔ གཡོན་ཐོད་བདུད་རྩིས་རྒྱུད་ཞི་མཛད༔ པད་ཞུ་ནམ་མཁའ་ཁྱུང་ལྡིང་མནབ༔ དར་ལྗང་ཕོད་ཀ་ཆོས་གོས་གསོལ༔ མགུལ་པར་རྡོ་རྗེའི་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ བྱ་གྲུབ་ཡེ་ཤེས་དགོངས་པ་ཡིས༔ ཕྲག་དོག་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འགྱུ་སྟོང་ཁྲིམས་ཀྱིས་རྟོག་འཆལ་བསྡམས༔ ཨོཾ་ཀརྨ་གུ་རུ་ཨ་སུ་རཱ་ཏྲཊ་ཏྲཊ་ཧཱུྃ་ཕཊ༔ ཅེས་བཟླས་འཐབ་རྩོད་གནས་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཨ་ཡིག་ལྗང་གུ་འོད་འབར་བ༔ རྒྱལ་ཀུན་ཚུལ་ཁྲིམས་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ ལྷ་མིན་ས་བོན་བག་ཆགས་བཅས༔ མགྲིན་པར་སུ་སེར་རྣམ་པར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་སུ་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་མགྲིན་པའི་རྩ་མདུད་ཀྱི༔ ལྷ་མིན་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་ལྷ་མིན་གནས་སུ་འཕྲོས༔ ཚུལ་འཆལ་ལས་གྲོལ་འཐབ་རྩོད་སྦྱངས༔ ཕྲག་དོག་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་ལས་རབ་རྫོགས་པའི་ཞིང༔ ནང་བཅུད་ཀརྨ་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཟེར་ཐིག་ལེ་ལྗང༔ བསྡུས་ཏེ་རང་ཐིམ་ཨ་ལ་འདུས༔ དེ་ཉིད་ཐིག་ལེ་ལྗང་གུ་ནི༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ བྱ་གྲུབ་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ བྲེལ་ཕོངས་མི་རུ་སྐྱེ་བའི་སྒོ༔ གཅོད་ཕྱིར་མི་ཡི་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ འོད་ལྔའི་འཇའ་ཟེར་འཁྲིགས་པའི་དབུས༔ ས་ཡིག་ལྔ་ལྡན་འཕྲོ་འདུ་ལས༔ འདོད་ཆགས་གནས་ངན་ལེན་སྦྱོང་བ༔ མི་ཡི་གུ་རུ་པདྨ་འབྱུང༔ འོད་ལྔའི་མདངས་ལྡན་སྒེག་ཅིང་ཆགས༔ ཕྱག་གཡས་རྡོ་རྗེས་རང་རིག་སྟོན༔ གཡོན་པའི་བནྡྷ་དངོས་གྲུབ་སྟེར༔ པད་ཞུ་སྣང་སྲིད་ཟིལ་གནོན་མནབ༔ ཟ་འོག་ཕོད་ཀ་ཆོས་གོས་གསོལ༔ མགུལ་པར་པདྨའི་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ རང་བྱུང་ཡེ་ཤེས་དགོངས་པ་ཡིས༔ འདོད་ཆགས་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འཁོར་བ་རྒྱུན་གཅོད་བརྩོན་ལྡན་གྱིས༔ ཨོཾ་མ་ཧཱ་གུ་རུ་ནྲྀ་བྲྀ་ཏ་བྲྀ་ཏ་ཧཱུྃ་ཕཊ༔ ཅེས་བཟླས་ཆུ་བོ་བཞི་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ས་ཡིག་འོད་ལྔའི་མདངས་འབར་བ༔ རྒྱལ་ཀུན་བརྩོན་འགྲུས་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ མི་ཡི་ས་བོན་བག་ཆགས་བཅས༔ སྙིང་གར་ནྲྀ་ལྗང་རྣམ་པར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་ནྲྀ་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་སྙིང་གའི་རྩ་མདུད་ཀྱི༔ མི་ཡི་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་མི་ཡི་གནས་སུ་འཕྲོས༔ ལེ་ལོའི་སྒྲོག་གྲོལ་བྲེལ་ཕོངས་སྦྱངས༔ འདོད་ཆགས་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་པདྨ་དྲྭ་བའི་ཞིང༔ ནང་བཅུད་རིགས་འདུས་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཐིག་ལྔ་ལྡན་ཟེར༔ བསྡུས་ཏེ་རང་ཐིམ་ས་ལ་འདུས༔ དེ་ཉིད་ཐིག་ལེ་འོད་ལྔའི་མདངས༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ རང་བྱུང་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ གླེན་ལྐུགས་དུད་འགྲོར་སྐྱེ་བའི་སྒོ༔ གཅོད་ཕྱིར་བྱོལ་སོང་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ མཐིང་གསལ་འཇའ་ཟེར་འཁྲིགས་པའི་དབུས༔ ཤ་ཡིག་སྔོན་པོའི་འཕྲོ་འདུ་ལས༔ གཏི་མུག་གནས་ངན་ལེན་སྦྱོང་བ༔ བྱོལ་སོང་གུ་རུ་སེང་རབ་བརྟན༔ སྐུ་མདོག་མཐིང་ག་དཔའ་བའི་ཉམས༔ ཕྱག་གཡས་ཅང་ཏེས་ཐར་ལམ་འདྲེན༔ གཡོན་པའི་དྲིལ་བུས་ཆོས་སྒྲ་སྒྲོག༔ པཎ་ཞུ་ཡེ་ཤེས་རང་གསལ་མནབ༔ དར་སྔོན་ཕོད་ཀ་ཆོས་གོས་གསོལ༔ མགུལ་པར་ཤེལ་དཀར་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ ཆོས་དབྱིངས་ཡེ་ཤེས་དགོངས་པ་ཡིས༔ གཏི་མུག་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རང་གསལ་ཤེས་རབ་སྒྲོན་མེ་སྦར༔ ཨོཾ་བུདྡྷ་གུ་རུ་ཏིརྻ་ཀ་མ་ཐ་མ་ཐ་ཧཱུྃ་ཕཊ༔ ཅེས་བཟླས་དུད་འགྲོའི་གནས་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཤ་ཡིག་སྔོན་པོ་འོད་འབར་བ༔ རྒྱལ་ཀུན་ཤེས་རབ་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ དུད་འགྲོའི་ས་བོན་བག་ཆགས་བཅས༔ ལྟེ་བར་ཏྲི་སྔོན་རྣམ་པར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་ཏྲི་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་ལྟེ་བའི་རྩ་མདུད་ཀྱི༔ བྱོལ་སོང་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་དུད་འགྲོའི་གནས་སུ་འཕྲོས༔ མ་རིག་ལས་གྲོལ་གླེན་ལྐུགས་སྦྱངས༔ གཏི་མུག་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་སྟུག་པོ་བཀོད་པའི་ཞིང༔ ནང་བཅུད་བུདྡྷ་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཟེར་ཐིག་ལེ་མཐིང༔ བསྡུས་ཏེ་རང་ཐིམ་ཤ་ལ་འདུས༔ དེ་ཉིད་ཐིག་ལེ་སྔོན་པོ་ནི༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ ཆོས་དབྱིངས་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ བཀྲེས་སྐོམ་ཡི་དྭགས་སྐྱེ་བའི་སྒོ༔ གཅོད་ཕྱིར་ཡི་དྭགས་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ དམར་གསལ་འཇའ་ཟེར་འཁྲིགས་པའི་དབུས༔ མ་ཡིག་དམར་པོའི་འཕྲོ་འདུ་ལས༔ སེར་སྣའི་གནས་ངན་ལེན་སྦྱོང་བ༔ ཡི་དྭགས་གུ་རུ་རྣམ་པར་སྣང༔ སྐུ་མདོག་དམར་པོ་བརྗིད་པའི་ཉམས༔ ཕྱག་གཡས་རིན་ཆེན་དགོས་འདོད་སྩོལ༔ ཕྱག་གཡོན་སྤྱི་བླུགས་བདུད་རྩི་འབེབ༔ སྤྱོད་ཞུ་པདྨ་མཐོང་གྲོལ་མནབ༔ དར་དམར་ཕོད་ཁ་ཆོས་གོས་གསོལ༔ མགུལ་པར་ནོར་བུའི་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ སོར་རྟོག་ཡེ་ཤེས་དགོངས་པ་ཡིས༔ སེར་སྣའི་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མི་འཛད་ནམ་མཁའ་མཛོད་སྒོ་དབྱེ༔ ཨོཾ་པདྨ་གུ་རུ་པྲེ་ཏ་ཀ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླས་བཀྲེས་སྐོམ་གནས་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ མ་ཡིག་དམར་སེར་འོད་འབར་བ༔ རྒྱལ་ཀུན་སྦྱིན་པའི་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ ཡི་དྭགས་ས་བོན་བག་ཆགས་བཅས༔ གསང་བར་པྲེ་དམར་རྣམ་པར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་པྲེ་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་གསང་བའི་རྩ་མདུད་ཀྱི༔ ཡི་དྭགས་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་ཡི་དྭགས་གནས་སུ་འཕྲོས༔ ཕྱི་ནང་སྒྲིབ་གྲོལ་བཀྲེས་སྐོམ་སྦྱངས༔ སེར་སྣའི་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་བདེ་བ་ཅན་གྱི་ཞིང༔ ནང་བཅུད་པདྨ་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཟེར་ཐིག་ལེ་དམར༔ བསྡུས་ཏེ་རང་ཐིམ་མ་ལ་འདུས༔ དེ་ཉིད་ཐིག་ལེ་དམར་པོ་ནི༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ སོར་རྟོག་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ ཚ་གྲང་དམྱལ་བར་སྐྱེ་བའི་སྒོ༔ གཅོད་ཕྱིར་དམྱལ་བའི་གུ་རུ་བསྒོམ༔ འགྲོ་འདུལ་ཅིར་ཡང་སྤྲུལ་པའི་ཞིང༔ རང་སྣང་རྣམ་དག་ཕོ་བྲང་དུ༔ ནག་གསལ་འཇའ་ཟེར་འཁྲིགས་པའི་དབུས༔ ཧ་ཡིག་ནག་པོའི་འཕྲོ་འདུ་ལས༔ ཞེ་སྡང་གནས་ངན་ལེན་སྦྱོང་བ༔ དམྱལ་བའི་གུ་རུ་རྣམ་པར་གནོན༔ སྐུ་མདོག་ནག་པོ་ཁྲོ་ཞིང་གཏུམ༔ ཐོ་ལུམ་ཆུ་རྒྱུན་ཚ་དམྱལ་བཅོམ༔ ཕུར་བུ་མེ་དབལ་གྲང་དམྱལ་སྟོང༔ མཆོག་ཞུ་རྡོ་རྗེ་རྩེ་མོ་མནབ༔ དར་ནག་ཕོད་ཀ་ཆོས་གོས་གསོལ༔ མགུལ་པར་ཐོད་པའི་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ མེ་ལོང་ཡེ་ཤེས་དགོངས་པ་ཡིས༔ ཞེ་སྡང་རྒྱུ་འབྲས་དཔྱིས་འབྱིན་པའི༔ སངས་རྒྱས་སྤྲུལ་པའི་སྐུ་རུ་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཀུན་བཟོད་བྱམས་ཆེན་དུག་དབལ་གཞོམ༔ ཨོཾ་བཛྲ་གུ་རུ་ན་ར་ཀ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་བཟླས་དམྱལ་བའི་གནས་ལས་གྲོལ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧ་ཡིག་ནག་པོ་འོད་འབར་བ༔ རྒྱལ་ཀུན་བཟོད་པའི་ཕར་ཕྱིན་གྱི༔ ངོ་བོ་བྱིན་རླབས་ཡོངས་རྫོགས་བསམ༔ དམྱལ་བའི་ས་བོན་བག་ཆགས་བཅས༔ རྐང་མཐིལ་དུ་ཡིག་ནག་པོར་གསལ༔ རླུང་སྦྱོར་རྡོ་རྗེའི་བཟླས་པས་བསྐུལ༔ ཐུགས་ཀའི་ཡིག་འབྲུ་གཟི་བརྗིད་འབར༔ ཡེ་ཤེས་མེ་ཡིས་དུ་ཡིག་བསྲེགས༔ ཆོས་ཉིད་ཆུ་ཡིས་བག་ཆགས་བཀྲུས༔ རིག་རྩལ་རླུང་གིས་ཤེས་སྒྲིབ་གཏོར༔ མདངས་འོད་ནམ་མཁའི་མཐར་ཁྱབ་པས༔ ལུས་ཅན་རྐང་མཐིལ་རྩ་མདུད་ཀྱི༔ དམྱལ་བའི་ས་བོན་བསྲེགས་བཀྲུས་གཏོར༔ འོད་ཟེར་དམྱལ་བའི་གནས་སུ་འཕྲོས༔ ཁོང་ཁྲོ་ལས་གྲོལ་ཚ་གྲང་སྦྱངས༔ ཞེ་སྡང་རྒྱུ་འབྲས་རྩད་ནས་བཅད༔ ཕྱི་སྣོད་མངོན་པར་དགའ་བའི་ཞིང༔ ནང་བཅུད་བཛྲ་གུ་རུར་བསྒྱུར༔ འོད་ཞུ་འཇའ་ཟེར་ཐིག་ལེ་ནག༔ བསྡུས་ཏེ་རང་ཐིམ་ཧ་ལ་འདུས༔ དེ་ཉིད་ཐིག་ལེ་ནག་པོ་ནི༔ གཡོ་ཞིང་སྔགས་ཀྱི་རང་སྒྲ་ཅན༔ མེ་ལོང་ཡེ་ཤེས་ངོ་བོར་བསམ༔ སེམས་བཟུང་ཀ་དག་ངང་དུ་བཞག༔ ས་མ་ཡ༔ སྐུ་ཡི་དོན་དམ་རྩལ་རྫོགས་ཕྱིར༔ པདྨ་བདེ་སྐྱོང་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཨོཾ་གྱི་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་བདེ་སྐྱོང་རྡོ་རྗེ་ནི༔ སྐུ་ཡི་དབྱིངས་ནས་བཞེངས་པའི་ཕྱིར༔ དཀར་འཚེར་ཞི་ཞིང་སྒེག་པའི་ཉམས༔ གཡས་པ་འཁོར་ལོའི་ཕྱག་རྒྱ་སྒྱུར༔ གཡོན་པ་ཐོད་ཞལ་བདུད་རྩིས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ སྐུ་ཡི་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྣང་སྟོང་ལྷ་ཡི་འཁོར་ལོའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱ་ཡ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་སྐུ་མཆོག་འགྲུབ༔ སྐུ་ཡི་དེ་ཁོ་ན་ཉིད་ཀྱིས༔ གདོས་བཅས་ལུས་ཀྱི་འཁྲུལ་ཞེན་སྦྱངས༔ སྤྱི་བོར་ཐིག་ལེ་སྲན་ཟླུམ་ཙམ༔ དཀར་པོ་ཨོཾ་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་དཀར་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་གཟུགས་སྣང་ཀུན་ལ་ཁྱབ༔ ཕྱི་ནང་གདོས་བཅས་བག་ཆགས་སྦྱངས༔ སྣང་སྟོང་འཇའ་གཟུགས་ལྷ་ཡི་སྐུ༔ རྡོ་རྗེ་རྟག་པའི་རང་བཞིན་ཉིད༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཨོཾ་ཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ འགྱུར་མེད་སངས་རྒྱས་ཀུན་གྱི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ རང་བྱུང་ཆོས་སྐུར་མཉམ་པར་གཞག༔ ཅིར་སྣང་གཟུགས་སྐུར་ལམ་དུ་ཁྱེར༔ ས་མ་ཡ༔ གསུང་གི་དོན་དམ་རྩལ་རྫོགས་ཕྱིར༔ པདྨ་ཟག་མེད་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཨཱཿཡིག་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་ཟག་མེད་འོད་གསལ་ནི༔ གསུང་གི་དབྱིངས་ནས་བཞེངས་པའི་ཕྱིར༔ དམར་གསལ་འཛུམ་ཞིང་ཆགས་པའི་ཉམས༔ གཡས་པ་པདྨའི་ཕྱག་རྒྱ་སྒྱུར༔ གཡོན་པ་དུང་ཆེན་དམར་གྱིས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་པདྨའི་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ གསུང་གི་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ གྲགས་སྟོང་སྔགས་ཀྱི་འཁོར་ལོའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཝཱ་ཀ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་གསུང་མཆོག་འགྲུབ༔ གསུང་གི་དེ་ཁོ་ན་ཉིད་ཀྱིས༔ རྩོལ་བཅས་ངག་གི་བག་ཆགས་སྦྱངས༔ མགྲིན་པར་ཐིག་ལེ་སྲན་ཟླུམ་ཙམ༔ དམར་པོ་ཨཱཿས་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་དམར་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་སྒྲ་སྐད་ཀུན་ལ་ཁྱབ༔ ཕྱི་ནང་ཤེས་བརྗོད་འཇུག་ཀུན་སྦྱངས༔ གྲགས་སྟོང་བརྗོད་མེད་ནཱ་དའི་དབྱངས༔ པདྨ་གར་དབང་རང་བཞིན་ཉིད༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཨཱཿཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ འགག་མེད་སངས་རྒྱས་ཀུན་གྱི་གསུང༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ ཆོས་ཉིད་རང་སྒྲར་མཉམ་པར་གཞག༔ གྲགས་ཚད་སྙིང་པོར་ལམ་དུ་ཁྱེར༔ ས་མ་ཡ༔ ཐུགས་ཀྱི་དོན་དམ་རྩལ་རྫོགས་ཕྱིར༔ པདྨ་འདུལ་སྐྱོང་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཧཱུྃ་གི་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་འདུལ་སྐྱོང་ཆེན་པོ་ནི༔ ཐུགས་ཀྱི་དབྱིངས་ནས་བཞེངས་པའི་ཕྱིར༔ མཐིང་སྔོན་ཁྲོ་ཞིང་འཛུམ་པའི་ཉམས༔ གཡས་པ་རྡོ་རྗེའི་ཕྱག་རྒྱ་སྒྱུར༔ གཡོན་པ་བུམ་པ་བཅུད་ཀྱིས་གཏམས༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་རྡོ་རྗེའི་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ ཐུགས་ཀྱི་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རིག་སྟོང་ཆོས་ཉིད་འཁོར་ལོའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་ཐུགས་མཆོག་འགྲུབ༔ ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱིས༔ རྟོག་བཅས་སེམས་ཀྱི་འཛིན་པ་སྦྱངས༔ སྙིང་གར་ཐིག་ལེ་སྲན་ཟླུམ་ཙམ༔ སྔོན་པོ་ཧཱུྃ་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་སྔོན་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་རྟོག་ཚོགས་ཀུན་ལ་ཁྱབ༔ ཕྱི་ནང་གཟུང་འཛིན་བག་ཆགས་སྦྱངས༔ རིག་སྟོང་གཉུག་མ་དེ་བཞིན་ཉིད༔ རྡོ་རྗེ་སེམས་དཔའི་རང་བཞིན་ཏེ༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཧཱུྃ་ཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ འཁྲུལ་མེད་སངས་རྒྱས་ཀུན་གྱི་ཐུགས༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ ཀ་དག་གཉུག་མར་མཉམ་པར་གཞག༔ མོས་གུས་སྙིང་རྗེ་ལམ་དུ་ཁྱེར༔ ས་མ་ཡ༔ ཡོན་ཏན་དོན་དམ་རྩལ་རྫོགས་ཕྱིར༔ ཏིང་ངེ་འཛིན་འཆང་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་སྭཱ་ཡི་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་ཏིང་འཛིན་རྩལ་འཆང་ནི༔ ཡོན་ཏན་དབྱིངས་ནས་བཞེངས་པའི་ཕྱིར༔ སེར་གསལ་སྒེག་ཅིང་བརྗིད་པའི་ཉམས༔ གཡས་པ་རིན་ཆེན་ཕྱག་རྒྱ་སྒྱུར༔ གཡོན་པ་གསེར་གཞོང་ནོར་བུས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་ནོར་བུའི་རྒྱན་གྱིས་སྤྲས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ ཡོན་ཏན་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རྩོལ་བྲལ་ལྷུན་གྲུབ་ཆེན་པོའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་གུ་ཎ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་ཡོན་ཏན་འགྲུབ༔ ཡོན་ཏན་དེ་ཁོ་ན་ཉིད་ཀྱིས༔ རྩོལ་སྒྲུབ་རེ་དོགས་འཆིང་བ་བཅད༔ ལྟེ་བར་ཐིག་ལེ་སྲན་ཟླུམ་ཙམ༔ སེར་པོ་སྭཱ་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་ཟེར་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་བདག་གིར་འཛིན་ལ་ཁྱབ༔ ཕྱི་ནང་སྤང་ཐོབ་བག་ཆགས་སྦྱངས༔ གདོད་ནས་ལྷུན་རྫོགས་བྲལ་དང་སྨིན༔ རྡོ་རྗེ་ཉི་མའི་རང་བཞིན་ཏེ༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་སྭཱ་ཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ རྩོལ་མེད་སངས་རྒྱས་ཀུན་ཡོན་ཏན༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ དགག་སྒྲུབ་བྲལ་བར་མཉམ་པར་གཞག༔ ཚོགས་དྲུག་རང་གྲོལ་ལམ་དུ་ཁྱེར༔ ས་མ་ཡ༔ ཕྲིན་ལས་དོན་དམ་རྩལ་རྫོགས་ཕྱིར༔ པདྨ་བློ་ལྡན་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཧཱ་ཡི་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་ཡོན་ཏན་བློ་ལྡན་ནི༔ ཕྲིན་ལས་དབྱིངས་ནས་བཞེངས་པའི་ཕྱིར༔ ལྗང་གསལ་གཏུམ་ཞིང་དཔའ་བའི་ཉམས༔ གཡས་པ་རྒྱ་གྲམ་ཕྱག་རྒྱ་སྒྱུར༔ གཡོན་པ་ཐོད་རློན་རཀྟས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་ཐོད་པའི་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ ཕྲིན་ལས་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རིག་རྩལ་བརྟུལ་ཞུགས་ཐོགས་མེད་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་ཕྲིན་ལས་འགྲུབ༔ ཕྲིན་ལས་དེ་ཁོ་ན་ཉིད་ཀྱིས༔ བྱ་བྱེད་ལས་ཀྱི་དྲྭ་བ་གཞོམ༔ གསང་བར་ཐིག་ལེ་སྲན་ཟླུམ་ཙམ༔ ལྗང་གུ་ཨཱཿས་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་སྦྱོར་རྡོར་བཟླས་ཀྱིས༔ འོད་ལྗང་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་བྱ་བྱེད་ཀུན་ལ་ཁྱབ༔ ཕྱི་ནང་གཡོ་རྩོལ་བག་ཆགས་སྦྱངས༔ བྱེད་སྤྱོད་ཡེ་ཤེས་རོལ་པའི་གར༔ རྟ་མཆོག་རྒྱལ་པོའི་རང་བཞིན་ཏེ༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཧཱ་ཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ ཐོགས་མེད་རྒྱལ་བའི་ཕྲིན་ལས་ནི༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ གཟའ་གཏད་བྲལ་བར་མཉམ་པར་གཞག༔ བརྟུལ་ཞུགས་ཐོགས་མེད་ལམ་དུ་ཁྱེར༔ ས་མ་ཡ༔ དབྱིངས་ཀྱི་དོན་དམ་རྩལ་རྫོགས་ཕྱིར༔ པདྨ་དབྱིངས་སྦྱོར་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཨ་ཡིག་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ གུ་རུ་ཐབས་ཤེས་དབྱིངས་སྦྱོར་ནི༔ ཆོས་ཉིད་དབྱིངས་ནས་བཞེངས་པའི་ཕྱིར༔ ནམ་མཁའི་མདངས་ལྡན་ཞི་བའི་ཉམས༔ གཡས་པ་སྐྱེ་མེད་ཕྱག་རྒྱ་སྒྱུར༔ གཡོན་པ་ཐོད་ཞལ་བཅུད་ཀྱིས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་རུས་པའི་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ དབྱིངས་ཀྱི་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཀ་དག་ཡེ་བབ་སོར་བཞག་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཏུ་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་དབྱིངས་ཉིད་འགྲུབ༔ དབྱིངས་ཀྱི་དེ་ཁོ་ན་ཉིད་ཀྱིས༔ རྟག་པར་ཞེན་པའི་མཐར་འཛིན་བཅད༔ སྨིན་མཚམས་ཐིག་ལེ་སྲན་ཟླུམ་ཙམ༔ མཐིང་ག་ཨས་མཚན་འོད་ཟེར་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་མཐིང་མཆེད་ནས་ལུས་ཀུན་གང༔ ཕྱིར་འཕྲོས་ཆོས་ཀྱི་དབྱིངས་ཀུན་ཁྱབ༔ ཕྱི་ནང་ལྷན་སྐྱེས་མ་རིག་སྦྱངས༔ རང་སྣང་རིས་མེད་གདོད་མའི་གཤིས༔ ཧེ་རུ་ཀ་དཔལ་རང་བཞིན་ཏེ༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཨ་ཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ དུས་གསུམ་སངས་རྒྱས་ཀུན་གྱི་དབྱིངས༔ འགྱུར་མེད་རང་རིག་བྱང་ཆུབ་སེམས༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ སྒོམ་མེད་ངང་དུ་མཉམ་པར་གཞག༔ ཡེངས་མེད་སོ་མ་ལམ་དུ་ཁྱེར༔ ས་མ་ཡ༔ ཡེ་ཤེས་དོན་དམ་རྩལ་རྫོགས་ཕྱིར༔ སློབ་དཔོན་པདྨའི་རྣལ་འབྱོར་བསྒོམ༔ མ་བཅོས་ལྷུན་གྲུབ་སངས་རྒྱས་ཞིང༔ དག་པ་རབ་འབྱམས་གཞལ་མེད་ཁང༔ སྒྱུ་འཕྲུལ་བཀོད་པ་ངོ་མཚར་བར༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཧྲཱིཿཡི་འཕྲོ་འདུ་ལས༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུ༔ སློབ་དཔོན་གུ་རུ་པདྨ་འབྱུང༔ ཡེ་ཤེས་དབྱིངས་ལས་བཞེངས་པའི་ཕྱིར༔ དཀར་དམར་མདངས་ལྡན་ཏིང་འཛིན་ཉམས༔ གཡས་པ་རྩེ་གསུམ་ཕྱག་རྒྱ་སྒྱུར༔ གཡོན་པས་པད་སྣོད་བདུད་རྩིས་བཀང༔ ཤེས་རབ་ཁ་ཊྭཱཾ་མཆན་གཡོན་བརྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་མུ་ཏིག་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་རྣམ་འགྱུར་ཅིར་ཡང་སྟོན༔ ཡེ་ཤེས་གསང་བ་བསམ་ཡས་ཀྱིས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འོད་གསལ་ཡེ་ཤེས་ཟང་ཐལ་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བཟླས་གུ་རུའི་ཡེ་ཤེས་འགྲུབ༔ ཡེ་ཤེས་དེ་ཁོ་ན་ཉིད་ཀྱིས༔ ཆད་པར་ལྟ་བའི་མཐར་འཛིན་སྦྱང༔ མིག་གཉིས་ཐིག་ལེ་སྲན་ཟླུམ་ཙམ༔ དཀར་དམར་ཧྲཱིཿས་མཚན་འོད་ལྔ་འབར༔ སེམས་བཟུང་རླུང་རྩོལ་རྡོར་བཟླས་ཀྱིས༔ འོད་ལྔ་མཆེད་ནས་ལུས་ནང་གང༔ ཕྱིར་འཕྲོས་སྣང་ཡུལ་ཀུན་ལ་ཁྱབ༔ ཕྱི་ནང་ཀུན་བརྟགས་དངོས་འཛིན་སྦྱངས༔ འཇའ་ཟེར་ཐིག་ལེ་ལུ་གུ་རྒྱུད༔ འོད་མི་འགྱུར་བའི་རང་བཞིན་ཏེ༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཡུན་རིང་སེམས་བཟུང་ཉམས་སྐྱེས་ན༔ ཚུར་བསྡུས་རང་ཐིམ་རང་ཉིད་ཀྱང༔ འོད་ཞུ་ཐིག་ལེ་ཧྲཱིཿཡིག་དང༔ ནཱ་དར་བསྡུས་ནས་དབྱིངས་སུ་ཐིམ༔ ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི༔ རང་བྱུང་ཡེ་ཤེས་འོད་གསལ་བའི༔ དོན་དམ་དེ་ཉིད་མངོན་གྱུར་བསམ༔ འོད་གསལ་འཁོར་ལོར་མཉམ་པར་གཞག༔ རིག་རྩལ་ཟང་ཐལ་ལམ་དུ་ཁྱེར༔ ས་མ་ཡ༔ བསླབ་གསུམ་རྫོགས་ཤིང་བདུད་གཞོམ་ན༔ ཤཱཀྱ་སེང་གེའི་ཏིང་འཛིན་བསྒོམ༔ བྱང་ཆུབ་སྙིང་པོའི་རྒྱན་བཀོད་པ༔ ཚོགས་གཉིས་ཡོངས་རྫོགས་གནྡྷོ་ལར༔ བདུད་ལས་རྣམ་རྒྱལ་སེང་གེའི་ཁྲིར༔ པད་ཟླའི་སྟེང་དུ་ཧཱུྃ་ཡིག་སེར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་སྐད་ཅིག་ཡོངས་གྱུར་ལས༔ བདག་ཉིད་ཤཱཀྱ་སེང་གེའི་སྐུ༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ས་གནོན་རྡོ་རྗེ་བསྣམས༔ གཡོན་པས་མཉམ་གཞག་ལྷུང་བཟེད་འཛིན༔ ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ༔ མཚན་དང་དཔེ་བྱད་འོད་ཟེར་འབར༔ རྡོ་རྗེ་སྐྱིལ་ཀྲུང་བདུད་བཞི་གནོན༔ འཁོར་དུ་སྤྲུལ་པའི་ཉན་ཐོས་མཆོག༔ ཀུན་དགའ་ཤཱ་རི་མཽངྒལ་བུ༔ རབ་འབྱོར་འཆར་ཁ་མ་འགག་པ༔ ཀཽ་ཌི་ཎྱ་རྟ་ཐུལ་རྣམས༔ དགྲ་བཅོམ་དབང་པོ་དུལ་བའི་ཚུལ༔ ཞི་བསིལ་བདུད་རྩིའི་གསུང་ཆར་འབེབ༔ རྟག་ཏུ་ཏིང་ངེ་འཛིན་ལ་གནས༔ དྲན་པས་འཁོར་བའི་གཡུལ་ཟློག་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འཕྲོ་འདུས་སྤང་དང་རྟོགས་པ་བསྐྱེད༔ ཨོཾ་ཨཱཿབཛྲ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ སླར་ཡང་ཐུགས་སྲོག་ཧཱུྃ་འོད་ཀྱིས༔ ལོག་འདྲེན་བདུད་བཞི་རབ་ཏུ་བཏུལ༔ གདན་འོག་ཚུད་ནས་ཆོས་ཉན་བསམ༔ བཟླས་ཆོག་བདུད་འདུལ་གསང་སྔགས་ནི༔ ཨོཾ་བཛྲ་གུ་རུ་ཤཱཀྱ་སིཾ་ཧ་པྲ་མ་སརྦ་ཤ་ཏྲཱུཾ་ཧཱུྃ་ཕཊ༔ ཐོགས་བཅས་ཐོགས་མེད་བདུད་རིགས་ལ༔ བདུན་འབུམ་བཟླས་པས་རྣམ་པར་རྒྱལ༔ མཐར་ནི་རང་བདུད་དབྱེར་མེད་པར༔ བདག་མེད་སྟོང་གསལ་ངང་དུ་བཞག༔ སྡུག་བསྔལ་ཕུང་ལྔའི་ཉེར་ལེན་དང༔ ཀུན་འབྱུང་ལས་ཉོན་སྤང་བྱར་ཤེས༔ འགོག་པ་ཞི་བར་རྣམ་གྲོལ་ཕྱིར༔ གང་ཟག་བདག་མེད་ལམ་རྟོགས་བྱ༔ དེ་ཡང་དུག་གསུམ་གཉེན་པོ་རུ༔ མི་སྡུག་བྱམས་པ་རྟེན་འབྲེལ་བསྒོམ༔ བདེན་བཞིའི་རྣམ་པ་བཅུ་དྲུག་གིས༔ ཁམས་གསུམ་ཉོན་མོངས་རབ་ཏུ་སྤང༔ ཞི་ལྷག་དེ་ཉིད་གདམས་ངག་གིས༔ རྒྱུད་ལ་མྱུར་དུ་སྦྱོར་འདོད་ན༔ སྨིན་ཕྲག་ཐིག་ལེ་དཀར་པོ་རུ༔ ཡི་གེ་བྷ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་བྷ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་བཞག༔ རྗེས་ཐོབ་དེ་ལས་གཡོ་མེད་ངང༔ འདུན་པ་བཅུ་སོགས་ལམ་དུ་ཁྱེར༔ ཡང་ན་སྨིན་ཕྲག་རུས་པ་ཡི༔ ཐིག་ལེ་ཡུངས་འབྲུ་ཙམ་དུ་གསལ༔ སེམས་གཏད་དེ་ཉིད་ཇེ་འཕེལ་བས༔ ཡུལ་སྣང་ཀེང་རུས་སྐྱ་ཁྲོལ་སོང༔ ཚུར་འདུས་རང་ལུས་ཐིག་ལེར་བསྒོམ༔ སྤྲོ་བསྡུ་མང་པོས་རིམ་གོམས་ཚེ༔ ཇེ་ཕྲར་མཐར་ནི་ཐོད་ཕྱེད་ཙམ༔ དེ་ཡང་བསྡུས་ནས་སྨིན་མའི་བར༔ སེམས་འཛིན་ཡིད་བྱེད་རྫོགས་པའི་ཚེ༔ ང་ཞེས་རྣམ་པར་བཏགས་པ་ཙམ༔ ལུས་སེམས་གཉིས་ཀ་བདག་མིན་ལ༔ དེ་གཉིས་ཚོགས་པའང་ངར་མ་གྲུབ༔ དེ་ལས་གུད་ན་བདག་མེད་པར༔ ལེགས་པར་དཔྱད་ལ་ངེས་རྙེད་ན༔ དེ་ཡི་ངང་དུ་མཉམ་པར་གཞག༔ བདག་དང་བདག་གིར་འཛིན་པ་ནི༔ དཔྱད་དང་བསྒོམས་པས་སྤངས་པའི་ཚེ༔ ཉོན་མོངས་བཅོམ་ནས་ལས་ཀུན་ཟད༔ སྐྱེ་མེད་རྣམ་པར་གྲོལ་བར་འགྱུར༔ ས་མ་ཡ༔ ཀུན་ཤེས་རྟེན་འབྲེལ་རྟོགས་འདོད་ན༔ བློ་ལྡན་མཆོག་སྲེད་ཏིང་འཛིན་བསྒོམ༔ གཅིག་ཤེས་ཀུན་གྲོལ་གཞལ་མེད་ཁང༔ ཡེ་ཤེས་ཡངས་པའི་ཁོར་ཡུག་ཅན༔ བློ་གྲོས་ཁ་འབྱེད་པདྨའི་ཁྲིར༔ དཀར་བསིལ་ཟླ་བ་རྒྱས་པའི་སྟེང༔ དྷཱིཿཡིག་འོད་ཀྱི་འཕྲོ་འདུ་ཡིས༔ རྨོངས་པའི་མུན་བསལ་མཁྱེན་གཉིས་ཀྱི༔ བྱིན་རླབས་བསྡུས་ནས་ཡོངས་གྱུར་ལས༔ བདག་ཉིད་བློ་ལྡན་མཆོག་སྲེད་རྩལ༔ ཞལ་གཅིག་ཕྱག་གཉིས་ཞི་ཚུལ་ཅན༔ འཛུམ་པའི་མདངས་ལྡན་སྐུ་མདོག་དཀར༔ དབུ་ལ་དར་དཀར་ཐོད་བརྩེགས་བཅིངས༔ སྐུ་ལ་དར་དཀར་གོ་ཟུ་གསོལ༔ ཕྱག་གཡས་ཐོད་པའི་རྔེའུ་ཆུང་འཁྲོལ༔ གཡོན་པས་པད་ཕོར་བདུད་རྩིས་བཀང༔ རིན་ཆེན་ཨུཏྤལ་ཕྲེང་བས་བརྒྱན༔ འོད་ལྔའི་ཀློང་ན་སྐྱིལ་ཀྲུང་བཞུགས༔ ཚངས་པ་དྲང་སྲོང་ཐོར་ཅོག་ཅན༔ ཟས་སྤྱོད་རྒྱལ་པོ་སྨན་གྱི་བླ༔ ཡན་ལག་མེད་རྡོར་ཆོས་རྒྱལ་མཚན༔ ཀུན་ཐུབ་རྒྱལ་པོ་འགྲོ་བ་སྐྱོང༔ སྤྲུལ་པའི་མཁས་མཆོག་བརྒྱད་ཀྱིས་བསྐོར༔ མཁའ་མཉམ་འགྲོ་ཀུན་མུན་སེལ་བའི༔ ཡེ་ཤེས་སྣང་བ་རབ་རྒྱས་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མ་རིག་འཁྲུལ་པའི་ཁུངས་གཏིབས་ལ༔ ཨོཾ་ཨཱཿབཛྲ་གུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ རྟག་ངུ་རིགས་གསུམ་སྤང་རྒྱན་མཚལ༔ ཅུ་གང་རྒུན་འབྲུམ་ཤུ་དག་དཀར༔ བ་དམར་འོ་མས་རིལ་བུ་བྱ༔ ལྷར་བསྐྱེད་གསང་སྔགས་འདི་ཉིད་བཟླ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿགུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བདུན་འབུམ་ལ་སོགས་རྟགས་དང་སྦྱར༔ ཟོས་པས་ཤེས་རབ་ཕྱོགས་མེད་འཆར༔ ཡང་ན་རྫས་ལ་སྔགས་བཏབ་སྟེ༔ ཆུ་གཙང་འོ་མར་སྦྱར་ནས་བཏུང༔ སྤོབས་པའི་གཏེར་མཛོད་གྲོལ་བར་འགྱུར༔ འདི་ལས་སྤྲོས་ཏེ་རིག་པའི་གནས༔ ཐུན་མོང་ཐུན་མོང་མ་ཡིན་པའི༔ ཤེས་རབ་སྐྱེད་དང་ཐོས་པའི་གཞི༔ རྒྱས་པར་གཞན་དུ་བསྟན་ལས་ཤེས༔ ཆོས་ཀུན་རྟེན་ཅིང་འབྲེལ་ལས་བྱུང༔ དེ་དོན་ལེགས་པར་རྟོགས་པའི་ཚེ༔ ཤེས་དང་ཤེས་བྱའི་དེ་ཉིད་རྟོགས༔ ས་བོན་ནས་ནི་འབྲས་བུའི་བར༔ རྒྱུ་དང་འབྲེལ་བའི་རྟེན་འབྲེལ་དང༔ འབྱུང་ལྔ་དུས་ཀྱི་འགྱུར་བ་རྣམས༔ རྐྱེན་ཏེ་འདི་ཡོད་འདི་འབྱུང་ཞེས༔ རྒྱུ་ལས་འབྲས་བུ་ལུགས་འབྱུང་དང༔ ལོག་ན་ལུགས་ལས་ལྡོག་པ་ཡི༔ ཕྱི་ཡི་རྟེན་འབྲེལ་དཔེར་བྱས་ནས༔ ཡིད་མི་བདེ་བའི་ཟུག་རྔུ་ཅན༔ རྒ་ཤི་སྐྱེ་བ་ལས་བྱུང་སོགས༔ ལུགས་འབྱུང་འཁོར་བའི་རྟེན་འབྲེལ་གྱི༔ རྩ་བ་མ་རིག་འགག་པ་ན༔ འདུ་ཤེས་འདུ་བྱེད་རྒ་ཤིའི་བར༔ ལུགས་ལྡོག་མྱང་འདས་རྟེན་འབྲེལ་གྱིས༔ ལས་དང་ཉོན་མོངས་རྫུན་ཕུག་དིབ༔ སྡུག་བསྔལ་འཁྲུལ་འཁོར་རྒྱུན་ཆད་ནས༔ མྱ་ངན་འདས་པ་མཆོག་ལ་སྦྱོར༔ ཟབ་མོའི་གདམས་པས་ཉམས་ལེན་ན༔ ཁ་ནང་ཐིག་ལེ་དམར་པོ་རུ༔ ཡི་གེ་ཙ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཙ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་དུ་བཞག༔ རྗེས་ཐོབ་དེ་ལས་གཡོ་མེད་པར༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང༔ རྟེན་ཅིང་འབྲེལ་འབྱུང་གནས་གནས་མིན༔ བདག་མེད་གཉིས་དོན་རྟོགས་པར་བྱ༔ ཡང་ན་སྤྱི་བོར་ཐིག་ལེ་དམར༔ དེ་ཡི་ནམ་མཁར་ཐིག་ལེ་དཀར༔ རྟེན་འབྲེལ་འབྱུང་ལྡོག་ངོ་བོ་ནི༔ སྲན་མ་ཙམ་བསྒོམ་ཤེས་པ་གཏད༔ དམར་པོ་འཕེལ་ནས་སྣང་བ་ཀུན༔ དམར་ལམ་སོང་བསམ་ངང་ལ་བཞག༔ དཀར་པོ་འཕེལ་ནས་སྣང་བ་ཀུན༔ དཀར་ལམ་སོང་བསམ་རྩེ་གཅིག་འཇོག༔ ཚུར་འདུས་ཐིག་ལེ་དཀར་དམར་འདྲེས༔ སྤྱི་བོ་ནས་བབས་སྙིང་གར་ཐིམ༔ གཟུང་དང་འཛིན་པ་གཉིས་ཀ་ཡང༔ ཅིར་སྣང་མ་གྲུབ་སྟོང་པ་ཉིད༔ ནམ་མཁའི་དཀྱིལ་ལྟར་མཉམ་པར་གཞག༔ ས་མ་ཡ༔ བྱང་ཆུབ་སེམས་ཀྱིས་དབང་སྡུད་ན༔ པདྨ་རྒྱལ་པོའི་ཏིང་འཛིན་བསྒོམ༔ པདྨ་རྣམ་པར་རྒྱས་པ་ཡི༔ ཕོ་བྲང་འོད་དམར་དྲྭ་བ་ཅན༔ སྣ་ཚོགས་ནོར་བུའི་རྒྱན་བཀོད་པར༔ རིན་ཆེན་དར་ཟབ་བརྩེགས་པའི་ཁྲིར༔ ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿདམར་འོད་འཕྲོས་སྣང་སྲིད་ཁྱབ༔ འཁོར་འདས་བྱང་ཆུབ་སེམས་སུ་ཞུ༔ ཚུར་འདུས་ཧྲཱིཿར་ཐིམ་འོད་གོང་དམར༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་པདྨ་རྒྱལ་པོ་ནི༔ སྐུ་མདོག་དམར་གསལ་རཱ་གའི་མདངས༔ ཞི་ཆགས་སྒེག་ལ་ཅུང་ཟད་ཁྲོ༔ རིན་ཆེན་ཟེའུ་པྲོག་དར་ལའི་ཐོད༔ ཟ་འོག་འགྱིང་གོས་སྟོད་ཁེབས་བརྩེགས༔ སྣ་ཚོགས་ནོར་བུའི་རྒྱན་གྱིས་སྤྲས༔ ཕྱག་གཡས་ལྕགས་སྒྲོག་ཌཱ་མ་རུ༔ གཡོན་པར་མེ་ལོང་ཡིག་འབྲུས་མཚན༔ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ ཤེས་རབ་ཡུམ་མཆོག་འོད་འཆང་མ༔ བདུད་རྩིའི་ཐོད་ཞལ་གཡོན་ནས་སྟོབ༔ འཁོར་དུ་བྱང་སེམས་ཆེན་པོ་བརྒྱད༔ འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས༔ བྱམས་པ་ས་སྙིང་ཀུན་ཏུ་བཟང༔ སྒྲིབ་སེལ་ནམ་མཁའི་སྙིང་པོ་རྣམས༔ ལོངས་སྤྱོད་རྒྱན་རྫོགས་གཟི་བརྗིད་འབར༔ ཆོ་འཕྲུལ་བསམ་ཡས་འགྲོ་བ་འདུལ༔ བྱམས་དང་སྙིང་རྗེའི་གཟི་བརྗིད་ཀྱིས༔ བརྟན་གཡོ་འཁོར་འདས་དབང་སྒྱུར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ བྱང་ཆུབ་སེམས་ཀྱི་རྩལ་བསྐྱེད་ལ༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀར་པད་སྟེང་ཧྲཱིཿདམར་ལས༔ བྱང་ཆུབ་སེམས་འོད་ཉི་ཟེར་ལྡན༔ ཁམས་གསུམ་མ་ལུས་ཁྱབ་པར་འཕྲོས༔ ལྷ་འདྲེ་མི་གསུམ་ལྕགས་ཀྱུས་དྲངས༔ ཁྱད་པར་གང་ལ་དམིགས་པ་རྣམས༔ འཐོར་རླུང་དྲག་པོས་རྩ་སྦུར་བཞིན༔ རང་དབང་མེད་པར་དབང་དུ་བསྡུས༔ དྭངས་སྲོག་ཐིག་ལེར་དབྱེར་མེད་བསམ༔ ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཏྲི་བ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ མེ་ལོང་སྔགས་བཏབ་མགུལ་དུ་འཆང༔ རྟེན་འབྲེལ་རྫས་གསུམ་ཆང་དང་སྦྱར༔ སྔགས་བཏབ་གང་ལ་བྱིན་པ་འདུ༔ དོན་དམ་འཁོར་དང་མྱང་འདས་ཆོས༔ སྤྲོས་པ་ཀུན་ཞི་ནམ་མཁའ་ལྟར༔ ཀུན་རྫོབ་རྟེན་འབྱུང་ཆུ་ཟླའི་གར༔ སྣང་ལ་མ་འགག་སྒྱུ་མར་འཆར༔ ཟུང་འཇུག་གཤིས་ཀྱི་མཉམ་པ་ཉིད༔ མ་རྟོགས་གཟུང་འཛིན་བློས་བཅིངས་ནས༔ སྡུག་བསྔལ་ལུག་རྒྱུད་འཕེལ་བ་རྣམས༔ ཕ་མར་ཤེས་པས་བྱམས་པ་དང༔ སྙིང་རྗེ་ཆེན་པོས་ཀུན་བསླངས་ཏེ༔ བདག་གཞན་མཉམ་དང་བརྗེ་བ་དང༔ གཞན་གཅེས་འཛིན་པའི་སེམས་མཆོག་བསྐྱེད༔ མ་བསྒྲལ་དེ་དག་བསྒྲལ་བའི་ཕྱིར༔ སངས་རྒྱས་འཐོབ་འདོད་སྨོན་པ་དང༔ འཇུག་པའི་སྤྱོད་ལ་རྟག་ཏུ་བསླབ༔ ལམ་སྦྱོང་གདམས་ངག་དམིགས་པའི་གནད༔ གསང་གནས་ཐིག་ལེ་མཐིང་ག་རུ༔ ཡི་གེ་ཝ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཝ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེའི་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང༔ ཕར་ཕྱིན་བསྡུ་དངོས་བཞི་སོགས་སྤྱད༔ ཡང་ན་རང་གི་སྙིང་དཀྱིལ་དུ༔ འོད་ཀྱི་ཐིག་ལེ་ལྕོག་སྒོང་ཙམ༔ དེ་ཡི་ཁ་དོག་དབྱིབས་སོགས་ལ༔ དཔྱད་ན་རྣམ་པ་ཅིར་ཡང་སྣང༔ ངོ་བོ་གང་དུའང་མ་གྲུབ་པར༔ ངེས་པ་རྙེད་ནས་དེ་ངང་གཞག༔ དེས་མཚོན་ཕྱི་ནང་དངོས་པོ་ཀུན༔ སྣང་ཡང་དོན་ལ་གྲུབ་པ་མེད༔ སྣང་ངོ་སྟོང་ངོ་སྙམ་པའི་སེམས༔ བཙལ་ན་མ་གྲུབ་གདོད་ནས་སྟོང༔ ཡུལ་དང་ཡུལ་ཅན་སྟོང་ཉིད་དུ༔ བརྟགས་པའི་གཉེན་པོ་བཟང་རྟོག་ཀྱང༔ ངོ་བོར་བལྟས་པས་གཏད་མེད་སངས༔ སྨྲ་བསམ་བརྗོད་བྲལ་ཡུམ་གྱི་ཀློང༔ བསལ་བཞག་མེད་པར་ཀློད་པ་ཡིས༔ ཤེས་རབ་ཕ་རོལ་ཕྱིན་ཞལ་མཇལ༔ ལམ་ལྔ་ས་བཅུ་ཡོངས་རྫོགས་འགྱུར༔ ས་མ་ཡ༔ སྤང་རྟོགས་ཡོན་ཏན་རྫོགས་འདོད་ན༔ པདྨ་སཾ་བྷའི་ཏིང་འཛིན་བསྒོམ༔ རང་སྣང་འོད་གསལ་གཞལ་མེད་ཁང༔ འཇའ་ཟེར་ཐིག་ལེའི་ཀློང་དཀྱིལ་དུ༔ རིན་ཆེན་ཁྲི་རྐང་པདྨས་མཚན༔ སྣ་ཚོགས་དར་གྱི་ལྷོད་འབོལ་བརྩེགས༔ ཉ་རྒྱས་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་དཀར་པོ་ལས་འཕྲོས་པའི༔ འོད་ཀྱིས་འཕགས་མཆོད་འགྲོ་དོན་བྱས༔ ཚུར་འདུས་ཡོངས་གྱུར་རྫོགས་པའི་སྐུ༔ བདག་ཉིད་པདྨ་སཾ་བྷ་བ༔ སྐུ་མདོག་དཀར་ལ་སྨུག་པའི་མདངས༔ ཤ་རྒྱས་ཞི་བའི་གཟིགས་སྟངས་ཅན༔ དགེ་སློང་ཆ་ལུགས་གཞོན་པའི་ཚུལ༔ སྡེ་སྣོད་གསུམ་མཚོན་པཎ་ཞུ་དམར༔ སྐུ་སྟོད་ཆོས་གོས་གསེར་གྱི་མདོག༔ སྐུ་སྨད་ངུར་སྨྲིག་ཤམ་ཐབས་གསོལ༔ ཕྱག་གཡས་ཐོད་པ་རིན་ཆེན་བཀང༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང༔ མཐོང་ཐོས་ཁ་ལོ་ཐར་པར་སྒྱུར༔ དྲན་པས་ཡོན་ཏན་ཀུན་སྐྱེད་པའི༔ ཕྱོགས་བཞིར་རྣམ་སྨིན་ཚེ་དབང་དང༔ ཕྱག་རྒྱ་ལྷུན་གྲུབ་རིག་འཛིན་བཞི༔ མཚམས་བཞིར་དབང་བསྐུར་ལུང་སྦྱིན་དང༔ ཉམས་སྐོང་རྒྱུད་འགྲོལ་སློབ་དཔོན་བཞི༔ མཁའ་འགྲོའི་འཁོར་ཚོགས་དཔག་མེད་བཅས༔ ཟག་མེད་ཏིང་འཛིན་རོལ་པས་བཞུགས༔ སངས་རྒྱས་ཀུན་འདུས་འགྲོ་བའི་མགོན༔ བླ་མེད་བླ་མའི་དཀྱིལ་འཁོར་པ༔ ཁྱབ་ཅིང་རྟག་པའི་བདག་ཉིད་ཅན༔ ཡེ་ཤེས་གཟི་བྱིན་ལམ་མེར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ དག་རྫོགས་སྨིན་པའི་གནད་སྦྱར་ལ༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀར་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་གསེར་མདོག་ནམ་མཁའ་གང༔ རྒྱལ་བ་སྲས་བཅས་ཐུགས་རྒྱུད་བསྐུལ༔ འགྲོ་རྣམས་རྒུད་པ་ཀུན་དང་བྲལ༔ ཐུན་མོང་མཆོག་གི་ཡོན་ཏན་བསྡུས༔ རང་ཐིམ་གཟི་བརྗིད་ལྷག་པར་འབར༔ འཆི་མེད་ཚེ་དང་འཛད་མེད་ནོར༔ དབང་བཅུའི་ཡེ་ཤེས་རྩལ་རྫོགས་བསམ༔ ཨོཾ་བཛྲ་གུ་རུ་པདྨ་སཾ་བྷ་བ་རཏྣ་ཨཱ་ཡུཿཔུཎྱེ་སརྦ་སིདྡྷི་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདི་བཟླས་ཅི་འདོད་དངོས་གྲུབ་འགྲུབ༔ འདི་དང་འདི་དག་ལ་བརྟེན་པའི༔ བསྐྱེད་རྫོགས་ཟབ་མོ་འབྱམས་ཀླས་ཀྱང༔ གསང་སྔགས་ཕྱི་ཡི་ཐེག་གསུམ་ལས༔ ཀྲི་ཡའི་ཉམས་ལེན་དང་སྦྱར་ན༔ ཆོས་སྐུ་ལམ་བྱེད་ཡེ་ཤེས་ཚོགས༔ རྟོག་མེད་སྣང་མེད་གཟུགས་གཡོ་མེད༔ མེད་པ་ལས་འདས་འོད་གསལ་བ༔ སོ་སོ་རང་རིག་མཚན་ཉིད་ཅན༔ དོན་དམ་མཐའ་བཞི་བྲལ་བར་བལྟ༔ དེ་ཡི་ཡོན་ཏན་ཀུན་རྫོབ་ལྷ༔ རིགས་གསུམ་འཁོར་ལོར་ཤར་རྟོགས་ནས༔ སྣང་བརྟགས་བདེན་དངོས་འཛིན་སྤངས་ཏེ༔ གཟུགས་དང་ཡི་གེ་རང་བཞིན་ལྷར༔ བསྒོམ་བཟླས་གཟུགས་སྐུ་ལམ་བྱེད་པའི༔ བསོད་ནམས་ཚོགས་གསག་ཁྲུས་དཀའ་ཐུབ༔ གཙང་སྦྲའི་སྤྱོད་པ་གཙོ་བོར་བཏོན༔ གནད་ཀྱི་ཉམས་ལེན་སྙིང་པོ་ནི༔ ལྟེ་བར་ཐིག་ལེ་དཀར་པོ་རུ༔ ཡི་གེ་ཧ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཧ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ རྗེས་ཐོབ་སྣང་ལ་མ་ཞེན་པར༔ ལུས་ངག་དགེ་བ་ཅི་ནུས་འབད༔ ཡང་ན་ཐ་མལ་སྒོ་གསུམ་པོ༔ སྐུ་གསུང་ཐུགས་སུ་རྒྱས་གདབ་ཕྱིར༔ རང་ལུས་རིགས་གསུམ་སེམས་དཔའི་སྐུ༔ གང་མོས་སྣང་སྟོང་འཇའ་ཚོན་བཞིན༔ དྭངས་གསལ་སྒྲིབ་ཐོགས་སྤངས་པ་ཡི༔ གནས་གསུམ་ཐིག་ལེ་དཀར་དམར་མཐིང༔ ལེགས་པར་གསལ་བཏབ་སེམས་ཟིན་ནས༔ ཐིག་ལེ་དཀར་པོ་ལས་འོད་འཕྲོས༔ འགྲོ་ཀུན་ལུས་ཀྱི་སྡིག་སྒྲིབ་སྦྱངས༔ རྒྱལ་བའི་སྐུ་ལ་མཉེས་མཆོད་ཕུལ༔ ཚུར་འདུས་ཐིམ་ལས་འཇམ་དཔལ་སྐུ༔ གསེར་མདོག་ཨུཏྤལ་རལ་པོད་བསྣམས༔ རྒྱན་རྫོགས་འོད་སྐུ་དྲི་མེད་བསྒོམ༔ ཐིག་ལེ་དམར་ལས་འོད་ཟེར་འཕྲོས༔ སེམས་ཅན་ངག་སྒྲིབ་བག་ཆགས་བསལ༔ སངས་རྒྱས་གསུང་ལ་མཉེས་མཆོད་ཕུལ༔ ཚུར་འདུས་ཐིམ་ལས་སྤྱན་རས་གཟིགས༔ དུང་མདོག་ཕྱག་བཞི་ཐལ་སྦྱར་དང༔ ཤེལ་ཕྲེང་པད་འཛིན་འོད་སྐུར་བསྒོམ༔ ཐིག་ལེ་སྔོན་པོའི་འོད་ཟེར་གྱིས༔ ཁམས་གསུམ་ཡིད་ཀྱི་རྟོག་སྒྲིབ་སྦྱངས༔ འཕགས་པའི་ཐུགས་ལ་མཉེས་མཆོད་ཕུལ༔ ཚུར་འདུས་ཡོངས་གྱུར་རྡོ་རྗེ་འཛིན༔ མཐིང་སྔོན་རྡོ་རྗེ་སྡིགས་མཛུབ་ཅན༔ ཁྲོ་ཚུལ་འོད་ཀྱི་རང་བཞིན་དུ༔ བསྒོམས་ནས་ཡུན་རིང་མཉམ་གཞག་མཐར༔ ལྷར་སྣང་དམིགས་མེད་ངང་དུ་བསྟིམ༔ སེམས་ཉིད་དག་པ་མཐའ་བཞི་བྲལ༔ སྟོང་གསལ་བློ་དང་བྲལ་བར་བསྐྱང༔ མཚན་བཅས་མཚན་མེད་སྒོམ་པ་ཡིས༔ རྣམ་པར་མི་རྟོག་ཡེ་ཤེས་འགྲུབ༔ མཆོག་ལ་རིམ་གྱིས་སྦྱོར་བ་འོ༔ ས་མ་ཡ༔ འགྲོ་འདུལ་བརྟུལ་ཞུགས་གྲུབ་འདོད་ན༔ ཉི་མ་འོད་ཟེར་ཏིང་འཛིན་བསྒོམ༔ རང་བྱུང་གཞོམ་གཞིག་བྲལ་བའི་དབྱིངས༔ བདེ་ཆེན་འོད་གསལ་ཕོ་བྲང་དུ༔ བདག་མེད་རྟོག་བྲལ་བམ་རོའི་ཁྲི༔ པད་སྡོང་ཚ་ཟེར་རྒྱས་པའི་སྟེང༔ རང་རིག་ཧྲཱིཿལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་དོན་བྱས༔ སླར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་འགྲོ་འདུལ་གྲུབ་པའི་གཙོ༔ གུ་རུ་ཉི་མ་འོད་ཟེར་ནི༔ དམར་སེར་ཉིན་བྱེད་འཆར་ཁའི་མདངས༔ ཞལ་གཅིག་ཞི་མ་ཁྲོ་ཡི་ཚུལ༔ ལྟ་སྟངས་ཆོས་ཀྱི་དབྱིངས་སུ་གཟིགས༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་གསོར༔ གཡོན་པས་སྡིགས་མཛུབ་ཉི་ཟེར་ཞགས༔ གཅེར་བུ་སྟག་ལྤགས་སྨད་གཡོགས་ཅན༔ ཐོར་ཚུགས་རུས་པའི་རྒྱན་དྲུག་གསོལ༔ བརྐྱང་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ དགྱེས་སྡེ་བདག་མེད་རྣལ་འབྱོར་མ༔ སེར་མོ་རུས་པའི་ཕྱག་རྒྱས་སྤྲས༔ གཡུ་ཞལ་ཆང་གིས་གང་བ་སྟོབ༔ འཁོར་དུ་གདོད་གནས་གྲུབ་ཆེན་བརྒྱད༔ ཨིནྡྲ་བོ་དྷི་ལཱུ་ཡི་པ༔ ནཱ་གརྫུ་ན་ཀུ་ཀུ་རི༔ པདྨ་བཛྲ་དྲིལ་བུ་པ༔ ས་ར་ཧ་དང་ལྭ་བ་པ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ མི་འཇིགས་རྟོགས་པའི་གདིང་དང་ལྡན༔ བདེ་ཆེན་ཡེ་ཤེས་གཟི་བརྗིད་འབར༔ རིག་འཛིན་མཁའ་འགྲོ་བྱེ་བའི་འཁོར༔ འཇའ་དང་འོད་ཀྱི་ཀློང་དཀྱིལ་དུ༔ རོལ་པའི་ཆོ་འཕྲུལ་མཐའ་ཡས་པས༔ སྣང་སྲིད་བྱིན་གྱིས་རློབ་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྣང་བ་དབང་སྒྱུར་རྣལ་འབྱོར་གྱིས༔ ཨོཾ་ཨཱཿབཛྲ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀའི་ཧྲཱིཿཡི་འོད་ཟེར་ལས༔ ཡི་གེ་ལྔ་བཅུའི་ཆར་བབས་པས༔ འགྲོ་དྲུག་སེམས་ཅན་སྒྲིབ་པ་སྦྱངས༔ ཀུན་ཀྱང་བདག་ལ་དད་ཅིང་གུས༔ འུབ་འདུས་འཁོར་ཡུག་འཁོད་པ་ལ༔ གང་འདུལ་ཆོས་འཁོར་བསྐོར་བྱས་པས༔ སྨིན་གྲོལ་རྟོགས་པའི་གདིང་ཐོབ་བསམ༔ གསང་སྔགས་གསང་བའི་ཡང་སྙིང་འདི༔ གསེར་གྱིས་བྲིས་ལ་མགུལ་དུ་གདགས༔ འབུམ་ཕྲག་བཟླས་པས་འགྲོ་བ་འདུལ༔ ཨོཾ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨ་སིདྡྷི་ཧཱུྃ་ཧྲཱི༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏྟེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་ཏདྱ་ཐཱ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སངྒ་ཏེ་བོ་དྷི་ཡེ་སྭཱ་ཧཱ༔ དེ་ཡིས་འགྲོ་བའི་སེམས་རྒྱུད་ཐུལ༔ བདག་གི་བསྟན་པའི་རྗེས་ཞུགས་འགྱུར༔ ཨུ་བྷ་ཡ་ཡི་ལམ་བརྟེན་ན༔ ལྟ་བ་ཐེག་པ་གོང་མར་སྙེགས༔ སྤྱོད་པ་འོག་མ་ཇི་བཞིན་སྤྱད༔ དང་པོ་མཚན་བཅས་རྣལ་འབྱོར་བསྒོམ༔ ཁྲུས་བྱས་རྡོ་རྗེའི་གདན་ལ་འདུག༔ བྱང་སེམས་ཡི་གེ་སྒྲ་ཡི་ལྷ༔ དབྱིབས་བཅས་དབྱིབས་མེད་ཕྱག་རྒྱའི་ལྷ༔ དག་དང་མ་དག་གཟུགས་ཀྱི་ལྷ༔ སྒོམ་ཞིང་སྲོག་བསྡམ་ཡིད་བཟླས་བྱ༔ མཚན་མེད་ཕུང་སོགས་ཆོས་ཀུན་ལ༔ མཐའ་བཞིའི་དག་པས་སྐྱེ་མེད་རྟོགས༔ དེ་ཡང་རྣམ་པར་མི་རྟོག་པའི༔ ཆོས་ཉིད་ངོ་བོར་ཉམས་སུ་མྱོང༔ མ་རྟོགས་སྡུག་བསྔལ་འགྲོ་རྣམས་ལ༔ སྙིང་རྗེ་ཆེན་པོས་རྗེས་ཞུགས་པ༔ འཇུག་གནས་ལྡང་བའི་རྣལ་འབྱོར་བྱ༔ གདམས་ངག་བློ་སྦྱོང་དམིགས་པའི་གནད༔ རྣ་བར་ཐིག་ལེ་དམར་པོ་རུ༔ ཡི་གེ་ཧེ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཧེ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ རྗེས་ཐོབ་དམིགས་མེད་ཞེན་མེད་བློས༔ ཚོགས་གཉིས་ཟུང་འབྲེལ་ལམ་དུ་བསླང༔ ཡང་ན་རང་ལུས་ལྷར་གསལ་བའི༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་འཕྲོས་སངས་རྒྱས་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ འཁོར་ལོ་པདྨ་རྡོ་རྗེར་བསྒྱུར༔ ཡིད་བཟླས་བྱ་ཞིང་སེམས་བཟུང་བས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ འགྲོ་བའི་དུག་གསུམ་རྩད་ནས་སྦྱངས༔ སྒོ་གསུམ་སྐུ་གསུང་ཐུགས་སུ་བསྒྱུར༔ ཐམས་ཅད་ཚུར་འདུས་ཕྱག་རྒྱར་ཐིམ༔ འོད་ཀྱི་ཐིག་ལེ་དཀར་དམར་མཐིང༔ གསལ་འཚེར་འབར་ལ་སེམས་གཏད་པས༔ ལུས་སྣང་དེ་ཡི་རང་བཞིན་གྱུར༔ གཅིག་ལ་གཅིག་ཐིམ་དབྱིངས་སུ་ཡལ༔ ཅིར་ཡང་མི་རྟོག་ངང་དུ་གཞག༔ ཡེ་ཤེས་སྐྱེད་བྱེད་ཡང་དག་གོ༔ ས་མ་ཡ༔ བར་གཅོད་དམ་སྲི་གཞོམ་འདོད་པས༔ སེང་གེ་སྒྲ་སྒྲོག་ཏིང་འཛིན་བསྒོམ༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང༔ འཇིགས་རུང་ལྟ་བས་མི་བཟོད་པ༔ བདུད་སྲིན་བསྒྲལ་བའི་ཕུང་པོའི་དབུས༔ ཉི་མའི་དཀྱིལ་འཁོར་འབར་བའི་སྟེང༔ རང་རིག་གནམ་ལྕགས་རྡོ་རྗེ་ནི༔ ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས༔ རྒྱལ་བ་ཀུན་གྱི་མཐུ་སྟོབས་བསྡུས༔ གདུག་ཅན་ཚར་བཅད་གཟི་བྱིན་འཕྲོག༔ རྡོ་རྗེ་གནས་འགྱུར་དྲན་རྫོགས་སུ༔ བདག་ཉིད་གསང་བདག་ཧེ་རུ་ཀ༔ བླ་མ་དྲག་པོ་སེང་གེའི་སྒྲ༔ མཐིང་ནག་སྟོན་མཚན་ནམ་མཁའི་མདོག༔ ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོ༔ གར་དགུའི་ཉམས་ཀྱི་གཟི་བྱིན་འབར༔ སྤྱན་གསུམ་འབུར་ཞིང་སྡང་མིག་འཁྱིལ༔ ཞལ་གདངས་སེང་སྐད་དྲག་པོར་རྒོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ གཡོན་པས་སྡིགས་པའི་མཛུབ་མོ་སྒྲེང༔ ཐོར་ཚུགས་དར་ནག་ཅོད་པན་འཕུར༔ སྐུ་སྟོད་སེང་སླག་མེ་འོད་འཕྲོ༔ སྐུ་སྨད་དཔའ་བོ་སྟག་ཤམ་འཕྱང༔ ཐོད་རུས་སྦྲུལ་གྱིས་བརྗིད་པར་བཀླུབས༔ ཁྲོ་མོ་རྡོ་རྗེ་ཕྲ་མེན་སྔོ༔ གྲི་ཐོད་ཐོགས་པས་གཡོན་ནས་འཁྱུད༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་ཀྱིས༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན༔ གཤིན་རྗེ་མི་གཡོ་རྟ་མཆོག་དཔལ༔ འདོད་རྒྱལ་འཁྱིལ་པ་ཁམས་གསུམ་རྒྱལ༔ སྟོབས་ཆེན་ཁྲོ་བཅུ་ཡབ་ཡུམ་རྣམས༔ སྤྲུལ་པའི་ཚོགས་བཅས་འཁོར་དུ་བསྐོར༔ གཟི་བརྗིད་དུས་མཐའི་མེ་ལྟར་འབར༔ དྲག་སྔགས་ནུས་པའི་ཐོག་སེར་འབེབ༔ ཕྲིན་ལས་བདུད་དང་དམ་སྲི་འདུལ༔ འཁོར་འདས་སྣང་སྲིད་ཞིང་ཀུན་ན༔ ཆེ་བཙན་འགྲན་ཟླ་བྲལ་བར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འཇིགས་མེད་བདུད་འཇོམས་དགོངས་ཉམས་སྤར༔ ཨོཾ་ཨཱཿབཛྲ་གུ་རུ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་ཁྲོ་ཆུང་དང༔ གནམ་ལྕགས་རྡོ་རྗེའི་ཐོག་ཟེར་འཕྲོས༔ བར་ཆད་བདུད་དང་དམ་སྲི་རྣམས༔ རྗེས་ཤུལ་མིང་མེད་རྡུལ་བརླག་བསམ༔ ཧཱུྃ་ལས་སྤུ་གྲི་སྟོང་འཕྲོས་པས༔ ཕས་རྒོལ་ལྕེ་ཡི་དབང་པོ་གཏུབས༔ མེ་འབར་མགྲིན་པ་ཐལ་བས་འགག༔ ངག་ནུས་རང་ལ་ཐིམ་པ་ཡིས༔ བདག་གི་ལྕེ་ཡི་དབང་པོ་ལས༔ དབྱངས་ཀྱི་ཡི་གེ་བཅུ་དྲུག་འཕྲོས༔ འཇིགས་མེད་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ གྲགས་སྟོང་སྔགས་སུ་དག་པར་དམིགས༔ ཨོཾ་བཛྲ་གུ་རུ་སིཾ་ཧ་གཎྜེ་དྷརྨ་དྷཱ་ཏུ་ཧཱུྃ་ཐ་ནི་ཧུར་ཐུཾ་ཝཱ་ཀ་སཏྭཾ་བྷ་ཡ་ནན༔ བཟླས་པས་ནུས་ཐོབ་རྟགས་རྙེད་ན༔ དབྱངས་ཡིག་རྡོ་རྗེའི་བཟླས་པར་སྦྱར༔ ཡོ་གའི་ལམ་རིམ་རྒྱུད་བརྟེན་ན༔ ཆོས་ཉིད་རང་བཞིན་འོད་གསལ་བར༔ རྟོགས་པའི་བྱིན་རླབས་ལྷར་སྣང་བས༔ ཀུན་གཞི་སེམས་ཡིད་རྣམ་ཤེས་ཀྱི༔ འཁྲུལ་པ་ཡེ་ཤེས་བསྒྱུར་བའི་ཕྱིར༔ ཕྱག་རྒྱ་བཞི་དང་འབྲེལ་པ་ཡི༔ ལྷ་ཡི་རྣལ་འབྱོར་བསྒོམ་པ་དང༔ སེམས་ཀྱི་དེ་ཉིད་མངོན་སུམ་དུ༔ རྟོགས་པའི་སོ་སོ་རང་རིག་པ༔ རིམ་གྱིས་མངོན་དུ་བྱེད་པ་འམ༔ བྱིན་རླབས་མཐུ་ཡིས་གཅིག་ཆར་མཐོང༔ ཐབས་དང་ཤེས་རབ་སྦྲེལ་ནས་ནི༔ བདེན་གཉིས་རེས་འཇོག་ལམ་དུ་བྱེད༔ ཐམས་ཅད་སྐྱེ་བ་མེད་ཤེས་ནས༔ གང་དུའང་རྣམ་པར་མི་རྟོག་པར༔ རྣམ་གྲོལ་སྟོང་ཉིད་སྒོ་རུ་འཇུག༔ ཀུན་འདྲིལ་གདམས་ངག་དམིགས་པའི་འཕྲུལ༔ སྣ་རུ་ཐིག་ལེ་མཐིང་ག་རུ༔ ཡི་གེ་ཀ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཀ་རུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་དུ་གཞག༔ ལྔ་འདུས་མི་ཤིགས་དྭངས་མ་ནི༔ རིགས་ལྔ་དང་ནི་ཡེ་ཤེས་ཀྱི༔ ངོ་བོར་གདོད་ནས་གནས་པ་ཉིད༔ རྣམ་པའི་ཐབས་ཀྱིས་ལམ་བྱེད་ན༔ རང་ཉིད་ཞི་བ་རྡོར་སེམས་གསལ༔ སྙིང་དཀྱིལ་འོད་ལྔའི་གོང་བུ་ཡི༔ ཐིག་ལེ་སྲན་ཟླུམ་ཙམ་དུ་དམིགས༔ སྤྱི་བོར་ཐིག་ལེ་དཀར་པོ་བསམ༔ གཉིས་ཀར་སེམས་བཟུང་གསལ་ཐེབས་ནས༔ དཀར་པོ་མར་བབས་སྙིང་ནང་གི༔ མི་ཤིགས་ཐིག་ལེར་དབྱེར་མེད་དུ༔ འདྲེས་པར་བསམས་ལ་ལྷོད་ཀྱིས་ཀློད༔ ངོ་བོར་ཅིར་ཡང་མ་གྲུབ་ལ༔ རྣམ་པ་སྟོང་གསལ་ལྷག་གེར་འཆར༔ བྱིན་རླབས་རྩལ་ཤར་གང་སྣང་ཀུན༔ རིགས་ལྔའི་རང་བཞིན་ཡིན་པ་ལ༔ ཡིན་པར་ཤེས་པས་ལམ་དུ་ཁྱེར༔ མངོན་བྱང་ལྔ་ཡིས་བྱང་ཆུབ་འགྱུར༔ ས་མ་ཡ༔ འགྲན་མེད་ནུས་ཐོབ་བགེགས་འདུལ་ན༔ རྡོ་རྗེ་གྲོ་ལོད་ཏིང་འཛིན་བསྒོམ༔ སྣང་སྲིད་ཁྲོ་བོ་རོལ་པའི་ཞིང༔ འཁོར་བ་ཡོངས་སྒྲོལ་དུར་ཁྲོད་དུ༔ དབང་དྲག་རོལ་པའི་ཕོ་བྲང་ནི༔ མེ་རླུང་དམར་ནག་འཚུབས་པའི་ཀློང༔ རྒྱལ་བསེན་དྲེགས་པ་སྡེ་བརྒྱད་སྟེང༔ པད་ཉིའི་གདན་ལ་རང་རིག་ཧཱུྃ༔ གསེར་གྱི་ཕུར་པ་འོད་ཟེར་འབར༔ དེ་ལས་འོད་འཕྲོས་དམ་སྲི་དང༔ རྒྱལ་འགོང་ལོག་འདྲེན་ཚོགས་རྣམས་བསྒྲལ༔ རྒྱལ་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་ཧཱུྃ་དམར་མེ་འོད་འབར༔ དེ་ཉིད་སྐད་ཅིག་ཡོངས་གྱུར་ལས༔ བདག་ཉིད་ཆེ་མཆོག་ཐོད་ཕྲེང་རྩལ༔ དཀར་སྨུག་མདངས་ལྡན་རབ་བྱུང་ཆས༔ མཐུན་པའི་ལྟ་སྟངས་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་སྐྱབས་སྦྱིན་གཡོན་སྡིགས་མཛུབ༔ སྟག་ལྤགས་གདན་ལ་བཞུགས་པར་བསམ༔ འོད་ཟེར་ཉི་མ་འབུམ་གཟི་ཅན༔ དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ གཏུམ་དྲག་རྡོ་རྗེ་གྲོ་བོ་ལོད༔ སྨུག་ནག་ཤིན་ཏུ་ཁྲོས་པའི་ཚུལ༔ སྨར་སྨིན་དམར་སེར་མེ་འོད་འབར༔ སྐྲ་གསིག་ཨཾ་གཙིགས་སྡང་མིག་བགྲད༔ སྙན་རྒྱན་དུང་གི་ཝཾ་མིག་མཛེས༔ ཟ་འོག་ཕོད་ཀ་སྔོན་པོའི་སྟེང༔ ངུར་སྨྲིག་ཆོས་གོས་རླུང་གིས་གཡེང༔ མི་མགོ་རློན་པ་སྐྲ་ཅན་གྱི༔ དོ་ཤལ་ཁྲག་གི་ཟར་བུ་འཛག༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་བུས་དགྲ་བགེགས་གཟིར༔ སྟག་མོ་གྲུས་མ་རྔམ་པའི་སྟེང༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིང༔ སྐུ་ལས་ཁྲོ་ཆུང་ཚ་ཚྭ་འཕྲོ༔ ཞལ་ནས་ཧཱུྃ་ཧཱུྃ་འབྲུག་སྒྲ་སྒྲོག༔ འཁོར་དུ་དཔལ་ཆེན་ཧེ་རུ་ཀ༔ ཡང་དག་འཇམ་དཔལ་པདྨ་དབང༔ ཕུར་པ་བླ་མེད་ཆེ་བའི་མཆོག༔ དྲེགས་འདུལ་སྟོབས་ལྡན་ནག་པོ་རྣམས༔ རང་རང་ཡུམ་འཁྲིལ་དཔལ་ཆས་རྫོགས༔ གར་དགུའི་ཉམས་ལྡན་གཟི་བརྗིད་འབར༔ རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཚོགས༔ མ་ལུས་འདུས་པའི་བདག་ཉིད་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༔ ཨོཾ་ཨཱཿབཛྲ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔ ཟང་ཐལ་རིག་པ་ངར་དང་བཅས༔ ཞལ་ནས་དྲག་པོ་སྔགས་ཀྱི་སྒྲ༔ ཐུགས་སྲོག་ཡེ་ཤེས་ལྔ་ལྡན་ཟེར༔ གནམ་ཐོག་མཚོན་ཆའི་ཆར་པ་ཡིས༔ དགྲ་བགེགས་ལོག་འདྲེན་དམ་སྲིའི་དཔུང༔ སྡེ་དང་རིས་སུ་བཅས་པ་རྣམས༔ དབང་བསྡུས་བྲན་བཀོལ་བསྒྲལ་ནས་བརླག༔ གང་འདོད་དམིགས་པའི་གནད་བསྒྱུར་ཅིང༔ ཨོཾ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ སྐབས་སུ་རིག་རྩལ་ཤུགས་བསྐྱེད་ལ༔ ཧཱུྃ་ཕཊ་ངར་ལྡན་ཐོག་ལྟར་བསྒྲག༔ རིག་སྔགས་རྒྱལ་པོ་བདུན་འབུམ་གྲངས༔ ཐེམས་ནས་མཚོན་ཆ་གདགས་ལ་གཟིར༔ ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླས་འགྲུབ་པའི་ལྷ་རྟགས་དང༔ དགྲ་བགེགས་ཐུལ་དང་ཚར་གཅོད་རྟགས༔ དངོས་ཉམས་རྨི་ལམ་རྣམས་སུ་འབྱུང༔ བསྐྱེད་པའི་རྣལ་འབྱོར་ལས་ཕྱེ་བའི༔ རིམ་པ་གཉིས་ཀྱི་ཏིང་འཛིན་ལ༔ ཉམས་ལྔ་མཐར་ཕྱིན་བར་དུ་བསླབ༔ སྦྱང་བྱ་སྐྱེ་འཆི་སྲིད་པ་ཡི༔ བར་དོའི་འཁྲུལ་པ་ལུ་གུ་རྒྱུད༔ སྦྱོང་བྱེད་སྟོང་ཆེན་དེ་བཞིན་ཉིད༔ སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང༔ རྒྱུ་ཏིང་ཕྲ་དང་རགས་པ་ལས༔ སྐྱེ་བའི་རིམ་གསུམ་རྗེས་མཐུན་པ༔ ཕྱག་རྒྱ་གཅིག་སྤྲོས་མཁའ་ཁྱབ་ཀྱི༔ ཚོགས་སྒྲུབ་ཉེ་རྒྱུས་མཚམས་སྦྱར་ནས༔ ལམ་གྱུར་རིག་འཛིན་བསྒྲུབ་ལ་འབད༔ གདམས་ངག་ཟབ་མོས་སེམས་སྦྱང་བ༔ སྤྱི་བོར་ཐིག་ལེ་དཀར་པོ་རུ༔ ཡི་གེ་ཨོཾ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཨོཾ་དུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ ལྷ་དང་ལྷ་མོར་ཤེས་པའི་ངང༔ ཆེ་མཆོག་ཞི་བ་ཐོད་ཕྲེང་རྩལ༔ ལྷག་གེར་གསལ་བཏབ་སྣང་ཞེན་བསླབ༔ གསལ་བརྟན་གྱད་དུ་གྱུར་པའི་ཚེ༔ སྙིང་གར་པདྨ་འདབ་བརྒྱད་ཀྱི༔ ཟེའུ་འབྲུར་འོད་ལྔའི་ཐིག་ལེར་ཧྲཱི༔ འདབ་བརྒྱད་ཐིག་ལེ་སྔོན་པོ་བརྒྱད༔ ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས༔ རྩ་གསུམ་མཆོད་ཅིང་ཐུགས་རྒྱུད་བསྐུལ༔ འགྲོ་དྲུག་ལས་དང་ཉོན་མོངས་སྦྱངས༔ སྣོད་བཅུད་དག་པའི་འཁོར་ལོར་བསྒྱུར༔ སྣང་ཚད་རང་བྱུང་ལྷ་ཡི་སྐུ༔ སྒྲ་སྐད་ཆོས་ཉིད་དོན་གྱི་སྔགས༔ དྲན་རྟོག་གཉུག་མ་དེ་བཞིན་ཉིད༔ རེ་རེ་བཞིན་དུ་སེམས་བཟུང་མཐར༔ འཁོར་འདས་འོད་ཞུ་སྙིང་གར་འདུས༔ ཐིག་ལེ་བརྒྱད་པོ་དབུས་སུ་ཐིམ༔ དེ་ཡང་འོད་དུ་ལྟེམ་ལྟེམ་ཞུ༔ ཇེ་ཕྲ་ཇེ་ཆུང་དབྱིངས་སུ་ཡལ༔ ཀློང་དགུའི་ཡེ་ཤེས་མངོན་གྱུར་བསམ༔ ཅིར་ཡང་ཡིད་ལ་མི་བྱེད་པར༔ གསལ་སྟོང་ངོ་བོ་རྗེན་པར་བསྐྱང༔ སྟོང་ཆ་ཆོས་ཉིད་དོན་དང་ནི༔ སྣང་ཆ་ཆོས་སྐུ་གཞིའི་ཡེ་ཤེས༔ ཟུང་འཇུག་བློ་བྲལ་གདོད་མའི་གཤིས༔ དཀྱིལ་འཁོར་ཀུན་གྱི་བདག་པོ་ཉིད༔ མ་བཙལ་རང་ལ་རྫོགས་པ་འོ༔ ས་མ་ཡ༔ བདེ་སྟོང་མཆོག་དངོས་བསྒྲུབ་འདོད་ན༔ པདྨ་འབྱུང་གནས་ཏིང་འཛིན་བསྒོམ༔ རང་བྱུང་དབྱིངས་ཀྱི་གཞལ་མེད་ཁང༔ ཡེ་ཤེས་རིན་ཆེན་རྒྱན་བཀོད་འབར༔ བདེ་ཆེན་འཇའ་ཟེར་ཐིག་ལེ་འཁྲིགས༔ ཟག་མེད་མཆོད་སྤྲིན་རྒྱ་མཚོའི་དབུས༔ པདྨའི་སྡོང་པོ་རབ་ཏུ་རྒྱས༔ ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿཞེས་བརྗོད་པས་སྐད་ཅིག་གིས༔ བདག་ཉིད་པདྨ་འབྱུང་གནས་ནི༔ མཐིང་སྔོན་ཨིནྡྲ་ནཱི་ལའི་མདངས༔ དབུ་སྐྲ་ཐོར་ཚུགས་སྤྱན་གསུམ་པ༔ ཞི་ཞིང་སྒེག་པའི་ཉམས་དང་ལྡན༔ དར་དཔྱང་རུས་པའི་རྒྱན་དྲུག་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་སྡིགས་མཛུབ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་མ༔ བཅུ་དྲུག་ལོ་ལོན་ན་ཚོད་ལ༔ དཀར་དམར་མདངས་ལྡན་ལང་ཚོས་སྒེག༔ སྐྲ་གྲོལ་མཛེས་སྡུག་འཛུམ་པའི་མདངས༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ ཕྱག་གཉིས་ཐོད་སྟོབ་ཡབ་ལ་འཁྱུད༔ ཞབས་གཉིས་པད་སྐྱིལ་རྐེད་ནས་འཁྲིལ༔ བདེ་བ་ཆེན་པོའི་གཟི་བརྗིད་ཀྱིས༔ འཁོར་འདས་བརྟན་གཡོ་བྱིན་གྱིས་བརླབ༔ ཕྱོགས་བཞིར་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་མཆོག་བཞི༔ མཚམས་བཞིར་སྣ་ཚོགས་དམ་ཚིག་དང༔ ཐམས་ཅད་འཇིག་རྟེན་མཁའ་འགྲོས་བསྐོར༔ ཀུན་ཀྱང་བདེ་བའི་གར་ཐབས་ཁྱུག༔ རྩོལ་མེད་རྡོ་རྗེའི་གླུ་དབྱངས་ལེན༔ མི་རྟོག་ཡེ་ཤེས་དགོངས་པ་ཡིས༔ ཁམས་གསུམ་བདེ་ཆེན་དབྱིངས་སྒྲོལ་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ དབྱིངས་ཡེའི་ཀློང་ལས་འདར་མེད་པས༔ ཨོཾ་ཨཱཿབཛྲ་གུ་རུ་པདྨཱ་ཀ་ར་སརྦ་སིདྡྷི་ཧཱུྃ༔ བུམ་ཅན་རླུང་དང་སྦྱར་བ་འམ༔ ཡང་ན་འབྱུང་འཇུག་རང་བབས་ངང༔ རྔུབ་དུས་ཕྱི་རོལ་སྣོད་བཅུད་ཀུན༔ ཨོཾ་གྱུར་སྣ་བུག་གཡོན་ནས་ཞུགས༔ གནས་ཚེ་སྔགས་ཀྱི་གཟུགས་གྱུར་ནས༔ ལྟེ་འོག་དབུ་མའི་དབྱིངས་སུ་གནས༔ འབྱིན་དུས་ཧཱུྃ་ཡིག་སྣ་གཡས་ཐོན༔ སྣོད་བཅུད་སྔགས་ཀྱི་རང་སྒྲ་འུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ དེ་ལྟར་འགྲོ་ལྡོག་སྤེལ་མར་སྦྱང༔ རྫོགས་རིམ་ལུང་གི་དགོངས་པ་ནི༔ ཆོས་ཀུན་རྣལ་འབྱོར་གསུམ་དུ་གནས༔ བྱ་བ་རྒྱུ་དང་བྱེད་པ་རྐྱེན༔ བྱ་བྲལ་འབྲས་བུའི་རྣལ་འབྱོར་ཏེ༔ ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས༔ ཇི་བཞིན་ངང་དུ་ཡེ་གནས་པས༔ གཤིས་ཀྱི་གནས་ལུགས་དཀྱིལ་འཁོར་གསུམ༔ མ་འདྲེས་ཡོངས་སུ་རྫོགས་པ་རྒྱུ༔ རྩོལ་བཅས་ལམ་གྱིས་སྲིད་ལས་འདྲེན༔ རང་འདོད་འབྲས་བུར་འཇུག་པ་རྐྱེན༔ རྣམ་དག་སེམས་ལས་གཞན་པའི་འབྲས༔ རྩོལ་སྒྲུབ་མེད་པ་སྔགས་ཕྱི་ནང༔ ཁྱད་པར་ལམ་གྱི་ངོ་བོ་ནི༔ ལྷན་སྐྱེས་ཡེ་ཤེས་རིམ་གཅིག་ཆར༔ འདྲེན་བྱེད་ཐབས་ཀྱིས་ངེས་པའི་ལམ༔ རྟོག་དཔྱོད་དོན་དམ་ཡི་གེ་ཡི༔ རྗེས་འཇུག་ཤེས་རབ་རྣམ་གྲོལ་ཏེ༔ རིམ་དང་ཐོད་རྒལ་གཅིག་ཆར་བགྲོད༔ སེམས་སྦྱོང་གནད་ཀྱི་དམིགས་པ་ནི༔ མགྲིན་པར་ཐིག་ལེ་དམར་པོ་རུ༔ ཡི་གེ་ཨཱཿབསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཨཱཿརུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ སྒྲོལ་མ་བཟུང་བའི་རྣལ་འབྱོར་ནི༔ རང་ལུས་ལྷར་གསལ་རྩ་གསུམ་རྩེར༔ བླ་མ་བསྒོམས་ལ་གསོལ་བ་གདབ༔ རླུང་འབུད་ནད་གདོན་སྡིག་སྒྲིབ་བསལ༔ རྔུབས་པས་འཁོར་འདས་དྭངས་བཅུད་བསྡུས༔ ལྟེ་འོག་སྲོག་ཐུར་ཁ་སྦྱར་བས༔ དབུ་མར་ཞུགས་གནས་ཐིམ་པར་བསམ༔ བདེ་བ་ཐིག་ལེའི་མན་ངག་ནི༔ ལུས་ནད་རྩ་གསུམ་འཁོར་ལོ་བཞི༔ ལྟེ་འོག་རཾ་དང་བཤང་སྒོར་རླུང༔ སྤྱི་བོར་ཧཾ་ཡིག་དཀར་པོ་བསྒོམ༔ སྲོག་རྩོལ་སྦྱོར་བས་རླུང་དཀྱིལ་གཡོས༔ མེ་སྦར་དབུ་མའི་ལམ་བརྒྱུད་དེ༔ ཧཾ་ལ་རེག་པའི་བདེ་དྲོད་ཀྱིས༔ སྤྱི་བོའི་བླ་མ་ཡབ་ཡུམ་མཆོད༔ དགྱེས་པས་འོད་ཞུ་ཧཾ་ལ་ཐིམ༔ དེ་ལས་བྱང་སེམས་བདེ་རྒྱུན་བབ༔ མེ་ཡི་དྭངས་མའི་ཡི་གེ་གསོས༔ ལྷག་པར་འབར་བས་དཔའ་བོ་བསྐུལ༔ ཟླ་བ་བདུད་རྩིར་ཞུ་བ་ཡི༔ དྭངས་མས་རྩ་ཁམས་ཀུན་ཁྱབ་བསམ༔ བདེ་དྲོད་ཞལ་སྦྱོར་སེམས་འཛིན་བྱ༔ སྟེང་སྒོ་འཇུ་འདུལ་ལེགས་འབྱོངས་ནས༔ འོག་སྒོ་ཁམས་གསུམ་རོལ་པ་ཡང༔ མན་ངག་བཞིན་དུ་ཤེས་པར་བྱ༔ ས་མ་ཡ༔ གང་བསམ་ལྷུན་གྱིས་འགྲུབ་འདོད་ན༔ བླ་མ་ཡིད་བཞིན་ནོར་བུ་བསྒོམ༔ གཞོན་ནུ་བུམ་པ་སྐུ་ཡི་ཞིང༔ འོད་གསལ་དབྱིངས་ཀྱི་གཞལ་མེད་ཁང༔ རིག་རྩལ་འཇའ་ཐིག་ལུག་རྒྱུད་འཁྲིགས༔ སྐུ་དང་ཞིང་ཁམས་དབྱེར་མེད་པའི༔ རང་སྣང་ལྷུན་གྲུབ་གནས་མཆོག་ཏུ༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རང་རིག་སྐད་ཅིག་དྲན་རྫོགས་སུ༔ རིགས་ཀུན་ཁྱབ་བདག་གདོད་མའི་མགོན༔ གུ་རུ་ཡིད་བཞིན་ནོར་བུ་ནི༔ སྐུ་མདོག་དཀར་ལ་སྔོ་བའི་མདངས༔ ཞི་འཛུམ་རྡོ་རྗེའི་ལྟ་སྟངས་གཟིགས༔ དབུ་སྐྲ་ཐོར་ཚུགས་དར་གྱིས་བཅིངས༔ སྣ་ཚོགས་རིན་ཆེན་རྒྱན་ཆས་བཀླུབས༔ སྟོད་གཡོགས་སྨད་གཡོགས་འཇའ་ཚོན་སྤེལ༔ མཉམ་གཞག་ཡིད་བཞིན་ནོར་བུ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཀུན་ཏུ་བཟང་མོ་མཚོ་རྒྱལ་ཡུམ༔ སྔོ་དམར་མདངས་འཚེར་ལང་ཚོས་སྒེག༔ སྐྲ་གྲོལ་དར་དང་རིན་ཆེན་བརྒྱན༔ ནོར་བུ་འཛིན་ཅིང་ཐོད་ཞལ་སྟོབ༔ པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ༔ འཇའ་ཟེར་འོད་ཀྱི་ཕུང་པོའི་ཀློང༔ བག་དྲོ་ལྷུན་ཆགས་གཟི་ལྡན་བཞུགས༔ མདུན་དང་ཕྱོགས་བཞིར་པད་ཟླའི་སྟེང༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ མཐའ་ཡས་དོན་ཡོད་གྲུབ་པ་རྣམས༔ རིགས་ཀྱི་ཡུམ་ཆེན་ལྔ་དང་འཁྲིལ༔ མཚམས་བཞིར་ཡཀྴ་ས་ནུ་དང༔ བི་ཤྭ་རཀྴ་ཧེ་རུ་ཀ༔ དབྱིངས་ཕྱུག་ཁྲོ་མོ་རྣམས་དང་འཁྲིལ༔ པད་ཉིའི་གདན་ལ་གར་གྱིས་འགྱིང༔ རིགས་བརྒྱ་སྤྲུལ་པའི་སྤྲིན་འཕྲོ་ཞིང༔ གང་བསམ་ལྷུན་གྱིས་འགྲུབ་མཛད་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ གཞིར་རྫོགས་འོད་གསལ་ཁོར་ཡུག་ངང༔ ཨོཾ་ཨཱཿབཛྲ་གུ་རུ་ཙྪིནྡ་མ་ཎི་སརྦ་སིདྡྷི་ཧཱུྃ༔ འོད་གསལ་ཡེ་ཤེས་ཁྱབ་བདལ་ངང༔ གང་འདོད་དངོས་གྲུབ་བསྒྲུབ་པའི་ཕྱིར༔ མ་འགག་རིག་རྩལ་ཤུགས་འབྱུང་གི༔ ཕྲིན་ལས་འཁོར་ལོ་ཕྱོགས་མེད་བསྐོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ སྐུ་གསུམ་ལམ་དུ་བསླང་འདོད་ན༔ ཀུན་གཞི་མ་བཅོས་ངང་ཉིད་ལས༔ འབྲུ་གསུམ་བརྗོད་པས་དྲན་རྫོགས་སུ༔ བདག་ཉིད་བླ་མ་རྡོ་རྗེ་སེམས༔ རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་དབུས༔ ཉི་ཟླའི་སྟེང་དུ་འོད་ལྔ་ལས༔ གྲུབ་པའི་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་ཡིག་འོད་ལྔ་འབར༔ དེ་ལས་འོད་འཕྲོས་སེམས་ཅན་གྱི༔ རང་གནས་ཡེ་ཤེས་གསལ་བཏབ་ནས༔ ཚུར་འདུས་ཧཱུྃ་ཡིག་འོད་དུ་ཞུ༔ སྲོག་རྩ་དྭངས་མ་ལྔ་འདུས་དབུས༔ འོད་མི་འགྱུར་བ་སྐུ་མདོག་དམར༔ རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་རྒྱ༔ མཚན་དཔེ་ཡོངས་རྫོགས་ཚོན་གང་བ༔ རྣམ་སྣང་མཛད་དང་དབྱེར་མེད་པའི༔ མདུན་དུ་རྡོ་རྗེ་མི་བསྐྱོད་པ༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ གཡས་སུ་རིན་ཆེན་འབྱུང་ལྡན་སེར༔ རྒྱབ་ཏུ་སྣང་བ་མཐའ་ཡས་དམར༔ གཡོན་དུ་དོན་གྲུབ་ལྗང་གུ་རྣམས༔ རང་རྟགས་ཕྱག་མཚན་དྲིལ་བུ་འཛིན༔ རྒྱན་རྫོགས་ཞལ་ནི་ནང་དུ་གཟིགས༔ སྣང་ལ་རང་བཞིན་མེད་པའི་སྐུ༔ གསལ་ལ་རྟོག་པ་མེད་པར་བསམ༔ རང་གི་སྙིང་དབུས་དྭངས་མ་ལྔ༔ རིགས་ལྔའི་ཞིང་སྐྱེའི་ས་བོན་ཏེ༔ དྭངས་མའི་འོད་ཀྱིས་ཐིག་ལེ་ལྔ༔ སངས་རྒྱས་སྐུ་ལྔའི་ས་བོན་དུ༔ ཐག་བཅད་ལྷ་དང་ས་བོན་ལ༔ རིག་པ་མི་གཡོ་རྩེ་གཅིག་གཏད༔ སྟེང་འོག་རླུང་བསྡམ་བུམ་ཅན་བཟུང༔ གསལ་སྣང་འདོན་ཅིང་གསང་སྔགས་བཟླ༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་བཛྲ་གརྦྷེ་སྭཱ་ཧཱ༔ ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ༔ མ་ཡེངས་ཞག་བདུན་བསྒྲུབས་པ་ཡིས༔ སྐུ་གསུམ་མངོན་དུ་འགྲུབ་ནས་ཀྱང༔ འོག་མིན་གནས་སུ་གཤེགས་པའི་རྟགས༔ སྐུ་གདུང་རིང་བསྲེལ་འཇའ་འོད་འབྱུང༔ རྫོགས་རིམ་སེམས་སྦྱོང་དམིགས་པ་ནི༔ སྙིང་གར་ཐིག་ལེ་སྔོན་པོའི་ནང༔ ཡི་གེ་ཧཱུྃ་བསྒོམ་བཟླས་པ་ཡིས༔ སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར༔ ཚུར་འདུས་རང་གི་ལུས་དང་བཅས༔ སྤྲོ་གཞིའི་ཐིག་ལེ་ཡི་གེར་ཐིམ༔ དེ་ཡང་སྟོང་ཉིད་དབྱིངས་སུ་ཡལ༔ རྣམ་པར་མི་རྟོག་ངང་ལ་གཞག༔ ཐེག་པའི་རྩེ་རྒྱལ་ཨ་ཏི་ཡི༔ རྣལ་འབྱོར་རིམ་གསུམ་ཉམས་ལེན་གནད༔ དབང་པོ་རབ་ཐ་སེམས་ཀྱི་སྡེས༔ ངོ་བོ་སྣ་ཚོགས་ཅིར་ཡང་སྣང༔ སེམས་ཉིད་གཅིག་ལས་མ་འདས་པས༔ སྣང་སྲིད་སྣོད་བཅུད་སྣང་བ་ཀུན༔ སེམས་ཉིད་རང་བྱུང་ཡེ་ཤེས་ཆེར༔ བརྗོད་བྲལ་ཆོས་ཀྱི་སྐུར་རྫོགས་པས༔ དེ་ངང་བསལ་གཞག་མེད་པར་བསྐྱང༔ སྒོམ་པའི་ཐབས་ཀྱིས་མྱུར་རྟོགས་ཕྱིར༔ སྙིང་དབུས་པད་དཀར་འདབ་བརྒྱད་ལྟེར༔ རྩ་ཡི་དྭངས་མ་ཤེལ་སྐུད་ལྟར༔ དེ་ནང་ཡེ་ཤེས་ཐིག་ལེ་ནི༔ འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ༔ དྭངས་གསལ་འབར་ལ་སེམས་བཟུང་བས༔ གཟུང་འཛིན་ཞིག་ནས་བདེ་ཆེན་འཆར༔ ལུས་ནི་མི་གཡོ་ངག་མི་སྨྲ༔ སེམས་ཀྱི་དུས་གསུམ་སྤྲོས་རྟོག་བཅད༔ མཁའ་བཞིན་མི་རྟོག་ངང་ལ་གཞག༔ ཡིད་ལ་མི་བྱེད་སྤྲོས་པ་བྲལ༔ སྟོང་ཉིད་གསལ་སྣང་རང་རིག་གསུམ༔ ཟུང་འཇུག་གཉུག་མའི་ཡེ་ཤེས་ནི༔ མཐར་ཐུག་ཀུན་བྱེད་དགོངས་པ་འོ༔ དབང་རབ་འབྲིང་པོ་ཀློང་གི་སྡེས༔ བརྗོད་བྲལ་རང་བྱུང་ཡེ་ཤེས་དང༔ ངང་ལས་ཤར་བའི་ཆོས་ཐམས་ཅད༔ ཡེ་གྲོལ་གདོད་ནས་རང་བཞིན་དག༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཡི༔ ཀློང་ལས་འགྲོ་ས་གཞན་མེད་པས༔ དམིགས་གཏད་བྱ་རྩོལ་བྲལ་བ་ཡི༔ མ་བཅོས་ཆོས་ཉིད་ཀློང་དུ་བཞག༔ དབང་པོ་རང་ཡན་གསལ་བའི་གནད༔ ཡེ་ཤེས་ཚུལ་གྱིས་བུམ་པའི་དབང༔ སྒྲོན་མ་མི་འགུལ་སྟོང་པའི་གནད༔ དབྱིངས་ཀྱི་ཚུལ་གྱིས་གསང་བའི་དབང༔ ཐུར་སེལ་གྱེན་འདྲེན་བདེ་བའི་གནད༔ བདེ་བའི་ཚུལ་གྱིས་ཤེར་ཡེའི་དབང༔ སྨྲ་བྱེད་མ་རེག་དབྱེར་མེད་གནད༔ ཆོས་ཉིད་ཚུལ་གྱིས་བཞི་པའི་དབང༔ ལམ་དུ་བྱེད་པའི་བརྡ་ཟབ་མོ༔ བྱས་གྲོལ་གཞག་གྲོལ་གཅེར་གྲོལ་བསྐྱང༔ རབ་ཀྱི་རབ་མཆོག་མན་ངག་སྡེས༔ འཁོར་འདས་སྤང་བླང་བྱར་མེད་པ༔ ཡིན་ལུགས་གནད་ཐོག་ཕེབས་པ་ཡི༔ ཅར་ཕོག་ངོ་སྤྲོད་ཐབས་ཟབ་མོས༔ བློ་འདས་རྩོལ་བྲལ་ཡེ་ཤེས་ཉིད༔ སྐད་ཅིག་ཉིད་ལ་རྟོགས་བྱེད་པས༔ གནས་ལུགས་རང་བབས་ཆོས་ཉིད་དོན༔ མངོན་སུམ་ཉིད་དུ་གཏན་ཕབ་ནས༔ ཅོག་གཞག་ལ་བཟླ་ཟད་སར་སྐྱེལ༔ གནས་ལུགས་རང་ཐོག་ངོ་སྤྲད་ཅིང༔ རིག་པ་གཅིག་ཐོག་ཐག་བཅད་དེ༔ ཡེ་གྲོལ་ཐོག་ཏུ་གདིང་བཅས་ལ༔ ཀ་དག་སྟོང་པའི་ཆོས་ཟད་བྱ༔ མངོན་སུམ་འོད་གསལ་སྒོ་ཕྱེས་ཏེ༔ ཞིང་ཁམས་ཉམས་སྣང་གོང་དུ་འཕེལ༔ རིག་པ་སྐུར་སྨིན་ཚད་ཕེབས་ནས༔ ཐིག་ལེའི་དབྱིངས་སུ་སྣང་བའི་ཆོས༔ ཟད་པས་གདོད་མའི་གྲུབ་མཐའ་བསྙོགས༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ནས༔ འཕོ་བ་ཆེན་པོས་གཞན་གྱི་དོན༔ སྲིད་པ་ཇི་སྲིད་མཛད་པར་འགྱུར༔ ས་མ་ཡ༔ དེ་ལྟར་ཡེ་ཤེས་དབྱིངས་གཅིག་ལས༔ ངོ་མཚར་མཐའ་ཡས་རྩལ་ཤར་བ༔ བཀོད་པ་ཅིར་ཡང་སྣང་བ་ཡི༔ དངོས་ཀུན་ཁྱབ་བདག་བླ་མའི་འཕྲུལ༔ གཙོ་བོར་བསྟན་པའི་བསྐྱེད་དང་རྫོགས༔ རྒྱས་བསྡུས་ཇི་སྙེད་བསྟན་རྣམས་ཀྱི༔ སྙིང་པོའི་ཡང་སྙིང་དྲིལ་ནས་གདམས༔ མཆོག་སྒྲུབ་ཀུན་གྱི་མཐར་ཐུག་ཅིང༔ ཐུན་མོང་ཕྲིན་ལས་མ་ཚང་མེད༔ བྱ་སླ་ཚེགས་ཆུང་དངོས་གྲུབ་མྱུར༔ དད་མོས་ཏིང་འཛིན་ཁོ་ན་ཡིས༔ ཅི་འདོད་འགྲུབ་འགྱུར་ཡིད་བཞིན་ནོར༔ དུས་གསུམ་འབྱུང་བར་དཀོན་པའི་ལམ༔ གུ་རུ་རྩ་བར་སྒྲུབ་པའི་ཐབས༔ སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡན་ལག་བསམ་གྱིས་མི་ཁྱབ་པ༔ ཁམས་དབང་མོས་པའི་བྱེ་བྲག་ལས༔ སངས་རྒྱས་ཕྲིན་ལས་ཀུན་འབྱུང་ཕྱིར༔ སོ་སོར་སྤྲོས་ན་རྒྱ་ཆེ་ཡང༔ དྲིལ་ཏེ་སྒྲུབ་དང་ཕྲིན་ལས་ཀྱི༔ བྱེ་བྲག་འགའ་ཞིག་བསྟན་པ་ལ༔ མཆོག་གི་བྱིན་ཆེན་མྱུར་འབེབས་ཤིང༔ ཐུན་མོང་ཤུགས་སྒྲོལ་སྟོབས་བསྐྱེད་ན༔ འཕྲུལ་མཚན་བཞི་བཅུའི་རྣམ་པར་བསྒྲུབ༔ ཀུན་ཏུ་རྣམ་དག་འོད་གསལ་དབྱིངས༔ ཅིར་སྣང་ཡེ་ཤེས་རྒྱན་སྟུག་བཀོད༔ དབྱིབས་དང་ཐ་གྲུ་ཚད་དཔག་མེད༔ ཅིར་ཡང་འཆར་ཞིང་ཅིར་ཡང་སྣང༔ ཞི་དང་འབར་བ་ཨེ་ཡི་ཀློང༔ སྙིང་པོ་ཟླུམ་པོ་པདྨའི་ལྟེར༔ རིན་ཆེན་ཟུར་བརྒྱད་ཟླ་བའི་སྟེང༔ ཀེང་རུས་ཕོ་མོས་བཏེགས་པ་ཡི༔ རིན་ཆེན་ཁྲི་རྐང་པད་ཉིའི་གདན༔ བདུད་བགེགས་བྱི་ཆིངས་བསྣོལ་བའི་སྟེང༔ ཧཱུྃ་ཆེན་འོད་ཀྱི་འཕྲོ་འདུ་ལས༔ འཇིགས་མེད་རྡོ་རྗེ་ཐོད་ཕྲེང་རྩལ༔ མཐིང་སྔོན་ནམ་མཁའ་དྭངས་པའི་མདོག༔ ཁྲོས་པའི་ཉམས་ལྡན་སྒེག་ཅིང་འགྱིང༔ ཐོར་ཚུགས་ཐོད་སྐམ་རྩེ་བྲན་བཅིངས༔ ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ༔ རིན་ཆེན་དར་དང་རུས་པས་བརྒྱན༔ སྐུ་སྟོད་གླང་ཀོའི་ཆོས་གོས་གསོལ༔ སྟག་གི་པགས་པས་སྐུ་སྨད་གཡོགས༔ གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་འགྱིང༔ ཡུམ་མཆོག་གསང་བའི་དབྱིངས་ཕྱུག་མ༔ དམར་མོ་ཆགས་ཉམས་རུས་རྒྱན་ཅན༔ གྲི་གུག་ཚེ་བུམ་འཛིན་པས་འཁྱུད༔ བདེ་དྲོད་མེ་ཕུང་འབར་བའི་ཀློང༔ སྒྱུ་འཕྲུལ་གར་སྟོན་ཆེན་པོར་བཞུགས༔ སྙིང་པོའི་པདྨ་འདབ་བཞི་ལ༔ འགྲོ་མགོན་རྩལ་དང་དབང་ཕྱུག་མགོན༔ གྲུབ་པའི་བློ་གྲོས་ཆེ་མཆོག་རྩལ༔ དེ་རྒྱབ་པད་འདབ་བཅུ་དྲུག་ལ༔ པདྨ་བཛྲ་ཐོད་ཕྲེང་རྩལ༔ མཁའ་འགྲོའི་དབང་ཕྱུག་བིརྺ་པ༔ ནག་པོ་སྤྱོད་པ་མཁའ་ལྡིང་རྩལ༔ ས་ར་ཧ་དང་མངའ་བདག་ཆེ༔ པདྨ་ཀུན་རྒྱུ་ཆགས་པ་མཆོག༔ འགྲོ་བའི་སྐྱབས་གནས་ཕྲིན་ལས་མགོན༔ དོན་ཞགས་གཟི་བརྗིད་འོད་ཟེར་འཕྲོ༔ ཌོམྦི་རིགས་ལྡན་པདྨ་དཀར༔ ཕྱོགས་བཞིར་གསུམ་རེ་མཚམས་བཞིར་གཅིག༔ རྣལ་འབྱོར་སྤྱོད་དང་ལོངས་སྤྱོད་རྫོགས༔ རང་བྱུང་ཁྱིམ་པའི་ཚུལ་འཛིན་སོགས༔ མ་ངེས་གྲུབ་པའི་ཚུལ་དུ་བཞུགས༔ རིགས་མཆོག་ཕྱག་རྒྱའི་བདེ་བས་དགྱེས༔ དེ་རྒྱབ་དམར་ནག་ཁྲག་གི་མཚོར༔ པད་ཉི་རོ་གདན་བཅུ་དྲུག་སྟེང༔ ཧཱུྃ་ནག་མེ་འབར་མཁའ་ལྡིང་རྒྱལ༔ རྡོ་རྗེ་སྙིང་པོ་གནམ་ལྕགས་སྡིག༔ འཇིགས་བྱེད་བཞི་པོ་སྤྲིན་ལྟར་འཁྲུགས༔ སྲི་འཇོམས་ནཱ་ག་ཀླུ་གཉན་འདུལ༔ ནག་པོ་ཀུན་འཇོམས་བེ་ཅོན་རྩལ༔ འབར་བ་བཞི་པོ་འབྲུག་ལྟར་སྒྲོག༔ སྡེ་དཔོན་བགེགས་འཇོམས་ཚེ་བདག་དམར༔ ཛྭ་ལ་ཀརྨ་ཡཀྴ་མེ༔ ཟིལ་གནོན་བཞི་པོ་གློགས་ལྟར་ཁྱུག༔ སྐུ་མཆོག་དམར་པོ་ཁྱབ་འཇུག་རྩལ༔ རྡོ་རྗེ་འཇིགས་བྱེད་རྔམས་ཆེན་གཤེད༔ གཤིན་རྗེ་བཞི་པོ་ཐོག་ལྟར་འབེབ༔ ཤར་སྒོར་པདྨ་ཟིལ་གནོན་རྩལ༔ ལྷོ་སྒོར་པདྨ་ནོར་དབང་ཕྱུག༔ ནུར་སྒོར་དབང་མཛད་རྡོ་རྗེ་སྟེ༔ བྱང་སྒོར་འཇིགས་བྱེད་དྲག་པོ་རྩལ༔ ཀུན་ཀྱང་གཏུམ་རྔམ་ཁྲོ་བོའི་ཆས༔ གར་དགུའི་གཟི་ལྡན་ལོག་འདྲེན་འདུལ༔ འབར་མ་ཁྲོ་མོ་ཡུམ་དང་འཁྲིལ༔ སྤྲུལ་པ་བཀའ་སྡོད་དཔག་མེད་བཅས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་ཟིལ་གནོན་ཆེན་པོར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྤྱི་དྲིལ་ཞི་དྲག་དམིགས་གནད་བསྒྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣལ་འབྱོར་ཉི་ཤུས་ཉམས་རྟོགས་སྤེལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ཀྲོ་དྷ་ཡཀྵ་ཧྲཱིཿབཾ་དྷུ་མ་གྷ་ཡེ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཁྲོ་བོས་རང་རང་གདུལ་དཀའ་འདུལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཧ་རི་ནི་ས་ཧཱུྃ༔ སྡེ་བརྒྱད་གནད་གཟིར་ཤམ་བུ་ནི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཤུགས་སྒྲོལ་དྲག་པོའི་རིག་སྔགས་ནི༔ གནོད་བྱེད་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་གཏུབས་གཏུབས༔ སྙིང་ཁྲག་ལ་རྦུད་རྦུད༔ ཤག་ཛཿཐུཾ་རི་ལི་ལི༔ སྙིང་ཙིཏྟ་ལ་འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ ཧ་ཧ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨརྩིག་ཏྲཾ་ཀ་ལི་མཱ་ར་ཡ་ཏ་ནི་སྡེ་བརྒྱད་ཐུཾ་ཐུཾ༔ མྱག་མྱག༔ མུག་མུག༔ ཤར་ཤར༔ ཞར་ཞར༔ དད་དད༔ བརླག་བརླག༔ དུ་དང་དུ་དང༔ རྦད་རྦད༔ ཛཿཛ༔ བྷྱོ་བྷྱོ༔ ཧཱུྃ་ཧཱུྃ༔ མྱག་མྱག༔ སྲོག་གི་དབང་པོ་ཆོད༔ གྷོ་ཁྲག་འཛག་ནྲྀ་ཏྲི་ལོག༔ ཊི་ཆོད༔ པ་ལོ་ཆོད༔ པ་ལོ་ཆོད༔ གནོད་བྱེད་སྙིང་སྲོག་རྩད་ནས་ཆོད་ཅིག༔ མཱ་ར་ཡ་ཕཊ༔ མཱ་ར་ཡ་ཐུཾ༔ མཱ་ར་ཡ་ཛ༔ ནྲྀ་ཏྲི་ཤ་ཏྲུཾ་ཉག་ཀྵི་ཏྲི་ཛཿསཏྭཾ་བྷ་ཡ་ནན་ཧཱུྃ་ཕཊ༔ ཞི་བའི་བཟླས་པས་བྱིན་ཕེབས་ནས༔ ཁྲོ་བོའི་རྩ་སྔགས་རྟགས་ཐོན་ཚེ༔ སྡེ་བརྒྱད་སྲོག་གིས་བྲན་དུ་བཀོལ༔ ཤུགས་སྒྲོལ་དམོད་པ་གནམ་ལྕགས་ཐོག༔ ཤིན་ཏུ་གལ་ཆེའི་ལས་ལ་སྦྱར༔ དོན་ཆུང་བསྐུལ་ན་རང་ཉིད་བརླག༔ ཏིང་འཛིན་རྫས་དང་སྔགས་རྒོད་གསུམ༔ འཛོམ་ན་ཁམས་གསུམ་འཇོམས་པར་བྱེད༔ བར་ཆད་ཕྲ་མོར་སྨོས་ཅི་དགོས༔ གསང་བའི་ཡང་སྙིང་ཧྲཱིཿཧཱུྃ་བྷྱོ༔ དབུགས་ཀྱི་རྒྱུན་བཞིན་རྡོ་རྗེའི་བཟླས༔ སྒྲ་མཐའ་ཆོས་ཉིད་སྟོང་པའི་དོན༔ རྟོགས་པས་བརྗོད་བྲལ་དགོངས་པ་ཤར༔ རྫོགས་རིམ་སྣང་སྲིད་རང་གི་སེམས༔ མ་བཅོས་སོར་བཞག་ཡེ་གྲོལ་ངང༔ སེམས་ཀྱི་རང་རྩལ་ཅིར་ཡང་སྣང༔ རྟེན་མེད་སྒྱུ་མ་ལྟ་བུར་བལྟ༔ ཡུལ་ཤེས་རྟོག་པའི་དྲེས་ཐག་བཅད༔ སྒྱུ་མའི་རང་བཞིན་སྟོང་པ་ཉིད༔ གྲུབ་མེད་འགག་པ་མེད་པའི་དོན༔ མན་ངག་དགོངས་པའི་གནད་དང་སྦྱར༔ དུ་སོགས་འོད་གསལ་རྟགས་སྣང་ཡང༔ རྫས་སོགས་བདེན་པར་གྲུབ་པ་མེད༔ རྡུལ་མེད་ཕུང་པོ་ལྔ་དང་བྲལ༔ རང་བྱུང་ཡེ་ཤེས་ཟང་ཐལ་བས༔ རང་ངོར་བལྟ་ཞིང་རྗེན་པར་བཞག༔ བློ་བྲལ་སེམས་ཀྱི་འཛིན་སྟངས་བཤིག༔ སྐབས་སུ་ཁ་སྦྱོར་རླུང་དང་བསྲེ༔ བདེ་གསལ་མི་རྟོག་ངང་མདངས་བསྐྱང༔ འདི་འམ་བར་དོར་གྲོལ་བར་འགྱུར༔ ས་མ་ཡ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གསང་བ་ཡོངས་རྫོགས་གྲུབ་པའི་ཕྱིར༔ གསང་སྔགས་སྟོན་པ་ལྔ་བཅུ་བསྒོམ༔ ཨེ་མ་ཧོ༔ ཐམས་ཅད་ལས་ནི་ཐམས་ཅད་དུ༔ སངས་རྒྱས་ཞིང་ཁམས་རྣམ་པར་དག༔ འཁོར་དང་མྱ་ངན་འདས་པའི་ཆོས༔ ཐམས་ཅད་བཀོད་པ་ཕྱག་རྒྱ་ཆེ༔ ཕྱག་རྒྱ་ཐམས་ཅད་ཕྱག་རྒྱ་ཡི༔ བཀོད་པའི་ཕོ་བྲང་ཉིད་དུ་གྱུར༔ དེ་བཞིན་གཤེགས་པའི་ཕྱག་རྒྱ་ལས༔ དབུས་སུ་སྐུ་ཡི་ཚོམ་བུ་ནི༔ སེང་ཆེན་ཁྲི་རྐང་པད་ཟླའི་སྟེང༔ ཨོཾ་ཡིག་འོད་ཀྱིས་དོན་གཉིས་བྱས༔ ཡོངས་གྱུར་གུ་རུ་རྣམ་སྣང་མཛད༔ དུང་མདོག་འཁོར་ལོ་དྲིལ་བུ་འཛིན༔ སངས་རྒྱས་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ མངའ་མཛད་འཁོར་ལོས་སྒྱུར་བའི་ཆས༔ འོད་ཟེར་དཀར་པོའི་ཀློང་དཀྱིལ་དུ༔ ཏིང་འཛིན་མི་གཡོ་སྐྱིལ་ཀྲུང་བཞུགས༔ ཕྱོགས་མཚམས་པདྨ་ཟླ་སྟེང་དུ༔ པདྨ་སྐྱེ་བཟང་ལྷུན་གྲུབ་འོད༔ གར་དབང་ཡེ་གྲུབ་མཐའ་བྲལ་བ༔ འཁྲུལ་ཞིག་སེང་གེ་འཛུམ་བཞད་རྩལ༔ ཐུགས་རྗེ་འགྲོ་འདུལ་འཇིག་རྟེན་དབང༔ སྟེང་ཕྱོགས་འཁོར་བ་དོང་སྤྲུགས་དང༔ འོག་ཕྱོགས་རང་བྱུང་ཡེ་ཤེས་རྣམས༔ སོ་སོའི་རིགས་ཀྱི་གཟུང་མར་བཅས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ལས༔ ཤར་དུ་ཐུགས་ཀྱི་ཚོམ་བུ་ནི༔ གླང་ཆེན་ཁྲི་རྐང་པད་ཟླའི་སྟེང༔ ཧཱུྃ་ཡིག་འོད་ཀྱིས་དོན་གཉིས་བྱས༔ ཡོངས་གྱུར་གུ་རུ་མི་བསྐྱོད་པ༔ མཐིང་མདོག་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ མངའ་མཛད་འཁོར་ལོས་སྒྱུར་བའི་ཆས༔ འོད་ཟེར་སྔོན་པོའི་ཀློང་དཀྱིལ་དུ༔ ཏིང་འཛིན་མི་གཡོ་སྐྱིལ་ཀྲུང་བཞུགས༔ ཕྱོགས་མཚམས་པདྨ་ཟླ་སྟེང་དུ༔ ལྷ་ཡི་གཙུག་ཕུད་ཆོས་དབྱིངས་དཔལ༔ ཡང་སྙིང་རང་གྲོལ་ཞིང་ཁམས་སྐྱོང༔ གསེར་གྱི་རི་དབང་མེ་ལོང་རྒྱལ༔ མཐོ་རིས་ལྷབ་ལྷུབ་ཡིད་ཅོད་པན༔ སྟེང་ཕྱོགས་ཨིནྡྲ་ནཱི་ལ་དང༔ འོག་ཕྱོགས་རྣམ་དག་ཡེ་ཤེས་དབྱིངས༔ སོ་སོའི་རིགས་ཀྱི་གཟུང་མར་བཅས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ རིན་ཆེན་རིགས་ཀྱི་ཕྱག་རྒྱ་ལས༔ ལྷོ་རུ་ཡོན་ཏན་ཚོམ་བུ་ནི༔ རྟ་མཆོག་ཁྲི་རྐང་པད་ཟླའི་སྟེང༔ སྭཱ་ཡིག་འོད་ཀྱིས་དོན་གཉིས་བྱས༔ ཡོངས་གྱུར་གུ་རུ་རིན་ཆེན་དབང༔ གསེར་མདོག་རིན་ཆེན་དྲིལ་བུ་འཛིན༔ རིན་ཆེན་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ མངའ་མཛད་འཁོར་ལོས་སྒྱུར་བའི་ཆས༔ འོད་ཟེར་སེར་པོའི་ཀློང་དཀྱིལ་དུ༔ ཏིང་འཛིན་མི་གཡོ་སྐྱིལ་ཀྲུང་བཞུགས༔ ཕྱོགས་མཚམས་པདྨ་ཟླ་བའི་སྟེང༔ རྒྱལ་མཚན་མེ་ཏོག་བདེ་དཔའ་བོ༔ པདྨ་རབ་སྦྱོར་གཡུལ་ལས་རྒྱལ༔ སྲིད་གསུམ་སྐྱབས་གནས་ཀོ་ཤའི་རྒྱལ༔ ལམ་སྟོན་བཤེས་གཉེན་འཁོར་གཅོང་འབྱིན༔ སྟེང་ཕྱོགས་འདོད་དགུ་རང་བྱུང་དང༔ འོག་ཕྱོགས་འདྲེན་མཆོག་དེད་དཔོན་རྣམས༔ སོ་སོའི་རིགས་ཀྱི་གཟུང་མར་བཅས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ པདྨ་རིགས་ཀྱི་ཕྱག་རྒྱ་ལས༔ ནུབ་ཏུ་གསུང་གི་ཚོམ་བུ་ནི༔ རྨ་བྱ་ཁྲི་རྐང་པད་ཟླའི་སྟེང༔ ཨཱཿཡིག་འོད་ཀྱིས་དོན་གཉིས་བྱས༔ ཡོངས་གྱུར་གུ་རུ་འོད་དཔག་མེད༔ ཟངས་མདོག་པདྨ་དྲིལ་བུ་འཛིན༔ པདྨ་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ མངའ་མཛད་འཁོར་ལོས་སྒྱུར་བའི་ཆས༔ འོད་ཟེར་དམར་པོའི་ཀློང་དཀྱིལ་དུ༔ ཏིང་འཛིན་མི་གཡོ་སྐྱིལ་ཀྲུང་བཞུགས༔ ཕྱོགས་མཚམས་པདྨ་ཟླ་སྟེང་དུ༔ བཀའ་རྟགས་རྒྱལ་པོ་ཀློང་ཡངས་པ༔ སྤྱོད་ཡུལ་སྣ་ཚོགས་རིན་པོ་ཆེ༔ གསང་བདག་འབྲུག་ཆེན་ལྷུན་གྱིས་རྫོགས༔ སྐྱེ་འཆི་གཉིས་བྲལ་འཇིགས་མེད་བདེ༔ སྟེང་ཕྱོགས་དགའ་བའི་མཆོག་དཔལ་དང༔ འོག་ཕྱོགས་མཐུ་ཆེན་ཡཀྵ་རྣམས༔ སོ་སོའི་རིགས་ཀྱི་གཟུང་མར་བཅས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ ལས་ཀྱི་རིགས་ཀྱི་ཕྱག་རྒྱ་ལས༔ བྱང་དུ་ཕྲིན་ལས་ཚོམ་བུ་ནི༔ ཤང་ཤང་ཁྲི་རྐང་པད་ཟླའི་སྟེང༔ ཧཱ་ཡིག་འོད་ཀྱིས་དོན་གཉིས་བྱས༔ ཡོངས་གྱུར་གུ་རུ་དོན་ཡོད་གྲུབ༔ གཡུ་མདོག་རལ་གྲི་དྲིལ་བུ་འཛིན༔ ལས་ཀྱི་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ མངའ་མཛད་འཁོར་ལོས་སྒྱུར་བའི་ཆས༔ འོད་ཟེར་ལྗང་གུའི་ཀློང་དཀྱིལ་དུ༔ ཏིང་འཛིན་མི་གཡོ་སྐྱིལ་ཀྲུང་བཞུགས༔ ཕྱོགས་མཚམས་པདྨ་ཟླ་བའི་སྟེང༔ བཀྲམ་རྒྱན་མི་ནུབ་རྒྱལ་བའི་མཚན༔ ཀུན་སྣང་མེ་ཏྲི་ཀོ་ཙ་བ༔ འཁོར་བ་འདུལ་དང་རྣམ་པར་རོལ༔ སཾ་ཨུ་པཀྵ་སེང་གེའི་སྒྲ༔ སྟེང་ཕྱོགས་པདྨ་ཡང་དག་འབྱུང༔ འོག་ཕྱོགས་རིན་ཆེན་ཕྲེང་སྤྲས་རྣམས༔ སོ་སོའི་རིགས་ཀྱི་གཟུང་མར་བཅས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ གཞན་ཡང་གང་འདུལ་དེར་སྟོན་པ༔ རྡུལ་སྙེད་སངས་རྒྱས་ཞིང་རབ་འབྱམས༔ དཀྱིལ་དང་འཁོར་དུ་རྣམ་པར་དག༔ ཡེ་ཤེས་ཡངས་པ་ཆེན་པོའི་གར༔ ཏིལ་གྱི་གང་བུ་ཇི་བཞིན་དུ༔ ཀུན་ཏུ་གཏམས་ཤིང་སྣང་བར་གྱུར༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མི་ཟད་རྒྱན་གྱི་འཁོར་ལོའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མདོ་སྔགས་ཆོས་སྒོ་རབ་འབྱམས་ཀུན༔ གཅིག་བསྡུས་གུ་རུའི་ཡང་སྙིང་ངོ་༔ སྒྲིབ་སྦྱོང་འཁོར་བ་དོང་སྤྲུགས་ནི༔ རང་ཉིད་བླ་མ་རྡོ་རྗེ་སེམས༔ སྙིང་རྩ་པདྨ་འདབ་བརྒྱད་ཀྱི༔ གཡས་སུ་དག་པ་ཡེ་ཤེས་རྩ༔ མཐིང་ཁ་སྒོ་ལྔའི་རྣམ་ཤེས་རྒྱུ༔ དེ་རུ་དག་པའི་ས་བོན་ཨོཾ༔ ལྷ་མིའི་ས་བོན་ཨ་ནྲྀ་གནས༔ གཡོན་དུ་གཡོ་ལྡན་བསྐྱོད་པའི་རྩ༔ སེར་པོ་ཀུན་གཞིའི་རྣམ་ཤེས་རྒྱུ༔ དེ་རུ་དག་པའི་ས་བོན་ཨཱཿ བྱོལ་སོང་ལྷ་མིན་སུ་ཏྲི་གནས༔ རྒྱབ་ཏུ་གསང་བ་རང་བྱུང་རྩ༔ དམར་ནག་ཉོན་མོངས་ཡིད་རྒྱུ་སྟེ༔ དེ་རུ་དག་པའི་ས་བོན་ཧཱུྃ༔ དམྱལ་བ་ཡི་དྭགས་དུཿཔྲེ་གནས༔ མདུན་ཕྱོགས་དོན་དམ་ཆོས་ཉིད་རྩ༔ དམར་པོ་ཡིད་ཀྱི་རྣམ་ཤེས་རྒྱུ༔ དེ་རུ་དག་པའི་ས་བོན་ཏྲཱཾ༔ དབུས་སུ་ཨ་བ་དྷཱུ་ཏིའི་ནང༔ རྩ་ཡི་དྭངས་མ་དར་སྐུད་ཙམ༔ དབུགས་ཀྱི་དྭངས་མ་སྲན་ཆུང་ཙམ༔ ཁྲག་གི་དྭངས་མ་བྱེའུ་སྒོང་ཙམ༔ དྲོད་ཀྱི་དྭངས་མ་རྟ་རྔ་ཙམ༔ ཐིག་ལེའི་དྭངས་མ་ཉ་མིག་ཙམ༔ དེ་རྣམས་འོད་ལྔ་འབར་བ་ལས༔ ཐིག་ལེ་དཀར་དམར་འོད་དུ་འདྲེས༔ དེ་ལས་བླ་མ་འོད་མི་འགྱུར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན༔ རིན་ཆེན་རྒྱན་ཆ་དུ་མས་བརྒྱན༔ ཉི་ཟླ་པད་གདན་ལ་བཞུགས་པའི༔ ཐུགས་སྲོག་ཧྲཱིཿཡིག་དམར་པོ་དང༔ རྒྱལ་བའི་ས་བོན་བཞི་ལས་ཀྱང༔ འོད་འབར་མ་དག་ས་བོན་བསྲེགས༔ རིགས་དྲུག་སྐྱེ་བའི་སྒོ་བཅད་ཅིང༔ དག་པ་ཡེ་ཤེས་སྐུར་གྱུར་བསམ༔ བསྐལ་པ་བྱེ་བ་བརྒྱ་སྟོང་དུ༔ སངས་རྒྱས་སྟོང་ལ་ཆོས་ཉན་ཀྱང༔ ཐོས་པར་དཀའ་བའི་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨ་ཨ་ཨཱ༔ བཛྲ་ཧྲཱིཿཧྲཱིཿཧྲཱི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཡ༔ ཨ་ཨ་ཨཱ༔ གུ་རུ་སདྱ་ཐེ་དན་ཨོཾ་ཨཱཿཧཱུྃ༔ དུས་གསུམ་བསགས་པའི་སྡིག་སྒྲིབ་ཀུན༔ གཟུངས་འདི་ལན་གཅིག་བཟླས་པས་བྱང༔ འདི་བཟླས་མི་དེ་ངན་སོང་དུ༔ སྐྱེས་ན་པདྨ་བདག་གིས་བསླུས༔ རྫོགས་རིམ་ལྷན་ཅིག་སྐྱེས་པའི་སེམས༔ གང་ཤར་རང་ངོ་ཤེས་པའི་ངང༔ ཡིད་ལ་མི་བྱེད་གཉུག་མ་ཉིད༔ རང་རིག་ངང་དུ་ལྷན་ནེར་གཞག༔ སྟོང་པའི་ངོ་བོ་ནམ་མཁའ་བཞིན༔ གསལ་བའི་རང་བཞིན་ཉི་མའི་སྙིང༔ འགག་མེད་ཐུགས་རྗེ་ཆུ་བོའི་རྒྱུན༔ གཅིག་ཡིན་གཅིག་མིན་བློ་ལས་འདས༔ གང་ཡང་ཡིན་ལ་ཅིར་ཡང་མིན༔ མ་བཅོས་དྲན་ཤེས་རིག་པའི་རྒྱུན༔ གསལ་ལ་འཛིན་པ་མེད་པ་དང༔ བདེ་ལ་ཞེན་པ་མེད་པ་དང༔ ཐིམ་ལ་རྨུགས་པ་མེད་པར་གཞག༔ ཉོན་མོངས་དུག་ལྔ་ཅིར་སྣང་ཡང༔ ཀུན་གྱི་རྒྱུ་ནི་གཏི་མུག་ཡིན༔ རང་གསལ་ངང་དྭངས་ཆེན་པོར་གཞག༔ རྐྱེན་ནི་ཚོགས་དྲུག་ཡུལ་སྣང་སྟེ༔ མ་བཅོས་ལྷུག་པ་རང་སར་གཞག༔ དུག་ལྔ་གང་སྐྱེས་རྗེས་མི་འབྲང༔ དངོས་པོར་མི་བལྟ་རྗེས་མི་བཅོད༔ མི་སྐྱེ་མི་སྲིད་སྐྱེས་ཚད་ཀུན༔ རང་ངོ་ཤེས་པས་དབྱིངས་སུ་གྲོལ༔ དེ་ལ་དགག་དང་བསྒྲུབ་བྱར་མེད༔ སྣང་བརྟགས་གང་ཡང་མི་བདེན་པས༔ བདག་འཛིན་སྤངས་ན་ཉོན་མོངས་ཀྱི༔ རྩ་བ་བསྐམས་ནས་བདེ་བ་རྙེད༔ ཅིར་ཡང་ཡིད་ལ་མི་བྱེད་ན༔ ཉོན་མོངས་འབྲས་བུ་སད་ཀྱིས་ཁྱེར༔ དེ་ལ་འཕོ་འགྱུར་མེད་པ་ཡི༔ གདིང་ཐོབ་སྤང་བླང་རང་གྲོལ་ནས༔ སྐུ་ལྔའི་མཆོག་དོན་བརྙེས་པར་འགྱུར༔ ས་མ་ཡ༔ ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར༔ གུ་རུའི་མཚན་བརྒྱའི་རྣལ་འབྱོར་བསྒོམ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཡོངས་སྦྱོང་སྨོན་ལམ་ལས་གྲུབ་པ༔ རྒྱལ་བའི་ཞིང་ཁམས་བཀོད་པས་མཛེས༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི༔ དབུས་དང་ཕྱོགས་མཚམས་བརྒྱད་པོ་རུ༔ རྡོ་རྗེའི་རེ་མིག་ཐལ་མར་བྲེས༔ གཙོ་དགུར་ཐེག་རིམ་རྫོགས་པའི་གདན༔ ལིང་ཙེ་དགུ་པོའི་འཁོར་སའི་ནང༔ བར་ཁྱམས་གསེར་གྱི་སྣམ་བུ་དང༔ སྒོ་བཞིའི་ལྷ་གནས་ཐམས་ཅད་དུ༔ པད་ཟླ་ཉི་མ་བམ་རོ་སོགས༔ ཇི་ལྟར་འཚམ་པའི་གདན་རྣམས་བཀོད༔ ཕོ་བྲང་ལིང་ཙེའི་དབུས་དཀྱིལ་དུ༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་མཚོ་སྐྱེས་རྡོ་རྗེ་རྩལ༔ པདྨའི་མདངས་ལྡན་ཕྱག་གཉིས་ཀྱིས༔ ཐོད་མཁར་ཤེལ་བུམ་ནོར་བུས་མཚན༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ གྱད་ཀྱི་སྟོབས་མཆོག་མི་ཐུབ་ཟླ༔ མི་བསྐྱོད་རྡོ་རྗེ་ཡིད་ལ་གཅག༔ ཤཱནྟ་རཀྵི་རོ་ལངས་བདེ༔ ཤོར་བ་གཞོན་ནུ་དྲག་པོ་རྩལ༔ ཀུན་ཀྱང་བརྟུལ་ཞུགས་སྤྱོད་པའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ཤར་དབུས་སུ༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་པདྨ་འབྱུང་གནས་ནི༔ སྔོན་པོ་རྡོ་རྗེ་དྲིལ་བུ་བསྣོལ༔ ཡུམ་མཆོག་གྲི་ཐོད་འཛིན་དང་རོལ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ འཆི་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ བླ་མེད་ཡེ་ཤེས་རྡོ་རྗེ་རྩལ༔ རང་བྱུང་ཡེ་ཤེས་ཀུན་ཏུ་འཆང༔ རྡོ་རྗེ་ཐོད་ཕྲེང་རྡོ་རྗེ་ཆོས༔ ཞི་བའི་སྙིང་པོ་ཀུན་བཟང་སྙིང༔ ཀུན་ཀྱང་ལོངས་སྤྱོད་རྫོགས་པའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ཤར་ལྷོའི་དབུས༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་པདྨ་སཾ་བྷ་བ༔ དཀར་མཛེས་པཎ་ཞུ་ཆོས་གོས་གསོལ༔ ཆོས་འཆད་མཉམ་གཞག་གླེགས་བམ་བསྣམས༔ སྤྱན་ལྔ་རྣམ་དག་སྐྱིལ་ཀྲུང་བཞུགས༔ ཚེ་དཔག་མེད་མགོན་དབང་ཕྱུག་རྒྱལ༔ དབང་ཆེན་འདུས་རྩལ་རིན་ཆེན་འོད༔ ཧ་ཤང་མ་ཧཱ་སྒྲ་གཅན་སྙིང༔ པདྨ་བཛྲ་དུས་ཀྱི་སྙིང༔ ཀུན་ཀྱང་རིགས་ཀྱི་རིག་འཛིན་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ལྷོ་ཕྱོགས་དབུས༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་བློ་ལྡན་མཆོག་སྲེད་རྩལ༔ དཀར་གསལ་རས་གཟན་ཐོར་ཚུགས་ཅན༔ སྤྱི་བླུགས་བསྣམས་ཤིང་ཚངས་སྐུད་ཐོགས༔ དྲང་སྲོང་པཎྜི་ཏ་ཡི་གཟུགས༔ ཤེས་བྱ་ཀུན་མཁྱེན་རོལ་པའི་སྟབས༔ ཚངས་པ་དྲང་སྲོང་ཐོར་ཅོག་ཅན༔ ཟས་སྤྱོད་རྒྱལ་པོ་ཚེའི་དངོས་གྲུབ༔ ཀུན་ཐུབ་འཇིགས་མེད་འགྲོ་བ་སྐྱོང༔ གྲུབ་པའི་བློ་གྲོས་ཆེ་མཆོག་རྩལ༔ རང་རང་དངོས་གྲུབ་བརྙེས་པའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ལྷོ་ནུབ་དབུས༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་པདྨ་རྒྱལ་པོ་དམར༔ འགྱིང་ཐོད་ཟ་འོག་བེར་ཕོད་མནབ༔ གསེར་འཁོར་ཡིད་བཞིན་ནོར་བུ་བསྣམས༔ དབང་སྡུད་རྒྱལ་པོ་རོལ་སྟབས་བཞུགས༔ པདྨའི་མྱུ་གུ་འཇིག་རྟེན་དབང༔ དྷཱ་ཀི་དབང་སྡུད་རིན་ཆེན་སྙིང༔ འགྲོ་འདུལ་རྒྱལ་མཚན་དབང་ཕྱུག་མགོན༔ པདྨ་མངའ་བདག་འདོད་ཆགས་མཆོག༔ ཀུན་ཀྱང་དབང་སྡུད་ཟིལ་གནོན་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ནུབ་ཕྱོགས་དབུས༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་ཉི་མ་འོད་ཟེར་ནི༔ འཆར་ཁའི་མདངས་ལྡན་ཁ་ཊྭཱཾ་དང༔ སྡིགས་མཛུབ་ཉི་ཟེར་ཞགས་པ་འཛིན༔ རུས་པའི་རྒྱན་ལྡན་སྟག་ཤམ་གསོལ༔ འགྲོ་འདུལ་གར་གྱིས་རོལ་པའི་སྟབས༔ ས་ར་ཧ་དང་ཌོམྦི་པ༔ ནག་པོ་སྤྱོད་པ་བིརྺ་པ༔ པདྨ་ཐོད་ཕྲེང་པདྨ་དཀར༔ མཻ་ཏྲི་དྷ་ར་སཽ་ཁྱ་དེ༔ ཀུན་ཀྱང་རྣལ་འབྱོར་སྤྱོད་པའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་ནུབ་བྱང་དབུས༔ པད་ཟླ་ཉི་སྟེང་འོད་ལྔའི་ཀློང༔ གུ་རུ་ཤཱཀྱ་སེང་གེ་ནི༔ གསེར་མདོག་ཆོས་གོས་རྣམ་གསུམ་གསོལ༔ མཚན་དཔེའི་རྒྱན་ལྡན་ལྷུང་བཟེད་བསྣམས༔ བདུད་འཇོམས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སུ་མི་ཏྲ་དང་དབང་པོའི་སྡེ༔ ཤཱཀྱ་འོད་ལྡན་ཀུན་ཏུ་འཆང༔ ཡན་ལག་མེད་རྡོར་ཆོས་རྒྱལ་མཚན༔ མཁྱེན་རབ་ཆེ་མཆོག་བདེ་འབྱུང་གནས༔ བདུད་བཞིའི་སྟོབས་འཕྲོག་ངུར་སྨྲིག་འཆང༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེའི་བྱང་ཕྱོགས་དབུས༔ པད་ཟླ་ཉི་སྟེང་མེ་དཔུང་ཀློང༔ གུ་རུ་སེང་གེ་སྒྲ་སྒྲོག་རྩལ༔ མཐིང་ནག་ཁྲོ་གཏུམ་འཇིགས་པའི་གཟུགས༔ རྡོ་རྗེ་སྡིགས་མཛུབ་ཐོག་ཆེན་འབེབ༔ སེང་གེའི་སྟོད་སླག་དར་སྔོན་གསོལ༔ དུར་ཁྲོད་ཆས་ལྡན་འདོར་ཐབས་འགྱིང༔ འཁོར་ལོས་སྒྱུར་རྒྱལ་དབང་ཆེན་མགོན༔ ཀརྨ་བདུད་འདུལ་རྡོ་རྗེ་སྙིང༔ གཟི་བརྗིད་རབ་འབར་པྲ་ཀྲྀཏ་གཏེར༔ ཀླུ་འདུལ་ཁྱུང་གཤོག་དགྲ་འདུལ་ནག༔ ཀུན་ཀྱང་རྔམ་བརྗིད་ཁྲོས་པའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཕོ་བྲང་ལིང་ཙེ་བྱང་ཤར་དབུས༔ པད་ཟླ་ཉི་སྟེང་མེ་རླུང་དབུས༔ གུ་རུ་རྡོ་རྗེ་གྲོ་བོ་ལོད༔ སྨུག་ནག་གཅེར་བུ་རུས་པས་བརྒྱན༔ སྐུ་ལ་ཡེ་ཤེས་སྤྱན་སྟོང་བཀྲ༔ རྡོ་རྗེ་གདེངས་ཤིང་ལྕགས་ཕུར་འདྲིལ༔ རྒྱ་སྟག་སྟེང་དུ་འགྱིང་ཞིང་བརྗིད༔ ཡང་དག་རྡོ་རྗེ་ཁྱེའུ་མཁའ་ལྡིང༔ ཀརྨ་རྡོ་རྗེ་པདྨའི་སྙིང༔ དེ་བ་ཙནྡྲ་ཐོད་ཕྲེང་རྩལ༔ བདུད་འདུལ་མཆོག་རྒྱལ་ཡོན་ཏན་རྩལ༔ གཏུམ་ཆེན་རྔམ་པ་འཆོལ་བའི་ཆས༔ ཕྱོགས་མཚམས་འཁོར་གྱི་ཚུལ་དུ་བཞུགས༔ ཤར་ཁྱམས་བདེ་བའི་དངོས་གྲུབ་དང༔ སྲིད་དང་བདེ་བའི་འབྱུང་གནས་སོ༔ ལྷོ་ཁྱམས་གཟི་བརྗིད་འོད་འབར་དང༔ དག་པ་གཏེར་གྱི་འབྱུང་གནས་སོ༔ ནུབ་ཁྱམས་པདྨ་ཀུན་སྒྱུར་དང༔ ཤིན་ཏུ་རྟོགས་པའི་འབྱུང་གནས་སོ༔ བྱང་ཁྱམས་པདྨ་དྷཱུ་ཏི་དང༔ དབང་དང་ཕྲིན་ལས་འབྱུང་གནས་སོ༔ ཤར་ལྷོ་ལྷ་ཡི་རིག་འཛིན་དང༔ ཆོས་དང་རིག་པའི་འབྱུང་གནས་སོ༔ ལྷོ་ནུབ་མི་ཡི་རིག་འཛིན་དང༔ དགའ་བ་ཆགས་མཆོག་འབྱུང་གནས་སོ༔ ནུབ་བྱང་ཀླུ་ཡི་རིག་འཛིན་དང༔ ཡོན་ཏན་ཤེས་རབ་འབྱུང་གནས་སོ༔ བྱང་ཤར་རྒྱལ་སྲས་འགྲོ་བ་འདུལ༔ ཡེ་ཤེས་དྲི་མེད་འབྱུང་གནས་སོ༔ ཤར་སྒོར་པདྨ་ཕྲིན་ལས་མགོན༔ ལྷོ་སྒོར་པདྨ་དོན་ཡོད་ཞགས༔ ནུབ་སྒོར་པདྨ་གར་དབང་ཕྱུག༔ བྱང་སྒོར་ཐོགས་མེད་འབར་བ་རྩལ༔ ཀུན་ཀྱང་ཡེ་ཤེས་ཀློང་དུ་གཅིག༔ ཐབས་མཁས་འགྲོ་དོན་མཛད་པའི་ཕྱིར༔ ཆ་ལུགས་གང་འདུལ་སོ་སོར་སྟོན༔ བདེ་ཆེན་གར་གྱིས་རོལ་པའི་སྐུ༔ སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག༔ འོད་གསལ་དགོངས་པ་ཕྱོགས་ལྷུང་མེད༔ གྲུབ་པ་རིག་འཛིན་དྲང་སྲོང་དང༔ དཔའ་བོ་མཁའ་འགྲོ་རྣལ་འབྱོར་སྤྱོད༔ རིག་སྔགས་འཆང་དང་སྒྲུབ་པ་པོ༔ བཀའ་སྡོད་ཆོས་སྲུང་དགེ་བསྙེན་སོགས༔ སྤྲིན་གཏིབས་ལྟ་བུས་བསྐོར་བར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རྩ་བ་ཡན་ལག་དམིགས་གནད་བསྒྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ གསང་མཚན་ཐུགས་ཀྱི་སྙིང་པོ་འདི༔ བཟླས་པས་དུས་གསུམ་རྒྱལ་བ་ཡི༔ བྱིན་རླབས་དབང་མེད་སྡུད་པར་བྱེད༔ སྣང་གྲགས་རྟོག་གསུམ་གུ་རུ་དང༔ རྡོ་རྗེ་སེམས་དཔའ་དབྱེར་མེད་པའི༔ སྐུ་གསུང་ཐུགས་ཀྱི་རོལ་པར་གྱུར༔ ཁམས་གསུམ་འཁོར་བ་དོང་སྤྲུགས་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ གུ་རུ་ཛྙཱ་ན་བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ གུ་རུ་ཛྙཱ་ན་བཛྲ་མཱ་མེ་མུཉྩ༔ གུ་རུ་ཛྙཱ་ན་བཛྲཱི་བྷ་བ༔ མ་ཧཱ་ས་མ་ཡ༔ གུ་རུ་ཛྙཱ་ན་བཛྲ་སཏྭ་ཨཱ༔ འདི་ནི་ཁྲི་ཙམ་བཟླས་པས་ཀྱང༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་བྱང༔ སྒོམ་བཟླས་རྟག་ཏུ་བརྩོན་པའི་མི༔ བླ་མ་རྡོ་རྗེ་སེམས་དཔའ་དང༔ དབྱེར་མེད་མྱུར་དུ་བུདྡྷ་འོ༔ དེ་ལྟར་བསྐྱེད་བཟླས་ཐམས་ཅད་ཀྱང༔ རང་གི་སེམས་ཀྱི་ཆོ་འཕྲུལ་ཏེ༔ སེམས་ཉིད་ཡུལ་མེད་སྟོང་པ་ཉིད༔ ལྟ་བ་དེ་ཡིན་དེ་དོན་བསྒོམ༔ ས་ལེ་སང་ངེ་ཧྲིག་གེ་བ༔ བདེ་གསལ་མི་རྟོག་ཉམས་མྱང་ཅན༔ བྱེད་སྤྱོད་དེར་འདྲེས་སྤྱོད་པ་སྟེ༔ ཆེད་དུ་བྱར་མེད་བཅོས་བསླད་བྲལ༔ དང་པོ་རྩེ་གཅིག་མཉམ་པར་གཞག༔ གནས་ཉམས་ཤིན་ཏུ་བརྟན་པར་བྱ༔ དུས་གསུམ་མཉམ་ཉིད་ཀློང་དུ་ཚུད༔ བར་དུ་བདག་བརྟག་རྩད་རྗེས་བཅད༔ སྤྲོས་པ་སེམས་ཉིད་གཅིག་ཐོག་གཅོད༔ གནས་འགྱུ་གཉིས་མེད་ལྷག་མཐོང་ལ༔ གཅིག་ཤེས་ཀུན་གྲོལ་རང་ངོ་སྤྲད༔ མཐའ་བྲལ་ལྷུན་གྱིས་གྲུབ་པའི་ངང༔ སངས་རྒྱས་སེམས་ཅན་མཉམ་སྦྱར་ནས༔ སྣང་སྲིད་ཀུན་བཟང་ཀློང་གྲོལ་ཕྱིར༔ རྡོ་རྗེའི་རླུང་དང་ཡིད་བཟླས་སྦྱར༔ ནམ་མཁའི་དབྱིངས་དང་རིག་པའི་གཤིས༔ མ་བཅོས་ཐིག་ལེ་འོད་གསལ་བ༔ མངོན་སུམ་དབང་པོའི་ཡུལ་དུ་བལྟ༔ མི་འགུལ་གསུམ་གྱིས་གཞི་བཟུང་བས༔ སྣང་བཞི་ཚད་དུ་ཕེབས་པར་འགྱུར༔ བརྗོད་མེད་བརྗོད་པ་ཟབ་མོའི་དོན༔ སངས་རྒྱས་ཀུན་གྱི་ལམ་པོ་ཆེ༔ འཁྲུལ་པ་བཙན་ཐབས་བཤིགས་པའི་གནད༔ སྐལ་པ་ཅན་རྣམས་དང་དུ་ལོངས༔ ས་མ་ཡ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཕྱིར༔ ཚེ་དབང་རིག་འཛིན་བསྙེན་ཅིང་བསྒྲུབ༔ འཆི་མེད་པདྨ་བཀོད་པའི་ཞིང༔ དྭངས་མ་འོད་ལྔའི་ཕོ་བྲང་དུ༔ པད་དཀར་འདབ་བརྒྱད་ཟླ་བའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་གུ་རུ་ཚེ་དཔག་མེད༔ དཀར་དམར་འོད་མདངས་ཕྱོགས་བཅུར་འཕྲོ༔ འཛུམ་ལྡན་སྤྲུལ་སྐུའི་ཆ་ལུགས་ཅན༔ རྡོ་རྗེ་གཡས་ལ་ཚེ་བུམ་གཡོན༔ དར་གྱི་ཆོས་གོས་ལྗང་དམར་དང༔ ཟ་འོག་མཐིང་གོས་སྐུ་ལ་གསོལ༔ དབུ་ལ་རྡོ་རྗེའི་སྙན་ཞུ་མནབས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐྱེ་འཆི་མི་མངའ་འོད་ཀྱི་ལུས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ རྟག་བརྟན་འགྱུར་མེད་དགོངས་པའི་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ བདག་བསྐྱེད་བསྙེན་པ་བྱེ་བ་བཟླ༔ དཀྱིལ་འཁོར་བུམ་པ་མདའ་དར་སོགས༔ ཚེ་རྟེན་རྣམས་དང་ཁྱད་པར་དུ༔ བཟང་པོ་དྲུག་དང་ལྔ་ཚན་ལྔ༔ རྟག་ངུ་རིགས་གསུམ་སྐྱོབ་སྦྱར་བའི༔ རིལ་བུས་ཐོད་པ་མཚན་ལྡན་བཀང༔ དར་དམར་ཁ་བཀབ་མདུན་རྟེན་བྱ༔ སྲུང་འཁོར་རིམ་པ་བདུན་ལྡན་ནང༔ བྷྲཱུྃ་ལས་རྡོ་རྗེའི་གཞལ་ཡས་ཁང༔ པདྨ་རིན་ཆེན་འཇའ་ཚོན་བྲེས༔ དེ་དབུས་པད་སྡོང་ཉི་ཟླའི་སྟེང༔ ཧཱུྃ་ལས་བླ་མ་ཚེ་དཔག་མེད༔ པདྨ་ཚེ་མཆོག་བྱེ་རུའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞི་མ་ཁྲོ༔ དང་པོས་རྡོ་རྗེ་ཐོད་པ་བསྣམས༔ བར་པས་ཚེ་བུམ་བྷནྡྷ་འཛིན༔ འོག་གཉིས་ཁ་ཊྭཱཾ་ཚེ་དར་འཛིན༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ མནྡྷཱ་ར་བ་དམར་གསལ་འཁྲིལ༔ མདའ་དར་གཡོབ་ཅིང་ཚེ་བཅུད་སྡུད༔ གཞོན་ཚུལ་མེ་ཏོག་ཕྲེང་བས་བརྒྱན༔ ཕྱི་རོལ་པདྨ་འདབ་བཞི་ལ༔ ཚེ་བདག་མཁའ་འགྲོ་རིགས་བཞི་ནི༔ དཀར་སེར་དམར་ལྗང་ཕྱོགས་ཀྱི་མདོག༔ མདའ་དར་གཡས་ལ་ཚེ་བུམ་གཡོན༔ གཞན་ཡང་ཚེ་ལྷ་རིག་འཛིན་ཚོགས༔ གྲངས་མེད་སྤྲིན་གཏིབས་ལྟ་བུར་གསལ༔ གཙོ་བོའི་ཐུགས་ཀར་ཧྲཱིཿཡིག་མཐར༔ སྔགས་ཕྲེང་གཡས་འཁོར་འོད་ཟེར་གྱིས༔ འཁོར་འདས་ཚེ་དཔལ་དྭངས་མའི་བཅུད༔ བསྡུས་ཏེ་བདག་མདུན་ལ་ཐིམ་དམིགས༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ སྒྲུབ་པའི་དུས་སུ་འབུམ་ཚོ་གསུམ༔ རྗེས་ལ་ཞག་རེར་བརྒྱ་རྩ་བཟླས༔ ངེས་པར་འཆི་མེད་རིག་འཛིན་འགྲུབ༔ སྐབས་སུ་གསོལ་གདབ་ཐུགས་རྒྱུད་བསྐུལ༔ ཧྲཱི༔ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་སྡུས་ལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་པས་གསོལ་གདབ་མཆིལ་མ་མིད༔ ཐུན་མཚམས་ཚེ་འགུགས་མདའ་དར་གཡབ༔ ཧྲཱི༔ ཀ་དག་ལྷུན་གྲུབ་གསང་བའི་དབྱིངས༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས༔ གུ་རུ་པདྨ་ཚེ་ཡི་མཆོག༔ ཐུགས་རྗེ་ཐུགས་དམ་དེང་འདིར་བསྐུལ༔ སྣོད་ཀྱི་འཇིག་རྟེན་འབྱུང་ལྔའི་བཅུད༔ སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་དང༔ རྒྱལ་བ་སྲས་བཅས་བྱིན་རླབས་སོགས༔ སྲིད་ཞིའི་ཚེ་དཔལ་འདིར་ཁུག་ཅིག༔ དྭངས་བཅུད་འོད་ཀྱི་ཐིག་ལེར་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་གྲུབ་པའི་བཅུད་དུ་སྨིན༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་ཚེ་བྷྲཱུྃ་ནྲྀ་བྷྲཱུྃ་ཛཿཧཱུྃ་བཾ་ཧོ༔ དམིགས་པ་ངར་ལྡན་ཡང་ཡང་འགུགས༔ རྗེས་སུ་དངོས་གྲུབ་དབང་བླང་ན༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ གཙོ་བོ་ཚེ་དཔག་མེད་པ་དགོངས༔ ཡང་གསང་ཚེ་ཡི་དབང་བསྐུར་ཞུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་གསོལ་བཏབ་རྒྱུད་སྦྱང་ཞིང༔ ལྷ་བསྐྱེད་བྱིན་དབབ་བརྟན་པར་བྱ༔ བླ་མ་ཚེ་དཔག་མེད་ཡབ་ཡུམ༔ སྦྱོར་མཚམས་བྱང་སེམས་རྒྱུན་བབས་པས༔ འཁོར་ལོ་ལྔ་པོ་དྭངས་མས་གང༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་བསམ༔ ཚེ་ཡི་བུམ་པ་གནས་ལྔར་གཏུགས༔ ཧཱུྃ༔ བླ་མ་མགོན་པོ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་མནྡྷཱ་ར༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་སྩོལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ མི་འགྱུར་སྙིང་པོ་ཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་ནས་ཀྱང༔ ཡེ་ཤེས་གསང་བའི་རྒྱས་ཐོབ་ཅིག༔ སྔགས་མཐར་དབང་གི་ལས་སྔགས་སྦྱར༔ ཨོཾ་ཧཱུྃ་སྭཱ་ཨཱཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་ལྕེ་ཐོག་བྱིན་ནས་སུ༔ ཧཱུྃ༔ ཚེ་དཔག་མེད་ཀྱི་མཁའ་གསང་ནས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས༔ རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཚེ་རིལ་དང་ནི་ཚེ་ཆང་སྦྱིན༔ ཧཱུྃ༔ འཁོར་འདས་བརྟན་གཡོ་ཀུན་གྱི་བཅུད༔ འཆི་མེད་ཚེ་ཡི་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོག༔ ཧཱུྃ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་ཆང༔ འཆི་མེད་བདུད་རྩི་ར་ས་ཡ༔ ཤ་ལྔ་བདུད་རྩི་ལྔར་སྦྱར་བས༔ ཁམས་དང་འབྱུང་སྟོབས་འཕེལ་བརྟན་ཤོག༔ གནས་ལྔར་ཚེ་མདས་རྒྱས་གདབ་ལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིང༔ སྲོག་ཚེ་བྲག་ལྟར་བརྟན་པར་མཛོད༔ པདྨ་འཁོར་ལོ་རིན་པོ་ཆེ༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ཡིས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ རྗེས་ཀྱི་དམ་ཚིག་སྤྱི་ལྟར་སྤྱད༔ འདིས་ནི་དུས་མིན་འཆི་བ་ཟློག༔ རྡོ་རྗེའི་ཚེ་ལ་དབང་ཐོབ་འགྱུར༔ མི་བརྟན་འཕོ་བྱེད་གཡོ་རྩོལ་རླུང༔ དབུ་མའི་དབྱིངས་སུ་ཟད་པའི་ཐབས༔ འཇུག་པ་ཨོཾ་ལ་གནས་པ་སྔགས༔ དབྱུང་བ་མཐའ་རྟེན་དྲན་བྱས་ལ༔ མ་ཡེངས་བུམ་ཅན་སྦྱོར་བ་འམ༔ རང་བབས་རྡོ་རྗེའི་བཟླས་པ་བྱ༔ སྐབས་སུ་སྲོག་གི་རྒྱུ་བ་བགྲང༔ སྐབས་སུ་ནམ་མཁའ་ཟས་སུ་ཟ༔ གཙོ་བོར་ཚེ་ལམ་ཕོ་ཉ་ཡི༔ པདྨའི་བཅུད་སྡུད་འཆི་མེད་བསྒྲུབ༔ གྲོགས་སུ་ཕྱི་ནང་བཅུད་ལེན་བརྟེན༔ མདུན་གྱི་ནམ་མཁར་ཨ་དཀར་གསལ༔ འོད་འཕྲོས་འཁོར་འདས་ཐམས་ཅད་ཞུ༔ ཨ་ལ་ཐིམ་པས་ཟླ་བ་ལྟར༔ འོད་མདངས་འབར་བ་སྣ་གཡོན་ནས༔ ཞུགས་ཏེ་སྙིང་གི་ཆུ་སྐྱེས་དབུས༔ ཨ་དང་འདབ་བརྒྱད་དབྱངས་གསལ་བཀོད༔ སེམས་གཏད་འོད་ཞུ་ཨ་ལ་འདུས༔ དེ་ཡང་མི་དམིགས་འོད་གསལ་ངང༔ གདོད་ནས་མ་སྐྱེས་འཆི་བ་མེད༔ སྐྱེ་དང་འཆི་བ་ལྟར་སྣང་བ༔ རང་སེམས་འཁྲུལ་པའི་བག་ཆགས་ཉིད༔ འཁྲུལ་པ་རྨི་ལམ་ལྟར་ཤེས་ནས༔ འོད་གསལ་ངང་དུ་གཡོ་མེད་གཞག༔ ཐིག་ལེ་འགྱུར་མེད་སྟོང་གསལ་དོན༔ བལྟ་ཞིང་སྤྲོས་པ་བྲལ་བར་གཞག༔ འཆི་མེད་གཡུང་དྲུང་སྐུ་ཐོབ་འགྱུར༔ ས་མ་ཡ༔ དུས་འཁྲུགས་མཐའ་དམག་ཟློག་པའི་ཕྱིར༔ གུ་རུ་ཆེ་མཆོག་ཏིང་འཛིན་བསྒོམ༔ རབ་བརྟན་རྡོ་རྗེའི་གུར་ཁང་དུ༔ མེ་རླུང་དམར་ནག་འབར་བའི་ཀློང༔ གདུག་ཅན་ཕོ་མོ་བསྣོལ་བའི་སྟེང༔ པད་ཉིའི་གདན་ལ་ཧཱུྃ་མཐིང་ནག༔ འོད་འཕྲོས་དགྲ་བགེགས་སྡེར་བཅས་བཅོམ༔ མཐུ་སྟོབས་ནུས་པ་ཚུར་བསྡུས་ནས༔ ཡོངས་གྱུར་བདག་ཉིད་ཧེ་རུ་ཀ༔ གུ་རུ་དཔལ་ཆེན་ཆེ་བའི་མཆོག༔ མཐིང་ནག་དབུ་དགུ་མཐིང་དཀར་དམར༔ ཁྲོས་པའི་ཞལ་གདངས་མཆེ་བ་གཙིགས༔ ལྗགས་འདྲིལ་སྨར་སྨིན་གློག་ལྟར་ཁྱུག༔ བཅོ་བརྒྱད་གཡས་ཀྱི་ཕྱག་རྣམས་ཀྱིས༔ རྡོ་རྗེ་ཐོ་བ་ལྕགས་ཀྱུ་སོགས༔ འགུགས་ཤིང་འཇོམས་པའི་མཚོན་ཆ་ཕྱར༔ གཡོན་པས་དྲིལ་ཞགས་ལྕགས་སྒྲོག་སོགས༔ འཆིང་སྡོམ་མྱོས་པའི་ཕྱག་མཚན་བསྣམས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་བརྒྱད་མཐའ་དམག་འབྱུང་པོ་མནན༔ བདུད་འདུལ་གནམ་ཞལ་དབྱིངས་ཕྱུག་སྔོ༔ ཞལ་གསུམ་ཕྱག་དྲུག་ཁ་ཊྭཱཾ་བྷན༔ ཁྲོ་མོའི་ཆས་ལྡན་ཡབ་ལ་འཁྱུད༔ རབ་འབར་མེ་ཡི་དབུས་ན་བཞུགས༔ ཁྲོ་ཆུང་དཔག་མེད་ལས་ལ་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ རྒྱ་མཚོ་འཁྱོམས་ཤིང་རི་རབ་ལྡེག༔ སྟོང་གསུམ་འཇིག་རྟེན་གཡོ་བྱེད་པའི༔ འཇིགས་བྱེད་ཁྲག་འཐུང་ཆེན་པོར་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྲིད་གསུམ་གཡུལ་ཟློག་དམིགས་གནད་ཀྱིས༔ ཨོཾ་བཛྲ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རྩ་བསྙེན་ཐེམས་ནས་ལས་ལ་སྦྱར༔ བསྟན་དང་འགྲོ་ལ་འཚེ་བྱེད་པའི༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཡས་ཀྱི་མཚོན་ཆས་རྡུལ་དུ་བརླགས༔ གཡོན་པས་གཡོ་འགུལ་མེད་པར་བཅིངས༔ སྐུ་ལས་དུག་གི་ན་བུན་སྤྲོས༔ སེམས་མྱོས་ལུས་རེངས་དབང་པོ་ཉམས༔ བཀའ་སྡོད་དྲེགས་པའི་དམག་ཚོགས་ཀྱིས༔ འགུགས་བསྒྲལ་གསོད་པའི་ལས་བྱེད་བསམ༔ དུ་ཏྲི་མཱ་ར་ཡ་བྷྱོ་ཟློག་མཱ་ར་ཡ་ཕཊ༔ ལྷ་སྲིན་དྲེགས་པ་སྡེ་བརྒྱད་ཀྱི༔ སྲོག་འཕྲོག་གནད་ནས་གཟིར་ཅིང་བསྐུལ༔ དཔལ་མགོན་བདུན་ཅུ་རྩ་ལྔ་པོ༔ མཆོད་ཅིང་བརྔན་ནས་དམ་ཚིག་བསྒྲག༔ མདོས་གཏོར་འཕེན་ལ་མནན་ཅིང་བྲུབ༔ རང་ཕྱོགས་སྲུང་དང་ཕས་རྒོལ་ཟློག༔ ཤིན་ཏུ་མི་སྲུན་བསད་པའི་ལས༔ གནམ་ལྕགས་ཐོག་འདྲའི་རྣོ་དབལ་ཅན༔ གཅེས་པའི་གནད་རྣམས་གབ་རྒྱས་གདབ༔ ྀཨཚ༔ རང་སེམས་ཞེ་སྡང་རང་མདངས་ལས༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ མི་བདེ་དུས་འཁྲུགས་རྩུབ་འགྱུར་ཤར༔ ཞེ་སྡང་ངོ་བོ་སྟོང་པ་ཉིད༔ གཟུགས་དང་མཚན་མར་གྲུབ་པ་མེད༔ འཁྲུལ་རྟོག་ཡན་གར་མ་ཤོར་བར༔ བདག་གཞན་མཉམ་ཉིད་ངང་དུ་གཞག༔ གསལ་ཆ་སྒྱུ་མར་སྣང་བ་ལ༔ བདེན་པར་མི་འཛིན་སྒྱུ་མར་སྦྱང༔ བདག་མེད་བདག་ཏུ་བཟུང་བ་ཡིས༔ འཁྲུལ་སྣང་རྫུན་ལ་ཨ་འཐས་པས༔ གཏན་དུ་སྡུག་བསྔལ་སྒྲུབ་རྣམས་ལ༔ བཟོད་མེད་བྱམས་དང་སྙིང་རྗེ་བསྐྱེད༔ བདག་ལས་གཞན་གཅེས་བློ་སྐྱེས་ཚེ༔ གཞན་སྣང་བྱམས་པ་ཆེན་པོར་བསྒྱུར༔ རང་གཞན་གཏན་བདེའི་ས་ལ་སྦྱོར༔ ཉོན་མོངས་གཡུལ་ལས་རྣམ་རྒྱལ་འགྱུར༔ ས་མ་ཡ༔ འབྱུང་འཁྲུགས་ཟུག་རྔུ་ཞི་འདོད་ན༔ གུ་རུ་སྨན་བླའི་ཏིང་འཛིན་བསྒོམ༔ སྣང་སྲིད་བཻ་ཌཱུརྻ་སྣང་ཞིང༔ རྒྱན་དང་བཀོད་པ་ཚད་མེད་པར༔ ཡེ་ཤེས་གཞལ་ཡས་ཡངས་པའི་དབུས༔ སེང་གེའི་ཁྲི་སྟེང་པདྨ་དང༔ ཟླ་བའི་གདན་ལ་ཧཱུྃ་སྔོན་པོ༔ འོད་འཕྲོས་རྒྱལ་མཆོད་ཐུགས་དམ་བསྐུལ༔ འགྲོ་ཀུན་ཉོན་མོངས་རྒྱུ་འབྲས་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་གུ་རུ་སྨན་གྱི་བླ༔ མཐིང་སྔོན་ཨིནྡྲ་ནཱི་ལའི་མདོག༔ དབུ་ཡི་གཙུག་ཏོར་མངོན་པར་འཕགས༔ མཚན་དཔེའི་གཟི་བྱིན་རབ་ཏུ་འབར༔ ཕྱག་གཡས་མཆོག་སྦྱིན་སྨན་མཆོག་བསྣམས༔ གཡོན་པས་མཉམ་གཞག་བཻ་ཌཱུརྻའི༔ ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས༔ ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་ལས་འོད་ཟེར་བྱེ་བ་འཕྲོ༔ དམིགས་མེད་ཐུགས་རྗེས་འགྲོ་ལ་གཟིགས༔ འཁོར་དུ་བཅོམ་ལྡན་སྨན་གྱི་བླ༔ མཚན་ལེགས་གསེར་བཟང་རིན་ཆེན་ཟླ༔ མྱ་ངན་མེད་དཔལ་ཆོས་བསྒྲགས་དབྱངས༔ ཆོས་བློ་མངོན་མཁྱེན་ཤཱཀྱ་ཐུབ༔ བདེ་བར་གཤེགས་པ་བརྒྱད་ཀྱིས་བསྐོར༔ དྲང་སྲོང་རིག་འཛིན་ལྷ་སྨན་སོགས༔ འབུམ་ཕྲག་དུ་མས་བསྐོར་ཏེ་བཞུགས༔ འཇིགས་དང་སྡུག་བསྔལ་མ་ལུས་པ༔ དྲན་པ་ཙམ་གྱིས་སེལ་མཛད་པའི༔ སངས་རྒྱས་ཕྲིན་ལས་ལྷུན་གྲུབ་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ བདུད་རྩི་རྣམ་དག་དགོངས་པའི་ངང༔ ཨོཾ་གུ་རུ་བཻ་ཌཱུརྻ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ སྐབས་སུ་ཤམ་འདོགས་ཅི་རིགས་སྤེལ༔ ཁྱད་པར་རིན་ཆེན་བུམ་པ་རུ༔ དྲི་ཡི་ཆུ་དང་ཉེར་ལྔའི་རྫས༔ ནད་གདོན་གཉེན་པོའི་སྨན་རྣམས་བླུགས༔ བུམ་པ་གཞལ་ཡས་ཁང་གི་ནང༔ བཅུད་ནི་བདུད་རྩིའི་རྒྱ་མཚོར་འཁྱིལ༔ དེ་དབུས་པདྨའི་སྡོང་པོའི་རྩེར༔ སྨན་བླ་འཁོར་བཅས་བསྐྱེད་བསྟིམ་དང༔ མཆོད་བསྟོད་བཟླས་པ་བྱས་པ་ཡིས༔ བདུད་རྩིའི་རྒྱུན་བབས་བུམ་པ་གང༔ བུམ་ལྷ་འོད་ཞུ་ནུས་ལྡན་བསམ༔ བགེགས་སྦྱང་བཀྲུ་ཞིང་བྱབ་པ་དང༔ སྲུང་བའི་གོ་བགོ་ཤིས་པ་བརྗོད༔ ནང་གདོན་ཀུན་ལས་གྲོལ་བར་འགྱུར༔ གཞན་ཡང་ནད་ཀྱི་དམིག་ཡོད་སར༔ བླ་མ་སྨན་བླ་ཚོན་གང་བསམ༔ ནད་ཀྱི་རྒྱུ་འབྲས་དཔྱིས་འབྱིན་པར༔ མོས་གུས་དྲག་པོས་གསོལ་བ་གདབ༔ བཟླས་པས་སྐུ་ལས་བདུད་རྩི་བབས༔ ཚ་བའི་ནད་ལ་དཀར་ཞིང་བསིལ༔ གྲང་བར་དམར་ཞིང་ཚ་ངད་ཅན༔ རླུང་ལ་སེར་པོ་སྣུམ་བག་ཅན༔ འདུས་པར་ཀུན་ཚང་རྒྱུན་གྱིས་བཀྲུས༔ དག་ཅིང་བདེ་དང་ལྡན་པར་བསམ༔ ནད་དང་ནད་འཛིན་གཉེན་པོ་གསུམ༔ གཉིས་སུ་མེད་པའི་རང་ངོར་བལྟ༔ ལྷོད་ཀྱིས་ཀློད་ལ་མཉམ་པར་གཞག༔ མི་རྟོག་ཆོས་སྐུའི་དགོངས་པ་ཡིས༔ གཏི་མུག་བད་ཀན་དྲུངས་ནས་འབྱིན༔ བདེ་བ་ལོངས་སྐུའི་རྣལ་འབྱོར་གྱིས༔ འདོད་ཆགས་གྲང་བ་རང་སར་གཞིལ༔ གསལ་བ་སྤྲུལ་སྐུའི་ཏིང་འཛིན་གྱིས༔ ཞེ་སྡང་ཚ་བའི་དུག་དབལ་གཞོམ༔ ཁྱད་པར་ནད་གདོན་ཟུག་རྔུ་རྣམས༔ བདག་ཏུ་འཛིན་པའི་རྒྱུ་ལས་བྱུང༔ བདག་ནི་ཕྱི་ནང་གང་ནའང་མེད༔ མེད་ལ་ཡོད་འཛིན་འཁྲུལ་པའི་བློ༔ རྩ་བ་མེད་ཅིང་རྟེན་མེད་ལ༔ གནས་མེད་ནམ་མཁའ་ལྟ་བུའི་དོན༔ བསྒོམས་པས་སྟོང་པ་ཉིད་རྟོགས་ན༔ ཉོན་མོངས་དུག་གསུམ་རྩ་བ་ཆོད༔ འབྲས་བུ་ནད་གདོན་ཤུགས་ཀྱིས་སྤང༔ སྨན་པ་ཆེ་མཆོག་གཙོ་བོ་སྟེ༔ ཟུག་རྔུ་འབྱིན་པ་བླ་ན་མེད༔ འགྲོ་བའི་བླ་མ་ཉིད་དུ་འགྱུར༔ ས་མ་ཡ༔ དབུལ་ཕོངས་བཀྲེས་སྐོམ་ཞི་འདོད་ན༔ གུ་རུ་ནོར་གྱི་དབང་ཕྱུག་བསྒོམ༔ སྣོད་བཅུད་དཔལ་དང་ལྡན་པའི་ཞིང༔ ཚོགས་གཉིས་སྟོབས་ལས་བྱུང་བ་ཡི༔ འདོད་རྒུའི་འབྱོར་པ་ཟད་མི་ཤེས༔ འཛད་མེད་གཏེར་གྱི་ཕུང་པོའི་དབུས༔ རིན་ཆེན་ཁང་བརྩེགས་ནོར་བུས་སྤྲས༔ དེ་དབུས་པདྨ་ཟླ་བའི་གདན༔ གཏེར་གྱི་བུམ་པ་ཞབས་སྤྲོད་སྟེང༔ ཉི་མའི་དཀྱིལ་འཁོར་ལ་གནས་པའི༔ ཛཾ་དང་བཾ་ལས་འོད་ཟེར་འཕྲོས༔ བརྟན་གཡོའི་རྒུད་པ་མཐའ་དག་བསལ༔ སྲིད་ཞིའི་དྭངས་བཅུད་ཚུར་བསྡུས་ཏེ༔ ས་བོན་ལ་ཐིམ་ཡོངས་གྱུར་ལས༔ བདག་ཉིད་གུ་རུ་ཛམྦྷ་ལ༔ དཔའ་བོ་མཁའ་འགྲོའི་དྲྭ་བ་སྡོམ༔ དམར་གསལ་པདྨ་རཱ་གའི་མདོག༔ ཁྲོ་འཛུམ་སྤྱན་གསུམ་ཆགས་པའི་ཉམས༔ གཞོན་ཤ་རབ་རྒྱས་བརྗིད་ཅིང་སྒེག༔ ཕྱག་གཡས་ནོར་བུ་ཐུགས་ཀར་བསྣམས༔ གཡོན་པས་ནེའུ་ལེ་དཀུར་བརྟེན་ཅིང༔ ཞབས་གཉིས་བརྐྱང་བསྐུམ་བཞེངས་པའི་སྟབས༔ པང་དུ་ཡུམ་མཆོག་བདེ་རྒྱས་མ༔ གཡས་པས་ནོར་འཛིན་ཡབ་མགུལ་འཁྱུད༔ གཡོན་པས་དུང་དམར་སྟོབ་པའི་ཚུལ༔ གཉིས་ཀ་དར་གྱི་ལྷབ་ལྷུབ་དང༔ རིན་ཆེན་རྒྱན་ཕྲེང་དུ་མས་སྤྲས༔ འཁོར་དུ་གནོད་སྦྱིན་ཕོ་མོ་བརྒྱད༔ ནོར་ལྷ་བྱེ་བ་འབུམ་དང་བཅས༔ དགོས་འདོད་ལོངས་སྤྱོད་སྤྲིན་ལྟར་སྡུད༔ དངོས་གྲུབ་ནོར་གྱི་ཆར་པ་འབེབ༔ ཁམས་གསུམ་དབང་ཕྱུག་ཆེན་པོར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཚོགས་གཉིས་ཡོངས་གྲུབ་དགོངས་པའི་ངང༔ ཨོཾ་བཛྲ་གུ་རུ་པདྨ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ སྙིང་དབུས་རང་འདྲའི་ཡེ་ཤེས་སེམས༔ ཁ་སྦྱོར་ཐུགས་ཀར་ཛཾ་དང་བཾ༔ སོ་སོའི་སྙིང་པོས་གཡས་གཡོན་བསྐོར༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་དང༔ བརྟན་གཡོའི་དྭངས་བཅུད་བསྡུས་ནས་ཐིམ༔ བསོད་ནམས་གཟི་བརྗིད་ཚད་མེད་རྒྱས༔ སྣང་སེམས་དབང་དུ་འདུས་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱི༔ ཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་སྭཱ་ཧཱ༔ སྤྲོས་ལ་དགའ་ན་ཕྱྭ་རྟེན་དང༔ གཡང་གི་རྫས་རྣམས་སྤྱི་ལྟར་གསག༔ ཁྱད་པར་མི་ཡི་ནོར་བུ་འམ༔ བུམ་པར་སྟོབས་སྐྱེད་ཙཀྲ་གཞུག༔ མདུན་རྟེན་ལྷར་བསྒོམ་བཟླས་པ་ཡིས༔ རྒྱུད་བསྐུལ་འོད་འཕྲོས་འཁོར་འདས་བཅུད༔ བཀྲ་ཤིས་རྫས་རྟགས་རིན་ཆེན་གྱི༔ རྣམ་པར་བསྡུས་ནས་ཐིམ་པ་ཡིས༔ ཞལ་སྒོ་སྦྱོར་མཚམས་ནེའུ་ལེའི་ཁ༔ གཏེར་བུམ་རྣམས་ནས་རིན་ཆེན་ཆར༔ ཟད་མི་ཤེས་པ་བབས་པ་ཡིས༔ གནས་ཡུལ་ཕྱུར་བུར་ཁེངས་པར་བསམ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨཱ་ཡུཿཔུཎྱེ་བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྐབས་སུ་མདའ་དར་གཡོབ་ཅིང་བསྐུལ༔ ཧྲཱི༔ གུ་རུ་པདྨ་ནོར་གྱི་ལྷ༔ འདོད་རྒུའི་འབྱུང་གནས་ཡིད་བཞིན་ནོར༔ གནོད་གནས་དབང་པོ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་དེང་བསྐུལ་ན༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ མཐུ་སྟོབས་རྫུ་འཕྲུལ་ཤུགས་སྐྱེད་ལ༔ སྣོད་བཅུད་རྒུད་པ་སེལ་བ་དང༔ དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཕྱི་སྣོད་འབྱུང་བ་ཆེན་པོ་བཞིའི༔ དྭངས་བཅུད་ནུས་སྟོབས་ཕྱྭ་གཡང་ཁུག༔ ནང་བཅུད་སྐྱེ་འགྲོ་ལྷ་ཀླུ་མིའི༔ ཚེ་བསོད་དབང་ཐང་ཕྱྭ་གཡང་ཁུག༔ གསང་བ་རྩ་གསུམ་ནོར་ལྷ་ཡི༔ མཁྱེན་བརྩེ་ནུས་པའི་ཕྱྭ་གཡང་ཁུག༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ན༔ སྲིད་ཞིའི་དགེ་མཚན་མ་ལུས་པའི༔ ཕྱྭ་ཡི་དཔལ་དང་གཡང་གི་བཅུད༔ ཐོགས་པ་མེད་པར་གནས་འདིར་སྡུས༔ སྒྲུབ་རྟེན་རྫས་ལ་དབྱེར་མེད་སྟིམས༔ ཉམས་རྒུད་མེད་པའི་ཕྱག་རྒྱས་ཐོབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་བསོད་ཉི་ཟླའི་དཀྱིལ་འཁོར་རྒྱས༔ དཔལ་འབྱོར་རྒྱ་མཚོ་འཛད་མེད་འཁྱིལ༔ དབུ་འཕང་དགུང་ལྟར་མཐོ་བ་དང༔ དབང་ཐང་ལྷུན་པོ་ལྟར་བརྟན་པའི༔ བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད༔ དེ་ལྟར་ལེགས་པར་བསྒྲུབས་པའི་རྟེན༔ མཛོད་དུ་སྦ་ཞིང་ཤིས་པ་བརྗོད༔ བརྟག་ན་མཐོ་རིས་ངན་སོང་སོགས༔ བདག་དང་གཞན་དུ་གང་སྣང་བ༔ རང་སེམས་རང་དབང་མ་ཐོབ་པར༔ ཁ་ཕྱིར་བལྟས་པའི་བག་ཆགས་ཀྱིས༔ ཐོག་མེད་དུས་ནས་ད་ལྟའི་བར༔ འཁྲུལ་སྣང་ལུ་གུ་རྒྱུད་དུ་འཁོར༔ གཟུང་འཛིན་ཉོན་མོངས་འཆིང་བས་བཅིངས༔ སྡུག་བསྔལ་འཁོར་མོ་ཡུག་ཏུ་སྤྱོད༔ བརྐམ་ཆགས་སེར་སྣས་རྒྱུ་བྱས་ཏེ༔ འབྲས་བུ་དབུལ་ཞིང་ཕོངས་པར་སྨིན༔ དུག་ལྔ་སེར་སྣའི་རྟོག་པ་རྣམས༔ བྱུང་ཐིམ་སྟོང་པ་ཉིད་ཀྱི་ངང༔ རྟོག་པ་ཉིད་འཁྲུལ་འཁོར་བའི་རྒྱུ༔ ངོ་བོ་ཆོས་ཉིད་ཡིན་ཤེས་ནས༔ ཤར་གྲོལ་ངང་གཞག་སྒོམ་པ་ཡིས༔ རྟོག་འཁྲུལ་དབྱིངས་སུ་དག་པའི་ཚེ༔ མཉམ་ཉིད་ཡེ་ཤེས་ཀློང་དུ་གྱུར༔ བཀྲེས་སྐོམ་མ་སྤངས་རང་སར་དག༔ དགོས་འདོད་མ་བཙལ་ལྷུན་གྱིས་གྲུབ༔ དོན་གྱི་བླ་མ་ནོར་ལྷ་འགྲུབ༔ དེས་ན་གནས་ལུགས་དོན་བསྒོམ་ཞིང༔ ཚོགས་གཉིས་བསྒྲུབ་ལ་ནན་ཏན་བྱ༔ ས་མ་ཡ༔ འབྱུང་འཁྲུགས་གནོད་པ་ཞི་བའི་ཕྱིར༔ གུ་རུ་འབྱུང་བཞི་དབང་སྒྱུར་བསྒོམ༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ ཡུམ་ལྔར་དག་པའི་ཕོ་བྲང་དུ༔ འབྱུང་བ་རིམ་བརྩེགས་གདན་གྱི་སྟེང༔ ཧྲཱིཿཡིག་འོད་ལྔའི་མདངས་ཅན་ལས༔ འོད་འཕྲོས་དོན་བྱས་ཚུར་འདུས་པས༔ གུ་རུ་འཇིགས་པ་ཀུན་སེལ་ནི༔ འབྱུང་བཞི་དབང་སྒྱུར་ནམ་མཁའི་རྒྱལ༔ སྐུ་མདོག་མཐིང་སྔོན་དྭངས་པའི་འོད༔ རྩ་ཞལ་སེར་པོ་གཡས་ཞལ་དཀར༔ རྒྱབ་ཞལ་ལྗང་གུ་གཡོན་ཞལ་དམར༔ སྟེང་ཞལ་མཐིང་གའི་གཙུག་ཏོར་རྩེར༔ ཁྱབ་བདག་འོད་མི་འགྱུར་བ་བཞུགས༔ དང་པོའི་ཕྱག་གཉིས་མཉམ་གཞག་རྒྱས༔ ཡིད་བཞིན་ནོར་བུ་རིན་ཆེན་འཛིན༔ དེ་འོག་རྒྱ་གྲམ་རི་རབ་བསྣམས༔ དེ་འོག་ཆུ་ཤེལ་མེ་ཤེལ་བསྣམས༔ དེ་འོག་ས་དཀྱིལ་རླུང་དཀྱིལ་བསྣམས༔ དེ་འོག་མེ་དཀྱིལ་ཆུ་དཀྱིལ་བསྣམས༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་ཆེན་དབྱིངས་ཕྱུག་འོད་ལྔའི་མདངས༔ གཡས་པས་རིགས་ཀྱི་རྟགས་ལྔ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རིན་ཆེན་རྒྱན་ལྡན་ཡབ་ལ་འཁྲིལ༔ འཁོར་དུ་འབྱུང་བཞིའི་ལྷ་ལྷ་མོ༔ བྱེ་བ་བསམ་ཡས་གྲངས་མེད་བཅས༔ ཡེ་ཤེས་འོད་ཟེར་ལྔ་ལྡན་ཀློང༔ སྣོད་བཅུད་བྱིན་གྱིས་རློབ་བཞུགས་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ མི་གཡོ་མཉམ་ཉིད་དགོངས་པའི་ངང༔ ཨོཾ་བཛྲ་གུ་རུ་ཡཾ་རཾ་བཾ་ལཾ་སརྦ་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སྐུ་དང་ཕྱག་མཚན་སོ་སོ་ལས༔ ལག་ན་རྡོ་རྗེ་རྣམ་འཇོམས་སོགས༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ འབྱུང་བཞི་སོ་སོའི་གཉེན་པོ་ཡི༔ ཕྱག་མཚན་ཐོགས་པ་དུ་མ་སྤྲོས༔ འབྱུང་འཁྲུགས་གནོད་པ་ཞི་བར་བྱས༔ སོ་སོའི་དྭངས་མའི་སྟོབས་བསྐྱེད་ནས༔ ཆ་སྙོམས་ཡོན་ཏན་སྤེལ་བར་མོས༔ ཨུ་ཙུཥྨ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ ཞེས་སོགས་སྔགས་ཀྱི་ཤམ་བུ་དང༔ རྟེན་འབྲེལ་རྫས་སྔགས་དམིགས་པ་བསྒྱུར༔ འབྱུང་ལྔ་རང་སེམས་འཁྲུལ་པའི་གཟུགས༔ རིག་ན་དྭངས་མ་ཡེ་ཤེས་ལྔ༔ མ་རིག་ཁམས་ལྔ་འབྱུང་བ་ལྔ༔ དེ་ཕྱིར་རང་སེམས་སོ་རུ་བཟུང༔ ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ངག་གི་གཏམ་གྱི་རྒྱུ་འགྲུལ་བཅད༔ ཡིད་ཀྱི་མ་བཅོས་མཁའ་ལ་གཏད༔ སྐབས་སུ་ལུས་བསྒྲིམ་གསལ་ངར་བསྐྱེད༔ རིག་པའི་ངོ་བོ་རྗེན་པར་བསྐྱང༔ སྐབས་སུ་ཁ་སྦྱོར་རླུང་དང་བསྲེ༔ སྣང་བ་ཐམས་ཅད་ཟིལ་གྱིས་མནན༔ ལྟ་སྟངས་མི་གཡོ་རིག་པའི་རྩལ༔ གསལ་སྟོང་ངང་མདངས་མ་བྲལ་བས༔ གང་ཤར་སྐྱེས་གྲོལ་དུས་མཉམ་ངང༔ འགྱུ་བ་རང་དྭངས་ངང་དུ་གཞག༔ བྱིང་རྨུགས་འཐིབས་པ་གཏི་མུག་ས༔ མི་རྟོག་བརྗོད་བྲལ་ངང་དུ་གཞག༔ ཞེན་ཆགས་གཡོ་རྩོལ་འདོད་ཆགས་ཆུ༔ བདེ་སྟོང་ཞེན་མེད་ངང་དུ་གཞག༔ འཕྲོ་རྒོད་ངར་འཛིན་ཞེ་སྡང་མེ༔ གསལ་སྟོང་རང་གྲོལ་ཆེན་པོར་གཞག༔ འཐོར་ཞིང་ཡས་པ་ཕྲག་དོག་རླུང༔ ཝལ་པོ་རྗེས་མེད་ངང་དུ་གཞག༔ ཀུན་ལ་ཕཊ་ཀྱིས་དབྱིངས་སུ་གཅོད༔ ཧཱུྃ་གིས་རང་སྣང་དབང་དུ་སྡུད༔ གང་ཡང་རྟོག་བྲལ་བརྗོད་མེད་ཀློང༔ མ་བཅོས་རིག་པ་ཟང་ཐལ་བ༔ སྐྱེ་མེད་ཆོས་སྐུར་ལ་བཟླ་འོ༔ ལུས་སེམས་ཟུག་རྔུའི་ཚོར་བ་མེད༔ སྨྲ་བརྗོད་ངང་གིས་འགག་པ་ན༔ འབྱུང་བའི་འཁྲུལ་པ་དབྱིངས་སུ་ཟད༔ ཡུམ་ལྔའི་ཀློང་དུ་བྱང་ཆུབ་བོ༔ ས་མ་ཡ༔ སྦས་གནས་གཏེར་སྒོ་འབྱེད་འདོད་ན༔ ཟིལ་གནོན་དྲག་རྩལ་རྣལ་འབྱོར་བསྒོམ༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་རོལ་པ་ཡི༔ རྒྱན་བཀོད་འོད་ལྔའི་དྲྭ་བས་གཡོགས༔ སྟོང་པའི་རང་བཞིན་ཟང་ཐལ་གསལ༔ དེ་དབུས་ཆོས་འབྱུང་པདྨ་དང༔ ཉི་ཟླ་དར་ཟབ་འབོལ་གདན་སྟེང༔ དྲེགས་པ་ཕོ་མོ་བྱི་ཆིངས་བསྣོལ༔ དེ་སྟེང་ཧཱུྃ་ཡིག་འོད་འབར་ལས༔ བདག་ཉིད་ཟིལ་གནོན་ཀུན་འདུས་རྩལ༔ དཀར་དམར་ཁྲོ་འཛུམ་གཟི་བརྗིད་འབར༔ པད་ཞྭ་ཁྱུང་རུ་རྒོད་ལྡེམ་འབར༔ ཟབ་བེར་སྨུག་ཁྲ་སྤྲིན་ཆེན་རིས༔ ཕོད་ཁ་ཆོས་གོས་དམར་པོ་གསོལ༔ གཡས་གཡོན་ཕྱག་གཉིས་གདེངས་སྟབས་ཀྱིས༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་པ༔ མེ་འབར་རྭ་གདེངས་མཁའ་ལ་ཕྱར༔ དྲེགས་པ་སྡེ་བཅུའི་སྙིང་ཕྲེང་འདྲེན༔ མེ་ཕུང་དམར་ནག་འབར་བའི་ཀློང༔ ཁྲོས་པའི་སྟངས་སྟབས་བརྐྱང་བསྐུམ་བཞུགས༔ སྤྱི་བོར་གུ་རུ་ཡིད་བཞིན་ནོར༔ དམར་པོ་རྡོ་རྗེ་དྲིལ་བུ་བསྣོལ༔ ཡུམ་མཆོག་མཚོ་རྒྱལ་དཀར་དམར་མདངས༔ ནོར་བུ་ཐོད་པ་བསྣམས་པས་འཁྱུད༔ ལོངས་སྤྱོད་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔ དཔྲལ་བར་འཇམ་དཔལ་སྨུག་ནག་ཁྲོས༔ ཕྱག་གཡས་སྡིག་ནག་གཡོན་དུག་སྦྲུལ༔ སྐུ་སྨད་སྦྲུལ་མཇུག་ཀླུ་བདུད་མནན༔ མགྲིན་པར་རྟ་མགྲིན་དམར་ནག་རྔམ༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ མེ་འབར་ཐོ་བ་མེ་ཞགས་བསྣམས༔ དུར་ཁྲོད་ཆས་གསོལ་རོ་གདན་འགྱིང༔ ཐུགས་ཀར་ཀུན་བཟང་རྡོར་འཆང་མཐིང༔ ཕག་མོ་དམར་མོ་གཉིས་མེད་སྦྱོར༔ རྡོ་རྗེ་དྲིལ་འཛིན་པད་ཟླ་ལ༔ སྣང་སྟོང་ཟུང་འཇུག་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ལྡན་གསལ༔ ལྟེ་བར་མ་ཧཱ་ཀཱ་ལ་ནག༔ གྲི་ཐོད་འཛིན་ཅིང་བེར་ཆེན་གསོལ༔ དུར་ཁྲོད་ཆས་ལྡན་ཁྲོ་ཞིང་གཏུམ༔ བརྐྱང་བསྐུམ་ཚོགས་བདག་གདན་ལ་རོལ༔ གསང་བར་ཁྱབ་འཇུག་མེ་ཡི་མདོག༔ སྲིན་གཟུགས་ཞལ་བཅུ་བྱ་རོག་མགོ༔ རལ་གྲི་མེ་འབར་མདའ་གཞུ་བསྣམས༔ སྦྲུལ་མཇུག་ལྟོ་ཁས་དགྲ་བགེགས་ཟ༔ ཁྲག་མཚོ་བམ་རོའི་གདན་ལ་འགྱིང༔ ཕྱི་རོལ་དྲེགས་པ་སྡེ་བཅུ་སོགས༔ སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས༔ བཀའ་ཉན་གསུང་སྡོད་ཅི་བཅོལ་སྒྲུབ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཡེ་ཤེས་ལས་དང་འཇིག་རྟེན་བཀུག༔ ཡེ་ཤེས་གནས་གསུམ་ལྷ་ལ་ཐིམ༔ གཞན་དག་ལྟེ་གསང་ལ་བསྡུས་པས༔ ཐམས་ཅད་བདག་གི་དབང་དུ་གྱུར༔ ལས་བཅོལ་ཐོགས་མེད་འགྲུབ་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྣང་སྲིད་དབང་སྒྱུར་དགོངས་པའི་ངང༔ ཧཱུྃ་ཨ་ཀ་ཡ༔ ཧ་ཨ་ར་མ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་སྦུར་ཐུཾ་ཛཿཛ༔ དྷ་ལོ་ཤ་པུ་ཝ་མ་ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛཿཛ༔ ཕ་མ་གཉིས་མེད་མ་ནིང་རྒྱུད༔ འཁོར་འདས་ཀུན་གྱི་སྲོག་འདུས་པ༔ བསྒྱུར་མེད་རྡོ་རྗེའི་གསང་སྔགས་འདི༔ ཞག་བདུན་དམ་བསྲུང་རྩེ་གཅིག་བཟླ༔ སྡེ་བརྒྱད་ཀུན་གྱི་སྲོག་ལ་དབང༔ ཟབ་མོ་གཏེར་གྱི་དངོས་གྲུབ་ཐོབ༔ མཆོག་གི་སིདྡྷི་ཚེ་འདིར་བརྙེས༔ འཕོས་ཚེ་བདེ་བ་ཅན་དུ་སྐྱེ༔ ཟབ་དང་གཉན་དང་ནུས་པ་རྣམས༔ པདྨ་རང་ཉིད་ཚད་དུ་བཞག༔ དེ་ཕྱིར་གཡར་དམ་སྙིང་ལ་ཕུར༔ ཐུགས་ཀར་ཧཱུྃ་དམར་མེ་འབར་བའི༔ མཐའ་སྐོར་སྔགས་ཀྱི་ཕྲེང་བ་ལས༔ མེ་འབར་ཕྱི་ནང་སྣོད་བཅུད་ཁེངས༔ དྲག་སྔགས་ཧཱུྃ་མཚོན་སྐར་ལྟར་འཁྲུགས༔ ཁྲོ་ཆུང་མང་པོ་གློག་ལྟར་འཁྱུག༔ སངས་རྒྱས་བྱང་སེམས་རིག་པ་འཛིན༔ མཁའ་འགྲོ་ཀུན་གྱི་བྱིན་རླབས་བསྡུས༔ སྣང་སྲིད་དྲེགས་པའི་སྲོགས་འཕྲོག་ནས༔ ཧཱུྃ་ཐིམ་མཐུ་སྟོབས་ནུས་པ་བསྐྱེད༔ འདོད་པའི་དོན་ཀུན་འགྲུབ་པར་དམིགས༔ ལས་བཞིའི་ཁ་བསྒྱུར་ཟབ་མོ་དང༔ ས་ལ་སཱཙྪ་རིགས་ལྔ་གདབ༔ ཆུ་ལ་ཆུ་གཏོར་མགྲོན་བཞིར་བསྔོ༔ མེ་ལ་མེ་མཆོད་སྦྱིན་སྲེག་བྱ༔ རླུང་ལ་བསང་དང་དུད་རྫས་གཏང༔ ལྷ་སྲིན་དམ་བསྒྲག་བརྔན་རྫས་སྦྱིན༔ འདོད་དོན་ཡིད་བཞིན་འགྲུབ་པར་འགྱུར༔ ཐོག་མ་ཐ་མ་མེད་པ་རུ༔ སྦས་པ་ཆོས་ཉིད་ནང་གི་གཏེར༔ སྤང་ཐོབ་མེད་ཀྱང་རྟོག་པས་བསྒྲིབས༔ འཛིན་པས་ནང་དུ་མ་བཅིངས་ཤིང༔ སྣང་ཡུལ་ཕྱི་རུ་མི་ཡན་པར༔ འཁྲུལ་རྟོག་བར་ལག་འགྱེལ་བ་ཡི༔ རང་རིག་རྟོགས་པའི་ལྡེ་མིག་གིས༔ རང་གསང་སྒོ་དེ་ཐབས་ཀྱིས་དབྱེ༔ སྣང་སྲིད་དག་པ་ཆེན་པོར་མཐོང༔ ཐམས་ཅད་རིན་ཆེན་གསེར་གྱི་གླིང༔ སྤང་དང་བླང་བྱའི་ཐ་སྙད་འདས༔ དོན་གྱི་གསང་དེར་འཇུག་འདོད་ན༔ རང་བྱུང་རིག་པ་མཁའ་ལྟ་བུ༔ ཕྱོགས་སུ་མ་ལྷུང་རྒྱ་མ་ཆད༔ འཁོར་འདས་རིས་མེད་ཕྱམ་བདལ་བ༔ མ་བཅོས་ཡེངས་མེད་རྗེན་པར་གཞག༔ སེམས་ཀྱི་འཁྲུལ་རྟོག་ཇི་སྙེད་ཀྱང༔ གཞི་མེད་རྩ་བ་བྲལ་བའི་ཕྱིར༔ གཉེར་ཁ་མི་བྱ་རང་སོར་ཀློད༔ ཐོབ་པར་འདོད་པའི་རེ་བ་སྤང༔ མ་ཐོབ་དོགས་པའི་འཆིང་བ་བཀྲོལ༔ བློ་བྲལ་ཆོས་སྐུར་གདིང་ཐོབ་ནས༔ གནས་ལུགས་གཏེར་ཁ་འབྱེད་པར་འགྱུར༔ ས་མ་ཡ༔ ཆོས་ཉིད་རང་རྩལ་རྫོགས་འདོད་ན༔ རྡོ་རྗེ་དྲག་རྩལ་རྣལ་འབྱོར་བསྒོམ༔ ཀ་དག་དབྱིངས་ཀྱི་ངང་ཉིད་ལས༔ ཧཱུྃ་ཧཱུྃ་ཞེས་བརྗོད་དྲན་རྫོགས་སུ༔ རང་ཉིད་རྡོ་རྗེ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྨུག་ནག་བེར་ཆེན་སྐུ་ལ་གསོལ༔ དུར་ཁྲོད་རུས་པ་རིན་ཆེན་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔ གཡོན་པས་གསེར་གྱི་དྲིལ་བུ་འཛིན༔ ཞལ་བཞད་ཨག་ཚོམ་མེ་ལྟར་འབར༔ སྤྱན་མིག་ཉི་ཟླ་ཀུན་ཏུ་འཁྱིལ༔ དབུ་སྐྲ་སྨུག་ནག་སྤྱི་བོར་བཅིངས༔ ཞིང་གླང་ན་བཟའ་སྟག་ཤམ་འཕྱང༔ ཞབས་གཉིས་པདྨ་ཉི་ཟླའི་སྟེང༔ སྲིན་པོ་ཕོ་མོའི་སྙིང་གར་བརྫིས༔ མེ་འོད་ལྔ་ལྡན་ཀློང་དཀྱིལ་ན༔ ཧཱུྃ་ཧཱུྃ་ཕཊ་ཕཊ་འབྲུག་སྟོང་སྒྲོག༔ རང་ལུས་འདོམ་གང་གྲུ་བཞི་པ༔ གཞལ་ཡས་ཁང་ཆེན་སྟེང་འོག་གི༔ རྒྱུན་ལམ་སྒོ་བཞི་གསལ་བའི་དབུས༔ སྙིང་རྩ་པདྨ་འདབ་བརྒྱད་སྟེང༔ རང་རིག་བླ་མ་དྲག་པོ་རྩལ༔ ཁྲོས་མ་ནག་མོ་ཡུམ་དང་སྦྱོར༔ རྒྱན་དང་ཆ་ལུགས་རང་དང་མཐུན༔ ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་ཆེན་སྒྲོག༔ རྩ་རྣམས་དཔའ་བོ་སྡེ་བཞི་ལ༔ ཁམས་རྣམས་དཔའ་མོ་ཡུམ་དང་སྦྱོར༔ རིགས་ཀྱི་སྐུ་མདོག་ཕྱག་མཚན་འཛིན༔ སྟོང་ཕྲག་བདུན་ཅུ་རྩ་བཞི་རྣམས༔ ཀུན་ཀྱང་དཔའ་བོ་མཁའ་འགྲོ་མ༔ ཧ་རི་ནི་སའི་སྒྲ་དང་བཅས༔ ཕུང་པོ་རིགས་ཀྱི་ཡབ་ལྔ་སྟེ༔ འབྱུང་བ་རིགས་ཀྱི་ཡུམ་མཆོག་ལྔ༔ སྐྱེ་མཆེད་སེམས་དཔའ་སེམས་མར་གནས༔ མིག་སོགས་འདོད་ཡོན་ལྷ་མོ་སྟེ༔ དབང་ཡུལ་མཆོད་པ་རྒྱུན་མི་འཆད༔ ཡེ་ནས་རང་ལ་གནས་པའི་ལྷ༔ རྟག་ཏུ་མ་བསྒྲུབས་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་གིས་བཟླས་པ་ཡིས༔ འབྱུང་འཇུག་གནས་གསུམ་ཧཱུྃ་དུ་ཁྱེར༔ འོད་ཟེར་སྤྲོ་དང་བསྡུ་བ་དང༔ གྲགས་སྟོང་བདེ་བ་ཆེན་པོའི་ངང༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ གསང་སྔགས་རིག་སྔགས་གཅིག་བསྡུས་པ༔ འབྲུ་གཅིག་ཨ་ཏིའི་བཟླས་པ་ཉིད༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི༔ དབུགས་ཀྱི་རྒྱུན་དང་མི་འབྲལ་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐབས་སུ་བརྒྱ་སྟོང་ཁྲི་འབུམ་བཟླ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ དཔའ་བོ་མཁའ་འགྲོའི་སྲོག་གི་གནད༔ སྐབས་སུ་ཤམ་བུར་སྦྲེལ་བས་བསྐུལ༔ རྒྱུན་དུ་བཟླས་བསྒོམ་ཚེ་འདི་ལ༔ སྐུ་གསུམ་བླ་མའི་གོ་འཕང་འཐོབ༔ ཞག་བདུན་བཟླས་པས་གང་འདོད་ཀྱི༔ དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད༔ རྗེས་ཤེས་རིག་པ་གསལ་སྟོང་ངང༔ མ་བཅོས་ལྷུན་གྲུབ་ཆེན་པོར་གཞག༔ རྫོགས་རིམ་རྩ་རླུང་ཤེས་པ་གཅུན༔ སྤྱི་བོའི་གཙུག་གམ་མདུན་གྱི་མཁར༔ བླ་མ་བསྒོམས་ལ་གསོལ་བ་འདེབས༔ ཐུགས་ཡིད་བསྲེས་ལ་མཉམ་པར་གཞག༔ བྱིང་རྒོད་གེགས་སོགས་ཧཱུྃ་ལྔས་བསལ༔ ཐོག་མར་བསྒོམ་གྱི་གཞི་བཅའ་བ༔ ལུས་གནད་སེམས་གནད་ལེགས་པར་གཅུན༔ སྐད་ཅིག་ཡེངས་མེད་གང་ཤར་ངང༔ རྐྱེན་དབང་མ་ཤོར་གཉེན་པོ་བརྟེན༔ ཞི་གནས་ཁོར་ཡུག་བརྟན་ཐོབ་བྱ༔ བར་དུ་ལྷག་མཐོང་རྩལ་སྦྱོང་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་བ་བཅད༔ སྣང་སྲིད་འཁོར་འདས་རང་རིག་པ༔ རང་རིག་འོད་གསལ་ཆོས་ཀྱི་སྐུ༔ བློ་བྲལ་གདོད་ནས་འགྱུར་བ་མེད༔ འཁོར་འདས་ཀུན་ལ་ཕྱམ་བདལ་ཞིང༔ མ་བཅིངས་མ་གྲོལ་ཡངས་པ་ཆེ༔ གནས་ལུགས་ལྷུམས་སུ་ཚུད་པར་བྱ༔ རིག་པའི་ངོ་བོ་སྟོང་པ་ཉིད༔ སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན༔ རྩལ་མདངས་འགག་མེད་ཅིར་ཡང་འཆར༔ ཤེལ་འོད་རྐྱེན་གྱིས་སྣང་བ་བཞིན༔ རང་རིག་ཐོག་མའི་མགོན་པོ་ཉིད༔ གཞན་དུ་ཚོལ་མེད་སྙིང་ནང་ཞུགས༔ ངོ་འཕྲོད་ཐག་ཆོད་གདིང་ཐོབ་ན༔ གཟུང་བའི་ཡུལ་སྣང་རང་སར་དག༔ འཛིན་པའི་སེམས་ཀྱང་ངང་དུ་ཟད༔ འོད་གསལ་རང་ངོ་འཕྲོད་ནས་ཀྱང༔ ཆོས་ཉིད་མ་བུ་ཞལ་མཇལ་ཏེ༔ གདོད་མའི་གྲོལ་སར་ཕྱིན་པར་འགྱུར༔ ས་མ་ཡ༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ དམར་ནག་མེ་ཕྲེང་ཏིང་འཛིན་བསྒོམ༔ སྣང་སྲིད་ཁྲོ་བོ་རོལ་པའི་ཞིང༔ རབ་འཇིགས་དུར་ཁྲོད་འབར་བའི་ཀློང༔ དྲག་པོའི་ཕོ་བྲང་རྔམ་ཞིང་བརྗིད༔ འཇིགས་རུང་བལྟ་བར་མི་བཟོད་པ༔ དྲེགས་པ་སྡེ་བརྒྱད་བསྒྲལ་པ་ཡི༔ རྒྱན་དང་བཀོད་པ་ཡོངས་རྫོགས་དབུས༔ དམར་ནག་གྲུ་གསུམ་ཨེ་ཡི་ཀློང༔ བདུད་སྲིན་ཕོ་མོ་བསྣོལ་བའི་ཁྲིར༔ པདྨ་ཉི་ཟླའི་དཀྱིལ་འཁོར་ལ༔ ཧཱུྃ་ཆེན་འབར་བ་མེ་འོད་འཕྲོ༔ གདུག་ཅིང་གཏུམ་པ་ཚར་བཅད་ནས༔ ཁྲོ་རྒྱལ་ཀུན་གྱི་ནུས་སྟོབས་བསྡུས༔ ཡོངས་གྱུར་པདྨ་ཧེ་རུ་ཀ༔ དམར་ནག་མེ་ཡི་ཕྲེང་བ་ཅན༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ གཡས་དཀར་གཡོན་ལྗང་དབུས་དམར་ཞལ༔ ཕྱག་དྲུག་གཡས་གསུམ་གྲི་གུག་དང༔ རྡོ་རྗེ་གནམ་ལྕགས་རལ་གྲི་ཕྱར༔ གཡོན་གསུམ་དུང་ཁྲག་ལྕགས་སྡིག་དང༔ ཁ་ཊྭཱཾ་རྩེ་གསུམ་གསོར་ཞིང་བསྣམས༔ ཞབས་བཞིས་རྒྱལ་བསེན་ཕོ་མོ་མནན༔ རལ་གྲིའི་གཤོག་གདེངས་དཔལ་ཆས་རྫོགས༔ རྡོ་རྗེའི་གོ་ཁྲབ་འོད་འབར་བའི༔ དྲྭ་མིག་གནམ་ལྕགས་སྡིག་པས་གཏམས༔ ཐོད་སྦྲུལ་རུས་པའི་རྒྱན་གྱིས་བརྗིད༔ རལ་གསེབ་རྟ་མགོ་གསུམ་མཚན་སྟེང༔ མཐའ་ཡས་སྤྱན་གཟིགས་ཐོད་ཕྲེང་རྩལ༔ བྱིན་རླབས་གཟི་བྱིན་ལམ་མེར་བཞུགས༔ དཔྲལ་མགྲིན་གཤེད་པོ་རྟ་མཆོག་དཔལ༔ ཐུགས་ཀར་གསེར་གྱི་མཆོད་རྟེན་གྱི༔ བུམ་ནང་ཕྱག་རྡོར་ཁྲོས་པའི་ཚུལ༔ ཐུགས་ཀར་ཉི་སྟེང་རྡོ་རྗེ་ཧཱུྃ༔ ལྟེ་བར་ཁྲོས་མ་རིགས་བཞིས་བསྐོར༔ གསང་བར་མེ་དབལ་ལས་ལ་རྔམས༔ ཡན་ལག་ཁྱུང་ཆེན་རིགས་ལྔས་མཚན༔ ཡུམ་མཆོག་ཕག་མོ་མཐིང་ནག་འཁྲིལ༔ ཕྱག་རྒྱ་ལྔས་བརྒྱན་གྲི་ཐོད་འཛིན༔ ལྕགས་སྡིག་མགོ་དགུ་ཕོ་ཉར་འགྱེད༔ བསྐལ་པའི་མེ་ཕུང་འབར་བའི་ཀློང༔ གར་དགུའི་རོལ་པས་ཁམས་གསུམ་གནོན༔ སྣང་སྲིད་འཁོར་འདས་ཞིང་ཀུན་ན༔ ཆེ་བཙན་འགྲན་ཟླ་བྲལ་བར་བསྒོམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྲིད་གསུམ་ཡོངས་སྒྲོལ་དགོངས་པའི་ངང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ༔ གསང་སྔགས་རིག་སྔགས་འདུས་པའི་བཅུད༔ བླ་མ་དྲག་པོའི་ཐུགས་ཡིག་འདི༔ ཐོས་དང་དྲན་པ་ཙམ་གྱིས་ཀྱང༔ སྡེ་བརྒྱད་བྲན་ཁོལ་བར་ཆད་སྲུང༔ བཟླས་པས་སིདྡྷི་རྣམ་གཉིས་ཐོབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ཐུགས་ཀར་པདྨ་འདབ་བརྒྱད་དབུས༔ རྡོ་རྗེ་དམར་པོ་རྩེ་དགུ་པ༔ ལྟེ་བར་ཉི་ཟླའི་ག་འུའི་དབུས༔ དྭངས་མ་ལྔ་ལྡན་ཧཱུྃ་དམར་ལ༔ སྤུ་ཤད་ཕྲེང་འདྲའི་སྔགས་ཀྱིས་བསྐོར༔ གནད་ཀྱི་གཟེར་བཏབ་ཡེངས་མེད་བཟླ༔ སྤྱི་གཙུག་ལྷ་གསུམ་ཐུགས་འོད་ཀྱིས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་བསྡུས༔ སྤྱི་བོའི་སྐུ་གསུམ་བླ་མར་ཐིམ༔ དེ་ལས་འོད་ཟེར་རང་ལ་ཐིམ༔ གཟི་བརྗིད་ཉི་མ་འབུམ་ལྟར་འབར༔ མཐུ་དབང་དངོས་གྲུབ་ཡོངས་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཐོག་མར་འདི་བསྙེན་བྱིན་རླབས་འབེབ༔ དེ་ནས་དྲག་པོའི་སྔགས་ཀྱིས་བསྒྲུབ༔ སྐབས་སུ་གནས་ལྔའི་ལྷ་རྣམས་ཀྱི༔ ཐུགས་སྲོག་འོད་ཀྱི་ཆོ་འཕྲུལ་གྱིས༔ སོ་སོའི་ཕྲིན་ལས་སྒྲུབ་དམིགས་ལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨ་ཧྲཱིཿཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལས་ཀྱི་ཤམ་བུ་འདི་ཡང་སྦྲེལ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ གྲངས་བསྙེན་ཐེམས་ནས་ལས་སྦྱོར་ནི༔ ཐུགས་སྲོག་འོད་ཟེར་ཕྱིར་འཕྲོས་པས༔ རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས༔ གསེར་གྱི་འཁོར་ལོ་རྩིབས་སྟོང་པ༔ ཁྲོ་ཆུང་བྱེ་བ་ས་ཡས་གཏམས༔ གཞལ་ཡས་ཁང་གི་ཕྱི་རོལ་དུ༔ གཡོ་མེད་བརྟན་པས་བར་ཆད་སྲུང༔ མ་མ་རཀྵ་ཧཱུྃ་བྷྲཱུྃ༔ ཐུགས་ལས་འོད་འཕྲོས་ཁྲོ་རྒྱལ་བྱིན༔ དྲེགས་པ་སྡེ་བརྒྱད་མཐུ་སྟོབས་བསྡུས༔ སྟེང་ཕྱོགས་གནམ་ལྕགས་འཁོར་ལོ་ནི༔ རྩིབས་སྟོང་བྱ་ཁྱུང་ཁྲོས་པས་མཚན༔ འོག་ཕྱོགས་མེ་ཡི་འཁོར་ལོ་ནི༔ རྩིབས་སྟོང་ལྕགས་བསྲེག་སྡིག་པས་མཚན༔ རྩེ་བསྣོལ་གཡས་གཡོན་དྲག་ཏུ་འཁོར༔ གནོད་བྱེད་དགྲ་བགེགས་བྱད་མ་རྣམས༔ ཟློག་ཅིང་བསད་པའི་ལས་མཛད་བསམ༔ མཱ་ར་ཡ༔ སཏྭམྦྷ་ཡ༔ མོ་ཧ་ཡ་ཟློག་ཟློག༔ ཁྱད་པར་རྒྱལ་བསེན་གཟིར་འདོད་ན༔ མེ་དབལ་ཐུགས་ལས་ཐོ་བ་དང༔ མེ་ཞགས་འཛིན་པ་གྲངས་མེད་སྤྲོས༔ རང་ལ་གནོད་པའི་དམ་སྲི་རྣམས༔ དབང་མེད་བཀུག་སྟེ་རྩིབས་བར་ཚུད༔ ཕྱེ་མར་ཐུལ་ཐུལ་བཅོམ་པར་བསམ༔ རཱ་ཙ་གནོད་བྱེད་རྒྱལ་བསེན་གྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཚབ་ཆེ་དྲག་པོའི་སྔགས་རྒོད་སྦྲེལ༔ ཏྲི་རཱ་ཙ་རྒྱལ་བསེན་གྱི་ཙིཏྟ་ཟུང་ཟུང༔ རཱ་ཙ་ཁ་རག་སྨ་ཤ་རྦད་རྦད༔ རཱ་ཙ་འཁུ་ན་དུམ་བུར་ཤིག་ཤིག༔ འདའ་ན་རཱ་ཙའི་ཙིཏྟ་ཕྱུང་ཕྱུང༔ ལྡོག་ན་རཱ་ཙའི་ཙིཏྟ་གཏུབས་གཏུབས༔ ཡ་ཏྲི་ཡ༔ ཡ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཞུང་ཏྲི་ཡ༔ མ་ཞུང་ཏྲི་ཡ༔ བྲམ་ཟ་བྲམ་ཟ༔ རཱ་ཙ་ཏྲི་ཧུར་ཐུམ་ཛ༔ མཱ་ར་ཡ་རྦད༔ བསེན་མོ་ཧུར་ཐུམ་ཛ༔ མཱ་ར་ཡ་རྦད༔ ཁྲི་ཕྲག་བཟླས་པས་རྟགས་མཚན་འབྱུང༔ ཀུན་ཀྱང་རྩ་སྔགས་ཤམ་བུར་སྦྲེལ༔ དགོངས་པའི་གདིང་དང་མ་བྲལ་བྱ༔ མཐར་ནི་རྫོགས་པའི་རིམ་ལ་སྦྱར༔ ཐུགས་ལས་འོད་འཕྲོས་འཁོར་འདས་ཀུན༔ འོད་ཞུ་ཧཱུྃ་དམར་རང་སྒྲ་ལྡིར༔ སེམས་གཏད་རླུང་བཟུང་ངང་ལ་གཞག༔ ཐམས་ཅད་ཚུར་འདུས་རང་ལ་ཐིམ༔ དྭངས་མ་སྙིང་གའི་གྭ་འུ་རུ༔ ཐིག་ལེ་དམར་པོ་རྒྱ་སྲན་ཙམ༔ འོད་ལྔ་འབར་ལ་རླུང་སེམས་དྲིལ༔ དམིགས་པའི་འཕྲུལ་གྱིས་ལས་ཀུན་བསྒྲུབ༔ རྡོ་རྗེའི་བཟླས་པས་འཁོར་འདས་བསྲེ༔ མཐའ་བྲལ་ལྟ་བས་སྤྲོས་མཐའ་བཅད༔ མངོན་སུམ་ཐིག་ལེས་རང་ངོ་སྤྲད༔ ཐམས་ཅད་རྨི་ལམ་སྒྱུ་མར་བལྟ༔ སྡང་ཞེན་འཛིན་པ་རྦད་ཀྱིས་གཅད༔ བདེ་སྟོང་ཉམས་རྩལ་རྫོགས་པའི་ཕྱིར༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་ནང༔ ཕག་མོ་དམར་མོ་གྲི་ཐོད་འཛིན༔ ཁ་ཊྭཱཾ་དཀུར་བརྟེན་འགྱིང་བག་ཚུལ༔ ནུ་འབུར་བྷ་ག་རྒྱས་པ་ལ༔ སེམས་གཏད་རླུང་བཟུང་བདེ་བ་བསྒོམ༔ སྲོག་རྩོལ་བཏང་བས་སྣང་སྲིད་ཀུན༔ འོད་ཟེར་དམར་པོར་ལམ་གྱིས་ཞུ༔ ཁ་སྣ་ནས་ཞུགས་དབུ་མར་ཐིམ༔ རླུང་བཟུང་ལྟེ་བའི་རྗེ་བཙུན་མར༔ མཆོད་མཉེས་ཆོས་འབྱུང་འོད་ཀྱིས་གང༔ སླར་ལོག་བདེ་དྲོད་རྒྱུན་དེ་ཉིད༔ ཕག་མོའི་བྷ་གར་ཞུགས་པ་ཡིས༔ བླ་མེད་བདེ་ཆེན་མཆོད་པས་མཉེས༔ དེ་ཉིད་མེར་འབར་ལུས་ཀུན་ཁྱབ༔ སྟོང་ཕྲག་བདུན་ཅུ་གཉིས་ཀྱི་རྩར༔ དྭངས་མ་འོད་ཀྱི་ཐིག་ལེས་གང༔ རང་བྱུང་བདེ་ཆེན་འབར་བསམས་ལ༔ ལུས་ཀྱིས་འཁྲུལ་འཁོར་སྣ་ཚོགས་བྱ༔ སེམས་ནི་བདེ་བའི་ངོ་བོར་བལྟ༔ བདེ་དང་སྟོང་པ་ཟུང་དུ་འཇུག༔ གཉིས་མེད་ཡེ་ཤེས་སྙིང་གའི་དབུས༔ འདབ་བརྒྱད་པདྨའི་གེ་སར་ལ༔ ཐོག་མའི་མགོན་པོ་འོད་མི་འགྱུར༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུར༔ སེམས་གཏད་ཡང་ཡང་བསྒོམ་པ་ཡིས༔ ཕྱི་རོལ་འཁྲུལ་པའི་སྣང་བ་ཟད༔ ནང་དུ་བདེ་ཆེན་ཡེ་ཤེས་འབར༔ གསང་བར་དབྱིངས་རིག་མ་བུ་འདྲེས༔ པདྨ་ཧེ་རུ་ཀ་འགྲུབ་འགྱུར༔ ས་མ་ཡ༔ གསང་ཆེན་ལུང་གི་མཛོད་བརྙེས་ཕྱིར༔ རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་བསྒོམ༔ སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར༔ རྣམ་དག་འོད་ལྔའི་ཕོ་བྲང་མཛེས༔ རིན་ཆེན་འོད་འབར་འཇའ་ཚོན་འཁྱིལ༔ མཉམ་ཡངས་བདེ་ཆེན་ཟང་ཐལ་གསལ༔ ཡེ་ཤེས་ཕྱོགས་མེད་ཆོས་དབྱངས་སྒྲོག༔ དེ་དབུས་པདྨ་དམར་པོ་དང༔ ཟླ་བ་རྒྱས་པའི་དཀྱིལ་འཁོར་ལ༔ ཧྲཱིཿཡིག་འཆར་ཁའི་མདངས་ལྡན་གསལ༔ འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས༔ ཚུར་འདུས་རྒྱུ་ཡི་ཡི་གེར་ཐིམ༔ ཡོངས་གྱུར་བླ་མ་རྡོ་རྗེ་ཆོས༔ གསུང་གི་དབང་ཕྱུག་གསང་བའི་བདག༔ སྐུ་མདོག་པདྨ་རཱ་གའི་མདངས༔ ཞི་འཛུམ་ཁྲོ་ཞིང་ཆགས་པའི་ཉམས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་དྲིལ་དཀུར་བརྟེན་ཡུམ་ལ་འཁྱུད༔ གསང་བའི་ཡུམ་མཆོག་རྣལ་འབྱོར་མ༔ མཐིང་དམར་ཨུཏྤལ་གཞོན་ནུའི་མདོག༔ གྲི་གུག་ཐོད་འཛིན་ཆགས་ཉམས་རྒྱས༔ ཞབས་གཉིས་རྡོར་སྐྱིལ་པད་སྐྱིལ་རོལ༔ སྟོད་གཡོགས་སྨད་ཤམ་ལྷབ་ལྷུབ་འཕྱང༔ རིན་ཆེན་རྒྱན་ཆ་དུ་མས་བརྒྱན༔ བ་སྤུའི་བུ་ག་རེ་རེ་ནས༔ འོད་ཟེར་བྱེ་བ་དྲུག་ཅུ་ཡིས༔ རྒྱལ་དང་རྒྱལ་བའི་མྱུ་གུ་དང༔ རིག་འཛིན་མཁའ་འགྲོ་ཇི་སྙེད་པ༔ སྤྲོ་བསྡུས་སངས་རྒྱས་ཕྲིན་ལས་མཛད༔ གསང་མཆོག་གསང་བ་ཀུན་གྱི་བདག༔ ཆོས་ཀྱི་དབང་ཕྱུག་ཆེན་པོར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ སྟོན་འཁོར་དབྱེར་མེད་དགོངས་པའི་ངང༔ ཨོཾ་གུ་རུ་བཛྲ་དྷརྨ་གུ་ཧྱ་སརྦ་སིདྡྷི་ཧཱུྃ༔ རྡོ་རྗེ་རྩེ་གསུམ་ལྗགས་ཀྱི་ལྟེར༔ ཉི་ཟླའི་གྭ་འུ་འོད་འབར་དབུས༔ སྣང་བ་མཐའ་ཡས་ཡབ་ཡུམ་དམར༔ བདེ་བར་རོལ་པའི་སྦྱོར་མཚམས་ནས༔ ཐབས་ཤེས་ཡི་གེ་བྱང་སེམས་རྒྱུན༔ བྱི་རུའི་ཕྲེང་བ་ལྟ་བུ་བྱུང༔ རྭ་གསུམ་རྩེ་ནས་ཕྱིར་ཐོན་ཏེ༔ རང་སྒྲ་བཅས་པས་སྟོང་གསུམ་གང༔ རྒྱལ་བ་རིག་འཛིན་ཐུགས་དམ་བསྐུལ༔ གསང་གསུམ་ཡེ་ཤེས་དཀར་དམར་ཕྲེང༔ སླར་འདུས་ལྗགས་ཀྱི་རྭ་རྩེར་ཞུགས༔ རོ་རྐྱང་ནང་བརྒྱུད་དབུ་མར་སོང༔ ཐུགས་ཀར་དྭངས་མ་ལྔ་ལྡན་གྱི༔ ཐིག་ལེའི་ཧྲཱིཿལ་གཉིས་མེད་ཐིམ༔ ངག་སྒྲིབ་ངག་སྐྱོན་མ་ལུས་བསལ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང༔ ཆོས་ཕུང་བརྒྱད་ཁྲིའི་དབང་ཆེན་ཐོབ༔ ཐུན་མོང་ཐུན་མོང་མ་ཡིན་པའི༔ གསང་བའི་མཛོད་ལ་དབང་བརྙེས་བསམ༔ ངག་བཟླས་རླུང་བཟླས་ཕྱེད་མར་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་དྷརྨ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཨཱཿཧཱུྃ༔ རྡོ་རྗེའི་སྔགས་རྣམས་ཀུན་གྱི་གཞི༔ དབྱངས་གསལ་དག་ཀྱང་སྦྲེལ་ནས་བཟླ༔ ཡུན་དུ་མི་འགྱངས་དངོས་གྲུབ་ཐོབ༔ གསུང་གི་དབང་ཕྱུག་ཆེན་པོར་འགྱུར༔ རྫོགས་རིམ་ལྟ་སྒོམ་སྤྱོད་པ་གསུམ༔ ལྟ་བ་འཁོར་འདས་སྣང་བ་ཀུན༔ ཆོས་ཅན་ཆོས་ཉིད་ངང་དུ་སྟོང༔ སྐྱེ་འགག་གནས་མེད་འགྲོ་འོང་བྲལ༔ གདལ་བ་ཆེན་པོ་ཕྱོགས་ལྷུང་སྤངས༔ ཆོས་རྣམས་དེ་ཡི་ངང་དུ་རྫོགས༔ སུས་ཀྱང་མ་བྱས་བྱར་མེད་པ༔ ཀུན་བྱེད་རྒྱལ་པོ་རང་གི་སེམས༔ སེམས་ཀྱི་རང་བཞིན་བྱང་ཆུབ་ཉིད༔ ལོགས་སུ་བཙལ་བས་རྙེད་མི་འགྱུར༔ དེ་དོན་སུས་ཀྱང་བསྟན་དུ་མེད༔ ནམ་མཁས་མཚོན་ཏེ་ཤེས་པར་གྱིས༔ སྒོམ་པ་ཆོས་བདུན་ངང་དུ་ཀློད༔ སྐྱོན་ཅན་རླུང་གི་རྒྱུ་བ་བསལ༔ རྔུབ་པ་ཨོཾ་ཞེས་དལ་བར་དྲང༔ གནས་པ་ཨཱཿལ་ཡུན་དུ་བཟུང༔ དབྱུང་བ་ཧཱུྃ་ཞེས་ནར་གྱིས་གཏང༔ ལྷ་སྔགས་དབྱེར་མི་ཕྱེད་པའི་སེམས༔ འཛིན་བྲལ་ལྷུག་པར་ཙན་གྱིས་གཞག༔ ལས་རླུང་འགྲོ་འོང་ཟད་པའི་ཐབས༔ ཡི་གེ་ཨ་ལ་གཏད་ཅིང་བསྒོམ༔ སྟོང་གསལ་རང་བབ་ཞི་གནས་དང༔ རང་བྱུང་རང་གྲོལ་ལྷག་མཐོང་གཉིས༔ དབྱེར་མེད་ཁྱབ་བདལ་ཆེན་པོར་གཞག༔ སླར་ཡང་སྙིང་གའི་འདབ་བརྒྱད་ལ༔ ཨ་དང་དབྱངས་གསལ་བཀོད་པ་འམ༔ འཁོར་ལོ་བཞི་ཡི་གཏུམ་མོ་བསྒོམ༔ སྣང་མཆེད་ཐོབ་པའི་འོད་གསལ་མཐོང༔ སྐབས་སུ་སྙིང་གའི་པདྨའི་དབུས༔ ཡུངས་འབྲུ་ཙམ་གྱི་ཐིག་ལེ་ལས༔ འོད་དམར་སྟོང་གསུམ་གསལ་བར་བལྟ༔ སྟེང་འོག་རླུང་གི་སྦྱོར་བས་སྦྱང༔ སྣ་རྩེར་འོད་དཀར་ཡུངས་འབྲུ་ཙམ༔ གསལ་ཞིང་འཚེར་ལ་རླུང་སེམས་གཏད༔ ཐིག་ལེ་ནམ་མཁའི་དབྱིངས་སུ་བསྲེ༔ དེ་བཞིན་མཁའ་མཐར་ཐུག་བར་སྦྱང༔ རྗེས་ཤེས་མ་བཅོས་སོ་མར་གཞག༔ སྤྱོད་པ་ཕྱི་རོལ་སྣང་བ་སེམས༔ བཟང་ངན་བདེན་མེད་སྒྱུ་མར་བལྟ༔ ནང་དུ་ན་ཚ་གདོན་བགེགས་སོགས༔ བདེ་སྡུག་རོ་སྙོམས་ལམ་དུ་བསླང༔ གསང་བ་དུག་ལྔ་ཡེ་ཤེས་ལྔར༔ རང་གྲོལ་བདེ་བ་ཆེན་པོར་སྤྱད༔ སྐྱེ་འཆི་བར་དོའི་སེམས་དང་བསྲེ༔ མ་ཡེངས་དྲན་པའི་བྱ་ར་བས༔ རྒྱུན་སྤྱོད་ལྷ་སྔགས་ཡེ་ཤེས་ཁྱེར༔ སྣང་བ་སྐུ་ལ་གྲགས་པ་སྔགས༔ དྲན་རྟོག་ཐུགས་སུ་མྱུར་སྨིན་ནས༔ རྡོ་རྗེ་ཆོས་སུ་འགྲུབ་པར་འགྱུར༔ ས་མ་ཡ༔ དགའ་བཞིའི་ཡེ་ཤེས་འཕེལ་བརྟན་ཕྱིར༔ གུ་རུ་བདེ་བ་ཆེན་པོར་བསྒྲུབ༔ སྣང་སྲིད་ཆོས་ཀུན་བདེ་བ་ཆེ༔ རང་བྱུང་འགྱུར་མེད་འོད་དུ་གསལ༔ ངང་ཉིད་ཆོས་སྐུར་དག་པ་ལས༔ ལྷན་སྐྱེས་དགའ་བའི་ཐིག་ལེར་འཁྱིལ༔ འཇའ་འོད་ཟེར་ཐག་འཁྲིགས་པའི་ཀློང༔ བདེ་ཆེན་ཕོ་བྲང་ཉམས་རེ་དགའ༔ ཡེ་ཤེས་ལོངས་སྤྱོད་ལྷུན་རེ་སྡུག༔ ཌཱ་ཀིའི་སྤྲིན་ཕུང་དང་རེ་སྤྲོ༔ དེ་དབུས་པདྨའི་སྡོང་པོ་ནི༔ འདབ་རྒྱས་གེ་སར་ཟེའུ་འབྲུ་ལ༔ དཀར་དམར་མདངས་ལྡན་ཧྲཱིཿཡིག་ལས༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས༔ གུ་རུ་བདེ་བ་ཆེན་པོ་ནི༔ སྐུ་མདོག་དཀར་ལ་དམར་བའི་མདངས༔ ལྷན་ཅིག་སྐྱེས་པའི་བདེ་བས་སྒེག༔ ཞི་འཛུམ་རྡོ་རྗེའི་ལྟ་སྟངས་ཅན༔ མཚན་དང་དཔེ་བྱད་བཟང་པོས་སྤྲས༔ མཐོང་ན་མི་མཐུན་མེད་པའི་ཉམས༔ མཉམ་གཞག་ཕྱག་གི་ཐོད་ཞལ་དུ༔ ཟག་མེད་ཡེ་ཤེས་བདུད་རྩིས་གཏམས༔ རྦ་རླབས་བཾ་ཡིག་དཀར་པོར་འཁྱིལ༔ དབུ་ལ་པདྨའི་སྙན་ཞུ་གསོལ༔ གསང་གོས་དཀར་ལ་ཕོད་ཀ་མཐིང༔ ཟ་འོག་བེར་སྨུག་བརྗིད་པར་བཀླུབས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ དྲན་པས་འཁོར་བའི་གདུང་བ་སེལ༔ ཡེ་ཤེས་བདེ་བའི་གཟི་བརྗིད་ཀྱིས༔ གཉིས་རྟོག་དབྱིངས་སུ་ནུབ་པར་བསམ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ འགྱུར་མེད་བདེ་ཆེན་དགོངས་ཉམས་སྤར༔ ཨོཾ་གུ་རུ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀར་པདྨ་ཁ་སྦྱོར་ནི༔ དཀར་དམར་འདབ་མ་བརྒྱད་རྣམས་སུ༔ དཔའ་བོ་དཔའ་མོ་ཉེར་བཞི་པོ༔ ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར༔ དཀར་པོའི་བ་ཐག་སྤྱི་བོའི་ནང༔ ཐིག་ལེ་དཀར་པོ་ཨོཾ་ལ་ཟུག༔ དམར་པོའི་བ་ཐག་ལྟེ་འོག་ཏུ༔ ཐིག་ལེ་དམར་པོ་ཨཱཿལ་ཟུག༔ པདྨའི་ལྟེ་བར་ཉི་ཟླ་ཡི༔ ཐོད་པ་དཀར་དམར་ཡུངས་འབྲུ་ཙམ༔ ཁ་སྦྱོར་དབུས་སུ་ཧཱུྃ་དཀར་དང༔ བཾ་དམར་མཐའ་རུ་སྔགས་ཀྱི་ཕྲེང༔ བདེ་བའི་འོད་ཟེར་ལུ་གུ་རྒྱུད༔ བཟླས་པས་བདེ་ཆེན་བདུད་རྩི་བབས༔ ཐོད་པ་པདྨ་ལུས་ཀྱི་ནང༔ རིམ་གང་སྣང་སྲིད་བདེ་བ་ཆེར༔ བྱུང་ཚོར་དབྱིངས་སུ་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷརྨ་མ་ཧཱ་སུ་ཁ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ༔ ཐམས་ཅད་རྡོ་རྗེ་པདྨ་ཡི༔ རྩ་རྩེ་རོལ་པའི་བདེ་བའི་དབྱངས༔ བུང་བའི་གླུ་ལྟར་སྙན་པ་ཡི༔ ཨཱ་ལི་ཀཱ་ལི་སྒྲོག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧཱུྃ་བཾ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ བཛྲ་གུ་རུ་སུ་ཁ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཁ་སྦྱོར་རླུང་གི་བཟླས་པ་ནི༔ བརྒྱ་རྩ་བརྒྱད་ཀྱིས་བདེ་ཆེན་འགྲུབ༔ ཆོས་ཀུན་བདག་མེད་གནས་ལུགས་རྟོགས༔ ཚེ་རིང་དཔའ་བོ་མཁའ་འགྲོ་འདུ༔ འཆི་ཚེ་མཁའ་སྤྱོད་གནས་སུ་འགྲོ༔ སྙིང་སྐྱོན་སེལ་ཞིང་གང་བསམ་འགྲུབ༔ འདིར་བསྟན་ཟབ་མོའི་རྫོགས་རིམ་གནད༔ འཇམ་རླུང་བཟུང་ནས་ཡིད་གཏད་པས༔ ཐུགས་ཀའི་ཧཱུྃ་བཾ་དབྱངས་གསལ་ལས༔ འོད་འཕྲོས་སྣང་སྲིད་ཀུན་ལ་ཁྱབ༔ སྣང་ཆ་ཧཱུྃ་དང་གསལ་བྱེད་འབྲུ༔ སྟོང་ཆ་བཾ་དང་དབྱངས་ཡིག་གྱུར༔ རང་སྒྲ་སྒྲོག་པས་འཁོར་འདས་ཀུན༔ སྟོང་པ་ཉིད་ནི་བཅུ་དྲུག་དང༔ ཐབས་ཤེས་དགའ་བ་སོ་གཉིས་པོ༔ དབྱེར་མེད་རང་བཞིན་འོད་དུ་འབར༔ ཚུར་འདུས་སྙིང་གི་པདྨའི་ནང༔ དཀར་དམར་བདེ་སྟོང་འོད་ཀྱིས་གང༔ འགྱུར་མེད་ལྷན་ཅིག་སྐྱེས་དགའ་ཐོབ༔ ཡང་དག་ཡེ་ཤེས་འོད་ལྔར་འཁྱིལ༔ སྲིད་གསུམ་འོད་ཕུང་གཅིག་ཏུ་གསལ༔ གྲྭ་ཟུར་མེད་པར་ཟླུམ་པ་ལ༔ སྤྲོ་བསྡུ་རང་བྱུང་རང་ཤར་དུ༔ བྱེད་པོ་ཉིད་དང་བྲལ་བར་བལྟ༔ དབྱིངས་དང་རིག་པ་གཅིག་ཏུ་བསྲེ༔ མི་རྟོག་རྩོལ་བྲལ་ངང་དུ་གཞག༔ ས་མ་ཡ༔ ཡེ་ཤེས་རིག་པ་རྩལ་རྫོགས་ཕྱིར༔ འོད་མི་འགྱུར་བའི་ཏིང་འཛིན་བསྒོམ༔ འཁོར་འདས་དག་པ་ནམ་མཁའི་དབྱིངས༔ རིག་པའི་རང་འོད་ཁྱབ་ཅིང་བདལ༔ ཨོཾ་ སྟོང་གསལ་ཉི་ཟླའི་གྭ་འུའི་དབུས༔ ཨཱཿ རང་བྱུང་རིག་པ་ཧཱུྃ་མཐིང་གསལ༔ ཧཱུྃ་ ཀུན་གསལ་ཀུན་རིག་ཀུན་ཏུ་བཟང༔ ཐོག་མའི་མགོན་པོ་འོད་མི་འགྱུར༔ དང་པོའི་སངས་རྒྱས་དྲྭ་བ་སྡོམ༔ སྐུ་དང་ཡེ་ཤེས་དབྱེར་མེད་པ༔ མཐིང་སྔོན་ནམ་མཁའ་དྭངས་པའི་མདོག༔ ཆོས་རྣམས་ཀུན་ཁྱབ་ཀུན་འགྲོའི་ངང༔ ཏིང་འཛིན་ཕྱག་རྒྱས་མཉམ་པར་གཞག༔ སྤྲོས་པའི་མཚན་མས་མ་གོས་པར༔ གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རང་རིག་བྱ་རྩོལ་བྲལ་བ་ཡི༔ རང་འོད་བཟང་མོ་ཡུམ་དང་འཁྲིལ༔ སྙིང་ནང་འོད་ལྔའི་ཐིག་ལེ་རུ༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ དུང་ཁང་འཇའ་ཟེར་མེ་ཕུང་ཀློང༔ གསང་ཆེན་རོལ་པའི་ཁྲག་འཐུང་རྣམས༔ མ་བསྐྱེད་གདོད་ནས་ལྷུན་གྱིས་རྫོགས༔ རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ༔ རྡོ་རྗེ་སེམས་དཔའ་འོད་མི་འགྱུར༔ སྣང་རིག་སྟོང་པ་ཟུང་དུ་འཇུག༔ གནས་ནི་སྙིང་དབུས་ཆོས་ཀྱི་དབྱིངས༔ དབྱིབས་ནི་གྲྭ་ཟུར་མཚན་མ་སྤངས༔ ཕྲིན་ལས་འགག་མེད་ཅིར་ཡང་སྣང༔ འཁོར་འདས་རྒྱལ་བའི་ཞིང་དུ་བརྡལ༔ ཅིར་ཡང་མ་གྲུབ་ཀ་ནས་དག༔ རང་བཞིན་འོད་གསལ་ཐིག་ལེར་སྣང༔ ཕྱོགས་རིས་མེད་པས་མཐའ་ལས་འདས༔ གཟུང་འཛིན་སྤངས་པའི་བདེ་བ་ཆེ༔ དབྱིངས་རིག་གཉིས་སུ་མེད་པར་གསལ༔ ཏིང་འཛིན་བརྟན་ནས་བཟླས་པ་ནི༔ ཡེ་རྫོགས་ལྷུན་འབྱམས་ཆེན་པོའི་ངང༔ ཨོཾ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ སྣང་སྟོང་ཆུ་ཟླ་ལྟ་བུ་ཡི༔ ཐུགས་ཀར་རང་བྱུང་འོད་གསལ་བའི༔ བུམ་ནང་ཀུན་བྱེད་རྒྱལ་པོ་ནི༔ ཨ་ཡིག་དཀར་པོ་འོད་དུ་གསལ༔ གནས་གསུམ་འབྲུ་གསུམ་འོད་འབར་བའི༔ གསལ་སྣང་དགོངས་པ་གཡོ་མེད་ངང༔ རིག་རྩལ་ཐོགས་མེད་རླུང་དང་སྦྱར༔ འབྲུ་གཅིག་འབྲུ་གསུམ་རྒྱུན་དུ་བཟླ༔ འདིར་མ་འདུས་པའི་བཟླས་བསྒོམ་མེད༔ ཐུགས་སྲོག་དྭངས་མའི་ཐིག་ལེ་ལ༔ རང་བྱུང་སྙིང་པོ་གསང་སྔགས་སྒྲ༔ རིག་སྟོང་ཡེ་ཤེས་ཆེན་པོའི་དབྱིངས༔ སོ་མར་གཞག་སྟེ་རྩོལ་བྲལ་བཟླ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདི་བཟླས་ཙམ་གྱིས་སྐད་ཅིག་ལ༔ སེམས་ཅན་སངས་རྒྱས་མཉམ་པར་སྦྱོར༔ གདོད་མའི་དབྱིངས་སུ་འུབ་ཆུབ་བོ༔ མེད་ལ་ཡོད་འཛིན་བསྐྱེད་རིམ་དང༔ ཡོད་ལ་མེད་ལྟ་རྫོགས་པའི་རིམ༔ གཉིས་མེད་གཉིས་འཛིན་རིམ་གཉིས་ཀྱིས༔ བླ་མ་ཆོས་སྐུ་འགྲུབ་མི་འགྱུར༔ དེ་ཕྱིར་བླ་མ་རང་རིག་བསྒྲུབ༔ སྐུ་གསུམ་རང་རིག་ཡིན་པ་ལ༔ ཡིན་ལུགས་གསལ་འདེབས་མ་གཏོགས་པ༔ བསྒོམ་བསྒྲུབ་མཆོད་བསྟོད་བྱ་མི་དགོས༔ བྱས་ཆོས་འཁྲུལ་པའི་རྒྱུ་རུ་ཟད༔ རང་རིག་རང་བབ་གནས་པའི་ཚེ༔ ཆོས་སྐུ་ཡིན་པས་དེ་ཐོག་གཞག༔ དངོས་པོ་མེད་པས་ཟང་ཐལ་ལེ༔ རྒྱུན་ཆད་མེད་པས་གསལ་སེང་ངེ་༔ ཆད་ལྟ་སྙམ་དུ་སྟོང་འཛིན་མེད༔ རྟག་ལྟར་གོལ་བའི་གཏད་སོ་མེད༔ རང་རིག་ཁྱབ་བདལ་མ་གཏོགས་པ༔ སེམས་ཀྱི་འཁྲུལ་པ་དགག་སྒྲུབ་བྲལ༔ བསྒོམ་བྱ་སྒོམ་བྱེད་འཛིན་ཞེན་ཟད༔ རིག་པ་གཅེར་བུ་སྟོང་པར་གྲོལ༔ རང་སྣང་རིས་མེད་མཉམ་པ་ཉིད༔ མ་བཅོས་སོར་བཞག་སྐྱོང་བ་ལས༔ རྩོལ་སྒྲུབ་བྱ་བ་ཅི་ཡང་མེད༔ མངོན་སུམ་མཛུབ་ཚུག་ངོ་སྤྲད་ན༔ ཤེས་རིག་ངོ་བོ་དང་སང་ངེ་༔ གང་དུའང་མ་གྲུབ་དབྱིབས་སུ་མེད༔ ཆོས་རྣམས་ཀུན་དང་དབྱིངས་གཅིག་པ༔ སྟོང་ཉིད་འདི་ཀ་བཟང་མོ་ཡུམ༔ ཅང་མེད་བེམ་སྟོང་མ་ཡིན་པར༔ སྟོང་པའི་རང་བཞིན་མ་འགག་པའི༔ གསལ་ཆ་ཝ་ལེ་ཁྱུག་གེ་བ༔ འདི་ཉིད་ཀུན་ཏུ་བཟང་པོ་སྟེ༔ དེ་གཉིས་དབྱེར་མེད་ཆོས་ཀྱི་སྐུ༔ གསལ་སྟོང་འོད་ཕུང་ཆེན་པོར་བཞུགས༔ ངོ་ཤེས་སྐད་ཅིག་གཅིག་ལ་གྲོལ༔ གཞན་དུ་བཙལ་མེད་རང་རིག་པ༔ བསྒོམ་བསྒྲུབ་བྱར་མེད་རྒྱུན་དུ་གསལ༔ སྤང་བླང་གཉིས་མེད་གཞི་རྩ་བྲལ༔ ལུས་ནི་མི་གཡོ་ངག་མི་སྨྲ༔ དྲན་བསམ་འཕྲོ་འདུ་མེད་པ་རུ༔ རིག་པ་རྗེན་ནེ་ཡེ་རེ་བ༔ དང་སང་བྱིང་རྒོད་མེད་པར་གཞག༔ མཉམ་གཞག་རྗེས་ཐོབ་མི་འབྱེད་པར༔ རྟག་ཏུ་མཉམ་པ་ཆེན་པོར་བལྟ༔ སྒོ་ཡུལ་ལུས་ཀྱི་གནད་གཅུན་ཏེ༔ དབྱིངས་ལ་རིག་པ་མངོན་སུམ་གཟིར༔ བསྒོམ་དུ་ཅི་ཡང་མེད་མོད་ཀྱང༔ བསྒོམ་རྒྱུ་ཡོད་ན་བླ་མ་བསྒོམ༔ ཡེངས་སུ་ཅི་ཡང་མེད་པ་ལ༔ ཡེངས་ཡུལ་བྱུང་ན་ཡེངས་མཁན་བརྟག༔ རྒྱུན་དུ་མ་བཅོས་སོ་མར་གཞག༔ བདག་བརྟག་རྟོག་པའི་དྲེས་ཐག་བཅད༔ སངས་རྒྱས་རང་གི་སེམས་ལས་བཙལ༔ གཅིག་ཤེས་ཀུན་གྲོལ་རྩ་བར་བཟུང༔ གུ་ཡངས་ཁྱབ་བརྡལ་ངང་དུ་ཀློད༔ སྣང་བ་ཐམས་ཅད་སེམས་སུ་རྫོགས༔ རང་སེམས་མཐའ་ནི་སྟོང་པར་རྫོགས༔ སྟོང་མཐའ་བདེ་བ་ཆེན་པོར་ཤར༔ བདེ་བའི་མཐའ་ནི་འོད་ལྔར་གསལ༔ འོད་ལྔ་རིག་པའི་སྐུ་རུ་རྫོགས༔ རིག་པ་སྐུ་ལྔར་སྨིན་པ་སྟེ༔ འོད་མི་འགྱུར་བའི་དགོངས་པ་འོ༔ སྣང་རིག་སྟོང་གསུམ་དབྱེར་མེད་དུ༔ རྫོགས་ཚེ་སྐུ་གསུམ་ནང་ནས་ཤར༔ ཐོག་མའི་མགོན་དང་དབྱེར་མི་ཕྱེད༔ སངས་རྒྱས་ཡོན་ཏན་མ་བཙལ་ཐོབ༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ ཕྲིན་ལས་ལྷུན་གྱིས་འགྲུབ་པར་འགྱུར༔ ས་མ་ཡ༔ མཉམ་གཞག་བསྐྱེད་རྫོགས་ཉམས་བླངས་ནས༔ རྗེས་ལ་ཐོབ་པའི་སྤྱོད་ལམ་ནི༔ འགྲོ་འཆག་ཉལ་འདུག་ཐམས་ཅད་དུ༔ བླ་མའི་མོས་གུས་མ་བྲལ་བར༔ རིམ་གཉིས་ཏིང་འཛིན་ལམ་དུ་ཁྱེར༔ ལྷ་སྔགས་ཆོས་ཉིད་གྲུབ་མཐའ་བསླང༔ བླ་མ་རང་སེམས་མོས་གུས་གསུམ༔ དབྱེར་མེད་ཆོས་ཉིད་ངང་དུ་སྤྱད༔ ཕྱི་ཡི་བདུད་རྩི་འདོད་ཡོན་བསྟེན༔ ནང་གི་བདུད་རྩི་བཅུད་དུ་ལེན༔ གསང་བའི་བདུད་རྩི་དབྱིངས་རིག་བསྲེ༔ བླ་མ་ཅི་མཉེས་བྱ་བ་བསྒྲུབ༔ བཀའ་གསུང་མི་གཅོག་དང་དུ་ལེན༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ བླ་མའི་སྐུ་འབག་སྒྲུབ་ཡིག་དང༔ མཚན་ལྡན་བནྡྷ་ཁ་ཊྭཱཾ་ག༔ རྡོ་རྗེ་དྲིལ་བུ་རྟེན་ཏུ་བཟུང༔ ཅི་བྱུང་ཚོགས་ཀྱི་འཁོར་ལོར་བསྐོར༔ ཁྱད་པར་ཡར་ངོའི་ཚེས་བཅུར་མཆོད༔ ཕྱི་རུ་རྫས་ཀྱི་མེ་མཆོད་བྱ༔ ནང་དུ་བཟའ་བཏུང་སྲེག་བླུགས་འབུལ༔ གསང་བ་སྙོམས་འཇུག་ཞུ་བདེས་བསྐང༔ ཅིར་སྣང་བླ་མ་སྐུ་བཞིར་བལྟ༔ ཐུག་འཕྲད་བརྟུལ་ཞུགས་ལམ་ཁྱེར་ཚེ༔ ངར་ལྡན་རིག་པ་མདུང་བསླང་བྱ༔ སྒོ་གསུམ་གང་བསགས་དགེ་བའི་ལས༔ མིག་འཕྲུལ་ལྟ་བུར་གཞན་དོན་དུ༔ ཀུན་བཟང་ཡེ་ཤེས་བླ་མའི་སར༔ འཛིན་རྟོག་ཡོངས་བྲལ་ཆེན་པོར་བསྔོ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ངང༔ ཆོས་ཉིད་བདེན་པའི་སྟོབས་བསྐུལ་ཏེ༔ སྲིད་པའི་རྒྱ་མཚོ་གཏིང་སྤྲུགས་ནས༔ གུ་རུ་ཉིད་དང་དབྱེར་མེད་པ༔ ཟུང་འཇུག་གོ་འཕང་འཐོབ་པར་སྨོན༔ སྐྱོན་སེལ་ཡོན་ཏན་བོགས་འདོན་ཀྱང༔ མོས་གུས་བླ་མའི་རྣལ་འབྱོར་འབད༔ ཐབས་མང་གཞན་དུ་ཚོལ་མི་དགོས༔ དབང་རྣོན་སྐལ་པ་བཟང་པོའི་ཆོས༔ བདེ་མྱུར་ཟབ་མོའི་ལམ་མཆོག་འདི༔ རྒྱལ་ཀུན་བགྲོད་པ་གཅིག་པ་འོ༔ ས་མ་ཡ༔ སྒྲུབ་ཐབས་བྱེ་བ་བསམ་ཡས་ལས༔ ཁྱད་འཕགས་ཡིད་བཞིན་ནོར་བུ་བཞིན༔ ཟབ་ཅིང་སྙིང་པོའི་བཅུད་འདྲིལ་བ༔ མཆོག་ཐུན་གང་བསམ་མྱུར་འགྲུབ་ཅིང༔ གེགས་དང་གོལ་ས་བྲལ་བའི་ལམ༔ འཕྲད་ཆོག་བློ་བདེ་གདམས་པའི་ཕུལ༔ རྒྱལ་ལས་ལྷག་པའི་ཐུགས་བསྐྱེད་མཐུ༔ ས་སྟེང་བསྐོར་ཡང་རྙེད་པར་དཀའ༔ དེང་སང་རྩ་བ་ཙམ་ཞིག་ལས༔ མ་སྤེལ་ཟབ་མོའི་གཏེར་རྒྱས་ཐོབ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ མི་བློ་ཕལ་ཆེར་བདུད་ཀྱིས་བསྒྱུར༔ སྔགས་བཙུན་སྙིང་ལ་རྒྱལ་འགོང་ཞུགས༔ སེར་ཆགས་ཤེས་རྒྱུད་དམ་སྲིས་བརླམས༔ མི་རུངས་ལས་ལ་འབད་རྩོལ་ཆེ༔ བཀའ་གཞུང་བསླད་ནས་རང་གཞུང་འཆད༔ མདོ་སྔགས་བསྟན་པའི་དངོས་གཞི་ཉམས༔ འདུལ་ཁྲིམས་དམ་ཚིག་མི་བསྲུང་ཞིང༔ སྡིག་ཟས་ནག་པོར་ཧབ་ཐོབ་བྱེད༔ ཉོན་མོངས་མེ་འབར་ཕྱི་ཚུལ་མཛེས༔ ཚེ་ཐུང་བསོད་ནམས་རིམ་གྱིས་བྲི༔ འབྱུང་བའི་སྟོབས་ཉམས་ལོངས་སྤྱོད་དབུལ༔ མ་མོ་མཁའ་འགྲོ་སྡེ་བརྒྱད་འཁྲུགས༔ ལོ་ཉེས་དལ་ཡམས་དུས་འཁྲུགས་མང༔ སྒྲུབ་པའི་ལོང་མེད་བརྩོན་འགྲུས་ཞན༔ བསྒྲུབས་ཀྱང་གྲུབ་པའི་རྟགས་མི་འབྱིན༔ དེ་དུས་རྒྱལ་ཀུན་དགོངས་པའི་བཅུད༔ རིག་འཛིན་ཡོངས་ཀྱི་ཐུགས་ཏིག་འདི༔ ཆོས་དབྱིངས་ཀློང་ལྔའི་གསང་སྒྲོམ་ནས༔ བྱིན་རླབས་སྟོབས་དང་སྨོན་ལམ་མཐུས༔ འོད་གསལ་བརྡ་ཡི་རི་མོར་ཤར༔ རྟེན་འབྲེལ་རྐྱེན་གྱིས་ཕེབས་པའི་ཚེ༔ བཀའ་བཞིན་རྗེས་སུ་སྒྲུབ་པ་རྣམས༔ གནས་སྐབས་བདུད་བཞིའི་གཡུལ་ལས་རྒྱལ༔ ཡུན་དུ་མི་འགྱང་འབྲས་བུ་འབྱིན༔ འབྲེལ་ཚད་གུ་རུས་རྗེས་སུ་འཛིན༔ འཕོས་ཚེ་བདེ་ལྡན་ཞིང་དུ་སྐྱེ༔ ཀློང་ཡངས་འོད་ལྔའི་སྦུབས་སུ་གྲོལ༔ ཨོ་རྒྱན་དགོངས་པའི་གཏེར་གཅིག་འདི༔ རྣམ་སྣང་ལོ་ཙཱ་ཡབ་སྲས་ཀྱིས༔ དབྱེར་མེད་བྱིན་བརླབས་ཐོད་རྒལ་བ༔ ངང་རྒྱུད་རིང་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སངས་རྒྱས་ཀུན་དངོས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཨོ་རྒྱན་གུ་རུ་རིན་པོ་ཆེས་རྡོ་རྗེའི་གསང་ལུང་བསྩལ་པའི་དོན་བཞིན། དུས་ཞབས་རིག་པ་འཛིན་པའི་གཟུགས་བརྙན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་བདག་གིས། རྡོ་རྗེའི་གནས་ཆེན་རྣམས་སུ་རྩ་གསུམ་དགོངས་པ་འདུས་པའི་བླ་མ་རིག་འཛིན་མཆོག་སྒྲུབ་དང་འབྲེལ་བར་ཚིག་བདུན་གསོལ་འདེབས་འབུམ་ཕྲག་བསགས་པའི་སྐབས་ཤིག །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཆེན་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་གི་ཕུག་པར། ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཉིད་རྣམ་པ་ཁྱབ་བདག་བླ་མ་མཁྱེན་བརྩེའི་དབང་པོའི་སྐུར་སྣང་བས་ཚིག་བདུན་འདོན་ཐབས་ཤོག་སེར་བརྡའི་ཡིག་རིས་ཚན་པ་མང་པོ་ཅན་མིག་སྔར་བསྟན་ཅིང་སོ་སོར་བརྡ་སྤྲོད་པའི་ཚུལ་གྱིས་བསླབས་ཏེ་ལག་ཏུ་གནང་ནས་བྱིན་རླབས་བསྩལ་བར་རྨིས་པ་ཉིད་དྲན་པའི་ཟུངས་སུ་སྨིན་པ་ལ། སླར་ཡང་རྗེ་བླ་མ་དངོས་ཀྱིས་བཀའི་གནང་བ་གནང་སྐྱེས་གྱ་ནོམ་པ་བཅས་ཆེད་དུ་བསྩལ་བ་སྤྱི་བོར་མཆོད་དེ་རིམ་པར་གཏན་ལ་ཕབ་པ་འདིས་ཀྱང་རྗེ་བཙུན་བླ་མའི་ཞབས་པད་བསྐལ་པ་རྒྱ་མཚོར་གཡོ་མེད་དུ་བརྟན་ཅིང་། བསྟན་འགྲོ་ཡོངས་ལ་ཕན་བདེའི་དགེ་མཚན་ཕྱོགས་མེད་དུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ (Volume 7, Text 18)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ་གུ་རུ་སིདྡྷི་ཧཱུྃ༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཀ་དག་སྤྲོས་བྲལ་རྟོགས་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །རྔ་ཡབ་པད་མ་འོད་ཀྱི་གཞལ་ཡས་སུ། །སྤྲུལ་སྐུ་པད་མ་ཡབ་ཡུམ་ལ་གསོལ་བ་འདེབས། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །ནུབ་ཕྱོགས་ལང་ཀ་བརྩེགས་པའི་དུར་ཁྲོད་དུ། །གུ་རུ་པད་མ་ཐོད་ཕྲེང་ལ་གསོལ་བ་འདེབས། །རྩ་རླུང་བདེ་དྲོད་འབྱོངས་པར་བྱིན་གྱིས་རློབས། །ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །གུ་རུ་རྡོ་རྗེ་ཐོད་ཕྲེང་ལ་གསོལ་བ་འདེབས། །སྒྱུ་ལུས་བར་དོ་འབྱོངས་པར་བྱིན་གྱིས་རློབས། །དབུས་འགྱུར་མ་ག་དྷ་ཡི་གནས་མཆོག་ཏུ། །གུ་རུ་བུདྡྷ་ཐོད་ཕྲེང་ལ་གསོལ་བ་འདེབས། །རྨི་ལམ་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དུ། །གུ་རུ་རཏྣ་ཐོད་ཕྲེང་ལ་གསོལ་བ་འདེབས། །མཉམ་ཉིད་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །བྱང་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ། །གུ་རུ་ཀརྨ་ཐོད་ཕྲེང་ལ་གསོལ་བ་འདེབས། །སྙེམས་ཐག་ནང་ནས་ཆོད་པར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུ་བྲག་གི་དབེན་གནས་སུ། །ཐུགས་སྲས་རྗེ་འབངས་གྲོགས་ལྔ་ལ་གསོལ་བ་འདེབས། །ཚེ་འདིར་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། །གྲུ་ཤུལ་བདེ་ཆེན་གླིང་གི་ཕོ་བྲང་དུ། །གུ་རུ་རཏྣ་གླིང་པ་ལ་གསོལ་བ་འདེབས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །རྒྱལ་སྲས་ཚེ་དབང་གྲགས་པ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རང་བཞིན་རྣམ་དག་ལྷུན་གྲུབ་ཕོ་བྲང་ནས། །སྲས་མཆོག་ངག་དབང་གྲགས་པ་ལ་གསོལ་བ་འདེབས། །ཕྱོགས་མེད་གདུལ་བྱ་སྨིན་པར་བྱིན་རློབས། །ཞིང་ཁམས་མ་ངེས་སོ་སོའི་ཕོ་བྲང་དུ། །གཏེར་སྟོན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །རང་གཞན་དོན་གཉིས་སྤྱོད་པར་བྱིན་གྱིས་རློབས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་དུ། །རྗེ་བཙུན་པུཎྱེ་རསྨི་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་བསྟན་པ་དར་བར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པད་མའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །གཉལ་སྨད་དགེ་རི་གསང་བའི་བྲག་ཕུག་ཏུ། །དམ་ཆོས་ཡང་སྙིང་འདུས་པ་ལ་གསོལ་བ་འདེབས། །འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས། །རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་དུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཐབས་ཤེས་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །བཀའ་དང་དམ་ཚིག་གསང་བའི་དཀྱིལ་འཁོར་དུ། །བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །གར་བཞུགས་ས་ཕྱོགས་དབེན་པའི་རི་ཁྲོད་དུ། །མཆེད་གྲོགས་ཆོས་མཛད་ཡོངས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །བཀའ་དྲིན་ཅན་གྱི་བླ་མ་དྲིན་ཆེན་རྣམས། །ངེས་འབྱུང་སྐྱོ་ཤས་དྲག་པོས་ཀུན་བསླངས་ནས། །མི་མེད་ལུང་སྟོང་དབེན་པའི་རི་ཁྲོད་དུ། །ཆགས་མེད་ཚེ་འདིའི་སྣང་བ་རིང་སྤངས་ནས། །ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་ཞིང་། །བླ་མའི་བྱིན་རླབས་ལེགས་པར་ཞུགས་པའི་མཐུས། །ཆོས་བརྒྱད་ཚེ་འདིའི་སྣང་བ་མི་སྐྱེ་བར། །སྙིང་ནས་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྟག་ཏུ་ཉམས་ལེན་བརྩོན་འགྲུས་ལྡན་པ་དང་། །བར་ཆད་བདུད་ཀྱིས་ནམ་ཡང་མི་ཚུགས་ཤིང་། །ཡོན་ཏན་རྟོགས་པ་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིགས་དྲུག་འཁོར་བའི་འགྲོ་བ་ཉམ་ཐག་རྣམས། །བདག་བས་གཞན་གཅེས་སྙིང་གི་ཁུར་ཁྱེར་ནས། །ཐམས་ཅད་མ་ལུས་བདག་གིས་སྒྲོལ་བ་དང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཅེས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི་གཏེར་སྒྲུབ་མངའ་འབུལ་ཚར་བའི་ཉིན་པར་གུ་རུའི་གསུང་འཛིན་གཏེར་སྟོན་རཏྣ་གླིང་པས་མཛད་པའོ། །མངྒ་ལཾ།། །།

ལུང་ཆེན་རྡོ་རྗེ་བཀོད་པ་ལས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ (Volume 55, Text 18)

༁ྃ༔ ལུང་ཆེན་རྡོ་རྗེ་བཀོད་པ་ལས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བཞུགས༔ བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཨ་ནུ་རང་ལུགས་སྒྲུབ་པའི་མན་ངག་ནི༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བསྟན་པར་བྱ༔ དེ་ལ་སྦྱོར་དངོས་རྗེས་གསུམ་དང་པོ་ནི༔ ཧཱུྃ༔ ཀུན་བཟང་ཀློང་ནས་ཞེ་སྡང་རྡོ་རྗེ་བཞེངས༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ཁྲོ་བོ་དང༔ མཚོན་ཆ་མེ་ཡིས་བགེགས་ཚོགས་ཚར་བཅད་ནས༔ བདེ་ཆེན་རང་མདངས་སྲུང་བའི་འཁོར་ལོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ༔ ལུས་འདི་རྩ་ཡི་གཙོ་བོ་ཕལ་པ་རྣམས༔ ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ༔ དབྱིབས་ཀྱི་ལྷ་སྐུ་རྩ་ལ་བསྒོམ་མ་ཤེས༔ སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས༔ ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ༔ ལམ་དུ་མ་ཤེས་བདེ་བ་མ་བསྒོམ་པས༔ གཏུམ་མོའི་དྲོད་ཀྱིས་བདེ་བ་མ་ཐོབ་སྟེ༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས༔ ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི༔ ཆོས་སྐུ་དྲི་མ་མེད་པར་གནས་པ་ལ༔ མ་ཤེས་མ་རྟོགས་བདུད་རྩིར་མ་སྦྱངས་པ༔ འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས༔ ཡེ་ནས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ༔ མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས༔ ལམ་བསྟན་རྡོ་རྗེ་རྦ་རླབས་ལམ་མ་བསྒོམ༔ འབྲས་བུ་ངོ་བོ་ཉིད་ཀྱི་ངང་དུ་བཤགས༔ ཨོཾ༔ འགྲོ་དྲུག་རྒྱལ་བའི་སྲས་པོ་འདི༔ མ་རྟོགས་ལོག་པར་འཁྱམས་པ་རྣམས༔ རྒྱལ་བའི་སྲས་སུ་བསྐྱེད་ནས་ནི༔ འཁོར་བའི་རྒྱུན་རྣམས་གཅད་པར་བྱ༔ ཡབ་ཡུམ་སྦྱོར་བའི་འོད་ཟེར་གྱིས༔ བདེ་གཤེགས་སྤྱན་དྲངས་བྱིན་གྱིས་བརླབས༔ ཨོཾ་ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་འཁོར་དང་བཅས༔ རང་བཞིན་གནས་ནས་སྐུ་བསྐྱོད་དེ༔ སྒྲུབ་པའི་གནས་མཆོག་འདིར་གཤེགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡི་གེ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དབྱིངས་ཀྱི་བྷནྡྷར་ཡེ་ཤེས་ལྔ་ཡི་རྫས༔ དེ་དབུས་ཆེ་མཆོག་བདག་ཉིད་བདུད་རྩི་འཁྱིལ༔ མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་རང་འོད་ཀྱིས༔ བདུད་རྩི་བསྡུས་ནས་ཐིམ་པས་འོད་དུ་ཞུ༔ རྟ་མགྲིན་ཡབ་ཡུམ་བྱང་སེམས་དེ་དང་འདྲེས༔ གང་ལ་ཕོག་པས་དོན་གྲུབ་བདུད་རྩིར་གྱུར༔ བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋ༔ གཏོར་གཞོང་ཡུམ་ལྔའི་མཁའ་ལ་གཏོར་མ་ནི༔ ཡེ་ཤེས་ལྔ་ཡི་འདོད་ཡོན་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཕཊ༔ པདྨ་འབར་བའི་སྣོད་དུ་ཡེ་ཤེས་ཀྱི༔ རྦ་ཀློང་འཁྲུགས་པས་ཁམས་གསུམ་རཀྟ་འདུས༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ གཞན་ཡང་སྣོད་རྣམས་དབྱིངས་ཀྱི་ཞིང་ཁམས་སུ༔ མཆོད་རྫས་ཡེ་ཤེས་ལྷ་མོའི་རོལ་པར་གྱུར༔ ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ ཕྱི་ནང་གསང་བའི་སེམས་ཀྱི་དངོས་པོ་རྣམས༔ མཚམས་བཅད་བཤགས་པ་དམ་བཅའི་བྱིན་རླབས་ཀྱིས༔ ལམ་གྱི་འགལ་རྐྱེན་མིང་ཡང་མེད་པར་ཤོག༔ ནུས་མེད་མ་དག་དངོས་པོ་ཅིར་སྣང་བ༔ བྱིན་ཕབ་སྦྱངས་སྤེལ་བསྒྱུར་པའི་མཐུ་ནུས་ཀྱིས༔ ལམ་གྱི་མཐུན་རྐྱེན་ལྷུན་གྱིས་འགྲུབ་པར་ཤོག༔ ན་མོ་ཧཱུྃ༔ དངོས་གཞི་ལུས་དཀྱིལ་གསལ་གདབ་པ་ནི༔ ཧཱུྃ༔ ཆོས་རྣམས་སྐྱེ་མེད་དབྱིངས་ཉིད་ཡེ་ཇི་བཞིན༔ ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག༔ དེ་ཡི་ངང་ལས་མ་འགགས་སྙིང་རྗེའི་རྩལ༔ ཡེ་ཤེས་ཀུན་བཟང་རོལ་པ་ལྷུན་གྱིས་གྲུབ༔ དབྱིངས་ཡེ་གཉིས་མེད་བདེ་བ་ཆེན་པོའི་སྲས༔ རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ དེ་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ༔ རང་གི་ཕུང་ཁམས་སྐྱེ་མཆེད་ཉིད་དུ་འདུ༔ དེ་ཉིད་ཡེ་ནས་ལྷ་རུ་གནས་པར་ཤེས༔ གསང་སྔགས་བརྗོད་པའི་རྐྱེན་གྱིས་སད་པ་ལས༔ དྭངས་པའི་མཚོ་ལ་གཟའ་སྐར་ཤར་བཞིན་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་དུ་ཏི་ནན་རཏྣ་སུརྻ་ཙནྡྲ་པདྨ༔ ནམ་མཁའ་ཐམས་ཅད་ཡུམ་ལྔའི་མཁའ་ཀློང་དང༔ གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ༔ རྟ་བབས་བརྒྱད་སོགས་རྒྱན་གྱིས་མཛེས་པའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་གདན་བཅས་གསལ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ༔ བདག་ཉིད་ཀུན་བཟང་མཐིང་གསལ་མཚན་དཔེ་རྫོགས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཀུན་ཏུ་བཟང་མོ་སྔོན་མོ་པད་སྐྱིལ་འཁྲིལ༔ དར་དང་རིན་ཆེན་བཅུ་གསུམ་རྒྱན་དང་ལྡན༔ འོད་ཟེར་དྲུག་ཕྲག་དྲུག་འཕྲོའི་ཀློང་དུ་བཞུགས༔ བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས༔ ཐུགས་ཀར་འཁོར་ལོའི་དབུས་དང་རྩིབས་བཞི་ལ༔ ཧཱུྃ་མཱུཾ་ཨོཾ་ལཱཾ་སྭཱ་མཱཾ་ཨཱཾ་པཱཾ་དང༔ ཧཱ་ཏཱཾ་རྣམས་ཀྱིས་རྡོ་རྗེ་དབྱིངས་ཕྱུག་མ༔ རྣམ་སྣང་སྤྱན་མ་རིན་འབྱུང་མཱ་མ་ཀཱི༔ མཐའ་ཡས་གོས་དཀར་དོན་གྲུབ་སྒྲོལ་མར་བཅས༔ ཀྵིཾ་ཧཱུྃ་ཛྲིཾ་ཨཱཾ་ཏྲཱཾ་ཏྲཱཾ་ཧྲཱིཿཧྲཱིཿཡིས༔ མིག་དང་རྣ་བ་སྣ་དང་ལྕེ་ཡི་གཡས༔ ས་སྙིང་ལཱ་སྱེ་ཕྱག་རྡོར་གར་མ་དང༔ ནམ་སྙིང་ཕྲེང་བ་སྤྱན་རས་གཟིགས་གླུ་མ༔ མཻ་ཛཿཐིཾལྷ་ཧཱུྃ་ཧཱུྃ་བཾ་མུཾ་ཧོ་ཡིས༔ མིག་དང་རྣ་བ་སྣ་དང་ལྕེ་ཡི་གཡོན༔ བྱམས་པ་སྤོས་མ་སྒྲིབ་སེལ་མེ་ཏོག་མ༔ ཀུན་བཟང་མར་མེ་འཇམ་དཔལ་དྲི་ཆབ་མ༔ འཁོར་ལོའི་མདུན་རྒྱབ་ཧཱུྃ་ཨ་བྱ་བྱེད་གཉིས༔ ཀྲེཾ་ཧཱུྃ་ཏྲུཾ་སྲུཾ་བྲཾ་ཀྵཾ་ཡེ་རྣམས་ཀྱིས༔ དཔྲལ་བ་ལྕེ་སྟེང་སྙིང་ཁ་ལྟེ་བ་དང༔ གསང་གནས་རྐང་མཐིལ་གཡོན་པ་རྣམས་ལ་ནི༔ ལྷ་དང་ལྷ་མིན་མི་དང་བྱོལ་སོང་དང༔ ཡི་དྭགས་དམྱལ་བའི་ཐུབ་པ་དྲུག་རྣམས་གསལ༔ ཧཱུྃ་ཛཿཧཱུྃ་ཧཱུྃ་ཧཱུྃ་བཾ་ཧཱུྃ་ཧོཿཡིས༔ ལག་གཡས་མཐིལ་དུ་གཤིན་རྗེ་ལྕགས་ཀྱུ་མ༔ ལག་གཡོན་མཐིལ་དུ་སྟོབས་ཆེན་ཞགས་པ་མ༔ རྐང་གཡོན་མཐིལ་དུ་རྟ་མགྲིན་ལྕགས་སྒྲོག་མ༔ གཡས་པར་བདུད་རྩི་འཁྱིལ་པ་དྲིལ་བུ་མ༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་དངོས་པོ་ཅིར་སྣང་བ༔ གཞལ་ཡས་ལྷ་རུ་བསྒོམས་པའི་བྱིན་རླབས་ཀྱིས༔ ཕུང་ཁམས་སྐྱེ་མཆེད་རྟོག་པ་རྣམ་དག་ནས༔ འོག་མིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུྃ༔ རིགས་ལྔ་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་བཅས༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྙོམས་ཞུགས་པའི༔ ཆུ་ཡིས་དབང་བསྐུར་རིགས་ལྔས་དབུ་བརྒྱན་གྱུར༔ ཨོཾ་མ་ཧཱ་ ཤཱུནྱ་ཏཱ་ ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ་དརྴ༔ ས་མཱ་ཏཱ༔ པྲ་ཏྱཱ་བེཀྵ་ཎ༔ ཀྲྀ་ཏྱཱ་ནུཥྛཱ་སོགས། གནས་གསུམ་ཟླ་བ་པདྨ་ཉི་མ་ལ༔ གནས་པའི་ཨོཾ་ཨཱཿཧཱུྃ་གིས་རྒྱལ་བ་མཆོད༔ བྱིན་རླབས་བསྡུས་ནས་ཐིམ་པ་ཡོངས་གྱུར་ལས༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ་ཡིས་མཚན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ ཀཱ་ཡ་ བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཝཱ་ཀ༴ ཙིཏྟ༴ ཧཱུྃ༔ སྒོ་གསུམ་ཕུང་པོ་དུག་ལྔའི་དངོས་པོ་རྣམས༔ རྒྱས་གདབ་དབང་བསྐུར་བགྱིས་པའི་བྱིན་རླབས་ཀྱིས༔ ཉོན་མོངས་དངོས་འཛིན་མ་རྟོགས་ཀུན་སྦྱངས་ནས༔ གདོད་མའི་བྱིན་རླབས་དབང་ཐོབ་དོན་རྟོགས་ཤོག༔ ན་མོ་ཧཱུྃ༔ རང་རིག་ཧཱུྃ་སྔོན་རྟག་འཆར་བའི༔ འོད་ཀྱིས་ཆོས་དབྱིངས་མཐར་ཐུག་ཁྱབ༔ ཆོས་སྐུ་གཟུགས་སྐུའི་སྐུར་བཞེངས་གྱུར༔ བཛྲ་ས་མཱ་ཛཿཡིས་སྙན་གསན་དབབ༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་སྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་སྐྱེད༔ ཨེ་ཧྱེ་ཧི་ཨཱ་ན་ཡ་བཛྲཿས་སྤྱན་དྲང༔ ཛཿཧཱུྃ་བཾ་ཧོཿས་བསྟིམ༔ ཏིཥྛ་བཛྲས་བརྟན་པར་བྱ༔ ཧཱུྃ༔ སྦྱང་གཞི་སྦྱངས་འབྲས་དངོས་པོ་ཅིར་སྣང་བ༔ ཡེ་ཤེས་སྤྱན་དྲངས་བསྟིམས་པའི་བྱིན་རླབས་ཀྱིས༔ གཞི་འབྲས་གཉིས་སུ་མེད་པའི་དོན་རྟོགས་ནས༔ བླ་མེད་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུྃ༔ ལྷ་ལ་ལྷ་རོལ་ཚུལ་གྱིས་ཕྱག་མཆོད་ནི༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས༔ མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ སུ་ར་ཏོ་མ་ཧཱ་རཱ་ག༔ པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ མ་ཧཱ་པཉྩ་ཨམྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལྷ་རྣམས་ཡབ་ཡུམ་སྦྱོར་བས་བདེ་མཆོད་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བྱང་སེམས་འོད་ཀྱིས་འཁོར་བ་ཡི༔ འཁྲུལ་རྟོག་འོད་གསལ་ངང་དུ་བསྒྲལ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ ཨོཾ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདེ་སྡུག་བཏང་སྙོམས་དངོས་པོ་ཅིར་སྣང་བ༔ ཕྱག་མཆོད་བསྟོད་པ་ཕུལ་བའི་བྱིན་རླབས་ཀྱིས༔ བླང་དོར་འཛིན་པའི་རྟོག་པ་རྣམ་དག་ནས༔ ཀུན་ཀྱང་མཉམ་ཉིད་ངང་དུ་རྟོགས་པར་ཤོག༔ ན་མོ་ཧཱུྃ༔ ཧོ༔ ཕྱོགས་དུས་བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་དགོངས༔ ཕྱི་ནང་གསང་བ་སྐུ་གསུང་ཐུགས་རྒྱུད་མཉེས༔ དེའི་མཐུས་འགྲོ་ཀུན་རྡོ་རྗེ་འཆང་གྲལ་ཐོབ༔ བདག་ཅག་རྣམས་ཀྱི་དམ་ཚིག་ཉམས་ཆག་སྐོང༔ དངོས་གྲུབ་རྣམ་པ་གཉིས་ཀྱི་སྣོད་གྱུར་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ ཨ་ལ་ལ་ཧོ༔ གཞི་ལུས་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཟླ་བའི་གདན་ལ་ཨོཾ་མཐིང་རྟག་ཏུ་འཆར༔ དེ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ལུས་དཀྱིལ་ལྷ་བསྐུལ་འོད་འཕྲོས་མཁའ་ཁྱབ་ཀྱི༔ རྒྱལ་རྣམས་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ རང་བཞིན་སྐུ་གསུང་ཐུགས་གནས་མངོན་དུ་བྱས༔ རྒྱལ་ཀུན་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར༔ འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ༔ ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་ཉིད་དུ་སད༔ ལུས་ཀྱི་བསྒུལ་བསྐྱོད་ལྷ་ཡི་ཕྱག་རྒྱ་ཆེ༔ ངག་གི་བཟླས་བརྗོད་ཆོས་ཉིད་སྒྲ་གདངས་སྒྲོག༔ སེམས་ཀྱི་དྲན་རྟོག་དབྱིངས་རིག་དབྱེར་མེད་པའི༔ རྩ་བ་བྱང་ཆུབ་སེམས་སུ་རྟོགས་པར་བྱ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ࿊ དེ་ནས་འཇུ་འདུལ་ཚུལ་དུ་ཁྲོ་བོ་ཡང༔ ཨེ་ཡཾ་ར་སུཾ་ཀེཾ་རཾ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ༔ སུརྻ་མཎྜ་ལ་དེ་བ་ཏིཥྛ་ནཾ་ཏི་ར་བཾ༔ རང་གི་སེམས་དབུགས་ཤ་ཁྲག་རུས་པ་དྲོད༔ ཡུམ་ལྔའི་མཁའ་ཀློང་དུར་ཁྲོད་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བརྒྱད་བྲག་ཆེན་པད་ཉི་ཟླ༔ དབང་ཕྱུག་ཉེར་བཞི་བྱོལ་སོང་གཙོ་བརྒྱད་གནས༔ ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ བྱང་ཆུབ་སེམས་རྒྱུད་སྔགས་ཀྱིས་སད་པ་ལས༔ བདག་ཉིད་ཆེ་མཆོག་མཐིང་དཀར་དམར་བའི་ཞལ༔ གཡས་པས་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་དང༔ གཡོན་པས་ཐོད་པ་རྣམ་གསུམ་ཁྲག་བཀང་བསྣམས༔ ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་གདན་ལ་རོལ༔ རྡོ་རྗེའི་གཤོག་བརྒྱང་དཔལ་དང་དུར་ཁྲོད་ཆས༔ གནམ་ཞལ་དབྱིངས་ཕྱུག་མཐིང་ནག་ཁ་ཊྭཱཾ་འཛིན༔ ཐོད་ཁྲག་སྟོབ་ནས་ཡབ་དང་བདེ་ཆེན་སྦྱོར༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་གསལ༔ གཙུག་ཏོར་ནས་ནི་ཞབས་ཀྱི་གདན་ཁྲིའི་བར༔ འཁོར་འདས་གཉིས་ཀྱི་ཆོས་རྣམས་ཐམས་ཅད་རྫོགས༔ གཞི་ལུས་ཧེ་རུ་ཀ་ཡི་ཐུགས་ཀ་རུ༔ ཙིཏྟའི་རྩ་དགུ་རིན་ཆེན་དཔལ་བེ་འུ༔ དབུས་དང་ཟུར་བརྒྱད་ཞབས་ཀྱི་ཐིག་ལེ་རྣམས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་བུདྡྷ་རཏྣ་པདྨ་དང༔ ཀརྨ་ཧེ་རུ་ཀ་རྣམས་ཡུམ་དང་བཅས༔ རཀྴ་ས་ནུ་གུ་ཧྱ་ཡཀྴ་བཅས༔ ཡུམ་དང་ཕྱག་མཚན་གདན་བཅས་གསལ༔ དབང་རྟེན་རྩ་ཟུང་ནང་མ་རྣམས་ལ་ནི༔ མིག་གཉིས་ཧ་ཧ་གཽ་རཱི་པུཀྐ་སི༔ རྣ་བར་ཧ་ཧ་བཻ་ཏཱ་གསྨ་རཱི༔ སྣ་གཉིས་ཧ་ཧ་ཙཽ་རཱི་སྨེ་ཤ་དང༔ ལྕེ་ཟུར་ཧ་ཧ་པྲ་མོ་ཙཎྜ་ལཱི༔ དབང་རྟེན་རྩ་ཟུང་ཕྱི་མ་རྣམས་ལ་ནི༔ མིག་གཉིས་ཧེ་ཧེ་སེང་གདོང་རྒོད་གདོང་མ༔ རྣ་བར་ཧེ་ཧེ་ཝ་གདོང་ཀཾ་ཀའི་གདོང༔ སྣ་ལ་ཧེ་ཧེ་སྟག་གདོང་ཁྭ་གདོང་མ༔ ལྕེ་ཟུར་ཧེ་ཧེ་ཁྱི་གདོང་འུག་གདོང་མ༔ ལག་མཐིལ་གཡས་ལ་ཕཊ་ཅེས་རྟ་གདོང་མ༔ ལག་མཐིལ་གཡོན་དུ་ཕཊ་ཅེས་ཕག་གདོང་མ༔ རྐང་མཐིལ་གཡོན་ན་ཕཊ་ཅེས་སྤྲེལ་གདོང་མ༔ རྐང་མཐིལ་གཡས་སུ་ཕཊ་ཅེས་སྤྱང་གདོང་མ༔ བྲང་ལ་ཨ་ཞེས་སྤོར་བྱེད་ཉི་ཟེར་ཅན༔ ནུ་གཡས་ཨ་ཞེས་མེ་ཁྱེར་གློག་ཕྲེང་མ༔ ཕྲག་གཡས་ཨ་ཞེས་སྤོར་བྱེད་སྐར་མདའ་འཕེན༔ སོག་གཡས་ཨ་ཞེས་སྲིན་མོ་རལ་པ་ཅན༔ སོག་པར་ཨ་ཞེས་ཀླུ་མོ་ལྕེ་འབེབ་མ༔ སོག་གཡོན་ཨ་ཞེས་སྤོར་བྱེད་ཁྱུང་ཐོགས་མ༔ ཕྲག་གཡས་ཨ་ཞེས་སྤོར་བྱེད་བ་ལང་སྣ༔ ནུ་གཡོན་ཨ་ཞེས་མིག་འབྱིན་སྙིང་སྲེག་མ༔ སོག་འོག་ནམ་ཚོང་རྩིབ་མ་བཞི་པོ་ལ༔ གཡས་ཀྱི་དང་པོར་ཛཿཞེས་རྒྱས་འདེབས་མ༔ གཡོན་གྱི་དང་པོར་ཧཱུྃ་ཞེས་ཚེ་འཕེལ་མ༔ གཡོན་གྱི་འོག་མར་བཾ་ཞེས་དབང་སྡུད་མ༔ གཡས་ཀྱི་འོག་མར་ཧོཿཞེས་རྨོངས་བྱེད་མ༔ མཇིང་ཚིགས་ལྔ་དང་སྒལ་ཚིགས་ཉི་ཤུ་དང༔ མཇུག་ཚིགས་གསུམ་སྟེ་ཉི་ཤུ་རྩ་བརྒྱད་ལ༔ བྷྱོ་ཞེས་དབང་ཕྱུག་ཆུང་མ་ཉི་ཤུ་བརྒྱད༔ སོ་ནི་སོ་གཉིས་ཨེ་ཞེས་མཁའ་འགྲོ་མ༔ མགོ་དང་གཟུགས་དྲུག་ཧཱུྃ་ཞེས་མ་མོ་བདུན༔ རྐང་ལག་རྒྱབ་སིག་ཏིང་ཞེས་སྲིང་མོ་བཞི༔ ཁོག་རྩིབ་ཉེར་བཞིའི་སྟེང་འོག་དྲུག་བོར་བའི༔ ལྷག་མ་ཧ་ཞེས་ཀིང་ཆེན་བཅོ་བརྒྱད་གསལ༔ རྐང་ལག་སོར་མོའི་རྒྱབ་ཕྱོགས་རུས་རྩ་རྣམས༔ ཧཱུྃ་ཧཱུྃ་ཁྲོ་བོ་ཁྲོ་མོ་དྲུག་ཅུར་གསལ༔ ལག་གཡས་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཛཿཞེས་སྐུ་ཡི་ཕོ་ཉ་དྲུག་ཅུར་གསལ༔ ལག་གཡོན་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཧཱུྃ་ཞེས་ཡོན་ཏན་ཕོ་ཉ་དྲུག་ཅུར་གསལ༔ རྐང་གཡོན་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ བཾ་ཞེས་གསུང་གི་ཕོ་ཉ་དྲུག་ཅུར་གསལ༔ རྐང་གཡས་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཧོཿཞེས་ཕྲིན་ལས་ཕོ་ཉ་དྲུག་ཅུར་གསལ༔ རྐང་ལག་སོར་མོའི་མཐིལ་ཕྱོགས་རུས་རྩ་རྣམས༔ མ་ཞེས་ལས་བྱེད་ཕོ་ཉ་དྲུག་ཅུར་གསལ༔ སྐྲ་རྣམས་རིག་འཛིན་བླ་མའི་ཚོགས་རྣམས་དང༔ རྩ་ཕྲན་བ་སྤུ་བསམ་གྱིས་མི་ཁྱབ་རྣམས༔ ཡང་སྤྲུལ་ཕྱག་བརྙན་བསམ་མི་ཁྱབ་པར་གསལ༔ རྩ་རླུང་ཐིག་ལེ་ལུས་ཀྱི་རྡུལ་ཕྲན་གྱི༔ དངོས་པོར་འཛིན་པའི་སྣང་བ་ཅིར་ཤར་ཡང༔ ཐམས་ཅད་ལྷ་རུ་ཤེས་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལྷུན་གྲུབ་ཤོག༔ དེ་ནས་གོང་བཞིན་དབང་བསྐུར་བྱིན་གྱིས་བརླབ༔ བཛྲ་ས་མཱ་ཛཿརུ་ལུ་རུ་ལུ་ཧཱུྃ༔་་་སྙན་གསན་དབབ། ཨེ་ཧྱེ་ཧིཿཤྲཱི་ཧེ་རུ་ཀ་ཨཱ་རལླི་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔་་་ཞེས་སྤྱན་འདྲེན། སྙན་གསན་དབབ་དང་སྤྱན་འདྲེན་༼ཛ་ཧཱུྃ་བཾ་ཧོ་སོགས་བསྟིམ་བརྟན་ནས།མཆན།༽ཕྱག་མཆོད་བྱ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ༼སྨོན་ལམ་དང་འདོད་གསོལ་ཞི་བའི་སྐབས་བཞིན་འདིར་བྱའོ།མཆན།༽ ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་སྟེང༔ ཧཱུྃ་ཡིག་སྔོན་པོ་རྟག་ཏུ་འཆར་བ་ལ༔ བཟླ་བྱའི་སྔགས་བསྐོར་སྤྲོ་བསྡུ་ལ་སོགས་བཟླ༔ ཧཱུྃ༔ རླུང་སེམས་སྔགས་ཀྱི་དངོས་པོ་ཅིར་སྣང་ཡང༔ དབྱེར་མེད་རྡོ་རྗེའི་བཟླས་པ་བྱས་པའི་མཐུས༔ རྣམ་གསུམ་སོ་སོར་འཛིན་པ་ཀུན་དག་ནས༔ བསྙེན་སྒྲུབ་རྣམ་བཞིའི་འབྲས་བུ་མྱུར་ཐོབ་ཤོག༔ ན་མོ་ཧཱུྃ༔ དེ་ནས་རྗེས་ཀྱི་བྱ་བ་ཚོགས་མཆོད་ནི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་རྣམ་རྟོག་སྦྱངས༔ སྣོད་ནི་བྷནྫ་དབྱིངས་ཀྱི་རང་བཞིན་ལ༔ བཅུད་ནི་ཡེ་ཤེས་ལྔ་ཡི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམས༔ ཀུན་ལ་ཕན་པའི་སྨན་ཡིན་ཏེ༔ རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས༔ ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ༔ ཨ་ལ་ལ་ཧོ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ འདོད་པའི་ཡོན་ལྔ་ལྡན་པ༔ ནམ་མཁའི་སྤྲིན་ལྟར་གཏིབས་སྤུངས་ནས༔ དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞལ་ཆབ་བདུད་རྩིས་ནུས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ལྷག་མའི་མགྲོན་རྣམས་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷག་མའི་མགྲོན་རྣམས་ཚིམ་པར་རོལ༔ ཨོཾ་ཨཱཿཧཱུྃ༔ ཕུང་པོ་ལྷ་ཡི་རྩལ་སྣང་ལས༔ ཡེ་ཤེས་ལྷག་སྡུད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གཉིས་མེད་དོན་རྟོགས་ནས༔ ལྷ་འདྲེ་དབྱིངས་རིག་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ འདོད་ཡོན་རྣམ་དྲུག་དངོས་པོ་ཅིར་སྣང་ཡང༔ ཐམས་ཅད་ཞེན་མེད་ངང་དུ་རོལ་པའི་མཐུས༔ བདེ་སྡུག་བཏང་སྙོམས་ཚོར་བ་རྣམ་དག་ནས༔ ཀུན་ཀྱང་ཡེ་ཤེས་རྒྱན་དུ་རྟོགས་པར་ཤོག༔ ན་མོ་ཧཱུྃ༔ རྩལ་སྣང་ཐམས་ཅད་ཡེ་ཤེས་ཉིད་ལ་ཐིམ༔ ཡེ་ཤེས་དབྱིངས་ཀྱི་ངང་དུ་མཉམ་པར་གཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བཟང་མཁའ་ཀློང་དབྱིངས་ལས་རོལ་རྩལ་གྱི༔ དཀྱིལ་འཁོར་གསུམ་གྱིས་མ་ལུས་ཁྱབ་པར་གསལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཆུ་བོ་བཞི་ཡི་དངོས་པོ་ཅིར་སྣང་ཡང༔ བསྐྱེད་རྫོགས་རྣམ་གཉིས་བསྒོམས་པའི་བྱིན་རླབས་ཀྱིས༔ སྡུག་བསྔལ་བདུད་བཞི་བཅོམ་ནས་དབང་དང་ལྡན༔ མི་ཟད་རྒྱན་འཁོར་རྣམ་ལྔ་འགྲུབ་པར་ཤོག༔ དེ་ལྟར་ལུང་གི་ཉམས་ལེན་སྙིང་པོ་འདི༔ སྔགས་འཆང་གནུབས་བན་ སངས་རྒྱས་ཡེ་ཤེས་ལ༔ སློབ་དཔོན་པདྨ་འབྱུང་གནས་བདག་གིས་གདམས༔ བཀའ་ཤོག་ནམ་ཞིག་ལས་འཕྲོ་ལྡན་པས་རྙེད༔ བདེ་གཤེགས་བཀའ་ཡི་ཆུ་བོ་རྒྱས་བྱེད་འགྱུར༔ ཞེས་གསུངས་དེ་བཞིན་གནུབས་ཀྱི་སྔགས་འཆང་བདག༔ ལུང་གི་ཆུ་བོ་ཆེན་པོའི་བཀའ་བབས་ནས༔ རྒྱ་གར་སློབ་དཔོན་དྷ་ན་རཀྵི་ཏས༔ བྲུ་ཤའི་ཡུལ་དུ་སློབ་དཔོན་ཆེ་བཙན་སྐྱེས༔ ཁྱད་པར་གུ་རུ་པདྨ་འབྱུང་གནས་ཀྱི༔ དགོངས་བཅུད་ཐུགས་དམ་རྩ་བའི་རྒྱུད་ལུང་རྣམས༔ མན་ངག་བཀའ་བབ་བཀའ་རྒྱ་བདག་ལ་བསྩལ༔ བཀའ་བརྒྱུད་གཏེར་བརྒྱུད་གཉིས་སུ་བྲིས་པ་ནི༔ ནམ་ཞིག་བཀའ་བབ་བུ་དང་འཕྲད་ནས་སུ༔ བདེ་གཤེགས་ལུང་གི་བསྟན་པ་རྒྱས་བྱེད་ཤོག༔ ས་མ་ཡ་རྒྱ་རྒྱ༔ ཁོ་བོ་འགྱུར་མེད་རྡོ་རྗེ་རྩལ་ཞེས་སམ། །མཆོག་གྱུར་བདེ་ཆེན་གླིང་དུ་འབོད་པ་ཡིས། །མཁའ་འགྲོ་རྣམས་ཀྱིས་གཏད་པའི་གླེགས་བམ་རྣམས། །ཐོད་ཕྲེང་རྩལ་དང་སངས་རྒྱས་ཡེ་ཤེས་ཀྱི། །ཕྱག་དཔེ་ཡིན་འདུག་ཞག་བདུན་ཞིབ་མཇལ་བས། །རང་སྐལ་མི་བརྗེད་དངོས་གྲུབ་ཐོབ་པ་རྣམས། །དཔེ་ལ་བཀོད་པའི་དགེ་བ་གང་མཆིས་པས། །བདེ་གཤེགས་ལུང་གི་བསྟན་པ་རྒྱས་བྱེད་ཤོག །འདི་ནི་རྒྱུད་ལུང་རང་བྱན་ཚུད་པ་ཡི། །རྣལ་འབྱོར་རབ་ཀྱི་ཉམས་ལེན་ཡིན་པའི་ཕྱིར། །ལས་ནི་དང་པོས་འདི་དོན་རྟོགས་དཀའ་བས། །བདེ་གཤེགས་བཀའ་དང་བླ་མའི་ཞལ་ལ་དྲིས། །འདི་དོན་རྟོགས་ནས་ཉམས་ལེན་བྱེད་པ་རྣམས། །ངང་གིས་སྨོན་ལམ་འབྲས་བུ་མྱུར་དུ་ཐོབ། །དེ་ཕྱིར་ནན་ཏན་སྐྱེད་ལ་ཐོས་བསམ་གྱིས། །འདི་ཉིད་སྒྲུབ་པ་ཁོ་ན་ལྷུར་ལེན་གྱིས། །

ཕྲིན་ལས་ཕུར་པའི་གནད་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 32, Text 18)

༄༅། །ཕྲིན་ལས་ཕུར་པའི་གནད་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟིའི་དགོངས་པ་གུ་རུ་ཤཱཀྱ་སེང་གེས་སྙན་བརྒྱུད་དུ་བསྩལ་པའི་ཕྲིན་ལས་ཕུར་པའི་གནད་ཏིག་ལས། བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། འབྱོར་ན་དམ་ཚིག་གི་རྟེན་དུ་མཚན་མ་རྫས་ཀྱི་ཕུར་པ་མཚན་ཉིད་ཚང་བར་འདུ་བྱས་ཏེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པར་བསམ་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཚོགས་གསག་ཀྱང་བྱ། གཉིས་པ་དངོས་གཞི་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔ སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས༔ ཉོན་མོངས་ཞེ་སྡང་གཟུང་འཛིན་གཅོད༔ མཚོན་ཆེན་ཧཱུྃ་སྔོན་འོད་འབར་བ༔ རང་བྱུང་ནམ་མཁའི་དཀྱིལ་དུ་ཤར༔ འཁོར་འདས་སྲོག་གི་གོ་རུ་བསྒོམ༔ ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང༔ ཡེ་ཤེས་ལྔ་རྫོགས་གཞལ་མེད་ཁང༔ དུར་ཁྲོད་དྲག་པོའི་བཀོད་པ་ཅན༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། གཡས་དཀར་གཡོན་དམར་རྔམ་བཞད་གཤེ༔ ཕྱག་དྲུག་ཡེ་ཤེས་རོལ་པའི་རྟགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་དང༔ ཐ་མས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་ཁྲག་བསྣམས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ པད་ཉི་ལྷ་ཆེན་ཁྱོ་ཤུག་སྟེང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཧཱུྃ་གི་གླུས་བསྐུལ་བས༔ ཡབ་ཡུམ་བཟོད་མེད་བདེ་བ་འབར༔ རྗེས་ཆགས་སྙོམས་ཞུགས་མཁའ་གསང་ནས༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ༔ ཞལ་ཞུགས་བྱང་སེམས་ཐིག་ལེར་ཞུ༔ འོད་ཀྱི་གོང་བུ་མཁའ་ནས་སྤྲོས༔ རྩིབས་སྟེང་དཔལ་ཆེན་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕུར་འདྲིལ་ཡུམ་དང་འཁྱུད༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ཕྲིན་ལས་སྒོ་མ་བཞི༔ མུ་རན་འཇིག་རྟེན་སྐྱོང་བས་བསྐོར༔ གཙོ་བོ་ཡབ་ཡུམ་གནས་ལྔ་རུ༔ སངས་རྒྱས་པདྨ་རྡོ་རྗེ་དང༔ རིན་ཆེན་ལས་ཀྱི་ཀཱི་ལ་ཡ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ ལྷན་སྐྱེས་ཡུམ་དང་བཅས་པར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བསྐྱེད་རིམ་སྲིད་པ་ཕུར་བུ་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ། སྤྲོས་པ་བསྡུ་ན་དམ་ཡེ་དབྱེར་མེད་དུ་མོས་པས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་ཅིང་ང་རྒྱལ་བརྟན་པོར་གཟུང་། གཞི་འབྲས་སྦྲེལ་བའི་དག་པ་དྲན་པར་བྱ། སྤྲོ་ན་སྤྱན་འདྲེན་སོགས་ལས་ཀྱི་རིམ་པ་མདོར་བསྡུས་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཁྲག་འཐུང་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་རོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་སྤྱན་འདྲེན་མཆོད་བསྟོད་བྱ་ཞིང་། གང་ལྟར་ཡང་གསལ་བརྟན་དག་གསུམ་ལ་བསླབ། དེས་སྐྱོ་ན་གསུང་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀ་དཔལ་གྱི་བེ་འུའི་དབྱིངས༔ ཡེ་ཤེས་སེམས་དཔའ་ཐིག་ལེའི་དབུས༔ བཛྲ་སཏྭ་ཚོན་གང་བའི༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་ལས་རྡོ་རྗེའི་སྔགས་ཕྲེང་འཕྲོས༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་ནས་འཁོར་བའི་མོད༔ སྐུ་དང་སྔགས་ཕྲེང་མེ་འོད་མཚོན༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྲིད་གསུམ་དྲེགས་པ་གཟིར་ཞིང་བསྔངས༔ བར་ཆད་བདུད་བགེགས་ཚར་ཐག་བཅད༔ སྣོད་བཅུད་ཀ་དག་གཉུག་མའི་བབས༔ རྡོ་རྗེ་གཞོན་ནུའི་ངོ་བོར་རྫོགས༔ ཞེས་དམིགས་པའི་སྲོག་ཏུ་བཟུང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཞེས་རྩ་བའི་བསྙེན་སྔགས་གཙོ་བོར་བཟླ་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་སྒྲུབ་པའི་སྔགས་ཀྱང་ཅི་ནུས་བཟླ། སྤྲོ་ན། མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུམ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་ལས་སྦྱོར་སྤུ་གྲིའི་སྔགས་ཤམ་བཏགས་པའང་ཅུང་ཟད་བཟླ། བསྙེན་སྒྲུབ་བྱེད་ན་བསྙེན་སྔགས་འབུམ་ཕྲག་བདུན། སྒྲུབ་སྔགས་བྱེ་བ། ལས་སྦྱོར་ཁྲི་ཕྲག་གཅིག་བཟླས་པས་ལས་རུང་དུ་འགྱུར་རོ། །དེ་ལྟར་ལྷ་སྔགས་ཀྱི་རྣལ་འབྱོར་ལ་གོམས་པ་ཅུང་ཟད་བརྟན་པས་ཐུན་མཐར་རྫོགས་རིམ་ཀུན་རྫོབ་བྱང་སེམས་ཀྱི་ཕུར་བུ་དང་། རིག་པ་ཡེ་ཤེས་ཀྱི་ཕུར་བུའི་དགོངས་པ་ཉམས་སུ་ལེན་པར་འདོད་ན་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཞལ་ཤེས་དང་འབྲེལ་བར་ཉམས་སུ་བླང་ངོ་། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས། རིག་པ་རང་སྣང་བཛྲ་ཀུ་མཱ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་བཀས་བསྐུལ་པ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བའི་སའི་ཐིག་ལེ་ངེས་གསང་བཤད་སྒྲུབ་ཀྱི་འབྱུང་གནས་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བྲིས་པ། འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཀྱི་ལག་ལེན་གསལ་བར་བཀོད་པ་རིག་འཛིན་དགྱེས་པའི་རོལ་མོ་ (Volume 16, Text 18)

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཀྱི་ལག་ལེན་གསལ་བར་བཀོད་པ་རིག་འཛིན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་སུ་ག་ཏ་ས་མཱ་ཛ་ཡ། ཡེ་ཤེས་ཀློང་དགུའི་དབྱིངས་ལས་སྲིད་དང་ཞིའི། །དཔལ་ཆེན་རོལ་པ་ཁྱབ་བདག་ཧེ་རུ་ཀ །རྡོ་རྗེ་འཛིན་པའི་རྣམ་པར་སྣང་བ་གང་། །གཙུག་གི་རྒྱན་བཞུགས་གྲུབ་གཉིས་བྱིན་རླབས་སྩོལ། །སྒྲུབ་སྡེའི་ཟབ་གསང་གཅིག་དྲིལ་ཞིང་། །ཉེ་བརྒྱུད་བྱིན་རླབས་ཚན་ཁ་ཅན། །གང་འདིར་མོས་སློབ་ཙམ་གྱིས་ཀྱང། །དོན་ལྡན་འགྱུར་ཕྱིར་དང་བས་ཞུགས། །སྒྲུབ་པ་བཀའ་བརྒྱད་ཀྱི་ལམ་སྲོལ་འོ་མའི་རྒྱ་མཚོ་ལས་མར་གྱི་སྙིང་པོ་ཡང་ཞུན་བྱས་པ་ལྟ་བུ་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བའི་ཡང་བཅུད་སྙིང་པོར་དྲིལ་བ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་བགྱི་བ་ལ་གསུམ། བསྒྲུབ་པའི་གཞི། སྒྲུབ་བྱེད་ཀྱི་ལམ། བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། ལུང་ལས། བསྒྲུབ་བྱའི་ལྷ་ནི་སེམས་ཡིན་ཏེ༔ སེམས་ཉིད་དོན་གྱི་ལྷ་སྐུར་བཞུགས༔ ཞེས་གསུངས་པ་ལྟར་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་བདེ་བ་ཆེན་པོ་གདོད་མ་ནས་དོན་དམ་རང་བྱུང་གི་ལྷའི་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་བཞུགས་པ་ཉིད་དོ། །གཉིས་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། གཞུང་ལས། བསྙེན་རྫོགས་རྟོགས་ལྡན་སྟོན་པ་དང༔ དད་བརྩོན་བརྟུལ་ཞུགས་ལྡན་པའི་འཁོར༔ གནས་དུས་ཡོ་བྱད་ཕུན་ཚོགས་པས༔ ཞེས་གསུངས་པ་ལྟར། གཙོ་བོ་སྟོན་པ་རྡོ་རྗེ་རྒྱལ་པོ་བསྙེན་སྒྲུབ་ལ་གྲངས་རྟགས་རྫོགས་ཤིང་རྟོགས་པའི་གདེང་དང་ལྡན་པ། སྒྲུབ་པའི་འཁོར་གྲོགས་དད་གུས་བརྩོན་འགྲུས་གསང་སྔགས་ཀྱི་ལྟ་སྤྱོད་ལམ་དུ་ལོངས་པའི་བརྟུལ་ཞུགས་དང་ལྡན་པ། རྒྱུད་ལས་གསུངས་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་བའམ་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་དབེན་ལ་བཀྲ་ཤིས་པ། དུས་བྱང་བགྲོད་ལྷའི་ཉིན་མོའི་ཟླ་བ་ཡར་གྱི་ངོ་གཟའ་སྐར་སྦྱོར་བྱེད་དགེ་ཞིང་ཤིས་པ། ཡོ་བྱད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྟེན་གཙོ་བོར་གྱུར་པའི་སྒྲུབ་པའི་མཐུན་རྐྱེན་ཇི་ལྟར་དགོས་པ་ཐམས་ཅད་གཙང་ཞིང་དག་ལ་མ་ཚང་བ་མེད་པ་སྟེ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་སྒྲུབ་པ་ལ་འཇུག་པར་བྱའོ། །གཉིས་པ་ནི། རྒྱུད་ལས། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས། ཐུན་མོང་མཆོག་གི་དངོས་གྲུབ་ལེན། ཞེས་གསུངས་པས། སྔོན་དུ་འགྲོ་བ་བསྙེན་པ་དང་ཉེ་བསྙེན། དངོས་གཞིའི་ལས་རིམ་སྒྲུབ་པ། རྗེས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོ་གསུམ་གྱིས་བསྡུས་པ་ལས། དང་པོ་ལ་ལྔ། ས་ཆོག །མཚམས་གཅོད། སྟ་གོན། རྟེན་དཀྱིལ་འཁོར་བཅའ་བ། སྒྲུབ་པ་པོ་གནས་སུ་འགོད་པའོ། །དང་པོ་ས་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས། ས་སློང་བ་ནི། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་འབྲུའི་ཚོམ་བུ་བཀོད་པའི་སྟེང་དུ། མཉྫིའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་ཀྱུ་དང་རིལ་བུས་མཚན་པ། མདུན་དུ་གསེར་སྐྱེམས་དང་བཅས་པའི་མཐར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་གཡས་སུ་བསྐོར། ལོགས་གང་བདེར་བདག་བསྐྱེད་མཆོད་པ་དཔལ་གཏོར་སྨན་རཀ་ཉེར་སྤྱོད་བཅས་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་ནི། བརྒྱུད་འདེབས་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ཚོགས་གསག་སྔོན་དུ་འགྲོ་བས། ལས་བྱང་ལྟར་མཆོད་པ་བྱིན་རླབས་ལྷ་བསྐྱེད་ནས་བསྟོད་པའི་བར། བསྙེན་པ་བརྒྱ་ཕྲག་གསུམ། སྒྲུབ་པ་བཞི། ལས་སྦྱོར་བཞི་བཅུ་ཙམ་བཟླས་ལ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མཆོད་བསྟོད་འབུལ། ལས་བྱང་གཤམ་ལས་འབྱུང་བ་ལྟར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡང་། ས་ལྷའི་མཆོད་པ་རྣམས་ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། རྡོར་ཐལ་ཕྱེ་བས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ ཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་རླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ་ནས། དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་སློབ་དཔོན་གྱི་དབང་མཆོག་གི་ཕུར་བུ་བཟུང་ལ། བདག་ཉིད་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ལ། ཧཱུྃ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊ། ཅེས་བཏབ་སྟེ་ལན་བདུན་བཟླས་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་མོ། །སྦྱོང་བ་ལ། སྔགས་དང་ཕྱག་རྒྱས་སྦྱོང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་སྟེགས་བུའི་སྟེང་དུ་བཞག །ཐམས་ཅད་ཀྱིས་རྡོ་རྗེ་དང་བཅས་ལག་གཡས་ས་ལ་རེག་པའི་ཚུལ་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུུདྡྷོ྅་ཧཾ། ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱོང་བ་ནི། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་པར་བསམ། བསྡུ་ན་དེ་ཙམ་གྱིས་ཆོག །ཅུང་ཟད་སྤྲོ་ན་བཟུང་བ་ནི། སེང་ལྡེང་ཕུར་པ་ཅོད་པན་ཅན་བཅུ་འབྲུའི་སྣོད་དུ་བཙུགས་པ་སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་ཤར་དུ་ཕྱོགས་པའི་མདུན་དང་། ཕུར་སྟེགས་ཨེ་བཅུ་རྣམས་ཕྱོགས་བཅུར་བཀོད། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། ཡང་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར། ཧཱུྃ་བཅུ་བརྗོད། ཕྱོགས་བཅུའི་བགེགས་རྣམས་ཀྱི་སྙིང་གར་བཏབ་པར་གྱུར། སློབ་དཔོན་གྱི་ཕྱག་གཡས་ཐོ་བ་དང་། གཡོན་པས་སྟེང་གི་ཁྲོ་བོའི་ཕུར་པ་སོགས་རིམ་བཞིན་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། དེས་འགྲེས་ཏེ་ཁྲོ་བཅུའི་སྙིང་པོ་སོ་སོར་ལས་སྔགས་བཏགས་པ་བརྗོད་ཅིང་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་སྐོར་དང་། མཚམས་བཞི་བྱང་ཤར་ནས་གཡོན་སྐོར་དང། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང་། ཕྱོགས་བཅུར་ཕུར་བུ་བཏབ་པས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་འབར་བས་བགེགས་རྣམས་བསྲེགས་ཤིང་མི་གནས་པར་གྱུར་པར་བསམ། སྐབས་འདིར་སྤྱི་བཤགས་བྱ་བར་གསུངས་པ་ནི། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་དང་། སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར་དང་། གཟུངས་མདོ་སྒྲོག །ཁྱད་པར་གནས་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་འདོན་པ་སོགས་དགེ་བའི་དཔུང་བསྐྱེད་པའི་ཕྱིར་རང་ངམ་གཞན་གྱིས་ཀྱང་ཅི་འགྲུབ་ཏུ་བྱའོ། །གཉིས་པ་མཚམས་བཅད་པ་ལ་གཉིས་ལས། དང་པོ་ཕྱི་མཚམས་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་སྟེགས་ཁེབས་ལྡན་གྱི་ཁར་མེ་ཏོག་ཚོམ་བུའི་སྟེང་དུ་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་བཤམས་ལ། སློབ་དཔོན་འདུས་པ་བཅས་རོལ་ཆ་དང་སེར་སྦྲེང་གིས་ཤར་གྱི་ཐོ་རྩར་འཁོད་ལ། མཆོད་པ་དང་གཏོར་མ་བསང་སྦྱང་བྱིན་རླབས་གོང་གི་ས་ལྷའི་སྐབས་ལྟར་བྱ། ཐོ་སྐུ་རྟེན་དང་བཅས་པ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་རྟེན་ལ་བསྟིམ། ཨོཾ་དྷྲྀཥྚ་རཱཥྚཱ་ཧཱུྃ་ཛ༔ ལན་ཉེར་གཅིག་གི་མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས༔ ཤར་ཕྱོགས་དྲི་ཟའི་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་གསོལ་བས་སྲུང་བའི་ལས་མཛད་པར་བསམ་ཞིང་ཏིཥྛ་བཛྲ༔ ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾཾ་ཧོ༔ས་བསྟིམ། ཨོཾ་བཻ་རཱུ་ཌྷ་ཀ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཐར་ཕྱིན་སྐུ༔ དུག་གསུམ་འཇོམས་པའི་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གྲུལ་བུམ་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་རཱུ་པཱཀྵ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ དབང་དྲག་དམར་སྨུག་འབར་བ་འཇིགས་པའི་སྐུ༔ བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛ༔ ཞེས་ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར་བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་ལོངས་སྤྱོད་མཐར་ཕྱིན་སྐུ༔ རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་བསྣམས༔ བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་སྤྱི་མཐུན་གྱི་སྙིང་གར་ཏྲིའི་མཐར། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛ༔ ཞེས་བྲིས་ལ་དུག་ཁྲག་བྱུགས་པ་བྲུབ་ཁུང་དུ་བཀོད་ནས་བསྐུལ་གསེར་སྐྱེམས་གཟུ་དཔང་དམིགས་བྱ་འགུགས་བསྟིམ་ཐུན་གྱིས་བྲབས་ནས་མནན་ཐོད་དུ་འཇུག་པ་རྣམས་སྔ་ཉིན་ནས་རྡོ་རྗེ་མཚམས་པ་སོགས་ཀྱིས་གྲུབ་པ་ཡོད་ན་དང་། མ་གྲུབ་ན་ལིང་རྐྱང་སྒྲུབ་ཁང་གི་སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པའི་ནང་དུ་བཀོད་ལ་སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ཏེ། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཞེས་བྱིན་གྱིས་བརླབས་ནས། ཧཱུྃ༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་དབང་ཕྱུག་མ་མགོན་ལྕམ་དྲལ་དང༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཅེས་གསེར་སྐྱེམས་བཏང་། ཨེ་ཡཾ་རཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ༔ རིག་འཛིན་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྱ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམ་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཛོམས་བཛྲ་ཀཱི་ལ་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློགས༔ ཨཱརྱ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་མནན་ཐོད་དམ་ལིང་ག་ལ་སློབ་དཔོན་གྱིས་སྐྱེར་པའི་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ །མནན་ཆས་དོང་ནང་དུ་བསྐྱུར། རོ་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྱ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་གདབ་ནས་མི་མངོན་པར་བྱས་ལ་སློབ་དཔོན་གྱིས་རྡོ་རྗེས་རྒྱ་གྲམ་དུ་མནན་ལ། ཧཱུྃ༔ རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་རྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་གཏང༔ ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་ཐམས་ཅད་ཀྱིས་སུམྦྷ་ནི་བརྗོད་བཞིན་དུ་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་ལས་བྱང་ལྟར་བྲོ་བརྡུང་ངོ། །གཉིས་པ་སྒོ་བྱང་གདགས་པ་ནི། ར་སོགས་གམ་རོ་རས་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་འདོད་གསོལ་བཅས་བྲིས་པ་སྒོའི་ཐེམ་གྱི་ཕྱི་ངོས་སུ་བཏགས་པའི་མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང་། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ་སྔར་ལྟར་བྱིན་གྱིས་བརླབ། སྐུ་རྟེན་ཨ་མྲིཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དྲངས་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་ལ། རང་སྔགས་ཀྱི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲིཧྣ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་རྡོར་ཐལ་ཕྱེ་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་གཤིན་རྗེའི་བདག་པོ་ལ༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་བསྒྲུབས་ནས༔ ཡང་དག་དོན་ཆེན་དེང་སྒྲུབ་ན༔ འདི་ལ་གནོད་ཅིང་བར་གཅོད་པ༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་པས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ གསང་བ་མཆོག་གི་རྣལ་འབྱོར་པས༔ བླ་མེད་འབྲས་བུ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏང་བར༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་པ་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག༔ ཅེས་བརྗོད། གསུམ་པ་ནང་མཚམས་ལ་དང་པོ་མ་ཏྲཾ་བསྒྲལ་བ་ནི། དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་ཕྱག་ཏུ་གཡབ་དར་དང་དྲིལ་བུ་བསྣམས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར། ཅེས་བརྗོད་ཅིང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་དྲ་ཛ༔ ལན་བདུན་བརྗོད། ན་མོ༔ རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་འགྲོས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ༔ ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨཱ་ཀརྵཱ་ཡ་ཛ༔ ཏྲི་ཡཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མ་ཏྲཾ་རུ་དྲ་ཛ༔ ཨཱ་ཀརྴ་རུ་དྲ་ཛ༔ ཁ་ཏྲང་རུ་དྲ་ཛ༔ ཞེས་པས་ཆོས་དང་གང་ཟག་གི་བདག་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དང་། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་བ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་བ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབ་དྲལ༔ རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ། ལས་རྡོར་གྱིས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར། ཐམས་ཅད་ཀྱི་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་། ཧཱུྃ་པྲ་བེ་ཤ་ཕཊ༔ ཅེས་ལན་བདུན་བཟླས་ནས་རྒྱ་བཀྲོལ་ཏེ། དཀྱིལ་འཁོར་གྱི་སྒོ་ཤག་གིས་བྱེ་བར་གྱུར་པར་བསམས་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས། ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། ཅེས་བརྗོད་ལ་སྟེགས་བུའི་དབུས་ཀྱི་ཁྲིའུ་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། གཉིས་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ སོགས་ནས། བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་འདོན་བསྒོམ་དུ་བྱའོ། གསུམ་པ་སྟ་གོན་བྱ་བ་ནི། གཞུང་ལས། ལྷག་པའི་ལྷ་དང་བུམ་པ་རྣམས༔ སྟ་གོན་རིམ་པས་ལྷག་པར་གནས༔ ཞེས་པས་གཉིས། ལྷ་དང་བུམ་པ་སྟ་གོན་ནོ། །དང་པོ། དཀྱིལ་འཁོར་གྱི་གཞི་ལ་མེ་ཏོག་བཀྲམ། སྤོས་བཏུལ་ལ། བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་དཔལ་ཆེན་ཧེ་རུ་ཀའི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་རྗེས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་ཐུགས་དགྱེས་པའི་ཚུལ་གྱིས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་རླབས་གྱུར༔ ཅེས་མོས། འདི་ནི་དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་དོན་ཡིན་པས་དབང་བསྐུར་དང་མི་འབྲེལ་ཡང་ངེས་པར་བྱ་དགོས། གཉིས་པ་ནི། རིན་པོ་ཆེའི་བུམ་པར་དྲིའི་ཆུ་དང་སོ་ལྔའི་རྫས་སྦྱར་བ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་དང་། ལས་ཀྱི་བུམ་པ་བཅས་སྟེགས་ལ་བཀོད་པའི་མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམས་བྱས་ལ་བསང་སྦྱང་། ལས་བྱང་ལྟར་བྱིན་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་རང་བྱུང་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་གདན་སོ་སོའི་དབུས་སུ་དཔལ་ཆེན་ཆེ་མཆོག་གི་དཀྱིལ་འཁོར། ཕྱོགས་མཚམས་བརྒྱད་དུ་སྒྲུབ་སྡེ་བརྒྱད། ཕྱི་རོལ་བཀའ་སྡོད་ཀྱི་ཚོགས་བཅས་ཉི་མ་དང་འོད་ཟེར་ལྟར་སྐད་ཅིག་གིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས། ཡེ་ཤེས་ལྔའི་དབང་བསྐུར་བར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཿཨ་བྷི་ཥིཉྩ་མི༔ ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏཱ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱ་ཨཱ༔ ཤབྡ་ཧོ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་གསུང༔ སྙིང་རྗེ་རྔམ་ཞིའི་ཡེ་ཤེས་ཐུགས༔ དཔལ་ཆེན་ཧེ་རུ་ཀ་ལ་བསྟོད༔ གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ནས་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་དམིགས་ལ་བསྙེན་སྒྲུབ་ཀྱི་སྔགས་ཅི་ནུས་བཟླ། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཅན་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླ། མཐར་དུང་ཞལ་གྱི་མཆོད་ཡོན་ཕུལ་ལ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར། བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ། དང་པོ་ཆག་ཆག་གདབ་པ་ནི། བདུད་རྩི་ལྔ་ཆང་དང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་བྱང་ཤར་ནས་གཡས་སྐོར་དུ་ཁྱེམ་མེད་པར་བྱུགས་ཤིང་། ཧཱུྃ༔ ཚེ་མཆོག་འཛིན་པའི་དངོས་གྲུབ་དྲི༔ བྱང་ཆུབ་སེམས་ནི་དཀར་བས་ན༔ མཱཾ་ས་ཡོན་ཏན་ཀུན་དང་ལྡན༔ རཀྟ་ཆགས་པའི་གནས་ཆེན་པོ༔ བདུད་རྩི་གུར་གུམ་དྲི་ཡི་ཆུ༔ གདོད་ནས་དག་པའི་རྩ་བ་ལྔ༔ ཉོན་མོངས་དུག་ལྔ་འཁོར་བའི་རྒྱུ༔ ཡེ་ཤེས་རྣམ་ལྔར་བྱིན་བརླབས་ནས༔ དཀྱིལ་འཁོར་དགུ་རུུ་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་ཧེ་རུ་ཀ་པཉྩ་ཨ་མྲྀཏ་ཛྙཱ་ན་མཎྜལ་ཧཱུྃ༔ ཞེས་བརྗོད། དེ་ནས་ཐིག་ཚོན་གྱི་བྱ་བ་ནི། དེང་སང་ཕལ་ཆེར་གྱིས་མི་འགྲུབ་པ་མང་བས་འདིར་མ་བཀོད་ལ་སྤྲོ་ན་བདེར་འདུས་ཀྱི་སྒྲུབ་ཁོག་སོགས་ལྟར་བྱ། འོན་ཀྱང་གཞུང་ལས། ཐིག་དང་ཚོན་གྱིས་དཀྱིལ་འཁོར་བྲི༔ ཡང་ན་ཚོམ་བུའི་མཚོན་པ་ཡི༔ དམིགས་རྟེན་ཕྱག་རྒྱ་ཅི་རིགས་དགྲམ༔ ཞེས་དང་ཕྲིན་ལས་སྔོན་འགྲོ་ལས་ཀྱང་དེ་མཚུངས་བསྡུ་ན་ཚོམ་བུའི་དཀྱིལ་འཁོར་གྱིས་ཀྱང་ཆོག་པར་གསུངས་པས་སྐབས་འདིར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེ་ཡན་ཆད་ནི་བསྙེན་པའི་ལས་རིམ་སྟེ་ཉིན་དང་པོའི་བྱ་བའོ། །འོག་ནས་འབྱུང་བའི་གཏོར་མཆོད་ཐམས་ཅད་ཀྱང་འདི་ཉིན་ནས་གྲབས་སུ་ཚུད་པར་བྱའོ། །དེ་ནས་རྒྱན་དགོད་པ་ནི། སྒྲུབ་རྫས་སྐུ་རྟེན་ཐོད་པ་མཚན་ལྡན་ལ་ཆེ་མཆོག་གི་སྐུ་བྲིས་པ། གསུང་རྟེན་དར་དམར་ལ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་གནམ་ལྕགས་རྡོ་རྗེ། ཡོན་ཏན་རྟེན་བྷནྡྷ་བདུད་རྩི་ཆོས་སྨན་གྱིས་བཀང་བ། ཕྲིན་ལས་རྟེན་ཕུར་པ་ཁྲོ་ཞལ་ཅན། བནྡྷར་མར་མེ་སྡོང་བུ་དགུ་བཙུགས་པ་རྣམས་དང་། རྒྱལ་མཚན། བ་དན། རལ་གྲི །མདའ་དར་བཞི། ཚོན་སྐུད་དྲྭ་བ། ཕྱི་ནང་མཆོད་རྫས་སོགས་སྟེགས་བུར་བཀོད། ནང་མོ་བདག་བསྐྱེད་གཏོར་མཆོད་སྔར་ཉིན་ལྟར་བཤམ། བདག་གི་རྣལ་འབྱོར་བརྒྱུད་འདེབས་ཚོགས་གསག་ནས་བརྩམ་ལས་བྱང་ལྟར་ཚང་བར་བཏང་། བཟླས་པ་བསྡུ་ལྡང་བཅས་བྱ། དེ་ནས་འདུས་པ་རྣམས་དབུ་ཞྭ་བཅས་བཞེངས་ལ། ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང་། སུམྦྷ་ནི་བརྗོད་ཅིང་རོལ་མོ་བཅས་སློབ་དཔོན་གྱིས་ཡུངས་ཐུན་འཐོར། ལས་རྡོར་གྱིས་གུ་གུལ་བདུག་ལ་རྟེན་གྱི་བགེགས་བསལ། འདུས་པ་རྣམས་དཀྱིལ་འཁོར་ལ་ཕྱོགས་པར་ཁྲོམ་ཚོགས་སུ་གནས། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པ། ཡུམ་བཟང་མོ། རྒྱལ་ཐེབས་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ནས་མཆོད་རྫས་བར་རིམ་པར་ཐོགས། ཆེ་མཆོག་གི་ཛཔ྄་དབྱངས་དང་འཇམ་རོལ་སྐབས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས་མདུན་དུ་འཁོད་ལ་དྲིལ་གདངས་བཅས། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ནི་མཁའ་དང་མཉམ༔ ཕྱག་རྒྱའི་རྟེན་དང་དབྱེར་མེད་བཞུགས༔ སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཐོད་སྐུ་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་ལ་བཞུགས་སུ་གསོལ། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་ནི་མི་ཤིགས་སྒྲ༔ སྔགས་ཀྱི་རྟེན་དང་དབྱེར་མེད་བཞུགས༔ གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཝཱ་ཀ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་བྱང་ནུབ་ཏུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ནི་འོད་གསལ་དབྱིངས༔ ཕྱག་མཚན་རྟེན་དང་དབྱེར་མེད་བཞུགས༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེ་ཤར་དུ་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཡོན་ཏན་ལྷུན་གྱིས་གྲུབ༔ བདུད་རྩིའི་རྟེན་དང་དབྱེར་མེད་བཞུགས༔ ཡོན་ཏན་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། གུ་ཎ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྨན་ཐོད་ལྷོར་དགོད། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཕྲིན་ལས་ཐོགས་མེད་ཁྱབ༔ ཕུར་བུའི་རྟེན་དང་དབྱེར་མེད་བཞུགས༔ ཕྲིན་ལས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། ཀརྨ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཕུར་བུ་བྱང་དུ་དགོད། ཧཱུྃ༔ ཆོས་ཉིད་གཅིག་ལས་རིག་རྩལ་དགུ༔ གཟི་བརྗིད་སྒྲོན་མེ་འོད་གསལ་བ༔ དཔལ་ཆེན་ཀློང་དགུའི་རྟེན་དུ་བཞུགས༔ ཡེ་ཤེས་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར། དཱི་པཾ་ཛྙཱ་ན་དྷཱ་ཏུ་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྷནྡྷའི་མར་མེ་དབུས་ཀྱི་ཐོད་སྐུའི་མདུན་དུ་དགོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང༔ ཀུན་རྫོབ་རིགས་ལྔ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཏྲཱཾ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཅུར་ཕུར་བུ། ཕྱོགས་བཞིར་རལ་གྲི་དང་འཕན་བཞི། མཚམས་བཞིར་མདའ་དར་དང་རྒྱལ་མཚན་བཞི་བཙུགས་ལ་ཚོན་སྐུད་དྲྭ་བས་སྦྲེལ་བའམ། སྒབ་སྐོར་དང་གདུགས་ལ་སོགས་པས་བརྒྱན། དེ་རྒྱབ་དཀྱིལ་འཁོར་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་ལྔ། བྱང་དུ་དྲག་པོའི་ཉེར་སྤྱོད་རྣམས་གཡས་སྐོར། ནུབ་ཏུ་དཀྱིལ་འཁོར་ལྷའི་འདས་གཏོར་དམར་པོ་གཙོ་འཁོར་དགུ་པ་སོ་སོའི་མདུན་དུ་མཐེབ་ཀྱུ་གྱེན་ལང་རེ་སྦྱར་བ་རྩེ་ཁྲོམ་ཅན། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒེར། གཏེར་སྲུང་དང་གཞི་བདག་སྤྱི་གཏོར། སྨན་རཀ་དང་བཅས་པ་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་འབུལ་གཏོར། ཆད་ཐོ་བརྟན་མ། ཚོགས་རྫས་སོགས་ཉེ་བར་མཁོ་བའི་མཆོད་གཏོར་གྱི་རིགས་ཐམས་ཅད་ཅི་ལྟར་འོས་པའི་བཀོད་པ་ལེགས་པར་བཤམ་ཞིང་། དེ་དག་སྤྱི་ཁྱབ་ཏུ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །ལྔ་པ་སྒྲུབ་པ་པོ་རྣམ་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་ལ་གསུམ། གནས་སུ་འགོད་པ། ཆས་སུ་འཇུག་པ། བསྲེ་བསྣན་བྱ་བའོ། །དང་པོ་ནི། རྡོ་རྗེ་རྒྱལ་ཚབ་པས་གྲལ་གཤམ་ནས་སྟོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་ཡོན་ཏན་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་ལ། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ྄་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་ཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རིམ་པར་དྲངས་ལ་མངའ་གསོལ། གཉིས་པ་ནི། གཏོང་ཐུན་དབྱངས་བཅས་སྔར་དང་འདྲ་བས། ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་པར་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་བརྒྱན་ཚུལ་མཛད། དེ་ནས་ལས་བྱང་ཤྭ་ལོ་ཀ་གཅིག་གིས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ། གསུམ་པ་ནི། དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུ་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་རྡོར་དྲིལ། བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། བདུད་རྩི་བྱིན་རླབས་ཀྱི་སྔགས་ལན་གསུམ་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྨན་མཆོད་འབུལ། དེ་ནས་སློབ་དཔོན་གྱིས། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབས། བར་གཅོད་བགེགས་བསྐྲད་པའི་ཕྱིར། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ སོགས་ལས་བྱང་ལྟར་བརྗོད་ལ་དྲག་སྔགས་སྤོས་རོལ་གིང་དང་མེ་ཆུའི་ཐུན་སོགས་ཚམ་རྔམ་དང་གྲྭ་མང་གིས་འཇམ་རོལ་དང་བཅས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ཀྱི་རྗེས་ཟློས་གསར་བུ་རྣམས་ལ་བྱེད་བཅུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བར་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པ་འོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པ། སློབ་མས་ཀྱང་ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་སྐོར་དུ་གསར་རྙིང་ཐམས་ཅད་བྲིམ་ཞིང་། ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ །ཐམས་ཅད་ཀྱིས་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱི༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྙེན་ཞིང་བསྒྲུབ་པ་དང༔ ཡི་དམ་ལྷ་མཆོག་ཛཔ྄་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་ཐུགས་ཀར་གསོར་བ་དང། ཨོཾ་བཛྲ་གྷཎྜེ་ཧཱུྃ༔ ཞེས་དྲིལ་བུ་དཀྲོལ་ཞིང་བཀུར་བསྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དྲིལ་བུ་དཀྲོལ་བ་དང་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོའི་སྒྲ་ཆེར་བསྒྲག །དེའི་རྗེས་འབྲེལ་དུ་གཞུང་ལས། ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ༔ ཅེས་པས་འདུས་པ་རྣམས་དབུ་ཞྭ་བཅས་བཞེངས། སློབ་དཔོན་གྱིས་གཡབ་དྲིལ་ཐོགས་པས་དཀྱིལ་འཁོར་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྤོས་དང་གཡབ་དར་ཐོགས་པས་སྣ་དྲངས་ཏེ། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་ཀྱིས་བསྐུལ། འོག་ནས་འབྱུང་བ་ལྟར་བྱིན་འབེབ་དབྱངས་བཅས་ཀྱི་གཤམ་དུ་རྒྱུད་གསུམ་རོལ་མོའི་སྐབས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ལ་རང་གྲལ་དུ་འཁོད། བསྔོ་བ་སྨོན་ལམ་བྱས་ལ་གྲོལ། དེ་དག་ནི་ཉེ་བར་བསྙེན་པ་སྟེ་ཉིན་གཉིས་པའི་བྱ་བའོ། །གཉིས་པ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྒྲུབ་པ་དངོས་ལ་འཇུག་པ་ནི། ཕྱག་ལེན་རིགས་མཐོང་བརྒྱུད་ལྟར་བྱས་ལ། བརྒྱུད་འདེབས་དང་ལས་བྱང་གི་སྔོན་འགྲོ་ཚང་བར་བཏང་། དངོས་གཞི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། ལྷ་བསྐྱེད་ནས་བསྟོད་པའི་བར་སོང་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿ ཞེས་པས་མདུན་གྱི་རྟེན་གྱི་གོ་སར་ཛཔ྄་ཁང་དབྱེ། ཧཱུྃ༔ དབུ་རྒྱན་ཀུན་བཟང་རིགས་ལྔའི་འཁོར༔ སོགས་ཀྱི་ཛཔ྄་དགོངས་གསལ་གདབ། ཧཱུྃ༔ ཀུན་བཟང་རིགས་ལྔ་གཙོ་དང་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོག༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏོང་ན༔ མ་གཡེལ་ཐུགས་རྗེའི་དཔུང་སྐྱེད་ལ༔ བཟླས་པའི་ཕྲིན་ལས་གཡེལ་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་ལ་ཞི་བའི་བསྙེན་སྔགས་བཟླ །སྟོང་ཚིགས་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་བརྗོད་ལ་སྨན་རཀ་འཐོར་བ་ཕྱི་མ་ཐམས་ཅད་ལ་འགྲེ །ཧཱུྃ༔ དཔལ་ཆེན་གཙོ་དགུའི་ཐུགས་ཀ་རུ༔ སོགས་ཀྱིས་གསལ་གདབ། ཧཱུྃ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས་གོང་ལྟར་བརྗོད་པས་བསྐུལ་ལ་སྒྲུབ་སྔགས་བཟླ། སྟོང་ཚིགས་འབུལ། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ༔ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་རང་བྱུང་གྲུབ་པའི་ལྷ༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་རང་བྱུང་གྲུབ་པའི་ལྷ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་རང་བྱུང་གྲུབ་པའི་ལྷ༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་སོགས། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ལས་སྦྱོར་ནི། ཧཱུྃ༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ སོགས་ཀྱི་དམིགས་པ་གསལ་གདབ་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་། བར་མཚམས་རྣམས་སུ་སྟོང་ཚིགས་སོ་སོར་འབུལ། དེའང་ཞི་བའི་བསྙེན་པ་དང་ཁྲོ་བོའི་དྲིལ་སྒྲུབ་གཉིས་ལ་བཟླས་པའི་དངོས་གཞི་དང་སྔགས་རྒྱུན་བཟུང་། བསྙེན་སྔགས་ལས་ཀྱང་སྒྲུབ་སྔགས་བུང་བསྐྱེད། ཆེ་མཆོག་ལ་སྟོང་ཕྲག་བྱས་ན་དཔལ་བརྒྱད་པོར་བརྒྱ་རྩ་རེ་བཟླས་པས་མཚོན་པ་དང་། ལས་སྦྱོར་ལྔ་བཅུའམ་ཉེར་གཅིག་ཙམ་བཟླ། ཚེ་བཅུད་བསྡུ་བའི་དམིགས་གནད་བཅས། ཞི་ཁྲོ་སྤྱི་སྔགས་མཐར། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པའང་ཉེར་གཅིག་ཙམ་བཟླས་པས་ཐུན་དང་པོ་གྲུབ། དེ་ནས་ཐུན་དྲུག་བྱེད་ན་ཉིན་མོ་ལ་ཕྲིན་ལས་ཚར་གཉིས་དང་། མཚན་མོ་ལ་ཚར་གསུམ་བསྐྱར། ཐུན་བཞི་བྱེད་ན་ཉིན་མོར་ཡང་བསྐྱར་གཅིག་དང་། མཚན་མོར་ཚར་གཉིས་གཏང་དགོས་པས། ཚར་རྗེས་མ་རྣམས་མཆོད་པ་གསོས་ལ་མཆོད་པ་བྱིན་རླབས་དང་ལྷ་བསྐྱེད་ནས་བཟླས་པའི་བར་བསྐྱར་བ་ཡིན་ལ། བཟླས་པ་ནི་བསྐུལ་ཚིག་བཅས་ཞི་ཁྲོའི་བསྙེན་སྔགས་བཟླས་པའི་དངོས་གཞི་བྱ། མཐར་ལས་སྦྱོར་ཅུང་ཟད་བཟླ་ཞིང་སྟོང་ཚིགས་སོ་སོར་འབུལ། ཚེ་བསྙེན་ཡང་ཉེར་གཅིག་ཙམ་རེ་བཟླས་པས་ཆོག་གོ །ཉིན་ཐུན་རྗེས་མར་བསྙེན་པ་གྲུབ་པ་དང་། སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟ་བུའི་སྲུང་མའི་གཏོར་ཆོག །དྲེགས་པའི་སྡེ་དཔོན་སུམ་ཅུའི་གཏོར་འབུལ་སོགས་ཀྱང་བྱ། སྐབས་འདིར་སྐོང་བཤགས་གྲུབ་ན་ལེགས་པས་ཞི་ཁྲོ་བཀའ་བརྒྱད་ཀྱི་ཕྱག་བཤགས་སྐོང་བ་མར་མེ་སྨོན་ལམ་བཅས་ཆོས་དབང་གསང་རྫོགས་དང་བྱང་གཏེར་རང་ཤར་གྱི་གཞུང་ཕྱོགས་བསྒྲིགས་ཟུར་དུ་བཞུགས་པ་ཉིད་སྦྱར། དེ་ནས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བྱས་ལ་སྤྲོ་ན་སྐབས་འདིར་ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏང་། ཚོགས་ལ་རོལ། ལྷག་གཏོར་བསྔོས་ལ་ལྷག་མ་བཙོན་འཛིན་བྱ། དམ་ཅན་གཏོར་ཆོག་བྱས་ན་གཏོར་འབུལ་སོགས་མཐར་དབྱུང་། ལས་བྱང་གི་བསྐུལ་བ་དང་ཆད་བརྟན་རྟ་བྲོ་གཏང་རག་མཆོད་བསྟོད་བཟོད་གསོལ་གྲུབ་ནས་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །དེ་ནས་བར་གཅོད་ཉུ་ལེ་འདུལ་ཞིང་བསྐྲད་པ་ནི། འདུས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་སོགས་ཆས་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུ་འཁོད་པའི་དྲུང་དུ་ཉུ་ལེའི་ལིང་ག་བཅས་ལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཞེས་བྲུབ་ཁུང་བསྐྱེད། ན་མོ༔ རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛ༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བྱས་ནས་གིང་པ་ལས་ཀྱི་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླག་པར་བསམ་ཞིང་། རོལ་མོ་དབྱངས་དང་ཊཱ་ཀིའི་འཆམ་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང་། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཅེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང་། ཊཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ། ཁྱད་པ་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པས་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་དུག་ཆར་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོ་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་མ་ལུས་སྲེག༔ གྲུ་བུ་གྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྴ་འབྱིན་ཡཀྴ་འབྱིན་ཡ་ཕྱེ་མ་ཕྱེ་མ། རྡུལ་ཕྲན༔ རྡུལ་ཕྲན༔ ཞེས་དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་ལ་བསྐྲད། སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་བྱིན་དབབ་པ་ནི་སྤོས་རོལ་གཡབ་དྲིལ་སོགས་སྔར་ལྟར་བྱས་ལ། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ སོགས་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབ་བཀའ་བརྒྱད་གསང་རྫོགས་ལས་འབྱུང་བ་ཉིད་བརྗོད། བསྙེན་སྒྲུབ་ཀྱི་ཛཔ྄་དབྱངས་ལན་གསུམ་བྱས་པས་གྲུབ། མཚན་ཐུན་དང་པོར་ལས་བྱང་གི་ཚོགས་གསག་ནས་བཟུང་སྔོན་འགྲོ་ཚང་བ་དང་། ཐོར་ཐུན་རྗེས་ཚོགས་མཆོད་རེ་ལྷག་པོར་གཏང་། གཞན་ཉིན་ཐུན་རྗེས་མ་དང་འདྲ། ཐོར་ཐུན་གྲོལ་རྗེས་ཉུ་ལེ་བསྐྲད། བྱིན་འབེབ་ལས་བྱང་ལྟར་བྱ། སྒྲུབ་ཞག་རྗེས་མ་གསུམ་གྱི་སྔ་དྲོར་ཚེ་བསྙེན་རྗེས་ཟུར་གསལ་ཚེ་འགུགས་ཚར་རེ་སྦྱོར་རྒྱུ་བྱུང་ནའང་ལེགས། དེ་ལྟ་བུའི་ཚུལ་གྱིས་ཞག་བདུན་ལ་སོགས་པར་གྱེར་བསྒོམ་བཟླས་པ་མ་ཆད་པར་བྱ་སྟེ་སྒྲུབ་པའི་རིམ་པའོ། །གྲོལ་ཉིན་དགོང་མོར་དབང་གི་སྦྱིན་སྲེག་གྲུབ་ན་ལེགས། གསུམ་པ་རྗེས་དངོས་གྲུབ་བླང་བ་ལ། གྲུབ་པའི་རྟགས་རབ་འབྲིང་ཐ་མའི་ཚུལ་དུ་བྱུང་བའམ་སྒྲུབ་པའི་ཞག་གྲངས་ཐེམས་པའི་ཚེ། རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་མཉྫིའི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་བུམ་བླངས་ལ་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་དཀར་མངར་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་བསྐོར་བ། མཱཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཐོག་སྣ་ཚོགས། སུ་རཱ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་བ། གཡོན་དུ་ཆང་བཟང་པོར་མངར་གསུམ་དང་ཨ་མྲྀཏས་སྦགས་པས་བྷཉྫ་བཀང་པ་བཤམས་ལ་དར་གྱིས་གུར་དབུབ་པའི་ཚུལ་དུ་བཀབ། ནངས་མོ་ཕྲིན་ལས་ཀྱི་གཞུང་སྔར་ལྟར་བསྲངས་ལ་བཟླས་པའི་རྗེས་ཚེ་འགུགས་སྦྱར། སྟོང་ཚིགས་ཐུན་པ་རྣམས་ཀྱང་ལྷན་ཅིག་འབུལ་ལ་སྔགས་རྒྱུན་སྔ་མ་གྲོལ། བསྙེན་སྒྲུབ་སྔགས་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བཟླ། སྲུང་མ་རྣམས་ཀྱི་གཏོར་ཆོག་གྲུབ་ནས། ལས་བྱང་ལྟར་བགེགས་བསྐྲད། རྒྱལ་ཚབ་པས་དཀྱིལ་འཁོར་བསྐོར་ཞིང་ཐུན་བྲབ། མཚམས་གཅོད། ལས་རྡོར་དང་རྒྱལ་ཚབ་པས་སྤོས་གཡབ་དྲིལ་བཅས་ཚོགས་པ་དང་དཀྱིལ་འཁོར་བསྐོར་ཞིང་ལས་བྱང་ལྟར་བྱིན་འབེབ་གྱེར། ཡེ་ཤེས་སྐུ་མཆོག་སོགས་བརྗོད་ལ་ནོངས་པ་བཤགས། བདུད་རྩིའི་སྔགས་ལན་གསུམ་བརྗོད་ལ་རྫས་རྣམས་བྱིན་བརླབས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་དགྱེས་པ་བསྐྱེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། ཞེས་དམིགས། བསྙེན་སྒྲུབ་སྔགས་ལ་གོང་གི་སྔགས་ཤམ་བཏགས་ལ་བརྒྱའམ་ཉེར་གཅིག་བཟླས་ལ་ལས་བྱང་ལྟར། ཨོཾ་ཨཱཿཧཱུྃ༔ བདེ་གཤེགས་ཞི་ཁྲོ་སོགས་ཀྱིས་དངོས་གྲུབ་སྤྱིར་བསྐུལ། བྱེ་བྲག་ཏུ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུ་ལྔ་དང་འོད་ཟེར་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། སློབ་དཔོན་གྱིས་གནས་ལྔར་རིམ་པར་གཏུགས་ལ་གོང་གི་རྒྱན་བཀོད་སྐབས་ཀྱི། ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ སོགས་ཚིགས་བཅད་དང་བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་སིདྡྷི་ཕ་ལ་ཧཱུྃ༔ སོགས་སོ་སོར་བཏགས་ནས་ཤྭ་ལོ་ཀ་ལྔ་པོ་བརྗོད་ཅིང་དངོས་གྲུབ་བླང་། སློབ་དཔོན་ལ་བུམ་ཆུ་དང་དངོས་གྲུབ་ཀྱི་ཕུད་འབུལ། ཟུར་བྱང་ལྟར། ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་སྟིམས༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷཱི་ཧཱུྃ་བྷྲཱུྃ༔ ཞེས་བརྗོད་ལ་ཚེ་འབྲང་གིས་དབང་བླང་། ཚེེ་རིལ་ཆང་ཕུལ། དེ་ནས་འདུས་པ་རྣམས་ཀྱིས་བསྙེན་སྒྲུབ་ཛཔ྄་དབྱངས་བྱས་ལ། སློབ་དཔོན་དང་རྒྱལ་ཚབ་པས་རྟེན་རྣམས་དང་ཚེ་བུམ་གྱིས་དབང་བསྐུར། ལས་རྡོར་སོགས་ཀྱིས་རྫས་དང་ཚེ་རིལ་སོགས་བཀྱེ། རྫས་རྣམས་དངོས་གྲུབ་ཏུ་རོལ་པས་ལྷ་དང་བདག་གཉིས་སུ་མེད་པ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་མོས། བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཧོ༔ བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱད་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝཱ་ཤཾ་མ་ནོ་ཧ་ར་སིདྡྷིི་སིདྡྷི་ཧཱུྃ༔ ཞེས་དང་ལས་བྱང་ལས། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ སོགས་ཀྱང་བརྗོད་པས་སྒྲུབ་པ་ཆེན་པོའི་རིམ་པ་གྲུབ་བོ། །སྐབས་འདིར་དཔོན་སློབ་ཁ་ཤས་ནས་རྒྱས་པའི་སྦྱིན་སྲེག་བྱས་ལ། དངོས་གྲུབ་ཀྱི་ཕུད་འབུལ། སྤྲོས་པ་བསྡུ་ན་སྐབས་འདི་ན་ཙམ་ལས་སྦྱིན་སྲེག་གཞན་མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །གཞན་དོན་དུ་དབང་བསྐུར་ན་སྨིན་བྱེད་རྒྱས་པའམ་དེའི་སྙིང་པོ་བསྡུས་པ་ཙམ་གྱིས་སྐབས་འདིར་རྗེས་སུ་འཛིན་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པའི་མཐའ་རྒྱས་སུ་བྱ་བ་ནི། ལས་བྱང་ལྟར་ཚོགས་བྱིན་རླབས་ནས་རིམ་པར་གཏང་བའི་ཞལ་བསྟབས་མཇུག་ཏུ་ཉུ་ལེའི་ལིངྒ་མེར་བསྲེག །ལྷག་མ་བསྡུས་ནས་སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་ཕྱི་རོལ་དུ་གཏང་། སྲུང་མའི་གཏོར་འབུལ་ཟུར་དུ་ཡོད་ན་བྱ། བསྐུལ་ཆད་བརྟན་རྟ་བྲོ་ཡན་གྲུབ་ནས། གཏང་རག་མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས་བཟོད་གསོལ་དང་། དཀྱིལ་འཁོར་གྱི་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས་སྤྱི་ལྟར་བྱ། དམ་ཚིག་པ་རང་ལ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། དེ་ནས་ཕྱི་མཚམས་བཀྲོལ་བ་ནི། སྒྲུབ་ཁང་གི་ཤར་ལ་སོགས་པའི་རྒྱལ་ཆེན་བཞི་དང་སྒོ་བྱང་གི་ལྷ་བཅས་སོ་སོའི་མདུན་དུ་མཆོད་པ་བཤམ། བསང་སྦྱང་བྱིན་རླབས་དྲངས་བསྟིམ་མཆོད་པ་རྣམས་སྔར་ལྟར་ལས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿས་གཤེགས་སུ་གསོལ། དཀྱིལ་འཁོར་མཐའི་ཕུར་བུ་རྣམས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ས་ཕུར་རྩེ་འོ་མས་བཀྲུ །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་རས་བྲིས་དཀྱིལ་འཁོར་བསྡུ། སྒྲུབ་རྫས་སོགས་རྗེས་ཤུལ་མི་མངོན་པར་བྱ། དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡིས་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ། ལས་བྱང་ལྟར། ཧོ༔ དགེ་བ་འདི་དང་སོགས་བསྔོ་སྨོན་དང་ཤིས་པ་བརྗོད། གཞན་ཡང་ཞལ་ལས་གསུངས་པས་ཐོག་དྲངས་ཏེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་སྤེལ་ལོ། །གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། གཞུང་ཉིད་ལས། དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱིས་རིག་འཛིན་མཆོག་དངོས་འགྲུབ། འབྲིང་གིས་སྔགས་ཀྱི་དྲོད་ཚད་འཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གི་ངེས་པ་ལྟར་རོ། །བསྐལ་མང་མཚན་ཙམ་ཐོས་དཀའ་བ། །གསང་ཆེན་ངེས་པའི་ཐེག་པ་རུ། །ཚོམ་བུ་ཚོགས་སྒྲུབ་མོས་སློབ་ཙམ། །བགྱིས་ཀྱང་རིག་འཛིན་ས་ལ་སྦྱོར། །ཚུལ་འདིར་ཡིད་ཆེས་དད་པ་རྙེད། །བརྩོན་པས་སྒྲུབ་པའི་སྐལ་ལྡན་གྱིས། །ཐ་གྲུ་ཀུན་ཁྱབ་མཁའ་མཉམ་འགྲོ། །ཀློང་དགུའི་དབྱིངས་སུ་བྱང་ཆུབ་ཤོག །ཅེས་པའང་རིག་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་ཐམས་ཅད་གཟིགས་པའི་བཀའ་ལུང་གསེར་གྱི་མེ་ཏོག་དད་པའི་གཙུག་ཏུ་བཀོད་དེ་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྨིན་ལུགས་བཀའ་བརྒྱད་བདེར་འདུས་སྒྲུབ་ཁོག་ལ་གཞི་བྱས་ཏེ་ལག་ལེན་རྣམ་གསལ་གྱི་ཚུལ་དུ་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།

ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་ (Volume 42, Text 18)

༄༅། །ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེ་བདེ་ཆེན་འོད་བརྒྱའི་མེས། །སྲིད་པའི་འཇིག་ཚོགས་བུད་ཤིང་ཀུན་བསྲེགས་ནས། །དངོས་གྲུབ་ཀུན་གྱི་གནས་ལ་དབུགས་འབྱིན་པའི། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུད། །ཕྱི་ནང་གསང་བའི་སྲེག་བླུག་དགའ་སྟོན་ཆེས། །མཆོད་ལས་དངོས་གྲུབ་རྣམ་པ་ཐམས་ཅད་པ། །དཀའ་བ་མེད་པར་སྒྲུབ་བྱེད་མྱུར་བདེའི་སྐྱེས། །མཆོག་འདོད་མགྲོན་པོ་རྣམས་ལ་ཅི་དགར་སྦྱིན། །འདིར་རང་གཞན་གྱི་དོན་བླ་ན་མེད་པ་མྱུར་བདེའི་སྙིང་པོ་ཅན་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྦྱིན་སྲེག་གི་ཆོ་ག་ལག་ཏུ་བླང་བར་བྱ་བ་ལ། ཕྱི་དང་ནང་དང་བླ་ན་མེད་པའི་སྦྱིན་སྲེག་གསུམ་གྱི། དང་པོ་རྫས་ལ་བརྟེན་པ་དང་། བསྒོམ་པ་གཉིས་ལས། དང་པོ་ལ་ཞི་རྒྱས་གཉིས་ལས། ཞི་བའི་ཆོ་གའི་རིམ་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བ་ལ། ས་གཞི་སྦྱོང་དང་ཐབ་ཁུང་བཅའ། །རྫས་བཤམ་ཆས་སུ་འཇུག་པ་འོ། །དང་པོ་ནི། བརྟགས་ཤིང་ཡིད་དང་མཐུན་པའི་གནས་སུ་དཀྱིལ་འཁོར་དང་འབྲེལ་ན་ཤར་རམ། ལྷོའི་ཆའམ། མ་འབྲེལ་ན་གཞན་གང་ཡང་རུང་བར། སྔོན་དུ་བདག་པོའི་རིམ་པ་འབུམ་ཕྲག་གཅིག་ཡན་ཆད་བསྙེན་ཅིང་བྱམས་པ་དང་བཟོད་པར་ལྡན་པའི་སྔགས་པས། དགུན་ཟླ་འབྲིང་པོའི་ཡར་ངོའི་ཚེས་གཅིག་གི་སྲོད་ཀྱི་ཆ་ལྟ་བུར་གཟའ་དང་སྐར་མ་རབ་ཏུ་ཤིས་པ་སོགས་རྣམ་པར་དགེ་བའི་དུས་ཀྱི་ཆ་ལེགས་པར་བརྟགས་ལ་བརྩམ་པར་བྱའོ། །གང་དུ་བྱ་བའི་ས་དེར། ས་སྦྱོང་བ། གཟུང་བ། ཕུར་བུས་གདབ་པ། ནོར་འཛིན་མ་ལྷག་གནས་ཀྱི་ཆོ་ག་རྣམས་བྱ་བའམ། དེ་ཙམ་མ་གྲུབ་ཀྱང་བདག་པོའི་རྣལ་འབྱོར་དང་ལྡན་པས་ཞིང་སྐྱོང་ལ་གཏོར་མ་སྦྱིན། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའམ། རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བཟླ་བ་ཀུན་རྫོབ་ཀྱིས་སྦྱོང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བས་ཡོངས་སུ་དག་པར་བྱའོ། །གཉིས་པ་ཐབ་ཁུང་བཅའ་བ་ནི། གཞི་དེར་ཐབ་མངོན་པར་འདུ་བྱས་ཏེ། ས་གཞི་རང་བཞིན་ནམ་བཅོས་པས་དཀར་བ་ལ། གཞིའི་སྟེགས་བུ་གྲུ་བཞི་པར་བྱ་སྟེ། རྩིགས་ཐབ་ཀྱི་ཚེ་རྒྱར་གྲུ་གང་ཟླུམ་པོར་བསྐོར་བའི་ཟབས་སུ་ཁྲུ་ཕྱེད་པ་བྱས་ལ། ཐབ་ཀྱི་སྟེང་དུ་མུ་རན་ནམ་ཆུར་སོར་བཞི་དོར་བས་རྒྱ་དང་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་ནང་དུ་གཞོལ་བའི་འཁོར་ཡུག །ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་ཕྱིའི་གྲུ་ཆད་ཟུར་གསུམ་པ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སོར་བརྒྱད་པའི་རྡོ་རྗེ་རྩེ་ལྔ་པ་མགོ་ཤར་དུ་བསྟན་པ་བྱའོ། །བརྐོ་བའི་ཚེ་སྟེགས་བུའི་དབུས་སུ་ཆུ་དམའ་བ་དང་ཐབ་ཀྱི་ཟབས་བརྐོས་ལ། དེ་ནས་ཆུ་སོར་བཞི་ཕྱིར་སྐྱེད་པ་ནས་ཁ་ཁྱེར་རྒྱར་དཔངས་སོར་བཞི་པ་ཟླུམ་པོར་སྦྱར། གཞན་སྔ་མ་ལྟར་རོ། །རྩིག་པ་དང་འབྲུ་བའི་ཐབ་གཉིས་ཀ་ས་དཀར་དང་བདུད་རྩི་ལྔ་དང་དྲི་དཀར་པོས་ཁྱེམ་མེད་པར་བྱུག་གོ །དེ་ལྟར་མི་ནུས་པའི་སར་བྲི་ཐབ་བྱེད་ན་སྟེགས་བུ་བའི་ལྕི་བས་བྱུགས་པ་ལ་ཚངས་ཟུར་གྱི་ཐིག་བཏབ། དབུས་ན་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པའི་ཆུ་དང་ཁ་ཁྱེར་ཏེ། ཟླུམ་སྐོར་གསུམ་གྱི་ནང་དུ་པདྨ་འདབ་བརྒྱད་ཐབ་མཚན་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲིའོ། །ཇི་ལྟར་ཡང་རུང་སྟེ། ཕྱི་རོལ་གྱི་ཁྲུ་ཕྱེད་ཀྱི་སར་བའི་ལྕི་བས་བྱུག །ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཅལ་དུ་དགྲམ་མོ། །ཐབ་ཏུ་མཆོད་སྦྱིན་གྱི་ཤིང་རྣམས་ལས་སྲོག་ཆགས་མེད་པ་ཐབ་ལས་ཅུང་ཟད་ཐུང་བའམ། དགོན་པའི་བ་ལང་གི་ལྕི་བ་བཅེར་ཏེ་ཐབ་ཁུང་གི་ཚད་ཙམ་དུ་བརྩིགས་ལ་མེ་ཚང་དང་ལྡན་པར་བྱའོ། །གསུམ་པ་རྫས་བཤམ་པ་ནི། རང་གི་གཡོན་ངོས་སུ་དུང་ངམ་ཉ་ལྕིབས་སོགས་ཀྱི་སྣོད་གསུམ་སྤོས་ཀྱིས་བདུག །མཆོད་ཡོན་གྱི་རྫས་ཐུན་མོང་བ་དྲི་མེ་ཏོག་ཏིལ་ཀུ་ཤ་འབྲས་ཡོས་རྣམས་དང་། ཁྱད་པར་འོ་མ་དང་མེ་ཏོག་དཀར་པོ་དང་དྲི་དཀར་པོའི་ཆུས་དགང་། སྣོད་སོ་སོའི་མདུན་དུ་བཟེད་ཞལ་གསུམ་ཡང་མཉྫི་ལ་སོགས་པའི་སྟེང་དུ་དགོད། འཁྱིལ་པ་དང་ཧཱུྃ་བཟླས་པའི་བསང་ཆུའི་སྣོད་ཀུ་ཤའི་འཐོར་གཡབ་དང་བཅས་པ་ཡང་བཞག་གོ །གཡས་ངོས་སུ་ཀུ་ཤ་སྔོ་ལྗང་ཟུང་དུ་བསྡེབས་པ་མ་གྲུག་ཅིང་ཧ་ཅང་མི་རིང་བ་རྣམས་དང་། ཡམ་ཤིང་ནི་པཱ་ལ་ཤ་དང་ཨུ་དུམ་བཱ་ར་སོགས་འོ་མ་ཅན་གྱི་ཤིང་དངོས་སམ། ཕྱོགས་བཞིར་བལ་བུ་སོགས་ཇི་ལྟར་རྙེད་པའི་རྩེ་མོའི་ཆ་ལས་བྱུང་བ་གསར་ཞིང་དྲང་བ་མཛུབ་གང་བ་དྲི་བཟང་གིས་བྱུགས་ཤིང་རྩེ་མོ་གཉིས་སྦྲང་རྩི་དང་མར་ཁུར་ཉུག་པ་གྲངས་ཇི་ལྟར་འོས་པ་དང་། ཏིལ་ནག །ཞོ་ཟན། འབྲས་མ་གྲུག་པ། སོ་བ་གྲ་མ་མེད་པ། ནས། སྲན་མ་མཱ་ཥ། གྲོ །དཱུརྦ། འབྲུ་མར་གྱིས་བྱུགས་པའི་ཀུ་ཤ་རྣམས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིམ་པ་གཉིས་དང་། དེ་དག་གི་ནང་ལོགས་སུ་མེ་ལྷ་གཉིས་ཀྱི་ཉེར་སྤྱོད་གཏོར་མ་དང་བཅས་པ་ཉིས་རིམ་དང་། གཞན་ཡང་གོས་ཟུང་སོ་རྩི་རླུང་གཡབ་མེ་ཆས་བུད་ཤིང་མར་ཁུ་རྣམས་ཀྱང་བཤམ་མོ། །མདུན་དུ་ལས་བུམ། ནང་མཆོད་ཐོད་པ། རྡོ་རྗེ་དྲིལ་བུ་ཌཱ་མ་རུ། མེ་ཏོག །དགང་བླུག་རྣམས་དང་མེ་ཡོལ་ཡང་བཞག་གོ །བཞི་པ་ཆས་སུ་འཇུག་པ་ནི། སློབ་དཔོན་བྱམས་པ་དང་སྙིང་རྗེར་ལྡན་པའི་ཡིད་ཀྱིས་ཁྲུས་བྱ་ཞིང་ལུས་དྲི་ཞིམ་པོས་བྱུག །ཆས་གོས་དཀར་པོ་གྱོན། གཙུག་ཏོར་སོགས་རྒྱན་དང་བཅས་པས་འཇམ་ཞིང་བདེ་བའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་བྱིན་པ་གཡས་གཡོན་པས་མནན་ཏེ། པུས་མོ་གཉིས་དམད་པ་པདྨའི་སྟབས་ཀྱིས་འདུག་སྟེ་སྲེག་བླུགས་ཀྱི་བྱ་བ་ལ་འཇུག་པ་ཡིན་ནོ།། །།གཉིས་པ་དངོས་གཞི་ལ་སྔོན་དུ་བྱ་བའི་ཆོ་ག་དང་། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ། བར་དུ་འཇིག་རྟེན་ལས་འདས་པ་མཆོད་པ། མཐར་འཇིག་རྟེན་པ་མཆོད་པའི་ཆོ་ག་དང་བཞི་ལས། སྔོན་དུ་བྱ་བའི་རིམ་པ་ལས། བདག་བསྐྱེད་རྡོ་རྗེ་དྲིལ་བུ་གཟུང་། རྫས་བརླབ་མེ་སྦར་ཀུ་ཤ་དགྲམ། །དང་པོ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་། རབ་གནས་དབང་བསྐུར་སོགས་དང་འབྲེལ་བ་ལ་ནི། སོ་སོའི་སྐབས་ཇི་ལྟ་བར་བྱ་ཞིང་། མ་འབྲེལ་ན་བདག་བསྐྱེད་བཟླས་པའི་མཐར་ཐུག་པའི་བར་བྱས་ནས་རྣལ་འབྱོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་ལས་བུམ་བསྒྲུབ་པའམ། མི་བྱེད་ན་གཡོན་དུ་བཀོད་པའི་བསང་ཆུ་ལས་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་རྡོར་དྲིལ་གཟུང་བ་ནི། དེ་ནས་སྨྲ་བ་གཞན་བཅད་དེ་ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་པ་གཡས་གཡོན་དུ་ཉི་མ་དང་ཟླ་བ་བསམ་ལ་རྣམ་ལྔ་བསྐོར་ཏེ། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བརྟན་པར་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང་། ཨོཾ་བཛྲ་གཎྜེ་ཨཱཿཧཱུྃ་གིས་དྲིལ་བུ་བཟུང་། འཁྱུད་པའི་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དམ་ཚིག་གསུམ་དྲན་པར་བྱ། གསུམ་པ་རྫས་བརླབ་པ་ནི། བསང་ཆུའི་སྣོད་ལས་ཀུ་ཤའི་འཐོར་གཡབ་ཀྱིས་ཆུ་བླངས་ལ་ལས་སྔགས་བཟླ་ཞིང་རང་གིས་གཡོན་ནས་གཡས་སྐོར་དུ་ཐབ་དང་བསྲེག་རྫས་རང་དང་དགང་བླུགས་ཐམས་ཅད་ལ་བསང་གཏོར་བྱས་ལ་མཆོད་རྫས་རྣམས་སྦྱངས་ཤིང་བསྐྱེད་དེ་བྱིན་གྱིས་བརླབ། དེ་ནས་རྫས་རྣམས་བདུད་རྩི་ལྔས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམ། ཕྱག་རྒྱ་དེ་ཉིད་ཀྱིས། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །བཞི་པ་མེ་སྦར་བ་ནི། གཙུབ་ཤིང་ལས་བྱུང་བའི་དགོན་པའི་མེ་སོགས་ལས་དང་མཐུན་པ་ཡི་གེ་གསུམ་གྱིས་སྣོད་དུ་བཞག་ལ། ལས་སྔགས་ཀྱིས་ཞུན་མར་གྱི་མེ་སྦར་ནས། འབར་བ་ན་ལས་སྔགས་བརྗོད་ཅིང་བསང་ཆུས་གཡས་སྐོར་དུ་ལན་གསུམ་བསང་གཏོར་བྱས་ལ་ཐབ་ཏུ་གཙང་ཞིང་སྐམ་པའི་རྩའི་ཆུན་པོ་དང་བཅས་པས་དུ་བ་མེད་པར་གཞུག་ཅིང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པ་དང་། ཧཱུྃ་ཞེས་ཀྱང་བརྗོད་པས་རླུང་གཡབ་ཀྱི་རླུང་གིས་མེ་སྦར་ནས། འབར་བ་ན་རིགས་ཀྱི་སྙིང་པོ་ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱིས་མར་ཁུས་ཀྱང་རབ་ཏུ་སྦར་བར་བྱའོ། །ལྔ་པ་ཀུ་ཤ་དགྲམ་པ་ནི། ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་རྣམས་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་ནས། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབ་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་གནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་གླང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ།། །།དེ་ནས་ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པ་ནི། ཐབ་དང་ལྷ་བསྐྱེད་ཡེ་ཤེས་དགུག །མཆོད་བསྟོད་དམ་བསྒྲག་རྫས་འབུལ་མཆོད། །དང་པོ་ནི། བསང་ཆུས་ཐབ་བསངས་ནས་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་པད་ཉི་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་མི་འཇིགས་པ་དང་བགྲང་ཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཐུང་ཞིང་ལྟོ་བ་འཕྱང་བ་སྨ་ར་དང་རལ་པའི་ཐོར་ཚུགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་གྱི་ཕྲེང་བ་དཀར་པོས་དཀྲིགས་ཤིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། གཉིས་པ་ཡེ་ཤེས་དགུག་པ་ནི། མེ་ལྷའི་ཐུགས་ཀར་ཉི་མ་ལ་གནས་པའི་རཾ་ཡིག་དང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས། བསྒོམས་པ་དང་འདྲ་བའི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ་ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ནས། རང་བྱུང་ཆེན་པོ་བཅོམ་ལྡན་འདས། །འདོད་པའི་དབང་ཕྱུག་འདོད་པ་སྟེར། །མེ་ལྷ་ལས་ཀུན་སྒྲུབ་བྱེད་པ། །འདིར་ནི་རྟེན་ལ་ཉེ་བར་བཞུགས། །ཀུ་ཤ་ཨཱ་ས་ནཾ་ཀུ་རུ། ཐབ་ཀྱི་མེ་མཚམས་སུ་ཀུ་ཤའི་གདན་ལ་བཞུགས་པར་བསམ་ལ། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། རྒྱས་པར་ཆུ་བཞིའི་མཆོད་པའམ་བསྡུ་ན་དེ་མ་བྱས་པར། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གཎྜེ་ཧོཿ ཞེས་པ་རིམ་པ་བཞིན་འཁྱུད་ཚུལ་སེ་གོལ་སྔོན་དུ་འགྲོ་བས་སོ་སོའི་རྒྱས་དགུག་གཞུག་བཅིངས་ཏེ་དབང་དུ་བྱའོ། །གསུམ་པ་མཆོད་བསྟོད་ནི། དེ་ནས་མཆོད་ཡོན་གྱི་སྣོད་བླངས་ནས་རྡོ་རྗེའི་སྙིམ་པ་ཁ་ཕྱེ་བས། ཨོཾ་ཨཱཿཧྲཱིཿཔྲ་ཝཱ་ར་སཏྐ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང་། ཁུ་ཚུར་བཅངས་པའི་མཐེབ་མཛུབ་ཀྱིས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་པཱ་དྱཾ་ཞེས་ལན་གསུམ་བསྐོར་བཞིན་པས་མཛུབ་མོ་ནས་རིམ་གྱིས་མཐེའུའི་བར་དགྲོལ་ཞིང་ཞབས་བསིལ་དང་། མཛུབ་མོས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་ཨཱཉྩ་མ་ནཾ་ཞེས་ཁུ་ཚུར་ཁ་འོག་ཏུ་བསྟན་པས་མཐེའུ་ནས་མཛུབ་མོའི་བར་རིམ་གྱིས་དགྲོལ་ཞིང་ཞབས་བསིལ་རྣམས་བཟེད་ཞལ་སོ་སོར་དབུལ། དེ་ནས་བསང་ཆུ་ནས་ཀུ་ཤའི་ཆུན་པོས་བླངས་ཏེ་པྲོཀྵ་ཎཾ་གྱིས་བཟེད་ཞལ་དང་པོར་ལན་གསུམ་དབུལ་ལོ། །དེ་ནས་ཨོཾ་ཨགྣ་ཡེ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས་ཤབྡའི་བར་སྦྱར་བས་མཆོད་ལ། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་དང་། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པ་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་འདས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དོ། །བཞི་པ་དམ་བསྒྲག་པ་ནི། ལག་གཡས་མི་འཇིགས་པ་དང་། གཡོན་ཁུ་ཚུར་དཀུར་བརྟེན་པའི་དམ་རྒྱ་བསྟན་ལ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་བརྗོད་དེ་དམ་ཚིག་བསྒྲགས་པས་མེ་ལྷ་རང་གི་དམ་ཚིག་པ་ལ་གནས་པར་བསམ། ལྔ་པ་རྫས་འབུལ་བ་ནི། ལག་གཡོན་བྱང་ཆུབ་མཆོག་གི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང་ལ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་ཀྱི་སྔགས་དང་། གཡས་པ་ཁུ་ཚུར་དེ་ཉིད་ཐུར་དུ་སྦུབས་པས་བླུགས་གཟར་མར་གྱིས་བཀང་བ་གྱེན་དུ་བསྟན་པ་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཅིག་ཤོས་ཀྱི་མར་གྱི་སྲེག་བླུགས་ཀྱི་སྔགས་བརྗོད་མེ་ལྷ་ཞལ་འཛུམ་པ་དང་བཅས་པའི་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། བླུགས་གཟར་ཁ་སྦུབས་ཏེ་དགང་གཟར་དང་སྤྲད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་ཨ་དཱི་བྱ་ཨ་བྷི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་སྭཱ་ཧཱ། ཞེས་མེ་ལྷའི་སྔགས་ཀྱིས་སམ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་སོགས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཟག་མཆུ་ལས་མར་ཁུ་དགང་བླུག་གསུམ་མམ་བདུན་དབུལ། སྐབས་འདིར་མེ་པྲ་བརྟགས་ཏེ་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བའི་སྲེག་བླུགས་བདུན་འབུལ། སླར་ཡང་ལས་སྔགས་ཀྱིས་བསང་གཏོར་བྱས་ནས་མེ་ལྷའི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་སོགས་ཅི་འབྱོར་བ་དབུལ་ལོ། །དེ་ནས་རྫས་འབུལ་བའི་གོ་རིམ་ནི། ཡམ་ཤིང་མར་ཏིལ་ཞོ་ཟན་འབྲས། །སོ་བ་ནས་དང་མཱ་ཥ་གྲོ །དཱུརྦ་ཀུ་ཤ་བཅུ་གཅིག་གོ །རྫས་དེ་རྣམས་ཀྱི་བྱེད་ལས་ནི། སྡོམ་འབྱུང་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་པར་འཕེལ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་དཀར་དག་གིས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་འདོད། །ཏིལ་ནི་སྡིག་འཕྲོག་རིག་པར་བྱེད། །སོ་བས་ནོར་དང་འབྲུ་རྣམས་དགུག །མཱ་ཥ་སྟོབས་ནི་ཆེན་པོར་བཤད། །ནས་ནི་རླུང་གི་ཤུགས་རབ་སྟེར། །དཱུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ནི་ནད་རྣམས་འཇོམས་པར་བྱེད། །འོ་ཞོ་སྦྲང་རྩིས་ཤེས་རབ་སྟེར། །ཞོ་ཟན་བདེ་བ་ཐམས་ཅད་སྟེར། །ཞེས་པའི་དོན་ཅན་གྱི་རྫས་རྣམས་དང་། མཆོད་རྫས་སོགས་གང་དུ་འབུལ་བ་ནི། ཁུ་བའི་རྫས་རྣམས་ནི་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་བདུག་སྤོས་སོགས་ནི་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་ཞབས་བསིལ་ཏིལ་སོགས་ཕྱག་དང་། དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། མར་མེ་དང་མཆོད་ཡོན་རྣམས་མདུན་དུ་དབུལ་བར་བྱའོ། །འབུལ་ཚུལ་ནི། ཡམ་ཤིང་དཱུརྦ་ཀུ་ཤ་རྣམས་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པ་ལྟར་འབུལ་ཞིང་། མར་ཁུ་དང་འབྲུ་སོགས་དེས་གཟུང་དུ་མི་རུང་བ་རྣམས་བླུགས་གཟར་གྱིས་དབུལ་ལོ། །འབུལ་སྔགས་ནི། ཨོཾ་བོ་དྷི་བྷྲྀཀྵཱ་ཡ་སྭཱ་ཧཱ། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡམ་ཤིང་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་ཀྱིས་མར་ཁུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སོགས་ཀྱིས་ཏིལ། ཨོཾ་སརྦ་སམྦྷ་དེ་སྭཱ་ཧཱ། བདེ་བ་མཆོག་ལ་བར་དུ་སོགས་ཀྱིས་ཞོ་ཟན་དང་ཟས་མཆོག །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། བསོད་ནམས་རྒྱས་པ་ལ་བར་དུ་སོགས་ཀྱིས་འབྲས་མ་གྲུག་པ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་རྒྱས་པ་ལ་བར་དུ་སོགས་ཀྱིས་སོ་བ་གྲ་མ་མེད་པ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་ཀྱིས་ནས། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་རྒྱས་པ་ལ་བར་དུ་སོགས་ཀྱིས་སྲན་མ་མཱ་ཥ། ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། ནད་མེད་པ་ལ་བར་དུ་སོགས་ཀྱིས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ལ་བར་དུ་སོགས་ཀྱིས་དཱུརྦའི་མྱུ་གུ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། སྲུང་བ་མཆོག་ལ་བར་དུ་སོགས་ཀྱིས་ཀུ་ཤ་རྣམས་འབུལ་ལོ། །དེ་ལ་ཡམ་ཤིང་དང་མར་ནི་མེད་དུ་མི་རུང་བའི་རྫས་ཡིན་ལ། གཞན་རྣམས་གྲངས་མཚུངས་པར་མ་ངེས་ཏེ་ལས་གང་གཙོ་བོར་བསྒྲུབ་པའི་རྫས་དེ་ལྷག་པར་འབུལ་དགོས་པའི་ཕྱིར་དང་། ཨ་བ་ཏཱ་ར་ལས་ཏིལ་གཅིག་པུའི་སྦྱིན་སྲེག་གསུངས་པ་སོགས་ཀྱིས་ཀྱང་ཤེས་སོ། །གོ་རིམ་ཡང་རྫས་ཀྱི་གཙོ་བོ་ཐོག་མར་འབུལ་བར་རིགས་པ་སྟེ་རྡོ་རྗེ་མཁའ་འགྲོར། དང་པོ་ཡམ་ཤིང་དེ་རྗེས་མར། །ཞེས་དང་། ཀྱེ་རྡོ་རྗེར། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །ཞེས་སོགས་གསུངས་པས་སོ། །དྲུག་པ་སླར་མཆོད་པ་ནི། དེ་ལྟར་རྫས་རྣམས་ཕུལ་བའི་རྗེས་སུ་ཞབས་བསིལ་དང་བསང་གཏོར་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་སེ་གོལ་གསུམ་གཏོགས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བལྟའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ།། །།བར་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། མགྲོན་བསྐྱེད་མཆོད་བསྟོད་བསྲེག་རྫས་དབུལ། །ཕྲིན་བཅོལ་སླར་མཆོད་བཟོད་གསོལ་གཤེགས། །དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་མདངས་རྒྱུའི་ས་བོན་སྣང་བ་སྒྱུ་མ་ལྟ་བུར་གསལ་བ་ལས། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད། ཁྱད་པར་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམ་པ་སོགས་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་རབ་གནས་སོགས་དང་འབྲེལ་བ་ལ་ནི་ཐབ་ཀྱི་མེའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། དེ་ནས་སྤོས་དང་རོལ་མོར་བཅས་པས་སྤྱན་འདྲེན་གྱི་ཆོ་ག་བྱ་ཞིང་། ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་རམ་རབ་གནས་ཀྱི་ལྷའི་དྲུང་དུ་སོང་ལ། ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གིས་མཚོན་པའི་སྒོ་ནས་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ། དེས་སྔགས་བརྗོད་ཅིང་མེ་ཏོག་དེ་ཐབ་ཏུ་རིམ་པ་བཞིན་དོར་ལ་སོ་སོའི་གདན་ལ་བཞུགས་པར་བསྒོམ་ཞིང་གསལ་བཏབ་སྟེ་མཆོད་སྦྱིན་བྱའོ། །གཉིས་པ་མཆོད་བསྟོད་ནི། ཆུ་བཞི་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པ་བསྟོད་པ་དང་བཅས་པ་སོ་སོའི་ཆོ་གའི་ངེས་པ་ཇི་ལྟ་བ་བཞིན་བྱའོ། །གསུམ་པ་སྲེག་རྫས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། མེ་ལྷའི་སྔགས་ཀྱི་ཚབ་ཏུ་རྩ་སྔགས་ལ་སྤེལ་ཚིག་སྦྱར་བས་དགང་བླུགས་གསུམ་མམ་བདུན་ཕུལ་ནས། གསོལ་བ་བཏབ་པས་ཕྲིན་ལས་མཛད་པར་ཞལ་གྱིས་འཆེས་པར་བསམ་མོ། །དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་དཀྱིལ་འཁོར་གྱི་ལྷ་སོ་སོའི་སྔགས་མཐར་སྤེལ་ཚིག་བཅས་སྦྱར་བས་སམ། རྫས་སྔགས་སོ་སོའི་མཐར་སྤེལ་ཚིག་སྦྱར་བས་རིམ་པ་བཞིན་དབུལ་ཏེ། སྤེལ་ཚིག་རེ་རེ་ནས་སྦྱར་མ་ནུས་ན་བདུན་ཚན་རེའི་མཐའ་དང་། དེ་ཡང་མ་ནུས་ན་ཐོག་མཐའ་གཉིས་སུ་གདགས་པར་བྱའོ། །འཁོར་རྣམས་ལ་ནི་བདུན་ནམ་གསུམ་ལ་སོགས་ཅི་འབྱོར་བ་རང་སྔགས་སྤེལ་ཚིག་ཅན་གྱིས་དབུལ་ལོ། །བཞི་པ་ཕྲིན་ལས་བཅོལ་བ་ནི། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས། ཟླ་བ་དཀར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །ལྔ་པ་སླར་མཆོད་བསྟོད་ནི། སླར་ཡང་དགང་བླུགས་སྔར་བཞིན་ཕུལ་ནས་ལས་སྔགས་ཀྱིས་མཆོད་ཡོན་ཕུལ། བསང་གཏོར་དང་ཞབས་བསིལ་བྱས་ལ། ཨོཾ་བཛྲ་ཝ་ས་སེ་སྭཱ་ཧཱ། ཞེས་གོས་སར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱ། ཞེས་པས་རྡོ་ཐལ་མེད་པའི་སོ་རྩི་དབུལ། ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས་ཕྱག་བྱས་ཏེ་མཆོད་ཡོན་དབུལ་ལོ། །དྲུག་པ་བཟོད་གསོལ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་བས་ཆོ་གའི་ཉེས་པ་ཞི་བའི་ཕྱིར། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ་ནས་ནད་གདོན་ཞི་བ་སོགས་མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པ་དང་ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་བསྐང་ངོ་། །བདུན་པ་གཤེགས་གསོལ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། ཨོཾ་ཨཱཿཧཱུྃ་གི་བར་དུ་རང་སྔགས་བཅུག་པའི་མཐར་བཛྲ་མུཿ ཞེས་བརྗོད་པས་དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་སོགས་སམ། རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་བསྡུ་བའི་སྔགས་རྒྱས་དབུགས་རྔུབས་པ་དང་ལྷན་ཅིག་བདག་ལ་བསྡུའོ། །འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ།། །།མཐར་འཇིག་རྟེན་པ་མཆོད་པའི་རིམ་པ་ལ། བསང་སྦར་གསལ་མཆོད་རྫས་འབུལ་བསྟོད། །གཏོར་འབུལ་བཟོད་གསོལ་གཤེགས་ཤིང་བསྡུ། །དང་པོ་ནི། ལས་སྔགས་བཟླ། བསང་ཆུས་ཐབ་ལ་བསང་གཏོར་བྱ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ་འབར་བ་ན་དེ་ཉིད་སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་འཁོར་དང་བཅས་པར་གསལ་གདབ། གཉིས་པ་མཆོད་འབུལ་བསྟོད་པ་ནི། མེ་ལྷའི་སྔགས་ཀྱིས་སྲེག་བླུགས་བདུན་དང་དགང་བླུག་ཀྱང་འབུལ། མེ་ཏོག་སོགས་ཀྱིས་མཆོད་དེ་བསང་གཏོར་དང་ཞབས་བསིལ་བྱས། གོས་ཟུང་དང་སོ་རྩི་འབུལ། བསྲེག་རྫས་ལྷག་མ་རྣམས་སྔར་བཞིན་བསྲེགས་ནས། དྲིལ་བུ་དཀྲོལ་ཞིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། གསུམ་པ་གཏོར་འབུལ་ནི། བྱིན་གྱིས་བརླབས་པའི་གཏོར་མ་ཨ་ཀཱ་རོས་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །བཞི་པ་བཟོད་གསོལ་ནི། ཆོ་གའི་ནོངས་པ་རྣམས་བཟོད་པར་གསོལ་ཏེ་འདོད་པའི་དོན་ཞུ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པ་དང་། ཡིག་བརྒྱས་ལྷག་ཆད་བསྐང་ངོ་། །ལྔ་པ་གཤེགས་བསྡུ་ནི། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿཞེས་པས། ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ། ཙཱ་རུ་དགེ་བསྔོ་ཤིས་པ་བརྗོད། །མེ་བཅིལ་ལས་ཀྱི་རྗེས་བསྡུ་འོ། །དང་པོ་ནི། སྦྱིན་སྲེག་རྫོགས་པའི་མཐར་མེ་དེ་ཉིད་དུ་འོ་ཐུག་བསྒྲུབ་སྟེ། འོ་མ་དང་འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་གི་ཕྲེང་བས་བཅིངས་པའི་ནང་དུ། དགང་བླུགས་ཀྱི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཨོཾ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ན་པྲྀ་ཎཱ་ནེ་སྭཱ་ཧཱ། ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ། ཐོག་མར་དཀྱིལ་འཁོར་པ་ལ་དབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པའི་བདག་པོར་བཅས་པས་ལོངས་སྤྱོད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་ནོ། །གཉིས་པ་དགེ་བསྔོ་ཤིས་བརྗོད་ནི། འདི་ལྟར་བགྱིས་པས་མཚོན་ཏེ་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །གསུམ་པ་མེ་བཅིལ་རྗེས་བསྡུ་ནི། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དེ་ཉིད་ལོང་ཡོད་ན་དཀྲུག་པ་དང་། འགོམ་པ་དང་། བདལ་བར་མི་བྱའོ། །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་བཅིལ་ལ་ཐལ་བ་རྣམས་བུམ་པར་བླུགས་ནས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཞི་བའི་སྲེག་བླུགས་ཀྱི་ཆོ་ག་ཡན་ལག་དང་བཅས་པའོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་གི་ཆོ་གའི་ཁྱད་པར་ནི།་་་མཆན་རྣམས་དབང་ལ་དཔེར་མཚོན་པ་ན་ཡིན། དགུན་ཟླ་འབྲིང་པོའི་ཉའི་སྔ་དྲོ་སོགས་དུས་དགེ་བར་སའི་ཆ་ཡོངས་སུ་དག་པར་བྱས་ནས། སྟེགས་བུའི་གཞི་སེར་པོ་་་དམར་པོ།ལ་རྒྱས་པའི་་་དབང་གི།ཐབ་ཁུང་གྲུ་བཞི་་་ཟླ་གམ།པ་རྒྱར་ཁྲུ་དོ་་་མཛུབ་གང་བ།ཟབས་སུ་ཁྲུ་གང་བ།་་་སོར་ལྔ། སྟེང་ན་མུ་རན་སོར་བརྒྱད་་་བཞི།དོར་བར་རྒྱ་དང་དཔངས་སོར་བརྒྱད་་་བཞི།པའི་ཁ་ཁྱེར་ལ་རིན་པོ་ཆེའི་་་ལྕགས་ཀྱུ་དམར་པོའི།ཕྲེང་བས་བསྐོར་བ། ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་་་པདྨ།བརྒྱད་པ་ལ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་་་ལྕགས་ཀྱུ་དམར་པོས།མཚན་པའོ། །རྐོ་བ་དང་། བྲི་བའི་ཚུལ་ནི་ཞི་བའི་སྐབས་ཀྱིས་མཚོན་པར་བྱ་ཞིང་། ཇི་ལྟར་ཡང་ས་སེར་པོ་་་དམར་པོ།བདུད་རྩི་ལྔ་དང་དྲི་སེར་པོའི་་་དམར་པོའི།ཆུས་བྱུག་ཅིང་། ཕྱི་རོལ་ཁྲུ་ཕྱེད་ཀྱི་སར་བ་བྱུང་དང་དྲིས་བྱུག །མེ་ཏོག་སེར་པོ་་་དམར་པོ།དགྲམ་མོ། །བུད་ཤིང་ནི་ཚེར་མ་མེད་པའི་འབྲས་བུ་དང་བཅས་པ་་་ཙན་དན་དམར་པོ་མཛོ་མོ་ཤིང་སྐྱུར་པོའི་ཤིང་།ལ་བྱའོ། །མཆོད་ཡོན་གྱི་སྣོད་གསེར་དངུལ།་་་ཟངས། རྫས་ཞོ་མེ་ཏོག་སེར་པོ།་་་ཨུཏྤལ་དམར་པོ་དང་ཟླ་མཚན་སྐྱུར་པོའི་རྫས། དྲི་སེར་་་དམར།པོ་རྣམས་ཁྱད་པར་རོ། །མཆོད་རྫས་ལྷག་མ་རྣམས་རང་བཞིན་ནམ་བཅོས་པས་ཁ་དོག་སེར་པོ་་་དམར་པོ།བྱས་པ་དང་། ཡམ་ཤིང་སྔར་བཞིན་ནམ་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འབྲས་བུ་དང་བཅས་པ་་་མཛོ་མོ་ཤིང་དང་སྐྱུར་པོའི་ཤིང་།ཁྲུ་གང་བ་་་སོར་ལྔ་པ།དང་། ཞོ་ཟན་་་ཨུཏྤལ།སོགས་རྒྱས་པའི་་་དབང་གི།རྫས་ཐུན་མོང་མ་ཡིན་པ་རྣམས་གོང་དུ་རིམ་པ་བཞིན་དགོད། སྒྲུབ་པ་པོའི་ཚུལ་དང་ཆས་གོས་སེར་པོ།་་་དམར་པོ། དྲི་སེར་པོས་་་དམར་པོ།བྱུགས་ཏེ་བཟང་པོའི་འདུག་སྟངས་་་སྐྱིལ་ཀྲུང་གིས།ཀྱིས་ཁ་བྱང་་་ནུབ།དུ་ཕྱོགས་ཏེ་དགའ་བའི་་་ཆགས་པའི།བསམ་པ་དང་ལྡན་པས་སོ། ། མེ་ནི་རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ། ནགས་མེས་ཚིག་དང་ནོར་བུ་ལས་བྱུང་བ་དང་། དགེ་འདུན་གྱི་ཚང་མང་ནས་བླངས་པ་་་སྨད་འཚོང་མའི་མེ།གང་ཡང་རུང་བའོ། །ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་བྱང་་་ནུབ།དུ་བསྟན་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་བྱང་་་ནུབ།བསྟན་གྱིས་གཡོགས་སོ། །ཐབ་བསྐྱེད་ཆོག་གི་ཚེ། རྒྱས་པའི་ཐབ་ཁུང་ཁ་དོག་སེར་་་དམར།པོ་དབྱིབས་གྲུ་བཞི་་་ཟླ་གམ།མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་།་་་ཨུཏྤལ་གྱི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་་་ལྕགས་ཀྱུས།མཚན་པ་སོགས་དང་། རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་་་དམར་པོ།ཞེས་དང་། འོད་ཟེར་གྱི་ཕྲེང་བ་སེར་པོས་་་དམར་པོ།དཀྲིགས་ཤིང་། ཞེས་སོ། །དགང་བླུག་གཟུང་ཚུལ་ནི། ལག་པ་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་དང་། སྤེལ་ཚིག་ནི་ཆེ་གེ་མོའི་ཚེ་དང་བསོད་ནམས་སོགས་པུཥྚིཾ་ཀུ་རུ་ཨོཾ།་་་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་པ་ཤཾ་ཀུ་རུ་ཧོ། བསྲེག་རྫས་ནི་ཁྱད་པར་གྱི་རྫས་རྣམས་སྔོན་དུ་རིམ་པར་འབུལ་ཞིང་། ཨོཾ་བོ་དྷི་བྷྲྀཀྵ་ཡ་སྭཱ་ཧཱ། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།་་་པ་ཤཾ་ཀུ་རུ་ཧོ། ཞོ་ཟན། ཨོཾ་སརྦ་སམྦྷ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།་་་པ་ཤཾ །ཏིལ་ལ། སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་སོགས་སྦྱར་རོ། །འདས་པའི་མེ་ལྷ་མཆོད་པའི་ཁྱད་པར་དམ་ཚིག་སེམས་དཔའ་བསྐྱེད་པ་སྔར་བཞིན་ལས་ཁྱད་པར་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་་་པདྨ་རཱ་ག།ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་་་དབང་གི།ཕྲིན་ལས་མཛད་པར་བསམ་མོ། །མཆོད་བསྲེག་གི་རྫས་འབུལ་བ་སྤེལ་ཚིག་དང་བཅས་པ་འཇིག་རྟེན་པའི་སྐབས་བཞིན་ནོ། །ལས་འཆོལ་བའི་ཚེ། ལས་བཅོལ་བ་དབང་གི་དུས་མི་མཛད།་་་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས། དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་པའོ། །འདིར་མ་བརྗོད་པའི་ཆོ་ག་ཞི་བའི་འགྲོས་ཀྱིས་ཤེས་པ་ཁོ་ནའོ།། །།གཉིས་པ་ཡིད་ཀྱི་འཇུག་པས་བྱ་བའི་ཚུལ་ནི། རྫས་རྣམས་དངོས་སུ་མ་འབྱོར་བ་དང་། ཡོད་ཀྱང་བྱ་བའི་སྐབས་མེད་ན་སྔར་བཤད་པ་ཐམས་ཅད་ཡིད་ཀྱིས་བསྒོམ་པ་ཁོ་ན་བྱས་པས་མངོན་པར་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ།། ༈ །།སྤྱི་དོན་གཉིས་པ་ནང་གི་སྦྱིན་སྲེག་གི་ཚུལ་ནི། ཕྱིའི་རྫས་ལ་བརྟེན་པ་དང་མ་བརྟེན་པ་གཉིས་ལས། དང་པོ་ནི། ཁའི་ཐབ་ཁུང་དུ་བཟའ་བཏུང་ཐམས་ཅད་བདུད་རྩིར་བྱས་ནས་ལག་པའི་དགང་བླུག་གིས་ཕུལ་བས་ནང་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བྱ་བ་སྟེ། ཡེ་ཤེས་ཐིག་ལེར། ཁ་ནི་ཐབ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་གསུངས་པས་སོ།། །།གཉིས་པ་རྫས་ལ་མ་བརྟེན་པ་ནི། སྒོམ་པའམ་དངོས་སུ་འདུ་བྱས་པའི་ཤེས་རབ་ཀྱི་པདྨའི་ཐབ་ཁུང་དུ་རྗེས་ཆགས་གཏུམ་མོའི་མེ་ལ་མགོ་བོར་གནས་པའི་ཁུ་བའི་བསྲེག་རྫས་བདུད་རྩིའི་དྭངས་མ་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ལྷའི་རང་བཞིན་ཚིམས་པར་བྱའོ། །དེ་ལྟར་བསྒོམས་པར་བྱས་པས་སེམས་བརྟན་པ་ན་རོ་རྐྱང་གི་རླུང་དབུ་མར་འདུས་ནས་ཚངས་པའི་མེ་དང་རོ་གཅིག་ཏུ་འགྱུར་ལ། དེས་གཏུམ་མོ་སྤར། བསྲེག་རྫས་ཞུ་ནས་ཟག་མེད་ལྷན་སྐྱེས་ཀྱི་བདེ་བ་སྟེར་བར་བྱེད་དེ། ཕྱག་ཆེན་ཐིག་ལེར། དབང་པོ་གཉིས་ཀྱིས་སྦྱོར་བ་ལས། །རླུང་གིས་མེ་ནི་སྤར་བ་འོ། །མར་ཡོད་པས་ནི་སྟེང་འཁོར་ལོ། །དེ་ནི་མར་སྣོད་ཅེས་སུ་བརྗོད། །བྱང་ཆུབ་སེམས་ཀྱི་མར་ནི་བསྲེག །ཅེས་འབྱུང་བ་བཞིན་ནོ།། ༈ །།སྤྱི་དོན་གསུམ་པ་བླ་ན་མེད་པའི་སྦྱིན་སྲེག་གི་ཚུལ་ནི། ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་མེས་ཕུང་པོ་གཟུང་འཛིན་མཚན་མའི་བུད་ཤིང་ཐམས་ཅད་བསྲེགས་ཏེ། གདོད་མའི་ཡེ་ཤེས་མཆོག་གི་ངོ་བོར་བསྒྲུབས་པ་ནི་བླ་ན་མེད་པའི་སྦྱིན་སྲེག་སྟེ། ཡེ་ཤེས་གསལ་བའི་རཾ་ཡིག་མེས། །མུན་པ་རྣམ་རྟོག་བུད་ཤིང་བསྲེགས། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་ཕྱི་དང་ཕྱིའི་རྫས་ལ་བརྟེན་པའི་སྦྱིན་སྲེག་གིས་ལྷ་མཉེས་ཏེ་བྱིན་གྱིས་བརླབས་པ་ན་གཏུམ་མོའི་མེ་ལ་ཁུ་བ་བསྲེག་པའི་ནང་གི་སྲེག་བླུགས་ནུས་པར་འགྱུར་ལ། དེ་ནུས་པས་ཁམས་གཉིས་ཀྱི་ཞུ་བདེའི་མཐུས་གཉིས་འཛིན་གྱི་རྟོག་པ་བཅོམ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་ན་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་ཀྱི་ལྟ་བས་སྐྱོང་བ་ནི་བླ་ན་མེད་པའི་སྦྱིན་སྲེག་སྟེ་མཐར་ཐུག་གི་ངོ་བོ་གཅིག་ཏུ་གྲུབ་པ་ཡིན་ནོ། །ཚུལ་དེ་ལྟ་བུའི་རིམ་པ་བཞིན་ཉམས་སུ་བསྟར་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །དཀྱིལ་འཁོར་འཁོར་ལོའི་ཞལ་སྒོའི་དམ་ཚིག་མཆོག །ཡོངས་སུ་འཛིན་གང་གཉིས་སྐྱེས་སྲིད་པའི་མེར། །མཆོད་སྦྱིན་དགའ་སྟོན་བདུད་རྩིའི་སྲེག་བླུགས་ཀྱིས། །བསོད་ནམས་ཚོགས་མཐར་བྱེད་པ་མྱུར་བདེའི་སྐྱེས། །ཤེས་རབ་མཆོག་གི་བདེ་ཆེན་ཙཎྜ་ལཱིས། །ཕུང་ཁམས་བུད་ཤིང་མ་ལུས་བསྲེགས་ལས་སླར། །ཟླ་བ་བདུད་རྩིའི་བསྲེག་བྱ་དྷཱུ་ཏིའི་དབྱིངས། །སྦྱིན་ཞིང་བསྲེག་གང་འཕོ་མེད་ཚངས་སྤྱོད་ཆེ། །རང་བྱུང་འོད་གསལ་སྟོང་ཉིད་སྙིང་རྗེའི་མེས། །མ་རིག་འཛིན་པའི་དངོས་ཀུན་བསྲེགས་བྱས་ནས། །གདོད་མའི་ཡེ་ཤེས་མཆོག་གི་བདེ་བ་ཆེར། །རང་དབང་བྱེད་དེ་ཅི་ཕྱིར་སྐལ་བཟང་མིན། །དེ་ལྟ་བས་ན་ཕྱི་ནང་གསང་བ་ཡི། །མཆོད་སྦྱིན་བརྒྱ་ཕྲག་བདེ་ཆེན་བདུད་རྩིའི་རོས། །དགང་ཞིང་བླུགས་པའི་ཐབས་ཀྱི་ཚུལ་ཆེན་པོར། །སངས་རྒྱས་ཉིད་འདོད་གྱུར་རྣམས་ཅིས་མི་གུས། །དེ་ཕྱིར་རྒྱུད་ལུང་གྲུབ་པའི་ཞལ་གྱི་ལུང་། །མཐོང་བརྒྱུད་མངོན་སུམ་ཕྱག་བཞེས་ཚད་མ་ཅན། །ཡིད་ཆེས་གསུམ་ལྡན་ཆོ་ག་འདི་རྨད་བྱུང་། །འདིས་ཐོབ་བསོད་ནམས་ཡེ་ཤེས་རྡོ་རྗེའི་མེས། །ཉོན་མོངས་ཉེས་པའི་བུད་ཤིང་ཀུན་བསྲེགས་ནས། །དོན་གཉིས་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་གྱིས། །ཀུན་བཟང་ཞིང་དུ་འགྲོ་ཀུན་དབུགས་འབྱིན་ཤོག །ཞི་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་སྤྱིར་བསྟན་པ་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་འདི་ནི། ཚད་ལྡན་གྱི་གཞུང་དང་བླ་མའི་མན་ངག་གི་ངེས་པ་ཇི་ལྟ་བར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།། །།

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་ཟུང་འཇུག་རོལ་མོ་ (Volume 26, Text 18)

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་ཟུང་འཇུག་རོལ་མོ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་དང་། །པདྨ་སཾ་བྷ་ཡེ་ཤེས་མཚོ་རྒྱལ་མ། །ཏིང་འཛིན་བཟང་པོ་ཨོ་རྒྱན་ལས་འཕྲོ་གླིང་། །ཀརྨ་རིག་འཛིན་ཀརྨ་ཆགས་མེད་ཞབས། །པདྨ་ཀུན་དགའ་ཕྲིན་ལས་དབང་འབྱུང་རྗེ། །ཤེས་རབ་གྲགས་པ་བསྟན་འཛིན་དོན་ཀུན་གྲུབ། ཐེག་མཆོག་བསྟན་འཕེལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །འགྱུར་མེད་བདེ་བ་དབང་ཆེན་རྟ་མཆོག་དཔལ། །སྤྲོས་བྲལ་སྟོང་ཉིད་རྡོ་རྗེའི་རྣལ་འབྱོར་མ། །ཟུང་འཇུག་གུ་རུ་ཡིད་བཞིན་ནོར་བུ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐབས་མཆོག་སྣང་བའི་རང་བཞིན་ཕོ་རྒྱུད་དང་། །ཤེས་རབ་སྟོང་པའི་རང་རྩལ་མོ་རྒྱུད་ཚོགས། །གཉིས་མེད་མ་ནིང་རྒྱུད་གསུམ་དམ་ཅན་ལ། །གསོལ་བ་འདེབས་སོ་ཕྲིན་ལས་རྣམ་བཞི་སྒྲུབས། །སྣང་སྟོང་ལྷ་སྐུ་གྲགས་སྟོང་སྔགས་ཀྱི་སྒྲ །རིག་སྟོང་བདེ་ཆེན་ཡེ་ཤེས་འཁོར་ལོར་ཤར། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་གནོན། །དབང་ཆེན་ཡབ་ཡུམ་ཕྱག་རྒྱ་མྱུར་འགྲུབ་ཤོག །ཀ་དག་ཁྲེགས་ཆོད་དགོངས་པའི་གཟེར་ཐེབས་ཤིང་། །ལྷུན་གྲུབ་ཐོད་རྒལ་སྣང་བཞིའི་རྩལ་རྫོགས་ཏེ། །འཁོར་འདས་ཆོས་ཀུན་གདོད་མའི་ཟད་སར་ཕྱིན། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་ཟབ་ཆོས་འདི་ལ་མོས་པ་ཀརྨེ་ཤྭ་རས་བསྐུལ་ངོར་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཡང་དབེན་ཀུན་བཟང་བདེ་ཆེན་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འདུས་པའི་ལས་ཐོ་ (Volume 59, Text 18)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འདུས་པའི་ལས་ཐོ་བཞུགས༔ ྈྈྈྈ རིགས་གསུམ་འདུས་པའི་བདག་ཉིད་ཅན༔ གུ་རུ་རྗེ་ལ་ཕྱག་འཚལ་ལོ༔ གདམས་པ་ཟབ་མོ་སྙིང་གི་བཅུད༔ ཉམས་སུ་ལེན་ཐབས་ཁོ་མོས་གདམས༔ ས་མ་ཡ༔ ཐེག་དགུའི་ལམ་ལ་རབ་ཞུགས་ཤིང༔ ངེས་པར་གདིང་དང་ལྡན་པ་ཡིས༔ བླ་མ་དམ་པས་སློབ་མ་བསྐྱང༔ དད་དང་ངེས་འབྱུང་བརྩོན་འགྲུས་ལྡན༔ དམ་ཚིག་ཕྱིར་མི་ལྡོག་པ་ཡི༔ སློབ་མ་རྣམས་ཀྱི་རྒྱུད་སྦྱང་བ༔ ཐེག་པ་འོག་མ་རྫོགས་པ་འམ༔ ཡང་ན་སློབ་མ་རང་ཉིད་ཀྱིས༔ དུས་བཞིར་མཚམས་གཅད་བྱེད་པའི་གནས༔ གུ་རུའི་ཐུགས་ཏིག་་་རྫོགས་ཆེན་གསེར་ཞུན།ལས་བསྟན་པའི༔ གནས་ནི་རབ་ཏུ་བརྟེན་པར་བྱ༔ དེ་ཚེ་འདུས་པའི་སློབ་མ་རྣམས༔ ཐེག་པ་འོག་མས་རྒྱུད་སྦྱོང་ངོ༔ གལ་ཏེ་མོས་པ་ཙམ་གྱིས་ནི༔ ས་ཡི་ཆོ་ག་རྫོགས་པ་དང༔ སྟ་གོན་དཀྱིལ་འཁོར་འབྲི་བའི་སྐབས༔ ཐེག་པ་འོག་མའི་དཀྱིལ་འཁོར་རྣམས༔ ལོགས་སུ་བཤམས་ཤིང་ཚོགས་བསགས་ལ༔ སློབ་མ་འཇུག་པའི་ཕྱི་བཤགས་བྱ༔ རྟེན་དང་རྒྱན་རྣམས་ལེགས་དགྲམ་སྟེ༔ མོས་དང་ངེས་པར་རྫོགས་པ་ཡི༔ སྒྲུབ་པ་གང་དང་གང་བྱེད་ཀྱང༔ བསྙེན་པའི་དཀྱིལ་འཁོར་ལ་བརྟེན་ནས༔ གཟུགས་བརྙན་དཀྱིལ་འཁོར་ལེགས་པར་བསྒོམ༔ དམིགས་རྟེན་དག་ལ་མི་ལྟོས་པའི༔ གང་གི་ཏིང་འཛིན་གང་ཞིག་བསྒོམ༔ ཇི་ལྟར་ཡིད་ཀྱི་ཡུལ་གསལ་བ༔ སྒྲུབ་པའི་དཀྱིལ་འཁོར་ཕྱི་ལྟར་དང༔ དབང་པོའི་ཡུལ་གྱུར་ནང་ལྟར་བསྒོམ༔ ཞེན་པའི་ཡུལ་གསལ་སྒྲུབ་པ་ཆེ༔ ཏིང་འཛིན་ལྷག་པའི་ཏིང་འཛིན་བསྒོམ༔ མོས་པ་དེ་ཡི་རྗེས་སུ་འབྲང༔ ཏིང་འཛིན་རིམ་པ་དེ་ལྟར་བསྒོམ༔ ས་མ་ཡ༔ རྒྱལ་པོ་དག་ལ་ས་རིན་གཞལ༔ དཀར་གསུམ་དཀོར་ཆས་བརྟན་མ་མཆོད༔ སེང་ལྡེང་ཕུར་པས་དབང་དུ་བྱ༔ ལྕགས་སམ་དྲག་པོའི་ཤིང་དག་གི༔ ཕུར་པ་ཕྱོགས་བཅུར་གདབ་པ་འམ༔ ཡང་ན་བྱང་ཤར་རམ་སྒོ་ལ་གདབ༔ ཐོ་ནི་བཞི་འམ་གཅིག་དག་ལ༔ འཇིག་རྟེན་སྐྱོང་བ་ཆེན་པོ་བཞིའི༔ སྐུ་འམ་སྔགས་བྱང་གང་བདེ་ཉིད༔ རྟེན་དུ་བྱས་ནས་རིགས་མཐུན་པའི༔ གཏོར་མ་ཇི་ལྟར་འབྱོར་པ་ཕུལ༔ སྐུ་འམ་སེང་ལྡེང་དབྱུག་པ་ལ༔ སྔགས་དང་ལྡན་པ་བསྐྱེད་ཅིང་མཆོད༔ རོ་རས་དུག་ཤོག་གང་འཛོམ་ལ༔ བྲིས་པའི་ལིངྒ་བསྲེགས་ཤིང་མནན༔ ཁམ་ས་དག་ལ་རུ་དྲའི་གཟུགས༔ ཕྱག་རྒྱས་བསྣུན་ལ་མཚོན་གྱིས་གཏུབ༔ སྟེགས་བུ་བ་བྱུང་ལྔ་ཡིས་བྱུགས༔ པདྨའི་སྐུད་པས་ཐིག་གདབ་ལ༔ ཚོན་སྣ་ལྔ་ཡིས་ལེགས་པར་བྲི༔ ཡང་ན་ཉི་ཤུ་རྩ་ལྔ་འོ༔ ས་ལ་སོགས་པ་ཕྱག་རྒྱའི་སྐུ༔ ལེགས་པར་བཞེངས་ལ་གནས་སུ་དགོད༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཕྱི་ནང་གསང་སྦྱར་རཀྟ་དང༔ བཟའ་བཅའ་ཐམས་ཅད་གཏོར་མར་སྦྱར༔ བཀྲ་ཤིས་གཙང་མ་ལས་བྱུང་བའི༔ ནང་དང་གསང་བའི་མཆོད་པ་དང༔ དག་ཅིང་གཙང་མའི་ཕྱི་མཆོད་བཤམ༔ གདུགས་འཕན་རྒྱལ་མཚན་བླ་བྲེ་སོགས༔ རྒྱན་གྱི་བྱེ་བྲག་ཐམས་ཅད་དང༔ ཕྲེང་བ་ཟ་འོག་གསེར་གཡུ་དང༔ རལ་གྲི་མེ་ལོང་མདའ་དང་དར༔ ཕུར་པ་དག་གིས་དཀྱིལ་འཁོར་བསྐོར༔ ཕོ་རྣམས་ཧསྟ་མོས་ཕྲེང་བ༔ གཡབ་ཅིང་འབུད་བརྡུང་དཀྲོལ་བ་ཡི༔ རོལ་མོའི་ཚོགས་ཀྱིས་གཟི་བྱིན་བསྐྱེད༔ ལྔ་བརྩེགས་་་རྡོ་རྗེ་རྒྱལ་པོ།ཁྲི་དང་་་རྡོ་རྗེ་རྒྱལ་ཐེབས་སོགས།རྡོ་རྗེ་དང༔ རིན་ཆེན་པདྨ་རྒྱ་གྲམ་དང༔ ཟླ་བ་་་མཆེད།པདྨའི་་་གཟུངས་མ།གདན་བཤམས་ལ༔ ལས་རྣམས་སོ་སོར་བསྐོ་བར་བྱ༔ རིགས་གསུམ་ངེས་ཕྱིར་རྟགས་གདབ་ནས༔ སྒྲུབ་པ་དག་ལ་རྩེ་གཅིག་གནས༔ དགའ་སྟོན་ཚོགས་ཀྱི་ཡོ་བྱད་དུ༔ མ་ད་ན་དང་མཱཾ་ས་དང༔ ཟླ་རྒྱས་ཟླ་ཕྲོམ་ཁུར་བའི་རིགས༔ ཤིང་ཏོག་རྣམ་པ་སྣ་ཚོགས་དང༔ ཚེ་གལ་དངོས་གྲུབ་རྫས་དེ་བཞིན༔ རིག་མ་མཚན་ལྡན་སྣང་གསལ་དང༔ ཁྱད་པར་བཀྲ་ཤིས་གཙང་མའི་རྫས༔ གཏོར་མཆོད་གསར་དུ་འདུ་བྱས་ལ༔ སྔགས་དང་ཕྱག་རྒྱས་འབུལ་བ་འོ༔ ཡོ་བྱད་ཆ་གསུམ་བགོས་པ་ཡིས༔ ཚོགས་གསག་སྒྲུབ་པའི་ཆ་རྐྱེན་དུ༔ དགའ་སྟོན་དག་གི་རྫས་སུ་གསག༔ ཡང་ན་སྤོགས་པའི་ཆོ་ག་ཡིས༔ ཀུན་ཀྱང་ཆ་བཞིར་བགོ་བ་འོ༔ དགྲ་ཟློག་མཚོན་དང་དཔའ་བོ་དང༔ ནད་ཟློག་སྨན་དང་སྨན་པ་དང༔ བདུད་ཟློག་ཉུལ་ལེ་སྐྲོད་པའི་རྫས༔ ཁྱད་པར་ཅན་གྱི་དབྱུག་པ་དང༔ བྲབ་དང་བདུག་དང་སྐྲོད་པའི་རྫས༔ མཐུན་རྐྱེན་སྒྲུབ་པའི་ཞལ་ཟས་དང༔ ལྷ་དང་མཉམ་པའི་སྒྲུབ་པ་པོ༔ གསང་བ་སྤྱོད་པའི་རྫས་རྣམས་དང༔ ཚོགས་ཀྱི་བདེ་བ་སྤེལ་བྱེད་པ༔ མཛེས་པའི་དཔའ་བོ་དཔའ་མོ་དང༔ དགུག་སྒྲོལ་སྟོབ་པའི་ལས་བྱེད་གིང༔ མཐོང་ཞིང་ཟློག་པར་ནུས་པའི་མཚམས༔ ཇི་ལྟར་ནུས་ཚད་བསགས་པ་ཡིས༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ སྙིང་ནས་སྒྲུབ་པ་བྱེད་པ་ལ༔ ཕན་ཕྱིར་མ་སྦས་རབ་གསལ་བའི༔ ཡི་གེ་མཚོ་རྒྱལ་བདག་གིས་བྲིས༔ ས་མ་ཡ༔ ༁ྃ༔ ན་མོ་གུ་རུ༔ སྟག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ སྦས་ཡུལ་ཆེན་པོ་ཟབ་བུ་གངས་ཀྱི་ར་བ་དཔལ་གྱི་ནགས་ཁྲོད་ཚོགས་ཁང་ཆེན་པོར་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཟབ་མོ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ དམ་ཆོས་སྐུ་གསུང་ཐུགས་ཡེ་ཤེས་ཡོངས་སུ་འདུས་པའི་ཐིག་ལེ་འདི་ཉིད་གསུངས་པའི་སྐབས་སུ༔ ཚེས་བཅུའི་ནུབ་མོར་ཨོ་རྒྱན་ཡབ་ཡུམ་གསང་ཕུག་གོང་མ་ན་བཞུགས་པའི་དུས་ལྷ་སྲས་བདག་གིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་ནས་ཞུས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གུ་རུ་པདྨ་འབྱུང་གནས་ཉིད་དུས་གསུམ་གྱི་སངས་རྒྱས་གཞན་ལས་ལྷག་པའི་ཐུགས་རྗེ་མཁྱེན་རབ་མཐུ་སྟོབས་ཐོགས་པ་མེད་པ་མངའ་བས༔ བདག་ཅག་དང་མ་འོངས་པའི་སེམས་ཅན་ལ་བརྩེ་བར་དགོངས་ཏེ༔ རྒྱལ་བ་ཀུན་གྱི་ཞེ་ཕུགས༔ དགོངས་པ་ཀུན་འདུས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར་བའི་ནང་ནས༔ ཁ་ཚང་དོན་འདྲིལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་འདུས་པའི་ཐིག་ལེ་རྒྱ་ཆེར་གསུངས་པའི་དོན་ཉུང་ངུར་བསྡུས་པ༔ འདིར་གཅིག་སེམས་གཅིག་ལ་ལས་པ༔ བདག་ཅག་མཆེད་ལྕམ་ལྔ་ལ་ལྐོག་ཆོས་སུ་བསྩལ་བར་མཛད་དུ་གསོལ༔ ཞེས་གསོལ་པས༔ གུ་རུས་དགྱེས་བཞིན་དུ༔ འོ་ན་ལྷ་སྲས་སྙིང་གི་བུ༔ དེ་ལ་འདུན་པའི་མཆེད་ལྕམ་བཞི༔ ཀུན་ཀྱང་ཤིན་ཏུ་དམ་ཚིག་དག༔ སྐུ་གསུམ་ཡེ་ཤེས་ཐིག་ལེ་ཉིད༔ བསྡུས་ཏེ་འདི་རུ་བསྟན་པར་བྱ༔ ཡལ་བར་མ་དོར་ཉམས་སུ་ལོངས༔ སྒྲུབ་པ་ཚེ་དང་མཉམ་པར་གྱིས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལས༔ དལ་འབྱོར་ཐོབ་པ་ཤིན་ཏུ་ཉུང༔ འདི་ཡང་མི་རྟག་མྱུར་དུ་འཇིག༔ ལས་འབྲས་བསླུ་བ་མེད་པའི་ཕྱིར༔ འཁོར་བའི་སྡུག་བསྔལ་བཟོད་མེད་པ༔ དར་དྲགས་ཡུན་རིང་མྱོང་བས་ན༔ ངེས་པར་སྐྱོ་ཤས་ངེས་འབྱུང་བསྐྱེད༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ སྒོ་གསུམ་མི་དགེ་བཅུ་སྤངས་ནས༔ བྱང་ཆུབ་མཆོག་ཏུ་སེམས་ཆེར་བསྐྱེད༔ བླ་མ་དམ་པ་ལེགས་བསྟེན་ནས༔ བསྐྱེད་རྫོགས་གདམས་པ་མ་ལུས་ཞུ༔ སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས༔ མོས་གུས་བརྟན་པོ་གཟུང་བར་བྱ༔ དེ་ནས་གཞུང་ནས་བཤད་པ་ཡི༔ མན་ངག་ཐམས་ཅད་གནད་དུ་བསྣུན༔ བརྩོན་འགྲུས་དྲག་པོས་ཉམས་བླངས་ན༔ མྱུར་དུ་དགོངས་པའི་བཙན་ས་ཟིན༔ དེ་ནས་ཐེག་པ་སྣ་ཚོགས་ཀྱིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ཞེས་གསུངས་ཏེ་མན་ངག་ཟབ་མོ་སྙིང་གི་ཐིག་ལེར་གདམས་ནས་བདག་ཅག་རྣམས་ཀྱིས་ཉམས་སུ་བླངས་ཤིང་ཡི་གེར་བཏབ་ཅིང་གཏེར་དུ་སྦས་པའོ༔ ས་མ་ཡ༔ ༁ྃ༔ བླ་མེད་གསང་བའི་ལམ་རིམ་ནི༔ ངེས་འབྱུང་བསམ་པ་ལྡན་པ་ཡིས༔ སོ་ཐར་བྱང་སེམས་ཉམས་སུ་བླང༔ ཤེས་རབ་བརྩོན་འགྲུས་ལྡན་པ་ཡིས༔ ཕྱི་རྒྱུད་སྡེ་གསུམ་ཉམས་སུ་བླང༔ བློ་ཆེན་བརྟུལ་ཞུགས་ལྡན་པ་ཡིས༔ ནང་རྒྱུད་སྡེ་གསུམ་ཉམས་སུ་བླང༔ མཚན་མའི་སྐུ་དང་དཀྱིལ་འཁོར་ལ༔ དམིགས་གཏད་དེ་ནས་ཡིད་ཀྱིས་བསྒོམ༔ དང་པོ་ཕྱག་རྒྱ་གཅིག་པ་ནི༔ ཨ༔ མ་བཅོས་སྟོང་པ་ཉིད་ཀྱི་ངང༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ ས་བོན་ཕྱག་མཚན་འོད་འབར་བ༔ དེ་ལས་འཇམ་དཔལ་རྡོ་རྗེའི་སྐུ༔ གསེར་མདོག་མཚན་དང་དཔེ་བྱད་རྫོགས༔ རལ་གྲི་དང་ནི་པུསྟི་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ འོད་ཟེར་བྱེ་བ་བསམ་ཡས་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ རལ་གྲི་དྷཱིཿཡིག་སྔགས་ཀྱིས་བསྐོར༔ དེ་ལ་ལེགས་པར་སེམས་བཟུང་ནས༔ གསལ་བའི་བར་དུ་བསླབ་པར་བྱ༔ དེ་ནས་མདུན་དུ་རིགས་གསུམ་དང༔ བདག་མདུན་རིགས་ལྔ་ལ་སོགས་པ༔ སྤྲོས་བཅས་ཚོམ་བུ་བསྒྲུབ་པར་བྱ༔ ས་བརྟག་སློང་ཞིང་སྦྱོང་ཞིང་བསྲུང༔ དཀྱིལ་འཁོར་སྟ་གོན་སྟེགས་བུ་བརྩིགས༔ ཐིག་གདབ་ལྷ་ཡི་སྟ་གོན་བྱ༔ གསོལ་བ་གདབ་ལ་དཀྱིལ་འཁོར་བྲི༔ ཕྱི་ནང་གསང་བའི་མཚམས་བཅད་དེ༔ མ་ཊཾ་ལྷོ་ནུབ་དག་ཏུ་གནན༔ རྟེན་དང་མཆོད་པ་རྒྱན་རྣམས་དགྲམ༔ ལས་སུ་བསྐོ་ཞིང་རྟགས་གདབ་ལ༔ དཀྱིལ་འཁོར་གསུམ་བསྲེས་བྱིན་ཆེན་དབབ༔ ནངས་པར་སྒོ་དབྱེ་བརྡ་ཕྱག་འཚལ༔ ཏིང་འཛིན་ཆུ་བོའི་རྒྱུན་བཞིན་བསྒོམ༔ དུས་དྲུག་བཟླས་པའི་འཕྲོ་འདུ་བྱ༔ དེ་བཞིན་ཕྱི་ནང་གསང་བའི་ཚོགས༔ སྦྱིན་སྲེག་སྨན་རཀ་གཏོར་མ་འབུལ༔ བསྟོད་ཅིང་ཕྲིན་ལས་ཡང་ཡང་གསོལ༔ དུས་དྲུག་དབང་བླངས་ཚེ་དབང་བསྐུར༔ གཞན་ཡང་རྣལ་འབྱོར་སྤྱི་ཁྲུས་སོགས༔ ཕྲིན་ལས་མཐའ་རྒྱས་གང་དགོས་སྦྱར༔ བར་ཆད་བྱུང་ན་བྲོ་ཆེན་བརྡུང༔ དུས་དྲུག་ཉུལ་ལེ་བསྐྲད་པ་དང༔ དེ་མ་ཐག་ཏུ་བྱིན་ཆེན་དབབ༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ མཁའ་འགྲོ་དང་ནི་བཀའ་སྲུང་ལ༔ གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ༔ མཉམ་པའི་ཏིང་འཛིན་ཆེན་པོ་ཡིས༔ བར་ཆད་བགེགས་ཆེན་ཟིལ་གྱིས་གནན༔ སྦྱོར་སྒྲོལ་གཉིས་ཀྱི་གྲོགས་དགུག་ལ༔ ལྷ་དང་མཆེད་ལ་ཉམས་ཆག་བཤགས༔ སྐོང་ཞིང་དངོས་གྲུབ་ཆེན་པོ་བླང༔ དབང་བསྐུར་གླུ་དང་བྲོ་ལ་སོགས༔ འགྲོ་དོན་བྱ་ཞིང་གཏོར་མ་བསྐྱང༔ མཚམས་གྲོལ་རྒྱུན་གྱི་སྤྱོད་ལམ་བྱ༔ དཀྱིལ་འཁོར་བསྡུ་ཞིང་གཏེར་སྦས་ལ༔ ཀླུ་རྣམས་ཀུན་གྱི་སྒྲིབ་པ་སྦྱོང༔ སྨོན་ལམ་བཀྲ་ཤིས་དགའ་སྟོན་སྤེལ༔ དེ་ལྟར་སྒོ་གསུམ་ལེགས་བསྒྲིམས་པས༔ དངོས་གྲུབ་སྒྲུབ་ལ་འབད་པར་བྱ༔ ས་མ་ཡ༔ རྡོ་རྗེ་འཆང་གིས་སྔགས་རྒྱུད་ལས༔ བླ་མེད་ཐེག་པའི་ལམ་བསྟན་པ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་པ་དང་ནི་སྒྲུབ་ཆེན་གྱིས༔ རྣམ་པར་སྨིན་དང་ཚེ་ལ་དབང༔ ཕྱག་རྒྱ་ཆེ་དང་ལྷུན་གྱིས་གྲུབ༔ རིག་འཛིན་གྲུབ་པ་ལ་བརྟེན་ནས༔ ཡེ་ཤེས་སྐུ་ནི་རྨད་བྱུང་བ༔ བདེ་བ་ཆེན་པོའི་ས་ལ་སྦྱོར༔ དེ་ཉིད་རིགས་གསུམ་བདག་པོ་ཡི༔ ཕྱག་རྒྱ་སྔགས་དང་ཡེ་ཤེས་ལ༔ སྦྱར་ནས་ཉམས་སུ་བླང་བའི་ཚུལ༔ ཁ་ཚང་དོན་འདྲིལ་དམར་བྱང་འདི༔ མ་འོངས་སྐལ་ལྡན་དོན་དུ་བཀོད༔ རིན་ཆེན་གསང་བའི་གཏེར་དུ་སྦས༔ ཚུལ་བཞིན་སྤྱོད་པ་ལྟ་ཅི་སྨྲོས༔ མོས་པ་ཙམ་ཞིག་བསྒོམས་པས་ཀྱང༔ སྒྲིབ་གཉིས་ཞི་ཞིང་མཁྱེན་རབ་རྒྱས༔ སྙིང་རྗེ་ཡེ་ཤེས་དབང་དུ་འགྱུར༔ ཕྱི་ནང་བར་ཆད་ཐམས་ཅད་ཐུལ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང༔ འཕགས་པ་གསུམ་གྱི་ཐུགས་རྗེ་ཡིས༔ ཕྱིར་མི་ལྡོག་པར་ངེས་ལུང་བསྟན༔ དེ་ཕྱིར་གསེར་ཞུན་སྙིང་པོའི་བཅུད༔ ཡལ་བར་མ་དོར་ཉམས་སུ་ལོངས༔ དངོས་གྲུབ་རྣམ་གཉིས་ལྷུན་གྱིས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། རང་གནས་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ (Volume 29, Text 18)

༄༅། །སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ཅེས་བྱ་བ། རང་རིག་དང་གཉིས་སུ་མེད་པའི་བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་གདོད་མའི་དབྱིངས་སུ་མི་འགྱུར་སྐུ །བདེ་ཆེན་ཡེ་ཤེས་ལྷུན་གྲུབ་བླ་མའི་ཞབས། །རང་རིག་ཀློང་དུ་གཉིས་མེད་ཕྱག་འཚལ་ནས། །བྱིན་རླབས་འཕོ་བའི་དབང་ཆེན་སྐུར་ཐབས་འབྲི། །དེ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ། དཀྱིལ་འཁོར་སྔོན་དུ་འགྲོ་བ། དངོས་གཞི་དབང་བསྐུར་བ། རྗེས་མཇུག་བསྡུ་བའོ། །དང་པོ་ནི། གནས་དབེན་པར་སྒྲུབ་ཁང་བྱི་དོར་བྱས་ལ་རྒྱན་གྱིས་བརྒྱན། སྟེགས་བུར་དྲི་ཡིས་ཆག་ཆག་གདབ་ལ། ཐིག་ཚོན་རྣམས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་རྡོར་རྭ་མེ་རིའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ཨ་ཡིག་གིས་མཚན་པ་བྲི། དེ་སྟེང་བུམ་པ་རྫས་ལྡན་མེ་ལོང་ལ་ཨ་ཡིག་བྲིས་པས་བརྒྱན་པ་བཤམ། ཤར་དུ་ཐོད་པ་ཨ་མྲྀཏ་དང་བུར་སྦྲང་སྦྱར་བའི་ཆང་གིས་བཀང་བའི་སྟེང་དེར་མེ་ལོང་། འཇའ་རིས། ཤེལ་རྡོ། བླ་མ་དང་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་འབག་རྣམས་དང་། དེ་མདུན་དཔལ་གྱི་གཏོར་མའི་གཡས་སུ་སྨན་དང་གཡོན་དུ་རཀྟ། ལྷོར་ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱར་ཆོས་སྨན་གྱིས་གང་བ་དར་སྣ་ལྔ་ཡིས་དྲིལ་མཚོན་སྐུད་ལྔས་རྒྱ་གྲམ་དུ་བཅིངས་ནས་གཡས་གཡོན་དུ་རྡོར་དྲིལ་གྱི་རྒྱས་གདབ་ཅིང་དབུ་རྒྱན་ཅོད་པན་དང་བཅས་པས་བརྒྱན། ནུབ་ཏུ་ཚེ་མདའ། ཚེ་རིལ། ཚེ་ཆང་། ཐོད་པ་མཚན་བཟང་དུ་བཅུད་ལེན་གྱི་རྫས་ཀྱིས་བཀང་བ་དར་གྱིས་དགབ་པ། བྱང་དུ་གསང་སྒྲུབ་མཁའ་འགྲོའི་དཔལ་གཏོར་མདའ་དར་མཐིང་ག་མེ་ལོང་ཅན་དང་ཤ་ཁྲག་གིས་བརྒྱན་ལ་བཀའ་གཏད་བྱེད་ན་སྐུ་ཙཀ་ཀྱང་འཛུག །སྲུང་ཟློག་གི་འཁོར་ལོ་དང་བསད་པའི་ཐུན་ཆས་དང་རྫས་སྲུང་སོགས་ཀྱང་བཀྲམ། མཐར་ཉེར་སྤྱོད། ཚོགས་འཁོར་ཆོས་སྐྱོང་གི་གཏོར་མ། ཆད་བརྟན། སྔོན་འགྲོའི་གཏོར་མ་ཆ་གཉིས་བཅས་གཙང་ཞིང་བཀོད་ལེགས་སུ་བཤམ། རང་གི་མདུན་དུ་ནང་མཆོད། ཌཱ་མ་རུ། རྡོར་དྲིལ། གདབ་ཕུར། གུལ་ཡུངས། འཐོར་ནས། སྤོས་སྣོད་སོགས་འདུ་བྱ་ཞིང་བདེ་བའི་སྟན་ལ་འདུག་གོ །གཉིས་པ་དཀྱིལ་འཁོར་སྔོན་དུ་འགྲོ་བ་ནི། གསོལ་འདེབས་གང་རིགས་མཐར་སྔོན་གཏོར་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ས་བདག་ལྷ་ཀླུ་སོགས་སྤྱན་དྲང་། ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་བསྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྡོངས་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪས་གཤེགས། ཚོགས་གསག་པ་ནི། ཨོཾ་ཨཱཿཧཱུྃ༔ མདུན་མཁར་ཕུན་སུམ་ཚོགས་པའི་ཞིང་ཁམས་དབུས༔ རིན་ཆེན་ལ་སོགས་གདན་ཁྲི་བཞི་བརྩེགས་སྟེང༔ སློབ་དཔོན་ཆེན་པོ་དྲི་མེད་བཤེས་གཉེན་ནི༔ དཀར་ལྗང་སྤྱན་ཟླུམ་ཨ་ཙར་གཞོན་ནུའི་ཚུལ༔ གསང་གོས་སྔོ་སྐྱ་ཆོས་གོས་གསུམ་གྱིས་བཀླུབས༔ པཎ་ཞྭ་དམར་པོ་རྩེ་སྨྱུག་དབུ་ལ་གསོལ༔ ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་མཛད༔ གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་འོད་ཕུང་འཁྲིགས་པར་བཞུགས༔ རེ་ལྟོས་གྱུར་པའི་སྐྱབས་རྣམས་འདུས་པར་གྱུར༔ ན་མོ༔ བཟོད་མེད་གདུང་བས་བླ་མར་སྐྱབས་སུ་མཆི༔ འགྲོ་ཀུན་ཀ་དག་ཀློང་དུ་བསྒྲལ་བར་བྱ༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ མ་རིག་སྡིག་པའི་ལས་རྣམས་མཐོལ་ལོ་བཤགས༔ རང་བཞིན་བྱ་རྩོལ་བྲལ་ལ་རྗེས་ཡི་རང༔ རྒྱ་ཆེ་རྒྱུན་མི་འཆད་པར་ཆོས་འཁོར་སྐོར༔ ལྷུན་གྲུབ་བདེ་བ་ཆེན་པོར་བཞུགས་སུ་གསོལ༔ འཁོར་བ་རང་བཞིན་མེད་པར་དགེ་བ་བསྔོ༔ ཐམས་ཅད་ལྷུན་གྲུབ་རིག་འཛིན་ཐོབ་པར་ཤོག༔ སྡིག་སྒྲིབ་སྦྱོང་བ་ནི། སྤྱི་བོར་པདྨ་ཟླ་སྟེང་ཧཱུྃ་དཀར་པོ༔ ཡོངས་གྱུར་བླ་མ་རིགས་འདུས་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་གཉིས་མེད་འཁྲིལ༔ ཆས་གོས་བཅུ་གསུམ་གྱིས་སྤྲས་འོད་འབར་བ༔ ཞི་བའི་ཚུལ་དགུ་ལྡན་པའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པས་བསྐོར༔ འོད་འཕྲོས་རང་གི་སྡིག་སྒྲིབ་སྦྱོང་བར་བསམ༔ ཡིག་བརྒྱ་བཟླས་མཐར་རོལ་མོ་བསྒྲག་ནས། ཧཱུྃ༔ རང་གི་སེམས་དང་གཉིས་མེད་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཀུན་གྱི་གཙོ༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ བསྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨོད་ཅིང་ཡི་དམ་སྤངས་པ་དང༔ བསྙེན་སྒྲུབ་ཛཔ྄་བཟླས་ཚད་དུ་མ་བསྐྱལ་བ༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཅིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་བསྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་དང༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་བྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་ངག་འདི་འདོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིད་ཅིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ རྡོ་རྗེ་སེམས་དཔའ་དགྱེས་པ་ཆེན་པོ་ཡིས༔ རང་ལ་ཐིམ་ནས་རྟོག་མེད་ངང་ལ་བཞག༔ མཎྜལ་འབུལ་བ་ནི། མཎྜལ་གྱི་གཞི་སྤོས་ཆུས་བྱུག་ཅིང་རིན་ཆེན་འབྲུ་སྨན་སོགས་བཀོད་ནས། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མཎྜལ་མངོན་མཐོའི་འབྱོར་པས་བཀང༔ འདོད་པའི་ཡོན་ཏན་སྣ་ཚོགས་སྤྲིན་འཕྲོ་བ༔ མཆོག་གསུམ་བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྟུག་པོ་བཀོད་པའི་ཞིང་ཁམས་བསམ་ཡས་པ༔ ཡེ་ཤེས་རོལ་པའི་ལོངས་སྤྱོད་རྣམས་ཀྱིས་བརྒྱན༔ རྩ་གསུམ་བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་སུ༔ འགག་མེད་འོད་གསལ་རིག་པས་བརྒྱན་པ་འདི༔ སྐུ་གསུམ་བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གསོལ་བ་འདེབས་པ་ནི། ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བི་མ་མི་ཏྲའི་ཞབས་ལ་འདུད༔ བདག་རྒྱུད་བྱིན་གྱིས་རློབ་པར་མཛད་དུ་གསོལ༔ ཡི་དམ་དཔལ་ཆེན་ལྷ་ལ་གསོལ་བ་འདེབས༔ སྒོ་གསུམ་ཡེ་ཤེས་མཆོག་གིས་སྨིན་པར་མཛོད༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ རང་རིག་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ བྱ་རྩོལ་བྲལ་བ་བླ་མ་ཆོས་ཀྱི་སྐུ༔ འགག་མེད་གསལ་གདངས་བླ་མ་ལོངས་སྤྱོད་རྫོགས༔ ཅིར་སྣང་ཡེ་ཤེས་བླ་མ་སྤྲུལ་པའི་སྐུ༔ ཐམས་ཅད་རང་ལ་མངོན་རྫོགས་སྐུ་བཞིའི་བདག༔ འགྱུར་བ་མེད་པའི་ངང་དུ་གསོལ་བ་འདེབས༔ འཕོ་ཆེན་སྐུ་བརྙེས་དེ་དང་མཚུངས་པར་ཤོག༔ སྣང་བཞི་མཐར་ཕྱིན་དབྱིངས་རིག་ཚད་ལ་ཕེབས༔ བདེ་བ་ཆེན་པོའི་སྐུ་འགྲུབ་བྱིན་གྱིས་རློབས༔ ཞེས་རྩེ་གཅིག་པས་གསོལ་བ་ཕུར་ཚུགས་སུ་གདབ་ལ། བླ་མའི་གནས་གསུམ་འབྲུ་གསུམ་གསལ་བ་ལ་རིག་པ་གཏད་དེ་ཨོཾ་ཨཱཿཧཱུྃ་ཅི་ནུས་བཟླས། བླ་མའི་གནས་གསུམ་འབྲུ་ལས་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པས་དབང་བཞི་ཐོབ༔ བླ་མ་འོད་ཞུ་རང་དང་གཉིས་མེད་འདྲེས༔ སྐྱེ་འགག་གནས་གསུམ་བྲལ་བའི་ངང་དུ་བཞག༔ དེ་ནས་བགེགས་བསྐྲད་པ་ནི། ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ རང་ཉིད་ལས་ཀྱི་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། རཾ་ཡཾ་ཁཾ་གིས་གཏོར་མ་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབ། སརྦ་བིགྷྣཱན་ཨཾ་ཀུ་ཤ་ཛཿས་བགེགས་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར༔ ལྷ་དང་མཁའ་འགྲོ་འབྱུང་པོའི་ཚོགས༔ ཐམས་ཅད་ཐུགས་དམ་བསྐངས་ཟིན་པས༔ འདུས་པའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་སྲིད་ན༔ ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ྄་ཕཊ྄་ཕཊ྄་ཧ་ལ་ཧ་ལ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ལས་ཀྱི་ཧེ་རུ་ཀ༔ ཁྲོས་པའི་སྟངས་སྟབས་ཕྱོགས་བཅུར་བསྒྱུར༔ བྷྲཱུྃ་ལས་ཕྱོགས་བཅུའི་ཁྲོ་བོ་ཡིས༔ ཕྱོགས་བཅུའི་གདོན་ཚོགས་སྙིང་ལ་གཟིར༔ ཁྲོ་བོའི་སྤྲིན་ཆེན་རྣམ་པར་འཁྲིགས༔ ཕྱག་མཚན་ལྔ་ཡི་གུར་དུ་ཕུབ༔ མཚོན་ཆ་ཁྲོ་ཆུང་སྐར་ལྟར་འཁྲུགས༔ ཡེ་ཤེས་མེ་ལྔ་ཕྱོགས་བཅུར་འབར༔ མ་བཅོས་ཆོས་དབྱིངས་ཀློང་ཡངས་ན༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨོཾ་ཀརྨ་ཧེ་རུ་ཀ་སཱུརྻ་ཙནྡྲ་ཛྭ་ལ་རཾ༔ སརྦ་མ་ཧཱ་ཀྲོ་དྷ་བཛྲ་རཏྣ་པདྨ་ཀརྨ་ཏཱིཀྵ་ཙ་ཀརྨ་ཀྲོ་དྷ་ཛྙཱ་ན་ཛྭ་ལ་པཉྩ་རཾ་རཾ་རཀྵ་རཀྵ་ཀུ་རུ་ཧཱུྃ༔ མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ རཾ་ཡཾ་ཁཾ་གིས་མཆོད་རྫས་བསྲེག་གཏོར་བཀྲུས༔ ཨ་ཡིག་གསུམ་ལས་ཡེ་ཤེས་ཀ་པཱ་ལར༔ ཨོཾ་ལས་གཏོར་མ་འདོད་ཡོན་ཕུང་པོར་འབར༔ ཨཱཿལས་ཆགས་མེད་རཀྟ་རྒྱ་མཚོར་འཁྱིལ༔ ཧཱུྃ་ལས་ཕྱི་ནང་གསང་བའི་བདུད་རྩིར་གྱུར༔ གཞན་ཡང་མཆོད་པའི་བྱེ་བྲག་བསམ་མི་ཁྱབ༔ ཨོཾ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ བསྐྱེད་རིམ་བསྒོམ་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་ཀུན་ཀ་དག་ཡེ་ཤེས་རྫོགས་པ་ཆེ༔ དེ་ལྟར་མ་རྟོགས་འགྲོ་བ་བསྒྲལ་བའི་ཕྱིར༔ སྟོང་ཉིད་རྩལ་ལས་རང་རིག་ཨ་དཀར་ལས༔ འོད་འཕྲོས་སྲུང་བའི་འཁོར་ལོའི་གུར་གྱི་དབུས༔ རིན་ཆེན་ལ་སོགས་གདན་ཁྲི་བཞི་བརྩེགས་སྟེང༔ ཨ་ཡིག་འོད་ཞུ་རང་རིག་བླ་མའི་སྐུ༔ བི་མ་མི་ཏྲ་ཨ་ཙར་གཞོན་ནུའི་ཚུལ༔ སྤྱན་ཟླུམ་མཛོད་སྤུ་སྙན་གོང་ཤངས་ཀྱི་སྒོར༔ ཨ་ཡིག་འབར་ཞིང་སྐུ་མདོག་དཀར་པོ་ལ༔ ལྗང་བའི་འོད་འཕྲོ་གསང་གོས་སྔོ་སྐྱ་དང༔ ཐང་ཤམ་དམར་པོ་ཆོས་གོས་གསུམ་གྱིས་བཀླུབས༔ ཆེ་མཆོག་གྲུབ་བརྙེས་བརྡ་རྟགས་ཕྱག་གཡས་ཀྱིས༔ གསེར་གྱི་རྡོ་རྗེ་ཐུགས་ཀར་སྒྲེང་ཐབས་འཛིན༔་་་ཡང་ན་ཆོས་འཆད་ཕྱག་རྒྱ་མཛད་པར་བསྒོམ༔ གཡོན་པས་མཉམ་གཞག་ཕྱག་རྒྱ་ལྟེ་འོག་མཛད༔ ཟག་མེད་བདེ་ཆེན་རྡོ་རྗེའི་ཐོད་པའི་ནང༔ རང་རིག་བྱང་སེམས་བདུད་རྩིས་བཀང་བ་བསྣམས༔ ཞབས་གཉིས་རྡོར་སྐྱིལ་ལམ་ནི་མཉམ་སྐྱིལ་ཅན༔ ལྟ་བ་རབ་མཐོ་གཞན་སྣང་ཟིལ་གནོན་ཅིང༔ ཕ་རོལ་རྒོལ་འཇོམས་དབུ་ཞྭ་རྩེ་སྨྱུག་ལ༔ ཐུགས་རྗེའི་དཔྱང་ཐག་རྣ་ལྷན་ཐུར་དུ་འཕྱང༔ སྲིད་ཞིར་དབང་བསྒྱུར་དབང་གི་མདངས་ལྡན་གསོལ༔ མཚན་བཟང་དཔེ་བྱད་རྫོགས་པ་འོད་ལྔའི་ཀློང༔ གཡོ་མེད་རྡོ་རྗེའི་སྐུ་རུ་ལྷུན་གྱིས་གྲུབ༔ གཡོན་དུ་སྦས་ཡུམ་དཀར་མོས་བདུད་རྩི་འབུལ༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་གསང་བའི་ཡུམ༔ མཐིང་སེར་དམར་ལྗང་གྲི་ཐོད་ཁ་ཊྭཱཾ་འཛིན༔ བརྐྱང་བསྐུམ་གར་གྱིས་གཙོ་ལ་འདུད་པའི་ཚུལ༔ གནས་གསུམ་འབྲུ་གསུམ་འབར་ལས་འོད་འཕྲོས་པས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་སྤྱན་དྲངས་ནས༔ ཡི་གེར་བསྟིམས་པས་གནས་གསུམ་བྱིན་གྱིས་བརླབས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་མཁའ་གང་བས༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་དབང་བསྐུར་བྱིན་གྱིས་བརླབས་ལ། གནས་གསུམ་འབྲུ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་ཨཱཿཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་ནག་ཡུལ༔ རི་བོ་རྩེ་ལྔའི་གནས་མཆོག་ནས༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་བརྙེས༔ བི་མ་མི་ཏྲ་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ འགག་མེད་ལོངས་སྐུའི་ཕོ་བྲང་ནས༔ གསལ་གདངས་བླ་མ་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ ཨོཾ་ཨཱཿགུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བསྟིམ། ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་རང་སྣང་ལྷུན་གྲུབ་གཞལ་ཡས་དབུས༔ རིན་ཆེན་ཁྲི་མཆོག་མཛེས་པའི་གདན་ལ་བཞུགས༔ འཆི་མེད་སྐུ་བརྙེས་བདེ་གཤེགས་ཀུན་གྱི་གཙོར༔ རང་བཞིན་དབྱེར་མེད་ངང་དུ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྣམ་དག་ཕྱི་ཡི་མཆོད་པ་དང༔ ཕུང་ཁམས་རྣམ་དག་ནང་གི་མཆོད་པ་འབུལ༔ བདེ་ཆེན་ཡེ་ཤེས་གསང་བའི་མཆོད་པ་མཆོག༔ ཀ་དག་དེ་ཁོ་ན་ཉིད་མཆོད་པ་འབུལ༔ དུག་ལྔ་རྣམ་དག་བདུད་རྩི་སྨན་ཆེན་པོ༔ ཉོན་མོངས་འཁོར་བ་བསྒྲལ་པའི་རཀྟ་འབུལ༔ འཇིག་རྟེན་ཕུང་པོ་དབྱིངས་ཀྱི་བྷནྡྷ་ལ༔ ཕྱི་ནང་གསང་བའི་དཔལ་གྱི་གཏོར་ཆེན་བཤམས༔ འདོད་ཡོན་ལྔ་ཡི་ལྷ་མོས་རབ་བརྒྱན་ཏེ༔ གུས་པས་འབུལ་ལོ་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ རྒྱ་གར་ཡུལ་འཁྲུངས་རིག་པའི་གནས་ལྔ་སྦྱངས༔ ཆེ་མཆོག་གྲུབ་བརྙེས་པཎ་ཆེན་ལྔ་བརྒྱའི་གཙོ༔ འཕགས་བོད་ཀུན་ཏུ་གསང་སྔགས་ཟབ་དོན་སྤེལ༔ འཆི་མེད་གྲུབ་བརྙེས་རྗེ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་ནི། གནས་གསུམ་འབྲུ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས༔ ཕྱིར་འབུད་གསུམ་བྱས་རྒྱལ་བའི་བྱིན་རླབས་བསྐུལ༔ འོད་ཟེར་སྣ་ལ་དྲངས་ཏེ་ནང་དུ་རྔུབས༔ ཞེས་པའི་དམིགས་གནད་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་རྡོར་བཟླས་བྱ། དེ་ནས་ཛཔ྄་ཁང་དབྱེ་བ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཕཊ྄་ཛཿ བླ་མའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཞུགས་པར་གྱུར། ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཆེན་པོ་འདིར༔ རིན་ཆེན་པདྨ་ཉི་ཟླར་བཞུགས་པ་ཡི༔ རང་རིག་དོན་གྱི་ལྷ་རྣམས་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དུས་ལ་བབས༔ བསྙེན་སྒྲུབ་རྣམ་བཞིའི་སྲོག་འདི་བརྟན་པ་དང༔ རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ་པར་མཛོད༔ ཅེས་བསྐུལ་ཞིང་། གཙོ་བོའི་ཐུགས་ཀར་ཟླ་སྟེང་ཨ་དཀར་པོ༔ སྲོག་སྔགས་ཟླ་སྐར་ཕྲེང་ལྟར་འོད་ཟེར་བཅས༔ གཙོ་བོའི་ཞལ་ཐོན་སྦས་ཡུམ་ཞལ་དུ་བརྒྱུད༔ པདྨའི་ལམ་ནས་རྡོ་རྗེ་ནོར་བུར་ཞུགས༔ ཐུགས་ཀར་ཐིམ་པས་བདེ་ཆེན་རྒྱས་པར་བསམ༔ དེ་ལྟར་མགལ་མེའི་འཁོར་ལོ་ལྟ་བུར་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པ་དང༔ རྣལ་འབྱོར་མ་བཞི་ཡི་གེ་བཞིས་བསྐུལ་བས༔ ལས་བཞིའི་ཕྲིན་ལས་འབད་མེད་འགྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ལས་སྦྱོར་ཤམ་བུ་ནི། ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཁྱད་པར་ཚེའི་ལས་དམིགས་ནི། བདག་ཉིད་བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་སྣོད་བཅུད་ཀྱི༔ ཚེ་དཔལ་བདུད་རྩིའི་ངོ་བོར་བསྡུས་ནས་སུ༔ ཞལ་ནས་ཞུགས་ཏེ་ལུས་གང་ཚེ་འཕེལ་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་ཚེ་རྫས་ལའང་ཐིམ་པར་དམིགས། ཐུགས་དམ་བསྐུལ་བ་ནི། བདག་ཉིད་ཡོན་ཏན་བདུད་རྩིའི་རིག་འཛིན་འཆི་མེད་བི་མ་ལ་མི་ཏྲར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མཁའ་འགྲོ་རིགས་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས༔ རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བདུད་རྩིར་གྱུར་པར་བསམ་ལ༔ སྤོས་བསྲེག༔ རོལ་མོ་དབྱངས་དང་བཅས་མདའ་དར་གཡབ་ཅིང་འདི་སྐད་ཅེས་བསྐུལ་ལོ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་ཞལ༔ འོད་གསལ་ཡེ་ཤེས་སྙིང་པོ་བི་མ་ལ༔ འཆི་མེད་སྐུ་བརྙེས་ཚེ་བདག་སྐུར་བཞེངས་ཤིག༔ རང་སྣང་སྦས་པའི་ཡུམ་མཆོག་དབྱིངས་ཕྱུག་མ༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་མཆོག་བརྙེས་པའི༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་དང་བཅས༔ རྡོ་རྗེ་ཚེ་མཆོག་འགུགས་ཕྱིར་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་བསོད་ནམས་དབང་ཐང་ཀླུང་རྟ་སོགས༔ སྟེང་འོག་མཚམས་བཞིའི་གདོན་གྱིས་བརྐུས་པ་དང༔ ནམ་མཁའི་བཅུད་རྣམས་མ་ལུས་གནས་འདིར་སྡུས༔ དེ་བཞིན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་སོར་ཆུད་ལ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཁྱབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་རྡོ་རྗེ་ཚེ་ཡི་བདག༔ འགུགས་བྱེད་ལྷ་མོ་དཀར་མོའི་ཕོ་ཉ་སྤྲོས༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་བསོད་ནམས་དབང་ཐང་ཀླུང་རྟ་སོགས༔ ཤར་ཕྱོགས་དྲི་ཟའི་གདོན་གྱིས་བརྐུས་པ་དང༔ ཆུ་ཡི་བཅུད་རྣམས་མ་ལུས་གནས་འདིར་སྡུས༔ རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ ཁྲག་གི་ཁམས་ནས་ཚེ་ཉམས་སོར་ཆུད་ལ༔ ཆུ་བོའི་རྒྱུན་བཞིན་ཆད་པ་མེད་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་རིན་ཆེན་ཚེ་ཡི་བདག༔ འགུགས་བྱེད་ལྷ་མོ་སེར་མོའི་ཕོ་ཉ་སྤྲོས༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་བསོད་ནམས་དབང་ཐང་ཀླུང་རྟ་སོགས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་གྱིས་བརྐུས་པ་དང༔ ས་ཡི་བཅུད་རྣམས་མ་ལུས་གནས་འདིར་སྡུས༔ རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ ཤ་ཡི་ཁམས་ནས་ཚེ་ཉམས་སོར་ཆུད་ལ༔ རི་རབ་ལྟ་བུར་རབ་ཏུ་བརྟན་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་པདྨ་ཚེ་ཡི་བདག༔ འགུགས་བྱེད་ལྷ་མོ་དམར་མོའི་ཕོ་ཉ་སྤྲོས༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་བསོད་ནམས་དབང་ཐང་ཀླུང་རྟ་སོགས༔ ནུབ་ཕྱོགས་ཀླུ་དབང་གདོན་གྱིས་བརྐུས་པ་དང༔ མེ་ཡི་བཅུད་རྣམས་མ་ལུས་གནས་འདིར་སྡུས༔ པདྨ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་སོར་ཆུད་ལ༔ བདེ་དྲོད་ཡེ་ཤེས་མེ་ལྟར་འབར་བར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་ལས་རབ་ཚེ་ཡི་བདག༔ འགུགས་བྱེད་ལྷ་མོ་ལྗང་མོའི་ཕོ་ཉ་སྤྲོས༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་བསོད་ནམས་དབང་ཐང་ཀླུང་རྟ་སོགས༔ བྱང་ཕྱོགས་གནོད་སྦྱིན་གདོན་གྱིས་བརྐུས་པ་དང༔ རླུང་གི་བཅུད་རྣམས་མ་ལུས་གནས་འདིར་སྡུས༔ ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་སོར་ཆུད་ལ༔ བསྐལ་པའི་རླུང་བཞིན་ཚེ་བཅུད་འཕེལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་སྐྱེད༔ འཁོར་འདས་ཚེ་ཡི་དཔལ་རྣམས་དེང་འདིར་སྡུས༔ བར་ཆད་ཀུན་སེལ་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་གདབ། དབྱངས་གསལ་དང་རྟེན་འབྲེལ་སྙིང་པོས་ཚེའི་ཕྲིན་ལས་འཕེལ་ཞིང་བརྟན་པར་བྱའོ། །སྟོང་ཚིགས་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྨོན་ལམ་ནི། མི་འགྱུར་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༔ ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས༔ འཆད་རྩོད་རྩོམ་པས་གཞན་དོན་དཔག་མེད་རྒྱས༔ བི་མ་མི་ཏྲ་དེ་བཞིན་ལྷུན་གྲུབ་ཤོག༔ འདིར་ཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔ སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང༔ སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔ སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པར་ཤོག༔ ཅེས་བྱ་བས་རྒྱས་གདབ་བོ། །དེ་ཡན་ཕྱི་སྒྲུབ་ནང་སྒྲུབ་ལས་སྦྱོར་དང་བཅས་སོང་ནས་གསང་སྒྲུབ་ལ་འཇུག་པ་ནི་ཞི་བ་གནས་འགྱུར་གྱི་ཚུལ་དུ། ཨོཾ་ཨཱཿཧཱུྃ༔ ཆོས་ཀུན་ཀ་དག་ཡེ་ཤེས་རྫོགས་པ་ཆེ༔ དེ་ལྟར་མ་རྟོགས་འགྲོ་བ་བསྒྲལ་བའི་ཕྱིར༔ སྟོང་ཉིད་རྩལ་ལས་མཚོན་ཆེན་ཧཱུྃ་སྔོན་འབར༔ འོད་འཕྲོས་སྲུང་བའི་འཁོར་ལོའི་གུར་གྱི་དབུས༔ དུར་ཁྲོད་རོལ་པའི་གཞལ་ཡས་ཆེན་པོའི་ནང༔ རྡོ་རྗེའི་བྲག་ཆེན་ལ་སོགས་ཁྲི་རྐང་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་ངོ་བོ་བླ་མ་ལ༔ རྣམ་པ་དཔལ་ཆེན་ཆེ་མཆོག་ཡབ་ཡུམ་བཅུ༔ ཞལ་གཅིག་ཕྱག་གཉིས་སྨུག་མཐིང་སེར་དམར་ལྗང༔ རྡོ་རྗེ་དུང་ཁྲག་འཛིན་ཅིང་དུར་ཁྲོད་ཆས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས་སུ་གསལ༔ གནས་ཡུལ་ཞིང་སྐྱོང་མ་མོ་མཁའ་འགྲོས་བསྐོར༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡི་དབང་མཆོག་ཡོངས་སུ་རྫོགས༔ དེ་ལྟར་སྒོམ་ཞིང་། ཨོཾ་ཨཱཿཧཱུྃ་བཟླས་ལ་གསལ་བཏབ༔ གནས་གསུམ་འབྲུ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་སྐུར་བཞེངས་ཤིག༔ བྱིན་གྱིས་བརླབ་པའི་དུས་ལ་བབས༔ བར་ཆད་བསལ་བའི་དུས་ལ་བབས༔ དབང་མཆོག་བསྐུར་བའི་དུས་ལ་བབས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ ཐུགས་དམ་ཆེན་པོའི་སྒོ་ཕྱེས་ལ༔ དགྱེས་པ་ཆེན་པོས་གཤེགས་སུ་གསོལ༔ ས་མ་ཡ་ཛ༔ ཧཱུྃ༔ འཇིགས་རུང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ སྟོབས་ལྡན་བྱོལ་སོང་གཙོ་བོའི་གདན་ལ་བཞུགས༔ དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས་མཛད་པའི༔ བཅོམ་ལྡན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སྣང་སྲིད་རྣམ་དག་ཕྱི་ཡི་མཆོད་པ་དང༔ ཕུང་ཁམས་རྣམ་དག་ནང་གི་མཆོད་པ་འབུལ༔ བདེ་ཆེན་ཡེ་ཤེས་གསང་བའི་མཆོད་པ་མཆོག༔ ཀ་དག་དེ་ཁོ་ན་ཉིད་མཆོད་པ་འབུལ༔ དུག་ལྔ་རྣམ་དག་བདུད་རྩི་སྨན་ཆེན་པོ༔ ཉོན་མོངས་འཁོར་བ་བསྒྲལ་པའི་རཀྟ་འབུལ༔ འཇིག་རྟེན་ཕུང་པོ་དབྱིངས་ཀྱི་བྷནྡྷ་རུ༔ ཕྱི་ནང་གསང་བའི་དཔལ་གྱི་གཏོར་ཆེན་བཤམས༔ འདོད་ཡོན་ལྔ་ཡི་ཕུང་པོས་རབ་བརྒྱན་ཏེ༔ གུས་པས་འབུལ་ལོ་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར་བའི་སྐུ༔ དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་གནས་དང་ཡུལ་གྱི་བདག༔ མ་མོ་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ སྤྲོ་ན། ཧཱུྃ་ཧ་ཧེ་ཕཊ྄་ཛ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཆེན་པོ་འདིར༔ རུ་དྲ་ལ་སོགས་གདན་ལ་བཞུགས་པ་ཡི༔ རང་རིག་དོན་གྱི་ལྷ་རྣམས་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་ཐུགས་དམ་དུས་ལ་བབས༔ བསྙེན་སྒྲུབ་རྣམ་བཞིའི་སྲོག་འདི་བརྟན་པ་དང༔ རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ་པར་མཛོད༔ བདུད་རྩི་དབབ་ཅིང་བདེ་བའི་འོད་འཕྲོ་འདུས་བཟླས་དམིགས་དང་སྦྱར་བས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་གྲངས་ཅི་རིགས་བཟླ། བུམ་པ་སྒྲུབ་པ་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཆེ་མཆོག་ཡབ་ཡུམ་བཅུ་དང༔ སྤྱི་བོར་བི་མ་ལ་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར༔ བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང༔ བུམ་ནང་གི་ལྷའི་ཐུགས་ཀར་ཕོག༔ སྐུ་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཅི་ལྕོགས་བཟླས་མཐར་བདུད་རྩི་འབུལ་ཞིང་། ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་བས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། བདུད་རྩི་སྨན་གྱི་སྒྲུབ་པ་ནི། སྟོང་པའི་ངང་ལས་མེ་རླུང་ཐོད་སྒྱེད་སྟེང༔ བྷནྡྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་འཁོར་འདས་ཀུན་གྱི་བཅུད༔ མེ་རླུང་སྦྱོར་བས་དམ་རྫས་ཆེན་པོར་བསྒོམ༔ ཞུ་ཁོལ་རླངས་པ་འོད་ཀྱི་གུར་ཁྱིམ་འཁྱིལ༔ དབུས་སུ་དཔལ་ཆེན་ཆེ་མཆོག་ཡབ་ཡུམ་བཅུ༔སོགས་གོང་བཞིན་ཕྲིན་ལས་རྒྱས་པར་གཏང༔ བསྙེན་པའི་སྐབས་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དཀྱིལ་འཁོར་པའི་ཐུགས་ཀར་ཕོག༔ ལྷ་རྣམས་བདེ་བ་ཆེན་པོར་སྦྱོར་བའི་འོད་ཟེར་ཀུན་ཏུ་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ ལྷ་རྣམས་སྤྱི་བོར་བྱོན་ནས་སྦྱོར་བ་མཛད་པའི་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རང་བཞིན་ཆར་ལྟར་བབས་ནས་ཐོད་པའི་བདུད་རྩི་དང་གཉིས་མེད་དུ་འདྲེས་པར་གྱུར༔ ཧཱུྃ་ཧྲཱི༔ བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྒྱུད་བསྐུལ༔ དམ་རྫས་མྱོང་གྲོལ་འདི་ལ་བྱིན་གྱིས་རློབས༔ ལྷ་དང་དྲང་སྲོང་མ་མོ་མཁའ་འགྲོ་རྣམས༔ ཐུགས་དམ་དུས་བབས་དངོས་གྲུབ་འདིར་སྐྱོལ་ཅིག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླ། སྒྲུབ་ཆེན་སྐབས་ཡིན་ན་ཉུལ་ལེ་བསྐྲད་པ་དང་དངོས་གྲུབ་བླང་བ་སོགས་བྱའོ། །བཅུད་ལེན་སྒྲུབ་པ་ནི། བཅུད་ལེན་གྱི་རྫས་ཀྱི་སྟེང་དུ་བདུད་རྩི་འཁྱིལ་པ་ལྗང་སྔོན་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་བྱུང་བས་སྨན་གྱི་མ་དག་པ་ཐམས་ཅད་སྦྱངས༔ སླར་ཡང་འོད་ཟེར་གྱིས་བརྟན་གཡོའི་དྭངས་བཅུད་བསྡུས་ཏེ་ཞལ་དུ་ཞུགས༔ ཐུགས་ཀར་ཞུ་བ་སྦྱོར་མཚམས་ནས་སྨན་ལ་ཐིམ་པས་ནུས་པ་ཆེས་ཆེར་བསྐྱེད་པར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བཟླ། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷནྡྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་འཁོར་འདས་ཀུན་གྱི་བཅུད༔ མེ་རླུང་སྦྱོར་བས་དམ་རྫས་ཆེན་པོར་བསྐོལ༔ ཞུ་ཁོལ་རླངས་པ་འོད་ཀྱི་གུར་ཁྱིམ་འཁྱིལ༔ དབུས་སུ་འཆི་མེད་རིག་འཛིན་བི་མ་ལ༔ འཁོར་བཅས་གསལ་བའི་སྐུ་ལས་འོད་ཟེར་འཕྲོས༔ འཁོར་འདས་ཚེ་ཡི་བཅུད་རྣམས་མ་ལུས་པ༔ བདུད་རྩིའི་རྣམ་པར་བསྡུས་ནས་སྐུ་ལ་ཐིམ༔ སྐུ་ལས་བདུད་རྩིའི་རྒྱུན་བབ་དམ་ཚིག་གི༔ བདུད་རྩིར་ཐིམ་པས་སྲིད་ཞིའི་བཅུད་འདུས་ནས༔ འཆི་མེད་གྲུབ་པའི་བདུད་རྩིར་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་སྔགས་ཚན་གཉིས་སྦྲེལ་བ་ཅི་ལྕོགས་བཟླས་རྗེས། སྟེང་གི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པས་བཅུད་ལེན་གྱི་རིལ་བུ་འོད་འབར་བར་གྱུར། ཡང་གསང་མཁའ་འགྲོའི་ཕྲིན་ལས་ནི། ཧཱུྃ་བྷྱོ༔ མ་སྐྱེས་རང་བྱུང་འོད་གསལ་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་ཀུན་བཟང་གནམ་ཞལ་མ༔ དྲག་ཏུ་ཁྲོས་པ་བདུད་འདུལ་སེང་གེའི་གདོང༔ ནམ་མཁའི་མདོག་ཅན་གར་དགུའི་ཉམས་དང་ལྡན༔ ཕྱག་གཡས་གྲི་གུག་གཟུང་འཛིན་དྲྭ་བ་གཅོད༔ གཡོན་པས་ཐོད་ཁྲག་བདེ་ཆེན་ཡེ་ཤེས་འབར༔ ཧེ་རུ་ཀ་དཔལ་ཁ་ཊྭཱཾ་མཆན་གཡོན་བཟུང༔ རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པན་འཕུར༔ སྐུ་སྨད་གནམ་ལྕགས་ཕུར་བུ་མེ་འབར་བས༔ པདྨ་ཉི་ཟླ་བདུད་བཞིའི་སྙིང་ཁར་གཟིར༔ ཕུར་པའི་དབལ་ལས་མེ་རླུང་འཁྲུགས་པའི་ཀློང༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ དཀར་སེར་དམར་ལྗང་རིགས་ཀྱི་གཙོ་མོར་བཞེངས༔ དེ་ལས་ཕྲ་མེན་དབང་ཕྱུག་སྒོ་མའི་ཚོགས༔ བསམ་གྱིས་མི་ཁྱབ་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣོད་བཅུད་དག་པ་སེང་གདོང་མཁའ་འགྲོའི་དལ༔ སྐུ་གསུང་ཐུགས་མཆོག་གདོད་ནས་རྡོ་རྗེ་གསུམ༔ དུག་ལྔ་གནས་གྱུར་ཡེ་ཤེས་རྣམ་པ་ལྔ༔ སྐུ་ལྔ་ཡེ་རྫོགས་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དྲག་ཏུ་ཁྲོས་པ་ཌཱ་ཀི་སེང་གེའི་གདོང༔ འབུམ་ཕྲག་མཁའ་འགྲོ་ཕྲ་མེན་ཚོགས་དང་བཅས༔ བར་ཆད་བདུད་ཚོགས་འདུལ་ཕྱིར་དབྱིངས་ནས་བཞེངས༔ ཨོཾ་བཛྲ་དྷཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ སྣང་སྲིད་རྣམ་དག་ཕྱི་ཡི་མཆོད་པ་དང༔ ཕུང་ཁམས་རྣམ་དག་ནང་གི་མཆོད་པ་འབུལ༔ བདེ་ཆེན་ཡེ་ཤེས་གསང་བའི་མཆོད་པ་མཆོག༔ ཀ་དག་དེ་ཁོ་ན་ཉིད་མཆོད་པ་འབུལ༔ དུག་ལྔ་རྣམ་དག་བདུད་རྩི་སྨན་ཆེན་པོ༔ ཉོན་མོངས་འཁོར་བ་བསྒྲལ་པའི་རཀྟ་འབུལ༔ འཇིག་རྟེན་ཕུང་པོ་དབྱིངས་ཀྱི་བྷནྡྷ་ལ༔ ཕྱི་ནང་གསང་བའི་དཔལ་གྱི་གཏོར་ཆེན་བཤམས༔ འདོད་ཡོན་ལྔ་ཡི་ལྷ་མོས་རབ་བརྒྱན་ཏེ༔ གུས་པས་འབུལ་ལོ་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་བྷྱོ༔ གནམ་ཞལ་དབྱིངས་ཕྱུག་རབ་ཁྲོས་སེང་གེའི་གདོང༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཀཱི་ལ་ཡ༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ མ་མོ་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བཟླས་པ་བྱ་བ་ནི། ཐུགས་ཀར་སྦས་པའི་ཡབ་ཡ་མ་རཱ་ཙའི་ངོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་ཤིང་མེ་འབར་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་ལྷ་སྔགས་ཡེ་ཤེས་ཀྱི་གཟི་བྱིན་ཆེས་ཆེར་འབར་བར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སིཾ་ཧ་མུ་ཁ་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་ཅི་ནུས་དང་། ཧཱུྃ་ཡིག་གི་མཐར་སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཀྱི་དངོས་འཛིན་ཐམས་ཅད་བསྲེགས་ཤིང་སྦྱངས༔ སྣང་གྲགས་རྟོག་ཚོགས་དབྱིངས་ཕྱུག་ཌཱ་ཀི་སེང་གདོང་མའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད་པར་བསམ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ཅེས་སྒྲུབ་པའི་སྔགས་ཀྱང་ཅི་རིགས་བཟླ་ཞིང་། སྐབས་འདིར་བཀའ་སྲུང་དང་གཏེར་སྲུང་ལ་གཏོར་མ་འབུལ་ལོ། །དེ་ནས་ཚོགས་བྱ་བ་ནི། ཚོགས་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ དབྱིངས་ཀྱི་བྷནྡྷའི་སྣོད་དུ་རིག་པའི་བཅུད༔ ཁ་སྦྱོར་འཁོར་ལོ་སྡོམ་པའི་བདུད་རྩིར་གྱུར༔ ཅེས་བྱིན་གྱིས་བརླབས་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ་ཨཱཿཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་ནག་ཡུལ༔ རི་བོ་རྩེ་ལྔའི་གནས་མཆོག་ནས༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་བརྙེས༔ བི་མ་མི་ཏྲ་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ འགག་མེད་ལོངས་སྐུའི་ཕོ་བྲང་ནས༔ གསལ་གདངས་བླ་མ་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་སྐུར་བཞེངས་ཤིག༔ བྱིན་གྱིས་བརླབ་པའི་དུས་ལ་བབས༔ བར་ཆད་བསལ་བའི་དུས་ལ་བབས༔ དབང་མཆོག་བསྐུར་བའི་དུས་ལ་བབས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ ཐུགས་དམ་ཆེན་པོའི་སྒོ་ཕྱེས་ལ༔ དགྱེས་པ་ཆེན་པོས་གཤེགས་སུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ དུར་ཁྲོད་དྲག་པོའི་གནས་མཆོག་ནས༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ རིགས་ལྔ་སྤྲུལ་པ་ཡང་སྤྲུལ་དང༔ ཕྲ་མེན་མ་མོ་འབུམ་སྡེའི་ཚོགས༔ ལོངས་སྤྱོད་ཚོགས་ཀྱི་འདུ་བར་གཤེགས༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ དང་པོ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བི་མ་མི་ཏྲ་རིག་འཛིན་ཚོགས༔ ཆེ་མཆོག་ཡབ་ཡུམ་འཁོར་བཅས་ཚོགས་མཆོད་བཞེས༔ ཧཱུྃ༔ བླ་མེད་མཆོག་གི་དམ་ཚིག་རྫས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་སྐོང་བཤགས་ནི། ཨོཾ་ཨཱཿཧཱུྃ༔ བདག་ཅག་རྣལ་འབྱོར་ཉམས་ཆག་སོར་ཆུད་ནས༔ བདུད་རྩི་ཡོན་ཏན་ཚེ་ཡི་དངོས་གྲུབ་སྩོལ༔ ཧོ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཡེ་ཤེས་ཌཱ་ཀིའི་ལྷ་ཚོགས་ཀྱི༔ ཐུགས་དང་འགལ་བའི་ཉེས་ལྟུང་ཀུན༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། བདེན་སྟོབས་བརྗོད་མཐར། ནྲྀ་ཏྲི་སརྦ་ཤ་ཏྲཱུན་ཨཱ་ཀརྵ་ཡ་ཡཾ་ཡཾ་ཛཿཛ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ནྲྀ་ཏྲི་ཤ་ཏྲཱུན་སརྦ་དེ་བ་ཤག་ཤག་ཕྱེ་ཕྱེ་ཨུ་ཙཊྚ་ཡ་ཕཊ྄༔ ཕུར་པ་བསྒྲིལ་ཞིང་། ཧཱུྃ་བྷྱོ༔ བདུད་འདུལ་ཌཱ་ཀི་སེང་གདོང་འཁོར་བཅས་ཀྱི༔ ཕྲིན་ལས་ཡོངས་རྫོགས་བཛྲ་ཀཱི་ལ་ཡས༔ དགྲ་བགེགས་གནོད་བྱེད་བྱད་མའི་ཚོགས་རྣམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ སྒྲུབ་སྔགས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཡཾ་མཱ་ར་ཡ་རྦད༔ ཅེས་གདབ། ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་ཧ་ཧེ་ཕཊ྄༔ ཅེས་བརྗོད། བསྟབ་པ་ནི། ཧཱུྃ་བྷྱོ༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ བདུད་འདུལ་སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དོན་དམ་གྱི་བསྒྲལ་བ་ནི། ཨོཾ་ཨཱཿཧཱུྃ༔ དཔལ་ཆེན་ཆེ་མཆོག་སྐུ་ལས་ཕོ་ཉ་སྤྲོས༔ དམ་སྲི་བཀུག་ནས་ཡུམ་གྱི་ཨེ་རུ་ཚུད༔ ཡབ་ཀྱིས་རྡོ་རྗེས་གཏུན་གྱི་རྣམ་པར་བརྡུང༔ གཉིས་འཛིན་ཀུན་གཞོམ་བདེ་བ་ཆེན་པོར་བསྒྲལ༔ ལུས་ཁམས་ཚེ་བསོད་སྐུ་ཡི་ཚོགས་སུ་རོལ༔ ཞེས་བསྒོམ་མོ། །དེ་ནས་རིག་པའི་མེ་ཏོག་དོར་བ་ནི། དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་བདག་དང་དབྱེར་མེད་དུ་གྱུར། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཨོཾ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཡེ་ཤེས་པའི་དཀྱིལ་འཁོར་དང་དམ་ཚིག་པའི་དཀྱིལ་འཁོར་དབྱེར་མེད་དུ་གྱུར། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཇི་སྲིད་བར་དུ་བརྟན་པར་གྱུར། ཨོཾ་བཛྲ་ས་མ་ཡ་ཧོཿ ཤིན་ཏུ་དབང་དུ་གྱུར་ཏེ་དགྱེས་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཞེས་བརྟན་ཅིང་གསལ་བར་གྱུར་པར་བསམ་མོ། །གསུམ་པ་དངོས་གཞི་དབང་བསྐུར་བ་ལས། སློབ་མ་འཇུག་པར་གསོལ་བ་གདབ་བ་ནི། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ཞེས་གསོལ་བས་དེ་བཞིན་གཤེགས་པ་རྣམས་ཞལ་འཛུམ་པའི་མདངས་ཀྱིས། སློབ་བུ་དཀྱིལ་འཁོར་དུ་ཆུགས་ལ་དབང་གི་རིམ་པ་རྣམས་སྣོད་དང་འཚམ་པར་སྐུར་ཅིག་ཅེས་གནང་བར་བསམ་མོ། །དེ་ནས་སློབ་བུ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་བྱུང་། ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་བགེགས་བསྐྲད་མཚམས་གཅད་ཡན་ལས་བྱང་མགོར་བསྟན་པ་མཐར་ཆགས་སུ་གཏང་། མཎྜལ་བཀྱེ་བསྡུ་བྱ་བ་སོང་ནས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་གསན་ནས་གྲོལ་བྱེད་ཀྱི་གདམས་པ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་མ་ཡེངས་པར་གསན་འཚལ། དེ་ལ་འདིར་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་དང་འབྲེལ་བ་བི་མ་ལ་མི་ཏྲའི་ཡང་ཐིག་ཟབ་མོ་བླ་མའི་རྣལ་འབྱོར་གྱི་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། ངེད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་འཚལ། ཞེས་སློབ་དཔོན་ལ་མཎྜལ་འབུལ་དུ་གཞུག །ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བི་མ་མི་ཏྲའི་ཞབས་ལ་འདུད༔ བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡི་དམ་དཔལ་ཆེན་ལྷ་ལ་གསོལ་བ་འདེབས༔ སྒོ་གསུམ་ཡེ་ཤེས་མཆོག་གིས་སྨིན་པར་མཛོད༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ རང་རིག་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ བྱ་རྩོལ་བྲལ་བ་བླ་མ་ཆོས་ཀྱི་སྐུ༔ འགགས་མེད་གསལ་གདངས་བླ་མ་ལོངས་སྤྱོད་རྫོགས༔ ཅིར་སྣང་ཡེ་ཤེས་བླ་མ་སྤྲུལ་པའི་སྐུ༔ ཐམས་ཅད་རང་ལ་མངོན་རྫོགས་སྐུ་བཞིའི་བདག༔ འགྱུར་བ་མེད་པའི་ངང་དུ་གསོལ་བ་འདེབས༔ འཕོ་ཆེན་སྐུ་བརྙེས་དེ་དང་མཚུངས་པར་ཤོག༔ སྣང་བཞི་མཐར་ཕྱིན་དབྱིངས་རིག་ཚད་ལ་ཕེབས༔ བདེ་བ་ཆེན་པོའི་སྐུ་འགྲུབ་བྱིན་གྱིས་རློབས༔ དེ་ནས་རྒྱུད་སྦྱོང་ཞིང་སྡོམ་པ་གཟུང་བའི་ཕྱིར་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བཟོད་མེད་གདུང་བས་བླ་མར་སྐྱབས་སུ་མཆི༔ འགྲོ་ཀུན་ཀ་དག་ཀློང་དུ་བསྒྲལ་བར་བྱ༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ རང་བཞིན་བྱ་རྩོལ་བྲལ་ལ་རྗེས་ཡི་རང༔ རྒྱ་ཆེ་རྒྱུན་མི་འཆད་པར་ཆོས་འཁོར་སྐོར༔ ལྷུན་གྲུབ་བདེ་བ་ཆེན་པོར་བཞུགས་སུ་གསོལ༔ འཁོར་བ་རང་བཞིན་མེད་པར་དགེ་བ་བསྔོ༔ ཐམས་ཅད་ལྷུན་གྲུབ་རིག་འཛིན་ཐོབ་པར་ཤོག༔ བདག་གིས་གསང་སྔགས་སྡོམ་པ་མ་ལུས་བཟུང༔ སློབ་དཔོན་གྱིས་དམ་བསྒྲག་པ་ནི། འདི་ནི་བླ་ན་མེད་པ་གསང་བའི་དཀྱིལ་འཁོར་རྨད་དུ་བྱུང་བ་ཡིན་པས༔ འདིའི་ཚུལ་རྣམས་ལས་འགལ་ཞིང་གསང་བར་གདམས་པ་འདི་དམ་མེད་རྣམས་ལ་སྨྲ་བ་དང་བདག་ལ་བརྙས་ན་ན་རཀ་ཏུ་སྐྱེ་བར་འགྱུར་བས༔ དེ་བས་ན་དམ་ཚིག་ཐུབ་པར་སྲུངས་ཤིག༔ ཅེས་རྡོ་རྗེ་མགོ་བོར་བཞག་ལ་བདུད་རྩི་སྦྱིན། སློབ་མ་རྣམས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སེམས་བཟུང༔ ལུས་གནད་དང་བཅས་པས་རླུང་བཀག༔ དེའི་ཚེ་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཐིམ་པར་མོས་མཛོད༔ གུ་གུལ་བདུག་ལ་རོལ་མོའི་སྒྲ་བསྒྲག །ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄༔ བཛྲ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་བསལ། ཀྱེ་རིགས་ཀྱི་བུ༔ དབྱིངས་དང་རིག་པ་བསྲེ་བྱ་བསྲེ་བྱེད་མེད་པར་ཁྲུ་གང་གི་ནམ་མཁའ་ལ་གཟིགས་དང༔ དོན་དམ་པའི་དཀྱིལ་འཁོར་སྐྱེ་འགག་གནས་གསུམ་དང་བྲལ་བ་ཞིག་འདུག་གོ༔ དེ་བརྟན་པར་བྱ་བའི་ཕྱིར་བུམ་དབང་བསྐུར་བ་ནི། བླ་མའི་སྨིན་མཚམས་ཨོཾ་ལས་ཨོཾ་དཀར་འཕྲོས༔ སྐལ་ལྡན་དཔྲལ་བར་ཐིམ་པས་དབང་བཞི་བཞག༔ འོད་ཀྱིས་ལུས་གང་ལུས་ཀྱི་སྒྲིབ་པ་དག༔ པཎ་ཆེན་བི་མ་མི་ཏྲའི་སྐུ་རུ་གསལ༔ ཞེས་བརྡ་སྤྲད་ལ། བུམ་པ་ཐོགས་ནས། ཨ་ཧོ་ཡེ༔ ངོ་བོ་སྟོང་པ་ཆོས་དབྱིངས་ཀུན་ཁྱབ་བུམ༔ སྐྱེ་འགག་གནས་གསུམ་འགྲོ་འོང་བྲལ་བའི་བཅུད༔ ཡུལ་དབང་ཤེས་གསུམ་སྐུ་དང་ཡེ་ཤེས་སུ༔ རྟོགས་པ་འདི་ནི་བུམ་པའི་དབང་གི་གླུ༔ ཞེས་དང་། ཨོཾ་ཨཱཿཧཱུྃ༔ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས༔ སྒོས་བི་མ་མི་ཏྲས་བྱིན་གྱིས་རློབས༔ དབང་བུམ་པས་གཏོར་བཀྲུས་བླུག་ཅིང་གཏམས༔ ཨ་ཧོ་ཡེ༔ ཡུལ་དབང་ཤེས་གསུམ་རྣམ་པར་དག་པའི་ཕྱིར༔ ངོ་བོ་རང་བཞིན་ཐུགས་རྗེ་བུམ་པའི་དབང༔ གསུམ་ཀ་དབྱེར་མེད་ཆེན་པོར་བསྐུར་བ་ཡིས༔ དབྱིངས་རིག་ཟུང་འཇུག་རྟོགས་པའི་དབང་ཐོབ་ཤོག༔ བུམ་པ་སྤྱི་བོར་བཞག་ཅིང་། གུ་རུ་དེ་བ་ཌཱ་ཀི་ནཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ཐོགས་ལ། རྗེ་བླ་མའི་སྐུ་སྤྲུལ་ཆར་ལྟར་བབས༔ དེ་སློབ་མའི་ལུས་ལ་གཉིས་མེད་ཐིམ༔ ལུས་ལྷ་རུ་བསྒོམ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ རྒྱ་གར་ཡུལ་འཁྲུངས་རིག་པའི་གནས་ལྔ་སྦྱངས༔ ཆེ་མཆོག་གྲུབ་བརྙེས་པཎ་ཆེན་ལྔ་བརྒྱའི་གཙོ༔ འཕགས་བོད་ཀུན་ཏུ་གསང་སྔགས་ཟབ་དོན་སྤེལ༔ འཆི་མེད་གྲུབ་བརྙེས་རྗེ་ཡི་དབང་བསྐུར་རོ༔ སྐུ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿསརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ནི། བླ་མའི་མགྲིན་པའི་ཨཱཿལས་ཨཱཿདམར་འཕྲོས༔ སྐལ་ལྡན་མགྲིན་པར་ཐིམ་པས་དབང་བཞི་བཞག༔ འོད་ཀྱིས་རྩ་ཁམས་གང་བས་ངག་སྒྲིབ་སྦྱངས༔ དཔལ་ཆེན་ཆེ་མཆོག་ཡབ་ཡུམ་སྐུ་རུ་གསལ༔ ཞེས་བརྡ་སྤྲད་ལ། བྷནྡྷ་བདུད་རྩི་ཐོགས་ནས། ཨ་ཧོ་ཡེ༔ ཐབས་ཤེས་མཁའ་གསང་དག་པའི་བྷནྡྷ་རུ༔ བདེ་བ་ཆེན་པོའི་ཡེ་ཤེས་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་སེམས་རྣམས་གཉིས་མེད་དུ༔ རྟོགས་པ་འདི་ནི་གསང་བའི་དབང་གི་གླུ༔ ཞེས་དང་། ཆེ་མཆོག་ཡབ་ཡུམ་སྦྱོར་བའི་བྱང་སེམས་རྒྱུན༔ སློབ་མའི་མགྲིན་པར་མྱོང་བས་བདེ་དྲོད་འཕེལ༔ ཨ་ཧོ་ཡེ༔ སྣ་ཚོགས་སྣང་བ་ཐབས་ཤེས་སྒྱུ་འཕྲུལ་གྱིས༔ རྩ་ཐིག་རླུང་གསུམ་དྲྭ་བ་གསང་བའི་དབང༔ ཐམས་ཅད་སེམས་སུ་འབྲེལ་བའི་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་རྟོག་པའི་དབང་ཐོབ་ཤོག༔ བདུད་རྩི་ལྕེ་ལ་བཞག་ཅིང་། གུ་རུ་དེ་བ་ཌཱ་ཀི་ནཱི་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཆེ་མཆོག་གི་སྐུ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ ལྷ་ཡི་དམ་ཚོགས་ལ་གསོལ་བ་འདེབས༔ དཔལ་ཧེ་རུ་ཀ་ཡིས་བྱིན་གྱིས་རློབས༔ སྐུ་སྤྱི་བོར་བྱོན་པས་བྱིན་གྱིས་རློབས༔ དབྱིངས་ཡེ་ཤེས་གཉིས་མེད་བདུད་རྩི་སྦྱིན༔ ངག་གསང་སྔགས་བཟླ་བའི་དབང་ཐོབ་ཤོག༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར་བའི་སྐུ༔ དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་པོ་དཀྱིལ་འཁོར་ཀུན་གྱི་གཙོ༔ དཔལ་ཆེན་ཆེ་མཆོག་དབང་བསྐུར་ཡོངས་རྫོགས་ཤོག༔ ཆེ་མཆོག་གི་སྐུ་སྤྱི་བོར་བཞག་ཅིང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་འཕྲོས༔ སྐལ་ལྡན་སྙིང་ཁར་ཐིམ་པས་དབང་བཞི་བཞག༔ འོད་ཀྱིས་ཡིད་ཀྱི་རྟོག་ཚོགས་ཡིད་སྒྲིབ་སྦྱངས༔ རིག་མ་མཚན་ལྡན་གནམ་ཞལ་དབྱིངས་ཕྱུག་མ༔ འདུ་ཤེས་གསུམ་གྱིས་མཉམ་པར་རབ་ཏུ་སྦྱོར༔ ཅེས་བརྡ་སྤྲད། རིག་མ་བཟུང་ལ། ཨ་ཧོ་ཡེ༔ སྟོང་པའི་ངང་ལས་རིག་པ་གསལ་བའི་ཆ༔ ཐབས་ཤེས་རེག་བྱའི་བདེ་བས་རྐྱེན་བྱས་ཏེ༔ དགའ་བ་རིམ་པར་འཕེལ་ཞིང་རྒྱས་པ་ནི༔ ཞེན་མེད་རང་བཞིན་ཤེས་རབ་དབང་གི་གླུ༔ ཞེས་དང་། རིག་མ་གཏད་ལ། ཨ་ཧོ་ཡེ༔ སྣང་བ་བདེ་བ་ཡབ་ལ་སྟོང་པ་ཡུམ༔ ཟུང་འཇུག་བདེ་ཆེན་དགའ་བཞིའི་འགྲོས་ཀྱི་མཐར༔ མ་བཅོས་གནས་ལུགས་ཤེས་པའི་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་རྟོགས་པའི་དབང་ཐོབ་ཤོག༔ གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གནམ་ཞལ་མའི་སྐུ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས༔ ཡུམ་མཁའ་འགྲོའི་ཚོགས་ཀྱིས་བྱིན་གྱིས་རློབས༔ བུ་འདི་ལ་ཡེ་ཤེས་བསྐྱེད་དུ་གསོལ༔ མཆོག་འདུ་ཤེས་གསུམ་པོ་བརྟན་པ་དང༔ དཔེ་བདེ་བའི་ཡེ་ཤེས་གཏན་ཕེབས་ནས༔ དོན་བདེ་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་གིས་ངོ་སྤྲད་དོན་དབང་བསྐུར་བ་ནི། ཨོཾ་ཨཱཿཧཱུྃ༔ ཨེ་མ་རིགས་ཀྱི་བུ་ལུས་ཨ་ཡིག་ཏུ་ཡོད་པ་ནམ་མཁར་ཡེར་རེ་ཡོད་པར་སྒོམས༔ སྒོམ་མཁན་དང་ཨ་ཡིག་དབྱེར་མེད་པར་འདུག་གམ༔ འདུག་ན་དེའི་ངང་དུ་བྱ་རྩོལ་བྲལ་བར་བཞག་པ་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ༔ ཨ་ཡིག་ཀྱང་ནམ་མཁར་ཐིམ་པར་སྒོམས༔ སེམས་དངོས་མེད་གསལ་རིག་འདི་ཞེས་བརྗོད་པ་དང་བྲལ་བའི་ངང་ལ་ཞོག༔ ཨེ་མ༔ སེམས་བྱ་རྩོལ་བྲལ་བའི་ངང་ལ་ཞོག༔ དབྱིངས་རིག་པ་བསྲེས་པའི་ཀ་དག་ལ༔ དོན་རིག་པ་འགྱུར་མེད་ཤར་ཙམ་ན༔ སྨྲ་མེད་ལ་ཡིད་ཆེས་ངོ་མཚར་ཆེ༔ དེ་ཀུན་ཏུ་བཟང་པོའི་དགོངས་པ་ཡིན༔ ཨ་གསུམ་གྱིས་ཉམས་བསྐྱང༔ ཕཊ་གསུམ་གྱིས་སད་པར་བྱ༔ ཧཱུྃ་གསུམ་གྱིས་བྱེར་བ་སྡུད༔ དེ་ནས་རིག་པའི་གཤིས་ཇི་ལྟ་བའི་ངང་དུ་ཨ་གྲངས་མེད་བརྗོད༔ གཞན་གྱིས་མ་ཐོས་པར་ཀ་དག་བྱ་རྩོལ་དང་བྲལ་བ་དེ་ཁོ་ནའོ༔ ཞེས་ངོ་སྤྲད་ལ༔ སློབ་དཔོན་བི་མ་མི་ཏྲའི་ཞལ་ན་རེ༔ ཅི་ཡང་དམིགས་པ་མེད་ལ་ཅིར་ཡང་གསལ༔ ཇི་ལྟར་བསྒོམས་ཀྱང་རང་རིག་ལས་གཞན་མེད༔ བློ་དང་བྲལ་བ་ཀུན་བཟང་དགོངས་པའི་མཐིལ༔ འདི་དང་འབྲལ་མེད་ནམ་མཁའི་རྣལ་འབྱོར་ང༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད་པ་འདྲ༔ གསང་སྔགས་ཟབ་དོན་འདི་ཡི་བཀའ་དྲིན་ལགས༔ ཞེས་གསུངས་སོ༔ མེ་ལོང་འཇའ་རིས་ཤེལ་རྡོ་རྣམས་བསྟན་ལ། ཨ་ཧོ་ཡེ༔ ངོ་བོ་སྟོང་པ་རང་བཞིན་གསལ་ཆ་ལས༔ ཡུལ་དབང་ཤེས་གསུམ་མཚམས་སྦྱར་སྣང་བ་རྣམས༔ གང་ཤར་མ་བཅོས་ངང་དུ་བཞག་པ་ནི༔ དབང་ཆེན་ཞེས་བྱ་དོན་དམ་ཆེན་པོའི་གླུ༔ ཞེས་དང་། ཨ་ཧོ་ཡེ༔ ངོ་བོ་སྟོང་པ་དབྱིངས་ཀྱི་མཁའ་ཀློང་དུ༔ རང་བཞིན་བདེ་ཆེན་ལྷུན་གྲུབ་འཇའ་ལྟར་ཤར༔ སྣ་ཚོགས་སྣང་བའི་ཆོས་རྣམས་སོ་སོར་གསལ༔ གསུམ་ཀ་དབྱེར་མེད་དོན་དམ་ངང་དུ་རྫོགས༔ ཞེས་རྡོ་རྗེའི་གླུས་གསལ་གདབ་པར་བྱའོ། །དེ་ནས་བདུད་རྩི་སྨན་དབང་བསྐུར་བ་ནི། སློབ་མས། ཨེ་མ་ཧེ་རུ་ཀ་དཔལ་དང༔ དབྱེར་མེད་རྡོ་རྗེ་རྒྱལ་པོ་ཡིས༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར༔ དངོས་གྲུབ་རྫས་ཀྱི་བྱིན་དབང་སྩོལ༔ ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་གི་སྒྲ་དྲག་པོ་སྒྲོག་པའི་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་དངོས་གྲུབ་སྦྱིན་པ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་པར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་ཁྲོ་བོའི་གདངས་ཀྱིས་གླུ་བླང་། སློབ་མ་དཔལ་ཆེན་པོར་བསྐྱེད་ཅིང་བྱིན་དབབ༔ བཛྲ་ཨ་མྲྀཏ་ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཞེས་པས་བརྟན་པར་བྱ༔ སྨན་གྱི་ཕོ་བྲང་སྤྱི་བོར་བཞག་ལ༔ ཨོཾ་ཨཱཿཧཱུྃ༔ གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས༔ དག་དང་མ་དག་མི་རྟོག་རྟོག་ལས་འདས༔ དུས་གསུམ་གཅིག་ལ་སྐུ་བརྟན་ཕྱི་བཤོལ་མེད༔ དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བའི་དབྱིག༔ སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས༔ བསྐལ་པར་བསྒྲིབས་པའི་གཏི་མུག་མུན་པ་ལ༔ སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན༔ བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས༔ རིག་འཛིན་རྒྱལ་པོ་གཙོ་བོའི་གོ་འཕང་ཐོབ༔ མཆོག་ཐུན་དངོས་གྲུབ་དེང་འདིར་འགྲུབ་པར་ཤོག༔ སྔགས་མཐར། སརྦ་པཉྩ་ཨ་མྲྀཏ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་བདུད་རྩིའི་དཀྱིལ་འཁོར་ལས་འོད་ཟེར་བྱུང༔ སློབ་མའི་རྒྱུད་ཀྱི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་བྱང༔ དངོས་གྲུབ་མ་ལུས་པ་འགྲུབ་པའི་སྐལ་བ་དང་ལྡན་པར་བསམ༔ སླར་ཡང་བདུད་རྩི་ལག་ཏུ་གཏད་ཅིང༔ ཚེ་དང་སྐོང་དང་ཡིད་དུ་འོང༔ བགེགས་རྣམས་ཞི་བ་ལ་སོགས་ཏེ༔ ནད་དང་བྲལ་ནས་ཅི་འདོད་པའི༔ ཡོན་ཏན་བརྒྱ་རྩ་བརྒྱད་འདིས་ཐོབ་བོ༔ ཞེས་རྗེས་སུ་གནང་བ་བྱིན་པས་དངོས་གྲུབ་དེ་དང་དེ་དག་ཐམས་ཅད་ཐོབ་པར་བསམ༔ དེ་ནི་ཐུན་མོང་གི་དབང་བསྐུར་བའོ༔ དེའི་རྗེས་སུ་ཐུན་མོང་མ་ཡིན་པའི་བདུད་རྩིའི་དབང་བཞི་བསྐུར་བ་ནི༔ སྨན་ཛཔ྄་བཟླ་བཞིན་པས༔ བཛྲ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་རྒྱ་བཀྲོལ༔ ཛྙཱ་ན་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས། སྨན་གྱི་བདུད་རྩིའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྒྱ་མཚོའི་ངོ་བོ་དཀར་དམར་མཐིང་བའི་དྭངས་བཅུད་ཀྱི་རྣམ་པར་བདག་ལ་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་རང་གི་གནས་གསུམ་དུ་བྱུག༔ སློབ་མའི་གནས་གསུམ་དུ་བཞག་ལ༔ ཨོཾ་ཨཱཿཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་དུ༔ དཔལ་ཆེན་འཁོར་བཅས་ཡེ་ཤེས་སྐུ་དང་ལྡན༔ དངོས་གྲུབ་རྫས་ཀྱི་བྱིན་དབང་འདི་བསྐུར་བས༔ རྟགས་ཀྱི་བདུད་རྩིའི་དབང་མཆོག་ཐོབ་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་པས། བདུད་རྩིའི་ཕོ་བྲང་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༔ སློབ་མའི་གནས་གསུམ་དུ་ཐིམ་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་དང་དབྱེར་མེད་པའི་བྱིན་དབང་ཐོབ་པར་མོས་ཏེ༔ གླུ་འདིའི་དོན་ལ་གསན་ཅིང་མཉམ་པར་ཞོག་མཛོད༔ ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ དུས་གསུམ་རྟོག་བྲལ་ཀ་དག་གདོད་མའི་དུས༔ རང་སྣང་རིག་པ་འོད་གསལ་ཟང་ཐལ་ཀློང༔ ཡེ་ཤེས་སྐུ་ཅན་བི་མ་མུ་དྲ་ཡིས༔ རྡོ་རྗེའི་གླུ་འདི་ཆོས་ཉིད་རང་སྒྲས་བླངས༔ ཨེ་མ་སྲིད་གསུམ་ཡེ་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་རྫོགས་སངས་རྒྱས་ཀྱི་དབྱིངས༔ བསམ་བརྗོད་དཔེ་བྲལ་མཚན་མའི་ཡུལ་འདས་བཞིན༔ རིག་པའི་ཡེ་ཤེས་ཆོ་འཕྲུལ་ཅིར་ཡང་ཤར༔ ཤར་ཙམ་ཉིད་ནས་རང་གི་ངང་དུ་གྲོལ༔ དབྱིངས་རིག་ཟུང་འཇུག་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་གཅིག་པུ་ཡིན་ཤེས་ན༔ དོན་གྱི་བདུད་རྩི་ཆེན་པོ་དེ་ལ་བྱ༔ སྣོད་བཅུད་དག་པ་གཞལ་ཡས་དཀྱིལ་འཁོར་ལྷ༔ ཉོན་མོངས་རྒྱུད་དག་འོད་གསལ་འདུ་འབྲལ་མེད༔ ཉི་མའི་སྙིང་པོར་མུན་པའི་མིང་མེད་བཞིན༔ དེ་ཉིད་རྟོགས་ན་འཁོར་བའི་མིང་ཡང་མེད༔ མ་རྟོགས་འགྲོ་རྣམས་སེམས་ཀྱི་གཞན་དབང་གིས༔ རང་བྱུང་ཡེ་ཤེས་ཉི་མའི་སྙིང་པོ་བསྒྲིབས༔ སེམས་ནི་ཡུལ་དང་བཅས་ཤིང་གཟུང་འཛིན་ཅན༔ ཉོན་མོངས་འཕེལ་བྱེད་མ་རིག་གཏི་མུག་ལ༔ རིག་པ་ཡུལ་མེད་གཟུང་དང་འཛིན་པ་སྤངས༔ ཉོན་མོངས་རང་གྲོལ་ཡེ་ཤེས་ངང་གིས་གསལ༔ རྟག་པ་མ་ཡིན་ངོ་བོ་གདོད་ནས་སྟོང༔ ཆད་པ་མ་ཡིན་རང་བཞིན་ཟང་ཐལ་ལེ༔ གཉིས་ཀ་མ་ཡིན་གཉིས་མིན་མཐའ་ལས་འདས༔ དང་པོར་མ་སྐྱེས་བར་དུ་གནས་པ་མེད༔ ཐ་མར་འཆི་མེད་དོན་གྱི་ཨ་མྲྀ་ཏ༔ གང་གིས་བརྟེན་པས་བདུད་བཞི་ངང་གིས་འཇོམས༔ འཕོ་མེད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ལྟ་བ་བདུད་རྩི་དྲི་མེད་གཉུག་མའི་གླུ༔ ནམ་མཁའི་རྣལ་འབྱོར་བི་མ་མུ་དྲས་བླངས༔ འདོད་ཆགས་ཞེན་པའི་སེམས་ནི་བདུད་ཡིན་ཏེ༔ ཞེན་མེད་རིག་པའི་རྩལ་སྦྱོང་རྩི་ཡིས་གདབ༔ དྲི་མེད་བདེ་སྟོང་ངང་དུ་རང་གྲོལ་ན༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་འགྱུར༔ ཞེ་སྡང་རིགས་པའི་སེམས་ནི་བདུད་ཡིན་ཏེ༔ གཟུང་དང་འཛིན་བྲལ་རིག་པའི་རྩི་ཡིས་གདབ༔ དྲི་མེད་སྣང་སྟོང་སྒྱུ་མར་རང་གྲོལ་ན༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་འགྱུར༔ གཏི་མུག་འཐིབས་པོའི་སེམས་ནི་བདུད་ཡིན་ཏེ༔ གསལ་ལ་མི་རྟོག་རིག་པའི་རྩི་ཡིས་གདབ༔ དྲི་མེད་གསལ་སྟོང་གཉུག་མར་རང་གྲོལ་ན༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་འགྱུར༔ ང་རྒྱལ་ཁེངས་པའི་སེམས་ནི་བདུད་ཡིན་ཏེ༔ བདག་མེད་རང་བྱུང་རིག་པའི་རྩི་ཡིས་གདབ༔ དྲི་མེད་རིག་སྟོང་ཐིག་ལེར་རང་གྲོལ་ན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་འགྱུར༔ ཕྲག་དོག་ཟུག་རྔུའི་སེམས་ནི་བདུད་ཡིན་ཏེ༔ སྐྱེ་འགག་ལས་འདས་རིག་པའི་རྩི་ཡིས་གདབ༔ དྲི་མེད་ཚོར་སྟོང་དབྱིངས་སུ་རང་གྲོལ་ན༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར༔ ཆོས་ཀུན་རང་བྱུང་གདོད་ནས་རྣམ་དག་པའི༔ རིག་པ་ཡེ་ཤེས་ལྔ་ཡི་རྩ་བ་ལས༔ ཡན་ལག་ཤེས་བྱ་ཀུན་ལ་ཁྱབ་པར་ཤར༔ རྟགས་ཀྱི་བདུད་རྩི་ཞེས་ནི་དེ་ལ་བྱ༔ དེ་ལྟར་ཤེས་ན་ཉོན་མོངས་འཁྲུལ་པའི་བདུད༔ རིག་པ་མ་འཁྲུལ་ཡེ་ཤེས་རྩིས་ཐེབས་པས༔ ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་ལྟར༔ སྐུ་དང་ཡེ་ཤེས་དབྱེར་མེད་ལྷུན་གྱིས་གྲུབ༔ སྒོམ་པ་བདུད་རྩི་དྲི་མེད་ཟང་ཐལ་གླུ༔ རང་གྲོལ་རྣལ་འབྱོར་བི་མ་མུ་དྲས་བླངས༔ ཞེས་བླངས་ཤིང། དེ་ནི་བདུད་རྩིའི་ཕོ་བྲང་ལ་བརྟེན་ནས་བུམ་པའི་དབང་བསྐུར་བའོ༔ བདུད་རྩིའི་ཕུད་མྱོས་བྱེད་དང་སྦྱར་བ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བ་ལ་ཕུལ་བས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད༔ སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱང་སེམས་དཀར་དམར་ཆར་ལྟར་བབས་ནས་ཐོད་རྫས་དང་རོ་གཅིག་ཏུ་འདྲེས་པ་རང་གིས་མྱོང་ཞིང་སློབ་མ་ལ་སྦྱིན་ཏེ༔ ཨོཾ་ཨཱཿཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་དུ༔ དཔལ་ཆེན་འཁོར་བཅས་ཡེ་ཤེས་སྐུ་དང་ལྡན༔ དངོས་གྲུབ་རྫས་ཀྱི་བྱིན་དབང་འདི་བསྐུར་བས༔ རྫས་ཀྱི་བདུད་རྩིའི་དབང་མཆོག་ཐོབ་པར་ཤོག༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་མཐེབ་སྲིན་གྱིས་གནས་གསུམ་དུ་འཐོར་ཞིང་ཐིག་ལེ་བྱས་ཏེ་མྱོང་བས༔ རྩ་ཁམས་ཐམས་ཅད་བདུད་རྩིས་ཁྱབ་སྟེ་བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དཔོན་སློབ་རྣམས་ལྷན་ཅིག་ཏུ་ཛཔ྄་དབྱངས་བྱ༔ དེ་ནས་གླུ་འདིའི་དོན་ལ་གསན་ཅིང་མཉམ་པར་ཞོག་མཛོད། ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ རྫས་ཀྱི་བདུད་རྩི་ཕྱི་ནང་ཁྱད་པར་ཁམས༔ ཕྱི་ནི་སྨན་གྱི་རྩ་བ་ཡན་ལག་དང༔ ནང་ནི་ཤ་ལྔ་བདུད་རྩི་ལྔ་སོགས་ལ༔ གཙང་སྨེ་བླང་དོར་འཛིན་པ་བདུད་ཡིན་ཏེ༔ གཉིས་མེད་ལྷ་སྔགས་དགོངས་པའི་རྩིས་བཏབ་པས༔ ཐམས་ཅད་ཐིག་ལེ་གཅིག་ཏུ་འཁྱིལ་བའི་རྫས༔ གང་གིས་ཟོས་པས་ནད་གདོན་བགེགས་སེལ་ཞིང༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་འགྲུབ༔ ཅེས་བླངས་ཤིང་། དེ་ནི་རྫས་ལ་བརྟེན་ནས་གསང་བའི་དབང་བསྐུར་བའོ༔ བདུད་རྩིའི་ཕོ་བྲང་ལྟེ་བར་གཏུགས་པས་ཡེ་ཤེས་ཀྱི་དྭངས་མ་ཐམས་ཅད་ལྟེ་བ་ནས་ཞུགས་དབུ་མའི་ནང་ཁྱབ༔ བདེ་བའི་ཉམས་འབར་བས་ཡས་བབས་ཀྱི་དགའ་བཞི་རྩོལ་མེད་དུ་ལམ་ལམ་འཆར་བར་མོས་པ་མཛོད༔ ཨོཾ་ཨཱཿཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་དུ༔ དཔལ་ཆེན་འཁོར་བཅས་ཡེ་ཤེས་སྐུ་དང་ལྡན༔ དངོས་གྲུབ་རྫས་གྱི་བྱིན་དབང་འདི་བསྐུར་བས༔ དཔེ་ཡི་བདུད་རྩིའི་དབང་མཆོག་ཐོབ་པར་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་བཞི་ལྡན་བླངས་ཤིང་། བདུད་རྩིས་ལྟེ་བ་སོགས་གནས་བཞིར་ཐིག་ལེ་བྱས་པས་མས་བརྟན་གྱི་དགའ་བ་བཞི་བརྟན་པར་མོས་ཏེ༔ གླུ་འདིའི་དོན་ལ་གསན་ཅིང་མཉམ་པར་ཞོག་མཛོད། ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ ཁྱད་པར་བདུད་རྩི་རྣལ་འབྱོར་པ་རྣམས་ཀྱི༔ བྱང་སེམས་ཉམས་པས་འཆི་བ་བདུད་ཡིན་ཏེ༔ འཕོ་མེད་བདེ་བ་ཆེན་པོའི་རྩིས་བཏབ་པས༔ འཆི་མེད་ཁ་སྦྱོར་རྡོ་རྗེའི་སྐུ་འགྲུབ་བོ༔ ཐིག་ལེ་འཕེལ་བས་བདེ་བའི་ཉམས་འཕེལ་ཞིང༔ དེ་འཕེལ་ཡེ་ཤེས་ལུས་མཆོག་ཐོབ་འགྱུར་ཕྱིར༔ ལྟ་བས་རྒྱུད་སྦྱངས་བསྐྱེད་པའི་གསལ་སྣང་གྲུབ༔ རྫོགས་རིམ་དྲོད་ཐོབ་སྦྱོར་བ་ལམ་བྱེད་པ༔ དབེན་པའི་གནས་སུ་མཚན་ལྡན་མི་མོ་བཙལ༔ དབང་གི་གཟུངས་མ་པདྨ་རིགས་ཀྱི་ཡུམ༔ པདྨའི་མདོག་ཅན་ཡིད་འོང་བདེ་བ་སྐྱེད༔ དེ་དང་རྗེས་མཐུན་རྡོ་རྗེའི་རིགས་ཀྱི་ཡུམ༔ རི་དྭགས་མིག་ཅན་འགྲོས་དལ་སྤྱོད་ལམ་སྙོམ༔ རྒྱས་པའི་གཟུངས་མ་རིན་ཆེན་རིགས་ཀྱི་ཡུམ༔ གླང་ཆེན་དྲི་འཕྲོ་ཤ་རྒྱས་འདོད་པས་མྱོས༔ ཞི་བའི་གཟུངས་མ་བདེ་གཤེགས་རིགས་ཀྱི་ཡུམ༔ དུང་ལྟར་ལྟེ་བ་རབ་འཁྱིལ་སྐད་གདངས་གསལ༔ དྲག་པོའི་གཟུངས་མ་ལས་ཀྱི་རིགས་ཀྱི་ཡུམ༔ ལྟེ་བར་རི་མོ་གསུམ་མཚན་ཁྲོ་ཞིང་གཏུམ༔ རིགས་ཀྱི་ཡུམ་ལྔ་གང་ཡང་རུང་བ་ནི༔ རྒྱུད་སྦྱངས་དབང་བསྐུར་འདོད་པའི་སྒྱུ་རྩལ་རྩེ༔ ལུས་ངག་ལྷར་མཉམ་མཁའ་གསང་བྱིན་རླབས་མཉམ༔ ལྷན་སྐྱེས་ཡེ་ཤེས་འདོད་པ་མཉམ་ལྡན་པས༔ སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོའི་མེས༔ སྤྱི་བོའི་ཧྃ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ འཁོར་ལོ་རྣམ་བཞིར་རུ་སྦལ་འགྲོས་ཀྱིས་དབབ༔ རླུང་རིག་དབྱེར་མེད་ཀ་དག་ངང་དུ་བཟུང༔ དུད་འགྲོའི་འགྱུར་བ་བཞི་ཡིས་གནས་བཞིར་ལྡོག༔ སེང་གེ་རྣམ་རོལ་ཕྱག་རྒྱས་ཁྱབ་པར་དགྲམ༔ དེ་ཚེ་བསྙེན་སྒྲུབ་ཡན་ལག་བཞི་དང་ནི༔ དགའ་བ་བཞི་ལྡན་རྫས་ཀྱི་ཨ་མྲྀ་ཏས༔ ལུས་ཁམས་བཅུད་ཀྱི་དྭངས་མ་འཕེལ་ཞིང་རྒྱས༔ རྩ་ཡི་མདུད་གྲོལ་རླུང་བཅུ་ལས་སུ་རུང༔ ཐིག་ལེ་འཕོ་མེད་ནང་གི་ས་དང་ལམ༔ སྐད་ཅིག་གཅིག་བགྲོད་སྐུ་བཞིར་ལྷུན་གྱིས་གྲུབ༔ སྤྱོད་པ་བདུད་རྩི་དྲི་མེད་བདེ་ཆེན་གླུ༔ ལྷན་སྐྱེས་རྣལ་འབྱོར་བི་མ་མུ་དྲས་བླངས༔ ཞེས་བླངས་ཤིང་། དེ་ནི་དཔེའི་ཐབས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ༔ དེ་ནས་སློབ་བུ་རྣམས་མཉམ་པར་བཞག་པའི་ལག་ཏུ་བདུད་རྩིའི་ཕོ་བྲང་བཞག་ལ་སློབ་དཔོན་གྱིས་དགོངས་པ་མི་གཡོ་བའི་ངང་ནས༔ ཨོཾ་ཨཱཿཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་ཕོ་བྲང་དུ༔ དཔལ་ཆེན་འཁོར་བཅས་ཡེ་ཤེས་སྐུ་དང་ལྡན༔ དངོས་གྲུབ་རྫས་ཀྱི་བྱིན་དབང་འདི་བསྐུར་བས༔ དོན་གྱི་བདུད་རྩིའི་དབང་མཆོག་ཐོབ་པར་ཤོག༔ མ་ཧཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་བརྗོད་པས་སློབ་མ་ལྷ་དང་སྒྲུབ་པའི་རྫས་རྣམས་དང་དབྱེར་མེད་པ་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོར་རོ་གཅིག་ཏུ་འདྲེས་ཏེ་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་པར་མོས་པས༔ གླུ་འདིའི་དོན་ལ་གསན་ཅིང་མཉམ་པར་ཞོག་མཛོད། ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ ཡིད་དཔྱོད་མཚན་མའི་སེམས་ནི་བདུད་ཡིན་ཏེ༔ དེ་ལ་མངོན་སུམ་རིག་པའི་རྩི་སྦྱར་བས༔ རགས་ལུས་འཕོ་ཆེན་རྡོ་རྗེའི་སྐུ་འགྲུབ་པ༔ ཆོས་ཀྱི་བདུད་རྩི་བླ་མེད་མངོན་བྱེད་ཕྱིར༔ ལུས་ངག་ཡིད་ནི་དབེན་པ་གསུམ་ལ་བརྟེན༔ ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་བཏང༔ བཞུགས་སྟངས་གསུམ་གྱིས་རྩ་ཡི་བྱེད་པ་བཅིང༔ སྲོག་རྩོལ་རང་བབ་འགྲོ་འོང་ངང་གིས་ཞི༔ གཟིགས་སྟངས་གསུམ་གྱིས་ཐིག་ལེ་དྭངས་མར་སྨིན༔ ཡེ་ཤེས་ལམ་ནི་དཀར་འཇམ་རྩ་ཡི་སྦུབས༔ སྣང་བའི་སྒོ་ནི་རྒྱང་ཞགས་ཆུ་ཡི་སྒྲོན༔ ཕྱི་ནང་ཡུལ་ནི་དག་པ་དབྱིངས་ཀྱི་སྒྲོན༔ ཤར་བའི་རང་བཞིན་ཐིག་ལེ་སྟོང་པའི་སྒྲོན༔ དེ་ཡི་ངོ་བོ་ཤེས་རབ་རང་བྱུང་སྒྲོན༔ ནམ་མཁའི་གཟུགས་ཅན་འོད་གསལ་ལྔ་ལྡན་ལུས༔ སྟོང་གསལ་རིས་མེད་ཀུན་གྱི་སྲོག་ཏུ་ཤར༔ ཡེ་ཤེས་སྣང་བ་དབང་པོར་ལམ་མེ་བས༔ ཆོས་དང་ཆོས་ཅན་འཁྲུལ་པའི་ཕུང་པོ་བཅད༔ བལྟར་མེད་ངང་ནས་གཟའ་གཏད་ཀུན་བྲལ་བས༔ དབྱིངས་ཀྱི་ཕྱག་རྒྱ་རིག་པའི་སྒྲོམ་དུ་གཞུག༔ རྒྱ་མཚོ་ཨར་གཏད་མི་གཡོ་དགོངས་པའི་གཟེར༔ དང་པོའི་ས་ནས་མཐར་ཕྱིན་བར་དུ་གདབ༔ སྣང་བ་མངོན་སུམ་ཉམས་ཀྱི་འཕེལ་ཆས་སྐྱེད༔ ཚད་ལ་ཕེབས་པས་རང་ས་ཟིན་པ་ན༔ ཆོས་ཉིད་དབྱིངས་སུ་ཆོས་ཅན་ཀུན་ཟད་པས༔ བྱར་མེད་ནམ་མཁའ་སྦར་གྱིས་འདེབས་པ་ཡིན༔ འདི་ལྟར་སྣང་བའི་ཆོས་རྣམས་ཡེ་ཤེས་དང༔ སྟོང་པའི་གཤིས་ནི་སྐུ་དང་འདུ་འབྲལ་མེད༔ སྐུ་དང་ཡེ་ཤེས་དབྱེར་མེད་མཐར་ཐུག་པ༔ རྡོ་རྗེའི་ས་ལ་ལྷུན་གྱིས་གྲུབ་པ་འོ༔ འབྲས་བུ་བདུད་རྩི་དྲི་མེད་ལྷུན་གྲུབ་གླུ༔ འོད་གསལ་རྣལ་འབྱོར་བི་མ་མུ་དྲས་བླངས༔ བདུད་བཞི་ལམ་བཞིའི་རྩི་ཡིས་རབ་སྦྱངས་པས༔ འཆི་མེད་སྐུ་བཞི་མངོན་དུ་འགྱུར་བ་སྟེ༔ དགའ་བྲོད་ལྷ་བུའི་བདུད་ཀྱི་སྒྱུ་མ་ནི༔ བྱར་མེད་ལྟ་བ་ཆོས་སྐུའི་ཀློང་དུ་ཐིམ༔ ཐོགས་མེད་ཉོན་མོངས་བདུད་ཚོགས་གང་སྐྱེས་ཀྱང༔ རང་གྲོལ་བསྒོམ་པས་ལོངས་སྐུའི་ཕྱག་རྒྱར་བསྒྲུབ༔ ཐོགས་བཅས་འཆི་བདག་བདུད་ཀྱི་འཕོ་བ་ཀུན༔ བདེ་ཆེན་སྤྱོད་པས་སྤྲུལ་པའི་བརྟུལ་ཞུགས་འཆང༔ སྙེམ་བྱེད་ཕུང་པོའི་བདུད་ཀྱི་ཉེར་ལེན་ཚོགས༔ ལྷུན་གྲུབ་འོད་གསལ་ངོ་བོའི་སྦུབས་སུ་གཞུག༔ དབང་པོ་རབ་རྣམས་ལྟ་བ་རྟོགས་པས་གྲོལ༔ འབྲིང་ནི་བསྒོམས་པས་ཡེ་ཤེས་ལྷུག་པར་འཆར༔ ཐ་མ་བདེ་ཆེན་ཐབས་ཀྱིས་ལྷན་སྐྱེས་མཚོན༔ གང་ཡང་འབྲས་བུའི་ལམ་དུ་མངོན་སུམ་འགྲུབ༔ དེ་ཕྱིར་ཤིན་ཏུ་རབ་ཟབ་སྙིང་པོའི་དོན༔ ཡོན་ཏན་བདུད་རྩིའི་རྒྱུད་ཀྱི་གསང་བ་དང༔ མན་ངག་རྫོགས་ཆེན་མཐར་ཐུག་ཐིག་ལེའི་བཅུད༔ དབྱིངས་ཀྱི་རྣལ་འབྱོར་བི་མ་མུ་དྲ་ཡིས༔ རིག་པ་རང་ཤར་འདུས་པའི་ཚོགས་ལ་གདམས༔ ཞེས་བླངས་ཤིང་། དེ་ནི་དོན་དམ་ངོ་སྤྲོད་ལ་བརྟེན་ནས་དབང་བཞི་པ་བསྐུར་བའོ༔ དེ་ནས་བཅུད་ལེན་གྱི་དབང་བསྐུར་བ་ནི༔ ཐོད་པ་རིལ་བུ་བཅས་སྤྱི་བོར་བཞག་ལ༔ བཅུད་ལེན་གྱི་རིལ་བུའི་སྟེང་དུ་རིག་འཛིན་བླ་མའི་དཀྱིལ་འཁོར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང༔ ཀ་པཱ་ལའི་ཚངས་བུག་ནས་བརྒྱུད༔ ལུས་ཀྱི་ནང་གང་བས་སྒྲིབ་པ་ཐམས་ཅད་དག་ཅིང་བུམ་པའི་དབང་ཐོབ་པར་མོས་ལ༔ ཨོཾ༔ སྣོད་ནི་བཀྲ་ཤིས་རང་བྱུང་ཀ་པཱ་ལར༔ བཅུད་ནི་འཆི་མེད་བདེ་ཆེན་བདུད་རྩིར་འཁྱིལ༔ རིག་འཛིན་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར༔ བུ་ལ་དབང་བསྐུར་ཡེ་ཤེས་སྐུ་འགྲུབ་ཤོག༔ སྔགས་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད༔ ལྷ་ཚོགས་འོད་དུ་ཞུ་བའི་བྱང་སེམས་དང་བཅུད་ལེན་གྱི་དམ་རྫས་སྨན་གྱི་རིལ་བུ་དབྱེར་མེད་པ་ལྕེ་ལ་བཞག་པས་གསང་བའི་དབང་ཐོབ་པར་མོས་ལ༔ བོ་དྷི་ཙིཏྟ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་རིལ་བུ་སྦྱིན༔ བདུད་རྩིའི་དྭངས་མས་ལུས་ཐམས་ཅད་གང་ཞིང་འཁོར་ལོ་བཞིར་ཁྱབ་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ལ༔ རིལ་བུ་བདུད་རྩི་དང་སྦྱར་བས་གནས་བཞིར་ཐིག་ལེ་བྱ་ཞིང༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ད་ཁྱེད་རང་རྣམས་ལུས་བསྲང༔ རླུང་ཁ་སྦྱར༔ སེམས་རྟོག་མེད་དུ་བཞག་པས་དབང་བཞི་པའི་ཡེ་ཤེས་སྐྱེས་པར་མོས་མཛོད༔ བླ་མས་དགོངས་པ་མི་གཡོ་བའི་ངང་ནས༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་བརྗོད༔ བཀྲ་ཤིས་ཀྱི་གླུ་བླངས་ཤིང་མེ་ཏོག་གི་ཆར་དབབ་པར་བྱའོ༔ སྐབས་འདིར་མཁའ་འགྲོ་གསང་བའི་བཀའ་གཏད་བྱེད་ན། སློབ་མ་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་ནམ་མཁའི་མདོག་ཅན་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གསལ་བར་གྱུར། གཏོར་མ་དབྱིངས་ཕྱུག་ཌཱ་ཀི་སེང་གདོང་མ་འཁོར་དང་བཅས་པའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པའི་ཚེ་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༔ སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ མཐར་འོད་དུ་ཞུ་ནས་དབྱེར་མེད་དུ་ཐིམ་པས་བདུད་འདུལ་ཌཱ་ཀི་དངོས་སུ་གྱུར་པར་བསམ་ལ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དྲག་ཏུ་ཁྲོས་པ་ཌཱ་ཀི་སེང་གེའི་གདོང༔ འབུམ་ཕྲག་མཁའ་འགྲོ་ཕྲ་མེན་ཚོགས་དང་བཅས༔ བར་ཆད་བདུད་ཚོགས་འདུལ་ཕྱིར་དབྱིངས་ནས་བཞེངས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་སྦྱིན་པ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱོད་རང་གི་ཐུགས་ཀར་འཁོད་པའི་མོས་པ་མཛོད། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ལན་གསུམ་རྗེས་ཟློས་བྱེད་དུ་གཞུག །སྲུང་ཟློག་བསད་གསུམ་གྱི་དབང་བསྐུར་ནི་ཞལ་ལས་ཤེས་སོ། །དེ་ནས་མཐའ་རྟེན་ཚེ་ཡི་དབང་བསྐུར་བའི་དོན་དུ་གསོལ་གདབ་ནི། རྗེ་བཙུན་བི་མ་མི་ཏྲའི་ཞབས་ལ་འདུད༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཞེས་གསོལ་བ་བཏབ་པས། ཁྱེད་རང་རྣམས་ཡོན་ཏན་བདུད་རྩིའི་རིག་འཛིན་འཆི་མེད་བི་མ་མི་ཏྲར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མཁའ་འགྲོ་རིགས་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས༔ བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམས་ཤིག༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་དབང་སྒྲུབ་སྐབས་ལྟར་ཚེ་འགུགས་ཚང་བར་བྱ། དེ་ནས་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ སྙིང་པོའི་བཅུད་བསྡུས་ཚེ་ཡི་བུམ་པ་ནས༔ སྐལ་ལྡན་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ མི་ཤིགས་རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ སྒྲིབ་བྲལ་འཆི་མེད་འཇའ་ལུས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བུམ་ཆུ་སྦྱིན་ནོ། །རིལ་བུ་བླངས་ལ། ཐབས་ཤེས་བྱང་ཆུབ་སེམས་ཀྱི་སྙིང་པོ་དང༔ སྲིད་ཞིའི་ཚེ་ཡི་དྭངས་མ་ཀུན་འདུས་པའི༔ ཐུགས་རྗེའི་བྱིན་རླབས་བཅུད་བསྡུས་རྫས་མཆོག་འདི༔ ཟོས་པས་བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ རྩ་སྔགས་བརྗོད་ཅིང་སྦྱིན། བདུད་རྩི་བླངས་ལ། དབྱིངས་ཀྱི་བྷནྡྷར་འཁོར་འདས་བཅུད་བསྡུས་ཏེ༔ བདེ་སྟོང་དབྱེར་མེད་ངང་དུ་བྱིན་བརླབས་པ༔ འདི་སྤྱོད་ཟག་མེད་བདེ་བས་ལུས་སེམས་གང༔ རང་བྱུང་ཡེ་ཤེས་ཚེ་མཆོག་ཐོབ་པར་ཤོག༔ རྩ་སྔགས་བརྗོད་ཅིང་མྱོང་དུ་གཞུག །འཆི་བ་མེད་པ་རྡོ་རྗེའི་སྐུ༔ འཕོ་བ་མེད་པ་རྡོ་རྗེའི་གསུང༔ འགྱུར་བ་མེད་པ་རྡོ་རྗེའི་ཐུགས༔ ཚེ་ནི་རྣམ་པར་འཕེལ་གྱུར་ཅིག༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་པས་ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་ཁར་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ལྗང་གུ་གསལ་བ་ལ་འདུས༔ ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་བཞུ་བླུགས་སུ་གཡོགས་པས་བརྟན་པར་བསམ་ལ་དབྱིངས་རིག་བསྲེ༔ མེ་ཏོག་འཐོར་ཞིང༔ མི་འགྱུར་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༔ ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས༔ འཆད་རྩོད་རྩོམ་པས་གཞན་དོན་དཔག་མེད་རྒྱས༔ བི་མ་མི་ཏྲ་དེ་བཞིན་ལྷུན་གྲུབ་ཤོག༔ འདིར་ཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔ སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང༔ སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔ སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པར་ཤོག༔ ཅེས་པས་དགེ་ལེགས་སུ་བྱས་ཏེ། དེ་ལྟར་ན་ཡོན་ཏན་བདུད་རྩིའི་རིག་འཛིན་བི་མ་ལ་མི་ཏྲ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དབང་བསྐུར་ཟབ་མོ་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །དེར་མ་ཟད་ལུས་དང་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་ཏུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་བི་མའི་ཡང་ཐིག་ལམ་ཟབ་སྙིང་པོའི་དབང་བསྐུར་ཉེ་བརྒྱུད་ལེགས་པར་ཐོབ་པས་དེང་ཕྱིན་ཆད་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་བྱའོ། །བཞི་པ་རྗེས་ཀྱི་ཕྱག་ལས། ཚོགས་ལ་རོལ་བ་ནི། ཨོཾ་ཨཱཿཧཱུྃ༔ རྣལ་འབྱོར་ཕོ་མོ་ལྷ་དང་མཁའ་འགྲོར་གསལ༔ བདེ་ཆེན་ཡེ་ཤེས་སྦྱོར་བའི་ཚོགས་སུ་རོལ༔ ལུས་དཀྱིལ་འཁོར་ལོའི་ལྷ་ཚོགས་བདེ་བས་དགྱེས༔ སྔོན་གྱི་རྣལ་འབྱོར་རྣམས་དང་དམ་ཚིག་གཅིག༔ ལྷུན་གྲུབ་རིག་འཛིན་གྲལ་དུ་འཁོད་པར་ཤོག༔ ཅེས་ཡོངས་སུ་སྦྱང་། ལྷག་མ་བསྡུས་ལ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ༔ གནས་དང་ཞིང་སྐྱེས་མཁའ་འགྲོའི་ཚོགས༔ དམ་རྫས་ཚོགས་ལྷག་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ལྷག་ལ་དབང་བའི་དྲེགས་ཚོགས་ཀུན༔ ཤ་ཁྲག་བདུད་རྩིར་བཅས་པ་ཡི༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་གཙང་སར་སྤུང་། ཆད་ཐོ་བསྒྲག་པ་ནི། བྷྱོ༔ ཨེ་ཀ་ཛཱ་ཊི་ལ་སོགས་པ༔ དཔལ་གྱི་སྤྱན་སྔར་དམ་བཅས་པའི༔ བདུད་རྩི་གསང་བའི་སྲུང་མ་རྣམས༔ མཆོད་གཏོར་བཞེས་ལ་དགྲ་བགེགས་སྒྲོལ༔ ཁྱད་པར་ཀླ་ཀློ་འཚེ་བྱེད་ཟློག༔ སྔོན་གྱི་ཐུགས་དམ་མ་གཡེལ་ཅིག༔ ཐ་ཚིག་བསྒྲག་པ་ནི། ཧཱུྃ་བྷྱོ༔ དབྱིངས་ཀྱི་ཐིག་ལེ་ཨེ་ཀ་ཛཱ༔ རིག་པ་རང་ཤར་རཱ་ཧུ་ལ༔ གཉིས་མེད་ཡེ་ཤེས་མ་ནིང་ནག༔ རྒྱུད་གསུམ་དྲེགས་པའི་ཚོགས་དང་བཅས༔ སྔོན་ཚེ་ཀུན་བཟང་ཆེ་བའི་མཆོག༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་བཞིན༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ རིག་འཛིན་བདག་ཅག་འཁོར་བཅས་ཀྱི༔ དུས་མིན་འཆི་དང་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྤེལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བཛྲ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཧཱུྃ༔ དུས་སྦྱོར་འཕོ་བ་གནས་དག་པའི༔ བདེན་དོན་ཡན་ལག་བཅུ་གཉིས་ཀློང༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཚུལ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ ཚུར་གཤེགས་རྩ་གསུམ་དཀྱིལ་འཁོར་དུ༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ གངས་ཅན་འགྲོ་ཀུན་བདེ་བ་དང༔ བསྟན་པ་དར་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིང་ཧྲཱིང་ཨ་མྲྀཏ་པཱུ་ཛ་ཧོ༔ རྡོ་རྗེའི་བྲོ་ནི། ཧཱུྃ༔ གཉིས་འཛིན་འཁྲུལ་པའི་དམ་སྲིའི་ཚོགས༔ རྣམ་ཐར་གསུམ་ལྡན་དབྱིངས་སུ་མནན༔ རྡོ་རྗེའི་གར་གྱིས་རྒྱས་བཏབ་པས༔ བྱང་ཆུབ་བར་དུ་མ་ལྡོངས་ཤིག༔ སརྦ་ཤ་ཏྲཱུན་བིགྷྣཱཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ་བྷྱོ༔ བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ༔ དབྱིངས་ཕྱུག་ཁྲོས་མའི་རྡོ་རྗེའི་བྲོས༔ བར་ཆད་དམ་སྲི་འབྱུང་པོ་ཀུན༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་མནན༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ལམ་ནན༔ ཅེས་བྲོ་བརྡུང་། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ བྱིན་རླབས་གཏེར་ཆེན་དངོས་གྲུབ་མཛོད༔ ཕྲིན་ལས་ཆར་འབེབ་ལྷག་པའི་ལྷ༔ རྩ་གསུམ་ཀུན་འདུས་ལྷ་ཚོགས་རྣམས༔ དེང་འདིར་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ ནུས་པ་སྔགས་དང་ཏིང་འཛིན་སྒོ༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་བཞི་དང་དབང་བཅུའི་དཔལ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ ཐུན་མོང་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བསྩལ་ནས་ཀྱང༔ དོན་གཉིས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ མཆོད་བསྟོད་ཉེས་བཤགས་ནི། ཧཱུྃ༔ སྣང་སྲིད་རྣམ་དག་ཕྱི་ཡི་མཆོད་པ་དང༔ སོགས་ནས་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བར་དང་། ཧྲཱི༔ ངོ་བོ་སྟོང་པ་བླ་མ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ཡི་དམ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་མཁའ་འགྲོ་སྤྲུལ་པའི་སྐུ༔ དབྱེར་མེད་འོད་གསལ་ངང་དུ་ཕྱག་འཚལ་བསྟོད༔ ཧོ༔ དོན་དམ་གཟོད་ནས་སྤྲོས་བྲལ་ལ༔ གཟུང་འཛིན་མཚན་མ་ལས་འདས་ཀྱང༔ ཀུན་རྫོབ་གློ་བུར་འཁྲུལ་པའི་ཚོགས༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བཤེགས༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད། བསྡུ་ལྡང་ནི། ཨ༔ སེམས་ཉིད་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ལྷ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་གཉུག་མའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་བཞིན་ཀ་དག་ངང་ལ་གནས༔ བདག་ཉིད་གཉུག་མའི་ཧེ་རུ་ཀ༔ སྣང་སྲིད་ཞིང་ཁམས་ཆེན་པོར་བལྟ༔ དགེ་བསྔོ་ནི། དེ་ལྟའི་དགེ་བས་མཁའ་མཉམ་འགྲོ༔ བདེ་གཤེགས་རྒྱལ་བའི་སྐུ་ཐོབ་ཤོག༔ ཤིས་བརྗོད་ནི། ཨོཾ་ཨཱཿཧཱུྃ༔ ཡོན་ཏན་ཀུན་འབྱུང་འཆི་མེད་བི་མ་ལ༔ པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་བཀྲ་ཤིས་གང༔ འདིར་ཚོགས་སྐལ་ལྡན་རྗེས་འཇུག་བུ་སློབ་ལ༔ དཔལ་འབྱོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །སྨྲས་པ། འཁོར་འདས་ཀུན་ཁྱབ་འོད་གསལ་རྫོགས་པ་ཆེ། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་སྐུའི་གདངས། །སྣང་བའི་རོལ་གར་དཀྱིལ་འཁོར་གསུམ་དུ་ཤར། །བི་མ་མི་ཏྲའི་གོ་འཕང་བརྙེས་གྱུར་ཅིག །ཅེས་སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་འདི་ནི། ཁོ་བོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་དཔལ་སྤུངས་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ཀརྨ་ཚེ་དཔལ་གྱིས་བགྱིས་པ། ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་མཆོག་གི་དགོངས་དོན་རྣལ་མ་ལ་དབང་འབྱོར་བའི་གྲུབ་པ་དུ་མས་ས་སྟེང་ཡོངས་སུ་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

མིད་འབྱར་གྱི་རིགས་བཅོས་ཐབས་སྔགས་དང་མེ་བཙའ་རྫས་སྦྱོར་གྱི་སྐོར་འཆི་བ་མལ་ནས་སློང་བྱེད་ (Volume 46, Text 18)

༄༅། །མིད་འབྱར་གྱི་རིགས་བཅོས་ཐབས་སྔགས་དང་མེ་བཙའ་རྫས་སྦྱོར་གྱི་སྐོར་འཆི་བ་མལ་ནས་སློང་བྱེད་ཅེས་བྱ་བ་བཞུགས་སོ། །གནམ་ཆོས་ལུགས། སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ནས། །མིད་འབྱར་བཅོས་པའི་ཡིག་ཆུང་བཤད། །དང་པོ་ལོ་རྒྱུས་ནི། ལུག་རྫི་ཤེས་རབ་འབར་བ། འབྲོག་དགོན་གཅིག་ན་ལུག་འཚོ་བའི་དུས། ཁ་བ་ཆེན་པོ་ཞིག་བབས། མེ་བུས་ནས་ཡོད་པའི་མེ་ཡི་སྟེང་ན་ཡན་ལག་མེད་པའི་རྫ་ལྟ་བུ་ཞིག་བྱུང་ཚེ། ལུག་རྫིས་འདི་སྐད་སྨྲས་སོ། །ང་ལ་དངོས་གྲུབ་འདི་བྱུང་ཟེར་ནས་མེ་ནང་དུ་བཅུག་པས་དེས་ང་མ་བསྲེག་དང་ང་ནད་བདག་ཡིན་པས། ངས་ཁྱོད་ལ་ནད་ཀྱི་བཅོས་ཐབས་ལེགས་པར་བསླབ་ཟེར། གཞན་གྱི་ལྷ་རྗེ་སྨན་རྒྱལ་སོགས་བརྒྱ་བྱུང་ཡང་ང་མི་སྐྲག །བན་བོན་རྔ་གཤང་ཐོགས་པ་བརྒྱ་བྱུང་ཡང་ང་མི་སྐྲག །བླ་མ་ཞྭ་ཐེབ་ཅན་བརྒྱ་བྱུང་ཡང་ང་མི་སྐྲག །ལོ་ཤ་ལོ་ཆང་གི་མེ་གསུམ་ལ་སྐྲག །ཅེས་སོ། སྔགས་ནི། ཤི་ཀུ་རུ་རྦད། གཉན་ཚལ་པ་རྦད། མཛེར་པ་མདགས་ཙ་ཡ་རྦད། ཨོཾ་ཤི་ལིང་ནག་པོ་འཁོར་ཕུད། གཉན་གྱི་སྤུ་མདའ་ནག་པོ་སྐྱུར་ཕུད་སྭཱ་ཧཱ། གྲེ་བ་རྩ་ཡེ་སྭཱ་ཧཱ། སྨན་རྩ་སྒ་བྱི་རིལ་ཛཱ་ཏི་དང་། རྒྱ་ཚྭ་ཞིབ་བཏགས་སྔགས་ཆུས་ཕུལ། མངྒ་ལཾ། ལིང་རྩེ་དགུ་པོ་འདི་མེ་ལོང་ལ་བྲིས་ནས་དར་དམར་གྱིས་བརྒྱན་པ། མདའ་རྒོད་སྒྲོ་མའི་མགུལ་དུ་བཏགས་ནས། བོང་གང་ལ་བཙུག །གལ་ཏེ་ནད་པ་ལ་མགོར་བཞག་ནས་གྲུབ་སྣ་ཐུབ། ༈ ཨོཾ་སྭསྟི། གྲེ་ཐོག་བཅོས་པའི་ཐབས་ལ། སྤྱིར་གྲེ་ཐོག་བྱས་རུང་མཛེར་པ་ཡིན། མགོ་དང་ཡན་ལག་ལྕེ་ལྤགས་ལ་མཛེར་པ་བྱུང་ན་མཛེར་ནག་ཡིན། མིད་པ་ལ་ཕོག་ན་གྲེ་ཐོག་ཡིན། ཕོ་བ་ལ་ཕོག་ན་ཕོ་ཐོག་མི་ཤི་ཟེར་བ་མིང་བསྒྱུར་པ་ཡིན། དེ་ལ་སོགས་པའི་ནད་རྣམས་མིང་མི་གཅིག་པ་ཡིན། མིད་པ་ཆུང་ངུ་ན་དུས་ལ་མཛེར་པ་ཡིན། མིད་པའི་ནང་དུ་རུས་པ་ཟུག་པ་འདྲ་དུས་མཛེར་ མགོ་བུད་པ་ཡིན་ནོ། །རྐེ་ལ་ཚ་ཤར་འོང་དུས་མཛེར་པའི་ཡན་ལག་རྐྱང་པ་ཡིན། དཔེར་ན་རུས་པ་གསེར་བ་དང་འདྲ། ཤ་དང་རུས་པའི་གསེབ་དང་རྩ་རྣམས་ཀྱི་ནང་ལ་རྐྱང་པ་ཡིན། དེ་ནས་རྒྱུག་ལམ་གཅད་པ་ནི། ལུས་དྲང་པོར་འདུག་བཅུག་ལ། དང་ཁ་བྲང་དཀྱིལ་ལ་བཞག །དེ་ཡར་མཚོན་ཕྱེད་ཚད་པའི་སྣེ་ནས་གཡས་གཡོན་གཉིས་ཚོན་ཕྱེད་རེ་བས་ཅུང་ཟད་སླུད་ནས་གཉིས། དེ་གསུམ་ལྷན་ཅིག་ཏུ་བཞག་པ་ཡིན། ༈ ཡང་དང་ཁ་ནས་ཚོན་གང་གི་སྣ་ནས་གཡས་གཡོན་ལ་ཚོན་རེའི་ཚད་ཀྱི་སྣེ་ལ་གཉིས་བཞག ༈ །ཡང་ཨོག་མགོའི་སྟེང་ནས་ཕར་ཚུར་ལ་ཚོན་རེའི་སྣེ་ན་གཉིས་བཞག ༈ །ཡང་ཨོག་མགོའི་ཡར་ཚོན་ཕྱེད་འཇལ་བའི་སྣ་ན་གཡས་གཡོན་གཉིས་ལ་ཚོན་རེ་འཇལ་བའི་སྐེ་ཕུགས་གཉིས་རེ་བཞག །མེ་བཙའ་བཞག་ཐེབ་བར་ལ་ཞག་བཞི་རེ་ཙམ་ཆད་དུ་བཅུག་གོ །དུས་གཅིག་ལ་མི་བཞག་གོ །དེ་ལྟར་བྱས་ན་མེ་བཙའ་དགུ་ཡིས། ཕྱི་ཡི་ར་བ་བསྐོར་ནས་ནད་ཀྱི་མཐའ་བཅོམ་དགོས། ཕྱིའི་ར་བའི་ནང་མི་བཞག་པ་གལ་ཆེ། ༈ ཡང་ལུགས་གཅིག་ལ། ཨོཾ་ནག་པོ་ཤི་རི་ཕུད་སྭཱ་ཧཱ། ནུབ་མོ་སྔགས། ཨོཾ་ནཱ་ག་ཤི་རི་ཕུད་སྭཱ་ཧཱ། ནངས་སྔའོ། ༈ །ཡང་བར་བར་ལ་དེའི་སྟེང་ནས་ལྟ་ནས་བཞག །ཕྲག་མིག་གཉིས་ཀྱི་རྩ་ཆེན་གཉིས་སྐེ་ནས་ཟུག་ཡོད་པས། སྐེ་ལ་རྩ་འཕར་ལིང་ལིང་བྱེད་པའི། ཕྲག་མིག་གཉིས་ན། དེའི་སྟེང་དུ་མེ་བཙའ་གཅིག །མགོ་གཅིག་གི་མནན་ནས་བྲོས་ལམ་གཅོད་དགོས་པ་ཡིན། ར་བའི་ནང་དུ་མི་བཞག་པ་གལ་ཆེ། ནད་ཀྱི་ཚང་ཡིན་པས་ནང་དུ་བཞག་ན་ནད་གཏོར་ནས་བཅོས་རྒྱུ་མེད་པ་ཡིན། དེ་ཕྱིར་ནད་མ་གཏོར་བ་གལ་ཆེ། ཕྱིའི་མེ་བཙའ་རྣམས་ཀྱི་ཐོག་ཏུ་ན་ས་དེར་ནན་ཏན་བསྐྱེད་ལ་བཞག །ཕྱིའི་མེ་བཙའ་རྣམས་ཀྱི་ནད་ཀྱི་མཐའ་བཅོམ་པ་དང་། བྲོས་ལམ་བཅད་པ་ཡིན་པས། ཕྱི་ནས་ནན་ཏན་བསྐྱེད་དགོས། ༈ ཡང་རིམ་གྲོ་དང་སྔགས་མེ་བཙའ་རྩིས་དང་སྦྲག་ནས། ནད་ཨ་དོར་ཆོད་ཙམ་ན་ཨོག་ཆུང་སྟེང་ཙམ་སླའོ། ༈ །སྤུ་ཐོག་ནི་ལྕེ་ཐོག་ཏུ་སྤུ་ལྗོང་ཡོད་པ་འདྲའོ། །དེ་བཅོས་དཀའ་འོ། །མིད་པའི་ནང་དུ་གཉིས་འབྱར་ལྟར་འོང་། བཅོས་དཀའ་འོ། །གྲེ་ཐོག་ནི་ཟུར་ཙམ་སླའོ། །གྲེ་འགག་ནི་བཅོས་དཀའ་འོ། །དང་པོ་རྟོགས་མ་ཐག་ཏུ་མེ་བཞག་གོ །ཟླ་བ་གཅིག་ལ་བཞག །ཟླ་གཅིག་སོང་ནས་མེ་བཙའ་བཞག་གོ །རིམ་གྲོ་སྔགས་དང་གསུམ་སྤྲད་དགོས། སཱཙྪ་ཆུ་གཏོར་ཡི་གེ་འབྲི་ཀློག་འདོན་གསུམ་ལ་འབད་དགོས། ཕན་པའི་རྟགས་བྱུང་ནས་གཡག་ཆུང་ཆུང་གི་ཤ་ཐིས་ཁྲི་དམ་མྱང་བའི་ཤ་དང་མར་སར་སྦྲག་དགོས། ཕན་པའི་རྟགས་བྱུང་ན། ཁ་སྣ་དང་བཤང་ལམ་ནས་ཁྲག་རྣག་འོང་བ་རྨིས། དངོས་སུ་བྱུང་ན་མཆོག་གོ །མར་རྙིང་། ཆང་། ཚྭ་སྒོག །རྩ་ལོ། ཁ་ཤའི་ཤ་ཁྲག །སྐྱུར་པོའི་རིགས། སྔོ་ལྡུམ་ཐམས་ཅད་སྤང་། བུད་མེད་དང་ལྷན་ཅིག་དུ་ཉལ་མི་རུང་། བསྐྱེད་རིམ་འོག་ཏུ་གསལ། ཨོཾ་ནཱ་ག་རཱ་ཙ་པྲ་ཤ་ཀ་མ་མ་རོ། ཤ་ཐ་རོ་བམ་ནི་ར་བམ། རམ་ཡེ་ཧཱུྃ། གནོད་བྱེད་ལ་སོད་སྭཱ་ཧཱ། ཨོཾ་ནཱ་ག །ནཱ་ག་ཤིག་ཤིག །ཧུ་ཡ་ཧུ་ཡ་ཤིག་ཤིག །གནོད་བྱེད་ཀྱི་སྲོག་ལ་རྦད་ཕུད། རྦུད་ཡ་ཤིག་ཤིག །ཆམ་ཆམ། གཏུབ་གཏུབ་ཛཱ་ཛཱ། ཨོཾ་ཤྭ་སོད་སོད། པྲ་མ་ན་ཡེ་ཤག་ཕྱེས་སྭཱ་ཧཱ། ཨོཾ་ཏྲི་ར་གཉན་སོད་སྭཱ་ཧཱ། གཉན་གྱི་སྤུ་མདའ་ནག་པོ་སོད། ནག་པོ་ཐོག་རིས་སོད། ཐོག་རིས་ནག་པོ་སོད། ནག་པོ་ཐུན་གྱི་སོད་སྭཱ་ཧཱ། ༈ ཡང་ལུགས་གཅིག་ལ། རང་ཉིད་ཨ་ཙ་ར་སྐུ་མདོག་སྨུག་པོ་རྒྱ་བོ་མིག་རྐོང་བ། གདོང་པ་ཉག་པ། སྣ་ཆེ་བ། ཨོག་ཚོམ་བྲང་གི་གཞི་མདོར་སླེབ་པ། ཁ་ནས་མེ་འབར་བ། སྣ་ནས་དུ་བ་འཐུལ་བ། ཕྱག་གཡས་ན་ཁྱི་དཀར་སྣ་དམར་འཛིན་པ། གཡོན་ན་གསེར་གྱི་སྦྲུལ་ཞགས་བསྣམས་པ་སྒོམས། ལྕེ་ཐོག་ཏུ་མེ་ཡི་ས་བོན་རཾ་ཡིག་དམར་པོ་གཅིག་སྒོམས། དེ་ལ་མེ་འུར་འུར་འབར་བར་སྒོམས། སྔགས་འདོན་པས། མེ་ཡི་ཁ་ལ་ཤིང་སྣོན་པ་ལྟར་མེ་འུར་འུར་འབར་བར་སྒོམས། མཆིལ་མ་མིད་ཐེབས་ཀྱང་མེ་ལྕེ་ཚ་དྲོད་དང་བཅས་པ་སོང་བས་ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་ཐམས་ཅད་ལྷག་མ་དང་བཅས་པ་རྣམས་བསྲེགས་ནས། ཐལ་བ་ནག་བུན་ནེ་སོང་བར་སྒོམས། མཆིལ་མ་མིད་དུས་མེ་དམར་ལྷབ་ལྷབ་འབར་བར་བསམ། ལུས་ཀྱི་ནད་གདོན་སྐྲངས་ལ་བསྡུ། སྐྲངས་མར་ལ་དམིགས་ནས། མེས་དམར་ལམ་བཞུས་པར་བསམ་ལ། སྔགས་འདི་འདོན། ཨོཾ་ནཱ་ག་རཱ་ཙ་པྲ་ཤ་ཀ །མ་ཡོ་ཐ་རོ་བམ་ན་རི་བམ་རམ་ཡེ་སྭཱ་ཧཱ། གནོད་བྱེད་ལ་རྦད་སྭཱ་ཧཱ། ནད་སྡུད་སྔགས། སྤྲི་ནཱ་ག་ཀཱ་ཤིག་ཤིག །ཆམ་ཆམ། གཏུབ་གཏུབ། ཛ་ཛཿ གསོ་སྔགས་ཡིན། ཨོཾ་ཤྭ་སོང་སོང་པྲ་ན་ན་ཡེ་ཤག་ཕྱེས་སྭཱ་ཧཱ། འདི་རྗེས་གཅོད་སྔགས་ཡིན། སྔགས་འདོན་དུས་ཚིག་གཞན་གྱིས་བར་མ་ཆོད་པ་གལ་ཆེ། སྒྲ་ཆུང་ངུར་འདོན། ཟབ། མངྒ་ལཾ།། ༈ ཆུ་སྐོལ་གྱིས་དེད་སྐབས་སུ་དར་དམར་པོ་རྩི་ཅན་གྱི་ནང་དུ་སྨན་གྲི་རྩེའི་ཟུར་ཙམ་གཏུབ་པ་དར་སྐུད་དང་ནད་པའི་སྲིན་མཛུབ་ཀྱི་སྦྲེལ་ལ་གྲེ་བར་གཟུང་ངོ་། །རང་ཉིད་ཨ་ཙ་ར་ཕ་དམ་པ་སྐུ་མདོག་དམར་པོ། འགྲམ་པ་རྒྱའོ། མིག་ཟབ་པ། གདོང་པ་ཉག་པ། སྣ་མཐོ་བ། ཨོག་ཚོམ་བྲང་གི་རྒྱ་མདོར་སླེབ་པ། རལ་པས་གཞུང་རྒྱབ་ཁེབ་པ། གཡས་ཀྱི་མཐེབ་སྲིན་གྱི་བར་ན་སྦྲུལ་སེར་པོ་འཛིན་པ། གཡོན་གྱི་མཐེབ་སྲིན་གྱི་བར་ན་ཁྱི་དཀར་སྣ་དམར་འཛིན་པ། ཞལ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བས་ནད་གདོན་ཚར་བཅད་པར་བསམ་ལ། རང་གཞན་གྱི་ཕོ་བའི་ནང་དུ་ཡཾ་ལས་རླུང་། མགྲིན་པར་ཁྲོ་ཆུ་ཁོལ་མ་བུ་གའི་ནང་དུ་རཾ་ལས་མེ་རླུང་གཡོས་པས་མགྲིན་པར་མེ་སྦར་ནས་ནད་གདོན་ཐམས་ཅད་བསྲེགས་པར་བསམ་ལ། སྔགས་འདི་བཟླས་སོ། ༈ །གཉིས་པ་ཞལ་ཤེས་ཀྱི་གདམས་པ་ཁྱད་པར་ཅན་ནི། རང་ཉིད་དམ་པ་སྔོན་པོ་དཔྲལ་བར་མིག་གཅིག་ཡོད་པ། ཕྱག་མཚན་གོང་བཞིན་དུ་སྒོམས། མིད་པ་འགགས་ན་དེ་ལྟར་སྒོམས། ལྟོ་བ་འགགས་ན་སྐུ་མདོག་དུད་ཁར་དམིགས་ལ་ལྟོ་བའི་དཀྱིལ་ནས་ཟས་ལོག་ནས། སྙིང་གར་སྐུ་མདོག་དམར་ནག་གཅིག་སྒོམས། རང་ཉིད་མུ་སྟེགས་ནག་པོར་བསྒོམས་པའི་གདན་ལ་ཉི་ཟླ་གཉིས་ཀྱི་དཀྱིལ་འཁོར་བསམ་ལ། དེས་མུ་སྟེགས་ཆེ་ཞིང་མེ་འབར་བ། ཁ་ཊྭཱཾ་གས་བུ་ཆུང་ཁྱེའུ་སྦྲུལ་གསུམ་གཙག་པར་བསམ་ལ། དེ་ནས་ཁྲག་རྣག་འཛག་སྟེ། མེ་དཔུང་འབར་བས་བསྲེག་ཅིང་། བདག་གཟི་མདངས་དང་ལྡན་པར་བསམ། དམིགས་ཁུག་ལ་མུ་སྟེགས་མི་གཅིག་པ་སྒོམ་མི་དགོས། གཞན་མ་ལ་སོགས་པ་ལ་བྱེད་ན་གཞུང་བཞིན་སྒོམས། ༈ སྤྱི་དོན་གསུམ་པ་སྔགས་པ་ལ་གཉིས། བསྙེན་པ་དང་། གསད་པའོ། །དང་པོ་ལ་གཉིས། རྨི་ལམ་རྟགས་མ་བྱུང་གི་བར་དུ་སྔགས་བཟླས་སོ། །ཨོཾ་ནཱ་ག་རཱ་ཙ་ཀྲག་ཤཀ །མ་མོ་ཡོ་ཐ་རཾ་བཾ། ནི་ཝི་རཾ་ཡཾ། ཧཱུྃ་ཕཊ། གནོད་བྱེད་ལ་སྭཱ་ཧཱ། བུམ་བུ་ར་ནི་ཡེ་ཧཱུྃ་ཕཊ། གནོད་བྱེད་གདུག་པ་ཅན་གྱི་ཤ་ལ་དེ་ཤི །ནད་ལ་དེ་ཤི །ཁྲག་ནད་མཛེར་པའི་མཐའ་ནས་སྐོམ། རྩེ་ནས་ཆོད། གཏིང་ནས་ཕུད་སྭཱ་ཧཱ། ཨོཾ་ནཱ་ག་ནཱ་ག་ཤིག་ཤིག །ཧུ་ཡ་ཧུ་ཡ་ཤིག་ཤིག །གནོད་བྱེད་ཀྱི་སྲོག་ལ་རྦད་ཕུད། རྦུད་ཡ། ཤིག་ཤིག །ཆོམ་ཆོམ། ཆུམ་ཆུམ། གཏུབ་གཏུབ། ཛ་ཛཿ ཨོཾ་ཤྭ་སོད་སང་པྲ་མ་ན་ཡེ་ཕྱེས་སྭཱ་ཧཱ། ཨོཾ་སརྦ་ཏྲིག་དུ་ནན། གཉན་གྱི་དུག་མདའ་ནག་པོ་སོད། ཅེས་འབུམ་ཕྲག་རྟགས་མ་བྱུང་བར་དུ་བཟླ་འོ། །གཉིས་པ་རྟགས་བྱུང་བ་དང་། ཨོཾ་ཧཱུྃ་ཟེ་ཆུམ། གཤམ་ཟེ་ཆུམ། མ་རྩ་ལ་རྟགས་ཁྲོལ། ཟངས་སྨན་ཁམས་ཧཱུྃ་ཕཊ། ༼ཅེས་ཧ་ནས་ཛའི་བར་བཞི་བཅུའི་བར་དུ་བཟླས་སོ། །གཉིས་པ་བརྒྱ་རྩ་བརྒྱད་ཐམ་པ་ནི། ༈ བསྙེན་སྔགས་ནི། ཨོཾ་ཧ་རི༴ ཉི་ཤུ་ཐེམས་པ་ནི་གསད་སྔགས་སོ།་་་འདི་སྐོར་ཆད་སྐྱོན་ཡོད་འདྲ། དཔེ་གཞན་མ་རྙེད། མཆན།༽ གང་ལའང་མ་སྤེལ་ཅིག །མིག་འབྲས་བཞིན་དུ་སྲུངས་ཤིག །ན་ར་ཀན། རྟགས་ནི་དངོས་སུ་ཁྲག་འོང་བ་དང་། རྨི་ལམ་ལ་སེམས་ཅན་གང་རུང་བསད་པ་དང་། ལུས་ཀྱི་དྲི་ཆུ་ལ་སྔགས་བཏབ་ནས་བྱུགས་པ་རྨིང་། ༈ སྤྱི་དོན་བཞི་པ་འཕྲུལ་འཁོར་ནི། ཡན་ལག་ལྔ་སྦྱོང་དང་། ཁྱད་པར་གྱི་འཕྲུལ་འཁོར་ནི། ལག་པ་གཡས་པའི་དཔུང་མགོ་ལ་གཡོན་པས་འཇུ། གཡོན་པའི་གྲུ་མོ་ལ་གཡས་པས་འཇུ་བ་དང་། གཡས་གཡོན་ཐམས་ཅད་ལ་ལན་གསུམ་མམ་མང་དུ་བསྐོར་བ་ལ་སོགས་ཀྱང་བྱ། དེ་བཞིན་དུ་གཡོན་པའི་དཔུང་མགོ་ལ་གཡས་པས་འཇུ་བ་སོགས་ཀྱང་བྱ། མཇུག་ཏུ་སྐེ་སྲང་ལ་མེ་བཙའ་བཞག །རྒྱུན་དུ་བསྙེན་སྔགས་ལ་འབད་པར་བྱའོ། ༈ །སྤྱི་དོན་ལྔ་པ་ཟས་སྤྱོད་རྗེས་ཀྱི་བྱ་བ་ནི། བརྟེན་པའི་ཟས་སྤྱོད་དང་། སྤང་བའི་ཟས་སྤྱོད་དོ། ༈ །བསྡུ་གསད་སྦྱོང་བ་དག་གིས་བཅོས། །སྡུད་པ་ནོར་བུ་སྦུར་ལེན་ལ། །རྒྱ་སྐྱེག་ཚྭ་ལ་བཙོད་མདུད་དང་། །ཨ་རུ་སླེ་ཏྲེས་བཏབ་འཐུངས་ན། །གང་དུ་བྱེར་བ་སྡུད་པར་བྱེད། །གསོད་བྱེད་འཆི་བདག་ཞགས་གཅོད་ནི། །སྨན་མཆོག་སྨན་ཆེན་ཤུ་དག་དང་། །རྒྱ་གར་རུ་རྟ་མ་གི་ནག །འཛིན་པ་ཆུ་རྩ་ཤ་ཆེན་དང་། །ཨ་བྱག་གཟེར་འཇོམས་ཐར་ནུ་དང་། །སྟག་ཤ་དཔའ་བོ་ཡུང་བ་སྟེ། །འདི་དག་སྨན་སྣ་བཅུ་གསུམ་མོ། །བལ་ནད་གཉན་ནད་གཟེར་ཐུང་དང་། །བདུན་དྲུག་ཤོ་ཧོན་ཏྲེ་ཏྲེ་ཧོ། །དམར་བཤལ་གག་ལྷོག་འབྲུམ་པའི་རིགས། །གཟེར་རིགས་མ་ལུས་ཐ་དག་ལ། །ཐེངས་པས་ཆོག་གོ་ཕྱི་རབས་རྣམས། །གསོད་བྱེད་དུས་སུ་རྒྱལ་པོ་གཅེས། །སྦྱོང་བྱེད་དུས་སུ་བཙུན་མོ་གཅེས། ༈ ཧ་ལོའི་འཕྲུལ་འཁོར་ཧ་ལོའི་གཅིག་ཐང་བཏང་བ་ཡིས། ཁྲག་ལ་གབ་པའི་ཟ་ཁུ་གཅོད། ཁ་ཆེ་གུར་གུམ་བསྣན་པ་ཡིས། །ཚ་གྲང་གཉིས་ཀའི་ཟ་ཁུ་གཅོད། །དོམ་གྱི་མཁྲིས་པའི་ཁ་ཚར་བཏབ། །རྩ་ཁ་བསྡམས་ཤིང་དྭངས་མ་གཅོད། །གསེར་མདོག་སུག་སྨེལ་བསྣན་པ་ཡིས། །འགྲམ་ཁྲག་སྨད་དུ་བྱུང་བ་སེལ། །ཡུངས་སྐྱེར་སྐྱུ་རུའི་ཁ་ཚར་བཏབ། །གཅིན་སྙིའི་ནད་རིགས་ཐ་དག་སེལ། །གུར་གུམ་སྲེག་སྡར་རི་དང་ནི། །སྲིན་པོ་མེ་ཏོག་ཕྱེད་སྦྱར་བས། །ཐིག་ལེ་དཀར་པོ་འཛག་པ་གཅོད། ༈ རྒྱལ་བ་མཐིང་མདོག་དེ་ལ་གུས་པས་འདུད། །མིད་འབྱར་ནད་རིགས་བཅོ་བརྒྱད་བཅོས་ཐབས་བཤད། །རྣམ་གྲངས་མང་ཡང་ཚ་འགག་གྲང་འགག་གཉིས། །ཚ་འགགས་བསིལ་གསུམ་བཟང་དྲུག་དཔའ་བོ་དང་། །གྲང་འགགས་དྲོད་གསུམ་་་བཟང་དྲུག།དཔའ་བོ་མཚུངས། །བསྭེ་རུ་རྒྱ་རུ་ཙནྡན་དཀར། །ག་པུར་བསེ་ཡབ་དུར་བྱིད་་་བོང་ང་།བཞི། །ཨ་རུ་རེ་རལ་ཤིང་ཚ་ཚྭ་ལ་བཞི། །གླ་རྩི་ཀ་ར་སྦྱར་བས་ཚ་འགགས་སེལ། །གྲང་ཚིལ་ཚྭ་སྣ་ཚོགས་ཚད་རྒྱམ་ཚྭ་དང་། །རྒྱ་ཚྭ་ཚྭ་དཀར་ཟི་ར་དཀར་ནག་དང་། །བྲག་ཞུན་སེའུ་འབྲུ་པི་ལིང་ཞད་ཙམ་གཅིག །རྭ་སྣ་ཚོགས་ཚད་བསྲེགས་ཐལ་ཅོང་ཞི་དང་། །བུ་རམ་སྦྱར་བཏང་གྲང་འགགས་མ་ལུས་སེལ། །དེ་ནས་བྱེ་བྲག་སོ་སོའི་ཁ་སྒྱུར་ལ། །བཙོད་མདུད་ན་ལེ་ཤམ་དང་ལ་ལ་ཕུད། །ནཱ་ག་གེ་སར་པུཥྤ་དང་། །སེ་འབྲུ་པི་ལིང་ཅོང་ཞི་ཁ་རུ་ཚྭ། །ཀ་ར་སྦྱར་བཏང་དང་ཁ་མི་བདེ་སྐྱུག་པ་སེལ། །སྤང་རྒྱན་བོང་དཀར་ལི་ཤི་ཅུ་གང་དང་། །ཨ་རུ་ཏིག་ཏ་ཤིང་མངར་གསེར་མེ་སྦྱར། །རུ་རྟ་རྩ་མཁྲིས་སྐྱེར་ཤུན་སྤུ་ཤེལ་ཙེ། །སྐྲ་བཟང་ཀ་ར་སྦྱར་བ་ཆུས་ཕུལ་ན། །གྲེ་བའི་འབྲུམ་ཐོར་སེལ་བར་ཐེ་ཚོམ་མེད། །ཅོང་ཞི་སེ་འབྲུ་སུག་སྨེལ་པི་པི་ལིང་། །མ་ནུ་གུར་གུམ་རུ་རྟ་སྐྱུ་རུ་ར། །བ་ཤ་ཀ་སྦྱར་ཕོ་བ་མཆིན་པ་གཉིས། །སྒྲེག་ཅིང་གཟེར་དང་བྲང་ཚ་ཆུ་སྐྱུར་སྐྱུག །དེ་འདྲ་སེལ་བྱེད་བདུད་རྩི་ལྟ་བུ་འདི། །ཞང་ཕྲོམ་རྒྱ་ཡི་སྙིང་ཐིག་གབ་དགུ་ལ། །ལེགས་པའི་མན་ངག་ཁྱད་ཆོས་ཨི་ཐི་རྒྱ། །མངྒ་ལཾ།། ༈ མིད་འབྱར་དང་ཕོ་ཐོག་བཅོས་པ་བཞུགས་སོ། །སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཕ་དམ་པ་རིན་པོ་ཆེའི་མན་ངག་ལ། མིད་འབྱར་དང་ཕོ་ཐོག་བཅོས་པ་ནི། དེ་ལ་མིད་པ་གཅུས་པ་དང་། རྒྱས་པ་དང་། འབྱར་བ་དང་། ལོག་པ་དང་། ལྐུག་པ་དང་། དེ་རྣམས་ཡོད་པ་ལ། འདི་འབྱུང་བའི་རྒྱུ་ནི་ཚེ་སྔ་མའི་ལན་ཆགས་བདག་པོ་དང་། འཕྲལ་རྐྱེན་གདོན་ལྔའོ། དེའི་རྟགས་སུ་ནད་པ་སྤྲོ་ཐུང་། འདོད་སྲེད་ཆེ། སྟོང་སྒྲག་བྱེད། མིག་པ་ཚ། ཟ་དུས་སྣ་བརྣངས་སྙམ་བྱེད། ཚབས་ཆེ་དུས་གྲེ་བར་ལ་ཆུ་མི་ཐར་བའོ། །དེ་ལ་ཟས་མིད་མི་ཁམ་པར་ཡར་སྐྱུགས་ན། བསྡོང་ཡ་རྒྱལ་པོ་ཡིན་པས་བཅོས་སླ། ཕོ་བར་བསླེབས་ནས་སྐྱུགས་ན། བསྡོང་ཡ་ཀླུ་ཡིན་པས་བཅོས་དཀའ། དེ་རྣམས་བཅོས་པའི་ཐབས་ལ། ཐོག་མར་གསུང་རབ་ཀློག་འདོན་དང་། དཀྱིལ་འཁོར་ཞལ་བསྒྱུར། སཱཙྪ་གཏོར་སྦྱིན་ལ་སོགས། རིམ་གྲོ་ཞི་ཆོག་མང་དུ་བྱ། དེ་ནས་སྨན་གྱི་བྱ་ཐབས་ལ། དོམ་མཁྲིས་གི་ཧང་གླ་རྩི། རྒྱ་ཚྭ། བཟང་པོ་དྲུག་དང་བཅུ་པོ་ཞིབ་པར་བཏུལ་ལ། ནངས་པར་སྔ་མོར་གཡག་རོག་པོ་སྣ་དང་རྣ་བ་མ་ཕུག་པ། འབྲས་བུ་མ་བཅད་པའི་ཁྲག་དྲོན་མོ་ཕུལ་གང་ཙམ་གྱི་སྨན་ཐུན་ཆེ་ཆུང་འབྲིང་གསུམ་བཟོས་ལ། ཐུན་ཆེ་བ་གཡག་ཁྲག་གིས་དེད། རྒྱབ་དུ་ཆང་རྒན་གྱི་སྙིང་ཁུ་ཕུལ་གང་གིས་དེད། དེ་བཞིན་དུ་ཐུན་ཆུང་འབྲིང་གཉིས་ཀྱང་ནངས་མ་རེ་རེ་གཉིས་ལ་རིམ་བཞིན་གཏང་། གོས་དྲོན་མོ། ཟས་བཅུད་ཆེན་ཟ། ནད་པ་བྱིས་པ་ལྟ་བུ་ཡིན་ན། སྨན་ཐུན་གོང་དུ་བཤད་པའི་ཕྱེད་ཙམ་དང་། སྨན་རྟ་ཡང་ཕྱེད་ཙམ་གྱིས་ཆོག །སྤྱིར་སྨན་ཐུན་རེ་རེས་ཀྱང་ཐུབ་སྲིད། གསུམ་གྱིས་ནི་ཐུབ་ཅིང་ཅིས་ཀྱང་ཕན་ནོ། །སྨན་དང་སྨན་རྟ་དེ་རྣམས་མ་རྙེད་ན། གུ་གུལ་ནག་པོ། མུ་ཟི་ནག་པོ། བྱི་ལ་ནག་པོའི་རིལ་མ། བུད་མེད་ནག་མོ་གྲིར་ཤི་བའི་མགོ་རུས། ཨ་རུ་ར། རུ་སྦལ་ཁོག་པ། དུང་བསྲེགས་པའི་ཐལ་བ། །ཚ་བ་གསུམ། རྟ་བོན། ཝ་ཕག་གྲུ་གསུམ་གྱི་སྣ། སྨན་སྣ་བཅུ་པོ་སྨན་ཐུན་ཆེ་བ་དེ། ཆང་བཟང་པོ་དང་སྦྱར་ལ། ནངས་པར་རྩ་སྟོང་ལ་གཏང་ཞིང་། རླུང་བཟུང་བས་ལུས་དང་གྲེ་བ་རྣམས་ཅུང་ཟད་བསྐོར་བ་དང་། ཐལ་མོ་སྦྱར་བའི་ཁུ་ཚུར་གཉིས་བྲང་དང་། ༼ དེའི་གཡོན་དུ་བཏེགས་དང་མཉམ་པོར་བྱེད་པ་ལ་སོགས་ལུས་དང་སྐེའི་འཕྲུལ་འཁོར་བྱ།་་་འདི་སྐབས་ཀྱང་ཡིག་སྐྱོན་ཡོད་འདྲ།མཆན།༽ དེ་འདྲ་སྨན་མ་ཟད་བར་བྱའོ། །འདིས་ཀྱང་མྱུར་དུ་ཕན་ནོ། ༈ །ཡང་གཅིག་ལ། ཤིང་ཀུན་དོམ་མཁྲིས། སྒོག་སྐྱ། བོང་ང་དཀར་པོ་ཞིབ་པར་བཏགས་ལ། སེང་རས་ལྟ་བུའི་དར་སྲབ་ལ་ཚགས་དམ་པོ་མ་ཡིན་པའི་ནང་དུ། གྲེ་བར་ཤོང་ཙམ་གྱི་སྨན་ཐུམ་ལ། དར་སྐུད་ཕྲ་མོས་སྨན་དང་ནད་པའི་སྲིན་མཛུབ་གཉིས་སྦྲེལ་ལ་དམ་པོར་བཏགས། རིང་ཐུང་ཕོ་བར་སླེབ་ཙམ་བྱ། དལ་དུ་མིད་ནས་ཕོ་བར་སླེབ་ནས་ཡར་ཕྱུང་ཞིང་། ཡང་མིད་པ་དེ་འདྲ་ལན་གསུམ་བྱ། དེ་ནས་མིད་ནས་ཕོ་བར་བཞག་སྟེ། ནངས་པར་ཉི་མ་རྩེ་ཤར་ལ་ཡར་ཕྱུང་ངོ་། འདིས་ཀྱང་གྲེ་བའི་ནད་ཀུན་སེལ། དེ་ནས་སོས་པའི་རྗེས་གཅོད་དང་ལོག་ནོན་ནི། སྤྱིར་ལུས་ལ་ཚིགས་གཟེར་བ་ཡོད་ན་གར་གཟེར་དུ་མེ་བཙའ་བསྲེག །ཁྱད་པར་རྒྱབ་ཀྱི་ཚིགས་པ་བདུན་དང་། མདུན་གྱི་ལྷེན་སྣ་ནས་ནད་པ་རང་གི་ཚོན་གང་མར་འཇལ་བའི་སྣ་ནས་མེ་བཙའ་བསྲེག །མེ་བཙའ་བདུན་ནན་བཞག །དེ་སྨན་སྦྱོར་སྡེ་གཅིག་ལ། རྒྱ་ཚྭ་རྒྱམ་ཚ་ཁ་རུ་ཚ། ལྒ་སྐྱ་དམར། སུར་དཀར་ཐོག་བུ། བྱ་བང་ཤ་དེ་རྣམས་ཞིབ་པར་བཏུལ་ལ་གྲི་རྩེ་ཟུར་གསུམ་ཙམ་དར་དམར་ནང་དུ་བཏུམ་ལ། གྲེ་བའི་ནང་དུ་དར་སྐུད་ཀྱིས་བརྟོད་ལ་བཞག །ཨོཾ་ནཱ་ག་རཱ་ཙ་ཀྲག་ཤཀ །མ་མོ་ཡོ་ཤ་ཐ་རམ་བམ། བུམ་སྣ་བུམ་ར་ནི་ཡེ་ཧཱུྃ་ཕཊ། གནོད་བྱེད་གདུག་པ་ཅན་གྱི་ཤ་ལ་དེ་ཤི །ནད་ལ་དེ་ཤི །ཁྲག་ནད་མཛེར་པ་མཐའ་ནས་སྐོམ། རྩེ་ནས་ཆོད། གཏིང་ནས་ཕུད་སྭཱ་ཧཱ། སྟག་གཟིག་མཁའ་འགྲོ་དམར་མོ་སེང་གདོང་མས་བཏབ་པ་བཞིན་འགྲུབ་པར་གྱུར་ཅིག །ཨོཾ་སརྦད་ད་སརྦ་སོད། ཨོཾ་ཧ་རི་ནི་རྦད་སྭཱ་ཧཱ། ཨོཾ་ལྕེ་ཡར་ཡར་སོད། ལྕེ་མར་མར་སོད། ལྕེ་ཐིབ་ཐིབ་སོད། ཐིབ་རི་ཐིབ་སོད། ར་རྒན་གཞུང་ནས་སོད། ཆུ་སེར་གྱི་བུ་མོ་སྒང་དམར་མ་སོད་སྭཱ་ཧཱ། འུབ་འུབ། འདུས་འདུས། ཆུམ་ཆུམ། རིས་རིས་པྲ་མོ་ཧ། ཤ་ལ་ཐིམ་པྲ་མོ་ཧ། ཁྲག་ཐིམ། ཆུ་ལ་པྲ་མོ་ཧ། རུས་ལ་འཆོ་པྲ་མོ་ཧ། དུན་ལ་བྷྱོ། ཕུས་སོད་ཧ། ཟངས་ཏིང་དང་གྲི་རུས་སྔགས། ཟངས་ཏིང་ལྡག །གྲི་རུས་བྱུག་གོ ༈ །སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གདམས་པ་འདི་ལ་གསུམ་སྟེ། དང་པོ་ནད་གདོན་གྱི་རྟགས་ཐབས་དང་། ངོས་ཟིན་ནས་སྨན་སོགས་སྔགས་ཀྱི་གསོ་ཐབས་དང་། རྗེས་སུ་སྤྱོད་ལམ་བྱའོ། །དང་པོ་རླུང་མཁྲིས་བད་ཀན་གསུམ་ལས། འདི་བད་ཀན་གྱི་གཙོ་ཆེ་སྟེ། བད་ཀན་ལའང་ཚ་འགག་དང་གྲང་འགག་གཉིས་ལས། དང་པོ་ཚ་སྨན་གྱི་སྦྱོར་སྡེ་ལ་ཟས་བཅུད་ཆེན་མི་འཕྲོད། གྲང་འགག་ལ་དང་པོ་ཚ་སྨན་གྱི་སྦྱོར་སྡེ་དང་། སྨན་ཟས་བསིལ་སྦྱོར་མི་འཕྲོད། དེ་གཉིས་གང་ཡིན་ཀྱང་རིགས་ལ་ཕོ་མཛེར་མོ་མཛེར་མ་ནིང་དང་གསུམ། ཕོ་བོ་རྟ་རྔ་སོང་བ་འདྲ་བ་དང་། དྲ་མ་ཟུག་པ་དང་འདྲ་བ་དང་། ཟ་འགྲམ་ཤིག་ཟ་བ་འདྲ་བར་བྱེད། ཡུན་རིང་ནས་ཕོ་བ་ལ་ཚ་ལྷབ་ལྷབ་བྱེད་པའོ། །མ་ནིང་ལ་དང་ཁ་བཙང་ཞིང་ལུད་པ་སྔོ་རྨ་ན་འོང་། ཟས་གང་ཡང་མི་འཕྲོད། གཉིས་པ་དེ་ལྟར་ངོས་ཟིན་ནས། བཅོས་པའི་ཐབས་ལ་བཞི། སྨན་དང་དམིགས་སྔགས་པ་དང་འཕྲུལ་འཁོར་བཞིའོ། །སྨན་ནི་ཅུ་གང་། གུར་གུམ། ལི་ཤི །སུལ་སྨེལ། ཛཱ་ཏི། ཀ་ཀོ་ལ། སྒ་སྐྱ་དམར། པི་ལིང་། ཕོ་རིས། ཨ་བར་སྐྱུར་གསུམ། བོང་ང་ནག་པོ། རུ་རྟ། ཆུ་དག །གླ་རྩི། རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚ། བསེ་རུ་རྒྱ་རུ་ར་རྒོད་རྭ། ནམ་མཁའ་ཁྱུང་གི་མེ་ཏོག །དཔལ་ཡང་གཉིས། ཙནྡན་དཀར་དམར་གཉིས། ལི་ག་དུར། རེ་རལ། དུར་བྱིད། སེ་འབྲུ། ཤིང་ཚྭ། ཅོང་ཞི། ཚ་གྲང་ལུས་སྟོབས་བསྟུན་ལ་སྨན་རྣམས་བཏང་། ཞིབ་དུ་བཏུལ་ལ་སྨན་ཐུན་རན་པོ་བྱས་ལ་ཆུ་བསྐོལ་གྱིས་ཕུལ། ༄༅། །བསྐྱེད་རྫོགས་འབྲེལ་མ་ལམ་འབྲས་བུ་དང་བཅས་པའི་ཆོས་བརྩམ་པ་རྡོ་རྗེའི་སྙིང་པོ་ལས། གྲེ་ཐོག་བཅོས་པའི་རིམ་པ་ངོ་མཚར་སྲོག་སྐྱོབ་ཅེས་བྱ་བཞུགས་སོ། །སྨན་གྱི་བླ་དང་པདྨ་འབྱུང་། །དབྱེར་མེད་སྨིན་གྲོལ་བླ་མར་འདུད། །གྲེ་ཐོག་རིགས་ལ་རྣམ་བཞི་སྟེ། །གྲེ་ཐོག་སྤུ་ཐོག་གྲེ་འབྱར་དང་། །རུ་ཐོག་དང་ནི་བཞི་རུ་བཤད། །དང་པོ་ཨོག་མ་འགགས་འདྲ་འོང་། །སྐུད་པས་བཅིངས་པ་འདྲ་བ་འོང་། །སྣང་བ་སྐེ་ཕྱི་རྒྱས་སྙམ་བྱེད། །ཕྲག་མིག་དང་ནི་ཁོག་སྟོད་ན། །གྱེན་ལ་འགྲོ་དུས་འཚངས་འགྱུར་ཞིང་། །ནངས་པར་ཁ་ནས་རྣག་དུག་བྲོ། །མཆིལ་མ་མིད་དཀའ་ཟས་སྐམ་རུང་། །མཆིན་ལུད་ནག་ཆུ་སྔོ་རྨན་འོང་། །རེས་འགའ་འབྲེ་ཆོབ་ཚུལ་དུ་འོང་། །དེ་རྗེས།་་་མིད་པར་རུས་ཁབ་ཟུག་འདྲ་འོང་། །དེ་ཡང་རེས་ཡོང་རེས་མི་ཡོང་། །ཕྱོགས་ནི་མ་ངེས་གར་ཡང་འོང་། །མཆིན་སྲོག་སྐེ་གསུམ་སྒྲིལ་ནས་ན། །རྣ་སྙིང་གཟེར་ཞིང་མིག་གཉིས་ན། །ལུས་ལ་ཚ་ཤར་ཤ་འགུལ་འོང་། །མཆིན་སྲོག་སྐེ་གསུམ་མདས་འཛེར་འདྲ། །གཉིད་མེད་སྐྱུག་བྲོ་སེམས་ཀྱང་སྡུག །རེས་འགའ་ནད་མེད་སོས་པ་འདྲ། །ན་ཚེ་སྐད་ཆེན་བསྒྲག་མི་ཉན། །ངོ་དང་ལྕེ་ལྐོག་འབྲུམ་བུ་འོང་། །མིད་པའི་ནང་ཚ་རྐན་ཕུགས་ཟ། །འབྲུམ་བུའི་མགོ་དེ་ཤུས་མི་རུང་། །ན་ལུགས་གཅིག་ཀྱང་འདྲ་མིན་ནི། །རླུང་ཐོག་རླུང་ཤས་ཆེ་བཅོས་སླ། །སྤུ་ཐོག་ལྕེ་སྟེང་སྤུ་ཡོད་འདྲ། །དེ་བས་ཟུར་ཙམ་བཅོས་པ་དཀའ། །གྲེ་འབྱར་སྐད་འགགས་བཅོས་པ་དཀའ། །གྲེ་ཐོག་དེ་བས་ཅུང་ཟད་སླ། །གྲེ་འགག་ཟེར་བའི་རིགས་ཀྱང་ཡོད། ༈ བཅོས་ཐབས་དང་པོ་ཟླ་གཅིག་སྔགས། །ཟླ་གཅིག་ཡོལ་ཚེ་མེ་བཙའ་བཞག །སྔགས་ཚེ་རིམ་གྲོ་བྱ་བ་ནི། །སཱཙྪ་ཆུ་གཏོར་ཀློག་འདོན་འབད། །ཕན་རྟགས་བྱུང་ན་ཐུལ་མ་དང་། །བིལ་ཤ་མར་བཏབ་རྩི་ཡང་བྱ། ཁ་སྣ་བཤང་ལམ་ཁྲག་དང་རྣག །འོང་བ་རྨིས་ན་ཕན་རྟགས་ཡིན། །ཕྱེ་དང་མར་གསར་མཛོ་འོ་གཏང་། །རྩམ་རུལ་མར་རྙིང་སྔོ་ངད་སྤང་། །རི་དྭགས་ཤ་ཆང་གྲིབ་ལ་འཛེམ། །ཚ་སྐྱུར་རིགས་དང་མཁྲིག་པ་སྤང་། །གྲེ་ཐོག་ངོ་བོ་མཛེར་པ་ཡིན། །མིད་པར་བྱུང་ན་གྲེ་ཐོག་ཟེར། །ཕོ་བར་བྱུང་ན་ཕོ་ཐོག་ཟེར། །འདི་ལ་མི་ཤི་ཟེར་བའང་ཡོད། །མཛེར་མགོ་འབུད་དུས་ཁབ་ཟུག་འདྲ། །རྐང་ལག་བརྐྱང་དུས་ཚ་ཤར་འོང་། །དེ་ཡི་རྒྱུག་ལམ་གཅད་པ་ནི། །ལུས་བསྲང་དང་ཁར་མེ་བཙའ་བཞག །དེ་ལས་ཡར་ལ་ཚོན་ཕྱེད་ཀྱི། །གཡས་གཡོན་ཚོན་ཕྱེད་འབུར་ཙམ་བསྲེག །དེ་གསུམ་དུས་གཅིག་བཞག་པ་ཡིན། །དེ་རྗེས་དང་ཁ་ནས་ནི་ཡར། །ཚོན་གང་སོ་ན་གཡས་གཡོན་ན། །ཚོན་རེ་གཞལ་བའི་སྣེ་གཉིས་བསྲེག །དེ་རྗེས་ཨོག་སྟེང་གཡས་གཡོན་དུ། །ཚོན་རེ་གཞལ་བའི་སྣེ་གཉིས་བསྲེག །དེ་རྗེས་ཨོག་སྟེང་ནས་ནི་ཡར། །ཚོན་ཕྱེད་སོ་ནས་གཡས་གཡོན་དུ། སོར་རེའི་མཚམས་སུ་རེ་རེ་བསྲེག །ཨོཾ་ཇ་འགམ་སྦྲུལ་ལིང་སོད། ནས་འབྲུ་གསུམ་ལ་སྔགས་བརྒྱ་བཏབ། །མཚོ་ནང་ཉ་ནི་ཆུས་ཁྱེར་བསམ། །འགྲོན་བུ་མ་བུག་སྔགས་ལ་དྲུད། །འཛེར་རུ་འཛེར་ནག་སོད། གྲི་བོ་གྲིབ་ནག་སོད། མཚོ་མེ་སྲེགས། རང་ཉིད་ཨ་ཙ་ར་ལ་སྒོམས། །གྲི་རུས་རྒྱ་ཚྭ་སྔགས་ལ་བཅིང་། །དང་པོའི་ནང་དུ་བསང་ཡང་བྱ། །ཞེས་འདི་བདག་འདྲ་མི་འགྱུར་རྡོ་རྗེ་ཡི། །ལག་ལེན་ཉམས་དང་བསྟུན་པའི་མན་ངག་སྟེ། །ཀུན་བཟང་སྟོབས་ཆེན་ཞེས་བྱའི་རྩ་སློབ་ཀྱི། །བསྐུལ་ཕྱིར་བྲིས་པའི་དགེ་བ་འགྲོ་ལ་བསྔོ། །སྡུག་བསྔལ་ནད་ཀྱི་རྒྱ་མཚོ་སྐེམ་པར་ཤོག །དེ་ལྟར་འགྲོ་བའི་ལུས་ལ་ཉེས་གསུམ་འཁྲུགས་པའི་རྒྱུའི། །མིད་འབྱར་ཞེས་བྱའི་ནད་རིགས་གདུག་པ་ཅན། །དེ་ལ་སྨན་སྔགས་དཔྱད་གསུམ་བྱ་ཐབས་ཀྱི། །ལུས་ཅན་སྲོག་གི་རྒྱབ་རྟེན་འདི་བྲིས་པས། །ནམ་མཁས་ཁྱབ་ཚད་སེམས་ཅན་མ་ལུས་རྣམས། །སྐུ་ཚེ་མཐའ་རུ་ཕྱིན་པའི་རྒྱུར་གྱུར་ནས། །འདི་འདྲ་བདག་གིས་སྔ་ཕྱི་ཀུན་བསགས་པས། །སྡིག་སྒྲིབ་བྱང་ཞིང་ཕ་མའི་དྲིན་ལེན་ཤོག །མངྒ་ལཾ།། །།

པདྨ་ཚེ་ཡི་སྙིང་ཏིག་ལས༔ འཆི་མེད་མཁའ་འགྲོའི་གདམས་པ (Volume 49, Text 18)

༁ྃ༔ པདྨ་ཚེ་ཡི་སྙིང་ཏིག་ལས༔ འཆི་མེད་མཁའ་འགྲོའི་གདམས་པ་བཞུགས༔ འཆི་མེད་ཡེ་ཤེས་མཁའ་འགྲོར་འདུད༔ དེ་ཡི་མན་ངག་སྙིང་པོ་ལ༔ བསྐྱེད་དང་རྫོགས་རིམ་དབང་བསྐུར་གསུམ༔ དང་པོ་བསྐྱེད་རིམ་སྒོམ་བཟླས་ནི༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ཧྲཱི༔ སྲིད་ཞིའི་དྭངས་མ་མི་འགྱུར་ཐིག་ལེའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི༔ གཉིས་པ་བགེགས་བསྐྲད་སྲུང་མཚམས་ནི༔ ཧྲཱི༔ མ་རིག་ལུགས་འབྱུང་ཚེ་བདུད་བར་ཆད་བགེགས༔ རིག་པ་ཡེ་ཤེས་སྤྲོས་བྲལ་ཀློང་དུ་དེངས༔ ལུགས་ལྡོག་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ མི་འགྱུར་མི་ཤིགས་སྲུང་མཚམས་ལྷུན་གྱིས་གྲུབ༔ ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱན་ཨུཙྪཱ་ཊ་ཧཱུྃ་ཕཊ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་བྱིན་འབེབ་མཆོད་རླབས་ནི༔ ཧྲཱི༔ རྩ་གསུམ་ལྷ་ཚོགས་ཐུགས་རྗེ་གློག་ལྟར་འཁྱུག༔ ཡེ་ཤེས་རོལ་པའི་གཟི་བྱིན་ཆར་དུ་ཕོབ༔ ཕྱི་ནང་གཞན་གསུམ་དག་པའི་སྣོད་དང་བཅུད༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་པདྨ་ཌཱ་ཀི་ནཱི་ཙཎྜ་ལཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཿསརྦ་པཱུ་ཛ་མེ་གྷ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ཏིང་འཛིན་ལ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཧྲཱི༔ སྟོང་ཉིད་མཁའ་ལས་བདེ་ཆེན་སྙིང་རྗེའི་གདངས༔ ཧྲཱིཿཡིག་དམར་གསལ་འཇའ་ཚོན་བཞིན་དུ་ཤར༔ འོད་ཟེར་སྣང་བས་བརྟན་གཡོའི་དངོས་ཀུན་སྦྱངས༔ གསལ་སྟོང་ངང་ལས་ཡུམ་ལྔའི་མཁའ་ཀློང་དུ༔ འཆི་མེད་ཚེ་ཡི་ཕོ་བྲང་ཟླ་གམ་དབུས༔ ཡེ་ཤེས་དྲུག་ལྡན་ཆོས་འབྱུང་བསྣོལ་མའི་དཀྱིལ༔ ཐབས་ཤེས་ཟུང་འཇུག་ཆུ་སྐྱེས་ཉི་ཟླའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་པདྨ་ཙཎྜ་ལཱི༔ རཱ་གའི་མདངས་ཅན་ཁྲོ་འཛུམ་རྗེས་ཆགས་ཉམས༔ སྤྱན་གསུམ་རབ་གཡོ་དབུ་སྐྲ་སིལ་བུར་གྲོལ༔ ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས༔ དར་སྣའི་ཅོད་པན་སྟོད་གཡོགས་སྨད་ཤམ་དང༔ རིན་ཆེན་རུས་པ་མེ་ཏོག་ཕྲེང་བས་བརྒྱན༔ ཕྱག་གཡས་ལྕགས་ཀྱུས་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་ཚེ་དང་ཡེ་ཤེས་སྩོལ༔ ཞབས་ཟུང་གཡོན་བརྐྱང་གར་གྱི་ཉམས་འགྱུར་བཅས༔ ཡིད་འཕྲོག་འོད་ཟེར་འཁྲུགས་པའི་ཀློང་ན་རོལ༔ སྐུ་ལ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་རྫོགས༔ སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་མཚན༔ ཆོས་འབྱུང་ཟུར་ལ་རྡོ་རྗེའི་ལྷ་མོ་དྲུག༔ བྱེ་རུའི་མདོག་ཅན་ཆགས་ཤིང་འཇོ་སྒེག་ཉམས༔ ཕྱག་གཡས་ལྕགས་ཀྱུས་ས་ཆུ་མེ་རླུང་དང༔ ནམ་མཁའ་ཡེ་ཤེས་ཚེ་ཡི་དྭངས་བཅུད་སྡུད༔ གཡོན་པས་འདོད་ཡོན་དྲུག་གི་མཆོད་སྤྲིན་གྱིས༔ རིགས་ཀྱི་གཙོ་མོ་བདེ་ཆེན་དགྱེས་པ་བསྐྱེད༔ དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས༔ པད་ཟླའི་སྟེང་ན་དོར་སྟབས་འགྱིང་ཚུལ་བཞུགས༔ གཞན་ཡང་ཚེ་ཡི་ལྷ་དང་རིག་པ་འཛིན༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཉག་གཅིག་སྒོ་སྲུང་པདྨ་དབྱིངས་ཕྱུག་དམར༔ ཁྲོ་གཏུམ་གཟི་འབར་པདྨའི་གྲི་ཐོད་འཛིན༔ དྲག་ཤུལ་ཆས་རྫོགས་པད་ཉི་བམ་རོའི་སྟེང༔ ཞལ་ཕྱིར་གཟིགས་ཤིང་ཧཱུྃ་ཕཊ་ཕེཾ་གྱི་སྒྲས༔ འཆི་བདག་ལ་སོགས་བདུད་བཞིའི་བར་ཆད་འདུལ༔ ཞབས་གཉིས་གར་སྟབས་ཡེ་ཤེས་མེ་དབུས་རོལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ འོད་ཟེར་ལྕགས་ཀྱུས་ཡེ་ཤེས་སེམས་དཔའི་ཚོགས༔ མཁའ་དབྱིངས་ཁྱབ་པ་བཛྲ་ས་མཱ་ཛ༔ གཉིས་པ་ཡེ་ཤེས་དགུག་བསྟིམ་ནི༔ ཧྲཱི༔ ཀ་དག་དབྱིངས་ལས་འཆི་མེད་མཁའ་འགྲོའི་ཚོགས༔ ལྷུན་གྲུབ་རིག་རྩལ་རོལ་པས་གནས་འདིར་གཤེགས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བཞུགས༔ མི་འབྲལ་བྱིན་རློབས་ཚེ་དབང་དངོས་གྲུབ་སྩོལ༔ ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་མཆོད་འབུལ་བ་ནི༔ ཧྲཱི༔ འཕྲུལ་དགའི་ཚུལ་བཞིན་བརྡ་ཡི་ཕྱག་བགྱི་ཞིང༔ ཀུན་བཟང་རྣམ་འཕྲུལ་ཉེར་སྤྱོད་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་བདེ་བ་ཆེའི༔ མཆོད་པའི་ཕྱག་རྒྱ་ཆེན་པོས་མཉེས་གྱུར་ཅིག༔ ཧྲཱི་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བཞི་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་པའི་རྣམ་རོལ་འཆི་མེད་ཙཎྜ་ལཱི༔ རྩ་གསུམ་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་འཆི་མེད་དངོས་གྲུབ་སྩོལ༔ ལྔ་པ་ཛཔ྄་ཀྱི་དགོངས་པ་ནི༔ རང་གི་ཐུགས་ཀར་ཆུ་སྐྱེས་ཟླ་བའི་དབུས༔ ཚེ་དཔག་མེད་མགོན་ཡབ་ཡུམ་ཐུགས་དབུས་སུ༔ ཉི་ཟླའི་གྭ་འུ་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར༔ འོད་ཟེར་ལྕགས་ཀྱུས་འཁོར་འདས་ཚེ་བཅུད་ཀུན༔ བདུད་རྩིའི་རྣམ་པར་བཀུག་སྟེ་ཧྲཱིཿལ་ཐིམ༔ འཆི་མེད་ཚེ་དང་ཡེ་ཤེས་མཆོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་པདྨ་ཙཎྜ་ལཱི་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་ཡིས་འཆི་མེད་འགྲུབ༔ དྲུག་པ་ཐུགས་དམ་བསྐུལ་བ་ནི༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ ཚེ་མདའ་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱི༔ རང་སྣང་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་པདྨ་ཙཎྜ་ལཱི༔ གང་འདུལ་ལས་མཛད་རྡོ་རྗེའི་ལྷ་མོ་དྲུག༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ བདག་ཅག་བླ་ཚེ་ཆད་ཉམས་ཡར་པ་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཁུག༔ འཁོར་འདས་ཚེ་དང་བསོད་ནམས་ཡེ་ཤེས་ཁུག༔ སྲོག་ཚེ་ཆད་པ་ཆོས་ཉིད་བདེན་པས་མཐུད༔ འཚོ་ཁམས་ཉམས་པ་བདུད་རྩིའི་བཅུད་ཀྱིས་གསོས༔ བླ་ཚེ་ཡར་པ་པདྨའི་ལྕགས་ཀྱུས་ཁུག༔ སྒྲུབ་པའི་རྫས་ལ་བརྟན་གཡོའི་དྭངས་མ་སྟིམས༔ རྣལ་འབྱོར་སྒོ་གསུམ་འཆི་མེད་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་དེང་འདིར་སྩོལ༔ རྩ་སྔགས་དང༔ ཚེ་བྷྲཱུྃ་ཧྲཱིཿཛ༔ གཡུ་བྷྲཱུྃ་ནྲྀ་ཛ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡང་ཡང་བརྗོད་ཅིང་ཚེ་པྲ་བརྟག༔ འཆི་མེད་གཉུག་མར་རྒྱས་གདབ་བྱ༔ འཁོར་འདས་ཚེ་ཡི་དྭངས་མ་ཀུན༔ མི་ཤིགས་ཐིག་ལེ་ཧྲཱིཿལ་ཐིམ༔ དེ་ཡང་བརྗོད་བྲལ་ཀ་དག་ཀློང༔ སྐྱེ་འཆི་མེད་པར་རྒྱས་གདབ་བོ༔ ཧྲཱིཿབྷྲཱུྃ་ཨཱ་ཡུརྫྙཱ་ན་ཨ་ཨ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ༔ པདྨ་བྷཉྫའི་སྣོད་ཡངས་སུ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་བཅུད༔ འདོད་ཡོན་སྤྲིན་ཕུང་མཁའ་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱི༔ སྐུ་གསུམ་དབྱིངས་ཀྱི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ ཡུམ་མཆོག་ལྷ་མོ་ཙཎྜ་ལཱི༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ༔ འཆི་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ ཧྲཱིཿཔདྨ་ཛྙཱ་ན་ཙཎྜ་ལཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཡི་གེ་བརྒྱ་པ་བརྗོད༔ འདིར་སྤྲོ་ན་རྩ་གསུམ་སྐོང་བཤགས་སྤྱི་དང་བྱེ་བྲག་གང་འོས་གཏང་། བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ།མཆན། གཉིས་པ་ལྷག་མ་བསྔོ་བ་ནི༔ ཧྲཱི༔ པདྨ་དབང་གི་བཀའ་ཉན་པའི༔ མཁའ་འགྲོ་གིང་དང་ལང་ཀའི་ཚོགས༔ འདོད་ཡོན་ལྷག་མའི་གཏོར་མ་བཞེས༔ རྣལ་འབྱོར་ཚེ་སྲོག་བར་ཆད་སོལ༔ མ་མ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་ཆད་ཐོ་བརྟན་སྐྱོང་དང༔ རྡོ་རྗེའི་རྟ་བྲོ་བརྡུང་བ་ནི༔ ཧྲཱི༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡིས༔ ཐ་ཚིག་ཕོག་པའི་སྲུང་མ་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ ཧྲཱི༔ དུས་སྦྱོར་བཅུ་གཉིས་གནས་དག་པའི༔ བདེན་དོན་བརྟན་སྐྱོང་ཡ་མའི་ཚོགས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཚེ་དཔལ་འབྱོར་པ་རྒྱས་པར་མཛོད༔ མ་མ་སྲིང་འགྲོ་མ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ ཁམས་གསུམ་ཨེ་སྒྲོམ་འབར་བའི་གཏིང༔ དགྲ་བགེགས་དམ་སྲི་བཀུག་ཅིང་བསྟིམ༔ སྟེང་དུ་རྟ་མཆོག་ཧེ་རུ་ཀས༔ རྡོ་རྗེའི་བྲོ་ཡིས་རྒྱས་གདབ་བོ༔ ཨེ་ནྲྀ་ཏྲི་སཏྭམྦྷ་ཡ་ནན༔ བཞི་པ་དངོས་གྲུབ་བླང་བ་ནི༔ མཆོད་ཅིང་བསྟོད་ལ༔ ཧྲཱི༔ ཟླ་གམ་དབང་ཆེན་ཚེ་ཡི་དཀྱིལ་འཁོར་དུ༔ བསྙེན་ཅིང་བསྒྲུབས་པའི་འཆི་མེད་མཁའ་འགྲོའི་ཚོགས༔ དེང་འདིར་ཐུགས་རྗེའི་བརྩེ་བས་ཉེར་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དབྱངས་གསལ་ཡི་གེ་བརྒྱ་པ་ཡིས༔ ལྷག་ཆད་ཁ་བསྐང་ནོངས་པ་བཤགས༔ ལྔ་པ་བསྐྱེད་རིམ་ཉེར་བསྡུ་ནི༔ ཧྲཱི༔ བདག་སྣང་ཐམས་ཅད་འོད་གསལ་དབྱིངས༔ གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣང་སྟོང་སྒྱུ་མའི་སྐུར་ལྡང་ངོ༔ བཛྲ་རཀྵ་ཧཾ༔ དྲུག་པ་སྨོན་ལམ་བཀྲ་ཤིས་ནི༔ ཧྲཱི༔ འཆི་མེད་མཁའ་འགྲོ་བསྒྲུབས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་སྣང་བ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་རྒྱས་པར་བྱ༔ ཐུན་མཚམས་ཚོགས་གཉིས་གསག་ལ་འབད༔ འདིས་ནི་ཚེ་ཡི་བར་ཆད་ཞི༔ ཡུན་དུ་བརྩོན་ན་འཆི་མེད་འགྲུབ༔ ས་མ་ཡ༔ གཉིས་པ་ཚེ་ཡི་རྫོགས་རིམ་ནི༔ དབེན་པའི་གནས་སུ་ལུས་གནད་བཅའ༔ ཕོ་མོ་མ་ནིང་རླུང་དུག་དབྱུང༔ ས་བཅུད་རྡོ་རྗེའི་བཟླས་པས་དགུག༔ སྙིང་གའི་ཧྲཱིཿལ་བརྟན་པར་བཅིང༔ རླུང་བཅུད་བུམ་ཅན་སྦྱོར་བས་ལེན༔ མེ་བཅུད་ཨ་ཐུང་གཏུམ་མོ་སྦར༔ ཆུ་བཅུད་ཧཾ་ཡིག་བདུད་རྩི་བཞུ༔ ནམ་མཁའི་བཅུད་ལེན་བདེ་སྟོང་ངང༔ དབྱིངས་རིག་བསྲེས་ལ་མཉམ་པར་གཞག༔ བླ་མའི་མན་ངག་གནད་ལྡན་པས༔ རྩེ་གཅིག་ཉམས་སུ་བླངས་གྱུར་ན༔ འཇའ་ལུས་འཆི་མེད་སྐུ་ཐོབ་འགྱུར༔ ས་མ་ཡ༔ གསུམ་པ་ཚེ་ཡི་དབང་བསྐུར་ནི༔ དཀྱིལ་འཁོར་ཟླ་གམ་སྒོ་གཅིག་དམར༔ ཆོས་འབྱུང་ལྷ་མཚན་བཅས་པའི་དབུས༔ རྣམ་རྒྱལ་བུམ་པ་བཅུད་ལྡན་བཤམ༔ གཡས་གཡོན་ཚེ་ཆང་ཚེ་རིལ་དང༔ མདུན་རྒྱབ་ཚེ་གཏོར་འཇའ་ཤེལ་དགོད༔ མཆོད་ཚོགས་ལ་སོགས་སྤྱི་ལྟར་བཤམ༔ ལས་ཀྱི་གཞུང་བསྲང་ནུས་ལྡན་བསྒྲུབས༔ དེ་ནས་སློབ་མ་ལས་ཆུས་བཀྲུ༔ བགེགས་གཏོར་བཏང་ཞིང་སྲུང་མཚམས་བཅད༔ མཎྜལ་འབུལ་ཞིང་གསོལ་གདབ་ནི༔ དགའ་ཆེན་སྟོན་པ་མཆོག་གཅིག་པུ༔ བླ་མ་འཆི་མེད་ཙཎྜ་ལཱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཡེ་ཤེས་ཚེ་ཡི་དབང་བསྐུར་སྩོལ༔ ཅེས་ཞུ་དམ་ཚིག་འབོགས་པ་ནི༔ བདུད་རྩིའི་ཆུ་ནན་ལྕེ་ལ་སྦྱིན༔ སྙིང་གར་རྡོ་རྗེ་བཞག་བྱས་ལ༔ འཆི་མེད་དངོས་གྲུབ་དོན་གཉེར་ན༔ དད་དང་སྙིང་རྗེས་གཞི་གཟུང་སྟེ༔ དབང་དོན་དམ་ཚིག་སྲོག་བཞིན་སྲུངས༔ ཟབ་མོའི་ལམ་ལ་བརྩོན་པར་གྱིས༔ པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ༔ བུས་ཀྱང་འདའ་དཀའི་ཐ་ཚིག་བརྗོད༔ ས་མ་ཡ་ཨི་དནྟི་ན་ར་ཀན༔ དེ་ནས་རྩ་གསུམ་ཚེ་ཡི་ལྷ༔ ནམ་མཁའ་ཁྱབ་པའི་སྤྱན་སྔ་རུ༔ སྐྱབས་སེམས་སྡོམ་གཟུང་སྤྱི་ལྟར་བྱ༔ སློབ་མ་མི་དམིགས་སྟོང་པའི་ངང༔ དཀྱིལ་འཁོར་གཙོ་མོ་ལུས་དཀྱིལ་བཅས༔་་་སྤྱི་བོར་རིགས་བདག །མིག་ཏུ་གཟུགས། རྣ་བར་སྒྲ། སྣར་དྲི། ལྕེར་རོ། གསང་བར་རེག །སྙིང་གར་ཆོས་རྡོ་རྗེ་ལ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དང་། ཡན་ལག་བཞི་ལ་པདྨ་དབྱིངས་ཕྱུག་མ། གཞན་ཡང་སྐུའི་གནས་ཐམས་ཅད་དུ་རྩ་གསུམ་ཚེ་ལྷ་རབ་འབྱམས་གསལ་གདབ། མཆན། གསལ་བཏབ་ཡེ་ཤེས་དབབ་ཅིང་བརྟན༔ ཐུགས་དམ་བསྐུལ་རྗེས་བུམ་དབང་ནི༔ ཧྲཱི༔ བཀྲ་ཤིས་བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ནང་བཅུད་གཟུགས་སྐུ་མཁའ་འགྲོའི་དཀྱིལ་འཁོར་ཤར༔ འོད་ཞུ་འཆི་མེད་བདུད་རྩིའི་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསང་དབང་ཐོད་པའི་བདུད་རྩི་སྦྱིན༔ ཧྲཱི༔ བླ་མ་འཆི་མེད་ཡེ་ཤེས་ཙཎྜ་ལཱི༔ པདྨ་ཚེ་དཔག་མེད་དང་མཉམ་སྦྱོར་བའི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསང་བ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཤེར་དབང་བཅུད་ལེན་རིལ་བུ་སྦྱིན༔ ཧྲཱི༔ སྲིད་ཞིའི་དྭངས་མ་མི་འགྱུར་ཐིག་ལེའི་གཟུགས༔ བཅུད་ལེན་ཚེ་ཡི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེ་དགའ་བཞིའི་ནུས་སྟོབས་འབར༔ བདེ་ཆེན་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་འཇའ་ཤེལ་བརྡས་མཚོན་ཏེ༔ ཧྲཱི༔ སེམས་ཉིད་ངོ་བོ་ཀ་དག་ཤེལ་ལྟ་བུ༔ ལྷུན་གྲུབ་རོལ་པ་འཇའ་ཚོན་བཞིན་དུ་ཤར༔ དབྱེར་མེད་གཉུག་མ་དོན་གྱི་དབང་བསྐུར་བས༔ རིག་རྩལ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ མཐའ་རྟེན་ཚེ་གཏོར་སྤྱི་བོར་བཞག༔ ཧྲཱི༔ ཆོས་སྐུའི་བདག་ཉིད་བཅོམ་ལྡན་སྣང་མཐའ་ཡས༔ ལྔ་ལྡན་ལོངས་སྐུ་མགོན་པོ་ཚེ་དཔག་མེད༔ སྤྲུལ་སྐུ་འཆི་མེད་ལྷ་མོ་ཙཎྜ་ལཱི༔ སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་བ༔ དབྱིངས་ཕྱུག་ཚེ་ཡི་བདག་ཉིད་མནྡྷཱ་ར༔ རྗེ་འབངས་གྲོགས་གསུམ་གནུབས་ཆེན་ནམ་སྙིང་སོགས༔ འཆི་མེད་གྲུབ་པའི་རིག་འཛིན་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དེང་འདིར་ཁུག༔ བར་ཆད་ཚེ་འཕྲང་འོད་གསལ་དབྱིངས་སུ་སོལ༔ འཁོར་འདས་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ གཞོན་ནུ་བུམ་སྐུ་སྐྱེ་འཆི་བྲལ་བའི་ཀློང༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ རྗེས་སུ་ཚེ་བཅུད་རྒྱས་གདབ་ཅིང༔ བཀྲ་ཤིས་རྫས་སྦྱིན་མངའ་གསོལ་བྱ༔ དམ་ཚིག་ཁས་བླངས་གཏང་རག་དབུལ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་ལྟར་ཟབ་མོའི་དབང་བསྐུར་མཆོག༔ འདིས་ནི་ལམ་གྱི་སྣོད་དུ་འགྱུར༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཐར་ཐུག་འཆི་མེད་སྐུ་འགྲུབ་ཕྱིར༔ སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་ཏནྟྲ་ནི༔ བྱེ་བ་ཕྲག་བརྒྱའི་སྙིང་པོའི་བཅུད༔ རང་བྱུང་པདྨས་དུས་བབས་ཚེ༔ ད་ལྟའི་རྗེ་འབངས་འདུས་པ་དང༔ མ་འོངས་འགྲོ་འདུལ་རིག་འཛིན་གྱི༔ ཉམས་ལེན་མཐར་ཐུག་གསང་བའི་ལམ༔ ལྔ་ལྡན་འོད་ཀྱི་ཡི་གེའི་གཟུངས༔ དབྱིངས་རིག་ཐིག་ལེའི་སྒྲོམ་བུར་བསྩལ༔ ཌཱ་ཀི་རྣམས་ལ་གཉེར་གཏད་པ༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ དགོངས་བརྒྱུད་ཟབ་མོའི་བརྡས་མཚོན་ཏེ༔ སྙན་བརྒྱུད་གདམས་པའི་བདུད་རྩི་ཡིས༔ སྐལ་བཟང་འཆི་མེད་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས། པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེས་གཏན་ལ་ཕབ་པའོ།། །།

ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ ཕྱུགས་ནད་སྲུང་བའི་འཁོར་ལོ་ཟབ་མོ་གོད་ཁ་གཅོད་པའི་མན་ངག་ (Volume 45, Text 18)

༁ྃ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ ཕྱུགས་ནད་སྲུང་བའི་འཁོར་ལོ་ཟབ་མོ་གོད་ཁ་གཅོད་པའི་མན་ངག་བཞུགས་སོ༔ ྈྈྈྈྈྈྈྈྈ བདུད་འདུལ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བདུད་འདུལ་མཁའ་འགྲོའི་ལས་མཐའ༔ ཕྱུགས་ནད་གློ་གོར་ཏལ་བ་སོགས་ནད་རིམས་མཐའ་དག་སྲུང་བའི་ཐབས་ནི༔ འདི་ལ་གཉིས་ཏེ་འཁོར་ལོ་དང་རྫས་སོ༔ དང་པོ་ནི༔ འཁོར་ལོ་ནི་དབུས་སུ་མུ་ཁྱུད་ཟླུམ་པོ་བྱ༔ ལྟེ་བ་ལ་ག་བྲ་ཚྭ་སྲ་ཏྲི༔ དེ་ཉིད་བྲི༔ དེའི་མཐའ་སྐོར་དུ༔ ཨོཾ་སརྦ་ས་ཏུ་རྦད་ཧ་རི་ནི་ས་ཧཱུྃ་ཕཊ༔ འཆང་བ་པོ་ལ་གནག་རྟ་ལུག་གསུམ་འགོ་ཧོན་ཉ་གོར་ཏལ་འབྲུམ་འཕར་སྤྱང་གནོད་པ་ཐམས་ཅད་ཌཱ་ཀི་སེང་གདོང་སྡེ་བཞིས་སྲུངས་ཤིག་རཀྵ༔ཞེས་བྱ་བ་བྲི༔ དེ་རྒྱབ་རྩིབས་བཞི་ལ༔ ཨོཾ་དྷར་སེང་ཡེ་རྦད་སྭཱ་ཧཱ༔ སྲུངས་ཤིག༔ཅེས་བྲི༔ རྩིབས་མཆན་ལ༔ ཨོཾ་ནིར་སེང་ཡེ་རྦད་བྷྱོ་ཟློག༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ས་ཏུ་རྦད་རྦད་ཆོད་ཆོད་ཛ་ཛི་ཞི་རྦད་བྷྱོ་ཟློག༔ མུ་ཁྱུད་མ་གང་བར་ཚར་དུ་ཐོན་བྲི༔ དེ་རྒྱབ་མུ་ཁྱུད་གཉིས་བྱས༔ ནང་མ་ལ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་བྲི༔ ཕྱི་མ་ལ་རྡོ་རྗེ་མེ་རི་བྲི༔ དེ་ལྟར་ཕོ་འཁོར་མོ་འཁོར་གཉིས་བྱེད༔ ཕོ་འཁོར་འཁོར་ལོ་རྩིབས་ཅན་ཡིག་མགོ་ཕྱིར་བསྟན༔ མོ་འཁོར་པདྨ་འདབ་བཞི་བྱ༔ ཡིག་མགོ་ནང་དུ་བསྟན༔ དེ་གཉིས་ལྟེ་བར་རྫས་ཀྱིས་ཁྱབ་པར་བྱུགས་ནས་ཞལ་སྦྱར༔ མདུན་གྱི་སྟེགས་བུ་ལ་བཞག༔ མཁའ་འགྲོ་གཞུང་ལྟར་བསྒོམ༔ གཞི་བདག་ལ་དཀར་གཏོར་འབུལ༔ ཕྱུགས་ནད་ཞི་བའི་གསོལ་བ་གདབ༔ འཁོར་ལོ་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་དངོས་སུ་གསལ༔ ཡི་གེ་བཅུ་བཞི་པའི་ཤམ་དུ་འདི་བཏགས་ལ་ཞག་བདུན་བསྙེན༔ ཨོཾ་དྷར་སེང་ཡེ་རྦད་སྭཱ་ཧཱ༔ ཞེས་སྲུང་འཁོར་དེ་ཕོ་ཡི་རྭ་གཡས༔ མོ་ཡི་རྭ་གཡོན་དུ་བཏགས་པས་ཐུབ་བོ༔ ནད་གཅོད་ན་སྲུང་འཁོར་དང་རྫས་ལ་ཡི་གེ་བཅུ་བཞི་པའི་ཤམ་དུ༔ ཨོཾ་ས་ཏུ་རྦད་ཆོད་ཛ་ཛི་ཞི་རྦད་བྷྱོ་ཟློག༔ ཞེས་རྫས་དང་སྔགས་ཆུ་བྱས་པས་ནད་ཆད་པའོ༔ ལས་སྦྱོར་ཐུན་གྱིས་གཅོད་པ་ནི༔ བུ་མོ་གཙང་མས་ཆུ་མིག་ཁ་ཤར་བལྟས་ལ་ཕྱག་གསུམ་འཚལ་ནས་རྡེའུ་གསུམ་བླང༔ དེ་འཁོར་ལོ་དང་ལྷན་ཅིག་ཐུམ་ནས་ཕྱུགས་ལ་བཏགས༔ ནོར་སྲུང་ལྷ་མོ་དཀར་མོ་བདུན་གྱི་བྱིན་གྱིས་བརླབས་ཤིང་བསྲུང་བར་བསམ༔ དེས་ཐུབ་པར་ཐེ་ཚོམ་མེད་དོ༔ ྀཨཚ༔ རྫས་ཀྱི་སྲུང་བ་ནི༔ ཤ་ཆེན༔ སྲེ་མོའི་ཤ༔ ཏེ་ལོའི་ཤ༔ ཤ་བའི་ཤ༔ བྱ་རྒོད་ཤ༔ སྟག་གི་ཤ༔ ཤིང་ཀུན༔ གླ་རྩི༔ སྒོག་སྐྱ༔ གུ་གུལ༔ རུ་རྟ༔ བོང་ང༔ དེ་ལྟར་རྫས་བཅུ་གཉིས་ཕྱེ་མའམ་རིལ་བུ་བྱས་ནས༔ གོང་གི་སྔགས་སམ༔ ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊ༔ ཨོཾ་ནིར་སིང་ཡེ་རྦད་བྷྱོ་ཟློག༔ ཐུན་སྲུང་སྔགས་ཐམས་ཅད་དང་སྦྲེལ་ལ་བཟླ༔ རྫས་དུད་སྣ་ལ་བདུག༔ སྔགས་ཆུ་བྱས་པས་ཐུབ་པར་འགྱུར་རོ༔ ྀཨཚ༔ གྷུ་ཧྱ༔ རྟ་ཕྱུགས་གང་ཡིན་གོད་ཁ་གཅོད་པའི་གདམས་པ་ནི༔ རྟ་ཕྱུགས་གང་ཤི་བའི་མགོ་ཤ་རུས་ཕྲལ་ནས༔ ཐོད་རུས་ལ་རྡོ་རྗེ་རྒྱ་གྲམ་བྲི༔ མཚམས་བཞིར་རིམ་པ་བཞིན་འདི་བྲི༔ ཨོཾ་ཡ་ཐུན་དཀར་མོ་དབང་སྡུད་མ་ལ་གཏད་དོ༔ སྨྱོ་བྱེད་མ་ཤོར་ཅིག༔ སྨྱོ་བྱེད་ལས་མཁན་ལ་གཏད་དོ༔ ཡ་མ་ཐུན་ཟ་བྱེད་མ་མོ་ལ་གཏད་དོ༔ མ་གཏང་ཞིག༔ ཡ་མ་མ་ཡ་འཛིན་བྱེད་དམར་མོ་ལ་གཏད་དོ༔ མ་གཏང་ཞིག༔ ཁྲག་གི་རིམས་རཀྴ་ཐུན་སྡོམ་བྱེད་སེར་མོ་ལས་མཁན་མ་ལ་གཏད་དོ༔ མ་གཏང་ཞིག༔ ཅེས་བྲི༔ གཉའ་བ་ལ་གཡུང་དྲུང་རྒྱ་གྲམ་བྲི༔ སྔགས་གོང་ལྟར་བྲི༔ འགྲམ་པ་གཡས་སུ༔ གོད་འདྲེ་མཱ་ར་ཡ་ནན་ཛ་ཛ༔ འགྲམ་པ་གཡོན་དུ༔ གོད་སྲི་མཱ་ར་ཡ་ཛ་ཛ་ནན༔ ལྟག་པ་ལ་གོད་བྱེད་བསེ་རག་ནན༔ ཅེས་སོགས་བྲི༔ དེ་ལམ་རྒྱ་གྲམ་མམ་མཆོད་རྟེན༔ ལྷ་ཁང༔ རི་གཉན་པོའམ༔ ཟམ་པ་སོགས་ལ་དོང་གྲུ་གསུམ་བྲུས་ནས་མནན་ལ་སྔགས་འདི་བཟླས་སོ༔ ཧོ་མན་ཧོ་མགོ་རིས་རྦད་སོད༔ རྩོག་འདྲེ་མཱ་ར་ཡ་ཛ་ཛ་ནན༔ རྟ་སྲི་མཱ་ར་ཡ་ཛ་ཛ་ནན༔ གནག་སྲི་མཱ་ར་ཡ་ཛ་ཛ་ནན༔ ལུག་སྲི་མཱ་ར་ཡ་ཛ་ཛ་ནན༔ པྲ་མ་པྲ་མ་ནན༔ ཅེས་སྔགས་བཟླས་ནས་མནན་ནོ༔ སྔགས་དེ་ལིང་ག་བྱས་ནས་མནན་ཀྱང་ཐུབ་བོ༔ རྟ་ཕྱུགས་གནག་ལུག་སོགས་གོད་ཁ་ཆོད་པར་ཐེ་ཚོམ་མེད༔ ྀཨཚ༔ གྷུ་ཧྱ༔

ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ བཟའ་བཏུང་ཚོགས་འཁོར་གྱི་རིམ་པ་ (Volume 33, Text 18)

ྈ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ བཟའ་བཏུང་ཚོགས་འཁོར་གྱི་རིམ་པ་བཞུགས་སོ༔ ྈྈྈྈྈྈྈྈ བཛྲ་ཝཱ་རཱ་ཧཱི་ན་མོ༔ མཁའ་འགྲོ་བསྒྲུབ་པའི་རྣལ་འབྱོར་དམ་ལྡན་གྱིས༔ མི་མཐུན་ཀུན་བསལ་མཐུན་ཚོགས་བསྒྲུབ་པ་དང༔ མཁའ་འགྲོ་དགྱེས་བསྐང་རང་ཉིད་ཚོགས་རྫོགས་ནས༔ མཆོག་ཐུན་དངོས་གྲུབ་ཐོབ་ཕྱིར་བཟའ་ཚོགས་བྱ༔ བཟའ་བཏུང་སྣ་ཚོགས་བཤོས་བཟང་ཤ་དང་ཆང༔ ཚོགས་རྫས་གང་འབྱོར་ཞིང་ལྤགས་སྟེང་སོགས་བཀྲམ༔ རང་ཉིད་ལྷར་གསལ་ཐུགས་ཀར་རཾ་ཡཾ་ཁཾ༔ འོད་ཞུ་མེ་རླུང་ཆུ་འཕྲོས་ཉེས་སྐྱོན་བསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿས་ཡེ་ཤེས་བདུད་རྩི་དང༔ འདོད་ཡོན་ལྔར་གྱུར་སྣང་སྲིད་ཁྱབ་པར་སྤེལ༔ ཕྱི་ནང་གསང་མཆོད་མང་འཕྲོས་ཏིང་འཛིན་བསྒོམ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ དེ་ནས་ཕེཾ་ཕེཾ་ཧྲཱིང་ཧྲཱིང་ཧཱུྃ་ཛ་ཡིས༔ པདྨ་འབྱུང་གནས་རྩ་གསུམ་ཞི་ཁྲོའི་ཚོགས༔ ཁྱད་པར་ཡེ་ཤེས་ལས་གྲུབ་མཁའ་འགྲོ་འབོད༔ ཧཱུྃ་ཧྲཱི༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ སློབ་དཔོན་པདྨ་ཡབ་ཡུམ་ལ༔ རྩ་གསུམ་ཞི་ཁྲོའི་འཁོར་གྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་འདོད་ཡོན་ལྔ༔ བཟའ་བཏུང་ཚོགས་མཆོད་འོད་འབར་འདི༔ རྗེ་བཙུན་བླ་མའི་ཚོགས་ལ་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཀུན་གྱི་ཡོངས་རྗེ་མོ༔ རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ༔ འཁོར་དུ་གྲངས་མེད་མཁའ་འགྲོས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་འདོད་ཡོན་ལྔ༔ བཟའ་བཏུང་ཚོགས་མཆོད་འོད་འབར་འདི༔ མཁའ་འགྲོ་མོ་རྒྱུད་ཚོགས་ལ་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཧཱུྃ་བྷྱོ༔ གདུག་པ་འདུལ་བའི་ཕྲིན་ལས་ཅན༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་འདོད་ཡོན་ལྔ༔ བཟའ་བཏུང་ཚོགས་མཆོད་འོད་འབར་འདི༔ མཁའ་འགྲོ་མོ་རྒྱུད་ཚོགས་ལ་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཧཱུྃ་བྷྱོ༔ གཞན་ཡང་སངས་རྒྱས་རྡོ་རྗེ་དང༔ རིན་ཆེན་པདྨ་ཀརྨ་ཆེ༔ དམ་ཚིག་སྣ་ཚོགས་ཐམས་ཅད་དང༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་ལ༔ ཡང་འཁོར་འབུམ་ཕྲག་དུ་མས་བསྐོར༔ ཤུགས་འགྲོ་ཕྲ་མེན་མ་མོ་གིང༔ དབང་ཕྱུག་དུར་བདག་ལ་སོགས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་འདོད་ཡོན་ལྔ༔ བཟའ་བཏུང་ཚོགས་མཆོད་འོད་འབར་འདི༔ མཁའ་འགྲོ་མོ་རྒྱུད་ཚོགས་ལ་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཨོཾ་སརྦ་ཌཱ་ཀི་ནཱི་མ་མ་ཧྲཱིང་ཧྲཱིང༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཀྱེ༔ ཚོགས་མཆོད་དམ་པ་འདི་འབུལ་བས༔ མི་མཐུན་ཀུན་སོལ་མཐུན་རྐྱེན་སྒྲུབས༔ མཆོག་ཐུན་དངོས་གྲུབ་བདག་ལ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད༔ ཧོ༔ བདག་ཅག་མ་རིག་རྐྱེན་དབང་གིས༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཀུན༔ ཁྱེད་རྣམས་སྤྱན་སྔར་མཐོལ་ལོ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ བསྟན་བཤིག་དགྲ་དང་གནོད་བྱེད་བགེགས༔ མཁའ་འགྲོ་མ་མོས་འདིར་ཁུག་ཛ༔ ཚོགས་རྫས་ལ་ཐིམ་མཁའ་འགྲོའི་ཚོགས༔ རྡོ་རྗེ་ཐོ་ཕུར་ཐོགས་རྣམས་ཀྱིས༔ བསྒྲལ་ནས་རྣམ་ཤེས་དག་ཞིང་སྤོར༔ ཤ་ཁྲག་ལྷག་མ་མེད་པར་རོལ༔ བདག་གི་སྔོན་ལས་འཕྲལ་གྱི་རྐྱེན༔ བར་ཆད་མཐའ་དག་ཟློག་ཏུ་གསོལ༔ ཧཱུྃ་ཕཊ་ཕེཾ་བྷྱོ༔ ཚོགས་རིམ་གསུམ་སྤྲོ་མཆོད་བཤགས་བསྒྲལ༔ སོ་སོར་བྱས་ནས་སྒྲུབ་པོས་རོལ༔ རྩ་ཁམས་ལྷ་ཚོགས་མཉེས་པར་བསམ༔ དེ་ནས་ལྷག་བསྡུས་ཞལ་ཆབ་བྲན༔ འབྲུ་གསུམ་བྱིན་བརླབས་འདི་ལྟར་འབུལ༔ ཧཱུྃ་བྷྱོ༔ ས་བླ་ས་སྟེང་ས་འོག་ན༔ གནས་པའི་ཞིང་སྐྱོང་མཁའ་འགྲོའི་ཚོགས༔ མོ་རྒྱུད་ལྷག་ལ་དབང་བ་ཀུན༔ འདིར་གཤེགས་ལྷག་བཞེས་གང་བཅོལ་མཛོད༔ དམར་གཏོར་བཤམས་ནས་ཆད་མདོ་ནི༔ ཧཱུྃ་བྷྱོ༔ འདས་དང་མ་བྱོན་ད་ལྟར་གྱི༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགས༔ རྒྱལ་བ་སྲས་བཅས་ཞི་ཁྲོའི་གར༔ རིག་འཛིན་བརྒྱུད་པའི་ཞབས་དྲུང་དུ༔ སྲོག་ཕུལ་ཁས་བླངས་དམ་བཅས་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ དམ་བཅའ་མ་བསྙེལ་དམ་ཚིག་སྲུངས༔ སྡང་དགྲ་གནོད་བྱེད་རྡུལ་དུ་རློགས༔ དེ་ནས་བརྟན་མར་གཏོར་མ་འབུལ༔ བྷྱོ༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་དང༔ བསྟན་སྲུང་མ་མོའི་ཚོགས་དང་བཅས༔ བརྟན་མ་བཅུ་གཉིས་དཔོན་གཡོག་བྱོན༔ གཏོར་མ་འདི་བཞེས་ཅི་བཅོལ་མཛོད༔ བཤལ་ཆུ་བཅས་འབུལ་གཏོར་གཞོང་འོག༔ བདེན་པས་དགྲ་བགེགས་བཀུག་བྲོ་བརྡུང༔ ཧཱུྃ༔ མཁའ་འགྲོ་མ་ཡི་འཁོར་ལོ་རྣམས༔ བར་ཆད་དམ་སྲི་འདུལ་བའི་ཕྱིར༔ སྣང་སྲིད་གཡོ་བའི་ཆོ་འཕྲུལ་འབར༔ གར་བྱེད་བྲོ་རྡུང་ཁྲབས་སེ་ཁྲབ༔ ཕྱག་རྒྱའི་སྟངས་སྟབས་ཁྱུགས་སེ་ཁྱུག༔ བྲོ་འདི་དགྲ་བགེགས་སྟེང་དུ་བརྡུང༔ བསྐལ་པ་མ་སྟོངས་བར་དུ་ནི༔ ཐར་མེད་འབྱུང་ལྔ་འདུས་པས་མནན༔ ཨེ་ཡཾ་བཾ་རཾ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ནས་བསྡུ་རིམ་ལ་སོགས་ནི༔ ཧོ༔ འདི་ལྟར་བསྐྱེད་བསྟིམ་ལྷ་ཚོགས་ཀྱིས༔ བདག་གཞན་སྨིན་མཛད་ཡེ་ཤེས་དབྱིངས༔ སྟོང་ཆེན་འབྱམས་ཀླས་མ་འགགས་ངང༔ བདེ་བ་ཆེན་པོར་ཧཱུྃ་ཧཱུྃ་ཧཱུྃ༔ ཧོ༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་རྡོ་རྗེ་བཞི་བདེན་མཐུས༔ བདག་ཅག་འཁོར་དང་བཅས་པ་ཀུན༔ གཏན་བདེའི་འབྲས་སྨིན་བཀྲ་ཤིས་ཤོག༔ དགེ་འདིས་མ་གྱུར་འགྲོ་བ་ཀུན༔ བླ་མེད་ས་ལ་མྱུར་ཕྱིན་ཤོག༔ སྣང་གྲགས་རིག་པའི་ཆོས་ཐམས་ཅད༔ ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ ཧཱུྃ་ཨ༔ མཐར་ནི་མི་དམིགས་རྒྱ་ཡིས་གདབ༔ འདིར་འབད་དངོས་གྲུབ་རྣམ་གཉིས་འཐོབ༔ མཁའ་འགྲོའི་ཚོགས་མཆོད་ཟབ་མོ་འདི༔ ལས་ཅན་བུ་ཡི་སྙིང་ལ་ཆོངས༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ༈ དེ་ནས་སྔོན་གྱི་ཐ་ཚིག་ཕྱིར༔ སྤྱང་ཞོན་མ་ལ་གཏོར་མ་འབུལ༔ ཐོད་པར་དམར་གཏོར་ཤས་བརྒྱན་བཤམ༔ བྱིན་རླབས་རོལ་མོ་དང་བཅས་ནས༔ བྷྱོ༔ དུར་ཁྲོད་འཇིགས་པའི་གནས་མཆོག་ནས༔ བུད་མེད་དམར་མོ་འཇིགས་པའི་གཟུགས༔ དམར་འཁྲུགས་མིག་བསྒྲད་མཆེ་བ་གཙིགས༔ ཁ་རླངས་དུག་གི་སྤྲིན་ནག་འཁྲིགས༔ གློག་དམར་ལྗགས་བརྐྱང་ཐོག་ཟེར་འཕྲོ༔ ང་རོ་འབྲུག་སྒྲོག་ངན་སྔགས་སྒྲ༔ ཉེས་བྱས་སྙིང་ལ་མཱ་ར་ཡ༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ༔ དུར་ཁྲོད་ཆས་གསོལ་འཇིགས་སུ་རུང༔ ཕྱག་གཡས་གྲི་གུག་རྣོ་ལྡན་འཕྱར༔ བསྟན་བཤིག་སྲོག་རྩ་རྦད་རྦད་གཅོད༔ གཡོན་པས་ཐོད་ཁྲག་གློ་སྙིང་བཀང༔ ཉམས་པའི་ཤ་ཁྲག་ཧབ་ཐོབ་འབྱོང༔ ལྕགས་སྤྱང་མགོ་དགུ་རླུང་ཤུགས་ཞོན༔ ཧེད་ཧེད་སྡང་བའི་དགྲ་ལ་བྷྱོ༔ མཆེད་འཁོར་སྤྲུལ་པ་ཡང་སྤྲུལ་ཚོགས༔ གར་བཞུགས་འབོད་པའི་གནས་འདིར་བྱོན༔ དམར་གྱི་མཆོད་གཏོར་འདི་བཞེས་ལ༔ རྡོ་རྗེ་ཕག་མོའི་བཀའ་བཞིན་སྒྲུབས༔ རིག་འཛིན་བརྒྱུད་པའི་དམ་བཞིན་སྲུངས༔ མཁའ་འགྲོ་སེང་གདོང་ཟབ་ཆོས་སྤེལ༔ སྲུང་མ་མཛོད་ལ་ཆོས་འདི་ཉིད༔ གཟུ་ལུམ་རས་ཆོད་དཀྲུགས་མཁན་སྒྲོལ༔ བདག་ལ་ལུས་དང་གྲིབ་བཞིན་འགྲོགས༔ སྡང་དགྲ་རྩད་ནས་མྱུར་དུ་ཆོད༔ ཚུལ་བཞིན་སྒྲུབ་པའི་སྲུང་མ་མཛོད༔ ལོ་ཀ་དྷཱ་ཀི་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ མཁའ་འགྲོ་སེང་གདོང་ཅུང་ཟད་ཀྱང༔ སུས་བསྒྲུབ་དེ་ཡིས་སྤྱང་ཞོན་ལ༔ གཏོར་མ་འབུལ་བ་ཤིན་ཏུ་གཅེས༔ དོར་ན་བཀའ་ཆད་མྱུར་དུ་ཡོང༔ སྔོན་གྱི་དམ་ཚིག་གཉན་ཡོད་ཕྱིར༔ ཟབ་ཆོས་འདི་ཡི་སྲུང་མ་འོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ རིག་འཛིན་རོལ་པའི་རྡོ་རྗེས་གཏེར་ནས་གདན་དྲངས་པ་ལགས།། །།

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་བརྟན་བཞུགས་ཀྱི་ཆོ་ག་བྱ་བའི་ཁྲིགས་རིམ་འཆི་མེད་གྲུབ་པའི་དགའ་སྟོན་ (Volume 20, Text 18)

༄༅། །འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་བརྟན་བཞུགས་ཀྱི་ཆོ་ག་བྱ་བའི་ཁྲིགས་རིམ་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ཨ་མཱ་ར་སིདྡྷི་རསྟུ། སྲིད་འདིར་གཡོན་ཅན་ཟླ་ཉིའི་འཕོ་བ་གང་། །བཙན་ཐབས་སྦྱོར་བས་བཅོམ་ནས་དྷཱུ་ཏིའི་དབྱིངས།།རང་དབང་བྱེད་པོ་འཆི་མེད་པདྨ་འབྱུང། །ཚེ་མཐའ་ཡས་པའི་མགོན་དེས་དགེ་བར་སྲུངས། །དེ་ཡང་སྲིད་པའི་མུན་པ་བཅོམ་ནས་ཕན་བདེའི་སྣང་བ་གཅིག་ཅར་དུ་སྟོན་པའི་མཆོག་གི་རྡོ་རྗེ་སློབ་དཔོན་ཉིད་བསྟན་འགྲོའི་ཉེར་འཚོར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཚུལ་འདི་ལ་བརྩོན་པ་ཆེ་ཐངས་སུ་བྱ་སྟེ། དེ་ཡང་ཟླ་བ་ཡར་གྱི་ངོའི་དུས་བཟང་པོ་ལ་གནས་ཁང་གི་སྟེང་ལོགས་རྣམས་མཛེས་པར་བརྒྱན། ཕུན་སུམ་ཚོགས་པའི་ཁྲི་དང་། རྟེན་གྱི་མཎྜལ། ཚེའི་རྫས། མཆོད་གཏོར། བཀྲ་ཤིས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་ཆས་ཐམས་ཅད་ཚོགས་པར་བྱས་ལ། སྐྱབས་སེམས་ནས་བཟུང་བདག་མདུན་བུམ་བཟླས་ཚོགས་མཆོད་བཅས་པ་ལས་བྱང་བཞིན་གྲུབ་ནས། གང་གསོལ་བ་འདེབས་བྱའི་སློབ་དཔོན་མངོན་པར་བཤམས་པའི་ཁྲི་ལ་བཞུགས་སུ་གསོལ་ཏེ། དང་པོར་བསུན་མ་རྣམས་ལ་འགལ་རྐྱེན་བཟློག་པའི་སླད་དུ་གླུད་དང་གཏོར་མ་བཤམས་པ་བསང་སྦྱང་། ཨོཾ་ཨཱཿཧཱུྃ། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ་ནམ་མཁའ་མཛོད་ཀྱི་རིག་པ་བརྗོད། ཀྱེ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། །ཐུགས་བདེ་ཆེན་གྱིས་རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིར་སྦར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་སུན་མ་ཟློག །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ནུབ་ཕྱོགས་སུ་ཕུལ་ལ། སློབ་དཔོན་གདན་ཁྲིར་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་སེང་ཁྲི་རྡོ་རྗེས་མཚན་པའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿལས་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། མཐོན་མཐིང་རལ་པའི་ཅོད་པན་ཅན་རིན་པོ་ཆེའི་དབུ་རྒྱན་སྙན་ཆ་གདུ་བུ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ལྷའི་དར་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་ཏུ་འཕྱང་བ། ཤིན་ཏུ་བཟང་པོའི་ངང་ཚུལ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་གསལ་བཏབ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དྭངས་མའི་འོད་ཟེར་ཉི་མ་འཆར་ཁ་ལྟ་བུར་བཀུག་ནས་ཐུགས་ཀར་ཐིམ་པར་བསམ་ལ། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་གསུམ་བདག་ཉིད་དབྱིངས་ནས་བཞེངས། །སྣང་སྲིད་ཀུན་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ཤར་གྱི་ཚེ་བདག་ལཱ་སྱེ་མ། །དཀར་མོ་ཚེ་ཡི་བུམ་པ་འཛིན། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ལྷོ་ཡི་ཚེ་བདག་མཱ་ལེ་མ། །སྔོན་མོ་ཚེ་ཡི་བུམ་པ་འཛིན། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ནུབ་ཀྱི་ཚེ་བདག་གཱིརྟི་མ། །དམར་མོ་ཚེ་ཡི་བུམ་པ་འཛིན། །ཀླུ་དབང་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །བྱང་གི་ཚེ་བདག་ནཱིརྟི་མ། །ལྗང་གུ་ཚེ་ཡི་བུམ་པ་འཛིན། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ཤར་ལྷོའི་ཚེ་བདག་དྷཱུ་པེ་མ། །དཀར་མོ་ཚེ་ཡི་བུམ་པ་འཛིན། །མེ་ལྷའི་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ལྷོ་ནུབ་ཚེ་བདག་པུཥྤེ་མ། །སེར་མོ་ཚེ་ཡི་བུམ་པ་འཛིན། །སྲིན་པོའི་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ནུབ་བྱང་ཚེ་བདག་ཨཱ་ལོ་ཀེ །དམར་མོ་ཚེ་ཡི་བུམ་པ་འཛིན། །རླུང་ལྷའི་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །བྱང་ཤར་ཚེ་བདག་གཱནྡྷེ་མ། །ལྗང་གུ་ཚེ་ཡི་བུམ་པ་འཛིན། །དབང་ལྡན་ལག་ནས་ཚེ་ཁུག་ལ། །དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ། །ཧཱུྃ། ཁྲག་གི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་ཆུ་ཡི་བཅུད་སྡུས་ལ། །མཱ་མ་ཀཱི་ཡིས་ཚེ་སྩོལ་ཅིག །མི་འགྱུར་མི་ཤིགས་བརྟན་པར་མཛོད། །ཤ་ཡི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་ས་ཡི་བཅུད་སྡུས་ལ། །སངས་རྒྱས་སྤྱན་མས་ཚེ་སྩོལ་ཅིག །མི་འགྱུར་མི་ཤིགས་བརྟན་པར་མཛོད། །དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་མེ་ཡི་བཅུད་སྡུས་ལ། །གོས་དཀར་མོ་ཡིས་ཚེ་སྩོལ་ཅིག །མི་འགྱུར་མི་ཤིགས་བརྟན་པར་མཛོད། །དབུགས་ཀྱི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་རླུང་གི་བཅུད་སྡུས་ལ། །དམ་ཚིག་སྒྲོལ་མས་ཚེ་སྩོལ་ཅིག །མི་འགྱུར་མི་ཤིགས་བརྟན་པར་མཛོད། །སེམས་ཀྱི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་ནམ་མཁའི་བཅུད་སྡུས་ལ། །དབྱིངས་ཕྱུག་མ་ཡིས་ཚེ་སྩོལ་ཅིག །མི་འགྱུར་མི་ཤིགས་བརྟན་པར་མཛོད། །ཅེས་གདུང་བའི་དབྱངས་ཀྱིས་བསྐུལ་ཞིང་མདའ་དར་གྱིས་གཡོབ། རོལ་མོའི་སྒྲ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་པའི་ཕྱིར། ཧྲཱིཿ འཁོར་འདས་ཀུན་གྱི་ཚེ་བཅུད་རྣམས། ལྷ་དང་སྒྲུབ་པའི་རྫས་ལ་ཐིམ། །དེ་ཡང་འོད་ཀྱི་རྣམ་པར་ནི། །ཐུགས་སྲོག་དྭངས་མའི་ཧྲཱིཿལ་བསྡུ། །དེ་ཉིད་བདག་ཐིམ་ཚེ་བཅུད་ཀྱི། །དྭངས་མ་འོད་ཀྱི་གོང་བུ་ཅན། །སྙིང་དབུས་ཉི་ཟླའི་ག་འུར་སྦ། །མི་ཤིགས་རྡོ་རྗེའི་ངོ་བོར་གྱུར། །ཞེས་བརྟན་པར་བྱས། དེ་ནས་ཚེ་བུམ་ཕྱག་ཏུ་ཕུལ་ལ། ཧྲཱིཿ ཕྱི་ནང་སྣོད་བཅུད་ཡོངས་རྫོགས་བུམ་པ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཡེ་ཤེས་ཆེ། །དེང་ཁྱོད་མི་ཤིགས་རྡོ་རྗེ་གསུམ་པོ་དང། །གཉིས་མེད་བདེ་བ་ཆེན་པོར་དབང་བསྐུར་རོ། །གཟུངས་སྔགས་བརྗོད། ཚེ་འབྲང་ཕུལ་ལ། ཧྲཱི༔ རིགས་འདུས་བདེ་གཤེགས་འཆི་མེད་ལྷ་ཚོགས་རྣམས༔ དབྱིངས་ནས་བརྩེར་དགོངས་རྗེ་བཙུན་བླ་མ་ལ༔ འཆི་མེད་བྱིན་རླབས་ཚེ་ཡི་དབང་བསྐུར་ནས༔ མི་གཡོ་རྡོ་རྗེ་གསུམ་དང་ལྡན་པར་ཤོག༔ གཟུངས་སྔགས་བརྗོད། ཚེའི་རིལ་བུ་ཕུལ་ལ། རྡོ་རྗེའི་བཅུད་ལྡན་འཆི་མེད་ཐབས་ཀྱི་རྫས༔ འདོད་ཡོན་མི་ཟད་འོད་ཟེར་སྣ་ལྔ་འཁྲུགས༔ རེག་མྱང་རྡོ་རྗེའི་སྐུ་འགྲུབ་རྫས་མཆོག་འདི༔ མྱང་བས་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ གཟུངས་སྔགས་བརྗོད། ཚེ་ཆང་ཕུལ་ལ། འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏ༔ རྩ་བརྒྱད་ལོ་འདབ་སྟོང་ལས་སྦྱར་བའི་སྨན༔ འཐུངས་པས་འཚོ་བའི་ཡིད་བཞིན་རྫས་མཆོག་འདི༔ མྱང་བས་ཨཱ་ཡུཿཚེ་ཡི་དབང་ཐོབ་ཤོག༔ གཟུངས་སྔགས་བརྗོད། ཚེ་མདའ་ཕུལ་ལ། ཧྲཱི༔ འཆི་མེད་སྲོག་རྟེན་ཡེ་ཤེས་ལྔ་དང་ལྡན༔ བདེ་གཤེགས་རྒྱལ་བས་བྱིན་བརླབས་ནུས་ལྡན་འདིས༔ རེག་པས་མི་མཐུན་མ་ལུས་ཞི་བ་དང༔ འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །མི་ཤིགས་གཡུང་དྲུང་ལྟ་བུར་བརྟན་གྱུར་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་གྱུར་ཅིག༔ གཟུངས་སྔགས་མཐར་བཛྲ་རཀྵ་ཏིཥྛ་ཞེས་རྒྱས་བཏབ། དེ་ལྟར་ཚེའི་རྫས་རྣམས་ཕུལ་བས་སྐུ་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །དེ་ནས་བཀྲ་ཤིས་པའི་རྫས་བརྒྱད་པོ་རིམ་པ་བཞིན་ཕྱག་ཏུ་ཕུལ་ལ་ཚིགས་སུ་བཅད་པ་རྣམས་བརྗོད། སླར་ཡང་དད་པའི་ལྷག་བསམ་རྩེ་གཅིག་པས། བརྟན་བཞུགས་ཀྱི་གསོལ་བ་ནན་ཏན་དུ་གདབ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་ཅིང་སྙན་པའི་རོལ་མོ་མེ་ཏོག་གི་སིལ་མ་འཐོར་བ་དང་བཅས་པས་བདེ་ལེགས་སུ་བྱའོ། །དེ་ནས་ཚོགས་ལྷག་ནས་བཟུང་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་བྱའོ། །ཞེས་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་བརྟན་བཞུགས་ཀྱི་ཆོ་ག་བྱ་བའི་ཁྲིགས་རིམ་འདི་ནི། ཨོ་རྒྱན་སྨིན་གྲོལ་གླིང་འདུས་ཚོགས་ཀྱིས་རྟེན་འབྱུང་གི་སྒོ་དང་པོར་ཕྱེ་བའི་སྐབས་འདི་ལྟར་གྱིས་ཞེས་བསྐུལ་བ་དང་། བསྟན་འཛིན་གྱི་སྐྱེས་ཆེན་མཐའ་དག་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་སླད་དུ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ས་གས་ཉ་བའི་དུས་བཟང་པོར་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་བཟང་པོའོ། །སརྦ་མངྒ་ལཾ།། །།

ཡོན་ཏན་བདུད་རྩིའི་མཆོག་ཏིག་ (Volume 30, Text 18)

༁ྃ༔ ཡོན་ཏན་བདུད་རྩིའི་མཆོག་ཏིག་བཞུགས༔ སློབ་དཔོན་བི་མ་ལའི་དགོངས་པའོ། ། བདེ་ཆེན་ཧེ་རུ་ཀ་ལ་འདུད༔ སྣོད་ནི་རང་བྱུང་ཡུམ་ལྔའི་ཀློང༔ བཅུད་ནི་ཕུང་ཁམས་རིགས་མཆོག་ལྔ༔ རྒྱུད་ནི་རྣམ་གྲོལ་ཡེ་ཤེས་དབྱིངས༔ དེ་ལྟར་སྣང་སྲིད་ཐམས་ཅད་ཀུན༔ གདོད་ནས་རང་བྱུང་བདུད་རྩི་ལྔ༔ མ་བཅོས་མ་བསླད་གཉུག་མའི་བབས༔ འཁོར་འདས་བརྟན་གཡོ་རིས་མེད་པ༔ དེ་བཞིན་གཤེགས་པའི་ཐིག་ལེར་བཞུགས༔ སྤང་བླང་མཚན་མ་དབྱིངས་སུ་ཟད༔ གཟུང་འཛིན་འཁྲུལ་པ་ཀ་ནས་དག༔ རང་གྲོལ་ཉིད་དུ་བུདྡྷ་འོ༔ ས་མ་ཡ༔ དེ་ལྟར་མངོན་དུ་མ་གྱུར་པའི༔ གདུལ་བྱ་རྡོ་རྗེའི་རིགས་ཅན་རྣམས༔ ཐབས་ཀྱི་རྣམ་པར་སྦྱོར་བའི་ཕྱིར༔ བདུད་རྩི་བཞི་ཡི་དགོངས་པ་བསྟན༔ ཆོས་ཀྱི་བདུད་རྩི་ཆེན་པོ་ནི༔ འཁོར་འདས་བརྟན་གཡོ་ཀུན་གྱི་སྲོག༔ འཕོ་འགྱུར་མེད་པ་གདོད་མའི་གཤིས༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ གཅིག་པུ་མ་ཡིན་ཀུན་ལ་ཁྱབ༔ དུ་མར་མི་གནས་དབྱིངས་སུ་འཁྱིལ༔ ཐིག་ལེ་བརྡལ་བ་ཆེན་པོ་ནི༔ སྲིད་ཞི་ཡོངས་དང་ཐབས་གཅིག་གོ༔ དེ་ལ་དོན་གྱི་བདུད་རྩི་ནི༔ ཡེ་ཤེས་ལྔ་ཡི་རོལ་པར་ཤར༔ ཉོན་མོངས་འཁྲུལ་པ་ཐམས་ཅད་ཀྱང༔ ཡེ་ཤེས་དབྱིངས་ལས་གཡོས་པ་མེད༔ འདོད་ལ་ཆགས་པའི་རྣམ་རྟོག་གི༔ རང་བཞིན་བདེ་སྟོང་འདུས་མ་བྱས༔ སོ་སོར་རྟོག་པའི་རིག་གདངས་རྩལ༔ སྐྱེ་འགག་མེད་པར་ཟང་ཐལ་ལེ༔ ཞེ་སྡང་གཏུམ་པོའི་གདུག་སེམས་ཀྱི༔ རང་བཞིན་འོད་གསལ་འདུས་མ་བྱས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཆེ༔ ཅིར་ཡང་འཆར་ཞིང་འབྱུང་བའི་གཞི༔ གཏི་མུག་འཐིབས་པོའི་མུན་པ་ཡི༔ རང་བཞིན་རིག་སྟོང་འདུས་མ་བྱས༔ ཆོས་ཀྱི་དབྱིངས་ཀྱི་ཐིག་ལེར་འཁྱིལ༔ མི་རྟོག་རང་བྱུང་དགོངས་པར་གནས༔ ང་རྒྱལ་ཁེངས་པ་ཆེན་པོའི་གཞི༔ རང་བཞིན་མྱོང་སྟོང་འདུས་མ་བྱས༔ མཉམ་པ་ཉིད་ཀྱི་ཕྱག་རྒྱར་བརྡལ༔ སྲིད་དང་ཞི་བ་གཉིས་སུ་མེད༔ ཕྲག་དོག་ཟུག་རྔུའི་གཡོ་བ་ཡི༔ རང་བཞིན་ཚོར་སྟོང་འདུས་མ་བྱས༔ བྱ་བ་གྲུབ་པའི་རྩལ་རྫོགས་པས༔ ཡོན་ཏན་ཡེ་ཤེས་ལྷུན་གྱིས་གྲུབ༔ རྒྱུད་དག་ཉོན་མོངས་ཡེ་ཤེས་ཀྱི༔ བདུད་རྩི་ཆེན་པོ་བླ་ན་མེད༔ རྟགས་སུ་ཕྱི་སྣོད་འཇིག་རྟེན་ཁམས༔ ས་དང་ཆུ་དང་མེ་དང་རླུང༔ ཀུན་གྱི་གོ་འབྱེད་ནམ་མཁའ་བཅས༔ སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་སྒྲོལ་མ་དབྱིངས་ཕྱུག་མ༔ ཡུམ་ཆེན་ལྔ་རུ་གདོད་ནས་དག༔ ནང་བཅུད་སེམས་ཅན་གཟུགས་ཚོར་བ༔ འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས༔ རྡོ་རྗེ་རྟག་པ་ཉི་མ་དང༔ པདྨ་གར་དབང་རྟ་མཆོག་དཔལ༔ ཧེ་རུ་ཀ་ལས་གཞན་མ་ཡིན༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ རོལ་པ་རྟགས་ཀྱི་བདུད་རྩི་འོ༔ དེ་ཉིད་མཚོན་པར་བྱ་བའི་ཕྱིར༔ རྫས་ཀྱི་བདུད་རྩི་ཆེན་པོ་ནི༔ དྲི་ཆེན་དྲི་ཆུ་ཁམས་དཀར་དམར༔ ཤ་ཆེན་དྭངས་མ་རྣམ་པ་ལྔ༔ ཤེས་རབ་ཡུམ་གྱི་རང་བཞིན་ཏེ༔ གླང་ཆེན་མྱུར་འགྲོ་རྨ་བྱ་ཁྱུང༔ སེང་གེའི་ཤ་ནི་ཐབས་ཀྱི་རྒྱན༔ སྐྱོབས་སུ་སྨན་གྱི་ཚོགས་སྦྱར་ཏེ༔ རང་བཞིན་མཉམ་པ་ཆེན་པོ་ཡི༔ བདེ་བ་མཆོག་གི་བདུད་རྩིར་བསྒྱུར༔ མཐོང་ཐོས་མྱོང་ཚོར་དྲན་པས་གྲོལ༔ བླ་ན་མེད་པའི་ཕྲིན་ལས་སོ༔ ས་མ་ཡ༔ དེ་ལྟ་བུ་ཡི་མན་ངག་ནི༔ ཉམས་སུ་ལེན་པའི་སྣོད་ཀྱི་ཐབས༔ རིམ་པ་དབང་གི་ཆོ་ག་ལ༔ དཀྱིལ་འཁོར་དབུས་སུ་མཚན་ལྡན་གྱི༔ བྷནྡྷ་ཁ་སྦྱོར་བདུད་རྩིས་གཏམས༔ དབང་རྟེན་རིགས་དང་ལྡན་པའི་ཡུམ༔ མཆོག་གི་རྫས་སུ་མཁས་པས་བཙལ༔ སློབ་དཔོན་བདག་ཉིད་ནུས་ལྡན་པའི༔ རྣལ་འབྱོར་གྲུབ་ནས་རྒྱུད་སྦྱངས་པའི༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་བསྲུང༔ མཎྜལ་དང་བཅས་གསོལ་བ་གདབ༔ ཧོ༔ གནམ་ཞལ་ཡུམ་གྱི་བདེ་བ་ཅན༔ ཁ་སྦྱོར་ཆེན་པོའི་ཧེ་རུ་ཀས༔ གསང་བ་མཆོག་གི་དགྱེས་པ་ན༔ རྡོ་རྗེའི་སློབ་མ་འཇུག་པར་འཚལ༔ སྐྱབས་སེམས་ཚོགས་གསག་སྡོམ་པ་སྦྱིན༔ ཡེ་ཤེས་དབབ་བརྟན་ནན་ཏན་བྱ༔ དེ་ནས་གསང་བུམ་སྤྱི་བོར་བཞག༔ ཧཱུྃ༔ སྣོད་ནི་རང་བྱུང་གཞལ་མེད་ཁང༔ བཅུད་ནི་དཔལ་ཆེན་ཧེ་རུ་ཀ༔ རྒྱུད་ནི་ཡེ་ཤེས་སྲོག་དང་ལྡན༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཀ་ལ་ཤ་ཀ་པཱ་ལ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ དབང་རྟེན་ཡུམ་དང་མཉམ་སྦྱར་བའི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྦྱིན༔ ཨཱ༔ སྣོད་ནི་མཚན་ལྡན་ཀ་པཱ་ལ༔ བཅུད་ནི་ཐབས་ཤེས་བྱང་ཆུབ་སེམས༔ རྒྱུད་ནི་བདེ་ཆེན་སྲོག་དང་ལྡན༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ བྷོ་དྷི་ཙིཏྟ་ཨ་མྲྀཏ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ དབང་རྟེན་སློབ་མ་ལག་སྦྲེལ་ཏེ༔ ཧཱུྃ༔ སྣོད་ནི་ཨེ་ཡིག་བྷ་གའི་དབྱིངས༔ བཅུད་ནི་ཝཾ་ཡིག་རྡོ་རྗེ་སྦྱར༔ རྒྱུད་ནི་དགའ་བཞིའི་སྲོག་ལྡན་པའི༔ བརྟུལ་ཞུགས་མཆོག་གི་གནས་ལ་རོལ༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཉིད་དོན་ལ་ངོ་སྤྲོད་གདབ༔ ཧོ༔ སྣོད་ནི་རྩ་གསུམ་འཁོར་ལོ་བཞི༔ བཅུད་ནི་ལུགས་ལྡོག་ཐིག་ལེའི་འགྲོས༔ རྒྱུད་ནི་ལྷན་སྐྱེས་སྲོག་ལྡན་པའི༔ གདོད་མའི་གནས་ལུགས་རྟོགས་པར་གྱིས༔ ཛྙཱ་ན་དྷཱ་ཏུ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ མཐའ་རྟེན་རྗེས་སུ་གནང་བ་ལ༔ སྐུ་བསྟིམ་སྔགས་གཏད་དོན་ངོ་སྤྲད༔ ཨོཾ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཁྲག་འཐུང་ཆེན་པོའི་ཕྱག་རྒྱར་རྫོགས༔ དཔལ་ཆེན་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ དུས་སྦྱོར་བཅུ་གཉིས་གནས་དག་པའི༔ མི་ཤིགས་རྡོ་རྗེ་ནཱ་དའི་སྒྲ༔ ཁྲག་འཐུང་འདུས་པའི་གསང་སྔགས་ཀྱིས༔ དཔལ་ཆེན་གསུང་གི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ དབྱིངས་རིག་ཟུང་འཇུག་དགོངས་པ་ཡིས༔ དཔལ་ཆེན་ཐུགས་ཀྱི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྒྱན་ཆས་མངའ་གསོལ་བྱ༔ སྭཱ༔ དཔལ་ཆེན་རྣམས་དང་སྤྱོད་ཡུལ་གཅིག༔ དུར་ཁྲོད་གསང་མཆོག་གནས་ལ་རོལ༔ ལྷུན་གྲུབ་ཡོན་ཏན་ཡོངས་རྫོགས་ཕྱིར༔ ལོངས་སྤྱོད་ཆེན་པོས་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་འགྲོ་བ་འདུལ་བའི་ཕྱིར༔ ཡོངས་རྫོགས་བདུད་རྩིའི་རྗེས་གནང་བྱ༔ ཧཱ༔ གསང་བ་མཆོག་གི་བྷ་གའི་དབྱིངས༔ དེ་བཞིན་གཤེགས་ཀུན་རྟག་ཏུ་བཞུགས༔ ཐར་པ་ཆེན་པོའི་དཀྱིལ་འཁོར་གྱིས༔ སྒྲུབ་པའི་གཞི་རུ་དབང་བསྐུར་རོ༔ མཎྜལ་ཨ་བྷཱི་ཥིཉྩ་ཧཱུྃ༔ ཧཱ༔ སྒྲུབ་པའི་དམ་རྫས་རྨད་བྱུང་བ༔ དེ་བཞིན་གཤེགས་པ་རིགས་ལྔའི་དངོས༔ བདེ་ཆེན་འབར་བའི་སྟོབས་རྫོགས་ཕྱིར༔ ཤ་ཆེན་ལྔ་ཡིས་དབང་བསྐུར་རོ༔ མ་ཧཱ་བཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ རང་བྱུང་བྱང་ཆུབ་མཆོག་གི་རྒྱུན༔ ཉོན་མོངས་གདུང་བ་ཀུན་སེལ་ཞིང༔ ཡང་དག་ཡེ་ཤེས་སྣང་བ་འཕེལ༔ སྒྲོན་མ་ལྔ་ཡིས་དབང་བསྐུར་རོ༔ མ་ཧཱ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ སྣང་སྲིད་སྣོད་བཅུད་དྭངས་མ་ཀུན༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ བླ་ན་མེད་པའི་དམ་ཚིག་མཆོག༔ ཡོངས་རྫོགས་སྨན་གྱིས་དབང་བསྐུར་རོ༔ མ་ཧཱ་སུ་ར་ཏཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་བཏག་བཙག་སྦོལ་བ་དང༔ ཕབས་དང་སྦྱར་བས་མཚན་པ་ཡི༔ ཉེ་བར་སྤྱོད་པས་དབང་བསྐུར་རོ༔ མ་ཧཱ་ཙཱརྻ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ རང་བྱུང་བྷནྡྷ་སྣོད་ཀྱི་མཆོག༔ དབུ་རྒྱན་དར་དཔྱང་ལོངས་སྤྱོད་ཆེ༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་བཅས༔ བདུད་རྩིའི་རྒྱན་གྱིས་དབང་བསྐུར་རོ༔ མ་ཧཱ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ མ་འཁྲུལ་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མར་མེས་གཏམས༔ བདེ་དྲོད་རབ་ཏུ་འབར་བའི་དབྱིག༔ རྟེན་འབྲེལ་རྫས་ཀྱིས་དབང་བསྐུར་རོ༔ མ་ཧཱ་དཱིཔ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་ཀུན་གྱི་ཧེ་རུ་ཀ༔ ཡབ་ཡུམ་སྦྱོར་བ་བརྒྱད་ལྡན་པས༔ དམ་ཡེ་དབྱེར་མེད་བདུད་རྩིའི་མཆོག༔ མྱོང་གྲོལ་ཆེན་པོས་དབང་བསྐུར་རོ༔ མ་ཧཱ་ར་སཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གླུ་དང་གར་དང་རོལ་མོ་དང༔ བཀྲ་ཤིས་དུ་མས་མཐའ་བརྒྱན་ཅིང༔ དམ་ཚིག་གནས་ལ་ནན་ཏན་གདམས༔ བུས་ཀྱང་ཁས་བླང་གཏང་རག་འབུལ༔ བདུད་རྩི་ཡོངས་རྫོགས་དབང་མཆོག་གོ༔ ས་མ་ཡ༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ ཕྱི་ནང་བྱ་བ་ཀུན་བཏང་ལ༔ ཤིན་ཏུ་དབེན་པའི་སྒྲུབ་གནས་སུ༔ སྒོ་གསུམ་མཉམ་གཞག་བསྒྲུབ་པར་བྱ༔ དལ་དང་འབྱོར་པ་རྙེད་དཀའ་ཞིང༔ ཕུན་སུམ་ཚོགས་ཀྱང་མྱུར་དུ་འཇིག༔ འཁོར་བ་གར་སྐྱེས་སྡུག་བསྔལ་གཞི༔ དཀར་ནག་ལས་འབྲས་བསླུ་བ་མེད༔ དེ་ཤེས་ཐར་པ་སྒྲུབ་པའི་ཕྱིར༔ གསུམ་ལ་སྐྱབས་སུ་འགྲོ་བ་དང༔ བླ་མེད་བྱང་ཆུབ་སེམས་བསྐྱེད་ནས༔ བླ་མ་མཆོག་ལ་གསོལ་བ་གདབ༔ ཚོགས་གསག་སྒྲིབ་སྦྱང་ནན་ཏན་བྱ༔ དེ་ནས་བླ་མ་རང་ལ་བསྟིམ༔ དབྱེར་མེད་མ་བཅོས་ལྷུག་པའི་ངང༔ ཐོག་མར་ལྟ་བ་གཏན་ལ་དབབ༔ འདི་ལྟར་ཕྱི་རོལ་སྣང་བའི་ཆོས༔ རང་གི་སེམས་ལས་གཞན་མ་ཡིན༔ ཐམས་ཅད་རྨི་ལམ་སྒྱུ་མ་བཞིན༔ རང་བཞིན་མ་གྲུབ་ངོ་བོས་སྟོང༔ སེམས་ཀྱང་མ་སྐྱེས་རིག་པའི་གཤིས༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ གདོད་ནས་སྟོང་པ་ཆེན་པོའི་བབས༔ སངས་རྒྱས་སེམས་ཅན་གཉིས་སུ་མེད༔ སྣོད་ནི་རང་བྱུང་ཡུམ་ལྔའི་མཁའ༔ བཅུད་ནི་ལྷུན་གྲུབ་རིགས་ལྔའི་ཀློང༔ རྒྱུད་ནི་ཡེ་ཤེས་ལྔ་ཡི་དབྱིངས༔ དོན་གྱི་བདུད་རྩི་རྣམ་པ་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ བླང་དོར་མེད་པར་ངེས་རྙེད་ན༔ འཁོར་འདས་གཉིས་སུ་མེད་པ་ཡི༔ ཆོས་ཀྱི་བདུད་རྩི་བླ་ན་མེད༔ ལྟ་བ་མངོན་དུ་རྟོགས་པ་འོ༔ ས་མ་ཡ༔ དེ་ཉིད་ལམ་དུ་བྱ་བའི་ཕྱིར༔ རྟགས་ཀྱི་བདུད་རྩི་བསྒོམ་པ་ནི༔ སྣང་བ་ལྷ་དང་གཞལ་ཡས་སུ༔ བསྐྱེད་པའི་རིམ་པ་འདི་ལྟར་བརྟག༔ ཨ༔ སྣང་སྲིད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་ཉིད༔ འགག་མེད་རྟགས་ཀྱི་བདུད་རྩི་ནི༔ ཀུན་སྣང་བྱང་ཆུབ་སེམས་སུ་ཤར༔ དེ་ལས་རྒྱུ་ཡི་ཡི་གེ་ཨ༔ བདུད་རྩིའི་ཐིག་ལེ་དཀྱིལ་དུ་འཁྱིལ༔ ཨ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་ཐམས་ཅད་སྟོང༔ སྟོང་གསལ་འདུས་མ་བྱས་པའི་ངང༔ སྣོད་ནི་རིགས་ཡུམ་ལྔ་ཡི་དབྱིངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་རོལ་པའི་བཀོད་པ་རྫོགས༔ དེ་དབུས་པད་ཟླ་ཉི་མ་དང༔ དྲེགས་པ་ཁྱོ་ཤུག་བསྣོལ་བའི་སྟེང༔ རང་རིག་བཛྲ་ཧེ་རུ་ཀ༔ སྲིད་ཞིའི་སྤྱི་དཔལ་ཆེ་བའི་མཆོག༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་བརྒྱད་བཅུ་དྲུག་ཕྱག་དང་ལྡན༔ གཡས་བརྒྱད་རྟོག་ཚོགས་ཐམས་ཅད་ཀུན༔ ཆོས་དང་དོན་གྱི་བདུད་རྩིའི་དབྱིངས༔ འཇོམས་བྱེད་རྡོ་རྗེ་རྩེ་དགུ་སྟེ༔ གཡོན་པ་རྟགས་དང་དམ་ཚིག་གི༔ རྫས་ཀྱི་བདུད་རྩིས་ཐ་མལ་གྱི༔ སྣང་ཞེན་སྦྱངས་པའི་བདུད་རྩིའི་བཅུད༔ མཚན་ལྡན་བྷནྡྷའི་སྣོད་དུ་གཏམས༔ དབྱིངས་ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ ཁ་ཊྭཱཾ་ཐོད་པ་བསྣམས་པས་འཁྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ ཡོན་ཏན་ཡོངས་རྫོགས་རྒྱན་དུ་གསོལ༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ མཁའ་གསང་ལས་སྤྲོས་བྱང་ཆུབ་སེམས༔ ཐིག་ལེ་ཧཱུྃ་གི་སྒྲར་བཅས་པས༔ ཡེ་ཤེས་བརྒྱད་ཀྱི་དཔལ་ཆེན་པོ༔ རིགས་ཀྱི་ཁ་དོག་རྣམ་པར་གསལ༔ ཀུན་ཀྱང་རྡོ་རྗེ་དུང་ཁྲག་བསྣམས༔ རང་འོད་ཡུམ་འཁྱུད་གཟི་བྱིན་འབར༔ ཀེ་སེང་སྒོ་མ་དབང་ཕྱུག་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་འགགས་རང་སྣང་རོལ་པར་གསལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ པདྨར་རྡོ་རྗེ་ལྡན་བྱས་པའི༔ སྙོམས་པར་ཞུགས་པའི་བདེ་བ་ཆེས༔ གསང་གསུམ་རྡོ་རྗེའི་སྲོག་ཏུ་གྲུབ༔ ཡེ་ཤེས་དབང་བསྐུར་ཡོངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སྙོམས་འཇུག་རང་སྒྲ་གསང་བའི་སྔགས༔ ཨ་ཧཾ་རྡོ་རྗེའི་གླུ་ཆེན་པོས༔ རང་བཞིན་མཉམ་པ་ཆེན་པོ་ན༔ རོལ་པའི་ལྷ་ཚོགས་སྤྱན་དྲངས་བསམ༔ སྤྱན་འདྲེན་ལ་སོགས་ལས་ཀྱི་རིམ༔ ཇི་ལྟར་རིགས་པས་མཚམས་སྦྱར་ནས༔ ཐུགས་ཀའི་མི་ཤིགས་ཐིག་ལེ་ལ༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ འོད་ཟེར་འཇའ་ཚོན་ལྟ་བུའི་སྤྲིན༔ སྣོད་བཅུད་རྒྱུད་རྣམས་ཀུན་ལ་ཁྱབ༔ གཞལ་མེད་ཁང་དང་དཔལ་ཆེན་ལྷ༔ ཡེ་ཤེས་སྲོག་དང་ལྡན་པར་བལྟ༔ གསལ་སྣང་ཆུ་ཟླ་ལྟ་བུ་ལ༔ ཡིད་མིག་རླུང་གསུམ་མི་གཡོ་གཏད༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དངོས་ཡིན་སྙམ་དུ་ང་རྒྱལ་བརྟན༔ ཆོས་སྐུ་མཉམ་པ་ཆེན་པོའི་གདངས༔ གཟུགས་ཀྱི་རྣམ་པར་ཤར་བ་སྟེ༔ ཞལ་བརྒྱད་ཡེ་ཤེས་ཆེན་པོ་བརྒྱད༔ ཕྱག་ནི་བཅུ་དྲུག་དགའ་བ་ཉིད༔ སྟོང་ཉིད་བརྒྱད་་་་རྒྱུ་འབྲས་ཀྱི་དགའ་བ་བརྒྱད་ཡུལ་སྟོང་པ་བརྒྱད།ནི་རྡོ་རྗེ་སྟེ༔ བདེ་བ་བརྒྱད་ནི་བདུད་རྩིའི་ཐོད༔ ཟུང་འཇུག་ཤེས་རབ་མ་དང་འཁྲིལ༔ དབུ་རེར་ཡེ་ཤེས་རེ་རེ་ལ༔ རྣམ་ཐར་གསུམ་གྱི་སྤྱན་དང་ལྡན༔ དབུ་སྐྲ་གྱེན་བརྫེས་ཡེ་ཤེས་འབར༔ ཞབས་བཞི་རྫུ་འཕྲུལ་རྐང་པའི་སྟབས༔ སྲིད་ཞིའི་སྤྱི་དཔལ་ཆེར་རྔམས་ཁྲིར༔ པདྨ་ཉི་ཟླ་དྲེགས་པའི་སྟེང༔ འོད་གསལ་རྟོག་པའི་མེ་ཕུང་དབུས༔ ཐེག་དགུའི་གར་གྱི་རོལ་པས་འགྱིངས༔ དེ་ལྟར་དག་པ་དྲན་པར་བྱ༔ རེས་འགའ་ལྷ་སྐུའི་གསལ་སྣང་བསྐྱེད༔ རེས་འགའ་ཁ་སྦྱོར་རླུང་གིས་བརྟན༔ རེས་འགའ་རང་རིག་གཉུག་མར་སྦྱངས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི༔ ཏིང་འཛིན་ཉམས་ལྔ་རྫོགས་པ་དང༔ ཡུལ་གསུམ་གསལ་བར་གྱུར་པ་ན༔ ཁྲག་འཐུང་ཆེན་པོ་ཉིད་དང་མཇལ༔ མི་རྟོག་སེམས་ལུས་ལྷ་སྐུར་སྨིན༔ ཕྱག་རྒྱའི་རིགས་ལས་ལྷུན་གྱིས་གྲུབ༔ རྡོ་རྗེ་འཆང་གི་གདུང་འཛིན་ནོ༔ ཡན་ལག་སྔགས་ཀྱི་གཟེར་གདབ་པ༔ ཁྲག་འཐུང་ཆེན་པོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང༔ མཐིང་གསལ་བཟང་མོ་ཡུམ་དང་སྦྱོར༔ ཡབ་ཀྱི་ཐུགས་ཀར་ཉི་གདན་ལ༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ འབྱུང་འཇུག་གནས་གསུམ་རླུང་སྔགས་དང༔ ཨོཾ་ཨཱཿཧཱུྃ་གི་བཟླས་པ་བྱ༔ དེས་སྐྱོ་དམིགས་པའི་འཕྲོ་འདུ་ནི༔ ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ ནམ་མཁའ་གང་བའི་སྐུ་དང་སྔགས༔ འོད་ཟེར་འཁོར་འདས་ཀུན་ཏུ་ཁྱབ༔ དུས་གསུམ་རྒྱལ་བའི་ཐུགས་དམ་བསྐང༔ མ་མོ་མཁའ་འགྲོ་ལས་ལ་བསྐུལ༔ ཆོས་སྐྱོང་དྲེགས་པ་དམ་ལ་གཟིར༔ སྡེ་བརྒྱད་འབྱུང་པོ་སྤ་བཀོང་ཞིང༔ འགྲོ་ཀུན་དཔལ་ཆེན་གོ་འཕང་བཀོད༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ ཡེ་ཤེས་ལྔ་ལྡན་བདུད་རྩིར་བཀུག༔ མི་ཤིགས་ས་བོན་ཧཱུྃ་ལ་ཐིམ༔ བྱིན་རླབས་ནུས་སྟོབས་གཟི་མདངས་བསྐྱེད༔ སྣོད་བཅུད་རྒྱུད་རྣམས་ཡོངས་དག་པ༔ ཆོས་ཀྱི་བདུད་རྩི་མངོན་གྱུར་ནས༔ དོན་གྱི་ཡེ་ཤེས་རང་ཤར་བསམ༔ སྔགས་ཀྱི་སྐྱོན་བཅུ་སྤངས་ལ་བཟླ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ ཞེས་བཟླས་བདུན་ཕྲག་གསུམ་གྱི་མཐར༔ དངོས་གྲུབ་གསོལ་ཞིང་དབང་ཡང་བླང༔་་་འདིའི་ཞི་བར་བསྙེན་སྔགས་འབྲུ་གསུམ་ཁྲི་ཕྲག །གཙོ་བོ་ཡབ་ཡུམ་གྱི་ཉེ་བསྙེན། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ འབུམ་ཕྲག་བཞི། ཡོངས་རྫོགས་སྒྲུབ་སྔགས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག །ལས་སྦྱོར་སྒྲུབ་ཆེན། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ འབུམ་ཕྲག་གཅིག་བཟླ་བ་གྲངས་བསྙེན་དཀྱུས་ཙམ་མོ། །མཆན། དེ་ལྟར་ལན་གསུམ་བསྐྱར་བ་ལས༔ ཧེ་རུ་ཀ་དང་མཚུངས་པ་ཡི༔ དངོས་གྲུབ་རྣམ་གཉིས་དབང་དུ་འགྱུར༔ ས་མ་ཡ༔ དེ་ལས་ཡེ་ཤེས་ཆེ་ཐོབ་ཕྱིར༔ དོན་གྱི་བདུད་རྩིའི་རྣལ་འབྱོར་ཏེ༔ མེ་ཁམས་འདུ་ཤེས་ཕུང་པོ་དང༔ འདོད་ཆགས་ལམ་དུ་བྱ་བའི་ཕྱིར༔ རྒྱུ་དང་འབྲས་བུའི་འབར་འཛག་གི༔ བདེ་སྟོང་ཆེན་པོའི་རྣལ་འབྱོར་ནི༔ རྩ་སྦྱོང་རླུང་གཅུན་ཐིག་ལེ་འབེབ༔ ཞུ་བདེ་མི་རྟོག་ཡེ་ཤེས་བསྐྱེད༔ ལུས་ཁམས་བྱང་སེམས་ཨ་མྲྀཏས༔ འཆི་བ་མེད་པའི་སྲོག་འགྲུབ་བོ༔ དེ་ལ་ལུས་ཀྱི་འཕྲུལ་འཁོར་ནི༔ རླུང་རོ་བསལ་ཞིང་རླུང་དུག་དབྱུང༔ རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ དྭངས་གསལ་སྙོག་མེད་འཇའ་ཤེལ་བཞིན༔ རྩ་གསུམ་འཁོར་ལོ་བརྒྱད་དང་བཅས༔ སྟོང་ར་འོད་ཀྱི་རང་བཞིན་བསྒོམ༔ མགོ་བོ་བསྒྱུར་ཞིང་ཡན་ལག་སྤྲུགས༔ འཕར་དང་བརྡེག་དང་ཆུན་བཙལ་ལ༔ རླུང་གནད་རྡོ་རྗེའི་བཟླས་པ་ནི༔ རྒྱུ་བ་གསལ་བའི་བར་དུ་བསླབ༔ ཁྱད་པར་སྤྱི་མགྲིན་སྙིང་ལྟེ་གསང༔ གཙུག་ཏོར་གཡས་གཡོན་བརླ་དཀྱིལ་དུ༔ ཐིག་ལེ་སེར་དམར་མཐིང་ག་སྨུག༔ སྔོན་པོ་སྣ་ཚོགས་འོད་ལྔའི་མདངས༔ འཇའ་ཚོན་ཟླུམ་འཁྱིལ་ལྟ་བུའི་དབུས༔ སྒྲུབ་སྡེ་བརྒྱད་ཀྱི་ཚོམ་བུ་གསལ༔ དེ་ཉིད་ཁོ་ནར་སེམས་བཟུང་སྟེ༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ ཐམས་ཅད་འཇའ་ཚོན་དྭངས་མར་ཡལ༔ ཙ་ན་ཀ་ཡི་ཚད་ཙམ་པའི༔ མི་ཤིགས་ཐིག་ལེ་རེ་རེ་བསམ རླུང་རོ་བསལ་ཞིང་སྟེང་འོག་རླུང༔ ནར་གྱིས་དྲངས་ཏེ་འཁོར་ལོའི་དབུས༔ ཐིག་ལེ་སོ་སོར་བསྟིམ་བྱས་ལ༔ ལྟེ་བ་ནས་བརྩམ་བུམ་ཆེན་བཟུང༔ མི་ཐུབ་གཞིལ་ཞིང་དཀྲུགས་པ་ནི༔ མཐར་ནི་མདའ་ལྟར་འཕང་བར་བྱ༔ དེ་གོམས་ཀུན་རྫོབ་བྱང་སེམས་ཀྱི༔ བཞུ་བཏུལ་ནང་གི་བསྲེག་བླུགས་ནི༔ ལྟེ་བའི་གནམ་ཞལ་འབར་བའི་མེས༔ འཁོར་ལོའི་ལྷ་རྣམས་བདེ་དྲོད་བསྐུལ༔ མཐར་ནི་སྤྱི་བོའི་ཧེ་རུ་ཀ༔ ཡབ་ཡུམ་སྦྱོར་བའི་མཁའ་ནས་ཞུགས༔ མི་ཤིགས་ཐིག་ལེ་བདུད་རྩིར་འཇུག༔ བདེ་དྲོད་རང་འབར་འོད་ཟེར་སྤྲིན༔ འཁོར་ལོ་བརྒྱད་དུ་ཞུགས་ཤིང་ཁྱབ༔ ཀུན་ཀྱང་རྗེས་ཆགས་སྦྱོར་བ་ཡིས༔ སྣང་བའི་དངོས་ཀུན་དབྱིངས་སུ་ནུབ༔ བདེ་སྟོང་ཟུང་འཇུག་གཉུག་མར་ཐིམ༔ འདུ་འབྲལ་མེད་པའི་དོན་ལ་བལྟ༔ དེ་ལྟར་ཡང་ཡང་གོམས་པ་ཡིས༔ ཐིག་ལེ་དབབ་ལྡོག་ལས་རུང་ཚེ༔ ཡིད་ཀྱི་ཕྱག་རྒྱའི་རེག་བྱ་དང༔ དེ་གོམས་དངོས་ཀྱི་རིག་མ་ནི༔ འདོད་པའི་སྒྱུ་རྩལ་རབ་མཁས་ཤིང༔ གཟུགས་དང་ལང་ཚོས་རྣམ་པར་བརྒྱན༔ ཁྱད་པར་དད་དང་སྙིང་རྗེ་ཆེ༔ དམ་ཚིག་ཐུབ་ཅིང་བློ་ཆེ་ཞིང༔ སྒྲུབ་པ་པོ་ལ་སྙིང་ཉེ་བ༔ དབང་བསྐུར་རྡོ་རྗེ་ཡལ་གམ་བརྟན༔ ཟུངས་ཐུབ་བརྟན་པར་གྱུར་པ་ན༔ ཚོགས་དྲུག་ཡུལ་གྱི་བདུད་རྩི་བསྟེན༔ ཁྱད་པར་གསང་བའི་རེག་བྱ་སྤྲད༔ གསལ་བ་གསུམ་ལྡན་ཏིང་འཛིན་དང༔ ཁ་སྦྱོར་གསུམ་ལ་མཉམ་གནས་པས༔ དགའ་བ་གསུམ་པོ་རིམ་བཞིན་དབབ༔ བཞི་པ་ལྷན་སྐྱེས་བདེ་བའི་ངང༔ ཡུན་རིང་སེམས་བཟུང་དབབ་ལྡོག་དགྲམ༔ ཉམས་མྱོང་དེ་ཡིས་ཡུལ་ཅན་དང༔ ཡུལ་ཀུན་བདེ་སྟོང་ཕྱག་རྒྱས་གདབ༔ དང་པོར་ཚོར་བ་བདེ་བ་སྟེ༔ བར་དུ་ཟག་པ་མེད་པའི་བདེ༔ ཐ་མ་བདེ་བས་ཐབས་བྱས་པའི༔ སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་ཤར༔ དེ་ཚེ་འདོད་ལ་ཆགས་པའི་བདུད༔ བདེ་བ་ཆེན་པོའི་རྩིས་ཐེབས་པས༔ སོར་རྟོག་ཡེ་ཤེས་རང་ཤར་ན༔ བདེ་སྟོང་ཟུང་དུ་འཇུག་པ་ཡི༔ འབྲས་བུ་མངོན་དུ་གྱུར་པ་འོ༔ ས་མ་ཡ༔ མཁའ་ཁམས་རྣམ་ཤེས་ཕུང་པོ་དང༔ ཞེ་སྡང་ལམ་དུ་བྱ་བའི་ཕྱིར༔ གསལ་སྟོང་ཟུང་དུ་འཇུག་པ་ཡི༔ སྒྱུ་མ་ལྟ་བུའི་རྣལ་འབྱོར་ནི༔ ཉིན་པར་སྣང་བ་ཐམས་ཅད་ཀུན༔ གློ་བུར་ཐུག་ཕྲད་ཕྱག་རྒྱའི་གཟུགས༔ སྒྱུ་མ་ལྟར་གསལ་དབྱིངས་སུ་བསྡུ༔ ཁྱད་པར་བདེ་སྟོང་ལྷ་ཡི་སྐུ༔ རང་ཤར་སྒྱུ་འཕྲུལ་དྲྭ་བར་སྦྱངས༔ སྐད་ཅིག་གཅིག་གི་ཏིང་འཛིན་གྱིས༔ དྭངས་པའི་མཁའ་ལ་འཇའ་ཤར་ལྟར༔ རླུང་སེམས་ལྷ་སྐུར་ལྡང་ནུས་ན༔ མཚན་མོ་རྨི་ལམ་ལྷ་སྐུར་བལྟ༔ དེ་གོམས་ཉིན་མཚན་ཐམས་ཅད་དུ༔ དཔེ་དོན་ཟུང་འཇུག་སྒྱུ་མའི་ལུས༔ ཐོབ་ནས་གློ་བུར་ཕུང་པོའི་བདུད༔ སྒྱུ་མའི་རྩི་ཡིས་རབ་སྦྱར་བས༔ ཅིར་སྣང་ལྷ་དང་ཡེ་ཤེས་དབྱིངས༔ དོན་གྱི་བདུད་རྩི་མངོན་དུ་འགྱུར༔ ཁྱད་པར་ངར་འཛིན་བརྟས་པ་ལས༔ བྱུང་བའི་ཡུལ་རྐྱེན་བདུད་དང་དགྲ༔ རིག་པ་ཧཱུྃ་གི་ལྕགས་ཀྱུས་དགུག༔ མདུན་དུ་གསལ་བར་སྣང་བ་དང༔ སྒྱུ་མ་ལྟ་བུའི་ལྷ་སྐུར་བསྒྱུར༔ དེ་ཉིད་རང་ཐིམ་གཉིས་མེད་ངང༔ ལྷ་སྐུ་སྒྱུ་མའི་ང་རྒྱལ་བཟུང༔ སྒྲོལ་བ་ལམ་དུ་ལོངས་པར་རྟོགས༔ རང་ཉིད་བཛྲ་ཧེ་རུ་ཀའི༔ ཐུགས་དབུས་ཨ་བ་དྷཱུ་ཏིའི་སྦུབས༔ དྭངས་མ་བདུད་རྩི་ལྔ་འདུས་པ༔ མི་ཤིགས་ཐིག་ལེར་སེམས་བཟུང་ནས༔ འཇའ་ཚོན་ལྟ་བུའི་འོད་ཟེར་སྤྲིན༔ རོ་རྐྱང་ལམ་བརྒྱུད་སྣོད་བཅུད་ཁྱབ༔ བརྟན་གཡོའི་ཐ་མལ་སྣང་ཞེན་སྦྱངས༔ བདེ་ཆེན་བཞུ་བརྟུལ་བདུད་རྩིའི་རྒྱུན༔ འོད་ཟེར་དང་བཅས་སྙིང་དབུས་ཐིམ༔ དེ་ལ་རྩེ་གཅིག་སེམས་བཟུང་ནས༔ བུམ་ཅན་སྦྱོར་བས་བརྟན་པར་བྱ༔ སྣང་བཅས་སྣང་མེད་གང་རུང་བས༔ འོད་གསལ་གཉུག་མའི་དབྱིངས་སུ་འཇུག༔ དེ་ལྟར་ཡང་ཡང་གོམས་པ་ལས༔ རྟགས་དང་རྟགས་ཅན་འོད་གསལ་འཆར༔ དེ་ཚེ་ཞེ་སྡང་རྩུབ་པའི་བདུད༔ སྒྱུ་མ་ལྟ་བུའི་རྩིས་ཐེབས་པས༔ མེ་ལོང་ཡེ་ཤེས་རང་ཤར་ནས༔ སྣང་སྟོང་ཟུང་འཇུག་མངོན་དུ་འགྱུར༔ ས་མ་ཡ༔ ས་ཁམས་གཟུགས་ཀྱི་ཕུང་པོ་དང༔ གཏི་མུག་ལམ་དུ་བྱ་བའི་ཕྱིར༔ རིག་སྟོང་ཟུང་དུ་འཇུག་པ་ཡི༔ འོད་གསལ་ཆེན་པོའི་རྣལ་འབྱོར་ནི༔ གཉིད་དུས་སྟོང་བཞིའི་ཉམས་མྱོང་དང༔ བསྲེས་ཏེ་དཔེ་དོན་མངོན་དུ་བྱ༔ དེ་ཚེ་གཏི་མུག་འཐིབ་བུའི་བདུད༔ འོད་གསལ་ཆེན་པོའི་རྩིས་ཐེབས་པས༔ ཆོས་དབྱིངས་ཡེ་ཤེས་རང་ཤར་བས༔ རིག་སྟོང་ཟུང་འཇུག་མངོན་དུ་འགྱུར༔ ས་མ་ཡ༔ ཆུ་ཁམས་ཚོར་བའི་ཕུང་པོ་དང༔ ང་རྒྱལ་ལམ་དུ་བྱ་བའི་ཕྱིར༔ མྱོང་སྟོང་ཟུང་དུ་འཇུག་པ་ཡི༔ གེགས་སེལ་རྨི་ལམ་རྣལ་འབྱོར་ནི༔ ཉིན་པར་སྣང་བ་ཐམས་ཅད་ཀུན༔ རྨི་ལམ་སྒྱུ་མ་ལྟ་བུར་བལྟ༔ ང་རྒྱལ་བདེན་འཛིན་མདུད་པ་བཤིག༔ ཉིན་དུས་སྙིང་གའི་ཐིག་ལེ་ལས༔ འོད་འཕྲོས་མགྲིན་པའི་ནང་ཀུན་ཁེངས༔ རྨི་ལམ་གཟུགས་བརྙན་སྣ་ཚོགས་པ༔ གསལ་ཞིང་སྤྲོ་བསྡུ་ཡང་ཡང་བྱ༔ དེ་ལ་སེམས་བཟུང་འཛིན་མེད་བཞག༔ ཡང་ཡང་གོམས་པ་བརྟན་པ་ལས༔ རྨི་ལམ་ངོས་ཟིན་སྒྱུ་མར་འཆར༔ སྦྱོང་སྤེལ་སྤྲུལ་བསྒྱུར་ཅི་ཡང་བྱ༔ དེ་ཚེ་ང་རྒྱལ་ཁེངས་པའི་བདུད༔ རྨི་ལམ་ལྟ་བུའི་རྩིས་ཐེབས་པས༔ མཉམ་ཉིད་ཡེ་ཤེས་རང་ཤར་ནས༔ མྱོང་སྟོང་ཟུང་འཇུག་མངོན་དུ་འགྱུར༔ ས་མ་ཡ༔ རླུང་ཁམས་འདུ་བྱེད་ཕུང་པོ་དང༔ ཕྲག་དོག་ལམ་དུ་བྱ་བའི་ཕྱིར༔ གསལ་སྟོང་ཟུང་དུ་འཇུག་པ་ཡི༔ བོགས་འདོན་བསྲེ་འཕོའི་རྣལ་འབྱོར་ནི༔ སྣང་གྲགས་རིག་པའི་རྟོག་ཚོགས་ལ༔ འགྲན་སེམས་ཟུག་རྔུ་ཤར་བའི་ཚེ༔ དཔལ་ཆེན་སྐུ་གསུང་ཐུགས་སུ་བསྲེ༔ རྡོ་རྗེའི་ཡེ་ཤེས་གསུམ་དུ་འཕོ༔ རྣམ་སྨིན་བག་ཆགས་ཀུན་དག་ནས༔ བདེན་ཞེན་ལྷ་དང་ཆོས་ཉིད་དུ༔ རང་ཤར་ཆེན་པོར་ཉམས་སུ་བླང༔ དེ་ཚེ་ཕྲག་དོག་འགྲན་སེམས་བདུད༔ ཡེ་ཤེས་ཆེན་པོའི་རྩིས་ཐེབས་པས༔ བྱ་བ་གྲུབ་པ་རང་ཤར་ནས༔ གསལ་སྟོང་ཟུང་འཇུག་མངོན་དུ་འགྱུར༔ ས་མ་ཡ༔ དོན་གྱི་བདུད་རྩི་ཡེ་ཤེས་ལྔ༔ འཁོར་འདས་རིས་མེད་ཀུན་ཁྱབ་པ༔ མཚོན་བྱེད་རྟགས་ཀྱི་བདུད་རྩི་ནི༔ མཉམ་པ་ཆེན་པོའི་ཐབས་ཀྱིས་སྤྱད༔ དག་པའི་ཤ་ལྔ་བདུད་རྩི་ལྔ༔ སྐྱོབས་དང་འཕྲོད་དུ་སྦྱར་ནས་ཀྱང༔ རང་བྱུང་སྣོད་བཅུད་རྒྱུད་དག་པ༔ དམ་པ་རིགས་བརྒྱ་རིགས་ལྔ་དང༔ རིགས་གཅིག་བདེ་བ་ཆེན་པོར་བསྟིམ༔ དགའ་མཆོག་ཁྱད་པར་ལྷན་ཅིག་སྐྱེས༔ མཚོན་བྱེད་བཏག་བཙག་སྦོལ་ནས་ཀྱང༔ བདེ་རླུང་སེམས་ལས་ལྷ་ཡི་སྐུ༔ དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད༔ རོལ་པའི་རྣམ་འགྱུར་དུ་མ་ཡིས༔ གསང་སྒོ་དབྱེ་ཞིང་བྱང་སེམས་དབབ༔ དམ་ཚིག་ཡེ་ཤེས་ལྡན་བྱས་ནས༔ མཚན་མར་འཛིན་པའི་གཙང་སྨེའི་བདུད༔ བརྟུལ་ཞུགས་རོལ་པའི་རྩིས་ཐེབས་པས༔ དག་མཉམ་རྫོགས་པ་རང་ཤར་ནས༔ གྲོལ་བ་བཞི་ལྡན་མངོན་དུ་འགྱུར༔ ས་མ་ཡ༔ འཆི་མེད་རྟག་པ་རྡོ་རྗེའི་ལུང༔ ཚེ་ཡི་དངོས་གྲུབ་བསྒྲུབ་པ་ནི༔ གློ་བུར་འཕོ་ཞིང་འགྱུར་བའི་བདུད༔ ཡེ་ཤེས་ཆེན་པོའི་རྩིས་ཐེབས་པས༔ འཕོ་བའི་མཚན་མ་ཀུན་བཅོམ་སྟེ༔ སྣང་སྲིད་རྣམ་པར་དག་པ་ཡི༔ གདོད་ནས་རང་བྱུང་བདུད་རྩི་ལྔ༔ མ་བཅོས་མ་བསླད་གཉུག་མའི་སྲོག༔ གདལ་ཁྱབ་ཐིག་ལེ་ཆེན་པོར་འདུས༔ གནས་སྐབས་རྡོ་རྗེ་སེམས་དཔའ་ཡི༔ ཚེ་དང་ལང་ཚོར་མངའ་བརྙེས་ཤིང༔ མཐར་ཐུག་འཕོ་མེད་རྡོ་རྗེའི་བདག༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ དེ་ཉིད་མཚོན་པར་བྱ་བའི་ཕྱིར༔ ཚེ་བཅའ་བྱིན་དབབ་ལྷར་གསལ་ཞིང༔ བཟླས་པས་རྒྱུད་བསྐུལ་ཕོ་ཉ་གཏང༔ ཚེ་བཅིང་དངོས་གྲུབ་བླང་བ་སྟེ༔ ལུང་བདུན་སྒོ་ནས་བསྒྲུབ་པར་བྱ༔ ཚེ་ནི་སྙིང་པོ་ལྔ་ཡིན་ཏེ༔ དེ་ལ་གལ་གྱི་མཐུན་སྡེབ་སྦྱར༔ རྡོ་རྗེ་སྔགས་ཀྱི་སྲོག་ལྡན་པ༔ ཚེ་ཡི་རྟེན་དུ་མཁས་པས་བཞག༔ བདག་ཉིད་བདུད་རྩིའི་ཧེ་རུ་ཀ༔ ཡབ་ཡུམ་སྦྱོར་བའི་མཁའ་གསང་ནས༔ བདེ་ཆེན་སྔགས་ཀྱི་རོལ་མོ་ཡིས༔ འཁོར་འདས་དྭངས་བཅུད་དབང་མེད་བསྡུས༔ སྒྲུབ་པའི་རྫས་ལ་ཐིམ་པ་ཡིས༔ བྱིན་བརླབས་གཟི་བྱིན་འབར་བར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདེ་སྟོང་རོལ་པས་བྱིན་བརླབས་མཐུས༔ རང་བཞིན་ཡོངས་གྲུབ་བདུད་རྩིའི་བཅུད༔ མཚོན་བྱེད་རྟགས་ཀྱི་འཆི་མེད་ལྷ༔ ཚེ་མཆོག་བདུད་རྩི་འཁྱིལ་བའི་སྐུ༔ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་དང་ནི་ཐོད་པ་བསྣམས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ དུར་ཁྲོད་ཆས་ལྡན་ཡུམ་དང་སྦྱོར༔ ལས་ཀྱི་ཕོ་ཉའི་སྤྲིན་ཕུང་འཕྲོ༔ པད་ཉི་དྲེགས་པ་ཕོ་མོའི་སྟེང༔ སྲིད་ཞི་ཀུན་གྱི་སྲོག་ཏུ་བཞེངས༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རྫོགས༔ བདེ་སྟོང་རོལ་པའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྤྱན་དྲངས་པའི༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ བདག་མདུན་ལྷར་གསལ་ཐུགས་ཀ་རུ༔ སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ དེ་ཡི་ཁོག་པར་ནྲྀ་དང་ཨ༔ ཐ་མར་ཚེ་ཡི་སྔགས་ཀྱིས་བསྐོར༔ སྙོམས་ཞུགས་བདེ་བའི་རྦ་རླབས་ཀྱིས༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ བླ་ཚེ་ཆད་ཉམས་ཡར་པ་དང༔ སྲིད་ཞིའི་དྭངས་བཅུད་དབང་མེད་བསྡུས༔ ཚེ་རྟེན་ལ་ཐིམ་གཟི་བྱིན་འབར༔ མི་འགྱུར་རྟག་པའི་མཆོག་བརྙེས་བསམ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་མྲྀཏ་ཀུཎྜ་ལཱི་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བཟླ་སྐབས་སུ་ཧཱུྃ་གླུ་ལེན༔ སྐབས་སུ་ཕོ་ཉ་གཏང་ཞིང་དགུག༔ ཧཱུྃ༔ ཐུགས་དམ་ཆེན་པོའི་དཀྱིལ་འཁོར་ལྷ༔ ཧེ་རུ་ཀ་དཔལ་འཁོར་ཚོགས་བཅས༔ བསྙེན་ཅིང་བཟླས་པས་རྒྱུད་བསྐུལ་ན༔ ལས་ལ་མ་གཡེལ་ཕྲིན་ལས་མཛོད༔ ཕྱི་ནང་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ སྤྲུལ་པ་ཡང་སྤྲུལ་གློག་ལྟར་འཁྱུགས༔ ཡུམ་ལྔའི་རང་བཞིན་སྣོད་ཀྱི་དཔལ༔ རིགས་ལྔའི་ངོ་བོ་བཅུད་ཀྱི་སྲོག༔ ཡེ་ཤེས་ལྔ་ལྡན་དག་པའི་རྒྱུད༔ ཐམས་ཅད་ཐིག་ལེ་གཅིག་ཏུ་སྡུས༔ སྣང་སྲིད་གདོད་ནས་རྣམ་དག་པ༔ འཆི་མེད་བདུད་རྩིའི་བྱིན་ཆེན་ཕོབ༔ འཕོ་བ་མེད་པའི་རྡོ་རྗེའི་ཚེ༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ སྐྱེ་བ་མེད་པ་འོད་གསལ་དབྱིངས༔ མི་ཤིགས་རྟག་པའི་དངོས་གྲུབ་སྩོལ༔ ཞེས་བསྐུལ་ཚེ་ཡི་དྭངས་བཅུད་ཀུན༔ བདུད་རྩིའི་རྒྱུན་དང་དབྱེར་མེད་དྲངས༔ སྣ་ཚོགས་རྡོ་རྗེའི་རྭ་ནས་བརྒྱུད༔ ལྟེ་བའི་ཚེ་རྟེན་རྒྱུད་གསུམ་ལ༔ ཐིམ་པས་བྱིན་རླབས་གཟི་འོད་འབར༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་གོ་ཆ་བརྟན་པར་བསམ༔ རྟགས་མཐོང་དངོས་གྲུབ་བླང་བ་ནི༔ ཚེ་འབྲང་སྤྱི་བོའི་གཙུག་ཏུ་བཀོད༔ ཨོཾ༔ སྣོད་ནི་ཟླ་གམ་དབང་གི་ཀློང༔ བཅུད་ཀྱི་ངོ་བོ་འཆི་མེད་ལྷ༔ ཡེ་ཤེས་བདུད་རྩིའི་རྒྱུད་ལྡན་པས༔ རྡོ་རྗེའི་སྐུ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ༔ གལ་གྱི་བདུད་རྩི་མགྲིན་པར་མྱང༔ ཨཱ༔ སྣོད་ནི་རང་བྱུང་བྷནྡྷའི་དབུས༔ བཅུད་ནི་བྱང་སེམས་ཐིག་ལེར་འཁྱིལ༔ བདེ་བ་ཆེན་པོའི་རྒྱུད་ལྡན་པས༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཐུན་བསྡེབས་རིལ་བུ་སྙིང་དབུས་བསྟིམ༔ ཧཱུྃ༔ སྣོད་ནི་འོད་ལྔའི་གོང་བུའི་ཀློང༔ བཅུད་ནི་མི་ཤིགས་ཐིག་ལེར་འཁྱིལ༔ འོད་གསལ་ཆེན་པོའི་རྒྱུད་ལྡན་པས༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་ནི་དབྱེར་མེད་རྒྱས་གདབ་བྱ༔ ཨ༔ སྣོད་ནི་དྭངས་མ་ལུས་ཀྱི་དབུས༔ བཅུད་ཀྱི་ཚེ་བསོད་རྟེན་ལ་ཐིམ༔ མི་འགྱུར་ཡེ་ཤེས་རྒྱུད་ལྡན་པའི༔ འཆི་མེད་རྟག་པའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཏིཥྛ་ཨ༔ དེས་ནི་ཚེ་དང་བསོད་ནམས་འཕེལ༔ ཡེ་ཤེས་རྟོགས་པའི་རིག་རྩལ་རྒྱས༔ བདེ་ཆེན་ཐབས་ཀྱིས་འཆི་མེད་པ༔ རིག་འཛིན་གྲུབ་པའི་སྐུ་ཐོབ་འགྱུར༔ ས་མ་ཡ༔ ཁྲག་འཐུང་རོལ་པའི་ཏནྟྲའི་བཅུད༔ སྙིང་པོ་བདུད་རྩི་མཆོག་གི་ལུང༔ མན་ངག་ངེས་པས་ལེགས་ཕྱེ་བ༔ རྒྱ་ཆེ་རབ་ཟབ་བསམ་ཡས་ཀུན༔ འཆི་མེད་བི་མ་མི་ཏྲ་ཡིས༔ སྙིང་པོའི་ལམ་སྲོལ་གསུམ་དུ་བསྡུས༔ དེ་ཡི་སྙིང་པོའི་སྙིང་པོ་འདི༔ བདག་ཉིད་པདྨ་སཾ་བྷ་བས༔ ཐུགས་ཀྱི་ཐིག་ལེ་མངོན་ཕྱུང་ནས༔ མ་འོངས་སྐལ་ལྡན་དོན་དུ་བསྟན༔ ས་མ་ཡ༔ འདི་ནི་ལྔ་བརྒྱའི་ཐ་མའི་དུས༔ སྣོད་བཅུད་རྟེན་འབྲེལ་འཆོལ་བ་ལས༔ དྭངས་མ་ཉམས་ཤིང་སྙིགས་མ་བདོ༔ འབྱུང་བ་གཡོ་འཁྲུག་སྒང་གཤོང་ཆེ༔ ནད་ཀྱི་ཁ་རླངས་སྤྲིན་ལྟར་འཐིབས༔ ངོས་བཟུང་མེད་པའི་དུཿཁས་མནར༔ འགྲོ་མང་ཉམ་ཐག་མཚོ་ལ་བྱིངས༔ ཀླ་ཀློ་གདུག་པའི་ཉུལ་མ་ཡིས༔ བསྟན་པ་རིན་ཆེན་བསྣུབ་བཙལ་ཚེ༔ བདག་གིས་བྱིན་བརླབས་རིག་འཛིན་ལ༔ ཡང་ཟབ་སྙན་བརྒྱུད་ཚུལ་དུ་སྟོན༔ དེས་ཀྱང་གསང་བ་རབ་བསྲུངས་ཏེ༔ ཡོན་ཏན་བདུད་རྩིའི་རིག་པ་འཛིན༔ འགྲོ་འདུལ་སྤྲུལ་པ་རྣམ་གསུམ་དང༔ རྡོ་རྗེ་རིན་ཆེན་དཔལ་དང་དབྱངས༔ རྒྱ་མཚོ་ལས་ཀྱི་མིང་ཅན་སོགས༔ སྣོད་དང་སྐལ་བ་ཅན་ལ་སྦྱིན༔ ཡལ་བར་མ་དོར་ཉམས་བླང་ན༔ གནས་སྐབས་སྣོད་བཅུད་རྒུད་པ་ཞི༔ མཐར་ཐུག་རྒྱུད་གྲོལ་ཡེ་ཤེས་ལྔ༔ འཆི་མེད་རྟག་པའི་བདུད་རྩི་ཡིས༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པའང་འཆི་མེད་གྲུབ་པའི་སློབ་དཔོན་བི་མ་ལ་མི་ཏྲས་བྱིན་གྱིས་བརླབས་ཤིང་། རང་བྱུང་པདྨ་སཾ་བྷ་བས་སྙན་བརྒྱུད་དུ་གདམས་པ་ལྟར། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་རབ་ཚེས་མེ་ཡོས་ཆུ་སྟོད་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་གཏན་ལ་ཕབ་པ། འཆི་མེད་ཚེའི་ལུང་སོགས་སྤྲུལ་པའི་རིག་འཛིན་མཆོག་གྱུར་གླིང་པས་ཀྱང་ཡི་གེའི་འདུ་མཛད་པ་དང་བཅས་ཏེ་ལེགས་པར་གྲུབ་པའི་དགེ་བས་སྣོད་བཅུད་ཐམས་ཅད་རྣམ་པར་དག་པ་འཆི་མེད་གྲུབ་པའི་ཡེ་ཤེས་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་ཨ་མྲྀཏ་བ་དཱ་སིདྡྷི་རསྟུ།། །།

གཤིན་རྗེ་འཆར་ཁ་ནག་པོའི་གདོང་ཟོར་གནམ་ལྕགས་སྤུ་གྲི་འབར་བའི་ཟོར་དབང་གནམ་ལྕགས་འཁོར་ལོ་དང་ཟོར་དབང་ཐུན་མོང་མ་ཡིན་པ་དཀྱུས་གཅིག་ཏུ་སྐུར་བའི་ཚུལ་གནམ་ལྕགས་ཞུན་ཐིག་ (Volume 18, Text 18)

༄༅། །གཤིན་རྗེ་འཆར་ཁ་ནག་པོའི་གདོང་ཟོར་གནམ་ལྕགས་སྤུ་གྲི་འབར་བའི་ཟོར་དབང་གནམ་ལྕགས་འཁོར་ལོ་དང་ཟོར་དབང་ཐུན་མོང་མ་ཡིན་པ་དཀྱུས་གཅིག་ཏུ་སྐུར་བའི་ཚུལ་གནམ་ལྕགས་ཞུན་ཐིག་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཡ་མཱ་རི་ཡེ། སྲིད་གསུམ་ཟ་བྱེད་དུས་ཀྱི་དགྲ་ཆེན་པོ། །སངས་རྒྱས་ཁྲོས་པའི་མཐུ་སྟོབས་གཅིག་བསྡུས་པ། །དེ་ལ་ཕྱག་འཚལ་ཟློག་པའི་ཅོག་བརྡུང་གི །དབང་ཆོག་འབྲི་ལ་བཀའ་ཡི་གནང་བ་སྩོལ། །དཔལ་ཡ་མཱནྟ་ཀའི་དབང་དང་རིམ་གཉིས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་བར་ཆད་བསལ་ཞིང་འགལ་བྱེད་ཆམ་ལ་དབབ་པའི་སླད་དུ་ཟོར་དབང་གིས་སློབ་མ་སྨིན་པར་འདོད་ན། འཆར་ཁའི་མདོས་གཏོར་ཟོར་སྒྲུབ་སོགས་དང་འབྲེལ་ན་རབ། གཞན་དུ་གཟའ་སྐར་བཟང་པོའམ་ཉེར་དགུ་ལྟ་བུའི་དུས་གཉན་ལ་བྱ་སྟེ། དེའང་རྒྱས་པར་སྤྲོ་ན་གོང་གནོན་གཤིན་རྗེ་ཚེ་བདག་ལྟ་བུའི་ཕྲིན་ལས་བཏང་ནས་སྒོམ་བཟླས་བྱ་བར་བཞེད་པས་དེའི་གཏོར་མཆོད་སོགས་དགོས་ཀྱང་། ཟོར་དབང་དཀྱུས་ཙམ་དུ་གོང་གནོན་བསྐྱེད་བཟླས་རང་གཞུང་གིས་ཆོག་པས། སློབ་དཔོན་ཞལ་བྱང་དུ་ཕྱོགས་པའི་མདུན་དུ་སྟེགས་བུར་གྲི་ཁྲག་དང་ཕག་སྦྲུལ་བྱའི་ཁྲག་གིས་ཆག་ཆག་གདབ། རོ་སོལ་བྱུགས་པ་ལ་དཀྱིལ་འཁོར་སྒོ་རྫོགས་ཁྲོ་དཀྱིལ་སྤྱི་དང་མཐུན་པ་ལ། དབུས་སུ་གྲུ་གསུམ་མཐིང་ནག་ལ་ཧཱུྃ། ཟླ་གམ་གསུམ་ལ་ཐིག་ལེ་ནག་པོ་བཞི། དེ་རྒྱབ་འཁོར་ལོ་ནག་པོ་རྩིབས་དྲུག་ལ་ཐིག་ལེ་དྲུག །མུ་ཁྱུད་ཐོད་ཕྲེང་གིས་བསྐོར་བ། སྒོ་ཁྱམས་ལ་མ་གཤིན་ཉེར་བརྒྱད་ཀྱི་ཐིག་ལེ་ཕྱོགས་བཞིར་བདུན་བདུན་རང་མདོག་གམ་ནག་པོ་བཀོད་ཀྱང་རུང། དབུས་སུ་ཁྲིའུའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ནག་པོ་ཅན། དེ་སྟེང་ཐོད་ཁྲག་བདུད་རྩི་དཔལ་གཏོར་ཙཀ་ལི་བཙུགས་པ་རྣམས་རིམ་བརྩེགས་སུ་བཀོད། མི་བདེ་ན་བུམ་པའི་སྟེང་གཏོར་མ། སྨན་རཀ་གཉིས་མདུན་དུ་བཤམས་ཀྱང་རུང་བར་གསུངས་ལ། དེ་ལྟར་ན་བུམ་པའི་མདུན་དུ་ཟོར་དབང་ཐུན་མོང་མ་ཡིན་པའི་ཆས་ལྕགས་སྣོད་དུ་དམར་གཏོར་སྲིན་ཞལ་ཕྱུངས་ཤིང་མེ་རིས་བརྒྱན་པ། དེའི་གཡས་གཡོན་སྨན་རཀ་བཞག་ན་བདེ། དཀྱིལ་འཁོར་མཐའ་སྐོར་དུ། ཀོང་ཟོར་གྲུ་གསུམ་མཚེ་ཡུངས་བཙུགས་པ། མདའ་གཞུ། འུར་རྡོ་རྦབ་རྡོ་དང་བཅས་པ། དུག་ཁྲག་བླུགས་པའི་ཟོར་ཀོང་། ཡང་ཟོར་རྫས་སྣ་ཚོགས་བཅུག་པའི་ཟོར་ཀོང་རྣམས་བཀོད། དཀྱིལ་འཁོར་མདུན་དུ་སྨན་རཀ་གཏོར་གསུམ། དྲག་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ། མིག་དར་མེ་ཏོག །སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཀྱང་ཚོགས་པར་བྱའོ། །དེ་ནས་བདག་མདུན་སྒྲུབ་པ་ལ་ཕྲིན་ལས་ཀྱི་སྔོན་འགྲོ་རྣམས་ཞི་ཁྲོ་སྤྱི་གཞུང་ལྟར་བྱ་བར་གསུངས་པས་དེ་ལྟར་ན་བཀའ་བརྒྱད་གསང་རྫོགས་ནས་བླང་ཞིང་། ཚོགས་མཆོད་སོགས་རྗེས་རིམ་ཡང་དེ་ལྟར་བྱས་ཀྱང་ཆོག་མོད། འབྲེལ་ཆགས་སྟབས་བདེའི་དབང་གིས་སྨིན་ལུགས་ཀྱི་དྲེགས་འཇོམས་ནས་ལེན་པར་མཛད་པས་དེའི་སྔོན་འགྲོ་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་བཏང་། དེ་ནས་འཆར་ཁའི་ཕྲིན་ལས་རང་གཞུང་ལྟར་མངོན་རྟོགས་སྒོམ་པའི་སྐབས། བདག་བསྐྱེད་དུར་ཁྲོད་གཞལ་ཡས་ཁང་གི་དབུས་སུ་གཤིན་རྗེ་ཡབ་ཡུམ་གཙོ་རྐྱང་དང་། བུམ་པར་ཡང་བདག་བསྐྱེད་དང་འདྲ་བའི་གཙོ་རྐྱང་། མདུན་རྟེན་དུར་ཁྲོད་ཕོ་བྲང་གདན་དང་བཅས་པའི་ནང་འཆར་ཁ་གཙོ་འཁོར་ཡོངས་རྫོགས་བསྐྱེད། དབང་བསྐུར་བྱིན་རླབས་བཀའ་བརྒྱད་བདེ་འདུས་ལས་བྱང་བདེ་རོལ་ལྟར་བྱ། སྤྱན་འདྲེན་མན་ཆད་རང་གཞུང་ལྟར་ལ། བསྟོད་པ་ལ་མཚམས་རེ་རེའི་མཇུག་འོག་ཏུ་ཡོད་པའི། དམ་རྫས་རྨད་དུ་བྱུང་བའི་སོགས་ཚིག་རྐང་བདུན་པོ་སྦྱར། བཟླས་དམིགས་བཟླས་པ་གཞུང་ལྟར་ལ་བདག་བསྐྱེད་བཟླས་པའི་མཐར་བུམ་ལྷ་ལ་དམིགས་ཏེ་སྐུ་གསུང་ཐུགས་བཟླས་བརྒྱ་རྩ་ཙམ་བྱ། དེ་ནས་འཆར་ཁའི་བཟླས་པ་ཅི་འགྲུབ་དང་འཁོར་སྔགས་རྣམས་ཀྱང་བདུན་རེ་ཙམ་བཟླས་ལ་མཆོད་བསྟོད་སྤྱི་ལྟར་དང་བུམ་ལྷ་འོད་ཞུ་བྱ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། སྲུང་མའི་གཏོར་འབུལ་དང་། ཚོགས་མཆོད་ལྷག་མ་བཏང་བའི་བར་གྲུབ་ནས། སློབ་མ་བདུན་ལས་མི་མང་བ་ཁྲུས་བྱ། བགེགས་བསྐྲད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོའི་གོ་འཕང་འཐོབ་པར་བྱ། དེའི་སླད་དུ་གནས་སྐབས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བསྟན་འཛིན་གྱི་བར་ཆད་བསལ་བ་དང་། ལས་ངན་གདུག་པ་ཅན་རྣམས་སྙིང་རྗེ་ཁྲོས་པའི་ཚུལ་གྱིས་ཚར་གཅོད་རྗེས་འཛིན་བྱ་བའི་སླད་དུ་ཁྲོ་རྒྱལ་འཆར་ཀ་ནག་པོའི་ཟོར་དབང་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་ཐོག་མ་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་རྣ་ཆ་བརྒྱད་དུ་གྲགས་པའི་ནང་ཚན་གཤིན་རྗེ་ཆུ་ཏིག་སྔོན་པོའི་རྒྱུད་ལས་བཏུས་པ་འཆར་ཀ་ནག་པོ་ཟོར་གྱི་རྣ་ཆ་ལ། བཀའ་མ་བ་སུ་དྷཱ་རས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གནང་བ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ནས་རིམ་པར་བརྒྱུད་པ་དང་། གནུབས་ཆེན་གྱིས་གཏེར་དུ་སྦས་པ་རྒྱ་ཞང་ཁྲོམ་གྱིས་བཏོན་པ་དང་། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ནས་འབྱུང་བ་སོགས་གཏེར་མའི་རིགས་ཀྱང་འགའ་ཞིག་མཆིས་པ་ལས། འདིར་བཀའ་རྩིས་ལས། ཅོག་བརྡུང་སྡེ་དྲུག་བསྟན་སྲུང་རྐང་ཡིན་པས༔ དམ་ལྡན་སྙིང་རུས་ཅན་གྱི་མཚོན་ཆ་ཡིན༔ ཞེས་གསུངས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་པའི་ཀླུ་བདུད་ཀྱི་ལྟོ་བའི་ཆོས་སྡེ་ལས་བྱོན་པ། ཨ་ཙ་ར་ནག་པོའི་ཅོག་བརྡུང་སྡེ་དྲུག་གི་ནང་ཚན་ཟློག་པའི་ཅོག་བརྡུང་འཇོམས་བྱེད་འཆར་ཁ་འཆི་བདག་ནག་པོའི་བཀའ་སྲོལ་རྩ་བ་ལ། གནུབས་ལུགས་བཀའ་མའི་དབང་རྒྱུན་ཀྱང་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་སྟེ་དེ་ལའང་། གདོང་ཟོར་སྤུ་གྲི་འབར་བའི་ཟོར་དབང་གནམ་ལྕགས་འཁོར་ལོ་དང་། ཐུན་མོང་མ་ཡིན་པའི་ཟོར་དབང་གཉིས་སུ་བཞུགས་པ་ལས་ཐོག་མར་ཟོར་དབང་གནམ་ལྕགས་འཁོར་ལོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཨོཾ་ཨཱཿཧཱུཾ་གིས་མིག་དར་མེ་ཏོག་གཏད། སློབ་དཔོན་འཇམ་དཔལ་གཤིན་རྗེའི་གཤེད་དངོས་སུ་གསལ་བ་ལ་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ བླ་མ་འཇིགས་བྱེད་ཁྲོ་རྒྱལ་ཆེ། །འབར་བའི་ཀློང་ནས་སྐུ་བཞེངས་ལ། །བདག་ཅག་བསྟན་པ་བསྲུང་སླད་དུ། །དྲག་པོའི་ལས་ཀྱི་དངོས་གྲུབ་བྱིན། །ལན་གསུམ་བརྗོད། བླ་མས། འོ། སྐལ་ལྡན་རིགས་ཀྱི་བུ་ཉོན་ཅིག །དམ་ལྡན་ལ་བརྩེ་དམ་ཉམས་སྒྲོལ། །འགལ་བ་ཆམ་ལ་དབབ་པ་དང་། །བསྟན་པའི་སླད་དུ་ཡིན་ན་སྦྱིན། །ཞེས་དྲིས་ཤིང་གནང་བ་བྱིན་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཧོཿ བསྟན་པ་གཉན་ལ་དགྲ་དར་ན། །མ་འོངས་སྙིགས་མའི་འགྲོ་བ་རྣམས། །འདུལ་བའི་སླད་དུ་སེམས་བསྐྱེད་ན། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །ལན་གསུམ། འདིར་སྤྱི་ལྟར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཙམ་བྱས་ཀྱང་རུང་། གཞུང་རྣམས་སུ་མ་གསུངས་པས་ངེས་པར་དགོས་པའང་མིན་ནོ། །དེ་ནས་ཁྱེད་རང་རྣམས་དཔལ་ཆེན་གཤིན་རྗེའི་གཤེད་ཀྱི་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །སྟོང་པའི་ངང་ལས་མ་ཏྲཾ་རོ་དང་ཆུ་གླང་ཉི་ཟླའི་གདན་ལ་ཁྱེད་རང་གི་སེམས་ཉིད་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ནས་ཚུར་འདུས། ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཅེས་བརྗོད་པས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས་པ། ཕྱག་གཡས་དབྱུག་ཏོ་དང་དགྲ་སཏྭ། གཡོན་སྡིགས་མཛུབ་སྦྲུལ་ཞགས་བསྣམས་པ། རལ་པ་ཁམ་ནག་གྱེན་ལ་བརྫེས་པ། ཐོད་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་ཅིང་གླང་ཀོའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་འཕྱངས་ཤིང་ཞབས་བརྐྱང་བསྐུམ་གྱིས་འགྱིང་བ་ལ་ཡུམ་ནག་མོ་མི་སྡུག་མ་ཕྱག་གཡས་ཡབ་ལ་འཁྱུད་ཅིང་གཡོན་པས་ཐོད་ཁྲག་སྟོབ་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ལ་འཁྱུད་པ། མེ་འབར་བའི་ཀློང་ན་བཞུགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་གློགས་འཁྱུགས་པ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་དང་འོག་མིན་གྱི་དུར་ཁྲོད་མེ་རི་འབར་བ་ལ་སོགས་པ་ནས། འཇིགས་བྱེད་ཧེ་རུ་ཀ་གཤིན་རྗེའི་གཤེད་པོའི་སྐུའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པའི་ཕྱག་རྒྱ་རིག་སྔགས་ཕྱག་མཚན་གྱི་རྣམ་པ་སེར་ཆེན་བབས་པ་ལྟར་དྲག་ཏུ་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། གུ་གུལ་ཤ་ཆེན་བསྲེག །སྐུ་གསུང་ཐུགས་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དང་རོལ་མོ་དྲག་ཏུ་བྱས་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོར་ཕུལ་བར་མོས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་མཛོད། ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧོཿ ཞེས་འགྲིམ་དཀྱིལ་དུ་དོར། མེ་ཏོག་གཙོ་བོར་ཕོག་པ་སླར་ཡང་དབང་རྟགས་ཅོད་པན་དུ་བྱིན་ནས་རྡོ་རྗེ་མིང་གི་དབང་བསྐུར་བར་མོས་ཤིག །མེ་ཏོག་སྤྱི་བོར་བཞག་ལ། བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃཿ མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ། ཁྲོ་བོའི་རྒྱལ་པོ་འཇོམས་བྱེད་འཆར་ཀ་ནག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་མཐོང་བར་མོས་ཤིག །དེ་ནས་དབང་དངོས་གཞི་བསྒྲུབ་པ་ལ་ཡེ་ཤེས་ཀྱི་ཁྲོ་བོ་ལ་བསྟེན་ནས་དབང་བཞི་བསྐུར་བ་དང་། ལས་ཀྱི་ཁྲོ་བོ་ལ་བསྟེན་ནས་ཟོར་དབང་བསྐུར་བ་གཉིས་ལས་དང་པོའི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། རྣམ་བུམ་མགོ་བོའི་གནས་ལྔར་བཞག་ལ། ཧཱུྃ། སྟོང་གསལ་ཆོས་སྐུའི་བུམ་པ་ན། །དཔལ་ཆེན་ཁྲག་འཐུང་ལོངས་སྐུར་བཞེངས། །ཐུགས་རྗེ་སྤྲུལ་སྐུའི་ཆུ་རྒྱུན་གྱིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥེ་ཀ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བུམ་ཆུ་བླུད་ཅིང་སྤྱི་བོར་བླུགས། དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་བསལ་ནས་གཟི་བརྗིད་བསྐྱེད། གཤིན་རྗེའི་གཤེད་པོའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཐབས་ཡབ་ཀྱི་བྱང་ཆུབ་སེམས་རྒྱུན་གྱི་རང་བཞིན་བདུད་རྩི་བྱིན་པས་གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །སྨན་ཐོད་མགྲིན་པར་བཞག་ཅིང་བླུད་ལ། ཧཱུྃ། སྣང་སྟོང་ཆོས་སྐུའི་བྷནྡྷ་རུ། །རིག་སྟོང་ལོངས་སྐུ་བདུད་རྩིའི་རྒྱུན། །གཉིས་མེད་ཐུགས་རྗེའི་མཐུ་སྦྱིན་པས། །སྐལ་ལྡན་མཐུ་རྩལ་ལྷུན་གྲུབ་ཤོག །ཨོཾ་ཀཱ་ལ་རཱུ་པ་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་ནད་གདོན་བར་ཆད་བསལ་ནས་ནུས་པ་བསྐྱེད། དྲག་པོའི་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེས་རབ་ཡུམ་གྱི་དམར་ཆ་བདེ་བ་རྒྱུན་གྱི་རང་བཞིན་རཀྟ་བྱིན་པས་བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་སྐྱེས་པར་མོས་ཤིག །རཀྟ་སྙིང་གར་བཞག་ཅིང་ཁར་སྦྱིན་ལ། ཧཱུྃ། གསང་བ་ཡུམ་གྱི་བྷ་ག་རུ། །མཱུ་ལ་བཅུ་གཉིས་རྫོགས་པ་ཡི། །དམར་ཆེན་མཆོག་གི་རཀྟ་འདིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཞི་ནས་ཐུགས་རྗེའི་མཐུ་སྟོབས་རྒྱས། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཏོར་མ་དཔལ་ཆེན་གཤིན་རྗེའི་གཤེད་སྤྲུལ་འཁོར་གྱི་ཚོགས་དང་བཅས་པ་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་འོད་ཟེར་གྱི་རྒྱུན་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཤིག །དཔལ་གཏོར་ཐོགས་ལ། ཧཱུྃ། དཔལ་ཆེན་ཡ་མཱནྟ་ཀ་ཡི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པའི། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་པ། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་མ་ཧཱ་སུ་ཁ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཁྱབ་བདག་ཀུན་ཏུ་བཟང་པོ། འཇམ་དཔལ་གཤིན་རྗེའི་གཤེད་པོ། གསང་བདག་ཕྱག་ན་རྡོ་རྗེ། ལྷ་བུ་བདེ་བ་མཆོག་ལྡན། སློབ་དཔོན་གཙུག་ལག་དཔལ་དགེ །བྲམ་ཟེ་ཁྲག་འཐུང་ནག་པོ། རྒྱ་གར་དྷ་ན་དྷ་ལ། བལ་པོ་བ་སུ་དྷཱ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་སོགས་པ་རིང་བརྒྱུད་བཀའ་མའི་བརྒྱུད་པ་རྣམས་དང་། བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཁྱད་པར་གྱི་རིག་འཛིན་བདུན། ཨོ་རྒྱན་ཐོད་ཕྲེང་རྩལ། མཁའ་འགྲོ་བདུད་འདུལ་རྒྱལ་མོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་ཀྱི་དབང་ཕྱུག་ཡབ་སྲས་ལ་སོགས་པ་ཉེ་བརྒྱུད་གཏེར་མའི་བརྒྱུད་པ་རྣམས་དང་། བཅོམ་ལྡན་འདས་དཔལ་ཆེན་ཡ་མཱནྟ་ཀ་རིགས་ལྔའི་དཀྱིལ་འཁོར་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་སྤྲུལ་པ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ཁྱད་པར་མཐུ་སྟོབས་དྲག་པོ་མངོན་སྤྱོད་ཀྱི་སྦྱོར་བས་བདུད་དང་ལོག་འདྲེན་ཚར་གཅོད་པའི་ནུས་པ་མེ་ལྟར་དུ་འབར་བར་མཛད་དུ་གསོལ། ཅེས་དང་སྐུ་གསུང་ཐུགས་སྔགས་ཀྱི་མཇུག་ཏུ། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་སོགས་སྦྱར་བ་བརྗོད་ལ་གནས་གསུམ་དུ་བཞག །གཏོར་མའི་ཆ་ཤས་དང་བདུད་རྩི་དངོས་གྲུབ་ཀྱི་ཚུལ་དུ་སྦྱིན། དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་བསལ་ནས་ཡེ་ཤེས་སྐྱེས། ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་ལས་ཀྱི་ཁྲོ་བོ་ལ་བསྟེན་ནས་ཟོར་དབང་བསྐུར་བ་ལ། སློབ་དཔོན་དང་ཁྱེད་རང་དཔལ་ཆེན་གཤིན་རྗེའི་གཤེད་པོའི་ང་རྒྱལ་དང་ལྡན་པ་ལ། ལས་གཏོར་ཁྲོ་རྒྱལ་འཆར་ཀ་ནག་པོ་སྤྲུལ་པ་འཁོར་གཡོག་དང་བཅས་པ་དངོས་སུ་གསལ་བས་དབང་བསྐུར་བས་ཁྱེད་རང་ཡང་འཇིགས་བྱེད་འཆར་ཀ་ནག་པོ་དང་གཉིས་སུ་མེད་པར་གྱུར་པར་མོས་མཛོད། ལས་གཏོར་སྲིན་ཞལ་ཅན་མགོར་བཞག་ལ། ཧཱུྃ། འཇིགས་བྱེད་འཆར་ཁ་ནག་པོ་ནི། །མི་བཟད་ཁྲོ་གཏུམ་རྔམས་པའི་སྐུ །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །བསྟན་སྲུང་མཐུ་སྟོབས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཝཱི་ཀྲྀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཟོར་རྫས་རྣམས་ཕྱག་ཏུ་གཏད་ཅིང་མངའ་གསོལ་བས་འཕང་བ་ཟོར་གྱི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་ཐོབ་པར་མོས་ཤིག །མདའ་གཞུ་འུར་རྡོ་ཁྲག་མཚོ་གཏད་ལ། ཧཱུྃ་ཧཱུྃ། ཐབས་ཤེས་མདའ་གཞུ་འུར་རྡོ་དང་། །དུག་ཁྲག་དམར་ཆེན་རྦ་རླབས་འཁྱིལ། །སྔོན་ཚེ་རུ་དྲ་བསྒྲལ་པའི་མཚོན། །ད་ལྟ་བསྟན་པ་སྲུང་བར་ཤོག །ཨོཾ་རཀྨོ་བྲིག་བྲིག་རུ་དྲ་ཤ་ཏྲཱུན་སརྦ་མཱ་ར་ཡ་རྦད་རྦད། དེ་ནས་ཀོང་བུ་ཟོར་རྫས་ཚོགས་པ་གཏད་ལ། ཧཱུྃ་ཧཱུྃ། གྲུ་གསུམ་འབར་བའི་སྣོད་ནང་དུ། །དུག་དང་ནད་དང་ཚོན་དྲུ་དང་། །ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ཡི། །བྱད་ཀྱི་སྦྱོར་བ་བཤིགས་པའི་མཚོན། །ཟློག་བྱེད་གདུག་པ་སྒྲོལ་བའི་ལས། །ཤཱཀྱ་ཐུབ་པས་བྱིན་བརླབས་པ། །སྔོན་ཚེ་བདུད་དཔུང་གཞོམ་པ་ལྟར། །བརྒྱུད་འཛིན་རིག་འཛིན་བརྒྱུད་པ་ཡིས། །ལས་ཀྱི་ཕྲིན་ལས་བསྐལ་པ་ལྟར། །ད་ལྟ་སྔགས་འཆང་བདག་ཉིད་ཀྱིས། །ཇི་ལྟར་ཐུགས་རྗེ་བསྐུལ་བ་ཡི། །ལས་ཀྱི་ཕྲིན་ལས་གང་ཡིན་པ། །སྐལ་ལྡན་ལས་ཀྱི་བུ་ལ་གཏད། ཁྱོད་ཀྱིས་རྗེས་ཞུགས་བསྟན་པ་སྲུངས། །ཨོཾ་ཤ་རཱི་བྷྱོ། མ་རི་བྷྱོ་སོགས་ལས་སྔགས་ཟོར་སྔགས་རྫོགས་པར་བརྗོད་ལ་ཟོར་རྣམས་རང་མལ་དུ་བཞག །བྱིན་གྱིས་བརླབས་པའི་བདུད་རྩིས་དམ་ཚིག་བསྲེས་ཏེ་འཁོར་ཚོགས་མ་གཤིན་བདུད་ཀྱི་དཔུང་རྣམས་བཀའི་སྲུང་མར་གཏད་པར་མོས་ཤིག །ནང་མཆོད་བདུད་རྩི་སྦྱིན་ལ། ཧཱུྃ་ཧཱུྃ། ལས་ཀྱི་གཤིན་རྗེ་ནག་པོ་བདུན། །གདུག་བྱེད་བསྒྲལ་བའི་དུས་ལ་བབ། །སྲིད་པའི་མ་མོ་དཀར་མོ་བདུན། །གདུག་བྱེད་བསྒྲལ་བའི་དུས་ལ་བབ། །ནག་པོ་བདུད་ཀྱི་རྒྱལ་པོ་བདུན། །གདུག་བྱེད་བསྒྲལ་བའི་དུས་ལ་བབ། །མ་མོ་སྲིད་པའི་ལས་བྱེད་བདུན། །གདུག་བྱེད་བསྒྲལ་བའི་དུས་ལ་བབ། ཧཱུྃ་ཧཱུྃ། མ་གཤིན་རྒྱ་མཚོ་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །སྐལ་ལྡན་རིགས་ཀྱི་བུ་འདི་ལ། །ལུས་དང་གྲིབ་ལྟར་འགྲོགས་ནས་ཀྱང་། །དབང་སྐུར་བྱིན་རློབས་ཕྲིན་ལས་སྒྲུབས། །ཞེས་གནང་བ་སྦྱིན་ནོ། །དེ་རྣམས་ཀྱིས་ཟོར་དབང་གནམ་ལྕགས་འཁོར་ལོ་ལེགས་པར་གྲུབ་པ་ལགས། གཉིས་པ་ཐུན་མོང་མ་ཡིན་པའི་ཟོར་དབང་བཀའ་གཏེར་གཉིས་ལྡན་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འཇམ་དཔལ་གཤིན་རྗེའི་དབང་སྐུར་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བདག་ལ་དགྱེས་པས་བསྩལ་དུ་གསོལ། །ལན་གསུམ། བླ་མས། ཧོཿ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཉོན་མོངས་རྣམ་རྟོག་འཇོམས་པར་བྱེད། །འཇོམས་བྱེད་གཤིན་རྗེའི་གཤེད་ཀྱི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། དེ་ནས་བླ་མ་དང་ཁྱེད་རང་རྣམས་འཇམ་དཔལ་ཡ་མཱནྟ་ཀའི་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །སྐད་ཅིག་གིས་སྟོང་ཉིད་སྙིང་རྗེའི་ངང་ནས། བླ་མ་ཡེ་ཤེས་ཀྱི་གཤིན་རྗེའི་གཤེད་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་སྦྲུལ་ཞགས་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མ་ཧེ་དང་དགྲ་བགེགས་མནན་པ། ཡུམ་ཆེན་ནག་མོ་མི་སྡུག་མ། ཕྱག་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་རློན་བསྣམས་པ། ཡབ་ཡུམ་གཉིས་དུར་ཁྲོད་ཀྱི་ཆས་ཀྱིས་རབ་ཏུ་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་འགྱིང་བའི་ཐུགས་ཀར་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར། ཉི་ཟླའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པ། ཤངས་དང་བ་སྤུའི་བུ་ག་ནས་ཁྲོ་ཆུང་མཚོན་ཆ་འཛིན་པ་མང་པོ་འཕྲོས་པས། གདུག་པ་ཅན་གྱི་བར་གཅོད་ཐམས་ཅད་ཚར་བཅད། གནས་ཁང་འདི་ཉིད་ཀྱང་ལྷོ་ཕྱོགས་གཤིན་རྗེའི་དུར་ཁྲོད། མཚོན་ཆའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར། བླ་མའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སློབ་མ་རྣམས་ཀྱི་གནས་གསུམ་དུ་ཕོག་པས། སློབ་མ་རྣམས་ཀྱང་སྐད་ཅིག་གིས་ཡེ་ཤེས་ཀྱི་གཤིན་རྗེའི་གཤེད་ནག་པོ་སོགས་གོང་ལྟར་བརྗོད། མེ་ཕུང་འབར་བའི་དབུས་ན་འགྱིང་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ལྷོ་ཕྱོགས་གཤིན་རྗེའི་དུར་ཁྲོད་འཇིགས་སུ་རུང་བ་ན་ཁྲག་མཚོ་ཁོལ་བའི་ཕོ་བྲང་ཤིན་ཏུ་འཇིགས་ཤིང་རྔམ་པ་ནས། གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཆར་སྤྲིན་འཐིབས་པ་ལྟར་སྐད་ཅིག་ལ་བྱོན་ནས། ཁྱེད་རང་གི་ལུས་ལ་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པར་མོས་ཤིག །སྐུ་གསུང་ཐུགས་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དང་སྤོས་རོལ་སོགས་གོང་ལྟར་གྱིས་ཡེ་ཤེས་པ་དབབ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་དང་འབྲུ་གཏོར། དེ་ནས་དཔལ་གཏོར་ཐོགས་ལ། དཔལ་གྱི་གཏོར་མ་འདི་ཉིད་ཀྱང་ཡེ་ཤེས་མགོན་པོ་གཤིན་རྗེའི་གཤེད་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ན་དབྱུག་ཐོ་སྡིགས་མཛུབ་སྦྲུལ་ཞགས་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་མ་ཧེ་དགྲ་བགེགས་མནན་པ། ཡུམ་ཆེན་ནག་མོ་མི་སྡུག་མ་དང་འཁྲིལ་བ་ཞིག་ཏུ་ལམ་གྱིས་གསལ་བའི་ཡབ་ཡུམ་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། སློབ་བུའི་སྤྱི་བོར་ཕོག །ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ལུས་ལ་ཞུགས། ལུས་བདུད་རྩི་དཀར་པོས་ཁེངས། བུམ་དབང་ཐོབ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། ངག་བདུད་རྩི་དམར་པོས་ཁེངས། གསང་དབང་ཐོབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་བྱུང་། སྙིང་གར་ཕོག །ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། ཡིད་བདུད་རྩི་མཐིང་ཁས་ཁེངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་ཁ་བྱུང་། ལུས་ངག་ཡིད་གསུམ་ལ་ཕོག །སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་ཞུགས། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པའི་མོས་པ་མཛོད། ཧཱུྃ། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར། །འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཇམ་དཔལ་གཤིན་རྗེའི་སྐུར་གསལ་བས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །མཐུ་སྟོབས་ལྡན་པའི་དབང་ཐོབ་ཤོག །ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་དཔལ་གཏོར་གནས་གསུམ་དུ་བཞག །དེ་ནས་ཁྱེད་རང་རྣམས་ལས་ཀྱི་གཤིན་རྗེ་འཆར་ཀ་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྐུ་མདོག་ནག་པོ་ཆར་སྤྲིན་ལྟར་གནག་པ། ཞལ་གདངས་པ། ལྗགས་འདྲིལ་བ། མཆེ་བ་གཙིགས་པ། སྤྱན་གསུམ་གྱེན་དུ་བགྲད་པ། ཁྲོ་གཉེར་དང་ལྡན་པ། རལ་པ་དང་སྨ་ར་མེ་ལྟར་འབར་བ། ཕྱག་གཡས་སྐུ་གདུང་དཀར་པོ། གཡོན་པ་སྐུ་གདུང་དམར་པོ། དབུ་ལ་སྐུ་གདུང་ནག་པོས་བརྒྱན་པ། དར་ནག་གི་ཅོད་པན་ཅན། བེར་ནག་སྐུ་ལ་གསོལ་ཞིང་སྦྲུལ་མཇུག་རྒྱ་མཚོར་བརྐྱངས་པ། ཐོད་རློན་སྦྲུལ་གྱིས་བརྒྱན་ཅིང་དུག་གསུམ་ལྟོ་བར་འཁྱམས་པ་གཅིག་ཏུ་ལམ་གྱིས་གསལ་བར་གྱུར། གཏོར་མ་ལ་ཤེས་དུས་གསུམ་དང་དྲུག་སོགས་ཡོད་པ་ལས། ད་ལམ་མདུན་དུ་བཤམས་པའི་ཞལ་གཏོར་འདི་ཉིད་གཤིན་རྗེ་འཆར་ཀ་ནག་པོ། ཞེ་སྡང་འདུལ་ཕྱིར་སྐུ་མདོག་ཆར་སྤྲིན་ལྟར་གནག་པ། ལྷ་རྣམས་འདུལ་ཕྱིར་སྤྱན་གསུམ་གྱེན་ལ་བགྲད་པ། ངན་སྔགས་བསྲེག་ཕྱིར་རལ་པ་དང་བ་སྤུ་ནས་མེ་སྟག་འཕྲོ་བ། སྲིད་པ་ཕོ་རྒྱུད་འདུལ་ཕྱིར་སྐུ་གདུང་དཀར་པོ་བསྣམས་པ། སྲིད་པ་མོ་རྒྱུད་འདུལ་ཕྱིར་མཆོད་རྟེན་དམར་པོ་བསྣམས་པ། ཡེ་ཤེས་ལྷའི་བྱད་ཁ་ཟློག་ཕྱིར་དབུ་ལ་མཆོད་རྟེན་ནག་པོས་བརྒྱན་པ། བདུད་ནག་འདུལ་ཕྱིར་བེར་ནག་སྐུ་ལ་གསོལ་བ། ཀླུ་གཉན་འདུལ་ཕྱིར་སྦྲུལ་མཇུག་རྒྱ་མཚོར་བརྐྱངས་པ། སྡེ་བརྒྱད་འདུལ་ཕྱིར་ཐོད་རློན་དང་སྦྲུལ་གྱིས་བརྒྱན་པ། སྲིད་གསུམ་འདུལ་ཕྱིར་དུག་གསུམ་ལྟོ་ན་འཁྱམས་པ། དགྲ་སྲོག་གཅོད་ཕྱིར་ཤན་པ་ཕོ་ཉར་འགྱེད་པ། ལས་རྣམས་བསྒྲུབ་ཕྱིར་མ་གཤིན་གནམ་སྨན་བདུད་པོའི་འཁོར་གྱིས་བསྐོར་བ། རུ་དྲ་ཕོ་མོ་གདན་དུ་བཏིང་བ་ཞིག་ཏུ་ལམ་གྱིས་གསལ་བ་ཕྱག་ཏུ་གཏད་པས་སྡོངས་གྲོགས་མཛད་ཅིང་མངོན་སྤྱོད་ཀྱི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་དབང་ཐོབ་པར་མོས་ཤིག །ལས་གཏོར་སྲིན་ཞལ་ཅན་ལག་ཏུ་གཏད་ལ། ཧཱུྃ། དྲག་པོ་ཟོར་གྱི་གཏོར་མ་འདི་བྱིན་པས། །དམ་ཅན་རྣམས་ཀྱི་ཐུགས་དམ་དྲག་བསྐུལ་ཞིང་། །གདུག་ཅིང་སྡང་སེམས་ལྡན་པའི་དགྲ་བགེགས་རྣམས། །ལུས་ངག་ཡིད་གསུམ་རྡུལ་དུ་རློག་པར་ཤོག །ཨོཾ་ཤ་རཱི་བྷྱོ། མ་རི་བྷྱོ། ཁྲག་མ་མ་བྷྱོ། ཙི་རི་སྙིང་བྷྱོ། སྙིང་བྷྱོ། མ་ཏི་ཐོད་ཁྲག་ཛཿ ཁྲག་ཏི་སྙིང་ལ་ཡ། ནི་ཏྲི་ཆོད། མུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་བྷྱོ། ས་མ་ཡ། ཨ་ཏི་ཀྲ་མ་ན་ཡ། ཤ་རཱི་བྷྱོ། མ་མ་ཏྲག་རགཤ་ཁ་མུན་ཏྲ་སྙིང་ཁ་རག་དུན་བྷྱོ་ཟློག །མ་ཏི་བྷྱོ་ཧེ་མ་མ་ཏི་བྷྱོ་ཟློག །ཁྲག་མ་མ་བྷྱོ་ཧ་དེ་མོ་ཧ་ནི་བྷྱོ་ཟློག །ཙི་རི་སྙིང་བྷྱོ་སྲོག་ལ་ཤཱནྟིཾ་བྷྱོ་ཟློག །སྙིང་བྷྱོ་ནི་ཤ་ཀུ་རུ་ཐུན་བྷྱོ་ཟློག །ནིསྶ་ར་ནི་ཟློག་ཟློག །ཨ་བྷི་ཥིཉྩ་ཧཱཾ། ཟོར་རྫས་རིམ་པ་བཞིན་ཕྱག་ཏུ་གཏད་དེ་མངའ་གསོལ་བས་དྲག་པོ་ཟོར་གྱི་ཕྲིན་ལས་ཀྱིས་གདུག་པ་ཅན་ཚར་གཅོད་པའི་མཐུ་དབང་ཐོབ་པར་མོས་ཤིག །ཀོང་ཟོར་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་ཟོར་ཀོང་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རཱི་བྷྱོ་སོགས་ཀྱི་གཤམ་དུ། ཧ་དེ་མོ་ཧ་ཧྲྀ་ད་ཡ་སྥ་ར་ན་དྷི་ཧ་བྷྱོ་བྷྱོ། ས་མ་ཡ་ཟློག །ཨ་ལ་ལ་པྲ་མོ་ཧ་བྷྱོ། མཱ་ར་ཡ་ཟློག་ཟློག །ཨ་བྷི་ཥིཉྩ་ཨཱཿ མདའ་གཞུ་ལག་ཏུ་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །གནམ་ལྕགས་མདའ་གཞུའི་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རཱི་བྷྱོ་སོགས་ཀྱི་ཤམ་བུར། ནག་པོ་པྲ་མ་ཡ་ཧ་རི་ཡ། ནག་པོ་ཡཀྴ་ཐུན། ཧེ་ཏྲ་པ་ལ་སྙིང་ལ་ཐུན། ག་ནི་ལོ་ཙ་སྲོག་ལ་ཐུན། མཱ་ར་ཡ་ཐུན། ཧར་ཧར་ཧུར་ཧུར་ཉམས་པའི་སྙིང་ལ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། འུར་རྡོ་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་འུར་རྡོའི་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རཱི་བྷྱོ་སོགས་ཀྱི་ཤམ་བུར། ཨོཾ་པྲ་ས་ར་བྷྱོ། དུན་ཏིང་བྷྱོ་ཕཊ། དན་ཏིང་བྷྱོ་ཕཊ། ཀརྨ་རཀྴ་བྷྱོ། ཛ་ལ་ཏིང་ཏིང་བྷྱོ། ཛ་ལ་རཀྴ་བྷྱོ། རག་མོ་རག་མོ་བྷྱོ། ཡཀྴ་བྷྱོ་ཡཀྴ་བྷྱོ། བྷྱོ་བྷྱོ། དི་མ་བྷྱོ་མུ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། ཁྲག་ཟོར་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །དུག་ཁྲག་ཟོར་གྱི་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རཱི་བྷྱོ་སོགས་ཀྱི་མཐར། ཨོཾ་བཛྲ་ར་ཏྲི་དགྲ་ལ་ཡ་བྷྱོ། བཛྲ་རུ་ཏྲི་དགྲ་ལ་ཡ་བྷྱོ། བཛྲ་ན་ཏྲི་དགྲ་ལ་ཡ་བྷྱོ། བཛྲ་ཤན་ཏྲི་དགྲ་ལ་ཡ་བྷྱོ། བཛྲ་ར་ཏྲི་དགྲ་ལ་ཡ་བྷྱོ། ཏྲག་རཀྴ་རུ་ལུ་རུ་ལུ་བཾ་རིལ་དགྲ་ལ་ཡ་བྷྱོ། ནག་མོ་སྲོག་སྡུས་ཁྱེར་ཡཀྴ་བཾ་རིལ་བྷྱོ། རག་མོ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ། ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཟོར་རྫས་སྣ་ཚོགས་ལག་ཏུ་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་ཟོར་གྱི་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རཱི་བྷྱོ་སོགས་ཀྱི་མཐར་ཟོར་སྔགས་སྔ་མ་ཚང་བར་བཏགས་ལ། ཨ་བྷི་ཥིཉྩ་ཨཱཿ ཞེས་པས་གཏད་དོ། །འཆར་ཁ་ནག་པོ་འཁོར་དང་བཅས་པས་སློབ་མ་ཆེ་གེ་མོ་འདི་ཡི་སྲུང་སྐྱོབ་དང་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། འདི་ལ་འགོ་བར་མཛད་དུ་གསོལ། འདི་ལ་བསྲུང་བར་མཛད་དུ་གསོལ། འདི་ལ་བསྐྱབ་པར་མཛད་དུ་གསོལ། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཅེས་རྗེས་སུ་གནང་ཞིང་བཀའ་བསྒོ། དེ་དག་གིས་འཆར་ཁ་བཀའ་གཏེར་གཉིས་ལྡན་གྱི་ཟོར་དབང་སྤྱི་དང་ཁྱད་པར་བ་ལེགས་པར་ཐོབ་པ་ཡིན་པས་འདིའི་དམ་ཚིག་ལ་གནས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་འབུལ། ལག་ཏུ་རྡོ་རྗེ་སྦྱིན་ལ། ཧཱུྃ། དགེ་བ་འདི་ཡིས་བསྟན་པའི་རུ་དྲ་རྣམས། །གདུག་པའི་སྦྱོར་བས་དབྱིངས་སུ་ཚར་བཅད་ནས། །རྣམ་པར་ཤེས་པ་སྲིད་པའི་ལྟོ་བར་བཞེས། །བསྟན་པ་བླ་མེད་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་སྨོན་ལམ་གདབ། ཆད་མདོའི་མཐར་ཟོར་བསྐུལ་སྤྱི་འཚམ་དང་འབྲེལ་བར། ཨོཾ་ཤ་རཱི་བྷྱོཿསོགས་ཟོར་སྔགས་རྣམས་བརྗོད་ལ། ཞལ་གཏོར་དང་ཟོར་རྣམས་ཐེབས་ཡོད་པའི་ཕྱོགས་སུ་སློབ་མ་ལ་འཕེན་དུ་གཞུག །བརྟན་མ་བསྐྱང་བ་ནས་ཤིས་བརྗོད་ཀྱི་བར་ཡང་དྲེགས་འཇོམས་ལྟར་བྱའོ། །བསྟན་འགྲོར་འཚེ་བའི་གདུག་ཅན་རྩྭ་ཡི་ཕུང་། །འཇོམས་བྱེད་བསྐལ་མེའི་དབལ་གྱིས་སྐད་ཅིག་ཏུ། །བཅོམ་ནས་མགོན་པོ་ཀུན་གཟིགས་ཞིང་ཁམས་སུ། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །ཅེས་པའང་མང་དུ་ཐོས་པའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྩ་བའི་གཏེར་གཞུང་ལ་རིག་འཛིན་བརྒྱུད་པའི་ཞལ་ལུང་མ་ཉམས་པས་ཁ་བསྐངས་ཏེ་ཤྲཱི་དེ་བཱི་ཀོ་ཊིའི་ཡང་ཁྲོད་རྩུབ་འགྱུར་རབ་ཏུ་འབར་བའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

སྔགས་རྒོད་ལོཀྟྲི་པཱ་ལའི་འབྱུང་བཞིའི་མཐའ་སྡུད་ལས་སྦྱོར་དྲག་པོའི་གད་རྒྱངས (Volume 34, Text 18)

༄༅། །སྔགས་རྒོད་ལོཀྟྲི་པཱ་ལའི་འབྱུང་བཞིའི་མཐའ་སྡུད་ལས་སྦྱོར་དྲག་པོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། ། ཛ་ཡནྟུ། རང་རིག་འ༵གྱུར་མེ༵ད་དྲང་སྲོང་ཆེ། །དམོད་པ་རྡོ༵་རྗེ༵འི་མཐུ་གྲུབ་པས། །བདུད་ཚོགས་མཐར་བྱེད་འཕྲུལ་འཁོར་གྱིས། །ཚར་གཅོད་དྲག་པོའི་གད་རྒྱངས་བསྒྲག །འདིར་སྔགས་རྒོད་ལོཀྟྲི་པཱ་ལའི་འབྱུང་བཞིའི་ལས་སྦྱོར་དང་རྗེས་འབྲེལ་མཐའ་སྡུད་ཀྱི་ཕྲིན་ལས་ཇི་ལྟར་སྒྲུབ་པ་ལས། གཤོམ་དང་ལས་ཀྱི་ཕྲིན་ལས་ཉམས་སུ་ལེན་ཚུལ་སྐྱབས་མཆོག་དམ་པས་མཛད་པའི་སྲུང་ཟློག་གི་མན་ངག་བཞིན་རྟགས་མཐོང་བར་དུ་བསྒྲུབས་པའམ། ཞག་གི་ངེས་པས་ཀྱང་རུང་སྟེ་ཚུལ་བཞིན་བསྒྲུབས་པ་ལས། དང་པོ་གཏོར་བྱེད་རླུང་གི་ལས་ནི། དགྲ་ཡུལ་མཐོང་བའི་རི་རྩེ་སོགས་སྐབས་སུ་བབས་པའི་སར་སོང་སྟེ། བདག་བསྐྱེད་བསྐུལ་དང་གསེར་སྐྱེམས་དགུག་གཞུག་ལྷ་དབྱེ་རྣམས་སྔོན་དུ་འགྲོ་བས། ཧཱུྃ། ནུབ་བྱང་མཚམས་ཀྱི་ཕྱོགས་དག་ན། །རི་རབ་ཆེན་པོའི་ཁོང་སེང་ན། །དཔག་བསམ་ཤིང་ལ་གནས་བཅས་པའི། །རླུང་ལྷ་ཡབ་ཡུམ་མིང་སྲིང་ཚོགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །དྲེགས་པའི་དམག་ཚོགས་གཤེགས་སུ་གསོལ། །ཨོཾ་ཝ་ཡ་ཝེ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ལ། ཨརྒྷཾ་སོགས་ཀྱིས་མཆོད། གཏོར་མ་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། ཨ་ཀཱ་རོས་བསྔོས་ལ། རླུང་ལྷ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་གནོད་བྱེད་དགྲ་བགེགས་འདི་རྣམས་ཀྱི་མི་ནོར་ཕྱུགས་གསུམ་ཡུལ་གཞིས་མཁར་གསུམ་ཐམས་ཅད་བརླག་པར་གྱིས་ཤིག །ཉེ་བ་དང་མཛའ་བོ་ཐམས་ཅད་འཐབ་ཏུ་ཆུག་ཅིག །འཁོན་དུ་ཆུག་ཅིག །ཕུང་དུ་ཆུག་ཅིག །བརླག་དུ་ཆུག་ཅིག །ཡུལ་འབྱིན་དུ་ཆུག་ཅིག །ཕྱེས་ཤིག །དཀྲུགས་ཤིག །གཏོར་ཅིག །ལོ་དང་ཟླ་བར་མ་འགོར་ཞག་དང་ཟ་མར་མ་འགྱངས་པར་ད་ལྟ་ཉིད་དུ་གསད་ཅིང་བརླག་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། རླུང་ལྷ་ཡབ་ཡུམ་མིང་སྲིང་གནམ་ཐེ་དཀར། །མི་ཁའི་བུ་མོ་དྲེགས་པའི་དམག་ཚོགས་ལ། །གུས་པས་འདུད་དོ་ཡིད་ལ་བརྣགས་པའི་དགྲ །དྲག་པོའི་ལས་ཀྱིས་མྱུར་དུ་བརླག་པར་མཛོད། །ཧཱུྃ། ནུབ་བྱང་རླུང་ལྷ་འཁྲུགས་པའི་དུར་ཁྲོད་ནས། །སྣོད་བཅུད་འབྱུང་བ་དཀྲུག་པའི་མཐུ་བོ་ཆེ། །ཡབ་ཡུམ་མིང་སྲིང་དྲེགས་པའི་དམག་ཚོགས་རྣམས། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །གསང་བདག་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །བདག་ལ་གནོད་པའི་དམ་ཉམས་འབྱུང་པོ་འདི། །འབྱུང་བ་རླུང་ནག་འཁྲུགས་པའི་རྟ་ལ་སྐྱོན། །སྟོང་གསུམ་སྲིད་པའི་ཕ་མཐར་སྐྲོད་པ་དང་། །རྗེས་མེད་ཐལ་བར་བརླག་པའི་ཕྲིན་ལས་མཛོད། །ཤག་ཤག་ཕྱེ་ཕྱེ་དཀྲུགས་དཀྲུགས་གཏོར་གཏོར་བྱེར་བྱེར་ཕུང་ཕུང་བརླག་བརླག་ཡཾ་ཨུ་ཙ་ཏ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་རླུང་འཁོར་དུམ་བུར་གཏུབས་པའི་ཚལ་པ་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་རྒྱུ་བའི་རྫི་དང་བསྟུན་པའི་རླུང་ལ་སྐུར། ལས་དམིགས་བསལ་དང་འབྲེལ་ཚེ་སྐབས་འདིར་རླུང་འཁོར་བསྐོར་བའི་ལས་སྦྱོར་ལག་ལེན་ལྟར་གྲུབ་ན་ཤིན་ཏུ་ལེགས། མཐར་བཀའ་ལྟར་མི་བྱེད་ཅིང་སོགས་དམོད་མོ་དང་ཐལ་རྡེབ་བྱ། རླུང་ལྷ་མཆོད་བསྟོད་གཤེགས་གསོལ་སོགས་ཀྱིས་མཐའ་བརྒྱན་ནོ།། ࿊ །།གཉིས་པ་སྲེག་བྱེད་མེ་ཡི་ལས་ནི། གདུག་པའི་ས་སྟེགས་དུག་ཁྲག་གིས་བྱུགས་པའི་ཁར་ཆོས་འབྱུང་མཐིང་ནག་ལོགས་མདུན་བསྟན་ཁ་ཁྱེར་གསུམ་ལྡན་གྱི་དབུས་སུ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩིགས་ལ། རོ་རས་ཞུན་ཆེན་གྱིས་སྦགས་པའི་ཏིང་ལོ་དབུས་སུ་བཞག །གཡས་ངོས་སུ་ཡམ་ཤིང་རྩང་གཟུགས་མར་ནག་ཚིལ་ཞུན་གྱིས་སྦགས་པ། ལིངྒ། ཤ་སྣ། དུག་ཁྲག །ཐུན་རྫས་རྣམས་བརྒྱ་རྩ་སོགས་གྲངས་ཇི་ལྟར་འོས་པ། མེ་འཁོར་གྱིས་མཚོན་པའི་འཁོར་ལིང་གི་དུམ་བུ་སོགས་བསྲེག་རྫས་དང་། ཉེ་བར་མཁོ་བའི་ཡོ་བྱད་རྣམས་བཤམས་ལ། བདག་གི་རྣལ་འབྱོར་དང་ལྡན་པས་མཆོད་པ་བྱིན་གྱིས་བརླབ། རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་ནང་། །རྫས་རྣམས་ནྲྀ་ཏྲི་འབྲུ་གསུམ་ཞུ་བ་ལས། །བྱུང་བའི་རྣམ་པ་དགྲ་བགེགས་ཤ་ཁྲག་ལ། །ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ཡིས། །ལྷ་ཚོགས་དགྱེས་པ་སྐྱེད་ཅིང་གནོད་བྱེད་རྣམས། །རྗེས་མེད་ཐལ་བར་བརླག་པའི་ནུས་ལྡན་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཡུགས་སའི་མེས་ཏིང་ལོ་སྦར། ཐབ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས། །བྱུང་བའི་དྲག་པོའི་ཐབ་ཁུང་ནི། །ནག་པོ་གྲུ་གསུམ་བང་རིམ་གསུམ། །རྒྱ་ཁྱོན་ཆོས་དབྱིངས་མཉམ་པའི་ནང་། །རཾ་ལས་བསྐལ་པའི་མེ་དཔུང་ཀློང་། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །མེ་ལྷ་སྐད་ཅིག་ཁྲོ་བོ་ནི། །ཞེ་སྡང་རྡོ་རྗེ་གསང་བའི་བདག །ཅེས་པ་ནས། མེ་ཡི་ཚྭ་ཚྭ་ཤུགས་དྲག་འཕྲོ། །ཞེས་པའི་བར་དང་། མེ་ལྷའི་གནས་གསུམ་ཨོཾ་དཀར་དང་། །སོགས་ནས་བསྟོད་པའི་བར་ལས་བྱང་གི་དཀྱུས་ལྟར་བྱ། དེ་ནས། ཁྲོ་གཏུམ་རྔམས་བརྗིད་འབར་བ་མེ་ལྷའི་ཞལ། །གནམ་ས་ལྟ་བུ་འཇིགས་པར་རབ་གདངས་ནས། །དགྲ་བགེགས་བསྲེག་བྱ་ཟ་བའི་མཐའ་སྐོར་དུ། །དྲེགས་པ་སྡེ་བརྒྱད་ལས་ལ་རྔམས་པར་གྱུར། །ཅེས་གསལ་བཏབ་ལ་བསྐུལ་དང་ང་རྒྱལ་དམ་བདར་རྣམས་ཀྱི་མཇུག་ཏུ། ཧཱུྃ། ཡེ་ཤེས་བསྐལ་མེ་འབར་བའི་ཧོམ་ཁུང་དུ། །གསང་བདག་ཞེ་སྡང་རྡོ་རྗེ་ཁྲོ་བོའི་རྒྱལ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ལ། །དམ་ཉམས་དགྲ་དང་གནོད་བྱེད་གདོན་བགེགས་ཀྱི། །དུག་གསུམ་ཤ་ཁྲག་རུས་ཀྱི་མཆོད་པ་འབུལ། །དོན་སྙིང་ནང་ཁྲོལ་དབང་པོའི་མཆོད་པ་འབུལ། །ཕུང་ཁམས་སྐྱེ་མཆེད་བཀྲག་མདངས་མཆོད་པར་འབུལ། །བླ་ཚེ་སྲོག་དབུགས་དབང་ཐང་མཆོད་པར་འབུལ། །ཡུལ་མཁར་ལོངས་སྤྱོད་འཁོར་བཅས་མཆོད་པར་འབུལ། །བཞེས་ཤིག་རོལ་ཅིག་ལྷག་མེད་ཁ་རཾ་ཁཱ་ཧི། ཞེས་དང་དྲག་སྔགས་ཀྱི་མཐར། དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་རཾ་ཛྭ་ལ་རཾ། ཞེས་བཏགས་ལ་རྫས་རྣམས་རིམ་པར་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་ཕྲིན་ལས་ཀྱི་ཤམ་བུའི་དམོད་བཅོལ་བྱ། དམིགས་བསལ་བགེགས་ལྟ་བུ་ལ་རྫས་རྫོགས་པ་དང་ལྕགས་སླང་དུ་མར་ནག་བསྐོལ་པའི་སྟེང་དུ་མེ་ལྕེས་སླེབ་པར་སྔར་གྱི་མེ་འཁོར་ཇི་ལྟ་བའམ་ལིང་རྐྱང་གནད་ཡིག་དང་ལྡན་པ་བཀྲམ་ལ། བསྐུལ་དང་། གསེར་སྐྱེམས། དགུག་གཞུག་རྣམས་ཀྱི་མཐར་བཞེས་སྒྲ་དྲག་པོ་དང་བཅས་ཏེ་ཛ་གད་རྫས་ལྡན་གྱིས་མེ་སྦར་ཏེ་ཧོམ་མཆོད་བྱ། བཀའ་ལྟར་མི་བྱེད་ཅིང་སོགས་དམོད་མོ་བརྗོད། རྗེས་མཆོད་བསྟོད། འདོད་གསོལ། ནོངས་བཤགས་རྣམས་དང་། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱ། མེ་དུག་ཁྲག་གིས་གཞིལ། ཐལ་སོལ་རྣམས་མནན་པ་བྱས་ལ་ལས་བཞིའི་བྲོ་བརྡུང་ངོ་།། ࿊ །།གསུམ་པ་སྦྱོང་བྱེད་ཆུའི་ལས་ནི། མཚོའམ་ཆུ་མིག་སོགས་གང་དུ་གཏད་པའི་སར་བདག་སྲུང་གི་རྟེན་འབྲེལ་དང་ལྡན་པས་བདག་བསྐྱེད་ནས་ལྷ་དབྱེའི་བར་སྔར་ལྟར་བྱས་རྗེས། ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །ཆུ་བདག་རྒྱལ་པོ་ཝ་རུ་ཎ། །ཀླུ་ཆེན་བརྒྱད་ཀྱི་འཁོར་དང་བཅས། །ཞེ་སྡང་རྡོ་རྗེའི་བཀའ་བཞིན་དུ། །དམ་ཚིག་གནས་འདིར་གཤེགས་སུ་གསོལ། །ནཱ་ག་རཱ་ཛ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། ཀླུ་སྨན་དང་བཅས་པའི་གཏོར་མ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ཞེས་ལན་གསུམ་དང་། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་ཕུལ། ཧཱུྃ། ས་འོག་སྲིད་པ་གསུམ་ལ་མངའ་མཛད་པའི། །མཐུ་རྩལ་རྨད་བྱུང་ཀླུ་ཆེན་བརྒྱད་པོ་ལ། །གུས་པས་འདུད་དོ་ཡིད་ལ་བརྣགས་པའི་དགྲ །དྲག་པོའི་ལས་ཀྱིས་མྱུར་དུ་བརླག་པར་མཛོད། །ཅེས་དང་། ཧཱུྃ། བདག་ནི་ཞེ་སྡང་རྡོ་རྗེ་ཡིན། །ཐུགས་རྗེས་སེམས་ཅན་དོན་ལ་ཁྱབ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན། །བསྒྲལ་བའི་ཞིང་བཅུ་ཚང་བ་ཡི། །བསྟན་པ་བཤིགས་པའི་དགྲ་བོ་འདི། །ཀླུ་བདུད་ནག་པོ་ཁྱོད་ལ་གཏད། །གཏད་དོ་མ་གཏང་ཤོར་ར་རེ། །དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ། །ཞེ་སྡང་རྡོ་རྗེས་ཁྱོད་ལ་གཏད། །ཨོཾ་ཧ་ཞེན་ཧུ་ཞེན་ནཱ་ག་ལེ་ཞེན་ནཱ་ག་ལེ་ཞེན་སྭཱ་ཧཱ། ཀླུ་རྒྱལ་ཁྱོད་ཀྱིས་དགྲ་བོ་འདི་རྣམས་ཐོབ་པའི་རྗེས་སུ་བསྟན་པའི་སྤྱི་དགྲ་འདི་རྣམས་དང་། རི་བོ་ཆེན་པོ་འདི་དང་རྒྱ་མཚོ་ཆེན་པོ་འདི་ཟོ་ཞིག་ཐུངས་ཤིག །དགྲ་བོ་འདི་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཏད་པ་ཡིན་ནོ། །ཞེས་བརྗོད་ཆུ་འཁོར་ཆུ་ལ་སྦྱང་། སྐབས་འདིར་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་དྲོད་ཚད་ཅི་རིགས་དང་ལྡན་ཞིང་ལས་དམིགས་གསལ་དང་འབྲེལ་བའི་གལ་པོ་ཆེ་ཡིན་ན་གཏད་ཀྱི་དམིགས་གནད་དང་གཏད་ཆས་སོགས་མན་ངག་གི་ངེས་པ་བཞིན་གཏད། མཐར་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིགས་ཤིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ཏུ་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག །ཅེས་ཐལ་རྡེབ་བྱས་པའི་མཐར། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །གལ་ཏེ་གནས་ན་བརླག་པར་བྱེད། །དྲང་སྲོང་དམོད་དེ་བཟློག་ཏུ་མེད། ཅེས་དམོད་མོ་བརྗོད། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་བཱ་ར་གཙྪས་རང་གནས་སུ་བཏང་། ཐོ་བརྩིགས་པ་དྲང་སྲོང་དུ་བསམ་ལ་ལས་བྱང་བཞིན་སྲུང་འཁོར་དྲག་ཏུ་བསྒོམ། བྱེ་མའི་ལ་དགུ་བྱས་པར་གོམ་པ་དགུ་ཚར་ལ་སྤོ། ལ་དགུ་ལུང་དགུ་ཕྱིན་པར་བསམས་ཏེ་ཕྱི་མིག་མི་བལྟ་བར་ནང་དུ་ལོག་ཅིང་ལྟ་བའི་རྒྱས་བཏབ་བོ།། ࿊ །།བཞི་པ་གནོན་བྱེད་སའི་ལས་ནི། མནན་སྣོད་དམིགས་བྱ་གང་ཡིན་ལ་ལྟོས་ནས་སོ་སོར་གསུངས་ཀྱང་། སྤྱི་ཁྱབ་དགྲ་ལ་གླང་རུ་དང་སྤྱང་ཐོད། བགེགས་ལ་ཝ་ཐོད་དང་ཕག་ཐོད་བསྔགས་པས་དེ་དག་གང་རུང་དུ་བཅུག་ནས་ཕུང་རེས་སྒྲིལ་བ་སོགས་མནན་ཆས་ལག་ལེན་ལྟར་བྱས་པ་མཆོད་རྟེན་ནམ་ལམ་རྒྱ་གྲམ་ལྷ་ཁང་སོགས་གང་དུ་གནོན་པའི་སར་ཁྱེར་ལ། དེར་དོང་གྲུ་གསུམ་པ་ཁྲུ་གང་སོར་ཉི་ཤུའི་ཚད་ལས་མི་ཐུང་བ་བྲུས་ཏེ། བདག་ཉིད་གསང་བདག་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པས་བསྐུལ་ནས་ལྷ་དབྱེའི་བར་སྔར་ལྟར་བྱས་རྗེས། ཧཱུྃ། བདག་ཉིད་ཞེ་སྡང་རྡོ་རྗེ་གསང་བའི་བདག །སྟོང་གསུམ་གང་བའི་སྐུར་གྱུར་ཕྱག་གཡས་ཀྱི། །ཐོ་ཆེན་བསྣུན་པས་ས་གཞི་གས་པའི་ནང་། །ཕྱི་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །ཅེས་ཐོ་བའམ་རལ་གྲི་ས་ལ་བསྣུན་ཚུལ་བྱ། དེ་དབུས་ཀླུ་བདུད་ནག་པོ་ཏི་པ་ཙ། །ཆུ་སྲིན་འབར་བའི་གདོང་ཅན་ཡར་ལ་བཞེངས། ཁ་གདངས་གནམ་སར་བགྲད་ཅིང་ལྗགས་གློག་འཁྱུག །ཚེམས་དང་མཆེ་བ་གངས་རི་ལྟ་བུར་གཙིགས། །སྤྱན་ནི་ཉི་མ་ཟླ་བ་བཞིན་དུ་གསལ། །སྦྲུལ་ཞགས་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེས་ཤིག །གནམ་སར་བགྲད་པ་ཁྱོད་ཀྱི་ཁ་ནང་དུ། །དམ་ཉམས་དགྲ་བོ་གནོད་པ་བྱེད་པ་པོ། །མི་ནོར་འཁོར་དང་བཅས་པ་འདི་དག་རྣམས། །ཟས་སུ་བསྟབ་བོ་གཏད་དོ་ནྲྀ་ཏྲི་ཛཿ ཞེས་པས་ལིངྒ་སྣོད་དང་བཅས་པ་དོང་ནང་དུ་འཕངས་ནས་ཀླུ་བདུད་ལ་ཟས་སྐལ་དུ་གཏད། ཨོཾ་ལོཀྟྲི་པཱ་ལ་ནན། ལཾ་སཏྭམྦྷ་ཡ་ནན། ས་ག་པཱ་ཤ་ནན་ལཾ་སཏྭམྦྷ་ཡ་ནན། ནཱ་ག་དུ་དུ་ནན་ལཾ་སཏྭམྦྷ་ཡ་ནན། མ་མཾ་མ་མཾ་ལཾ་སཏྭམྦྷ་ཡ་ནན། ཙིར་ཙར་ཙིར་ཙར་ལཾ་སཏྭམྦྷ་ཡ་ནན། བཾ་རུ་ལུ་བཾ་རུ་ལུ་ལཾ་སཏྭམྦྷ་ཡ་ནན། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ལཾ་སཏྭམྦྷ་ཡ་ནན། ཧོ་ར་ཧོ་ར་ལཾ་སཏྭམྦྷ་ཡ་ནན། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ལཾ་སཏྭམྦྷ་ཡ་ནན། ཞེས་སྔགས་ཚན་སོ་སོའི་མཐར་འབྱུང་བ་སའི་སྔགས་བཏགས་པ་དང་། བཀའ་ལྟར་མི་བྱེད་ཅིང་སོགས་དམོད་མོའང་བརྗོད། ཁོང་ཆུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཕྲུ་གུ་ཐམས་ཅད་ཙིར་སྒྲ་དིར་དིར་སྒྲོག །མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས། །བསྐལ་པ་མ་སྟོངས་བར་དུ་མི་ཐར་བར། །ཆུ་སྲིན་ཁ་བསྡམས་ཉི་ཟླ་གཟས་ཟིན་བཞིན། །མུན་ནག་རུམ་གྱིས་རང་གནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །སྐབས་འདིར་དུར་རྡོ་ལ་སྣ་ཚོགས་རྡོ་རྗེ་རི་རབ་དང་བཅས་པ་བྲིས་པས་ཁ་བཀབ། མེ་ཆུ་གོ་ལྡོག་གི་དམིགས་པ་དང་བཅས་ས་རྡོས་མནན་ལ་ལག་ཚགས་དམ་པར་བྱ། ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག །ནྲྀ་ཏྲི་སརྦ་སཏྭམྦྷ་ཡ་ལཾ་ནན། །མནན་པ་ཡིན་པས་ལྡང་བར་མ་བྱེད་ཅིག །སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་གདབ་བོ། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མཱ་དྷི། །ཞེས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་སྟེང་དུ་མཉམ་པར་བཞག་ཅིང་ལས་བྱང་བྲོ་བརྡུང་གིས་ཀྱང་རྒྱས་གདབ་བོ། །རིག་སྔགས་དམོད་པའི་བདེན་ཚིག་དྲང་སྲོང་མཐུ། །རྗེས་བསྐུལ་མཐའ་སྡུད་ལས་ཀྱི་སྦྱོར་བ་འདིས། །ནག་ཕྱོགས་བདུད་སྡེའི་ཚེ་སྲོག་འཕྲོག་པ་དང་། །ལྷན་ཅིག་ཡེ་ཤེས་མཆོག་གི་དགའ་སྟོན་སྦྱིན། །དེ་ལྟར་སྔགས་རྒོད་ལོཀྟྲི་པཱ་ལའི་འབྱུང་བཞིའི་འཁོར་ལོའི་ལས་སྦྱོར་དང་རྗེས་འབྲེལ་མཐའ་སྡུད་ཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་ཚུལ་གསལ་བར་བྱེད་པའི་ཡི་གེ །དྲག་པོའི་གད་རྒྱངས་ཞེས་བྱ་བ་འདི་ཡང་༧སྐྱབས་མཆོག་བླ་མ་དམ་པས་མཛད་པའི་སྲུང་ཟློག་བསད་པའི་མན་ངག་གི་ཁ་སྐོང་ཞབས་འདེགས་སུ་འགྱུར་ངེས་མཐོང་ནས་གཉོས་ཀྱི་སྔགས་འཆང་པདྨ་འགྱུར་མེད་རྒྱ་མཚོས་བརྗོད་བདེའི་ངག་གིས་ཁྲིགས་སུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

གཏོར་མ་ཆ་གསུམ་གྱི་ཆོ་ག་ (Volume 41, Text 18)

༄༅། །གཏོར་མ་ཆ་གསུམ་གྱི་ཆོ་ག་བཞུགས་སོ། ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གའི་སྐབས་སུ་ཆ་གསུམ་གཏོར་མ་རྒྱས་འབྲིང་བསྡུས་པའི་ཚུལ་ཇི་སྙེད་ཅིག་གསུངས་པ་ལས་འདི་ལྟར་ཤེས་པར་བྱ་སྟེ། རིན་པོ་ཆེ་ལ་སོགས་པའི་སྣོད་གསུམ་གྱི་དང་པོ་གཉིས་སུ་ཕྱོགས་སྐྱོང་དང་འབྱུང་པོ་སྤྱིའི་གཏོར་ཟླུམ་མཐེབ་ཀྱུ་ཅན་འབྲས་ཆན་ལ་ཕུག་སོགས་དཀར་ཞིང་གཙང་བའི་བཟའ་བཅའི་ཚོགས་ཀྱིས་བརྒྱན་པ་དང་། གསུམ་པར་བགེགས་ཀྱི་གཏོར་མ་ཏིང་ལོ་ཆངས་བུ་ཅན་ཤ་ཆང་སོགས་ཀྱིས་སྦགས་པ་རྣམས་གྲལ་རིམ་གྱིས་བཤམས་ལ། བསང་ཆུས་བྲན་ཏེ། རྡོ་རྗེ་གནོད་སྦྱིན་གྱི་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། རྡོ་རྗེ་མེའི་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་དང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ། །དེ་ནས་གཏོར་མ་དང་པོ་ཕྱོགས་སྐྱོང་བཅུ་ལ་འབུལ་ཏེ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་པར་བསམ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་དཱ་ཤ་དིཀློ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ་ལ། ཨོཾ་ཨིནྡྲ་ཡེ། ཨགྣ་ཡེ། ཡ་མཱ་ཡ། ནཻརྀར་ཏྱེ། ཝ་རུ་ཎ་ཡ། ཝཱ་ཡ་ཝེ། ཀུ་བེ་ར་ཡ། ཨཱི་ཤ་ནཱ་ཡ། ཨཱུརྡྷ་བྲཧྨཱ་ཡ། སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲི་ཐི་ཝེ་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨིནྡྲ་སོགས་སྔར་གྱི་སྔགས་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་གསོལ། ཨོཾ་དཱ་ཤ་དིཀློ་ཀ་པཱ་ལ་ས་པ་རི་ཝཱ་རའི་མཐར་གཙྪ་བཏགས་པས་གཤེགས་སུ་གསོལ། གཏོར་མ་གཉིས་པ་འབྱུང་པོ་སྤྱི་ལ་འབུལ་ཏེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ། ཨོཾ་དེ་བ། ནཱ་ག །ཡཀྴ། རཀྴ། གནྡྷརྦྦཿ ཨ་སུ་ར། ག་རུ་ཌ། ཀིནྣ་རེ། མ་ཧོ་རཱ་གེ །མ་ནུཥྱ། ཨ་མ་ནུཥྱ། ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྡོར་ཐལ་གྱེན་དུ་ཕྱེ་སྟེ། ཨོཾ་དེ་བ་སོགས་སྔར་གྱི་སྔགས་མཐར་ན་མཿསརྦ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་དྲི་དང་བྱུག་པ་མེ་ཏོག་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པ་བྱ། ཨོཾ་སརྦ་ལོ་ཀ་པཱ་ལ་གཙྪ། ཞེས་གཤེགས་སུ་གསོལ། གསུམ་པ་བགེགས་ལ་བསྔོ་བ་སྟེ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར་པར་བསམ་ལ་ཧཱུྃ་མཛད་ཀྱི་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུྃ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་གུཾ་ཀ་རི་གུཾ་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུཾ་གུཾ་སྭཱ་ཧཱ། སརྦ་བིགྷྣཱཾ་གྲྀཧྞེ་དཾ་ཨརྒྷཾ་སོགས་ཀྱིས་མཆོད། རྡོར་ཐལ་སེ་གོལ་བཅས་པས། ཨོཾ་གུཾ་ཀ་རི་སོགས་གོང་གི་སྔགས་མཐར་སརྦ་བིགྷྣཱནྣ་མཿསོགས་གསུམ་གྱིས་གཏོར་མ་བྱིན་ལ། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་དང་། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ། ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་དང་། ཆོས་ཀྱི་སྦྱིན་པ་གོང་བཞིན་བྱས་ལ། སརྦ་བིགྷྣཱཾ་གཙྪ་ས་གཤེགས་ཤིང་། གང་དག་གདུག་ཅིང་རྩུབ་པའི་སེམས་འཆང་བ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞི་པའི་སྔགས་དང་རོལ་མོའི་སྒྲ་དྲག་པོས་བསྐྲད་པར་བྱ་ཞིང་གཏོར་མ་རྣམས་གཙང་སར་རིམ་པ་བཞིན་དོར་རོ། །སླར། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ། །གཏོར་མ་ཆ་གསུམ་གྱི་ཆོ་ག་འདི་ནི་སྔ་འགྱུར་བཀའ་མའི་ཡིག་ཆ་དུ་མ་དང་། སྒྲུབ་ཆེན་བདེ་གཤེགས་འདུས་པའི་གཏོར་ཆོག་སོགས་ལས་བཏུས་ཤིང་། ཕྱི་འགྱུར་བའི་ལུགས་དང་མི་འགལ་བར་མཚུངས་པར་བྱས་ཏེ་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའོ།། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་ (Volume 9, Text 18)

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དབང་བཞིའི་ཆུ་བོས་བདག་རྒྱུད་སྨིན་མཛད་པ། །བཀའ་དྲིན་མཉམ་མེད་བླ་མར་ཕྱག་འཚལ་ཏེ། །ཐུགས་ཐིག་རྩ་བའི་དབང་བསྐུར་ཆོ་ག་ཡི། །མཚམས་སྦྱོར་ཟིན་བྲིས་གསུང་རྒྱུན་ཇི་བཞིན་བྲི། །དེ་ལ་གནས་ཁང་བྱི་དོར་བྱས་པར། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའམ། རས་བྲིས་བཀྲམ་པའང་རུང་སྟེ། དབུས་སུ་མཉྫིའི་སྟེང་དུ་རྣམ་བུམ། གཡས་སུ་གཏོར་མ། གཡོན་དུ་གསང་རྫས་ཀྱི་ཐོད་པའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ། དེ་དག་གི་མདུན་གྱི་གཡས་ངོས་སུ་རིགས་ལྔའི་ཕྱག་རྒྱ། ཕུར་བུ། བཟའ་བཅའི་ལོངས་སྤྱོད་དང་བཅས་པ། གཡོན་ངོས་སུ་སྐུ་འབག །མེ་ལོང་། ཤེལ་རྡོ། རྨ་བྱའི་མདོངས་རྣམས་བཀོད་ལ། མཐའ་མཆོད་གཏོར་སྨན་རཀ་ཉེར་མཆོད་ལ་སོགས་པས་བསྐོར་ཏེ། སློབ་དཔོན་གྱི་བྱ་བ་སྒྲུབ་མཆོད་ནི། སྦྱང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད་དུ་ངེས་པའི་ཕྱིར་མཚན་མའི་རྟེན་བྲིས་དཀྱིལ་གྱིས་མཚོན་ནས་རིས་མེད་པའི་མཁའ་ཁྱབ་ཀྱི་སེམས་ཅན་སྣོད་བཅུད་དུ་སྣང་ཞིང་ཞེན་པ་ཐམས་ཅད་དམ་ཚིག་གི་དཀྱིལ་འཁོར་དུ་ཆོ་ག་གསུམ་གྱི་སྒོ་ནས་གསལ་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་སྤྱན་དྲངས་ཏེ། དམ་ཡེ་གཉིས་སུ་མེད་པར་བྱས་ནས་མཆོད་བསྟོད་བཟླས་པ་སོགས་ལས་བྱང་བཞིན་དུ་གྱེར་ཚིག་གཅིག་གི་སྒོ་ནས་བདག་མདུན་སྒྲུབ་མཆོད་དང་། བཀོལ་བྱང་བཞིན་དབང་དོན་གྱི་བུམ་པ་སྒྲུབ་པ། སྲུང་མའི་གཏོར་བསྔོ། དབང་བླང་བ་རྣམས་ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བྱས་ཏེ་གྲལ་དུ་འཁོད་པ་ལ། སྔོན་གཏོར་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད་པས་མགྲོན་བཀུག །ཨོཾ་སརྦ་བྷཱུ་མི་པ་ཏི་ཨི་དཾ་བ་ལིཾ་ཏ་གྲྀཧྣནྟུ༔ མ་མ་རཀྵ་ཁཱ་ཧི་ཁཱ་ཧིི༔ ཞེས་ལན་གསུམ་གྱིས་བསྔོས་ལ། སྲིད་གསུམ་ཞིང་ན་གནས་པ་ཡི༔ གསང་སྔགས་ཟབ་མོའི་ཆོ་ག་ལ༔ དབང་མེད་ཐམས་ཅད་མགུ་བྱོས་ལ༔ དེངས་ཤིག་བཀའ་ལས་འདའ་བྱེད་ན༔ སྣ་ཚོགས་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཞེས་མཐར་སུམྦྷའི་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད། དེ་ནས་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་ཕུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་མོས་པ་མཛོད། ཅེས་སྲུང་འཁོར་གསལ་བཏབ་ནས། ལས་རྡོར་གྱིས་མེ་ཏོག་བཀྲམ་བསྡུ་བྱས་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་རྒྱུད་སྡེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་གང་གསན་བྱའི་ཆོས་ནི། འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་། བསྡུ་ན་ཐེག་པ་རིམ་པ་དགུའམ། དེའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་ཆོས་སྐུར་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་འང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུའི་ལམ་དུ་གྱུར་པ་ཡིན། །ཞེས་གསུངས། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ། ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲྀ་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་དྲིལ་བ་ལྟ་བུ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ། ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱི་ལྟར་ན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་རྣམ་རོལ་དུ་བསྟན་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་ལས། བྱེ་བྲག་ཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པད་སྡོང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་དུའང་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་དགོངས་ནས་ཞལ་ཆེམས་ཀྱི་ཚུལ་དུ་བར་ཁང་གཡུ་ཞལ་སྔོན་པོར་ལས་ཅན་གྱི་རྗེ་འབངས་ལྔ་ལ་ཤིན་ཏུ་ཟབ་པ་རིག་འཛིན་ཐུགས་ཐིག་གི་མན་ངག་རྣམས་གསུངས་ཏེ། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང༔ དེ་ཕྱིར་མི་སྤེལ་མི་འཇིགས་རྒྱ་ཡིས་ཐོབ༔ སྤུར་རྒྱལ་བོད་ཡུལ་གཡའ་མ་ལུང་ཞེས་པའི༔ རིན་ཆེན་བརྩེགས་འདྲའི་བྲག་འདབས་གཏེར་དུ་སྦོས༔ ཞེས་གདམས་པ་ལྟར། ལོ་ཙཱ་བ་ཆེན་པོ་སྤ་གོར་བཻ་རོ་ཙཱ་ནས་གཏེར་དུ་སྦ་བར་མཛད་པ། ཕྱིས་ལོ་ཆེན་ཉིད་ཀྱི་སྐུའི་སྤྲུལ་པ་རིག་འཛིན་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པའམ། མཚན་གཞན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་ཡོངས་སུ་སྦྲེང་བ་གང་གིས་ཟབ་མོའི་གཏེར་ནས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ས་ལ་འགོད་པར་མཛད་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ། སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་དབང་ཞུ་བའི་ཡུལ་དུ་གྱུར་པའི་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས། འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྐུ་གསུང་ཐུགས་ཀྱི་ངོ་བོར་གདོད་ནས་བཞུགས་ནའང་། སྔོན་ཆད་མ་རིག་པའི་དབང་གིས་འཆིང་གྲོལ་མེད་པའི་གནས་ལུགས་མ་རྟོགས་པས་འཇིགས་རུང་འཁོར་བའི་གཡང་སར་འཕྱན་ནས་སྡུག་བསྔལ་བར་གྱུར་གྱི། ད་ནི་བླ་ན་མེད་པའི་བདེ་བ་ཐར་པ་དམ་པའི་གྲོང་ཁྱེར་དུ་འཇུག་པར་འཚལ་ན་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་སྔོན་ཆད་མ་རིག་འཁོར་བར་འཁྱམས༔ དེང་བཟུང་འཇིག་རྟེན་བྱ་བ་ཀུན་སྤངས་ནས༔ ཐར་པའི་གྲོང་དུ་འཇུག་འདོད་གནང་བར་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པའི་ལན་དུ། འོ་སྐལ་ལྡན་ཁྱེད་རྣམས་དཀྱིལ་འཁོར་ཟབ་མོ་འདིར་འཇུག་པར་སྤྲོ་ན་བླ་ན་མེད་པའི་བརྩོན་འགྲུས་དྲག་པོ་བསྐྱེད་པར་གྱིས་ཤིག་ཅེས་འདོམས་པ་འདིར་གདའ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཐེག་མཆོག་ཟབ་མོ་འདིར་འཇུག་ན༔ ཁྱེད་རྣམས་རྩོལ་སེམས་མ་ཆུང་བར༔ ནན་ཏན་སྙིང་རུས་བསྐྱེད་པར་འཚལ༔ ཞེས་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བྱ་བའི་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བཞུགས་པའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་སྤྲོ་བ། སྔར་བྱས་ཀྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་དེ་དག་དམིགས་མེད་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམས་བགྱིད་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ ཞེས་སོགས་ལན་གསུམ། སླར་ཡང་ཚོགས་ཞིང་ཁྱད་པར་ཅན་དེ་དག་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་མོས་ལ། དུས་འདི་ནས་བཟུང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ སོགས་ལན་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ སོགས་གསུམ། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པས་རྒྱུད་དག་པར་བྱས་ཏེ་དཀྱིལ་འཁོར་ཆེན་པོར་འཇུག་རུང་དུ་བསྒྲུབས་པས། དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུཿབནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་ཚར་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། སྐབས་འདིར་གཞུང་ལས་བགེགས་ལ་གཏོར་མ་སྦྱིན་པ་འབྱུང་ཡང་འཁྲུག་སྡེབ་ཀྱི་དགོངས་པ་ལྟར་གོང་དུ་སོང་། འདིར་ཏིང་ངེ་འཛིན་གྱི་བགེགས་སྐྲོད་པ་ཙམ་ཕྱག་ལེན་དུ་མཛད་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་ཚོགས་མཚོན་ཆའི་ཆར་འབེབ་པ་ཉི་ཟེར་གྱི་རྡུལ་ཕྲན་ལྟར་འཕྲོས་པས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ལ། གུ་གུལ་གྱིས་འདུག །ཡུངས་ཀར་གྱིས་བྲབ། སུམྦྷའི་སྔགས་བཟླ་ཞིང་། རོལ་མོའི་སྒྲ་ཚམ་རྔམ་དང་བཅས་པ་བྱས་ལ། སྔར་ལྟར་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སོགས་ཀྱིས་སྲུང་འཁོར་གསལ་བཏབ་ཅིང་། རྩ་སྔགས་སྲུང་བའི་ཤམ་བུ་ཅན་གྱིས་སྔགས་མདུད་བྱས་པའི་སྲུང་སྐུད་དམར་པོ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་ལ་ལས་བུམ་གྱི་ཆུ་གཏོར་ཞིང་རྡོ་རྗེའི་རྒྱས་བཏབ་པས་བར་གཅོད་བསྲུང་ངོ་། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་སྤྱི་དང་བྱེ་བྲག་ཁྱད་པར་གྱི་སྡོམ་པ་རྣམས་བླང་བར་བྱ་སྟེ། དེ་ལ་སྤྱིའི་སྡོམ་པ་ནི། གཞན་ལ་གནོད་པའི་སྦྱོར་བ་ལས་སེམས་བསྲུང་བ་སོ་ཐར། དེའི་སྟེང་དུ་ཕན་འདོགས་ཀྱི་སྦྱོར་བ་ལ་ཞུགས་པ་བྱང་སྡོམ། དེ་གཉིས་ཀའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ། མཉམ་པ་ཆེན་པོའི་ངང་ནས་ཐབས་ལ་མཁས་པས་གཞན་དོན་རླབས་པོ་ཆེ་སྤྱོད་པ་སྔགས་སྡོམ། ཁྱད་པར་དུའང་བླ་ན་མེད་པའི་སྔགས་ཀྱི་དམ་ཚིག །བླ་མ་དང་མཆེད་བཀུར་བ་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་གསུང་གི་དམ་ཚིག །བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་གསང་བཅུ་མི་བསྟན་པ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བའི་དམ་ཚིག་གསུམ། སྤྱད་དང་མི་སྤང་དང་དུ་བླང་། ཤེས་དང་སྒྲུབ་པ་ལྔ་ལྔ་འོ། །ཞེས་གསུངས་པ་ལྟར་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བདེ་གཤེགས་རིགས་ལྔའི་སྡོམ་པ་ལ་སོགས་པ་སྟེ། སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་སྟེ། དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ནས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་ལ་འཇུར་བཅུག་སྟེ། ཛཿཧཱུྃ་བཾ་ཧོཿཔྲ་ཝེ་ཤ་ཡ་ཕཊ། ཅེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ། ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། རིགས་འདུས་རྩ་གསུམ་དཀྱིལ་འཁོར་དུ༔ གཞུག་ཅིང་ཡེ་ཤེས་རྡོ་རྗེ་བྱིན༔ དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་སྨྲ་བར་མ་བྱེད་ཅིག༔ ཅེས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་སྟེ། རྩ་གསུམ་རིགས་འདུས་ལྷ་ཚོགས་དེང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཞེས་བརྗོད། གསུམ་པ་ཁེ་ཉེན་གྱི་སྒོ་ནས་མནའ་ཆུ་བླུད་དེ་དམ་ལ་བཞག་པ་ནི། བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུང་དངོས་གྲུབ་ཆུ་འདིས་འགྲུབ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བྲོ་བོར་དུ་གཞུག་གོ །དེ་ལྟར་བདུད་རྩིའི་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་། ཕྱི་མར་དམྱལ་བའི་གནས་སུ་ལྟུང་ནས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་དང་ཕྲེང་བར་བཅས་པའི་ཕྱག་གཡས་པ་སྤྱི་བོར་བཞག་སྟེ། ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱི༔ གང་ཞིག་ང་ལ་བརྙས་པ་ན༔ ཚེ་འཕོས་ན་རཀ་ལྟུང་འགྱུར་བས༔ ང་ཡིས་ཇི་ལྟར་བསྩལ་བཞིན་སྒྲུབས༔ དམ་ལས་མ་འདའ་གནས་པར་གྱིས༔ ཞེས་བརྗོད་པས་དམ་ལ་བཞག་གོ །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ག་གསལ་ཞིང་འཚེར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ལོ་བརྒྱད་པའི་ན་ཚོད་ཅན། ཁྲོ་འཛུམ་འགྱིང་བའི་ཉམས་དང་ལྡན་པ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་དབྱིངས་ཕྱུག་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བར་ཡཾ། ཡན་ལག་བཞི་ལ་ཧ་རི་ནི་སའི་ཡིག་འབྲུ་མར་མེ་ལྟར་གསལ་ཞིང་འབར་བ་རླུང་སེམས་ཀྱི་དྭངས་མ་ཡེ་ཤེས་ཀྱི་ངོ་བོར་བསམ། དེ་ལས་འོག་རླུང་བསྐུལ་བའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས། གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བས་ཡན་ལག་གི་ཡི་གེ་བཞི་ལས་མུ་མེད་པའི་འོད་ཟེར་འཕྲོས་པ་བ་སྤུའི་བུ་ག་ནས་ཕྱིར་འཐོན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་དང་བུ་ཡུག་འཚུབ་པ་བཞིན་དུ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །རིག་འཛིན་པདྨ་འབྱུང་གནས་ལ། །པདྨ་ཐོད་ཕྲེང་རྩལ་དུ་གྲགས། །འཁོར་དུ་སོགས་ལས་བྱང་ལྟར་ལས་མཇུག་ཏུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བཟླ་ཞིང་བྱིན་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་ཁྱོད་རང་མིག་རས་དང་བཅས་བཞིན་པས་དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་བལྟས་ཏེ་ཁ་དོག་གང་མཐོང་བ་དེ་ངེད་ལ་སྨྲ་དགོས་པས། ཀྱེ། ཁྱོད་ཀྱི་མིག་ལམ་ན་ཅི་སྣང་། ཞེས་དྲིས་ལ། དཀར་པོ་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། སྔོན་པོའམ་ནག་པོས་དྲག་པོ། ལྗང་གུའམ་ཁྲ་བོ་མཐོང་ན་ལྷུན་གྱིས་གྲུབ་པའི་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་ལུང་བསྟན། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་ཏེ། དེ་ཡང་ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས་ངོ་བོ་ལ་བཟང་ངན་མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་བབས་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧོ༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་དུ༔ འབྲེལ་བའི་མེ་ཏོག་འདི་འབུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ དཀྱིལ་འཁོར་ལྷ་དང་བདག་མཇལ་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ས་མེ་ཏོག་དོར་དུ་བཅུག་ནས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ནས་གསང་བའི་མིང་བཏགས། སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད་བྱས་ལ། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུྃ༔ ཅོད་པན་གྱིས་དབང་བསྐུར་རོ། །དེ་ནས་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧོ༔ སྟོན་པ་རིགས་འདུས་རྩ་གསུམ་ལྷས༔ ཁྱོད་ཀྱི་མ་རིག་ཆུ་བུར་མིག༔ རིག་པ་ཡེ་ཤེས་ངང་དུ་བསལ༔ སྤྲོ་བས་དཀྱིལ་འཁོར་གཉན་པོར་ལྟོས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་། གསེར་ཐུར་ཐོགས་ཏེ་མིག་དབྱེ་བའི་རྒྱས་གདོང་གཡོགས་བཀྲོལ་ལོ། །དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ཧོ༔ དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་ལས་དང་སྐལ་བར་ལྡན༔ འདི་མཐོང་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་བལྟ་བར་བསྐུལ་ལ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས་རང་སྣང་དབྱེར་མེད་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་རྟོག་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། མི་རྟོག་པའི་ཡེ་ཤེས་ལ་སྤྲོས་པའི་ཟུག་རྔུ་མེད་པའི་བརྡར་ཕྱི་ཟླུམ་པོར་འཁོར་བ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤས་པའི་ནང་དུ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་བརྒྱད་དང་། དུག་གསུམ་སྐུ་གསུང་ཐུགས་སུ་དག་པའི་བརྡར་འཁོར་ལོ་རྩིབས་བརྒྱད་པ་དང་། པདྨ་འདབ་མ་བརྒྱད་དང་། རིན་པོ་ཆེ་ཆ་བརྒྱད་པ་གསུམ་གྱིས་ཕྱི་ནས་རིམ་བཞིན་བསྐོར་བའི་ནང་དུ་ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ་ལྔ། གཙོ་བོའི་གནས་སུ་དགོས་འདོད་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེའི་ཁྲི །གཙོ་འཁོར་ཐམས་ཅད་ཀྱི་གནས་སུ་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཤེས་རབ་རང་བཞིན་མེད་པའི་བརྡར་ཉི་མ། ཐབས་འགག་པ་མེད་པའི་བརྡར་ཟླ་བའི་གདན་ཏེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པའི་བརྡར་རིགས་ཐམས་ཅད་ཀྱི་བདག་པོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། ཐོད་ཕྲེང་རིགས་བཞི། དེ་ཡང་སྣང་སྟོང་ཟུང་དུ་འཇུག་པའི་བརྡར་ཡབ་ཡུམ་གྱི་རྣམ་པར་གསལ་བ། རྣམ་པར་ཤེས་པའི་ཚོགས་བརྒྱད། རྣམ་ཤེས་ཀྱི་ཡུལ་བརྒྱད། ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་བརྒྱད་མཚོན་པའི་བརྡར་ནང་ནས་རིམ་བཞིན་སྤྲུལ་པའི་མཚན་བརྒྱད། བཀའ་བབས་ཀྱི་རིག་འཛིན་བརྒྱད། དཔལ་ཆེན་པོ་སྒྲུབ་སྡེ་བརྒྱད། སྒོ་བཞིར་ཚད་མེད་པ་བཞིའི་རང་བཞིན་གྱི་གིང་བཞི། ཕྱིའི་ཁོར་ཡུག་ལ་འཁོར་བའི་ཆོས་ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་རང་སྣང་བའི་བརྡར་རྒྱལ་པོ་ཆེན་པོ་སྡེ་བཞི་དང་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་བཀའ་ཉན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེ་ལྟ་བུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་ཀྱང་རང་སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དོན་དམ་པར་རང་ལ་གདོད་ནས་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་སྙམ་དུ་མོས་པ་མཛོད། ཅེས་པ་ཙམ་མམ། སྤྲོ་ན་ལྷ་ངོ་བསྟན་པའི་རྗེས་སུ། དེའི་ནང་ནས་ཀྱང་ཁྱོད་རང་གི་ཡི་དམ་གྱི་ལྷ་འདི་ཡིན་ནོ། །ཞེས་མེ་ཏོག་ཕོག་པའི་ལྷ་ངོ་བསྟན། གང་ལྟར་ཡང་ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ཞིང་ངོ་སྤྲད་ནས། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་གྲུབ། དེ་ལྟར་ཞུགས་པའི་ཕན་ཡོན་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་འང་དེ་བཞིན་ནོ། །ཞེས་པས་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་ནོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས། དབྱེ་ན་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་དབང་བཞིར་འགྱུར། དེའི་རྒྱུ་མཚན་ཡང་དབང་བཞི་བསྐུར་བའི་ནུས་པས། སྦྱང་བྱ་ལ་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་བཞི་ཡོད་པ། དེ་སྦྱོང་བྱེད་ཀྱི་ལམ་བསྐྱེད་པའི་རིམ་པ་དང་། གཏུམ་མོ་དང་། ཕོ་ཉའི་ལམ་དང་། དེ་ཁོ་ན་ཉིད་རྫོགས་པ་ཆེན་པོ་དང་བཞིས་སྦྱངས་པས། སྦྱངས་འབྲས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་མངོན་དུ་བྱེད་པའི་ཕྱིར་དབང་བཞིར་ངེས་པ་ལས། འདིར་ནི་དགོས་པ་དེ་ལྡན་གྱི་དབང་བཞི་དང་ཚིག་དབང་རིན་པོ་ཆེའི་བྱེད་ལས་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་དང་བཅས་པ་དྲུག་གནས་པ་ཡིན་ནོ། །དེ་ལ་ཐོག་མར་དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་མཎྜལ་འབུལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་ལྷའི༔ དབང་བསྐུར་བྱིན་རླབས་ཚུལ་བཞིན་དུ༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ༔ བུ་ཁྱོད་མ་ཡེངས་བདག་ལ་ཉོན༔ དབང་གི་ངོ་བོ་རང་བཞིན་ལ༔ རང་བྱན་ཚུད་པ་དམ་ཚིག་གོ༔ དེ་ཕྱིར་ཚིག་དོན་རྗེས་སུ་རྟོགས༔ འབྲས་བུ་བླ་མེད་མཆོག་ཐོབ་འགྱུར༔ ཞེས་བརྗོད། དེའི་དོན་ནི་སློབ་བུ་ལ་བོས་ཏེ། འདི་ལྟར་དབང་གི་ངོ་བོ་ཐོབ་བྱའི་ནུས་པ་ཁྱད་པར་ཅན་དེ་ཡང་བསྒྲུབ་གཞི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པས་ཡེ་ནས་འཁོར་འདས་མཉམ་པ་ཉིད་དུ་བཞུགས་པ་ནི་སྦྱང་གཞི། དེ་མ་རྟོགས་པས་གློ་བུར་འཁྲུལ་རྟོག་གི་དབང་གིས་འཁོར་བར་སྣང་ཞིང་ཞེན་པ་འདི་དག་སྦྱང་བྱ། དེ་ཉིད་དྲི་མ་ཡིན་པའི་ཕྱིར་སྦྱང་དགོས་པས། སྦྱོང་བྱེད་སྨིན་གྲོལ་གྱི་ལམ་ཟབ་མོ་བཞི་དང་རྗེས་སུ་མཐུན་པར་རྟོགས་གོམས་ཀྱི་སྦྱོར་བ་ལ་རང་བྱན་ཚུད་པ་ལས་མི་འདའ་བར་བསླབ་དགོས་པས། དེ་ཡང་བརྡ་སྤྲོད་པའི་ཚིག་གིས་མཚོན་ཏེ་དབང་དོན་གྱི་དག་བྱ་དག་བྱེད་ངོ་འཕྲོད་པར་བྱས་པས། སྦྱངས་འབྲས་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་ཐམས་ཅད་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་སྒྲིག་དགོས་པ་ཡིན་ནོ་ཞེས་ངེས་ཤེས་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་སོང་ནས། འདིར་དབང་བསྐུར་བའི་རིམ་པ་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་གདན་ལ། ཁྱེད་རང་བླ་མ་རྡོ་རྗེ་འཆང་ཐོད་ཕྲེང་རྩལ་གྱི་རྣམ་པས་འཁོད་པའི་མོས་པ་མཛོད། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་གནས་གསུམ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་བྱ་བ་མཛད། འཁོར་གྱི་སེམས་དཔའ་སེམས་མ་ལྷ་དང་ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབ། ཕོ་ཉ་བཀའ་སྡོད་རྣམས་ཀྱིས་བགེགས་སྐྲོད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད་བྱས་ལ། བུམ་པ་སྤྱི་བོར་བཞག་ཅིང་། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སྣང་སྟོང་འོད་གསལ་འཇའ་ཚོན་ཀློང༔ རིགས་འདུས་རྩ་གསུམ་ལྷ་ཡི་ཚོགས༔ མ་འདྲེས་དཀྱིལ་འཁོར་ཡོངས་རྫོགས་དབང༔ དེང་འདིར་ཁྱོད་ལ་བསྐུར་བར་བྱ༔ སྐུ་གསུམ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཆུའི་ལྷག་མ་ཡར་ལུད་པ་ལས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པའི་མོས་པ་མཛོད། ཅེས་རྟོགས་པ་བསྐྱེད་དོ། །དེ་ནས་བུམ་དབང་གི་མཐའ་རྟེན་དུ་ལུས་ཐ་མལ་གྱི་ཞེན་པ་སྦྱོང་བའི་ཕྱིར་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པའི་རྗེས་གནང་ནི། སྐད་ཅིག་གིས་ཁྱོད་རང་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་གསལ་རྫོགས་སུ་ལམ་གྱིས་སྒོམ་པ་དང་། གང་ཤར་གྱི་སྣང་བ་ཐམས་ཅད་ཀྱང་ལྷའི་རྣམ་པར་གསལ་ཐོབ་མཛོད། དེ་ནི་ལྷར་བསྲེ་བ་ཞེས་བྱ་སྟེ། དེ་ཉིད་སེམས་ཀྱི་རོལ་རྩལ་དུ་ཤེས་པས། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད། ལྷ་སྐུ་སྤངས་པའི་ཚུར་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་དབྱེར་མེད་དུ་ཐག་བཅད་པ་ནི་ཡིད་དང་བསྲེ་བ་ཞེས་བྱ། དེ་ཉིད་སྒྱུ་མར་བསྲེ་བ་ནི། ལྷ་སྐུ་དེའང་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་བྱས་ལ། མདོར་ན་ཡིད་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་བ་ཆེན་པོར་རྒྱས་འདེབས་པ་སྟེ། དེ་ལྟར་བསྲེ་བ་གསུམ་པོ་ཐུན་གསུམ་གྱི་རིམ་པས་བསྒོམ་ལ་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུའི་རོལ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །དེ་ནས་ངག་ཐ་མལ་གྱི་ཞེན་པ་སྦྱང་བའི་ཕྱིར་གསུང་ཆོས་ཀྱི་ཕྱག་རྒྱ་བཟླས་ལུང་སྦྱིན་པ་ནི། ཕྲེང་བ་གཏད་དེ། སྣ་ཚོགས་རྣམ་རྟོག་དག་པའི་བརྡ། །རིན་ཆེན་ཕྲེང་བ་འདི་ལོངས་ལ། །བླ་མ་རིག་འཛིན་ཀུན་འདུས་ཀྱི། །སྙིང་པོའི་སྔགས་འདི་འཛབ་ཏུ་ཟློས། །ཞེས་བརྗོད་ལ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། དྭངས་མའི་སྲོག་ཡིག་གི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཟླར་གཞུག །བླ་མ་རིག་འཛིན་ཀུན་འདུས་ཀྱི་གསུང་སྙིང་པོའི་སྔགས་རྣམས་རླུང་གི་རྐྱེན་དང་སྦྱར་ཏེ་འཁོར་ལོ་བཞིར་བསྐོར་ཞིང་བཟླ་བ་སོགས་གྲགས་སྟོང་བརྗོད་དུ་མེད་པའི་སྒྲ་ཚུལ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །དེ་ལྟར་ན་ཕྱི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་བའི་དབང་ནི། སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་རང་སྣང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་པ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧྲཱི༔ ཆོས་དབྱིངས་བྷནྡྷའི་དཀྱིལ་འཁོར་དུ༔ རིགས་འདུས་རྩ་གསུམ་ལྷ་ཚོགས་རྣམས༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་མཆོག༔ བདེ་ཆེན་དྭངས་མའི་ཡེ་ཤེས་བཅུད༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ གསང་བའི་དབང་ནི་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་ཐོད་པ་མགྲིན་པར་བཞག །བདུད་རྩི་མྱང་དུ་བཅུག་པས། མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགག །ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཏེ། དེའི་ངང་ལས་དར་གཅིག་བཞག་གོ །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རླུང་དགུ་ཚན་དྲུག་གི་གནད་ལ་བརྟེན་ཏེ་གཏུམ་མོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རློབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། མེ་ལོང་སིནྡྷུ་རའི་མཎྜལ་ཅན་དང་། རིག་མའི་ཙཀླི་དྲིལ་བུ་རྣམས་ལག་ཏུ་གཏད་དེ། མཱུཾ༔ ཡེ་ཤེས་ལྔ་ལྡན་བདེ་བའི་སྐུ༔ སྣ་ཚོགས་གཟུགས་འཆང་ཡིད་འོང་མ༔ ཕྱི་ནང་མཚན་རྫོགས་ཤེས་རབ་ཡུམ༔ དགའ་བཞིའི་བདེ་བ་བསྐྱེད་ཕྱིར་གཏད༔ ལོངས་ལ་མཆོད་པ་རྟག་ཏུ་གྱིས༔ ཆོས་སྐུ་མངོན་བྱེད་དབང་ཐོབ་ཤོག༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་། སིནྡྷུ་རའི་དཀྱིལ་འཁོར་གྱི་ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུག་གོ །དེ་ནས་ཁྱེད་རང་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། གཏད་པའི་རིག་མ་ཡུམ་དབྱིངས་ཕྱུག་མནྡཱ་ར་བར་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་བཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ། སྤྱི་བོ་ལས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པར་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་དགའ་བ། ལྟེ་བ་ནས་གསང་བར་བབས་པར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ། ཡས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་བཟུང་བ་དེ་ཉིད་སླར་ཡང་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅེས་གདམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དང་འཁྱུད་རྒྱ་བྱར་གཞུག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །བཞི་པ་ཚིག་དབང་རིན་པོ་ཆེ་ནི། ཁྱེད་རང་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱི་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་སེམས་སྐད་ཅིག་མ་དེའི་སྟེང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད་བྱས་ལ། རང་བྱུང་ཡེ་ཤེས་གསལ་བ་མི་རྟོག་པ་མཚོན་བྱེད་ཤེལ་རྡོའམ་མེ་ལོང་གང་རུང་དང་། བླ་མའི་སྐུ་འབག་བསྟན་ལ། ཀྱཻ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རང་རིག་ཀ་དག་ཆོས་ཀྱི་དབྱིངས༔ མ་བཅོས་ལྷུན་གྱིས་གྲུབ་པའི་དོན༔ དབྱེར་མེད་དུ་མ་རོ་གཅིག་ངང༔ སྨྲ་བསམ་བརྗོད་མེད་ངང་དུ་ཞོག༔ ཨོཾ་དྷརྨཱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་བཞག་པའི་ཚེ་རིག་པ་གསལ་སྟོང་རྗེན་པ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞེན་འཛིན་མེད་པར་ཁྲིགས་སེ་གནས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་གི་དོན་ཡིན་ནོ། །དེ་ནས་རང་བཞིན་འོད་གདངས་སྒྲོན་མ་ལྔ་མཚོན་བྱེད་རྨ་བྱའི་མདོངས་དང་མན་ཤེལ་སློབ་བུའི་མིག་ལ་བཀབ་སྟེ། ཨ༔ སྐལ་ལྡན་བུ་རྣམས་བདག་ལ་ཉོན༔ ཕྱི་ནང་གཉིས་མེད་མཁའ་དབྱིངས་ལ༔ ཡང་དག་རིག་པ་སྐུ་གསུམ་གནས༔ གསལ་འཚེར་འགྱུ་བྲེང་ལུ་གུ་རྒྱུད༔ ལྷུན་གྲུབ་ཡེ་ཤེས་སྦུབས་སུ་བསྐུར༔ མཐའ་བྲལ་ཆོས་དབྱིངས་ཀློང་ཐོབ་ཤོག༔ ཨཿཨཿཨཿཨཿཨཿ ཞེས་བརྗོད། དེ་ཡང་དབྱིངས་ཀ་དག་གི་ངང་ནས་འོད་ལྔ་གདོད་མའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ནང་གསལ་ཆོས་སྐུའི་ངོ་བོ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་མཚོན་པའི་བརྡ་སྟེ། དེ་ཡང་གནད་དྲུག་ལ་བརྟེན་ཏེ་མངོན་སུམ་རང་ཐོག་ཏུ་དབབ་པས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་སྣང་བ་ཆོས་ཉིད་མངོན་སུམ། སྣང་བ་འཕེལ་ནས་མཆེད་པ་ཉམས་གོང་འཕེལ། སྐུ་དང་ཞིང་ཁམས་སུ་སྣང་བ་རིག་པ་ཚད་ཕེབས། ཕྱི་ནང་གི་གདོས་བཅས་སེམས་ཀྱི་འཁྲུལ་རྟོག་སྣང་བའི་འཕེལ་བ་དང་བཅས་པ་ཟད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཡིན་ནོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་མཐའ་རྟེན་དུ་དབང་བཞི་པའི་བྱེད་ལས་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་ལས། དང་པོ་ཡོན་ཏན་གཏོར་མའི་དབང་ནི། གཏོར་མ་འདི་ཉིད་བླ་མ་རིག་འཛིན་ཀུན་འདུས་ཀྱི་ལྷ་ཚོགས་སུ་བཞུགས་པ་ལ་མོས་གུས་དུང་པ་བྱས་པས། དེའི་གནས་ལྔ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཆར་ལྟར་བབ་ཅིང་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་གནས་ལྔར་གཏུག་ཅིང་། ཧྲཱི༔ ཕྱི་ལྟར་འདོད་ཡོན་རྨད་བྱུང་རྫས༔ ནང་ལྟར་མཚན་རྫོགས་དཀྱིལ་འཁོར་དབུས༔ བདེ་གཤེགས་རྩ་གསུམ་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་ཀུན་འདུས་གཏོར་མའི་དབང༔ དེང་འདིར་ཁྱོད་ལ་བསྐུར་བ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་གྱུར་ཅིག༔ ཨོཾ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་དངོས་སུ་གྱུར་པ་ཡིན་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ཅིང་། ལྷ་འོད་དུ་ཞུ་བའི་གཏོར་ཟན་ཅུང་ཟད་ཙམ་དངོས་གྲུབ་ཏུ་སྦྱིན། དེ་ལྟར་གཏོར་མའི་དབང་བསྐུར་བས་འདོད་ཡོན་མི་ཟད་པའི་ལོངས་སྤྱོད་རྣམས་ལྷ་སྔགས་ཏིང་ངེ་འཛིན་གྱིས་རོལ་པའི་རྒྱན་དུ་ཞེན་པ་མེད་པར་སྒྱུ་མཁན་སྒྱུ་མའི་ལོངས་སྤྱོད་ལ་རོལ་པ་ལྟར་གྱིས་ཤིག །ཅེས་བརྗོད། གཉིས་པ་གཞན་དོན་ཕྲིན་ལས་ཀྱི་དབང་ནི། དེ་ནས་རིགས་ལྔའི་ཕྱག་རྒྱ། འདོད་ཡོན་གྱི་རྫས། ཕུར་བུ་དང་བཅས་པ་ལག་ཏུ་གཏད་དེ་དབང་བསྐུར་བས་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པ་འགྲོ་བ་འདུལ་བའི་ཕྲིན་ལས་ལ་དབང་འབྱོར་བར་གྱུར་སྙམ་པའི་མོས་པ་མཛོད། རྫས་དེ་རྣམས་ལག་ཏུ་གཏད་ལ། ཧྲཱི༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་སོགས༔ ཕྲིན་ལས་རྫོགས་བྱེད་རིགས་ལྔའི་རྒྱ༔ ཕུར་བུ་མི་ཟད་འདོད་ཡོན་སོགས༔ རྫས་མཆོག་རྣམས་ཀྱིས་དབང་བསྐུར་བས༔ བདེ་གཤེགས་རིགས་འདུས་མ་ལུས་པའི༔ དངོས་གྲུབ་དམ་པ་ཐོབ་གྱུར་ནས༔ ཕྲིན་ལས་རྣམ་བཞི་མ་ལུས་པས༔ འགྲོ་བའི་འདྲེན་པ་བྱེད་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བི་ཤྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་གཞན་དོན་ཕྲིན་ལས་ཀྱི་དབང་བསྐུར་པས། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལ་སོགས་པའི་ལས་རབ་འབྱམས་ཀྱི་སྒོ་ནས་གང་ལ་གང་འཚམ་པས་འདུལ་བའི་འགྲོ་དོན་རླབས་པོ་ཆེ་གྱིས་ཤིག །དེ་གཉིས་ནི་ཚིག་དབང་རིན་པོ་ཆེའི་བྱེད་ལས་ཏེ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཡང་ཡིན་ནོ། །དེ་ལྟར་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་ཕྱི་ནང་གསང་བའི་དབང་རྣམས་ལེགས་པར་བསྐུར་གྲུབ་པས་ན། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་ནན་ཏན་ཏུ་སྲུངས་ཤིག་ཅེས་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོཿསྐལ་ལྡན་བུ་རྣམས་ཉོན༔ བླ་མེད་སྨིན་བྱེད་ལམ་ཞུགས་ནས༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང༔ ཁྱད་པར་རིག་འཛིན་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏོང་བར༔ ནན་ཏན་ཡོངས་སུ་སྲུང་བར་གྱིས༔ བརྗོད་པའི་ལན་དུ། དེ་དག་ལ་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདི་ཡི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་གྱིས༔ ཇི་ལྟར་བཀའ་བསྩལ་གསུང་བྱོན་ལྟར༔ ཕྱི་ནང་སྡོམ་པ་དམ་ཚིག་ཀུན༔ བདག་སོགས་རྡོ་རྗེ་མཆེད་ལྕམ་གྱིས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ བརྗོད་པས་ཁས་བླང་། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་ཀྱང་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། །སོགས་དང་། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་ཀྱིས་དགེ་བ་བསྔོས་ལ། སླར་ཡང་མཆོད་པ་ཁ་གསོས་ནས། གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་རིམ་པ་རྣམས་ལས་གཞུང་བཞིན་དུ་བྱའོ། །ཚུལ་འདི་བན་ཆུང་དྷརྨ་ཤྲཱི་ཡིས། །སྤྲུལ་པའི་གཏེར་སྟོན་ཆེན་པོའི་གསུང་རྒྱུན་བཞིན། །རང་བཟོ་སྤངས་ཏེ་ཟིན་བྲིས་ཡི་གེར་སྤེལ། །དགེ་བས་འགྲོ་ཀུན་སྨིན་གྲོལ་མཐར་ཕྱིན་ཤོག །འདི་ལ་སྔོན་གཏེར་སྟོན་གྱིས་མཛད་པའི་མཚམས་སྦྱོར་ཞིག་ཡོད་ནའང་། དཔེ་རྒྱུན་མ་འཕེལ་གོང་དུ་ཕྱི་མོ་ཆད་པར་བརྟེན། ད་ལྟའི་གསུང་རྒྱུན་གུ་རུ་ལུགས་སུ་བྲིས་ནས་ཞུ་དག་ཞུས་པས་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པའི་འོད་ཅེས་མིང་དུ་བཏགས་སོ། །དགེ་ལེགས་འཕེལ།། །།

ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི༔ ཆ་ལག་ལས་ཀྱི་མཁའ་འགྲོ་ (Volume 53, Text 18)

༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི༔ ཆ་ལག་ལས་ཀྱི་མཁའ་འགྲོ་བཞུགས༔ ྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཆ་ལག་ལས་ཀྱི་མཁའ་འགྲོ་ཆེ༔ རྡོ་རྗེ་སྡེར་མོའི་སྒྲུབ་ཐབས་བཤད༔ དུར་ཁྲོད་བས་མཐའི་གནས་མཆོག་ཏུ༔ སྒྲུབ་རྟེན་མཆོད་པ་ཡོ་བྱད་བཅས༔ སྔོན་འགྲོ་རྗེས་སྡུད་སྤྱི་ལྟར་ལ༔ དངོས་གཞི་བསྐྱེད་རིམ་ཏིང་འཛིན་ནི༔ ཨ༔ མ་སྐྱེས་རྫོགས་པའི་ངང་ཉིད་ལས༔ དབྱིངས་ཡེ་ཟུང་འཇུག་ཧཱུྃ་ཡིག་འབར༔ ཨེ་ཡཾ་རཾ་སུཾ་ཀིཾ་རཾ་བྷྲཱུྃ༔ འབྱུང་བ་ལྔ་ཡི་ཀློང་དཀྱིལ་དུ༔ ཀེང་རུས་རི་རབ་མེ་འབར་རྩེར༔ དུར་ཁྲོད་རོལ་པའི་གཞལ་ཡས་སུ༔ མཚོན་ཆ་འཁོར་ལོ་འབར་བ་དང༔ པདྨ་ཉི་མ་དགྲ་བགེགས་གདན༔ དུར་ཁྲོད་འབར་བའི་འཁོར་ཡུག་དང༔ མཚོན་ཆ་འབར་བས་གུར་ཁང་འཁྲིགས༔ ཧཱུྃ་ལས་ལས་ཀྱི་མཁའ་འགྲོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་ནས་མེ་འབར་སྲིད་གསུམ་སྲེག༔ ཞལ་ནས་ཆུ་འཁྲུགས་རྒྱ་མཚོ་འཁྱིལ༔ ཤངས་ནས་རླུང་འཁྲུགས་འཇིག་རྟེན་གཡོ༔ ཧ་ཧ་ཧཱུྃ་ཕཊ་ཕེཾ་སྒྲ་སྒྲོག༔ གཡས་པས་རལ་གྲི་བསམ་གཅོད་འཕྱར༔ གཡོན་པས་རྡོ་རྗེ་ཕུར་བུ་འདྲིལ༔ ཞབས་གཉིས་གར་ཐབས་དགྲ་བགེགས་བརྫིས༔ ཕྱོགས་བཞིར་སྤྲུལ་པའི་སྲས་མོ་བཞི༔ མཐིང་སེར་དམར་སྨུག་འཇིགས་པའི་སྐུ༔ རང་རྟགས་ཕྱག་རྒྱ་ཕུར་བུ་འདྲིལ༔ ཀུན་ཀྱང་དུར་ཁྲོད་ཆས་རྣམས་རྫོགས༔ ཡེ་ཤེས་མེ་ཡི་ཀློང་ན་རོལ༔ ཁྱམས་དང་སྒོ་བཞི་འཁོར་ཡུག་ཏུ༔ ལས་ཀྱི་མཁའ་འགྲོ་འབུམ་ཕྲག་དང༔ དྲེགས་པ་སྡེ་བརྒྱད་རླུང་ལྟར་འཚུབ༔ སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧཱ་ཧཱུྃ་སྭཱ་ཨཱཾཿཨོཾ༔ བཛྲ་ས་མཱ་ཛ༔ ཞེས་སྙན་གསན་ཕབ༔ ཨེ་ཧྱེ་ཧི་ས་སྤྱན་དྲང༔ ཛཿཧཱུྃ་བཾ་ཧོས་བསྟིམ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ༔ བརྟན་པར་བྱས༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱག་འཚལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཏ་ན་གྷཱ་ཎ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཞེས་མཆོད༔ རྒྱུད་བཞིན་བསྟོད་པ་བྱ༔ དེ་ནས་ཐུགས་ཀར་ཉི་མའི་སྟེང༔ ཧཱུྃ་ལ་ཡང་སྙིང་དག་གིས་བསྐོར༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་རྫོགས༔ སྐུ་ལས་སྐུ་འཕྲོས་འཇིག་རྟེན་གང༔ གསུང་གི་དྲག་སྔགས་འབྲུག་ལྟར་སྒྲོག༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་འབར༔ བྱད་མ་ལྷ་དང་བཅས་པ་དང༔ བདུད་བགེགས་དགྲ་དང་དམ་སྲིའི་ཚོགས༔ ཕུར་བུས་གདབ་ཅིང་ཐོ་བས་བརྡུངས༔ ཕྱག་རྒྱས་མནན་ཅིང་བརླགས་པར་བསམ༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡཱ༔ དལ་ལ་མ་ཞུགས་དབང་མེད་ན༔ དངོས་གྲུབ་མི་ཐོབ་བརླག་པར་འགྱུར༔ ས་ཡི་ཆོ་ག་སྟ་གོན་བྱ༔ དཀྱིལ་འཁོར་སྒོ་བཞི་འཁོར་ཡུག་བཅས༔ འཁོར་ལོ་ཕྱག་རྒྱའི་སྐུ་རྣམས་བྲི༔ བུམ་པ་ཆས་ལྡན་བཅུད་ཀྱིས་བཀང༔ བདུད་རྩི་ཐོད་པ་རིག་མ་དང༔ ཕྱག་རྒྱའི་སྐུ་དང་བསྒྲལ་རྫས་བཤམ༔ དཀྱིལ་འཁོར་བསྐྱེད་ཅིང་བུམ་པ་བསྒྲུབ༔ དབང་བླངས་སྙན་གསན་དབབ་ནས་སུ༔ གང་འཇུག་དེ་ཡིས་ཡོན་ཕུལ་ནས༔ དཀྱིལ་འཁོར་བདག་ཉིད་བླ་མ་མཆོག༔ མ་ལུས་རྒྱལ་བ་ཀུན་གྱི་དངོས༔ མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛོད་ཅིག་གསོལ༔ རྒྱུད་སྦྱངས་དམ་འབོགས་དབང་དུ་བྱ༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ དོན་ཡོད་གྲུབ་པས་དབུ་བརྒྱན་བསམ༔ ཨོཾ་ཀརྨ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཨཱཾ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཅས༔ ཨོཾ་བཛྲ་གྷཱཥྚེ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བའི་མཚན་བསྒྲག་བསྐྱེད་རིམ་བསྟན༔ བློ་ཆེན་གསང་བའི་དལ་དུ་བཅུག༔ སློབ་དཔོན་ཡུམ་གྱི་བྱང་ཆུབ་སེམས༔ དབང་ཐོབ་དེ་ཡི་ལྕེ་ལ་བཞག༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁཾ༔ ཡུམ་ཡང་སློབ་མ་དེ་ལ་སྦྱིན༔ གསང་བའི་བརྟུལ་ཞུགས་སློབ་པར་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྙིང་པོ་བརྗོད་ཅིང་ཕྱག་རྒྱ་གཏད༔ གདབ་སྔགས་བཟླར་གཞུག་སྒྲོལ་རྫས་སྦྱིན༔ བསྙེན་སྒྲུབ་ལས་ཀྱི་བརྟུལ་ཞུགས་འཛིན༔ ས་མ་ཡ༔ སྲུང་བ་རྡོ་རྗེའི་བྲག་རྫོང་ནི༔ སྟོང་ཁམས་གང་བ་མཚོན་ཆའི་གུར༔ མཐིང་ནག་གྲུ་གསུམ་ཨེ་ཡི་དབུས༔ སྡང་དགྲ་གནོད་བྱེད་བགེགས་དང་སྲི༔ རྡོ་རྗེ་ཕུར་བུས་བཏབ་ནས་སུ༔ བུམ་པ་ཉིད་དུ་གཞལ་ཡས་ཁང༔ ལྷ་དང་བཅས་པ་བསྒོམ་པར་བྱ༔ འཁོར་ལོ་འབར་བས་དགྲ་སྲོག་གཅོད༔ རྩིབས་བཞི་འབར་ལ་ཧཱུྃ་གིས་གཏམས༔ དབུས་སུ་བསྲུང་བྱ་འགོད་པར་བྱ༔ ཕྱི་ནང་སྔགས་ཀྱི་གྲོང་ཁྱེར་བཀོད༔ མཚོན་ཆ་མེ་དཔུང་མཐའ་ནས་སྦར༔ གདུང་དང་རྡོ་རྗེ་གི་ཝང་བྱུགས༔ འོད་ཟེར་རྡོ་རྗེའི་གློག་འཁྱུག་པས༔ རྡོ་རྗེ་ཞུན་གྱིས་རབ་ཏུ་སྦྱར༔ ས་མ་ཡ༔ ཟློག་པ་རྡོ་རྗེ་ཐོག་ཟེར་ནི༔ སྤྲུལ་པ་མཚོན་ཆ་མེ་དཔུང་འགྱེད༔ གང་ལ་བྱ་བའི་ཐོག་ཏུ་བབ༔ ཕུར་བུས་གདབ་ཅིང་ཐོ་བས་བརྡུང༔ ཕྱག་རྒྱས་མནན་ཅིང་མེ་ཡིས་བསྲེགས༔ རྗེས་ཤུལ་ཙམ་ཡང་མེད་པར་བྱེད༔ ས་མ་ཡ༔ གསད་པ་སྲོག་གི་སྤུ་གྲི་ནི༔ ཨེ་ལས་དམིགས་བྱ་དེ་ཚུད་ནས༔ རྡོ་རྗེ་ཕུར་བུས་བསྒྲལ་བར་བྱ༔ ཡང་ན་གསད་པའི་ཁང་བུ་བརྩེགས༔ དགྲ་གཟུགས་དངོས་སུ་བསམ་བྱས་ལ༔ བཀུག་ཅིང་དྲག་སྔགས་ཐུན་གྱིས་བྲབ༔ ཟ་བྱེད་གསོད་བྱེད་བསྣོལ་མར་འཁྱུག༔ ཕྱག་རྒྱ་འབར་བས་སྙིང་ཁྲག་དགུག༔ ཀླད་པའི་དཀྱིལ་ནས་འཁོར་ཞིང་འབེབ༔ ཕོ་ཉ་ཁྲག་གིས་མྱོས་པར་བསམ༔ ལས་གྲུབ་བླ་རྟགས་བྱུང་དུས་སུ༔ གྲི་ལྕགས་ཕུར་པ་སོར་བཞིས་གདབ༔ ཕུང་སའི་ལས་ཁུང་དུག་གིས་བཀང༔ དྲག་པོའི་མེ་སྦར་ཟག་པ་བསྲེག༔ ཐལ་བ་ཀླུ་བདུད་ཆུ་གཏད་བྱ༔ ལྷ་ལ་ཤ་ཁྲག་ཕུལ་ནས་སུ༔ གཏོར་མ་དགྲ་ཡི་ཕྱོགས་སུ་འཕང༔ གོས་བརྡབ་དམོད་པས་སྙིང་ཚིམ་བྱ༔ སྦྱོར་དངོས་རྗེས་གསུམ་ཚང་བ་ན༔ ལྷ་སྒོམ་དམིགས་བྱ་བཀུག་བྱས་ན༔ སྒྲིབ་སྦྱངས་སྐྱེ་མེད་དབྱིངས་སུ་བསྟིམ༔ དུག་རི་མེ་འབར་ཤ་ཟ་མ༔ གསོད་པའི་ལས་ལ་གྲོགས་བྱེད་དོ༔ འོན་ཀྱང་ཨེ་བག་ཤ་རུ་འགྱུར༔ འབོད་པ་ཛཿདང་རྦད་པ་བྷྱོ༔ མཱ་ར་ཡ་རྦད་གསད་པའི་ལས༔ འདི་ནི་གསོད་པའི་ལག་ཆ་ཡིན༔ ཞག་བདུན་དགྲ་བོ་སྒྲོལ་བའི་ལས༔ ཡང་ན་ལས་རྩོམ་རྒྱུག་འགྱེལ་ཡིན༔ མང་པོར་སྤེལ་ན་ཕུང་དཀྲུག་རྒྱུ༔ དཔེ་བརྒྱུད་སྤེལ་ཡང་བཀའ་བརྒྱུད་སྦོས༔ བསྟན་སྲུང་སྲོག་གཅོད་ནག་མོའི་སྐོར༔ གཏེར་ཁ་གཞན་ལ་སྤེལ་བ་མེད༔ དེ་ཕྱིར་མཐུ་མཁན་སྙིང་ནོར་འདི༔ ཀུན་མཐུན་ཀུན་ལས་ཁྱད་པར་ཆེ༔ བྱད་མ་འབུམ་གྱི་སྲོག་འཕྲོག་པ༔ དྲག་སྔགས་ཟབ་པ་ྈྈའབྲེལ༔ བསྟན་སྲུང་འདོད་ཁམས་དབང་མོ་ནི༔ དུར་ཁྲོད་ཐོད་མཁར་འབར་བ་རུ༔ ནག་མོ་རླུང་གི་བོང་བུ་ཞོན༔ རལ་གྲི་ཐོད་ཁྲག་ཤག་ཏི་མདུང༔ ཐོགས་ནས་མི་རོ་རངས་པོར་གསོལ༔ དྲེལ་ཞོན་ནག་མོ་འབུམ་གྱིས་བསྐོར༔ ས་མ་ཡ༔ སྐུ་གསུང་ཐུགས་ཀྱི་ལྷ་མོ་སྤྲོ༔ ཕྱག་རྒྱ་ཕྱག་མཚན་བདུད་རྩི་སྦྱིན༔ ཉི་མ་འབར་ལས་བྷྱོཿཡིག་འབར༔ ཅི་དགོས་ལས་འགྲུབ་ཞལ་བསྟན་དམིགས༔ རླུང་རས་དཔྱང་བ་ནལ་བུའི་སྙིང༔ གཏོར་མ་ཤིན་ཏུ་རྒྱས་པར་བྱ༔ སྐུ་གཟུགས་དེ་ལ་བལྟ་བར་བྱེད༔ ལས་ཀྱི་བྲུབ་ཁུང་འབར་བ་རུ༔ དགྲ་བཀུག་འབོད་རྦད་གསད་གསུམ་དབྱེ༔ ལྷ་མོའི་གཏོར་མ་དགྲ་ལ་འཕེན༔ ནག་མོ་འབུམ་ནི་ལས་ལ་འགྱེད༔ གཙོ་མོ་དེ་ཡི་དམོད་པས་བརླག༔ དེ་ནི་སྲོག་ལས་དམར་ནག་གོ༔ ས་མ་ཡ༔ དུར་ཁྲོད་ཞིང་སྐྱོང་སྨུག་ནག་འབར༔ མེ་ལོང་དགྲ་སྙིང་ལག་ན་ཐོགས༔ འཁོར་ནི་དཀར་སེར་དམར་ལྗང་བཞི༔ ཝ་སྤྱང་དྲེད་སོགས་ཕོ་ཉ་འགྱེད༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ་ཛ༔ ཧཱུྃ༔ ཧེ་རུ་ཀ་ཡི་དམ་ནོས་ངས་ནུས་མ༔ སྒྱུ་མའི་གར་མཛད་འདོད་དགུའི་འཕྲུལ་མོ་ཆེ༔ དགྲ་བོ་ཆམ་འབེབ་ལྟས་ངན་ཀུན་གྱི་བདག༔ སྒྲུབ་མཆོག་རྣམས་ཀྱི་དཀོར་གྱི་སྲུང་མ་མཆོག༔ སྙིང་ཉེ་བཀྲ་ཤིས་མཐུ་རྩལ་ཐོགས་པ་མེད༔ འདོད་དགུ་མཆོག་སྩོལ་མ་ལ་ཕྱག་འཚལ་བསྟོད༔ པདྨ་ཐོད་ཕྲེང་རྩལ་གྱི་རྗེས་འཇུག་གི༔ གནད་ཀྱི་བཀའ་སྲུང་དཀོར་བདག་ངས་ནུས་མ༔ རིག་འཛིན་རྣམས་ཀྱི་བྲན་མོ་མཐུ་རྩལ་ཅན༔ བྲན་གཡོག་འཁོར་སློབ་བཟང་པོར་སྐྱོང་བ་དང༔ ཟས་ནོར་ཕྱུགས་སྐྱོངས་དཀོར་རྐུན་རྩད་ནས་ཆོད༔ རྟ་ནོར་སྲུང་ཞིང་འདོད་པའི་དོན་རྣམས་སྒྲུབས༔ ཞེས་གསོལ་ཕུད་མཆོད་ཟས་སྣ་འབུལ༔ མདའ་མོ་རྒོད་སྒྲོ་དར་སྣ་དང༔ མེ་ལོང་ནལ་སྙིང་རླུང་རས་འཕྱངས༔ འབྲུ་སྣའི་ ࿊ འདི་ནས་ལྷ་མོས་ཆོ་འཕྲུལ་འཚུབ་ལྷོང་གིས་ཕབ་མ་ཐུབ་པར་གསུང་།

འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་ཆུང་གི་ལས་བྱང་ (Volume 54, Text 18)

༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་ཆུང་གི་ལས་བྱང་བཞུགས་སོ། ། བསྐལ་པའི་མེ་ལྟར་འབར་བ་གཤིན་རྗེ་གཤེད། །ཀིང་ཀང་དམོད་པའི་དྲག་སྔགས་གནམ་ལྕགས་ཐོག །བསྟན་པའི་རུ་དྲ་དགྲ་བགེགས་གནོད་བྱེད་མུན། །ཡོངས་འཇོམས་གནན་པའི་ལས་ཁྲིགས་འདིར་བཤད་དོ། །གང་ཞིག་འདི་ལྟར་བསྒྲུབ་པར་འདོད་པས། རྟེན་དང་བྲུབ་ཁུང་ལིངྒ་ཐུན་སོགས་བཅས་ཀྱི་རིམ་པ་རྣམས་གཏེར་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་ལ་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་པ་མངོན་པར་འདུ་བགྱིས་ནས། ཏིང་ངེ་འཛིན་གསལ་འདེབས་ངག་འདོན་གྱི་རིམ་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ཏེ་རོལ་མོར་བཅས། ཡ་བྷྱོཿ སྐད་ཅིག་རྫུས་སྐྱེས་ཚུལ་དུ་བདག་དང་རྟེན། །འཇམ་དཔལ་གཤིན་རྗེ་གཤེད་པོ་སྐུ་མདོག་དམར། །གཅེར་བུ་རྒྱན་མེད་ཉ་སུལ་ཧྲང་ངེ་བ། །རབ་ཁྲོས་འཇིགས་སུ་རུང་བའི་ཕྱག་མཚན་ནི། །དགྲ་བགེགས་འགུགས་པར་བྱེད་པའི་ལྕགས་ཀྱུ་དང་། །གནོད་བྱེད་ཀུན་འཇོམས་ལྕགས་ཀྱི་ཐོ་བ་ཐོགས། ཁམ་ནག་རལ་པ་ཕྱེད་ཡར་གྱེན་དུ་བརྫེས། །ཕྱེད་མར་ཐུར་འཕྱང་རྟིང་པར་ཤམ་མེ་བ། །སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་ན་གསལ། །ཞེས་པས་བདག་དང་རྟེན་རྫས་གཏོར་མ་རྣམས་ལྷར་བསྐྱེད་དོ། ཨྱཻ། གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་ལས་གྲུབ་པའི་བཙོན་ཁང་ནི། །གྲུ་གསུམ་དམར་ནག་རི་རབ་བང་རིམ་ཅན། །འོག་ཕྱོགས་འདོད་ཆགས་ཁྲག་མཚོ་ཁོལ་བའི་གཞི། །ནང་དམར་ཞེ་སྡང་རང་བཞིན་མེ་དཔུང་འབར། །ཕྱི་ནག་གཏི་མུག་བྱིང་བའི་མུན་པ་འཐིབས། ཁ་དོག་མཐིལ་ཡངས་ཟིན་ནས་ཐར་མེད་གནས། །བདུད་ཀྱི་བཙོན་ར་གཤིན་རྗེའི་ཕོ་བྲང་ཆེ། །བཤན་པའི་གྲོང་ཁྱེར་གསོད་དང་གཅོད་ལ་རྔམས། །ཤ་ཁྲག་ཟས་ལ་རབ་དགའ་དེ་ཡི་མཐར། ཁོར་ཡུག་ལྕགས་སྲེག་ས་གཞི་གྲུ་བཞིའི་སྟེང་། །རྩང་དམར་འཇིག་རྟེན་ལས་གྲུབ་ཤན་པའི་ཚོགས། །ཉི་ཤུ་རྩ་གཅིག་འཁོར་བཅས་གསལ་བར་གྱུར། །ཅེས་པས་བྲུབ་ཁུང་ལས་བྱེད་དང་བཅས་པ་བསྐྱེད་དོ། །ནྲྀ་ཏྲིཿ དེའི་ནང་བཀོད་པའི་ལིངྒ་བསྒྲལ་བའི་ཞིང་། །བསྟན་པ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ། །དམ་ཉམས་གནོད་བྱེད་དགྲ་བོ་ཨ་མུ་ཀ །གཟུགས་བརྙན་རི་མོར་བྲིས་ལ་མིང་བྱང་བཏབ། །རྣམ་ཤེས་རྟེན་དུ་བཅས་ལ་ཟག་རྫས་བྱུག །ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །ཅེས་པས་ལིངྒ་གནོད་བྱེད་དངོས་སུ་བསྐྱེད་དོ། །ཛ་ཛཿ བདག་དང་མདུན་བསྐྱེད་ཐུགས་ནས་རང་འདྲ་བའི། །སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་འཕྲོས་པས། །དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། །སྐྱོབ་བྱེད་ལྷ་དང་བན་བོན་སྲུང་མའི་སྐྱབས། །མདོར་ན་གར་ཡོད་གར་གནས་དེ་དག་ནི། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རག་དམྱལ་བ་ཡན་ཆོད་དུ། །བྲོས་ཤིང་སྡོད་པའི་རང་དབང་མེད་པས་ན། །འགུགས་བྱེད་ལྕགས་ཀྱུས་སྙིང་ཁའི་གནས་ནས་བཟུང་། །ལས་ཀྱི་རླུང་དམར་དྲག་པོས་མདུན་ནས་འཁྲིད། །འཇོམས་བྱེད་ཐོ་བས་སྤྱི་བོའི་གཙུག་ནས་རྡུང་། །འཇིགས་པའི་མུན་པ་ནག་པོས་རྒྱབ་ནས་དེད། །ལས་བྱེད་ཕོ་ཉས་ཧབ་སྒྲ་དི་རི་རི། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་བསྐོར། །བདག་མདུན་བྲུབ་ཁུང་མཐར་སླེབས་འཁོར་རྣམས་ཀྱིས། །ཀླད་ལ་གཡུག་ཅིང་ལྕགས་སྲེག་ས་གཞིར་བརྡབས། ཁོ་ཡི་ཁོང་པའི་ནང་གི་ཚེ་དང་བཅུད། །ཐམས་ཅད་ཡར་སྐྱུགས་བདག་ལ་ཚུར་ཐིམ་པས། །དངོས་གྲུབ་གསོས་གྱུར་བདག་གི་གཟི་མདངས་རྒྱས། །བཅུད་བྲལ་སྒྱེ་སྟོང་བཞིན་གྱུར་དགྲ་བོ་ནི། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དང་བྲལ་བར། །ལུས་རིད་ནག་པོ་ཀེམ་ཀེམ་སོང་བ་ནི། །རྣམ་ཤེས་མར་མེ་འཆི་ཁའི་འོད་ཙམ་དང་། །བཅས་ཏེ་བྲུབ་ཁུང་ནང་གི་ལིངྒར་ཐིམ། །ཞེས་པས་དམིགས་བྱའི་རྣམ་ཤེས་གནད་ལ་དབབས་ཏེ་འགུགས་པའི་དམིགས་པས་གསལ་བཏབ། བྲུབ་ཁུང་ཁར་གུ་གུལ་གྱིས་བདུག་ཅིང་བཤུད་པ་དང་གྲོང་པའི་གཙེས་སྒྲ་སོགས་དང་བཅས་ནས། ན་མོ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཕྲིན་ལས་འཇམ་དཔལ་ཤོར་སང་ཉི་མ་ཁྲོས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་ནག་པོ་ཏི་པ་ཙ། །མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་སྔགས་འཆང་བདག་དང་སྦྱིན་བདག་ལ།་་་ཞེས་པ་ཁ་བསྒྱུར་ནི། རང་དོན་སྒྲུབ་ཚེ།་་་ཁྱད་པར་བདག་ཉིད་སྒྲུབ་པོ་དཔོན་སློབ་ལ། གཞན་དོན་སྤྲོ་བར་བྱེད་ན།་་་རྒྱུ་སྦྱོར་ཡོན་བདག་ཆེ་གེ་མོ་ལ། སྤྱི་འགྲོའི་སྒྱུར་སོ་ཚིག་རྐང་གཅིག་པོ་སྦྱོར།་་་ཁྱད་པར་བདག་ཅག་ཡོན་མཆོད་ཐམས་ཅད་ལ། མཆན། སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་གཏིང་རྩུབ་ཞེ་ནས་སྨོད་པ་དང་། །དོ་བསྡོ་ཕོད་འཛུགས་བསམ་ངན་སྦྱོར་རྩུབ་དང་། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙག །འགྲོ་ལམ་རྩང་འཛུགས་ཟ་ལམ་དུག་སྦྱོར་བཤམ། །དམིགས་ཡུལ་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ། །དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿ ཞེས་འགུགས་འཆིང་སྡོམ་ཞིང་མྱོས་པར་བྱེད་པ་སོགས་ཀྱིས་སྐབས་དང་སྦྱར་ཏེ་ཕྱག་རྒྱ་བཞི་དང་དབྱེ་བ་དང་བསྟིམ་པའི་ཕྱག་རྒྱ་སོགས་བསྒྱུར་ཞིང་བདེན་བདར་ལན་གསུམ་དང་ཉེར་གཅིག་སོགས་སྐབས་དང་སྦྱར། མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ ཤ་མ་རུ་ཏི་ཐུམ་ཐུམ་ མྱོགས་མྱོགས་ ཡེད་ཡེད་ ཤ་མ་རུ་ཏི་ཁུག་ཁུག་ ལིང་མྱོགས་ ལིང་ཤ་ ལིང་ཐུཾ་ ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོ༔ ཞེས་བླ་འགུགས་ཀྱི་སྔགས་ནན་ཏན་བསྐྱེད་ལ་བཟླ་འོ། །ཛཿ ལིངྒར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཕྱིན་ཆད་འཆོར་བ་མེད་པ་དེ་ལུས་ལ། །སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། །ལྷན་ཅིག་སྐྱེས་པའི་ལྷ་ཡིན་དགྲ་བོ་ཡིས། །དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབས། །སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབ། །སྙིང་ཁ་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲངས། །དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་གཅིག །བྱུང་བའང་མཉམ་པོར་ཡོང་བའི་འཆི་བདག་བདུད། །ཡིན་ཏེ་ཁོ་ཡི་དམ་ཉམས་རང་གཤེད་གྱུར། །གསང་བའི་གནས་ནས་མར་ལ་ཁོང་ཁྲག་རྣམས། །དྲངས་ཏེ་མཆིན་ཁྲི་མན་ཆད་འཇིབ་ཅིང་ཟོས། །སྦྲུལ་དཀར་གཡས་དང་གཡོན་གྱི་ནག་པོ་གཉིས། །འཇིབ་ཅིང་འཐབ་ཅིང་དགྲ་བོའི་སྙིང་ཁྲག་ལ། །ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། །འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། །མགོ་གཉིས་སྤྱི་བོར་མགུལ་པ་མདུད་བྱས་ནས། །ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་གྱི། །རྣ་བར་ཁ་གདངས་ལྕེས་བལྡགས་སོ་ཡིས་འདྲད། །དེ་ཚེ་སྤྱི་བོའི་སྣ་ཚོགས་རྡོ་རྗེ་ནི། །ལས་ཀྱི་རླུང་གིས་བསྐོར་བས་ཤུགས་དྲག་འཁོར། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། །ཞོ་ལྟར་དཀྲུགས་པ་སྦྲུལ་ཆེན་གཉིས་ཀྱིས་འཇིབ། །དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། །ཅེས་པས་རང་གཤེད་གནད་ལ་དབབ་པའི་དམིགས་པ་འདི་ལ་ནན་ཏན་བྱའོ། །ཨོཾ་ཀིང་ཀང་ཐུཾ་རིལ་ནྲི་མྱོགས་སྒྲིབས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན༔ བིག་ནན༔ དགྲ་ཐུཾ་དེ་ཤོ་དེ་ཤཾ་བྱུར་བྲུབས༔ བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ ཞེས་སྔགས་རིང་འདི་ལ་སྒྲུབ་པའི་དངོས་གཞི་བྱ་ཞིང་། གོང་གི་དམོད་མོ་རྣམས་བརྗོད།་་་ཐུན་སྔགས་སོགས། ཁུག་རྟགས་བྱུང་ནས། ཚོགས་དང་བསྒྲལ་ལས་བྱ། གསད་སྔགས་དང་སྔགས་རིང་སྦྲེལ་ལོ། །ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཞེས་གསད་སྔགས་འདི་ཁུག་རྟགས་བྱུང་ནས་སྔགས་རིང་དང་སྦྲེལ་ནས་བཟླ་འོ། །དམོད་བྱང་ཟུར་བཀོལ་ལྟར་འདིར་བརྗོད།་་་དམོད་བྱང་གྲུབ་རྗེས་སྔགས་ནུས་སྐྱེད་བྱེད་དབྱངས་གསལ་ཚར་གསུམ་བཟླ། མཆོད་བསྟོད་བྱེད། གྲོལ་ཉིན་ཐུན་ཐ་མར་ཛཔ྄་བཟླས་སྔགས་སོགས། ཐུན་བྲབ་བསྒྲལ་ལས་དངོས་བྱས་ཞལ་བསྟབ་གྲུབ་རྗེས་མཆོད་བསྟོད་བྱེད།མཆན།༽ ཨྱཻ་ཧཱུྃ། ཛཔ྄་བཟླས་སྔགས་པའི་ཐུན་རྫས་རྣམ་པ་ལྔ། །ཕུར་བུ་ལ་སོགས་མཚོན་ཆ་སྣ་ཚོགས་པ། །རྣོ་བའི་དབལ་དང་དུག་གི་ནུས་པ་ལྡན། །གནམ་ལྕགས་རབ་ཏུ་འབར་བའི་ཐོག་ལྟར་གྱུར། །ཅེས་བཟླས་པའི་མཐར་དམོད་མོ་བརྗོད་ནས་ཕུར་སྔགས་་་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ།མཆན། བཏབས་ཏེ་ཐུན་རྫས་ནུས་ལྡན་དུ་བསྐྱེད་དོ། །ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། །ལུས་ཀྱི་སྟེང་དུ་དྲག་པོའི་རྫས་ཀྱི་ཐུན། །བརྒྱབ་པས་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། །ཞེས་པས་བསྒྲལ་བའི་དམིགས་པའི་གནད་རྣམས་གསལ་བཏབ་ལ་ཐུན་བྲབ་ཅིང་ལིངྒ་བསྒྲལ་གཏུབ་བྱའོ། །ཡཿ ཤ་ཁམ་ཁྲག་ཐིགས་ཙམ་ཡང་མ་ལུས་པར། །ལས་བྱེད་ཕོ་མོ་རྣམས་ཀྱིས་དགྱེས་པར་གསོལ། །གནོད་བྱེད་ནྲི་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་དུག་གསུམ་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། ཞེས་རྒྱུན་པར་སྨན་རཀ་བྲན་ཞིང་མཐར་ལིང་རོ་ཚོགས་ཕུད་དང་བཅས་གཏོར་མ་ལ་ཕུལ་ཞལ་དུ་བསྟབ་བོ། །ཡ་བྷྱོཿ འཇམ་དཔལ་གཤིན་རྗེ་གཤེད་པོ་སྐུ་མདོག་དམར། །གཅེར་བུ་རྒྱན་མེད་ཉྭ་སུལ་ཧྲང་ངེ་བ། །རབ་ཁྲོས་འཇིགས་རུང་གནན་པའི་ལས་མཛད་ཕྱིར། །གནམ་ལྕགས་ལས་གྲུབ་ཐོ་ཆེན་དགྲ་སཏྭ་གཡས། །འཛིན་བྱེད་ལྕགས་ཀྱུ་གཡོན་གྱི་ཕྱག་ན་བསྣམས། ཁམ་ནག་རལ་པ་ཕྱེད་ཡར་གྱེན་དུ་བརྫེས། །ཕྱེད་མར་ཐུར་འཕྱང་རྟིང་པར་ཤམ་མེ་བ། །སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་སུ་གསལ། །སྒྲུབ་རྟེན་རལ་གྲི་གཡས་པས་སར་འཕྱར་ཞིང་གནན་པའི་འོག་དོང་ནང་དུ་བཏབ་པའི་ཚུལ་བྱ། ཐོ་ཆེན་དགྲ་སཏྭ་བསྣུན་པས་ས་གཞི་གས། །མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །དེ་དབུས་ཀླུ་བདུད་ནག་པོ་ཏི་པ་ཙ། །ཆུ་སྲིན་འབར་བའི་གདོང་ཅན་ཡར་ལ་བཞེངས། ཁ་གདངས་གནམ་སར་བགྲད་ཅིང་ལྗགས་གློག་འཁྱུག །ཚེམས་དང་མཆེ་བ་གངས་རི་ལྟ་བུར་གཙིགས། །སྤྱན་གཉིས་ཉི་མ་ཟླ་བ་ལྟ་བུར་གསལ། །སྦྲུལ་ཞགས་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེས་ཤིག །གནམ་སར་བགྲད་པ་ཁྱོད་ཀྱི་ཁ་ནང་དུ། །དམ་ཉམས་དགྲ་བོ་གནོད་པར་བྱེད་པ་པོ། །མི་ནོར་འཁོར་དང་བཅས་པ་འདི་དག་རྣམས། །ཟས་སུ་བསྟབ་བོ་གཏད་དོ་ནྲི་ཏྲི་ཛཿ ཞེས་ལིངྒ་གནོད་བྱེད་དང་བཅས་པ་དོང་དུ་འཕངས་ནས་ཀླུ་བདུད་ལ་ཟས་སྐལ་དུ་གཏད་ཅིང་། རྟེན་རྫས་ཀྱི་རྔ་མ་ནག་པོ་ལག་པ་གཡས་པས་ཐོགས་ལ་གཡབ་མོ་གཡབ་ཅིང་སྔགས་དམོད་ཛ་ཚར་གཅིག་བརྗོད་དེ། ཁོང་ཚུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཕྲུ་གུ་ཐམས་ཅད་ཙིར་སྒྲ་དིར་དིར་སྒྲོག །གནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས། །བསྐལ་པ་མ་སྟོངས་བར་དུ་མི་ཐར་བར། །ཆུ་སྲིན་ཁ་གདངས་ཉི་ཟླ་གཟས་ཟིན་བཞིན། །མུན་ནག་ཐུམ་གྱི་ངང་ནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །སྐབས་འདིར་དུར་རྡོ་སྣ་ཚོགས་རྡོ་རྗེའི་རི་མོ་ཅན་གྱིས་བཀབ་ལ་རྡོས་མནན་ལ་ལག་ཚགས་དམ་པར་བྱའོ། །ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག །ནྲི་ཏྲི་སརྦ་སཏྭམྦྷ་ཡ་ལ་ནན། །ནམ་ཞིག་བྱང་ཆུབ་སེམས་མཆོག་མ་སྐྱེས་བར། །མནན་པ་ཡིན་པས་ལྡང་བར་མ་བྱེད་ཅིག །སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་བཏབ་བོ། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མཱ་དྷི། །ཞེས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་སྟེང་དུ་མཉམ་པར་བཞག་གོ །དུམ་པ་རྒྱ་སྟོན་ཞང་ཁྲོམ་ཟབ་གཏེར་ལུགས། །རླུང་སྒྲུབ་ཅེས་གྲགས་ཆེས་ཟབ་ནུས་ལྡན་ཡང་། །གབ་དཀྲུགས་དགོངས་དོན་འདི་ལྟར་མ་རྟོགས་པས། །སྒྲུབ་པའི་ཚུལ་ལ་ཕལ་ཆེར་རྨོངས་པར་མཐོང་། །འགའ་ཞིག་སྤྲོས་འདོད་གཞན་ནས་རྒྱས་བཀབ་སྟེ། །རྣམ་པར་གཡེངས་ལ་ངལ་བ་དོན་མེད་ཅིང་། །ལ་ལ་ཏིང་འཛིན་བྲལ་བའི་བཟླས་པ་དང་། །དམོད་ཚིག་ཙམ་གྱིས་སྒྲུབ་པ་བྱེད་པ་སོགས། །འཁྲུལ་པར་བྱེད་པའི་རིང་ལུགས་ཁོ་ནར་བས། །དེ་ཕྱིར་རིག་འཛིན་བརྒྱུད་པའི་བཀའ་སྲོལ་བཞིན། །ཚིགས་གཅད་ངག་འདོན་དམིགས་པ་བསྒོམ་བདེ་ཞིང་། །རྣམ་པ་གསལ་བས་རང་གཞན་སྤྲོ་བ་བསྐྱེད། །སྦྱོར་དངོས་རྗེས་ཚང་བྱིན་རླབས་ནུས་ལྡན་འདི། །དམ་ལྡན་སློབ་བུ་རྗེས་འཇུག་རྣམས་ཀྱི་དོན། །སྙིགས་དུས་སྔགས་ནག་མཐུ་ལྡན་དབ༵ང་པོ༵འི་སྡེ༵ས། །ལོ་པཎ་སྐྱེས་མཆོག་མང་པོས་བྱིན་བརླབས་གནས། །སོལ་ནག་ཐང་ཆེན་ཡུལ་གྱི་རི་བོའི་སྤོ། །བཙན་རྫོང་ཐོབ་རྒྱལ་ལྷ་རྩེར་ཡི་གེར་བཀོད། །བསྒྲུབས་ནས་གནོད་བྱེད་དགྲ་སྡེ་ཆམ་ལ་ཕབ། །བྱིན་རླབས་ནུས་ལྡན་ཉམས་སུ་མྱོང་བར་བྱས། །ཀུན་ལ་མ་སྟོན་བསྟན་པའི་བཙས་སུ་སྤེལ། །དགེའོ།། །།

གནམ་ཆོས་མནལ་ལམ་དག་སྣང་གདམས་སྐོར་ (Volume 46, Text 19)

བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་མནལ་ལམ་དག་སྣང་གི་གདམས་ངག་སྐོར་འགའ་སྣང་། ཡང་ཐ་སྐར་ཟླ་བའི་ཚེས་བཅུ་གཅིག་ནུབ་བདག་པོ་ཊ་ལ་ཡིན་སྙམ་པ་ཞིག་ཏུ་ཡུད་ཙམ་སླེབ༔ དེ་ནས་ཚུར་འོང་རན་ལམ་དུ་རྣལ་འབྱོར་པ་སྐེ་ལ་མེ་ལོང་བཏགས་པ་ལག་ན་དྲིལ་བུ་བཟུང་བ་གཅིག་འདུག༔ དེས་རི་ཐང་མཚམས་ནས་རྡེའུ་དཀར་ནག་གཉིས་བླངས་ནས་ཟངས་ལེབ་ངོས་གཅིག་གི་སྟེང་དུ་བཞག་ནས་གདམས་པ་ཡིན་ཟེར་གནང་བྱུང༔ དེའི་གདམས་པ་དངོས་ནི༔ སྐྱབས་འགྲོ་དང་སེམས་བསྐྱེད་ལེགས་པར་བྱས་ལ༔ ཆུ་རྒྱུན་འབབ་ཀྱི་ནང་ནས་རྡེའུ་དཀར་ནག་གཉིས་བླངས་ནས་ཟངས་ལ་བརྡར་ནས་སྔགས་འདིས་སྔགས་སོ༔ ཨོཾ་ཕུ་རུ་ཕུ་རུ་ཙཀྵུ་ཕུ་ནར་སེར་སྭཱ་ཧཱ༔ ཞེས་བཏབ་ནས་མིག་གཡས་ཚ་ན་དཀར་པོ་གཡོན་ཚ་ན་ནག་པོ་སྦྱར་བས་ངེས་པར་ཕན་ནོ༔ ཡང་རས་གཟན་གྱི་གྲ་ལ་བྱ་རྒོད་ཀྱི་སྤུ་ལྷན་ནས་གནང༔ གདམས་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་ལེགས་པར་བྱས་ནས༔ བྱ་རྒོད་ཀྱི་སྤུ་ལ་སྔགས་འདི་བཏབ་བོ༔ ཨོཾ་ཁ་ཏྲ་ནག་པོ་ཐུམ་རི་ལི་ལི་ཁྲག་ཆོད་སྭཱ་ཧཱ༔ ཞེས་བཏབ་ནས་གོས་ཀྱི་སྣེ་ལ་སྦྱར་ནས་གོས་དེ་ནམ་མཁའ་སྤུ་དེ་ཉི་མ་རྨ་ཆུ་མིག་ཏུ་བསམ་ལ་གླན་ནོ༔ དེས་ཁྲག་ཆོད་པར་འགྱུར་རོ༔ ཡང་ལྕགས་ཀྱི་རྡོ་རྗེ་ལ་ཡི་གེ་བྲིས་པ་གཅིག་གནང༔ གདམས་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་ལེགས་པར་བྱས་ནས༔ རང་ཉིད་སྟན་བདེ་བ་ལ་ལུས་བསྲངས་ཏེ་རང་ཤཱཀྱ་ཐུབ་པར་བསམ༔ རང་གི་ཐད་ཀྱི་ནམ་མཁའ་ལ་གསེར་གྱི་འཁོར་ལོ་གཉིས་གཡས་གཡོན་དུ་འཁོར་བར་བསམ་ལ༔ ཨོཾ་ནཱ་ག་ཙ་དུན་ཙིར་ཤོ་མུ་ནི་སྭཱ་ཧཱ༔ ཞེས་བཟླས་ཤིང་ལག་གཡས་རྡོ་རྗེ་དང་བཅས་པ་ནམ་མཁར་ཨོཾ་ཨཱཿཧཱུྃ་དང་ཆོས་འབྱུང་བསྣོལ་མ་བྲིས་པས་ཐོག་གི་འཇིགས་པས་ཚུགས་པར་མི་འགྱུར་རོ༔ ཡང་སྲུང་སྐུད་ནག་པོ་མདུད་པ་དགུ་བརྒྱབ་པ་གཅིག་གནང༔ གདམས་པ་ནི༔ སྲུང་སྐུད་ནག་པོ་གཅིག་ལ་མདུད་པ་དགུ་བརྒྱབས་ནས་གནམ་ལྕགས་ཀྱི་སྡིག་པ་ནག་པོ་དགུ་རུ་བསྐྱེད་ལ༔ ཨོཾ་རཀྴ་ཧཱུྃ༔ བཛྲ་རཱ་ཙ་ཙིཏྟ་རྦད༔ ཅེས་སྔགས་ནས་སྲིན་མཛུབ་གཡོན་པ་ལ་བཏགས་ན་སྨྱོ་འབོག་ལ་ཕན་ངེས་སོ༔ ཡང་རྡེའུ་ནག་པོ་སྔགས་བྲིས་པ་གཅིག་གནང༔ གདམས་པ་ནི༔ ཆུ་རྒྱུན་འབབ་ཀྱི་ནང་ནས་རྡེའུ་ནག་པོ་གཅིག་བླངས་ལ་མང་དུ་སྔགས་ནས་འགྲོ་བའི་ཕྱོགས་སུ་འཕངས་པས་དགྲ་ཡི་གནོད་པ་ཟློག་གོ༔ ཨོཾ་མ་ཧཱ་དེ་བ་ཚང་ལུས་དགྲ་རྐུན་ཇག་གསུམ་ཆིངས་ཤིག༔ ཡང་ཤོག་དྲིལ་ཆུང་ངུ་གཅིག་གནང༔ གདམས་པ་ནི༔ སྔགས་འདི་ཚེག་མེད་དབུ་ཅན་བྲིས་ནས་མགུལ་དུ་གདག་གོ༔ ཨོཾ་ཚ་སོད་ཏ་བྲབ་ཤ་ར་ར་ཤྑྞི་རྦད༔ སྨྱོ་འདྲེ་སྨྱོ་སྲི་མཱ་ར་ཡ་ཕཊ༔ དེས་ལན་བདུན་སྔགས་ནས་གདགས་ན་དུད་འགྲོའི་མགོ་སྨྱོན་ཞི་བར་འགྱུར་རོ༔ དེ་རྣམས་གདམས་པ་ཡིན༔ ང་རྒྱ་གར་གྱི་གྲུབ་ཆེན་བློ་གྲོས་རིན་ཆེན་ཡིན་གསུངས་སོ༔

པདྨ་ཚེ་ཡི་སྙིང་ཏིག་ལས། བརྒྱུད་འདེབས་དང་། འཆི་མེད་མཁའ་འགྲོའི་རྒྱུད་བསྐུལ། སྐོང་བ་བཅས་ (Volume 49, Text 19)

༄༅། །པདྨ་ཚེ་ཡི་སྙིང་ཏིག་ལས། བརྒྱུད་འདེབས་དང་། འཆི་མེད་མཁའ་འགྲོའི་རྒྱུད་བསྐུལ། སྐོང་བ་བཅས་བཞུགས་སོ། ། བརྒྱུད་འདེབས་ནི། ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀུན་བདག །ལོངས་སྐུ་ཚེ་དང་ཡེ་ཤེས་དཔག་མེད་མགོན། །སྤྲུལ་པའི་རྣམ་རོལ་པདྨ་ཙཎྜ་ལཱི། །སྐུ་གསུམ་དབྱེར་མེད་མཚོ་སྐྱེས་རྡོ་རྗེ་འཆང་། །མནྡཱ་ར་བ་རྗེ་འབངས་གྲོགས་གསུམ་དང་། །བཀའ་བབས་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས། །འཆི་མེད་རིག་འཛིན་རྩ་གསུམ་རབ་འབྱམས་ལ། །མི་ཕྱེད་རྩེ་གཅིག་་གུས་པས་གསོལ་བ་འདེབས། །འཆི་བདག་ལ་སོགས་བདུད་བཞིའི་འཇིགས་ལས་གྲོལ། །འབྱུང་ལྔའི་དྭངས་མ་ཡེ་ཤེས་བཅུད་དུ་གྲུབ། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ནས། །འགྲོ་ཀུན་འཆི་མེད་གོ་འཕང་ལ་འགོད་ཤོག །ཅེས་པའང་ཟབ་ཆོས་འདི་ཡི་སྣོད་ལྡན་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པའོ།། །། ༈ བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བྷཱུ་ཏེ་བྷྱ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས། གྲྀཧྞེ་དཾ་བ་ལིཾ་ཏ་ཁཱ་ཧི། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ། ༁ྃ༔ པདྨ་ཚེ་ཡི་སྙིང་ཏིག་ལས༔ འཆི་མེད་མཁའ་འགྲོའི་རྒྱུད་བསྐུལ་བཞུགས༔ འཆི་མེད་ཚེ་ཡི་ལྷ་ལ་འདུད༔ བརྒྱུད་གསུམ་ཐུགས་དམ་གནད་བསྐུལ་བས༔ རྡོ་རྗེའི་ཡེ་ཤེས་བྱིན་འབེབ་ཕྱིར༔ མདའ་དར་གཡབ་ཅིང་བདུག་སྤོས་འཐུལ༔ མོས་གུས་གདུང་ཤུགས་བསྐྱེད་བྱས་ལ༔ ཧྲཱི༔ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཡུམ་མཆོག་གསང་བའི་ལྷ་མོ་ཙཎྜ་ལཱི༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ དག་པའི་ཞིང་མཆོག་རི་བོ་ཏ་ལ་རུ༔ འཇིག་རྟེན་དབང་ཕྱུག་པདྨ་གར་དབང་དང༔ ཡུམ་མཆོག་སྒྲོལ་མ་གསང་བ་ཡེ་ཤེས་ཆེ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ འཆི་མེད་གནས་མཆོག་བདུད་རྩིའི་ཆུ་ཀླུང་དུ༔ རྡོར་སེམས་དངོས་སྣང་པྲ་ཧེ་བཛྲ་དང༔ ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱ་མཚོ་མ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ རང་བྱུང་དུར་ཁྲོད་སོ་ས་གླིང་ཆེན་པོར༔ རིག་རྩ་དབང་ཐོབ་ཤྲཱི་སེང་ཧ་དང༔ ཡེ་ཤེས་མཁའ་འགྲོ་བདེ་ཆེན་ཞི་བ་མཚོ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀ་རུ༔ བདེ་བ་ཆེན་པོ་པདྨ་བཛྲ་དང༔ ཚེ་ལམ་གསང་བའི་གྲོགས་མཆོག་མནྡཱ་ར༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ ངོ་མཚར་ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ པཎ་གྲུབ་དབང་པོ་བི་མ་མི་ཏྲ་དང༔ འཆི་མེད་འཕགས་མ་དབང་ཕྱུག་རྒྱལ་མོ་རྩལ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ གཞན་ཡང་རང་བྱུང་གྲུབ་པའི་དུར་ཁྲོད་དུ༔ ལྷ་དང་དབྱེར་མེད་རིག་འཛིན་སློབ་དཔོན་བརྒྱད༔ རང་རང་རིགས་པའི་ཕོ་ཉ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ ཚེ་དཔག་མེད་མགོན་ཨོ་རྒྱན་ཆེན་པོ་དང༔ མཁའ་འགྲོའི་གཙོ་མོ་བདེ་ཆེན་མཚོ་རྒྱལ་མ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ ལི་ཡུལ་གནས་མཆོག་གྲུབ་པའི་དགའ་ཚལ་དུ༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང༔ གསང་བའི་ཡུམ་མཆོག་བདེ་ཆེན་ཚུལ་ཁྲིམས་སྒྲོན༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་ནས་སུ༔ གནུབས་ཀྱི་སློབ་དཔོན་ནམ་མཁའི་སྙིང་པོ་དང༔ སྤྲུལ་པའི་ཌཱ་ཀི་ཤེལ་དཀར་རྡོ་རྗེ་མཚོ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ༼ཧྲཱིཿ གཞོམ་བྲལ་བཀྲ་ཤིས་ལྷ་རྩེའི་ཕོ་བྲང་དུ། །གཏེར་ཆེན་འོད་གསལ་སྤྲུལ་པའི་རྡོ་རྗེ་དང་། །ཉམས་སྣང་བདེ་བའི་གར་མཁན་གཡུ་སྒྲོན་མ། །ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛི་ཝཱནྟི་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔་་་ཤཱཀྱ་ཤྲཱིས་གསུང་ངོ་། །ཨོཾ་གུ་རུ་ཨ་མཱ་ར་ཎི་སརྦ་བིདྱཱ་དྷ་ར་ཨཱ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ དེ་ལྟར་འཆི་མེད་རིག་འཛིན་བླ་མའི་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས༔ དཀྱིལ་འཁོར་སོ་སོའི་ཚེ་འགུགས་བསྐུལ་བ་གཞུང་ལྟར་དུས་དྲུག་ཏུ་བྱའོ༔ དད་དང་གདུང་ཤུགས་རྩེ་གཅིག་པས༔ གསོལ་བཏབ་ཐུགས་དམ་རྒྱུད་བསྐུལ་བས༔ ཚེ་དང་ཡེ་ཤེས་བྱིན་འབེབ་ཅིང༔ འཆི་མེད་དངོས་གྲུབ་ཐོབ་པར་ངེས༔ ས་མ་ཡ༔ གུ་ཧྱ༔ བརྡ་ཐིམ༔ དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས། པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེའི་གཏན་ལ་ཕབ་པའོ། །མངྒ་ལཾ།། །། ༁ྃ༔ པདྨ་ཚེ་ཡི་སྙིང་ཏིག་ལས༔ འཆི་མེད་མཁའ་འགྲོའི་བསྐང་བཤགས་བཞུགས༔ ཧྲཱི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་ཚོགས་སོགས༔ མཆོད་རྫས་རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མི་ཟད་ནམ་མཁའི་མཛོད་ཀྱི་སྤྲིན་ཆེན་པོས༔ འཆི་མེད་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ རིགས་བདག་ཚེ་དཔག་མེད་མགོན་ཐུགས་དམ་བསྐང༔ དབྱིངས་ཡུམ་པདྨ་ཌཱཀྐིའི་ཐུགས་དམ་བསྐང༔ དབང་ཆེན་རྟ་མགྲིན་རོལ་པའི་ཐུགས་དམ་བསྐང༔ ལས་མཛད་ཕོ་ཉའི་ཚོགས་ཀྱིས་ཐུགས་དམ་བསྐང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ རྡོ་རྗེ་ཆོས་སྲུང་ནོར་ལྷའི་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན༔ ཚངས་པར་མཛད་ནས་ཚེ་དང་ཡེ་ཤེས་སོགས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ ཅེས་པ་འདིའང་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱུང་བའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་གསང་པདྨའི་སྙིང་ཐིག་ལས༔ ཕྱུགས་ཀྱི་ནད་རིགས་བཅོས་པའི་ཡིག་ཆུང་ (Volume 45, Text 19)

༁ྃ༔ ཟབ་གསང་པདྨའི་སྙིང་ཐིག་ལས༔ ཕྱུགས་ཀྱི་ནད་རིགས་བཅོས་པའི་ཡིག་ཆུང་བཞུགས་སོ༔ ྈྈྈྈྈྈྈྈྈ རང་བྱུང་འཇའ་འོད་ལས་འཁྲུངས་ནས༔ འཆི་མེད་པད་འབྱུང་སྤྲུལ་པའི་སྐུ༔ ཡེ་ཤེས་མཚོ་རྒྱལ་གསང་ཡུམ་ཚུལ༔ ཡབ་ཡུམ་གཉིས་མེད་གུས་པས་འདུད༔ རྐང་གཉིས་ནད་རྣམས་གྲོལ་བྱས་ནས༔ རྐང་བཞི་རྣམས་ལ་སྐྱོབ་པའི་ཕྱིར༔ དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་གྱིས༔ མི་བརྗེད་གཟུངས་ཐོབ་སློབ་དཔོན་ཉིད་ལ་ནི༔ ཀྱེ་མ་མ་ཧཱ་གུ་རུ་རིན་པོ་ཆེ༔ རྐང་བཞི་དག་ལ་བརྟེན་པའི་མི༔ ཕྱུགས་དང་བྲལ་ན་འོ་རེ་བརྒྱལ༔ བཀྲེས་སྐོམ་གྱུར་ན་སུ་ལ་རེ༔ བཟའ་བཏུང་ལོངས་སྤྱོད་གང་ནས་ཚོལ༔ དུད་འགྲོ་རྣམས་ཀྱང་སྡུག་བསྔལ་ན༔ སྐྱབས་དང་དཔུང་གཉེན་གང་ལ་ཚོལ༔ མི་བཟོད་སྡུག་བསྔལ་གང་གིས་སེལ༔ ཞེས་གསེར་སྐྱོགས་གཡུ་ཡིས་བཀང་ནས་ཞུས་པ༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཀྱེ་མ་ཉོན་དང་ཡེ་ཤེས་ལྷ་ཡི་སྨན༔ དཔེར་ན་གླིང་བཞིའི་དུད་འགྲོ་རྐང་མང་རྐང་མེད་ལ་སོགས་པ་ཆང་འགག་སྦང་མ་ཙམ་ལ་ནི༔ སྡུག་བསྔལ་མི་བཟོད་སྲན་གླགས་མེད་པའི་དུས་ལ་མྱོང་བ་ཡོད་དེ༔ དེའི་ནང་ནས་སྐྱིད་ཤོས་མི་ལ་བརྟེན་པའི་དུད་འགྲོ་ཡིན་པར་བཤད་ཀྱང༔ སྡུག་བསྔལ་གྱི་ཚད་ནི་དཔག་ཏུ་མེད་པ་མྱང་དགོས་པ་ཡོད༔ མི་རྣམས་ཀྱང་སྔོན་གྱི་འབྲས་བུས་བསོད་ནམས་ཆེ་བའམ་ཆུང་བའམ༔ སྦྱིན་པའི་སྟོབས་ལ་རག་ལས་པས༔ ནོར་ཆེ་བ་ལས་ནོར་དབུལ་བ་དག་མང༔ ཕལ་ཆེར་ནོར་མེད་པས་སྡུག་བསྔལ༔ ལ་ལས་ནི་རྐུ་བས་སྡུག་བསྔལ༔ ལ་ལ་ནི་གཞན་དབང་ཆེ་བས་འཕྲོག་པས་སྡུག་བསྔལ༔ ལ་ལ་ནི་གཅན་སྤྱང་གིས་བསད་པས་སྡུག་བསྔལ༔ ལ་ལ་ནི་ཚོང་ཉེས་བློ་ཉེས་རྐུ་ཉེས་རྫུན་དང་ཕྲ་མ་གཡོ་སྒྱུ་ཟོལ་ཟོག་བྱས་ནས་ཉེས་བྱས་བཤགས་པས་སྡུག་བསྔལ༔ ནོར་ཤིན་ཏུ་ཆེ་བ་མང་ཉུང་འགའ་ཞིག་མཆིས་པ་ནད་ཀྱིས་འཆི་བ་སོགས་ལས་དང་བསོད་ནམས་དང་གློ་བུར་རྐྱེན་མང་བ་འབྱུང་ཞིང༔ མཚོ་རྒྱལ་སྐྱབས་དཔུང་གཉེན་བྱེད་པ་དགུན་གྱི་ལྗོང་ཆུང་ལྟར་དཀོན༔ མི་རྣམས་ཀྱི་ཕ་མ་ལས་གཉན་པ་རྐང་བཞི་པ་ཡིན་མོད༔ དེ་ལས་ཀྱང་ནད་ཀྱི་གཉེན་པོ་འདི་ལས་གྲོལ་བ་སྲུང་བའི་ཐབས་ངེས་པར་བསྟན་པས་ཞིབ་ཏུ་དཀར་ཆག་ལ་ཐོབས་ཤིག༔ སྔོན་བསྐལ་པ་འདིའི་ཡང་ཆེས་རྒྱ་ནག་མོའུ་པ་ཏ་ལ་བྱ་བ་སྡིག་སྤྱོད་ཀྱི་བདུད་ཕྲག་དོག་ཆོས་ལ་བྱས་ནས་སྟོན་པ་ཀུན་དགའ་བོ་བཀྲོངས་པར་ཆས་ནས་ངན་སྔགས་དང་སྒྱུ་མའི་ཐབས་མང་པོ་ཁྱེར་ནས་མི་བདུན་བོད་ནས་ཡར་རྒྱ་གར་དུ་སོང་བས་བོད་ཆོས་ལ་དང་བ་མཐོང༔ ཀུན་དགའ་བོ་དང་མ་མཇལ་བར་བལ་ཡུལ་དུ་མི་བདུན་ཚེའི་དུས་བྱས་ནས་གཅིག་ལས་དབང་ངན་པས་ཕྱུགས་ཀྱི་འོ་མར་ཤ་ཚིལ་ལ་སེམས་ཕྲེང་ནས་སྨོན་ལམ་ལ༔ ངས་བོད་དད་པའི་བླ་མ་དང་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ནོར་འདི་ཀུན་ངས་སྤྱོད་པར་ཤོག་ཅེས་བྱས་ནས་ཚེའི་དུས་བྱས༔ ཁོ་འཆི་བའི་ཞག་བདུན་ནས་ལུས་པོ་སྤྲེལ་འདྲ་བ་མགོ་བོ་ཁྱི་རུ་འདུག་པ་ཞིག་ཏུ་སྐྱེས་ནས་རྐང་བཞིའི་ནད་དགུ་ལ་དབང་བསྒྱུར་པས་ལན་རེ་བླ་མ་ལ་སྤྲུལ༔ ལན་རེ་བུད་མེད་དུ་སྤྲུལ༔ ལན་རེ་རྒྱ་དང་སོག་པོ་མཐའ་འཁོབ་པར་སྤྲུལ༔ ཕྱུགས་ནད་མགོ་འཐོམ་ཕོ་ལྷོག་ཏྲེ་ཏྲེ་ཧོན་དང་རྒྱུ་གོར་གློ་ནད་ཉྭ་རེངས་ཤིག་དང་ཚིག་གོར་རྡོ་ཆུ་འབྱུང༔ ༈ དབྱེ་བ་ནད་ཀྱི་བྱེ་བྲག་ནི༔ ཕྱུགས་ནད་མགོ་འཐོམ་ཞེས་བྱ་བ༔ མིག་གྱེན་ལ་ལྟ་ཞིང་མགོ་བོ་ཡོ༔ བསྐོར་བ་བྱེད་ཅིང་ཁྱུ་ནས་གར༔ ལ་ལ་གཞོག་ཕྱེད་འཁྱོག་འགྲོས་བྱེད༔ སྙིང་དང་ཀ་ལོ་ཀླད་པའི་ནང་དུ་ཆུ་ལ་སྲོ་མ་ཡོད་པ་སོགས༔ ཆུ་དེ་གང་ལ་ཡོད་པའི་རུས་ཕུག༔ དེ་ལ་དང་པོ་སྲུང་བའི་ཐབས་བསྟན་པ༔ གྲི་རུས་རྒྱ་སྣག་བསྲེས་ལ་ཤོག་བུ་ལ་ཕྲེང་གཅིག་ཚག་མེད་བྱས་ལ་བྲི༔ མཇུག་ནས་ཡར་དྲིལ༔ ཕོ་གཡས་མོ་གཡོན་དུ་བཏགས༔ ཨོཾརལགྲིརྦདགྱིརལགྲིསགཏུབརལགྲིའབརབསམགོའཁོརཆོདརཀྵ༔ ཡེ་དྷརྨཱས་རབ་གནས་བྱེད༔ མགོ་འཁོར་ཐུབ་པར་ཐེ་ཚོམ་མེད༔ ལུས་ལ་ཞུགས་ན་སྔགས་འདི་ཆུ་ལ་འབུམ་ཕྲག་བཏབ་ལ་བླུད༔ རྡོ་རྗེ་འཛམ་གླིང་ཉི་མགོ་འཁོར་གཏིང་ནས་དྲོངས༔ ཤིག་ཤིག་ཕྱུངས་ཕྱུངས་ཧ་ན་ཀོ་བྷི་ར་རྦད༔ ཅེས་སྣ་ནས་བླུད༔ མགོ་ལ་རན་ཐག་ལ་མཚལ་གྱིས་གཡུང་དྲུང་བྲིས་ལ་གཡས་སུ་བསྐོར་ན་རན་ཐག་གཡོན་དུ་བསྐོར་གཡོན་དུ་བསྐོར་ན་གཡས་སུ་བསྐོར༔ དཔྲལ་བ་མེ་ཡིས་སྲེག་པར་བྱེད༔ ཡང་རུས་པ་བུག་པའི་ཤུན་པ་བཀྲལ་ལ་ཡུག་བསུམ་ནས་ལྷུད་སྤུད་ནས་རྡོ་ཀླད་བཏབ་པས་ཐུབ༔ ཕོ་ལྷོག་ཅེས་བྱ་ལྷོག་པའི་རྒྱུ༔ འདར་ཞིང་དབུགས་ཐུང་ལྕེ་ལ་ཚེར་མ་འབྱུང༔ མིག་དམར་ཁྲག་དང་དུད་ཁུ་འཁྲུ༔ ཉ་ནི་ཐང་ལ་ཕྱུང་བ་འདྲ༔ ཤི་ནས་མི་ཕྱུགས་དག་ལ་འཕྲོ༔ མཚེར་པ་རྒྱས་ལ་ཁྲག་མི་སྐག༔ ཤ་གྱོང་ཀོ་འཕྲག་སྤུ་ནི་ལྡོག༔ དེ་ཉིད་སྲུང་ཐབས་རྒྱ་ནག་གི༔ སྔགས་རྣམས་ཕྱུགས་རྣམས་ཀུན་ལ་བཏགས༔ ཨོཾབྷེརནཱགསོདསོད༔ སྲིནབུནགཔོཐརཔལརྦདའཆངབཔོལསྲུངསཤིག༔ ཅེས་བྲིས་ལ་ཁྱུང་ལྔ་བྱུགས་ལ་སྒོར་བཏགས༔ ན་ནས་ཁོང་དུ་སྔགས་ཆུ་གཏང༔ ཧུད་ཧུད་ཀྱིས་ཀྱིས༔ ཁྲི་གཅིག་བཏབ་པས་ཐུབ༔ བཤའ་ན་གྲི་སྔགས་ནས་བཤའ༔ ཨོཾ་ནག་པོ་ཀཱ་ལ་རཀྴ་རྦད་རྦད༔ སོད་སོད་ཕྱུངས་ཕྱུངས་སྤུ་གྲིས་ཟང་ཟང་ལྕགས་ཀྱི་སྡེར་མོས་སྙིང་ནས་དྲོངས་གནོད་བྱེད་གདུག་པའི་ཤ་ལ་ཟོ༔ ཨོཾ་ལྷོང་ལྷོང་ཟེ་ཟེ་འུབ་འུབ་སོད་སོད༔ ཅེས་སྔགས་ལ་བཤའ༔ ཉམ་ང་བག་ཚ་བྱ་མི་དགོས༔ ཏྲེ་ཏྲེ་ཧོན་ཞེས་བྱ་བ་ནི༔ ཕོག་ནས་ལུས་འདར་སྐྱིག་བུ་འབྱུང༔ ཤ་འགུལ་ཁ་ཆུ་སྣ་ཆུ་འཛག༔ མགོ་འཐོམ་རྣ་བ་ཐུར་དུ་ལྷུང༔ ལུ་ཞིང་ཁ་སྐམ་དབུགས་སྣ་ཐུང༔ མགོ་ལུས་བློ་སྙིང་མཆིན་མཚེར་དང༔ རྒྱུ་ལོང་ཕོ་མཁལ་མཁྲིས་ལ་སོགས༔ བབ་སྒོ་ངེས་མེད་གར་ཡང་ན༔ དང་པོ་འཁྲུ་མདོག་ནག་གམ་སེར༔ ཐ་མ་ཁྲག་འཁྲུ་དྲི་མ་དུག༔ ཕྱུགས་ནོར་ཀུན་ལ་འཕྲོ་བ་འབྱུང༔ སློང་རྐྱེན་འཐབ་འཁོན་བན་བཙུན་དང༔ བུད་མེད་སྐྱེས་ནག་དག་ལ་འཛེམ༔ འབར་ཆོག་བྱ་ཞིང་ཆུ་གཏོར་གཏང༔ སྔགས་པ་ནུས་པ་ལྡན་པ་ཡིས༔ ཟ་ལམ་གཏང་ཞིང་ཐུན་རྡོ་གཏོར༔ གོད་མནན་བྱ་ལ་གཡང་འགུགས་དང༔ ཞི་བ་བླུག་ཅིང་ལྷ་བསང་བྱ༔ སྲུང་བ་དུག་ཤོག་དག་ལ་ནི༔ ནག་པོ་དགུ་སྦྱོར་རྒྱ་སྣག་གིས༔ བྲིས་ལ་ཚག་མེད་བྱས་ཏེ་བཏགས༔ ཏྱརྒྱཐཱ༔ དྷརམཧིརྦདཆོད༔ ཐུནབྷྱོཔདྨཀྲོདྷབཛྲཕཊསྭཱཧཱ༔ ཧཡགྲཱིབསམཡཛཛ༔ རུལུརེམཧཱབྷྱོཛཛ༔ རྦདཆོདཆོདརྦདནན༔ འཆངབལསྲུངསཤིགརཀྵ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ མཇུག་ནས་ཡར་དྲིལ་ཕོ་གཡས་མོ་ཡི་གཡོན་རྣ་བ་ལ་བཏགས༔ ཡང་ན་ཐང་ཕྲོམ་བཙན་དུག་རྒྱ་སྣག་དག་ལ་བསྲེ༔ བསོཀིངཀིངཆོཆོརྨུགགོདའདྲེའིསྲོགལཟཟརྦདརྦདགོདའདྲེསོདསོད༔ འཆངབའིཕྱུགསནོརའདིཀུནལགོདའདྲེསམིཚུགསཔར་སྲུངསཤིགརཀྵ༔ རེ་བས་དྲིལ་ལ་སྒོ་ཁྱིའི་སྐེ་ལ་བཏགས༔ ཡང་ན་གྲི་ཤ་ཡུངས་དཀར་དང༔ རྒྱ་སྣག་བསྲེས་ལ་བྲི་བར་བྱ༔ ཐཿཐཿཤརིམམསོད༔ གནོདབྱེདལསྲུངསཤིག༔ ྈྈྈྈྈྈྈ ཅེས་བྲིས་ལ་སྒོ་རུ་རེ་བས་དྲིལ་ལ་བཏགས༔ ཤ་བ་རིའི་གཟུངས་སྔགས་རྡོ་ཐུན་སྔགས་ནས་བྲབ༔ ཨོཾ་པར་ཎ་ཤ་བ་རི་པི་ཤ་ཙི་སྭཱ་ཧཱ༔ སྟོང་ཚོ་གསུམ་སྔགས་ནས་བྲབ༔ དེ་ཀུན་སྲུང་བའི་གདམས་པ་ཁྱད་པར་ཅན་ཡིན༔ ནད་པ་སྔགས་ན་གངས་ཆུ་ལ་སྔགས་ནས་བླུད༔ ཨོཾ་ཨ་ལོ་དཀར་པོ་ཤེ་ས་ཧཱུྃ་ཕཊ༔ ཞི་ཞི་དུལ་དུལ་དུལ་སྭཱ་ཧཱ༔ ཁྲི་གསུམ་སྔགས་ནས་བླུད༔ ཡུངས་དཀར་ལ་སྔགས་འདི་བཏབ་ནས་གཏོར༔ ཨོཾ་བཛྲ་ཤཱནྟིཾ་གནོད་བྱེད་ཤ་ཏྲཱུཾ་མཱ་ར་ཡ་རྦད་སྭཱ་ཧཱ༔ བརྒྱའམ་ཉེར་གཅིག་སྔགས་ལ་གཏོར༔ ཡང་ན་ཅུ་གང༔ གུར་གུམ༔ གླ་རྩི༔ ཨ་རུ༔ བྲག་ཞུན༔ རྡོ་དྲེག་བཙོད་དང་དོམ་མཁྲིས་བྱ་ཀར་བླུད་པས་འཚོ༔ ཡང་གིའུ་ཝཾ་གུར་གུམ་མཚལ་དང་སྐག་བཙོད་རྒྱ་སྣག་ལོ་བརྒྱད་དྲི་ཆུ་སྦྱར་ལ་བླུད༔ ཡང་ན་དོམ་མཁྲིས་ཆང་དང་སྦྱར་ནས་བླུད༔ ཡང་ན་ད་ཏྲིག་མོན་ཆ་རམ་བུ་རྩི་བ༔ ལོ་བཙན༔ རྡོ་དྲེག་ཨ་རུ་བྲག་ཞུན་སྦྱར་ལ་གཏང༔ སྐེ་ཆེན་མཁྲིས་ཁུང་རྣམས་སུ་གཏར༔ ཆུ་དང་འཁྱག་འགྲོ་འདུག་སྤང༔ དྲོ་ཞིང་དལ་བའི་འོག་ཏུ་བཞག༔ དཀར་དམར་གཏང་ལེན་ཐབ་གཞོབ་སྤང༔ འཁྲུ་བ་ཡུན་རིང་མ་ཆད་ན༔ ལྟེ་བའི་འོག་ནས་མེ་ཡིས་བསྲེག༔ ཕྱུགས་ནོར་ཀུན་ལ་མི་འཕྲོ་བར༔ དཔྲལ་བའི་དཀྱིལ་དུ་མེ་ཡིས་བསྲེག༔ མན་ངག་འཆི་བདག་ཞགས་གཅོད་ཡིན༔ ༈ རྒྱུ་གོར་ཞེས་བྱ་ཕྱུགས་ཀྱི་ནད༔ ལྟེ་བ་ནས་ཞུགས་རྒྱུ་མར་བབ༔ ཕོག་མ་ཐག་ཏུ་བཟོད་མི་གཏུབ༔ གཞུང་པ་ས་ལ་འདྲེ་ཞིང་ལྡོག༔ རྒྱུ་མ་གཅུས་ནས་ཁྲག་གིས་ཚིག༔ ནད་དེས་དེ་སྲོག་འཕྲོག་པར་བྱེད༔ གཞན་ལ་མི་གནོད་དེ་སྲོག་འཇིག༔ དེ་ཉིད་བཅོས་ཐབས་ཕོག་མ་ཐག༔ ཡུགས་སའི་ལྷྭམ་སྐྲད་རྨོང་གཞོབ་བདུག༔ མི་ཁྱིས་མ་འགོང་སྤོ་ཐོ་གཉིས༔ ཟླུམ་པོ་བྱས་ལ་ཁྲི་གཅིག་བསྔགས༔ ལྟེ་བའི་ཐད་ནས་དགུ་རེ་བརྒྱབ༔ ཨོཾ་གཤིན་རྗེ་ནག་པོ་ལྷོ་ཤ་ཚལ་པར་རྦད༔ ཅེས་སྔགས་ལྷྭམ་བཀལ་ངང་པའི་ཤ་སྤུ་བདུག༔ མ་ཐུབ་གཞང་ནང་ཤན་མཆུ་བཅུག་ལ་ལན་དགུ་འབུད་པར་བྱ༔ རྒྱུ་གོར་བདེ་སྟེར་འཁོར་ལོ་ཡིན༔ ༈ ཕྱུགས་ཀྱི་གློ་ནད་ཅེས་བྱ་བ༔ ལུ་ཞིང་ལུས་པོ་གྱོང་ཞིང་སྐམ༔ གློ་ལ་ཁྲག་རྒྱས་རྣག་གིས་ཟ༔ ཀུན་ལ་འཕྲོ་བའི་ནད་ཡིན་པས༔ དེ་ཉིད་སྲུང་བའི་ཐབས་བསྟན་པ༔ རྒྱ་མཚལ་རྒྱ་སྣག་དོམ་མཁྲིས་རྣམས༔ ཁོག་ཏུ་བཏང་ལ་ཞག་གསུམ་གོང༔ ཆང་ནི་བྲེ་གང་བླུད་པས་ཐུབ༔ ཟླ་བ་གཅིག་ལ་ཉམ་ང་མེད༔ ནད་པ་གསོ་ན་གངས་ཆུར་སྔགས༔ ཨོཾ་བར་ཤི་བར་ཤི་གོར་ཤན་རྦད་སྭཱ་ཧཱ༔ སྟོང་སྔགས་ཨུག་ཆོས་མེ་ཏོག་དང༔ སྡོང་བུ་རྩ་བ་བསྡུས་པ་བླུད༔ ཤི་བའི་གློ་ཆུ་བླུད་གྱུར་ན༔ ཟླ་བ་དགུ་ལ་ཐུབ་པར་འགྱུར༔ དམར་པོ་བླུད་ན་འཆི་ཡང་སྲིད༔ དཀར་པོ་རྣག་འདྲ་བླུད་མི་རུང༔ སེར་པོ་ཆང་མདོག་འདྲ་ན་བཟང༔ ཕྱར་ཞིང་ལྦུ་བ་ལན་གསུམ་བཅད༔ ཕུལ་རེ་རེ་རེ་དག་ལ་བླུད༔ གློ་སྲུང་བདེ་བ་མྱུར་སྟེར་ཡིན༔ ༈ ཕྱུགས་ནད་ལྟག་རེངས་ཞེས་བྱ་བ༔ གཟའ་ཡི་རིགས་ཡིན་གཅིག་པུ་འཆི༔ ལ་ལ་ཕོག་མ་ཐག་ཏུ་འཆི༔ ལ་ལ་ལུས་པོ་གཅུ་ནས་འགྲོ༔ ཕོག་མ་ཐག་ཏུ་འགྱེལ་བ་ལ༔ ལན་དགུ་འགོམ་ཞིང་སྔགས་འདི་བཏབ༔ ར་ཤ་ནཱ་ག་ལ་སོད༔ དགུ་བཏབ་པས་ཐུབ༔ ལུས་པོ་གཅུས་ནས་འགྲོ་བ་ལ༔ སྔགས་འདི་བཟླས་ལ་སྔགས་ཆུ་བླུད༔ ཨོཾ་གཟའ་ཁ་ཏྲ་ནཱ་ག་རཀྴ་རྒྱུག་ནན༔ སྟོང་ཚོ་གསུམ་སྔགས་མེ་བཙའ་སྙིང་གར་བསྲེག༔ ཕྱུགས་གཟའ་གྱི་ལིང་སྒྲོག་བཀྲོལ་ཡིན༔ ༈ ཕྱུགས་ནད་ཚིགས་གོར་ཞེས་བྱ་བ༔ མཚུལ་ལ་ཕོག་ནས་ལྕེ་ལ་བབས༔ ཡན་ལག་ལ་ཕོག་ནིས་ཁེ་བུད༔ ལྕེར་བབ་ལྕེ་སྐྲངས་ཁ་ལྦུ་འབྱུང༔ ཁ་ལ་འབྲུམ་ཐོར་དམར་ཞིབ་འབྱུང༔ ཁ་རུ་མི་ཚུད་ལྕེ་ཕྱིར་ཐོན༔ ཡན་ལག་ལ་བབ་ཚིགས་ཁ་བྱེ༔ སྤུ་བྱི་གྲོད་པ་འདྲ་བ་ལ༔ ཁྲག་དང་ཆུ་འཛག་རྭ་བཞི་བྱེ༔ དེ་སྲུང་རྒྱ་སྣག་ར་ཁྲག་བསྲེ༔ སྔགས་འདི་ནོར་ཕྱུགས་ཀུན་ལ་བཏགས༔ ཏདྱཐཱ༔ བུདམེདནགམོམེརུཾམཆུཡིདབལགྱིསསོདསོད༔ འཆངབཔོལསྲུངསཤིག༔ ཕྲེང་གཅིག་ཚག་མེད་བྱས་ལ་བཏགས༔ མཇུག་ནས་ཡར་དྲིལ༔ ནད་པ་གསོ་ན་གངས་ཆུ་ལ་སྔགས༔ ནག་མོ་མེ་རུམ་སོད༔ མེ་ལྟར་འབར་བ་སོད༔ དམར་མོ་ལྕེ་དུར་སོད༔ ནག་མོ་རྐང་ལྡག་སོད༔ ཆུ་ལྟར་ཁོལ་བ་སོད༔ རཾ་ཞི་རཾ་སོད༔ སྟོང་ཚོ་གསུམ་སྔགས་ལ་བླུད༔ ཕྱུགས་ལ་ཆུ་དཀར་གཏོར༔ ཚིགས་གོར་མེ་དབལ་ཆུ་བསད་ཡིན༔ ༈ ཕྱུགས་ནད་ཤིག་ཅེས་བྱ་བ་ནི༔ སྲིན་བུ་མགོ་དམར་ལུས་པོ་སྔོ༔ ཀུན་ལ་འགོས་ཏེ་སྲོག་ལ་འདོར༔ དེ་ཉིད་བསྲུང་དང་གསོད་པའི་ཐབས༔ ཤིག་ལྡུམ་སྔོན་མོ་སྲིབ་ལ་སྐྱེ༔ རྐང་གཅིག་ཤིག་དུར་ཞེས་བྱ་བ༔ བྱ་མོ་ཤིག་འགམ་སྔོན་པོ་ཡིན༔ རོ་ཁ་འཁྲུ་གཅོད་རྨ་ལོ་རྐང༔ གྲིབ་སྐམ་བྱས་ལ་ར་ཚིལ་བསྲེས༔ ལུས་ཀུན་ཁྱབ་པར་བྱས་པས་ཐུབ༔ མན་ངག་ཤུན་པ་རྗེ་བྱེད་ཡིན༔ ༈ ཕྱུགས་ནད་རྔོ་ཞེས་བྱ་བ་ནི༔ དམར་སྐྱ་ནག་པོ་གསུམ་འབྱུང་སྟེ༔ དམར་པོ་འབྲུམ་ཕྲན་དམར་པོ་འབྱུང༔ སྐྱ་བོ་འབྲུམ་པ་ཐུག་ཐུག་སྐྱ༔ ནག་པོ་འབྲུམ་ནག་ཤ་ཤུན་གས༔ ཁྲག་དང་ཆུ་སེར་མང་པོ་ཟག༔ ལུས་ཀུན་ཟ་ཕྲུག་བཟོད་མི་གཏུབ༔ གྲང་དུས་ཐོ་རངས་བ་མོ་ཆགས༔ ཉི་ཤར་དུས་ནས་ཆུ་ཕྲུམ་བབ༔ གཞན་དག་བསྲུང་ན་ལུས་ལ་དུ་རྒན་བྱུག༔ ནད་པ་གསོ་ན་སྔགས་སྨན་གཉིས༔ སྔགས་བྱ་རྡོའི་ཁུ་དང་སྔགས་ནས་བྱུག༔ ཨོཾ་རྒྱ་འདྲེ་ནག་པོ་བ་ལུ་མ་སོད༔ ཁྲི་གསུམ་བསྔགས༔ ཡང་ན་རུས་སྣ་ཚོགས་ཚད་བཙོ༔ ཁུ་བས་ལུས་ཀུན་བྱུག་པར་བྱ༔ སྨན་ནི་རྒྱ་བྲག་རྩ་ལ་སྐྱེས༔ རྒྱ་རྩི་དུག་ལོ་ཞེས་ཀྱང་བྱ༔ དུ་རུ་རྡོ་ལྡག་ཅེས་ཀྱང་བྱ༔ ཁྱི་ཚིལ་མཁྲིས་པ་བསྲེ་ལ་བསྐུ༔ རྡོ་དམར་སྐྱ་དང་ནག་པོ་ཐུབ༔ ཟ་ཕྲུག་ཞི་བ་བདེ་སྟེར་ཡིན༔ ༈ ཕྱུགས་ནད་རྔོ་ཞེས་བྱ་བ་ནི༔ རྣ་བ་དག་ལ་གནས་བཅས་སྡོད༔ ཐ་མ་སྙིང་མཆིན་ཁོལ་བུར་གཏང༔ དེ་དག་བསྲུང་བ་ལོ་མར་དང༔ དུད་པ་བསྲེས་ལ་རྣ་བར་བླུག༔ ནད་པ་གསོ་ན་མཚུར་ནག་དང༔ མི་ཡི་སོག་ཐལ་བསྲེ་བྱས་ཏེ༔ ཐར་ནུ་ཁུ་བས་སྦྲུ་ལ་རྣ་བར་གཏང༔ ཕྱུགས་ཕྲུག་འཆི་བའི་ཤོལ་འདེབས་ཡིན༔ ༈ ཀྱེ་མ་ཡེ་ཤེས་མཚོ་རྒྱལ་མ༔ དྲིན་ལན་མེད་ན་ཕན་བཏགས་བྱ་མི་རུང༔ དད་པ་མེད་ན་བྱིན་རླབས་བྱ་མི་རུང༔ དམ་ཚིག་མེད་ན་དབང་བསྐུར་བྱ་མི་རུང༔ བསྐྱེད་རྫོགས་མེད་ན་ཆོས་བཤད་བྱ་མི་རུང༔ བཀའ་ལུང་མེད་ན་སྒྲུབ་པ་བྱ་མི་རུང༔ བོད་འདིར་དྲིན་ཆེན་བྱས་ཀྱང་དྲིན་མི་དྲན༔ བློ་གཏད་མ་བྱས་མགོ་བསྐོར་ཚུད་ཐབས་མེད༔ ཁ་འཇམ་བྲིད་མཁས་ལག་ཏུ་ཤོར་མ་ཐོངས༔ ཀུན་ལ་ཡོད་ན་མཁས་ཀྱང་ཟ་ཐང་ཆུང༔ ཐམས་ཅད་དཔོན་དུ་གྱུར་ན་མངའ་ཐང་སྤྱད་རིས་ཆུང༔ ཀུན་ལ་མ་བསྟན་དམ་ཚིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ལྡན་དུས་ཀྱི་ཐ་མ་ལ༔ མི་རྣམས་གློ་བུར་ཡེ་འདྲོག་ལྡང༔ ཕྱུགས་ཡོད་ཀྱང་བྱར་མི་གཏུབ༔ དམག་ཇག་མཚོན་དང་མུ་གེ་ལྡང༔ དེ་དུས་འགྲོ་ལ་ཕན་ཆེར་འགྱུར༔ གསུང་རྒྱ་རིན་ཆེན་གཏེར་དུ་སྦོས༔ ཞེས་གསུངས་སོ༔ ཡེ་ཤེས་མཚོ་རྒྱལ་གྱིས་མ་དག་པ་ཚིག་གཅིག་ཀྱང་མེད་པར་དཀར་ཆག་བཏབ་ནས་གཏེར་དུ་སྦས་སོ༔ ྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེས་གཏེར་ནས་གདན་དྲངས་དག་པར་ཤོག་སེར་ལས་དགོངས་བཤུས་བྱས་པ་ཡིན།།

ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ རྒྱུན་གྱི་ཆོ་ག་ནར་མའི་དུས་རྩ་བ་གསུམ་གྱི་སྐོང་གསོལ་ (Volume 33, Text 19)

ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ རྒྱུན་གྱི་ཆོ་ག་ནར་མའི་དུས་རྩ་བ་གསུམ་གྱི་སྐོང་གསོལ་བཞུགས་སོ༔ ྈྈྈྈྈྈྈྈ བཛྲ་ཝཱ་ར་ཧཱི་ན་མོ༔ རྒྱུན་གྱི་ཆོ་ག་ནར་མ་ལ༔ རྩ་གསུམ་ཀུན་འདུས་སྐོང་བ་བསྟན༔ འབད་པར་གྱིས་ཤིག་རྗེས་འཇུག་ཀུན༔ ཧཱུྃ༔ རབ་འབྱམས་དག་པའི་ཞིང་མཆོག་ནས༔ མཆོག་དང་རྩ་གསུམ་ཞི་ཁྲོ་གཤེགས༔ འདིར་བཞུགས་ཕྱག་འཚལ་མཆོད་ཚོགས་འབུལ༔ སྐོང་མཆོད་སྒྲུབ་རྟེན་རྫས་ཀྱིས་བསྐང༔ རྒྱལ་བ་སྲས་དང་བཅས་པ་ཀུན༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ བླ་མ་ཡི་དམ་མཁའ་འགྲོའི་རིགས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ བསྐང་ངོ་བསྐལ་པར༴ སྤྲུལ་སྐུ་མཁའ་འགྲོ་སེང་གདོང་མཆོག༔ བསྐང་ངོ་བསྐལ་པར༴ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ བསྐང་ངོ་བསྐལ་པར༴ མ་གཅིག་ཡེ་ཤེས་མཚོ་རྒྱལ་མ༔ བསྐང་ངོ༴ བརྒྱུད་པ་དགུ་ལྡན་བླ་མ་རྣམས༔ བསྐང་ངོ༴ ཟབ་གཏེར་འཁྲུལ་མེད་སྟོན་མཛད་རྣམས༔ བསྐང་ངོ༴ ཐེག་པ་རིམ་དགུར་གཏོགས་པའི་ལྷ༔ བསྐང་ངོ༴ རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ༔ བསྐང་ངོ༴ ཕྱི་ནང་གསང་བ་ཡང་གསང་ལྷ༔ བསྐང་ངོ༴ གཞན་ཡང་ཡི་དམ་ཡབ་ཡུམ་རིགས༔ བསྐང་ངོ༴ ཆོས་སྐྱོང་ཕོ་རྒྱུད་མོོ་རྒྱུད་རིགས༔ བསྐང་ངོ༴ ནོར་ལྷ་ཕོ་རྒྱུད་མོ་རྒྱུད་རིགས༔ བསྐང་ངོ༴ དྲེགས་པ་ཕོ་རྒྱུད་མོ་རྒྱུད་རིགས༔ བསྐང་ངོ༴ སྣང་ཞིང་སྲིད་པའི་མགྲོན་རིགས་ཀུན༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ དེ་ལྟར་བསྐངས་ནས་ཉེས་ཀུན་བཤགས༔ དངོས་གྲུབ་རྣམ་པ་གཉིས་སྩོལ་མཛོད༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ དེ་ལྟར་རྩ་གསུམ་ཀུན་འདུས་ཀྱི༔ སྐོང་བ་བྱིན་རླབས་སྤྲིན་ཕུང་འདི༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བན་ཆུང་ལ་ལི་ཏ་བཛྲ་མཐའ་ཡས་རྩལ་ཆེན་པོས་གཏེར་ནས་གདན་དྲངས་པའི་གནས་རྡོ་རྗེ་ཅོང་ཕུག །རྟགས་ནི་ཀུན་གྱིས་མཐོང་བར་འཇའ་འོད་ཁ་དོག་ལྔ་དང་མེ་ཏོག་ཆར་སོགས་རྫུན་ཟོབ་མེད་ངེས་པ་བྱུང་ངོ་། །བན་ཆུང་ཟེར་བ་དང་ཆེན་པོས་ཟེར་བའི་ཚིག་དོན་བདག་རིགས་རུས་དངོས་ཆུང་ཆུང་ལ་མིང་ཆེན་པོས་ཟེར་བའི་བརྡའོ། །ཞེས་པའང་རང་ཉིད་ཀྱིས་བྲིས། འདི་ཆུག་ཆུག་ལགས།། །།

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་འཆི་བདག་བདུད་འཇོམས་ (Volume 20, Text 19)

༄༅། །འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་དབང་ཆོག་འཆི་བདག་བདུད་འཇོམས་བཞུགས་སོ། ། སྣང་བ་མཐའ་ཡས་ཆོས་ཀྱི་སྐུ །ཚེ་དཔག་མེད་མགོན་སྒྱུ་དྲའི་གར། །རྣམ་རོལ་ཚེ་དཔག་རིག་པ་འཛིན། །སྐུ་གསུམ་བླ་མ་དེ་ལ་འདུད། །དེ་ཡང་མན་ངག་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་གཞན་དོན་དུ་ཚེ་ཡི་དབང་བསྐུར་ཚུལ་ལ། སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། གཙང་ཞིང་ཡིད་དང་མཐུན་པའི་གནས་སུ་འདིའི་དཀྱིལ་འཁོར་སྒོ་རྫོགས་སམ་པད་འདབ་རས་བྲིས། ཚོམ་བུ་གང་རུང་གི་སྟེང་དུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་ཚད་ལྡན་རྫས་ཉེར་ལྔས་སྦགས་པའི་ཆུས་གང་བ་མགུལ་ཆིངས་ཁ་རྒྱན་སོགས་ཆས་སུ་བཅུག་པ་བཞག །དེའི་མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། གཞན་ཡང་གཏེར་སྲུང་། གཞི་བགེགས་ཀྱི་གཏོར་མ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚང་བར་བཤམས་ནས། སློབ་དཔོན་གྱི་ཆོ་ག་རྣམས་ཕྲིན་ལས་འཆི་མེད་འདོད་འཇོ་ལྟར་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས། སློབ་དཔོན་ལ་ཕྱག་བྱས་གྲལ་ལ་འཁོད། བགེགས་གཏོར་བཏང་ནས་མཚམས་བཅད། མཎྜལ་ཕུལ་ལ་གསོལ་བ་བཏབ་པ་ནི། ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ བདེ་གཤེགས་རིགས་འདུས་འཆི་མེད་ལྷའི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་མདུན་གྱི་ནམ་མཁར་མགོན་པོ་ཚེ་དཔག་མེད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། ཨོཾ་ཨཱཿཧཱུྃ༔ འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ ཞེས་སོགས་ལན་གསུམ་གྱིས་སྐྱབས་སུ་འགྲོ །སེམས་བསྐྱེད་ནི་ལྷག་པའི་བསམ་པས། ཧྲཱི༔ བདག་གཞན་འཆི་མེད་ཐོབ་བྱའི་ཕྱིར༔ སོགས་བརྗོད། དེ་ནས་བྱིན་དབབ་པ་ནི། སློབ་མ་རྣམས་སྟོང་པའི་ངང་ལས་པཾ་ལས་པདྨ་ཞེས་པ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་པའི་བར་སྒོམ་དུ་བཅུག་ལ་གནས་གསུམ་བྱིན་གྱིས་རློབ། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་ཐམས་ཅད་ནས་མགོན་པོ་ཚེ་དཔག་མེད་ལ་རྩ་གསུམ་ལྷ་ཚོགས་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་བྱུང་ནས་སོ་སོའི་ལུས་ལ་ཐིམ་པར་བསམ་སྟེ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ ངོ་བོ་ཆོས་སྐུའི་ཞིང་ཁམས་ནས། །ཞེས་སོགས་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། ཕེབས་རྟགས་བྱུང་ན། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། དེ་ནས་ཚེ་འགུགས་པ་ནི། སློབ་དཔོན་གྱི་སྙིང་ཁ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་དང་། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི་རྩི་བཅུད་དང་སྐྱེ་འགྲོའི་ཚེ་དཔལ་ནུས་སྟོབས་ཀྱི་དྭངས་མ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལྟར་བསྡུས་སློབ་མའི་སྙིང་གར་བསྟིམ་ལ། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཅེས་སོགས་དཀྱུས་བཞིན་གྱེར། ལུས་ཚེའི་དྭངས་མའི་འོད་ཀྱིས་གང་བའི་སྲོག་གི་སྒོར་རྟ་མགྲིན་དམར་པོ་བེ་ཅོན་དང་ཞགས་པ་འཛིན་པས་ཚེའི་བར་ཆད་བསྲུང་བར་མོས་ལ། ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བརྗོད་པས་བསྲུང་། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་བསམ་ལ། བུམ་པ་སྤྱི་བོར་བཞག་ནས། ཧྲཱིཿ ཕྱི་ནང་སྣོད་བཅུད་ཡོངས་རྫོགས་བུམ་པ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཡེ་ཤེས་ཆེ། །དེང་ཁྱོད་མི་ཤིགས་རྡོ་རྗེ་གསུམ་པོ་དང་། །གཉིས་མེད་བདེ་བ་ཆེན་པོར་དབང་བསྐུར་རོ། །གཟུངས་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བུམ་ཆུ་འཐུང་དུ་གཞུག །དེ་ལྟར་དབང་བསྐུར་པས་འཆི་བ་མེད་པའི་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་ནས་རྡོ་རྗེ་ཚེ་ཡི་དབང་ཐོབ་པར་བསམ་ལ། ཚེ་འབྲང་གནས་གསུམ་དུ་བཞག་སྟེ། ཧྲཱི༔ རིགས་འདུས་བདེ་གཤེགས་འཆི་མེད་ལྷ་ཚོགས་རྣམས༔ དབྱིངས་ནས་བརྩེར་དགོངས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་བྱིན་རླབས་ཚེ་ཡི་དབང་བསྐུར་བས༔ མི་གཡོ་རྡོ་རྗེ་གསུམ་དང་ལྡན་པར་ཤོག༔ གཟུངས་སྔགས་མཐར། གུ་རུ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་དཀྱིལ་འཁོར་དུ༔ སྣང་བ་མཐའ་ཡས་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་རང་ཤར་རོལ་པའི་དཀྱིལ་འཁོར་དུ༔ ཚེ་དཔག་མེད་མགོན་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ པདྨ་འདབ་སྟོང་རྒྱས་པའི་དཀྱིལ་འཁོར་དུ༔ ཨོ་རྒྱན་པདྨ་འཆི་མེད་ཚེ་ཡི་བདག༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ། བདེ་ཆེན་འོད་གསལ་མཆོག་གི་དཀྱིལ་འཁོར་དུ། །བཻ་རོ་ཙ་ན་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ། ཟབ་ལམ་སྨིན་གྲོལ་ཆོས་ཀྱི་དཀྱིལ་འཁོར་དུ། །གཏེར་བདག་གླིང་པ་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ། ལས་རླུང་དྷཱུ་ཏིར་དག་པའི་དཀྱིལ་འཁོར་དུ། །རྩ་བའི་བླ་མ་འཆི་མེད་ཚེ་ཡི་བདག །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གཏེར་གཞུང་གི་གསོལ་འདེབས་ཚེ་ཛཔ྄་དང་བཅས་པ་བྱའོ། །གཡས་སུ་ཚེའི་རིལ་བུ་གཏད་ལ། ཧྲཱི༔ རྡོ་རྗེའི་བཅུད་ལྡན་འཆི་མེད་ཐབས་ཀྱི་རྫས༔ འདོད་ཡོན་མི་ཟད་འོད་ཟེར་སྣ་ལྔ་འཁྲུགས༔ རེག་མྱང་རྡོ་རྗེའི་སྐུ་འགྲུབ་རྫས་མཆོག་འདི༔ མྱང་བས་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ གཟུངས་སྔགས་གོང་བཞིན། ལག་གཡོན་དུ་ཚེ་ཆང་གཏད་ལ། ཧྲཱི༔ འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏ༔ རྩ་བརྒྱད་ལོ་འདབ་སྟོང་ལས་སྦྱར་བའི་སྨན༔ འཐུངས་པས་འཚོ་བའི་ཡིད་བཞིན་རྫས་མཆོག་འདི༔ མྱང་བས་ཨཱ་ཡུཿཚེ་ཡི་དབང་ཐོབ་ཤོག༔ གཟུངས་སྔགས་སོགས་གོང་བཞིན། དེ་ལྟར་ཚེ་ཡི་དབང་བསྐུར་པས་ཚེ་ཉམས་པ་བརྐུས་པ་ཡར་བ་གས་པ་འཁྱོགས་པ་ཞིག་པ་རལ་པ་འཐོར་བ་ཆག་པ་རྣམས་དང་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ཚེ་ཐུང་བའི་མཚན་མ་ཡོད་པ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ལ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། ཧྲཱི༔ འཆི་མེད་སྲོག་བརྟན་ཡེ་ཤེས་ལྔ་དང་ལྡན༔ བདེ་གཤེགས་རྒྱལ་བས་བྱིན་བརླབས་ནུས་ལྡན་འདིས༔ རེག་པས་མི་མཐུན་མ་ལུས་ཞི་བ་དང༔ འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །མི་ཤིགས་གཡུང་དྲུང་ལྟ་བུར་བརྟན་གྱུར་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་གྱུར་ཅིག༔ གཟུངས་སྔགས་མཐར་བཛྲ་རཀྵ་ཏིཥྛས་རྒྱས་བཏབ་ལ་བཀྲ་ཤིས་པའི་མེ་ཏོག་གི་ཆར་དབབ་བོ། །དེ་ལྟར་དབང་ཐོབ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། བྱེ་བྲག་ལུས་ཀྱི་སྒོ་ནས་གཞན་གྱི་སྲོག་མི་གཅོད། ངག་གིས་ཆོད་ཅིག་པར་མི་བསྒོ །ཡིད་ཀྱིས་གཅོད་སེམས་དང་ཡི་རང་བར་མི་བྱེད་པར་འདི་ཡི་ཉམས་ལེན་ལ་བརྩོན་པར་བྱས་ན་གནས་སྐབས་ཚེ་ཡི་བར་ཆད་ཞི་ཞིང་འདོད་པའི་དོན་འགྲུབ། མཐར་ཐུག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ཐོབ་པར་ངེས་པས་གོང་གི་དམ་ཚིག་རྣམས་བསྲུང་སྡོམ་གྱི་བསམ་པས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་དང་། མཎྜལ་ཕུལ། གསུམ་པ་ནི། ལྷ་ཚོགས་རྣམས་མཆོད་ཅིང་བསྟོད། ནོངས་པ་བཤགས། དགེ་བ་བསྔོ་བ། ཤིས་པ་བརྗོད་པ། ལས་རྗེས་བསྡུ་བ་རྣམས་ལས་བྱང་བཞིན་བྱའོ། །ཞེས་པ་འདི་ནི་ས་སྤྲེལ་ཟླ་བ་གསུམ་པའི་ཚེས་ཉེར་ལྔའི་ནུབ་ཨོ་རྒྱན་པདྨའི་སྐུ་ཡི་སྣང་བས་གཏེར་གཞུང་གི་དབང་བྱང་ལས་འདི་ལྟར་སྤྲོས་པའི་ཆོ་གས་རྗེས་སུ་བཟུང་བའི་འཁྲུལ་སྣང་ཉིད་རྒྱུ་མཚན་དུ་བྱས་ནས་རང་བཟོས་མ་བསླད་པར། ཕྱིས་བྱི་བའི་ལོ་ལ་ཡི་གེར་བཏབ་པ་འདི་ལ་ནོངས་པ་མཆིས་ན་ཆོས་བདག་མཁའ་འགྲོས་བཟོད་པར་མཛོད་ཅིག །དགེའོ།། །།

སྙན་བརྒྱུད་བདུད་རྩིའི་མཆོག་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་བདེ་མཆོག་བདུད་རྩིའི་ཡང་ཞུན་ (Volume 30, Text 19)

༄༅། །སྙན་བརྒྱུད་བདུད་རྩིའི་མཆོག་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་བདེ་མཆོག་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཡ། འཁྲུལ་རྟོག་བདུད་ཚོགས་ཆོས་དང་དོན་གྱི་རྩིས། །དབྱིངས་སུ་བཅོམ་ཞིང་ཐ་མལ་སྣང་ཞེན་བདུད། །རྟགས་དང་དམ་ཚིག་རྩི་ཡིས་རྒྱས་འདེབས་པ༑ །ཆེ་བའི་ཆེ་མཆོག་བླ་མེད་བླ་མར་འདུད། །རྟགས་ཀྱི་བདུད་རྩིའི་ཕྲིན་ལས་དང་། །མན་ངག་སྣོད་རུང་བྱ་བ་ཡི། །རིམ་པ་གཞན་ལ་ཕན་པའི་བཙས། །ནང་མཐུན་རྡོ་རྗེའི་གསུང་ཉིད་བསྡེབ། །སྙན་བརྒྱུད་བདུད་རྩིའི་མཆོག་ཏིག་ལ་ཉེ་བར་མཁོ་བའི་ཡན་ལག་ཕྲིན་ལས་ཀྱི་བྱང་བུ་དང་། དབང་བསྐུར་བའི་ལས་རིམ་དགོད་པ་ལ་དང་པོ་ཕྲིན་ལས་ཀྱི་རིམ་པ་ལ་གཤོམ་ནི། བསྙེན་སྒྲུབ་དབང་བསྐུར་རྣམས་ཀྱི་སྐབས་སུ་སོ་སོ་ལ་དགོས་པའི་དཀྱིལ་འཁོར་དང་ཡོ་བྱད་ཚང་བར་བཀོད། བསྙེན་རྐྱང་དང་ཚོགས་མཆོད་ལྟ་བུའི་ཕྲིན་ལས་དཀྱུས་ཙམ་ལ་རྟེན་ཇི་ལྟར་རིགས་པའི་སྤྱན་སྔར་སྟེགས་བུའི་སྟེང་སྨན་གཏོར་རཀྟ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། བགེགས་གཏོར། ཚོགས་ཀྱི་ཡོ་བྱད་དང་གཏོར་འབུལ་སོགས་ཚོགས་པར་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་བདུན་གྱི་ཐོག་མར་ཚིག་བདུན་སོགས་གསོལ་འདེབས་ཀྱིས་ཐོག་དྲངས་ཏེ་སྐྱབས་སུ་འགྲོ་བ་ནི། བླ་མ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་བསམ། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་ལ་ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནས་ཁཾ་གྲིཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལྔ་པ་བཀའ་བསྒོ་ཞིང་མཚམས་གཅད་པ་ནི། ཧཱུྃ་ཧཱུྃ༔ གློ་བུར་ལྟར་སྣང་འཁྲུལ་པའི་བགེགས༔ རང་གྲོལ་གཉུག་མའི་ཀློང་དུ་དེངས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྲུང་འཁོར་ཆེན་པོར་གྲུབ༔ བཛྲ་རཀྵ་ཏིཥྛནྟུ༔ དྲུག་པ་བྱིན་འབེབ་པ་ནི། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ བདུན་པ་མཆོད་རྫས་བྱིན་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨ་ཧཱུྃ༔ གཉིས་པ་དངོས་གཞིའི་ལས་རིམ་ལའང་བདུན་ལས་དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨ༔ སྣང་སྲིད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་ཉིད༔ འགག་མེད་རྟགས་ཀྱི་བདུད་རྩི་ནི༔ ཀུན་སྣང་བྱང་ཆུབ་སེམས་སུ་ཤར༔ དེ་ལས་རྒྱུ་ཡི་ཡི་གེ་ཨ༔ བདུད་རྩིའི་ཐིག་ལེ་དཀྱིལ་དུ་འཁྱིལ༔ ཨ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་ཐམས་ཅད་སྟོང༔ སྟོང་གསལ་འདུས་མ་བྱས་པའི་ངང༔ སྣོད་ནི་རིགས་ཡུམ་ལྔ་ཡི་དབྱིངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་རོལ་པའི་བཀོད་པ་རྫོགས༔ དེ་དབུས་པད་ཟླ་ཉི་མ་དང༔ དྲེགས་པ་ཁྱོ་ཤུག་བསྣོལ་བའི་སྟེང༔ རང་རིག་བཛྲ་ཧེ་རུ་ཀ༔ སྲིད་ཞིའི་སྤྱི་དཔལ་ཆེ་བའི་མཆོག༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་བརྒྱད་བཅུ་དྲུག་ཕྱག་དང་ལྡན༔ གཡས་བརྒྱད་རྟོག་ཚོགས་ཐམས་ཅད་ཀུན༔ ཆོས་དང་དོན་གྱི་བདུད་རྩིའི་དབྱིངས༔ འཇོམས་བྱེད་རྡོ་རྗེ་རྩེ་དགུ་སྟེ༔ གཡོན་པ་རྟགས་དང་དམ་ཚིག་གི༔ རྫས་ཀྱི་བདུད་རྩིས་ཐ་མལ་གྱི༔ སྣང་ཞེན་སྦྱངས་པའི་བདུད་རྩིའི་བཅུད༔ མཚན་ལྡན་བྷནྡྷའི་སྣོད་དུ་གཏམས༔ དབྱིངས་ཡུམ་ཀྲོ་དྷཱི་ཤ་རཱི་མ༔ ཁ་ཊྭཱཾ་ཐོད་པ་བསྣམས་པས་འཁྲིལ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ ཡོན་ཏན་ཡོངས་རྫོགས་རྒྱན་དུ་གསོལ༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ མཁའ་གསང་ལས་སྤྲོས་བྱང་ཆུབ་སེམས༔ ཐིག་ལེ་ཧཱུྃ་གི་སྒྲར་བཅས་པས༔ ཡེ་ཤེས་བརྒྱད་ཀྱི་དཔལ་ཆེན་པོ༔ རིགས་ཀྱི་ཁ་དོག་རྣམ་པར་གསལ༔ ཀུན་ཀྱང་རྡོ་རྗེ་དུང་ཁྲག་བསྣམས༔ རང་འོད་ཡུམ་འཁྱུད་གཟི་བྱིན་འབར། ཀེ་སེང་སྒོ་མ་དབང་ཕྱུག་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་འགགས་རང་སྣང་རོལ་པར་གསལ༔ གཉིས་པ་དབང་བསྐུར་ཅིང་རྒྱས་གདབ་པ་ནི། ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ པདྨར་རྡོ་རྗེ་ལྡན་བྱས་པའི༔ སྙོམས་པར་ཞུགས་པའི་བདེ་བ་ཆེས༔ གསང་གསུམ་རྡོ་རྗེའི་སྲོག་ཏུ་གྲུབ༔ ཡེ་ཤེས་དབང་བསྐུར་ཡོངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་སོགས་ནི། སྙོམས་འཇུག་རང་སྒྲ་གསང་བའི་སྔགས༔ ཨ་ཧཾ་རྡོ་རྗེའི་གླུ་ཆེན་པོས༔ རང་བཞིན་མཉམ་པ་ཆེན་པོ་ན༔ རོལ་པའི་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགས༔ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ བཞི་པ་མཆོད་པ་ནི། ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོད༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ལྔ་པ་བསྟོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ དྲུག་པ་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་ནི། ཐུགས་ཀའི་མི་ཤིགས་ཐིག་ལེ་ལ༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ འོད་ཟེར་འཇའ་ཚོན་ལྟ་བུའི་སྤྲིན༔ སྣོད་བཅུད་རྒྱུད་རྣམས་ཀུན་ལ་ཁྱབ༔ གཞལ་མེད་ཁང་དང་དཔལ་ཆེན་ལྷ༔ ཡེ་ཤེས་སྲོག་དང་ལྡན་པར་བལྟ༔ གསལ་སྣང་ཆུ་ཟླ་ལྟ་བུ་ལ༔ ཡིད་མིག་རླུང་གསུམ་མི་གཡོ་གཏད༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དངོས་ཡིན་སྙམ་དུ་ང་རྒྱལ་བརྟན༔ ཆོས་སྐུ་མཉམ་པ་ཆེན་པོའི་གདངས༔ གཟུགས་ཀྱི་རྣམ་པར་ཤར་བ་སྟེ༔ ཞལ་བརྒྱད་ཡེ་ཤེས་ཆེན་པོ་བརྒྱད༔ ཕྱག་ནི་བཅུ་དྲུག་དགའ་བ་ཉིད༔ སྟོང་ཉིད་བརྒྱད་་་་རྒྱུ་འབྲས་ཀྱི་དགའ་བ་བརྒྱད་ཡུལ་སྟོང་པ་བརྒྱད།ནི་རྡོ་རྗེ་སྟེ༔ བདེ་བ་བརྒྱད་ནི་བདུད་རྩིའི་ཐོད༔ ཟུང་འཇུག་ཤེས་རབ་མ་དང་འཁྲིལ༔ དབུ་རེར་ཡེ་ཤེས་རེ་རེ་ལ༔ རྣམ་ཐར་གསུམ་གྱི་སྤྱན་དང་ལྡན༔ དབུ་སྐྲ་གྱེན་བརྫེས་ཡེ་ཤེས་འབར༔ ཞབས་བཞི་རྫུ་འཕྲུལ་རྐང་པའི་སྟབས༔ སྲིད་ཞིའི་སྤྱི་དཔལ་ཆེར་རྔམས་ཁྲིར༔ པདྨ་ཉི་ཟླ་དྲེགས་པའི་སྟེང༔ འོད་གསལ་རྟོག་པའི་མེ་ཕུང་དབུས༔ ཐེག་དགུའི་གར་གྱི་རོལ་པས་འགྱིངས༔ དེ་ལྟར་དག་པ་དྲན་པར་བྱ༔ ཞེས་པ་རྣམས་ངག་ཏུ་བརྗོད་མིན་ཇི་ལྟར་ཡང་རེ་རེ་བཞིན་བསྒོམ་དོན་དྲན་པར་བྱ། བདུན་པ་བསྐྱེད་རིམ་གྱི་ཡན་ལག་བཟླས་པའི་རྣལ་འབྱོར་ལ་ཞི་བར་བསྙེན་པ་ནི། ཁྲག་འཐུང་ཆེན་པོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང༔ མཐིང་གསལ་བཟང་མོ་ཡུམ་དང་སྦྱོར༔ ཡབ་ཀྱི་ཐུགས་ཀར་ཉི་གདན་ལ༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ ཞེས་པས་གསལ་གདབ། རླུང་འཇུག་གནས་དབྱུང་གསུམ་དང་སྦྱར་བ་ནི། ཨོཾ་ཨཱཿཧཱུྃ་གི་བཟླས་པ་བྱ༔ ཁྲོ་བོའི་ཉེ་བསྙེན་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ ནམ་མཁའ་གང་བའི་སྐུ་དང་སྔགས༔ འོད་ཟེར་འཁོར་འདས་ཀུན་དུ་ཁྱབ༔ དུས་གསུམ་རྒྱལ་བའི་ཐུགས་དམ་བསྐང༔ མ་མོ་མཁའ་འགྲོ་ལས་ལ་བསྐུལ༔ ཆོས་སྐྱོང་དྲེགས་པ་དམ་ལ་གཟིར༔ སྡེ་བརྒྱད་འབྱུང་པོ་སྤ་བཀོང་ཞིང༔ འགྲོ་ཀུན་དཔལ་ཆེན་གོ་འཕང་བཀོད༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ ཡེ་ཤེས་ལྔ་ལྡན་བདུད་རྩིར་བཀུག༔ མི་ཤིགས་ས་བོན་ཧཱུྃ་ལ་ཐིམ༔ བྱིན་རླབས་ནུས་སྟོབས་གཟི་མདངས་བསྐྱེད༔ སྣོད་བཅུད་རྒྱུད་རྣམས་ཡོངས་དག་པ༔ ཆོས་ཀྱི་བདུད་རྩི་མངོན་གྱུར་ནས༔ དོན་གྱི་ཡེ་ཤེས་རང་ཤར་གྱུར༔ ཅེས་དམིགས་ལ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཞེས་སྔགས་ཀྱི་སྐྱོན་བཅུ་སྤངས་ལ་བཟླ། ཡོངས་རྫོགས་སྒྲུབ་སྔགས་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལས་སྦྱོར་སྒྲུབ་ཆེན་ནི། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་ལ་སྟོང་ཚིགས་སྤྱི་ལྟར་འབུལ། གྲངས་བསྙེན་དཀྱུས་ཙམ་ལ་འབྲུ་གསུམ་ཁྲི་ཕྲག །ཉེ་བསྙེན་འབུམ་ཕྲག་བཞི། སྒྲུབ་སྔགས་དང་ལས་སྦྱོར་འབུམ་ཕྲག་རེ་རེ་བཟླ་བར་གསུངས་སོ། །འདིའི་ཚེ་སྒྲུབ་སྦྱོར་ན་ཚེ་འབྲང་སོགས་རྟེན་བཀོད་ལ། བདག་ཉིད་བདུད་རྩིའི་ཧེ་རུ་ཀ༔ ཡབ་ཡུམ་སྦྱོར་བའི་མཁའ་གསང་ནས༔ བདེ་ཆེན་སྔགས་ཀྱི་རོལ་མོ་ཡིས༔ འཁོར་འདས་དྭངས་བཅུད་དབང་མེད་བསྡུས༔ སྒྲུབ་པའི་རྫས་ལ་ཐིམ་པ་ཡིས༔ བྱིན་བརླབས་གཟི་བྱིན་འབར་བར་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ། བདེ་སྟོང་རོལ་པས་བྱིན་བརླབས་མཐུས༔ རང་བཞིན་ཡོངས་གྲུབ་བདུད་རྩིའི་བཅུད༔ མཚོན་བྱེད་རྟགས་ཀྱི་འཆི་མེད་ལྷ༔ ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུ༔ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་དང་ནི་ཐོད་པ་བསྣམས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ དུར་ཁྲོད་ཆས་ལྡན་ཡུམ་དང་སྦྱོར༔ ལས་ཀྱི་ཕོ་ཉའི་སྤྲིན་ཕུང་འཕྲོ༔ པད་ཉི་དྲེགས་པ་ཕོ་མོའི་སྟེང༔ སྲིད་ཞི་ཀུན་གྱི་སྲོག་ཏུ་བཞེངས༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རྫོགས༔ བདེ་སྟོང་རོལ་པའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྤྱན་དྲངས་གྱུར༔ ཞེས་ལྷར་གསལ། སྤྲོ་ན་སྤྱན་འདྲེན་ནས་མཆོད་བསྟོད་བར་ལས་བྱང་ལྟར་བྱ༑ བསྡུ་ན་མི་དགོས། བདག་མདུན་ལྷར་གསལ་ཐུགས་ཀ་རུ༔ སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ དེ་ཡི་ཁོག་པར་ནྲྀ་དང་ཨ༔ ཐ་མར་ཚེ་ཡི་སྔགས་ཀྱིས་བསྐོར༔ སྙོམས་ཞུགས་བདེ་བའི་རྦ་རླབས་ཀྱིས༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ བླ་ཚེ་ཆད་ཉམས་ཡར་པ་དང༔ སྲིད་ཞིའི་དྭངས་བཅུད་དབང་མེད་བསྡུས༔ ཚེ་རྟེན་ལ་ཐིམ་གཟི་བྱིན་འབར༔ མི་འགྱུར་རྟག་པའི་མཆོག་བརྙེས་བསམ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་མྲྀཏ་ཀུཎྜ་ལཱི་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བཟླས་པ་ཅི་ནུས་བྱ་ཞིང་སྐབས་སུ་ཧཱུྃ་གི་གླུ་དབྱངས་ལེན། མདའ་དར་གཡབ་ལ། ཧཱུྃ༔ ཐུགས་དམ་ཆེན་པོའི་དཀྱིལ་འཁོར་ལྷ༔ ཧེ་རུ་ཀ་དཔལ་འཁོར་ཚོགས་བཅས༔ བསྙེན་ཅིང་བཟླས་པས་རྒྱུད་བསྐུལ་ན༔ ལས་ལ་མ་གཡེལ་ཕྲིན་ལས་མཛོད༔ ཕྱི་ནང་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ སྤྲུལ་པ་ཡང་སྤྲུལ་གློག་ལྟར་འཁྱུགས༔ ཡུམ་ལྔའི་རང་བཞིན་སྣོད་ཀྱི་དཔལ༔ རིགས་ལྔའི་ངོ་བོ་བཅུད་ཀྱི་སྲོག༔ ཡེ་ཤེས་ལྔ་ལྡན་དག་པའི་རྒྱུད༔ ཐམས་ཅད་ཐིག་ལེ་གཅིག་ཏུ་སྡུས༔ སྣང་སྲིད་གདོད་ནས་རྣམ་དག་པ༔ འཆི་མེད་བདུད་རྩིའི་བྱིན་ཆེན་ཕོབ༔ འཕོ་བ་མེད་པའི་རྡོ་རྗེའི་ཚེ༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ སྐྱེ་བ་མེད་པ་འོད་གསལ་དབྱིངས༔ མི་ཤིགས་རྟག་པའི་དངོས་གྲུབ་སྩོལ༔ ཅེས་ཕོ་ཉ་བསྐུལ། འཁོར་འདས་ཚེ་ཡི་དྭངས་བཅུད་ཀུན༔ བདུད་རྩིའི་རྒྱུན་དང་དབྱེར་མེད་དྲངས༔ སྣ་ཚོགས་རྡོ་རྗེའི་རྭ་ནས་བརྒྱུད༔ ལྟེ་བའི་ཚེ་རྟེན་རྒྱུད་གསུམ་ལ༔ ཐིམ་པས་བྱིན་རླབས་གཟི་འོད་འབར༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་གོ་ཆ་བརྟན་པར་གྱུར༔ ཅེས་ཚེ་འགྱུར་མེད་དུ་བཅིང་ངོ། །གྲོལ་ཁ་དངོས་གྲུབ་བླང་བ་ནི་དབང་ཆོག་ལྟར་བྱས་པས་རྩ་གཞུང་ནས་གསུངས་པའི་ལུང་བདུན་ཚང་ངོ་། །འདིར་སྲུང་མའི་གཏོར་ཆོག་གཏང་། ཐུན་མཚམས་ཚོགས་མཆོད་འབུལ་བ་ནི། བཟའ་བཅའ་བཏུང་བ་དམ་ཚིག་གི་རྫས་རྣམས་ཚོགས་པར་བྱས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་རྟེན་དྲང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ སྲིད་ཞིའི་སྤྱི་དཔལ་ཆེ་བའི་མཆོག༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཤྲཱི་ཧེ་རུ་ཀ་བཛྲ་ས་མཱ་ཛ༔ ཚོགས་དང་པོ་མཆོད་བཤགས་བསྒྲལ་སྟབས་ཀྱིས་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་པའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོ༔ འདིར་སྤྲོ་ན་སྐོང་བཤགས་སྤྱི་འགྲོ་སྦྱར། བར་པ་ནང་གི་སྲེག་བླུགས་སུ་རོལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཐ་མ་ལྷག་མ་བྱིན་རླབས་སྤྱི་ལྟར་བྱས་ལ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཕྱི་རོལ་དུ་བཏང་ནས་སྨོན་ལམ་གདབ། དེའི་རྗེས་འབྲེལ་ཆད་མདོ་བྱ་བ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཆེ་མཆོག་གིས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡིས༔ དམ་ཚིག་གཉེར་དུ་གཏད་པ་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ བརྟན་མ་སྐྱོང་བ་ནི། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་མནན་བྱ་བ་ནི། གཏོར་སྣོད་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ གསུམ་པ་རྗེས་ཀྱི་ལས་རིམ་བདུན་ལས་དང་པོ་གཏང་རག་མཆོད་བསྟོད་གོང་ལྟར་བྱ། གཉིས་པ་དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་འགྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ ཞེས་སྒྲུབ་རྟེན་ཡོད་ན་གནས་གསུམ་དུ་གཏུགས་པ་དང་བདུད་རྩི་མྱང་། གསུམ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་སོགས་དང་ཡིག་བརྒྱ་ལན་གསུམ་བརྗོད། བཞི་པ་དབང་དང་སྒྲུབ་ཆེན་སོགས་མདུན་བསྐྱེད་ཡོད་པའམ། མེད་ཀྱང་ཚོགས་མགྲོན་རྣམས་རས་བྲིས་དཀྱིལ་འཁོར་གྱིས་མཚོན་པའི་རྟེན་ལ་དམིགས་ཏེ། ཨོཾ༔ འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། ལྔ་པ་བདག་བསྐྱེད་བསྡུ་བ་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། དྲུག་པ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྡོ་རྗེ་སེམས༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཅེས་དང་ཐུན་མོང་མ་ཡིན་པའི་སྨོན་ལམ་གཞན་ཡང་གདབ། བདུན་པ་བཀྲ་ཤིས་བརྗོད་པ་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་ཀུན་ཏུ་བཟང༔ རིག་པ་རང་སྣང་ཆེ་མཆོག་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་ལ་རིང་བས་དགེ་ལེགས་སུ་བྱའོ། །གཉིས་པ་འདི་ཉིད་ཀྱི་སྨིན་བྱེད་ཆོ་གས་སློབ་མ་རྗེས་སུ་བཟུང་བ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་གཤོམ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ་མ་འཛོམ་ན་མཎྜལ་དབུས་སུ་གཙོ་བོ་ཚོམ་བུ་མཐིང་ནག་འཁོར་བརྒྱད་ཀྱིས་བསྐོར་བར་བཞག །དེ་སྟེང་ཁྲིའུའི་ཁར་ཐོད་པ་མཚན་ལྡན་ཨ་མྲྀཏས་བཀང་བ། གཡས་སུ་སྨན་གྱི་ཕོ་བྲང་། གཡོན་དུ་མར་མེ། མདུན་སོགས་སུ་སྐུ་ཙཀ །སྔགས་བྱང་དང་ཕྲེང་བ། དུར་ཁྲོད་ཆས་བརྒྱད། དཀྱིལ་འཁོར་ཙཀླི། ཤ་ལྔ། བདུད་རྩི་ལྔ། རྩ་བརྒྱད་སྟོང་སྦྱར་རྣམས་རིལ་བུའམ་ཕྱེ་མར་སྦྱར་བ་སྣོད་སོ་སོར་བཞག་པ། བཏག་བཙགས་སྦོལ་ཞིང་གཞལ་བའི་ཡོ་བྱད་ཕབས་རྣམས་རི་མོར་བྲིས་པ་སོགས་གང་བདེར་ཕྱོགས་བསྡུས། རྒྱབ་ཏུ་སྙིང་པོ་ལྔ་ཆང་གིས་སྦྲུས་པའི་ཚེ་འབྲང་ནང་དུ་བཟླ་བྱའི་སྔགས་ཀྱི་ཤོག་དྲིལ་བཅུག་པའི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་བཅས་བཀོད། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་ལྟར། ལས་བུམ། མདའ་དར། ཚོགས་དང་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པའི་རིགས་རྣམས་ཚོགས་པར་བྱ། དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྐྱབས་སེམས་ནས་བརྩམ་མཆོད་བསྟོད་བར་བདག་མདུན་དབྱེར་མེད་དུ་བསྐྱེད་ལ་ལས་བྱང་མཐར་ཆགས་སུ་གཏང་། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བསྙེན་སྔགས་ཉུང་ཙམ་དང་། ཉེ་བསྙེན། སྒྲུབ་པ་སྒྲུབ་ཆེན་རྣམས་ཅི་མང་བཟླ། དེ་ནས་ཚེ་སྒྲུབ་ཀྱི་བྱིན་འབེབ་སྒོམ་བཟླས་ཚེ་འགུགས་ཀྱི་བར་དུ་བཏང་ལ་མཆོད་བསྟོད་འབུལ། ཆོས་སྲུང་གི་གཏོར་ཆོག་དང་། ཚོགས་བྱིན་རླབས་བསྒྲལ་སྟབས་ཡན་གཏང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་གྱི་ཁྱད་པར་ནི། དེའང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་སྲས་དང་བཅས་པ་མ་ལུས་པ་འབྱུང་བའི་གནས་སམ་སྐྱེད་པའི་ཡབ་ཏུ་གྱུར་པ། སྲིད་ཞིའི་ཁྱབ་བདག་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་འགྲོ་བ་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱི་གཉེན་པོ་སྟོབས་ཀྱི་ལྷ་ལོངས་སྤྱོད་ཡོངས་རྫོགས་འབར་བ་ཆེན་པོའི་སྐུའི་རྣམ་པར་བཞེངས་པ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་པའི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཆེན་པོ་ཉིད། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གཅིག་བསྡུས་འཆི་མེད་བདུད་རྩིའི་འཁོར་ལོའི་མགོན་པོར་སྣང་བའི་རྒྱུད་ལུང་གི་སྐོར་ཟབ་ཅིང་རྒྱ་ཆེ་བ་བསམ་ལས་འདས་པ་རྣམས་ལས། བདུད་རྩི་ཡོན་ཏན་གྱི་བཀའ་བབས་གྲུབ་པའི་སློབ་དཔོན་བི་མ་ལ་མི་ཏྲས་སྙིང་པོའི་ལམ་སྲོལ་གསུམ་དུ་བསྡུ་བར་མཛད་པའི་སྙིང་པོའི་སྙིང་པོ་བདུད་རྩིའི་ལམ་གྱིས་མཆོག་གི་དངོས་གྲུབ་བདེ་མྱུར་དུ་བསྒྲུབ་པའི་སྙིང་ཐིག་འདི་ནི། དཔལ་ཆེན་ཆེ་མཆོག་གི་བཀའ་བབས་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་རྣམ་རོལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་འཆི་མེད་གྲུབ་པའི་རིག་འཛིན་བི་མ་ལ་མི་ཏྲས་བྱིན་གྱིས་བརླབས་ཤིང་རང་བྱུང་པདྨ་སམྦྷ་ཝས་སྙན་བརྒྱུད་དུ་གདམས་པ་ཡོན་ཏན་བདུད་རྩིའི་མཆོག་ཏིག་གི་སྨིན་བྱེད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་དངོས་སུ་གསལ་བར་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ གནམ་ཞལ་ཡུམ་གྱི་བདེ་བ་ཅན༔ ཁ་སྦྱོར་ཆེན་པོའི་ཧེ་རུ་ཀས༔ གསང་བ་མཆོག་གི་དགྱེས་པ་ན༔ རྡོ་རྗེའི་སློབ་མ་འཇུག་པར་འཚལ༔ ལན་གསུམ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱོད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་རྫོགས་གྱུར་ཅིག །ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨཿཞེས་བརྗོད་པའི་རྐྱེན་གྱིས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་སྣོད་རྣམ་པར་དག་པ་ཡུམ་ལྔའི་རང་བཞིན་གྱི་གཞལ་མེད་ཁང་པའི་དབུས་སུ་པད་ཟླ་ཉི་མ་དྲེགས་པ་ཁྱོ་ཤུག་བསྣོལ་བའི་གདན་གྱི་སྟེང་དུ། བཅུད་རྣམ་པར་དག་པ་ཁྱེད་རང་གི་རིག་པའི་ངོ་བོ་སྐད་ཅིག་གིས་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་ནམ་མཁའི་དྭངས་པའི་མདོག་ཅན། ཞལ་བརྒྱད་དང་ལྡན་པས་ཕྱོགས་མཚམས་བརྒྱད་དུ་གཟིགས་པ་ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ཀྱིས་རྡོ་རྗེ་རྩེ་དགུ་པ་དང་། གཡོན་པ་བརྒྱད་ཀྱིས་བདུད་རྩིས་གང་བའི་ཐོད་པ་བསྣམས་པ། དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་མཐིང་ག་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པས་འཁྲིལ་ཞིང་ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་དུ་བདེ་ཆེན་དགའ་བཞི་མཆོག་ཏུ་རྒྱས་པའི་སྐུར་གསལ་བའི་སྙོམས་འཇུག་བདེ་བའི་སྒྲ་འོད་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་རྣམས་དང་། མཐའ་རྟེན་རྗེས་སུ་གནང་བའི་དབང་རྣམས་རིམ་པར་བསྐུར་བ་ལ། དང་པོ་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་གསང་བའི་བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོས་དབང་བསྐུར་བར་མོས་ཤིག །བདུད་རྩིའི་ཐོད་པ་སྤྱི་བོར་བཞག་ལ། ཧཱུྃ༔ སྣོད་ནི་རང་བྱུང་གཞལ་མེད་ཁང༔ བཅུད་ནི་དཔལ་ཆེན་ཧེ་རུ་ཀ༔ རྒྱུད་ནི་ཡེ་ཤེས་སྲོག་དང་ལྡན༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཀ་ལ་ཤ་ཀ་པཱ་ལ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ དེས་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །རྟགས་ཀྱི་བདུད་རྩི་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་པདྨ་བྷཉྫའི་བཅུད་དུ་བསྐྱིལ་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་མྱངས་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ སྣོད་ནི་མཚན་ལྡན་ཀ་པཱ་ལ༔ བཅུད་ནི་ཐབས་ཤེས་བྱང་ཆུབ་སེམས༔ རྒྱུད་ནི་བདེ་ཆེན་སྲོག་དང་ལྡན༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ བྷོ་དྷི་ཙིཏྟ་ཨ་མྲྀཏ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ དེས་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །རྟགས་ཀྱི་བདུད་རྩི་བདེ་སྟོང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱང་བར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ སྣོད་ནི་ཨེ་ཡིག་བྷ་གའི་དབྱིངས༔ བཅུད་ནི་ཝཾ་ཡིག་རྡོ་རྗེ་སྦྱར༔ རྒྱུད་ནི་དགའ་བཞིའི་སྲོག་ལྡན་པའི༔ བརྟུལ་ཞུགས་མཆོག་གི་གནས་ལ་རོལ༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །དོན་གྱི་བདུད་རྩི་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། བཞི་པ་དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། སྔར་དཔེ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱངས་པ་དེ་ཉིད་སྒོ་གསུམ་འཕྲུལ་འཁོར་གྱི་སྦྱོར་བ་ལ་བརྟེན་ནས་སྤྱི་བོར་འཛག་མེད་དུ་བརྟན་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་ངོ་མཐོང་བའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ སྣོད་ནི་རྩ་གསུམ་འཁོར་ལོ་བཞི༔ བཅུད་ནི་ལུགས་ལྡོག་ཐིག་ལེའི་འགྲེས༔ རྒྱུད་ནི་ལྷན་སྐྱེས་སྲོག་ལྡན་པའི༔ གདོད་མའི་གནས་ལུགས་རྟོགས་པར་གྱིས༔ ཛྙཱ་ན་དྷཱ་ཏུ་སིདྡྷི་ཨ་བྷི་ཥིིཉྩ་ཧོ༔ དེས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ཆོས་ཀྱི་བདུད་རྩི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་མཐའ་རྟེན་རྗེས་སུ་གནང་བ་རིམ་པ་སྦྱིན་པ་ལ། དང་པོ་སྐུ་ལྷ་བསྒོམ་པའི་རྗེས་སུ་གནང་བའི་སླད་དུ། དཀྱིལ་འཁོར་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ལུས་ལ་ཐིམ་པས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་ཕྱག་ཆེན་པོར་གནས་གྱུར། ཅིར་སྣང་ལྷའི་འཁོར་ལོར་འཆར་བར་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཁྲག་འཐུང་ཆེན་པོའི་ཕྱག་རྒྱར་རྫོགས༔ དཔལ་ཆེན་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསུང་སྔགས་བཟླ་བའི་རྗེས་སུ་གནང་བའི་སླད་དུ། དཔལ་ཧེ་རུ་ཀའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་གི་མགྲིན་པ་ནས་ཞུགས་ཏེ་ཐིམ་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པའི་མོས་པ་མཛོད། སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ དུས་སྦྱོར་བཅུ་གཉིས་གནས་དག་པའི༔ མི་ཤིགས་རྡོ་རྗེ་ནཱ་དའི་སྒྲ༔ ཁྲག་འཐུང་འདུས་པའི་གསང་སྔགས་ཀྱིས༔ དཔལ་ཆེན་གསུང་གི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཏིང་ངེ་འཛིན་བསྒོམ་པའི་རྗེས་སུ་གནང་བའི་སླད་དུ། དབྱིངས་ཀྱི་ངོ་བོ་ཤེས་རབ་དང་རིག་པའི་རང་བཞིན་ཐབས་ཀྱི་ཡེ་ཤེས་ཟུང་དུ་འཇུག་པའི་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་པས། སྣོད་བཅུད་ཐམས་ཅད་གདོད་ནས་རྣམ་པར་དག་པའི་རང་བྱུང་བདུད་རྩི་ཆེན་པོར་གནས་གྱུར། འཁོར་འདས་མཉམ་ཉིད་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །ཧཱུྃ༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ དབྱིངས་རིག་ཟུང་འཇུག་དགོངས་པ་ཡིས༔ དཔལ་ཆེན་ཐུགས་ཀྱི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །བཞི་པ་ཡོན་ཏན་ལྷུན་གྱིས་རྫོགས་པའི་རྗེས་གནང་གི་སླད་དུ། དུར་ཁྲོད་རོལ་པའི་ཆས་ཆེན་རྣམས་གནས་སོ་སོར་བགོས་ཤིང་མངའ་གསོལ་བས་དཔལ་ཆེན་འབར་བའི་བྱིན་རླབས་ནུས་སྟོབས་གཟི་བརྗིད་ཡོངས་སུ་རྫོགས་པར་མོས་ཤིག །དུར་ཁྲོད་ཆས་བརྒྱད་གཏད་ལ། སྭཱ༔ དཔལ་ཆེན་རྣམས་དང་སྤྱོད་ཡུལ་གཅིག༔ དུར་ཁྲོད་གསང་མཆོག་གནས་ལ་རོལ༔ ལྷུན་གྲུབ་ཡོན་ཏན་ཡོངས་རྫོགས་ཕྱིར༔ ལོངས་སྤྱོད་ཆེན་པོས་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ལྔ་པ་ཕྲིན་ལས་འགྲོ་བ་འདུལ་བའི་སླད་དུ། ཡོངས་རྫོགས་བདུད་རྩིའི་དཀྱིལ་འཁོར་དང་། དམ་རྫས་ཀྱི་གཙོ་བོ་ཤ་ལྔ་བདུད་རྩི་ལྔ། རྩ་བརྒྱད་སྟོང་སྦྱར་གྱི་སྨན། བཏག་བཙག་སྦོལ་བའི་ཡོ་བྱད། ཡོངས་རྫོགས་སྨན་གྱི་ཕོ་བྲང་ཆེན་པོ། བདེ་དྲོད་འབར་བའི་མར་མེ། ཚུལ་བཞིན་བསྒྲུབས་པའི་ར་སཱ་ཡཱ་ན་རྣམས་ཀྱི་དབང་བསྐུར་རིམ་པར་བྱིན་པའི་མོས་འདུན་མཛོད་ཅིག །དཀྱིལ་འཁོར་གྱི་ཙཀ་ལི་གཏད་ལ། ཧཱ༔ གསང་བ་མཆོག་གི་བྷ་གའི་དབྱིངས༔ དེ་བཞིན་གཤེགས་ཀུན་རྟག་ཏུ་བཞུགས༔ ཐར་པ་ཆེན་པོའི་དཀྱིལ་འཁོར་གྱིས༔ སྒྲུབ་པའི་གཞི་རུ་དབང་བསྐུར་རོ༔ མཎྜལ་ཨ་བྷི་ཥིཉྩ་ཧཱུྃ༔ ཤ་ལྔ་གཏད་ལ། ཧཱ༔ སྒྲུབ་པའི་དམ་རྫས་རྨད་བྱུང་བ༔ དེ་བཞིན་གཤེགས་པ་རིགས་ལྔའི་དངོས༔ བདེ་ཆེན་འབར་བའི་སྟོབས་རྫོགས་ཕྱིར༔ ཤ་ཆེན་ལྔ་ཡིས་དབང་བསྐུར་རོ༔ མ་ཧཱ་བཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ལྔ་གཏད་ལ། ཧཱ༔ རང་བྱུང་བྱང་ཆུབ་མཆོག་གི་རྒྱུན༔ ཉོན་མོངས་གདུང་བ་ཀུན་སེལ་ཞིང༔ ཡང་དག་ཡེ་ཤེས་སྣང་བ་འཕེལ༔ སྒྲོན་མ་ལྔ་ཡིས་དབང་བསྐུར་རོ༔ མ་ཧཱ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་སྨན་ཕྱེ་གཏད་ལ། ཧཱ༔ སྣང་སྲིད་སྣོད་བཅུད་དྭངས་མ་ཀུན༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ བླ་ན་མེད་པའི་དམ་ཚིག་མཆོག༔ ཡོངས་རྫོགས་སྨན་གྱིས་དབང་བསྐུར་རོ༔ མ་ཧཱ་སུ་ར་ཏཱ་ཨ་བྷི་ཥིཉྩ་ཧཱུྃ༔ བཏག་བཙག་སྦོལ་བའི་ཆས་དང་ཕབས་གཏད་ལ། ཧཱ༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་བཏག་བཙག་སྦོལ་བ་དང༔ ཕབས་དང་སྦྱར་བས་མཚན་པ་ཡི༔ ཉེ་བར་སྤྱོད་པས་དབང་བསྐུར་རོ༔ མ་ཧཱ་ཙཱརྻ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་གྱི་ཕོ་བྲང་མགོར་བཞག་ལ། ཧཱ༔ རང་བྱུང་བྷནྡྷ་སྣོད་ཀྱི་མཆོག༔ དབུ་རྒྱན་དར་དཔྱང་ལོངས་སྤྱོད་ཆེ༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་བཅས༔ བདུད་རྩིའི་རྒྱན་གྱིས་དབང་བསྐུར་རོ༔ མ་ཧཱ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་གཏད་ལ། ཧཱ༔ མ་འཁྲུལ་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མར་མེས་གཏམས༔ བདེ་དྲོད་རབ་ཏུ་འབར་བའི་དབྱིག༔ རྟེན་འབྲེལ་རྫས་ཀྱིས་དབང་བསྐུར་རོ༔ མ་ཧཱ་དཱིཔ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་སྨན་སྦྱིན་ལ། ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་ཀུན་གྱི་ཧེ་རུ་ཀ༔ ཡུམ་དང་སྦྱོར་བ་བརྒྱད་ལྡན་པས༔ དམ་ཡེ་དབྱེར་མེད་བདུད་རྩིའི་མཆོག༔ མྱོང་གྲོལ་ཆེན་པོས་དབང་བསྐུར་རོ༔ མ་ཧཱ་ར་སཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཡོངས་རྫོགས་བདུད་རྩིའི་རྗེས་སུ་གནང་བ་ཐོབ། རྫས་ཀྱི་བདུད་རྩི་མྱང་གྲོལ་སྨན་གྱི་སྒྲུབ་པ་བྱེད་པ་ལ་དབང་། ཐབས་མཁས་པས་འགྲོ་བ་མཐའ་ཡས་པ་འདུལ་བའི་ཕྲིན་ལས་ཀྱིས་དོན་གཉིས་ལྷུན་གྱིས་གྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་དབྱངས་དང་བཅས་ཤིས་བརྗོད་རྒྱས་པར་སྤེལ། དེ་དག་རྣམས་ཀྱིས་ཡོན་ཏན་བདུད་རྩི་མཆོག་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བར་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རྩ་བའི་གཞུང་ལས། དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ ཞེས་པ་ནས། གྲོལ་བ་བཞི་ལྡན་མངོན་དུ་འགྱུར༔ ཞེས་པའི་བར་གསལ་དག་སྙན་པས་དལ་བུས་བརྗོད། དེ་རྣམས་ཀྱིས་སྔོན་འགྲོ་ཐུན་མོང་མ་ཡིན་པས་རྒྱུད་སྦྱང་། ཆོས་ཀྱི་བདུད་རྩི་གནས་ལུགས་ཀྱི་ལྟ་བ་གཏན་ལ་དབབ། རྟགས་ཀྱི་བདུད་རྩི་སྣང་བ་ལྷ་དང་གཞལ་ཡས་སུ་བསྒོམས་ནས་ཡན་ལག་སྔགས་ཀྱི་གཟེར་གདབ། དོན་གྱི་བདུད་རྩི་ཕུང་པོ་ལྔ་དང་ཉོན་མོངས་ལྔ་ལམ་དུ་བྱེད་པའི་རྣལ་འབྱོར་གྱི་རིམ་པ་ལྔ་བསྒོམ། རྫས་ཀྱི་བདུད་རྩི་ཚུལ་བཞིན་དུ་བསྒྲུབས་པས་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་རྣམ་གཉིས་ལ་དབང་འབྱོར་བའི་རིམ་པ་བསྟན་པ་སྟེ། དེ་ལྟ་བུའི་དོན་རྣམས་ཉམས་སུ་བླངས་ནས་ཚུལ་བཞིན་དུ་རྒྱུད་ལ་སྦྱོར་བར་མཛད་འཚལ། གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་དབང་ཐོབ་ཅིང་ཉམས་སུ་བླངས་པའི་ཡོན་ཏན་ཀྱང་གཞུང་ལས། གནས་སྐབས་སྣོད་བཅུད་རྒུད་པ་ཞི༔ མཐར་ཐུག་རྒྱུད་གྲོལ་ཡེ་ཤེས་ལྔ༔ འཆི་མེད་རྟག་པའི་བདུད་རྩི་ཡིས༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ཅེས་གསུངས་པ་ཐུགས་ལ་གཅགས་པ་དང་། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་གི་གནས་ལ་སྤང་བླང་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ་ཕུལ། ལུས་འབུལ། དགེ་བསྔོ་བྱས་པས་གྲུབ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་གཏོར་མནན། རྗེས་གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་གཤེགས་བཞུགས་སྐབས་བསྟུན། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་ལས་བྱང་ལྟར་རོ། །འདི་ལ་བརྟེན་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བྱེད་ན་དགོངས་གཏེར་འཕགས་མའི་སྙིང་ཐིག་གི་ཆ་ལག་བི་མའི་བླ་སྒྲུབ་ལས་འབྱུང་བ་ཉིད་ཅུང་ཟད་ཁ་བསྒྱུར་བས་འགྲུབ་བོ། །ཆོས་ཀྱི་བདུད་རྩིས་འཁོར་འདས་མཉམ་ཉིད་རྟོགས། །རྟགས་ཀྱི་བདུད་རྩིས་སྣང་སྲིད་ལྷ་རུ་ཤར། །དོན་གྱི་བདུད་རྩིས་ཕུང་ལྔ་སྐུ་ལྔར་གྲུབ། །རྫས་ཀྱི་བདུད་རྩིས་གྲོལ་བ་བཞི་ལྡན་ཤོག །ཅེས་ཡོན་ཏན་བདུད་རྩིའི་རྒྱུད་ལུང་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་དུས་གསུམ་དུ་འབྱོན་པར་དཀའ་བའི་མཆོག་ཏིག་འདི་ཉིད་ཉམས་སུ་ལེན་པའི་སྐལ་བཟང་དང་ལྡན་པ་བྱུང་ན། ཕན་པའི་སེམས་ཀྱིས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་ནག་པོའི་མན་ངག༔ ཡང་ཟབ་ཐུགས་ཀྱི་ཚལ་པ༔ སྲུང་ཟློག་དོན་གྱི་མཐར་ཐུག་གསང་བའི་ཡང་ཞུན་ནག་པོ༔ གྲིབ་འཇོམས་རྡོ་རྗེ་ཕ་ལམ༔ གཤིན་རྗེ་ཚེ་བདག་གི་ཡང་སྙིང༔ གཅིག་ཆོག་དོན་གྱི་བཅུད་དམ་པ་ (Volume 18, Text 19)

འཇམ་དཔལ་ནག་པོའི་མན་ངག༔ ཡང་ཟབ་ཐུགས་ཀྱི་ཚལ་པ༔ སྲུང་ཟློག་དོན་གྱི་མཐར་ཐུག་གསང་བའི་ཡང་ཞུན་ནག་པོ༔ གྲིབ་འཇོམས་རྡོ་རྗེ་ཕ་ལམ༔ གཤིན་རྗེ་ཚེ་བདག་གི་ཡང་སྙིང༔ གཅིག་ཆོག་དོན་གྱི་བཅུད་དམ་པ་བཞུགས་པ་ལགས་སོ༔ ཟབ་རྒྱ་གསུམ་པ་བསྟན་པའོ༔ ྈྈྈྈྈྈྈྈ བདེ་གཤེགས་སྐུ་ཡི་ཕྲིན་ལས་བདག༔ ལོག་འདྲེན་བདུད་འདུལ་ཁྲོ་རྒྱལ་སྐུ༔ མི་སྲུན་དྲག་པོའི་གཟུགས་འཆང་བ༔ མ་རུངས་འཇོམས་ལ་ཕྱག་འཚལ་བསྟོད༔ འཇམ་དཔལ་ནག་པོའི་རྒྱུད་དག་ལས༔ སྲུང་ཟློག་བསད་པའི་མཐར་ཐུག་དང༔ མི་གཙང་འཇོམས་ཤིང་རང་གཞན་སྲུང༔ རྡོ་རྗེ་ཕ་ལམ་ལྟ་བུ་འོ༔ འདི་དང་ལྡན་པའི་སྐྱེས་བུ་གང༔ ནམ་མཁའ་རིན་ཆེན་གནམ་ལྕགས་ཀྱི༔ ཐོག་དང་རྡོ་རྗེ་ཕ་ལམ་ལྟར༔ ཕུན་ཚོགས་བསམ་འགྲུབ་གཅིག་ཐུབ་བོ༔ འདི་ལ་བསྙེན་སྒྲུབ་ལས་སྦྱོར་དང༔ ལས་ཚོགས་ཁ་བསྒྱུར་ལས་ཕྲན་བཅས༔ བྱིན་གྱིས་བརླབ་པ་ཆོ་ག་སྟེ༔ རྣལ་འབྱོར་གང་འདོད་བརྩམ་པར་བྱ༔ འདི་ཉིད་གཡར་དམ་བྱ་བ་འམ༔ ལྷ་གཞན་དག་ནི་བསམ་བྱེད་རུང༔ རྩེ་གཅིག་དད་པས་ཡིད་གཉིས་ཕྲལ༔ དད་བརྩོན་ལྡན་པས་སྒྲུབ་ལ་འབད༔ སྤྱི་དོན་དང་པོ་བསྙེན་སྒྲུབ་ལས༔ བསྙེན་པ་རང་ལུས་དཀྱིལ་འཁོར་ལ༔ སྒྲུབ་པ་རྫས་ཀྱི་དཀྱིལ་འཁོར་བཤམ༔ བསྙེན་པར་འདོད་པའི་སྐྱེས་བུ་ཡིས༔ དུས་བཟང་རྩུབ་ཅིང་དྲག་པོའི་ཚེ༔ དུར་ཁྲོད་བས་མཐའ་ལ་སོགས་པའི༔ འཇིགས་ཤིང་ཡ་ང་སྐྱི་བུང་བྱེད༔ ངམ་ནག་གྲུ་གསུམ་གནས་ཕྱིན་ལ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༔ སེམས་བསྐྱེད་རིག་པའི་ངར་ཕྱུངས་ལ༔ འདུག་གནས་དུར་ཁྲོད་གཞལ་ཡས་ཁང༔ རང་ལུས་དྲི་ཟའི་གྲོང་ཁྱེར་ནི༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱང་། དེ་ནས་བྷྲཱུྃ་ལས་གཞལ་ཡས་ཁང༔ ཕོ་བྲང་རྟ་བབས་སྒོ་ཁྱུད་བཅས༔ ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར༔ ཕྱི་ལྟར་རིན་ཆེན་གཞལ་ཡས་ཁང༔ མཛེས་ཤིང་ཡིད་འོང་འོད་ཟེར་འཕྲོ༔ ནང་ནི་དུར་ཁྲོད་གཞལ་ཡས་ཁང༔ འཇིགས་ཤིང་ཡ་ང་གཟི་བརྗིད་འབར༔ རྒྱ་ཁྱོན་དབྱིངས་དང་མཉམ་པར་དམིགས༔ དེ་དབུས་རྡོ་རྗེ་ཕ་ལམ་ལས༔ གྲུབ་པའི་འཁོར་ལོ་རྩིབས་བཞི་ནི༔ རྣོ་ངར་ལྡན་པ་བསམས་པའི་དབུས༔ པདྨ་ཉི་མ་རོ་སྟེང་དུ༔ ཐོད་དབྱུག་ཡ་ཡིས་མཚན་པ་ལས༔ འོད་འཕྲོས་བདེ་གཤེགས་འཕགས་པ་མཆོད༔ འགྲོ་དྲུག་སྐྱེ་འགྲོའི་སྒྲིབ་གཉིས་སྦྱངས༔ བགེགས་དང་ལོག་འདྲེན་བར་གཅོད་བཏུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཁྲོ་རྒྱལ་གཤིན་རྗེའི་སྐུ༔ དབྱར་ཁའི་ཆར་སྤྲིན་འདྲ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་གཟི་བརྗིད་ཅན༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་སྒྲོག༔ སྨིན་མ་ཨག་ཚོམ་མེ་ལྟར་འབར༔ སེ་ཡན་རལ་པ་ཁམ་ནག་མདོག༔ གྱེན་དུ་འཕྱོ་ཞིང་ཐུར་དུ་འཕྱང༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས༔ ཕྱག་གཡས་ཐོད་དབྱུག་ནམ་མཁར་རྡེག༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཞབས་གཉིས་དོར་སྟབས་བརྐྱང་བསྐུམ་བསྒྲད༔ དབུ་ལ་ཐོད་སྐམ་རིན་ཆེན་སྤྲས༔ སྙན་ཆ་མགུལ་ཆུ་ཕྱག་ཞབས་རྣམས༔ རིན་ཆེན་གདུག་པ་སྦྲུལ་གྱིས་བརྒྱན༔ ཐོད་རློན་སྐྲ་བཅིངས་དོ་ཤལ་ཅན༔ གླང་ལྤགས་སྟོད་གཡོགས་སྟག་ཤམ་དཀྲིས༔ ཞིང་གཡང་སྐེད་དཀྲིས་ཁྲག་ཞག་གི༔ ཐིག་ལེ་ཟོ་རིས་ཐལ་ཆེན་ཚོམ༔ རབ་བརྒྱན་བསྐལ་པའི་མེ་དཔུང་ཀློང༔ སྲིན་པོ་ཁྲོ་ཚུལ་འགྱིང་བ་ཡིས༔ ཕྱོགས་བཞི་མཚམས་བཞི་ལ་གནས་པའི༔ རིགས་བཞི་གཤིན་རྗེ་འབར་བ་ནི༔ ཤར་དུ་ཞེ་སྡང་གཤིན་རྗེ་མཐིང༔ ཕྱག་གཉིས་རྡོ་རྗེ་ཐོད་དབྱུག་གཡས༔ ལྷོ་ཕྱོགས་ང་རྒྱལ་གཤིན་རྗེ་སེར༔ ཕྱག་གཡས་རིན་ཆེན་བེ་ཅོན་འཕྱར༔ ནུབ་ཏུ་འདོད་ཆགས་གཤིན་རྗེ་ནི༔ དམར་ནག་ཕྱག་གཡས་པདྨ་ཡི༔ བེ་ཅོན་བསྒྲེང་ཐབས་ཚུལ་གྱིས་འཕྱར༔ བྱང་དུ་ཕྲག་དོག་གཤིན་རྗེ་ལྗང༔ ཕྱག་གཡས་རྒྱ་གྲམ་བེ་ཅོན་འཕྱར༔ ཀུན་ཀྱང་གཡོན་པ་ཐོད་ཁྲག་འཛིན༔ ཆ་ལུགས་ཐམས་ཅད་གཙོ་དང་མཐུན༔ དེ་ལྟར་གསལ་བའི་ལྷ་རྣམས་ཀྱི༔ གནས་གསུམ་ཡིག་འབྲུ་ཨོཾ་ཨཱཿཧཱུྃ༔ གཙོ་བོའི་ཐུགས་ཁར་ཡ་མཐིང་ནག༔ ཡིག་འབྲུ་རྣམས་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་དངོས་འདྲ་བའི༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང༔ དགུག་གཞུག་དགྱེས་ཏེ་དབྱེར་མེད་བསྲེས༔ དེ་ནས་གཙོ་བོའི་ཐུགས་ཀ་ཡི༔ ཡ་ཡི་མཐའ་སྐོར་སྔགས་འདིས་བསྐོར༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ དེ་ལ་མ་ཡེངས་རིག་པ་གཏད༔ ངག་ནས་སྲུང་ཚིག་སྔགས་བརྗོད་པས༔ ཡིག་འབྲུ་དེ་དག་ཐམས་ཅད་ལ༔ རང་སྒྲ་དང་བཅས་གཡས་ཕྱོགས་སུ༔ འུར་འུར་འཁོར་ཞིང་འོད་ཟེར་འཕྲོས༔ ཕྱོགས་ཀྱི་འཁོར་གྱི་ཐུགས་ཀར་ཕོག༔ དེ་ལྟར་གཙོ་འཁོར་བཅས་རྣམས་ཀྱང༔ སྔགས་སྒྲ་སྒྲོག་དམིགས་བཟླས་པ་ནི༔ གྲགས་སྟོང་ངང་ནས་ངར་བསྐྱེད་ཅིང༔ འབུམ་ཕྲག་བཅུ་གཅིག་ཐེམས་པར་བཟླས༔ དེ་བར་གཞན་ཚིག་མ་འདྲེས་གཅེས༔ ཡང་ན་རྟགས་རྫོགས་བར་དུ་སྟེ༔ དེ་ལ་ངེས་མེད་རབ་འབྲིང་བློའི༔ ཁྱད་པར་ཇི་བཞིན་ཤེས་པར་བྱ༔ རྟགས་ནི་ཐོད་མཁར་མེ་འབར་དང༔ གླང་མྱོན་མི་ནག་ཐོག་སེར་འབབས༔ དར་ནག་འཕྱར་དང་རལ་ནག་གསིག༔ ཆར་མུན་འཁྲིགས་སོགས་འཇིགས་པའི་ལྟས༔ ཕལ་ཆེར་བློ་ཡིས་དཔྱད་པར་བྱ༔ འཇིགས་ཤིང་སྐྱི་གཡའ་བག་དྲོ་དང༔ འོད་དང་གཟི་བརྗིད་འབར་བ་ན༔ འགྲུབ་རྟགས་ཡིན་པར་ཤེས་པར་བྱ༔ ཐུན་མཚམས་མི་བཟུང་ཏིང་འཛིན་སྦར༔ མ་འགྲུབ་བར་དུ་ཏིང་འཛིན་ནི༔ གཏང་བར་མི་བྱ་ལྷ་ཉིད་ཀྱི༔ ང་རྒྱལ་དག་དང་མ་བྲལ་གཅེས༔ དེ་དུས་མཆོད་གཏོར་ལ་སོགས་དང༔ རྫོགས་རིམ་མི་བྱ་བསྙེན་པར་འབད༔ སྐབས་སྐབས་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནི་འོག་ནས་འབྱུང་ལྟར་བྱ༔ འདི་ནི་རང་ལུས་དཀྱིལ་འཁོར་ལ༔ བརྟེན་ཏེ་བསྙེན་པའི་ལས་རིམ་མོ༔ བསྙེན་རྟགས་ཐོན་ནས་སྒྲུབ་ལ་བརྩོན༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༔ྈྈྈྈ རབ་ཏུ་ཁྲོས་པ་འཇམ་དཔལ་ནག་པོ་ཡི༔ སྒྲུབ་པའི་ལས་ལ་འཇུག་པའི་རྣལ་འབྱོར་པས༔ གཟའ་སྐར་དུས་ཚེས་རྩུབ་ལ་བབ་པའི་ཚེ༔ དུར་ཁྲོད་གནས་སོགས་དྲག་པོའི་ས་ཕྱོགས་སུ༔ ཁྲོ་རྒྱལ་ང་རྒྱལ་ལྡན་པའི་སྔགས་པ་ཡིས༔ བྱང་ཕྱོགས་དག་གི་ས་བླངས་ལ༔ སྟེགས་བུ་མདའ་གང་གྲུ་བཞི་དཔངས་མཐོ་གང༔ ངོས་ལ་དུག་ཁྲག་ཆང་དང་ཏིལ་མར་དང༔ དུར་ཁྲོད་སོལ་བས་ཆག་ཆག་གདབ་བྱས་ཏེ༔ དུར་ཐལ་ཐིག་གདབ་དཀྱིལ་འཁོར་བྲི་བ་ནི༔ སྒོ་ཁྱམས་རྟ་བབས་ཁོར་ཡུག་ལ་སོགས་རྣམས༔ སྤྱི་མཐུན་རྫོགས་པར་བྲིས་ཏེ་ཕོ་བྲང་ཉིད༔ མུ་ཁྱུད་གཉིས་ལྡན་འཁོར་ལོ་རྩིབས་བཞི་སྔོ༔ མུ་ཁྱུད་ཕྱི་ནང་རིམ་བཞིན་དམར་དང་སེར༔ ལྟེ་བ་མཐིང་ནག་ལྷ་གདན་ཚོམ་བུར་བཀོད༔ དེ་དབུས་ཁྲི་སྟེང་དུར་ཁྲོད་ཐོད་པའི་ནང༔ བྲ་བོ་སྲན་མ་ཡུངས་དཀར་ཡུངས་ནག་དང༔ ཀེ་ཚེ་ཤང་ཚེ་ཏིལ་ནག་ཟི་ར་ནག༔ ལྕགས་ཕྱེ་ཟངས་ཕྱེ་དུར་ཁྲོད་ཐལ་སོལ་རུས༔ དུག་ཕྱེ་ཁྲག་སྐམ་རྡོ་ནག་ཕྱེ་མས་བཀང༔ ཨག་ཙེ་ཁོང་དུ་དུག་ཤིང་ཕུར་པ་གཟུག༔ ཕུར་པ་མཐོ་གང་དར་ནག་ཅོད་པན་ཅན༔ དབལ་སོ་དག་ལ་རྩ་སྔགས་ཚར་གསུམ་དང༔ ཡ་མ་བྷྱོ་རྣམས་དུག་ཁྲག་དག་གིས་བྲི༔ སྟེང་ནས་རོ་རས་ནག་པོའི་ལྡིང་གུར་ཕུབ༔ མཐའ་སྐོར་དྲག་པོའི་མཆོད་གཏོར་སྣ་ཚོགས་དང༔ ཐོད་ཁྲག་ཆང་སོགས་མཆོད་འབུལ་ལྟ་བུར་བཤམ༔ གཞན་ཡང་དུར་ཁྲོད་ལ་སོགས་སྤྱན་གཟིགས་ཚོགས༔ ཀེང་རུས་ཐོད་པ་ཞིང་ལྤགས་རྒྱུ་མར་བཅས༔ རྐང་གླིང་ཐོད་རྔ་ཙིཏྟའི་ཕྲེང་སོགས་བཀྲམ༔ འཇིགས་ཤིང་སྐྱི་གཡའི་བཅའ་ཁ་བཤམ་པར་བྱ༔ དེ་ནས་རྣལ་འབྱོར་ཁྲོ་རྒྱལ་ཆས་ཞུགས་ཤིང༔ བདེ་བའི་གདན་འདུག་འཇམ་དཔལ་ཏིང་འཛིན་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བྱ་ཞིང༔ གཞན་དོན་སེམས་བསྐྱེད་ཡན་ལག་བདུན་པ་སོགས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་སྤྱི་མཐུན་བྱ༔ འབྱུང་པོའི་ཚོགས་ལ་མཐུན་པའི་མཆོད་གཏོར་སྦྱིན༔ བདེན་པའི་བཀའ་བསྒོ་བསྐྲད་དང་མནན་གཟིར་བཅིང༔ བསྲུང་བའི་གོ་བགོ་འཚེ་དོགས་བསལ་བྱ་ཞིང༔ སྐད་ཅིག་དྲན་པའི་རིག་པ་ངར་བསྐྱེད་ལ༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་ནམ་མཁའི་དཀྱིལ་ལྟར་བལྟ༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་དེ་ཉིད་མ་རྟོགས་སེམས་ཅན་རྣམས༔ སྙིང་རྗེས་བསྐྱབ་ཕྱིར་བརྩེ་བའི་སྙིང་རྗེ་བསྒོམ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ སྙིང་རྗེར་གྱུར་པའི་འགྲོ་བ་མ་ལུས་ཀུན༔ སྐད་ཅིག་གནས་ནས་བདེ་ལ་བཀོད་དོན་དུ༔ རྒྱུ་ཡི་ཧེ་རུ་ཡེ་ཤེས་སེམས་དཔའ་རྣམས༔ ཞི་ཚུལ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རལ་གྲི་ཨུཏྤལ་པོ་ཏི་བསྣམས༔ དར་དང་རིན་ཆེན་དུ་མས་སྤྲས་པ་ཞིག༔ རང་སེམས་དག་པར་བྱ་བབ་ལྟ་བུ་འམ༔ ཆུ་ནས་ཉ་འཕར་ཚུལ་དུ་བལྟ་བྱ་ཞིང༔ དེ་ལས་འོད་འཕྲོས་བསྐུལ་དོན་བྱས་ནས་འདུས༔ ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡ་མཐིང་ནག༔ ཡ་ལས་འོག་གི་ཕྱོགས་སུ་ཡཾ་འཕྲོས་པས༔ རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་ནི༔ འཆང་བཟུང་ཡཾ་གིས་མཚན་པ་གསལ་བའི་སྟེང༔ ཡ་ལས་རཾ་ཆད་གྲུ་གསུམ་རཾ་གྱིས་མཚན༔ བཾ་ཆད་ཆུ་ཡི་དཀྱིལ་འཁོར་ཟླུམ་ཞིང་འཁྱིལ༔ ལཾ་ཆད་ས་ཡི་དཀྱིལ་འཁོར་གྲུ་བཞིའི་སྟེང༔ ཀེཾ་ལས་ཀེཾ་རུས་རི་རབ་འབར་བའི་དབུས༔ བྷྲཱུྃ་ལས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༔ དེ་དག་ཐམས་ཅད་ཨེ་ལས་མཁའ་དབྱིངས་ཀློང༔ གསལ་ཞིང་སྟོང་ལ་འཛིན་པ་མེད་པར་བསྐྱེད༔ གཞལ་ཡས་ཁང་ཉིད་ཕྱི་གསལ་ནང་གསལ་བ༔ ཡངས་ཤིང་རྒྱ་ཆེ་མཐའ་དབུས་མེད་པ་ལ༔ ཕྱི་ནས་ཐབས་མཆོག་རིན་ཆེན་ལས་གྲུབ་ཅིང༔ ནང་ནི་ཤེས་རབ་དུར་ཁྲོད་ལས་གྲུབ་པ༔ གྲུ་བཞི་སྒོ་བཞི་རྟ་བབས་མུ་ཁྱུད་བཅས༔ ཉི་མ་ཟླ་བའི་ཕྲེང་བས་རབ་སྤྲས་ཤིང༔ འོད་དང་འོད་ཟེར་རླུང་མེ་འཁྲུག་པའི་དབུས༔ ཕོ་བྲང་རྩིབས་བཞི་མུ་ཁྱུད་ལྟེ་བར་བཅས༔ བམ་རོ་གསར་རྙིང་བརྩིགས་པའི་ཁྲི་སྟེང་དུ༔ པདྨ་ཉི་མ་གདལ་བའི་ཟེའུ་འབྲུ་ལས༔ གོང་དུ་གསལ་བའི་ཡེ་ཤེས་སེམས་དཔའ་ཉིད༔ བྱ་བབ་ཚུལ་དུ་གདན་ལ་ལྷག་པ་དེ༔ བདག་ཉིད་བཅོམ་ལྡན་འཇམ་དཔལ་ནག་པོའི་སྐུ༔ ཞལ་གཅིག་ཕྱག་གཉིས་དབྱར་ཁའི་ཆར་སྤྲིན་ལྟར༔ ནག་ཅིང་གཟི་བརྗིད་འབར་བའི་གཟུགས་མངའ་བ༔ ཕྱག་གཡས་ཐོད་དབྱུག་བེ་ཅོན་ནམ་མཁར་འཕྱར༔ བདུད་དང་ལོག་འདྲེན་བར་ཆད་འཇོམས་པའི་ཚུལ༔ གཡོན་པ་ཐོད་པ་ཁྲག་གིས་བཀང་ནས་ནི༔ ཉོན་མོངས་འཇོམས་ཕྱིར་ཞལ་དུ་གསོལ་བའི་ཚུལ༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཁྲོ་གཉེར་བསྡུ༔ སྲིད་གསུམ་ཟིལ་གནོན་སྤྱན་གསུམ་སྡང་མིག་བསྒྲད༔ སྨིན་མ་ཨག་ཚོམས་རལ་པ་གྱེན་དུ་འཁྱིལ༔ ཞབས་གཉིས་དཔའ་བོའི་དོར་སྟབས་བརྐྱང་བསྐུམ་བསྒྲད༔ སྣ་ཚོགས་དར་དང་རིན་ཆེན་དུར་ཁྲོད་ཆས༔ སྟོད་སྨད་སྐུ་ཡི་ཆ་ལུགས་རྣམ་པར་བརྒྱན༔ དཔའ་གཏུམ་འཇིགས་གཟུགས་ཤིན་ཏུ་ཁྲོས་པའི་ཚུལ༔ བསྐལ་པའི་མེ་དཔུང་ནང་དུ་གསལ་བར་བསྐྱེད༔ དེ་ཡི་ཕྱི་རོལ་ཕྱོགས་ཀྱི་རྩིབས་བཞི་ལ༔ འཇིགས་པའི་སྐུར་སྟོན་སྤྲུལ་པའི་འཁོར་བཞི་བསྐྱེད༔ གཙོ་བོའི་མདུན་ཕྱོགས་ཞེ་སྡང་གཤིན་རྗེ་གཤེད༔ མཐིང་ནག་ཕྱག་གཡས་རྡོ་རྗེ་བེ་ཅོན་འཕྱར༔ གཡས་ཕྱོགས་ང་རྒྱལ་གཤིན་རྗེ་སེར་ནག་མདོག༔ ཕྱག་གཡས་རིན་ཆེན་བེ་ཅོན་ནམ་མཁར་འཕྱར༔ རྒྱབ་ཕྱོགས་འདོད་ཆགས་གཤིན་རྗེ་དམར་ནག་མདོག༔ ཕྱག་གཡས་པདྨ་འབར་བའི་བེ་ཅོན་འཕྱར༔ གཡོན་ཕྱོགས་ཕྲག་དོག་གཤིན་རྗེ་ལྗང་ནག་མདོག༔ ཕྱག་གཡས་རྒྱ་གྲམ་བེ་ཅོན་མཁའ་ལ་འཕྱར༔ ཀུན་ཀྱང་ཕྱག་གཡོན་ཁྲག་གིས་བཀང་བ་ཡི༔ ཐོད་པ་འཛིན་བཅས་ཤིན་ཏུ་ཁྲོས་པའི་ཚུལ༔ ཆ་ལུགས་གཞན་རྣམས་གཙོ་དང་མཐུན་པར་བསྐྱེད༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱང༔ སྐུ་ཆེ་ཡན་ལག་རགས་པ་རྒྱས་པ་སྟེ༔ མི་སྲུན་སྲིན་པོ་ཁྲོས་པའི་ཚུལ་དུ་གནས༔ འོད་ལྔ་འཁྲིག་ཅིང་མེ་རླུང་འཁྲུགས་པའི་ཀློང༔ མ་སྒྲིབ་རྗེན་པར་རང་ཉིད་གསལ་བར་བྱ༔ དེ་དག་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང༔ མཐིང་ནག་ཡ་གསལ་དེ་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་དངོས་འདྲ་བཀུག་ནས་ནི༔ བདག་དང་གཉིས་མེད་གཅིག་ཏུ་བསྲེ་བྱས་ལ༔ གསུར་ཆེན་དུད་པ་བཏང་ཞིང་རོལ་མོ་བཅས༔ གདུང་བའི་དབྱངས་ཀྱིས་འདི་ལྟར་སྤྱན་འདྲེན་ནོ༔ ཧཱུྃ༔ འཇིགས་པའི་སྐུར་སྟོན་འཇམ་དཔལ་ནག་པོའི་སྐུ༔ ཁྲོ་རྒྱལ་འབར་བ་ཆོས་ཉིད་འགྱུར་བ་མེད༔ ཞི་བའི་ངང་ལས་དྲག་པོའི་ཚུལ་སྣང་ཞིང༔ ཅིར་ཡང་བསྒྱུར་བའི་རྣམ་འཕྲུལ་དུ་མ་ཡིས༔ དགྲ་བགེགས་བར་ཆད་ལོག་འདྲེན་འདུལ་བར་མཛད༔ འདོད་པའི་དོན་རྣམས་མ་ལུས་སྒྲུབ་པའི་ཕྱིར༔ འཁོར་དང་བཅས་རྣམས་བདག་གིས་སྤྱན་འདྲེན་ནོ༔ ཕྲིན་ལས་མྱུར་མགྱོགས་གང་ཡང་ཐོགས་པ་མེད༔ བདག་གི་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་དངོས་སུ་བྱོན་དམིགས་ལ༔ རང་རང་གནས་སུ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ༔ འབྱུང་བ་རྣམ་ལྔ་འཁྲུག་པའི་ཕོ་བྲང་དབུས༔ དགྲ་བགེགས་བསྒྲལ་བའི་ཁྲག་གི་ཀློང་རུམ་ན༔ དྲེགས་པ་ཁྲོ་ཆེན་དུར་ཁྲོད་གཞལ་ཡས་ཁང༔ དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ བམ་རོ་གསར་རྙིང་ཉི་མའི་གདན་ཁྲི་ལ༔ དཔལ་ཆེན་ཁྲོ་རྒྱལ་འཁོར་བཅས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ལྟར་བཞུགས་སུ་གསོལ་ནས་ཕྱག་འཚལ་བ་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་དབང་ཕྱུག་འཕགས་པ་འཇམ་དཔལ་ཏེ༔ ངང་ཉིད་ཆོས་ཉིད་ཞི་བའི་བདེ་ཀློང་ནས༔ གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིང༔ ཁྲོ་བོའི་ཆ་ལུགས་དགྲ་བགེགས་ལོག་འདྲེན་འདུལ༔ ཐུགས་རྗེ་ཡེ་ཤེས་འབར་བའི་མེ་དཔུང་གིས༔ ཉོན་མོངས་ལོག་རྟོག་གཞོབ་ཏུ་སྲེག་མཛད་པ༔ ཁྲོ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ས་མ་ཡ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཨེ་ཧྱེ་ཧི༔ ཞེས་གདུང་ཤུགས་ལྡན་པས་ཕྱག་འཚལ་ཞིང༔ དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྐུ་མཆོག་འདུས་པའི་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་མཐིང་ནག་ཆར་སྤྲིན་འཁྲུགས་པ་ལྟར༔ རྔམ་བརྗིད་འཇིགས་གཟུགས་འགྱུར་མེད་དག་པའི་སྐུ༔ ཕྱག་གཡས་བེ་ཅོན་ཐོད་དབྱུག་གདུག་པ་འདུལ༔ གཡོན་པས་ཐོད་ཁྲག་ཉམས་པའི་སྙིང་ཁྲག་འཐུང༔ སྤྲུལ་པའི་གཤེད་བཞི་ལས་ཀྱི་ཕོ་ཉར་འགྱེད༔ བདུད་དང་བར་ཆད་འབྱུང་པོ་བརླག་པར་བྱེད༔ ཀུན་ཀྱང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ གཤིན་རྗེ་ནག་པོ་མ་རུངས་འཇིགས་པའི་གཟུགས༔ ཁྲོ་གཏུམ་ལྕང་ལོ་རལ་པའི་ཅོད་པན་ཅན༔ སྤྲུལ་དང་ཡང་སྤྲུལ་ཁྲོ་ཚོགས་སྐུ་ལས་འཕྲོ༔ ཡེ་ཤེས་ཁྲོ་རྒྱལ་འབར་བ་འཁོར་བཅས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་པའི་རྫས་ཆེན་པོ༔ ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི༔ རཀྟའི་ཨརྒྷཾ་རྒྱ་མཚོ་འཁྱིལ་བ་དང༔ དབང་པོ་ལྔ་ཡི་མེ་ཏོག་རྒྱན་དུ་བཀྲམ༔ གསུར་ཆེན་བདུག་སྤོས་སྤྲིན་ལྟར་འཁྲིགས་པའི་ཚོགས༔ ཞུན་ཆེན་སྣང་གསལ་མར་མེ་འོད་དུ་འབར༔ དུག་གི་དྲི་ཆབ་སྔོ་དམར་བྱུག་པར་བཅས༔ མཱཾ་ས་ཤ་ཡི་ཞལ་ཟས་གྲམ་བུར་བརྡལ༔ རྐང་གླིང་ཐོད་པའི་རྔ་སྒྲ་འབྲུག་ལྟར་སྒྲོག༔ ཕྱི་ཡི་མཆོད་པ་འབུལ་གྱིས་བཞེས་སུ་གསོལ༔ སྨན་དང་རཀྟ་བདུད་རྩི་རྫས་ཀྱིས་མཆོད༔ ཤ་ཁྲག་གཏོར་མའི་པཱུ་ཛ་ཆེན་པོ་འདིས༔ འདོད་ཡོན་ནང་གི་དགྱེས་མཆོད་འབུལ་གྱིས་བཞེས༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ལ་སོགས་དུག་ལྔའི་མཆོད་པ་འདི༔ གསང་བའི་མཆོད་པ་འབུལ་གྱིས་བཞེས་སུ་སོལ༔ གཞན་ཡང་ཁྲོ་རྒྱལ་དགྱེས་པའི་རྫས་ཆེན་པོ༔ མཆོད་པའི་འོས་སུ་གྱུར་པ་ཅི་མཆིས་རྣམས༔ མཆོད་པར་འབུལ་ལོ་དགྱེས་པར་བསྐངས་ནས་ཀྱང༔ བདག་གི་འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧིཿ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཞེས་པ་རྣམས་ཀྱིས་མཆོད་པ་འབུལ་ཞིང༔ གཞན་ཡང་མཆོད་པའི་བྱེ་བྲག་གང་འོས་འབུལ༔ བསྟོད་པ་དག་ཀྱང་འོག་ནས་འབྱུང་བ་ལྟར་བསྟོད༔ དེ་ནས་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་ནི༔ བདག་ཉིད་གཙོ་མཆོག་ཐུགས་ཀར་ཉི་མའི་སྟེང༔ གནམ་ལྕགས་མཆོད་རྟེན་ཁྲི་འཕང་དགུ་པའི་དབུས༔ བྲེ་ཡི་ནང་དུ་རྡོ་རྗེ་ཧཱུྃ་གིས་མཚན༔ བུམ་པའི་ནང་དུ་བེ་ཅོན་ཡ་ཡིས་མཚན༔ རི་རབ་ནང་དུ་ཐོད་དབྱུག་བྷྱོ་ཡིས་མཚན༔ མཆོད་རྟེན་ཕྱི་རོལ་སྔགས་འབྲུ་འདི་དག་རྣམས༔ ཨོཾ་མཉྫུ་ཤྲཱི༔ ཡ་མཱན་ཏ་ཀ༔ ཀཱ་ལ་རཱུ་པ་ཧཱུྃ་ཡ་བྷྱོ༔ གསལ་འཚེར་གཟི་བརྗིད་ལྡན་པར་དམིགས་ནས་ཀྱང༔ ངག་ཏུ་བརྗོད་པས་སྔགས་རྣམས་སྒྲ་དང་བཅས༔ གཡས་སུ་འཁོར་ཞིང་སྔགས་ལས་འོད་འཕྲོས་པས༔ ཕྱི་ནང་སྣང་སྲིད་ཡོངས་ལ་ཕོག་པ་ཡིས༔ ནུས་མཐུའི་བཅུད་བསྡུས་སྔགས་ལ་ཐིམ་པས་ཀྱང༔ བཀྲག་མདངས་ནུས་མཐུའི་འོད་ཟེར་འབར་དམིགས་ཤིང༔ ཡིག་འབྲུ་བསྐོར་ལ་བཟླས་པ་དྲག་ཏུ་བྱ༔ དེ་ལྟར་ཕྱོགས་ཀྱི་གཤེད་ཆེན་བཞི་ལ་ཡང༔ བཟླས་པའི་འཕྲུལ་འཁོར་གཙོ་དང་མཐུན་པར་བྱ༔ དེ་ནི་བདག་བསྐྱེད་བཟླས་པའི་རིམ་པ་སྟེ༔ མདུན་བསྐྱེད་དག་ཀྱང་ཚུལ་ལུགས་དེ་ལྟར་ལས༔ ཐོད་པ་དུར་ཁྲོད་གཞལ་ཡས་ཁང་དུ་བསྐྱེད༔ ཕུར་པ་ཐུན་རྫས་ལྷ་ཡི་རྣལ་འབྱོར་བསྐྱེད༔ སྔགས་ཀྱི་རྣལ་འབྱོར་མགལ་མེའི་འཁྲུལ་འཁོར་བྱ༔ ཐུན་གསུམ་ལ་ནི་ལྷ་ཚོགས་ཕུར་པ་དང༔ ཐོད་པའི་ཐུན་རྫས་རྣམས་ལ་བསྟིམ་པར་བྱ༔ དེ་དག་རྣམས་ཀྱིས་བསྙེན་ཅིང་སྒྲུབ་ལ་འབད༔ ཐུན་གྱི་བར་མཚམས་གཏོར་མའི་རྣལ་འབྱོར་ནི༔ བྷནྡྷ་ཁོར་ཡུག་གཏོར་མས་གང་བ་ལྔ༔ བཤམས་པ་རྣམས་ལ་རཀྟ་བདུད་རྩིས་བྲན༔ བདག་ཉིད་ལྷ་ཡི་ང་རྒྱལ་ལྡན་པ་ཡིས༔ གཏོར་མ་རྣམས་ལ་སྡིགས་པའི་མཛུབ་མོ་གཏད༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ༔ སརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ དེ་དག་སྔགས་བརྗོད་གཏོར་མའི་ཉེས་སྐྱོན་རྣམས༔ བསངས་ཤིང་སྦྱངས་ཏེ་སྟོང་པའི་ངང་ཉིད་ལས༔ གཏོར་སྣོད་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ༔ གཞུ་ཡི་དབྱིབས་ཅན་འཆང་བཟུང་ཡཾ་གིས་མཚན༔ དེ་སྟེང་རཾ་ལས་མེ་དཀྱིལ་གྲུ་གསུམ་དཀྱིལ༔ དེ་སྟེང་ཀེཾ་ལས་ཐོད་པའི་སྒྱེད་པུ་གསུམ༔ དེ་ཡི་སྟེང་དུ་གཏོར་སྣོད་ཀ་པཱ་ལ༔ ཨ་ལས་བསྐྱེད་དེ་ཡངས་ཤིང་རྒྱ་ཆེ་བ༔ ཕྱི་དཀར་ནང་དམར་ཆོས་དབྱིངས་མཉམ་པར་བསམ༔ དེ་ཡི་སྟེང་དུ་གཏོར་མའི་ངོ་བོ་རྣམས༔ དབུས་སུ་ཤུ་ལས་བྱང་སེམས༔ ན་ལས་མིའི་ཤ༔ ཤར་དུ་མ་ལས་ཤ་ཆེན་གྱི་དྭངས་མ་ཀླད་པ༔ ད་ལས་རྟའི་ཤ༔ ལྷོར་ར་ལས་རཀྟ༔ ཧ་ལས་གླང་པོ་ཆེའི་ཤ༔ ནུབ་ཏུ་བི་ལས་དྲི་ཆེན༔ གོ་ལས་བ་ལང་གི་ཤ༔ བྱང་དུ་མུ་ལས་དྲི་ཆུ༔ ཀུ་ལས་ཁྱིའི་ཤ༔ དེ་ལྟར་རྫས་རྣམས་དཔག་ཏུ་མེད་པར་བསམ༔ ལག་པ་གཡོན་པ་གཏད་དེ་དེ་ཡི་མཐིལ༔ ཨོཾ་ལས་ཟླ་བའི་དཀྱིལ་འཁོར་ཨོཾ་དཀར་མཚན༔ དེ་ལས་འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ གཏོར་མའི་ཉེས་སྐྱོན་དྲི་མ་དག་བསམས་ལ༔ ངག་ཏུ་ཨོཾ་བརྗོད་དེ་འགྲེས་ལག་གཡས་བསྟན༔ ཨཱཿདམར་ཉི་མའི་དཀྱིལ་འཁོར་ཨཱཿཡིས་མཚན༔ གཏོར་སྣོད་གང་དམིགས་ངག་ནས་ཨཱཿཞེས་དང༔ དེ་བཞིན་ལག་པ་གཉིས་ཀ་བསྟན་ནས་ཀྱང༔ ཧཱུྃ་ཞེས་གཏོར་མ་བདུད་རྩིར་གྱུར་དམིགས་ལ༔ ཡཾ་ལས་རླུང་བྱུང་མེ་ཡི་དཀྱིལ་འཁོར་སྦར༔ ཐོད་པ་དྲོས་པས་རྫས་རྣམས་ཆིལ་གྱིས་ཞུ༔ ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་གྱིས་ལུད༔ རླངས་པ་འོད་ཟེར་ཚུལ་དུ་ཡར་འཕྲོས་པས༔ རང་བཞིན་གནས་ནས་ཡེ་ཤེས་བདུད་རྩི་བཀུག༔ དབྱེར་མེད་འདྲེས་པས་ཟག་མེད་བདུད་རྩིར་བསྒྱུར༔ ཕེཾ་ཞེས་སྒྲ་དང་འབར་བའི་ཕྱག་རྒྱ་ཡིས༔ གཏོར་མའི་མགྲོན་རྣམས་མདུན་གྱི་ནམ་མཁར་བཀུག༔ དགྱེས་པའི་ཚུལ་གྱིས་རྡོ་རྗེའི་ལྗགས་སྦུབས་ཀྱིས༔ གསོལ་ཞིང་བདག་ལ་དངོས་གྲུབ་བསྩལ་དམིགས་ལ༔ བླ་མ་ནས་བཟུང་རིམ་གྱིས་མཆོད་པ་ནི༔ རང་རང་མཚན་དང་རང་སྔགས་རྣམས་ཀྱི་མཐར༔ ཁ་ཁ་ཁཱ་ཧི་བཏགས་ཏེ་བདུན་སོགས་ཀྱིས༔ རིགས་དྲུག་ཡན་ཆད་རྐང་ཐོན་དག་ཏུ་བསྔོ༔ ཁྱད་པར་སྒྲུབ་པའི་ལྷ་ཚོགས་འཁོར་བཅས་ལ༔ ནན་ཏན་ཚུལ་གྱིས་ཉེར་གཅིག་ལ་སོགས་པས༔ གོང་གི་མཆོད་འབུལ་ཚིག་དང་བཅས་ཏེ་བསྔོ༔ གཞན་ཡང་མཆོད་པའི་འོས་རྣམས་ཐམས་ཅད་ཀྱང༔ མགྲོན་ཐབས་ཚུལ་གྱིས་དགོངས་རྒྱུད་དག་པར་བསྔོ༔ དེ་རྗེས་བསྟོད་པ་འདི་དག་གུས་པས་བསྟོད༔ ཧཱུྃ༔ ཡ་ལས་བྱུང་བའི་གཤིན་རྗེ་ནག་པོ་ནི༔ ཆར་སྤྲིན་ལྟ་བུ་ཤིན་ཏུ་གནག་པའི་སྐུ༔ བདུད་དང་བར་ཆད་ཉོན་མོངས་ལོག་འདྲེན་གཤེད༔ འཇིགས་པའི་གཟུགས་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་བསྒྲད༔ ཞལ་གདངས་མཆེ་གཙིགས་དྲག་པོའི་སྐན་སྒྲ་རྡེབ༔ སྤྱན་གསུམ་སྡང་མིག་བསྒྲད་ཅིང་གློག་ལྟར་འཁྱུག༔ ཐོད་དབྱུག་བེ་ཅོན་དགྲ་བགེགས་བདུད་དཔུང་འཇོམས༔ ཐོད་ཁྲག་དམར་པོ་ཉོན་མོངས་ཞལ་དུ་རྔུབ༔ གྲུབ་པའི་སྟོབས་འབྱིན་རྡོ་རྗེ་ཕ་ལམ་སྐུ༔ དཔའ་བོ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད༔ གོ་ཆ་ཆེན་པོ་ཕ་རོལ་ལོག་འདྲེན་གཤེད༔ དྲག་སྔགས་གསུང་སྒྲོག་སྟོང་ཁམས་ཟིལ་གྱིས་གནོན༔ ངན་སོང་གསུམ་ཡང་སྐད་ཅིག་གནས་ནས་འདྲེན༔ སྡུག་བསྔལ་རྒྱ་མཚོ་དག་ཀྱང་སྐེམ་པར་བྱེད༔ ཚངས་པའི་འདུན་ས་རྩེ་ནས་གནོན་པ་པོ༔ མ་རུངས་གཞོམ་པར་མཛད་ལ་ཕྱག་འཚལ་བསྟོད༔ ཞི་ཞིང་འཛུམ་པས་འགྲོ་རྣམས་ཐབས་ཀྱིས་སྐྱོང༔ ཁྲོ་ཞིང་གཏུམ་པས་ལོག་པར་འདྲེན་བྱེད་འདུལ༔ ཞི་ཁྲོ་འབར་བས་གར་དགུའི་ཉམས་དང་ལྡན༔ སྣ་ཚོགས་ཆོ་འཕྲུལ་སྟོན་ལ་ཕྱག་འཚལ་བསྟོད༔ སྐུ་ཡི་ཡེ་ཤེས་གཟི་བརྗིད་སྟོབས་དང་ལྡན༔ གསུང་གི་ཡེ་ཤེས་རྡོ་རྗེའི་སྒྲ་དང་ལྡན༔ ཐུགས་ཀྱི་ཡེ་ཤེས་འགྲོ་བློའི་མུན་པ་སེལ༔ སྐུ་གསུང་ཐུགས་མཆོག་འབར་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྱོད་ཀྱི་སྤྲུལ་པ་བཀའ་ཉན་རོལ་པའི་ཚོགས༔ བདུད་བཞི་འཇོམས་མཛད་དཔའ་བོ་ཆེན་པོ་བཞི༔ ཉོན་མོངས་མཚོ་སྐེམ་ཐུགས་རྗེའི་ཉི་མ་ཅན༔ གཤེད་ཆེན་ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་བསྟོད༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ༔ ཞེ་སྡང་འཇོམས་མཛད་རྡོ་རྗེ་ཁྲོ་བོའི་སྐུ༔ རྡོ་རྗེ་བེ་ཅོན་འབར་བའི་ཕྱག་ཆ་ཅན༔ མེ་ལོང་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ༔ ང་རྒྱལ་འཇོམས་མཛད་རིན་ཆེན་ཁྲོ་བོའི་སྐུ༔ རིན་ཆེན་བེ་ཅོན་དབྱིག་པའི་ཕྱག་ཆ་ཅན༔ མཉམ་ཉིད་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ༔ འདོད་ཆགས་འཇོམས་མཛད་པདྨ་ཁྲོ་བོའི་སྐུ༔ པདྨ་བེ་ཅོན་དབྱིག་པའི་ཕྱག་ཆ་ཅན༔ སོར་རྟོག་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ༔ ཕྲག་དོག་འཇོམས་མཛད་ལས་ཀྱི་ཁྲོ་རྒྱལ་སྐུ༔ རྒྱ་གྲམ་བེ་ཅོན་དབྱིག་པའི་ཕྱག་ཆ་ཅན༔ བྱ་གྲུབ་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད༔ མཐིང་སེར་དམར་ལྗང་འཇིགས་པའི་སྐུ་མདོག་ལ༔ དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་འཆང༔ ཁྲོ་གཏུམ་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་དྲག་ཤུལ་འཇིགས་པའི་ཚུལ་སྟོན་ཅིང༔ གང་ཡང་ཐོགས་མེད་རྒྱུག་པའི་མཐུ་རྩལ་ཅན༔ གཞན་རྐྱེན་བར་ཆད་སེལ་ཞིང་རྫུ་འཕྲུལ་འགྱེད༔ སྤྲུལ་པའི་འཁོར་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ འཁོར་དང་བཅས་ལ་བསྟོད་པའི་བྱིན་རླབས་ཀྱིས༔ བླུན་རྨོངས་བློ་ཡི་རབ་རིབ་བསལ་བ་དང༔ གྲིབ་དང་མི་གཙང་གཅོང་ནད་ཞི་ལ་སོགས༔ འདོད་པའི་དོན་ཀུན་གྲུབ་པར་མཛད་དུ་གསོལ༔ ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང༔ མཐུ་དང་རྫུ་འཕྲུལ་ནུས་སྟོབས་ཆེ་བ་དང༔ འཇིག་རྟེན་སྣང་སྲིད་ཟིལ་གྱིས་གནོན་པ་དང༔ ངན་སོང་ཐམས་ཅད་སྟོང་པར་གྱུར་ལ་སོགས༔ དཔལ་ཆེན་ཁྱོད་དང་མཐུ་རྩལ་མཉམ་པར་ཤོག༔ ཅེས་པས་བསྟོད་ཅིང་འདོད་པའི་དོན་ཡང་ཞུ༔ གཞན་ཡང་ཚོགས་ཀྱི་མཆོད་པའི་བྱེ་བྲག་རྣམས༔ གསང་སྔགས་གཞན་ལས་ཇི་ལྟར་འབྱུང་བཞིན་བྱ༔ དེ་ལྟར་བསྙེན་ཅིང་སྒྲུབ་པའི་རིམ་པ་ཡིས༔ རྟགས་དང་མཚན་མའི་རིམ་པ་འདི་ལྟར་འབྱུང༔ དངོས་དང་ཉམས་དང་རྨི་ལམ་ལ་སོགས་པར༔ རབ་འབྲིང་ཐ་མའི་བློ་དང་མཐུན་རྣམས་ལ༔ ཞལ་སྟོན་ཉམས་འབར་སྔགས་ཀྱི་སྒྲ་སྒྲོག་དང༔ ལུང་སྟོན་ཆོས་སྨྲ་མཁའ་ལ་འཕུར་བ་དང༔ ཐོད་པ་ཚག་དང་ཐུན་ཁོལ་འོད་ཆེན་འབར༔ ཐོག་དང་སེར་བ་འབེབས་སྙམ་འཇིགས་སྐྲག་སྔངས༔ བག་དྲོ་བྱིན་ཆགས་རང་སྣང་འགྱུར་བ་དང༔ ཁྲོམ་ཚོགས་དམག་འདུ་དར་འཕྱར་དུང་འབུད་དང༔ ཉི་ཟླ་ཤར་དང་ཁྲུས་བྱས་གོས་གསར་གྱོན༔ གཅན་གཟན་བཏུལ་ནས་བྲན་བཀོལ་བྱ་གཅན་བཟུང༔ དེ་སོགས་གཞན་ཡང་བསམ་གྱིས་མི་ཁྱབ་འབྱུང༔ དེ་དག་རྣལ་འབྱོར་རང་རང་རིག་པས་དཔྱད༔ རྟགས་རྣམས་རྫོགས་ནས་རྗེས་ཀྱི་ལས་རིམ་བྱ༔ གཏང་རག་མཆོད་གཏོར་རྒྱ་ཆེན་ཕུལ་ནས་ཀྱང༔ ཡེ་ཤེས་ལྷ་རྣམས་ཕུར་པ་ཐུན་ལ་བསྟིམ༔ དམ་ཚིག་སེམས་དཔའ་རང་ཉིད་ཐུགས་ཀར་བསྡུ༔ སྣང་སྲིད་གཞལ་ཡས་ཚོགས་དང་བཅས་པ་རྣམས༔ རང་ལ་བསྟིམས་ཤིང་རང་ཡང་ཐུགས་ཀ་ཡི༔ ཡིག་འབྲུ་བཅས་པ་མཆོད་རྟེན་དག་ལ་བསྟིམ༔ དེ་ཉིད་ཧཱུྃ་ཡ་བྷྱོ་གསུམ་དག་ལ་བསྡུ༔ དེ་གསུམ་དག་ཀྱང་རིམ་གྱིས་མས་རིམ་བཞིན༔ གཅིག་ལ་གཅིག་ཐིམ་ཧཱུྃ་ལ་བསྟིམས་ནས་ནི༔ ཧཱུྃ་ཉིད་དམིགས་མེད་མཁའ་ལ་འཇའ་ལྟར་ཡལ༔ ཞེན་མེད་རྟོག་བྲལ་བརྡལ་ཁྱབ་རོལ་པར་བལྟ༔ གཉིས་མེད་ངང་བཞག་རྡོ་རྗེ་དེ་ཉིད་བསྒོམ༔ ཉེས་བྱས་བཟོད་གསོལ་ཡིག་བརྒྱས་ལྷག་ཆད་བསྐང༔ གཏོར་མ་གཤེགས་ཤིང་ཐུན་ཆང་ཕུར་པ་འཛིན༔ ཐོད་རིལ་དག་ཀྱང་མི་མཐོང་གནས་སུ་སྦ༔ དཀྱིལ་འཁོར་ཕྱི་སོགས་ལས་རྗེས་མི་མངོན་བྱ༔ དགེ་རྩ་རང་གཞན་བྱང་ཆུབ་ཆེན་པོར་བསྔོ༔ འདི་ནི་འཇམ་དཔལ་ནག་པོའི་ཐུགས་སྒྲུབ་སྟེ༔ མ་བུ་ཆ་ལག་བསྡེབས་དང་བཅས་པ་རྣམས༔ ཕྱི་རབས་དོན་དུ་གུད་དུ་ཐེམས་སུ་སྦས༔ རྒྱས་པར་ཚེ་བདག་ལས་སྒྲུབ་ཆེན་མོར་ལྟོས༔ འདི་ནི་གཅིག་ཆོག་གཞན་ལ་མ་ལྟོས་ཤིང༔ བར་ཆད་བསྲུང་ཕྱིར་སྲུང་བའི་ཡིག་ཆུང་སྟེ༔ ཕྱི་རབས་བསྟན་སྲུང་གཅིག་དང་འཕྲད་པར་ཤོག༔ ཡབ་ཡུམ་སྲས་གསུམ་་་དོང་བདག་ཡབ་རལ་པ་ཚར་དགུ །ཡུམ་སྲིན་མོ་སོ་བདར། སྲས་རྡོ་རྗེ་བྲག་བཙན་་་ཁྱོད་ཀྱིས་བཀའ་འདི་སྲུངས༔ གཏེར་རྐུན་དམ་མེད་བྱུང་ན་དབང་པོ་སྣུབས༔ ཨོ་རྒྱན་གསུང་སྲས་བྱུང་ཚེ་བཀའ་འདི་གཏོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ ༁ྃ༔ ྈྈྈྈྈ ཤྲཱི་ཡ་མཱན་ཏ་ཀ་མཉྫུ་ཤྲཱི༔ འཇམ་དཔལ་འཆི་བདག་གཤིན་རྗེ་ནག་པོའི་བསྙེན་སྒྲུབ་ཐེམས་ནས་ལས་ལ་སྦྱར་བའི་རིམ་པ་ནི་གསུམ་སྟེ༔ སྲུང་བ་རྡོ་རྗེའི་གོ་ཁྲབ༔ ཟློག་པ་རལ་གྲིའི་འཁོར་ལོ༔ བསད་པ་ལས་ཀྱི་སྤུ་གྲི་དང་གསུམ༔ དང་པོ་ལ་རྫས་གསག་པ༔ ཙཀྲ་བྲི་བ༔ མཆོད་རྟེན་བཅའ་བ༔ ཏིང་འཛིན་བསྒོམ་པ༔ བཟླས་པ་བྱ་བ༔ རང་གཞན་ལ་སྲུང་བ་གདགས་པ༔ གོ་ཆ་བགོ་བ་དང་བདུན་ལས༔ དང་པོ་རྫས་གསག་པ་ལ་གཉིས༔ ཙཀྲའི་རྫས་དང་མཆོད་རྟེན་རྫས་གཉིས༔ དང་པོ་ནི༔ ལུས་སྲུང་བའི་རྫས་སྨན་བཟང་དྲུག༔ ངག་སྲུང་བའི་རྫས་སྔགས་པ་ནུས་པ་ཅན་གྱི་སྒྲུབ་རྫས་གང་རྙེད༔ ཨ་མྲྀཏ༔ ཡིད་སྲུང་བའི་རྫས་གླང་སྟག་རི་བོང་སྙིང་ཁྲག་དང༔ གཅན་གཟན་གྱི་ཁྲག་གང་འཛོམ༔ དེ་རྣམས་ཀྱི་ནུས་པ་འབྱིན་པར་བྱེད་པ་རྒྱ་སྣག༔ ཙཀྲ་བྲི་བའི་གཞིར་རབ་ཞིང་ལྤགས༔ འབྲིང་རོ་རས༔ ཐ་མ་གྲོ་ཤོག་རྣམས་གང་འཛོམ་གསག༔ མཆོད་རྟེན་གྱི་རྫས་ནི༔ བྱིན་རླབས་ཅན་གྱི་རྫས་གང་རྙེད་དང༔ ས་སྣ་མི་གཅིག་པ་་་ཡུལ་མི་འདྲ་བ་་་ཉི་ཤུ་རྩ་གཅིག༔ ཆུ་སྣ་མི་གཅིག་པ་་་འབབ་ཆུ་མི་གཅིག་པ་་་ཉེར་གཅིག༔ འབྲུ་སྣ་ལྔ༔ རིན་ཆེན་ལྔ༔ སྨན་ལྔ༔་་་སྙིང་པོ་ལྔ༔ དེ་རྣམས་གང་རྙེད་གཞན་དང་མཐུན་པར་གསག༔ དེ་ནི་རྫས་གསག་པའོ༔ གཉིས་པ་ཙཀྲ་བྲི་བ་ནི༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ ཙཀྲ་བྲི་བའི་རྫས་རྣམས་ལེགས་པར་བཏུལ༔ དར་རས་ལ་སོགས་པའི་གཞི་མ་ལ༔ དང་པོར་ལྟེ་བར་མུ་ཁྱུད་གཅིག་བསྐོར་བའི་ལྟེ་བར་ཧཱུྃ་ཡ་བྷྱོ་ཡི་མཐའ་སྐོར་དུ༔ འདི་འཆང་བའི་ཆཻག་ལ་སྲུངས་ཤིག༔ མ་མ་རཀྵ༔ ཞེས་པ་བྲི༔ ལྟེ་རྒྱབ་མུ་ཁྱུད་གཅིག་བསྐོར་བ་ལ༔ ཨོཾ་མཉྫུ་ཤྲཱི༔ ཡ་མཱན་ཏ་ཀ༔ ཀཱ་ལ་རཱུ་པ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་གཅིག་བསྐོར་བ་ལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ༔ ཧ་ན་མ་ཐཱ་བཛྲ༔ ཀཱ་ཡ་ཨ་དྷྱེ་ཏ་ཨ་བྷི་ཥིཉྩ་རཀྵ་ཧཱུྃ་སྭཱ་ཧཱ༔ ཞེས་པ་བྲི༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་བྲིས་པའི་ཤར་དུ༔ ཨོཾ་དྷེ་ཤ་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ལྷོར༔ ཨོཾ་མཱན་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ནུབ་ཏུ༔ ཨོཾ་རཱ་ག་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ བྱང་དུ༔ ཨོཾ་ཡ་ར་ཡ་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ཅེས་བྲི༔ མཆན་བཞི་ལ༔ དང་པོ་ནས་རིམ་པར༔ མ་མ་ཀཱ་ཡ་རཀྵ༔ མ་མ་ཝཱ་ཀ་རཀྵ༔ མ་མ་ཙིཏྟ་རཀྵ༔ མ་མ་པ་རི་ཤ་བཱ་དྱེ་ས་ད་ན་རཀྵ༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ༔ སརྦ་བྷི་དྱ་ཀཱ་ལ་རཱུ་པ༔ ཨེ་ཨཱ་རལླི༔ ཡ་མཱན་ཏ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ འཆང་བ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་མི་དང་མི་མ་ཡིན་པའི་གདོན་དང་གདུག་པར་བྱེད་པ་ཐམས་ཅད་ལས་བསྲུང་དུ་གསོལ༔ ཅེས་པ་ལ་སོགས་གང་བསྲུང་བར་འདོད་པ་དེ་ཉིད་ཀྱི་སྲུང་བ་སྤེལ་ཚིག་ཇི་ལྟར་འདོད་པ་བཀོད་པའི་རྗེས་ལ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི་སོགས་ནས༔ ཨཾ་ཨ༔ ཨོཾ་ཡེ་དྷརྨཱ་སོགས་ནས༔ ཎ་སྭཱ་ཧཱ༔ ཀ་ཁ་ག་གྷ་ང་སོགས་ནས༔ ཤ་ཥ་ས་ཧ་ཀྵ༔ ཞེས་པ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཕྱོགས་བཞིར་བེ་ཅོན་ཐོད་དབྱུག་ཡས་མཚན་པ་བཞི༔ མཚམས་བཞིར་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་བཞི་བྲི༔ ཕྱི་རོལ་མེ་རིས་བསྐོར༔ དེ་དག་ལ་རྒྱ་མཚལ་དང་གུར་གུམ་དང༔ བདུད་རྩི་ཨ་མྲྀཏ་དང༔ ཆོས་སྨན་ལ་སོགས་པ་བྱིན་རླབས་ཅན་གྱི་རྫས་ཀྱི་ཆུས་བྱུག༔ མཛེས་ཤིང་ཡིད་དུ་འོང་བར་བྱ༔ ཡི་གེ་རྣམས་ཀྱང་དབུ་ཅན་དུ་བྲིའོ༔ དེ་ནི་སྲུང་བ་བྲི་བའི་རིམ་པའོ༔ མཆོད་རྟེན་བཅའ་བ་ནི༔ བཀྲ་ཤིས་དུས་ཚེས་ཤིས་པའི་ཉི་མ་ལ༔ མཆོད་རྟེན་སྒྲུབ་པ་པོས་ཁྲུ་གང་བ་འོག་ཏུ་རྡོ་རྗེའི་གདན་སོར་བཞི་གྲས་བརྩིགས་པའི་སྟེང་དུ༔ གོང་དུ་བསྟན་པའི་རྫས་རྣམས་སྭ་བྷཱ་ཝས་སྦྱང༔ ཨོཾ་རཏྣ་བྷྲཱུྃ་ཁཾ་ཧྲཱིཿསྭཱ་ཧཱ༔ ཞེས་བརྗོད་པས་རྒྱུ་དེ་དག་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ལྡན་པར་དམིགས་ལ༔ རྫས་རྣམས་ལྡེ་གུར་སྦྱར་བའི་ནང་དུ་རས་བལ་གྱི་སྦུན་བསྲེས་ལ༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་རྩ་སྔགས་རྟེན་འབྲེལ་སྙིང་པོའི་ཤམ་བུ་ཅན་ངག་ཏུ་བརྗོད་ཅིང་བརྩིག་པར་བྱ་བ་ནི༔ བང་རིམ་གསུམ་པའི་སྟེང་དུ་རི་རབ་ཁོང་སེང་ཅན་དབྱིབས་གྲུ་བཞི་པ༔ དེའི་སྟེང་དུ་བང་རིམ་གཉིས་ཕྱིར་ཕྱོགས་པའི་སྟེང་དུ༔ རྡོ་རྗེའི་གདུང་ཆེན་གཅིག་པ༔ དེའི་སྟེང་དུ་བང་རིམ་གཉིས་ནང་དུ་ཅུང་ཞིག་ཆ་ཕྲན་རེ་རེས་འདུས་པར་བྱས་པའི་སྟེང་དུ༔ བུམ་པ་དབྱིབས་ཟླུམ་ཞིང་སྟོད་རྒྱས་པ་ནང་ཁོང་སེང་དང་ལྡན་པ༔ དེའི་སྟེང་དུ་བྲེ་ཕུལ་ཆོས་འཁོར་ནོར་བུའི་ཆར་ཁེབས་ཏོག་དང་བཅས་པ་བརྩིགས་ཏེ༔ དེ་ཡང་ཆུ་ཞེང་ལྡན་པ་ནང་ཐམས་ཅད་དྲི་བཟང་པོའི་ཆུ་དང༔ བྱིན་རླབས་ཅན་གྱི་རྫས་ཀྱིས་བྱུགས༔ ཕྱི་ཐམས་ཅད་རིན་པོ་ཆེ་བཞུས་པའི་ཁུ་བ་ལ་སོགས་དཀར་སེར་དམར་ལྗང་མཐིང་གས་རྣམ་པར་མཛེས་པར་བྱུགས་པ་དར་སྣ་ཚོགས་ཀྱི་ཅོད་པན་དང༔ རིན་པོ་ཆེའི་ཕྲེང་བས་སྤྲས་པ༔ ཤིན་ཏུ་མཛེས་ཤིང་བྱིན་རླབས་དང་ལྡན་པར་བཞེངས་པའི་རི་རབ་ཀྱི་ནང་དུ༔ ཆོས་སྐྱོང་དང་ནོར་ལྷའི་སྙིང་པོ་སྲོག་འཁོར་དང་བཅས་པ་གཞན་ནས་འབྱུང་བ་ལྟར༔ རིན་པོ་ཆེ༔ དར་ཟབ༔ འབྲུ་སྨན༔ ཟས་ལ་སོགས་པ་གང་བར་བཞུགས༔ བུམ་པའི་ནང་དུ་གོང་དུ་བསྟན་པའི་ཙཀྲ་རབ་ཏུ་གནས་པའི་ཆོ་ག་རང་སྔགས་དང་བཅས་པ་སྤྱི་གཞུང་ལྟར་བྱས་ལ་དར་སྣ་ལྔས་དྲིལ༔ དེ་བྱིན་རླབས་ཅན་གྱི་རྟེན་རྫས་སྣ་ཚོགས་དང་བཅས་ཏེ༔ རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱ༔ གང་བསྲུང་བར་འདོད་པའི་བསྲུང་བྱ་རྣམས་ཀྱི་མིང་སྤེལ་སྲུང་བའི་ཤམ་བུ་ཅན་གཞུག༔ གཞན་ཡང་བྱིན་རླབས་ཅན་གྱི་སྙིང་པོའི་གཟུངས་སྔགས་བཞུགས་པར་འོས་པ་རྣམས་ཀྱང་གཞན་ནས་གསུངས་པ་ལྟར་ཚུལ་ལྡན་དུ་གཞུག་ལ༔ མཚམས་དམ་པར་སྦྱར་ལ་རླུང་མི་ཐར་བར་བྱའོ༔ དེ་ལྟར་བཞེངས་པའི་པུ་རི་དེ་ཉིད་དགེ་སློང་ཁྲིམས་ལྡན་བཞིས་རབ་ཏུ་གནས་པའི་ཆོ་ག་ལེགས་པར་བྱས་ལ༔ སྒྲུབ་ཁང་གི་ཡང་དབེན་ལ་སོགས་པ་གཞན་གྱིས་མི་མཐོང་ཞིང་སྒྲུབ་པ་པོས་བསྐོར་བ་བྱེད་པའི་གནས་སུ་བཞུགས་སུ་གསོལ་ལོ༔ ཟླ་བ་ཡར་ངོ་ལ་བབ་པའི་ཚེ་བསྒྲུབ་པར་བྱའོ༔ དེ་དག་ནི་མཆོད་རྟེན་བརྩིགས་པའོ༔ དེ་ནས་སྒྲུབ་པ་བྱ་བ་ནི༔ དང་པོ་དམིགས་པ་ནི༔ རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་གཞུང་ལྟར་བྱས་ལ༔ མཆོད་རྟེན་དེ་ཉིད་སྟོང་པའི་ངང་ལས་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་མཆོད་རྟེན་གྱི་རྣམ་པ་ལ་གང་གིས་ཀྱང་མི་ཆོད་པ༔ མི་ཤིགས་པ༔ བརྟན་པ༔ སྲ་བ༔ ནམ་དུ་ཡང་ཆགས་འཇིག་མི་མངའ་བ་ལས༔ གཟི་བརྗིད་དང་ལྡན་པ་དང་གཞལ་ཡས་ཁང་མངོན་རྟོགས་ལྟར་གསལ་བའི་དབུས་སུ་ཙཀྲ་དེ་ཉིད་ལྷ་ཚོགས་བཞུགས་པའི་ཕོ་བྲང་ལས་ཀྱང་ཡིག་འབྲུ་ཐམས་ཅད་ལྷར་གསལ་ཏེ༔ དེ་ཡང་མངོན་རྟོགས་ནས་འབྱུང་བ་ལྟར་ལྷ་བསྐྱེད་ཅིང་ཁྱད་པར་དུ་གཙོ་བོའི་ཐུགས་ཀར་མཆོད་རྟེན་མཐིང་ནག་འོད་དུ་འབར་བ་ཞིག་གསལ་བའི་བུམ་པར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འབར་བའི་ལྟེ་བར་ཉི་མ་དང་ཟླ་བའི་གའུ་ཁ་སྦྱོར་བའི་ནང་དུ༔ ཧཱུྃ་ཡ་བྷྱོ་གསུམ་བརྩེགས་མར་བསྐྱེད་པའི་སེང་རྭ་རྣམས་ཀྱི་བར་བར་དུ་གང་བསྲུང་བར་འདོད་པ་རྣམས་ཀྱང་འཕགས་པ་འཇམ་དཔལ་གྱི་རང་བཞིན་དང༔ ངག་ནས་ཨོཾ་ཝཱ་གཱི་ཤྭ་རི་མཱུཾ་གྱི་སྒྲ་དི་རི་རི་སྒྲོག་པ༔ བསྲུང་བྱ་རྫས་ཀྱི་རིགས་རྣམས་མཆོད་རྟེན་གྱི་རྣམ་པར་གཟི་བརྗིད་དང་ལྡན་པར་བསྐྱེད༔ དེ་རྣམས་ཀྱི་མཐའ་སྐོར་དུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་མཉྫུ་ཤྲཱི༔ ཨྱཻ་ཡ་མཱན་ཏ་ཀ༔ ཨ་ཀྲོ་ཏེ་ཀ༔ ཀཱ་ལ་རཱུ་པ༔ ས་མ་ཡ༔ ཛྙཱ་ན་སཏྭ༔ མ་མ་རཀྵ༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ རཀྵ་ཀུ་རུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་རྣམས་ཀྱིས་བསྐོར་བར་དམིགས་ཤིང༔ རང་གི་ངག་ནས་བརྗོད་པས་ཡིག་འབྲུ་དེ་དག་ཐམས་ཅད་བསྲུང་བྱ་ས་བོན་འབྲུ་གསུམ་དང་བཅས་པ་ལ་གཡས་སྐོར་དུ་བསྐོར་ཞིང་འཁོར་བས་སྔགས་ཀྱི་རང་སྐད་དི་རི་རི་གྲགས་ཤིང་སྔགས་འབྲུ་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་ནང་དུ་འཕྲོས༔ བསྲུང་བྱ་ལ་ཕོག་པས་བསྲུང་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ནས་ནུས་པའི་སྟོབས་ཕུན་སུམ་ཚོགས་ཤིང་བཀྲག་དང་གཟི་མདངས་དང་ལྡན་པར་གྱུར་ཏོ༔ འོད་ཟེར་ཕྱིར་འཕྲོས་པ་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ལ་ཕོག་པས་དེ་དག་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས༔ འོད་ཟེར་གྱི་ཚུལ་དུ་བྱོན་ནས་མཆོད་རྟེན་བསྲུང་བྱ་དང་བཅས་པ་ལ་སིབ་སིབ་ཐིམ་པས་མཆོད་རྟེན་བྱིན་རླབས་དང་ལྡན་པར་གྱུར༔ བསྲུང་བྱ་ཐམས་ཅད་ཀྱང་ཐ་མལ་གྱི་གཟུགས་གདོས་བཅས་མ་ཡིན་པར་འཇམ་དཔལ་ལ་སོགས་པར་གྱུར་ནས་བར་དུ་གཅོད་པའི་གནོད་བྱེད་འབྱུང་པོ་གང་དང་གང་གིས་ཀྱང་མི་ཚུགས་པར་བསམས་ལ་གོང་གི་བཟླས་པ་རྣམས་བྱའོ༔ བཟླས་པ་སྔགས་ཀྱི་རིམ་པ་ནི༔ འདིར་མན་ངག་བསྟན་པ་ནི༔ ༧༨ ༼༡༽ ༔ཟཟ་ཚྪི་ཏ་ཚིག་ན་ཙ<!TCC Tibetan character 4,200 undefined in unicode!>ེང་འཇྶེ་ཆ་ཝྦྷིན་ཅོ་ཡན་ཝྞ་ཇ་ཝུ་ཇ་ཨྩ་ཝོ༔ ༔ ༈ རང་གཞན་ལ་སྲུང་བ་གདགས་པའི་རིམ་པ་ནི༔ པུ་རི་ལ་བཞུགས་པའི་ཙཀྲ་དེ་ཉིད་ལ༔ སྲུང་བའི་དམིགས་པ་ལྡན་པར་བྱས་ལ༔ ཙཀྲ་དེ་ཉིད་དུ་ཡོད་པའི་སྔགས་དང༔ སྲུང་སྔགས་དངོས་རྣམས་བརྒྱ་རྩ་རེས་རབ་གནས་བྱས་ཏེ༔ ཞིང་ལྤགས་ཁུད་དུ་དྲིལ་ལ་བསྲུང་བྱའི་མགུལ་དུ་གདགས༔ གལ་ཆེ་ན་བསྲུང་བྱ་ཙཀྲ་དང་བཅས་པ་ལ་རབ་གནས་བྱས་ལ༔ བསྲུང་བྱ་མཆོད་རྟེན་དུ་དམིགས་ལ༔ དེའི་དམིགས་པའི་རིམ་པ་གོང་ལྟར་བྱ༔ དེས་ནི་སྲུང་བྱེད་ཙཀྲ་དེ་དང་མ་བྲལ་གྱི་བར་དུ་བསྲུང་ཞིང༔ གནོད་འཚེ་མཐའ་དག་དང་བྲལ་བར་འགྱུར་རོ༔ ལུས་ངག་ཡིད་གསུམ་བདེ་བ་ལ་གནས་པར་འགྱུར༔ དཀོན་མཆོག་གི་སྤྱི་དགྲ་དང་སྡིག་ཅན་ལ་གདགས་པར་མི་བྱའོ༔ དེ་ནི་སྲུང་བ་གདགས་པའི་རིམ་པའོ༔ སྒྲུབ་པོ་རང་ཉིད་ལ་གདགས་ནའང་ཚུལ་དེ་ཉིད་དོ༔ གོ་བགོ་བ་ནི༔ རྣལ་འབྱོར་པ་གང་དག་ལ་ཕ་རོལ་གྱི་བྱད་བྱེད་པ་དག་བསྲུང་བའམ༔ རིམས་ནད་ལ་སོགས་ཏེ༔ དམིགས་སྒོ་ཅན་གྱི་འཚེ་བ་བསྲུང་བ་དང༔ རྒྱུན་གྱིས་སྲུང་འཁོར་སྒོམ་པར་འདོད་པས༔ ནམ་གྱི་ཚེ་བསྲུང་བར་འདོད་པ་དེའི་ཚེ༔ སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ་སོང་བས༔ སྐད་ཅིག་གིས་རང་གཞན་གང་བསྲུང་བའི་ལུས་དེ་ཉིད་འཇམ་དཔལ་ནག་པོའི་མངོན་རྟོགས་ལྟར་བསྒོམས་ལ༔ ཁྲོ་རྒྱལ་དེའི་ལུས་ཀྱི་བུ་ག་ཐམས་ཅད་སྣ་ཚོགས་རྡོ་རྗེས་བཅད༔ བ་སྤུ་ཐམས་ཅད་གནམ་ལྕགས་གྱི་རལ་གྲི་མེ་འབར་ཞིང་རྩེ་མོ་ཕྱིར་ཕྱོགས་པ་ལའང༔ གནམ་ལྕགས་ཀྱི་རལ་གྲིའི་འཁོར་ལོ་འཁོར་བའི་ཚྭ་ཚྭ་དཔག་ཏུ་མེད་པ་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་རང་གཞན་ལ་གནོད་པར་བྱེད་པའི་བྱད་མ་ལ་སོགས་གང་གནོད་པ་དེ་དག་གི་ལུས་ལ་ཕོག་པས་དེའི་ལུས་རྡུལ་ཕྲ་རབ་ལྟར་དུམ་བུར་ཐར་ཐར་སོང་སྟེ༔ རལ་གྲིའི་འཁོར་ལོ་དྲག་ཏུ་འཁོར་བའི་ཤུགས་ཀྱིས་རླུང་དྲག་པོ་བྱུང་བས༔ དུམ་བུ་ཐམས་ཅད་ཀྱང་གཏོར་ནས་རྗེས་མེད་དུ་སོང་བར་དམིགས་ནས༔ སྔགས་དེ་ཉིད་གཞན་ཚིག་གིས་བར་མ་ཆོད་པར་དྲག་ལ་མྱུར་བ་བརྒྱ་རྩ་བརྒྱད་བཟླ༔ སརྦ་ཤ་ཏྲཱུཾ་བྱད་མ་གནོད་བྱེད་སརྦ་ཨ་གྷུ་ཤ་ཧ་ར་ས་ར་ཏྲ་ས་ཡ༔ བེ་ག་ར་ན་བྷིན་དྷ་བྷིན་དྷ་ཏཱིཀྵྞ་ཙཀྲ་ཧ་ར་ཚིན་དྷ་མཱ་ར་ཡ་ནུར་ནུར་ཨྱཻ་ས་ཀྲ་མ་བྷྱོ༔ ཞེས་པ་དང༔ གཞན་ཡང་གང་ཤེས་བཟླས་པར་བྱའོ༔ དེ་དག་གི་དུས་ནི༔ ༼༢༽ མི་ཉ་ལེ་ཙ་ཁང་གན་ཝ་གཅྕག་ཅ་ཙ་བྱའོ༔ དེ་ལྟར་ཚར་བའི་རྗེས་ལ་དམིགས་མེད་ཀྱི་རྒྱས་གདབ༔ ཡང་ན་སྲུང་བའི་འཁོར་ལོ་མཆོད་རྟེན་བསྒོམ་པར་བྱའོ༔ དེ་དག་ནི་གོ་བགོ་བའི་རིམ་པའོ༔ སྲུང་བའི་ལས་རིམ་མོ༔ ཟློག་པ་རལ་གྲིའི་འཁོར་ལོ་ནི༔ གང་གིས་ཕ་རོལ་གྱི་བྱད་ཟོར་ལ་སོགས་པ་རིག་སྔགས་ཀྱི་སྦྱོར་བ་ངན་པ་བཟློག་པར་འདོད་པས་དུས་ལ་བབ་པའི་ཚེ་གཏོར་མཆོད་གཞུང་དང་མཐུན་པར་བཤམ༔ ཁྱད་པར་འབྲུ་ནག་ལས་བྱས་པའི་གཏོར་མ་དབལ་གསུམ་པ་མཐོ་གང་བ་དྲག་པོའི་སྣོད་དུ་བཅའ་ཞིང་དེ་ལ་མཚེ་དང་ཡུངས་དཀར་སྐྱེར་པའི་ཚེར་མ་བཙུག༔ ཤ་ཁྲག་གིས་བརྒྱན་ལ་གཏོར་མའི་འོག་ཏུ་བྱད་མའམ༔ གང་གནོད་པའི་ལིངྒ་མིང་རུས་དང་བཅས་པ་ཁྲག་གིས་བྱུགས་ལ་མནན༔ གཏོར་མ་དེ་ཉིད་འཇམ་དཔལ་ནག་པོར་བསྐྱེད༔ ལིངྒ་དེ་ལ་བྱད་མ་དང་གནོད་བྱེད་དགུག་གཞུག་དྲག་པོ་བྱ༔ ལྷ་དབྱེ་དྲག་པོ་ངན་སྔགས་གཞན་སྤྱི་མཐུན་ལྟར་བྱའོ༔ གདབ་ལས་བྱ་ཞིང་དགྲ་བགེགས་གནོད་བྱེད་བྱད་མ་དངོས་སུ་དམིགས༔ སྔར་གྱི་སྒྲུབ་ཕུར་དེ་ལས་ཀྱི་གཤིན་རྗེར་བསྐྱེད་ལ་རཱུ་པ་དེའི་སྤྱི་བོར་གཟུག༔ ༼༣༽ ཆུ་ཙ་ཅ་གེ་ཇྱག་ཉ་གེ་ཡི་ཆྭ་ཝཙུན་གུ་ཇ་ཝ་ཉ༔ ཙ་ན་ད་ཛེག་ཙན་ཚ་ཆ་ཇ་ཅོ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་སྔོན་དུ་སོང་བས༔ འཇམ་དཔལ་ནག་པོའི་ལྷ་ཚོགས་སྒྲུབ་པ་ལྟར་བསྒོམས་ཤིང་བཟླས་པ་ཅི་རིགས་པར་བྱ༔ གཏོར་མ་རྣམས་ཀྱང་གཞུང་ལྟར་བསྔོས་ལ་དེའི་རྗེས་སུ༔ ཟློག་གཏོར་དེ་ཉིད་སྟེགས་ཀྱི་སྟེང་དུ་བཞག་ལ༔ གཏོར་མ་དེ་ཉིད་ལས་ཀྱི་གཤིན་རྗེ་ནག་པོ་གདོང་སོལ་བ་བཅག་པ་ལྟར་ནག་ཅིང་འཇིགས་པ་རྒྱན་མེད་གཅེར་བུ་མཚན་མ་གྱེན་དུ་ལངས་པ༔ སྐྲ་སྤྱི་བོར་བཅིངས་པ་མི་སྡུག་པའི་གཟུགས་ཅན༔ ལག་པ་གཡས་པས་ཕུར་པ་ལྷར་བསྐྱེད་པ་དེའི་སྐྲ་ནས་འཛིན་ཅིང༔ གཡོན་པས་བྱད་མ་ལ་སོགས་གནོད་བྱེད་དེའི་སྲོག་རྩ་བཏོན་ནས་ཁར་འཇུག་པར་བསྐྱེད་ཅིང༔ གཏོར་མ་དེ་ནི་གནོད་བྱེད་ཀྱི་གཤེད་དུ་གྱུར་པ་བྱད་མ་གནོད་བྱེད་ལྷག་མ་མེད་པ་རཱུ་པ་དེར་གསལ་བ༔ ཕུར་པ་ལྷར་གསལ་བས་ཟོས༔ ཕུར་པའི་ལྷ་ལས་ཀྱི་གཤིན་རྗེའི་ཐུགས་ཀར་བསྟིམས་པའི་དམིགས་པ་བྱས་ལ༔ ཟློག་སྔགས་འདི་ཉིད་དྲག་ཏུ་བཟླ༔ ཨྱཻ་ཨ་ཀྲོ་ཏེ་ཀ༔ ཡ་ཡ་མཱན་ཏ་ཀ༔ ཀ་ཀཱ་ལ་རཱུ་པ༔ ཤྲཱི་མཉྫུ་ཤྲཱི༔ ཨོཾ་ཧཱུྃ་བྷྱོ༔ ཏྲིག་ཁྲོཾ་བྷྱོ༔ ཨོཾ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རག་མོ་རག་ཤན་བྷྱོ༔ ཏིཾ་ཡ་རཀྴ་བྷྱོ༔ ཤ་ཏྲཱུཾ་མཱ་ར་ཡ༔ ཡ་མ་རཱ་ཙ་ཀཱི་ལ་ཡ་བྷྱོ༔ ཞེས་བཟླས་ཤིང་ཕྲེང་བ་ཕྱིར་དོར་རོ༔ མཆིལ་ལུད་ཕྱིར་དོར༔ བཟླས་པ་བརྒྱ་རྩ་བརྒྱད་བྱས་ཏེ༔ ཕུར་པས་རཱུ་པའི་མགོ་དང་ཡན་ལག་ཕྱིར་ཕྱོགས་པར་གདབ་ཅིང༔ གཏོར་མ་དམིགས་པའི་ཕྱོགས་སམ་དུས་གཟའ་རྒྱུ་ཕྱོགས་དང་བསྟུན་ལ་ཟོར་དུ་འཕངས་པས་རང་གཞན་ལ་གནོད་པར་བྱེད་པའི་བྱད་ཁ་ཕུར་ཟོར་ལ་སོགས་རིག་སྔགས་ངན་པ་ཐམས་ཅད་བཟློག་ནས་རང་གཤེད་རང་ལ་ཕབ་པར་བསམ་ཞིང༔ དུལ་མོ་གདུལ༔ དམོད་བོར༔ ཡར་ལོག་དུས་ཕྱི་མིག་མི་བལྟ༔ སླར་སྣོད་དེ་སྔར་ལྟར་བཤམ༔ དེ་ལྟར་གཏོར་སྒྲུབ་ཞག་ཏུ་བྱེད་པའི་དགོང་མོའི་རིགས་ལ་ཟློག་གཏོར་ཐུན་མ་ཆག་པར་བྱའོ༔ འདི་ལ་གཏོར་ཟློག༔ སྔགས་ཟློག༔ སྲུང་ཟློག་གསུམ་ལས་དེ་ནི་གཏོར་ཟློག་གོ༔ སྔགས་ཟློག་ནི༔ རང་ཉིད་འཇམ་དཔལ་ནག་པོར་བསམས་ལ༔ ཉི་མ་དགོང་མོར་ཟློག་སྔགས་དེ་ཉིད་ལ་བརྒྱ་རྩ་བརྒྱད་རེ་རྟག་ཏུ་བཟླས་པས་ཕུར་ཐོགས་སྟོང་གིས་ཀྱང་ཚུགས་པར་མི་འགྱུར་ཞིང༔ ཕར་ལ་འཇོམས་པའི་ནུས་པ་དང་ལྡན་པར་འགྱུར་རོ༔ སྲུང་ཟློག་ནི༔ རོ་རས་ལ་ཐུན་དང་རྒྱ་སྣག་བསྲེས་པའི་ཁུ་བས་དབུས་སུ་མུ་ཁྱུད་གཅིག་བསྐོར་བའི་ལྟེ་བར་སྣ་ཚོགས་རྡོ་རྗེ་བྲིས་པའི་དབུས་སུ་ཧཱུྃ་གི་མཐའ་སྐོར་དུ༔ འཆང་བ་ཆཻྑ་མོའི་ལུས་ངག་ཡིད་གསུམ་ལ་ཕ་རོལ་གྱི་བསམ་སྦྱོར་ངན་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་གཅིག་ལ༔ ཨྱཻ་ཨ་ཀྲོ་ཏེ་ཀ༔ ཡ་ཡ་མཱན་ཏ་ཀ༔ ཀ་ཀཱ་ལ་རཱུ་པ༔ ཤྲཱི་མཉྫུ་ཤྲཱི༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་སྭཱ་ཧཱ༔ ཞེས་པ་བྲི༔ དེ་རྒྱབ་རྩིབས་བརྒྱད་ལ༔ རིམ་པ་ལྟར༔ ཨོཾ་ཧཱུྃ་བྷྱོ༔ ཏྲིག་ཁྲོཾ་བྷྱོ༔ ཨོཾ་ནི་མ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རཀྨོ་རག་ཤན་བྷྱོ༔ ཏིང་ཡ་རག་ཤ་བྷྱོ༔ ཤ་ཏྲཱུཾ་མཱ་ར་ཡ༔ ཡ་མ་རཱ་ཙ་ཀཱི་ལ་ཡ་བྷྱོ༔ ཞེས་པ་བྲི༔ རྩིབས་མཆན་ལ༔ ཡིག་མགོ་ནང་དུ་བསྟན་པའི༔ ཧཱུྃ་ཡ་བྷྱོ༔ ཞེས་པ་རེ་རེ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བྲི༔ དེ་རྒྱབ་མུ་ཁྱུད་ལ་རྡོ་རྗེ་བརྒྱད་བྲི༔ ཕྱི་རོལ་མེ་རིས་འཁོར་བ་བྲི༔ དེ་ཉིད་ལ་རང་སྔགས་རྣམས་ཀྱིས་རབ་གནས་བྱ༔ ལྷ་བསྟིམས་ཤིང་བསྲུང་བྱའི་ལུས་ལ་དྲོད་དང་མ་བྲལ་བར་གདགས༔ བསྲུང་བྱའི་ལུས་སྤུ་གྲི་རེག་གཅོད་ཀྱི་གུར་ཁང་ནང་དུ་ཚུད་པར་དམིགས༔ ཚུལ་དེ་དག་གིས་ནི་ཙཀྲ་དེ་མ་ཉམས་བར་དུ༔ བྱད་མ་འབུམ་གྱིས་དུས་གཅིག་ལ་བྲུབས་ཀྱང་ནུས་པ་རྡུགས་པར་འགྱུར་རོ༔ དེ་དག་ནི་སྲུང་བའི་འཁོར་ལོ་ལ་བརྟེན་ནས་བཟློག་པའོ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་འགའ་ཞིག་གིས༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ གནོད་བྱེད་སྒྲོལ་བའི་ལས་བྱེད་ཅིང༔ ཕ་རོལ་རིག་སྔགས་ཟློག་པ་ལ༔ གཞན་གྱིས་ཟློག་པ་བྱས་གྱུར་ནས༔ སྡིག་ཅན་རྣམས་ཀྱི་གཤེད་དུ་དབབ༔ རང་སྔགས་དྲག་པོས་རང་སྲོག་བཅད༔ རང་སྔགས་རང་གི་སྟེང་དུ་ཟློག༔ རང་བསྲུང་རང་གི་གཤེད་དུ་དབབ༔ དེ་དུས་ཡང་ཟློག་ལས་འདི་བྱ༔ དམ་ཉམས་རྣམས་ལ་མཐུས་འཇིགས་ཏེ༔ མཐུ་ཡི་སྟེང་དུ་ཟློག་པ་བསྔགས༔ ཟློག་པ་ལ་ཡང་ཡང་ཟློག་གཅེས༔ འདི་ནི་ཡང་ཟློག་ནག་པོ་སྟེ༔ གཏོར་སྔགས་སྲུང་བ་གསུམ་འཛོམ་ན༔ ལུས་ཀྱི་མཚོན་དང་ཟས་ངན་ཐུབ༔ ཕུར་ཐོགས་བརྒྱ་ཡི་མཐུས་བཟློག་ཀྱང༔ ཡ་ང་བག་འཇིགས་མི་དགོས་ཀྱི༔ ངན་སྔགས་ལས་སྦྱོར་ཅི་བྱས་ཀྱང༔ ཟློག་པ་བྱས་ཀྱང་སྐྲག་མི་དགོས༔ རང་གི་སྦྱོར་བ་གང་བྱས་ཀྱང༔ ལོག་དང་རྡུགས་པ་འབྱམས་མི་སྲིད༔ གར་རྒྱབ་གནམ་ལྕགས་ཐོག་དང་འདྲ༔ འདི་ནི་གཞན་དང་མི་འདྲ་ཞིང༔ ཀུན་གྱི་ཐུན་མོང་མ་ཡིན་ཡང༔ གསེར་ཕུར་བཞིན་དུ་བཅང་བར་བྱ༔ རང་དང་འདྲ་བའི་སྐྱེས་བུ་དང༔ རང་གི་བུ་ལ་སྦྱིན་པར་བྱ༔ ཡང་ན་ཚོགས་པའི་ནོར་ལ་བྱིན༔ ཡང་ན་རིག་པས་རིག་པ་བསླུ༔ ཡང་ན་བསྟན་པའི་ཆེད་དུ་འོ༔ ཡང་ཟབ་གནད་ཀྱི་གལ་མདོ་འདི༔ གསང་བ་དཀྲུག་ཡིག་༼ཧེ༽ནང་དུ་ལྟོས༔ ས་མ་ཡ་ཐཾ༔ སྤྱི་དོན་གསུམ་པ་བསད་པ་ལས་ཀྱི་སྤུ་གྲི་ནི༔ གང་དག་བསྟན་པའི་རུ་ཏྲར་གྱུར་པ་མྱུར་དུ་སྒྲོལ་བར་བྱེད་པས༔ གོང་གི་བསྙེན་པ་དང་སྒྲུབ་པ་ལ་རྟགས་དང་མཚན་མ་ཐོན་པར་བྱས་པ་ལས༔ དུས་གཟའ་དྲག་པོའི་ཕུང་ཉི་དང་བདུད་ཉིའི་དུས་སུ༔ དུར་ཁྲོད་དམ་བྲག་ཕུག་ཁ་བྱང་དུ་བལྟ་བའམ༔ ཁྱད་པར་དུ་གཤིན་རྗེ་གནས་པའི་ས་ཕྱོགས་སུ་བསྒྲུབ་པར་བྱའོ༔ གནས་དེར་ཕུང་ཤུལ་གྱི་ས་ལ་དོང་གྲུ་གསུམ་པ་སུམ་བརྩེགས་བང་རིམ་དང་བཅས་པའི་ཕྱི་རོལ་རོ་སོལ་གྱིས་ནག་པོར་བྱུག༔ ཕྱི་རོལ་དུ་སུམ་ཆར་སླེབ་པའི་ཁྱམས་ཅན་བྱ་སྟེ༔ རྒྱར་མདའ་གང༔ དཔངས་སུ་ཕོ་བྲང་ལ་མདའ་གང༔ ལྕགས་རི་ཕོ་བྲང་གི་བང་རིམ་འོག་མ་དང་མཉམ་པ༔ དེ་དག་གི་བང་རིམ་དང་ཁ་ཁྱེར་ལ་དྲག་པོའི་རྩང་སྟོད་ལ་ཁྲག་སྨད་ལ་དུག་དང་རོ་སོལ༔ རྩེ་ལ་མཱཾ་སས་བརྒྱན་པ་སྲིན་མོ་འགྲོས་སུ་བཙུག༔ གྲུ་གསུམ་གྱི་ལོགས་རྣམས་ལ་ཐོད་པ་ཚར་གསུམ་ལ་སོགས་པའི་དུར་ཁྲོད་ཀྱི་གཟུགས་བྲི༔ ཁ་བད་ལ་ཐོད་པའི་ཕྲེང་བས་བསྐོར༔ མདོར་ན་འཇིགས་ལ་བག་དྲོ་བར་བྱས་པའི་ནང་དུ༔ ཕོ་བྲང་གི་ཡང་ཐོག་ཏུ༔ སྔར་སྒྲུབ་པ་བྱས་པའི་ཐུན་ཐོད་པ་དང་བཅས་པ་བཞག༔ ཨག་རྩེར་ཕུར་པ་གཟུག༔ བར་ཐོག་ལ་ལས་གཤིན་གྱི་གཟུགས་ལག་པ་གཉིས་ཀྱིས་ཕུར་པ་སྒྲིལ་བ༔ ཕུར་པའི་རྩེ་མོ་རཱུ་པའི་སྙིང་ཁར་སོང་བར་བྱ༔ འོག་ཐོག་ཏུ་སྤྱང་དར་མའི་ཐོད་པ་མ་མགལ་ཅན༔ ཕྱི་ཁྲག་དང་མཚལ་གྱིས་བྱུགས་པའི་ནང་དུ་གཤིན་རྗེའི་སྲོག་འཁོར་གཞུག༔་་་༼ཨེ༽ དེའི་མདུན་དུ་ལུག་གི་ཐོད་པའི་ནང་དུ་དགྲ་བོའི་རཱུ་པ་མིང་རུས་ཟག་རྫས་དང་བཅས་པ་གཞུག༔ དེ་ལྟར་བཅས་པའི་སྟེང་དུ་ཞིང་ལྤགས་སམ་རོ་རས་ནག་པོའི་བླ་རེ་ཕུབ༔ དེ་དག་གི་གཡས་གཡོན་དུ་ཤ་ཁྲག་གིས་བྲན་པའི་གཏོར་མ་བཞག་གོ༔ དེ་ནས་དང་པོ་འབོད་པའི་སྒྲུབ་པ་བྱ་བ་ནི༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་བསམ་པ་དང་ལྡན་པས༔ རང་ཉིད་འཇམ་དཔལ་ནག་པོའི་མངོན་རྟོགས་རྒྱས་པར་བྱ་ཞིང༔ བསྙེན་པ་ཅི་རིགས་པ་བསྐྱལ༔ དེ་ནས་མདུན་གྱི་འབྲུབ་ཁུང་དེ་ཉིད་ལས་ཀྱི་གཤིན་རྗེའི་ཕོ་བྲང་ཆེན་པོ་གནམ་ལྕགས་འབར་བ་ལས་གྲུབ་པ༔ གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་ཕྱི་ནས་བསྐལ་པའི་མེ་འབར་བ༔ ནང་དུ་འབྱུང་བ་མེ་ཆུ་རླུང་གསུམ་འཁྲུག་པ༔ ངད་ཚ་ཞིང་དབལ་རྩུབ་པའི་སྟེང་དུ༔ ཐུན་དང་ཐོད་པ་འཕགས་པ་འཇམ་དཔལ་ནག་པོ་འཁོར་དང་བཅས་པ་མངོན་རྟོགས་ལྟར་བསྐྱེད༔ བར་ཐོག་གི་ལས་གཤིན་གྱི་གཟུགས་དངོས་བསྐྱེད་པའི་ཕྱག་གཉིས་ཀྱིས་གནམ་ལྕགས་འབར་བའི་ཕུར་པ་ཐུགས་ཀར་སྒྲིལ་བ་གཅིག་ཏུ་བསྒོམ༔ འོག་ཐོག་གི་སྤྱང་ཐོད་དཔལ་གཤིན་རྗེའི་ལས་ཀྱི་ཕོ་ཉ་ལྕགས་སྤྱང་དམར་པོ་ཤིན་ཏུ་ཁྲོས་པ་གཅིག་བསྐྱེད༔ ལུག་ཐོད་དགྲ་བོའི་བླར་བསྐྱེད་རཱུ་པ་དགྲ་བོ་དངོས་སུ་བསྐྱེད་ལ༔ དྲག་སྔགས་འབོད་པ་བཟླས་ཏེ༔ འདིའི་སྐབས་སུ་དགྲ་དགུག་གཞུག་མི་བྱ་བར་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་འབོད་པ་ནི་རིག་པའི་ངར་བསྐྱེད་ལ༔ རྩ་སྔགས་ཀྱི་གཤམ་དུ་འདི་སྐད་དོ༔ གོང་གི་གཤམ་དུ༔ ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ དགྲ་བོའི་བླ་ཚེ་ཨཾ་ཀུ་ཤ་རྩ་ཁྲག་སྙིང་ཐུཾ་རིལ་བཾ་ཤག་རྦད༔ དགྲ་བོའི་བླ་ཚེ་མུག་ཧྲིང༔ ཞེས་བཟླས་པས་རྟགས་ནི་དམག་དཔུང་ཆེན་པོ་འདུས་པ་དང༔ མི་རིགས་མི་གཅིག་པ་མང་པོ་འདུས་པ་དང༔ བྱ་གཅན་དང་ཅེ་སྤྱང་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ་འདུས་པ་དང༔ འོད་དང་སྒྲ་དང༔ ཐོག་ཚེག་པ་དང༔ སྒོ་བརྡུང་བ་དང༔ འབོད་པ་དང༔ འཇིགས་འུབ་འུབ་པ་དང༔ བག་དྲོ་ཆིལ་ཆིལ་བ་དང༔ འབྲུབ་དོང་ནང་དུ་ལབ་སྒྲ་དིར་རི་བ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ༔ དེ་དུས་མི་སྐྲག་པ་གལ་ཆེ༔ རྟགས་དེ་རྣམས་ཡང་ཡང་བྱུང་ན་རྟེན་ལ་ཕེབས་པ་དང༔ རྦད་པར་བྱ་བ་ནི༔ བདག་བསྐྱེད་སྔར་ལྟར་ལས་མདུན་བསྐྱེད་ནི༔ ཐུན་རྣམས་རྣོ་ངར་དང་ལྡན་པའི་མདའ་མདུང་གྲི་ལ་སོགས་པ་མཚོན་ཆའི་རིགས་དཔག་ཏུ་མེད་པར་གྱུར་པ་ལ་ལས་ཀྱི་གཤིན་རྗེ་མང་པོ་བསྟིམ༔ ཐུན་དེ་ནས་གཞན་ཐོད་པ་ཁ་ཆོད་དང་ལྡན་པ་གཅིག་གི་ནང་དུ་སུམ་ཆ་ཙམ་བླངས་ཏེ༔ ཁ་ཆོད་ལ་བུག་པ་གྲུ་གསུམ་བཏོད༔ དེ་ལ་ཕུར་པ་བཙུག༔ འབྲུབ་དོང་ནི་ཐུན་གཏོར་སྟེང་དུ་བླངས་ཏེ་འཇམ་དཔལ་ནག་པོའི་སྐུ་བྲིས་སྐུའམ་གང་འཐད་རབ་གནས་དང་ལྡན་པ་གཅིག་བཞུགས་པ་ལ་འཇམ་དཔལ་ནག་པོ་དངོས་སུ་བསྐྱེད༔ སྒྲུབ་དུས་སྤྱང་ཐོད་ཁ་ཚུར་བསྟན༔ ལུག་ཐོད་ཁ་ཕྱིར་བསྟན༔ རྦད་པའི་དུས་སུ་སྤྱང་ཐོད་ཁ་ཕྱིར་བསྟན་པ་དང༔ ལུག་ཐོད་ཁ་ནང་དུ་བསྟན་པ་གཉིས་ཁ་སྤྲད་དེ༔ སྤྱང་ཐོད་ཀྱི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་མང་པོ་འཕྲོས་པས་དགྲ་བོའི་ཡིད་རང་དབང་མེད་པར་བཀུག་ནས་གཟིར་ཞིང་མྱོས་པར་བྱས་པར་དམིགས་དགྲ་བོ་དགུག་གཞུག་ལ་སོགས་དྲག་པོའི་ལས་གཞན་དང་མཐུན་པར་བྱ་ཞིང་ལུག་ཐོད་དེ་ཉིད་དགྲ་བོའི་གནས་མལ་དུ་གསལ་བའི་ནང་དུ༔ དགྲ་བོ་དེ་ཉིད་སྔོ་བ་རིད་པ་མིག་ནས་མཆི་མ་འཛག་པ༔ ཁ་ནས་ཁྲག་འཛག་པ༔ ལག་པ་གཉིས་མྱ་ངན་གྱི་ཕྱག་རྒྱ་བཅས་ནས་འདར་ཕྲིལ་ཕྲིལ་འདུག་པར་དམིགས༔ ལས་གཤིན་གྱི་ཐུགས་ཀ་ནས༔ སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པས་དགྲ་བོའི་སྟེང་དུ་དམག་དཔུང་ཕབ༔ བླ་སྲོག་ལུ་གུ་འདྲ་བ་ལ་ཕོ་ཉ་ལྕགས་སྤྱང་གི་ཁྱི་བཀྱེ་བའི་ཚུལ་དུ་བདུད་གཅོད་པར་བསམས་ལ༔ རང་གི་མདུན་དུ་ཡོད་པའི་ཐུན་ལ་སྔགས་ཀྱི་རྣོ་ངར་བླུད་ཅིང་སྔགས་བརྒྱ་ཚོ་རེ་ཐེམས་པ་དང༔ བྲུབ་དོང་གི་རང་ཕྱོགས་སུ་ཐོག་མ་བར་མའི་བང་རིམ་འོག་ཏུ་བུག་པ་གྲུ་གསུམ་པའི་ཐུན་ལམ་བཏོད་ལ༔ ཐུན་འགྲིམ་པའི་ཝ་གཏོད༔ ཝ་འཇུའི་ནང་དུ་ཐུན་བྲབ་པས་ལུག་ཐོད་ཀྱི་སྤྱི་བོར་ཐུན་འོང་བར་བྱས་ལ་ཐུན་བྲབ༔ དྲག་སྔགས་འདི་སེར་བ་འབབ་པ་ལྟར་བགྲང༔ རྩ་སྔགས་ཀྱི་གཤམ་དུ༔ ཨྱཻ་ཡ་ཤག་མྱགས་དུན་རྔུབས་ཀ་མུག་སྲོག་ཐུཾ་རིལ་ནྲྀ་ཧུར་ཐུཾ་ཛ༔ ཐུཾ་ཁྲག་སྙིང་རྩ་ལ་ཐུན་ཤག་རྦད༔ ཨ་མུ་ཀ་སྲོག་ལ་བྲེང་ཐུཾ༔ ཙིཏྟ་ཤག་ཧུར་ཛ་ལ་རྦད༔ ཨ་མུ་ཀཾ་མཱ་ར་ཡ་རྒྱུག་བྷྱོ་རྒྱུག་བྷྱོ༔ རྟགས་ནི་དམག་དྲང་བ་དང༔ གཡུལ་བཀྱེ་བ་དང༔ དགྲ་བོའི་བླ་ཁུག་པ་དང༔ བྲུབ་དོང་གི་ནང་དུ་སྐད་ངན་འཚེར་བ་དང༔ བཙོན་བཟུང་བ་དང༔ ཁྱི་བཀྱེ་བ་དང༔ ལུག་ཁྱུ་ལ་འཕར་སྤྱང་བཏབ་པ་ལ་སོགས་པ་མདོར་ན་རྦད་པ་གྲུབ་པའི་རྟགས་གཞན་དང་མཐུན་པ་འབྱུང་སྟེ༔ དེ་ཡང་འབོད་པའི་དུས་ན་ཚུར་འདུས་པ་དང༔ རྦད་པའི་དུས་ན་ཕར་འགྲོ་བ་དང༔ བསད་པའི་དུས་ན་ལས་འགྲུབ་པའི་རྟགས་རྣམས་འབྱུང་བར་འགྱུར༔ དེ་ལྟར་རྦད་པའི་དུས་ན་གཏོར་མ་དྲག་ཏུ་འབུལ་ཞིང༔ གུང་གཉིས་ནང་ནུབ་གཉིས་རྣམས་སུ་ཐུན་གཏོར་ཁྲག་དམར་ཙེ་རེ་བ་རེ་རེ་བཏང་ཞིང༔ རྦད་བསྐུལ་འདི་དྲག་ཏུ་བྱའོ༔ སྒྲུབ་པ་པོ་མང་དུ་ཡོད་ན་ལ་ལས་འབོད་པ་བྱ༔ ལ་ལས་རྦད་པ་བྱ༔ དེ་བཞིན་དུ་བསད་པ་བསྐུལ་གཞུང་གི་བཟླས་པ་གཏོར་རྒྱུན་ལ་སོགས་པ་རྣམས་ཁ་བགོས་ལ་དུས་གཅིག་ལ་སྤྲད་པས་ཆོག༔ འདི་ལྟར་རྦད་བསྐུལ་གྱི་དུས་ན༔ རྔ་བརྡུང་རྐང་གླིང་འབུད༔ ཞིང་ལྤགས་གཡབ༔ གསུར་ཆེན་བཏང་ལ་འདི་སྐད་དོ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་ན༔ དུར་ཁྲོད་རབ་འཇིགས་ཕོ་བྲང་གཞལ་ཡས་དབུས༔ མེ་རི་དམར་ནག་འབར་བའི་ཀློང་དཀྱིལ་ན༔ གཤིན་རྗེ་ནག་པོ་མི་བཟད་ཁྲོ་བོའི་སྐུ༔ སྐུ་མདོག་མཐིང་ནག་རབ་ཏུ་འཇིགས་པའི་གཟུགས༔ ཕྱག་གཡས་ཐོད་དབྱུག་བེ་ཅོན་ཀླད་ལ་འཕྱར༔ གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་འཆང༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་འཕྲོ༔ དམ་ཉམས་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ དུར་ཁྲོད་ཆས་དང་རིན་ཆེན་ཕྲེང་བས་བརྒྱན༔ འཇིགས་པའི་གཟུགས་འཆང་རབ་གཏུམ་ཁྲོ་བོའི་རྒྱལ༔ འཁོར་བཅས་ཁྱེད་ཀྱིས་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་ལོག་འདྲེན་བདུད་དཔུང་མཆོད་པར་བཞེས༔ བཤམས་པའི་མཆོད་རྫས་ཤ་ཁྲག་གཏོར་མ་འབུལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ མ་གཡེལ་མ་གཡེལ་གཤིན་རྗེ་འབར་བའི་ཚོགས༔ བསྟན་པ་བསྲུང་བའི་ལས་འདི་གྲུབ་པར་མཛོད༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན༔ དགྲ་བགེགས་རུ་ཏྲ་བསྣོལ་བའི་ཁྲི་སྟེང་དུ༔ ལས་ཀྱི་གཤིན་རྗེ་ནག་པོ་འཇིགས་གཟུགས་ཅན༔ ཕྱག་གཉིས་དྲག་པོའི་ཕུར་པ་དགྲ་ལ་གཟིར༔ སྐུ་ལས་སྤྲུལ་པའི་གཤིན་རྗེ་དཔག་མེད་སྤྲོ༔ ལས་ཀྱི་ཕོ་ཉ་རྒྱུག་པའི་ཤན་པ་འདི༔ གནོད་སྦྱིན་ལ་སོགས་སྡེ་བརྒྱད་ཕོ་ཉ་འགྱེད༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ་བར་བྱེད༔ ཤ་ཁྲག་དམར་གྱི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ མདུན་དུ་ལས་ཀྱི་སྤྱང་ཀི་ཕོ་ཉར་འགྱེད༔ སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་བཀྱེ་བ་ཡིས༔ ཡིད་ལ་གནག་པའི་དགྲ་བགེགས་རྡུལ་དུ་རློག༔ དམ་རྫས་མཐུན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་རྣམས་མ་ལུས་གྲུབ་པར་མཛོད༔ ཅེས་པའི་རྦད་བསྐུལ་དྲག་པོ་བྱ༔ དེ་ལྟར་རྦད་པའི་ལས་བྱས་པའི༔ རྟགས་རྣམས་བྱུང་ནས་བསད་པ་ནི༔ ལས་ཀྱི་གཤིན་རྗེ་དེ་དག་ལས༔ ལས་ཀྱི་ཤན་པའི་སྤྲུལ་པ་མཚོན་ཐོགས་མང་པོ་འཕྲོས་པས་དམིགས་བྱ་སྒྲོལ་བའི་ལས་བྱ༔ སྤྲུལ་པའི་སྤྱང་ཀི་དམར་པོ་དེས་དགྲ་བོའི་གཟུགས་དང་ཤ་ཁྲག་ཐམས་ཅད་དམར་ལང་ལང་ཟོས་ནས་ལྷག་མ་རྡུལ་ཙམ་ཡང་མ་ལུས་པར་བསམས་ལ༔ ཕུར་པས་གཟིར་བས་ཀྱང་ཕུར་པའི་རྩེ་མོ་ནས་གནམ་ལྕགས་ཀྱི་ཚྭ་ཚྭ་ངད་ཚ་ཞིང་དབལ་རྩུབ་པ་འཕྲོས་པས་དམིགས་བྱའི་ལུས་ངག་ཡིད་གསུམ་གཞོབ་ཏུ་བུན་བུན་བཏང་བར་བསམས་ལ༔ བསད་པ་ལས་ཀྱི་སྤུ་གྲིའི་སྔགས་འདི་དྲག་པོར་བགྲང༔ འབོད་རྦད་ཀྱི་གཤམ་དུ༔ ཧྲི་ཏྲི་ཨ་པ་ཡེ༔ ཡ་མཱན་ཏ་ཀ༔ བྷི་ཏྲི་ཏ་ཀཱ་ལི་ཀྲོ་ཏ་དགྲ་བོའི་སྙིང་རྩ་ལ་མྱོག་རྦད༔ སྲོག་རྩ་ལ་མཱ་ར་ཡ་རྦད༔ ནི་ཤ་ཀུ་རུ་ནི་རྦད༔ ནྲྀ་ཧུར་ལོང་བྲེང༔ དུན་དུན༔ ཧུར་ཐུཾ་ཛ་ཙིཏྟ་རྦད་ཡ༔ འདི་ཡི་དུས་སུ་བྲུབ་དོང་ཕོ་བྲང་དང་ལྕགས་རིའི་བར་གྱི་ཁྱམས་སུ་དགྲ་བོའི་ལིངྒ་དང་གཏོར་ཆུང་མང་པོ་ཐུན་གྱི་སྐབས་སུ་འབུལ༔ བསྟབ་པ་བྱའོ༔ དེ་ལྟར་བསད་པའི་ལས་བྱས་པས༔ བསད་རྟགས་གཞན་དང་འདྲ་བ་འབྱུང་བར་འགྱུར༔ དེ་ཡང་འབོད་པ་ལ་ཞག་བདུན༔ རྦད་པ་ལ་བདུན༔ བསད་པ་ལ་བདུན༔ དེ་ལས་མང་མི་རུང༔ གལ་ཏེ་དེ་ལ་རྟགས་མ་བྱུང་ན་དྲིལ་བས་བདུན་བྱའོ༔ བཟློག་པ་བྱུང་ན་ཕ་རོལ་གྱི་ལྷ་གོང་ལྟར་གཤེད་ལ་དབབ༔ གཞན་དང་མིང་འདྲ་མཁན་ལ་འབྱམས་ཤོར་ན་གསལ་ཤིང་བཙུག༔ རྡུགས་ན་ཟ་ལམ་ཡང་ཡང་དུ་བསྟན༔ རང་གཤེད་དབབ་པ་གོ་བགོ་བའི་སྐབས་སུ་ཤེས་པར་བྱ༔ གསལ་ཤིང་ནི་དགྲ་བོའི་ཡུལ་ནས་ཤིང་ཁྲུ་གང་བ་ལ་བྱང་བུ་བྱས་ཏེ་རཱུ་པ་བྲིས་ཏེ༔ ཁོའི་མིང་རུས་བླ་དྭགས་དང་སྒོ་ནོར་སྒོ་ཁྱི་ཚང་ཟླ་ལོ་སྟེང་དང་བཅས་པ་བྲིས་ལ༔ ཆེ་གེ་འདི་ལ་ལྷ་འདྲེའི་དམག་དཔུང་ཕོབ་ཅིག་ལ་སོགས་དམོད་མོ་གང་ཤེས་བྲིས་ལ་དམིགས་བྱའི་ཕྱོགས་སུ་གཟུག༔ ཁོའི་ཡུལ་ནས་ཤིང་མ་རྙེད་པའམ༔ རང་དང་ཡུལ་གཅིག་ན་སེ་བའི་སྡོང་པོ་ལ་བྱའོ༔ ཟ་ལམ་ནི༔ བག་ཟན་ལ་རཱུ་པ་ཁྲག་བྱུགས་པ་མང་པོ་བྱས་ལ༔ ཁོའི་ཐད་དུ་བསྐྱལ༔ ཐག་རིང་ན་ཕྱོགས་སུ་འཕང༔ དེ་ལྟར་གཏོར་མ་དང་ལིངྒ་ཟོར་འཕངས་པ་ཐམས་ཅད་ཁྱི་སྤྱང་བྱ་ལ་སོགས་པས་ཟ་ངེས་པའི་སར་བསྐྱལ༔ ཟོར་དུ་འཕངས་པའི་ལིངྒ་ཐམས་ཅད་ཤ་ཤུན་དང་ལྒང་ལྤགས་ལ་འབྲི་བ་གནད་ཡིན༔ དེ་ལྟར་འབོད་རྦད་བསད་པའི་ལས་གྲུབ་ཅིང་རྟགས་རྫོགས་ནས་སྒྲུབ་ཁང་གཞི་སྟེང་ཡིན་ན༔ ལུག་ཐོད་དང་ལིངྒ་བཏོན་ལ་དུས་གཟའ་དྲག་པོའམ་ནམ་ཕྱེད་ལ་བབ་པའི་དྲག་པོའི་མེ་ལ་བསྲེག༔ རོ་མ་རྣམས་ལམ་སུམ་མདོའམ༔ ལྷ་ཁང་ཐེམ་པའི་འོག་ཏུ་མནན༔ གཏོར་མ་དམིགས་པའི་ཕྱོགས་སུ་ཟོར་དུ་འཕང༔ ཁྱིམ་གྱི་གཏོར་ཆུང་དང་རཱུ་པ་རྣམས་གཟའ་རྒྱུ་བ་དང་བསྟུན་ལ་དོང་གྲུ་གསུམ་བྲུས་པའི་ནང་དུ་མནན༔ ཐུན་གྱི་ལྷག་རོལ་རྣམས་བསྡུས་ལ་གསོས་ཏེ་སྔར་ལྟར་བྲུབ་དོང་ནང་དུ་བཅུག༔ བཅས་གཞན་ཐམས་ཅད་མིས་མི་མཐོང་བའི་ཡོལ་བ་བཏང་ལ་སྦ༔ ལས་ལ་སྦྱར་བའི་དུས་སུ་ལུག་ཐོད་དུ་གང་ལ་བྱ་བའི་ལིང་ག་བཅུག་ལ་རྦད་བསད་གཉིས་བྱས་པས་ཆོག༔ སྒྲུབ་ཁང་གཡེལ་བའམ་གཞི་རྟེན་མེད་ན་ལས་ཀྱི་རྗེས་མི་མངོན་པར་བྱ་བ་གནད་ཡིན་ནོ༔ ས་མ་ཡ༔ འདི་ནི་གཤིན་རྗེ་གཤེད་ནག་པོའི་བསད་པ་ལས་ཀྱི་སྤུ་གྲི་སྟེ༔ ལོགས་སུ་བཀོལ་ནས་ཐེམས་སུ་སྦས༔ ཕྱི་རབས་བསྟན་པ་སྲུང་བ་ཡི༔ སྐྱེས་བུ་གཅིག་དང་འཕྲད་པར་ཤོག༔ དམ་མེད་ལོག་སྲེད་རང་འདོད་ཅན༔ སེམས་བསྐྱེད་བྲལ་ཞིང་སྙིང་རྗེ་མེད༔ མཐུ་སྡིགས་བྱེད་པའི་ངན་སེམས་ཅན༔ བླ་མ་མི་བཀུར་རང་ཆེ་འདོད༔ ནོར་གནག་ཅན་ལ་གསང་ཞིང་སྦ༔ སྡིག་ཅན་ལག་ཏུ་ཤོར་ར་རེ༔ དེས་ན་ཙིཏྟའི་སྙིང་དུ་བསྟིམ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཤིན་རྗེའི་སྲོག་འཁོར་སྤྱང་ཐོད་དུ་གཞུག་རྒྱུ་ནི༔ གླང་དམར་པོའི་སྙིང་ཤུན་ལ་ཁྱི་དམར་པོའི་ཁྲག་གིས་བྲི་བ་་་༼ཨ༽ནི༔ ༼༤༽ ད་ཛི་ངྒ་ཙྥེ་ངད་ཅོའི་ཝྔོད་ཝ་ནད་ཝཇཅུཇ་དཧུན་དཝ་ཇྰུན་ཅ་ལྟར་བྲིའོ༔ དེ་ལྟར་བྲིས་ལ་དར་སྣས་དྲིལ༔ གསེར་ཐུམ་གཅིག་དང་མཉམ་དུ་ཨག་ཙེ་ཁུང་དུ་གཞུག་ལ་གང་བར་བྱ་བ་ནི༔ འབྲུ་དམར་པོས་བཀང་བའམ༔ གང་འཐད་ཀྱིས་སོ༔ སྤྱང་ཐོད་ཀྱི་ཕྱི་ཐམས་ཅད་ལ་འབོད་རྦད་བསད་གསུམ་གྱི་སྔགས་ཐམས་ཅད་ཚང་བར་བྲིའོ༔ འདི་ཡི་དམ་ཚིག་ཏུ༔ གླང་དམར་པོའི་ཤ་མི་ཟ༔ ཁྱི་དམར་པོ་མི་བརྡུང༔ དཀོན་མཆོག་བསྟན་དགྲའི་སྔགས་ཟློག་མི་བྱ༔ གཞན་གྱི་མཐུ་ལེན་མི་བྱ༔ སངས་རྒྱས་ཀྱི་བསྟན་དགྲ་ལ་ཐུག་ན་བྱ༔ སྒྲུབ་པ་པོ་མཉེས་པ་ལ་དོ་བསྡོ་ན་བྱ༔ ཡི་དམ་གཞན་ལ་བྱེད་པས་འདི་ལ་བརྩོན་ན་དུས་རྒྱུན་དུ་རྩ་སྔགས་བརྒྱ་རྩ་རེ་མ་ཆག་པར་བྱ༔ གཞན་མཐུའི་ཁ་སྐོང་བྱིངས་པོ་ནས་བལྟ་བར་བྱ༔ ས་མ་ཡ༔ སྲུང་ཟློག་བསད་གསུམ་སྒྲུབ་པ་དང་བཅས་ཚེ་བདག་པར་བུ་སྐོར་གསུམ་གྱི་ནང་ནས་གུད་དུ་ཕྱུངས་ཤིང༔ ཐེམས་སུ་བཞག་པའོ༔ ཚེ་བདག་གི་ལས་སྒྲུབ་ཆེ་ཆུང་གཤོར་ཆེ་ཆུང་པར་བུ་སྐོར་གསུམ༔ ལས་སྒྲུབ་ཆེན་པོ༔ ཡིག་སྣ༔ འཁོར་ལོ༔ རྫས་ངན་ནག་པོ་ཐུག་འགྱེལ་རྣམས་ནི་གསང་ན་མྱུར་བ་ཡིན་ནོ༔ འཆལ་ན་ནུས་པ་ཉམས་པ་ཡིན༔ ཞེས་བཤད༔ ས་མ་ཡ༔ དྷ་ཐིམ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ ༁ྃ༔ ྈྈྈྈྈྈ ཤྲཱི་ཡ་མཱནྟ་ཀ་མཉྫུ་ཤྲཱི༔ འཇམ་དཔལ་ནག་པོ་ལས༔ ལས་ཚོགས་རྡོ་རྗེ་ཕ་ལམ་ཞེས་བྱ་བ་འདིར་ཐུག་སྟེ༔ གང་དག་འདི་ཡི་སྒོ་ནས་གཞན་རྗེས་སུ་བཟུང་ཞིང༔ རྒྱུད་སྨིན་པར་འདོད་པས་ཤིས་པའི་ཕྱོགས་སུ་སྒྲུབ་པ་ནས་བྱུང་བ་ལྟར་གྱི་དཀྱིལ་འཁོར་མཆོད་གཏོར་དང་བཅས་པ་བཤམས་ལ༔ དཀྱིལ་འཁོར་གྱི་དབུས་སུ་དྲག་པོའི་བུམ་པ་བཅའ༔ རྩིབས་བཞི་ལ༔ ཤར་དུ་སྐུ༔ ལྷོར་བེ་ཅོན༔ ནུབ་ཏུ་ཐོད་ཁྲག༔ བྱང་དུ་ཕུར་པ༔ མཆན་བཞི་ལ་སྒྲུབ་དཔེ༔ ཐོད་པ་ཐུན་གྱིས་གང་བ༔ རཀྴའི་ཕྲེང་བ༔ དམར་གཏོར་གྲུ་གསུམ་པ་ཁྲག་གིས་བྱུགས་པ་རྣམས་བཀོད་ལ༔ ཚོགས་ལས་ཡན་ཆོད་སྒྲུབ་པ་ལྟར་བསྙེན་པ་དང་བཅས་པའོ༔ དེ་ནས་དུ་ཡོད་པའི་སྐྱེས་བུ་རྣམས་ཡོལ་བའི་ཕྱི་རོལ་དུ་ལས་ཐམས་ཅད་པའི་ཆུས་བཀྲུར་བཅུག་ལ༔ ཡོལ་བའི་ཕྱི་ནས་གསོལ་བ་འདི་སྐད་གདབ་བོ༔ ཀྱེ་ཧོ༔ བདག་ཅག་ཕོ་ཉའི་འཇིགས་པ་ལས༔ སྐྱོབ་ཕྱིར་སྐྱབས་ཀྱི་སྐྱེལ་མ་དང༔ རྫུ་འཕྲུལ་བྱིན་རླབས་བསྩལ་དུ་གསོལ༔ ཞེས་པའི་ལན་བླ་མས་འདི་སྐད་དོ༔ ཨེ་མ༔ མ་དག་སྐྱེ་འགྲོ་བགེགས་ཀྱི་ཚོགས༔ ལོག་པར་འདྲེན་བྱེད་མ་ཡིན་ནམ༔ དེ་ཡིན་ན་ནི་སྐལ་མེད་ཅིང༔ རྡོ་རྗེ་ཁྲོ་བོས་བརླག་པར་འགྱུར༔ ཞེས་པའི་ལན་དུ༔ བདག་སོགས་ལས་དང་སྐལ་པར་ལྡན༔ སྐྱབས་ཆེན་ཁྱེད་ཀྱིས་བསྐྱབ་པར་འོས༔ སྣོད་དུ་རུང་ཕྱིར་བཀའ་སྩོལ་ཅིག༔ ཅེས་བརྗོད་ལ༔ ཡོལ་བའི་ནང་དུ་བླ་མ་དཀྱིལ་འཁོར་སྲུང་མ་དང་བཅས་པ་ལ་ཕྱག་བྱ༔ སྐུ་ཡོན་མཎྜལ་དབུལ༔ བླ་མས་སྐྱབས་འགྲོ་སེམས་བསྐྱེད་དང་སྡོམ་པ་བྱིན་ནས༔ སློབ་མ་རྣམས་ཀྱིས་སྙིང་ཁར་ཡ་མཐིང་ནག་རེ་རེའི་མཐའ་སྐོར་དུ༔ རྩ་སྔགས་ཀྱིས་བསྐོར་བ་རེ་བསྒོམ་དུ་བཅུག་ལ༔ ཨོཾ་ཤྲཱི་ཡ་མཱན་ཏ་ཀ་ས་མ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ ཞེས་བདུད་རྩི་ལྕེ་སྟེང་སྦྱིན༔ རྡོ་རྗེ་སྤྱི་བོར་བཞག་ལ༔ ཧཱུྃ༔ འདི་ནི་གསང་ཆེན་ཐེག་པའི་ཆུ༔ རབ་འཇིགས་རྡོ་རྗེ་འབར་བ་སྟེ༔ བདག་གིས་བསྒོ་བའི་ལས་གང་ཡིན༔ ཁྱོད་ཀྱིས་ཀྱང་ནི་བརྩམ་ནུས་ཤིང༔ དམ་ཚིག་དག་ལ་གནས་བྱེད་དམ༔ ཞེས་པའི་ལན་གསོལ་བ༔ མགོན་པོ་ཁྱོད་ཀྱིས་གང་བསྒོས་དང༔ བསྲུང་བྱའི་དམ་ཚིག་ཐམས་ཅད་ནི༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ གུས་ཤིང་བརྩོན་པས་བསྒྲུབ་པར་བགྱིད༔ དེ་ནས་སློབ་མ་ལ་འཇམ་དཔལ་ནག་པོའི་བསྐྱེད་རིམ་ཕོག་ཅིང༔ སྙིང་ཁར་ཡ་མཐིང་ནག་ལས་འོད་ཟེར་འཕྲོས་པས་བླ་མའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ་ཅིང་བླ་མ་ཡེ་ཤེས་སེམས་དཔར་གསལ་བས༔ སློབ་མ་དམ་ཚིག་པ་ལ་རྗེས་སུ་གནང་བ་གཏད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་གཞལ་ཡས་ཁང་གི་ནང་དུ་ལྷ་ཚོགས་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིས་དབང་བསྐུར་ཞིང་ཆུ་བྱིན་པས་སྒོ་གསུམ་གྱི་སྒྲིབ་པ་དག་ནས༔ ཡེ་ཤེས་ཀྱི་ལྷ་དང་དབྱེར་མེད་དུ་ཐིམ་པར་དམིགས་ལ༔ ཧཱུྃ༔ ལྷ་ཚོགས་འབར་བའི་གཞལ་ཡས་ཁང༔ ལྷ་རྣམས་ལས་བྱུང་བདུད་རྩི་ཡིས༔ བྱིན་རླབས་བུམ་པའི་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་དག་ལྷར་གྱུར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ འཐུང་ཞིང་ཁྲུས་བྱ༔ སྐུ་གཙོ་འཁོར་ལྔ་སྤྱི་བོར་བཞག་ལ༔ དབང་རྫས་དང་ཡུལ་གཉིས་དབྱེར་མེད་དུ༔ ཧཱུྃ༔ རབ་འབྱམས་རྒྱལ་བ་རྣམས་ཀྱི་སྐུ༔ རྫུ་འཕྲུལ་དུ་མས་དབང་བསྐུར་བས༔ ཁྲོ་རྒྱལ་ཉིད་དང་དབྱེར་མེད་དེ༔ ལྷ་རྣམས་གྲུབ་པའི་དབང་ཐོབ་ཤོག༔ སྔགས་མཐར༔ ཨ་བྷི་ཥིཉྩ་མཱཾ༔ ལག་པ་གཡས་སུ་བེ་ཅོན༔ གཡོན་དུ་ཐོད་ཁྲག་གཏད་ལ༔ ཧཱུྃ༔ ཡ་མཱན་ཏ་ཀའི་ཕྱག་རྒྱ་མཆོག༔ སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ འཁོར་བའི་འཁྲུལ་འཁོར་བཅད་པ་དང༔ ལོག་འདྲེན་ཐུལ་བའི་དབང་ཐོབ་ཤོག༔ ཉིད་དང་མཐུ་རྩལ་མཉམ་པར་བསམ༔ ལག་པ་གཡས་སུ་ཕུར་པ་གཡོན་དུ་སྒྲུབ་དཔེ་གཏད་ལ༔ ལོག་འདྲེན་གདུག་པ་འདུལ་བའི་མཆོག༔ ཡོན་ཏན་མི་འཛད་གཏེར་འབྱུང་བ༔ རྫས་དང་གླེགས་བམ་དབང་བྱིན་པས༔ དེ་ཉིད་ཡང་དག་ལྡན་གྱུར་ཅིག༔ ཅེས་པས་ཕུར་པ་གདེང༔ སྒྲུབ་དཔེ་བཀླག་གོ༔ གཡས་སུ་ཐོད་ཐུན༔ གཡོན་དུ་རཀྴའི་ཕྲེང་བ་བྱིན༔ གཟི་བྱིན་བསྐྱེད་པའི་ཐུན་དང་ནི༔ བགྲང་ཕྲེང་རཀྴ་གཏད་པ་ཡིས༔ དགྲ་བགེགས་མ་ལུས་སྒྲོལ་བ་དང༔ སྔགས་ཀྱི་བརྟན་པ་ཐོབ་ནས་ཀྱང༔ བཅོམ་ལྡན་གཤིན་རྗེ་ནག་པོ་ཡི༔ ཕྲིན་ལས་མ་ལུས་གྲུབ་པར་ཤོག༔ ཅེས་པས་རཀྴའི་ཕྲེང་བ་དང་མ་བྲལ་བར་བྱ༔ ལག་པར་དམར་གཏོར་གཏད༔ མདུན་དུ་འབྲུབ་ཁུང་གྲུ་གསུམ་པ་གཅིག་བཞག་ལ༔ སྐྱེས་བུ་སྟོབས་ལྡན་ཁྱོད་ཀྱིས་ནི༔ ལྷ་རྣམས་དྲག་ཏུ་མཆོད་པ་དང༔ སྒྲུབ་པ་རྒྱུན་དུ་བྱེད་པ་ཡི༔ དབང་དང་བྱིན་རླབས་གཟི་བྱིན་པས༔ ལྷ་རྣམས་ཐམས་ཅད་འགྲུབ་པར་ཤོག༔ སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་གཏད་ལ༔ ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པའི་རྫས༔ གཉིས་མེད་དོན་གྱི་དབྱིངས་ལས་སྒྲ་སྒྲོག་པ༔ ཐབས་དང་ཤེས་རབ་ལྡན་པའི་ཕྱག་རྒྱ་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ ཕྲིན་ལས་འདི་ཡི་བདག་པོར་ཁྱོད་གྱུར་ཅིག༔ ཕྲིན་ལས་མཐུ་དང་རྫུ་འཕྲུལ་སྟོབས་ལྡན་ཞིང༔ ཁྲོ་རྒྱལ་ཡོན་ཏན་ཀུན་དང་ལྡན་པར་ཤོག༔ རྩ་སྔགས་ལས་སྔགས་ཀྱི་ཤམ་བུ་ཅན་ཐམས་ཅད་བསྒྲག་གོ༔ ཞེས་པ་རྣམས་ཀྱིས་རྗེས་སུ་གནང་བ་གཏད་ལ༔ ཕྲིན་ལས་འདི་ཡི་བདག་པོར་མངའ་གསོལ༔ སྨོན་ལམ་གདབ༔ བཀྲ་ཤིས་བརྗོད༔ བླ་མ་ལྷ་དང་བཅས་པ་ལ་གཏང་རག་གི་མཆོད་པ་རྒྱ་ཆེར་འབུལ༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ ཚོགས་འཁོར་འབུལ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་སྤྱི་མཐུན་བྱའོ༔ འཇམ་དཔལ་ནག་པོའི་བྱིན་རླབས་འདི་ཐོབ་ཕྱིན་ཆད་བར་དོའི་ཕོ་ཉའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་འགྱུར་རོ༔ བྱིན་རླབས་རྗེས་གནང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ ༈ ༁ྃ༔ ཤྲཱི་ཡ་མཱན་ཏ་ཀ་ཧཱུྃ༔ ཡ་མཱནྟ་ཀའི་ཁ་ཚར་ལས༔ སྡོམ་ལྡན་གྲིབ་འཇོམས་མན་ངག་བསྟན༔ དམ་ཚིག་ལྡན་པའི་རྣལ་འབྱོར་ལ༔ ཉམས་གྲིབ་མི་གཙང་གོས་གྱུར་ན༔ ཆེན་པོས་ངན་སོང་གནས་སུ་འཕེན༔ དེ་འོག་སྲོག་གི་བར་ཆད་བྱེད༔ དེ་འོག་ནད་དང་སྡུག་བསྔལ་འབྱུང༔ མཐར་ཡང་མྱོས་ཤིང་འཐིབ་ལ་སོགས༔ མ་རུངས་པ་ཡི་ལྟས་འབྱུང་བས༔ དེ་ཕྱིར་གྲིབ་འཇོམས་ལས་འདི་བྱ༔ དང་པོ་བརྟག་ཅིང་བར་དུ་སྲུང༔ ཐ་མ་གྲིབ་བྱུང་ཕྱི་ཐབས་བསྟན༔ རྣལ་འབྱོར་གྲིབ་ཀྱིས་གོས་པ་ལ༔ རྟགས་ནི་འདི་དག་འབྱུང་བར་འགྱུར༔ ལུས་ནི་མི་བདེ་འཐོམ་པ་དང༔ འདི་ན་མེད་པར་ན་སྙམ་བྱེད༔ སྒྱིད་ལུགས་ཤེད་མེད་སྐྱུར་ཐག་ཆད༔ གཉིད་བྲོ་འཐིབ་ཅིང་སྡོད་མི་ཚུགས༔ བྱ་བ་བྱེད་སྙིང་མི་འདོད་པར༔ ཉལ་སྙམ་ཉལ་ན་ཉལ་མི་བདེ༔ ཡང་ན་གློ་བུར་ནད་ཀྱིས་ཐེབས༔ ཤིག་མང་དང་ག་འགགས་ལ་སོགས༔ ལུས་ལ་མི་བདེ་སྣ་ཚོགས་འབྱུང༔ ངག་ནི་དིག་ལྐུགས་སྨྲ་མི་ཤེས༔ གླལ་འཕྲོ་སྦྲིད་པ་བཏུད་མ་འབྱུང༔ ལྕེ་སྡིབ་འབྲུམ་ཐོར་མང་པོ་འབྱུང༔ སྣ་ཁྲག་འབབ་དང་སྐད་འགགས་དང༔ སྨྲ་སྙིང་མི་འདོད་འདོད་ན་ཡང༔ སྨྲ་བ་མི་འཁྱོར་ལྡབ་ལྡིབ་འབྱུང༔ ཅི་སྨྲ་མི་དྲན་བླ་རྡོལ་དང༔ འཆལ་བའི་གཏམ་སྣ་མང་པོ་འབྱུང༔ དེ་ལ་སོགས་པ་བསམ་མི་ཁྱབ༔ ཡིད་ནི་མི་བརྟན་བརྗེད་ངས་ཆེ༔ ཡང་ནི་སྤྲ་སྤྲོ་ཟང་ཟིང་བྱེད༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ༔ མྱོས་ཤིང་ཉམ་ང་དྲེད་སྔངས་འབྱུང༔ ཡིད་འཆུས་བསམ་ན་གཏད་སོ་མེད༔ ཏིང་འཛིན་མི་བརྟན་བསམ་མི་འགྲུབ༔ དོན་མེད་སྙིང་རླུང་འཕྱོ་བ་དང༔ ཚིག་པ་ཟ་དང་འཐབ་སྙིང་འདོད༔ གང་ཡང་ཡིད་དུ་མི་འོང་བར༔ སྣ་ཟུབས་སྐད་འགགས་རོ་སྟོད་ན༔ གཉིད་ཉོབ་ཡང་ན་གཉིད་མི་ཕེབས༔ དེ་སོགས་ལུས་ངག་ཡིད་གསུམ་ལ༔ གྲིབ་ལྟས་དཔག་ཏུ་མེད་པ་འབྱུང༔ ཕལ་ཆེར་རྣལ་འབྱོར་རིག་པས་དཔྱད༔ དེ་ལྟར་གྲིབ་ཀྱི་ལྟས་བརྟགས་གཅེས༔ བར་དུ་གྲིབ་ཀྱི་སྲུང་བ་བསྟན༔ བརྩོན་འགྲུབ་ལྡན་པའི་རྣལ་འབྱོར་པས༔ འདི་ལྟར་རྫས་ཀྱི་རིམ་པ་གསག༔ སྲིད་ཀྱི་ལྷ་རྡོ་དཀར་པོ་དང༔ དཀར་པོ་དགུ་དང་ནག་པོ་དགུ༔ དམར་པོ་དགུ་དང་ཟག་པ་དགུ༔ སྐྲ་སེན་དགུ་དང་རུས་པ་དགུ༔ སྨན་སྣ་དགུ་དང་ཆུ་སྣ་དགུ༔ འབྲུ་སྣ་དགུ་རྣམས་བསགས་པ་སྟེ༔ དུང་ཆུང་སྲིན་མེད་མགྲོན་བུ་སྦྲུམ༔ ཤུ་དག་དཀར་པོ་ཙནྡན་དཀར༔ མཁར་གོང་གངས་དཀར་དུམ་བུ་མཁན་དཀར་དང༔ ག་པུར་བལ་དཀར་མེ་ཏོག་སྟེ༔ སྤོས་དཀར་ལ་སོགས་དཀར་པོ་དགུ༔ གུ་གུལ་གླ་རྩི་ཤུ་དག་ནག༔ རྒྱ་སྣག་བོང་ང་ནག་པོ་དང༔ མུ་ཟི་ནག་པོ་ཁྱི་ནག་བྲུན༔ ཡུག་སའི་སྐྲ་ཤད་རྟ་ནག་བོན༔ པདྨ་རཀྟ་རྒྱ་མཚལ་དང༔ རྡོ་དྲེག་དམར་པོ་སིནྡྷུ་ར༔ སེང་ལྡེང་ཙནྡན་དམར་པོ་དང༔ ཁྱི་ཁྲག་ཡུགས་སའི་སྣ་ཁྲག་སྟེ༔ ཤན་པའི་ཁྲག་དང་དམར་པོ་དགུ༔ གྲུབ་ཐོབ་དྲི་ཆེན་སྤྱང་ཀིའི་བྲུན༔ ལྐུགས་པའི་དྲི་ཆེན་བྱ་རོག་བྲུན༔ བ་ཡི་ལྕི་བ་རོ་ཡི་བྲུན༔ ཕག་བྲུན་བྱི་ལ་ནག་པོའི་བྲུན༔ ལྷོ་མོན་བྲུན་ཏེ་ཟག་པ་དགུ༔ རུས་རྟ་མིང་རུས་ལོ་མི་གཅིག༔ དེ་ལྟར་དགུ་ཡི་སྐྲ་སེན་དགུ༔ རོ་དགུ་བསྲེགས་པའི་རུས་པ་དགུ༔ གུར་གུམ་ལི་ཤི་ཨ་རུ་ར༔ ཤིང་ཀུན་ཛཱ་ཏི་སུག་སྨེལ་དང༔ རུ་རྟ་ཅུ་གང་ཀ་ཀོ་ལ༔ གངས་ཆུ་ཆར་ཆུ་ཁྲོན་པའི་ཆུ༔ ཆུ་མིག་འབབ་ཆུ་ལུ་མའི་ཆུ༔ ཤིང་ཆུ་འདམ་ཆུ་འདྲེས་པའི་ཆུ༔ ཏིལ་དཀར་ཏིལ་ནག་ཀེ་ཚེ་དང༔ ཤང་ཚེ་ཡུངས་དཀར་ཡུངས་ནག་དང༔ བྲ་བོ་སྲན་མ་ཟི་ར་ནག༔ དེ་ལྟར་དགུ་ཚན་དགུ་བསགས་པ༔ རྨ་བྱའི་མདོངས་དང་ཨ་མྲྀ་ཏ༔ ཞིབ་བཏགས་ཆུ་དགུ་ཆང་གིས་སྦྲུས༔ རིལ་བུ་ཡུངས་འབྲུའི་ཚད་ཙམ་བྱ༔ དར་ནག་ནང་བཏུམས་རིལ་བུ་དེ༔ ལེགས་པར་དྲིལ་ལ་དགོས་པའི་ཚེ༔ གཞུང་ནས་བཤད་ལྟར་ལས་ལ་སྦྱར༔ གཞུང་ནི་འདི་ལྟར་བསྟན་པར་བྱ༔ དང་པོ་སྤྱི་དྲིལ་སྲུང་བ་ལས༔ དར་རས་གྲོ་ཤོག་གང་འཛོམ་ལ༔ རྫས་སྦྱར་ཁུ་བས་བྲི་བྱ་སྟེ༔ དཔེ་ཆུང་དག་ཏུ་ཤེས་པར་བྱ༔ དེ་ནི་རབ་ཏུ་གནས་པར་བྱ༔ མིང་རུས་མི་གཅིག་སློབ་དཔོན་དགུས༔ རྟེན་འབྲེལ་སྙིང་པོ་བརྗོད་བྱས་ལ༔ རབ་གནས་ཚར་ནས་ཞིང་ལྤགས་དྲིལ༔ རྫས་ཀྱི་རིལ་བུ་བདུན་དང་བཅས༔ དྲོད་དང་མ་བྲལ་ལུས་ལ་བཅང༔ རང་ཉིད་འཇམ་དཔལ་ནག་པོར་བསྐྱེད༔ ཡ་ང་བག་ཚ་མི་བྱ་བར༔ རིག་པའི་ངར་བསྐྱེད་ཧུར་ཕྱུངས་ལ༔ གྲིབ་ཀྱི་སྟེང་དུ་ཐོག་རྫིས་བཏང༔ མི་གཙང་ས་ཕྱོགས་འགྲོ་བའི་ཚེ༔ རང་ཉིད་ལྕགས་ཀྱི་ཕག་ནག་ནི༔ རབ་འཇིགས་ངར་དང་ལྡན་པ་ཡིས༔ གྲིབ་བདག་གྲིབ་དང་བཅས་པ་རྣམས༔ ཟས་སྐལ་ཡིན་པས་ཟོས་པར་བསམ༔ དེ་ལྟ་བུ་ཡི་སྦྱོར་བ་ཡིས༔ གྲིབ་ཀྱིས་ཚུར་ལ་མི་ཚུགས་ཤིང༔ ཕར་ལ་འཇོམས་པའི་སྟོབས་དང་ལྡན༔ དེ་ནི་གྲིབ་དང་མི་གཙང་གི༔ སྤྱི་དྲིལ་སྲུང་བ་ཤིན་ཏུ་ཟབ༔ ས་མ་ཡ༔ ༁ྃ༔ དཔལ་ཆེན་ཡ་མཱནྟ་ཀ་ལས༔ བྱེ་བྲག་གྲིབ་སྲུང་འདི་ལྟར་རོ༔ ཉམས་གྲིབ་ཅན་ལ་དབང་བསྐུར་དང༔ ཆོས་བཤད་ལ་སོགས་བྱེད་པ་ན༔ རང་ཉིད་གསེར་གྱི་རྡོ་རྗེར་བསྒོམ༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ གྲིབ་དང་མི་གཙང་གང་ཡིན་རྣམས༔ སྐད་ཅིག་གིས་ནི་མེད་བསམས་ལ༔ གྲིབ་འཇོམས་སྔགས་བརྗོད་ཆུ་གཙང་དུ༔ རིལ་བུ་གཅིག་གཞུག་ཁྲུས་དང་འཐུང༔ དེ་ཡིས་ཉེས་པ་འབྱུང་མི་སྲིད༔ དེ་སོགས་གྲིབ་བྱུང་དོགས་པ་ལ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྙིང་གར་ཁྲོ་རྒྱལ་སྨེ་བརྩེགས་བསྒོམ༔ དེ་ནི་ཡིག་ཆུང་༼འུཾ༽ནང་དུ་གསལ༔ གྲིབ་འཇོམས་སྔགས་འདི་བརྒྱ་རྩ་རེ༔ ནངས་ཀྱི་རིགས་ལ་བཟླས་ནས་ཀྱང༔ རིལ་བུ་གཅིག་ལ་བཏབ་སྟེ་བཟའ༔ ཨོཾ་མཉྫུ་ཤྲཱི་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུཾ༔ མ་ཧཱ་པྲ་ཎ་ཡེ༔ བྷུར་ཙི་བྷུྱི<!TCC Tibetan character 4,200 undefined in unicode!>༔ བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ བཛྲ་བྷུར་ཀུཾ༔ རི་ལི་ཤུ་ཐར་ཤ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊཿསྭཱ་ཧཱ༔ རིག་སྔགས་རྒྱལ་པོ་འདི་ཉིད་ནི༔ གཅིག་ཐུབ་གྲིབ་ཀྱི་གཉེན་པོ་ཡིན༔ གྲིབ་དང་མི་གཙང་ཉེས་པ་ཀུན༔ ལྕགས་བསྲེགས་སྟེང་དུ་མར་བཞག་འདྲ༔ དེས་ན་འདི་ལ་འབད་པར་བྱ༔ དེ་ནི་སྲུང་བའི་རིམ་པ་འོ༔ གདམས་པ་འདི་དང་མི་ལྡན་ཞིང༔ གྲིབ་དང་མི་གཙང་གོས་གྱུར་ན༔ ཐ་མ་ཕྱི་བའི་གདམས་པ་ལ༔ སྐྱེས་བུ་རྣམས་ཀྱིས་ཉམས་སུ་ལོངས༔ ཉམས་གྲིབ་བྱུང་ན་རང་ཉིད་ནི༔ རྡོ་རྗེ་སེམས་དཔར་བསྐྱེད་པ་ཡི༔ སྙིང་ཁར་ཁྲོ་རྒྱལ་སྨེ་བརྩེགས་བསྒོམ༔ གྲིབ་རྣམས་བསྡུས་ཏེ་དེ་ལ་བསྟིམ༔ ཡིག་བརྒྱ་གྲིབ་གཤེད་ཤམ་བུ་ཅན༔ བརྒྱ་རྩ་བགྲངས་པས་སེལ་བར་འགྱུར༔ ཟས་གྲིབ་བྱུང་ན་ལྕེ་ཡི་སྟེང༔ ཧཱུྃ་ནག་མེ་འབར་བསྐྱེད་པའི་མཐར༔ གྲིབ་སྔགས་དག་གིས་བསྐོར་བ་ལས༔ འོད་ཟེར་ནག་པོ་འཕྲོས་པ་ཡིས༔ རང་གི་ཁོང་པའི་ནང་གང་ནས༔ མི་གཙང་ཉེས་པའི་ཚོགས་རྣམས་ཀུན༔ དྲི་ཆུའི་སྒོ་ནས་ཐོན་དམིགས་ཤིང༔ འཐུང་དང་བཀྲུས་པས་ཞི་བར་འགྱུར༔ རྫས་དང་གོས་ཀྱི་གྲིབ་བྱུང་ན༔ ཁྲོ་རྒྱལ་བསྒོམས་པའི་སྐུ་ལུས་ལ༔ བསྐལ་པའི་མེ་དཔུང་འབར་བ་ཡིས༔ གང་ཡིན་ཐམས་ཅད་གཞོབ་ཏུ་བསྲེགས༔ སྔགས་བཟླས་སུག་པ་བུལ་ཏོག་དང༔ སོལ་ཁུའི་ཆུ་ཡིས་ལུས་བཀྲུ་ཞིང༔ རྫས་དང་གོས་ལ་གཏོར་བས་སེལ༔ རོ་གྲིབ་བྱུང་ན་བདག་ཉིད་ནི༔ ཁྲོ་རྒྱལ་བསྒོམ་པའི་ཐུགས་ཀ་རུ༔ དུར་ཁྲོད་ཌཱ་ཀི་ནག་མོ་བསྐྱེད༔ སྔགས་བཟླས་ཌཱ་ཀིའི་ཐུགས་ཀ་ནས༔ འོད་འཕྲོས་མི་གཙང་བསྲེགས་པར་བསམ༔ དུར་ཐལ་ཆུར་སྦྱངས་སྔགས་བཟླས་ཁྲུས༔ འཐུངས་པས་ཉེས་པ་ཞི་བར་འགྱུར༔ ཡུག་སའི་གྲིབ་ཀྱིས་གོས་པ་ན༔ ལྷ་བསྐྱེད་སྔགས་བཟླས་ཡུག་སའི་སྐྲ༔ གང་རྙེད་བསྲེགས་པའི་དུད་པ་ལ༔ ལུས་བདུག་སྔགས་བཟླས་དམིགས་མེད་བསྒོམ༔ དེས་ནི་ཉེས་པ་ཐམས་ཅད་ཞི་བར་འགྱུར༔ དམ་གྲིབ་ཕོག་པའི་རྣལ་འབྱོར་དེ༔ མཆོད་རྟེན་ནག་པོ་གཅིག་ཏུ་བསྐྱེད༔ སྔགས་བཟླས་རང་ལས་འོད་འཕྲོས་པས༔ འོད་ཟེར་རི་རབ་ཆེན་པོར་བསམ༔ རི་རབ་འོག་ཏུ་གྲིབ་བདག་མནན༔ མཆོད་རྟེན་ཚ་ཚཱ་གང་འཛོམ་ལ༔ སྐུ་ཁྲུས་གསོལ་བའི་ཆུ་ཡིས་བཀྲུ༔ དེས་ནི་དམ་གྲིབ་བསང་བར་འགྱུར༔ མཛེ་གྲིབ་བྱུང་ན་རང་ཉིད་ནི༔ ཁྲོ་རྒྱལ་བསྒོམས་པའི་ཐུགས་ཀ་རུ༔ ལྕགས་ཀྱི་བྱ་ཁྱུང་འབར་བར་བསྐྱེད༔ སྔགས་བཟླས་ཕག་པའི་ཚིལ་བུ་དང༔ རང་གི་དྲི་ཆེན་བསྲེས་བྱས་ལ༔ སྲན་མ་ཙམ་གཅིག་སྤྱི་གཙུག་བྱུགས༔ ཁྱུང་ལ་མེ་འབར་གྲིབ་བསྲེགས་བསམ༔ དེས་ནི་མཛེ་གྲིབ་སེལ་བར་བྱེད༔ གདོན་གྲིབ་བྱུང་ན་རང་ཉིད་ནི༔ འཇམ་དཔལ་ཐུགས་ཀར་ཕྱག་རྡོར་བསྐྱེད༔ གླ་རྩི་གུ་གུལ་ཆུར་སྦྱར་ཞིང༔ སྔགས་བཟླས་དང་ནི་ཁྲུས་བྱས་གྲོལ༔ བང་གྲིབ་ནལ་བུའི་གྲིབ་བྱུང་ན༔ རང་ཉིད་གསེར་གྱི་རུས་སྦལ་ཏེ༔ སྲུང་སྐུད་དཀར་པོ་སུམ་སྒྲིལ་ལ༔ སྔགས་བཟླས་རྐང་པའི་བོལ་ལ་བཏགས༔ དེ་ཡིས་གྲོལ་བར་གདོན་མི་ཟ༔ བྱི་གྲིབ་ཕོག་ན་རང་ཉིད་ནི༔ མེ་ལྷར་བསྐྱེད་ལ་བཟླས་པ་བྱ༔ ཤིང་སྣའི་དུད་པ་དག་ལ་བདུག༔ ལྷ་ལ་མེ་འབར་གྲིབ་བསྲེགས་བསམ༔ དེས་གྲོལ་ཉེས་པ་ཞི་བར་འགྱུར༔ མཁོན་གྲིབ་བཙོག་གྲིབ་ཕོག་གྱུར་ན༔ རང་ཉིད་འཇམ་དབྱངས་སེར་པོར་བསྐྱེད༔ སྔགས་བཟླས་ཆུ་ལ་བཏབ་སྟེ་ཁྲུས༔ བཀྲུས་པའི་ཁུ་བས་ངར་གླུད་བྱ༔ རལ་གྲིས་གཏུབས་ལ་ལམ་མདོར་བོར༔ དེས་ནི་ཉེས་པ་ཞི་བར་འགྱུར༔ གཞན་ཡང་གྲིབ་ཀྱི་རིགས་བྱུང་ན༔ བུམ་པ་ཁ་རྒྱན་མགུལ་ཆིངས་བཅས༔ ནང་དུ་ཆུ་དང་རྫས་རིལ་ལམ༔ མ་འཛོམ་སྨན་སྣ་གང་འཐད་བླུགས༔ བུམ་པ་གཞལ་ཡས་ཁང་དུ་བསྐྱེད༔ ནང་དུ་འབྱུང་བའི་ལྷ་མོ་དང༔ སྨེ་བརྩེགས་འཇམ་དཔལ་ནག་པོར་བསྒོམ༔ ཡེ་ཤེས་དགུག་གཞུག་བསྲེ་བསྣན་བྱ༔ བདག་བསྐྱེད་གསོལ་གདབ་གཞུང་ལྟར་ལས༔ འཛབ་དགོངས་མགལ་མེའི་འཁྲུལ་འཁོར་བསྐོར༔ བཟླས་པ་ཅི་འགྲུབ་བྱས་ནས་ནི༔ ལྷ་རྣམས་ལ་ནི་མཆོད་པ་འབུལ༔ བུམ་པ་ནང་གི་ལྷ་ཚོགས་རྣམས༔ ཡེ་ཤེས་སེམས་དཔའ་རང་སར་གཤེགས༔ དམ་ཚིག་བུམ་པའི་ཆུ་ལ་ཐིམ༔ བུམ་ཆུ་བདུད་རྩིར་གྱུར་དམིགས་ཤིང༔ དང་པོ་དཀོན་མཆོག་རྟེན་ལ་སོགས༔ ལྷ་དང་ཆོས་སྐྱོང་སྲུང་མ་ཡི༔ སྐུ་རྟེན་རྣམས་ལ་ཁྲུས་གསོལ་ཞིང༔ དེ་ནས་རང་གཞན་ཁྲུས་བྱས་ལ༔ ཁོང་དུ་འཐུང་སོགས་གང་འཐད་བྱ༔ རྗེས་ཀྱི་བྱ་བ་སྤྱི་དང་མཐུན༔ འདི་ནི་སྤྱི་མཐུན་གདམས་པ་འོ༔ དེ་ལྟར་ལས་སྦྱོར་གང་བྱེད་ཀྱང༔ རང་གི་བྱེད་ན་ལྷ་བསྐྱེད་དེ༔ དེ་ཡང་འཇམ་དཔལ་ནག་པོ་ལ༔ ཐུགས་ཀར་གཉེན་པོའི་ལྷ་རྣམས་བསྐྱེད༔ རྫས་ཀྱི་རིལ་བུ་ཀུན་ལ་བསྲེ༔ གཞན་ལ་བྱེད་ན་དམིགས་པ་ཕོག༔ རིལ་བུ་མི་སྦྱིན་གཞན་རྣམས་བྱ༔ རང་རང་དམ་ཚིག་གཅིག་པ་ལ༔ རིལ་བུ་བྱིན་ཀྱང་ཉེས་པ་མེད༔ གྲིབ་འཇོམས་རྡོ་རྗེ་ཕ་ལམ་འདི༔ པདྨས་ཕྱི་རབས་དོན་ཆེད་དུ༔ ཚེ་བདག་གསང་ཡིག་གཞུང་ལས་བཏུས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཀོང་པོ་རྒྱ་ལ་གཤིན་རྗེའི་དོང་ཁ། གཤིན་རྗེ་ཚེ་བདག་ནག་པོའི་ཐུགས་ཀ་ནས་གདན་དྲངས་པའོ། །འདི་བྲིས་རྣམ་དཀར་དགེ་བ་ཡིས། །དགྲ་བགེགས་བར་ཆད་ཞི་བར་མཛོད།། ༈ །།འཇམ་དཔལ་ནག་པོའི་ཡིག་ཆུང་ཟབ་པའི་ཡང་རྒྱ་རུ་གདམས་པ་བཞུགས་པ་ལགས་སོ༔ ༁ྃ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ གདོལ་པ་ཁ་བཞི་བརྒྱུད་བརྒྱུད་ནས༔ སངས་རྒྱས་བསྟན་པའི་སྲོག་ཤིང་བཙུགས༔ ས་འོག་རིན་ཆེན་གཏེར་གྱིས་བཀང༔ གདུལ་བྱ་སྣོད་ལྡན་སྨིན་པར་བྱས༔ ད་ལྟའི་དུས་འདི་ཅུང་ཞིག་བདེ༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ སངས་རྒྱས་བསྟན་པ་ཉམས་པའི་ཚེ༔ ང་ཡི་བསྟན་པ་ཅུང་ཙམ་ཞིག༔ མཐའ་འཁོབ་རྣམས་སུ་འབྱུང་འགྱུར་ཞིང༔ སྨོན་ལམ་ལས་སད་སྐྱེས་བུ་འགས༔ དམ་ཆོས་གཏེར་ལ་སྤྱོད་པའི་ཚེ༔ བདུད་ཀྱི་སྤྲུལ་པས་ཆོ་འཕྲུལ་འགྱེད༔ ང་མིན་ང་འདྲའི་སྤྲུལ་པ་སྟོན༔ འགྲོ་བ་ལོག་པའི་ལམ་ལ་འཁྲིད༔ འདྲ་མིན་བཅོས་པའི་གདམས་པ་རྐུས༔ དེ་ཕྱིར་གསང་བའི་བརྡ་ཚིག་ལ༔ བཀའ་རྒྱ་སྨོན་ལམ་ཕྱག་རྒྱས་མནན༔ འཕྲུལ་ཡིག་དཀྲུགས་ཡིག་ལ་སོགས་པས༔ གདམས་པ་གསང་ཞིང་བསྐུངས་ནས་བཞག༔ ཕྱི་རབས་ང་ཡི་རྗེས་འཇུག་རྣམས༔ གནད་ཀྱི་ཟིན་བྲིས་འདི་ལ་ལྟོས༔ སྨོན་ལམ་ཕྱག་རྒྱའི་ཡི་གེ་ནི༔ དགོངས་ཚིག་ཡིན་ཕྱིར་བཀྲོལ་མི་དགོས༔ ཌཱ་ཀི་རང་གནད་ཡི་གེ་རྣམས༔ རྫས་ཀྱིས་སྦྱོར་ཏེ་ཤེས་འགྱུར་ཞིང༔ གསང་ཚིག་རང་རང་གཞུང་ལས་གསལ༔ གཞན་ཡང་ཡིག་རིགས་འདྲ་མང་ཡང༔ བོད་གཏེར་རྣམས་ལ་བཀོད་པ་མེད༔ གལ་ཏེ་བྱུང་ལ་བརྟགས་པ་གཅེས༔ རེ་རེ་ཙམ་ཞིག་ཡོད་ན་ཡང༔ རྫུ་འཕྲུལ་གནད་ཀྱི་ཡི་གེ་མིན༔ དེ་ལ་བརྟགས་པ་མན་ངག་ཡིན༔ ཨོ་རྒྱན་དགོངས་དཀྲུགས་ཆེན་པོ་ཡི༔ ཡི་གེ་ལ་ལ་ཙམ་ཞིག་ཀྱང༔ ཟབ་གཏེར་རྣམས་ལ་བུ་རེ་ཡོད༔ སྡེ་པ་ཕྱེད་དུ་དཀྲུགས་པ་དང༔ སྦུགས་ཆེན་སྦུགས་ཆུང་གཉིས་པོ་ཡང༔ ཕལ་ཆེར་ལྷོ་གཏེར་ཡོངས་ལ་ཡོད༔ བཅུ་གསུམ་ཁུགས་པའི་ཡི་གེ་རྣམས༔ བཟོ་ཡི་རིག་བྱེད་འགའ་ལ་ཡོད༔ གལ་མདོ་དཀྲུགས་ཀྱི་ཡི་གེ་རྣམས༔ འདྲ་མིན་རྣམ་པ་མང་གྱུར་ཀྱང༔ ལས་དང་ལྡན་པའི་སྐྱེས་བུ་ཡིས༔ ལེགས་པར་བརྟགས་ན་ཤེས་པར་འགྱུར༔ ཡི་གེ་འཁྲུལ་བསྡེབས་ལྔ་པ་དང༔ འཁྲུལ་བསྡེབས་ཆེན་པོ་བོད་ན་མེད༔ མ་འོངས་སྙིགས་མའི་དུས་སུ་ཡང༔ བློ་དང་ཤེས་རབ་ལྡན་རྣམས་ཀྱིས༔ ལོག་འགྱུར་ཡིག་སྐད་རྣམ་གྲངས་དང༔ སྐད་གསར་སྒྲ་ལོག་མང་བཅོས་འགྱུར༔ བསྟན་པ་ཉམས་པའི་སྔ་ལྟས་ཡིན༔ ཨོ་རྒྱན་དཀྲུག་ཡིག་རིགས་འགའ་ལས༔ མང་དག་བོད་དུ་མ་འཕེལ་ཀྱང༔ མ་དག་གཏེར་ལའང་ཡོད་པ་སྲིད༔ དེ་ལ་བརྟག་པ་ཤིན་ཏུ་གཅེས༔ ཀླུ་འབུམ་སྐྱིད་དང་ལྷ་སེང་གེས༔ གཏེར་ལོག་འགའ་ཞིག་བྱས་པ་ཡོད༔ དེ་ལ་གཟབ་པ་ཤིན་ཏུ་གཅེས༔ ཡིག་རིགས་ཕྲན་ཚེགས་གསར་བུས་ཏེ༔ དེ་དག་ཉིད་ལ་བརྟག་པ་ཡིས༔ བདུད་ཀྱིས་བསླུས་པའི་སྤྲུལ་པ་འབྱུང༔ ལོག་མིན་ཡིག་གསར་བཅོས་ནས་ནི༔ གཏེར་མིན་དེ་འདྲ་འཆོས་པ་འབྱུང༔ དེ་ནི་བསྟན་པའི་ཆོམ་རྐུན་ཏེ༔ ལས་ཀྱི་དབང་གིས་མངའ་ཐང་ཆེ༔ འོན་ཀྱང་བསྟན་པ་ཡུན་མི་མངའ༔ དེ་བྱུང་ང་ཡིས་འདུལ་བར་བྱ༔ ཨོ་རྒྱན་གསང་བའི་དཀྲུགས་ཡིག་ལས༔ ལྡེའུ་མིག་ཡིག་ཆུང་དི་ཡིས་ཁྲོལ༔ ཀ་ཏ་གཉིས་པོ་མ་བུ་ཡིན༔ ཁ་ཐ་གཉིས་པོ་ཕ་སྤད་ཡིན༔ ག་ད་གཉིས་པོ་མིང་སྲིང་ཡིན༔ ང་ན་གཉིས་པོ་དཔོན་སློབ་ཡིན༔ དེ་ནི་ཟུང་འབྲེལ་ཀུན་ལ་འདྲེས༔ ཅ་པ་ཉིད་དང་ཆ་ཕ་སྟེ༔ ཇ་བ་མ་ཉ་རིགས་པའི་རྟགས༔ ཏ་ཀ་ཐ་ཁ་ད་ག་གསུམ༔ ང་ན་གཉིས་པོ་གོང་འོག་སྤོ༔ པ་ཅ་ཕ་ཆ་བ་ཇ་དང༔ ཉ་མ་བཞི་པོ་ཤུགས་ཀྱིས་ཤེས༔ ཙ་ར་ཚ་ལ་ཛ་ཤ་དང༔ ཝ་ས་དཀྱུས་ཀྱིས་ཤེས་པར་བྱ༔ ཞ་ཧ་ཟ་ཨ་གཉིས་པོ་ནི༔ མཐའ་རྟེན་ཡི་གེ་བཀླག་པ་གཅེས༔ འ་ཡ་གཉིས་པོ་གཡོ་བ་བྱེད༔ སུམ་ཅུ་གཉིས་པའི་ཉེ་འབྲེལ་འདི༔ གཅིག་གི་གདན་ས་གཅིག་གིས་འཛིན༔ གང་བྱུང་དབང་དུ་བཀླག་པ་གཅེས༔ ས་མ་ཡ༔ དྷ་ཐིམ༔ ༔ཀ་ཁ་ག་ང༔ ཏ་ཐ་ད་ན༔ ཅ་ཆ་ཇ་ཉ༔ པ་ཕ་བ་མ༔ ཙ་ཚ་ཛ་ཝ༔ ར་ལ་ཤ་ས༔ ཞ་ཟ་ཧ་ཨ༔ འ་ཡ་གཉིས་པོ་དོང་སྤྲུགས་ཡིན༔ ར་ལ་ཤ་ས༔ ཙ་ཚ་ཛ་ཝ༔ ཧ་ཨ༔ ཞ་ཟ༔ ལྔ་བཅུ་ང་བརྒྱད་ཤེས་པར་བྱ༔ བཞི་བཅུ་ཞེ་དྲུག་ཡི་གེ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཙིཏྟ་དྷ་ཐིམ༔ གཞན་ཡང་དཀྲུགས་ཡིག་ལྡེའུ་མིག་རྣམས༔ རང་རང་བག་རྩེའི་ནང་དུ་གསལ༔ དེ་ལྟར་གབ་ཡིག་ཕལ་ཆེར་ནི༔ སྨོན་ལམ་ལས་ཅན་སྐྱེས་བུ་ཡིས༔ རང་བཞིན་ཤུགས་ཀྱིས་ཤེས་པར་འགྱུར༔ གསང་བ་དཀྲུགས་ཡིག་ལྡེའུ་མིག་གསལ་བ་སྒྲ་རང་འགྱུར་དུ་བཀོད་པའོ༔ ས་མ་ཡ༔ ༁ྃ༔ འཇམ་དཔལ་ནག་པོའི་དམར་བྱང་འདིར་གཟུག་གོ༔ གསང་བ་གནད་ཀྱི་ཡིག་ཆུང་འདི༔ བཟློག་པའི་སྐབས་སུ་དཀྲུགས་ཡིག་ལྟོས༔ གཅེས་པ་འདིའོཿ ༼ཧེ༽ ཧེ་ཝ་ཙན་ད་ཝི་ཆ་ཙོ་ཚ་ཙོ་ཚ་ཇྱག་ཇྱ་ཝ༔ ཅ་ཝ་ཇ་ཨྩོད་ཅ་ཇུ་ནད་ཡན་ཇ་ཨྩད་དི་ཙན་མིག་ཆ༔ ཚོ་ཚ་ཏྱི་ཆཞ་ཡི་ཐོན༔ ཅ་ཙ་འབཉ་ག་ཅ་ཚ་ངད་ཙེ་ཇ་ཝྠོ་ཉ་ཚ༔ ཝྦྷད་འགི་ཙྷྱ་ར་ཇ་ཙྷྱག་ཇ་ཨྕ་ཝ་ཝོ༔ བྷྱོ་ལ་ཀི་ཅ༔ ཡ་ར་མཱ་ཡ་ར་མཱ་ཏྲཱུྃ་ཤ༔ བྷྱོ་ཤ་རག་ཡ་ཏིང་ཤན་རག་མོ་རག་བྷྱོ་ན་དུ་རམ༔ བྷྱོ་ནི་ར་མ་ནི་མ་ཨོཾ༔ བྷྱོ་ཁྲོཾ་ཏྲིག་བྷྱོ་ཧཱུྃ༔ ཨོཾ་ཤྲཱི་ཛུ་མ་ན་ཤྲཱི་པ་རཱུ་ལ་ཀཱ་ཀཱ༔ ཀ་ཏ་མཱ་ན་ཡ་ཡ༔ ཀ་ཏེ་ཀྲོ་ཨ་ཨྱཻ་གཅེས་སོ༔ ས་མ་ཡ༔ ༁ྃ༔ བསད་པའི་སྐབས་སུ༔ གཤིན་རྗེའི་སྲོག་འཁོར་བྲིས་ནས་སྤྱང་ཐོད་དུ་གཞུག༔ ༼ཨེ༽ ཅེས་པ་ནི༔ གླང་བུ་དམར་པོའི་སྙིང་ཤུན༔ ཁྱི་དམར་པོའི་ཁྲག་དང་སྣག་ཚྭ་བསྲེས་པས་བྲི་བར་བྱ་བ་ནི༔ མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བར༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ཅེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ས་མ་ཡ༔ ཙིཏྟ་ཧྲིང་ཧྲིང༔ ཞེས་པ་བྲི༔ དེ་རྒྱབ་རྩིབས་བཞི་ལ༔ སྲུང་བའི་རྩིབས་ལ་བྲི་བའི་གཤེད་བཞིའི་སྔགས་བཞི་པོ་དང༔ མཆན་བཞི་ལ་མ་ཡ་ཧཱུྃ་བྷྱོ༔ བཞི་པོ་འབྲུ་རེ་རེ་བྲི༔ དེ་རྒྱབ་མུ་ཁྱུད་ལ་སྲུང་སྔགས་ཆེན་པོ་བྲི༔ སྤེལ་ཚིག་དང་མ་མ་ཀཱ་ཡ་ཅན་མི་འདོགས༔ དེ་རྒྱབ་མུ་ཁྱུད་ལ་ཟློག་སྔགས་རིང་པོ་བྲི༔ ཡང་རིན་ཆེན་གསེར་དངུལ་གང་འཛོམ་གྱིས༔ རྩ་སྔགས་ཞི་ཁྲོ་གཉིས་ཀ་བྲིས་ལ་གཞུག་པར་བྱའོ༔ དེ་ཡང་ཞི་བ་ལ་ཝཱ་གཱི་ཤྭ་རི་མཱུཾ༔ ཁྲོ་བོ་ལ་དཀྱུས་ལྟར་རོ༔ དེ་ལྟར་བྲིས་པ་རོ་རས་ཀྱིས་དྲིལ་ལ་སྤྱང་ཀིའི་ཐོད་པར་བཅུག་གོ༔ ས་མ་ཡ༔ གྲིབ་སྲུང་གི་སྐབས་སུ༔ སྲུང་བའི་འཁོར་ལོ་བྲིས་ལ་བཏག་གོ༔ ཞེས་པ་ནི༔ རོ་རས་ནག་པོ་མ་རྙེད་ཀྱང༔ གྲོ་ཤོག་གང་འཛོམ་ལ༔ གྲིབ་སྲུང་གི་རྫས་ཀྱི་རིལ་བུ་སྦངས་པའི་ཁུ་བ་དང་དྲེག་ནག་བསྲེས་ལ༔ ཙཀྲ་བསྐོར་བ་ནི༔ དང་པོ་མུ་ཁྱུད་གཅིག་བསྐོར་བའི་ལྟེ་བར༔ ཧཱུྃ་ཡ་མ་བྷྱོ༔ བཞི་བརྩེགས་མ་བྲི༔ མུ་ཁྱུད་ལ་བདག་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་གྲིབ་དང་མི་གཙང་བ་ཐམས་ཅད་སྲུངས་ཤིག༔ ཅེས་པ་བྲི༔ དེ་རྒྱབ་མུ་ཁྱུད་གཅིག་བསྐོར་ལ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ དེ་རྒྱབ་རྩིབས་བཞི་ལ་བྲི་བ་ནི༔ སྲུང་བའི་སྐབས་དང་འདྲ༔ མཆན་ལ༔ གྲིབ་ཀྱི་གནོད་པ་སྲུང་ཤིག༔ ཅེས་པ་རེ་རེ་རྫོགས་པར་བྲི༔ དེ་རྒྱབ་མུ་ཁྱུད་གཅིག་བསྐོར་ལ༔ ཨོཾ་མཉྫུ་ཤྲཱི་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ཎ་ཡ་བྷུར་ཙི༔ བྷུྱ<!TCC Tibetan character 4,200 undefined in unicode!>ི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ བཛྲ་བྷུར་ཀུཾ་རི་ལི་ཤུ་ཐར་ཤ་ཧུར་ཤི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཧཱུྃ་ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་གཅིག་བསྐོར་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི༔ མཐའ་མ་མེ་རི་འབར་བས་བསྐོར༔ དེ་ལྟར་བྲིས་པ་ལ་རྫས་ཀྱི་ཁུ་བ་དང༔ མཛེས་པའི་ཚོན་བསྲེས་པས་ཀྱང་བྱུག་པར་བྱའོ༔ དེ་ནི་གྲིབ་བསྲུང་བའི་དཔེ་ཆུང་ངོ༔ ས་མ་ཡ༔ ༼འུཾ༽་་་བདག་ཉིད་འཇམ་དཔལ་ནག་པོའི་ཐུགས་ཁར་ཁྲོ་བོ་སྨེ་བ་བརྩེགས་པ་སྒོམ་པ་ནི༔ ཧཱུྃ་མཐིང་ནག་འོད་དུ་ཞུ་བ་ལས་བྱུང་བའི་ཁྲོ་བོ་སྨེ་བ་བརྩེགས་པ་ཁྲོ་ཞིང་གཏུམ་པ་མཐིང་ནག་ཞལ་གདངས་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་བསྒྲད་པ༔ ལྗགས་འདྲིལ་དྲག་པོའི་རྐན་སྒྲ་བསྡེབས་པ༔ སྲིད་པ་ཐམས་ཅད་གཡོ་བ༔ ཕྱག་གཡས་རྣོ་ངར་དང་ལྡན་པའི་རལ་གྲི་འཕྱར་ཐབས་ཀྱིས་གནོད་བྱེད་ཐམས་ཅད་གསོད་ཅིང་གཏུབས་པ༔ གཡོན་ཡེ་ཤེས་ཀྱི་མེ་དཔུང་འབར་བ་བསྣམས་པ༔ གྲིབ་དང་ཉོན་མོངས་པ་ཐམས་ཅད་གཞོབ་ཏུ་སྲེག་པ༔ གསུས་ཁྱིམ་ཆེ་ཞིང་ཉྭ་སུལ་རགས་པ༔ རྒྱན་མེད་གཅེར་བུ་མཚན་མ་གྱེན་དུ་སྒྲེང་ཞིང༔ རལ་པ་སེར་པོས་སྟོང་ཁམས་ཁེངས་པ་གཅིག་བསྒོམ་པར་བྱའོ༔ ས་མ་ཡ༔ འཇམ་དཔལ་ནག་པོའི་གདམས་པ་ལ༔ དང་པོ་བསྙེན་པ་རྟགས་ཐོན་དུ་འབད༔ དེ་ནས་སྒྲུབ་པ་ལ་དྲོད་ཐོབ་པར་བྱ༔ ལས་སྦྱོར་སྲུང་ཟློག་བསད་གསུམ་བྱ༔ དེ་ལྟར་མ་གྲུབ་ཀྱི་བར་དུ་ལས་སྦྱོར་སྲུང་ཟློག་བསད་གསུམ་ལ་བརྩོན་པར་མི་བྱའོ༔ གྲིབ་སྲུང་གི་ལས་མཐའ་ནི༔ བསྙེན་པ་ཐེམས་ནས་བྱས་པས་ཆོག་ལ༔ འདི་ཤིན་ཏུ་གཉན་པས་མང་པོ་ལ་སྤེལ་བར་མི་བྱ་བ་གནད་ཡིན༔ མང་པོ་ལ་སྤེལ་ན་མི་ཟབ༔ གཅིག་བརྒྱུད་བྱས་ན་ཟབ༔ ཀུན་ལ་ངོམས་ན་མི་ཟབ༔ གསང་ཞིང་སྦས་ན་ཟབ༔ ཐེ་ཚོམ་ཞུགས་ན་མི་ཟབ༔ ཡིད་ཆེས་བྱས་ན་ཟབ༔ ཡལ་བར་དོར་ན་མི་ཟབ༔ ཉམས་སུ་བླངས་ན་ཟབ༔ དཔེ་སྲེད་བྱས་ན་མི་ཟབ༔ ཚིག་དོན་སྤྲད་ན་ཟབ༔ ཟབ་ལྔ་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཨོ་རྒྱན་ཟབ་དོན་ཐུགས་ཀྱི་མཛོད༔ འཇམ་དཔལ་བདུད་འཇོམས་སྲུང་ཟློག་བསད་གསུམ་གྱི་སྐོར༔ ཟབ་པའི་ཡང་སྙིང༔ ཡིག་ཆུང་དམར་བྱང་དང་བཅས་པ་རྫོགས་སོ༔ ས་མ་ཡ༔ གཤིན་རྗེའི་དོང་ཁ་ཚེ་བདག་ཐུགས་ཁ་ནས། སངས་རྒྱས་གླིང་པས་གཏེར་ནས་བཏོན་པའོ།། །།

དྲང་སྲོང་ལོཀྟྲི་ཞི་དྲག་གི་བསྙེན་ཡིག་མདོར་བསྡུས་གནད་དོན་རབ་གསལ་ (Volume 34, Text 19)

༄༅། །དྲང་སྲོང་ལོཀྟྲི་ཞི་དྲག་གི་བསྙེན་ཡིག་མདོར་བསྡུས་གནད་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཧྱ་པ་ཏ་ཡེ། རིག་སྔགས་དམོད་པའི་གནམ་ལྕགས་ཀྱིས། །སྡེ་བརྒྱད་གདུག་པའི་བྲག་རི་གཞོམ། །གསང་བདག་རྣམ་རོལ་སྟོབས་པོ་ཆེ། །དྲང་སྲོང་ཞི་ཁྲོར་གུས་པས་འདུད། །གཏེར་ཁ་འོག་མའི་གཞུང་ཟབ་སྒོ །འབྲི་ལུགས་མན་ངག་ལྡེའུ་མིག་གིས། །ལེགས་ཕྱེས་རིག་འཛིན་བརྒྱུད་པར་བཅས། །གསང་མཛོད་འདི་ལ་བདེ་བླག་སྤྱོད། །དེ་ལ་རྒྱལ་བ་ཀུན་གྱི་གསང་བ་འཛིན་པ་དཔལ་ཆེན་ལག་ན་རྡོ་རྗེ་ཉིད་སྙིགས་དུས་མི་བསྲུན་སྡེ་བརྒྱད་གདུག་པ་ཅན་གྱི་དཔུང་ཚོགས། སྔགས་རྒོད་སྤུ་གྲི་རྣོན་པོ་དང་བདེན་ཚིག་དམོད་པའི་མཐུ་སྟོབས་ལྡོག་མེད་གནམ་ལྕགས་འབར་བས་བདེ་བླག་ཏུ་འཇོམས་པར་མཛད་པའི་སླད་དུ་དྲང་སྲོང་ཞི་ཁྲོའི་སྐུར་བཞེངས་པ། ཆེ་བའི་ངེས་ཚིག་བརྒྱད། རྒྱུད་ཀྱི་རྣམ་གྲངས་གསུམ། དོན་གྱི་མན་ངག་བརྒྱད་ལ་སོགས་པ་དང་ལྡན་པ་སྔགས་རྒོད་ལོཀྟྲི་པཱ་ལ་ཞེས་གྲགས་པའི་གདམས་སྐོར་གཏེར་ཁ་གོང་འོག་གཉིས་ཀྱི་བཀའ་སྲོལ་ལས་བྱུང་བ་ཉིད་ཉམས་སུ་ལེན་པ་ལ། ཐོག་མར་བསྙེན་པ་ལེགས་པར་ཐེམས་དགོས་པས། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་འདི་ཉིད་ཀྱི་རིག་གཏད་ལེགས་པར་ནོས་པའི་སྒྲུབ་པ་པོས། བསྙེན་སྒྲུབ་ལ་འཇུག་པའི་སྔོན་རོལ་དུ། སཱཙྪ་དང་དྲང་སྲོང་ཞི་ཁྲོའི་ཆབ་གཏོར་ཚོགས་འཁོར་སོགས་བསོད་ནམས་གསོག་པ་དང་། རྡོར་སེམས་སྒོམ་བཟླས་མེ་མཆོད་བདག་འཇུག་སོགས་ཉམས་ཆག་སྦྱོང་བའི་རིམ་པ་སྤྱི་མཐུན་ཅི་འགྲུབ་བྱ། ལག་ལེན་དངོས་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་བསྙེན་སྒྲུབ་ཀྱི་ཚུལ། རྗེས་ལས་སྦྱོར་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། སྒྲུབ་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་སྤྲས་པའི་ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་ངོས་སྟེགས་རིམ་པ་གཉིས་པའི་གོང་མར། རིན་པོ་ཆེའི་སྣོད་གཙང་མར་དྲང་སྲོང་ཞི་བའི་གཏོར་མ་ཆོས་དབང་གཏེར་གཞུང་ལས་གསུངས་པ་ལྟར་འཛོམ་ན་འབྲས་དང་ཟར་མ་སོ་བ་རྣམས་ཀྱི་ཕྱེ་མ་ཆུ་གཙང་འོ་མས་སྦྲུ། མ་འབྱོར་ན་འབྲུ་ཕྱེ་གཙང་མ་ལ་དཀར་ཟླུམ་པད་འདབ་བཞི་པ་རྒྱན་སྤྲོས་ཅི་མཛེས་ཅན་ལ་སྐུ་རྟེན་ཙཀླི་བཙུགས་ཤིང་དར་གདུགས་དཀར་པོ་ཕུབ། དཀར་གསུམ་མངར་གསུམ་ཤིང་ཏོག་ཟས་སྣ་དང་བཅས་པ་བཀོད། སྟེགས་འོག་མར་དྲག་པོའི་གཏོར་མ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་འཁོར་རང་འདྲ་བརྒྱད་དང་མཐེབ་ཀྱུས་བསྐོར་བ་མེ་རིའི་རྒྱན་ལྡན་སྐུ་རྟེན་ཙཀླི་དར་གདུགས་མཐིང་ནག་དང་ཤ་ཁྲག་གིས་བརྒྱན་པའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་གཏེར་གྱི་སྒེར་སྲུང་། མཁའ་རི། ཀླུ་བདུད། སྨྱོ་ཁ། ཤེལ་གིང་རྣམས་ཀྱི་གཏོར་མ། ཆད་བརྟན། སྨན་རག་ཕབས་གཏའ་ལྡན་པ་རྣམས་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། དཀར་བགེགས་རྒྱལ་ཆེན་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཉེར་མཁོ་ཐམས་ཅད་འདུ་བྱ། འདི་ཉིད་ཀྱི་རྟེན་སོགས་བཞུགས་པ་ཙམ་གྱིས་སྙིགས་དུས་ཀྱི་སྡེ་བརྒྱད་དམ་འགོང་གདུག་པ་ཅན་གྱིས་འཚེ་མི་ནུས་པ་སོགས་ཤིན་ཏུ་ཟབ་ཅིང་གཉན་པའི་གནད་ཀྱིས། རྟག་ཆགས་ཀྱི་སྒྲུབ་ཁང་ལྟ་བུར་རྗེ་བཙུན་རཏྣ་ཡབ་སྲས་ཀྱི་བཞེད་པ་ལྟར་ཞར་བྱུང་རྟེན་གཏོར་བྱེད་པར་སྤྲོ་ན། དྲང་སྲོང་ཞི་བའི་གཏོར་མ་རྒྱུ་གོང་སྨྲོས་ལ། ཆང་དང་ཆོས་སྨན་སྦྱར་བ་དང་མར་གྱིས་བརྫིས་པའི་དཀར་ཟླུམ་ནང་ཁོང་སྟོང་དུ། སྲོག་ཤིང་དང་སྲུང་འཁོར་མདུན་དང་ཟློག་པ་རྒྱབ་ཕྱོགས་སུ་ཡོད་པ་མཆོད་རྟེན་བཅས་ལྟར་བྱ། རྩེར་སྐུ་རྟེན་རྒྱབ་ངོས་སྔགས་བྱང་དང་མེ་ལོང་དར་གདུགས་ཀྱིས་བརྒྱན། འབྲུ་སྨན་དར་ཟབ་ཤིང་ཏོག་རིན་པོ་ཆེ་སོགས་ཀྱིས་སྣོད་ཕྱུར་བུར་བཀང་། དགྲ་བགེགས་འགུགས་བསྟིམས་བྱས་པའི་མནན་ཟློག་ཙཀྲ་བཏིང་བ་ལ་བཞུགས་སུ་གསོལ་བའི་མདུན་དུ་མཆོད་གཏོར་གོང་སྨྲོས་ལྟར་བཞག །དེ་ལ་སྐུ་རྟེན་དང་དར་གདུགས་མི་དགོས་སོ། །གཉིས་པ་དངོས་གཞི་ནི། སྤྱིར་གཏེར་གཞུང་གཉིས་ལས་ལྷ་སྔགས་ཏིང་འཛིན་རྫས་དང་འཁོར་ལོའི་གནད་ཐེམས་སོགས་གསལ་བར་བསྟན་ཅིང་ཕྲིན་ལས་མདོར་བསྡུས་ཙམ་ལས་འདོན་ཆའི་ཚིག་རིས་རྒྱས་པར་མི་འབྱུང་བས། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཡབ་སྲས་ཀྱིས་གསལ་བར་མཛད་པའི་རྗེས་འབྲངས་ཕྱིས་སུ་ཀུན་གཟིགས་ལྔ་པ་ཆེན་པོ་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོ་སོས་མཛད་པའི་ཡིག་ཆའི་ལུགས་སྲོལ་གཉིས་སུ་བྱུང་བ་གང་ལ་བརྟེན་ཀྱང་ཁྱད་པར་ཆེར་མེད་མོད། ཕྱི་མ་ཉིད་གཏེར་གཞུང་དང་རྗེ་རཏྣའི་གསུང་སོར་བཞག་ལས་ཁ་སྐོང་མང་པོས་མ་རྙོགས་པའི་ཁྱེར་བདེ་རྣམ་གསལ་དུ་བཞུགས་པས། འདིར་ཡང་ལས་བྱང་སྙིང་པོའི་དོན་གསལ་གཞིར་བཞག་གི་དབང་དུ་བྱས་ཏེ་དགོད་པ་ལ་གཉིས། ཞི་བར་བསྙེན་པ་དང་། དྲག་པོར་བསྒྲུབ་པའོ། །དང་པོ་ནི། གནས་ཁང་ཡོ་བྱད་རང་དང་བཅས་པ་ལ་ཁྲུས་དང་སྤོས་བདུག་སོགས་གཙང་སྦྲས་དག་པར་བྱས་ལ། ཇི་སྐད་དུ། བསྙེན་པའི་དུས་ནི་ཡར་ངོ་སྟེ། །ཚེས་གཉིས་གསུམ་བརྒྱད་སྔ་དྲོར་འཇུག །སྒྲུབ་པའི་དུས་ནི་མར་ངོ་ཡིན། །ཉ་འམ་བཅུ་བདུན་ཉིན་མོར་འཇུག །ལས་སྦྱོར་དུས་ནི་ཤི་ཁ་སྟེ། །བཅུ་དགུ་རྩ་གཅིག་ཕྱི་དྲོར་འཇུག །ཅེས་གསུངས་པ་ལྟར་རམ། དེང་སང་ཕྱག་ལེན་གྱི་རྒྱུན་བཞིན་ཕྱི་ཐུན་ནས་དབུ་བཙུགས་ཏེ་སྒྲུབ་པ་པོ་རྟེན་དང་ཞལ་སྤྲོད་དུ་འཁོད་ལ། ཐོག་མར་ཚིག་བདུན་སོགས་གསོལ་འདེབས་དང་བརྒྱུད་འདེབས་ཀྱིས་བྱིན་རླབས་བསྐུལ། དྲང་སྲོང་ཞི་བའི་ང་རྒྱལ་བཟུང་ལ་དཀར་གཏོར་སྤྱི་འགྲོ་གཏང་། སྒོ་དྲུང་དུ་ཐོ་དང་རྟེན་བཀོད་པ་ལ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་བྱ། དེ་ནས་ལས་བྱང་གི་དབུའི་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་གསུམ་གྲུབ་ནས། བགེགས་གཏོར་བཏང་ལ་དྲག་པོའི་ང་རྒྱལ་གྱིས་བཀའ་བསྒོ། ཡུངས་ཐུན་གུ་གུལ་དུད་པ་དྲག་སྔགས་དམོད་པ་བཅས་བརྗོད་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བརྟན་པོར་བསྒོམ། བདག་གནས་ཡོ་བྱད་ལ་བྱིན་དབབ། ཕྱི་ནང་གསང་མཆོད་བྱིན་བརླབ། དེ་ནས་དྲང་སྲོང་ཞི་བའི་ལྷ་བསྐྱེད། རང་ལུས་ཐ་མལ་དྷཱུ་ཏིའི་ནང་། །ཞེས་པ་ནས། འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །ཞེས་པའི་བར་གྱིས་གསལ་ལེགས་པར་བཏབ་ནས། འོག་གི །རང་གི་གནས་གསུམ་ཨོཾ་དཀར་སོགས་ཀྱིས་གནས་གསུམ་བྱིན་བརླབ། དྲང་སྲོང་ཞི་བའི་ལྷ་ཚོགས་ཞེས་པའི་ཚིག་ཟུར་བསྒྱུར་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཡན་མཐར་ཆགས་སུ་བཏང་། དེ་ནས་བཟླས་ཕྲེང་བྱིན་བརླབས་ལ་གོང་གི་མངོན་རྟོགས་འཕྲོས། སྙིང་གར་ཉི་མའི་གདན་སྟེང་དུ། །སོགས་ཛཔ྄་དམིགས་དང་ལྡན་པས་ཞི་བསྙེན་ཅི་འགྲུབ་བཟླས་པའི་ཐུན་མཐར་ཁ་སྐོང་དབྱངས་གསལ་སོགས་དང་། ཡེ་ཤེས་ལྷ་ཚོགས་ཀྱིས་སྟོང་ཚིགས་མཆོད་བསྟོད་བྱ། ཡི་དམ་དྲང་སྲོང་གཏོར་འབུལ་འབྲི་གུང་པའི་གསུང་ལྟར་དང་། ཆོས་སྐྱོང་སྤྱི་དང་བྱེ་བྲག་གཏེར་སྲུང་གཏོར་འབུལ་གསུང་རྒྱུན་མ་ལྟར་ཁྱེར་བདེ་བས་ལེགས། ཚོགས་མཆོད་འབུལ་ཅིང་ལྷག་མ་བཙོན་དུ་གཟུང་། ཐུགས་དམ་བསྐུལ་བ་མི་དགོས། ཆད་བརྟན་བྱང་ལུགས་ལ་བསྙེན་སྒྲུབ་གྲུབ་ཀྱི་བར་མི་མཛད་ཀྱང་གཞན་དག་གིས་ཚོགས་མཆོད་རྗེས་འབྲེལ་དུ་གཏང་བར་སྣང་བས་གང་བདེ་བྱ་ཆོག །རྗེས་ཆོག་མཆོད་བསྟོད། ནོངས་བཤགས། ཚོགས་མགྲོན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཡན་གྲུབ་ནས་དགེ་སྦྱོར་ཆག་མེད་ཀྱི་རིམ་པ་གཞན་ཡོད་ན་བྱ་ཞིང་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱིར་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས། རླུང་རོ་བསལ། ངག་བྱིན་རླབས་དང་བདུད་རྩི་མྱང་བ་སོགས་གྲུབ་ནས་བརྒྱུད་འདེབས། སྐྱབས་སེམས། ཚོགས་གསག །བགེགས་གཏོར་འདི་ཕྱིན་གཏང་མི་དགོས་པས། སྲུང་འཁོར་གསལ་བཏབ་ལ་བྱིན་འབེབ་ནས་བཟླས་པའི་བར་སྔ་ཉིན་ལྟར་ལ་ཐུན་གྲོལ་སྐབས་སྟོང་ཚིགས་འཕྲོས་བསྡུ་ལྡང་དང་དགེ་བསྔོ་བྱས་ཏེ་སྤྱོད་ལམ་ལ་འཇུག །སྔ་ཐུན་དགོང་ཐུན་སྲོད་ཐུན་གསུམ་ལ་སྐྱབས་སེམས་ཕྱིན་དེ་དང་འདྲ་བ་ལས། དགོང་སྲོད་གང་རུང་གི་མཇུག་ཏུ་ཡི་དམ་དང་སྲུང་མའི་གཏོར་འབུལ་མ་ཆག་པ་དང་། ཉ་སྟོང་བརྒྱད་གསུམ་སོགས་ལ་ཚོགས་མཆོད་རེའང་བྱའོ། །དེའི་དམིགས་རིམ་ལས་བྱང་གོང་འོག་རྣམས་ནི་སྤྱི་འགྲེ་དང་རང་གཞུང་ཚིག་དོན་ལྟར་ལ། ཁྱད་པར་ལྷ་བསྐྱེད་ཐོག་མར་རང་ཐ་མལ་དུ་གནས་པའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཕྱི་དཀར་ནང་དམར་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་འོག་ཏུ་སླེབ་པའི། གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱང་གཤིབས་ནས་ཡོད་པའི་ཡར་སྣེ་གུག་པ་སྣ་བུག་གཉིས་སུ་ཟུག་ཅིང་མར་སྣེ་ལྟེ་འོག་ནས་དྷཱུ་ཏིར་ཆུད་པ་སྤྱི་ལྟར་གསལ་བཏབ། སྙིང་ཐད་ཀྱི་དྷཱུ་ཏིའི་ནང་དུ་པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་གདན་ལ་ཨ་དཀར་པོ་དང་། ལྟེ་བའི་ཐད་ཀྱི་དྷཱུ་ཏིའི་ནང་དུ་པདྨ་དམར་པོའི་ལྟེ་བར་ཨ་དཀར་པོ་གསལ་བའི་སྙིང་གའི་ཨ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་གང་། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་མ་ཤར་བ་ལྟར་སང་གིས་སྦྱངས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག །ཡང་ལྟེ་བའི་ཨ་ཡིག་ལས་འོད་ཟེར་འཕྲོས། ལུས་ཐམས་ཅད་ལ་ཁྱབ། ནད་དང་གདོན་རིགས་ཐོགས་མེད་དུ་སྦྱངས་པས་ལུས་བདེ་བ་དང་ལྡན་པར་བསམ་ལ་མཉམ་པར་བཞག །ལུས་སྟོད་སྨད་ཁོལ་བུ་ལ་ནད་ཡོད་ན་ནད་མིག་དེ་ཀར་ཉི་མའི་སྟེང་དུ་ཨ་དཀར་པོ་ཡོད་པའི་འོད་ཀྱིས་བུ་ག་ཧར་བྱུང་དུ་དོད་ནས་ནད་དུག་རླངས་འཇའ་ཚོན་གྱི་རྣམ་པར་ཐོན་པའི་མིག་པ་ནན་ཏན་བྱ། དེའི་ངང་ནས་རང་ལུས་རྩ་གསུམ་དང་བཅས་པ་འོད་དུ་ཞུ་ནས་སྟོང་པར་གྱུར་པའི་ངང་ལས། སྐད་ཅིག་གིས་དྲང་སྲོང་དྲི་མེད་སྐུ་མདོག་སྔོ་སྐྱ་སྐེམ་ཞིང་རིད་ལ་ན་ཚོད་སྨིན་པའི་ཉམས། དབུ་སྐྲ་སྨིན་མ་ཨག་ཚོམ་དཀར་པོས་བྲང་གི་རྒྱ་མདོར་སླེབ་པ། རལ་པ་ཐོར་ཅོག་ཅན། རས་དཀར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་བ། ཕྱག་མཚན་མངོན་རྟོགས་སུ་གུནྡྷེ་ཙམ་ལས་མ་བྱུང་ཡང་དེ་ནི་རིལ་བ་སྤྱི་བླུགས་ཀྱི་མིང་ཡིན་པས་གཡས་རིལ་བ་པུས་སྟེང་། གཡོན་ལུང་ཏང་གི་ཕྲེང་བ་འདྲེན་པ་བཞེད། གཞན་ཡང་། གཡས་གསེར་གྱི་རྡོ་རྗེ་ཕྱར་ཅིང་གཡོན་རིལ་བ་ཐུགས་ཀར་བསྣམས་པའམ་ལུང་ཏང་ཕྲེང་བ་འཛིན་པའང་སྣང་རུང་འདིར་སྔ་མ་ལྟར་ཆོག །སྙན་ལ་དུང་ལོང་ཤེལ་འོད་འཚེར་བས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པ། འཁོར་དུ་དམོད་པ་གྲུབ་པའི་དྲང་སྲོང་འབུམ་ཕྲག་གིས་བསྐོར་བར་བསྒོམ། བདག་མདུན་དབྱེར་མེད་དུ་བསྐྱེད་པའམ་ཛཔ྄་ཁང་ཙམ་དབྱེ་བ་རྙིང་མ་སྤྱི་ལུགས་ཡིན་པས་འདིར་ཡང་དེ་ལྟར་ཆོག་མོད། བརྒྱུད་པ་གོང་མ་འགའ་ཞིག་གིས་བདག་མདུན་ཐ་དད་དུ་མཛད་པས་དེ་ལྟར་ན་མངོན་རྟོགས་ཚིག་རིས་གཅིག་གིས་བདག་དང་རྟེན་གཏོར་གཉིས་ཀ་ལྷར་གསལ་གདབ། རྟེན་གཏོར་མེད་ན་གཏོར་མའི་སྟོད་ཀྱི་སུམ་ཆ་ལྷར་གསལ། སྨད་བདུད་རྩི་མཆོད་རྫས་སུ་དམིགས། ཡེ་ཤེས་གཞུག་པ་སོགས་དང་བཟླས་དམིགས་རྣམས་བདག་མདུན་གཉིས་ཀར་དུས་གཅིག་ཏུ་བྱའོ། །ལྷའི་རྣམ་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་སྟོང་སྒྲིབ་མེད་ཤིན་ཏུ་གསལ་བ་དང་། རང་ཉིད་དྲང་སྲོང་དྲི་མེད་དངོས་ཀྱི་ང་རྒྱལ་བརྟན་པ་དང་། ཐམས་ཅད་ཀྱང་ངོ་བོ་སྟོང་པ་ལ་རྣམ་པ་ཡེ་ཤེས་ཀྱི་རང་རྩལ་གང་འདུལ་གཟུགས་སུ་ཤར་བའི་རྣམ་དག་དྲན་པ་གཞིར་བྱས་ནས་བཟླས་པའི་སྐབས་སུ། ཐོག་མར་ཕྲེང་བ་ལག་མཐིལ་གཡོན་པར་བསྐྱིལ། མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས། མདོ་འཛིན་གསང་བདག་དྲང་སྲོང་ཞི་བ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ལ་ཕྲེང་རྡོག་རྣམས་སྤྲུལ་པའི་དྲང་སྲོང་འབུམ་གྱིས་བསྐོར་བར་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཏྲང་དུ་བརྒྱ་རྩའམ་ཅི་འགྲུབ་དང་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གསུམ་བཟླ། ལྷ་འོད་དུ་ཞུ་སྟེ་ཕྲེང་བའི་རྣམ་པར་གྱུར། ཅེས་མོས་ལ་འགྱུར་སྔགས་རིགས་བརྗོད་ལ་ཕུས་བཏབ་སྟེ་བྱིན་བརླབ་བོ། །བཟླས་དམིགས་ནི། ལྷའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། དེ་མཐར་མདུན་ནས་གཡས་སྐོར་དུ་ཏྲཾ་དུའི་སྔགས་བཻ་ཌཱུརྻའི་ཕྲེང་བ་ལྟ་བུས་བསྐོར་བ། ཐམས་ཅད་འོད་ཟེར་འབར་བ་ལ་སེམས་གཏད་པ་ནི་བཟླས་པའི་གཞི་འཛིན་པའོ། །དེ་ལ་གསལ་སྣང་ཐོན་པ་ན། བཟླས་པའི་རྐྱེན་གྱིས་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ལུས་ཀྱི་ནང་གང་། སྡིག་སྒྲིབ་ནད་གདོན་ཐམས་ཅད་སང་གིས་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་རྩེ་ལ་མཆོད་པའི་ལྷ་མོ་མཆོད་རྫས་ཀྱི་བྱེ་བྲག་ཐོགས་པའམ། འོད་ཟེར་ཉིད་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར་ནས་ནམ་མཁའ་དང་མཉམ་པར་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྤྱི་དང་། ཁྱད་པར་ནགས་ཚལ་དྲྭ་བ་ཅན་གྱི་ཕུག་སོགས་སུ་བཞུགས་པའི་གསང་བདག་དྲང་སྲོང་ཆེན་པོ་ལ་དགྱེས་མཆོད་ཕུལ་བས་ཟག་མེད་ཀྱི་བདེ་བས་ཤིན་ཏུ་མཉེས་ཏེ་ཐུགས་དམ་བསྐུལ། སྐུའི་བྱིན་རླབས་ཐམས་ཅད་དྲང་སྲོང་ཞི་བའི་སྐུ་ཆེ་ཆུང་སྣ་ཚོགས་པ། གསུང་རང་སྔགས་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པ། ཐུགས་རིགས་ལྔའི་ཕྱག་མཚན་དང་རིལ་བ་བགྲང་ཕྲེང་ལ་སོགས་པའི་རྣམ་པར་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག །དབང་དང་བྱིན་རླབས་ཐོབ། དྲང་སྲོང་ཆེན་པོའི་གསང་བ་གསུམ་དང་གཉིས་མེད་དུ་གྱུར། མདུན་བསྐྱེད་ལའང་ཐིམ་པས་བྱིན་རླབས་གཟི་བརྗིད་རབ་ཏུ་འབར་བར་བསམ་པ་བདག་དོན་བྱིན་རླབས་ཀྱི་བཟླས་པའོ། །ཡང་འོད་ཟེར་འཕྲོས་པས་སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཉན་རང་ལ་སོགས་པ་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས་ཏེ་ཐམས་ཅད་ཀྱང་གསང་བདག་དྲང་སྲོང་ཆེན་པོའི་གོ་འཕང་ལ་བཀོད་ནས། སྣོད་དག་པའི་ཞིང་ཁམས་བཅུད་ལྷའི་རང་བཞིན་དུ་གྱུར་པར་མོས་པ་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །མཐར་སྣང་བ་ལྷའི་སྐུ །སྒྲ་སྐད་སྔགས་ཀྱི་དབྱངས། དྲན་རྟོག་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་མོས་ལ་བདག་གཞན་དབྱེར་མེད་འཁོར་འདས་རོ་མཉམ་དུ་ལ་ཟླ་བ་ནི་གཉིས་མེད་ཟུང་འཇུག་གི་བཟླས་པའོ། །དེའི་དང་པོ་ནི་འདི་ཉིད་ལ་ལྟོས་པའི་བསྙེན་པ་དང་ཕྱི་མ་གཉིས་སྒྲུབ་པའི་བརྡར་བཞག་ཏུ་རུང་མོད་ནང་གསེས་ཀྱི་ཐ་སྙད་ཙམ་དུ་ཟད་དོ། །བཟླ་ཚུལ་ནི། ཕྱི་ལྟར་ཛཔ྄་དབྱངས། ནང་ལྟར་ཤུབ་བུ། གསང་བ་རྡོ་རྗེའི་བཟླས་པ་གསུམ་དུ་སྤྱིར་བཤད་པ་ལས་འདིར་གོང་བས་ཐོས་ཙམ་གྱི་ཤུབ་བུར་བཟླ་བ་ཉིད་གཙོར་བྱའོ། །གྲངས་ཚད་ནི། གནད་གསུམ་སྙིང་འགྲེལ་གྱི་མན་ངག་ཏུ། ཐོག་མར་སྲོག་གི་སྙིང་པོ་འབུམ་ཕྲག་གམ་ཁྲི་ཚོ་གཅིག་བཟླ། ཞེས་འབྱུང་བས་རབ་འབྲུ་འབུམ། འབྲིང་འབུམ་ཕྲག་གསུམ། ཐ་མ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། བསྙེན་པ་གྲུབ་ཉེ་བ་ན་སྤྱི་མཐུན་ལས་བཞི་སྒྲུབ་པའི་དམིགས་པ་ནི། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས། སྡིག་སྒྲིབ་ནད་གདོན་རྐྱེན་དང་བར་གཅོད་ཐམས་ཅད་རྩད་ནས་ཞི། སེར་པོ་སྤྲོས་པས་ཚེ་བསོད་དཔལ་འབྱོར་བློ་དང་ཤེས་རབ་ཉམས་རྟོགས་ཀྱི་ཡོན་ཏན་རབ་ཏུ་རྒྱས། དམར་པོ་འཕྲོས་པས་རྩ་བ་གསུམ་གྱི་བྱིན་རླབས་ཁམས་གསུམ་ལྷ་འདྲེ་མི་གསུམ་དང་ཟས་ནོར་ཐམས་ཅད་དབང་དུ་བསྡུས། མཐིང་ནག་ཚ་ལ་རྩུབ་པས་ནང་གི་གཟུང་འཛིན་འཁྲུལ་རྟོག་ཉོན་མོངས་དུག་ལྔ་ཕྱིའི་དགྲ་བགེགས་དམ་སྲི་ཐམས་ཅད་སྐད་ཅིག་གིས་བརླགས་པར་བསྒོམ། དེའང་བསྙེན་གྲངས་ཇི་ཙམ་བྱེད་པའི་སུམ་ཆ་གཉིས་རང་བྱིན་བརླབ། སུམ་ཆ་གཅིག་གཞན་དོན་དང་ཟུང་འཇུག །བཅུ་ཆ་གཅིག་གི་ཁ་སྐོང་ལ་ལས་སྒྲུབ་ཀྱི་དམིགས་པ་བསྒོམ། འདི་སྐབས་ཐུན་མཐར་སྙིང་པོའི་གཤམ་དུ་ཤཱནྟིཾ་ཀུ་རུ་སོགས་ལས་བཞིའི་སྔགས་ཤམ་སྤྱི་འགྲོ་བཏགས་ཀྱང་གཞུང་གི་དགོངས་པར་མཐུན་པས་ལེགས། ཐུན་མཚམས་ཀྱི་སྤྱོད་ལམ་ཉལ་བ་ཆུ་ལ་སོགས་པ་ནི་དེ་དག་དངོས་སྒོམ་པའི་དོན་མིན་གྱི། ཉལ་བའི་དུས་སུ་ཆུ་སྟེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་བཞིན་དུ་ལུས་སེམས་མེ་རེ་ཀློད་ནས་ཆམ་གྱིས་འཇོག །ལྡང་བའི་དུས། ནགས་ལ་མེ་འབར་བ་ལྟར་ཧར་གྱིས་ལངས་ཏེ་དམིགས་མེད་ཀྱི་ངང་ནས་ཡི་དམ་གྱི་སྐུར་གསལ་ལམ་སྟེ་བཞེངས། འགྲོ་བའི་དུས་རླུང་འཚུབས་དྲག་པོ་འུར་སྒྲ་བཅས་ཐོགས་མེད་དུ་རྒྱུ་བ་བཞིན་ཡི་དམ་གྱི་ང་རྒྱལ་དང་རིག་རྩལ་ངར་དང་ལྡན་པས་གང་ལའང་ཐོགས་རྡུགས་མེད་པར་འགྲོ། སྡོད་པའི་དུས། རྡོ་རྗེའི་བྲག་རི་ཆེ་བརྗིད་སྲ་མཁྲེགས་བརྟན་པ་བཞིན་གཞན་གྱིས་བརྫི་ཞིང་བསྐྱོད་པར་མི་ནུས་པའི་ང་རྒྱལ་དང་བཅས་ཏེ་སྡོད་པ་ནི་དྲག་པོ་ལའང་ཤེས་པར་བྱའོ། །གཉིས་པ་ཁྲོ་སྒྲུབ་ནི། དེ་ལྟ་བུའི་ཚུལ་གྱིས་ཞི་བསྙེན་སྔ་དྲོ་གྲུབ་པའི་ཕྱི་དྲོ་མཆོད་པ་གསར་དུ་བརྗེ་བའམ་ཁ་གསོ། བགེགས་གཏོར་ཚོགས་ཆས་སོགས་འདུ་བྱ། འདིར་རྒྱུད་ལས། བདུད་ཆས་ཞུགས་ཏེ་དྲག་སྔགས་བཟླ༔ ཞེས་མན་ངག་ཉེར་བདུན་པའི་དགོངས་པ་ལྟར་སྔགས་པ་བདུད་ཆས་སུ་ཞུགས་པ་ནི། གོང་མ་རྣམས་ཀྱི་ཕྱག་ལེན་ཟློག་བསད་ཁོ་ནའི་སྐབས་ལས་མི་མཛད་ཀྱང་། སྐབས་དེར་མེད་ཀ་མེད་དང་བསྙེན་སྒྲུབ་ལ་སྤྱི་འགྲེའི་སྟབས་བདེ་ཙམ་ལ་དགོངས་པར་མངོན་པས་ཆེད་དུ་གཉེར་ན་ཟློག་བསད་ཀྱི་ཡི་གེར་གསལ་བ་ལྟར་བྱ། གང་ལྟར་ཐུན་འགོར་གསོལ་འདེབས་སྐྱབས་སེམས་ཚོགས་གསག་རྣམས་གྲུབ་ནས་བགེགས་གཏོར་བཏང་ལ་བཀའ་བསྒོས་ཏེ་དམོད་སྔགས་བཅས་བསྐྲད། སྲུང་འཁོར་གསལ་འདེབས་ནན་དུ་བྱ། བྱིན་འབེབ་མཆོད་བརླབ་དང་། དྲང་སྲོང་ཞི་བའི་བསྐྱེད་བཟླས་གཞུང་གི་དཀྱུས་ལྟར་བཏང་ལ་སྙིང་པོ་སུམ་བརྒྱའམ་བརྒྱ་རྩ་ཙམ་བཟླ། དེ་ནས་ཁྲོ་བོའི་བསྐྱེད་ཆོག་ནས་བརྩམ་དམ་བདར་དཔང་གསོལ་ཡན་བཏང་། ཕྲེང་བ་བྱིན་རླབས་དང་བཟླས་དམིགས་བཅས་རྩ་བསྙེན་ཅི་འགྲུབ་བཟླ། ཐུན་མཐར་སྤྲོ་ན་སྤྱི་ལྟར་སྟོང་ཚིགས་མཆོད་བསྟོད་བྱ། དྲག་དམིགས་བཅས་སྤུ་གྲི་རིང་མོའི་དྲག་སྔགས་ས་འཚུབས་ཆེ་དུས་ཉེར་གཅིག་ཙམ་དང་རྒྱུན་དུ་བདུན་རེ་ཙམ་བཟླ། ཐུན་སྔགས་དམིགས་བསལ་སྐབས་མ་གཏོགས་མི་སྦྱར། དེ་མཐར་དམོད་པ་བརྗོད་ལ་ཐལ་རྡེབ་བྱ། གཏོར་འབུལ་ཚོགས་མཆོད་ནས་ཤིས་བརྗོད་བར་སྔར་ལྟར་གྱིས་གྲུབ། སྲོད་ཐུན་ལ་སྐྱབས་སེམས་ཚོགས་གསག །བགེགས་བསྐྲད་བོར་བའི་སྲུང་འཁོར་ནས་བཟླས་པ་ཐལ་རྡེབ་བར་བྱས་ལ། དེ་ནས་བསྡུ་ལྡང་དང་བསྔོ་སྨོན་ལ་འཇུག །ཉིན་ཕྱི་མ་རྣམས་ནི་ཐུན་བཞིར་གཅོད་ཚུལ་སོགས་ཞི་བའི་སྐབས་ཀྱིས་འགྲེ་ཤེས་པར་བྱའོ། །བསྒོམ་དོན་ནི། ཐོག་མར་ཞི་བ་བསྒོམས་པ་ཉིད་འོད་དུ་ཞུ་སྟེ་གདན་གསེར་ལས་གྲུབ་པའི་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་ཉི་ཟླའི་གདན་ལ། རང་ཉིད་སྐད་ཅིག་གིས་གསང་བདག་ཞེ་སྡང་རྡོ་རྗེ་མཐིང་ནག་ཤིན་ཏུ་ཁྲོས་ཤིང་མི་སྡུག་པའི་ཉམས་ཅན་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས་པ། རྒྱན་མེད་གཅེར་བུ་ཞལ་རབ་ཏུ་གདངས་པའི་མཆེ་བའི་བར་ནས་ཁྲག་རྒྱུན་ཆིལ་ཆིལ་འབབ་པ། དྲག་པོའི་རྐན་སྒྲ་ཏོག་ཅིང་དབུ་སྐྲ་ཁམ་ནག་གྱེན་དུ་གཡེང་བ། ཕྱག་བཞིའི་དང་པོ་གཉིས་གནམ་ལྕགས་ཀྱི་ཐོ་བ་དང་རལ་གྲི་འཕྱར་བ། འོག་མ་གཉིས་ཕྱག་མཐིལ་གནམ་ལྕགས་ལ་སོར་མོ་རྣམས་ཀྱི་རྩེར་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་འཕྲོ་བ། ཞབས་འདོར་ཐབས་བརྐྱང་བསྐུམ་དུ་བགྲད་ཅིང་རང་འདྲའི་ཁྲོ་ཆུང་ཉི་ཟེར་གྱི་རྡུལ་ལྟར་འཕྲོ་བ། སྐུ་ལས་སྐྱེས་པའི་མེ་ཕུང་གི་ཀློང་དུ་སྤྲུལ་པའི་སྡེ་བརྒྱད་ཆ་ལུགས་དང་བཞོན་པ་སྣ་ཚོགས་པ་དྲག་པོའི་ང་རོ་སྒྲོག་ཅིང་མཐུ་སྟོབས་རྫུ་འཕྲུལ་ཚད་མེད་པའི་འཁོར་གྱིས་བསྐོར་བ། དབུ་གཙུག་ཏུ་དྲང་སྲོང་ཞི་བ། དེའི་སྤྱི་བོར་པད་འབྱུང་མཐིང་གསལ་རྡོར་དྲིལ་འཛིན་ཅིང་ཡུམ་དཀར་མོ་ལ་འཁྱུད་པ་ལོངས་སྐུའི་ཆས་ཅན། ཐུགས་ཀར་ཧྲཱིཿཡིག་ལས་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་དང་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བ་གསུངས་པ་ནི་སྤྱི་མཐུན་ལྟར་ཡང་ཆོག་མོད། རྒྱུད་ཀྱི་དངོས་བསྟན་ལྟར་ཡང་ལེགས་པས་གསང་བདག་ཁྲོ་བོ་མཐིང་ནག །གཡས་རྡོ་རྗེ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། སྟག་ཤམ་དང་སྦྲུལ་རྒྱན་ཅན། ཞབས་བརྐྱང་བསྐུམ་མེ་འོད་ཀློང་དུ་བཞུགས་པའི་ཐུགས་རིན་ཆེན་ཟུར་བརྒྱད་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་ཉི་དཀྱིལ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་གསལ་ཞིང་འོད་འཚེར་བ། ལྕེ་རྩའི་ཕྱོགས་ཀྱི་མ་རྐན་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་དཀྱིལ་ཉ་གང་བའི་སྟེང་དུ་ཨ་དཀར་པོ་ལ་ཞི་སྔགས་ཏྲཾ་དུས་གཡས་སུ་བསྐོར་བ། དེའི་སྟེང་དུ་ལྕེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལེབ་ཆགས་སུ་གནས་པའི་ལྕེ་རྩེའི་རྭ་རྣམས་གདེངས་ཤིང་རྩ་བའི་རྭ་རྣམས་ཅུང་ཟད་ཟུམ་པ། ལྟེ་བ་སྦུབས་སྟོང་གི་ནང་དུ་ཉི་གདན་ལྟེ་བར་ཧཱུྃ་མཐིང་ནག་ལ་མདུན་ནས་བརྩམ་སྟེ་རྩ་སྔགས་གཡས་སུ་བསྐོར་བ། སྔ་ཕྱི་གཉིས་ཀའི་ས་བོན་སྔགས་ཕྲེང་གི་དབུ་གྱེན་འགྲེང་ཡ་རྐན་ཕྱོགས་སུ་གཏད་ཅིང་འོད་ཟེར་འཕྲོ་བ། ལྕེ་རྩེའི་ཕྱོགས་ཀྱི་རྭ་དགུའི་རྩེ་མོར་ཕཊ་ཡིག་དམར་པོ་རེ་རེས་མཚན་པ་ལས་མེ་བུན་བུན་མཆེད་ཅིང་ཚྭ་ཚྭ་ཐོར་ཐོར་ཚག་སྒྲ་དང་བཅས་ཏེ་རྒྱུག་པར་བསྒོམས་ལ་གནས་གསུམ་བྱིན་བརླབ་སོགས་གཞུང་ལྟར་བྱ། ལས་སྦྱོར་བཅས་དང་འབྲེལ་བའི་སྐབས་མཆོད་རྟེན་སོགས་སྲུང་འཁོར་ཕྱི་ནང་མངོན་རྟོགས་དང་སྦྲེལ་ནས་བསྒོམ་དགོས་ཀྱང་། ཐོག་མའི་བསྙེན་སྒྲུབ་ཀྱི་སྐབས་འདིར་ནི་དེ་དག་མི་དགོས་པས་འདིར་ཡང་འབྲི་ལུགས་རྒྱུན་ཁྱེར་སོར་བཞག་མཛད་པའོ། །ཆེ་བའི་ང་རྒྱལ་བསྐྱེད་པའི་སྐབས། དྲག་པོ་གནམ་ཐོག་གི་རྒྱུད་ལས། འགྲོ་བ་འདི་རྣམས་ཐམས་ཅད་ཀུན༔ བྲན་དང་གཡོག་ཏུ་བསམ་པར་བྱ༔ ཞེས་དང་། མན་ངག་གཏེར་གཞུང་ལས་ཀྱང་རྒྱས་པར་བཤད་པ་ལྟར། རང་ཉིད་སྲིད་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱི་རྗེ་བོ། སྲོག་འཕྲོག་དྲེགས་བྱེད་ཀུན་གྱི་བདག་པོ། དེ་ཐམས་ཅད་ཀྱི་སྲོག་སྙིང་བདག་ལ་ཡོད་ཅིང་། དེ་རྣམས་ལྟ་ཅི་སྨྲོས་ལྷ་ཡེ་ཤེས་པ་ཐམས་ཅད་ཀྱང་རང་གི་བཀའ་འོག་ན་ཡོད་པས་མདོར་ན་འཁོར་འདས་ཐམས་ཅད་ཀྱི་བདག་པོ་ཆེ་བཙན་འགྲན་ཟླ་དང་བྲལ་བ་ང་ལས་ཆེ་བ་སུའང་མེད་སྙམ་པའི་ང་རྒྱལ་བརྟན་པོ་ལ་དུས་རྟག་ཏུ་གནས་དགོས་ཤིང་། དེ་ལྟ་བུའི་ངང་ནས་ལྕེ་རྡོ་རྗེ་རྩེ་དགུ་པའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་བུན་གྱིས་བྱུང་བ་རྭ་རྩེའི་ཕཊ་རྣམས་ལ་ཕོག །དེ་རྣམས་ལས་ཛཿདམར་པོ་རེ་རེ་བྱུང་བ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་རྣོ་མྱུར་ངར་ལྡན་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་ནས་དྲངས་ཏེ་དབང་མེད་དུ་བཀུག །ངུད་མོའི་སྒྲ་དང་བཅས་མདུན་དུ་འཁོད་པའམ་གནམ་ལྕགས་ཀྱི་བྲུབ་ཁུང་ཁ་དོག་ལ་གཏིང་ཟབ་པའི་ནང་དུ་བཅུག་པའི་སྤྱི་གཙུག་ཏུ། སླར་ཡང་ལྕེའི་ཧཱུྃ་ལས་སྤྲོས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྕི་ཞིང་མེ་འབར་བ་རེ་རེ་བཞག་སྟེ་མནན་པས་འགུལ་འཁྱོག་མི་ནུས་པ་འདར་ཕྲིལ་ཕྲིལ། དངང་ཡེད་ཡེད། ངུ་ཙིར་ཙིར་འཁོད་པར་བསམ་ལ་ཆེ་བསྐྱེད་བརྗོད་པས་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་བདག་ཉིད་ཀྱི་དབང་དུ་གྱུར་པར་བསམ། དཀྱུས་སུ་ཛཿཡིག་གི་དམིགས་པ་མི་གསལ་བ་ནི་མན་ངག་ཞལ་ལ་ལྟོས་པའི་དབང་དུ་མཛད་ཀྱི་ཚེ་འགུགས་དང་དགྲ་བགེགས་འགུགས་པ་སོགས་གང་གི་སྐབས་སུའང་མན་ངག་གི་གནད་འདི་གལ་ཆེ་བར་གསུངས། གཟུ་དཔང་སྐབས་དམིགས་པ་ནི་གཞུང་གསལ་ལྟར་རོ། །དེ་ནས་བཟླས་པའི་སྐབས་སུ་ཐོག་མར་བགྲང་ཕྲེང་བྱིན་བརླབ་གོང་སྨྲོས་ཞི་བ་ལྟར་ལ། ལྷ་བསྐྱེད་ཁྱད་པར། མདོ་འཛིན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པདྨ་ཉི་ཟླ་དང་བཅས་པའི་སྟེང་དུ་གསང་བདག་ལོཀྟྲི་པཱ་ལ་མཐིང་ནག་གཅེར་བུ་དྲག་ཏུ་ཁྲོས་པ། ཕྱག་བཞིའི་དང་པོ་གཉིས་ཐོ་བ་དང་རལ་གྲི །ཐ་མ་གཉིས་གནམ་ལྕགས་ཐལ་མོ་རྡེབ་པ། ཞབས་འདོར་སྟབས་སུ་བགྲད་པའི་འཁོར་དུ་ཕྲེང་རྡོག་རྣམས་སྤྲུལ་པའི་དྲང་སྲོང་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་སུ་གྱུར་པའི། ཞེས་གནས་གསུམ་བྱིན་བརླབ་སོགས་བྱས་ལ་དྲག་སྔགས་བཟླས་པས་བྱིན་བརླབ། ཞི་དྲག་སྦྲེལ་མའི་སྐབས་ཞི་བའི་བསྐྱེད་ཆོག་མི་བྱ་བར་ཐོག་མ་ནས་འདི་ལྟར་བྱས་པས་ཆོག །བཟླས་པ་དངོས་ལ། འདི་ཉིད་ཀྱི་རྒྱུད་ལས། དྲང་སྲོང་སྔགས་རྒོད་བཟླ་བའི་ཚེ༔ གནས་པ་རྩ་ལ་ཤེས་པར་བྱ༔ འདྲེན་པ་དཀྱིལ་དུ་ཤེས་པར་བྱ༔ གཅོད་པ་ལྕེ་ལ་ཤེས་པར་བྱ༔ མན་ངག་སེམས་ལ་ཤེས་པར་བྱ༔ ཞེས་ཐུན་མོང་མིན་པའི་གནད་བཞི་གསུངས་པའི་ངོས་འཛིན་ཉང་གཏེར་རྩ་རྒྱུད་ཀྱི་མཆན་དང་ཆོས་དབང་གཏེར་གཞུང་གནད་གསུམ་སྙིང་འགྲེལ་དང་ལས་ཁ་ཚར་རྣམས་ལ་འདྲ་མིན་བག་ཙམ་མཆིས་ཀྱང་དོན་གྱི་གནད་ཚང་ལ་མ་ནོར་ཕྱིན་བཤད་ཚུལ་ཇི་ལྟར་བྱས་ཀྱང་ཁྱད་མེད་ལ། འདི་ཉིད་ལ་རང་དབང་ཐོབ་པའི་བཀའ་བབ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཞབས་ཀྱིས་ལས་ཁ་ཚར་གྱི་མན་ངག་དང་མཐུན་པར། ལྕེའི་ཧཱུྃ་གི་འོད་ཀྱིས་སྡེ་བརྒྱད་བཀུག་པའི་སྤྱི་བོར་རྒྱ་གྲམ་བཞག་པ་དང་པོའི་དོན། ཡང་འོད་ཟེར་འཕྲོས་པས་སྡེ་བརྒྱད་ཀྱི་སྲོག་ཡིག་ཕྲོགས་ཏེ་རྡོ་རྗེའི་ལྟེ་བའི་གདན་དུ་བྱས་པ་གཉིས་པའི་དོན། རྡོ་རྗེའི་རྩེ་མོའི་ཕཊ་ལས་འཕྲོས་པའི་མེ་ཕུང་གིས་དགྲ་བགེགས་ཚར་བཅད་པ་གསུམ་པའི་དོན་དུ་གསལ་བར་གསུངས། སྐབས་དོན་དཀྱུས་སུ་བཀོད་པ་ལྟར་ན། གཙོ་བོ་ཀ་དག་རང་བྱུང་གི་གནས་ལུགས་རིག་སྟོང་ཟང་ཐལ་ཆེན་པོའི་ངང་དུ་མ་བཅོས་སོར་བཞག་ལྷུག་པར་སྐྱོང་བ་གཞིར་བྱས་ཏེ། ཐུགས་ཀའི་ཡེ་ཤེས་སེམས་དཔའི་དྭངས་སྲོག་ཧཱུྃ་སྔོན་ཤིན་ཏུ་གསལ་བ་ལ་ཐུན་དང་ཐུན་མཚམས་ཀུན་ཏུ་སེམས་གཏོད་པ་ནི་མན་ངག་སེམས་ཀྱི་གནད། མ་རྐན་ཟླ་དཀྱིལ་ལ་ཨ་དཀར་ཏྲང་དུས་བསྐོར་བ་ནི་འདྲེན་པ་དཀྱིལ་གྱི་གནད། དེ་སྟེང་ལྕེ་རྡོ་རྗེའི་ལྟེ་བར་ཧཱུྃ་སྔགས་ཕྲེང་གིས་བསྐོར་བ་གནས་པ་རྩའི་གནད་དུ་མཁས་པ་དག་བཞེད་པ་བཞིན་མཆན་གྱིས་གསལ་བ་དང་། གཅོད་པ་ལྕེའི་གནད་ནི་གཏེར་ཁ་གོང་འོག་ཞལ་མཐུན་གསལ་བར་གསུངས་པ་ལྟར་གོང་སྨྲོས་འབྲི་ལུགས་དང་འདྲའོ། །གང་ལྟར་ཐོག་མར་དེ་དག་གསལ་ལེགས་པར་བཏབ་ནས་ལྕེ་གནམ་ལྕགས་རྡོ་རྗེའི་ལྟེ་བའི་ཧཱུྃ་དང་སྔགས་ཕྲེང་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རྩ་སྔགས་བཟླས་པའི་རྐྱེན་གྱིས། དེ་དག་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུ་བ་སོགས་ཞི་བའི་སྐབས་ལྟར་ལ། སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས་དྲག་པོར་བསྒྱུར་ཏེ། བདག་དོན་བྱིན་རླབས་ཀྱི་བཟླས་དམིགས་བསྙེན་པ་ཇི་ཙམ་བྱེད་པའི་སུམ་ཆ་གཅིག་ཙམ་བྱ། གཞན་དོན་ཕྲིན་ལས་སྐབས་འདིར་མི་དགོས། ཟུང་འཇུག་བཟླས་པ་བསྐྱེད་རིམ་སྤྱིའི་གྲུབ་མཐའ་ཡིན་པས་ཐུན་མཚམས་སུ་བྱ། སུམ་ཆ་གཉིས་ལ་ཐུན་འགོར་དམིགས་པ་སྔ་མ་ཁྱུག་ཙམ་དང་། དངོས་གཞི་རྡོ་རྗེའི་ལྟེ་བའི་ཧཱུྃ་འོད་སྤྲོས་པ་སོགས་ཀྱིས་སོ་སོའི་སྲོག་ཡིག་སྙིང་གར་ཡོད་པའི་སྡེ་བརྒྱད་ཐམས་ཅད་མདུན་དུ་བཀུག་ཚུལ་ཆེ་བསྐྱེད་སྐབས་ལྟར་ལ། དེ་རྣམས་མདུན་དུ་སྐྲག་འདར་བྲེད་དངང་དང་བཅས་པས་ཐལ་མོ་སྦྱར་ནས་འཁོད་པ་ལ། འོད་ཟེར་སྔར་ལྟར་སྤྲོས་པས་སྡེ་བརྒྱད་དེ་དག་ལ་ཕོག་སྟེ་སྤྱིའི་སྲོག་ཡིག་ཏྲི། བྱེ་བྲག་སྒོས་སྲོག་ལྷའི་ཨ་དཀར་པོ། གཤིན་རྗེའི་ཡ། མ་མོའི་མ། བདུད་ཀྱི་དུ། དེ་གསུམ་ནག་པོ། གཟའི་རུ་ཁྲ་བོ། བཙན་དང་རྒྱལ་པོའི་ཙ་དམར་པོ། གནོད་སྦྱིན་དང་སྲིན་པོའི་ཤ་སེར་པོ། ཀླུ་དང་ས་བདག་གི་ན་སྔོ་སྐྱ་རྣམས་རང་དབང་མེད་པར་དྲངས་པས་སོ་སོའི་ཁ་ནས་ལྷུད་ལྷུད་བྱུང་བ་ཚུར་བཀུག །རྡོ་རྗེའི་ལྟེ་བའི་ཧཱུྃ་གི་གདན་དུ་ལེབ་ཆགས་སུ་འཁོད་པའམ་ཉི་གདན་ལ་ཐིམ་པས་ངོ་བོ་སྡེ་བརྒྱད་ལ་རྣམ་པ་ཉི་གདན་དུ་གྱུར་ནས་སྲོག་གཏའ་མར་ཚུད་པས། སྡེ་བརྒྱད་རྣམས་ཀྱིས་ཕྱག་འཚལ་ཞིང་ཅི་གསུང་བཀའ་བཞིན་བསྒྲུབ་པར་ཁས་བླངས་བྲོ་བོར་བར་བསམ་ལ་ཆེ་བའི་ང་རྒྱལ་དྲག་ཏུ་བསྐྱེད་ལ་བཟླ། ཐུན་མཐར་དྲག་སྔགས་ཀྱི་དམིགས་པ་ནི། ཅུང་ཟད་སྤྲོ་ན། མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་གཏིང་ཟབ་པ་ནད་དུག་མཚོན་ཆའི་བུ་ཡུག་འཚུབས་པའི་ནང་དུ་ནྲྀ་དང་ཏྲི་ལས་བར་དུ་གཅོད་པའི་དགྲ་བགེགས་རྣམས་ཉམ་ཐག་པའི་ཚུལ་གྱིས་དངོས་སུ་འཁོད་པ་ལ། ལྕེའི་རྡོ་རྗེའི་རྭ་རྩེའི་ཕཊ་རྣམས་ལས་གནམ་ལྕགས་རྡོ་རྗེ་མེ་འབར་བའི་ཐུན་ཆར་སེར་དྲག་བརྒྱབ་པ་ལྟར་ཚག་སྒྲ་འུར་རྒྱངས་དང་བཅས་ཏེ་གནོད་བྱེད་ཀྱི་སྟེང་དུ་ཕབ་པས་རྩ་སྦུར་མེ་ཕུང་གིས་བཅོམ་པ་ལྟར་རྗེས་ཤུལ་ཙམ་ཡང་མི་དམིགས་པར་གྱུར་པར་བསམ། བསྡུ་ན་བྲུབ་ཁུང་མི་བསྒོམ་པར་དགྲ་བགེགས་གང་ན་གནས་པའི་སྟེང་དུ་རྡོ་རྗེའི་མེ་ཆར་ཕབ་པས་འཐུས་ཏེ་གཞུང་འདིར་དངོས་བསྟན་ལྟར་རོ། །དམོད་མོའི་ཐལ་རྡེབ་ཀྱི་དམིགས་པ་ནི་གཞུང་ཚིག་ཏུ་གསལ། གྲངས་ཚད་རབ་འབུམ་ཕྲག་བཅུ་སྟེ་བྱེ་བ། འབྲིང་སུམ་འབུམ། ཐ་མ་འབུམ་ཕྲག་གཅིག་འགྲོ་ངེས་པ་བྱ། དུས་ཀྱི་ཚད་ནི། རྒྱུད་ལས། རབ་ནི་ཞག་བདུན་དག་གིས་འགྲུབ༔ འབྲིང་ནི་བཅུ་བཞི་དག་གིས་འགྲུབ༔ ཐ་མ་ཉི་ཤུ་རྩ་གཅིག་གིས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་འབྱུང་། རྟགས་ཚད་ནི། སྤྱིར་དངོས་ཉམས་རྨི་ལམ་དུ་སྐུ་གསུང་ཐུགས་རྟགས་མཐོང་བའམ་རྙེད་པ་སོགས་དང་། བྱེ་བྲག་རྒྱུད་ལས་གསུངས་པ། རང་ལ་ཉི་མ་ཤར་བ། མཆོད་རྟེན་རྩེར་འཛེགས་པ། རང་ལུས་ལས་འོད་འབྱུང་བ། མཁའ་ལ་འཕུར་བ། མཚོན་རྣོན་ཐོགས་པ། གནོད་བྱེད་སྲོག་ཆགས་སྦལ་ལྕོང་སོགས་བསད་ཅིང་ཟ་བ། ལུས་ལས་རྣག་ཁྲག་དང་སྲོག་ཆགས་ཕྱིར་ཐོན་པ། ལྕེ་ལས་མེ་སྟག་འཕྲོ་བ་སོགས་བཟང་བའི་འགྲུབ་རྟགས་དང། ཕྱར་ནག་གྱོན་ཅིང་འདམ་ཆུར་ཉལ་བ། མཚོན་ཆ་ཆག་པ། ཚུར་ལ་རྒོལ་བའི་རིགས་སོགས་གོང་ལས་ཟློག་པའི་རིགས་རྣམས་ངན་ཅིང་། བཟང་པོ་ལ་དགའ་བྲོད་དང་ངན་པ་ལ་ཡི་མུག་མི་བྱ། གང་ལའང་རེ་དོགས་སྤངས་ནས་ངན་རྟགས་བྱུང་སྐབས་དམོད་པ་དང་ཐལ་རྡེབ་ནན་དུ་བྱ། འོན་ཀྱང་དེང་སང་དུས་དབང་གི་དུས་རྟགས་ལ་ཚད་བཟུང་ངེས་རྙེད་དཀོན་པས། གྲངས་བསྙེན་གཙོར་བྱ། དེའང་ནུས་པ་ཐོན་ངེས་བྱེད་ན་གཞུང་བཤད་ཉིད་བཞི་འགྱུར་དུ་བཟླ་ནུས་ན་ངེས་པར་ཇི་སྐད་བཤད་པའི་འབྲས་བུ་འབྱིན་པར་འགྱུར་རོ། །ནུས་པའི་ཚད་ཀྱང་རྒྱུད་ལས། བྱ་དང་ཁྱི་ལ་བཏབ་ན་ཡང༔ ལིང་གིས་སོང་ན་འགྲུབ་པའི་རྟགས༔ ཅེས་པས་དེ་དག་ལ་ལྷའི་ང་རྒྱལ་གྱིས་དྲག་སྔགས་བཟླས་པའི་ཕུ་བཏབ་པའམ་སྡིགས་མཛུབ་གཏད་པ་ཙམ་གྱིས་ཤི་བའམ་དྲན་མེད་དུ་འགྱུར་བ་དང་། སླར་དྲན་པ་གསོ་བའང་ཚེགས་མེད་དུ་འགྲུབ་པ་ནི་མཐར་ཕྱིན་པ་སྟེ། དེའི་ཡོན་ཏན་རྒྱུད་ལས། འདི་ལྟ་བུ་ཡི་སྔགས་རྒོད་འདིས༔ ཉི་ཟླའི་འོད་ཀྱང་འཕྲོག་པར་ནུས༔ དཔག་བསམ་ཤིང་ཡང་གཅོད་པར་ནུས༔ ལྷ་སྲིན་སྡེ་བརྒྱད་འཆི་བར་ནུས༔ མི་དང་འབྱུང་པོ་སྨྲོས་ཅི་དགོས༔ ཞེས་བརྟན་གཡོའི་དངོས་པོ་ཐམས་ཅད་བརླག་པར་བྱེད་ནུས་པར་གསུངས་ཤིང་། དེ་ཙམ་མ་བྱུང་ཡང་སྤྱིར་སྒོམ་བཟླས་བྱས་པའི་ཡོན་ཏན་གཞུང་རྩ་བར། བསམ་དང་དྲན་དང་བཟླས་ཙམ་གྱིས༔ བར་གཅོད་སེལ་བར་ཐེ་ཚོམ་མེད༔ ཅེས་གསུངས་པས། སྙིགས་དུས་ནག་ཕྱོགས་ཤུགས་བདོ་བའི་སྡེ་བརྒྱད་འབྱུང་པོ་མ་རུངས་པ་རྣམས་ཀྱི་གཉེན་པོར་ཡི་དམ་གཞན་གང་ལས་ཀྱང་ཟབ་ཅིང་རྣོ་མྱུར་དང་ལྡན་པ་རིག་འཛིན་བརྒྱུད་པའི་ཉམས་མྱོང་གིས་གྲུབ་པས་བློ་གཏད་འཆའ་ནུས་པ་ཡོད་ན་འདྲེ་ངན་རྣམས་ཀྱི་དབང་དུ་མི་འཆོར་ངེས་པར་སྣང་ངོ་། །གསུམ་པ་རྗེས་ལ་གཉིས། ལས་སྦྱོར་དང་། འཕྲོས་དོན་ནོ། །དང་པོ་ནི། དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་པའི་རྗེས་སུ། སྲུང་བ་དང་ཟློག་བསད་ཐུན་མོང་བ་ཙམ་གྲུབ་ན་ལེགས་པས་དེ་དག་གི་ཡིག་ཆ་རྡོ་རྗེའི་ཐོག་འབེབ་ལྟར་འགྲུབ་ན་པུ་རིའི་བཅས་བསྒྲིག །མི་འགྲུབ་ན་པུ་རིའི་ཚབ་གཏོར་མ་ལ་བརྟེན་པ་སོགས་དེར་གསལ་ལྟར་བདུན་གསུམ་སོགས་སམ་བདུན་གཅིག་གིས་མཐའ་རྟེན་པ་བསྒྲུབས་ཟིན་པའི་ཕྱིར་ནངས་ཐོར་ཐུན་ལ་ལས་བྱང་ཚོགས་སྐོང་དང་འབྲེལ་བར་དངོས་གྲུབ་ལེན་ཆོག་བྱ་ཞིང་རྗེས་རིམ་མཐར་རྒྱས་སུ་གཏང་། ཐོ་འགྲོལ་གནས་སྲུང་སོགས་སྤྱི་དང་མཐུན། སྲུང་ཟློག་དེ་ཙམ་ཡང་མི་འགྲུབ་ན་ལས་སྦྱོར་གྱི་ས་བཅད་ཙམ་དུ་ཆོས་རྒྱལ་རཏྣའི་གསུང་ལས་འབྱུང་བ་སྤྲོས་མེད་ཀྱི་ཉམས་ལེན་ནི། བསྙེན་ཚད་གྲུབ་པའི་ཐོར་ཐུན་དང་སྔ་ཐུན་ལ་དྲག་པོའི་རྩ་སྔགས་བཟླ་བ་ཡན་ཁྱུག་ཙམ་བཏང་ནས་སྲུང་དམིགས་ནི། ཡི་དམ་ཐུགས་ཀར་རིན་པོ་ཆེའི། །གུར་ཁང་ནང་གི་དབུས་དག་ཏུ། །རང་སེམས་དྲི་མེད་འོད་ཟེར་བསྒོམ། །མདུན་དུ་བླ་མ་སློབ་དཔོན་བསམ། །གཡས་སུ་ཕོ་དང་གཡོན་དུ་མོ། །རྒྱབ་ཏུ་བསྲུང་བྱ་ནོར་སོགས་གསལ། །འོག་ཏུ་ས་མཁར་ཡུལ་ཞིང་རྣམས། །གསལ་ལ་མ་འདྲེས་རྫོགས་པར་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ནྲྀ་བྷྲཱུྃ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླ་ཞིང་ཐུན་མཐར་དྲག་སྔགས་རིང་མོ་ཐལ་རྡེབ་སོགས་སྔར་ལྟར། དགོང་ཐུན་ལ་དྲག་པོའི་རྩ་སྔགས་འཕྲོས་སུ་ཟློག་དམིགས་ནི། རང་ཉིད་ཁྲོ་བོའི་མཐའ་ཕྱག་གཉིས། །གནམ་ལྕགས་ལག་མཐིལ་སྡིགས་མཛུབ་དབུས། །དགྲ་བགེགས་བྱད་མ་ལྷར་བཅས་གསལ། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་བཟླ། མཐར་ནི་ཐལ་མོ་བརྡབས་པ་ཡིས། །བྱད་མ་བཅོམ་པའི་ཤ་དང་ཁྲག །དགྲ་བགེགས་བྱད་མ་ཁོ་རང་གི །ལྷ་སྲུང་དག་གིས་ཟོས་པར་བསམ། །ཐམས་ཅད་རྩ་སྦུར་བསྲེགས་པ་ལྟར། །རྗེས་ཤུལ་མེད་པར་བསྲེགས་པར་བསྒོམ། །སྔགས་ལན་གསུམ་དང་ཐལ་རྡེབ་བྱ། སྤུ་གྲི་ཕྱིན་སྔར་ལྟར་རོ། །སྲོད་ཐུན་ལ་རྩ་སྔགས་འཕྲོས་སུ་བསད་དམིགས་ནི། རང་ཉིད་ཁྲོ་བོའི་ལག་མཐིལ་དབུས། །དགྲ་བགེགས་ཕོ་མོ་དངོས་སུ་གསལ། །བདེན་བརྗོད་བཅས་འགུགས་གཞུག་ཚིག་བརྗོད་པའམ་དམིགས་པ་དྲག་ཏུ་བྱ། བསད་སྔགས་བཟླས་པས་སོར་སྡིག་རྣམས། །ཟ་རྔམས་ཁ་གདངས་མཆེ་གཙིགས་པས། །དགྲ་བོའི་ཤ་ཟོས་ཁྲག་འཐུང་སྟེ། །གནམ་ལྕགས་ཐལ་མོས་གཟུགས་ཕུང་ཀུན། །ལྷག་མེད་རྡུལ་བཞིན་བརླགས་པར་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་སོད། ས་ག་པཱ་ཤ་ནན་སོད། ནཱ་ག་དུ་དུ་ནན་སོད། མ་མཾ་མ་མཾ་སོད། ཙིར་ཙར་ཙིར་ཙར་སོད། བཾ་རུ་ལུ་བཾ་རུ་ལུ་སོད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སོད། ཧོ་ར་ཧོ་ར་སོད། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད། ནྲྀ་ཏྲི་མཱ་ར་ཡ་རྦད་ཡཱ། ཅེས་བཟླ། ཐུན་མཐར་སྤུ་གྲི་སོགས་སྔར་བཞིན་ནོ། །འདི་དག་གི་ཚེ་ཐུན་མཚམས་ལ་འཇུག་པ་ན། རང་ལུས་གནམ་ལྕགས་རྡོ་རྗེ་ནི། །ཡར་རྩེ་ནམ་མཁའི་མཐོངས་ལ་ཐུག །མར་རྩེ་དབང་ཆེན་གཞི་ལ་རེག །རྩེ་མོ་རབ་ཏུ་རྣོ་ངར་ལྡན། །བྱད་མའི་ལྕེ་ཡིས་བྲང་ཁེབས་དབུས། །སྙིང་དབུས་ནྲྀ་བཅས་དཀྱིལ་དུ་གཟེར། །རྩེ་མོའི་བར་དུ་བྱད་མ་ཡི། །ཆོས་སྐྱོང་ལྷ་སྲུང་ཕོ་ཉར་བཅས། །ལྟེ་བར་ཞེ་སྡང་རྡོ་རྗེ་ནི། །སེམས་དཔའ་སུམ་བརྩེགས་ལྟ་བུའི་ཚུལ། །ཕྱག་རྡོར་དྲང་སྲོང་དང་བཅས་བསམ། །ཡར་གྱི་རྭ་རྩེའི་ནང་དུ་ནི། །བླ་མ་སངས་རྒྱས་བྱང་སེམས་དང་། །རྩེ་མོར་བྱ་ཁྱུང་ནག་པོ་ནི། །སྦྲུལ་གདུག་བཟུང་ཞིང་འབར་དབུས་གནས། །ཐམས་ཅད་བདག་ལ་སྲུང་བ་ཡི། །འདུན་པ་རྩེ་གཅིག་ངང་ལ་བཞག །ཏྲང་དུ་ལོཀྟྲི་བརྒྱ་རྩས་བརྟན། །ཞེས་པ་ལྟར་བྱ། དེ་ལྟ་བུའི་ལས་སྦྱོར་ཞག་གསུམ་བདུན་སོགས་གྲུབ་པའི་ཕྱིར་ནངས་དངོས་གྲུབ་ལེན་ཆོག་མདོར་བསྡུས་རིགས་མཐུན་གྱི་གཞུང་གང་ལ་བརྟེན་ཀྱང་ཆོག་མོད། སྤྲོས་པ་ལ་དགྱེས་པ་རྣམས་ཀྱི་ལུགས་ལྟར་ན། སང་ཉིན་གྲོལ་རྒྱུའི་དགོང་ཐུན་སྐབས་དཀྱིལ་འཁོར་མདུན་དུ་ཚེ་འབྲང་། ཚེ་རིལ་ཆང་། དཀར་མངར་ཤིང་ཏོག་ཤ་ཆང་སོགས་དངོས་གྲུབ་ཀྱི་རྫས་ཅི་འབྱོར་བཤམ། ཐུན་མཇུག་ཏུ་སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་སྟེ་བདག་དང་བསྒྲུབ་རྫས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། སྔགས་ཤམ་དུ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་འགྲུབ་བཟླས་ལ་བྱིན་བརླབ། གྲོལ་ནངས་ལས་བྱང་བཟླས་པ་དངོས་གཞི་ཡན་བཏང་། དྲག་སྔགས་དང་ཐལ་རྡེབ་མི་དགོས། གཏོར་འབུལ་དང་ཚོགས་ཐ་མའི་བར་སོང་ནས། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། དྲག་སྔགས་ཀྱིས་བགེགས་བསྐྲད་ལ་ལས་བྱང་ལྟར་སྲུང་འཁོར་བསྒོམ། བྱིན་འབེབ་ཀྱིས་དངོས་གྲུབ་ཀྱི་དམ་རྫས་ལ་བྱིན་དབབ། རང་ཉིད་གསང་བདག་ཏུ་གསལ་བའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་གནས་པ་ལས་འོད་ཟེར་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བར་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས། དངོས་གྲུབ་ཀྱི་དམ་རྫས་རྣམས་ལ་ཐིམ་པར་གྱུར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་བཟླས་རྗེས། ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོས། །ཛཔ྄་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབས། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅའ་མ་གཡེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟར་སྩོལ། །ཅེས་ལན་གསུམ་བརྗོད་ལ་དངོས་གྲུབ་ལེན་པ་ནི། ཧོཿ ནམ་མཁའི་ཁམས་མཉམ་བཅོམ་ལྡན་གསང་བའི་བདག །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགགས་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་བསྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་འདོད་རྒུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་རང་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་གསང་བའི་བདག །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུའི་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཅེས་དང་སྒྲུབ་གཏོར་ཞི་དྲག་དཔྲལ་བ་སོགས་གནས་བཞིར་གཏུགས་ལ། ཨོཾ་གུ་ཧྱ་པ་ཏི་མ་ཧཱ་རྀ་ཥི། ཞེས་པ་རེ་རེའི་མཇུག་ཏུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བཏགས་པ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་ལོངས་སྤྱད། ཚོགས་ལ་རོལ་ཅིང་ལྷག་མ་ཕྱི་རོལ་དུ་གཏང་། སྲུང་མའི་གཏོར་འབུལ། ཆད་བརྟན་རྟ་བྲོའི་བར་དང་། མཆོད་ཁ་གསོས་ལ་གཏང་རག་མཆོད་བསྟོད། ཁ་སྐོང་དབྱངས་གསལ་སོགས། ནོངས་བཤགས། གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་སོ་སོར་རྒྱས་པར་བྱ། མཚམས་ཁོང་དེ་ཉིད་དུ་བཟླས་པའི་བཅུ་ཆའི་ཁ་སྐོང་གི་སྦྱིན་སྲེག་ཀྱང་འགྲུབ་ན་ལེགས་པས་ཞི་བ་ལས་ཐམས་ཅད་པ་ལྟར་ཏིལ་ལ་གྲངས་གཟུང་། སྐབས་དེར་མ་འགྲུབ་ན་ནམ་བདེར་བགྱིས་པས་ཀྱང་ཆོག །ཐོ་དྲུང་རྒྱལ་ཆེན་ལ་གཏོར་འབུལ་སོགས་བགྱིས་ཏེ་ཕྱི་མཚམས་བཀྲོལ་ལ་རིམ་གྱིས་བག་གསེང་བར་བྱའོ། །གཉིས་པ་འཕྲོས་དོན་ནི། འདི་ཉིད་ཀྱི་བསྙེན་སྒྲུབ་ལེགས་པར་ཐེམས་ནས་རྩ་རྒྱུད་ལེའུ་བཅུ་བདུན་པ་དང་། གཞུང་ཚན་ཉེར་བདུན་པ་མན་ངག་དང་བཅས་པ་ལས་བཤད་པའི་ལས་རབ་འབྱམས་སྤྱི་དང་། བྱེ་བྲག་སྲུང་ཟློག་བསད་མནན་ཁྱད་པར་བ་རྣམས་སྒྲུབ་པ་ལ་དབང་བ་ཡིན་ཞིང་། དྲང་སྲོང་ཞི་བ་ལ་བསྟེན་པའི་ཚེ་ནོར་ཐུན་མོང་དུ་སྒྲུབ་པ་དང་། ཤེས་རབ་སྒྲུབ་པ་སོགས་ནི་འབྲི་གུང་པ་ཡབ་སྲས་ཀྱི་གསུང་ལས་ཤེས་པར་བྱ། དཀྱུས་སུ་ཉེར་མཁོ་ཚེ་སྒྲུབ་པའི་གདམས་ངག་ནི། ཞི་བའི་བསྙེན་པ་ཐེམས་ནས་ཐོག་མར་ཏྲཾ་དུ་བརྒྱ་རྩ་ཙམ་བཟླ། དེ་ནས། ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཏྲཾ་དཀར་པོའི་མཐར། ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿམ་མ་ཨཱ་ཡུཿཚེ་བྷྲཱུྃ་ནྲྀ་ཛཿ ཞེས་བྱ་བ་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་འཕྲོས། བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་བཅུད་རོ་ནུས་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་གི་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་དམིགས་ལ་བཟླས་པ་ཅི་ལྟར་འོས་པ་བྱ། ཚེ་འགུགས་སྤྲོ་ན་སྤྱི་འགྲེ་བྱང་གཏེར་ལྟ་བུ་ཅུང་ཟད་ཁ་བསྒྱུར་བའམ་བུ་ལོད་རིན་བཟང་གིས་མཛད་པ་ལྟར་བྱ། ཞི་བ་འདིའང་ཆོས་དབང་གཏེར་གཞུང་ལས། སྲུང་བའི་དུས་ལྷའི་དྲང་སྲོང་དྲི་མེད་དཀར་པོ། །ཟློག་པའི་དུས་མིའི་དྲང་སྲོང་ལེགས་ལྡན་དམར་སེར། བསད་པའི་དུས་མུ་སྟེགས་བྲམ་ཟེ་མཐིང་ནག་ཏུ་བསྒོམ་པར་གསུངས་པ་དང་། ཕྱག་མཚན་ཡང་ཟློག་པའི་སྐབས་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་དང་། བསད་པ་ལ་གསེར་གྱི་སྤུ་གྲི་བསྣམས་པའི་དམིགས་པ་སྤོས་ན་གནད་དུ་འགྲོ་བར་སྣང་། དྲག་པོ་ལའང་ཞལ་གསུམ་ཕྱག་དྲུག་པར་བསྒོམ་ཚུལ་སོགས་ཀྱང་སྣང་མོད། ཕྱག་བཞི་པའི་སྐབས་འདིར་ཡང་ཕྱག་ཐ་མ་གཉིས་ཟློག་བསད་སྦྲགས་མ་ལ་དཀྱུས་ལྟར་དང་། སྲུང་བ་ལ་མཆོད་རྟེན་རེ་རེ། མནན་པ་ལ་རི་རབ་བཏེགས་པ། ཟོར་གྱི་སྐབས་སུ་ཟོར་རྫས་ཐོགས་པ། རྒྱུན་གྱི་ཟློག་པ་ལ་གནམ་ལྕགས་ཐལ་མོ་བསྒྱུར་བ་མན་ངག་ཏུ་འདུག་གོ །པུ་རིའི་བསྒོམ་དོན་སྐབས་སུ། བྱང་ཆེན་མཆོད་རྟེན་གྱི་གདན་ཁྲིའི་ཤར་ལྷོར་ཛཿལས་སྟག་གདོང་མ། ལྷོ་ནུབ་ཧཱུྃ་ལས་སྤྱང་གདོང་མ། ནུབ་བྱང་བཾ་ལས་ཕག་གདོང་མ། དེ་གསུམ་སྔོན་མོ། བྱང་ཤར་ཧོཿལས་ཕག་གདོང་མ་ལྗང་གུ །གཡས་རྣམས་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ། གཡོན་ཐམས་ཅད་ལྕགས་ཕུར་མེ་འབར། བྲེའི་ཕྱོགས་བཞིའི་རྡོར་སེམས་སོགས་དང་སྟེང་དུ་རྣམ་སྣང་བཅས་གཡས་རྣམས་རང་རྟགས་གཡོན་རྣམས་ཕུར་བུ། རྣམ་སྣང་དབུ་གཙུག་ཚེ་དཔག་མེད་དམར་པོ་གཡས་བུམ་པ་གཡོན་འཁོར་ལོ་འཛིན་པ། དེ་ཐམས་ཅད་ཁྲོ་ཞིང་གཏུམ་པ་རིན་པོ་ཆེའི་རྒྱན་ལྡན་བཞེངས་སྟབས་སུ་སྲུང་བ་ལ་ཞལ་ནང་གཟིགས་སྲུང་སྔགས་སྒྲོག་ཅིང་། ཟློག་པ་ལ་ཕྱིར་གཟིགས་ཟློག་སྔགས་དང་དམོད་མོ་དྲག་ཏུ་སྒྲོག་ཅིང་བཞུགས་པར་བསྒོམ། ཕྱི་རོལ་སྲུང་འཁོར་ཡང་སྤྲོ་ན་ཐུགས་སྲོག་ཧཱུྃ་ལས་རིགས་ལྔ་དང་འབྱུང་བའི་ས་བོན་རྣམས་རིམ་པར་སྤྲོས་པ་ལས་བསྐྱེད་པ་དང་། བར་མཚམས་རྣམས་སུ་ཁྲོ་བོ་ཁྲོ་མོ་སོ་སོའི་རང་མདོག་ཕྱག་མཚན་འཛིན་པས་གཏམས་པ་སོགས་ཀྱང་བསྒོམ་པར་བཤད་མོད། དམིགས་པའི་རྣམ་པ་རྒྱས་བསྡུས་ཇི་ལྟར་ཡང་གསལ་ཞིང་བརྟན་པ་ཁོ་ན་གནད་དུ་ཟབ་བོ། །གཞན་མཚམས་ཀྱི་སྐབས་སུ་གལ་ཆེ་བའི་སྤང་བླང་རྣམས་ནི་སྤྱི་ལྟར་ཤེས་པས་ལག་ཏུ་ལེན་པ་གལ་ཆེའོ། །དྲང་སྲོང་བདེན་མཐུའི་དམོད་པ་ཐོགས་མེད་གྲུབ། །བསྟན་འགྲོར་སྡང་བའི་མི་དང་མི་མིན་ཀུན། །ཉིན་བྱེད་གཟི་ཡིས་མུན་པ་ལྟར་བཅོམ་ནས། །ཕན་བདེའི་སྣང་བས་འཛམ་གླིང་ཀུན་ཁྱབ་ཤོག །ཅེས་པའང་ཉེར་མཁོར་མཐོང་ནས་བརྗོད་དོན་རྣམ་གསལ་སྙིང་པོར་དྲིལ་ཏེ། དྲག་སྔགས་བཀའ་བབས་ཀྱི་ལུང་བཟང་ཐོབ་པ་དུས་ཞབས་ཀྱི་རིག་སྔགས་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་བཛྲ་ཙིཏྟ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

གུ་རུ་ཆོས་དབང་གི་ཟབ་གཏེར་ལས་བྱོན་པའི་མ་ནིང་རྒྱུན་གཏོར་ (Volume 41, Text 19)

༄༅། །གུ་རུ་ཆོས་དབང་གི་ཟབ་གཏེར་ལས་བྱོན་པའི་མ་ནིང་རྒྱུན་གཏོར་བཞུགས་སོ། ། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ འཆོལ་བའི་ཁྲོ་རྒྱལ་དགྲ་བགེགས་གཤེད༔ མ་ནིང་ནག་པོ་ཀུན་གྱི་རྗེ༔ འོག་མིན་གནས་མཆོག་དམ་པ་དང༔ གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ནས༔ མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས༴ ཚོགས་བདག་ནག་པོ་གཤེགས༴ བྷ་ག་ནག་པོ་གཤེགས༴ སྲོག་བདུད་ཆེན་པོ་གཤེགས༴ ཛམ་ལྷ་ནག་པོ་གཤེགས༴ ནག་པོ་ཚེ་བདུད་གཤེགས༴ བྱ་རྒོད་ཐང་ནག་གཤེགས༴ ནག་པོ་ཐོད་ཕྲེང་གཤེགས༴ མཁའ་ལྡིང་ནག་པོ་གཤེགས༴ ཊཱ་ཀི་ནག་པོ་གཤེགས༴ ཀླུ་བདུད་ནག་པོ་གཤེགས༴ གཟའ་བདུད་ནག་པོ་གཤེགས༴ ཤ་གིང་ནག་པོ་གཤེགས༴ ཡབ་རྗེ་ནག་པོ་གཤེགས༴ དགྲ་གཤེད་ནག་པོ་གཤེགས༴ བགེགས་ཀྱི་གཉེན་པོ་གཤེགས༴ བདག་གི་གྲོགས་པོ་གཤེགས༴ དམ་ཅན་ཆེན་པོ་གཤེགས༴ ཆོས་སྐྱོང་ཆེན་པོ་གཤེགས༴ འགྲོ་བ་ཀུན་བཟང་གཤེགས༴ བདུད་ཀྱི་དམག་ཚོགས་གཤེགས་སུ་གསོལ༔ ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲངས་ལ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཉི་ཟླ་པདྨ་བརྩེགས་པའི་གདན་ལ་ནི༔ མ་ནིང་འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས༔ ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྲུབ་པ༔ ཕྱི་ནང་གསང་གསུམ་དགྲ་བགེགས་ཐལ་བར་རློག༔ དུས་གསུམ་སངས་རྒྱས་བསྟན་པ་སྲུང་མཛད་པའི༔ མ་ནིང་མཆེད་གསུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་བྱ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁྱེད་ལ་མཆོད་པ་དམ་པ་འབུལ་བ་ནི༔ ཐོད་ཆེན་བྷནྡྷ་རློན་པའི་སྣོད་ནང་དུ༔ བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང༔ རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི༔ བ་ལིང་གཏོར་མའི་མཆོད་པ་རོངས་སེ་རོང༔ ཤ་ཆེན་གསུར་དུད་ངད་པ་ཆི་ལི་ལི༔ བྷནྡྷ་རུས་པའི་ཚོགས་ཀྱང་ཁྲོ་ལོ་ལོ༔ ཞུན་ཆེན་མར་མེ་སྣང་གསལ་ཏ་ལ་ལ༔ འབྲུ་བཅུད་ཛ་གད་གསེར་སྐྱེམས་སྦྲེངས་སེ་སྦྲེང༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་སྤུངས་སེ་སྤུང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་དམ་པ་འདིས༔ དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང༔ ལྷ་ཆེན་དཔལ་འབར་མཆེད་ཀྱི་ཐུགས༴ ཡེ་ཤེས་མགོན་པོ་ཁྱེད་ཀྱི་ཐུགས༴ སྐུ་ཡི་མགོན་པོ་སྟག་ཞོན་ཐུགས༴ གསུང་གི་མགོན་པོ་བེང་འཛིན་ཐུགས༴ ཐུགས་ཀྱི་མགོན་པོ་གྲི་གུག་ཐུགས༴ ཡོན་ཏན་མགོན་པོ་སེང་ཞོན་ཐུགས༴ ཕྲིན་ལས་མགོན་པོ་ཏྲག་ཤད་ཐུགས༴ དཔལ་ལྡན་རེ་མ་ཏི་ཡི་ཐུགས༴ འཁོར་དང་བཅས་པའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ རཱུ་པ་ཏྲི་ཡཾ་ཛ༔ རག་ཤ་དུ་བེང་ནི་ཛ༔ རུ་རུ་ཀྵེ་ཏྲ་ཧ་ན་སིཾ་ཧ་རཾ་ཏྲག་ཤད་ཛ༔ ཏྲག་རཱ་ཛ་བྷྲཱུྃ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་པ་འབུལ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ༔ རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ༔ འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད༔ ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ནས༔ རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས༔ རབ་འཇིགས་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམ༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས༔ ཙནྡན་བེང་ཆེན་སྐེད་བཙུགས་ལྷ་དམག་འགྱེད༔ ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས༔ དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས༔ ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར༔ དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན༔ སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན༔ བདུད་མདས་དགྲ་སྙིང་གཟེར་འདེབས་གླིང་བཞིར་རྒྱུག༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་ནི༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ལས་ལ་འགྱེད༔ ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ༔ རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ༔ མ་བསྐུལ་བར་ཡང་བརྣགས་པའི་དགྲ་བགེགས་སྒྲོལ༔ ལྟག་ནས་སྤྱན་གཅིག་མ་ཚོགས་དབང་དུ་སྡུད༔ གར་བསྐུལ་ས་རུ་མི་རོའི་ཚར་མ་བརྩེགས༔ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ སྡེ་བརྒྱད་བྲན་བཀོལ་སྟག་ཤམ་མིག་བརྒྱད་བརྒྱན༔ གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད༔ དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ༈ མཁའ་རིའི་གསོལ་ཁ་ནི། ཇོ་ཆེན་མཆེད་བཞི་འཁོར་བཅས་གནས་འདིར་གཤེགས། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་འབུལ། །དཔག་ཡས་རྫུ་འཕྲུལ་མངའ་ལ་ཡོངས་སུ་བསྟོད། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་པའམ་ཡང་ན། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ། གཞན་ཡང་དགེ་བསྙེན་ཆེན་པོ་ཤེའུ་མཁའ་རི། ལྕམ་ཤེས་སྨན་གྱི་མཐུ་མོ་ཆེ། གཅུང་པོ་ཁུ་རེངས་དང་གནམ་སྐས་ཅན་གྱི་ཇོ་བོ་ཀླུ་བདུད་མགོ་དགུ །ཀླུ་མོ་བྱང་ཆུབ་སྨན། དགེ་བསྙེན་སྨྱོན་ཁ་སོགས་གཏེར་བདག་གཏེར་སྲུང་རྣམས་ལ་འབུལ་ལོ། །དམ་ཆོས་སྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་བསྔོས་པས་འཐུས་པར་ཁྱབ་བདག་སྨན་ལུང་པས་གསུངས། ༈ ཆོས་དབང་རིན་པོ་ཆེའི་གཏེར་སྲུང་སྤྱི་གསོལ་གསུང་རྒྱུན་མ་དགེ །དགེ་བསྙེན་ཤེའུ་མཁའ་རི་དང་། །ཇོ་བོ་ཀླུ་བདུད་མགོ་དགུ་དང་། །སྨྱོན་ཁ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་རྣམས་གནས་འདིར་བྱོན། །མཉེས་མཆོད་འདོད་ཡོན་གཏོར་མའི་ཚོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་བསྐངས་ལ་དངོས་གྲུབ་སྩོལ། །དེ་ཝ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི།།

རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་ (Volume 9, Text 19)

༄༅། །རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་བཞུགས་སོ། ། རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གར། །ཅིར་ཡང་སྟོན་མཛད་བླ་མ་དང་། །དབྱེར་མེད་ཐོད་ཕྲེང་རྩལ་ལ་འདུད། །འདིར་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་ལས་རིམ་ལ་འཇུག་པ་ནི་སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སར་ཕྱག་བརྡར་བྱས། སྟན་ནང་ཚན་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་དང་མཚམས་ཁོངས་སུ་ཆུག་དགོས་པ་ཐམས་ཅད་ཀྱང་སྤྱི་དང་མཐུན་པར་འདུ་བྱས་ལ། གཟའ་ཚེས་སོགས་དགེ་ཞིང་ཤིས་པ་ནས་དབུ་བཟུང་སྟེ། ལོང་སྐབས་ཡོད་ན་ཐོག་མར་བསྙེན་པ་དངོས་མ་ཚུགས་པའི་ཞག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དེ་ཉིན་གྱི་དགོང་ཐུན་ནས་རིག་འཛིན་ལས་བྱང་གིས་ཁོག་ཕུབ་པའི་བདག་བསྐྱེད་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་དང་བཅས་བགེགས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེའི་ནུབ་བམ་སང་ཐོ་རངས་ནས་བཟུང་། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས་སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས་བླ་མའི་རྣལ་འབྱོར་རྣམས་ཁྲིད་ཡིག་ལས་འབྱུང་བ་བཞིན་ཐུན་བཞིའམ་གཉིས་སོགས་ཀྱི་ཁྲིགས་སུ་བཅད་ནས་ཞག་མང་ཉུང་ཇི་ལྟར་རིགས་པས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད་ཅིང་། འགྲུབ་ན་གཞན་དག་ཀྱང་བསྐུལ་ཏེ། གསུང་སྒྲོག །ཆུ་གཏོར། ཉེ་འདོན། སྲོག་བསླུ། སཱཙྪ་འདེབས་པ་སོགས་དགེ་བའི་དཔུང་བསྐྱེད་ཅི་ནུས་བསྒྲུབས་པས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལོང་སྐབས་ཆུང་ནས་མ་འགྲུབ་ན་ཡང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོང་ཐུན་དེ་ལ་བསྐྱེད་བཟླས་དང་གཞི་བགེགས་ཀྱི་གཏོར་མ་གཏོང་བ་སོགས་སྔར་དང་འདྲ་བས་ནང་མཚམས་བཅད། ཐོ་བརྩིགས་རྒྱལ་ཆེན་བཞིར་མོས་ནས་མཆོད་གཏོར་ཕུལ་ནས་ཕྲིན་ལས་གསོལ་བརྟན་བཞུགས་ཤིས་བརྗོད་རྣམས་བྱའོ། །གཉིས་པ་དངོས་གཞི་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། རང་གང་དུ་བལྟ་བའི་ཕྱོགས་དེ་ཉིད་དུ་བྲིས་སྐུ་སོགས་རྟེན་བཤམས་པའི་སྟེགས་བུ་གཙང་མའི་ཁར་སྨན་རཀ་ཉེར་སྤྱོད་སོགས་མཆོད་རྫས་ལག་ལེན་ལྟར་བཤམས་ལ་ཉིན་རེ་བཞིན་ཁ་གསོ། མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་བཅུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་མི་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་མེད་པར་ལྷའི་ང་རྒྱལ་ཤུགས་དྲག་དང་བཟླས་པ་ཕྲེང་སྐོར་རེ་རེའི་མཚམས་སུ་ཡང་གསལ་འདེབས་ཤིང་། བླ་མ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་བསྐྱེད་པ་རྣམས་དང་མ་བྲལ་བའི་བློ་ཁྲིགས་སུ་བཅུར་ནས་བསྐྱངས་པས་ཇི་ཞིག་ན་རྩོལ་མེད་ཤུགས་འབྱུང་དུ་འཆར་བར་འགྱུར་ཞིང་། དེས་མཚོན་ནས། ད་རེས་བཟླས་པ་མ་གྲོལ་བར་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་པ་ཁོ་ནར་སོང་བ་ལ། ད་རེས་གསང་སྔགས་ཟབ་མོའི་ལམ་སྒྲུབ་ཏུ་ཡོད་པ་ནི་སྐལ་པ་རེ་བཟང་སྙམ་པའི་མོས་གུས་གདུང་ཤུགས་ཀྱི་འབད་རྩོལ་དྲག་པོ་བྱས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་དེ་ལྟར་ཤེས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་གྱིས་ཚོགས་གསག་པ་རྣམས་སྤྱི་དང་མཐུན་པར་བྱས་རྗེས་དོན་དམ་བྱང་ཆུབ་སེམས་ཀྱི་ངང་དུ་བཟོ་མེད་དུ་ལྷུག་པར་ཅི་གནས་སུ་གཞག་པའི་ངང་ལས། སྭ་བྷཱ་ཝའི་སྔགས་བརྗོད་པའི་མཐུས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་དག །སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་ལ་སེམས་བསྲེ། དེའི་ངང་ལས་མི་ཤིགས་པའི་རྡོ་རྗེ་སྲུང་བའི་ར་གུར་ཡེ་ཤེས་ཀྱི་མེ་ཕུང་འབར་བར་འཁྲིགས་པས་ཁོར་ཡུག་ཐམས་ཅད་ཁྱབ་པའི་ནང་དུ་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་ཡོངས་སུ་གསལ་བའི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླའི་གདན་ལ་རང་རིག་ཧཱུྃ་དམར་པོ་འབར་བ་ལ་སེམས་བསྲེ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་གདོད་མའི་མི་ཤིགས་པ་རིག་འཛིན་བླ་མའི་ངོ་བོར་སད། འོད་ཟེར་རྣམས་ཧཱུྃ་ལ་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གསང་ཕོད་ཟབ་བེར་ཆོས་གོས་སྙན་ཞུ་སོགས་མཛེས་ཤིང་བརྗིད་པའི་ཆས་ཀྱིས་བརྒྱན་ཅིང་མཚན་དཔེའི་གཟི་བྱིན་འབར་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དཔུང་པ་གཡས་ཀྱི་ཐད་སོར་གདེང་ཞིང་། གཡོན་བྷནྡྷ་དམ་ཚིག་གི་བཟའ་བས་གཏམས་པའི་དབུས་སུ་རིན་པོ་ཆེའི་བུམ་པ་འཆི་བ་མེད་པའི་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། ཞབས་གཉིས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཁའ་འགྲོ་མཚོ་རྒྱལ་དཀར་དམར་མཛེས་སྡུག་ལང་ཚོས་སྒེག་པ་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཅན་གཡས་ཅང་ཏེའུ་འཁྲོལ་བའི་སྟབས་སུ་འཛིན་ཅིང་། གཡོན་བདུད་རྩིའི་ཐོད་པ་སྟོབ་པའི་ཚུལ་དུ་སྙོམས་པར་འཇུག་པ། སྐུ་ལས་སྤྲུལ་པའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་བ། མཐའ་སྐོར་དུ་པདྨའི་འདབ་མ་བརྒྱད་ལ་ཤར་དུ་ཧཱུྃ་ཀཱ་ར་རྡོ་རྗེ་དང་དྲིལ་བུ། ལྷོར་འཇམ་དཔལ་བཤེས་གཉེན་བེ་ཅོན་སྡིགས་མཛུབ། ནུབ་ཏུ་ཀླུ་སྒྲུབ་གསེག་ཤང་པར་བུ། བྱང་དུ་པྲ་ཧསྟི་རྒྱ་གྲམ་གླེགས་བམ། ཤར་ལྷོར་དྷ་ན་སཾསྐྲྀ་ཏ་ཐོད་རྔ་པད་ཕོར། ལྷོ་ནུབ་ཏུ་བི་མ་མི་ཏྲ་མཉམ་གཞག་ཚེ་བུམ། ནུབ་བྱང་དུ་གུ་ཧྱ་ཙནྡྲ་ལྕགས་ཀྱུ་ཞགས་པ། བྱང་ཤར་དུ་ཤཱནྟི་གརྦྷ་ཐོད་པ་དང་གྲི་གུག་འཛིན་པ། ཐམས་ཅད་ཀྱང་གསང་ཕོད་སྣམ་སྦྱར་སྙན་ཞུ་ལ་སོགས་པའི་ཆས་ཅན་རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་་་པར་འཆར་བ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་རང་རིག་ཀ་དག་གདོད་མའི་མི་ཤིགས་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་རིག་འཛིན་བླ་མའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་དུ་ཤར་བ་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས། ཐུགས་ཀར་པད་ཉི་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ། དེ་ལས་བྱུང་བའི་འོད་ཀྱིས་སྣང་བ་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ལས་གཡོ་བ་མེད་པའི་ངང་ནས། ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་བཟླས་པ་ཅི་ནུས་སུ་བཟླས་པའི་མཐར་སྦྱང་བ་གསུམ་སྔོན་དུ་འགྲོ་བའི་རླུང་བུམ་པ་ཅན་དང་སྦྱར་ཏེ་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོར་བཟླས་ཀྱང་ཅི་ནུས་སུ་བྱ་ཞིང་། ཐུན་བསྡུ་བ་ན་ལྷ་སྔགས་ལ་སོགས་པ་མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་བྲལ་བའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་གཞག་ལ། དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་སྲོད་ཐུན་ཡང་སྐྱབས་སེམས་ནས་བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས་ཐུན་མཐར་གཏོར་བསྔོ་སོགས་དགེ་སྦྱོར་ཁྲིགས་གཞན་རྣམས་ཀྱང་བྱ་ཞིང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་ཧཱུྃ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་གྱི་སྔ་དྲོ་ཐུན་གཉིས་ཏེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང་། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང་། འོན་ཀྱང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་བྱས་པ་ཉིད་ལེགས་ཤིང་། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་འབྲུ་འབུམ་ནས་འབུམ་ཕྲག་གཅིག་གི་བར་དང་། དུས་ནི་ཟླ་གཅིག་ནས་བདུན་ཕྲག་གཅིག་གི་བར་དང་། མཚན་མ་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་ཞིང་ལུང་སྟོན་པའི་བར་རོ། །གཉིས་པ་ནང་སྒྲུབ་ནི། སྦྱོར་བ་སྔར་ལྟར་འདྲ་བ་ལས། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། སྟོང་པ་ཉིད་ཀྱི་ངང་ལས་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ལྔའི་རང་མདངས་འཇའ་འོད་སྣ་ལྔའི་གུར་ཁྱིམ་འཁྲིགས་པར་གྱུར་པའི་དབུས་སུ། རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་པདྨ་དང་ཉི་ཟླའི་གདན་ལ་རིག་པའི་རང་རྩལ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན་ཁྲོ་འཛུམ་བཞད་པའི་ཉམས་ལྡན་སྤྱན་གསུམ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་དར་གྱི་ཅོད་པན་དང་རུས་པའི་རྒྱན་གྱིས་སྤྲས་པ། རལ་པའི་ཐོར་ཚུགས་དང་མཚན་དཔེའི་གཟི་བྱིན་ཅན་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་དབྱིངས་ཕྱུག་མནྡཱ་ར་བ་དཀར་གསལ་གྲི་ཐོད་འཛིན་པས་འཁྲིལ་བ། བདེ་སྟོང་གཉིས་སུ་མེད་པའི་རྣམ་རོལ་ཅན་སྤྲུལ་པའི་འོད་ཟེར་མཐའ་ཡས་པར་སྤྲོ་བ། དེའི་སྤྱི་བོར་བུདྡྷ་ཐོད་ཕྲེང་དཀར་པོ་འཁོར་ལོ་དང་དྲིལ་བུ། མགྲིན་པར་པདྨ་ཐོད་ཕྲེང་དམར་པོ་པདྨ་དང་དྲིལ་བུ། སྙིང་གར་བཛྲ་ཐོད་ཕྲེང་སྔོན་པོ་རྡོ་རྗེ་དང་དྲིལ་བུ། ལྟེ་བར་རིན་ཆེན་ཐོད་ཕྲེང་སེར་པོ་རིན་པོ་ཆེ་དང་དྲིལ་བུ། གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་རལ་གྲི་དང་དྲིལ་བུ། ཐམས་ཅད་ཀྱང་རང་མདོག་གི་ཡུམ་གྲི་ཐོད་འཛིན་པ་དང་སྦྱོར་ཞིང་། རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཚུངས་པ། མཐའ་སྐོར་དུ་རིན་ཆེན་ཟུར་བརྒྱད་པའི་སྟེང་གི་ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེང་གེ་སྒྲ་སྒྲོག །ཤར་ལྷོར་པདྨ་སཾ་བྷ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེང་གེ །བྱང་ཤར་དུ་རྡོ་རྗེ་གྲོ་ལོད་རྣམས་ཆ་ལུགས་སྤྱི་དང་མཐུན་པ་རིག་འཛིན་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་ངོ་བོར་གསལ་བའི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་མཐིང་ག་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་བྱུང་བའི་འོད་ཀྱིས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡེ་ཤེས་ལྔའི་འོད་ཁྱིམ། བཅུད་ཀྱི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ཚོམ་བུར་རྫོགས་པ་ལས་གཞན་དུ་མ་གཡོས་པའི་སེམས་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བཟླས་པ་ལ་ཆིག་སྒྲིལ་དུ་བྱ་ཞིང་ཐུན་མཚམས་སུ་འཁོར་རྣམས་གཙོ་བོ་ལ་བསྡུ། གནས་ལྔའི་ལྷ་ཡང་དེ་དང་དེར་འོད་དུ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བློ་བཞག །དེ་ལས་ལྡང་བ་ན་སྐད་ཅིག་གིས་ལྷར་བསྐྱེད་ནས་བསྔོ་སྨོན་བྱ། རིམ་པ་དེ་ལྟ་བུས་ཐུན་གཅོད་ལུགས་སོགས་ཕྱི་སྒྲུབ་ལྟར་དང་གྲངས་དུས་མཚན་མའི་བར་རྣམས་ཀྱང་སྔར་བཤད་པ་བཞིན་ནོ། །གསུམ་པ་གསང་སྒྲུབ་ནི། སྦྱོར་བ་སྔར་དང་འདྲ་བ་ལས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་དག་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་གདན་སྟབས་སུ་བཀོད་པའི་ལྟེ་བར་པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་དུ། རང་རིག་ཧཱུྃ་ཡིག་མཐིང་གའི་འཕྲོ་འདུ་ལས་ཁྲག་འཐུང་བླ་མ་དྲག་པོ་རྩལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན། བེར་སྨུག་རྡོ་རྗེའི་གསང་རིས་ཅན་དང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ། སྤྱན་གསུམ་ཉི་ཟླ་ལྟར་འབར་ཞིང་ཞལ་གདངས་བ་རལ་པ་དམར་སེར་འབར་བ། གཡས་ལྕགས་རྡོར་རྩེ་ལྔ་གདེངས་སྟབས་སུ་ཕྱར་ཞིང་གཡོན་དམར་གྱི་དུང་ཆེན་ཐུགས་ཀར་འཛིན་པ། ཡུམ་ཀྲོ་དྷཱི་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་དོར་སྟབས་ཀྱིས་བཞུགས་པ། ཕྱི་རོལ་རྩིབས་བརྒྱད་ཀྱི་སྟེང་དུ་ཧཱུྃ་ཡིག་བརྒྱད་ལས་ཤར་དུ་ཡང་དག་གཡས་རྡོ་རྗེ། ལྷོར་གཤིན་རྗེ་གཡས་འཁོར་ལོ། ནུབ་ཏུ་རྟ་མགྲིན་གཡས་ཐོད་དབྱུག །བྱང་དུ་རྡོ་རྗེ་གཞོན་ནུ་གཡས་ཕུར་པ། ཤར་ལྷོར་མངོན་རྫོགས་རྒྱལ་པོ་གཡས་ཁ་ཊྭཱཾ། ལྷོ་ནུབ་ཏུ་ཆེ་མཆོག་གཡས་རྡོ་རྗེ། ནུབ་བྱང་དུ་དྲེགས་པ་གཡས་གྲི་གུག །བྱང་ཤར་དུ་དྲག་སྔགས་གཡས་རྡོ་རྗེ། ཐམས་ཅད་ཀྱང་གཡོན་དུང་དམར་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན། ཡུམ་དྲིལ་བྷན་འཛིན་མ་དང་མཉམ་པར་སྦྱོར་བ། སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་ཡེ་ནས་དབྱེར་མེད་རང་རིག་དེ་བཞིན་ཉིད་དུ་ངོ་བོ་གཅིག་པའི་གསལ་སྣང་དཀྱིལ་འཁོར་འཁོར་ལོའི་སྣང་ཆ་མ་འགག་པའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པར་འཆར་བ་ལ་སེམས་རྩེ་གཅིག་པར་བྱས་ལ། གཙོ་བོའི་ཐུགས་ཀར་འཁོར་ལོའི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འབར་བ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་བསྒོམས་པ་ལ། བཟླས་བརྗོད་བགྱིས་པ་ན་སྔགས་ཀྱི་འོད་ཟེར་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་རྣམ་རོལ། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཆོས་ཉིད་ཁྱབ་བརྡལ་སྤྲོས་བྲལ་ཀ་དག་ཆེན་པོའི་དབྱིངས་སུ་རོ་མཉམ་པ་ལ་བསླབ་ཅིང་སྔགས་ནི། ཨཱོཾ་གུ་རུ་ཀྲོ་དྷ་རཱ་ཛ་ཀྲོ་དྷཱི་ཤྭ་རཱི་སརྦ་སིདྡྷི་ཧཱུྃ༔ ཞེས་ངག་གི་བཟླས་པ་བྱ་ཞིང་། རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱའོ། །ཐུན་བསྡུ་བ་ན་རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་ཐུགས་སྲོག་ཧཱུྃ་ཡིག་ལ་བསྡུ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་སྤྲོས་བྲལ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག །ལྡང་བ་ན་སྐད་ཅིག་གིས་ལྷ་སྐུའི་གསལ་སྣང་དང་མ་བྲལ་བས་བསྔོ་སྨོན་སོགས་བྱ་བ་སྟེ། སྔར་བཞིན་ཐུན་བཞིའམ་གཉིས་ལ་སོགས་པའི་ཁྲིགས་སུ་བཅད་དེ་བྱ་ཞིང་། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་མཚན་ནི་སྔར་བཞིན་དང་། དུས་ནི་མ་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །ཐུན་ཐམས་ཅད་ཀྱི་མཐར་ཡི་གེ་བརྒྱ་པ་མང་ཉུང་ཅི་འགྲུབ་རེ་བཟླ་བ་ཕྱག་ལེན་ནོ། །གསུམ་པ་རྗེས་ནི། བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམ། མདུན་གྱི་གཏོར་མ་ཡང་ལྷར་བསྐྱེད་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་མཐར་སརྦ་སིདྡྷི་ཧཱུྃ་ཞེས་བཏགས་པ་ཡང་ཅི་ནུས་བཟླ་སྟེ། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་བཤམ། ལས་བྱང་གིས་ཁོག་ཕུབ་པའི་སྒོམ་བཟླས་ཚོགས་མཆོད་སོགས་མཐའ་རྒྱས་སྤྱི་ལྟར་ལས་སྒྲུབ་གཏོར་ལྷར་གསལ་བ་སྨན་གཏོར་རཀྟས་མཆོད། ཡིག་བརྒྱས་འཁོན་ལྕུགས་སྦྱངས་ནས་དངོས་གྲུབ་ལེན་པ་སོགས་བསྙེན་ཡིག་གཞན་དུ་བཤད་པ་བཞིན་བྱའོ། །འོན་ཀྱང་འདི་ཉིད་སྤྲོས་མེད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ཕྱིར། དེ་དག་མ་བྱས་ཀྱང་ཆད་པར་ནི་མི་འགྱུར་རོ། །སྣང་གྲགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་གསལ་བ་ཐམས་ཅད་ཀྱང་གདོད་ནས་གྲུབ་པའི་ཆོས་ཉིད་ཀྱི་ངོ་བོར་རོ་མཉམ་པར་ཤེས་པ་ཉིད་ལ་ཚང་བའི་ཕྱིར་རོ། །རྒྱུན་བཟླས་ནར་མར་བྱེད་པ་ན་དཀྱིལ་འཁོར་རྫོགས་པར་བསྒོམ་པ་ལ་སོགས་པའི་གཞུང་སོ་སོའི་སྨོས་ཚོད་བཞིན་དུ་སྒྲུབ་པ་ཡིན་མོད་ཀྱི། སྙིང་པོར་དྲིལ་བ་ཙམ་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་ཤཱུནྱ་ཏཱའི་སྔགས་ཀྱིས་དང་པོར་སྟོང་པ་ཉིད་ཅུང་ཟད་བསྒོམ་པའི་ངང་ལས་སྙིང་རྗེ་ཆེན་པོའི་བློས་བསྐྱེད་དེ་ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འཆར་བ་ལྟར་སྐད་ཅིག་གིས་ལྷའི་སྐུར་བཀྲ་ལམ་གྱི་གསལ་བ་དང་སྔགས་ཀྱི་སྒྲ་གདངས་ལ་སེམས་རྩེ་གཅིག་ཏུ་དྲིལ་ནས་བཟླས་པ་བྱ་ཞིང་། ཐུན་བསྡུ་བ་ན་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་པའི་ཀློང་དུ་བཞག་གོ །ཡང་ན་སྔར་སྒོམ་པའི་ཤུགས་ཀྱིས་ལྷར་དྲན་པ་ཙམ་བྱས་པས་དེའི་གསལ་སྣང་ཤར་བ་ན་དེ་ལ་བརྟེན་ནས་ཀྱང་བཟླས་བརྗོད་བྱའོ། །ཡང་ན་ལྷའི་རྣམ་པ་གསལ་བར་མ་གྱུར་ཀྱང་བདག་གི་ལུས་ངག་ཡིད་གསུམ་ཡེ་ནས་ལྷའི་སྐུ་གསུང་ཐུགས་ཡིན་ནོ་སྙམ་པའི་ང་རྒྱལ་དང་ལྡན་པས་ཀྱང་བཟླས་བརྗོད་བྱ་སྟེ་མན་ངག་གི་གནད་ཁྱད་པར་ཅན་དང་འབྲེལ་པ་ཡིན་ནོ། །རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་གསལ་བྱེད་ཉུང་ངུར་བསྡུས་པ་འདི་ནི་བྱ་བཏང་ཨོ་རྒྱན་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་རིག་འཛིན་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་ཨོ་རྒྱན་རྣམ་གྲོལ་ལོ།། །།

ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་ (Volume 53, Text 19)

༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། རྫོགས་སངས་རྒྱས་ཀྱིས་རབ་བསྔགས་ཤིང་། །རིག་སྔགས་གསང་བའི་བདག་མོ་ཆེ། ཁྲོ་བ་མེད་ཀྱང་ཁྲོས་པའི་ཚུལ། །བསྟན་ནས་ལོག་འདྲེན་འཇོམས་དེས་སྐྱོངས། །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་བསྐུར་བ་ལ་ཡོད་ན་རས་བྲིས་ཀྱི་དྲག་དཀྱིལ་སྒོ་རྫོགས་ཅན་བཏིང་། མེད་ན་མཎྜལ་དུག་ཁྲག་གིས་བྱུགས་པར་པདྨ་སྔོན་པོ་འདབ་བཞིའི་དབུས་དང་ཕྱོགས་བཞིར་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ནག་པོ་ཁ་རྒྱན་ལྡན་པ་བཞག །གཡས་སུ་ཐོད་པའི་བདུད་རྩི། གཡོན་དུ་པདྨ་དམར་པོའི་ནང་རྡོ་རྗེ་ཕྱེད་པ་དཀར་པོ་བྲིས་པའི་ཙཀླི། ཐོ་བ་ཕུར་བུ། ལྕགས་ཧོམ་དུ་ལིངྒ་བཅུག་པ་དང་། སྨན་རག་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། ཕྲིན་ལས་སྤྱི་ཆིངས་ལྟར་སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་བར་བྱ། དེ་ནས་རྒྱས་པར་སྤྲོ་ན་རྩ་གསུམ་ལས་བྱང་བཟླས་པའི་བར་བཏང་ལ་བདག་བསྐྱེད་བྱ། མདུན་བསྐྱེད་རང་གཞུང་གཏང་། བསྡུ་ན་བདག་མདུན་གཉིས་ཀ་ལས་ཀྱི་མཁའ་འགྲོར་བསྐྱེད་ཆོག་པས་རྩ་གསུམ་གཏང་མི་དགོས། དེའི་ཚེ་སྔོན་འགྲོའི་སྤྱི་ཆིངས་ཀྱང་རྒྱས་པ་སྦྱོར་མི་དགོས་པས། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་མཆོད་པ་བྱིན་རླབས་མདོར་བསྡུས་ཙམ་གྱིས་ཆོག་གོ །གང་ལྟར་ལྷ་བསྐྱེད་སོགས་རང་གཞུང་ལྟར་ལ་སྤྱན་འདྲེན་མན་ཆད་རིགས་མཐུན་གཞན་ནས་ཅུང་རྒྱས་པ་བླངས་ན་ལེགས། བསྟོད་པ་གཟུངས་ལས་འབྱུང་བ་ནི། དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །དཔལ་ལྡན་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་སོ། །བཟླས་དམིགས་བྱས་ལ་བཟླས་སྔགས་གཟུངས་ལས་འབྱུང་བ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛཱ་ཊི་ལམྦོ་དྷཱ་རི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། བུམ་པར་དཀྱིལ་འཁོར་གསལ་བཏབ་ཅིང་གཟུངས་ཐག་བླངས་ལ་སྙིང་པོ་བརྒྱ་རྩ་བཟླས་མཐར་སྟོང་ཚིགས་སྤྱི་ལྟར་འབུལ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར། དེ་ནས་སློབ་བུ་རྣམས་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ནས། དེའང་བཅོམ་ལྡན་འདས་ཀྱི་ཞལ་ནས། དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་མོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྕམ་མོ། ཁྲོ་བོ་རྣམས་ཀྱི་ཡུམ། མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ། རིག་པ་འཛིན་པ་རྣམས་ཀྱི་གྲོགས་མོ། བསྟན་པ་བསྲུང་བའི་མངའ་བདག །དཀོན་མཆོག་གསུམ་གྱི་སྲུང་མ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བདུད་དང་མུ་སྟེགས་ཐམས་ཅད་སྒྲོལ་བར་བྱེད་པའི་མངའ་བདག་ཡིན་ནོ། །ཞེས་དང་གཟུངས་སྔགས་ཀྱི་ཕན་ཡོན་ཡང་རྒྱ་ཆེར་གསུངས་པ་འདི་ལ་སྔོན་ཆད་གངས་ཅན་ལྗོངས་ཀྱི་གསང་སྔགས་གསར་རྙིང་གཉིས་ཀའི་ཁྲོད་དུ་དབང་དང་སྒྲུབ་ཐབས་ཡོངས་སུ་གྲགས་པ་མི་བཞུགས་པ་ལ། འདིར་སྤྲུལ་པའི་གཏེར་ཆེན་༧མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་མཛོད་ཆེན་པོ་ལས་བྱོན་པ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྩ་གསུམ་ཚེའི་ཟབ་པའི་ཆ་ལག །མཁའ་འགྲོ་རིགས་བཞིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་ཤིན་ཏུ་ཟབ་པར་བཞུགས་པའི་ཡ་གྱལ་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ། སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་བདག་ཉིད་བླ་མ་མཆོག༔ མ་ལུས་རྒྱལ་བ་ཀུན་གྱི་དངོས༔ མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུད་རྣམ་པར་དག་པའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་བརྗོད་ཚིག་དང་མཐུན་པར་བསྒོམ་དོན་གསལ་བཏབ་སྟེ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དགྲ་བགེགས་ཀྱི་གདན་ལ་རང་སེམས་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཚར་བཅད། དོན་གཉིས་བྱས། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོ་མཐིང་ནག་ཤིན་ཏུ་ཁྲོ་ཞིང་གཏུམ་པའི་གཟུགས་ཅན། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་གར་གྱི་རོལ་པས་འགྱིང་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་གྱི་ཐུགས་ཀ་ནས་ཀྱང་འབར་བའི་འོད་ཟེར་གློག་གི་ཟེར་ཐག་ལྟ་བུ་འཕྲོས་པས། འོག་མིན་གྱི་དུར་ཁྲོད་ཆེན་པོ་སོགས་རྒྱལ་བའི་ཞིང་རབ་འབྱམས་ནས་དཔལ་ལྡན་ཁྲོ་མོ་རྡོ་རྗེ་སྡེར་མོ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་དཀྱིལ་འཁོར་པའི་རང་བཞིན་ཅན་གྱིས་དབང་བསྐུར། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བར་མོས་ཤིག །བུམ་པ་ཐོགས་ལ། ཨོཾ༔ བུམ་པ་དྲག་པོའི་གཞལ་ཡས་ཁང༔ རྡོ་རྗེ་སྡེར་མོའི་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སློབ་མར་ཁྲུས་བྱས་དབང་བསྐུར་རོ༔ སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ བུམ་པ་མགོར་བཞག །བུམ་ཆུ་འཐོར་འཐུང་བྱ། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དོན་ཡོད་གྲུབ་པས་གཙོར་བྱས་པའི་རིགས་ལྔས་དབུར་བརྒྱན། དབུ་རྒྱན་མགོར་བཞག་ལ། ཨོཾ་ཀརྨ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཨཱཾ༔ ཐབས་ཤེས་མཚོན་པའི་རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད་པར་མོས་ཤིག །རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཨོཾ་བཛྲ་གྷཱཎྚེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། བླ་མ་དབང་གི་ལྷ་རྣམས་ཀྱིས་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་ནཱམ་ཨ་བྷི་ཥེ་ཀ་ཏ། དེ་དག་གིས་རིག་པའི་དབང་ལྔ་ཐོབ། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པར་མོས་ཤིག །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་སྒོམ་པ་ལ་དབང་། སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བླ་མ་ལས་ཀྱི་དཔའ་བོ་དང་ཡུམ་ལས་ཀྱི་མཁའ་འགྲོ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྗགས་ལ་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ། ངག་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ བླ་མ་ལས་ཀྱི་མཁའ་འགྲོ་མར༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་བྱང་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་མྱངས་ཏེ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁཾ༔ དེས་གསང་བའི་དབང་ཐོབ། ངག་སྒྲིབ་དག །རྩ་རླུང་སྒོམ་པ་ལ་དབང་། ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། ཁྱེད་རང་སྐད་ཅིག་གིས་ལས་ཀྱི་དཔའ་བོར་གསལ་བ་མཚན་ཉིད་དང་ལྡན་པའི་རིག་མ་ལས་ཀྱི་མཁའ་འགྲོ་མ་པང་དུ་བྱིན་པ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་མཐར་ཐུག་པ་སྐྱེས། ཡིད་བྱིན་གྱིས་བརླབས་པར་མོས་ཤིག །རྡོར་པད་ཙཀླི་གཏད་ལ། ཧཱུྃ༔ སློབ་མ་ལས་ཀྱི་དཔའ་བོ་ཡིས༔ ལས་ཀྱི་མཁའ་འགྲོ་ལ་སྦྱོར་བས༔ དགའ་བཞིའི་ཡེ་ཤེས་རྟོགས་ནས་སུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་དང་ཕྱག་རྒྱ་འདིའི་རྗེས་ཟློས་མཛོད། འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །ཐིག་ལེ་སྒོམ་པ་ལ་དབང་། ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས། དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པར༔ ཟུང་དུ་འཇུག་པའི་ཡེ་ཤེས་ནི༔ རྡུལ་བྲལ་མཁའ་ལྟར་རྣམ་པར་དག༔ མཁའ་ལྟར་མཉམ་པའི་དབང་ཐོབ་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་དབང་བཞི་ཡོངས་རྫོགས་ཐོབ་ནས་ཁྱེད་རང་མཁའ་འགྲོའི་དབང་ཕྱུག་དཔལ་རྡོ་རྗེ་སྡེར་མོ་དང་སྐལ་པ་མཉམ་པར་གྱུར་པ་ལ། ཕྱག་མཚན་བསམ་ཆོད་རལ་གྲི་འབར་བ་དང་ཐོ་བ་ཕུར་པ་གཡས་གཡོན་དུ་གཏད་ནས་མངའ་གསོལ་བར་མོས་ཤིག །ཐོ་བ་གཡས་ཕུར་བུ་གཡོན་དུ་གཏད་ལ་སྙིང་པོའི་སྔགས་བཟླ། དེ་ནས་མངོན་སྤྱོད་ལས་ཀྱི་སྦྱོར་བའི་རྗེས་སུ་གནང་བ་ཡིན་པས་ཁྱེད་རང་ཁྲོ་མོའི་ང་རྒྱལ་རབ་ཏུ་བརྟན་པོར་བསྐྱེད་འཚལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། བདེན་སྟོབས་བརྗོད་ལ། ནྲྀ་ཏྲི་བཛྲ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ སློབ་དཔོན་གྱིས་ཚིག་དང་སྔགས་བརྗོད་པ་ཐམས་ཅད་ཁྱེད་རང་གིས་ཀྱང་བརྗོད་བཞིན་དུ་ལིངྒ་ལ་ཕྱག་མཚན་གཉིས་ཀྱིས་གདབ་པའི་ལས་མཛོད་ཅིག །བདག་གི་ལུས་ངག་ཡིད་གསུམ་ལ་འཚེ་ཞིང་བར་དུ་གཅོད་པའི་འཇིགས་པ་དང་གདོན་དང་། མདངས་དང་གཟི་བརྗིད་འཕྲོག་པ་དང་། རིག་སྔགས་རྦོད་གཏོང་བྱད་སྟེམས་ཕུར་ཟོར་གཏད་ཁྲམ་ངན་སྔགས་ཀྱི་རིགས་སུ་གྱུར་པ་དང་། ནད་དང་ཡམས་དང་། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས་སུ་གྱུར་པ་ཐམས་ཅད་རིག་སྔགས་འདིས་གཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ་། །ཕྱག་རྒྱས་གནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་དྷཱི་ཀ་མུཏྒ་ར་ཧཱུྃ་ཕཊ། ཅེས་དང་གོང་གི་སྙིང་པོའང་བཟླས་ལ་ཐོ་བས་བརྡུང་། ཕུར་བུས་གདབ་ཏུ་གཞུག །མཐར་ཤིས་བརྗོད་འོས་ཤིང་འཐད་པར་བརྗོད། དེས་ལས་ཀྱི་མཁའ་འགྲོའི་དབང་ཕྱུག་དཔལ་རྡོ་རྗེ་སྡེར་མོའི་དབང་བཞི་ཡོངས་རྫོགས་མཐའ་རྟེན་མངོན་སྤྱོད་དྲག་པོའི་རྗེས་གནང་དང་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་ཆད་སྤྱི་ལྟར་བྱ། རྩ་གསུམ་ཕྲིན་ལས་བཏང་ན་ཚོགས་མཆོད་ཕྱིན་ཆད་ཕྲིན་ལས་རྗེས་ཀྱི་སྤྱི་ཆིངས་ལྟར་བྱ་དགོས། འདི་ཉིད་ཁོ་ན་ཡིན་ན་མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱས་པས་ཆོག་གོ །མཚན་དང་རིག་པ་སྔར་གྲགས་ཀྱང་། །དབང་དང་སྒྲུབ་ཐབས་ཁུངས་ལྡན་དཀོན། །འདིས་ཀྱང་བསྟན་འགྲོའི་བདེ་སྐྱིད་དཔལ། །ཡར་ཟླ་ལྟར་འཕེལ་རྒྱས་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དམོད་བྱང་ (Volume 54, Text 19)

དམོད་བཅོལ་ལ། བྲི་བའི་སྐབས་ལིངྒའི་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཡོན་དུ་ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དུས་ཚོད་ཚེས་གྲངས་ལ་དགྲ་དར་བ་ཐམས༴ མདུན་དུ་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས༴ སྤྱི་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམས༴ མགོ་ནས་གཡོན་སྐོར་དུ་སྔ་དགྲ་ལག་གིས་བདར་པ་ཐམས༴ ཕྱི་དགྲ་ཡིད་ལ་སེམས་པ་ཐམས༴ ད་དགྲ་ཁྱི་ལྟར་ཟུག་པ་ཐམས༴ མགོ་ལ་ཏིལ་རྡུང་བྱེད་པ་ཐམས༴ སེམས་ལ་སྡུག་བསྔལ་གཏོང་བ་ཐམས༴ ལུས་ལ་ན་ཚ་གཏོང་བ་ཐམས༴ སྲོག་ལ་བར་ཆད་གཏོང་བ་ཐམས༴ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས༴ རྒྱབ་ནས་དེད་ཤོམ་བྱེད་པ་ཐམས༴ མདུན་ན་ཁྱི་བཞིན་སྒུག་པ་ཐམས༴ ཟུར་ནས་གཅོད་དགོས་ཟེར་བ་ཐམས༴ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས༴ འགྲོ་ལམ་དུ་རྩང་འཛུག་པ་ཐམས༴ བྱམས་པ་གཉན་གྱིས་བརྗོད་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་བཅུག༴ མི་དཔོན་གྱིས་ཁྲིམས་ར་ན་གླེང་དུ་མ་བཅུག༴ གཙོ་བོའི་འདུན་ཁང་ན་གླེང་དུ་མ་བཅུག༴ སྐྱེ་བོའི་མདའ་གྲལ་ན་གླེང་དུ་མ་བཅུག༴ མོ་བཙུན་གྱི་ཐགས་གྲལ་ན་གླེང་དུ་མ་བཅུག༴ བྱིས་པའི་རྩེ་གྲལ་ན་གླེང་དུ་མ་བཅུག༴ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་བཅུག༴ མགར་གྱི་སོལ་མལ་དུ་གླེང་དུ་མ་བཅུག༴ དགེ་འདུན་གྱི་ཚོགས་གྲལ་ན་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བོན་པོའི་ཚོགས་གྲལ་ན་གླེང་དུ་མ་བཅུག༴ སྔགས་པའི་ཕུར་གྲལ་ན་གླེང་དུ་མ་བཅུག༴ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མི་མང་གི་ཁ་མཆུ་ངན་པ་ཐམས༴ ཕ་ཚོའི་འདུན་ཁང་ནས་མི་ཁ་གླེང་བ་ཐམས༴ གསོད་ཤོམ་བྱེད་པ་ཐམས༴ རྐུ་ཤོམ་བྱེད་པ་ཐམས༴ འཕྲོག་ཤོམ་བྱེད་པ་ཐམས༴ གྲོས་ངན་ཤོམ་པ་ཐམས༴ ལྐོག་ནས་འབུ་བཞིན་འབུག་པ་ཐམས༴ ངོས་ལ་སྤྲེལ་ལྟར་འཛེག་པ༴ ཀེག་བདུད་གཤེད་གསུམ་ལ་བབས་པ༴ བྱད་ཁ་དང་ཕུར་ཁ་ཟུག་པ༴ རྦད་འདྲེ་དང་རྦོད་གཏོང་གཏོང་བ༴ གནན་སྲེག་འཕང་གསུམ་བྱེད་པ༴ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ༴ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ༴ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ༴ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ༴ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ༴ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ༴ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན་སོད་ཅིག༔ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཆིངས་ཤིག་མཱ་ར་ཡ་རྦད་ནན་སོད་ཅིག །བསྐལ་པ་མ་སྟོངས་ཀྱི་བར་དུ་མ་གཏང་ཞིག །མཱ་ར་ཡ་རྦད་ནན་སོད་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ འདི་བྲི་བ་དང་བརྗོད་པ་གཉིས་ཀ་བྱའོ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་ (Volume 24, Text 19)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་གཤེགས་ཀུན་འདུས་ཐུགས་རྗེའི་གཏེར། །པདྨ་གར་དབང་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་ཡངས་པ་རུ། །དབང་བསྐུར་ཆོ་གའི་མཚམས་སྦྱོར་བྲི། །དེ་ལ་ཐོག་མར་སློབ་མ་ལྷག་གནས་ཀྱི་མཚམས་སྦྱོར་ནི། སྙན་གསན་མ་གཏོགས་ལྷ་བུམ་སྟ་གོན་ཚར་བ་དང་། བཅས་གཤོམ་རྣམས་ཡོལ་བས་བསྒྲིབས་ཏེ་བཞག །སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་རྟས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སོགས་དང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཕེཾ་ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་སློབ་མ་འདི་རྣམས་ལ་ལྷག་གནས་ཀྱི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་ལས་སྔགས་དང་སུམྦྷའི་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་ཐེག་ལ་རིམ་པ་དགུའམ། དེའང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཀྱང་ཐབས་ཀྱིས་ཟིན་མ་ཟིན་ལས་ཕན་གནོད་ཀྱི་བྱ་བ་བྱེད་པར་ཤེས་ནས་ཀུན་རྫོབ་ཙམ་དུ་རྫས་ཡོད་དུ་ཤེས་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟས་ནས་སྦྱོང་བའི་ཐབས་ལ་བརྟེན་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་སྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་དང་། ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་ལའང་བཀའ་གཏེར་གྱི་སྲོལ་ཁ་ཆེན་མོ་གཉིས་སུ་ཡོད་པ་ལས། འདིར་ཟབ་མོ་གཏེར་གྱི་ནང་ཚན་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཞེས་གསུངས་པ་ལྟར་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་ལ་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་གསུངས་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞི་ལས། འདིར་ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན། ས་ཆོག་སྟ་གོན་བྱ་བ་དང་། ཞེས་པས། ནུབ་དང་པོར་སའི་ཆོ་ག་དང་། གཉིས་པར་སྟ་གོན། རས་བྲིས་ལྟར་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་སྟེ། དེ་ལའང་གསུམ་ལས་ལྷ་དང་བུམ་པའི་སྟ་གོན་གཉིས་སྔར་སོང་བས། ད་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མ་རྣམས་ཀྱིས་སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་བློ་བཅོས་པ་ནི། ཁྱེད་ཅག་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱ་བའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་བྱ་ཡི། དེ་ལས་གཞན་དུ་འདི་ཕྱིའི་འཁོར་བའི་བདེ་འབྱོར་མངོན་པར་མཐོ་བའི་གོ་འཕང་དང་། ཞི་བདེ་དོན་གཉེར་ཉན་རང་གི་བྱང་ཆུབ་ཀྱང་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། དེ་བས་ན། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག་ཕན་ཚུན་མ་བུ་ཁྱོ་ཤུག་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས་ཕན་བཏགས་པ་ལ་ཚད་མེད་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནི་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བར་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པ་ལ་བརྩོན་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྨྱོན་པ་ལྟ་བུ་འདི་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་ཚད་མེད་པས་ཀུན་ནས་བསླངས་ཏེ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ་ལམ་ལ་ཚུལ་བཞིན་དུ་བསླབ་པར་བྱ་སྙམ་དུ་རྙོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་བསྐྱེད་འཚལ། དེ་ནས་གསོལ་བ་གདབ་པ་ནི། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཧོ༔ སྟོན་པ་ཐབས་མཁས་ཐུགས་རྗེའི་བདག༔ འཁོར་བའི་མུན་སེལ་འགྲོ་བའི་སྐྱབས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མཐའ་མེད་འཁོར་བའི་མཚོ་ནང་དུ༔ བྱིང་བའི་མགོན་མེད་འགྲོ་བདག་ལ༔ བརྩེ་བར་དགོངས་ནས་དཀྱིལ་འཁོར་འདིར༔ ལྷག་པར་གནས་པར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པ་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བ་རྡོ་རྗེའི་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ལས་སད་འཁྲུལ་པ་ཞིག༔ དུས་གསུམ་གཤེགས་པའི་རྒྱལ་བས་ཀྱང༔ ཐེག་མཆོག་གསང་བའི་ལམ་ཆེན་འདིར༔ མངོན་པར་བྱང་ཆུབ་གོ་འཕང་བརྙེས༔ དཔུང་ཆེན་བདུད་སྡེར་བཅས་པ་ཡང༔ ཐམས་ཅད་འདི་ཡིས་བཅོམ་པ་སྟེ༔ དེ་ཕྱིར་ཁྱོད་ནི་སྐལ་བཟང་དཔལ༔ དཀྱིལ་འཁོར་འདིར་ནི་གཟུང་བར་བྱ༔ ཡང་དག་པ་ཡི་བསླབ་པ་རྣམས༔ ཁྱོད་ཀྱིས་གུས་པས་བཟུང་བར་གྱིས༔ ཞེས་བརྗོད། དེ་ནས་ཐུན་མོང་གི་སྡོམ་བཟུང་སྐྱབས་སེམས་དང་། ཁྱད་པར་གྱི་སྡོམ་པ་བཟུང་བ་རྣམས་ཀྱི་མཚམས་སྦྱོར་འོག་ཏུ་འཇུག་པའི་སྐབས་སུ་འཆད་པ་ལྟར་སྐབས་འདིར་བླང་། དེ་ནས་ལྷར་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་ཞུ་བ་ལས་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་ཁྱོད་རང་གི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རེག་པས་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བྱུང་། ཡང་མས་ནས་ཡར་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ་ཧཱུྃ་ཨཱཿཨོཾ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གསལ་བར་གྱུར། ཡང་དཔྲལ་བ་ནས་མར་རེག་སྟེ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ལྷར་བསྐྱེད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ཤངས༴ ༴དྷཱུ་པེ༴ མར་མེ་སྤྱན༴ ཨཱ་ལོ་ཀེ༴ དྲི་ཆབ་ཐུགས་ཀར༴ གྷནྡྷེ༴ ཞེས་ཉེར་སྤྱོད་བཞི་སྦྱིན་ནོ། །དེ་ནས་དངོས་གྲུབ་ཀྱི་སྐལ་བ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུགས་ལ་རྩེར་མེ་ཏོག་གི་ཅོད་པན་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རང་རྣམས་ཀྱི་ཐལ་མོའི་བར་དུ་བྱིན་པས་རྩེ་མོས་སོ་དྲུད་ནས་ཁ་ཤར་དུ་ཕྱོགས་པས་དམོད་བོར་ལ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ཅིང་སོ་ཤིང་གི་ར་བར་ལྟོས་པ་མེད་པར་དོར་ཅིག །ར་བ་ཁྲུ་གང་གྲུ་བཞི་པ་བ་བྱུང་དང་དྲིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་ཁར་དོར་དུ་བཅུག་ནས། རྩེ་མོ་སྟེང་དུ་བསྟན་ན་མཆོག་འགྲུབ། ཕྱོགས་བཞིར་ཞི་སོགས་ལས་བཞི་འགྲུབ་པས་འབྲིང་། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སྭཱ་ཧཱ༔ ཞེས་སྔགས་ཀྱིས་ཁྱོར་ཆུ་ལན་གསུམ་བླུད་དོ། །གཉིས་པ་རྨི་ལམ་ལ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྐུད་པ་དམར་པོ་སུམ་བལྟབ་ཏུ་བསྒྲིལ་བར་མདུད་པ་གསུམ་བཏབ་སྟེ། སྲད་བུ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས་རྡོ་རྗེའི་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ཅན་དུ་གྱུར། ཧཱུྃ་དང་ལས་སྔགས་ཀྱིས་བསྔགས་ལ་སྐྱེས་པའི་དཔུང་གཡོན་དང་བུད་མེད་ཀྱི་དཔུང་གཡས་སུ་གཉིས་བསྐོར་གྱིས་བཅིང་ལས་བུམ་གྱི་ཆུས་གཏོར་ནས་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ་བོ། །གསུམ་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པ་ལས་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར། དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་གཡས་དང་། ཧཱུྃ་བཟླས་པའི་ཆེ་བ་སྟན་གྱི་དོན་དུ་གཡོན་པར་གཏད། དེ་ནས་མི་ལྡོག་པའི་ཆེད་དུ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེའང་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ཀྱང་ཆོས་གསུང་བ་དང་ཁྱད་པར་ཐེག་ཆེན། དེའི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་གསུང་པ་དཀོན། དེ་ལྟར་དཀོན་པ་ཙམ་དུ་མ་ཟད་དཀོན་ལ་རྙེད་ན་ཕན་ཡོན་ཆེན་པོ་དང་ལྡན་ཏེ། དེའི་རྒྱུ་མཚན་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འདག་པར་འགྱུར་ན། དེར་ཞུགས་ནས་དབང་ཐོབ་ཅིང་རྟོགས་སྒོམ་གྱི་སྦྱོར་བས་ཉམས་སུ་བླངས་ན་སྲིད་པ་ལས་ཐར་བ་ལྟ་ཅི་སྨོས། དེའི་ཕྱིར་ཁྱེད་ཅག་རྣམས་བདེ་ཞིང་མྱུར་བའི་ལམ་འདི་ལ་བརྟེན་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གདོན་མི་ཟ་བའི་ཕྱིར་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པས་དགའ་བ་སྒོམ་པར་མཛད་འཚལ། དེ་ནས་དངོས་གཞི་རྨི་ལམ་བརྟག་ཅིང་ངན་ན་ཟློག་པའི་ཆོ་ག་ནི། བུ་ཀྱེ་ཀུ་ཤའི་སྔས་སྟན་ལ༔ མི་སྨྲ་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་མཚན་མ་གང་མཐོང་བ༔ ནངས་པར་ང་ལ་སྨྲ་བར་གྱིས༔ ཞེས་བཤད་པས། དོ་ནུབ་བླ་མའམ་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱིས་ཉོལ་ལ། དེ་ལས་ཐོ་རེངས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ནངས་པར་ཁོ་བོ་ལ་སྨྲོས་ཤིག །དེས་སྟ་གོན་གྱི་ཆོ་ག་རྣམས་གྲུབ། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་ཞེས་བརྡ་སྤྲད་དེ་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །སློབ་དཔོན་གྱིས་སྔར་གྱི་ལྷ་སྟ་གོན་གྱི་འཕྲོས་སྙན་གསན་དབབ་པ། ཨོཾ༔ བདེ་གཤེགས་ཀུན་འདུས་ཐུགས་རྗེའི་བདག༔ སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ༔ བདག་དང་སློབ་མ་རྣམས་དོན་དུ༔ བཅོམ་ལྡན་ཁྱོད་ལ་མཆོད་བགྱིད་ན༔ དགྱེས་མཛད་བརྩེ་བས་དགོངས་ནས་ནི༔ ནངས་པར་འདིར་ནི་འབྱོན་པར་མཛོད༔ ལེགས་སྦྱར་མཆོད་པས་མཉེས་པ་དག༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ ཅེས་དང་རྗེས་ཆོག་རྣམས་བྱ། དེ་ལ་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ནངས་པར་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའམ་དྲག་པོའི་སྲེག་བླུགས་སོགས་ཟློག་པའི་ཐབས་བྱ་ཞིང་། དེ་ཙམ་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་གོ ༈ །དེ་ནས་དབང་དངོས་གཞི་བསྐུར་བའི་མཚམས་སྦྱོར་ནི། སློབ་བུ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱས་ནས་ཕྱག་དང་ཡོན་འབུལ་ཏེ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཡོལ་བའི་ཕྱིར་གྲལ་དུ་འཁོད། བགེགས་གཏོར་གཏང་། སྲུང་འཁོར་གསལ་བཏབ་ནས། ལས་རྡོར་གྱིས་མེ་ཏོག་བཀྲམ་བསྡུ་བྱ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཞེས་པ་ནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐོར་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ལུང་བྱང་ལས། དག་པའི་ཞིང་གི་སྙིང་པོ་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་ཡེ་ཤེས་ཀྱི༔ རང་སྣང་ལས་གྲུབ་ཆོས་ཀྱི་ཁང་བཟང་ན༔ མངོན་རྫོགས་སྟོན་པ་སངས་རྒྱས་འོད་དཔག་མེད༔ ཁྱབ་བརྡལ་དངོས་མེད་ཆོས་སྐུའི་ངོ་བོར་བཞུགས༔ དེ་ཉིད་སྤྲོས་བྲལ་ངང་ལས་ཐུགས་རྗེའི་རྩལ༔ རང་བྱུང་ཡེ་ཤེས་སྤྲུལ་པའི་ཆོ་འཕྲུལ་ནི༔ ཕྱི་ལྟར་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ནང་ལྟར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གསང་བར་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ གདུལ་བྱའི་མོས་ངོར་རྣམ་པ་ཐ་དད་ཀྱང༔ དོན་ལ་དབྱེར་མེད་ངོ་བོ་གཅིག་ཉིད་དེ༔ ཞེས་དང་། མདོར་ན་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ ཟབ་རྒྱས་ཐེག་པ་ཀུན་གྱི་སྟོན་པ་ཆེ༔ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་གསུངས་པ་ལྟར། དག་པའི་ཞིང་ཁམས་བདེ་བ་ཅན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་ཉིད། ཐུགས་འོད་གསལ་ཆོས་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་འགག་པ་མེད་པའི་ཆོ་འཕྲུལ། ཕྱི་ནང་གསང་བ་གསུམ་གྱི་སྤྲུལ་པའི་རོལ་གར་གང་ལ་གང་འདུལ་གྱི་རྣམ་པར་བསྟན་ནས་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ལས། བྱེ་བྲག་ཏུ་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྡོང་པོ་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། ངོ་མཚར་བའི་མཛད་པ་མཐའ་ཡས་པར་སྟོན་པའི་ཆོ་འཕྲུལ་ཆེན་པོས་རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་མཱ་ར་ཏི་ཀར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཚེ་དབང་རིག་འཛིན་མངོན་དུ་མཛད་དེ་རྒྱུའི་ཐེག་པའི་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ། ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ་རྒྱུའི་ས་བཅུ་པའི་སེམས་དཔའ་དང་དགོངས་པ་མཉམ་པའི་ཚུལ་བསྟན་མོད། དོན་ལ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་བཞུགས་པ་ལགས། དེ་ལྟ་བུའི་འགྲན་ཟླ་དང་བྲལ་བའི་སློབ་དཔོན་ཆེན་པོ་དེ་ཉིད་བྲག་དམར་གཡའ་མ་ལུང་དུ་ལས་ཅན་གྱི་འཁོར་རྗེ་འབངས་རྣམས་ལ་གསང་སྔགས་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ཞིང་བཞུགས་པའི་ཚེ། མངའ་བདག་རྒྱལ་པོར་རྨི་ལམ་དུ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མས་བསྐུལ་བ་ལྟར་སློབ་དཔོན་ལ་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རྗེ་འབངས་བདུན་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ཁྲིད་དང་བཅས་པ་རྫོགས་པར་མཛད་ནས། རྒྱུད་དང་མན་ངག་རྒྱ་ཆེ་བའི་སྐོར་རྣམས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ཐུན་མོང་གི་ཡི་གེ་ལྔ་སྲིན་སྦར་གྱི་བྲག་ལ་སྦ་བར་གདམས་ཤིང་། ཐུན་མོང་མ་ཡིན་པ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དགོངས་ཉམས་སྙིང་པོར་དྲིལ་བའི་མན་ངག་འདི་ཉིད། རྗེ་འབངས་བདུན་གྱིས་ཟླ་བ་གཅིག་ཏུ་ཉམས་སུ་བླངས་པས་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པར་གྱུར། དེའི་ཚེ་སློབ་དཔོན་གྱི་བཀའ་ལས། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་དགོངས་ཉམས་དྲིལ་བ་སྟེ༔ ཟབ་མོའི་ནང་ན་ཡང་ཟབ་ཡིན༔ རྟ་རྨིག་ལྕགས་ཀྱིས་གཏུམས་བྱས་ནས༔ སྟོང་གསུམ་བཙལ་ཀྱང་ག་ལ་རྙེད༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ འོན་ཀྱང་ད་ལྟ་སྤེལ་མི་བྱ༔ མ་འོངས་དོན་ཕྱིར་གཏེར་དུ་སྦོས༔ ཞེས་གདམས་པ་ལྟར་སློབ་དཔོན་གྱི་བཀའ་བཞིན་དབྲི་བསྣན་མེད་པར་བཀའི་སྡུད་པ་པོ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་ཡི་གེར་བཀོད་ནས། ཤ་འུག་སྟག་སྒོའི་ཡུལ་རང་བྱུང་རྡོ་རྗེ་ཕག་མོའི་ལུས་ཀྱི་རྣམ་པ་ཅན་གྱི་འཁོར་ལོ་ལྔ་ཡི་ས་ཚིགས་ལས་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་མི་ཤིགས་པའི་རྒྱས་བཏབ་སྟེ་གཏེར་དུ་སྦ་བར་མཛད་པ་ཕྱིས་པདྨ་བཀའ་ཐང་ལས། ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་པ་ལྟར་ལོ་ཆེན་བཻ་རོ་ཙཱ་ནའི་ཡང་སྲིད་མཚན་བརྗོད་པར་དཀའ་བ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཐེག་ནས་ལོ་བརྒྱད་བརྒྱ་དང་བཅུ་དྲུག་འདས་པ་ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བདུན་པའི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་དགེ་བར། མོན་བོད་ཀྱི་སྐྱེ་བོ་བརྒྱ་ཕྲག་ཙམ་ཚོགས་པའི་ཁྲོམ་གྱི་དབུས་སུ་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་གྲུབ་ནས། དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་རྣམས་བླ་མ་དམ་པའི་ཕྱག་གཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས། འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག་ཁྲུས་དང་བགེགས་བསལ་བ་སོང་ནས། འདིར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་བས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གར་དབང་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ ཅེས་སོགས་གསུམ། དེ་ནས་རིགས་ངེས་པར་བྱ་བའི་སླད་དུ་འདོད་དོན་ལ་སྤྲོ་བ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཁྱོད་དཀྱིལ་འཁོར་སོགས་ཀྱིས་འདྲི། ཞེས་དྲིས་པར་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་བཟང་སོགས། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་གར་དབང་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལན་གསུམ། དེ་ནས་མཁའ་མཉམ་ཀྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བརྒལ་དཀའ་སྲིད་པའི་སོགས་ལན་གསུམ། དེ་ལྟར་སྐྱབས་སུ་འགྲོ་བ་ནི་ཉན་རང་དང་སེམས་བསྐྱེད་པ་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་ཡིན་པས་དེ་གཉིས་ཐུན་མོང་གི་སྡོམ་པ་བཟུང་བ་ཡིན། དེ་ནས་ཚོགས་གསག་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚིག་ཕྱིར་ཐུགས་གཞོལ་བའི་སྒོ་ནས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། སྲས་བཅས་རྒྱལ་བ་སོགས་ལན་གསུམ། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལུས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་གཟུང་བར་བྱ་སྟེ། རིགས་ལྔའི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ ཞེས་སོགས་གསུམ། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་གི་སྙིང་གར་ཀུན་རྫོབ་ཅེས་པ་ནས། གཟུགས་སུ་གནས་པར་མོས་ཏེ་བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏཱ་ཡ་མི༔ཞེས་ལན་གསུམ། དེ་ལྟར་སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ དེ་ནས་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ་ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། ཚད་མེད་པ་བཞིའི་འཇུག་པས་བསྐོར་ཕྱོགས་སུ་དཀྱིལ་འཁོར་གྱི་སྒོ་བཞི་དང་སླར་ཡང་ཤར་སྒོ་ནས་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུྃ་ཛ༔ དེ་ལྟར་དཀྱིལ་འཁོར་གྱི་ཤར་སྒོའི་ནང་གི་ཁྱམས་ལ་གནས་པས་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སོགས། དེ་བཞིན་གཡས་སྐོར་གྱིས་ལྷོའི་ཁྱམས་ལ་གནས་པས་སོགས་ཕྱོགས་བཞི་ནས་སྔར་ལྟར་ཕྱག་བྱ། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དཀྱིལ་འཁོར་སོགས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་གཏུགས་ཏེ། ཐུགས་རྗེ་ཆེན་པོ་དེང་ཁྱོད་ཀྱི༔སོགས་བརྗོད། གསུམ་པ་ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བུམ་པའི་ཆུ་དུང་ཆོས་སུ་བླུགས་པའམ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ སོགས་བརྗོད། དེ་ལྟར་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ་གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་། ཕྱི་མར་དམྱལ་བའི་གནས་སུ་ལྷུང་ནས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་ཁྱོད་ཀྱི་སྤྱན་རས་གཟིགས༔སོགས་བརྗོད། དེ་ལྟར་དམ་ལ་བཞག་པ་བཞིའི་སྒོ་ནས་རྒྱུད་བརྟན་པར་བྱས་ནས། ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ། འོག་མ་གཉིས་པད་ཕྲེང་དང་ཨུཏྤལ་དམར་པོའི་སྡོང་བུ། པད་ཉི་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་གསལ་གཅེར་བུ་སྐྲ་གྲོལ་ཞིང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་གྲི་ཐོད་འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཉིས་ཡབ་ལ་འཁྱུད་པ། བདེ་བ་ཆེན་པོ་མཆོག་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཡབ་ཀྱི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་ཞེས་པ་ནས། བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་ཀྱིས་བདུག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱི༔སོགས་དྲག་ཏུ་བཟླ་ཞིང་དབབ། གལ་ཏེ་དེས་མ་ཕེབ་ན་སྤོགས་པའི་ཆོ་ག་ནི། ཁྱོད་རང་རྣམས་ལུས་གནད་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དྲང་པོར་སྲོངས་ལ་དམིགས་པ་འདི་བཞིན་དུ་མཛོད། སྣ་རྩེར་གཡུང་དྲུང་དམར་པོ་མེ་སྟག་ལྟ་བུའི་འོད་ཟེར་འཕྲོ་བ་གསལ་ཐོབ། དེ་ནས་རླུང་ཕྱིར་བུས་པའི་རྐྱེན་གྱིས་སྣ་རྩེའི་གཡུང་དྲུང་དེ་གཡོན་དུ་ཇེ་མྱུར་ཇེ་མྱུར་གྱིས་འཁོར། རླུང་ཕྱིར་བཟུང་བས་གཡོ་མེད་དུ་འཆིང་བའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད། གར་དབང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྣམ་པ་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་རང་རང་གི་སྤྱི་བོར་སྤྱན་དྲངས། རྗེས་ཆགས་ཀྱི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བབས་པ་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། རྩ་སྔགས་ལ་ཕེཾ་ཕེཾ་ཧྲཱི༔ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་སྤོས་རོལ་དང་བཅས་པས་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། པྲ་ཏི་བཛྲ་ཧོ༔ ཞེས་དོར་དུ་བཅུག་པས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ལ། མེ་ཏོག་གི་ཕྲེང་བ་དེ་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་མགོ་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྷྲྀཧྞ་སོགས་ཀྱིས་མེ་ཏོག་མགོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཨོཾ༔ སྤྱན་རས་གཟིགས་དབང་སོགས། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔སོགས་ནས། ཁྱོད་འགྱུར་རོ༔ཞེས་པས་བལྟ་བར་བསྐུལ་བ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་ཅིང་སྒྱུ་མའི་དཔེ་བརྒྱད་མཚོན་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། ཉེས་སྐྱོན་གྱིས་མ་གོས་པའི་ཆོས་ཉིད་ཀྱི་བརྡར་པདྨའི་ཕྲེང་བ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་བརྡར་ཉི་གདན། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། ཆོས་ཉིད་ཀུན་ཏུ་མི་མཉམ་པ་མེད་པའི་བརྡར་གྲུ་བཞི་པ། ཆོས་དབྱིངས་ཡེ་ཤེས་ཀྱང་པདྨའི་རིགས་སུ་སྣང་བའི་བརྡར་ནང་གི་གཞི་ཐམས་ཅད་དམར་པོ། ཡེ་ཤེས་བཞིའི་བརྡར་སྒོ་ཁང་སོགས་ཕྱོགས་མདོག །སྒོ་བཞི་ནི་ཚད་མེད་པ་བཞི། ཐེམ་སྐས་བརྒྱད་ནི་ལམ་སྟེགས་ཀྱི་ཐེག་པ་བརྒྱད། རྟ་བབས་བཞི་ནི་བསྡུ་བའི་དངོས་པོ་བཞི། འཁོར་ལོ་དང་རི་དྭགས་སོགས་ནི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ། འདོད་སྣམ་དུམ་བུ་བཞི་ནི་དྲན་པ་ཉེར་བཞག་བཞི། རྟ་བབས་ཀྱི་ཀ་བ་བཞི་ནི་ཡང་དག་སྤོང་བ་བཞི། སྒོ་ཁང་བཞི་ནི་རྫུ་འཕྲུལ་རྐང་པ་བཞི། རྩིག་པ་ལྔ་ནི་དབང་པོ་ལྔ། ཕ་གུ་བྲེ་ཕུལ་ཤར་བུ་མདའ་ཡབ་ཕྱུར་བུ་ལྔ་ནི་སྟོབས་ལྔ། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད། མེ་ཏོག་གི་ཕྲེང་བ། དར་དཔྱང་། མེ་ལོང་། ཟླ་གཟུགས། རྔ་ཡབ་རྣམས་ནི་བྱང་ཆུབ་ཡན་ལག་བདུན། ཀ་བ་བརྒྱད་ཚན་རྣམས་ནི་འཕགས་ལམ་བརྒྱད། ཀ་ཞུ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད། གདུང་བཞི་ནི་མི་འཇིགས་པ་བཞི། ཁྱམས་ཉེར་བརྒྱད་སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད། དྲལ་ཐོག་བསམ་གྱིས་མི་ཁྱབ་པའི་ཡོན་ཏན། ཕྱུར་བུའི་ཀ་བ་བཞི་སོ་སོ་ཡང་དག་རིག་པ་བཞི། རྩེ་མོའི་ཏོག་འབྲས་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ། ཆོས་ཉིད་རྣམ་པར་དག་པའི་བླ་བྲེས། འགྲོ་བ་སྐྱོབ་པའི་གདུགས། སྙིང་རྗེ་ཆེན་པོའི་བ་དན། བདུད་ལས་རྒྱལ་བའི་རྒྱལ་མཚན། སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོག་པའི་དྲིལ་བུ་སོགས་མ་འདྲེས་ཤིང་མི་སྒྲིབ་པར་གསལ་བའི་ནང་དུ་སྙིང་པོའི་ཕོ་བྲང་གི་ཆོས་འབྱུང་འོག་མ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཤེས་རབ་སྟོང་པ་ཉིད། གོང་མ་དེའི་རང་གདངས་ཐབས་སྙིང་རྗེ་ཆེན་པོ། དེ་གཉིས་ཀ་ལ་གདེངས་ཀ་དང་རྩ་བ་སྟེ་ཟུར་བཞི་བཞི་ནི་རྣམ་ཐར་སྒོ་བཞི་དང་སྙིང་རྗེ་རྣམ་པ་བཞི། ཆོས་འབྱུང་གཉིས་པདྨའི་ཕྲེང་བས་གཅིག་ཏུ་བསྐོར་བ་ནི་ཟུང་འཇུག་གི་ཡེ་ཤེས། ལྟེ་བར་འདོད་ཆགས་ཆེན་པོའི་དམ་ཚིག་ལས་བྱུང་བའི་བརྡར་པདྨ་འདབ་བཞིའི་སྙིང་པོ་དམར་པོ་དང་། ལྷ་གནས་ཐམས་ཅད་ཀྱི་གནས་སུ་གདན་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། དེའི་སྟེང་དུ་གཙོ་བོ་ལ་ཐབས་ཤེས་མཚོན་པའི་ཉི་ཟླ་དང་། འཁོར་རྣམས་ལ་ཤེས་རབ་འོད་གསལ་བའི་བརྡར་ཉི་མའི་གདན་རེ་རེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། དཀྱིལ་འཁོར་གྱི་དབུས་སུ་གཏི་མུག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་བརྙན་དུ་བཞེངས་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཆོས་དབྱིངས་ཡེ་ཤེས་ཉིད་ཀྱང་སོ་སོར་རྟོག་པའི་བྱེ་བྲག་ཏུ་སྣང་ཞིང་བདེ་བ་ཆེན་པོས་རྗེས་སུ་ཆགས་པའི་བརྡར་སྐུ་མདོག་དམར་པོ། སྟོང་ཉིད་ཡེ་ཤེས་མཚོན་པའི་ཞལ་གཅིག །ཡེ་ཤེས་བཞི་མཚོན་པའི་ཕྱག་བཞི། ཟུང་འཇུག་གི་བདེ་ཆེན་མཚོན་པའི་ཕྱག་དང་པོ་གཉིས་ཐལ་སྦྱར་གྱི་བར་དུ་རྡོ་རྗེ་བསྡམས་པ། འོག་མ་གཉིས་ཐུགས་རྗེས་འགྲོ་བ་འདྲེན་པའི་བརྡར་པད་ཕྲེང་དང་། འཁོར་བའི་ཆགས་པས་མ་གོས་པའི་བརྡར་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་དར་གྱི་རྒྱན་དང་། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རོལ་པར་རྫོགས་པའི་བརྡར་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེའི་པང་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྣང་བརྙན་གྱི་ངོ་བོར་བཞེངས་པ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་གསལ་ཕྱག་བཞིའི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་ཐུགས་ཀར་ཞེ་སྡང་རྣམ་པར་དག་པའི་སྣང་བརྙན་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པད་ཕྲེང་དང་པདྨ། སྤྱི་བོར་སེམས་ཉིད་སྐྱེ་འགག་མེད་པའི་ཟུང་འཇུག་གི་སྣང་ཆ་རིགས་བདག་འོད་དཔག་མེད་དམར་པོ་སྤྲུལ་སྐུའི་ཆས་ཅན་མཉམ་གཞག་ཚེ་བུམ། པདྨའི་འདབ་མ་བཞི་ལ་ཕུང་པོ་བཞི་རྣམ་པར་དག་པ་ཡེ་ཤེས་བཞིའི་བདག་ཉིད་མཁའ་འགྲོ་རིགས་བཞི། འབྱུང་བཞི་དག་པ་ཁམས་བཞིའི་དྭངས་མའི་ངོ་བོ་མཁའ་འགྲོ་མ་བཞི་དང་མཉམ་པར་སྦྱོར་བ། ཐམས་ཅད་རིགས་ཀྱི་ཁ་དོག་ཅན། ཡབ་རྣམས་རང་རྟགས་དང་ཐོད་ཁྲག །ཡུམ་རྣམས་གྲི་གུག་དང་ཐོད་ཁྲག་བསྣམས་པ། སྒོ་བཞིར་བསྡུ་བའི་དངོས་པོ་བཞི་དང་ཚད་མེད་བཞིས་འགྲོ་བའི་དོན་མཛད་པའི་བརྡར། ཁྭ་གདོང་མ། ཕག་གདོང་མ། ཁྱི་གདོང་མ། འུག་གདོང་མ་སྟེ་ཕྲ་མེན་བཞི་ལས་བཞིའི་མདོག་ཅན་གཡས་རྣམས་ལྕགས་ཀྱུ་སོགས་བཞི་དང་། གཡོན་ཐམས་ཅད་ཁ་ཊྭཱཾ་ག་འཛིན་པ། ཐམས་ཅད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད། ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་བདེ་གཤེགས་ཀུན་འདུས་ཞེས་པ་ནས། མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། གསོལ་བ་གདབ་པའི་རིམ་པ་སོང་ནས། དངོས་གཞི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་མངོན་དུ་སྐྱེད་ནུས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། གང་ཞིག་སྔགས་ཀྱི་ལམ་ཆེན་པོར། །སྨིན་པར་བྱེད་པ་དབང་བསྐུར་ཏེ། །ཞེས་གསུངས། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པས་ན་དབང་ངོ་། །དེ་ཡང་སྤྱིར་དབང་གི་སྦྱང་གཞི་ནི། ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའོ། །སྦྱང་བྱ་ནི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་ནི་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་དབང་ཐོབ་པ་སྟེ་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། སྤྲོས་བཅས་བུམ་པའི་དབང་དང་། སྤྲོས་མེད་མཆོག་དབང་གསུམ་ལས་འདིར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་ལགས། དེ་ལའང་ཕན་པ་དང་། ནུས་པའི་དབང་གཉིས་ལས། དང་པོ་དད་པ་ཅན་རྗེས་སུ་འཛིན་པ་ཕན་དབང་ངམ་རིག་པའི་དབང་ལྔ་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། ཞེས་པ་ནས། སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་ཞེས་པ་ནས། བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་སོགས་། ཕྱོགས་བཅུའི་སངས་རྒྱས་ཞེས་པ་ནས། ངོ་བོར་གྱུར་ནས་ཁྱེད་རང་ལ་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། དེ་ལྟར་བུམ་པའི་ཆུས་ཞེས་པ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེས་དབུ་རྒྱན་ནས་མིང་དབང་གི་བར་བཞི་ཀ་ལ་འགྲེ་ཤེས་པར་བྱ་ཞིང་། མིང་དབང་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་པའི་རྗེས་སུ། དེ་ལྟར་དབང་ལྔ་པོ་ཐོབ་པས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ནས། ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པས་རིག་པའི་དབང་ངམ། རིགས་ལྔ་སོ་སོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཙམ་ལས་ད་ལྟ་ཉིད་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་ཏུ་མེད་པས་ན་ཕན་པའི་དབང་ཞེས་གྲགས་པ་ཡིན་ནོ། །དེ་ནས་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནུས་པའི་དབང་ལ་གཉིས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་དང་། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་དབང་སྦྱིན་པ་དང་གཉིས་ཀྱི། དང་པོ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སླད་དུ་སྔོན་འགྲོ་དབང་སྟེགས་ལ་བཞག་པ་ནི། ཁྱེད་རང་རྡོ་རྗེ་སློབ་དཔོན་མཆོག་ཏུ་ཞེས་པ་ནས། ཡུམ་དང་བཅས་པའི་སྐུར་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་དངོས་གཞི་དམ་ཚིག་གསུམ་སྦྱིན་པ་ནི། གཙོ་བོ་ཡབ་ཀྱི་ངོ་བོ་རྡོ་རྗེ་གཏད་པ་གསོར་ཞིང་སྙིང་གར་ཟུངས། ཡུམ་གྱི་ངོ་བོ་དྲིལ་བུ་གཏད་པ་དཀྲོལ་ཞིང་དཀུར་བརྟེན། སྙིང་གར་རྡོར་དྲིལ་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་ཁྱོད་རང་རིགས་འདུས་གར་གྱི་དབང་ཕྱུག་ཏུ་གསལ་བའི་པང་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་གསང་ཡེ་ལོ་བཅུ་དྲུག་ལོན་པ་ལྟ་བུས་ཡང་དག་པར་འཁྱུད་པས་ཐུགས་རྒྱུད་བདེ་བས་ཡོངས་སུ་ཁྱབ་པའི་མོས་པ་མཛོད། ཧཱུྃ༔ རྡོ་རྗེ་ཆེ་དང་དྲིལ་བུ་ཆེ༔ ཞེས་སོགས། དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་སྦྱིན་པས་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ནོ། །དེ་ཉིད་ལ་རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་པུསྟི་ཕྱག་ཤིང་རྣམས་སྦྱིན་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་འཕྲིན་གྱི་གནང་བ་སྦྱིན་པར་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྐལ་ལྡན་ཁྱོད་ཀྱིས་སོགས། དེས་ནི་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། །དེ་ནས་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱི་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་གྱི་བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨཱོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩཱ་མི། ཞེས་བུམ་པའི་ཆུས་ཞེས་པ་ནས། དབང་ལྷ་ཐམས་ཅད་ཀྱང་ཁྱེད་རང་ལ་ཐིམ། དེ་ཉིད་ལ་དཀྱིལ་འཁོར་གྱི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་སོགས། ཞེས་མེ་ཏོག་འཐོར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་གྱུར་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར། དེ་ལྟར་ཐོབ་པས་ནི་རིགས་དྲུག་དང་འབྲེལ་བའི་ཕྱི་དཀྱིལ་ཉན་སྒོམ་འཆད་པ་དང་ལས་ཚོགས་སྒྲུབ་པ་སོགས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་སླད་དུ་སྐུ་གསུང་ཐུགས་དབང་སྦྱིན་པ་ལས། དང་པོ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་སྐུའི་དབང་ནི། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ཐུགས་ཀར་ཞེས་པ་ནས། སོ་སོའི་གནས་སུ་བཞུགས་པའི་མོས་པ་མཛོད། ཧྲཱི༔ ཁྱབ་བདག་ཡེ་ཤེས་སོགས་ཀྱིས་སོ་སོའི་ལྷ་ཙཀ་སྤྱི་བོར་བཞག །འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཞེས་པ་ནས། འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ངག་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་གསུང་གི་དབང་ནི། སྙིང་གའི་ལྷ་ཚོགས་རྣམས་ཞེས་པ་ནས། ཡི་གེའི་འཁོར་ལོ་ལ་ཐིམ་པའི་མོས་པ་མཛོད། ཨོཾ༔ ཐུགས་རྗེ་ཆེན་པོ་སོགས་ཀྱིས་སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ཅིང་། དེ་ནས་སྔགས་ཕྲེང་སྙིང་གའི་འཁོར་ལོ་ལ་ཐིམ་པའི་དམིགས་པ་དེ་དང་སྦྱར་ཏེ་འདི་རྣམས་ཀྱི་རྗེས་ཟློས་མཛོད། གཙོ་འཁོར་གྱི་སྔགས་རྣམས་བཟླ། འདི་ལྟར་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་ཞེས་པ་ནས། འཁོར་ལོར་དག་པ་ཡིན་ནོ། །དེ་ནས་ཡིད་ཐ་མལ་གྱི་ཞེན་རྟོག་སྦྱོང་བ་ཐུགས་ཀྱི་དབང་ནི། ལྷ་སྔགས་ཀྱི་སྣང་ཆ་ཞེས་པ་ནས། སྤྲོས་པ་དང་བྲལ་བའི་ངང་ལ་མ་བཅོས་པར་ཞོག །དེའི་དོན་མེ་ལོང་གི་གཟུགས་བརྙན་སྣང་ལ་རང་བཞིན་མ་གྲུབ་པ་འདིས་མཚོན་པ་ཡིན་ཏེ། ཧཱུྃ༔ ཆོས་ཀུན་མེ་ལོང་སོགས་ནས། འཁོར་འདས་ཀྱི་རྟོག་ཚོགས་ཞེས་པ་ནས། ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་འབྲང་དང་བཅས་པ་ཐོབ་པས་ནི་རང་གཞན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་པའི་ནུས་པ་བཞག་པས་ན་ནུས་པའི་དབང་ཞེས་གྲགས་ཤིང་། གལ་ཏེ་སློབ་མ་ཚེ་འདི་ལ་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པར་མི་འགྱུར་བ་དག་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་དང། དེའི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་དབང་བསྐུར་དུ་མི་རུང་བའི་རིགས་ཡིན་ནའང་། བདག་དོན་ནུས་པའི་བརྩོན་འགྲུས་དང་ལྡན་པས་ནང་ཟབ་མོའི་བསྐྱེད་རིམ་བསྒོམ་པར་མོས་པ་དག་ལ་ནི་རིག་པའི་དབང་ལྔའི་མཐར་སྐུ་གསུང་ཐུགས་དབང་ཙམ་བཏགས་ཏེ་བསྐུར་བས་རྡོ་རྗེ་སློབ་མའི་དབང་ཚང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ཅེས་པ་ནས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གལ་ཏེ་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་བརྟུལ་ཞུགས་ཅན་ལ། མཆོག་དབང་གསུམ་བསྐུར་བར་འདོད་ན། སྐབས་འདི་ཉིད་ཀྱི་དཀྱུས་སུའམ་དུས་ཚིགས་བཅད་ནས་གནས་སྐབས་གཞན་དུ་བསྐུར་ཀྱང་རུང་ངོ་། །གང་ལྟར་ཡང་མཇུག་ཏུ། དེ་ལྟར་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་བསྒྲུབས་ཟིན་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོ་བ་བྱའོ། །མན་ངག༵་་སྙིང་པོའི་མཛེས་རྒྱན་བཞིན། །དབ༵ང་བསྐུར་ཆོ་གའི་མཚམས་སྦྱོར་དུ། །སྤེལ་ལོ་ཆོ༵ས་འདིར་འཇུག་འདོད་ཀྱི། །སྐལ་ལྡན་ཀུན་དགའི་དཔ༵ལ་དུ་ཤོག །ཅེས་པ་འདིའང་རྩ་བའི་བླ་མ་དམ་པ་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་ཧོར་བླ་མ་དགེ་སློང་བསྟན་འཛིན་འགྱུར་མེད་ཀྱིས་བསྐུལ་ངོར་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་སྦྱར་བའི་ཡི་གེ་པ་ཉེ་བར་གནས་པ་དགེ་སློང་ཨཱ་ནནྟ་མ་ཏིས་བགྱིས་པ་སྟེ། རྩ་བའི་དབང་ཚིག་དང། ལྷན་ཐབས་ཀྱི་མཚམས་སྦྱོར་ཧོར་ཁོངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འབྲི་བར་མི་བྱའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།

རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང་ (Volume 4, Text 19)

རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་ས། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་བདུད་རྩི་སྨན་མཆོད་འབུལ་བ་ནི། བཀའ་གཏེར་གྱི་གཞུང་སོ་སོའི་སྨན་མཆོད་ཀྱི་རྗེས་སུ་འདི་ལྟར་སྦྱར་རོ། །ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་རིགས་ཅན་དྲ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །ཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བེ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་དྲ། ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལུང་རྟོགས་དམ་པའི་ཆོས་ཀྱི་ངོ་བོ་ཉིད། །ཕྱོགས་དུས་རྒྱལ་དང་དེ་སྲས་སློབ་མར་བཅས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྲིན་ཆེན་པོར། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །འཁོར་འདས་དབྱེར་མེད་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ །མཐེབ་སྲིན་ཉི་ཟླའི་ག་འུ་སྦྱར་བ་ཡིས༔ ལྷ་ཚོགས་དངོས་གྲུབ་བདུད་རྩིའི་འབྲུ་གསུམ་པོ༔ བླངས་ཏེ་རྡོ་རྗེ་ལྕེ་ཡི་ཧཱུྃ་ལས་བརྒྱུད༔ ལུས་ཀུན་གང་བས་ཡེ་ཤེས་རྒྱས་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་རེག་པའི་མཐར་རྡོ་རྗེའི་ལྕེས་མྱོང་བས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང་བརྟན་པར་བསམ་མོ། །ཞེས་པའང་བཀའ་གཏེར་གྱི་ཕྲིན་ལས་སྤྱི་ལ་སྦྱར་ཆོག་པའི་དབང་དུ་བྱས་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སིདྡྷི་པུཥྚིཾ་བྷ་བ་ཏུ།། །།

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་སྐོར་རྣམས་ (Volume 37, Text 19)

༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་སྐོར་རྣམས་བཞུགས་སོ།།རྒྱ་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེ་ནས་བཏོན་པའོ། ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷཱ་ནཾ་ནཱ་མ། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཀཱ་ལ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དབེན་པའི་གནས་སུ་བཅའ་གཞི་བྱས་ཏེ།་་་རིམ་གྱིས་པ་དང་། ཅིག་ཆར་པའི་གྲོགས་མན་ངག་ལས་ཤེས་སོ། །མདུན་དུ་ཧཱུྃ་ཞུ་བ་ལས་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱིས་རྡོ་རྗེ་གྲི་གུག་ཕྱར་ཐབས་སུ་ཐོགས་པ། གཡོན་གྱིས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་གཎྜི་བསྣམས་པའོ། །ཞལ་བགྲད་ཅིང་མཆེ་བ་རབ་ཏུ་གཙིགས་པ། སྤྱན་གསུམ་པ་ཁྲོ་གཉེར་དང་སྨིན་མ་ཀུན་གློག་ལྟར་འཁྱུག་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་ཞིང་ཐུབ་པ་མི་བསྐྱོད་པས་དབུ་བརྒྱན་པ། ཐོད་པ་སྐམ་པོའི་དབུ་རྒྱན་དང་། མི་མགོ་རློན་པས་དོ་ཤལ་བྱས་པ། ཀླུ་སྦྲུལ་རིགས་ལྔ་དང་། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། བསྐལ་པའི་མེ་དཔུང་གི་ཀློང་ན་ཤིན་ཏུ་ཁྲོ་བའི་ང་རོ་དང་ལྡན་པས་ཉི་མའི་དལ་ལ་དཔའ་བོའི་སྟངས་སྟབས་ཀྱིས་བཞུགས་པར་བསྒོམ་མོ། །དེ་ནས་སྤྱན་དྲང་བ་ནི། ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་ས་མ་ཡ་ཛཿ ཞེས་བརྗོད་དེ། རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱིས་མགོན་པོ་སྤྱན་དྲངས་ཤིང་། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་དགུག་གཞུག་བྱའོ། །དེ་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ་གྲྀཧྞ་ཨི་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ་ལ། ཐལ་མོ་ཁ་ཕྱེ་མཐེ་བོང་གཉིས་ནང་དུ་གཤིབས་པ་ནི་དམ་ཚིག་གི་ཐོད་པའི་ཕྱག་རྒྱ་བྱས་ཏེ། དེ་བསྟན་ཅིང་། ཨོཾ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་མ་ནུ་སྨ་ར་ཡེ། ས་མ་ཡ་མ་ཏི་ཀྲ་མ་ཡེ། ས་མ་ཡ་རཀྵནྟུ། ཅེས་པ་ལན་གསུམ་གྱིས་དམ་ལ་བཞག་གོ །དེ་ནས། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་པུཥྤེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་དྷཱུ་པེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་དཱི་པཾ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་གནྡྷཾ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་ནཻ་བིདྱ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཕུལ་ཏེ། དེ་ནས་གཏོར་མ་དབུལ་བ་ནི། ཇི་ལྟར་འབྱོར་པའི་གཏོར་མ་བཤམ་སྟེ། བྱིན་གྱིས་བརླབས་ཏེ་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་གཏོར་མ་དབུལ་ནས། ལྗགས་ཀྱི་འོད་ཟེར་གྱིས་དྲངས་ཤིང་གསོལ་ཏེ་ཚིམས་ཤིང་དགྱེས་པར་བསམ་མོ། །དེ་ནས་མདུན་ན་གནས་པའི་ནག་པོ་ཆེན་པོ་ལ་བཀའ་བསྒོ་བའི་ཚུལ་གྱིས་སྔགས་བཟླ་བར་བྱའོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན། སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རྒྱུན་མ་ཆད་པར་བཟླས་པར་བྱའོ། །དེ་ནས་ཐུན་གཏོང་བར་འདོད་པ་དེའི་ཚེ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧི་གཙྪ། ཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་ཧཱུྃ་གི་རྣམ་པར་བསྒྱུར་ཏེ་རང་གི་ཐུགས་ཀར་བསྡུས་ཏེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བར་བྱས་ཏེ། ཡང་ཐུན་ལ་འཇུག་པའི་ཚེ། གོང་བཞིན་དུ་བྱས་ཏེ་ཐུན་བཞི་ལ་སོགས་པར་ཉམས་སུ་བླངས་ན་ཟླ་བ་དྲུག་ན་ཆོས་སྐྱོང་གི་ཞལ་མཐོང་བར་འགྱུར་རོ། །འདིའི་ཕན་ཡོན་ནི། ཚེ་འདིར་དགོས་པ་འགྲུབ། ཕྱི་མ་ལམ་སྣ་འདྲེན། གནོད་བྱེད་དགྲ་བགེགས་འདུལ། གསོལ་བ་ཅི་བཏབ་འགྲུབ་པར་འགྱུར་རོ། །འདི་ལ་དམ་ཚིག་རྟག་ཏུ་ཆོས་དང་མཐུན་ཞིང་། ཕྲིན་ལས་བསྟན་པ་ལ་དགོངས་པ་གལ་ཆེའོ། །དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཆིམས་ཕུར་མཛད་པའོ། །སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག །པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེ་ནས་བཏོན་པའོ།། ༈ །།མགོན་པོའི་གཏོར་ཆེན་གྱི་ཡི་གེ་བཞུགས་སོ། །དཔལ་རྟ་མཆོག་ལ་ཕྱག་འཚལ་ལོ། །མགོན་པོ་ནག་པོའི་མཆོད་གཏོར་བྱེད་པར་འདོད་པས། རབ་བྲེ་བཅོ་ལྔ། འབྲིང་ཁལ་ཕྱེད། ཐ་མ་བྲེ་ལྔ་ལས་བྱས་པའི་གཏོར་མ་བཤམས་ཏེ། འབྲུ་ནག་གི་ཆང་དང་། ཁུར་བ་དང་། སྨན་དང་། འབྲུ་དང་། མེ་ཏོག་དང་། ཤིང་ཏོག་དང་། ལ་དུ་དང་། ལ་ཕུག་དང་། སྒོག་ཙོང་དང་། དཀར་གསུམ་དང་། མངར་གསུམ་དང་། ཤ་དང་ཆང་ལ་སོགས་པའི་ཁ་ཟས་སྣ་ཚོགས་བླུགས་ཏེ། དལ་གྱི་ཕྱོགས་བཞིར་ཕྲིན་ལས་རྣམ་བཞིའི་མཎྜལ་བྱས་པའི་བྱང་ངོས་གྲུ་གསུམ་གྱི་སྟེང་དུ་བཤམ་པར་བྱའོ། །དེ་ནས་རང་གི་ཡི་དམ་གྱི་ལྷའི་བསྒོམ་བཟླས་ཚར་བ་དང་། མདུན་དུ་དམ་ཚིག་གི་མགོན་པོ་བསྐྱེད་དེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཞུག །དེ་ལ་མཆོད་ཡོན་ཕུལ་ཏེ་དམ་ལ་བཞག །དེ་ནས་སྔོན་དུ་མཆོད་པ་ལྔ་ཕུལ་ཏེ། གཏོར་ཆེན་ཀྱང་བྱིན་གྱིས་བརླབས་ལ་དབུལ་བར་བྱའོ། །དེ་ནས་བསྟོད་པ་དང་། བསྐུལ་ཚིག་བཏང་སྟེ། དེ་ནས་དགྲ་བགེགས་ཀྱི་ལིང་ག་བསྟབ་སྟེ། སྔགས་རིང་ལན་བདུན་ཙམ་བརྗོད་པས། གང་ལ་བྱ་བའི་ཤ་ཁྲག་ནག་པོ་ཆེན་པོའི་ཞལ་དུ་སིབ་སིབ་ཕུལ་ཞིང་། ཏིལ་ཙམ་ཡང་མ་ལུས་པར་གསོལ་བར་བསམ་མོ། །དེ་ནས་མཆོད་བསྟོད་བྱ་སྟེ། ཤ་ལ་སོགས་པའི་ཁ་ཟས་སྣ་ཚོགས་གཡས་སུ་བཞག་ལ། གཏོར་ཆེན་གྱི་ནང་དུ་སྦྲེང་སྟེ་འབུལ་ཞིང་འདི་སྐད་དོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམ་པའི་སྐུ །ཕྱག་གཡས་གྲི་གུག་གཡོན་ན་ཐོད་ཁྲག་འཛིན། །སྤྱན་གསུམ་ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་དབུ་ལ་བཅིངས། །མི་མགོའི་དོ་ཤལ་རིན་ཆེན་སྦྲུལ་གྱིས་བརྒྱན། །དཔའ་བོའི་སྟག་ཤམ་ཞབས་གཉིས་བརྐྱང་བསྐུམ་ཚུལ། །རྒྱལ་བའི་བཀའ་སྡོད་ནག་པོ་ཆེ་ལ་འདུད། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཡོངས་ཀྱི་དེད་དཔོན་དཔའ་བོ་ཆེ། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །མ་མོ་ཀུན་གྱི་གཙོ་མོ་དབང་ཕྱུག་ཆེ། །དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་ལོ། །བཀའ་དང་བསྟན་པ་སྲུང་མཛད་དམ་ཚིག་ཆེ། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལོག་འདྲེན་དགྲ་བགེགས་འདུལ་བའི་མཐུ་བོ་ཆེ། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་བསྟོད་དོ། །དེ་ནས་མཆོད་པ་ནི། ཧཱུྃ། མགོན་པོའི་མཚན་ནི་དཔལ་ལྡན་ནག་པོ་ཆེ། །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །གདུག་པ་ཚར་གཅོད་དྲག་ཤུལ་མཐུ་རྩལ་ལྡན། །བདུད་འདུལ་དཔའ་བོ་བདག་ལ་དགོངས་སུ་གསོལ། །འདོད་ཡོན་རྒྱ་ཆེན་གཏོར་མའི་རྒྱ་མཚོ་དང་། །ལོངས་སྤྱོད་སྣ་ཚོགས་ཞལ་ཟས་མཆོད་པ་འདི། །དཔལ་ལྡན་ནག་པོ་ཆེན་པོའི་ཞལ་དུ་འབུལ། །དགྱེས་པའི་ཚུལ་གྱིས་མཆོད་པ་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་གཉན་པོ་ཉེར་དགོངས་ཏེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། །དེ་ནས་གཏོར་ཆེན་དུ་ཆང་ཕུད་བྲན་ཏེ་དབུལ་ཞིང་། ཧོ། དཔལ་ལྡན་མགོན་པོ་ནག་པོ། མ་ཧཱ་ཀཱ་ལ། ལེགས་ལྡན་ནག་པོ། ཚོགས་ཀྱི་བདག་པོ། ལྷ་ཆེན་དཔལ་འབར། འདོད་པ་ཁམས་ཀྱི་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་ཀུན་གྱི་དབང་ཕྱུག །མནའ་ཟན་ཀུན་གྱི་གཤེད་མ། དགྲ་བགེགས་རྣམས་ཀྱི་བདུད་པོ། བསྟན་པ་སྲུང་བའི་མངའ་བདག །དུར་ཁྲོད་གསང་བའི་ཡུམ་བཞི། འཁོར་གྱི་མ་མོ་མཁའ་འགྲོ །དཔལ་མགོན་བདུན་ཅུ་རྩ་བརྒྱད། བདུད་འདུལ་གྱི་དམག་དཔོན་ཉིས་ཁྲི་ཆིག་སྟོང་། ལྷ་དམག་བྱེ་བ་དུང་ཕྱུར་དང་། དཔལ་མགོན་པོ་ནག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གསོལ་ལོ། །འདྲེན་ནོ། །མཆོད་པ་དམ་པ་བཞེས་སུ་གསོལ། དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ནད་དང་གནོད་པ་ཞི་བར་མཛོད། ཚེ་དང་བསོད་ནམས་སྤེལ་དུ་གསོལ། དྲེགས་པ་འགྲོ་བ་དབང་དུ་སྡུས། བར་ཆད་དགྲ་བགེགས་རྡུལ་དུ་རློགས། རྒྱགས་ཆས་ཀྱི་མ་མཛོད། བློ་བརླུག་གི་ཕ་མཛོད། རྒྱབ་ཀྱི་སློག་པ་མཛོད། མདུན་གྱི་འཁར་བ་མཛོད། ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། ཡོ་ན་སྲོངས། འགྱེལ་ན་སློངས། ཆད་ན་མཐུད། བརྗེད་ན་སྐུལ། མགོ་གང་ཡར་ལ་བསྟོད། དཀྱུས་གང་མར་ལ་སྲིངས། ལེགས་པ་བརྒྱ་དང་སྤྲོད། ཉེས་པ་སྟོང་དང་བསྣོལ། བསམ་པ་རྒྱ་མཚོ་སྒྲུབས། རེ་བ་རྒྱ་མཚོ་སྐོངས། མཐུན་པའི་དངོས་གྲུབ་སྩོལ། མི་མཐུན་ཕྱོགས་རྣམས་ཟློག །དགྲ་དཔུང་ཐམས་ཅད་ཆོམས། བགེགས་དཔུང་ཐམས་ཅད་ཤིགས། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སྤོ་ལ་དར་ཕྱོར། ཁྲོམ་དུ་དུང་བུས། གྲགས་པ་འཇིག་རྟེན་གྱི་ཁམས་སུ་སྒྲོགས། དམ་ཆོས་མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ལ་ཕྱོར་ཅིག །ཅེས་པས་གསོལ་ཀ་དང་བཅོལ་བསྐུལ་བྱའོ། །དེ་ལྟར་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། ཡང་ཤར་དུ་ལན་གཅིག་བྱ་བ་སྟེ། དེ་ལྟར་ལན་ལྔ་ཚར་པ་དང་། གཏང་བར་བྱའོ། །དེ་ལྟར་ན་ཆག་ཆེ། ཉམ་ང་། རྨི་ལམ་ངན། མཚན་མ་ངན། མི་ཁ། རིམས་ཁ། དགྲ་དང་ཆོམ་རྐུན། རྦོད་གཏོང་། བྱད་སྟེམས། སྦྱོར་བ་རྩུབ་མོ་དང་། ཉེ་བར་འཚེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་འགྱུར་ཏེ། འདིས་ནི་མི་བཟློག་པ་གང་ཡང་མེད་དོ། །འདིས་ནི་ཆོས་སྐྱོང་གིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར། འཇིག་རྟེན་དབང་ཕྱུག་གི་དལ་སྐྱོང་བར་ཞལ་གྱིས་བཞེས་པ་ཡིན་པས། གཏོར་ཆེན་འདི་དལ་ཞལ་ཕྱེ་བའི་དུས་མ་ཡིན་པའི། གར་ཐོད་ཐོད་དུ་བྱར་མི་རུང་སྟེ་ཤིན་ཏུ་གཉན་ནོ། །རྣལ་འབྱོར་པའི་བར་ཆད་སེལ་བའི་ཆོ་ག །མགོན་པོའི་གཏོར་ཆེན་གྱི་མན་ངག་རྫོགས་སོ།། ༈ །།དམ་ཅན་སྤྱིའི་རུ་མཚོན་འཛུགས་པའི་ཡི་གེ་སློབ་དཔོན་པདྨས་མཛད་པ་བཞུགས་སོ། །དཔལ་གཤིན་རྗེ་གཤེད་ལ་ན་མོ། གཤིན་རྗེ་པྲ་ཁོག་གི་རྒྱུད་ལས་གསུངས་པའི་དམ་ཅན་སྲུང་མ་ཆོས་སྐྱོང་རྣམས་ལ་རུ་མཚོན་རྟེན་དུ་གཟུག་པའི་ཐབས་ལ་གསུམ་སྟེ། གསོག་དང་བཅའ་གཞི་བསྟན་པ་དང་། དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ལ་ཕྲིན་ལས་གཞོལ་ཏེ། རུ་མཚོན་བསྔོ་ཞིང་རྟེན་བཅའ་བ་དང་། རུ་མཚོན་བཙུགས་པའི་ཕན་ཡོན་བསྟན་པའོ། །དང་པོ་གསོག་དང་བཅའ་གཞི་བསྟན་པ་ནི། གསོམ་པའི་ཤིང་གཙང་མ་དྲང་ཞིང་གཞམས་པ་འདོམ་གང་ངམ། དེ་བས་མི་ཐུང་བ་མི་ཕྲ་ཙམ་གཞོག་ལེགས་པར་བྱས་ལ་མཚལ་ལམ་བཙག་ལ་དུག་ཁྲག་སྦྱར་ལ་མདོག་དམར་པོ་ལེགས་པར་བྱུགས། གྲི་ལྕགས་ལས་བྱས་པའི་མདུང་སོ་སྲིན་མོ་རྐང་ལ། དབལ་ཤོག་ལ་བུག་པ་དང་ལྡན་པར་བྱས་ལ་བསྒར། དམ་ཅན་སྲོག་སྔགས་ཀྱིས་ངར་བླུད། གཡག་རྔའི་བ་དན། འཕན་རྩེ་གསུམ་པ་པྲོག་དམར་པོ་དང་དར་སྣ་ཚོགས་པས་བརྒྱན་པ། གཅན་གཟན་རས་མ། དྲིལ་བུ་གཡེར་ཁ། སྐུ་རྟེན་ཙཀླི། གསུང་རྟེན་སྔགས་ཀྱི་བྱང་བུ། ཐུགས་རྟེན་གསལ་བའི་མེ་ལོང་དང་ཆས་ཀྱིས་བརྒྱན་པ་བྱས་ལ། དྲི་བཟང་དང་སྤོས་ཀྱིས་བདུག་སྟེ་སྒྲུབ་ཁང་གི་སྟེང་དུ་བྱང་ཤར་གྱི་ཟུར་ལ་གཟུག་གོ །ཕྲིན་ལས་གཞོལ་བ་ནི། དམ་ཅན་སྲུང་མ་རྣམས་གདུང་བའི་དབྱངས་ཀྱིས་འབོད་ཅིང་རྔ་བརྡུང་། དུང་འབུད། ཌཱ་མ་རུ་དང་ཐོད་པ་ལྟག་སྤྲོད་ཀྱི་རྔ་དཀྲོལ། སྨན་རཀ་སྦྲེང། ཕུད་དང་གསེར་སྐྱེམས་ཕྱོགས་བཅུར་གཏོར་ཞིང་འདི་སྐད་དོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ནས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པའི་བར་བརྗོད། སྨན་རཀ་སྦྲེང་། ཕུད་གཏོར་རུ་མཚོན་ཕྱར། ཚོགས་ཀྱིས་ཞལ་གསོས་ལ་མི་འགྱེལ་བར་གཟུག་གོ །ཕན་ཡོན་རུ་མཚོན་བཙུགས་པའི་གནས་དེར་བཀྲ་ཤིས། དམ་ཅན་སྲུང་མའི་ཚོགས་ཀུན་མཚོ་ལ་ངང་ངུར་འདུ་བའམ། ནམ་མཁའ་ལ་སྤྲིན་འདུ་བའམ། ཤ་རུལ་ལ་སྦྲང་བུའི་ཚོགས་འདུ་བ་ལྟར་འདུ་ཞིང་། རྣལ་འབྱོར་སྒྲུབ་པ་པོ་དེ་ཉིད་ཀྱི་གྲོགས་བྱེད་པར་འགྱུར་རོ། །རུ་མཚོན་དེ་ཡང་ལོ་ཟླ་ཚེས་བཟང་དུས་གཉན་ལ་གསོ་ཞིང་དམ་རྫས་ཕུད་ཀྱིས་མཆོད། མན་ངག་འདི་ནི་གཤིན་རྗེ་གཤེད་པྲ་ཁོག་སློང་གི་རྒྱུད་ལས་གསུངས་པ་ཨུ་རྒྱན་མཁན་པོས་གུད་དུ་བཀོལ་ཏེ་འདིར་བཀོད་པ་རྫོགས། ༈ ཧཱུྃ་བྷྱོཿ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཆོག་གསུམ་ལྷ་ལ་སྐྱབས་སུ་མཆི། །རྡོ་རྗེ་དམ་ཅན་དམ་ལ་འདུས། །ལྷ་སྲིན་སྡེ་བརྒྱད་ཀུན་གསོན་ཅིག །དེ་རིང་སྲོག་མདུང་རུ་མཚོན་འདི། །དཔག་བསམ་ཤིང་གི་སྲོག་ཤིང་ལ། །གྲི་རྒོད་ལྕགས་ཀྱི་མདུང་སོ་ཅན། །དུག་ཁྲག་རྫས་དང་སྔགས་ཀྱི་ངར། །གཡག་རྔའི་བ་དན་འཕན་རྩེ་གསུམ། །གཅན་གཟན་རས་དང་གཡེར་ཁའི་སྒྲ །དྲི་བཟང་དྲི་དང་དམ་རྫས་བཅས། །བྱང་བ་སྲོག་དང་དར་སྣས་བརྒྱན། །སྐུ་རྟེན་སྐུ་དང་གསུང་རྟེན་སྔགས། །ཐུགས་རྟེན་གསལ་བའི་མེ་ལོང་བཅས། །ཆས་དང་རྒྱན་གྱིས་བསྟར་བ་འདི། །ལྷ་དང་སྲུང་མ་མི་གསུམ་རྟེན། །ལྷ་ཡི་ཕོ་བྲང་མཆོད་གནས་སུ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྲུང་མའི་སྐུ་རྟེན་ཆགས་པའི་གནས། །མཛད་ནས་སྲུང་སྐྱོབ་མཛད་དུ་གསོལ། །མི་ཡི་ཚེ་རྟེན་སྲོག་གི་མཁར། །སྲོག་སྲིད་ཚེ་འཁོར་ཐུབ་པར་སྲུངས། །སྡེ་བརྒྱད་དམག་གི་རུ་མཚོན་ཡིན། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །བཟང་ངན་ལྟ་བའི་སོ་པ་ཡིན། །ལེགས་ཉེས་གསལ་བའི་མེ་ལོང་ཡིན། །འདི་ལྟར་སྲོག་མདུང་ངོ་མཚར་ཅན། །རིག་འཛིན་རྩལ་འཆང་ཐམས་ཅད་ལ། །སྔར་བཅོལ་ལེགས་པའི་གཏང་རག་གཏོང་། །ད་བཅོལ་ལེགས་པའི་རྟེན་དུ་འབུལ། །ལེགས་གཞི་ཐིངས་ལ་བསམ་དོན་སྒྲུབས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བླ་མེད་དཀོན་མཆོག་གསུམ་པོ་ལ། །སྔར་བཅོལ་ལེགས་པའི༴ ཞེས་པའང་འགྲེས་སུ་ཤེས་པར་བྱའོ། །ཆོས་དང་སྲུང་མ་ཐམས་ཅད་ལ། །སྔར་བཅོལ་ལེགས་པའི༴ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །སྔར་བཅོལ་ལེགས་པའི༴ ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །སྔར་བཅོལ་ལེགས་པའི༴ ཕོ་བྲང་ལྷ་རྟེན་རུ་མཚོན་འདིས། །གཡབ་པའི་ཚེ་ན་སྤྱན་མ་བརྟུལ། །བསྟེན་པའི་ཚེ་ན་གོང་མ་གཡེལ། །བོས་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་རྒྱང་མ་རིང་། །རྦད་པའི་ཚེ་ན་མཐུ་མ་ཆུང་། །སྐུལ་བའི་ཚེ་ན་བང་མ་བུལ། །མངག་པའི་ཚེ་ན་ཁུར་མ་ལྕི། །ཕྱར་བའི་ཚེ་ན་དཔུང་མ་ཆུང་། །གཡུལ་བའི་ཚེ་ན་རྩལ་མ་ཞན། །སྤྲིན་བཞིན་འདུས་ལ་ཆར་ལྟར་སྤུངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པས་བསྟོད་དོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། ༈ །།སྲུང་མ་སྤྱིའི་དམོད་བཅོལ་དམ་བརྡར་བཞུགས་སོ། །ཧཱུྃ། ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །འཇིག་རྟེན་ལྷ་ནི་ལས་ཀྱི་ས་ལས་བཞེངས། །དམ་ཅན་རྒྱ་མཚོ་བསྟེན་པའི་ས་ལས་བཞེངས། །ཕོ་ཉ་ལས་བྱེད་མངོན་སྤྱོད་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་རྦད་པའི་ལས་མཐའ་གྱིས། །བདག་ནི་སྒྲུབ་མཆོག་རྣལ་འབྱོར་དམ་ཚིག་ཅན། །དོན་དུ་ལྷ་གཉེར་ལས་སུ་ཆོས་བྱེད་ཅིང་། །རྟག་ཏུ་གཞན་ཕན་སྲུང་མ་ཁྱོད་མཆོད་ན། །དམ་ཉམས་དགྲ་བོས་བགྱིད་དུ་མ་སྟེར་རོ། །དམ་ཅན་སྲུང་མ་བསྟེན་ཅིང་བསྐུལ་བ་ཡང་། །དགོས་པའི་དུས་འདིར་ཕན་ཞིང་སྟོབས་སུ་རེ། །བསམ་མེད་མདའ་རྡོ་བསྐུལ་ཞིང་རྦད་པའི་ཚེ། །ཕ་རོལ་འཇོམས་ཤིང་བསྐུལ་བའི་ལས་བྱེད་ན། །སྲུང་མ་དམ་ཅན་ཅི་སྟེ་ལས་མི་བྱེད། །གསང་བའི་སྲུང་མ་དམ་ཅན་འཁོར་དང་བཅས། །རེ་ཞིང་ལྟོས་སོ་གདུང་བས་འབོད་ལགས་ན། །ཐུགས་རྗེས་བྲེང་ཙམ་བདག་ལ་མི་དགོངས་སམ། །བཤགས་ཀྱང་མི་ཚངས་སྨྲས་ཀྱང་མི་དགོངས་ན། ཁྱོད་ཀྱི་ཐུགས་དམ་རྐྱེན་དང་འཚམ་ལགས་སམ། །བཅོལ་ཀྱང་མི་མཛད་བསྐུལ་ཀྱང་མི་དགོངས་ན། །སྔོན་གྱི་ཐུགས་དམ་འགལ་བར་མི་འགྱུར་རམ། །འཇིག་རྟེན་འདི་ཡི་ཉེ་འབྲེལ་ནོར་དང་ཟས། །གཏན་ཡུལ་མ་ལུས་སྤངས་ནས་དམ་ཆོས་སྒྲུབ། །ཆེ་བའི་དཔོན་དང་མཛའ་བཤེས་བཀུར་སྟི་བཞག །སྲུང་མ་དམ་ཅན་རྗེ་དང་གྲོགས་བཞིན་བསྟེན། །དབེན་པའི་གནས་སུ་བྱང་ཆུབ་བསྒྲུབ་པ་ལ། །དམ་ཉམས་སྡིག་ཅན་འདི་ཡིས་མ་སྟེར་རོ། །བདག་ལ་དགྲ་འདིའི་ར་མདའ་མི་མཛད་ན། །གསོལ་མཆོད་ཡུན་དུ་བསྟེན་པ་དོན་རེ་ཆུང་། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང་ངོ་ཞེས། ཁས་བླངས་དམ་ཚིག་ཉམས་པར་མི་འགྱུར་རམ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །ཕོངས་པ་སྐྱོང་ཞིང་འཕགས་པ་མཆོད་སྙམ་པས། །སྡང་བའི་དགྲ་བོས་བགྱིད་དུ་མ་སྟེར་རོ། །ཡེ་ནས་སྤྲོས་བྲལ་རང་བཞིན་དག་པའི་ཀློང་། །གཉིས་མེད་དབྱིངས་ཀྱི་རང་བཞིན་བསྒོམ་སྙམ་ཡང་། །དམ་ཉམས་དགྲ་འདིས་བསྒོམ་དུ་མ་སྟེར་རོ། །སེང་གེ་དཀར་མོ་གྲོང་འདབས་ཁྱི་ཡིས་བརྙས། །རྩལ་གསུམ་ལུས་ལ་རྫོགས་པ་དོན་རེ་ཆུང་། །སྟག་མོ་རི་ཁྲ་སེམས་ཅན་སྲེ་མོས་བརྙས། །ས་རྒྱ་དུས་སུ་གཅོད་པ་དོན་རེ་ཆུང་། །མཁའ་ལྡིང་དབང་པོ་ལྟས་ངན་ཁྱིམ་བྱས་བརྙས། །བར་སྣང་རླབས་ཀྱིས་གཅོད་པ་དོན་རེ་ཆུང་། །གཡུ་འབྲུག་སྔོན་མོ་མེ་ཏོག་བུང་བས་བརྙས། །སྟོང་གསུམ་སྒྲ་ཡིས་བཀང་བ་དོན་རེ་ཆུང་། །ས་བདག་རྒྱལ་པོ་མཐའ་འཁོབ་འབངས་ཀྱིས་བརྙས། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་དོན་རེ་ཆུང་། །རྫོགས་པའི་སངས་རྒྱས་ལྷས་བྱིན་ངན་པས་བརྙས། །རྫོགས་པའི་སངས་རྒྱས་ཐོབ་པ་དོན་རེ་ཆུང་། །རྡོ་རྗེ་སློབ་དཔོན་དམ་ཉམས་སློབ་མས་བརྙས། །ཤེས་རབ་གསུམ་ལ་མངའ་བརྙེས་དོན་རེ་ཆུང་། །ཡིད་བཞིན་ནོར་བུ་གོར་མོ་རྡོ་ཡིས་བརྙས། །དགོས་འདོད་རེ་བ་སྐོང་བ་དོན་རེ་ཆུང་། །སྔགས་འཆང་བདག་ལ་དམ་ཉམས་དགྲ་བོས་བརྙས། །དམ་ཅན་སྲུང་མ་མ་གཡེལ་དམ་ལ་དགོངས། །བདག་ནི་མ་ལན་མ་ཉེས་སྲུང་མའི་ཚོགས། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་མཛོད་ཅིག །དུས་གསུམ་བདེ་བར་གཤེགས་པ་མཁྱེན་པ་ཅན། །མི་མངོན་དབྱིངས་ནས་གཟུ་དང་དཔང་མཛོད་ཅིག །བླ་མ་ཡི་དམ་མཁའ་འགྲོ་བྱིན་རླབས་ཅན། །དགེ་སྡིག་ཤན་འབྱེད་བདེན་རྫུན་ཞལ་ལྕེ་ཆོད། །ཆོས་སྐྱོང་སྲུང་མ་དམ་ཅན་དྲག་རྩལ་ཅན། །དམ་ཚིག་ལེགས་ཉེས་ཤན་འབྱེད་ཆད་པས་ཆོད། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་གཟུ་དཔང་མཛོད། །དམ་ཉམས་སྡིག་ཅན་དགྲ་བོ་ལས་ངན་འདིས། །སངས་རྒྱས་བསྟན་པ་གཉན་པོ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་གཉན་པོ་འདི་ཡིས་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་འདི་ཡིས་བསྡོས། །དགེ་འདུན་འདུ་བའི་སྒོ་ཡང་འདི་ཡིས་ཕྲོགས། །རྣལ་འབྱོར་བདག་ལ་དོ་བསྡོས་ནོར་རྣམས་ཁྱེར། །བཀའ་ཡི་དམ་ཅན་ཕོ་ཉ་སྲུང་མའི་ཚོགས། །སྔགས་བདག་ཤན་པ་གཟའ་གདོང་དམར་ནག་དང་། །ཕོ་ཉ་ཡང་སྤྲུལ་ལས་མཁན་མང་པོའི་ཚོགས། །དམ་ཉམས་དགྲ་བོ་འདི་ལ་ད་ཆོས་ཤིག །ཞེ་སྡང་འབར་བའི་ཐུགས་ཀྱིས་ད་དགོངས་ལ། །འདུ་བ་རྣམ་བཞིའི་རིམས་ནད་ཁོང་ནས་སློངས། །པགས་གཞི་ས་ལ་ལྷུང་ནས་བརྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་གཡོག་བྲང་ཆེན་བརྡུང་དུ་ཆུག །སྨྲེ་སྔགས་གཅོང་རོང་འོ་དོད་འབོད་དུ་ཆུག །འཆི་བའི་དུག་མདས་སྨྱོ་འབོག་གསོད་པར་མཛོད། །ལས་ཀྱི་རླུང་དམར་འཚུབ་མས་རྒྱབ་ནས་ཕུལ། །འཇིགས་པའི་མུན་ནག་ཆེན་པོས་མདུན་ནས་སུས། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་འདི་ལ་ཐོངས། །ཕུ་ན་ཤ་ཕོ་རུ་འཛིང་དགྲ་ལ་ཐོངས། །མདའ་ན་ཉ་མོ་རྔ་འཛིང་དགྲ་ལ་ཐོངས། །བར་ན་གཅན་གཟན་སྡེར་འཛིང་དགྲ་ལ་ཐོངས། །སྟེང་ན་བྱ་ནག་སྡེར་འཛིང་འདི་ལ་ཐོངས། །ཨ་ཙར་སྤྲེ་འུ་ཁྲིད་པ་འདི་ལ་ཐོངས། །ར་ལ་ཝ་མོ་ཞོན་པ་འདི་ལ་ཐོངས། །བྱ་ལ་སྲེ་མོ་ཞོན་པ་འདི་ལ་ཐོངས། །འུག་པ་བྱ་རོག་ཞོན་པ་འདི་ལ་ཐོངས། །རྟ་ལ་སྤྲེ་འུ་ཞོན་པ་འདི་ལ་ཐོངས། །སྦལ་པ་རྨིགས་པ་ཞོན་པ་འདི་ལ་ཐོངས། །མི་ནག་འོ་དོད་འབོད་པ་འདི་ལ་ཐོངས། །སྲོད་ལ་ཁྱིམ་བྱ་དེ་ཕོ་འཚེར་དུ་ཆུག །ཐོ་རངས་སྒོ་ཁྱི་ངུ་འབོད་བྱེད་དུ་ཆུག །གསེར་གྱི་འུག་པ་ཁང་སྟེང་རྒོད་དུ་ཆུག །ལྟས་ངན་ཁྱིམ་བྱ་ཁྱིམ་དུ་གནོད་དུ་ཆུག །སྦྲ་དང་ཁང་པ་རླུང་གིས་ཁྱེར་དུ་ཆུག །ལྟས་ངན་སྣ་ཚོགས་དམ་ཉམས་དགྲ་ལ་ཐོངས། །གློ་བུར་ཡེ་འདྲོག་དམ་ཉམས་དགྲ་ལ་ཐོངས། །སྡང་བྱེད་དམ་ཉམས་དགྲ་བོ་འཁོར་བཅས་ཀྱི། །གནམ་གྱི་འཇུ་ཐག་དཀར་པོ་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་ནག་པོ་འོག་ནས་ཕྱུངས། །གནམ་ས་གཉིས་ཀྱི་འབྲེལ་ཐག་ཆོད་ལ་ཤོག །མགོ་དང་ལུས་ཕྲོལ་དོན་སྙིང་ཕྱུངས་ལ་ཤོག །དབང་པོ་ལྔ་ཐོན་སྲོག་རྩ་ཆོད་ལ་ཤོག །སྙིང་ཁྲག་འཇིབས་ལ་དབུགས་དང་ཕྲོལ་ལ་ཤོག །སྟེང་གི་ཁྱོ་སོད་འོག་གི་ཆུང་མ་སོད། །བར་གྱི་མདུན་གསུམ་ཡར་ལ་སྙོགས་ལ་ཤོག །ཕ་དང་མེས་པོ་རྩད་ནས་ཆོད་ལ་ཤོག །མར་གྱི་མདུན་གསུམ་མར་ལ་སྙོགས་ལ་ཤོག །བུ་དང་ཚ་བོ་རྩད་ནས་ཆོད་ལ་ཤོག །ཕུགས་ཀྱི་སྲིས་རྐུས་སྒོ་ཡི་ནོར་དང་ཕྲོལ། །རྨོས་པའི་ཞིང་ཡང་གཏན་ནས་སྐྱེ་མ་འཇུག །ཡུལ་དང་ཁྱིམ་ཡང་རྒྱ་གྲམ་ཤིག་ལ་ཤོག །ཕ་དང་ཚན་ལ་བབ་ན་གཏོར་ལ་ཐོངས། །ནད་ཀྱི་རྐྱལ་པ་ཁ་ཕྱེས་དལ་ཡམས་ཐོངས། །ཚོན་གྱི་དྲུ་གུ་རྐྱོངས་ལ་འཁྲུགས་པ་ཐོངས། །ནད་དང་མཚོན་གྱི་བསྐལ་པ་མེ་ལྟར་སྤོར། །དམ་ཉམས་དགྲ་བོ་མྱུར་དུ་ཕུང་དུ་ཆུག །མིང་ཙམ་མེད་པར་ཐལ་བ་རྡུལ་དུ་རློགས། །ཡེ་ཤེས་ལྷ་དང་དམ་ཅན་སྲུང་མའི་ཚོགས། །བསྟན་པ་བསྲུང་ཕྱིར་ལས་འདི་མྱུར་དུ་སྒྲུབས། །ལོ་དང་ཟླ་བར་གཞག་པའི་སྐབས་མེད་པས། །ཞག་དང་ཟ་མར་མ་འགྱང་སྒྲོལ་ལ་ཤོག །ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ། །རྟགས་དང་མཚན་མ་མྱུར་དུ་སྟོན་ལ་ཤོག །ཅེས་པས། དྲག་ཏུ་ཕྲིན་ལས་གཞོལ་ཞིང་གཞན་ཡང་འདི་ལྟར་རོ། །ཡེ་ཤེས་ལྷ་དང་དམ་ཅན་སྲུང་མ་ཆོས་སྐྱོང་དྲེགས་བྱེད་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས། དམ་ཉམས་དགྲ་བོ་འདི་རྣམས་རྒན་པ་ལ་བབ་ན་སྡོང་པོ་སཏྭ་གྲིས་བཅད་པ་བཞིན་ཐོངས་ཤིག །གཞོན་པ་ལ་བབ་ན་ལྕུག་ཕྲན་ཟོར་བས་བཅད་པ་བཞིན་ཐོངས་ཤིག །སྐྱེས་དར་མ་ལ་བབ་ན་ལུག་ཁྱུར་སྤྱང་ལིངས་བྱུང་བ་བཞིན་ཐོངས་ཤིག །འཁོར་གཡོག་རྣམས་ལ་བབ་ན་སྲན་ཕུང་བེར་ཀས་བརྒྱབ་པ་བཞིན་ཐོངས་ཤིག །དབང་ཐང་དང་ཆུང་མ་ལ་བབ་ན་རྩ་སྤུར་མེས་བསྲེགས་པ་བཞིན་ཐོངས་ཤིག བྱ་སྒྲོ་མེས་བསྲེགས་པ་བཞིན་ཐོངས་ཤིག །གཞོབ་རྡོག་པས་བརྫིས་པ་བཞིན་ཐོངས་ཤིག །ང་རྣལ་འབྱོར་པ་མ་གཉན་ན་ཁྱེད་སྣང་སྲིད་ལྷ་འདྲེ་མི་གཉན། སྣང་སྲིད་ཀྱི་ལྷ་འདྲེ་མ་གཉན་ན་སངས་རྒྱས་ཀྱི་བསྟན་པའང་མི་གཉན་པས། ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་འཛུབ་མ་བཙུགས། དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་ཐོན། དབང་ཐང་དང་ཁ་རྗེ་དར་བའི་ཁར་མ་གཏང་། ལོ་དང་ཟླ་བ་ཞག་དང་ཟ་མར་མ་གཞག་པར་རྟགས་དང་ཆོ་འཕྲུལ་ད་ལྟར་སྟོན་ཅིག །ལས་པས་ལས་གྱིས། ལིངས་པས་ལིངས་ཐོབ། གདོང་ནས་མདངས་ཕྲོགས། ལྟག་ནས་བདུད་ཆོད། ཁ་རུ་ལག་ཆུག །ཁོང་ནས་སྙིང་ཐོན། སྲོག་རྩ་དམར་པོ་མྱུར་དུ་ཆོད་ལ་དམ་ཉམས་དགྲ་བོ་འདི་མྱུར་དུ་སྒྲོལ་ཅིག །མིང་འདྲ་མིང་དུ་མ་ནོར། ཡུལ་འདྲ་ཡུལ་དུ་མ་ནོར། རུས་འདྲ་རུས་སུ་མ་ནོར། ད་ལྟ་ཉིད་དུ་སྒྲོལ་ལ་ཤོག་ཅིག །ཅེས་ཞེ་སྡང་དྲག་པོས་བརྗོད་པར་བྱའོ། །དམོད་རིང་རྫོགས་སོ།། །། ༈ ཆོས་སྐྱོང་སྤྱིའི་སྙིང་ཆུ་བསྲེ་བ་དང་། ཟབ་པའི་གནད་ལྔ་བཞུགས་སོ། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །དམ་ཅན་དཔག་མེད་བསྟེན་གྱུར་ཀྱང་། །ནང་མི་འཁྲུག་ཅིང་སྟོབས་རྣམས་བསྐྱེད། །བཀྲ་ཤིས་འབྱུང་ཕྱིར་འདི་ལ་འབད། །རང་ཉིད་ཡི་དམ་ལྷར་བསྐྱེད་པའི། །མདུན་དུ་གཏོར་མ་གཉིས་བཤམས་ནས། །གཏོར་མ་དང་པོའི་རྒྱབ་ཏུ་ནི། །ཆོས་སྐྱོང་སྔ་མ་བསྐྱེད་པ་ལ། །ཕྱི་མ་བཅུག་ཅིང་བསྟིམ་པར་བྱ། །སྔ་མའི་སྔགས་ཀྱིས་གཏོར་མ་དབུལ། །གཏོར་མ་གཉིས་པའི་རྒྱབ་ཏུ་ནི། །ཆོས་སྐྱོང་ཕྱི་མ་བསྐྱེད་བྱས་ལ། །དེ་ལ་སྔ་མ་བསྟིམ་པར་བྱ། །ཕྱི་མའི་སྔགས་ཀྱིས་གཏོར་མ་དབུལ། །དེ་ནས་གོ་རིམ་ཕྱི་མ་སྦྱར། །གཏོར་མ་སྔ་མའི་མཐེབ་ཀྱུ་གཅིག །ཕྱི་མར་བཅུག་ལ་སྔ་མས་དབུལ། །ཕྱི་མའི་མཐེབ་ཀྱུ་སྔ་མར་བཅུག །ཕྱི་མའི་སྔགས་ཀྱིས་དབུལ་བར་བྱ། །ཕྱིས་ནས་རང་ལ་དམ་ཅན་ནི། །འབུམ་ཕྲག་ཡོད་ཀྱང་ནང་མི་འཁྲུགས། །གཏོར་མ་གཅིག་གིས་བསྐང་ཞིང་མཉེས། །བདག་གི་ཕྲིན་ལས་ཅི་དགོས་པ། །ཆོས་སྐྱོང་ཐམས་ཅད་འདུས་པས་བྱེད། ཁྲིམས་ཡོད་བློན་འབངས་ཇི་བཞིན་ནོ། །འདི་མེད་ཆོས་སྐྱོང་སྣ་ཚོགས་བསྟེན། །སྔགས་པ་དེ་ནི་ནད་མང་ཞིང། །ཚེ་ཐུང་དབུལ་ཞིང་བཀྲ་མི་ཤིས། །མི་མཐུན་ཕྱོགས་རྣམས་ཐམས་ཅད་འབྱུང་། །དེས་ན་གོང་གི་གནད་ཡོད་པའི། །སྔགས་པ་དེ་ནི་ཅི་བསམ་འགྲུབ། །ཚེ་རིང་འཁོར་དང་ལོངས་སྤྱོད་དང་། །ནུས་མཐུ་ཕྱོགས་མེད་ལྷུན་གྱིས་གྲུབ། །དམ་ཅན་བསྟེན་པར་བྱེད་པའི་ཐབས། །ཡོན་ཏན་རབ་རྒྱས་ཞེས་བྱ་བ། །སློབ་དཔོན་པདྨས་བཀོད་པ་འོ། །དེས་ནི་བསྟན་པ་དར་རྒྱས་ཤོག །ྀཨཚ། མངྒ་ལཾ། ཤུ་བྷཾ། ༈ ན་མོ་གུ་རུ། སྒྲུབ་པ་པོ་ཆོས་སྐྱོང་རྣམས་ལས་ལ་འཁོལ་བས་གང་དགོས་པ་ཉན་པར་བྱེད་ན། མན་ངག་གི་གནད་ལྔ་སྟེ། བསྙེན་པ་སྔོན་དུ་སོང་ནས་ཆོས་སྐྱོང་གི་སྲོག་འཕྲོག་པ་དང་། འཁུ་ལྡོག་བྱེད་ན་སྲོག་བཅིང་བ་དང་། རང་ཉིད་གར་འགྲོ་སར་ཁྱི་བཞིན་འཁྲིད་པ་དང་། ཆོས་སྐྱོང་གཉིས་བསྟེན་ན་སྔ་མ་ཕྱི་མ་ལ་མི་འཁྲེན་པ་དང་། ཆོས་སྐྱོང་གཉིས་གཅིག་ཆར་བསྐུལ་ན་རྒོད་པོ་རུ་སྦྲེལ་ལྟར་རྩལ་འགྲན་དུ་གཞུག་པའོ། །དང་པོ། རང་ཡི་དམ་གང་བྱེད་ཀྱང་ཁྲོ་བོར་བསྒོམ། རང་གི་སྙིང་པདྨ་འདབ་བརྒྱད་ཁ་གྱེན་དུ་ཕྱོགས་པར་བསམ་སྟེ། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་བསྒོམ། དེའི་ཐུགས་ཀར་ཡང་པདྨ་འདབ་བརྒྱད་ཀྱི་སྟེང་དུ། རྡོ་རྗེ་རྩེ་ལྔ་པ་ལྗང་སེར་གྱེན་ལ་ལངས་པ་ཞིག་བསམ། དེའི་ལྟེ་བ་ལ་ཉི་མའི་སྟེང་དུ་ཧཱུྃ་ནས་ཙམ་པ་ཞིག་བསྒོམ། ཧཱུྃ་དེའི་འོག་ཏུ་གདན་གྱི་ཚུལ་དུ་ཆོས་སྐྱོང་གང་བསྒྲུབ་པ་དེའི་ས་བོན་བསམ། ཧཱུྃ་དང་ཆོས་སྐྱོང་ས་བོན་དེའི་མཐར་ཆོས་སྐྱོང་གི་སྔགས་མགོ་ཕྱིར་བསྟན་པས་ཕྲེད་ལ་བསྐོར་བར་བསམ། དེའི་མཐའ་མར་ཨཿདཀར་པོ་མགོ་ཕྱིར་བསྟན་པས་བསྐོར་བར་བསམ། དེ་ལྟར་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་མདུན་དུ་ཆོས་སྐྱོང་གང་ཡིན་དེ་བསྐྱེད་ཅིང་། དེ་ལྟར་སེམས་དཔའ་སུམ་བརྩེགས་དང་སྔགས་རྣམས་ལས་འོད་འཕྲོས་པས། རང་གི་སྣ་གཡས་ནས་ཐོན། ཆོས་སྐྱོང་དེའི་སྣ་གཡོན་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པས་ཤིན་ཏུ་མཉེས་པར་བསམ། ཆོས་སྐྱོང་དེའི་ནུས་པ་ཐམས་ཅད་བསྡུས་ནས་སྣ་གཡས་ནས་བྱུང་། རང་གི་སྣ་གཡོན་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པས་རང་ནུས་པ་དང་ལྡན་པར་བསམ། དེས་ནི་རང་ནུས་པ་དང་ལྡན་པར་བྱེད་པ་དང་། ཆོས་སྐྱོང་དབང་དུ་བྱེད་པའི་གནད་དུ་ཟབ་པའོ། །གཉིས་པ་ནི། རང་གི་སྙིང་གར་སྔར་བསྒོམས་པའི་སྔགས་དེ་རྣམས་ཀྱི་ཕྱི་རུ་ཨཱ་ལི་ཀཱ་ལི་ཉིས་སྦྲགས་ཀྱིས་བསྐོར་བར་བསམ་ལ་སྔགས་བཟླ་བར་བྱའོ། །གསུམ་པ་ཁྱི་ལྟར་ཁྲིད་པ་ནི། བསྒོམས་པའི་ས་བོན་སྔགས་དང་བཅས་པ་ལས་འོད་འཕྲོས། རང་གི་སྣ་གཡས་ནས་ཐོན། ཆོས་སྐྱོང་གི་སྣ་གཡོན་ནས་ཞུགས་པས་དེའི་སྙིང་ཁྲག་དང་བཅས་པ་བསྡུས་ནས་འོད་དམར་པོར་བྱས་ནས། ཆོས་སྐྱོང་གི་སྣ་གཡས་པ་ནས་བྱུང་། རང་གི་སྣ་གཡོན་ནས་ཞུགས། རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་རང་གར་འགྲོ་སར་རྗེས་སུ་འབྲང་བའོ། །བཞི་པ་ཆོས་སྐྱོང་སྔ་མ་ཕྱི་མར་འཁྲེན་ན། རང་སྔར་དམིགས་པ་བཞིན་བྱས་ནས་མདུན་དུ་ཆོས་སྐྱོང་སྔ་མ་དེ་བཀའ་སྡོད་ཀྱི་ཚུལ་དུ་བསམ། ཕྱི་མ་དེའང་བསམ་སྟེ། རང་དང་སྔ་མ་དེའི་ས་བོན་དང་སྔགས་ཀྱི་མཐའ་མ་ཆོས་སྐྱོང་ཕྱི་མ་དེའི་སྔགས་ཀྱིས་བསྐོར་བར་བསམ། རང་གི་ས་བོན་ལས་འོད་འཕྲོས་སྣ་བུག་གཡས་ནས་ཐོན། ཆོས་སྐྱོང་སྔ་མའི་གཡོན་ནས་ཞུགས། ས་བོན་སྔགས་དང་སྙིང་ཁྲག་བསྡུས་ནས་སྣ་གཡས་ནས་ཐོན་ནས་བདག་ལ་ཕྱག་རྟེན་གྱི་ཚུལ་དུ་ཕུལ་བས་ཐིམ་པར་བསམ། ཆོས་སྐྱོང་ཕྱི་མ་ཡང་དེ་ལྟར་བྱ། དེ་ནས་ཆོས་སྐྱོང་ཕྱི་མ་དེ་འོད་དམར་པོར་ཞུ་ནས་སྔ་མ་དེ་ལ་ཐིམ་པས། སྔ་མ་ཡང་འོད་དམར་པོར་ཞུ་ནས་རང་གི་ལྟེ་བའི་ཐད་ཀར་ཐིམ་པར་བསམ། དེས་འཁུ་ལྡོག་བྱེད་མི་ནུས་ཏེ། རང་ཤ་རང་གིས་མི་ཟ་དང་། རང་ཁྲག་རང་གིས་མི་འཐུང་བ་དང་། གཉིས་སུ་མེད་པར་བསྲེ་བའི་མན་ངག་གོ །ལྔ་པ་ནི། རང་སྔར་དང་འདྲ་བ་ལ། ཆོས་སྐྱོང་སྔ་མ་དེའི་སྙིང་པོ་ལ་ཕྱི་མ་དེའི་སྙིང་པོས་བསྐོར་བར་བསམ། སྔ་མའི་རྐང་པས་ཕྱི་མའི་མགོ་མནན་པར་བསམ། འོད་ཟེར་སྤྲོ་བསྡུ་སྔར་དང་འདྲའོ། །དེ་དག་གིས་ཆོས་སྐྱོང་གཉིས་པོ་རྩལ་འགྲན་ནས་ལས་བྱེད་དོ། །ཡང་སྤྲོ་བསྡུའི་དམིགས་པ་ནི། དམ་ཅན་མདུན་དུ་བསམ། དེ་ཚུར་ཐིམ་པས། རང་ཤ་རང་གིས་མི་ཟ་རང་ཁྲག་རང་གིས་མི་འཐུང་བས་མི་ཟློག་མི་སྲིད་དོ། །འདི་ཡི་འོད་ཟེར་ཐམས་ཅད་དམར་པོ་ཡིན་ནོ། །ཐུན་འགོ་ཐུན་ཞབས་སུ་དམིགས་པ་རྣམས་བྱེད་པ་ཡིན་ནོ། །ཆོས་སྐྱོང་གང་བསྒྲུབས་ཀྱང་ཚུལ་འདི་བཞིན་བྱས་པས་བདེ་བླག་ཏུ་འགྲུབ་བོ། །གནད་འདི་མེད་པར་ཆོས་སྐྱོང་སྒྲུབ་པ་ནི། རྟ་པ་ལ་རྒྱང་ཁྱི་ཟ་བ་དང་འདྲ། གནད་འདི་ཡོད་ན་རང་གིས་འབངས་ལ་བཀའ་བསྒོ་བ་དང་འདྲ། གནད་ལྔ་ཆོས་སྐྱོང་བྲན་དུ་ཁོལ་བའི་མན་ངག་གོ །སློབ་དཔོན་མཚོ་སྐྱེས་ཀྱི་གདམས་པ་རྫོགས་སོ། །ཆོས་སྐྱོང་སྤྱིའི་སྙིང་ཆུ་བསྲེ་བའི་མན་ངག་ཟབ་ྀཨཚ། ཤུ་བྷཾ། དེ་ལྟར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་ཅིང་། ཨེ་གངས་བར་ཕུག་མོ་ཆེར་གཏེར་དུ་སྦས་པ། ཕྱིས་བླ་མ་རྒྱ་སྟོན་པདྨ་དབང་ཕྱུག་གིས་ཐོན་པའི་གུར་མགོན་གཏེར་མར་གྲགས་པའི་ཡི་གེ་དང་ཆོས་སྐྱོང་སྤྱིའི་མན་ངག་འདི་རྣམས། རྒྱ་པདྨ་དབང་ཕྱུག །ལྷོ་པ་སྟོན་ཉི། བླ་མ་རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། དེས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ལ་གནང་བ་འདི་ཀླུའི་དགོན་པར་དག་པར་གཏུགས་པ་མངྒ་ལཾ། དེ་ནས་མཁན་ཆེན་བསོད་ནམས་རྒྱལ་མཆོག །འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེ་སོགས་དང་། ཡང་ན་གཏེར་སྟོན་ནས། ཚུལ་ཁྲིམས་གཞོན་ནུ། གཞོན་ནུ་བརྩོན་འགྲུས། བསོད་ནམས་དཔལ་ལྡན། བཀྲ་ཤིས་བཟང་པོ། མངའ་རི་པཎ་ཆེན་པདྨ་དབང་རྒྱལ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། མཁྱེན་བརྩེའི་དབང་ཕྱུག་སོགས་ལས་རིམ་པར་བརྒྱུད་པའོ། །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ (Volume 23, Text 19)

༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་མ་ལུས་ཀུན་འདུས་པའི༔ ཚད་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ༔ མགོན་པོ་སྤྱན་རལ་གཟིགས་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདག་ཉིད་པདྨ་འབྱུང་གནས་ངས༔ མ་འོངས་སྐལ་ལྡན་དོན་ཕྱིར་དུ༔ བླ་མེད་དོན་གསལ་སྒྲོན་མེ་ཡི༔ ལམ་ཁྱེར་ལས་བྱང་བསྟན་པར་བྱ༔ དེ་ཡང་ཆོག་ཁྲིགས་རིམ་པ་ལ༔ སྐྱབས་འགྲོ་སེམས་བསྐྱེད་བགེགས་གཏོར་གཏང༔ བཀའ་བསྒོ་མཚམས་བཅད་མཆོད་བྱིན་བརླབ༔ ཕོ་བྲང་གཞལ་ཡས་ལྷ་ཚོགས་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་བྱ༔ ཕྱི་ནང་གསང་མཆོད་ཛཔ྄་བསྙེན་དང༔ བསྟོད་པ་ཚོགས་མཆོད་ལྷག་མ་གཏང༔ ཐུགས་དམ་བསྐུལ་དང་ཆད་མདོ་བདར༔ བརྟན་སྐྱོང་དབང་གི་བྲོ་བརྡུང་ཞིང༔ བསྡུ་ཆོག་བྱས་ལ་སྨོན་ལམ་གདབ༔ བདེ་ལེགས་ཀུན་འབྱུང་བཀྲ་ཤིས་བརྗོད༔ འདི་ལྟར་ལས་རིམ་ཉི་ཤུ་གསུམ༔ མ་འོངས་སྐལ་ལྡན་དོན་དུ་བཀོད༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་ལྷུན་གྲུབ་རང་བྱུང་ཀློང་ཡངས་སུ༔ གནས་ལུགས་བརྗོད་བྲལ་འོད་གསལ་སྙིང་པོའི་དོན༔ ཇི་བཞིན་མངོན་གྱུར་སྤྱན་རལ་གཟིགས་དབང་ལ༔ འཛིན་མེད་རང་གྲོལ་ཆེན་པོར་སྐྱབས་སུ་མཆི༔ ཞེས་ལན་གསུམ་བརྗོད༔ གཉིས་པ་སེམས་བསྐྱེད་པ་ནི༔ ཐུགས་རྗེ་མ་འགགས་རང་གསལ་དཀྱིལ་འཁོར་དུ༔ ཐབས་ཤེས་འཁྲིལ་སྦྱོར་གཙོ་འཁོར་ཡོངས་རྫོགས་ལྷ༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བའི་དཀྱིལ་འཁོར་དུ༔ གཉིས་འཛིན་འཁྲུལ་སྣང་བསྒྲལ་བར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་བརྗོད༔ གསུམ་པ་བགེགས་གཏོར་གཏང་བ་ནི༔ ཆངས་བུ་བསླང་བ་གཅིག་ལ་ཆངས་བུ་བཞིས་བསྐོར་བ་ཤ་ཁྲག་གིས་བརྒྱན་པ་བཤམས་ནས༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་སྟོང་པར་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་འདི་སྐད་དོ༔ ཧཱུྃ༔ གཟུང་འཛིན་འཁྲུལ་པའི་གནོད་བྱེད་བགེགས་ཀྱི་ཚོགས༔ ལན་དང་བུ་ལོན་ཆགས་པའི་འབྱུང་པོ་རྣམས༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་མཆོག་འཁོར་དང་བཅས་པ་ལ༔ གནོད་འཚེའི་བསམ་པ་ཞི་ནས་རང་གནས་སུ༔ བར་ཆད་རྩོམ་བྱེད་གདོན་བགེགས་ཁྱོད་སོང་ཞིག༔ ཅེས་བརྗོད་ལ་གཏོར་མ་ཕྱིར་བསྐྱལ་ལོ༔ བཞི་པ་བཀའ་བསྒོ་བ་ནི༔ རང་རྟ་མགྲིན་དུ་བསྐྱེད་ལ་འདི་སྐད་དོ༔ ཧྲཱི༔ ང་ནི་དཔལ་ཆེན་ཁྲོས་པའི་སྐུ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ བར་ཆད་རྩོམ་བྱེད་གདོན་བགེགས་རྣམས༔ ཐལ་བའི་རྡུལ་བཞིན་བརླག་པར་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ་བྷ་ག་ཝཱན༔ བཛྲ་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་རོལ་མོ་སྒྲོག་ཅིང་ཐུན་གྱིས་བྲབ༔ དྲག་པོའི་རྫས་བསྲེག་གོ༔ ལྔ་པ་ཚིག་དོན་གསལ་བས་མཚམས་བཅད་པ་ནི་འདི་སྐད་དོ༔ རང་ཉིད་དཔལ་ཆེན་ཐུགས་ཀ་ནས༔ མཚམས་གཅོད་འོད་ཟེར་ཕྱོགས་བཞིར་འཕྲོས༔ འོད་ཟེར་དཀར་པོ་འཕྲོས་པ་ལས༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར༔ རྡོ་རྗེ་འབར་བས་མཚམས་ཆོད་ལ༔ དྲི་ཟའི་གདོན་ཚོགས་བསྲུང་དུ་གསོལ༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ འོད་ཟེེར་སེར་པོ་འཕྲོས་པ་ལས༔ སྟེང་འོག་ཕྱོགས་མཚམས་རིན་ཆེན་གུར༔ རིན་ཆེན་འབར་བས་མཚམས་ཆོད་ལ༔ གཤིན་རྗེའི་གདོན་ཚོགས་བསྲུང་དུ་གསོལ༔ རཏྣ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ འོད་ཟེར་དམར་པོ་འཕྲོས་པ་ལས༔ སྟེང་འོག་ཕྱོགས་མཚམས་པདྨའི་གུར༔ པདྨ་འབར་བས་མཚམས་ཆོད་ལ༔ ཀླུ་དབང་གདོན་ཚོགས་བསྲུང་དུ་གསོལ༔ པདྨ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ འོད་ཟེར་ལྗང་གུ་འཕྲོས་པ་ལས༔ སྟེང་འོག་ཕྱོགས་མཚམས་རལ་གྲིའི་གུར༔ རལ་གྲི་འབར་བས་མཚམས་ཆོད་ལ༔ གནོད་སྦྱིན་གདོན་ཚོགས་བསྲུང་དུ་གསོལ༔ ཀརྨ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ མཆོད་རྫས་དྲི་མ་སྦྱང་བའི་ཕྱིར༔ རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས༔ མ་དག་དྲི་མ་བསྲེགས་གཏོར་བཀྲུས༔ ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ མཆོད་རྫས་བྱིན་གྱིས་བརླབ་པའི་ཕྱིར༔ ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ བཟང་ཞིང་རྒྱ་ཆེ་ཟད་མི་ཤེས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདུན་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧྲཱི༔ རང་རིག་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བྱས༔ ཚུར་འདུས་རང་ལ་ཐིམ་པར་གྱུར༔ རང་གི་རིག་པ་ཧྲཱིཿདཀར་ནི༔ བརྗོད་མེད་བློ་འདས་དེ་བཞིན་ཉིད༔ དེ་བཞིན་ཉིད་ལ་འཕེལ་འགྲིབ་མེད༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ལ༔ གཟུང་འཛིན་མཚན་མས་མ་གོས་ཀྱང༔ ཐུགས་རྗེ་འགག་མེད་ཀུན་ལ་ཁྱབ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི༔ རང་རིག་ཧྲཱིཿདཀར་འོད་ཟེར་འབར༔ དེ་ལས་འོད་འཕྲོས་རྡོ་རྗེ་ནི༔ དཀར་པོ་རྩེ་ལྔ་པ་རུ་བསྒོམ༔ དེ་ལས་འོད་འཕྲོས་འབྱུང་ལྔ་སྟོང༔ སྟོང་ཉིད་བསམ་བརྗོད་མཐའ་བྲལ་ཀློང༔ རྒྱལ་བའི་ཐུགས་རྗེ་ལས་གྲུབ་པ༔ དག་པའི་འབྱུང་ལྔ་བསྐྱེད་པ་ཡི༔ ས་བོན་ཡི་གེ་འབྲུ་བདུན་ཤར༔ ཨེ་ཡཾ་རཾ་ཁཾ་སུཾ་ར་ཀེཾ༔ ཨེ་ལས་ནམ་མཁའ་མཐིང་འོད་འབར༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས༔ རཾ་ལས་ཡེ་ཤེས་མེ་དཔུང་འབར༔ ཁཾ་ལས་ཆུ་ཡི་དཀྱིལ་འཁོར་ཁོལ༔ སུཾ་ལས་ཞིང་ལྤགས་གསེར་མདོག་སྟེང༔ ར་ལས་རཀྟ་དམར་ནག་དབུས༔ ཀེཾ་ལས་རུས་པའི་རི་རབ་ཁར༔ པདྨ་འདབ་སྟོང་མཛེས་པའི་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ ཁྱམས་དང་གྲུ་ཆད་ཤར་དཀར་ལ༔ ལྷོ་སེར་ནུབ་དམར་བྱང་ལྗང་བའི༔ རྩིགས་པ་མཐིང་ནག་དཀར་སེར་དམར༔ ལྗང་བའི་རྣམ་པ་ལྔ་དང་ལྡན༔ འདོད་སྣམ་ཕ་གུ་དྲྭ་ཕྱེད་དང༔ མདའ་ཡབ་པུ་ཤུ་སྒོ་བཞི་དང༔ རྟ་བབས་བཞི་དང་ལྡན་པའི་སྟེང༔ ཆོས་འཁོར་གདུགས་དང་རྒྱལ་མཚན་དང༔ པདྨ་དུར་ཁྲོད་རྡོར་ར་དང༔ མེ་རི་ལ་སོགས་གཞལ་ཡས་ཀྱི༔ ཕྱི་ནང་བཀོད་པ་ཕུན་སུམ་ཚོགས༔ ཡོངས་སུ་རྫོགས་པ་གསལ་བར་བསྐྱེད༔ ྈྈྈྈྈྈ བརྒྱད་པ་ལྷ་བསྐྱེད་པ་ནི༔ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་དབུས༔ ཐབས་ཤེས་ཟླ་གམ་དཀར་དམར་མཐར༔ པད་འདབ་ཕྱི་ནང་མཛེས་པའི་ཁར༔ གླང་ཆེན་རྟ་མཆོག་རྨ་བྱ་དང༔ ཤང་ཤང་བསྣོལ་བའི་ཁྲི་སྟེང་དུ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ རང་རིག་ཧྲཱིཿཡིག་དམར་པོར་བསམ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་སླར་ཡང་ཧྲཱིཿལ་ཐིམ༔ ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ལ༔ རྩ་ཕྱག་དང་པོ་མཉམ་གཞག་སྟེང༔ འཆི་མེད་ཚེ་ཡི་བུམ་པ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མུ་ཏིག་དམར་པོའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་དམར་པོ་བསྣམས༔ ཡུམ་མཆོག་བདེ་ཆེན་དབྱིངས་ཕྱུག་མ༔ སྐུ་མདོག་དམར་གསལ་མདངས་དང་ལྡན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པ་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ ཟླ་གམ་དཀར་པོའི་སྟེང་དུ་ནི༔ ཨོཾ་ལས་བུདྡྷ་སྤྱན་རལ་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ༔ རྩ་ཕྱག་དང་པོ་རྡོར་དྲིལ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མེ་ཏོག་དཀར་པོའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་དཀར་པོ་བསྣམས༔ ཡུམ་མཆོག་བུདྡྷ་མཁའ་འགྲོ་མ༔ དཀར་གསལ་མདངས་དང་ལྡན་པ་ལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ ཤར་ཕྱོགས་པད་འདབ་མཐིང་གའི་སྟེང༔ ཧཱུྃ་ལས་བཛྲ་སྤྱན་རལ་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་མཐིང༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ༔ རྩ་ཕྱག་དང་པོ་རྡོར་དྲིལ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མེ་ཏོག་སྔོན་པོའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་སྔོན་པོ་བསྣམས༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ མཐིང་གསལ་མདངས་དང་ལྡན་པ་ལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པ་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ ལྷོ་ཕྱོགས་པད་འདབ་སེར་པོའི་སྟེང༔ ཏྲཱཾ་ལས་རཏྣ་སྤྱན་རལ་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་སེར༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ༔ རྩ་ཕྱག་དང་པོ་རྡོར་དྲིལ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མེ་ཏོག་སེར་པོའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་སེར་པོ་བསྣམས༔ ཡུམ་མཆོག་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་མདངས་དང་ལྡན་པ་ལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པ་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ ནུབ་ཕྱོགས་པད་འདབ་དམར་པོའི་སྟེང༔ ཧྲཱིཿལས་པདྨ་སྤྱན་རལ་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ༔ རྩ་ཕྱག་དང་པོ་རྡོར་དྲིལ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མེ་ཏོག་དམར་པོའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་དམར་པོ་བསྣམས༔ ཡུམ་མཆོག་པདྨ་མཁའ་འགྲོ་མ༔ དམར་གསལ་མདངས་དང་ལྡན་པ་ལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པ་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ བྱང་ཕྱོགས་པད་འདབ་ལྗང་གུའི་སྟེང༔ ཨ་ལས་ཀརྨ་སྤྱན་རལ་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ༔ རྩ་ཕྱག་དང་པོ་རྡོར་དྲིལ་བསྣམས༔ ཕྱག་གཉིས་གཡས་ཀྱི་འོག་མ་ན༔ མེ་ཏོག་ལྗང་གུའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་ལྗང་གུ་བསྣམས༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོ་མ༔ ལྗང་གསལ་མདངས་དང་ལྡན་པ་ལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་འཛིན་ཡབ་ལ་འཁྱུད༔ འཁྲིལ་སྦྱོར་བདེ་སྟོང་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ཀྱི༔ ཤར་དུ་ཨོཾ་ལས་ལྷ་ཡི་ནི༔ ཐུབ་པ་བརྒྱ་བྱིན་སྐུ་མདོག་དཀར༔ པི་ཝང་བསྣམས་པ་བཞེངས་ཐབས་བསྐྱེད༔ ཤར་ལྷོ་མཚམས་ཀྱི་པད་འདབ་ལ༔ མ་ལས་ལྷ་མིན་ཐུབ་པ་ནི༔ ཐགས་བཟང་རྒྱལ་པོ་སྐུ་མདོག་ལྗང༔ གོ་མཚོན་བསྣམས་པ་བཞེངས་ཐབས་བསྐྱེད༔ ལྷོ་ཡི་ཕྱོགས་ཀྱི་པད་འདབ་ལ༔ ཎི་ལས་མི་ཡི་ཐུབ་པ་ནི༔ ཤཱཀྱ་ཐུབ་པ་སྐུ་མདོག་སེར༔ གསེག་ཤང་ལྷུང་བཟེད་བསྣམས་པར་བསྐྱེད༔ ལྷོ་ནུབ་མཚམས་ཀྱི་པད་འདབ་ལ༔ པད་ལས་བྱོལ་སོང་ཐུབ་པ་ནི༔ སེང་གེ་རབ་བརྟན་སྐུ་མདོག་མཐིང༔ པུསྟི་བསྣམས་པ་བཞེངས་ཐབས་བསྐྱེད༔ ནུབ་ཀྱི་ཕྱོགས་ཀྱི་པད་འདབ་ལ༔ མེ་ལས་ཡི་དྭགས་ཐུབ་པ་ནི༔ ཁ་འབར་རྒྱལ་པོ་སྐུ་མདོག་དམར༔ སྒྲོམ་བུ་བསྣམས་པ་བཞེངས་ཐབས་བསྐྱེད༔ ནུབ་བྱང་མཚམས་ཀྱི་པད་འདབ་ལ༔ ཧཱུྃ་ལས་དམྱལ་བའི་ཐུབ་པ་ནི༔ ཆོས་ཀྱི་རྒྱལ་པོ་སྐུ་མདོག་ནག༔ མེ་ཆུ་བསྣམས་པ་བཞེངས་ཐབས་བསྐྱེད༔ བྱང་གི་ཕྱོགས་ཀྱི་པད་འདབ་ལ༔ མ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས༔ གཡས་པ་མེ་དཔུང་གཡོན་ཁྲུས་ཆུ༔ མཚམས་དང་ཁྲུས་ཀྱི་ལས་མཛད་བསྐྱེད༔ བྱང་ཤར་མཚམས་ཀྱི་པད་འདབ་ལ༔ ཨ་ལས་རྣམ་འཇོམས་སྐུ་མདོག་ལྗང༔ གཡས་པ་ཁྲུས་བུམ་གཡོན་མེ་ལོང༔ ནད་གདོན་སྡིག་སྒྲིབ་སེལ་མཛད་བསྐྱེད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བླ་མེད་དཀྱིལ་འཁོར་ཤར་སྒོ་རུ༔ བི་ལས་ཁྲོ་བོ་རྣམ་པར་རྒྱལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ གཡས་པ་རྡོ་རྗེ་གཡོན་དྲིལ་བུ༔ གར་དགུའི་ཉམས་དང་ལྡན་པར་བསྐྱེད༔ བླ་མེད་དཀྱིལ་འཁོར་ལྷོ་སྒོ་རུ༔ ཡ་ལས་ཁྲོ་བོ་གཤིན་རྗེ་གཤེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ གཡས་པ་དབྱུག་ཏོ་གཡོན་ཞགས་པ༔ གར་དགུའི་ཉམས་དང་ལྡན་པར་བསྐྱེད༔ བླ་མེད་དཀྱིལ་འཁོར་ནུབ་སྒོ་རུ༔ ཧྲཱིཿལས་ཁྲོ་བོ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པ་གྲི་གུག་གཡོན་ཐོད་ཁྲག༔ གར་དགུའི་ཉམས་དང་ལྡན་པར་བསྐྱེད༔ བླ་མེད་དཀྱིལ་འཁོར་བྱང་སྒོ་རུ༔ ཨ་ལས་ཁྲོ་བོ་བདུད་རྩི་འཁྱིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ གཡས་པ་རྒྱ་གྲམ་གཡོན་སྡིགས་མཛུབ༔ གར་དགུའི་ཉམས་དང་ལྡན་པར་བསྐྱེད༔ དཀྱིལ་འཁོར་ཆེན་པོའི་སྟེང་འོག་དང༔ འཁོར་ཡུག་ཕྱོགས་མཚམས་ཐམས་ཅད་ལ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འཇའ་ཚོན་འཁྲིགས་པ་ལྟ་བུར་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དགུ་པ་སྤྱན་འདྲེན་པ་ནི༔ ཧྲཱི༔ འོད་གསལ་མཁའ་དབྱིངས་དག་པ་ནས༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག༔ ཨོ་རྒྱན་པདྨ་ལ་སོགས་པའི༔ བཀའ་བརྒྱུད་བླ་མ་སྤྱན་འདྲེན་ནོ༔ ཡེ་ཤེས་ལྔ་ལྡན་ཀློང་ཡངས་ནས༔ དབང་དང་བྱིན་རླབས་ཀུན་གྱི་བདག༔ སྤྱན་རལ་གཟིགས་དབང་རིགས་ལྔ་སོགས༔ ཡི་དམ་ལྷ་ཚོགས་སྤྱན་འདྲེན་ནོ༔ སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ནས༔ ཐབས་མཁས་འགྲོ་བ་འདྲེན་མཛད་པ༔ བཅོམ་ལྡན་ཐུབ་དྲུག་ལ་སོགས་པ༔ སྤྲུལ་པའི་སྐུ་རྣམས་སྤྱན་འདྲེན་ནོ༔ ཆོས་ཀྱི་དབྱིངས་ནས་ཁྲོ་ཚུལ་སྟོན༔ བར་ཆད་འབྱུང་པོ་ཚར་གཅོད་པའི༔ རྣམ་རྒྱལ་གཤིན་རྗེ་ལ་སོགས་པ༔ ཁྲོ་བོའི་ཚོགས་རྣམས་སྤྱན་འདྲེན་ནོ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང༔ གཏེར་སྲུང་དམ་ཅན་རྒྱ་མཚོ་སོགས༔ སྲུང་མའི་ཚོགས་རྣམས་སྤྱན་འདྲེན་ནོ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ བཅུ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དབྱིངས་རིག་དབྱེར་མེད་ཐུགས་རྗེ་ལས༔ གྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ བླ་མ་ཡི་དམ་འཁོར་དང་བཅས༔ སྐྱོན་བྲལ་དག་པའི་ཁྲི་ལ་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཅུ་གཅིག་པ་ཕྱག་འཚལ་བ་ནི༔ ཧྲཱི༔ མི་འཇིག་འགྱུར་མེད་རྡོ་རྗེའི་སྐུ༔ འགག་མེད་ཚངས་དབྱངས་ཆོས་ཀྱི་སྒྲས༔ འགྲོ་བའི་མུན་པ་སེལ་མཛད་པའི༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་ཆོས་ཀྱི་སྐུ༔ མཚན་དཔེ་ཡོངས་རྫོགས་ཡབ་ཡུམ་འཁྲིལ༔ སྤྱན་རལ་གཟིགས་དབང་རིགས་ལྔ་སོགས༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཁའ་དབྱིངས་ནས༔ བདེ་སྟོང་སྒྱུ་མའི་གར་ལ་རོལ༔ དངོས་གྲུབ་སྩོལ་ཞིང་ཕྲིན་ལས་སྒྲུབ༔ དཔའ་བོ་མཁའ་འགྲོར་ཕྱག་འཚལ་ལོ༔ ལུང་རྟོགས་དམ་ཆོས་དཀྱིལ་འཁོར་དུ༔ བསྟན་པ་སྲུང་ཞིང་གདོན་བགེགས་འདུལ༔ ཡེ་ཤེས་མགོན་པོ་ལ་སོགས་པའི༔ སྲུང་མ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ བཅུ་གཉིས་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ ཧོ༔ དག་ཅིང་གཙང་བའི་ཡིད་འོང་དུང་ཆོས་ནང༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་རབ་བཀང་ནས༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ དྭངས་ཤིང་གསལ་ལ་རྙོགས་པ་མེད་པའི་ཆུ༔ དྲི་ཞིམ་ངད་ལྡན་ཞབས་བསིལ་དམ་པ་འདི༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ཨུ་དུམ་པུཎྜ་པདྨ་གསེར་ཆེན་སོགས༔ འཇིག་རྟེན་ཁམས་ཀྱི་མེ་ཏོག་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ཨ་ཀར་རྒྱ་སྤོས་སྤང་སྤོས་སི་ལ་སོགས༔ འཇིག་རྟེན་ཁམས་ཀྱི་བདུག་སྤོས་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ཉི་ཟླ་ནོར་བུ་སྒྲོན་མེ་ལ་སོགས་པ༔ འཇིག་རྟེན་ཁམས་ཀྱི་སྣང་གསལ་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ག་པུར་ཙན་དན་ཛཱ་ཏི་གུར་གུམ་སོགས༔ འཇིག་རྟེན་ཁམས་ཀྱི་དྲི་མཆོག་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ནས་འབྲས་གྲོ་དང་ཏིལ་དཀར་ལ་སོགས་པའི༔ འཇིག་རྟེན་ཁམས་ཀྱི་ཞལ་ཟས་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ནཻ་བིདྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ རྔ་དང་སིལ་སྙན་པི་ཝང་གླིང་བུ་སོགས༔ འཇིག་རྟེན་ཁམས་ཀྱི་སྒྲ་སྙན་ཇི་སྙེད་ཀུན༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ྈྈྈྈྈ ཀུན་བཟང་ཐུགས་ལས་སྤྲུལ་པའི་ཡེ་ཤེས་ལྔ༔ དུག་ལྔ་སེལ་ཕྱིར་བདུད་རྩི་སྨན་གྱི་མཆོག༔ ཛ་གད་ཕུད་ལ་སྦྱར་བའི་ཨ་མྲྀ་ཏ༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཛྙཱ་ན་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཟག་མེད་བདེ་བའི་མཁའ་དབྱིངས་ཀློང་ཆེན་དུ༔ འདོད་ཆགས་རྣམ་དག་བདེ་སྟོང་མཆོད་པའི་སྤྲིན༔ དུག་གསུམ་བསྒྲལ་བའི་རཀྟ་དམ་པ་འདི༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་སརྦ་པཱུ་ཛ་ལ་ཁཱ་ཧི༔ རང་བྱུང་སྤྲོས་བྲལ་ཆོས་དབྱིངས་ཀ་པཱ་ལར༔ སྣང་སྲིད་འདོད་ཡོན་བཟའ་བཅའ་དཔག་མེད་སྦྱར༔ རིག་པ་རང་གསལ་མཆོག་གི་གཏོར་མ་འདི༔ སྤྱན་རལ་གཟིགས་དབང་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ྈྈྈྈྈྈྈྈྈྈ བཅུ་གསུམ་པ་འཛབ་བསྙེན་ནི༔ ཨོཾ་ཨཱཿཧཱུྃ༔ མི་མངོན་ཆོས་དབྱིངས་གནས་མཆོག་ནས༔ ཀུན་བཟང་བདེ་བར་གཤེགས་པའི་གསུང༔ འགྲོ་བའི་དོན་དུ་ཆོས་སྒྲ་སྒྲོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པོ་ཏ་ལ་ཡི་གནས་མཆོག་ནས༔ སྤྱན་རལ་གཟིགས་དབང་བདེ་གཤེགས་གསུང༔ འགྲོ་བའི་དོན་དུ་ཆོས་སྒྲ་སྒྲོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཨོ་རྒྱན་པདྨ་བདེ་གཤེགས་གསུང༔ འགྲོ་བའི་དོན་དུ་ཆོས་སྒྲ་སྒྲོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀློང་ཡངས་ཆོས་སྐུའི་གཞལ་ཡས་ནས༔ ལས་འགྲོ་གླིང་པ་བདེ་གཤེགས་གསུང༔ འགྲོ་བའི་དོན་དུ་ཆོས་སྒྲ་སྒྲོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ༔ ཡི་དམ་སྤྱན་རལ་གཟིགས་དབང་ནི༔ དུས་གསུམ་སངས་རྒྱས་ཀུན་འདུས་པའི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད༔ བདག་གི་ལུས་ངག་ཡིད་གསུམ་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་སིདྡྷི་ཨོཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ༔ ཝཱ་ཀ་སིདྡྷི་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཅུ་བཞི་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ ཆོས་སྐུ་དབྱེར་མེད་བློ་འདས་པའི༔ ལོངས་སྐུ་གསལ་སྟོང་འོད་ཀྱི་སྐུ༔ འོད་དཔག་མེད་མགོན་ཡབ་ཡུམ་ལ༔ དབྱིངས་རིག་དབྱེར་མེད་ཕྱག་འཚལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ཀུན་གཞིའི་བག་ཆགས་སྦྱོང་མཛད་པ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བུདྡྷ་སྤྱན་རལ་གཟིགས་ལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ཡིད་ཀྱི་བག་ཆགས་སྦྱོང་མཛད་པ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ བཛྲ་སྤྱན་རལ་གཟིགས་ལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ལུས་ཀྱི་བག་ཆགས་སྦྱོང་མཛད་པ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རཏྣ་སྤྱན་རལ་གཟིགས་ལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ ངག་གི་བག་ཆགས་སྦྱོང་མཛད་པ༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་སྤྱན་རལ་གཟིགས་ལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ སྒོ་ལྔའི་བག་ཆགས་སྦྱོང་མཛད་པ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ཀརྨ་སྤྱན་རལ་གཟིགས་ལ་བསྟོད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ འབྱུང་བ་ལྔ་ཡི་ཕུང་པོ་ནི༔ ཡུམ་གྱི་བྷ་གའི་ཀློང་དུ་སྒྲོལ༔ ཡུམ་མཆོག་ལྔ་ལ་ཕྱག་འཚལ་བསྟོད༔ མགོན་པོ་སྤྱན་རལ་གཟིགས་དབང་གི༔ སྤྲུལ་པ་ཚད་མེད་ཐུགས་རྗེ་ཅན༔ འགྲོ་དྲུག་རྒྱུད་ལྔའི་བག་ཆགས་སྦྱོང༔ ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་གྱིས༔ འགྲོ་བའི་ཚ་གདུང་སེལ་མཛད་པའི༔ ཁྲོ་བོ་སྨེ་བརྩེགས་རྣམ་པར་འཇོམས༔ ཁྲུས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་མཚན་མའི་ཡུལ་འདས་ཀྱང༔ གཟུགས་སྐུ་ཁྲོ་བོའི་སྐུར་བསྟན་ནས༔ དཀྱིལ་འཁོར་སྒོ་སྲུང་གདུག་པ་འདུལ༔ ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་བསྟོད༔ བཅོ་ལྔ་པ་ཚོགས་ལས་ནི༔ རང་ཉིད་སྤྱན་རལ་གཟིགས་དབང་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་ཚོགས་ལ་ཕོག་པས་སྦྱངས༔ རཾ་ཡཾ་ཁཾ༔ རང་ཉིད་སྤྱན་རལ་གཟིགས་དབང་ཐུགས་ཀ་ནས༔ ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཕུད་འབུལ་བ་ནི༔ ཧོ༔ སྐྱོན་བྲལ་ཐབས་ཤེས་དངོས་གྲུབ་མཆོག་གི་རྫས༔ གསང་སྔགས་བླ་མེད་བདུད་རྩིའི་ཚོགས་མཆོད་འདི༔ བླ་མ་རྣམས་དང་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝཱ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལ་ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཞེས་བརྗོད་ལ༔ རྡོ་རྗེ་སློབ་དཔོན་ལ་ཚོགས་འདྲེན་པ་ནི༔ སློབ་མས་ལག་པ་གཡས་གཡོན་དུ༔ བཟའ་བ་དང་བཏུང་བ་ཐོགས་ལ་འདི་སྐད་དོ༔ ཧོ༔ སྟོན་པ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཐབས་ཤེས་ཟུང་འཇུག་བླ་མེད་མཆོད་པའི་རྫས༔ ཉེས་སྐྱོན་ཀུན་བྲལ་དག་པའི་བདུད་རྩི་འདི༔ དགྱེས་པར་རོལ་ཏེ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་འབུལ་ཞིང༔ བླ་མས་ལན་གསུང་པ་ནི༔ རྒྱལ་བས་གནང་བའི་བཅུད་ལྡན་ཚོགས་མཆོད་འདི༔ བླ་མ་ཡི་དམ་དགྱེས་པའི་ཚོགས་སུ་རོལ༔ ཟག་མེད་བཅུད་ཀྱིས་བདེ་སྟོང་རྒྱུད་ལ་སྐྱེ༔ ཨ་ལ་ལ་ཧོ་ཡེ་ཤེས་ཚོགས་ལ་རོལ༔ ཞེས་བརྗོད༔ བཅུ་དྲུག་པ་ཚོགས་ལྷག་ནི༔ ལྷག་གཉིས་བསྡུས་ལ་ནང་མཆོད་བྲན་ལ་འདི་སྐད་དོ༔ ཧོ༔ གསང་སྔགས་བླ་མེད་དཀྱིལ་འཁོར་གྱི༔ བཀའ་ཉན་ལྷག་སྡུད་གཏོར་ལེན་མ༔ སྤྲུལ་སྒྱུར་སྣ་ཚོགས་རྫུ་འཕྲུལ་ཅན༔ ལྷག་གཏོར་འདི་བཞེས་བསྟན་པ་སྲུངས༔ བཅོལ་བའི་ཕྲིན་ལས་རྣམ་བཞི་སྒྲུབས༔ ཨོཾ་ཨུཙྪིཥྚ་བྷི་ཏ་ཧ་རི་ཏེ་བྷྱོ་སྭཱ་ཧཱ༔ ྈྈྈྈྈྈྈ བཅུ་བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ རྣམ་དག་ཆོས་དབྱིངས་གཞལ་ཡས་ནས༔ ཆོས་སྐུ་འོད་དཔག་མེད་མགོན་ཡང༔ འགྲོ་བའི་དོན་དུ་ཐུགས་དམ་བསྐུལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རང་བྱུང་འོད་གསལ་གཞལ་ཡས་ནས༔ ལོངས་སྐུ་སྤྱན་རལ་གཟིགས་དབང་ཡང༔ འགྲོ་བའི་དོན་དུ་ཐུགས་དམ་བསྐུལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རྩལ་སྣང་ཐུགས་རྗེའི་གཞལ་ཡས་ནས༔ སྤྲུལ་སྐུ་བཅོམ་ལྡན་ཐུབ་དྲུག་ཀྱང༔ འགྲོ་བའི་དོན་ལ་ཐུགས་དམ་བསྐུལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མེ་རླུང་འཁྲུགས་པའི་གཞལ་ཡས་ནས༔ སྒོ་སྲུང་ཁྲོ་རྒྱལ་དམ་ཅན་ཡང༔ འགྲོ་བའི་དོན་ལ་ཐུགས་དམ་བསྐུལ༔ འགལ་རྐྱེན་བར་ཆད་སེལ་བར་མཛོད༔ ས་མ་ཡ་ཧཱུྃ༔ བཅོ་བརྒྱད་པ་ཆད་མདོ་བྱ་བ་ནི༔ ཧཱུྃ༔ བསྐལ་པ་དང་པོ་ཆོས་དབྱིངས་གནས་མཆོག་ཏུ༔ འོད་དཔག་མེད་ཀྱིས་བླ་མེད་རྒྱུད་གསུངས་ཚེ༔ མ་མོ་མཁའ་འགྲོས་སྲུང་མར་ཞལ་བཞེས་མཛད༔ བཀའ་བཞིན་མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབས༔ བསྐལ་པ་བར་མར་བསམ་ཡས་མཆིམས་ཕུ་རུ༔ གུ་རུ་པདྨས་ཤོག་སེར་བྲིས་པའི་ཚེ༔ བརྟན་མ་སྡེ་བརྒྱད་བཀའ་ཡི་སྲུང་མར་བསྐོས༔ བཀའ་བཞིན་མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབས༔ བསྐལ་པ་ཐ་མར་ཟངས་མདོག་དཔལ་རིའི་རྩེར༔ ཐོད་ཕྲེང་རྩལ་གྱིས་ལས་འཕྲོ་གླིང་ལ་གསུངས༔ གཏེར་སྲུང་ཕོ་ཉས་ཕྲིན་ལས་སྒྲུབ་པར་ཆད༔ བཀའ་བཞིན་མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབས༔ བཅུ་དགུ་པ་བརྟན་མ་སྐྱོང་བ་ནི༔ བྷྱོ༔ བཀའ་ཉན་ལས་བྱེད་བརྟན་མའི་ཚོགས༔ རྡོ་རྗེ་ཀུན་གྲགས་ལ་སོགས་བདུད་མོ་བཞི༔ ཤ་མེད་གངས་དཀར་ལ་སོགས་གནོད་སྦྱིན་བཞི༔ ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཕྱི་ནང་གསང་བའི་ཕྲིན་ལས་གྲུབ་པར་མཛོད༔ ཉི་ཤུ་པ་རྟ་བྲོ་བརྡུང་བ་ནི༔ ཧྲཱི༔ ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་དུ༔ དཔལ་ཆེན་རྟ་མགྲིན་ཁྲོས་པའི་བྲོས༔ གདོན་བགེགས་འབྱུང་པོ་རྡུལ་དུ་རློག༔ དབང་གི་རྟ་སྐད་ཙེ་རེ་རེ༔ ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ གཉིས་འཛིན་འཁྲུལ་སྣང་འགོང་པོ་རྣམས༔ ཆོས་དབྱིངས་ཀློང་དུ་མནན་པར་བྱ༔ ཕྱི་ནང་གསང་བའི་རུ་ཏྲ་སརྦ་ལཾ་ནན་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཉེར་གཅིག་པ་བསྡུ་ཆོག་ནི༔ ཧཱུྃ༔ འབྱུང་བ་རིམ་བརྩེགས་ཕོ་བྲང་གཞལ་ཡས་ཁང༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཡབ་དང་ཡུམ༔ ཆོས་སྐུ་སྤྲོས་བྲལ་འགྱུར་མེད་ངང་དུ་བསྡུ༔ ཆོས་སྐུའི་རྩལ་ལས་འགྲོ་དོན་མཛད་པའི་ཕྱིར༔ རང་བྱུང་དབྱིངས་ནས་སླར་ཡང་འབྱོན་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ བཛྲ་མུ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་རང་ལ་བསྡུའོ༔ ས་མ་ཡ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཉེར་གཉིས་པ་སྨོན་ལམ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསང་སྔགས་བླ་མེད་དཀྱིལ་འཁོར་འདི་བསྒྲུབས་པས༔ ཕ་མས་ཐོག་དྲངས་སེམས་ཅན་མ་ལུས་ཀུན༔ ཐོག་མའི་མགོན་པོ་འོད་དཔག་མེད་པ་དང༔ སྤྱན་རལ་གཟིགས་ཀྱི་གོ་འཕང་ཐོབ་པར་ཤོག༔ ཉེར་གསུམ་པ་བཀྲ་ཤིས་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་བཀྲ་ཤིས་འགྱུར་བ་མེད༔ ལྟ་བ་རྟོགས་པའི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་གསལ་འགྲིབ་མེད༔ སྒོམ་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་འགྲོ་བ་འདྲེན༔ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་ངས༔ བླ་མེད་དོན་གསལ་སྒྲོན་མེ་ཡི༔ ལས་བྱང་རིན་ཆེན་ཕྲེང་བ་འདི༔ ཨོ་རྒྱན་པདྨའི་གསུང་བཞིན་བྲིས༔ ཟབ་མོའི་གནས་སུ་གཏེར་དུ་སྦེད༔ མ་འོངས་དུས་ཀྱི་ཐ་མ་ལ༔ འགྲོ་འདུལ་ལས་འཕྲོ་གླིང་པ་ཞེས༔ ཟབ་གཏེར་ཆོས་ཀྱི་བདག་པོ་འབྱུང༔ གཏེར་བདག་དྲེགས་པའི་ཚོགས་རྣམས་ཀྱིས༔ དེ་ལ་གཏོད་ཅིག་ས་མ་ཡ༔ ྈྈ ྈྈྈ ྈྈྈ ྈྈྈ ྈྈ

བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་ (Volume 48, Text 19)

༄༅༔ བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷེ༔ བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷརྨ་ས་ཀ་ཧཱ༔ དྷརྨེ་ཤཱ་སེ་ནི་རི་སརྦ་ཀཱརྻ་ས་རི་ཏྲ་མེ་དྷརྨཱ༔ ཏདྱ་ཐཱ༔ ཧྲི་སུ་ཧྲི་སྨྲྀ་ཏི༔ ཛ་ཡ་བི་ཛ་ཡ༔ དྷཱིཿདྷ་ར་ཎི་པྲ་ཛྙཱ་སཱ་རེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ པཉྩ་བིཾ་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་པྲ་ཛྙཱེ་པྲ་ཛྙཱེ་མ་ཧཱ་པྲ་ཛྙཱེ་སརྦ་བྷ་རེ༔ པྲ་ཛྙཱ་སརྦ་ཛྙཱ་ན་དུན་ཏ་རེ་པྲ་ཛྙཱ་པྲེ་ཏ༔ སུ་ཀ་རེ་སུ་ཀ་རེ་སུ་ཀ་ར་སིདྡྷི༔ བུདྡྷ་བུདྡྷ༔ ཀམྤ་ཀམྤ༔ ས་ར་ས་ར༔ དྷ་ར་དྷ་ར༔ བ་ར་བ་ར༔ གརྫ་གརྫ༔ གརྫ་ཡ་ཏི་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་བཏོན་པ་དང་མཉམ་མོ༔ ཉི་ཁྲིའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཱརྻ་ཨཥྚ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ཧྲཱིཿཤྲུ་ཏི་སྨྲྀ་ཏི་ཛ་ཡ་བི་ཛ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཥྚ་ཨ་ཡུ་ཏཾ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་དྷཱ་ར་ཎི༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་གཟུངས༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ པྲ་ཛྙཱ་པཱ་ར་མི་ཏཱ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཁྲི་བརྒྱད་སྟོང་པའི་སྙིང་པོ་རྫོགས་སོ༔ རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ནཱ་མ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྒྲིབ་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨཱརྻ་པྲ་ཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་ག་ཐཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་སྙིང་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ༔ པཱ་ར་ག་ཏེ༔ པཱ་ར་ག་ཏེ༔ སཾ་ག་ཏེ༔ བྷོ་དྷི་ཡེ་སྭཱ་ཧཱ༔ འཕགས་པ་སྡུད་པ་བཏོན་པ་དང་མཉམ་མོ༔ རྒྱ་གར་སྐད་དུ༔ ཨཱརྻ་མཉྫུ་ཤྲཱི་ཏནྟྲ་གརྦྷ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ན་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་ཟླ་བ་གཅིག་གིས་གྲུབ་པ་རྫོགས་སོ༔ རྒྱ་གར་སྐད་དུ༔ བྷ་ག་ཝ་ཏཱི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ འདི་ལྟ་སྟེ༔ ཨ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ༔ རྒྱ་གར་སྐད་དུ༔ ཨུ་པ་རི་ཤུདྡྷ་ནཱ་མ་དྷཱ་ར་ཎི༔ བོད་སྐད་དུ༔ ཡོན་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས༔ ན་མཿས་མནྟ་བྷ་དྲཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་བྷ་ར་བྷ་ར་སཏྭཱ་ཡ་སྭཱ་ཧཱ༔ ལན་གསུམ་བརྗོད་ན་མཚམས་མེད་པ་ལྔའི་སྡིག་པ་འདག་པར་འགྱུར་རོ༔ བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་རྫོགས་སོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པས་སྲོག་བཅད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མེ་ཏོག་དབང་གི་སྟོབས་ལ་ཕྱག་འཚལ་ལོ༔ མི་ཚངས་པར་སྤྱད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ མནའ་ཐོན་པའི་སྡིག་པ་འདག་སྟེ་ཚེ་འཕེལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་བརྟན་ཅིང་རབ་ཏུ་དུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་འཆལ་བའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ༔ བཀའ་འགྱུར་ཆེན་པོ་ཀློག་པའི་དགེ་བ་དང་མཉམ་མོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚོང་ཁེ་སྤོགས་བྱས་པའི་སྡིག་པ་འདག་པར་འགྱུར་རོ༔ མདོར་ན་དམ་པའི་ཆོས་སྤངས་པ་དང༔ དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང༔ ཕ་མ་ལ་མི་འཚམ་པའི་ལས་བགྱིས་པ་དང༔ འདོད་ལོག་སྤྱད་པ་དང༔ དད་ཟས་འཚལ་བ་དང༔ གསུང་རབ་ཀྱི་གླུད་ཟོས་པ་སོགས༔ སྡིག་པའི་ལས་བགྱིས་པ་དེ་དག་ཐམས་ཅད་སངས་རྒྱས་སྟོང་གི་སྤྱན་སྔར་བཤགས་ཀྱང་སྡིག་པ་འདག་པར་མ་གསུངས་ཏེ༔ གཟུངས་འདི་དང་སངས་རྒྱས་ཀྱི་མཚན་འདི་རྣམས་བྲིས་ཀློག་བྱས་པས་སྡིག་པ་ཐམས་ཅད་བཤགས་ནས༔ སྒྲིབ་པ་མ་ལུས་པ་འདག་པར་འགྱུར་རོ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ལྷོ་ནུབ་རྔ་ཡབ་ཏུ་གཤེགས་ཁར་དུས་སྙིགས་མར་བོད་ཀྱི་མི་རྣམས་རིམ་གྲོར་བཀའ་འགྱུར་ཀློག་འདོན་ལ་མི་ཐོན་པ་རྣམས་ཀྱི་དོན་དུ་ཡི་གེར་བཀོད་ནས་ལྷོ་བྲག་གནམ་སྐས་ཅན་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པ་ལགས་སོ། །མངྒ་ལཾ།། །།

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ (Volume 10, Text 19)

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །བདེ་ལྡན་ཞིང་མགོན་ཁྱབ་བདག་ཆོས་ཀྱི་སྐུ །འོད་མཚན་སྟོང་འབར་འཆི་མེད་ལྷ་ཡི་ལྷ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །གྲུ་འཛིན་བདག་པོ་རྣམ་སྣང་ལོངས་སྤྱོད་རྫོགས། །སྙིང་རྗེའི་དབང་ཕྱུག་འགྲོ་མགོན་པད་དཀར་འཆང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །དཔལ་ལྡན་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ །སྣང་སྲིད་ཟིལ་གནོན་རྒྱལ་དབང་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་མཁའ་ལ་སྤྱོད་པའི་ཚོགས་ཀྱི་རྗེ། །གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །འཇིག་རྟེན་མིག་གཅིག་རྒྱལ་ཚབ་བཻ་རོ་རྗེ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །དམ་འཛིན་རྣམ་འཕྲུལ་གནས་གཏེར་བརྒྱ་རྩའི་བདག །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ལས་སྨོན་སྐལ་ལྡན་ཟབ་གསང་བསྟན་པ་འཛིན། །ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཡི་དམ་ཌཱ་ཀི་དམ་ཅན་གནས་གཏེར་སྐྱོང་། །ཟུང་འཇུག་ཡེ་ཤེས་རོལ་པའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །བྱང་ཆུབ་བར་དུ་རྩ་གསུམ་ལྷག་པའི་ལྷས། །རྗེས་བཟུང་འཇིགས་བརྒྱད་བདུད་བཞི་དུག་ལྔ་སོགས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །སྐུ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་པདྨ་དགྱེས་པའི་འབངས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་དུ་དབོ་ཟླའི་དཀར་ཚེས་ཤིན་ཏུ་དགེ་བར་སྦྱར་བའི་ཡི་གེ་པ་ནི་ལས་སྨོན་སྐལ་ལྡན་ལྔ་རིག་པ་ཀརྨ་འགྱུར་མེད་ནས་བགྱིས་པ་དགེ་ལེགས་འཕེལ།། །།

ཚེ་འགུགས་སྦྱར་བ་ (Volume 36, Text 19)

ཚེ་འགུགས་སྦྱར་བར་སྤྲོ་ན། འཛབ་བསྙེན་སྟོང་ཚིགས་ཕུལ་བའི་རྗེས་སུ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀུན་ཁྱབ་ཆེན་པོ་ལས༔ མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེ་སྤྲུལ་པའི་ལྷ་ཚོགས་རྣམས༔ མ་གཡེལ་ཐུགས་དམ་དུས་ལ་བབས༔ ཚེ་འགུགས་ལྷ་མོ་རྣམ་རྒྱལ་མ༔ དཀར་མོ་ཚེ་ཡི་བུམ་པ་བསྣམས༔ སྟོང་ཁམས་ཁྱབ་པའི་སྐུ་སྤྲུལ་ལ༔ རྡོ་རྗེ་ལྕགས་ཀྱུ་འབར་བ་ཡིས༔ རྒྱལ་བ་ཀུན་གྱི་ཐུགས་དམ་བསྐུལ༔ བརྟན་གཡོ་ཀུན་གྱི་ཚེ་བཅུད་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ ཚེ་རྟེན་རྫས་མཆོག་རྣམས་ལ་སྟིམས༔ ཚེ་བདག་ཡབ་ཡུམ་སྲས་དང་བཅས༔ འཆི་མེད་འཕགས་མ་ཡིད་བཞིན་སྩོལ༔ ཕྱག་བརྙན་ཞི་ཁྲོ་འཁོར་དང་བཅས༔ བྱེ་བ་བསམ་ཡས་ཐམས་ཅད་ཀྱི༔ སྐུ་ཡི་མཛོད་སྤུ་མགུལ་གྱི་བུམ༔ ཐུགས་ཀའི་དཔལ་གྱི་བེ་འུ་དང༔ ལྟེ་བ་ཨུཏྤལ་ཟབ་ཅིང་འཁྱིལ༔ བདེ་ཆེན་སྦྱོར་བའི་མཁའ་གསང་ནས༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་བྲལ་ཡེ་ཤེས་མཁྱེན་བརྩེའི་ཐུགས༔ ཡོན་ཏན་རེ་བ་སྐོང་བ་དང༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་སྐུལ༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ སྲ་བརྟན་ས་གཞི་ལྷུན་ཆགས་རི༔ རྒྱུན་རིང་ཆུ་ཀླུང་གཏན་འཁྱིལ་མཚོ༔ འབར་བ་མེ་དང་སྟོབས་ཆེན་རླུང༔ གཞོམ་གཞིག་མེད་པ་ཀུན་ཁྱབ་མཁའ༔ ཀུན་གྱི་བཅུད་སྡུས་བུམ་པར་སྐྱིལ༔ བསྒྲུབ་བྱའི་ཁམས་དང་དབྱེར་མེད་སྟིམས༔ རིན་ཆེན་དབྱིག་དང་ནད་སེལ་སྨན༔ འཆི་མེད་བདུད་རྩི་བཅུད་ལྡན་ཟས༔ བསོད་ནམས་དབང་ཐང་སྟོབས་ཆེན་གྱི༔ ལྷ་ཀླུ་མི་དང་གནོད་སྦྱིན་སོགས༔ ཀུན་གྱི་ཚེ་དང་བསོད་ནམས་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ ཚེ་དཔལ་རྒྱས་པའི་ཕྲིན་ལས་མཛོད༔ འབྱུང་པོ་རྣམས་ཀྱིས་བརྐུས་ཏ་རེ༔ ཡར་དང་ཉམས་པ་ཐམས་ཅད་སྡུས༔ འོད་ལྔའི་རང་མདངས་ཤིགས་སེ་ཤིག༔ ཟེར་ཐག་མང་པོ་སྦྲེངས་སེ་སྦྲེང༔ ཐིག་ལེ་མང་པོ་ཡ་ལ་ལ༔ བདུད་རྩི་བཀྲག་གསལ་སྣུམ་འོད་འབར༔ འཆི་མེད་ལུས་ཀྱི་བུམ་བཟང་ཁེངས༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ༔ དུག་ལྔ་ཡེ་ཤེས་ལྔ་རུ་དག༔ ཁམས་ལྔ་ཉམས་པ་འབྱུང་ལྔས་གསོས༔ འོད་ལྔ་འབར་བས་ཆད་པ་མཐུད༔ ཐིག་ལེ་ལྔ་ཡིས་ཡོ་བ་སྲོངས༔ བདུད་རྩི་ལྔ་ཡིས་གས་པ་སྦྱོར༔ རྡོ་རྗེའི་སྐུ་ལྔར་ལྷུན་གྱིས་གྲུབ༔ ཅེས་བསྐུལ་མདའ་དར་ཡང་ཡང་གཡབ༔ ཅེས་གཏེར་གསར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ཡོངས་རྫོགས་འཆི་མེད་སྙིང་ཐིག་ལས་ཁོལ་དུ་ཕྱུང་པའོ།། །། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔

རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་སྨོན་རྡོ་རྗེའི་བདེན་ཚིག་ (Volume 60, Text 19)

༄༅། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་སྨོན་རྡོ་རྗེའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། འཇམ་དཔལ་གྲུབ་པའི་སློབ་དཔོན་མདོ་སྔགས་གླིང་། །སྤྱན་རས་གཟིགས་དབང་རྣམ་འཕྲུལ་མཆོག་གྱུར་གླིང་། །ཕྱག་ན་རྡོ་རྗེའི་སྟོབས་འཆང་བསྟན་གཉིས་གླིང་། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཀུན་བཟང་གདོད་མའི་མགོན་པོའི་ཡེ་ཤེས་དབྱིངས། །མཁྱེན་བརྩེ་ནུས་གཏེར་རྨད་བྱུང་སེམས་དཔའ་ཆེའི། །སྒྱུ་འཕྲུལ་སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་ཀྱིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁའ་ཁྱབ་འགྲོ་བའི་དུག་གསུམ་གཉེན་པོ་རུ། །ལྷ་ཀླུ་མི་གཙོའི་གདུལ་བྱ་དང་མཐུན་པར། །སྡེ་སྣོད་གསུམ་གྱི་མདོ་རྒྱུད་ཀུན་འདུས་ཆོས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་ཀུན་གསང་གསུམ་ཡེ་ཤེས་ཐུགས་བསྐྱེད་མཐུ། །ཀུན་འདུས་རིགས་གསུམ་དཔའ་བོའི་རྣམ་པར་འཕྲུལ། །འཕགས་བོད་མཁས་གྲུབ་བཤད་་་བརྒྱུད་ཀ་ཆེན་བཅུ།སྒྲུབ་་་བརྒྱུད་ཤིང་རྟ་བརྒྱད།ཤིང་རྟ་འདྲེན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གདུལ་བྱ་འདུལ་བྱེད་སྐུ་གསུམ་སྟོན་པ་ཡི། །ཆོ་འཕྲུལ་གཙོ་བོ་ཤེས་བྱ་རིག་པའི་ཆོས། །གསར་རྙིང་མདོ་སྔགས་ཀུན་ཁྱབ་ལེགས་བཤད་སྒྲོག །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་དབང་བྱམས་འཇམ་ཤིང་རྟ་གཉིས་ཀྱི་སྲོལ། །སྡེ་སྣོད་བཀའ་རྣམས་བསླབ་གསུམ་གྱིས་གདམས་ནས། །རྒྱལ་བ་དགྱེས་སྲོལ་གཞན་ཕན་གོ་ཆའི་ལམ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་རྫོགས་བླ་མེད་རྒྱུད་སྡེའི་སྲོག །སྨིན་གྲོལ་གདམས་པ་གཞི་ལམ་འབྲས་བུའི་དཔལ། །སྣང་བ་གསུམ་དང་རྒྱུད་གསུམ་གྱིས་སྟོན་ཆོས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འཕགས་ཡུལ་བཀའ་བབས་བཞི་ཡི་མན་ངག་བཅུད། །བླ་མེད་རྒྱུད་སྡེའི་ཐབས་གྲོལ་ལམ་གྱི་སྙིང་། །ཆེ་བཞི་ཆུང་བརྒྱད་བརྒྱུད་པའི་བྱིན་རླབས་འདུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་བཙུན་མོའི་ཞལ་ལུང་བརྒྱུད་པའི་སྲོལ། །ས་བཅུའི་དབང་ཕྱུག་རིན་ཆེན་བདུན་བརྒྱུད་གཉིས། །རྒྱུད་སྡེ་ལྔ་གྲུབ་ཤངས་པའི་ཉེ་བརྒྱུད་དཔལ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལས་ཉོན་སྡུག་བསྔལ་ཞི་བྱེད་མདོ་སྔགས་ཀྱིས། །འགལ་རྐྱེན་རྒྱན་ཁྱེར་བཙན་ཐབས་སངས་རྒྱས་ནས། །བདུད་བཞི་དབྱིངས་གཅོད་གདམས་པ་སངས་རྒྱས་ལམ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱི་ནང་གཞན་གསུམ་གཉིས་མེད་རྡོ་རྗེ་སེམས། །སྦྱོར་བ་ཡན་ལག་དྲུག་གིས་མངོན་བྱས་ནས། །བདེ་སྟོང་རྡུལ་བྲལ་ནམ་མཁའི་དབྱིངས་སིམ་བྱེད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུ་མ་རོ་གཅིག་རྡོ་རྗེའི་གསང་བ་གསུམ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་མངོན་བྱེད་ཐབས། །ཨོཌྜཱི་ཡཱ་ནའི་ཌཱ་ཀིའི་ཐུགས་ཀྱི་བཅུད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱ་ཆེན་བཀའ་ཡི་རྩེ་མོ་མདོ་སྒྱུ་སེམས། །རྒྱུད་ལུང་མན་ངག་སྙིང་པོ་ཟབ་མོའི་གཏེར། །གངས་ལྗོངས་བསྟན་པའི་ཐོག་མ་སྔ་འགྱུར་སྲོལ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཉམ་མེད་ཇོ་བོ་ཡབ་སྲས་ས་ངོར་ཚར། །འཕགས་བོད་པཎ་གྲུབ་རྗེ་འབངས་རིག་འཛིན་ཚོགས། །ལྷ་དང་ཌཱ་ཀིས་བྱིན་བརླབས་ཉེ་བརྒྱུད་ཅན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟུང་འཇུག་རྡོ་རྗེའི་ས་མཆོག་བླ་མེད་སར། །བདེ་བླག་སྦྱོར་བའི་མཁས་གྲུབ་རྣལ་འབྱོར་དབང་། །ཐུགས་བཅུད་ཟབ་མོའི་གདམས་ངག་འདུས་པའི་མཛོད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་བཀའ་དང་བསྟན་བཅོས་རི་གླིང་ངོགས། །ཚད་མའི་མཁས་གྲུབ་ལྷ་ཡི་གྲོང་མཛེས་པ། །ཀུན་འདུས་ཐུན་མིན་ཉེ་རིང་བརྒྱུད་སྲོལ་ཕྱེས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོང་པའི། །གསང་ཆེན་རྒྱུད་སྡེའི་རྒྱ་མཚོ་ཆེན་པོ་བཞི། །མཚུངས་མེད་གྲུབ་བརྙེས་ཐུགས་བཅུད་ཀུན་ལས་བཏུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་མཆོག་གི་དངོས་གྲུབ་སྒོ་བརྒྱ་འབྱེད། །མཁས་དང་གྲུབ་པར་བཀའ་བབས་ལྷག་པའི་ལྷའི། །སྒྲུབ་པའི་ཐབས་ཚུལ་ཀུན་བཏུས་རིན་ཆེན་འབྱུང་། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བླ་མེད་རྒྱུད་སྡེའི་གཙོ་བོ་མར་རྔོག་སྲོལ། །གྲུབ་ཆེན་ནཱ་རོ་མཻ་ཏྲིའི་བཞེད་པའི་བཅུད། བཀའ་བརྒྱུད་གསང་བ་སྔགས་ཀྱི་མཛོད་ཀུན་འདུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ནང་དུ་སྣང་སེམས་རོ་གཅིག་དགོངས་རྩལ་གྱིས། །ཕྱི་རུ་འབྱུང་ལྔའི་དབྱིངས་སུ་རྒྱས་བཏབ་པ། །སྨོན་ལམ་ལས་འཕྲོས་ཆོས་ནོར་རྫས་གཏེར་འབྱེད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མ་ཧཱ་ཡོ་ག་སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད། །ཨ་ནུ་མདོ་ལུང་དགོངས་འདུས་མངོན་རྫོགས་རྒྱལ། །ཨ་ཏི་སྡེ་གསུམ་སྙིང་ཐིག་ཆེན་པོ་བདུན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བྱིན་རླབས་རྩ་བ་ཐུགས་སྒྲུབ་རྣམ་པ་བཞི། །དངོས་གྲུབ་རྩ་བ་རྩ་གསུམ་ཞི་དང་ཁྲོ། །ཀུན་ཀྱང་སྨིན་གྲོལ་བསྐྱེད་རྫོགས་ཚང་ལ་འདུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐེག་པ་གསུམ་དང་སྔགས་ཀྱི་ཐུབ་པ་རྒྱུད། །ནང་པ་ཐབས་ཀྱི་རྒྱུད་ལུང་མན་ངག་གི །ཐུན་མོང་ཁྱད་པར་ཟབ་གནད་སྐོར་བདུན་སོགས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་བྱོན་པའི་འགྲོ་འདུལ་རིག་པ་འཛིན། །ཟབ་གཏེར་བདག་པོའི་སྨིན་གྲོལ་གསང་མཛོད་ལ། །དབང་ཐོབ་ངོ་མཚར་ཡང་གཏེར་སྒོ་བརྒྱ་ཕྱེས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རང་བྱུང་ཤེས་རབ་ཡེ་ཤེས་དགོངས་པའི་རྩལ། །ཟབ་གསང་གནད་འདུས་རྡོ་རྗེ་གསང་བའི་ཚིག །འཛད་མེད་ནམ་མཁའི་གཏེར་མཛོད་དབང་ཐོབ་པ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡེ་ཤེས་ནོར་བུའི་མེ་ལོང་དག་པའི་ངོགས། །རྩ་གསུམ་ལྷ་ཚོགས་དགྱེས་པའི་གཟུགས་ངོམས་པས། །ངོ་མཚར་ཆོས་རྒྱུན་ཏིང་འཛིན་མཐུས་སྣང་ཆོས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཇི་སྙེད་སྐྱེ་བར་ཟབ་མོའི་ཆོས་ཀྱི་སྒོ། །འབྱེད་སྡུད་འཛིན་སྤེལ་ངོ་མཚར་རྗེས་དྲན་པས། །སྐལ་བཟང་ཐར་པའི་དགའ་སྟོན་ལ་སྦྱོར་བ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་འཕྲོག་བློ་དང་གཟུངས་སྤོབས་ཏིང་འཛིན་མཐུས། །ཕྱོགས་བཅུའི་ཞིང་གི་རྒྱལ་དང་དེ་སྲས་ལས། །རྨད་བྱུང་ཆོས་ཀུན་སྙན་བརྒྱུད་གདམས་པས་འཛིན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མིན་གཏེར་དང་རྒྱ་ཆེན་བཀའ་ཡི་མཛོད། །རྨད་བྱུང་ལེགས་བཤད་གསེར་ཞུན་ལྟ་བུ་ཡིས། །ཡོངས་རྫོགས་རྒྱལ་བསྟན་མཛེས་པའི་རྒྱན་བསྐྲུན་པ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁས་ཚུལ་གསུམ་གྱིས་ལེགས་སྦྱངས་འཛམ་བུའི་གསེར། །ཡེ་ཤེས་ཀློང་བརྡོལ་སྒོམ་ཉམས་རྡོ་རྗེའི་ཚིག །བཀའ་དང་བསྟན་བཅོས་གནད་བསྡུས་མཁའ་འགྲོའི་མཛོད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་ཀྱི་ཐ་མར་རྒྱལ་བསྟན་མར་འགྲིབ་ཚེ། །མདོ་རྒྱུད་བཀའ་ལུང་སྡུད་སྤེལ་འཛིན་པའི་གཉེར། །སྲས་བཅས་འདྲེན་པས་ཆེད་དུ་གཏད་པ་ཡི། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རིས་སུ་མ་ཆད་རྒྱལ་བསྟན་ཡོངས་ཀྱི་སྲོག །ཕྱོགས་སུ་མ་ལྷུང་འཕགས་བོད་ཤིང་རྟའི་སྲོལ། །ཆ་ཤས་ཙམ་མིན་བཤད་སྒྲུབ་དཔལ་ཡོངས་རྫོགས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་ཀྱི་ཐ་མར་འཇམ་མགོན་མཆོག་གསུམ་གྱིས། །རྒྱལ་བསྟན་རིན་ཆེན་རྨིང་ནས་གསོ་འགྱུར་ཞེས། །མདོ་རྒྱུད་ཟབ་གཏེར་དུ་མའི་ལུང་གིས་བསྔགས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསང་བ་ཀུན་བདག་རྡོ་རྗེ་ཆོས་ལ་སོགས། །ལྷ་དང་ཌཱ་ཀི་རིག་འཛིན་ཆོས་སྲུང་གིས། །དགྱེས་པས་དབུགས་ཕྱུང་མདོངས་གསོལ་བྱིན་གྱིས་བརླབས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འཛམ་གླིང་ཐ་གྲུར་ཕྲིན་ལས་སྣང་བས་བརྡལ། །མཁས་གྲུབ་ཀུན་གྱིས་བསྙེན་བཀུར་ཕྱོགས་བཅུར་སྤེལ། །ཐར་འདོད་སྐྱེས་བུ་གྲོལ་བ་དྲུག་ལྡན་པ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཚངས་ཆེན་ཞིང་གི་འབྱོར་པས་མི་མཚོན་པའི། །ལུང་རྟོགས་ནོར་བུའི་དབྱིག་ཀུན་གྲམ་བུར་བརྡལ། །རྒྱལ་བསྟན་འཛིན་པའི་གཅེས་ནོར་ཀུན་རྫོགས་པ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གནས་སྐབས་ལས་བཞི་ཐུན་མོང་གྲུབ་པ་བརྒྱད། །མཐར་ཐུག་རིག་འཛིན་བཞི་དང་ལམ་མཆོག་ལྔ། །སྣང་བཞིའི་རྩལ་རྫོགས་སྐུ་ལྔའི་སར་སྦྱོར་བྱེད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོའི་དཔལ། །དམ་ཆོས་འཛིན་ལ་ཡོངས་སུ་འདུ་བས་ན། །སྲས་བཅས་རྒྱལ་བ་དགྱེས་པའི་ལམ་བཟང་པོ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བསྟན་འཛིན་མཁས་གྲུབ་སྐྱེས་བུས་ས་སྟེང་ཁྱབ། །བསྟན་པའི་སྦྱིན་བདག་ཚེ་དཔལ་བསོད་ནམས་རྒྱས། །བསྟན་རྩ་དགེ་འདུན་དར་རྒྱས་ཆོས་སྤྱོད་པས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འཇམ་པའི་དབྱངས་ནི་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་རྣམ་ཐར་ཡོངས་རྫོགས་དཔལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་འདུས་མཐུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཆོག་གྱུར་སྐུ་དང་ཡེ་ཤེས་གསང་བའི་མཛོད། །དཔག་ཡས་ཐུགས་རྗེའི་སྤྲིན་གྱིས་གདུལ་བྱའི་གླིང་། །ནམ་མཁའ་ཇི་སྲིད་སིམ་མཛད་ཐུགས་བསྐྱེད་མཐུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟག་མེད་ཡོན་ཏན་རྒྱ་མཚོའི་མཛོད་སྲུང་ཕྱིར། སངས་རྒྱས་ཀུན་གྱི་མཐུ་སྟོབས་རྡོ་རྗེ་ཅན། །མདོ་སྔགས་བསྟན་གཉིས་གླིང་བཞིར་དབང་བསྒྱུར་མཐུས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རིགས་གསུམ་བསྟན་འཛིན་ཚུལ་སྟོན་མཁན་སློབ་ཆོས། །བསྟན་པའི་སྦྱིན་བདག་མེས་དབོན་རྣམ་གསུམ་བཞིན། །འཇམ་མགོན་ཆོས་ཀྱི་ཤིང་རྟ་ཆེན་པོའི་སྲོལ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དོན་ལ་གནས་པའི་ངོ་མཚར་རྗེས་དྲན་ཞིང་། །ཕྱོགས་དུས་སྐྱབས་ཡུལ་མཆོག་རྣམས་སྤྱན་སྔ་རུ། །ཡོངས་རྫོགས་རྒྱལ་བསྟན་དར་རྒྱས་ཡུན་གནས་ཆེད། །ཇི་ལྟར་སྨོན་བཞིན་མྱུར་དུ་འགྲུབ་གྱུར་ཅིག །དེ་ཡང་མཆོག་གི་སྟོན་དང་བསྟན་པ་བཅས་ལ་ཡིད་ཆེས་ཐོབ་ཅིང་བཀའ་སྲོལ་འཛིན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་རྗེས་སུ་བཟུང་ཡང་། དུས་ཀྱི་སྙིགས་མར་གྱུར་པས་ཐུབ་བསྟན་ཡོངས་རྫོགས་ཤིན་ཏུ་ཉམས་དམས་པར་གྱུར་པའི་ཚེ། ལྷག་པའི་བསམ་པས་བསྟན་པ་རྒྱས་པའི་སྨོན་ལམ་ཙམ་བགྱིས་ཀྱང་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་མཐོང་ནས། སྦས་ཡུལ་འབྲས་མོ་གཤོངས་བྲག་དཀར་བཀྲ་ཤིས་ལྡིང་དུ་༧ཀུན་མཁྱེན་མཉྫུའི་ཞབས་ཀྱི་སྐུ་གདུང་མཆོད་སྡོང་ཆེན་པོའི་སྲོག་ཤིང་འཛུགས་པའི་སྐབས་སྨོན་ཚིག་གི་རྩ་ཐོ་ཙམ་བགྱིས་པ། སླར་ཡང་གཏེར་ཆེན་མཆོག་གླིང་གསུམ་པ་མཁྱེན་རྟོགས་རྨད་བྱུང་འཇམ་དབྱངས་སྨྲ་བའི་ཟླ་བ་ཡབ་སྲས་ནས་ལྷ་རྫས་བཀྲ་ཤིས་པའི་རྟེན་དང་བཅས་ཆེད་དུ་གསུང་བསྐུལ་ནན་ཏན་བྱུང་བས་སྤྲོ་བ་བརྟས་ཏེ། སྔགས་བཙུན་རྨོངས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྕགས་ཁྱི་རྟ་ཟླའི་དམར་ཕྱོགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དུས་མཆོད་ཀྱི་སྐབས། སྐུ་ཚབ་རིན་པོ་ཆེ་དངོས་གྲུབ་དཔལ་འབར་གྱི་སྤྱན་སྔར་ཡང་ཡང་གསོལ་བ་བཏབ་སྟེ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཉང་གི་བཀའ་བརྒྱད་བདེར་འདུས་སྔགས་བྱང་ (Volume 14, Text 19)

ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒོས་ཛཔ྄་ལས། གཙོ་བོ་ཡབ་ཡུམ་ནི། ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། རིགས་བཞི་ཡབ་ཡུམ་ནི། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་རཱ་ཏི། སྭཱཾ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་རཱ་ཏི། ཨཱཾ་ཨ་རོ་ལིཀ྄ །པཱཾ་རཱ་ག་རཱ་ཏི། ཧཱཾ་པྲ་ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་རཱ་ཏི། སེམས་དཔའ་ཡབ་ཡུམ་བརྒྱད་ནི། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སཻ་ས་མ་ཡ་སཏྭཾ། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱི་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏཱི་རཱ་གོ་ཧཾ། ཛྲིཾ་ཀུ་རུ་པཱ་ཎི། ཨཱ་ནིརྟཱི་རཱ་ག་ཡ་མྱེ། མེ་དྷཱ་ར་ཎེ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ། ཐིཾལྷ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ །ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། མུཾ་ཤྲཱི་ཨཱཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱ་བྱེད་ཡབ་ཡུམ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱཿ ཐུབ་པ་དྲུག་ནི། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། སྒོ་བ་ཡབ་ཡུམ་ནི། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཅེས་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་ལྟར་བྲིས་པའོ། ༈ ཁྲག་འཐུང་ང་བརྒྱད་ཀྱི་སྒོས་ཛཔ྄་ལས། གཙོ་བོ་ཡབ་ཡུམ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷེ་ཤྭ་རཱི་སཏྭཾ། ཁྲག་འཐུང་རིགས་བཞི་ཡབ་ཡུམ་ནི། ཨོཾ་བུད་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བུད་དྷ་ཀྲོ་དྷེ་ཤྭ་རཱི་སཏྭཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་དྷེ་ཤྭ་རཱི་སཏྭཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་དྷེ་ཤྭ་རཱི་སཏྭཾ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་དྷེ་ཤྭ་རཱི་སཏྭཾ། གནས་མ་བརྒྱད་ནི། ཨོཾ་བཛྲ་གཽ་རཱི་ཧཿ ཨོཾ་བཛྲ་ཙཽ་རཱི་ཧཿ ཨོཾ་བཛྲ་པྲ་མོ་ཧེ་ཧཿ ཨོཾ་བཛྲ་བེ་ཏཱ་ལཱི་ཧཿ ཨོཾ་བཛྲ་པུཀྐ་སཱི་ཧཿ ཨོཾ་བཛྲ་གྷསྨ་རཱི་ཧཿ ཨོཾ་བཛྲ་སྨེ་ཤ་ནཱི་ཧཿ ཨོཾ་བཛྲ་ཙཎྜ་ལཱི་ཧཿ ཡུལ་མ་བརྒྱད་ནི། ཨོཾ་བཛྲ་སིཾ་ཧ་མུ་ཁཱི་ཧེ། ཨོཾ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ཨོཾ་བཛྲ་ཤྲིཾ་གཱ་ལ་མུ་ཁཱི་ཧེ། ཨོཾ་བཛྲ་ཤྭ་ནཱ་མུ་ཁཱི་ཧེ། ཨོཾ་བཛྲ་གྲྀ་ཌྷཱ་མུ་ཁཱི་ཧེ། ཨོཾ་བཛྲ་ཀངྐ་མུ་ཁཱི་ཧེ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། སྒོ་མ་བཞི་ནི། ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཨོཾ་བཛྲ་ཨ་མུ་ཁཱི་ཧཱུྃ། ཨོཾ་བཛྲ་ལོ་ཀ་བཾ། ཨོཾ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ དབང་མོ་ཉེར་བརྒྱད་ནི། མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རཽ་ཏྲི་བྷྱོ། བེཥྞ་བཻ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། བཛྲ་སིངྒ་ལ་བྷྱོ། ཨ་མྲྀཏཾ་བྷྱོ། སཽ་མྱ་བྷྱོ། དཎྜ་དེ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། རཱ་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བཱ་ཡ་བཱི་བྷྱོ། མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣཱི་བྷྱོ། བཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། བ་རུ་ཎཱི་བྷྱོ། བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦོ་ད་ར་བྷྱོ། ཞེས་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ལྟར་རོ།། །།

ལས་བུམ་སྒྲུབ་ཐབས་ (Volume 31, Text 19)

ལས་བུམ་སྒྲུབ་ཐབས་ནི། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊས་བསང་། ཨོཾ་སྭ་བྷཱ་ཝ་ཤཱུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤཱུདྡྷོ྅་ཧཾ་གིས་སྦྱང་། ལས་བུམ་དབུས་སུ་པད་ཉི་རྒྱ་གྲམ་སྟེང་། །བདུད་རྩི་ལྗང་ནག་གཡས་སེར་གཡོན་དུད་ཁ། །ཕྱག་དྲུག་དང་པོས་རྡོ་རྗེས་བྷན་དམར་དཀྲུགས། །བར་པའི་ཕྱག་གཉིས་རྒྱ་གྲམ་དབྱུག་ཏོས་སྡིགས། །ཐ་མ་གཉིས་ཀྱིས་དྲག་པོའི་ཕུར་བུ་འདྲིལ། །རླུང་འབྱིན་ལྗང་ནག་གཡོན་ནས་འཁྲིལ་བའི་ཡུམ། །གཡས་པ་དྲིལ་འཁྱུད་གཡོན་པ་དུང་དམར་སྟོབ། །ཟ་བྱེད་གསོད་བྱེད་གཏུམ་རྔམ་ཚོགས་བཅས་གསལ། །རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཅེས་བཟླ། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། ཞེས་བསམ་མོ།།

སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ་ (Volume 62, Text 19)

སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས། །ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་དགོངས་པ་བརྡལ་ཁྱབ་ཀློང་། །ལྷུན་གྲུབ་འོད་གསལ་རྡོ་རྗེ་བཀོད་པའི་སྤྲིན། །རབ་འབྱམས་སྐུ་གསུམ་དག་པ་ཆེན་པོའི་དལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གནས་འདིར་གཤེགས། །ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཐིག་ལེའི་དཔྱིད། །ནང་བཅུད་སེམས་ཀྱི་རྡོ་རྗེ་གདན་གསུམ་ལྷ། །ཟུང་འཇུག་ཡེ་ཤེས་བཀོད་པ་འབྱམས་ཀླས་པ། །འགགས་མེད་ཅིར་ཡང་འཆར་ཞིང་འབྱུང་བའི་ཚུལ། །ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་བདེ་བ་ཆེ། །རྨད་བྱུང་འདོད་ཡོན་མི་ཟད་ནམ་མཁའ་མཛོད། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །སྣོད་བཅུད་ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས། །ནང་མཆོད་དུར་ཁྲོད་དྲག་པོའི་ལོངས་སྤྱོད་དང་། །སྨན་རཀ་གཏོར་མ་ཟག་མེད་བདུད་རྩིའི་བཅུད། །བདེ་བ་ཆེན་པོའི་ལོངས་སྤྱོད་ཐམས་ཅད་པ། །རང་ཤར་ལྷུན་གྲུབ་རིགས་ལྔའི་དམ་ཚིག་རྫས། །གསང་མཆོད་གདོད་ནས་ཟུང་འཇུག་མཉམ་ཉིད་ཀློང་། །འཁོར་འདས་མཚན་མའི་སྤང་བླང་རྟོག་པ་བྲལ། །ཡེ་ཤེས་ཆེན་པོའི་རོལ་པ་རྨད་བྱུང་བ། །རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་འདིའི། །སྣང་སྲིད་དབང་བསྒྱུར་བརྟུལ་བཞུགས་གྲུབ་པའི་རྗེ། །རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ལྔ་ལྡན་ཡེ་ཤེས་བདེ་བ་ཆེན་པོའི་ཀློང་། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང་། །རིག་པ་སྐུར་སྨིན་དགའ་རབ་བཻ་རོ་སོགས། །རྒྱ་བོད་རིག་འཛིན་བླ་མའི་ཐུགས་དམ་བསྐང་། ཁྱབ་བརྡལ་རིག་པ་རང་བྱུང་ཀུན་ཏུ་བཟང་། །རྫོགས་ཆེན་སྟོན་མཆོག་རྣམས་ཀྱི་ཐུགས༴ འབར་བ་ཀློང་ཡངས་དཔལ་ཆེན་མངོན་རྫོགས་རྒྱལ། །སུམ་བརྒྱ་དྲུག་ཅུ་རྩ་དགུའི་ལྷ་ཚོགས་བསྐང་། །བདེ་སྟོང་ཕྱག་རྒྱ་རོ་ལངས་བདེ་བ་མ། །མ་མོ་བདུན་བརྒྱ་ཉི་ཤུའི་ཐུགས༴ ཤྲཱི་སིཾ་ཧ་རིག་འཛིན་རྣམ་དགུ་སོགས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས༴ གདན་གསུམ་ཞི་ཁྲོའི་ལྷ་ཚོགས་སྒྲུབ་སྡེ་བརྒྱད། །དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ཐུགས༴ འབར་མ་མེ་ཡི་གདོང་དང་གཤོག་རྒོད་མ། །རྡོར་ལེགས་ལྷ་བཙན་ཀླུ་རྒྱལ་ཐུགས༴ ཆོས་དབྱིངས་ཀློང་ཡངས་ཐིག་ལེ་ཉག་གཅིག་ལས། །རྣམ་པ་སྒྱུ་འཕྲུལ་རྩ་གསུམ་བཀོད་པའི་ཚོགས། །འགགས་མེད་བདེ་ཆེན་རོལ་མོར་འབྱམས་ཀླས་པ། །ཟག་མེད་དགྱེས་པ་ཆེན་པོར་ཐུགས༴ ཁྱབ་བརྡལ་ཀློང་ཡངས་ཀ་དག་ཆེན་པོ་ལ། །གཉིས་སྣང་མཚན་མའི་སྒྲིབ་གཡོགས་མ་མཆིས་ཀྱང་། །གློ་བུར་བློས་བྱས་ནོངས་པའི་ཚོགས་ཐམས་ཅད། །ཆོས་དབྱིངས་ཀ་དག་ཆེན་པོར་བཟོད་པར་གསོལ། །རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཡིས། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་དུ་ཤར། །བདེ་ཆེན་འཕོ་མེད་ཡེ་ཤེས་མངོན་གྱུར་ནས། །ཀུན་བཟང་གདོད་མའི་དབྱིངས་སུ་གྲོལ་བར་མཛོད། །གཟུང་འཛིན་འཁྲུལ་རྟོག་ཉམས་ཆག་བར་ཆད་ཞི། །ཚེ་དཔལ་ཉམས་རྟོགས་ཡེ་ཤེས་སྣང་བ་རྒྱས། །སྣང་སེམས་རླུང་ཐིག་དབུ་མར་དབང་དུ་འདུས། །བདུད་བཞི་གཉིས་སྣང་རྩད་ནས་ཆོད་པར་མཛོད། །བརྒྱུད་གསུམ་བླ་མའི་དགོངས་བརྒྱུད་རྟོགས་པ་འཕོ། །ཡི་དམ་ཞི་ཁྲོས་མཆོག་ཐུན་དངོས་གྲུབ་སྩོལ། །གནས་གསུམ་མཁའ་འགྲོས་ཕྲིན་ལས་ཀུན་སྒྲུབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་པའང་སྒྲུབ་བརྩོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་ནས་བསྐུལ་ངོར་འཇིགས་མེད་འོད་གསལ་ཐུགས་མཆོག་རྡོ་རྗེར་འབོད་པས་དད་མོས་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་སྲུང་མཆོད་པ་ (Volume 22, Text 19)

འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་སྲུང་མཆོད་པ་བཞུགས་སོ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ རང་གི་སྙིང་ག་ནས་འོད་འཕྲོས་པས་མདུན་གྱི་ནམ་མཁར་བཀའ་སྲུང་དབང་གི་མ་མོ་བདུན༔ བཛྲ་ས་མ་ཡ་ཛ་ཛ༔ པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་བརྗོད། པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་སོགས་བརྗོད། དམར་ནག་པདྨ་ཁྲོས་པའི་དུར་ཁྲོད་ནས༔ རྒྱལ་བའི་བསྟན་སྲུང་རྣལ་འབྱོར་གྲོགས་མཛད་མ༔ བདེ་གཤེགས་གསུང་ལས་སྤྲུལ་པའི་མ་མོ་བདུན༔ དབང་དྲག་ཕྲིན་ལས་མཛད་ལ་ཕྱག་འཚལ་ལོ༔ འོད་དཔག་མེད་ཀྱི་དགོངས་བསྐྱེད་མ༔ སྤྱན་རས་གཟིགས་ཀྱི་བཀའ་ཉན་མ༔ མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་མ༔ བདེ་གཤེགས་བཀའ་ཡི་བྱ་ར་མ༔ རྣལ་འབྱོར་བདག་གི་བཀའ་སྲུང་མ༔ ཆོས་མཛད་ཡོངས་ཀྱི་གྲོགས་མཛད་མ༔ བཀའ་སྲུང་དབང་གི་མ་མོ་བདུན༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་རྗེ་ཆེན་པོའི་བསྟན་པ་སྤེལ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད༔ ཅེས་བརྗོད་དོ། །ནུབ་ཟངས་མཛོད་དམར་པོ་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །སྤྲུལ་སྐུ་རིག་འཛིན་ཆེན་པོའི་ཞལ་ཤེས་ཀྱི་གསུང་འཕྲོས་ལས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་འདི་ལ༔ ཁྲིད་དང་བཀའ་སྲུང་མཆོད་ཐབས་ཡོད་དེ། བསྒྱུར་དགོས་པ་ཡོད༔ གསུངས་སོ། །ཤུབྷཾ།། །།

སྟོན་པ་བཅོམ་ལྡན་འདས་ལ་འགྲོ་བ་བཞི་དང་བྲལ་བའི་བསྟོད་པ་ཚངས་པ་བཞད་པའི་དབྱངས་སྙན་ (Volume 52, Text 19)

༄༅། །མ དྷུ ར བྲ ཧྨ ཧཾ ས སྭ ར ནཱ མ བྷ ག ཝཱ ན ཤཱ སྟཱ ཡ ཅ ཏུ རྒ མ ན ར ཧི ཏ སྟོ ན ཏྲ བི ཧ རི སྨ། ། ༄༅། །སྟོན་པ་བཅོམ་ལྡན་འདས་ལ་འགྲོ་བ་བཞི་དང་བྲལ་བའི་བསྟོད་པ་ཚངས་པ་བཞད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ༄༅། །སུ སི དྡྷ དཱི དྷཱི སཾ ས དཱ ། སུ སི དྡྷ སཾ བུ དྡྷཱ བི དཱ ། ། ༄༅། །དགེ༵་ལེ༵གས་རྟག་པ་དམ་པའི་སྣང་བ་ནི། །གྲུ༵བ་པ༵་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཏེ། ། ༄༅། །སུ དྡྷཱ སུ སཱ དྡྷཱུ དྭོ དྷི ས ཿ སུ སི དྡྷ སཱུ དྷཱ བཱ ད དཻ ། ། ༄༅། །བྱང་ཆུབ་མཆོ༵ག་གི༵་བདུད་རྩིས་རབ་མཛེས་དེས། །ཤི༵ས་པའི་དགའ་སྟོན་ཀུན་ཏུ་སྦྱིན་གྱུ༵ར་ཅི༵ག ། གསལ་བྱེད་བཞིར་ངེས་རྐང་པ་གཅིག་གཉིས་བཞིར། །ཆོད་པའི་ཟུང་ལྡན་ཚིག་རྒྱན་ཀུན་མུ་དཱ། །ལྡེབ་ལེགས་སྦྱོར་བ་རྗེས་སུ་བསྔགས་པ་ཡི། །བྱེ་བྲག་མཁའ་དང་དབྱངས་ཀྱི་ཆུན་པོས་བཅིངས། །

དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ (Volume 35, Text 19)

༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། འཆི་མེད་བདུད་རྩིའི་ལང་ཚོ་རྒྱས། །སྒྲུབ་ལ་མཆོག་སྩོལ་ལྷག་པའི་ལྷ། །སྙིང་གི་པདྨོར་བཀོད་ནས་འདིར། །དབང་གི་མཚམས་སྦྱོར་མདོར་བསྡུས་བཀོད། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་དཀྱིལ་འཁོར་པད་དཀར་འདབ་བརྒྱད་མུ་ཁྱུད་མཛེས་ཚོན་ཅན་གྱི་སྟེང་དུ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་བཀོད། གཡས་སུ་རིན་པོ་ཆེའི་སྣོད་དུ་གཏོར་ཟླུམ་དཀར་པོ་འཁོར་བཞིས་བསྐོར་བ་རྒྱན་ལྡན། གཡོན་ཕྱོགས་སུ་ཤེལ་ཕྲེང་དཀར་པོ་དང་ཤེལ་རྡོ་བཞག །རྒྱབ་ངོས་སུ་ཚེ་རིལ་ཚེ་ཆང་། མདུན་དུ་ཉེར་སྤྱོད་བཤམ། འདི་ཁོ་ན་སྒེར་དུ་བྱེད་ན་ཐོག་མར་གཞི་བགེགས་ལ་གཏོར་མ་སྤྱི་ལྟར་གཏང་། ཞར་བྱུང་ལ་མི་དགོས། གང་ལྟར་ཡང་གཏེར་སྟོན་གྱིས་མཛད་པའི་བརྒྱུད་འདེབས་སྔོན་དུ་འགྲོ་བས། ལས་གཞུང་གི་སྐྱབས་སེམས་འཕྲོས་སུ་མཆོད་པ་བྱིན་རླབས་སྤྱི་རྒྱུག་ཅིག་བྱ། དེ་ནས་བདག་མདུན་གསལ་བཏབ་ལ་སྤྱན་འདྲེན་ནས་བསྟོད་པའི་བར་བཏང་། དམིགས་པའི་གབ་ཐིག་ལྟར་ཏིང་ངེ་འཛིན་གསལ་བཏབ་ལ་གཞུང་གི་བསྙེན་པ་ཅི་འགྲུབ་དང་། གབ་ཐིག་གི་ཡང་སྙིང་ཡང་བཟླ། བུམ་པའི་དམིགས་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱ་ཞིང་མཐར་མཆོད་བསྟོད་མདོར་བསྡུས་དང་བུམ་ལྷ་འོད་ཞུ་བྱ། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབས། འབྲུ་གསུམ་འོད་ཟེར་གྱིས་བདག་དབང་བླང་ངོ་། །གཉིས་པ་དབང་དངོས་ལ། སློབ་མ་ཁྲུས་ནས་དབྱུང་། བགེགས་བསྐྲད་སྲུང་འཁོར་སྤྱི་འགྲོ་དང་། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་མཆོག་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟེན་ནས་མཆོག་དང་ཐུན་མོང་གི་ལས་རབ་འབྱམས་སྒྲུབ་པའི་ཐབས་ཀྱི་བཀའ་སྲོལ་གསང་སྔགས་གསར་རྙིང་གཉིས་ཀར་འབྱམས་ཀླས་པ་ཞིག་བཞུགས་པ་ལས། དམ་པའི་ཆོས་སྒྲུབ་པའི་རྟེན་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་དུས་མ་ཡིན་པའི་འཆི་བ་ལས་སྐྱོབ་ཅིང་རིང་འཚོ་བདུད་རྩིའི་བཅུད་སྦྱིན་པ་ལ་མཆོག་ཏུ་མྱུར་ཞིང་ཀུན་ལས་ཁྱད་པར་དུ་འཕགས་པ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་པདྨཱ་ཀ་རའི་ཞལ་ལུང་། ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེས་ཚ་བ་སྒྲོ་བྲག་བན་རི་པདྨ་འོད་ནས་སྤྱན་དྲངས་པའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་བསྡེབས་སུ་བྱོན་པ་འདི་ཉིད་ཀྱི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་ཀུན་བདག་ཉིད་བླ་མ་རྗེ༔ བདག་ཅག་ཐུགས་རྗེས་བརྩེར་དགོངས་ལ༔ ལུས་ངག་ཡིད་གསུམ་བྱིན་རླབས་ཕྱིར༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ནད་མེད་བདེ་དབང་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་ཁྱེད་རང་རྣམས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ༔ མ་ཞུགས་པ་ཞུགས་པར་བྱེད་པ་ལ༔ རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར༔ བླ་མ་ཡིད་བཞིན་འཁོར་ལོ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ ཀུན་བཟང་བཀའ་བརྒྱུད་སོགས་ལས་བྱང་ལྟར་ལན་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་ཕྱིར་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚུལ་ཁྲིམས་རྣམ་གསུམ་ལེགས་པར་བསྲུང་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། བདག་སྣང་ཐམས་ཅད་མི་དམིགས་སྟོང་པར་གྱུར༔ སོགས་ལས་བྱང་ལྟར་ལ། འཇའ་ཟེར་སྣ་ལྔའི་ཀློང་དུ་འགྱིང་བག་ལྡན༔ ཐུགས་ཀར་མན་ཤེལ་ལས་བྱུང་བའི༔ སོགས་ནས། ཉེར་གཅིག་སྐུར་བཞེངས་ནས༔ ཁྱེད་རང་རྣམས་ལ་གཉིས་མེད་ཐིམ་པར་མོས༔ ཞེས་གསལ་བཏབ་ལ། སྤོས་རོལ་དབྱངས་དང་བཅས་ལས་བྱང་གི་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཡེ་ཤེས་པ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེ་རྣམས་ཀྱིས་དབང་གི་གཞི་འགོད་པ་སོང་ནས། དབང་དངོས་ལ་ཐོག་མར་སྐུ་བུམ་པའི་དབང་གི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པས་རིན་པོ་ཆེའི་བུམ་པ་འཆི་མེད་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་བདུད་རྩིའི་རྒྱུན་གྱིས་གང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ལྷ་ཡི་གཞལ་ཡས་ཁང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་རབ་ཏུ་བལྟམས༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན་པོ་དང༔ ཡིད་བཞིན་འཁོར་ལོ་པདྨ་འབྱུང་གནས་བཅས༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩི་མཆོག་གིས་དབང་བསྐུར་བས༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱརྻ་ཏཱ་རེ་ཨཱ་ཡུརྫྙཱ་ན་སརྦ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་གནས་ལྔར་བཞག་ལ༔ སྔགས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་བཏགས་པ་བརྗོད་ལ་འབྲུ་འཐོར༔ གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་ཁྱེད་རང་གཉིས་ཀ་ཐ་མལ་པ་མ་ཡིན་པ། རྗེ་བཙུན་མ་ཡིད་བཞིན་འཁོར་ལོར་གསལ་བའི་གཉིས་ཀའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་བའི་གདན་ལ་ཏཱྃཿདཀར་པོ། དེའི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་རེ་གསལ་ཐོབས་ཤིག །དེ་ནས་སློབ་དཔོན་ལ་མོས་འདུན་དྲག་པོ་བསྐྱེད་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་གཉིས་མེད་དུ་ཐིམ་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ལས་བྱང་དང་གབ་ཐིག་ཏུ་འབྱུང་བའི་སྙིང་པོ་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེས་རྗེ་བཙུན་ཡིད་བཞིན་འཁོར་ལོའི་གསུང་རིག་སྔགས་ཀྱི་ནུས་བྱིན་མ་ལུས་པ་རྒྱུད་ལ་ཞུགས། འགགས་མེད་རྡོ་རྗེའི་གསུང་ཐོབ་པར་མོས་ཤིག །ཕྲེང་བ་ལག་ཏུ་གཏད་ལ། ཧཱུྃ༔ འགག་མེད་ཚངས་པའི་གསུང་དབྱངས་བདུད་རྩིའི་བཅུད༔ གྲགས་སྟོང་བསམ་བརྗོད་འཛིན་རྟོག་བྲལ་བའི་ངང༔ ཚངས་དབྱངས་སྐྱེ་འགག་མེད་པ་འཕགས་མའི་གསུང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་འོད་གསལ་གྱི་བྱིན་རླབས་འཕོ་བའི་སླད་དུ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་སྙིང་གར་བཞག་པས། རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཐུགས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས། འོད་གསལ་གཉུག་མ་རྒྱུན་གྱི་རྟག་པ་རྡོ་རྗེའི་ཐུགས་ཐོབ་པར་མོས་ཤིག །ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ་ཧྲཱི༔ ཀློང་ཡེ་ཤེས་འོད་དུ་འབར༔ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི༔ ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་འཆི་མེད་རྡོ་རྗེའི་ཕོ་བྲང་དུ་གཏོར་མ་རྗེ་བཙུན་ཡིད་བཞིན་འཁོར་ལོ་རྩ་གསུམ་རྒྱལ་བའི་འཁོར་དང་བཅས་ཏེ་བཞུགས་པའི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་ཆེན་པོ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ། འཆི་མེད་རྡོ་རྗེའི་སྐུ་དང་བདེ་ཆེན་ཡེ་ཤེས་དབྱེར་མེད་པ་མི་འགྱུར་རྟག་པ་དམ་པའི་ཚེ་དབང་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ་ཧྲཱིཿ གཏོར་མ་སྤྲོས་བྲལ་ཟླུམ་པོའི་ཕོ་བྲང་ནས༔ རྗེ་བཙུན་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་བཞུགས༔ བྱིན་རླབས་ཀློང་ཡངས་འོད་ཕུང་འབར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་ནས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ནད་མེད་བདེ་དབང་བསྩལ་དུ་གསོལ༔ སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད། ཨོཾ་ཨཱརྻ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་ཚེ་རིལ་དང་ཚེ་ཆང་སྦྱིན། སྤྱི་འགྲོའི་ཤློཀ་རེ་བརྗོད་ལ་བཀྲ་ཤིས་རྫས་བརྒྱད་དང་རྒྱལ་སྲིད་སྦྱིན་ལ་ཤིས་པ་བརྗོད། དམ་ཚིག་ཁས་བླང་། གཏང་རག་ཕྱིན་སྤྱི་ལྟར་དང་། རྗེས་ཀྱི་བྱ་བའང་གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་རྣམས་གསང་བ་སྤྱི་དང་མཐུན་པར་བྱས་པས་འགྲུབ་བོ། །སྐྱེ་ཀུན་འཕགས་མས་རྗེས་སུ་བཟུང་། །འཆི་མེད་རྡོ་རྗེའི་ཚེ་དབང་ཐོབ། །འགྲོ་ཀུན་འཆི་བདག་འཇིགས་ལས་སྐྱོབ། །ཞི་བའི་བདུད་རྩིས་འཚོ་བྱེད་ཤོག །ཅེས་པའང་བླ་མ་དང་ལྷག་པའི་ལྷའི་བྲན་དུ་གྱུར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསོལ་འདེབས་བྱིན་རླབས་མྱུར་སྩོལ་མ་ (Volume 47, Text 19)

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསོལ་འདེབས་བྱིན་རླབས་མྱུར་སྩོལ་མ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཨཱོྃ་ཨཱཿཧཱུྃ། ཀ་དག་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གར་དབང་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མཉམ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་བའི་བདག་པོ་རྡོ་རྗེ་ཆོས་མཆོག་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འཆི་མེད་རིག་འཛིན་པད་འབྱུང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྒྱལ་བའི་ཐུགས་སྲས་མ་ཎི་ཀཱིརྟི་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཁྱབ་བདལ་ལྷུན་གྲུབ་ཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གནས་གསུམ་མཁའ་འགྲོ་མ་སྲིང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བཀའ་ཡི་ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་ཐོན་པར་བྱིན་གྱིས་རློབས། །རིག་པའི་རྩལ་དབང་ཐོབ་པར་བྱིན་གྱིས་རློབས། །གཞོམ་མེད་འཇའ་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཆོས་གྲྭ་ཆེན་པོ་དབེན་གནས་སྟེང་། །པདྨའི་ལུང་ཟིན་བསྟན་སྲུང་གིས། །རྣམ་འཇོམས་གསོལ་འདེབས་བྱིན་རླབས་ཅན། །བསྐུལ་ངོར་བདུད་འདུལ་རྡོ་རྗེས་བཀོད། །མངྒ་ལཾ།། །།

ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་ (Volume 40, Text 19)

༄༅༔ ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ མངའ་བདག་མྱང་ཉི་མ་འོད་ཟེར་གྱི་ཐུགས་ཐིག་གོ༔ ཐུགས་དམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ངན་སྔགས་སྒྲུབ་པ་བྱེད་དུས་སུ༔ བསྟན་པ་སྲུང་བའི་གང་ཟག་གིས༔ སྲུང་བའི་དམ་ཚིག་བསྟན་པ་ནི༔ གཅེས་པའི་མདོ་འགག་བཤད་པར་བྱ༔ འབྲལ་དུ་མི་རུང་བ་རྣམ་པ་གསུམ༔ གཏོར་མ་སྨན་དང་རཀྟ་གསུམ་གྱི༔ དམ་རྫས་དང་མི་འབྲལ་བས༔ དམ་ཅན་རང་བཞིན་གྱིས་ཚོགས་སོ༔ མི་འབྲལ་བ་མི་རུང་བ་རྣམ་པ་གསུམ༔ ཉམས་པའི་གྲོགས་དང༔ ཉམས་པའི་རྫས་དང༔ བདུད་ཀྱི་རྐྱེན་དུ་གྱུར་པ་མ་ལུས་པ་མི་འབྲལ་དུ་མི་རུང་སྤང་བར་བྱའོ༔ དེ་ལྟར་སྤངས་པས་རང་བཞིན་གྱིས་བཀྲ་ཤིས་སོ༔ བརྗེད་དུ་མི་རུང་བ་རྣམ་པ་གསུམ༔ ཡི་དམ་གྱི་ལྷ་བརྗེད་དུ་མི་རུང༔ བཟླས་པའི་སྔགས་བརྗེད་དུ་མི་རུང༔ དམ་ཚིག་ཕྱི་ནང་གསང་གསུམ་བརྗེད་དུ་མི་རུང༔ དེ་གསུམ་རྟག་ཏུ་དྲན་པར་བྱའོ༔ བྱ་རུ་མི་རུང་བ་རྣམ་པ་གསུམ༔ སྔོན་དུ་ཡི་དམ་གྱི་ལྷ་མ་བསྒོམས་པར༔ ལོ་ཀ་བསྒོམ་དུ་མི་རུང༔ ལྷ་ཛཔ྄་ཀྱི་སྔོན་འདྲེ་ཛཔ྄་མི་བསྒྲང༔ སྒྲུབ་རྟགས་ཚད་དུ་མ་ཕྱིན་པར༔ ལས་ཀྱི་སྦྱོར་ཁ་མི་རུང་ངོ༔ མི་བྱར་མི་རུང་བ་རྣམ་པ་གསུམ༔ རྟགས་ཐོན་ནས་ལས་སྦྱོར་མི་བྱར་མི་རུང༔ མ་བྱས་ན་དམ་ཅན་ཡིད་འགྱོད་པས་སོ༔ སྦྱོར་ཀའི་དུས་སུ་ཞེ་སྡང་བཅུད་སྣང་ཡང༔ སྙིང་རྗེས་མི་ཟིན་མི་རུང༔ མ་ཟིན་ན་མུ་སྟེགས་སུ་ལོག་སྟེ་འགྲོའོ༔ དགྲ་ལ་རྟགས་ཐོན་ནས་གཏང་རག་མི་གཏང་དུ་མི་རུང༔ མ་བཏང་ན་ཆད་པ་ཚུར་རང་ལ་གཅོད༔ མི་ཤེས་སུ་མི་རུང་བ་རྣམ་པ་གསུམ༔ སྲོག་གི་སྙིང་པོ་ནས་འདྲེན་མ་ཤེས་ན་བོས་ཀྱང་མི་འོང་ངོ༔ མཐུན་པའི་རྫས་ཀྱིས་མཆོད་མ་ཤེས་ན་མགུ་བ་མི་སྐྱེའོ༔ རང་རྟགས་ཆ་ལུགས་ཀྱི་སྒོ་ནས་བསྟོད་མ་ཤེས་ན་ཤིན་ཏུ་བདག་ལ་གདུང་བ་མི་སྐྱེའོ༔ མི་བསྐང་དུ་མི་རུང་བ་རྣམ་པ་གསུམ་སྟེ་ཉི་ཤུ་རྩ་གཅིག་གོ༔ གསོ་སྦྱོང་སྔོན་འགྲོས་བསྐང་དང་གཅིག༔ འགལ་འཁྲུལ་གློ་བུར་གྱིས་བསྐང་དང་གཉིས༔ ལས་འགྲུབ་གཏང་རག་གིས་བསྐང་དང་གསུམ་མོ༔ དེ་ལ་དང་པོ་ནི༔ ཚེ་འདིར་ཉམས་དང་སྔ་མའི་ཉམས༔ སྡིག་པས་དངོས་གྲུབ་བར་གཅོད་ཕྱིར༔ སྒྲུབ་ལ་འཇུག་པའི་སྔོན་རོལ་དུ༔ ཕྱི་བསྐང་ནང་བསྐང་བྱེད་པར་བྱ༔ མི་རྟག་མཚན་མ་མེ་ལོང་ལྟར༔ གསལ་བར་བྱ་ཕྱིར་ཁྲུས་ཀྱང་བྱ༔ ཞེས་སོ༔ བར་མ་ནི༔ དམ་ཅན་གྱི་ལོག་དང༔ འགལ་འཁྲུལ་གློ་བུར་བྱུང་ན༔ མདོས་ལ་སོགས་པ་ངེས་མེད་དུ་བྱའོ༔ ཐ་མ་ནི༔ ལས་གྲུབ་ནས་གཏང་རག་བྱ་སྟེ༔ རབ་བམ༔ འབྲིང་མདོས༔ ཐ་མ་ཚོགས་དང་གཏོར་མ་བཟང་པོས་བསྐང་ངོ༔ ཉི་ཤུ་རྩ་གཅིག་གཅེས་པའི་མདོ་འགག་སྣོད་ལྡན་སྐྱེས་བུའི་སེམས་ལ་ཐིམ༔ ཀུན་ལ་མི་བསྟན་རང་གི་སེམས་ལ་སྦོས༔ ྀཨཚ༔ བཅོམ་ལྡན་སྔགས་ཀྱི་བཟླས་ལུགས་ཇི་ལྟར་བགྱི༔ བཀའ་བསྩལ་པ༔ རིགས་ཀྱི་བུ་ཉོན་ཅིག༔ གསང་སྔགས་ཐམས་ཅད་ཐོག་བབ་པ་ལྟར་བགྲང༔ སྒྲུབ་སྔགས་ཐམས་ཅད་ཆུ་བོའི་གཞུང་ལྟར་བགྲང༔ རིགས་སྔགས་ཐམས་ཅད་སྤང་ལ་མེ་མཆེད་པ་ལྟར་བགྲང༔ དྲག་སྔགས་ཐམས་ཅད་ཕུ་ཆུ་འབྲུབ་པ་ལྟར་བགྲང༔ སྲོག་སྔགས་ཐམས་ཅད་སྤང་ལ་མེ་ཤོར་བ་ལྟར་བགྲང༔ ཟོར་སྔགས་ཐམས་ཅད་རལ་གྲིའི་སོ་འདེབས་པ་ལྟར་བགྲང༔ སྦྱིན་སྲེག་གི་སྔགས་ནི་ཧོམ་སྦར་བ་ལྟར་བགྲང༔ མནན་སྔགས་ཐམས་ཅད་དུད་རླངས་འཐིབས་པ་ལྟར་བགྲང༔ རྟགས་ཀྱིས་གདམས་པ་ལ་གཉིས་ཏེ༔ འགྲུབ་པའི་རྟགས་དང༔ ཕྲིན་ལས་རྟགས་སོ༔ འགྲུབ་པའི་རྟགས་ལ་གཉིས་ཏེ༔ ཅི་ཡང་མ་བྱུང་བ་དང་བྱུང་བའོ༔ རྟགས་ཅི་ཡང་མ་བྱུང་ན་བགེགས་རྣམ་པ་གཉིས་ལས༔ སྒྲུབ་པའི་བགེགས་ཞེས་བྱའོ༔ དེ་ལ་སྔགས་བརྗེ་བ་དང༔ ཕྲལ་ཏེ་བཟླས་པས་རྟགས་ཡོང་ངོ༔ དེ་ནས་དང་པོ་སྔ་མ་ཉིད་ལ་འཇུག་པར་བྱའོ༔ རྟགས་བྱུང་བ་ལ་གསུམ་སྟེ་ལོག་པར་བྱུང་བ་དང༔ མ་ལོག་པར་བྱུང་བ་དང༔ ཤིན་ཏུ་ངན་པར་བྱུང་བའོ༔ ལོག་པར་ནི༔ ཕོ་བསྒྲུབས་པ་ལ་མོ་བྱུང་ན་ངན་པ་སྟེ༔ མོའི་རང་བཞིན་ཆགས་པ་ཆེ་བ་དང༔ འཁུ་ལྡོག་དང་ངོམས་གཉིས་ཆེ༔ རྟག་ཏུ་ཟ་བ་ལ་དགའ་བའི་ཕྱིར་རོ༔ མོ་བསྒྲུབས་པས་ཕོའི་རྟགས་བྱུང་ན་བཟང་སྟེ༔ ཕོའི་རང་བཞིན་ཆད་བཙན༔ དམ་ལ་གནས་པའི་ཕྱིར་རོ༔ མ་ལོག་པར་བྱུང་བ་ནི༔ ཕོ་སྒྲུབ་ཕོ་རང་བྱུང་བ་དང༔ མོ་སྒྲུབ་མོ་རང་བྱུང་བ་སྟེ༔ དེ་ལ་ཡང་གཉིས་ཏེ༔ འགྱུར་བ་དང་མི་འགྱུར་བ་གཉིས་ཏེ༔ འགྱུར་བ་ནི་བཟང་ངན་སྣ་ཚོགས་སྟོན་པ་སྟེ༔ དེ་བྱུང་ན་དོན་དང་དབྱེ་བ་གཅེས༔ མི་འགྱུར་ན་བཟང༔ མན་ངག་གིས་ཤེས་པར་བྱ༔ ཤིན་ཏུ་ངན་པ་བྱུང་བ་ནི༔ དམ་ཅན་འཕང་པར་ལྡོག་པའི་རྟགས༔ སྤྲིན་དང་ན་བུན་བང་མགྱོགས་པ་ལྟ་བུ་དང༔ འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ༔ ཉམས་ཀྱི་ཕྱག་རྒྱ་བསྟན་ལ་བཅིང༔ གདམས་པ་ཡང་ཚོད་ཟིན་པར་བྱ༔ རྟགས་དེ་དག་ཀྱང་རབ་འབྲིང་ཐ་མ་གསུམ་སྟེ༔ རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་ལྟས་སོ༔་་་འོད་དང་སྒྲ་ནི་འཇིག་རྟེན་པ་ཕལ་པ་ལ་ཡང་ངོ༔ ཕྲིན་ལས་ཀྱི་རྟགས་ནི་གསུམ་སྟེ༔ ལས་ལ་ཚུད་པ་དང༔ མ་ཚུད་པ་དང༔ ལས་ཟིན་པའོ༔ ལས་ལ་ཚུད་པ་ཡང་རབ་འབྲིང་ཐ་མ་གསུམ་སྟེ༔ རབ་དངོས་སུ་གཟས་པ་པོ་ཁུག་པ་དང༔ འབྲིང་དལ་ལམ་བྲུབ་ཁུང་དུ་མཚན་མའི་རྗེས་དང༔ སྔར་ནས་དེ་ན་མེད་པའི་སྲོག་ཆགས་བྱུང་བ་དང༔ ཐ་མ་རྨིས་ལྟས་སུ་དམག་འདྲེན་པ་དང༔ ཤིང་གཅོད་པ་དང་ལིངས་འདེབས་པ་དང༔ མེ་ཆེན་པོ་བཏང་བ་དང༔ བླ་ཁུག་རྟགས་འབྱུང་བ་སྟེ༔ ར་དང་གཡག་ཏུ་བྱུང་ན་མྱུར་བར་བསྟན༔ ཁུག་པའི་རྟགས་དང་མཚན་མ་བྱུང་ན་མྱུར་དུ་ལས་ལ་སྦྱར་རོ༔ མ་སྦྱར་ན་ལན་གཉིས་ཁུག་ཀྱང་འཆོར་བ་དང༔ ཁུག་པ་ཤོར་དུ་བཅུག་ཅིང༔ དམ་ཅན་བསྐུལ་དྲགས་པས་དམ་ཅན་དང་གཉིས་རང་བཞིན་གྱིས་བཅུགས་པར་འགྱུར་ཏེ༔ དཔེར་ན་རྗེ་བོས་བྲན་ཁོལ་ལས་ལ་བྲེལ་པོར་བསྐུལ་ཡང༔ བསྐུལ་དྲགས་ན་བྲན་ཁོལ་ཡི་ཆད་པས༔ རྗེ་ཁོལ་གྱི་བཅུགས་སུ་སོང་བ་བཞིན་ནོ༔ ལས་ལ་མ་ཚུད་པའི་རྟགས་ནི༔ དགྲ་རྟགས་ཅི་ཡང་མ་བྱུང་ན༔ ཁོ་ལ་ལྷ་བཟང་པོས་སྐྱོབ་པ་ཡིན་པས༔ དབྱེ་བ་ལ་ནན་ཏན་བྱའོ༔ རྒྱབ་རྟེན་བཅོལ་ལོ༔ ལས་བྱས་ཟིན་པའི་རྟགས་ནི༔ ཁོ་རང་གསོད་པ་དང༔ མགོ་སྙིང་སྐེ་གཡུ་གློ་གྲི་རྣམས་སྟོན་པ་བཟང༔ ར་གཡག་བསད་ནས་བཤས་པ་ལ་སོགས་པ་བྱུང་ན་ལོ་དུས་ལས་མི་འགོར་བར་བསྟན༔ དེ་ལྟར་བྱུང་ཡང་ཁོ་ལ་ཉེས་པ་མ་བྱུང་ན༔ ཕྲིན་ལས་ཀྱི་མགྱོགས་བྱེད་ཅེས་བྱ་སྟེ༔ དབྱེ་བ་དང༔ འགུག་པ་ལ་ནན་ཏན་བསྐྱེད༔ དེས་ཀྱང་མ་བྱུང་ན་ལས་སྦྱོར་ཕོག་གཉིས་གསུམ་སྤོགས༔ སྤོགས་ཀྱང་མ་བྱུང་ན༔ གདོད་ལྷ་གནད་ལ་དབབ་པ་དང༔ ཤི་སའི་ལས་བྱའོ༔ དེ་ལྟར་བསྙེན་པ་གསུམ་ལྡབ་པའི་འབུམ་དུ་བསྐྱལ་ཞིང༔ ལས་སྦྱོར་ཡང་ཡང་སྤོགས་ཀྱང་མ་བྱུང་ན༔ གདོད་ཤི་ས་བྱ་བ་ལས༔ དེའི་གོང་དུ་ལྷ་ཤི་ས་བྱས་ན་རྣལ་འབྱོར་པ་རང་ཉིད་ཤི་སར་འགྱུར་རོ༔ བཟླས་པ་གསུམ་ལྡབ་དུ་བསྐྱལ་ནས་ལྷ་ཡི་ཤི་ས་བྱས་ན་དགྲའི་ཤི་སར་འགྱུར་རོ༔ དེ་ལྟར་བྱས་ཀྱང་མ་བྱུང་ན༔ རང་གི་ཚེ་འདིའམ་སྔ་མའི་ཉམས་སྒྲིབ་ཀྱིས་གནོད་པ་ཕོག་པ་ཡིན་པས༔ སྐོང་བ་དང་བཤགས་པ་དྲག་པོ་བྱས་ལ་སྤོགས་སོ༔ སྲོག་ཆོད་རྟིང་ཡང་དགྲ་མ་ཤི་ན༔ སྲོག་ཆོད་ཀྱང་བསོད་ནམས་ཀྱིས་ཐུབ་པ་ཡིན༔ ལོ་གསུམ་ཙམ་བསོད་ནམས་ཀྱིས་མི་ཐུབ་པར་བཤད༔ དཔེར་ན་ཡུར་བ་རིང་པོའི་ཆུ་ཞིང་ཐོག་ཏུ་སླེབ་མ་ཐག་བཀའ་མགོར་བཅད་ཀྱང་ཆུ་གཞུག་གིས་ཆུས་པ་དང་འདྲའོ༔ ཡང་ཇི་ལྟར་བྱས་ཀྱང་མ་བྱུང་ན༔ ལས་འཕྲོ་དང་སྐལ་བ་མེད་པ་ཡིན་པས་ཆོས་གཞན་སྤོའོ༔ སློབ་དཔོན་གཞན་ལ་ཞུའོ༔ ལས་བྱས་མ་ཐག་ཏུ་རྟགས་འོང་བ་ནི༔ བདག་ལ་སྐལ་པ་བདོག་པ་དང་དམ་ཅན་འཐིམ་པ་དང༔ ཕ་རོལ་པོ་ཚེའི་འདུ་བྱེད་ལ་བབ་ཅིང་གསོད་སླ་བ་དང༔ ལས་དང་རྐྱེན་འཛོམ་པར་བསྟན༔ དེ་ཆོས་སམ་གདམས་པ་འདི་ལྟ་བུ་དང་ལྡན་ཞིང་དམ་ལ་གནས་ན༔ སྒྲུབ་པ་ལ་རྩོམ་པ་ན༔ སྲོག་སྙིང་དང་རྫས་ཀྱི་གཏོ་མ་ནོར་བ་ཙམ་གྱིས་འགྲུབ་བོ༔ ཁྲོས་པའམ༔ བརྡབ་པའམ༔ ཚིགས་པ་ཙམ་གྱིས་མཐུ་འབྱུང་ངོ༔ གདམས་པ་འདི་རྣམས་དང་མི་ལྡན་ན༔ རང་གི་སྒྲུབ་ཐབས་རྒྱས་ཀྱང་ནུས་པ་མི་འབྱུང་ངོ༔ དེའི་ཕྱིར་རྣལ་འབྱོར་པ་བསྟན་པ་བསྲུང་བར་འདོད་པ་རྣམས་ཀྱིས༔ བསྟན་སྲུང་ཐམས་ཅད་ཀྱི་གདམས་པ་འདི་ལ་ཁོང་དུ་ཆུད་ཅིང་འབད་པར་མཛོད་ཅིག༔ ས་མ་ཡ༔ ྀཨཚ༔ དྷ་ཐིམ༔ ཁ་ཐམ༔ གུ་ཧྱ༔ ཡང་གུ་རུས་གསུངས་པ༔ དམ་ཅན་ཉེ་ཡང་ལས་བྱེད་མ་ཉན་ན༔ གནད་ལ་དབབ་ཅིང་ཨར་ལ་གཏད༔ སྲོག་གི་སྙིང་པོ་ཡས་མས་བཟློག་ལ་བགྲང༔ དེས་མ་འགྲུབ་ན་སྲིད་པ་དཀྲུག་པ་བྱ་སྟེ༔ སྲོག་སྔགས་དཀྲུགས་ལ་བཟླས༔ རང་ཡི་དམ་གསལ་བར་བྱས་ལ༔ དམ་ཅན་གཟིར་ཅིང་གནད་ལ་དབབ༔ དེས་ཀྱང་མ་འགྲུབ་ན༔ དམ་ཅན་ཤི་ས་བསྟན་པར་བྱ་སྟེ༔ དམ་ཅན་གང་ཡིན་པ་དེ་ཡི་རྟེན་དང༔ སྐུ་ཙཀ་ལི་དང༔ དམ་རྫས་རྣམས་བྲུབ་ཁུང་དུ་བཅུག་ལ་ཐུན་གྱིས་བྲབ༔ ཕུར་པས་གཟིར༔ དེའི་དུས་སུ་ལྟ་བ་ཡང་འདི་ལྟར་བསྒོམ་ཞིང༔ སྲིད་པ་འདུས་པ་ཐམས་ཅད་བདག་གིས་བཀའ་འོག་གནས་པར་བསམ༔ བདག་ཡི་དམ་ལྷའི་ཞབས་འོག་ནས་དམ་ཅན་རྣམས་གནོན་ཏེ༔ སྙིང་ཁྲག་ཞལ་དུ་བརྔུབས་པས༔ ཉ་བྱེ་ཚན་ལ་བོར་བའམ༔ གཅེར་བུ་ལྷགས་པས་ཁྱེར་བ་ལྟར༔ མིག་རིག་རིག་འདར་ཡེད་ཡེད་བདག་གི་མདུན་ན་བཀའ་སྡོད་ཅིང༔ དཔལ་ཆེན་པོ་བཀའ་བསྩལ་དུ་གསོལ༔ ལས་ཅི་བྱེད་ཟེར་བར་བསམ་ལ༔ སྔགས་ཡས་མས་བཟློག་ལ་དྲག་པར་བགྲང༔ བྲུབ་ཁུང་དུ་སླེ་ནག་དང༔ རས་ནག་དང༔ ཞིང་ལྤགས་ཀྱིས་གདུལ་ཞིང་ཚིལ་ཆེན་གྱི་དུད་པས་བདུག༔ དམ་རྫས་ཡང༔ རང་ཤི་དང༔ ཨ་མྲྀཏ་དང༔ ཆང་དང༔ རཀ་ཏ་སྦྱར་ལ་གཏོར་ཞིང་ལ་ཡོགས་དོར༔ བདག་ཉིད་རང་ཡང་གཅེར་བུར་ཕྱུང་ལ་ཞིང་ལྤགས་གོན༔ གདོང་ལ་སོལ་བ་བསྐུ༔ བ་སྤུ་ཟློག་ཅིང་མཆིལ་མ་ཕྱུང༔ ཐལ་མོ་དྲག་ཏུ་བརྡབ་ཅིང་བསྐོར་བ་ཕྱིར་ལན་བདུན་བྱ༔ བླ་མ་རྣམས་ཀྱི་བཀའ་རྫུན་ནམ༔ སངས་རྒྱས་ཀྱི་བཀའ་རྫུན་ནམ༔ ཆོས་ཀྱི་བཀའ་རྫུན་ནམ༔ དགེ་འདུན་གྱི་བཀའ་རྫུན་ནམ༔ བསྟན་པ་བཤིགས་པའི་རུ་ཏྲ་འདི་ལ་ཚེ་སྲོག་མེད་དམ༔ བདག་གིས་དབེན་གནས་ཞྭ་ལྟར་གོན༔ ལུས་སྲོག་འབེན་དུ་བཙུགས༔ ཤ་ཁྲག་གཟན་ལ་བོར་ནས་དམ་ཅན་ཁྱེད་སྒྲུབ་པ་ན༔ རྣལ་འབྱོར་ང་ཡི་རྩལ་ཤེད་སྣལ་ལྟར་དུ་བུད་ན༔ དམ་ཉམས་པའི་དགྲ་བོ་ནི་གངས་ཀྱི་སེངྒེ་ལྟར་དུ་རྒྱུག་ནས༔ འཇིག་རྟེན་འདི་ན་བདག་ལ་མགོན་མེད་དམ༔ དམ་ཅན་ཁྱེད་ཀྱི་ཐུགས་རྗེས་བདག་ལ་མི་དགོངས་སམ༔ སྡང་བའི་དགྲ་ལ་རྟགས་མེད་ན་སྔོན་གྱི་ཐ་ཚིག་དང་འགལ་བར་མི་འགྱུར་རམ༔ ཞེས་བརྗོད་ཅིང་སྲིད་པ་དཀྲུག་པར་བྱའོ༔ དེ་ལྟར་ཞེ་སྡང་དང་བཅས་པས་ཞག་གཅིག་བྱའོ༔ དེའི་ནུབ་མོ་གཏོར་མ་ཡང་མི་བཏང་བར་ཉལ་ལ་སྡོད༔ དེ་ནས་ནངས་པར་རྟེན་རྫས་རྣམས༔ མེ་ལོང་གི་ངོས་ལ་བདུད་རྩིའི་ཁྲུས་བྱས་ལ་བཤགས་པ་བྱའོ༔ རྟེན་རྫས་རྣམས་སོ་སོར་བཀོད་ལ་ཞག་གསུམ་དུ་ལས་ལ་སྦྱར་རོ༔ དེས་ནི་ལྕགས་ཀྱི་སྲོག་རྩ་ཡོད་ཀྱང་ཆད་ངེས་སོ༔ མཱ་ར་ཡ་གདོན་མི་ཟའོ༔ དམ་ཅན་ཤི་ས་བསྟན་པ་རྫོགས་སོ༔ ས་མ་ཡཱ༔ ཁ་ཐམ༔ གུ་ཧྱ༔ ༁ྃ༔ ཡང་གུ་རུས་གསུངས་པ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་རྫས་དང་ཏིང་ངེ་འཛིན་གྱི་རིམ་པ་ནི༔ འཇིག་རྟེན་པ་སོ་སོ་གང་བསྒྲུབ་ཀྱང༔ གཏོར་མ་བསྙེན་པ་དང་འབོད་པའི་རྫས་སྨན་དང་རཀ་ཏས་མཆོད༔ སྔགས་ཀྱང་ཆུ་བོ་ཡི་རྒྱུན་བཞིན་བཟླས་ལ་སོས་བདལ་ལོ༔ བསྙེན་པ་ལ་དྲགས་ན་རྦད་དང་གསད་པའི་དུས་སུ་དུབ་ནས་སུན་ཏེ་འགྲོ་བའོ༔ སྒྲུབ་པའི་དུས་སུ་་་སྒྲུབ་དང་རྦད་པའི་རྫས།དྲག་པོའི་རྫས་དང་ཐུན༔ ཕུར་པ་ལ་སྔགས་ཏེ་བསྒྲུབ་བོ༔ བརྩོན་འགྲུས་དང་ལྡན་པས་དམ་ཅན་བསྐུལ་ཏེ་དགྲ་ལ་རྦད་དོ༔ ལས་སྦྱོར་དང་གསད་པའི་དུས་སུ༔་་་རྫས་ནི། སྒྲུབ་རྫས་དང་ཐུན་དང་ཕུར་པ་ལ་སོགས་པས་དུས་དྲུག་ཏུ་གསད་ལས་བྱའོ༔ བརྩོན་འགྲུས་ཡང་མགོ་ལ་མེ་ཤོར་བ་ལྟར་དུ་བྱའོ༔ ཤིན་ཏུ་དྲག་ལ་ཡུན་ཐུང་བ་ཞག་བདུན་ནམ༔ བཅུ་བཞི་འམ༔ ཉེར་གཅིག་ཏུ་ལས་སྦྱོར་ཐམས་ཅད་རྫོགས་པར་བྱའོ༔ ལས་མཇུག་མནན་སྲེག་འཕང་གསུམ༔ ལས་གཞུང་ནས་གང་བཤད་པ་ལྟར་བྱའོ༔ ཡང་གུ་རུས་གསུངས་པ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཏིང་ངེ་འཛིན་ནི༔ བསྙེན་པའི་དུས་སུ་བདག་ཉིད་ཡི་དམ་ལྷར་བསྐྱེད་ལ༔ ཏིང་ངེ་འཛིན་ནི་མདུན་དུ་དམ་ཅན་གང་བྱེད་བསྐྱེད་ལ༔ བདག་གི་བཀའ་ཉན་པར་བསམ༔ བདག་དང་དམ་ཅན་གྱི་ཐུགས་ཀར་སྔགས་ཀྱི་འོད་ཟེར་ཕྲེང་བ་ལྟར་ཕར་སྤྲོ་ཚུར་སྤྲོ་བྱའོ༔ སྐབས་སུ་གདུང་བའི་དབྱངས་གཏང་ངོ༔ གཏོར་མ་སྨན་དང་རཀྟས་མཆོད་པར་བྱའོ༔ བསྟོད་བསྐུལ་ཅི་རིག་པར་བྱའོ༔ ཐ་ཚིག་ཀྱང་བརྗོད་ཅིང་དམ་ལ་བཏགས༔ ཐོད་པ་ཚར་གསུམ་གྱི་ཕྱག་རྒྱས་དམ་ཅན་དབང་དུ་བསྡུས་ཏེ་ཤིན་ཏུ་བསྒྲིམ་པར་བྱའོ༔ དེ་ནས་སྒྲུབ་པ་དང་རྦད་པའི་དུས་སུ༔ ཏིང་འཛིན་ནི་བདག་ཉིད་ཡི་དམ་ལྷ་དང་གཉིས་མེད་དུ་བསྒོམ༔ དམ་ཅན་འཇིག་རྟེན་པ་ཕོ་མོ་གང་ཡིན་པ་དེ༔ རྒྱན་དང་ཆ་ལུགས་ཇི་ལྟ་བ་དེ་བསྐྱེད་ལ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ལས་མཁན་གང་ཡིན་པ་དེའི་ཐུགས་ཀར་ཕོག་པས༔ སྲོག་བརྒྱུད་ནས་བསྐུལ་ཏེ༔ དགྲ་བོ་གང་ན་གནས་པའི་ཕྱོགས་སུ་སོང་བས་ཁྱི་ལ་ཆོས་བཏབ་པ་བཞིན་དུ་སོང་བར་བསམ་མོ༔ བདག་དང་དམ་ཅན་གཉིས་མེད་དུ་བསམས་ལ་རྦད་དོ༔ གསད་པ་དང་ལས་སྦྱོར་གྱི་དུས་སུ༔ ཏིང་ངེ་འཛིན་ནི་བདག་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་དགྲ་བོ་གང་ན་གནས་པའི་ཕྱོགས་སུ་སོང་སྟེ༔ དགྲ་བོ་ཡི་སྲོག་གི་གསང་ལུང་དུ་ཞུགས་ནས་ཁོ་ཡི་སྲོག་གི་སྙིང་པོ་ནྲྀ་དེ་བདག་གི་ཐུགས་ཀའི་འོད་ཟེར་སྔོན་དམར་གྱིས་ཁྱེར་ནས་བྱུང་བར་བསམ༔ བདག་གིས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་རྩེ་མོ་ལ་ཡི་གེ་ཛ་སྔོན་དམར་ལྕགས་ཀྱུའི་ཚུལ་དུ་འཕྲོས་པས་བསྒྲུབ་བྱའི་ནྲྀ་དེ་ལ་ཁྱུད་ཀྱིས་འཁྱུད་ནས་རང་དབང་མེད་པར་ཁུག་པར་བསམ༔ ཕྱག་རྒྱ་བཞིས་འགུགས་གཞུག་བྱས་ལ་འབྲུབ་ཁུང་གི་ནང་དུ་ནག་རིལ་གྱིས་ལིང་ག་དང་གཉིས་སུ་མེད་པར་སོང་བར་བསམ༔ དེ་ནས་ཕོ་ཉ་དང་བཅོལ་བསྐུལ་ཡང་མང་དུ་བྱ་ཞིང་དགུག་གོ༔ རང་གི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་མངོན་དུ་བསྒྲུབ་བྱ་དེ༔ དམ་ཅན་ཕོ་མོ་རྣམས་ཀྱི་ཡང་དགྲ་བོ་ཁྲིད་ནས་བྱུང་བར་བསམ་ལ༔ སྔོན་ལ་ཡཾ་ལས་རླུང་གི་དལ་བསམ༔ དེའི་སྟེང་དུ་ཁོ་གནས་པར་བསམ་ལ༔ ལ་ལས་རླུང་གི་དལ་ལ་བཟུང་ནས་བཏེགས་པར་བསམ༔ ལ་ལས་སྐྲ་དང་སྤུ་ནས་བཟུང༔ ལ་ལས་ལུས་དང་ཡན་ལག་ནས་བཟུང༔ ལ་ལས་ལྕགས་ཀྱུས་བཟུང༔ ལ་ལས་ཞགས་པས་ཁྲིད་པར་བསམ༔ ལ་ལས་ལྕགས་སྒྲོག་གིས་བསྡམས་པར་བསམ༔ ལ་ལས་དྲིལ་བུས་མྱོས་སུ་བཅུག་པར་བསམ༔ ལ་ལས་ཕོ་ལྷ་ལ་སོགས་པའི་འགོ་བའི་ལྷ་ལྔ་དང་ཕྲལ་ནས་ཕར་བསྐྲད་པར་བསམ་ལ༔ དེ་ནས་དབྱེ་བར་བྱ་སྟེ༔ གསེར་སྐྱེམས་བརྔན་ཆས་སྲུང་མ་ཐམས་ཅད་ལ་མཆོད༔ བཅོལ་བསྐུལ་ཡང་དྲག་ཏུ་བྱའོ༔ ཁོ་ལ་འགོ་བའི་ལྷ་ཐམས་ཅད་ལ་ཡང་གསེར་སྐྱེམས་བྱེད་ལ་ཁོའི་སྡོངས་གྲོགས་མ་བྱེད་ཅེས་བཀའ་བསྒོའོ༔ དེ་ནས་ལྷ་དང་དབྱེ་བ་དྲག་ཏུ་བྱས་ནས་དགྲ་བོ་སྔོན་དམར་གྱི་དྲྭ་བར་བཅུག་པར་བསམ་ལ༔ བྲུབ་ཁུང་སྲིད་གསུམ་འཁོར་བའི་བཙོན་ཁང་དུ་ནག་རིལ་གྱིས་བཅུག་པར་བསམ་ལ༔ ཐུན་གྱིས་བྲབ་ལ་ཕུར་པས་གདབ༔ མཚོན་གྱིས་གཏུབ་རྡུལ་དུ་བརླགས་པར་བསམ་ལ༔ ཡེ་ཤེས་ལྷ་དང་སྲུང་མ་རྣམས་ཀྱི་ཞལ་དུ་བསྟབས་སོ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་རྫས་དང་ཏིང་ངེ་འཛིན་དེ་ལྟར་ཤེས་པར་གྱིས་ཤིག་གསུངས་སོ༔ གུ་རུའི་ཞལ་ནས༔ སྤྱིར་ནི་ངན་སྔགས་གང་སྒྲུབ་ཀྱང༔ སྲུང་མ་སྐྱེངས་དྲེད་འཛེང་གསུམ་དུ་མ་ཤོར་བ་གལ་ཆེ༔ དེ་ཡང་དང་པོ་བསྙེན་པ་ལ་མཚན་མ་བརྟན་པ་མ་ཐོབ་ཅིང་ལེ་ལོར་ཤོར་ནས༔ སྒྲུབ་པ་ལ་སྦྱར་སྔ་ན་དམ་ཅན་དྲེད་ནས་ལས་འགྱངས༔ སྒྲུབ་པའི་དུས་སུ་རྟགས་བརྟན་པ་མ་ཐོབ་ཅིང་ལེ་ལོར་ཤོར་ན༔ དམ་ཅན་དབང་དུ་མ་འདུས་པར་ལས་ལ་སྦྱར་སྔ་ན་དམ་ཅན་གྱེད་ནས་ལས་བྱེད་མི་འདོད༔ འགྲུབ་རྟགས་ཚད་དུ་ཕྱིན་ནས་།་་་བླ་ཁུག་ནས་གསད་པའི་ལས་སྦྱོར་ཕྱིས་ན་དམ་ཅན་སྐྱེངས་ནས་འཁུ་རྡོག་ཚུར་ལ་ཡོང༔ དེ་བས་རྟགས་ལ་སྦྱར་ལ་དྲོད་ཚད་ཆམ་ལ་དབབ་ན་ལས་ལ་ཐོགས་པ་མེད་དོ༔ ཅེས་གདམས་པའོ༔ ས་མ་ཡཱ༔ དྷ་ཐིམ༔ ཁ་ཐམ༔ ྀཨཚ༔ གུ་ཧྱ༔ སྔགས་ཀྱི་སྒྲོམ་བུ་བཞུགས་སོ༔ དྲེགས་པ་འདུལ་བྱེད་ལྷ་ལ་ཕྱག་འཚལ་ལོ༔ དྲོད་ཚད་འཛིན་པ་གལ་ཆེ་མ་ཤེས་ན། སྤྱིར་ལྷ་འདྲེ་དྲེགས་པ་ཅན་གང་བསྒྲུབ་ཀྱང༔ སོ་སོའི་གཞུང་བཞིན་སྒྲུབ་པ་ནི་ཕྱི་སྒྲུབ་བོ༔ དེ་ལ་བསྙེན་པ་ཚད་དུ་སྐྱོལ་ཡང་རྟགས་མེད་ན༔ ཨཱ་ལི་ཀཱ་ལིའི་སྒྲོམ་ནས་འདོན་པ་ནི་ནང་སྒྲུབ་བོ༔ དེ་ལ་ཡང་རྟགས་མེད་ན་སྔགས་བཟློག་ནས་བཟླས་པ་ནི་གསང་སྒྲུབ་བོ༔ དེས་ཀྱང་རྟགས་འདོད་པ་བཞིན་མ་བྱུང་ན་སྔགས་དཀྲུགས་ནས་བཟླས་པ་ནི་ཡང་གསང་གཏེར་གྱི་སྒྲུབ་པའོ༔ ཡིག་སྒྲོམ་ལ་གསུམ་སྟེ༔ ཕོ་རྐྱང་གཅིག་ལ་རྡུགས་ན༔ ཨོཾ་ཀ་ཁ་ག་གྷ་ང༔ དེས་མགོ་དྲང༔ བར་དུ་འབོད་པ་གཞུག༔ ཡ་ར་ལ་ཝ༔ ཨུ་ནེ་ཨུ་ནེ་ཧཱུྃ་ཕཊ༔ ཅེས་བཏགས༔ མོ་རྐྱང་གཅིག་ལ་རྡུགས་ན༔ ཨུ་ནེ་ཨུ་ནེ་ཧཱུྃ་ཕཊ༔ དེས་མགོ་དྲང༔ བར་དུ་འབོད་པ་བཅུག༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ བཏགས་སོ༔ ཡང་ན༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ཡི་བར་དུ་གང་བྱེད་པ་བཅུག་ལ༔ མཇུག་ཏུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཅེས་བཏགས༔ ཕོ་མོ་སྦྲགས་མ་གཅིག་ལ་རྡུགས་ན༔ ཨོཾ་ཀ་ཁ་ག་གྷ་ང༔ ཅེས་མགོ་དྲང༔ བར་དུ་གང་བྱེད༔ གཤམ་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ཞེས་བཏགས་སོ༔ ཡང་ན་ཨཱ་ལི་ཀཱ་ལི་ཡི་བར་དུ་ཕོ་མོ་སྦྲགས་མའི་སྔགས་གཞུག་གོ༔ ཕོ་རྐྱང་མོ་རྐྱང་སྦྲགས་མ་གང་ཡིན་ཡང༔ བསྙེན་པ་ལ་རྟགས་མེད་ན༔ འབོད་པ་ཕོ་མོ་དབང་དུ་བསྡུ་བའི་སྔགས་འདི་བཏགས༔ ཙིཏྟ་ཧྲིང་ཧྲིང་ཛ༔ ཞེས་བཏགས༔ དེས་རྟགས་མ་ཕེབ་པ་དང་རྦད་པ་དང་གསད་པ་ཡང་རིམ་པར་བཏགས་ཤིང༔ གསད་པ་ལ་ཕོ་མོ་སྦྲགས་མའི་གང་ཡིན་གྱི་མཐར་བསྒྱུར་དུ་སྤུ་གྲི་བཏགས་སོ༔ དེས་ཀྱང་རྟགས་འདོད་པ་བཞིན་མ་བྱུང་ན་ཟློག་པ་ལ་ལྔ་སྟེ་སྡེ་ཚན་ཟློག་པ་དང༔ མཐའ་གཉིས་ཟློག་པ་དང༔ ཤད་བར་ནས་ཟློག་པ་དང༔ ཚག་བར་ནས་ཟློག་པ་དང༔ འབྲུ་ནས་ཟློག་པའོ༔ དེ་ཡང་སྔགས་མང་ན་ཤད་བར་ནས་སྡེ་ཚན་ཟློག༔ དེ་བས་ཉུང་ན་མཐའ་གཉིས་ཀྱི་ཤད་བར་ནས་རེ་རེ་ཟློག་པ་དང༔ བར་མ་དེ་ཟློག་པ་དང་བསྣོལ་མར་བགྲང༔ དེས་ཀྱང་རྟགས་མེད་ན༔ ཤད་བར་གྱི་སྡེ་ཚན་རིམ་པ་ནས་ཚང་བར་ཟློག༔ དེས་ཀྱང་མེད་ན་མཇུག་ནས་ཚག་བར་རིམ་པར་ཟློག༔ དེས་ཀྱང་ཁ་ལ་མ་ཉན་ན་འབྲུ་རེ་རེ་ནས་ཟློག་པའམ༔ ཡན་ལག་མཚན་མ་ཕྲལ་ལ་བཟླས༔ ཡང་ན་འབྲུ་རེ་རེ་ནས་ཡན་ལག་ཕྲལ་ལ་དེ་ཟློག་ལ་བཟླས༔ དེ་རྣམས་ཀྱིས་རྟགས་ལ་མི་ཕེབ་མི་སྲིད་དོ༔ དཀྲུག་ལ་གོང་གིས་འགྲེས་ཏེ་མཐའ་གཉིས་དཀྲུག་པ་དང་ཤད་བར་དང་སྡེ་ཚན་དང་ཚག་བར་ནས་དཀྲུག་པའོ༔ དང་པོ་གོང་ནས་ཤད་བར་གཅིག་གཞུག་ཏུ་འདོན༔ དེ་བཞིན་དུ་གཞུག་གི་ཤད་བར་གཅིག་མགོར་འདོན༔ དཀའ་ན་སྡེ་གཉིས་ཀྱང་མགོ་གཞུག་འདོན༔ སྡེ་ཚན་ནི་དབུས་ན་ཡོད་པ་མཐར་འདོན༔ མཐའ་ན་ཡོད་པ་དབུས་སུ་གཞུག༔ ཡང་ན་གསད་སྔགས་འགོར་འདོན༔ བསྙེན་པ་གཞུང་དུ་བསྟན་པའོ༔ འབོད་རྦད་གསད་གསུམ་གཅིག་ཏུ་བསྟན་པ་ལ་གོང་འོག་སྤོའོ༔ ཚག་བར་དཀྲུག་པ་ནི་རེ་མིག་གམ་འཁོར་ལོ་བྱའོ༔ ཡང་ན་དཀྲུག་པ་དང་ཟློག་པ་གཉིས་ཀ་སྦྲགས་ལ་བྱའོ༔ ཡང་ན་སྣལ་མ་ཚར་གཅིག༔ ཟློག་པའམ་དཀྲུག་པ་ཚར་གཅིག་སྦྲགས་ལ་བྱའོ༔ དེ་ལྟ་བུའི་སྦྱོར་བ་ཤེས་ན་ལྷ་འདྲེ་གང་བསྒྲུབ་ཀྱང་མི་འགྲུབ་མི་སྲིད་དེ༔ ཟློག་པ་དང་དཀྲུག་པ་གཉིས་ཀྱང་ཡིག་སྒྲོམ་དུ་བཅུག་ལ་བྱའོ༔ ལས་བྱེད་དུ་མི་འདོད་ན་རྦད་པ་དང་པོ༔ འབོད་པ་བར༔ གསད་པ་ཞབས་སུ་བཏགས་སོ༔ དེ་ལྟར་བྱས་ཀྱང་དགྲ་མ་སོད་ན༔ གསད་པ་དང་པོ༔ རྦད་པ་བར༔ འབོད་པ་ཐ་མའོ༔ ཡང་ན་འབོད་པ་དཀྲུག་པའམ་ཟློག༔ རྦད་གསད་རྣལ་མར་བཏགས༔ དེ་ལ་ཤམ་དུ༔ སརྦ་དུཥྚཱཾ་ཆེ་གེ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཅེས་བཏག་གོ༔ དེ་ཡང་དང་པོ་སྒྲོམ་བར་དུ་འབོད་པ་སྣལ་མ༔ ཟློག་དཀྲུག་གསུམ་གང་རུང་ལ༔ རྦད་གསད་ཤམ་བུ་དང་བཅས་ལ༔ ཐ་མ་ལ་ཕོ་རྐྱང་གཅིག་ལ་རྡུགས་ན༔ རཀྴ་པ་དང༔ སྤུ་གྲི་ནྲྀ་ཏ༔ མོ་རྐྱང་གཅིག་ལ་རྡུགས་ན༔ མ་མོ་རག་མོ་དང་སྤུ་གྲི་རྣྲྀ་བཏགས་སོ༔ ཕོ་མོ་སྦྲགས་མ་གཅིག་ལ༔ གཉིས་གང་སྦྲེལ་ཏེ༔ རཀྴ་པ་ཤ་ཁ་རག་དུན་ཏྲི་ཐ་ཏྲི་དུ༔ མཱ་ར་ཡ༔ རཀྴ་ལ་དྷར་ཨུ་ཐ་གཟིར་གཟིར༔ ཡ་རྒྱུག་ཡ་ཁུག་ཡ་དྲོངས༔ ཆེ་གེ་མ་གཏང་རྦད་སོད་ཡ༔ མ་མ་རག་མོ་རག་མ༔ མ་གཟིར་ནན༔ མ་ཁུག་ཆེ་གེ་མོ་མ་གཏང་རྦད་སོད་ཡཱ༔ མྱུག་ཐུམ་རིལ་རྦད༔ དེ་ལ་སྒྲོམ་གྱི་སྔགས་གཞུག་སྒྲོགས་སོ༔ དེ་ཡང་དཀའ་ན་འབོད་རྦད་གསད་གསུམ་སོ་སོར་ཕྱུང་ནས༔ སྔགས་སྒྲོམ་བཅུག་ནས་འབོད་པ་ཟློག༔ དེ་ལ་རྦད་གསད་ཤམ་བུར་མཐའ་བསྒྱུར་སྔགས་སྒྲོམ་སྤུ་གྲི་བཏགས་སོ༔ འབོད་རྦད་གསུམ་གཅིག་ཏུ་བྱུང་ན༔ ཕོ་མོ་གང་ཡིན་སྔགས་ཟློག་པའམ༔ དཀྲུགས་ལ༔ དེ་ལ་སྔགས་ཚན་གསུམ་པོ་གོང་བཞིན་བཏགས་སོ༔ དེ་ནས་སྒྲོམ་དུ་བཅུག་ལ་ཟློག་གོ༔ དེ་ལྟ་བུའི་གནད་ཤེས་ན་ཕྲིན་ལས་རྣམ་བཞི་གང་བསྒྲུབ་ཀྱང་རྡུགས་པ་འབྱུང་མི་སྲིད་དོ༔ དེ་རྣམས་ལ་གཞུང་ནས་རིམ་པ་བཞིན་ཡུན་བསྲིང་སྦྲགས་མ་བཏགས་སྦྱོར་ཚོད་ཟིན་པར་བྱ༔ བདེ་གཤེགས་འདུས་པའི་རྒྱུད་ལས་ཀྱང༔ ལན་དགུའི་བར་དུ་འབད་པར་བྱའོ༔ དེས་ཀྱང་མ་འགྲུབ་གནད་འབེབ་བྱ༔ བསྙེན་པ་མ་འཐེམ་གནད་འབེབ་ན༔ རང་སྲོག་གཅོད་པས་གཟབ་པར་བྱ༔ རྟགས་དང་མ་ལྡན་ལས་སྦྱོར་བྱས༔ དོན་མི་འགྲུབ་པས་སྒྲུབ་ལ་འབད༔ ཐེ་ཚོམ་ཡིད་གཉིས་མེད་པས་འགྲུབ༔ མཐུ་ཡིས་འཇིག་རྟེན་ཕུང་བར་ནུས༔ ཞེས་གསུངས་སོ༔ སེར་བ་ལ་སྒྲོམ་ལོག་པ་རིམ་བཞིན་བྱ༔ ཕོ་མོ་སྦྲགས་མ་གང་ཡིན་ཡང༔ ར་ག་པ་ཤ་དང༔ མ་མ་རག་མོའི་གཞུག་ཏུ༔ ཕོ་ལ་སྲིན་པོ་ལིང་ལིང་དང༔ མོ་ལ་སྲིན་མོ་ལིང་ལིང་བཏགས་སོ༔ སྦྲགས་མ་ལ་སྲིན་པོ་སྲིན་མོ་ལིང་ལིང༔ ཁུག་ཁུག༔ འུར་འུར༔ ཧྲིལ་ཧྲིལ༔ ཤར་ཤར༔ བྷྱོ་བྷྱོ༔ ཕོབ་ཕོབ༔ ཅེས་བཏགས་སོ༔ བསྙེན་པའི་དུས་སུ་རྟགས་མེད་ན༔ འབྲུ་ཟློག༔ ཆོ་འཕྲུལ་ལ་རྟགས་མེད་ན༔ སྔགས་སྒྲོམ་དང་དབང་དུ་བསྡུ་བའི་སྔགས༔ ཧེ་ཙ་དུ་ན་ཕོབ་བཏགས་ལ་བཟླས་སོ༔ དེས་ཀྱང་རྟགས་མེད་ན་སྔགས་ཟློག་པའམ༔ དཀྲུག་ལ་བཟླས༔ རྟགས་ལ་ཕེབས་པ་དང་རྦད་པ་ལ་འདི་བཏགས་ལ་བཟླས༔ ཁུ་ཙ་ཧི་དང་ཕཊ༔ ཅེས་པ་བཏགས་ལ་བཟླས༔ དགྲ་ལ་འགྲོ་རུ་མ་ཉན་ན༔ གོང་བཞིན་རྣལ་ཟློག་དཀྲུག་གསུམ་གང་ཡང་རུང་སྟེ༔ སྒྲོམ་དུ་བཅུག་པའམ་ཡང་ན་རྦད་པ་ལ་མགོ་དྲང༔ བསྟེན་ཟློག་གཞུག་ཏུ་བཏགས་ཏེ༔ ལས་མཐའ་བསྒྱུར་ཤམ་བུ་སྤུ་གྲི་ལ་སོགས་པ་བཏགས༔ ཟློག་པ་གཙོར་བྱེད་པ་དང༔ ཞོར་ལ་ཟློག་པ་བྱེད་པ་གཉིས་ལས༔ གཙོ་བོར་བྱེད་ན་ཁོ་གང་བྱེད་ཀྱི་སྔགས་ཟློག་ལ་སྒྲོམ་དུ་བཅུག་ལ་བཟླས༔ བར་དུ་འབོད་པ་ཟློག༔ གཞུག་ཏུ་གསད་པ་བཏགས༔ དེས་སྔགས་སྒྲོམ་དུ་བཅུག་ལ་བཟླས་སོ༔ ཞོར་ལ་ཟློག་ན༔ རང་གིས་སྒྲུབ་པའི་གཞུག་ཏུ་ཁོའི་སྔགས་འབྲུ་ཟློག་བྱས་ལ་བཟླས་སོ༔ ཡང་ཟློག་པ་གཙོར་བྱེད་ན༔ ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨོཾ་ཨཱཿཧཱུྃ་ཕཊ༔ དེའི་གཞུག་ལ་ཁོས་གང་བྱེད་ཀྱི་གསད་པ་ཟློག༔ རྦད་པ་རྣལ་མར་བཟླས༔ དེ་ལ་འདི་བཏགས་སོ༔ སིང་ཡེ་བྷྱེ༔ ཚ་ཡོ་དུ་རུ་ཡེ༔ ཨ་ཨ་ཧྲི༔ ཨུ་ནེ་ནེ༔ ཨུ་ཨུ༔ ཨུ་འུབ༔ མཱ་ར་ཡ་ཤ་སྲེག་ཁྱེར་ཉག་རྦད་ཡ༔ ཅེས་སོ༔ ཞོར་ལ་ཟློག་ན༔ ཨ་མུ་ཀ་གཟིར་ནན༔ ཨུ་ཨུ་ཨུ༔ བཛྲ་རཀྴ༔ ཡཀྴ་སྟཾ་བཾ་སྟཾ་བཾ༔ ཅེས་མགོ་དྲང༔ བར་དུ་ཁོ་གང་བྱེད་ཀྱི་བསྙེན་པ་འབྲུ་ཟློག༔ དེ་ལ་འདི་བཏགས་སོ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ཆེ་གེ་མོ་ཛ་དུ་རྦད་ནན་སོད༔ ཨ་མེ་ལོ་ཙ་ན་ཨ་ན་ཡ༔ དེ་ལ་རྟགས་བྱུང་ནས་བསྙེན་སྔགས་རྣལ་མར་བཟླས༔ རྦད་གསད་ལས་གཞུང་བཞིན་དུ་རྟགས་དང་སྦྱོར་ཞིང་བཏགས་སོ༔ ཕོ་རྐྱང་ཡིན་ན་འབོད་རྦད་གསད་གསུམ་གཞུག་ཏུ༔ མོ་རྐྱང་ཡིན་ན༔ མ་མ་རག་མོ༔ སྦྲགས་མ་ལ་དེ་གཉིས་སྦྲེལ་བ་དང་སྤུ་གྲི་བཏགས་ལ་བཟླས༔ ཟློག་པ་གཙོར་བྱེད་ན༔ ཨུ་ཨུ་ཨུ༔ སྣ་དྲང༔ ཁོའི་བསྙེན་སྔགས་འབྲུ་ཟློག༔ དེ་ལ་འདི་བཏགས༔ སིང་ཡེ་བྱ་རུ་ཚ་ཡེ༔ ཏུ་ཡེ་ཨུ་ནེ་ཨུ་ནེ་ཨུ་ནེ༔ རྩི་ཏྲ་ཡེ༔ དྷི་ཏྲ་ཡེ༔ ཧ་མ་ཡེ༔ མ་ལ་ཡེ༔ ད་པ་ཡེ༔ གྱི་སོ་ཡེ༔ ཅེས་བཏགས་ལ་བཟླས་སོ༔ ཆེ་གེ་མོ་ལྭ་པ་ཀ་ཡིས་མགོ་དྲངས༔ བར་དུ་གཟུགས་ཕུང་བཤིགས་པའི་སྔགས་བྱ་སྟེ༔ གང་ཡིན་པའི་སྲོག་སྔགས་འབྲུ་ཟློག༔ གཞུག་ཏུ་མཐའ་བསྒྱུར་སྤུ་གྲི་ལ་སོགས་པ་བཏགས༔ དེས་ཐེ་ཚོམ་མེད་དོ༔ ལྷ་འདྲེའི་སྒྲུབ་གཞུང་གང་བསྒྲུབ་ཀྱང༔ ཛཿཧཱུྃ་མེད་ན་འགུགས་པ་མེད༔ རྦད་རྦུད་མེད་ན་རྦད་པ་མེད༔ མཱ་ར་ཡ་མེད་ན་གསད་པ་མེད༔ རྩུབ་ན་མགོ་མེད༔ མགོ་བཏགས་པ་ནི༔ ཨོཾ་གཞུག༔ འབྱམས་ན་མགོ་ཅན་འཇོག་པ་ནི༔ ཨོཾ་འདུག་ན་ཧཱུྃ་དུ་བསྒྱུར༔ ཉུང་ན་འུར་བ་གཅིག་ཏུ་འདྲེན་པ་ནི༔ འབོད་རྦད་གསད་གསུམ་གཅིག་ཏུ་དྲིལ་ལ་བཟླས༔ ཚན་ཆུང་ན་མང་པོ་དམག་ཏུ་བྱས་པ་ནི༔ ཚོགས་མཆོད་གཏོར་མ་གསེར་སྐྱེམས་ཀྱི་མཇུག་ཏུ༔ ལྷ་འདྲེ་དྲག་པོའི་སྔགས་བཟླས༔ བརྟུལ་ན་རྣོ་བཏགས་པ་ནི༔ ཕོ་ཤམ་ལ་མོ་བཏགས༔ རྡུགས་ན་གཅུན་ཟློག་དཀྲུག་པར་བྱ༔ ཚུར་ལ་གནོད་ན་གཟིར་བར་བྱ༔ འཁུ་ལྡོག་བླ་རྡོ་གོ་གོན་བྱ༔ ལས་མི་བྱེད་ན་ཨར་ལ་གཏད༔ དགྲ་རྟགས་འགྱངས་ན་ཤི་ས་བསྟན༔ གཏོར་མའི་སྔགས་ལ་དྲིལ་ལ་སྤོགས༔ དྲིལ་བའི་སྔགས་ལ་གཏོར་མ་སློག༔ བསྙེན་པའི་དུས་སུ་རྗེ་ལྟར་བསྟེན༔ སྒྲུབ་པའི་དུས་སུ་གྲོགས་ལྟར་བསྟེན༔ གསད་པའི་དུས་སུ་བྲན་ལྟར་བསྐུལ༔ རང་དང་འཁོར་གཡོག་ནོར་རྫས་ལ་འཁུ་ན༔ རང་ཉིད་ལས་མཁན་གང་ཡིན་བསྒོམ༔ མཆོད་གཏོར་ཚོགས་ཟས་ལ་སོགས་དུས༔ ཐམས་ཅད་དམག་ཟས་ཚུལ་དུ་བསྟན༔ ཐུན་ཟོར་གདབ་ལས་དུས་རྣམས་ཀུན༔ བློ་ལ་ཡོད་ཚད་དྲག་སྔགས་བཟླས༔ སོ་སོའི་མན་ངག་གཞུང་བཞིན་དུ༔ ལུས་ངག་ཡིད་གསུམ་རྩེ་གཅིག་དྲིལ༔ ཡེངས་མེད་ཚུལ་གྱིས་བསྒྲུབ་གྱུར་ན༔ མྱུར་འགྲུབ་ཐེ་ཚོམ་ཡོད་མ་ཡིན༔ ན་ར་ཀན༔ མཐུ་ཡིས་འཇིག་རྟེན་ཕུང་བར་ནུས༔ གྲགས་པས་འཇིག་རྟེན་ཁྱབ་པར་གྱུར༔ དེ་ལྟར་སྒྲུབ་པའི་དུས་རྣམས་སུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཞིང་བསམ་མངོན་སུམ་རྟེན་འབྲེལ་བསྒྲིག༔ བདག་གཞན་འཁོར་འདས་དོན་དུ་བསྔོ༔ ས་མ་ཡ༔ ྀཨཚ༔ དྷ་ཐིམ༔ ཁ་ཐམ༔ གྷུ་ཧྱ༔ སོ་ཕག་ཤི་ཁ་ཐམ༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ ཕན་བྱ་བསྲུང་བའི་ཆིངས་ཆུང་བསྟན༔ ཚེ་སྲུང་ཟློག་སྲུང་སོར་འབྲང་ཀུན་ཐུབ་དང༔ སྲིད་སྲུང་ཁ་ཆིངས་སྒྲིབ་ཤིང་དང༔ ནད་གདོན་ཞི་བྱེད་སྲུང་འཁོར་དང༔ རྒྱས་པ་བསོད་ནམས་ཚེ་དབང་ལོངས་སྤྱོད་འཁོར་ལོ་རྒྱས་བྱེད་དང༔ དབང་ལ་ལྷ་འདྲེ་མི་གསུམ་དབང་སྡུད་འཁོར་ལོ་དང༔ བྱང་ཆུབ་རླུང་འཁོར་བཏགས་གྲོལ་ཕན་བྱ་རྣམས༔ མ་ནོར་མ་འཁྲུལ་འདི་ལྟར་བྱ༔ དམ་ཚིག་རྟེན་དང་ལྡན་པའི་གང་ཟག་གིས༔ ནད་གདོན་སྡིག་སྒྲིབ་ཞི་བྱེད་སྲུང་འཁོར་ཀུན༔ སྟོན་ཟླ་ར་བའི་ཡར་ངོ་ཡི༔ ཚེས་འབྲིང་པོའི་ཉི་ཤུ་བརྒྱད་དག་ལ༔ རྒྱུ་སྐར་རྒྱལ་ལ་བབས་པའི་སྔ་དྲོ་ལ༔ དཀར་པོའི་གདན་བཏིང་ཁ་ནི་ཤར་དུ་བལྟ༔ གྲོ་ག་ཤོག་བུ་རས་སམ་དར་དཀར་ལ༔ ག་པུར་ཙནྡན་དཀར་པོ་ཅུ་གང་དང༔ སྤོས་དཀར་ཛཱ་ཏི་ཨ་རུ་ར༔ འོ་མ་ས་དཀར་སྣག་ཚྭར་སྦྱར༔ སོ་སོའི་གཞུང་ལ་གོང་ལྟར་བཤད་བཞིན་བྲི༔ ཞི་བའི་ལྷ་བསྒོམ་རབ་གནས་ཞི་ཚུལ་བྱེད༔ མིང་སྤེལ༔ ཤཱན་ཏིང་ཀུ་རུ་བཏགས་ལ་བསྲུང་བ་སྤེལ༔ ས་མ་ཡ༔ ཚེ་དབང་ལོངས་སྤྱོད་རྒྱས་བྱེད་འཁོར་ལོ་རྣམས༔ སྟོན་ཟླ་ཐ་ཆུང་ཚེས་གཅིག་སྐར་མ་སྦོ༔ ཡང་ན་ཉེར་ལྔ་རྒྱལ་ལ་བབ་པའི་སྔ་དྲོ་ལ༔ ཤོག་བུ་དར་སེར་རས་སེར་རམ༔ གཞི་སེར་དྭངས་མའི་བྲིས་གདན་ལ༔ གྷི་ཝང་གླ་རྩི་གུར་གུམ་ཨ་རུ་ར༔ བཟང་པོ་དྲུག་དང་གཞུང་ནས་བྱུང་བའི་རྫས༔ སྣག་ཚྭར་བསྲེས་ལ་བྲི་བར་བྱ༔ རྒྱས་པའི་སྔགས་བཟླས་ལྷ་བསྒོམ་རབ་གནས་རྒྱས་ཚུལ་བྱ༔ མིང་སྤེལ་ཚེ་དང་བསོད་ནམས་ལོངས་སྤྱོད་དང༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བཏགས་ལ་སྲུང་བ་སྤེལ༔ ས་མ་ཡ༔ དྷ་ཐིམ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་པའི་འཁོར་ལོ་རྣམས༔ དགུན་ཟླ་ར་བའི་ཚེས་གཅིག་ཚེས་གཉིས་ལ༔ སྐར་མ་ས་རི་ལག་པ་འམ༔ འབྲིང་པོའི་ཚེས་གཅིག་ལྷ་མཚམས་སམ༔ ཉེར་བཞི་སྐར་མ་སྦོ་ལ་བབ་པའི་ཚེ༔ ཤོག་གུ་དར་དམར་རས་དམར་ལ༔ མཚལ་དང་པད་རཱག་སིནྡྷུ་ར༔ ཙནྡན་དཀར་དམར་ལ་སོགས་བཟང་པོ་དྲུག༔ གཞུང་ནས་བཤད་པའི་རྫས་དང་སྦྱར་ལ་བྲིས༔ དབང་གི་ལྷ་སྒོམ་སྔགས་བཟླས་རབ་གནས་དབང་ཚུལ་བྱ༔ འགུགས་བསྟིམ་བྱས་ལ་འཁོར་ལོ་སྤེལ༔ པཱ་ཤཾ་ཀུ་རུ་མིང་སྤེལ་གཞུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ འདི་རྣམས་སྐོར་ལུགས་འདི་ལྟར་ཡིན༔ ར་བ་བཞི་ལ་ཞི་བ་ཤིས༔ འབྲིང་པོ་བཞི་ལ་དབང་རྒྱས་ཤིས༔ ཐ་ཆུང་བཞི་ལ་དྲག་པོ་ཤིས༔ བྲི་བའི་ཐབས་ནི་འདི་རྣམས་གཅེས༔ མུ་ཁྱུད་རྟ་རྔ་འཐེན་པ་འདྲ༔ ཡི་གེ་མ་འདྲེས་མ་འབྲེལ་གསལ་བ་ལ༔ སྤུངས་ཡིག་མེད་པར་མགོ་ཅན་ཤིས༔ འཁོར་ལོའི་རྩིབས་རྣམས་རྩེ་ཟླུམ་ཚུལ༔ མུ་ཁྱུད་དག་ལ་མ་ཐུག་འཁོར་བའི་ཚུལ༔ མིང་སྤེལ་ཐད་དུ་བཟང་དྲུག་བྱུག༔ མི་ལག་མི་འགྲིམ་འཛེམ་པར་བྱ༔ མཚོན་སྲུང་སྒྲིབ་ཤིང་བླ་རྡོ་གཅུན་འཁོར་དང༔ ལྷ་འདྲེའི་སྲོག་འཁོར་མི་ལ་མི་བསྟན་གསང་བར་བྱ༔ གཞན་ཡང་གཞུང་ལ་བཅས་བཅོས་མི་བྱའོ༔ སྲུང་བ་འདི་དག་གང་བྱེད་ཀྱང༔ སྐྱབས་འགྲོ་སེམས་བསྐྱེད་སྨོན་འཇུག་ལྷ་སྒོམ་བཟླས༔ མཆོད་འབུལ་གཏོར་ཚོགས་ཕྲིན་ལས་བཅོལ༔ ལྷ་བསྐྱེད་དགུག་བསྟིམ་འཕྲོ་འདུ་བྱས༔ སྲུང་བ་སོ་སོ་རང་རང་ལྷ་བསྐྱེད་བསྟིམ༔ ཡང་ཡང་བསྙེན་སྒྲུབ་བསྐྱེད་བསྟིམ་བྱ༔ ལོ་ཟླར་མཚམས་བཅད་སྲུང་བ་བཏགས༔ བྱིན་རླབས་དབང་བསྐུར་དམ་ཚིག་ཕོག༔ ཐུན་ཤན་ཞི་བ་དཀར་ལ་རྒྱས་པ་སེར༔ དབང་ལ་དམར་པོ་བྱ་བ་ཤིས༔ ཞི་བའི་ལྷ་ནི་ཐུགས་རྗེ་ཆེན་པོ་ཡིན༔ རྒྱས་པའི་ལྷ་ནི་ཚེ་དཔག་མེད་པ་ཡིན༔ དབང་ལ་རྟ་མགྲིན་ཤིས་པའི་ལྷ་གསུམ་ཡིན༔ ཕན་བྱ་བསྲུང་བའི་སྤྱི་ཆིངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནོད་བྱ་འཁོར་ལོའི་སྤྱི་ཆིངས་བསྟན༔ མ་ནོར་མ་འཁྲུལ་འདི་ལྟར་བྱ༔ གཏད་སེལ་མནན་པ་རླུང་འཁོར་དང༔ ཕྲ་མེན་ལིངྒའི་རིགས་རྣམས་ཀུན༔ དགུན་ཟླ་ཐ་ཆུང་སྟོང་ཆེན་ཉི་ནག་གམ༔ ཚེས་པ་བཅུ་གཅིག་ཕུང་གསུམ་བྲ་ཉེའམ༔ སྟོན་ཟླ་འབྲིང་པོའི་ཉི་ཤུ་གཉིས་ཀྱི་དུས༔་་་ལ་བྲ་ཉེའི། ཡང་ན་ཐ་ཆུང་བཞིའམ་ཉི་ཤུ་གཉིས་དག་གམ༔ ཉི་ཟླ་ཁྱིམ་དུ་ཚུད་པ་ལ༔ ཕྱི་དྲོ་ཁ་ནི་བྱང་དུ་བསྟན༔ ཁྲོས་པའི་ཚུལ་དུ་སྐྲ་བརྫེས་ལ༔ གོས་ནག་གདན་དང་རོ་སོལ་གདོང་ལ་བྱུག༔ རོ་ཤོག་དུར་ཤུན་ནག་པོ་ལ༔ མྱོས་པའི་དུག་ཆུས་བཀྲུས་ལ་བྱུག༔ སོ་སོའི་གཞུང་ནས་བྱུང་བའི་རྫས་སྣ་ཀུན༔ མ་ནོར་མ་འཁྲུལ་ཚང་བར་བསགས༔ འཁོར་ལོ་མུ་ཁྱུད་བོན་སྐོར་དག་ཏུ་བསྐོར༔ མུ་ཁྱུད་མ་ཆད་མ་འབྲེལ་བ༔ ཡི་གེ་ཤུར་མ་བསྡུ་ཡིག་མེད་པར་བྲིས༔ འཁོར་ལོའི་རྩིབས་ཀུན་མ་འབྲེལ་རྣོ་བར་བྱ༔ ཐད་ཀ་རང་རང་་་དགྲའི་མིང་ཡིག་ལ་དགྲ་རང་རང་གི།ཟག་རྫས་བྱུག་པར་བྱ༔ ནད་ཁྲག་གྲི་ཁྲག་མཛེ་ཁྲག་དང༔ བཙན་དུག་བང་དུག་མྱོས་དུག་ལ་སོགས་བྱུག༔ ལྷ་དང་ཕྲལ་བ་གུ་གུལ་ལྷྭམ་འབོག་དང༔ ཁྱི་ལུད་ཡུགས་རྟ་རྟ་བོན་རྒྱ་ཚིལ་མུ་ཟི་བྱུག༔ འདི་རྣམས་དགྲ་ཡི་མིང་ཡིག་ཡོད་པ་མ་གཏོགས་པ༔ ལྷ་འདྲེའི་ཡི་གེ་གཞན་ལ་མ་བྱུག་ཅིག༔ ཁྱད་པར་ལྷ་སྲིན་སྡེ་བརྒྱད་ལ༔ སོ་སོའི་མཐུན་རྫས་བྱུག་པར་བྱ༔ ལྷ་ལ་བཟང་དྲུག་རྩི་ཐོག་བྱུག་པར་བྱ༔ ཀླུ་ལ་ཀླུ་སྨན་བཟང་དྲུག་བྱུག༔ བདུད་ལ་བྱ་ནག་ཁྱི་ཁྲག་རྟ་ནག་ཁྲག་རྣམས་བྱུག༔ བཙན་ལ་གྲི་ཁྲག་མཚོན་རྩེ་བདར་བའི་ཕྱེ་མ་བྱུག༔ མ་མོ་དྲེལ་ཁྲག༔ ཉུངས་དཀར་རམ་ཁྲག་བྱུག༔ རྒྱལ་པོ་ལྷ་ཁང་ས་དང་ལྷ་རྟེན་སྤྱན་རྟུལ་བྱུག༔ གཟའ་ལ་ས་གཡོས་སེར་བ་ཤྭ་བུད་དྲག་པོའི་ས་རྣམས་བྱུག༔ ཐེའུ་རང་ལ་ནི་ར་ཁྲག་དྲོན་མོ་ཕུག་རྡིབ་ས་རྣམས་བྱུག༔ སྲིན་པོ་ལ་ནི་གྲི་ཁྲག་ར་ཁྲག་བྱུག༔ དེ་ལྟར་སོ་སོའི་གཞུང་ནས་གཟུགས་དང་སྔགས་ལ་བྱུག༔ རང་གིས་དྲི་མ་ཁ་རླངས་འགོམ་ཡུག་སྤང༔ དེ་ལྟར་མ་འཁྲུལ་བྲིས་ནས་སུ༔ རང་ཉིད་ལྷ་སྒོམ་་་ཡི་ང་རྒྱལ་གྱིས།དམིགས་པས་ལྷ་འདྲེ་བཀུག༔ རང་རང་གང་ཡིན་སྔགས་དང་གཟུགས་ལ་བསྟིམ༔ སྲོག་ཡིག་སོ་སོར་བསྐྱེད་བསྟིམ་བྱ༔ ལིངྒ་འམ་ནི་མིང་གི་ཐད༔ དགྲ་དང་བགེགས་སོགས་གང་ཡིན་བསྐྱེད༔ འགུགས་གཞུགས་ཡང་ཡང་བྱས་ལ་བསྟིམ༔ ལྷ་དང་ཕྲལ་ལ་ལས་ཁུང་བཅུག༔ གཞུང་ལྟར་མ་ཁུག་བར་དུ་བསྒྲུབ༔ ཐུན་དྲག་བྲབ་ལ་དྲག་སྔགས་བཟླ༔ མ་འགྲུབ་སྤོགས་དང་སྔགས་རྣམས་ཟློག༔ སྒྲུབ་རྟགས་བྱུང་ནས་ལས་ལ་སྦྱར༔ ལས་མཇུག་མནན་སྲེག་འཕང་དང་གཏད༔ རླུང་ལ་སྐུར་རམ་ལས་མཇུག་སྡུད༔ དམོད་བཅོལ་གཟུ་དཔང་ཤགས་ཀྱང་གདབ༔ ང་རྒྱལ་བྲང་བརྡུང་ངུ་འབོད་བྱ༔ གཏོར་མཆོད་ཕུལ་ལ་ཆད་མདོ་བསྒྲག༔ དེ་ལྟར་བྱས་པས་སྔགས་པ་དམ་ཚིག་ལྡན་ན་མཐུ་འབྱུང་ངོ༔ དམ་ཉམས་ཟོལ་ཟོག་མཁན་ལ༔ ལྷ་སྲིན་མི་འགོ་ལས་མི་འགྲུབ༔ གནོད་འཁོར་སྤྱི་ཆིངས་ྀཨཚ༔ དབེན་གནས་སྦྱིན་སྲེག་བྱས་མལ་དུ༔ སེར་བ་བསྒྲུབ་ན་་་མི་ཐོན།ཞུད་པ་ཡིན༔ དབང་བསྐུར་ཚེ་་་གཟུངས།སྒྲུབ་བྱས་མལ་དུ༔ མཐུ་ཕྲན་བསྒྲུབ་ན་ཞུད་པ་ཡིན༔ མཆོད་རྟེན་ཚ་ཚ་བཤིག་མལ་དང༔ སྟོང་ཉིད་གསུང་རབ་ཀློག་མལ་དུ༔ ལྟས་ངན་བསྒྲུབ་ན་ཞུད་པ་ཡིན༔ ཕུང་ཤུལ་བསད་བཅད་གཡུལ་འགྱེད་དང༔ དུར་ཁྲོད་རོ་གནས་ཐམས་ཅད་དུ༔་་་འདི་མན་མཆན་བུ་འགྲེའོ། །རྣོ་མཐོང་མངོན་ཤེས་སྒྲུབ་ན་ཞུད་པ་ཡིན༔ དུག་སྦྲུལ་ཕུ་རལ་ཤྭ་འབུད་ཡུལ༔ ནོར་སྒྲུབ་བསྒྲུབ་ན་ཞུད་པ་ཡིན༔ མལ་གདན་ནམ་མཁར་གཡུག་པ་དང༔ རྟེན་གཏོར་ཁྱི་ལ་ཤོར་བ་དང༔ རྭའི་རུས་པ་ཕྲེང་བ་འདྲེན་པ་རྣམས༔ དེ་རྣམས་ཡལ་བའི་གནད་གཅིག་ཡིན༔ མདུན་བསྐྱེད་རང་བས་མཐོ་བསྐྱེད་དང༔ དམ་རྫས་མ་ཚང་སྒྲུབ་པ་ནི༔ ལོག་ནོན་དཀའ་བའི་་་སྒྲུབ་པའི།གནད་ཅིག་ཡིན༔ འདི་ནི་མན་ངག་གནད་བདུན་ཡིན༔ ྀཨཚ༔ དོན་བདུན་པོ་འདི་ནི༔ ཨོ་རྒྱན་རང་གི་ཞལ་ནས་གསུངས་པ་ཡིན་ནོ༔ གཞུང་དང་མི་འགལ་ལོ༔ སྒྲུབ་པའི་ཡིག་ཆུང་ནས་བཤད་པ༔ འདུ་འཛི་ཆེ་དང་གྲོང་ཡུལ་ཆེ༔ ལྷ་ཆོས་བསྒྲུབ་ན་ཞུད་པ་ཡིན༔ ཕུང་ཤུལ་རེ་ཧྲུལ་རྙིང་པའི་ནང༔ ནོར་སྒྲུབ་བྱས་ན་ཞུད་པ་ཡིན༔་་་དེ་ཀུན་ལ་འགྲེའོ། །གསུང་རབ་ཆོས་ཀྱི་ཀློག་ཁང་དང༔ བྱིན་རླབས་་་རབ་གནས།ཆགས་དང་སྟོང་ཉིད་བསྒོམས་མལ་དུ༔ སྲོག་མཐུ་བསྒྲུབ་ན་ཞུད་པ་ཡིན༔ དབང་བསྐུར་གསུང་རབ་་་བྱིན་རླབས་ཅན།བཞུགས་ས་རུ༔ ལྟས་ངན་བསྒྲུབ་ན་ཞུད་པ་ཡིན༔ བཙོག་ནལ་དམེ་འཁྲུགས་རེ་ཧྲུལ་དུ༔ རྣོ་མཐོང་བསྒྲུབ་ན་ཞུད་པ་ཡིན༔ ཁང་སྟོང་རེ་ཧྲུལ་གྲིབ་ཡོད་པ༔ དབང་སྡུད་བསྒྲུབ་ན་ཞུད་པ་ཡིན༔ རི་མཐོ་ས་གཙང་གངས་ཁྲོད་དུ༔ ལྷ་ཆོས་བསྒྲུབ་ན་ཤིས་པ་ཡིན༔ གཡའ་སྤང་གངས་ཁྲོད་ལ་ཁ་རུ༔ རྣོ་གསལ་བསྒྲུབ་ན་ཤིས་པ་ཡིན༔ དཀོར་མཛོད་ནོར་གྱི་བང་ཁང་དང༔ བཀྲ་ཤིས་དར་རྒྱས་གཡང་ཆགས་པར༔ ནོར་སྒྲུབ་བསྒྲུབ་ན་ཤིས་པ་ཡིན༔ གཙང་འགྲམ་རྒྱུད་རིང་ནགས་ཁྲོད་དུ༔ ཚེ་སྒྲུབ་བསྒྲུབ་ན་ཤིས༴ བཀྲ་ཤིས་རབ་གནས་བྱིན་ཆགས་པར༔ ཚེ་ནོར་དབང་སྡུད་བསྒྲུབ་ན་ཤིས༔ ཕུང་བཤུལ་གཡུལ་ངོ་བཀྲ་མི་ཤིས༔ ཕུང་བཤིག་ལྟས་ངན་སྲོག་ལས་བསྒྲུབ༔ བྱང་ཕྱོགས་ཉི་མ་མི་ཤར་དང༔ ཆུ་སྲིན་འཁྲུགས་པ་ལྷམ་འབགས་ཅན༔ གཏད་སྒྲུབ་བསྒྲུབ་ན་ཤིས༴ མཚོ་ཆེན་ནེ་འུ་སེང་དག་ཏུ༔ ཀླུ་སྨན་བསྒྲུབ་ན་ཤིས༴ བྲག་ནག་སོག་པོ་ཁྲོས་འདྲ་རུ༔ བདུད་ནག་བསྒྲུབ་ན་ཤིས༴ བྲག་དམར་བསམ་ཡས་ཟུར་ཕུད་དུ༔ བཙན་དམར་བསྒྲུབ་ན་ཤིས༴ ཕ་བོང་དམར་ནག་རྫ་ཁྲོམ་དུ༔ གཟའ་བདུད་བསྒྲུབ་ན་ཤིས༴ གྲོག་ཕུག་ཁང་སྟོང་བྲག་ཕུག་ཏུ༔ ཐེའུ་རང་བསྒྲུབ་ན་ཤིས༴ ལྷ་ཁང་རྙིང་དང་དཀོར་ཁང་དུ༔ རྒྱལ་པོ་བསྒྲུབ་ན་ཤིས༴ ལུང་གསུམ་མདོ་དང་ཚོང་དུས་སུ༔ མ་མོ་བསྒྲུབ་ན་ཤིས༴ བྲག་དང་ཆུ་འཐབ་གྲུ་གསུམ་དུ༔ སྲོག་གི་ལས་ཀུན་ཤིས་པ་ཡིན༔ ཆུ་རླུང་འཐབ་དང་ཚལ་ཆེན་གནས༔ ས་རྩུབ་ངོམ་ནག་རི་བྲག་རྩུབ༔ མི་སྡུག་གཟུགས་དང་མི་མཛེས་པར༔ མཐུ་གཏད་སེལ་གསུམ་ཤིས་པ་ཡིན༔ ཤིན་ཏུ་དབེན་ཞིང་ཉམས་དགའ་བར༔ རྟོགས་པ་བསྒྲུབ་ན་ཤིས་པ་ཡིན༔ ས་འཇམ་དཀར་ལ་བདེ་བ་དང༔ ཡིད་འོང་མཛེས་དང་སྤྲོ་བ་དག༔ བྱང་ཆུབ་བསྒྲུབ་ན་ཤིས་པ་ཡིན༔ དེ་རྣམས་སྒྲུབ་པ་གང་བྱེད་ཀྱང༔ འདུ་འཛི་གཡེང་བ་ཀུན་ལ་སྤང༔ ནགས་ཁྲོད་གངས་ཁྲོད་མཚོ་གླིང་དང༔ བྲག་ཕུག་བཙན་ས་ཆུ་ཤིང་འཛོམ༔ མི་རྒོད་དགྲ་སོགས་འཇིགས་པ་མེད༔ ཡོ་བྱད་ལ་སོགས་འདང་བར་བསགས༔ ངང་རིང་རྒྱུད་བཟང་གྲོགས་པོ་བསྟེན༔ འདི་ལྟར་གནས་རྟེན་གྲུབ་གྱུར་ནས༔ ལས་རྣམས་གང་ཡིན་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ ཁ་ཐམ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འདུག་ཚུལ་སྤྱི་ཡི་ཆིངས་ཆུང་བསྟན༔ སྒྲུབ་པ་ཕྱི་ནང་གང་བྱེད་ཀྱང༔ ལུས་ཀྱི་བྱ་བ་ཀུན་སྤངས་ནས༔ མིག་གི་བལྟས་མོ་ལ་སོགས་སྤང༔ ངག་གི་སྨྲ་བ་རྒྱུན་བཅད་ནས༔ ཡིད་ཀྱིས་གང་སྒྲུབ་མ་གཏོགས་པ༔ བསམ་མནོ་སྤྲ་སྤྲོ་འགུལ་འཕྲིག་སྤང༔ དེ་ནས་བསྙེན་པ་གང་བྱེད་ལ༔ དད་མོས་གུས་གསུམ་སྤྱི་བོར་ཁུར༔ ཐེ་ཚོམ་ཡིད་གཉིས་སྤོང་བ་གཅེས༔ ཡོད་མེད་གྲུབ་མཐའ་ཐག་ཆོད་པས༔ རྩེ་གཅིག་ཡིད་ཀྱིས་དེ་བསྒྲུབ་བོ༔ མ་འགྲུབ་བར་དུ་མི་གཏང་འཚལ༔ དེ་ལྟར་སྒྲུབ་པ་གང་བྱེད་ཀྱང༔ ཕྱེད་ཙམ་དད་པས་འགྲུབ་པ་ཡིན༔ ཅེས་གསུངས་སོ༔ དེ་ནས་རང་ལུས་ལྷར་གསལ་བ༔ གཟུགས་སུ་གྲུབ་པ་ཐམས་ཅད་ཀྱང༔ ལྷ་སྔགས་གང་བྱས་ཡིན་པར་བསམ༔ འབྱུང་བཞི་སྒྲ་སྐད་རིགས་དྲུག་སྐད༔ གང་བཟླས་དེ་ཡི་སྒྲ་རུ་བསམ༔ དྲན་རྟོག་སྤྲ་སྤྲོ་ཅི་བྱུང་ཡང༔ རྩེ་གཅིག་གང་བྱེད་དེར་གཏད་དོ༔ བྱ་བ་གཞན་ལ་སེམས་མ་ཡེངས༔ རིག་པ་ལུ་གུ་རྒྱུད་དུ་མ་འཕྲོས་བར༔ ཁམས་འདུས་ན་གཏོར་ལ༔ བྱིང་ན་གསེང༔ འཐོར་ན་བསྡུས་ལ་རང་སར་ཞོག༔ དེ་ནས་ཕྱི་རྫས་ཡོ་བྱད་ལྡན་པར་བསགས༔ ནང་རྫས་དཔེ་རྟེན་འཚོགས་པར་བསགས༔ གསང་རྫས་གཞུང་དང་མ་འགལ་མ་ནོར་བར་བསགས༔ ཕྱིའི་དམ་ཚིག་སྒྲུབ་པ་གང་བྱེད་པ༔ མི་ལ་མི་བཤད་དམ་པར་བསྲུང༔ ནང་གི་དམ་ཚིག་དད་མོས་གུས་གསུམ་རྒྱུན་ཆད་མེད་པར་བྱ༔ གསང་བའི་དམ་ཚིག་གང་སྒྲུབ་མ་གཏོགས་པ༔ གཞན་གྱི་བློ་འཁྲུལ་པའི་བག་ཆགས་ཐམས་ཅད་བསྲུང༔ ཕྱི་སྲོག་དཔེ་རྫས་སྔགས་དང་ལག་ལེན་ཞལ་གདམས་ཕུ་ཐག་གཅོད༔ ནང་སྲོག་འཇིག་རྟེན་འདི་ཡི་སྤྲོས་པ་ཆོད༔ གསང་སྲོག་འགྲུབ་རྟགས་ཚད་དུ་མ་སྐྱོལ་བར་དུ་གཞན་གྱི་སྤྲོས་པ་ཆོད༔ ཕྱི་རྟགས་རྒྱལ་ཁམས་མི་ཁ་མེད་ན་ཤེས་པ་ཕུལ་དུ་ཕྱིན་པའི་རྟགས༔ ནང་རྟགས་རང་ལ་ཁྲེལ་སེམས་མེད་ན་ཟོལ་ཟོག་མེད་པའི་རྟགས༔ གསང་རྟགས་འཁོར་བའི་ཆོས་ལ་དད་པ་ལོག་ན༔ མ་དང་མཁའ་འགྲོ་འདུས་ནས་ལམ་སྣ་ཟིན་པའི་རྟགས༔ ཕྱི་ཡི་ཚད་ནི་དགྲ་བགེགས་རྡུལ་དུ་རློག་ན་ཕེབས༔ ནང་གི་ཚད་ནི་འཇིག་རྟེན་བྱ་བ་སྤང་ན་ཕེབས༔ སྤྱིར་གང་རུང་གཅིག་ལ་བློ་ཐག་ཆོད་ལ༔ ལུས་ངག་ཡིད་གསུམ་སྒྲུབ་པ་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྔགས་ཀྱི་བཟླས་ཐབས་ཆིངས་ཆུང་བསྟན༔ བྱང་ཆུབ་སྔགས་ནི་འཇམ་ལ་རྒྱུན་རིང་ཤུར་བུར་བགྲང༔ ནོར་སྒྲུབ་སྔགས་ནི་གོས་གོང་ཐོས་ཙམ་བགྲང༔ ཟློག་པའི་སྔགས་རྣམས་གཡུ་འབྲུག་སྐད་ལྟར་བགྲང༔ སྲོག་ལས་སྔགས་རྣམས་དྲག་ཆར་ཚུལ་དུ་ཁྲུ་གང་ས་རུ་ཐོས་ཙམ་དུ་བགྲང༔ དཔེར་ན་ཕན་བྱའི་སྔགས་དང་ཟློག་པའི་སྔགས་ལ་སོགས༔ ཕུ་དང་མཆིལ་མ་ང་རྒྱལ་བསྐྱེད་ལ་གདབ༔ གནན་སྲེག་དབབ་དང་སེར་བ་དབབ༔ དེ་ལ་ཕུ་དང་མཆིལ་མ་མི་གདབ་ཅིང༔ ཧཱུྃ་ཧཱུྃ་བྱས་ལ་དམིགས་པ་ཡིས་གཟིར༔ དེ་ནས་སྔགས་ཀྱི་དམ་ཚིག་ལ༔ ཐུན་མཚམས་གྲངས་ལ་མ་སླེབ་བར༔ ངག་གི་སྨྲ་བ་བཅད་ནས་སུ༔ ཕ་རོལ་ཚིག་གིས་བར་མ་ཆོད༔ ཟ་འཐུང་གཉིད་ལོག་མེར་ཕུ་སྣབས་ཕྱི་དང༔ རླུང་འབུད་མཆིལ་མ་ཕོ་དང་གཅིག་གཏམ་ལབ༔ འདི་རྣམས་མ་ཤོར་དམ་ཚིག་དམ་པ་ཡིན༔ ྿ རླུང་འཁོར་བྱས་ལ་ཡི་གེ་ཐམས་ཅད་བཀླག་ཐབས་འཁོར་བར་བྱ༔ ཞི་བ་ཆོས་འཁོར་དྲག་པོ་བོན་སྐོར་རོ༔ འདི་ནི་བསྙེན་པའི་རིག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ ཁ་ཐམ༔ ྀཨཚ༔ གྷུ་ཧྱ༔ ཤིན་ཏུ་ཟབ་པའི་མན་ངག་དམ་པ་གསེར་སྲང་བརྒྱའོ༔ ༈ མཆིམས་ཀྱི་བནྡྷེ་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ ཨོ་རྒྱན་ཐུགས་རྗེ་སྤྲུལ་པའི་སྐུ༔ བོད་ཁམས་འདི་རུ་མཐུ་ཆེ་ལ་རྩལ་དྲག་པ་གཅིག་ཞུ་འཚལ་ཞུས་པས༔ གསུངས་པ༔ བོད་དམ་ཚིག་དང་མི་ལྡན་པས་མཐུ་ངན་སྔགས་ཅི་སྒྲུབ་ཀྱང་མི་འགྲུབ་གསུངས༔ དེ་ཅི་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ བོད་ཀྱི་མི་རྣམས་སྙིང་རུས་ཆུང༔ ལྟ་བ་ཕྱིན་ལོག་མཁན་ལ༔ ཆོས་སྐྱོང་སྲུང་མ་ཡི་དམ་ལྷ་མི་འགོ༔ དད་མེད་ལེ་ལོ་ཅན་ལ༔ ཆོས་སྐྱོང་སྲུང་མ་ཡི་དམ་ལྷ་མི་འགོ༔ བསྟན་བཤིགས་ཕྱིར་ལྡོག་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ལྟོ་ཉོ་སྲོག་བཙོང་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ལུས་སྒྱུར་ཚུར་འཆོས་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ཐེ་ཚོམ་བསླུ་བྲིད་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ཟས་ཚོལ་གྲོང་རྒྱུག་མཁན་ལ༔ ཆོས་སྐྱོང་སྲུང་མ༴ མུ་སྟེགས་ཆད་ལྟ་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ཆས་ཟབ་ནོར་གནག་ཅན་ལ༔ ཆོས་སྐྱོང་སྲུང་མ༴ དབང་མེད་དམ་ལོག་ཅན་ལ༔ ཆོས་སྐྱོང་སྲུང་མ༴ འདུ་འཛི་བྲེལ་ཟིང་ཅན་ལ༔ ཆོས་སྐྱོང་སྲུང་མ༴ གཏི་མུག་འདོད་སྲེད་ཅན་ལ༔ ཆོས་སྐྱོང་སྲུང་མ༴ སྐྱུར་འབྱམས་གྲོང་ཆོག་མཁན་ལ༔ ཆོས་སྐྱོང་སྲུང་མ༴ མ་བསླབ་མཁས་ཆད་ཅན་ལ༔ ཆོས་སྐྱོང་སྲུང་མ༴ གཡོ་སྒྱུ་ཟོལ་ཟོག་ཅན་ལ༔ ཆོས་སྐྱོང་སྲུང་མ༴ འཁོར་བའི་ཉེས་དམིགས་མི་འཛེམ་ལ༔ ཆོས་སྐྱོང་སྲུང་མ༴ བདག་བསྟོད་གཞན་སྨོད་ཅན་ལ༔ ཆོས་སྐྱོང་སྲུང་མ༴ བཀའ་བཅོས་རྒྱུད་དཀྲུག་མཁན་ལ༔ ཆོས་སྐྱོང་སྲུང་མ༴ ཡིད་སྤྱོད་དྲན་བཟོ་མཁན་ལ༔ ཆོས་སྐྱོང་སྲུང་མ༴ དཔེ་སྲེད་གསར་འགྲོགས་ཅན་ལ༔ ཆོས་སྐྱོང་སྲུང་མ༴ སྤྱིར་རྣམ་རྟོག་མ་ཟད་བར་དུ་ནི༔ འཇིག་རྟེན་བྱ་བ་མི་ཟད་པས༔ དེས་ན་ཆོས་སྐྱོང་སྲུང་མ་ཡི་དམ་ལྷ་མི་འགོ༔ རང་ལ་མ་བྱུང་ཡི་དམ་ལྷ་ལ་འཁང༔ སྙིང་རུས་སྡུག་སྲན་ཆུང་བས་ཡི་དམ་ལྷ་ལ་འཁང༔ གསུངས་སོ༔ དེ་ནས་མཆིམས་ཀྱིས་ཞུས་པ༔ འོ་ན་ཅི་འདྲ་གཅིག་ལ་མཐུ་ཡོད་ལྷ་འགོ་ཞུས་པས༔ ཨོ་རྒྱན་པདྨའི་ཞལ་ནས༔ མི་ཆོས་རྒྱབ་ཏུ་སྐྱུར་ནས་ལྷ་ཆོས་དང་དུ་བླངས༔ བསོད་ནམས་དགེ་བཅུ་བསྒྲུབས་ནས་འཁོར་བའི་བཤལ་ཐག་ཆོད༔ དེ་ལྟ་བུ་ལ་ཆོས་སྐྱོང་བསྒྲུབ་མི་དགོས་པར་འགོ༔ དད་མོས་གུས་གསུམ་ཚུལ་ལམ་གཞུང་བཞིན་བྱེད༔ རྩེ་གཅིག་འདུན་པ་དཀོན་མཆོག་གསུམ་ལ་གཏོད༔ དེ་ལྟ་བུ་ལ་ཆོས་སྐྱོང་རང་བཞིན་གྱིས་འགོ་ཞིང་མཐུ་འབྱུང་ངོ༔ སྙིང་རྗེ་ཉི་འོད་ལྟ་བུ་ཕྱོགས་རིས་མེད༔ དམ་ཚིག་སྡོམ་པ་ས་མཁར་ལྟ་བུ་བསྲུང༔ དེ་ལྟ་བུ་ལ་ཡི་དམ་ཆོས་སྐྱོང་འགོ་ལ་མཐུ་འབྱུང་ངོ༔ རྒྱལ་ཁམས་ཆུ་ལྟར་ཉུལ་ནས་ཐོས་བསམ་ཕྱོགས་མེད་བྱེད༔ བླ་མ་གཙུག་ཏུ་བསྟེན་ནས་གདམས་པའི་ཕུ་ཐག་བཅད༔ དེ་ལྟ་བུ་ལ་ཆོས་སྐྱོང་འགོ་ལ་མཐུ་འབྱུང་ངོ༔ གསང་སྔགས་ཟབ་མོ་བསྐྱེད་རྫོགས་ལམ་དུ་ཞུགས༔ ལྷ་དང་ཕྱག་རྒྱ་འཇིག་རྟེན་བཞིན་དུ་གསལ༔ དེ་ལྟ་བུ་ལ་ཆོས་སྐྱོང་འགོ་ལ་མཐུ་འབྱུང་ངོ༔ ལྷ་དང་སྔགས་བསྙེན་གཡུ་འབྲུག་སྐད་ལྟར་བསྒྲག༔ ནུས་པའི་འཕྲོ་འདུ་ཐོག་ཆར་ལྟར་དུ་འབེབས༔ དེ་ལྟ་བུ་ལ་ཆོས་སྐྱོང་འགོ་ལ་མཐུ་འབྱུང་ངོ༔ ལུས་ཀྱི་བྱ་བྱེད་ཕྱག་དང་བསྐོར་བ་བརྩོན༔ ངག་གིས་བཟླས་བརྗོད་རེམ་ཞིང་མི་ཚིག་སྤངས༔ ཡིད་ལ་མ་ཡེངས་ཏིང་འཛིན་རྩེ་གཅིག་འཇོག༔ དེ་ལྟ་བུ་ལ་ཆོས་སྐྱོང་འགོ་ལ་མཐུ་འབྱུང་ངོ༔ བློ་ཡངས་སེམས་གསལ་དད་པ་ཆེ༔ ཁེ་གྲགས་རང་ཆེ་འདོད་སྲེད་མེད༔ དངོས་ངན་ཉམ་ཆུང་དམན་ས་གཟུང༔ བདག་སྨད་གཞན་བསྟོད་སྙིང་རུས་ཆེ༔ དེ་ལྟ་བུ་ལ་ཡི་དམ་གྱི་ལྷ་ཡིས་འགོ༔ ཅེས་གསུངས་སོ༔ ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་ཞེས་བྱ་བ༔ ཕྱི་རབས་ཀྱི་བསྟན་སྲུང་རྣམས་ཀྱི་དོན་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ལ་གདམས་པ༔ ྀཨཚ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་མྱང་རལ་པ་ཉི་མའི་འོད་ཟེར་གྱིས་གདན་དྲངས་པའི་གཏེར་མའོ།། །།

ཆོས་སྐྱོང་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་དམ་ལྡན་རེ་སྐོང་ (Volume 39, Text 19)

༄༅། །ཆོས་སྐྱོང་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་དམ་ལྡན་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཡེ། དཀོར་བདག་སྤྲུལ་པའི་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་ལ་འཇུག་པར་འདོད་པས། དུས་གཉན་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་འབྲུ་ནག་སིལ་མར་བཀྲམ་པའི་ཁར་མཉྫི་ལ། ཟངས་གཞོང་དུ་ངར་ཕྱེ་ལས་བཤོས་བུ་རི་རབ་བང་རིམ་གསུམ་པའི་སྟེང་དུ་གསང་ཕྱི་ལྔ་སྒྲོམ་ཏིང་ལོ་མར་མེ་ལྔ་དང་བཅས་པ་ལ་མདའ་དར་རྒྱལ་མཚན་ལྔ་དང་བཅས་པས་བརྒྱན། མཐར་གཡས་སུ་བདུད་བཤོས། གཡོན་དུ་འབྲང་རྒྱས། མདུན་དུ་བཙན་བཤོས། རྒྱབ་ཏུ་ཕྱེ་ལས་མཁར་ཐབ། བུམ་པ་རྣམས་དང་། བཤོས་ཕྲན་བརྒྱད་དང་བཅས་པ། བསྡུ་ན་བཤོས་ཕྲན་བརྒྱད་མཐེབ་ཀྱུས་བསྐོར་བས་ཀྱང་ཆོག །གང་ལྟར་ནའང་བ་གླང་གི་ཤ་སོགས་ཤ་ཁྲག་མར་ཐུད་བུ་རམ་ལ་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན། གཞན་ཡང་སྟེགས་མཐོ་བ་ལ་གོང་གནོན་ཡི་དམ་གྱི་གཏོར་མ་དང་། སྐོང་གཏོར་གསང་ཕྱི་ལྔ་ཚོམ། སྨན་ཕུད། རཀྟ། རྒྱ་ཕོར་ལ་སོགས་པར་ཕྱེ་མར། གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས། ཉེར་སྤྱོད། ལུག་དཀར་ལག་གཡས། སྤོས་དཀར། སྨན་ཤིང་གི་བསང་དུད། སྨྱུག་རྒོད་མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་པ་མཛེས་ཤིང་བརྗིད་པར་བཀྲམ་ལ། དངོས་གཞི་གོང་གནོན་གྱི་ལྷ་རྟ་མགྲིན་དང་ཕྱག་རྡོར་སོགས་བདག་བསྐྱེད་ཡི་དམ་གྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་བརླབ། མདུན་རྟེན་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མདུན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ལོགས་བཞི་ཤེལ་ལས་བྱས་པ། ཟུར་བཞི་མཆོང་ལས་བྱས་པ། རྨང་བཞི་ལྕགས་ལས་བྱས་པ། གྱོ་འདབ་རིམ་གསུམ་གཡུ་ལས་བྱས་པ། ཁ་བད་བཻ་ཌཱུརྻ་ལས་གྲུབ་པ། མུ་ཏིག་གི་ཟར་མ་འཛག་པ། རྩེ་མོར་རིན་པོ་ཆེའི་ཏོག་དང་ཆུ་ཤེལ་འོད་འབར་བས་མཛེས་པ། སྒོ་བཞི་དུང་ལ་གསེར་གྱི་རེ་བཞི་བཙུགས་པ། ཡ་ཐེམ་དངུལ་ལས་གྲུབ་པའི་ལོགས་སུ་པ་ཏྲ་དང་གཡས་གཡོན་དུ་འབྲུག་སེང་འཕྱོ་བ། མཐིང་གི་རྒྱ་ཕིབས་ལ་བྱེ་རུའི་མདའ་ཡབ་དང་། མན་ཤེལ་གྱི་ཆར་ཁེབས་ལ་སྤྲིན་དང་ན་བུན་འཚུབས་པ། མ་ཐེམ་ཟངས་ལས་གྲུབ་པ་རྡོ་རྗེས་བཏེགས་པ། མུ་མེན་གྱི་ཡག་ཤིང་དང་། དུང་གི་འདེན་བུ་བརྒྱངས་པ། དེའི་ནང་དུ་མ་ཏྲཾ་ཕོ་མོ་ཁ་སྦུབ་གན་རྐྱལ་བྱི་ཆིངས་སུ་བསྣོལ་བའི་གདན་གྱི་དབུས་སུ་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་སྐུ་མདོག་མཐིང་ནག་སྐུ་ལ་དར་ནག་གི་བེར་དང་དོམ་གྱི་སློག་པ་གསོལ་ཞིང་། དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ། ཕྱག་གཡས་པས་བདུད་ཀྱི་ཞགས་པས་དགྲ་བོ་འཆིང་ཞིང་། གཡོན་པས་སྤུ་གྲིས་དགྲ་སྙིང་རྩད་ནས་གཅོད་པ། ཞལ་ནས་གདུག་པའི་ངན་སྔགས་སྒྲོག་པ། ཆིབས་སུ་བ་གླང་སྣ་རིང་ལ་བཅིབས་ཤིང་རོལ་དུ་གློག་དང་མེ་ལྕེ་ཁྲིད་ནས་ཕོ་ཉར་ཐོག་དང་སེར་བ་གཏོང་བ། གཡས་སུ་སྤྲུལ་པ་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། སྐུ་ལ་དར་དམར་གྱི་བེར་ཆེན་གསོལ་བ། ཤེལ་གྱི་ཕྲེང་བས་མགུལ་དོ་བྱས་པ། གཡས་པས་སྡིགས་མཛུབ་ནམ་མཁར་སྒྲེང་ཞིང་གཡོན་པས་ཟངས་གྲི་འདེབས་ཚུལ་མཛད་པ། གཡོན་དུ་ཡུམ་གཅིག་ཤཱནྟི་རོ་ཟན་མ་དམར་མོ་ཁྲག་དང་ཞག་གིས་བརྒྱན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཤར་དུ་སྐུ་ཡི་རྒྱལ་པོ་མོན་བུ་པུ་ཏྲ་སྐུ་མདོག་ནག་པོ་མུན་ལྟར་གཏིབས་པ། སྐུ་ལ་མན་ཏྲི་ནག་པོའི་ན་བཟའ་དང་དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ། གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་ཤེར་ཤིང་གསེག་ཤང་བསྣམས་པ། ཆིབས་སུ་སེང་གེ་དཀར་མོ་ལ་བཅིབས་ནས་རོལ་དུ་དོམ་ནག་སྨྱོན་པ་ཁྲིད་ཅིང་ཕོ་ཉར་སྟག་གཟིག་དོམ་དྲེད་གཏོང་བ། གཡས་སུ་སྤྲུལ་པ་དགེ་སློང་དགྲ་བཅོམ་གཞོན་ནུའི་ཆ་བྱད་ཅན་ཆོས་གོས་ངུར་སྨྲིག་གསོལ་བ། གཡས་ཤེལ་གྱི་གསེག་ཤང་དང་གཡོན་གསེར་གྱི་སྤུ་གྲི་འཛིན་པ། ཀ་བ་ལི་རྒྱབ་ཏུ་ཁུར་ཞིང་སྤྱི་བླུགས་བུམ་པ་མདུན་ན་འཆང་བ། གཡོན་དུ་ཡུམ་གཅིག་བདུད་མོ་རོ་ལངས་མ་དཀར་མོ་དར་དཀར་གྱི་གོ་ཟུ་གསོལ་ཞིང་། དམ་ཤིང་དང་བྷཉྫ་འཛིན་པ། ལྷོ་རུ་ཡོན་ཏན་གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན་སྐུ་མདོག་མཐིང་ནག་སྦྲུལ་དང་སྟག་གི་གོས་ཅན། གཡས་པས་དགྲ་སཏྭས་དགྲ་བོའི་མགོ་ལུས་གཤོག་ཅིང་། གཡོན་པས་བདུད་ཞགས་དགྲ་ལ་འདེབས་པ། དབུ་ལ་ཐང་ཐེབས་གོས་ཤམ་ཅན་གསོལ་བས་ལྷ་སྲིན་དབང་དུ་སྡུད་པ། ཆིབས་སུ་བདུད་རྟ་ནག་པོ་ལ་བཅིབས་ཤིང་རོལ་དུ་སྲིད་པའི་གཡུ་འབྲུག་ཁྲིད་ནས་ཕོ་ཉར་སྤྲ་སྤྲེ་བྱི་ལ་གཏོང་བ། གཡས་སུ་སྤྲུལ་པ་སྔོ་སྐྱ་མེན་ཏྲི་དམར་པོའི་ག་ཤ་ཅན། གཡས་ན་སྦ་གུག་མཆུ་རིང་བསྣམས་པ། གཡོན་དུ་ཡུམ་གཅིག་གསེར་གྱི་སྤུ་གྲི་ནག་མོ་ཞལ་གཅིག་ཕྱག་བཞི་མ། དབུ་ལ་དར་ནག་གི་ཅོད་པན་བཅིངས་པ། སྙན་གཡས་སྦྲུལ་དང་དྲིལ་བུས་བརྒྱན་ཅིང་། གཡོན་ན་སེང་གེ་རལ་པ་གསིག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་མདུང་དམར། གཡོན་གཉིས་ཤཀྟི་དང་ཏྲི་ཤུ་ལའི་མགུལ་ནས་བ་དན་འཕྱར་བ་འཛིན་པ། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་དང་རེ་ལྡེ་སེར་པོའི་ཤམ་ཐབས་སྦྲུལ་གྱི་སྐ་རགས་བཅིངས་པ། མི་མགོའི་ཕྲེང་བས་དོ་ཤལ་སྤྲས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་ཏེ་བོང་བུ་གྭ་པ་ལ་འཆིབ་པ། ནུབ་ཏུ་གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག་པོ་སྐུ་མདོག་དམར་པོ་འོད་དུ་འབར་བ། སྐུ་ལ་དར་ནག་གི་འཇོལ་བེར་དང་། དབུ་ལ་སྨྱུག་ཞུ་གསོལ་བ། གཡས་སྦའི་འགྱིང་མཁར་བསྣམས་ནས་དགྲ་བགེགས་རྡུལ་དུ་རློག་ཅིང་། གཡོན་པས་ཙན་དན་གྱི་བེང་ཆེན་བསྣམས་ནས་སྲིད་གསུམ་འཇོམས་པ། ཆིབས་སུ་དྲེལ་ནག་རྐང་དཀར་བཅིབས་ཤིང་རོལ་དུ་སྤྱང་མོ་འུར་བ་ཁྲིད་ནས་ཕོ་ཉར་ལྕགས་ཀྱི་བྱ་ཁྲ་གཏོང་བ། གཡས་སུ་སྤྲུལ་པ་མཐིང་ནག་རལ་པ་གྱེན་དུ་མཛེས་ཤིང་། ཨག་ཚོམ་སེར་ནག་མེ་ལྟར་འབར་བ། སྐུ་ལ་སྟག་གི་སློག་པ་གསོལ་བ། ཕྱག་ན་ཞིང་གི་དབྱུག་པ་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ། གཡོན་དུ་ཡུམ་གཅིག་མཛེས་བྱེད་པདྨ་སྐྱེས་སྐུ་མདོག་དམར་མོ་མཛེས་པའི་རྒྱན་དང་ལྡན་པ། ཕྱག་གཉིས་དམ་ཤིང་དང་བྷནྡྷ་བསྣམས་པ། བྱང་དུ་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དགྲ་བླ་ཆེན་པོ་ཞལ་གསུམ་གཡས་ནག་གཡོན་དམར་དབུས་དཀར་བ། ཐོད་ཆེན་གྱི་སྟེང་ན་སག་ཞུ་གདུགས་ཐབས་སུ་གསོལ་བ། ཕྱག་དྲུག་གི་གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི །གཡོན་གསུམ་སྤུ་གྲི་གཞུ་དང་བེར་ཀ་བསྣམས་པས་རྒྱུད་དྲུག་རྩད་ནས་གཅོད་པ། སྐུ་སྟོད་ལ་དར་དཀར་གྱི་རལ་ག་དང་། སྐུ་སྨད་ལ་ཞིང་པགས་སྟག་པགས་ཀྱིས་བརྒྱན་པ་གསོལ་བ། ཆིབས་སུ་སེང་གེ་དཀར་མོ་ལ་བཅིབས་ཤིང་རོལ་དུ་རླུང་ནག་འཚུབས་མ་ཁྲིད་ནས་ཕོ་ཉར་བདུད་བྱ་སྐྱུང་ཀ་གཏོང་བ། གཡས་སུ་སྤྲུལ་པ་ནག་པོ་སྐུ་ལ་ཞིང་པགས་ཀྱི་གཡང་གཞི་གསོལ་ཞིང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཕྱག་གཉིས་སྟག་དང་སྤྱང་ཀིའི་རྒྱན་མཚན་འཕྱར་བ། གཡོན་དུ་ཡུམ་བདུད་བཟའ་སྨིན་དཀར་མ་མཐིང་ནག་བདུད་ཀྱི་སློག་པ་གྱོན་ཅིང་ཕྱག་ན་དམ་ཤིང་དང་བྷནྡྷ་འཛིན་པ། དེ་དག་གི་མདུན་ནས་གཡས་སྐོར་གྱིས། ཐུགས་ཀྱི་རྒྱལ་པོའི་བློན་པོ་སྲོག་བདག་བཀའི་བྱ་ར་བ་དར་ནག་གི་རུ་མཚོན་འཕྱར་བ། སྐུ་ལ་བེར་སྨུག་གསོལ་ཞིང་སེང་གེ་དཀར་མོ་ལ་འཆིབ་པ། སྐུའི་རྒྱལ་པོའི་བློན་པོ་ཤན་པ་བྱ་ཁྲི་མིག་གཅིག་པོ་སྦྲུལ་ནག་ཐོད་དུ་བཅིངས་པ། ཕྱག་ནས་ཤེལ་གྱི་རྡོ་རྗེ་འཕེན་ཅིང་རྟ་སྔོན་པོ་སྒབ་ནག་ལ་འཆིབ་པ། ཡོན་ཏན་གྱི་རྒྱལ་པོའི་བློན་པོ་བྱ་རྒོད་ཐང་ནག་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། རྡོ་རྗེ་དང་ཐོ་བ་ཐོགས་པ། གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་ཤེར་ཤིང་གི་གསེག་ཤང་འཛིན་པ། དར་གྱི་ཆོས་གོས་གསོལ་ཞིང་རྔ་མོང་གྲྭ་པ་ལ་འཆིབ་པ། ཕྲིན་ལས་ཀྱི་རྒྱལ་པོའི་བློན་པོ་པུ་ཏྲ་ནག་པོ་གྲི་གུག་འཛིན་པ། དར་ནག་གི་རལ་ག་གསོལ་ཞིང་དྲེལ་རྟ་ནག་པོ་ལ་འཆིབ་པ། ནང་བློན་ཤ་འགྲོས་ཁྱི་འགྲོས། ཁོལ་པོ་འཛིན་པོ་དང་སྡོམ་པོ་འཁོར་དང་བཅས་པ། དེ་དག་གི་ཕྱི་རོལ་གྱི་གཡས་སུ་སྐྱེས་པ་སྟག་ཆས་སུ་ཞུགས་པ་བརྒྱ། གཡོན་དུ་དགེ་སློང་ཁྲིམས་ཆས་སུ་ཞུགས་པ་བརྒྱ། མདུན་དུ་བུད་མེད་བག་ཆས་སུ་ཞུགས་པ་བརྒྱ། རྒྱབ་ཏུ་སྔགས་པ་ཟོར་ཆས་སུ་ཞུགས་པ་བརྒྱ། སྔོན་དུ་ཨ་ཙ་ར་སྤོས་དུད་ཁྱེར་བ་བརྒྱ། ཕྱིའི་བློན་པོ་ཧགས་དང་ལང་ཀ་བརྒྱ། ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱ། སྐུའི་སྐྱོ་རོགས་འབག་དང་སེངྒེ་བརྒྱ། སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བརྒྱ། གཞན་ཡང་དགེ་སློང་ཆོས་གོས་གྱོན་པ། གར་མཁན་ཕྱག་རྒྱ་བསྒྱུར་བ། བཙུན་པ་ཀ་ལི་ཁུར་བ། སྔགས་པ་རྔ་ནག་བརྡུང་བ། མོ་བཙུན་རྒྱང་གླུ་ལེན་པ། ཉན་ཐོས་དུང་དཀར་འབུད་པ། བྱིས་པ་འུར་རྡོ་གཡུག་པ། བཙུན་ཆུང་བགྲོ་གླེང་འཕེན་པ། གཞན་ཡང་དར་འཕྱར་མཁན། དུང་འབུད་མཁན། ཕེག་བརྡབ་མཁན། གཤང་འཁྲོལ་མཁན་ལ་སོགས་པ་རང་རང་སོ་སོའི་འཁོར་གཡོག་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཙོ་བོ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། བདག་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གློག་ཞགས་འཁྱུག་པ་ལྟར་འཕྲོས་པས། དགུང་སྔོན་མཐོན་པོའི་ཡང་སྟེང་། བྷ་ཏ་ཧོར་གྱི་སྒོམ་གྲྭ །བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་རྒྱལ་ཆེན་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ལ། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར། །སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི། །གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས། །དམ་ཚིག་གཞུང་བཞིན་སྲུང་བའི་སྐྱེས་མཆོག་རྣམས། །ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཾ་ཀུ་ཤ་ས་མ་ཡ་ཛ་ཛཿ ཞེས་སྤྱན་དྲང་། ཧཱུྃ། རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་འདིར། །ཉི་ཟླ་པདྨ་གདན་ཁྲི་མཛེས་པ་ལ། །སྤྲུལ་པའི་རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཉིས་མེད་བརྟན་པར་བཞུགས། །ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ། ཞེས་བཞུགས་སུ་གསོལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བདུད་རྩི་ལ་བཟླས་ནས། བཛྲ་ཏྲི་དུ་རཀྴ་ཡཀྴ་ཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་རང་གིས་མྱང་ཞིང་རྒྱལ་པོ་ལ་ཡང་མཆོད་པས་དམ་བསྲེ། ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་འབར་བའི་སྐུར་སྤྲུལ་པ། །རྒྱུད་དྲུག་སྒྲོལ་མཛད་རིག་འཛིན་སྒྲུབ་མཆོག་ལ། །རྒྱ་ཆེན་ཡིད་འཕྲོག་མཆོད་པ་རྒྱ་མཚོས་མཆོད། །ཆོས་འཁོར་བཀའ་དང་བསྟན་པ་གཉན་པོ་སྲུངས། །དགྲ་བགེགས་ཚར་ཆོད་བདག་དོན་ཡོངས་རྫོགས་མཛོད། །རཱ་ཛ་སིདྡྷི་ས་མ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་དང་། མ་ཧཱ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། རཱ་ཛ་སིདྡྷི་ས་མ་ཡ་ཛཿབ་ལིནྟ་ཁ་ཁ་ཁཱ་ཧི། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །ཧཱུྃ། སྒྲུབ་མཆོག་བདུད་འདུལ་ཡེ་ནས་ཐུགས་དམ་ཅན། །འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ། །དམ་ཉམས་གདུག་པའི་དགྲ་བགེགས་ཀུན་སྒྲོལ་བའི། །ཐུགས་རྗེ་སྙོམ་མཛད་ཁྱོད་ལ་བདག་བསྟོད་དོ། །འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ། །སྐྱེ་མེད་ཆོས་ཀྱི་དོན་རྟོགས་སྒྲུབ་མཆོག་ཁྱོད། །སྐྱེ་ཤི་རྩད་གཅོད་ལེགས་ཉེས་སྟངས་འཛིན་པའི། །ཐོགས་མེད་འཇིགས་བྱེད་ཁྱོད་ལ་བདག་བསྟོད་དོ། །སྐུ་གསུང་ཐུགས་ནི་ཆོས་ཀྱི་དབྱིངས་དང་མཉམ། །ཕྲིན་ལས་མཐར་ཕྱིན་ཁྱུང་ཆེན་ཀླུ་འབྲུག་འདུལ། །དྲག་ཏུ་བསྐུལ་ན་དགྲ་བགེགས་དབང་དུ་སྡུད། །རྒྱལ་པོ་སྡེ་ལྔ་འཁོར་དང་བཅས་ལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད་ནས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྒྱལ་པོ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། ཨོཾ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད། ཙིཏྟ་ཐིབས་ཐིབས་ཛཿ ཤ་མ་རུ་ཏྲི་མ་ཧོ་ཛཿ སརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛཿ ཞེས་ཅི་ནུས་བཟླ་ཞིང་། འཁུ་ལྡོག་བཅིང་བ་སོགས་གནད་འབོར་གྱི་སྔགས་གཞན་ཡང་ཡོད་མོད་ཀྱང་དམིགས་བསལ་སྒྲུབ་དུས་མ་གཏོགས་གཉན་ཆ་དང་མི་ཤིས་པར་འགྱུར་བས་དེ་ཙམ་གྱིས་ཆོག་གོ །འདི་དག་གསོལ་ལ་ཁོ་ནས་འགྲུབ་པས་ན་ཕྲིན་ལས་དོན་བཅུ་མ་གཙོ་བོར་གྱུར་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་གསུང་ཐུགས་དམ་སྐོང་བའི་རིམ་པ་གང་མོས་བཞིན་སྦྱར་ལ། མཐར་འདོད་དོན་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རྣམ་དག་འགྱུར་བ་མེད་པའི་ཡེ་ཤེས་སྐུ །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །རྒྱལ་པོ་ཆེན་པོ་སྡེ་ལྔའི་སྐུར་སྤྲུལ་པ། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། ཁྱོད་ནི་ཐོགས་མེད་མཐུ་དང་རྫུ་འཕྲུལ་བདག །དྲག་གཏུམ་མི་བཟད་རབ་ཏུ་འབར་བའི་གཟུགས། །ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ། །སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་ཅིག །སྔོན་ཚེ་བཅོམ་ལྡན་པདྨ་དབང་ཆེན་དང་། །སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་ཕྲེང་གི །སྤྱན་སྔར་ཇི་ལྟར་བཀའ་བསྒོས་དམ་ནོས་ལྟར། །ཐ་ཚིག་གཉན་པོ་བདག་གིས་དེང་འདིར་བསྐུལ། །རྒྱལ་བསྟན་སྤྱི་དང་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་རྒྱལ་མཚན་སྲིད་པའི་རྩེ་མོར་ཕྱོར། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །དགེ་འདུན་འདུས་པའི་སྡེ་རྣམས་དར་རྒྱས་མཛོད། །རྡོ་རྗེའི་ཉེ་ལམ་ཞུགས་པའི་སྤོང་བ་པར། །བྱང་ཆུབ་སྒྲུབ་པའི་ཐུན་རྐྱེན་འཚོ་བ་སྦྱོར། །བསླབ་སྡོམ་བརྟུལ་ཞུགས་ལེགས་འཆང་ཀློག་པའི་གྲྭ །མཁས་ཚུལ་དགུ་ཡི་ཕྲིན་ལས་དར་བར་མཛོད། །ཆོས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་ལྟར་མཐོ། །ཆོས་ལྡན་ཆབ་སྲིད་དར་རྒྱས་བརྟན་པ་དང་། །བསྟན་ལ་ཞུགས་པའི་བློན་འབངས་ཁྱིམ་བདག་རྣམས། །འགལ་རྐྱེན་ཀུན་ཞི་འབྱོར་དྲུག་རྒྱས་པར་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི། །ལོ་ཕྱུགས་ལེགས་ཤིང་བདེ་དགས་འཚོ་བ་དང་། །སྡིག་ལས་ཟློག་ཅིང་དགེ་ལ་གཞོལ་བ་ཡི། །བློ་གྲོས་ཡར་ཟླ་བཞིན་དུ་འཕེལ་བར་མཛོད། །ཆོས་ཁྲིམས་བཀའ་ལས་འགལ་བ་བསྟན་པའི་དགྲ །སྡེ་རིགས་གང་དུ་འདུག་ཀྱང་ཚར་ཆོད་ལ། །བསྟན་འགྲོར་ཕན་པའི་མཐུ་ལྡན་སྐྱེས་བུ་རྣམས། །ལྷག་བསམ་མཐའ་རུ་ཕྱིན་པའི་སྡོངས་གྲོགས་མཛོད། །སྒྲུབ་པའི་རྣལ་འབྱོར་འཁོར་སློབ་སྦྱིན་བདག་ལ། །མངོན་མཐོ་ངེས་ལེགས་བར་དུ་གཅོད་པའི་གེགས། །གཟུགས་ཅན་གཟུགས་མེད་སྲི་ཀེག་རྦོད་གཏོང་སོགས། །དྲག་ཤུལ་སྟོབས་ཀྱི་འཁོར་ལོས་ཕྱིར་ཟློག་མཛོད། །ནད་གདོན་འཇིགས་བརྒྱད་རྨིས་ལྟས་མཚན་ངན་ཞི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་རྒྱས། །ལྷ་འདྲེ་མི་གསུམ་སྣང་བ་དབང་དུ་འདུས། །དགྲ་བགེགས་ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད། །མདོར་ན་དམ་ལྡན་རྣལ་འབྱོར་བདག་ཅག་ལ། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །ཇི་ལྟར་བསམ་པའི་འདོད་དོན་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབས་ནས་བསྲུང་བར་མཛོད། །ཅེས་དང་། དམིགས་བསལ་དུ། ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས། །གཏའ་རུ་བཙུགས་པའི་རྟེན་དང་སྒྲུབ་རྫས་ལ། །ཙན་དན་ཤིང་དང་དྲི་ངད་ཇི་བཞིན་དུ། །མི་འབྲལ་བརྟན་པར་བཞུགས་ལ་བྱ་ར་མཛོད། །ཆོས་འཁོར་འདི་ཡི་སྡེ་རིས་ཡོ་བྱད་བཅས། ཁྱོད་ལ་གཉེར་དུ་གཏད་དོ་མ་གཡེལ་སྐྱོངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཀྱིས། །འཛམ་གླིང་ཐ་གྲུར་ཁྱབ་པའི་བཀྲ་ཤིས་སྩོལ། །ཅེས་ཕྲིན་ལས་བཅོལ། མཐར་གཏོར་སྐྱོང་གཏང་རག་བཟོད་གསོལ་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་གཤེགས་གསོལ་སོགས་སྤྱི་དང་འདྲ་འོ། །ཞེས་པའང་མོན་གྱི་སྔགས་སྟོན་པདྨ་དབང་ཆེན་ནས་དོན་དུ་གཉེར་བའི་ངོར། མངའ་བདག་ཉང་གི་གཏེར་བྱོན་སྨྱོས་པ་རིག་འཛིན་ཡབ་སྲས་སོགས་ཀྱི་གསུང་གི་གནད་བསྡུས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གསུམ་འདས་པ་དམར་སེར་ཅན་གྱི་ལོ་ནག་པ་ཉ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་སྦྱར་བའི་ཡི་གེ་པ་ནི་སྔགས་འཆང་བསྟན་འཛིན་ཀུན་ལེགས་སོ། །འདིས་ཀྱང་དྲེགས་པ་རང་ཤུགས་སུ་འཁོར་ནས་གསང་བསྟན་སྙིང་པོའི་རིང་ལུགས་མི་ཉམས་ཡུན་དུ་བསྲུང་བའི་ཆ་རྐྱེན་དུ་གྱུར་ཅིག །ཛ་ཡནྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསང་བདག་དྲེགས་པ་ཀུན་འདུལ་གྱི་ཐུགས་སྒྲུབ་ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་ (Volume 28, Text 19)

༄༅། །གསང་བདག་དྲེགས་པ་ཀུན་འདུལ་གྱི་ཐུགས་སྒྲུབ་ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །མཐའ་གཉིས་ལས་རྒྱལ་བདེན་གཉིས་ཐུགས་སུ་ཆུད། །དྲེགས་བྱེད་གདུག་ཅན་འཇོམས་པའི་རྡོ་རྗེའི་ཐོག །སངས་རྒྱས་ཀུན་གྱི་ཐུགས་གསང་མཛོད་འཛིན་པ། །དེ་ཡིས་གསང་བ་གསུམ་གྱི་བྱིན་རླབས་སྩོལ། །ནཱ་ག་ཀླུ་འདུལ་རྒྱུད་ཀྱི་དོན། །བོད་ཡུལ་ས་གཞི་འདུལ་བའི་སླད། །གཅེས་པར་བཏུས་པའི་གདམས་ཟབ་ལས། །ཐུགས་སྒྲུབ་ཕྲིན་ལས་བསྡེབ་པར་བྱ། །གདམས་སྐོར་འདི་ལ་ཕྱི་ནང་གསང་བ་གསུམ་དང་། སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་སོགས་སོ་སོར་ཡོད་པ་ལས། ཐམས་ཅད་ལ་གཅིག་དཔེ་ཀུན་འགེབས་མི་དགོས་ཀྱང། ཕྱིས་ཀྱི་བླ་མ་རྣམས་ཀྱི་ཕྱག་བཞེས་ཡུལ་ལུགས་དང་བསྟུན་ནས། བསྙེན་སྒྲུབ་སྐབས་སོགས་ལྷ་བསྐྱེད་བསྟོད་པ་ཁ་བསྒྱུར་བ་ཙམ་ལས་ཕལ་ཆེར་ལས་བྱང་འདི་ཉིད་ཀྱིས་གཞུང་བསྲང་བར་མཛད་པ་དང་། དབང་དང་སྒྲུབ་མཆོད་སོགས་ལ་འདི་ཉིད་མེད་དུ་མི་རུང་བས། ཐུགས་ཀྱི་སྒྲུབ་པའི་ཕྲིན་ལས་མ་བུ་གུང་བསྡེབས་ཏེ་ཉམས་སུ་ལེན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། སོ་སོའི་སྐབས་སུ་བབས་པའི་དཀྱིལ་འཁོར་སྒྲུབ་རྫས་རྣམས་དང་འབྲེལ་དགོས་ཀྱང་། ཚོགས་མཆོད་ཀྱི་ཕྲིན་ལས་ལྟ་བུ་སྤྱི་ཙམ་དུ་འདི་ཉིད་ཀྱི་སྐུ་རྟེན་རས་བྲིས་སོགས་བཀྲམ་པའི་མདུན་དུ་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལེགས་པར་བཤམས་པ་དང་། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། གཏེར་སྲུང་གཏོར་འབུལ་ཆད་བརྟན་སོགས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ་སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་ས་བཅད་བཅུ་ཡོད་པའི་ཐོག་མར་ཚོགས་གསག་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཧཱུྃ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་གསང་བདག་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་པ་བླ་ན་མེད་པས་མཆོད། །འཁོར་བ་ཐོག་མ་མེད་པ་ནས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བརྒྱད། ཁ་ན་མ་ཐོ་ལ་སོགས་པ། །འཕགས་པའི་ཚོགས་ལ་སོ་སོར་བཤགས། །འཇིག་རྟེན་དགེ་བཅུ་ཅི་ཡོད་པ། །ཉན་ཐོས་རང་རྒྱལ་དགེ་ཚོགས་བཅས། །སངས་རྒྱས་སྲས་བཅས་འགྲོ་དོན་མཛད། །དགེ་བ་ལ་ནི་རྗེས་ཡི་རང། །ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པར། །མངོན་པར་རྫོགས་པར་སངས་རྒྱས་ནས། །རིང་པོར་མ་ལོན་ཐམས་ཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཅི་སྲིད་འཁོར་བ་མ་སྟོངས་བར། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བཅུ་ཇི་སྙེད་སྤྱོད་པ་དང་། །བསྡུ་བའི་དངོས་པོ་ཅི་སྙེད་དང་། །ཕ་རོལ་ཕྱིན་པ་བཅུ་ལ་སོགས། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གི་ལུས་འདི་ཅི་སྲིད་དུ། །བླ་མ་རྡོ་རྗེ་འཛིན་པ་དང་། །འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ། །སྒོ་གསུམ་དད་པས་འབུལ་བར་བགྱི། །གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ནི། རྐང་གཉིས་གཙོ་བོ་སངས་རྒྱས་དང་། །འདོད་ཆགས་བྲལ་བའི་ཆོས་རྣམས་དང་། །ཚོགས་ཀྱི་ཞིང་གྱུར་དགེ་འདུན་ལ། །དད་པའི་སེམས་ཀྱིས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་རང་བཞིན་ཅན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་འཁོར་བར་འཁྱམས་པ་ཡི། །དེ་དག་དོན་དུ་སེམས་བསྐྱེད་དོ། །ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གསུམ་པ་བགེགས་བསྐྲད་པ་ནི། རང་སྐད་ཅིག་གིས་གསང་བའི་བདག་པོ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ་དུར་ཁྲོད་ཀྱི་ཆས་ཅན་ཞབས་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཞེས་ང་རྒྱལ་བཟུང་། བགེགས་གཏོར་ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལ་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ རྡོ་རྗེ་འཛིན་རྒྱལ་ཐུགས་ཁྲོས་ནས༔ བརླག་པར་འགྱུར་བ་གདོན་མི་ཟ༔ སུཾ་བྷ་སོགས་དྲག་སྔགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད་དོ། །བཞི་པ་མཚམས་གཅད་པ་ནི། ཨེ་མ་ང་ནི་རང་བྱུང་བའི༔ ཕྱོགས་བཅུ་སྐྱོང་བའི་ཁྲོ་བོ་བཅུ༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན༔ གཤིན་རྗེ་མི་གཡོ་རྟ་མགྲིན་དང༔ འདོད་རྒྱལ་འཁྱིལ་པ་ཁམས་གསུམ་རྒྱལ༔ སྟོབས་པོ་ཆེ་སྟེ་རྔམ་བརྗིད་ཚུལ༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ ཕྱོགས་སྐྱོང་གདོན་ཚོགས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལི་ཧཱུྃ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་ཁྲོ་བཅུའི་སྔགས་ཚང་བར་བརྗོད་དེ་མཚམས་བཅད། ལྔ་པ་སྒོ་དབྱེ་བ་ནི། ཧཱུྃ༔ ཕྱོགས་བཞིའི་ཚད་མེད་བཞི་ཡི་སྒོ་ཕྱེ་ནས༔ འཕགས་པའི་དཀྱིལ་འཁོར་གཞལ་ཡས་བསྟན་དུ་གསོལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ༔ དཀྱིལ་འཁོར་གཅིག་ཏུ་འདུས་པ་རྡོ་རྗེའི་སྤུན༔ མ་བུའི་ཚུལ་དུ་བརྡ་ཡི་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པ་ཏཱིཙྪ་ཧོ༔ བདུན་པ་བཤགས་པ་བྱ་བ་ནི། ཧཱུྃ༔ དྲེགས་པ་ཀུན་འདུལ་གསང་བདག་རྡོ་རྗེ་ཆོས༔ སྤྲུལ་པའི་ཁྲོ་རྒྱལ་ཡབ་ཡུམ་སྤྲུལ་པར་བཅས༔ ཐུགས་རྗེ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ༔ འཕགས་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་བཤགས་སོ༔ ཞེས་དང་ཡིག་བརྒྱ་བཟླ། བརྒྱད་པ་དམ་བཅའ་བ་ནི། ཧཱུྃ༔ གདུག་པ་འདུལ་མཛད་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ དམ་ལས་མི་འདའ་སྡུག་བསྔལ་མེད་པར་མཛོད༔ གསང་སྔགས་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དམ་ཚིག་གཞུང་ལས་ནམ་ཡང་འདའ་མི་བགྱིད༔ བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ དགུ་པ་བྱིན་དབབ་པ་ནི། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་གཉིས་མེད་དུ་བྱིན་བརླབས་པར་བསམ། ཧཱུྃ༔ ཕོ་བྲང་དབུས་ཀྱི་གཞལ་ཡས་ཆེན་པོ་ནས༔ དུས་གསུམ་སངས་རྒྱས་ཁྲོ་བོ་ཁྲོ་མོའི་ཚོགས༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་འཁོར་བཅས་ཀྱིས༔ གནས་དང་དཀྱིལ་འཁོར་མཆོད་རྫས་ཚོགས་རྣམས་དང༔ རྣལ་འབྱོར་སྒྲུབ་མཆོག་བདག་ལ་བྱིན་ཕོབ་ཅིག༔ སྤྲུལ་པ་སྒོ་བ་རྣམས་ཀྱིས་བྱིན་ཕོབ་ཅིག༔ ཉི་མ་འབུམ་ལས་ལྷག་པའི་དབང་མཆོག་དང༔ གཟི་བྱིན་བྱིན་རླབས་མྱུར་དུ་སྐྱེད་དུ་གསོལ༔ ཨ་ལ་ལ་ཧོ༔ སིདྡྷི་ཨཱ་བེ་ཤ་ཡ་ཧཱུྃ༔ ཞེས་བྱིན་དབབ། བཅུ་པ་མཆོད་རྫས་བྱིན་རླབས་ནི། བི་ཤུདྡྷེ་ཨ་མྲྀཏ་བ་ལིཾ་ཏ་བི་ཤུདྡྷེ་ཧཱུྃ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས་མཆོད་རྫས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས། བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་དྷཱུ་པེ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་བརྗོད། བདུད་རྩི་ལ། རཾ་ཡཾ་ཁཾ། གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ལས། ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུ་དྲི་མ་མེད་པས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ བདུན་ནམ་གསུམ་བརྗོད། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་དམར་པོ་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ བདུན་ནམ་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ བདུན་ནམ་གསུམ་བཟླས་པས་བྱིན་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལའང་བཅུ་ཡོད་པའི་དང་པོ་ཏིང་འཛིན་རྣམ་གསུམ་ནི། ཨོཾ༔ ཡེ་ནས་རྣམ་དག་ནམ་མཁའ་ཆེ༔ ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ༔ ཨཱ༔ དམིགས་མེད་མཐའ་བྲལ་དབྱིངས་ཆེན་བརྡལ༔ ཧཱུྃ༔ སྟོང་པ་མ་འགགས་ཐིག་ལེར་གསལ༔ སེམས་ཉིད་ཡི་གེ་ཧཱུྃ་དུ་བསྒོམ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི༔ རང་མདངས་ཧཱུྃ་ཡིག་མཐིང་ནག་མདོག༔ ནམ་མཁར་གནས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་སྣོད་བཅུད་ཞེན་རྟོག་སྦྱངས༔ ཞེས་བསྒོམ། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སླར་ཡང་རྒྱུ་ཡི་ཡི་གེ་ཨེ་ཡཾ་རཾ༔ ར་སུཾ་ཀེཾ་བྷྲཱུྃ་བཛྲ་པཱ་ཤ་ཧཱུྃ༔ འཕྲོས་པས་ནམ་མཁའ་རླུང་མེ་རཀྟའི་མཚོ༔ སུཾ་ལས་ཞིང་ཆེན་ས་གཞི་ཀེང་རུས་ཀྱི༔ རི་རབ་བང་རིམ་བཞི་སྟེང་བྷྲཱུྃ་ཡིག་ལས༔ སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༔ བྷནྡྷ་གསར་རྙིང་བརྩེགས་ཤིང་གཅལ་དུ་བཀྲམ༔ ཐོད་པ་ལྕང་ལོ་ཅན་གྱི་ཁ་བད་ཅན༔ རཀྟའི་སྤྱིན་ལ་གནམ་ལྕགས་གཟེར་གྱིས་བཏབ༔ ཀླུ་བརྒྱད་ཀ་བ་ལྷ་ཆེན་བརྒྱད་ཀྱི་གདུང༔ ལྷ་བྲན་དྲལ་ཕྱམ་ཞིང་གི་ཡོལ་བས་གཏམས༔ ཉི་ཟླའི་མཐོངས་ཁུང་ཙིཏྟའི་ཏོག་གིས་མཛེས༔ སྦྲུལ་ཆེན་སྒོ་རྒྱན་རིན་ཆེན་དུ་མའི་སྒོ༔ ཕྱི་དང་ནང་མེད་དུར་ཁྲོད་རབ་ཏུ་འཇིགས༔ ཚིལ་ཆེན་དྲི་དང་རཀྟའི་རྒྱ་མཚོ་འཁྲུགས༔ ཀེང་རུས་གསར་རྙིང་བྷནྡྷ་བམ་ཆེན་ཁྲོལ༔ རྐང་གླིང་ཐོད་རྔ་མཁའ་འགྲོའི་བཤུགས་གླུ་ལེན༔ དུར་ཁྲོད་སེམས་ཅན་གཏུམ་པོ་སྣ་ཚོགས་རྒྱུ༔ ཐབས་ཤེས་གཉིས་མེད་བདེ་ཆེན་ཆོས་ཀྱི་སྐུ༔ ཕྱི་ནང་སྟོང་གསལ་ཟང་ཐལ་གཞལ་ཡས་ཁང༔ ཁོར་ཡུག་པདྨ་མེ་རི་རབ་ཏུ་འབར༔ རྡོ་རྗེའི་ཀློང་ཆེན་ཉིད་དུ་གསལ་བའི་དབུས༔ པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ༔ མ་ལས་ཉི་མ་ལྷ་བརྒྱད་ཕོ་མོའི་སྟེང༔ གསུམ་པ་ལྷ་བསྐྱེད་པ་ནི། ནམ་མཁའི་ཧཱུྃ་དེ་གདན་སྟེང་བབས༔ དེ་ལས་འོད་འཕྲོས་ཡོངས་གྱུར་ལས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧཱུྃ༔ བདག་ཉིད་དྲེགས་པ་ཀུན་འདུལ་ཡབ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ པདྨ་རྡོ་རྗེ་གྲི་གུག་གཡས༔ ཐོད་ཁྲག་དྲིལ་བུ་ཞགས་པ་གཡོན༔ རལ་པ་གྱེན་བརྫེས་རིགས་ལྔས་བརྒྱན༔ སྤྱན་གསུམ་མཆེ་གཙིགས་ཁྲོ་ཞལ་རྔམ༔ རཀྟ་ཐལ་ཆེན་ཞག་ཟོ་རིས༔ སྦྲུལ་རིགས་རྣམ་ལྔས་ཕྱག་ཞབས་བརྒྱན༔ ཀོ་རློན་ཞིང་ལྤགས་སྟག་ཤམ་དང༔ ཐོད་ཕྲེང་མེ་དཔུང་ཀློང་ན་བཞུགས༔ ཙིཏྟའི་གུར་ནང་ཡེ་ཤེས་སེམས༔ ཚོན་གང་ཐུགས་ཀར་རྡོ་རྗེ་ནི༔ ནས་ཙམ་དཀྱིལ་དུ་ཡི་གེ་ཧཱུྃ༔ སྤུས་བྲིས་ཙམ་ལ་རྩ་བའི་སྔགས༔ མུ་ཏིག་བསྐོར་བ་ལྟ་བུར་བསྒོམ༔ སྒོ་སྲུང་རྡོ་རྗེ་གཞོན་ནུ་བསྐྱེད༔ དེ་ལྟར་གསལ་བའི་མདུན་དུ་ནི༔ ཧཱུྃ་ལས་གསང་བའི་དབྱིངས་ཕྱུག་ཡུམ༔ ལྗང་དམར་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་བྷནྡྷ་ཡབ་མགུལ་འཁྱུད༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ སྐུ་ཡི་རྒྱན་ཆས་ཡབ་དང་མཚུངས༔ དེ་ཉིད་གསལ་ཡང་གདབ་པའི་ཕྱིར༔ སྙིང་རྗེ་ཆེན་པོས་ཀུན་བསྒྲལ་ཕྱིར༔ གཉིས་མེད་རྡོ་རྗེ་ཆེན་པོར་བསྒོམ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ བཛྲ་པཱ་ཤ་ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་གནས་བཅུ་རུ༔ ཡཀྴ་རཀྴ་ཏི་ར་བཾ༔ ཕྱོགས་སྐྱོང་བཅུ་པོ་བསྣོལ་བའི་སྟེང༔ ཉི་ཟླ་པདྨའི་གདན་དབུས་སུ༔ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ སྤྱི་གཙུག་ཁྲོ་ཆེན་ཧཱུྃ་ཀཱར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ༔ རྡོ་རྗེ་ཐོ་བ་རྡོ་རྗེ་གཡས༔ དུང་ཆེན་ཞགས་པ་དྲིལ་བུ་གཡོན༔ ཡུམ་ཆེན་སྒྲ་འབྱིན་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ མགྲིན་པར་ཁྲོ་བོ་རྣམ་པར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ལྗང་གཡོན་སྔོ་དབུས་དཀར་ཞལ༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་དྲིལ་བུ་གཡོན༔ ཡུམ་ཆེན་མདའ་སྙེམས་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཐུགས་ཀར་ཁྲོ་ཆེན་དབྱུག་སྔོན་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་སྐྱའི་ཞལ༔ མེ་དབལ་དབྱུག་པ་རྡོ་རྗེ་གཡས༔ དབྱུག་ཏོ་ཐོ་བ་དྲིལ་བུ་གཡོན༔ ཡུམ་ཆེན་སྡེར་མོ་ཉིད་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྟེ་བར་ཁྲོ་ཆེན་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྔོ་ཞལ༔ རྡོ་རྗེ་བེ་ཅོན་རྡོ་རྗེ་གཡས༔ སྡིགས་མཛུབ་དགྲ་སཏྭ་དྲིལ་བུ་གཡོན༔ ཡུམ་ཆེན་དུར་ཁྲོད་བདག་མོར་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ གསང་གནས་ཁྲོ་ཆེན་མི་གཡོ་མགོན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དམར་དབུས་ལྗང་ཞལ༔ རལ་གྲི་ཁ་ཊྭཱཾ་རྡོ་རྗེ་གཡས༔ ཞགས་པ་ཙིཏྟ་དྲིལ་བུ་གཡོན༔ ཡུམ་ཆེན་གཏུན་ཁུང་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གསང་གནས་ཁྲོ་ཆེན་རྟ་མགྲིན་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དམར་ཞལ༔ སྦྲུལ་ཞགས་མདའ་དང་རྡོ་རྗེ་གཡས༔ སྤུ་གྲི་གཞུ་དང་དྲིལ་བུ་གཡོན༔ ཡུམ་ཆེན་གཏུམ་མོ་ཉིད་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཕྲག་གཡས་ཁྲོ་རྒྱལ་གཞན་མི་ཐུབ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སེར་དབུས་ལྗང་ཞལ༔ བྷནྡྷ་མེ་དང་རྡོ་རྗེ་གཡས༔ རྔ་ཡབ་ཐོད་དབྱུག་དྲིལ་བུ་གཡོན༔ ཡུམ་ཆེན་མདའ་སྙེམས་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལི་ཧཱུྃ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཕྲག་གཡོན་ཁྲོ་ཆེན་བདུད་རྩི་འཁྱིལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དམར་གཡོན་དཀར་དབུས་ལྗང་ཞལ༔ མེ་དཔུང་དབྱུག་ཏོ་རྡོ་རྗེ་གཡས༔ ཞགས་པ་རྒྱ་གྲམ་དྲིལ་བུ་གཡོན༔ ཡུམ་ཆེན་རླུང་འབྱིན་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཞབས་གཡས་ཁྲོ་ཆེན་ཁམས་གསུམ་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དུད་ཀ༔ གྲི་གུག་ཏྲི་ཤུལ་རྡོ་རྗེ་གཡས༔ མདུང་དང་མདའ་གཞུ་དྲིལ་བུ་གཡོན༔ ཡུམ་ཆེན་གསོད་བྱེད་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཞབས་གཡོན་ཁྲོ་ཆེན་སྟོབས་པོ་ཆེ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དུད་ཀ༔ ལྕགས་ཀྱུ་ཙིཏྟ་རྡོ་རྗེ་གཡས༔ དུང་དམར་ཞགས་པ་དྲིལ་བུ་གཡོན༔ ཡུམ་ཆེན་སྐྱོད་བྱེད་མ་དང་སྦྱོར༔ ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས༔ གཡས་པ་དུང་དམར་གཙོ་ལ་སྟོབ༔ གཡོན་པ་དྲིལ་བུ་དཀུ་ལ་བསྟེན༔ དུར་ཁྲོད་ཆས་ཀུན་ཡོངས་རྫོགས་པ༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ ཧཱུྃ་ལ་རང་སྔགས་སྙིང་པོས་བསྐོར༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྐྱེད༔ ཞེས་གསལ་གདབ་པར་བྱའོ། །བཞི་པ་དབང་བསྐུར་བ་ནི། ཧཱུྃ༔ ཕྱག་ན་རྡོ་རྗེའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་འགྲུབ་མཛོད་ཅིག༔ སྲིད་པ་ཕྱག་ན་རྡོ་རྗེའི་ལྷ༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཨཱོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཕགས་པ་མཆོད་དེ་འོད་དུ་འདུས་ནས་ཁྲོ་བོ་སོ་སོའི་སྐུ་ལ་ཐིམ་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་བསྐུར། དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །ལྔ་པ་སྤྱན་དྲང་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དྲེགས་འདུལ་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཧཱུྃ༔ སྲིད་པ་རྡོ་རྗེར་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ བཛྲ་དྲག་པོའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཛ༔ ཞེས་སྤྱན་དྲངས། དྲུག་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དྲེགས་པ་ཕྱོགས་སྐྱོང་ཉི་ཟླའི་གདན་སྟེང་དུ༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དང༔ སྤྲུལ་པ་ཁྲོ་བཅུ་ཡབ་ཡུམ་བཅས་པ་རྣམས༔ གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ་ས་མ་ཡ་ཏིཥྛ་ལྷན༔ ཞེས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་གཉིས་མེད་དུ་བཞུགས་པར་གྱུར། བདུན་པ་ཕྱག་འཚལ་བ་ནི། ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་བ་དང༔ ང་རྒྱལ་མཐུ་ཆེན་གཞོམ་པའི་ཕྱིར༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། བརྒྱད་པ་མཆོད་པ་ལ་ཕྱི་མཆོད་ནི། ཧཱུྃ༔ གདུག་པ་མ་ལུས་འདུལ་མཛད་ལྷ༔ གསང་བདག་ཁྲོ་བཅུ་འཁོར་བཅས་ལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་དང༔ རོལ་མོ་སིལ་སྙན་སྣ་ཚོགས་དང༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ རབ་ཏུ་དང་བས་འབུལ་བར་བགྱི༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ཧཱུྃ༔ བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཧཱུྃ༔ བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་བིདྱཱ་ཧཱུྃ༔ བཛྲ་ཤབྡ་ཧཱུྃ༔ སྨན་མཆོད་ནི། ནང་མཆོད་ལས་མཐེབ་སྲིན་གྱིས་ཐིགས་གཏོར་འབུལ་ཞིང་། ཧཱུྃ༔ རང་བྱུང་གདོད་ནས་དག་པ་ཡི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ རྒྱུད་དྲུག་ཀུན་གྲོལ་དུག་སེལ་སྨན༔ བཞེས་ཤིག་ཁྲོ་རྒྱལ་ཡབ་ཡུམ་ཚོགས༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་དབང་དང་ཤེས་རྒྱུད་ལུང་སྟོན་པའི༔ ངེས་པའི་དོན་སྟོན་རྡོ་རྗེ་སློབ་དཔོན་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཕྱོགས་སྐྱོང་དྲེགས་པ་བསྣོལ་བའི་གདན་སྟེང་ནས༔ འཇིགས་བྱེད་ཁྲོ་རྒྱལ་ཡབ་ཡུམ་བཅུ་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དུར་ཁྲོད་ལ་སོགས་སོ་སོའི་གནས་མཆོག་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་བླང་བ་ནི། ཧཱུྃ༔ བདེ་གཤེགས་ཀུན་མཆོད་ཐུགས་དམ་བསྐུལ་བ་དང༔ རྣམ་པར་རྟོག་འཇོམས་དོན་དང་ལྡན་པ་ཡི༔ ཡོངས་སུ་གང་བའི་བཅུད་ཆེན་དམ་པ་འདི༔ དངོས་གྲུབ་ཐོབ་ཕྱིར་བདག་གིས་བླང་བར་བགྱི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཧཱ༔ ཞེས་བདུད་རྩི་གནས་ལྔར་རེག་ཅིང་ལྕེར་མྱང་། རཀྟ་དང་གཏོར་མ་ནི། ཉོན་མོངས་མ་ལུས་དབྱིངས་སུ་དག་བྱའི་ཕྱིར། ཁམས་གསུམ་བསྒྲལ་པའི་ཤ་ཁྲག་མཆོད་པ་དང༔ ཙིཏྟ་རིན་ཆེན་བ་ལིཾ་མཆོད་པ་རྣམས༔ གདུག་པ་འདུལ་མཛད་ཁྲོ་རྒྱལ་ཁྱེད་ལ་འབུལ༔ ཉོན་མོངས་གནས་སུ་དག་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཙཀྵུ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ ཞེས་མཆོད་པར་བྱའོ། །དགུ་པ་བསྟོད་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དཔལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྱིས་གྲུབ༔ ཐབས་ཤེས་དབྱེར་མེད་འགྲོ་དོན་རྫོགས་མཛད་པ༔ རྡོ་རྗེ་གཏུམ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱི་སྒྲུབ་སྤྱི་ཙམ་ལ་འདི་འཕྲོས་འོག་གི །སྐྱེ་མེད་རྣམ་དག་སོགས་ལ་སྦྲེལ་བས་འཐུས་ཤིང་། གསང་སྒྲུབ་ལྷ་བསྐྱེད་དཀྱུས་སུ་བསྟན་པ་ལྟར་གྱི་སྐབས་སུ་གོང་གི་འཕྲོར། ཧཱུྃ་ལས་སྐུར་བསྐྱེད་གསང་བདག་རྡོ་རྗེ་འཛིན༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་གསལ༔ སྐུ་གསུམ་ལྡན་ཕྱིར་ཞལ་གསུམ་ཤིན་ཏུ་ཁྲོས༔ ཐེག་པ་དགུ་རྫོགས་སྤྱན་དགུ་སྡང་མིག་བགྲད༔ ཀླུ་རྣམས་ཞལ་གསོལ་མཆེ་བ་ཟུར་གསུམ་གཙིགས༔ རལ་པ་གྱེན་འབར་སྲིད་གསུམ་དབྱིངས་སུ་འདྲེན༔ ཐམས་ཅད་ཟིལ་གནོན་སྐུ་ནི་རབ་ཏུ་ཁྲོས༔ ཀླུ་རྣམས་དབང་སྡུད་ཕྱག་ཞབས་སྦྲུལ་གྱིས་བརྒྱན༔ སྡེ་བརྒྱད་བྲན་ཁོལ་དུར་ཁྲོད་ཆས་བརྒྱད་གསོལ༔ ཞབས་བཞི་བགྲད་པས་ས་བདག་གདན་དུ་བཏིང༔ ཐམས་ཅད་དབང་སྡུད་གཡས་ན་པདྨ་དང༔ ཡེ་ཤེས་ལྔ་ལྡན་བར་པ་རྡོ་རྗེ་ཕྱར༔ ཐ་མ་གྲི་གུག་གདུག་པ་ཐམས་ཅད་འཇོམས༔ སྙིང་ཁྲག་འཐུང་ཕྱིར་གཡོན་ན་ཐོད་ཁྲག་དང༔ ཆོས་ཀྱི་སྒྲ་སྒྲོག་བར་པས་དྲིལ་བུ་བསྣམས༔ མ་རིག་འཆིང་མཛད་ཐ་མ་ཞགས་པ་འཛིན༔ ཡེ་ཤེས་མེ་དཔུང་གདུག་པའི་ཚོགས་རྣམས་བསྲེག༔ གདུག་པ་ཀླུ་འདུལ་བྱ་ཁྱུང་རིགས་ལྔས་བརྒྱན༔ དྲེགས་པ་ཀུན་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་སྐུར་དག་པ་ལས༔ གསང་བའི་དབྱིངས་ཕྱུག་ཡུམ་ལ་ཕྱག་འཚལ་བསྟོད༔ མི་དགེ་བཅུ་དག་ས་བཅུའི་དོན་ལ་སྤྱོད༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད༔ སྣང་བ་ཐམས་ཅད་ལྷ་ཡི་དཀྱིལ་འཁོར་མཆོག༔ རྣམ་དག་ལྷ་ཡི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་དང་། ཡེ་ནས་མཁའ་དབྱིངས་རྣམ་དག་ལྷུན་གྲུབ་ལ༔ མ་རིག་དབང་གིས་ལོག་པར་ཅི་བརྟགས་པ༔ ཁྲོ་རྒྱལ་ཡབ་ཡུམ་ཚོགས་ལ་མཐོལ་ལོ་བཤགས༔ ཞེས་བསྟོད་ཅིང་བཤགས། བཅུ་པ་ཛཔ྄་བཟླ་བ་ལ་གཉིས་ལས། བསྙེན་པ་ནི། རང་གི་ཐུགས་ཀར་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ག །དེའི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་འདུས་ནས་བདག་ལ་ཐིམ། སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་། སྔགས་ཀྱི་སྒྲ་གདངས་གྲགས་སྟོང་རྡོ་རྗེའི་སྒྲས་ཞིང་ཁམས་ཐམས་ཅད་ཁྱབ་པར་མོས་ལ་བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་གཙོ་བོ་དང་། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ སོགས་ཁྲོ་བོ་བཅུའི་སྔགས་རྣམས་ལྷ་བསྐྱེད་ཀྱི་སྐབས་བཞིན་བཟླ། གྲངས་ནི་གཙོ་བོ་ལ་འབུམ། ཁྲོ་བཅུ་ལ་ཁྲི་རེའོ། །བཟླས་པའི་མཐར་སྟོང་ཚིགས་ཀྱི་མཆོད་པའང་བྱ། ཉེ་བའི་བསྙེན་པ་ནི། ལྷ་ཐམས་ཅད་སྐད་ཅིག་དྲན་རྫོགས་སུ་བསྐྱེད། རང་གི་སྲོག་གི་སྙིང་པོ་ཡི་གེ་འབྲུ་གཅིག་པོ་སྒྲོག་པར་བསམས་ལ། བདེ་གཤེགས་ཐུགས་ཀྱི་སྙིང་པོ་ཧཱུྃ་ཡིག་ཁོ་ན་བཟླའོ། །དེ་ཡང་རབ་ཞག་བདུན། འབྲིང་ཟླ་བ་གཅིག །ཐ་མ་ཡང་ཟླ་བ་གསུམ་བཟླས་པས། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་སུ་གྱུར་ཏེ་ཚེ་གཅིག་ལ་སངས་རྒྱ་བ་སོགས་ཡོན་ཏན་དཔག་ཏུ་མེད་པར་འབྱུང་བར་གསུངས་སོ། །སྐབས་འདིར་གཏེར་སྲུང་ལྡང་ལྷ་མཆོད་པ་ནི། བཤོས་བུ་དཀར་ཟླུམ་མཐེབ་ཀྱུ་བདུན་གྱིས་བསྐོར་བ་དཀར་གསུམ་སོགས་གཙང་ཕུད་ཀྱིས་བྲན། བསང་སྦྱང་། ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་ཕུང་པོར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། སྙིང་གའི་འོད་ཀྱིས་གཏེར་སྲུང་ལྡང་ལྷ་འཁོར་བཅས་མདུན་དུ་སྤྱན་དྲངས་པར་བསམ་ལ། ཨོཾ་བ་རི་བ་རི་གིངྐ་ར་ཛཿཛ༔ ཞེས་པས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། འབོད་སྔགས་ལ། ཨ་ཀཱ་རོ་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། སྐུ་ལ་དར་དཀར་རལ་ཀ་གསོལ། །ཆིབས་སུ་ངང་དཀར་སྒབ་སྔོན་འཆིབ། །གཡས་པ་དར་དཀར་རུ་མཚོན་ཕྱར། །གཡོན་པ་དགྲ་སྙིང་ཞལ་དུ་གསོལ། །བཙན་རྒོད་བྱ་ར་སྟོང་གིས་བསྐོར། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ནས། གཙྪས་རང་གནས་སུ་གཤེགས་པ་རྣམས་བྱའོ། །ལྡང་ལྷའི་གཏེར་གཞུང་དུ་དམར་གྱི་མཆོད་པ་བཤམས་པར་བཤད་པ་ནི་དྲག་ལས་ལ་མངགས་པའི་དབང་དུ་བྱས་ཤིང་། རྒྱུན་གྱི་ཕྲིན་ལས་ལ་གཙང་གཏོར་དུ་བྱས་ན་སྐབས་སུ་བབས་པར་ཡང་ཐིག་གི་མཐོང་སྣང་འོད་དྲྭ་ལས་ཤེས་སོ། །ཞེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་གསུངས་སོ། །གསུམ་པ་རྗེས་ཀྱི་རིམ་པ་བཅུ་ལས། དང་པོ་ཚོགས་མཆོད་ནི། ཞིང་ངམ་གཅན་གཟན་གྱི་པགས་པའི་ཁར་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། བྱིན་གྱིས་བརླབ་པ་ནི། བདུད་རྩིས་བསང་གཏོར་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཨ་མྲྀཏ་ཀུཎྜ་ལཱི་ཧ་ཧ་ཧ་ཧཱུྃ་ཕཊ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཧྲཱིཿཋ༔ སརྦ་བི་ཤོ་དྷ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཡང་ཅིག་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབས་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱང༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བརླབ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་སྤེལ༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་བྱིན་གྱིས་བརླབ་བོ། །ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་གྲུ་གསུམ་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་དྲེགས་འདུལ་ཡབ་ཡུམ་དང༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་དང་སྤྲུལ་པར་བཅས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འབུལ༔ ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ༔ ཚེ་དང་དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ནམ་མཁའ་གང་བར་སྤྱན་དྲངས། དེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ རྡོ་རྗེ་གཏུམ་པོ་ཡབ་ཡུམ་ཁྲོ་བཅུར་བཅས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང༔ སྤྲུལ་པ་ཡང་སྤྲུལ་མ་ལུས་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ་ལོ་བཞེས༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ག་ཎ་ཙཀྲ་ཨི་དཾ་དུཥྚཱན་བ་ལིཾ་ཏ་ཁཱ་ཧི༔ པྲ་ཏཱིཙྪ་ཧོ༔ ཤྲཱི་པཉྩ་ཁཱ་ཧི༔ མ་ཧཱ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་འབུལ། བར་པ་སྐོང་བ་དང་བཤགས་པ་གཉིས་ལས་སྐོང་བ་ནི། ཧཱུྃ༔ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང༔ འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་དང༔ ཡང་སྤྲུལ་ཌཱ་ཀི་སྲུང་མ་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཞེས་དང་། བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཁྲོ་རྒྱལ་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཚོགས་ཀྱི་མཆོད་པས་ཐམས་ཅད་སོ་སོར་བཤགས༔ ཞེས་དང་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བ་ནི། གཏེར་གཞུང་གི་ཐུགས་སྒྲུབ་ལས་ཚོགས་ཕུར་གཅིག་མ་བཞིན་བྱ་བའམ། ཡང་ན་ཚོགས་ཟན་ནམ། དམིགས་བྱའི་རཱུ་པ་བཅས་ལ། བདེན་སྟོབས་བརྗོད་ནས་དགུག་བསྟིམ་བྱ། གསལ་བ་གསུམ་དང་ལྡན་པས། ཧཱུྃ༔ བཅོམ་ལྡན་གསང་བདག་ཁྲོ་བོའི་རྒྱལ༔ བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་བཅས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་པའི་དུས་ལ་བབས༔ གདུག་ཅན་དགྲ་དང་བགེགས་ཀྱི་ཚོགས༔ ཁུག་ཅིག་ཨཱ་ཀརྵ་ཡ་ཛ༔ ཕུར་བུ་འབར་བས་སྲོག་རྩ་ཆོད༔ སྣ་ཚོགས་མཚོན་ཆས་དུམ་བུར་གཏུབས༔ རྡོ་རྗེའི་ཐོ་བས་རྡུལ་དུ་ཆོམས༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་དྲོངས༔ གཏུམ་པོ་དང་ཁྲོ་བཅུའི་སྔགས་ཀྱི་མཐར༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ་སྙིགས་མའི་ཤ་ཁྲག་བདུད་རྩིར་སྤེལ་ནས། ཧཱུྃ༔ དྲེགས་འདུལ་ལྷ་ཚོགས་གནམ་ས་ཙམ༔ གདངས་པའི་ཞལ་དུ་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པ་ཚོགས་སུ་འབུལ༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་མཱ་ར་ཡ་བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁཱ་ཧི༔ ཞེས་འབུལ། ཚོགས་རྫས་རྣམས་བརྡ་དང་བརྡའི་འབུལ་ལེན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་འགྲོ་བས་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་རྣམས་བསྡུས་ཏེ་སྨོན་ལམ་གདབ་ཅིང་ཁ་ཕྲུས་བདུད་རྩིར་སྤེལ་ཏེ། ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་འཁོར་ན༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ མ་ཚོགས་དབང་ཕྱུག་མཁའ་འགྲོ་གིང༔ ལངྐ་མ་མོ་གནོད་སྦྱིན་དང༔ འབར་མ་ཕོ་ཉ་ས་བདག་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ ཚེ་སྲོག་ལོངས་སྤྱོད་རྒྱས་པར་སྤེལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་གྲྀཧྞ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་ཕྱི་རོལ་དུ་དོར། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པ་ལས༔ འགག་མེད་རོལ་པའི་ཁྲོ་རྒྱལ་འདུས་པའི་སྐུ༔ དྲེགས་འདུལ་ཁྲོ་བཅུ་ཡབ་ཡུམ་འཁོར་དང་བཅས༔ མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཅེས་བསྐུལ། གསུམ་པ་ཆད་མདོ་བསྒྲག་པ་གཞུང་དུ་མ་གསུངས་པས་མ་བྱས་ཀྱང་ཆོག་ལ། སྤྱི་དང་མཐུན་པར་སྤྲོ་ན། ཆོས་སྐྱོང་གི་གཏོར་མ་སོགས་གྲལ་ནས་བླངས་ཏེ་སྟེགས། སྨན་རག་གིས་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ༔ རྡོ་རྗེ་འཆང་དང་གསང་བདག་ཕྱག་རྡོར་གྱིས༔ སྣང་སྲིད་དྲེགས་པའི་ཚོགས་རྣམས་མ་ལུས་བཏུལ༔ རང་རང་སྲོག་གི་སྙིང་པོ་ཕུལ་བའི་ཚེ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པ་བར་མ་ལ༔ དགའ་རབ་རྡོ་རྗེ་པདྨ་ཐོད་ཕྲེང་གིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྣང་སྲིད་ལྷ་འདྲེ་མ་ལུས་དམ་བཏགས་ནས༔ རང་རང་སྲོག་གི་སྙིང་པོ་ཕུལ་བའི་ཚེ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པ་ཐ་མ་ལ༔ བྲག་དམར་དཔལ་གྱི་ཕུག་རིང་ཆེན་པོ་རུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང༔ གྲུབ་པའི་རྒྱལ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ གསང་བདག་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བོད་ཀྱི་ལྷ་སྲིན་མ་རུངས་དམ་བཏགས་ནས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་གཏོར་མ་རྣམས་ཕྱིར་འབུལ། བཞི་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་སྨན་རག་གིས་བཤལ་བས་བརྟན་གཏོར་བྲན། འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ༔ དམ་ལ་གནས་པ་བརྟན་མའི་ཚོགས༔ གནམ་གྱི་རྒྱལ་མོ་དཔལ་གྲགས་མ༔ གཡའ་སྨན་རྒྱལ་མོ་ཡང་དག་ཤེས༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ འབྲོག་དང་བྱང་རྒྱལ་ཟླ་འོད་མ༔ འབྲོག་གནས་མ་མོ་མེ་ཏོག་མ༔ བྱང་སྨན་མ་མོ་གསེར་ཐང་མ༔ ཤ་མེད་གངས་དཀར་ཀུན་ཏུ་བཟང༔ ས་བདག་ཆེན་པོ་ཤཱན་ཏིང་དཔལ༔ ཀླུ་ཡི་མ་མོ་གཟི་འབར་མ༔ མི་སྲུན་རྒྱན་ལྡན་ཁྲོས་པའི་བརྒྱུད༔ བྲན་གཡོག་འཁོར་བཅས་གཏོར་མ་ལོངས༔ བསམ་པ་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་བརྟན་མ་བསྐྱང་། ལྔ་པ་བྲོ་བརྡུང་བ་ནི། གཏོར་ཕྱིར་འབྲང་བའི་དམ་སྲི་རྣམས་གཏོར་གཞོང་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་མནན་པར་བསམ་ལ་རྡོ་རྗེའི་རྒྱ་དང་བཅས་པས། ཧཱུྃ༔ ང་ནི་དཔལ་ཆེན་གསང་བའི་བདག༔ ང་ནི་འཇིག་རྟེན་འདུལ་བའི་གཙོ༔ སྤྲུལ་པའི་འཁོར་ཚོགས་བསམ་མི་ཁྱབ༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ ཐམས་ཅད་མ་ལུས་སྐར་ལྟར་འཁྲུགས༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ མནན་ནོ་གཟིར་རོ་ས་མ་ཡ༔ རྒྱལ་བའི་བསྟན་པ་མ་ནུབ་བར༔ ཁྱོད་ལ་ཐོན་པའི་སྐལ་པ་མེད༔ ཕྱི་མ་ཐར་པ་ཐོབ་གྱུར་ཅིག༔ ཨོཾ་ལཾ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ནན་ས་མ་ཡ་ནན༔ ཅེས་ཁྲོ་བོའི་སྟངས་སྟབས་དང་བཅས་ཏེ་བྲོ་བརྡུང་། དྲུག་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་སོགས་གནས་གསུམ་དུ་གཏུགས་ཤིང་དམ་རྫས་རོལ་ལ། ཧཱུྃ༔ བཅོམ་ལྡན་ཕྱག་ན་རྡོ་རྗེའི་བྱིན་བརླབས་ཀྱིས༔ ཀླུ་རྣམས་དབང་འདུས་དམ་ལ་ཐོགས་པ་དང༔ ཟིལ་གནོན་དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཡེ་ཤེས་ཁྲོ་བཅུ་སྤྲུལ་པར་བཅས་རྣམས་ཀྱིས༔ ཞི་རྒྱས་དབང་དྲག་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད། བདུན་པ་མཆོད་བསྟོད་ནོངས་བཤགས་ནི། གོང་གསལ་ཕྱི་མཆོད་ཀྱི་ཚིགས་བཅད་ཙམ་མམ། བསྡུ་ན། ཨོཾ་བཛྲ་པཱ་ཎི་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད། ཧཱུྃ༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་རྡོ་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད། ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་དགོངས༔ ཆོ་ག་ལྷག་ཆད་བྱུང་བ་དང༔ མ་འབྱོར་པ་དང་ཉམས་པ་དང༔ མ་རིག་དབང་གིས་ངོ་མ་རྟོགས༔ དབྱེེར་མེད་ཆོས་སྐུའི་ཀློང་ཉིད་དུ༔ བཟོད་པར་གསོལ་ལོ་བཤགས་པར་བགྱི༔ ཨོཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་དང་ཡིག་བརྒྱ་བཟླ། བརྒྱད་པ་གཤེགས་བསྡུ་ནི། མདུན་བསྐྱེད་རྟེན་མེད་ན། ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་འདིར་བྱོན་ཅིང༔ སེམས་ཅན་དོན་ཀུན་བསྒྲུབས་ནས་ཀྱང༔ སླར་ཡང་སྐྱེ་མེད་ཀློང་དུ་བསྡུ༔ བཛྲ་མུ༔ ཅེས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་རང་ལ་བསྡུ། དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་བཞག་ནས། ཕཊ་ཕཊ་ཕཊ། ཅེས་དྲེགས་འདུལ་ཁྲོ་བོའི་སྐུར་གསལ་བཏབ་ནས་སྤྱོད་ལམ་བསྐྱང་ངོ་། །དགུ་པ་བསྔོ་བ་དང་སྨོན་ལམ་ནི། ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ ཡང་གསང་ཆོ་ག་འདི་བསྔོས་པས༔ རྡོ་རྗེ་མཆེད་ལྕམ་འགྲོ་ཀུན་རྣམས༔ སྐྱེ་མེད་དབྱིངས་ལ་སྤྱོད་པར་ཤོག༔ ཅེས་དང་། གསང་སྔགས་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མའི་རྒྱུན་དག་ནས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་རྣམས༔ སྐད་ཅིག་མི་འབྲལ་འགྲོགས་ནས་ཀྱང༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ ཚེ་འདིར་སངས་རྒྱས་ཐོབ་གྱུར་ཅིག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི། ཆོས་སྐུའི་བཀྲ་ཤིས་ཀ་དག་ཡངས་པའི་ཀློང༔ ལོངས་སྐུའི་བཀྲ་ཤིས་མཚན་དཔེ་འོད་འབར་བ༔ སྤྲུལ་སྐུའི་བཀྲ་ཤིས་གཞན་དོན་མཐའ་ཡས་ཤིང༔ སྐུ་གསུམ་འགྱུར་མེད་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་སོགས་བརྗོད་པར་བྱའོ། །གཏེར་ཁ་གསུམ་འདུས་ཚིག་དང་དོན། །མཐུན་པར་བྱོན་པའི་དྲེགས་འདུལ་གྱི། །ཕྲིན་ལས་རྩ་བ་མཁའ་ལྡིང་དབང་། །རིགས་མཐུན་མཆུ་སྡེར་རྣོན་པོས་སྤྲས། །ནོངས་གྱུར་དབྱིངས་སུ་བཟོད་བཞེས་ལ། །གདུག་པའི་མཐུ་ལྡན་དྲེགས་པ་རྣམས། །མུན་ལ་སྣང་བའི་གཟི་བརྗིད་བཞིན། །ཀུན་འདུལ་གསང་བའི་བདག་གྱུར་ཅིག །ཅེས་པའི་ཚུལ་འདིར་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་ཆོག་ཁྲིགས་ལུང་རྒྱུན་མ་བཞུགས་པ་དང་། བྱ་སླ་བརྗོད་བདེའི་ཆེད་དུ་སྨིན་ལུགས་གཏེར་གསར་གྱི་སྤར་བཀབ་མཛད་ཆེས་པས། རང་གཞུང་རྩ་བར་བཟུང་། ཁ་འགེངས་འོས་པ་རྣམས་གཏེར་ཁ་གསུམ་པ་པད་གླིང་གཞུང་ལས་བླངས་ཏེ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་བཛྲ་ཙིཏྟ་ཀོ་ཊཱིར་སྦྱར་བ་དགེ་ལེགས་འཕེལ།། །།

གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་ཁྲག་འཐུང་ཐུགས་ཀྱི་སྙིང་པོ་ (Volume 12, Text 19)

༄༅། །གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་ཁྲག་འཐུང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ། རྡོ་རྗེ་བཞི་ཡི་གོ་ཆས་བརྒྱན་པའི་སྐུ །བདུད་འདུལ་མེ་དབལ་ཁྱུང་གི་ཚྭ་ཚྭ་འཕྲོ། །འཁོར་འདས་འཇིགས་བྱེད་ཀུན་ཀྱང་འཇིགས་མཛད་པ། ཁྲག་འཐུང་ཚོགས་རྗེ་བླ་མ་དྲག་པོས་སྐྱོངས། །གྲུབ་གཉིས་གེགས་མེད་སྦྱིན་པ་དང་། །གདུག་པའི་འབྱུང་པོའི་སྲོག་འཕྲོག་པ། །གུར་དྲག་སྒྲུབ་ཐབས་རྒྱ་མཚོའི་བཅུད། །ཡིད་བཞིན་དབང་གི་རྒྱལ་འདི་འོ། །དབང་ཆེན་རྡོ་རྗེའི་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག་འདི་ཉིད་སྐུར་བྱེད་སློབ་དཔོན་དང་བསྐུར་ཡུལ་སློབ་མ་མཚན་ཉིད་དང་ལྡན་པའི་རྟེན་འབྲེལ་འགྲིགས་ནས། ཇི་ལྟར་སྐུར་བའི་ཚུལ་ལ་ཕྱག་ལེན་རྒྱས་པ་སྒྲུབ་ཆེན་དང་རྡུལ་ཚོན་གྱི་ཕྱོགས་ལ་བརྟེན་པ་ནི་དཀྱུས་སུ་ཕྱག་ལེན་མི་ཐེབས་པས་བཏང་སྙོམས་བྱས་ཏེ། སྐབས་འདིར་རས་བྲིས་ལ་བརྟེན་པའི་ལུགས་ལྟར་བཤད་པ་ལ་གསུམ། སྦྱོར་བ་སྟ་གོན། དངོས་གཞི་སྒྲུབ་པ་དང་དབང་། རྗེས་ཆོ་གའི་ལས་རིམ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། དབང་རྫས། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི། བདག་ཉིད་པདྨ་དྲག་པོའི་ང་རྒྱལ་དང་ལྡན་པས་དཀར་གཏོར་སྤྱི་ལྟར་བྱིན་བརླབས། གང་དག་འདིར་གནས་སམ། ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་འབུལ། བུམ་པ་མཚན་ལྡན་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ལ་བདུད་རྩི་འཁྱིལ་པའི་སྔགས་བརྗོད། ཆུ་གཙང་བླུགས་ལ། ཨོཾ་ཨཱཿཔཱ་ཎི་སིདྡྷི་པཉྩ་སརྦ་ཨཱ་ཡུཿཔུཎྱེ་ཧཱུྃ་བྷྲཱུྃ་ཁཾ་ཛ་སྭཱ་ཧཱ༔ ཆང་འོ་མ་ཉེར་ལྔའི་རྫས་རྣམས་བླུགས་ལ། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ རཏྣ་མ་ཧཱ་པཉྩ༔ ཨ་མྲྀཏ༔ བོ་དྷི་ཙིཏྟ༔ སརྦ་ནེ་ཏྲ་གྷན་དྷེ༔ པཉྩ་གརྦྷ༔ བཛྲ་པླཀྴ་ཙིཏྟ༔ ཏ་ཐཱ་ག་ཏ་སརྦ་ཡོ་གི་ནཱི་མ་ཧཱ་བཛྲ་བྷྲཱུྃ་ནི་ཁཾ་ཧོ༔ ཞེས་བརྗོད། མགུལ་ཆིངས་དར་དམར་གྱིས་བཅིངས་ཤིང་ཁ་རྒྱན་གཟུངས་ཐག་བཅས་ཉེ་བར་བསྡོགས། གཞན་ཡང་དཀྱིལ་འཁོར་དབང་རྫས་གཏོར་མཆོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། དཀྱིལ་འཁོར་བཞེངས་པའི་སྟེགས་བུའི་ཁར་མཎྜལ་ལ་ཚོམ་བུ་ཕྱོགས་བཞི་དབུས་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་དགོད། སྨན་རཀ་གཏོར་གསུམ་ཉེར་སྤྱོད་དང་བཅས་པ་བཤམ། དེའི་གཡས་སུ་རྣམ་བུམ། གཡོན་དུ་ལས་བུམ་མགུལ་ཆིངས་ལྗང་གུ་ཅན་བཅུད་ལྡན་བཞག །འགྲུབ་ན་ཐོག་མར་གསང་སྒྲུབ་ལྟ་བུ་ལ་བརྟེན་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ནས། མདུན་བསྐྱེད་ལས་བྱང་ལྟར་མཆོད་བསྟོད་སོགས་རྒྱས་པར་བྱ་དགོས་ཀྱང་དེ་ཙམ་མི་ལྕོགས་ན་ལས་བྱང་གི་དབུ་ནས་བརྩམ་མཐར་ཆགས་སུ་གཏང་། བསྐྱེད་ཚིག་གཅིག་གིས་བདག་དང་ཚོམ་བུའི་དཀྱིལ་འཁོར་གཉིས་ཀར་བསྐྱེད་ལ་སྤྱན་འདྲེན་སོགས་སོ་སོར་བྱ་ཞིང་། འོད་ཟེར་ཕར་ལ་མཆོད་པ་དང་ཚུར་ལ་དངོས་གྲུབ་བསྡུ་བའི་འཕྲོ་འདུ་དང་བཅས་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་མདོར་བསྡུས་བྱ། སྟ་གོན་གྱི་ལྷ་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ཏེ། ཀྱེ༔ བླ་མ་རིག་འཛིན་དཀྱིལ་འཁོར་གཙོ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བ་སྤྲུལ་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་སྨིན་བྱའི་ཕྱིར༔ འཇུག་པར་འཚལ་ན་གཙོ་བོ་ཡིས༔ ཐུགས་རྗེས་རྗེས་སུ་བཟུང་ནས་ཀྱང༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཞུ༔ ཞེས་གསོལ་བ་བཏབ་པས༔ དཀྱིལ་འཁོར་གཙོ་བོས་སྐལ་ལྡན་རྣམས་སྨིན་པར་བྱོས༔ གྲོལ་བར་བྱོས༔ ཐུགས་རྗེས་ཡང་དག་པར་བཟུང་བར་བྱོས་ཤིག༔ ཅེས་གསུང་གི་གནང་བ་བསྩལ་བར་གྱུར༔ ལས་བུམ་སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཕྱག་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་ཙམ་བཟླས་ལ། ཁྲོ་བོའི་དབང་པོ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་ཆུ་བོ་ནུས་པ་དང་ལྡན་པར་གྱུར། སྐབས་འདིར་རྫས་བཞི་སོགས་འདུ་བྱས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་ནི། སློབ་མ་དམ་ལྡན་བདུན་ལས་མི་མང་བ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་གསན་བྱའི་ཆོས་མདོ་རྒྱུད་གསར་རྙིང་ཐམས་ཅད་ནས་བསྔགས་པ་ལམ་ཟབ་བླ་མ་སྒྲུབ་པ་རྣམས་ཀྱི་ཡང་ཟབ། གསང་བ་དྲག་པོ་ཕྲིན་ལས་སུ་སྒྲུབ་པ་སྟེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། ནམ་ཞིག་དུས་ཀྱི་ཐ་མ་ལ༔ རྒྱལ་བསེན་རླུང་ལྟར་འཚུབས་དུས་སུ༔ ཧེ་རུ་ཀས་ཀྱང་གདུལ་བར་དཀའ༔ དེ་ཕྱིར་དྲག་པོའི་སྒྲུབ་པ་བརྩམ༔ ཞེས་གསུངས་ཏེ་ཡི་དམ་རྒྱུད་སྡེ་རྒྱ་མཚོ་ལོ་ཟླ་དུ་མར་སྒྲུབ་པ་ལས། བླ་མ་དྲག་པོ་དང་འབྲེལ་བའི་སྒྲུབ་པ་ཅུང་ཟད་ཅིག་གིས་བྱིན་རླབས་དང་མཐུ་སྟོབས་ཆེ་བར་མངོན་སུམ་གྱིས་གྲུབ་པ་དེ་ཡིན་ལ། དེའང་གདོད་མའི་མགོན་པོ་པདྨ་ཀུན་ཏུ་འཆང་ཆེན་པོ་ཉིད། དག་པ་ཡེ་ཤེས་རང་གསལ་གྱི་སྣང་ཚུལ་དུ་ཚེ་དང་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ། ས་ལ་གནས་པའི་འཕགས་པ་རྣམས་ཀྱི་གཟིགས་ངོར་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ། འགྲོ་དྲུག་ཐུན་མོང་གི་གདུལ་བྱ་རྣམས་ཀྱི་སྣང་ངོར་སྐུ་ལྔ། མཚན་བརྒྱད། འགྲོ་འདུལ་གུ་རུ་དྲུག་དང་འཕྲུལ་མཚན་བཞི་བཅུ་ལ་སོགས་པའི་རྣམ་པར་འཕྲུལ་པས་རིགས་ལྔ་གང་ཆེན་མཚོའི་ཞིང་རབ་འབྱམས་རྒྱས་པར་གཏམས་པ་ལས། ཞི་བས་མི་ཐུལ་བའི་མ་རུངས་གདུག་པ་ཅན་གྱི་གདུལ་བྱ་རྣམས་ལ་དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་མཐའ་ཡས་པ་སྤྲུལ་པའི་བྱེ་བྲག་ཆེ་མཆོག་པདྨ་དྲག་པོ་རྩལ་འདི་ནི་རྩ་བའི་རྒྱུད་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་གསུངས། སྤྲུལ་པའི་ཆོ་འཕྲུལ་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། ཞལ་གསུམ་ཕྱག་དྲུག་པ་དཀྱིལ་འཁོར་གྱི་ཚུལ་དང་། ཆིག་ཤུར་དཔའ་བོ་གཅིག་པ། དྲག་པོ་མཐིང་ག་གཙོ་བོར་གྱུར་པའི་རིགས་ལྔའི་སྐུར་བཞེངས་པ་སོགས་མི་སྲུན་ནག་པོའི་ཕྱོགས་སྤྱི་དང་། ཁྱད་པར་རྒྱལ་བསེན་དམ་སྲི་འདུལ་བའི་གཉེན་པོར་ཆེད་དུ་ཁྲོས་པའི་ཁྲོ་རྒྱལ་འཁོར་འདས་གཉིས་ཀྱི་ཞིང་ན་ཆེ་བཙན་འགྲན་ཟླ་བྲལ་བ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་ལས་ཀྱི་ཁ་ཚར་མཐའ་ཡས་པ་བོད་དུ་ལས་ཅན་རྗེ་འབངས་རྣམས་ལ་བསྩལ་པར་མཛད་ཅིང་ཕྱི་རབས་ཀྱི་དོན་དུ་གཏེར་ཁ་མང་དུ་སྦ་བར་མཛད་པ་ལས། འདིར་ནི། ཇི་སྐད་དུ། འོན་ཀྱང་གུ་རུ་དྲག་པོའི་གཏེར་ཁ་འདི༔ མཐའ་དབུས་ཀུན་ཏུ་ལྔ་ལས་སྦས་པ་མེད༔ དེ་རྣམས་ནང་ནས་ཡང་ཟབ་སྙིང་ལྟ་བུ༔ མཐར་ཐུག་ཐུགས་བཅུད་སྙིང་པོའི་ཡང་ཞུན་འདི༔ ཞེས་སོགས་བཀའ་གཙིགས་ཀྱི་ངེས་པས་ལན་གཅིག་མ་ཡིན་པར་བསྡམས་པ་བོད་ཡུལ་དྲག་སྒྲུབ་ཀུན་གྱི་ནང་ནས་གཉན་ལས་ཆེས་གཉན་ཅིང་ཟབ་ལས་ཆེས་ཟབ་པ། ཁ་ཚང་དོན་འདྲིལ་ཐུགས་ཀྱི་ཡང་བཅུད་གསེར་སྦྱངས་ཞུན་མ་ལྟ་བུ་དྲག་པོ་མེའི་འཁོར་ལོའམ་མེ་རླུང་འཁྱིལ་བར་གྲགས་པ་འདི་ནི་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་གཟིམ་ཁང་རྟ་རྒྱུན་མའི་བྱང་ཕྱོགས་ཀྱི་དཀྱིལ་འཁོར་ཟླ་གམ་སྟོང་གི་བྲག་ལ་རིན་པོ་ཆེའི་དོང་ཙེ་ཀླུའི་ནོར་བུར་རྒྱ་རིམ་པ་བདུན་བཏབ་པ་ལས་བཀྲོལ་ཏེ་རིང་དུ་གསང་བ་མཐར་ཕྱིན་པར་མཛད་ནས་སྐལ་ལྡན་ཀུན་ལ་སྤེལ་བར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་ཀྱི་དབང་དུ་བྱས་ན། ཐོག་མར་ཆོས་སྒོ་འབྱེད་པ་བྱིན་རླབས་གཏོར་དབང་། སྤྲོས་པ་ལ་མི་དགའ་བ་རྣམས་ལ་དོན་དབང་ནོར་བུ་ལུགས། སྤྲོས་པ་ལ་དགའ་བ་རྣམས་ལ་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག་མཆོག་དབང་གོང་མ་དང་བཅས་པ་རྣམས་སུ་བཞུགས་པ་ལས། ད་ལམ་སྨིན་བྱེད་རྒྱས་པར་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལའང་སྟ་གོན་དང་དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དྲག་པོ་རྩལ༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ བླ་མེད་འཇུག་པའི་ཐབས་ཆེན་པོ༔ སྟ་གོན་རིམ་པ་མཛད་ནས་ཀྱང༔ ཐབས་མཆོག་རྡོ་རྗེ་དེ་ཉིད་སྩོལ༔ ལན་གསུམ་ཞུ། དེ་ལ་ཐོག་མར་རྒྱུད་སྡོམ་པ་དང་ལྡན་པ་དགོས་པས། ལམ་ལོག་པ་ལས་སྐྱོབ་ཅིང་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དྲག་པོའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་ཏེ་བཞུགས་པའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་བའི་འདུན་པས་འདིའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དུས་གསུམ་སངས་རྒྱས་བླ་མ་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་ཆུབ་སེམས་དཔའ་སློབ་དཔོན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སོ་སོ་ཐར་པའི་སྡོམ་པ་མདོར་བསྡུས་པའི་ཚུལ་གྱིས་བླང་བ་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ལ་ཐོག་མར་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབྱུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྔོན་གྱི་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བདག་གིས་སྡོམ་བསྲུང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། ལམ་མཆོག་ཁྱད་པར་དུ་བྱེད་པ་གསང་སྔགས་བླ་ན་མེད་པའི་སྒོར་ཞུགས་པ་ལ་ཐོག་མར་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་མཐའ་དག་བཟུང་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་དུ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ལན་གསུམ། དེར་མ་ཟད་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་མཐའ་དག་བླངས་ནས་བཟུང་བའི་འདུན་པས་འདིའི་རྗེས་ཟློས། དཀོན་མཆོག་ལ་གུས་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ རྩ་བའི་དམ་ཚིག་འདའ་མི་བྱ༔ ལན་གསུམ་གྱིས་བཟུང་དུ་གཞུག །སོ་ཤིང་དང་ར་བ་འདུ་བྱས་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་འདི་ཉིད་མཐེབ་མཛུབ་མཁའ་དབྱིངས་ཀྱི་ཕྱག་རྒྱས་བཟུང་། རྩེ་མོ་སོས་འཆའ་བའི་ཚུལ་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུག་པའི་འདུན་པ་མཛོད་ལ་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ གསང་སྔགས་ཐབས་ཆེན་ཐབས་ལས་བྱུང༔ རྟེན་འབྲེལ་རྣམ་པར་དག་པའི་མཆོག༔ དྲག་པོའི་དཀྱིལ་འཁོར་ལ་དམིགས་ཤིང༔ སོ་ཤིང་འདི་ནི་དོར་བར་བྱ༔ ཨོཾ་ཧྲཱིཿཧཱུྃ་བཛྲ་ཧཱ་ས་ཧཱ༔ ཞེས་འདོར་དུ་གཞུག །དེ་ལྟར་སོ་ཤིང་རྩེ་མོ་དབུས་སུ་བསྟན་ན་ལས་ཐམས་ཅད་འགྲུབ། ཕྱོགས་བཞིར་ཞི་རྒྱས་དབང་དྲག །མཚམས་སུ་ལས་ཕྲན་ཚེགས་རྣམས་འགྲུབ་པར་གསུངས་སོ། །ལས་བུམ་གྱི་ཆུ་འཐོར་འཐུང་བྱས་ལ། སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་རྨི་ལམ་གསལ་བའི་དོན་དུ་ཁྲུས་ཀྱི་ཆོ་གས་གཙང་བར་བྱས་པར་མོས་ཤིག ཧཱུྃ༔ ཉོན་མོངས་ལས་སྒྲིབ་དག་བྱེད་པའི༔ ཁྲུས་མཆོག་དམ་པ་བླ་ན་མེད༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དྲི་བྲལ་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་ཤུདྡྷེ་བི་ཤུདྡྷེ་ཨུ་ད་ཀ་དེ་ཝཾ་སྭཱ་ཧཱ༔ སྲུང་སྐུད་དམར་པོ་ལ་མདུད་པ་གསུམ་བཏབ་པ་ལ་རྩ་བའི་སྔགས་གཤམ་དུ། རཀྵ་ཧཱུྃ་ཞེས་བཟླས་པ་སྦྱིན་ལ། སྨིན་བྱེད་ཀྱི་བྱ་བ་སྤྱི་དང་བྱེ་བྲག་རྨི་ལམ་བརྟག་པ་ལ་བར་ཆད་སྲུང་བའི་དོན་དུ་རྡོ་རྗེའི་སྔགས་མདུད་བཅིངས་པས་ལུས་ལ་རྡོ་རྗེའི་གོ་གྱོན་པར་མོས་ཤིག །ཧཱུྃ༔ སྲ་བརྟན་རྡོ་རྗེ་འབར་བ་སྟེ༔ རྡོ་རྗེ་འབེབ་པ་འབེབ་པ་ཆེ༔ རྡོ་རྗེ་འབར་བའི་རྒྱ་ཡིས་གདབ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་དཔུང་པར་བཅིངས་ཏེ་རྡོ་རྗེས་རྒྱས་གདབ་བོ། །ཀུ་ཤའི་ཆུན་པོ་གཉིས་འབྲུ་གསུམ་བཟླས་པས་བྱིན་བརླབས། དྲི་མ་ཐམས་ཅད་གཙང་ཞིང་ཁྱད་པར་རྨི་ལམ་མི་འཁྲུགས་པའི་དོན་དུ་གཙང་བྱེད་རྩ་མཆོག་གི་ཆུན་པོ་སྔས་དང་སྟན་གྱི་དོན་དུ་ཟུངས་ཤིག །ཧཱུྃ༔ ཡང་དག་སངས་རྒྱས་དེ་བཞིན་གཤེགས༔ རྩྭ་མཆོག་ལ་ནི་སྟན་བྱས་ཏེ༔ གཉིས་མེད་ཡེ་ཤེས་བརྙེས་པ་ལྟར༔ འདིར་ཡང་ཁྱོད་ཀྱི་སྔས་སུ་བཞག༔ ལས་དང་སྐལ་པ་བརྟག་པར་བྱ༔ ནངས་པར་གང་ཡིན་བདག་ལ་སྨྲོས༔ ཞེས་ལག་གཡས་གཡོན་དུ་གཏད་དེ། སྤྱིར་རྒྱུད་མ་དག་པ་དང་ཁྱད་པར་སྡོམ་པ་དང་དམ་ཚིག་ལ་ཉམས་ཆག་ཉེས་ལྟུང་གིས་གོས་པ་རྣམས་ལ་དབང་གི་ཡེ་ཤེས་མི་སྐྱེ་བས་རྒྱུད་རྣམ་པར་དག་པའི་སླད་དུ་རང་རང་གི་སྤྱི་གཙུག་ཏུ་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ་པས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་བཀྲུས། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད་ལ་ཡིག་བརྒྱ་རྒྱུན་ཆད་མེད་པར་བཟླ་བར་ཞུ། ཞེས་ཡིག་བརྒྱ་བཟླར་གཞུག །སྟོབས་བཞིའི་དོན་དྲན་པས་བཤགས་ཚིག་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའ་དང༔ ཕྱོགས་བཅུའི་སྐྱབས་གནས་མ་ལུས་པ༔ ཐམས་ཅད་ཐུགས་མཆོག་འགྱུར་མེད་ངང༔ བདག་སོགས་རྣམས་ལ་དགོངས་སུ་གསོལ༔ ཚེ་རབས་ཐོག་མ་མེད་པ་ནས༔ གསང་སྔགས་སྣོད་དུ་མི་རུང་བའི༔ ལུས་ངག་ཉེས་པ་མ་ལུས་བཤགས༔ རྡོ་རྗེ་འཛིན་པ་མཆོག་ཐོབ་ཤོག༔ དེ་རྣམས་ཀྱིས་སྟ་གོན་གྱི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་པས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་གྲོལ། དངོས་སྟ་ཞག་གིས་བར་ཆོད་ན་སློབ་དཔོན་གྱིས་སྲུང་མའི་གཏོར་འབུལ་ཚོགས་སྐོང་དང་བཅས་པ་བྱ་ཞིང་སྟ་གོན་གྱི་ལྷ་རྣམས་རྗེས་ཆོག་སྐབས་བདག་ལ་བསྡུ། དངོས་སྟ་་ཉིན་གཅིག་ལ་སྦྲེལ་ན། སྟ་གོན་ལྷ་ལ་མཆོད་བསྟོད་མདོར་བསྡུས་བྱས་ནས་རང་ལ་བསྡུས་པས་ཆོག་གོ །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་དཀྱིལ་འཁོར་སྒྲུབ་པ། དངོས་གཞི་དབང་བསྐུར་བའོ། །དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་རམ་མ་འབྱོར་ན་ཚོམ་བུ་གོང་ལྟར་བཀོད་པའི་སྟེང་རྐང་གསུམ་ལ་སྔར་སྟ་གོན་བྱས་པའི་བུམ་པའི་ཁར་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བ་ལ། མེ་ལོང་ཆང་གིས་བརླན་ཅིང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱིཿམ། མཐའ་སྐོར་དུ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བྲིས་པས་དགབ། དར་དམར་གྱིས་དགབ་པའི་སྟེང་ཤེལ་རྡོ་བཞག །རྒྱབ་ངོས་སུ་དཔལ་གཏོར་རྒྱན་ལྡན་གྱི་གཡས་གཡོན་དུ་ཚེ་འབྲང་ཚེ་རིལ་ཚེ་ཆང་། དཀྱིལ་འཁོར་དབུས་སོགས་གང་བདེར་ལྷ་ཙཀ་རྣམས་དང་། མདུན་དུ་མཆོད་གཏོར། བཀའ་སྲུང་གཏོར་མ། དེའི་གཡས་གཡོན་དུ་སྨན་རཀ །མཆོད་ཡོན་སོགས་བསྐོར་ཏེ་བཤམ། ཕྱག་མཚན། པྲོག་ཞུ། དཔལ་ཆས། གཙོ་བོའི་སྐུ་དང་སྒྲུབ་ཡིག །མིག་དར་མེ་ཏོག་ལ་སོགས་པ་རྣམས་ཚང་བར་གསོག་གོ །དེ་ནས་བརྒྱུད་འདེབས་སྐྱབས་སེམས་འབྱུང་གཏོར་གཏང་བ་ནས་བརྩམ་བཟླས་པའི་བར་ཕྲིན་ལས་གཞུང་བསྲང་། ཚིག་རིས་གཅིག་གིས་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད་གསུམ་ལ་དཀྱིལ་འཁོར་ཆ་ཚང་བ་རེ་བསྒོམ་པ་འདིའི་ལུགས་སྲོལ་ཡིན་ཞིང་། བདག་མདུན་ལ་དམིགས་པའི་བཟླས་པ་གྲུབ་ནས་གཟུངས་ཐག་བཟུང་ལ་སྤྲོ་བསྡུའི་དམིགས་པ་སྤྱི་འགྲེ་བཅས་བུམ་བཟླས་ཅི་འགྲུབ་མཐར་སྟོང་ཚིགས་ཕུལ། ཚེ་རྫས་ལ་དམིགས་ཏེ་ལས་བྱང་གཤམ་གྱི་ཚེ་བསྙེན་བཟླ་ཞིང་ཚེ་འགུགས་གྱེར། དེ་ནས་བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་བསྒྲལ་བསྟབ་ཡན་གྲུབ་པ་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པའམ། ཏིང་ངེ་འཛིན་གྱི་དབང་ལེན་ཆགས་མེད་གསུང་ལྟར་བྱས་ཏེ་དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ་། །གཉིས་པ་དབང་བསྐུར་བ་ལ་འཇུག་པ་དང་དབང་དོན་གཉིས་ལས། དང་པོ་ནི། ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བཟླས་ལ་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ། དེ་ནས་ཐོག་མར་བླ་མ་དང་དཀྱིལ་འཁོར་སྲུང་བའི་སྒོ་མ་དམ་ཅན་དང་བཅས་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ༔ མི་ཕྱེད་རྡོ་རྗེའི་ཐུགས་ལྡན་པ༔ དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ དཔལ་གྱི་བཀའ་ཉན་ཕོ་བྲང་སྲུང༔ དབང་ཕྱུག་ལ་སོགས་སྒོ་བ་དང༔ དམ་ཅན་མ་ལུས་དགོངས་སུ་གསོལ༔ བདག་ནི་རྡོ་རྗེའི་དམ་ཚིག་ཅན༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་པའི་སྒོ་ཡང་གནང་དུ་གསོལ༔ ཡོངས་སུ་སྨིན་པར་བྱེད་བའི་དབང༔ མ་ལུས་རྫོགས་པར་མཛད་དུ་གསོལ༔ ཨེ་མ་ཧོ་བདག་ཅག་ལས་དང་སྐལ་བར་ལྡན༔ ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། ཐབས་མཆོག་གསང་བ་ལས་བྱུང་བའི༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ང་ནི་དབང་ཆེན་དྲག་པོ་རྩལ༔ དཀྱིལ་འཁོར་གསུམ་དང་ཡང་དག་ལྡན༔ ལས་སད་སྐལ་བར་ལྡན་པ་ཡི༔ སྐྱེས་ཆེན་ཡིན་ན་གནང་དུ་རུང༔ སྔགས་ལ་མི་མོས་ཐེ་ཚོམ་ཅན༔ གཉིས་རྟོག་བློ་ཅན་ཡིན་ན་དེངས༔ ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། གསང་སྔགས་ཐབས་ཆེན་ལས་བྱུང་བའི༔ ངོ་མཚར་མཆོག་གི་དཀྱིལ་འཁོར་དུ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ བདག་ཅག་རྡོ་རྗེའི་དམ་ལྡན་ལགས༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་དམིགས་ཏེ་ཕྱག་ལན་གསུམ་དུ་འཚལ་བཞིན་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ འདི་ནས་སངས་རྒྱས་མ་ཐོབ་བར༔ བླ་མ་ལྷ་དང་བཅས་པ་ལ༔ སྐྱབས་ཀྱི་དམ་པར་གཞིར་བཟུང་སྟེ༔ འབྲལ་མེད་རྟག་ཏུ་རྗེས་འཛིན་ཅིང༔ དོན་གཉིས་དགེ་སྤྱོད་མཐར་ཕྱིན་ནས༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་པའི༔ དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ སྔོན་ཆད་མ་རིག་པའི་སྒྲིབ་པས་གཡོགས་པས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་རས་ཡུག་དམར་པོས་གདོང་བཅིང་བར་མོས་མཛོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་མཚོན་བྱེད་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་གསར་པ་རེ་ཐོགས་པར་མོས་ཤིག །རྟེན་འབྲེལ་སྙིང་པོ་བརྗོད་ལ་ཅོད་པན་གཏད། རྒྱས་པར་སྤྲོ་ན་གོང་དུ་སྟ་གོན་སྐབས་བཤད་པ་ལྟར་སྐྱབས་སེམས་སྡོམ་བཟུང་རྣམས་བྱ། མདོར་བསྡུ་ན་མཚམས་སྦྱོར་དང་བཅས་ཏེ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སོགས་དང་། སེམས་བསྐྱེད་འགྲོ་བ་ཀུན་དོན་སོགས་གཏེར་ཁ་གོང་མ་ལྟར་གསུམ་གསུམ་བརྗོད་ལ་སྐྱབས་སེམས་བྱའོ། །ལས་བུམ་ཆུ་དང་བདུད་རྩི་བསྲེས་པའི་དམ་ཆུ་སྦྱིན་ལ། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཉམས་ན་རག་ཤ་སྡིག་པ་ཡིས༔ སྙིང་ཁྲག་ནང་ནས་འཇིབས་ནས་ཀྱང༔ རྡོ་རྗེ་དམྱལ་བར་ལྷུང་གྱུར་ཞིང༔ བསྲུང་ཞིང་དམ་ལ་གནས་པ་ན༔ རྡོ་རྗེ་སེམས་དཔའ་ཚོན་གང་བ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཤར༔ དོན་གྱི་ཡེ་ཤེས་སྙིང་པོ་ཐོབ༔ རྒྱལ་བ་ཀུན་གྱི་སྲས་སུ་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་སྲུངས༔ བཛྲ་ས་མ་ཡ་ཧཱུྃ༔ དམ་ཚིག་རྡོ་རྗེའི་ཆུ་ཁེ་ཉེན་གྱི་དཔང་པོར་བྱས་ཏེ་བླ་མས་ཇི་ལྟར་བསྒོས་པ་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྡོ་རྗེའི་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ན་ར་ཀན༔ བྷག་ཤ་སི་ཧཱུྃ༔ བླ་མ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ཐུགས་སྒྲུབ་མེ་རླུང་འཁྱིལ་བའི་སྨིན་བྱེད་རྒྱས་པའི་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པའི་རྗེས་ཟློས། ཨེ་མ་ངོ་མཚར་རྨད་དུ་བྱུང༔ བླ་མ་རྡོ་རྗེ་འཛིན་པ་ནི༔ ཕྱོགས་དུས་རྒྱལ་བའི་ངོ་བོ་ཉིད༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ དྲག་པོ་ཐུགས་ཀྱི་དཀྱིལ་འཁོར་དུ༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཀྱེ་མ་ལས་སད་སྐལ་པར་ལྡན༔ ཁྱེད་ཅག་དམ་ཚིག་ལ་གནས་ཤིང༔ ཚུལ་བཞིན་སྒྲུབ་པར་བློ་སྤྲོ་འམ༔ གསང་བའི་དབང་མཆོག་འདི་ལྟ་བུ༔ རྟ་རྨིག་ལྕགས་གཏུམས་འཛམ་བུའི་གླིང༔ བསྐོར་ཀྱང་རྙེད་པ་མི་སྲིད་མོད༔ འོན་ཀྱང་སྔོན་ལས་བཟང་པོའི་མཐུས༔ ཁྱེད་ཅག་བསོད་ནམས་སྐལ་བར་ལྡན༔ ཞེས་དྲིས་ཤིང་སྤྲོ་བ་སྐྱེད་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ལ་ནི་སངས་རྒྱས་བལྟ༔ དམ་ཆོས་འདི་ནི་བདུད་རྩིར་མོས༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང༔ བདག་ཅག་སྔོན་ལས་བསོད་ནམས་བསགས༔ འབྲས་བུ་དུས་སུ་སྨིན་པ་ལེགས༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ བླ་མས། དེ་ལྟར་ཡིན་ན་བསོད་ནམས་བསགས༔ བླ་མེད་སྔགས་ཀྱི་སྣོད་ཡིན་པས༔ ཚུར་ཤོག་བདག་གིས་སྨིན་པར་བྱ༔ གུས་པས་དཀྱིལ་འཁོར་འདི་ལ་ལྟོས༔ ཞེས་ཡོལ་བ་བསལ། མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཐབས་མཁས་སྨན་པའི་མཆོག༔ བདག་ཅག་མ་རིག་རྨོངས་གྱུར་པས༔ ཁམས་གསུམ་འཁོར་ཞིང་རྒྱུད་དྲུག་འཁྲུལ༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཞུ༔ ཞེས་གསོལ་བ་བཏབ་པས་མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་ཐུར་རམ་རྡོ་རྗེས་གདོང་བསལ་ལ། ཀྱེ༔ འགྲོ་བའི་མ་རིག་མུན་སེལ་བའི༔ བདག་ནི་སྨན་མཆོག་ཧེ་རུ་ཀ༔ ཁྱོད་ཀྱི་མ་རིག་མུན་བསལ་ནས༔ ཡེ་ཤེས་དག་པའི་སྤྱན་དབྱེ་འོ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དེ་ལྟར་མིག་བསལ་བས་བླ་མ་དྲག་པོ་འཇིགས་བྱེད་འབར་བ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་མོས་ལ་རྣམ་དག་བརྗོད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། འོ་ན་སྐལ་ལྡན་སྐྱེས་བུ་རྣམས༔ དབུས་སུ་ཆོས་འབྱུང་ཨེ་རུ་བཅས༔ ཆོས་ཀུན་ངོ་བོ་གཅིག་པའི་རྟགས༔ ཐོད་སྐམ་ཕྲེང་བས་བསྐོར་བ་ནི༔ སྐྱེ་མེད་རྡོ་རྗེའི་དོན་དང་ལྡན༔ རྩིབས་བཞི་ཡེ་ཤེས་བཞི་ཡི་ངང༔ རྩིབས་བརྒྱད་ཐབས་ཤེས་རྣམ་ཐར་བརྒྱད༔ རྩིབས་བཅུ་ས་བཅུའི་དབང་ཕྱུག་མཆོག༔ ཐོད་ཕྲེང་སྐུ་གསུམ་ཡོངས་སུ་རྫོགས༔ མཚམས་བཞི་ཚད་མེད་བཞི་དང་ལྡན༔ རྟ་བབས་ཆོས་འཁོར་ལོངས་སྤྱོད་རྫོགས༔ ཧེ་རུའི་གནས་བཅུ་དུར་ཁྲོད་རྫོགས༔ མ་ཆགས་པདྨ་འགྱུར་མེད་ཀྱི༔ རྡོ་རྗེ་ཕྲེང་བ་ཡང་དག་ལྡན༔ ཡེ་ཤེས་ལྔ་ལྡན་མེ་དཔུང་ནི༔ ཁྲོ་རྒྱལ་སྟོབས་རྣམས་རྫོགས་པའི་བརྡ༔ བུམ་པ་ཆོས་བཅུ་ཕྱག་མཚན་དང༔ ལྷ་རྣམས་ཡོངས་རྫོགས་སྐུ་དང་བཅས༔ ལྷུན་གྲུབ་རང་ཤར་ཆེན་པོའི་བརྡ༔ མདའ་དར་ཚོན་སྐུད་རལ་གྲི་དང༔ དཀྱིལ་འཁོར་རྒྱན་རྣམས་མ་ལུས་པ༔ ཐམས་ཅད་ཆོས་སྐུའི་རོལ་པ་ལས༔ མ་འགག་གཟུགས་སུ་སྣང་བའི་བརྡ༔ འདི་ལྟར་དཀྱིལ་འཁོར་མཐོང་བ་ཡིས༔ སྐུ་གསུམ་སྐུ་ལྔ་ལྷུན་གྱིས་གྲུབ༔ བཅོས་མ་མིན་པའི་དགའ་བ་སྒོམས༔ མཐར་ཐུག་ཞིང་འདིར་སྐྱེ་བར་འགྱུར༔ ཚོགས་བསགས་རྒྱལ་པོ་ཁྱེད་རྣམས་ཡིན༔ ཞེས་བརྗོད། མེ་ཏོག་དཀྱིལ་འཁོར་དངོས་ལ་འདོར་བའམ་དེར་མོས་པས་ཚོམ་བུའམ་རིགས་ལྔའི་ཕྱག་མཚན་བཀོད་པ་ལ་འདོར་དུ་གཞུག་སྟེ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་དུ་རྗེས་ཟློས་མཛོད་ལ་མེ་ཏོག་འདོར་བར་ཞུ། ཀྱེ༔ སྐྱེ་བ་དཔག་མེད་སྔོན་རོལ་ནས༔ བསྙེན་ཅིང་བསྒྲུབས་པའི་ཡི་དམ་ལྷ༔ ལས་དང་ཐུགས་རྗེས་མཐུན་པ་ཡི༔ འབྲེལ་པའི་ཡི་དམ་ལྷ་ལ་ཕོབ༔ སྐུ་གསུང་ཐུགས་ཡོན་གང་འགྲུབ་པའི༔ དཀྱིལ་འཁོར་ལྷ་ལ་བབ་པར་ཤོག༔ བཛྲ་པུཥྤེ་སིདྡྷི་སཏྭཾ༔ པྲ་ཏི་གྲྀཧྞ་ཧོ༔ དེ་ལྟར་དོར་བས་དབུས་སུ་སྐུ༔ ཤར་དུ་ཐུགས༔ ལྷོར་ཡོན་ཏན༔ ནུབ་ཏུ་གསུང༔ བྱང་དུ་ཕྲིན་ལས༔ མཚམས་སུ་ཕྲིན་ལས༔ ལྷ་ཡང་རིགས་དེ་དང་འབྲེལ་ཆེ༔ ཕྲིན་ལས་ཀྱང་དེ་ཁོ་ན་ལྟར་འགྲུབ་པར་གསུངས་སོ། །མེ་ཏོག་དེ་ཉིད་རིགས་རྟགས་ཅོད་པན་གྱི་ཚུལ་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སླར་བཅིངས་པས་དབང་རྣམས་ཀྱི་ཐོག་མ་ཅོད་པན་གྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་བ་མཉམ༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ སྐལ་ལྡན་ཁྱོད་ལ་ཅོད་པན་མིང་དང་བཅས་པའི་དབང་འདི་བསྐུར་བས་མ་འོངས་པ་ན༔ བདེ་ཆེན་རྣམ་དག་གི་ཞིང་དུ་སངས་རྒྱས་པདྨའི་སྙིང་པོ་ཞེས་བྱ་བར་འགྱུར་རོ༔ ཞེས་ལུང་བསྟན་ཅིང་མེ་ཏོག་དབུས་སུ་བབས་ན་རིགས་འདུས་དྲག་པོ་རྩལ༔ ཤར་དུ་ཐུགས་མཆོག་དྲག་པོ་རྩལ༔ ལྷོར་ཡོན་ཏན་རིན་ཆེན་རྩལ༔ ནུབ་ཏུ་དབང་ཆེན་པདྨ་རྩལ༔ བྱང་དུ་ཀརྨ་དྲག་པོ་རྩལ༔ མཚམས་སུ་དཔའ་བོ་ལས་རབ་རྩལ༔ ཅེས་བཏགས་ཤིང་བུད་མེད་ལ་དྲག་མོ་སོགས་སུ་བསྒྱུར། དེ་ནས་བླ་མས། ཀྱེ་རིགས་ཀྱི་བུ་དག་ཁྱེད་རྣམས་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ་ཞུགས་པའི་མཚན་གང་ཡིན༔ ཞེས་དྲིས་པའི་ལན་དུ་རང་རང་གི་གསང་མཚན་འདི་ཞེས་བྱ་བ་ལགས་ཞེས་ལན་ཐོབ་ཅིག །ཡང་བླ་མས། ཀྱེ་ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས༔ མ་འོངས་པ་ན་ཁྱེད་རྣམས་སངས་རྒྱས་པའི་མཚན་ཅི་ལྟར་ལགས༔ ཞེས་དྲིས་པའི་ལན་དུ། བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྙིང་པོ་ཞེས་བགྱི་བ་ལགས་སོ༔ ཞེས་ལན་གཅིག །དེ་དག་གིས་ནི་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །དབང་དངོས་གཞི་ལ་གསུམ། དབང་གི་སྔོན་དུ་རྒྱུད་མ་དག་པ་དག་པར་བྱ་བའི་ཕྱིར་བསྐྱེད་རིམ་འབོག་ཅིང་བྱིན་རླབས་དངོས་སུ་འགུག་པའི་སླད་དུ་ཡེ་ཤེས་དབབ་པ་དང་། དང་པོ་བུམ་དབང་རྗེས་འབྲེལ་དང་བཅས་པའི་དབང་མོ་ཆེ་བསྐུར་བ་དང་། ཐུན་མོང་མ་ཡིན་པའི་མཆོག་དབང་གོང་མ་གསུམ་བསྐུར་བའོ། །དང་པོ་ནི། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར། རླུང་ཁ་སྦྱོར་དུ་འཆིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ལས་ཆུས་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་གུ་རུ་དྲག་པོ་སྐུ་མདོག་དམར་པོ་མེའི་མདོག་ཅན་ཐོད་སྐམ་ལྔ་དང་རིགས་ལྔས་དབུ་བརྒྱན་པ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བགྲད་པ། གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ། སྤྱན་དགུ་སྡང་མིག་བགེགས་ལ་གཟིར་བ། ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟང་ཡག་ཏུ་གཙིགས་པ། ཤངས་ནས་རླུང་འབྱུང་བ། སྨིན་མ་གློག་ལྟར་འཁྱུག་པ། ཨག་ཚོམ་མེ་ལྟར་འབར་བ། སྐན་སྒྲ་བརྡབས་པ་ནམ་མཁའི་འབྲུག་དང་མཉམ་པ། ཕྱག་གཡས་ཀྱི་དང་པོར་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ། བར་པ་ན་གྲི་གུག་ཐུར་དུ་འཛིན་པ། ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པ། གཡོན་གྱི་དང་པོ་ན་ཁ་ཊྭཱཾ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། བར་པ་ན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐ་མས་ལྕགས་ཀྱི་སྡིག་པ་མགོ་དགུ་པ་སྐེ་ནས་བཟུང་བ། དབུ་སྐྲ་ཁམས་སེར་སྤྱི་བོར་བཅིངས་པ་ཟར་བུ་སྐུ་རྒྱབ་ཁེབས་པར་གཏིབས་པ། གླང་ཆེན་གྱི་ཀོ་རློན། ཞིང་གི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས། སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ། གདོལ་པ་ནག་པོའི་དོ་ཤལ་ལ་མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་། ཐོད་སྐམ་སྤེལ་མར་བརྒྱུས་པའོ། །རྡོ་རྗེའི་གོ་ཁྲབ་ལ་བར་མཚམས་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ། དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་འབར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ། ཡབ་དང་ཞལ་སྦྱོར་བ། སྤྱི་བོ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱིས་སྦྱོར་བ། གཟིག་གི་ཤམ་ཐབས་གྲོལ་བ། རུས་པའི་རྒྱན་དྲུག་གིས་སྤྲས་པ། དེ་ལྟར་གསལ་བའི་སྙིང་གར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ༔ དེའི་སྟེང་དུ་པདྨ་དམར་པོ་གཅིག་སྐྱེས་པའི་གེ་སར་གྱི་སྟེང་དུ༔ གུ་རུ་དྲག་པོ་ཚོན་གང་བ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་གར་བྱེད་པ༔ བླ་མ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཕྱོགས་བཅུ་ཁྲོ་བོའི་ཞིང་དང་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། ཆེ་མཆོག་པདྨ་དྲག་པོའི་ལྷ་ཚོགས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་ནམ་མཁའ་ནས་བབས་ཏེ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡཾ་ལས་རླུང་གཡོས། ཡེ་ཤེས་པའི་རྒྱུད་བསྐུལ། སྙིང་གའི་པདྨ་ལྷ་དང་བཅས་པ་གཡས་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་ཅིག །འབེབ་པའི་རྫས་དང་རོལ་མོའི་སྒྲ་སྦྱར་ལ་ལས་བྱང་གི་སྤྱན་འདྲེན་དང་སྔགས་རྣམས་ཀྱི་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱ༔བཏགས་པ་བརྗོད། མཐར་རྡོ་རྗེ་དང་དྲི་བཟང་གིས་བརླན་པའི་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་དང་། གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་པ་དབབ་པའི་རྒྱུན་དེ་ཉིད་ཁྱེད་རང་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་ཤིང་རྡོ་རྗེ་གསུམ་ལྷུན་གྱིས་གྲུབ་པའི་དབང་རྟགས་སུ་གནས་གསུམ་འབྲུ་གསུམ་གྱིས་རྒྱས་བཏབ་པར་མོས་ཤིག །དེ་ནས་བུམ་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ དེ་ཉིད་མགོན་པོས་བདག་ལ་སྩོལ༔ ལན་གསུམ། ཁྱེད་རང་པདྨ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་དངོས་སུ་གསལ་བའི་ཐོད་པའི་དབུ་རྒྱན་གྱི་ནང་ན་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདཔའ་བོ་འབྲུ་ལྔ་གསལ་བའི་འོད་ཟེར་གྱིས་རིགས་ལྔའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་རིགས་ལྔའི་རང་བཞིན་དངོས་སུ་གྱུར། སླར་བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ལུས་བླ་མ་དྲག་པོའི་སྐུ་ལ་ཡེ་ཤེས་པ་དབྱེར་མེད་དུ་བཅུག་སྟེ་བརྟན་པར་བྱས་པར་མོས་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བུམ་པ་ཆོས་སྐུའི་གཞལ་ཡས་ན༔ དྲག་པོ་ཡོངས་རྫོགས་ལྷ་རྣམས་བཞུགས༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ པདྨ་ཐོད་ཕྲེང་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་དབང་བཞི་སྐུར༔ སྐུ་ནི་འགྱུར་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་རྫོགས་ཤོག༔ གསུང་ནི་འགག་མེད་རྡོ་རྗེའི་གསུང༔ ངག་ལ་གསུང་གི་དབང་རྫོགས་ཤོག༔ ཐུགས་ནི་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སེམས་ལ་ཐུགས་དབང་རྫོགས་པར་ཤོག༔ བུམ་པས་དབང་བསྐུར་སྐུ་གསུམ་རྫོགས༔ ཡོངས་རྫོགས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་འདི་བསྐུར་བས༔ ལུས་ལྷའི་སྐུར་གྱུར་ཏེ་སྐུ་བུམ་པའི་དབང་ཐོབ༔ གསུང་སྔགས་སུ་གྱུར་ཏེ་གསང་བའི་དབང་ཐོབ༔ ཐུགས་བདེ་སྟོང་དུ་གྱུར་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དོན་དམ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་བླུད་དོ༔ དེ་ནས་བྷནྡྷ་བདུད་རྩི་གནས་གསུམ་དུ་གཏུགས་ཤིང་ངག་ཏུ་བླུད་དེ༔ ཧཱུྃ༔ བྷནྡྷ་ལྷུན་གྲུབ་དྲི་མེད་ཟླུམ་ཞིང་འཁྱིལ༔ གསང་བའི་དམ་རྫས་བདུད་རྩིས་རབ་ཏུ་བཀང༔ དབང་མཆོག་དམ་པ་ངག་ཏུ་འདི་བླུད་པས༔ དྲི་མེད་ཡེ་ཤེས་གསུང་གི་དབང་མཆོག་ཐོབ༔ རྩ་ཁམས་སྐྱེ་མེད་དག་པའི་ལྷར་གྱུར་ཏེ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུར་ཤོག༔ ཨོཾ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨཱ༔ འོ་སྐལ་ལྡན་ཁྱོད་ལ་བྷནྡྷའི་དབང་འདི་བསྐུར་བས༔ རྩ་ཁམས་ཐམས་ཅད་དག་པ་ལྷ་ཡི་སྐུར་གྱུར་ཏེ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག༔ དེ་ནས་གཏོར་ཆེན་རོལ་མོ་དང་བཅས་པས་སྤྱི་བོར་བཞག་སྟེ༔ ཧཱུྃ༔ གཏོར་མ་རིན་ཆེན་དཔལ་དུ་འབར་བ་འདི༔ ཆེ་མཆོག་དྲག་པོའི་སྐུ་དང་གཉིས་སུ་མེད༔ གཉིས་མེད་བདེ་ཆེན་ལྷུན་གྲུབ་རྫོགས་པ་ཆེ༔ ངང་ཉིད་རྡོ་རྗེ་འབར་བའི་ཆོས་དབྱིངས་ལས༔ སྐལ་ལྡན་འདི་ལ་དབང་བཞི་རྫོགས་པར་བསྐུར༔ སྐུ་གསུང་ཐུགས་ཡོན་དབང་བཞི་ཡོངས་རྫོགས་ཤོག༔ བཛྲ་གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གཏོར་མའི་དབང་ཆེན་འདི་བསྐུར་བས༔ སྐུ་གསུམ་ཡོངས་རྫོགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་ཅིག༔ ཞེས་བསྐུར་རོ༔ དེ་ནས་ཕྱག་གཡས་སུ་རྡོ་རྗེ་གྲི་གུག་རལ་གྲི༔ གཡོན་དུ་བྷནྡྷ་ཁ་ཊྭཱཾ་ལྕགས་སྡིག་གཏད་ལ༔ ཧཱུྃ༔ རྡོ་རྗེ་འབར་བ་མིག་མི་བཟད༔ རྡོ་རྗེ་འབེབ་པ་འབེབ་པ་ཆེ༔ གྲི་གུག་འབར་བས་སྐྱེ་ཤི་གཅོད༔ རལ་གྲི་འབར་བས་དགྲ་བགེགས་གཏུབས༔ བྷནྡྷ་ཐོད་ཁྲག་རྣམ་རྟོག་གཅོད༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་འཇོམས༔ ལྕགས་སྡིག་བགེགས་ཀྱི་སྙིང་ཁྲག་འཇིབ༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་མེད་རྡོ་རྗེ་རྟགས་ཀྱི་རྒྱ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ མ་ལུས་ཡོངས་རྫོགས་ཆེན་པོའི་དབང༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀརྨ་ཀྲི་ཤ་བྷནྡྷ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་ཁྱོད་ལ་ཕྱག་མཚན་ཡོངས་རྫོགས་ཀྱི་དབང་བསྐུར་བས༔ འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་ལ་དབང་བ་ལྟར༔ ཕྲིན་ལས་རྣམ་བཞི་ཐམས་ཅད་ལ་མངའ་བརྙེས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཁྲག་འཐུང་རིགས་ལྔའི་པྲོག་ཞུ་དབུ་ལ་བཀོན་ཏེ༔ ཧཱུྃ༔ ཐོད་པ་དུང་ཁང་གཞལ་ཡས་ན༔ བདེ་གཤེགས་རྒྱལ་བ་རིགས་ལྔ་བཞུགས༔ ལྷ་ལ་ལྷ་ཐིམ་ཡེ་ཤེས་ཆེ༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ འོ་བུ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས༔ ཁམས་གསུམ་སྲིད་པ་གསུམ་ལ་དབང་སྒྱུར་བའི་ཆོས་ཀྱི་རྒྱལ་པོར་གྱུར་ཅིག༔ དཔྲལ་བ་མཁུར་ཚོས་ཨོས་ཀོ་རྣམས་སུ་རྟགས་གསུམ་གདབ་ཅིང༔ ཧཱུྃ༔ ཐལ་ཆེན་ཚོམ་བུ་རྟགས་ཀྱི་རྒྱ༔ རཀྟའི་ཐིག་ལེ་དཔའ་ཞིང་རྔམ༔ ཞག་གི་ཟོ་རིས་འཇིགས་ཤིང་བརྗིད༔ ཁྲོ་རྒྱལ་རྟགས་ཀྱི་དབང་བསྐུར་བས༔ འབར་བའི་གར་དང་རབ་ཏུ་ལྡན༔ ཕྲིན་ལས་ཀུན་ལ་མངའ་བརྙེས་ཤོག༔ འོ་བུ་ཁྱོད་ལ་དཔལ་ཆེན་རྟགས་ཀྱི་དབང་བསྐུར་བས༔ མཐུ་དང་ནུས་པའི་རྩལ་ཡོངས་སུ་རྫོགས་པར་གྱུར་ཅིག༔ བཛྲ་ཀཾ་རཀྟ་ཏྲི་ཤ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ གླང་ཀོ་སྦྱིན་ལ། ཧཱུྃ༔ སྟོབས་བཅུ་མི་འཇིགས་ཡོངས་རྫོགས་དཔལ༔ དཔལ་ཆེན་གར་དགུ་ཡོངས་རྫོགས་པའི༔ འཇིགས་བྱེད་དཔའ་ཆས་འདི་གསོལ་བས༔ དཔའ་འཇིགས་གྱད་ཀྱི་དབང་ཐོབ་ཤོག༔ བཛྲ་ཧསྟི་ཏིཥྛ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་གོ་ཁྲབ་བཀོན་ཏེ༔ ཧཱུྃ༔ མ་སྐྱེས་འཇིགས་བྱེད་རྡོ་རྗེ་ཆེ༔ ཅིས་ཀྱང་མི་ཤིགས་ཅིས་མི་འཇིགས༔ དཔལ་ཆེན་གོ་ཆ་ཁྲབ་ཀྱི་ཚུལ༔ མི་འཇིགས་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་རཀྴ་ཀྲོ་ཏ་བྷི་ཤྭ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ གླང་ཀོ་དང་ཞིང་ལྤགས་བཀོན་ལ༔ ཧཱུྃ༔ སྟོབས་བཅུ་ཡོངས་རྫོགས་གླང་ཆེན་ཀོ༔ རྟོག་མེད་ཞིང་གི་པགས་ཆེན་མནབས༔ འཁོར་འདས་འཛིན་མེད་རང་སར་གྲོལ༔ རབ་འཇིགས་གར་གྱི་དབང་ཐོབ་ཤོག༔ ཨོཾ་ཧསྟི་རཱ་ཛ་བི་ཤྭ་ཀྲོ་ཏི་ཨ་བྷི་ཥིཉྩ་མཱཾ༔ སྦྲུལ་ཆུན་ཐོད་ཕྲེང་བཀོན་ལ། ཧཱུྃ༔ རྟོག་མེད་ཆོས་སྐུ་རོལ་པ་ཆེ༔ དུག་གསུམ་འཇོམས་མཛད་རྟོག་མེད་རོལ༔ གཟུང་འཛིན་མཚན་མ་རང་སར་གྲོལ༔ སྦྲུལ་ཆུན་ཐོད་ཕྲེང་དབང་བསྐུར་བས༔ ཐམས་ཅད་ཆོས་དབྱིངས་རོལ་པའི་དབང༔ སྟོབས་བཅུ་ཡོངས་སུ་རྫོགས་པར་ཤོག༔ བཛྲ་ཀིང་ནྲྀ་ཤ་ཧ་ལ་བཛྲ་མུ་དྲ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱན་དྲུག་ཐོགས་ལ། ཧཱུྃ༔ ཕ་རོལ་ཕྱིན་དྲུག་ཐབས་ཤེས་རྫོགས༔ མ་འདྲེས་ཡོངས་རྫོགས་ཆོས་ཀྱི་རྒྱལ༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ས་ལམ་ཡོངས་རྫོགས་དབང་བསྐུར་བས༔ སྐུ་གསུམ་ཡོངས་རྫོགས་མཐར་ཕྱིན་ནས༔ ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་དྷརྨ་མུ་དྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ རྟག་ཤམ་གཟིག་ཤམ་བཀོན་ཏེ༔ ཧཱུྃ༔ དུག་གསུམ་རང་གྲོལ་ཡེ་ཤེས་ཆེ༔ རྟོག་མེད་ཆོས་དབྱིངས་རོལ་པའི་རྒྱན༔ མ་འདྲེས་ཆོས་ཀུན་ཡོངས་རྫོགས་གསལ༔ ཆོས་དབྱིངས་རོལ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་རཀྴ་ཀཱ་ལ་སརྦ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྒྱན་ཆས་རྣམས་ཀྱིས་དབང་བསྐུར་བས་འབར་བ་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ནས་དཀྱིལ་འཁོར་པའི་གནས་རྣམས་ལས་ལྷ་ཚོགས་སོ་སོར་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པར་མོས་ཤིག །སྤྱི་བོར་རིགས་བདག་དང་བྱ་ཁྱུང་གི་སྐུ་བཞག་སྟེ། ཧཱུྃ༔ རིགས་བདག་ཚེ་དབང་འོད་དཔག་མེད༔ སྐྱེ་ཤི་མེད་པ་རྡོ་རྗེའི་ཚེ༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ ཡེ་ཤེས་བྱ་ཁྱུང་ག་རུ་ཌ༔ གནམ་ལྕགས་མཆུ་སྡེར་ངར་མའི་དབལ༔ ཀླུ་དང་གཉན་ཚོགས་འཇོམས་པར་བྱེད༔ བར་ཆད་བདུད་ལས་རྒྱལ་བར་ཤོག༔ ཨོཾ་ཨཱ་ཡུ་ཥེ་བྷྲཱུྃ་ནྲྀ་ཛ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར་འཇམ་དཔལ་སྐུ་བཞག་ལ༔ ཧཱུྃ༔ ཤེས་རབ་མཁྱེན་ལྡན་ལྷ་ཡི་གཙོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ༔ ཤེས་རབ་ཡེ་ཤེས་ཀུན་མཁྱེན་དབང༔ སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག༔ ཨོཾ་མུཾ་ཝ་གཱི་ཤྭ་རི་མཱུཾ་སརྦ་ཨ་བྷི་ཥིཉྩ་མཱཾ༔ མགྲིན་པར་རྟ་མགྲིན་བཞག་ལ༔ ཧཱུྃ༔ བདེ་གཤེགས་གསུང་མཆོག་དབང་གི་རྒྱལ༔ རྟ་སྐད་འཚེར་ཞིང་བགེགས་ཚོགས་འཇོམས༔ སྲིད་པ་གསུམ་ལ་དབང་སྒྱུར་བའི༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨེ་ཀ་ཛཱ་ཊཱི་ཧུ་ལུ་ཧུ་ལུ་སརྦ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཀར་ཕྱག་རྡོར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ བདུད་སྡེ་དཔུང་བཅས་ཚར་གཅོད་པའི༔ ཐུགས་མཆོག་འགྱུར་མེད་དབང་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་ཕག་མོ་རིགས་ལྔ་བཞག༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ བུདྡྷ་དཔའ་བོ་དཔའ་མོར་བཅས༔ བདེ་ཆེན་ཆོས་དབྱིངས་རོལ་པར་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིར་ཤོག༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཤཱནྟིཾ་པུཥྚིཾ་པ་ཤཾ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས་སུ་ཡཀྴ་མེ་དབལ་བཞག་སྟེ༔ ཧཱུྃ༔ བདེ་གཤེགས་ཕྲིན་ལས་མ་ལུས་རྫོགས༔ ཡཀྴ་མེ་དབལ་དྲག་པོའི་སྐུ༔ བདུད་དང་བར་ཆད་ཐལ་བར་རློག༔ མངོན་སྤྱོད་རྩལ་ལྡན་དབང་རྫོགས་ཤོག༔ ཨོཾ་བཛྲ་ཡཀྴ་ཧཱུྃ་ཀྲོ་དྷ་བཛྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲོ་བཅུ་གནས་གསུམ་དུ་བཞག་པའམ༔ ཡང་ན་གསེར་གྱི་ཧཱུྃ་བཅུ་བྲིས་པ་བཞག་སྟེ༔ ཧཱུྃ༔ སྟེང་འོག་ཕྱོགས་བཅུའི་དཀྱིལ་འཁོར་ནས༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ སྟོབས་ཆེན་ཡོངས་རྫོགས་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ ཁྲོ་རྒྱལ་ཡོངས་རྫོགས་དབང་ཐོབ་ནས༔ ཡེ་ཤེས་ཁྲོ་བཅུ་འགྲུབ་པར་ཤོག༔ ཧཱུྃ་བཅུ་བརྗོད་རྗེས་སུ༔ བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་དེ་ལྟར་ཁྱེད་རྣམས་ལ་རྡོ་རྗེའི་གོ་ཆའི་ལྷ་དབང་རྫོགས་པས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ལོངས་སྤྱོད་ལ་མངའ་བརྙེས་ཏེ༔ དཀྱིལ་འཁོར་རབ་འབྱམས་ཡོངས་རྫོགས་ཀྱི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཚེ་འབྲང་སྤྱི་བོར་བཞག༔ ཚེ་རིལ་ཚེ་ཆང་ལག་ཏུ་གཏད་ལ༔ ཧཱུྃ༔ མ་འགག་རོལ་པའི་དཀྱིལ་འཁོར་ནས༔ ཟག་མེད་ནམ་མཁའི་མཛོད་ཀློང་བརྡོལ༔ མི་ཟད་རིན་ཆེན་གཏེར་ལ་སྤྱོད༔ ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ༔ སྣང་སྲིད་ཆོས་ལ་དབང་སྒྱུར་ཞིང༔ ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་ལ་རོལ་དུ་གཞུག །དེ་ལྟར་བསྐུར་བས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། འཛད་པ་མེད་པའི་ལོངས་སྤྱོད་ལ་མངའ་དབང་བརྙེས་པར་གྱུར་ཅིག །དེ་ནས་སྐུ་སྤྱི་བོར་བཞག །སྒྲུབ་ཡིག་སྙིང་གར་བཞག །རྡོ་རྗེ་དྲིལ་བུ་ཐུགས་ཀར་བཞག་ལ། ཧཱུྃ༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ བླ་མ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་ནི་གར་དགུའི་སྟོབས་དང་ལྡན༔ གསུང་ནི་སྔགས་ཀྱི་འབྲུག་སྟོང་ལྡིར༔ ཐུགས་ནི་རྟོག་མེད་སྤྲོས་དང་བྲལ༔ ཡོན་ཏན་དཔག་ཡས་བསམ་ལས་འདས༔ ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ བསྐྱེད་དང་རྫོགས་དང་རྫོགས་པ་ཆེ༔ བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་ཟློས༔ དངོས་གྲུབ་ཐམས་ཅད་ཚེ་འདིར་ཐོབ༔ བསྐྱེད་རྫོགས་བཟླས་པ་རྒྱུན་མ་བཅད༔ ཐམས་ཅད་ཡོངས་རྫོགས་སིདྡྷི་ཕ་ལ་ཧོ༔ ཁྱེད་རང་རྣམས་བླ་མ་དྲག་པོའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་སྒོམས་ལ། གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་འདིའི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་གཙོ་འཁོར་གྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །དེང་ཕྱིན་ཆད་རྟག་ཏུ་གྲགས་སྟོང་རྡོ་རྗེའི་བཟླས་པ་རྒྱུན་མི་བཅད། སེམས་འོད་གསལ་ཀ་དག་གི་དགོངས་པ་དང་མ་བྲལ་བར་གྱིས་ཤིག །མེ་ཏོག་འཐོར་ལ། ཨོཾ་འགྲུབ་པར་གྱུར་ཅིག་ཡོངས་རྫོགས་ཆེན་པོའི་དབང༔ ཧེ་རུ་ཀ་དཔལ་རྡོ་རྗེ་ཁྲོས་པའི་རྒྱལ༔ སྐུ་གསུང་ཐུགས་རྫོགས་རྒྱལ་བ་ཀུན་གྱི་གཙོ༔ མ་རུངས་འདུལ་མཛད་ཁྲོ་ཆེན་འདུས་པའི་སྐུ༔ དུས་འདིར་དབང་རྣམས་མ་ལུས་ཡོངས་རྫོགས་ནས༔ སྐུ་གསུམ་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་ལན་གསུམ་བརྗོད་དོ། །བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་དྲེགས་པའི་སྲོག་དབང་མཚོན་ཆའི་འཁོར་ལོ་སྦྲེལ་ན་སྐབས་འདིར་འཇུག་གོ །གསུམ་པ་མཆོག་དབང་གོང་མ་གསུམ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐོག་མར་གསང་བའི་དབང་ཞུ་བའི་སླད་དུ་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ཕུལ་བའི་མོས་པས་གསོལ་འདེབས་ཀྱི་རྗེས་ཟློས། ཧོ༔ བདེ་ཆེན་ཡེ་ཤེས་སྐྱེད་བྱེད་པའི༔ ཤེས་རབ་གསང་བའི་ཡུམ་མཆོག་ནི༔ བདེ་ཆེན་མཆོག་སྩོལ་ཁྱེད་ལ་འབུལ༔ བདེ་ཆེན་ཡང་དག་བདག་ལ་སྩོལ༔ ཨེ་མ་བླ་མ་གསང་བའི་བདག༔ བདེ་ཆེན་རྒྱལ་པོ་མཆོག་ཉིད་ནི༔ སྨྲ་བསམ་བརྗོད་དུ་མེད་པའི་དོན༔ རྡོ་རྗེ་རྒྱལ་པོ་ཁྱེད་ཀྱིས་ནི༔ བདག་ནི་སྨིན་ཅིང་གྲོལ་བར་མཛོད༔ དཔའ་བོ་ཆེན་པོས་བཀའ་དྲིན་སྩོལ༔ ལན་གསུམ་ཞུས་པའི་ལན་དུ། ཀྱེ༔ པདྨའི་རིགས་མཆོག་ཆེན་པོ་ལ༔ བརྟེན་པའི་དཀྱིལ་འཁོར་ཆེན་པོ་ནི༔ བློ་ཅན་སྣོད་དང་ལྡན་གྱུར་ཅིང༔ དཔལ་ཆེན་རིགས་མཆོག་ཡིན་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས༔ ཚེ་གཅིག་ཐར་ལམ་བགྲོད་པའི་ལམ༔ རྡོ་རྗེ་གསང་བའི་ཐབས་མཆོག་ལ༔ བློ་ཅན་བདག་གིས་ཅིས་མི་དད༔ རོལ་པའི་དམ་རྫས་བདག་ལ་སྩོལ༔ གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། འབྲུ་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་གཅེར་བུར་ལངས་པར་མོས་ལ་སྙིང་གར་རྡོ་རྗེ་ཕག་མོ་ནས་འབྲས་ཙམ་གཅིག་བདེ་བའི་གར་འཁྲབ་པ་རྩེ་གཅིག་ཏུ་སྒོམས་ཤིག །ཌཱ་དྲིལ་འཁྲོལ་ལ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ སྙིང་གར་རྡོ་རྗེ་ཕག་མོ་ནི༔ ཤིན་ཏུ་ཕྲ་ཞིང་གར་དང་ལྡན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཀུན་ཀྱང་རྡོ་རྗེ་ཕག་མོར་བྱོན༔ བུ་ཁྱོད་སྤྱི་བོར་ཐིམ་པར་སྒོམས༔ ལུས་རྣམས་ནམ་མཁའི་དབྱིངས་སུ་སོང༔ མ་ཡེངས་སྐྱོངས་ཤིག་རིགས་ཀྱི་བུ༔ དྷཱ་ཀི་ནཱི་ཧ་རི་ནི་ས་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཛཿཛ༔ ཞེས་དབབ། བླ་མ་ཡབ་ཡུམ་ཨ་ཧཾ་ཕཊ་ཀྱི་སྒྲ་དང་བཅས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཧཱུྃ༔ བདེ་ཆེན་གཉིས་མེད་མཆོག་ཆེན་པོ༔ དགའ་བ་ཆེན་པོ་བདེ་བ་ཆེ༔ བདེ་ཆེན་རླུང་སེམས་བསྲེ་བའི་གནད༔ རྩ་ཁམས་དཔའ་བོ་དཔའ་མོ་ལ༔ ཐམས་ཅད་བདེ་བ་རྒྱས་པར་བསྒོམ༔ མཆོག་གི་ལམ་མཆོག་འདིས་བགྲོད་འགྱུར༔ དེ་ལྟར་བྱིན་པའི་བདུད་རྩི་བྱང་ཆུབ་སེམས་ཀྱིས་རྩ་ཁམས་ཐམས་ཅད་གང་བས། དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཙམ་བདེ་བ་རྒྱས་པར་སྒོམས་ལ་གདོང་གཡོགས་སོལ་ཅིག །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས། ཧོ༔ བདེ་ཆེན་རྒྱལ་པོ་འདུས་མ་བྱས༔ དཔའ་བོ་དགྱེས་པར་གང་རོལ་པ༔ ཡང་དག་དེ་ཉིད་བདག་ལ་སྩོལ༔ བདག་ནི་མཆོག་གི་ལམ་ལ་མོས༔ ཞེས་ཞུས་པ་ལ་བླ་མས་ཕྱག་རྒྱའི་ལག་ནས་བཟུང་སྟེ་གཏད་པར་མོས་ཤིག །རིག་མའི་གཟུགས་གཏད་ལ། ཀྱེ་ཧོ༔ བུ་ཁྱོད་ཐེག་མཆོག་ལམ་ལ་གནས༔ དེ་ཡི་རང་བཞིན་ཤེས་རབ་ཡུམ༔ བུད་མེད་མི་སྤང་དང་དུ་བླང༔ ལམ་མཆོག་ཕོ་ཉས་བགྲོད་པ་ན༔ འདི་ནི་ཡི་དམ་ཡུམ་དང་མཉམ༔ འདི་བསྟེན་རྟག་ཏུ་བདེ་བ་སྐྱོངས༔ མ་ཉམས་ཟུངས་ལ་བདེ་ཆེན་སྤོར༔ ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་འགྱུར༔ ཡེ་ཤེས་གོང་ལྟར་དབབ། དེ་ལྟར་གཏད་པའི་ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་གསལ་བར་བསྟན་ཏེ་འདི་སྐད་གསུང་བར་མོས། ང་ཡི་བྷ་ག་གསང་ཆེན་འདི༔ རྒྱལ་བ་ཀུན་གྱི་སྐྱེད་ཡུམ་སྟེ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད༔ འདི་ལ་མ་བརྟེན་ཐར་ལམ་མེད༔ བུ་ཁྱོད་དགའ་ན་འདི་ལ་སྤྱོད༔ བདེ་སྟོང་ལམ་མཆོག་ཚེ་གཅིག་འཐོབ༔ དེ་ནས་སློབ་བུ་ཡབ་ཡུམ་གཉིས་ལྷར་གསལ། གནས་གསུམ་འབྲུ་གསུམ་དང་མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་དུ་བྱ་བའི་འདུ་ཤེས་དང་ལྡན་པས་འདོད་ཆགས་ཀྱི་སྒྱུ་རྩལ་སྣ་ཚོགས་དང་བཅས་ཏེ་སྙོམས་པར་ཞུགས་པར་མོས་ཤིག །བུ་ཁྱོད་བདེ་བའི་རང་ངོ་ལྟོས༔ བདེ་ལ་མ་ཞེན་བདེ་ལོངས་སྤྱོད༔ ཉམས་སུ་བླང་ཞིང་སྨྲ་མི་ཤེས༔ རང་གི་དྭངས་མ་ཉམས་མི་བྱ༔ དེ་ལྟར་སྦྱོར་བའི་སྐབས་སུ། ངོ་བོ་བལྟ་ཞིང་དལ་བུས་སྦྱོར༔ རླུང་བཟུང་སྣས་འབུད་ཧིཀ་གིས་དྲངས༔ སྨྲར་མེད་བདེ་སྟོང་ཉམས་རྟོགས་འཆར༔ དེ་དོན་རྗེས་ཤེས་བསྐྱེད་པར་བྱ༔ བདེ་བའི་ཉམས་མྱོང་ཆུང་བ་ན༔ ཕྱག་རྒྱའི་མཁའ་རུ་ཕྱེད་ཙམ་བཏང༔ གཉིས་ཤོར་གཉིས་མཉམ་ཁྱིལ་ལེ་འོང༔ ཧཱུྃ་རིང་ཧཱུྃ་ཐུང་དྲག་ཏུ་བྱ༔ ཞེས་གསུངས་པ་རྣམས་ཀྱི་དོན་དང་ལྡན་པར་བྱ་དགོས་སོ། །དེ་ནས་ཡབ་ཡུམ་སོ་སོར་གནས་ལ་ཡུམ་གྱིས་འདི་སྐད་གསུང་བར་མོས་ཤིག །ཧོ༔ རྗེས་ཤེས་བདེ་བའི་རང་བཞིན་ལས༔ བུ་ཁྱོད་དགའ་བྲལ་ལེན་པ་ན༔ བྷ་ག་པདྨར་འོ་བྱེད་པ༔ ཁྱོད་ནི་སྤྲོ་བས་ཚུལ་བཞིན་སྤྱོད༔ དེའི་ལན་བཏབ་པར་མོས་ལ་རྗེས་ཟློས། ཀྱེ༔ ཐབས་དང་ཤེས་རབ་བྲལ་བ་ཡི༔ གསང་སྔགས་ལམ་མཆོག་ག་ལ་ཡོད༔ བྷ་ག་ལ་ནི་འོ་བྱེད་པར༔ བློ་ཅན་བདག་ནི་ཅིས་མི་སྤྲོ༔ ཞེས་འོ་བྱ་བ་སོགས་གུས་པར་བྱ་ཞིང་དེང་ཕྱིན་ཆད་བུད་མེད་ཙམ་ལ་ལོག་ལྟ་དང་བརྙས་པ་སྤང་བར་བྱའོ། །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བའི་སླད་དུ་ཁྱེད་རང་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བཀའ་བརྒྱུད་ཀྱི་བླ་མ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཨ་དཀར་པོའི་རྣམ་པར་ནམ་མཁའ་ལས་ཁ་བ་བབ་པ་ཙམ་དུ་བྱུང་ནས་རང་གི་སྤྱི་བོ་ནས་མར་ཐིམ་པས་རང་ལུས་ཨ་དང་དབྱེར་མེད་དུ་གྱུར༔ འོད་ཀྱི་རང་བཞིན་དེ་ཕྱོགས་བཞི་མཚམས་བརྒྱད་དུ་འབར༔ མཐར་ནམ་མཁའ་དང་དབྱེར་མེད་སྟོང་ཕྱ་ལེར་སོང་བར་སྒོམས་ཤིག །ཌཱ་དྲིལ་འཁྲོལ་ལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ནི༔ སྐྱེ་མེད་ཨ་ཡི་ངོ་བོར་འདུས༔ རང་རང་སྤྱི་བོའི་གཙུག་ཏུ་ཐིམ༔ སྟོང་གསལ་དབྱེར་མེད་རོ་གཅིག་གྱུར༔ དེ་ཡི་དོན་ལ་ཁྱོད་གྱིས་ལྟོས༔ དེ་བཞིན་ཤར་ནུབ་ལྷོ་བྱང་སོགས༔ སྟོང་གསལ་ནམ་མཁའི་དབྱིངས་སུ་ཐོངས༔ བཏང་དང་འགྲོ་དང་འོང་བ་མེད༔ འགྲོ་འོང་མེད་པའི་རང་ངོ་ལྟོས༔ ཨོཾ་མ་ཧཱ་ཤུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཁྱེད་རང་རྣམས་ཀྱི་རིག་པ་ཨ་དཀར་པོ་དྲི་མ་མེད་པ་སྲན་མ་ཙམ་དུ་སྒོམས་ལ། བུ་མ་ཡེངས་པར་ལྟོས་ཤིག༔ དེའི་ཚེ་དངོས་པོ་མཐོང་བ་མེད་པ་ལ་གསལ་ལེ་ཧྲིག་གེ་རྗེན་ནེ་བ་ཉམས་སུ་མྱོང་དུ་ཡོད་པ་ཚིག་གིས་སྨྲ་མི་ཤེས་པ་འབྱུང་ངོ༔ འོ་བུ་དག་སེམས་ཀྱི་ངོ་བོ་ནི་སྟོང་སང་ངེ་༔ རང་བཞིན་ནི་གསལ་སིང་ངེ་༔ གནས་ལུགས་ནི་སྨྲ་བསམ་བརྗོད་དུ་མེད་པ་ལ་རང་རྩལ་གྱི་འཆར་སྒོ་མ་འགག་པ༔ བརྗོད་དུ་སངས་རྒྱས་ཀྱིས་མེད༔ བཅོས་སུ་སེམས་ཅན་གྱིས་མེད༔ རིག་ཙམ༔ ཝལ་ཙམ༔ རྗེན་ནེ་བ༔ སང་ངེ་བ༔ ཧྲིག་གེ་བ༔ དེ་ངོ་ཤེས་པར་གྱིས་ལ་དུས་དང་རྣམ་པ་ཀུན་ཏུ་བསྒོམ་དུ་སྤུ་ཙམ་མེད་པ༔ ཡེངས་སུ་སྐད་ཅིག་ཙམ་ཡང་མེད་པར་ཉམས་སུ་ལོངས་ཤིག༔ རྟོགས་པ་དང་ལྡན་ཞིང་གོམས་ན་རྟོགས་ལྡན་ནམ་མཁའི་རྣལ་འབྱོར་མྱུར་དུ་འགྱུར་རོ༔ ཞེས་མཉམ་པར་བཞག །སླར་ཕཊ་ལན་གསུམ་བརྗོད་ལ་ཉམས་བཤིག །དེ་ནས་ཤེལ་རྡོ་མེ་ལོང་ཨ་ཡིག་དཀར་པོ་སྤྱི་བོར་བཞག་ལ། ཧོ༔ ཤེལ་གྱིས་དག་པ་སྐུ་གསུམ་མཚོན༔ མེ་ལོང་དྲི་མེད་རང་བཞིན་གསལ༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ སྐལ་ལྡན་བུ་ཡི་སེམས་ཉིད་ལ༔ དོན་འདི་རང་བཞིན་གནས་གྱུར་ཅིག༔ འདི་ལ་བརྟན་པ་ཐོབ་གྱུར་ཅིག༔ ཧོ་སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ གང་བར་གྱུར་ཅིག༔ འཕེལ་བར་གྱུར་ཅིག༔ སྨིན་གྲོལ་ཡོངས་རྫོགས་ཐོབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་དོ༔ དེ་ནི་དབང་བཞི་པ་རིག་པ་རྩལ་དབང་ཀུན་གྱི་ཐུན་མོང་མ་ཡིན་པ༔ སངས་རྒྱས་ལག་འཆང་དུ་ངོ་སྤྲོད་པ་ངོ་གཅེར་ཕོག་ཏུ་འཕྲོད་པའི་དབང་ཡིན་ནོ༔ བླ་མ་དཀྱིལ་འཁོར་པའི་དབང་ལྷ་རྣམས་དང་བཅས་པས་ཤིས་པ་བརྗོད་པས་མངའ་གསོལ་ཞིང་མཐར་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །ཤིས་བརྗོད་ཅི་རིགས་བྱས་ལ་མེ་ཏོག་འཐོར། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད། དེ་ལྟར་ན་དེ་དག་རྣམས་ཀྱིས་བོད་ཡུལ་དྲག་སྒྲུབ་ཀུན་ལས་ཟབ་ཅིང་གཉན་པ་གཏུམ་དྲག་མེའི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བཞི་རྒྱས་པར་བསྐུར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གསུམ་པ་ཆོ་གའི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང། གཏོར་སྐྱོང་ཆད་བརྟན་སོགས་ནས་ཤིས་བརྗོད་ཀྱི་བར་དུ་ལས་བྱང་ཉིད་མཐར་ཆགས་སུ་གཏང་བས་འགྲུབ་བོ། །གཏེར་གཞུང་སྦས་ཤིང་གབ་འཁྲུགས་ཆེ། །ཕྱག་ལེན་ཡིད་རྟོན་ཕེར་བའང་དཀོན། །གཟུ་ལུམ་མེད་པར་བསྒྲིགས་བརློམས་ཀྱང་། །ནོངས་ན་རྩ་གསུམ་སྤྱན་སྔར་བཤགས། །གུར་དྲག་དར་ཆ་ཆེ་ཡང་སྲོག་གཏད་དཀོན། །མི་ཚེར་ཀློག་ཀྱང་རྒྱུད་མ་སྨིན་པ་རྣམས། །ཆོས་སྒོ་འདིར་ཞུགས་ལས་བྱང་ཙམ་རེ་ལ། །སྐྱབས་སུ་མི་འཆའ་བསྙེན་སྒྲུབ་མཐར་ཕྱིན་ཤོག །ཅེས་པའང་མཁས་གྲུབ་ཆགས་མེད་ཞབས་སོགས་བརྒྱུད་པ་གོང་མ་ཚད་ཐུབ་ཀྱི་ཡིག་ཆ་མེད་ཅིང་གཞུང་གབ་འཁྲུགས་ཆེ་བས་དོགས་པའི་དྲྭ་བར་ཆུད་ཀྱང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཁོ་ན་སོར་བཞག །གོ་རིམ་བསྡེབ་དགོས་ངེས་ཤེས་པ་རྣམས་ཁྲིགས་སུ་བཀོད་པ་པོ་ནི། པདྨའི་རྒྱལ་ཚབ་པདྨ་དབང་ཆེན་གྱི་བྱིན་རླབས་ཐོབ་པའི་ཀུ་སཱ་ལི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་སྒྲུབ་ཐབས་དང་བྱིན་རླབས་ (Volume 61, Text 19)

ཨོཾ་སྭསྟི། འཇིག་རྟེན་མགོན་པོ་ཐུགས་རྗེའི་གཏེར། །རྒྱལ་བ་རྒྱ་མཚོ་ལ་བཏུད་ནས། །དེ་ཉིད་སྒྲུབ་ཐབས་བྱིན་རླབས་ཀྱི། །ཆོ་ག་སྙིང་པོར་དྲིལ་ཏེ་བཤད། །འདིར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་སྒྲུབ་ཐབས་དང་འབྲེལ་བར་བྱིན་རླབས་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ། སྟེགས་བུ་ཆང་དང་སིནྡྷུ་ར་དང་བྱང་སེམས་དཀར་དམར་གྱིས་བྱུགས་པ་ལ་མཎྜལ་ཆོས་འབྱུང་བསྣོལ་མ་དམར་པོ་ཟུར་དྲུག་དགའ་འཁྱིལ་དང་བཅས་པའི་ལྟེ་བར་པདྨ་འདབ་བཞི་ཚོམ་བུ་ཅན་དུ་བྱ། དེར་མཉྫི་ལ་བུམ་པ་བཅུད་ལྡན། ཐོད་པར་བདུད་རྩི་རིལ་བུ་ཆང་དང་སྦྱར་བ། མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་པད་ཕྲེང་ནང་དུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿམཐར་གཙོ་བོ་ཡབ་ཡུམ་འཁོར་སྔགས་སྦྲེལ་མ་ཁ་ནང་བསྟན་གཡས་སྐོར་དུ་བྲིས་པ་ཅན་དང་རྡོ་རྗེ་རྣམས་བརྩེགས་ཏེ་བཞག །མདུན་དུ་གཏོར་མ་དང་། མཐའ་མཆོད་པ་རྣམས་ཀྱིས་བསྐོར། རྡོར་དྲིལ་ཅང་ཏེའུ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལ། སྐྱབས་སེམས་ཡན་ལག་བདུན་པ་དང་བཅས་པ་སྔོན་དུ་བཏང་ནས། རང་གི་སྙིང་གར་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས་ལུས་སྦྱངས་ཏེ་འོད་དམར་པོའི་གོང་བུར་གྱུར། དེ་ལས་རང་ལུས་རྣམ་པར་དག་པ་གཞལ་ཡས་ཁང་གི་ངོ་བོ་ཆོས་འབྱུང་། དེའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་རང་སེམས་རྣམ་པར་དག་པ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལ། འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་སྒེག་ཅིང་ཆགས་པའི་ཉམས་ཅན་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་པདྨ་རཱ་གའི་ཕྲེང་བ། གཡོན་འོག་མ་པདྨ་དམར་པོ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་མཉམ་གཞག་ལྷུང་བཟེད་འཛིན་པ། ཐུགས་ཀར་རྟ་མགྲིན་དམར་པོ་གཡས་པདྨ་རཱ་གའི་ཕྲེང་བ་དང་གཡོན་དབང་སྡུད་ཀྱི་ཕྱག་རྒྱ་ཅན་ཞི་ཁྲོ་ཕྱེད་མའི་རྣམ་པ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་རལ་གྲི་གཡོན་གཉིས་ཐོད་ཁྲག་དང་རྩེ་གསུམ་འཛིན་པ་རུས་པའི་རྒྱན་ཅན་གར་སྟབས་ཀྱིས་བཞུགས་པའོ། །ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། རང་བཞིན་རྣམ་དག་ཕོ་བྲང་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཨཱ་ཀརྵཱ་ཡ་ཛཿཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས་དབང་ལྷ་སྤྱན་དྲངས། གསོལ་བ་བཏབ་པས། ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར། དབང་ལྷ་རྣམས་ཀྱང་རང་ལ་བསྟིམ། རྒྱས་གདབ་རང་ཆས་སུ་ཡོད་པས་མི་དགོས་སོ། །ཨོཾ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་རང་ཤར་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་ཨ་མྲྀཏ་པཱུ་ཛ་ཧོཿ མ་ཧཱ་རཀྟ་པཱུ་ཛ་ཧོཿ མ་ཧཱ་བ་ལིནྟ་པཱུ་ཛ་ཧོཿ ཞེས་ཕྱི་ནང་གི་མཆོད་པ་རྣམས་ཀྱིས་མཆོད་ལ། བསྟོད་པ་ནི། ཧཱུྃ། ཆོས་སྐུ་སྐྱེ་འགག་མེད་པ་ལས། །འཇའ་ཚོན་ལྟ་བུའི་གཟུགས་ཀྱི་སྐུ། །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །གང་ལ་གང་འདུལ་སྐུ་སྤྲུལ་ནས། །འགྲོ་བ་མ་ལུས་འདྲེན་མཛད་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་བྱ་བ་ནི། ལྟེ་བའི་མཁའ་འགྲོ་མའི་སྔགས་ཀྱི་འོད་ཟེར་གྱིས་ཐུགས་ཀའི་རྟ་མགྲིན་བསྐུལ། དེས་སྤྱི་བོའི་འོད་དཔག་མེད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་དོན་གཉིས་མཛད། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཡེ་ཤེས་རང་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་ཅི་ནུས་སུ་བཟླའོ། །ཐུན་འཇོག་པའི་ཚེ་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་ཅུང་ཟད་བསྒོམས་ནས་ལུས་ཀྱི་ལྷ་རྣམས་སོ་སོའི་གནས་སུ་འོད་དུ་ཞུ། རང་ཉིད་ཀྱང་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེ་ཡང་ཐིག་ལེའི་བར་དུ་བསྡུས་ནས་མི་དམིགས་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག་ནས་དགེ་བ་བསྔོ་ཞིང་སྤྱོད་ལམ་ལ་འཇུག་གོ །ཐུན་མཐར་གཏོར་འབུལ་ལོགས་སུ་མ་བྱས་ཀྱང་རུང་མོད། སྤྲོ་ན་སྣོད་ཀ་པཱ་ལར་གཏོར་མ་དམ་རྫས་ཀྱིས་བརྒྱན་པ་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨ་ལས་ཀ་པཱ་ལར་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ལ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། མདུན་བསྐྱེད་དང་འབྲེལ་ན་སྤྱན་འདྲེན་མི་དགོས། མ་འབྲེལ་ན་ཕེཾ་ཞེས་སྤྱན་དྲངས། བཟླས་པའི་སྔགས་མཐར་སརྦ་བུདྡྷ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལན་གསུམ་གྱིས་ཕུལ་ལ། ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་འཁོར་དང་བཅས། །བྱིན་གྱིས་རློབ་ཅིང་བར་ཆད་སོལ། །རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་གི་བར་ཆད་སྲུང་བ་དང་། །དངོས་གྲུབ་དགོས་འདོད་སྩོལ་བ་དང་། །གདུག་པའི་དགྲ་བགེགས་སྒྲོལ་བ་དང་། །རྣལ་འབྱོར་བསམ་པ་འགྲུབ་པར་མཛོད། །ཅེས་འདོད་དོན་གསོལ། ནོངས་པ་བཤགས། བཛྲ་མུཿས་མགྲོན་གཤེགས། སྨོན་ལམ་དང་ཤིས་བརྗོད་བྱའོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། སྔོན་འགྲོ་གཏོར་མ་གཏང་། མཆོད་རྫས་བྱིན་གྱིས་བརླབ། བདག་བསྐྱེད་གོང་བཞིན་བྱས་ནས་མདུན་བསྐྱེད་སྒྲུབ་པའམ། བདག་མདུན་དབྱེར་མེད་ཀྱི་སྒྲུབ་མཆོད་བཟླས་པ་ཡན་ཆད་སྔར་བཞིན་བྱས་ནས། བུམ་པ་ལ་དམིགས་ནས་སྙིང་པོ་བརྒྱ་ཙམ་བཟླ། གཏོར་མ་ཕུལ་ལ་འདོད་དོན་གསོལ། ཏིང་ངེ་འཛིན་གྱི་དབང་ལེན་པ་རྣམས་སོང་ནས། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། མཚམས་སྦྱོར་གྱི་སྐབས་འགྲོ་བ་མཐའ་དག་གི་མགོན་པོ་བླ་ན་མེད་པར་གྲུབ་ཀྱང་ཞེས་པ་ཡན་རྒྱལ་པོ་ལུགས་ཀྱི་འགྲོ་འདུལ་གྱི་སྐབས་སུ་བརྗོད་པ་ལྟར་ལས། ཁྱད་པར་གདོང་དམར་བོད་ཀྱི་འགྲོ་བ་ཤིན་ཏུ་གདུལ་དཀའ་བ་དེ་དག་ཐུགས་རྗེས་གཟིགས་ནས་སྐྱེས་པ་རྣམས་འདུལ་བ་ལ་འཕགས་པ་ཐུགས་རྗེ་ཆེན་པོ་དང་། བུད་མེད་རྣམས་འདུལ་བ་ལ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དང་། བདུད་དང་ལོག་འདྲེན་འདུལ་བ་ལ་དཔའ་བོ་རྟ་མགྲིན་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པར་དབང་བསྐུར་ཞིང་ལུང་བསྟན། དེ་གསུམ་གྱིས་ཀྱང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་རང་གཟུགས་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་བསྐུལ་ཏེ་བོད་ཀྱི་ཡུལ་འདིར་འགྲོ་བ་མཐའ་ཡས་པ་ཞིག་འཕགས་པ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། ཁྱད་པར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་འདི་ཉིད་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་ལ་གནང་། དེས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ་མངའ་བདག་ཉང་རལ་པ་ཅན་གྱིས་བཏོན་པ་ནི་རྩ་བ་དང་། གཞན་ཡང་གསར་རྙིང་གི་གདམས་པ་དུ་མའི་བྱིན་རླབས་ཀྱི་བཀའ་སྲོལ་ཕྱོགས་གཅིག་ཏུ་འདུས་པ་འདིའི་བྱིན་རླབས་ཀྱི་ཆོ་ག་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་སོགས་འབྲེལ་བཀོད་ལ་མཎྜལ་འབུལ། སངས་རྒྱས་པདྨ་རྣམ་རྒྱས་དཀྱིལ་འཁོར་དུ། །འོད་དཔག་མེད་པའི་རྒྱལ་སྲས་སྤྱན་རས་གཟིགས། །པདྨའི་རིགས་མཆོག་ཐུགས་རྗེ་ཆེན་པོ་ཡིས། །སྐལ་ལྡན་བདག་ལ་དབང་བཞི་བསྐུར་དུ་གསོལ། །ཞེས་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག །ཡེ་ཤེས་དབབ་པ་ནི། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྭ་བྷཱ་བ་བརྗོད། སྟོང་པའི་ངང་ལས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུ་སྟོང་གསལ་འོད་ཀྱི་གོང་བུ་ཅན་དུ་བསྐྱེད་པའི་ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་གཡུང་དྲུང་དམར་པོ་གཡོན་དུ་བར་མེད་འཁོར་བ། དེའི་སྟེང་དུ་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་པ་ལྟེ་བའི་ཧྲཱིཿལ་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག་བྱས་ལ་སྙིང་པོའི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་རོལ་ཆེན་དང་སྦྱར་སྤོས་བསྲེག །ཏིཥྛ་བཛྲ་ཞེས་བརྟན་པར་བྱ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག་བྱས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སྙིང་པོའི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད། ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། སྤྱི་བོར་ལུད་པ་ལས་རིགས་ལྔས་དབུ་བརྒྱན། དྲི་མ་རགས་པ་འཁྲུ་བ་བུམ་དབང་ངོ་། །ཐོད་པའི་བདུད་རྩི་སྦྱིན་ལ། སངས་རྒྱས་རྣམས་ཀྱི་གསང་བའི་དབང་། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །གསང་མཆོག་དབང་འདི་ཡོངས་རྫོགས་ཤོག །སྙིང་པོའི་མཐར་ཨ་ཧོ་མ་ཧཱ་སུ་ཁ། ཞེས་མྱང་དུ་བཅུག །དེ་ལྟར་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། ཐོད་པ་མི་རྟོག་པ་དང་རོ་ཉམས་མྱོང་མཚོན་པ་གསང་བའི་དབང་ངོ་། །སིནྡྷུ་རའི་མེ་ལོང་ཡུམ་གསང་བ་ཡེ་ཤེས་སུ་མོས་པ་གཏད་ལ། གཟུངས་མ་ཡིད་འོང་འདི་ཁྱེད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྟན། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །སྙིང་པོའི་མཐར་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཞེས་གཏད་ནས་སིནྡྷུ་རའི་ཐིག་ལེ་གནས་བཞིར་བྱ། དེ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ། ཀུན་རྫོབ་ཀྱི་རྐྱེན་གྱིས་དོན་དམ་གྱི་གནས་ལ་འཁྲིད་པ་དབང་གསུམ་པའོ། །མེ་ལོང་རྡོ་རྗེའི་གཟུགས་བརྙན་ཤར་བ་བསྟན་ཅིང་སྙིང་གར་རེག་ལ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །ཞེས་པས་སྣང་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་གཞག །མེ་ལོང་ལ་གཟུགས་བརྙན་འཆར་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ། མེ་ལོང་སྟོང་པ་ཉིད། རྡོ་རྗེ་བདེ་བ་ཆེན་པོ་སྟེ་དབང་བཞི་པའོ། །བྱིན་རླབས་ཀྱི་རྗེས་སུ་སྒོམ་ལུང་འབོགས་པར་སྤྲོ་ན། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་འཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཧྲཱིཿལ་ཐིམ་པར་མོས་ལ་རྗེས་ཟློས་མཛོད། སྙིང་པོ་ཤམ་བཅས་ལན་གསུམ། འདིར་གཏོར་དབང་སྦྲེལ་བའང་སྣང་བས། སྤྲོ་ན་སྤྱི་ལྟར་བྱས་པས་ཀྱང་འཐུས་མོད། ལྷ་ལྔར་དམིགས་བསལ་དུ་བཤད་པ་ལྟར་ན། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་འདི་དང་ཐ་མི་དད་པར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞུགས་པར་གསལ་ཐོབས་ལ། ལྷ་ཚོགས་དེ་རྣམས་ཀྱི་སྨིན་མཚམས་དང་མགུལ་དང་ཐུགས་ཀ་དང་ལྟེ་བ་ལ་སོགས་པའི་སྐུ་ཡི་གནས་རྣམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་གི་ལུས་ཀྱི་གནས་སོ་སོར་ཐིམ་པས་ནད་གདོན་སྡིག་སྒྲིབ་སོགས་བར་དུ་གཅོད་པ་ཐམས་ཅད་ནི་བསལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ནི་ཤིན་ཏུ་རྒྱས། དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར། ཅེས་གཏོར་མ་མགོ་བོར་བཀོད། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་རལ་ཉི་མ་འོད་ཟེར། སྲས་མཆོག་འགྲོ་བའི་མགོན་པོ། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། རྗེ་དབུ་སེ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཐོབ་ཀརྨ་པཀྴི། ཨོ་རྒྱན་པ། རང་བྱུང་རྡོ་རྗེ། ཤ་གྲགས་སེང་། དར་རྒྱལ་བ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། གཙུག་ལག་རྒྱ་མཚོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་སོགས་པ། ཡང་གསར་བརྒྱུད་ལྟར་ན། ཆོས་ལོངས་སྤྲུལ་གསུམ། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་དྲི་མེད་བཤེས་གཉེན། རས་ཆུང་མན་འདྲ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཕྲིན་ལས་རབ་འབྱམས་ལ་དབང་བསྒྱུར་ཞིང་། འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡུན་རིང་དུ་བརྗོད། དེ་ནས་མེ་ཏོག་གཏོར་ལ། སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་བརྗོད། དམ་ཚིག་ཁས་བླང་མཎྜལ་ཡོན་འབུལ་སོགས་དང་། དཀྱིལ་འཁོར་གྱི་རྗེས་ཆོག་ཀྱང་གཞན་ལྟར་བྱའོ། །འདི་ལ་རྒྱུད་དང་པཎ་གྲུབ་སོ་སོ་ལས་བྱུང་བའི་སྒྲུབ་པའི་བཀའ་སྲོལ་ཐ་དད་པ་ཕལ་ཆེར་གྱི་རྒྱུན་མ་ཆད་པར་བཞུགས་པ་ལས་སྙིང་པོར་དྲིལ་བའི་ཟབ་དོན་མན་ངག་གི་བྱིན་རླབས་ནི་འདི་ཁོ་ནའོ། །མི་འ༵གྱུར་ཟག་མེ༵ད་བདེ་བ་ཆེ། །སྟོང་ཉིད་རྡོ༵་རྗེ༵ར་མི་ཕྱེད་པ། །རྒྱལ་བ་རྒྱ་མཚོ་སྒྲུབ་པའི་ཐབས། །སྙིང་པོར་དྲིལ་བ་འདི་རྨད་བྱུང་། །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་བསྒྲིལ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་ལེ་ཚན་ནོ།། །།

ཨོ་གླིང་བཀའ་འདུས་ཆོས་རྒྱམ་སྨོན་ཤིས་ (Volume 15, Text 19)

སྨོན་ལམ་ནི། ཧོ༔ ཕྱོགས་དུས་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་བདག་སོགས་སེམས་ཅན་ཀུན༔ ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་རྟེན་ཐོབ༔ དད་དང་ཤེས་རབ་སྙིང་རྗེ་ཕུན་སུམ་ཚོགས༔ རྡོ་རྗེ་སློབ་དཔོན་ཚུལ་བཞིན་བསྟེན་པར་ཤོག༔ དབང་གི་ཆུ་བོ་རྣམ་བཞིས་ཡོངས་སུ་སྨིན༔ དམ་ཚིག་སྡོམ་པ་སྲོག་བཞིན་གཅེས་པར་བསྲུང༔ བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ནས༔ ལྷ་སྔགས་དབང་ཐོབ་ཡེ་ཤེས་བརྙེས་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་རྣམས་དབུ་མར་ཐིམ༔ ཐིག་ལེ་ཟག་མེད་བདེ་བ་ཆེན་པོར་རྫོགས༔ ཀ་དག་ལྷུན་གྲུབ་རྟོགས་པ་མངོན་གྱུར་ནས༔ ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག༔ རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འགྲོ་ཀུན་ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པར་ཤོག༔ ཅེས་གནུབས་ཆེན་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགའི་ཟབ་གཏེར་ལས་བྱུང་བའོ། ༈ །བཀྲ་ཤིས་ནི། ཨོཾ༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམ་སྟོབས་འབེབས་ཤིང༔ ཐམས་ཅད་མཁྱེན་པ་འགྲོ་བའི་རེ་བ་སྐོང་མཛད་པའི༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག༔ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད་པ་ཡིས༔ འགྲོ་བའི་མ་རིག་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་ཞིང༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ བསྐལ་པ་བཟང་པོ་གཟུགས་བཟང་བ་དང་སྤོབས་པར་ལྡན༔ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་རིང་འབྱོར་ལྡན་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པ་བསྟན་པའི་གངས་ཆེན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ ཅེས་སློབ་དཔོན་རིན་པོ་ཆེ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྦུབས་ནས་འཁྲུངས་པའི་ཚེ་སངས་རྒྱས་ཀྱིས་ཤིས་པར་བརྗོད་པ་གུ་རུ་ཨོ་རྒྱན་གླིང་པའི་གཏེར་མའོ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔

རྟ་ཕག་ཡིད་བཞིན་ནོར་བུ་ལས༔ ལས་བྱང་ཚིག་དོན་དབྱེར་མེད་ (Volume 26, Text 19)

༁ྃ༔ རྟ་ཕག་ཡིད་བཞིན་ནོར་བུ་ལས༔ ལས་བྱང་ཚིག་དོན་དབྱེར་མེད་བཞུགས༔ ྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ རྟ་མཆོག་གཙུག་གི་ནོར་བུ་ཡི༔ ལས་བྱང་ཚིག་དོན་དབྱེར་མེད་ལ༔ མཎྜལ་མཆོད་པ་སྣ་ཚོགས་བཤམ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ༔ སེམས་ཅན་དོན་དུ་སེམས་བསྐྱེད་བསྒོམ༔ དེ་ནས་རང་སེམས་མ་བཅོས་པ༔ ཞེན་མེད་ལྷུག་པའི་ངང་ཉིད་ལས༔ འཁོར་འདས་ཡོངས་ལ་བཀའ་བསྒོ་བྱ༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་ལྷུན་གྲུབ་ཀ་དག་ལ༔ ལྷ་དང་འདྲེ་ཡི་མིང་ཡང་མེད༔ དག་དང་མ་དག་རང་སྣང་འདི༔ འགག་མེད་གསལ་མདངས་ངོ་བོ་སྟོང༔ བགེགས་དང་བར་ཆད་རང་སེམས་ཡིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ སྣང་སྲིད་ཐམས་ཅད་ལྷ་རུ་གསལ༔ དུག་གསུམ་སྐུ་གསུང་ཐུགས་སུ་གསལ༔ དུག་ལྔ་ཡེ་ཤེས་ལྔ་རུ་གསལ༔ འཁོར་བ་མྱང་འདས་བདག་གཞན་མེད༔ རང་བཞིན་ལྷུན་གྲུབ་མཚམས་བཅད་དོ༔ སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ དྷརྨ་བཛྲ་རཀྵ༔ མཆོད་པ་བྱིན་བརླབ་ནི༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་གུ་ཡ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྟོང་གསལ་ལྷུན་གྲུབ་དབྱིངས་རིག་འདི༔ ནམ་མཁའ་རླུང་ཆུ་ས་གཞི་མེ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ པདྨ་ཉི་ཟླ་འཇའ་འོད་ཀློང༔ མ་བསྒྲུབས་རང་བཞིན་ཕོ་བྲང་ཤར༔ ཨེ་ཡཾ་ཁཾ་ལཾ་རཾ་ཛྙཱ་ན་ཧོ༔ དེ་དབུས་རང་བྱུང་རང་ཤར་སྐུ༔ རྣམ་རྟོག་དྲེགས་པ་ཨ་འཐས་གདན༔ ཟུང་འཇུག་ཉི་ཟླའི་གའུའི་སྟེང་ན༔ ཤེས་རིག་རྒྱལ་པོ་རྟ་མཆོག་སྐུ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ སྐུ་མདོག་དམར་པོ་མེ་འོད་ཅན༔ འཁྲིལ་སྦྱོར་བདེ་སྟོང་འོད་ཟེར་འབར༔ ཞབས་བཞི་བརྐྱང་བསྐུམ་འགྱིང་བག་ལྡན༔ དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལ༔ གུ་རུ་ཡིད་བཞིན་ནོར་བུ་ནི༔ དབུ་ཉུག་ཙམ་དུ་ཞི་ཞལ་མཛེས༔ པད་ཞྭ་དམར་པོ་རྩེ་གནོན་གསོལ༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ རང་རིག་སྣང་སྟོང་རྩ་གསུམ་ལྷ༔ སྤྲུལ་པ་ཕྱོགས་མཚམས་མེ་འོད་འཁྲུགས༔ རང་བབ་ལྷུན་གྲུབ་ཆེན་པོར་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་པདྨ་འབྱུང༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ རྩ་གསུམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རང་གསལ་རང་བྱུང་གཤེགས་སུ་གསོལ༔ བསྒོམས་པའི་ལྷ་ཚོགས་མདངས་རེ་གསལ༔ མ་བསྒོམ་ལྷ་ཚོགས་ལྷུན་གྱིས་གྲུབ༔ དམིགས་པ་མི་དགོས་རང་བཞིན་ཤར༔ ཕྱི་དང་ནང་མེད་ཟང་ཐལ་ཀློང༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གཤེགས་བྱོན་བཞུགས་པ་མི་མངའ་ཡང༔ མ་རིག་གཟུང་འཛིན་སེལ་ཕྱིར་དུ༔ རང་བཞིན་གནས་འདིར་བརྟན་པར་བཞུགས༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཕྱག་འཚལ་བ་ནི༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་ཡུམ༔ པད་སྡོང་ལས་འཁྲུངས་བླ་མ་ཨོ་རྒྱན་རྗེ༔ རྩ་གསུམ་དབྱེར་མེད་ལྷ་ལ་ཕྱག་འཚལ་ལོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ རང་རིག་མེ་ཏོག་གསལ་སྟོང་དྲི༔ རང་གསལ་མར་མེ་མཉམ་ཉིད་ཆུ༔ བདེ་ཆེན་རང་གྲོལ་གྲགས་སྟོང་སྒྲ༔ དུག་གསུམ་བདུད་རྩི་སུ་ར་སྨན༔ རྩ་གསུམ་རང་སྣང་ལྷ་ལ་འབུལ༔ ཧཱུྃ་ཧྲཱི༔ དུག་ལྔ་ཡེ་ཤེས་རཀྟ་རྫས༔ ཆགས་སྡང་མི་དམིགས་གཏོར་མ་ཚོགས༔ བྱང་སེམས་བདེ་སྟོང་མཆོད་པའི་རྒྱལ༔ དབྱིངས་རིག་དབྱེར་མེད་ཀ་ནས་དག༔ རྩ་གསུམ་ལྷུན་གྲུབ་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ༔ མ་ཧཱ་རཀྟ༔ མ་ཧཱ་བ་ལིཾ་ཏ༔ ཏེ་ཛོ་བ་ལིཾ་ཏ༔ གུ་ཡ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ རྩ་གསུམ་དཀྱིལ་འཁོར་རྟ་ཕག་པདྨ་འབྱུང༔ སྐུ་ནི་མི་འགྱུར་གར་དགུའི་ཆས་ཀྱིས་བརྒྱན༔ གསུང་ནི་མི་འགག་འུར་ལྡིར་སིང་སྒྲ་སྒྲོག༔ ཐུགས་ནི་མཐའ་བྲལ་ཐིག་ལེ་ཉག་གཅིག་ཟླུམ༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལྷ་ལ་བསྟོད༔ ཧཱུྃ་ཧྲཱི༔ ཡོན་ཏན་རྒྱ་མཚོ་དཔག་ཡས་གཏེར་གྱི་མཛོད༔ ཕྲིན་ལས་ཐོགས་མེད་མཁའ་མཉམ་འགྲོ་བ་འདུལ༔ དཔལ་མགོན་རྟ་མཆོག་ཡབ་ཡུམ་སྲས་བཅས་ལ༔ ཨ་འཐས་བསྟོད་བྱ་བསྟོད་བྱེད་མ་མཆིས་ཀྱང༔ རིག་པའི་ཆོ་འཕྲུལ་སྒྱུ་མ་ཙམ་དུ་བསྟོད༔ བཤགས་པ་ནི༔ ཧཱུྃ་ཧྲཱི༔ བདག་གཞན་ཐམས་ཅད་ཆོས་ཉིད་ལ༔ མ་རིག་ཞེ་སྡང་སྲོག་གཅོད་དང༔ གནོད་སེམས་མ་བྱིན་ལེན་པ་རྣམས༔ རྩ་གསུམ་སྐུ་ཡི་ལྷ་ལ་བཤགས༔ སྒྲ་གྲགས་སྔགས་ཀྱི་རང་བཞིན་ལ༔ མ་རྟོགས་ཆགས་སྡང་འཆལ་ཚིག་བསྒྲགས༔ ངག་འཁྱལ་ཚིག་རྩུབ་ཕྲ་མ་རྣམས༔ རྩ་གསུམ་གསུང་གི་ལྷ་ལ་བཤགས༔ དྲན་རྟོག་ཆོས་ཉིད་འཁོར་ལོ་ལ༔ གཏི་མུག་དབང་གིས་འཁྲུལ་རྗེས་འབྲངས༔ ངན་སེམས་ལོག་ལྟ་ཅི་མཆིས་པ༔ རྩ་གསུམ་ཐུགས་ཀྱི་ལྷ་ལ་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡི་གེ་བརྒྱ་པ་བཟླ༔ ཧཱུྃ་ཧྲཱི༔ རང་བྱུང་སྐྱེ་མེད་རང་སྒྲ་འདི༔ རྩ་གསུམ་སྲོག་གི་སྙིང་པོ་ཡིན༔ ཆུ་བོའི་རྒྱུན་ནམ་ཁོང་པའི་དབུགས༔ དེ་བཞིན་ཉིད་དུ་འདི་བཟླས་པས༔ རང་བྱུང་ཀློང་དུ་རང་གྲོལ་འགྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ འཚོ་བ་ཟས་སྐོམ་ཐམས་ཅད་བདུད་རྩིར་བྱིན་གྱིས་བརླབས་ནས་ལོངས་སྤྱད་པར་བྱའོ༔ ཧཱུྃ་ཧྲཱི༔ རང་རིག་རང་གསལ་ཕྱི་ནང་བྲལ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པར་བྱ༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ རྣམ་རྟོག་དངོས་འཛིན་བག་ཆགས་སྦྱངས༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ངོ་བོ་ཡིག་འབྲུའི་རྣམ་པ་ལ༔ འོད་ཟེར་བདུད་རྩིས་སྣང་སྲིད་ཁེངས༔ བདུད་རྩིའི་ལྷ་ཚོགས་དབྱེར་མེད་བསྟིམ༔ རིས་མེད་དག་པ་རབ་འབྱམས་བྱོན༔ ཕྱི་ནང་གསང་བའི་ལྷ་ཚོགས་མཆོད༔ ཁམས་གསུམ་འཁོར་བའི་ཉེས་བྱས་བཤགས༔ བདག་འཛིན་རུ་དྲ་མཱ་ར་ཡ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ གྷ་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཚོགས་ལྷག་ནི༔ ཧཱུྃ་ཧྲཱི༔ བདག་འཛིན་ཕུང་པོའི་ལྷག་མ་འདི༔ ཆོས་སྐུ་སྐྱེ་མེད་ངང་དུ་བཞེས༔ སྒོ་གསུམ་གཟུང་འཛིན་ལྷག་མ་འདི༔ ཐབས་ཤེས་དབྱེར་མེད་ངང་དུ་བཞེས༔ དུས་གསུམ་དུས་མེད་ལྷག་མ་འདི༔ སྐུ་གསུམ་རོལ་པའི་ངང་དུ་བཞེས༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་བཤལ་ཆུ་འབུལ་ལ༔ བཛྲ་ཌཱ་ཀི་མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལཱེ༔ ཏ་ཏཱ༔ ཏེ་ཏཱེ༔ ཨི་དཾ་བ་ལིཾ་ཏ༔ པཉྩ་ཨ་མྲྀཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཀུན་ནས་ཐམས་ཅད་རང་སེམས་ལྷ༔ ང་ནི་ཆེ་མཆོག་རྩ་གསུམ་ཡིན༔ ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་ལྷ༔ དུག་ལྔ་དུག་གསུམ་འདུལ་དུས་བབས༔ བསྐུལ་ལོ་འགྲོ་བའི་དོན་མཛོད་ཅིག༔ ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས༔ གང་ཤར་འཛིན་མེད་གཏོར་མ་ལོངས༔ ཚེ་འདིར་ཆགས་ཞེན་བྲལ་བ་དང༔ བདག་འཛིན་རྩད་ནས་གཅད་པ་ཡི༔ ཕྲིན་ལས་མཛོད་ཅིག་ས་མ་ཡ༔ འདོད་ཆགས་བདེ་ཆེན་ངང་དུ་ཟློག༔ ཞེ་སྡང་རང་གྲོལ་ངང་དུ་ཟློག༔ གཏི་མུག་ཆོས་ཀྱི་དབྱིངས་སུ་ཟློག༔ དངོས་འཛིན་འོད་གསལ་ངང་དུ་ཟློག༔ བདེན་འཛིན་ཨ་འཐས་ལྟས་ངན་ཟློག༔ ཞེན་ཆགས་ཆེ་བའི་ནད་གདོན་ཟློག༔ དམ་ཆོས་བར་ཆད་བསོད་ནམས་ཟློག༔ སྒྲུབ་ལ་བར་ཆད་ལོངས་སྤྱོད་ཟློག༔ སྡིག་སྒྲིབ་གསོག་པའི་མངའ་ཐང་ཟློག༔ ལས་ངན་སྒྲུབ་པའི་དངོས་གྲུབ་ཟློག༔ རང་རིག་སྒྲིབ་པའི་སྙན་གྲགས་ཟློག༔ གཟུང་འཛིན་རྨི་ལམ་ངན་པ་ཟློག༔ རྟག་འཛིན་མཚན་མ་ངན་པ་ཟློག༔ ཡར་གྱི་བདུད་སངས་རྒྱས་ལ་རེ་བ་ཟློག༔ མར་གྱི་བདུད་འཁོར་བ་ལ་ལྟུང་དོགས་ཟློག༔ སྐྱིད་འདོད་ཀྱི་ཕོ་གདོན་ཟློག༔ སྡུག་དོགས་ཀྱི་མོ་གདོན་ཟློག༔ བཟང་འདོད་ཀྱི་ཡོན་ཏན་ཟློག༔ ངན་འདོད་ཀྱི་དཔོན་ངན་ཟློག༔ བློ་བདེ་དང་ཉམས་ཞེན་ཟློག༔ ཡིད་ཆེས་དང་ངེས་ཤེས་ཟློག༔ སྐྱེ་མེད་དུ་ཕྱ་ལ་ལ་ཟློག༔ འགག་མེད་དུ་ཡ་ལ་ལ་ཟློག༔ གཉིས་མེད་དུ་ཁྲོ་ལོ་ལོ་ཟློག༔ མཱ་ར་ཡ་ཟློག༔ སྭ་བྷཱ་ཝ་ཟློག༔ ཕཊ་ཕཊ་ཟློག་ཅིག༔ དེ་ནས་སྨོན་ལམ་དང་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ་ཧྲཱི༔ བདག་གཞན་དུས་གསུམ་གསག་དང་གསག་བྱ་ཡི༔ རྟེན་འབྲེལ་དགེ་ཚོགས་ཇི་སྙེད་མཆིས་པ་ཀུན༔ རང་རིག་ཀ་དག་ལྷུན་གྲུབ་དཀྱིལ་འཁོར་དུ༔ བསྔོ་བྱ་སྔོ་བྱེད་ངོས་བཟུང་བྲལ་བའི་ངང༔ དག་པ་རབ་འབྱམས་དབྱིངས་སུ་གྲོལ་བར་ཤོག༔ ཧཱུྃ་ཧྲཱི༔ རྣམ་དག་སྒྱུ་མའི་རྩ་གསུམ་ལྷ་ཚོགས་ཀུན༔ ཕྱོགས་རིས་མེད་པའི་ཀློང་དུ་བཀྲ་ཤིས་ཤོག༔ ཀ་དག་ངོ་བོ་འཆི་བ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་དྲོད་རང་འབར་ན་ཚ་མེད༔ བཀྲག་མདངས་བཅུད་ཀྱི་བཀྲ་ཤིས་ཤོག༔ གསལ་སྟོང་འཛིན་མེད་བགྲེས་རྒུད་མེད༔ ཟག་མེད་མཆོག་གི་བཀྲ་ཤིས་ཤོག༔ ཡེ་ཤེས་ཐུགས་ལ་ཕྱོགས་རིས་མེད༔ ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ དེ་ནས་རྒྱུན་གྱི་རྣལ་འབྱོར་ནི༔ མ་ཡེངས་རང་བབས་ཀྱི་སྤྱོད་ལམ་བསྐྱང་བར་བྱའོ༔ རྟ་ཕག་ཡིད་བཞིན་ནོར་བུའི་ལས་བྱང་ཚིག་དོན་དབྱེར་མེད་ཅེས་བྱ་བ་འཁོར་བ་མ་སྟོངས་ཀྱི་བར་དུ་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་ཡང་སྤྲུལ་རིག་འཛིན་འཇའ་ཚོན་སྙིང་པོས་ལྷ་རི་སྣང་མཐའི་སྐུ་རྒྱབ་ནས་བཏོན་པའོ། །ཤུབྷཾ།། །།

བསྙེན་དམིགས་ (Volume 3, Text 19)

བདག་མདུན་ལྷ་ཚོགས་དམ་པ་རིགས་བརྒྱ་ཡི། །ཞི་བའི་ཐུགས་ཀར་ཟླ་བ་ཁྲོ་བོ་ཡི། །ཐུགས་ཀར་ཉི་སྟེང་རང་རང་ས་བོན་མཐར། །རང་རང་སོ་སོའི་སྔགས་ཀྱིས་བསྐོར་བར་བསྒོམ། །ཡབ་རྣམས་གཡས་བསྐོར་ཡུམ་རྣམས་གཡོན་དུ་འཁོར། །ཞི་ཁྲོ་སྤྱི་བསྡུས་ཛཔ྄་དམིགས་ནི། ཀུན་བཟང་ཐུགས་ཀར་ཟླ་སྟེང་ཨ་མཐིང་དང་། །ཆེ་མཆོག་ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་མཐར། །ཞི་དང་ཁྲོ་བོའི་སྔགས་ཀྱིས་གཡས་སུ་བསྐོར། །བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །བཟླ་བྱའི་སྔགས་འདི་འུར་འུར་དིར་དིར་སྒྲོག །སྔགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རྣམས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ། །ཆར་ལྟར་བབས་ནས་བདག་མདུན་བུམ་ལྷར་ཐིམ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བསམ། །འོད་ཟེར་འགྲོ་བ་སྣོད་བཅུད་ཀུན་ལ་ཕོག །སྣོད་ཀྱི་འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ། །ཀུན་གྱིས་ཛཔྲ་དབྱངས་སྒྲོག་པས་འཇིག་རྟེན་གཡོ། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱོང་བར་བསྒོམ། །བསྙེན་པ་བྱ། ༈ ན་རཀ་སྐོང་བཤགས་སྐབས། བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ནི། །རྡོར་སེམས་ཡབ་ཡུམ་མཐིང་གའི་ཐུགས་ཀ་རུ། །ཧཱུྃ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་ལྔ་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར། །དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡིས། །དམིགས་ཡུལ་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསམ། །ཡིག་བརྒྱ་བཟླ། ཨརྒྷཾ་སོགས། ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས་བདག་གཞན་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ།། །།

པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་གུད་དུ་ཕྱེས་ནས་བསྐུར་ཚུལ་བལྟས་ཆོག་བསྡུས་ཏེ་བྱས་པ་ (Volume 8, Text 19)

༄༅། །པདྨ་འོད་འབར་གྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་གུད་དུ་ཕྱེས་ནས་བསྐུར་ཚུལ་བལྟས་ཆོག་བསྡུས་ཏེ་བྱས་པ་བཞུགས་སོ། ། མཆོད་གཞིའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་། བུམ་པ་སྤྱི་ལྟར་དང་། ཚེ་གཏོར་ཟན་བུམ། ཚེ་རིལ། ཚེ་ཆང་། མདའ་དར། ཚེ་ནས་རྣམས་བཤམ། མཆོད་པ་སྣ་བདུན། སྔོན་འགྲོ་ཅོག་རྡོག །འཛོམ་ན་ཚོགས་དང་གཏོར་འབུལ་བཤམ། མེད་ཀྱང་ཆོག །སྐྱབས་སེམས་སྤྱི་ལྟར་དང་། པདྨ་འོད་འབར་ལས་བྱང་ཚར་གཅིག་གིས་བདག་དང་། ཚེ་གཏོར་བུམ་ལྷ། རྒྱས་པར་བྱ་ན། དབང་རྫས་ངོ་བོ་པདྨ་འོད་འབར་སྐུ༔ ཞེས་མདུན་བུམ་བསྐྱེད་པ་སྤྱན་འདྲེན་མཆོད་བསྟོད་ཚར་གཅིག་བྱ། དམིགས་པ་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུས་ཕྱི་ནང་སྣོད་བཅུད་ལྷར་གསལ་བའི་གཟི་བརྗིད་ཀྱིས། སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་། ཆོས་སྐྱོང་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད། དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་ཚེ་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་། དབང་ཆེ་བ། རྩལ་དྲག་པ། འཁོར་མང་བ། ཡོན་ཏན་ཆེ་བ། སྟོབས་དང་སྙན་གྲགས་དང་ལྡན་པ། གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀཿཡིག་གི་རྣམ་པར་འོད་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དུ་འཁྱིལ་བར་བསམ་ཞིང་། སྔགས་འདི་བཟླ་བ་ལ་བརྩོན། རབ་འབུམ། འབྲིང་ཁྲི །ཐ་མ་སྟོང་ཕྲག་རེ་བཟླ་གསུངས་ཏེ། འཕྲལ་དུ་དབང་བསྐུར་ན་ཡང་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ དེ་ལྟར་དབང་སྒྲུབ་ཚར་ནས། སློབ་མ་རྣམས་མདུན་དུ་འཚོགས་ནས། ཁྲུས་ཆབ་བླང་། མེ་ཏོག་ནས་བཀྱེ། སྔོན་འགྲོ་གཏོར་མ་ཀུན་རིག་ལྟར་རམ་གང་རུང་གཅིག་བཏང་། ཧྲཱི༔ བདག་ཉིད་འགྱུར་མེད་སོགས་ནས། རཀྵ་ཛྭ་ལ་རཾ་གྱི་བར་བཏང་། སུམ་བྷ་སོགས་བརྗོད་ཅིང་ནས་ལྕག་བྲབ། ཌཱ་དྲིལ་རོལ་མོ་དྲག་ཏུ་བྱའོ། །དེ་ནི་སྔོན་དུ་ལན་གཅིག་གིས་ཆོག །རྒྱུན་དུ་མི་དགོས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བ་ལ་རྒྱ་གར་གྱི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་མཐོང་བས། །དེས་ན་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཡང་དག་སྦྱོར། །ཅེས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། ལས་ཚོགས་རིམ་པར་བསྟན་པ་ནི༔ ཐོག་མར་རིག་འཛིན་ཚེ་ཉིད་བསྒྲུབ༔ ཅེས་གསུངས་པས། སྤྱིར་ཡང་ཚེ་བསྲིང་བའི་ཐབས་ལ་འབད་དགོས་ཤིང་། ཁྱད་པར་དེང་སང་ཚེ་ཚད་ཀྱང་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས་ཡིན་ཏེ། ལུང་བསྟན་རྣམས་ལས། བཞི་བཅུ་ཁ་རལ་སུམ་ཅུར་ཉེ༔ ངན་སྤྱོད་སྟེང་འོག་བར་གསུམ་འཁྲུགས༔ ཞེས་སོགས་གསུངས་ཏེ། དུས་སྙིགས་མ་ལྔའི་མཐའ་ལ་ཐུག་པས། ལྷ་གཞན་གྱི་ཐུགས་རྗེ་རྡུགས། ཆོས་གཞན་གྱི་བྱིན་རླབས་ཡལ། མཁའ་འགྲོ་ཆོས་སྐྱོང་རྣམས་རི་རབ་ལ་ཞལ་གཟིགས། བདུད་དང་ལྷ་སྲིན་ཐམས་ཅད་ཁ་དར། མི་རྣམས་ཚེ་ཐུང་ནད་མང། གློ་བུར་དུ་འཆི་བའི་དུས་འདིར། ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་དང་བྱིན་རླབས་ཤུགས་ཆེ་བས་ཚེ་དབང་འདི་ཐོབ་ན་ཚེ་དང་བསོད་ནམས་འབྱོར་བ་དྲུག་རྒྱས་ཤིང་། ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས། མཛེ་ལ་སོགས་རྣམ་སྨིན་གྱི་ལས་ཐམས་ཅད་སྲབ་ཅིང་བྱང་བ་དང་། གཅོང་ནད་ཞ་གྲུམ་དང་མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ལྕགས་ཀྱི་རི་བོ་ཞེས་བྱ་བ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་ཤར་ཕྱོགས་མཱ་ར་ཏཱི་ཀའི་བྲག་ཕུག་ཏུ། མགོན་པོ་ཚེ་དཔག་མེད་ལ་ཚེའི་རྒྱུད་སྒྲུབ་ཐབས་བྱེ་བ་ཕྲག་ཞུས་པ་ལ་བརྟེན་ནས། ཁ་བ་ཅན་དུ་ཚེ་སྒྲུབ་ལྔ་བརྒྱ་དང་རྩ་གཅིག་སྦས་པའི་ནང་ནས་འདི་སྙིང་པོ་ལྟ་བུ་ཡིན་ནོ། །ཨེ་མ་ཧོ༔ དེ་ལྟར་བསྒྲུབས་པའི་ཕན་ཡོན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་བཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང༔ ལས་འཕྲོ་ལྡན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་གསུངས་སོ། །དེ་ལྟ་བུའི་ཚེ་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ། ས་གཞི་སྤོས་ཀྱིས་སོགས། གུ་རུ་པདྨ་འོད་འབར་དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པའི་དྲུང་དུ། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ། ད་དབང་ཞུ་བའི་ཕྱིར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་ཟུངས༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་ཞུས་པས་བླ་མས་ལན། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ དབང་ཐོབ་ནས་དམ་ཚིག་བསྲུང་སྙམ་པའི་མོས་པས་རྗེས་ཟློས་མཛོད། བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ ཀུ་ཤའི་ཡུ་བས་སློབ་མ་བྲན་པའི་ཚུལ་བྱས་ལ། ད་སློབ་མ་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་འོད་འབར་འདི་ལྟར་སྐྱེད་ཅིག །ཧྲཱི༔ སློབ་མའི་ངོ་བོ་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ སོགས་ནས། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་རོལ་མོ་སྤོས་དུད་དང་བཅས། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྔགས་དེ་བདུན་ནམ་གསུམ་བརྗོད་ཅིང་རོལ་མོ་དྲག་ཏུ་བྱའོ། །དེ་ལྟར་བྱིན་འབེབ་བྱས་པའི་ཡེ་ཤེས་པ་དེ་མི་ཉམས་བརྟན་པའི་མོས་པ་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ༔ ཚེ་དབང་བརྒྱ་རྩ་སོགས་ལ་དེ་ཡན་དེ། ད་ནངས་དང་པོ་རེ་རེས་ཆོག་ལ། འདི་མན་དངོས་གཞི་འདི་ལ་གྲངས་བཟུང་ངོ་། །ད་དངོས་གཞི་ཚེའི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསུམ་མམ་གཅིག །ད་མོས་གུས་ཀྱིས་སྨོན་ལམ་འདིའི་རྗེས་ཟློས་མཛོད། ནད་རིགས་བཞི་བརྒྱ་རྩ་བཞི་དང༔ རྐྱེན་ངན་ཉིས་ཁྲི་ཆིག་སྟོང་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིག་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལན་གཅིག་གོ །ད་ཚེ་འགུགས་པ་ནི་བུམ་ལྷ་པདྨ་འོད་འབར་གྱི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་ལྔར་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་རྒྱ་གྲམ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས། འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས་པས་ཚེ་ཡར་བ་དང་འཁྱམས་པ། གདོན་བགེགས་ཀྱིས་འཕྲོགས་པ་ཐམས་ཅད་འོད་ཀྱི་ཐིག་ལེ་དཀར་འཚེར་གྱི་རྣམ་པར་བསྡུས་ནས། སྤྱི་བོ་ནས་ཞུགས་ལུས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཅེས་མདའ་དམར་པོའམ་དཀར་པོའམ་སྨན་རྩེེ་སོགས་སྣ་ལྔ་གཡབ་ཅིང་དབྱངས་དང་བཅས། ཧྲཱི༔ ཕྱི་ནི་བུམ་པ་ནང་དུ་བདུད་རྩིས་གང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་རོལ་མོ་བྱ། ཚེ་གཏོར་ཐོགས་ལ། ད་ཚེ་གཏོར་འདི་ཉིད་པདྨ་འོད་འབར་གསལ་བ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས། འབྱུང་བ་ས་ཆུ་མེ་རླུང་གི་བཅུད་ཐམས་ཅད་འོད་ཟེར་སེར་དཀར་དམར་ལྗང་གི་རྣམ་པར་བསྡུས་ནས། ཁྱེད་རང་རྣམས་ལ་ཐིམ་པས་ཤ་ཁྲག་དྲོད་དབུགས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་ནས་ལུས་བཀྲག་མདངས་དང་ལྡན་པར་སྒོམས་ཤིག །དབྱངས་དང་བཅས། ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཅི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ གཏོར་མ་མགོར་བཞག་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཧཱུྃ་ནག་མེ་འབར། རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། བཀའ་བབས་དོན་གྱི་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་གུ་རུ་པདྨ་འབྱུང་གནས། ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་བ་མེད་པ་ཚེའི་དབང་བསྐུར་དུ་གསོལ། ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་མཛོད་ཅིག །ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་མཛོད་ཅིག །ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་མཛོད་ཅིག །འཆི་བ་མེད་པ་ཚེའི་དབང་དམ་པ་ཐོབ་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་སྔགས་ལན་གསུམ་བརྗོད། དེ་ནས་བུམ་པ་ལག་ཏུ་ཐོགས་ལ། ད་བུམ་པ་འདིའི་ནང་ན་གུ་རུ་པདྨ་འོད་འབར་བཞུགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ལམ་གསུམ་གྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཏེ་ཚེའི་བདུད་རྩིར་ཞུ་བ་དེ། ཁྱེད་རང་རྣམས་ཀྱི་ཚངས་བུག་དང་ཁ་ནས་ཞུགས། ལུས་འཆི་མེད་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག །ཧྲཱི༔ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་བུ་ལ་ཚེ་ཡི་དབང་ཐོབ་ཤོག༔ བུམ་པ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ བུམ་ཆུ་བླུད་དོ། །དེ་ནས་ཚེ་རིལ་ལག་ཏུ་ཐོགས་ལ་དབྱངས་དང་བཅས། ཧྲཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུ་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ རིལ་བུ་སྦྱིན་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ དེ་ནས་ཚེ་ཆང་ལག་ཏུ་ཐོགས་ལ་དབྱངས་དང་བཅས། ཧྲཱི༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བས་བྱིན་རླབས་བདུད་རྩི་འདུ་འབྲལ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རབ་འབར་ཚེ་ཡི་དབང་ཐོབ་ཤོག༔ བདུད་རྩི་སྦྱིན་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ དེ་ནས་མེ་ཏོག་ནས་གཏོར་ཞིང་། ལུས་ལ་རྡོ་རྗེའི་གོ་ཁྲབ་གྱོན་ནས་འོད་ཀྱིལ་ལེར་སྒོམས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། མདའ་ལ་དར་དཀར་པོའམ་དམར་པོ་ལ་རྡོ་རྗེ་རྒྱ་གྲམ་མདུད་པ་བྱས་པ་བཏགས་པ་ཡོད་ན་རབ། མེད་ན་སྔོན་གྱི་མདའ་དར་དེ་གཡབ་ཅིང་སྤྱི་བོར་བཞག་སྟེ་དབྱངས་རོལ་མོ་དང་བཅས། ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་བོ༔ ཞེས་མདའ་དར་སྤྱི་བོར་གཏུག་གོ །བརྒྱ་རྩ་ལ་དེ་ཡན་ཚར་རེ་སྟེ་དུས་རེ་རེ་ལ་བཅུ་གསུམ་ཙམ་མམ། བཅུ་རེ་ཙམ་བྱས་ལ་དེ་ནས་ཡང་དབང་སྒྲུབ་ཝིག་པར་བྱ། ལན་རེར་དུ་བསྐུར་གྱི་མཇུག་ཏུ། འོ་དེས་ཚེ་དབང་གཅིག་གམ་དུ་སོང་གྲངས་ཁ་འདི་ཙམ་སོང་། ཐོབ་པ་ཡིན་པས། དེའི་དམ་ཚིག་ཏུ་ཨོ་རྒྱན་རིན་པོ་ཆེ་ཡི་དམ་གྱི་ལྷར་བཟུང་ལ། སྔགས་བཛྲ་གུ་རུ་ལ་ཐུགས་དམ་བྱ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །ཞེས་སོགས་བརྗོད་ལ་གྲོལ་ལོ། །རང་གི་རིམ་གྲོ་ལ་ཡང་དེ་ལྟར་བརྒྱ་རྩ་བྱས་ན་ཚེ་དབང་བརྒྱ་རྩའི་གོ་ཆོད་ཅིང་། གཞན་ལ་བརྒྱ་རྩ་བསྐུར་བ་སོགས་ལ་རྗེས་རང་གིས་བདག་འཇུག་དབང་བླངས་པས་བྱིན་རླབས་མི་ཉམས་པའི་གནད་དོ། །ཞེས་པ་གོ་འཇོ་རྟོགས་ལྡན་ལྷུན་གྲུབ་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་ཁྱེར་བདེ་བར་བྱས་པ་ལ་ཉེས་འགལ་ལྷ་དང་གཏེར་སྲུང་ལ་བཤགས་ཤིང་། དགེ་བས་བློ་དམན་རྣམས་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྟ་ལྷའི་མངའ་གསོལ་ (Volume 51, Text 19)

རྟ་ལྷའི་མངའ་གསོལ་ནི། ན་མོ་ཧྱ་གྲཱི་ཝ་ཡ། རྟ་ལྷའི་མངའ་གསོལ་བྱེད་ན། བསང་གི་དུས་སམ་གསོལ་ཀའི་དུས། ཤ་ཁྲག་མ་འདྲེས་པའི་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་བཅས་ནས་ཕྱེ་མར་ཤུག་དུད་བཏང་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས་རྔ་རོལ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། སུམ་རྩེན་ལྕང་ལོ་ཅན་དང་དགུང་སྔོན་དབུས། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །རྡོ་རྗེ་ཁྲོ་བོ་ཨཱརྱ་རེ་མནྟ། །ནོར་ལྷ་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །རླུང་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ། །དངོས་འབྱོར་ཡིད་སྤྲུུལ་མངའ་གསོལ་མཆོད་པ་བཞེས། །ཞིམ་མངར་སྤོས་སྤྲིན་དཀར་གསུམ་མངར་གསུམ་དང་། །དར་ཟབ་འབྲུ་སྨན་མཆོད་པས་མངའ་གསོལ་ལོ། །འགྲོ་བ་རྐང་འཁྱམས་སྡུག་བསྔལ་སྐྱོབ་མཛད་པ། །འགྲོ་བའི་མགོན་གྱུར་མགོན་པོ་རྟ་མང་ཞེས། །འཕགས་མཆོག་སར་གནས་སེམས་དཔའ་རེ་མནྟ། །བདག་གི་རྟ་ཡི་མགོན་དུ་མངའ་གསོལ་ལོ། །ལྷ་རྣམས་ཡོངས་ཀྱི་སོ་པ་སྤྱན་རྣོན་པོ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀུན། །སྲུང་ཞིང་སྐྱོབ་པའི་སོ་པར་མངའ་གསོལ་ལོ། །རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད། །ནོར་ལྷ་ཆེན་པོ་འཕགས་པ་རེ་མནྟ། །རྣལ་འབྱོར་བདག་གི་ལམ་ལྷར་མངའ་གསོལ་ལོ། །ལྷ་དམག་བྱེ་བ་འབུམ་གྱི་ལམ་མཁན་ཏེ། །ཉི་མའི་སྲས་པོ་རླུང་རྟ་བདུན་གྱི་བདག །ལམ་ལྷ་ཆེན་པོ་གཞོན་ནུ་རེ་མནྟ། །རྣལ་འབྱོར་བདག་གི་ལམ་ལྷར་མངའ་གསོལ་ལོ། །རབ་ཁྲོས་གནོད་སྦྱིན་བྱ་གཅན་སྤྲུལ་པ་འགྱེད། །རྔོག་ཆགས་ལ་གནོད་དགྲ་བགེགས་བརླག་མཛད་པའི། །ཆོས་སྐྱོང་སྲུང་མ་ཁྲོ་བོ་རེ་མནྟ། །བདག་གི་རྟ་ཡི་སྲུང་མར་མངའ་གསོལ་ལོ། །སྲིད་གསུམ་དབང་སྒྱུར་གནོད་སྦྱིན་གང་བ་བཟང་། །རྟ་བདག་ཆེན་པོ་དཔལ་དང་འབྱོར་པའི་བདག །རྟ་རྣམས་སྲུང་ཞིང་སྐྱོབ་པར་དམ་བཅས་པ། །བདག་གི་རྟ་ཡི་སྲུང་མར་མངའ་གསོལ་ལོ། །བྱང་ཆུབ་སེམས་དཔའ་གསེར་འདྲ་སེང་གེ་ཞོན། །རྡོ་རྗེ་རྣམ་ཐོས་སྲས་པོ་ནོར་གྱི་བདག །རྟ་ནོར་རྔོག་ཆགས་ཐམས་ཅད་འཕེལ་མཛད་པ། །བདག་གི་རྟ་ལྷའི་མཆོག་ཏུ་མངའ་གསོལ་ལོ། །གཙུག་ལག་ཁང་དང་དཀྱིལ་འཁོར་སྲུང་མ་ཆེ། །རྣལ་འབྱོར་དགྲ་བླ་དུག་གསུམ་ནད་ཀྱི་སྨན། །དགྲ་བགེགས་འདུལ་མཛད་མ་ཧཱ་ཀཱ་ལ་ཆེ། །རྟ་འདྲེ་གནོད་བྱེད་འདུལ་བར་མངའ་གསོལ་ལོ། །རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེ་ར། །རང་འདྲ་སྤྲུལ་པའི་འཁོར་ཚོགས་འབུམ་དང་བཅས། །རྔོག་ཆགས་སྲུང་ཞིང་མེལ་ཚེ་མཛད་པའི་ལྷ། །བདག་གི་རྟ་ཡི་རྫི་བོར་མངའ་གསོལ་ལོ། །སྤྲུལ་པའི་གནོད་སྦྱིན་ཨཱརྱ་རེ་མནྟ། །ལྔ་བརྒྱ་དང་བཅས་ནོར་ལྷ་བྱེ་བ་འབུམ། །བདག་གི་རྟ་དྲེལ་རྔོག་ཆགས་འཕེལ་བའི་ཕྱིར། །རྟ་དང་ནོར་གྱི་ལྷ་རུ་མངའ་གསོལ་ལོ། །གསོལ་ལོ། །མཆོད་དོ། །རྟ་ལྷ་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །རྡོ་རྗེ་རེ་མནྟ་ལ་གསོལ་ལོ། །མཆོད་དོ། །དཔལ་རབ་འཆང་བའི་མགོན་པོ་ལ་གསོལ་ལོ། །མཆོད་དོ། །ཨཱརྱ་རེ་མནྟ་ལ་གསོལ་ལོ། །མཆོད་དོ། །ཉི་མའི་སྲས་པོ་ལ་གསོལ་ལོ། །མཆོད་དོ། ཁྲོ་བོ་ཆེན་པོ་རེ་མནྟ་ལ་གསོལ་ལོ། །མཆོད་དོ། །རང་འདྲའི་འཁོར་ཚོགས་ལྔ་བརྒྱ་ལ་གསོལ་ལོ། །མཆོད་དོ། །དཔལ་འབྱོར་གང་བ་བཟང་པོ་ལ་གསོལ་ལོ། །མཆོད་དོ། །རྡོ་རྗེ་རྣམ་ཐོས་སྲས་པོ་ལ་གསོལ་ལོ། །མཆོད་དོ། །རྟ་ལྷ་མགོན་པོ་ནག་པོ་ལ་གསོལ་ལོ། །མཆོད་དོ། །རྟ་བདག་ཀུ་བེ་ར་ལ་གསོལ་ལོ། །མཆོད་དོ། །ནོར་བདག་བྱེ་བ་འབུམ་དང་བཅས་པ་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་ལ། ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད་ཅིག །རྟ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། རྟ་འདྲེ་རྟིལ་སྲི་ཐམས་ཅད་རྡུལ་དུ་བརླག་པར་མཛོད་ཅིག །ཅེས་གཏོར་མ་བསང་ནང་དུ་ཕུལ་ལོ།། །།

ཡི་དམ་དགོངས་འདུས་ཆོས་སྡེ་འོད་དཔག་མེད་ཀྱི་ནང་འཆི་མེད་ཚེའི་སྒྲུབ་པ་དང་དབང་སྐུར་གྱི་ལག་ལེན་འཆི་མེད་བདུད་རྩིའི་ཟིལ་ཐིགས་ (Volume 21, Text 19)

༄༅། །ཡི་དམ་དགོངས་འདུས་ཆོས་སྡེ་འོད་དཔག་མེད་ཀྱི་ནང་འཆི་མེད་ཚེའི་སྒྲུབ་པ་དང་དབང་སྐུར་གྱི་ལག་ལེན་འཆི་མེད་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ།། བདག་འཛིན་དུག་བཅོམ་འཆི་མེད་ཀྱི། །ཡེ་ཤེས་བདེ་རྒྱུན་མི་འཛད་པས། །སྲིད་འགྲོ་རྟག་པ་དམ་པར་འཚོ། །མགོན་པོ་ཚེ་མཐའ་ཡས་པས་སྐྱོངས། །མཐོ་རིས་གནས་སུ་དོན་གཉེར་གྱི། །འབྱོར་པའི་མཆོག་གྱུར་རིང་འཚོའི་དཔལ། །འདི་ལས་བདེ་བླག་འགྲུབ་པ་དང་། །མཆོག་ཐོབ་ཕྱིར་ན་དང་བླང་བྱོས། །འདི་ལ་གཉིས། རང་དོན་ཚེའི་བསྙེན་སྒྲུབ་དང་། གཞན་དོན་ཚེ་སྒྲུབ་དང་དབང་བསྐུར་བའོ། །དང་པོ་ལ་གསུམ། སྔོན་འགྲོ་བཅའ་གཞི། དངོས་གཞི་བསྙེན་སྒྲུབ། རྗེས་ཚེ་འགུགས་དབང་ལེན་ནོ། །དང་པོ་ནི། ར་བ་བཞིའི་ཡར་ཚེས་སོགས་གཟའ་སྐར་བཟང་པོར་དབེན་པའི་གནས་སུ་གྲུ་བཞི་གཙང་ཞིང་མ་ཉམས་པའི་སྟེགས་བུར་དཀྱིལ་འཁོར་རས་བྲིས་ཙམ་འཛོམ་ན་ལེགས་པས། ནང་སྒྲུབ་གཞུང་གསལ་ཞི་དཀྱིལ་སྒོ་རྫོགས་པདྨ་རྡོ་རྗེ་མེ་རིས་བསྐོར་བ་སྤྱི་མཐུན་ལྟེ་བར་གྲུ་བཞི་སེར་པོ་ཟུར་བཞི་ནོར་བུས་སྤྲས་པའི་ཕྱི་ལ་འོད་ལྔའི་ཟླུམ་སྐོར་རིམ་ལྔ། དེ་རྒྱབ་པདྨ་འདབ་བརྒྱད་དམར་པོ་མུ་ཁྱུད་ཟླུམ་པོ་ལ་འབྱུང་བཞིའི་རི་མོ། དེ་རྒྱབ་པད་འདབ་རིམ་གཉིས། དེ་རྒྱབ་ལྷ་སྣམ་གྲུ་བཞི་རིམ་པ་གཉིས་ཀྱི་ནང་མའི་ཟུར་བཞིར་བུམ་པ་ཐོད་པ་བདུད་རྩིས་བཀང་བས་མཚན་པ་དང་། ཕྱི་མ་ལ་རྡོ་རྗེའི་ཕྲེང་བ། དབུས་དང་པད་འདབ་བརྒྱད་ལ་ཧྲཱིཿའམ་རྡོ་རྗེ་དམར་པོ་དགུ །པད་འདབ་ཕྱི་ནང་དང་སྒོ་བཞིར་ལས་བྱང་ལྟར་སེམས་དཔའ་སེམས་མ་སྒོ་མ་བཞི་རྣམས་ཀྱི་ས་བོན་ནམ་རང་མདོག་ཐིག་ལེའི་ལྷ་མཚན་བཀོད་པ་བཀྲམ། མ་འཛོམ་ན་མཎྜལ་ལ་ལྷ་གྲངས་ཚོམ་བུ་དེ་མཚུངས་བཀོད་པའི་དབུས་སུ་ཁྲིའུ་ལ་བུམ་པ་མགུལ་ཆིངས་དམར་པོ། ནང་བཅུད་ལྔ་ཚན་ལྔ་དང་ཤིང་ཚ་དབང་ལག་སླེ་ཏྲེས་རུ་རྟ་ཆུ་དག་ཅོང་ཞི་བྲག་ཞུན་སོགས་སྨན་སྣ་བཅུད་ལྡན་ཚོགས་ཚད་བླུགས་པར་བཤད། དེ་སྟེང་བནྡྷ་མཚན་ལྡན་ནང་ཚེ་འབྲང་བང་རིམ་བཞི་བརྩེགས་རྣམས་སུ་ཚེ་རིལ་གྱིས་བསྐོར་བའི་སྟེང་གཏོར་མ་ནོར་གཟུགས་པད་འདབ་བཞིས་བརྒྱན་པའི་རྩེར་རྡོ་རྗེ་ཕྱེད་པ་དང་ཉི་ཟླ་ནོར་བུས་བརྒྱན་པ་ལ་ཁ་ཟས་བཟང་དགུས་བརྒྱན་པ་བཀོད། དེ་མདུན་ཐོད་སྒྱེད་ལྟ་བུའི་སྟེགས་ལ་མོ་ཐོད་ནང་རཀྟ་བླུགས་པ། དེ་སྟེང་ཕོ་ཐོད་ནང་བདུད་རྩི་བླུགས་པ། དེ་སྟེང་མེ་ལོང་ཤེལ་རྡོ་རྨ་བྱའི་མདོངས་བཅས་བཞག །རྒྱབ་ཏུ་ཚེ་མདའ། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་རྣམས་གོང་མས་བསྒྲུབས་པའི་ཕབས་རྒྱུན་དང་སྦྱར་བ། ཕྱོགས་བཞིར་འབྲང་རྒྱས་ཟླུམ་པོར་མདའ་དར་ཕྱོགས་མདོག་བཙུགས་པ། གཞན་ཡང་རལ་གྲི་ཕུར་པ་མེ་ལོང་བཞི་སོགས་གཞུང་གསལ་རྒྱན་རྫས་དང་དར་རས་ཀྱི་བླ་བྲེ་ཡོལ་བ་སོགས་ཀྱང་འཛོམ་ན་བཀོད་ལེགས་སུ་བྱ། དཀྱིལ་འཁོར་མདུན་ཏུ་སྨན་རཀ་གཏོར་གསུམ། བཀའ་སྲུང་གཏོར་མ། ཆུ་གཉིས་ཉེར་སྤྱོད་བཤམ། ལས་བྱང་སྐབས་སུ་དགོས་པའི་མཆོད་ཚོགས་ཀྱི་ཡོ་བྱད་རྣམས་དང་། ཚེ་འགུགས་བསྐྱར་མའི་སྐབས་འབུལ་རྒྱུ་འབྱུང་ལྔའི་གཏོར་མ་ནི། ནམ་མཁའི་གཏོར་མ་གྲུ་བཞི་བཞི་བརྩེགས་སྟེང་ཟན་རིལ་སུམ་ཚོམ་སྟེང་ཅོག་ཟླུམ་ལྟ་བུ་བཞག་པ། ས་ཆུ་མེ་རླུང་བཞི་ལ་བང་རིམ་གྲུ་བཞི། ཟླུམ་པོ། ཟུར་གསུམ། ཟླ་གམ་རྣམས་བཞི་བརྩེགས་སྟེང་སོ་སོའི་དབྱིབས་མཐུན་གྱི་གཏོར་ཆུང་རེ་བཞག །དེའང་འབྱོར་ན་ཚེ་འགུགས་ཚར་དུ་འདོན་ལ་རེ་རེ་འབུལ་དགོས་ཀྱང་དཀྱུས་སུ་ཐོག་མའི་ཚར་གཅིག་ལ་དཀྱིལ་འཁོར་ཕྱོགས་བཞིར་འབུལ་བ་ཙམ་གྱིས་འགྲིགས་པར་བྱེད་དོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་ནི། བརྒྱུད་འདེབས། ཕྱི་གཏོར། ལས་བྱང་གི་བཀའ་བསྒོ་ནས་མཆོད་བརླབ་བར་བཏང་ལ། རྟ་མགྲིན་ཡི་གེ་དྲུག་པའི་ཕྲིན་ལས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་ལས་བྱང་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་བར་བཏང་ལ་མདུན་བསྐྱེད་འོད་དཔག་མེད་པའི་དཀྱིལ་འཁོར་བསྒྲུབ། དེ་ནས་ཁྱད་གཞི་དེ་ཉིད་ལ་ཁྱད་ཆོས་དབུས་ཀྱི་གཙོ་བོ་ཚེ་དཔག་མེད་དུ་ཞལ་བསྒྱུར་བ་ནི། བདག་ཉིད་དབང་ཆེན་རྟ་མགྲིན་བསྒོམ༔ རང་དང་དཀྱིལ་འཁོར་ལྷ་ཡི་བར༔ ཡི་གེ་ཨཱཿདཀར་དགུ་རུ་གསལ༔ ཨཱ༔ ལན་དགུ་བརྗོད། བཟླས་པའི་རྐྱེན་གྱིས་ཨཱཿརྣམས་ལས༔ འོད་ཟེར་འོད་དཔག་མེད་ལ་ཕོག༔ འོད་དཔག་མེད་ལས་འོད་འཕྲོས་པས༔ ཕྱི་སྣོད་འཇིག་རྟེན་ཁམས་སུ་ཕོག༔ ཕྱི་སྣོད་བཅུད་རྣམས་ཚུར་ལ་བསྡུས༔ དེ་བཞིན་ནང་བཅུད་སེམས་ཅན་དང༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་དང༔ བྲམ་ཟེ་དྲང་སྲོང་མཁའ་འགྲོར་བཅས༔ ཐམས་ཅད་འདུས་ནས་ཨཱཿལ་ཐིམ༔ ཨཱཿདགུ་འོད་དུ་ཞུ་བ་ལས༔ དཀྱིལ་འཁོར་ཆེན་པོའི་དབུས་དང་ཕྱོགས༔ མཚམས་ཀྱི་པདྨར་རྡོ་རྗེར་གྱུར༔ ཐམས་ཅད་ཚེ་དཔག་མེད་ཀྱི་སྐུ༔ དམར་གསལ་པདྨ་རཱ་ག་འམ༔ བྱེ་རུ་དམར་པོའི་མདོག་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན༔ སྙན་རྒྱན་མགུལ་རྒྱན་ཕྱག་ཞབས་རྒྱན༔ སེ་མོ་དོ་དང་དོ་ཤལ་དང༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་པྲོག༔ དར་གྱི་སྟོད་གཡོགས་སྨད་དཀྲིས་བཅས༔ མཉམ་གཞག་ཚེ་ཡི་བུམ་པའི་ཁར༔ རིན་པོ་ཆེ་ནི་འོད་འབར་བརྒྱན༔ པདྨ་ཟླ་བ་རྒྱས་པའི་སྟེང༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བསྒོམ༔ གཙོ་བོ་དགུ་ཡི་པང་གཡོན་དུ༔ གོས་དཀར་ཚེ་བུམ་མདའ་འཛིན་འཁྱུད༔ དེ་རྒྱབ་ཕྱི་རིམ་སེམས་དཔའ་བརྒྱད༔ སེམས་མ་བརྒྱད་སོགས་སྒོ་མ་བཞི༔ ཁྱམས་ལ་ཚེ་ཡི་མཁའ་འགྲོ་སོགས༔ མ་ངེས་སྤྲིན་ལྟར་འཁྲིགས་པར་བསམ༔ གཙོ་བོ་ཚེ་དཔག་མེད་དགུ་པོའི༔ ཐུགས་ཀར་པདྨ་ཟླ་བ་དང༔ རིན་ཆེན་སྟེང་དུ་ཚེ་དཔག་མེད༔ མགྲིན་པ་ཡན་ཆད་དམར་པོ་ལ༔ སྐུ་སྟོད་སེར་པོ་འོད་ཟེར་འབར༔ ལྟེ་བ་མན་ཆད་ལྗང་གུར་གསལ༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ རྒྱན་མེད་གཟི་བརྗིད་འོད་འབར་བསམ༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿ དམར་པོ་ཚེག་དྲག་ལྡན་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་དམར་པོ་ཨཱཿཡི་དབྱིབས༔ དངུལ་ཆུ་ལྟ་བུར་ཁོལ་བ་ལས༔ རང་རང་སོ་སོའི་སྐུ་ཡང་གང༔ འོད་ཟེར་བར་མེད་འབྲེལ་བ་ལས༔ ཕྱོགས་བཅུའི་འཇིག་རྟེན་སྣོད་བཅུད་གང༔ ཕྱི་ནང་གསང་བའི་བཅུད་བསྡུས་ནས༔ དཀྱིལ་འཁོར་ལྷ་ཡི་བུམ་པར་འདུས༔ བདག་ཉིད་རྟ་མགྲིན་ཐུགས་ཀ་ནས༔ འོད་ཟེར་གཟུངས་ཐག་བརྒྱུད་ནས་འཕྲོས༔ བཅོམ་ལྡན་ཕྱག་གི་བུམ་ནང་ནས༔ བདུད་རྩི་ཨཱཿཡིག་བར་མ་ཆད༔ འོད་ཟེར་ལུ་གུ་རྒྱུད་དུ་འཁྲིལ༔ བདག་གི་ལུས་ངག་ཡིད་ལ་བསྟིམས༔ དཔེར་ན་རང་གི་འོད་ཟེར་ནི༔ བུང་བས་མེ་ཏོག་བཅུད་བླངས་ལྟར༔ དཀྱིལ་འཁོར་ལྷ་ཡི་སྔགས་བཅུད་རྣམས༔ བདག་ལ་བར་མཚམས་མེད་པར་འདུས༔ དེ་ཡང་ཁབ་ལེན་ལྕགས་འདུས་སམ༔ དངུལ་ཆུས་རིན་ཆེན་བསྡུས་པ་ལྟར༔ བདག་གི་ལུས་ངག་ཡིད་གསུམ་ལ༔ ལྟེམས་ལྟེམས་མེར་མེར་གང་བར་གྱུར༔ ཅེས་པའི་འཕྲོ་འདུ་རྩེ་གཅིག་ཏུ་བསྒོམས་ལ་གཟུངས་ཐག་བླངས་ཏེ། ཨོཾ་ཨཱཿཧཱུྃ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་དྷྲྀཀ྄་ཛཿཧཱུྃ་སྭཱ་ཧཱ༔ ཞེས་བཟླ། སྐབས་སུ་སྔགས་འབྲུ་དང་འོད་ཟེར་དམར་པོ་ལ་སེམས་གཏད། སྐབས་རེར་ལྷ་སྣང་དང་ཨ་ཡིག་དབྱེར་མེད་སྐྱེ་མེད་ཆོས་སྐུར་རོ་མཉམ་གྱི་དགོངས་པ་མཉམ་གཞག་ངང་དུ་བཟླ། གྲངས་བསྙེན་འབུམ་ཕྲག་བདུན་ཡིན་ལ། རྟགས་རབ་འབྲིང་གཞན་དང་མཚུངས། ཐ་མ་རྨི་ལམ་ནི། དེ་ཚེ་ཉི་ཟླ་ཤར་བ་དང༔ ཆུ་བོ་བརྒལ་དང་རོལ་མོ་བྱས༔ ཕྲེང་བ་ཕྱག་མཚན་མདའ་རྙེད་ཅིང༔ ཆང་དང་མངར་ཅན་ཟས་ལ་རོལ༔ གོ་ཆ་གོས་གསར་གཅེར་བུ་དང༔ དར་ཕྱར་ལྷ་མཇལ་ལུང་བསྟན་འབྱུང༔ ཞེས་གསུངས་པ་ལྟར་རོ། །གསུམ་པ་རྗེས་ནི། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ཆད་ལྷག་ཁ་བསྐང་ཞིང་བརྟན་པར་བྱ། ཚེ་འགུགས་པ་ནི་མདའ་དར་གཡབ་ཅིང་དབྱངས་དང་དྲིལ་གསིལ་བཅས། ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་ཡིད་རྒྱུ་ཆེན་མོ་སྟེ༔ ཚེ་དབང་དཀྱིལ་འཁོར་སྟོན་མཛད་མ༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་ཚེ་དབང་སྩོལ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ༔ ཚེ་ལ་དབང་བའི་རིག་འཛིན་གྱི༔ ཚེ་ཁུག་གནས་འདིར་གཤེགས་སུ་གསོལ༔ རྣལ་འབྱོར་བདག་ལ་ཚེ་དབང་སྩོལ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ༔ ཚེ་དབང་བཀྲག་ལ་དབང་བསྒྱུར་མ༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་ཚེ་དབང་སྩོལ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་ཡིད་སྐྱོད་ཆེན་མོ་སྟེ༔ ཚེ་དབང་རྫས་ལ་དབང་སྒྱུར་མ༔ བྱང་གི་ཕྱོགས་ནས་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་ཚེ་དབང་སྩོལ༔ དབུས་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་སྣ་ཚོགས་འབྱུང་བ་སྟེ༔ ཕྱོགས་སྐྱོང་བཅུ་ཡི་ལག་པ་ནས༔ ཚེ་ཁུག་རྣལ་འབྱོར་བདག་ལ་སྩོལ༔ ཅེས་རྒྱུན་དུ་འདི་ཙམ་གྱིས་ཆོག་ལ། རང་དོན་བསྙེན་སྒྲུབ་ཐུན་བཞིའི་རྗེས་མའམ་གྲོལ་ཉེར་དང་གཞན་དོན་འཆི་བསླུ་སོགས་དོ་གལ་ཆེ་ན་འབྱུང་ལྔའི་གཏོར་མ་རྣམས་དཀྱིལ་འཁོར་ཕྱོགས་བཞི་དབུས་ལྔར་ཚིག་བསྟུན་འབུལ་ལ། ཧྲཱི༔ ཤར་ཕྱོགས་ཚེ་ཡི་མངའ་བདག་མོ༔ སྐུ་མདོག་སེར་མོ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་ས་ལ་འཆིབ༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ དཀྱིལ་འཁོར་ཤར་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཧྲཱི༔ ལྷོ་ཕྱོགས་ཚེ་ཡི་མངའ་བདག་མོ༔ སྐུ་མདོག་དམར་སེར་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་ཆུ་ལ་འཆིབ༔ ཕྱག་ན་རིན་ཆེན་ཚེ་བུམ་བསྣམས༔ དཀྱིལ་འཁོར་ལྷོ་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད༔ རིན་ཆེན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཧྲཱི༔ ནུབ་ཕྱོགས་ཚེ་ཡི་མངའ་བདག་མོ༔ སྐུ་མདོག་དམར་མོ་དབང་གི་སྐུ༔ ཆིབས་སུ་འབྱུང་བ་མེ་ལ་འཆིབ༔ ཕྱག་ན་པདྨ་ཚེ་བུམ་བསྣམས༔ དཀྱིལ་འཁོར་ནུབ་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད༔ པདྨ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་ཡི་མངའ་བདག་མོ༔ སྐུ་མདོག་ལྗང་གུ་འོད་ཟེར་འབར༔ ཆིབས་སུ་འབྱུང་བ་རླུང་ལ་འཆིབ༔ ཕྱག་ན་རྒྱ་གྲམ་ཚེ་བུམ་བསྣམས༔ དཀྱིལ་འཁོར་བྱང་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད༔ ལས་གྲུབ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཧྲཱི༔ དབུས་ཕྱོགས་བཅོམ་ལྡན་ཚེ་ཡི་མངའ་བདག་མོ༔ སྐུ་མདོག་མཐིང་ནག་འགྱུར་བ་མེད༔ ཆིབས་སུ་ནམ་མཁའི་འཇའ་ཚོན་འཆིབ༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ དཀྱིལ་འཁོར་དབུས་ཕྱོགས་ཚེ་ཡི་སྒོ་ཕྱེས་ལ༔ ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད༔ བདུད་རྩི་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཚེ་མཆོག་དངོས་གྲུབ་མ་ལུས་དབབ་ཏུ་གསོལ༔ ཨཱཿབྷྲཱུྃ༔ ཚེ་བྷྲཱུྃ༔ ཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་ཡུ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཞེས་བསྐུལ་ཅིང་བུམ་ཆུ་ཕྱོགས་བཞིར་འཐོར། ཚེ་འགུགས་གྲུབ་ནས་སྔགས་ཙམ་གྱིས་མཆོད། ལས་བྱང་ལྟར། ཧྲཱི༔ སྣང་བ་ཡབ་ལ་སོགས་ཀྱིས་བསྟོད། ཧོ༔ བདག་ཅག་མ་རིག་སོགས་དང་ཡིག་བརྒྱ་བརྗོད་ལ་བཟོད་པར་གསོལ། རྟ་མགྲིན་ཡི་གེ་དྲུག་མ་ལྟར་བསྔོ་སྨོན། བདག་བསྐྱེད་བསྡུ་ལྡང་ཤིས་བརྗོད་ཀྱི་བར་བྱ། ཐུན་རྗེས་མར་ཚེ་འགུགས་གྲུབ་པ་དང་བཀའ་སྲུང་གཏོར་འབུལ། ཚོགས་མཆོད་ནུབ་རེ་བཞིན་ནམ་ཐོག་མཐའ་ཚེས་གཉན་སོགས་ལ་བྱ་ཞིང་། ལྷག་མའི་རྗེས་མཆོད་བསྟོད་ཕྱིན་གོང་ལྟར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བསྙེན་པ་གྲུབ་ནས་ཐོ་རངས་སམ་སྔ་དྲོའི་ཆ་ལ་ཚོགས་མཆོད་ཡན་ཕྲིན་ལས་རྒྱས་པར་གཏང་། ཆད་བརྟན་རྟ་བྲོ་བཅས་གྲུབ་ནས་འཆད་འགྱུར་སློབ་མ་ལ་དབང་བསྐུར་བའི་ཆོ་གས་བདག་འཇུག་རྒྱས་པར་བླང་། ཚེ་རྫས་རྣམས་ལོངས་སྤྱད་ཅིང་དམ་མེད་ལ་འཁྱར་དུ་མི་གཞུག །མཆོད་ཁ་གསོས། བྱིན་རླབས་བཅས་གཏང་རག་མཆོད་བསྟོད་རྒྱས་པ་བྱ། ནོངས་བཤགས་སོགས་ལས་བྱང་ལྟར་ལ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་དང་། ཚོམ་བུ་ཙམ་ལས་རྟེན་མེད་ན་བསྡུ་རིམ་གཞུང་གསལ། བདག་བསྐྱེད་བསྔོ་སྨོན་ཕྱིན་ཆད་ཀྱང་རྒྱུན་བཞིན་བྱ། མཚམས་ཀྱི་སྤང་བླང་སྤྱོད་ཚུལ་རྣམས་སྤྱི་ལྟར་ཤེས་དགོས་སོ། །གཉིས་པ་གཞན་དོན་ལ་གཉིས། ཚེ་སྒྲུབ་བྱ་བ་དང་། དབང་བསྐུར་བའོ། །དང་པོ་ནི། བཅས་གཞི་བསྙེན་སྒྲུབ་འདོན་ཚུལ་གོང་དང་འདྲ་བ་ལས། ཕྲིན་ལས་ཚོགས་མཆོད་རྒྱས་པར་གཏང་ཞིང་། དམིགས་པའི་སྤྲོ་བསྡུ་བསྒྲུབ་བྱ་ལ་གཙོར་བྱ་བ་སོགས་ཁྱད་པར་གྱི་གནད་ཕྲན་བུ་བསྒྱུར། གཉིས་པ་ནི། བཅའ་བཤམ་སྔར་སྨོས་པ་ལྟར་ལ། སྒྲུབ་པ་དང་མ་འབྲེལ་བའི་མགྱོགས་དབང་བྱེད་ན་ཕྱོགས་བཞིའི་འབྲང་རྒྱས་མདའ་དར་ཅན། རལ་གྲི་སོགས་ཡོ་བྱད། འབྱུང་བཞིའི་འབུལ་གཏོར་རྣམས་མི་དགོས། ལས་བུམ་གང་བདེར་འཇོག །བརྒྱུད་འདེབས་ནས་ཚེ་འགུགས་ཀྱི་བར་གཏང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་ཆད་བརྟན་རྟ་བྲོ་ཡན་གྲུབ་ནས་སྤྲོ་ན་བདག་འཇུག་བླང་། བསྡུ་ན་ལས་བྱང་དངོས་གྲུབ་ལེན་ཆོག་ཙམ་གྱིས་འཐུས། གང་ལྟར་དབང་བསྐུར་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། དྲག་སྔགས་ཀྱིས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་ཕྱིས་བྱོན་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། དགོངས་འདུས་གཉིས་པའི་ཤིང་རྟའི་སྲོལ་འབྱེད། འགྲན་ཟླ་དང་བྲལ་བའི་རིག་འཛིན་ཨོ་རྒྱན་བསམ་གཏན་གླིང་པའམ་སྟག་ཤམ་ནུས་ལྡན་རྡོ་རྗེས། སྦས་པའི་གནས་མཆོག་པདྨ་བཀོད་པའི་བྱང་སྒོ་དུར་ཁྲོད་དགའ་བའི་ཚལ་ནས་སྤྱན་དྲངས་པའི་དབང་ཆེན་རྟ་མཆོག་རོལ་པ་ཡི་དམ་དགོངས་པ་འདུས་པའི་ཆོས་སྡེ་ཆེན་པོ་ལས། ལུང་ཨ་ནུ་ཡོ་ག་དང་འབྲེལ་བའི་གདམས་སྐོར་བཞིའི་ནང་ཚན། རིགས་བདག་ཡེ་ཤེས་སེམས་དཔའ་འོད་དཔག་ཏུ་མེད་པའི་ཆོས་སྐོར་ལའང་ཕྱི་ནང་གསང་བ་ཡང་གསང་ལ་སོགས་པའི་སྒྲུབ་ཐབས་དང་སྨིན་གྲོལ་རིམ་པ་འགའ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ། ནང་ལྟར་ཚེ་དཔག་ཏུ་མེད་པར་སྒྲུབ་པའི་ཚུལ་དང་འབྲེལ་བ་འཆི་མེད་ཚེའི་དབང་བསྐུར་ཡང་ཟབ་གསང་བའི་སྙིང་པོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །གསང་བ་སྔགས་ཀྱི་སྣོད་རུང་དུ་བགྱི་བ་ཐུན་མོང་ཐེག་པ་དང་མཐུན་པའི་རྒྱུད་སྦྱོང་བ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་དང་མཁའ་ཁྱབ་མར་གྱུར་འགྲོ་བ་མཐའ་དག་སྒོ་གསུམ་གུས་པ་ཆེན་པོས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ལན་གསུམ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཤེས་རབ་སྙིང་རྗེ་དང་བཅས་པའི༔ བརྩོན་པས་སེམས་ཅན་དོན་ཏུ་བདག༔ སངས་རྒྱས་མདུན་དུ་གནས་བཅས་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས༔ འགྲོ་ལ་འཆི་མེད་སྩོལ་བའི་ཐུགས་རྗེ་ཅན༔ གུ་རུ་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ། དེ་ལྟར་གསོལ་བ་གདབ་པ་སོང་ནས། དབང་བསྐུར་དངོས་ལ་གཏོར་མ་སྐུའི་དབང་། བུམ་པ་གསུང་གི་དབང་། ཡོངས་རྫོགས་ཐུགས་ཀྱི་དབང་། མཐའ་རྟེན་དངོས་གྲུབ་ཀྱི་རྫས་སྦྱིན་པ་སྟེ་རྣམ་པ་བཞིར་ཡོད་པ་ལས་དང་པོའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛད་འཚལ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་སེམས་ཉིད་ཨཱཿདམར་པོ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞི་ཞིང་འཛུམ་པའི་ཉམས་ཅན། ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་དང་ལྡན་པ། ཕྱག་མཉམ་གཞག་འཆི་མེད་ཚེའི་བུམ་པ་རིན་པོ་ཆེས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་ཚེ་བུམ་མདའ་དར་འཛིན་པས་འཁྱུད་པའི་སྐུར་ལམ་གྱིས་གྱུར་པ་ལ། གཏོར་སྣོད་ཡེ་ཤེས་རིན་པོ་ཆེ་གཞལ་མེད་ཁང་གི་དབུས་སུ་གཏོར་མ་ཚེ་དཔག་ཏུ་མེད་པ་རིགས་དགུ་ལ། རིགས་བཞི་ཡབ་ཡུམ། སེམས་དཔའ་ལྕམ་དྲལ་སོགས་འཁོར་ཚོགས་སྤྲུལ་པ་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན། དེ་དག་ལས་སྐུ་གཟུགས་ཐིག་ལེ་འཇའ་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་ཡེ་ཤེས་པའི་ཚུལ་དུ་སྤྲོས་ཏེ་ཐིམ་པས་ལོངས་སྐུ་ངེས་པ་ལྔ་ལྡན་བདེ་སྟོང་འགྱུར་བ་མེད་པའི་རང་བཞིན་ཏུ་གྱུར་པར་མོས་ཤིག ཚེ་གཏོར་ཐོགས་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ གཙོ་བོ་ཚེ་དཔག་ཡེ་ཤེས་དགུ༔ བཅོམ་ལྡན་རིགས་བཞིའི་སངས་རྒྱས་དང༔ རིགས་བཞིའི་ལྷ་མོ་འཁོར་དང་བཅས༔ སེམས་དཔའ་དང་ནི་སེམས་མ་དང༔ བདེ་གཤེགས་ཡབ་ཡུམ་འཁོར་བཅས་རྣམས༔ དབང་བསྐུར་གནས་འདིར་གཤེགས་སུ་གསོལ༔ དབང་བསྐུར་གནས་འདིར་གཤེགས་ནས་ཀྱང༔ སེམས་ཅན་འདི་ལ་དབང་སྐུར་ཅིག༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེའི་སྐུ༔ ཚེ་དབང་འདི་ལ་བསྐུར་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཧཱུྃ༔ བཛྲ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ རཏྣ་ཨཱ་ཡུརྫྙཱ་ན་ཏྲཱཾ༔ པདྨ་ཨཱ་ཡུརྫྙཱ་ན་ཧྲཱི༔ ཀརྨ་ཨཱ་ཡུརྫྙཱ་ན་ཨཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་མགོ་བོའི་གནས་ལྔ་དང་དཔྲལ་བར་བཞག །གཉིས་པ་གསུང་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་མེད་པའི་ཕྱག་གི་བུམ་པས་དབང་བསྐུར་བས་བུམ་ནང་ནས་བདུད་རྩི་ཨཱཿཡིག་དམར་པོ་འོད་ཟེར་ལུ་གུ་རྒྱུད་འཁྲིལ་ཏེ་བར་མ་ཆད་པར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་དཀྱིལ་འཁོར་ལྷའི་སྔགས་བཅུད་ཀྱིས་སྒོ་གསུམ་གཏམས། བུམ་ཆུ་འཆི་མེད་བདུད་རྩིའི་རྒྱུན་མགྲིན་པ་ནས་འཕེལ་ཏེ་འཁོར་ལོ་ལྔར་གང་བས་གསུང་དབྱངས་གཞོམ་མེད་ནཱ་དའི་རང་བཞིན་ཏུ་གྱུར་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧྲཱི༔ དཀྱིལ་འཁོར་འཁོར་ལོའི་ལྟེ་བ་ནས༔ བཅོམ་ལྡན་ཚེ་དཔག་མེད་པ་ནི༔ སྐུ་ལ་རིན་ཆེན་ཚེ་ཡི་བེར་ཆེན་གསོལ༔ ཕྱག་ནས་རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ ཞལ་ནས་རིན་ཆེན་སྔགས་ཀྱི་འོད་ཟེར་འཕྲོ༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ སེམས་ཅན་འདི་ལ་དབང་བསྐུར་རོ༔ དབང་གི་དཀྱིལ་འཁོར་བརྟན་པར་མཛད་དུ་གསོལ༔ གོང་གསལ་རིགས་ལྔའི་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་ལ་བུམ་པ་མགོ་བོའམ་གནས་ལྔ་དང་མགྲིན་པར་བཞག་ལ་བུམ་ཆུ་སྦྱིན། གསུམ་པ་ཡོངས་རྫོགས་ཐུགས་ཀྱི་དབང་བསྐུར་བ་ལ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་མགོན་པོ་འོད་དཔག་མེད༔ སེམས་ཅན་མ་སྨིན་སྨིན་བྱེད་པའི༔ དབང་གི་ཐབས་ཆེན་བསྩལ་དུ་གསོལ༔ ལན་གསུམ། མེ་ལོང་ལ་འོད་དཔག་མེད་ཀྱི་སྐུ་གཟུགས་འཆར་བ་བསྟན་ལ། མེ་ལོང་དྭངས་གསལ་གྱི་ངོས་སུ་སངས་རྒྱས་ཀྱི་སྐུ་གཟུགས་འཆར་ཡང་སྣང་སྟོང་ཟུང་འཇུག་ཏུ་གནས་པ་ལྟར། སེམས་ཀྱི་སྣང་ཆ་བསྐྱེད་རིམ་སྟོང་ཆ་རྫོགས་རིམ་འོད་གསལ་གྱི་ལྷ་སྐུར་གདོད་ནས་ལྷུན་གྱིས་གྲུབ་པར་ངོ་ཤེས་པར་གྱིས་ཤིག །ཧྲཱི༔ འོད་ལྡན་ཡེ་ཤེས་འོད་སྐུ་སྟེ༔ གང་ལ་བསམ་པའི་འོད་ལྡན་པ༔ ཆོས་སྐུ་ལྷུན་རྫོགས་བདེ་བ་ཆེ༔ སྟོང་ཉིད་རང་གསལ་དབང་བསྐུར་རོ༔ མ་ཧཱ་ཨ་ནུ་བྲི་ཏྲ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེས་སྐུ་བུམ་པའི་དབང་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །བདུད་རྩིའི་སྣོད་མགྲིན་པར་བཞག་ཅིང་ངག་ཏུ་སྦྱིན་ལ། ཤེས་རབ་པདྨ་བྷཉྫར་ཐབས་རྡོ་རྗེའི་བདུད་རྩིས་གཏམས་པའི་བརྡས་མཚོན་ཏེ་འཁོར་འདས་ཐམས་ཅད་རང་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩི་ཐབས་ཤེས་ཟུང་འཇུག་ཆེན་པོར་ཀ་ནས་དག་པ་ངོ་ཤེས་པར་གྱིས་ཤིག །ཧོ༔ ཆོས་ཉིད་གསལ་འཚེར་གཡོ་བ་མེད༔ རྡོ་རྗེ་སྐྱོན་བྲལ་བྱང་ཆུབ་སེམས༔ བདུད་རྩི་དག་པ་བྱང་ཆུབ་ཆུ༔ འཁོར་འདས་མི་རྟོག་དབང་བསྐུར་རོ༔ ཨོཾ་བོ་དྷི་ཙིཏྟ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨ་ཨཱ༔ དེས་གསུང་གསང་བའི་དབང་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །རཀྟ་སྙིང་གར་བཞག་ཅིང་སྦྱིན་ལ། ཨེ་ཡིག་སྟོང་ཉིད་ཀྱི་བདེ་སྐྱོང་དུ་ཝཾ་ཡིག་བདེ་བའི་དམར་ཆེན་གྱིས་བཀང་བའི་བརྡས་མཚོན་ཏེ་སྲིད་རྩའི་ཆགས་པ་མ་སྤངས་རང་གྲོལ་བདེ་སྟོང་འགྱུར་མེད་ཀྱི་རང་བཞིན་ཏུ་ཡེ་ནས་གནས་པར་ངོ་ཤེས་པར་གྱིས་ཤིག །ཧོ༔ འཁོར་བའི་སྐྱོན་སྤངས་ཡེ་ཤེས་དམར༔ འདོད་ཆགས་མ་ཡལ་ཆོས་ཉིད་སྟོང༔ ཆགས་མེད་ཡེ་ཤེས་པདྨར་གསལ༔ ཨེ་ལྡན་པདྨ་སྟོང་ཉིད་དེ༔ བདག་མེད་སྙིང་པོར་དབང་བསྐུར་རོ༔ ས་མན་ཙརྱ་སུ་རཱ་ག་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ཚེ་གཏོར་མགོར་བཞག །བང་རིམ་གྱི་ཚེ་རིལ་སྦྱིན་ལ། འཁོར་འདས་བརྟན་གཡོའི་དྭངས་མ་གཅིག་ཏུ་བསྡུས་པ་དམ་རྫས་གཏོར་མས་དབང་བསྐུར་བས་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་མངོན་ཏུ་གསལ་ཏེ་རྒྱལ་བ་ཚེ་དཔག་མེད་དང་ཐ་མི་དད་པ་གྱུར་པར་མོས་ཤིག །ཧོ༔ འཁོར་འདས་བཅུད་བསྡུས་མྱོང་གྲོལ་རྫས༔ ཚེ་དང་བསོད་ནམས་སྤེལ་བྱེད་པའི༔ རིལ་བུ་ཟླུམ་པོ་ཆོས་ཉིད་མཚོན༔ དམ་རྫས་མཆོག་གི་དབང་བསྐུར་བས༔ ཚེ་དང་བསོད་ནམས་རྒྱས་པར་ཤོག༔ བྷྲཱུྃ་ནྲྀ་ཛཿཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དེས་ཡོན་ཏན་གཏོར་མའི་དབང་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །མེ་ལོང་ཤེལ་རྡོ་རྨ་བྱའི་སྒྲོ་བསྟན། རྡོ་རྗེ་སྙིང་གར་བཞག་ལ། བརྡ་འདི་རྣམས་ཀྱིས་མཚོན་ཏེ་གཞིར་གནས་ཀ་དག་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་ལྷུན་གྲུབ་རྩལ་སྣང་འཇའ་ཚོན་ལྟ་བུར་སྣ་ཚོགས་སུ་ཤར་ཡང་། གཞི་ཐོག་ལས་ནམ་ཡང་མ་གཡོས་པར་གདོད་ནས་རང་གྲོལ་འགྱུར་མེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། མཉམ་གཞག་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་བསྐྱང་ཞིང་རྗེས་ཐོབ་ཀུན་ཏུ་བཟང་པོའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཧྲཱི༔ དཔའ་གཏུམ་རྡོ་རྗེའི་རང་བཞིན་ལ༔ ཐ་དད་གཉིས་སུ་མི་འཛིན་ཅིང༔ རྒྱན་དང་ཆ་ལུགས་འོད་ཟེར་འབར༔ རང་གསལ་སྟོང་ཉིད་ཡེ་ཤེས་རྒྱ༔ གཟུང་དང་འཛིན་པ་གཉིས་ལས་འདས༔ འགྱུར་མེད་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀྲོ་ཏ་ཨ་ནུ་མ་ཏ་ར་དྷརྨ་ཨ་བྷི་ཥིཉྩ་ཨཱ༔ དེས་ཕྲིན་ལས་བརྟུལ་ཞུགས་དང་འབྲེལ་བའི་རྩ་དབང་ཁྱད་པར་བ་ཐོབ་པ་ཡིན་ནོ། །བཞི་པ་དབང་བསྐུར་དེ་དག་གི་མཐའ་རྟེན་བཀྲ་ཤིས་དགའ་སྟོན་སྤེལ་བ་ནི། དཀྱིལ་འཁོར་ལྷའི་གསང་བ་གསུམ་གྱི་དངོས་གྲུབ། སྲིད་ཞིའི་བཅུད་དང་འཆི་མེད་ཀྱི་དྭངས་མ་ཐམས་ཅད་འདུས་པ་རྡོ་རྗེའི་ཚེ་དང་གལ་གྱི་དམ་རྫས་ཡེ་ཤེས་བདུད་རྩིའི་རང་བཞིན་ཅན་མྱང་བས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། ཉམས་པ་མེད་པའི་བསོད་ནམས། འགྲིབ་པ་མེད་པའི་དཔལ་འབྱོར་ཆེན་པོ་ལ་མངའ་བརྙེས་པར་མོས་ཤིག །ཚེ་རིལ་ཆང་སྦྱིན་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འབྱུང་ལྔ་མི་འགྱུར་ཚེ་ཡི་བཅུད༔ སྙིང་པོ་གསང་བ་ཐུགས་ཀྱི་དཀྱིལ༔ ཡང་གསང་རྡོ་རྗེའི་གཡུང་དྲུང་གུར༔ བཀྲ་ཤིས་ཐིག་ལེ་ལུ་གུ་རྒྱུད༔ སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་ཚོགས༔ མི་འགྱུར་ལུས་ལ་བསྩལ་དུ་གསོལ༔ མི་འགྱུར་གཡུང་དྲུང་གསུང་གི་བཅུད༔ འགག་མེད་ངག་ལ་བསྩལ་དུ་གསོལ༔ ཐིག་ལེ་རང་གསལ་ཐུགས་ཀྱི་བཅུད༔ འཁྲུལ་མེད་ཐུགས་ལ་བསྩལ་དུ་གསོལ༔ བསྐལ་བརྒྱའི་བར་དུ་ཞབས་བརྟན་ནས༔ དུས་བརྒྱར་ཆོས་ཀྱི་འཁོར་ལོ་བསྐོར༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ་ཡུ་ཥེ་ཨཱཿབྷྲཱུྃ་ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་པའི་མཐར་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེ་དག་གིས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཡི་དམ་དགོངས་པ་འདུས་པའི་ཆོས་སྡེ་འོད་དཔག་མེད་ནང་འཆི་མེད་ཚེ་ལྷར་སྒྲུབ་པའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་ཆད་སྤྱི་ལྟར་དང་། ནོངས་བཤགས་དང་གཤེགས་བསྡུའམ་བརྟན་བཞུགས་ཀྱི་བར་དང་། བདག་བསྐྱེད་བསྡུ་ལྡང་སོགས་བསྙེན་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་བྱའོ། །ཡེ་ཤེས་དྲི་མེད་བདུད་རྩིའི་ཀླུང་།། ཚེ་དབང་རླབས་ཕྲེང་གཡོ་བཞིན་དུ། །ཞིང་བརྒྱར་རྟག་ཅིང་ཁྱབ་པར་འབབ། །ལུས་ཅན་ཀུན་གྱི་སྲོག་འཚོར་ཤོག །ཅེས་པ་འདི་ཉིད་སྒྲུབ་བརྩོན་ཀརྨ་ལྷ་དཔལ་གྱིས་དོན་གཉེར་ཆེན་པོས་རིང་ནས་བསྐུལ་ཡང་ཇི་བཞིན་མ་གྲུབ་པ། སླད་ནས་ཆོས་བདག་བསམ་གཏན་བསྟན་འཛིན་གྱི་དབོན་བརྒྱུད་བླ་མ་རིན་པོ་ཆེ་ནཱ་ཐ་བཛྲས་གསུང་བསྐུལ་གནང་བ་ལྟར་རྒྱལ་དབང་པདྨའི་རིང་ལུགས་མཐའ་དག་ལ་མི་ཕྱེད་པའི་དད་པས་གཡར་དམ་བརྟན་པ།པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་ཁང་འཆི་མེད་དགའ་བའི་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོག་མར་དགེ་བ་ལམ་སྟེགས་སྔོན་འགྲོའི་ཆོས་སྤྱོད་ཟུར་དུ་ཕྱུང་པ་ (Volume 58, Text 19)

༄༅། །རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོག་མར་དགེ་བ་ལམ་སྟེགས་སྔོན་འགྲོའི་ཆོས་སྤྱོད་ཟུར་དུ་ཕྱུང་པ་བཞུགས་སོ། ། གདོད་མའི་མགོན་དང་དབྱེར་མེད་པ། །གཏེར་ཆེན་རྗེ་དང་སྲས་སློབ་བཅས། །བརྒྱུད་འཛིན་གསེར་རིའི་ཕྲེང་སྣང་བ། །ཡེ་ཤེས་ཆེན་པོའི་ངོ་བོར་འདུད། །ཐར་ལམ་བདེར་འཇུག་བགྲོད་བྱེད་མཆོག །གཞི་དབྱིངས་ཁང་ཆེན་སྐྱོད་པའི་ལམ། །སྔོན་འགྲོ་ཐུན་དང་ཐུན་མིན་པས། །སྐལ་པ་ལྡན་རྣམ་རང་རྒྱུད་སྦྱོངས། །འདིར་ཟབ་ཆོས་མཐར་ཐུག་སྨིན་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་ལམ་སྟེགས་ཀྱི་རིམ་པ་ཉམས་སུ་ལེན་ཚུལ་དགོད་པ་ལ། དང་པོ་ཐུན་གྱི་སྔོན་འགྲོ་ནི། ཐོག་མར་ལྡང་བའི་རྣལ་འབྱོར་གྱིས་ལྡང་ལ། བདེ་བའི་སྟན་ལ་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ལྡན་མི་གཡོ་བར་དྲང་པོར་བསྲང་སྟེ་རླུང་རོ་དགུ་ཕྲུགས་སུ་བསལ། དེ་ནས་མཁའ་མཉམ་སེམས་ཅན་གྱི་དོན་དུ་མན་ངག་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་དུ་བསམ་ནས། རང་གི་སྤྱི་བོར་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དྲིན་ཆེན་རྩ་བའི་བླ་མ་ཉིད་རྒྱུན་གྱི་རྣམ་པ་ཆོས་འཆད་དམ་མཉམ་གཞག་གང་བདེར་བཞུགས་ཤིང་། གཟི་བྱིན་མཆོག་ཏུ་འབར་བའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་དུ་ལམ་གྱིས་གསལ་ལ་མོས་གདུང་དྲག་པོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་གཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་ཀྱི་རིམ་པ་མོས་གུས་ཀྱི་རྟོགས་པ་གོང་འཕེལ་མ་གྱུར་བར་ཕུར་ཚུགས་སུ་བཏབ་རྗེས། བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་སྐུ་འོད་ལྔའི་གོང་བུར་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་སྟེ། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་གཉིས་སུ་འཛིན་པའི་རྟོག་པ་དང་ཕྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་པར་གཞག་པ་ཅི་གནས་སུ་བྱས་རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་སོགས་ཀྱིས་དགེ་བ་བསྔོ་བ་དང་བཅས་བྱའོ། །གཉིས་པ་སྔོན་འགྲོ་དངོས་ལ། ཐུན་མོང་གི་ལམ་སྟེགས་དང་ཐུན་མིན་ལམ་གྱི་གཞི་སྐྱེད་རྫོགས་མདོར་བསྡུས་ཙམ་གཉིས་ལས། དང་པོ་ནི། རྩ་བ་ལས། དལ་འབྱོར་རྙེད་དཀའ་འཇིག་པར་སླ༔ འཁོར་བའི་ཉེས་དམིགས་རྒྱུ་འབྲས་དང༔ སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་སྦྱང༔ ཚོགས་གསག་གསོལ་གདབ་དབང་བླང་བ༔ བཅུ་ཡིས་ཐུན་མོང་ལམ་སྟེགས་བསྟན༔ ཞེས་བཅུར་གསུངས་པས་ཚིག་རྗེས་སུ་བློ་གཞོལ་བས། དང་པོ་དལ་འབྱོར་རྙེད་དཀའ་བ་ནི༔ དལ་འབྱོར་རྙེད་དཀའ་ཨུ་དུམྦ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟར་གྱུར་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །དམ་པའི་ཆོས་སྒྲུབ་བྱེད་རྟེན་དལ་འབྱོར་རྙེད་དཀའ་བའི་དམིགས་རྐང་དང་པོ་དང་། གཉིས་པ་འཇིག་པར་སླ་བ་ནི༔ འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམ་ཡང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཆོས་ལ་བསྐུལ་བའི་རྐྱེན་འདུས་བྱས་མི་རྟག་པར་བསམ་པའི་དམིགས་རྐང་གཉིས་པ་དང་། གསུམ་པ་འཁོར་བའི་ཉེས་དམིགས་ལ་བསམ་པ་ནི༔ བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་བས་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །ཆོས་ཀྱི་སྲོག་འཁོར་བའི་ཉེས་དམིགས་ཀྱིས་ངེས་འབྱུང་བསྐྱེད་པའི་དམིགས་རྐང་གསུམ་པ་དང་། བཞི་པ་ལས་རྒྱུ་འབྲས་ལ་བསམ་པ་ནི༔ དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །ཆོས་ཀྱི་གནད་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པའི་དམིགས་རྐང་བཞི་པ་འོ། །ལྔ་པ་སྐྱབས་འགྲོ་བྱ་བ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ པདྨའི་སྡོང་པོ་ཡལ་འདབ་བཞིའི༔ དབུས་དང་ཕྱོགས་བཞིར་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དབུས་སུ་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མས་བསྐོར་བར་བསམ༔ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསྐོར༔ སངས་རྒྱས་དཀོན་མཆོག་ཀུན་འདུས་པ༔ ལྷོ་ཕྱོགས་གདན་ལ་ཡུམ་ཆེན་མོ༔ དམ་པའི་ཆོས་རྣམས་གླེགས་བམ་ཚུལ༔ ནུབ་ཕྱོགས་ཐེག་པ་ཆེ་ཆུང་གི༔ དགེ་འདུན་དཀོན་མཆོག་མ་ལུས་བསྐྱེད༔ བྱང་ཕྱོགས་གསང་སྔགས་ཕྱི་ནང་གི༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་བསམ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་ཕྱིར་རྩེ་གཅིག་སྐྱབས་འགྲོ་བྱ༔ ཀྱེ་མ༔ འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས༔ སྐྱོབ་མཛད་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་ཚོགས་དམ་ཅན་མ་ལུས་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས༔ བླ་མ་རིག་འཛིན་རྣམས་ལ་སྐྱབས་སུ་མཆི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཐེག་གསུམ་ལམ་སྟོན་ཆགས་བྲལ་གསུང་རབ་མཆོག༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ས་ལམ་ལ་གནས་ཚོགས་ཀྱི་མཆོག་གྱུར་པ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་སྐྱབས་སུ་མཆི༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ དེང་ནས་གཟུང་སྟེ་བྱང་ཆུབ་མ་འཐོབ་བར༔ བདག་སོགས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་གནས་རེ་ལྟོས་གཞན་ན་མ་མཆིས་པས༔ ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་སྐྱོབ་ཏུ་གསོལ༔ དྲུག་པ་སེམས་སྐྱེད་ནི༔ བདག་གིས་ཕ་མ་ཁམས་གསུམ་འཁོར་བ་ཡི༔ སེམས་ཅན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ སེམས་ཅན་མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད་པར་བྱ༔ སེམས་བསྐྱེད་དེ་ཡིས་མཐའ་ཡས་འགྲོ་བ་རྣམས༔ བདེ་དང་དགེ་བའི་ལས་ལམ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་རྣམས་རྒྱུན་ཆད་ཅིང༔ སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན་པ་ཡི༔ མཉམ་ཉིད་ཡེ་ཤེས་ངང་ལ་གནས་གྱུར་ཅིག༔ བདུན་པ་སྡིག་པ་སྦྱོང་བ་ནི༔ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ བཀླག་པའི་ཚུལ་གྱིས་སྔགས་བཟླས་པས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ སྟོབས་བཞིའི་གནད་དང་ལྡན་པས་ཡིག་བརྒྱ་བཟླས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའི་གནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང་། རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམ། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ལ་བློ་བཞག་ནས། སྡིག་བཤགས་གཞན་ཡང་ཅི་ཤེས་སུ་བྱ་ཞིང་སྡིག་སྒྲིབ་སྦྱང་བྱ་སྦྱོང་བྱེད་སོགས་ཀྱི་ངོ་བོ་ལ་གཅེར་གྱིས་བལྟས་ཏེ་སྟོང་གསལ་ཟུང་འཇུག་སྤྲོས་བྲལ་ངང་དུ་གཞག་གོ །བརྒྱད་པ་ཚོགས་གསག་པ་ནི༔ ན་མོ༔ རིན་ཆེན་བཞི་ལྡན་གསེར་རི་ལྷུན་པོ་དང༔ གླིང་བཞི་ཉི་ཟླ་ལྕགས་རི་མུ་ཁྱུད་བཅས༔ ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་པ༔ བླ་མ་སྤྲུལ་པའི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ བདག་གིས་ཡོངས་བཟུང་བུ་དང་བུ་མོ་དང༔ འཁོར་དང་ལོངས་སྤྱོད་མཛེས་སྡུག་མ་ལུས་པ༔ འཇིག་རྟེན་འདི་ཡི་གཅེས་རྒུ་ཀུན་བསྡུས་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ རང་ལུས་འབྱུང་བཞི་ཤ་ཁྲག་སྣ་ཚོགས་པ༔ དབང་པོ་སྒོ་ལྔ་གཙང་ཞིང་མཛེས་པས་བརྒྱན༔ ཞེན་འཛིན་བྲལ་བའི་བློ་ཡིས་ཀུན་བླངས་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཆོས་དབྱིངས་སྟོང་གསལ་དག་པའི་ཀློང་ཡངས་སུ༔ རང་རིག་རང་གསལ་རྡོ་རྗེ་ལུ་གུ་རྒྱུད༔ ཐུགས་རྗེ་མ་འགགས་རོལ་པ་འོད་ལྔའི་ཞིང༔ བླ་མ་ངོ་བོ་ཉིད་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ངོ་བོ་ཉིད་སྐུར་འཚང་རྒྱ་ཤོག༔ དགུ་པ་གསོལ་བ་གདབ་པ་ནི༔ ཡུལ་སྐྱེད་པར་བྱ་སྟེ༔ རང་གི་སྤྱི་བོར་དཔག་བསམ་གྱི༔ སྡོང་པོ་པདྨའི་ཟེའུ་འབྲུ་ལ༔ ཉི་ཟླ་དར་གྱི་ལྷུག་གདན་དབུས༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གསང་ཡུམ་ཡེ་ཤེས་ཌཱ་ཀི་མ༔ དམར་མོ་གྲི་གུག་ཐོད་པ་འཛིན༔ ལངས་ཚོ་ལྡན་པ་སྐུ་ལ་འཁྲིལ༔ དེ་ཡི་སྤྱི་གཙུག་པདྨ་གསུམ༔ དབུས་སུ་པདྨ་འབྱུང་གནས་ལ༔ གཡས་སུ་བི་མ་མི་ཏྲ་དང༔ གཡོན་དུ་བཻ་རོ་ཙ་ན་བསྒོམ༔ དེ་སྟེང་པདྨ་སུམ་བརྩེགས་ལ༔ འོག་མ་ཤྲཱི་སིང་ཧ་ལ༔ འཇམ་དཔལ་བཤེས་གཉེན་དགའ་རབ་དང༔ རྡོ་རྗེ་སེམས་དཔའ་ཀུན་བཟང་རྣམས༔ འོག་ནས་རིམ་བརྩེགས་བཞུགས་པར་བྷེཾ༔ མཐའ་སྐོར་རྒྱལ་བ་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ སྤྲིན་ཕུང་གཏིབས་པ་བཞིན་དུ་བསམ༔ གདུང་བའི་ངག་གིས་གསོལ་བ་གདབ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་དག་པའི་ཞིང་ཁམས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ དྷ་ཧེ་ན་ཡི་ཀེའུ་ཚང་བར་པ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རིག་འཛིན་ཤྲཱི་སེང་ཧ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་བོད་གནས་དང་རྔ་ཡབ་གླིང་ཕྲན་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ རྒྱ་གར་ཆུ་བོ་གངྒའི་ཀླུང་འགྲམ་དུ༔ པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ སྒྲ་བསྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ གཞོ་སྟོད་ཏི་སྒྲོ་ཌཱ་ཀིའི་ཚོགས་ཁང་དུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྒྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གུ་རུ་བུདྡྷ་ཛྙཱ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མཆིམས་ཕུ་གྲེ་གུ་གེ་གོང་དབེན་རྩ་རུ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཐུགས་མཆོག་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ ཡར་ལུང་ཤེལ་བྲག་བདུད་རྩི་སྨན་ཕུག་ཏུ༔ ཡོན་ཏན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མོན་ཁ་སེངྒེ་ཡང་རྫོང་གནས་མཆོག་ཏུ༔ ཕྲིན་ལས་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ༔ ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ སྐུ་དང་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ ཐོད་རྒལ༴ སྣང་བཞིའི༴ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུ༔ སྔགས་སྲུང་ཨེ་ཀ་ཛཱ་ཏི་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཞེས་དང༔ གཞན་ཡང་གསོལ་བ་གདབ་པ་ནི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་ཟད་མཐར་ཕྱིན་པར་བྱིན་གྱིས་རློབས་ཤིག༔ བླ་མ་སྐུ་བཞིའི་བདག་ཉིད་ཅན་ལ་གསོལ་བ་འདེབས༔ སྣང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཅེས་འདོད་པའི་དོན་ལ་སྙིང་ཐག་པ་ཉིད་ནས་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་པས། བླ་མའི་སྐུ་ལས་འོད་ཟེར་བུན་ཟེར་གྱིས་འཕྲོས་པས་འཁོར་གྱི་རྒྱལ་བ་རྒྱལ་སྲས་རྣམས་ལ་ཕོག་པས་འོད་དུ་ཞུ་བ་རྩ་བའི་བླ་མའི་སྐུ་ལ་བསྡུས་པ། དེ་ཉིད་སྔར་ལས་ཀྱང་གཟི་མདངས་མཆོག་ཏུ་འབར་བར་བསམ་པའི་སྤྱི་བོར་འཁོར་ལོ་དཀར་པོའི་དབུས་སུ་ཨོཾ་དཀར་པོ། ལྗགས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བསམ། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་བལྟམ་པར་མཛོད། །ཅེས་དབང་སྐུར་བར་གསོལ་བ་བཏབ་པས། བཅུ་པ་དབང་བླང་བ་ནི༔ བླ་མའི་སྨིན་མཚམས་མཛོད་སྤུ་ཡི༔ ཨོཾ་ཡིག་དཀར་ལས་འོད་དཀར་དང༔ བདེ་གཤེགས་སྐུ་རྣམས་མང་དུ་བྱུང༔ རང་གི་སྨིན་མཚམས་ཐིམ་པ་ཡིས༔ ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ༔ བསྐྱེད་རིམ་ལྷ་སྐུ་སྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱས༔ བླ་མའི་ལྗགས་ཀྱི་པདྨའི་སྟེང༔ ཨཱཿཡིག་དམར་ལས་འོད་དམར་དང༔ གསང་སྔགས་ཡིག་འབྲུ་དཔག་མེད་བྱུང༔ རང་གི་ལྕེ་ལ་ཐིམ་པ་ཡིས༔ ངག་གི་སྒྲིབ་དག་གསང་དབང་ཐོབ༔ ལམ་དུས་བཟླས་པ་བྱ་བར་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ བླ་མའི་ཐུགས་ཀའི་རྡོ་རྗེ་ལས༔ ཧཱུྃ་ཡིག་མཐིང་དང་འོད་སྔོན་པོ༔ རྒྱལ་བའི་ཕྱག་མཚན་དུ་མ་བྱུང༔ རང་གི་སྙིང་གར་ཐིམ་པ་ཡིས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ལམ་དུས་ཕོ་ཉ་སྒོམ་པར་དབང༔ འབྲས་བུ་ཆོས་སྐུའི་ས་བོན་བཞག༔ བླ་མའི་གནས་གསུམ་དཀྱིལ་འཁོར་ནས༔ ཨོཾ་ཨཱཿཧཱུྃ་དང་འོད་ཟེར་ལྔ༔ འཕྲོས་པས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་དག་ཚིག་དབང་ཐོབ༔ ལམ་དུས་ཁྲེགས་ཆོད་ཐོད་རྒལ་སྒོམ༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ སྐབས་འདིར་རྒྱང་འབོད་ཡང་བྱ་བར་ཁྲིད་ལས་གསུངས། མཐར་ནི་རྩ་བའི་བླ་མ་ཡང༔ འོད་ཞུ་རང་གི་སྤྱི་བོ་ནས༔ བྱོན་ཏེ་སྙིང་དབུས་བཞུགས་པར་བྷེཾ༔ དེ་ནས་རང་གི་སེམས་ཉིད་ཀྱི་ངོ་བོ་དང་བླ་མ་གཉིས་སུ་མེད་པའི་ངང་ལ་བཅོས་སླད་མི་བྱ་བར་རང་སོར་གློད་ལ་དར་ཅིག་གཞག་པར་བྱའོ༔ དེ་ལྟར་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་བསྐྱངས་པས་ལམ་དངོས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་བྱེད་པར་ཐེ་ཚོམ་མེད་དོ༔ འདི་ཡན་གཏེར་གཞུང་དང་ཟབ་ཁྲིད་ལས་བཏུས་པ་ཡིན་ཞིང་ས་བཅད་སོ་སོའི་སྦྱོར་རྗེས་ཀྱི་དམིགས་རིམ་དང་གོ་དོན་སོགས་ཁྲིད་གཞུང་རྩ་འགྲེལ་ལ་འདྲིས་ཤིང་ཤེས་པར་བྱ་བ་ལས་འདིར་ནི་ངག་འདོན་ཙམ་བསྡུས་པའོ།། །། ༄། གཉིས་པ་ཐུན་མིན་ལམ་གྱི་གཞི་སྐྱེད་རྫོགས་ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་འཇའ་འོད་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ༔ པད་ཟླའི་སྟེང་དུ་རང་རིག་ཧཱུྃ་ཡིག་དཀར་པོ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས༔ རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་ལོངས་སྐུའི་ཆ་བྱད་ཅན༔ མཚན་དཔེའི་གཟི་བརྗིད་འབར་བ༔ ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ༔ སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་ཞིང༔ བདེ་སྟོང་ཡེ་ཤེས་ཀྱི་རོལ་པ་སྣང་སྟོང་འཇའ་ཚོན་ལྟ་བུའི་སྐུར་གྱུར༔ རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་ཁྱབ༔ ཐ་མལ་མ་དག་པའི་སྣང་ཞེན་ཐམས་ཅད་སྦྱངས་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ བཅུད་ཀྱི་སེམས་ཅན་ལྷ༔ སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་གྱུར་པར་བསམ་ཞིང་ཡིག་བརྒྱ་ཅི་ནུས་བཟླ༔ ཐུན་བསྡུ་བ་ན༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ༔ དེ་དག་འོད་ཕུང་དུ་གྱུར་པ་རང་ལྷར་གསལ་བ་ལ་ཐིམ༔ དེ་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་གི་ཞབས་ཀྱུ་ཁོག་པ༔ ཁོག་པ་མགོ་བོ༔ མགོ་བོ་ཟླ་ཚེས༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ན་དཱ༔ ན་དཱ་མི་དམིགས་པར་སྟོང་པར་གྱུར༔ དེའི་ངང་ལས་སླར་ཡང་རང་ཉིད་ལྷའི་སྐུར་གྱུར་ཞེས་བརྗོད་ཅིང་བསམ༔ བསྔོ་སྨོན་ཅི་ཤེས་བྱ༔ ཉམས་ལེན་ཟུར་བཀོད་འདི་ནི་རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་གཟིམས་ཆུང་ཡང་དབེན་དུ་སྦྱར་པའོ། །མངྒ་ལཾ།། །། གཞི༵་དབྱིངས་ལྷུན་རྫོགས་རྒྱལ་ཐབས་ཆེར། །ལ༵མ་སྟེགས་འཕྲུལ་ཆེན་འཇུག་སྒོ་ལས། །འབྲ༵ས་བུའི་ཡེ་ཤེས་ཆེ་བརྙེས་ནས། །ཟུང་འཇུག་འཁོར་འདས་དབང་སྒྱུར་ཤོག །ཅེས་པ་འདི་ཡང་སྔོན་དུས་ཆིངས་མ་ཚང་ཞིང་ཞིབ་ཆ་མ་སོང་བའི་ཡིག་ཆ་སུས་བྱས་མེད་པ་ཞིག་འདུག་པ་ལ། གཏེར་གཞུང་དང་ཁྲིད་ཡིག་ཞིབ་དཔྱད་ཀྱིས་ཉམས་ལེན་བྱེད་པ་འདྲ་འབྱུང་ན་ཟུར་ཕྱུང་འཇུག་བདེར་དམིགས་ནས། པད་བཀོད་སྒམ་སྤྲུལ་མིང་འཛིན་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་སྦྲུལ་ཟླ་བ་བརྒྱད་པ་བཤོལ་བའི་སྔ་མའི་ཚེས་གསུམ་ཉི་མ་མེ་བཞིའི་འགྲུབ་པའི་སྦྱོར་བར་བལ་ཡུལ་གྱི་གནས་མཆོག་སྟག་མོ་ལུས་སྦྱིན་ཞེ་ཆེན་སྒྲུབ་སྡེ་པདྨ་འོད་གླིང་གི་རྩེ་མོར་བཏུས་པའོ།། །། ༄༅། །རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཁྲེགས་ཆོད་ཀྱི་དམིགས་རིམ་དང་འབྲེལ་བའི་སྨོན་ལམ་བཞུགས་སོ། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་རིག་འཛིན་གཏེར་བདག་གླིང་པའི་ཞབས། །གང་གི་ཚད་མེད་ཐུགས་རྗེའི་ཕྲིན་ལས་མཆོག །མི་འགྱུར་དཔལ་གྱི་སྒྲོན་མར་སྙིང་ནས་འདུད། །རྙེད་དཀའི་རྟེན་ལ་སྙིང་པོ་ལེན་སྤྲོ་བས། །འཆི་བ་སྙིང་ཟུག་ངེས་འབྱུང་བཅོས་མིན་གྱིས། །བཟོད་དཀའ་འཁོར་བའི་དུཿཁར་བློ་ལྡོག་སྟེ། །ལས་འབྲས་བླང་དོར་མ་ནོར་སྤྱོད་པར་ཤོག །བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་གསུམ་ལ། །ལོག་པའི་ལམ་ལས་ལྡོག་ཕྱིར་སྐྱབས་འགྲོ་དང་། །ཚེ་རབས་དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོར། །ཚད་མེད་བཞི་ལྡན་བྱང་ཆུབ་སེམས་འབྱོངས་ཤོག །རྡོར་སེམས་བདུད་རྩིས་ཉེས་ལྟུང་སྒྲིབ་སྦྱངས་ཤིང་། །གླིང་བཞི་གླིང་ཕྲན་ལུས་དང་ལོངས་སྤྱོད་དང་། །རང་རིག་རང་གསལ་དམིགས་མེད་ནམ་མཁའི་མཛོད། །ཕུལ་བས་སྒྲིབ་བྱང་ཚོགས་གཉིས་མྱུར་རྫོགས་ཤོག །སྐྱབས་གསུམ་ཀུན་འདུས་ཐར་པའི་ལམ་མཁན་མཆོག །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ། །སྒོ་གསུམ་ཟོལ་མེད་དད་པས་གསོལ་བཏབ་མཐུས། །ཚད་མེད་ཐུགས་རྗེའི་བྱིན་རླབས་ལྷོངས་པར་ཤོག །བླ་མ་སྐུ་བཞིའི་ཐུགས་རྗེའི་ནུས་པའི་རྒྱས། །རང་རྒྱུད་གཉུག་སེམས་ངོ་བོར་རྒྱས་བཏབ་སྟེ། །སྒོ་གསུམ་བླ་མའི་རྡོ་རྗེ་རྣམ་གསུམ་དང་། །དབྱེར་མེད་རོ་གཅིག་ངང་དུ་འགྱུར་བར་ཤོག །ཏིང་འཛིན་རྣམ་པ་གསུམ་གྱིས་ཁོག་ཕུབ་སྟེ། །རང་ལུས་གསལ་སྟོང་རྡོ་རྗེ་སེམས་དཔར་གསལ། །ངག་རླུང་བུམ་ཅན་ཡིད་བཟླས་འབྱུང་འཇུག་གསུམ། །འབྲུ་གསུམ་དང་སྦྱར་རླུང་སྔགས་དབྱེར་མེད་ཤོག །སྒྲར་གྲགས་གྲགས་སྟོང་སྔགས་སུ་སྦྱོང་བྱེད་པའི། །ཡིག་དྲུག་ཡིག་བརྒྱའི་བཟླས་བསྒོམ་ལ་བརྟེན་ནས། །གྲངས་དུས་མཚན་མའི་བསྙེན་སྒྲུབ་མཐར་ཕྱིན་ཏེ། །གང་ཤར་ལྷ་སྔགས་རོལ་པར་རྒྱས་ཐེབས་ཤོག །སྣང་གྲགས་མི་དམིགས་སྟོང་ཉིད་ངང་དུ་གྱུར། །སྟོང་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ། །ཆུ་ལས་ཆུ་བུར་བཞིན་དུ་ལྷ་ཡི་སྐུར། །ཡེ་རྫོགས་ཕྱག་རྒྱ་ཆེན་པོར་མངོན་རྫོགས་ཤོག །སྒོ་གསུམ་འཁོར་བའི་འབྲེལ་ཐག་གཅོད་པའི་ཕྱིར། །རིགས་དྲུག་འཁོར་བའི་ལས་སྣང་དང་མཐུན་པའི། །བྱ་སྤྱོད་ལ་བརྟེན་འཁོར་བའི་མཚང་རྟོགས་ཏེ། །ལུས་ངག་ཡིད་གསུམ་ཞེན་པ་རང་ལོག་ཤོག །འཁྲུལ་རྒྱུ་འཁོར་བའི་ས་བོན་བག་ཆགས་རྣམས། །སྦྱང་གཞི་འགྲོ་བ་དྲུག་གི་ལུས་གནས་དྲུག །སྦྱང་བྱ་རིགས་དྲུག་ས་བོན་ཡི་གེ་རྣམས། །སྦྱོང་བྱེད་རླུང་མེའི་སྦྱོར་བས་དག་པར་ཤོག །སྤང་བྱ་རྣམ་རྟོག་སྙིང་པོ་དགེ་བའི་ཆོས། །གང་ཤར་དེ་ལ་ཤེས་པ་རྩེ་གཅིག་ཏུ། །རང་བབས་སོ་མ་ཉིད་དུ་བཞག་པ་ཡིས། །སྒོ་གསུམ་གཞི་ཐོག་བསམ་གཏན་འགྲུབ་པར་ཤོག །རང་སེམས་མ་བཅོས་ལྷུག་པར་གནས་པ་དེ། །སྤྱོད་ལམ་ཞི་དང་བར་མ་རྩུབ་མོ་ཡིས། །རྐྱེན་དང་རིམ་པར་ཁྲིད་ཅིང་གོམས་པར་བསླབ། །གནས་བརྟན་གྲོལ་བའི་གདེང་ཉིད་མངོན་འགྱུར་ཤོག །ལུས་ངག་ཡིད་ཀྱི་གནད་རྣམས་ལེགས་གཅུན་ཏེ། །ལུས་ཀྱི་བྱེད་བཅིང་ངག་གི་ཧཱུྃ་གདངས་དང་། །སེམས་ཉིད་སྐྱེ་འགགས་འགྲོ་འོང་མཐའ་དེད་པས། །གནས་ལུགས་རིག་པའི་རང་ངོ་ཤེས་པར་ཤོག །མི་གཡོ་གསུམ་ལ་བློ་འདས་འདུས་མ་བྱས། །རང་རྩལ་མ་འགགས་འཆར་སྒོ་ཅིར་སྣང་ཀུན། །སྣང་སྟོང་དབྱེར་མེད་ཆུ་དང་ཟླ་གཟུགས་བཞིན། །གསལ་སྟོང་དབྱེར་མེད་སྤྲོས་བྲལ་ངང་གནས་ཤོག །དུག་གསུམ་དུག་ལྔ་ཚོགས་དྲུག་ཡུལ་སྣང་ཀུན། །གང་ཤར་རིག་པ་བཅིང་གྲོལ་ལས་འདས་པ། །རང་བབས་སྤྲོས་བྲལ་ཀ་དག་དབྱིངས་རྫོགས་པའི། །སྒོམ་བྱེད་ལས་འདས་གནས་ལུགས་རྟོགས་པར་ཤོག །ས་ལམ་ཡོན་ཏན་མ་ལུས་མྱུར་རྫོགས་ཏེ། །ཀུན་བཟང་གདོད་མའི་རང་ཞལ་མངོན་གྱུར་ཅིང་། །མཁའ་ཁྱབ་འགྲོ་བའི་མགོན་པོ་ཉིད་གྱུར་པའི། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག །དེ་ལྟར་ཚེ་འདིར་གྲོལ་བར་མ་གྱུར་ན། །བར་དོར་རང་བྱན་ཆུད་པའི་གདེང་རྙེད་ཅིང་། །དེར་ངོ་མ་འཕྲོད་རང་བཞིན་སྤྲུལ་སྐུའི་ཞིང་། །པདྨའི་སྙིང་པོར་བརྫུས་ཏེ་སྐྱེ་བར་ཤོག །དེ་ལས་བྱེ་བ་ཕྲག་བརྒྱའི་རྣམ་རོལ་ནི། །གང་འདུལ་མོས་པའི་དཔལ་དུ་ཡོངས་ཤར་ཏེ། །མཐའ་ཡས་འགྲོ་རྣམས་འཁོར་མཚོ་ལས་སྒྲོལ་བའི། །སྙིང་སྟོབས་བསོད་ནམས་རྒྱ་ཆེན་ཐོབ་པར་ཤོག །ཀྱེ་མ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་གིས་ཇི་ལྟར་བསམ་པའི་དོན་རྣམས་ཀུན། །དཀའ་བ་མེད་པར་མྱུར་དུ་འགྲུབ་འགྱུར་བའི། །བྱིན་གྱིས་བརླབས་པའི་དངོས་གྲུབ་དུས་འདིར་སྩོལ། །ཅེས་གཏེར་གསར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲེགས་ཆོད་ཀྱི་དམིགས་རིམ་དང་འབྲེལ་བའི་སྨོན་ལམ་ཉུང་ངུར་བགྱིས་པ་འདི་ནི། མི་ཕྱེད་པའི་དད་སྟོབས་མངའ་བ་སྡེ་པ་གནོད་སྦྱིན་དབང་འདུས་ལགས་ཀྱིས་གནང་སྐྱེས་བཟང་པོ་དང་བཅས་བསྐུལ་བར་མཛད་པའི་ངོ་མ་ཆོག་པར་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་རྟགས་ཙམ་འཛིན་པ་མི་འགྱུར་དཔལ་གྱི་སྒྲོན་མས་གང་ཤར་དུ་བྲིས་པའོ། །ནོངས་པ་མཆིས་ན་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། དགེ་ལེགས་འཕེལ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་མཚམས་སྦྱོར་ལག་ལེན་ (Volume 67, Text 19)

ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྩ་གཞུང་ལ། གཏེར་ཆེན་ཉིད་ཀྱི་མན་ངག་གིས་བརྒྱན་པ། ཉམས་ཆག་སྐོང་བའི་ཐབས་ལ་མཆོག་ཏུ་བསྔགས་པ། རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་སྐབས་སུ། དཔོན་སློབ་ཚོགས་ནས་ལོ་རྒྱུས་ཀྱི་མཚམས་སྦྱར་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་པའི་གཡང་ས་ལས་བསྐྱབ་སྟེ། སྐུ་དང་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ཀྱི་བདག་ཉིད་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ལམ་ཐམས་ཅད་ཀྱི་ཕུལ་དང་རྩེ་མོར་གྱུར་པ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་ལ། ལས་དང་། རྐྱེན་དང་། བག་མེད་པ་དང་། རྨོངས་པའི་དབང་གིས་གསང་བ་གཉན་པོའི་འདའ་དཀའ་རྡོ་རྗེའི་གནས་མཐའ་དག་ལ། ཚོར་དང་མ་ཚོར་བའི་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དག་ཚངས་སུ་བགྱི་བའི་སླད། ཁྱབ་བདག་བླ་མ་རྒྱལ་བ་ཞི་ཁྲོ་རྩ་གསུམ་འདུས་པའི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པའི་སྣོད་རུང་། རྒྱུད་དག་པར་བྱེད་པ་རིགས་དྲུག་གནས་སྦྱོང་གི་ཆོ་ག་དང་། སྒོ་གསུམ་སྨིན་པར་བྱེད་པའི་དབང་བསྐུར་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་གདབ་སྟེ་གསན་འཚལ། དེའང་མ་ཧཱ་གུ་རུའི་ཞལ་ནས། རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི༔ དངོས་གྲུབ་རྩ་བ་དམ་ཚིག་སྟེ༔ གལ་ཏེ་ཉམས་ཆག་བྱུང་བ་ན༔ འབྲས་བུ་མེད་ཅིང་ངན་འགྲོར་ལྟུང༔ དེ་ཕྱིར་གསང་སྔགས་སྒོར་ཞུགས་རྣམས༔ ཉམས་པ་སྐོང་བའི་ཆོ་ག་ནི༔ དུས་དང་རྒྱུན་དུ་བརྩོན་པ་ཡིས༔ དག་ཅིང་དྲི་མེད་དངོས་གྲུབ་ཐོབ༔ ཅེས་བཀའ་བསྩལ་པ་བཞིན། རང་རེ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱི་དམ་ཚིག་ཉམས་ན་འབྲས་བུ་མེད་ཅིང་། འདི་དང་ཕྱི་མར་བརླག་པར་འགྱུར་བས་ན། དམ་ཚིག་ཉམས་ཆག་ཉེས་ལྟུང་རྣམས་གསོ་ཞིང་སྦྱོང་བའི་ཐབས་ལ་འབད་པ་གལ་ཆེ་ཞིང་། དམ་ཚིག་གི་ཚུལ་ས་མ་ཡ་འབུམ་སྡེར་གསུངས་པ་ཐམས་ཅད་ཀྱང་། མདོར་དྲིལ་ན། རྩ་བ་དང་། ཡན་ལག་གཉིས་སུ་འདུ་བས། རྩ་བའི་དམ་ཚིག་ཉམས་ན་གསོ་བའི་ཆོ་ག་ཚུལ་བཞིན་མ་བགྱིས་ན། ཚེ་འདིར་ཡིད་དུ་མི་འོང་བ་སྣ་ཚོགས་དང་། ཕྱི་མར་མནར་མེད་པའི་སྡུག་བསྔལ་དར་དྲག་ལ། ཡུན་རིང་བ་མྱོང་བར་ངེས་ཤིང་། ཡན་ལག་གི་དམ་ཚིག་ཉམས་པ་རྣམས་ཀྱང་། ཆོ་ག་ཟབ་མོའི་སྒོ་ནས་མ་བཤགས་ན་དངོས་གྲུབ་ཀྱི་གེགས་སུ་འགྱུར་བར་གསུངས་ན། དེང་སང་གི་སྐྱེ་བོ་སྔགས་ཀྱི་སྒོར་ཞུགས་པ་ཕལ་མོ་ཆེ་རྣམས། འདོད་ནི་ཚེ་གཅིག་གིས་སངས་རྒྱ་བར་འདོད་ལ། བྱེད་པ་ནི་དམ་ཚིག་ཉམས་པ་ཁོ་ནར་སྤྱོད་པའི་ཕྱིར། ཅི་ནས་ཀྱང་དམ་སྐོང་གི་གདམས་པ་ཟབ་མོ་ཉམས་སུ་བླངས་ཏེ། རྒྱུད་གཙང་དག་ཏུ་བསྒྲུབ་པ་གལ་པོ་ཆེ་ཡིན་ལ། དེས་ན་དམ་ཚིག་ལ་སྐྱོན་ཆགས་པ་རྣམས་གསོ་ཞིང་སྦྱོང་བའི་ཐབས་ལ་བརྩོན་ན། ཉམས་ཆག་ཐམས་ཅད་བྱང་ནས་དངོས་གྲུབ་འབད་རྩོལ་མེད་པར་འཐོབ་པ་གདོན་མི་ཟ་བས། རྒྱུན་དུ་ཉམས་ཆག་སྐོང་བའི་ཆོ་ག་ལ་འབད་དགོས། དེ་ལྟ་བུའི་ཆོ་གའི་རིམ་པ་ཡང་། རྒྱལ་བ་ཚད་མེད་པའི་ཐུགས་རྗེའི་མངའ་བདག་དེ་ཉིད་ཀྱིས། གདུལ་བྱ་སོ་སོའི་མོས་བརྩོན་དང་འཚམ་པར། ཐེག་པ་གོང་འོག་གི་མདོ་རྒྱུད། བཀའ་གཏེར་གྱི་སྒོ་རྒྱ་མཚོ་ལྟ་བུ་ཞིག་བསྟན་པ་ལས། སྐབས་སུ་བབས་པ་འདི་ནི། སྙིགས་དུས་ཀྱི་སྐྱོབ་པ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་ལས་བྱོན་པའི་གཏེར་གཞུང་རྩ་བ་ལ། བཀའ་འདུས་སྒྱུ་འཕྲུལ་ཞི་ཁྲོ་ལ་སོགས་པ་གྲུབ་པའི་མན་ངག་གིས་བརྒྱན་ཏེ། རྒྱུད་ལུང་དགོངས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་བའི་ཚུལ། རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཞེས་བྱ་བའི་གདམས་ངག །ཟབ་ཆོས་ཀྱི་མངའ་བདག །ལྷ་སྲས་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་༧འགྲོ་འདུལ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་གང་གི་ཞལ་སྔ་ནས། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་དོན་དུ་ཡིད་བཞིན་ནོར་བུ་ལས་ཀྱང་ཁྱད་པར་ཆེས་རྨད་དུ་བྱུང་བ་གཏན་ལ་ཕབ་ཅིང་ཁྲིགས་སུ་བསྡེབས་པའི། ཉམས་ཆག་སྐོང་བའི་ཆོ་ག་ཟབ་མོ་འདི་ཉིད་ལ་ཅི་དགར་འཇུག་པའི་སྣོད་རུང་སྨིན་བྱེད་དབང་གི་ཆོ་ག་ཟབ་མོ་བསྒྲུབ་པར་བགྱི་བ་ལ། སྦྱོར་དངོས་རྗེས་གསུམ་དུ་ཡོད་པ་ལས། དང་པོ་སྦྱོར་བ་ལ། བཤགས་ཡུལ་གསལ་གདབ་པ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། ལྟུང་བ་བཤགས་པ། སྡོམ་པ་གཟུང་བ། དམ་ལ་གཞག་པ་དང་ལྔའི་དང་པོ་བཤགས་ཡུལ་གསལ་གདབ་པ་ལ་འདུན་པ་འདི་བཞིན་དུ་མཛོད། ཐོག་མར་རང་རེ་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད། འོག་མིན་ཐར་པ་ཆེན་པོའི་ཞིང་གི་བཀོད་པ་དང་མཉམ་པའི་མཆོད་པའི་དཀྱིལ་འཁོར་བླ་ན་མེད་པའི་དབུས་སུ། རང་རང་གི་མདུན་གྱི་ནམ་མཁར་བཤགས་ཡུལ་གྱི་ཞིང་། མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ་སྐུ་གསུམ། རྣམ་འཕྲུལ་བཅུ་གཉིས། རྩ་བ་དང་བརྒྱུད་པར་བཅས་པའི་ཚོགས་རྣམས་དང་། བདེ་གཤེགས་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བ། མཁའ་འགྲོ། དཔའ་བོ། དམ་ཅན་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན། དམ་ཚིག་གི་བདག་པོ་ཇི་སྙེད་པའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་དེ་རྣམས་དང་། བདག་རྡོ་རྗེ་སློབ་དཔོན་གྱི་རྡོ་རྗེ་ལྔ་ཡི་བཀོད་པ་གཅིག་དང་དུ་མ་ཡོངས་གྲོལ་གྱི་བདག་ཉིད་ཅན་དུ་བཞུགས་པ་ལ། སླར་ཡང་དབྱིངས་ན་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པས་བསྙེན་བཀུར་བ་ལ་སོགས་པ་ཚིག་རིས་ལས་འབྱུང་བ་བཞིན། གུས་པའི་ཡིད་རྩེ་གཅིག་པས་འདི་ཉིད་དཔོན་སློབ་དང་ཆབས་ཅིག་ཏུ་མཛད་འཚལ། ཞེས་མཚམས་སྦྱར་ནས། ཨོཾ༔ ཡེ་ཤེས་སྐུ་མཆོག་སོགས་མཐར་ཆགས་སུ་བསྒྲུབས་ནས། མར་མེའི་སྨོན་ལམ་གྲུབ་རྗེས། དེ་རྣམས་ཀྱི་སྒོ་ནས་གསང་སྔགས་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྲོག་ལས་གཅེས་ཤིང་། མེད་དུ་མི་རུང་བ། ཆོ་གའི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་། ཉམས་སུ་བླངས་པའི་ཕན་ཡོན་ཀྱང་། མ་ཧཱ་གུ་རུའི་རྡོ་རྗེའི་ལུང་ལས། འདི་ལ་གཡར་དམ་ཉམས་ལེན་སུས་བྱས་པ༔ མཚམས་མེད་ལྔ་སོགས་ལས་ཀྱི་སྒྲིབ་པ་རྣམས༔ བསྐལ་པ་འབུམ་ཐེར་བར་དུ་བསགས་པ་རྣམས༔ མེ་ལོང་བག་རྡུལ་ཕྱིས་བཞིན་དག་པར་འགྱུར༔ དངོས་གྲུབ་དང་བཅས་རིག་འཛིན་གྲལ་དུ་འཁོད༔ ཐ་ན་ཆོ་ག་ལན་གཅིག་འགྲུབ་འགྱུར་ཀྱང༔ བསྐལ་པ་འབུམ་གྱི་འཁོར་བ་བསྙིལ་བྱེད་ན༔ མང་དུ་བསྒྲུབས་ན་དེ་བས་སྨྲོས་ཅི་དགོས༔ དེ་ཕྱིར་འདི་ལ་ནན་ཏན་བྱེད་པ་གནད༔ ཅེས་ཕན་ཡོན་དང་དོ་གལ་ཆེན་པོས་འབད་དགོས་པར་གདམས་པར་མཛད་པ་བཞིན། དགོས་ཆེད་ཀྱི་སྙིང་པོ་ཁྱད་པར་དུ་གྱུར་པ་མདོ་རྒྱུད་ཀུན་ནས་ཆེ་ཐང་དུ་བསྔགས་པ་བཞིན་ངེས་པ་མ་ཟད། དཀྱིལ་འཁོར་ཆེན་པོ་འདིར་ལན་གཅིག་ཞུགས་ཀྱང་། ངན་སོང་ལ་རྒྱབ་ཀྱིས་ཕྱོགས་ཤིང་། བྱང་ཆུབ་ཆེན་པོའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་བའི་ཕྱིར་འདི་ཉིད་ལ་ནན་ཏན་ཆེན་པོས་གཡར་དམ་དུ་མཛད་དགོས་པར་རིགས་ཤིང་། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ལ། ཡིད་ཆེས་ཀྱི་སྤྲོ་དགའ་བསྐྱེད་པ་དང་། འདི་ལས་བྱུང་བའི་དགེ་ཚོགས་རྨད་པོ་ཆེས་མཚོན། དུས་གསུམ་དུ་བསགས་ཤིང་གསག་པར་འགྱུར་བའི་ལེགས་བྱས་ཀྱི་ཆ་ཇི་སྙེད་པ་ཐམས་ཅད་མཁའ་ཁྱབ་ཡིད་ཅན་རྣམས་ཀྱི་དོན་དུ། འཁོར་གསུམ་གྱི་མཚན་མ་ཡོངས་གྲོལ་ཆེན་པོའི་ཏིང་འཛིན་ལ་གནས་པའི་སྒོ་ནས་འདི་ཉིད་ཀྱང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་གྱིས་གྲུབ། ཅེས་པའང་འདི་ཡི་སྨིན་གྲོལ་འབོགས་པའི་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། སངས་རྒྱས་ཀརྨ་པའི་མཚན་འཛིན་རང་བྱུང་ལྷན་སྐྱེས་མཁའ་ཁྱབ་བདེ་བའི་རྡོ་རྗེས་འཕྲལ་མར་སྦྱར་པ་དགེ་ལེགས་སུ་གྱུར་ཅིག། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷ་ལ་བསྟེན་ནས་མཚུན་བཅོས་དགེ་ལེགས་འདོད་འབྱུང་ (Volume 50, Text 19)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷ་ལ་བསྟེན་ནས་མཚུན་བཅོས་དགེ་ལེགས་འདོད་འབྱུང་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་རཏྣ་ཡེ། ཀུན་མཁྱེན་རིག་པའི་རྒྱལ་པོ་པདྨ་འབྱུང་། །བསྟན་པའི་མིག་གཅིག་དབང་པོའི་སྒོ་འབྱེད་པའི། །ཆོས་རྒྱལ་ཐུགས་བསྐྱེད་མཁའ་ལ་ཐིག་ལེར་འཁྱིལ། །ཡེ་ཤེས་བཀོད་པས་སྲིད་མཐར་བརྡལ་ལ་འདུད། །ཟབ་རྒྱས་ཆོས་ཀྱིས་མཐའ་དབུས་ཐང་མར་བརྡལ། །འབད་གཏམ་ཚིག་གི་དགོས་པས་དབེན་མོད་ཀྱང་། །འདོད་ལྡན་ཐ་དད་རེ་བ་བསྐང་བའི་ཕྱིར། །མཚུན་བཅོས་དགེ་ལེགས་འདོད་འབྱུང་འདི་ན་སྤེལ། །དེ་ཡང་སྦྱོར་བ་གཟའ་སྐར་བཟང་བའི་ཉིན་གཞི་མ་དཀར་པོའི་སྟེང་འབྲུ་དཀར་གྱི་གཡུང་དྲུང་བྲིས་པའི་ཁར། རིན་པོ་ཆེའི་སྣོད་ལྟ་བུར་བང་རིམ་སུམ་བརྩེགས་མཁར་ཐབས་བད་ཅན་སྟེང་ཙིཏྟ་མཆོང་གུར་གྱི་རྣམ་པ་པདྨས་བསྐོར་བ་བཅས་མར་གྱི་རྒྱན་སྤྲོས་ཅན། རྩེར་ཁྱུང་འབྲུག་སེང་གསུམ། འཛོམ་ན་ནམ་གདུགས་སོགས་ཚུལ་བཞིན་དང་། མ་འཛོམ་ན་དར་སྣ་ལྔ་འཛུགས། བང་རིམ་དང་པོར་མཁར་ཐབས་ཀྱི་སྒོར་ལྡོང་ས་ཁམས་ཤ་བ། བང་རིམ་གཉིས་པར། ཤར་དུ་སྒ་ཤིང་ཁམས་ལུག །ལྷོར་སྒོ་མེ་ཁམས་ར། ནུབ་ཏུ་དབྲ་ལྕགས་ཁམས་རྐྱང་། བྱང་དུ་འབྲུ་ཆུ་ཁམས་གཡག་གི་གཟུགས་རྣམས་བཀོད་ཅིང་། གཞན་ཡང་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་འདོད་ཡོན་སོགས་སྤྱན་གཟིགས་སྣ་ཚོགས་པས་བརྒྱན། ཙིཏྟའི་ནང་དུ་སྤྲོ་ན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་། ཨོཾ་ཛྙཱ་ན་སྭ་ར་རཱ་ཛ་ཡ་ཧཱུྃ། ཨོཾ་བོ་དྷི་སཏྭ་ཡ་ཧཱུྃ། ཨོཾ་བྲཧྨ་པུཥྤ་སྱཱ་ཧཱུྃ། ཨོཾ་ཨཱཿཧཱུྃ་མཚུན་རྣམས་ལ་སྭཱ་ཧཱ། ཞེས་དང་། ཏིཥྛ་བཛྲ། བསྡུ་ན་དང་། རྒྱས་པར་དབྱངས་གསལ་རྟེན་སྙིང་རྣམས་བྲི། གང་ལྟར་རིན་པོ་ཆེ། སྨན་སྣ། དར་སྣ། འབྲུ་སྣ་བཅས་ནང་དུ་བཅུག །གཡས་སུ་མདའ་རྒོད་སྒྲོ་ཅན་ལ་དར་སྣ་ལྔ་དང་གཡུ་བཟང་གསེར་གྱི་མེ་ལོང་ལྡན་པ། སྣོད་གཙང་མར་ཕྱེ་མར་རིན་ཆེན་འབྲུ་སྨན་སོགས་བསང་རྫས་ཀྱིས་བྲན་པ། གཡོན་དུ་སྨན་སྤོད་ཀྱིས་བྲན་པའི་ཨརྒྷ་དཀར་སྔོ་སོགས་ཕུད་སྣོད་དུ་བཤམས། མདུན་དུ་ཉེར་སྤྱོད། རྒྱས་པར་སྦྱང་ཁྲུས་དུག་དབྱུང་གི་ཆས་སམ། རྒྱུན་དུ་སྦྱང་བ་དང་ཁྲུས་ཆུ་བཤམས། ཉེ་ལོགས་གང་བདེར་སྤྱན་གཟིགས་སྣ་ཚོགས་དགྲམ། གཞན་ཡང་རོལ་མོ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ་ཞིང་། གཉིས་པ་དངོས་གཞི་ལ་བདག་བསྐྱེད་དང་། མཚུན་བཅོས་དངོས་གཉིས་ལས། དང་པོ་ནི། བླ་མ་ནོར་ལྷའི་ཕྲིན་ལས་རྒྱས་བསྡུས་གང་རིགས་ཚོགས་ཀྱི་དབུ་བར་བཏང་། བསྡུ་ན་ཐུགས་སྒྲུབ་རྒྱུན་གྱི་བཀོལ་བྱང་གིས་བདག་གི་རྣལ་འབྱོར་བྱས་ཏེ། སྨེ་བརྩེགས་ལྟ་བུའི་བུམ་པ་སྒྲུབ་པའམ་ཡང་ན་ཁྲུས་ཆུ་ལ་དམིགས་ཏེ་སྔགས་ཙམ་གྱིས་བྱིན་གྱིས་བརླབ་བོ། །གཉིས་པ་མཚུན་བཅོས་དངོས་ལ། དང་པོ་མཆོད་པ་བྱིན་རླབས་ནི། ཧྲཱིཿ རཾ་ཡཾ་ཁཾ། རང་བྱུང་རིག་པའི་ཡེ་ཤེས་ཆོ་འཕྲུལ་གྱིས། །སྣོད་བཅུད་མ་དག་གཉིས་འཛིན་དབྱིངས་སུ་སྦྱངས། །དག་པ་ཡེ་ཤེས་རྡོ་རྗེའི་མཎྜ་ལ། །ཀུན་བཟང་འཕགས་པའི་རོལ་མོའི་རྒྱན་དུ་ཤར། །ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོཿ གཉིས་པ་རྟེན་བསྐྱེད་པ་ནི། ཨོཾ་ཧྱ་གྲི་ཝཱ་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་སོགས། ཧྲཱིཿ ཆོས་རྣམས་དམིགས་མེད་འོད་གསལ་ངང་ཉིད་ལས། །ཕྱི་སྣོད་དག་པ་འབྱུང་ལྔ་རིམ་བརྩེགས་སྟེང་། །བྷྲཱུྃ་ལས་གཏོར་མ་རིན་ཆེན་གཞལ་མེད་ཁང་། །མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་སུ། །ནང་བཅུད་རྣམ་དག་རྡོ་རྗེའི་གྲོང་ཁྱེར་དབུས། །ཙིཏྟ་པདྨ་འོད་ཀྱི་ཕོ་བྲང་དུ། །མི་འཇིགས་སེང་གེས་བཏེགས་པའི་རིན་ཆེན་ཁྲིར། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །འོད་གསལ་བདེ་ཆེན་ཁྱབ་བདག་བླ་མའི་སྐུ །མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ༔ འདོད་རྒུའི་མཆོག་སྩོལ་སྐྱེས་མཆོག་ཚུལ་བཟང་རྩལ༔ ནོར་ལྷ་བྱེ་བའི་དབང་ཕྱུག་ཆེན་པོར་བཞེངས༔ གསེར་མདོག་བརྗིད་ཆགས་མཚན་དཔེའི་གཟི་བྱིན་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་བཅས་པས༔ ཁམས་གསུམ་དབང་སྡུད་རིན་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་མཉམ་གཞག་རིན་ཆེན་ཟ་མ་ཏོག༔ འདོད་རྒུའི་དངོས་གྲུབ་མ་ལུས་ཆར་དུ་འབེབ༔ དབུ་ལ་རབ་མཛེས་པཎ་ཞུ་དམར་པོ་དང༔ སྐུ་ལ་གསང་བའི་ན་བཟའ་མཐིང་གའི་སྟེང༔ ཆོས་གོས་གསུམ་གསོལ་བེར་ཆེན་སྨུག་པོས་བཀླུབས༔ ཞབས་ཟུང་མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རབ་འབྱམས་རྩ་གསུམ་ནོར་ལྷའི་ངོ་བོར་བཞུགས། །སྟེང་དུ་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །མཐའ་སྐོར་རྗེ་འབངས་གཏེར་སྟོན་བརྒྱ་རྩ་སོགས། །རྟོགས་པ་དོན་བརྒྱུད་བླ་མའི་མཚུན་གྱིས་བསྐོར། །གཡས་སུ་རིན་ཆེན་དར་ཟབ་ཁྲི་སྟེང་དུ། །བོ་དྷི་སཏྭ་དྲི་མེད་ཟླ་བའི་མདངས། །སྡེ་སྣོད་ཡོངས་རྫོགས་ཆོས་གོས་རྣམ་གསུམ་དང་། །དབུ་ལ་པཎ་ཞུ་དབང་གི་མདོག་ཅན་གསོལ། །ཕྱག་གཉིས་ཆོས་འཆད་མཉམ་གཞག་ལྷུང་བཟེད་བསྣམས། །མདུན་དུ་ལོ་པཎ་མཐའ་སྐོར་ཁུ་རྔོག་འབྲོམ། །མར་མི་དྭགས་པོ་འཇམ་དབྱངས་བདུན་བརྒྱུད་སོགས། །ཐབས་མཁས་འགྲོ་འདུལ་བླ་མའི་མཚུན་གྱིས་བསྐོར། །གཡོན་དུ་དར་ཟབ་གཡུ་འོད་འབར་བའི་ཁྲིར། །མ་གཅིག་ཡེ་ཤེས་མཚོ་རྒྱལ་པདྨའི་མདངས། །ལས་བཞི་ལྷུན་གྲུབ་དར་ཟབ་ན་བཟའི་སྟེང་། །ཡེ་ཤེས་ཡོངས་རྫོགས་རིན་ཆེན་དུ་མས་སྤྲས། །ཕྱག་གཉིས་མདའ་དར་བདུད་རྩིའི་བྷནྡྷ་བསྣམས། །མདུན་དུ་ཀོང་ཇོ་ཁྲི་བཙུན་ལ་སོགས་པའི། །རྒྱལ་རབས་བཙུན་མོ་མ་ངེས་མཁའ་འགྲོའི་རིགས། །བདག་ཅག་ཡོན་མཆོད་མ་མཚུན་རྣམས་ཀྱིས་བསྐོར། །མདུན་དུ་རཏྣ་འབར་བའི་ཁྲི་སྟེང་དུ། །ཡབ་གཅིག་ཆོས་རྒྱལ་ཁྲི་སྲོང་དཀར་དམར་མདངས། །མཐའ་བཞི་དབང་མཛད་ཟ་འོག་ལྔ་བརྩེགས་དང་། །ཕན་བདེའི་དར་ཐོད་འོད་སྣང་དཀར་པོས་མཛེས། །ཆོས་འཆད་ཕྱག་རྒྱས་པད་སྡོང་རལ་པོད་བསྣམས། །མདུན་དུ་ཆོས་རྒྱལ་སྡེ་ལྔ་མེས་དབོན་རྣམས། །མཐའ་སྐོར་ཐུ་མི་མགར་འགོས་གདུང་དྲུག་སོགས། །བདག་ཅག་ཡོན་མཆོད་ཕ་མཚུན་རྣམས་ཀྱིས་བསྐོར། །རྒྱབ་དུ་ཡི་དམ་བདེ་གཤེགས་སྒྲུབ་སྡེ་བརྒྱད། །གཉིས་མེད་ཡུམ་མཆོག་མཁའ་འགྲོ་རྣམས་དང་སྦྱོར། །ཕྱི་རོལ་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །བཀོད་པ་ཚད་མེད་རྔམ་བརྗིད་རོལ་པའི་དབུས། །ཆོས་སྐྱོང་དགྲ་བླའི་རྒྱལ་པོ་ལེགས་ལྡན་ནག །བེར་ནག་གསོལ་ནས་གྲི་གུག་ཐོད་ཁྲག་འཛིན། །བེང་ཆེན་ལྷ་དམག་འབུམ་རྫོང་མཆན་དུ་བཅུག །ཉམས་པ་བདུན་ལྡན་དགྲ་བོའི་སྟེང་དུ་འགྱིངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒྱུ་འཕྲུལ་གར། །རྒྱལ་ཆེན་རྣམ་སྲས་ནོར་ལྷ་ཛཾ་བྷ་ལ། །ཚོང་ལྷ་ཚོགས་བདག་ཛམ་ལྷ་གཉན་པོ་དང་། །འཐབ་རྐྱེན་སྣ་ནག་ཇག་ལྷ་དར་མ་སྐྱེས། །དགྲ་བླ་དམར་པོ་ཟས་ལྷ་དབང་གི་མདོག །མགྲོན་ལྷ་མི་དཀར་དུང་གི་གོ་མཚོན་ཅན། །ཐབ་ལྷ་མ་ལྷ་བུད་མེད་རྒྱན་དང་ལྡན། ཁྱིམ་ལྷ་གེ་ཐུང་འཆི་མེད་སྲོག་ལྷ་དཀར། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །གེ་སར་སྐྱེས་བུ་ལྷ་མིའི་དཔུང་དང་བཅས། །གདོང་དྲུག་སྲིད་པའི་ཕ་མཚུན་དགྲ་བླའི་ཚོགས། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དཀར་ཕྱོགས་ལྷ་ཀླུ་གཉན་གྱི་གཞི་གནས་བདག །འདས་དང་མ་འདས་མཚུན་རིགས་ཐམས་ཅད་ཀུན། །བདེ་གཤེགས་སྙིང་པོའི་ཡེ་ཤེས་དཀྱིལ་འཁོར་ལྷ། །སྣང་ལ་རང་བཞིན་མ་གྲུབ་ལྷམ་མེར་གསལ། །སྣོད་བཅུད་དག་པ་རབ་འབྱམས་ངོ་བོར་རྫོགས། །གསུམ་པ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རྩ་གསུམ་མཚུན་རིགས་རྒྱ་མཚོ་བཛྲ་ས་མཱ་ཛཿ སྤོས་རོལ་དབྱངས་བཅས་ཀྱིས། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་སོགས༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་མཚུན་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧྲཱིཿ སྣང་བ་རྣམ་དག་ཞིང་ཁམས་རབ་འབྱམས་ནས། །གསལ་བ་ཐབས་ཀྱི་རང་བཞིན་ཕ་ཡི་མཚུན། །སྟོང་པ་ཤེས་རབ་རང་བཞིན་མ་ཡི་མཚུན། །གཉིས་མེད་ཟུང་འཇུག་དགྲ་བླའི་དཔུང་དང་བཅས། །སྤྱན་འདྲེན་གཤེགས་བཞུགས་མཚན་མ་ལས་འདས་ཀྱང་། །འགག་མེད་སྒྱུ་འཕྲུལ་རོལ་པས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཚུན་རྣམས་བཛྲ་ས་མཱ་ཛཿ བཞི་པ་སྦྱང་ཁྲུས་ལ་གཉིས་ལས། དང་པོ་སྦྱང་བ་ནི། སྔགས་དྲུག་ཕྱག་དྲུག་གམ་བསྡུ་ན། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། གང་ལྟར་ཡང་། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་བཀུག་ལ། སྦྱོང་ཆས་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མ་སོགས། གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱཿ ཞེས་དང་། ཨོཾ་སུམྦྷ་ནི་སོགས་ལན་གསུམ་རེ་དང་། ཧཱུྃ། མ་རིག་གཉིས་འཛིན་འཁྲུལ་པའི་བདུད། །གསོན་འདྲེ་ཤི་གཤེད་བྱེད་པའི་བགེགས། །མཚུན་མིན་མཚུན་དུ་རྫུ་བའི་འདྲེ། །ནག་ཕྱོགས་བགེགས་རིགས་འབྱུང་པོས་ཉོན། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །ལན་ཆགས་ཚིམ་བྱེད་མཁོ་རྒུའི་གཏེར། །མི་ཟད་ནམ་མཁའི་མཛོད་ཆེན་པོ། །འདོད་ཡོན་གླུད་ཀྱི་གཏོར་མ་འདི། །དགའ་ཞིང་མགུ་བས་རོལ་ནས་ཀྱང་། །གནས་འདིར་མ་འདུག་གཞན་དུ་དེངས། །མཐའ་མེད་རྒྱ་མཚོའི་གླིང་དུ་སོང་། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །ང་ནི་པདྨ་དབང་ཆེན་སྐུ། ཁམས་གསུམ་འདི་ན་སུ་ཡང་རུང་། །ང་ལས་ཆེ་བཙན་སུ་ཡང་མེད། །འོད་གསལ་དབྱིངས་ཀྱི་ངང་ཉིད་དུ། །དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས། །ཡེ་ཤེས་འབར་བའི་མཚོན་ཆ་ཡིས། །རྡུལ་དུ་བརླག་པར་གདོན་མི་ཟ། །དྲག་སྔགས་བཟླ་ཞིང་གཏོར་མ་ཕྱིར་དོར། སྲུང་འཁོར་གསལ་གདབ་ལ། ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འཕྲོས་པའི་འོད་ཀྱིས་ཕྱོགས་མཚམས་ཀུན། །གཟུང་འཛིན་མཚན་མས་མི་ཕྱེད་པའི། །རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ། །ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ གཉིས་པ་ཁྲུས་ལ་གཉིས་ཀྱི་དང་པོ་མཆོག་ཁྲུས་ནི། སྤྲོ་ན། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །གསང་འཛིན་དབང་པོ་མཁན་ཆེན་ཞི་བ་འཚོ། །ཐུགས་རྗེ་ཆེ་དངོས་པད་འབྱུང་ཡབ་ཡུམ་དང་། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་སོགས། །རྩ་གསུམ་ཡེ་ཤེས་མཚུན་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཀ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། གཉིས་པ་བཀྲུ་ཞིང་དུག་ཕྱུང་བ་ནི། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །མཚུན་རྣམས་དྲི་མ་དག་གྱུར་ཅིག  །འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་མོངས་དྲི་མ་སྦྱོང་མཛད་པ། །ཕར་ཕྱིན་ཆུ་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཁྲུས་བགྱི་འོ།  །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །མཚུན་རྣམས་ཀུན་ལ་དུག་མེད་ཤོག །ཅེས་དེ་དག་ཕྱག་ལེན་ཚུལ་བཞིན་བྱ་ཞིང་། བསྡུ་ན་འབྱུང་ལྔའི་གྲིབ་སེལ་སྔགས་ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླས་པ་ཙམ་གྱིས་འཐུས་པར་སེམས་སོ། །རྗེས་འབྲེལ་དུ་སྤྲོ་ན་བསང་ནི། མེ་ཐབ་ཏུ་མཆོད་རྫས་བསྲེགས་ལ། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཀྱཻ། སྐྱེ་མེད་སྟོང་པ་སྤྲོས་བྲལ་དབྱིངས། །འགག་མེད་ཐབས་ཀྱི་ཆོ་འཕྲུལ་ལས། །ཡེ་ཤེས་བདུད་རྩིའི་ཤིང་ལྔ་བྱུང་། །འབྱུང་ལྔ་ཡུམ་ལྔའི་མེ་རླུང་སྦྱར། །ཉེས་ལྟུང་ཉམས་གྲིབ་ཡོངས་སུ་སྦྱོང་། །འདོད་ཡོན་མཆོད་སྤྲིན་མཁའ་ལ་འཕྲོ། །རང་བྱུང་ལྷུན་གྲུབ་ཕྱག་རྒྱ་ཆེ། །སྤྲོ་བསྡུ་ཡིད་བྱེད་བློ་ལས་འདས། །རྩ་གསུམ་འཁོར་འདས་སྣང་སྲིད་མགྲོན། །སྤྱན་འདྲེན་གཤེགས་བཞུད་མི་དམིགས་ཀྱང་། །བྱ་རྩོལ་བྲལ་བ་དབྱིངས་ཀྱི་སྦུབས། །རིག་པ་ཡེ་ཤེས་ཐིག་ལེར་ཤར། ཁྱབ་བརྡལ་བདེ་ཆེན་སྤོས་སྤྲིན་འདིས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །ཧྲཱིཿ བདེ་ཆེན་ཁྱབ་བདག་པདྨ་འབྱུང་། །བརྒྱུད་གསུམ་བླ་མའི་མཚུན་རྣམས་བསང་། །བསྟན་པའི་སྒྲོན་མེ་ཞི་བ་འཚོ། །རིས་མེད་བླ་མའི་མཚུན་རྣམས་བསང་། །སྟོང་ཉིད་དབྱིངས་ཡུམ་མཚོ་རྒྱལ་མ། །མཁའ་འགྲོ་རྒྱ་མཚོའི་མཚུན་རྣམས་བསང་། །མཁྱེན་རབ་དཔའ་བོ་ཁྲི་སྲོང་རྗེ། །ཆོས་རྒྱལ་བློན་འཁོར་མཚུན་བཅས་བསང་། །མདོ་སྒྱུ་སེམས་དང་སྒྲུབ་སྡེ་བརྒྱད། །ཡི་དམ་མཁའ་འགྲོ་འཁོར་བཅས་བསང་། །ལེགས་ལྡན་དགྲ་བླ་བཅུ་གསུམ་དང་། །གེ་སར་ལྷ་མིའི་མཚུན་བཅས་བསང་། །ཕྱི་ནང་བར་ཆད་ཀུན་ཞི་ཞིང་། །གཞན་སྣང་ཟིལ་གྱིས་ནོན་པ་དང་། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ཡི། །འདོད་རྒུའི་མཚུན་གཡང་དབང་དུ་སྡུས། །གོ་བཙན་རྟ་མགྱོགས་མཚོན་རྣོ་ཞིང་། །དཔའ་རྩལ་མངའ་ཐང་རྒྱས་པར་མཛོད། །རྟོག་བྲལ་ཏིང་འཛིན་འོད་གསལ་མདངས། །རང་བྱུང་ཡེ་ཤེས་མཆོད་སྤྲིན་ཆེས། །འཁོར་འདས་སྣོད་བཅུད་གཉིས་འཛིན་བསང་། །དག་མཉམ་ཆེན་པོར་མངའ་གསོལ་ལོ། །འདོད་རྒུའི་རོལ་མོའི་སྤྲིན་གྱིས་མཆོད། །གཉིས་མེད་བདེ་བ་ཆེན་པོར་བཞེས། །མཆོད་བྱ་མཆོད་བྱེད་ཐམས་ཅད་ཀུན། །བྱར་མེད་ཆེན་པོར་མངའ་གསོལ་ལོ། །སྲིད་ཞིའི་མཚུན་རིགས་ཐམས་ཅད་ཀུན། །གདོད་ནས་དག་པ་ཀུན་བཟང་གཤིས། །དབྱིངས་རིག་དབྱེར་མེད་འོད་གསལ་ངང་། །རྫོགས་པ་ཆེན་པོར་མངའ་གསོལ་ལོ། །ལྔ་པ་དབང་བསྐུར་ཞིང་རྒྱན་དང་གདན་འབུལ་ནི། ཧྲཱིཿ མི་འགྱུར་སྙིང་པོ་འཕེལ་འགྲིབ་བྲལ་བའི་དབྱིངས། །འཁོར་འདས་ཁྱབ་བརྡལ་ཆེན་པོའི་དཀྱིལ་འཁོར་ལྷ། །རྣམ་དག་ལྷུན་གྲུབ་རྡོ་རྗེའི་སྐུ་གསུང་ཐུགས། །ཕུང་ཁམས་ཡེ་ཤེས་ལྔ་རུ་ཡེ་ནས་རྫོགས། །ཨོཾ་ཨཱཿཧཱུྃ། ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཧྲཱིཿ སེང་གེ་རིན་ཆེན་ལ་སོགས་མཛེས་པའི་ཁྲི། །ཟ་འོག་སྣ་ཚོགས་སྲབ་འཇམ་ཡངས་པའི་གོས། །རིན་ཆེན་རྒྱན་ཕྲེང་ཡིད་འོང་སྤེལ་ལེགས་སོགས། །དགྱེས་པར་བཞེས་ལ་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དྲུག་པ་མཆོད་པ་ལ་གསུམ་ལས། དང་པོ་ཕྱི་མཆོད་ནི། ཧཱུྃ་ཧྲཱིཿ ཡན་ལག་བརྒྱད་ལྡན་དྭངས་བསིལ་མཆོད་ཡོན་མཚོ། །དག་པ་བདུད་རྩིའི་ཁྲུས་ཆབ་ཡིད་འོང་སྦྲེང་། །ཕྲེང་མཛེས་མེ་ཏོག་ཚལ་གྱི་ལང་ཚོ་བཞད། །དྲི་ཞིམ་ངད་ལྡན་སྤོས་སྤྲིན་བར་སྣང་ཁྱབ། །སྣང་གསལ་མར་མེ་ཉི་ཟླའི་འོད་མདངས་འབར། །ཡིད་འོང་བདེ་བ་བསྐྱེད་པ་བྱུག་པའི་ཆབ། །རོ་བརྒྱ་ནུས་ལྡན་ཞལ་ཟས་ལྷུན་པོར་སྤུང་། །གླུ་དབྱངས་རོལ་མོའི་ཟློས་གར་བསམ་མི་ཁྱབ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ། འཁོར་ལོས་བསྒྱུར་བའི་རིན་ཆེན་འབྱོར་པ་བདུན། །རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྫས་མཆོག་བརྒྱད། །མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་དང་། །གླིང་བཞིའི་དཔལ་འབྱོར་སྲིད་ན་འདོད་རྒུའི་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཛོད་ཆེན་པོ། །གུས་པས་འབུལ་ལོ་བཀྲ་ཤིས་དགེ་ལེགས་སྩོལ། །ཨོཾ་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་རྒྱ་དང་བཅས་འབུལ། གཉིས་པ་ནང་མཆོད་འབུལ་བར་སྤྲོ་ན། ཕུད་སྣོད་བཏེགས་ལ། ཧཱུྃ་ཧྲཱིཿ རང་སྣང་ལྷུན་གྲུབ་དབྱིངས་ཀྱི་སྣོད་མཆོག་ཏུ། །རང་བྱུང་རྣམ་དག་རྩ་བརྒྱད་སྟོང་སྦྱར་བའི། །ཡེ་ཤེས་ལྔ་ལྡན་ཉོན་མོངས་གདུང་སེལ་མཆོག །ཟག་མེད་བདེ་ཆེན་བདུད་རྩིའི་གསེར་སྐྱེམས་འདི། །རྩ་གསུམ་ཆོས་སྐྱོང་དགྲ་བླ་མཚུན་རྣམས་ཀྱིས། །དགྱེས་པར་བཞེས་ལ་འདོད་རྒུའི་དངོས་གྲུབ་སྩོལ། །པཉྩ་ཨ་མྲྀཏ་ཁཱ་ཧི། འདོད་ཡོན་གཏོར་མའི་མདོས་ཀྱི་མཆོད་པ་ནི། ཀྱཻ། སྐྱེ་མེད་སྤྲོས་བྲལ་འོད་གསལ་ལ། །འཕོ་འགྱུར་མཚན་མ་ལས་འདས་ཀྱང་། །འགགས་མེད་རང་བྱུང་ལྷུན་གྱིས་གྲུབ། །ཕྱི་ནང་དབྱིངས་ཀྱི་གཏོར་གཞོང་དུ། །འབྱུང་ལྔ་རིམ་བརྩེགས་ཡུམ་ལྔའི་ཀློང་། །ཙིཏྟ་འབར་བའི་གཏོར་ཆེན་བཤམས། །ཡེ་ཤེས་ལྔ་ཡི་འོད་ཟེར་ལས། །འདོད་ཡོན་རྒྱ་མཚོ་ནམ་མཁའ་མཛོད། །གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ། །རྟག་པ་རྡོ་རྗེའི་ཆོ་འཕྲུལ་གྱིས། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཤར། །རི་རབ་གླིང་བཞི་བཀོད་པས་བརྗིད། ཁང་བཟང་སྐྱེད་ཚལ་རྒྱན་གྱིས་མཛེས། ཁྱུང་འབྲུག་སེང་གེ་ཉི་ཟླས་བརྒྱན། །དུས་དྲུག་འབྱུང་ལྔའི་ཁམས་ཀྱི་གཟུགས། །ཤ་བ་རྐྱང་དང་གཡག་ལུག་ར། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །མདའ་བཀྲ་སྐྱེས་པ་ཐབས་ཀྱི་ཡབ། །འཕང་བཀྲ་མོ་བཙུན་ཤེས་རབ་ཡུམ། །གཉིས་མེད་རྒྱང་བུ་དར་སྣས་བརྒྱན། །རྟ་ནོར་ར་ལུག་གོ་མཚོན་གཏེར། །རིན་ཆེན་འབྲུ་སྨན་དར་ཟབ་གོས། །སྲིད་ཞིའི་འབྱོར་ཚོགས་དཀོར་ཆས་གཏམས། །ཟག་མེད་བདེ་ཆེན་དམ་ཚིག་རྫས། །རྨད་བྱུང་བཟའ་བཏུང་ཆར་དུ་འབེབ། །བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེས། །རྩ་གསུམ་རྒྱ་མཚོའི་ཐུགས་དམ་བསྐང་། །དགྲ་བླ་མཚུན་རྣམས་མཉེས་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །དབུལ་ཕོངས་ཉམས་རྒུད་ཞི་བ་དང་། །དཔལ་འབྱོར་ལོངས་སྤྱོད་རབ་རྒྱས་ནས། །ཡིད་ལ་འདོད་རྒུ་དབང་དུ་སྡུས། །ཕྱི་ནང་རྐྱེན་ངན་བར་ཆད་ཟློགས། །བདེ་ལེགས་བཀྲ་ཤིས་མཛད་དུ་གསོལ། །མ་ཧཱ་བ་ལིཾ་ཏ་སརྦ་པཱུ་ཛི་ཏེ་ཨ་ཧཱུྃ། གསུམ་པ་གཉིས་མེད་ཡེ་ཤེས་ཀྱི་མཆོད་པ་ནི། ཨཿ མཐའ་བྲལ་ཡེ་ཤེས་དབྱིངས་ཀྱི་ཆོ་འཕྲུལ་ལས། །ཅིར་ཡང་འཆར་བ་ཀུན་བཟང་མཆོད་པའི་སྤྲིན། །འཕེལ་འགྲིབ་བྲལ་བ་ནམ་མཁའི་རྒྱན་དུ་ཤར། །དམིགས་གཏད་མཚན་འཛིན་བརྗོད་མེད་བློ་ལས་འདས། །དྷརྨ་དྷཱ་ཏུ་ཨཿ བདུན་པ་གཡང་འགུགས་པ་ནི། བདག་བསྐྱེད་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྩ་གསུམ་རྒྱ་མཚོ་མཚུན་རིགས་དགྲ་བླའི་ཚོགས་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་འོད་ཟེར་སྣ་ཚོགས་ནམ་མཁའ་གང་བར་འཕྲོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚུན་གྱི་ཕྱྭ་གཡང་དངོས་གྲུབ་ཐམས་ཅད་འཇའ་འོད་ཐིག་ལེའི་རྣམ་པར་བསྡུས་ཏེ་རྟེན་སྒྲུབ་པའི་རྫས་ལ་ཐིམ་པར་གྱུར། མདའ་དར་གཡབ་ཅིང་སྤོས་དང་རོལ་མོ་དབྱངས་སྙན་པོས། ཧཱུྃ་ཧྲཱིཿ བཀྲ་ཤིས་འོད་གསལ་འབར་བའི་ཞིང་ཁམས་ནས། །དྭངས་མ་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ། །མི་འགྱུར་མི་ཤིགས་བདེ་ཆེན་རྡོ་རྗེའི་ལྷ། །རིགས་ཀུན་ཁྱབ་བདག་པདྨ་སཾ་བྷ་ཝ། །བསྟན་པའི་མངའ་བདག་མཁན་ཆེན་ཞི་བ་འཚོ། །ཤེས་རབ་དབྱིངས་ཀྱི་ཡུམ་ཆེན་མཚོ་རྒྱལ་མ། །ཐབས་ཀྱི་དཔའ་བོ་ཆོས་རྒྱལ་ཁྲི་སྲོང་རྗེ། །གཉིས་མེད་རྩ་གསུམ་རབ་འབྱམས་དགྲ་བླའི་དཔུང་། །གནོད་སྦྱིན་ལྷ་ཀླུ་དཀར་ཕྱོགས་སྐྱོང་བའི་སྡེ། །འཁོར་འདས་མཉམ་ཉིད་མཚུན་རིགས་རྒྱ་མཚོའི་ཚོགས། །ཞལ་བཞེས་ཐུགས་དམ་ཟབ་མོ་རྗེས་དགོངས་ལ། །ཡེ་ཤེས་གཟི་བྱིན་ཐུགས་རྗེས་ནུས་རྩལ་སྐྱེད། །བཀྲ་ཤིས་ཡིད་འོང་དགེ་བའི་གནས་འདི་རུ། །མཚུན་གཡང་འདོད་རྒུའི་དངོས་གྲུབ་ཆར་བཞིན་ཕོབ། །རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ཞིང་ཁམས་ནས། །མི་ཟད་ཡོན་ཏན་རྒྱན་གྱི་མཚུན་གཡང་ཁུག །སྟོང་གསུམ་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི། །སྣོད་བཅུད་དཔལ་གྱི་འབྱོར་པའི་མཚུན་གཡང་ཁུག །རིམ་དགུའི་ཐེག་པ་ལུང་རྟོགས་ཡོན་ཏན་མཛོད། །མི་ནུབ་དར་ཞིང་རྒྱས་པའི་མཚུན་གཡང་ཁུག །ཆོས་ལྡན་སྟོབས་རྩལ་སྲིད་གསུམ་ཟིལ་གནོན་པའི། །ཕོ་བརྒྱུད་མངོན་པར་བཀྲ་བའི་མཚུན་གཡང་ཁུག །དད་བརྩོན་སྙིང་རྗེ་བུ་ནོར་ཕུན་སུམ་ཚོགས། །མ་ལྷ་མོ་སྨན་དཔལ་གྱི་མཚུན་གཡང་ཁུག །དྲི་ཟའི་ལང་ཚོ་རྒྱ་ནག་ཁྲིམས་གཡང་ཁུག །གྲུལ་བུམ་དབྱངས་སྙན་རྒྱ་གར་ཆོས་གཡང་ཁུག །ཀླུ་དབང་ནོར་བུ་སྟག་གཟིག་ནོར་གཡང་ཁུག །གནོད་སྦྱིན་བུམ་བཟང་གེ་སར་རྩལ་གཡང་ཁུག །ཟས་གོས་རྒྱན་གྱིས་འབྱོར་པའི་མཚུན་གཡང་ཁུག །གསེར་དངུལ་ཇ་དར་ཕྱུག་པའི་མཚུན་གཡང་ཁུག །འབྲུ་ནོར་རྐང་བཞི་འཕེལ་བའི་མཚུན་གཡང་ཁུག །ལས་བཞི་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་ཧྲཱིཿམཱུཾ་ཧཱུྃ་དྷཱིཿ འཁོར་འདས་སྣོད་བཅུད་ཀྱི་དཔལ་དང་མཚུན་གཡང་སརྦ་ནྲྀ་བྷྲཱུྃ་ཛཿཛཿ སིདྡྷི་ཕ་ལ་ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་སྟོང་སོགས་ཅི་ནུས་བཟླ་འོ། །ཚོགས་ཆད་བརྟན་ཡོད་ན་འདིར་བྱ། བརྒྱད་པ་བརྟན་བཞུགས་ནི། ཨོཾ། ཐབས་ཀྱི་མདའ་ལ་ཤེས་རབ་ཡུམ་གྱི་སྒྲོ། །ལས་བཞི་ལྷུན་གྲུབ་དར་སྣའི་ཅོད་པན་འཕུར། །སྒྲིབ་བྲལ་ཡེ་ཤེས་མེ་ལོང་བླ་གཡུས་བརྒྱན། །སྔགས་བྱང་བཅུད་ཀྱིས་དྲིལ་བའི་རྟེན་རྫས་འདིར། །གཉིས་མེད་དགྱེས་པ་ཆེན་པོས་བརྟན་པར་བཞུགས། །སྲིད་ཞིའི་དགེ་མཚན་རྒྱས་པའི་བཀྲ་ཤིས་སྩོལ། །ཡེ་དྷར་དང་། ཨོཾ་ཨཱཿཧཱུྃ་མཚུན་རྣམས་ཏིཥྛ་བཛྲ། ཞེས་བརྗོད་ཅིང་དབེན་པར་བཞག འབྲོག་སྦྲ་ཁྱིམ་པ་ལྟ་བུའི་མ་བདེ་ན་ཙིཏྟ་གཡང་ཁུག་ཏུ་གཞུག་ལ་ལྷག་མ་རྣམས་ཡ་ཆོན་མགོར་འབུལ་ལོ། །རྗེས་རྫོགས་རིམ་ནི་དཔོན་སློབ་ཀུན་ལ་ཁུ་ཡེ་འགྱེད་ཅིང་། ཨ་ལ་ལ་ཧོཿ ཕྱི་འདོད་ཡོན་རྒྱ་མཚོས་ཞིང་ཀུན་ཁྱབ། །ཡུལ་འཁོར་འདས་མཉམ་ཉིད་ངང་དུ་མཉེས། །ནང་ཟག་མེད་བདུད་རྩིའི་སྲེག་བླུག་རོལ། །ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་མཉེས། །དོན་ཅིར་ཡང་ཤར་ཞིང་ཅི་ཡང་འདུ། །དབྱིངས་གཞོན་ནུ་བུམ་སྐུའི་ཀློང་དུ་རྫོགས། །ཞེས་རོལ་མོའི་སྒྲ་དང་བཅས་གང་ཤར་ཉམས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་གཞག་གོ། །།འཕྲོས་དོན་ནི། མཚུན་བཅོས་ཞེས་བྱ་བ་གཤིན་པོའི་བླ་མཆོད་པ་ཡིན་འདུག་ལ། བླ་ཁེར་རྐྱང་དུ་མཆོད་ནས་སྐྱབས་སུ་བཟུང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཞིང་ལོག་བོན་དང་ཆོས་མཚུངས་མོད། དེས་ན་རྩ་གསུམ་གཙོར་བཞག་པ་ལ་རྩ་གསུམ་མཚུན་ཞེས་མི་འཐད་དེ། བླ་བག་ཆགས་ལས་བྱུང་ཞིང་རྒྱལ་བ་རྣམས་དྲི་མ་དང་བྲལ་བའི་ཕྱིར་སྙམ་ན། འདི་ལྟ་སྟེ། ཆོས་དབྱིངས་གཡོ་བ་མེད་པའི་ངང་། འགྲོ་ལ་རྗེས་སུ་བརྩེ་བ་དེ་ལ་མཚུན་ཞེས་མིང་གི་མངོན་བརྗོད་ཐ་སྙད་ཙམ་དུ་བཏགས་པ་ཡིན་ནོ། །ཡང་བག་ཆགས་ལས་བྱུང་བའི་མཚུན་ཞེས་མ་རིག་པར་འདོད་དེ་ལྷ་གྲལ་དུ་འཇོག་པ་འཐད་དམ་ཞེ་ན། འཁོར་འདས་ཀུན་ལ་བདེ་གཤེགས་སྙིང་པོས་ཁྱབ་པ་མ་ཟད། དབང་བསྐུར་རྒྱས་གདབ་ཀྱིས་ལྷར་རུང་སྟེ་གཤིན་གསོན་གང་ཡང་དབང་གིས་སྨིན་པ་གསར་རྙིང་ཀུན་གྱིས་བཞེད། འོ་ན་ཕྱིར་འབྲང་ཅིའི་ཕྱིར་བསྐྲད་ཅེ་ན་དགོས་པ་དང་ལྡན་ཏེ། གདོན་བགེགས་དབང་གི་སྣོད་དུ་མི་རུང་བ་མ་ཟད། དཔེར་ན་སྒྲིབ་པས་ལྕི་བའི་གཤིན་པོ་འདྲེར་སྐྱེས་པ་སྣོད་དུ་མ་རུང་བ་ཞིག་ཡིན་ནའང་ལན་ཆགས་གཏོར་མས་སྦྱོང་ཞིང་གཤིན་གསོན་ཕྱེས་པས་གཤིན་གཅགས་དང་བྲལ་བ་ཡིན་ནོ། །བཅའ་གཞི་ལའང་། མཚུན་སྙིང་ནི་དགོས་ཁྱད་ཅན་དུ་སྣང་ཡང་ལུག་སྙིང་ཁོ་ན་དགོས་ངེས་མེད་དེ་དུས་གཅིག་ཏུ་མ་ངེས་ཤིང་མཚུན་ལུག་ཀྱང་དེ་ཡིས་ཤེས་སོ། །དེས་ན་འཁོར་འདས་ཀུན་གྱི་བྱེད་པོ་ཀུན་གཞི་ཉིད་ཡིན་བཞིན་མཚོན་ཏེ། ཙིཏྟ་པདྨ་འབར་བ་ལ་རུས་དྲུག་གི་བླ་གཟུགས་སོགས་དངོས་འབྱོར་གྱིས་བསྐོར་བ་ནི་སྣང་བ་ལ་རིག་པས་རྒྱས་ཐེབས་པ་བསྐྱེད་རྫོགས་ཀུན་གྱི་གནད་དམ་པར་ཤེས་བཞིན་ཕྱི་ནང་གསང་གསུམ་གྱི་གོ་དོན་དུ་བྱས་པས་དེར་འཐུས་སྙམ་པ་དང་། མཚུན་ལུག་མ་ཟད་རུས་དྲུག་གི་བླ་གཟུགས་ཡོད་མོད། ཅིས་ཀྱང་དགོས་པར་སེམས་ན་འཆི་ངེས་ཚེ་ཐར་རེ་གྱིས་དང་སྦྱིན་པའི་མཆོག་ཏེ་ཕ་རོལ་ཏུ་ཕྱིན་པས་སོ། །མཚུན་དྲུག་གི་ཚབ་ནི་ཆངས་བུ་གཅིག་གིས་ཀྱང་འཐུས་ཤིང་། མདའ་དར་ཉིད་རྟེན་དུ་རུང་བའི་མཆོག་སྟེ་མཚུན་ཤིང་གི་གོ་ཆོད་ངེས་དང་ལྷག་གོ །དེ་དག་མཁས་གྲུབ་རཱ་ག་ཨ་སྱའི་གསུང་དང་གཞི་མཐུན་པར་བྱས་པའི་ཚུལ་ཡིན་ལ་ཤེས་པར་བྱོས་ཤིག །ཅེས་པའང་སྦྱིན་བདག་འདོད་བསྐང་ཉེ་བར་མཁོ་བའི་ཆེད་དུ་ཉེ་གནས་ཐོས་པ་ཅན་འགྱུར་མེད་ཕན་བདེས་བསྐུལ་ངོར། སྒོམ་སྡེ་ཆོས་རྒྱལ་ཆེན་པོས་སྐྱོང་བའི་ཡུལ། སྐུ་ལྷ་བཙན་རྒྱལ་ཆེན་པོའི་ཞོལ་གནོད་སྦྱིན་དཀར་པོའི་སྦས་ཡུལ་ཡར་འཕེལ་ལུང་དུ་རིགས་འདུས་པདྨ་སཾ་བྷ་ཝའི་རྒྱལ་ཚབ། ༧གཏེར་ཆེན་མཆོག་གྱུར་གླིང་པའི་མཚན་སྙན་རྔ་ཡབ་དཀར་པོའི་གྲིབ་བསིལ་གྱིས་ཉེ་བར་འཚོ་བའི་སྐལ་པ་བཟང་པོ་ཅན་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོས་བྲིས་པ་དགེ་བས་འགྲོ་བ་རྣམས་ལ་སྨན་པའི་རྒྱུར་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཀུན་བཟང་ཐུགས་གཏེར་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ཕྲིན་ལས་བྱང་བུ་གྲུབ་གཉིས་ནོར་བུའི་རྒྱ་མཚོ་ (Volume 27, Text 19)

༄༅། །ཀུན་བཟང་ཐུགས་གཏེར་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ཕྲིན་ལས་བྱང་བུ་གྲུབ་གཉིས་ནོར་བུའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། འཁོར་འདས་ཀུན་ཁྱབ་རང་རིག་བྱང་ཆུབ་སེམས། །གདོད་ནས་དཔལ་ཆེན་འཁོར་ལོར་ཤར་བ་དེས། །བདེ་མཆོག་སྒྱུ་མའི་ཕྱག་རྒྱས་སྒོ་གསུམ་ལ། །བཏབ་ནས་གྲུབ་པ་གཅིག་པུའི་དབུགས་དབྱུང་སྩོལ། །གང་དེའི་སྒྲུབ་ཐབས་བཀའ་གཏེར་གྱི། །རིང་སྲོལ་རྒྱ་མཚོའི་སྙིང་པོའི་བཅུད། །མཆོག་གྲུབ་ཐུགས་ཀྱི་ཏི་ལ་ཀའི། །ཕྲིན་ལས་བཀླགས་པས་ཆོག་པ་བསྡེབ། །དེ་ལ་ཐོག་མར་དབེན་ཞིང་བྱིན་ཆགས་པའི་གནས་སུ་རྟེན་དང་སྒྲུབ་རྫས་སོགས་སྐབས་སུ་བབས་པའི་གཏོར་མཆོད་རྣམས་ལེགས་པར་ཚོགས་ནས། ཕྱི་ནང་གསང་བའི་ཁྲུས་བྱ་བར་གསུངས་པས་དེ་ལྟར་རམ། རྡོར་སེམས་ཧེ་རུ་ཀའི་སྒོམ་བཟླས་ཙམ་གྲུབ་ན་ལེགས། ཕྲིན་ལས་ཀྱི་གཞུང་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་ལྔ། ཐོག་མར་ཀུན་རྫོབ་ཏུ་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་ཆེན་པོས་ཁྱབ་པར་བྱས་ལ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་གྱི་སེམས་ལྔ་བསྐྱེད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ནས་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་རྣམས་ཀྱིས་སེམས་བསྐྱེད། གཉིས་པ་བགེགས་བསྐྲད་ཅིང་མཚམས་གཅད་པ་ནི། ཆོས་ཉིད་སྟོང་པའི་ངང་ལས་ནི༔ རང་རིག་ཧཱུྃ་དུ་གསལ་བ་ལས༔ འོད་ཀྱིས་སྣོད་བཅུད་དག་པར་སྦྱངས༔ ཚུར་འདུས་ཧཱུྃ་ཉིད་གྱུར་པ་ལས༔ བདག་ཉིད་རྡོ་རྗེ་སེམས་དཔར་བསམ༔ ཨོཾ་བཛྲ་ཡཀྵ་ནཱི་ལམ་བ་ར་དྷ་ར་ད་ཧ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཐུགས་ལས་རྡོ་རྗེ་གནོད་སྦྱིན་ཚོགས༔ འཕྲོས་པས་བགེགས་ཚོགས་བསྐྲད་པར་བྱ༔ ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཛྭ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ཧཱུྃ༔ རང་བཞིན་དག་པའི་ཆོས་རྣམས་ལ༔ སངས་རྒྱས་སེམས་ཅན་གཉིས་མེད་དེ༔ མ་རྟོགས་པ་དང་ལོག་པར་རྟོག༔ ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས༔ ལྟ་བ་ས་འཕངས་དམས་པ་དང༔ སེམས་ཀྱི་མདུད་པས་བཅིངས་པ་ཡིས༔ བཞི་སྟོང་གཅིག་ལ་བར་ཆད་བྱེད༔ སེམས་ཀྱི་དོན་རྣམས་མ་རྟོགས་ཤིང༔ ཇི་ལྟར་བསྟན་ཀྱང་མ་གོ་བ༔ འདི་རུ་འདུག་པའི་སྐལ་མེད་ཀྱིས༔ ས་ཕྱོགས་འདི་རུ་གནས་མ་བྱེད༔ ལུང་ཆེན་འདི་ལས་ཁྱེད་མ་འདའ༔ གསང་བ་འདི་ལས་ཁྱེད་འདས་ན༔ དེ་བཞིན་གཤེགས་པའི་བཀའ་བཅག་པས༔ ལུས་ངག་སེམས་བཅས་བརླག་པར་འགྱུར༔ དེ་བས་མ་གནས་གཞན་དུ་དེངས༔ ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་མུ་ལ་ཙུ་ལ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཛྙཱ་ན་ཛྭ་ལ་རཾ༔ ཞེས་ང་རྒྱལ་བརྟན་པོས་བཀའ་བསྒོ་ཞིང་གུ་གུལ་ཡུངས་ཐུན་རོལ་མོའི་སྒྲ་དང་བཅས་པས་བར་དུ་གཅོད་པ་ཐམས་ཅད་བསྐྲད་ལ། ཧཱུྃ༔ མི་རྟོག་ཡེ་ཤེས་བགེགས་བསལ་ནས༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ༔ རྫོགས་པའི་ཡེ་ཤེས་མཚམས་བཅད་དོ༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཁྲོ་བོ་ཕྱག་མཚན་གུར་དུ་གཏམས༔ ཕྱི་རོལ་ཡེ་ཤེས་མེ་རུ་འབར༔ ཅེས་དོན་དམ་དང་ཀུན་རྫོབ་ཀྱི་སྲུང་འཁོར་བརྟན་པོས་མཚམས་བསྲུང་། གསུམ་པ་ཚོགས་གསག་པ་ནི། བཛྲ་ས་མ་ཡ་ཛ༔ ཞེས་རྡོ་རྗེ་བསྡུ་བའི་རྒྱ་བྱས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་དྲངས་གཤེགས་སུ་གསོལ་བ་མི་མངའ་ཡང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན༔ མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ངེས་པའི་དོན་སྟོན་ཡེ་ཤེས་འབྱུང་བའི་མཛོད༔ མ་རིག་མུན་པ་སེལ་བའི་ཡེ་ཤེས་སྒྲོན༔ དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཚེ་རབས་སྔོན་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ དུས་གསུམ་རྒྱལ་བའི་ཡོན་ཏན་གཏེར་འཛིན་པ༔ སྒྲུབ་མཆོག་ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ༔ རྡོ་རྗེ་སྲིན་པོའི་ཚོགས་ལ་ཕྱག་འཚལ་ལོ༔ སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ༔ མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག༴ ཁྲོ་བས་ལོངས་སྤྱོད་མཛད་ལ་ཕྱག༴ རྡོ་རྗེ་འདུ་འཕྲོའི་ཚོགས་ལ་ཕྱག༴ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པའི་ལྷ༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པཱུ་ཧོ༔ གཉིས་མེད་དོན་གྱི་ངོ་བོ་ལ༔ སྤྲོས་པའི་མཚན་མ་མི་མངའ་ཡང༔ བདེ་མཆོག་ཡེ་ཤེས་རོལ་པར་བསྒྲུབ་སླད་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱི་ནང་དངོས་འབྱོར་ཡིད་ལས་བྱུང༔ ཀུན་བཟང་མཆོད་སྤྲིན་རབ་འབྱམས་ཀྱིས༔ དུས་གསུམ་འདུ་འབྲལ་མེད་པར་མཆོད༔ བཛྲ་སཏྭ་པྲ་ཏཱིཙྪ་དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ༔ བཛྲ་ལཱ་སེ་ཧཱུྃ༔ བཛྲ་མཱ་ལེ་ཏྲཱཾ༔ བཛྲ་གཱིརྟི་ཧྲཱི༔ བཛྲ་ནཱིརྟི་ཨཱ༔ བཛྲ་པཉྩ་ཨ་མྲྀཏ་པཱུ་ཙ་ཨཱཿཧཱུྃ༔ བཛྲ་བོ་དྷི་ཙིཏྟ་པཱུ་ཙ་ཨཱཿཧཱུྃ༔ སྤྲོས་པའི་མཚན་མ་མི་མངའ་ཡང༔ སེམས་ཅན་ཐར་པའི་ལམ་འདྲེན་ཕྱིར༔ གཟུགས་སྐུར་བསྟན་པ་ཁྱེད་ལ་བསྟོད༔ འཁོར་བ་ཐོག་མ་མེད་པ་ནས༔ སྡིག་པ་བདག་གིས་བགྱིས་པ་དང༔ བགྱིད་དུ་བདག་ནི་བསྩལ་པ་དང༔ བགྱིད་པ་དག་ལ་རྗེས་ཡི་རང༔ དེ་དག་སོ་སོར་བཤགས་པར་བགྱི༔ ཕྱོགས་བཅུའི་སངས་རྒྱས་སྒྲུབ་པ་དང༔ བྱང་ཆུབ་ལམ་ལ་ཞུགས་པ་དང༔ གཞན་དག་དགེ་བ་བགྱིད་པ་ལ༔ དད་པས་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སུ༔ སྐལ་དང་ལྡན་པའི་སེམས་ཅན་ལ༔ ཞི་དང་ཁྲོ་བས་གང་འདུལ་བའི༔ རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱལ་བ་འཁོར་དང་བཅས་པ་རྣམས༔ ཇི་སྲིད་སྣང་བ་གནས་ཀྱི་བར༔ དེ་སྲིད་མྱ་ངན་མི་འདའ་བར༔ འདུལ་བའི་དབང་གིས་བཞུགས་སུ་གསོལ༔ སངས་རྒྱས་རྣམས་དང་དེས་གསུང་ཆོས༔ བྱང་སེམས་འཕགས་པའི་དགེ་འདུན་ལ༔ དུས་འདི་ཉིད་ནས་བཟུང་ནས་ནི༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རླུང་རྩ་དྲོད་དང་ཐིག་ལེའི་བདེ་བ་ལ༔ མ་ནོར་རིམ་གྱིས་བསྒོམས་ནས་སུ༔ འོད་གསལ་སྤྲོས་བྲལ་ཟུང་འཇུག་པའི༔ ཕྱག་རྒྱ་ཆེན་པོའི་ལམ་འདི་བསྟེན་པར་བགྱིའོ༔ བསགས་པའི་དགེ་བ་ཐམས་ཅད་དང༔ མོས་པ་གཞན་ལ་བགྱིས་པ་རྣམས༔ འགྲོ་བ་ཀུན་གྱི་དོན་སླད་དུ༔ བདག་གིས་ཡོངས་སུ་བསྔོ་བར་བགྱིའོ༔ ཞེས་པ་རྣམས་ཀྱིས་བསགས་སྦྱོང་སྤེལ་གསུམ་བྱས་ལ་མཐར། དཔང་པོ་དགྱེས་པས་འོད་དུ་ཞུ༔ བདག་ལ་ཐིམ་པས་སྡིག་སྒྲིབ་དག༔ ཡེ་ཤེས་གཟི་བྱིན་ལྡན་པར་གྱུར༔ ཅེས་བསྒོམ། བཞི་པ་སྨན་གཏོར་རཀྟ་ཕྱི་མཆོད་རྣམས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་དག་པར་སྦྱངས༔ བྷནྡྷའི་སྣོད་ནང་ཟླ་སོགས་སྟེང༔ འབྲུ་ལྔ་རིགས་ལྔ་ཡབ་ཡུམ་བཅས༔ སྦྱོར་བའི་བྱང་སེམས་བདུད་རྩིར་དབབ༔ སྣོད་བཅུད་ཡོངས་སུ་བདུད་རྩིར་བསྐྱིལ༔ དཔང་པོའི་ཚུལ་དུ་དབང་ཆེན་སྐུ༔ ཤེས་རབ་བཅས་པས་བདུད་རྩི་སྲུང༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། བདུད་རྩི་མྱང་ལ། བདག་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱང་བར་གྱུར༔ གནས་ཁང་མཆོད་རྫས་རྣམས་ལ་འཐོར། མཆོད་པའི་ཡོ་བྱད་དམ་ཚིག་གི་རྫས་རྣམ་པར་དག་པས་ནམ་མཁའ་གང་བར་གྱུར༔ ཕྱོགས་བཅུར་འཐོར་ལ། བདུད་རྩིའི་རྡུལ་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པས་བགེགས་ཐམས་ཅད་ཚར་བཅད་ཅིང་སྲུང་བའི་གུར་ཁང་དུ་གྱུར༔ འབྲུ་གསུམ་འོད་ཀྱིས་གཏོར་མ་དག༔ སྦྱངས་བསྒྱུར་འདོད་ཡོན་ལྔ་ལྡན་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་པཱུ་ཛ་ཧཱུྃ༔ ལན་གསུམ། ར་ལས་ཁྲག་གི་རྒྱ་མཚོ་ཆེ༔ འདོད་ཆགས་དག་པའི་ངོ་བོར་བསམ༔ མ་ཧཱ་རཀྟ་ཛྭ་ལ་ཧཱུྃ༔ ལན་གསུམ། ཕྱི་ལྔ་རང་རང་ལྷ་མོའི་ཚོགས༔ དཔག་མེད་སྤྲིན་ལྟར་འཁྲིགས་པ་འོ༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལྔ་པ་ཚད་མེད་བསྒོམ་པ་ནི། སྙིང་རྗེས་སྡུག་བསྔལ་གཅོད་པར་བྱེད༔ བྱམས་པས་ཀུན་ལ་སྐྱོབ་པ་སྟེ༔ བྱང་ཆུབ་སེམས་དང་ལྡན་པས་དགའ༔ གཟུང་འཛིན་བྲལ་བའི་དོན་ལ་གནས༔ དོན་དམ་པ་ཡི་བཏང་སྙོམས་སོ༔ ཞེས་བསྒོམ་དོན་ཡིད་ལ་བཀོད་ནས་ཚིག་གིས་གསལ་འདེབས་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་པ་རྣམས་ཀྱིས་སྔོན་འགྲོ་སོང་། གཉིས་པ་དངོས་གཞི་ལ་གཉིས། ཞི་བར་བསྙེན། ཁྲོ་བོར་སྒྲུབ་པའོ། །དང་པོ་ལ་བསྐྱེད་པའི་རྣལ་འབྱོར་ནི། ཨ༔ སངས་རྒྱས་ཚེ་འདིར་སྒྲུབ་པའི་ཕྱིར༔ སྐུ་གསུམ་ས་ལ་གོམས་པར་བྱ༔ རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག༔ ཐིག་ལེ་ཡེ་ཤེས་གཅིག་པ་ཡི༔ མི་གནས་ཡེ་ཤེས་ཆེན་པོ་བསྒོམ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ དང་པོར་ཆོས་ཀྱི་དབྱིངས་ཉིད་ལ༔ དམིགས་པ་མེད་པའི་དོན་གྱིས་བསྒོམ༔ མི་དམིགས་ཆོས་དབྱིངས་དེ་ཉིད་དོ༔ མ་ཧཱ་སུ་ཁ་ཧཱུྃ༔ རང་རིག་སྤྲོས་བྲལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུའི་ངང་དུ་བློ་བཞག་པ་ནི་དེ་བཞིན་ཉིད་དོ། །སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས༔ ཐམས་ཅད་མ་ལུས་ཡོངས་ལ་ཁྱབ༔ རང་བཞིན་འོད་གསལ་ཀུན་ཏུ་སྣང༔ ཙིཏྟ་སྭ་བྷཱ་བ༔ རིག་པ་རང་བཞིན་གྱིས་འོད་གསལ་བ་ཉི་མའི་སྙིང་པོ་ལྟ་བུའི་མདངས་རྩལ་ཀུན་ཁྱབ་སྙིང་རྗེ་ཆེན་པོར་ཤར་བ་ནི་ཀུན་སྣང་ངོ་། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ མ་སྐྱེས་ངང་ལས་མངོན་གསལ་བ༔ སེམས་ཀྱི་རང་བཞིན་ཡེ་ཤེས་གསལ༔ རྒྱུ་ཡི་ཡི་གེ་ཨ་རབ་གསལ༔ ཨ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་མདངས་ཨ་དཀར་པོ་ལམ་གྱིས་གསལ་བ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ནས་ས་བོན་རྣམས་རིམ་པར་སྤྲོས་ནས་རྟེན་བརྟེན་པ་བསྒོམ་པ་ནི། སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ཡཾ་བཾ་སུཾ་ལཾ་བྷྲཱུྃ༔ ཡིག་འབྲུ་ལྔ་ཡི་འཕྲོ་འདུ་ལས༔ ནམ་མཁའ་རླུང་དང་བདག་ཉིད་མཚོ༔ རིན་ཆེན་ས་གཞི་རི་རབ་མཛེས༔ ཡེ་ཤེས་མེ་འོད་ཀུན་ཏུ་འབར༔ བྷྲཱུྃ༔ ཅིར་ཡང་འགྱུར་བའི་ཡིག་འབྲུ་ལས༔ འཕྲོས་འདུས་རིན་ཆེན་གཞལ་ཡས་ཁང༔ ཡིད་བཞིན་རིན་ཆེན་ཟུར་བརྒྱད་ལྡན༔ སེང་གེ་གླང་ཆེན་རྟ་རྨ་ཏེའུ༔ རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྒྱུ་ཡི་ཡི་གེ་ཨ་རབ་གསལ༔ བྷྲཱུྃ་བྷི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་རཏྣ་མཎྜ་ལ་བྷྲཱུྃ༔ ཨ༔ ནམ་མཁའི་དཀྱིལ་ནས་ཡེ་ཤེས་ཤར༔ འཕྲོ་འདུས་གསལ་བར་གྱུར་པ་ལས༔ ཀུན་བཟང་རྡོ་རྗེ་སེམས་དཔར་གསལ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ གཡས་དཀར་གཅིག་ཤོས་དམར་བའི་མདངས༔ རྣམ་ཐར་སྐུ་གསུམ་དབུ་གསུམ་མོ༔ ཕྱག་དྲུག་ཡེ་ཤེས་དྲུག་ལྡན་པའི༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ དྲིལ་བུ་པདྨ་རལ་གྲི་འོ༔ དང་པོ་མཉམ་གཞག་ཐབས་ཤེས་ལྡན༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང༔ ཐབས་ཤེས་ཟུང་འཇུག་དབྱེར་མེད་པའོ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ༔ ཞལ་གཅིག་ཕྱག་གཉིས་མཐིང་གའི་མདོག༔ ཡེ་ཤེས་ཡབ་དང་མཉམ་པར་སྦྱོར༔ དབྱིངས་རྟགས་དྲིལ་བུ་འཛིན་པ་འོ༔ ཞི་བའི་ཚུལ་དགུ་རབ་ལྡན་ཅིང༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཡེ་ཤེས་འོད་ཟེར་འབར་བ་བསྒོམ༔ ནང་རྟགས་ཕྱི་རུ་བརྡ་བསྟན་པས༔ ཆོས་ཉིད་རང་རྩལ་གོ་བའི་དོན༔ ཐུན་མོང་ཐུན་མོང་མ་ཡིན་པའི༔ མཚན་དཔེས་རབ་བརྒྱན་མ་འདྲེས་གསལ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རང་རྩལ་གདོད་ནས་དབང་བྱིན་ལྡན༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏུ་ཤྭ་རི་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་པཉྩ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ དེ་ལྟར་ལྷ་སྐུ་ཕྱག་རྒྱ་བཞི་ལྡན་དུ་གསལ་བར་བསྒོམས་ནས་རྫོགས་བྱེད་ཀྱི་ཡན་ལག་རྣམས་ནི། སྟོང་ཉིད་ཡེ་ཤེས་མེ་ལོང་ལས༔ མ་སྐྱེས་མི་འགག་གཟུགས་སྐུར་སྣང༔ མཁའ་ལ་འཇའ་ཚོན་ཇི་བཞིན་དུ༔ དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་བཱན༔ མ་ཧཱ་ཀཱ་རུ་ཎི་ཀཱ༔ དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབྱིངས་ཀུན་རང་བཞིན་རྣམ་པར་དག་པ་ལས༔ ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ༔ སངས་རྒྱས་ཀུན་འདུས་རྒྱལ་བ་ཡབ་ཡུམ་གཙོ༔ རང་སྣང་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པཱུ་ཧོ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མིི་དམིགས་དོན་ཕྱིར་དངོས་གྲུབ་མཆོག་གྱུར་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ས་མ་ཡ་ཧོཿ ཨོཾ་བཛྲ་ས་མ་ཡ་ཨ༔ ཧཱུྃ༔ མི་བསྐྱོད་མཐིང་ག་དཀར་དམར་ཞལ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ དྲིལ་བུ་པདྨ་རལ་གྲི་འཛིན༔ ཡུམ་ཡང་གཉིས་སུ་མེད་པར་འཁྲིལ༔ མི་བསྐྱོད་པ་ནི་ཡེ་ཤེས་ཆེ༔ མི་གཡོ་བ་ནི་སྐུ་ཡི་རྒྱ༔ ཨ་ཧོ༔ ཛཿཧཱུྃ་བཾ་ཧོ༔ ན་མོ་བྷ་ག་བཱན་ས་མནྟ་པྲ་ཏི༔ སརྦ་པཱུ་ཙ་ཡ༔ ཨི་དཾ་ དྷཱུ་པེ་ པུཥྤེ་ དྷཱི་པཾ་ གནྡྷེ་ ནཻ་བིདྱཱ་ ཤབྡ་པཱུ་ཛ་ཧོ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ བདེ་གཤེགས་རྒྱལ་བ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་མཆོད་པ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༔ ཕྲིན་ལས་ཐུགས་རྗེས་འགྲོ་དོན་དག༔ རྩོལ་མེད་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སིདྡྷི་ཧཱུྃ་ཧཱུྃ༔ དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ༔ ལོག་རྟོག་མཚན་མ་མང་པོའི་སྤྲིན་སྤངས་ཏེ༔ ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བརྒྱན་ཏེ༔ དག་པའི་དོན་དུ་རྟོགས་ནས་མཆོད་པར་བགྱི༔ ཨོཾ་ཨཱཿཧཱུྃ༔ སུ་ར་ཏོ༔ ས་སོ་ཀ་མ་ལ་བཛྲ་ཨ་མྲྀཏ༔ ཧ་ར་ཎ༔ བྷ་ག་ཝཱན༔ པཱུ་ཛ་ཧོ༔ ཁཱ་ཧི་ཁཱ་ཧི༔ ཨོཾ༔ ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས༔ གཟུགས་སྐུ་སྒྱུ་མ་སྐྱེ་བའི་སྐུར་སྟོན་ཅིང༔ ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་པའི༔ ཡི་དམ་རྒྱལ་བའི་སྐུ་ལ་ཕྱག་འཚལ་བསྟོད༔ རང་བྱུང་ཡེ་ཤེས་དག་པའི་བྱིན་རླབས་ཀྱིས༔ བདེ་གཤེགས་རྒྱལ་བ་ཡབ་ཡུམ་དགྱེས་རབ་མཆོག༔ མཉེས་པ་རབ་ཀྱི་ཕུལ་དུ་གྱུར་ནས་ཀྱང༔ ཐུགས་དམ་གཉན་པོ་ཡིད་བཞིན་བསྐང་གྱུར་ཅིག༔ དེ་ནས་བཟླས་པའི་རིམ་པ་ལ་གསུམ། ཕྱིའི་བཟླས་པ་ནི། རང་གི་ཐུགས་ཙིཏྟ་རིན་ཆེན་ཟུར་བརྒྱད་པའི་ལྟེ་བར་ཨ༔ དེ་ལ་བཟླ་བྱའི་སྔགས་མུ་ཏིག་ཕྲེང་བ་ལྟ་བུས་བསྐོར་བ༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ༔ གཟི་བྱིན་ཐམས་ཅད་སྔགས་ཀྱི་རང་བཞིན་རང་སྒྲ་དང་བཅས་པ་ཚུར་འདུས་ཏེ་བདག་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་རིགས་འདུས་རྩ་བའི་སྔགས་ཉིད་ཅི་ནུས་བཟླ། ནང་གི་བཟླས་པ་ནི། དབུགས་ཕྱིར་འགྲོ་བའི་ཚེ་ཐུགས་ཀའི་ཨ་ལས་ཧཱུྃ་གསལ་ལ་འཚེར་བ་ཞིག་དབུགས་དང་མཉམ་དུ་ཐོན། ནང་དུ་འཇུག་པའི་ཚེ་དེ་ཉིད་ཨོཾ་དུ་གྱུར་ནས་ནང་དུ་ཞུགས། གནས་པའི་ཚེ་ཐུགས་ཀའི་ཨ་ལ་ཐིམ་པས་ཟླ་བའི་སྤྲིན་དེངས་པ་ལྟར་དེ་ཉིད་ཤིན་ཏུ་འོད་གསལ་བར་བསྒོམས་ལ་རྡོ་རྗེའི་བཟླས་པ་བྱ་བའོ། །གསང་བའི་བཟླས་པ་ནི། ཐུགས་ཀའི་ཨ་ལ་སེམས་གཏད་དེ་སྐྱེ་མེད་བརྗོད་བྲལ་དུ་རང་བཞིན་གྱིས་གནས་པ་ལ་མཉམ་པར་འཇོག་པའོ། །སྒྲུབ་ཆེན་སོགས་སྤྲོས་པ་རྒྱས་པའི་སྐབས་སུ་འདི་དག་སོ་སོའི་སྐུལ་ཚིག་ཀུན་བཟང་དོན་སྒྲུབ་ལས་འབྱུང་བ་ལྟར་བྱའོ། །གཉིས་པ་ཁྲོ་བོའི་སྒྲུབ་པ་ལ། དང་པོ་བསྐྱེད་པའི་རིམ་པ་ཞི་བ་ཉིད་ཁྲོ་བོར་གནས་སྒྱུར་བའི་དོན་དུ་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། བདེ་གཤེགས་རྒྱལ་བ་མ་ལུས་ཀུན༔ ཀུན་བཟང་ངང་ལས་མ་གཡོས་ཀྱང༔ ཁྲོ་བ་ཅན་ལ་ཁྲོ་བ་ཡིས༔ གདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པར༔ ཆོས་སྐུའི་རྒྱལ་བས་འདི་སྐད་བསྐུལ༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོ་ནི༔ མཁའ་ལྟར་མི་འགྱུར་ཐིག་ལེ་སྟོང་པ་སྟེ༔ མ་རྟོགས་བློ་ལ་རྟོག་པའི་རི་བོར་སྣང༔ ཐུགས་རྗེ་ཁྲོས་པས་ཁྲོ་བ་གདུལ་དུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་རྒྱལ་བ་ཡིས༔ ཨེ་མ་ཧོ༔ དང་པོར་དམ་བཅས་རྒྱལ་བ་ཐུགས་དམ་ཅན༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཆོ་འཕྲུལ་གྱིས༔ གདུལ་དཀའ་མ་ལུས་འདུལ་ཞིང་ཚར་བཅད་ནས༔ མ་བཅོས་སྙིང་པོའི་ངང་ལ་འགོད་དུ་གསོལ༔ སྤྲུལ་སྐུའི་རྒྱལ་བས་གསོལ་བ་བཏབ༔ ཨེ་མ༔ ཤིན་ཏུ་གདུག་ཅིང་གཏུམ་པ་ལ༔ ཞི་བས་ཕན་པར་མི་འགྱུར་ཏེ༔ ཤེས་རབ་ཐབས་ཀྱི་རོལ་པ་ལས༔ ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛོད༔ ཐུགས་རྗེའི་འོད་ཀྱིས་ཕྱོགས་བཅུར་བསྐུལ༔ རང་སྣང་རོལ་པར་ཀུན་འདུས་ནས༔ རྔམས་པའི་གདངས་ཀྱིས་གདུལ་བྱའི་ཕྱིར༔ ཨེ་མ་ཐབས་ཀྱིས་གདུལ་བའི་ཕྱིར༔ ཐབས་ཆེན་མཆོག་ལྡན་ང་ཡིན་ཏེ༔ སྙིང་རྗེས་གདུག་པ་བསྒྲལ་ཕྱིར་དུ༔ ཆེ་མཆོག་ཐབས་ཀྱི་ཁྲོ་བོར་བསྟན༔ སྙིང་རྗེ་རང་གནས་མི་གཡོ་བས༔ ཞི་བ་ཐམས་ཅད་ང་ཡི་སྐུ༔ བདུད་འདུལ་དུས་ལས་མི་འདའ་བས༔ ཁྲོ་བོ་ཐམས་ཅད་ང་ཡིན་ཅིང༔ དུས་གསུམ་ཀུན་ཏུ་ང་འབྱུང་འགྱུར༔ སྔོན་མེད་ཕྱིས་མེད་གདོད་ནས་བྱུང༔ སྣང་སྲིད་མ་བཅོས་དཔལ་ཆེན་ཧེ་རུ་ཀ༔ ཀུན་བཟང་རོལ་པ་སྤྲོས་མེད་ཆོས་ཀྱི་སྐུ༔ ཧེ་ནི་ཡེ་ཤེས་གསལ་བའི་སྒྲ༔ རུ་ནི་དབྱིངས་སུ་སྡུད་པའི་དོན༔ ཀ་ནི་བྱང་ཆུབ་སེམས་ཆེན་པོ༔ ཀུན་ཁྱབ་རང་སྣང་དཔལ་ཆེན་ཡབ་ཡུམ་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སཏྭཾ༔ དམ་ཚིག་པ་བསྐྱེད་པ་ནི། རང་བྱུང་དུར་ཁྲོད་གཞལ་ཡས་སུ༔ ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་ཧེ་རུ་ཀ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ ཞབས་བཞི་དྲེགས་པ་ཕོ་མོ་མནན༔ ཁྲོ་མོ་ཡུམ་དང་གཉིས་མེད་རོལ༔ དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན༔ འབར་བའི་གར་དགུས་རབ་ཏུ་བརྗིད༔ ཁྲོ་བོའི་ཚུལ་ཅན་ཁྲོས་པ་ཡིས༔ འཇིག་རྟེན་གསུམ་དག་སྲེག་བྱེད་ན༔ སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས༔ ཁམས་གསུམ་ཡོངས་སྒྲོལ་སྨོས་ཅི་དགོས༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཡེ་ཤེས་ལྔ་ཡི་བདག༔ སྐུ་གསུང་ཐུགས་རྫོགས་བྱིན་དང་ལྡན༔ འཁོར་འདས་ཀུན་ལ་རང་དབང་བསྒྱུར༔ ཆེ་བའི་ཆེ་མཆོག་ཡེ་ཤེས་སེམས༔ ཛྙཱ་ན་པཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཛྙཱ་ན་སཏྭ་ཙིཏྟ་ཧཱུྃ༔ ཡབ་ཡུམ་མཁའ་གསང་བྱིན་བརླབས་ལ༔ ཐུགས་ལས་འོད་འཕྲོས་རྒྱལ་བའི་ཚོགས༔ ཐུགས་རྗེ་དྲག་པོའི་དོན་དུ་བསྐུལ༔ ཐམས་ཅད་བདག་གི་སྤྱི་བོར་བསྡུ༔ རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད༔ ཐམས་ཅད་དགྱེས་པས་རོལ་པར་མཛད༔ བདེ་བའི་དྲོད་ཀྱིས་འོད་དུ་ཞུ༔ བདག་གི་དབུ་མའི་ལམ་ནས་བྱོན༔ ཐུགས་ཀར་ཧཱུྃ་ཆེན་སྔོན་པོར་གསལ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་འཇོམས༔ ནམ་མཁའི་དཀྱིལ་ན་ཐིགས་པ་ཤར༔ མཚོན་ཆེན་སྔོན་པོའི་ཡི་གེ་ཧཱུྃ༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་གོ་རུ་གསལ་བར་བསྒོམ༔ འགྲོ་བ་སྒྲོལ་བར་ཐུགས་བསྐྱེད་དེ༔ དབྱིངས་ལས་ཡེ་ཤེས་སྐུར་བཞེངས་ཕྱིར༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ དེ་སྐད་བསྐུལ་པས་ཡབ་ཡུམ་གཉིས༔ བདེ་ཆེན་མཆོག་ཏུ་རོལ་པ་ལས༔ ཧཱུྃ་ཆེན་གསང་བའི་མཁའ་ལ་ཕབ༔ སྐུར་བྱེད་དབང་རྣམས་རྫོགས་པར་བསྐུར༔ མཁའ་སྒོ་དྲལ་ཏེ་མདུན་ཉིད་དུ༔ བརྗིད་གསལ་ཚམ་རྔམ་འབར་བའི་སྐུ༔ གཡས་དཀར་གཡོན་དམར་དབུས་མཐིང་ག༔ རྩེ་དགུ་རྡོ་རྗེ་རྩེ་ལྔ་དང༔ མེ་དཔུང་འབར་བ་ཁ་ཊྭཱཾ་འཛིན༔ ཕུར་བུ་རབ་ཏུ་དྲིལ་ཞིང་འདེབས༔ སྐུ་སྨད་ཕུར་བུ་དྲག་པོའི་དབལ༔ རབ་འབར་གནམ་ལྕགས་ངར་ལྡན་རྣོ༔ རྐེད་པ་རྒྱ་མདུད་ཆུ་སྲིན་ཁ༔ ཁམས་གསུམ་ཟིལ་གནོན་དབང་དུ་བྱེད༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ དཔལ་གྱི་ཆས་བརྒྱད་གར་དགུས་བརྗིད༔ རལ་པ་མེ་དཔུང་རྒྱ་མདུད་འཁྱིལ༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་དང༔ ཕོ་ཉ་མང་པོ་སྐུ་ལ་འཕྲོ༔ དུག་གསུམ་བསྒྲལ་བའི་ཨེ་དཀྱིལ་དུ༔ བཟོད་པར་དཀའ་བའི་སྐུ་མཆོག་བསྒོམ༔ དེ་ཡི་སྐུ་གསུང་ཐུགས་གནས་སུ༔ ཡི་གེ་འབྲུ་གསུམ་གསལ་བར་བསྒོམ༔ ཁ་དོག་དཀར་དམར་མཐིང་ནག་གོ༔ ཨོཾ་ཧྲཱིཿཕཊ༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རྒྱལ་བའི་སྐུ་གསུང་ཐུགས་དག་གི༔ དབྱིག་བསྡུས་གཉིས་མེད་ཐིམ་གྱུར་པས༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས༔ དཔག་མེད་སྐུ་གསུང་ཐུགས་དག་གིས༔ འགྲོ་ཀུན་དབྱིངས་སུ་སྒྲོལ་བར་བསྒོམ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་རབ་བསྒྲལ་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་རྣམས༔ ཐུགས་རྗེ་དྲག་པོའི་ཤུགས་ཀྱིས་མྱུར་དུ་སྒྲོལ༔ ཅེས་ཡང་ཕུར་སྦྲགས་མའི་དཀྱིལ་འཁོར་དུ་གསལ་གདབ། དེ་ནས་ལས་ཀྱི་རིམ་པ་རྣམས་ཀྱིས་རྫོགས་པར་བྱེད་པ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ནི། ཧཱུྃ༔ ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ལས༔ དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས༔ སེམས་ཅན་དོན་སླད་དམ་ཚིག་དགོངས༔ གནས་འདིར་མ་ལུས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི༔ བཛྲ་ཨ་རལླི༔ ཧྲཱིང་ཧྲཱིང་ཧྲཱིང༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་ཀཱི་ལ་ཡ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཆེ་མཆོག་མཉམ་སྦྱོར་འབར་བའི་དཀྱིལ་འཁོར་འདིར༔ ཐུགས་རྗེ་ཐབས་ཀྱིས་ཁྲོ་བོར་སྐུ་སྤྲུལ་ནས༔ གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས༔ ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ འཕོ་འགྱུར་མེད་པར་བརྟན་པར་བྱ་བ་ནི། བསམ་དུ་མེད་དོ་སེམས་ཉིད་ནམ་མཁའ་ཆེ༔ བརྗོད་དུ་མེད་དོ་རྣམ་ཤེས་གཟུགས་དང་བྲལ༔ འདུ་འབྲལ་མེད་དོ་ཡུམ་གྱི་མཁའ་ལ་རྫོགས༔ རིག་པའི་ཡེ་ཤེས་གནས་ལ་འཕོ་འགྱུར་མེད༔ ཤྲཱི་ཧེ་རུ་ཀ་དྷཱ་ཏུ་སྭ་བྷཱ་ཝ་མ་ཧཱ་སུ་ཁ་ཧཱུྃ༔ ཟིལ་གྱིས་མནན་པ་ནི། སྐུ་གསུང་ཐུགས་སུ་བདག་སྦྱོར་བས༔ ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ༔ ང་ནི་བདུད་ཀྱི་བདུད་བདག་སྟེ༔ མཁའ་འགྲོའི་ཚོགས་བཅས་ངས་བསྡུ་འོ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཛཿཧཱུྃ་བཾ་ཧོ༔ ཞེས་པས་འཁོར་འདས་སྣང་སྲིད་ཐམས་ཅད་རང་ཉིད་ལས་གཞན་དུ་མེད་པའི་ལྟ་བས་ཟིལ་གྱིས་མནན་ཅིང་ཐག་བཅད་དོ། །ཕྱག་འཚལ་བ་ནི། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ལ༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ འདུ་འབྲལ་མེད་པའི་ཀློང་དུ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པུ་ཧོ༔ སྲིད་གསུམ་གདུག་པ་འདུལ་བ་དང༔ ང་རྒྱལ་དྲེགས་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ཡིད་ཀྱིས་ཕྱག་བགྱི་འོ༔ དེ་ནས་མཆོད་པ་རྣམས་ཀྱི་ཐོག་མར་ཕྱག་རྒྱ་གར་ནི། སྐུ་བཞི་ཀུན་ལ་ཁྱབ་པར་བརྡལ་བའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་ཧེ་རུ་ཀ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ བྷནྡྷ་རྒྱུ་ཞགས་ཁྱུང་ཁྲ་གཡོན༔ ཡུམ་ཡང་འདུ་འབྲལ་མེད་པར་འཁྲིལ༔ མིང་དང་མཚན་མར་རྟོག་ལ་མི་གནས་པས༔ མི་གཡོ་བ་ནི་སྐུ་ཡི་རྒྱ༔ སྤྲུལ་པ་རྒྱན་ནི། སྣང་ཞིང་སྲིད་པའི་འདོད་ཡོན་རྣམ་ལྔ་པོ༔ འབྱུང་ལྔ་ལྷ་མོའི་ཕྱག་ན་བསྣམས་ནས་ནི༔ སྤྲུལ་པ་རྒྱན་གྱི་མཆོད་པ་འདི་འབུལ་གྱིས༔ སྲིད་གསུམ་ཐིག་ལེར་རྫོགས་པའི་དཀྱིལ་འཁོར་ལྷ༔ དགྱེས་པའི་བཞད་སྒྲས་རོལ་པ་ཚུལ་བཞིན་མཛོད༔ སརྦ་པཱུ་ཛཿཧོ༔ བདུད་རྩི་སྨན་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་མ༔ སྲས་མཆོག་རྡོ་རྗེ་ཕུར་བུ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ རིག་འཛིན་མཁའ་འགྲོ་མ་སྲིང་ཐུགས་དམ་ཅན༔ རྣལ་འབྱོར་སྲུང་མར་གྱུར་པ་མཐའ་དག་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དོན་དམ་དམིགས་མེད་ཐིག་ལེ་ལས༔ དངོས་པོ་མེད་ལས་དངོས་གྲུབ་བླང༔ བྱང་ཆུབ་སེམས་ཀྱི་སྤྲིན་ཡིན་པས༔ ཇི་ལྟར་དམིགས་པ་བཞིན་དུ་འགྲུབ༔ ཤྲཱི་ཧེ་རུ་ཀ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་མཆོད་ཅིང་ལྷག་མ་དངོས་གྲུབ་ཏུ་བླང་། རྟོག་བྲལ་ཡེ་ཤེས་ཀྱི་མཆོད་པ་ནི། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ ཞི་ཁྲོ་རབ་འབྱམས་མ་ལུས་འཁོར་དང་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ལས་རོལ་ཅིང་གཤེགས་སུ་གསོལ༔ དངོས་པོ་མཚན་མ་གཟུང་དུ་མེད་པ་ལ༔ ཡེ་ཤེས་རྟོག་བྲལ་ཡིད་ཀྱི་མཆོད་པ་འདི༔ སྟོང་ཉིད་སྟོང་ལ་རོལ་ཅིང་བཞེས་མཛོད་ལ༔ དགོངས་སྤྱོད་ཟབ་མོའི་ཐུགས་དམ་སྐོང་གྱུར་ཏེ༔ སྐྱེ་མེད་ཆོས་སྐུའི་དངོས་གྲུབ་བསྩལ་དུ་གསོལ༔ པཉྩ་ཨ་མྲྀཏ༔ བྷོ་དྷི་ཙིཏྟ་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ རྨད་བྱུང་གཏོར་མ་ནི། ཧཱུྃ༔ རྨད་དུ་བྱུང་བའི་གཏོར་མ་དང༔ འདོད་པའི་ཡོན་ཏན་རྣམ་ལྔ་པོ༔ ཆོས་དབྱིངས་སྐྱེ་བ་མེད་དབྱིངས་ལས༔ ཇི་ལྟར་དམིགས་པ་བཞིན་དུ་དབུལ༔ མ་ཧཱ་བ་ལིནྟ་པཱུ་ཛ་ཁཱ་ཧི༔ གསང་ནན་ནི། ཧཱུྃ༔ ཁྱད་པར་ཆེན་པོ་སྒྲུབ་པ་རྒྱལ་བའི་བཀའ༔ སྣང་སྲིད་སྣང་བ་ཆེན་པོ་ཤར་བའི་རྒྱུ༔ རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི༔ དཔལ་ཆེན་ཁྲག་འཐུང་ཚོགས་ལ་མཆོད་པ་འབུལ༔ སྟོང་པ་དང་ནི་འཛིན་པ་དང༔ སྣང་ཞེས་བྱ་བ་རྣམ་གསུམ་པོ༔ བྱང་ཆུབ་སེམས་ཀྱི་མཆོད་པར་འབུལ༔ བླ་མེད་མཆོད་པ་འདི་བཞེས་ལ༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ བོ་དྷི་ཙིཏྟ་ཁཱ་ཧི༔ རཀྟ་ཁྲག་ནི། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་ཆེན་འདིར༔ ཞིང་ཆེན་གསར་རྙིང་ཏིར་བམ་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས༔ མ་ལུས་བཞེས་ཏེ་རོལ་པར་མཛོད༔ གཏི་མུག་རྩད་ནས་གཅད་པའི་ཕྱིར༔ ཤ་ཡི་ཕུང་པོ་མཆོད་པར་བཞེས༔ འདོད་ཆགས་རྩད་ནས་གཅད་པའི་ཕྱིར༔ ཁྲག་གི་རྒྱ་མཚོ་མཆོད་པར་བཞེས༔ ཞེ་སྡང་རྩད་ནས་གཅད་པའི་ཕྱིར༔ རུས་པའི་ཕུང་པོ་མཆོད་པར་བཞེས༔ སྡུག་བསྔལ་རྩད་ནས་གཅད་པའི་ཕྱིར༔ བདེ་བ་ཆེན་པོ་མཆོད་པར་བཞེས༔ མཁྱེན་བརྩེ་ནུས་ལྡན་ཁྲོ་རྒྱལ་འབར་བའི་ཚོགས༔ བདག་འཛིན་ལ་སོགས་འཁྲུལ་པའི་དགྲ་བགེགས་རྣམས༔ བདག་མེད་ཆོས་ཉིད་དབྱིངས་སུ་བཞེས་པར་མཛོད༔ ཤྲཱི་ཧེ་རུ་ཀ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ༔ བཛྲ་ཀཱི་ལ་ཡ་མ་ཧཱ་བཛྲ༔ མ་རཾ་ཁ་རཾ་ཁཱ་ཧི༔ ཧྲྀ་ད་ཡ་པི་པ་ཏ་ཡ་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང༔ མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་པོ་ནི༔ ཐབས་ལ་མཁས་པས་ཁྲོ་རྒྱལ་སྐུར་སྣང་བ༔ ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ རྣམ་དག་སྐུ་ལ་འདོད་ཆགས་མི་མངའ་ཡང༔ དགྱེས་ཆེན་ཆགས་པས་དཔལ་ཆེན་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་མེད་བདེ་ཆེན་ལྷུན་རྫོགས་སྐུ༔ ཡུམ་ཆེན་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་ཐུགས་ལས་བསྐྱེད་པའི་སྲས་མཆོག་ནི༔ བདེ་ཆེན་ཐུགས་མཆོག་ཡེ་ཤེས་རྩེ་གཅིག་པ༔ གདུག་པ་འདུལ་མཛད་དུས་ལས་མི་འདའ་བའི༔ བཛྲ་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་མམ། སྤྲོ་ན་དོན་སྒྲུབ་ལས་འབྱུང་བའི་ཕུར་བསྟོད་ཀྱང་སྦྱར། སྨོན་ལམ་གསོལ་བ་ནི། ཧོ་དགོངས་སུ་གསོལ༔ ཁམས་གསུམ་ཆོས་ཉིད་ཀྱི་དུར་ཁྲོད༔ དུག་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར༔ ཙིཏྟ་མཁའ་མཉམ་ཀློང་གི་རྒྱལ་པོ༔ ཀུན་གཞི་མ་བཅོས་པའི་ཐིག་ལེ༔ ཡིད་ཡེ་ཤེས་སེམས་དཔར་བཞུགས་པས༔ ཐུགས་ཡེ་ཤེས་ཀྱི་ཀློང་ན༔ དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་དེ༔ ཟླ་གམ་གཅིག་དང་མར་མེ་གཅིག་ཏུ་དོན་གསལ་ཏེ༔ རྟགས་ཐབས་དང་ཤེས་རབ༔ འབྲས་བུ་སྐུ་གསུང་ཐུགས༔ དཔལ་ཆེན་པོ་ཡེ་ཤེས་ཀྱི་སྐུར་གསལ་བ་ཡང༔ ཐིག་ལེ་ཆེན་པོ་ཡེ་ཤེས་ཀྱི་སྐུར་གྱུར་ཅིག༔ དེའི་དོན་གསལ་བར་བསྒོམས་པས༔ སངས་རྒྱས་ཐམས་ཅད་ཀྱི་རྩ་བ་མ་བསླད་པའི་སེམས་ཉིད༔ གཞན་དུ་བཙལ་མི་དགོས་པར༔ རང་ལ་རང་ཆས་སུ་གྲུབ་ཀྱང༔ དེ་ཉིད་རྟོགས་པ་ཀློང་དུ་མཐར་ཕྱིན་ཏེ༔ སངས་རྒྱས་པར་གྱུར་ཅིག༔ འོན་ཀྱང་སངས་རྒྱས་དང༔ སེམས་ཅན་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་སུ༔ བརྩལ་པ་མེད་པར་སངས་རྒྱས་པ་ཡིན་པས༔ བདག་ཀྱང་དེ་བཞིན་དུ་སངས་རྒྱས་པར་གྱུར་ཅིག༔ ཧཱུྃ་ཨ་ལ་ལ་ཧོ་ཨ༔ བཤགས་བྱང་ནི། ཧཱུྃ༔ རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་པོ༔ གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད༔ ཀུན་གཞིའི་ཀློང་ནས་རང་བྱུང་ཡེ་ཤེས་ཤར༔ ཤེས་རབ་ཞན་པས་དེ་ལྟར་མ་རྟོགས་ཏེ༔ དོན་དམ་ཐིག་ལེ་གཉིས་སུ་མེད་པར་བཤགས༔ ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ༔ སྙིང་པོ་བརྗོད་པས་ཐམས་ཅད་རྫོགས་པའི་ཚུལ༔ དབྱེར་མེད་ངོ་བོ་རང་རིག་ཆོས་ཀྱི་སྐུ༔ ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས༔ ཞེས་པ་རྣམས་སོ། །གཉིས་པ་བཟླས་པའི་རིམ་པ་ལ་སྤྱིར་ཡང་ཕུར་སོ་སོར་སྒྲུབ་པ་དང་། སྦྲགས་སྒྲུབ་བྱེད་ཀྱང་རྩ་བའི་བསྙེན་པ་དང་སྒྲུབ་པ་ཆེན་པོའི་སྐབས་སུ་སོ་སོར་བཟླ་བ་དང་། སྒྲུབ་མཆོད་དབང་བསྐུར་རྒྱུན་གྱི་རྣལ་འབྱོར་སོགས་ལ་ཆུན་དྲིལ་དུ་བཟླ་བའི་ཚུལ་གཉིས་སུ་ཡོད་པའི་དང་པོ་ལ་གསུམ། བསྙེན་པ་རང་གི་གནས་སྦྱོང་བ། ཉེ་བསྙེན་ལྷ་ལ་འཕྲོ་འདུ་བྱ་བ། སྒྲུབ་པ་གཉིས་མེད་ཀྱི་དགོངས་པ་རྩལ་སྦྱོང་བའོ། །དང་པོ་ནི། རང་གི་ཐུགས་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་ཁང་པར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཛིན་པ་ཀུན་ཏུ་བཟང་པོའི་ཆ་ལུགས་ཅན། དེའི་ཐུགས་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ། རཏྣ་ཟུར་བརྒྱད་ལ་རུ་ལུ་འབྲུ་བརྒྱད་བཀླག་ཕྱོགས་སུ་བསྐོར་བ། ལྗགས་ཀྱི་རྩ་བར་པདྨ་འདབ་བཞིའི་གེ་སར་ལ་སྣང་བ་མཐའ་ཡས། དེའི་ལྗགས་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཨཱཿདམར་པོ་ལ་འབྲུ་བརྒྱད་དམར་པོས་བསྐོར་བ། ཀླད་པ་དུང་ཁང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད། དེའི་དུང་ཁང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ་ལ་འབྲུ་བརྒྱད་དཀར་པོས་བསྐོར་བ། ཐམས་ཅད་ཀྱང་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཟེར་འཕྲོ་བའོ༔ ཞེས་གསལ་བརྟན་མ་གྱུར་གྱི་བར་དུ་བསྒོམས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླའོ། །དེ་ནས། ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ལྗགས་སྟེང་དང་དུང་ཁང་གི་སྔགས་ཕྲེང་བརྒྱུད་དེ་རང་སྒྲ་དང་བཅས་ཤངས་བུག་གཡས་ནས་འཐོན། ཡུམ་གྱི་ཤངས་བུག་གཡོན་ནས་ཞུགས། མཁའ་གསང་བརྒྱུད་དེ་ཐུགས་སྲོག་སྔགས་ཕྲེང་ལ་བར་མ་ཆད་དུ་ཐིམ་པར་གྱུར། ཅེས་སྒོམ་བཟླས་བྱ། གཉིས་པ་ཉེ་བསྙེན་ལྷ་ལ་འཕྲོ་འདུ་བྱ་བ་ནི། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་གསེར་གྱི་བ་ཐག་ལྟ་བུ་འཕྲོས། རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། སླར་འདུས་ཏེ་ཐུགས་ཀྱི་དཔལ་བེའུ་གང་བར་བསམ་ལ་སྐྱེ་མེད་བརྗོད་བྲལ་གྱི་ངང་ལ་བཟླ། ལྗགས་སྟེང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟ་བུ་འཕྲོས། རྒྱལ་བ་རྣམས་ཀྱི་གསུང་བསྐུལ། སླར་འདུས་ཏེ་ལྗགས་ཀྱི་པདྨ་གང་བར་བསམ་ལ་སྒྲ་སྐད་རུ་ལུའི་སྒྲ་གྲགས་སྟོང་འུ་རུ་རུ་སྒྲོག་པར་མོས་ལ་བཟླ། དུང་ཁང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་འཕྲོས། རྒྱལ་བ་རྣམས་ཀྱི་སྐུ་ལ་ཐིམ། སླར་འདུས་ཏེ་སྐུའི་འཁོར་ལོ་གང་བར་བསམ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་སྟོང་དབྱེར་མེད་རང་ཤར་དུ་དམིགས་ཏེ་བཟླའོ། །གསུམ་པ་སྒྲུབ་པ་གཉིས་མེད་ཀྱི་དགོངས་པ་རྩལ་སྦྱོང་བ་ནི། ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་པས་མཉེས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་བདག་ལ་ཐིམ། རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། སྣང་སྲིད་ཐམས་ཅད་དཔལ་ཆེན་པོའི་སྐུར་གྱུར་ནས་རུ་ལུའི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོག་པར་བསམ་ལ་བཟླའོ། །དེ་ནས་ཕུར་པའི་བསྙེན་པ་ལ། སྲས་མཆོག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་གི་མཐར་ཀཱི་ལ་འབྲུ་དགུས་གཡས་སུ་བསྐོར་བར་དམིགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་འོད་ཟེར་སྤྲོ་བསྡུ་གོང་གསལ་གཉིས་མེད་རྩལ་སྦྱོང་ལྟར་བྱའོ། །གཉིས་པ་ཆུན་དྲིལ་དུ་བཟླ་བ་ནི། དམིགས་པ་གོང་སྨོས་རྣམས་ཚང་བའམ་མི་ལྕོགས་ན་གཉིས་མེད་རྩལ་སྦྱོང་ལྟར་བྱས་ལ། རུ་ལུ་དང་ཀཱི་ལ་ཡ་གཉིས་སྦྲེལ་མར་བཟླ་བའམ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ༔ མ་ཧཱ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པའང་བཟླས་ལ་སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་ཕུལ། དེ་རྣམས་ཀྱིས་དངོས་གཞི་སོང་། གསུམ་པ་རྗེས་ཀྱི་ལས་རིམ་ལ་ལྔ། ཚོགས་ཀྱི་མཆོད་པ། ཡར་གནས་གཏོར་འབུལ། མར་གནས་ལྷག་ཆོག །སྲུང་མའི་གཏོར་སྐྱོང་། དཀྱིལ་འཁོར་བསྡུ་རིམ་མཐར་དགེ་དང་བཅས་པའོ། །དང་པོ་ལ་ཚོགས་ཀྱི་ཡོ་བྱད་རྣམས་ལེགས་པར་བཤམ་སྟེ་ཐོག་མར་ཡུངས་ཐུན་དང་བདུད་རྩི་འཐོར། འཁྱིལ་པའི་སྔགས་བརྗོད་པས་བགེགས་བསྐྲད། བྱིན་གྱིས་བརླབ་པ་ནི། ཧཱུྃ༔ བདག་ཉིད་ཆེ་མཆོག་དཔལ་གྱི་ཐུགས་ཀ་ནས། རཾ་ཡཾ་ཁཾ་གསུམ་ཡིག་འབྲུའི་འཕྲོ་འདུ་ཡིས༔ ཚོགས་ཀྱི་ཞལ་ཟས་འདོད་པའི་ལོངས་སྤྱོད་རྣམས༔ མི་གཙང་དྲི་མ་ཉེས་པའི་སྐྱོན་རྣམས་ཀུན༔ བསྲེག་དང་གཏོར་དང་བག་ཆགས་སྦྱང་བར་བྱ༔ བཛྲ་ཛྭ་ལ་རཾ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་བི་ཤུདྡྷོ྅་ཧཾ༔ ཧཱུྃ༔ རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི༔ ཡཾ་རཾ་ཀཾ་དང་ཨ་ཡི་འཕྲོ་འདུ་ལས༔ རླུང་མེ་ཐོད་སྒྱེད་བྷནྡྷའི་ནང་དུ་ནི༔ བཅུད་ཀྱི་སྙིང་པོ་ཡི་གེ་འབྲུ་གསུམ་བསམ༔ ཧཱུྃ༔ བྷནྡྷ་མཚན་ལྡན་རིན་ཆེན་སྣོད་ནང་དུ༔ ཨོཾ་དང་ཨཱཿཧཱུྃ་ཡི་གེའི་འཕྲོ་འདུ་ལས༔ ཚོགས་ཀྱི་ཞལ་ཟས་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལས༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རུ༔ རྒྱལ་བའི་ཐུགས་དམ་བསྐང་ཕྱིར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཚོགས་རྟེན་སྤྱན་འདྲེན་པ་ནི། ཧཱུྃ༔ རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན༔ ཐུགས་མཆོག་བདེ་བ་ཆེན་པོ་ཡབ་ཡུམ་དང༔ རིགས་མཆོག་ལྷ་དང་ལྷ་མོའི་འཁོར་དང་བཅས༔ རྒྱལ་བ་རྒྱ་མཚོ་རིག་འཛིན་མ་ལུས་ཀུན༔ ལོངས་སྤྱོད་ཚོགས་ལ་རོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཚོགས་ཆ་ལྔ་བགོས་པའི་དང་པོ་མཆོད་པ་ནི། ལྷ་རྣམས་ཐམས་ཅད་ཚོགས་པ་ལ༔ སྐྱེ་བོ་དམ་པ་ཀུན་ཚོགས་ནས༔ ཚོགས་ཀྱི་ཞལ་ཟས་སྣ་ཚོགས་འབུལ༔ ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ མཉམ་པའི་གྲུབ་རྫས་ཆེན་པོ་དག༔ བདག་དང་མཉམ་པའི་ཚོགས་ལ་དབུལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི༔ དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ༔ ཆོས་ཉིད་ལ་ཡང་ཆོས་ཉིད་རོལ༔ སྣང་སྲིད་སྐྱེ་མེད་དབྱིངས་སུ་བསྒྲལ༔ ཞེ་སྡང་འོད་གསལ་མཆོད་པར་བཞེས༔ སྣང་སྟོང་ཆོས་ཉིད་རོལ་པར་སྦྱར༔ འདོད་ཆགས་བདེ་སྟོང་མཆོད་པར་བཞེས༔ མ་རིག་འོད་གསལ་ངང་དུ་དག༔ གཏི་མུག་མཉམ་ཉིད་མཆོད་པར་བཞེས༔ མ་ཧཱ་བ་ལིནྟ་ག་ཎ་ཙཀྲ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཁ་ཁ་ཁཱ་ཧི༔ གཉིས་པ་བཤགས་པ་ནི། ཀུན་བྲལ་ཅིར་མ་སྤངས་པའི་མཉམ་ཉིད་ལས༔ མ་རིག་བསླུ་བའི་དབང་གིས་མ་རྟོགས་ཏེ༔ དངོས་འཛིན་ཐུགས་དང་འགལ་བ་ཅི་མཆིས་པ༔ རང་བྱུང་རྣམ་དག་ངང་དུ་མཐོལ་ཞིང་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཆ་གསུམ་པ་བསྒྲལ་བསྟབ་ནི། དེ་ལ་དམིགས་པའི་རྟེན་བྱས་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བདེན༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཕུར་བུ་གདབ་རལ་གྲིས་གཏུབ་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ བཀའ་ཉན་གིང་གི་དུས༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་སོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བྱེད་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་སེ་ན་པྲ་མཱར་ཏ་ན་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བསྟབ་པ་ནི། གོང་གསལ་རཀྟ་འབུལ་ཚིག །ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་ཆེན་འདིར༔ ཞིང་ཆེན་གསར་རྙིང་ཏིར་བམ་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས༔ མ་ལུས་བཞེས་ཏེ་རོལ་པར་མཛོད༔ གཏི་མུག་རྩད་ནས་གཅད་པའི་ཕྱིར༔ ཤ་ཡི་ཕུང་པོ་མཆོད་པར་བཞེས༔ འདོད་ཆགས་རྩད་ནས་གཅད་པའི་ཕྱིར༔ ཁྲག་གི་རྒྱ་མཚོ་མཆོད་པར་བཞེས༔ ཞེ་སྡང་རྩད་ནས་གཅད་པའི་ཕྱིར༔ རུས་པའི་ཕུང་པོ་མཆོད་པར་བཞེས༔ སྡུག་བསྔལ་རྩད་ནས་གཅད་པའི་ཕྱིར༔ བདེ་བ་ཆེན་པོ་མཆོད་པར་བཞེས༔ མཁྱེན་བརྩེ་ནུས་ལྡན་ཁྲོ་རྒྱལ་འབར་བའི་ཚོགས༔ བདག་འཛིན་ལ་སོགས་འཁྲུལ་པའི་དགྲ་བགེགས་རྣམས༔ བདག་མེད་ཆོས་ཉིད་དབྱིངས་སུ་བཞེས་པར་མཛོད༔ ཤྲཱི་ཧེ་རུ་ཀ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ༔ བཛྲ་ཀཱི་ལ་ཡ་མ་ཧཱ་བཛྲ༔ མ་རཾ་ཁ་རཾ་ཁཱ་ཧི༔ ཧྲྀ་ད་ཡ་པི་པ་ཏ་ཡ་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ལ་འབུལ་ལོ། །ཆ་བཞི་པ་རྣལ་འབྱོར་པ་རྣམས་ལ་དྲངས་ཏེ། ཧོ༔ རྨད་བྱུང་གསང་བའི་ལོངས་སྤྱོད་འདིས༔ བསོད་ནམས་ཚོགས་ཆེན་རྨད་བྱུང་རྫོགས༔ ལྷ་དང་དབྱེར་མེད་ཆོས་ཉིད་ཀྱི༔ ངང་དུ་རང་བྱུང་ཡེ་ཤེས་རོལ༔ ཅེས་འབུལ་ལེན་བྱས་ལ་ནང་གི་སྲེག་བླུགས་ཀྱི་དགོངས་པས་རོལ། དམེ་ལྷག་བསྡུས་ལ་དཀྱིལ་འཁོར་མདུན་ལྷག་དཀྱིལ་གྱི་སྟེང་དུ་བཞག་གོ །གཉིས་པ་ཡར་གནས་གཏོར་འབུལ་ནི། འབུལ་གཏོར་དང་ཚོགས་ཆ་ལྔ་པ་གཉིས་སུ་བྱས་པའི་ཆ་གཅིག་བཤམ། བདུད་རྩིས་བྲན་ལ་རྔེའུ་ཆུང་གི་སྒྲ་དང་བཅས་པས། ཧཱུྃ་ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ ཞི་ཁྲོ་རབ་འབྱམས་མ་ལུས་འཁོར་དང་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ཞིང༔ སྤྲུལ་པའི་དབྱིངས་ནས་རོལ་ཕྱིར་གཤེགས་སུ་གསོལ༔ ཡེ་ཤེས་རྟོག་བྲལ་ཡིད་ཀྱི་མཆོད་པ་འདིས༔ དགོངས་སྤྱོད་ཟབ་མོའི་ཐུགས་དམ་བསྐངས་གྱུར་ཏེ༔ བདག་ལ་མཚན་རྟགས་སྤྲུལ་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ རྟག་ཆད་གཡུང་དྲུང་ནམ་མཁའི་རང་བཞིན་ལ༔ ཐུགས་རྗེས་ཁྲོས་པའི་སྐུ་མཆོག་ཅིར་ཡང་སྟོན༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི༔ རབ་འཇིགས་ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ༔ སྲིད་གསུམ་དཔལ་མགོན་རྣམ་ཐར་དབུ་གསུམ་ལྡན༔ འགྲོ་དྲུག་ཐར་མཛད་ཕྱག་དྲུག་མཚོན་ཆ་འཛིན༔ སྐྱེ་བཞི་རྩད་གཅོད་ཞབས་བཞི་བརྐྱང་བསྐུམ་བསྒྲད༔ འབར་བའི་ཐོད་ཕྲེང་སྦྲུལ་གྱི་གདུབ་འཁོར་བརྒྱན༔ དུར་ཁྲོད་ཆས་བརྒྱད་མང་པོས་བཀླུབས་ཤིང་བརྗིད༔ རྡོ་རྗེའི་གཤོག་པས་སྲིད་གསུམ་ཟིལ་གྱིས་གནོན༔ མཁའ་འགྲོའི་རྒྱལ་པོ་ཕྲིན་ལས་ཡིད་བཞིན་གཏེར༔ ཕྱི་ནང་མ་སྲིང་མཁའ་འགྲོ་སྤྲིན་ཕུང་བཅས༔ དཀྱིལ་འཁོར་འདིར་གཤེགས་མཆོད་ཡོན་འདི་བཞེས་ལ༔ ལྷ་མཆོག་ཁྱེད་འདྲའི་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ༔ ཀྲོ་ཏཱི་ཤྭ་རཱི་དཔལ་འབར་མ༔ སྐུ་མདོག་མཐིང་ནག་འབར་བ་སྟེ༔ ཁམས་གསུམ་སྲིད་ལ་དབང་སྒྱུར་ཞིང༔ དབྱིངས་ལས་འཕྲོ་འདུ་སྣ་ཚོགས་འབྱིན༔ ཙིཏྟ་ཆེན་པོ་མཆོག་ལ་རོལ༔ འགྲོ་འདུལ་ལས་ཀྱིས་སེམས་ཅན་དོན་ལ་བརྩོན༔ བུད་མེད་ཚོགས་ཀྱི་རྗེ་མོ་གཤེགས་ནས་ཀྱང༔ འགྲོ་ཀུན་དབྱིངས་སུ་གྲོལ་བའི་དངོས་གྲུབ་སྩོལ༔ ཀྲོ་ཏཱི་ཤྭ་རཱི་དཔལ་འབར་མ༔ རྒྱུ་ལས་བྱུང་བའི་དེ་བཞིན་གཤེགས༔ ལྷན་ཅིག་མ་ནོར་དོན་མཛད་མ༔ མངགས་པའི་གནས་སུ་ཡུད་ཙམ་གྱིས༔ སྐད་ཅིག་ཡུད་ལ་དབང་དུ་བྱེད༔ སྤྲུལ་ཅིག་མྱུར་དུ་རྣམ་རྒྱལ་དཔལ༔ བདུད་དང་རུ་དྲ་དམ་ལས་འགལ༔ ཐལ་བ་བཞིན་དུ་རབ་ཏུ་རློགས༔ ཧ་ཧ་ཧི་ཧི་རོལ་ཅིང་དགོངས༔ རོལ་ཏུ་ཆུག་ཅིག་ཁ་རཾ་ཁཱ་ཧི༔ མ་ཧཱ་རུ་ཏྲ་ཕཊ་ཕཊ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་པ་ལི༔ དཾཥྚཱཾ་གྷུ་ན་རོའུ་ཏྲི༔ ཁ་རམ་ཡོ་གི་ནི༔ ཁ་རམ་ཁཱ་ཧི༔ ཧཱུྃ་ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དམ་ཚིག་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པ་ཆེན་པོ་གཤེགས་སུ་གསོལ༔ ཕྱག་བརྙན་ཆེན་པོ་གཤེགས་སུ་གསོལ༔ ཐུགས་དམ་བཞིན་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མེ་ཕུང་འབར་བའི་ཀློང་དཀྱིལ་ན༔ དཔལ་ཆེན་རྡོ་རྗེ་ཕུར་བུའི་ལྷ༔ ཁྲོ་བཅུ་སྤྲུལ་པ་ཁྲོ་མོར་བཅས༔ ཀུན་ཀྱང་འཇིགས་པའི་ཆ་ལུགས་ཅན༔ སྐུ་སྨད་དྲག་པོའི་ཕུར་བུ་ཡིས༔ དྲེགས་པ་ཕྱོགས་སྐྱོང་འཁོར་བཅས་གཟིར༔ དབུ་སྐྲ་རལ་པའི་ཐོར་ཚུགས་ཅན༔ གྱེན་དུ་འཁྱིལ་ཅིང་སྲིད་རྩེར་འབར༔ མི་མཉམ་ཁྲོ་གཉེར་ཟློག་པ་ནི༔ ལོག་པར་ལྟ་བ་འདུལ་བའི་ཕྱིར༔ ཡེ་ཤེས་མཆེ་བ་གཙིགས་པ་ཡིས༔ སྐྱེ་ཤི་རྩ་བ་གཅོད་པའི་ཚུལ༔ ཐུགས་རྗེ་ཡེ་ཤེས་བྱིན་རླབས་ལས༔ འབར་བའི་ཕྱག་མཚན་སྣ་ཚོགས་བསྣམས༔ ངོ་མཚར་རྨད་བྱུང་ཆོ་འཕྲུལ་ལས༔ དུར་ཁྲོད་དཔལ་གྱི་ཆས་ཀྱིས་བརྗིད༔ ཐུགས་རྗེའི་བྱིན་རླབས་སྤྲིན་ཕུང་གཏིབས༔ བྱམས་པའི་འོད་ཟེར་གློག་ལྟར་འགྱུ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ སྤྲུལ་པའི་གནམ་ལྕགས་སེར་ཆེན་འབེབ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ ཀླན་ཀ་ཆེན་པོ་བདུད་ལ་ཚོལ༔ ཀྱལ་ཀ་ཆེན་པོ་བགེགས་ལ་བྱེད༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ བདག་ལ་བྱིན་གྱིས་རློབས་མཛད་ཅིང༔ བདག་གི་ལྷག་པའི་བསམ་པ་རྣམས༔ ཁྱེད་ཀྱིས་གྲུབ་པར་མཛད་དུ་གསོལ༔ འཁྱིལ་ཤིང་རྒྱན་ཡང་འཁྱིལ་བ་སྟེ༔ བརྗོད་དུ་མི་གནས་སྐུ་ཡི་ངང༔ སྒྲ་ལས་འདས་པ་དྲག་པོའི་གསུང༔ བསམ་དང་བྲལ་ཞིང་སྒྲོལ་བྱེད་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ལ་བསྟོད༔ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་འཁྲིལ་མ༔ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས༔ ཕྲ་མེན་མགོ་བརྙན་སྐུ་འཕྲོ་མ༔ གདུག་པ་འདུལ་མཛད་དེ་ལ་ཕྱག་འཚལ་བསྟོད༔ རྨད་བྱུང་གཏོར་མས་ཐུགས་དམ་གཉན་པོ་བསྐང༔ བདུད་རྩི་སྨན་གྱིས་དགྱེས་པར་ཐུགས་དམ་བསྐུལ༔ རཀྟ་དམར་གྱི་མཆོད་པ་འདི་བཞེས་ལ༔ ཡེ་ཤེས་རོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨ་མྲྀཏ༔ བ་ལིནྟ༔ རཀྟ་ཁཱ་ཧི༔ ཞེས་སྨན་རཀ་བཅས་འབུལ། གསུམ་པ་མར་གནས་ལྷ་ཆོག་ནི། དམར་གཏོར་དང་ཚོགས་ཆ་གཅིག་བཅས་དམེ་ལྷག་སྟེང་རྐང་གསུམ་ཁར་བཞག །ལྷག་མགྲོན་སྤྱན་དྲངས་ཏེ། ཐལ་མོ་དང་བཤུགས་པ་བཅས་པས། ཧཱུྃ༔ ལས་ཀྱི་རྡོ་རྗེ་བྱེད་པར་དམ་བཅས་པའི༔ ལྷག་མ་ཁ་ཆུའི་དམ་ལ་གཏོགས་སོ་འཚལ༔ དོན་རྣམས་མ་ལུས་སྟོན་ཅིང་འགྲོགས་མ་ཡི༔ དབང་ཕྱུག་ཆེན་པོས་ཅི་བགྱི་བཀའ་ཉན་ཞེས༔ ལས་རྣམས་ཞལ་གྱིས་བཞེས་པའི་ཕྲ་མེན་མ༔ མཛེས་མའི་སྐུ་ལ་འཇོ་སྒེག་ཚུལ་འཆང་ཞིང༔ མེ་ཏོག་ཆུན་མཛེས་ལེགས་པའི་རྐེད་འཆིང་ཅན༔ རྡོ་རྗེ་ཕྲ་མེན་མ་དང་ཕྱག་བརྙན་ཚོགས༔ དཔལ་འབར་ཁྲོ་མོའི་རྒྱུད་དུ་གཏོགས་པ་རྣམས༔ བྱེ་བ་འབུམ་ཕྲག་ཡངས་པའི་སྡེ་དཔོན་ཚོགས༔ དབང་ཕྱུག་ཆེན་པོའི་ལས་མཛོད་ད་ཚུར་སྤྱོན༔ དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལ༔ བཛྲ་ཌཱ་ཀི་ནཱི༔ ཨཱ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ༔ པྲ་བེ་ཤ་ཡ་པྲ་བེ་ཤ་ཡ༔ བྷནྡྷ་ཡ་བྷནྡྷ་ཡ༔ ཏོ་ཤ་ཡ་ཏོ་ཤ་ཡ༔ མོ་ཧ་ན་མོ་ཧ་ན༔ སརྦ་ཌཱ་ཀི་ནཱི༔ ཨཱ་ཀརྵ་ཡ་ཛཿཛ༔ ཨོཾ་བཛྲ་ཡཀྴ་རཀྴ༔ མ་མ་ཀྲོ་དྷཱི་ཛཿབྷྱོ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི༔ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛ༔ ཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་ཡཀྴ་རཀྴ༔ མ་མ་ཀྲོ་ཏཱི་བྷྱོ༔ དུན་ཏིང་དུན་ཏིང༔ ས་མ་ཡ་ཛཿཛཿནན༔ ཧྲཱིཿཧཱུྃ་ཛ༔ ཞེས་པས་དབང་དུ་བསྡུས་ལ་གདན་དུ་གདིང་། ས་མ་ཡ༔ ཨརྒྷཾ་པྲ་བེ་ཤ་ཡ་ཕཊ༔ ཞལ་བསིལ་ཅིང་ལྗགས་རྡོ་རྗེའི་སྦུ་གུ་ཅན་དུ་གྱུར་པར་བསམ། ཨོཾ་གྷོ་རུ་དྲྀ་ཤྱ་ས་མ་ཡ༔ ཨརྒྷཾ་པྲ་ཏཱིཙྪ་བ་ལིནྟ་པཱུ་ཛ་ཁཱ་ཧི༔ བཛྲ་ བུདྡྷ་ རཏྣ་ པདྨ་ ཀརྨ་ཌཱ་ཀི་ནཱི༔ པྲ་ཏཱིཙྪ་མ་ཧཱ་བ་ལིནྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ ཞེས་པས་ཕུད་ལ་དགྱེས་པ་རྣམས་རོལ་པར་བསམ། ཚོགས་དེའི་ཆ་ཤས་དམེ་ལྷག་ཏུ་བསྲེ། ཨོཾ་ཨ་མྲྀཏ་ཨི་དན་ཏེ་ན་ར་ཀན༔ ཞེས་ཁ་ཆུས་བྲན་ལ་དམ་བཅས་པར་བསམ། ཨོཾ་ས་མ་ཡ་གུ་ཡ་ཀ་ར་སིདྡྷི་ཧཱུྃ་ཕཊ༔ ཅེས་དམ་ཚིག་ཕོག་སྟེ། སྔོན་གྱི་དམ་བཅས་པ་དྲན་པར་བསམ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་བདུད་རྩི་དབུལ། ས་མ་ཡ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཞེས་པས་རཀྟ་དབུལ། ས་མ་ཡ་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཞེས་གཏོར་མ་དབུལ། ཧཱུྃ༔ མཁའ་འགྲོ་གིང་དང་ལང་ཀ་ཆུང་མར་བཅས༔ མ་མོ་ཕོ་ཉ་སྤྲུལ་པ་འབུམ་སྡེའི་ཚོགས༔ དམ་ཚིག་བཞིན་དུ་ཕྲིན་ལས་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ བཀའ་ཉན་གིང་གི་དུས་ལ་བབ༔ ཡང་ཕུར་སྲུང་མར་ཞལ་བཞེས་པའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ བཀའ་བཞིན་གཏོར་མ་འདི་ལོངས་ལ༔ སྔོན་ཆད་ཇི་ལྟར་དམ་བཅས་ལྟར༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ བ་ལིནྟ་ཁཱ་ཧི༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ༔ མ་ཏཾ་ཛྙཱ་ཀ་ར་ཨི་ནན༔ དྷ་ཏི་མ་མ༔ ཤྲཱི་ཀྲ་མ་ཀརྨ་ཀ་ར༔ བ་ལིནྟ་ཁཱ་ཧི༔ ཀ་ཏཾ་ཀ་ཏ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ༔ བ་ལིནྟ་ཁཱ་ཧི༔ མ་ར་སེ་ན་པྲ་མར་ཏ་ནི་ཧཱུྃ་ཕཊ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཨོཾ་བཛྲ་ཡཀྴ་རཀྴ་ཤ༔ ས་མ་ཡ༔ མ་མ་ཀྲོ་དྷཱི་བཛྲ་བྷྱོ༔ པྲ་བེ་ཤ་ཡ་ཕཊ་ཛ༔ ཞེས་པས་གདན་ལ་བཀྱེས་ལ་དཀྱིལ་འཁོར་གྱི་མུ་རན་ལ་བཞག་ལ་ཐ་ཚིག་བརྗོད་ཅིང་ཕྲིན་ལས་བཅོལ། དང་པོར་ཕུད་ཀྱིས་མི་མཆོད་དུ༔ བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག༔ དེ་ནས་ཚོགས་ལ་མི་རོལ་དུ༔ མ་མོ་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མར་ལྷག་མས་མི་མཆོད་དུ༔ བྲན་གྱི་ཚུལ་དུ་ཁས་བླངས་པ༔ དབང་བསྡུས་ཟིལ་གྱིས་མི་གནོན་དུ༔ སྔོན་གྱི་ཐ་ཚིག་དམ་ལས་འགལ༔ ཁ་ཆུས་དམ་ཚིག་མི་བསྲེ་རུ༔ འཁུ་ལྡོག་དམ་ལས་ལོག་གིས་དོགས༔ སོ་སོར་གནས་སུ་མི་དགོད་དུ༔ དམ་བཅས་བཞིན་དུ་མངག་པར་བྱས༔ ཁྱད་པར་མཆོད་པ་མི་བསྟབ་ཏུ༔ གསང་བའི་དམ་ཚིག་སྲུང་ལ་བརྩོན༔ སྔོན་ཚེ་ཁྱེད་ཀྱིས་དམ་བཅས་པ༔ དཔའ་བོ་ཁྱེད་ལ་རིམ་གྲོ་སྐྱེད་པའི་ཕྱིར༔ བདག་གི་ལུས་འདི་གདན་དུ་དབུལ༔ མ་སྲིང་ཆུང་མ་བྲན་གྱི་ཚོགས༔ དཔའ་བོ་ཆེན་པོའི་འབངས་སུ་འབུལ༔ མ་སྲིང་རྣམས་ཀྱིས་དམ་བཅས་པ༔ དབུས་སུ་མཆིས་པའི་སྐལ་མེད་ཀྱིས༔ དཀྱིལ་འཁོར་མུ་རན་མཐའ་རུ་ཞོག༔ ཕུད་ལ་འཚལ་སྐལ་མ་མཆིས་ཀྱིས༔ ལྷག་མ་ཞལ་ཆབ་བྲོན་ལ་སྩོལ༔ འབངས་ལ་ནན་ཏན་མ་ཆུང་ཞིག༔ ཞེས་པས་ཁས་བླངས་དམ་བཅས་བཞིན༔ བཀའ་ཡི་ཕ་འབབ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ གཏོར་མར་མེ་སྒྲོན་བཙུགས་ཏེ་རཀྟ་སྦྲེང་ཞིང་། ཧཱུྃ༔ ཧེ་རུ་མ་བདུན་ཕྲ་མེན་ཚོགས་བརྒྱད་དང༔ ཕོ་ཉའི་ཚོགས་བཅས་ཁྱུང་གི་ཁྲ་ཐོགས་མ༔ དབང་ཕྱུག་འཇུག་སྲེད་གིང་གི་ཚོགས་དང་བཅས༔ སྟོང་ཁམས་བསྲུང་བར་དམ་བཅས་མ་མོ་རྣམས༔ བརྗིད་པའི་ཧཱུྃ་སྒྲ་ལྗགས་ཀྱི་སེར་ཆེན་བསྒྲིལ༔ སྣ་ཚོགས་ལུས་ལ་རྡོ་རྗེའི་མཆེ་གཤོག་ཅན༔ རོལ་པ་མཆོག་གི་ས་ལ་དམ་བཅས་བཞིན༔ ཚར་གསུམ་དུང་ཆེན་རཀྟའི་རྦ་ཀློང་འཁྲུགས༔ རྣམ་ལྔའི་ལོངས་སྤྱོད་ཚུལ་བཞིན་སྦྱར་བ་འདི༔ མ་ཆགས་གསང་བའི་དམ་ལ་གཏོགས་སོ་འཚལ༔ ཕྱག་རྒྱ་གར་གྱི་གཡབ་འདོར་ཞིང༔ སྔགས་ཚིག་བཤུགས་པའི་བརྡ་ཡིས་སྤྱན་འདྲེན་གྱིས༔ ཕྱག་རྒྱ་གསང་བའི་དབྱིངས་ནས་སྐུ་བཞེངས་ལ༔ ཐུགས་དམ་བརྡ་ལ་དགོངས་ཏེ་གཤེགས་སུ་གསོལ༔ འཚལ་སྐལ་བཞིན་དུ་བཀའ་ཡི་གཏོར་མ་བཞེས༔ ལྟ་བས་མཁའ་ལ་འགྲོ་བའི་མཁའ་འགྲོ་མ༔ དམ་ཚིག་ཤུགས་ཀྱིས་འགྲོ་བའི་ཤུགས་འགྲོ་མ༔ ཡེ་ཤེས་དབྱིངས་ལ་རོལ་པའི་དབྱིངས་ཕྱུག་མ༔ བླ་མེད་བྱང་ཆུབ་སྒྲུབ་པའི་ཕྲིན་ལས་མཛོད༔ བར་ཆད་བདུད་ཀྱི་ཚོགས་རྣམས་ཞི་བར་མཛོད༔ ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་མཛོད༔ མ་མ༔ མ་མ་དུ་ན་བྷྱོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བ་ལིནྟ་ རཀྟ་ ཙིཏྟ་ གོ་རོ་ཙ་ན་ བ་སུ་ཏ་ ཀིཾ་ནི་རི་ཏི་བྷིན་དུ་ཛ་ཁཱ་ཧི༔ དུར་ཁྲོད་དཔལ་གྱི་ཕོ་བྲང་དུ༔ ཁྱད་པར་དཔལ་གྱི་གཏོར་མ་སྒྲུབ་གནས་ཉུལ༔ མི་བཟུང་གཏོང་བའི་གཏོར་མ་མཁའ་འགྲོའི་ཟས༔ ཤ་ཁྲག་དམར་གྱི་གཏོར་མ་དམ་པ་འདི༔ བཀའ་ཡི་མཆོད་སྦྱིན་རྒྱ་ཆེན་ལ༔ དཔལ་གྱི་འཁོར་ན་གནས་པའི་ལྷ་སྲིན་དང༔ གིང་དང་ཕོ་ཉ་ཡང་སྤྲུལ་རྣམས༔ མ་དང་སྲིང་མོ་མཁའ་འགྲོའི་ཚོགས༔ བྲན་དང་ཡང་གཡོག་འཁོར་དང་བཅས༔ མི་ཟད་གཏེར་གྱི་དམ་རྫས་ལ༔ སྤྲིན་ཕུང་བཞིན་དུ་བསྡུ་བསྡུ་ནས༔ རྣམ་རྟོག་འཛིན་པའི་ཉོན་མོངས་ཀུན་བསྒྲལ་ཏེ༔ ཡོངས་སུ་བསྔོས་པས་ཀུན་ཏུ་ཚིམས་གྱུར་ཅིག༔ ཅེས་གཏོར་མ་གཙང་སར་འབུལ། དམེ་ལྷག་བཤལ་ཆུ་རྒྱབ་ཏུ་སྐྱེལ་ལ། ཨོཾ་སརྦ་བྷཱུ་ཏ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་རོལ་མོའི་སྒྲ་བྱའོ། །བཞི་པ་སྲུང་མའི་གཏོར་སྐྱོང་ནི། རཀྴ་མ་ཧཱ་ཀཱ་ལ་དང་ལྷ་མོ་རང་བྱུང་རྒྱལ་མོ་བཀའ་གཏེར་སྲུང་མ་རྣམས་ལ་གཏོར་ཆོག་རྒྱས་བསྡུས་གང་རུང་གིས་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། སྤྲོ་ན་བརྟན་མ་བསྐྱང་བའང་སྤྱི་ལྟར་བྱའོ། །ལྔ་པ་དཀྱིལ་འཁོར་བསྡུ་རིམ་སོགས་ལ། གཏང་རག་མཆོད་བསྟོད་མ་གསུངས་པས་དགོས་ངེས་མེད་ཀྱང་སྤྱི་མཐུན་ལྟར་མོས་ན་མདོར་བསྡུས་ཙམ་བྱ། ཡི་གེ་བརྒྱ་པ་བརྗོད་ལ་ནོངས་པ་བཤགས། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། དཀྱིལ་འཁོར་རྡུལ་ཚོན་གྱི་ཕྱོགས་དང་རྟེན་མེད་ན་གཤེགས། དཀྱིལ་འཁོར་ཉེར་བསྡུ་ནི། ཨོཾ༔ མ་སྐྱེས་རྣམ་དག་ཆོས་དབྱིངས་རང་བྱུང་ལ༔ རྣམ་རྟོག་མཚན་མའི་སྤྲོས་པ་ཀུན་དང་བྲལ༔ ཕྱི་ནང་སྣོད་བཅུད་འཁོར་འདས་སྐྱེ་འགྲོ་རྣམས༔ ཆོས་ཉིད་རྣམ་དག་སྟོང་ཉིད་ངང་ལ་གནས༔ ཆོས་ཉིད་བསམ་དུ་མེད་དོ་སེམས་ཉིད་ནམ་མཁའ་ཆེ༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ རྣམ་དག་ལམ་ཆེན་འགྲོ་ཀུན་སྒྲོལ༔ སྟོང་གསལ་དག་པ་མཁའ་ལ་ཉི་ཤར་འདྲ༔ མ་བཅོས་རང་སྣང་བདག་ཉིད་ཆེན་པོར་བསྒོམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླས་པས། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྣོད་ཀྱི་འཇིག་རྟེན་སྟོང་པར་སྦྱངས། བཅུད་ཀྱི་སེམས་ཅན་འོད་ཀྱི་རྣམ་པར་བསྡུས་ནས་གཞལ་ཡས་ཁང་། སྲས་མཆོག་ཕུར་བུའི་བར་རིམ་གྱིས་བསྡུས་ནས་རང་ལ་ཐིམ། བདག་ཉིད་ཀྱང་ཡེ་ཤེས་ཀྱི་འོད་ལྔར་འདུས། དེ་ཡེ་ཤེས་སེམས་དཔའ་ལ། དེ་རྡོ་རྗེ་ཧཱུྃ་ལ། ཧཱུྃ་ཡེ་ཤེས་ཀྱི་ཐིག་ལེ། དེའང་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་པ་ཆོས་ཉིད་ཀ་དག་རང་བཞིན་གྱིས་འོད་གསལ་བའི་ངང་དུ་མཉམ་པར་གནས་པར་གྱུར་པར་མོས་ལ་ཆོས་ཉིད་རྣམ་དག་གི་དབྱིངས་སུ་ལ་བཟླ། སྤྱོད་ལམ་ལ་འཇུག་པ་ན། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཞེས་པས། སླར་ཡང་དཔལ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་མོས་ལ། རྟག་ཆད་ཀྱི་མཐའ་བསལ། གོ་བགོ་ལུས་བསྲུང་ནི། བདག་ཉིད་ཧེ་རུ་ཀར་གསལ་ཞིང་གཟི་བྱིན་དང་ལྡན་པར་གྱུར་པའི་ལུས་ཀྱི་ཆ་ཐམས་ཅད་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པར་བསམ་ལ། གོ་ཆའི་རྒྱ་བཅིངས་ཏེ། ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་མྱུར་དུ་རྒྱལ་བར་གནས། །ཨོཾ་བཛྲ་ཀཱ་ཝཱ་ཙི་ཡ་མནྡྷཾ། ཞེས་པས་གནས་ལྔར་རྒྱས་གདབ། ཨོཾ་ཧཱུྃ་སུ་ར་ཏ་རཀྵ་ཧཾ། ཞེས་པས་བརྟན་པར་བྱས་ལ། ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གྱི་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་གདབ། ཤིས་བརྗོད་ནི། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས༔ ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་སྤངས་ནས༔ བདག་ཉིད་ཆེན་པོའི་དོན་ལ་རབ་གོམས་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོ་རྗེ་སེམས་དཔའི་སྤྲུལ་པ་སྐར་ལྟར་འཕྲོ་བ་ཡིས༔ ཟ་བྱེད་བདུད་དང་ལོག་རྟོག་ཀུན་བཏུལ་ནས༔ བླ་མེད་བྱང་ཆུབ་མཆོག་ལ་འགོད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས༔ རྒྱུད་དྲུག་སེམས་ཅན་མ་ལུས་ཀུན་བསྒྲལ་ཏེ༔ བླ་མེད་མི་གནས་ས་ལ་འགོད་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀའ་གསང་རྨད་བྱུང་བསྒྲུབ་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱི༔ ཐུགས་དམ་ཆེན་པོ་ཡོངས་སུ་བསྐངས་པ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་སྙན་ལ་ཡུན་རིང་སྒྲོག་སྟེ་དགེ་ལེགས་སུ་བྱའོ། །རྡོ་རྗེའི་སྐུ་དང་གཞོམ་མེད་རུ་ལུའི་སྒྲའི། །གཟི་བྱིན་འགྲོ་རྒྱུད་མི་ཤིགས་ཐིག་ལེ་ཆེར། །ཞུགས་པས་འཁྲུལ་པའི་སྦུབས་བརྟོལ་བདེ་ཆེན་གྱི། །ཡེ་ཤེས་ཆེན་པོ་ཕྱོགས་མེད་རྒྱས་གྱུར་ཅིག །སོ་སྐྱེའི་རྟོག་པའི་སྐྱོན་གྱུར་བླ་མ་ལྷར། །བཟོད་པར་གསོལ་ན་འཕྲལ་ཡུན་མི་སྒྲིབ་པར། །ལམ་མཆོག་འདི་ལས་གསང་བ་མྱུར་འགྲུབ་ཅིང་། །འདི་བསྟན་ཉི་ལྟར་སྣང་བའི་རྒྱུ་རུ་ཤོག །འདིའི་ཆོག་ཁྲིགས་ཀྱི་དཔེ་རྒྱུན་ཕྱོགས་འདིར་མ་བཞུགས་ཤིང་གཏེར་གཞུང་ཉིད་རྒྱ་འགྱུར་ཟང་མ་ལྟ་བུར་སོང་གཤིས་ཕན་ཚུན་གབ་འཁྲུགས་བསྡེབ་དགོས་མང་བས་དབང་རྒྱུན་ཙམ་དང་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་འཕྲལ་འཕྲལ་ལག་ལེན་འདེབས་དཀའ་བར་མཐོང་ནས། སངས་རྒྱས་གཉིས་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ལོ་རྒྱུས་ཉི་མའི་སྙིང་པོ་ (Volume 19, Text 19)

༄༅༔ ༔ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ལོ་རྒྱུས་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ ྈྈྈྈྈྈ བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས༔ དེའི་ལོ་རྒྱུས་མདོ་ཙམ་བཤད་པར་བྱ༔ དེ་ལ་གསུམ་སྟེ༔ རྒྱལ་བ་དགོངས་པའི་བརྒྱུད་པ་དང་གཅིག༔ རིག་འཛིན་བརྡ་ཡི་བརྒྱུད་པ་དང་གཉིས༔ གང་ཟག་སྙན་ཁུངས་སུ་བརྒྱུད་པ་དང་གསུམ༔ དང་པོ་ནི༔ ཕྱི་ནང་བརྗོད་མེད་མཁའ་ཀློང་དུ༔ ཅིར་ཡང་མ་ངེས་འོད་དཔག་མེད༔ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ༔ རང་ལས་མི་གཞན་སེམས་དཔའི་འཁོར༔ དགོངས་པའི་ཀློང་ནས་རང་བྱུང་ཉིད༔ རྒྱུད་མཆོག་རྡོ་རྗེ་ཕྲེང་བ་དང༔ རྒྱུད་ཆེན་རྡོ་རྗེ་རྒྱ་མདུད་དང༔ རྒྱུད་མཆོག་གསང་བ་རྒྱ་མཚོ་སོགས༔ ཚེ་རྒྱུད་ཏནྟྲ་བཅོ་བརྒྱད་གསུངས༔ དེ་ཡང་ཉིད་ཀྱི་གསུང་སྤྲུལ་པ༔ སྤྱན་རས་གཟིགས་ལ་རབ་བསྔགས་ཏེ༔ རྡོ་རྗེ་ཆོས་ལ་གཏད་ཅིང་བསྡུས༔ དེ་ནི་དགོངས་པའི་བརྒྱུད་ཚུལ་ལོ༔ གཉིས་པ་བརྡ་ཡི་བརྒྱུད་ཚུལ་ནི༔ སྤྱན་རས་གཟིགས་དང་གསང་བདག་གིས༔ ཨོ་རྒྱན་བདག་ལ་འདི་སྐད་ཅེས༔ སྣང་སྟོང་འོད་ཀྱི་རང་བཞིན་ལ༔ ཚེ་བདག་རིགས་ལྔ་ཡབ་ཡུམ་རྣམས༔ འོད་ཟེར་འཕྲོ་འདུའི་བྱིན་རླབས་ཀྱིས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་འགྱུར༔ ཞེས་བརྒྱུད་དེ་གཏད་དོ༔ གསུམ་པ་གང་ཟག་སྙན་དུ་བརྒྱུད་པ་ནི༔ འདིའི་ལོ་རྒྱུས་རྒྱས་པར་བཤད་ན༔ སུམ་སྟོང་ལོན་ནས་བོད་ཀྱི་ཡུལ་དུ་འོང༔ ལྷ་སྲིན་བཏུལ་ནས་ས་གཞི་བྱིན་གྱིས་བརླབས༔ ཐུགས་དགོངས་རྫོགས་ནས་གནས་ཆེན་རྣམས་སུ་བཞུགས༔ དེ་ཡང་མཆིམས་ཕུའི་གཡའ་མ་ལུང་དུ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ རྫོགས་ཆེན་ནམ་མཁའ་ཆེ་ཀ་དག་གི་དབང་མོ་ཆེ་མཛད་དུས༔ རྒྱལ་པོའི་ཞལ་ནས་སློབ་དཔོན་ལགས༔ སྔོན་ནས་བསྐལ་པར་བཞུགས་པའི་སྐུ༔ ཨོ་རྒྱན་ཉིད་ཀྱི་རིག་འཛིན་འདི༔ ཐབས་ཟབ་ཇི་ལྟ་བུ་ཡིས་འགྲུབ༔ ཅེས་ཞུས་ཚེ༔ ཨོ་རྒྱན་ཞལ་ནས༔ རྒྱལ་པོ་ཆེན་པོ༔ ཏིང་འཛིན་བསྒོམས་པས་འཁོར་འདས་རུ་ཤན་ཕྱེད༔ ཕུང་པོ་འཇའ་ལུས་ལྟ་བུར་འགྱུར་བ་ཡོད༔ ལུས་ཀྱི་དབང་པོ་རྩ་ཡི་གནད་གཟིར་བས༔ སེམས་རྟགས་ལུས་ལ་ཤར་བས་འཆི་མེད་ཐོབ་པ་ཡོད༔ ཡི་དམ་ལྷ་ཡིས་དངོས་སུ་དབང་བསྐུར་ཏེ༔ གཉིས་མེད་གྱུར་ནས་འཆི་མེད་ཐོབ་པ་ཡོད༔ རིག་འཛིན་ཚེ་སྒྲུབ་བདུད་རྩིའི་ཆུ་འཐུངས་པས༔ སུས་འཐུང་ཚེ་ལོ་སྟོང་ཕྲག་ཐུབ་པ་ཡོད༔ ཅེས་བཀའ་བསྩལ་པ་དང༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་བདག་ལ་ཡང་ཚེ་ལོ་སྟོང་དུ་ཐུབ་པའི་ཚེ་དབང་བསྐུར་དུ་གསོལ༔ ཚེ་ཆུ་བསྒྲུབ་ཏུ་གསོལ༔ ཞེས་ཞུས་ཚེ༔ རྗེ་ལགས༔ མངའ་རིས་ཇོ་མོ་འཁོར་འབངས་དང་བཅས་པ་ཕུལ་ཅིག༔ བདག་གིས་ཚེ་བསྒྲུབས་ལ་རྒྱལ་པོ་ཆེན་པོ་མི་ཡུལ་དུ་ལོ་སྟོང་ཚོ་གསུམ་བཞུགས་པར་བྱའོ་གསུངས་ནས་དེ་ནས་གཡའ་མ་ལུང་གི་དབེན་ས་རུ༔ ཚེ་ཡི་དལ་ཞལ་ཕྱེས་ནས༔ ཕྲ་མེན་བུམ་པ་བདུད་རྩིས་བཀང༔ ཟླ་བ་གཅིག་ཏུ་ཚེ་བསྒྲུབས་པས༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ མི་བཞིན་གསུང་སྒྲོག་འདི་སྐད་གསུངས༔ ལས་དང་སྐལ་པར་ལྡན་པ་ག་ན་ཡོད༔ འཇིག་རྟེན་འདི་ན་ཚེ་ཡི་སྣོད་དཀོན་པས༔ དེས་ན་ཚེ་ལ་དབང་བ་ཉི་ཟླ་ཙམ༔ ཚེ་འདོད་སྐྱེས་བུ་ཨུ་དུམྦ་ར་འདྲ༔ ལས་འབྲེལ་ཡོད་ན་ཚེ་ཆུ་འདི་ལ་འཐུང༔ འདི་འཐུང་ཚེ་ལོ་སྟོང་ཕྲག་བདུན་ཚོ་གཅིག༔ རྣམ་སྨིན་ལུས་ལ་སྐལ་པ་བཟང་པོར་འགྱུར༔ ཞེས་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་གོ༔ དེ་དུས་བསམ་ཡས་ལུང་པ་སྨན་དྲིར་སོང༔ ཐོ་རངས་རྒྱལ་པོའི་མནལ་ལམ་ཚེ་དཔག་མེད་དབུ་རྩེའི་སྟེང་ན་བྱོན༔ ཕྱག་གཡས་པ་མཆིམས་ཕུར་བརྐྱངས་ཏེ་དལ་དབུས་ཚེ་བུམ་བདག་ལ་གཏད་པ་རྨིས༔ དུས་ལ་བབ་པར་མཁྱེན་ནས་རྒྱལ་པོ་བཞེངས༔ ཚེ་ཡི་དབང་བཅུད་ཞུ་རུ་ཆས་པའི་ཚེ༔ བློན་པོ་ཀླུ་དཔལ་བློན་ཆེན་གཞན་རྣམས་སྦྲན༔ སྟ་ར་ཀླུ་གོང་རྡོ་རྗེ་སྤྲེལ་ཆུང་དང༔ ཁྲི་འབྲངས་ལྷ་ལོད་ཤུད་པུ་དཔལ་སེང་དང༔ རྒྱ་ཚ་ལྷ་སྣང་ཁྲི་བཟང་ལབ་ལྷག་སྟེ༔ ཐམས་ཅད་འཚོགས་ནས་རང་གཏམ་སོ་སོར་སྨྲས༔ ཀླུ་དཔལ་སྟ་ར་ཀླུ་གོང་གཉིས་ཁ་འཆམ་ནས་འདི་སྐད་ཟེར་རོ༔ མཐའི་མོན་བུ་འདོད་པ་ཅན་དེས༔ རྒྱལ་པོ་བླུན་རྨོངས་ཕག་ཐོང་འདྲ་བ་འདི་ལ་དུག་བཏབ༔ བདག་བློན་པོ་སེང་གེ་འདྲ་བ་རྣམས་ལ་ཡང་ཡོང་ཉེན་ཡོད་བཤོལ་བས་དྲགས་ཟེར༔ སྤྲེལ་ཆུང་དང་ཤུད་བུ་དཔལ་སེང་གི་ཞལ་ནས༔ དེ་ཉིད་ལེགས་པོར་སོམ་ཞིག་མི་སྲིད་དོ༔ སློབ་དཔོན་འཇིག་རྟེན་སྤངས་པའི་སྐྱེས་མཆོག་ལ༔ རྒྱལ་པོའི་རྒྱལ་སས་སློབ་དཔོན་ཅི་ཞིག་བྱེད༔ གསུངས་སོ༔ ཀླུ་དཔལ་གྱིས༔ སློབ་དཔོན་རྒྱལ་སར་རིངས་ནས་འདུག༔ གཡའ་མ་ལུང་དུ་དབང་མཛད་ཚེ༔ ཇོ་མོ་མངའ་རིས་དཀོར་མཛོད་རྣམས༔ ཐམས་ཅད་བདག་ལ་ཕུལ་ཅིག་ཟེར༔ ནང་རྟགས་ཕྱིར་ཤར་ཤིང་གི་འཛེར་བུ་འདྲ་ཟེར་རོ༔ རྒྱ་ཚ་ལྷ་སྣང་ཞལ་ནས༔ རྒྱལ་པོ་ཚེ་རིང་བོད་ཁམས་སྤྱི་ལ་གཅེས༔ སློབ་དཔོན་འཕགས་པའི་ནོར་གྱིས་ཕྱུག་པ་ལ༔ དཀོར་མཛོད་ཇོ་མོས་ཅི་ཞིག་བྱ་གསུངས་སོ༔ ཤུད་པུ་སེང་གེའི་ཞལ་ནས༔ ཀུན་ལ་གཅེས་པའི་རྒྱལ་པོ་ཚེ་རིང་ན༔ རང་ཅག་ཀུན་གྱི་བསམ་པ་ཡིད་བཞིན་འགྲུབ༔ གསུངས་སོ༔ ཀླུ་དཔལ་ཞལ་ནས༔ ཚེ་རིང་འདོད་པས་རང་སྲོག་སྐྱེལ༔ རྒྱལ་པོ་མེད་པའི་བློན་པོས་ཅི་ཞིག་བྱ༔ ཁྱེད་རྣམས་སྨྲ་བའི་ཚོད་འགྲོས་གང་ལགས་ཀྱང༔ གཏིང་ཕུག་ང་ཡི་ཐོག་ཏུ་མ་བྱུང་ན༔ མཐའ་སྨད་ཁྱོ་གའི་བློན་པོ་རླུང་གིས་ཁྱེར༔ ཅེས་ཀླུ་དཔལ་གྱིས་གཞན་རྣམས་སྦ་མདུང་གིས་བརྡུངས་སོ༔ དེ་ནས་སྒོ་མོའི་ཕྱི་རོལ་དུ༔ རྒྱལ་པོའི་ཆིབས་ཁ་ནས་བཟུང་སྟེ༔ ཕྱག་བྱས་གཟུགས་ནེམ༔ ཀླུ་དཔལ་གྱི་ཞལ་ནས༔ རྒྱལ་པོ་ཚེ་ཞུ་ཐུགས་དགོངས་བཟང༔ ཚེ་ཞུས་སྐུ་ཚེ་འདོར་ཉན་གདའ་འོ༔ མོན་བུ་འདོད་ཅན་རྒྱལ་སར་རིངས༔ ཁར་སང་ཟླ་བ་སྔ་མ་ལ༔ མཐའ་མི་རྩི་དུག་ཁུར་བ་གཉིས༔ མཆིམས་ཕུར་སོང་བ་ཀུན་གྱིས་མཐོང༔ བླ་མཆོད་གཉིས་ཀྱིས་ཉོས་སོ་སྐད༔ རི་གདོང་བྲག་ལ་ཡི་གེ་བྲིས༔ འགྲུལ་ལ་ཕྱི་ཕྲིན་བསྐུར་འདུག་ལོ༔ མཆིམས་ཕུར་དུག་སོང་ཟོན་གྱིས་ཟེར༔ རྒྱལ་པོའི་ཆིབས་ཁ་ནང་དུ་བཟློག༔ བློན་གྱིས་འགྲོ་བའི་དབང་མ་བྱུང༔ རྒྱལ་པོའི་ཐུགས་ལ་སྲིད་པ་མི་སྲིད༔ ཅི་ཡིན་ཀྱང་མི་ཤེས་བསམས་ནས་ཆིབས་ལ་བབས་ནས་ནང་དུ་ལོག་གོ༔ དེ་ཉིད་སློབ་དཔོན་གྱིས་མཁྱེན་ཏེ༔ གཡའ་མ་ལུང་ནས་ཚེ་ཆུ་བསྣམས་ཏེ༔ བྲག་དམར་འཛམ་བུར་གཏེར་དུ་སྦ་བར་དགོངས་ཏེ་བྱོན་དུས༔ ཚེའི་བུམ་པ་རླངས་ནི་ཕྱུར་ཕྱུར་ཁོལ་ལྷོག་ལྷོག་སྐད་ཙིར་ཙིར་བྱུང་ངོ༔ དེ་ནས་ཕྲ་མེན་གྱི་བུམ་པ་གཟིའི་ག་བུར་བཙུད༔ དེ་ཟངས་སུ་དྲིལ་ནས་བྲག་བྱ་ཁྱུང་གཤོག་པ་བརྒྱངས་པ་འདྲ་བའི་གྲེ་བར་རྒྱས་བཏབ་སྟེ་སྦས་སོ༔ སྨོན་ལམ་འདི་སྐད་ཅེས༔ རྡོ་རྗེ་སྤྲེལ་ཆུང་སྐྱེ་བ་བཅུ་བདུན་མཐར༔ ཁྲི་རྒྱལ་ཞེས་བྱ་རྒྱལ་རྒྱུད་འཁྲུངས་པའི་ཚེ༔ ཚེ་ཆུ་འདི་ཐོན་འགྲོ་དོན་དཔག་མེད་ཤོག༔ ཅེས་བཏབ་བོ༔ ཡང་ཟུར་མཁར་རྡོའི་མཆོད་རྟེན་ལ་སོགས་པར་ཚེ་ཆུའི་བུམ་པ་ཉེར་ལྔ་སྦས་སོ༔ དེའི་འདབས་ལ་ཚེ་སྒྲུབ་རེ་སྦས་སོ༔ དེ་ནས་ཐུགས་ཤིན་ཏུ་མུག་ནས་བྲེ་གུ་དགེའུར་བྱོན་དུས༔ རྒྱལ་པོ་འགྱོད་ནས་ཚོགས་འཁོར་དཔག་མེད་ཁྱེར་ནས་ཇོ་མོ་རྣམས་དང་བློན་འབངས་མང་ཞིག་བྱུང༔ དེ་དུས་སློབ་དཔོན་ཅང་མི་གསུང་བར་བཞུགས་པས༔ རྒྱལ་པོས་ཕྱག་དབུ་ཐོད་བུད་བུད་བཙལ་ནས༔ ཨེ་མ་སློབ་དཔོན་སྤྲུལ་པའི་སྐུ༔ བདག་འདྲའི་རྒྱལ་པོ་བསོད་ནམས་ཆུང༔ གྲོས་ཉེས་བདུད་བློན་དབང་དུ་སོང༔ ཚེ་དབང་མ་ཐོབ་བདག་འགྱོད་དོ༔ ལོ་གསུམ་ཚེ་སྲིང་ཐབས་ཤིག་ཞུ༔ ཅེས་ཞུས་ཚེ༔ སློབ་དཔོན་ཕྱག་གཉིས་ས་གནོན་མཛད་ནས་འདི་སྐད་གསུངས༔ འཇིག་རྟེན་འདི་ན་ཚེ་ཡི་སྣོད་རེ་དཀོན༔ རིག་འཛིན་གྲལ་དུ་འགྲོ་བའི་ཐབས་བགྱིས་ཀྱང༔ སྙིགས་མའི་སེམས་ཅན་བསགས་པ་ཆུང་སྲིད་དམ༔ མངའ་བདག་རྗེ་ཡི་ལས་སྐལ་མ་ཤོང་ངམ༔ སྐལ་ལྡན་ཚེ་རིང་ལས་འཕྲོ་མེད་སྲིད་དམ༔ རྒྱལ་པོ་མ་ཡི་མངལ་ཁ་སྟོང་དུ་དོགས༔ སྐྱེ་ཤི་འབྱུང་འཇུག་ལས་ལ་སྤྲོ་སྲིད་དམ༔ རླུང་འཁོར་ཤིང་རྟ་ཟོ་ཆུའི་ཁྱུད་མོ་བཞིན༔ འཁོར་བའི་སྐྱེ་བརྒྱུད་ལས་ངན་དགྱེས་སྲིད་དམ༔ སྙིང་གི་གྲོས་དང་ཞལ་ད་ཉན་པ་མེད༔ ཐེ་ཚོམ་ཅན་གྱི་རྒྱལ་པོ་ཡི་རེ་མུག༔ བླ་མཆོད་ང་ཙམ་ཕྱི་ནས་འབྱུང་ངམ་ལྟོས༔ བཻ་རོ་ཙ་ན་རྣམ་སྣང་སྤྲུལ་པའི་སྐུ༔ དམ་ཆོས་སྟོན་ཚེ་ཚ་བ་རོང་དུ་སྤྱུགས༔ ལོ་ཙཱ་ཁོ་ཙམ་ཕྱི་ནས་འབྱུང་ངམ་ལྟོས༔ ལྷ་བཟང་ཀླུ་དཔལ་སྟ་ར་ཀླུ་གོང་གཉིས༔ སྔ་ཕྱི་བར་དུ་བསྟན་པའི་རྐང་འདྲེན་བྱས༔ མནར་མེད་དམྱལ་བར་འགྲོ་བ་སྙིང་རེ་རྗེ༔ རྟེན་འབྲེལ་ཆེ་བས་ཚོགས་གཉིས་ཐོབ་བྱའི་ཕྱིར༔ རྒྱལ་སྲིད་ཇོ་མོ་བདག་ལ་ཕུལ་ཅིག་སྨྲས༔ རྒྱལ་པོ་བསོད་ནམས་རྫོགས་པའི་དོན་ཆེད་ལ༔ སྤྲུལ་པའི་སྐུ་ཡིས་འགྲོ་དོན་གོང་འཕེལ་བྱས༔ འཕགས་པའི་ནོར་བདུན་ཕྱུག་པའི་སྐྱེས་མཆོག་ལ༔ མངའ་རིས་ཇོ་མོས་བདག་ལ་ཅི་ཞིག་བྱ༔ རང་སྐྱོན་ཅན་གྱི་བློན་པོ་ཅོལ་རེ་ཆུང༔ སུམ་སྟོང་ལོན་ཀྱང་ཁྱེ་འུ་ལོ་བརྒྱད་ཚུལ༔ སྐྱེ་ཤི་མི་མངའ་སྣང་སེམས་དབྱེར་མེད་འདྲེས༔ འཁོར་བ་མ་སྟོངས་བར་དུ་ང་ཉིད་གནས༔ ཐེ་ཚོམ་ཅན་གྱི་རྒྱལ་བློན་སྙིང་རེ་རྗེ༔ འབྱུང་བ་ཟད་ནས་སྐུ་ལ་བགྲེས་རྒུད་མེད༔ བདག་ནི་རིག་འཛིན་གྲུབ་པ་བརྙེས་པ་ལགས༔ བོད་ཁམས་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར༔ ཆོས་རྒྱལ་ཆེན་པོའི་སྐུ་ཚེ་སྟོང་ཚོ་གསུམ༔ བསྲིང་བར་དགོངས་ཚེ་རྒྱལ་པོ་རྟེན་འབྲེལ་འཆུགས༔ གསུངས་ནས༔ འོན་ཀྱང་རྒྱལ་པོའི་སྐུ་ཚེ་ལོ་སྐོར་གཅིག་བསྲེིང་བར་བྱའོ་གསུངས་ནས༔ རྟེན་འབྲེལ་གྱི་ཆེ་བ་མང་དུ་མཛད་དོ༔ དེ་ནས་ས་ཕོ་རྟ་ཡི་ལོ་ཡོས་བུ་ཟླ་བའི་ཉ་ལ་མཁའ་འགྲོ་མ་དཔག་མེད་ཀྱིས་རྒྱ་གར་ནས༔ ལྷོ་བྲག་མཁར་ཆུར་ཚོགས་འཁོར་ལ་བྱོན་ནས༔ དེའི་ཚོགས་དཔོན་ལ་མཁའ་འགྲོ་མ་རླུང་གཤོག་ཅན་དང་སེང་གེའི་གདོང་པ་ཅན་གཉིས་ཀྱིས་གདན་དྲངས་ནས༔ སློབ་དཔོན་ཉིད་དང་མཁར་ཆེན་བཟའ་དང༔ ནམ་མཁའི་སྙིང་པོ་དང༔ ཤེལ་དཀར་བཟའ་དང་བཅས་པ་རྣམས༔ ནམ་མཁའ་ནས་བྱོན་ནས་མཁར་ཆུར་ཕེབས་སོ༔ དེའི་རྗེས་ལ་ལྕགས་ཕུར་ཅན་དུ་ཚེ་སྒྲུབ་བཅུད་ཀྱི་སྙིང་པོ་བྱས་ནས་གཅིག་ལྕགས་ཕུར་ཅན་དུ་ཐིམ༔ གཅིག་དོམ་ཚང་ཤེལ་ཕུག་ཏུ་ཐིམ༔ རྡོ་རྗེ་ཕྲེང་བ་འདི་གཅེས་པར་དགོངས་ནས་གུང་ཐང་མཁར་ལ་སྦས་སོ༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ གློ་བུར་རྒྱལ་པོས་བོད་ཁམས་རྒྱལ་པོ་སྡུད༔ འདྲེ་དང་འདྲ་བའི་མི་ངན་མང་པོ་འབྱུང༔ མན་ངག་རྣམས་ཀྱང་ཕལ་ཆེར་རང་བཟོས་བསླད༔ དམ་ཚིག་མཁའ་འགྲོ་ཡལ་བས་བྱིན་རླབས་ཆུང༔ དེ་དུས་ང་ཡི་གདམས་པ་སེལ་མེད་རྣམས༔ ལས་ཅན་སྨོན་ལམ་བཙན་པ་འགའ་ཞིག་གིས༔ རིམ་གྱིས་བཏོན་ནས་སྦས་ཚུལ་འགྲོ་དོན་སྐྱོང༔ དུས་ཀྱི་ཐ་མ་དེ་དུས་འདི་འདོན་པའི༔ ངེས་མེད་སྣ་ཚོགས་གདུལ་བྱ་ཧུར་འགྲོགས་ཅན༔ ཌཱ་ཀིའི་མཚན་ལྡན་བརླ་གཡོན་དཔྱི་ཟུར་ལ༔ མཁའ་འགྲོའི་སྤྱན་འདྲས་མཚན་པ་དེ་ལ་གཏོད༔ གཏེར་བདག་རྣམས་ཀྱང་འདི་ལ་བྱ་ར་གྱིས༔ རྡོ་རྗེ་ཕྲེང་བའི་ལོ་རྒྱུས་ཉི་མའི་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ གཏེར་སྟོན་རཏྣའི་མིང་ཅན་གྱིས། །རོང་གི་གུང་ཐང་མཁར་ནས་བཏོན་པ་ལགས། །འགྲོ་དོན་དཔག་མེད་མཐའ་ནས་རྒྱས་པར་ཤོག །མངྒ་ལཾ། ༈ ཚེ་དབང་རྡོ་རྗེ་ཕྲེང་བའི་སྟ་གོན་གྱི་དབང་བྱང་བཀོལ་བ་བཞུགས་སོ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ མགོན་པོས་བདག་ཉིད་གཞུག་ཏུ་གསོལ༔ ཞེས་ལན་གསུམ་དུ་བྱའོ༔ བུ་ཁྱོད་ལེགས་འོང་སྐལ་པ་བཟང༔ ཕྱི་ནང་དབང་གི་རིམ་པ་རྣམས༔ དམ་ཚིག་དག་ལ་གནས་པ་དང༔ སློབ་དཔོན་ཚུལ་ལ་གནས་པ་ན༔ ཁྱེད་རྣམས་བདག་གིས་རྗེས་སུ་བཟུང༔ ལྔ་པ་དམ་ཚིག་ལ་བཞག་པ་ནི༔ སྨན་ཕུད་རཀྟ་ཆུ་གསུམ་བསྲེས་ལ༔ རིམ་པར་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱིས་དམ་ཚིག་འདས་པ་ན༔ ཁྲོ་བོ་ཡཀྵ་ཞེས་བྱ་བ༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ཁྲག་འཇིབས་ནས་ཀྱང༔ ལས་ཀྱིས་རྡོ་རྗེ་དམྱལ་བར་ལྟུང༔ གལ་ཏེ་དམ་ཚིག་མ་ཉམས་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡང་དག་བྱང་ཆུབ་ཐོབ་པར་འགྱུར༔ དེ་བས་དམ་ལ་མ་འདའ་ཞིག༔ བཛྲ་ས་མ་ཡ་ན་ར་ཀན༔ ཅེས་དམ་ཚིག་མནའ་ཆུ་ལ་བཞག་གོ༔ དེ་ནས་སྤྱི་བོར་རྡོ་རྗེ་གཏུགས་ཤིང་གསང་བའི་དམ་ཚིག་ལ་བཞག་པ་ནི༔ ཧཱུྃ༔ ཁྱོད་ཀྱི་ཧེ་རུ་ཀ་དཔལ་ནི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ང་ཡི་བཀའ་ལས་མི་འདའ་ཞིང༔ ཚུལ་འདི་གཞན་ལ་མ་སྨྲ་ཞིག༔ གལ་ཏེ་གཞན་ལ་སྨྲས་ན་ནི༔ དམ་ཚིག་ཆེན་པོ་ཉམས་པ་དང༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དེ་བས་ཚུལ་འདི་མ་སྨྲ་ཞིག༔ ཅེས་དམ་ལ་བཞག་གོ༔ དེ་ནས་གནས་གསུམ་དུ༔ རྡོ་རྗེ་གཏུགས་ཤིང་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབ༔ འབེབ་ཆོག་བྱ་བའི་ཕྱིར་བདུད་རྩི་དང་དམ་ཆུ་སྦྱིན༔ སྐུ་གསུང་ཐུགས་བྱིན་བརླབས་ཤིང༔ དམ་ཚིག་པ་བསྐྱེད་རབ་ཏུ་གནས་པའི་ཕྱིར༔ སྤྱི་བོར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་ལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་བྱིན་གྱིས་བརླབ་བོ༔ དབང་མཆོག་རྡོ་རྗེ་ཕྲེང་བ་ཡི༔ དབང་གི་སྟ་གོན་གལ་མདོ་འདི༔ བདག་འདྲ་པདྨས་ཁྲིགས་སུ་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ འཛབ་ཀྱི་དུས་སུ་རྡོ་རྗེ་སྤུན་རྣམས་ལུ་གུ་རྒྱུད་དུ་སྦྲེལ༔ འཛབ་སྐོང་འདིས་བསྟོད་ཚིག་བྱ༔ ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་གཞལ་ཡས་ན༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་སེར་འོད་ཟེར་འཕྲོ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ནས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་ཕྱོགས་བཞིའི་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་རྣམས་ལའང་འགྲེས་སོ༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ཡི༔ འཛབ་སྐོང་མུ་ཏིག་ཕྲེང་བ་ནི༔ བདག་འདྲ་མཚོ་རྒྱལ་ཁྲིགས་སུ་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཚེ་དབང་རྡོ་རྗེ་ཕྲེང་བའི་བདག་འཇུག་སློབ་དཔོན་གྱིས་རང་དབང་བླང་བ་ཡོད༔ རིགས་བདག་འོད་མི་འགྱུར་ལ་ཕྱག་འཚལ་ལོ༔ ཚེ་དབང་རྡོ་རྗེ་ཕྲེང་བ་ཡི༔ ཐོག་མར་བདག་འཇུག་སློབ་དཔོན་དབང༔ འདིའི་རིམ་པ་ནི༔ སྟ་གོན་ཚར་ནས་ནང་མཚམས་བཅད༔ ཁྲུས་སོགས་གཙང་སྦྲ་ལེགས་བྱས་ལ༔ དབུ་རྒྱན་ཅོད་པན་རུས་རྒྱན་སོགས༔ ཆས་འཛོམ་གཟི་བརྗིད་ཆེར་བྱས་ཏེ༔ དམིགས་མེད་སྟོང་པའི་ངང་ཉིད་ལས༔ རང་སྐད་ཅིག་ལ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་བྱེ་རུ་ལྟ་བུ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཕྱག་མཉམ་གཞག་གི་སྟེང་ན་བུམ་པ་འཛིན་པ༔ དེ་ལྟར་གསལ་བར་བསྐྱེད་ལ༔ དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ༔ མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ སྙིང་གར་རྣམ་སྣང་ཡབ་ཡུམ༔ ལྟེ་བར་དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ་མོ༔ དེ་དག་སྐུ་མདོག་རིགས་ཀྱི་ཁ་དོག་ལ་ཕྱག་མཚན་འཛིན་པ༔ ཁྱད་པར་དུ་ཕྱག་ན་ཚེའི་བུམ་པ་བསྣམས་པ༔ ལྷ་དེ་དག་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ནས་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས༔ སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས༔ རྡོ་རྗེའི་དྲྭ་བས་ལུས་ཐམས་ཅད་གོ་ལྷུབས་སུ་གཏམས་པར་བསམ༔ བདག་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུ་ནས་ཡེ་ཤེས་སེམས་དཔའ་རྣམས་རང་རང་གི་ཚུལ་དུ་སྤྱན་དྲངས་ཏེ༔ ཡེ་ཤེས་པ་རྣམས་ཀྱི་གནས་གསུམ་ནས་ཡིག་འབྲུ་གསུམ་ལས་འོད་འཕྲོས་ཏེ༔ བདག་དམ་ཚིག་པ་རྣམས་ཀྱི་གནས་གསུམ་དུ་ཐིམ་སྟེ་བདག་ལ་དབང་བཞི་རྫོགས་པར་བསྐུར་ཞིང༔ བདག་དང་ཡེ་ཤེས་པའི་ཡིག་འབྲུའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་མེ་འབར་ནས་ཚེ་དཔག་མེད་ཀྱི་ཚེའི་བུམ་པ་ལས་འཆི་མེད་ཀྱི་བདུད་རྩི་ཁོལ་བས༔ བདག་གི་སྤྱི་བོ་ནས་འཁོར་ལོ་ལྔར་རིམ་གྱིས་ཁེངས་ནས་ཕྱི་ནང་གསང་བའི་དབང་བཞི་རྫོགས་པར་གྱུར་ཏེ༔ ཁྱོད་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་དབང་སྐུར་ཅིག༔ ཅེས་གནང་བ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་བསྐོས་པར་བསམ༔ དེ་ནས་བདག་དམ་ཚིག་པ་དང་གཉིས་སུ་མེད་པར་ས་བོན་ལ་ཐིམ་པར་བསམ༔ དེ་ནས་ཡབ་ཡུམ་རང་རང་གི་ས་བོན་ལ་རང་རང་གི་སྙིང་པོས་བསྐོར་བར་བསམས་ལ༔ བཟླས་པ་བྱས་པས་དེ་དག་ལས་འོད་འཕྲོས་པས༔ བདག་གཞན་གྱི་སྒྲིབ་པ་ཐམས་ཅད་དག་པར་བསམ༔ འདི་ལྟར་བཟླས་པར་བྱའོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཅེས་བཟླས་པས༔ སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བར་བསམ༔ དེ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ བཟང་པོ་སྤྱོད་དང་ཅི་རིགས་པའི༔ ཡན་ལག་བདུན་པ་དག་གིས་བྱ༔ དེ་ནས་རྡོ་རྗེའི་ཚིག་འདི་བརྗོད༔ ཧཱུྃ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ རྡོ་རྗེ་འཆང་གིས་དབང་ཡང་བསྐུར༔ ཧཱུྃ༔ ང་ནི་རིགས་ཀྱི་བདག་པོ་སྟེ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ མ་རིག་ལོག་རྟོག་འཁྲུལ་པ་ཡིས༔ འཁོར་བའི་རྒྱ་མཚོར་བྱིང་བ་རྣམས༔ ཐམས་ཅད་བདག་གིས་བསྒྲལ་བར་བྱ༔ མ་གྲོལ་བ་རྣམས་དགྲོལ་བྱ་ཞིང༔ མ་བསྒྲལ་པ་རྣམས་བསྒྲལ་བ་དང༔ དབུགས་མ་ཕྱུང་པ་དབུགས་དབྱུང་བྱ༔ ཧཱུྃ༔ ང་ནི་རྒྱལ་བ་ཀུན་གྱི་སྲས༔ དུས་གསུམ་རྒྱལ་བའི་དབང་ཡང་བསྐུར༔ རང་བྱུང་རིག་པའི་རྩལ་དབང་ཐོབ༔ འགྲོ་བ་འདྲེན་པར་དམ་བཅའ་འོ༔ དེ་ལྟར་རྡོ་རྗེའི་ཚིག་བརྗོད་ཅིང༔ སྔགས་ནི་ཁྲི་འམ་འབུམ་ལ་སྦྱར༔ བདག་མ་སྨིན་པར་གཞན་མི་སྨིན༔ བདག་འཇུག་སློབ་དཔོན་དབང་མེད་ན༔ གཞན་ལ་བསྐུར་བའི་འོས་ཅི་ཡོད༔ ཅི་ཕྱིར་ལོང་བས་སྣ་ཁྲིད་བཞིན༔ གནས་མེད་ངེས་པ་མེད་ཕྱིར་རོ༔ འདི་ཡོད་སངས་རྒྱས་ཕྲིན་ལས་ཉིད༔ བདག་གཞན་ཀུན་དོན་འགྲུབ་པ་འོ༔ དེ་ནས་སློབ་བུར་དབང་ཆོག་གི༔ གཞུང་ལས་ཇི་ལྟར་འབྱུང་བཞིན་བསྐུར༔ འདི་ནི་ཀུན་ལ་ཁ་བསྒྱུར་བཏུབ༔ དེ་བས་འདི་ལ་ནན་ཏན་བྱ་འོ༔ ཆོ་ག་སྒོམ་བྱེད་སློབ་དཔོན་དབང༔ རོང་གསུམ་གུང་ཐང་མཁར་ལ་སྦས༔ ལྔ་བརྒྱ་སྙིགས་མའི་དུས་མཐའ་རུ༔ ང་ཡིས་དབང་བསྐུར་བྱིན་བརླབས་པའི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ དབང་ཆོག་འདི་ཉིད་སུས་ཐོབ་པ༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ འགྲོ་དོན་མཐར་ཕྱིན་བཀྲ་ཤིས་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱའོ༔ བདག་འདྲ་གཏེར་སྟོན་རཏྣ་ཡིས། །གནམ་ལོ་ཆུ་བྱི་གླང་ཟླ་ཡི། །བཅུ་གསུམ་སཱུརྻ་ཤར་མཚམས་ལ། །གུང་ཐང་མཁར་གྱི་གཏེར་སྒོ་ཕྱེས། །སྐལ་ལྡན་བུ་སློབ་ཁྲིད་ནས་ཀྱང་། །རིན་ཆེན་ཁྲོ་ཆུའི་བུམ་པ་ནས། །ཟབ་མོའི་ཤོག་དྲིལ་བཅུ་འདུག་ལགས། །ཆོས་བཀའ་ཉི་ཤུ་རྩ་བརྒྱད་བདོག །སྐལ་ལྡན་རྣམས་ཀྱི་དཔལ་དུ་ཤོག །བདག་རཏྣའི་སྙིང་ཨི་གོ། ༈ ཚེ་དབང་རྡོ་རྗེ་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ༔་་་སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་ཁོ་ན་ཉིད། དེ་བཞིན་ཉིད་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཤར་ནུབ་་་ཐུབ་པའི་རྒྱལ་ཚབ་་་བསྟན་པ་དར་རྒྱས་བྱས༔ ཡང་ལེ་ཤོད་ནས་་་ཡང་དག་བསྒྲུབས་་་རྒྱ་གར་ཡུལ་དུ་ལོག༔ རྡོ་རྗེའི་གདན་ལ་བསྟན་པའི་རྒྱལ་མཚན་བཙུགས༔ ཨིནྡྲ་བྷཱུ་ཏི་དཔལ་འཛིན་ལ་སོགས་པ༔ རཱ་ཙ་གསུམ་གཉིས་བཏུལ་ནས་་་ཏིང་ངེ་འཛིན་གྱིས་་་ས་ཐོབ་སྦྱར༔ སུམ་སྟོང་ལོ་ལོན་རྡོ་རྗེ་གདན་བཞུགས་ཚེ༔ ཁྲི་སྲོང་ལྡེའུ་བཙན་ལས་སད་ལོ་ཙཱ་གསུམ༔་་་ཤུད་བུ་དཔལ་གྱི་སེང་གེ །སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། གསེར་ཕྱེ་་་བྲེ་གསུམ་དང་གསེར་གྱི་པ་ཏྲ་གཉིས་་་བསྐུར་ནས་་་རྡོ་རྗེ་གདན་དུ་་་ང་ཡི་དྲུང་དུ་འོང༔ བོད་ཡུལ་ཐུགས་རྗེས་འཛིན་པའི་དུས་མཁྱེན་ནས༔ འཕགས་པའི་ཡུལ་དུ་སེམས་ལྷག་མ་ལུས་པའི༔ ཤཱཀ་ཐུབ་བསྟན་པའི་ག་དར་ལེགས་པར་བྱས༔ མུ་སྟེགས་ཚར་བཅད་གཏེར་ཁ་མང་དུ་སྦས༔ དེ་ནས་བོད་ཡུལ་དབུས་ལ་ཆས་པའི་ཚེ༔ ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་རྣམས༔ རྒྱལ་པོའི་འཁོར་བཞིན་ཨོ་རྒྱན་བདག་ཕྱིར་འབྲངས༔ བསམ་ཡས་ས་བཏུལ་ལྷ་སྲིན་དམ་ལ་བཏགས༔ གསང་སྔགས་རྒྱུད་སྡེ་ཕྱི་ནང་མ་ལུས་པ༔ སཾསྐྲྀཏ་ལས་བསྒྱུར་ནས་གཏན་ལ་ཕབ༔ ཤིན་ཏུ་ཡང་ཟབ་ཉིང་ཁུའི་བཅུད་ཕྱུང་ནས༔ མ་འོངས་དོན་དུ་སྨོན་ལམ་བཏབ་ནས་སྦས༔ ཁྱད་པར་ཚེ་དབང་རྡོ་རྗེ་ཕྲེང་བ་འདི༔ ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་གྱི་ཕུག༔ ཡེ་ཤེས་མཚོ་རྒྱལ་ལ་གཏད་ཟིན་བྲིས་བྱས༔ ཚེ་ཡི་དབང་མཆོག་གསུམ་དུ་སྦྱར་བ་ལས༔ གཅིག་ནི་མཁར་ཆུ་ལྕགས་ཕུར་ཅན་ལ་ཐིམ༔ གཅིག་ནི་དོམ་ཚང་ཤེལ་གྱི་ཕུག་པར་སྦས༔ དེ་དག་ཀུན་གྱི་ཆེས་ཟབ་ཡང་ཟབ་འདི༔ མོན་རོང་མཚམས་སུ་གུང་ཐང་མཁར་ལ་སྦས༔ དུས་མཐར་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈ ཚེ་དབང་རྡོ་རྗེ་ཕྲེང་བའི་སྐུར་ཐབས་ལ༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ལ་ཡང་རྣམ་པ་བཞི་ཡིས་བསྟན༔ སྟ་གོན་རྫས་གསག་འཇུག་ཆོག་གསོལ་བ་བཏབ༔ དངོས་གཞི་གཟུངས་ཁྲུས་ལག་ལེན་སྙིང་པོ་བཟླ༔ དབང་དངོས་བསྐུར་དང་བསྐྱེད་རིམ་རྣལ་འབྱོར་བསྒོམ༔ རྗེས་ལ་བཞི་སྟེ་དམ་བྱ་གསང་སྒོ་བཅད༔ དཀྱིལ་འཁོར་བསྡུ་ཞིང་བསྔོ་སོགས་སྨོན་ལམ་གདབ༔ བཞི་གསུམ་བཅུ་གཉིས་རྡོ་རྗེ་ཕྲེང་བའི་ཆོས༔ སྔོན་འགྲོ་དཀྱིལ་འཁོར་སྟ་གོན་ཀུན་དང་མཐུན༔ དཀྱིལ་འཁོར་དབུས་སུ་བུམ་པ་མན་ཛིའི་སྟེང༔ ཁ་རྒྱན་ཤུག་པ་དར་སྣའི་མགུལ་ཆིངས་བྱ༔ གཟུངས་ཐག་ལ་སོགས་ཆས་རྣམས་འཛོམ་པར་བྱ༔ དཀར་གསུམ་མངར་གསུམ་བུ་རམ་རིལ་བུ་བླུག༔ ཆང་ངམ་ཆུ་གཙང་སུམ་གཉིས་ཁེངས་པར་བཀང༔ ཤ་ལྔ་བདུད་རྩི་ལྔ་དང་འབྲུ་སྣ་ལྔ༔ རིན་ཆེན་རྣམ་ལྔ་སྨན་སྣ་སྙིང་པོ་ལྔ༔ འབྲུ་སྣ་སྔགས་དང་བཅས་ཏེ་བུམ་པར་བླུག༔ ཁྱད་པར་ཟན་བུམ་བྱས་ཏེ་ཚེ་ཆང་དགང༔ ཁ་རྒྱན་དང་བཅས་མན་ཛིའི་སྟེང་དུ་བཞག༔ བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་བཤམ༔ སྤྱི་གཙུག་གཟུངས་ཆུ་རྡོར་སེམས་ཐུགས་ཀ་ནས༔ བྱུང་བསམ་ལུས་སྒྲིབ་ནད་གདོན་དང༔ བར་གཅོད་གདོན་བགེགས་བྱང་བར་བསམ༔ དེ་ནས་གྲལ་འདུག་སློབ་དཔོན་གྱིས༔ རྒྱུ་འབྲས་ཆོས་དང་ལོ་རྒྱུས་བཤད༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་འབོགས༔ སྲུང་སྐུད་སོ་ཤིང་བཟུང་སོགས་པ༔ སྤྱི་དང་མཐུན་པས་འདིར་མ་སྨོས༔ དེ་ནི་སྔོན་འགྲོ་སྟ་གོན་ནོ༔ སྐབས་འདིར་བདག་འཇུག་རང་དབང་བླང༔ དེ་ནས་དངོས་གཞིའི་རིམ་པ་ནི༔ གོང་གི་དལ་དབུས་བུམ་པ་ལ༔ ཚེ་བདག་རིགས་ལྔ་ཡབ་ཡུམ་རྣམས༔ བདག་ཉིད་མགོན་པོའི་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས༔ འོག་མིན་གནས་ནས་སྤྱན་དྲངས་ཏེ༔ མཆོད་བསྟོད་བྱ་ཞིང་བུམ་པར་བསྟིམ༔ བདག་འཇུག་དབང་སོགས་གཞན་དུ་ཤེས༔ སྤྱན་དར་བཀབ་སྟེ༔ དེ་ནས་ལས་ཀྱི་རྡོ་རྗེ་ཡིས༔ འཕྲང་ལ་སྤྱན་དར་བཀབ་སྟེ་ཁྲིད༔ ཕྱི་མཚམས་ནང་མཚམས་གཞུང་བསྲང་གང་ཤེས་བྱ༔ སྒོའི་དྲུང་ནས་གསོལ་བ་འདི་སྐད་བཏབ༔ རྡོ་རྗེ་སློབ་དཔོན་དགོངས་མཛོད་ཅིག༔ བདག་ཅག་མ་རིག་འཁོར་བར་འཁྱམས༔ ཕྱི་ནང་བར་ཆོད་གདོན་མང་བས༔ རིག་འཛིན་ཚེ་ཡི་དབང་མཆོག་ཞུ༔ འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཞིང༔ ཐར་པའི་ལམ་དུ་གཞུག་ཏུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་བོ༔ སློབ་དཔོན་གྱིས༔ ཁྱེད་ཅག་སུ་ཡིན་དོན་གཉེར་གང༔ རིག་འཛིན་ཚེ་དབང་ཐོབ་འདོད་ན༔ བསྲུང་བྱའི་དམ་ཚིག་ཁས་ལེན་ཅིང༔ ཇི་སྲིད་སྲོག་དང་བསྡོ་བ་ཡི༔ དམ་བཅའ་ཇི་བཞིན་བསྲུང་ནུས་སམ༔ ཞེས་དྲི༔ ལན་དུ༔ རྡོ་རྗེ་སློབ་དཔོན་དགོངས་མཛོད་ཅིག༔ ལྔ་བརྒྱ་སྙིགས་མའི་དུས་འདི་རུ༔ ཚེ་འདི་མི་རྟག་དགྲ་མང་བས༔ བདག་ཅག་འཆི་མེད་རྡོ་རྗེ་ཡི༔ དབང་ཞུ་དམ་ལས་འགལ་མི་བྱེད༔ དཀྱིལ་འཁོར་དལ་དུ་འཇུག་པར་ཞུ༔ ཞེས་ཞུའོ༔ རྡོ་རྗེ་སློབ་དཔོན་གྱིས༔ ཨེ་མ་ཁྱེད་རྣམས་སྐལ་པ་བཟང༔ རིག་འཛིན་པདྨ་ཐོད་ཕྲེང་གི༔ ཕྱག་བཞེས་རྡོ་རྗེའི་ཕྲེང་བ་འདི༔ སྐལ་ལྡན་རྣམས་ལ་བདག་གིས་བསྐུར༔ སྤྲོ་དགའ་དང་བཅས་འདི་རུ་ཤོག༔ ཅེས་སློབ་བུ་གྲལ་འདུག་མཚམས་གཅོད་བྱ༔ སློབ་དཔོན་གྱིས༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སྤྱན་དར་བསལ་ལོ༔ གུ་གུལ་ལ་སོགས་རྫས་དུད་བཏང༔ བགེགས་བསྐྲད་གྲོགས་བཅས་རོལ་མོ་བྱ༔ དེ་ནས་བར་ཆད་བསྲུང་བ་དང༔ བགེགས་དང་འབྱུང་པོ་བསྐྲད་པའི་ཕྱིར༔ དྲག་པོའི་སྦྱིན་སྲེག་དག་ཀྱང་བྱ༔ ཞི་རྒྱས་དབང་དྲག་སྦྱིན་སྲེག་བཞི༔ རིམ་པ་བཞིན་དུ་ལོགས་ན་ཡོད༔ དངོས་གཞི་སློབ་དཔོན་མེ་ལོང་ཁྲུས་ཆུ་ཐོགས༔ རྡོ་རྗེ་སེམས་དཔའི་བསྐྱེད་རིམ་སྙིང་པོ་བཟླ༔ དབྱངས་དང་བཅས་ཏེ་སློབ་དཔོན་གྱིས༔ གྲལ་སྐོར་མེ་ལོང་ཁྲུས་དག་བྱ༔ གཉིས་པ་བསྐུར་བའི་རིམ་པ་སྟེ༔ ཞི་རྒྱས་དབང་དྲག་མེ་མཆོད་བཞི༔ ཁྲུས་བྱས་རྟིང་ལ་ཞི་མཆོད་དེ༔ འཛབ་ཀྱི་དུས་སུ་རྒྱས་མཆོད་བྱ༔ ཚོགས་ཀྱི་དུས་སུ་དབང་མཆོད་དེ༔ ཐོ་རངས་བསྐུར་ཆོག་གོང་དུ་དྲག་པོའོ༔ འཛབ་དུས་སུ་དཀྱིལ་འཁོར་ཀུན་ནས་བསྐོར༔ སྙིང་པོའི་རིམ་པ་འདི་སྐད་དོ༔ ཨོཾ་བཛྲ་གུ་རུ་ཨཱ་ཡུ་ཤེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་སྭཱ་ཧཱ༔ བརྒྱ་དང་རྩ་བརྒྱད་བསྙེན་མཆོད་བྱའོ༔ གསུམ་པ་ཚེ་འབེབ་པ་ནི༔ རང་རང་སྤྱི་གཙུག་ཉི་ཟླའི་སྟེང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་བྱེ་རུའི་མདོག༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ གནས་གསུམ་ཡིག་འབྲུ་གསུམ་བསྐྱེད་དེ༔ ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་བྱང་སེམས་ཚེ་ལོངས་སྤྱོད༔ མངའ་ཐང་ཁ་རྗེ་བསོད་ནམས་སོགས༔ ཐམས་ཅད་བསྡུས་ནས་བུམ་པར་ཐིམ༔ འཆི་མེད་བུམ་པའི་བདུད་རྩི་ཁོལ༔ ལུད་ནས་བདག་གི་ཚངས་བུག་ནང༔ འོ་རྒྱུན་བཞིན་དུ་ནར་མར་བབས༔ འཆི་མེད་བདུད་རྩིས་ལུས་ཁེངས་བསམ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང༔ ཐིབ་ཐིབ་བྱོན་ནས་བདག་ཉིད་ལ༔ ཚེ་ཡི་དབང་བསྐུར་མཛད་པར་བསམ༔ རང་གི་སྙིང་གར་གཡུང་དྲུང་ཉིད༔ མི་འགྱུར་ལྟེ་བར་ཧཱུྃ་གིས་མཚན༔ རྡོ་རྗེ་རྒྱ་གྲམ་བསྣོལ་བའི་སྟེང༔ ཧཱུྃ་དང་གཡུང་དྲུང་གནས་པར་བསམ༔ དུས་རྣམས་ཀུན་ཏུ་དྲན་པས་བཟུང༔ དེ་ནི་མི་འགྱུར་སྲོག་གི་རྟེན༔ དངོས་གཞིའི་འཛབ་ནི་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་བན་ཏི་ཡེ་སྭཱ་ཧཱ༔ ཞེས་ནི་ཁྲི་དང་འབུམ་ལ་སྦྱར༔ བཞི་པ་བསྐུར་བ་དངོས་བསྟན་ཏེ༔ སློབ་དཔོན་རྡོ་རྗེ་གསོར་ཞིང་བུམ་པ་ཐོགས༔ སྙན་པའི་དབྱངས་ཀྱིས་འདི་སྐད་བསྐུར༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་སེར་ཚེ་བུམ་འཛིན༔ པདྨའི་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ རྡོར་དྲིལ་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་རྡོ་རྗེ་བུམ་པ་འཛིན༔ བྱང་ཆུབ་ཆེན་པོའི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ རྡོ་རྗེ་ཐོགས་ཏེ༔ ཧཱུྃ༔ བཅོམ་ལྡན་མི་བསྐྱོད་ཚེ་དཔག་མེད༔ མཐིང་ནག་རྡོ་རྗེ་བུམ་པ་འཛིན༔ རྡོ་རྗེ་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ པྲོག་ཞུའམ་མེ་ལོང་ཐོགས་ཏེ༔ ཧཱུྃ༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ གསེར་དང་ནོར་བུ་ཚེ་བུམ་འཛིན༔ རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ དེ་ནས་དྲིལ་བུ་ཐོགས་ཏེ༔ ཧཱུྃ༔ དོན་ཡོད་གྲུབ་པ་ཚེ་དཔག་མེད༔ ཕྲིན་ལས་ཀུན་འདུས་སྐུ་མདོག་ལྗང༔ རྒྱ་གྲམ་རྡོ་རྗེ་དྲིལ་བུ་བསྣམས༔ ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ ཕྲིན་ལས་ཚེ་ཡི་དབང་ཐོབ་ཤོག༔ ཅེས་པས་བུ་ཡི་གནས་གསུམ་དུ༔ ཕྱག་རྒྱ་བཟུང་ཞིང་རིམ་གྱིས་བསྐུར༔ དེ་ནས་ཚེ་ཡི་བུམ་པ་ཐོགས༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྐུ་ལྔའི་བདག༔ བདེ་གཤེགས་རིགས་ལྔ་ཚེ་དཔག་མེད༔ ཀུན་འདུས་ཚེེ་ཡི་རྡོ་རྗེ་མཆོག༔ རིགས་བདག་ལྔ་ཡི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་བྷྲཱུྃ་ཏྲཱཾ་ཧྲཱིཿསརྦ་ཨཱ་ཡུཿསིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་རོ༔ དེ་ནས་ཟན་བུམ་ཐོགས་ལ༔ ཧཱུྃ༔ འབྱུང་བ་ལྔ་ཉིད་སྐུ་ལྔའི་བདག༔ མི་འགྱུར་གཡུང་དྲུང་ལྷ་མོ་ནི༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཐམས་ཅད་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བཀྲ་ཤིས་བུམ་པའི་ཚེ་ཐོགས་ལ༔ ནམ་མཁའ་དབྱིངས་དང་སངས་རྒྱས་སྤྱན༔ མཱ་མ་གོས་དཀར་དམ་ཚིག་སྒྲོལ༔ དེ་བཞིན་ཚེ་བདག་ཡུམ་ལྔ་ཡི༔ ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་ལེན་རིམ་གྱིས་བསྐུར་རོ༔ རིལ་བུ་བཟའ་ཞིང་ཚེ་ཆང་བཏུང༔ ཡུམ་ལྔའི་ཟན་བུམ་རོལ་བར་བྱ༔ ཚོགས་འཁོར་ཆེར་བྱ་དགའ་སྟོན་བྱ༔ གླུ་གར་ལ་སོགས་ཉམས་དབྱངས་བླང༔ རྗེས་ཀྱི་དམ་ཚིག་བསླབ་བྱ་ནི༔ རྒྱས་པར་སྤྱི་དང་མཐུན་པ་ལས༔ སྒོས་ནི་རྐུ་འཕྲོག་གསོད་གཅོད་རྡེག༔ དེས་གོས་ཉེ་བའི་ཕྱོགས་རྣམས་སྤང༔ སྲོག་འདོན་སྦྱིན་གཏོང་དགེ་སེམས་ཀྱིས༔ སཱཙྪ་གདབ་དང་མཆོད་རྟེན་བཞེངས༔ བསོད་ནམས་ལམ་བཅོས་ཟམ་པ་གསོ༔ གཉིས་པ་གསང་ལམ་འདི་བཞིན་བཅད༔ སྙིང་པོ་སྔགས་དང་ཕྱག་མཚན་སོགས༔ གཞན་ལ་མཆུ་སྒོར་དབྱུང་མི་བྱ༔ བླ་མ་ལ་མོས་མཆེད་ལ་གདུང༔ རང་མ་ཁྲེལ་བ་དམ་ཚིག་ཡིན༔ གསུམ་པ་སྨོན་ལམ་བཏབ་པ་ནི༔ རིགས་བདག་བདེ་གཤེགས་རིག་འཛིན་གཙོ༔ བརྩེར་དགོངས་ཁྱེད་མཆོད་བྱིན་རླབས་ཀྱིས༔ ནད་གདོན་བར་ཆད་རྐྱེན་ཞི་ནས༔ ཕྱོགས་དུས་ཀུན་ཏུ་བདེ་སྐྱིད་ཅིང༔ བསམ་པ་ཡིད་བཞིན་འགྲུབ་པ་དང༔ མྱུར་དུ་སངས་རྒྱས་ཐོབ་པར་ཤོག༔ ཤིས་པ་བརྗོད་པ་ནི༔ བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔ བདེ་གཤེགས་ཀུན་འདུས་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བའི་གཤེགས་ཤུལ་མཆོག༔ ལྟ་སྒོམ་སྤྱོད་པའི་བཀྲ་ཤིས་ཤོག༔ ཚེ་ཡི་བར་ཆད་རྐྱེན་བཟློག་ནས༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ༔ དལ་བསྡུ༔ སྐོང་བཤགས་རྒྱུན་མཆོད་བྱའོ༔ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་ལམ་མནྡཱ་ར་བ་དང༔ ཚེ་ཡི་སྒྲུབ་མཆོག་འདི་བསྒྲུབས་པས༔ ཚེ་ཡི་རིག་འཛིན་བདག་གིས་ཐོབ༔ དེ་ནས་བོད་དུ་བྱོན་པའི་ཚེ༔ བསམ་ཡས་མཆིམས་ཕུར་འདི་བསྒྲུབས་ནས༔ ཆོས་རྒྱལ་སྐུ་ཚེ་བསྲིང་སྙམ་པས༔ བློན་པོ་གདུག་པའི་ཕྲག་དོག་གིས༔ རྒྱལ་པོ་ཉིད་ལ་དབང་མེད་དེ༔ བོད་ཁམས་བསོད་ནམས་སྤྱིར་ཆུང་བས༔ འདི་ཉིད་རྒྱལ་པོས་མ་ཐོབ་བོ༔ ཚེ་ཡི་སྒྲུབ་ཆུ་བུམ་པ་གང༔ གཡའ་མ་ལུང་གི་བྲག་ལ་སྦས༔ རྡོ་རྗེ་ཕྲེང་བའི་དབང་ཆོག་འདི༔ སྤེལ་བར་ཟབ་ཆོས་བློས་མ་ཐོང༔ ཁྱད་མེད་འདྲ་ཡང་ཟབ་ཁྱད་ཡོད༔ ལྷོ་བྲག་མཁར་ཆུའི་གནས་མཆོག་ལས༔ ལྕགས་ཕུར་ཅན་དུ་ཤོག་སེར་འདི༔ བདག་འདྲ་ནམ་མཁའི་སྙིང་པོ་ཡིས༔ གུ་རུའི་གསུང་བཞིན་ཟིན་རིས་བྱས༔ ན་སོ་ཕྱིན་པར་གྱུར་པ་དེས༔ ལེགས་པོ་ཁོ་ན་མ་བྱུང་ཡང༔ འདི་ཉིད་མཐོང་བས་རིག་འཛིན་ཐོབ༔ མཁར་ཆུ་ལྕགས་ཕུར་ཅན་དུ་སྦྱར༔ མོན་རོང་མཚམས་སུ་གཏེར་དུ་སྦས༔ ལྔ་བཅུ་ཁ་རལ་དུས་མཐར་ཐུག༔ སྤྱིར་ནི་བོད་ལ་བསོད་ནམས་མེད༔ ཁྱད་པར་མཐའ་འཁོབ་ལྷོ་ཕྱོགས་རྣམས༔ ཁྲག་མཚོ་འཁྱིལ་པའི་དུས་ཤིག་འབྱུང༔ སྒྲུབ་པ་ཚེ་ཡི་ལོང་མེད་དུས༔ ངེས་མེད་རྩིང་སྤྱོད་ཧུར་འདྲོགས་ཅན༔ ཐབས་ཀྱི་ཆ་འཛིན་ལྟེ་སྨེ་ཅན༔ ཤེས་རབ་ཆ་འཛིན་བརླ་གཡོན་པའི༔ དཔྱི་ཟུར་ཌཱ་ཀིའི་སྤྱན་འདྲས་མཚན༔ དེ་དང་ཆོས་འདི་སུས་འབྲེལ་བ༔ སྐྱེ་བ་གསུམ་གྱིས་རིག་འཛིན་ཐོབ༔ ལས་ཅན་དེ་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ༈ ཡང་གསང་ཚེའི་སྒྲུབ་པ་ལས༔ ཕྱི་སྒྲུབ་རྡོ་རྗེ་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈ བླ་མ་ཚེ་དཔག་མེད་པ་ལ༔ སྒོ་གསུམ་དང་བས་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཤིན་ཏུ་ཡང་ཟབ་སྦས་པ་ལས༔ ཕྱི་སྒྲུབ་རྡོ་རྗེ་ཕྲེང་བ་བསྟན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དེ་ལ་དང་པོ་ནི༔ རྣལ་འབྱོར་པ་འཁོར་བ་ལས་ཡིད་དབྱུང་ཞིང༔ ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས༔ དབེན་ཞིང་ཡིད་དང་མཐུན་པའི་གནས་སུ༔ ཕྱི་ནང་གི་བྱ་བ་བཏང་ལ་མཚམས་དམ་དུ་བཅད་ལ་ཕྱི་ནང་གི་མཆོད་གཏོར་ཚང་བར་བཤམ༔ བླ་མའི་ལས་བྱང་གཞུང་བསྲང༔ བགེགས་གཏོར་བྱིན་ལ་རང་ས་བཟུང་བར་བྱའོ༔ དེ་ནས་བདེ་བའི་སྟན་ལ་འདུག༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ སངས་རྒྱས་བསྒྲུབ་པའི་དོན་དུ་ཚེའི་རིག་འཛིན་བསྒྲུབ་སྙམ་དུ་སེམས་བསྐྱེད་ཅིང༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་ལ༔ སྣང་སྲིད་ཐམས་ཅད་སྟོང་པའི་ངང་ལས༔ ཉི་ཟླ་པདྨ་ཡི་སྟེང་ཧཱུྃ་མཐིང་ག་འོད་དུ་འཕྲོ་བ་གཅིག་བསམ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ བདག་གི་ཚེའི་བར་ཆད་ཐམས་ཅད་བསལ༔ ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་བྷྲཱུྃ་བཛྲ་རཏྣ་ཧཱུྃ༔ ཞེས་བརྗོད་པས་ཧཱུྃ་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་དྲན་རྫོགས་སུ་རང་རིག་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་རི་རབ་དང་མཉམ་པ་སྔོ་ཁྲང་བ་གཅིག་ཏུ་གསལ་བའི་ལྟེ་བའི་ནང་དུ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང༔ སྒོ་གྲུ་རྟ་བབས་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ་འོད་དུ་འབར་བའི་དབུས་སུ་ཉི་ཟླ་པདྨའི་སྟེང་དུ་རང་ཉིད་ཡི་དམ་གྱི་ལྷའམ༔ ཚེ་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཚེའི་བུམ་པ་བསྣམས་པ་འཇའ་འོད་ཀྱི་གུར་ན་གནས་པར་བསྐྱེད་དོ༔ དེའི་སྤྱི་གཙུག་ཁྲུ་གང་ངམ༔ འདོམ་གང་ལ་སོགས་གང་ཡང་རུང་བའི་ནམ་མཁར༔ པདྨ་འདབ་མ་སྟོང་དང་ལྡན་པ་དཀར་པོ༔ དམར་པོ༔ མཐིང་ག་གསུམ་བརྩེགས་ཀྱི་སྟེང་དུ༔ ཨོ་རྒྱན་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ༔ ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་བསྣམས་པ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ གཟི་བརྗིད་དང་ལྡན་པའི་ཤར་དུ་ལཱ་སེ་དཀར་མོ་མཛེས་སྡུག་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ཕྱག་ན་ཚེའི་བུམ་པ་བསྣམས་ནས་པད་མའི་སྟེང་ན་བཞེངས་པ༔ ལྷོར་མཱ་ལེ་སེར་མོ་ཚེའི་བུམ་པ་བསྣམས་པ༔ ནུབ་ཏུ་གཱི་ཏཱི་དམར་མོ་ཚེའི་བུམ་པ་བསྣམས་པ༔ བྱང་ན་ནཱིརྟི་ལྗང་མོ་ཚེའི་བུམ་པ་བསྣམས་པ༔ འོད་དང་འོད་ཟེར་གྱི་འཕྲོ་འདུ་ལྡན་པར་བསྐྱེད་དོ༔ གཙོ་བོའི་ཐུགས་ཀ་ན་ཧྲཱིཿཡིག་ལས་འོད་ཟེར་འཕྲོ་བ་དང༔ བདག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཧྲཱིཿདམར་ཚེག་དྲག་དང་ལྡན་པའི་མཐའ་ལ་ཚེའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས༔ ནུབ་བདེ་ཆེན་འབར་བའི་དཀྱིལ་འཁོར་ནས་ཚེ་དཔག་ཏུ་མེད་པ་ཚེའི་ལྷ་མོ་བཞི༔ འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཡིད་ཀྱིས་མཆོད་བསྟོད་དང་གསོལ་བ་བཏབ་པས༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཡེ་ཤེས་ལྔས་དབང་བསྐུར་ནས༔ ཐམས་ཅད་རང་རང་གི་སྤྱི་བོར་ཐིམ་ནས་དམ་ཚིག་ལ་ཡེ་ཤེས་གཉིས་སུ་མེད་པར་ཐིམ་པར་བསམ༔ དེ་ནས་ཚེ་དཔག་མེད་ལྷ་མོ་བཞི་དང་བཅས་པའི་ཐུགས་ཀའི་ས་བོན་དང༔ སྐུའི་གནས་གསུམ་ཚེའི་བུམ་པ་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཚེའི་བཅུད་ཐམས་ཅད་བུམ་པའི་ནང་དུ་སིབ་སིབ་བསྡུས་ནས༔ བུམ་པ་ཚེའི་བདུད་རྩིས་དཀར་མེར་གྱིས་གང་བར་བསམ༔ ཁྱད་པར་དུ་ལྷ་མོ་བཞིའི་བུམ་པར་ས་ཆུ་མེ་རླུང་སྨན་དང་རྩི་བཅུད་ཐམས་ཅད་བསྡུས་ནས་བུམ་པའི་བདུད་རྩི་ཆི་ལི་ལི་ཁོལ་ཞིང་ལུད་ནས༔ གཙོ་འཁོར་རྣམས་ཀྱི་བུམ་པ་ནས་དཀར་ན་ར་ར་བབས་ནས༔ རང་གི་སྤྱི་བོ་དང་ཁའི་ནང་ནས་མར་བྱུང་བས་རང་གི་ལུས་ཀྱི་ནད་གདོན་བགེགས་དང་ཁྱད་པར་ཚེའི་བར་ཆད་ཐམས་ཅད་སངས་ཀྱིས་དག་ནས༔ བཤང་ལམ་དང་རྐང་མཐིལ་ལས་འདུར་ཐོན༔ རྗེས་ལ་མས་ནས་ཡར་བདུད་རྩིས་གང་ནས༔ ལྟེ་བ༔ སྙིང་ག༔ མགྲིན་པ༔ སྤྱི་བོར་དཀར་ཆིལ་གྱིས་གང་ནས༔ ཚེ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་ངེས་ཤེས་བསྐྱེད་ལ༔ བླ་མ་དང་ཚེ་དཔག་མེད་དབྱེར་མེད་དུ་བསྒྲུབ་པའི་སྙིང་པོ་འདི་མི་ཚིག་གིས་བར་མ་ཆོད་པར༔ རབ་བྱེ་བ༔ འབྲིང་བདུན་འབུམ༔ ཐ་མ་ཡང་སུམ་འབུམ་དུ་བཟླས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཞེས་ཡང་སྙིང་འབྲུ་བཅུ་དྲུག་པ་འདི་ཟུར་མ་ཉམས་པར་བཟླའོ༔ དེ་ནས་སྔགས་སྟོང་སྟོང་གི་སྐབས་སུ་མཆོད་བསྟོད་འདི་མོས་པ་རྩེ་གཅིག་གི་སྒོ་ནས་བྱའོ༔ ཀྱེ༔ བླ་མ་ཚེ་དཔག་མེད་པ་དགོངས༔ བདག་ནི་ཁྱེད་ལ་རབ་གུས་པས༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་མཆོད་ཚོགས་དང༔ སྣང་སྲིད་སྣོད་བཅུད་མཆོད་པར་འབུལ༔ མི་དགེ་ཉམས་ཆག་ཐམས་ཅད་བཤགས༔ གསང་བ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ་ཞིང་བསྙེན་པ་ལ་འབད་དོ༔ ཐུན་མཚམས་སུ་འཕྲོ་གཅོད་དུས་དབང་གི་གསོལ་བ་འདི་གདབ་བོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་སངས་རྒྱས་རིན་པོ་ཆེ༔ ཚེ་དཔག་མེད་པ་འགྲོ་བའི་མགོན༔ ཡང་གསང་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ བླ་མེད་མཆོག་གི་རིན་པོ་ཆེ༔ མགོན་པོས་བདག་ལ་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ ཚེ་དཔག་མེད་ལྷ་མོ་བཞི་དང་བཅས་པས་འཆི་མེད་སྔགས་ཀྱི་རང་སྒྲ་ཏི་རི་རི་བཟླས་ཤིང་དབང་བསྐུར༔ བུམ་པའི་བདུད་རྩི་སྤྱི་བོ་ནས་མར་བབས་པས་བདག་གི་ལུས་འཆི་མེད་ཀྱི་བདུད་རྩིས་མེ་རེ་རེ་གང་བར་བསམ་ཞིང༔ རྗེས་ལ་ལྷ་མོ་བཞིའི་བུམ་པ་ནས་གཙོ་བོའི་བུམ་པར་བསྡུས་ལྷ་མོ་བཞི་ཡང་གཙོ་བོ་ལ་ཐིམ་ནས༔ གཙོ་བོའི་བུམ་པ་ནས་རང་གི་སྤྱི་བོ་ནས་མར་བྱུང་བས་ལུས་ལྟེམ་གྱིས་གང་བར་དམིགས་ལ་རླུང་ཐུབ་ཐང་ཅིག་བཟུང་ལ་དལ་བུས་བཏང་བའི་རྗེས༔ ཚེ་བརྟན་པར་བྱེད་པའི་འཆི་མེད་ཀྱི་རང་གཟུངས་འདི་བརྒྱའམ་ཉེར་གཅིག་རེ་བཟླའོ༔ ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཛྙཱ་ན་སམྦྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ༔ དྷརྨ་ཏེ༔ ག་ག་ན་ས་མུད་ག་ཏེ༔ སྭ་བྷཱ་བ་བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ༔ ཞེས་བཟླས་པའི་རྗེས་སུ༔ ཚེ་དཔག་མེད་སྤྱི་བོ་ནས་མར་ཐིམ་སྙིང་གར་བྱོན་འོད་དུ་ལྟེམ་ཞུ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་ཚེ་མི་འགྱུར་བ་སྤྲོས་མེད་སྟོང་པའི་ངང་དུ་ས་ལེ་བ་ཅི་ཙམ་གནས་པར་བཞག༔ རྗེས་ལ་དགེ་རྩ་ཚེའི་རིག་འཛིན་ཐོབ་པ་དང༔ བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ༔ བཀྲ་ཤིས་པའི་ཚིགས་སུ་བཅད་པ་དག་ཀྱང་བྱའོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ ཉི་ཟླ་ཤར་བ༔ རི་བོ་ལ་འཛེགས་པ༔ མཆོད་རྟེན་ལ་བསྐོར་བ་བྱེད་པ༔ སཱཙྪ་མང་དུ་མཐོང་བ༔ རྔ་བརྡུང་བ༔ དར་ཕྱར་བ༔ དུང་འབུད་པ༔ མཁར་བརྩིགས་པ༔ ལོ་ཐོག་རྒྱས་པ༔ སྟོན་སྡུད་པ༔ འབྲུ་ལ་ལོངས་སྤྱོད་བྱེད་པ༔ ཁྱད་པར་རྡོ་རྗེ་རྙེད་ཅིང་ལུས་ལ་ཐིམ་པ༔ ཁོང་དུ་མིད་པ༔ བུད་མེད་བཟང་མོའམ་ཁྱེའུ་གཞོན་པས་ཆང་དང༔ བདུད་རྩི་ཁྱད་པར་ཅན་བྱིན་པ༔ ཁྲབ་དང་གོས་བཟང་དྲི་མ་མེད་པ་གོན་པ༔ ཁྲི་མཐོན་པོ་ལ་འདུག་པ༔ དེ་རྣམས་ཚེ་འཕེལ་ཞིང་གྲུབ་པའི་རྟགས་ཁྱད་པར་ཅན་དུ་ཤེས་པར་བྱའོ༔ གོང་གི་བསྙེན་པ་ཐེམས་ནས་དམིགས་པ་གོང་བཞིན་གསལ་བས་ཞག་རེ་ལ་བརྒྱ་རྩ་རེ་ཐོ་རངས་སམ་ཉི་ཤར་ཚུན་ལ་མ་ཆག་པར་བྱའོ༔ དེས་ནི་ཚེ་ཡི་རིག་འཛིན་ཐོབ་པར་ཐེ་ཚོམ་མེད་དོ༔ ཁྱད་པར་བླ་མ་ཚེ་དཔག་མེད་དང་དབྱེར་མེད་དུ་སྒྲུབ་པ་འདི་བྱིན་རླབས་ཀྱི་རྩ་བ་ཡིན་པས༔ དགེ་སྦྱོར་གྱི་རྨང་ཟིན༔ ཉམས་རྟོགས་དང་ཤེས་རབ་འཕེལ༔ གདུལ་བྱ་དང་ཕྲིན་ལས་རྒྱས༔ མདོར་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བས་ན་ཤིན་ཏུ་ཡང་ཟབ་དམ་པའོ༔ དངོས་གྲུབ་ཀུན་འབྱུང་ཐེམ་མེད་སྦས་པ་ལས༔ ཐུགས་ཀྱི་ཡང་བཅུད་རྡོ་རྗེའི་ཕྲེང་བ་འདི༔ གཅེས་ཕངས་རྒྱས་བཏབ་གུང་ཐང་མཁར་ལ་སྦས༔ མ་འོངས་ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ རང་ཉམས་བླང་ཞིང་ཡུན་དུ་སྤེལ་མི་བྱ༔ སྤེལ་སྔས་དམ་སེལ་རང་གི་ཚེ་ལ་གནོད༔ རྗེས་ཀྱང་སྙིང་བུ་འགའ་ལས་སྤེལ་མི་བྱ༔ སློབ་དཔོན་ང་ཡི་ཐུགས་བཅུད་ཉིང་ཁུ་འདི༔ མ་འོངས་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ རཏྣ་གླིང་པའི་ཐུགས་བཅུད་གསང་བའི་རྒྱ། ༈ ཡང་གསང་ཚེའི་སྒྲུབ་པ་ཤིན་ཏུ་ཟབ་པ་ནང་སྒྲུབ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རིགས་བདག་ཚེ་ཡི་མགོན་པོ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ བདག་ཉིད་ཚེ་བདག་པདྨ་ཡིས༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས༔ ནང་ལྟར་བསྒྲུབ་པ་བསྟན་པར་བྱ༔ འདི་ལ་གསུམ་སྟེ༔ སྔོན་འགྲོ་རྫས་གསག་པ༔ དངོས་གཞི་ཚེ་སྒྲུབ་པ༔ རྗེས་ལ་དངོས་གྲུབ་བླང་བའོ༔ དང་པོ་རྫས་བཤམ་པ་ནི༔ དབེན་ཞིང་བཀྲ་ཤིས་ཉམས་དགའི་གནས་སུ༔ ཟླ་བ་ཡར་ངོ་གཟའ་སྐར་ཚེས་གྲངས་བཟང་བ་ལ༔ ཕྱི་ནང་མཆོད་གཏོར་དང༔ དལ་གྱི་དབུས་སུ༔ རིན་པོ་ཆེའི་བུམ་པར༔ རིགས་བཟང་གི་བུ་མོ་བཀྲ་ཤིས་པས་རི་རྒྱུད་གངས་ནས་འབྲེལ་བའི་ཆུ་བླངས་ཏེ༔ ཁྱེའུ་བཀྲ་ཤིས་པས་བླུགས༔ དེར་དྲི་ལྔ༔ སྨན་ལྔ༔ འབྲུ་ལྔ༔ རིན་པོ་ཆེ་སྣ་ལྔ་ལ་སོགས་པའི་བུམ་རྫས་དང༔ མར་དང་བུ་རམ་དབང་ལག༔ རྟག་ཏུ་ངུ༔ ཨ་མྲྀཏས་སྦྱར་བའི་རིལ་བུས་བཀང་ལ༔ དར་དམར་གྱི་མགུལ་ཆིངས༔ མེ་ལོང་ལ་མཚལ་གྱིས་བསྙེན་པའི་སྔགས་དང༔ ལྟེ་བར་ནྲྀ་བྲིས་ལ༔ ཁ་བཅད་དེ་གཟུངས་ཐག་རྡོ་རྗེ་བརྟོད་ལ་བཞག་གོ༔ དེའི་སྟེང་དུ་ཚེའི་གཏོར་མ་དཔེའུ་ཆུང་ལྟར་བཅའ༔ ཚེའི་མདའ་དར༔ རྨ་བྱའི་མདོངས༔ ཚེ་དཔག་མེད་ཀྱི་བྲིས་སྐུ་དང་བཅས་པ་གཟུག་གོ༔ དེ་ནས་བླ་མའམ་གང་རུང་གི་ལས་བྱང་གཞུང་བསྲང༔ བགེགས་གཏོར་བྱིན་ལ་མཚམས་དམ་དུ་བཅད་ལ་ཞག་བདུན་ནམ་ཉེར་གཅིག་ལ་སོགས་དུས་ཀྱི་སྒྲུབ་པ་དང༔ བྱེ་བའམ་བདུན་འབུམ༔ སུམ་འབུམ་ལ་སོགས་གྲངས་ཀྱི་བསྙེན་པའམ༔ མདོར་ན་སྒྲུབ་པའི་རྟགས་དང་བསྟུན་ལ་བྱའོ༔ དངོས་གཞི་ཚེ་སྒྲུབ་པ་ནི༔ དེ་ནས་བདེ་བའི་སྟན་ལ་འདུག་སྟེ༔ སྭ་བྷཱ་བས་སྟོང་པར་སྦྱངས་པའི་ངང་ནས༔ པདྨ་ཉི་ཟླའི་སྟེང་དུ་བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཚེའི་བུམ་པ་འཛིན་པ༔ རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ གཟི་བརྗིད་དང་ལྡན་པར་བསྐྱེད་པའི་ཐུགས་ཀར་ཧྲཱིཿལ་རྩ་སྔགས་ཀྱིས་བསྐོར་བར་བསམ་སྟེ༔ ཧྲཱིཿལས་འོད་ཟེར་འཕྲོས་ནས་བུམ་པ་ལ་ཕོག་སྟེ༔ བྷྲཱུྃ་ཞེས་བརྗོད་པས་བུམ་པ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་དང་བཅས་པ་ཕྱི་གསལ་ནང་གསལ་བའི་དབུས་སུ༔ ཉི་ཟླ་པདྨའི་སྟེང་དུ༔ ཡི་དམ་ཚེ་དཔག་ཏུ་མེད་པ་རང་ཅི་འདྲ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྒྱན་ཆ་ལུགས་དང་ལྡན་པ་འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་ཕྱག་ན་ཚེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་བསྣམས་པའི་མདུན་ནས། ཡུམ་པདྨ་དབྱིངས་ཕྱུག་མ་རྒྱན་དང་ལྡན་པ་ཕྱག་གཡས་ཚེ་དར་དང་གཡོན་བུམ་པ་འཛིན་པ་དང་འཁྲིལ་བར་བསྐྱེད༔ དེའི་ཤར་དུ་མི་བསྐྱོད་པ་ཚེ་དཔག་མེད་སྔོན་པོ་རྒྱན་ཆས་གཙོ་བོ་དང་མཐུན་པ་ཕྱག་ན་རྡོ་རྗེ་དང་ཚེའི་བུམ་པ་བསྣམས་པ༔ ཡུམ་མཱ་མ་ཀཱི་ཚེའི་མདའ་དར་དང་ཚེ་བུམ་བསྣམས་པ་གཙོ་མོ་དང་མཐུན་པ་ཡུམ་མཐིང་གར་བསྐྱེད༔ ལྷོར་རིན་འབྱུང་ཚེ་དཔག་མེད་སེར་པོ་རིན་པོ་ཆེ་དང་ཚེ་བུམ་ཡུམ་གོང་ལྟར་བསྐྱེད་དོ༔ ནུབ་ཏུ་རྣམ་སྣང་ཡབ་ཡུམ་སྐུ་མདོག་དཀར་པོ་འཁོར་ལོ་དང་ཚེ་བུམ་གོང་བཞིན་ནོ༔ བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རྒྱ་གྲམ་དང་ཚེ་བུམ་གོང་བཞིན་དུ་བསྐྱེད་དོ༔ དེའི་ཕྱི་ཤར་དུ་ལཱ་སེ་དཀར་མོ༔ ལྷོར་མཱ་ལེ་སེར་མོ༔ ནུབ་ཏུ་གཱི་ཏཱི་དམར་མོ༔ བྱང་དུ་ནཱིརྟཱི་ལྗང་གུ༔ དེ་རྣམས་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ གཡས་པ་ཐམས་ཅད་ན་ཚེའི་མདའ་དར་དང༔ གཡོན་ཐམས་ཅད་ན་ཚེའི་བུམ་པ་བསྣམས་པར་བསྐྱེད་དོ༔ དེའི་ཕྱི་རོལ་དུ་ཚེའི་དབང་སྡུད་ཕྱག་རྒྱའི་ལྷ་མོ་མགྱོགས་མ་བཞི༔ ཤར་དུ་དཀར་མོ་ཚེ་མདའ་དང་ལྕགས་ཀྱུ་གཡས༔ ཚེའི་བུམ་པ་གཡོན་ན་བསྣམས་པའོ༔ ལྷོར་སེར་མོ་ཞགས་པ་མ༔ ནུབ་ཏུ་དམར་མོ་ལྕགས་སྒྲོག་མ༔ བྱང་དུ་ལྗང་མོ་དྲིལ་བུ་མ༔ ཀུན་ཀྱང་ཚེ་མདའ་དང་ཚེ་བུམ་བསྣམས་པ་འཁོར་གྱི་སྤྲུལ་པ་ཚེའི་ལྷ་མོ་འབུམ་འབུམ་གྱིས་བསྐོར་བར་བསྐྱེད་དོ༔ དེ་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་བསྐྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ༔ དེའི་སྟེང་དུ་ཚེའི་གཏོར་མ་མི་དམིགས་པ་ལ༔ བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་ཏུ་མེད་པ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་སྟེང་ན༔ པདྨ་འདབ་མ་སྟོང་དང་ལྡན་པ་ཉི་ཟླའི་སྟེང་ན་སྐུ་མདོག་དཀར་གསལ་པདྨ་རཱ་གའི་མདོག་ཅན༔ ལོངས་སྤྱོད་རྫོགས་སྐུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཉམ་གཞག་གི་སྟེང་ན་ཚེ་བུམ་འཆི་མེད་ཀྱི་བདུད་རྩིས་བཀང་བ་འཛིན་པ༔ མདུན་ན་ཚེ་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དཀར་དམར་མདངས་དང་ལྡན་པ་གཞོན་ནུ་བཅུ་དྲུག་ལོན་པའི་ཚུལ༔ གཡས་པས་པདྨ་དང་གཡོན་པས་ཚེ་བུམ་འཛིན་པ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ་ཡབ་དང་འཁྲིལ་བར་བསྐྱེད་ཅིང༔ དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བར་བསྒོམ་མོ༔ དེ་ནས་བདག་དང་ད་ལའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པ་དང༔ ཁྱད་པར་དུ་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་པས་མཆོད་པ་དང་བསྟོད་པ་འབུལ༔ འདོད་པའི་དོན་ལ་གསོལ་བ་བཏབ་ཅིང༔ ཡེ་ཤེས་པ་རྣམས་ཀྱིས་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་ཕབ༔ ཡེ་ཤེས་ལྔའི་དབང་བསྐུར་ནས་དམ་ཚིག་ལ་ཡེ་ཤེས་གཉིས་སུ་མེད་པར་བསྟིམ་མོ༔ བླ་མ་ཚེ་དཔག་མེད་སྤྱི་བོར་གོང་བཞིན་ལ༔ ཁྱད་པར་དུ་བླ་མ་ཨོ་རྒྱན་ཆེན་པོ་དང༔ རྩ་བ་དང་བརྒྱུད་པའི་བླ་མ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་ཚེ་དཔག་ཏུ་མེད་པའི་རང་བཞིན་དུ་བྱོན་པར་བསམ་ཞིང་གོང་ལྟར་དབང་བསྐུར་ཞིང་དམ་ཚིག་པ་ལ་བསྟིམ་མོ༔ དེ་ནས་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་བས་ལྷའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཚེའི་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་དུ་འུབ་འུབ་བསྡུས་ནས༔ གཞལ་ཡས་བུམ་པའི་ནང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ཆིལ་གྱིས་འཁྱིལ་བར་བསམ་ཞིང༔ རྩེ་གཅིག་མ་ཡེངས་པའི་སྒོ་ནས་དམིགས་པའི་འཕྲོ་འདུ་ཡང་ཡང་གསལ་བཏབ་ཅིང༔ འཆི་མེད་ཚེའི་སྙིང་པོ་བསྙེན་སྒྲུབ་གཅིག་ཏུ་དྲིལ་བ་འདི་མི་ཚིག་གིས་བར་མ་ཆོད་པར་བྱེ་བ་བདུན་འབུམ་བཟླའོ༔ ཨོཾ་གུ་རུ་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་བན་དྷི་ཡེ་སྭཱ་ཧཱ༔ ཞེས་གསང་བའི་ཡིག་འབྲུ་ཉི་ཤུ་པ་འདི་ལྟར་ཟུར་མ་ཉམས་པར་བཟླ་བར་བྱའོ༔ དེ་ནས་སྐབས་སྐབས་སམ་དུས་བཞིར་མདའ་དར་དམར་པོ་གཡབ་ཅིང་ཚེ་འགུག་སྐུལ་བྱང་འདི་དབྱངས་སྙན་པོས་བྱའོ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སེར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི༴ བུམ་པའི་རང་བཞིན༴ བུམ་པའི་ཁ༴ བུམ་པའི་མགུལ༴ བུམ་པའི་གཟུངས༴ ལུ་གུ་རྒྱུད༴ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས༴ གཱི་ཏཱི་དམར་མོ༴ ཕྱག་ན༴ བུམ་པའི༴ བུམ་པའི་ཁ༴ བུམ་པའི་མགུལ༴ བུམ་པའི་གཟུངས༴ ལུ་གུ་རྒྱུད་ལ༴ ནུབ་ཀྱི་ཕྱོགས་ནས༴ སྒྲུབ་མཆོག༴ ཧཱུྃ༔ བྱང་གི་ཕྱོགས༴ ནཱིརྟི་ལྗང་མོ་ཚེ༴ ཕྱག་ན་ཚེ༴ བུམ་པའི་རང་བཞིན༴ བུམ་པའི་ཁ༴ བུམ་པའི་མགུལ༴ བུམ་པའི་གཟུངས༴ ལུ་གུ་རྒྱུད༴ བྱང་གི་ཕྱོགས༴ སྒྲུབ་མཆོག༴ ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ བདེ་ཆེན་རིགས་ཀྱི་ཡུམ་མཆོག་རྣམས༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ལྷ་མོ་མཱ་མ་ཀཱིས༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི༴ དྲོད་ཀྱི་ཁམས་ནས༴ རིགས་ཀྱི་ཡུམ་མཆོག་གོས་དཀར་མོས༔ མེ་ཡི་ཁམས༴ འཆི་མེད་ཚེ༴ རླུང་གི་ཁམས་ནས༴ རིགས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ རླུང་གི་ཁམས༴ འཆི་མེད་ཚེ༴ སེམས་ཀྱི་ཁམས་ནས༴ རིགས་ཀྱི་ཡུམ་མཆོག་ཀུན་ཏུ་བཟང༔ ནམ་མཁའི་ཁམས༴ འཆི་མེད་ཚེ༴ རིགས་ཀྱི་ཡུམ་གྱུར་ཁྱེད་རྣམས་ཀྱིས༔ འབྱུང་བའི་ཚེ་སྲོག་བརྟན་པར་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་རྡོ་རྗེ་ཚེ་འགུགས་མ༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་བསྣམས༔ སྐུ་གསུང་ཐུགས་སྤྲུལ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་རིན་ཆེན་ཚེ་འགུགས་མ༔ སེར་མོ་མགྱོགས་མ༴ སྐུ་གསུང་ཐུགས་སྤྲུལ་སེར་མོ༴ རིན་ཆེན་ཚེ་མཆོག༴ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་པདྨ་ཚེ༴ དམར་མོ་མགྱོགས་མ༴ སྐུ་གསུང་ཐུགས་སྤྲུལ་དམར་མོ་མགྱོགས༴ པདྨ་ཚེ་མཆོག༴ ཧཱུྃ༔ བྱང་གི་ཕྱོགས་ནས་ལས་ཀྱི་ཚེ༴ ལྗང་མོ་མགྱོགས་མ༴ སྐུ་གསུང་ཐུགས་སྤྲུལ་ལྗང་མོ༴ ལས་རབ་ཚེ༴ རྒྱལ་བ་བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ མགྱོགས་མ་ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ རྣལ་འབྱོར་སྐལ་ལྡན་བདག་ལ་ཚེ་དབང་སྐུར༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ཞིང་བདག་དང་བུམ་པ་ལ་འགུགས་བསྟིམ་དྲག་ཏུ་བྱའོ༔ འདི་ནི་ཤིན་ཏུ་ཟབ་སྟེ༔ རྣལ་འབྱོར་པས་ཚེ་སྒྲུབ་རྒྱུན་དུ་བྱ་བ་དང༔ གཞན་ལ་ཚེ་དབང་ཆེན་མོ་བསྐུར་བ་ལ་སོགས་ཀུན་ལ༔ ཚེའི་སྐུལ་བྱང་འདི་བྱ་ཞིང་དམིགས་པ་གསལ་བས་འཛབ་ལ་ནན་ཏན་བསྐྱེད་པས་ཚེའི་དངོས་གྲུབ་མཆོག་གི་དམ་པ་ཐོབ་པར་ཐེ་ཚོམ་མེད་དེ༔ ཨོ་རྒྱན་བདག་གིས་ཤིན་ཏུ་ཟབ་པར་གདམས་པའི་ཐ་ཚིག་དེ་ཁོ་ནའོ༔ དེ་ནས་གོང་གི་བསྙེན་པ་དུས་གྲངས་ཐེམས་པ་དང༔ ལས་སྦྱོར་ཚེ་ཡི་སྙིང་པོ་འབྲུ་བརྒྱད་པ་འདི་ཁྲི་ཚོ་གཅིག་བཟླའོ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཅེས་བཟླ་བར་བྱའོ༔ དེ་ཚེ་སྒྲུབ་པའི་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་བ༔ རི་རྩེར་འཛེགས་པ༔ ནམ་ལངས་པ༔ ལོ་ཐོག་ལེགས་པ༔ འབྲུ་ལ་ལོངས་སྤྱོད་བྱེད་པ༔ བདུད་རྩི་འཐུང་བ༔ རྡོ་རྗེ་ལ་སོགས་ཕྱག་མཚན་རྙེད་པ་དང༔ ལྟོར་མིད་པ༔ དར་ཕྱར༔ དུང་འབུད༔ རྔ་བརྡུངས༔ ཁྲོམ་འདུ༔ མཁར་དང༔ མེ་ཏོག༔ མཆོད་རྟེན་བརྩིགས་པ༔ གོ་ཆ་གོན་པ༔ ཞལ་མཇལ་བ༔ ཚེའི་ལུང་སྟོན་པ་ལ་སོགས་འབྱུང་ངོ༔ གསུམ་པ་དངོས་གྲུབ་བླང་བ་ནི༔ ཐོག་མར་ཚེ་བུམ་ཚེ་གཏོར་གཉིས་མ་བྲལ་བར་སྤྱི་བོར་བཞག་ལ༔ ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་དང་ཡི་དམ་ཚེ་བདག་རིགས་ལྔ་ཚེའི་ལྷ་མོ་རྣམས་ཀྱི་ཚེའི་བུམ་པ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བབས་པ་དང༔ སྦྱོར་མཚམས་ནས་དྭངས་མ་དཀར་དམར་བབས་པ་གཉིས་དཀར་ན་ར་ར་བབས་པ་རང་གི་སྤྱི་བོ་ནས་མར་བྱུང་བས་ལུས་ཀྱི་གསང་གནས་ནས་སྤྱི་བོའི་བར་དུ་འཆི་མེད་ཀྱི་བདུད་རྩིས་ལྟེམ་གྱིས་གང་བར་བསམ་ཞིང༔ རྩ་སྔགས་ཤམ་བུར༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བརྒྱའམ་ཉེར་གཅིག་རེ་བཟླའོ༔ དེ་ནས་མགྲིན་པར་གཏུགས་ལ་རྩ་སྔགས་ཤམ་བུར༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཟླའོ༔ སྙིང་གར་བཟུང་ལ་རྩ་སྔགས་ལ༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཟླའོ༔ ལྟེ་བར་བཟུང་ལ་རྩ་སྔགས་ལ༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བཟླས་པས་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་རང་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་མཆོག་ཐོབ་པར་ངེས་ཤེས་བསྐྱེད་དོ༔ དེས་ནི་ཤིན་ཏུ་ཐོབ་ཀྱང་ཐོབ་པ་ཡིན་ནོ༔ དེ་ནས་ཚེ་གཏོར་དངོས་གྲུབ་ཏུ་རོལ༔ ཚེ་བུམ་གྱི་བདུད་རྩི་བཏུང༔ ཚེ་རིལ་ཚོ་བཟའ༔ ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དྭངས་མའི་བཅུད་ཐམས་ཅད་སྙིང་གའི་ནྲྀཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་འོད་དང་ལྡན་ཏེ་རྟག་ཅིང་མི་འགྱུར་བ་རྡོ་རྗེའི་སྐུར་གྱུར་པར་བསྒོམ་མོ༔ དེ་ནས་ངག་ཏུ༔ ཨེ་མ་ཧོ༔ ཚེ་དཔག་མེད་པའི་བྱིན་རླབས་དང༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་མཐུས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང༔ གློ་བུར་དགུ་བཅུ་རྩ་གཅིག་དང༔ དུས་མིན་འཆི་བ་རྣམ་བརྒྱད་སོགས༔ མི་མཐུན་ཚེ་ཡི་བར་གཅོད་རྣམས༔ མ་ལུས་ཞི་ཞིང་ཟློག་པར་མཛོད༔ ཅེས་ལན་བདུན་བརྗོད་དོ༔ དམ་ཚིག་ནི༔ རྣལ་འབྱོར་རང་དོན་དུ་བསྒྲུབ་ན་ཚེ་གཏོར་དང་བུམ་རྫས་རྣམས་མི་ལ་མི་སྦྱིན་ནོ༔ གཞན་དོན་དབང་དུ་བྱེད་ཚེ་སྤེལ་ལོ༔ མདོར་ན་འདི་ཉིད་སྒྲུབ་ཚེ་ངག་བཅད་མཚམས་བསྡམ༔ གྲིབ་ཅན་དང་སྡིག་ཅན་དང༔ དམ་ཚིག་མི་གཙང་བའི་རིགས་ཀྱིས་མཐོང་བར་མི་རུང་ངོ༔ དེས་ནི་དུས་མིན་ཚེ་ཡི་བར་ཆད་ཞི་ནས་རིག་འཛིན་ཐོབ་པར་ཐེ་ཚོམ་མེད༔ རྡོ་རྗེ་ཕྲེང་བ་ཕྱི་ནང་གསང་གསུམ་དུ་སྒྲུབ་པ་འདི་རྣམས་ནི༔ གཅིག་ལ་གཅིག་ལྟོས་མི་དགོས་ཏེ༔ རང་གཞུང་སོ་སོར་ཚུག་གོ༔ རྣལ་འབྱོར་པས་གལ་ཏེ་གསུམ་ཀ་རྫོགས་པར་བསྒྲུབ་ན་ཐོག་མར་ཕྱི་སྒྲུབ་བྱ༔ དེ་ནས་ནང་སྒྲུབ༔ ཐ་མ་ལ་གསང་སྒྲུབ་བྱས་ཏེ༔ བསྙེན་སྒྲུབ་ལས་སྦྱོར་གྱི་ཚུལ་དུ་བྱའོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ནག་ཕྱོགས་བདུད་ཀྱི་དཔུང་རྒྱས་པས༔ སྡིག་ཅན་རྣམས་ནི་ཚེ་རིང་ཞིང༔ ཆོས་བྱེད་རྣམས་ཀྱི་ཚེ་ཐུང་འགྱུར༔ དེ་ཡི་བར་ཆོད་བསལ་བའི་ཕྱིར༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལ༔ ཐེམ་ཡིག་ཅན་དང་སྦས་པའི་སྐོར༔ སྤྱི་དང་ཁྱད་པར་གཉིས་སུ་སྦས༔ ཕྱི་ནང་གསང་གསུམ་སྒྲུབ་པ་དང༔ བཅུད་ལེན་ཁྲིད་ཡིག་བཅས་པ་རྣམས༔ ཐེམ་ཡིག་མེད་པར་གུད་དུ་སྦས༔ འདི་རྣམས་ལས་ཟབ་ཚེ་སྒྲུབ་ནི༔ པདྨ་བདག་ལ་ཡོད་རེ་ཀན༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལས་ཅན་ཐུགས་ཀྱི་སྲས་གྱུར་པ༔ སྐལ་ལྡན་རཏྣ་གླིང་ལ་གཏད༔ ཡུན་དུ་གསང་ཞིང་སྦ་བར་བྱ༔ སྤེལ་སྔས་རང་གི་ཚེ་ལ་གནོད༔ དམ་ཚིག་གཙང་བ་གནད་ཡིན་པས༔ བཀའ་བཞིན་སྒྲུབས་ཤིག་རིགས་ཀྱི་བུ༔ རྗེས་ཀྱང་འདི་རྣམས་སྙིང་འདྲ་ཡི༔ བུ་མཆོག་འགའ་ཙམ་མ་གཏོགས་པ༔ མང་དུ་མི་སྤེལ་གསང་དམ་བྱ༔ སྡིག་སྤྱོད་བརྩོན་འགྲུས་ལྡན་པ་ཡི༔ དེ་འདྲའི་ལག་ཏུ་ཤོར་སྲིད་པས༔ ཤིན་ཏུ་གསང་བ་བཀའ་རྒྱ་འོ༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ནང་ལྟར་དུ་སྒྲུབ་པ༔ ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས༔ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་ཡི་གེར་བཀོད་པའོ༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈྈྈྈྈ ྈྈྈ ཁོ་བོ་གཏེར་སྟོན་རིན་ཆེན་དཔལ་བཟང་གིས། །རོང་གསུམ་འདུས་པའི་བྲག་དམར་བཙན་མཁར་ནས། །མེ་ལོང་ལྟ་བུའི་བྲག་རྒྱ་ལྕགས་ཀྱིས་བཅོམ། །རྫ་ཡི་བུམ་པ་ཁྲོ་ཆུས་བྱུག་པ་ནས། །རྡོ་རྗེ་ཕྲེང་བའི་ཤོག་སེར་མ་ལུས་བྱུང། །ངོ་མཚར་མཆོག་འདིས་ཚེ་ལ་དབང་བར་ཤོག། ༈ ཡང་ཟབ་ཚེའི་སྒྲུབ་པ་ལས་གསང་སྒྲུབ་རྡོ་རྗེ་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈ སྐྱེ་ཤི་མི་མངའ་རྡོ་རྗེའི་སྐུར་གྱུར་པ༔ རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ དེ་ཡི་སྤྲུལ་པ་རྒྱ་བོད་ཀུན་གྲགས་ཤིང༔ ཚེ་ལ་མངའ་བརྙེས་པདྨ་བདག་ཉིད་ཀྱིས༔ བོད་ཡུལ་ཀུན་ཏུ་ཚེ་སྒྲུབ་ཇི་སྙེད་སྦས༔ ཀུན་ལས་ཡང་ཟབ་སྙིང་པོའི་མཆོག་གྱུར་པ༔ གསང་བའི་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་འདི༔ ཟབ་པའི་མཐར་ཐུག་ཡང་ཟབ་འདི་ཁོ་ན༔ དེ་ཕྱིར་འདི་ནི་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡ༔ གསང་བ་ཚེའི་སྒྲུབ་པ་འདི་ཉིད་ཉམས་སུ་ལེན་པ་ནི༔ ཤིན་ཏུ་དབེན་ཞིང་བཀྲ་ཤིས་པའི་གནས་སུ་ཟླ་བ་ཡར་ངོ་གཟའ་དང་སྐར་མ་བཟང་བ་ལ་ཞུགས་ཏེ༔ ཕྱི་ནང་གི་མཚམས་དམ་པར་བྱས་ལ་དང་པོར་རྣལ་འབྱོར་ཉིད་བདེ་བའི་སྟན་ལ་འདུག་སྟེ༔ ཕྱི་ནང་གི་མཆོད་གཏོར་བཤམ༔ བགེགས་གཏོར་བཏང་ལ་རང་ས་བཟུང་བར་བྱའོ༔ འདི་ནི་སྤྲོས་མེད་གསང་བའི་སྒྲུབ་པ་ཡིན་པས༔ དཀྱིལ་འཁོར་བུམ་པ་ལ་སོགས་པ་མི་འཚལ༔ ཏིང་འཛིན་དམིགས་པའི་སྤྲོ་བསྡུས་ཚེའི་བཅུད་བསྡུ་ཞིང་སྙིང་པོ་བཟླ་བར་བྱའོ༔ དམིགས་མེད་སྟོང་པའི་ངང་ལས་བདག་ཉིད་སྐད་ཅིག་གིས་ཉི་ཟླ་པདྨའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་ལྡན་པ་ལས་འོད་ཟེར་ཕར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་བསྣམས་པ༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ལོངས་སྤྱོད་རྫོགས་པ་སྐུ་མཆོག་འཇའ་དང་འོད་ཀྱི་གུར་ན་བཞུགས་པ་ཞིག་བསྒོམ༔ དེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་སྟེང་དུ་ཉི་ཟླ་པདྨའི་སྟེང་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་བདེ་བའི་རང་བཞིན་དུ་འཁྲིལ་བ་སྐུ་མདོག་བྱེ་རུ་ལྟར་དམར་ཞིང་གསལ་ལ་རྒྱན་རྫོགས་འོད་གསལ་བ་ཚོན་གང་ངམ་མཐོ་གང་གསལ་བའི་ཐུགས་ཀར་་་རང་ལྷའི་ས་བོན་་་ཡི་གེ་ཧྲཱིཿའི་རྣམ་པ་འོད་ཀྱི་གོང་བུར་གྱུར་པའི་དབུས་སུ༔ སྲོག་གི་དྭངས་མ་་་ནྲྀ་ལྗང་གུ་ལས་འོད་ཁ་དོག་ལྔ་འཕྲོ་བ་དེའི་ནྲྀའི་དཀྱིལ་དུ་་་ཚེ་འགྱུར་མེད་དོན་གྱི་ས་བོན་་་ཨཿ དཀར་པོ་ཚེག་དྲག་དང་བཅས་པ་གཅིག་བསྒོམ༔ དེའི་ཐ་མ་ལ་སྔགས་ཕྲེང་གིས་བསྐོར་བ་དང་རྩ་བའི་ས་བོན་ལས་འོད་འཕྲོས་པས༔ ནུབ་བདེ་བ་ཅན་དང་རྔ་ཡབ་དཔལ་རིའི་གནས་ནས་ཨོ་རྒྱན་ཚེ་དཔག་མེད་འཁོར་དང་བཅས་འོད་ཟེར་ཕྱག་རྒྱའི་ཚུལ་གྱིས་སྤྱན་དྲངས་ནས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་བསྟོད་གང་ཡང་རུང་བ་ཅུང་ཟད་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་པའི་རྗེས་སུ༔ རྩེ་གཅིག་གུས་པས་ཐལ་མོ་སྙིང་གར་སྦྱར་ལ༔ ཧྲཱི༔ ལྷག་པའི་ལྷ་མཆོག་བླ་མ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་ཟློག་པའི་དཔལ༔ ཨོ་རྒྱན་ཚེ་དཔག་མེད་ལ་གསོལ་བ་འདེབས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་ལན་བདུན་ནམ་གསུམ་དུ་གསོལ་བ་བཏབ་པའི་རྗེས་སུ་དབང་ཡོངས་རྫོགས་སུ་བསྐུར་བའི་ཚུལ་དུ༔ ཡེ་ཤེས་པ་རང་དང་སྙིང་གའི་སེམས་དཔའ་ལ་ཐིམ་པས་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ་ཞིང༔ ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཚེའི་བཅུད་ཐམས་ཅད་འུབ་འུབ་བསྡུས་ནས་རང་གི་སྤྱི་བོ་ནས་མར་ཐིམ་པས་ལུས་འཆི་མེད་ཀྱི་བདུད་རྩིས་ལྟེམ་གྱིས་གང༔ བཅུད་ཀྱི་དྭངས་མ་ཐམས་ཅད་ནྲྀཿཡིག་ལ་སིབ་སིབ་ཐིམ་པ་དེ་ལྟ་བུའི་དམིགས་པ་གསལ་ཞིང་བར་རླུང་ཡང་བཟུང་ཞིང༔ ཡང་གསང་ཚེའི་སྙིང་པོ་འབྲུ་བཅོ་ལྔ་པ་འདི༔ ཟུར་མ་ཉམས་མི་ཚིག་གིས་བར་མ་ཆོད་པར་ངག་བཅད་ལ་བཟླའོ༔ ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཅེས་བཟླས་ཤིང་ཡང༔ ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྣོད་དག་པར་གྱུར༔ བཅུད་སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པའི་སྐུ་ཚོན་གང་བ་ཨཿདང་ནྲྀཿཡིག་ལྗང་གུ་འགྲོ་བའི་ཚེ་སྲོག་གིས་བར་མཚམས་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་རེ་རེ་ཁེངས་པར་བསམས་ལ༔ ཐུགས་ཀའི་ས་བོན་ལས་ཀྱང་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཚེ་དཔག་མེད་དང་ཨཿནྲྀཿཡིག་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ལུས་ལ་ཐིམ་པས་ལུས་འཆི་མེད་ཀྱི་བདུད་རྩིས་གང༔ དྭངས་མ་ནྲྀཿསྲོག་ལ་ཐིམ་པས་འགྲོ་བའི་ཚེ་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་བདག་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུར་གྱུར་བཀྲག་མདངས་དང་ལྡན་པར་བསམ་ཞིང་བློའི་གདིང་བསྐྱེད་དོ༔ དེ་ལ་བྱེ་བའམ་བདུན་འབུམ་བཟླའོ༔ དེ་ནས་རྟགས་ཁྱད་པར་ཅན་བྱུང་བ་དང༔ ཚེ་འགུགས་ལས་ལ་སྦྱར་བའི་སྙིང་པོ་འདི་ཁྲི་ཚོ་གཅིག་བསྙེན་ཚེ༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཡིག་འབྲུ་བཅོ་ལྔ་འདི་བཟླའོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ ཞལ་མཇལ༔ ཚེའི་ལུང་སྟོན་པ༔ ལུས་ལ་ཤ་དང་བཀྲག་རྒྱས༔ ཉི་ཟླ་ཤར་བ༔ བདུད་རྩི་འཐུང་བ༔ མཆོད་རྟེན་དཀར་པོ་ལ་བསྐོར་བ༔ སྟོན་བཟང་པོ་མཐོང་བ༔ འབྲུ་ལ་ལོངས་སྤྱོད་པ༔ མཁར་ལེན་བརྩིགས་པ༔ རི་བོ་ལ་འཛེགས་པ༔ རིགས་ལྔའི་ཕྱག་མཚན་རྙེད་པ༔ ཁྲི་བརྩིགས་པ༔ གོ་ཆ་གོན་པ༔ མེ་ཏོག་ཐུ་བ༔ བུད་མེད་བཟང་མོས་བདུད་རྩི་སྟེར་བ་ལ་སོགས་འབྱུང་ངོ༔ གོང་བསྙེན་ཐེམས་ནས་ཞག་རེ་ལ་བརྒྱ་རྩ་རེ་ཉི་ཤར་ཡན་ལ་མ་ཆག་ན་རྡོ་རྗེའི་རིག་འཛིན་ཐོབ་པར་ཐེ་ཚོམ་ཡོད་རེ་ཀན་ཞེས་པདྨ་ངའི་ཐ་ཚིག་གོ༔ ཤིན་ཏུ་ཟབ་པའི་རྡོ་རྗེ་ཕྲེང༔ ད་ལྟ་མི་སྤེལ་མོན་ཁའི་བྲག་ལ་སྦོས༔ མ་འོངས་དུས་སུ་ལས་ཅན་ཐུགས་ཀྱི་སྲས༔ དེ་དང་འཕྲད་ནས་རང་ཉམས་བླང༔ དུས་ལ་བབ་ན་སྙིང་གི་བུ་ལ་གཏོད༔ མ་སྤེལ་དམ་སེལ་རང་གི་ཚེ་ལ་གནོད༔ རྗེས་ཀྱང་རིམ་པར་ཤིན་ཏུ་གསང་དམ་བྱའོ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱའོ༔ ྈྈྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ ྈྈྈྈྈ ྀཨཚ༔ ཁོ་བོ་རཏྣ་གླིང་པའི་སྙིང་བཅུད་དམ་པའོ།། ༈ གབ་པ་ཚེའི་ཁྲིད་ཡིག་རྡོ་རྗེ་ཕྲེང་བ་ཤིན་ཏུ་ཟབ་པའི་ཆོས་བཞུགས་སོ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དུས་མིན་འཆི་བ་ཟློག་པའི་དཔལ༔ རྒྱལ་བ་དེ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཤིན་ཏུ་ཡང་ཟབ་སྙིང་གི་བཅུད༔ ཚེ་ཁྲིད་རྡོ་རྗེ་ཕྲེང་བ་འདི༔ མ་འོངས་དོན་དུ་བདག་གིས་བཀོད༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས༔ རིམ་པ་གསུམ་དུ་བསྟན་པ་ལ༔ དང་པོ་སྔོན་འགྲོའི་རིམ་པ་བསྟན༔ དེ་ལ་ཐོག་མར་གནས་དབེན་ཞིང་ཉམས་དགའ་བ་དེར༔ བླ་མ་ལ་ཞུ་བ་ཕུལ་དགའ་སྟོན་གྱི་ཚོགས་འཁོར་རྒྱས་པར་བྱའོ༔ དེ་ནས་དམ་ཚིག་དང་ལྡན་པའི་སློབ་དཔོན་རྟེན་འབྲེལ་འཛོམ་དུས་སུ༔ དང་པོ་སྔོན་འགྲོ་སེམས་སྦྱོང་བདུན་པོ་གང་ཡང་རུང་བ་སྤྱི་དང་མཐུན་པ་ལ༔ གནས་སྐབས་དང་བསྟུན་ལ་ཅི་རིགས་སུ་ཁྲིད་པར་བྱའོ༔ བསྡུ་ན་ཡན་ལག་བདུན་པ་འདི་ལ་འབད་པར་བྱའོ༔ ཧྲཱི༔ བླ་མ་ཚེ་དཔག་མེད་པ་དང༔ ཚེ་དབང་རིག་འཛིན་ཐོབ་རྣམས་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་ཐོབ་པར་སེམས་བསྐྱེད་དོ༔ མི་འགྱུར་རྟག་པ་རྡོ་རྗེའི་སྐུ༔ ཚེ་བདག་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་དང་ནི་འདས་པ་ཡི༔ བཅུད་རྣམས་མ་ལུས་མཆོད་པར་འབུལ༔ སྲོག་གཅོད་ལ་སོགས་མི་དགེའི་ལས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ འཆི་མེད་རིག་འཛིན་སྒྲུབ་ལ་སོགས༔ ཚོགས་གཉིས་རྣམས་ལ་ཡི་རང་ངོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚེ་ཡི་བར་ཆད་སེལ་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤིང༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་བླ་མ་དང་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་མདུན་གྱི་ནམ་མཁར་དམིགས་ཏེ༔ ཉིན་མཚན་དུ་ཐུན་བཟུང་སྟེ་བྱའོ༔ དེ་ནས་རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་ཚེ་དཔག་ཏུ་མེད་པ་གསལ་བའི་རྣལ་འབྱོར་དུ་བསྒོམ་ལ༔ གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་དབང་བཞི་བླང་བ་ལ་སོགས་སྤྱི་དང་མཐུན་པར་བྱའོ༔ དེ་རྣམས་ནི་སྔོན་དུ་འགྲོ་བའི་རིམ་པའོ༔ གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ་སྟེ༔ བསྐྱེད་རིམ་བཟླས་པའི་ཁྲིད༔ བཅུད་བསྡུས་རླུང་གི་ཁྲིད༔ ཏིང་འཛིན་འོད་གསལ་གྱི་ཁྲིད་དོ༔ དང་པོ་བསྐྱེད་རིམ་བཟླས་པའི་ཁྲིད་ནི༔ ལུས་བདེ་བའི་གདན་ལ་དྲང་པོར་འདུག་སྟེ༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་ཙམ་དུ༔ བདག་ཉིད་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་འཇའ་དང་འོད་ཀྱི་གུར་ན་བཞུགས་པ༔ འོད་ཟེར་ཉི་མ་འབུམ་ལས་ཆེ་བ༔ ལྟ་བས་ཆོག་མི་ཤེས་པ་གཅིག་ཏུ་གསལ་བར་བསྐྱེད་ལ༔ དེའི་ཐུགས་ཀྱི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་དཀར་པོའི་ལྟེ་བ་ལ་ཧྲཱིཿདམར་པོ་འོད་དུ་འཕྲོ་བ་ཞིག་དང༔ ནྲྀཿལྗང་གུ་སྣུམ་ལ་འདྲིལ་བ་གཉིས་བསམ༔ དེ་གཉིས་ཀྱི་ཐ་མ་ལ༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་བན་དྷི་ཡེ་སྭཱ་ཧཱ༔ ཞེས་པས་འོད་དུ་ཁྲོམ་མེ་བསྐོར་བར་བསམས་ལ༔ ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་འདྲེན༔ གོང་གི་ཡན་ལག་བདུན་པས་མཆོད༔ ཛཿཧཱུྃ་བཾ་ཧོ༔ རང་དང་གཉིས་མེད་དུ་བསྟིམ་མོ༔ དེ་ནས་ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཚེའི་བཅུད་དུ་བསྡུས་ནས་བདག་གི་སྤྱི་བོ་ནས་མར་ཐིམ༔ ཧྲཱིཿདང་ནྲྀཿཡིག་ལ་ཐིམ་བཀྲག་མདངས་དང་ལྡན༔ ལུས་འཆི་མེད་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམས་ལ༔ གོང་གི་བསྙེན་པ་ལ་རྩེ་གཅིག་ཏུ་བཟླས་པ་བྱའོ༔ ཡང་འོད་ཟེར་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཚེ་བཅུད༔ བཀྲག་མདངས་ནྲྀཿསྲོག་ཐམས་ཅད་རང་དབང་མེད་པར་བསྡུས་ལ་ཧྲཱིཿདང་ནྲྀཿལ་གོང་ལྟར་བསྟིམ་ཞིང་བཟླའོ༔ དེ་ནས་འབྱུང་བའི་བཅུད་བསྡུ་བ་ནི༔ ཡང་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས༔ འབྱུང་བ་སའི་བཅུད་རི་བོ་དང་རི་ཕྲན༔ གངས་རི་དང་སྨན་རི༔ ནགས་ཚལ་དང༔ མེ་ཏོག་དང་འབྲུ་བཅུད་ལ་སོགས་པའི་བཅུད༔ ས་ཞག་ཐམས་ཅད་གོང་བཞིན་དུ་སྤྱི་བོ་དང༔ བ་སྤུའི་བུ་ག་ཐམས་ཅད་ལ་ཐིམ་ནས་ཐུགས་ཀའི་ཡིག་འབྲུ་ལ་བསྟིམ་ཞིང་ལུས་དྭངས་མས་གང་བར་བསམ་ཞིང་སྔགས་བཟླའོ༔ ཡང་གོང་ལྟར་འོད་ཟེར་འཕྲོས་པས་རྒྱ་མཚོ་དང༔ ཆུ་བོ་དང་ཆུ་ཕྲན་ཟླ་བ་ལ་སོགས་པ་ཆུ་ཡི་བཅུད་ཐམས་ཅད་བསྡུས་ཤིང་གོང་བཞིན་སྔགས་བཟླའོ༔ ཡང་གོང་བཞིན་དུ་མེའི་བཅུད་ཐམས་ཅད་ཡེ་ཤེས་ཀྱི་མེ་དང༔ བསྐལ་པའི་མེ་དང་འབྱུང་བའི་མེ་ཉི་མ༔ ཤིང་མེ་འབྲུ་མར་གྱི་མེ་ལ་སོགས་ཐམས་ཅད་ཀྱི་བཅུད་བསྡུ་བ་གོང་ལྟར་བྱ་ཞིང་སྔགས་བཟླའོ༔ ཡང་གོང་བཞིན་དུ་འབྱུང་བ་རླུང་གི་བཅུད་བསྡུས་ནས༔ འོག་གི་རླུང་རྡོ་རྗེ་རྒྱ་གྲམ༔ སྟེང་གི་རླུང་མཁའ་ལ་འཕྱོ་བའི་སྒྲ་ཆེན༔ ཡེ་ཤེས་ཀྱི་རླུང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཀྱི་བཅུད་བསྡུས་ཤིང༔ ཁྱད་པར་དུ་རླུང་གིས་རྩ་ཐམས་ཅད་གང་ཞིང་བཅུད་དྭངས་མ་དང་བཅས་ཧྲཱིཿདང་ནྲྀཿལ་བསྡུ་ཞིང་བཟླས་པ་བྱའོ༔ དེ་ནས་ཡང་ནམ་མཁའ་ནི་འབྱུང་བ་ལྔ་ཀའི་གཞི་ཡིན་ཏེ༔ ནམ་མཁའ་འབྱུང་བ་ལྔའི་དྭངས་མ་དང་བཅས་པ་འུབ་འུབ་སིབ་སིབ་བསྡུ་ཞིང་བཟླས་པ་བྱའོ༔ དེ་རྣམས་ཞག་གསུམ་མམ་གཉིས་སམ༔ རེ་རེ་ལ་སོགས་གནས་སྐབས་དང་བསྟུན་ནོ༔ སྔགས་ཀྱི་ཚད་ཀྱང་རབ་བདུན་འབུམ༔ འབྲིང་སུམ་འབུམ༔ ཐ་མ་ཡང་འབུམ་ཚོ་རེ༔ ཁྲིད་དུས་སུ་ཚར་བར་བྱའོ༔ རྗེས་ལ་ཞག་རེ་ལ་བརྒྱ་རྩ་རེ་དམ་དུ་བྱའོ༔ དེ་ནི་བསྐྱེད་རིམ་བཟླས་པའི་ཁྲིད་དོ༔ གཉིས་པ་བཅུད་བསྡུ་བ་རླུང་གི་ཁྲིད་ནི༔ ལུས་རྣམ་སྣང་གི་ཆོས་བདུན་ལེགས་པར་བསྲངས་ལ༔ ཁ་ཅུང་ཟད་གདངས་ལ་འབྱུང་བའི་དྭངས་མ་ཐམས་ཅད་རིམ་པར་བསྡུས་ཏེ༔ དང་པོ་སྲ་བརྟན་སའི་དྭངས་མ་ཐམས་ཅད་ཧབ་ཧབ་ཅེས་རྔུབས་པས་ཁའི་ནང་དུ་སིབ་ཀྱི་བྱུང་བས་ངོ་བོ་སའི་དྭངས་མ་ལ་རྣམ་པ་འོ་མ་ལྟ་བུ་དཀར་མེར་རེ༔ དོན་འཆི་མེད་ཚེའི་བདུད་རྩིར་བསམས་ལ་མཆིལ་མ་དང་སྦྲགས་ལ་མིད་ཅིང་རླུང་ཐུབ་ཚད་དུ་བཟུང་ལ༔ མི་ཐུབ་པ་དང་སྣ་ནས་དལ་བུར་བཏང་ངོ༔ དེ་ནས་ཡང་རླུང་གི་འབྱུང་འཇུག་དམིགས་པ་གོང་བཞིན་ལ་རྒྱུན་རིང་ཆུའི་བཅུད་ཐམས་ཅད་སྔར་ལྟར་བསྡུའོ༔ དེ་ནས་བཀྲག་མདངས་མེ་བཅུད་ཐམས་ཅད་གོང་བཞིན་ནོ༔ དེ་ནས་སྟོབས་ལྡན་རླུང་གི་བཅུད་ཐམས་ཅད་བསྡུའོ༔ དེ་ནས་འགྱུར་མེད་ནམ་མཁའི་བཅུད་ཐམས་ཅད་སྔར་བཞིན་དུ་བསྡུའོ༔ དེ་རྣམས་ལ་ཞག་རེའམ་གནས་སྐབས་དང་བསྟུན་ནོ༔ དེ་ནས་ཡང་ལུས་གནད་དང་རླུང་འབྱུང་འཇུག་གོང་བཞིན་ལ༔ རླུང་གཞིལ་བའི་ཚེ་སྲིད་གསུམ་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཐམས་ཅད་ལ་ཕོག་འོད་དུ་ཞུ་ནྲྀཿདཀར་པོ་ཚེ་བཀྲག་དང་ལྡན་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེར་མེར་གང་བར་བསྒོམ༔ ཚུར་རྔུབ་པའི་ཚེ་འགྲོ་བའི་ཚེ་སྲོག་གི་བཅུད་ནྲྀཿཐམས་ཅད་འུབ་འུབ་བསྡུས་ནས་རང་གི་ལུས་འཆི་མེད་ཚེའི་བཅུད་ཀྱིས་གང༔ དྭངས་མའི་བཅུད་ཐམས་ཅད་སྙིང་གའི་ནྲྀཿལ་སིབ་སིབ་ཐིམ་པར་བསྒོམ་མོ༔ འདི་ནི་དམིགས་པ་གསལ་བ་ཤིན་ཏུ་ཟབ་པས་ཡུན་རིང་ཐུང་གནས་སྐབས་དང་བསྟུན་ནོ༔ གསུམ་པ་ཏིང་ངེ་འཛིན་འོད་གསལ་གྱི་ཁྲིད་ནི༔ དང་པོ་བདེ་བ་ཐིག་ལེའི་འོད་གསལ་བསྒོམ་པ་ནི༔ རང་ཡི་དམ་ལྷར་གསལ་བས༔ ལུས་གནད་གོང་བཞིན་ལ༔ ལྟེ་བར་པདྨ་དང་ཉི་མའི་དཀྱིལ་འཁོར་དམར་པོའི་སྟེང་དུ་བླ་མ་དང་ཚེ་དཔག་མེད་དབྱེར་མེད་པ་སྐུ་མདོག་དམར་པོ་གཞུང་ལྟར་བསྐྱེད་པའི་ཡབ་ཡུམ་སྦྱོར་བ་མཛད་པའི་དྭངས་མ་གསང་གནས་ནས་ལྟེ་བའི་བར་དུ་དཀར་དམར་གྱིས་ལྟེམ་གྱིས་གང་བ་ལ་དམིགས་པ་གཏད་ལ༔ རླུང་ཁ་སྦྱོར་དུ་མེ་རེ་བཟུང་རྔུབ་གཞིལ་གཉིས་འཛོམ་དུ་བྱའོ༔ དེ་ནས་ཡང་སྙིང་གར་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་བླ་མ་ཚེ་དཔག་མེད་པ་ཡབ་ཡུམ་སྔར་བཞིན་བསྒོམ་དམིགས་པ་གོང་བཞིན་ནོ༔ སྙིང་ག་ནས་གསང་གནས་ཡན་ཆད་མེ་རེ་གང་བར་བསྒོམ་མོ༔ དེ་ནས་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་བླ་མ་དང་ཚེ་དཔག་མེད་པ་སྔར་བཞིན་བསྒོམ་ཞིང་སྤྱི་བོ་ནས་གསང་གནས་བར་དུ་གང་བར་བསྒོམ་མོ༔ དེ་ནས་ཡང་བླ་མ་ཡང་འོད་དུ་ཞུ་ཐིག་ལེ་དང་དབྱེར་མེད་དུ་གྱུར་པས་ཡང་སྔར་བཞིན་ལུས་པོ་སྟོད་སྨད་ཁྱབ་པར་དྭངས་མས་གང་བ་དེ་ལ་འོད་ཟེར་བ་སྤུའི་བུ་ག་ནས་སྟེང་འོག་ཕྱོགས་བཅུར་འཕྲོས་པས་སྣང་སྲིད་འཁོར་འདས་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་དཔལ་དང་གཟི་བརྗིད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་དུ་འུབ་འུབ་བསྡུས་ནས་རང་གི་གནས་གསུམ་དང་བ་སྤུའི་བུ་ག་ལ་དྲངས་ནས་སྤྱིར་རང་གི་ལུས་ལ་ཐིམ་ཞིང༔ ཁྱད་པར་དུ་སྙིང་གི་དཀྱིལ་དུ་ནྲྀཿདང་ཨཿཧཱུྃ་གསུམ་གནས་པ་ལ་ཐིམ་པར་བསྒོམ་མོ༔ གོང་གི་དྭངས་མ་དེ་དག་ཀྱང་རྣམ་པ་ཐིག་ལེ་དཀར་པོ་ལ༔ ངོ་བོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒོམ་མོ༔ དེ་དག་གི་དམིགས་པ་རེ་རེ་ལ་ཡང་ཞག་རེ་རེའམ་དུས་དང་གནས་སྐབས་བླ་མས་ཤེས་པར་བྱའོ༔ དེ་ནས་ཏིང་ངེ་འཛིན་ཨཿཡིག་འོད་གསལ་ལ་གཉིས་ལས༔ རྟེན་ཅན་དང༔ རྟེན་མེད་དོ༔ དང་པོ་ནི་ལུས་དྲང་པོར་བསྲངས་ལ་ལག་མཐིལ་གཉིས་པུས་མོ་ལ་བཀབ༔ ལྟག་རྩ་འཐེན་རྐེད་པ་ཅུང་ཟད་ཉག་བྱ༔ སྟེང་འོག་གི་རླུང་རང་སོ་ལ་བཞག༔ བར་རླུང་ཕོ་མོའི་རླུང་དབྱེར་མེད་བཟུང་བ་ཞེས་བྱ་སྟེ༔ ཕོ་བ་དང་གསུས་པ་ཐེར་གྱིས་བརྒྱང་ངོ༔ དམིགས་པ་ནི་རང་གི་སྙིང་གི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་བའི་སྟེང་དུ༔ ཡེ་ཤེས་ཀྱི་རྡོ་རྗེ་ཚོན་གང་བའམ་སེན་གང་གསལ་བ་ལ༔ འོད་ཀྱི་རང་བཞིན་ཕྱི་གསལ་ནང་གསལ་འོད་ཟེར་དང་ལྡན་པའི་ལྟེ་བའི་ནང་དུ༔ རང་གི་སྲོག་གི་དྭངས་མ་ནྲྀཿལྗང་གུ་སྣུམ་ཞིང་འདྲིལ་བའི་ནྲྀཿཡིག་གི་དཀྱིལ་དུ༔ སྲོག་མི་འགྱུར་བའི་ཡི་གེ་ཨཿདཀར་པོ་དཀར་གསལ་ཤེལ་གོང་དག་པ་ལྟ་བུ༔ ཚེ་བཀྲག་དང་ལྡན་པ་གཅིག་བསྒོམ་མོ༔ དེ་ནས་ཨཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣང་སྲིད་འཁོར་འདས་ཐམས་ཅད་འོད་དུ་ཞུ་ནས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཨཿདཀར་པོས་མེ་རེ་རེ་གང་བ་ལ་ཐམས་ཅད་ཚུར་འུབ་ཀྱིས་འདུས་ནས༔ རང་གི་སྙིང་གའི་ཨཿལ་སིབ་ཀྱིས་ཐིམ་པར་བསྒོམ་མོ༔ ཡང་ནྲྀཿལས་འོད་ཟེར་གོང་ལྟར་འཕྲོས་ནས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ནྲྀཿལྗང་གུ་བཀྲག་མདངས་དང་ལྡན་པས་མེ་རེ་རེ་གང་བ་ལ་གོང་ལྟར་སྤྲོ་བསྡུ་བྱ་ཞིང་བསྒོམ་མོ༔ གཉིས་པ་རྟེན་མེད་ནི༔ གོང་ལྟར་བསྒོམས་པའི་རྗེས་ལ༔ སྙིང་གའི་རྡོ་རྗེ་ཨཿདང་བཅས་པ་འོད་དུ་ཞུ༔ རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་ཁྲུག་གིས་འདྲེས༔ དམིགས་མེད་སྟོང་པའི་ངང་དུ་ཁྲིག་གེ༔ ས་ལེ་བ་ལ་ཡུན་རིང་བསྒོམ་མོ༔ ཡང་དམིགས་པ་གོང་བཞིན་དུ་རེ་རེ་བྱེད་ལ་བསྒོམ་པར་བྱའོ༔ འདི་ཞག་གཅིག་གམ༔ ཡུན་བླ་མའི་ཞལ་ལས་ཤེས་པར་བྱའོ༔ དེ་ནི་གསང་བའི་ཡང་ཟབ་བླ་ན་མེད་པའི་ཁྲིད་ཡིག་རིམ་པ་ཚར་བ་ཡིན་ནོ༔ འདི་ཉིད་སྟོན་པའི་དུས་སུ་གནས་དབེན་པའི་གནས་སུ་དམ་ཚིག་དང་ལྡན་པ་བདུན་ལ་བསྟན་ཏེ༔ དེ་ནས་ཉེར་གཅིག་ལ༔ དེ་ནས་དམ་ལྡན་ལ་རིམ་པས་མང་དུ་བསྟན་ཏེ༔ བཀའ་ཡང་དུ་བཏང་བ་རྟེན་འབྲེལ་ཀྱི་ཆེ་བ་ཡིན་པས༔ གཏེར་སྟོན་ཉིད་ནས་སློབ་བརྒྱུད་རིམ་པས་སྲོལ་མ་ཉམས་པར་བྱའོ༔ འདིའི་ཡོན་ཏན་ནི་འདིའི་ཁྲིད་ཐོབ་ནས་ཚེ་ཞག་གཅིག་ལ་ཟླ་བར་བསྲིང་ནུས༔ བཅུ་ཐུབ་པ་ནི་བརྒྱར་འགྱུར་ཏེ༔ ཁྲིད་ལན་གཅིག་ཐོབ་པས་ཀྱང་དུས་མིན་ཚེའི་བར་ཆད་བཟློག་སྟེ༔ ཚེ་མཐར་ཕྱིན་པར་ཐེ་ཚོམ་མེད་དོ༔ པདྨ་ང་ཡི་གསང་བའི་ཐ་ཚིག་གོ༔ འདིའི་དམ་ཚིག་ཏུ༔ སྲོག་གཅོད་པ་དང༔ གཉན་ཁ་སྲོལ་བ་དང༔ དཀོན་མཆོག་གསུམ་གྱི་རྟེན་གཞིག་གཞོམ་དང༔ སྡེ་དགོན་ལ་འཕྲོག་བཅོམ་དང༔ མདོར་ན་མི་དགེ་བ་ཐམས་ཅད་སྤང༔ བསྒྲུབ་བྱའི་དམ་ཚིག་ནི༔ སེམས་ཅན་གྱི་སྲོག་འདོན་པ༔ རྟེན་གསུམ་དང་ཚ་ཚ་གདབ་པ༔ ལམ་དང་ཟམ་པ་བཅོས་པ༔ རྟེན་གསུམ་རྙིང་པ་ལ་ཉམས་གསོ་བྱ་བ་ལ་སོགས་པ་ལ་འབད་པར་བྱའོ༔ དམ་ཉམས་དང༔ སྡིག་ཅན་དང༔ མ་རུངས་པ་དང༔ ཚེ་འདིའི་གྲགས་པ་ཁོ་ན་སྒྲུབ་པའི་རིགས་ལ་བསྟན་དུ་མི་རུང་ངོ༔ འདིའི་དམར་ཁྲིད་ལ༔ དཔོན་སློབ་རྟེན་འབྲེལ་འཛོམ་པའི་དུས་སུ༔ ཐོག་མར་རབ་ཏུ་རྡོ་རྗེ་ཕྲེང་བའི་དབང་དང༔ བླ་མའི་གཏོར་དབང་སྦྲགས་ལ་བསྐུར༔ བསྡུ་ན་བླ་མའི་གཏོར་དབང་ངམ༔ ཚེ་དབང་གང་ཡང་རུང་བས་སྨིན་པར་བྱས་ལ༔ དེ་རྗེས་སུ༔ ཐུན་མོང་གི་སྔོན་འགྲོ་བདུན་པོ་ལས༔ སྤྱི་དང་མཐུན་པར་གནས་སྐབས་དང་བསྟུན་ལ་བྱ༔ སྒོས་ཀྱི་ཡན་ལག་བདུན་པ་ལ་ཁྲིད་མ་ཐོན་གྱི་བར་དུ་གཙོ་བོར་འབད་དོ༔ སྔོན་འགྲོ་ཚར་བའི་སྐབས་དེར༔ ཁྲིད་མི་དུ་ཡོད་ཀྱིས་བླ་མའི་དོན་དུ་ཚ་ཚ་བརྒྱའམ་སྟོང་གང་འགྲུབ་པར་གདབ༔ རང་རང་གི་དོན་དུ་ལོ་གྲངས་སམ་བརྒྱ་རེ་ཙམ་གདབ༔ རྗེས་ཚར་བའི་དགའ་སྟོན་གྱི་དུས་སུ་ཐེབ་རེ་གདབ༔ དེས་ནི་ཚེའི་བར་ཆད་ཞི་ཞིང་བཀྲ་ཤིས་པའི་རྟེན་འབྲེལ་ཁྱད་པར་དུ་ཤེས་པར་བྱའོ༔ ཨེ་མ་ཧོ༔ མཚོ་སྐྱེས་རྡོ་རྗེ་པདྨ་བདག་ཉིད་ཀྱིས༔ འཆི་མེད་ཚེ་ལ་དབང་བའི་དངོས་གྲུབ་བརྙེས༔ རྒྱ་གར་ཨུ་རྒྱན་བསྟན་པ་དར་རྒྱས་མཛད༔ སུམ་སྟོང་ལོན་ནས་བོད་ཀྱི་ཡུལ་འདིར་སླེབ༔ ཁྲི་སྲོང་རྒྱལ་པོ་ཐུགས་དགོངས་རྫོགས་པ་དང༔ དུས་གསུམ་ཀུན་དུ་བཀའ་དྲིན་མཉམ་མེད་བྱས༔ དངོས་ཀྱི་གདུལ་བྱ་བརྒྱ་དང་བཅུ་གཅིག་ལོངས༔ བོད་ཡུལ་མུན་པའི་གཉེན་གཅིག་བདག་གིས་བགྱིས༔ ད་ཡང་གདུལ་བྱ་གཏེར་གྱི་བསྟན་པ་འདི༔ ངས་སྤྲུལ་ཐུགས་སྲས་བོད་དུ་གྲངས་མེད་སྐུལ༔ སྙིགས་མའི་འགྲོ་བ་ཐར་པའི་ལམ་ལ་འདྲེན༔ ཨུ་རྒྱན་ང་ནི་རྔ་ཡབ་གླིང་དུ་འགྲོ༔ གསོལ་བ་བཏབ་ན་བྱིན་རླབས་རྒྱུན་ཆད་མེད༔ བློ་སྙིང་གཏད་ན་འདུན་མ་ལེགས་པར་མཆི༔ ཚེ་སྒྲུབ་ཚེ་ཆུ་ཚེ་བསྙེན་ཇི་སྙེད་པ༔ བོད་ཡུལ་ཀུན་ཏུ་དཔག་མེད་སྦས་ནས་བཞག༔ ཆོས་བྱེད་དགེ་བྱེད་ཀུན་གྱི་ཚེ་མཐར་བསྲིང༔ ང་དང་སྐུ་དྲིན་མཉམ་པ་དུ་ཡོད་ལྟོས༔ དྲིན་དུ་ཤེས་ན་དམ་ཆོས་ཚུལ་བཞིན་སྤྱོད༔ ཁྱད་པར་ཡང་ཟབ་རྡོ་རྗེ་ཕྲེང་བ་འདི༔ ཕྱི་ནང་གསང་བ་བཅུད་ལེན་ཚེ་ཁྲིད་བཅས༔ ཀུན་དང་མི་འདྲ་སྙིང་གི་གསང་གཏེར་ཡིན༔ ཚེ་ཡི་ཁྲིད་ཡིག་འདི་མིན་སྦས་པ་མེད༔ སྙིགས་མའི་དུས་ན་ང་ཡི་ཐུགས་སྲས་ཀྱིས༔ ཡུན་དུ་གསང་ཞིང་དུས་ལ་བབ་ནས་སྤེལ༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ ཁ་ཐཾ༔ གུ་ཡ༔ ཤ་མཐ་གྲཾ དུས་མཐའི་གཏེར་སྟོན་རཏྣ་ལ། །ཡང་ཟབ་གདམས་པ་འདི་འདྲ་བདོག །གུང་ཐང་མཁར་གྱི་བྲག་རྒྱ་བཅགས། །རིན་ཆེན་ཁྲོ་ཆུའི་བུམ་པ་ནས། །བྱི་བའི་ལོ་ལ་རྙེད་ན་ཡང་། །ཡུན་དུ་གསང་ནས་ལོ་སྐོར་གཅིག །བྱི་བའི་ལོ་ལ་ཤོག་སེར་ལས། །རིན་ཆེན་གཡུ་མཚོའི་མགུལ་དུ་བཤུས། །མངྒ་ལཾ། ༈ ཡང་ཟབ་ཚེའི་སྒྲུབ་པ་ལས༔ བཅུད་ལེན་རྡོ་རྗེ་ཕྲེང་བ་བཞུགས་སོ༔ ༔ྈྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ མི་འགྱུར་རྡོ་རྗེ་རིགས་བདག་ཚེ་ཡི་བདག༔ འོད་དཔག་མེད་ཞབས་གུས་པས་ཕྱག་འཚལ་ལོ༔ ཤིན་ཏུ་ཟབ་ཕྱིར་བཅུད་ལེན་སྙིང་པོའི་མཆོག༔ ཚེ་ཡི་སྒྲུབ་པ་ཡང་སྙིང་སྲོག་ཏིག་འདི༔ ཨོ་རྒྱན་བདག་གིས་མ་འོངས་དོན་དུ་བཀོད༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐོག་མར་དམ་རྫས་གསག་པ་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་མཐར་རྫོགས་ནས༔ ཕྱི་ནང་མཆོད་ཚོགས་གཞུང་ལྟར་རྒྱས་པར་བཤམ༔ རིན་ཆེན་བུམ་པ་ཡང་ན་ཀ་པཱ་ལར༔ འབྲས་བུ་གསུམ་་་འདི་གཞི་ཡིན་ཅི་མང་བྱ་་་དང་བྱང་སེམས་དཀར་དམར་དང༔ དབང་ལག་རྟག་ངུ་་་འདི་ཡང་གཞི་ཡིན་་གྷི་ཧང་གུརྒུམ་་་འདི་གཉིས་ཐུན་གཅིག་གིས་ཆོག་་དང༔ བྲག་ཞུན་འཚེ་དང་གླ་རྩི་ཅུ་གང་དང༔ ལི་ཤི་ཤིང་མངར་་་འདི་གཉིས་ཐུན་རེས་ཆོག་གོ་སྙོད་རྩ་ཨ་བ༔་་་འདི་རྣམས་ཐུན་རེས་ཆོག་་་ཙནྡན་དཀར་དམར་འབའ་ཞིག་ཅོང་ཞི་དང༔ ད་བྱིད་དངུལ་ཆུ་མུ་ཟི་སེར་པོ་དང༔ ར་མཉེ་ཉེ་ཤིང་ཤུག་འབྲུའི་ཁཎྜ་་་མང་དུ་བཏང་་་དང༔ ཨ་མྲྀཏ་དང་བླ་མའི་དྲི་ཆུ་རྣམས༔ རྩི་བཞིན་བཏགས་ཏེ་མངར་གསུམ་དག་དང་སྦྱར༔ རིལ་བུ་སྲན་ཚད་ཉིས་འགྱུར་བུམ་པ་དགང༔ དལ་གྱི་དབུས་བཞག་མགུལ་ཆིངས་གཟུངས་ཐག་བཏགས༔ སྒྲུབ་མི་གཅིག་གམ་མང་ཡང་མཆོག་ཏུ་ཤིས༔ ཟླ་བ་ཡར་ངོ་སྒྲུབ་དུས་སྔ་དྲོ་གཅེས༔ ཚད་མེད་བཞི་སོགས་སྔོན་འགྲོ་རྒྱས་བྱས་ནས༔ དངོས་གཞིའི་རིམ་པ་བསྟན་པར་བྱ་བ་ནི༔ བདག་ཉིད་ཚེ་བདག་གསལ་བར་བསྐྱེད་པ་ཡི༔ ཐུགས་སྲོག་ཧྲཱིཿལ་རྩ་སྔགས་བསྐོར་བར་བསྒོམ༔ སྟོང་པའི་ངང་ལས་བུམ་པ་གཞལ་ཡས་བསྐྱེད༔ རིལ་བུ་རེ་ལ་ཡི་གེ་ཧྲཱིཿརེ་བསྒོམ༔ དཀྱིལ་འཁོར་པདྨ་བརྒྱ་ལྡན་རེ་རེ་ལའང༔ ཚེ་དཔག་མེད་པ་དཔག་མེད་བརྒྱ་ཕྲག་བསྒོམ༔ དེ་ལས་འོད་འཕྲོས་མཆོད་དོན་གཉིས་བྱས་ཏེ༔ སླར་འདུས་དེ་ཉིད་ཡོངས་སུ་གྱུར་པ་ལས༔ རིལ་བུ་རེ་ལ་ཚེ་དཔག་མེད་པ་རེ༔ སྐུ་མདོག་དམར་འཚེར་རབ་མཛེས་ལོངས་སྤྱོད་རྫོགས༔ མཉམ་གཞག་ཕྱག་ན་ཚེ་བུམ་འཛིན་པར་བསྐྱེད༔ ལྷ་རྣམས་ཀུན་གྱི་ཐུགས་ཀར་ཧྲཱིཿཡིག་ལ༔ རྩ་བའི་སྔགས་འཁོར་གསལ་བའི་ཧྲཱིཿཡིག་ལས༔ འོད་འཕྲོས་ཡང་ཡང་ཡེ་ཤེས་སེམས་དཔའ་བསྟིམ༔ དམ་ཚིག་དང་ནི་ཡེ་ཤེས་གཉིས་མེད་པའི༔ ལྷ་རྣམས་རང་རང་སྔགས་སྒྲ་སྒྲོག་པར་བསྒོམ༔ ཐུགས་སྲོག་ཧྲཱིཿལས་ཕྱོགས་བཅུར་འོད་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང༔ དམིགས་པ་འདི་གསལ་ཞིང་སྤྲོ་བ་ཁག་ཆེའོ་་་འགྲོ་བའི་ཚེ་བསོད་འབྱུང་བཞིའི་བཅུད་རྣམས་ཀུན༔ འོད་ཟེར་ལྕགས་ཀྱུས་གསལ་བར་དྲངས་བྱས་ཏེ༔ བུམ་ནང་ལྷ་ལ་ཡང་ཡང་བསྟིམས་པ་ཡིས༔ བུམ་ནང་རྫས་ཀྱི་རིལ་བུ་ཇི་སྙེད་རྣམས༔ ངོ་བོ་མགོན་པོ་ཚེ་དཔག་མེད་པ་ལ༔ རྣམ་པ་འཆི་མེད་བདུད་རྩི་དཀར་དམར་གྱུར༔ ཡང་ཡང་དེ་ལས་འོད་ཟེར་རབ་འཕྲོས་ཏེ༔ གོང་བཞིན་དམིགས་པའི་སྤྲོ་བསྡུ་གསལ་བར་བྱ༔ བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བའི་སྔགས༔ ཚེ་ཡི་སྙིང་པོ་ཡང་གསང་འདི་བཟླ་འོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔་་་གསང་བའི་ཡིག་འབྲུ་ཉི་ཤུ་པ་གདའོ། །སྐབས་སུ་ནང་སྒྲུབ་ཀྱི་ཚེ་འགུགས་བྱའོ༔ དེ་ནས་ཡང་དག་ང་ཡིས་བཤད༔ ཏིང་འཛིན་དམིགས་པའི་ངར་ལྡན་པས༔ ཞག་བདུན་བར་དུ་་་རབ་བཅུ་བཞིའམ་ཉེར་གཅིག་རྟགས་དང་སྦྱར་་་བཟླས་པར་བྱ༔ ལས་བྱང་གཞུང་བསྲང་ཚོགས་འཁོར་བྱ༔ སྙོམ་ལས་ལེ་ལོ་སྤངས་ཏེ་བསྒྲུབ༔ རྗེས་ཀྱི་ལས་སྦྱོར་ཕྲིན་ལས་ནི༔ བུམ་ནང་ལྷ་ཚོགས་བདུད་རྩི་རྣམས༔ དཀར་གསལ་མདངས་ལྡན་འོད་ཟེར་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་ཡི་བཅུད༔ བསྡུས་ཤིང་བདུད་རྩི་དཀར་པོར་བསྟིམ༔ ཡང་ནི་གོང་བཞིན་སེར་པོ་དང༔ དམར་པོ་ལྗང་གུ་ལ་སོགས་པ༔ ཕྲིན་ལས་རྣམ་བཞི་གོང་བཞིན་དུ༔ ངར་ལྡན་དམིགས་པའི་འཕྲོ་འདུས་བསྡུ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ སྒྲ་འོད་དྲི་དང་དུད་པ་དང༔ བག་དྲོ་བྱིན་ཆགས་རིག་པ་དྭངས༔ ལུས་བདེ་ཉམས་སྤྲོ་དག་སྣང་འཆར༔ རྨི་ལམ་ཉི་ཟླ་ཤར་བ་དང༔ མེ་ཏོག་ཐུ་དང་སྟོན་བཟང་སྡུད༔ འབྲུ་ལ་ལོངས་སྤྱོད་འོ་ཆང་འཐུང༔ དེ་སོགས་རྟགས་ཀྱི་རིམ་པ་འབྱུང༔ དེ་ནས་ཞག་གྲངས་གསུམ་ཐེམས་ནས༔ ནངས་པར་ཉི་མ་རྩེ་ཤར་དུས༔ ཛ་གད་སྤོད་སྦྱར་དངོས་གྲུབ་ཟན༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ དབུས་སུ་རིན་ཆེན་འབར་བ་ལ༔ ཞི་རྒྱས་དབང་དྲག་ཚེ་རིལ་བཀང༔ དེ་ལ་གོང་བཞིན་ཚེ་བསྟིམ་ཞིང༔ སྙིང་པོ་བརྒྱ་འམ་སྟོང་དུ་བཟླ༔ བུམ་པའི་དབང་བསྐུར་སྤྱི་བོར་བཞག༔ ཚེ་དཔག་མེད་པའི་ལྷ་ཚོགས་ཀྱི༔ མཉམ་གཞག་ཚེ་ཡི་བུམ་པ་ལས༔ འཆི་མེད་བདུད་རྩིའི་རྒྱུན་བབ་ནས༔ རང་ལུས་གསང་གནས་སྤྱི་བོའི་བར༔ ཚེ་ཡི་བཅུད་ཀྱིས་གང་བསམ་ཞིང༔ གོང་གི་སྙིང་པོ་བརྒྱ་རྩ་བཟླས༔ རིལ་བུ་ལྟོར་མིད་དངོས་གྲུབ་ཟན༔ རོལ་ཅིང་འདོད་དོན་གསོལ་བ་གདབ༔ བཀྲ་ཤིས་སྨོན་ལམ་རྒྱ་ཆེན་བྱའོ༔ ལྷ་ལ་དབང་མི་ཟ་བའི་དོན་ཕྱིར་དུ༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བདུད་རྩིར་བཞུ༔ དེ་ནས་རིལ་བུ་རྟག་ཏུ་བསྟེན་བྱེད་ཅིང༔ ཐོ་རངས་ལྟོ་སྟོང་རིལ་བུ་ལྔ་ལྔ་བཟའ༔ ནམ་མཁའ་ལྟོར་མིད་རླུང་ཐེབ་ལྔ་ལྔ་བཟུང༔ དེ་ཡིས་རིག་འཛིན་ཚེ་ལ་དབང་ཐོབ་བོ༔ ཟླ་བ་བཞི་འམ་ལོ་དུས་ཁ་རེ་གསོ༔ འདི་མི་བདེན་ན་པདྨ་འབྱུང་ནས་ངས༔ རིག་འཛིན་ཚེ་ཡི་གྲུབ་པ་མ་ཐོབ་ཅིང༔ མ་འོངས་རྗེས་འཇུག་ཐམས་ཅད་ངས་བསླུས་ཀྱིས༔ དེ་ཕྱིར་འདི་ལས་ཟབ་པའི་ཚེ་སྒྲུབ་ནི༔ ཨོ་རྒྱན་བདག་གིས་སྦས་པ་ཡོད་མི་སྲིད༔ ལྷ་ཆོས་ཚུལ་བཞིན་སྒྲུབ་པའི་སྐྱེས་བུ་ཡིས༔ ལུས་དང་ལོངས་སྤྱོད་དངོས་པོ་དག་པ་དང༔ གསེར་གཡུའི་མཎྜལ་འབུལ་ན་སྦྱིན་དུ་རུང༔ དྲེགས་ཁེངས་ཚེ་འདིའི་ཆེ་ཐབས་སྒྲུབ་ལ་གསང༔ ཤིན་ཏུ་ཟབ་ཕྱིར་གསང་བའི་གཏེར་དུ་སྦས༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དྷཱ་ཀི་ནཱི༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ རྒྱ༔ དལ་ནི་རྒྱ་ཁྱོན་གང་ཡང་རུང་བ༔ དབུས་སུ་པདྨ་འདབ་མ་བཞི༔ ཕྱི་རིམ་མུ་ཁྱུད་གསུམ་མམ༔ ཡང་ན་ལྔ་ཡང་རུང་བ་ལ༔ པད་འདབ་གྲངས་མེད་དམ༔ འོན་ཏེ་བརྒྱ་བྲི༔ བུམ་པ་མཚལ་གྱིས་དམར་པོར་བྱུགས༔ སྟེང་དུ་ཚེ་དཔག་མེད་པའི་སྐུ་གཞུག༔ ཚེ་ནས་ལ་ཚེའི་མདའ་དར་གཟུག་པ་ཡང་བཤམ་མོ༔ ད་ལའི་དཔེའུ་ཆུང་ངོ༔ རཏྣ་གླིང་པའི་ཐུགས་བཅུད་འདི་ཁོ་ནའོ། །ཤོག་སེར་ངོས་ལས་ནུབ་གཡུ་མཚོའི་མགུལ་དུ། ལོ་རབ་བྱི་བའི་ལོ་ལ་བཤུས་གསུངས། ༈ ཚེ་དབང་རྡོ་རྗེ་ཕྲེང་བའི་མེ་མཆོད་སྦྱིན་སྲེག་བཞུགས་སོ༔ ༔ྈྈྈྈྈ ཕྲིན་ལས་བཞི་ཡི་ངོ་བོ་སྐུ་ལྔའི་བདག༔ རིགས་བདག་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཚེ་དབང་རྡོ་རྗེ་ཕྲེང་བ་ལས༔ སྦྱིན་སྲེག་མེ་ཡི་ཆོ་ག་བསྟན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈྈ ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི༔ མེ་མཆོད་ལག་ལེན་བསྟན་པ་ནི༔ མཎྜལ་འདོམ་གང་གྲུ་བཞི་ལ༔ དབུས་སུ་ལིང་ཙེ་བཞི་བྱས་ཏེ༔ དྲི་བཟང་བྱུག་སྟེ་ཆག་ཆག་གདབ༔ ཙནྡན་རྒྱ་ཤུག་མཛོ་མོ་ཤིང༔ གླ་བ་སྐྱེར་ཚེར་མཐུན་ཤིང་གི༔ དབྱིབས་ནི་ཕྲིན་ལས་བཞི་དང་མཚུངས༔ དལ་དབུས་གུ་རུ་ཡབ་ཡུམ་དང༔ ཚེ་བདག་རིགས་ལྔ་ཡབ་ཡུམ་བསྒོམ༔ གསེར་དངུལ་ཟངས་ལྕགས་གཞོང་པ་བཞིར༔ ཕྲིན་ལས་བཞི་ཡི་བསྲེག་རྫས་རྣམས༔ དངུལ་ཕོར་འབྲས་ཏིལ་དཀར་མངར་ཤར༔ གསེར་དང་འབྲུ་སྨན་གཏོར་མ་ལྷོ༔ ཟངས་དང་ཤ་ཆེན་ལན་ཚྭ་ནུབ༔ ལྕགས་དང་སྲན་མ་ཏིལ་ནག་བྱང༔ ཀུན་གྱི་འཕྲོད་ནི་ཕྱེ་དང་མར༔ མཆོད་རྫས་འདོད་ཡོན་ལྔ་རུ་བསམ༔ ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབ༔ ཡེ་ཤེས་པ་རྣམས་བསྐྱེད་ཅིང་བསྟིམ༔ སྤྱིར་ནི་རྫས་རྣམས་མ་ངེས་ཏེ༔ གོས་འདོད་གོས་དང་ཟས་འདོད་ཟས༔ ནོར་འདོད་ལ་སོགས་གང་འདོད་བསྲེག༔ བདག་ཉིད་ཡི་དམ་ལྷར་གསལ་བས༔ སྤྱི་བོར་གུ་རུ་ཡབ་ཡུམ་བསྒོམ༔ སྟོང་པའི་ངང་ལས་ཐབ་ཁུང་ཉིད༔ རིན་ཆེན་གཞལ་ཡས་ཁང་དུ་བསམ༔ བསོད་ནམས་ཅན་ལས་མེ་བླངས་ཏེ༔ མེ་གཞུག་མེ་ལྷ་སྤྱན་ཡང་དྲང༔ ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་བྱེད་ཅིང༔ སྣང་སྲིད་དབང་དུ་བསྡུ་བ་དང༔ གདུག་པ་སྡེ་བརྒྱད་བསྒྲལ་བའི་ཕྱིར༔ དྲང་སྲོང་ཆེན་པོ་གཤེགས་སུ་གསོལ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ མེ་དང་རླུང་གི་བ་དན་བསྣམས༔ གནས་འདིར་སྤྱན་འདྲེན་བྱོན་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ དེ་ནས་གོང་བཞིན་་་མེ་ལྷའི་ལྟོ་བར་རྩ་བ་གསུམ་་་གསལ་བསྐྱེད་ལ༔ ཤར་ནས་བསྲེག་རྫས་འབུལ་བ་ནི༔ རྩ་སྔགས་ཐོད་ཕྲེང་ཤམ་བུ་རུ༔ ཨོཾ་བཛྲ་ཨགྣ་ཡེ་ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ནས་དེ་བཞིན་དུ༔ ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ནས༔ ལྷ་འདྲེ་མི་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་ནས༔ དགྲ་བགེགས་བཛྲ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་ཉེར་གཅིག་གམ་བརྒྱ་རྩ་རེ་འབུལ་ལོ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ལྷན་ལྷན་གསོལ་བར་བསྒོམ༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞི༔ མེ་ཡིས་མྱུར་དུ་འགྲུབ་པར་འགྱུར༔ དེ་ལྟར་ཆོ་ག་རྫོགས་ནས་ཀྱང༔ ལྷ་ཚོགས་་་ཡེ་ཤེས་པ་གཤེགས། དམ་ཚིག་པ་་་རང་གི་ཐུགས་ཀར་བསྡུ༔ དལ་བསྡུ་བསྔོ་བ་སྨོན་ལམ་བྱ༔ ཚེ་དབང་རྡོ་རྗེ་ཕྲེང་བ་ཡི༔ སྦྱིན་སྲེག་ཆོ་གའི་རིམ་པ་འདི༔ ཡིད་ལ་བསམ་པ་འགྲུབ་བྱའི་ཕྱིར༔ ཤེལ་དཀར་མཚོ་རྒྱལ་མགོན་སྐྱིད་དེ༔ ཇོ་མོ་གསུམ་ལ་གདམས་ནས་ནི༔ སྤེལ་དུས་མ་མང་གཅེས་སྤྲས་བྱས༔ རོང་གསུམ་འདུས་པའི་ས་མཚམས་སུ༔ བྲག་དམར་སྲིན་པོ་ལངས་འདྲ་བའི༔ བྲག་ལ་རྒྱ་གསུམ་བཏབ་ནས་སྦས༔ ཚེ་སྒྲུབ་འདི་སྤྱོད་རྣལ་འབྱོར་པས༔ ཚེ་ལམ་ཚངས་པའི་བུད་མེད་ནི༔ མང་བསྟེན་ཐབས་ཀྱིས་སྦྱོར་བར་བྱ༔ བློ་ལྡན་གསང་སྔགས་ཉམས་ལེན་ཅིང༔ དཔའ་ནུས་ལྡན་པའི་རྣལ་འབྱོར་པས༔ སྤྱིར་ཡང་བུད་མེད་མང་བསྟེན་ན༔ བཅུད་དང་ལྡན་པ་འགའ་བྱུང་བས༔ ལན་རེ་ཚེ་འདི་ཐེགས་པར་འགྱུར༔ གསང་གཏམ་ཡིན་ནོ་སྙིང་ལ་ཆོངས༔ ཚིག་འདི་མཆུ་སྒོར་མ་ཕྱུངས་ཤིག༔ ལྷ་འདྲེའི་དམག་འཁྲུགས་མོན་མཁར་སླེབ༔ ཚེ་ཟད་གཡུལ་འཁྲུགས་དར་བའི་ཚེ༔ བདུད་མགོན་ལྕམ་དྲལ་གཟའ་བདུད་དང༔ རོང་བཙན་བཞི་ལ་གཏད་པའི་ཆོས༔ སྙིང་ཁྲག་རྡོ་རྗེ་ཕྲེང་བ་འདི༔ འདི་ནས་ལོ་ནི་བདུན་བརྒྱ་དང༔ རེ་ལྔ་སོང་ཚེ་ལས་ཅན་ནི༔ གཤེད་བཞིའི་ལོ་པ་ངེས་མེད་ཅིག༔ རི་བོ་ཁྱུང་ཆེན་ལྡིང་བའི་ལྷོར༔ མདོ་རྒྱུད་བཀའ་ཡི་དགོངས་པ་འདྲིལ༔ ཤེས་རབ་བློ་ལྡན་སྦས་པའི་ཚུལ༔ དགའ་སྡེབས་གདུལ་བྱ་ཧུར་འགྲོགས་ཅན༔ ཐབས་ཤེས་དྷཱ་ཀིའི་སྨེ་བས་བརྒྱན༔ དཀོན་མཆོག་འབྱུང་གནས་སྐྱེ་མཐའ་ཡི༔ རིགས་དྲུག་མ་ངེས་མི་ལུས་ཀྱི༔ སྐྱེ་དྲུག་ཐ་མར་མོན་བོད་མཚམས༔ སྨོན་ལམ་བཙན་པའི་རྟེན་འབྲེལ་གྱིས༔ རཏྣའི་མཚན་ཅན་ངེས་མེད་ཅིག༔ མཐའ་འཁོབ་མོན་གྱི་ཆུ་འགོར་འབྱུང༔ དེ་ཡིས་ཆུ་བྱིའི་ལོ་མགོ་ལ༔ ཐོན་ནས་འགྲོ་དོན་ཕྱི་དུས་འབྱུང༔ དེ་བར་བཀའ་སྲུང་རྣམས་ལ་གཏད༔ མ་ནོར་བུ་ལ་སྤྲོད་བཞིན་གཏོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ༔ྈྈྈ ྈྈྈ

ཀུན་བཟང་དགོངས་པ་ཟང་ཐལ་ལས༔ རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་ཞི་ཁྲོ་ལྷུན་གྲུབ་ཀྱི་ཕྲིན་ལས་ (Volume 56, Text 19)

༄༅༔ ཀུན་བཟང་དགོངས་པ་ཟང་ཐལ་ལས༔ རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་ཞི་ཁྲོ་ལྷུན་གྲུབ་ཀྱི་ཕྲིན་ལས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མཆོད་པའི་ཕྲིན་ལས་ནི༔ ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བྱས་ལ༔ མཚམས་གཅད་པ་ནི༔ ཧཱུྃ༔ དང་པོ་འཁོར་འདས་གཉིས་མེད་པའི༔ ཀུན་གཞི་ཀློང་ཡངས་ཆེན་པོ་ལ༔ སེམས་ཅན་སངས་རྒྱས་གཉིས་སུ་མེད༔ བགེགས་ཞེས་བྱ་བ་ག་ལ་ཡོད༔ བརྗོད་མེད་སྤྲོས་དང་བྲལ་བར་གནས༔ ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྟོང་པའི་ངང་ལ་ཡུན་ཅི་རིང་ཞིག་བཞག་གོ༔ དེ་ནས་བདག་ཉིད་ཡེ་ཤེས་ཀྱི་ལྷ་རུ་གསལ་གདབ་ལ༔ ཧཱུྃ༔ མ་རིག་འཁོར་བའི་རྒྱུ་ཡིན་པས༔ ཆགས་སྡང་དུག་ལྔའི་རྟོག་པ་ཤར༔ དེ་ལས་རྣམ་རྟོག་བགེགས་སུ་གྲུབ༔ སྲིད་པའི་ལྷ་སྲིན་འབྱུང་པོ་རྣམས༔ ཆོས་ཉིད་བདེན་པའི་དོན་མ་རྟོགས༔ ལོག་པར་རྟོག་པས་བར་ཆོད་བྱེད༔ ང་ཉིད་ཆེ་མཆོག་ཧེ་རུ་ཀ༔ སེམས་ཉིད་སྐྱེ་བ་མེད་པར་རྟོགས༔ བགེགས་དང་འབྱུང་པོ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇིག་རྟེན་ཐམས་ཅད་ཁྲོ་བོས་གང༔ མེ་རི་མཚོན་ཆའི་ཆར་ཕབ་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ༔ ཨཱོྃ་བཛྲ་ཀྲོ་དྷ་ཛྭ་ལ་རཾ༔ བཛྲ་ས་མ་ཡ་ཁད་ཁ་མཱ་ར་ཡ་ཕཊ༔ འབྱུང་པོ་ཨུཙཊྚ་ཡ་ཕཊ༔ ཅེས་བརྗོད་དོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཀུན་གཞི་སྤྲོས་དང་བྲལ་བ་ལས༔ མ་རིག་འཐིབས་པའི་ལས་ངན་གྱིས༔ རང་ངོ་མ་ཤེས་འཁོར་བར་འཁྱམས༔ ཡེ་ཤེས་ལྷ་ཡི་སྤྱན་སྔར་བཤགས༔ རིག་པ་ཡེ་ཤེས་རང་གསལ་ལ༔ རྣམ་རྟོག་དབང་གིས་དུག་ལྔར་འཁྲུལ༔ ལས་ཀྱི་སྣང་བ་ལོག་པ་རྣམས༔ ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས༔ དུག་ལྔ་ལས་ཀྱི་སྣང་བ་ལ༔ འཁྲུལ་ཞིང་ཞེན་པས་ལས་ངན་བསགས༔ འགྲོ་དྲུག་འཁོར་བའི་རྣམ་སྨིན་རྣམས༔ ཡི་དམ་ལྷ་ལ་མཐོལ་ལོ་བཤགས༔ ཡེ་ནས་རང་གྲོལ་དགོངས་པ་ལ༔ སྟོང་ཉིད་བསྒོམས་པས་གོལ་སར་ཤོར༔ རང་རིག་གསལ་བའི་ཏིང་ངེ་འཛིན༔ ཕྱོགས་སུ་ལྷུང་བ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་ནས་མ་བཅོས་པ༔ སྟོང་ཉིད་རྟོགས་པའི་ལམ་ཡིན་ཏེ༔ བཅོས་ཤིང་བསྒོམས་པས་འཁྲུལ་པར་ཤོར༔ རང་བྱུང་རང་གནས་བསྒོམ་པའི་ལམ༔ ཀུན་ཏུ་བཟང་པོའི་ཀློང་དུ་བཤགས༔ ཞེས་བརྗོད་དོ༔ དེ་ནས་བྱིན་དབབ་པ་ནི༔ རོལ་མོའི་ཚོགས་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ འཇིག་རྟེན་སྲིད་པ་ཐམས་ཅད་ཀྱི༔ སྟེང་ཕྱོགས་ལྷ་ཡི་གཞལ་ཡས་ཁང༔ འོག་མིན་ལྷུན་གྱིས་གྲུབ་པའི་གནས༔ དབྱིངས་ཉིད་ཡེ་ཤེས་གཞལ་ཡས་ནས༔ ཀུན་ཏུ་བཟང་པོ་གཤེགས་སུ་གསོལ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་འཁོར༔ ཐམས་ཅད་མ་ལུས་གཤེགས་སུ་གསོལ༔ ཨཱོྃ་ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ༔ ཧཱུྃ༔ འཇིག་རྟེན་དག་པའི་གཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དྲི་ཆེན་མཱཾ་ས་རཀྟ་དང༔ དྲི་ཆུ་བྱང་ཆུབ་སེམས་ལ་སོགས༔ ཐམས་ཅད་བདུད་རྩི་ཆེན་པོའི་རྒྱུ༔ རོ་དྲུག་ལྡན་པ་ཟས་ཀྱི་མཆོག༔ ཛ་གད་དཔའ་བོ་གསང་བའི་རྫས༔ ཐམས་ཅད་མཆོད་པར་བྱིན་གྱིས་བརླབ༔ ཨཱོྃ་ཧཱུྃ་སྭཱ་ཨཱཾ་ཧཱ༔ ཨཱོྃ་ཨཱཿཧཱུྃ༔མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ བྷི་ཤུདྷེ་ཨ་མྲྀཏ་ཧཱུྃ་ཕཊ༔ ཨཱོྃ་དྷརྨཱ་ཨ་མྲྀཏ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཡཀྴ་ཀྲོ་ཏ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ཨཱོྃ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་མཆོད་པ་བྱིན་གྱིས་བརླབས་ནས༔ ཕྲིན་ལས་གཞུང་གི་རིམ་པ་ནི༔ འོག་དབང་ཆེན་གསེར་གྱི་ས་གཞི་སོགས་གཞལ་ཡས་ཁང་འབྱུང་བ་རིམ་བརྩེག་མི་བསྒོམ་སྟེ༔ དེ་ནི་འཇིག་རྟེན་ཀུན་གྱི་གནས་ཡིན་པའི་ཕྱིར་རོ༔ འདི་ནི་ཆོས་སྐུའི་དགོངས་པ་རྫོགས་པ་ཆེན་པོའི་ཕྲིན་ལས་ཡིན་པས༔ འོག་མིན་གྱི་ཕོ་བྲང་གསལ་གདབ་པ་ནི༔ ཧཱུྃ༔ འཇིག་རྟེན་ཐམས་ཅད་འདས་པའི་སྟེང༔ ཆོས་དབྱིངས་དག་པའི་ནམ་མཁའ་ལ༔ གཏི་མུག་དག་པའི་རང་འོད་གསལ༔ ཡེ་ཤེས་ཆེན་པོའི་རླུང་ལྔ་གཡོས༔ སྡུད་བྱེད་ཡུམ་གྱི་པདྨ་ལ༔ ཐམས་ཅད་སྐྱེད་བྱེད་རིན་པོ་ཆེ༔ སྨིན་བྱེད་དྲོད་ཀྱི་འཁོར་ལོ་འབར༔ སྣ་ཚོགས་པདྨའི་གཞལ་ཡས་ཁང༔ མུ་ཁྱུད་སྒོ་དང་སྒོ་རྒྱན་ལྡན༔ རིན་ཆེན་ཀ་བ་ཀ་གཞུས་བཏེག༔ སྟེང་འོག་ཕྱོགས་མཚམས་རིན་ཆེན་འཁྲིགས༔ སྒོ་བཞི་རྟ་བབས་བཅས་པ་རྣམས༔ ཆོས་སྐུའི་ཕོ་བྲང་ཉིད་དུ་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་ཧཱུྃ༔ ཧཱུྃ༔ ནམ་མཁའ་དག་པའི་རང་གདངས་ལ༔ ཆོས་ཉིད་དག་པའི་ཡེ་གདངས་ཤར༔ ཆོས་ཉིད་དག་པའི་ཡེ་གདངས་ལ༔ ཡེ་ཤེས་ཆེན་པོའི་འོད་གདངས་ཤར༔ ཆོས་ཉིད་སྣང་བ་སུམ་བརྩེགས་ནི༔ ཆོས་སྐུའི་སངས་རྒྱས་ཕོ་བྲང་སྟེ༔ རང་བྱུང་མ་བསྒྲིབས་གཞལ་ཡས་ཁང༔ ཀུན་ཏུ་རྒྱ་ཡང་མ་ཆད་པ༔ མ་བསྐྱེད་གསང་བའི་དཀྱིལ་འཁོར་རྫོགས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡབ༔ རང་རིག་རྒྱལ་པོ་ཆོས་ཀྱི་སྐུ༔ ཀུན་བཟང་ཞལ་ནི་ཕྱོགས་བཅུར་གཟིགས༔ ཡུམ་གྱི་བདེ་ཀློང་གཅིག་ཏུ་འཁྱིལ༔ སྐུ་མཆོག་ཡིད་བཞིན་རིན་པོ་ཆེ༔ ཐབས་ཤེས་འགག་མེད་འོད་གསལ་བ༔ མཚན་མ་མེད་པའི་ཕྱག་རྒྱ་ཅན༔ སྣང་བ་འོད་ཀྱི་དཀྱིལ་འཁོར་འཁྱིལ༔ སྐུ་ལྔ་འོད་ཀྱི་སྦུབས་སུ་སྨིན༔ སངས་རྒྱས་གཞོན་ནུ་བུམ་པའི་སྐུ༔ གདན་གསུམ་ངང་ལ་སྐུ་གསུམ་གསལ༔ ཕོ་བྲང་དབུས་ཀྱི་ལྟེ་བ་རུ༔ རིན་ཆེན་འོད་ལྔའི་ཐིག་ལེ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ནི༔ མི་འགྱུར་སྐུ་མདོག་མཐིང་ག་ལ༔ སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་མཛད༔ མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔ དབུ་རྒྱན་སྙན་ཆ་མགུར་ཆུ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ ཕྱག་གདུབ་ཞབས་གདུབ་མཛེས་པས་བརྒྱན༔ ཡེ་ཤེས་འོད་ཀྱི་ན་བཟའ་མཛེས༔ ཡབ་ཡུམ་གཉིས་སུ་མེད་པར་བཞུགས༔ ཕོ་བྲང་དེ་ཡི་ཤར་ཕྱོགས་སུ༔ འོད་ལྔ་ཡེ་ཤེས་ཐིག་ལེའི་ནང༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཐུགས་མཆོག་རྡོ་རྗེ་སེམས་དཔའ་ནི༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ ཡུམ་ཆེན་སངས་རྒྱས་སྤྱན་དང་འཁྲིལ༔ སྐྱིལ་ཀྲུང་རིན་ཆེན་རྒྱན་གྱིས་མཛེས༔ གཡས་སུ་ས་ཡི་སྙིང་པོ་དང༔ ཡུམ་ཆེན་ལཱ་སྱཻ་འཁྲིལ་སྦྱོར་མཛད༔ གཡོན་ན་བྱམས་པ་མཻ་ཏྲི་དང༔ དྷཱུ་པེ་དཀར་མོ་གཉིས་སུ་མེད༔ ལྷོ་ཕྱོགས་འོད་ཀྱི་ཐིག་ལེ་ལ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ གཡས་གཡོན་རིན་ཆེན་དྲིལ་བུ་བསྣམས༔ ཡུམ་ཆེན་མཱ་མ་ཀཱི་དང་འཁྲིལ༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་མཛད༔ གཡས་སུ་ནམ་མཁའི་སྙིང་པོ་དང༔ མཱ་ལྱེ་སྔོན་མོ་འཁྲིལ་སྦྱོར་མཛད༔ གཡོན་ན་སྒྲིབ་པ་རྣམ་སེལ་དང༔ པུཥྤེ་སེར་མོ་འཁྲིལ་སྦྱོར་མཛད༔ ནུབ་ཕྱོགས་འོད་ཀྱི་ཐིག་ལེ་ལ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ སྣང་བ་མཐའ་ཡས་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་བསྣམས༔ ཡུམ་ཆེན་གོས་དཀར་མོ་དང་འཁྲིལ༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ གཡས་ན་འཕགས་པ་སྤྱན་རས་གཟིགས༔ ཡུམ་ཆེན་གཱིརྟཱི་མ་དང་འཁྲིལ༔ གཡོན་ན་ཀུན་ཏུ་བཟང་པོ་ནི༔ ཡུམ་ཆེན་ཨཱ་ལོ་ཀེ་དང་འཁྲིལ༔ བྱང་ཕྱོགས་འོད་ལྔའི་ཐིག་ལེ་ལ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང༔ ཕྱག་གཉིས་རྒྱ་གྲམ་དྲིལ་བུ་བསྣམས༔ སྒྲོལ་མ་ཡུམ་དང་གཉིས་མེད་འཁྲིལ༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་མཛད༔ གཡས་ན་ཕྱག་ན་རྡོ་རྗེ་དང༔ ཡུམ་ཆེན་ནིརྟཱི་གཉིས་སུ་མེད༔ གཡོན་ན་འཕགས་པ་འཇམ་དཔལ་དང༔ ཡུམ་ཆེན་གནྡྷེ་གཉིས་མེད་འཁྲིལ༔ དབུས་ཀྱི་ཕོ་བྲང་ལྟེ་བ་ལ༔ ཀུན་བཟང་ཡབ་ཡུམ་སྐུ་ཡི་མདུན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ སྐུ་མཆོག་རྣམ་པར་སྣང་མཛད་ནི༔ སྐུ་མདོག་མཐིང་ག་རྒྱན་གྱིས་མཛེས༔ ཕྱག་གཉིས་འཁོར་ལོ་དྲིལ་བུ་བསྣམས༔ ཡུམ་ཆེན་དབྱིངས་ཕྱུག་མ་དང་འཁྲིལ༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་མཛད༔ གཞལ་ཡས་དེ་ཡི་ཕྱོགས་བཞི་རུ༔ སྒོ་སྲུང་ཁྲོ་བོ་ཡབ་ཡུམ་ནི༔ ཤར་ན་ཁྲོ་རྒྱལ་གཤིན་རྗེ་གཤེད༔ ཡུམ་ཆེན་ལྕགས་ཀྱུ་མ་དང་འཁྲིལ༔ ལྷོ་ན་ཁྲོ་རྒྱལ་སྟོབས་པོ་ཆེ༔ ཡུམ་ཆེན་ཞགས་པ་མ་དང་འཁྲིལ༔ ནུབ་ན་ཁྲོ་རྒྱལ་རྟ་མཆོག་དཔལ༔ ཡུམ་ཆེན་ལྕགས་སྒྲོག་མ་དང་འཁྲིལ༔ བྱང་ན་ཁྲོ་བོ་བདུད་རྩི་འཁྱིལ༔ ཡུམ་ཆེན་དྲིལ་བུ་མ་དང་འཁྲིལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ༔ ཡེ་ཤེས་རང་སྣང་ཕོ་བྲང་ཡིན༔ ཐམས་ཅད་ཡོངས་སུ་རྫོགས་པར་གསལ༔ གཞལ་ཡས་དེ་ཡི་སྟེང་གི་ཕྱོགས༔ འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་དུ༔ ཉི་མ་དང་ནི་ཟེར་བཞིན་དུ༔ ཁྲག་འཐུང་ཁྲོ་བོའི་ཕོ་བྲང་ནི༔ ཐོད་པ་སྐམ་རློན་རྩིག་པར་གཏམས༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན༔ ཞིང་ཆེན་སྨུག་པོའི་ཀ་བ་ལ༔ གཟའ་ཆེན་བརྒྱད་ཀྱི་ཀ་གཞུས་མཛེས༔ ལྷ་ཆེན་ཚངས་པའི་གདུང་བརྒྱད་བསྣོལ༔ ཞིང་བཅུ་བསྒྲལ་པའི་ཐོག་ཕྱམ་ལ༔ དྲི་ཆེན་དྲི་ཆུའི་ཐོག་ཆལ་བཏང༔ སྒོ་བཞི་སྒོ་ཁྱུད་རབ་ཏུ་མཛེས༔ རྟ་བབས་ཆོས་ཀྱི་འཁོར་ལོ་བརྩེགས༔ ཞིང་ཆེན་གདུགས་དང་དར་དཔྱང་དང༔ ཕྱི་རིམ་བསྐལ་པའི་མེ་རི་འབར༔ ཕོ་བྲང་དབུས་ཀྱི་ལྟེ་བ་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་སྨུག་མཐིང་འབར་བ་ལ༔ དཔལ་གྱི་ཆས་ཀྱིས་རབ་ཏུ་བརྒྱན༔ ཕྱག་གཉིས་རྡོ་རྗེ་དུང་དམར་དཀྲུགས༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ༔ མཐིང་ག་གཡས་པ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ གཙོ་བོ་ཡབ་ཡུམ་ཤར་མདུན་དུ༔ དཔལ་ཆེན་བུདྡྷ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ འཁོར་ལོ་དགྲ་སཏྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཡུམ༔ སྨུག་ནག་གཡས་པ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ དེ་ཡི་ཕྱི་རིམ་འཁོར་ལོའི་རྩིབས༔ ཤར་དུ་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་རལ་གྲི་དགྲ་སཏྭ་གཡས༔ དྲིལ་བུ་བྷནྡྷ་ཐོང་གཤོལ་གཡོན༔ བཛྲ་ཀྲོ་ཏཱི་ཤྭ་རཱི་ཡུམ༔ མཐིང་ནག་གཡས་པ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷནྡྷ་ཏྲི་ཤུལ་གཡོན༔ རཏྣ་ཀྲོ་ཏཱི་ཤྭ་རཱི་ཡུམ༔ སེར་མོ་གཡས་པ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷནྡྷ་རྔེའུ་ཆུང་གཡོན༔ པདྨ་ཀྲོ་ཏཱི་ཤྭ་རཱི་ཡུམ༔ དམར་མོ་གཡས་པ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ བྱང་དུ་ཀརྨ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ རལ་གྲི་རྒྱ་གྲམ་དབྱུག་ཏོ་གཡས༔ དྲིལ་བུ་བྷནྡྷ་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་ཏཱི་ཤྭ་རཱི་ཡུམ༔ ལྗང་གུ་གཡས་པས་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ དེ་ཡི་ཕྱི་རིམ་བར་ཁྱམས་ལ༔ ཤར་དུ་གཽ་རཱི་དཀར་མོ་ནི༔ ཕྱག་གཉིས་དབྱུག་ཏོ་བྷནྡྷ་འཛིན༔ ལྷོ་ན་ཙཽ་རཱི་སེར་མོ་ནི༔ ཕྱག་གཉིས་ཐུགས་ཀར་མདའ་གཞུ་འགེངས༔ ནུབ་ན་པྲ་མོ་དམར་མོ་ནི༔ ཆུ་སྲིན་རྒྱལ་མཚན་བྷནྡྷ་བསྣམས༔ བྱང་ན་བཻ་ཏཱ་ལི་ནག་མོ༔ ཕྱག་གཉིས་རྡོ་རྗེ་བྷན་དམར་བསྣམས༔ ཤར་ལྷོར་པུཥྐ་དམར་སེར་ནི༔ ཞིང་གི་རྒྱུ་མ་དྲངས་ནས་གསོལ༔ ལྷོ་ནུབ་གྷསྨ་ལྗང་སེར་ནི༔ སྡིགས་མཛུབ་དུང་ཁྲག་དཀྲུག་ཅིང་གསོལ༔ ནུབ་བྱང་སྨེ་ཤ་མཐིང་ནག་ནི༔ ཕྱག་གཉིས་ཙིཏྟ་ཕྱུང་ནས་ཟ༔ བྱང་ཤར་ཙནྡྷ་སེར་སྐྱ་ནི༔ བམ་རོ་མགོ་ལུས་ཕྲལ་ནས་ཟ༔ དེ་ཡི་ཕྱི་རིམ་བར་ཁྱམས་ན༔ ཤར་དུ་སིངྷ་སྨུག་ནག་ནི༔ སེང་གེའི་གདོང་ཅན་རལ་པ་བསིག༔ ཕྱག་གཉིས་བསྣོལ་ནས་བམ་རོ་ཟ༔ ལྷོ་རུ་བྱ་གྷྲི་དམར་མོ་ནི༔ སྟག་གི་མགོ་ཅན་ཁ་གདང་མ༔ ལག་གཉིས་ཐུར་བསྣོལ་འབྲུ་ཚུགས་བལྟ༔ ནུབ་ཏུ་སྲི་ལ་མཐིང་ནག་ནི༔ ཝ་ཡི་མགོ་ཅན་གཡོན་དུ་བལྟ༔ ཕྱག་གཉིས་སྤུ་གྲི་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་སྐུ་མདོག་མཐིང༔ སྤྱང་མོའི་མགོ་ཅན་འབྲུ་ཚུགས་བལྟ༔ ཕྱག་གཉིས་བམ་གྱི་བྱང་ཁོག་འབྱེད༔ ཤར་ལྷོར་གྲི་ཌྷ་དཀར་སེར་ནི༔ བྱ་རྒོད་མགོ་ཅན་མཁའ་ལ་བལྟ༔ ཕྱག་གཉིས་ཞིང་ཆེན་ཕྲག་ལ་བཀལ༔ ལྷོ་ནུབ་ཀཾ་ཀ་མུ་ཁ་ནི༔ དུར་བྱའི་མགོ་ཅན་སྐུ་མདོག་དམར༔ ཞིང་ཆེན་ཕྲག་པ་དག་ལ་བཀལ༔ ནུབ་བྱང་ཁ་ཁ་མུ་ཁ་ནི༔ བྱ་རོག་མགོ་ཅན་སྐུ་མདོག་མཐིང༔ ཕྱག་གཉིས་རྡོ་རྗེ་བྷནྡྷ་བསྣམས༔ བྱང་ཤར་ཧུ་ལུ་མུ་ཁ་ནི༔ འུག་པའི་མགོ་ཅན་སྐུ་མདོག་སྔོ༔ ཕྱག་གཉིས་རྡོ་རྗེ་རལ་གྲི་བསྣམས༔ ཐམས་ཅད་དུར་ཁྲོད་རྒྱན་དང་ལྡན༔ ཕོ་བྲང་ཕྱོགས་བཞི་སྒོ་བཞི་ལ༔ ཤར་ན་རྟ་གདོང་དཀར་མོའི་མདོག༔ ཕྱག་གཉིས་ལྕགས་ཀྱུ་བྷནྡྷ་འཛིན༔ ལྷོ་ན་ཕག་གདོང་སེར་མོའི་མདོག༔ ཕྱག་གཉིས་རྒྱུ་ཞགས་བསྡོགས་ནས་འཛིན༔ ནུབ་ན་སེང་གདོང་དམར་མོའི་མདོག༔ ཕྱག་གཉིས་ལྕགས་སྒྲོག་འཁྲིལ་ནས་འཛིན༔ བྱང་ན་སྦྲུལ་གདོང་ལྗང་གུའི་མདོག༔ ཕྱག་གཉིས་དྲིལ་བུ་འཁྲོལ་ཞིང་བཞུགས༔ དེ་ལྟར་ཁྲག་འཐུང་ཁྲོ་བོའི་ཚོགས༔ ཐམས་ཅད་དུར་ཁྲོད་རྒྱན་གྱིས་བརྗིད༔ བཀྲག་དང་གཟི་མདངས་ལྡན་པར་བསྒོམ༔ ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས༔ སྐྱེ་བ་མེད་ལས་སྐྱེ་སྣང་ཚུལ༔ སྐྱེས་ཙམ་ཉིད་ནས་འགག་པ་མེད༔ འགག་མེད་ནམ་མཁའ་ལྟ་བུ་ཡི༔ ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང༔ མ་བཙལ་ལྷུན་གྱིས་གྲུབ་པ་ཡི༔ དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ༔ འགྲོ་བ་དྲུག་གི་རྒྱུད་སྦྱངས་ཏེ༔ བདེ་བར་གཤེགས་པའི་ཐུགས་དམ་བསྐུལ༔ ཚུར་འདུས་དཀྱིལ་འཁོར་ཉིད་ལ་ཐིམ༔ བུམ་པའི་ནང་གི་མར་མེ་བཞིན༔ ནང་གསལ་མི་འཕྲོ་བ་རུ་གནས༔ སྤྲོས་མེད་ཐིག་ལེ་ཆེན་པོའི་སྐུ༔ ཐུགས་ཀྱི་དགོངས་པ་ཀློང་དུ་ཐིམ༔ འདུ་འབྲལ་མེད་པ་གསང་བ་ཡི༔ དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི༔ ཡེ་ཤེས་སྐུ་ལ་གསལ་འགྲིབ་མེད༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱི༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོ་སོར་རྟོག་པའི་སྒོ་ཕྱེས་ཤིག༔ བྱང་ཕྱོགས་ལས་རབ་གྲུབ་པ་ཡི༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་འོག་མིན་གྱི་གནས་ལྷུན་གྱིས་གྲུབ་པའི་སྒོ་བཞི་ཕྱེ་བར་བསམ༔ སྤྱན་དྲང་བ་ནི༔ ཧཱུྃ༔ རྟག་མཐའ་བྲལ་བ་སྟོང་པའི་དབྱིངས༔ རྒྱ་ཁྱོན་འདས་པའི་གཞལ་ཡས་ནས༔ ཆོས་སྐུའི་ལྷ་ཚོགས་གཤེགས་སུ་གསོལ༔ ཆད་མཐའ་བྲལ་བའི་གསལ་མདངས་ཅན༔ མུ་ཁྱུད་ཐིག་ལེའི་ར་བ་ནས༔ ལོངས་སྐུ་ཞི་ཁྲོ་གཤེགས་སུ་གསོལ༔ གཉིས་མཐའ་བྲལ་བའི་འགག་མེད་གནས༔ འཛིན་ཆགས་བྲལ་བའི་གཞལ་ཡས་ནས༔ སྤྲུལ་སྐུ་རིག་འཛིན་གཤེགས་སུ་གསོལ༔ འོད་ཕུང་འབར་བ་ཆོས་ཀྱི་དབྱིངས༔ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས་སུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣང་ཡུལ་དག་པའི་དཀྱིལ་འཁོར་དུ༔ གཟུང་འཛིན་དག་པའི་ལྷ་ཚོགས་རྣམས༔ འཕོ་འགྱུར་མེད་པའི་གདན་ཁྲི་ལ༔ གསལ་སྟོང་དག་པའི་ལྷ་ཚོགས་བཞུགས༔ ཨཱོྃ་ཨཱཿཧཱུྃ་ས་མ་ཡ་སཏྭཾ༔ དེ་ནས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ༔ ཧཱུྃ༔ རང་གི་རིག་པ་རང་གསལ་ཏེ༔ སངས་རྒྱས་འབྱུང་བའི་རྩ་བ་སྟེ༔ ཆོས་ཀྱི་སྐུ་དང་འདུ་འབྲལ་མེད༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལ༔ དད་ཅིང་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧོ༔ དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས༔ རྣམ་པར་དག་པ་དགོངས་པའི་ངང༔ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ བདག་རྡོ་རྗེ་ཆེ་གེ་མོ་ཞེས་བགྱི་བས༔ དམ་ཚིག་གི་ཕྱག་བགྱིད༔ ཡེ་ཤེས་ཀྱི་རྟགས་ནོད༔ རྣལ་འབྱོར་གྱི་གྲལ་དུ་མཆི་བས༔ བཀའ་གནང་དུ་གསོལ༔ ཨ་ལ་ལ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུས༔ ཀོང་བུ་ཡུམ་གྱི་མཁའ་དབྱིངས་སུ༔ བྱང་ཆུབ་སེམས་ཀྱི་སྡོང་བུ་བཙུགས༔ བདུད་རྩིའི་ཞུན་མར་རྒྱ་མཚོ་བསྐྱིལ༔ ཡེ་ཤེས་ལྔ་ཡི་སྒྲོན་མེར་གསལ༔ འབུལ་ནི་ཡེ་ཤེས་ལྷ་ལ་འབུལ༔ མཆོད་ནི་ཡི་དམ་ལྷ་ལ་མཆོད༔ སྐོང་ནི་མཁའ་འགྲོའི་ཐུགས་དམ་བསྐང༔ བླ་མེད་མཆོད་པ་བཞེས་སུ་གསོལ༔ བོ་དྷི་ཙིཏྟ་ཨ༔ ཧཱུྃ༔ དངོས་གྲུབ་འབྱུང་བའི་ཀ་པཱ་ལར༔ འབྲུ་བཅུད་སྟོང་སྦྱར་ཨ་མྲྀཏ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ བདུད་རྩི་ཆེན་པོར་བྱིན་བརླབས་ནས༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ སརྦ་པཉྩ་ཨ་མྲིཏ་ཁཱ་ཧི༔ ཧཱུྃ༔ གཏོར་གཞོང་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ཡེ་ཤེས་མཆོད་པའི་ཚོགས༔ ཚེ་དང་གལ་ཕྱེས་མཐུན་བསྡེབས་ནས༔ རཀྟ་དམར་གྱི་ཐིག་བཀྱེ་ཞིང༔ འཛིན་མེད་གཏོར་མའི་མཆོད་པ་འདི༔ ཡེ་ཤེས་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མ་ཆགས་པདྨའི་སྣོད་ནང་དུ༔ ཆགས་མེད་རཀྟའི་ཨརྒྷཾ་བསྐྱིལ༔ སྐྱེ་ཤི་མེད་པའི་མཆོད་པ་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་མཆོད་པ་འབུལ་ལོ༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དང༔ ལྷ་བཤོས་དྲི་ཆབ་མཆོད་པར་བཤམས༔ བླ་བྲེ་རྒྱལ་མཚན་ན་བཟའ་དང༔ བ་དན་གདུགས་དང་རོལ་མོའི་ཚོགས༔ རིན་པོ་ཆེ་དང་མེ་ཏོག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་དང༔ ཆོས་དང་མདངས་ཆེན་བྱང་ཆུབ་སེམས༔ མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ༔ ཡེ་ཤེས་རང་སྣང་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཞེས་མཆོད་དོ༔ དེ་ནས་འཕྲོ་འདུ་རླུང་གི་གནས་སྦྱང་བ་ནི༔ ཧཱུྃ༔ རང་ལུས་འབྱུང་བཞིའི་གཟུགས་ཕུང་ལ༔ གཡས་ནས་འགྱུ་བ་མེ་ཡི་ཁམས༔ གཡོན་ནས་འགྱུ་བ་ཆུ་ཡི་ཁམས༔ མཉམ་ཉིད་དལ་བ་ས་ཡི་ཁམས༔ དྲག་པོར་འགྱུ་བ་རླུང་གི་ཁམས༔ རིགས་བཞི་མགོན་པོ་འགྱུ་བའི་རྟགས༔ བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ༔ ཞལ་ན་ཡིག་འབྲུའི་ངོ་བོ་རུ༔ བཅུ་གཉིས་ཡེ་ཤེས་གདངས་སུ་གསལ༔ བཅུ་གཉིས་གདངས་ནས་རྡོ་རྗེའི་སྐུ༔ འགྲོ་བའི་མགོན་པོ་དེ་བཞིན་གཤེགས༔ ཞལ་ནས་གསུང་གི་གདངས་སུ་སྒྲོག༔ སྐུ་མཆོག་འགྱུར་མེད་ཀློང་དུ་ཐིམ༔ ཞེས་རྩ་སྔགས་བར་མེད་དུ་བཟླ་འོ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཆོས་ཉིད་རོལ་པའི་མཆོད་པ་ནི༔ ཨཱོྃ་ཨཱཿཧཱུྃ༔ རིག་པའི་མེ་ཏོག་ཚུལ་ཁྲིམས་སྤོས༔ ཡེ་ཤེས་མར་མེ་ཆོས་ཉིད་དྲི༔ བདེ་ཆེན་ཞལ་ཟས་རང་བྱུང་སྒྲ༔ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལ༔ ཨཱོྃ་ཨཱཿཧཱུྃ་ཨརྒྷཾ་སོགས་ཀྱིས་མཆོད༔ གསང་མཆོད་ནི༔ ཧཱུྃ༔ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའ༔ འགྱུར་མེད་རྡོ་རྗེ་འགག་མེད་ཐབས༔ བདེ་ཆེན་ཟུང་འཇུག་གཉིས་མེད་རོལ༔ ཞི་ཁྲོ་གསང་བའི་ལྷ་ལ་འབུལ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ ཧཱུྃ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ སྤྱོད་ཡུལ་སྐུ་དང་ཡེ་ཤེས་ནི༔ བཙལ་བས་རྙེད་པར་མི་འགྱུར་རོ༔ རང་བྱུང་ཡེ་ཤེས་ཆེན་པོ་ཡིན༔ ཆོས་ཉིད་སྣང་བ་སུམ་བརྩེགས་ལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གསལ༔ ཡེ་ཤེས་གསུང་གི་བརྡ་སྐད་ཀྱིས༔ ཛཔ྄་དང་སྙིང་པོ་དབྱིངས་སུ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བ་ཡི༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན༔ རིག་པ་འགག་མེད་ཡེ་ཤེས་སྐུ༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ མགོན་པོ་འོད་མི་འགྱུར་བ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་བསྟོད༔ རང་གི་རིག་པ་རང་གསལ་ལ༔ ཡེ་ཤེས་ལྔ་ཡི་གདངས་ཤར་བས༔ བདེ་གཤེགས་རྒྱལ་བ་རིགས་ལྔའི་སྐུ༔ མཚན་དང་དཔེ་བྱད་རྫོགས་པར་མཛད༔ ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིགས་ལྔ་ཡེ་ཤེས་སྤྲུལ་པའི་ལྷ༔ སེམས་དཔའ་སེམས་མ་སྒོ་བ་དང༔ འཁོར་ན་གནས་པའི་ལྷ་ཚོགས་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་བ་རིགས་ལྔའི་སྤྲུལ་པ་ནི༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྐུ་ནི་བུདྡྷ་ཧེ་རུ་ཀ༔ ཐུགས་ནི་བཛྲ་ཧེ་རུ་ཀ༔ ཡོན་ཏན་རཏྣ་ཧེ་རུ་ཀ༔ གསུང་མཆོག་པདྨ་ཧེ་རུ་ཀ༔ ཕྲིན་ལས་ཀརྨ་ཧེ་རུ་ཀ༔ ཕྲིན་ལས་རྫོགས་མཛད་ཁྲོ་བོའི་སྐུ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ སྐུ་མདོག་སྣ་ཚོགས་བརྗིད་པའི་སྐུ༔ ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ༔ རང་བཞིན་མེད་དེ་བཀྲག་མདངས་གསལ༔ བདེ་གཤེགས་རིགས་ལྔའི་དབུ་སྟེང་ན༔ ཡེ་ཤེས་མེ་ལྕེ་འོད་རབ་གསལ༔ ཐུགས་ཀྱི་དཀྱིལ་འཁོར་དམ་པ་རུ༔ དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལ༔ ཡི་གེ་འབྲུ་བརྒྱད་འོད་དུ་འཕྲོས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ བཀྲག་མདངས་མ་འདྲེས་སོ་སོར་གསལ༔ ལྗགས་ཀྱི་པདྨ་འདབ་བརྒྱད་ལ༔ གེ་སར་དབུས་ན་ཡི་གེའི་སྒྲ༔ སྙིང་པོ་སྔགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བསྟོད་པ་བྱས་ནས༔ སྤྲུལ་པའི་སྐུ་ལ་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ འཇིག་རྟེན་སྲིད་པའི་རྩེ་མོ་ན༔ ལྷ་ཡི་དབང་པོ་བརྒྱ་བྱིན་བཞུགས༔ སྐུ་མདོག་དཀར་པོ་པི་ཝཾ་བསྣམས༔ ང་རྒྱལ་ལེ་ལོ་ཆེ་བ་ཡི༔ སྡུག་བསྔལ་དག་པར་མཛད་ནས་ཀྱང༔ ལྷ་ཡི་སྟོན་པ་མཛད་དུ་གསོལ༔ རི་རབ་ཆེན་པོའི་འགྲམ་རྩ་ན༔ ལྷ་མིན་སྟོན་པ་ཐགས་བཟང་རིས༔ སྐུ་མདོག་མཐིང་ག་གོ་ཆ་བསྣམས༔ ཕྲག་དོག་ཟུག་རྔུའི་སྡུག་བསྔལ་རྣམས༔ སྲ་བརྟན་གོ་ཆས་སྦྱངས་ནས་ཀྱང༔ ལྷ་མིན་སྟོན་པ་མཛད་དུ་གསོལ༔ འདོད་ཁམས་མི་ཡི་གནས་དག་ན༔ ཤཱཀྱ་སེང་གེ་སྟོན་པ་བཞུགས༔ སྐུ་མདོག་སེར་པོ་གསེག་པར་བསྣམས༔ ཆགས་སྡང་མི་ཡི་སྡུག་བསྔལ་སྦྱོངས༔ མི་ཡི་སྟོན་པ་མཛད་དུ་གསོལ༔ རྒྱ་མཚོ་དྭངས་པའི་གཏིང་རུམ་ན༔ སྟོན་པ་སེང་གེ་དམ་བརྟན་བཞུགས༔ སྐུ་མདོག་སྔོན་པོ་པུསྟི་བསྣམས༔ བྱོལ་སོང་གཏི་མུག་སྡུག་བསྔལ་སྦྱོངས༔ བྱོལ་སོང་སྟོན་པ་མཛད་དུ་གསོལ༔ གླིང་བར་ངམ་གྲོག་གཡང་ས་ན༔ ཡི་དྭགས་ཁ་འབར་སྤྲུལ་པའི་སྐུ༔ དམར་ནག་རིན་ཆེན་སྒྲོམ་བུ་བསྣམས༔ ཡི་དྭགས་སེར་སྣའི་སྒྲིབ་པ་སྦྱོངས༔ ཡི་དྭགས་སྟོན་པ་མཛད་དུ་གསོལ༔ རྒྱ་མཚོའི་གཏིང་རུམ་རླུང་གསེབ་ན༔ དམྱལ་བ་རཀྴ་གླང་མགོ་ཅན༔ ནག་པོ་ཕྱག་ན་མེ་ཆུ་བསྣམས༔ ཞེ་སྡང་ལས་ཀྱི་སྒྲིབ་པ་སྦྱོངས༔ དམྱལ་བའི་སྟོན་པ་མཛད་དུ་གསོལ༔ ཞེས་མར་མེ་དྲུག་སྦར་ལ་ཕྲིན་ལས་བཅོལ་ལོ༔ དེ་ནས་ཁྲོ་བོའི་སྤྲུལ་པ་རྣམས་ལ་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཁམས་གསུམ་སྲིད་པའི་སྟེང་དང་འོག༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ གླིང་བཞི་མི་ཡུལ་ཡན་ཆད་ཀྱི༔ དྲེགས་པའི་གནས་རིགས་སོ་སོ་ནས༔ སྤྲུལ་པའི་སྐུ་ལ་སྲིན་མོའི་གཟུགས༔ གདུལ་བྱའི་དབང་གིས་སོ་སོར་སྟོན༔ ཧཱུྃ༔ སྲིན་མོ་སྨུག་ནག་ཐོད་རློན་འཛིན༔ ཚངས་པ་དམར་སེར་པདྨ་བསྣམས༔ ལྷ་ཆེན་དཀར་ལྗང་རྡོ་རྗེ་ཐོགས༔ གཏོགས་འདོད་སྔོན་མོ་འཁོར་ལོ་འཛིན༔ དགའ་བ་སེར་མོ་སྤུ་གྲི་ཐོགས༔ གཞོན་ནུ་དམར་མོ་མདུང་ཐུང་རྡེག༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ ཤར་གྱི་ཕྱོགས་ཀྱི་མ་མོ་བདུན༔ ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ བརྒྱ་བྱིན་དཀར་མོ་རྒྱུ་ཞགས་ཐོགས༔ ཞི་བ་དམར་མོ་བུམ་པ་འཛིན༔ བདུད་རྩི་དམར་མོ་པདྨ་བསྣམས༔ ཟླ་བ་དཀར་མོ་རྡོ་རྗེ་འཛིན༔ བེ་ཅོན་ལྗང་ནག་དབྱུག་པ་ཐོགས༔ སྲིན་མོ་དམར་ནག་ཐོད་ཁྲག་འཐུང༔ རྡོ་རྗེ་སེར་མོ་ཞགས་པ་ཐོགས༔ ལྷོ་ཡི་དབང་ཕྱུག་མ་མོ་བདུན༔ རྒྱས་པའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ ཟ་བ་ལྗང་ནག་བེ་ཅོན་ཐོགས༔ དགའ་བ་དམར་མོ་ཁོག་ཆེན་འཛིན༔ སྟོབས་ཆེན་དཀར་མོ་དབྱུག་ཏོ་ཐོགས༔ རྡོ་རྗེ་སེར་མོ་སྤུ་གྲི་འཛིན༔ འདོད་པ་དམར་མོ་མདའ་གཞུ་འགེངས༔ ནོར་སྲུང་དཀར་མོ་བུམ་པ་འཛིན༔ རྡོ་རྗེ་དམར་མོ་ལྕགས་སྒྲོག་བསྣམས༔ ནུབ་ཀྱི་དབང་ཕྱུག་མ་མོ་བདུན༔ དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ རླུང་ལྷ་སྔོན་མོ་བ་དན་འཕྱར༔ མེ་མོ་དམར་མོ་གསལ་ཤིང་འཛིན༔ ཕག་གདོང་ནག་མོ་མཆེ་ཞགས་ཐོགས༔ རྡོ་རྗེ་དམར་མོ་ཞིང་ཆུང་འཛིན༔ སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང༔ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཕྱར༔ རྡོ་རྗེ་ལྗང་ནག་དྲིལ་བུ་འཛིན༔ བྱང་གི་དབང་ཕྱུག་མ་མོ་བདུན༔ དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་སྨན་དང་རཀྟའི་མཆོད་པ་འབུལ་ཞིང་ཕྲིན་ལས་བཅོལ་ལོ༔ དེ་ནས་ཚོགས་ཀྱི་མཆོད་པ་དབུལ་ཞིང་ཕྲིན་ལས་བཅོལ༔ སྐབས་སུ་བབས་ན་རྡོ་རྗེའི་གླུ་བླང༔ ལྷག་མའི་གཏོར་མ་གཏང༔ རྣམ་པར་དག་པའི་སྨོན་ལམ་གདབ་བོ༔ རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་ཕྲིན་ལས་རྒྱུད་དང་མཐུན་པར་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ།། ༄༅༔ ྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་ཉམས་སུ་ལེན་པའི་རྣལ་འབྱོར་པས༔ བསོད་ནམས་ཀྱི་ཚོགས་གསག་པ་དང༔ བར་ཆད་བསལ་ཞིང་དངོས་གྲུབ་འབྱུང་བར་བྱ་བའི་ཕྱིར༔ ཚོགས་ཀྱི་མཆོད་པ་བསྟན་པར་བྱ་སྟེ༔ དེ་ཡང་རྫོགས་པ་ཆེན་པོ་ཀློང་གསལ་ཉི་མའི་རྒྱུད་ལས༔ ཚོགས་མེད་གང་ཡང་འགྲུབ་མི་འགྱུར༔ ཞེས་གསུངས་པས༔ ཚོགས་ཀྱི་འཁོར་ལོ་བྱ་བ་དང༔ ཚོགས་ཀྱི་མཆོད་པ་བྱ་བ་གཉིས་ལས༔ དང་པོ་ཚོགས་ཀྱི་འཁོར་ལོ་ལ༔ རོ་དྲུག་ཚང་བའི་ཟས་བརྒྱད་དང༔ ཡོ་བྱད་ཕུན་སུམ་ཚོགས་པ་བཤམ༔ དེ་ཡང་མཆོག་ཏུ་བསྔགས་པ་ཤ་དང་ཆང་ཡིན་ཏེ༔ ཤ་ནི་ནད་ཡུན་རིང་གིས་ཤི་བ་མ་ཡིན་པ༔ མིའམ་གཅན་གཟན་གྱིས་བསད་པ་མ་ཡིན་པ༔ གྲི་ཐབས་སྣ་དགུ་དང༔ དམེ་ཤ་བླང་བར་མི་བྱའོ༔ རང་རྐྱེན་ཚེ་ཟད་ནས་ཤི་བ་ཁོ་ན་བསྔགས་སོ༔ དེ་ཡང་དབང་པོ་ཚང་བ་དགོས་སོ༔ གྲིར་ཤི་བའི་ཤ་ཁྲག་ནི་གནོད་སྦྱིན་མཆོད་པའི་རྫས་ཡིན་ནོ༔ དམ་རྫས་སུ་མི་རུང༔ རྨིག་ཟླུམ་དང༔ མཛེ་ཅན་དང༔ དམེ་ཤ༔ ནད་ངན་པས་ཤི་བའམ༔ རྒྱུ་ངན་པ་དངོས་པོ་རུལ་བ་ནི་མཁའ་འགྲོ་མི་མཉེས་པས་དམ་རྫས་སུ་མི་རུང་ངོ༔ ཆང་ནི་བཟང་ཞིང་མང་བ་མཆོག་ཏུ་བསྔགས་པ་སྟེ༔ རྣལ་འབྱོར་པས་བྲེ་ལ་མི་གཞལ༔ ནན་གྱིས་མི་བཏུང༔ ཅ་ཅོ་དང་གཡེང་བ་འདྲེས་པའི་དུས་སུ་མི་བཏུང༔ བྱིན་གྱིས་མ་བརླབ་པར་ལོངས་མི་སྤྱད༔ དེ་ཡང་བྱིན་གྱིས་བརླབས་པའི་སྣོད་དུ་ཛ་གད་བླུགས་ལ་རང་རང་མདུན་དུ་ཞལ་བུ་ཆང་གིས་གཏམས་ཏེ༔ ཁམས་དང་སྦྱར་ལ༔ ཆོ་ག་དང་ཏིང་ངེ་འཛིན་གྱི་གྲོགས་སུ་འགྱུར་ཞིང་གསལ་ཐེབས་ཙམ་ལོངས་སྤྱོད༔ གཞན་ཡང་བ་ལིཾ་ཏའི་གཏོར་མ་བཟའ་བ་དང༔ བཅའ་བ་དང༔ ཡོ་བྱད་དཔག་ཏུ་མེད་པ་བཤམས༔ གནས་ནི་འཇིག་རྟེན་བའི་གྲོང་ལས་དབེན་པ༔ སྐྱེ་བོ་དང་མུ་སྟེགས་པའི་རྣ་བས་མི་ཐོས་པ༔ ཉན་ཐོས་ལ་སོགས་ཐེག་པ་དམན་པ་དང༔ སྐལ་མེད་རྟོག་གེ་བས་མི་ཚོར་བ༔ དབེན་ཞིང་ཉམས་དགའ་བར་བྱ༔ བླ་བྲེ་རྒྱལ་མཚན༔ འཕན་གདུགས༔ རོལ་མོ་སྣ་ཚོགས་པ་བསགས༔ འཁོར་ནི་རང་དང་ལྟ་སྤྱོད་མཐུན་པ༔ དམ་ཚིག་ལ་ཟོལ་ཟོག་མེད་པ༔ ཁྱེའུ་དང་བུ་མོ་གཙང་མ་རྣམས་འདུ་བར་བྱའོ༔ དེ་ཡང་དང་པོ་ཕྱི་ནང་གསང་གསུམ་གྱི་ཕྲིན་ལས་གཞུང་བསྲངས་ལ༔ ཚོགས་ཀྱི་སྐབས་སུ་མཆོད་པ་འདི་ལྟར་དབུལ་ལོ༔ ྈྈྈྈྈྈྈྈྈྈ ནུབ་གཅིག་གི་ཚོགས་མཆོད་པ་བྱེད་ན༔ ཕྲིན་ལས་གསུམ་པོ་གང་རུང་གཞུང་བསྲངས་ལ༔ ཤ་ཆང་དམ་རྫས་གང་རྙེད་ལ༔ བྱིན་རླབས་བྱས་ཏེ་འབུལ་ལོ༔ ྈྈྈྈྈྈྈྈྈྈ ཞི་ཁྲོ་འབར་བའི་ཚོགས་ལ་ཕྱག་འཚལ་ལོ༔ ཚོགས་ཀྱི་ཡོ་བྱད་བསང་སྦྱང་བྱ་བ་ནི༔ ཨཱོྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་པའི་སྔགས་དང༔ དྲི་བཟང་གི་ཆུས་བསང་ལ༔ དངོས་པོར་འཛིན་པའི་དྲི་མ་སྦྱང་བ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་རྣམས༔ འབྱུང་བ་མེ་ཆུ་རླུང་གསུམ་གྱིས༔ བག་ཆགས་བསྲེག་སྦྱང་གཏོར་བར་བྱ༔ རཾ་ཡཾ་ཁཾ༔ ཞེས་ལན་གསུམ་བརྗོད་པས་དག་པར་བསམ་མོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ སྟེང་དུ་ཡི་གེ་ཨཱོྃ་དཀར་པོ༔ དབུས་སུ་ཡི་གེ་ཨཱཿདམར་པོ༔ འོག་ཏུ་ཡི་གེ་ཧཱུྃ་མཐིང་ག༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དབུས་སུ་ཡི་གེ་ཨཱོྃ་མཐིང་ག༔ ཤར་དུ་ཡི་གེ་ཧཱུྃ་དཀར་པོ༔ ལྷོ་རུ་ཡི་གེ་ཏྲཱཾ་སེར་པོ༔ ནུབ་ཏུ་ཡི་གེ་ཧྲཱིཿདམར་པོ༔ བྱང་དུ་ཡི་གེ་ཨཱཿལྗང་གུ༔ ཚོགས་ཀྱི་དམ་རྫས་ནང་དུ་འཕྲོས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་བསམ༔ བདེ་བར་གཤེགས་པ་མཆོད་པའི་རྫས༔ ཨཱོྃ་ཨཱཿཧཱུྃ༔ དེ་ནས་སྤྱན་དྲང་བ་ནི༔ ཨཱོྃ༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ཨཱོྃ༔ ཨཱོྃ་མཐིང་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་འདིར༔ རྣམ་པར་སྣང་མཛད་དབྱིངས་ཕྱུག་མ༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ཧཱུྃ༔ ཧཱུྃ་དཀར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མེ་ལོང་ལྟ་བུའི་དཀྱིལ་འཁོར་འདིར༔ རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ཏྲཱཾ༔ ཏྲཱཾ་སེར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ མཉམ་པ་ཉིད་ཀྱི་དཀྱིལ་འཁོར་འདིར༔ རིན་ཆེན་འབྱུང་ལྡན་མཱ་མ་ཀཱི༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཧྲཱི༔ སོར་རྟོག་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ཧྲཱི༔ ཧྲཱིཿདམར་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ སོ་སོར་རྟོག་པའི་དཀྱིལ་འཁོར་འདིར༔ སྣང་བ་མཐའ་ཡས་གོས་དཀར་མོ༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཨཱ༔ ནན་ཏན་ཡེ་ཤེས་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ཨཱ༔ ཨཱཿལྗང་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་ཞུ༔ བྱ་བ་ནན་ཏན་དཀྱིལ་འཁོར་འདིར༔ དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཨཱོྃ་ཨཱཿཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོ་ཡབ་ཡུམ་དང༔ རིགས་བདག་ཆེན་པོ་རྡོ་རྗེ་འཆང༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ ཐམས་ཅད་མ་ལུས་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ རྡོ་རྗེ་རིགས་མཆོག་གཤེགས་སུ་གསོལ༔ སྟོང་ཉིད་ཆོས་དབྱིངས་ཕོ་བྲང་ནས༔ ཡུམ་ཆེན་རྡོ་རྗེ་ཕག་མོ་དང༔ མཁའ་འགྲོ་སྡེ་ལྔ་དཔའ་བོ་ལྔ༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ སྤྲུལ་པའི་ཞིང་ཁམས་སོ་སོ་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༔ རིག་འཛིན་ཤྲཱི་སེཾ་ཧ་དང༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁས་པ་བི་མ་མི་ཏྲ་དང༔ སྒྲ་སྒྱུར་བཻ་རོ་ཙ་ན་དང༔ སྤྲུལ་པའི་རིག་འཛིན་རྣམ་པ་དྲུག༔ ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ བླ་མ་རིག་འཛིན་བརྒྱུད་པར་བཅས༔ མཁའ་འགྲོ་ཆོས་སྐྱོང་འཁོར་དང་བཅས༔ གཏེར་བདག་གཞི་བདག་དཀར་པོའི་རིགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨཱོྃ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་ཚོགས་མཆོད་འབུལ་བ་ནི༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀུན་བཟང་ཡབ་ཡུམ་ཆོས་ཀྱི་སྐུ༔ ཞི་ཁྲོ་རབ་འབྱམས་ལོངས་སྤྱོད་རྫོགས༔ རིག་འཛིན་མཁའ་འགྲོ་སྤྲུལ་པའི་སྐུ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཐུགས་དམ་གཉན་པོ་སྐོང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམ༔ མཁའ་འགྲོ་དཔའ་བོ་དམ་ཚིག་ཅན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དམ་ཚིག་ཉམས་ཆག་སྐོང་གྱུར་ཅིག༔ ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ༔ བཀའ་སྲུང་ཨེ་ཀ་ཛཱ་ཊི་དང༔ ཁྲོས་མ་ནག་མོ་རེ་མ་ཏི༔ མ་ཧཱ་ཀཱ་ལ་དཔལ་གྱི་ལྷ༔ རྡོ་རྗེ་ལེགས་པ་དམ་ཚིག་ཅན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ གསང་སྔགས་བསྟན་པ་བསྲུང་དུ་གསོལ༔ འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད༔ རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ༔ གཏེར་བདག་བཀའ་སྲུང་བརྟན་མའི་ཚོགས༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་རྣམས༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བཞེས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ གནས་འདིར་བཀྲ་ཤིས་ལོངས་སྤྱོད་སྤེལ༔ ཅེས་བརྗོད་ལ་ཚོགས་ཕུད་ཐམས་ཅད་བཀྲོལ་ཏེ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨེ་ལཾ་བཾ་རཾ་ཡཾ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཤྲཱི་མ་ཧཱ་ཀཱ་ལ༔ མ་མ་རཀྨོ༔ ཡ་མ་རཱ་ཙ༔ དུ་ཏྲི་དུ་ཏྲི༔ ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ར་ཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་རོལ་མོའི་སྒྲ་དང་བཅས་ཏེ་བཀྲོལ་ལ་དབུལ་ལོ༔ དེ་ནས་རྣལ་འབྱོར་ཕོ་མོ་རྣམས་རྫོགས་པ་ཆེན་པོའི་དགོངས་པ་དང་ལྡན་པས༔ ཚོགས་ཀྱི་ལོངས་སྤྱོད་ལ་རོལ་པར་བྱ་བ་ནི༔ ཧོ༔ རང་གི་གཟུགས་འདི་འཁོར་འདས་ཡུལ༔ དང་པོ་འཁོར་བ་སྦྱང་བར་བྱ༔ རྐང་མཐིལ་རྩ་ཞགས་འཁྱིལ་བ་ན༔ ཞེ་སྡང་དམྱལ་བའི་ས་བོན་ཡོད༔ ཚོགས་ཀྱི་ཡེ་ཤེས་འོད་དུ་འཕྲོས༔ རཾ་ཡཾ་ཁཾ་གིས་དུཿཡིག་བསྲེགས༔ ལྟེ་བ་བཀྲེས་པའི་ཡུལ་ལྗོངས་ན༔ སེར་སྣ་ཡི་དྭགས་ས་བོན་ཡོད༔ ཚོགས་ཀྱི་ཡེ་ཤེས་བདུད་རྩི་ཡིས༔ ཧཱུྃ་ཞེས་ཡི་དྭགས་པྲེ་ཡིག་སྦྱངས༔ རྒྱབ་ཀྱི་སྲོག་རྩ་དམར་པོ་ན༔ གཏི་མུག་བྱིང་རྩ་དུད་འགྲོའི་གནས༔ ཚོགས་ཀྱི་ཡེ་ཤེས་འོད་ཟེར་གྱིས༔ མ་རིག་ས་བོན་ཏྲི་ཡིག་དག༔ སྲོག་རྩ་ཤེལ་གྱི་སྦུ་གུ་ན༔ འཕོ་འགྱུར་མི་ཡི་ས་བོན་གནས༔ ཚོགས་ཀྱི་ཡེ་ཤེས་རང་གདངས་ཀྱིས༔ སྐྱེ་འཆིའི་ས་བོན་ནྲྀ་ཡིག་སྤར༔ ལྟག་རྩ་བ་མེན་རྭ་འདྲའི་ནང༔ ཕྲག་དོག་ལྷ་མིན་ས་བོན་གནས༔ ཚོགས་ཀྱི་ཡེ་ཤེས་ཟེར་འཕྲོས་པས༔ ཕྲག་དོག་ས་བོན་སུཾ་ཡིག་འཕངས༔ སྤྱི་གཙུག་བདེ་ཆེན་རྩ་ནང་ན༔ ང་རྒྱལ་ལྷ་ཡི་ས་བོན་གནས༔ ཚོགས་ཀྱི་ཡེ་ཤེས་འོད་འབར་བས༔ ང་རྒྱལ་ས་བོན་ཨ་དེ་བསལ༔ ཧཱུྃ༔ དེ་ལྟར་རྒྱུ་དྲུག་གནས་སྦྱངས་པས༔ ཐམས་ཅད་འདས་པའི་སངས་རྒྱས་ཡིན༔ ཕུང་པོ་ལྔ་ཉིད་ཡབ་ཡིན་ཏེ༔ འབྱུང་བ་ལྔ་ཉིད་ཡུམ་གྱི་ངང༔ འཁོར་ལོ་ལྔ་ལ་མཁའ་འགྲོ་ལྔ༔ རྩ་ཕྲན་ཐམས་ཅད་ཐིག་ལེས་གང༔ ཐིག་ལེ་མ་མོ་མཁའ་འགྲོའི་སྲོག༔ སྙིང་ཁ་ཆོས་ཀྱི་ཕོ་བྲང་ན༔ སངས་རྒྱས་སུམ་ཅུ་སོ་དྲུག་བཞུགས༔ ཀླད་པ་དུང་ཁང་ཕོ་བྲང་ན༔ ཁྲག་འཐུང་དྲུག་ཅུ་ཐམ་པ་བཞུགས༔ བདེ་བར་གཤེགས་པའི་ཕོ་བྲང་དེར༔ ཡེ་ཤེས་ཆེན་པོའི་མཆོད་པ་འབུལ༔ ཨ་ལ་ལ་ཧོ་བཞེས་པར་མཛོད༔ ཅེས་དགོངས་པ་གསལ་གདབ་ལ༔ སརྦ་སིདྡྷི་ཧཱུྃ༔ ཞེས་ཞལ་ཟས་བླངས་ཏེ༔ ཧཱུྃ༔ ང་ཉིད་སངས་རྒྱས་རིགས་ལྔ་ཡིན༔ ལག་པ་གཡས་པ་དཔའ་བོ་ལྔ༔ ལག་པ་གཡོན་པ་མཁའ་འགྲོ་ལྔ༔ ཞལ་ནི་ཕྲིན་ལས་བཞི་ཡི་ཐབ༔ ཡ་རྐན་མེ་ལྷ་སྣང་མཐའ་ཡས༔ མ་རྐན་ལྷ་མོ་གོས་དཀར་མོ༔ ལྗགས་ནི་མེ་ལྷ་གྷུནྡྷེ་ཡིན༔ མིད་པ་བྱུང་ཆུབ་སེམས་ཀྱི་ལམ༔ ཞལ་ཟས་འབྱུང་བ་ལྔ་ཡི་བཅུད༔ ཁ་དོག་དཀར་ལ་རོ་ཉིད་བདའ༔ རྒྱུ་ཉིད་བདུད་རྩིར་ཆི་ལི་ལི༔ ལྟོ་བ་ཆོས་ཀྱི་དབྱིངས་སུ་ཐིམ༔ རྩ་གསུམ་གྱེན་དུ་ཡེ་ཤེས་སྤར༔ ཡེ་ཤེས་ལྷ་རྣམས་ཡེ་ཤེས་རོལ༔ ཞེས་ལོངས་སྤྱོད་དོ༔ སྐབས་འདིར་རྡོ་རྗེའི་གླུ་བླང་ངོ༔ རྗེས་སུ་ལྷག་མའི་ཆོ་ག་བྱ༔ རྫོགས་པ་ཆེན་པོའི་ཚོགས་ཀྱི་འཁོར་ལོ་འདི༔ འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ནས༔ སློབ་དཔོན་དགའ་རབ་རྡོ་རྗེས་བཏུས༔ དུས་ཕྱི་མའི་ཚེ་བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས༔ མཁས་པ་བི་མ་ལ་མི་ཏྲ༔ ལོ་ཙཱ་བ་བཻ་རོ་ཙ་ན་གསུམ་གྱིས་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སོང་ལྡེའུ་བཙན་དང༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱི་དོན་དུ་རྒྱས་པར་མཛད་པའོ༔ རང་བྱུང་ལྷའི་དཀྱིལ་འཁོར་ལ༔ མཆོད་ཕྱིར་ཚོགས་ཀྱི་ལས་རིམ་འདི༔ བསོད་ནམས་ཚོགས་ཆེན་གསག་ཕྱིར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཀུན་མཁྱེན་ཡེ་ཤེས་ཚོགས་རྫོགས་ནས༔ ཐེག་ཆེན་ས་ལ་འཁོད་པར་ཤོག༔ ཅེས་གསུངས་སོ༔ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནང་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚོགས་ཀྱི་འཁོར་ལོ་རྒྱས་པ་རྫོགས་སོ༔ སརྦ་མངྒ་ལཾ།། ༄༅༔ ྈྈྈྈྈྈྈྈྈ རྒྱལ་བ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ རང་བཞིན་རྫོགས་པ་ཆེན་པོ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས༔ དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ༔ རྡོ་རྗེའི་གླུ་ནི་ཡང་ཡང་བླང༔ ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག༔ དེ་དུས་གླུ་ལ་བརྩོན་པར་བྱའོ༔ མི་རྟོག་རྒྱུད་ལ་བརྟེན་དུས་སུ༔ འདི་ཉིད་སྐབས་སུ་བླང་བར་བྱ༔ གང་ཞིག་བསམ་གཏན་མ་ཕེབས་ན༔ འདིས་ནི་རྣལ་དུ་ཕེབས་པ་ཡིན༔ གལ་ཏེ་རྣལ་འབྱོར་བྱིང་བའི་དུས༔ འདིས་ནི་བསངས་ན་ཏིང་འཛིན་བཟང༔ དེ་ཕྱིར་རྡོ་རྗེའི་གླུ་ལེན་ཞིང༔ རྟག་ཏུ་རྡོ་རྗེའི་གར་ཡང་བྱ༔ གླུ་གར་རྒྱུན་དུ་སུས་བརྟེན་པ༔ དེ་ནི་རྡོ་རྗེའི་རིགས་སུ་འགྱུར༔ ཞེས་གསུངས་སོ༔ གླུ་བླང་བའི་དུས་ནི༔ དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འགྲོ་བའི་དུས༔ ཡན་ལག་གི་མཐིལ་བཞི་ས་ལ་བཙུགས་ཏེ༔ ལྕེ་སྤྱང་རི་ཟུར་འགྲིམ་པ་ལྟ་བུར་བྱས་ལ་བླང་ངོ༔ ཚོགས་ཀྱི་དུས་རུས་པའི་རྒྱན་ལུས་ལ་བཏག་སྟེ༔ རབ་ཏུ་འགྱིང་བག་དང་ལྡན་པས་བླང༔ དབང་བསྐུར་བའི་དུས་གཡས་གཡོན་དུ་བརྐྱང་བསྐུམ་བྱས་ཏེ༔ མིག་འབྲུ་ཚུགས་སུ་བལྟས་ལ་བླང༔ བརྟུལ་ཞུགས་ཀྱི་སྤྱོད་པའི་དུས་གོམ་པ་ཉེར་གཅིག་རྒྱུག་པ་དང་མཆོང་པ་བྱ༔ གྱད་ཀྱི་འདོར་སྟབས་སུ་བྱས་ལ་བླང༔ མི་རྟོག་པ་རྒྱུད་ལ་བརྟེན་པའི་དུས་སུ༔ ལུས་དྲང་སྲོང་ལྟ་བུ་ཐལ་མོ་འགྲམ་པ་ལ་སྦྱར་བའི་ཚུལ་གྱིས་བླང༔ ལྟ་སྒོམ་སྤྱོད་པའི་དུས་ཐུན་མཚམས་སུ་ལུས་དྲང་པོར་བསྲངས་ཏེ༔ ཐལ་མོ་སྙིང་གར་སྦྱར་ལ་ལུས་བསྲངས་ལ་བླང༔ དེ་ལྟར་རྡོ་རྗེའི་གླུ་དྲུག་འགྱུར་དུ་བླང་ངོ༔ ྈྈྈྈྈྈྈྈྈྈ ཨེ་མ་ཀི་རི་ཀི་རི༔ མསྟ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུནྡྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི་སུ་བྷསྟ་ཡེ༔ ཙ་ཀི་ར་བྷུ་ལི་ཏ༔ ལྕེ་ཡེ་ས་མུན་ཏ༔ ཙརྱ་སུ་ག་ཡ༔ བི་ཏི་ས་ན་བྱང་གུ་ལི༔ ཀེ་ར་ཀེ་ར་དུ་ཁ་ན༔ མ་ཏ་ལི་བེ་ཏ་ནི༔ བྷ་ར་ལི་ཧི་སཾ་ན༔ སཾ་བུ་ར་ཏ༔ མེ་ག་ཙ་ར་ཏ་པ༔ སུརྱ་བྷྱ་ཏ་ར༔ ཨེ་བྷ་ཤ་ན་ས༔ ར་ན་བྷ་ཏ་ས་གུ་ལི་ནི་ཡ༔ གུ་ར་གུ་ར་པག་ཁ་རད་ན་ལཾ༔ ན་ར་ན་ར་ཨི་ཐ་ར༔ བུད་བུ་དྷ་ཚི༔ ཤ་ས་ཀེ་ཀཾ་པ་ར༔ རི་རི་ལ་ཁེ་པ་ཊ་ལ་སིར་ཎ༔ བྷེ་ས་བྷེ་ས་རས་པ་ལམ༔ ཨི་ཨི༔ མ་མ༔ ར་ར༔ ཨཱོྃ་ཨཱ༔ ཨཱོྃ་ཨཱཿཧཱུྃ༔ མ་མ་ཀི་རི་ཀི་རི༔ མས་ཏ་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུནྡྷ་ལི་མ་སུ༔ ཨེ་ཀ་རི་ལི་བྷ་ལེ༔ ཙ་ཀ་བུ་ལི་ཏ༔ ལྕེ་ཡི་ས་མུན་ཏ༔ ཙརྱ་སུ་ག་བྷི་ཏི་ས་ན༔ བྱང་གུ་ལེ༔ ཀི་རི་དྷ་ཀ་རི་དྷ་ཀ༔ མ་ཧཱ་རི་སེ༔ ཏ་ན་ས་ར་ལི་ཧི༔ ས་ནཾ་ཁ་ར་ཏ་ཀེ་ལ་ས་ན༔ བྷུ་དྷ་ར་ཏ༔ མ་ག་ཙ་ར་ཏཾ༔ མ་ཧཱ་ས་སུརྱ་གྷ་ཧ་ར་ཨ༔ མ་ན་བ་ར་བྷི་ཧི༔ ཏི་ས་གྷུ་ར་ལ༔ མ་སྨིན་ས་གུ་ཏི་ལ༔ ཏ་ཡ་གྷུ་ར་གྷུ་ར༔ རླང་ཁ་ལ་ར་ན་ལམ༔ ན་ར་ན་ར་ལམ༔ ཨི་ཐ་ར་ལ་ཏ་ལཾ༔ སིར་ན་བེ་ས་རས་པ་ལཾ༔ བ་གེ་ལཾ༔ ས་ས༔ རཱི་རཱི༔ ལཱི་ལཱི༔ ཨི་ཨི༔ མ་མ༔ རཱ་རཱ༔ ཞེས་རྡོ་རྗེའི་གླུ་བླང་ངོ༔ དགོས་པ་དྲུག་གི་དུས་སུ་སྒྲ་དག་པ་ཚིག་གསལ་བ༔ དབྱངས་སྙན་པོས་བླང་ངོ༔ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ནང་ནས༔ སློབ་དཔོན་དགའ་རབ་རྡོ་རྗེས་ཁོལ་དུ་ཕྱུང་བའོ༔ རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེའི་གླུ་འདི་རྒྱ་གར་དང་ཨོ་རྒྱན་དང་ཁ་ཆེའི་ཡུལ་གསེར་དུ་སྣང་བ་ན༔ གླུ་བླང་བའི་གནས་ཡོད་དོ༔ བོད་ཀྱི་ཡུལ་ན་བསམ་ཡས་མཆིམས་ཕུའི་བྲག་དམར༔ ལྷོ་བྲག་དཔལ་གྱི་ཕུག་རིང༔ གཞོ་སྟོད་གཏེར་སྒྲོམ་བྲག་དཀར༔ བྱང་གི་རི་བོ་བཀྲ་བཟང་རྣམས་སུ་སྔོན་ཡང་གྲུབ་པ་ཐོབ་པ་རྣལ་འབྱོར་པས་བླངས་པས༔ དུས་རྒྱུན་དུ་བླང་དུ་རུང༔ གང་བྱུང་བྱུང་དུ་མི་བླང༔ དུས་ལ་བབས་པའི་ཚེ་གནས་འདུ་འཛིས་དབེན་སར༔ རྣལ་འབྱོར་པ་འཁྲུལ་པ་དག༔ རང་རིག་ངོ་ཤེས་པས་བླང་ངོ༔ ཞེས་གསུངས་སོ༔ ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ།། ༄༅༔ ྈྈྈྈྈྈྈྈྈྈྈ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོའི་ཚོགས་ཀྱི་འཁོར་ལོ་དང༔ རྡོ་རྗེའི་གླུ་ཚར་བའི་རྗེས་སུ་ལྷག་མའི་གཏོར་མ་འབུལ་བ་ནི༔ ཧཱུྃ༔ དགོངས་སམ་རྡོ་རྗེ་མཁའ་འགྲོའི་ཚོགས༔ རྡོ་རྗེ་མཁའ་འགྲོ་སྐད་པ་དེ༔ རྟོགས་པའི་ལྟ་བ་མ་ལགས་སམ༔ དེ་ལ་གཏོར་མ་འབུལ་བ་ནི༔ སྐུ་གསུམ་ལྷུན་གྲུབ་གཏོར་མ་འབུལ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ལ་བྱིན་གྱིས་རློབས༔ དགོངས་སམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཡེ་ཤེས་མཁའ་འགྲོ་སྐད་པ་དེ༔ རང་བཞིན་ལྷུན་གྲུབ་མ་ལགས་སམ༔ དེ་ལ་གཏོར་མ་འབུལ་བ་ནི༔ ཏིང་འཛིན་བཀྲག་མདངས་གཏོར་མ་འབུལ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ལམ་སྣ་དྲོངས༔ དགོངས་སམ་ལས་ཀྱི་མཁའ་འགྲོའི་ཚོགས༔ ལས་ཀྱི་མཁའ་འགྲོ་སྐད་པ་དེ༔ ཤེས་རབ་རྣོན་པོ་མ་ལགས་སམ༔ དེ་ལ་གཏོར་མ་འབུལ་བ་ནི༔ རྒྱུད་ལུང་མན་ངག་གཏོར་མ་འབུལ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འཁོར་རྣམས་སྐྱོངས༔ དགོངས་སམ་འཇིག་རྟེན་མཁའ་འགྲོའི་ཚོགས༔ འཇིག་རྟེན་མཁའ་འགྲོ་སྐད་པ་དེ༔ བསྟན་པ་བསྲུང་བ་མ་ལགས་སམ༔ དེ་ལ་གཏོར་མ་འབུལ་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་བར་ཆད་སོལ༔ དེ་ནས་གཏོར་མ་ལ་དཔལ་འབར་རམ་སྤོས་ཐུར་བཙུགས་ནས་གནས་ཀྱི་ཕྱི་རོལ་དུ་གཏང་བ་ནི༔ ཧཱུྃ༔ དགོངས་སམ་རྡོ་རྗེ་མཁའ་འགྲོ་མ༔ ཡེ་ཤེས་མདངས་དང་བཅས་ཏེ་གཤེགས༔ དགོངས་སམ་ཡེ་ཤེས་མཁའ་འགྲོ་མ༔ ཡེ་ཤེས་ཟེར་དང་བཅས་ཏེ་གཤེགས༔ དགོངས་སམ་ལས་ཀྱི་མཁའ་འགྲོ་མ༔ རྫུ་འཕྲུལ་ཤུགས་དང་བཅས་ཏེ་གཤེགས༔ དགོངས་སམ་འཇིག་རྟེན་མཁའ་འགྲོ་མ༔ ཕོ་ཉའི་ཚོགས་དང་བཅས་ཏེ་གཤེགས༔ མཁའ་འགྲོ་མཁའ་ལ་འགྲོ་བ་ལ༔ ལས་ལ་མ་རྨོངས་ཕྲིན་ལས་མཛོད༔ ཅེས་གཏོར་མ་དང་པོ་དབུལ་ལོ༔ རྣལ་འབྱོར་པ་ནངས་ནུབ་རྒྱུན་མར་ཕྲིན་ལས་ནར་མར་གཏོང་བའི་ལྷག་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ྈྈྈྈྈྈྈྈྈྈ ཕྲིན་ལས་རྒྱས་པའི་དུས་སུ་ལྷག་མའི་གཏོར་མ་ཆ་བཞི་རུ་དབུལ་ཏེ༔ དང་པོ་མཁའ་འགྲོ་མ་ལ་དབུལ་བ་གོང་ལྟར་རོ༔ གཉིས་པ་བཀའ་སྲུང་ལ་དབུལ་བ་ནི༔ ཧཱུྃ༔ སངས་རྒྱས་རྡོ་རྗེ་འཆང་ཆེན་གྱི༔ བཀའ་སྲུང་ཁྲོ་མོ་རག་གདོང་མ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཆོས་ཉིད་མངོན་སུམ་མཐོང་བར་མཛོད༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་མ༔ དུར་ཁྲོད་གནས་པའི་མ་མོ་གསུམ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྫོགས་པ་ཆེན་པོའི་བསྟན་པ་སྲུངས༔ ཨེ་ཀ་ཛཱ་ཊིའི་བཀའ་ཉན་མ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ གསང་སྔགས་བསྟན་པ་གཉན་པོ་སྲུངས༔ ལྷ་མོ་ནག་མོའི་བཀའ་ཉན་པ༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་བསྟན་པ་སྲུངས༔ ཞེས་མཆོད་དོ༔ གསུམ་པ་གཏེར་གྱི་སྲུང་མ་མཆོད་པ་ནི༔ ཧཱུྃ༔ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ཡི༔ གཏེར་གྱི་སྲུང་མ་སྡེ་བཞི་པོ༔ ཤར་ཕྱོགས་དུང་མཛོད་དཀར་པོ་ཡི༔ དམ་ཅན་བརྟན་མ་བཅུ་གཉིས་པོ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྫོགས་ཆེན་ཉམས་ལེན་རྣལ་འབྱོར་པའི༔ བར་ཆད་ཁྱེད་ཀྱིས་སྲུང་བར་གྱིས༔ ལྷོ་ཕྱོགས་གསེར་མཛོད་སེར་པོ་ཡི༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ གསང་སྔགས་སྒྲུབ་ཆེན་སྤྱོད་པ་ཡི༔ བར་ཆད་བདུད་དཔུང་ཁྱེད་ཀྱིས་ཐུལ༔ ནུབ་ཕྱོགས་ཟངས་མཛོད་དམར་པོ་ཡི༔ དམ་ཅན་གཉན་ཆེན་ཐང་ལྷ་དཀར༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྟེན་འབྲེལ་ཆོས་བདུན་འཆང་བ་ཡི༔ བར་ཆད་ཟུར་ཕུད་གསུམ་པས་སྲུངས༔ བྱང་ཕྱོགས་ལྕགས་མཛོད་ནག་པོ་ཡི༔ དམ་ཅན་སྟོང་དཔོན་དགྲ་བླའི་ཚོགས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོ་ཡི༔ བར་ཆད་དགྲ་བགེགས་ཁྱེད་ཀྱིས་ཐུལ༔ ཞེས་བརྗོད་དོ༔ བཞི་པ་ཞིང་སྐྱོང་དང་གཞི་བདག་མཆོད་པ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ གཡའ་རི་རི་རྒྱལ་བཀྲ་བཟང་ན༔ དམ་པ་ཆོས་ཀྱི་བཀའ་ཉན་པ༔ སིནྡྷུ་རྒྱ་མཚོའི་ཞིང་སྐྱོང་མཆོག༔ ཀླུ་ཡི་རྒྱལ་པོ་དམ་ཚིག་ཅན༔ འཆི་མེད་ཉེ་བའི་དབང་པོ་བཞུགས༔ སྐུ་མདོག་དཀར་པོ་ཞི་བའི་ཆས༔ སྦྲུལ་རིགས་ལྔ་ཡི་གདེངས་ཀ་ཅན༔ ཕྱག་ན་རིན་ཆེན་བུམ་པ་བསྣམས༔ སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ༔ ནོར་བུ་དྲུག་གི་ཁྲི་ལ་བཞུགས༔ གནས་དེ་འཛིན་པའི་གང་ཟག་ལ༔ ཚེ་དང་བསོད་ནམས་རྒྱས་པར་སྤེལ༔ དཀར་གསུམ་བདུད་རྩི་ཀླུ་སྨན་དང༔ རིན་ཆེན་ལྔ་ཡི་སྤྱན་གཟིགས་འབུལ༔ དེ་ཡི་ཕྱོགས་བཞིའི་བཀའ་སྲུང་ནི༔ ཤར་ཕྱོགས་རྒྱལ་མཚན་བཙུག་འདྲའི་རི༔ རིན་ཆེན་གུར་སྨུག་ཕོ་བྲང་ན༔ ལྷ་ཡི་དགེ་བསྙེན་ཁྲོམ་པ་སྐྱེས༔ སྨུག་པོ་བེར་ནག་དར་མདུང་ཐོགས༔ ལྷོ་ཕྱོགས་དུག་གདོང་སྐྱེས་འདྲ་ན༔ བདུད་ཀྱི་དགེ་བསྙེན་ཁྲོམ་པ་སྐྱེས༔ དུད་ཁ་བེར་ནག་དར་མདུང་ཐོགས༔ ནུབ་ཕྱོགས་བྲག་དམར་རྩེ་རྒྱལ་ན༔ བཙན་གྱི་དགེ་བསྙེན་ཁྲོམ་པ་སྐྱེས༔ དམར་པོ་བེར་ནག་དར་མདུང་ཐོགས༔ བྱང་ཕྱོགས་རྒྱལ་ཆེན་དཔུང་སྟེང་དུ༔ མཐིང་སྔོན་གུར་གྱི་ཕོ་བྲང་ན༔ ཀླུ་ཡི་དགེ་བསྙེན་ཁྲོམ་པ་སྐྱེས༔ ལྗང་སྔོན་གོས་དཀར་དར་མདུང་ཐོགས༔ བཀའ་སྲུང་ཆེན་པོ་སྡེ་བཞི་པོ༔ ཡབ་ནི་ཀླུ་ཡི་རྒྱལ་པོ་ལགས༔ ཡུམ་ནི་བདུད་མོ་བཀྲག་གསལ་མ༔ སྐྱེས་པ་ཁྲོམ་གྱི་ཡུལ་དུ་སྐྱེས༔ བྱོན་པ་བོད་ཀྱི་ཡུལ་དུ་བྱོན༔ གནས་པ་རི་བོ་བཀྲ་བཟང་གི༔ ཕྱོགས་བཞིའི་རི་ལ་གནས་བཅས་ནས༔ ཆིབས་སུ་གྱི་ལིང་རྟ་བཞི་བཅིབས༔ ཞི་བའི་ལས་ལ་ཆས་ཙམ་ན༔ སྨུག་པོ་ཟེ་དཀར་ཆིབས་སུ་བཅིབས༔ སྡེ་བརྒྱད་བདུད་དང་སྡོང་ཙམ་ན༔ བྲ་ནག་རྟིང་དཀར་ཆིབས་སུ་བཅིབས༔ བཙན་གྱི་དམག་དཔོན་མཛད་ཙམ་ན༔ དམར་པོ་ཟངས་མདོག་ཆིབས་སུ་བཅིབས༔ ཀླུ་ཡི་ཡུལ་དུ་གཤེགས་ཙམ་ན༔ སེར་པོ་རྔོག་སྔོན་ཆིབས་སུ་བཅིབས༔ གནས་འདིར་བྱང་ཆུབ་སྒྲུབ་པ་ལ༔ བར་ཆད་བྱུང་ན་ཁྱོད་ཀྱིས་ཐུལ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད༔ རི་བོ་དེ་ཡི་མཚམས་བཞི་ན༔ དགེ་བསྙེན་ཆེན་པོ་སྡེ་བཞི་གནས༔ ཤར་ལྷོ་གངས་རི་དཀར་པོ་ལ༔ ཀླུ་སྲས་བུ་ལེ་དཀར་པོ་གནས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཤར་ལྷོ་ཆོས་ཀྱི་བསྟན་པ་སྲུངས༔ ལྷོ་ནུབ་གངས་རི་དཀར་པོ་ལ༔ གནོད་སྦྱིན་རྒྱལ་ཐོད་དཀར་པོ་གནས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ལྷོ་ནུབ་ཆོས་ཀྱི་སྒྲོན་མེ་སྦོར༔ ནུབ་བྱང་བྲག་རི་དཀར་པོ་ལ༔ ལྷ་བྲག་ཀླུ་བཙན་སྤུན་གསུམ་གནས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ནུབ་བྱང་ཆོས་ཀྱི་ཕོ་ཉ་གྱིས༔ བྱང་ཤར་བྲག་རོང་ནག་པོ་ན༔ བདུད་མོ་རྣོ་མྱུར་ནག་མོ་གནས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བྱང་ཤར་བགེགས་ཀྱི་ཟམ་སྒོ་ཆོད༔ སངས་རྒྱས་བསྟན་པ་རྒྱས་པར་མཛོད༔ བདག་གི་འཁོར་དང་ལོངས་སྤྱོད་སྤེལ༔ མི་མཐུན་དགྲ་བགེགས་བར་ཆད་ཟློགས༔ ཞེས་གཏོར་མ་གཏང་ངོ༔ མཎྜལ་བསྡུ་ཞིང་ཐིག་ལེ་བསྒོམ༔ རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ནས༔ མཁའ་འགྲོ་མའི་ལྷག་གཏོར༔ སློབ་དཔོན་དགའ་རབ་རྡོ་རྗེས་བཏུས༔ ཁྲོས་མ་ནག་མོའི་རྒྱུད་ནས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀའ་སྲུང་གི་ལྷག་གཏོར་བཏུས༔ འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཏེར་བདག་གི་མཆོད་པ་བཏུས་ཏེ་མཛད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་རི་བཀྲ་བཟང་རྒྱུད་ནས་ཞིང་སྐྱོང་ཡུལ་ལྷ་མཆོད་པ་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་དབུས་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། །སརྦ་མངྒ་ལཾ།། །།

ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་རིག་པའི་སྙིང་པོ་ (Volume 6, Text 19)

༄༅། །ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་རིག་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ་། ། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཆོས་ཉིད་མི་འགྱུར་གདོད་མའི་མགོན། ཁྱབ་བདག་ཡེ་ཤེས་རོལ་པའི་སྐུ། །གུ་རུ་རྡོ་རྗེ་འཆང་ཆེན་ལ། །བཏུད་ནས་སྨིན་བྱེད་ལས་ཁྲིགས་དབྱེ། །ཀུན་བཟང་བླ་མ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་འཛིན་པའི་ལས་ཀྱི་རིམ་པ་ལ་དོན་གསུམ། སྔོན་འགྲོ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཇུག་ཆོག་གི་རིམ་པའོ། །དང་པོ་ནི། གནས་དབེན་ཞིང་བྱིན་རླབས་དང་ལྡན་པར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་བཟང་པོས་བཀབ་པའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། མ་འཛོམ་ན་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་རིམ་བཞིན་ལྔ། བརྒྱད། བཞི་རྣམས་བཀོད་པའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཆིངས་སྔོན་ཅན་ཁ་རྒྱན་དང་བཅས་པ། དེ་སྟེང་འཕྲུལ་སྟེགས་ལ་བླ་མ་རྡོ་རྗེ་འཆང་གི་སྐུ་འབག །མདུན་དུ་ལྷ་ཙཀ །རྒྱབ་མདུན་གང་བདེར་བླ་གཏོར་རིན་ཆེན་ཟུར་བརྒྱད། གཡས་གཡོན་རྣམས་སུ་གསང་དབང་ཐོད་ཆང་། རིག་ཙཀ །དབང་ཕྲེང་། མེ་ལོང་རྡོ་རྗེ། ཚེ་འབྲང་། ཚེ་རིལ་ཆང་། མདའ་དར། རྫས་རྟགས་དང་རྒྱལ་སྲིད་སྣ་བདུན་གྱི་ཙཀ་ལི་རྣམས་བཀོད། མཐའ་སྐོར་དུ་ཕྱི་མཆོད་དང་སྨན་རཀ་གཏོར་གསུམ་སྤྱི་ལྟར་བཤམ། ཕྲིན་ལས་ལ་དགོས་པའི་རྒྱལ་ཆེན་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང་ཉེར་མཁོའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་རྒྱལ་ཆེན་གཏོར་འབུལ་ཟུར་གསལ་སྔོན་དུ་འགྲོ་བས་གཏེར་གཞུང་ལེའུ་གཉིས་པ་སྔོན་འགྲོའི་ལས་རིམ་གྱི་ནང་མཚམས་བཅད་པ་ནས་བཟུང་དངོས་གཞིའི་བསྟོད་པའི་བར་དུ་བཏང་། མཆོད་པའི་སྐབས་སྤྲོ་ན་མཆོད་ཕྲེང་རྒྱས་པ་སྦྱར། དེ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་ཏིང་འཛིན་གསལ་བས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་གྲངས་གོ་རིམ་མཐུན་པར་ཅི་འགྲུབ་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་བུམ་བཟླས་བརྒྱ་རྩ་ལས་མི་ཉུང་བ་བྱས་ལ། མཐར་སྟོང་ཚིགས་མཆོད་བསྟོད་འབུལ། ཕྲིན་ལས་ལྟར་ཐུགས་དམ་བསྐུལ། རྣམ་བུམ་དུ་མཆོད་ཡོན་བླུགས་ཤིང་ལྷ་འོད་ཞུ་བྱ། ལས་བུམ་རྟ་མགྲིན་དང་འཁྱིལ་པ་གང་རུང་བསྒྲུབ། ཆོས་གཏེར་སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བརྩམ་བསྒྲལ་བསྟབ་བར་གྲུབ་པ་དང་གཞུང་གི་དངོས་བསྟན་ཡིན་པས་བདག་འཇུག་བླང་། ཅིས་ཀྱང་མི་ལྕོགས་ན་ཏིང་འཛིན་གྱི་དབང་ངམ་རིག་པའི་མེ་ཏོག་དོར། གང་ལའང་མཐར་སློབ་མ་གཞུག་པའི་གནང་བ་ཞུའོ། །དེ་ནས་དབང་དངོས་ལ། སློབ་མ་རྣམས་ལས་ཆུས་ཁྲུས་ནས་དབྱུང་། བགེགས་གཏོར་བྱིན་རླབས་དང་། འགུགས་བསྔོ་སྤྱི་ལྟར་བྱས་ལ་བདེན་སྟོབས་བརྗོད་པ་དང་། ཕྲིན་ལས་ལྟར་ནང་མཚམས་ཀྱིས་བསྐྲད་ཅིང་གསང་མཚམས་ཀྱིས་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་བྱས་ལ་ཆོས་བཤད་ཀྱི་ཁྱད་པར། དེའང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དུས་གསུམ་དུ་སངས་རྒྱས་ལས་ཀྱང་འབྱོན་པར་དཀའ་བ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་བྱང་ཆུབ་ཆེན་པོའི་ཉེ་ལམ་ཐུན་མོང་མ་ཡིན་པར་གྱུར་པའི་ཟབ་ཁྱད་ནི་རྒྱུ་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཟབ་མོ་བླ་མའི་ལམ་གྱི་རིམ་པ་བསྟེན་པ་ཁོ་ནས་མཆོག་ཏུ་གྲུབ་པའི་ཕྱིར། སྔགས་ཀྱི་རྒྱུད་ལུང་མན་ངག་མཐའ་དག་ནས་ལམ་ཟབ་བླ་མའི་རྣལ་འབྱོར་ཉིད་ཆེ་ཐང་དུ་བསྔགས་པས་དེའི་ཉམས་ལེན་སྤྱི་ཙམ་རྡོ་རྗེ་ཐེག་པའི་གྲུབ་མཐར་ཞུགས་པ་ཀུན་ལ་གྲགས་མོད། དེ་དག་ཐམས་ཅད་ལས་ཁྱད་པར་དུ་མས་འཕགས་པའི་ལམ་ཟབ་ཐུན་མོང་མ་ཡིན་པ་འདི་ནི། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གདོད་མའི་མགོན་པོ་ཉིད་ཆོས་སྐུའི་དུས་ན་པདྨ་ཀུན་ཏུ་འཆང་། ལོངས་སྐུའི་ཞིང་དུ་ཐོད་ཕྲེང་རིགས་ལྔ། མི་མཇེད་འཇིག་རྟེན་གྱི་ཁམས་སུ་འགྲོ་འདུལ་སྤྲུལ་སྐུ་གུ་རུ་མཚན་བརྒྱད་ལ་སོགས་པར་སྤྲུལ་ནས་ཕྱོགས་དུས་རྒྱལ་བ་ཐམས་ཅད་དང་རྣམ་དབྱེ་མེད་པར་འཁོར་བ་དོང་ནས་སྤྲུགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་ལ་མངའ་མཛད་པ་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ཉིད། ཆོས་སྐྱོང་བའི་རྒྱལ་པོ་འཇམ་མགོན་ཁྲི་ལྡེས་གངས་ཅན་གྱི་སྒྲོན་མེར་སྤྱན་དྲངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བའི་སྐབས་སུ། ལས་ཅན་དག་པའི་འཁོར་རྣམས་ལ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་རྒྱས་བསྡུས་ཡང་ཟབ་སྙིང་པོའི་སྐོར་བྱེ་བ་བསམ་ཡས་གྲངས་མེད་པ་ཞིག་བསྩལ་ཏེ་ཕལ་ཆེར་མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་བཙས་པ་ལས། དེ་དག་ཐམས་ཅད་ཀྱི་ཟབ་བཅུད་སྙིང་པོར་དྲིལ་བ་ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་སྐུ་གསུམ་འོད་ཀྱི་སྙིང་པོ་ཞེས་བྱ་བ་བླ་མ་ཀུན་བཟང་ཆོས་སྐུ་རྡོ་རྗེ་འཆང་ལྟར་དུ་སྒྲུབ་པའི་ཐབས་འདི་ཉིད། གུ་རུ་རིན་པོ་ཆེ་རྔ་ཡབ་སྲིན་པོ་འདུལ་བར་འབྱོན་དུ་ཉེ་བ་ན་ལྷ་སྲས་མཆོག་གྲུབ་རྒྱལ་པོ། གནུབས་ཆེན་སངས་རྒྱས་ཡེ་ཤེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམས་ལ་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་བསྩལ་པ་སོ་སོས་ཐུགས་ཉམས་སུ་བཞེས། མཐར་ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ་བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་པར་གཏེར་རྒྱས་བཏབ་པ་གནུབས་ཆེན་རྣམ་འཕྲུལ་དྲི་མེད་ཀུན་དགས་སྤྱན་དྲངས་ཏེ་རང་ཉམས་སུ་བླངས། སླར་བླ་རྫོགས་ཐུགས་གསུམ་སྙིང་པོའི་སྐོར་རྣམས་བྲག་དམར་མགྲིན་པ་བཟང་པོར་ཡང་གཏེར་དུ་སྦས་པ་དེང་སང་དུས་ཀྱི་རྟགས་མངོན་དུ་གྱུར་པ་ན། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་བྱོན་པར་མཛད་པའི་བཅུ་གསུམ་པར་བསམ་བཞིན་སྲིད་པའི་ཚུལ་བཟུང་བ། བཀའ་བབས་བདུན་གྱི་མངའ་བདག་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་གང་ཉིད་བྲག་དམར་མགྲིན་བཟང་དུ་ཕེབ་པའི་ཚེ་ཡེ་ཤེས་མཁའ་འགྲོས་ཤོག་སེར་གཏེར་སྒྲོམ་དངོས་སུ་ཕུལ་བ་ཉིད་བགྲང་བྱ་སུམ་ཅུ་ལས་བརྒལ་བར་གསང་བའི་རྒྱས་བཏབ། སླར་གནས་དུས་ཀྱི་རྟེན་འབྲེལ་དང་བླ་མ་མཁའ་འགྲོས་ལུང་བསྟན་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རོལ་པས་གཏན་ལ་ཕབ་སྟེ་ཐོག་མ་ཉིད་དུ་ཁོ་བོ་ལ་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་བསྩལ་ཏེ་རྗེས་སུ་བཟུང་བ། དེ་ལྟ་བུའི་ངོ་མཚར་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་འཕགས་པའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། མཚམས་སྦྱོར་དང་སྔགས་སྤྱི་འགྲེས་མིག་དར་མེ་ཏོག་སྦྱིན། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ ཁྱབ་བདག་བླ་མ་དགོངས་སུ་གསོལ༔ བདག་ཅག་སྨིན་ཅིང་གྲོལ་བྱའི་ཕྱིར༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་བླ་མ་ཀུན་བཟང་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྤྲིན་འཕྲོ་བའི་སྤྱན་སྔར། བདག་གཞན་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་མཐའ་དག་དེང་ནས་བླ་མ་ཆོས་སྐུའི་གོ་འཕང་མ་ཐོབ་ཀྱི་བར་སྙིང་ནས་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་དྲིན་ཅན་གྱི་འགྲོ་བ་ཐམས་ཅད་གཅིག་ཀྱང་མ་ལུས་པ་བླ་མ་སྐུ་གསུམ་གྱི་གོ་འཕང་མཆོག་ཏུ་བདག་ཁོ་ནས་འགོད་པར་བྱ། དེའི་ཕྱིར་དུ་ལམ་ཟབ་བླ་མའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་ནོད་པ་ལ་གྲོལ་བྱེད་རིམ་པ་གཉིས་ཉམས་སུ་བླངས་ཏེ་ལམ་གྱུར་རིག་འཛིན་རྣམ་བཞི་མཐར་ཕྱིན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མ་གྱུར་འགྲོ་བ་ཐམས་ཅད་ཀུན༔སོགས་ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་ཡོངས་སུ་རྫོགས་པ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་རྣམས་དོན་རེ་རེ་བཞིན་གསལ་ཐོབ་ལ་ཚིག་འདི་དག་གི་རྗེས་ཟློས། ཧོ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔སོགས་ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་གནས་པའི་གཞི་རྟེན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་གི་རིགས་སུ་གནས་པ་མཐའ་དག་ཚུལ་བཞིན་དུ་བླངས་ནས་ལེགས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ སོ་སོ་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ སྔགས་ཀྱི་འདའ་དཀའི་དམ་ཚིག་རྣམས༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ་གྱིས་སྡོམ་པ་བཟུང་དུ་གཞུག །དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་ཆུ་དང་སྔགས་ཀྱིས་བསང་སྦྱང་། ཕྱི་ནང་གི་མཚན་འཛིན་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་སྦྱངས༔ དེའི་ངང་ལས་སྣོད་རྣམ་པར་དག་པ་ཆོས་དབྱིངས་སྟུག་པོ་བཀོད་པའི་ཞིང་དང་རྒྱན་བཀོད་པ་ཚད་མེད་པའི་དབུས་སུ། རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་གསལ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་པས་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་བཞིན་བླ་མ་ཀུན་བཟང་ཆོས་སྐུ་རྡོ་རྗེ་འཆང་ནམ་མཁའི་མདངས་ཅན་ཁྲོ་ཞིང་འཛུམ་ལ་བརྗིད་པའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། དར་དང་རིན་པོ་ཆེ་རུས་པའི་ཕྱག་རྒྱས་སྤྲས་ཤིང་ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་འོད་ལྔ་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་འོད་འབར་བས་མཚན་པར་གསལ་ཐོབ་ཅིག །དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་བྱིན་རླབས་དབབ་པའི་སླད་དུ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་པས་དེ་དག་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བཞེངས་ཏེ་ནམ་མཁའ་ལས་ཆར་ཆེན་པོ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཕེབ་པར་གྱུར་པའི་མོས་པ་མཛོད་ཅིག །སྤོས་དུད་རོལ་མོ་དབྱངས་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུད་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་མེ་ཏོག་དང་རྡོ་རྗེ་མགོར་བཞག སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། རཏྣ་པུཥྤེ་པཱུ་ཛ་པྲ་ཏཱིཙྪ་ཧོཿ དེ་ཉིད་སླར་སྤྱི་བོར་བཞག་ལ། མེ་ཏོག་ཕོག་པའི་ལྷག་པའི་ལྷ་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །པུཥྤེ་ཛྙཱ་ན་གྲྀཧྞ་ས་མ་ཡ་སཏྭཾཿ མ་རིག་པས་ལྡོངས་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པས་ལྷག་པ་གཟུགས་བརྙན་གྱིས་མཚོན་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་ནི། འབྱུང་བ་རིམ་བརྩེགས་རི་རབ་པདྨ་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྲུང་བའི་འཁོར་ལོའི་ནང་དུ་ཐར་པ་ཆེན་པོའི་གཞལ་མེད་ཁང་བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ། བླ་མ་ཀུན་བཟང་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་ལ་འཁྱུད་པ། ཞི་འཛུམ་བརྗིད་པའི་ཉམས་ཅན་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་འོད་ལྔ་འཕྲོ་བའི་ཀློང་ན་བཞུགས་པའི་མདུན་དང་ཕྱོགས་བཞིའི་པད་འདབ་ལ་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ། ཐུགས་ཀར་ཚེ་བདག་རིགས་ལྔ་ཡུམ་དང་བཅས་པ། དེ་རྒྱབ་རིན་པོ་ཆེ་ཟུར་བརྒྱད་པ་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་ཀར་མཆོག་གི་རིག་འཛིན་བརྒྱད་དང་བཅས་པ། སྒོ་བཞིར་ལས་བཞིའི་དཔའ་བོ་མཁའ་འགྲོ །གཞན་ཡང་ལྷ་དང་རིག་འཛིན་དམ་ཅན་རྒྱ་མཚོའི་ཚོགས་གྲངས་མེད་པས་བསྐོར་ནས་བཞུགས་པ་སྟེ། བླ་མ་ཆོས་སྐུ་གཙོ་བོར་གྱུར་པའི་དཀྱིལ་འཁོར་པ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བ་སྐུར་བཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། དང་པོ་བུམ་པའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །སྐྱེ་མཆེད་དག་པ་སེམས་དཔའ་སེམས་མའི་གདན། །ལས་དབང་དག་པ་ཁྲོ་བོ་ཁྲོ་མོའི་གདན། །གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད་ཅིང་གླུ་གར་རོལ་མོའི་སྒྲ་སྒྲོག །ཁྲོ་བོ་ཁྲོ་མོས་བར་གཅོད་ཀྱི་བགེགས་བསྐྲད། ཡུམ་ལྔས་བདུད་རྩིའི་བུམ་པའི་ཆུ་རྒྱུན་སྤྱི་བོ་ནས་བླུགས་ཤིང་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བཀྲ་ཤིས་བུམ་པ་བཟང་པོ་ཆེ་བའི་མཆོག༔ ཡོན་ཏན་དཔག་ཏུ་མེད་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་བཅུད་ལྡན་བདུད་རྩིའི་དབང་བསྐུར་བས༔ སྣང་ཞེན་ལྷ་ཡི་ཕྱག་རྒྱར་རྫོགས་པར་ཤོག༔ སྔགས་མཐར། ཀ་ལཱ་ཤ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཅིང་ནམ་མཁའི་དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་སོགས་རྗོད་ལ་མེ་ཏོག་འཐོར། དེའི་རྗེས་འབྲེལ་དུ་བསྐྱེད་རྫོགས་ཚུལ་བཞིན་དུ་སྒྲུབ་པའི་རྣལ་འབྱོར་པ་ལ་ཡེ་ཤེས་ཆེན་པོའི་ནུས་བྱིན་བསྐྱེད་པའི་སླད་དུ་ཁྱད་པར་གྱི་དབང་གསུམ་བསྐུར་བའི་ཐོག་མར་ཕྱག་རྒྱ་སྐུའི་དབང་སྦྱིན་པ་ཡིན་པས་དམིགས་འདུན་འདི་ལྟར་དུ་མཛོད། ཁྱོད་རང་རྣམས་བླ་མ་ཀུན་བཟང་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ་བའི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་ཐུགས་ཀར་ཚེ་ལྷ་རིགས་ལྔ་ཡུམ་དང་བཅས་པ། ཕྱི་ནང་གི་དབང་པོའི་སྒོ་རྣམས་སུ་གུ་རུ་མཚན་བརྒྱད་ཐུགས་ཀར་མཆོག་གི་རིག་འཛིན་བརྒྱད་དང་བཅས་པ། ཡན་ལག་བཞི་ལ་རིགས་བཞིའི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་ལ་མ་འདྲེས་ཡོངས་སུ་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་ཐོབ། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས། ལུས་དང་གནས་སོ་སོའི་ལྷ་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །ལྷ་ཙཀ་རྣམས་སྤྱི་བོ་ལ་སོགས་པའི་གནས་སོ་སོར་བཞག་ལ། ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་མཁའ་ཁྱབ་སྟོང་པའི་གཟུགས༔ རིགས་ཀུན་ཁྱབ་བདག་པདྨ་ཀུན་ཏུ་འཆང༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ འོད་གསལ་ཕྱག་རྒྱའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་གུ་རུ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཏི་མུག་རྣམ་དག་བུདྡྷ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་བུདྡྷ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་བུདྡྷ་གུ་རུ་ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཞེ་སྡང་རྣམ་དག་བཛྲ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་བཛྲ་གུ་རུ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རྣམ་དག་རཏྣ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་རིན་ཆེན་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་རཏྣ་གུ་རུ་ཏྲཱཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རྣམ་དག་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་པདྨ་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་པདྨ་གུ་རུ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རྣམ་དག་ཀརྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་སེམས་དཔའ་ལས་ཀྱི་ཚེ་ཡི་ལྷ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་ཀརྨ་གུ་རུ་ཨཱཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གང་འདུལ་སྤྲུལ་པའི་གུ་རུ་མཚན་བརྒྱད་དང༔ རིག་འཛིན་རྩལ་འཆང་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་རང་གྲོལ་ཡེ་ཤེས་ཆེན་པོར་སྨིན༔ མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞི་སྐྱོང་མཛད་ཕོ་ཉའི་ཚུལ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་དབང་བསྐུར་བས༔ ཚད་མེད་བཞི་ལྡན་ལས་བཞི་མཐར་ཕྱིན་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ར་ཙ་ཧྲི་ཡ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཐ་མལ་གཟུང་འཛིན་དུ་སྣང་བའི་འདུ་ཤེས་རྟུལ་ལ་སྣང་སྟོང་བསྐྱེད་པའི་རིམ་པ་ལ་རྟག་ཏུ་ཞུགས་ཏེ་བརྟན་གཡོའི་དངོས་པོ་ཀུན་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབ་པར་གྱིས་ཤིག །གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་བླ་མ་རྡོ་རྗེ་འཆང་ཆེན་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་མཐིང་ག་མཉམ་གཞག་ཡུམ་དང་འཁྲིལ་བ། དེའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་མཐིང་ག་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པར་གསལ་གདབ། སློབ་དཔོན་ཡང་དེ་ལྟར་གསལ་བ་ལ་མོས་གུས་བྱས་པས་ཐུགས་སྲོག་ཧཱུྃ་མཐར་འཁོད་པའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པ་ལས་བཟླས་པའི་རྐྱེན་གྱིས་འོད་ཟེར་ནམ་མཁའ་གང་བ་འཕྲོས། སྐུ་གསུམ་བླ་མའི་དཀྱིལ་འཁོར་པའི་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ཏེ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་བསམས་ལ་ཁྱབ་གདལ་གཉུག་མ་འོད་གསལ་གྱི་ངང་ནས་བསྙེན་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། སླར་ཡང་གནས་ལྔར་བཞུགས་པའི་ཐོད་ཕྲེང་སྡེ་ལྔའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཚེ་བདག་རིགས་ལྔའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས་སུ་ས་བོན་འབྲུ་ལྔས་མཚན་པ། སློབ་དཔོན་ཡང་དེ་ལྟར་གསལ་བ་ལ་མོས་གུས་བྱས་པས་གནས་ལྔའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་གནས་ལྔའི་ལྷ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་རིགས་ལྔའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་རིགས་དྲུག་གི་ལས་སྒྲིབ་སྦྱངས། དྲེགས་པ་ཅན་རྣམས་དབང་དུ་བསྡུས། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་བྱས། འོད་ཟེར་ཚུར་འདུས་ཏེ་ཐིམ་པས་བདེ་བ་ཆེན་པོའི་རིག་རྩལ་རྒྱས། ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཚེ་སྲོག་འགྲུབ་པར་མོས་པས་སྒྲུབ་པའི་སྔགས་འདིའི་རྗེས་ཟློས། སྒྲུབ་སྔགས་གོང་མ་ལན་གསུམ། སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་མཐར་འཁོད་པ་ལས་འོད་ཟེར་འཕྲོས། གནས་རྣམས་སུ་བཞུགས་པའི་གུ་རུ་མཚན་མཆོག་བརྒྱད་ཀྱི་ཐུགས་དམ་བསྐུལ། དེ་དག་ལས་ལྷ་སྔགས་ཕྱག་མཚན་དཔག་ཏུ་མེད་པ་འཕྲོས། ཅི་འདོད་པའི་དངོས་གྲུབ་རབ་འབྱམས་དབང་དུ་གྱུར་པར་མོས་ལ་འདིའི་རྗེས་ཟློས། སྒྲུབ་སྔགས་འོག་མ་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱི་ཐུགས་སྲོག་དང་ལུས་གནས་ཀྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ཡན་ལག་བཞིའི་དཔའ་བོ་མཁའ་འགྲོ་བསྐུལ་བས་དེ་དག་ལས་ཕོ་ཉ་འབུམ་ཕྲག་ཡངས་པའི་ཚོགས་སྤྲོས་ཏེ་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ལས་སྔགས་ལན་གསུམ་བཟླར་གཞུག །སྔགས་ཕྲེང་སྦྱིན་ལ། ཨཱ༔ བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་ཤར༔ གྲགས་སྟོང་དབྱེར་མེད་ཡེ་ཤེས་དབང་བསྐུར་བས༔ འོད་ཟེར་སྤྲོ་བསྡུས་བསྙེན་སྒྲུབ་ལས་སྦྱོར་གྱི༔ ནུས་རྩལ་སྟོབས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་ཐ་མལ་གྱི་སྒྲ་སྐད་རང་མཚན་པའི་འདུ་ཤེས་རྟུལ་ལ་གྲགས་སྟོང་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་ཞུགས་ཏེ་སྒྲ་སྐད་ཀུན་ལ་སྙིང་པོ་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག༔ མེ་ལོང་རྡོ་རྗེ་བསྟན་ལ། མེ་ལོང་གི་ནང་དུ་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་ཤར་བ་ཙམ་ནས་རང་བཞིན་དུ་གྲུབ་པ་མེད་པ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་རིག་སྟོང་གཉུག་མ་ཁྱབ་གདལ་ཆེན་པོའི་རང་བཞིན་དུ་ཤེས་པར་གྱིས་ཤིག ཧཱུྃ༔ འདི་ལྟར་སྣང་བའི་ལྷ་སྔགས་སྤྲོས་པ་ཀུན༔ མེ་ལོང་གཟུགས་ལྟར་གསལ་ལ་འཛིན་པ་མེད༔ རིག་སྟོང་ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་དགོངས་པ་མངོན་འགྱུར་ཤོག༔ ཙིཏྟ་མ་ཧཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཐ་མལ་དྲན་རྟོག་རང་ག་མའི་འཛིན་པ་རྟུལ་ལ་རིག་སྟོང་གཉུག་མའི་དགོངས་པ་ལ་སྙོམས་པར་ཞུགས་ཏེ་རྟོག་ཚོགས་ཀུན་ལ་འཕྲོ་འདུ་ཏིང་ངེ་འཛིན་དང་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག དེས་ནི་བླ་མ་སྤྲུལ་སྐུ་ལ༔ བསྟེན་ནས་བུམ་པའི་དབང་ཐོབ་པས༔ ལུས་ཀྱི་སྒྲིབ་དག་བསྐྱེད་པའི་རིམ༔ བསྒོམ་པར་དབང་ཞིང་སྐུ་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ གཉིས་པ་གསང་བའི་དབང་གི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་རྡོ་རྗེ་འཆང་གནས་ལྔར་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་བསྐུལ། དེ་དག་ཀྱང་ཆགས་པ་ཆེན་པོས་སྙོམས་པར་ཞུགས་ཏེ་ཞུ་བ་སློབ་དཔོན་གྱི་ཐུགས་ཀ་ནས་གསང་བར་བབས། དཀར་དམར་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་པ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་སྦྱར་ཏེ་ཁྱེད་རང་རྣམས་ལ་བྱིན་པས་མྱོང་བ་ཙམ་གྱིས་རྩ་གནས་ཐམས་ཅད་དུ་ཁྱབ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག ཐོད་པའི་བདུད་རྩི་བྱིན་ལ། ཨཱ༔ བླ་མ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ བཀྲ་ཤིས་རང་བྱུང་བྷནྡྷའི་སྣོད་དུ་བསྐྱིལ༔ རྩ་ཁམས་རླུང་ལ་བསྟིམ་ཞིང་དབང་བསྐུར་བས༔ སྲོག་རྩོལ་རྡོ་རྗེའི་སྔགས་སུ་དག་པར་ཤོག༔ གུ་ཧྱ་ཙིཏྟ་བོ་དྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ནི་བླ་མ་ལོངས་སྐུ་ལ༔ བསྟེན་ནས་གསང་བའི་དབང་ཐོབ་པས༔ ངག་གི་སྒྲིབ་དག་རྩ་རླུང་ལམ༔ བསྒོམ་པར་དབང་ཞིང་གསུང་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ༔ རིགས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཤིང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་བའི་ཕོ་ཉ་མོ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ སློབ་མ་ཀུན་བཟང་པདྨ་རྡོ་རྗེ་འཆང༔ རིགས་ཀྱི་ལྷ་མོ་བདེ་སྟེར་པདྨའི་ཡུམ༔ གཉིས་མེད་བརྟུལ་ཞུགས་སྤྱོད་པའི་དབང་བསྐུར་བས༔ ཐིག་ལེ་དགའ་བཞིའི་ལྷན་སྐྱེས་མངོན་གྱུར་ཤོག༔ ཛྙཱ་ན་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་རིག་མ་དང་འདུ་ཤེས་གསུམ་དང་ལྡན་པའི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་ལུགས་འབྱུང་དང་ལུགས་ལྡོག་གི་མཐར་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་རང་ངོར་ལྟོས་ལ་མཉམ་པར་ཞོག་ཅིག །དེས་ནི་བླ་མ་ཆོས་སྐུ་ལ༔ བསྟེན་ནས་གསུམ་པའི་དབང་ཐོབ་པས༔ ཡིད་ཀྱི་སྒྲིབ་དག་ཕོ་ཉའི་ལམ༔ བསྒོམ་པར་དབང་ཞིང་ཐུགས་རྡོ་རྗེའི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ དབང་བཞི་པའི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། སྐུ་འབག་འདི་ཉིད་སྐུ་གསུམ་རིགས་འདུས་བླ་མ་ཀུན་བཟང་རྡོ་རྗེ་འཆང་ཡེ་ཤེས་ཀྱི་རང་འོད་འཕྲོ་ཞིང་བྱིན་རླབས་ཀྱི་གཟི་བརྗིད་འབར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་མངོན་སུམ་དུ་བྱོན་ཏེ་དམིགས་པ་མེད་པའི་ཐུགས་རྗེས་རྗེས་སུ་དགོངས་པར་མོས་ལ་དད་གུས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག །སྐུ་འབག་སྤྱི་བོར་བཀོད་ལ། ཧྲཱི༔ སྐུ་གསུམ་རིགས་འདུས་བླ་མ་རྡོ་རྗེ་འཆང༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ གུས་པས་གསོལ་བཏབ་ཐུགས་ཡིད་དབྱེར་མེད་འདྲེས༔ ཡེ་ཤེས་རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ བླ་མ་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་མོས་ལ་གནས་ལུགས་བཟོ་མེད་རིག་སྟོང་གཉུག་མ་འོད་གསལ་རྒྱ་ཡན་གྱི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དར་ཅིག་བཞག །དེས་ནི་སྐུ་གསུམ་དབྱེར་མེད་ལ༔ བསྟེན་ནས་རིག་རྩལ་དབང་མཆོག་ཐོབ༔ སྒོ་གསུམ་སྒྲིབ་དག་རྫོགས་པ་ཆེ༔ བསྒོམ་པར་དབང་ཞིང་འོད་གསལ་གྱི༔ ཡེ་ཤེས་རྒྱུད་ལ་སྐྱེས་པ་འོ༔ ཞེས་རྟོག་པ་བསྐྱེད། གཏོར་ཆེན་ཐོགས་ལ། གཏོར་སྣོད་རིན་ཆེན་འབར་བའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་བླ་མ་སྐུ་གསུམ་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པས་དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ། དབང་དོན་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་ནུས་པ་རབ་ཏུ་བརྟན་པར་བྱས་པར་མོས་ཤིག །ཧཱུྃ་ཧྲཱི༔ གཏོར་མ་རིན་ཆེན་འབར་བའི་གཞལ་ཡས་སུ༔ དཀྱིལ་འཁོར་གཙོ་བོ་པདྨ་རྡོ་རྗེ་འཆང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ འགྲོ་འདུལ་སྤྲུལ་པའི་རིག་འཛིན་མཚན་མཆོག་བརྒྱད༔ ཕྲིན་ལས་ལྷུན་གྲུབ་དཔའ་བོ་མཁའ་འགྲོ་སོགས༔ རྩ་གསུམ་ལྷ་ཚོགས་མ་འདྲེས་འཇའ་ལྟར་ཤར༔ དགྱེས་པའི་གར་མཛད་རྡོ་རྗེའི་སྔགས་སྒྲ་སྒྲོག༔ ཡེ་ཤེས་འོད་ཟེར་འཕྲོ་འདུའི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་ཞུགས༔ སྒྲིབ་བཞི་དག་ཅིང་དབང་བཞིའི་རྟོགས་པ་འཕེལ༔ མཐོང་ཐོས་དྲན་རེག་གདུལ་བྱ་སྨིན་ཅིང་གྲོལ༔ རབ་འབྱམས་བཀའ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་གནས་རྣམས་སུ་གཏུག །གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། གཏོར་རྫས་ཉིད་བདུད་རྩིའི་དྭངས་མ་དངོས་གྲུབ་ཀྱི་དབྱིག་དུ་འཁྱིལ་བ་ཁྱེད་རང་རྣམས་ལ་བྱིན་པས་ཐུན་མོང་དང་མཆོག་གི་གྲུབ་པ་བདེ་བླག་ཏུ་བརྙེས་པར་མོས་ཤིག་བྱས་ལ་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན་ལ་ཤིས་བརྗོད་ཤོ་ལོ་ཀ་གཅིག་ཙམ་བྱ། དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་བཀྲ་ཤིས་ཚེའི་དབང་བསྐུར་བའི་ཐོག་མར་ཚེ་བཅུད་སྡུད་པའི་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་རྣམས་ལས་ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་བརྟན་གཡོ་མ་ལུས་པའི་དགེ་མཚན་དྭངས་མའི་བཅུད་ཐམས་ཅད་འཇའ་འོད་ཟེར་ཐིག་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས། སྒྲུབ་རྫས་རྣམས་ལ་ཐིམ་པས་འཆི་མེད་རྟག་པ་དམ་པའི་བཅུད་ལེན་ཏུ་གྱུར། ཁྱེད་རང་རྣམས་ལ་ཐིམ་པས་བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་སོར་ཆུད། མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཐོབ་པར་མོས་ཤིག །མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ ཆོས་སྐུའི་བདག་ཉིད་མགོན་པོ་ཀུན་ཏུ་འཆང༔ ཐོད་ཕྲེང་རིགས་ལྔ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚུལ་དང་བཅས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ སྣོད་བཅུད་འཁོར་འདས་ཚེ་ཡི་དྭངས་མ་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་དབྱེར་མེད་སྟིམས༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་འདི་ཉིད་སྐུ་གསུམ་བླ་མའི་ལྷ་ཚོགས་སུ་གསལ་བ་སྤྱི་བོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ་བས་སྐུའི་གནས་རྣམས་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བར་མ་ཆད་པར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ཚེའི་བར་ཆད་ཐམས་ཅད་བ་སྤུའི་བུག་སྒོ་ནས་ནག་ཉིལ་གྱིས་ཕྱིར་བསལ། ལུས་ཀྱི་ནང་བདུད་རྩིའི་དྭངས་མས་དཀར་ལྟེམ་གྱིས་གང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་རྡོ་རྗེའི་ཚེ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ མཁའ་ཁྱབ་ཆོས་སྐུ་པདྨ་ཀུན་ཏུ་འཆང༔ ལོངས་སྐུ་ཚེ་བདག་རིགས་ལྔ་ཐོད་ཕྲེང་རྩལ༔ སྤྲུལ་པའི་རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས༔ འོད་གསལ་དབྱིངས་ལས་ཐུགས་རྗེས་བརྩེར་དགོངས་ལ༔ འཆི་མེད་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡི་ཚེ་དབང་སྩོལ༔ ངག་ལ་བདེན་ཚིག་གསུང་གི་ཚེ་དབང་སྩོལ༔ ཡིད་ལ་སྤྲོས་བྲལ་ཐུགས་ཀྱི་ཚེ་དབང་སྩོལ༔ ཡོན་ཏན་མི་ཟད་རྒྱན་གྱི་ཚེ་དབང་སྩོལ༔ ཕྲིན་ལས་འགྲོ་འདུལ་ནུས་པའི་ཚེ་དབང་སྩོལ༔ ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བརྗོད་ལ་སྤྱི་བོར་བཞག །ཐབས་ཀྱི་རིལ་བུ་དང་ཤེས་རབ་ཀྱི་བདུད་རྩིའི་དགའ་སྟོན་བྱིན་པས་བརྟན་གཡོའི་དྭངས་མའི་བཅུད་ཀྱིས་ལུས་ཀྱི་ནང་གང་། ནད་མེད་བདེ་བའི་ལང་ཚོ་རྒྱས། འཆི་མེད་རྡོ་རྗེའི་སྲོག་ཐོབ་པར་མོས་ཤིག །ཚེ་རིལ་གཡས་དང་ཚེ་ཆང་གཡོན་དུ་བྱིན་ལ། ཧཱུྃ་ཧྲཱི༔ ཐབས་ཀྱི་རང་བཞིན་འཆི་མེད་ཚེ་ཡི་རྫས༔ ཤེས་རབ་དྭངས་བཅུད་བདུད་རྩིའི་བཏུང་བའི་རྒྱུན༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ཚེ་དཔལ་ཡེ་ཤེས་དགའ་སྟོན་རྒྱས་པར་ཤོག༔ སྔགས་བརྗོད། ཚེ་བཅུད་སྙིང་པོ་ཐམས་ཅད་འུབ་ཀྱིས་འདུས་ཏེ་ཐུགས་སྲོག་མི་ཤིགས་པའི་ཐིག་ལེར་ཐིམ། ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་རང་བཞིན་དུ་གྱུར་པས་འགྱུར་མེད་དུ་བསྡམས། ནམ་ཡང་སྐྱེ་འཆི་གཞོམ་གཞིག་དང་བྲལ་བར་མོས་ལ་གདོད་ནས་འཆི་མེད་གཉུག་མ་རང་རིག་རྟག་པ་དམ་པའི་ངང་དུ་མཉམ་པར་འཇོག་པས་རྒྱས་འདེབས་པར་ཞུ། རྡོ་རྗེ་སྙིང་གར་བཞག་ལ། ཨཱ༔ འཁོར་འདས་ཚེ་བཅུད་ཐུགས་སྲོག་ཐིག་ལེར་ཐིམ༔ ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་དྲྭ་བར་བསྡམས༔ འཕོ་མེད་གཉུག་མ་དོན་གྱི་རྒྱས་བཏབ་པས༔ མི་འགྱུར་རྟག་པ་ཡེ་ཤེས་སྲོག་འགྲུབ་ཤོག༔ ཛྙཱ་ན་བིན་དྷུ་ཨཱ་ཡུ་ཥེ་བྷྲཱུྃ་ཨཱ༔ ཞེས་རྒྱས་གདབ། སྤྱི་འགྲོའི་ཚིགས་བཅད་དང་བཅས་ཏེ་བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་རྣམས་ཀྱང་སྦྱིན་ལ་ཤིས་བརྗོད་རྒྱས་པར་སྤེལ། དེས་སྨིན་བྱེད་དབང་གི་རིམ་པ་རྒྱས་པར་གྲུབ་ནས། གྲོལ་བྱེད་གདམས་ཁྲིད་འབོག་པ་ནི་རྩ་བ་རྡོ་རྗེའི་གསུང་འདི་ལ་སྙན་གཏོད་དེ་དོན་ཐུགས་ལ་ངེས་པར་མཛད་འཚལ། རང་བྱུང་རིག་པ་ཨོ་རྒྱན་པདྨ་བདག༔ ཅེས་པ་ནས། དོན་གྱི་མན་ངག་རིག་པ་རྗེན་པར་སྐྱོངས༔ ས་མ་ཡ༔ ཞེས་གདམས། གསུམ་པ་རྗེས་ཀྱི་རིམ་པ་ལ་དབང་རྗེས་ནི། དེ་རྣམས་ཀྱིས་བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་། གནུབས་ཆེན་དྲི་མེད་ཀུན་དགའི་ཡང་གཏེར། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨིན་གྲོལ་ཚང་སྤྲུགས་སུ་བགྱིས་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏོང་རག་ལུས་འབུལ་དགེ་བསྔོ་བཅས་བྱ། དཀྱིལ་འཁོར་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་ཉིད་ལས་གསང་བ་སྤྱིའི་འགྲོས་སྦྱར་ཏེ་གཏང་བས་མཐའ་རྒྱས་སུ་བྱའོ། །སྐུ་གསུམ་འོད་ཀྱི་སྙིང་པོ་ཡིས། །འཁྲུལ་པའི་མུན་ཁང་བཙན་ཐབས་བརྟོལ། །ཡེ་ཤེས་སྣང་བ་ཕྱམ་གདལ་བས། །རིག་འཛིན་གསེང་ལམ་མྱུར་བགྲོད་ཤོག །གཏེར་ཆེན་བླ་མ་རྡོ་རྗེ་འཆང་གི་ཕྱག་བཞེས་དང་གསུང་རྒྱུན་འཁྲུལ་པ་མེད་པ་ཉིད་ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་སྨིན་གྲོལ་ཐོག་མའི་སྣོད་ལྡན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཡི་གེར་བཏབ་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཀྱི་ཕྲིན་ལས་དབང་ཆེན་དགྱེས་པའི་གད་རྒྱངས་ (Volume 25, Text 19)

༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཀྱི་ཕྲིན་ལས་དབང་ཆེན་དགྱེས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ས་གསུམ་ཟིལ་གནོན་རྡོ་རྗེ་རྟ་ཡི་གླུས། །འཁོར་འདས་བདེ་བ་ཆེན་པོར་དབང་སྡུད་པ། །གསུང་མཆོག་པདྨའི་རིགས་ཀྱི་དཀྱིལ་འཁོར་མཆོག །ཡང་གསང་ཁྲོས་པའི་ལྷ་ལ་སྤྱི་བོས་བཏུད། །གང་དེ་སྒྲུབ་པའི་ཡིག་ཆ་ཆུ་གཏེར་ཆེ། །བསྲུབས་སྐྱེས་བདུད་རྩིའི་དཀྱིལ་འཁོར་བློ་དམན་གྱི། །གདུང་སེལ་ལྷག་བསམ་ཡར་ངོའི་དགའ་སྟོན་ལས། །འཁྲུངས་པའི་སྔགས་ཤེས་རལ་པ་མཛེས་པའི་རྒྱན། །འདིར་བཀའ་གཏེར་གཉིས་འདུས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ། རྒྱུད་ནས་བཤད་པའི་གནས་མཚན་ཉིད་དང་ལྡན་པར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། དཀྱིལ་འཁོར་གཏོར་མཆོད་སྒྲུབ་པའི་ཡོ་བྱད་རྣམས་སོ་སོའི་སྐབས་དང་འཚམ་པར་འདུ་བྱས་ཏེ། སྒྲུབ་ཐབས་དངོས་ལ་གསུམ། སྔོན་འགྲོའི་ལས་ཁྲིགས། དངོས་གཞིའི་ལས་ཁྲིགས། མཇུག་གི་ལས་ཁྲིགས་སོ། །དང་པོ་ནི། བརྒྱུད་འདེབས་ཕྱི་གཏོར་སྐྱབས་སེམས་ཚོགས། །བགེགས་བསྐྲད་མཚམས་བཤགས་བྱིན་མཆོད་བརླབ། །ཅེས་བརྒྱད་དུ་ཡོད་པའི་དང་པོ་ནི། ཆོས་སྐུ་གཟི་བརྗིད་རྒྱལ་པོ་འོད་དཔག་མེད། །ལོངས་སྐུ་བདེ་ཆེན་རབ་དགྱེས་རྟ་མཆོག་དཔལ། །སྤྲུལ་སྐུ་ཁམས་གསུམ་ཟིལ་གནོན་པདྨ་དབང་། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །བདེ་མཆོག་གསང་བའི་འབྱུང་གནས་མཁར་ཆེན་བཟའ། །སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ནའི་ཞབས། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །རྐྱང་པོ་གྲགས་པ་སུམ་པ་དབང་ཚུལ་དང་། །འབྲེ་བན་ཤེར་བླ་ཞང་སྟོན་གཟི་བརྗིད་འབར། །བླ་མ་རྒྱ་དང་གྲུབ་ཆེན་འདར་འཕྱར་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །བརྩོན་འགྲུས་རྡོ་རྗེ་ཉན་ཆེན་བསོད་ནམས་བརྟན། །ཆོས་རྒྱལ་དཔལ་བཟང་དཔལ་ལྡན་སེང་གེ་དང་། །རིན་ཆེན་བཀྲ་ཤིས་ཡོན་ཏན་མགོན་པོ་ལ། །གསོལ་བ་འདེབས་སོ༴ ཆོས་དཔལ་བཟང་པོ་རྡོ་རྗེ་རྒྱལ་བའི་མཚན། །དཀོན་མཆོག་བཟང་པོ་རཏྣ་བཛྲ་དང་། །དཀོན་མཆོག་དཔལ་བཟང་ཕྱག་ན་རྡོ་རྗེ་ལ། །གསོལ་བ༴ གུ་རུ་རིན་ཆེན་འདར་ནག་བདེ་བ་བཟང་། །ཀུན་མཁྱེན་ཕྲིན་ལས་དབང་ཆེན་བསྟན་འཛིན་དང་། །ངག་དབང་ཕྲིན་ལས་ངག་དབང་འཇིགས་བྲལ་ལ། །གསོལ་བ༴ པདྨ་བདུད་འདུལ་བསྟན་པའི་ཉི་མ་ཆེ། །འདར་སྟོན་བརྒྱུད་པའི་སྨིན་གྲོལ་གདམས་ཟབ་བཅུད། །ཀུན་འདུས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ། །གསོལ་བ༴ པདྨ་རྟ་མཆོག་གར་གྱི་དབང་ཕྱུག་མ། །དབང་ཆེན་རིགས་བཞི་སྒོ་སྲུང་ཁྲོ་མོ་བཞི། །དམ་ཅན་ཆོས་སྲུང་བཀའ་ཉན་བཅས་པ་ལ། །གསོལ་བ༴ རྣམ་དག་དབང་བཞིའི་རིམ་པས་རྒྱུད་སྨིན་ཏེ། །རིམ་གཉིས་ཟབ་མོའི་རྟོགས་པ་མཐའ་རུ་ཕྱིན། །གནས་སྐབས་ཕྲིན་ལས་རྣམ་བཞི་རྩོལ་མེད་འགྲུབ། །མཐར་ཐུག་པདྨ་ཧེ་རུ་ཀ་ཐོབ་ཤོག །སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་རྒྱས། །མ་རིག་ཁམས་གསུམ་སྲིད་པའི་མུན་ཁང་བཅོམ། །འབར་བ་ཐུགས་རྗེ་ཆེན་པོ་དབང་གི་གར། །འཁོར་འདས་ཀུན་ཏུ་ཁྱབ་པར་སྒྱུར་བྱེད་ཤོག །ཨེ་ཡིག་སྟོང་ཉིད་དགྱེས་པ་མཆོག་གི་ཀློང་། །ཝཾ་ཡིག་བདེ་ཆེན་རྡོ་རྗེ་ཟུང་འཇུག་པ། །ཆགས་མེད་པདྨ་དབང་གི་དཀྱིལ་འཁོར་ན། །དཔལ་གྱི་རྟ་སྐད་རབ་ཏུ་སྒྲོག་གྱུར་ཅིག །གཉིས་པ་ཕྱི་གཏོར་ནི། རྒྱས་པར་སྤྲོ་ན་ཆ་གསུམ་གཏོར་མ་ཕྱག་ལེན་དུ་མཛད་ཀྱང་། བསྡུ་ན་དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སརྦ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། སརྦ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། སརྦ་བྷུ་ཏ་གཙྪ། ཞེས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །གསུམ་པ་སྐྱབས་སེམས་ནི། རང་གི་སྙིང་གའི་འོད་ཟེར་གྱིས་བླ་མ་དང་དཔལ་ཆེན་པདྨ་དབང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། བདག་གཞན་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡི་དམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་ཅན་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་རྟ་མཆོག་ལམ་རིམ་བསྒོམ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ངང་གནས་ཤོག །ལན་གསུམ་བརྗོད། བཞི་པ་ཚོགས་གསག་ནི། པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །མགོན་རྣམས་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་པར་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ལྔ་པ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། རུ་དྲ་བཾ་ཧྲཱིཿསྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྐད་ཅིག་གིས་བདག་ཉིད་པདྨ་དབང་ཆེན་དམར་ནག་གཡས་བེ་ཅོན་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བ། དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་དབུ་གཙུག་རྟ་སྐད་སྲིད་གསུམ་ཁྱབ་པར་འཚེར་བ། པད་ཉི་རུ་དྲ་བསྣོལ་བའི་གདན་ལ་བཞེངས་སྟབས་སུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོའི་ཚོགས་འཇིག་རྟེན་གང་བས་བགེགས་ཐམས་ཅད་ཚར་བཅད་པར་གྱུར། ཧྲཱིཿ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབས་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམ། །སྲིད་པའི་འཁོར་ལོ་ཡེ་ཤེས་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཞེས་དང་། སུམྦྷ་ནིའི་དྲག་སྔགས་ཀྱིས་བསྐྲད། མཚམས་གཅོད་སྲུང་འཁོར་ནི། ཧྲཱིཿ སྟེང་འོག་ཕྱོགས་མཚམས་མ་ལུས་ཁྲོ་བོ་དང་། །རྡོ་རྗེ་ར་བ་བསྐལ་པའི་མེ་འབར་བས། །བར་མཚམས་མེད་པར་གཏམས་པའི་གུར་ཁང་ནི། །སྲུང་བའི་འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིཀྵ་ཎ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། དྲུག་པ་ཉེས་ལྟུང་བཤགས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བླ་མ་དང་ཁྲག་འཐུང་དབང་ཆེན་ལྷ་དགུའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧྲཱིཿ བདག་གིས་དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །སྒྲུབ་པའི་རིག་འཛིན་དབང་ཕྱུག་གོ་འཕང་དུ། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ། །འདའ་བར་མི་བྱ་བསྲུང་བར་དམ་བཅས་ཏེ། །ལས་ངན་དབང་གྱུར་སྐྱེ་བོ་བདག་འདྲ་བ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཏེ། །སྔགས་དང་བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཆག །བསྙེན་སྒྲུབ་བསྐང་ཕྱིར་དུས་ཀྱི་ཆོ་ག་ཆག །ཉ་ཤི་དུས་དྲུག་མཆོད་པ་ལོ་ཟླར་འདས། ཁས་བླངས་དམ་བཅས་བཞིན་དུ་མ་བགྱིས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྙན་ཁུངས་བརྒྱུད་ནས་ཐུགས་ཀྱི་དཀྱིལ་འཁོར་དུ། །ལྟ་སྤྱོད་གསང་བའི་མན་ངག་གཉེར་གཏད་པ། །སྤྱོད་པ་གཡེལ་བས་མན་ངག་གཉེར་མ་ཐུབ། །ཉམས་ཤིང་ཚོགས་ཆག་ཉམས་པའི་ཚོགས་དང་འདྲེས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྣང་གསལ་སྒྲོན་མེ་རྡོ་རྗེ་སློབ་དཔོན་དང་། །དམ་ཚིག་གཟུངས་ཀྱིས་འབྲེལ་བའི་ཡུམ་རྣམས་ལ། །སྙིང་ནས་དམོད་ཅིང་ཐུགས་དང་འགལ་གྱུར་པས། །བཀའ་ཆད་གནས་སུ་གྱུར་པ་མཐོལ་ལོ་བཤགས། །དམ་ཚིག་བསྲུང་བས་འབྲེལ་བའི་མཆེད་ལྕམ་ལ། །རྐུ་བརྡུང་འགྲན་སེམས་ཞེ་སྡང་རྡེག་ལ་སོགས། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པར། །ལྟུང་བའི་ལུ་གུ་རྒྱུད་དེའི་རྒྱུན་ཐག་ཆོད། །དབྱིངས་ཉིད་ནམ་མཁའི་དབྱིངས་སུ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་པདྨ་ཤྲཱི་ཧེ་རུ་ཀ་མཱ་མེ་མུཉྩ་པདྨ་ཤྲཱི་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ། ཞེས་རིགས་ཀྱི་ཡིག་བརྒྱ་ཅི་ནུས་བཟླས་ལ། ཛཿཧཱུྃ་བཾ་ཧོཿ དཀྱིལ་འཁོར་པ་རང་ལ་ཐིམ་པར་གྱུར། བདུན་པ་བྱིན་དབབ་པ་ནི། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ཞི་ཁྲོའི་ལྷ་ཚོགས་སྔགས་ཀྱི་སྒྲ་དང་བཅས་ཆར་བབ་པ་ལྟར་བྱོན་ནས་བདག་གནས་སྒྲུབ་པའི་ཡོ་བྱད་རྣམས་ལ་ཐིམ་ཞིང་བྱིན་གྱིས་བརླབས་པར་གྱུར། ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་སྐོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བརྒྱད་པ་མཆོད་པ་བྱིན་གྱིས་བརླབ་པ་ལ་ལྔ། དང་པོ་སྦྱང་ཞིང་སྤེལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་རཾ་སྤྲོས་ཏེ་ཡེ་ཤེས་ཀྱི་མེ་འབར་བས་མཆོད་རྫས་མ་དག་པའི་དྲི་མ་བསྲེགས་ཤིང་སྦྱངས། ཨ་འཕྲོས་པའི་འོད་ཀྱིས་དཔག་ཏུ་མེད་པར་སྤེལ་ཞིང་རྒྱ་ཆེར་རྒྱས་པར་གྱུར། གཉིས་པ་ཕྱི་མཆོད་བྱིན་བརླབ་ནི། རཾ་ཡཾ་ཁཾ་ལས་མེ་རླུང་ཆུ་གསུམ་བྱུང་། །ཕྱི་ཡི་མཆོད་པའི་དྲི་མ་བསྲེགས་གཏོར་བཀྲུས། །ཨ་དྷུ་པུ་ཨཱ་ག་ན་ཤ །ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ས་བོན་ལས་གྲུབ་མཆོད་པའི་ལྷ་མོ་ནི། །ཆུ་དང་ཉེར་སྤྱོད་རོལ་མོ་ལེགས་ཐོགས་པ། །དམ་ཚིག་དབང་གིས་བྱོན་ཞིང་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས། །སྲིད་ཞིའི་འདོད་པའི་ཡོན་ཏན་ཚོགས་ཀུན་བསྡུས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་འཕྲོ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། པུཥྤེ་ནས་ཤབྡ་ཧཱུྃ། གསུམ་པ་བདུད་རྩི་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་བདུད་རྩིའི་ཉེས་སྐྱོན་སྦྱངས། །མ་ཧཱ་རཏྣ་ཀ་པཱ་ལ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ། པདྨ། སཱུརྻ། རཏྣ། ཙནྡྲ། ཨེ་མཎྜ་ལ་བྷྲཱུྃ། ཐོད་སྣོད་གཞལ་ཡས་ཁང་དབུས་འཁོར་ལོ་ནི། །རྩིབས་བཞིའི་ལྟེ་བར་པདྨ་འདབ་མ་བརྒྱད། །རྩིབས་བཞིར་ཉི་མ་རིན་ཆེན་ཟུར་བརྒྱད་དང་། །ཟླ་བ་རྡོ་རྗེ་རྒྱ་གྲམ་རྣམས་ཀྱི་སྟེང་། །དབུས་ནས་རིམ་བཞིན་གཡས་སྐོར་རཀྟ་དང་། །དྲི་ཆུ་ཤ་ཆེན་དྲི་ཆེན་ཀླད་པ་རྣམས། །ཨཱཾ་པཱཾ་ཧཱུྃ་མཱུཾ་སྭཱ་མཱཾ་ཨཱོཾ་ལཱཾ་དང། །ཧཱ་ཏཱཾ་ཟུང་དུ་འབྲེལ་བས་མཚན་པར་གྱུར། །ས་མ་ཡ་སཏྭཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ས་བོན་བཅུ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་འོད་ཞུ་ཡོངས་སུ་གྱུར་པ་ལས། །པདྨ་རྡོ་རྗེ་རིན་ཆེན་འཁོར་ལོ་དང་། །རྒྱ་གྲམ་དྲིལ་བུ་ལྔ་དང་བཅས་པར་གྱུར། །ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དེ་དག་ཡོངས་གྱུར་དབུས་དང་གཡས་སྐོར་དུ། །མཐའ་ཡས་མི་བསྐྱོད་རིན་འབྱུང་རྣམ་སྣང་མཛད། །དོན་གྲུབ་དམར་མཐིང་སེར་དཀར་ལྗང་བའི་མདོག །རང་རྟགས་ཕྱག་མཚན་འཛིན་ཅིང་ཡུམ་དང་འཁྲིལ། །མཁའ་གསང་རྡོ་རྗེ་པད་སྦྱོར་སྙོམས་པར་ཞུགས། །མ་སཱུརྻ་མཎྜ་ལ་ཧཱུྃ་ཕཊ། པཾ་པདྨ་མཎྜ་ལ་ཨེ་ཨཾ། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་གོ྅་ཧཾ། ཛཿཧཱུྃ་བཾ་ཧོཿ བདེ་བའི་སྒྲ་དང་བྱང་སེམས་འོད་ཟེར་གྱིས། །འཁོར་འདས་སྣོད་བཅུད་བདུད་རྩིའི་དྭངས་མ་བསྡུས། །རིགས་ལྔ་ཡབ་ཡུམ་ལ་ཐིམ་འོད་དུ་ཞུ། །བདུད་རྩིའི་རྒྱ་མཚོ་ཨོཾ་ཡིག་དཀར་པོས་མཚན། །ཨ་མ་པཾ་ཧྲཱིཿ སཱུརྻ་ཙནྡྲ་པདྨ་དྷ་ར་ཧྲཱིཿ བདུད་རྩིའི་སྟེང་དུ་པདྨ་འདབ་བཞིའི་དབུས། །རྟ་མགྲིན་དམར་ནག་པདྨ་རྒྱ་གྲམ་འཛིན། །ཕྱོགས་བཞིར་སྲུང་བའི་མི་ཕམ་ཁྲོ་གཉེར་ཅན། །རལ་གཅིག་རོ་ལངས་དཀར་སེར་དམར་ལྗང་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །བཞི་ཀའང་རྒྱབ་མདུན་ཟུར་ནས་ཡབ་དང་སྦྱོར། །རྟ་དབུའི་སྟེང་དུ་ཧྲཱིཿཡིག་དམར་ནག་གསལ། །མཐེབ་སྲིན་ཉི་ཟླའི་ག་འུས་འཛིན་པར་གྱུར། །གཡོན་པའི་མཐེབ་སྲིན་སྦྱར་ལ། ཨོཾ་སརྦ་ཨ་མྲྀཏ་ཧཱུྃ། ཅི་འགྲུབ་བརྗོད། ཧྲཱིཿལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །རིགས་ལྔའི་རྣམ་པར་བྱོན་ཏེ་སྦྱོར་བ་མཛད། །བྱང་སེམས་རྟ་མགྲིན་ཞལ་ཞུགས་སྒལ་ཚིགས་བརྒྱུད། །ཡུམ་བཞིའི་བྷ་གར་ཐིག་ལེ་དུས་གཅིག་བབས། །ཡབ་ཡུམ་ལྔ་པོ་བདུད་རྩིར་ཞུ་ནས་འདྲེས། །གང་ལ་འཐོར་བས་ཉེས་སྐྱོན་བགེགས་སྦྱོང་ཞིང་། །ཕན་དང་ནུས་པར་ལྡན་པའི་རང་བཞིན་གྱུར། །གཡོན་པའི་མཐེབ་སྲིན་གྱིས་གནས་དང་བདག་གྲོགས་རྫས་རྣམས་ལ་འཐོར་ཏེ། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་ཧཱུྃ། དྷརྨ་ཨ་མྲྀཏ་ཧཱུྃ། རཾ་ཀྲོ་དྷ་བཛྲ་རཀྵ་ཛྭ་ལ་རཾ་ཕཊ། རཾ་རཾ། ཨོཾ་ཨཱཿཧཱུྃ། བཞི་པ་གཏོར་མ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་གཏོར་མའི་དངོས་འཛིན་སྦྱངས། བྷྲཱུྃ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ། མ་སཱུརྻ་མཎྜ་ལ་ཧཱུྃ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། པཾ་པདྨ་མཎྜ་ལ་ཨཿ ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨ་ཙནྡྲ་མཎྜ་ལ་ཨཾ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། གཏོར་མ་གཞལ་ཡས་ཁང་དུ་གསལ་བའི་ནང་། །ཉི་སྟེང་ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་གཏོར་མ་ཆོས་ཉིད་ངང་དུ་སྦྱངས། །གཏོར་མའི་སྟེང་དུ་པདྨ་འདབ་མ་བརྒྱད། །ཨ་ཡིག་དམར་པོས་མཚན་པའི་འོད་ཟེར་གྱིས། །བདུད་རྩི་ཡེ་ཤེས་ལྔ་ཡི་ངོ་བོར་འབར། །སླར་ཡང་གཏོར་སྟེང་ཟླ་བའི་དཀྱིལ་འཁོར་དབུས། །ཨོཾ་ཡིག་དཀར་པོའི་འོད་ཟེར་འཕྲོ་འདུ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཀྱི། །འདོད་ཡོན་ལྷ་མོ་མཁའ་ཁྱབ་སྤྲིན་འཕྲོར་གྱུར། །ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛོ་ཧཱུྃ། ལན་གསུམ། ལྔ་པ་རཀྟ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་རཀྟའི་ཉེས་སྐྱོན་སྦྱངས། བྷྲཱུྃ་བན་དྷ་ཀ་པཱ་ལ་བྷྲཱུྃ། མ་སཱུརྻ་མཎྜ་ལ། ར་ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཕྱི་དཀར་ནང་དམར་ཐོད་པའི་གཞལ་ཡས་དབུས། །མ་ལས་ཉི་སྟེང་ཐུགས་ཀའི་ཧྲཱིཿཡིག་ལས། །ར་འཕྲོས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར། །རཀྟའི་རྒྱ་མཚོ་སྟོང་གསུམ་ཁྱོན་གང་ཞིང་། །རྦ་རླབས་རབ་འཁྲུགས་ཞིང་གི་ལྷུ་དུམ་འཕྱོ། །ཚིལ་ཆེན་དར་ཆགས་འདོད་ཡོན་ལྷ་མོ་འཕྲོ། །ཕྱི་ལྟར་ཁྲག་མཚོ་ནང་ནི་ཆོས་ཀྱི་དབྱིངས། །གསང་བ་ཡུམ་གྱི་པདྨ་རཀྟ་འཁྱིལ། །ཨོཾ་མ་ཧཱ་སརྦ་རཀྟ་ཧཱུྃ། ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞིའི་ལས་ཁྲིགས་ནི། དམ་ཚིག་བསྐྱེད་ཅིང་ཡེ་ཤེས་དགུག །ཕྱག་འཚལ་བཞུགས་གསོལ་མཆོད་ཅིང་བསྟོད། །ཛཔ྄་བཟླས་བཅས་ཏེ་བདུན་ཡིན་ནོ། །དེའི་དང་པོ་ལ་གསུམ་གྱི་ཐོག་མར་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུྃ་གི་དབྱིབས། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་ས་མཱ་ཏི་ཧཱུྃ། དྷརྨ་དྷཱ་ཏུ་ས་མཱ་ཏི་ཧཱུྃ། ཛྙཱ་ན་བཛྲ་ས་མཱ་ཏི་ཧཱུྃ། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། རྒྱུ་ཡི་ཧཱུྃ་ལས་ཨེ་ཡཾ་རཾ། ཁཾ་སུཾ་ཀེཾ་དང་བྷྲཱུྃ་ཡིག་འཕྲོས། །ཆེན་པོ་ལྔ་ཡི་སྙིང་པོ་ལས། །འབྱུང་བ་ལྔ་ཡི་དྭངས་མ་ཆགས། །ཨེ་ཨཱ་ཀ་ཤ་མཎྜ་ལ་ཧཱུྃ། ཡཾ་བཱ་ཡ་བེ་མཎྜ་ལ་ཧཱུྃ། རཾ་ཛྭ་ལ་མཎྜ་ལ་ཧཱུྃ། ཁཾ་རཀྟ་ས་མུ་དྲ་མཎྜ་ལ་ཧཱུྃ། སུཾ་པྲི་ཐི་ཝཱི་མཎྜ་ལ་ཧཱུྃ། ཀིཾ་ནི་རི་ཏི་མཎྜ་ལ་ཧཱུྃ། ནམ་མཁའ་རླུང་མེ་ཁྲག་མཚོ་དང་། །ས་དཀྱིལ་ཀེང་རུས་རི་རབ་ནི། །ས་བོན་སོ་སོས་མཚན་པར་གྱུར། །ཕྱི་ལྟར་འབྱུང་ལྔ་ནང་ཡེ་ཤེས། །གསང་བ་ཡུམ་ལྔའི་མཁའ་ཀློང་ངོ་། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ། བྷྲཱུྃ་ལས་དབང་ཆེན་གཞལ་ཡས་ཁང་། །དབུས་སུ་གྲུ་གསུམ་དམར་ནག་འབར། །ཟླ་གམ་དམར་པོ་ཐོད་ཕྲེང་དཀར། །འཁོར་ལོ་རྩིབས་བཞི་ཕྱོགས་ཀྱི་མདོག །མགོ་བོ་རློན་པའི་ཕྲེང་བས་བསྐོར། །རྩིག་རྨང་ཕྱོགས་སྐྱོང་བཅུ་ཡི་སྟེང་། །རིན་ཆེན་ཐོད་པ་ལྷ་བརྒྱད་ཀྱི། །ཕྱི་ནང་བར་གྱི་རྩིག་པ་བྱས། །ཕ་གུ་དྲྭ་ཕྱེད་མདའ་ཡབ་བསྐོར། །འདོད་སྣམ་མཆོད་པའི་ལྷ་མོ་འཁྲིགས། །རྒྱལ་ཆེན་བཞི་དང་ཐོད་སྐམ་གྱི། །ཀ་བ་ཐོད་རློན་ཀ་ཞུས་བརྗིད། །ཀླུ་བརྒྱད་གདུང་མ་མེ་ཏོག་ཕྲེང་། །གཟའ་སྐར་བད་དང་དྲལ་ཕྱམ་ལ། །བདུད་རྩི་རྣམ་ལྔའི་ཞལ་བས་གཡོགས། །དབུས་ལྟེར་བྱུར་བུར་མཐོ་བའི་སྟེང་། །པདྨས་བཏེག་པའི་ཙིཏྟའི་ཏོག །སྒོ་བཞི་རྟ་བབས་བཞི་དང་ལྡན། །ཞིང་གི་རྒྱལ་མཚན་ལག་པའི་འཕན། །སྐྲ་ཡི་རྔ་ཡབ་མི་མགོའི་ཏོག །དབང་པོའི་མེ་ཏོག་ཕྲེང་བར་སྤེལ། །ཕྱི་རོལ་པད་ར་དུར་ཁྲོད་བརྒྱད། །རྡོ་རྗེའི་ར་བ་བསྐལ་མེ་འབར། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་ཀྱི་གནས་ཆེན་པོ། །འཁོར་ལོ་དབང་ཆེན་ཕོ་བྲང་ལྡན། །ཕྱི་ནང་མེད་པར་ཡོངས་སུ་གསལ། །དེ་དབུས་གྲུ་གསུམ་དམར་ནག་སྟེང་། པཾ་པདྨ་བཾ། ཨ་ཙནྡྲ་བཾ། མ་སཱུརྻ་བཾ། རུ་དྲ་བཾ། པདྨ་ཟླ་བ་ཉི་མ་དང་། །རུ་དྲ་ཕོ་མོ་བསྣོལ་བའི་གདན། །ཕྱོགས་བཞིའི་རྩིབས་དང་སྒོ་བཞི་རུ། དེ་བ་བཾ། ཡ་མ་བཾ། ནཱ་ག་བཾ། ཡཀྵ་བཾ། ཨ་ཙནྡྲ་བཾ། དྲི་ཟ་གྲུལ་བུམ་ཀླུ་གནོད་སྦྱིན། །བསྣོལ་མ་ཟླ་བའི་གདན་རྣམས་སོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རྒྱུའི་ཧཱུྃ་ཡིག་བབས་པ་དེ་ཉིད་ཧྲཱིཿདམར་ནག་དང་མཾ་སྔོན་པོ་ཞིག་ཏུ་གྱུར། ཧྲཱིཿམཾ་སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས་ཏེ་པདྨ་དབང་ཆེན་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཧྲཱིཿདང་མཾ་ལ་ཐིམ། ཏིཥྛ་བཛྲ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧྲཱིཿམཾ་ཡོངས་སུ་གྱུར་པ་ལས། །བདག་ཉིད་པདྨ་དབང་ཆེན་སྐུ །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་ལྗང་དབུས་དམར་ནག །སྤྱན་དགུ་སྨར་སྨིན་དམར་སེར་འབར། །དབུ་སྐྲ་ཁམ་ནག་བརྫེས་པའི་གསེབ། །རྟ་མགོ་ལྗང་ཞུར་ཕྲུམ་ཕྲུམ་སེར། །རྔོག་མ་ལེ་བརྒན་རྟ་སྐད་འཚེར། །པདྨ་ལྕགས་ཀྱུ་བེ་ཅོན་གཡས། །ཐོད་ཁྲག་ཞགས་པ་རལ་གྲི་གཡོན། །དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད། །ཞིང་ལྤགས་གླང་ཀོ་སྟག་ཤམ་གསོལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཚར་གསུམ་ཕྲེང་བའི་དོ་ཤལ་འཕྱང་། །རུས་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །ཐལ་རཀ་ཞག་གི་མཚན་མ་དང་། ཁམས་གསུམ་རྣམ་རྒྱལ་རྡོ་རྗེའི་གཤོག །གར་དགུའི་ཉམས་ལྡན་བརྐྱང་བསྐུམ་ཚུལ། །ཡེ་ཤེས་མེ་དཔུང་ཀློང་དུ་གསལ། །ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། གཡོན་ནས་འཁྲིལ་མཛད་གསང་བའི་ཡུམ། །པདྨ་གར་གྱི་དབང་ཕྱུག་མ། །མཐིང་ནག་རལ་པ་མུན་ལྟར་གཏིབས། །གཡས་པས་སྙིང་ཐོགས་ཡབ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །དུར་ཁྲོད་ཆས་བརྒྱན་ཁྲོ་མོའི་ཚུལ། །གཡོན་བསྐུམས་བདེ་བ་ཆེན་པོར་སྦྱོར། །ཡབ་ཡུམ་གཉིས་ཀྱི་གནས་གསུམ་དུ། །ཟླ་བ་པདྨ་ཉི་མའི་སྟེང་། །འབྲུ་གསུམ་རྡོ་རྗེ་གསུམ་བྱིན་བརླབས། །སྤྱི་བོའི་གནས་ལྔར་ཡིག་འབྲུ་ལྔ། །ཡོངས་གྱུར་ཡེ་ཤེས་ལྔ་དབང་རྫོགས། །ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཨཱཿཔདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཧཱ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ལྔ་ཁྲག་འཐུང་ཚོན་གང་བ། །རང་རྟགས་དྲིལ་འཛིན་ཕྱོགས་ཀྱི་མདོག །ཐོད་པའི་གཞལ་ཡས་ཁང་དུ་བཞུགས། །མཁའ་གསང་ཧཱུྃ་དང་པཾ་ཡིག་ལས། །རྡོ་རྗེ་པདྨ་མཉམ་པར་སྦྱོར། །བདེ་བའི་སྒྲས་བསྐུལ་ཕྱོགས་བཅུ་ཡི། །སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ། །ཡབ་ཀྱི་ཞལ་ཞུགས་ཐུགས་ཀར་ཞུ། །རྡོ་རྗེའི་ལམ་ནས་ཡུམ་མཁར་བབ། །ཐིག་ལེ་ཡིག་འབྲུ་བརྒྱད་དུ་གྱུར། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕྱིར་འཕྲོས་སོ་སོའི་གནས་སུ་འཁོད། །གདན་བཏིང་སྐུ་བསྐྱེད་དབང་བསྐུར་ཞིང་། །བྱིན་གྱིས་བརླབ་པ་རབ་ཏུ་བྱ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །སྤྲུལ་པའི་དཀྱིལ་འཁོར་རབ་ཏུ་གསལ། །ཨོཾ་བཛྲེ་ཤྭ་ར་ཀྲོ་དྷཱ་ཧཱུྃ་ཕཊ། ཨོཾ་རཏྣེ་ཤྭ་ར་ཀྲོ་དྷཱ་ཧཱུྃ་ཕཊ། ཨོཾ་པདྨེ་ཤྭ་ར་ཀྲོ་དྷཱ་ཧཱུྃ་ཕཊ། ཨོཾ་ཀརྨེ་ཤྭ་ར་ཀྲོ་དྷཱ་ཧཱུྃ་ཕཊ། རྩིབས་བཞིར་གདོན་བཞིའི་གདན་སྟེང་དུ། །ཤར་དུ་རྡོ་རྗེ་དབང་ཆེན་ནི། །དཀར་པོ་རྡོ་རྗེ་དབྱུག་ཐོ་བསྣམས། །ལྷོ་རུ་རིན་ཆེན་དབང་ཆེན་ནི། །སྔོན་པོ་རིན་ཆེན་ལྕགས་ཀྱུ་བསྣམས། །ནུབ་ཏུ་པདྨ་དབང་ཆེན་ནི། །དམར་པོ་པདྨ་ཞགས་པ་བསྣམས། །བྱང་དུ་ལས་རབ་དབང་ཆེན་ནི། །ལྗང་གུ་རལ་གྲི་རྩེ་གསུམ་བསྣམས། །ཀུན་ཀྱང་ཁྲོ་གཏུམ་ཁྲོས་པའི་ཚུལ། །དབུ་སྐྲ་གྱེན་བརྫེས་སྦྲུལ་གྱིས་བཅིངས། །དུར་ཁྲོད་ཆས་ལྡན་མེ་ཀློང་འགྱིང་། །ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ལྕགས་ཀྱུ་དཀར་མོ་ཁྲག་རལ་ཅན། །ཞགས་པ་སེར་མོ་གཡུ་རལ་ཅན། །ལྕགས་སྒྲོག་དམར་མོ་མཐིང་རལ་ཅན། །དྲིལ་བུ་ལྗང་གུ་གསེར་རལ་ཅན། །གཡས་པ་རང་རྟགས་ཕྱག་རྒྱ་བཞི། །གཡོན་རྣམས་སྙིང་ཐོགས་དུར་ཁྲོད་ཆས། །བརྐྱང་བསྐུམ་གར་གྱིས་སྒོ་བཞི་སྲུང་། །ཡེ་ཤེས་རྒྱལ་པོ་གཙོ་དང་འཁོར། །ཉི་མ་དང་ནི་འོད་ཟེར་བཞིན། །བདེ་ཆེན་ཐིག་ལེ་ཀུན་ཏུ་ཁྱབ། །གཉིས་པ་ཡེ་ཤེས་པ་དགུག་པ་ནི། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཆོས་དབྱིངས་མེ་རི་འབར་བའི་དུར་ཁྲོད་ལ་སོགས་པ་ནས་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་ཕྱག་བརྙན་དང་བཅས་པ་བཛྲ་ས་མཱ་ཛཿ རོལ་མོའི་སྒྲ་དང་བཅས་ཏེ། ཧྲཱིཿ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །དབུས་ཉིད་ཡེ་ཤེས་གཞལ་ཡས་ནས། །པདྨ་རྟ་མཆོག་གཤེགས་སུ་གསོལ། །མཁའ་དབྱིངས་ཡུམ་གྱི་གཞལ་ཡས་ནས། །ཡུམ་ཆེན་ཁྲོ་མོ་གཤེགས་སུ་གསོལ། །ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ནས། །སྤྲུལ་པའི་ཁྲོ་བོ་གཤེགས་སུ་གསོལ། །སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་མ་བཞི་རྣམས་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །དབང་ཆེན་བྲན་གཡོག་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སཏྭཾ། གསུམ་པ་ཕྱག་འཚལ་བ་ནི། ཧྲཱིཿ དཔལ་ཆེན་ཁྲོ་བོ་མི་བཟད་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ བཞི་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ དམ་ཚིག་དབང་གི་དཀྱིལ་འཁོར་འདིར། །ཡེ་ཤེས་དབང་ཆེན་དཀྱིལ་འཁོར་མཆོག །ཕོ་བྲང་དམ་ཚིག་དཀྱིལ་འཁོར་འདིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ལྔ་པ་མཆོད་པ་འབུལ་བ་ལ་བདུན། ཕྱི་ནང་གསང་གསུམ་སྦྱོར་དང་སྒྲོལ། །གཏོར་མ་འདོད་ཡོན་མཆོད་པ་འོ། །ཞེས་པའི་དང་པོ་ཕྱི་མཆོད་ཉེར་སྤྱོད་འབུལ་བ་ནི། ཧྲཱིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གེནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ། གཉིས་པ་ནང་སྨན་མཆོད་འབུལ་བ་ནི། མཐེབ་སྲིན་སྦྱར་བས་ནང་མཆོད་འཐོར་ལ། ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྔ་རབས་འདས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟར་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །སླད་ནས་འབྱོན་པའི་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྒྱལ་བ་དགོངས་པ་བརྒྱུད་པའི་བླ་མ་དང་། །རིག་འཛིན་རིག་པ་བརྒྱུད་པའི་བླ་མ་དང་། །གང་ཟག་སྙན་ཁུངས་བརྒྱུད་པའི་བླ་མ་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་དགོངས་ལ༴ ཨོཾ་སརྦ་པཉྩ༴ བཅོམ་ལྡན་པདྨ་རྟ་མཆོག་ཧེ་རུ་ཀ །ཡུམ་ཆེན་ཁྲོ་མོ་གར་གྱི་དབང་ཕྱུག་མ། །རིགས་བཞིའི་ཁྲོ་བོ་སྒོ་མ་བཞི་རྣམས་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་དགོངས་ལ༴ ཨོཾ་སརྦ་པཉྩ༴ གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་དང་། །གནས་གསུམ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །ཆོས་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་དགོངས་ལ༴ ཨོཾ་སརྦ་པཉྩ༴ སྨན་གྱི་དངོས་གྲུབ་བླང་བ་ནི། ཧཱུྃ། ཡེ་ཤེས་ཁྲོ་རྒྱལ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པར་བྱ། །རང་གི་གནས་གསུམ་དུ་ཐིག་ལེ་བྱས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སླར་ཡང་བདུད་རྩི་གསང་ནན་དུ་འབུལ་བ་ནི། ཧཱུྃ། རྣམ་དག་རང་བྱུང་གྲུབ་སྨན་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གསུམ་པ་རཀྟའི་མཆོད་པ་ནི། ཧཱུྃ། རཀྟ་དམར་ཆེན་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བཞི་པ་སྦྱོར་མཆོད་ནི། ཧཱུྃ། གསང་བ་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱོར་ནས། །དགྱེས་པ་ཆེན་པོའི་བདེ་ཆེན་ངང་། །བྱང་ཆུབ་སེམས་ཀྱི་མཆོད་པ་ནི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱ། ལྔ་པ་བསྒྲལ་མཆོད་ནི། ཧཱུྃ། སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ། །ཨ་མུ་ཀ་མཱ་ར་ཡ་ཕཊ། ཧཱུྃ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དྲུག་པ་གཏོར་མའི་མཆོད་པ་ནི། ཧཱུྃ། ཁྱད་པར་འདོད་ཡོན་མཆོད་པའི་ཚོགས། །ཤ་ཁྲག་ཀེང་རུས་གཏོར་མ་འདིས། ཁྲོ་རྒྱལ་རྟ་མཆོག་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། །ཡུམ་ཆེན་ཁྲོ་མོའི་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། ཁྲོ་རྒྱལ་བཞི་ཡི་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། །གིང་ཆེན་ལྔ་ཡི་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། །གཟའ་གདོང་ལྕམ་དྲལ་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་འདིས། །བེག་ཙེ་ལྕམ་དྲལ་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཤ་ཁྲག་རུས་པ་ནང་ཁྲོལ་མཁྲིས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མཆོད་པར་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་པོར་བཞེས་སུ་གསོལ། །མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། བདུན་པ་འདོད་ཡོན་གྱི་མཆོད་པ་ནི། ཧཱུྃ། གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་སྒྲ་སྙན་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །དྲི་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་དྲི་ཡི་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །རོ་ཡི་ལྷ་མོ་སྐུ་མདོག་དམར། །ཕྱག་ན་རོ་ཡི་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །ཕྱག་ན་རེག་བྱའི་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྐུ་ལ་འབུལ། །རེག་བྱའི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཆོས་ཀྱི་ལྷ་མོ་སྐུ་མདོག་མཐིང་། །ཕྱག་ན་ཆོས་ཀྱི་པོ་ཏི་བསྣམས། །དབང་ཆེན་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །དྲུག་པ་བསྟོད་པའི་སྒོ་ནས་ཡེ་ཤེས་གླུའི་མཆོད་པ་ནི། རྒྱས་པར། དམར་ནག་གྲུ་གསུམ་འབར་བ་སོགས་སྦྱར། མདོར་བསྡུ་ན། ཧྲཱིཿ འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཟུང་འཇུག་བདེ་ཆེན་རྣམ་སྤྲུལ་པ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པའི། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཀུན་ལས་རྣམ་གྲོལ་ཀྱང་། །ཆགས་ཅན་ཆགས་པ་འདུལ་བའི་ཕྱིར། །བུད་མེད་སྒྱུ་མའི་ཚུལ་འཛིན་པ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །ཟག་བཅས་ཕུང་པོ་གནས་གྱུར་པའི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ །ཕྲིན་ལས་རྣམ་བཞི་ཡོངས་རྫོགས་མཛད། ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་བདག་མཚན་རྣམ་དག་ཅིང་། །བསྡུ་དངོས་ཚད་མེད་ངོ་བོ་ཉིད། །དགུག་གཞུག་བཅིང་དང་དབང་མཛད་པའི། །སྒོ་མ་བཞི་ལ་ཕྱག་འཚལ་ལོ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །རབ་ཁྲོས་རྔམ་ཞིང་མི་བཟད་པ། །འབར་བའི་ཕྲེང་བ་རབ་འཁྲིགས་པའི། །བཀའ་སྡོད་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང་། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ཆེན་སྙིང་པོ་ལེགས་རྫོགས་པའི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡི། །ས་གཞི་ར་བ་བླ་བྲེས་གུར། །ཡེ་ཤེས་མེ་དཔུང་འབར་བ་ཅན། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། ཁྱེད་ལ་བསྟོད་པའི་དགེ་བ་དེས། །ལམ་གྱི་བར་ཆད་ལེགས་བསལ་ནས། །ཚེ་འདིར་ཚོགས་གཉིས་རབ་རྫོགས་ཏེ། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཤོག །བདུན་པ་ཛཔ྄་བཟླ་བ་ནི། ཧཱུྃ། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱིཿ །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །སེམས་ཅན་སྒོ་གསུམ་དྲི་མ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཞེས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པ་ཡབ་སྔགས་ཉིད་གཙོ་བོར་བཟླ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཡུམ་སྔགས་ཏེ་ཡབ་ཀྱི་ཕྱེད་ལྷག་ཙམ་བཟླ། ཨོཾ་བཛྲེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་རཏྣེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་པདྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཀརྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ འཁོར་སྔགས་དེའི་སུམ་ཆ་ཙམ་རེ་བཟླའོ། །སྐབས་འདིར་སྒྲུབ་ཆེན་ལ་སོགས་པ་དང་འབྲེལ་ན་ཛཔ྄་དབྱངས་རྡོ་རྗེའི་སྒྲས་བསྐུལ་བ་དང་། མཚམས་རྣམས་སུ་རྟགས་བསྟོད་གྱེར་བ་ཡིན་ནོ། །ཐུན་མཐར་ཛཔ྄་བསྟོད་བྱ་བ་ནི། ཧཱུྃ། པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔམ་ཆེན་གཏུམ། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་དབུས་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བླང་བ་ནི། ཧཱུྃ། ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨོཾ་པདྨཱནྟ་ཀྲྀཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་རག་མོ་དུན་ཏིཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛཿ སྔགས་བདུན་ནམ་ཉེར་གཅིག་ཙམ་དང་། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། བཀའ་སྲུང་གཏོར་མ་ཚོགས་བཅས་འབུལ། །ཆད་བརྟན་རྟ་བྲོ་གཏང་རག་བཤགས། །བསྡུ་རིམ་སྨོན་ལམ་བཀྲ་ཤིས་བཅུ། །ཞེས་པ་རྣམས་ཀྱི་དང་པོ་བཀའ་སྲུང་ལ་གཏོར་མ་འབུལ་བ་ལ་གསུམ་གྱི། ཐོག་མར་གིང་ལྔའི་གཏོར་འབུལ་ནི། རཾ་ཡཾ་ཁཾ་གིས་སྦྱང་། བྷྲཱུྃ་ཞེས་གཏོར་སྣོད་ཐོད་པར་གྱུར་པར་མོས། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛོ་ཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། རང་མདུན་དུར་ཁྲོད་ཀྱི་ས་གཞི་ལ་གཡས་སུ་ར་ལས་དབང་ཆེན་ཐུགས་ཀྱི་སྤྲུལ་པ་སྲོག་བདག་འོད་ཀྱི་རྒྱལ་པོ། འོད་ཀྱི་མི་བོ་ཆེ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་གཡོན་འོད་ཀྱི་ཞགས་པ་ཐོགས་པ། སྐུ་ལ་སེང་གེའི་སློག་པ་གསོལ་ཞིང་། དབུ་ལ་ཇི་དར་དཀར་པོ་བཅིངས་པ། ནམ་མཁའ་འཇའི་སྐེ་རགས་ཅན། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འབྱིན་པ། འཇིགས་སུ་རུང་བའི་སེང་གེ་དཀར་པོ་རྔམ་སྒྲ་སྒྲོག་པ་ལ་འཆིབ་པ། ཤར་དུ་ཙ་ལས་ཚངས་པ་དུང་གི་ཐོར་ཚུགས་ཅན་དཀར་པོ་གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དགྲ་ལ་འདེབས་པ། སྐུ་ལ་དར་དཀར་གྱི་རལ་གུ་གསོལ་ཞིང་། དབུ་ལ་དུང་གི་ཅོད་པན་བཅིངས་པ། རྟ་དཀར་པོ་ངང་རིང་ལ་འཆིབ་པ། ལྷོར་ཏྲི་ལས་དམ་ཅན་རྡོ་རྗེ་ལེགས་པ་སེར་པོ་གཡས་གསེར་གྱི་རྡོ་རྗེ་དང་། གཡོན་ཙིཏྟ་དམར་པོ་ཐོགས་པ། ཟ་འོག་སྔོ་ཁྲའི་བེར་གསོལ་ཞིང་། དབུ་ལ་བསེ་མེན་གྱི་འགྱིང་ཐོད་བཅིངས་པ། རྟ་ཁམ་པ་ལག་དཀར་ལ་འཆིབ་པ། ནུབ་ཏུ་ཧྲི་ལས་བདུད་པོ་རི་ནག་སྤུངས་པ་ནག་པོ་གཡས་བདུད་ཀྱི་ཁྲོམ་ཤིང་དང་། གཡོན་ཞགས་པ་ནག་པོ་འདེབས་པ། སྐུ་ལ་ལྕགས་ཀྱི་ཞུབ་ཁྲབ། དབུ་ལ་བདུད་ཞྭ་ནག་པོ་གསོལ་བ། བདུད་རྟ་ནག་པོ་ལ་ཞོན་པ། བྱང་དུ་ཤུ་ལས་སྲོག་བདག་ཡམ་ཤུད་དམར་པོ་གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དམར་པོ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གསོལ་བ། བསེའི་ར་སྐྱེས་ཁམ་པ་ལ་འཆིབ་པ། ལྔ་ཀའང་རྔམ་ཞིང་ཁྲོས་ལ་དྲག་ཅིང་རྩུབ་པའི་རྣམ་པ་ཅན། སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། པདྨ་དབང་གི་ཞིང་ཁམས་ནས་སྲོག་བདག་འོད་ཀྱི་རྒྱལ་པོ། རྒྱ་ཡུལ་ནམ་མཁའ་ཆད་ཆོད་ནས་ཚངས་པ་དུང་གི་ཐོར་ཚུགས་ཅན། ནུབ་ཕྱོགས་ཕ་ཝང་ལོང་བུའི་མཁར་ནང་ནས་དམ་ཅན་རྡོ་རྗེ་ལེགས་པ། བདུད་ཡུལ་ཁ་རག་མགོ་དགུ་ནས་བདུད་པོ་རི་ནག་སྤུངས་པ། བཙན་ཡུལ་ཟངས་ཐང་དམར་པོ་ནས་བཙན་འགོང་ཡམ་ཤུད་དམར་པོ་འཁོར་དང་བཅས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བདུད་རྩི་འཐོར། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ར་ཙ་ཏྲི་ཧྲི་ཤུ་ས་མ་ཡ་སཏྭཾ། རྡོར་ཐལ་ཕྱེས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་རཱ་ཙ་སྲོག་ལ་ཧྲཱིཿ ཨ་ཤུགྨེ་ཏྲི་སྲོག་ལ་ཛཿ ཙ་པ་ལ་ཨ་ཤུག་ཛཿ ཏྲི་ལི་ཛཿབཛྲ་སཱ་དྷུ་ཧྲིཿ དུན་དུན་ཤུ་ལ་གྲཱི་ཝ་ཨི་དཾ་བ་ལིཾ་གྲྀཧྞ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་ཛི་གྷྲ་ཐ་པི་པ་ཐ་མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷེ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ་གྱིས་གཏོར་མ་དང་། ར་ཙ་ཏྲི་ཧྲི་ཤུ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་སྨན་རཀ་འབུལ། ཧཱུྃ། དབང་དྲག་དཀྱིལ་འཁོར་ཕྱི་ཡི་བཀའ་སྡོད་ནི། །སྲོག་ལ་དབང་བསྒྱུར་གིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་པས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ། །གཉིས་པ་གཟའ་གདོང་གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ལ། རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་དབུས་མེ་དཔུང་འབར་ཞིང་སྤྲིན་དང་རླུང་ནག་བུ་ཡུག་འཚུབས་པ། ཐོག་དང་སེར་བ་དྲག་ཏུ་འབབ་ཅིང་འབྲུག་དང་གློག་དམར་འཁྱུག་པའི་སྒྲ་སྒྲོག་པ། གནམ་ས་ཆ་ལང་བརྡེབས་པ་ལྟ་བུའི་ཀློང་དཀྱིལ་དུ་རཱ་མ་ར་ཙ་ཤ་རྣམས་ལས་འོད་འཕྲོས་འདུས། ཡོངས་སུ་གྱུར་པ་ལས། ཁྲོ་རྒྱལ་པདྨ་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་གཟའ་རྒོད་དྲག་པོ་རཱ་ཧུ་ལ། སྐུ་མདོག་དུད་ཁ་སྲིན་པོ་ཁྲོས་པ་ལྟ་བུ་མགོ་དགུ་པ། ཕྱག་གཡས་ཀྱིས་སྐྱིན་ཐང་གནམ་ལྕགས་ཀྱི་འཁོར་ལོ་ནམ་མཁར་འཕྱར་ནས་དགྲ་བོའི་ཡུལ་དུ་འཕེན་ཅིང་། ཕྱག་གཡོན་ཆུ་སྲིན་གྱི་ཞགས་པས་དམ་ཉམས་འཆིང་ཞིང་ཟ་བ། ལུས་པོ་ཐམས་ཅད་མིག་གིས་གང་བ། ལྟོ་བ་མན་ཆད་དུག་སྦྲུལ་ནག་པོའི་གཟུགས་ཀྱིས་རྒྱ་མཚོ་གཏིང་ནས་དཀྲུགས་པ། དེའི་ཤར་དུ་ཟོར་སྲིན་དཀར་མོ་སྟག་གི་གདོང་ཅན། ལྷོར་བམ་སྲིན་སེར་མོ་དྲེད་ཀྱི་གདོང་ཅན། ནུབ་ཏུ་ཀོང་སྲིན་དམར་མོ་བ་ལང་གི་གདོང་ཅན། བྱང་དུ་འབྲོག་སྲིན་ལྗང་གུ་ཆུ་སྲིན་གྱི་གདོང་ཅན། བཞི་ཀའང་སྲིན་མོ་ཁྲོས་པའི་རྣམ་པ། གཡས་ཟོར་བ་དང་གཡོན་ནད་རྐྱལ་ཐོགས་པ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་གྱིས་བསྐོར་བ། སྐད་ཅིག་ཉིད་ལ་དགྲ་བོའི་ཡུལ་ཁམས་ཐལ་བར་རློག་པར་བྱེད་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷོ་ནུབ་མཚམས་ཀྱི་སྲིན་ཡུལ་ལངྐ་པུ་རིའི་གྲོང་ཁྱེར་ནས་དྲེགས་པ་གཟའ་གདོང་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རཱ་ཧུ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་སཏྭཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་དམ་ལ་བཞག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་རཱ་ཧུ་ལ་མ་ར་ཙ་ཤ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་ས་མ་ཡ་རཀྵནྟུ་སོགས་སྔགས་མཇུག་སྔར་ལྟར་སྦྱར་བ་ལན་གསུམ་དང་། རཱ་ཧུ་ལ་ས་པ་རི་བཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། སྨན་རཀ་ཕུལ། ཧཱུྃ། ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ལོ་ཐོག་སྣར་མ་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་བྱེད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །གསུམ་པ་བེག་ཙེ་ལྕམ་སྲིང་གི་གཏོར་མ་སྔར་བཞིན་བྱིན་བརླབ། རང་མདུན་དུར་ཁྲོད་ཀྱི་ས་གཞི་ལ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དྭངས་པ། རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ། པདྨ་ཉི་མ་རྟ་རོ་མི་རོ་བརྩེགས་པའི་གདན་ལ། པྲཾ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རབ་ཏུ་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བས་དམ་ཉམས་རྣམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་ན་བསེ་ཡི་རུ་མཚོན་དམར་པོ་བསྣམས་པ། ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་བ། སྤྱན་གསུམ་ཁྲོ་གཉེར་སྨར་སྨིན་མེ་ལྟར་དུ་འབར་ཞིང་། དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་། དར་གྱི་རལ་གུ་དམར་པོས་བརྒྱན་ཞིང་། ཞབས་ལ་སག་ལྷྭམ་དམར་པོ་གསོལ་བ། སྒེག་པ། དཔའ་བ། མི་སྡུག་པའི་གཟུགས་ཅན། ཞབས་བརྐྱང་བསྐུམ་སྟབས་ཀྱིས་མེ་འབར་བའི་ཀློང་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་གདོང་དམར་མ། སྐུ་མདོག་སྔོ་ནག །གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་། གསེར་གྱི་རྣ་རྒྱན་འཕྱང་བ། གཅེར་མོ་སྤྱན་དང་ཞལ་བགྲད་པ། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་ཕྱར་བ། གཡོན་ལྕགས་ཀྱི་ཕུར་པ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་ཏྲཾ་ལས་ལས་མཁན་སྲོག་བདག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་མདུང་དམར་འཕྱར་ཞིང་གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་ཅེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་མཐའ་སྐོར་ཕྱོགས་མཚམས་བརྒྱད་དུ་མི་དམར་གྲི་ཐོགས་བརྒྱད་དང་། ཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཤ་ཁྲག་ནང་རོལ་ལ་ལོངས་སྤྱོད་པ། ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་ཅིང་མི་ལྤགས་ཀྱི་གཡང་གཞི་དང་བ་ལང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་། བདུད་དང་སྲིན་པོ་སུམ་སྟོང་། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་དྲལ་འཁོར་དང་བཅས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པྲཾ་མཾ་ཏྲཾ་ས་མ་ཡ་སཏྭཾ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་དམ་ལ་བཞག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རཀྨོ་པྲཱཎ་ཨཱཏྨ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་གྲྀཧྞ་ས་མ་ཡ་རཀྵནྟུ་སོགས་སྔར་བཞིན་སྦྱར་བ་ལན་གསུམ། པྲཾ་མཾ་ཏྲཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་མ་ཧཱ་རཀྟ་ཁཱ་ཧི། ཀྱཻ། བྱང་ཤར་མྱ་ངམ་འདས་པའི་ཞིང་ཁམས་ནས། གནོད་སྦྱིན་བེག་ཙེ་ལྕམ་དྲལ་འཁོར་བཅས་ཀྱང། །ལས་སུ་སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། སྤྲོ་ན་ཡི་དམ་དང་ཆོས་སྲུང་གི་སྐོང་བའང་བྱའོ། །སྐབས་འདིར་བསྐུལ་གྱི་རིམ་པ་རྣམས་ནི་གཙོ་བོར་མངོན་སྤྱོད་ཀྱི་ལས་དང་འབྲེལ་བ་ཡིན་པས་དེ་དག་གི་ཡིག་ཆ་སྔ་མ་རྣམས་སུ་གསལ་བས་མ་སྨོས་སོ། །གཉིས་པ་ཚོགས་ཀྱི་མཆོད་པ་ལ་དྲུག །བྱིན་རླབས་སྤྱན་དྲངས་སྤྱི་བྱེར་འབུལ། །རོལ་ཅིང་ལྷག་ཆོག་གཏང་བ་འོ། །དང་པོ་ནི། དཀྱིལ་འཁོར་གྱི་མདུན་ཕྱོགས་སྟེགས་བུར་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོམ་བུ་དམར་པོ་བཀོད། ཤར་དུ་ཚོགས་ཟན། ལྷོར་ཁུར་བ། ནུབ་ཏུ་མཱཾ་ས། བྱང་དུ་ཛ་གད། མཚམས་ཀྱི་འདབ་མར་རིགས་མཐུན་གྱི་ཚོགས་རྫས་བཤམས་ལ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ཏེ། ཨོཾ་རཾ་ཀྲོ་དྷཱ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིག་ན་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། རཾ་ཡཾ་ཁཾ། ཚོགས་རྫས་མ་དག་པའི་དྲི་མ་བསྲེགས་གཏོར་བཀྲུས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས། ཚོགས་གཞོང་བྷྲཱུྃ་ལས་རིན་པོ་ཆེ་དང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཚོགས་རྫས་ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་རྡོ་རྗེའི་བདུད་རྩི་འདོད་ཡོན་རྣམ་ལྔའི་ཕུང་པོ་ཕྱི་ནང་གསང་བའི་མཆོད་སྤྲིན་བདེ་ཆེན་ལྷ་མོའི་རོལ་པ་དང་བཅས་པ། འདོད་རྒུ་རྒྱུན་མི་འཆད་པར་འབྱུང་བའི་རིན་པོ་ཆེའི་གཏེར་རྣམ་པར་དག་པར་གྱུར། ཨོཾ་མ་ཧཱ་རཏྣ་ཀ་མཱ་ལ་བི་ཤུདྡྷེ་ཧཱུྃ། ལན་གསུམ། གཉིས་པ་སྤྱན་དྲང་བ་ནི། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། གསུམ་པ་སྤྱིར་འབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་ཨི་དཾ་དྷཱུ་པཾ་པུཥྤཾ་དཱི་པཾ་གནྡྷཾ་ནཻ་བིདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཧཱུྃ། འདི་ན་སྣ་ཚོགས་གཟུགས་མཆིས་ཏེ། །གཟུགས་ཀྱི་ལྷ་མོ་མེ་ལོང་མ། །མེ་ལོང་ལས་ཀྱང་གཟུགས་རྣམས་འབྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་སྒྲ་མཆིས་ཏེ། །སྒྲ་ཡི་ལྷ་མོ་པི་ཝཾ་མ། །པི་ཝཾ་ལས་ཀྱང་སྒྲ་རྣམས་འབྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་དྲི་མཆིས་ཏེ། །དྲི་ཡི་ལྷ་མོ་སྤོས་ཁང་མ། །སྤོས་ཁང་ལས་ཀྱང་དྲི་རྣམས་འབྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་རོ་མཆིས་ཏེ། །རོ་ཡི་ལྷ་མོ་ཞལ་ཟས་མ། །ཞལ་ཟས་ལས་ཀྱང་རོ་རྣམས་བྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་རེག་མཆིས་ཏེ། །རེག་གི་ལྷ་མོ་ན་བཟའ་མ། །ན་བཟའ་ལས་ཀྱང་རེག་རྣམས་འབྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་སྐུ་ལ་འབུལ། །རེག་གི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་ཆོས་མཆིས་ཏེ། །ཆོས་ཀྱི་ལྷ་མོ་པོ་ཏི་མ། །པོ་ཏི་ལས་ཀྱང་ཆོས་རྣམས་འབྱུང་། །མང་པོ་བསམ་གྱིས་མི་ཁྱབ་པས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །བཞི་པ་བྱེ་བྲག་ཏུ་འབུལ་བ་ནི། ཚོགས་ཕུད་ཆ་གསུམ་དུ་བགོས་ཏེ་རིམ་པར་ཕུལ་བའི་དང་པོ་བསྟོད་དེ་འབུལ་བ་ནི། ཧྲཱིཿ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ནི། །གར་གཅས་སྒྲུབ་པའི་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙནྡན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱ་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། །མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི། བར་པ་བཤགས་ཏེ་འབུལ་བ་ནི། ཧཱུྃ། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ཏེ་ཚངས་པར་བསྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་སོགས་ཡིག་བརྒྱ་ལན་གསུམ་བཟླ། མཐའ་མ་བསྟབ་སྟེ་འབུལ་བ་ནི། མངོན་སྤྱོད་ཀྱི་ལས་དང་འབྲེལ་བའི་སྐབས་བསྒྲལ་ཐབས་གསུམ་གྱིས་རྣམ་རྟོག་ཆོས་ཉིད་དུ་བསྒྲལ་བའི་བྱེ་བྲག །ཕྱི་ལྟར་ལིངྒ་དགྲ་བགེགས་སུ་བསྒྲལ་བ་གསུམ། ཐ་མ་འཚེངས་པ་གསུམ་དང་ལྡན་པའི་གྱེར་སྒོམ་རྒྱས་པར་སྤྲོ་དགོས་ཀྱང་། འདིར་ཚོགས་མཆོད་དཀྱུས་མའི་དབང་དུ་བྱས་ནས་ཚོགས་ཐ་མ་ལ་དམིགས་ཏེ། ཨེ་རཾ། ཕཊ་རཾ། ཛྭ་ལ་རཾ། ནྲྀ་ཛཿ ཏྲི་ཛཿ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཛཿཧཱུྃ་བཾ་ཧོཿ ཧཱུྃ། སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བའི་ཉོན་མོངས་རྒྱ་ཕྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ། །སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ། ཧཱུྃ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་བསྟབ་བོ། །འདིར་འོག་ཏུ་དགོས་པའི་གཙང་ལྷག་ཟུར་དུ་བཞག་གོ །ལྔ་པ་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། བཟའ་བཏུང་རྣམས་བརྡ་དང་བརྡའི་འབུལ་ལེན་གྱིས་བྲིམས་ཏེ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་ལ། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས། མ་ཧཱ་མཱཾ་ས་གསོལ་བ་ལ་བརྟེན་ནས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བ་ལ་བརྟེན་ནས་འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བ་ལ་བརྟེན་ནས་དཔལ་ཆེན་པོ་པདྨ་དབང་ཆེན་གྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་བརྗོད། དྲུག་པ་ལྷག་མའི་ཆོ་ག་ལ་གཉིས། ཡར་གནས་དང་མར་གནས་སོ། །དང་པོ་ནི། སྔར་བཅད་པའི་ལྷག་ཕུད་དཀྱིལ་འཁོར་གྱི་མདུན་དུ་བཞག་ལ། ཡར་གྱི་གནས་གསལ་གདབ་པ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་བཛྲེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་རཏྣེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་པདྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཀརྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ པདྨ་དབང་ཆེན་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། ཧྲཱིཿབཛྲ་ཀྲོ་དྷ་སོགས་གཙོ་འཁོར་གྱི་སྔགས་རྣམས་སླར་ཡང་ལན་གཅིག་བརྗོད་པས་ཐུགས་དམ་གྱི་རྒྱུད་བསྐུལ། ཨོཾ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཡར་གྱི་གནས་རྣམས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འཁོར་དུ་དྲེགས་པའི་ཚོགས་རྣམས་འབུམ་གྱིས་བསྐོར། །དབང་ཆེན་རྔམ་པའི་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །གནོད་པའི་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དབྱིངས་ཉིད་རྣམ་པར་དག་པའི་དཀྱིལ་འཁོར་ནས། །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། །འཁོར་དུ་མ་མོ་ཆེན་མོ་འབུམ་གྱིས་བསྐོར། །མ་ཚོགས་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི༴ ཐུན་མོང་མཆོག་གི༴ གནོད་པའི་དགྲ་བགེགས༴ རྣལ་འབྱོར་བཅོལ་པའི༴ ཕྱོགས་བཞིའི་འཁོར་ལོར་གདོན་བཞིའི་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་དབང་ཆེན་རིགས་བཞི་ཡང་། །འཁོར་དུ་དྲི་ཟ་ལ་སོགས་འབུམ་གྱིས་བསྐོར། །རང་རང་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །དམ་རྫས༴ ཐུན་མོང་༴ གནོད་པའི༴ རྣལ་འབྱོར༴ ཞི་རྒྱས་དབང་དང་དྲག་པོའི་དཀྱིལ་འཁོར་ནས། །སྒོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །འཁོར་དུ་དཀར་སེར་དམར་ལྗང་འབུམ་གྱིས་བསྐོར། །ཕྱོགས་བཞིའི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །དམ་རྫས༴ ཐུན་མོང་༴ གནོད་པའི༴ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཉིས་པ་མར་གནས་བསྔོ་བ་ལ། མགྲོན་སྡུད་པ་ནི། དཔལ་ཆེན་པོའི་ཕམ་ཕབ་ལ་དབང་བའི་ལྷ་ཚོགས་ཨེ་ཧྱེ་ཧི་ཛཿཛཿ མཐེ་བོང་གཉིས་བསྣོལ་སོར་མོ་རྣམས་ནང་དུ་གདེངས་པ་གདེངས་ཀའི་ཕྱག་རྒྱ་བྱས་ལ། མུ་དྲ་ས་མ་ཡ་ཧཱུྃ། ཞེས་དབང་དུ་སྡུད། ཡང་གོང་གི་ཕྱག་རྒྱ་ལས་སོར་མོ་རྣམས་ཕྱིར་གདེངས་ཏེ། མུ་དྲ་ས་མ་ཡ་ཕཊ། ཅེས་ཟིལ་གྱིས་མནན། རྣལ་འབྱོར་པའི་ཚོགས་ལྷག་སློབ་དཔོན་གྱི་མདུན་དུ་བཞག་ལ་བྱིན་གྱིས་བརླབ་པ་ནི། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཨཱཿཔཱཾ་ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། རང་གི་ཡ་རྐན་ཉི་མའི་སྟེང་དུ་འོད་དཔག་མེད། མ་རྐན་ཟླ་བའི་སྟེང་དུ་གོས་དཀར་མོ་ཡབ་ཡུམ་གྱི་སྐུར་གསལ་བར་གྱུར། མ་སཱུརྻ་མཎྜ་ལ་ཧཱུྃ་ཕཊ། པཾ་པདྨ་མཎྜ་ལ་ཨེ་ཨཾ་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཨ་ནུ་རཱ་ག་ཡ་ཧོཿ ཨ་ནུ་རཱ་ག་ཡཱ་མི་ཛཿཧཱུྃ་བཾ་ཧོཿ ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལན་གསུམ་དུ་བབས་པས་སྣོད་པདྨ་བྷཉྫ། བཅུད་ཟག་མེད་ཀྱི་བདུད་རྩི། གཉིས་ཀའང་སོ་སོའི་ཡིད་དང་མཐུན་པའི་འདོད་རྒུའི་ལོངས་སྤྱོད་རྣམ་པར་དག་པར་གྱུར། བདུད་རྩིའི་ཁ་ཕྲུ་ལན་གསུམ་བཏབ་ལ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། གསུམ་བརྗོད། དེ་ཉིད་དཀྱིལ་འཁོར་ལས་དམའ་བའི་སྟེགས་བུར་བཀོད་པའི་སྟེང་དུ་སྔར་གྱི་ལྷག་ཕུད་བཀོད་ལ་ཡར་གནས་བསྲེ་བ་སོགས་དཀྱུས་ཀྱི་ཕྱག་ལེན་ལྟར་བྱས་ལ། ཧཱུྃ། དང་པོ་ཕུད་ཀྱིས་མི་མཆོད་དུ། །བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་དང་སྲིང་མོ་ཚོགས་ལ་དགྱེས། །ཐ་མ་ལྷག་མ་མི་བྱ་རུ། །དབང་ཆེན་བྲན་གཡོག་ལྷག་ལ་དབང་། །ལྷག་མ་ཁ་ཆུས་མི་བྲན་དུ། །རྗེ་དང་འབངས་གཉིས་ཁྱད་པར་ཆེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །མཆོད་ནས་ལས་ལ་མི་འཆོལ་དུ། །ཆོས་འཁོར་བསྟན་པ་བཤིག་པ་བྱུང་། །ཧྲཱིཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །བདེ་གཤེགས་ཁྱུང་གིས་བསྐོར་བ་ནི། །བུདྡྷ་རིགས་ཀྱི་ཁྱུང་ཆེན་དང་། །རྡོ་རྗེ་རིགས་ཀྱི་ཁྱུང་ཆེན་དང་། །རིན་ཆེན་རིགས་ཀྱི་ཁྱུང་ཆེན་དང་། །པདྨ་རིགས་ཀྱི་ཁྱུང་ཆེན་དང་། །ལས་ཀྱི་རིགས་ཀྱི་ཁྱུང་ཆེན་དང་། །རང་རང་འཁོར་དང་བཅས་པ་ལ། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དཔག་བསམ་རྩེ་ནས་བཞེངས་པ་ཡི། །ལས་ཀྱི་ཁྱུང་ཆེན་ཕོ་མོ་ལ། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བུདྡྷ་ག་རུ་ཌ། བཛྲ་ག་རུ་ཌ། རཏྣ་ག་རུ་ཌ། པདྨ་ག་རུ་ཌ། ཀརྨ་ག་རུ་ཌ། ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཱུ་ཛ་ཧོཿ རཀྟ་པི་པ་སྭཱ་ཧཱ། ཧྲཱིཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །སྲིན་པོ་ཕོ་མོས་བསྐོར་བ་ནི། །ཕྱོགས་བཞི་ནམ་མཁའི་ཀློང་ཡངས་ནས། །གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །ངན་སྔགས་བདག་མོ་གདོང་མོ་བཞི། །ཤར་གྱི་ཟོར་སྲིན་སྟག་གི་གདོང་། །ལྷོ་ཡི་བམ་སྲིན་དྲེད་མོའི་གདོང་། །ནུབ་ཀྱི་ཀོང་སྲིན་བ་གླང་གདོང་། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་མོ་ཁྱེད་བཞི་ཡང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །ནམ་མཁའི་དཀྱིལ་ནས་འབྲུག་ལྡིར་བ། །བར་སྣང་ཁམས་ནས་གློག་འཁྱུག་པ། །སད་དང་ཐོག་དང་སེར་འབེབ་མ། །སྤྲིན་དང་རླུང་འཚུབས་ནང་ཤེད་ན། །འུར་འུར་ཐོག་ཐོག་འཇིགས་བྱེད་མ། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་ཧུ་ལ་བཛྲ་རཀྵ་མ་ར་ཙ་ཤ་དྷ་ཡ་ཨི་དམ་བ་ལིཾ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་སྭཱ་ཧཱ། ཧྲཱིཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །མ་མོའི་ཚོགས་ཀྱིས་བསྐོར་བ་ནི། །མ་ཚོགས་རང་བྱུང་གཞལ་ཡས་ནས། །སྟོང་གསུམ་ཕུང་བྱེད་མ་མོ་ནི། །ནག་སེར་དམར་ལྗང་རལ་པ་ཅན། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །སྦྲུལ་དང་ཐོད་ཕྲེང་རྒྱན་དུ་བྱས། །རྨ་བྱའི་ཐུལ་པ་སྐུ་ལ་གསོལ། །གཏོར་མ་ལེན་པའི་ལེན་ཚུལ་ནི། ཁ་ནས་བཤུག་པའི་སྒྲ་འབོད་ཅིང་། །ལག་ན་ཐོད་པའི་རྔ་ཆེན་བརྡུང་། །མ་ཚོགས་འབུམ་སྡེ་དམ་ལ་སྡུད། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །མ་མོ་རཀྨོ་མ་ཧཱ་ཀཱ་ལི་ཨི་དཾ་བ་ལིཾ་གྲྀཧྞ་པཱུ་ཛ་ཧོཿ རཀྟ་པི་པ་སྭཱ་ཧཱ། ཧྲཱིཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །དྲེགས་པའི་ཚོགས་ཀྱིས་བསྐོར་བ་ནི། །བདུད་བཙན་རྒྱལ་པོ་ལ་སོགས་པ། །སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །སྟོང་གསུམ་ཐམས་ཅད་ཁུ་སྒྲས་འདེབས། །ཤ་ཁྲག་ཟ་ཞིང་དགྲ་ལ་ཆས། །མཚོན་ཆ་དགྲ་ལ་སྟོན་ཅིང་རྔམས། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་ཛ་སྲོག་ལ་ཧྲཱིཿ ཨ་ཤུགྨེ་ཏྲི་སྲོག་ལ་ཛཿ ཙ་པ་ལ་ཨ་ཤུག་ཛཿ ཏྲི་ལི་ཛཿབཛྲ་སཱ་དྷུ་ཏྲཱིཿ དུན་དུན་ཤུ་ལ་གྲཱི་བ། ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་སྭཱ་ཧཱ། ཡ་ཧི་གཙྪ། ཞེས་ལྷག་མ་ཕྱི་རོལ་དུ་དོར་ཞིང་མགྲོན་གཤེགས་སོ། ཚོགས་ཟློག་བྱེད་ན་ཚོགས་ལྷག་དམར་གཏོར་དང་ལྷན་ཅིག་བཤམས་ལ། །མཇུག་ཏུ་སྒོ་དབྱེ་གསེར་སྐྱེམས་ཟོར་བསྐུལ་རྣམས་བྱེད་ཅིང་གནོད་པའི་ཕྱོགས་སུ་གཏོང་བ་སྟེ་ཚོགས་མཆོད་དཀྱུས་སུ་མི་དགོས་པས་འདིར་མ་སྤྲོས་སོ། །དེ་དག་གིས་ཚོགས་མཆོད་བསྟན་ཟིན་ཏོ། །གསུམ་པ་ཆད་མདོ་ནི། ཧྲཱིཿ སྔོན་ཚེ་རྔམ་པ་འབར་བའི་གནས་མཆོག་ཏུ། །བཅོམ་ལྡན་པདྨ་ཁྲག་འཐུང་ཧེ་རུ་ཀས། ཁྱད་པར་བསྟན་པ་ཞེས་བྱའི་ཏིང་འཛིན་གྱིས། །དྲེགས་པ་དབང་དུ་བསྡུས་ནས་རྒྱུད་གསུངས་ཚེ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་སྡོངས་གྲོགས་བྱེད་དོ་ཞེས། ཁས་བླངས་དམ་བཅས་ཇི་བཞིན་དེང་གི་དུས། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །བར་དུ་སློབ་དཔོན་པདྨ་འབྱུང་གནས་དང་། །གཏེར་སྟོན་རྣམ་གསུམ་གྲུབ་ཐོབ་འདར་འཕྱར་གྱིས། ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཞལ་ཕྱེས་ནས། །སྔོན་གྱི་དམ་ཚིག་གཉན་པོ་བསྒྲགས་པའི་ཚེ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་སྡོངས་གྲོགས་བྱེད་དོ་ཞེས། ཁས་བླངས་དམ་བཅས་ཇི་བཞིན་དེང་གི་དུས། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱིས། །བསྙེན་སྒྲུབ་ལས་སྦྱོར་མཆོད་གཏོར་སྐོང་བ་སོགས། །རིག་འཛིན་བརྒྱུད་པའི་སྲོལ་བཞིན་བགྱིས་ལགས་ན། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་སྡོངས་གྲོགས་བྱེད་དོ་ཞེས། ཁས་བླངས་དམ་བཅས་ཇི་བཞིན་དེང་གི་དུས། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །བཞི་པ་བརྟན་མ་སྐྱོང་བ་ནི། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་སྥ་ར་ཎ་ཕཊ། གཏོར་མ་རིན་པོ་ཆེའི་མཆོད་སྡོང་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པར་འཕྲོ་བར་གྱུར། ཧོཿ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང་། དཀར་ཤམ་བཞིན་ལེགས་ཀྱི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། དཔལ་ཆེན་པོའི་ཕམ་ཕབ་དང་སྒྲུབ་པ་པོའི་སྡོངས་གྲོགས་ལ་འདིར་གཤེགས་ཤིག །ཛཿཧཱུྃ་བཾ་ཧོཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཕྱག་རྒྱ་གོང་བཞིན་བྱས་ལ། མུ་དྲ་ས་མ་ཡ་ཕཊ། བྷྱོཿ བཀའ་ཡི་ཚོགས་དང་བཅས་པ་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད། །སློབ་དཔོན་པདྨ་ཐོད་ཕྲེང་དང་། །བཤེས་གཉེན་ལང་ཀ་དཔལ་བརྩེགས་ཀྱིས། །རྒྱ་ཡུལ་དེ་ནི་བརྟན་བཟང་དུ། །ཞིང་ཆེན་འཁྲིགས་པའི་གདན་སྟེང་དུ། །རྣམ་ལྔ་ཞིང་གི་མཆོད་བཀྲམ་སྟེ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །རྣལ་འབྱོར་སྒྲུབ་པའི་དམ་ལ་བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཐར་པ་ཐོབ་ཕྱིར་མིང་ཡང་བཏགས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་ཚིག་བཞིན་དུ་མ་འདའ་བར། །བོད་ཁམས་སྐྱོང་ཞིང་བསྲུང་བ་དང་། །སྒྲུབ་པ་པོ་ཡི་སྡོངས་གྲོགས་མཛོད། །བཀའ་ཡི་གཏོར་མ་འདི་ལོངས་ལ། །སྤྱི་ལས་གྱུར་པའི་ནད་རྣམས་དང་། །རིམས་ནད་ཐམས་ཅད་ཟློག་པ་དང་། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཡ་ཧི་གཙྪ། ཞེས་གཤེགས་ལ་གཏོར་མ་དོར་རོ། །ལྔ་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་སྦུབས་ལ། ཨེ་རཾ། ཕཊ་རཾ། ཛྭ་ལ་རཾ། ནྲྀ་ཛཿཏྲི་ཛཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཧྲཱིཿ དམར་ནག་གྲུ་གསུམ་འཁྱིལ་པ་ཡི། །དབང་ཆེན་དཀྱིལ་འཁོར་ཆེན་པོ་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དབང་གི་རྟ་སྐད་ཙེ་རེ་རེ། ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །གསང་བའི་བཤུག་གླུ་ཀྱུ་རུ་རུ། །བསྐལ་པའི་གློག་དམར་ལྗིབས་སེ་ལྗིབ། །རྡོ་རྗེའི་ཐོག་འབེབ་ལམས་སེ་ལམ། །ཧཱུྃ་གིས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་དྲེགས་པའི་བདུད་དཔུང་སྲེག །རྔམ་ཆེན་སྐུ་ཡི་དཀྱིལ་འཁོར་ནས། །དབང་ཆེན་རུས་པའི་ཕུང་པོ་ལ། །གསོད་བྱེད་བྱམས་པའི་བྲོ་བརྡུངས་པས། །ཞེ་སྡང་མེ་ཡི་ཚོགས་ཆེན་བཅོམ། ཁྲག་འཐུང་གསུང་གི་དཀྱིལ་འཁོར་ནས། །སྲེག་བྱེད་རཀྟའི་ཆུ་བོ་ལ། །རྡུང་བྱེད་དབང་པོས་བྲོ་བརྡུངས་པས། །འདོད་ཆགས་རྒྱ་མཚོའི་རྦ་ཀློང་བཅོམ། །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །མ་རིག་ཤ་ཡི་ཕུང་པོ་ལ། །ཀུན་མཁྱེན་གསལ་བའི་བྲོ་བརྡུངས་པས། །གཏི་མུག་མུན་པའི་ཚོགས་ཆེན་བཅོམ། །གཏུམ་ཆེན་ཡོན་ཏན་དཀྱིལ་འཁོར་ནས། །ངར་འཛིན་དྲེགས་པའི་ཕུང་པོ་ལ། །བདག་མེད་རྡོ་རྗེའི་བྲོ་བརྡུངས་པས། །ང་རྒྱལ་བྲག་རིའི་ཚོགས་ཆེན་བཅོམ། །འཇིགས་བྱེད་ཕྲིན་ལས་དཀྱིལ་འཁོར་ནས། །འགྲོ་རྒྱུད་སེར་ཆེན་འཁྱིལ་བ་ལ། །འདོད་ཆེན་སྙིང་རྗེའི་བྲོ་བརྡུངས་པས། །ཕྲག་དོག་འདོད་པའི་ཚོགས་ཆེན་བཅོམ། །མ་ཆགས་པདྨའི་དཀྱིལ་འཁོར་ནས། །རྣམ་རྟོག་བགེགས་ཀྱི་ཕུང་པོ་ལ། །གཉིས་མེད་རོལ་པའི་བྲོ་བརྡུངས་པས། །གཉིས་འཛིན་གདོན་གྱི་ཚོགས་ཆེན་བཅོམ། །ཉོན་མོངས་རྡུལ་དུ་རློག་པའི་བྲོ། །ཉོན་མོངས་སྟེང་དུ་ད་རྡུངས་ཤིག །རྣམ་རྟོག་ཕྱེ་རུ་འཐག་པའི་བྲོ། །རྟོག་པའི་མགོ་ལ་ད་རྡུངས་ཤིག །སྐྱེ་མེད་ཀློང་དུ་ཆེམས་སེ་ཆེམ། །འགག་མེད་ཀློང་དུ་ཁྲིགས་སེ་ཁྲིག །དགྲ་བགེགས་ཐམས་ཅད་མཱ་ར་ཡ་ནན། །དགྲ་བགེགས་ཐམས་ཅད་སཏྭཾ་བྷ་ཡ་ནན། དྲུག་པ་གཏང་རག་མཆོད་བསྟོད་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་བཛྲེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་རཏྣེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་པདྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཀརྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ཞེས་བརྗོད་ལ་དཀྱིལ་འཁོར་པ་གསལ་གདབ། མཆོད་པ་ཁ་གསོས་ལ། ཧྲཱིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གེནྡྷེ་ནཻ་བིདྱཱ་ཤབྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་སྔགས་ཙམ་གྱིས་མཆོད། ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཆགས་མེད་སྐུ་ནི་ནུབ་ཀའི་དམར་ཐག་ལྟར། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་སྦུབས་གནོན་པའི་ལྷ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ལ་བསྟོད། །བདུན་པ་ནོངས་བཤགས་ནི། པདྨ་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བརྗོད་ཅིང་ཐལ་མོ་སྦྱར་ལ། བླ་མེད་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པ་བསྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །བརྒྱད་པ་བསྡུ་རིམ་ནི། མདུན་བསྐྱེད་འབྲེལ་བའི་ཚེ་རྟེན་དང་རས་བྲིས་ལ་ཡེ་ཤེས་པ་བརྟན་བཞུགས་བྱ་ཞིང་། དམ་ཚིག་པ་རང་ལ་བསྡུ། རྡུལ་ཚོན་ལ་ཡེ་ཤེས་པ་གཤེགས། ཨ་ཀཱ་རོས་དཀྱིལ་འཁོར་བསྡུ་བ་སོགས་སྤྱི་བཞིན་བྱ། བདག་བསྐྱེད་ལ་དམིགས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ཡུམ་ཡང་ཡབ་ལ་ཐིམ། །དབང་ཆེན་སྐུ་ཡང་འཇའ་ཚོན་ལྟར་ཡལ་ནས། །ཀ་དག་གདོད་མའི་ཀློང་དུ་བཛྲ་མུཿ ཞེས་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་ལ་རྟག་མཐའ་བསལ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར། །རང་ཉིད་ཡང་གསང་ཁྲོས་པར་གསལ་བ་ཡི། །སྐུ་ལས་ཡེ་ཤེས་མེ་དཔུང་རབ་འབར་བ། །འཇིགས་མེད་སྲུང་བའི་གོ་ཆ་བཙན་པར་གྱུར། །ཅེས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་ཆད་མཐའ་བསལ་ལ་སྲུང་བའི་རྒྱས་གདབ་པ་ནི། གནས་ལྔར་བྱ་ཁྱུང་གི་ཕྱག་རྒྱས་རེག་སྟེ། ཧ་ཡ་གྲཱི་བ་ཧྲཱིཿགབ། བ་མོ་དྷ་ར་ཧྲཱིཿགབ། པདྨ་དྷ་ར་ཧྲཱིཿགབ། ཙན་དྷ་རཀྵ་ཧྲཱིཿགབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དགུ་པ་སྨོན་ལམ་གདབ་པ་ནི། དགེ་བ་འདི་ཡིས་འགྲོ་ཀུན་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །བཅུ་པ་ཤིས་བརྗོད་བྱ་བ་ནི། དཀྱིལ་འཁོར་ཁྱབ་བདག་པདྨ་ཀུན་ཏུ་འཆང་། །རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །འཁོར་འདས་དབང་སྒྱུར་བདེ་ཆེན་ཡེ་ཤེས་སྐུ། ཁྲག་འཐུང་རྟ་མཆོག་རྒྱལ་པོའི་བཀྲ་ཤིས་ཤོག །ཆོས་ཀུན་འབྱུང་གནས་ཤེས་རབ་སྟོང་པའི་དབྱིངས། །ཡུམ་མཆོག་པདྨ་གར་དབང་བཀྲ་ཤིས་ཤོག །ཉོན་མོངས་བཞི་འཇོམས་ཡེ་ཤེས་བཞི་ཡི་དངོས། ཁྲོ་རྒྱལ་དབང་ཆེན་རིགས་བཞིའི་བཀྲ་ཤིས་ཤོག །ཚད་མེད་བཞི་ལྡན་ཕྲིན་ལས་རྣམ་བཞི་སྒྲུབ། །སྒོ་སྲུང་ཁྲོ་མོ་བཞི་ཡི་བཀྲ་ཤིས་ཤོག །ཡེ་ཤེས་རྣམ་རོལ་མི་བསྲུན་བདུད་དགྲའི་གཤེད། །བཀའ་དང་བསྟན་སྐྱོང་ཚོགས་ཀྱི་བཀྲ་ཤིས་ཤོག །གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་བཞིན་འབེབ། །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལོ། །ཚུལ་འདིར་སྔོན་བྱོན་རིག་པ་འཛིན་རྣམས་དང་། ཁྱད་པར་ས་དགེའི་མཁས་གྲུབ་དུ་མ་ཡི། །ཡིག་ཆ་ལྷུན་པོའི་གཏོས་ལ་འགྲན་བཟོད་ཀྱང་། །བློ་དམན་ཉི་ཚེའི་ངལ་བ་སེལ་བའི་སྨན། །རྩ་བའི་གཞུང་དང་གོང་མའི་གསུང་རྣམས་ལས། །འདུས་གསལ་སྙིང་པོར་དྲིལ་བའི་བཅུད་འདིས་ཀྱང་། །སྨིན་གྲོལ་ཕྲིན་ལས་སྲོག་གི་རྒྱུན་བཟུང་སྟེ། །ལུས་ཅན་བདེ་བ་ཆེན་པོར་འཚོ་བྱེད་ཤོག །ཅེས་པ་འདིའང་ཁྱབ་བདག་བླ་མ་ཀུན་མཁྱེན་པདྨ་དགྱེས་པའི་ཞལ་སྔ་ནས་སྨིན་གྲོལ་དང་གདམས་པའི་བཀའི་གནང་བ་ཆབས་ཅིག་ཏུ་ཐོབ་པ་རྒྱུར་བྱས་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་དང་འདབས་འབྱོར་པ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་པ་དགེ་ལེགས་འཕེལ།། །།

ཡང་ཟློག་ (Volume 17, Text 19)

ཡང་ཟློག །ཏྲཱཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ལས་ལོངས་སྤྲུལ་གྱི་འཇམ་དཔལ་ཞི་ཁྲོ་རིགས་ལྔ་སྤྲུལ་འཁོར་བྱེ་བ་ས་ཡ་ལས་བྱེད་ཕོ་ཉ་ལས་གཤིན་སྡེ་བརྒྱད་དང་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ། མཁའ་དབྱིངས་ཀུན་ཏུ་བཟང་པོའི་ངང་། །རང་སྣང་ཀུན་བཟང་རོལ་པའི་སྤྲིན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །གཉིས་མེད་ངང་ནས་རྒྱ་ཆེར་འབུལ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །དྲོད་རླངས་མ་ཡལ་དབང་པོ་ལྔ། །ཤ་ཆེན་བསྲེགས་དུད་སྤྲིན་ལྟར་འཁྲིགས། །རྐང་ཚིལ་ཞུན་ཆེན་སྒྲོན་མེ་གསལ། ཁྲག་ཞག་མཁྲིས་པ་ཆལ་ཆིལ་འཁྲུག །ཕྱི་ནང་ཤ་ཚིལ་རུས་པའི་བཤོས། །དུང་ཆེན་རྔ་དང་རྐང་གླིང་འབུད། །བདུད་རྩི་སྨན་དང་དམར་ཆེན་ཁྲག །དམ་རྫས་གཏོར་མ་སྤྱན་གཟིགས་འབུལ། །གཟུགས་ཅན་དགྲ་བོ་བཅོམ་པ་དང་། །གཟུགས་མེད་བགེགས་དཔུང་བཅིལ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །སྔར་བཅོལ་ལེགས་པའི་གཏང་རག་དང་། །སླད་ནས་ལས་འཆོལ་དོན་ཆེད་དུ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །རྒྱུ་སྦྱོར་སྦྱིན་བདག་སྒོ་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྡེ་བཞིའི་སྒོ་བརྒྱ་ཕྱོགས་ཀུན་ཏུ། །འབྱེད་པའི་རྨད་བྱུང་དངོས་གྲུབ་སྩོལ། །བར་གཅོད་དགྲ་བགེགས་མི་མཐུན་ཕྱོགས། །སྲུང་ཟློག་མནན་པའི་ཕྲིན་ལས་མཛོད། །སྔོན་ལས་འཕྲལ་རྐྱེན་ནད་མུག་སོགས། །རབ་གཞིལ་རྣམ་བཞིའི་ལས་ཀུན་སྒྲུབས། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ །རང་བཞིན་གཉིས་མེད་དག་པའི་གསུང་། །མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས། །འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན། །འགྲོ་ཀུན་དོན་མཛད་ཕྲིན་ལས་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས། །སེམས་ཅན་དོན་མཛད་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །ཅེས་པའང་མེ་སྟག་གྲོ་ཞུན་ཟླ་བའི་བཟང་པོ་གསུམ་པ་ནས་ཉིན་ལྔར་གཏང་རག་གཏོང་སྐབས་ལོག་ཏྲི་ཡང་ཟློག་ཏུ་ཚིག་ཟུར་བསྒྱུར་མི་བདེ་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད།། །།

པདྨ་གསང་བའི་ཐིག་ལེ་ལས༔ འཆི་མེད་ཚེ་ཡི་ཕྲིན་ལས་ (Volume 63, Text 19)

ྈ པདྨ་གསང་བའི་ཐིག་ལེ་ལས༔ འཆི་མེད་ཚེ་ཡི་ཕྲིན་ལས་བཞུགས༔ ྈྈྈ སྐྱེ་འཆི་མི་མངའ་རྟག་པའི་སྐུ༔ འཕོ་འགྱུར་མཚན་མས་མི་ཕྱེད་ཅིང༔ རིག་སྟོང་འོད་གསལ་རྡོ་རྗེའི་སྲོག༔ དགོངས་པའི་ཐིག་ལེར་ཡང་དག་སྒྲུབ༔ ྈྈྈྈ སྔོན་འགྲོའི་ཆོས་ལ་རྣམ་གྲངས་བདུན༔ དང་པོ་སྐྱབས་ཡུལ་གསལ་གདབ་པར༔ ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ གཉིས་པ་དོན་དམ་བྱང་སེམས་བསྐྱེད༔ ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ གསུམ་པ་ཚོགས་གསག་རྣལ་འབྱོར་ནི༔ འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ བཞི་པ་སྲུང་མཚམས་རྣལ་འབྱོར་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྔ་པ་རྡོ་རྗེའི་བྱིན་ཆེན་དབབ༔ ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དཱེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ དྲུག་པ་ཕྱི་ནང་མཆོད་པ་བརླབ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་རྣམ་དག་མཆོད་པའི་སྤྲིན༔ སྟོང་པ་འོད་གསལ་བདུད་རྩི་ཆེ༔ བདེ་ཆེན་རང་བྱུང་དམར་ཆེན་པོ༔ འདོད་ཡོན་དམ་རྫས་རྨད་དུ་བྱུང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིངྟ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ བདུན་པ་རང་རིག་གསལ་གདབ་པ༔ ཧཱུྃ༔ གདོད་ནས་མ་སྐྱེས་སྤྲོས་དང་བྲལ༔ རྡོ་རྗེ་ཕུང་པོའི་ཡན་ལག་རྣམས༔ བདེན་དོན་འོད་གསལ་ཆེན་པོའི་ངང༔ རང་རིག་དབྱིངས་སུ་རང་གསལ་གདབ༔ ཨོཾ་ཨཱཿཧཱུྃ༔ གསང་གསུམ་རྡོ་རྗེའི་ངོ་བོར་བྱས༔ རབ་འབྱམས་སྒྲུབ་པའི་ཕྲིན་ལས་ཀྱི༔ སྔོན་འགྲོའི་རིམ་པ་ཟབ་མོ་འོ༔ ྈྈྈ ྈྈྈ ྈ ྈྈྈ བདེ་ཆེན་ཆོས་སྐུའི་གྲོང་ཁྱེར་བ༔ མངོན་སུམ་ལམ་དུ་ཁྱེར་བའི་ཐབས༔ ཕྲིན་ལས་དངོས་གཞིའི་རིམ་པ་ལ༔ རྡོ་རྗེའི་གནས་མཆོག་བརྒྱད་ཀྱིས་བསྟན༔ དང་པོ་བསྐྱེད་པའི་རྣལ་འབྱོར་ནི༔ ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགགས་མེད་རང་བྱུང་སྙིང་རྗེའི་སྤྲིན༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ཚུར་འདུས་འབྱུང་བའི་དྭངས་བཅུད་སྟེང༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ ཟག་མེད་དཀར་དམར་ལང་ཚོས་གང༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་ཞལ༔ རྗེས་ཆགས་སྤྱན་ཟུང་འཛུམ་པའི་མདངས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ པང་དུ་རང་འོད་ལས་སྐྱེས་པའི༔ འཆི་མེད་ཡེ་ཤེས་མནྡཱ་ར༔ མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་མཉམ་ཆེན་པོའི་དབྱིངས་སུ་སྦྱོར༔ ལོངས་སྤྱོད་རྫོགས་སྐུ་ཞི་བའི་ཆས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ ཕྱོགས་མཚམས་པདྨའི་འདབ་མ་ལ༔ ཤར་ཕྱོགས་ཀུན་ཏུ་དགའ་བའི་བདག༔ རྡོ་རྗེ་ལཱ་སྱཻ་སྐུ་མདོག་དཀར༔ ཕྱག་གཡས་སྣང་སྟོང་མེ་ལོང་འཛིན༔ ལྷོ་ཕྱོགས་མཆོག་ཏུ་དགའ་བའི་བདག༔ རྡོ་རྗེ་མཱ་ལྱེ་སྐུ་མདོག་སེར༔ རྡོ་རྗེ་དཀུར་བརྟེན་སྒེག་པའི་ཉམས༔ ནུབ་ཕྱོགས་ཁྱད་པར་དགའ་བའི་བདག༔ རྡོ་རྗེ་གཱིརྟཱི་སྐུ་མདོག་དམར༔ ཕྱག་གཉིས་སྐྱེ་མེད་གླིང་བུ་སྒྱུར༔ བྱང་ཕྱོགས་དགའ་བྲལ་ངོ་བོ་ཉིད༔ རྡོ་རྗེ་ནིརྟཱི་སྐུ་མདོག་ལྗང༔ བདེ་ཆེན་བརྡའ་ཡི་གར་ལ་བརྩོན༔ ཤར་ལྷོ་སྣང་སྟོང་པུཥྤེ་དཀར༔ ལྷོ་ནུབ་ཚོར་སྟོང་དྷཱུ་པེ་སེར༔ ནུབ་བྱང་བདེ་སྟོང་མར་མེ་དམར། །བྱང་ཤར་རིག་སྟོང་དྲི་ཆབ་མཐིང༔ སྒོ་བཞིར་ལས་བཞིའི་མགྱོགས་མ་ནི༔ དཀར་སེར་དམར་ལྗང་མདའ་དར་དང༔ ཚེ་བུམ་བསྣམས་ཤིང་གར་སྟབས་སྒྱུར༔ གཞན་ཡང་ཕྱོགས་མཚམས་སྟེང་འོག་ཀུན༔ འཇའ་ཟེར་དྭངས་མར་འཁྱིལ་བའི་ཀློང༔ ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ༔ འོད་གསལ་དབྱིངས་སུ་རྣམ་དག་པའི༔ ལྷ་ཡི་འཁོར་ལོ་ཡོངས་རྫོགས་པ༔ མ་བསྐྱེད་ཡེ་ནས་རང་ཤར་བའི༔ དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ གཉིས་པ་ཡེ་ཤེས་ལྔའི་དབང་སྐུར༔ གདོད་ནས་དག་པའི་ཡེ་ཤེས་པ༔ རིགས་མཆོག་རྣམ་པ་ལྔ་ཡི་བདག༔ འོད་གསལ་ཆེན་པོའི་ཐིག་ལེ་རུ༔ རང་བཞིན་ངོ་བོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་སྤྱན་དྲང་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚོགས་བརྒྱད་གནས་དག་སྲིན་པོའི་གྲོང༔ ཕྱི་ནང་རོ་མཉམ་ཡེ་ཤེས་ཞིང༔ བདེ་ཆེན་རྔ་ཡབ་པདྨ་འོད༔ སྐུ་གསུམ་དབྱིངས་ཀྱི་ཞིང་ཁམས་ནས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ དག་པ་དབྱིངས་ཀྱི་ཟེར་ཐག་ལས༔ རིག་གདངས་ཚོམ་བུའི་སྣང་ཆར་བཞེངས༔ འཕོ་བཅས་ལས་རླུང་རྩད་ནས་ཆོད༔ གཉིས་འཛིན་བདུད་དཔུང་གཞོམ་པའི་ཕྱིར༔ རང་རིག་རང་གསལ་ངང་ནས་གཤེགས༔ ཡེ་ཤེས་སྣང་ཆ་གོང་དུ་སྤོར༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་བཻ་ཤ་ཡ་ཨ་ཨ་ཨཱ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ དམ་ཚིག་དཀྱིལ་འཁོར་ཕྱག་རྒྱ་དང༔ དབྱེར་མེད་དགྱེས་མཉམ་ཆེན་པོའི་ངང༔ རྡོ་རྗེའི་ཡེ་ཤེས་བརྟན་པར་བསམ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་དང་མཆོད་པས་མཉེས༔ ན་མོ༔ ཡེ་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་སྣང་ཡེ་ཤེས་དཔལ་གྱི་ལྷ༔ གང་ལ་གང་འདུལ་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ ཧཱུྃ༔ ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན༔ དབྱངས་གསལ་སྣ་ཚོགས་འདུ་འཕྲོ་འབར༔ མཁའ་ཁྱབ་མཆོད་པའི་ཕྱག་རྒྱར་ཤར༔ དགྱེས་མཉམ་རོལ་པའི་ཞིང་དུ་གྱུར༔ སརྦ་པཱུ་ཛ་ཧོ༔ ཞེས་པས་མཆོད་སྤྲིན་རྒྱས་པར་སྤེལ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་སྤྲོ༔ ཉེར་སྤྱོད་འདོད་ཡོན་བསམ་ཡས་པ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གྷནྡྷེ་གྷན༔ ཨོཾ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རིགས་ལྔ་ཞུ་བའི་བཅུད༔ རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་བ༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧཱི༔ ཨོཾ༔ སྟོང་པ་དབྱིངས་ཀྱི་གཏོར་གཞོང་དུ༔ སྣང་བ་རྣམ་དག་མཆོད་གཏོར་བཤམས༔ ཞེན་མེད་རང་གྲོལ་འདོད་ཡོན་འཕྲོ༔ རྒྱལ་བ་དགྱེས་པའི་སྤྲིན་དུ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྲིད་གསུམ་ཆགས་པ་བསྒྲལ་པའི་ཁྲག༔ བདེ་བ་ཆེན་པོའི་རྦ་རླབས་འཕྱོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང༔ བདེ་ཆེན་གསང་བའི་རྫས་སུ་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧོ༔ སྒྱུ་འཕྲུལ་ཆེན་མོ་ཆགས་པ་ཆེ༔ གཟུགས་མཛེས་འཁྲིལ་ལྡེམ་ཀུན་ཏུ་སྐྱོད༔ མི་མོ་རྣམས་ཀྱི་རེག་བྱའི་དངོས༔ བྱིན་རླབས་ཐིམ་པའི་མཆོད་པར་བཞེས༔ མ་ཧཱ་ཡོ་གི་པཱུ་ཛ་ཧོ༔ ཨ༔ བདེ་བ་ཆེན་པོ་སྟོང་པ་ཆེ༔ འོད་གསལ་ཆེན་པོ་ཟུང་འཇུག་ཆེ༔ གཉིས་མེད་ཆེན་པོ་མཉམ་པ་ཆེ༔ དགྱེས་པ་ཆེན་པོའི་དབྱིངས་ཆེ་ཧོ༔ ལྔ་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ མཚན་དཔེའི་ལུས་ལྡན་རྡོ་རྗེའི་སྐུ༔ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོར༔ ཐབས་ཤེས་རྡོ་རྗེ་བུམ་པ་འཛིན༔ རིག་འཛིན་རྒྱལ་བའི་གཙོ་ལ་བསྟོད༔ བརྗོད་དུ་མེད་ཀྱང་བརྗོད་པའི་གཞི༔ ཡི་གེ་འཁོར་ལོ་སྤྲུལ་པའི་སྤྲིན༔ གསང་ཆེན་གསང་བའི་འདུ་འཕྲོ་ཆེ༔ སྐྱེ་འགག་མེད་པའི་གསུང་ལ་བསྟོད༔ སྣང་སྲིད་གདོད་ནས་མཉམ་པ་ཆེ༔ ཡིད་དཔྱོད་ཚིག་གིས་མཚོན་མིན་པ༔ མི་འགྱུར་འོད་གསལ་བདེ་བ་ཆེ༔ རིག་སྟོང་རྡོ་རྗེའི་ཐུགས་ལ་བསྟོད༔ སངས་རྒྱས་ཁོ་ནའི་མ་འདྲེས་ཆོས༔ ཡོན་ཏན་ཉེར་ལྔ་ལྷུན་གྱིས་གྲུབ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ ཉི་མ་དང་ནི་འོད་ཟེར་བཞིན༔ འདུས་མ་བྱས་པའི་ཕྲིན་ལས་ནི༔ རྩོལ་མེད་འགྲོ་བའི་ཁམས་ལ་འཇུག༔ ཕྲིན་ལས་ཕ་མཐའ་ཡས་ལ་བསྟོད༔ དགའ་བ་བཞི་དང་སྟོང་བཞིའི་བདག༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཅིང༔ མཆོག་ཐུན་ཕྲིན་ལས་མྱུར་སྩོལ་བའི༔ ལྷ་མོ་མགྱོགས་མའི་ཚོགས་ལ་བསྟོད༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཡེ་ཤེས་རབ་འབྱམས་གཞལ་ཡས་ཁང༔ དག་མཉམ་དབྱེར་མེད་ལྷའི་འཁོར་ལོ༔ ཕ་མཐའ་ཡས་ལ་གུས་པས་བསྟོད༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ཡིས༔ སྲིད་ལམ་དུབ་པའི་སེམས་ཅན་རྣམས༔ མ་རྟོགས་གསང་བའི་སྒོ་ཕྱེས་ཏེ༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ དྲུག་པ་ཐུགས་དམ་གནད་ནས་བསྐུལ༔ ཧཱུྃ༔ མ་བཅོས་རིག་པ་འདུས་མ་བྱས༔ བདེ་ཆེན་བརྡ་ཡི་གྲོང་ཁྱེར་ནས༔ འཆི་མེད་ཆོས་སྐུ་སྣང་མཐའ་ཡས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ངེས་པ་ལྔ་ལྡན་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ འཆི་མེད་གྲོང་ཁྱེར་པདྨ་འོད༔ རྔ་ཡབ་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ སྒྲོན་དྲུག་དྭངས་མའི་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་མངའ་བདག་མོ༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ སྣང་སྲིད་དག་པ་རབ་འབྱམས་ཞིང༔ ཕྲིན་ལས་ཕ་མཐའ་ཡས་པ་ནས༔ ཟབ་གཏེར་སྒོ་འབྱེད་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ འཆི་མེད་ཕྱག་རྒྱའི་དཀྱིལ་འཁོར་པ༔ ཡེ་ཤེས་ཕ་མཐའ་ཡས་པའི་བདག༔ ཕྲིན་ལས་བསམ་མི་ཁྱབ་པ་རྣམས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨ༔ བདུན་པ་ཛཔ྄་ཀྱི་རྣལ་འབྱོར་ནི༔ རང་ཉིད་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པ་ཁོང་པའི་དབུགས་བཞིན་བཟླ༔ ཏིང་འཛིན་ལྡན་པའི་རྣལ་འབྱོར་གྱིས༔ རྩེ་གཅིག་ཟླ་བ་བདུན་བསྒོམས་ན༔ འཆི་མེད་རིག་འཛིན་ངེས་པར་འགྲུབ༔ བརྒྱད་པ་གྲུབ་པའི་རྟགས་མཐོང་ནས༔ རྡོ་རྗེའི་དངོས་གྲུབ་ཡང་དག་བླང༔ ཧཱུྃ༔ བདེ་ཆེན་ཆོས་སྐུའི་ལྷ་ཚོགས་པ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་དཀྱིལ་འཁོར་པའི༔ མི་འགྱུར་སྐུ་ཡི་གསང་བ་ནས༔ རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ འགག་མེད་གསུང་གི་གསང་བ་ནས༔ རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣལ་འབྱོར་ཡིད་ལ་བྱིན་གྱིས་རློབས༔ ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ༔ ཁྱད་པར་དབང་བཅུའི་ཡེ་ཤེས་སྤེལ༔ མཆོག་ཏུ་ཆོས་ཉིད་ཟད་སར་སྐྱོལ༔ འོད་གསལ་འཕོ་ཆེན་དངོས་གྲུབ་སྩོལ༔ ཅེས་བརྗོད་དངོས་གྲུབ་རྫས་ལ་རོལ༔ འཆི་མེད་འདུས་པ་རྩ་བའི་རྒྱུད༔ བྱེ་བའི་ཡང་བཅུད་གནད་དུ་དྲིལ༔ མ་འོངས་དབང་ཆེན་དཀྱིལ་འཁོར་ལས༔ གྲགས་པའི་མིང་གིས་གཏེར་དུ་བླངས༔ རང་གཞན་སྐལ་ལྡན་དོན་བྱས་ཏེ༔ བཛྲ་ཀ་ཤི་ཉིད་ལ་གཏད༔ སླར་ཡང་མ་འོངས་རྩུབ་འགྱུར་དུས༔ བོད་ཁམས་ཀླ་ཀློའི་སྐབས་ཚོལ་ཞིང༔ བསྟན་པའི་ལྷག་མ་སྡུད་ཉེའི་སྐབས༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ རྗེས་བཟུང་སྔགས་ཀྱི་རྣལ་འབྱོར་པ༔ བཛྲ་མིང་ཅན་རིག་རྩལ་ཅན༔ དེའི་སྤྱོད་ཡུལ་དུ་གྱུར་ཏེ༔ མཉམ་གཉིས་ཟུང་སོགས་བཅུ་ཕྲག་ལ༔ ཕན་པ་བླ་ན་མེད་པར་འགྱུར༔ ྈྈྈ ྈྈྈ ྈ ྈྈྈྈ ཡེ་ཤེས་གསང་བ་བསམ་མི་ཁྱབ༔ རང་རིག་ངོ་བོར་རོ་མཉམ་ཀྱང༔ རྣམ་པའི་ཚུལ་དུ་ལྷའི་འཁོར་ལོ༔ ཡན་ལག་བཞི་ལྡན་བསྙེན་ཅིང་སྒྲུབ༔ མཇུག་ཏུ་བསོད་ནམས་ཡེ་ཤེས་ཀྱི༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ ཕྱི་ནང་གསང་བའི་ཚོགས་འཁོར་ནི༔ རྡོ་རྗེའི་གནས་མཆོག་བཅུ་རུ་བསྟན༔ དང་པོ་བྱིན་རླབས་ཡེ་ཤེས་འགུགས༔ ཐབས་ཤེས་དམ་ཚིག་རྫས་རྣམས་བསགས༔ འདུ་བར་འོས་རྣམས་གྲལ་དུ་འཁོད༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་བག་ཆགས་བསྲེགས་གཏོར་སྦྱངས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ ཡེ་ཤེས་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ གཞི་སྣང་ཡེ་ཤེས་ཆེན་པོར་བཞེངས༔ འཇའ་ཟེར་འོད་ཕུང་འཁྲིགས་པའི་དབུས༔ དག་པ་ལྷ་ཡི་སྣང་ཆར་གཤེགས༔ ཡེ་ཤེས་ཚོགས་ཀྱི་འདུ་བར་སྤྱོན༔ དབུ་སྐྲ་ཟུར་ཕུད་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྐྱེ་མེད་ཧཱུྃ་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ཕཻཾ་ཕཻཾ་ཛ་ཛ༔ གཉིས་པ་ཚོགས་ཀྱི་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ རྟེན་འབྱུང་སྒྱུ་མའི་འོད་ཟེར་འཕྲོ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ རྡོ་རྗེ་ཕུང་པོའི་ཀ་པཱ་ལར༔ རྩ་རླུང་ཐིག་ལེའི་ཚོགས་གཏོར་བཤམས༔ དག་པ་ལྷ་ཡི་འདུ་འཕྲོ་འབར༔ བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ༔ མི་འགྱུར་དབྱིངས་ཀྱི་ཀ་པཱ་ལར༔ ཡེ་ཤེས་རབ་འབྱམས་ཚོགས་གཏོར་བཤམས༔ གཉིས་མེད་མཉམ་པའི་འོད་ཟེར་འཕྲོ༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ སྒྲོན་དྲུག་ཐིག་ལེའི་ཀ་པཱ་ལར༔ འོད་གསལ་སྣང་བཞིའི་ཚོགས་གཏོར་བཤམས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོ༔ བླ་མ་ངོ་བོ་ཉིད་སྐུར་འབུལ༔ པདྨ་བྷཉྫའི་བཟེད་ཁོང་དུ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རབ་འབྱམས་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསུམ་པ་ཐུགས་དམ་བསྐང་ཞིང་བཤགས་པ་ནི༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཏི་མུག་པས༔ ཐུན་མོང་དང་ནི་ཁྱད་པར་གྱི༔ རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཕྱི་ནང་གསང་བའི་དམ་ཚིག་གིས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ ས་མ་ཡ་ཤུདྡྷེ་ཨ༔ བཞི་པ་ཉམས་པ་འགུགས་ཤིང་བསྒྲལ༔ ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ གཏུམ་ཆེན་རྔམས་པ་ཁྲོས་པའི་ལྷ༔ འབར་བ་ཆེན་པོའི་སྐུར་བཞེངས་ལ༔ བདག་ལྟ་གཉིས་འཛིན་བདུད་སྡེའི་དཔུང༔ མཚན་མ་རྫས་ཀྱི་རྟེན་ལ་ཁུག༔ ཤེས་རབ་རྡོ་རྗེའི་མཚོན་ཆེན་གྱིས༔ ལོག་རྟོག་འཁོར་བ་རྡུལ་དུ་རློགས༔ དུག་ལྔའི་རང་བཞིན་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་གྷ་ཎ་རཽ་ཌི་ཁ་རཾ་ཡོ་གི་ཁཱ་ཧི་ཧོ༔ ལྔ་པ་དམ་ཚིག་རྡོ་རྗེའི་རྫས༔ བརྡ་དང་བརྡ་ཡིས་འབུལ་ལེན་གྱིས༔ ནང་གི་བསྲེག་བླུག་མཆོག་ཏུ་རོལ༔ དྲུག་པ་གསང་བ་བདེ་ཆེན་གྱི༔ ཚོགས་འཁོར་རྒྱུད་ལས་འབྱུང་བཞིན་བྱ༔ དེ་དག་ཀུན་ཏུ་ཟབ་པའི་རྒྱུད༔ བཀླག་དང་ཁྱད་པར་ངོ་མཚར་བའི༔ ཚིག་ཆེན་བརྒྱད་དང་རྡོ་རྗེ་ཡི༔ གད་མོ་བཅུ་གཉིས་ལ་སོགས་པ༔ གླུར་བླངས་ཉམས་རྟོགས་གོང་དུ་སྤར༔ བདུན་པ་གསོག་འཇོག་སྤངས་པ་ཡི༔ ལྷག་གཏོར་ཞིང་གི་ལྤགས་པར་བཀྲམ༔ རྐང་གླིང་བཤུག་པའི་བརྡས་མཚོན་ཏེ༔ ཧྲཱིཾ་ཕཻཾ༔ མཁའ་འགྲོ་གིང་དང་ལངྐ་དང༔ འབར་མ་དབང་ཕྱུག་གནས་ཉུལ་ཀུན༔ དམ་ཚིག་གསང་བའི་གནས་སུ་བྱོན༔ སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ༔ ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ ལྷག་གཏོར་བདུད་རྩིའི་མཆོད་པ་བཞེས༔ བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་ཐ་ཚིག་བསྒྲག་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཞི་བ་ཆེན་པོ་རུ༔ རང་བྱུང་ཆོས་སྐུའི་སྟོན་པ་ཡིས༔ རང་སྣང་འཁོར་ལ་ཆོས་བསྟན་ཚེ༔ དབྱིངས་ལས་ཤར་པའི་མཁའ་འགྲོ་ཡིས༔ རྟོག་ཚོགས་སྒྲོལ་བར་མ་ཆད་དམ༔ དེ་འོག་ལོངས་སྤྱོད་ཡོངས་རྫོགས་པར༔ བདེ་ཆེན་ཚེ་དཔག་མེད་མགོན་གྱིས༔ འོད་གསལ་བརྡ་ཡི་ཆོས་བསྟན་ཚེ༔ རང་རྩལ་རོལ་པའི་མཁའ་འགྲོ་མས༔ གཉིས་འཛིན་སྒྲོལ་བར་མ་ཆད་དམ༔ དེ་འོག་སྤྲུལ་པའི་ཞིང་ཁམས་སུ༔ འཆི་མེད་མཚོ་སྐྱེས་རྒྱལ་བ་ཡིས༔ ཟབ་དོན་ཆོས་འཁོར་བསྐོར་པའི་ཚེ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བདག་ལྟའི་དགྲ་བོ་སྒྲོལ་བ་དང༔ ཡེ་ཤེས་གོང་དུ་སྤོར་བ་ཡི༔ ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ རང་སྣང་རོལ་པའི་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་ས་མ་ཡ་རཀྵནྟུ༔ དགུ་པ་བརྟན་མའི་ཚོགས་རྣམས་ལ༔ བཤལ་ཆུའི་བདུད་རྩིས་ཡང་དག་མཆོད༔ ཧཱུྃ༔ འཕོ་བ་བཅུ་གཉིས་གནས་དག་ཅིང༔ བདེན་དོན་ཡན་ལག་ཆེན་པོའི་ཀློང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་གི་རྒྱལ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་སོགས༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཕྱི་རུ་འཇིག་རྟེན་བདེ་བ་དང༔ ནང་དུ་རྣལ་འབྱོར་བར་ཆད་སོལ༔ གསང་བ་རྩ་རླུང་ཐིག་ལེ་བདེ༔ དོན་དམ་ལྷན་སྐྱེས་ཡེ་ཤེས་སྤོར༔ ཨོཾ་མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རག་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ བཅུ་པ་རྡོ་རྗེའི་བྲོ་བརྡུང་བ༔ རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་ཐར་མེད་ཨེ་རུ་གནན༔ ྈྈ ྈྈྈ ྈ ྈྈྈ གསུམ་པ་རྗེས་ཀྱི་རིམ་པ་ལ༔ མཆོད་ཅིང་བསྟོད་པ་བྱ་བ་དང༔ ནོངས་པ་བཤགས་པ་སྔོན་འགྲོ་བས༔ དངོས་གྲུབ་སྒྲུབ་པའི་རྫས་རྣམས་དང༔ ཐབས་ཤེས་བདེ་ཆེན་གསང་བ་ནས༔ ཡེ་ཤེས་གྲུབ་པའི་དབྱིག་ཆེན་པོ༔ འབད་རྩོལ་མེད་པའི་ངང་ལས་བླང༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ སྒྲོན་དྲུག་དབྱིངས་ཀྱི་ཟེར་ཐག་ལས༔ འཇའ་ལུས་ཆོས་སྐུར་དེངས་པའི་རྩལ༔ ལྷུན་གྲུབ་ཐེག་པའི་ལམ་མཆོག་ནས༔ རྣལ་འབྱོར་ལྡན་པས་ཡང་དག་བླང༔ ཧོ༔ མ་བསྐྱེད་ཡེ་ནས་རྫོགས་པའི་ལྷ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་པ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་རང་དང་སྣང་བ་ཀུན༔ ཆུ་ལས་ཆུ་བུར་རྡོལ་པ་ལྟར༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱར་ཤར༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ དགེ་བ་འདི་དང་དགེ་བ་གཞན༔ ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས༔ ཟག་མེད་ཆོས་སྐུའི་དབྱིངས་སུ་བསྔོ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ འགགས་པ་མེད་པར་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ གཞི་གྲོལ་རིག་པ་ཀ་ནས་དག༔ གཞི་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་སྦུབས༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ྈྈྈ ྈྈྈྈ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཁོ་བོ་རྡོ་རྗེའི་མིང་ཅན་ལ་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་དངོས་གྲུབ་ཏུ་ཐོབ་པ་ལས། ལས་བྱང་རྣམས་ཁྲིགས་སུ་བསྡེབས་ཏེ་བཀོད་པ་འདི་ལ་འབྲེལ་ཚད་རྣམས་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཁྲག་འཐུང་པདྨ་དྲག་པོའི་གཏོར་མའི་ལས་རིམ་དགྲ་བགེགས་ཀུན་འཇོམས་ (Volume 13, Text 19)

༄༅། ཁྲག་འཐུང་པདྨ་དྲག་པོའི་གཏོར་མའི་ལས་རིམ་དགྲ་བགེགས་ཀུན་འཇོམས་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། གདོད་ནས་འགྱུར་མེད་ཡེ་ཤེས་ཀུན་གྱི་དངོས། །གདུལ་དཀའི་འགྲོ་ལ་ཆེར་ཁྲོས་ཐོད་ཕྲེང་རྩལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔའ་བོ་ཆེར། །གུས་པས་འདུད་དོ་བདུད་དཔུང་འཇོམས་པར་མཛོད། །གང་གི་ཕྲིན་ལས་ཡེ་ཤེས་རྡོ་རྗེའི་གཟིས། །མི་ཟད་ཉེས་བརྒྱའི་དཔུང་ཚོགས་བཅོམ་ནས་སླར། །དངོས་གྲུབ་ཀུན་གྱི་གནས་ལ་དབུགས་འབྱིན་པའི། །དྲག་པོའི་ཕྲིན་ལས་གཏོར་མའི་ལས་རིམ་བཤད། །དེ་ལ་ཡོ་བྱད་བཤམ་ཚུལ་དང་། ཆོ་ག་དངོས་སོ། །དང་པོ་ནི། དྲག་པོའི་ལས་དང་མཐུན་པའི་གནས་སམ་སྒྲུབ་ཁང་སོགས་ཡིད་དང་མཐུན་པའི་ཕྱོགས་སུ། དཀྱིལ་འཁོར་གྱི་གཞི་ལ་དུག་ཁྲག་གིས་ཆག་ཆག་གདབ། བྱིན་གྱིས་བརླབས་པའི་སྐུད་པ་དཀར་ཆལ་གྱིས་བརླན་པས་ཐིག་ཆེན་བརྒྱད་བཏབ། དེའི་ལྟེ་བ་ནས་ཆ་ཆེན་གཉིས་ཆ་ཕྲན་གཅིག །ཆ་ཆེན་གཅིག་པ་གཉིས། ཆ་ཕྲན་གཅིག །ཆ་ཆེན་གཅིག་སྟེ་མུ་ཁྱུད་དྲུག་བསྐོར་བའི་ནང་མ་ཚངས་ཐིག་དང་འཛོམས་ནས་དབུས་སུ་ཚད་པས་མུ་ཁྱུད་ནང་མའི་གཡས་གཡོན་དུ་མཚན་མ་བྱ། དེ་གཉིས་ཀྱི་མདུན་སྦྲེལ། ཡང་དེ་ལས་རྒྱབ་ཀྱི་ཚངས་ཐིག་དང་མུ་ཁྱུད་ནང་མ་འཛོམ་སར་གཡས་གཡོན་དུ་སྦྲེལ་བས་གྲུ་གསུམ་འབྱུང་། དེ་ནས་ནང་གི་ཐོད་ར་པད་འདབ་བཞི་རྩིབས་བཞི་རྡོར་ར་མེ་རིའི་ས་རྣམས་ངེས་པར་བྱས་ནས། ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་དམར་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་ཕྲེང་། པད་འདབ་ཕྱོགས་ཚོན། རྩིབས་སྔོན་པོའམ་སེར་པོ། གཞི་དམར་པོ། རྡོར་ར་དང་མེ་རི་སྤྱི་མཐུན་ནོ། །མ་འབྱོར་ན་ཞིང་ལྤགས་ལ་ཁྲག་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་བཀོད་པས་ཀྱང་རུང་ངོ་། །གང་ལྟར་ཡང་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དཔལ་གྱི་གཏོར་མ་གྲུ་གསུམ་རྣོ་དབལ་ཅན་འཁོར་བརྒྱད་ཀྱིས་བསྐོར་བ་མཚེ་ཡུངས་རྩང་དང་ཁྲམ་བྱང་སོགས་དྲག་རྒྱན་རྔམ་བརྗིད་དང་ལྡན་པའི་རྩེར་སྐུ་རྟེན་སྲུང་ཟློག་གི་ཙཀྲ་དར་དམར་པོའི་གུར་ཕུབ་པ་སོགས་ཀྱིས་བརྒྱན། སྤྲོ་ན། མཐའ་མ་རྡོ་རའི་ཁར། ཀོང་ཟོར། རྡོ་ཟོར། དུག་ཟོར། ཁྲག་ཟོར། མདའ་ཟོར། ཡུངས་ཟོར་རྣམས་ཕྱོགས་རེར་ཚར་རེ་བཤམ། ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་སུ་བསྐོར། ཇི་ལྟར་བདེ་བའི་སར་སྟེགས་མཐོ་བར་བླ་མ་ཡི་དམ་དང་ཆོས་སྐྱོང་གི་གཏོར་མ་ཕྲེང་ཚར་མཆོད་པ་དང་བཅས་པ་དང་། མདུན་ངོས་སུ་བྲུབ་ཁུང་ལིངྒ་ཅན་དང་ཐུན་རྫས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བཤམ་མོ། །གཉིས་པ་ལ་སྔོན་འགྲོ །དངོས་གཞི། རྗེས་ཆོག་སྟེ་གསུམ་ལས། དང་པོ་ནི། སྐྱབས་སེམས་ཚོགས་གསག་ནས་བཟུང་མཆོད་རྫས་བྱིན་གྱིས་བརླབ་པའི་བར་ཏེ་ལས་བྱང་བཞིན་བྱའོ། །གཉིས་པ་ལ་རྣལ་འབྱོར་སྒྲུབ་པ་དང་། ལས་སྦྱོར་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་གསུམ་ནས་བཟླས་པའི་བར་ཏེ་བདག་མདུན་གྱི་དཀྱིལ་འཁོར་མེ་རི་འདབས་འབྱོར་གྱི་ཚུལ་དུ་གསལ་བཏབ་ནས། སྤྱན་འདྲེན་མཆོད་བསྟོད་བསྙེན་སྒྲུབ་སྲུང་ཟློག་གི་བཟླས་པ་སོགས་མན་ངག་བཞིན་བཟླའོ། །གཉིས་པ་ལས་སྦྱོར་ལ། བསད་ལས་ཀྱི་སྦྱོར་བ་དང་། བཟློག་པའི་ལས་སྦྱོར་གཉིས། བསད་པའི་ལས་སྦྱོར་ལའང་བརྒྱད་ཀྱི། དང་པོ་དཔུང་བསྡུ་ཕྱིར་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ སྣང་བ་མཐའ་ཡས་ཐུགས་རྗེའི་རོལ་པ་ལས༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་སྐུར་ཤར༔ ཁམས་གསུམ་དབང་ཕྱུག་རྡོ་རྗེ་ཐོད་ཕྲེང་རྩལ༔ མ་རུངས་གདུལ་དཀའ་འདུལ་ཕྱིར་ཐུགས་དམ་སྐུལ༔ ཐུགས་ཉིད་ཞི་བ་ཆོས་ཀྱི་དབྱིངས་ཉིད་ལས༔ མ་འགག་རང་རྩལ་ཁྲག་འཐུང་ཁྲོས་པའི་གར༔ སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར༔ ཞལ་གཅིག་ཕྱག་གཉིས་གར་དགུའི་དཔའ་བརྗིད་ཅན༔ ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ ཉི་ཟླ་འབར་བའི་སྡང་མིག་ཕྱོགས་བཅུར་གཟིགས༔ སྨིན་མ་ཨག་ཚོམ་མེ་ཡི་ཚྭ་ཚྭ་འཕྲོ༔ ཁམ་ནག་རལ་པ་སྲིད་རྩེར་ཁྱབ་པར་གཡེང༔ མི་བཟད་འཇིགས་གཟུགས་རྔམ་པའི་གཟི་མདངས་ཅན༔ གཏི་མུག་འཇོམས་ཕྱིར་གླང་ཆེན་སྟོད་གཡོགས་མཛད༔ འདོད་ཆགས་འཇོམས་ཕྱིར་ཞིང་ལྤགས་སྐེད་ལ་དཀྲིས༔ ཕྲག་དོག་འཇོམས་ཕྱིར་གནས་གསུམ་བྱུགས་པས་མཚན༔ ང་རྒྱལ་དབང་སྡུད་སྟག་ལྤགས་ཤམ་ཐབས་འཕྱང༔ ཞེ་སྡང་འཇོམས་ཕྱིར་སྦྲུལ་གྱིས་ཡན་ལག་དཀྲིས༔ དྲེགས་པ་འདུལ་ཕྱིར་ཐོད་རློན་དོ་ཤལ་ཅན༔ འདོད་ཡོན་མ་སྤངས་རིན་ཆེན་དུ་མས་བརྒྱན༔ ཕར་ཕྱིན་དྲུག་རྫོགས་རུས་པའི་ཕྱག་རྒྱ་སོགས༔ མཛེས་ཤིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ལས༔ ཧཱུྃ་ཕཊ་རཾ་སོགས་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དྲེགས་པ་དབང་སྡུད་གཏོར་སྲེག་ཕྲིན་ལས་ལྡན༔ ཕྱག་གཡོན་གནམ་ལྕགས་ཕུར་བུ་རྣོ་ངར་འབར༔ དྲེགས་པ་སྡེ་བརྒྱད་ཀུན་གྱི་སྙིང་རྩ་སྲེག༔ གནོད་བྱེད་འབྱུང་པོའི་ཀླད་པ་འགེམས་པར་བྱེད༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་ཕོ་ཉར་འགྱེད༔ ཁ་དགུ་མིག་དགུ་བཅོ་བརྒྱད་རྭ་དང་ལྡན༔ མི་སྡུག་གཟུགས་ཅན་དྲག་པོའི་རྐན་སྒྲ་རྡེབ༔ རྔམ་པའི་མེ་རླུང་འཚུབས་ཤིང་ཚྭ་ཚྭ་འཕྲོ༔ གནོད་བྱེད་རྒྱལ་འགོང་སྲོག་དབུགས་རྔམས་ཟས་བྱེད༔ ཁྲོ་རྒྱལ་འབར་བའི་ཞབས་ཀྱི་སྟངས་སྟབས་ཀྱིས༔ ས་གསུམ་གཡོ་ཞིང་དྲེགས་པའི་གདན་ལ་རོལ༔ ཁྲོ་རྒྱལ་ཁྲག་འཐུང་པདྨ་ཧེ་རུ་ཀ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཁྲོ་རྒྱལ་དབུ་གཙུག་མཐའ་ཡས་ཁྲོས་པའི་ཁྱུང༔ མཐིང་ནག་མེ་ཡི་གཤོག་པ་གཡོབ་ཅིང་རྡེབ༔ ཁྲོ་གཉེར་སྤྱན་གསུམ་རྡོ་རྗེའི་མཆུ་སྡེར་གྱིས༔ ཞེ་སྡང་གདུག་པའི་ཀླུ་རྣམས་ཞལ་དུ་གསོལ༔ མི་འགྱུར་རྡོ་རྗེ་འབར་བའི་བ་སྤུ་ལས༔ སྤྲུལ་པའི་བྱ་ཁྱུང་མཚོན་ཆའི་ཚྭ་ཚྭ་འགྱེད༔ རལ་གྲི་འབར་བའི་གཤོག་པ་གཡས་གཡོན་ལ༔ ཡེ་ཤེས་མེ་རླུང་རྔམ་སྒྲ་འབྲུག་ལྟར་ལྡིར༔ དེ་སྟེང་རིགས་བདག་ཆོས་སྐུ་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན༔ ཚེ་དང་ཡེ་ཤེས་དཔག་ཡས་དངོས་གྲུབ་སྩོལ༔ ཁྲག་འཐུང་ཐུགས་སྲོག་འབར་བའི་སྲོག་གི་གོར༔ ཐུགས་ཉིད་ཞི་ལས་གཡོ་བ་མེད་པའི་ཕྱིར༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་དམར་གསང་ཕོད་སྣམ་སྦྱར་ཟབ་བེར་གསོལ༔ རྡོ་རྗེ་ཐོད་པ་ཚེ་ཡི་བུམ་པ་འཛིན༔ དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ མཐུ་རྩལ་རྨད་བྱུང་ཁྲོ་རྒྱལ་ཧེ་རུ་ཀ༔ དྲེགས་པ་སྡེ་བརྒྱད་འདུལ་བའི་དྲག་རྩལ་ཅན༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཁྲོ་རྒྱལ་སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་རང་རྩལ་འགག་མེད་རོལ་པ་ལས༔ གསང་བདག་གཤིན་རྗེ་རྟ་མགྲིན་མེ་དབལ་དང༔ རིགས་བཞི་མཁའ་འགྲོ་ཕྱོགས་སྐྱོང་ཁྲོ་བོ་བཅུ༔ ཕོ་ཉ་ཡང་སྤྲུལ་ཉིང་སྤྲུལ་གྲངས་མེད་འགྱེད༔ རྔམ་བརྗིད་སྐར་ལྟར་འཁྲུགས་ཤིང་གློག་ལྟར་འཁྱུག༔ འབར་བའི་ཆས་ཅན་གདུག་པའི་མཚོན་ཆ་གདེངས༔ འཁོར་བཅས་དྲག་པོའི་ཐུགས་དམ་དུས་ལ་བབ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་རྣམས༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ བསད་བཅད་གཏུབས་ཏེ་རྡུལ་དུ་བརླག་པ་དང༔ དུག་གསུམ་ཤ་ཁྲག་རུས་པ་ཚོགས་སུ་རོལ༔ དབང་དྲག་པདྨ་བཀའ་ཡི་ཕོ་ཉར་བཅས༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཅེས་གདུང་བའི་ཤུགས་དྲག་པོས་ཐུགས་དམ་བསྐུལ་བར་བྱའོ༔ གཉིས་པ་བརྔན་འབུལ་བ་ནི། ཕུད་སྐྱེམས་འཐོར་ཞིང་། ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༔ བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ༔ ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ མ་མགོན་ལྕམ་དྲལ་ལས་གཤིན་འཆི་བདག་སོགས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས༔ བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༔ ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག༔ ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ གསུམ་པ་གཟུ་དཔང་གསོལ་བ་ནི༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་ཡི་དམ་ལྷ༔ ཁྲག་འཐུང་དབང་དྲག་འཁོར་དང་བཅས༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ དམ་ཚིག་འཛིན་ལ་དགྲ་བྱུང་ན༔ མ་ཉེས་མ་གཡོ་སྲུང་མ་མཁྱེན༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོར་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ མཐའ་མར་སྔགས་འཆང་སྙིང་པོ་ཕྲལ༔ ད་ལྟ་རྣལ་འབྱོར་བདག་ལ་བསྡོས༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུ་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ དབང་དྲག་པདྨའི་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ མ་གཡེལ་མ་གཡེལ་ཐུགས་དམ་ཅན༔ དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་སྙན་སྣོན། བཞི་པ་དམིགས་བྱ་བསྐྱེད་པ་ནི། ཕཊ། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ་ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ནས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ནས་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀའམ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲའམ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ་མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་དམིགས་ཤིང་གསལ་གདབ་བོ། །ལྔ་པ་རྣམ་ཤེས་དགུག་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྒྲུབ་སྔགས་ཀྱི་ཤམ་བུར་སརྦ་བིགྷྣཱན་ཤ་ཏྲཱུཾ་ཨཱ་ཀརྵ་ཡ་ཛཿ ནྲྀ་ཡཾ་ཛཿ ཏྲི་ཡཾ་ཛཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃཿ ཨོཾ་བཛྲ་སྥོ་ཊ་བཾཿ ཨོཾ་བཛྲ་གཎྜེ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་དགུག་གཞུག་བྱའོ། །དྲུག་པ་ཕོ་ཉ་འགྱེད་པ་ནི། ཧཱུྃ་ཛཿ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །དབང་དྲག་དཀྱིལ་འཁོར་ལྷ་ཚོགས་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབ། །མཁའ་དབྱིངས་ཁྱབ་པའི་ཕོ་ཉ་དང་། །སྤྲུལ་པའི་དམག་ཚོགས་ལས་ལ་འགྱེད། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་ཀུན། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་གནོན་ཅིག་རྨུག་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྡུལ་ཕྲན་བཞིན། །བདག་གིས་བསྒོ་བ་ཀུན་ཁུག་ལ། །གཟུགས་བརྙན་འདི་ལ་མྱུར་དུ་ཕོབ། །སྲུང་སྐྱོབ་མགོན་དང་བྲལ་བར་མཛོད། །ཅེས་དྲག་ཏུ་རྦད་ཅིང་བསྐུལ་ལོ། །བདུན་པ་ལྷ་དང་དབྱེ་བ་ནི། དབྱེ་རྫས་ཀྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་ཕྱིར་འབྱེད་པས། ཧཱུྃ། དམ་ཉམས་དགྲ་བོ་སྡིག་ཅན་ལ། །སྲུང་སྐྱོབ་བྱེད་པ་ཀུན་ཉོན་ཅིག །སེམས་ཅན་ལས་ངན་སྡིག་ཅན་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པས་ན། །འདི་ལ་སྲུང་སྐྱོབ་མ་བྱེད་པར། །ཡལ་བར་ཐོངས་ལ་རིང་དུ་སྤོངས། །བཀའ་ལས་འདས་ན་ཁྲག་འཐུང་དཔལ། ཁྲོས་པས་ཁྱོད་ཉིད་གཞོམ་པར་བྱེད། །དེ་བས་སྐྱོབ་བྱེད་ཀུན་དང་ཕྲོལ། །གནོད་བྱེད་གསོད་པའི་བདུད་དང་སྤྲོད། །རྩ་སྔགས་ཀྱི་མཐར་ནྲྀ་ཏྲི་སརྦ་དེ་ཝ་ཨུ་ཙ་ཏ་ཡ་ཕཊ། ཅེས་བསྲུང་བྱ་དང་སྲུང་བྱེད་ཁ་སྦྱོར་དབྱེའོ། །བརྒྱད་པ་གནད་ལ་དབབ་པ་ལ་ལྔ་ལས། དང་པོ་ནི་ཐུན་རྫས་སྣ་ཚོགས་ཀྱིས་བྲབ་ཅིང་། ཧཱུྃ། ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན། །གཏུམ་དྲག་ཕོ་ཉ་འབར་བའི་ཐུན། །རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ། །མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི། །གནམ་ས་འཁྲུགས་པའི་ཐོག་སེར་བཞིན། །དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །དུས་ལ་བབ་པོ་ས་མ་ཡ། །ཨོཾ་བཛྲ་ཡཀྵ་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿ གཟིར་ནན་ཀཱ་ཝཱ་ཙི་རྦད་རྦད། ཅེས་ཐུན་རྫས་སྣ་ཚོགས་ཀྱིས་བྲབ། གཉིས་པ་ཕུར་གདབ་ལ་གཉིས་ཀྱི། དང་པོ་ཐུགས་རྗེ་རྗེས་འཛིན་གྱི་ཕུར་བུས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། ཕུར་བུ་ཐལ་མོའི་བར་དུ་བཟུང་ལ། རང་གི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལས་སྲས་མཆོག་ཡཀྴ་མེ་དབལ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་དམར་ནག་ཕུར་བུ་འདྲིལ་བ་ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་དབལ་ཟུར་གསུམ་དུ་རྣོ་བའི་ཁོང་གསེང་དུ་ལྷའི་ཕོ་བྲང་དང་་བཅས་པ། རྩེ་མོར་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚྭ་ཚྭ་འཕྲོ་བར་བསམས་ལ། ཨོཾ་ཡཀྴ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཕུར་བུ་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་མཐུ་དང་ལྡན་པར་བསམས་ལ་ཕུར་བུ་འདྲིལ་ཞིང་འདེབས་པས། ཧཱུྃ། དབང་དྲག་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་འཇིགས་མཛད་ཀཱི་ལ་ཡ། །རྣོ་ངར་འབར་བའི་རྡོ་རྗེའི་མཚོན། །གཟིར་ཅིག་དགྲ་བོའི་སྙིང་རྩ་ལ། །ཡེ་ཤེས་ཆེན་པོ་མི་ཤིགས་པའི། །དྭངས་མ་བདག་གི་སྙིང་ལ་ཐིམ། །ལས་ཉོན་བག་ཆགས་བཅས་པའི་གཟུགས། །རྡུལ་ཕྲན་བཞིན་དུ་བསྒྲལ་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་ཕུར་བུ་སྙིང་དཀར་ནག་གི་མཚམས་སུ་འདྲིལ་ཞིང་བཏབ་ལ་ཕཊ་ཅེས་བརྗོད་དེ་རྣམ་ཤེས་དང་ཡེ་ཤེས་ལུས་དང་སྲོག་རྣམས་ཁ་སྦྱོར་དབྱེ་བའི་མན་ངག་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པར་བསྒྲལ་ལོ། །གཉིས་པ་ལས་ཕུར་གྱིས་རྟེན་གཞི་བསྒྲལ་བ་ནི། གདབ་ཕུར་ལིངྒའི་གནས་སོ་སོར་གདབ་ཅིང་། ཧཱུྃ། རྣོ་མྱུར་ཤུགས་དྲག་ཕུར་བུ་འདིས། །དགྲ་བགེགས་སྤྱི་བོ་མགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་ལྔར། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །མིག་དང་རྣ་བ་སྣ་དང་ལྕེ། །དོན་ལྔ་སྣོད་དྲུག་ཡན་ལག་ལྔ། །ཤ་རུས་པགས་པ་རྩ་རྒྱུས་ལ། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །གཞན་ཡང་མཛའ་བཤེས་གཉེན་འཁོར་དཔུང་། །ཡུལ་མཁར་དབང་ཐང་ལོངས་སྤྱོད་སོགས། །དགྲ་བགེགས་སྡེ་དང་བཅས་པ་ལ། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་ལུས་གནས་སོ་སོར་འདེབས་ཤིང་བསྒྲལ་ལོ། །གསུམ་པ་སྒྲོལ་གྲིས་སྙིགས་མ་དུམ་བུར་བསྒྲལ་བ་ནི། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །གཏུམ་དྲག་རྔམས་པའི་རང་བཞིན་ལས། །ཡཀྴ་མེ་དབལ་སྐར་ལྟར་འཁྲུག །ལས་བྱེད་ཕོ་ཉར་བཅས་པ་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབས། །ཞིང་བཅུའི་དགྲ་དང་བགེགས་རྣམས་ཀྱི། །གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་མཚོན་ཆས་དུམ་བུར་བསྒྲལ། བཞི་པ་ཐོ་བས་བརྡུང་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་པས། །ལྷ་ཡང་རུང་སྟེ་བརླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཨོཾ་པདྨ་ཨཱ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ། ལྔ་པ་ཞལ་སྟོབ་ནི། ལིང་རོའི་ཆ་ཤས་ཙམ་ཟློག་པའི་སྐབས་འབུལ་རྒྱུ་དང་ལྷག་གཏོར་ལ་བསྲེ་རྒྱུར་བཞག །གཞན་རྣམས་ཧོམ་གཟར་སོགས་སུ་ཁྱེར་བ་རཀྟས་བྲན་ལ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དོན་སྙིང་ནང་ཁྲོལ་བཅས་པ་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་སྒྲུབ་གཏོར་སོགས་གཏོར་མ་ཐམས་ཅད་ལ་བྲན་ནོ། །གཉིས་པ་བཟློག་པའི་ལས་སྦྱོར་ལ་ལྔ་ལས། དང་པོ་ཟློག་པའི་དཔུང་བསྐྱེད་ཕྱིར་སྐོང་བ་བྱ་བ་ནི། སྐོང་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བཤམ་ཞིང་རྒྱ་ཆེར་སྤེལ་ལ། ཧཱུྃ། བདེ་ཆེན་འགྱུར་མེད་ཀུན་བཟང་དབྱིངས། །འོག་མིན་རྔ་ཡབ་དཔལ་གྱི་རི། །པདྨ་འོད་ཀྱི་གཞལ་ཡས་ནས། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། ཁྲག་འཐུང་ཁྲོ་བོར་རྣམ་རོལ་པ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་རྒྱ་མཚོར་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀུན་བཟང་འབྱོར་པ་རྒྱ་མཚོའི་དཔྱིད། །ངོ་མཚར་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པ་ཀུན་གྱིས་ཐུགས་དམ་བསྐང་། །མེ་ཏོག་སྤོས་དང་སྣང་གསལ་དང་། །དྲི་མཆོག་བཤོས་གཙང་རོལ་མོའི་སྒྲ །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་བརྒྱད་ཀྱིས་བསྐང་། །དབང་པོའི་མེ་ཏོག་བསུར་ཆེན་སྤོས། །ཞུན་མར་ཁྲག་མཁྲིས་བྱུག་པའི་མཚོ། །ཤ་ཚིལ་རུས་བཅུད་ཐོད་རྔ་དང་། །རྐང་གླིང་རོལ་མོས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་མ་ད་ན། །དགྲ་བགེགས་སྙིང་ཁྲག་འཁྲུགས་པའི་མཚོ། །དམ་རྫས་བརྗིད་ལྡན་གཏོར་མ་དང་། །མཉམ་སྦྱོར་བདེ་བས་ཐུགས་དམ་བསྐང་། །རྔམ་བརྗིད་དུར་ཁྲོད་ཐོད་པའི་མཁར། །ཞིང་ལྤགས་བླ་རེ་རྒྱུ་རློན་གྱི། །དྲྭ་ཕྱེད་དོན་སྙིང་འཕྱང་འཕྲུལ་སོགས། །དྲག་པོའི་དཀྱིལ་འཁོར་ཆེན་པོས་བསྐང་། །ཐོད་སྐམ་དབུ་རྒྱན་ཞིང་གླང་གོས། །མགོ་ཕྲེང་སྦྲུལ་ཆུན་སྟག་ཤམ་དང་། ཁྲག་ཞག་ཐལ་ཆེན་རུས་རྒྱན་སོགས། །དཔལ་གྱི་ཆས་གོས་དུ་མས་བསྐང་། །སྔགས་བྱང་གླེགས་བམ་བགྲང་ཕྲེང་དང་། །རྔ་དང་རྔ་ཆེན་འཁར་རྔ་དུང་། །ཅང་ཏེའུ་དྲིལ་བུ་རྐང་གླིང་དང་། །བཤུགས་པའི་བརྡ་ཡིས་ཐུགས་དམ་བསྐང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་འཁོར་ལོ་ཁ་ཊྭཱཾ་ག །གྲི་གུག་མདུང་ཐུང་བྷཉྫ་སོགས། །ཕྱག་མཚན་མང་པོས་ཐུགས་དམ་བསྐང་། །སྲ་བརྟན་གོ་དང་རྣོ་ངར་མཚོན། །མཁའ་ལྡིང་བྱ་དང་གཡག་ལུག་ཁྱུ། །གཅན་གཟན་གཏུམ་བརྗིད་དཔའ་བོའི་ཚོགས། །འབུམ་ཕྲག་མང་པོས་ཐུགས་དམ་བསྐང་། །མཛེས་པའི་རྒྱན་ཆ་དར་ཟབ་དང་། །རིན་ཆེན་སྨན་སྤོས་འབྲུ་བཅུད་ཚོགས། །མཐུན་པའི་དཀོར་ནོར་དམ་ཚིག་རྫས། །དཔག་ཡས་ནམ་མཁའ་གང་བས་བསྐང་། །ཀ་དག་ཆོས་སྐུར་བྱང་ཆུབ་གདངས། །འགགས་མེད་དཀྱིལ་འཁོར་ལྷར་ཤར་བའི། །ཡེ་ཤེས་སྒྱུ་མ་ཆེན་པོ་ཡིས། །འཁོར་འདས་རོ་མཉམ་དབྱིངས་སུ་བསྐང་། །མེད་བཞིན་ཤར་བའི་གཟུང་འཛིན་དགྲ །རྟོགས་གྲོལ་སྲུང་ཟློག་བསད་པ་དང་། །མནན་སྲེག་འཕང་བའི་ལས་སྦྱོར་གྱིས། །སྲིད་རྩ་དབྱིངས་སུ་གཅོད་ཕྱིར་བསྐང་། །གཞི་དབྱིངས་འགྱུར་མེད་ཐོད་ཕྲེང་རྩལ། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་གྱིས། །མངོན་པར་བྱང་ཆུབ་འབྲས་བུའི་སྐུ །ཀློང་དུ་གྱུར་པའི་དགོངས་པ་ཡིས། །རྩ་བརྒྱུད་བླ་མ་མཆོག་གསུམ་དང་། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ། ཁྱད་པར་ཁྲག་འཐུང་ཐོད་ཕྲེང་རྩལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །རིགས་ཀྱི་བདག་པོ་འཆི་མེད་ལྷ། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །བདེ་གཤེགས་ཀུན་འདུས་འཁོར་ལོའི་མགོན། །པདྨ་འབྱུང་གནས་ཐུགས་དམ་བསྐང། ཁྲག་འཐུང་རྒྱལ་པོའི་དཀྱིལ་འཁོར་གཙོ། །དབང་དྲག་འབར་བའི་ཐུགས༴ བདེ་ཆེན་ཡེ་ཤེས་ཤེས་རབ་ཡུམ། ཁྲོས་མ་ནག་མོའི་ཐུགས༴ གདུག་པ་འདུལ་མཛད་འཇིགས་བྱེད་སྐུ། ཁྲོ་རྒྱལ་རྣམ་བཞིའི་ཐུགས༴ ཚད་མེད་བཞི་དངོས་ཕྲིན་ལས་མཛད། །མཁའ་འགྲོ་སྡེ་བཞིའི་ཐུགས༴ གཏི་མུག་ནད་གདོན་དུག་དབལ་འཇོམས། །མཁའ་ལྡིང་རྒྱལ་པོའི་ཐུགས༴ ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །ལྕགས་སྡིག་ནག་པོའི་ཐུགས༴ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང་། །དམ་ཅན་གཏེར་སྲུང་ཐུགས་དམ་བསྐང་། །དེ་ལྟར་སྐོང་བའི་དམ་ཚིག་གིས། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །རྣལ་འབྱོར་དམ་ཚིག་ཉམས་ཆག་བཤགས། །ཉེས་པའི་སྒྲིབ་ཚོགས་དག་གྱུར་ཅིག །རྐྱེན་ངན་ཕྱི་ནང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་སྐོང་བའི་རིམ་པ་དེ་ཙམ་སྟེ། བམ་བསྒྲལ་པའི་དམ་རྫས་སྐོང་རྟེན་དུ་བྱས་ནས་འདིར་སྦྲེལ་གྱི། སྐབས་འགར་ཚོགས་བར་པའི་རྗེས་འབྲེལ་དུ་བཏགས་པ་ཡང་ཡོད་མོད། གང་ལྟར་ཡང་མི་འགལ་ཞིང་། ཚོགས་ལ་རོལ་པ་སོགས་ཀྱང་སྐབས་འདི་ཉིད་དུ་བྱའོ། །གཉིས་པ་ཟློག་པའི་དཔུང་དུ་སྤྱིར་བསྐུལ་བ་ནི། བསྐུལ་བྱང་རྒྱས་བསྡུས་གང་རུང་ཞིག་བྱའོ། །གསུམ་པ་ཟློག་པའི་ཕྲིན་ལས་བྱེ་བྲག་ཏུ་བསྐུལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་བ་ཟོར་གཏོར་ལ་རིམ་པར་སྒྲོན་ཅིང་། ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔ རྔམ་བརྗིད་སྟོབས་ལྡན་པདྨ་ཧེ་རུ་ཀ༔ ཐམས་ཅད་ཟིལ་གནོན་སྲིན་པོའི་གདན་ལ་བཞུགས༔ ཆགས་པའི་སྐྱོན་སྤངས་པདྨའི་ལྟེ་བ་ལ༔ ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་སྟེང༔ ཉོན་མོངས་འདམ་སྐེམ་ཉི་མའི་དཀྱིལ་འཁོར་འབར༔ མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས༔ བདེན་པའི་སྟོབས་ཀྱི་བྱིན་རླབས་ཚྭ་ཚྭ་འཕྲོ༔ འཇིག་རྟེན་དྲེགས་པ་དབང་སྡུད་ཚར་བཅད་ནས༔ ཁྲག་འཐུང་དབང་དྲག་དཔལ་ཆེན་སྐུ་རུ་རྫོགས༔ སྒེག་ཅིང་དཔའ་བའི་ཆ་ལུགས་གསལ་བར་ལྡན༔ བརྗིད་ལ་རྔམ་པའི་ཁྲོ་བོ་གཡུལ་ལས་རྒྱལ༔ གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ༔ བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་སྟོབས་ཅན༔ བགེགས་དཔུང་འདུལ་མཛད་པདྨ་ཧེ་རུ་ཀ༔ ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་གནས༔ དམ་ལས་འདས་པའི་དགྲ་བགེགས་འབྱུང་པོ་རྣམས༔ རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང༔ བསད་བཅད་གཏུབས་ཏེ་ཤ་ཁྲག་རུས་པ་འཆའ༔ ཁྱོད་ནི་དུས་ངན་སྟོན་པའི་རྒྱལ་ཚབ་སྟེ༔ བསྟན་ལ་སྡང་བ་ཐམས་ཅད་ཚར་ཆོད་ཅིག༔ བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་མཆོག་ནམ་མཁའི་ཁམས་གང་འཇིགས་པ་ལ༔ ལྟ་བས་ཆོག་མི་ཤེས་པའི་མཚན་དཔེར་ལྡན༔ སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར༔ དམར་ཟླུམ་སྤྱན་གྱི་སྡང་མིག་ཕྱོགས་བཅུར་བགྲད༔ བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད༔ ཞལ་གདངས་མཆེ་གཅིགས་ཨག་ཚོམ་མེ་ལྟར་འབར༔ གཟི་བརྗིད་འོད་ཀྱིས་སྟོང་ཁམས་མ་ལུས་བསྲེགས༔ ཁྲོས་པའི་རྐན་སྒྲས་རི་རབ་ཐང་ལ་བསྙིལ༔ རྔམས་པའི་སྟོབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདྲེན༔ ཐུགས་རྗེའི་ཤུགས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ༔ རྔམ་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་བསྣམས༔ ལོག་འདྲེན་ཚར་གཅོད་ཕྱག་གཡོན་ཕུར་བུ་བསྒྲིལ༔ ཕྲིན་ལས་ཕོ་ཉར་གནམ་ལྕགས་སྡིག་པ་འགྱེད༔ གླང་ཆེན་ཞིང་དང་སྟག་ལྤགས་གོས་སུ་གྱོན༔ ཐོད་ཕྲེང་སྦྲུལ་ཆུན་རིན་ཆེན་རུས་པས་བརྒྱན༔ ཁྲག་ཞག་ཐལ་ཆེན་བྱུག་པའི་ཆས་ཀྱིས་བརྗིད༔ ཉོན་མོངས་སྲེག་བྱེད་མེ་དཔུང་ཀློང་ན་བཞུགས༔ ཁྲག་འཐུང་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་ཡི་གཟི་བརྗིད་འབར་བའི་འོད་ཟེར་གྱིས༔ སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད༔ གསུང་གི་བཞད་སྒྲ་རྔམ་པའི་ང་རོ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བྱེད༔ ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་པས༔ འགྲོ་དྲུག་མ་ལུས་འཁོར་བའི་གཏིང་ནས་འདྲེན༔ ཨཱ་རལླི་སོགས་དགྱེས་པའི་བཞད་སྒྲ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད༔ ཧཱུྃ་དང་ཕཊ་ཀྱི་རྔམ་སྒྲ་དྲག་པོ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ལས་ལ་འཁོལ༔ སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྤྱི་བོའི་གཙུག་ནས་ཁྱུང་ཆེན་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྱུང་གིས་སྟོང་གསུམ་འཇིག་རྟེན་འགེངས༔ ག་རུ་ཌ་ཡི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་ཡི་ཆ་ལས་འཇམ་དཔལ་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས༔ ཡ་མཱནྟ་ཀའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ གསུང་གི་ཆ་ལས་རྟ་མགྲིན་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས༔ ཧ་ཡ་གྲཱི་ཝའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཐུགས་ཀྱི་ཆ་ལས་ཕྱག་རྡོར་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས༔ བཛྲ་པཱ་ཎིའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཡོན་ཏན་ཆ་ལས་མཁའ་འགྲོའི་སྤྲུལ་པ་འགྱེད༔ ཡང་སྤྲུལ་མཁའ་འགྲོས་སྟོང་གསུམ་འཇིག་རྟེན་འགེགས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཕྲིན་ལས་ཆ་ལས་མེ་དབལ་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས༔ ཡཀྴ་མེ་དབལ་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་སྤྲུལ་པ་འགྱེད༔ ཡང་སྤྲུལ་སྡིག་པས་སྟོང་གསུམ་འཇིག་རྟེན་འགེངས༔ ཁྲོ་རྒྱལ་སྤྲུལ་པའི་ཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེའི་རྩལ་ལས་གྲངས་མེད་སྤྲུལ་པ་འགྱེད༔ ཡང་སྤྲུལ་ཕོ་ཉ་མང་པོས་སྟོང་གསུམ་འགེངས༔ བཀའ་སྡོད་ཕོ་ཉའིཐུགས་དམ་དབྱིངས་ནས་བསྐུལ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ ཁྱོད་ནི་འགྲོ་བའི་མགོན་དང་སྐྱབས་ཀྱི་མཆོག༔ བདག་གིས་སྒོ་གསུམ་དད་པས་ཁྱེད་བསྒྲུབས་ནས༔ དཀའ་བ་དང་བླང་ལྕི་བ་ཁུར་དུ་ཁུར༔ ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བོར༔ མོས་བུས་དད་པས་ཁྱེད་ལ་སྐྱབས་གསོལ་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་དམ་བཅའ་དགོངས༔ སྨོན་ལམ་ལས་ཀྱི་འབྲེལ་བས་མཚམས་སྦྱར་ནས༔ དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ན༔ ཁྱོད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བདག་ཅག་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས༔ དབང་དྲག་པདྨ་འཁོར་དང་བཅས་པ་ཡི༔ ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང༔ གྲུ་གསུམ་འབར་བའི་ཞལ་གྱི་ཧོམ་དུ་དྲོངས༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་ཆུགས༔ དོན་དམ་སྐྱེ་མེད་ཐུགས་ཀྱི་དབྱིངས་སུ་སྟིམས༔ རྣལ་འབྱོར་བདག་གིས་དད་པས་རྒྱུད་བསྐུལ་ན༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་རྣམས་ཀྱི༔ བསམ་ངན་སྦྱོར་རྩུབ་ཆག་ཆེ་ཉམ་ང་དང༔ བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་དང༔ ཐན་དང་ལྟས་ངན་ཆོ་འཕྲུལ་གདུག་རྩུབ་རྣམས༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞེས་བརྗོད། བཞི་པ་འགལ་རྐྱེན་དམིགས་ཀྱིས་ཟློག་པ་ནི། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཁྲག་འཐུང་ཀུན་གྱི་འཁོར་ལོས་སྒྱུར༔ བཀའ་སྡོད་ཕོ་ཉར་བཅས་རྣམས་ཀྱིས༔ ད་ནི་ཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ། མ་ཧཱ་དེ་ཝ་ལྷ་ཡི་གདོན། །སྒེག་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །འཆི་བདག་ནག་པོ་གཤིན་རྗེའི་གདོན། །དཔའ་བའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁྲམ་ཐོགས་ནད་བདག་མ་མོའི་གདོན། །མི་སྡུག་སྟོབས་ཀྱིས་བཟློག་ཏུ་གསོལ། །ནག་པོ་བཀྲག་མེད་བདུད་ཀྱི་གདོན། །རྒོད་པའི་སྟོབས་ཀྱིས་བཟློག༴ གང་བ་བཟང་པོ་གནོད་སྦྱིན་གདོན། །གཤེ་བའི་སྟོབས་ཀྱིས་ཟློག༴ ཁྱབ་འཇུག་སྒྲ་གཅན་གཟའ་ཡི་གདོན། །འཇིགས་པའི་སྟོབས་ཀྱིས་བཟློག༴ ལི་བྱིན་ཧ་ར་འགོང་པོའི་གདོན། །སྙིང་རྗེའི་སྟོབས་ཀྱིས་བཟློག༴ ཡམ་ཤུད་དམར་པོ་བཙན་གྱི་གདོན། །རྔམ་པའི་སྟོབས་ཀྱིས་བཟློག༴ དགའ་བོ་འཇོག་པོ་ཀླུ་ཡི་གདོན། །ཞི་བའི་སྟོབས་ཀྱིས་བཟློག༴ ནད་མཚོན་དུག་སྦྱོར་ལུས་ཀྱི་གདོན། །སྐུ་ཡི་སྟོབས་ཀྱིས་བཟློག༴ མི་ཁའི་སྨོད་ཚིག་ངག་གི་གདོན། །གསུང་གི་སྟོབས་ཀྱིས་བཟློག༴ བདག་འཛིན་རྣམ་རྟོག་སེམས་ཀྱི་གདོན། །ཐུགས་རྗེའི་སྟོབས་ཀྱིས་བཟློག༴ མི་མཐུན་ལྟས་ངན་ཆོ་འཕྲུལ་ཀུན། །མཐུ་སྟོབས་རྩལ་གྱིས་བཟློག་ཏུ་གསོལ། །བྷྱོ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་བར་དུ་གཅོད་པ་ཡི། །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་བཟློག །དུས་མིན་འཆི་དང་འཇིགས་བརྒྱད་ཟློག །གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ ཀེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་སྒྱུ་ཐབས༴ མགོན་པོའི་བར་བུས་བསྐོར་བ༴ གཤིན་རྗེའི་འཁྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀིང་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡེས་འབུམ་བསྐོར་བྱེད་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བོན་གྱིས་བཙོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་སྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་མཚན་ངན༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་འཐུར་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་དབང་དྲག་མཐུ་ཡིས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །བཅོམ་ལྡན་པདྨ་དྲག་པོའི་ཚོགས། །དམ་རྫས་མཆོད་པ་འདི་བཞེས་ལ། །བྱད་དང་རྦོད་གཏོང་བསྒྱུར་བ་དང་། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཟློག་སྔགས་བུང་བསྐྱེད་ནས་བཟླ། ལྔ་པ་ཐུན་གཏོར་ནི། དམར་གྱི་གཏོར་མ་རཀྟས་བྲན་པར་དམིགས་བྱ་དགུག་བསྟིམ་བྱ། བདུད་རྩི་བྲན་ནས་བྱིན་གྱིས་བརླབས་ཏེ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་སོགས་ཀྱིས་ཕུལ་ལ་དེ་ཉིད་ཟོར་ཚིག་ཟློག་སྔགས་ཐལ་རྡེབ་དང་བཅས་པས་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་རྒྱུན་གྱི་རྗེས་ཆོག་ནི་དཀྱུས་བཞིན་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་དྲུག་ལས། དང་པོ་ཟོར་སྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མ་ལ། གཏོར་མའི་ལྷ་ཚོགས་རྣམས་ལ་མཆོད་བསྟོད་བཟོད་གསོལ་བྱས་ལ། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམས་ནས། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་ཁྲག་འཐུང་པདྨ་དྲག་པོ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་བསམ་ཞིང་། རྩ་སྔགས་ལ་ཟློག་སྔགས་བཏགས་པ་མང་དུ་བཟླ། །དམིགས་བྱ་དགུག་བསྟིམ་བྱས་པའི་གཏོར་མ་བདུད་རྩིར་སྤེལ་བ་དམག་ལྟོའི་ཚུལ་དུ་ཕུལ་ལ་ཕྱིར་ཟློག་གི་ཕྲིན་ལས་གསོལ་ལོ། །གཉིས་པ་ཟོར་སྒོ་དབྱེ་བ་ནི། ཟོར་ལམ་ན་གནས་པའི་དྲེགས་པ་རྣམས་གསེར་སྐྱེམས་ཀྱི་ཕུད་ཀྱིས་མཆོད་ཅིང་། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། །ཁྱེད་རྣམས་རང་རང་གནས་ལ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་གཟུར་དབུ་སྨོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེ། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་རིག་པ་ངར་དང་ལྡན་པས་བརྗོད། གསུམ་པ་བསྐུལ་བྱ་བ་ནི། གཏོར་ཟོར་སོགས་སྟེགས་ལས་བསྒུལ་ཞིང་སྒྲུབ་ཁང་གི་སྒོའི་ནང་རོལ་ཙམ་དུ་བཀོད་ལ་སྨན་རཀ་བྲན་ལས་བྱང་གི་བསྐུལ་དང་ཆད་ཐོ་བསྒྲག་གོ །བཞི་པ་ཟོར་བསྐུལ་ཞིང་འཕང་བ་ནི། ཕྱར་དར་དང་གསེར་སྐྱེམས་སྤོས་ཀྱིས་སྣ་དྲངས་ཏེ་གཏོར་ཟོར་སོགས་ཁྱེར། སློབ་དཔོན་འཁོར་བཅས་རོལ་མོ་དང་བཅས་པས་རྟིང་མནན་ནས་འོང་སྟེ་གཟའ་རྒོད་དྲག་པོ་རྒྱུ་བའི་ཕྱོགས་སོགས་གང་དུ་འཕང་བའི་སར་སོང་སྟེ། གཏོར་ཟོར་རྣམས་སྟེགས་ལ་བཀོད། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། ཧཱུྃ། ང་ནི་སངས་རྒྱས་ཀུན་གྱི་དངོས། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དེ་རིང་དྲག་པོའི་ཟོར་འཕེན་གྱིས། །བསྟན་པ་ཡོངས་ཀྱི་སྲུང་མ་དང་། །སེམས་ཅན་ཕན་བྱེད་དགེ་ལ་སྤྲོ། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །འབྱུང་པོ་ཐམས་ཅད་སྐུ་སྐྱོད་ཅིག །དེ་རིང་དྲག་པོའི་སྔགས་ཀྱི་ཟོར། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །རུ་ང་ཕྲག་དོག་མ་མཛད་ཅིག །ལམ་ལ་གནས་པ་གཞན་དུ་གཤེགས། །གནས་གཞན་སྐྱོད་པར་མ་ནུས་ན། །མཐོ་བ་རྣམས་ནི་ཞབས་སྐུམས་ཤིག །དམའ་བ་རྣམས་ནི་དབུ་ཆུམས་ཤིག །བར་པ་རྣམས་ནི་སྐུ་ཟུར་ཅིག །བག་མེད་རྣམས་ནི་བག་མཛོད་ཅིག །ཟོར་འདི་སྡང་བའི་དགྲ་ལ་ཡ། །ཟོར་འདི་གནོད་པའི་བགེགས་ལ་ཡ། །དྲག་པོའི་ཕྲིན་ལས་མ་ལུས་པ། །སྐད་ཅིག་ཙམ་ལ་སྒྲུབ་པར་མཛོད། །ཅེས་བསྐུལ་ཞིང་འཕང་བ་ནི། ཧཱུྃ༔ ང་ནི་ཆེ་མཆོག་ཐོད་ཕྲེང་རྩལ། ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན། །འཇིག་རྟེན་འདས་དང་མ་འདས་པའི། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །རང་རང་ཕོ་ཉའི་དམག་སྡུས་ལ། །དེ་རིང་དགྲ་བགེགས་སྟེང་དུ་དྲོངས། །རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས། །དྲག་རྩལ་མཐུ་དང་དཔུང་སྐྱེད་ལ། །དགྲ་བགེགས་སྡིག་ཅན་འཁོར་བཅས་ཀྱི། །གཟུགས་ཕུང་ཐལ་བའི་རྡུལ་བཞིན་ཤིགས། །རྣམ་ཤེས་ཚངས་པའི་ལམ་ནས་དྲོངས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །དུས་ལ་བབ་པོ་མཐུ་རྩལ་སྐྱེད། །མཱ་ར་ཡ་རྦད་བྷྱོ་ཟློག །ཅེས་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་ཟོར་རྣམས་རིམ་པར་འཕངས་པའི་རྗེས་སུ་གཏོར་ཆེན་ཟོར་སྟབས་སུ་རྦད་པས། དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་ཐལ་བར་བརླགས་པར་བསམ་ཞིང་ཐལ་མོ་དང་དུལ་མོ་གདབ། ༈ ཡང་སྐབས་འགར་སྤྲོས་པ་ལ་དགའ་ན་ཟོར་བསྐུལ་རྗེས་ཀོར་ཟོར་ཐོག་ལ། ཧཱུྃ། ཁྲག་འཐུང་པདྨ་དྲག་པོ་ཡི། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །རྩ་སྔགས་དང་ཟློག་སྔགས་བརྗོད་ཅིང་འཕེན། ཀོང་ཟོར་གྱི་མལ་དུ་རིམ་བཞིན། རི་བོ་ཉིལ་བ་རྡོ་ཡི་ཟོར། །རྦ་ཀློང་འཁྲུག་པ་ཁྲག་གི་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེར་གཟེངས་པ་ཡུངས་དཀར་ཟོར། །ཞེས་འཛུད་ལ་སོ་སོར་འཕེན། ༈ ཟོར་རྗེས་གཅོད་པའི་སྲུང་འཁོར་བསྒོམ་ཞིང་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་འོང་། ལྔ་པ་བྲོ་བརྡུང་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་མནན་པར་བསམས་ལ་བྲོ་བརྡུང་བྱའོ། །དྲུག་པ་རྗེས་ཆོག་ནི། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོས་ལ་དངོས་གྲུབ་བླང་ཞིང་ཚེ་འགུགས། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། རྡུལ་ཚོན་ཨ་ཀཱ་རོས་བསྡུ། སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་རྣམས་བྱའོ། ཁྲག་འཐུང་པདྨ་དྲག་པོའི་དམར་ཆེན་གཏོར་ཟློག་གི་མན་ངག་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ཡང་ཟུར་གྱི་སྔགས་འཆང་གུ་རུ་རྟ་མགྲིན་གྱི་གསུང་གིས་བསྐུལ་བ་ལས་གཏེར་གཞུང་རྩ་ཐོའི་དགོངས་པ་ཇི་ལྟ་བ་བཞིན་བསྒྲིགས་པ་སྟེ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་གངས་རིའི་ཁྲོད་ཀྱི་རི་བོ་ཏ་ལའི་གནས་སུའོ།། །།

ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕུད་རབས་རྒྱས་པ་འདོན་སྩོལ་རེ་སྐོང་བཀླག་ཆོག་ཏུ་བཀོད་པ་ (Volume 43, Text 19)

༄༅། །ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕུད་རབས་རྒྱས་པ་འདོན་སྩོལ་རེ་སྐོང་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། དགོས་འདོད་མ་ལུས་འབྱུང་བའི་གནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །ཕུད་རབས་མཆོད་པའི་ཆོ་ག་བྲི། །དེ་ལ་དང་པོ་ལེགས་པར་བཤམ་པ་ནི། རིན་པོ་ཆེ་ལ་སོགས་པའི་མཆོད་གཞོང་གཙང་མར། གསང་བཤོས་ཟླ་གམ་རྩེ་ལྔ་པ་མར་ཐུད་ལ་སོགས་པས་བརྒྱན་པའི་མཐར་ཤ་དང་ཁུར་བ་ལ་སོགས་པས་བསྐོར་ཞིང་། གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པའི་མཆོད་རྫས་མང་པོ་དང་། སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། མཆོད་འབྲུ་དང་ཕུད་ཕོར་ལ་སོགས་པ་སྟ་གོན་བྱས་ལ་མཆོད་རྫས་ཐམས་ཅད་ལ་རོལ་མོས་བྱིན་དབབ་བོ། །དེ་ནས་བདག་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཐལ་མོ་སྦྱར་ཞིང་སྐྱབས་སུ་འགྲོ་བ་ནི། རྒྱུ་སྦྱོར་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་བར་བགྱིའོ། །ལན་གསུམ། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་ཉིད་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་ཟེར་མུ་མེད་པ་འཕྲོ་བའི་འོད་ཀྱིས་ཤར་ཕྱོགས་རི་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བདག་ལ་ཐིམ་པས་རང་ཉིད་སྤྱན་རས་གཟིགས་དངོས་སུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ལས་མེ་འབར་མཆོད་རྫས་སོ་སོའི་འབགས་བཙོག་དང་སེར་སྣ་ལ་སོགས་པའི་མ་དག་པ་ཐམས་ཅད་བསྲེགས། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། མཆོད་རྫས་སུ་སྣང་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་མཆོད་རྫས་ཀྱི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨ་ལས་བདུད་རྩི་དེ་ཉིད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ལས་འདོད་ཡོན་དེ་དག་མགྲོན་སོ་སོའི་ཅི་བཞེད་པའི་ལོངས་སྤྱོད་དུ་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ལས་འོད་འཕྲོས་ལོངས་སྤྱོད་དེ་དག་མགྲོན་སོ་སོའི་སྤྱན་ལམ་དུ་འབབ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཛཿལས་སྤྱན་ལམ་དུ་བབས་པའི་ལོངས་སྤྱོད་རྣམས་མགྲོན་ཐམས་ཅད་ཀྱིས་ཕམ་རྒྱལ་མེད་པར་ཐོབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། མཆོད་ཡོན་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་གཏེར་མཁོ་དགུ་འབྱུང་བས་འཕགས་པ་སྤྱན་རས་གཟིགས་དང་། འདོད་ཡོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་ས་གཞི་བར་སྣང་ཐམས་ཅད་གང་བར་གྱུར། དེ་ནས་ཡུལ་ཁམས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་བྷྲཱུྃ་ཛྙཱ་ན་ཙཀྲ་བྷྲཱུྃ་ལས་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པས་བརྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་གནས་སུ་གྱུར་པ། རྒྱ་ཚད་མེད་པ། ཉེ་འཁོར་མཐའ་ཡས་པ། ཕྱི་ནང་ཀུན་ན་མགྲོན་སོ་སོའི་གནས་དང་གདན་དང་བཀོད་པ་མཐའ་ཡས་པ། ས་གཞི་དང་བར་སྣང་ཐམས་ཅད་པདྨ་རིན་པོ་ཆེའི་ཁྲི་དང་དར་ཟབ་རྣམས་བརྩེགས་པའི་ཁྲི་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། འཕན་ལྡིང་དཔག་ཏུ་མེད་པའི་ཚོགས་དང་། རོལ་མོའི་ཚོགས་མཐའ་ཡས་པ་དང་། འདོད་པའི་ཡོན་ཏན་དཔག་ཏུ་མེད་པའི་སྤྲིན་ཕུང་འཁྲིགས་པས་རབ་ཏུ་བརྒྱན་པར་གྱུར། ཨོཾ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །ཕུང་པོ་ཐམས་ཅད་སངས་རྒྱས་ཞིང་། །རྣམ་དག་རིན་ཆེན་ས་གཞི་ལ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཀུན་ཏུ་བཀོད་པ་ཚད་མེད་དེ། །གདན་ཁྲི་རིན་ཆེན་པདྨ་དང་། །དར་ཟབ་ལྷ་ཡི་གོས་ཀྱིས་བརྒྱན། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་འཁྲིགས། །ཕྱོགས་ཀྱི་ཉེ་འཁོར་ཐམས་ཅད་ཀྱང་། །དཔག་བསམ་ཤིང་དང་ལྗོན་པའི་ཚལ། །རིན་ཆེན་ཆུ་མཚོ་པདྨས་བརྒྱན། །གསེར་དངུལ་ལ་སོགས་རིན་ཆེན་རི། །འོད་འབར་ལྷ་ཡི་ཁང་བརྩེགས་འབར། །ཀུན་ནས་མཛེས་པའི་བཀོད་པས་བརྒྱན། །ས་དང་བར་སྣང་ཁམས་ཀུན་ཏུ། །ལྷ་དང་མི་ཡི་འདོད་ཡོན་གང་། །སྤོས་དང་རོལ་མོའི་སྤྲིན་ཕུང་འཕྲོ། །གྲངས་མེད་བསམ་གྱིས་མི་ཁྱབ་པ། །སྣ་ཚོགས་ཞིང་གི་ཡོན་ཏན་མཆོག །སེམས་ཀྱི་ཏིང་འཛིན་རོལ་མོ་ཡིས། །མངོན་སྤྲུལ་དག་པའི་གནས་མཆོག་འདིར། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །མགྲོན་རྣམས་བཞུགས་པའི་གཞིར་གྱུར་ཅིག །ཨོཾ་རཏྣ་མཎྜ་ལ་ས་མ་ཡེ་ཙཀྲ་བྷྲཱུྃ། དེ་ནས་མགྲོན་སྤྱན་དྲང་བ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནང་བར་བསམ་སྟེ། སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲང་བ་ནི། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ་ལོ། །ཧོ། དཀྱིལ་འཁོར་དབང་ཕྱུག་གདོད་མའི་མགོན་པོ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བགེགས་དང་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །ལྷག་མར་གྱུར་པའི་མགྲོན་རིགས་ཡན་ཆད་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །བྱང་ཆུབ་སེམས་བསྐྱེད་སེམས་དང་བཅས་ཏེ་བྱོན། །འཕགས་དགུ་བསྙེན་བཀུར་སེམས་དང་བཅས་ཏེ་བྱོན། །སྐྱེ་དགུ་ཕན་མཛད་སེམས་དང་བཅས་ཏེ་བྱོན། །གཙུག་ལག་སྐྱོང་བའི་སེམས་དང་བཅས་ཏེ་བྱོན། །མདོར་ན་དཀོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །འཁོར་འདས་ཐམས་ཅད་མགྲོན་དུ་སྤྱན་འདྲེན་གྱིས། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །བསོད་ནམས་རིན་ཆེན་གླིང་འདིར་མྱུར་དུ་བྱོན། །ལྷ་རྣམས་འདྲེས་མའི་ཚལ་དུ་འདུ་བ་ལྟར། །ལོངས་སྤྱོད་འདྲེས་པའི་ཚལ་འདིར་མྱུར་དུ་བྱོན། །རིག་འཛིན་དཔག་བསམ་ཀུན་རར་རྒྱུ་བ་ལྟར། །མཆོད་སྦྱིན་དཔག་བསམ་ཀུན་རར་མྱུར་དུ་བྱོན། །ཨོཾ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བཾ། བཛྲ་ས་མ་ཡ་ཧོཿ ཞེས་པས་སེ་གོལ་དཔུང་པར་བརྡབས་ལ་རོལ་མོའི་སྒྲ་དང་བཅས་པས། མགྲོན་ཐམས་ཅད་ཕྱོགས་ཐམས་ཅད་ནས་ས་གཞི་དང་བར་སྣང་ཁྱབ་པ་བྱོན་པར་བསམས་ནས་བཞུགས་སུ་གསོལ་བ་ནི། པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། ཧོཿ ཐམས་ཅད་ཀུན་ནས་བྱོན་ཅིང་གཤེགས་པ་རྣམས། །ཏིང་འཛིན་དངོས་བཤམས་དག་པའི་གནས་མཆོག་འདིར། །སོ་སོའི་མགྲོན་རིགས་དགྱེས་པའི་གདན་ཁྲི་ལ། །མི་འགྱུར་བདེ་ཆེན་ངང་དུ་བཞུགས་ནས་ཀྱང་། །བདག་གི་མཆོད་སྦྱིན་དམ་པ་བཞེས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་སེ་གོལ་དང་བཅས་པས། མགྲོན་ཐམས་ཅད་སྔར་བསྐྱེད་པའི་གཞལ་མེད་ཁང་དུ་གཙོ་འཁོར་སོ་སོའི་གདན་ལ་ཆེ་ཆུང་སྟེང་འོག་ཕྱི་ནང་གི་ཚུལ་གྱིས་ཁྱབ་པར་བསམ་ལ། སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། ཨོཾ། བསོད་ནམས་རིན་ཆེན་གླིང་འདིར་གཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་གྱུར་པ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆག་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད། །ཅེས་སོ་སོའི་ཕྱག་དང་། དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །དེ་དག་ནི་མགྲོན་སྤྱན་དྲངས་ཤིང་སྤྱིར་མཆོད་པའོ། ༈ །དེ་ནས་བྱེ་བྲག་ཏུ་ཕུད་ཀྱིས་མཆོད་པ་དང་པོ་ནི། བསང་བཤོས་ཀྱི་རྩེ་མོ་ལྔ་དབུས་ནས་བཅད་ཁ་བཅད་པ་ཕུད་ཕོར་དུ་རིམ་པས་མཆོད་འབྲུའི་ཕུད་དང་བསྡེབས་ལ་བླུགས་ཏེ་གཅིག་ལངས་ནས་བཟུང་ལ། མཚམས་མཚམས་སུ་རོལ་མོའི་སྒྲ་དང་བཅས་པས་གནམ་ཕུད་འཐོར་ཞིང་གདངས་སྙན་པོས་འདི་སྐད་དོ། །ཧོ། ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། ཀུན་གྱི་སྤྱི་ཕུད་དམ་པར་གྱུར་པ་དང་། བླ་ན་མ་མཆིས་པའི་འཕགས་པ་དཀོན་མཆོག་གསུམ་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པའི་མངའ་ཐང་ཆེན་པོས་དབང་དང་འབྱོར་པ་དང་འདོད་དགུའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་རང་བཞིན། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་སུ་བརྒྱུད་པ་ཐམས་ཅད་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། འདོད་ཡོན་རྒྱན་གྱི་རོལ་པ། དགྱེས་ཤིང་སྒྲུབ་པའི་དམ་རྫས། ཕྱི་ནང་གསང་བའི་མཆོད་པ། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་བསམ་དགུའི་རེ་བ་ཐམས་ཅད་སྒྲུབས་ཤིག །འདོད་དགུའི་དངོས་གྲུབ་ཐམས་ཅད་སྩོལ་ཅིག །འགལ་འཁྲུལ་དང་ཉམས་ཆག་ཐམས་ཅད་སྐོངས་ཤིག །དགོངས་ཀློང་དང་ཏིང་འཛིན་སྤེལ་ཅིག །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༈ ཧོ། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ལ། སྲས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཧོ། གནས་མཆོག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ལ། འཁོར་རིགས་ལྔའི་སངས་རྒྱས་ཞི་དང་ཁྲོ་བོའི་རོལ་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གནས་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་ན། ཆོས་སྐུ་རྡོ་རྗེ་འཆང་ལ། འཁོར་ས་ལ་གནས་པ་དང་། གྲུབ་པ་ཆེན་པོ་དང་། རིག་པ་འཛིན་པ་དང་། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་ལ་སོགས་པས་བསྐོར་བ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གནས་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱས་བསྐོར་བ་ན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། ཁྱད་པར་དུ་གནས་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་རྣམ་པ་བཞི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སྔ་རབས་འདས་པའི་སངས་རྒྱས་མར་མེ་མཛད། སླད་ཀྱིས་འབྱོན་པའི་སངས་རྒྱས་བྱམས་པ། ད་ལྟར་བཞུགས་པའི་སངས་རྒྱས་མི་འཁྲུགས་པ་དང་། འོད་དཔག་མེད་ལ་སོགས་པ་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་སྲས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་འདི་དང་ཕྱི་མའི་རེ་སྨོན་དམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་རང་བཞིན། ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དང་། ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པས་རང་གཞན་གྱི་དོན་གཉིས་རྫོགས་པར་མཛད་དུ་གསོལ། ༈ ཧོ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་དུའང་བདེ་གཤེགས་ཞི་བའི་ལྷ་ཚོགས། འབར་བ་ཁྲོ་བོའི་ལྷ་ཚོགས། འདུས་པ་མདོའི་ལྷ་ཚོགས། སྒྱུ་འཕྲུལ་རྒྱན་གྱི་ལྷ་ཚོགས། ཨ་ཏི་སེམས་ཀྱི་ལྷ་ཚོགས། འཆི་མེད་ཚེའི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་དང་། བཅོམ་ལྡན་འདས་གསང་བ་འདུས་པ། གཤིན་རྗེའི་གཤེད། བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ། དུས་ཀྱི་འཁོར་ལོ་ལ་སོགས་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་དམ་པའི་ཆོས་དཀོན་མཆོག་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ཚིག་གི་རང་བཞིན། ས་བཅུ་དང་ལམ་ལྔ། འཕགས་པའི་སྤངས་རྟོགས་ཁྱད་པར་ཅན་གསུང་རབ་ཡན་ལག་བཅུ་གཉིས་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་དགེ་འདུན་དཀོན་མཆོག །ཐེག་པ་གསུམ་གྱི་ལམ་ལ་ཞུགས་པ། ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། གདུང་བ་སེལ་བ་ལ་སོགས་རང་སངས་རྒྱས་ཀྱི་དགེ་འདུན་ཐམས་ཅད་དང་། བཟང་སྐྱོང་དང་དྲྭ་བ་སྦྱིན་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། ཁྱད་པར་དུ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་ལ་སོགས་པ་རིག་སྔགས་ཀྱི་བདག་པོ་ཐམས་ཅད་དང་། འཕགས་མ་སྒྲོལ་མ། འོད་ཟེར་ཅན། རྨ་བྱ་ཆེན་མོ། གཟུངས་ཀྱི་སྙེ་མ། ཀུ་རུ་ཀུལླེ། ནོར་རྒྱུན་མ་ལ་སོགས་པ་གཟུངས་སྔགས་ཀྱི་ལྷ་མོ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པས་གསང་སྔགས་དང་། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་གྲུབ་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལ་སོགས་ཡོན་ཏན་གྱི་འབྱོར་པ་དཔག་ཏུ་མེད་པ་འགྲུབ་པ་དང་། ཚེ་དང་དབང་ཕྱུག་དང་། འཁོར་དང་ཡོ་བྱད་དང་། དབང་དང་གྲགས་པ་དང་། མངའ་ཐང་དང་འབྱོར་པ་ཆེན་པོ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༈ ཧོ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་བཅས་པ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ཕྱག་དྲུག་པ། གྲི་གུག་པ། མཐར་སྐྱེས་པ། ལེགས་ལྡན་ནག་པོ། གུར་མགོན། གདོང་བཞི་པ། སྟག་ཞོན། སེང་གེའི་གདོང་ཅན་ལ་སོགས་པ་དྲེགས་པ་ཕོ་རྒྱུད་ཐམས་ཅད་དང་། ཁྱད་པར་དུ་ཡང་དཔལ་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ་ཊི། ཏྲག་ཤད་ལྕམ་དྲལ། རེ་མ་ཏི་མཆེད་ལྔ། ཤན་པ་སྲོག་སྒྲུབ་ནག་མོ། གཟའི་དགེ་བསྙེན་རཱ་ཧུ་ལ། གནོད་སྦྱིན་དམར་ནག །དམ་ཅན་རྡོ་རྗེ་ལེགས་པ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་དང་། གཞན་ཡང་གུ་རུ་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཡབ་ཡུམ། ཉང་ཏིང་འཛིན་བཟང་པོ། རིག་འཛིན་ཀུ་མ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། རྒྱལ་དབང་རིན་ཆེན་ཕུན་ཚོགས། རྗེ་བཙུན་སྣ་ཚོགས་རང་གྲོལ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་བཅས་པ་རྣམས་ཀྱི་བཀའ་དང་འཁོར་ན་གནས་པའི་སྲུང་མ་མཚན་ནས་མ་ཐོན་པ་རྣམས་དང་། རྣལ་འབྱོར་པ་བདག་གི་ཕ་མེས་རྒྱུད་ཀྱི་སྲུང་མ། སྒོས་སུ་རྣལ་འབྱོར་པ་བདག་ལ་འགོ་ཞིང་སྡོངས་གྲོགས་བྱེད་པའི་སྲུང་མ་མཐུ་བོ་ཆེ་མིང་དང་མཚན་ནས་མ་ཐོན་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པར་ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །མགོན་སྐྱོབ་དང་དཔུང་གཉེན་མཛོད་ཅིག །གཞི་ལ་སྡོད་ན་ལེགས་པ་སྒྲུབས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད་ཅིག མི་ལ་ན་ཚ་མ་གཏང་། རྟ་ཕྱུགས་ལ་གོད་ཁ་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། མི་ཁ་གླེང་བརྗོད་མ་གཏང་། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། རྒྱ་གར་རྡོ་རྗེ་གདན་གྱི་སྲུང་མ། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་སྲུང་མ། ཁ་ཆེ་ཁྲི་སྟན་གྱི་སྲུང་མ། ལི་ཡུལ་ལྕང་ར་སྨུག་པོའི་སྲུང་མ། གྲུ་གུ་མཐར་ལེགས་ཀྱི་སྲུང་མ། དུར་ཁྲོད་བརྒྱད་ཀྱི་སྲུང་མ། ཧ་ལ་ཤན་གྱི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བྱེ་བྲག་ཏུ་ཡང་བོད་ཁ་བ་ཅན་གྱི་སྲུང་མ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །མོན་ཡུལ་རྡོ་དང་ཀོང་པོའི་སྲུང་མ་གཏེར་བདག་ཡུལ་ལྷ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། ཁྱད་པར་དུ་ཡང་ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མ། ལྷ་ས་འཕྲུལ་སྣང་གི་སྲུང་མ། རྒྱས་བཏབ་ར་མོ་ཆེའི་སྲུང་མ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་རྣམས་དང་། ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་། བྲག་དམར་མགྲིན་བཟང་། མཆིམས་ཕུ་སྣ་དམར། སྐ་ཆུ་དཔལ་འབྱུང་གི་པ་གོང་གི་གཙུག་ལག་ཁང་། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་། འུ་ཤང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་སྲུང་མ་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཞན་ཡང་དབུ་རུ་ན་ཀ་ཚལ། གཡོ་རུ་ན་ཁྲ་འབྲུག །རྒྱང་རོ་རྩིས་ཀྱི་ལྷ་ཁང་། མང་ཡུལ་ན་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་། པྲ་དུན་རྩེའི་ལྷ་ཁང་། སྐྱོ་དུན་རྩེའི་ལྷ་ཁང་། ཀོང་པོ་ན་བུ་ཆུ། བུམ་ཐང་ན་དགེ་གནས། ལྷོ་བྲག་ན་མཁོ་མཐིང་། ཁམས་ན་ཀློང་ཐང་བྱང་ཆུབ་སྒྲོལ་མའི་གཙུག་ལག་ཁང་། སྐ་ཆུ་ན་གསེར་གྱི་གཙུག་ལག་ཁང་། བྱང་ན་རའི་གཙུག་ལག་ཁང་། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་སོགས་པ་མཐའ་འདུལ་དང་། ཡང་འདུལ་དང་། མཐའ་ཡང་འདུལ་གྱི་གཙུག་ལག་ཁང་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་ལྷ་ས་དང་ཡེར་པའི་གཙུག་ལག་ཁང་། བསམ་ཡས་མཆིམས་ཕུའི་གཙུག་ལག་ཁང་། དཔལ་ཆུ་བོ་རིའི་གཙུག་ལག་ཁང་། དབེན་གནས་ལྷ་རིང་བྲག་གི་སྲུང་མ། ལྷོ་བྲག་མཁར་ཆུའི་སྲུང་མ། ཁམ་ཕུག་རྫོང་གི་སྲུང་མ། སྦས་ཡུལ་བཞི་དང་འབྲོས་ཡུལ་བཞི་ལ་སོགས་དབེན་གནས་གཉན་པོ་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གཙང་རིས་ལྷའི་དགེ་བསྙེན་ཆེན་པོ། ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སའི་ལྷ་མོ་བརྟན་མ་ལ་སོགས་ཏེ་སྟོང་གསུམ་ཡུལ་གྱི་གཞི་བདག་ཆེན་པོ་ཐམས་ཅད་དང་། ཁྱད་པར་དུ་བོད་ཁ་བ་ཅན་གྱི་གནས་བདག་ཆེན་པོ། གནོད་སྦྱིན་ཆེན་པོ་རྡོ་རྗེ་ཐང་ལྷ། རྡོ་རྗེ་ཤམྦྷོ། རྡོ་རྗེ་གངས་བཟང་། རྡོ་རྗེ་མཁའ་རི། རྨ་རྒྱལ་སྤོམ་ར་ལ་སོགས་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། མཆོད་དོ། །ཧོ། གཞན་ཡང་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་ལ་སོགས་པ་གནོན་སྦྱིན་མ་ཆེན་མོ་བཞི། རྡོ་རྗེ་ཁྱུང་བཙུན་མ་ལ་སོགས་ཏེ་བདུད་མོ་ཆེན་མོ་བཞི། རྡོ་རྗེ་བོད་ཁམས་སྐྱོང་མ་ལ་སོགས་ཏེ་སྨན་བཙུན་མ་ཆེན་མོ་བཞི་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་འབྱོར་པ་སྤེལ་ཅིག །འདོད་དོན་དང་དངོས་གྲུབ་སྩོལ་ཅིག །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ལ་གནས་པའི་གཞི་བདག་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། བཙན་མཐུ་བོ་ཆེ། རྒྱལ་པོ་མཐུ་བོ་ཆེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། ཁང་གཞི་ཁང་སྐོར་འདི་ཉིད་ལ་གནས་པའི་གཞི་བདག་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སྡོད་ན་ལེགས་པར་སྐྱོངས་ཤིག །རུ་ང་དང་ཕྲག་དོག་མ་མཛད་ཅིག །འགྲོ་ན་འཁྲེན་གཟེར་མ་བྱེད་ཅིག །གནས་མགྲོན་གྱི་དམ་ཚིག་གཉན་པོ་སྲུངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷ་དང་མི་ཡི་དྲང་སྲོང་ཆེན་པོ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཆེན་པོ་གསེར་མིག་ཅན་ལ་སོགས་པ་ནམ་མཁའ་ལྡིང་འཁོར་དང་བཅས་པ་རྣམས་དང་། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ལ་སོགས་པ་མིའམ་ཅི་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ནོར་གྱི་དབང་ཕྱུག་ཛམྦྷ་ལ་དང་། པི་ཙི་ཀུནྜ་ལཱི་དང་། ཚོགས་ཀྱི་བདག་པོ་དང་། རྣམ་ཐོས་ཀྱི་བུ་དང་། འཕྲོག་མའི་བུ་ལྔ་བརྒྱ་ལ་སོགས་པ་ནོར་ལྷ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པས་བདག་ཅག་གི་ནོར་དང་། འབྲུ་དང་། གོས་དང་བཞོན་པ་དང་། གནས་དང་ཡོ་བྱད་ཀྱི་མངའ་ཐང་ཆེན་པོ་རྒྱས་པར་མཛོད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཚངས་པ་གདོང་བཞི་ལ་སོགས་པ་གཟུགས་ཁམས་འོད་གསལ་གྱི་རིགས་རྣམས་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི། འདོད་ཁམས་ལྷའི་རིགས་ཀྱི་གཙོ་བོ་ཆེན་པོ། དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ། ཨུ་མ་དེ་བཱི། ཁྱབ་འཇུག་ཆེན་པོ། གཞོན་ནུ་ཀཱརྟྟི་ཀ །ཙཎྜ་ལི་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ། ལྷོ་ཕྱོགས་སྐྱོང་བའི་རྒྱལ་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ། ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་སྤྱན་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་ཚོགས་ཀྱིས་བསྐོར་བ་འཁོར་དང་བཅས་པ་ཐམས་ཅད་དང་། བར་སྣང་གི་ལྷའི་རིགས་སུ་གྱུར་པ་ཐམས་ཅད་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ནམ་མཁའི་ལྷ་དང་། རིའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། སྐྱེད་མོས་ཚལ་གྱི་ལྷ་དང་། ཡུལ་འཁོར་གྱི་ལྷ་དང་། གྲོང་ཁྱེར་གྱི་ལྷ་དང་། རྒྱལ་པོའི་ཕོ་བྲང་གི་ལྷ་དང་། གཙུག་ལག་ཁང་གི་ལྷ་དང་། དུས་ཚིགས་ཀྱི་ལྷ་དང་། ཞིང་གི་ལྷ་དང་། སྦུ་གུ་མི་ལ་འགོ་བའི་ལྷ་ལྔ་ལ་སོགས་པ། མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་ཞལ་ཟས། འདོད་ཡོན་ལྔའི་སྤྲིན་ཕུང་གིས་གཏིབས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་བརྒྱ་དང་སྤྲོད་ཅིག །ཉེས་པ་སྟོང་རྣམས་སུབས་ཤིག །མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །མདུན་གྱི་མཁར་བ་གྱིས་ཤིག །རྒྱབ་ཀྱི་སློག་པ་གྱིས་ཤིག །ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་སྨན་ཐོངས་ཤིག །ལེགས་པ་ཆོས། ཉེས་པ་ཟློགས། མི་མཉམ་པ་དང་མཉམ་དུ་ཆུགས་ཤིག །མཉམ་གཉིས་གང་གི་རྒྱལ་ཁ་ཐོན་ཅིག །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས། དབང་ཆེན་གསེར་གྱི་ས་གཞི་ལ་གནས་པ་དཀར་ཕྲེང་གི་ལྷ་མ་ཡིན་དཔག་ཏུ་མེད་པ། རི་རབ་ཀྱི་ཆུ་མཚམས་ན་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་འཁོར་དང་བཅས་པ། མཐུ་དཔལ་ལྷ་ཡི་རིགས། གདུག་པ་ཀླུ་ཡི་རིགས། ནག་པོ་བདུད་ཀྱི་རིགས། འབྱོར་པ་གནོད་སྦྱིན་གྱི་རིགས། གདུག་རྩུབ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དགྱེས་པ་ཆེན་པོས་དགོངས་ཏེ། བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་གཏང་། རྟ་ཕྱུགས་ལ་གོད་ཁ་མ་གཏང་། དེས་ལེན་དང་དེས་ཉེས་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། མི་མང་སར་སྨ་མ་དབབ། བྱ་མང་སར་སྤུ་མ་ཐོགས། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག །ཁ་རྗེ་དང་དབང་ཐང་མ་ཟློགས། བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གླིང་བཞི་མིའི་འགྲོ་བ། སྔོན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་སམ་ང་ལས་ནུ། དགེ་བ། རབ་མཛེས། གསོ་སྦྱོང་འཕགས་ལ་སོགས་རྒྱལ་རིགས་དྲ་མ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་དང་། འཕགས་སྐྱེས། བཟང་པོ། གྲགས་པ་ལ་སོགས་རྗེའུ་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། སྐར་མཁན། ལག་བཟང་། རྒྱུན་ཤེས་ལ་སོགས་བྲམ་ཟེའི་རིགས་སུ་གྱུར་པ་ཐམས་ཅད་དང་། སེང་གེ་ལ་སོགས་དམངས་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། མགོན་མེད་ཟས་སྦྱིན་ལ་སོགས་ཁྱིམ་བདག་གི་རིགས་སུ་གྱུར་པ་ཐམས་ཅད་དང་། ཚོང་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། དམག་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། མདུན་ན་འདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ཕོ་ཉ་བྲན་དང་མངགས་གཞུག་པའི་རིགས་སུ་གྱུར་པ་ཐམས་ཅད་དང་། སྐྱེ་བོ་ཕལ་པ་ཞོ་ཤས་འཚོ་བ་དབུལ་ཕོངས་ཀྱི་རིགས་ཡན་ཆད། མིའུ་རིགས་བཞིའི་གནས་རིགས་སུ་གཏོགས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་དགྱེས་པའི་མངའ་ཐང་དང་བཅས་པ་འདི་བཞེས་ལ། བདག་ཅག་ལེགས་པའི་དབུ་རྨོག་སྐྱེད་ཅིག །མངའ་ཐང་དང་འབྱོར་པ་རྒྱས་པར་མཛོད་ཅིག །ཆབ་སྲིད་བརྟན་ཞིང་འཇམ་པ་སྐྱེད་ཅིག །གནས་དང་འཁོར་དང་འབྱོར་པ་སྤེལ་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། མར་མགྲོན།་་་གཞན་ཡང་ས་འོག་ས་སྟེང་ས་བླའི་གནས་ན་རང་རང་ལས་ཀྱིས་སོ་སོར་སྣང་བ་ཀླུའི་རྒྱལ་པོ་དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་། མ་དྲོས་དང་། གཟི་ལྡན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་སྡུག་བསྔལ་དང་བྲལ་ནས། ལེགས་པའི་མཆོག་ཡང་དག་ཕུལ་དུ་གྱུར་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པར་ཤོག་ཅིག །དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་ངོ་མཚར་རྨད་དུ་བྱུང་བས། བདག་ཅག་འཁོར་དང་བཅས་པའི་ནད་དང་གནོད་པ་ཐམས་ཅད་ཞི་ཞིང་ཚེ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་གཟི་བརྗིད་ཆེན་མོའི་གཙོ་བྱས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དང་། མེ་ལྕེའི་འཁོར་ལོ་ཅན་དང་། ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བ། ཁ་ཁབ་མིག་ཙམ་པ། ལྟོ་བ་རི་རབ་ཙམ་པ། རྐང་ལག་འཇག་མ་ཙམ་པ། སྐྲ་གཡེང་ཞིང་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རྒྱལ་པོ་དང་། འགོང་པོ་དང་། བཙན་དང་། དམུ་དང་། བསེན་མོ་དང་། དམ་སྲི་དང་། སྨྱོ་བྱེད་དང་། སྲུལ་པོ་དང་། རྗེད་བྱེད་དང་། ཤ་ཟ་དང་། ས་གདོན་ལ་སོགས་པ་ཡི་དྭགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ཏེ་ནམ་མཁའ་མཛོད་ལ་དབང་ཐོབ་ནས། ཐམས་ཅད་ཀྱང་དགའ་དངོས་སྤྱོད་ཅིང་ཐར་པ་དམ་པའི་ཆོས་དང་ལྡན་པར་གྱུར་ཅིག ༈ །ཧོ། གཞན་ཡང་དམྱལ་ཁམས་ལས་ཀྱི་དབང་ཕྱུག་ཆེན་པོ། གཤིན་རྗེའི་རྒྱལ་པོ་ཨ་ཝ་གླང་མགོ་དང་། རཀྴ་ཕག་མགོ་དང་། འཁོར་ན་གནས་པ་གསོད་བྱེད་ལས་ཀྱི་གཤིན་རྗེ་སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་ལེན་ཅིང་། བར་དོར་ལས་ཀྱི་མེ་ལོང་སྟོན་པ་རྣམས་དང་། མཚོན་ཆ་སྣ་ཚོགས་འཇིགས་པས་གཤག་པ་དང་། གཏུབ་པ་དང་། འཚེད་པ་དང་། པགས་པ་བཤུ་བ་དང་། ཕུར་བུས་བརྒྱང་བ་དང་། ལྕེ་ལ་ཞིང་རྨོ་བ་ལ་སོགས་སྡུག་བསྔལ་དུ་མ་སྟོན་པ་རྣམས་དང་། ཚ་བ་དང་རབ་ཏུ་ཚ་བ་ལ་སོགས་ཚ་དམྱལ་བརྒྱད། པདྨ་དང་ཨུཏྤལ་ལྟར་གས་པ་ལ་སོགས་གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་བ་ལ་སོགས་དམྱལ་བའི་རིགས་སུ་གྱུར་པ་ལས་ཀྱི་མུན་པ་ཆེན་པོས་གདུངས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། བདུད་རྩི་སྨན་གྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཚ་གྲང་ལ་སོགས་པ་སོ་སོའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཏེ་མཐར་ཐུག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག ༈ །དེ་ལྟར་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རཀ་དམྱལ་བའི་གཏིང་རུམ་ཡན་ཆད་ལ་ཐུག་གི་བར་གྱི་སེམས་ཅན། ཁམས་གསུམ། རིགས་དྲུག །རྒྱུད་ལྔ། སྐྱེ་གནས་བཞིའི་བསྡུས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འདི་བསྔོས་པའི་མཐུས། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་སྟེ། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ཅིག ཁྱད་པར་དུ་ཚེ་འདི་ཉིད་ལའང་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ། རེ་སྨོན་དམ་པའི་གཞིར་གྱུར་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག ༈ །ཧོ། གཞན་ཡང་གཤིན་དུ་གྱུར་པའི་གྲལ་ན་བཞུགས་པ། རྒྱལ་པོ་སྔ་རབས་འདས་པ། བཙུན་མོ་སྔ་རབས་འདས་པ། པཎྜི་ཏ་སྔ་རབས་འདས་པ། ལོ་ཙཱ་བ་སྔ་རབས་འདས་པ། ཞང་བློན་སྔ་རབས་འདས་པ། སྨན་པ་སྔ་རབས་འདས་པ། བཟོ་བོ་སྔ་རབས་འདས་པ། དམག་དཔོན་སྔ་རབས་འདས་པ། ཡུལ་དཔོན་སྔ་རབས་འདས་པ། སྐྱེ་བོ་སྔ་རབས་འདས་པ། བྱིས་པ་སྔ་རབས་འདས་པ། ཕོ་བཙུན་སྔ་རབས་འདས་པ། མོ་བཙུན་སྔ་རབས་འདས་པ། ཕོ་བཙུན་གཡས་གྲལ་ན་བཞུགས་པ། མོ་བཙུན་གཡོན་གྲལ་ན་བཞུགས་པ། བྱིས་པ་མཐའ་གྲལ་ན་བཞུགས་པ། དབུ་དུང་ལས་དཀར་བ། སྤྱན་མཐིང་ལས་སྔོ་བ། ལྗགས་ཟངས་ལས་དམར་བ། ཕ་ཡི་རིང་ནས་ཤ་མ་མྱོང་ཟེར་ནས་རྫ་རི་སྨུག་པོ་མཐོང་ན་གྲི་བརྡར་བ། མ་ཡི་རིང་ནས་ཆང་མ་མྱོང་ཟེར་ནས་གཙང་ཆབ་སྔོན་མོ་མཐོང་ན་སྐྱོགས་ཀྱིས་གདེངས་པ། རང་གི་རིང་ནས་མར་མ་མྱོང་ཟེར་ནས་གངས་རི་དཀར་པོ་མཐོང་ན་སྤར་གྱིས་འདེབས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་གང་ལ་གང་འདོད་ཀྱི་དགྱེས་པའི་བཟའ་བཏུང་དང་ལོངས་སྤྱོད་དུ་དམིགས་ཏེ་འབུལ་བ་འདི་བཞེས་ནས། གཤིན་མིག་གསོན་ལ་མ་བལྟ་ཞིག །གཤིན་གྱི་བརྩེ་གདུང་གསོན་ལ་གནོད་པའི་འདྲེར་ཆེ་བས་རང་སར་བཞུགས་ལ་དུར་གཤིན་རྒྱས་པའི་ལས་མཛོད་ཅིག །ཁྱེད་གཤིན་ལེགས་ན་གསོན་དར་བའི་དཔལ་དུ་ཆེ་བས་བཀྲ་ཤིས་དར་རྒྱས་སུ་མཛོད་ཅིག །གཤིན་གྲལ་ན་མང་བ་ཡིན་ནོ། །གསོན་གྲལ་ན་ཉུང་བ་ཡིན་ནོ། །ན་སྒབ་དང་ཤི་སྒབ་ཐམས་ཅད་ཆོད་ལ། ཡུན་གྱི་སྲིད་དགེ་བའི་ཕུལ་དུ་གྱུར་ནས་བྱང་ཆུབ་ཀྱི་ལམ་དུ་ཞུགས་ཏེ་རྟག་ཏུ་དམ་པའི་ཆོས་ལ་སྤྱོད་ཅིག །བདག་ཅག་མི་རབས་འཁོར་དང་བཅས་པའི་ཆག་ཆེ་བ་དང་། ཉམ་ང་བ་ཐམས་ཅད་ཟློགས་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་བགེགས་ཀྱི་རིགས་སུ་གྱུར་པ་བི་ནཱ་ཡ་ཀཿའཁོར་དང་བཅས་པ་ཐམས་ཅད་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། མཁའ་འགྲོའི་གདོན་དང་། ཤ་ཟའི་གདོན་ལ་སོགས་པ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་བཞེད་དགུའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གནོད་སེམས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ས་འོག །ས་སྟེང་། ས་བླ། སྲིད་པ་བར་མ་དོ། ཁམས་གསུམ་རྒྱུད་དྲུག་ཏུ་སོ་སོར་འཁོར་བའི་དུས་ན་ཕན་ཚུན་དུ་འབྲེལ་བས། མཐོ་བ་མཁར་གྱི་ལན་ཆགས་པ། དམའ་བ་ས་ཞིང་གི་ལན་ཆགས་པ། བཟའ་བ་ཟས་ཀྱི་ལན་ཆགས་པ། བཏུང་བ་སྐོམ་གྱི་ལན་ཆགས་པ། བགོ་བ་གོས་ཀྱི་ལན་ཆགས་པ། འདོད་ཡོན་ནོར་གྱི་ལན་ཆགས་པ། བུ་ལོན་འབྲེལ་གྱི་ལན་ཆགས་པ། བརྟེན་པ་གནས་ཀྱི་ལན་ཆགས་པ། བཞོན་པ་རྐང་འགྲོས་ཀྱི་ལན་ཆགས་པ། ཕ་དང་མའི་ལན་ཆགས་པ། བུ་ཚ་ཚ་བྱུག་གི་ལན་ཆགས་པ། གཉེན་གྲོགས་སྲིད་སྡེའི་ལན་ཆགས་པ། མཐོ་བས་བསྐྱབས་པའི་ལན་ཆགས་པ། བར་པས་མཛའ་བའི་ལན་ཆགས་པ། འོག་མས་བཀུར་པའི་ལན་ཆགས་པ། བྲན་དུ་བསྐུལ་པའི་ལན་ཆགས་པ། ཞོ་བཞོས་པའི་ལན་ཆགས་པ། ཁལ་བཀལ་པའི་ལན་ཆགས་པ། རྨོ་རྨོས་པའི་ལན་ཆགས་པ། བེད་དུ་སྤྱད་པ་ལ་སོགས་པ་བུ་ལོན་དང་ལན་ཆགས་སུ་གྱུར་པའི་རིགས། རེ་ལྟོས་བྱེད་པ་ཐམས་ཅད་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་སོ་སོར་གང་ལ་གང་འདོད་ཀྱི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཚངས་པ་ཆེན་པོས་བཞེས་ནས་བུ་ལོན་དང་ལན་ཆགས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་དག་སྟེ། སླན་ཆད་ཀྱི་བུ་ལོན་དང་ལན་ཆགས་མེད་པར་ཚོགས་གཉིས་རྫོགས་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཐབ་ལྷ་ཡུ་མོ། སྒྱེད་ལྷ་སྤུན་གསུམ། བང་ལྷ་གྲུ་བཞི་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །དབྱར་ཞོ་མལ་དུ་ཞོ་མ་གཅད། དགུན་ཆང་མལ་དུ་ཆང་མ་གཅད། སྟོན་འབྲུ་མལ་དུ་འབྲུ་མ་གཅད། དཔྱིད་ཇ་མལ་དུ་ཇ་མ་གཅད། དུ་བའི་འཐུལ་རྒྱུན་མ་གཅད། སླ་ངའི་ཚག་མ་གཅད། རང་འཐག་འུར་མ་གཅད། བསེ་ལྟིར་དྷིག་མ་གཅད། ཇ་ཆང་རྒྱུན་མ་གཅད། སྐྱིད་མོ་མཚོས་སྐྱིད་དུ་ཆུགས། གང་མོ་མཚོས་གང་དུ་ཆུགས། དཔལ་མོ་མཚོས་དཔལ་སྐྱེད་ཅིག །ཟངས་དཀར་འོ་མས་གང་བ་བཞིན་དུ་ཇེ་མཐོ་ཇེ་མཐོ་ལ་ཐོངས་ཤིག །གངས་དཀར་ལ་ཁ་བ་བབས་པ་བཞིན་དུ་ཇེ་དཀར་དང་ཇེ་མཐོ་ལ་ཐོངས་ཤིག ༈ །ཧོ། གཞན་ཡང་ཕྱུགས་ལྷ་ནོར་གྱི་བདག་པོ། རྟ་བདག་ཀུ་བེ་ར་ལ་སོགས་པ་ཕྱུགས་བདག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཅང་ཤེས་རྟ་ཡི་འབྱོར་པ་སྤེལ་ཅིག །འབྲི་མཛོ་ལུག་ཁྱུའི་རུ་སྡེ་སྐྱོངས་ཤིག །བ་ར་བོང་གསུམ་རྒྱས་པར་མཛོད་ཅིག །རྐང་འགྲོས་ནོར་གྱི་འབྱོར་པ་སྤེལ་ཅིག ༈ །ཧོ། གཞན་ཡང་ཞིང་ལྷ་འབྲུ་ཡི་གཏེར་བདག་ཆེན་པོ། ས་ཡི་ལྷ་མོ་བརྟན་མ་འཁོར་དང་བཅས་པ་དང་། བདག་ཅག་གི་ཞིང་ལྷ་བབས་གདན་ན་གནས་པ། སྲུང་མ་མུ་ན་གནས་པ། རྒྱས་བར་སྣང་ན་གནས་པ། རྟེན་ཤིང་ནིའུ་དཀར་གོང་ན་གནས་པ། ཀླུ་མོ་བྱང་ཆུབ་ལྕམ་དྲལ་ལ་སོགས་པ་ཞིང་ལྷ་འཁོར་དང་བཅས་པ་རྣམས་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །རྟག་ཏུ་ལེགས་པའི་ལོ་ཏོག་སྤེལ་ཅིག །བང་མཛོད་ཐམས་ཅད་འབྲུའི་ཁོངས་ཤིག །དུས་བཞིའི་དཔལ་དང་འབྱོར་པ་སྐྱེད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གནས་ཡུལ་གྱི་སྒོ་སྲུང་བའི་སྒོ་མ་ཆེན་མོ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ། ཡབ་ཡུམ་འཁོར་དང་བཅས་པ་རྣམས་དང་། སྒོ་བ་སྟག་གཡག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། ནང་མི་སྨུག་པོ་ཕྱིར་མ་གཏང་། ཕྱི་མི་སྐྱ་བོ་ནང་དུ་མ་གཏང་། ཕུགས་ནས་རོ་མ་གཏང་། མདོ་ནས་དགྲ་མ་གཏང་། ནང་གི་སྙིང་རོགས་མ་ཕྱིར་མ་གཏང་། ཕྱིའི་གྱོད་འདྲེ་ཅན་ནང་དུ་མ་གཏང་། དགྲ་རྐུན་གནོད་འཚེ་ཐམས་ཅད་སྲུངས་ལ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་མཆོད་སྦྱིན་དམ་པའི་མགྲོན་དུ་གྱུར་པ་མིང་དང་མཚན་ནས་མ་ཐོན་པ་དང་། གློ་བུར་དུ་ལྷགས་པའི་མགྲོན་གྱི་རིགས་སུ་གྱུར་པ་རྣམས་དང་། ཁྱད་པར་དུའང་བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་སྲུང་མ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། རྣལ་འབྱོར་པ་བདག་ཅག་ལ་སྒོས་སུ་འགོ་བ་སྟོངས་གྲོགས་བྱེད་པའི་ཕོ་ལྷ། དགྲ་བླ། ཁང་ལྷ། སྲོག་ལྷ། ཡུལ་ལྷ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་གཏང་། ཕྱུགས་ལ་གོད་ཁ་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། ཁ་སྨྲས་དང་གླེང་བརྗོད་མ་གཏང་། གཞི་བྱེས་ཀུན་ཏུ་མགོན་སྐྱབས་དང་དཔུང་གཉེན་མཛོད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷག་མའི་མགྲོན་དུ་གཏོགས་པ། ཁས་ཞན་པ། དབང་ཆུང་བ། གཟུགས་ངན་པ། གཟི་བརྗིད་ཆུང་བ་ལ་སོགས་པ་དང་། འོན་པ། ཞ་བོ། གྲུམ་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནས་དམ་པའི་ཆོས་ལ་སྤྱོད་ཅིང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་རིག་སྔགས་དང་ཕྱག་རྒྱ་ཕུན་སུམ་ཚོགས་པའི་མཐུ་དང་། བདག་གི་མོས་པ་དང་ཏིང་འཛིན་དང་སྨོན་ལམ་གྱི་དབང་གིས། མཆོད་སྦྱིན་དམ་པ་འདིས་མགྲོན་སོ་སོའི་མངའ་རིས་དང་སྤྱན་ལམ་དུ་གནས་དང་། གོས་དང་། རྒྱན་དང་། བཟའ་བཏུང་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ། སོ་སོར་གང་ལ་ཅི་དགའ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམ་ཞིང་ཚིམ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ལ་སོགས་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཆེན་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །ནམ་མཁའི་མཐའ་ཀླས་པར་ཕྱི་མའི་མུར་ཐུག་པའི་བསྐལ་པ་དང་སྤྱོད་པ་གྲངས་མེད་པ་འཁོར་བའི་མཐས་གཏུགས་ཀྱི་བར་དུ་འབྱུང་ཞིང་གནས་པར་གྱུར་ཅིག །མགྲོན་རིགས་སོ་སོའི་སྤྱན་ལམ་དུ། །མཆོད་སྦྱིན་དམ་པ་འདི་བསྔོས་པས། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐངས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །བུ་ལོན་ལན་ཆགས་འཁོར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཁོར་འདས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་གཉིས་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། གང་ཡང་བདག་ཅག་སྙིགས་མའི་དུས་ཀྱི་ལས་ངན་པའི་སེམས་ཅན་དུ་གྱུར་པ་ལགས་པས་གཞུང་བཞིན་དུ་ཡོ་བྱད་མ་འབྱོར་པ་དང་། ཏིང་ངེ་འཛིན་མ་གསལ་བས་ཆོ་ག་མ་དག་ཅིང་འགལ་འཁྲུལ་ནོར་བའི་ཆར་གྱུར་པ་ཐམས་ཅད་མགྲོན་རིགས་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བཟོད་པ་དམ་པ་བཞེས་སུ་གསོལ། གཙོ་བོ་ནུས་པ་མ་མཆིས་དང་། །མ་རྙེད་ཡོངས་སུ་མ་ཚང་བས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ། རྣམ་དག་དགེ་བ་མཆོད་སྦྱིན་དམ་པའི་མགྲོན། །མཉེས་ཤིང་ཚིམས་ནས་ཕན་བདེའི་དགའ་སྟོན་སྩོལ། །རང་རང་གནས་སུ་སོ་སོར་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། །ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ སརྦ་ལོ་ཀ་གཙྪ། ཞེས་བརྗོད་དོ། །དེ་ནས་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་བསམ་ལ་ཐལ་མོ་སྦྱར་ཏེ། ཧོ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དུས་གསུམ་དང་འབྲེལ་པར་བསགས་པའི་དགེ་བའི་རྩ་བ་རྣམས་དང་། ཁྱད་པར་དུ་གཙང་མ་ཕུད་ཀྱི་མཆོད་སྦྱིན་དམ་པས་མཆོད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། བདག་དང་སྦྱིན་པའི་བདག་པོའི་གཙོ་བྱས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཐུན་མོང་གཅིག་ཏུ་བྱས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ཡང་མཐོ་རིས་ལྷ་དང་མིའི་ལུས་ཁྱད་པར་ཅན་ཡོན་ཏན་བདུན་དང་ལྡན་པ་འཐོབ་པར་གྱུར་ཅིག །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་གནས་སྐབས་ཚེ་འདི་ཉིད་ལ་ཡང་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་གྱུར་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། གཞན་གྱི་བསམ་པ་ངན་པ། སྦྱོར་བ་རྩུབ་པ་ལ་སོགས་པ་ཆག་ཆེ་བ། ཉམ་ང་བ། བདུད་དང་བར་ཆོད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཉི་མ་གཟའ་དང་ཟླ་བ་སྒྲ་གཅན་ལས་ཐར་པ་བཞིན་དུ་གྱུར་ཅིག །བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་ནས་བཀྲ་ཤིས་བྱ་བ་ནི། ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པར་བསམ་ལ། མཚམས་སུ་མེ་ཏོག་གི་ཆར་དང་རོལ་མོའི་འབུད་དཀྲོལ་བྱ་ཞིང་འདི་སྐད་དོ། །ཨོཾ་ཡེ་དྷརྨཱ་སོགས་དང་། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབ་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་དགུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ཕུན་སུམ་ཚོགས་པའི་དཔལ། །སྲིད་དང་ཞི་བའི་ཕན་བདེ་ཀུན་སྩོལ་བ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་དངོས་གྲུབ་ཀྱི་རྫས་ལ་རོལ་བ་ནི། བསང་བཤོས་བཅད་ཁ་མ་ཐལ་མོ་བཀན་པའི་སྟེང་དུ་བཟུང་ལ། ཨ་ལ་ལ་ཧོ། གངས་ཀྱི་ཐིགས་པ་ནི་ཉུང་ཉུང་འདྲ་སྟེ་མང་། རྗེ་ཡི་བཀའ་འབབ་ནི་ཆུང་ཆུང་འདྲ་སྟེ་ཆེ། མཆོད་སྦྱིན་བཟང་པོའི་དགའ་སྟོན་ནི་དངོས་གྲུབ་ཡིན་ཚད་ཀྱི་རྒྱུར་འཚལ་བས། དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ། ཞེས་བརྗོད་ལ་ཉེ་འཁོར་དང་ནང་མི་ཀུན་ལ་བསང་རས་ཟས་སྣ་ཆང་ཕུད་བཅས་ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱའོ། །འཁོར་འདས་ཀྱི་མགྲོན་རྣམས་མཆོད་པའི་ཕུད་རབས་ཆེན་མོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་བཟང་པོས་སྦྱར་བ་ཡོངས་སུ་རྫོགས་སོ། །སླར་ཡང་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་སྲུང་མའི་མཆོད་གསོལ་ཕུད་རབས་ཆེན་མོའི་སྦྱོར་རྗེས་ཀྱི་ཆོ་ག་རྣམས་ཀྱང་བསྣན་ཅིང་ཤིན་ཏུ་དག་པར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།

ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ ཐུན་མོང་སྔོན་འགྲོའི་ཁྲིད་ཀྱི་ངག་འདོན་ (Volume 57, Text 19)

༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ ཐུན་མོང་སྔོན་འགྲོའི་ཁྲིད་ཀྱི་ངག་འདོན་བཞུགས་སོ༔ དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ཀྱི་ངག་འདོན་ནི༔ ཀྱེ་མ༔ རིགས་དྲུག་ནང་ནས་དལ་འབྱོར་རྙེད་དཀའ་ཞིང༔ མི་ལུས་ནང་ནས་ཆོས་དང་འཕྲད་པ་དཀའ༔ དཀའ་བཞིན་རྙེད་པའི་ནོར་བུ་རིན་ཆེན་འདི༔ ཡལ་བར་མི་དོར་སྒྲུབ་པ་སྙིང་པོར་བྱེད༔ གཉིས་པ་འཆི་བ་མི་རྟག་པ་སྒོམ་པ་ཚིག་གིས་གསལ་གདབ་པ་ནི༔ སྐྱེས་པའི་སྒྱུ་ལུས་འཆི་བའི་རང་བཞིན་ཅན༔ སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ༔ འཆི་རྐྱེན་ལེགས་ཉེས་གང་གིས་མ་བྱས་མེད༔ དེ་ཕྱིར་ད་ལྟ་ཉིད་དུ་བསམ་གཏན་བསྒོམ༔ གསུམ་པ་དཀོན་མཆོག་ཐུགས་རྗེའི་བདག་ཉིད་ལ་སྐྱབས་སུ་འགྲོ་བ་ནི༔ འཇིགས་རུང་ངན་འགྲོའི་གཡང་ས་ཡ་ང་བས༔ གཏན་གྱི་མཆོག་གྱུར་དཀོན་མཆོག་ལྷ་ལ་སྐྱབས༔ མ་གྱུར་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས༔ མཆོག་གསུམ་ཐུགས་རྗེས་མ་དོར་བརྩེ་བས་ཟུངས༔ བཞི་པ་ཐེག་པ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་གིས་གསལ་གདབ་པ་ནི༔ བླ་མེད་ཐེག་ཆེན་མྱུར་ལམ་སྙིང་པོའི་ཆོས༔ བདག་བས་གཞན་གཅེས་སྒོམ་པའི་བྱང་ཆུབ་སེམས༔ བརྟན་པར་བྱ་ཕྱིར་སྨོན་འཇུག་དོན་དམ་ལ༔ དེ་རིང་ཉིད་དུ་འཇུག་པས་བརྟེན་འཚལ་ལོ༔ ལྔ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ དག་བྱེད་སེམས་བསྐྱེད་མཛད་པའི་རྡོ་རྗེ་སེམས༔ བདག་གི་སྤྱི་བོའི་གཙུག་ཏུ་ཨེ་མ་ཧོ༔ ཐུགས་ཀའི་ཡིག་བརྒྱའི་སྔགས་ཕྲེང་བདུད་རྩིའི་ཆུས༔ བདག་གི་སྒྲིབ་ཚོགས་སྦྱོང་བའི་དཔལ་དུ་ཤར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ལྷ་ཁྱོད་དབུ་མའི་ལམ་ནས་སྙིང་གར་བྱོན༔ བདག་དང་ལྷ་གཉིས་གཉིས་སུ་མེད་པར་བལྟ༔ དྲུག་པ་ཚོགས་རྫོགས་མཎྜལ་ངག་འདོན་ནི༔ བདག་ཉིད་རྡོ་རྗེ་སེམས་དཔའི་ནམ་མཁའ་རུ༔ རྩ་བའི་བླ་མ་པདྨའི་སྐུར་བཞེངས་ནས༔ ཕྱོགས་བཅུའི་སངས་རྒྱས་མ་ལུས་འཁོར་དང་བཅས༔ བདག་སོགས་སྨིན་གྲོལ་མཛད་པའི་དཔལ་དུ་རོལ༔ ཧྲཱི༔ རིན་ཆེན་ལུས་སེམས་བཀོད་པའི་མཎྜལ་འདི༔ དཀོན་མཆོག་གསུམ་མགོན་བཀའ་བརྒྱུད་བླ་མར་འབུལ༔ བཞེས་ནས་བདག་རྒྱུད་བྱིན་གྱིས་རློབ་པ་དང༔ སྐུ་གསུམ་ཞིང་དང་དོན་ལ་ལོངས་སྤྱོད་ཤོག༔ བདུན་པ་བླ་མའི་རྣལ་འབྱོར་ནི༔ མདུན་གྱི་ནམ་མཁར་མེ་ཕུང་ཞིང་ལྤགས་སྟེང༔ སངས་རྒྱས་ཀུན་འདུས་ཀློང་གསལ་སྙིང་པོའི་སྐུ༔ རྣལ་འབྱོར་སྟག་ཤམ་རུས་པའི་རྒྱན་དྲུག་གསོལ༔ ཕྱག་གཡས་ཌཱ་རུ་ནམ་མཁར་འཁྲོལ་བའི་སྒྲས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དབང་དུ་སྡུད༔ གཡོན་པས་བྷན་ཐོད་བདུད་རྩི་བདག་ལ་སྟོབ༔ ཐུགས་རྗེས་དབང་བསྐུར་ནུས་པས་རྒྱུད་གྲོལ་ནས༔ ཀློང་གསལ་སྙིང་པོའི་གོ་འཕང་ཐོབ་པར་བསྒོམ༔ འདིར་གསོལ་འདེབས་དབྱངས་སྙན་པོས༔ བླ་མ་ལ་གསོལ་བ་འདེབས་སོ༔ ངོ་བོ་སྐྱེ་མེད་ཀྱི་ཆོས་སྐུ༔ རང་བཞིན་འགགས་མེད་ཀྱི་ལོངས་སྐུ༔ ཐུགས་རྗེ་ཕྱོགས་མེད་ཀྱི་སྤྲུལ་སྐུ༔ སྐུ་གསུམ་རིན་པོ་ཆེ་མཁྱེན་ནོ༔ བླ་མ་ལ་གསོལ་བ་འདེབས་སོ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྲུལ་པ༔ མདོ་སྔགས་དམ་ཆོས་ཀྱི་གཏེར་མཛོད༔ འཕགས་པའི་དགེ་འདུན་གྱི་ཚོགས་དཔོན༔ མཆོག་གསུམ་རིན་པོ་ཆེ་མཁྱེན་ནོ༔ བླ་མ་ལ་གསོལ་བ་འདེབས་སོ༔ བླ་མེད་བླ་མ་ཡི་འདྲེན་མཆོག༔ ཡི་དམ་ཀུན་འདུས་ཀྱི་གཙུག་རྒྱན༔ གྲངས་མེད་ཌཱ་ཀི་ཡི་ཚོགས་དཔོན༔ རྩ་གསུམ་རིན་པོ་ཆེ་མཁྱེན་ནོ༔ བླ་མ་ལ་གསོལ་བ་འདེབས་སོ༔ སྔོན་བྱོན་སངས་རྒྱས་ཀྱི་སྤྲུལ་པ༔ ད་ལྟའི་སངས་རྒྱས་ཀྱི་རྒྱལ་ཚབ༔ མ་འོངས་སངས་རྒྱས་ཀྱི་འབྱུང་གནས༔ དུས་གསུམ་རིན་པོ་ཆེ་མཁྱེན་ནོ༔ བླ་མ་ལ་གསོལ་བ་འདེབས་སོ༔ ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་ཏུ་འདུས་པའི་རིན་པོ་ཆེ༔ ཀློང་གསལ་སྙིང་པོའི་ཞབས་ལ་གསོལ་བ་འདེབས༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་ཡང་དང་ཡང་ནས༔ མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིག་འཛིན་ཀློང་གསལ་སྙིང་པོ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་མཚུངས་མེད་བཀྲ་ཤིས་འོད་ཟེར་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལུང་ཟིན་ཆོས་ཉིད་རྒྱ་མཚོ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་གྲུབ་ཐོབ་ནམ་མཁའ་རྒྱ་མཚོ་མཁྱེན་ནོ། །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །རྩ་བའི་བླ་མས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་བྱིན་གྱིས་བརླབ་ཏུ་གསོལ༔ ཡིད་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བླ་མའི་རྣལ་འབྱོར་འདི་ཉ་རྒྱལ་གྱི་ཚེས་བརྒྱད་ཀྱི་ཉི་དྲོས་བླ་མ་དང་པཎ་ཆེན་དབྱེར་མེད་དུ་མཇལ་བའི་མོད་ལ་གསོལ་བ་བཏབ་པས། བྱིན་གྱིས་བརླབས་པའི་བརྡ་རྟགས་དང་བཅས་པ་བྱུང་སྟེ་བྱིན་རླབས་ཆེ་བར་ཡོད་ཅིང་། རིགས་དང་སྐལ་བ་སྣོད་གསུམ་དང་ལྡན་པའི་བུ་སངས་རྒྱས་རྒྱ་མཚོས་བསྐུལ་བའི་དཔལ་ལས་རྫོགས་ཆེན་པ་ཀློང་གསལ་སྙིང་པོས་ལྷ་དང་བླ་མས་བྱིན་གྱིས་བརླབས་པའི་ཕོ་བྲང་དུ་དག་པར་ཕབ་པའོ། །སརྦ་མངྒ་ལཾ།། །། ༄༅། །སྐབས་སུ་བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པའང་སྐུ་གསུམ་སྒྲུབ་པའི་བརྒྱུད་འདེབས་ལྟར་ན། ཨོཾ་ཨཱཿཧཱུྃ༔ ཡེ་ནས་རང་གྲོལ་སངས་རྒྱས་ཀུན་གྱི་ཡབ༔ ཆོས་སྐུ་ཀུན་ཏུ་བཟང་ལ་གསོལ་བ་འདེབས༔ དེ་ཡི་རང་མདངས་ལོངས་སྐུའི་ངོ་བོ་ཉིད༔ ཐུགས་མཆོག་རྡོ་རྗེ་སེམས་ལ་གསོལ་བ་འདེབས༔ སེམས་དཔའ་སྤྲུལ་སྐུའི་གཞན་དོན་རྫོགས་མཛད་པའི༔ དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ རྡོ་རྗེ་སྙིང་པོ་ཡང་ཞུན་དཔལ་གྱི་སེང༔ རིག་འཛིན་འདུས་པའི་སྐུ་ལ་གསོལ་བ་འདེབས༔ སྐྱེ་འཆིའི་འཇིགས་པ་མི་མངའ་རྡོ་རྗེའི་སྐུ༔ པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ བརྒྱུད་གསུམ་བླ་མའི་ཆུ་བོ་འདུས་པའི་མཚོ༔ རྡོ་རྗེ་རིག་འཛིན་ཞབས་ལ་གསོལ་བ་འདེབས༔ ཀློང་གསལ་སྙིང་པོའི་སྙན་བརྒྱུད་སྟོན་མཛད་པའི༔ དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས༔ དུག་ལྔའི་འཁྲུལ་པ་ཞི་བར་བྱིན་གྱིས་རློབས༔ རང་སེམས་རྩ་བ་ཆོད་པར་བྱིན་གྱིས་རློབས༔ ཕུང་པོ་རིགས་ལྔར་སྨིན་པར་བྱིན་གྱིས་རློབས༔ སེམས་ཉིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས༔ ཞེས་དང་། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་བརྒྱུད་འདེབས་ལྟར་འདོན་ན། ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང་པོ་དང༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གང་ཆེན་མཚོ༔ དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་པོའི་དོན་སྟོན་ཤྲཱི་སིངྷ་དང༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་དང༔ བདེ་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས༔ ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་དང༔ ཀློང་གསལ་དོན་སྟོན་དྲིན་ཆེན་བླ་མའི་ཞབས༔ ལུང་ཟིན་ཆོས་བདག་རྣམས་ལ་གསོལ་བ་འདེབས༔ ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ འབུམ་ཕྲག་དྲུག་ཅུའི་བཀའ་ཡི་བྱ་ར་བ༔ སྔགས་བདག་དྲང་སྲོང་སྐྱེས་བུ་ལེགས་པ་རྩལ༔ དམ་ཅན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས༔ སྒྲུབ་པའི་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཞེས་བརྒྱུད་པ་གང་ལ་མོས་པའི་གསོལ་འདེབས་ཚར་རྗེས། གདུང་ཤུགས་དྲག་པོས་བླ་མ་རྒྱང་འབོད་དུ་གྲགས་པ་ཉམས་སུ་བླང་ནས། ༼དབང་བཞི་ལེན་པའི་དམིགས་པ། བླ་མའི་གནས་གསུམ་དུ་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས་པར་བསམ་ལ་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་སྒྲིབ་དག །བུམ་དབང་ཐོབ། སྤྲུལ་སྐུའི་གོ་འཕང་ཐོབ། ཨཱཿལས་དམར་པོ་འཕྲོས། མགྲིན་པར་ཐིམ། ངག་སྒྲིབ་དག །གསང་དབང་ཐོབ། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ། ཧཱུྃ་ལས་སྔོན་པོ་འཕྲོས་སྙིང་གར་ཐིམ། ཡིད་སྒྲིབ་དག །ཤེར་དབང་ཐོབ། ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། ཚིག་དབང་ཐོབ། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་ཐོབ་པར་བསམ། དེ་ནས་འཁོར་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མར་ཐིམ། དེ་ཉིད་དགྱེས་ཉམས་དང་ལྡན་པས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ། རང་སེམས་བླ་མ་དང་དབྱེར་མེད་དུ་ཅུང་ཟད་མཉམ་པར་བཞག་ལ་དགེ་བ་བསྔོ་འོ།མཆན།༽ མཐར་སྨོན་ལམ་གྱི་ཚོགས་ཀྱང་རྩེ་གཅིག་ཏུ་གདབ་པར་བྱ་སྟེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ཆོས་སུ་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཀཿཐོག་པ་ཞེས་དཀར་པོའི་གླིང་དུ་གྲ༵གས། །གྲ༵གས་པ་མཐའ་ཡས་རྒྱལ་བའི་ཞིང་ཀུན་ཁྱ༵བ། ཁྱ༵བ་བདག་རྒྱལ་བ་ཀུན་དང་དབྱེར་མེད་རྗེ༵། །རྗེ༵་དེའི་བཀྲ་ཤིས་ཡུན་རིང་བརྟན་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས༔ དཔལ་མགོན་བདུན་བཅུའི་སྲོག་དབང་ (Volume 38, Text 19)

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས༔ དཔལ་མགོན་བདུན་བཅུའི་སྲོག་དབང་བཞུགས་སོ༔ ྈྈྈྈྈྈ དེ་ནས་མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུའི་སྲོག་དབང་བསྐུར་བ་ནི༔ འབྲུ་ཕྱེའི་གཏོར་མ་དཔལ་གཏོར་འཁོར་ཚོགས་ཀྱིས་བསྐོར་བ་གཙོ་འཁོར་གྱི་ཙཀ་ལི་དང་དར་ནག་གི་གུར་དང་ཤ་ཁྲག་རྒྱན་ལྡན་བརྗིད་པར་བཤམས་ལ༔ ཚོན་སྣའམ་འབྲུ་ནག་གི་གཞལ་ཡས་ཁང་སྒོ་བཞི་པ༔ མཚན་ཉིད་དང་ལྡན་པའི་སྟེང་དུ༔ མཉྫིའམ་པགས་སྟན་གྱི་སྟེང་དུ་གོང་གི་གཏོར་མ་བཞག༔ དེའི་མཐར་མཆོད་པ་སྨན་རཀ་ཚོགས་འཁོར་སྤྱན་གཟིགས་བཤམ༔ ལས་བྱང་གཞུང་བསྲང་ཞིང་། སློབ་དཔོན་རྟ་མགྲིན་གྱི་བདག་བསྐྱེད་དང་ལྡན་པས༔ མ་ཧཱ་ཀཱ་ལ་འཁོར་བཅས་བསྐྱེད་ཅིང་བསྟིམས་ལ་བཟླས་པ་བྱའོ༔ དེ་ནས་སློབ་མས་མཎྜལ་ཕུལ་ལ་ཞུ་བ་ནི༔ ཀྱཻ༔ བླ་མ་དཔལ་ཆེན་དབང་གི་ལྷ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སྒྲུབ་པའི་བར་ཆད་བསལ་བ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་ཕྱིར༔ མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡི༔ སྲོག་གི་དབང་མཆོག་བསྐུར་དུ་གསོལ༔ ཅེས་ཞུ༔ དེ་ནས་སློབ་དཔོན་རྟ་མགྲིན་དུ་གསལ་བའི༔ སློབ་མ་མ་ཧཱ་ཀཱ་ལ་ལྕམ་དྲལ་དཔལ་མགོན་བདུན་ཅུ་འཁོར་བཅས་སུ་བསྐྱེད་ཅིང་སྤྱན་དྲངས་ལ་བསྟིམ་པར་བྱའོ༔ དེ་ནས་གཏོར་མ་དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་དཔལ་མགོན་བདུན་ཅུར་བསྐྱེད་པ་སྤྱི་བོ་དང་ལག་ཏུ་གཏད་ལ༔ དཔལ་མ་ཧཱ་ཀཱ་ལ་ལས་བྱེད་གསུང་སྡོད་དང་བཅས་པས་བདག་གི་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་བསམ་པའི་དམིགས་པ་དཔོན་སློབ་གཉིས་ཀས་བྱ་ཞིང་། ཤ་ཆེན་གྱི་དུད་པ་བཏང་། རྐང་གླིང་དང་ཐོད་རྔ་ལ་སོགས་པ་རོལ་མོ་བསྒྲགས་ལ༔ ཧཱུྃ་ཧྲཱི༔ སྤྱན་རས་གཟིགས་དབང་རྟ་མགྲིན་གྱིས༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ བདེན་སྟོབས་བརྗོད་ནས་བཀའ་བསྒོས་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ ད་ལྟ་རྡོ་རྗེ་སློབ་དཔོན་ངས༔ དོ་ནུབ་འཕགས་པའི་དཀྱིལ་འཁོར་འདིར༔ མགོན་པོ་བདུན་ཅུ་རྩ་ལྔ་ཡི༔ སྐལ་ལྡན་རིགས་ཀྱི་བུ་འདི་དང༔ དམ་ཚིག་གཅིག་ཏུ་བསྡུས་པའི་ཕྱིར༔ བསྲུང་མ་གཉན་པོར་གཉེར་གཏད་པའི༔ དབང་བསྐུར་སྔོན་གྱི་ཐ་ཚིག་བཟུང༔ སླད་ཀྱི་སྡོངས་གྲོགས་བསྲུང་མ་མཛོད༔ གཉེར་དུ་གཏད་པ་ས་མཱ་ཡ༔ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་ས་པ་རི་ཝཱ་ར་ཀ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པས་དབང་བསྐུར་ཞིང༔ བཀའ་སྒོ་དང་གཉེར་གཏད་དྲག་ཏུ་བྱའོ༔ དེ་ནས་སྔགས་ཕྲེང་གཏོད་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་མཛད་པའི༔ མགོན་པོ་བདུན་ཅུ་རྩ་ལྔ་ཡི༔ སྙིང་པོའི་སྲོག་སྙིང་འདི་བྱིན་པས༔ དྲག་པོ་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ༔ ཨོཾ་དེ་ཝཱི་ཀཱ་ལི་ཧཱུྃ༔ ལྷ་བརྒྱད།་་་ཨོཾ་རུ་ཨི་ཨ་བི་ག་གྷ་བྷྲི་ཀ༔ ཀླུ་བརྒྱད།་་་ཨོཾ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ་ཕུ༔ གཟའ་བརྒྱད།་་་ཨོཾ་མེ་ཤིར་པུ་བི་ཤུལ་ཀྲྀ་ཨ་ཛྷྱོ༔ ཕྱོགས་སྐྱོང་།་་་ཨོཾ་ཨིན་ཨག་ཡ་ནེ་བྷ་བཱ་ཀུ་ཨི་བྷྲ་བྲི༔ རྒྱལ་ཆེན།་་་ཨོཾ་དྷི་བྷི་བི་བཻ༔ རྒྱུ་སྐར།་་་ཨོཾ་ཨཱ་ཀྲི་རོ་མྲྀ་ཨ་སུ་སུ་ཨ་མ་སཱུ་ཧ་ཙི་ཤྭ་བི་ཨ་ཛྱ་མ་མཱུ་སཱུ་ཨུ་ཤྲ་ཨ་དྷ་ཤ་སུ་ཨུ་རེ༔ འཇིགས་བྱེད།་་་ཨོཾ་བྷེ་བྷ་བྷི་བྷུ་བྷཻ་བྷོ་བྷཾ་བྷ༔ ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་ས་མ་ཡ་ཛ་ཛ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྔགས་ལུང་སྦྱིན༔ དེ་ནས་གཏོར་མ་སྙིང་གར་བཞག་ལ༔ ཧཱུྃ༔ འཁོར་འདས་འཕགས་པའི་ངོ་བོ་ལ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས༔ གཉིས་དང་གཉིས་ཀྱི་མཐའ་ལས་འདས༔ རང་རིག་ལྷུན་གྲུབ་གདོད་མའི་ངང༔ ཡང་དག་བདེ་ཆེན་ཐོབ་པར་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་དེ་བི་ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་ས་པ་རི་ཝཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོན་པོའི་ལྷ་ཚོགས་སློབ་མའི་སྙིང་གར་བསྟིམ༔ དེ་ནས་གཏོར་མ་བསྔོས༔ སྨན་རག་སྦྲེང༔ སྤྲོས་པ་ལ་དགའ་ན་མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་ཚོགས་ཀྱི་རང་གཟུགས་ཀྱི་འབག་གྱོན་ཅིང་འཆམ་ལས་ཀྱང་བྱའོ༔ འདི་ནི་གང་རུང་ལ་མི་བསྐུར་བའི་བཀའ་རྒྱས་གདམས་པར་བྱེད་པ་གནད་ཡིན༔ དེ་ལྟར་བསྐུར་བས༔ དེང་ཕྱིན་ཆད་ལས་ལ་འཁོལ་བ་དང༔ འཁུ་ལྡོག་མི་ཡོང་བར་དམ་ལ་གནས་ཤིང་ཕྲིན་ལས་སྒྲུབ་པར་འགྱུར་བའི་དགོས་པ་ཡོད་དོ༔ རྗེས་སུ་མཎྜལ་དང་ཡོན་འབུལ་བཀྲ་ཤིས་བརྗོད་པ་སོགས་སྤྱི་དང་མཐུན་པར་བྱའོ༔ ཅེས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་གསུང་བཞིན་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས་བཀྲ་ཤིས་མཐིང་ཤུན་གྱི་ཤོག་བུ་ལ་ལེགས་པར་བྲིས་ནས་ར་ས་འཕྲུལ་སྣང་སྟེང་ཁང་གློ་འབུར་ནུབ་ཏུ་དྷ་ཐིམ༔ ཕྱི་རབས་ལས་ལྡན་གསུང་གི་སྲས་དང་འཕྲད་པར་ཤོག༔ གྷུ་རུ་དྷེ་བ་ཌཱ་ཀི་ནཱི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མནྟྲ་གྷུ་ཧྱ་རྒྱ་རྒྱ་རྒྱ༔ ཅེས་བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་འཕྲུལ་སྣང་སྟེང་ཁང་གློ་འབུར་ནུབ་ནས་སྤྱན་དྲངས་པའི་མཐིང་ཤུན་སྔོན་མོའི་ལེབ་ནས་དག་པར་ཕབ་པའོ།། །།

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་བྱེད་ཚུལ་ (Volume 44, Text 19)

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་བྱེད་ཚུལ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་དེ་བཱི་ཡཻ། ནད་རིམས་ཟློག་བྱེད་རི་རབ་བརྩེགས་མདོས་སམ་མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་བསྒྲུབ་པ་ལ། ཟངས་ལྕགས་སྣོད་དུ་རི་རབ་བང་རིམ་བཞི་པའི་སྟེང་དུ་ལྷ་མོའི་གཟུགས་ཁྲོ་མོ་ནག་མོ་ལག་གཉིས་གྲི་ཐོད་འཛིན་པའི་མཆན་ཁུང་གཡས་སུ་ཁྲམ་ཤིང་དམར་པོ་དང་གཡོན་དུ་ནད་རྐྱལ་བཅུག་པ། པང་དུ་ཚོན་སྐུད་སྣ་ལྔའི་དྲུ་གུ་བཞག་པ། རི་རབ་ལ་བྱམས་འདུག་བྱས་པའི་གཡས་གཡོན་མདའ་འཕང་། རྒྱབ་ཏུ་ནམ་མཁའ་དང་ཤིང་རིས་བཙུགས། མཐའ་སྐོར་བྱ་ནག་ལུག་ནག་སྨན་ཏིང་སྒོ་ངའི་གཟུགས་བཞག །དེ་ཙམ་མི་འགྲུབ་ན་རི་རབ་དང་ལྷ་མོའི་གཟུགས་མདའ་འཕང་ནམ་མཁའ་སོགས་ཙཀ་ལི་ལ་བྲིས་པ་དམར་གཏོར་གཅིག་ལ་བཙུག །བྱ་ལུག་སོགས་བཞི་པོས་དེ་ལ་བསྐོར་ཡང་རུང་། གང་ལྟར་གཏོར་མདོས་གཙང་མའི་སྟེགས་ལ་བཞག །འཛོམ་ན་ཕྱི་ནང་མཆོད་པའང་བཤམ། སློབ་དཔོན་གྱིས་གཤིན་རྗེའི་གཤེད་དམ་ཕྱག་རྡོར་གང་རུང་གི་བདག་བསྐྱེད་བཟླས་སྒོམ་བྱ། སློབ་མ་མདུན་དུ་བོས་ལ་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས། མདོས་ཀྱི་མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས། འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་གྱི་རི་བདུན། བྱ་ནག་ལུག་ནག་བྱ་མོ་ནག་མོ། བཤོས་བུ་སྨན་གཏོར་རཀྟ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན། མཆོད་རྫས་སྒྲུབ་རྫས་སྐོང་རྫས་བརྟེན་རྫས་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རང་གི་མདུན་དུ་རི་བདུན་རོལ་མཚོ་དང་བཅས་པའི་རི་རབ་ཀྱི་ཁར་དཔལ་ལྡན་ལྷ་མོ་སྐུ་མདོག་ཤིན་ཏུ་གནག་པ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ནས་འདུག་པ༔ འཁོར་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ནད་བདག་རིམས་བདག་ཐམས་ཅད་ཀྱིས་བསྐོར་བའོ༔ ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ལྷ་མོ་དཔོན་གཡོག་སྤྱན་དྲངས༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུས་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ལྷ་མོ་འཁོར་བཅས་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧྲིང་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ ལྷ་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུར་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་སྒྲུབ་ལ་བརྩེ༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་དགུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ལྷ་མོའི་ཐུགས་ཀར་ཉི་མའི་སྟེང༔ བྷྱོ་ལ་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་མ་མོ་ཐམས་ཅད་དང༔ ནད་བདག་དྲེགས་པའི་ཚོགས་རྣམས་ཀུན༔ དབང་དུ་བསྡུས་ནས་བྲན་དུ་བཀོལ༔ བདག་དང་ལྷ་མོའི་བཀའ་ཉན་ཞིང༔ ཅི་བཅོལ་ལས་རྣམས་བསྒྲུབ་པར་གྱུར༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཞེས་སྙིང་པོ་བརྒྱ་རྩ་ཙམ་བཟླ། དེ་ནས་གཏོར་མ་སློབ་མའི་ལག་ཏུ་གཏད་ལ། ལྷ་མོ་འདི་ལ་བསྩལ་ལགས་ཀྱིས༔ སྲུངས་ཤིང་བསྐྱབ་པར་མཛད་དུ་གསོལ༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་ཏྲག་ཐིམ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་གཏད། ཤིས་པ་བརྗོད། གཏང་རག་མཎྜལ་ཕུལ། བྷྱོ༔ མ་གཅིག་ལྷ་མོ་དཔོན་གཡོག་དང༔ སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས༔ ད་ནི་རང་གི་གནས་སུ་གཤེགས༔ བྱང་ཤར་ཆོས་དབྱིངས་ཕོ་བྲང་སོགས༔ རང་རང་སོ་སོའི་གནས་སུ་གཤེགས༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ བཛྲ་མུ༔ སརྦ་བྷཱུ་ཏ་གཙྪ༔ ཞེས་བརྗོད་ལ་མདོས་གཏོར་བྱང་ཤར་དུ་ཕུལ་བས་གྲུབ་བོ། །ཞེས་པའང་གཏོ་མཁན་རྣམས་ལ་མཁོ་གལ་ཆེ་རུང་བཀའ་གཏད་ལུང་རྒྱུན་དོན་དུ་མི་གཉེར་བ་ལ་ཕན་པའི་བསམ་པས། པདྨ་གར་དབང་རྩལ་གྱིས་ཆགས་མེད་གསུངས་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།

བླ་མ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ལས་བྱང་ཆོག་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་པདྨའི་དགོངས་རྒྱན་ (Volume 5, Text 19)

༄༅། །བླ་མ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ལས་བྱང་ཆོག་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་པདྨའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨཱ་ཀ་ར་དེ་བ་ཌཱ་ཀི་ནཱི་ཡཻ། ཀ་དག་ཆོས་སྐུའི་མགོན་པོ་སྣང་མཐའ་ཡས། །ལྷུན་གྲུབ་འགག་མེད་འཆར་བ་ལོངས་སྤྱོད་རྫོགས། །གཉིས་མེད་སྤྲུལ་སྐུའི་རྣམ་རོལ་པདྨ་འབྱུང་། །སངས་རྒྱས་ཀུན་གྱི་ངོ་བོ་དེར་ཕྱག་འཚལ། །པདྨ་དབང་ཆེན་རྟ་མཆོག་ཧེ་རུ་ཀ །རྒྱལ་བ་ཀུན་ཡུམ་རྡོ་རྗེ་ཕག་མོ་སྟེ། །རྩ་གསུམ་ཀུན་འདུས་བཀའ་བབས་མཚོ་རྒྱལ་སོགས། །རིག་འཛིན་རྩ་བརྒྱུད་བླ་མས་ཤིས་པ་སྩོལ། །པདྨའི་ཞལ་ལུང་ཌཱ་ཀིའི་ཐུགས་ཀྱི་ནོར། །མི་ཤིགས་ཕྱག་རྒྱས་བཏབ་པའི་འདོད་རྒུའི་གཏེར། །རང་དབང་གྱུར་ལས་སྐལ་ལྡན་ཆོས་བདག་གིས། །བསྐུལ་བའི་སྒྲུབ་ཐབས་ལས་བྱང་འདི་ན་སྤེལ། །ཞེས་ལེགས་པའི་ཚིག་གིས་མཆོད་པར་བྱས་ཏེ། རང་གཏེར་བཀའ་བབས་ཐུགས་སྒྲུབ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཕྲིན་ལས་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ལ། གཞུང་ལས། དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྔོན་དུ་འགྲོ་བ་ལ༔ གནས་ཡོ་དཀྱིལ་འཁོར་ཆོ་ག་ལ༔ ས་བརྟག་ས་བླང་སྦྱང་བ་དང༔ ཐིག་ཆོག་དཀྱིལ་འཁོར་སྤྱི་དང་མཚུངས༔ སྒྲུབ་དཀྱིལ་དབང་སྒྲུབ་དུས་ལྟར་ལ༔ རྒྱན་མཆོད་ཡོངས་སུ་རྫོགས་པར་བཤམ༔ ཞེས་དཀྱིལ་འཁོར་གཏོར་མཆོད་ཀྱི་རིམ་པ་རྡོ་རྗེ་སློབ་དཔོན་གྱི་ཞལ་ཁྲིད་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་བགྱིས་ལ། བྱེ་བྲག་ཆོ་གའི་སྦྱོར་རིམ་པ་ལྔ་ལས། བརྒྱུད་འདེབས་སྔོན་དུ་འགྲོ་བས། དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ༔ རྩ་བ་མཆོག་གསུམ་བདེ་གཤེགས་འདུས་པའི་དཔལ༔ རང་བྱུང་འོ་མའི་མཚོ་སྐྱེས་པདྨ་འབྱུང༔ ཡི་དམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ མ་སྲིང་མཁའ་འགྲོ་དམ་ཅན་དཀྱིལ་འཁོར་ལ༔ སྙིང་ནས་གསོལ་བ་འདེབས་ཤིང་སྐྱབས་སུ་མཆི༔ བདག་སོགས་སྙིགས་དུས་ལས་ངན་འགྲོ་བ་རྣམས༔ བྱམས་པའི་སྤྱན་གཟིགས་ཕྱག་གིས་ཡོངས་སྐྱབས་ཏེ༔ བོད་འབངས་འགྲོ་བ་སྐྱབས་ཀྱི་དམ་མ་བོར༔ གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དེའི་ཕྱིར་བློས་གཏད་པ་ནི། ཀྱེ་མ༔ འཁོར་བར་འཁྱམས་པའི་འགྲོ་བ་འདི་དག་རྣམས༔ ལས་ངན་སྤྱད་པའི་ལུས་ངན་འབྲས་སྨིན་ཀྱང༔ དུང་དུང་སྙིང་རྗེས་དམ་བཅའ་ཡོངས་བཟུང་ནས༔ འཁོར་བའི་སྡུག་བསྔལ་སྒྲོལ་བར་གསོལ་བ་འདེབས༔ སྐྱིད་སྡུག་ཅི་ཡོང་ཨོ་རྒྱན་པདྨ་མཁྱེན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གསུམ་པ་དཀར་གཏོར་སྔོན་དུ་འགྲོ་ཞིང་བགེགས་གཏོར་ནི། ཧཱུྃ༔ ང་ནི་དཔལ་ཆེན་རྟ་མཆོག་ཧེ་རུ་ཀ༔ ཉོན་ཅིག་དཀྱིལ་འཁོར་བར་གཅོད་དགྲ་དང་བགེགས༔ འབྱུང་པོའི་ཚོགས་རྣམས་རང་རང་གཏོར་མ་ལོངས༔ གནས་འདིར་མ་འདུག་གཞན་དུ་ཕྱིར་དེངས་ཤིག༔ པདྨ་ཀྲོ་ཏ་གནོད་བྱེད་འབྱུང་པོ་ཨུ་ཙ་ཊ་ཡ་ཕཊ༔ ཐུན་བརྡེག་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ལ། བཞི་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ཁྲོས་པ་རྡོ་རྗེའི་སྐུ༔ ཐུགས་ལས་མཚོན་ཆ་མེ་རི་དཔག་མེད་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཁམས་ཀུན་ཡོངས་སུ་གཏམས༔ བསྐལ་པའི་རླུང་ཡང་མི་ཐར་སྐྲོད་བྱེད་ན༔ བར་ཆད་བགེགས་རྣམས་སྲུང་གུར་ལྷུན་གྱིས་གྲུབ༔ བཛྲ་ཀྲོ་ཏ་རཾ་ཛྭ་ལ་རཀྵ་རཀྵ༔ ལྔ་པ་མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱུྃ༔ མཆོད་རྫས་དངོས་འཛིན་མ་དག་དྲི་མ་རྣམས༔ རཾ་ལས་མེས་བསྲེགས་ཡཾ་ལས་རླུང་གིས་གཏོར༔ ཁཾ་ལས་ཆུ་ཡིས་དག་ཅིང་གཙང་བར་བཀྲུས༔ དངོས་འཛིན་ཉོན་མོངས་དུག་ལྔ་ཀ་ནས་དག༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་དྱ་ཤབྡ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་བ་ལིཾ་ཏ་ཧོ༔ ལན་གསུམ་གྱིས་བྱིན་བརླབས་སྨན་རཀ་གཏོར་མར་བྲན་པར་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ལ་བདུན་ལས། དང་པོ་ཏིང་འཛིན་གཞལ་ཡས་ལྷ་བསྐྱེད་ནི། ཨོཾ༔ ཆོས་ཀུན་ཀ་དག་ཡེ་ནས་དམིགས་སུ་མེད༔ སྨྲ་བརྗོད་བྲལ་བ་སྟོང་པ་ཉིད་ཀྱི་ངང༔ དང་པོའི་ཆོས་སྐུ་རྩ་གསུམ་ཀུན་འདུས་ཏེ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གནས༔ དྷརྨཱ་དྷཱ་ཏུ་མ་ཧཱ་སརྦ་ཤུདྡྷེ་ཨཱ༔ ཨཱ༔ སྟོང་པའི་ངང་ལས་སྙིང་རྗེའི་འོད་ཟེར་ནི༔ མཁའ་མཉམ་འགྲོ་བ་ཡོངས་ལ་ཁྱབ་པར་བསྒོམ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རིག་པའི་རྩལ༔ ལོངས་སྐུ་རྩ་གསུམ་ཀུན་འདུས་དེ་ལྟར་སྨྲ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཧཱུྃ༔ སྤྲུལ་སྐུ་རྒྱུ་ཡི་ཆོ་རོལ་ལས་བྱུང་བའི༔ བརྩེ་བའི་སྙིང་རྗེའི་ས་བོན་ཧྲཱིཿདམར་པོ༔ འགྲོ་བའི་དོན་དུ་གསེར་གྱི་རྡོ་རྗེ་བབས༔ རང་རིག་རྩ་གསུམ་ཀུན་འདུས་དེ་ལྟར་སྨྲ༔ ཧྲཱིཿམ་བཛྲ་ཙིཏྟ་བྷྲཱུྃ༔ ཧཱུྃ་ཧྲཱི་མ༔ སྙིང་པོ་ཧྲཱིཿདང་གསེར་རྡོར་ལས༔ བྷྲཱུྃ་འཕྲོས་རང་བྱུང་གཞལ་ཡས་ཁང༔ འོག་གཞི་འབྱུང་བ་རིམ་པར་བརྩེགས༔ ཨེ་ལས་ནམ་མཁའ་ཡཾ་རྒྱ་གྲམ༔ རཾ་ལས་མེ་ཕུང་ཁཾ་ལས་མཚོ༔ སཱུཾ་ལས་ས་གཞི་ཀེཾ་རི་རབ༔ བྷྲཱུྃ་ལས་ཡེ་ཤེས་ཕོ་བྲང་ནི༔ སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས༔ ཕྱི་རོལ་དུར་ཁྲོད་རྡོ་རྭ་མེ༔ ནང་དབུས་པད་ཉི་བདུད་བཞིའི་སྟེང༔ རྟ་མཆོག་པདྨ་ཧེ་རུ་ཀ༔ རྡོ་རྗེ་དྲག་པོ་སྐུ་མདོག་དམར༔ དབུ་དགུ་སྲིད་པའི་དབྱིངས་སུ་སྙོགས༔ ཐེག་དགུ་རྫོགས་པའི་ཞལ་ནི་རྔམ༔ གཡས་གསུམ་དཀར་ལ་བཞད་པའི་ཚུལ༔ གཡོན་གསུམ་སྔོ་ལ་ཁྲོ་གཉེར་ཅན༔ རྩ་ཞལ་ཨཾ་གཙིག་མཆེ་བ་གཙིགས༔ སྟེང་གཉིས་ཨ་ར་ལྀ་སྒྲ་སྒྲོག༔ སྤྱན་ནི་གསུམ་གསུམ་གདངས་མིག་བསྒྲད༔ རྫི་སྨིན་སྨ་ར་མེ་ལྟར་འབར༔ རལ་པ་དམར་སེར་གྱེན་དུ་འཕྱོ༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ ཐོད་སྐམ་རྩེ་བྲན་རིན་ཆེན་བརྒྱན༔ སྐུ་ལུས་སྦོམ་ལ་གསུས་ཁྱིམ་ཆེ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ ཕྱག་དྲུག་ཕ་རོལ་ཕྱིན་དྲུག་སྟེ༔ གཡས་གསུམ་གྲི་གུག་རལ་གྲི་མེ༔ གཡོན་གསུམ་ཐོད་ཁྲག་ལྕགས་ཀྱུ་ཞགས༔ ཚད་མེད་བཞི་ཡི་ཞབས་བཞི་བགྲད༔ དམ་སྲི་རྒྱལ་འགོང་སྡེ་བརྒྱད་བརྫིས༔ རུས་པའི་རྒྱན་དྲུག་དྲྭ་བས་བརྒྱན༔ མེ་རི་ཚྭ་ཚྭ་ཆེམ་ཆེམ་གསལ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་དམར༔ གཅེར་མོ་སྤྱན་གསུམ་རུས་པས་བརྒྱན༔ ཞལ་གདངས་མཆེ་གཙིགས་སྨིན་མ་དམར༔ སྐྲ་གྲོལ་སྤྱི་བོར་ཕག་ཞལ་ངུར༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞབས་གཉིས་གར་སྟབས་ཁྲོ་མོའི་ཆས༔ ཡབ་ཀྱི་སྐུ་ལ་གཉིས་མེད་འཁྲིལ༔ མེ་འོད་ཟེར་ཕྲེང་ཤིག་ཤིག་བཞུགས༔ རྟ་གདོང་སྤྱི་བོར་འོད་ཀྱི་དལ༔ པདྨ་གེ་སར་སྡོང་པོ་ལ༔ ཉི་ཟླའི་འོད་ཟེར་གདན་གྱི་སྟེང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཡོངས་འདུས་པདྨ་འབྱུང༔ མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས༔ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ༔ གསང་གོས་དཀར་ལ་ཟབ་བེར་སྨུག༔ ཕོད་འདུང་མཐིང་ནག་ཆོས་གོས་དམར༔ གཡས་པ་གསེར་རྡོར་ཐུགས་ཀར་འཛིན༔ གཡོན་པ་མཉམ་གཞག་ཀ་པཱ་ལ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ དབུ་ལ་པདྨ་འདབ་ལྡན་གསོལ༔ གྲུ་མོར་རྩེ་གསུམ་ཁ་ཊཱཾ་འཆང༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཡས་གཡོན་འོད་ཀྱི་དལ་སྟེང་དུ༔ མནྡཱ་ར་དང་མཚོ་རྒྱལ་ཡུམ༔ བྷནྡྷ་ཚེ་བུམ་འབུལ་བའི་ཚུལ༔ བདེ་ཆེན་རོལ་པའི་ངང་དུ་བསྐྱེད༔ པདྨ་འབྱུང་གནས་ཐུགས་ཀ་རུ༔ བུདྡྷ་རྡོ་རྗེ་ཐོད་ཕྲེང་རྩལ༔ དབྱིངས་མཛད་སྐུ་མདོག་སྨུག་ལ་འཚེར༔ ཕྱི་རིམ་པདྨ་འདབ་བཞིའི་སྟེང༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞི་མཛད་སྐུ་མདོག་དཀར་ལ་འཚེར༔ ལྷོ་རུ་རིན་ཆེན་ཐོད་ཕྲེང་རྩལ༔ རྒྱས་མཛད་སྐུ་མདོག་སེར་ལ་འཚེར༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ དབང་མཛད་སྐུ་མདོག་དམར་ལ་འཚེར༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ དྲག་མཛད་སྐུ་མདོག་ལྗང་ནག་འཚེར༔ ཀུན་ཀྱང་ན་བཟའ་སུམ་བརྩེགས་གསོལ༔ རིན་ཆེན་པྲོག་ཞུ་རུས་རྒྱན་མཛེས༔ གཡས་རྣམས་རྡོ་རྗེ་རིན་ཆེན་དང༔ པདྨ་རྒྱ་གྲམ་འཁོར་ལོ་འཛིན༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རོལ་སྟབས་གཟི་འོད་འབར་བར་བསམ༔ ཕྱི་རོལ་རིན་ཆེན་རྩིབས་བརྒྱད་སྟེང༔ པདྨ་འབྱུང་གནས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་བུ་ཡུམ་དང་སྦྱོར༔ སྐྱིལ་ཀྲུང་རིན་ཆེན་རུས་པས་བརྒྱན༔ པདྨ་སཾ་བྷ་དཀར་དམར་ལྡན༔ པཎ་ཆེན་ཆ་ལུགས་ཆོས་གོས་དམར༔ བྷནྡྷ་རྡོ་རྗེ་ཞབས་བརྐྱང་བསྐུམ༔ བློ་ལྡན་མཆོག་སྲེད་དཀར་གསལ་མཛེས༔ ཐོད་རྔ་པད་ཕོར་དར་དཀར་གསོལ༔ རིན་ཆེན་དབུ་རྒྱན་དར་དཔྱངས་སྤུར༔ པདྨ་རྒྱལ་པོ་དམར་གསལ་སྒེག༔ ཌཱ་རུ་ལྕགས་ཀྱུ་མེ་ལོང་འཛིན༔ རྒྱལ་པོའི་ཆ་ལུགས་རོལ་སྟབས་བཞུགས༔ ཉི་མ་འོད་ཟེར་དམར་སེར་སྐུ༔ ཧེ་རུ་ཀ་པ་ཉི་ཟེར་ཞགས༔ མཆེ་གཙིགས་གཏུམ་ལྡན་མུ་སྟེགས་མནན༔ ཤཱཀྱ་སེང་གེ་གསེར་མདོག་འོད༔ ས་གནོན་མཉམ་གཞག་ལྷུང་བཟེད་འཛིན༔ གཙུག་ཏོར་སྤྲུལ་སྐུའི་ཆ་ལུགས་འགྱིང༔ སེང་གེ་སྒྲ་སྒྲོག་མཐིང་ནག་ཁྲོ༔ རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན༔ ཁྲོ་ཆས་ཡོངས་རྫོགས་བསེན་མོ་མནན༔ རྡོ་རྗེ་གྲོ་ལོད་ཨཾ་གཙིགས་སྨུག༔ རྡོ་རྗེ་ཕུར་པ་སྟག་སྟེང་རོལ༔ རབ་བྱུང་ཆ་ལུགས་རྒྱལ་འགོང་གནོན༔ མེ་འོད་ཟེར་ཕྲེང་ཤིག་གེར་གསལ༔ དེ་ཕྱིར་བམ་ཆེན་བསྣོལ་བའི་སྟེང༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དཀར༔ འཇིགས་བརྒྱད་ཞི་བའི་ཕྲིན་ལས་མཛད༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར༔ ཚེ་དཔལ་འབྱོར་དྲུག་རྒྱས་པར་མཛད༔ པདྨ་རིགས་ཀྱི་མཁའ་འགྲོ་དམར༔ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛད༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལྗང༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛད༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ༔ གཅེར་བུ་རུས་པའི་རྒྱན་དྲུག་གསོལ༔ གཡས་པ་རང་རྟགས་གྲི་གུག་འཛིན༔ གཡོན་པ་དུང་ཁྲག་ཞལ་དུ་སྐྱོད༔ དར་དཔྱངས་མེ་ཏོག་རྒྱན་གྱིས་མཛེས༔ རང་འདྲ་འབུམ་འབུམ་གླུ་གར་བསྒྱུར༔ སྒོ་སྐྱོང་རྟ་མཆོག་ཕྲ་མེན་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕྱི་འཁོར་བཀའ་སྡོད་དམ་ཅན་དང༔ ལས་བྱེད་སྤྲུལ་པ་ཡང་སྤྲུལ་སོགས༔ ཕྲིན་ལས་སྒྲུབ་ཅིང་བར་ཆད་སེལ༔ འདོད་ཡོན་མཆོད་པའི་ལྷ་མོའི་ཚོགས༔ རང་རང་མཆོད་པའི་སྤྲིན་ཕུང་གཡོ༔ བརྡ་གར་གླུ་ཡི་གར་སྟབས་བསྒྱུར༔ དེ་ལྟར་བསྐྱེད་པའི་ལྷ་ཚོགས་རྣམས༔ སྣང་ལ་རང་བཞིན་འཇའ་ཟེར་ལྟར༔ རང་སྣང་རོལ་པ་ཆེན་པོར་བསྐྱེད༔ དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས་གུ་རུ་ཨོ་རྒྱན་པདྨ་ལ་ཡི་དམ་མཁའ་འགྲོ་རྒྱ་མཚོས་བསྐོར་བ་ཏིལ་གང་ཕྱུར་བ་བཞིན་སྤྱན་དྲངས་པར་གྱུར། གཉིས་པ་སྤྱན་འདྲེན་པ་ནི། གསུར་ཆེན་གཏོང་ལ་རོལ་མོ་དཀྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་བསྐུལ༔ ཧཱུྃ་ཧྲཱི་མ༔ འོག་མིན་ལྷུན་གྲུབ་ཕོ་བྲང་ཆེན་པོ་ནས༔ དབྱིངས་ཀྱི་རང་བཞིན་རྩ་གསུམ་ཐུགས་རྗེ་ཅན༔ མོས་པའི་སྐལ་ལྡན་རྗེས་འཇུག་སྨིན་མཛད་པ༔ རྩ་གསུམ་ཀུན་འདུས་མཆོག་ལ་གསོལ་བ་འདེབས༔ ཐུགས་རྗེ་སྐྱེད་ལ་མ་གཡེལ་སྤྱན་འདྲེན་གཤེགས༔ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ རྗེ་བཙུན་འགྲོ་མགོན་ཨོ་རྒྱན་ཐུགས་རྗེ་ཅན༔ ལྔ་བརྒྱ་སྙིགས་མའི་སེམས་ཅན་མགོན་མེད་རྣམས༔ ལས་ངན་དབང་གིས་སྡུག་བསྔལ་ཉམ་ཐག་ཚེ༔ མ་གདུང་བུ་གཅིག་བརྩེ་བས་མི་འདོར་བཞིན༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས་དང་བཅས༔ མ་གཡེལ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རང་སྣང་དག་པ་སྐུ་དང་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ རྩ་ཁམས་དག་པ་བདེ་ཀློང་ཨོ་རྒྱན་ཞིང༔ མ་སྲིང་མཁའ་འགྲོ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚེ་འཛིན་དཔལ་གྱི་དབང་བསྒྱུར་ཕོ་བྲང་ནས༔ རིག་འཛིན་ཐོད་ཕྲེང་སྡེ་ལྔ་གཤེགས་སུ་གསོལ༔ ཕྱོགས་བཞི་ཕྲིན་ལས་དབང་བསྒྱུར་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོ་སྡེ་བཞི་གཤེགས་སུ་གསོལ༔ བླ་མ་རིག་འཛིན་བྱིན་རླབས་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་གཟི་འོད་ཡ་ལ་ལ༔ མ་མོ་མཁའ་འགྲོ་གར་བྱེད་ཤིགས་སེ་ཤིག༔ དམ་ཅན་ཆོས་སྐྱོང་ཕྲིན་ལས་ཤ་ར་ར༔ སྒོ་སྐྱོང་ཕྲ་མེན་བཤུགས་པ་ཀྱུ་རུ་རུ༔ གཡས་ནས་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ནས་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་དར་དང་སྤོས་དུད་ཆི་ལི་ལི༔ བྱིན་ཆེན་བྱིན་ཕོབ་རྩ་གསུམ་རྒྱལ་བའི་ཚོགས༔ སྒྲུབ་པའི་དཀྱིལ་འཁོར་གཉན་འདིར་བྱིན་ཅིག་ཕོབ༔ མོས་པའི་འདུས་ཚོགས་རྣམས་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཛཔ྄་དབྱངས་དག་ལ་ནན་དུ་བྱ༔ བྱིན་འབེབས་རྟགས་རྣམས་ཤར་གྱིས་ཡོང༔ ཞེས་གསུངས་པས་ཛཔ྄་དབྱངས་ལ་ནན་ཏན་དུ་འབད། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཆགས་མེད་པདྨ་ཉི་ཟླའི་སྟེང༔ འགྲོ་ལ་ཆགས་པའི་ཡེ་ཤེས་ལྷ༔ རྩ་གསུམ་ཀུན་འདུས་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ རྩ་བ་གསུམ་ལ་གསོལ་བ་འདེབས༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ༔ ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན༔ མཛེས་པའི་མེ་ཏོག་གཅལ་དུ་བཀྲམ༔ དྲི་ཞིམ་བདུག་སྤོས་ཀུན་ཏུ་ཁྱབ༔ སྣང་གསལ་མར་མེ་འོད་དུ་འཚེར༔ དྭངས་བསིལ་དྲི་ཆབ་རླབས་སུ་འཁྱིལ༔ རོ་ལྡན་ཞལ་ཟས་རི་ལྟར་སྤུངས༔ སྒྲ་སྙན་རོལ་མོ་འབྲུག་ལྟར་སྒྲོག༔ ཕྱི་ཡི་མཆོད་པ་རྒྱ་ཆེན་འདི༔ རྩ་གསུམ་ཀུན་འདུས་ལྷ་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད། ནང་མཆོད་འབུལ་བ་ནི། ཧཱུྃ༔ མཛེས་པའི་གཟུགས་ལ་སྙན་པའི་སྒྲ༔ དྲི་ཞིམ་སྤོས་དང་རོ་ལྡན་ཟས༔ འཇམ་མཉེན་རེག་བྱ་འདོད་ཡོན་ལྔ༔ ནང་མཆོད་བླ་མེད་མཆོད་པ་འབུལ༔ བཞེས་ནས་བདག་སོགས་ཚོགས་རྫོགས་ཏེ༔ འབྲས་བུ་དོན་གཉིས་ལྷུན་གྲུབ་སྩོལ༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ བདུད་རྩི་མཆོད་པ་ནི། ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ དུག་ལྔ་སེལ་བའི་བདུད་རྩི་སྨན༔ ཡེ་ཤེས་ལྔ་ཡི་བདུད་རྩི་འདི༔ རྩ་གསུམ་ཀུན་འདུས་ལྷ་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ བདུད་རྩི་ལག་མཆོད་ནི། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ༴ གུ་རུ་ཐོད་ཕྲེང་སྡེ་ལྔའི་ཞལ་དུ་སརྦ༴ ཡི་དམ་རྒྱལ་བ་ཞི་ཁྲོའི་ཞལ་དུ་སརྦ༴ མཁའ་འགྲོ་གསང་བ་རྒྱ་མཚོའི་ཞལ་དུ་སརྦ༴ ཆོས་བདག་ཨ་ཙར་ཡེ་ཤེས་ཞལ་དུ་སརྦ༴ བཀའ་བབས་རྗེ་འབངས་རྒྱ་མཚོའི་ཞལ་དུ་སརྦ༴ དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་སརྦ༴ བཀའ་སྲུང་གཏེར་བདག་རྒྱ་མཚོའི་ཞལ་དུ་སརྦ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་སིདྡྷི་ཧོ༔ བདུད་རྩི་དངོས་གྲུབ་ཏུ་མྱང་། རཀྟ་མཆོད་པ་ནི། ཧཱུྃ༔ མཁའ་ཀློང་རྣམ་དག་པདྨའི་ཁྲག༔ ང་བདག་བསྒྲལ་བ་དུག་གསུམ་ཁྲག༔ ཆགས་མེད་ཆགས་པའི་ཁྲག་ཆེན་པོ༔ རྩ་གསུམ་ཀུན་འདུས་ལྷ་ལ་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མཆོད་ནི། ཧཱུྃ༔ སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་གཏོར་མ་བཤམས༔ འདོད་ཡོན་ལོངས་སྤྱོད་རྒྱན་གྱིས་སྤྲས༔ རྩ་གསུམ་ཀུན་འདུས་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསང་མཆོད་ནི། ཧཱུྃ༔ བདེ་བ་ཡབ་ལ་སྟོང་པ་ཡུམ༔ གཉིས་མེད་དགའ་བཞིའི་འཁྲུལ་འཁོར་ཆེ༔ ཟུང་འཇུག་ཡེ་ཤེས་ཐུགས་རྗེའི་རྩལ༔ འདུ་འབྲལ་མེད་པ་བླ་མེད་ཆོས༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿདྷརྨཱ་མུ་དྲ་ལ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ་ཧྲཱི་མ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་རོལ་པ་བླ་མ་ལོངས་སྤྱོད་རྫོགས༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་སྟོན་པ་མཆོག་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རོལ་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨཱ་ཀ་རར་བསྟོད༔ འགྲོ་བའི་དོན་དུ་རིག་འཛིན་སྤྲུལ་པའི་སྐུ༔ པདྨ་ཐོད་ཕྲེང་རྩལ་གྱི་རོལ་པ་ལས༔ ཞི་རྒྱས་དབང་དྲག་མཆོག་གི་སྐུར་སྟོན་པ༔ ཚེ་དབང་རིག་འཛིན་སྡེ་ལྔར་ཕྱག་འཚལ་བསྟོད༔ ཚེ་ཡི་མཁའ་འགྲོ་ལྷ་ལྕམ་མནྡཱ་ར༔ མཁའ་འགྲོའི་དཔའ་མོ་ཡེ་ཤེས་མཚོ་རྒྱལ་མ༔ གཉིས་ཀ་གཞོན་ཚུལ་རྒྱས་ལ་བདེ་ཉམས་འབར༔ གསང་བ་རིག་མའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ དམར་ནག་བདེ་ཆེན་དབང་གི་དཔལ༔ ཁྲོ་རྒྱལ་རྟ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་སྦྱོར༔ དབང་གི་རྒྱལ་པོར་ཕྱག་འཚལ་བསྟོད༔ ཧཿརིཿནིཿསཿལས་སྐྱེད་པའི༔ ཡང་སྤྲུལ་ཡེ་ཤེས་མཁའ་འགྲོ་མ༔ ཉིང་སྤྲུལ་འཇིག་རྟེན་མཁའ་འགྲོས་བསྐོར༔ དཔའ་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམྦྷའི་སྐུ་ལ་བསྟོད། ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པོའི་སྐུ་ལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་བསྟོད༔ ལོག་འདྲེན་བདུད་བཞི་འཇོམས་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ ཧཱུྃ༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལྷ་ཡི་ཚོགས༔ སྙིང་ནས་གསོལ་བཏབ་མཆོད་བསྟོད་པས༔ བདག་ཅག་ཁམས་གསུམ་རིགས་དྲུག་ཀུན༔ ལས་ངན་སྡིག་པ་ཅི་སྤྱད་པ༔ མི་འཆབ་མི་སྦེད་སྤྱན་སྔར་བཤགས༔ མཐོལ་ལོ་བཤགས་སོ་ལྷ་ཡི་ཚོགས༔ གནོང་ངོ་འགྱོད་དོ་སླན་ཆད་བསྡམ༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ བདག་གི་མགོན་དུ་བཞུགས་མཛོད་ལ༔ སྐྱིད་སྡུག་རེ་ལྟོས་ཨོ་རྒྱན་མཁྱེན༔ ཨོ་རྒྱན་བླ་མ་ཆོས་ཀྱི་སྐུ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ དཔའ་བོ་དཔའ་མོའི་འཁོར་གྱིས་བསྐོར༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ཕྱི་ནང་འགལ་རྐྱེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བདུན་པ་ཛཔ྄་བཟླ་བ་ནི། སྒྲུབ་གཞུང་ལས། བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ ཞེས་པས་ཛཔ྄་བསྐུལ་བ་ནི། བདག་ཉིད་པདྨ་དབང་ཆེན་ཡབ་ཡུམ་གྱི༔ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ༔ མཚོ་སྐྱེས་རྡོ་རྗེ་དཀར་དམར་གཟི་འོད་འབར༔ པདྨ་དབང་ཆེན་ཐུགས་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་བླ་མ་བདེ་གཤེགས་ཐམས་ཅད་ལ༔ མཆོད་པ་དཔག་མེད་ཕུལ་ཞིང་མཉེས་པར་བྱས༔ ཐུགས་རྗེའི་བྱིན་རླབས་མ་ལུས་ཡོངས་བསྡུས་ཏེ༔ གུ་རུ་པདྨའི་སྐུ་ལ་སིབ་སིབ་ཐིམ༔ སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆོས་ཀྱི་རྗེ༔ སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་འདེབས༔ ལུས་ངག་ཡིད་གསུམ་ཐུགས་རྗེས་བྱིན་གྱིས་རློབས༔ བདག་ལ་རེ་ལྟོས་ཁྱོད་ལས་གཞན་མེད་དོ༔ འགྲོ་འདུལ་རྩ་གསུམ་ངོ་བོར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྤྱི་དྲིལ་སྙིང་པོ་འདི་ཁོ་ན༔ སྒོ་གསུམ་རྣལ་ཕབ་ཡིད་ཀྱིས་བསྒྲུབ༔ བདག་དང་ཞལ་མཇལ་གསུང་ཐོས་འགྱུར༔ བོད་འབངས་སྙིང་རུས་མ་ཆུང་ཞིག༔ ཅེས་དང་། གྲངས་བསྙེན་བྱེ་བ་གསུམ་དང་འབུམ་ཕྲག་ལྔ༔ པད་འབྱུང་མཁྱེན་སྙམ་བློ་ནི་ཡང་ཡང་བཀལ༔ ཞེས་བསྙེན་པ་ཉིད་གསོལ་འདེབས་ཁོ་ནར་གསུངས་པས་ནན་ཏན་དུ་འབད་པར་བྱའོ། །སྒྲུབ་པ་ནི་གཞུང་ལས། སྒྲུབ་རྫས་བྷནྡྷ་མཚན་ལྡན་ནང༔ པདྨ་གུ་རུའི་འདྲ་འབག་གཞུག༔ མདུན་དུ་སྲོག་འཁོར་སྒྲུབ་རྫས་རིལ༔ སྒྲུབ་གཏོར་པདྨ་སྟོང་ལྡན་དང༔ སྨན་རཀ་ཉེར་སྤྱོད་རྒྱས་པར་བཤམ༔ བདག་མདུན་མེ་རི་འདབས་འབྱར་ཚུལ༔ རྟ་མཆོག་དབང་གི་ཙིཏྟ་དམར༔ པདྨ་འདབ་བརྒྱད་ཉི་ཟླའི་སྟེང༔ པདྨ་འབྱུང་གནས་མཐིང་གསལ་བསྒོམ༔ བདག་ཉིད་ཐུགས་ལས་འོད་འཕྲོས་པས༔ མདུན་བསྐྱེད་དཀྱིལ་འཁོར་ཐུགས་དམ་བསྐུལ༔ མདུན་དཀྱིལ་ཞིང་ཁམས་གཅིག་ཏུ་རྫོགས༔ རབ་འབྱམས་མ་ལུས་མཆོད་པས་མཉེས༔ ཕར་བསྲེ་ཚུར་བསྟིམ་རེས་མོས་ངང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འདི་ལ་རྟགས་ཏེ་གྲངས་ཚད་མེད༔ མཆོད་བསྟོད་ཚུལ་དུ་སྒྲུབ་ལ་འབད༔ དངོས་གྲུབ་ཆེན་པོ་ཚེ་འདིར་ཐོབ༔ ཅེས་གསུངས་པ་ལྟར་སྒྲུབ་ལ་གཙོ་བོར་འབད་པར་བྱ། ལས་སྦྱོར་ནི། ཕྲིན་ལས་རྣམ་པ་བཞི་ཡིན་ཏེ༔ རང་ཉིད་བླ་མ་ཡི་དམ་མཁའ་འགྲོ་སྟེ༔ ཡོངས་འདུས་དཔལ་ཆེན་ཧ་ཡ་གྲཱི༔ གནས་ལྔར་ཐོད་ཕྲེང་སྡེ་ལྔ་གསལ༔ ཡུམ་གྱི་གནས་ལྔར་མཁའ་འགྲོ་ལྔ༔ གསལ་བཏབ་ས་བོན་ལས་འོད་འཕྲོས༔ སྡེ་ལྔ་ཐུགས་དམ་དབྱིངས་ནས་བསྐུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྱུར༔ ལས་སྦྱོར་སྤྱི་དྲིལ་འདི་ཁོ་ན༔ ཧྲཱིཿམཿཧཿརིཿནིཿསཿརཿཙཿཧྲིཿཡཿཙིཏྟཿཧྲཱིཾཿཧྲཱིཾཿཛཿཛཿསརྦཿསིདྡྷིཿཤཱནྟིཾཿཔུཥྚིཾཿབཿཤཾཿམཱཿརཿཡཿརྦད༔ མཐུན་མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་སོགས་ཤློ་ཀ་གཅིག་གིས་བསྟོད། ཡིག་བརྒྱས་ཁ་བསྐང་ཞིང་བཤགས་པ་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་བཅུ་དགུ་ལས། དང་པོ་ཚོགས་བཤམས་ཤིང་བསང་སྦྱང་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ན་ཡེ་ཧཱུྃ་ཕཊ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་འཕྲོས༔ རཾ་བསྲེགས་ཡཾ་གཏོར་ཁཾ་ཆུས་བཀྲུས༔ མ་དག་དངོས་འཛིན་ཡེ་ནས་དག༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་ཡི་གེ་འབྲུ་གསུམ་གྱིས༔ བྱིན་བརླབས་འདོད་ཡོན་རྒྱ་མཚོར་སྤེལ༔ ཟག་མེད་ཏིང་འཛིན་མཆོག་ཐོབ་སྟེ༔ རྩ་གསུམ་ལྷ་ཚོགས་དགྱེས་སྐོང་གྱུར༔ གཉིས་པ་ཚོགས་ལ་སྤྱན་འདྲེན་པ་ནི། ཧྲཱི༔ སྣང་སྲིད་དག་པ་ཡེ་ཤེས་འོད་ཀྱི་ཞིང༔ དུར་ཁྲོད་ཚོགས་ཁང་འབར་བའི་གཞལ་ཡས་འདིར༔ བླ་མ་ཡི་དམ་དཔའ་བོ་དཔའ་མོའི་ཚོགས༔ བྱིན་འབེབས་ཐིབས་ཐིབ་གར་སྟབས་ཀྱུ་རུ་རུ༔ ཐམས་ཅད་བཀྲག་མདངས་གཟི་འོད་རབ་ཏུ་འབར༔ དད་གདུང་མོས་པའི་བུ་ཡིས་གསོལ་བ་འདེབས༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་ཐུགས་རྗེ་སྐྱེད༔ འདིར་གཤེགས་ཚོགས་དང་གཏོར་མར་བྱིན་ཕོབ་ལ༔ སྐལ་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ༔ གསུམ་པ་ཚོགས་མཆོད་ནི། ཧྲཱི༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་ཆེན་བཤམ༔ ཟག་མེད་ཏིང་འཛིན་སྤྲོ་བསྡུས་སྒྱུར༔ ཀུན་ཚང་ལྷ་ཡི་རོ་མཆོག་འདི༔ རྩ་གསུམ་ཀུན་འདུས་ལྷ་ལ་འབུལ༔ བཞེས་ནས་འཁོར་བ་དོང་སྤྲུགས་མཛོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ བཞི་པ་བཤགས་པ་ནི། ཧོ༔ འདི་དང་གཏན་གྱི་སྐྱབས་གཅིག་པུ༔ བསླུ་བ་མེད་པའི་དཀོན་མཆོག་གསུམ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་སོགས་འཁོར་བར་འཁྱམས་པ་ཡི༔ སེམས་ཅན་མ་ལུས་ཐམས་ཅད་ཀྱིས༔ ལས་ངན་སྡིག་པ་ཅི་བགྱིས་པ༔ ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས༔ སྐྱབས་ཀྱི་མཆོག་གྱུར་རིན་པོ་ཆེ༔ མི་དགེའི་སྡིག་པ་དག་པ་དང༔ གསང་སྔགས་རྩ་བའི་དམ་ཚིག་རྣམས༔ ཉམས་པ་བསྐངས་ལ་སོར་ཆུད་ཅིང༔ རང་དོན་བྱང་ཆུབ་འགྲུབ་པ་དང༔ གཞན་དོན་ཕྲིན་ལས་མཐར་ཕྱིན་ནས༔ རྒྱལ་བའི་གོ་འཕང་ཐོབ་པར་ཤོག༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བ་ནི། ན་མོ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང༔ ཆོས་ཉིད་ཀ་དག་ཆོས་ཅན་བདེན་པ་ཡིས༔ བསྒྲལ་བའི་ཞིང་གྱུར་བདུད་དང་དམ་སྲི་ཀུན༔ གཟུགས་ལིང་དམོད་རྫས་འདི་ལ་ད་ཁུག་ཅིག༔ ནྲྀ་ཏྲི་ཛ༔ ཛཿཧཱུྃ་བཾ་ཧོ༔ ཕུར་བུ་ཐོགས་ལ། ཧཱུྃ༔ གཏུམ་དྲག་ཐོད་ཕྲེང་རྡོ་རྗེ་རྩལ༔ ཕྱག་གཉིས་རི་རབ་ཕུར་བུ་སྒྲིལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ འབྱུང་པོ་དམ་སྲི་བདུད་ཀྱི་དཔུང༔ སོད་ཅིག་མྱུར་དུ་ད་སོད་ཅིག༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཌཱ་ཀི་ནཱི་གནོད་བྱེད་སརྦ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་རྦད་རྦད༔ ཞལ་བསྟབ་ནི། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ དུག་ལྔ་བསྒྲལ་པའི་ཤ་ཁྲག་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་རལླི༔ རྣམ་ཤེས་བདེ་ཆེན་གནས་སུ་དྲོངས༔ བག་ཆགས་ས་བོན་སྟོངས་པར་མཛོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དགྲ་བགེག་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ དྲུག་པ་བསྐང་བ་ནི། ཧཱུྃ༔ ཕྱི་སྣོད་སྲིད་པ་ཡངས་པ་དཔལ་གྱི་ཞིང༔ ནང་བཅུད་སེམས་ཅན་མཆོད་པའི་རྫས་སུ་བཤམ༔ སྦྱངས་རྟོགས་སྤར་པའི་བ་ལིཾ་གཏོར་མ་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ བླ་མ་རིག་འཛིན་རྒྱ་མཚོའི་ཐུགས་དམ་བསྐང༔ ཡི་དམ་པདྨ་དྲག་པོའི་ཐུགས་དམ་བསྐང༔ ཡུམ་མཆོག་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ དཔའ་བོ་ཐོད་ཕྲེང་སྡེ་ལྔའི་ཐུགས་དམ་བསྐང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང༔ རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་ཐུགས་དམ་བསྐང༔ དྲག་མོ་སེང་གེའི་གདོང་ཅན་ཐུགས་དམ་བསྐང༔ རིགས་བཞི་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང༔ དམ་ཅན་གཏེར་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང༔ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང༔ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མཆེད་རྣམས་ཚོགས་ལ་རོལ་ཞིང་བརྡའི་འབུལ་ལེན་སྤྱི་ལྟར་བྱའོ། །བདུན་པ་ལྷག་མ་ནི། སློབ་དཔོན་གྱིས་ཞལ་ཆུས་བྲན་ཅིང་། བྷྱོཿ ལྷག་མ་དབང་བའི་མཁའ་འགྲོ་མ༔ དུས་དྲུག་ཉུལ་བའི་ཉུལ་ལེ་མོ༔ ཤ་ཟ་མཁའ་འགྲོ་གཏུམ་དྲག་མ༔ མ་ལྟར་རྣལ་འབྱོར་བདག་ལ་བརྩེ༔ ལྷག་མའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨུ་ཙྪིཥྚ་བྷཀྵ་སི་སྭཱ་ཧཱ༔ བརྒྱད་པ་དགེ་ཚོགས་བསྔོ་བ་ནི། ཧོ༔ བླ་མེད་རྡོ་རྗེའི་དལ་འདི་རུ༔ དགེ་ཚོགས་མི་ཟད་ཚོགས་མཆོད་པས༔ རང་གཞན་འབྲེལ་ཚད་ཕོ་མོ་ཀུན༔ མངོན་སངས་གཅིག་ཏུ་རྒྱ་བར་ཤོག༔ དགུ་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱི་མ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ ཟངས་མདོག་དཔལ་རིའི་ཕོ་བྲང་ཡོད༔ པདྨ་འོད་ཀྱི་གཞལ་ཡས་ཁང༔ སྲིན་ཚོགས་ཕོ་མོ་འདུལ་བ་ནས༔ གུ་རུ་སློབ་དཔོན་པདྨ་འབྱུང༔ མནྡཱ་ར་དང་མཚོ་རྒྱལ་ལྕམ༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ མ་གཡེལ་ཐུགས་དམ་དབྱིངས་ནས་བསྐུལ༔ རྩ་གསུམ་ཀུན་འདུས་ལྷ་ཚོགས་དགོངས༔ དེ་ཡང་སྙིགས་མ་ལྔ་བདོའི་སྐབས༔ ཁྱོད་ཀྱི་ཐུགས་རྗེས་འདུལ་ཞིང་ལ༔ གསོལ་བ་འདེབས་སོ་སྤྱན་གྱིས་གཟིགས༔ དམ་སྲི་འགོང་པོའི་དམག་དཔུང་ཆོམས༔ ཕྱི་ནང་བར་གཅོད་ཐམས་ཅད་ཟློག༔ འདུ་བ་རྣམ་བཞིའི་དངོས་གྲུབ་སྩོལ༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ནས༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད༔ བཅུ་པ་ཆད་ཐོ་བསྒྲག་པ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཞིང༔ རྟ་མཆོག་པདྨ་ཧེ་རུ་ཀས༔ རྔམ་པའི་ང་རོས་སྟོང་གསུམ་གཡོས༔ སྣང་སྲིད་མ་མོ་དབང་དུ་བསྡུས༔ དམ་ལ་བཏགས་ཤིང་ཐ་ཚིག་གཉེར༔ དངོས་གཟུགས་བསྟན་ནས་གཏོར་མ་བླངས༔ ཇི་ལྟར་སྔོན་གྱི་ཐ་ཚིག་བཞིན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་དཔལ་གྱི་མཆིམས་ཕུ་རུ༔ པད་འབྱུང་ཡེ་ཤེས་མཚོ་རྒྱལ་གྱིས༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དུ༔ དམ་ཅན་གཏེར་བདག་ཕོ་ཉ་བསྡུས༔ དམ་ལ་བཏགས་ཤིང་ཐ་ཚིག་གཉེར༔ དངོས་གཟུགས་བསྟན་ནས་གཏོར་མ་བླངས༔ ཇི་ལྟར་སྨོན་པའི་ཐ་ཚིག་བཞིན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་ཟངས་མདོག་དཔལ་རི་རུ༔ གུ་རུ་པདྨ་ཐོད་ཕྲེང་གིས༔ བདེ་ཆེན་རྒྱལ་པོར་མཚན་གསོལ་ནས༔ སྙིགས་དུས་གདུལ་དཀའ་འདུལ་བར་གཉེར༔ སྨོན་ལམ་གཏེར་འབྱིན་སྐྱེས་བུ་ལ༔ གཏེར་སྲུང་གཟུགས་བསྟན་གཏོར་མ་ལེན༔ ཇི་ལྟར་སྨོན་པའི་ཐ་ཚིག་བཞིན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ། དེ་འོག་ད་ལྟའི་དུས་ཀྱི་ཚེ། །རྩ་ནང་གསང་བའི་ཕོ་བྲང་ནས། །ཀུན་བཟང་བདེ་ཆེན་རྒྱལ་པོ་ཡིས། །རྩ་གསུམ་ཐུགས་གཏེར་སྤྱན་དྲངས་ཚེ། །བཀའ་གཏེར་དམ་ཅན་རྒྱ་མཚོ་ཡིས། །རང་རྟགས་ལས་ཀྱི་ཕྲིན་ལས་བླངས། །བོད་ཁམས་ཆོས་ཀྱིས་སྐྱོང་བ་དང་། །མཐའ་དམག་གདུག་པ་བསྲུང་བ་དང་། ཁྱད་པར་རྩ་གསུམ་ཉམས་ལེན་པའི། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མ་གཡེལ་སྔོན་གྱི་ཐ་ཚིག་བཞིན། །དམར་ཆེན་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། བཅུ་གཅིག་པ་བརྟན་མ་སྐྱོང་བ་ནི། ཧཱུྃ༔ དགུང་སྔོན་གཡའ་རི་གངས་ལ་གནས་པ་ཡི༔ བོད་སྐྱོང་བརྟན་མ་ཆེན་མོ་བཅུ་གཉིས་ནི༔ ལྷབ་ལྷུབ་དར་དང་རིན་ཆེན་དུ་མས་མཛེས༔ སིལ་སྙན་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དམ་བཅས་ལྟར༔ འདིར་བྱོན་དམར་ཆེན་གཏོར་མའི་བཤལ་ཆུ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧི༔ བཅུ་གཉིས་པ་རྟ་བྲོ་ནི། ཧཱུྃ༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དུ༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ སྒྲུབ་ལ་འཚེ་བའི་རྒབ་འདྲེ་རྣམས༔ གཏོར་གཞོང་རི་རབ་འོག་ཏུ་མནན༔ ཁྲོ་བོ་ཁྲོ་མོའི་བྲོ་བརྡུང་ངོ་༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ དམ་སྲི་འབྱུང་པོ་མཱ་ར་ཡ་སཏྭམྦྷ་ཡ་ལཾ་ནན༔ བཅུ་གསུམ་པ་དངོས་གྲུབ་བླང་བ་ནི། ཧཱུྃ༔ དགོངས་ཤིག་བླ་མ་རྒྱ་མཚོའི་ཚོགས༔ གསོལ་འདེབས་བུ་ལ་བྱིན་གྱིས་རློབས༔ དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ བྱིན་རླབས་དབང་བཞི་བསྐུར་དུ་གསོལ༔ དེང་སང་སྐྱ་རེངས་དང་པོ་ཤར༔ སྒྲུབ་པའི་དྲོད་ཚད་མཐའ་རུ་ཕྱིན༔ རྟ་བདུན་འོད་ཟེར་གསལ་ལ་ཉེ༔ མ་གཡེལ་ཡི་དམ་མཁའ་འགྲོའི་ཚོགས༔ རྟ་མཆོག་པདྨ་ཧེ་རུ་ཀ༔ འགྲོ་བ་དུཿཁས་མནར་བའི་དུས༔ ལྷག་པའི་ལྷ་ཁྱོད་མཐུ་མ་ཆུང༔ སྐྱོབས་ཤིག་དཔའ་བོ་མཁའ་འགྲོས་སྐྱོབས༔ འབྱུང་བ་དགྲ་རུ་ལངས་པ་དང༔ སྟོད་སྨད་དམག་གི་དཔུང་གཡོ་ན༔ རྡོ་རྗེ་དྲག་རྩལ་མཐུ་མ་ཆུང༔ བདུད་འདུལ་སེང་གདོང་རྩལ་མ་ཞན༔ བོད་ཁམས་བདེ་བའི་དངོས་གྲུབ་སྩོལ༔ རྡོ་རྗེ་གདན་ལ་བྱིན་ཆེན་ཕོབ༔ སྐུ་གསུང་རྟེན་ལ་རབ་གནས་མཛོད༔ བླ་མས་བྱིན་རླབས་དབང་བཞི་སྩོལ༔ རང་དོན་སྒྲུབ་ལ་མཉེས་པ་དང༔ གཞན་དོན་ཕྲིན་ལས་ནུས་པ་ཡི༔ དངོས་གྲུབ་སྩོལ་བར་གསོལ་བ་འདེབས༔ ཡི་དམ་མཆོག་ཐུན་དངོས་གྲུབ་སྩོལ༔ རང་ལུས་རྡོ་རྗེའི་སྐུ་འགྲུབ་ཅིང༔ བོད་འབངས་བདེ་ལ་འགོད་པ་ཡི༔ དངོས་གྲུབ་སྩོལ་བར་གསོལ་བ་འདེབས༔ མཁའ་འགྲོས་ཟབ་རྒྱའི་དབང་བཞི་སྩོལ༔ རྩ་ཐིག་རླུང་གསུམ་བདེ་དྲོད་འབར༔ ཆོས་སྒོ་དུ་མའི་མཛོད་ཀློང་རྡོལ༔ དངོས་གྲུབ་སྩོལ་བར་གསོལ་བ་འདེབས༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས༔ མི་ཕྱེད་རྡོ་རྗེའི་སྐུ་མངའ་བ༔ ལུས་སྒྲིབ་དག་ནས་ལྷ་ཡི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་ཚངས་པའི་གསུང་མངའ་བ༔ ངག་སྒྲིབ་དག་ནས་བཟླས་བརྗོད་སྒྲ༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་བྲལ་ཀ་དག་ཐུགས་མངའ་བ༔ ཡིད་སྒྲིབ་དག་ནས་ཉམས་རྟོགས་སྦར༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ལྷ་དབང་ཀླུ་དབང་མི་ཡི་ཚེ༔ འཁོར་འདས་ལམ་གསུམ་དཔལ་འབྱོར་ཀུན༔ དེང་འདིར་བདག་གིས་དབང་ཐོབ་ནས༔ དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག༔ རྩ་སྔགས་སྒྲུབ་སྔགས་ལས་སྔགས་ཤམ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ དྷརྨཱ་དྷཱ་ཏུ་ཨ༔ བཅུ་བཞི་པ་གཏང་རག་མཆོད་བསྟོད་ནི། ཧཱུྃ༔ མེ་ཏོག་ལ་སོགས་ཡིད་སྤྲུལ་ལྷ་མོ་དང༔ སྨན་རཀ་བདུད་རྩི་དཀར་དམར་བདེ་བའི་རྒྱུན༔ སྦྱོར་སྒྲོལ་བླ་མེད་ཕྱི་ནང་མཆོད་སྤྲིན་སྤྲོས༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལྷ་ལ་འབུལ༔ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་བཅོས་སྤྲོས་བྲལ་མས་བསྟོད། བཅོ་ལྔ་པ་བཟོད་གསོལ་ནི། ཧོ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཐུགས་རྗེས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བླ་མེད་གསང་མཆོག་རྡོ་རྗེའི་དཀྱིལ་འཁོར་འདིར༔ བསྙེན་པ་ཡུན་ཐུང་སྒྲུབ་པའི་རྫས་མ་ཚོགས༔ ལས་སྦྱོར་ས་མཚམས་མ་ཤེས་ལེ་ལོར་བཅད༔ ཆོ་ག་ནོར་འཁྲུལ་མཆོད་པ་འབག་བཙོག་ཤོར༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང༔ བདག་གིས་མ་རིག་དབང་གྱུར་ཅི་སྤྱད་པ༔ ཆོས་ཉིད་ཡེ་ཤེས་ཀློང་དུ་བཟོད་པར་གསོལ༔ ཡིག་བརྒྱས་ལྷག་ཆད་ཁ་བསྐང་། བཅུ་དྲུག་པ་རྫོགས་རིམ་ནི། ཧཱུྃ༔ མི་དམིགས་ཆོས་ཉིད་ཡེ་ཤེས་དབྱིངས་ཀྱི་ངང༔ རོལ་རྩལ་འགག་མེད་འགྲོ་བའི་དོན་ལ་ཤར༔ ངར་འཛིན་འཁོར་བའི་མཚོ་ལས་ཡོངས་བསྒྲལ་ཏེ༔ བརྗོད་མེད་དང་པོའི་ཡིན་ལུགས་ངང་དུ་ཨ༔ ཨ་ཨ༔ བཅུ་བདུན་པ་བཀྲ་ཤིས་ནི་མེ་ཏོག་འཐོར་ལ། ཧཱུྃ༔ བཀྲ་ཤིས་ཆོས་སྐུ་འགྱུར་མེད་རྡོ་རྗེ་འཆང༔ འཕགས་པ་སྤྱན་རས་གཟིགས་དབང་སྙིང་རྗེའི་དཔལ༔ ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆི་མེད་སྐུ༔ བླ་མ་རིག་འཛིན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཡིད་ལ་དྲན་པས་བདུད་དཔུང་ཀླད་པ་འགེམས༔ རང་སྣང་རོལ་པ་ཞི་དང་ཁྲོ་བོའི་གར༔ རྟ་མཆོག་པདྨ་དབང་གི་རྒྱལ་པོ་མཆོག༔ ཡི་དམ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་དཀར་མོ་ཚེ་ཡི་རིག་འཛིན་མ༔ བདེ་སྟོང་འཇའ་ལུས་ཟང་ཐལ་སྤོར་བྱེད་པ༔ རྩ་ཁམས་དག་པ་རྡོ་རྗེ་ཕག་མོའི་དཀྱིལ༔ མ་སྲིང་མཁའ་འགྲོ་རྒྱ་མཚོའི་བཀྲ་ཤིས་ཤོག༔ རྩ་གསུམ་ཀུན་འདུས་རྒྱལ་བའི་ཐུགས་རྗེ་ཡིས༔ བཀྲ་ཤིས་རབ་གནས་དཀྱིལ་འཁོར་བྱིན་ཆེན་ཕོབ༔ འདིར་ཚོགས་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྲོགས༔ མི་འབྲལ་མངོན་སངས་རྒྱ་བའི་བཀྲ་ཤིས་ཤོག༔ བཅོ་བརྒྱད་པ་དགེ་བ་བསྔོ་བ་ནི། ཧཱུྃ༔ བདག་གི་དེ་རིང་ཕན་ཆད་ལྷག་བསམ་གྱི༔ རྣམ་དཀར་དགེ་ལས་ཆེ་ཆུང་མ་ངེས་པ༔ མཁའ་མཉམ་ཕ་མའི་ཚོགས་ལ་ཡོངས་བསྔོ་བས༔ ཀུན་གྱིས་ཐོབ་སྟེ་འབྲས་བུ་སྨིན་པར་ཤོག༔ བཅུ་དགུ་པ་སྨོན་ལམ་ནི། ཨེ་མ་ཧོ༔ རྩ་གསུམ་འདུས་པ་གཉན་གྱི་དཀྱིལ་འཁོར་དུ༔ སྒོ་གསུམ་རྡོ་རྗེའི་དཀྱིལ་འཁོར་ལ་འདའ་བས༔ །འབྲེལ་ཚད་ངན་སོང་འཁོར་བའི་འཇིགས་ལས་བསྒྲལ༔ ཨོ་རྒྱན་བླ་མ་པད་འབྱུང་ཞབས་དྲུང་དུ༔ ཚོམ་བུ་གཅིག་ཏུ་ཧྲུག་གིས་འཛོམ་པར་ཤོག༔ ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་ཏེ་མེ་ཏོག་གི་ཆར་འཛད་མེད་དུ་དབབ་པར་བྱའོ། །འདིར་སྨྲས་པ། རྩ་གསུམ་དགོངས་གསང་ཟབ་མོའི་གཏེར་གྱི་རྒྱ། །ལེགས་ཕྱེ་ཕན་བདེའི་པད་ཚལ་རྒྱས་པའི་ཕྲིན། །དུས་མཆོད་ཚེས་བཅུའི་གསོལ་འདེབས་གར་དབྱངས་སྒྲ། །འགྲོ་ཀུན་སྙན་པའི་གཏམ་སྒྲས་ཡོངས་སུ་འགེངས། །གསང་བ་མཁའ་འགྲོ་རྒྱ་མཚོའི་རྟགས་ཀྱི་རྒྱ། །ཆ་ཤས་དངོས་གྲུབ་སྐལ་བར་སྤྱོད་པ་ཡི། །འགྱུར་མེད་ཆོས་དང་ཆོས་བདག་ཟུང་འབྲེལ་ནས། །ཐུགས་སྒྲུབ་བསྟན་པའི་ཉི་ཟླ་མཁའ་ལ་ཁྱབ། །དེ་ལྟར་པདྨའི་དགོངས་གསང་སྤེལ་བའི་འབྲས། །ལྟ་ལོག་བདུད་སྡེའི་དཔུང་ཚོགས་ཟིལ་གྱིས་མནན། །ལེགས་བྱས་རྣམ་ཀུན་དཔལ་ཡོན་ཡོངས་སྨིན་ནས། །འགྲོ་ཀུན་རྔ་ཡབ་གླིང་དུ་བགྲོད་པར་ཤོག །ཅེས་རྩ་ནང་གཏེར་བྱོན་བླ་མ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ལས་བྱང་ཁྲིགས་ཆགས་སུ་བཀོད་པ་པདྨའི་དགོངས་རྒྱན་ཞེས་བྱ་བ་འདིའང་། རང་གཏེར་ཆོས་བདག་ཏུ་ལས་སྨོན་རྟེན་འབྲེལ་འཛོམ་པ་རྒྱལ་མཆོག་འཇིག་རྟེན་དབང་པོ་དང། སྡེ་སྐྱོང་ལྷ་སྲས་ཀུན་བཟང་པདྨ་དབང་ཕྱུག་རྡོ་རྗེས་བཀའི་བསྐུལ་མ་གནང་བ་དུས་རྟགས་རྟེན་འབྲེལ་ལེགས་འགྲིགས་ཀྱིས་མཚམས་སྦྱར་ཏེ། དྭགས་སྨད་སྣང་རྫོང་གི་གཟིམ་ཆུང་ཕུན་ཚོགས་བདེ་ལྡན་དུ་ཀུན་བཟང་བདེ་ཆེན་རྒྱལ་པོས་ཡི་གེའི་ལམ་དུ་སྤེལ་བ་ཛ་ཡནྟུ།། །། ༈ བླ་མ་རྩ་གསུམ་ཀུན་འདུས་ཀྱི་བསྙེན་པའི་ཡི་གེ་བལྟས་པས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལ་འདིར་རྩ་གསུམ་བསྙེན་པའི་དམིགས་གནད་དམར་བྱང་བསྟན་པ་ལ། དཀྱིལ་འཁོར་གཞལ་ཡས་ཀྱི་བཀོད་པ་གཞུང་ལྟར་རྫོགས་པའི་དབུས་སུ་བདག་ཉིད་པདྨ་དབང་ཆེན་ཡབ་ཡུམ་གྱི་སྐུར་གསལ་བའི་དབུ་གཙུག་རྟ་དབུའི་སྟེང་དུ་འོད་ཀྱི་རང་བཞིན་འོ་མའི་མཚོ་དབུས་པད་སྡོང་འདབ་མ་སྟོང་ལྡན་གེ་སར་ཟེའུ་འབྲུ་དང་བཅས་པའི་དབུས་སུ། ཉི་ཟླའི་གདན་གྱི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ཟ་ཧོར་ཆས་ཅན་དང་མེ་ཏོག་གི་ཡལ་ག་གཉིས་ཕན་ཚུན་ལ་ཡུམ་གཉིས་བྷནྡྷ་ཚེ་བུམ་འབུལ་བའི་ཚུལ་ཅན་བདེ་ཉམས་ལྡན་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། པདྨ་འབྱུང་གནས་ཀྱི་ཐུགས་ཀར་པདྨ་བཞིའི་དབུས་སུ་ཡེ་ཤེས་སེམས་དཔའི་རྣམ་པར་བུདྡྷ་ཐོད་ཕྲེང་རྩལ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ག་དང་ཧྲཱིཿཡིག་དམར་པོ་གང་འདོད་སྤུས་བྲིས་པ་ལྟ་བུའི་མཐར་བཛྲ་གུ་རུའི་སྔགས་འབྲུ་རྣམས་འོད་ལྔ་ལྡན་གྱི་མདངས་འཚེར་ཞིང་རང་སྒྲ་སྦིར་བ་གཡས་སུ་འཁོར་ཞིང་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པའི་སྣེ་མོར་མཆོད་པའི་ལྷ་མོ་དཔག་མེད་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་རང་རང་གི་ཕྱག་མཚན་མཆོད་པ་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར་ཐོགས་པ་མེད་པར་སྤྲོས་ཤིང་ཐོགས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་སོགས་ཞིང་ཁམས་ཀྱི་རྒྱལ་བ་རབ་འབྱམས་མ་ལུས་པ་མཉེས་པར་བྱས། འོད་ཟེར་ཚུར་འདུས་པ་ལ་བདེ་བར་གཤེགས་པ་ཞིང་རྡུལ་གྱི་གྲངས་མཉམ་ཐམས་ཅད་སྐུ་ཁྲོ་བོ་དང་ཞི་བ་ཞི་མ་ཁྲོ་སོགས་ཀྱི་རྣམ་པ་དང་། གསུང་ཨཱ་ལི་ཀཱ་ལིའི་ཡིག་འབྲུ། ཐུགས་ཕྱག་མཚན་སྣ་ཚོགས་དང་། སྐུ་གདུང་བང་རིམ་སྟོང་ལྡན་གྱི་རྣམ་པ་གུ་རུ་པདྨའི་སྐུ་ལ་སིབ་སིབ་ཐིམ། སངས་རྒྱས་ཀུན་འདུས་ཡིད་བཞིན་ནོར་བུ་ལ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་ཅིང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་སྐྱེ་བ་ནས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་བར་བྱིན་གྱིས་རློབས་ཤིག་བསམ་པ་དང་ལྷན་དུ་གཞུང་ལྟར། སྐབས་སུ་དུག་གསུམ་དུག་ལྔའི་རླུང་རོ་འབུད༔ ཅེས་པ་ལྟར་བདག་ཏུ་འཛིན་པའི་ལུས་ཀྱི་ནང་ཐམས་ཅད་ཉོན་མོངས་པའི་རླུང་ནད་གདོན་སྡིག་སྒྲིབ་འཇའ་སྔོ་དམར་གྱི་རྣམ་པར་འཚུབ་འཁྱིལ་ལེར་གནས་པ་ཉིད་དབུ་རྐྱང་རོ་གསུམ་ནས་ཕྱིར་སང་སང་འབུད་པར་བྱ། ཕྱིར་འབུད་ཉེར་གཅིག་ཙམ་སོང་མཐར་ཚུར་རྔུབ་དུས་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ཡེ་ཤེས་ལྔ་ལྡན་འཇའ་ཟེར་གྱི་རྣམ་པར་འུབ་འུབ་བསྡུས་ཏེ། ཡི་དམ་རྟ་མཆོག་པདྨ་དབང་ཆེན་སྐུ་ལུས་གཟི་བྱིན་མཆོག་ཏུ་འབར། བདེ་ཆེན་གཉིས་མེད་དགའ་བའི་ཡེ་ཤེས་ཀྱི་ཉམས་རྒྱས། དད་གུས་གདུང་བ་རབ་ཏུ་གཡོས། རྟ་སྐད་དང་ཕག་སྐད་དུས་གཅིག་ལ་མཚེར་ཞིང་ངུར་བས་རྐྱེན་དེས་འོ་མའི་རྒྱ་མཚོ་ཕྱུར། པདྨའི་སྡོང་པོ་ཡང་བཀྲག་མདངས་མཆོག་ཏུ་རྒྱས། གུ་རུ་ཡེ་ཤེས་ཐུགས་རྗེའི་གཟི་འོད་དང་དགྱེས་མདངས་རབ་ཏུ་འབར་ཏེ་གནས་གསུམ་ལས་ཡིག་འབྲུ་གསུམ་ཤར། འབྲུ་གསུམ་འོད་ཀྱིས་བུདྡྷ་ཐོད་ཕྲེང་རྩལ་ཐུགས་རྒྱུད་བསྐུལ། བུདྡྷ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་འོད་དང་ཟེར་དུ་འཁྲུགས་པ་ལས་བདུད་རྩི་ཆིལ་ཆིལ་བབས། བུདྡྷའི་སྐུ་ནང་གང་མ་ཤོང་བའི་ཚུལ་དུ་ལུད། པདྨ་འབྱུང་གནས་ཀྱི་སྐུ་ལུས་གང་། དེ་ལས་ཀྱང་ཆེར་ལུད་དེ། གུ་རུའི་སྐུའི་ཆ་ཐམས་ཅད་ནས་བདུད་རྩི་ཁ་དོག་ལྔ་ལྡན་དུ་ཤར་གྱིས་བབས་པ་པད་སྡོང་ལ་འཁྲིལ་བའི་རྣམ་པ་ལྟ་བུར་བབས། རྟ་གདོང་གི་ནང་གང་། དེ་ནས་རིམ་པར་དབུ་དགུ་དང་རྟ་མཆོག་དབང་གི་སྐུ་ལུས་སུ་ཁྱབ། སྤྱི་བོར་གང་བས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས། དེ་བཞིན་དུ་མགྲིན་པ་ཡན་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས། ཡང་སྙིང་ག་ཡན་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས། སླར་ཡང་སྐུ་ལུས་ཡང་ཁེངས་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་ཉེས་སྒྲིབ་མ་ལུས་པ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པར་བསམས་ལ་དབང་བཞིའི་མཐར་ཐུག་ཀ་དག་བློ་འདས་ཀྱི་ངང་ལ་མཉམ་པར་གཞག་གོ །དེ་ཡང་གཞུང་ལས། རིག་པ་སྐྱེ་མེད་ཁོང་ཁྲོལ་སང་ངེར་སྐྱོངས༔ ཞེས་པའི་དོན་ནོ། །དེའང་བསྙེན་པ་ཉིད་གསོལ་འདེབས་ཁོ་ནར་གཙོ་བོར་གསུངས་པས་ལེའུ་བདུན་མ་ཉིད་དུ་གནད་དང་བསྟུན་ཏེ་འདོན་པ་ནི། བརྒྱུད་འདེབས་དང་བླ་མ་སྐུ་གསུམ་གསོལ་འདེབས་ཐུན་འགོ་དང་ནམ་དྲན་དུས་སུ་བྱ་བ་དང་། ཡབ་རྒྱལ་པོ་ལ་གསུངས་པ་སངས་རྒྱས་བསྟན་པ་རྨད་བྱུང་སྲོད་ཐུན། ཇོ་མོ་མཚོ་རྒྱལ་ལ་གསུངས་པ་ཉི་མ་ལྷོ་ནུབ་མ་ཐོར་ཐུན། དགེ་སློང་ནམ་སྙིང་ལ་གསུངས་པ་སྤྲོས་བྲལ་བདེ་ཆེན་སྔ་ཐུན། སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་སིནྡྷུ་རྒྱ་མཚོ་རིང་བ་དགོང་ཐུན། ལྷ་སྲས་མུ་ཁྲི་བཙན་པོ་ལ་གསུངས་པ་སིནྡྷུ་རྒྱ་མཚོ་ཐུང་བ་ནམ་གུང་། བུ་གུང་ཐང་རྒྱལ་པོ་ལ་གསུངས་པ་བསམ་པ་ལྷུན་གྲུབ་མ་ཉིན་གུང་དང་བློ་རེ་དོགས་སྡུག་བསྔལ་གྱིས་ཉེན་དུས་གསོལ་བ་འདེབས་པ་ཡིན་པའི་དོན་ཡང་གཞུང་ལས། གསོལ་འདེབས་ཚུལ་དུ་ཛཔ྄་ལ་ནན་ཏན་འབད༔ སྙིང་རུས་མོས་གུས་གདུང་ཤུགས་དྲག་ཏུ་བྱ༔ པད་འབྱུང་མཁྱེན་སྙམ་བློ་ནི་ཡང་ཡང་བཀལ༔ ཞེས་པའི་དོན་དང་། ཐུན་མཐར་རང་ཉིད་ཨོ་རྒྱན་མོས་གདུང་གིས་ཡར་ཐིམ་ལ་ཁད་བླ་མ་ཡུམ་དང་བཅས་པ་དགྱེས་ཚུལ་གྱིས་རང་ལ་མར་ཐིམ་ལ་ཁད་དུ་བསམ་པའི་ངང་ལ་རྩ་གསུམ་རང་སེམས་དང་དབྱེར་མེད་རོ་གཅིག་ཆུ་ལ་ཆུ་ཐིམ་པའམ་འཇའ་དང་འོད་འདྲེས་པ་ལྟ་བུར་དབྱེར་མེད་གཅིག་ཏུ་གྱུར་པར་བསམས་ལ་ཛཔ྄་བཟླས་ལྕེ་མཆུའི་སྦྱོར་བ་སྤངས་ཏེ་ཡེངས་མེད་ཀ་དག་གི་ངང་ནས་བཟླ་བ་ལ་ཆིག་དྲིལ་དུ་བརྩོན་པས་རྟགས་ནི་གཞུང་ལས། ངེས་པར་ཞལ་སྟོན་བྱིན་གྱིས་བརླབ་པར་འགྱུར༔ ཞེས་གསུངས་པ་དངོས་ཉམས་རྨི་ལམ་དུ་འབྱུང་ངེས་དང་། ཞེས་པའི་རྟགས་ཚད་ནི་ཡང་ཡིག་ལེགས་ཉེས་ཀུན་གསལ་དུ་བལྟ་བར་བྱའོ། །དེ་ལྟར་བསྙེན་པའི་དམིགས་གནད་དམར་བྱང་དུ་བཀོད་པ་འདི་ཉིད། ཀོང་པོར་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་ལ་ཆོས་ཀྱི་གཏད་རྒྱ་ཕུལ་སྐབས་སྐལ་ལྡན་གྲྭ་སློབ་མང་ཙམ་ལ་དབང་ལུང་ཐོབ་ཅིང་དེ་འཕྲལ་བསྙེན་མཚམས་བྱེད་མི་མང་བ་དང་། ལྷག་ཏུ་པདྨ་རིག་འཛིན་ལོ་གཅིག་ཉམས་ལེན་ལ་གཞོལ་བའི་དམ་བཅའ་ཕུལ་བས་རྐྱེན་བྱས། རང་གཞན་ལ་ཕན་པའི་བློས་བསྙེན་རྐྱང་གི་དམིགས་རིམ་གཏེར་གཞུང་ལྟར་ཁྲིགས་ཆགས་སུ་བལྟས་པས་ཀུན་གྲོལ་ཞེས་པ་འདི་ཉིད་ཚེས་བཅུའི་ཉིན་ཀུན་བཟང་བདེ་ཆེན་རྒྱལ་པོས་སྤེལ་བ་མངྒ་ལཾ། ཤུ་བྷཾ།། །།

ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པ༔ དྲིལ་སྒྲུབ་པདྨའི་སྙིང་པོ་ (Volume 11, Text 19)

༁ྃ༔ ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པ༔ དྲིལ་སྒྲུབ་པདྨའི་སྙིང་པོ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས༔ ཇི་སྲིད་མཐའ་དང་མུ་མེད་པའི༔ སེམས་ཅན་ཁམས་དང་དབང་པོ་ནི༔ བསམ་ཡས་མོས་པ་ཐ་དད་ཕྱིར༔ སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཀྱང༔ དེ་འདུལ་རོལ་པ་མཐའ་ཡས་པ༔ སྣ་ཚོགས་ནོར་བུ་ཆུ་ཟླ་བཞིན༔ མ་ངེས་ཅིར་ཡང་འཆར་བས་ན༔ ཁྱབ་བདག་བླ་མ་སྒྲུབ་པའི་ཐབས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ རང་གི་ངོ་བོར་སྒྲུབ་པ་དང༔ རྩ་གསུམ་གཞན་དུ་སྟོན་པ་སོགས༔ སྤྲོས་ན་རྣམ་པ་དཔག་མེད་ཀྱང༔ ཐམས་ཅད་ཡེ་ཤེས་དབྱིངས་གཅིག་ལས༔ ཐབས་མཁས་འདུལ་ཐབས་སྟོན་པ་སྟེ༔ བསྡུས་ན་སྐུ་གསུམ་ངོ་བོར་འདུས༔ དེ་ལས་དཀྱིལ་དང་འཁོར་གྱི་ཚུལ༔ གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་བསྟན༔ ས་མ་ཡ༔ ངེས་འབྱུང་བློས་བསྐུལ་སྐྱབས་སུ་འགྲོ༔ སེམས་བསྐྱེད་རྒྱུད་སྦྱང་བགེགས་བསྐྲད་ཅིང༔ མཚམས་བཅིང་ཡེ་ཤེས་བྱིན་ཆེན་འབེབ༔ མཆོད་རྫས་བརླབ་སོགས་སྔོན་སོང་ནས༔ དངོས་གཞི་ཏིང་འཛིན་རྣམ་གསུམ་གྱིས༔ ཁོག་དབུབ་རྟེན་དང་བརྟེན་པ་བསྐྱེད༔ དབྱིངས་རིག་ཟུང་འཇུག་ཡི་གེ་ཧྲཱི༔ སྐར་ཆེན་ཐང་ལ་ལྷགས་པ་ལྟར༔ རང་གསལ་འོད་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་ཀློང༔ རིན་ཆེན་རི་རབ་ལྷུན་པོའི་སྟེང༔ རྡོ་རྗེ་མཚོན་ཆ་མེ་ཕུང་འབར༔ མི་ཤིགས་སྲུང་བའི་འཁོར་ལོའི་ནང༔ ཡེ་ཤེས་རང་སྣང་ལས་གྲུབ་པ༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ བྱང་ཆུབ་ཕྱོགས་ཀྱི་རྒྱན་བཀོད་འབར༔ རང་བྱུང་ཡོན་ཏན་བརྡ་རྟགས་རྫོགས༔ པདྨ་རིན་ཆེན་ཕྲེང་བ་བྲེས༔ འཇའ་འོད་ཐིག་ལེ་ཟེར་ཐག་སྦྲེང༔ མཆོད་པའི་ལྷ་མོས་གནམ་ས་གང༔ ངོ་མཚར་བཀོད་པ་བསམ་མི་ཁྱབ༔ ཕྱི་ནང་མེད་པར་འོད་དུ་འཁྱིལ༔ མ་བཅོས་ལྷུན་གྲུབ་རྒྱལ་བའི་ཞིང༔ མཉམ་ཡངས་ཟང་ཐལ་ཆེན་པོར་གསལ༔ དེ་དབུས་རབ་མཛེས་པདྨའི་གདན༔ དགོས་འབྱུང་ནོར་བུའི་ཟེའུ་འབྲུས་གཏམས༔ ཕྱི་རིམ་པད་འདབ་དྲུག་དང་བརྒྱད༔ གྲངས་མེད་ཁོར་ཡུག་རིམ་གསུམ་ལ༔ ཟླ་བ་ཉི་མའི་དཀྱིལ་འཁོར་དང༔ སྒོ་བཞིར་ཞིང་རྐྱང་གདན་རྣམས་གསལ༔ ཕོ་བྲང་དབུས་ཀྱི་པད་ཟླ་ལ༔ རྒྱུ་ཡི་ཧྲཱིཿལས་འོད་ཟེར་འཕྲོས༔ རྒྱལ་ཀུན་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བ་ཀུན་གྱི་ལས་ཉོན་སྦྱངས༔ སྣང་སྲིད་བླ་མའི་འཁོར་ལོར་གྱུར༔ འོད་ཟེར་ཚུར་འདུས་ཡོངས་གྱུར་ལས༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག༔ གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང༔ སངས་རྒྱས་ཀུན་འདུས་སྤྲུལ་པའི་སྐུ༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ བཅུ་དྲུག་དགའ་བ་རྒྱས་པའི་ཉམས༔ ཞི་འཛུམ་ཡིད་འོང་ལྟ་ན་སྡུག༔ དར་དང་རིན་ཆེན་ཨུཏྤལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པ་མཉམ་གཞག་ཚེ་བུམ་བསྣམས༔ ཡེ་ཤེས་མཁའ་འགྲོ་པད་མདོག་འཁྲིལ༔ གྲི་གུག་ཐོད་པའི་བདུད་རྩི་སྟོབ༔ རྒྱན་ཆ་རྣམ་པ་ཡབ་དང་མཚུངས༔ ཞབས་གཉིས་རྡོར་སྐྱིལ་པད་སྐྱིལ་བཞུགས༔ འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས༔ བདེ་བ་ཆེན་པོའི་གཟི་བརྗིད་འབར༔ དབུ་གཙུག་པདྨ་ཉི་ཟླའི་སྟེང༔ བླ་མ་ལོངས་སྐུ་ཚེ་དཔག་མེད༔ ཆགས་མེད་པདྨ་རཱ་གའི་མདངས༔ མཚན་རྫོགས་བདེ་ཆེན་ཉམས་བརྒྱས་སྒེག༔ དར་དང་རིན་ཆེན་པད་ཕྲེང་བརྒྱན༔ གཡོ་མེད་ཏིང་འཛིན་ཕྱག་རྒྱའི་སྟེང༔ བདུད་རྩིའི་བཅུད་གཏམས་བུམ་པ་འཛིན༔ པདྨ་ནོར་བུའི་ཁ་རྒྱན་མཛེས༔ ཡུམ་མཆོག་གསང་ཡེ་གོས་དཀར་མོ༔ དམར་གསལ་པདྨ་ཚེ་བུམ་བསྣམས༔ བདེ་བའི་ཉམས་རྒྱས་ཡབ་ལ་འཁྲིལ༔ དེ་རྒྱབ་འདབ་བཞི་པད་ཟླ་ལ༔ མདུན་དུ་བུདྡྷ་ཐོད་ཕྲེང་དཀར༔ ཤར་དུ་བཛྲ་ཐོད་ཕྲེང་སྔོ༔ ལྷོ་རུ་རཏྣ་ཐོད་ཕྲེང་སེར༔ ནུབ་ཏུ་པདྨ་ཐོད་ཕྲེང་དམར༔ བྱང་དུ་ཀརྨ་ཐོད་ཕྲེང་ལྗང༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་འཛུམ་སྒེག་སོགས་ཉམས་དང་ལྡན༔ ཕྱག་གཡས་རང་རྟགས་ཕྲེང་བ་བསྣམས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩི་བུམ་པ་ནོར་བུས་བལྟམས༔ རིན་ཆེན་དབུ་རྒྱན་དར་གོས་སོགས༔ ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ ཡུམ་མཆོག་རིགས་ལྔའི་མཁའ་འགྲོ་མ༔ དཀར་མཐིང་སེར་དམར་ལྗང་གུའི་མདོག༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ རང་རྟགས་ཐོད་ཞལ་སྟོབ་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་དབུ་གཙུག་པདྨ་དང༔ ཉི་ཟླ་བརྩེགས་པའི་གདན་གྱི་སྟེང༔ ཆོས་སྐུ་པདྨ་ཀུན་ཏུ་འཆང༔ ཆོས་ཉིད་འགྱུར་མེད་ནམ་མཁའི་མདངས༔ ཞི་ཚུལ་དར་དང་རིན་ཆེན་བརྒྱན༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་བསྣོལ༔ དབྱིངས་ཡེ་གཉིས་མེད་ཡུམ་དང་འཁྲིལ༔ མཉམ་ཉིད་མཐའ་བྲལ་སྐྱིལ་ཀྲུང་བཞུགས༔ དེ་རྒྱབ་འདབ་བཞི་པད་ཟླ་ལ༔ མདུན་དུ་སྤྲུལ་སྐུ་ཐོད་ཕྲེང་རྩལ༔ དཀར་དམར་ཁྲོ་འཛུམ་འོད་ལྔའི་མདངས༔ པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་མཉམ་གཞག་ཀ་པཱ་ལར༔ བདུད་རྩིའི་བཅུད་བལྟམས་ཚེ་བུམ་བསྣམས༔ གསང་ཕོད་ཆོས་གོས་བེར་ཕྱམ་གསོལ༔ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ གཡས་སུ་ལོངས་སྐུ་སྤྱན་རས་གཟིགས༔ དམར་གསལ་སྒེག་ཅིང་ཆགས་པའི་ཉམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཕྱག་བཞི་དང་པོ་ཐལ་སྦྱར་མཛད༔ གཡས་འོག་གསེར་གྱི་རྡོ་རྗེ་དང༔ གཡོན་འོག་པདྨ་དམར་པོ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་ཅན༔ གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ རྒྱབ་ཏུ་ཆོས་སྐུ་སྣང་མཐའ་ཡས༔ དམར་འཚེར་འོད་ཟེར་བྱེ་བ་འཕྲོ༔ མཉམ་གཞག་ཕྱག་རྒྱས་བཻ་ཌཱུརྻའི༔ ལྷུང་བཟེད་བདུད་རྩིས་བཀང་བ་འཛིན༔ ངུར་སྨྲིག་ཆོས་གོས་ཚངས་སྤྱོད་ཆས༔ མཚན་དཔེའི་གཟི་བརྗིད་དཔག་ཏུ་མེད༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཡོན་དུ་པདྨ་བཛྲ་རྩལ༔ དབང་མདོག་ཁྲོ་འཛུམ་སྒེག་ཅིང་ཆགས༔ ཐབས་ཤེས་རྡོ་རྗེ་ཐོད་ཞལ་ནི༔ ཟུང་འཇུག་ཕྱག་རྒྱས་ཐུགས་ཀར་བསྣོལ༔ དབུ་སྐྲ་ཐོར་ཚུགས་ནོར་བུས་སྤྲས༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ པདྨའི་ཕྲེང་བ་དོ་ཤལ་འཕྱང༔ ཡུམ་མཆོག་ཡེ་ཤེས་མཁའ་འགྲོ་མ༔ དཀར་དམར་མདངས་ལྡན་གཉིས་མེད་འཁྲིལ༔ རྒྱན་དང་ཕྱག་མཚན་ཡབ་དང་མཐུན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ བདེ་བ་ཆེན་པོར་སྙོམས་པར་འཇུག༔ གཙོ་བོའི་མདུན་ཕྱོགས་པད་ཟླ་ལ༔ སློབ་དཔོན་པདྨ་དཀར་དམར་མདངས༔ གཡས་པ་རྩེ་གསུམ་ཕྱག་རྒྱ་སྒྱུར༔ གཡོན་པར་པད་སྣོད་བདུད་རྩིས་བལྟམས༔ ཤར་ནས་གཡས་སྐོར་པད་ཟླའི་སྟེང༔ གུ་རུ་བདེ་སྐྱོང་རྡོ་རྗེ་དཀར༔ ཕྱག་གཡས་འཁོར་ལོ་གཡོན་ཐོད་ཞལ༔ གུ་རུ་ཟག་མེད་འོད་གསལ་དམར༔ པདྨ་གཡས་ལ་དུང་དམར་གཡོན༔ གུ་རུ་འདུལ་སྐྱོང་ཆེན་པོ་མཐིང༔ རྡོ་རྗེ་གཡས་ལ་བུམ་པ་གཡོན༔ གུ་རུ་ཏིང་འཛིན་རྩལ་འཆང་སེར༔ གཡས་པ་རིན་ཆེན་གཡོན་གསེར་གཞོང༔ གུ་རུ་ཡོན་ཏན་བློ་ལྡན་ལྗང༔ གཡས་པ་རྒྱ་གྲམ་གཡོན་ཐོད་ཁྲག༔ གུ་རུ་ཐབས་ཤེས་དབྱིངས་སྦྱོར་སྔོ༔ སྐྱེ་མེད་ཕྱག་རྒྱ་ཐོད་ཞལ་བསྣམས༔ ཀུན་ཀྱང་ཁ་ཊྭཱཾ་མཆན་གཡོན་བསྟེན༔ བརྗིད་ལྡན་པདྨའི་སྙན་ཞུ་གསོལ༔ དར་གྱི་དབང་གོས་ལྷབ་ལྷུབ་འཕྱང༔ སྣ་ཚོགས་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས༔ དེ་རྒྱབ་པད་འདབ་བརྒྱད་ཀྱི་སྟེང༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ དར་དང་རིན་ཆེན་རུས་པས་བརྒྱན༔ ལྷ་ལྕམ་དཀར་མོ་ཐོད་ཞལ་སྟོབ༔ ལྷོ་རུ་པདྨ་སཾ་བྷ་དཀར༔ ཕྱག་གཡས་བནྡྷ་གཡོན་སྐྱབས་སྦྱིན༔ དགེ་སློང་ཆ་ལུགས་པཎ་ཞུ་མནབས༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ ཁ་ཊྭཱཾ་གཡས་འཛིན་ཉི་ཞགས་གཡོན༔ ཐོར་ཚུགས་རུས་རྒྱན་སྟག་ཤམ་སྤྲས༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང༔ གནམ་ལྕགས་རྡོ་རྗེ་སྡིགས་མཛུབ་སྒྲེང༔ ཁྲོ་ཆས་འདོར་སྟབས་མེ་ཀློང་འགྱིང༔ ཤར་ལྷོ་བློ་ལྡན་མཆོག་སྲེད་དཀར༔ ཐོད་རྔ་གཡས་ལ་པད་ཕོར་གཡོན༔ དར་དཀར་ཐོད་བཅིངས་འཇོལ་བེར་ལྷུབ༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་ལྕགས་སྒྲོག་མེ་ལོང་བསྣམས༔ ཁྲོ་འཛུམ་འཁོར་ལོས་སྒྱུར་བའི་ཆས༔ འོད་འཆང་བདུད་རྩིའི་ཐོད་ཞལ་སྟོབ༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་རྡོ་རྗེ་ལྷུང་བཟེད་བསྣམས༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་རྫོགས༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་ཕུར་འཛིན་སྟག་སྟེང་འགྱིང༔ འཆོལ་བའི་ཁྲོ་བོའི་ཆས་ཀུན་རྫོགས༔ དེ་རྒྱབ་པདྨའི་ཁོར་ཡུག་ལ༔ འཕྲུལ་མཚན་ཉི་ཤུ་རྣལ་འབྱོར་སྤྱོད༔ འཇིགས་བྱེད་བཞི་དང་འབར་བ་བཞི༔ ཟིལ་གནོན་བཞི་དང་གཤིན་རྗེ་བཞི༔ འགྲོ་འདུལ་བཞི་དང་གསང་སྔགས་ཀྱི༔ སྟོན་པ་བཅུ་ཕྲག་ལྔ་དང་ནི༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ གུ་རུའི་སྐུ་ཡི་བཀོད་པ་ནི༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་པ༔ རྣམ་འགྱུར་མ་ངེས་གང་འདུལ་ཚུལ༔ བསམ་གྱིས་མི་ཁྱབ་ཆོ་འཕྲུལ་ཅན༔ འཁོར་ཚོགས་བྱེ་བ་འབུམ་བཅས་གསལ༔ སྟེང་ཕྱོགས་གུ་རུ་སྲིད་ཐུབ་འཛིན༔ དུང་མདོག་རྡོ་རྗེ་དྲིལ་བུ་འཛིན༔ ཤར་ལྷོར་གུ་རུ་རྣམ་པར་རྒྱལ༔ གཡུ་མདོག་ཁ་ཊྭཱཾ་བནྡྷ་འཛིན༔ ལྷོ་ནུབ་གུ་རུ་པདྨ་འབྱུང༔ དཀར་དམར་རྡོ་རྗེ་ཐོད་པ་འཛིན༔ ནུབ་བྱང་གུ་རུ་སེང་རབ་བརྟན༔ མཐིང་མདོག་ཅང་ཏེའུ་དྲིལ་བུ་འཁྲོལ༔ བྱང་ཤར་གུ་རུ་རྣམ་པར་སྣང༔ ཟངས་མདོག་རིན་ཆེན་སྤྱི་བླུགས་བསྣམས༔ འོག་ཕྱོགས་གུ་རུ་རྣམ་པར་གནོན༔ ནག་པོ་ཐོ་ལུམ་ཕུར་བུ་བསྣམས༔ ཀུན་ཀྱང་རིགས་ཀྱི་པད་ཞུ་མནབས༔ དར་གྱི་ཕོད་ཀ་ཆོས་གོས་གསོལ༔ མགུལ་པར་རང་རྟགས་ཕྲེང་བས་བརྒྱན༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ འགྲོ་དོན་བཞེངས་པའི་སྟབས་ཀྱིས་བཞུགས༔ སྒོ་བཞིར་རིགས་ཀྱི་དཔའ་བོ་བཞི༔ རང་རིགས་མཁའ་འགྲོས་དགྱེས་པར་འཁྲིལ༔ དཀར་སེར་དམར་ལྗང་རང་རྟགས་ཀྱི༔ གྲི་གུག་དྲིལ་བུ་བནྡྷ་ཐོགས༔ དར་དང་རིན་ཆེན་རུས་པས་བརྒྱན༔ བརྐྱང་བསྐུམ་གར་གྱི་རོལ་པས་བཞུགས༔ ནམ་མཁར་ཕྱོགས་བཅུའི་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་སྤྲིན་ལྟར་གཏིབས༔ བར་སྣང་ཡི་དམ་ཞི་བ་དང༔ ཁྲོ་བོའི་ལྷ་ཚོགས་འཇའ་ལྟར་ཤར༔ ས་གཞིར་ཡེ་ཤེས་ལས་འཇིག་རྟེན༔ ཆོས་སྐྱོང་སྲུང་མ་རྡུལ་ལྟར་འཚུབས༔ དཀྱིལ་འཁོར་ཕྱི་ནང་ཁོར་ཡུག་ཏུ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང༔ མཁའ་འགྲོ་ནོར་ལྷ་གཏེར་བདག་ཚོགས༔ དཔག་མེད་ཆར་སྤྲིན་གཏིབས་པ་བཞིན༔ བྱིན་རླབས་གཟི་བྱིན་ལམ་མེར་བཞུགས༔ གནས་གསུམ་བརླབ་ཅིང་དབང་རྒྱས་གདབ༔ སྤྱན་འདྲེན་ཚིག་བདུན་དབྱངས་ཀྱིས་བསྐུལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྐུ་གསུམ་སྐུ་བཞི་ཐོད་ཕྲེང་ལྔ༔ རིགས་དྲུག་རབ་བདུན་གུ་རུ་དང༔ མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་སོགས༔ སྒྱུ་འཕྲུལ་དྲྭ་བའི་རྣམ་པར་བྱོན༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྡུ་བསྟིམ་བརྟན་ཅིང་ཕྱག་གིས་བཀུར༔ མཆོད་ཅིང་བསྟོད་ནས་ཛཔ྄་ལ་བསྐུལ༔ དང་པོ་ཆོས་སྐུ་ལ་བསྟེན་ནས༔ སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་ནི༔ བླ་མ་ཆོས་སྐུའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ཡིག་སྔོན་པོའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་བདག་གཞན་འགྲོ་ཀུན་གྱི༔ རྟོག་སྒྲིབ་བག་ཆགས་མ་ལུས་སྦྱངས༔ འཁོར་འདས་གཉིས་སྣང་ཐམས་ཅད་ཀུན༔ འོད་གསལ་ཀ་དག་ཀློང་དུ་ཐིམ༔ རིག་རྩལ་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ལོངས་སྐུར་བསྟེན་ནས་ཚེ་དབང་གི༔ བྱིན་རླབས་བཅུད་སྡུད་ཉེ་བར་བསྙེན༔ བླ་མ་ལོངས་སྐུའི་ཐུགས་ཀ་རུ༔ ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བླ་ཚེ་འཁྱམས་པ་བཀུག༔ བརྟན་གཡོའི་ཚེ་བསོད་དྭངས་མའི་བཅུད༔ རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས༔ ཕྱག་གི་བུམ་པར་ཞུགས་ནས་ཁོལ༔ བདུད་རྩིའི་རྒྱུན་བབས་སྤྱི་བོར་བྱོན༔ ལུས་གང་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བླ་མ་སྤྲུལ་སྐུ་ལ་བསྟེན་ནས༔ དངོས་གྲུབ་སྒྲུབ་པའི་རིམ་པ་ནི༔ གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཉི་ཟླའི་གྭ་འུའི་ནང་དུ་ཧྲཱི༔ དཀར་དམར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྒྱལ་མཆོད་གསང་གསུམ་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ལ་བཀོད༔ འོད་ཟེར་ཚུར་བསྡུས་ཐུན་མོང་དང༔ མཆོག་གི་དངོས་གྲུབ་ཀུན་ཐོབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རིག་འཛིན་འདུས་པའི་སྙིང་པོ་ཡིས༔ འཁོར་གྱི་གུ་རུའི་ཐུགས་རྒྱུད་བསྐུལ༔ འཁོར་ཚོགས་རིག་འཛིན་ཐུགས་ཀ་རུ༔ རང་སྲོག་མཐའ་མར་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཡེ་ཤེས་བྱིན་ཆེན་ཕབ༔ སྣོད་བཅུད་བདེ་བ་ཆེན་པོའི་ངང༔ གང་འདོད་དོན་ཀུན་ལྷུན་གྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་ལ་བསྟེན་ནས༔ སྒྲུབ་པ་ཆེན་པོའི་དགོངས་པ་ནི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀ་རུ༔ སྔགས་ཕྲེང་འོད་ཀྱི་གཟི་བརྗིད་ཀྱིས༔ འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཆེན་པོའི་ངང༔ མ་དག་འཁྲུལ་པའི་མིང་ཡང་མེད༔ ཐམས་ཅད་རིག་འཛིན་རྒྱལ་བའི་ཞིང༔ དག་པ་ཡེ་ཤེས་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ རིགས་བཞིའི་མཁའ་འགྲོ་ལ་བསྟེན་ནས༔ ཕྲིན་ལས་རྣམ་བཞིའི་ལས་ལ་སྦྱར༔ གཙོ་བོའི་ཐུགས་ལས་འོད་ཟེར་འཕྲོས༔ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ རང་འོད་ཕོ་ཉའི་ཆོ་འཕྲུལ་གྱིས༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ ཐོགས་པ་མེད་པར་སྒྲུབ་པར་གྱུར༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་ཕཊ༔ སྐུ་གསུམ་འབུམ་ཕྲག་བཅུ་གཉིས་ཏེ༔ རིག་འཛིན་འདུས་པ་འབུམ་ཕྲག་བཞི༔ གསང་མཚན་ཆིག་འབུམ་བཞི་ཁྲི་བཟླ༔ ཕྲིན་ལས་བཞི་པོ་དུས་གནད་སྦྱར༔ ཡང་ན་རྟགས་མཐོང་བར་དུ་བཟླ༔ ཐུན་མཐར་མཆོད་བསྟོད་དབང་ལེན་བྱ༔ རྗེས་སུ་ནོངས་བཤགས་ཡིག་བརྒྱ་བརྗོད༔ འོད་གསལ་འཇུག་ལྡང་རྒྱུན་སྤྱོད་དང༔ བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་སྤྱད༔ ས་མ་ཡ༔ ཆོས་སྐུ་ཀུན་ཁྱབ་བྱང་ཆུབ་སེམས༔ ལོངས་སྐུ་མ་འདྲེས་འོད་ལྔར་གསལ༔ སྤྲུལ་པའི་འཕྲོ་འདུ་ཅིར་ཡང་སྣང༔ ཕྱག་རྒྱའི་བྱེ་བྲག་བསམ་འདས་ཀྱང༔ དོན་དམ་སྙིང་པོ་དབྱིངས་སུ་གཅིག༔ དབྱེར་མེད་རིག་པའི་དཀྱིལ་དུ་ཟླུམ༔ དེ་ལས་ཡེ་ཤེས་འཁོར་ལོའི་ཚུལ༔ མོས་པ་ཇི་བཞིན་འཆར་བ་ཡི༔ མཚན་དང་སྐུ་ཡི་བཀོད་པའི་ཚོགས༔ དཀྱིལ་འཁོར་གཅིག་ཏུ་འདུས་པ་འདི༔ བླ་སྒྲུབ་བྱེ་བ་ཕྲག་བརྒྱའི་ཕུལ༔ གུ་རུའི་སྐུ་ཡི་རྣམ་འགྱུར་རེར༔ དགོས་པ་ཁྱད་འཕགས་རེ་ཡོད་པས༔ འདི་བཞིན་མོས་སྒོམ་ཙམ་གྱིས་ཀྱང༔ མཆོག་ཐུན་དངོས་གྲུབ་གཅིག་ཆར་འཐོབ༔ མཆོད་བསྟོད་བཟླས་པ་བྱས་པ་ཡིས༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ༔ མཐར་ཐུག་པདྨ་ཅན་དུ་བདེ༔ ཨོ་རྒྱན་ཐུགས་ཀྱི་ཡང་ཏིག་འདི༔ ད་ལྟ་སྐལ་ལྡན་སྙིང་ལ་ཕུར༔ མ་འོངས་འགྲོ་དོན་དུས་བབས་ཚེ༔ མིག་འཕྲུལ་ལྟ་བུའི་བརྡ་ལ་བརྟེན༔ འོད་གསལ་དགོངས་པའི་ཀློང་བརྡོལ་ནས༔ སྐལ་ལྡན་ཡོངས་ཀྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ (Volume 7, Text 19)

<!TCC Tibetan character 3,182 undefined in unicode!>༔ ༔ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས༔ བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར༔ ཡང་གསང་སྒྲུབ་པའི་ལས་བྱང་ལས༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐུན་མོང་ཆོས་བརྒྱད་དེ༔ བཀའ་བསྒོ་མཚམས་བཅད་བརྡ་སྒོ་དབྱེ༔ བརྡ་ཕྱག་དམ་བཅའ་མཆོད་བྱིན་རླབས༔ དམ་བཤགས་མ་འདྲེས་རང་གསལ་གདབ༔ དངོས་གཞིའི་གཞུང་ཁྲིད་ཉི་ཤུ་སྟེ༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་དང༔ བསྟོད་བཤགས་འཛབ་བཟླས་གནད་ནས་བསྐུལ༔ རྗེས་ཀྱི་ལས་འགྲིགས་བཅུ་བཞི་སྟེ༔ སྐོང་གསོ་ཚོགས་ལྷག་ཐུགས་དམ་བསྐུལ༔ ཐ་ཚིག་གཏོར་དབང་ཚེ་འགུགས་ཤིང༔ ཆད་མདོ་གཏོར་སྐྱོང་རྟ་བྲོ་དང༔ དཀྱིལ་འཁོར་དལ་བསྡུ་རྒྱུན་སྤྱོད་བྱ༔ སྨོན་ལམ་མཐའ་རྒྱས་ཤིས་པ་བརྗོད༔ འདི་དག་ལས་གཞུང་རྩ་ཐོར་བསྡེབས༔ སྐལ་ལྡན་གཅིག་དང་འཕྲད་ནས་ཀྱང༔ གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ལས་བརྒྱད་ལས༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོའི་ཚོགས་སྤྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ད་ཧ་ད་ཧ་པ་ཙ་པ་ཙ་ཧ་ན་ཧ་ན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་མོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱིཿ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ གཉིས་པ་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་རབ་འཇིགས་དབང་གི་སྐུ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཚོན་ཆ་མེ་དཔུང་གློག་ལྟར་འགྱུ༔ བཀའ་དང་མཚམས་ལས་མ་འདའ་ཞིག༔ ཨོཾ་བཛྲ་པདྨ་ཀྲོ་དྷ༔ བཛྲ་ཙཀྲ་ཏཱིཀྵྞ་ཀརྨཱ་ཀཱི་ལ་ཡ༔ ཛྭ་ལ་རཾ་བྷི་ཤ་ཀྲོ་དྷ་ཧཱུྃ་ཕཊ༔ གསུམ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་བདེ་ཆེན་ཞིང་དུ་བརྡལ༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ་རུ་གསལ༔ དེ་ཉིད་མ་རྟོགས་རང་གསང་ཐབས་ཀྱིས་བཅད༔ རང་གསལ་སྙིང་པོ་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུྃ་སཾསྐྲྀ་ཏ་ཛྙཱ་ན་སྭཱ་བྷཱ་ཝ་པྲ་ཝེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཀུན་བཟང་ཁྱབ་བརྡལ་རང་བྱུང་སྙིང་པོའི་དོན༔ མ་རིག་གཉིས་འཛིན་རྟོགས་པའི་རྐྱེན་དབང་གིས༔ ཡེ་ནས་རང་གསལ་གཉིས་མེད་དོན་དམ་མཇལ༔ རང་ངོ་རང་གསལ་དོན་གྱིས་མཇལ་ཕྱག་འཚལ༔ ས་མ་ཡ་ཨ་ཏི་པཱུ་ཧོ༔ བཞི་པ་དམ་བཅའ་བྱིན་དབབ་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དམ་བཅའ་དུས་ལས་མི་གཡེལ་ཕྱིར༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ཤིག༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷ་ག་ཝཱན༔ སརྦ་ས་མ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝཱ་བི་ཤུདྡྷོ་྅ཧཾ༔ དངོས་འཛིན་དྲི་མ་དག་ཅིང་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་སྤེལ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཞེས་སྨན་གཏོར་རཀྟ་བྱིན་གྱིས་བརླབ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ བཛྲ་དྷཱུ་པེ་ཨཱ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཨཱ་ཧཱུྃ༔ བཛྲ་གནྡྷེ་ཨཱ་ཧཱུྃ༔ བཛྲ་ནཻ་ཝི་དྱཱ་ཨཱ་ཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱིན་གྱིས་བརླབས་ཤིང་ཚིག་གིས་གསལ་གདབ་པ་ནི༔ ཧཱུྃ༔ གསང་བ་བླ་མའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ དྲུག་པ་དམ་བཅའ་བཟུང་སྟེ་སོར་མོ་རྣམས་བསྣོལ་ཏེ་ནང་དུ་བསྡམས་ལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་བདེ་གཤེགས་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་འདིར༔ སེམས་ཉིད་ངང་དུ་མ་འདྲེས་ཡོངས་རྫོགས་ལ༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱི༔ ཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ བདུན་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ བརྒྱད་པ་རང་གསལ་གདབ་པ་ནི༔ ལངས་ཏེ་པད་ཀོར་བྱ་ཞིང༔ ཧཱུྃ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འདིར༔ སྐྱེ་མེད་ངང་ལས་ཐུགས་རྗེའི་འོད་ཟེར་ཤར༔ བདག་དང་དབྱེར་མེད་དབང་གི་དཀྱིལ་འཁོར་འདིར༔ ཞི་དང་ཁྲོ་གར་གཙོ་དང་འཁོར་དུ་གསལ༔ ཡེ་ནས་རང་བྱུང་རང་ལ་ཤར་བའི་ཕྱིར༔ སྟོང་པའི་ངང་དུ་མ་འདྲེས་རང་གསལ་གདབ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་སཏྭཾ༔ དངོས་གཞིའི་ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་ཡི༔ པདྨའི་རྒྱལ་པོས་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ བསམ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཅན་དེས༔ འགྲོ་དོན་དཔག་མེད་བྱེད་པ་ལ༔ རང་རིག་གསེར་གྱི་རྡོ་རྗེ་ནི༔ ཡི་གེ་ཧྲཱིཿཡིས་མཚན་པར་བསྒོམ༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཧྲཱིཿབཛྲ་ཙིཏྟ་ས་མ་ཡ་ཧྲཱི༔ འབྱུང་བ་རིམ་བརྩེགས་ནི༔ ཧཱུྃ༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ མེ་ཆུ་རླུང་གི་བསྐལ་པ་སྟོང༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ རང་བྱུང་སྐྱེད་བྱེད་ཡི་གེ་བདུན༔ ཨེ་ཡཾ་རཾ་སུམ་ཀེཾ་རཾ་བྷྲཱུྃ༔ མཁའ་ལ་སྟོབས་ཆེན་རླུང་གིས་བཏེགས༔ རཀྟའི་རྒྱ་མཚོ་ཞིང་ཆེན་བདལ༔ ཀིཾ་རུས་བསྐལ་པའི་མེ་འབར་གསལ༔ དེ་ནས་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྡོ་རྗེ་བྷྲཱུྃ་གྱུར་གཞལ་ཡས་ཁང༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་མཛེས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩིགས༔ གནམ་ལྕགས་འབར་བའི་གཟེར་གྱིས་གདམས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང༔ ཀ་ཞུ་ཡ་ཐེམ་མ་ཐེམ་བྱས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་ཟང་ཐལ་འོད་ཀྱི་ཀློང༔ མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྃ༔ རཱུ་དྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྻ་མ་དྷ་ལ༔ ཨ་ཙན་དྲ་མ་དྷ་ལ༔ པཾ་པདྨ་མ་དྷ་ལ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དམ་ཚིག་པ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿཡི་འཕྲོ་འདུ་ལས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ཚུལ་དཀར་དམར་ཞལ༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོན༔ མཐིང་ནག་ཟབ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཛིན༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བསམ༔ དེ་ཉིད་གནས་གྱུར་དྲན་རྫོགས་སུ༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མཐིང་ནག་སྤྱན་གསུམ་ཐོར་ཚུགས་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ སྐྱིལ་ཀྲུང་རིན་ཆེན་རྒྱན་དྲུག་སྤྲས༔ དེ་ཡི་པང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ མདངས་ལྡན་བཅུ་དྲུག་ལོན་པའི་ཚུལ༔ གཅེར་བུ་སྐྲ་གྲོལ་རྒྱན་དྲུག་མཛེས༔ ཕྱག་གཡས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཟུང་འཇུག་བདག་ཉིད་ཆེན་པོར་བསྒོམ༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་དྷཱ་རུ་ལྕགས་ཀྱུ་བསྣམས༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་དྷཱ་རུ་ཞགས་པ་བསྣམས༔ སྐུ་མདོག་སེར་པོ་དར་སེར་གསོལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ པདྨ་དྷཱ་རུ་ལྕགས་སྒྲོག་བསྣམས༔ སྐུ་མདོག་དམར་པོ་དར་དམར་གསོལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ རྒྱ་གྲམ་དྷཱ་རུ་དྲིལ་བུ་བསྣམས༔ སྐུ་མདོག་ལྗང་གུ་དར་ལྗང་གསོལ༔ ཐུགས་ཀར་བྷུདྡྷ་ཐོད་ཕྲེང་རྩལ༔ འཁོར་ལོ་དྷཱ་རུ་བྷནྡྷ་བསྣམས༔ སྐུ་མདོག་སྨུག་པོ་ཟབ་བེར་གསོལ༔ ཀུན་ཀྱང་ན་བཟའ་སྦྲགས་མ་ལ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་ཕྱོགས་བློ་ལྡན་མཆོག་སྲེད་དཀར༔ དྷཱ་རུ་གཡས་ལ་པད་ཕོར་གཡོན༔ སྔགས་འཆང་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་ཕྱོགས་ཉི་མ་འོད་ཟེར་སེར༔ ཁ་ཊྭཱཾ་གཡས་ལ་ཉི་ཟེར་གཡོན༔ རྣལ་འབྱོར་སྤྱོད་པའི་ལུགས་སུ་བསྐྱེད༔ བྱང་ཕྱོགས་སེང་གེ་སྒྲ་སྒྲོག་མཐིང༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རབ་འཇིགས་ཁྲོ་བོའི་ཚུལ་དུ་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ པད་ཕོར་གཡས་ལ་སྐྱབས་སྦྱིན་གཡོན༔ དགེ་སློང་གཞོན་ཚུལ་ལྡན་པར་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ དྷཱ་རུ་གཡས་ལ་མེ་ལོང་གཡོན༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ རྡོ་རྗེ་གཡས་ལ་ལྷུང་བཟེད་གཡོན༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ གཏུམ་དྲག་རྔམ་ཞིང་འཇིགས་པར་བསྐྱེད༔ ཕྱི་རིམ་པད་སྐོར་བཅུ་དྲུག་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དངཿ པདྨ་མཁའ་འགྲོ་ཡབ་ཡུམ་དངཿ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ གཞན་ཡང་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་ཤུགས་འགྲོར་བཅས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན༔ ཕྱི་རོལ་བར་ཁྱམས་འཁོར་ཡུག་ལ༔ བདག་སྐྱོབས་ལྷ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཕྲིན་ལས་བསྒྲུབ་ཅིང་བར་ཆད་སེལ༔ དེ་ལྟར་ཡོངས་རྫོགས་ལྷ་རྣམས་ཀྱང༔ དངོས་འཛིན་རང་རྒྱུད་མ་ཡིན་པར༔ ནམ་མཁའ་ལ་ནི་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འཛིན་པས་མ་བཅོས་གསལ་བར་བསྐྱེད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བུདྡྷ༴ བཛྲ༴ རཏྣ༴ པདྨ༴ ཀརྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛཿཛ༔ བཛྲ་གུ་རུ་པདྨ་འབྱུང་གནས་ས་མ་ཡ་ཛཿཛ༔ པདྨ་སཾ་བྷ་ཝ་ས་མ་ཡ་ཛཿཛ༔ བློ་ལྡན་མཆོག་སྲེད་ས་མ་ཡ་ཛཿཛ༔ པདྨ་རཱ་ཛ་ས་མ་ཡ་ཛཿཛ༔ སཱུརྻ་འོད་ཟེར་ས་མ་ཡ་ཛཿཛ༔ ཤཱཀྱ་སེང་གེ་ས་མ་ཡ་ཛཿཛ༔ སེང་གེ་སྒྲ་སྒྲོག་ས་མ་ཡ་ཛཿཛ༔ བཛྲ་གྲོ་ལོད་ས་མ་ཡ་ཛཿཛ༔ བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་ཝ་བཛྲ་ཝཱ་ར་ཧི༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ དྷཱ་ཀི་ནཱི་བཛྲ་གིང་ཀ་ར༔ གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི༔ སརྦ་ས་མ་ཡ་ཛ་ཛཿ བྱིན་རླབས་དབང་བསྐུར་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཛ་ཛ༔ བརྒྱད་པ་སྤྱན་དྲང་བ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རཱ་ག་ར་ཏའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ མ་ག་དྷ་ཡི་གནས་མཆོག་ཏུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་ན༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་ཡུམ་དང་བཅས༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔའ་བོ་མཁའ་འགྲོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲ་ལ་ལ༔ རོལ་མོ་མང་པོ་ཏི་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་སྤུངས་སེ་སྤུང༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ དཔའ་བོའི་བཤུད་གླུ་ཀྱུ་རུ་རུ༔ དཔའ་མོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཏི་རི་རི༔ ཕཊཿཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུའི་འཛབ་བཟླས་ཤིང༔ རྔ་ཡབ་ཀྱི་གླིང་ནས་ལྷོ་ནུབ་ཀྱི་ནམ་མཁའ་ལ་ཐིབས་ཀྱིས་བྱོན་པར་བསམ་མོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བརྒྱད་མདངས་དང་ལྡན༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་སྟོན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་ལ་སྐུ་བཞུགས་འཚལ༔ གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་མ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དུ་སྙན་དུ་མཆོད་པ་འབུལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཙ་ཧོ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་འབུལ༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ ནང་གི་མཆོད་པ་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བས་མཆོད༔ བདེ་བའི་རོ་སྙོམ་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ འཆི་མེད་གསང་བའི་བདུད་རྩི་འདི༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐམས་ཅད་ལ་མཚན་དོན་སྦྱར་རོ༔ ལྕེ་ཡི་དམ་ཚིག་བདུད་རྩི་ལ༔ རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱོང་བས་དངོས་གྲུབ་མཆོག་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་དངོས་གྲུབ་བླང་ངོ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བྷ་ལིང་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོ་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་ཕུད་གཏོར་མར་སྦྲེང་བ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་གླང་དང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་རྩི་འོ་མར་བཅས༔ ཙིཏྟ་ཙ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ཏེ༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་བྷ་ལིང་ཏ༔ ཨ་མྲྀ་ཏ་མ་ཧཱ་རཀྟ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷར་བསྐྱིལ༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ མ་ཧཱ་རཀྟ་ཁཱ་ཧི༔ སྦྱོར་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་ཐབས་ཤེས་ཡབ་ཡུམ་དུ༔ དོན་དམ་འཁོར་འདས་གཉིས་མེད་སྦྱོར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུས༔ རྒྱལ་བ་རྒྱ་མཚོ་མཉེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་མུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྒྲལ་མཆོད་ནི༔ ཧཱུྃ༔ སྟོང་ཉིད་དོན་རྟོགས་བློ་ཡིས་ནི༔ སྣང་སྲིད་འཁོར་འདས་གཅིག་ཏུ་བསྒྲལ༔ བློ་ངན་འཁོར་བའི་རྒྱུན་བཅད་དོ༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨའི་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ བླ་མ་ཆོས་སྐུའི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་སྐུ་ལྔའི་བདག་ཉིད་འཆང༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ནི༔ དྲི་མེད་རྣམ་དག་མཐིང་གསལ་ནམ་མཁའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུས་མཚན༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་བའི་ཚུལ༔ ཡེ་ཤེས་ལྔ་ལྡན་རིགས་ལྔས་དབུ་ལ་བརྒྱན༔ ལོངས་སྤྱོད་རབ་རྫོགས་དར་གྱི་ཅོད་པན་མཛེས༔ འཛུམ་པའི་མདངས་ལྡན་བྱམས་པའི་འོད་ཟེར་ཅན༔ ཕ་རོལ་ཕྱིན་དྲུག་རུས་པའི་རྒྱན་གྱིས་མཛེས༔ རྣམ་དག་བདེ་ཆེན་རལ་པའི་ཐོར་ཚུགས་ཅན༔ མཛེས་པའི་སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ མཉམ་པའི་སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ ཐབས་མཆོག་དེ་ཡི་སྐུ་ལ་མཉམ་སྦྱོར་མ༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོའི་ཚུལ༔ གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་སྐུ༔ དཀར་དམར་མདངས་ལྡན་དབུ་སྐྲ་ཐུར་དུ་འཕྱངས༔ བདེ་བའི་རང་བཞིན་ནུ་མ་བྷ་ག་རྒྱས༔ མཛེས་པའི་ཚུལ་འཆང་ཡབ་ཀྱི་ཞལ་དུ་སྦྱོར༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་དགྱེས་ཕྱིར་ཡབ་ལ་སྟོབས༔ ཕྱག་རྒྱ་ལྔ་འཆང་རུས་པའི་རྒྱན་དྲུག་མཛེས༔ ཟུང་འཇུག་བདེ་ཆེན་ཞབས་གཉིས་ཡབ་ལ་འཁྲིལ༔ རྟོག་མེད་བདེ་ཆེན་ཡབ་ཡུམ་རོལ་པའི་གར༔ དྲི་མེད་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད༔ བླ་མ་ལོངས་སྐུའི་བསྟོད་པ་ནི༔ ཧཱུྃ༔ སྐྱེ་མེད་ངང་ནས་ལོངས་སྤྱོད་རྫོགས་པའི་སྐུ༔ བདེ་གཤེགས་ཡོངས་རྫོགས་ཕྲིན་ལས་འདུས་པའི་དཔལ༔ ལྷུན་གྲུབ་རིགས་འདུས་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཀར་གསལ་མདངས་ལྡན་དྲི་མ་མེད་པའི་སྐུ༔ ཉོན་མོངས་ཞི་མཛད་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཨོཾ༔ སྐུ་ཡི་རང་བཞིན་སྨུག་ནག་བརྗིད་པའི་མདངས༔ ལྷུན་གྱིས་གྲུབ་པའི་འཁོར་ལོ་དྲིལ་བུ་བསྣམས༔ བུདྡྷ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཨཱ༔ འགག་མེད་བདེ་ཆེན་པད་མ་རཱ་གའི་མདོག༔ གསུང་གི་དབང་ཕྱུག་པདྨ་དྲིལ་བུ་བསྣམས༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ སྭཱ༔ གསེར་གྱི་མདོག་ཅན་ཡོན་ཏན་རྒྱས་པའི་སྐུ༔ ཡོན་ཏན་རྒྱས་མཛད་རིན་ཆེན་དྲིལ་བུ་བསྣམས༔ རཏྣ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧཱ༔ ཀུན་གྱི་བདག་ཉིད་སྐུ་མདོག་ལྗང་སེར་མཛེས༔ ཕྲིན་ལས་རབ་རྫོགས་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ བླ་མ་སྤྲུལ་སྐུའི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེར་གཤེགས་རྒྱལ་བའི་སྲས་ཆེན་པོ༔ ཀུན་གྱི་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་དཀར་ལ་དམར་བའི་མདངས༔ སྡེ་སྣོད་གསུམ་གྱིས་བརྒྱན་པའི་ཆོས་གོས་གསོལ༔ ཐམས་ཅད་ཡོངས་རྫོགས་ཟ་འོག་བེར་ཆེན་ལ༔ ལྷུན་གྲུབ་བདེ་ཆེན་གསེར་གྱི་ཧ་རིས་ཅན༔ མི་འགྱུར་སྙིང་པོ་རྡོ་རྗེའི་སྐ་རགས་བཅིང༔ ཐེག་པ་ཡོངས་རྫོགས་པད་ཞྭ་མཐོན་མཐིང་ལ༔ མ་རིག་མུན་སེལ་ཐབས་ཤེས་ཉི་ཟླས་བརྒྱན༔ ཡེ་ཤེས་ལྔ་ལྡན་དར་གྱི་ཅོད་པན་འཕུར༔ ས་བཅུའི་མགོན་པོ་དབུ་སྐྲ་སིལ་བུར་བསིལ༔ གཞོན་ནུའི་ཚུལ་མཛེས་གསེར་གྱི་སྙན་ཆ་འཁྲོལ༔ སྐུ་གསུམ་འཆང་བ་ནོར་བུའི་མགུལ་རྒྱན་སྤྲས༔ ཐབས་ཤེས་འགྱུར་མེད་རྡོ་རྗེ་གསོར་བར་མཛད༔ ཆགས་དང་རྟོག་མེད་བྷནྡྷ་བསྣམས་པའི་ཚུལ༔ སྐུ་གསུམ་མཚོན་ཕྱིར་མི་མགོ་སྐམ་གཤེར་རློན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་རྩེ་གསུམ་བརྒྱན༔ མཛེས་པའི་ངང་ཚུལ་སྤྱན་གཉིས་ཞི་མ་ཁྲོ༔ ཐུགས་རྗེའི་རང་བཞིན་ཟླ་བ་རྒྱས་པའི་ཞལ༔ སྐྱོན་གྱིས་མ་གོས་པད་སྡོང་མཛེས་པའི་སྟེང༔ མི་འགྱུར་བདེ་ཆེན་རྡོ་རྗེའི་སྐྱིལ་ཀྲུང་མཛད༔ ཕྲིན་ལས་རྣམ་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར༔ སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་རྫོགས༔ ཀུན་འདུས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ མཚན་བརྒྱད་ཀྱི་བསྟོད་པ་ནི༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་སྡུད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་ཚར་གཅོད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཚིག་གི་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་དགོངས༔ རང་རིག་བླ་མ་ཀུན་ཏུ་བཟང༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་སཏྭ་ས་མ་ཡ༔ སོགས། ཞེས་ཡིག་བརྒྱ་བཟླས་སོ༔ དེ་ནས་འཛབ་ལ་འཇུག་སྟེ༔ ཚིག་གིས་གསལ་གདབ་འདི་སྐད་བསྐུལ༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཕོ་བྲང་མཐའ་དབུས་མེད་པ་ཡི༔ བདེ་ཆེན་འོད་ཀྱི་གཞལ་ཡས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ མཁའ་འགྲོ་སྡེ་བཞི་ཤུགས་འགྲོ་དང༔ གིང་དང་དཔའ་བོ་དཔའ་མོའི་ཚོགས༔ དམ་ཅན་བཀའ་སྡོད་སྲུང་མར་བཅས༔ སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ ཛཔ྄་ཀྱིས་སྐུ་གསུམ་གནད་ནས་བསྐུལ༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ རིག་པ་ཧུར་ཕྱུང་ཉམས་རྟོགས་སྤར༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་ཛཔ྄་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྒྲུབ་དུས་བླ་མ་སྙིང་གར་བསྒོམ༔ མཆོད་བསྟོད་ཚུལ་དུ་ཛཔ྄་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལས་སྦྱོར་བླ་མ་རང་གསལ་གདབ༔ ཕྲིན་ལས་སྒྲུབ་པའི་ཚུལ་དུ་བཟླ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ སྐབས་སུ་དྲག་པོའི་ཧཱུྃ་བསྒྲུབ་བྱ༔ གནད་ནས་བསྐུལ་ཞིང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབས༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བརྡ་མི་འཚལ་ཡང༔ དེང་སང་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེ་འུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་པད་ཀོར་བྱ་ཞིང་ཐལ་མོ་སྦྱར༔ ཕྱི་ནང་འཆམས་ཤིང་དངོས་གྲུབ་བླང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་ལས་ཁྲིད་བཅུ་བཞི་ལས༔ དང་པོ་ཐུགས་དམ་བསྐང་བ་ནི༔ སྤྱན་གཟིགས་རྫས་ཀྱིས་སྐུ་ལ་བསྐང༔ བཤགས་པའི་ཚིག་གིས་གསུང་ལ་བསྐང༔ མཐའ་བྲལ་ལྟ་བས་ཐུགས་ལ་བསྐང༔ མཆོད་པས་ཐུན་མོང་དུ་བསྐང་བའོ༔ དེ་ལ་རྣལ་འབྱོར་པ་རྣམས་མཆོད་པའི་རྫས་སུ་གྱུར་ཚད་དང༔ ཚོགས་དང་མར་མེ་བདུད་རྩི་དང༔ དྲིལ་བུ་ལ་སོགས་ཐོགས་ལ༔ དཀྱིལ་འཁོར་ལ་འཆམས་སྟབས་སུ་བསྐོར༔ དེ་ནི་འདོད་ཡོན་རྫས་ཀྱིས་སྐུ་ལ་བསྐང་བའོ༔ དེ་ནས་བཤགས་པའི་ཚིག་གིས་གསུང་ལ་བསྐང་བ་ནི༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ནས༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྟ་བས་ཐུགས་ལ་བསྐང་བ་ནི༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང༔ མཆོད་པས་ཐུན་མོང་དུ་བསྐང་བ་ནི༔ ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་མཆོག་བཀྲམ་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ རྐང་གླིང་ཐོད་པའི་རྔ་སྒྲ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་བལྟམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ མཱཾ་སའི་གསུར་དུད་བཏང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ རྡོ་རྗེ་དྲི་ཆུའི་བྱུག་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ འདོད་ཡོན་རོ་མཆོག་སྤུངས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ་ཁཱ་ཧི་ཁཱ་ཧི༔ དགོངས་པས་མཆོད་པ་ནི༔ ཧཱུྃ༔ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ དེ་ནས་ཚོགས་འཁོར་བྱ་བ་ནི༔ ཚོགས་ཀྱི་ཡོ་བྱད་འཚོགས་ཚད་བཤམས་ལ༔ སྭ་བྷཱ་ཝས་སྦྱང༔ དྲི་ཆུ་དང་བདུད་རྩི་གཏོར་ལ༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང༔ དེ་ནས་སྤྱན་དྲང་བ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དབང་ཆེན་ཡབ་ཡུམ་གཙོ་དང་འཁོར༔ མཁའ་འགྲོ་དཔའ་བོ་གིང་དང་བཅས༔ སྐུ་ལ་སྒྲིབ་སེམས་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ དེ་ནས་ཚོགས་ཕྲིན་གདབ་པ་ནི༔ བླ་མའི་མདུན་དུ་ཐལ་སྦྱར་པུས་བཙུགས་ལ༔ ཧོ་དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པའི་དབྱིངས༔ རང་བཞིན་རྣམ་པར་དག་པ་ན༔ ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་སྡེ་བཞིའི་ཚོགས་དང་བཅས་པ༔ དབང་ཆེན་ཡབ་ཡུམ་ཞི་ཁྲོའི་ལྷ་ཚོགས༔ དམ་ཅན་སྲུང་མ་དང་བཅས་པ༔ འདིར་འདུས་ཀྱི་རིག་འཛིན་རྡོ་རྗེ་སློབ་དཔོན༔ རྣལ་འབྱོར་ཕོ་མོའི་ཚོགས་རྣམས་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ཁྱེད་རྣམས་ཀྱི་ཐུགས་དམ་བསྐང་ཞིང་རྣལ་འབྱོར་པ་བདག་གི་གཡར་དམ་སྩོལ་བའི་ཕྱིར༔ ཚོགས་འཁོར་གཞུང་བཞིན་དུ་འབུལ་ལགས་ན༔ ཐུགས་རྗེས་དགོངས་ཏེ་བཞེས་པར་ཅི་གནང༔ ཞེས་ཞུའོ༔ སློབ་དཔོན་གྱིས༔ ཧོ༔ བླ་མ་ཡང་སྙིང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་དང༔ རྡོ་རྗེ་སློབ་དཔོན་རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་རྗེས་ཡལ་བར་མི་དོར་བའི་ཕྱིར༔ གསོལ་བར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་ཁེངས༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ དེ་ནས་ཚོགས་ཕུད་རིམ་གསུམ་སྤྲོས་ཏེ༔ དང་པོ་མཆོད་པ་ནི༔ ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱིཿག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་ཆག་ཉམས་སོགས༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་དགྲ་གཟུགས་ཕུར་པས་གཟིར་བ་ནི༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་དྲག་གཏུམ་པའི་རང་བཞིན་ལས༔ ཡཀྴ་མི་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁེངས༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ནྲྀ་ཏྲི་ཤ་ཏྲཱུཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་སྟིམས༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རིམ་པར་དྲངས་ཏེ༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་པས་དྲང་བར་བྱའོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་པདྨའི་ཕྱག་རྒྱ་དང་བཅས་པས་འདི་སྐད་དོ༔ ཨ་ལ་ལ་ཧོ༔ རིན་ཐང་མེད་ལ་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཞེས་པས་ལག་ཏུ་བཞེས་ཏེ་རོལ་ལོ༔ དེ་བཞིན་དུ་མཆེད་དང་ལྕམ་དྲལ་ལ་དྲང་ངོ༔ དེ་ནས་ལྷག་མ་རྣམས་རིམ་གྱིས་བསྡུས་ཏེ༔ རྡོ་རྗེ་སློབ་དཔོན་གྱིས་ཁ་ཆུས་བྲན༔ ལྷག་ཕུད་བསྲེ་སྟེ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ དེ་ནས་ལྷག་མས་མི་མཆོད་རྒྱུ༔ འཁོར་ཚོགས་རྒྱ་མཚོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་ང་གཉིས་དམ་ཚིག་གཅིག༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་རྣམས༔ དབང་གི་བཀའ་ཉན་མ་མོ་མཁའ་འགྲོའི་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་རྣམས༔ དཔལ་གྱི་བཀའ་སྡོད་ཅི་བགྱིས་བཀའ་ཉན་ཚོགས༔ མཁའ་འགྲོ་གིང་བཅས་ལང་ཀའི་ཚོགས་དང་བཅས༔ དུར་ཁྲོད་བདག་མོ་མ་བདུན་སྲིང་བཞི་དང༔ འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད༔ དུར་ཁྲོད་ཆས་གསོལ་འཇིགས་པའི་སྒེག་ཚུལ་ཅན༔ མེ་ཏོག་ཆུན་འཕྱངས་དྲིལ་བུའི་སྐ་རགས་ཅན༔ ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ༔ ལྷག་གཏོར་འདི་བཞེས་དཔལ་གྱི་བཀའ་ལུང་བཞིན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བྷ་ལིང་ཏ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ ཞེས་པས་བཏང་ངོ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་མ་འཕང་རིག་འཛིན་ཚོགས༔ མ་གཡེལ་མ་འཕང་མཁའ་འགྲོའི་ཚོགས༔ མ་གཡེལ་མ་འཕང་གིང་གི་ཚོགས༔ མ་གཡེལ་མ་འཕང་དཔའ་བོའི་ཚོགས༔ མ་གཡེལ་མ་འཕང་དཔའ་མོའི་ཚོགས༔ མ་གཡེལ་མ་འཕང་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་མོའི་ཚོགས་དང་གཤེགས་སུ་གསོལ༔ དམ་ཅན་ཚོགས་དང་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ རིགས་བཞི་མཁའ་འགྲོས་བྱིན་གྱིས་རློབས༔ ནམ་མཁའི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕྲ་མེན་བྱིན་གྱིས་རློབས༔ རྒྱ་མཚོའི་གླིང་ནས་སྐུ་སྐྱོད་ལ༔ གླིང་བཞི་མཁའ་འགྲོས་བྱིན་གྱིས་རློབས༔ ཕྱོགས་བཞིའི་མཚམས་ནས་སྐུ་སྐྱོད་ལ༔ ལས་བྱེད་མཁའ་འགྲོས་བྱིན་གྱིས་རློབས༔ གངས་དཀར་རྩེ་ནས་སྐུ་སྐྱོད་ལ༔ རྡོ་རྗེ་གིང་ཆེན་བྱིན་གྱིས་རློབས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་ཐུགས་དམ་ཐ་ཚིག་གིས་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རྒྱུ༔ རྗེ་བཙུན་པདྨ་ཐོད་ཕྲེང་དང༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གཉིས༔ སྐྱེ་ཤི་མེད་པའི་སྐུ་བརྙེས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་རྣམ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་ཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ ཅོད་པན་དར་འཕྱང་པུ་རུ་རུ༔ རོལ་མོ་མང་པོ་ཏི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ དེ་རྗེས་གཏོར་དབང་བསྐུར་བ་ནི༔ གཏོར་མ་བསྙེན་སྒྲུབ་ཀྱི་དུས་ན་ལྷ་དང་མཆོད་རྫས་སུ་ཤེས་པ༔ དབང་གི་དུས་རྩ་བ་གསུམ་ཡོངས་རྫོགས་སུ་ཤེས་པ༔ རྗེས་སུ་རོལ་དུས་སུ་དངོས་གྲུབ་ཏུ་ཤེས་པ་དང་གསུམ་གྱིས་རྩ་གསུམ་ཡོངས་རྫོགས་ཀྱི་གཏོར་མ་དེ་དབང་ཚིག་གིས་བསྐུར་ཞིང་འདི་སྐད་དོ༔ ཧཱུྃ༔ གསང་བ་བླ་མེད་རྒྱལ་བའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ༔ དུས་གསུམ་བླ་མ་རྣམས་དང་གཅིག་པ་ལ༔ དངོས་གྲུབ་ཀུན་འབྱུང་ལྷ་དང་གཉིས་སུ་མེད༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ རྗེ་བཙུན་བླ་མ་པདྨ་ཐོད་ཕྲེང་རྩལ༔ འགྱུར་མེད་སྐུ་ཡི་སྒོ་ཕྱེས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྣམ་དག་གསུང་གི་སྒོ་ཕྱེས་ལ༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་པས་དབང་བཞི་བླང་ཞིང་གཞན་ལ་ཡང་བསྐུར་རོ༔ དེ་ནས་ཚེ་འགུགས་པ་ནི༔ རྒྱས་པར་སྒྲུབ་ཆེན་དུ་ཤེས་ལ༔ བསྡུས་པ་བྱ་ན༔ ཟན་གྱི་ཚེ་བུམ་པདྨ་འདབ་བཞི་དང༔ ཚེ་རིལ་གྱིས་བསྐོར༔ ཁ་རྒྱན་རྩེ་ལ་རྡོ་རྗེ་ཉི་ཟླ་རྟ་མགོས་མཚན་པའི་ནང་དུ་བདུད་རྩིས་བཀང༔ ཚེ་ཆང་ལ་མར་གྱི་ཟེ་ཁ་བྱ༔ ཚེ་བུམ་དེ་ཉིད་མི་དམིགས་པ་ལས༔ ཚེ་དཔག་མེད་ཇི་ལྟ་བ་བཞིན་བསྐྱེད༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་ཚེ་བཅུད་ཐམས་ཅད་བསྡུས་པར་བསམ་ཞིང༔ ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲཱུྃ༔ སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞེས་ཅི་འགྲུབ་བཟླས་པར་བྱའོ༔ དེ་ནས་ཚེ་ཡི་མདའ་དར་དམར་པོ་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་བུམ་པ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔ བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཅེས་པས་ཡང་ཡང་བསྐུལ༔ དེའི་རྗེས་སུ་ཚེ་དཔག་མེད་ཀྱི་སྙིང་པོ་བཟླས་ཤིང་དབང་བསྐུར༔ དངོས་གྲུབ་ཏུ་རོལ་ཞིང་ཚེ་ཆང་བཏུང་ངོ༔ དེ་ནས་ཆད་མདོ་བྱ་བ་ནི༔ གཏོར་མ་དཔག༔ རྔ་བརྡུང༔ དུད་འབུད༔ རཀྟ་བྲན་ལ་འདི་སྐད་དོ༔ བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་གསུམ་བསྒྲགས་སྣང་སྲིད་མ་མོ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དྭངས་མ་རྗེ་འབངས་གྲོགས་ལྔ་ཡིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ སློབ་དཔོན་པདྨ་མཁར་ཆེན་མཚོ་རྒྱལ་དང༔ ནམ་མཁའི་སྙིང་པོ་ལང་གྲོ་ལོ་ཙཱ་ཡིས༔ ཡང་གསང་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ གིང་དང་ལང་ཀ་བརྟན་མར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་རཏྣ་གླིང་པ་ཡིས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞི༔ གཏེར་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ གདུག་པའི་དམ་ཉམས་དགྲ་དང་བགེགས༔ བསྟན་པའི་རུ་ཏྲ་མ་གཏོགས་པའི༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ ལྷ་ཀླུ་གཞི་བདག་སྐུ་བཟུར་ཅིག༔ གཏོར་ཟོར་དགྲ་དང་བགེགས་ལ་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་སྐྱེད༔ ཅེས་གཏོར་མ་བཏེག་གོ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་དབང་ཆེན་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཐུ་ཆེན་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟི་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་ཆེན་མོ་བཞིན་མཛེས་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཁྱེད་རྣམས་ཀྱང༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་མཐུ་ཆེན་རླངས་ཆེན་དཔལ་སེང་གིས༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ རུ་དྲ་བསྒྲལ་བའི་ཞིང་ཆེན་གདན་ལ་བཞག༔ དབང་བསྐུར་དབང་རྟགས་སྤྱི་བོར་ཅོད་པན་བཏགས༔ དམ་ཚིག་གཉན་གྱི་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་རྡོ་རྗེ་ཕུར་པ་ལག་ཏུ་གཏད༔ གསང་སྔགས་འཆང་བའི་བྲན་དུ་ཁས་བླངས་ནས༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་ཀྱི༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་སྐྱོང་ཞིང༔ རྗེས་ལ་གཏོར་གཞོང་བདུད་རྩིས་བཤལ་ལ་ཡང་མཆོད་དོ༔ དེ་ནས་རྟ་བྲོ་ནི༔ གཏོར་གཞོང་རི་རབ་འོག་ཏུ་དགྲ་བགེགས་དགུག་གཞུག་དྲག་ཏུ་བྱས་ཏེ༔ མཆེད་ལྕམ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ༔ དང་པོ་གླུ་བྲོའི་ལྷ་ཚོགས་སྤྱན་དྲང་བ་ནི༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ དགྲ་བགེགས་དམ་སྲི་བསྒྲལ་བའི་ཕྱིར༔ རྟ་མགྲིན་ཁྲོ་རྒྱལ་སྤྲུལ་པར་བཅས༔ མཁའ་འགྲོའི་ཚོགས་དང་བཅས་ནས་ནི༔ ཐབས་དང་ཤེས་རབ་འབྲེལ་བའི་ལས༔ གླུ་བྲོ་གར་གྱིས་ཐུགས་དམ་བསྐུལ༔ རྒྱུན་ཆད་མེད་པར་རབ་བརྟན་ཞིང༔ བྲོ་ནི་འབར་བའི་ཕྱག་རྒྱ་ཡིན༔ རྒྱལ་བ་སྟོང་དང་མཉམ་པར་སྦྱོར༔ གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཚིག་ནི་དོན་དམ་རྟོགས་པའི་ཚིག༔ འཁོར་འདས་གཉིས་སུ་མེད་པར་རྟོགས༔ འདི་ནི་གླུ་དང་གར་གྱི་བརྡ༔ དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ༔ གར་ནི་ཁྱབ་གདལ་རིག་པའི་གར༔ ཞིང་ཁམས་ཕྱོགས་བཅུར་ཁྱབ་པར་བྱེད༔ ཕྱག་རྒྱ་བསྣོལ་བ་ལུ་གུ་རྒྱུད༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གླུ་བྲོ་གར་ལ་གཤེགས་སུ་གསོལ༔ ཞེས་བྲོ་བསྐོར་རོ༔ དེ་ནས་བྲོས་མནན་ཏེ༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་ཏི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམས༔ བདུད་དང་དམ་སྲི་རྡུལ་དུ་རློག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་བྲོ༔ ཟ་བྱེད་ཕོ་ཉའི་དཀྱིལ་འཁོར་དུ༔ དུག་ལྔ་རུས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་པ་ལ༔ མ་ཚོགས་མཁའ་འགྲོའི་བྲོ་བརྡུངས་པས༔ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམ༔ རྔམ་ཆེན་འཁྲུག་པའི་དཀྱིལ་འཁོར་དུ༔ མཱཾ་ས་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་བྲོ་བརྡུངས་པས༔ རྨོངས་པའི་གཏི་མུག་ངོ་བོ་བཅོམ༔ གཏུམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ༔ དབང་པོ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་བྲོ་བརྡུངས་པས༔ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམ༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་བྲོ་བརྡུངས་པས༔ བདག་ཏུ་འཛིན་པའི་ང་རྒྱལ་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་བསྐང༔ མ་ཚོགས་དྷཱ་ཀིའི་ད་ལ་རུ༔ སྟན་གྷན་སྤྲུལ་པའི་ལས་བྱས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་ད་ལ་རུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རཱུ་ཏྲ་མནན་པའི་ཆོ་ག་རྫོགས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སཏྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲུཾ་སཏྭཾ་བྷ་ཡ་ནན༔ ཞེས་ས་རིམ་པ་དགུས་གཡོགས་སོ༔ དཀྱིལ་འཁོར་མཐའ་ནས་རྡོ་རྗེས་བསྡུ་ཞིང༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས༔ ཡང་གསང་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར༔ འགྲོ་ཀུན་སྲིད་པའི་མཚོ་ལས་རབ་བསྒྲལ་ནས༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུ༔ ཞེས་དང༔ ཨཱ་ལི་ཀཱ་ལི༔ ཡི་གེ་བརྒྱ་པ་བཟླའོ༔ རྒྱུན་སྤྱོད་བྱ་བ་ནི༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་བདེ་ཆེན་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངང་ཉིད་ལས༔ ཐུགས་རྗེའི་རང་བཞིན་གདུལ་བྱའི་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱའོ༔ དེ་ནས་སྨོན་ལམ་བཏབ་སྟེ༔ ན་མོ༔ བདག་གིས་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ ཅེས་སྨོན་ལམ་གཞན་ཡང་རྒྱ་ཆེར་བཏབ་བོ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ ཧོ༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ མི་འགྱུར་རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ གདམས་པའི་བཀྲ་ཤིས་ཡང་གསང་བླ་མེད་ཆོས༔ གསང་སྔགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་དང་ལྕམ༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ ཐོག་མའི་རང་བཞིན་ས་ལ་འཁོད་པར་ཤོག༔ ཅེས་རྣལ་འབྱོར་པ་རྣམས་ཀྱིས་བཀྲ་ཤིས་བརྗོད༔ དགའ་སྟོན་བྱ་ཞིང་ཚོགས་འཁོར་རོལ༔ བཀྲ་ཤིས་པའི་གླུ་དང་བྲོ་ལ་སོགས་པ་ཡང་བྱའོ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་གྱི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་པདྨས་གསུང་བཞིན་དུ༔ བདག་འདྲ་ནམ་མཁའི་སྙིང་པོ་ཡིས༔ གཉལ་སྨད་དགེ་རིའི་བྲག་ཕུག་ཏུ༔ ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་པའོ༔ ཨེ་མ་བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ ཀུན་གྱི་སྙིང་པོ་བླ་མའི་ཐུགས་སྒྲུབ་བརྩམས༔ སྤེལ་བའི་དུས་མིན་མ་འོངས་དུས་ཀྱི་ཕྱིར༔ རྗེ་འབངས་གྲོགས་ལྔས་བསྐུལ་ཕྱིར་བདག་གིས་བཤད༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ གསང་སྔགས་མི་ནུབ་བསྟན་པའི་སྒྲོན་མེར་ཤོག༔ རྒྱ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉལ་སྨད་དགེ་རི་གསང་བའི་དབང་ཕུག་ནས། །རྟ་ཡི་ལོ་ལ་གུ་རུ་རཏ་གླིང་ངས། །གསང་སྔགས་མི་ནུབ་བསྟན་པའི་རྒྱལ་མཚན་འདི། །བཏོན་ནས་ཤོག་སེར་ངོས་ལ་ཞལ་བཤུས་སོ། །དགེའོ། ཤུ་བྷཾ།། །།

ལུང་ཆེན་རྡོ་རྗེ་བཀོད་པ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ (Volume 55, Text 19)

༄༅། །ལུང་ཆེན་རྡོ་རྗེ་བཀོད་པ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ལ་ཕྱག་འཚལ་ལོ། །དབྱིངས་ལས་ཡེ་ཤེས་རྡོ་རྗེར་རོལ་པའི་གར། །དཀྱིལ་འཁོར་སྤྲོ་བསྡུ་དེ་ཡི་སྔགས་རྒྱུད་བཅས། །སྟོན་མཛད་དབང་ཕྱུག་རྒྱལ་པོ་ཧེ་རུ་ཀར། །གདོད་ནས་གྲུབ་པ་གང་དེར་ཕྱག་བགྱི་འོ། །ལུང༷་གི་སྙིང་པོའི་དཀྱིལ་འཁོར་ཚོགས་ཆེ༷ན་འདུས། །རྡོ༷་རྗེ༷་རྣམ་པར་བཀོ༷ད་པ༷་ཚིག་ཉུང་ཞིང་། །དོན་རྒྱས་པདྨའི་ཞལ་ལུང་བདུད་རྩིའི་ཐིགས། །སྐལ་བཟང་ཐར་པའི་སྲོག་འཚོ་འདི་བརྟེན་འཚལ། །གསང་ཆེན་ཐེག་པའི་ཉིང་ཁུ་ངོ་མཚར་རྨད་དུ་བྱུང་བ་འདིའི་སྨིན་བྱེད་བསྒྲུབ་པ་ལ། སྒྲུབ་ཁོག་ནམ་མཁའ་ཀློང་ཡངས་དང་སྦྲེལ་བ་སྨིན་སློབ་སྒྲུབ་ཆེན་གྱི་ལུགས་དང་། སྒྲུབ་མཆོད་ཀྱི་ཆོ་ག་དཀྱུས་མ་ཙམ་ལ་བརྟེན་ཏེ་མོས་སློབ་སློབ་མ་རྗེས་གཟུང་གཉིས་ལས། འདིར་ད་ལྟ་ཁྱེར་བདེའི་ཕྱག་ལེན་ཕྱི་མའི་ལུགས་ལྟར་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་བསྙེན་པའི་ཆོ་ག་ནི། སློབ་དཔོན་གྱིས་རབ་འབྲིང་ཐ་མའི་ཚུལ་གྱི་བསྙེན་པ་ཁ་གསོ་བཅས་གྲུབ་པར་བྱ། ལས་ཀྱི་གཞི་གཟུང་བ་ནི། གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱ། སའི་ཆོ་ག་ནི། འདིར་དཀྱིལ་འཁོར་རྡུལ་ཚོན་མི་འགྲུབ་ཅིང་སྒྲུབ་གནས་རྙིང་པར་རས་བྲིས་ཀྱི་དབང་དུ་བྱས་ཏེ། ཕྲིན་ལས་ཀྱི་ཐོག་མར་གཞི་གནས་བདག་པོའི་དཀར་གཏོར་སྤྱི་འགྲོ་ཙམ་བཏང་བས་འཐུས་སོ། །སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་ལ། ཡན་ལག་དང་ཡན་ལག་ཅན་གྱི་རབ་གནས་གཉིས་སུ་བཤད་པ་ཐམས་ཅད་མི་དགོས་ཀྱང་ཉེར་མཁོའི་སྙིང་པོར་དྲིལ་ན། བདག་བསྐྱེད་ཀྱི་མཆོད་པ་ཆུ་གཉིས་དང་བཞི་བསྣོལ། སྨན་རཀ་གཏོར་གསུམ་རྣམས་ཕུགས་ལོགས་ལྟ་བུར་བཀོད། དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་ནག་ཁ་རྒྱན་ཅན། ཞབས་བསིལ་དང་བཞི་བསྣོལ་གྱིས་བསྐོར་བ་བཀོད། སེམས་བསྐྱེད་ལ་སྲུང་འཁོར་ནས་བཟླས་པའི་བར་སྒྲུབ་ཐབས་རྒྱུན་གྱི་ཉམས་ལེན་མཐར་ཆགས་སུ་བཏང་། ཡིག་བརྒྱས་གསལ་བརྟན་བྱས་ནས། ལས་བུམ་བསང་སྦྱང་། མི་དམིགས་སྟོང་པའི་ངང་ཉིད་ལས༔ བྷྲཱུྃ་ལས་བུམ་པ་མཚན་ཉིད་རྫོགས༔ པདྨ་ཉི་མའི་གདན་སྟེང་དུ༔ ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཁྲོ་བོ་མི་འཆི་ཐལ་སྦྱོར་ལྗང༔ རྒྱ་གྲམ་དྲིལ་བུ་འཛིན་པར་གྱུར༔ དོན་ཡོད་གྲུབ་པས་དབུ་བརྒྱན་པའི༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་བསམ༔ ཧཱ་ཧཱུྃ་སྭཱ་ཨཱཿཨོཾ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མཱ་ཛ༔ ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ༔ ཀུན་བཟང་ཞབས་བསིལ་བཞི་བསྣོལ་བཅས་སྔགས་ཙམ་གྱིས་མཆོད། ཧཱུྃ་བིགྷྣཱན་ཀྲྀཏ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླ། བདུད་རྩི་འཁྱིལ་པ་འོད་དུ་ཞུ༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུྃ༔ བདག་གནས་ཡོ་བྱད་ཐམས་ཅད་ལ༔ གཏོར་བས་ཉེས་སྐྱོན་དག་པར་གྱུར༔ ཅེས་ལས་བུམ་ཆུས་ཐམས་ཅད་ལ་བསང་གཏོར་བྱ། སྐབས་འདིར་ཡན་ལག་ཅན་ལས་དེ་ཙམ་གྱིས་ཆོག་གོ །ཡན་ལག་གི་རབ་གནས་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། སྟེགས་བུ་ལ་བདུད་རྩི་ལྔས་ཆག་ཆག་འདེབས་ལ། ཧཱུྃ༔ རང་བྱུང་རྣམ་དག་བྱིན་རླབས་ཅན༔ ཡེ་ཤེས་རང་བྱུང་གྲུབ་པའི་རྫས༔ བཀའ་གསང་རྨད་བྱུང་ཕོ་བྲང་དུ༔ དུར་ཁྲོད་རྫས་ཀྱིས་རྐྱང་ནུལ་བྱ༔ པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ༔ ཞེས་པས་བྱུག་པའི་དབུས་སུ་བདུད་རྩི་དང་དྲི་བཟང་གི་ཐིག་ལེ་གྲུ་བཞི་ཆེ་བ་གཅིག །དེ་མདུན་ཟླུམ་པོ་གཅིག །དེ་རྒྱབ་དབུས་དང་ཕྱོགས་མཚམས་བརྒྱད་བཅས་དགུ། དེ་རྒྱབ་བརྒྱད་རིམ་གཉིས། དེ་རྒྱབ་ཕྱོགས་བཞིར་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཞི། དེ་རྒྱབ་ཕྱོགས་བཞིར་དྲུག་རེ། དེ་རྒྱབ་བཞི། དེ་རྒྱབ་གྲངས་མེད་ཀྱི་ཚུལ་དུ་བཀོད་པའི་སྟེང་བསྐྱེད་སྔགས་བརྗོད་ཅིང་འབྲུའི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད་ལ། ཞབས་བསིལ། བཞི་བསྣོལ་ལྷ་གྲངས་སམ་ཕྱོགས་མཚམས་བརྒྱད་དང་མདུན་བཅས་ཆ་རེ། མ་འཛོམ་ན་ཕྱོགས་བཞིར་རེ་རེ། སྨན་རཀ་གཏོར་གསུམ་བཅས་བཀོད་ལ་སྒྲུབ་ཐབས་ལྟར་སྔགས་ཙམ་གྱིས་བྱིན་བརླབ། དཀྱིལ་འཁོར་བདག་པོའི་ཐུགས་ཀ་ནས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་གྱི༔ ཆོ་འཕྲུལ་རང་སྒྲས་ཡུམ་ལྔའི་མཁའ༔ འབྱུང་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུྃ༔ གདངས་ལས་ཇི་ལྟར་འབྱུང་བ་ཡི༔ གཞལ་ཡས་ཁང་དང་གདན་བཅས་གསལ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ ཞི་ཁྲོ་རྩ་བ་བཀའ་ཉན་དང༔ རིག་འཛིན་བཅས་པའི་དཀྱིལ་འཁོར་པའི༔ ལྷ་ཚོགས་མཚོ་ལ་གཟའ་སྐར་བཞིན༔ མ་ལུས་བཀྲ་ལམ་གསལ་བར་གྱུར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་འགྲེས་ཏེ། ཨཱ་དརྴ། ས་མཱ་ཏཱ། པྲ་ཏྱཱ་བེཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ན། ཞེས་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སོགས་ ཝཱཀ་ ཙིཏྟ་ ཞེས་བརླབ། བཛྲ་ས་མཱ་ཛ༔དང་། ཨེ་ཧྱེ་ཧིས་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲས་བརྟན། ཧཱུྃ༔ འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས༔ མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ སུ་ར་ཏོ་མ་ཧཱ་རཱ་ག༔ པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་པ་རྣམས་ཀྱིས་མཆོད། ཨོཾ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །གཉིས་པ་བུམ་པ་ལྷག་གནས་ནི། སྟེགས་བུའི་དབུས་སུ་ཁྲོ་བོའི་གསང་བུམ་ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་ཆང་དང་སོ་ལྔའི་བཅུད་ཀྱིས་བཀང་བ་དར་མཐིང་དམར་གྱིས་བཅིངས་ཤིང་ལྕང་ལོས་བརྒྱན་པའི་སྟེང་གི་ཁྲིའུར་རིན་པོ་ཆེའི་བུམ་པ་ནང་བཅུད་མགུལ་ཆིངས་ཁ་རྒྱན་ལྡན་པ་བཀོད། གཉིས་ཀའང་གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད་ལ་ཆས་སུ་བཅུག །མཆོད་གཏོར་གོང་སྨྲོས་ཆ་རེ་བཤམས་ལ་བྱིན་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཞེས་པའི༔ གདངས་ལས་ཡེ་ཤེས་རིན་པོ་ཆེའི༔ བུམ་པ་མཚན་ཉིད་ཡོངས་རྫོགས་པ༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ ཧཱུྃ་ཨོཾ་སྭཱ་ཨཱཿཧཱ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ རྒྱལ་བ་ཀུན་བཟང་ཡབ་ཡུམ་ནི༔ བདེ་གཤེགས་ཞི་བའི་འཁོར་དང་བཅས༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ ཁྲོ་བོ་ཡབ་ཡུམ་འཁོར་དང་བཅས༔ དྭངས་པའི་རྒྱ་མཚོ་ཆེན་པོ་ལ༔ གཟའ་སྐར་ཤར་བཞིན་གསལ་བར་གྱུར༔ དབང་བསྐུར་ནས་མཆོད་བསྟོད་བར་གོང་གི་ལྷ་སྟ་གོན་སྐབས་ལྟར་བྱ། གཟུངས་ཐག་བླངས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་ལ་འཁྲིལ་བུམ་པར་ཞུགས༔ ལྷ་ཚོགས་ཀུན་བསྐུལ་སྙོམས་པར་ཞུགས༔ བྱང་སེམས་ཡེ་ཤེས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞི་བ་དང་། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲོ་བོ་དང་། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་སྤྱི་བསྡུས་བརྒྱ་རྩ་ལས་མི་ཉུང་བ་བཟླས་པའི་མཐར། གཙོ་བོའི་སྔགས་དབྱངས་བྱ་ཞིང་ཐོད་ཆུ་ཕུལ་ལ། ལྷ་རྣམས་ཆགས་པ་ཆེན་པོ་ཡིས༔ ཡེ་ཤེས་བདུད་རྩིའི་ངོ་བོར་ཞུ༔ བུམ་པའི་ཆུ་དང་རོ་གཅིག་གྱུར༔ ཅེས་མོས་ལ་སྤོས་ཀྱིས་བདུག །བཅས་རྣམས་ཡོལ་བས་བསྒྲིབས་ལ་བཞག་གོ །གསུམ་པ་སློབ་མ་སྟ་གོན་ནི། སློབ་དཔོན་གྱི་མདུན་དུ་སོ་ཤིང་། ཁྱོར་ཆུའི་དུང་ཞལ། སྲུང་སྐུད་དམར་པོ། ཕུར་ཆུང་། ཀུ་ཤ་ཆེ་ཆུང་རྣམས་སློབ་མའི་གྲངས་མཉམ། དཀྱིལ་འཁོར་གྱི་ལྷོར་མཎྜལ་དྲིས་བྱུགས་པ་ལ་པདྨ་འདབ་བརྒྱད་ཕྱོགས་མདོག་དྲི་བཟང་གི་ཐིག་ལེ་ཅན་འདུ་བྱ། སློབ་བུ་རྣམས་ལས་བུམ་གྱིས་ཁྲུས་དང་ཕྱག་བྱས་ཏེ་གྲལ་དུ་འཁོད་པས་བགེགས་གཏོར་ལས་སྔགས་དང་ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ནས་ ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ་གསུམ་གྱིས་གཏོར་མ་བསྐོར་ཞིང་བསྔོས་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནོད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །ཅེས་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། སུམྦྷ་ལ་སོགས་པའི་དྲག་སྔགས་བཟླས་པས་བགེགས་རྣམས་བསྐྲད། བཛྲ་པཉྩ་ར་ཛྭ་ལ་རཾ། ཞེས་བརྗོད་པས་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ནས་བློ་བཅོས་ཤིང་སྤྲོ་བ་བསྐྱེད་པའི་ཆེད་དུ་ཟབ་མོའི་ཆོས་དང་གླེང་གཞི་ཤེས་ཤིང་སྤྲོ་ན་རྒྱས་པར་འཆད། མདོར་བསྡུ་ན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ལུང་གི་མདོ་དགོངས་པ་འདུས་པའི་དཀྱིལ་འཁོར་དུ་ཞུགས་ཏེ་སྨིན་གྲོལ་གྱི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་ཇི་སྐད་བཤད་པ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་འཚལ། འདིར་གང་གསན་པར་བྱ་བ་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་དབང་པོ་དང་སྐལ་པ་ཆེ་ཆུང་གི་སྤྱོད་ཡུལ་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་མདོར་བསྡུ་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་འདུ་བ་རྒྱུད་རང་ཤར་ལས་གསུངས་ཤིང་། སྔ་མ་སྐྱེས་བུ་ཆུང་ངུའི་ལམ་ལས་ཁྱད་པར་དུ་འཕགས་པ་འདས་པའི་ཐེག་པ་ལའང་། སྤྱི་མདོ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་གསུམ་དུ་གསུངས་པའི་དང་པོ་མཚན་ཉིད་སྡེ་གསུམ་དང་། བར་པ་ཕྱི་རྒྱུད་སྡེ་གསུམ། ཕྱི་མ་ནང་རྒྱུད་སྡེ་གསུམ་སྟེ་རྣམ་པར་གྲོལ་བའི་ཐེག་རིམ་དགུར་དབྱེ་བ་ལས། འདིར་ཐེག་རིམ་འོག་མ་རྣམས་ལས་ཁྱད་པར་དུ་མས་འཕགས་པ་ཐེག་པ་བརྒྱད་པ་ལུང་ཨ་ནུ་ཡོ་ག་ཡིན། འདིའི་ལུགས་ཀྱིས་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་སྐྱེད་པའི་དབང་དང་། རྗེས་འཇུག་གང་ཟག་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བྱེད་པའི་དབང་གཉིས་སུ་དབྱེ་བའི་ཕྱི་མ་ལའང་། རྗེས་འཇུག་ལམ་པའི་དབང་དང་། ལས་དང་པོ་བའི་དབང་གཉིས་ལས་འདིར་རྗེས་འཇུག་ལས་དང་པོ་པ་སྨིན་བྱེད་དབང་བསྐུར་བ་སྟེ། དེའང་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ།། ཞེས་གསུངས་ཤིང་དེ་ལའང་སྔ་འགྱུར་བཀའ་མའི་སྲོལ་ལ་རྒྱུད་དང་མན་ངག་གི་ལུགས་ཀྱི་བསྐུར་ཚུལ་གཉིས་སུ་གྲགས་ནའང་། ཁྱད་པར་ངོ་མཚར་གཏེར་གྱི་བཀའ་སྲོལ་འདིར། རང་བཞིན་གྱི་སྣོད་དུ་གྱུར་པ་ཟབ་མོ་ལ་མོས་པའི་སྐལ་ལྡན་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བས་ཨ་ནུ་རང་ལུགས་ཀྱི་ཐེག་དགུའི་དབང་རྫོགས་པར་འགྱུར་བ་སྟེ། དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་པ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཆུ་བོ་བཞིའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེའང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ཤིང་དཀྱིལ་འཁོར་ལ་དབྱེ་ན་རང་བཞིན་ཡེ་ཤེས། ཏིང་འཛིན་སྤྲུལ་པ། རིག་པ་ཉམས། གཟུགས་བརྙན་རྟེན་གྱི་དཀྱིལ་འཁོར་བཞིར་བཤད་པ་ལས། འདིར་ལས་དང་པོ་ལ་གཞུག་ཏུ་རུང་བ་གཟུགས་བརྙན་གྱི་བྱེ་བྲག་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྟ་གོན་དང་། དབང་དངོས་གཞི་གཉིས་སུ་ཡོད་པ་ལས་སྐབས་འདིར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེའང་གསང་བ་ཕྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་ཞུགས་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་པ་ལྟར། ཁྱེད་ཅག་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པའི་དོན་དུ་གཉེར་བྱ་ནི། མངོན་མཐོ་ལྷ་མིའི་གོ་འཕང་དང་ཞི་བ་ཉན་རང་གི་བྱང་ཆུབ་ཐོབ་པའི་ཆེད་དུ་མ་ཡིན་གྱི། མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་སྐུ་དང་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་སྒྲོལ་བྱེད་ཐུགས་རྗེའི་བདག་པོའི་གོ་འཕང་འགྲུབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་དགོས། དེ་ལས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་འབད་མེད་ཞར་བྱུང་དུ་འགྲུབ་པར་འགྱུར་བས་ན། ཤེས་རབ་ཆེན་པོས་འཁོར་བ་རང་བཞིན་མེད་པར་ཤེས་ཤིང་། སྙིང་རྗེ་ཆེན་པོས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་པས། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ གདུལ་བྱ་འདུལ་བའི་ཐབས་མཁས་ཤིང༔ དམིགས་མེད་ཐུགས་རྗེ་ཆེ་ལྡན་པ༔ སློབ་དཔོན་ཆེན་པོས་བདག་ལ་དགོངས༔ རྡོ་རྗེའི་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ། དེ་ནས་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྐྱབས་སྡོམ་ལེན་པའི་སླད་དུ། བདག་གཞན་ནམ་མཁའ་དང་མཉམ་པའི་མར་གྱུར་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་སྨོན་འཇུག་གིས་བསྡུས་པ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། སེམས་ལྔ་ཟུང་འཇུག་ཡེ་ཤེས་ལྔར་ལ་ཟླ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགགས་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི༴ མི་དམིགས་པ་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི༴ མི་གནས་པ་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི༴ འགྲོ་འོང་མེད་ལས་འགྲོ་འོང་ཉིད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ལན་གསུམ། སྐབས་འདིར་དཀྱིལ་འཁོར་གྱི་དོན་བཤད་པ་ལགས་པས་ངེས་ཤེས་སྐྱེད་འཚལ། ངོ་བོ་དབྱིངས་ལས་ཡེ་ཤེས་ཤར༔ ངེས་ཚིག་བདེ་ཆེན་སྙིང་པོ་ལེན༔ དབྱེ་བ་རང་བཞིན་ཏིང་འཛིན་དང༔ གཟུགས་བརྙན་ཚོགས་ཀྱི་དཀྱིལ་འཁོར་ཏེ༔ མདོར་ན་གསང་བའི་དཀྱིལ་འཁོར་དུ༔ ཞུགས་དང་མཐོང་དང་ཐོས་པ་ཡིས༔ འཇིག་རྟེན་འཇིག་རྟེན་ལས་འདས་པའི༔ དངོས་གྲུབ་དཀའ་བ་མེད་པར་འབྱུང༔ དེས་ན་ཁྱེད་རང་རྣམས་ཀྱིས་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏོ་སྙམ་དུ་དགའ་བ་སྒོམ་པར་མཛད་འཚལ། དེ་ནས་ཁྱད་པར་གྱི་དོན་ཞུ་བའི་སླད་དུ་སློབ་དཔོན་ཧེ་རུ་ཀ་དང་དབྱེར་མི་ཕྱེད་པ་ལ་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས། བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ༔ དཀྱིལ་འཁོར་གཙོ་བོ་ཁྱོད་ལ་འདུད༔ ཐར་པ་ཆེན་པོ་བདག་འདོད་དེ༔ དེ་ཉིད་དབང་དང་དམ་ཚིག་རྣམས༔ མགོན་པོ་དཔའ་བོར་སྐྱབས་སོང་ཞིང༔ ཐེག་ཆེན་ཁང་པར་གཞུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ ལན་གསུམ། དེ་ལྟར་ཐེག་པ་འདིའི་རིགས་སུ་ངེས་པའི་སྒོ་ནས་བུར་གྱུར་པ་ལ་བོས་ཏེ་གནང་བ་སྦྱིན་ཞིང་དྲང་བ་ནི། ལག་གི་རྡོ་རྗེ་འཛིན་དུ་བཅུག་སྟེ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་གཟུང་། །འདུས་པ་ཆེན་པོའི་དབང་རྫོགས་སྦྱིན། །ཞེས་རང་གི་མདུན་དུ་དྲང་ངོ་། །དེ་ནས་ཚེ་སྦ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཧཱུྃ་གི་སྒྲ་བསྒྲགས་པས། །དུང་ཁང་ཟླ་གམ་གཞལ་ཡས་སུ། །ཚེ་རྟེན་ཧཱུྃ་གི་འོད་ཟེར་གྱིས། །ལུས་སྲུང་དྭངས་མ་ཧཱུྃ་ལ་ཐིམ། །ཧཱུྃ་མཛད་སྔོ་སྐྱ་ཚེ་བུམ་འཛིན། །གནམ་སྒོ་ཁྲོ་རྒྱལ་མི་གཡོ་བའི། །ཕྱག་རྒྱ་མཆོག་གི་རྒྱས་བཏབ་གྱུར། །དེ་ནས་སྒྲིབ་པ་འདྲལ་བའི་ཕྱིར་སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་འབར་བའི་ཁྲོ་བོ་མཚོན་ཆའི་ཆར་འབེབ་པ་དཔག་ཏུ་མེད་པ་སྤྲོས་པས། སྒྲིབ་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་བསྐྲད་བརླགས་པར་བྱས་ཏེ་འདུལ་སྦྱོང་དྲག་པོའི་དཀྱིལ་འཁོར་དུ་སྦྱངས་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ། ཧ་ལ་ཧ་ལ་རཾ། ཞེས་སྤོས་རོལ་དང་བཅས་པའི་ཚམ་རྔམ་གྱིས་བགེགས་བསྐྲད། ཁྲོ་བོ་གཉིས་དང་ཁྲོ་ཚོགས་རྣམས། །སློབ་མའི་ལུས་ལ་ཞུ་ལུགས་འདྲེས། །ལུས་ཀུན་རྡོ་རྗེའི་གོ་ཆས་གཏམས། །ཞེས་བསྒོམ། སླར་ཡང་ཐུགས་ཀའི་འོད་ཟེར་དང་། ཁྲོ་བོའི་ཚོགས་ཀྱིས་བར་ཆད་བསལ། །ལུས་ཀུན་རྡོ་རྗེའི་གོ་ཆས་གཏམས། །སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །ཡེ་ཤེས་མེ་སྤྲོས་སྡིག་སྒྲིབ་བསྲེགས། །ཆོས་ཉིད་རླུང་གིས་བག་ཆགས་གཏོར། །བྱང་སེམས་ཆུ་ཡིས་གཟུང་འཛིན་སྦྱངས། །རཾ་ཛྙཱ་ན་སྥ་ར་ཎ་ཕཊཿ ཡཾ་དྷརྨ་དྷཱ་ཏུ་སྥ་ར་ཎ་ཕཊཿ ཁཾ་བོ་དྷི་ཙིཏྟ་སྥ་ར་ཎ་ཕཊཿ གཉིས་མེད་ཡེ་ཤེས་འོད་ཟེར་གྱིས། །སྟོང་པའི་ངང་ལས་སྐད་ཅིག་གིས། །ཟུང་འཇུག་སྒྱུ་མའི་རྡོ་རྗེ་སེམས། །རྡུལ་བྲལ་ཤེལ་ལྟར་དྭངས་པར་གསལ། །ནང་མཆོད་ཀྱིས་གནས་གསུམ་ཐིག་ལེ་བཀོད་ལ། སྤྱི་བོར་ཟླ་བར་ཨོཾ་དཀར་པོ། །མགྲིན་པར་པདྨར་ཨཱཿདམར་པོ། །སྙིང་གར་ཉི་མར་ཧཱུྃ་སྔོན་པོ། །དེ་ལས་འོད་འཕྲོས་སྐུ་གསུང་ཐུགས། །རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ནས། །འབྲུ་གསུམ་ལ་ཐིམ་རྣམ་སྣང་དང་། །དཔག་མེད་མི་བསྐྱོད་རྒྱས་བཏབ་ཅིང་། །ཡེ་ཤེས་རིགས་ལྔའི་དབང་རྫོགས་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སོགས་གསུམ་དང་། ཤཱུནྱ་ཏཱ་སོགས་རིགས་ལྔའི་སྔགས་རྒྱས་བྱིན་གྱིས་བརླབ་བོ། ཁུ་ཚུར་མདུད་ཅིང་། བཛྲ་ཀཱ་བཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས་སྤྱི་བོའི་ཧཾ་ཞུ་བའི་འོད་ཀྱིས་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པས་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་གོ་ཆས་བཅིངས་པར་གྱུར། དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་སྦྱངས་ཤིང་ལྷར་བསྐྱེད་ནས། ད་མཐུན་རྐྱེན་དངོས་གྲུབ་ཀྱི་ལྟས་བརྟགས་པ་ལ་ཐོག་མར་སོ་ཤིང་དོར་བ་ཡིན་པས་འདུན་པ་འདི་བཞིན་མཛོད། སོ་ཤིང་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ཚང་བ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿབཛྲ་ཛི་ཧཱ་སཾ་བརྡྷ་ནི་ཧཱུྃ་ཕཊ། ཞེས་བཟླ་བཞིན་དུ་བྱིན། དེ་ཉིད་མཁའ་དབྱིངས་ཀྱི་རྒྱས་བཟུང་ལ་སོས་འཆའ་ཞིང་དྲུད་པ་ལྟར་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ། ཁ་ཤར་དུ་བལྟ་བས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ རྡོ་རྗེའི་སོ་ཤིང་འདི་དོར་བས༔ མཆོག་དང་ཐུན་མོང་ཕྲིན་ལས་བཞིའི༔ དངོས་གྲུབ་སྐལ་བ་གང་ལགས་པ༔ དེང་འདིར་མངོན་སུམ་བསྟན་དུ་གསོལ༔ ཨོཾ་བཛྲ་ཧཱ་ས་ཧ༔ དེ་ལྟར་དོར་བས་རྩེ་མོའི་མེ་ཏོག་བླ་མའམ་སྟེང་དུ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཞི་སོགས་ལས་བཞི། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ། ཐུར་དུ་བསྟན་ན་ས་འོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལའང་དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་སྦྱིན་པ་ཡིན་ཏེ། དུང་ཞལ་གྱི་དྲི་ཆུ་ལ་ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ཅེས་བཟླས་ཏེ། དྲི་ཆུ་ཁྱོར་བར་ལན་གསུམ་སྦྱིན་པ་ཐུངས་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ཨོཾ་སརྦ་བི་ཀལྤ་སཾ་ཤོ་དྷ་ན་སྭཱ་ཧཱ། ཞེས་བླུད། དེ་ནས་རྨི་ལམ་གྱི་བར་ཆད་སྲུང་བའི་ཕྱིར་སྲུང་སྐུད་དང་ཕུར་བུ་སྦྱིན་པ་ཡིན་ཏེ། དཔུང་སྐུད་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ཅེས་བཟླ་བཞིན་དུ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་ཉིས་བསྐོར་གྱིས་བཅིངས་ལ། ལས་བུམ་གྱི་ཆུ་འཐོར་ཞིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་ནས། ཨོཾ་བཛྲ་རཀྵ་ཧཾ། ཞེས་བརྗོད། ཕུར་བུ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲས་མཆོག་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་དུ་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་བཟླ་བཞིན་དུ་སྦྱིན་ནོ། །རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤ་སྦྱིན་པར་བྱ་སྟེ། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་དང་དྷཱི་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿདྷཱི་ཧཱུྃ་སྭཱ་ཧཱ། ཞེས་དང་། ཧོཿ སྔགས་ཀྱིས་བཏབ་པའི་དག་བྱེད་རྩྭ༔ སྔས་དང་སྟན་དུ་བྱས་ནས་ཀྱང༔ རྨི་ལམ་སྒྱུ་མ་ལྟ་བུ་ཡིས༔ དངོས་གྲུབ་མཚན་མ་རྟོགས་པར་གྱིས༔ ཨོཾ་ཨཱཿདྷཱི་ཧཱུྃ་སྭཱ་ཧཱ༔ ཞེས་བཟླ་བཞིན་དུ་ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་། ཆེ་བ་སྟན་གྱི་དོན་དུ་གཡོན་པར་སྦྱིན། དབང་གི་གླེང་གཞི་དང་དངོས་གྲུབ་ཀྱི་སྣོད་སྐྱོན་ཤེས་པའི་ཆེད་དུ་གེགས་སྤང་བར་གདམས་པ་ལགས་པས་སྙན་གཏོད་འཚལ། རྒྱལ་བ་སེམས་དཔའ་རྣལ་འབྱོར་དག༔ དགོངས་རིག་སྙན་ནས་བརྒྱུད་པའི་ལམ༔ བླ་ན་མེད་པའི་གསང་བ་ལ༔ ཡིད་ཆེས་ངེས་པ་བརྟན་པོ་ཡིས༔ དབང་དང་དངོས་གྲུབ་འབྱུང་བའི་གེགས༔ རྩ་བ་ཡན་ལག་ལྟུང་བ་ལས༔ ནམ་ཡང་འདའ་བ་མེད་སེམས་ཀྱིས༔ དབང་མཆོག་ཐོབ་པའི་ཐབས་ལ་བརྩོན༔ དེའང་དབང་མཆོག་ཐོབ་པའི་གེགས་བཞིས་བསྡུས་པའི་སྐྱོན་བཅུ་དྲུག་ལས་ལྡོག་གོ །སྣོད་བཅུད་ཀྱི་ཡོན་ཏན་རྣམས་དང་ལྡན་པས་མི་ཐོབ་པའི་གེགས་སྤང་ཞིང་ཐོབ་པའི་རྒྱུ་ངེས་པས་བླང་དོར་མ་ནོར་བར་བྱོས་ཤིག །ཅེས་གདམས། ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། དེའང་ཡེ་ཤེས་རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨྲོས་ཅི་དགོས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨྲོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ལགས་པས་སྤྲོ་བ་སྐྱེད་མཛོད། དེ་ནས་ལས་བུམ་གྱི་ཆུ་འཐོར་ཞིང་། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་དཾཥྚ་ཧཱུྃ། ཞེས་བཟླས་པས་བསྲུང་། དེ་དག་རྣམས་ཀྱིས་སྟ་གོན་གྱི་ཆོས་རྣམས་གྲུབ། དབང་བསྐུར་དངོས་གཞི་སླད་ནས་འབྱུང་བ་ལགས་སོ། །ཞེས་བྱས་ལ་དགེ་བ་བསྔོ། སློབ་མ་རང་གནས་སུ་གཏོང་ངོ་། །སློབ་དཔོན་གྱིས་རྡོ་རྗེ་དང་སྤོས་ཐོགས། དྲིལ་བུ་དཀྲོལ་ལ། མགོན་པོ་ཀུན་མཁྱེན་བདག་ཉིད་ཅན༔ གཅིག་དང་དུ་མ་ཡོངས་བྲལ་ཕྱིར༔ མ་ལུས་བདག་ཉིད་དགོངས་སུ་གསོལ༔ ཁྱེད་རྣམས་མོས་ཤིང་མཆོད་པ་དང༔ ཁམས་གསུམ་ཡོངས་སུ་གཟུང་བྱ་ཞིང༔ རང་བཞིན་མཉམ་པར་སྦྱར་བའི་ཕྱིར༔ རིག་པ་འཛིན་བདག་དཀྱིལ་འཁོར་གྱི༔ ལས་རྣམས་ཡོངས་སུ་རྫོགས་པར་བགྱི༔ ཐུགས་རྗེས་ཉེ་བར་དགོངས་མཛད་དེ༔ དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི༔ ས་གཞི་ཡོངས་སུ་གཟུང་བར་མཛོད༔ ཨོཾ་བཛྲ་ས་མ་ཡ་སཏྭཾ༔ ཞེས་ལན་གསུམ་གསོལ་བ་བཏབ་པས། ལྷ་རྣམས་དགྱེས་པར་རོལ་པ་ཡི༔ གཟི་བྱིན་མཐའ་ཡས་འབར་བཞིན་པས༔ དེ་ཉིད་དུ་ནི་ཐིམ་པ་ཡིས༔ དཀྱིལ་འཁོར་མཆོག་གི་རང་བཞིན་གསལ༔ ཞེས་མོས། ༈ སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་བཞེངས་ཤིང་རྫས་འགོད་པ། སྒྲུབ་ཅིང་མཆོད་པ། དབང་བསྐུར་བའོ། །དང་པོ་ནི། ནངས་པར་སྔ་བར་རྡོ་རྗེ་འདེགས་པའི་རྒྱས། བེ་གཱ་ཀྲ་མ་ཡཾ། ཞེས་བརྗོད་ལ་སྟ་གོན་གྱི་ལྷ་ནམ་མཁར་བཏེགས། ཚོམ་བུ་བསལ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའི་དབུས་སུ་ཁྲིའུའི་ཁར་སྔར་སྟ་གོན་བྱས་པའི་ཁྲོ་བོའི་གསང་བུམ། དེ་དང་གོ་ས་གཅིག་པར་ཐོད་པ་དུམ་གཅིག་ནང་ཡབ་ཡུམ་གྱི་སྙིང་པོ་བྲིས་པའི་གཡས་གཡོན་དུ་རྡོ་རྗེ་དྲིལ་བུས་བརྟེན་པ་ཡང་བཀོད། དེ་སྟེང་ཁྲིའུ་ལ་རྣམ་རྒྱལ་བུམ་པ་བཞག །འོག་ནས་འབྱུང་བའི་དབང་རྫས་ཐམས་ཅད་ཙཀླི་ཁོ་ནར་བྱེད་པ་སྔ་རབས་པའི་ཕྱག་སྲོལ་ལྟར་གཞུང་མཐུན་ཚང་བ་བཀོད། དེའང་ཕྱི་དབང་། ནང་དབང་། སྒྲུབ་དབང་རྣམས་ཚོ་གསུམ་དུ་བཅད་ན་སྟབས་བདེ་བས་དེ་ལྟར་མདུན་དང་གཡས་གཡོན་དུ་བཞག །རྒྱབ་ཏུ་གསང་དབང་ཐོད་པའི་བདུད་རྩི། ཆོས་འབྱུང་དབུས་སུ་པདྨ་དམར་པོ་འདབ་བརྒྱད་རྡོ་རྗེས་མཚན་པའི་ཙཀླིའང་བཀོད། མདུན་རྒྱབ་གང་བདེར་ཚེ་བུམ་མགུལ་ཆིངས་དམར་པོ་ཅན། ཚེ་འབྲང་། ཚེ་རིལ་ཚེ་ཆང་དང་མདའ་དར་དམར་པོ་རྣམས་ཀྱང་བཞག །མདུན་ཕྱོགས་སུ་ཞི་གཏོར་ཟླུམ་པོ་ལ་མཐེབ་ཀྱུ་ཞེ་གཉིས། དཔལ་གཏོར་དམར་པོ་ལ་འཁོར་རང་འདྲ་བརྒྱད་དང་མཐེབ་ཀྱུ་དྲུག་ཅུས་བསྐོར་བ། སྲུང་མ་གཏེར་གཞིའི་གཏོར་མ་རྣམས་ཀྱི་གཡས་གཡོན་དུ་སྨན་རཀ །ཞབས་བསིལ་གྱི་སྣོད། བཞི་བསྣོལ་ཕྱོགས་བཞིར་ཚར་བཞི་ལས་མི་ཉུང་བ་རྣམས། ཕྱོགས་མཚམས་རྣམས་སུ་འཕན་དང་རྒྱལ་མཚན་མདའ་དར། སྟེང་དུ་བླ་བྲེ་དང་དར་དཔྱང་སོགས་རྒྱན་རྫས་ཇི་ལྟར་ཚོགས་པ་རྣམས་ཀྱང་བཀོད་མཛེས་སུ་བྱ། གཞན་ཡང་ཆོ་ག་དང་དབང་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་ཉེ་བར་བསྡོག །དེ་དག་བཤམས་པའི་ཆོ་ག་ནི་སྒྲུབ་ཆེན་སོགས་ལ་ཐོག་མར་སློབ་དཔོན་གྱི་མདུན་ཞིང་ལྤགས་བཀྲམ་པའི་ཁར་སྒྲུབ་རྫས་རྣམས་བཀོད། འདོན་དམིགས་ཚར་ནས་འགོད་ཚིག་གིས་དཀྱིལ་འཁོར་དུ་བཀོད་དགོས་པ་ཡིན་ཀྱང་། འདིར་ས་བཅད་ཙམ་གྱི་ལག་ལེན་སྟབས་བདེའི་དབང་དུ་བྱས་ཏེ། འགོད་ཚར་ནས་གུ་གུལ་བདུག །ཡུངས་ཐུན་བྲབ་ཅིང་། བདག་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་སྤྲུལ་པའི་ཁྲོ་བོ་དང་མཚོན་ཆའི་སྤྲིན་འཕྲོས་པས་བགེགས་རྣམས་ཚར་བཅད་པར་གྱུར། ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། བི་ཤྭ་བཛྲའི་སྔགས་དང་རོལ་མོའི་ཚམ་རྔམ་བྱ། ལས་ཆུ་འཐོར་ལ་བསང་སྦྱང་། ཧཱུྃ༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ དཀྱིལ་འཁོར་བདག་པོའི་ཐུགས་ཀ་ནས༔ འབྱུང་བ་གཞལ་ཡས་གདན་བཅས་སྤྲོས༔ གཟུགས་བརྙན་དཀྱིལ་འཁོར་ལ་ཐིམ་པས༔ སྲུང་འཁོར་འབྱུང་རིམ་གཞལ་ཡས་ཁང༔ གདན་དང་བཅས་པ་གསལ་བར་བསམ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ ཡབ་ཡུམ་སྙོམས་ཞུགས་སྦྱོར་མཚམས་ནས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཐོན༔ རང་རང་མཚན་མའི་རྟེན་ལ་ཐིམ༔ ལྷ་ཚོགས་དངོས་སུ་གསལ་བར་གྱུར༔ བཛྲ་ཡོ་གི་ནཱི་ཛ༔ བརྒྱུད་གསུམ་རིག་འཛིན་ཐམས་ཅད་ནི༔ སོ་སོའི་གནས་ནས་སྤྱན་དྲངས་ནས༔ རང་རང་རྟེན་ལ་ཐིམ་པ་ཡིས༔ མཁའ་ཁྱབ་དེ་བཞིན་གཤེགས་རྣམས་ཀྱི༔ གཟི་བྱིན་ཧཱུྃ་གིས་བསྡུས་ནས་སུ༔ སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར༔ ཅེས་བསྒོམ། བརྡ་སྒོ་དབྱེ་བ་རྡོ་རྗེ་ནང་བསྡམ་ཕྱིར་ཕྲལ་ལ། ཧཱུྃ༔ ཡེ་ནས་མཉམ་ཉིད་མི་འདའི་ཕྱིར༔ གཟུང་འཛིན་བསྣོལ་བས་སྒོ་བཅད་དེ༔ བདག་མེད་མི་གནས་ཡེ་ཤེས་ཀྱིས༔ ཡུལ་ལས་འདས་པའི་སྒོ་ཕྱེས་ཤིག༔ ཨོཾ་བཛྲ་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་སྒོ་ནི་ཤག་གིས་བྱེ༔ ལྷ་རྣམས་ཞལ་ནི་མངོན་དུ་གྱུར༔ ཧཱུྃ༔ ཤར་ལྷོ་ནུབ་བྱང་རྣམ་བཞི་ནས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཏེ༔ ཞི་ཁྲོ་གསང་བའི་དཀྱིལ་འཁོར་ལ༔ རྣལ་འབྱོར་མཆོག་གི་ཕྱག་བགྱི་འོ༔ ཨ་ལ་ལ་ཧོ༔ ཞེས་པས་ཕྱག་བྱས་ལྷ་དང་བདག༔ རང་རིག་ངང་དུ་དབྱེར་མེད་གྱུར༔ ཅེས་མོས། སྐབས་འདིར་དཀྱིལ་འཁོར་གསར་པ་ལ་རབ་གནས་ཀྱི་ཆོ་ག་དགོས་ཀྱང་འདིར་རས་བྲིས་རྙིང་པ་ལ་བརྟེན་པའི་དབང་དུ་བྱས་ཏེ་དངོས་གཞིའི་སྐབས་དཀྱིལ་འཁོར་གསུམ་བསྲེས་པས་ཆོག་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་སྒྲུབ་པ་ནི། བརྒྱུད་འདེབས་དང་སེམས་བསྐྱེད་སྔོན་དུ་འགྲོ་བས་སྒྲུབ་ཐབས་རྒྱུན་གྱི་ཉམས་ལེན་མཐར་ཆགས་སུ་གཏོང་བ་ལས། བདག་མདུན་བུམ་གསུམ་དམ་ཚིག་དཀྱིལ་འཁོར་གཅིག་གིས་བསྡུས་པར་བསྐྱེད་ཅིང་། སྤྱན་འདྲེན་སྐབས་སུ་ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་ལ་རང་བཞིན་ཡེ་ཤེས་དང་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེགས་པ་གཉིས་བསྟིམས་ནས་དམ་བཅའ་མཆོད་བསྟོད་སྨོན་ལམ་གྱི་བར་དུ་བྱ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སོགས་ཀྱིས་མདུན་རྟེན་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེས་ལ་གསལ་བ་གསུམ་ལྡན་གྱི་འཕྲོ་འདུ་དང་བཅས་ཏེ་སྤྲོ་ཞིང་ནུས་ན་སྒོས་ཛཔ྄་རྣམས་གཙོ་འཁོར་ཕྱེད་པར་བཟླ། སྤྱི་ཛཔ྄་ཉིད་ཅི་ནུས་བཟླས་པའི་མཐར། བུམ་པའི་དཀྱིལ་འཁོར་གསལ་བཏབ་ལ་བཟླས་པ་བྱ། སྐབས་འདིར་ཚེ་སྒྲུབ་ནི། བདག་མདུན་དབང་གི་ཐུགས་ཀ་རུ༔ ཡེ་ཤེས་ལྔ་ཡི་འོད་ཁྱིམ་དུ༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཨཱཾཿལས་སྣང་མཐའ་ཡས་པ་དཀར༔ པདྨ་དམར་པོ་ཚེ་བུམ་འཛིན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ རྒྱན་རྫོགས་འོད་ཟེར་འབར་བ་ཡི༔ ཐུགས་ཀར་ཉི་ཟླའི་གྭ་འུ་ལ༔ ཚེ་རྟེན་ཐིག་ལེ་དམར་གསལ་འབར༔ སྣོད་ནི་ཚེ་ཡི་གཞལ་ཡས་ཁང༔ བཅུད་ནི་ཨཱཾཿཔཱཾཿཚེ་དཔག་མེད༔ འོད་ཟེར་སྟོང་ཁམས་ཁྱབ་པ་ཡིས༔ འཁོར་འདས་ཚེ་ཡི་དྭངས་བཅུད་བསྡུས༔ ཐིམ་པས་བཀྲག་མདངས་ཚེ་ཉམས་འཕེལ༔ ཞེས་གསལ་བཏབ་ལ། བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་བཟླས་པའི་མཐར་མདའ་དར་གཡབ་ལ། ཧྲཱི༔ ནུབ་ཕྱོགས་པདྨ་དབང་གི་གཞལ་ཡས་ནས༔ བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད༔ སེམས་དཔའ་སེམས་མ་སྒོ་མར་བཅས་རྣམས་ཀྱིས༔ ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག༔ ཨོཾ་ནྲྀ་བྷྲཱུྃ་ཧཱུྃ་ཨཱ་ཡུ་ཥེ་ཛཿཛཿཧཱུྃ་ཨཱ༔ ཞེས་བརྗོད་ལ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བདག་དང་སྒྲུབ་རྫས་ལ་བསྟིམ། དེ་ནས་བཟླས་པའི་རྗེས་རིམ་གཞི་བསྟོད། ཨེ་མ་རང་སྣང་སོགས་ཤློ་ཀ་ལྔ་ཙམ་བྱ། ཡེ་ནས་གཉིས་མེད་སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་ལ། བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། ཧཱུྃ་ཞེས་ཡེ་ཤེས་འཁོར་ལོ་རང་ལ་བསྡུས་པས་གསལ་བརྟན་འབར་བར་མོས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་དབང་བསྐུར་བ་ལ་གསུམ། འཇུག་པ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ཕྱི་ནང་གཉིས་ལས་ཕྱི་འཇུག་གི་ཐོག་མར་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གསང་སྔགས་བླ་ན་མེད་པའི་ཐེག་པ་ཕྱིས་འབྱུང་བར་ལུང་དུ་བསྟན་པ་བཞིན། ཐུབ་དབང་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེ་མོར་གསང་བའི་བདག་པོ་དངོས་སུ་བྱོན་ནས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་སྔགས་ཀྱི་ཆོས་འཁོར་བསྐོར་པའི་བྱིན་རླབས་ཀྱིས། ས་ཧོ་རའི་ཡུལ་དུ་སྐལ་ལྡན་རྒྱལ་པོ་ཛཿལ་རྒྱུད་ལུང་གི་གླེགས་བམ་རྣམས་དངོས་སུ་བབས་ཏེ་གསང་བའི་བདག་པོས་ཞལ་བསྟན་ནས་བྱིན་གྱིས་བརླབས། ཨ་ནུ་ལུང་གི་མདོ་བཞི་ལ་སོགས་ལ་བརྟེན་པའི་དབང་གི་ཆུ་བོ་རྣམས་རང་གི་སྲས་ཨིནྡྲ་བོ་དྷི་ལ་གནང་། དེ་ནས་ཀུ་ཀུ་རཱ་ཛ་ཕྱི་མ་དང་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་སོགས་ལས་བརྒྱུད་དེ་འཕགས་ཡུལ་གྱི་གྲུབ་བརྙེས་རྣམས་ལ་བཀའ་རིམ་པར་བབས། བོད་དུ་བསྟན་པ་སྔ་དར་གྱི་སྐབས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་བལ་བྲུ་ཤའི་སློབ་དཔོན་རྣམ་པ་བཞི་ལས་རྩ་བ་ཡན་ལག་དང་བཅས་པའི་དབང་དང་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པ་གསན་ཏེ་རྒྱ་ཆེར་སྤེལ། གཏེར་གྱི་ཕྱོགས་སུ་སྔོན་ཆད་དམིགས་སུ་བསལ་བ་མ་བྱོན་ཀྱང་ཕྱིས་འདིར་གདུལ་བའི་དུས་སུ་སོན་ཅིང་རྒྱལ་བའི་ཐུགས་རྗེ་ལ་རྒྱུན་ཆད་མ་མཆིས་པས་ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་ཡང་སྲིད། རྒྱུད་ལུང་མན་ངག་དང་བཅས་པའི་ཟབ་གཏེར་ཤིང་རྟའི་སྲོལ་འབྱེད་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་གི་བྲག་རི་རིན་ཆེན་བརྩེགས་པ་ནས་ཆོས་རྒྱལ་ཡབ་སྲས་ཀྱི་བླ་དཔེ་མཁའ་འགྲོ་གསང་བའི་གླེགས་བམ་སྤྱན་དྲངས་པ་ལས། མདོ་ལུང་ཆེན་མོ་རྣམ་པ་དྲུག་ལ་མ་བུ་བཅོ་བརྒྱད་དུ་དབྱེ་བའི་ནང་ཚན་ཉེར་མཁོའི་སྙིང་པོ་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་རྣམ་དྲུག་གཏན་ལ་ཕབ་པར་མཛད་པ་ལས། འདིར་ལུང་རྩ་བའི་སྙིང་པོ་རྡོ་རྗེ་བཀོད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་དབང་བསྐུར་བ་གཉིས་སུ་མཆིས་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲེ་བཅས། ཨོཾ་ཙཀྵུརྦནྡྷ་བཱ་ར་མཱ་ན་ཡ་སྭཱ་ཧཱ། ཞེས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཐོག་མར་རྩ་རྒྱུད་ལས། སྣོད་དུ་གྱུར་པ་ཀུན་བསྡུས་ནས། །བྱང་ཆུབ་མཆོག་གི་སེམས་བསྐྱེད་དེ། །ཞེས་གསུངས་པ་ལྟར་སེམས་བསྐྱེད་པར་བྱ་བ་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །སོགས་སྟ་གོན་སྐབས་ལྟར་ལན་གསུམ། གཉིས་པ་སེམས་ལྔ་ཟུང་འཇུག་ཡེ་ཤེས་ལྔར་ལ་ཟླ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མའོ་ངོ་མཚར་རྨད་ཀྱི་སོགས་ཨེ་མ་ཚར་ལྔ་ལན་གསུམ། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མའོ་བདེ་མཆོག་དགའ་ཚལ་འདིར། །བདག་ཅག་ཀུན་ཏུ་འཇུག་འཚལ་ན། །དགའ་བ་བྱང་ཆུབ་སེམས་བསྐྱེད་ནས། །གསང་བའི་དོན་འདི་སྤྱད་པར་བགྱི། །ལན་གསུམ། འདུན་པ་དྲི་བ་ནི། ཁྱེད་ནི་དགའ་དད་ཅི་ལ་མོས། ཁྱེད་ནི་འདོད་པ་ཇི་ལྟ་བུ། །ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདག་ནི་སྐལ་ལྡན་བདེ་ཆེན་དགའ། །མཆོག་ལ་དད་ཅིང་འགྲོ་སྒྲོལ་མོས། །དེ་ནས་སྒོ་ཕྱེ་ནས་ཞལ་བལྟ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། བདེ་ཆེན་ལྷུན་གྲུབ་གཞལ་ཡས་འདིར། །རྣམ་པར་ཐར་པའི་སྒོ་བཞི་ནས། །ཚད་མེད་ཐུགས་རྗེའི་སྒོ་ཕྱེ་ནས། །བྱམས་པའི་ཞལ་བཟང་བསྟན་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དཔལ་ཆེན་པོའི་ཞལ་འཛུམ་པའི་མདངས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེས་པའི་མོས་པ་མཛོད། ཨེ་མའོ་སྐལ་ལྡན་འདུས་པའི་ཚོགས། །འཁོར་བའི་ལམ་སྒོ་ཀུན་བཅད་དེ། །བྱང་ཆུབ་ལམ་ལ་གཟུད་པའི་ཕྱིར། །རྡོ་རྗེ་གསང་སྒོ་དབྱེ་བར་བྱ། །ཞེས་བརྗོད་ཅིང་། ཡོལ་བ་བསལ་ནས། ལས་ཀྱི་རྡོ་རྗེའི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་བཞིའི་འཇུག་པས་སྒོ་བཞི་ནས་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱིས་ལག་གི་རྡོ་རྗེ་ཕྱེད་གཏད་དེ། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དད་པའི་ཡིད་ཀྱིས་ཞུགས་བྱས་ཏེ། །བྱིན་རླབས་དམ་པ་གཏད་པར་བྱ། །ཞེས་དྲངས་ཏེ་ཤར་སྒོར་བཞག་པར་མོས་ཤིག །དེ་ནས་ཚེ་སྦ་ཞིང་བགེགས་བསྐྲད་པ་ལ་དམིགས་པ་འདི་བཞིན་མཛོད། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཧཱུྃ་གི་སོགས་ནས། བར་ཆད་བསལ། ལུས་ཀུན་རྡོ་རྗེའི་གོ་ཆས་གཏམས། །བར་གོང་བཞིན། དེ་ནས་སྡིག་སྒྲིབ་སྦྱོང་ཞིང་རྒྱུད་དྲུག་གི་སྒོ་དགག་པ་ལ་དམིགས་པ་འདི་ལྟར་མཛོད། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། སོགས་ནས། ཁཾ་བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊཿཀྱི་བར་དང་། སློབ་དཔོན་ཕྱག་སོར་གཡས་གཡོན་གཉིས། །ཉི་ཟླར་རིགས་ལྔའི་ས་བོན་གསལ། །འོད་ཀྱིས་ཀུན་གྱི་སྙིང་ནང་གི །རིགས་དྲུག་ས་བོན་བག་ཆགས་བསྲེགས། །སེམས་རྟོག་ལུས་ངག་ཡིད་གསུམ་སྦྱངས། །སེམས་ཉིད་ཐིག་ལེ་གསེར་ཞུན་ལྟར། །དཀྱིལ་འཁོར་བདག་པོས་ཧཱུྃ་བརྗོད་པས། །རིགས་ལྔ་འདུས་པའི་སྲས་མཆོག་ནི། །རྡོ་རྗེ་སེམས་དཔའི་སྐུ་རུ་སད། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གྱིས། །རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །སྤྱི་བོར་ཧཾ་བཀོད་ཞུ་བའི་འོད། །རྡོ་རྗེ་རྡུལ་གྱིས་ལུས་ཁྱབ་གཏམས། །བཛྲ་ཀཱ་བཱ་ཙི་རཀྵ་ཧཾ། ཞེས་ཁུ་ཚུར་མདུད་པས་གོ་བགོ །ཁྱེད་རང་རྣམས་ཤར་སྒོར་གནས་པས་བླ་མ་ཉིད་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བའི་བདག་ཉིད་དུ་བཞུགས་པ་ལ་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་བླ་མའི་ཞབས་ལ་སྤྱི་བོས་གཏུགས། དམ་ཚིག་སྦྱིན་པ་ནི། སློབ་བུའི་གནས་གསུམ་ཨོཾ་ཨཱཿཧཱུྃ། །བདུད་རྩིའི་ནང་དུ་འབྲུ་གསུམ་གསལ། །ཨོཾ་བཛྲ་ཨ་མྲྀཏ་ཨ་ཧི་ཧཾ་སརྦ་མ་ན་ཧཱུྃ་ཧྲཱིཿཋཱ། ཞེས་བཟླ། དུག་ལྔ་རྣམ་དག་བདུད་རྩིའི་སྟེང་། །འབྲུ་གསུམ་བསྟིམས་པས་གནས་གསུམ་ལས། །འོད་འཕྲོས་རྒྱལ་ཀུན་གསང་གསུམ་གྱི། །བྱིན་རླབས་བསྡུས་ཏེ་ཐིམ་པ་ཡིས། །རྡོ་རྗེའི་དམ་ཚིག་གསུམ་ཐོབ་གྱུར། །བདུད་རྩི་ལན་གསུམ་སྦྱིན་ལ། མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་ཕྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན་འཇིག་པའི་དུས་མེད་དོ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་རེག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཆུ་ནན་བྱ་བ་ནི། འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ བདུད་རྩི་ཧཱུྃ་ཡིག་རེ་གྱུར་ནས༔ སྙིང་གི་དཀྱིལ་དུ་ཐིམ་པ་ལས༔ ཤེས་པ་ཧཱུྃ་དུ་གྱུར་པར་མོས༔ རྡོ་རྗེའི་ཡལ་གམ་བཅས་པ་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེ་ནས་ནང་འཇུག་གི་ཐོག་མར་ལྷག་པའི་ལྷ་ངོས་གཟུང་བའི་ཕྱིར་མེ་ཏོག་དོར་བ་ནི། སྔོན་ནས་ལས་འབྲེལ་ཡོད་པའི་རིགས་ཀྱི་ལྷ་ལ་འབབ་པར་ཤོག་སྙམ་པས་འདིའི་རྗེས་ཟློས། སྔོན་ཚེ་གོང་ནས་འབྲེལ་པ་ཡི༔ བདག་གི་ཉེ་གནས་གང་ལགས་པ༔ ལས་འཕྲོ་དང་ནི་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་འབབ་པར་ཤོག༔ ཨོཾ་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་བས་གང་ལ་བབས་པའི་ལྷ་དེའམ། སྤྱི་ཙམ་དུ་འཁོར་ལོའི་དབང་ཕྱུག་གི་དབུ་ལ་བབས་ཏེ་བཞེས་པར་བསམ་མོ། །དེ་ལྟར་ངེས་པ་དེས་རྒྱུད་བྱིན་གྱིས་རློབ་པའི་ཕྱིར་ལྷ་དབབ་པ་ནི། ལུས་གནད་མི་གཡོ་བར་འཆིང་། ངག་གནད་རླུང་རང་བབས་སུ་གཟུང་། སེམས་ཀྱི་གནད་མེ་ཏོག་གཙོ་བོས་བཞེས་པའི་དབང་དུ་བྱས་ཏེ། ཁྱེད་རང་རྣམས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ཞབས་གཡས་བརྐྱང་གིས་བཞེངས་པའི་སྙིང་གར་སྔར་ཆུ་ནན་བྱས་པའི་ཆུ་དང་གཉིས་སུ་མེད་པའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཉིད་ཧཱུྃ་ཡིག་འབར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རང་བཞིན་གྱི་དབྱིངས་ན་བཞུགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་འབར་བ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་ཧཱུྃ་ཡིག་གི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་བབས་པ་བ་སྤུའི་བུ་ག་ནས་ཞུགས། སྙིང་གའི་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པའི་རྐྱེན་གྱིས། དེ་ཉིད་ལས་འཕྲོས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ལུས་ནང་ཐམས་ཅད་མེར་ཁྲིག་གིས་གང་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བ་ལ་སེམས་རྩེ་གཅིག་ཞོག་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨཱ། ཞེས་རོལ་མོ་དང་ཁྱད་པར་གྱི་རྫས་བསྲེགས་ལ་དབབ། རང་གི་རིགས་སུ་ངེས་པའི་སློབ་མ་འདི་ལ་བརྟན་པར་བཞུགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་ལྷ་གཏད་པར་མོས་ལ་སྔར་ཕུལ་བའི་མེ་ཏོག་མགོར་བཞག་ལ། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ དེ་ནས་དཀྱིལ་འཁོར་མཐོང་དུ་འཇུག་ཕྱིར་མིག་དབྱེ་བ་ནི། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བལྟ་བར་གྱིས། །སྔགས་དང་ཕྱག་རྒྱའི་རིགས་སུ་འཁྲུངས། ཁྱོད་ནི་ཐེག་ཆེན་འདི་ལྟ་བུ། །གསང་བ་བསྟན་པའི་སྣོད་དུ་རུང་། །ཐོབ་པ་མཉམ་མེད་དེ་རིང་ཐོབ། །རྙེད་པ་མཉམ་མེད་དེ་རིང་རྙེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་འགྱུར་བར་བྱེད། །བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བཀྲོལ་ཅིང་མིག་ཕྱེས་པས། མ་རིག་པའི་ལིང་ཏོག་སངས་ནས་དག་པ་ཡེ་ཤེས་ཀྱི་མིག་ཐོབ་པར་མོས། ཨོཾ་གྱིས་རང་བཞིན་ལྷུན་གྱིས་གྲུབ། །མཱུཾ་གྱིས་སྟོང་པ་ཡེ་ཇི་བཞིན། །ཧཱུྃ་གིས་བྱང་ཆུབ་སེམས་སུ་ཞུགས། །ཧཾ་གིས་མཐོང་བ་དག་པ་འོ། །ཨོཾ་མཱུཾ་ཧཱུྃ་ཧཾ། མཐོང་བ་ཡོངས་སུ་དག་སྟེ་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་འདུས་པ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཐོང་བར་གྱུར་པར་མོས་ཤིག །རྡོ་རྗེའི་མིང་བཏགས་ལ། ཁྱོད་ནི་རྡོ་རྗེ་མྱུ་གུ་རྩལ། །རྒྱལ་བའི་སྲས་པོ་གདུང་རྒྱུད་འཛིན། །གསང་བ་མཆོག་གི་མིང་སྦྱིན་གྱིས། །ཞིང་ཁམས་ཀུན་ཏུ་བདེ་བར་སྤྱོད། །དེས་ནི་སངས་རྒྱས་ཞིང་དུ་འགྱུར།། ཞེས་ལུང་བསྟན། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ། རྩ་རྒྱུད་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་གསུངས་པ་ལྟར་བསྒྲུབ་པའི་ཐོག་མར། ཕྱི་འཁོར་སྐྱོང་བའི་རྒྱལ་པོར་དབང་བསྐུར་བ་ཕྱི་དབང་རྒྱུད་ཀྱི་ཆུ་བོའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་སྟེང་ཞལ་ལས་རྟ་སྐད་ཀྱི་སྒྲ་བསྒྲགས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས། རང་གི་གནས་གསུམ་དུ་ཐིམ་པས་དབང་བསྐུར་བའི་ནུས་པ་ཆེས་ཆེར་འབར་བར་བྱས། སླར་ཡང་བརྒྱུད་པའི་བླ་མ་ཐམས་ཅད་བྱིན་འཐིབ་ཀྱིས་བྱོན་ནས་སྤྱི་བོར་འོད་ཕུང་དུ་འཁྱིལ་ལེ་བཞུགས་པ་ལས་འོད་ཟེར་འཕྲོས། སློབ་བུ་རྣམས་ལ་རེག་པས་སྐལ་པ་ངན་པའི་དྲི་མ་ཐམས་ཅད་སྦྱངས་ཏེ་སྣོད་དག་པར་བསྒྲུབས་པའི་མོས་པ་མཛོད། དེ་ནས་བླ་མ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་མོས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། སངས་རྒྱས་རྡོ་རྗེ་འཛིན་པ་ལ༔ ས་མཐའི་སེམས་དཔའ་ཆེན་པོ་ཡིས༔ ཇི་ལྟར་མཆོད་ཅིང་ཞུས་པ་ལྟར༔ དེ་ལྟར་བདག་ལ་རྡོ་རྗེ་ཡི༔ དབང་རྣམས་རིམ་པར་བསྩལ་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་བྱིན་པ་ནི། སངས་རྒྱས་དག་ནི་ཐམས་ཅད་ཀྱི༔ གསང་བ་རྡོ་རྗེ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ དབང་བསྐུར་གནང་བ་ཆེན་པོ་སྦྱིན༔ ཞེས་བརྗོད། བླ་མས་དཀྱིལ་འཁོར་གྱི་ཕྱོགས་སུ་བཏུད་ཅིང་ཐལ་མོ་སྦྱར་ལ། རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན༔ འདུས་པ་ཆེན་པོའི་དཀྱིལ་འཁོར་དུ༔ དང་བའི་ཡིད་ཀྱིས་ཞུགས་ནས་ཀྱང༔ བྱིན་རླབས་དབང་མཆོག་ནོད་པར་མཛོད༔ ཅེས་ལན་གསུམ་གསོལ་བ་བཏབ་པས། ཁྱོད་ཀྱིས་སློབ་མ་རྣམས་ལ་དབང་ཅི་དགའ་བར་སྐུར་ཅིག་ཅེས་གནང་བ་བསྩལ་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་ཧཱུྃ་རེ་མཆེད། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་མ་དག་པའི་སྣང་བ་སྦྱངས་ཏེ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ཤར་སྒོར་དབང་སྟེགས་པདྨའི་སྟན་ལ་འཁོད་པར་མོས། རྡོ་རྗེ་རྩེ་ལྔའི་རྒྱ་སྙིང་གར་གཏུགས་ལ། ཨོཾ་བཛྲ་སཏྭ་ཨཱཿ གསལ་ཞིང་བརྟན་པར་གྱུར་པ་ལ་དཀྱིལ་འཁོར་པ་ལས་སྤྲོས་པ་དང་ནམ་མཁའི་དབང་ལྷ་རྣམས་ཀྱིས་དབང་རྣམས་རིམ་པར་བསྐུར་བའི་འདུན་པ་མཛད་འཚལ། ལྷ་སྐུ་ཕྱག་རྒྱ་རིགས་ལྔར་གསལ་བ་སློབ་མའི་གནས་ལྔར་ཐིམ་པས་ཕུང་པོ་ལྔ་རིགས་ལྔའི་སྐུར་དག་པར་མོས་ལ། ཧཱུྃ༔ ཀུན་གྱིས་འདའ་བར་དཀའ་བ་ཡི༔ ཚིག་བཙན་ཡུལ་ལ་དབང་བསྒྱུར་བ༔ རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང༔ སྐུ་ལྔ་ཡོངས་སུ་རྫོགས་པར་གྱུར༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱཿཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་རིགས་ལྔའི་ངོ་བོ་ལག་གཡས་སུ་གཏད་པ་སྙིང་གའི་རྩ་ཆེན་བཞི་ལ་ཐིམ་པས་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་མོས་ལ། རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང༔ རྟགས་ཀྱི་མཚན་མ་ཆེན་པོ་ནི༔ སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ༔ དམ་ཚིག་ཕྱག་རྒྱས་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ གཟུངས་ཀྱི་ཕྱག་རྒྱ་ལག་གཡོན་པར་གཏད་པ་དབུ་མའི་ཐིག་ལེ་ལ་ཐིམ་པས་ཁམས་ལྔ་དབྱིངས་སུ་དག་སྟེ་འོད་གསལ་རྣམ་པར་མི་རྟོག་པའི་ཤེས་རབ་མཐར་ཕྱིན་པར་མོས་ལ། རིག་མའི་ཙཀླིའམ་དྲིལ་བུ་གཏད་དེ། ཤེས་རབ་གཟུངས་ཀྱི་དབང་མཆོག་ནི༔ དོན་དང་ལྡན་པར་གྱུར་པ་ཡི༔ མཐའ་གཉིས་དག་ཏུ་མི་གཏོང་བའི༔ གཟུངས་མའི་རྒྱལ་མོ་ཆེན་པོ་ཡིན༔ གཉིས་མེད་ཡོངས་སུ་རྫོགས་པ་ན༔ ཐམས་ཅད་བདེ་བ་ཆེན་པོའི་ངང༔ བྱང་ཆུབ་སེམས་དང་དོན་དུ་འབྲེལ༔ ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན༔ ཨོཾ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་གཞལ་ཡས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དཀྱིལ་འཁོར་པ་ཡོངས་སུ་རྫོགས་པར་གསལ་བ་དབང་ལྷ་རྣམས་ཀྱིས་ཐོགས་ཏེ་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བ་ལས། བུམ་ནང་གི་ལྷ་ཚོགས་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་མེར་གྱིས་ཁེངས། རྩ་གནས་ཀྱི་ཐིག་ལེ་རྣམས་ཡེ་ཤེས་སུ་དག །ངག་རླུང་གི་གཡོ་རྩོལ་བྲལ། སེམས་བདེ་བ་ཆེན་པོར་ཐིམ། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཐིམ་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ༔ དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི༔ དབང་མཆོག་དེ་ཡང་སྦྱིན་པར་བྱ༔ ཨོཾ་བཛྲ་ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ བུདྡྷ་ཀ་ལ་ཤཿཨ་བྷི་ཥིཉྩ་ཨོཾ༔ རཏྣ་ཀ་ལ་ཤཿཨ་བྷི་ཥིཉྩ་སྭཱ༔ པདྨ་ཀ་ལ་ཤཿཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱ༔ བུམ་ཆུ་མགོ་བོའི་གནས་ལྔར་གཏིག་ཅིང་བླུད་དོ། །མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་གཏད་པས་གསང་བའི་བསྟན་པ་འཕེལ་ཞིང་ཡུན་དུ་བཙན་པས་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། ཧཱུྃ༔ གསང་བའི་བསྟན་པ་རྒྱས་ནས་ནི༔ ཡུན་རིང་གནས་པར་འགྱུར་བ་ཡི༔ བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང༔ གནང་བ་ཆེན་པོ་སྦྱིན་པར་བྱ༔ ཨོཾ་མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ལག་ཏུ་གཏད་པས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། དོན་རྣམས་གྲུབ་པར་འགྱུར་བ་ཡི༔ འདོད་དགུའི་རེ་སྐོང་རིན་པོ་ཆེ༔ རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས༔ རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ༔ ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བྷྲཱུྃ་ལས་བྱུང་བའི་གདན་ཁྲི་བཀོད་པ་ཕུན་སུམ་ཚོགས་པ་འོག་ཏུ་བཏིང་བས་བླ་ན་མེད་པའི་གོ་འཕང་ལ་དབང་སྒྱུར་བའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། གདན་ཁྲི་ལྔ་ཐོགས་ཏེ། རིན་ཆེན་པདྨ་སེང་གེའི་ཁྲི༔ བླ་མར་གྱུར་པའི་གདན་མཆོག་སྟེ༔ ཁྱད་པར་ཆེན་པོར་གྱུར་པའི་དབང༔ ཁྲི་ཆེན་དག་ལ་གཞག་པར་བྱ༔ ཨཱ་ས་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ་ལས་བྱུང་བའི་རྒྱན་ཆ་རྣམས་བསྐོན་པས་འབྲས་བུའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། རྒྱན་ཆས་ཐོགས་ཏེ། དར་གྱི་ཅོད་པན་མེ་ཏོག་ཕྲེང་བ་སོགས༔ དབང་མཆོག་བརྗིད་པའི་རྒྱན་གྱིས་བཀླུབས༔ དབུ་རྒྱན་དོ་ཤལ་སེ་མོ་དོ༔ དཔུང་རྒྱན་རྐང་གདུབ་ལག་གདུབ་རྣམས༔ དབང་ཐོབ་རྒྱལ་པོ་དེ་ལ་སྦྱིན༔ རཏྣ་ཨཱ་ལངྐ་རཿཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་མིང་སློབ་དཔོན་དང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཏགས་པར་བསམ་ལ། ལག་གཡས་སྐྱབས་སྦྱིན་གྱིས་རྡོ་རྗེ་ཐོགས་ཏེ། རིགས་ཀྱི་དབང་ཕྱུག་ལ་སོགས་པའི༔ མཁའ་གང་དབང་གི་ལྷ་ཚོགས་ཀྱིས༔ དབང་ཐོབ་མཛེས་པས་བརྗིད་པའི་རྒྱལ་པོ་དེ༔ དབང་ཕྱུག་ཡིན་པས་དེ་ལ་གུས་ཕྱག་འཚལ༔ རྡོ་རྗེ་དབང་ཕྱུག་ལ་སོགས་མིང་དམ་པ༔ ཀུན་གྱིས་སྒྲ་ཆེར་འབོད་ཅིང་བསྒྲག་པར་བྱ༔ རྡོ་རྗེ་དབང་ཕྱུག་སོགས་དབང་ཕྱུག་མཐའ་ཅན་གྱི་མིང་གདགས། བྷྲཱུྃ་ལས་བྱུང་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལག་ཏུ་བྱིན་པས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཀྱིས་འགྲོ་བ་འདུལ་བའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ། འཁོར་ལོ་གཏད་དེ། གསེར་གྱི་འཁོར་ལོ་རྩིབས་ཁྱུད་ལྡན་པ་ཞིག༔ རྒྱལ་པོ་དེ་ཡི་ལག་ཏུ་བསྐུར་ནས་ནི༔ འཇིག་རྟེན་ཀུན་ལ་ཁ་ལོ་སྒྱུར་བ་ཡི༔ དབང་མཆོག་རྒྱལ་པོ་དེ་ཡང་སྦྱིན་པར་བྱ༔ ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ཕན་པའི་དབང་བཅུ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་རགས་པ་འཁྲུད། རྣལ་འབྱོར་ཕྱི་པ་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ།། ༈ །།གཉིས་པ་ནང་དབང་འབྱུང་བའི་ཆུ་བོའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སྒྲིབ་པའི་དྲི་མ་ཕྲལ་ནས་དོན་ལ་ངེས་པར་འཇུག་པའི་གསང་སྒོ་ཕྱེས། ལས་ཀྱི་རྡོ་རྗེའི་ཕྱག་གིས་དྲངས་ཏེ་གཙོ་བོའི་མདུན་ཕྱོགས་ཀྱི་ཁྱམས་ནང་མར་སེང་ཁྲི་པདྨའི་གདན་ལ་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པར་མོས་ཤིག །སློབ་བུའི་རྣ་བའི་ཉན་བྱེད་ཀྱི་ཐིག་ལེ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་གསལ་བ་ལས་འོད་འཕྲོས། དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐིམ་པས། ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར་པས་ཉན་དབང་ཐོབ་པར་བསམ་ལ། ཏྲཱཾ་ལས་བྱུང་བའི་རིན་འབྱུང་གི་ངོ་བོ་རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་རྣམ་གསུམ་གྱི༔ གསང་བའི་དོན་ལ་ཉན་ཞིང་སློབ་པའི་དབང༔ དབང་ཐོབ་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ བདུད་རྩིའི་ཆུ་འདིས་རྣ་བའི་གསང་སྒོ་དབྱེ༔ སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧོ༔ སློབ་བུའི་ལག་མཐིལ་སྐྱོད་བྱེད་ཀྱི་ཐིག་ལེ་ཧཱཾ་ལས་དོན་གྲུབ་ཡབ་ཡུམ་དུ་གསལ་བ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས། འགྲོ་བ་འདུལ་བའི་ཕྲིན་ལས་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་དོན་ཡོད་གྲུབ་པའི་སྐུར་གྱུར་པས་ཕྲིན་ལས་ཀྱི་དབང་ཐོབ་པར་བསམ་ལ། ཧཱཾ་ལས་བྱུང་བའི་དོན་གྲུབ་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེ་གཏད་དེ། ཧཱཾ༔ ཁྱོད་ཀྱིས་འགྲོ་བའི་དོན་བྱེད་ནུས་པས་ན༔ ལས་རྣམས་རྒྱ་མཚོ་ཐམས་ཅད་འགྲུབ་པའི་རྟགས༔ རྡོ་རྗེ་རྒྱ་གྲམ་ཞི་སོགས་རྣམ་བཞིའི་རྫས༔ བུ་མཆོག་ཁྱོད་ལ་ཐབས་ཀྱིས་སྦྱིན་པར་བྱ༔ ཀརྨ་བི་ཤྭ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་བུའི་ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་ཧྲཱིཿལས་སྣང་བ་མཐའ་ཡས་ཡབ་ཡུམ་དུ་གསལ་བ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས། ཆོས་འཆད་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་པས་འཆད་པའི་དབང་ཐོབ་པར་བསམ་ལ། ཧྲཱིཿལས་བྱུང་བའི་སྣང་མཐའི་ངོ་བོ་འཁོར་ལོ་གཏད་དེ། ཧྲཱི༔ གཞན་གྱི་རེ་འདོད་སྐོང་བའི་བུ་མཆོག་དེ༔ རྒྱལ་པོ་རྒྱལ་རིགས་རྒྱུད་དུ་བྱུང་བ་བཞིན༔ རྒྱལ་ཚབ་ཆོས་ཀྱི་རྒྱུད་དུ་འབྱུང་བས་ན༔ ཏནྟྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན༔ དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མའི་མགོ་བོར་ཨོཾ་ལས་རྣམ་སྣང་ཡབ་ཡུམ། ལག་གཡས་ཧཱུྃ་ལས་མི་བསྐྱོད་ཡབ་ཡུམ། ལག་གཡོན་སྭཱ་ལས་རིན་འབྱུང་ཡབ་ཡུམ། རྐང་གཡོན་ཨཱཾ་ལས་སྣང་མཐའ་ཡབ་ཡུམ། རྐང་གཡས་ཧཱ་ལས་དོན་གྲུབ་ཡབ་ཡུམ་རྣམས་གསལ་བ་ལས་འོད་འཕྲོས། བདེ་གཤེགས་རིགས་ལྔ་སོ་སོའི་བྱིན་རླབས་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས། དོན་གཉིས་ཕུན་སུམ་ཚོགས་པ་སྤྱོད་ཅིང་སྒྲུབ་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་པས། རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་ལ་སྤྱོད་པའི་དབང་ཐོབ་པར་བསམ་ལ། ཨོཾ་དང་ཨ་ལས་བྱུང་བ་ཀུན་བཟང་ཡབ་ཡུམ་གྱི་ངོ་བོ་རྡོ་རྗེ་རྩེ་དགུ་པ་དང་དྲིལ་བུ་གཏད་དེ། ཨོཾ༔ ཁྱོད་ཀྱིས་སློབ་མའི་ཚོགས་རྣམས་སློབ་ནུས་པས༔ བསྟན་པ་སྒྲོན་མེའི་སར་གནས་བྱ་བའི་ཕྱིར༔ རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི༔ ཐེག་ཆེན་དགུ་ཡི་རྟགས་དང་བཅས་ཏེ་སྦྱིན༔ བཛྲ་ཨཱ་ཙརྻ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྒྱལ་པོའི་དབང་ཐོབ་པས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ས་ནོན་པའི་རྟགས་སུ་ཟིལ་གནོན་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་འོག་ཏུ་བཏིང་བར་བསམ་ལ། གདན་ཁྲི་ཐོགས་ཏེ། ཧཱུྃ༔ ཁྱོད་ནི་བླ་མེད་རྒྱལ་པོར་གྱུར་པས་ན༔ ས་རྣམས་ནོན་པའི་དབང་མཆོག་གདན་ཁྲིའི་དབང༔ ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས༔ ཁྱུ་མཆོག་སེངྒེ་མ་ཧེ་གཟིག་དང་སྟག༔ གཏུམ་པོ་དོམ་གྱིས་འཕགས་ཏེ་སྦྱིན་པར་བྱ༔ བཛྲ་རཀྴ་ཡཀྴ་རཏྣ་སཱུརྻ་ཙནྡྲ་ཨཱ་ས་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐུན་མོང་མ་ཡིན་པའི་རིན་ཆེན་རྣམ་བདུན་རྡོ་རྗེ་སེམས་དཔའ་སོགས་ལྷ་སོ་སོའི་ངོ་བོ་གྱུར་པ་ལག་ཏུ་གཏད་པས་གསང་བ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བའི་ནུས་པ་ཐོབ་པར་བསམ་ལ། ཧཱུྃ༔ རྒྱལ་པོ་ཡིན་པའི་རྟགས་ནི་རྣམ་པ་བདུན༔ སྐྱེ་ལ་དབང་བསྒྱུར་རྒྱལ་པོ་མཉེས་པའི་གཟུངས༔ ཕ་རོལ་འཇོམས་པ་སྲིད་ཐུབ་འཛིན་པ་དང༔ བདག་གཞན་དོན་སྒྲུབ་རྫུ་འཕྲུལ་རྐང་པར་ལྡན༔ དགོས་འདོད་ཡིད་བཞིན་སྐོང་བའི་རིན་པོ་ཆེ༔ རྒྱལ་པོ་ཁྱོད་ལ་ཐབས་ཀྱིས་སྦྱིན་པར་བྱ༔ བཛྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་རྣམས་ལག་ཏུ་གཏད་དོ། །དེ་ནས་རྩ་རྒྱུད་ལས། དེ་ནི་རྒྱལ་བའི་སྲས་པོ་ཡིན་པས་ན༔ ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ༔ ཞེས་གསུངས་པའི་དོན་ཕན་པ་ལྷའི་དབང་དང་། བྱིན་པ་སློབ་དཔོན་གྱི་དབང་གཉིས་བསྐུར་བ་ཡིན་པས་དམིགས་འདུན་འདི་ལྟར་མཛོད། ཁྱེད་རང་རྣམས་རིགས་དྲུག་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གསལ་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ལས་ལྷ་དེ་དང་དེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་སྤྱི་བོ་ནས་སོ་སོའི་རྟོག་པ་ལ་ཐིམ་པས། རྟོག་ཚོགས་ཞེ་གཉིས་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གྲོལ་བའི་ནུས་པ་ཐོབ་པའི་རྟགས་སུ་གཞི་ལུས་ཀྱི་གནས་སོ་སོར་ལྷ་དེ་དང་དེ་ལུས་དཀྱིལ་གྱི་རྣམ་པར་བཀྲ་ལམ་གྱིས་གྲུབ་པའི་མོས་པ་མཛོད། ཙཀླི་རྣམས་རིམ་པར་ཐོགས་ལ། ཨེ་མ་ཧོ་ཀུན་བཟང་རྡོ་རྗེ་ཡིད༔ རིག་པ་ཚུལ་སྣང་སངས་རྒྱས་པས༔ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ༔ ཀུན་ཏུ་བཟང་པོའི་དབང་མཆོག་སྦྱིན༔ ཕྱི་ཡི་ཡུལ་སྣང་སངས་རྒྱས་པས༔ སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས༔ ཐབས་དང་ཤེས་རབ་འབྲེལ་བའི་ཡུམ༔ ཀུན་ཏུ་བཟང་མོའི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕུང་པོ་ལྔ་པོ་སངས་རྒྱས་པས༔ སྐུ་ལྔའི་རིགས་སུ་ལྷུན་གྱིས་གྲུབ༔ སངས་རྒྱས་ཀུན་གྱི་སྐུ་ལྔ་འཆང༔ རྒྱལ་བ་རིགས་ལྔའི་དབང་མཆོག་སྦྱིན༔ ཁམས་ལྔ་རང་བཞིན་སངས་རྒྱས་པ༔ རིགས་ལྔ་སངས་རྒྱས་ཀུན་གྱི་ཡུམ༔ རིགས་ཀྱི་ཡུམ་ལྔའི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་ཤེས་བཞི་པོ་སངས་རྒྱས་པ༔ སེམས་དཔའ་བཞི་ཡི་དབང་མཆོག་སྦྱིན༔ ཡུལ་སྣང་བཞི་པོ་སངས་རྒྱས་པ༔ སེམས་མ་བཞི་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དབང་པོ་བཞི་ནི་སངས་རྒྱས་པ༔ སེམས་དཔའ་བཞི་ཡི་དབང་མཆོག་སྦྱིན༔ དུས་བཞིའི་རྟོག་པ་སངས་རྒྱས་པ༔ སེམས་མ་བཞི་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཕྱིན་ཅི་ལོག་བཞི་སངས་རྒྱས་པ༔ ཁྲོ་བོ་བཞི་ཡི་དབང་མཆོག་སྦྱིན༔ མཐའ་བཞིའི་རྟོག་པ་སངས་རྒྱས་པ༔ ཁྲོ་མོ་བཞི་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཡིད་ཆོས་ཉོན་དྲུག་སངས་རྒྱས་པ༔ ཀུན་ཏུ་བཟང་པོ་ཡབ་དང་ཡུམ༔ ཐུབ་པ་དྲུག་གི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་ཀུན་བཟང་དུ་གསལ་བ་གནས་འགྱུར་ཏེ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ཏེ། རྟོག་ཚོགས་སོ་སོ་ལ་ཐིམ་པས་ཐ་མལ་གྱི་རྟོག་པ་དབྱིངས་སུ་དག་ནས་དཔལ་ཆེན་པོའི་སྐུ་དང་ཡེ་ཤེས་སུ་རྟོགས་པས་གཉིས་འཛིན་གྱི་མཐའ་ལ་ཞེན་པའི་འགྲོ་བ་རྣམས་སྒྲོལ་བའི་ནུས་པ་ཐོབ་པའི་རྟགས་སུ། གཞི་ལུས་ཀྱི་གནས་སོ་སོར་ལྷ་དེ་དང་དེ་སྐད་ཅིག་གིས་གྲུབ་པར་མོས་ཤིག ཧཱུྃ༔ སྟོན་པ་ཀུན་བཟང་གནས་གྱུར་ནས༔ ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ༔ སྐུ་དང་ཕྱག་རྒྱ་མངོན་རྫོགས་པ༔ ཆེ་མཆོག་ཧེ་རུ་ཀ་ཡི་དབང་མཆོག་སྦྱིན༔ ཀུན་ཏུ་བཟང་མོ་གནས་གྱུར་ནས༔ ཁྲོ་མོ་ཀུན་གྱི་རྗེ་བཙན་ཡུམ༔ ཤེས་རབ་དབྱིངས་ལས་སྐུ་བསྐྱེད་པ༔ གནམ་ཞལ་དབྱིངས་ཕྱུག་མ་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ བཅོམ་ལྡན་དབང་མཆོག་ཧེ་རུ་ཀ༔ དབང་མཆོག་སྐུ་ཡི་དབང་འདི་སྦྱིན༔ ཡུམ་མཆོག་ཀྲོ་དྷཱི་ཤྭ་རཱི་མ༔ ཁྲག་འཐུང་རྒྱལ་མོའི་དབང་འདི་སྦྱིན༔ སྔགས་མཐར། ཨ་བྷི༴ རིགས་ལྔའི་སངས་རྒྱས་གནས་གྱུར་པ༔ ཁྲག་འཐུང་རིགས་ལྔའི་དབང་འདི་སྦྱིན༔ རིགས་ཀྱི་ཡུམ་ལྔ་གནས་གྱུར་པ༔ མཁའ་འགྲོ་རིགས་ལྔའི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ མཁྱེན་བརྩེ་ནུས་སྟོབས་བདག་པོ་བཞི༔ གནས་འགྱུར་ཁྲག་འཐུང་རིགས་བཞིའི་དབང་མཆོག་སྦྱིན༔ བདག་མོ་རྣམ་བཞི་གནས་གྱུར་པ༔ ཀྲོ་དྷཱི་རིགས་བཞིའི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ སེམས་དཔའ་བརྒྱད་པོ་གནས་གྱུར་པ༔ གནས་ཀྱི་མ་མོ་བརྒྱད་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ སེམས་མ་བརྒྱད་པོ་གནས་གྱུར་པ༔ ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ ཚད་མེད་བཞི་པོའི་ལྷ་མོ་གནས་གྱུར་པ༔ སྒོ་མ་གདོང་མོ་བཞི་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ ཕྱི་ནང་འགྲོ་དྲུག་སྟོན་པ་གནས་གྱུར་པ༔ འབར་མ་སྤོར་བྱེད་བརྒྱད་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ མགྱོགས་མ་བཞི་པོ་གནས་གྱུར་པ༔ གསང་བའི་ཡུམ་བཞིའི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ དྲེགས་པའི་ཆུང་མ་གནས་གྱུར་པ༔ དབང་མོ་ཉེར་བརྒྱད་རྣམས་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ སེམས་དཔའ་སོ་གཉིས་གནས་གྱུར་པ༔ མཁའ་འགྲོ་སོ་གཉིས་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ དཔལ་གྱི་ཕོ་ཉ་ཆེན་པོ་སྟེ༔ མ་མོ་བདུན་གྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ དྲེགས་པའི་སྲིང་མོ་ཆེན་མོ་སྟེ༔ སྲིང་མོ་བཞི་ཡི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ དཔལ་ཆེན་བཞད་ཞལ་ལས་སྤྲུལ་པའི༔ ཀིང་ཆེན་བཅོ་བརྒྱད་རྣམས་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ དཔལ་ཆེན་སྐུ་ཡི་འོད་དྲུག་ལས༔ ཕྱོགས་བཞི་སྟེང་འོག་རྣམས་སུ་སྤྲུལ༔ སྟེང་གི་ཕོ་ཉ་ཆེན་པོ་སྟེ༔ ཁྲོ་བོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི༴ ཤར་གྱི་ཕོ་ཉ་ཆེན་པོ་སྟེ༔ རྡོ་རྗེའི་རིགས་ཀྱི་མ་མོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི༴ ལྷོ་ཡི་ཕོ་ཉ་ཆེན་པོ་སྟེ༔ ཡོན་ཏན་རིགས་ཀྱི་མ་མོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི༴ ནུབ་ཀྱི་ཕོ་ཉ་ཆེན་པོ་སྟེ༔ གསུང་གི་རིགས་ཀྱི་མ་མོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི༴ བྱང་གི་ཕོ་ཉ་ཆེན་པོ་སྟེ༔ ལས་རབ་རིགས་ཀྱི་མ་མོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི༴ འོག་གི་ཕོ་ཉ་ཆེན་པོ་སྟེ༔ མ་མོ་དྲུག་ཅུའི་དབང་བསྐུར་རོ༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱིན་པ་སློབ་དཔོན་གྱི་དབང་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ལས་དགོངས་རིག་བརྒྱུད་པ་རྣམས་དང་། རྒྱུ་ཡི་རྟ་བབས་ཀྱི་ཁོར་ཡུག་ལ་བཞུགས་པའི་རིག་འཛིན་བླ་མ་རྣམས་ལས་རང་འདྲ་བ་རེ་བྱོན་ནས་མགོ་ཡི་སྐྲ་ལ་ཐིམ་པས་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་སུ་སྐད་ཅིག་གིས་བྱས་པར་མོས་ཤིག །བརྒྱུད་གསུམ་བླ་མ་རིག་འཛིན་རྣམས༔ འདིར་གཤེགས་དབང་སྐུར་བྱིན་གྱིས་རློབས༔ སྔགས་མཐར། ཨ་བྷི༴ སྲུང་འཁོར་གྱི་དབུས་དང་ཕྱོགས་བཅུ་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་འཕྲོས་ཏེ་བ་སྤུའི་བུ་ག་རྣམས་སུ་ཐིམ་པས་ཁྲོ་བོའི་གོ་ཆས་གཏམས་པར་མོས་ཤིག །རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པར་བཅས༔ བདུད་འདུལ་ཚོགས་ཀྱི་དབང་མཆོག་སྦྱིན༔ སྔགས་མཐར། ཨ་བྷི༴ ཏྲཱཾ་ལས་བྱུང་བའི་ཐོད་པའི་དབུ་རྒྱན་རིན་པོ་ཆེའི་ཁང་བུ་ལྔ་པ་བསྐོན་པར་བསམ་ལ། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག༔ གཟི་བརྗིད་ཕུང་པོ་བླ་ན་མེད༔ སངས་རྒྱས་རིན་ཆེན་ཀུན་འདུས་པས༔ རྣམ་པར་རྒྱལ་བར་དབང་བསྐུར་རོ༔ ཨོཾ་རཏྣ་ཀ་པཱ་ལ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ རིགས་ལྔའི་ཙཀླི་སྤྱི་བོ་དང་མར་མེ་ལྔ་ལག་ཏུ་གཏད་ལ། དབང་རྫས་རྣམ་ཤེས་ཚོགས་བརྒྱད་ལ་བསྟིམས་པས། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་ཆུ་ལྷག་མ་སྤྱི་བོའི་གནས་ལྔར་འཁྱིལ་པ་ལས། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་སྟེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་རྟགས་རིགས་ལྔ་དབུ་རྒྱན་གྱི་ཁང་བུ་ལ་བཞུགས་པའི་མོས་པ་མཛོད། ཡེ་ཤེས་ཆེན་པོའི་དོན་དང་དེ་ལྡན་པས༔ ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས༔ གནས་ལྔར་གཏུག་ཅིང་ཐུགས་ཀྱི་དབང་མཆོག་སྦྱིན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་བཞིན་དུ། ཨཱ་དརྴ་ ས་མཱ་ཏཱ་ པྲ་ཏྱཱ་བེཀྵ་ཎ་ ཀྲྀ་ཏྱཱ་ནུཥྛཱ་ན་རྣམས་སྦྱར། རིགས་ལྔ་སོ་སོའི་སྐུ་སྒོ་གསུམ་ཉེར་སྤྱོད་བྱ་བ་དང་བཅས་པ་ལ་བསྟིམས་པས། སྤྱི་མགྲིན་སྙིང་ལྟེ་གསང་བར་ཟླ་བ་པདྨ་ཉི་མ་རིན་ཆེན་རལ་གྲི་ལ་གནས་པའི་ཨོཾ་ཨཱཾ་ཧཱུྃ་སྭཱ་ཧཱ་ལས་འོད་ཟེར་འཕྲོས། རྡོ་རྗེ་ལྔའི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་གཉིས་སུ་མེད་པར་གྱུར་པའི་རྟགས་སུ། སྤྱི་བོར་རྣམ་སྣང་། མགྲིན་པར་མཐའ་ཡས། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ་རྣམས་ཀྱི་རྒྱས་བཏབ་པའི་མོས་པ་མཛོད། སྐུ་དང་གསུང་ཐུགས་རྡོ་རྗེ་ནི༔ རྣལ་འབྱོར་བདེ་མཆོག་དེ་ཡིན་པས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འདི༔ རྡོ་རྗེ་ཅན་ལ་སྦྱིན་པར་བྱ༔ རིགས་སོ་སོའི་ཙཀླི་གནས་ལྔར་འཇོག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་བཞིན་དུ། ཝཱ་ཀ་ ཙིཏྟ་ ཨ་ནུ་རཱ་ག་ཎ་ པཱུ་ཛ་རྣམས་སྦྱར། མཾ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རྟགས་བརྒྱད་ལག་ཏུ་གཏད་ཅིང་ལུས་ཀྱི་གནས་སོ་སོར་བསྟིམས་པས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མངའ་འབྱོར་བའི་རྟེན་འབྲེལ་བསྒྲིགས་པའི་མོས་པ་མཛོད། དབང་མཆོག་ཐོབ་པའི་རྒྱལ་པོ་དེས༔ དོན་རྣམས་འགྲུབ་པའི་བཀྲ་ཤིས་ཕྱིར༔ བདུད་འདུལ་བཀྲ་ཤིས་རྟགས་མཆོག་རྣམས༔ རྟགས་ཀྱིས་བརྒྱན་ཏེ་སྦྱིན་པར་བྱ༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཐིག་ལེ་དང་རྩལ་གྱི་བར་དུ་རིགས་ཀྱི་མིང་བཅུག་པ་བཏགས་ལ། གསང་བའི་མིང་སློབ་དཔོན་དང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཏགས་པའི་མོས་པ་བྱེད་དུ་བཅུག་སྟེ། རྡོ་རྗེ་ལག་ཏུ་གཏད་ཅིང་། དོན་རྣམས་གྲུབ་པའི་བུ་མཆོག་དེ༔ རྡོ་རྗེའི་དབང་མཆོག་ཐོབ་པས་ན༔ ཞིང་ཁམས་ཀུན་ཏུ་གྲགས་པ་ཡི༔ རྩལ་གྱི་ཐིག་ལེ་རྡོ་རྗེ་སྦྱིན༔ ཞེས་དྲིལ་བུ་དང་རོལ་མོ་བསྒྲག་གོ །དེ་ལྟར་ན་ནང་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་འབྲིང་པོ་འཁྲུད། མ་ཧཱ་ཡོ་ག་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། མཐར་ལམ་དང་པོ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ།། ༈ །།གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་ཡབ་ཡུམ་མཉམ་པར་རོལ་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སློབ་བུ་རྣམས་བཀུག་སྟེ་ཞལ་དུ་བཅུག །སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་གནས་པར་གྱུར། སླར་ཡང་མཁའ་ཁྱབ་ཀྱི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འོད་ཟེར་རྡོ་རྗེའི་ལམ་ནས་བྱུང་བ་དེས། སློབ་བུའི་ལུས་སྦྱངས་ཏེ། ཤེས་པ་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གྱུར་པ། མཁའ་ནང་ནས་ཕྱིར་ཐོན་ཏེ། རང་གི་མདུན་དུ་དབང་སྟེགས་ཟིལ་གནོན་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་འཁོད་པའི་མོས་པ་མཛོད། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་སྟེ། དེའི་ངང་ལ་རྩོལ་བྲལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་འཛིན་སེམས་ལོན་རིག་པའི་གཏན་ཚིགས་ཀྱིས། སེམས་ཉིད་ཅི་ཡང་མ་ཡིན་པ་ཉིད་ཅིར་ཡང་མ་འགགས་པར་སྣང་ལ། སྣང་སྟོང་གཉིས་སུ་མེད་ཅིང་། དེ་ཡང་འདི་ཁོ་ནའོ་ཞེས་བརྗོད་བྲལ་དུ་ཉམས་སུ་མྱོང་བ་ནི་བདག་ཞལ་བདག་གིས་མཐོང་བ་སྟེ། དེའི་རྟགས་ཨོཾ་ལས་བྱུང་བའི་རྡོ་རྗེའམ་གཏན་ཚིགས་ཀྱི་སྒྲོན་མེ་གཏད་དེ། ཨོཾ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ སེམས་ཀྱི་དབང་བསྐུར་ཐོབ་པ་ཡི༔ ཤེས་རབ་ཆེན་པོ་རིག་པའི་དབང༔ སེམས་ལོན་དོན་གྱི་གཏན་ཚིགས་སྦྱིན༔ ཨོཾ་པྲ་ཛྙཱ་དཱི་པཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་སྙིང་པོ་ཡེ་ཇི་བཞིན་པ་ལ་སྒོམ་བྱེད་ཀྱི་བློ་མ་བཅོས་པར་འཇོག་པ་དོན་དམ་བྱང་སེམས་རྣམ་པར་མི་རྟོག་པའི་ངང་ལས། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྙིང་རྗེ་རིག་པའི་རྩལ་སྣང་མ་འགགས་པར་སྣང་བ་ཀུན་རྫོབ་བྱང་སེམས་ཀྱིས་ཁམས་གསུམ་ལ་དབང་བསྒྱུར་བའི་ནུས་པ་ཐོབ་པར་མོས་ལ། དེའི་རྟགས་ཨཱཿལས་བྱུང་བའི་ཉི་ཟླའི་དཀྱིལ་འཁོར་གཏད་དེ། ཨཱ༔ བྱ་བའི་མཚན་མ་ཀུན་བྲལ་ཞིང༔ རྩོལ་མེད་གནས་པའི་བྱང་ཆུབ་སེམས༔ སྙིང་རྗེ་ཆེན་པོའི་བདེ་མཆོག་གིས༔ ཁམས་གསུམ་ཀུན་ལ་དབང་བསྒྱུར་སྦྱིན༔ ཨ་མ་ཙཀྲ་ཨ་བྷི༴ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཡི་གེར་སྣང་བས་རྒྱུའི་ཏིང་ངེ་འཛིན་མཐར་ཕྱིན་པར་མོས་ལ། ཡིག་འབྲུ་གཏད་དེ། ཉོན་མོངས་ལྔ་པོ་གནས་དག་ནས༔ ཡེ་ཤེས་ལྔ་པོ་འཐོབ་བྱའི་ཕྱིར༔ ཡི་གེའི་འཁོར་ལོའི་དབང་མཆོག་འདི༔ དབང་ཐོབ་དེ་ཡི་ལག་ཏུ་སྦྱིན༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབརྞ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཉོན་མོངས་པའི་ཐ་རྒོད་བཅོམ་པས་སྲིད་གསུམ་འགྲོ་བའི་དོན་རྫོགས་པར་མོས་ལ། ཧཱུྃ་ལས་བྱུང་བའི་ཐོང་གཤོལ་གཏད་དེ། ཧཱུྃ༔ སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན༔ ཐམས་ཅད་རྫོགས་པར་ནུས་པ་ཡི༔ རྟགས་ཀྱི་དབང་མཆོག་དམ་པ་ནི༔ ཐོང་གཤོལ་འབར་བ་སྦྱིན་པར་བྱ༔ ཨ་མོ་གྷ་སིདྡྷི་ཧ་ལ་ཨ་བྷི༴ ཆགས་སྡང་རྨོངས་གསུམ་གནས་སུ་དག་པས་སྐུ་གསུམ་ལྷུན་གྲུབ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པར་མོས་ལ། ཨ་ལས་བྱུང་བའི་ཐོད་པ་ཚར་གསུམ་དམར་གྱིས་གང་བ་གཏད་དེ། དུག་གསུམ་གཏིང་ནས་སྤྲུགས་པ་ཡི༔ རྟགས་ཆེན་གྭ་འུ་རྣམ་པ་གསུམ༔ དམར་ཆེན་དག་གིས་བཀང་ནས་ཀྱང༔ དབང་ཐོབ་དེ་ཡི་ལག་ཏུ་སྦྱིན༔ ཨོཾ་ཏྲི་ཀ་པཱ་ལ་ཨ་བྷི༴ འཁོར་བའི་རྟོག་ཚོགས་དབྱིངས་སུ་བཅད་པས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷར་སྤྲོ་བའི་ནུས་པ་ཐོབ་པར་མོས་ལ། ཧཱ་ལས་བྱུང་བའི་མཚོན་ཆ་གཏད་དེ། སྲིད་གསུམ་སྒྲོལ་བར་བྱེད་པ་ཡི༔ དབང་མཆོག་ཆེན་པོ་སྦྱིན་པའི་ཕྱིར༔ ཀ་ཏར་ལ་སོགས་མཚོན་ཆ་རྣམས༔ དབང་ཐོབ་དེ་ཡི་ལག་ཏུ་སྦྱིན༔ ཨོཾ་ཤསཏྲ་ཨ་བྷི༴ ཡོ་བྱད་ལྔ་སོགས་འདོད་པའི་ཡོན་ཏན་ལ་ཅི་དགར་སྤྱད་ཀྱང་གོས་པ་མེད་པའི་ཐབས་མཁས་ཀྱིས་ཉེ་རྒྱུའི་སྤྱོད་པ་མཐར་ཕྱིན་པར་མོས་ལ། པཾ་ལས་བྱུང་བའི་པདྨ་གཏད་དེ། འཁོར་བའི་ཆོས་ལ་ཅི་སྤྱད་ཀྱང༔ སྐྱོན་གྱིས་གོས་པར་མི་འགྱུར་བའི༔ རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི༔ རྣམ་དག་རྫས་ཀྱི་པདྨ་སྦྱིན༔ ཨོཾ་པདྨ་ཨ་བྷི༴ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པས་གང་ལ་གང་འདུལ་གྱི་དོན་བྱེད་པའི་ནུས་པ་ཐོབ་པར་མོས་ལ། ཧཱཾ་ལས་བྱུང་བའི་ཏི་རའི་དབྱུག་པ་ལག་ཏུ་གཏད་དེ། ལས་རྣམས་རྫོགས་པར་གྱུར་པ་ཡི༔ དབང་མཆོག་དམ་པའི་རྟགས་ཆེན་ནི༔ ཏི་རའི་དབྱུག་པ་ཆེན་པོ་དག༔ དབང་ཐོབ་དེ་ཡི་ལག་ཏུ་སྦྱིན༔ ཏི་ར་དཎྜ་ཨ་བྷི༴ ཐབས་ཤེས་གཉིས་སུ་མེད་པས་ཆོས་ཉིད་མ་ནོར་བ་དང་གཉིས་སུ་མེད་པའི་དོན་ཐོབ་པར་བསམ་ལ། ཧཱུྃ་ཨ་ལས་བྱུང་བའི་སྦྲུལ་ཆུན་གཏད་དེ། ཡུམ་དང་གཉིས་མེད་འཁྲིལ་བ་ཡི༔ ཆོས་ཉིད་དོན་དང་གཉིས་མེད་རྟོགས༔ སྦྲུལ་ནག་འཁྲིལ་བའི་ཆུན་པོ་འདི༔ དབང་ཐོབ་དེ་ཡི་ལག་ཏུ་སྦྱིན༔ ཨ་དྭ་ཡ་ཨ་བྷི༴ གཉིས་མེད་དུ་སྦྱོར་བའི་རྟགས་ལྷ་མོ་རང་བཞིན་གསུམ་གྱི་དབང་ཐོབ་པར་མོས་ལ། བྱིན་གྱིས་བརླབས་པའི་རིག་མ་གཏད་དེ། གསང་བ་སྦྱོར་བའི་ཤེས་རབ་མ༔ དྲི་མེད་རྣམ་དག་ལྷ་མོ་ཞིག༔ མཚན་ལྡན་ཤིན་ཏུ་བརྒྱན་བྱས་ལ༔ དབང་ཐོབ་དེ་ལ་སྦྱིན་པར་བྱ༔ དྷ་རཱི་པྲ་ཛྙཱ་ཨ་བྷི༴ ཕྱི་ནང་སྒྲུབ་པའི་དབང་ཐོབ་པས་ཀུན་གྱི་བདག་ཉིད་ཆེན་པོར་གྱུར་པ་ལ་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་མངའ་གསོལ་བར་བསམ་ཞིང་། ཨོཾ་ལས་བྱུང་བའི་འདོད་ཡོན་གཏད་དེ། དབང་ཐོབ་རྒྱལ་པོ་ཆེན་པོ་དེ༔ ཀུན་གྱི་བདག་པོ་ཡིན་པས་ན༔ རོལ་མོ་དྲི་དང་ཞལ་ཟས་དང༔ འདོད་ཡོན་ལྔ་ལ་སོགས་པ་དང༔ ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན༔ ཐམས་ཅད་ཐམས་ཅད་སྦྱིན་པར་བྱ༔ སརྦ་ཀཱ་མ་གུ་ཎ་ཨ་བྷི༴ ཞི་ཁྲོའི་ལྷ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་སྤྱི་བོ་ནས་ཐིམ་པས་དཀྱིལ་འཁོར་གྱི་ལྷ་རྣམས་སྒྲུབ་པའི་ལས་ལ་དབང་ཐོབ་པར་མོས་ཤིག །ཙཀླི་རྣམས་བསྡམས་ཏེ་སྤྱི་བོར་བཞག་ལ། སྒྲུབ་པའི་རྒྱལ་པོ་ཁྱོད་ལ་ནི༔ སྒྲུབ་པའི་ལས་ལ་དབང་བའི་ཕྱིར༔ རྡོ་རྗེ་སེམས་དཔའ་ལ་སོགས་པ༔ རྒྱལ་བ་ཐམས་ཅད་སྒྲུབས་ཤིག་ཅེས༔ བསྒྲུབ་བྱའི་ལྷ་རྣམས་སྦྱིན་པར་བྱ༔ ཧེ་རུ་ཀ་དཔལ་ཆེ་མཆོག་རྒྱལ༔ གཉིས་སྣང་ཉི་ཤུ་རྩ་བཞི་ལས༔ ཁྲག་འཐུང་དྲུག་ཅུ་རྩ་བཞི་བྱུང༔ དམ་ཚིག་འཁོར་གྱིས་རབ་བསྐོར་བ༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་གྱི༔ གཙོ་འཁོར་ཡོངས་རྫོགས་རྣམས་ཀྱི་དབང་བསྐུར་སྦྱིན༔ སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་སྒྲུབ་རྫས་སྤྱི་དང་བྱེ་བྲག་ཐམས་ཅད་གཏད་པས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་བརྙེས་པའི་མོས་པ་མཛོད། སྒྲུབ་རྫས་ཕྱོགས་བསྡུས་ལག་ཏུ་གཏད་ལ། དབུ་རྒྱན་ཅོད་པན་བྷཉྫ་དང༔ བདུད་རྩི་ལྔ་དང་རྡོར་དྲིལ་དང༔ ཕུར་བུ་ར་ས་ཡཱ་ན་དང༔ ཕྲེང་བ་ཡུངས་དཀར་མར་མེ་དང༔ རྔེའུ་ཆུང་གོས་གསུམ་ཐོད་ཕྲེང་སྦྲུལ༔ ཁྱུང་གཤོག་མེ་དཔུང་བྱུག་པ་གསུམ༔ དཔལ་བཤོས་དབང་བཤོས་ཟླ་གམ་དང༔ ཛ་གད་བཀྲ་ཤིས་གཙང་མའི་བམ༔ མདའ་དར་རལ་གྲི་མེ་ལོང་དང༔ ཚོན་སྐུད་སྐུ་གསུང་ཐུགས་རྟེན་རྣམས༔ སྒྲུབ་པའི་རྒྱལ་པོ་ཁྱོད་ལ་ནི༔ སྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར༔ རྡོ་རྗེ་སེམས་དཔའ་ལ་སོགས་པའི༔ རྒྱལ་བ་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེ་ཚེ་དང་སྨན་ལ་སོགས༔ སྒྲུབ་པ་མ་ལུས་སྒྲུབས་ཤིག་ཅེས༔ སྒྲུབ་རྫས་ཐམས་ཅད་སྦྱིན་པར་བྱ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་མཚོན་སྦྱིན་ལ། གཞན་ཡང་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་ལ་སོགས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྒྲུབ་པའི་རྟེན་རྣམས་སྦྱིན་པར་བྱ༔ གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། སངས་རྒྱས་དང་ཐ་མི་དད་པའི་རྟགས་སུ། རྡོ་རྗེ་བདུད་འདུལ་རྩལ་ལྟ་བུའི་མིང་བཏགས་ལ། སློབ་དཔོན་དང་ལྷན་ཅིག་ཏུ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྡོ་རྗེའི་མིང་བཏགས་པར་མོས་ཤིག །རྡོ་རྗེ་ལག་ཏུ་གཏད་དེ། རྒྱལ་བ་སངས་རྒྱས་ཐམས་ཅད་དང༔ དབང་ཐོབ་དེ་ཉིད་གཅིག་པའི་ཕྱིར༔ རིག་འཛིན་རྡོ་རྗེ་རྩལ་གྱི་དབང༔ རྡོ་རྗེའི་མིང་ནི་སྦྱིན་པར་བྱ༔ དེ་བ་ཨ་དྭ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་ཕྲ་བ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་བསྐྱེད་རིམ་དང་ཐུན་མོང་བའི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་དང་མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ།། ༈ །།བཞི་པ་གསང་དབང་རྫོགས་པའི་ཆུ་བོའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། རིག་མ་མཚན་ལྡན་ཡོན་དུ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ འདོད་པ་འབྱུང་བའི་རིན་ཆེན་གཏེར༔ དེ་རིང་མངོན་དུ་འགྱུར་བར་མཛོད༔ ཅེས་ལན་གསུམ། དེའང་བསྐུར་བྱ་རྫོགས་པའི་ཆུ་བོ་ལ་གཉིས་ཀྱི། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བ་ལའང་གཉིས་ལས། དང་པོ་གསང་དབང་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པ་སྙིང་གར་བབས་པས། ལས་དང་བག་ཆགས་ཀྱི་རྟོག་པ་སྦྱངས་ཏེ། སེམས་གསལ་སྟོང་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ། ཧཱུྃ༔ དགའ་བ་བྱང་ཆུབ་སེམས་ཆེན་པོ༔ ཀུན་ཏུ་ཚིམ་པར་བྱེད་པ་ཡི༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བདུད་རྩི་མྱང་དུ་བཅུག །གཉིས་པ་ཤེས་རབ་ཡེ་ཤེས་ནི། བླ་མས་གཏད་པའི་རིག་མ་དང་སྙོམས་པར་ཞུགས་པས་སེམས་ཉིད་དོན་དམ་འོད་གསལ་དུ་དྭངས་པའི་རྩལ་སྣང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་འཆར་བར་མོས་ལ། ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་ཆོས་འབྱུང་གི་དབུས་སུ་འདབ་བརྒྱད་རྡོ་རྗེས་མཚན་པ་གཏད་དེ། ཧཱུྃ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབང༔ དབང་ཐོབ་ཁྱོད་ལ་བསྐུར་བར་བྱ༔ དོན་དམ་ཀུན་རྫོབ་ལྷན་ཅིག་སྐྱེས༔ རང་བྱུང་ཡེ་ཤེས་ཆེན་པོར་ཤོག༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བ་ནི། ཤེས་རབ་མ་ལས་བྱུང་བའི་བདེ་སྟོང་སྒྱུ་མ་ལྟ་བུ་དེས་མཚོན་ཏེ། དེ་ཀའི་རང་ངོ་ལ་བལྟས་པས། དཀྱིལ་འཁོར་རྣམ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི་བདེ་བ་ཆེན་པོའི་དབང་གི་ངོ་བོ་ཡིན་པས། དེ་ཀའི་ངང་བསྐྱང་དུ་བཅུག་ལ། ཧོ༔ གསང་བ་ཤེས་རབ་ཡེ་ཤེས་དང༔ དབྱེར་མེད་བདེ་བ་ཆེན་པོའི་དབང༔ བཙལ་མེད་བྱང་ཆུབ་སེམས་ཆེན་པོ༔ ཤེས་རབ་ཆེན་པོའི་རྩལ་གྱིས་ནི༔ ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས༔ རྩལ་ཆེན་རྫོགས་པའི་དབང་ཡིན་པས༔ རྫས་དང་ཚིག་དང་གང་ཟག་དང༔ ཀུན་རྫོབ་དབང་དེ་མ་ཐོབ་ཀྱང༔ ཆོས་ལ་སེམས་ཀྱི་དབང་ཐོབ་ན༔ རྒྱལ་བ་རིག་འཛིན་ཐམས་ཅད་དང༔ སྲིད་གསུམ་དབང་བཙན་ཐམས་ཅད་ཀུན༔ དེ་ལ་དབང་མཆོག་བསྐུར་བར་འགྱུར༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེ་ལྟར་ན་ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གཉིས་ལ་ནང་གསེས་ཀྱི་དབྱེ་བས་གསུམ་ཅན་ཐོབ། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་། ངག་ཡིད་འཕོ་བའི་ཐིག་ལེ་གསུམ་གྱི་དྲི་མ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་སྒྲུབ་པ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་ལམ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ།། ༈ །།དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་དུ་རྩ་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ནས་གསུངས་པའི་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་བསྩལ་དུ་གསོལ། །ལན་གསུམ། དེ་ནས་སློབ་མ་ལྷར་བསྒོམ་ཞིང་ཚེ་རྟེན་བསྐྱེད་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཐུགས་ལས་འོད་ཟེར་འཕྲོས། །མ་དག་རྟོག་ཚོགས་དབྱིངས་སུ་སྦྱང་། །སྟོང་པའི་ངང་ལས་སྐད་ཅིག་གིས། །རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཨཱཾཿལས་སྣང་མཐའ་ཡས་པ་དཀར༔ པདྨ་དམར་པོ་ཚེ་བུམ་འཛིན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ རྒྱན་རྫོགས་འོད་ཟེར་འབར་བ་ཡི༔ ཐུགས་ཀར་ཉི་ཟླའི་གྭ་འུ་ལ༔ ཚེ་རྟེན་ཐིག་ལེ་དམར་གསལ་འབར༔ དེ་ལས་འོད་ཟེར་རབ་འཕྲོས་པས། །འཁོར་འདས་སྣོད་བཅུད་ཚེ་བསོད་དང་། །བཀྲག་མདངས་ཡེ་ཤེས་གཟི་བྱིན་བསྡུས། །ཚེ་རྟེན་ཉིད་ལ་ཐིམ་པར་གྱུར། །མདའ་དར་གཡབ་ལ་ཚེ་འགུགས་གཏང་། ནམ་མཁའ་གང་བའི་ཚེ་ལྷ་ཡིས༔ ཚེ་ཡི་བུམ་པས་དབང་བསྐུར་བས༔ བུམ་ལྷའི་དཔལ་བེའུ་ཉི་ཟླ་ལས༔ འཆི་མེད་བདུད་རྩི་དམར་གསལ་བབས༔ ཚེ་རྟེན་ལ་ཐིམ་བཀྲག་མདངས་འབར༔ འོད་ཀྱིས་ལུས་གང་ཚེ་དབང་ཐོབ༔ ཚེ་བུམ་བཏེགས་ཏེ། ཧྲཱི༔ ནུབ་ཕྱོགས་ཚེ་ཡི་དབྱིངས་མཆོག་གི༔ པདྨ་དབང་གི་ཞིང་ཁམས་སུ༔ བྱམས་ལྡན་ཡེ་ཤེས་ཚེ་དཔག་མེད༔ ཐུགས་ཀྱི་དཔལ་བེའུ་རིན་ཆེན་ལ༔ ཉི་ཟླ་འོད་ཀྱི་གྭ་འུ་ན༔ བྱང་ཆུབ་སེམས་ཀྱི་ཨཱ་ཡུ་འབར༔ དམར་གསལ་འབར་བའི་ཚེ་མཆོག་དེ༔ སྐལ་ལྡན་རིགས་ཀྱི་བུ་ལ་འཕྲོ༔ སྤྲོས་པས་དགུ་ཀློང་འབར་བ་ཡིས༔ ཙིཏྟའི་སྦུབས་སུ་བཀྲག་ཏུ་བསླན༔ བུམ་ཆུ་མགོ་བོའི་གནས་ལྔར་གཏིག་ཅིང་། ཨཱཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི༴ སྭཱ་བཛྲ་ཨཱ་ཡུ་ཥེ་ཨ་བྷི༴ ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ༴ ཧཱཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ལྷའི་སྐུ་ལས་ཨོཾ་ཨཱཿཧཱུྃ༔ ཆར་ལྟར་བབས་ནས་བདག་ཉིད་ཀྱི༔ སྤྱི་མགྲིན་སྙིང་ཁ་རྣམས་ནས་བརྒྱུད༔ ཚེ་རྟེན་ལ་ཐིམ་བཀྲག་མདངས་འབར༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐོབ༔ ཨོཾ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་སེལ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཀཱ་ཡ་སིདྡྷི་ཨཱ་ཡུ་ཧཱུྃ་ཛ༔ ཚེ་བུམ་སྤྱི་བོའི་གཙུག་ཏུ་བཞག༔ ཨཱཾ༔ མཆོག་རབ་རྣམ་པར་དག་པའི་གསུང༔ གསུང་དབྱངས་དམ་པ་ཡི་གེ་མེད༔ བརྗོད་དུ་མེད་ཅིང་སྤྲོས་བྲལ་བ༔ རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཝཱཀྐ་སིདྡྷི་ཨཱ་ཡུ་ཧཱུྃ་ཛཿ ཚེ་རིལ་ཚེ་ཆང་བཟའ་ཞིང་བཏུང༔ ཧཱུྃ༔ ཤིན་ཏུ་རྣམ་པར་དག་པའི་ཐུགས༔ ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་ཙིཏྟ་སིདྡྷི་ཨཱ་ཡུ་ཧཱུྃ་ཛ༔ མར་མེ་སྙིང་ཁར་གཏུག་པ་དང༔ ཞུན་མར་དག་གིས་ཐིག་ལེ་བྱུགས༔ དེ་ནས་ཚེ་སྦ་བ་ནི། དེ་ལྟར་ཚེ་ཡི་དབང་བསྐུར་པས། །བསྐུར་ཡུལ་བསྐུར་བྱ་ཚེ་བསོད་རྣམས༔ ཡེ་ཤེས་རྣམ་གསུམ་དབྱིངས་རིག་པ༔ དབྱེར་མེད་བྱང་ཆུབ་སེམས་ཀྱི་ངང༔ གཉུག་མ་ལས་ནི་གཞན་དུ་མེད༔ ཧྲཱི༔ ཚེ་ཡི་ངོ་བོ་རྒྱུད་གསུམ་པོ༔ སྲོག་གི་ངོ་བོ་གཞལ་ཡས་ཁང༔ ལེ་བརྒན་འབར་བའི་དཀྱིལ་འཁོར་དུ༔ ཨཱ་ཡུ་དམར་པོའི་འོད་འཕྲོས་པས༔ འཆི་བ་མེད་པའི་སྲོག་ཚུགས་ཏེ༔ འགྱུར་བ་མེད་པའི་གཡུང་དྲུང་ཡིན༔ ཆོས་ཉིད་དབྱིངས་སུ་ཚེ་སྦས་པས༔ དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང༔ དེ་ལ་གཟུང་ཞིང་བསྟན་དུ་མེད༔ དེ་ནས་ཚེ་རྒྱས་གདབ་པ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །འཆི་མེད་གཉུག་མའི་རང་བཞིན་ལས༔ ཚེ་བདག་སེམས་དཔའི་ཐུགས་ཀ་རུ༔ ཟླ་གམ་དབང་གི་དཀྱིལ་འཁོར་ཆེ༔ རྟ་མགྲིན་ཡབ་ཡུམ་རྒྱ་གྲམ་དང༔ བུམ་པ་འཛིན་པས་སྲུང་བའི་ནང༔ རིན་ཆེན་དཔལ་བེའུ་ཟུར་བརྒྱད་སྟེང༔ ཉི་ཟླའི་གྭ་འུའི་སྟེང་འོག་ནས༔ རྡོ་རྗེ་རྒྱ་གྲམ་གཉིས་ཀྱིས་བསྡམས༔ རྭ་རྩེ་ཟེར་ཐག་གིས་བཅིངས་པ༔ གྭ་འུ་འབར་བའི་ནང་དབུས་སུ༔ གུ་ཧྱ་གསེར་གྱི་རྡོ་རྗེ་ནི༔ ཚོན་གང་ལྟེ་བར་ཨོཾ་ཨཱཿཧཱུྃ༔ དམར་པོ་འོད་འབར་རྒྱས་བཏབ་བོ༔ བྷྲཱུྃ༔ བྱང་ཆུབ་སེམས་ཀྱི་ཨཱ་ཡུ་དེ༔ སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང༔ ཐ་མར་ཕྱག་རྒྱ་བདུན་གྱིས་གདབ༔ དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ༔ གཉིས་པ་གནོན་པའི་རྒྱ་གྲམ་རྒྱ༔ གསུམ་པ་རྟ་མཆོག་དཔལ་གྱི་རྒྱ༔ བཞི་པ་རིན་ཆེན་དཔལ་བེའུའི་རྒྱ༔ ལྔ་པ་གསེར་གྱི་གུ་ཧྱའི་རྒྱ༔ དྲུག་པ་ཟླ་གམ་དམར་པོའི་རྒྱ༔ བདུན་པ་ཉི་ཟླའི་གྭ་འུའི་རྒྱ༔ རྒྱ་བདུན་རིམ་པས་བཏབ་པ་ལས༔ སུས་ཀྱང་འདའ་བར་མི་ནུས་སོ༔ ཞེས་བརྗོད་ཅིང་རེ་རེ་ནས་སྙིང་གར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ་ཤིས་པ་བརྗོད། དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་པས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །ཅེས་བརྗོད། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། ཕྱག་གིས་མེ་ཏོག་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་བརྟན་ཅིང་གོང་འཕེལ་དུ་གྱུར་པར་མོས་ཤིག །ཡེ་དྷར་དང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱ། དེ་དག་རྣམས་ཀྱིས་ལུང་ཆེན་རྡོ་རྗེ་བཀོད་པ་བཀའ་འདུས་ཆོས་ཀྱི་རྒྱལ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་གྱི་རིམ་པ་མཐའ་རྟེན་ཚེ་དབང་བཅས་ལེགས་པར་གྲུབ་པ་ཡིན་ལ། དེའང་གཞུང་ལས། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ༔ ཞུགས་ཤིང་དབང་བསྐུར་ཐོབ་པ་རྣམས༔ དམ་ཚིག་ཉམས་པར་མ་གྱུར་ན༔ དཔོན་སློབ་སྐྱེ་བོ་ཡིན་གྱུར་ཀྱང༔ འོག་མིན་ཚོགས་ཆེན་འདུས་པ་ཡི༔ ཞིང་དུ་སྐྱེ་བར་གདོན་མི་ཟ༔ ཞེས་རྡོ་རྗེའི་གསུངས་བསླུ་བ་མེད་པ་ལགས་པས་དད་མོས་སྤྲོ་དགའ་རྒྱ་ཆེན་པོ་མཛད་པ་དང་། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པའི་བསྲུང་མཚམས་རྣམས་ལ་ཇི་ནུས་སུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་རྒྱལ་པོ་ལ༔ དད་མོས་གུས་པའི་སེམས་ལྡན་པས༔ བཀའ་ཡིས་ཇི་ལྟར་བསྒོ་བ་བཞིན༔ ལུས་ངག་ཡིད་གསུམ་གཉེར་གྱིས་བླངས༔ ལན་གསུམ། བླ་མས་ཞབས་སྤྱི་བོར་བཞག་པར་མོས་ལ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་སེམས་དཔའ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བསྒོ་བ་བཞིན༔ བུ་ཁྱེད་ཀྱིས་ནི་བྱ་དགོས་སོ༔ དེ་ལྟར་དབང་བསྐུར་རྒྱུད་དང་གྲུབ་པའི་ཞལ་ལུང་ལས་ཇི་ལྟར་འབྱུང་བ་ལྟར་ལེགས་པར་གྲུབ་པ་ལགས་པས་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཅེས་མཎྜལ་རྒྱས་པར་འབུལ་དུ་གཞུག །སླར་ཡང་ལུས་དང་ལོངས་སྤྱོད་བདོག་པའི་དངོས་པོ་ཅི་མཆིས་པ་ཐམས་ཅད་ཀྱང་བློ་ཡིས་བླངས་ནས་ལྟོས་པ་མེད་པར་འབུལ་བའི་མོས་པས་འདིའི་རྗེས་ཟློས། བུ་དང་ཆུང་མ་རིན་ཆེན་ནོར༔ ལུས་དང་ལོངས་སྤྱོད་ཀུན་འབུལ་ལོ༔ བླ་མ་རྡོ་རྗེ་སློབ་དཔོན་གྱིས༔ བདག་གི་ལུས་ཀྱང་བཞེས་སུ་གསོལ༔ དེ་ལྟར་གསང་ཆེན་ངེས་པའི་ཐེག་པ་ལ་ཚུལ་བཞིན་དུ་ཞུགས་པའི་དགེ་རྩ་བླ་ན་མེད་པ་ཉིད། གཞན་དོན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རྣམ་པར་དག་པའི་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་དང་གཞན་གྱི་དོན་མཐའ་ཡས་པ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་གྱི་རྒྱས་བཏབ་ལ་སློབ་མ་རྣམས་གྲོལ་ལོ།། ༈ །།གསུམ་པ་རྗེས་ཀྱི་ཆོ་ག་ནི། སྒྲུབ་ཐབས་ལྟར་ཚོགས་མཆོད་དང་། བཀའ་གཏེར་སྲུང་མ་ལ་གཏོར་མ་འབུལ། ཆད་མདོ་བསྟན་སྐྱོང་གྲུབ་ནས་མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་བྱིན་གྱིས་བརླབ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་རྣམས་ཀྱིས་མཆོད་ལ་བསྟོད་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་བྱ། རས་བྲིས་ལ་ཡེ་ཤེས་པ་བརྟན་བཞུགས་དང་དམ་ཚིག་གི་འཁོར་ལོ་བསྡུ་ལྡང་གོ་བགོ་ལུས་སྲུང་། བསྔོ་སྨོན་ཐུན་མོང་མ་ཡིན་པ་དང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱའོ། །གཏེར་ཆོས་རྒྱ་ཆེ་ཤིན་ཏུ་གྲངས་མང་ཡང་། །མདོ་སྒྱུ་རང་རྐང་ཚུགས་པ་སྔོན་མ་བྱུང་། །རྩ་བའི་མདོར་བསྡུས་པདྨའི་ཞལ་ལུང་འདི། །ངོ་མཚར་ཨུ་དུམྦ་རའི་དཔལ་ལ་འགྲན། །འདི་འབྲེལ་དགེ་བས་ལུས་ཅན་ཞིང་རྡུལ་སྙེད། །འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ། །དབྱིངས་དང་ཡེ་ཤེས་ཟུང་འཇུག་བདེ་བ་ཆེ། །སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ཉིད་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀས་རྗེས་སུ་གནང་ཞིང་། གང་དེའི་སྲས་ཡུམ་ལྷན་རྒྱས་ཀྱིས་བཞེད་པ་སྐོང་བའི་སླད་དུ་འཆི་མེད་བསྟན་གཉིས་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ (Volume 32, Text 19)

༄༅། །སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ན་མོ་བཛྲ་ཀུ་མཱ་ར་ཡ། སྣང་སྲིད་ཐམས་ཅད་ཕུར་པའི་ལྷར། །གདོད་ནས་ཡོངས་གྲུབ་འགྱུར་བ་མེད། །ཆོས་ཉིད་གཉུག་མའི་ཕྱག་རྒྱའི་སྐུར། །འདུ་འབྲལ་མེད་པའི་ཕྱག་གིས་བཏུད།། གང་དེ་སྒྲུབ་པའི་ཕྲིན་ལས་ཀྱི། །ཕུལ་བྱུང་སྙན་བརྒྱུད་ཟབ་མོ་ཡི། །ཆོ་ག་སྐལ་བཟང་རྣམ་གྲོལ་གྱི། །དགའ་སྟོན་ཉུང་ངུ་འདིར་དབྱེ་བྱ། །དེ་ལ་འདིར་སློབ་དཔོན་ཆེན་པོ་པྲ་བྷ་ཧསྟིའི་དགོངས་པ་བདུད་འདུལ་གུ་རུ་ཤཱཀྱ་སེང་གེར་སྙན་བརྒྱུད་དུ་གདམས་པའི་ཕུར་པའི་གནད་ཏིག་གི་ཕྲིན་ལས་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ། སྦྱོར་བ་སྟ་གོན་དང་། སྔོན་འགྲོ་དངོས་གཉིས། དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་གོང་དུ་དཔལ་ཆེན་པོའི་དམ་ཚིག་གི་བྲིས་སྐུ་ཡོད་ན་བཤམས། དབང་དང་སྒྲུབ་མཆོད་ལ་རས་བྲིས་ཀྱི་དཀྱིལ་འཁོར་རྟ་བབས་སྣམ་བཞི་དུར་ཁྲོད་ཡོད་པ། དབུས་ལྕགས་འཁོར་རྩིབས་བཅུའི་ལྟེ་བ་དང་རྩིབས་རྣམས་ལ་ལྷ་མཚན་བཀོད་པ་བཤམས། མ་འབྱོར་ན་མཎྜལ་སྟེང་འབྲུ་ནག་གཤེར་ཅན་གྱི་ཚོམ་བུ་བཅུ་བཀོད་པའི་ཁར་འཕྲུལ་སྟེགས་ལང་སྒྲུབ་ཕུར་དར་མཐིང་ནག་བཏགས་པ་ཨེ་ཁྲོམ་ལ་འཛུགས། སྒྲུབ་མཆོད་བདག་འཇུག་དང་དབང་བསྐུར་སོགས་དང་འབྲེལ་ན་དེ་སྟེང་མཉྫིའི་ཁར་རྣམ་བུམ། སྐུ་ཙཀ །དུར་ཁྲོད་དཔལ་ཆས་ཀྱི་ཙཀླི། སྔགས་བྱང་། ཕྱག་མཚན། གསང་ཐོད། རིག་ཙཀ །ཤེལ་རྡོ། ཚེ་འབྲང་། ཚེ་རིལ་ཆང་། བྲུབ་ཁུང་དུ་ཉ་བོ། ཐོ་བ། སྒྲོལ་གྲི །ཧོམ་གཟར། ཐུན་རྫས། མེ་ཧོམ་སོགས་འདུ་བྱ། དཀྱིལ་འཁོར་གྱི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། གཏོར་འབུལ། ཆད་བརྟན། ཞི་དྲག་གི་མཆོད་པ། དཀར་བགེགས་སོགས་ཀྱང་བཤམས། བསྙེན་སྒྲུབ་རྐྱང་པའི་སྐབས་ཚོམ་བུ། སྒྲུབ་ཕུར། སྨན་རཀ་གཏོར་གསུམ་དང་། ཚེ་རྟེན་རྣམས་ཙམ་བཤམས་པས་ཆོག །སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ། ནང་མཆོད། རྡོར་དྲིལ། ཌཱ་རུ། ལས་བུམ། གདབ་ཕུར། འབྲུ་སྣོད་སོགས་བཤམས། །གཉིས་པ་སྔོན་འགྲོའི་ལས་རིམ་དངོས་ལ། ཚིག་བདུན་གསོལ་འདེབས་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ སོགས་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་མངོན་གསུམ་བཞིན་དུ་བཞུགས་པར་བསམ་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་། སྐྱབས་ཡུལ་དཔང་པོར་བཞུག་པའི་མདུན་དུ་སྨོན་འཇུག་གི་སེམས་བསྐྱེད་པ་ནི། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ལན་གསུམ་གྱིས་སེམས་བསྐྱེད། ཡན་ལག་བརྒྱན་པ་འབུལ་བ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཚོགས་གསག་ཀྱང་བྱ། མཐར་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དཀར་གཏོར་གསེར་སྐྱེམས་དང་བགེགས་གཏོར་བཤམས་ལ། ལས་བུམ་གྱི་ཆུས་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གཏོར་མ་དང་གསེར་སྐྱེམས་ཕུལ། བགེགས་གཏོར་བསྔོ་བ་ནི། རང་ཉིད་ཧེ་རུ་ཀའི་སྐུར་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབས། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿསོགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། བགེགས་བསྐྲད་པ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལུང་ལས༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ ཨོཾ་སུམྦྷ་ནི་སོགས་དྲག་སྔགས་གུལ་ཡུངས་བཅས་ཀྱིས་བསྐྲད། སྲུང་བའི་མཚམས་གཅོད་པ་ནི། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཕྱི་ནང་སྣོད་བཅུད་ཁྱབ་པ་ཡི༔ འབར་བའི་ཁྲོ་བོ་མི་བཟད་པས༔ ལོག་འདྲེན་འབྱུང་པོ་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ ཞེས་སྲུང་བའི་འཁོར་ལོས་ཕྱོགས་མཚམས་དཀྲིགས་པར་མོས། རྒྱུན་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་སྤྲོ་ན་བྱ། ཕུར་པ་བྱིན་རླབས་སྤྲོ་ན། ཕུར་བུ་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། དུག་ཁྲག་གིས་བྱུགས་ལ། མ་གུ་ཏ་ལ་པྲ་ཏ་ལ༔ སངས་རྒྱས་ཐམས་ཅད་འདུས་པའི་བདག༔ ཕྲིན་ལས་ཡོངས་སུ་རྫོགས་པའི་དངོས༔ ཏིང་འཛིན་གསལ་ཞིང་བརྟན་པ་ཡི༔ སྒྲུབ་པའི་རྫས་སུ་བྱིན་ཕོབ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨ༔ རོལ་མོ་འཁྲོལ་ནས་དལ་དབུས་བཞག།་་་ཕུར་པ་བྱིན་རླབས་འདི་བསྙེན་སྒྲུབ་སོགས་ཀྱི་སྐབས་དང་པོར་ཐུན་གཅིག་ལས་མ་བྱས་ཀྱང་ཆད་སྐྱོན་མེད་ཅིང་། རྟེན་ཕུར་མེད་ན་ནི་འདོན་མི་དགོས། མཆན། བྱིན་དབབ་པ་ནི། སྤོས་རོལ་གཡབ་དར་དང་བཅས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ཞེས་ལན་མང་དུ་བརྗོད་པས་བདག་གནས་སྒྲུབ་རྫས་སྣོད་བཅུད་ཐམས་ཅད་ལ་བྱིན་དབབ། མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ། གཉིས་པ་དངོས་གཞིའི་ལྷ་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས། སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས༔ ཉོན་མོངས་ཞེ་སྡང་གཟུང་འཛིན་གཅོད༔ མཚོན་ཆེན་ཧཱུྃ་སྔོན་འོད་འབར་བ༔ རང་བྱུང་ནམ་མཁའི་དཀྱིལ་དུ་ཤར༔ འཁོར་འདས་སྲོག་གི་གོ་རུ་བསྒོམ༔ ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་ལས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང༔ ཡེ་ཤེས་ལྔ་རྫོགས་གཞལ་མེད་ཁང༔ དུར་ཁྲོད་དྲག་པོའི་བཀོད་པ་ཅན༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རྔམ་བཞད་གཤེ༔ ཕྱག་དྲུག་ཡེ་ཤེས་རོལ་པའི་རྟགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་དང༔ ཐ་མས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་ཁྲག་བསྣམས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ པད་ཉི་ལྷ་ཆེན་ཁྱོ་ཤུག་སྟེང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཧཱུྃ་གི་གླུས་བསྐུལ་བས༔ ཡབ་ཡུམ་བཟོད་མེད་བདེ་བ་འབར༔ རྗེས་ཆགས་སྙོམས་ཞུགས་མཁའ་གསང་ནས༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ༔ ཞལ་ཞུགས་བྱང་སེམས་ཐིག་ལེར་ཞུ༔ འོད་ཀྱི་གོང་བུ་མཁའ་ནས་སྤྲོས༔ རྩིབས་སྟེང་དཔལ་ཆེན་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕུར་འདྲིལ་ཡུམ་དང་འཁྱུད༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ཕྲིན་ལས་སྒོ་མ་བཞི༔ མུ་རན་འཇིག་རྟེན་སྐྱོང་བས་བསྐོར༔ གཙོ་བོ་ཡབ་ཡུམ་གནས་ལྔ་རུ༔ སངས་རྒྱས་པདྨ་རྡོ་རྗེ་དང༔ རིན་ཆེན་ལས་ཀྱི་ཀཱི་ལ་ཡ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ ལྷན་སྐྱེས་ཡུམ་དང་བཅས་པར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བསྐྱེད་རིམ་སྲིད་པ་ཕུར་བུ་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ལ། སྤོས་དང་གཡབ་དར་དབྱངས་རོལ་དང་བཅས། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཡེ་དབྱེར་མེད་དུ་བརྟན་པར་མོས། ཕྱག་འཚལ་བ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཁྲག་འཐུང་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་རོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཁྱད་པར་དུ་རཀྟ་ཚར་གསུམ་གྱི་མཆོད་པ་ནི། ཕུད་དང་རཀྟ་བསྲེས་ལ་དང་པོ་བཀའ་བསྒོ་བའི་ཕྱིར་ཕུལ་ལ། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུགས་ཤིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །མ་ཧཱ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། ཞེས་ཕུལ་བས་མཉེས་པར་བྱའོ། །བསྟོད་པ་ནི། ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ལ། ལྷའི་སྣང་ཞེན་ལ་བསླབ་ཅིང་གསལ་དག་བརྟན་གསུམ་གྱི་བསྐྱེད་རིམ་ཚད་དུ་ཕྱིན་པ་ལ་བསླབ་བོ། དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་ཛཔ྄་ཁང་སྤྱི་ལྟར་དབྱེ། བཟླས་པའི་རྣལ་འབྱོར་ནི། ཐུགས་ཀ་དཔལ་གྱི་བེ་འུའི་དབྱིངས༔ ཡེ་ཤེས་སེམས་དཔའ་ཐིག་ལེའི་དབུས༔ བཛྲ་སཏྭ་ཚོན་གང་བའི༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་ལས་རྡོ་རྗེའི་སྔགས་ཕྲེང་འཕྲོས༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་ནས་འཁོར་བའི་མོད༔ སྐུ་དང་སྔགས་ཕྲེང་མེ་འོད་མཚོན༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྲིད་གསུམ་དྲེགས་པ་གཟིར་ཞིང་བསྔངས༔ བར་ཆད་བདུད་བགེགས་ཚར་ཐག་བཅད༔ སྣོད་བཅུད་ཀ་དག་གཉུག་མའི་བབས༔ རྡོ་རྗེ་གཞོན་ནུའི་ངོ་བོར་རྫོགས༔ ཞེས་དམིགས་པའི་སྲོག་ཏུ་བཟུང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཞེས་རྩ་བའི་བསྙེན་སྔགས་གཙོ་བོར་བཟླ་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་སྒྲུབ་པའི་སྔགས་ཀྱང་ཅི་ནུས་བཟླ། སྤྲོ་ན། མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུམ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་ལས་སྦྱོར་སྤུ་གྲིའི་སྔགས་ཤམ་བཏགས་པ་ཡང་ཅུང་ཟད་བཟླ། བསྙེན་སྒྲུབ་བྱེད་ན་བསྙེན་སྔགས་འབུམ་ཕྲག་བདུན། སྒྲུབ་སྔགས་བྱེ་བ། ལས་སྦྱོར་ཁྲི་ཕྲག་གཅིག་བཟླས་པས་ལས་རུང་དུ་འགྱུར་རོ། །དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་བུམ་པ་སྤྱི་ལྟར་སྒྲུབ། ལས་བུམ་དུ་འཁྱིལ་པ་བསྐྱེད། འོད་ཞུ་བྱ། ཚེ་སྒྲུབ་ཀྱི་དམིགས་བཟླས་ནི། བདག་མདུན་བཛྲ་ཀུ་མཱ་རའི༔ སོགས་གཏེར་གཞུང་ལྟར་ལ། ཀཱི་ལ་ཡའི་སྒྲུབ་སྔགས་མཐར་ཚེ་ཤམ་གདགས། ཚེ་འགུགས་རྒྱས་གདབ་བཅས་བྱ། ཐུན་ལས་ལྡང་བར་བརྩམ་པ་ན་དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐངས་ཤིང་ནུས་པ་བརྟན་པར་བྱས་རྗེས་སྟོང་ཚིགས་མཆོད་བསྟོད་ནི། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་དངོས་གྲུབ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་ཚོགས་པར་བཤམས་ལ་ཆུ་ཆང་ནང་གསུམ་གྱིས་བྲན། རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབས། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་བྱོན༔ ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་མཆོད་པ་འབུལ་བ་ནི། ཧཱུྃ༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དབང་པོའི་རོལ་པ་ཕྱི་ཡི་ཚོགས༔ ཡུལ་དང་ཤེས་པ་མི་ཕྱེད་པ༔ བདེ་སྟོང་ལོངས་སྤྱོད་ནང་གི་ཚོགས༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ བསམ་གྱིས་མི་ཁྱབ་གསང་བའི་ཚོགས༔ གཉིས་མེད་མཉམ་པའི་ངང་དུ་རོལ༔ མ་ཧཱ་པཱུ་ཛ་ཏ་ན་ག་ན་ས་མ་ཡ་ཨ་ཧཾ༔ བཤགས་པ་ནི། ཧོ༔ རྩ་བ་ཡན་ལག་དང་བཅས་པའི༔ ཕྱི་ཡི་དམ་ཚིག་ཉམས་ཆག་བཤགས༔ བདེ་ཆེན་ལམ་དུ་མ་བསླངས་པའི༔ ནང་གི་ཉམས་ཆག་བཟོད་པར་གསོལ༔ མེད་དང་ཕྱལ་པ་གཅིག་པུ་དང༔ ལྷུན་གྱིས་གྲུབ་པར་མཉམ་བཞག་པས༔ ཀུན་ནས་ཀུན་ཏུ་མི་ཕྱེད་པའི༔ རྡོ་རྗེའི་དམ་ཚིག་དག་གྱུར་ཅིག༔ ས་མ་ཡ་ཧོ༔ ཡིག་བརྒྱ་བརྗོད། བསྒྲལ་བ་ནི། ཚོགས་ཐ་མ་ལ་རྟེན་བྱས་ཏེ། ན་མོཿ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་ཅིང་། ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་དམིགས་རྟེན་ལ་བཀུག །ཛཿཧཱུྃ་བཾ་ཧོཿས་དགུགས་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཕུར་པ་འདྲིལ་ཞིང་། ཧཱུྃ་བྷྱོ༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་བགེགས་ཀླ་ཀློ་དགུག་ཅིང་བསྟིམ༔ ཐེ་ཚོམ་རྟོག་པའི་བྱུར་འདྲེ་ཀུན༔ ཛཿཧཱུྃ་བཾ་ཧོཿའི་ཕྱག་རྒྱས་གདབ༔ གཟུང་དང་འཛིན་པའི་གཉིས་འཛིན་བདུད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཀུན་ནས་ཀུན་ཏུ་འོད་གསལ་བ༔ གདོད་མའི་སྟོང་ཆེན་དབྱིངས་སུ་ཐིམ༔ ཧཱུྃ་ཧཱུྃ་ཧོ་ཧཾ་མཱ་ར་ཡ་ཕཊ༔ ཞལ་བསྟབ་ནི། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་འགྱུ་འདྲའི་ལྗགས་བརྐྱངས་ཏེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་སྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧཾ་མ་ཧཱ་སུ་ཁ་ཧོ༔ ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་སྟོབ་ལ། བརྡ་དང་བརྡའི་འབུལ་ལེན། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཞེས་དྲངས་ཏེ་ཚིམས་པར་རོལ། ལྷག་མ་བསྡུས་ལ་གཙང་ལྷག་དང་བསྲེས་ཞལ་ཆབ་ཞུས་སྨན་རཀ་གིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབས་ལ། ཨེ་ཨ་རལླི་ཧྲཱིཾ་ཛཿཞེས་པས་ལྷག་སྡུད་ཕོ་ཉའི་ཚོགས་རྣམས་དམ་ཚིག་གིས་གནས་སུ་བྱོན་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང་། རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ས་མ་ཡ་ཨུཙྪིཥྚ་བཱ་ལིཾ་ཏ་ཁཱ་ཧིཿ སྤྲོ་ན་རྡོ་རྗེའི་གླུ་ཡང་བྱ། སྨོན་ལམ་གདབ་པ་ནི། ཧོ༔ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་དང་གཟུངས་མ་དང་། རྡོ་རྗེའི་སྲོག་གིས་སྦྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོ་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ དེ་ནས་ཆད་ཐོ་སྐྱོང་བ་ནི། ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡིས༔ དམ་ཚིག་གཉེར་དུ་གཏད་པ་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ དྷརྨ་པཱ་ལ་ས་མ་ཡ་ཧོཿ བཤལ་ཆུ་ལ་བརྟན་མ་སྐྱོང་བ་ནི། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེས་རྒྱ་གྲམ་དུ་རེག་ནས་རྟ་བྲོ་ནི། ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ དེ་ནས་གཏང་རག་གི་མཆོད་བསྟོད་ཕུལ། དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ ཞེས་སྒྲུབ་རྫས་སྤྱི་བོར་བཞག །དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། མ་རྙེད་ཡོངས་སུ་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཚོགས་མགྲོན་དང་མདུན་བསྐྱེད་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པའི་དཀྱིལ་འཁོར་བསྡུ་ཞིང་ལྡང་བ་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་བཛྲ་ཀུ་མཱ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །དགེ་འདིས་བདག་གཞན་སེམས་ཅན་ཀུན། །བར་ཆད་བདུད་ལས་རྣམ་རྒྱལ་ཞིང་། །རྡོ་རྗེ་གཞོན་ནུ་མཆོག་འགྲུབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་སྔ་སོར་དབོན་མཛོད་བླ་མ་ཚེ་དབང་དཔལ་འབྱོར་གྱིས་ནན་ཏན་ཆེན་པོས་བསྐུལ་བ་དང་། ཉེ་ཆར་ཉག་ཨ་འཛི་རོང་གི་དྲི་རེད་དཔོན་བླ་མ་པདྨ་རིག་འཛིན་ནས་གསེར་གྱི་མཎྜལ་བྲི་གཞིའི་ཤོག་བུ་དང་བཅས་མྱུར་བར་དགོས་བསྐུལ་གསུང་ངོ་མ་ལྕོགས་པར་རྗེ་གཏེར་ཆེན་བླ་མའི་ཕྲིན་ལས་ཀྱི་རོལ་གར་དུ་མིང་གི་དབང་བསྐུར་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། དཔལ་རིགས་མཆོག་གྲུབ་པའི་རྡོ་རྗེ་ཕྲིན་ལས་འདུས་པ་རྩལ་གྱིས་ཆུ་ལུག་ཁྲུམས་སྟོད་ཟླ་བའི་ཚེས་ཉེར་གཅིག་འཕྲོད་སྦྱོར་བཟང་པོར། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་སྤེལ་བའི་ཡི་གེའི་བྱེད་པོ་ངག་དབང་བློ་གྲོས་ཀྱིས་བགྱིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་སུ་ཤྲཱིཿཡེ་བྷ་ཝ་ཏུ།། །། ཤྲཱི་བི་ཛ་ཡནྟུ། རིག་མཆོག་འབུམ་སྡེའི་ཟབ་གསང་རྒྱུད་ཀྱི་སྙིང་། །རྒྱལ་ཀུན་ཕྲིན་ལས་སྤྱི་དཔལ་ཧེ་རུ་ཀའི། །སྒྲུབ་སྡེའི་སྙིང་པོ་སྙན་བརྒྱུད་གདམས་པའི་སྲོལ། །རྨད་བྱུང་ལམ་གྱི་རྣལ་འབྱོར་ཀུན་རྫོགས་པའི། །ངོ་མཚར་གདམས་ཟབ་གངས་ཅན་ཤིང་རྟ་ཆེ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ཡི། །ཆོས་གཏེར་ལས་བྱོན་རྣལ་འབྱོར་འཇུག་བདེའི་ཕུལ། །གཏོར་ཟློག་དང་བཅས་ཆོས་སྦྱིན་འཕྲུལ་གྱི་སྒོ། །འཇམ་མགོན་བླ་མའི་ཕྲིན་ལས་རྫོགས་ལྡན་སྤྲིན། །ཐུབ་བསྟན་མཛེས་པའི་བཤེས་གཉེན་མཆོག་གི་གསུང་། །སྐལ་བཟང་བཙས་སུ་སྣང་འདིས་བསྟན་དང་འགྲོར། །དགེ་ལེགས་འདོད་དགུའི་དབུགས་འབྱིན་སྟེར་གྱུར་ཅིག །ཅེས་པའང་གུས་སློབ་མངྒ་ལས་སྨྲས་པ་དགེ་ལེགས་འཕེལ།། །།

དུར་ཁྲོད་བརྒྱད་ཀྱི་བྱིན་འབེབ་བཀོལ་བྱང་ (Volume 16, Text 19)

༄༅༔ དུར་ཁྲོད་བརྒྱད་ཀྱི་བྱིན་འབེབ་བཀོལ་བྱང་བཞུགས་སོ༔ ྈྈྈ མ་ཧཱ་ཤྲཱི་ཧེ་རུ་ཀ་ལ་ན་མོ༔ སྒྲུབ་པ་ཆེན་པོའི་བྱིན་དབབ་པའི་སྐབས་སུ་དུར་ཁྲོད་བརྒྱད་ཀྱི་རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང་བྱིན་དབབ་པར་བྱ་སྟེ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ རུ་དྲའི་སྙིང་དང་སྟོབས་བཟང་རོ༔ ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ༔ ཉ་ཤིང་གོན་པའི་ཞིང་སྐྱོང་ནི༔ གནམ་འཕྲོ་དཀར་པོ་གླང་མགོ་ཅན༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྱོགས་སྐྱོང་བརྒྱ་བྱིན་སྐུ་མདོག་སེར༔ གླང་ཆེན་སྟེང་ན་རྡོ་རྗེ་བསྣམས༔ མཚོ་ནང་མཐའ་ཡས་ཀླུ་དབང་དཀར༔ སྦྲུལ་མགོ་གདེངས་ཤིང་ཐལ་མོ་སྦྱར༔ ཆུ་སྤྲིན་དཀར་ལ་ཤིང་སྡོང་སེར༔ མཆོད་རྟེན་མདངས་ལྡན་བདེ་བྱེད་བརྩེགས༔ ཀེའུ་རི་བྷན་དམར་བྱིས་དབྱུག་མཐིང༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མཁས་ཤིང་སྙིང་སྟོབས་ཆེ༔ ཧཱུྃ་ཀཱ་ར་ཡིས་བྱིན་ཕོབ་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མགོ་དང་འཆི་བདག་རོ༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ ཤིང་ཆེན་བཀྲ་ཤའི་ཙུ་དྷ་སྔོ༔ ཞིང་སྐྱོང་འཚོ་བྱེད་མ་ཧེའི་གདོང༔ ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་བརྗིད༔ ཐོད་དབྱུག་ཐོགས་ནས་མ་ཧེ་ཞོན༔ ཀླུ་ཆེན་འཇོག་པོ་གསེར་མཚོ་འཛིན༔ སྤྲིན་ཆེན་རྣམ་སྡུད་སྔོ་སྐྱ་འཁྱིལ༔ མཆོད་རྟེན་ཏ་ལ་རིན་ཆེན་བརྩེགས༔ ཙོའུ་རི་མདའ་གཞུ་འགེང་མ་སེར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རང་བྱུང་རྫུ་འཕྲུལ་ལྡན༔ འཇམ་དཔལ་གཤེས་གཉེན་བྱིན་ཕོབ་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ནང་ཁྲོལ་སྟོབས་བཟང་རོ༔ ནུབ་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས༔ ཤིང་ཆེན་ཨ་ཏ་ཨ་ལི་ཀཿ ཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང༔ ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ༔ ཆུང་མ་དང་བཅས་ཆུ་སྲིན་ཞོན༔ ཀླུ་རྒྱལ་དུང་སྐྱོང་མཚོ་དམར་སྐྱ༔ སྤྲིན་སྒྲོག་འཐིབས་པ་དམར་ནག་འཁྲུག༔ མཆོད་རྟེན་བདེ་རྒྱས་ཁམས་སུམ་སྒྲོལ༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དམར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོས་འཆད་འབྱོར་པ་ལྡན༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མཚན་མ་ཁྱབ་འཇུག་རོ༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ ཨ་སུ་སྟ་ན་མཛེས་པའི་ཤིང༔ ཞིང་སྐྱོང་དུད་ཁ་རྟ་མགོ་ལྗང༔ ཕྱོགས་སྐྱོང་གནོད་སྦྱིན་དབྱུག་ཐོ་བསྣམས༔ ཆུང་མར་བཅས་ཏེ་རྟ་དམར་ཞོན༔ ཀླུ་རྒྱལ་སྟོབས་རྒྱུ་མཚོ་ཆེན་ལྗང༔ རྨུག་བྱེད་མྱོས་སྤྲིན་ལྗང་གུར་འཐིབས༔ མཆོད་རྟེན་དོན་ཡོད་ཕྲིན་ལས་གཏེར༔ བཻ་ཏཱ་མཐིང་ག་རྡོ་རྗེ་ཕྱར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མྱང་འདས་མཐུ་རྩལ་ཆེ༔ པྲ་ཆེན་ཧསྟིས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡས་དགའ་དབང་རོོ༔ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར༔ ཤིང་ཆེན་ནག་སྐྱ་ཀྲོ་ཏ་བཟང༔ ཞིང་སྐྱོང་འདུངས་པ་ར་གདོང་སེར༔ ཕྱོགས་སྐྱོང་མེ་ལྷ་ཞུགས་བུམ་ཅན༔ ཆུང་མ་དང་བཅས་ར་ལ་ཞོན༔ ཀླུ་རྒྱལ་པད་ཆེན་མཚོ་ཆེན་སྔོ༔ གདུག་བྱེད་སྤྲིན་ཆེན་དམར་སེར་འཁྱིལ༔ མཆོད་རྟེན་གོའུ་ཏི་ཤནྟི༔ པུསྐ་དམར་སེར་བྱིས་རྒྱུ་འདྲེན༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རོལ་རྩེད་ཟས་བཅུད་ཆེ༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡོན་ཚོགས་བདག་རོ༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ ཤིང་ཆེན་བཞི་ཁྲི་རྫོགས་ལྡན་འོད༔ ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོ༔ ཕྱོགས་སྐྱོང་སྲིན་པོ་གྲི་ཐོགས་སྨུག༔ ཆུང་མར་བཅས་ཏེ་རོ་ལ་ཞོན༔ ཀླུ་ཆེན་ཧུ་ལྕ་མཚོ་བཅས་སྨུག༔ སྤྲིན་ཆེན་དྷ་ན་སེར་ཁྲར་འཁྱིལ༔ མཆོད་རྟེན་རྨང་གྲངས་ཀ་ནི་ཀ༔ ཀསྨ་དུང་དམར་དཀྲུགས་འཐུང་ལྗང༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་བདུད་འདུལ་བྱིན་རླབས་གནས༔ དྷ་ན་སཾསྐྲིས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡོན་བྷྲྀཾ་གའི་རོ༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིང་ཆེན་ཏརྫ་ནག་པོ་སྟེ༔ ཞིང་སྐྱོང་ལྟོ་འཕྱེ་ཤ་བའི་མགོ༔ ཕྱོགས་སྐྱོང་རླུང་ལྷ་བ་དན་ཅན༔ དུད་ཁ་ཆུང་བཅས་ཤ་བ་ཞོན༔ ཀླུ་ཆེན་རིགས་ལྡན་མཚོ་བཅས་ལྗང༔ སྤྲིན་པ་རབ་ཆད་ཆར་འབེབ་སེར༔ མཆོད་རྟེན་བདེ་ལྡན་མ་ཧཱ་འབབ༔ སྨེ་ཤ་ནག་མོ་ཙིཏྟ་ཟ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཁབ་བཞེས་བཙུན་མོར་ལྡན༔ རོམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡས་སྨིན་དྲུག་རོ༔ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤིང་ཆེན་ཧ་ལ་འོད་དམར་འཁྱིལ༔ ཞིང་སྐྱོང་དྲེགས་པ་ཅེ་སྤྱང་གདོང༔ དབང་ལྡན་ལྗང་སྐྱ་རྩེ་གསུམ་ཅན༔ ཆུང་མར་བཅས་ཏེ་ཅེ་སྤྱང་ཞོན༔ ཀླུ་ཆེན་བ་སུ་མཚོ་བཅས་དཀར༔ སྤྲིན་ཆེན་ཉ་ཅན་ནག་པོ་འཁྲུག༔ མཆོད་རྟེན་ཀླུ་གནས་ཤིང་ཀུན་སྟེ༔ ཙནྡྷ་སེར་སྐྱ་མཆོག་ལུས་འབྲལ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོ་འཕྲུལ་བཟོ་ལ་མཁས༔ ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་ཀྱི་རྗེ༔ རིག་འཛིན་གྲུབ་ཐོབ་ཀུན་གྱི་གཙུག༔ ཀླུ་སོགས་སྡེ་བརྒྱད་ཀུན་གྱི་གཉེན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ ཨོ་རྒྱན་པདྨས་བྱིན་ཕོབ་ཅིག༔ མ་མོ་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨ་ཨཱ༔ ཞེས་གདུང་བ་དྲག་པོས་གསོལ་བ་གདབ་ཅིང༔ དལ་བསྐོར་ཞིང་བྱིན་དབབ་བོ༔ བྱིན་འབེབ་བཀོལ་བྱང་ྀཨཚ༔ ས་མ་ཡ༔ དུར་ཁྲོད་དེ་དག་གི་བཀོད་པ་ནི་གཤིན་རྗེ་གསལ་ཤིང་གི་རྒྱུད་ལས་བཏུས་ཤིང༔ སྒྲུབ་ཆེན་རིག་འཛིན་བརྒྱད་པོ་དེ་དག་གི་ནི༔ དུར་ཁྲོད་བརྒྱད་དུ་བྱོན་ནས་བཀའ་བརྒྱད་བྱེ་བྲག་ཏུ་སྒྲུབ་པས་དངོས་གྲུབ་སོ་སོར་རྙེད་ཅིང༔ དུར་ཁྲོད་དེ་དག་གི་ཕྱོགས་སྐྱོང་ཞིང་སྐྱོང་དང་གྲུབ་ཐོབ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས་རིག་འཛིན་རྣམས་ཀྱི་གྲོགས་སུ་ཞལ་བཞེས༔ རྗེས་འཇུག་སྐྱོང་བར་དབྱར་དམ་བཅས་ཕྱིར༔ དཀྱིལ་འཁོར་དུ་བཀོད་པ་དང༔ བྱིན་ཆེན་དབབ་པར་ཤེས་སོ༔ ཨོ་རྒྱན་གྱིས་ནི་དུར་ཁྲོད་ཀུན་ཏུ་ཁྱབ་པར་བྱོན་ཅིང་དངོས་གྲུབ་ཐམས་ཅད་བརྙེས་པའི་ཕྱིར༔ བྱིན་དབང་དུ་གསལ་དུ་ཤེས་སོ༔ རྣལ་འབྱོར་པ་རྣམས་དལ་ལ་བསྐོར་ཞིང་སྤྱི་བླུག་གི་ཞྭ་དང༔ ཞིང་ལྤགས་གཡབ་ཅིང་མཆོང་སྟབས་བྱ༔ བྱིན་ཕོབ་ཅིག་ཅེས་པའི་སྐབས་སུ་རྔ་སོགས་སྒྲ་ཐམས་ཅད་བསྒྲག་པར་བྱའོ༔ གུ་རུ་ཆོས་དབང་གི་གཏེར་ཁའོ།། །།

ཐུགས་སྒྲུབ་ཆ་ལག་མེ་མཆོད་ཟབ་མོ་ (Volume 42, Text 19)

ཐུགས་སྒྲུབ་ཆ་ལག་མེ་མཆོད་ཟབ་མོ་བཞུགས་སོ༔ བའོག༔ བདག་འདྲ་པདྨ་མཁན་པོ་ཡིས༔ སྒྲུབ་ཐབས་གསུམ་གྱི་ཁ་སྐོང་དུ༔ མེ་ཡི་མཆོད་པ་བསྟན་པར་བྱ༔ བརྩོན་འགྲུས་ལྡན་པའི་རྣལ་འབྱོར་པས༔ རྒྱ་ཤུག་དཀར་དམར་ཨ་ག་རུ༔ གླ་བ་སྐྱེར་ཚེར་མཐུན་ཤིང་བསག༔ དབྱིབས་ནི་ཕྲིན་ལས་བཞི་རུ་ཤེས༔ ཐབ་ཁུང་མེ་ལྷ་སྤྱན་དྲངས་བསྟིམ༔ མེ་ལྷའི་ལྟོ་བར་རྩ་བ་གསུམ༔ ལྷ་ཚོགས་ཚོམ་བུའི་ཚུལ་དུ་བསྐྱེད༔ གསེར་དངུལ་ཟངས་ལྕགས་སྨན་སྣ་དང༔ འབྲུ་སྣ་ཟས་སྣ་མང་དུ་བསག༔ དཀར་གསུམ་མངར་གསུམ་ཕྱེ་མར་དང༔ མདོར་ན་གང་འདོད་བསྲེགས་པས་འགྲུབ༔ རྒྱུན་དུ་ཕྱེ་མར་ཟས་སྣ་བསྲེག༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཞལ་རྣམས་ཧོམ་ཁུང་གདངས་པའི་ནང༔ འདོད་པའི་རོ་མཆོག་བདུད་རྩིར་ཕུལ༔ ཞལ་དུ་སིབ་སིབ་སོང་བར་བསམ༔ རྫས་དང་ལོངས་སྤྱོད་དཔག་མེད་པ༔ ཡིད་ཀྱིས་འགུག་གཞུག་བྱས་ལ་བསྟིམ༔ རྩ་བའི་སྔགས་འདིས་འབུལ་བར་བྱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ནྲྀཿཨཱ་ཀརྵ་ཡ་ཨགྣེ་ཛྭ་ལ་རཾ་ཧཱུྃ་ཛ་ཛཿཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ཞིང༔ གང་འདོད་དོན་ལ་གསོལ་བ་གདབ༔ དེ་ཡིས་དངོས་གྲུབ་གང་འདོད་པ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ རྒྱུན་མཆོད་ནར་མར་བྱེད་པ་ནི༔ ཐབ་ཁུང་མེ་ལྷ་གོང་བཞིན་ལ༔ ཕྱེ་མར་བསྲེག་ཅིང་སྔགས་རྣམས་ཕུལ༔ ཅི་ཟ་ཅི་འཐུང་ཕུད་ཀྱིས་མཆོད༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ ནད་གདོན་བགེགས་དང་བར་ཆད་ཞི༔ ཚེ་དང་ལོངས་སྤྱོད་རྒྱས་པར་འགྱུར༔ སྣང་སྲིད་ཐམས་ཅད་དབང་དུ་འདུས༔ དགྲ་བགེགས་གདུག་པའི་བར་ཆད་ཞི༔ ཡིད་ལ་བསམ་པ་དེ་བཞིན་འགྲུབ༔ དགོས་འདོད་ཆར་ལྟར་འབབ་པར་འགྱུར༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ ལས་ཅན་ཤེས་རབ་བློ་ལྡན་པ༔ སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐམ༔ གུ་ཧྱ༔ ཟབ་རྒྱ༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ྈྈྈྈྈྈྈྈྈྈ ྈྈྈ ྀཨཚ༔ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ། །བཀྲ་ཤིས་པར་ཤོག །

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་བསྐྱེད་རྫོགས་ཁོག་ཕུབ་ (Volume 59, Text 19)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་བསྐྱེད་རྫོགས་ཁོག་ཕུབ་བཞུགས༔ ྈྈྈྈ ངོ་བོ་རང་བཞིན་ཐུགས་རྗེར་འདུད༔ བསྐྱེད་རྫོགས་ཀུན་གྱི་ཁོག་ཕུབ་བསྟན༔ སློབ་དཔོན་མཚན་ཉིད་ལྡན་པ་དག༔ ཚུལ་ལྡན་སློབ་མས་ལེགས་པར་བསྟེན༔ གནས་ཀྱང་བྱིན་ཆེན་ཉམས་དགའ་དབེན༔ གྲོགས་ནི་དམ་ཚིག་ལྡན་པའི་ཚོགས༔ རྐྱེན་ཟློག་མཐུན་རྐྱེན་ཡོ་བྱད་འཛོམ༔ དུས་ནི་ཁྱད་པར་དགེ་བ་ལ༔ བསྐྱེད་དང་རྫོགས་པའི་རིམ་པ་བསྒོམ༔ ས་མ་ཡ༔ གཞི་ནི་སྟོང་གསལ་སྙིང་པོ་ཅན༔ ལམ་ནི་གཞི་སྣང་རྩལ་སྦྱངས་པས༔ གྲུབ་འབྲས་སྐུ་དང་ཡེ་ཤེས་སོ༔ རང་བྱུང་ངམ་ནི་བགྱིས་པའི་གནས༔ མཚམས་གཅོད་སྟ་གོན་ལེགས་པར་བྱ༔ རིན་དང་བདེན་པའི་ངག་སོགས་ཀྱིས༔ ས་ཡི་སྟ་གོན་ལེགས་པར་བྱ༔ དཀྱིལ་འཁོར་སྒྲུབ་རྫས་སྒྲུབ་པ་པོ༔ སྟ་གོན་རྣམས་ཀྱི་རྫས་འདུ་བྱ༔ ས་མ་ཡ༔ མཆོད་གཏོར་གསེར་སྐྱེམས་འདུ་བྱས་ལ༔ བྱིན་རླབས་སྔགས་ཀྱིས་ལེགས་པར་བསྔོ༔ འདོད་པའི་དོན་གསོལ་རང་གནས་གཤེགས༔ ཧྲཱིཿལས་ཕུར་པ་སྐད་ཅིག་གིས༔ དབང་མཛད་ཁྲོ་བོའི་རྒྱལ་པོར་གསལ༔ ཨོཾ་ཧ་ཡ་གྲཱི་བ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ས་ལ་གདབ་པས་དབང་བྱས་བསམ༔ ལྟོ་འཕྱེ་བརྟགས་ཤིང་རོ་ལྔ་བསལ༔ སྔོན་དུ་དཔྱད་དམ་འདི་རུ་བརྟགས༔ ངན་ན་སྔགས་རྒྱ་མེ་ཡིས་སྦྱང༔ ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་འཛིན་ལོག་པར་འདྲེན་པའི་བདུད༔ འཇམ་དཔལ་རྡོ་རྗེའི་བཀའ་བྱུང་བས༔ བརླག་པར་འགྱུར་གྱིས་གཞན་དུ་སོང༔ དྲག་སྔགས་ཐུན་དང་རོལ་མོས་བསྐྲད༔ ཧཱུྃ་ཧཱུྃ་དྲག་ཏུ་བརྗོད་པ་ཡིས༔ འབར་བའི་སྟབས་ཀྱིས་ས་རྣམས་བཅག༔ མཚམས་ཕུར་ཁྲོ་བོ་བཅུ་གསལ་བ༔ འགྱིང་ཞིང་བསྐོར་བས་ཕྱོགས་བཅུར་གདབ༔ བགེགས་ཆེན་བཅུ་རྣམས་གཟིར་བར་བསམ༔ ཧཱུྃ༔ རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི༔ ལག་ན་རྡོ་རྗེའི་བཀའ་བཞིན་དུ༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་བསྒོས་ལས་ཀྱི་གཤིན་རྗེ་ལ༔ ཧཱུྃ༔ གསང་བ་མཆོག་གི་ཕོ་བྲང་དུ༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ འཁོར་ལ་རྣམ་སྨིན་ཆོས་ཤོད་ལ༔ མུ་རན་སྐྱོངས་ཤིག་ཆོས་ཀྱི་རྒྱལ༔ དམ་སྲིའི་སྙིང་གར་ཕུར་པས་གཟིར༔ ཧཱུྃ༔ མི་གཡོ་ཁྲོ་རྒྱལ་ཆོས་ཀྱི་རྗེ༔ ཧཱུྃ་མཛད་བཛྲ་ཀཱི་ལ་ཡ༔ སྔོན་གྱི་ཐུགས་དམ་དུས་ལ་བབས༔ དམ་སྲིའི་སྦྱོར་བ་བརླག་པར་གྱིས༔ མེར་བསྲེགས་ཐལ་བར་བྲོ་བརྡུང་ལ༔ ཧཱུྃ༔ སྣང་སྲིད་དབང་དྲག་འབར་བའི་ཞིང༔ དཔལ་གྱི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་སྐད་རྔམ་པའི་ང་རོ་ཡིས༔ བགེགས་ཆེན་དམིགས་མེད་ཀློང་དུ་མནན༔ ཧཱུྃ༔ མ་ཊཾ་བྱ་བ་བདག་ལས་བྱུང༔ བདག་མེད་རྟོགས་པའི་ཐོ་བས་གཞོམ༔ དུག་གསུམ་རུ་དྲ་སྡེ་གསུམ་འདི༔ སྐུ་གསུམ་མཚོན་གྱིས་དབྱིངས་སུ་བསྒྲལ༔ ལྷུ་ཕྲལ་ཕྱོགས་མཚམས་བརྒྱད་དུ་དགོད༔ དུར་ཁྲོད་གཞལ་ཡས་ཁང་དུ་ཞུགས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དུར་ཁྲོད་བགེགས་ཆེན་མགོ་ལྷོ་ནུབ༔ རྐང་ནི་བྱང་ཤར་དུ་བསྒྱེལ་ནས༔ རོལ་པའི་སྟབས་ཀྱིས་མནན་པར་བྱས༔ ལུ་གུ་རྒྱུད་དུ་བྲོ་བརྡུངས་ནས༔ ཧཱུྃ༔ ཀུན་ཀྱང་རྡོ་རྗེའི་རང་བཞིན་ལ༔ ཡེ་ཤེས་མེ་ཕུང་ཀུན་ཏུ་འབར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ གཉིས་མེད་ཡེ་ཤེས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ སྟེགས་བུ་ལེགས་བརྩིགས་དྲི་ཡིས་བྱུགས༔ ཧཱུྃ་ཧཱུྃ་ཧཱུྃ་དང་ཧྲཱིཿབརྗོད་ནས༔ ཡེ་ཤེས་རང་བཞིན་ཐིག་གདབ་པས༔ ཡེ་ཤེས་གཞལ་ཡས་ཁང་དུ་བསམ༔ ལྷ་གནས་རྣམས་སུ་ཚོམ་བུ་དགོད༔ སྟོང་པ་ཆེན་པོའི་རང་བཞིན་ལ༔ ཞིང་ཁམས་ཕོ་བྲང་ངོ་མཚར་དབུས༔ པདྨ་འདབ་བརྒྱད་གེ་སར་ལ༔ དེ་བཞིན་གཤེགས་པ་འཇམ་དཔལ་དབྱངས༔ གསེར་མདོག་ཞལ་གཅིག་ཕྱག་བཞི་པ༔ པུསྟི་རལ་གྲི་མདའ་གཞུ་འཛིན༔ ཤར་དུ་ས་ཡི་སྙིང་པོ་དཀར༔ ལྷོ་རུ་མི་ཕམ་མགོན་པོ་སེར༔ ནུབ་ཏུ་སྤྱན་རས་གཟིགས་དབང་དམར༔ བྱང་དུ་ཕྱག་ན་རྡོ་རྗེ་མཐིང༔ མཚམས་བཞིར་དགྱེས་པའི་ལྷ་མོ་བཞི༔ གཟུགས་མཛེས་དྲི་བཟང་གླུ་གར་མ༔ སྒོ་བཞིར་ཕྱག་རྒྱའི་ལྷ་མོ་བཅས༔ རྡོ་རྗེ་གསུམ་དང་ལྡན་པར་བསྐྱེད༔ མཆོད་ཅིང་བསྟོད་ལ་སྤོས་འཛིན་པས༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཐུགས་རྗེའི་དཀྱིལ་འཁོར་བྲི་འཚལ་གྱི༔ འགྲོ་བའི་དོན་དུ་གནང་དུ་གསོལ༔ ཧཱུྃ་ཞེས་འདེགས་པའི་རྒྱ་ཡིས་བཏེག༔ སློབ་དཔོན་དཀྱིལ་འཁོར་དབུས་སུ་འདུག༔ ཡུམ་བཞིས་རྡོ་རྗེའི་གླུས་བསྐུལ་བ༔ ཧོ༔ ལྷུན་གྲུབ་དཀྱིལ་འཁོར་རང་སྣང་བ༔ ཐུགས་རྗེས་ཉེ་བར་དགོངས་མཛོད་ལ༔ འཁྲུལ་པའི་སྣང་བ་ཀུན་བཟློག་ཕྱིར༔ དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་ཤེས་ལྔ་ཡི་རང་བཞིན་གྱི༔ ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སློབ་བུའི་བྱུར་བསལ་རྒྱུད་སྦྱངས་ནས༔ ཡཿལས་ཡཀྴ་མེ་དབལ་སྤྲོས༔ སློབ་མའི་སྡིག་སྒྲིབ་བསྲེག་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་སེམས་དཔའི་སྐུར་གསལ་བའི༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ ཨོཾ་ཨཱཿཧཱུྃ་ དྲི་བཟང་ཤིང་ནི་ཅོད་པན་ཅན༔ དཀྱིལ་འཁོར་ཕྱོགས་དོར་པྲ་བརྟགས་པས༔ རྩ་བ་རང་ལ་བསྟན་པ་ངན༔ སྒྲིབ་པ་སྦྱངས་ནས་སླར་བསྐྱར་རོ༔ ཧཱུྃ༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེ༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ རྡོ་རྗེ་རྒྱལ་པོས་གནང་དུ་གསོལ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་རྡོ་རྗེའི་གྲལ་ལ་གཞག༔ ཧཱུྃ༔ རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས༔ མི་ཕྱེད་ཕྱག་རྒྱས་བསྒྲུབ་པའི་ཕྱིར༔ ལྷ་དང་གཉིས་སུ་མེད་པར་བྱོན༔ ཡེ་ཤེས་དཀྱིལ་འཁོར་དབུས་སུ་བཞུགས༔ ས་མ་ཡ་སཏྭཾ༔ ཞེས་པས་སྒྲུབ་པའི་རྫས་རྣམས་དགོད༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གཙོ༔ རྒྱལ་ཚབ་ལས་བྱེད་དྲོད་ཉུལ་དང༔ མཚམས་པ་གིང་ཆེན་རྡུལ་ཕྱགས་སོགས༔ མཆེད་ལྕམ་ཐམས་ཅད་མངའ་གསོལ་ལ༔ སྐྱེམས་དྲངས་རང་རང་གདན་ལ་བཞུགས༔ མཆོད་པའི་རྫས་རྣམས་བཤམ་ཞིང་སྦྱང༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་རང་རྩལ་ལས༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤྲིན༔ ཀུན་ཏུ་བཟང་པོའི་སྨོན་ལམ་གདབ༔ མཁའ་དབྱིངས་ཡོངས་སུ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཧཱུྃ༔ དབུ་རྒྱན་རིན་ཆེན་འོད་འབར་བ༔ རྡོར་དྲིལ་ཁ་ཊྭཱཾ་བདུད་རྩི་དང༔ རུས་པའི་རྒྱན་ལ་སོགས་པ་ཡིས༔ རིགས་ཀྱི་རྟགས་སུ་བརྒྱན་པར་བྱ༔ ཧཱུྃ༔ མཁའ་མཉམ་སྒྱུ་འཕྲུལ་དྲྭ་བའི་ཞིང༔ ཡོངས་རྫོགས་རྒྱལ་བ་སྲས་བཅས་དང༔ རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ སྐུ་བཞེངས་གནས་འདིར་བྱིན་ཆེན་ཕོབ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ པྲ་བེ་ཤ་ཡས་སྒོ་ཕྱེས་ལ༔ ཨཱ་བེ་ཤ་ཡས་བསྟིམ་པར་བྱ༔ ཛཿཧཱུྃ་བཾ་ཧོཿས་སྒོ་བསྡམས་ལ༔ ནངས་པར་བརྡ་ཡི་སྒོ་ཕྱེས་ལ༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ གུས་པས་བརྡ་ཕྱག་འཚལ་བར་བྱ༔ དེ་ནི་བསྙེན་པའི་རིམ་པ་འོ༔ ས་མ་ཡ༔ དེ་ནས་སྒྲུབ་པའི་རིམ་པ་ནི༔ མི་གཡོའི་ཏིང་འཛིན་གསལ་བར་བསྒོམ༔ ཧཱུྃ༔ ཆོས་རྣམས་མ་ལུས་བྱང་ཆུབ་སེམས༔ ཧཱུྃ་གི་སྒྲ་ཡིས་སད་པ་ལས༔ ཕུང་ཁམས་རྣམ་དག་ཡུམ་ལྔའི་ཀློང༔ བདེ་ཆེན་ཐབས་ཀྱི་གཞལ་ཡས་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ ཁྲི་མཆོག་པདྨ་ཉི་ཟླའི་སྟེང༔ བདེ་གཤེགས་འཇམ་དཔལ་རྡོ་རྗེའི་སྐུ༔ མཚན་དཔེའི་དཔལ་འབར་གསེར་གྱི་མདོག༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ ཕྱག་དྲུག་ཐབས་ཤེས་ཕྱག་མཚན་ཅན༔ སྒྲ་དབྱངས་ལྷ་མོ་གཉིས་མེད་འཁྲིལ༔ ཕྱག་གཉིས་རིན་ཆེན་པི་ཝང་སྒྲེང༔ ཤར་དུ་ས་སྙིང་རྣམ་རྒྱལ་དཀར༔ རིན་ཆེན་སྙེ་མ་འཁོར་ལོ་འཛིན༔ ལྷོ་རུ་བྱམས་པ་ཚེ་འཕེལ་སེར༔ དཔག་བསམ་ཤིང་དང་ཚེ་བུམ་འཛིན༔ ནུབ་ཏུ་གར་དབང་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་སྐུ་མདོག་དམར༔ པདྨ་དམར་པོ་ཚེ་བུམ་འཛིན༔ བྱང་དུ་གསང་བདག་ཕག་མོ་མཐིང༔ རྡོ་རྗེ་གྲི་གུག་འབར་བ་འཛིན༔ ཀུན་ཀྱང་དར་དང་རིན་པོ་ཆེ༔ རུས་པའི་རྒྱན་ལྡན་འོད་ཟེར་འབར༔ ཡབ་རྣམས་གཡོན་པས་དྲིལ་བུ་འཁྲོལ༔ རིགས་ཀྱི་ཡུམ་རྣམས་ཕྱག་གཡོན་ན༔ ཌཱ་རུ་དྲིལ་བུ་ཁ་ཊྭཱཾ་ག༔ ཐོད་པ་བདུད་རྩིས་གང་བ་བསྣམས༔ སྒོ་བཞིར་གཤིན་རྗེ་སྟོབས་པོ་ཆེ༔ རྟ་མགྲིན་བདུད་རྩི་འཁྱིལ་པ་རྣམས༔ དབྱུག་ཏོ་ཐོད་པ་ཁྲག་བཀང་འཛིན༔ ཕྱག་རྒྱ་བཞི་འཛིན་ཡུམ་དང་འཁྲིལ༔ མཐིང་སེར་དམར་ལྗང་ཁྲོ་བོའི་ཆས༔ བདུད་བཞི་བརྫིས་པའི་གདན་ལ་རོལ༔ འབར་བའི་མེ་ཕུང་ཀུན་ཏུ་འཁྲིགས༔ རྩ་གསུམ་ཆོས་སྲུང་སྤྲིན་ལྟར་གཏིབས༔ སྐབས་སུ་མཆོད་བསྟོད་བཟླས་པ་བྱ༔ ཕྱི་རུ་འཇིག་རྟེན་སྐྱོང་བ་དང༔ ནང་དུ་ཁྲོ་བོར་གདམས་པ་དང༔ གསང་བ་རྣམ་རྟོག་བགེགས་ཆེན་གནན༔ ཨོཾ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་དྷྲིཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བཻ་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཨོཾ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་དམ་སྲི་མཱ་ར་ཡ་ཕཊ༔ ཕུར་བུས་གདབ་ཅིང་ཕྱག་རྒྱས་གནན༔ ཐུན་གྱིས་བྲབ་ཅིང་ཐོ་བས་བརྡུང༔ ས་མ་ཡ༔ སྒྲུབ་པ་ཆེན་པོས་སྦྱོར་བ་དང༔ སྒྲོལ་བ་ལམ་བྱས་དངོས་གྲུབ་བླང༔ མ་ད་ན་དང་མཱཾ་ས་སོགས༔ བཅུད་ལྡན་ལོངས་སྤྱོད་བཤམས་ནས་སུ༔ མཆེད་ལྕམ་རུས་པའི་རྒྱན་གྱིས་བརྒྱན༔ ཅང་ཏེའུ་དྲིལ་བུ་ཐོགས་ནས་སུ༔ དཀྱིལ་འཁོར་དག་གི་མཐའ་མ་བསྐོར༔ བལྟ་བ་དང་ནི་དགོད་པ་དང༔ བཅངས་ཤིང་འཁྱུད་པའི་སྦྱོར་བ་ཡི༔ གར་གྱིས་བདེ་བའི་ཉམས་སྤར་ལ༔ འདོད་ཡོན་ཚོགས་ལ་རོལ་པར་བྱ༔ ལྷག་མ་ཀེའུ་ཚང་ནང་དུ་གཞག༔ དཔོན་སློབ་དྲག་པོའི་ཆས་སུ་ཞུགས༔ འཇམ་དཔལ་ཁྲོ་བོའི་སྐུར་བསྒོམས་ནས༔ དཔའ་བོ་གིང་ཆེན་སྐུར་བསྒོམ་སྟེ༔ རྡོ་རྗེའི་ཤུགས་ཀྱིས་སོང་ནས་ཀྱང༔ ཉམས་པའི་དགྲ་རྣམས་དགུག་པར་བྱ༔ ཡང་ན་གཟུགས་བྱང་ལ་བཀུག་སྟེ༔ དངོས་སམ་བརྒྱུད་པའི་སྒོ་ནས་བསྒྲལ༔ རྣོ་བའི་མཚོན་ལ་དྷཱིཿབསམ་སྟེ༔ ཡེ་ཤེས་འོད་ཀྱིས་རྟོག་སྒྲིབ་སྦྱངས༔ ཨ་ཡིག་དབྱིངས་སུ་བསྟིམས་ནས་ཀྱང༔ ཤ་ཁྲག་སྲུང་མའི་ཞལ་དུ་བསྟབ༔ བམ་གྱི་སྐོང་བ་ཡང་ཡང་བྱ༔ དེ་ལྟར་རྣལ་འབྱོར་རྟོགས་གོམས་བསྒྲལ༔ གཉིས་མེད་ཡེ་ཤེས་ཟུང་འཇུག་སྦྱོར༔ ཚད་ལ་ཕེབས་ན་དྲོད་ཐོབ་པས༔ བདེ་ཆེན་ཡུམ་གྱི་དུང་ཁང་དུ༔ ལྷ་ཚོགས་ཐམས་ཅད་བསམ་བྱས་ལ༔ བྱང་ཆུབ་སེམས་ཀྱི་རྒྱུན་བབས་ཏེ༔ དངོས་གྲུབ་ཡུམ་གྱི་མཁའ་ལས་བླང༔ ལྷ་དང་བདག་གཉིས་དབྱེར་མེད་བསྲེ༔ རྫས་རྣམས་འཁོར་འདས་དྭངས་མར་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་གཉིས༔ ཐོབ་པའི་ང་རྒྱལ་གདེང་དུ་བྱ༔ ཧཱུྃ༔ འཇམ་དཔལ་དཔའ་བོ་འཁོར་དང་བཅས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན༔ བདེ་བ་ཆེན་པོའི་དངོས་གྲུབ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་མཛོད༔ སིདྡྷི་ཕ་ལ་ཧཱུྃ༔ མུ་རན་སྐྱོང་ཕྱིར་ལྷག་མ་གཏང༔ འཇིག་རྟེན་འདས་དང་མ་འདས་པའི༔ གཏོར་མ་རྣམས་ཀྱང་བསྐྱེད་པར་བྱ༔ ཧཱུྃ༔ རྒྱལ་བའི་བཀའ་སྡོད་ཆེན་པོ་ནི༔ ཡ་མཚན་ཆེན་པོ་རྨད་དུ་བྱུང༔ སྟོབས་དང་རྫུ་འཕྲུལ་བསམ་ཡས་པར༔ གཏང་རག་གཏོང་ངོ་བསྟན་པ་སྲུངས༔ ཧཱུྃ༔ སྣང་སྲིད་སྣོད་བཅུད་མ་ལུས་པ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ༔ མཐའ་ཀླས་ནམ་མཁའི་མཐའ་མཉམ་པ༔ བདེ་ཆེན་ཐིག་ལེ་གཅིག་ཏུ་བསྡུས༔ གཟུགས་བརྙན་དཀྱིལ་འཁོར་བསྡུས་བྱས་ལ༔ ཀུན་ཀྱང་རྟགས་ཀྱི་སྣང་གསལ་ཐོགས༔ ཧཱུྃ༔ ཀུན་ཀྱང་སེམས་ཉིད་འོད་གསལ་བ༔ འགྲོ་བའི་ཡེ་ཤེས་མར་མེ་ཡིས༔ ཉོན་མོངས་མ་རིག་ཀུན་བསལ་ནས༔ ཡེ་ཤེས་བླ་མའི་ས་ནོན་ཤོག༔ སྒྲུབ་རྫས་གཏེར་དུ་སྦས་ནས་ཀྱང༔ བདེ་ཆེན་ཡུམ་གྱི་མཁའ་དབྱིངས་སུ༔ བྱང་ཆུབ་སེམས་ཀྱི་གཏེར་སྦས་པས༔ འོད་གསལ་ཡེ་ཤེས་སྣ་དྲངས་ནས༔ སྐུ་གསུམ་རང་ཞལ་མཇལ་བར་ཤོག༔ ཨོཾ༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇམ་དཔལ་རྡོ་རྗེའི་སྣང་བས་ཁྱབ༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ གནས་སྲུང་དག་ཀྱང་ཅི་རིགས་བྱ༔ ལམ་འདི་ངེས་པར་རྫོགས་པ་ཡིས༔ འཇམ་དཔལ་དཔའ་བོའི་གོ་འཕང་ཐོབ༔ ཡང་ན་མོས་པས་བརྩམས་གྱུར་ཀྱང༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ སྐལ་ལྡན་རྣམས་ལ་སྦྱིན་པར་བྱ༔ ཧཱུྃ༔ སྣོད་བཅུད་དག་པའི་བུམ་པ་རུ༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས༔ ཕུང་ཁམས་སྐྱེ་མཆེད་ཀུན་སྦྱངས་ནས༔ བདེ་ཆེན་སྐུ་གསུང་ཐུགས་འགྲུབ་ཤོག༔ ཧཱུྃ༔ བདེ་ཆེན་གསང་བའི་ཡུམ་མཆོག་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདྲེན༔ གཉིས་མེད་བདེ་བའི་ཏིང་འཛིན་མཆོག༔ གང་དུའང་མི་གནས་རྣམ་པར་གྲོལ༔ དེ་ལྟ་བུ་ནི་ལེགས་བསྟན་པ༔ མཁའ་ལྡིང་རྩལ་ཆེན་སྦྱོང་བའི་ཕྱིར༔ རི་མཐོ་ས་གཙང་དབེན་པར་ཕྱིན༔ ཕྱི་ནང་གསང་བའི་ཚོགས་འཁོར་འབུལ༔ དཔོན་སློབ་ཐམས་ཅད་མཉམ་བཞག་ནས༔ རང་བྱུང་འཇའ་ཤེལ་ཐུགས་ཀར་གཟུང༔ ཨེ་མ་ཧོ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ གཞི་ནི་ཀ་དག་ཀུན་ཏུ་བཟང༔ ལམ་ནི་ལྷུན་གྲུབ་རྡོ་རྗེ་སེམས༔ འབྲས་བུ་རིགས་ལྔའི་སྙིང་པོ་ཅན༔ བྲི་གང་མེད་པར་བཞུགས་པ་ལ༔ རང་བྱུང་ཆེན་པོའི་ཡེ་ཤེས་རྩལ༔ རིག་དང་མ་རིག་དབྱེ་བ་ཡིས༔ འཁོར་འདས་རྒྱབ་གྱེས་གྱུར་པ་འོ༔ ཨེ་མ་ཧོ༔ སེམས་ཉིད་མ་བཅོས་རྗེན་པར་བུད༔ ཆོས་སྐུ་ཟང་ཐལ་ཉིད་དུ་གནས༔ རོལ་པ་འགགས་མེད་ཤར་བ་རྣམས༔ ཆོས་ཉིད་རྒྱན་དུ་ཤེས་པར་བྱ༔ གདོད་ནས་གྲོལ་བའི་ངོ་མཚར་ཅན༔ རང་ཤར་རང་གྲོལ་ངང་དུ་བསྐྱང༔ ནང་དབྱིངས་ཤེལ་དང་འཇའ་ཚོན་བཞིན༔ རྐྱེན་གྱིས་ཕྱི་རུ་ཤར་བ་ལ༔ གཉིས་མེད་ཟུང་འཇུག་ངང་དུ་བསྒོམ༔ སྣང་བ་དང་ནི་མཆེད་པ་དང༔ ཚད་དུ་ཕེབས་དང་ཟད་པ་ཡིས༔ ཀུན་བཟང་དགོངས་པ་རྫོགས་པ་འོ༔ ས་མ་ཡ༔ བཅོམ་ལྡན་མགོན་པོ་ཀུན་ཏུ་གཟིགས༔ རྒྱལ་སྲས་གཙོ་བོ་འཇམ་པའི་དབྱངས༔ བོད་ཡུལ་བསྟན་པ་སྤེལ་བའི་ཕྱིར༔ ཆོས་རྒྱལ་མཆོག་གི་རྣམ་པར་སྣང༔ འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ༔ པདྨ་གར་དབང་སྤྱན་རས་གཟིགས༔ འཛམ་གླིང་གདུལ་བྱའི་སྣང་ངོ་རུ༔ མཚོ་སྐྱེས་རྡོ་རྗེར་ལྷུན་གྱིས་གྲུབ༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་འཆང༔ གསང་བ་ཀུན་འཛིན་མཐུ་སྟོབས་བདག༔ བོད་ཁམས་ཐུབ་བསྟན་སྣང་མཛད་པ༔ བྱང་ཆུབ་སེམས་དཔའ་ཞི་བ་འཚོ༔ བདག་ཅག་གསུམ་ནི་རིགས་གསུམ་གྱི༔ སེམས་དཔའ་མཆོག་དང་དབྱེར་མེད་ཅིང༔ འདས་དང་མ་འོངས་ད་ལྟའི་དུས༔ འགྲོ་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ དངོས་དང་སྐུ་ཡི་བཀོད་པ་གཞན༔ སྔགས་དང་ཡེ་ཤེས་རོལ་མོ་ནི༔ བྱུང་དང་འབྱུང་འགྱུར་སྣོད་ལྡན་ལ༔ རྡོ་རྗེའི་སྔགས་རྒྱུད་ཅིར་ཡང་སྣང༔ འདིར་ནི་སྤྲུལ་གཞི་རྣམ་གསུམ་གྱི༔ སྙིང་ཏིག་ཟབ་འདྲིལ་སྙིང་པོ་སྟེ༔ སྤྲུལ་པའི་རྩལ་འཆང་ཐུགས་ཏིག་ནི༔ གཞན་དུ་བསྟན་ཅིང་རྒྱས་པར་འགྱུར༔ བསྙེན་དང་སྒྲུབ་དང་སྒྲུབ་ཆེན་གྱིས༔ རིག་འཛིན་རྣམ་བཞི་འགྲུབ་པའི་ལམ༔ པདྨ་བདག་གི་ཁྱད་ཆོས་ཏེ༔ སྐལ་བཟང་རྣམས་ཀྱི་དོན་དུ་བསྟན༔ གཞུང་འདི་བྲིས་བཀླགས་བཅངས་པ་དང༔ ཆོས་འབྲེལ་སྣ་རེ་ཐོབ་པས་ཀྱང༔ དངོས་གྲུབ་རྣམ་གཉིས་ངེས་ཐོབ་ན༔ ཚུལ་བཞིན་སྒྲུབ་ལ་སྨྲོས་ཅི་དགོས༔ དེ་ཕྱིར་རྒྱུད་ལུང་མན་ངག་གི༔ རྩ་བ་འཇམ་དཔལ་དྲྭ་བའི་རྒྱུད༔ གསེར་གྱི་ཡང་ཞུན་སྙིང་ཏིག་འདི༔ ལས་ཅན་དག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ྀཨཚ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། རང་གནས་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས༔ བླ་སྒྲུབ་བྱིན་རླབས་སྙིང་པོ་ (Volume 29, Text 19)

འཆི་མེད་འཕགས་མའི་སྙིང་ཐིག་ལས༔ བླ་སྒྲུབ་བྱིན་རླབས་སྙིང་པོ་བཞུགས༔ གདོད་མའི་སངས་རྒྱས་བླ་མ་ལྷར༔ སྒོ་གསུམ་གུས་པས་ཕྱག་བཙལ་ནས༔ རྡོ་རྗེ་ཐེག་པའི་ལམ་གྱི་མཆོག༔ བྱིན་རླབས་སྙིང་པོའི་རྣལ་འབྱོར་ནི༔ གངས་ཁྲོད་མཚོ་གླིང་ནགས་ཚལ་སོགས༔ དབེན་ཞིང་ཡིད་འོང་ཉམས་དགའི་གནས༔ དཔའ་བོ་མཁའ་འགྲོ་འདུ་བའི་སར༔ ལུས་ངག་ཡིད་ཀྱི་བྱ་བ་བཏང༔ ངེས་འབྱུང་སྙིང་རྗེ་མོས་གུས་བསྐྱེད༔ དབྱིངས་རིག་དབྱེར་མེད་ཐིག་ལེའི་ལམ༔ གནད་དུ་བསྣུན་པའི་ཐུན་མཚམས་སུ༔ ཉམས་ལེན་ཀུན་གྱི་གེགས་སེལ་དང༔ རྟོགས་པའི་བོགས་ཆེན་འབྱིན་པ་དང༔ དོན་བརྒྱུད་བྱིན་རླབས་འཕོ་བའི་ཕྱིར༔ ཡེ་ཤེས་སྙིང་པོ་འོད་ཀྱི་ལུས༔ གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི༔ བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔ ས་མ་ཡ༔ ཨ༔ དེ་བཞིན་ཉིད་དབྱིངས་གདོད་མའི་མགོན༔ ཀུན་སྣང་བདེ་ཆེན་རྡོ་རྗེ་སེམས༔ དབྱེར་མེད་སྤྲུལ་པའི་ཡེ་ཤེས་རྒྱུ༔ ཨ་ཡིག་དཀར་པོ་འོད་འབར་བ༔ གཞི་གྲོལ་རིག་པའི་ཀློང་ནས་ཤར༔ གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྐུ་དང་ཞིང་ཁམས་འབྱམས་ཀླས་པའི༔ བཀོད་པ་ཆེན་པོའི་དཀྱིལ་འཁོར་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་རིག་འཛིན་བི་མ་ལ༔ དཀར་ལྗང་མཚན་དཔེའི་འོད་ཕུང་འབར༔ གཞོན་ཚུལ་གཟི་བརྗིད་མཚུངས་པ་མེད༔ སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ དར་སྔོན་སྟོད་གཡོགས་སྨད་ཤམ་དང༔ ཆོས་གོས་ངུར་སྨྲིག་མཛེས་པར་བཀླུབས༔ དབུ་ལ་པཎ་ཞྭ་དམར་པོ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཤངས་རྩེར་སྐྱེ་མེད་ཨ་ཡིག་དཀར༔ འོད་ཟེར་ཕུང་པོར་འབར་བ་ལས༔ ཡེ་ཤེས་རླུང་ལྔའི་སྤྲོ་བསྡུ་ཡིས༔ གཟུང་འཛིན་འཁྲུལ་པའི་ཞེན་རྟོག་སྦྱངས༔ སྨིན་མཚམས་བདེ་ཆེན་བྱང་ཆུབ་སེམས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ ཡེ་ཤེས་ལུས་ཅན་ཤྲཱི་སིཾ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཉམས༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ པད་ཉི་ཟླ་བའི་གདན་ལ་འགྱིང༔ ཐུགས་ཀར་འོད་ལྔའི་དྲྭ་བའི་དབུས༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕྱང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཞན་ཡང་རྡོ་རྗེ་ལུས་ཀྱི་གྲོང༔ གདོད་ནས་ལྷུན་གྲུབ་དེ་བཞིན་གཤེགས༔ མ་བསྐྱེད་ཡེ་རྫོགས་གཉུག་མའི་ལྷ༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ གོང་འཕེལ་དབྱིངས་ལས་རིག་པའི་ལྷ༔ ཚད་ཕེབས་ཆེན་པོར་འབྱམས་ཀླས་པ༔ ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ནི་མ་བཅོས་ཆོས་ཀྱི་དབྱིངས༔ ཨཱཿཡིག་འོད་གསལ་རྫོགས་པའི་སྐུ༔ ཧཱུྃ་ལས་སྤྲུལ་པའི་ཆོ་འཕྲུལ་ནི༔ བཛྲ་འཇིགས་མེད་ཤྲཱི་སིང༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བི་མ་མུ་ཏྲ་བྱང་ཆུབ་སེམས༔ ཕྱག་རྒྱ་རྒྱ་ཆེན་རོལ་པར་བཞེངས༔ སརྦ་སིདྡྷི་དངོས་གྲུབ་དབྱིག༔ ཧཱུྃ་ཡིག་མ་བཅོས་ཐིག་ལེར་འཁྱིལ༔ རང་བྱུང་འོད་ལྔའི་འཕྲོ་འདུ་ཡིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྗེའི་བྱིན་རླབས་བདག་ལ་ཐིམ༔ ཕྱི་སྣོད་འབྱུང་བའི་ཞེན་རྟོག་སྦྱངས༔ ནང་བཅུད་ལྷ་སྔགས་ཆོས་སྐུར་རྫོགས༔ ཐམས་ཅད་ཀ་དག་གཏིང་གསལ་དབྱིངས༔ རླུང་རིག་དབྱེར་མེད་ངང་ནས་བཟླ༔ བདུན་ཕྲག་གསུམ་གྱིས་བྱིན་རླབས་རྟགས༔ མངོན་སུམ་ཡེ་ཤེས་ལྷུག་པར་འཆར༔ ས་མ་ཡ༔ སྐབས་སུ་ཉམས་ཆག་བསྐང་བའི་ཕྱིར༔ རིག་འཛིན་བླ་མའི་སྣང་བརྙན་མདུན༔ འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་དབུས༔ བྷནྡྷ་མྱོང་གྲོལ་བདུད་རྩིས་གཏམས༔ དེ་སྟེང་སིནྡྷུའི་མཎྜལ་དང༔ རྡོ་རྗེ་སེམས་དཔའི་མེ་ལོང་བཅས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ མཚན་མའི་རྟེན་དུ་བཀོད་པའི་མཐར༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་དང༔ སྨན་གཏོར་རཀྟ་མར་མེའི་ཕྲེང༔ ཚོགས་ཀྱི་མཆོད་པ་རྒྱས་པར་བཤམ༔ ཀུན་བཟང་དོན་གྱི་ཕྲིན་ལས་ཀྱིས༔ འཆི་མེད་བླ་མའི་གཞུང་བསྲངས་ནས༔ བཟླས་པའི་སྐབས་སུ་ཛཔ྄་ཁང་དབྱེ༔ ཨོཾ༔ བློ་འདས་འོད་གསལ་དབྱིངས་ཀྱི་གཞལ་ཡས་སུ༔ རིག་པ་ཚད་ཕེབས་བླ་མའི་དཀྱིལ་འཁོར་ཤར༔ ཉམས་སྣང་གོང་འཕེལ་སྤྲུལ་པའི་ཚོགས་དང་བཅས༔ ཆོས་ཉིད་མངོན་སུམ་གྲགས་སྟོང་སྔགས་ཀྱི་སྒྲ༔ རང་བྱུང་ཛཔ྄་ཀྱིས་རྡོ་རྗེའི་ཡེ་ཤེས་བསྐུལ༔ ཏིང་འཛིན་དགོངས་པ་མཉམ་ཉིད་ཕྲིན་ལས་ཀྱིས༔ ཉམས་ཆག་རྟོག་སྒྲིབ་ཀ་དག་དབྱིངས་སུ་ཞི༔ ལྷུན་གྲུབ་རིག་རྩལ་རྒྱས་པར་མཛད་དུ་གསོལ༔ ཞེས་བསྐུལ་དགོངས་པའི་གདིང་བསྐྱེད་ལ༔ རྩ་སྔགས་རུ་ལུའི་ཛཔ྄་དང་བཅས༔ དཔལ་ཆེན་དགྱེས་པའི་གདངས་སུ་ལེན༔ སྙིང་ཁའི་འོད་དང་རྡོ་རྗེའི་གླུས༔ ནམ་མཁའ་གང་བའི་རྒྱལ་བ་རྣམས༔ རྩ་གསུམ་ཞི་ཁྲོའི་རྣམ་པར་བཞེངས༔ མདུན་གྱི་རྟེན་དང་དབྱེར་མེད་བསམ༔ ལུས་ཀྱི་སྒོ་ནས་ཉམས་བསྐང་ཕྱིར༔ བླ་མ་ཡི་དམ་ལྷ་ཚོགས་ཀྱི༔ ཡོན་ཏན་རྗེས་སུ་དྲན་པའི་བློས༔ མཚན་ནས་བརྗོད་ཅིང་བརྐྱང་ཕྱག་འཚལ༔ ལོངས་སྤྱོད་སྒོ་ནས་ཉམས་བསྐང་ཕྱིར༔ ཉེར་སྤྱོད་མཆོད་པས་མདུན་བདར་ཏེ༔ ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་རིགས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ངག་གི་སྒོ་ནས་ཉམས་བསྐང་ཕྱིར༔ ཨཱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ དཔལ་ལྡན་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱང་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཡི་གེ་བརྒྱ་པའི་ཛཔ྄་བཟླ་ཞིང༔ གདུང་བའི་ཤུགས་བསྐྱེད་སྨྲེ་བཤགས་བྱ༔ མཐར་ནི་བླ་མ་རང་ལ་བསྟིམ༔ དམིགས་བསམ་བརྗོད་པ་བྲལ་བའི་ངང༔ ཡིད་ཀྱི་སྒོ་ནས་ཉམས་བསྐང་ཕྱིར༔ ཆོས་ཉིད་ཀློང་གི་བཤགས་པ་དང༔ བློ་འདས་བྱར་མེད་དོན་ལ་བལྟ༔ བྱ་བ་དང་ནི་བྱེད་པ་ཡི༔ ཉམས་ཆག་ལྷག་མེད་བསྐང་བའི་ཕྱིར༔ སྣང་བ་བདུད་རྩི་སྨན་གྱིས་བསྐང༔ ཨ༔ ཐ་མལ་རྟོག་པའི་བྷཉྫ་རུ༔ ལྷར་སྣང་ཕྱག་རྒྱའི་བདུད་རྩིས་གཏམས༔ སྣང་སྟོང་དབྱེར་མེད་དམ་ཚིག་གིས༔ སྐུ་ཡི་རྡོ་རྗེའི་ཐུགས་དམ་བསྐང༔ འགྲོ་འོང་རླུང་གི་བྷཉྫ་རུ༔ བཟླས་པ་སྔགས་ཀྱི་བདུད་རྩིས་གཏམས༔ གྲགས་སྟོང་དབྱེར་མེད་དམ་ཚིག་གིས༔ གསུང་གི་རྡོ་རྗེའི་ཐུགས་དམ་བསྐང༔ དྲན་བསམ་འཁྲུལ་པའི་བྷཉྫ་རུ༔ མ་འཁྲུལ་གཉུག་མའི་བདུད་རྩིས་གཏམས༔ རིག་སྟོང་དབྱེར་མེད་དམ་ཚིག་གིས༔ ཐུགས་ཀྱི་རྡོ་རྗེའི་ཐུགས་དམ་བསྐང༔ རང་སྣང་བདུད་རྩིའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་ཨ་མྲྀཏ་ཁཱ་ཧི༔ སྟོང་པ་དམར་ཆེན་རཀྟས་བསྐང༔ ཨ༔ ལུས་ཁམས་རྩ་ཡི་ཀ་པཱ་ལར༔ བྱེད་རྩོལ་བསྒྲལ་པའི་རཀྟས་གཏམས༔ གསལ་སྟོང་ཆེན་པོའི་དམ་ཚིག་གིས༔ སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང༔ སྲོག་རྩོལ་རླུང་གི་ཀ་པཱ་ལར༔ འབྱུང་འཇུག་བསྒྲལ་པའི་རཀྟས་གཏམས༔ མི་ཤིག་ནཱ་དའི་དམ་ཚིག་གིས༔ ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ དཀར་དམར་ཐིག་ལེའི་ཀ་པཱ་ལར༔ འཕོ་ཆགས་བསྒྲལ་པའི་རཀྟས་གཏམས༔ བདེ་བ་ཆེན་པོའི་དམ་ཚིག་གིས༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༔ རང་གསལ་རཀྟའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་རཀྟ་ཁཱ་ཧི༔ བདེ་ཆེན་ལོངས་སྤྱོད་གཏོར་མས་བསྐང༔ ཨ༔ ལུགས་འབྱུང་ཐིག་ལེའི་གཏོར་གཞོང་དུ༔ ཟག་བཅས་དགའ་བཞིའི་གཏོར་ཚོགས་བཤམས༔ བརྟུལ་ཞུགས་རོལ་པའི་དམ་ཚིག་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ལུགས་ལྡོག་ཐིག་ལེའི་གཏོར་གཞོང་དུ༔ ཟག་མེད་དགའ་བཞིའི་གཏོར་ཚོགས་བཤམས༔ ལྷན་ཅིག་སྐྱེས་པའི་དམ་ཚིག་གིས༔ ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང༔ མི་ཤིགས་ཐིག་ལེའི་གཏོར་གཞོང་དུ༔ བྱར་མེད་བློ་འདས་གཏོར་ཚོགས་བཤམས༔ བླ་མེད་མཆོག་གི་དམ་ཚིག་གིས༔ བླ་མ་རྒྱ་མཚོའི་ཐུགས་དམ་བསྐང༔ རང་བྱུང་གཏོར་མའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་བ་ལིཾ་ཏ་ཁཱ་ཧི༔ འོད་གསལ་སྣང་བའི་མར་མེས་བསྐང༔ ཨ༔ ཀ་ཏི་ཤེལ་གྱི་ཀོང་བུ་རུ༔ སྟོང་པའི་ཡེ་ཤེས་མར་མེ་སྦར༔ མངོན་སུམ་ཉམས་སྣང་དམ་ཚིག་གིས༔ གཞི་གྲོལ་སྤྲུལ་སྐུའི་ཐུགས་དམ་བསྐང༔ བརྡལ་ཁྱབ་འོད་ཀྱི་ཀོང་བུ་རུ༔ གསལ་བའི་ཡེ་ཤེས་མར་མེ་སྦར༔ ཚད་ཕེབས་ཆེན་པོའི་དམ་ཚིག་གིས༔ གཞི་སྣང་ལོངས་སྐུའི་ཐུགས་དམ་བསྐང༔ བྱ་རྩོལ་བྲལ་བའི་ཀོང་བུ་རུ༔ ཟུང་འཇུག་ཡེ་ཤེས་མར་མེ་སྦར༔ ཆོས་ཟད་གདོད་མའི་དམ་ཚིག་གིས༔ གཞི་དབྱིངས་ཆོས་སྐུའི་ཐུགས་དམ་བསྐང༔ རང་གྲོལ་མར་མེའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་དཱི་པཾ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ དེ་ལྟར་དབང་བཞིའི་དམ་ཚིག་དང༔ རྗེས་འབྲེལ་ཁྱད་པར་མཆོད་སྤྲིན་གྱིས༔ ཉམས་ཆག་རྟོག་སྒྲིབ་ཀུན་སྦྱངས་ནས༔ མཐར་ནི་གདུང་བས་སྨོན་ལམ་གདབ༔ ཧོ༔ བརྡལ་ཁྱབ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ༔ རང་བཞིན་འོད་གསལ་རྡོ་རྗེ་སློབ་དཔོན་དང༔ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམས༔ བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་ཤོག༔ ངེས་འབྱུང་ཆེན་པོས་འཁོར་བའི་འཁྲུལ་པ་མཐོང༔ སྙིང་རྗེ་ཆེན་པོས་འགྲོ་ཀུན་ཕ་མར་རྟོགས༔ མོས་གུས་ཆེན་པོས་བླ་མའི་བྱིན་རླབས་ཞུགས༔ རྣལ་འབྱོར་ཆེན་པོའི་དམ་ཚིག་མཐར་ཕྱིན་ཤོག༔ ལྟ་བ་བྱར་མེད་གནས་ལུགས་མངོན་དུ་གྱུར༔ སྒོམ་པ་བློ་འདས་འོད་གསལ་ལྷུམས་སུ་ཞུགས༔ སྤྱོད་པ་རང་གྲོལ་ཁྱབ་བརྡལ་གཉུག་མའི་ངང༔ སྤང་ཐོབ་བྲལ་བའི་འབྲས་བུར་རོ་གཅིག་ཤོག༔ རིག་གདངས་ཆོས་ཉིད་མངོན་སུམ་ལྷུག་པར་མཐོང༔ རིག་རྩལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབས་སྐུ་དང་ཡེ་ཤེས་རྫོགས༔ རིག་སྟོང་ཆོས་ཟད་ཆེན་པོ་མངོན་གྱུར་ཤོག༔ གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན༔ འཆི་འཕོའི་རྟོག་པ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཆོས་ཉིད་རང་གདངས་ལོངས་སྤྱོད་རྫོགས་སྐུར་གྲོལ༔ སྲིད་པའི་འཁྲུལ་སྣང་སྤྲུལ་སྐུར་ལྷུན་རྫོགས་ཤོག༔ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མངོན་གྱུར་ནས༔ གཞི་སྣང་གཟུགས་སྐུའི་རྣམ་རོལ་མཐའ་ཀླས་ཀྱིས༔ ཁམས་གསུམ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ༔ རང་བཞིན་གདོད་མའི་དབྱིངས་སུ་སྒྲོལ་བར་ཤོག༔ དབྱིངས་རིག་དབྱེར་མེད་ཉམས་བསྐྱང་ཞིང༔ རྨད་བྱུང་ཚོགས་ཀྱི་མཆོད་སྤྲིན་གྱིས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ལྷ༔ བདེ་ཆེན་མཆོག་གིས་མཉེས་པར་བྱ༔ མདུན་བསྐྱེད་དམ་རྫས་བདུད་རྩིར་བསྟིམ༔ བྱང་ཆུབ་སེམས་ཀྱི་ཐིག་ལེར་བསམ༔ མཐོང་ཚོར་མྱོང་བ་ཐམས་ཅད་ཀྱང༔ དམ་སྐོང་བདེ་ཆེན་ཡེ་ཤེས་སྐྱེ༔ དེ་ལྟར་དུས་སུ་བརྩོན་པ་ཡིས༔ ཉམས་ཆག་ཞི་ཞིང་རྟོག་སྒྲིབ་དག༔ གེགས་སེལ་ཀུན་གྱི་རྒྱལ་པོར་འགྱུར༔ རླུང་སེམས་སྣང་བ་དབང་དུ་འདུ༔ རྟོགས་པའི་བོགས་ཆེན་ངང་གིས་འབྱིན༔ བར་ཆད་སེལ་ཞིང་བསམ་དགུ་འགྲུབ༔ དེ་ཕྱིར་དམ་ལྡན་རྣལ་འབྱོར་པས༔ འདི་ལ་རྟག་ཏུ་ནན་ཏན་བྱ༔ ས་མ་ཡ༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ རང་དང་གཞན་གྱི་དོན་བསྒྲུབ་ཕྱིར༔ ཐུན་མོང་ཁྱད་པར་ཡན་ལག་གི༔ ལས་ཀྱི་རིམ་པ་འདི་ལྟར་བརྩམ༔ ས་མ་ཡ༔ དེ་ལ་དང་པོ་ཐུན་མོང་གི༔ ལས་ཀྱི་སྦྱོར་བ་རྣམ་ལྔ་ལས༔ དུས་ཀྱི་རྒུད་པ་ཞི་བའི་ཕྱིར༔ ཕན་པ་ཆེན་པོའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས༔ དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན༔་་་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལར་གནས་པའི་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སྣོད་ཀྱི་འབྱུང་བའི་རྒུད་པ་སྦྱངས༔ བཅུད་ཀྱི་འགྲོ་བའི་དུག་ལྔ་བསལ༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ རྣམ་དག་འོག་མིན་ཞིང་དུ་བསྒྱུར༔ ཁྱད་པར་སྙིགས་མའི་སེམས་ཅན་གྱི༔ རྨུ་རྒོད་ལོག་ལྟའི་དུག་སྦྱངས་ནས༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ བཅོས་མིན་ངང་གིས་སྐྱེས་པར་བསམ༔ ཨ་ཨ་ཨ་ཞེས་མང་བཟླས་ལ༔ དགོངས་པ་ཀ་དག་དབྱིངས་སུ་ཀློད༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཱཾ་ག་ཏེ་བོ་དྷི་སྭཱ་ཧཱ༔ འཿཨཿཤཿསཿམཿཧ༔ མ་མ་ཀོ་ལིང་ས་མནྟ༔ སརྦ་སཏྭ་ཀླེ་ཤ་སརྦ་པཱ་པཾ་སརྦ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱི༔ གདུག་པའི་བསམ་སྦྱོར་ཞི་བར་བསམ༔ ཆོས་སྤྱོད་དགེ་བཅུ་རྟག་ཏུ་སྤྱད༔ དེས་ནི་ནད་མུག་མཚོན་འཁྲུགས་སོགས༔ སྙིགས་མའི་རྒུད་པ་ངང་གིས་ཞི༔ ཆོས་དང་བཀྲ་ཤིས་འཕེལ་བར་འགྱུར༔ ས་མ་ཡ༔ ཚེ་དང་ཤེས་རབ་རྒྱས་པའི་ཕྱིར༔ དགའ་བ་ཆེན་པོའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས༔ འཆི་མེད་འཕགས་མ་སྒྲོལ་མའི་སྐུ༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ རང་གི་བླ་ཚེ་ཆད་ཉམས་དང༔ འཁོར་འདས་དྭངས་བཅུད་དབང་དུ་བསྡུས༔ སེམས་ཅན་ཀུན་གྱི་ཚེ་བསོད་སྤེལ༔ རྒྱལ་བ་སྲས་བཅས་བཤེས་གཉེན་རྣམས༔ མྱ་ངན་མི་འདའི་ཕྲིན་ལས་བསྒྲུབས༔ སྲིད་ཞིའི་སྙིང་པོ་ཡེ་ཤེས་དབྱིག༔ ཐུགས་ཀྱི་ཐིག་ལེ་རོ་གཅིག་པས༔ རྡོ་རྗེའི་ཚེ་དང་ལང་ཚོ་དང༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཧྲཱིཿཧྲཱིཿཧྲཱིཿཞེས་མང་བཟླས་ལ༔ དགོངས་པ་དབྱིངས་རིག་གནད་ལ་གཟིར༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ སྲོག་བསླུ་བྱ་ཞིང་སཱཙྪ་གདབ༔ ཐོས་བསམ་སྒོམ་པའི་དམ་བཅའ་གཟུང༔ ཕ་རོལ་ཕྱིན་གཞུང་ཡང་ཡང་བཀླག༔ ཚེ་དང་ཤེས་རབ་འཕེལ་བར་འགྱུར༔ ས་མ་ཡ༔ དམིགས་བྱ་དབང་དུ་བསྡུ་བའི་ཕྱིར༔ ཆགས་པ་ཆེན་པོའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས༔ མཁའ་འགྲོ་ཡིད་ཀྱི་ཆོམ་རྐུན་མ༔་་་དམར་མོ་གཡས་ལྕགས་ཀྱུ་ཞགས་པ་དར་དང་རིན་ཆེན་རུས་རྒྱན་ཅན། ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱི༔ མ་དད་ལོག་ལྟའི་རྟོག་པ་སྦྱངས༔ ཆགས་ཤིང་ཞེན་པས་ཡིད་གཡོས་ཤིང༔ དད་ཅིང་འདུན་པས་དབང་བསྒྱུར་བསམ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཞེས་མང་བཟླས་ལ༔ དགོངས་པ་རླུང་རིག་དབྱེར་མེད་བསྲེ༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ༔ ཀུན་ལ་བྱམས་དང་སྙིང་རྗེ་བྱ༔ ཡོ་བྱད་ཐམས་ཅད་ཚོགས་སུ་གཏོང༔ ཅིས་ཀྱང་དགོས་མེད་བློ་སྣ་བསྐྱེད༔ ཞེན་ཆགས་འཛིན་པ་རང་གྲོལ་ཚེ༔ ཚངས་པ་ཡིན་ཡང་དབང་དུ་འགྱུར༔ ས་མ་ཡ༔ གདུག་པའི་འབྱུང་པོ་ཚར་གཅད་ཕྱིར༔ དྲག་ཤུལ་ཆེན་པོའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཧཱུྃ་གི་སྒྲ་དང་རྡོ་རྗེའི་མཚོན༔ ཡེ་ཤེས་མེ་ཕུང་འབར་བ་ལས༔ དམ་སྲི་རྒྱལ་འགོང་གཟའ་ཀླུ་སོགས༔ གདུག་པ་ཅན་རྣམས་བསྲེགས་ཤིང་སྦྱངས༔ འདར་ཞིང་འདུད་པས་དབང་དུ་བྱས༔ དམ་ཚིག་ཕྱག་རྒྱས་གཟིར་བར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་མང་བཟླས་ལ༔ དགོངས་པ་རིག་རྩལ་གོང་དུ་སྦར༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་དྷཱི་ཀ་ལཱི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ གཟུགས་ཅན་གཟུགས་མེད་ཉེར་འཚེའི་ཚོགས༔ མི་ཕོད་པ་ལ་ཐོག་བརྫིས་ཀྱི༔ བརྟུལ་ཞུགས་ལམ་དུ་ལོངས་པ་ན༔ འཁོར་འདས་ཟིལ་གནོན་དགོངས་པ་འགྲུབ༔ ས་མ་ཡ༔ མཆོག་ཐུན་ཕྲིན་ལས་ལྷུན་གྲུབ་ཕྱིར༔ བྱིན་རླབས་ཆེན་པོའི་ཏིང་འཛིན་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་མཚན་དཔེའི་འོད་ཕུང་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རང་བྱུང་འོད་ལྔའི་ཀློང་ན་བཞུགས༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ རྩ་གསུམ་ལྷ་ཚོགས་ཕྱག་རྒྱར་སད༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྐྱབས་ཀུན་འདུས་པའི་ངོ་བོར་བསམ༔ ཡན་ལག་བདུན་དང་མཎྜལ་འབུལ༔ ཁྱད་པར་གསོལ་བ་སྙིང་ནས་གདབ༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་མོས་གུས་ཤུགས་བསྐྱེད་ལ༔ རྡོ་རྗེའི་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱངས༔ མཐར་ནི་དབང་བླང་རང་ལ་བསྟིམ༔ བླ་མ་ཆོས་སྐུའི་རང་ཞལ་བལྟ༔ འདིས་ནི་མཆོག་གི་དངོས་གྲུབ་ཀྱང༔ མྱུར་བ་ཉིད་དུ་མངོན་འགྱུར་ན༔ ཐུན་མོང་ཕྲིན་ལས་སྨོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ས་མ་ཡ༔ ཁྱད་པར་མཆོག་གི་ལས་སྦྱོར་ལ༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱང་ཕྱིར༔ འཁོར་བ་དོང་སྤྲུགས་ཏིང་འཛིན་ནི༔ རང་ཉིད་ཐ་མལ་གནས་པ་ཡི༔ ལུས་ཀྱི་སྟོང་ར་འོད་འབར་དབུས༔ ཡེ་ཤེས་སྙིང་པོ་འོད་ཀྱི་རྩ༔ སྙིང་དཀྱིལ་ཨ་བ་དྷཱུ་ཏཱིའི་སྦུབས༔ ཤེས་བྱའི་སྒྲིབ་པ་ཐིག་ལེ་ནག༔ དེ་སྟེང་སྦྱོང་བྱེད་སྤྲོས་བྲལ་དབྱིངས༔ སྐྱེ་མེད་རང་བྱུང་ཡི་གེ་ཨ༔ དྭངས་གསལ་རྙོག་བྲལ་འོད་ཟེར་འབར༔ ཕྱི་རོལ་ཚོགས་བརྒྱད་རྟེན་གྱི་རྩལ༔ མདུན་དུ་འོད་རྩ་ཟླུམ་སེར་དབུས༔ སྦྱང་བྱ་ཕྲག་དོག་གཏི་མུག་གི༔ ས་བོན་སུ་ལྗང་ཏྲི་དུད་ཀ༔ དེ་སྟེང་སྦྱོང་བྱེད་སྐུ་རྡོ་རྗེའི༔ ངོ་བོ་ཨོཾ་ཡིག་དཀར་ཞིང་འཚེར༔ གཡས་སུ་མཐིང་ག་གྲུ་བཞིའི་རྩལ༔ སྦྱང་བྱ་ང་རྒྱལ་འདོད་ཆགས་ཀྱི༔ ས་བོན་ཨ་དཀར་ནྲྀ་སྔོ་སྐྱ༔ དེ་སྟེང་སྦྱོང་བྱེད་ཐུགས་རྡོ་རྗེའི༔ ངོ་བོ་ཧཱུྃ་མཐིང་འོད་དུ་འབར༔ གཡོན་དུ་དམར་པོ་ཟླ་གམ་རྩལ༔ སྦྱང་བྱ་སེར་སྣ་ཞེ་སྡང་གི༔ ས་བོན་པྲེ་དམར་དུཿནག་པོ༔ དེ་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི༔ ངོ་བོ་ཨཱཿདམར་གསལ་ལ་དྭངས༔ རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩལ༔ སྙོམས་འཇུག་སྒྲིབ་པའི་ས་བོན་ཧཾ༔ དེ་སྟེང་སྦྱོང་བྱེད་ཧོཿལྗང་གུ༔ ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན༔ ཀུན་ཀྱང་རང་སྒྲ་སྒྲོག་པར་བསྒོམ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ སྙིང་ཁའི་ཨ་ལ་སེམས་གཏད་པས༔ འབར་བའི་འོད་ཟེར་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ ས་བོན་ཐམས་ཅད་གསལ་བར་བྱས༔ དེ་ལས་ལྔ་ལྡན་འོད་ཀྱི་སྤྲིན༔ མཁའ་ཁྱབ་དག་པའི་ཞིང་དུ་འཕྲོས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ གསང་གསུམ་བྱིན་རླབས་རོ་གཅིག་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེ་སྔགས་ཀྱི་ཡི་གེ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ སྦྱང་བྱའི་ས་བོན་མཐའ་དག་བསྲེགས༔ འདབ་བརྒྱད་རྩ་གནས་ཀུན་གང་བས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ཤིང༔ ཚོགས་བརྒྱད་གཉིད་དང་བཅས་པ་ཡི༔ འཁྲུལ་པའི་དྲི་མ་ཀུན་དག་པས༔ དྲི་མེད་གཉུག་མ་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ འོད་གསལ་ཆེན་པོར་རོ་གཅིག་བསམ༔ བུམ་པ་ཅན་གྱི་སྦྱོར་བ་དང༔ ཨཿཡིག་ཡིད་ཀྱིས་བཟླས་པའི་མཐར༔ རྡོ་རྗེའི་བཟླས་པར་གནད་དུ་བསྣུན༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཧོཿཨ་ནྲྀ་སུ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་བི་ཤོ་དྷ་ནི་ཨ་ཨ་ཨ༔ ཞེས་བཟླས་བློ་བྲལ་ངང་དུ་ཀློད༔ འདི་ལྟར་རྒྱུན་དུ་ཉམས་བླངས་པས༔ ལུས་བདེ་རླུང་གི་རྒྱུ་བ་དལ༔ ཉོན་མོངས་རྟོག་པ་ངང་གིས་ཞི༔ གསལ་ལ་མི་རྟོག་ཡེ་ཤེས་འཆར༔ རིགས་དྲུག་འཁྲུལ་པའི་བག་ཆགས་ཟད༔ འཁོར་འདས་རུ་ཤན་ཕྱེད་པའི་ཕྱིར༔ ཞི་བ་མཆོག་གི་ཕྲིན་ལས་སོ༔ ས་མ་ཡ༔ བདེ་དང་གསལ་དང་མི་རྟོག་པའི༔ རང་བྱུང་ཡེ་ཤེས་རྒྱས་བྱའི་ཕྱིར༔ བདག་བྱིན་རློབ་པའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཕྱག་རྒྱ་འཇའ་ཚོན་ཤར་བ་ལྟར༔ དྭངས་གསལ་རྙོགས་མེད་དབུས་དྲང་པོར༔ རྩ་གསུམ་འཁོར་ལོ་ཨ་ཧཾ་བཅས༔ སྣང་ལ་ཞེན་པ་མེད་པར་བསྒོམ༔ རླུང་རོ་ལན་གསུམ་བསལ་བ་ཡིས༔ འབྱུང་བའི་རླུང་དུག་སངས་པར་བསམ༔ ལུས་གནད་བསྲང་ཞིང་རྩེ་གཅིག་པའི༔ ཡིད་ནི་ལྟེ་འོག་སོར་བཞིའི་ཐད༔ ཨ་ཤད་མར་མེའི་རྩེ་མོ་ལྟར༔ ཕྲ་ཞིང་འབར་བ་ཉིད་ལ་གཏད༔ འཇམ་རླུང་བཟུང་ཞིང་ཡུན་རིང་བསྐྱང༔ དེ་ལས་དྲོད་ཀྱི་ཉམས་སྐྱེས་ན༔ སྟེང་འོག་རླུང་གཉིས་ཁ་སྦྱར་ནས༔ ལྟེ་བའི་གཏུམ་མོར་བསྟིམས་པ་ཡིས༔ མེ་ལྕེ་གློག་གི་ཟེར་མ་བཞིན༔ ཕྲ་ཞིང་རྣོ་མྱུར་རབ་ཚ་བ༔ འཁོར་ལོ་བཞི་རུ་རིམ་གྱིས་འབར༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ དྲན་པས་བདེ་ཆེན་སྐྱེད་ནུས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ དངུལ་ཆུ་དྭངས་མ་ལྟ་བུར་བབས༔ སྤྱི་བོ་ལ་སོགས་རྩ་འཁོར་དབུས༔ དགའ་བཞིའི་ཡེ་ཤེས་རིམ་གྱིས་སྐྱེས༔ གཏུམ་མོའི་མེ་ལ་རེག་པ་ལས༔ ཡེ་ཤེས་མེ་ལྕེ་ཤུགས་དྲག་པོས༔ དྭངས་མ་གྱེན་དུ་ཟློག་པ་དང༔ ཧཾ་ལ་བསྟིམས་མཐར་མི་དམིགས་བཞག༔ སླར་ཡང་བདུད་རྩི་སྔར་བཞིན་དབབ༔ དེ་ལྟར་འབར་འཛག་སྦྱོར་བ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ སྙིང་གི་དབུས་སུ་མི་ཤིགས་པའི༔ ཐིག་ལེ་དཀར་དམར་ཉུངས་འབྲུ་ཙམ༔ གསལ་ཞིང་འབར་བ་ལ་དམིགས་ནས༔ རླུང་སེམས་བསྡུས་ཏེ་དྭངས་མར་བསྟིམ༔ རླུང་གིས་གཏུམ་མོའི་དྲོད་འབར་བས༔ བདེ་བའི་ཡེ་ཤེས་རྩོལ་མེད་འབྱུང༔ སྐབས་སུ་སྙིང་དབུས་ཨ་ཡིག་ལས༔ འོད་འཕྲོས་དབུ་མའི་ནང་ཀུན་ཁྱབ༔ ཤེལ་ལྟར་དྭངས་པའི་འོད་སྣང་གིས༔ ཕུང་ཁམས་བརྟན་གཡོར་བཅས་པ་ཀུན༔ སྣང་སྟོང་ཆུ་ཟླའི་གཟུགས་སུ་བསམ༔ དེ་ལ་ཉམས་མྱོང་སྐྱེས་པ་ན༔ ལུས་བསྲང་རླུང་རོ་ཕྱིར་བསལ་ལ༔ སྲོག་རྩོལ་འགྲོ་འོང་དལ་བུའི་ངང༔ མིག་གནད་བར་སྣང་ཧ་རེར་བཞག༔ སེམས་གནད་གང་ཤར་རྟོག་པ་ལ༔ རྩིས་གདབ་མི་བྱ་རང་ངོ་བསྐྱང༔ གསལ་སྟོང་ཏིང་འཛིན་ངང་གིས་འཆར༔ སྐབས་སུ་སྙིང་ཁའི་ཨ་ཡིག་ལས༔ ཨ་ཡིག་གཉིས་པ་རིམ་བཞིན་མཆེད༔ སྨིན་མཚམས་ནམ་མཁར་གཅིག་ཏུ་འདུས༔ གསལ་ཞིང་འོད་ཟེར་འཕྲོ་བ་ལ༔ ཧྲིལ་གྱིས་སེམས་བཟུང་ལྷོད་ཀྱིས་ཀློད༔ ཡུལ་དང་ཡུལ་ཅན་དབྱེར་མེད་པ༔ ཁྱབ་བརྡལ་གཉུག་མའི་ངང་དུ་བཞག༔ མི་རྟོག་སྤྲོས་བྲལ་ཡེ་ཤེས་སྐྱེ༔ དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ཉམས་མྱོང་གང་སྐྱེས་ངོས་བཟུང་ལ༔ རེ་དོགས་དགག་སྒྲུབ་མེད་པར་བཞག༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འཆར༔ ཁམས་གསུམ་འཛིན་པའི་ཞེན་པ་དག༔ བདེ་དང་གསལ་དང་མི་རྟོག་པའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ རྒྱས་པ་མཆོག་གི་ཏིང་འཛིན་ནོ༔ ས་མ་ཡ༔ རྩ་དང་རླུང་དང་ཐིག་ལེ་ཡིས༔ རྟོག་པ་དབང་དུ་བསྡུ་བའི་ཕྱིར༔ མྱུར་ལམ་ཟབ་མོའི་ཏིང་འཛིན་ནི༔ རླུང་དང་གཏུམ་མོའི་རྣལ་འབྱོར་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ རང་ཉིད་རིགས་འདུས་བླ་མ་ནི༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ བདེ་བའི་ཉམས་ཀྱིས་འཁྱུད་པར་བསྒོམ༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བ༔ འོད་དང་འོད་ཟེར་འཕྲོ་བར་གསལ༔ མཁའ་གསང་རྡོ་རྗེ་པདྨའི་རྩེར༔ ཧཱུྃ་དང་ཕཊ་ཀྱི་ཡི་གེས་དགག༔ དལ་བུས་བསྲུབ་པའི་སྦྱོར་བ་ཡིས༔ སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན༔ དཀར་དམར་བདེ་བའི་རང་བཞིན་བབས༔ བདེ་ཆེན་འཁོར་ལོའི་དབུས་བཞུགས་པའི༔ བླ་མ་རྣམ་སྣང་ཡབ་ཡུམ་མཆོད༔ རྩ་འཁོར་ཐམས་ཅད་དྭངས་མས་གང༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བུམ་ཅན་གཟུང་ཞིང་དབྱིངས་རིག་བསྲེ༔ དེ་ལྟར་རིམ་གྱིས་ཕབ་པའི་མཐར༔ རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ རྒྱ་མཚོ་རི་རབ་ལོགས་སུ་སྦྱར༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ ཧཱུྃ་གི་གདངས་ཀྱིས་གྱེན་དུ་དྲངས༔ སྔར་བཞིན་སེམས་བཟུང་རླུང་རིག་བསྲེ༔ རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ༔ འཛིན་འདྲེན་འཕྲུལ་འཁོར་དབང་ཐོབ་ནས༔ བླ་མ་ལྷ་ཡིས་གནང་བ་འམ༔ མཚན་ལྡན་རྒྱུད་དག་ཕྱག་རྒྱ་དང༔ མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས༔ རྩ་རླུང་ཐིག་ལེ་རང་དབང་འགྱུར༔ ཞུ་བདེ་ལྷན་སྐྱེས་ཡེ་ཤེས་འཆར༔ སྣང་སེམས་དབྱེར་མེད་རོ་གཅིག་ཕྱིར༔ དབང་སྡུད་མཆོག་གི་ཕྲིན་ལས་སོ༔ ས་མ་ཡ༔ གཟུང་དང་འཛིན་པའི་སྣང་ཞེན་ཀུན༔ གང་ཤར་ཐད་ཀར་གཅད་པའི་ཕྱིར༔ བརྟུལ་ཞུགས་མཆོག་གི་ཏིང་འཛིན་ནི༔ ནང་གི་རྣལ་འབྱོར་དྲོད་ཐོབ་པས༔ གནས་ཡུལ་དུར་ཁྲོད་རྩུབ་འགྱུར་སར༔ འཇིགས་མེད་སེང་གེ་བཞིན་དུ་རྒྱུ༔ ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ༔ རྡོ་རྗེའི་ལྟ་བས་གཟིར་ཞིང་བལྟ༔ རྡོ་རྗེའི་གར་དང་བཅས་པའི་གླུས༔ དཔའ་བོ་མཁའ་འགྲོ་གནས་ཉུལ་དང༔ འབྱུང་པོ་ཐམས་ཅད་ཟིལ་གྱིས་མནན༔ ཕཊ༔ གཞི་གྲོལ་རིག་པ་འདུས་མ་བྱས༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པར༔ འཁོར་འདས་རྟོག་ཚོགས་རིག་ངོར་ནུབ༔ རེ་དོགས་ཞེན་པ་རང་སར་ཡལ༔ དགག་སྒྲུབ་སྤང་བླང་མཚན་མ་བྲལ༔ གཟུང་འཛིན་འཁྲུལ་པ་ཟིལ་གྱིས་གནོན༔ རྡོ་རྗེའི་གླུ་གར་བསྒྱུར་བ་ཡིས༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ཀྱི༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ལྷན་ཅིག་སྤྱོད་པ་སྤྱད་པ་ལས༔ ཅིར་སྣང་ཆོས་སྐུའི་རོལ་པར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་གཏད་མེད་ཟང་ཐལ་ངང༔ ཡུམ་དོན་བློ་འདས་ལྟ་གདིང་བསྐྱེད༔ དམིགས་བསམ་བརྗོད་དུ་མེད་པར་བསྒོམ༔ བདུད་བཞིའི་རྟོག་པ་གང་ཤར་ཡང༔ ཕཊ་ཅེས་གཅོད་ལ་ལྷུག་པར་སྤྱོད༔ མི་འགྱུར་དགོངས་པའི་གཟེར་ཐེབས་ན༔ འབྲས་བུ་ལམ་དུ་བསླངས་པ་འོ༔ དེ་ལྟར་རྩེ་གཅིག་ཉམས་བླངས་ཤིང༔ ཐུན་མཚམས་ཕུང་པོ་ཚོགས་སུ་འབུལ༔ ཕཊ༔ དབྱིངས་རིག་དབྱེར་མེད་རྩ་གསུམ་ལྷར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ གཟུང་འཛིན་འཁྲུལ་པའི་འགྲོ་བ་ཀུན༔ གདོད་ནས་གྲོལ་བར་སེམས་བསྐྱེད་དོ༔ ཕཊ༔ ཕཊ༔ རང་རིག་རླུང་སེམས་དབྱེར་མེད་པ༔ ཐིག་ལེའི་རྣམ་པས་སྤྱི་བོར་ཐོན༔ དེ་ཉིད་རྡོ་རྗེ་ཁྲོས་མར་གྱུར༔ ཕྱག་གཡས་ཡེ་ཤེས་གྲི་གུག་གིས༔ འབྱུང་འདུས་ལུས་ཀྱི་བྷནྡྷ་བྲེག༔ སྐུ་གསུམ་མཚོན་པའི་སྒྱེད་བུར་བཞག༔ ཕུང་པོ་དུམ་བུར་གཏུབས་ནས་བླུགས༔ གཏུམ་མོའི་མེ་ཡིས་ཐོད་པ་དྲོས༔ མ་དག་རླངས་པའི་རྣམ་པར་ཐོན༔ དག་པ་ཡེ་ཤེས་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ མཁའ་ཁྱབ་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕཊ༔ མཆོད་ཡུལ་དཀོན་མཆོག་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་གཏེར་བདག་ཀུན༔ ཟག་མེད་བདུད་རྩིའི་མཆོད་པ་བཞེས༔ ཚོགས་རྫོགས་དངོས་གྲུབ་ཆར་ལྟར་ཕོབ༔ སྦྱིན་ཡུལ་ཁམས་གསུམ་རིགས་དྲུག་འགྲོ༔ སྙིང་རྗེའི་ཡུལ་གྱུར་ཐམས་ཅད་ལ༔ འདོད་ཡོན་ལོངས་སྤྱོད་ཆེན་པོར་བསྔོ༔ སྒྲིབ་དག་བྱང་ཆུབ་མྱུར་ཐོབ་ཤོག༔ ཁྱད་པར་གནོད་ཅིང་འཚེ་བ་ཡི༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཤ་ཁྲག་རུས་པ་ཚོགས་སུ་རོལ༔ ཕན་བདེའི་གོ་འཕང་ཐོབ་གྱུར་ཅིག༔ མཆོད་བྱ་མཆོད་བྱེད་མཆོད་སྦྱིན་ཡུལ༔ ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང༔ དོན་དམ་རྣམ་ཐར་སྒོ་གསུམ་ཀློང༔ དབྱིངས་རིག་ཟུང་འཇུག་ངང་དུ་ཨ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་རིག་པ་གཏད་མེད་བཏང༔ དེ་ལྟར་མཉམ་རྗེས་ཐམས་ཅད་དུ༔ ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱང༔ འཇིགས་དང་ཆོ་འཕྲུལ་ཅི་བྱུང་ཡང༔ མི་ཕོད་པ་ལ་ཐོག་བརྫིས་བྱ༔ ཟས་ནོར་གཏམ་གྱི་འཁྲི་བ་བཅད༔ གནས་གྲོགས་གཉེན་འདུན་སྲེད་ཞེན་སྤངས༔ རེ་དོགས་སྦྲུལ་གྱི་མདུད་པ་བཤིག༔ ངར་འཛིན་སྙེམས་འཕྲིགས་གང་དགར་བོར༔ སྟོང་ཉིད་སྙིང་རྗེའི་སྲོག་ལྡན་པའི༔ ཟབ་མོའི་སྤྱོད་པ་སྤྱད་པ་ལས༔ ཉམས་རྟོགས་ཤན་ཕྱེད་བོགས་འབྱུང་ཞིང༔ གཟུང་འཛིན་འབྱུང་པོ་ཚར་གཅོད་པས༔ མངོན་སྤྱོད་མཆོག་གི་ཕྲིན་ལས་སོ༔ ས་མ་ཡ༔ མཐར་ཐུག་ཡེ་ཤེས་སྐུ་འགྲུབ་ཕྱིར༔ བླ་མེད་མཆོག་གི་ཏིང་འཛིན་ནི༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེ༔ མངོན་སུམ་རིག་པ་རྩེ་གཅིག་བསྒོམ༔ དེ་ཡང་དད་དང་བརྩོན་ལྡན་པས༔ རྒྱུད་སྨིན་དམ་ཚིག་དག་པར་བྱ༔ དབེན་པའི་གནས་སུ་སྤྲོས་པ་བཅད༔ སྒོ་གསུམ་སྦྱངས་ཤིང་རྣལ་དུ་དབབ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ དེ་ལ་དང་པོ་སྔོན་འགྲོ་ལ༔ དལ་དང་འབྱོར་པ་རྙེད་དཀའ་ཞིང༔ མི་རྟག་ནམ་འཆི་ངེས་མེད་བསམ༔ འཁོར་བར་ངེས་འབྱུང་དྲག་ཏུ་བསྐུལ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ ཐར་མཆོག་གོ་འཕང་དོན་གཉེར་བས༔ ཟབ་མོའི་ལམ་བཟང་སྙིང་པོར་སྒོམས༔ དཀོན་མཆོག་རྩ་གསུམ་སྐྱབས་འགྲོ་ཞིང༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ སྡིག་སྦྱོང་རྡོར་སེམས་བཟླས་པ་ནི༔ སྟོབས་བཞིའི་གནད་དང་ལྡན་པར་བྱ༔ ཚོགས་གསག་ཕྱི་ནང་གསང་བ་ཡི༔ སྐུ་གསུམ་ཞིང་གི་མཎྜལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར༔ མཆོད་སྤྲིན་རྒྱ་མཚོའི་ཚོམ་བུར་བཀོད༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བསོད་ནམས་དམ་པའི་ཚོགས་རྫོགས་ཤོག༔ འོག་མིན་ཞིང་ཁམས་མཎྜ་ལར༔ བདེ་ཆེན་འདོད་ཡོན་ཚོམ་བུར་བཀོད༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཆོས་དབྱིངས་སྤྲོས་བྲལ་མཎྜ་ལར༔ རིག་པ་རང་ཤར་ཚོམ་བུ་བཀོད༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ ཚོགས་གཉིས་ཟུང་འཇུག་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མཎྜ་ལ་ཛྙཱ་ན་པཱུ་ཛ་ཧོ༔ ཁྱད་པར་བླ་མའི་རྣལ་འབྱོར་ནི༔ མོས་གུས་དྲག་པོས་གནད་དུ་བསྣུན༔ ཐུགས་ཡིད་འདྲེས་པའི་བྱིན་ཞུགས་ན༔ གདོད་མའི་གནས་ལུགས་མངོན་དུ་འགྱུར༔ དེ་ལྟར་སྔོན་འགྲོས་རྒྱུད་སྦྱངས་ནས༔ དངོས་གཞིར་བུམ་པའི་དབང་གི་ལམ༔ བསྐྱེད་རིམ་གསལ་བརྟན་དག་པ་དྲན༔ ངག་རླུང་ཡིད་ཀྱི་བཟླས་པས་བསྙེན༔ གསང་དབང་ལམ་མཆོག་ཙཎྜ་ལཱིས༔ བདེ་ཆེན་ཉེ་བར་བསྙེན་པ་འཐོབ༔ ཤེར་དབང་ཐིག་ལེའི་རྣལ་འབྱོར་གྱིས༔ ལྷན་ཅིག་སྐྱེས་པའི་དེ་ཉིད་བསྒྲུབ༔ བཞི་པའི་དབང་གི་ཏིང་འཛིན་ནི༔ མཐར་ཐུག་སྒྲུབ་པ་ཆེན་པོ་སྟེ༔ ཐོག་མར་རིགས་དྲུག་བག་ཆགས་ཀུན༔ དབྱིངས་སུ་ཞི་བའི་ཏིང་འཛིན་བསྒོམ༔ ཡེ་ཤེས་རིག་རྩལ་རྒྱས་པའི་ཕྱིར༔ སྒོ་གསུམ་ཤིན་སྦྱང་རྣལ་དུ་དབབ༔ ལུས་ནི་རྡོ་རྗེའི་འདུག་སྟངས་ལ༔ ངག་ནི་ཧཱུྃ་གི་ཕྱག་རྒྱས་གདབ༔ ཡིད་ནི་སེམས་བྱུང་མདུད་གྲོལ་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་གདར་གཅད༔ བཞི་པ་སྐུ་གསུམ་དོན་དང་འཕྲད༔ རྣལ་དུ་དབབ་པས་རྒོད་པ་སྙོམས༔ སོར་གཞུག་བྱིང་བའི་མལ་ནས་བསླང༔ ཁྱད་པར་སྔོན་འགྲོ་ཤིན་སྦྱངས་པས། བསམ་གཏན་དམ་པ་མངོན་གྱུར་ནས༔ དངོས་གཞི་འདི་དང་འཆི་ཁ་དང༔ བར་དོར་གྲོལ་བའི་ལམ་གྱི་རིམ༔ རྣམ་པ་གསུམ་ལས་དང་པོ་ནི༔ ཁྲེགས་ཆོད་དང་ནི་ཐོད་རྒལ་གཉིས༔ རྣལ་འབྱོར་མངོན་སུམ་དབྱིངས་ཀྱི་གཤིས༔ སོར་བཞག་ཁྲེགས་ཆོད་དགོངས་པ་བསྐྱང༔ དེ་ཡང་ལུས་གནད་དྲང་པོར་བསྲང༔ རི་བོ་བཞིན་དུ་ཅོག་གེར་གཞག༔ མིག་གི་གསང་འབྲས་དབྱིངས་སུ་གཏད༔ རྒྱ་མཚོ་བཞིན་དུ་ཅ་རེ་གཞག༔ ཡིད་ཀྱི་རྙོགས་མས་མ་བསླད་པའི༔ རིག་པ་རྗེན་པ་གཅེར་བུར་གཞག༔ མ་བཅོས་མ་བསླད་ཡུལ་སྣང་གི༔ ཞེན་པ་རང་གྲོལ་ལྷུག་པར་གཞག༔ གཞག་ཅེས་བྱ་བའང་བརྡ་ཙམ་སྟེ༔ རང་རིག་མངོན་སུམ་ངོ་འཕྲད་ནས༔ དེ་ཉིད་ཁོ་ནར་ཐག་བཅད་དེ༔ རྟོག་ཚོགས་རང་གྲོལ་གདིང་འཆའ་བའི༔ ངང་ལས་མ་གཡོས་ལྷུམས་སུ་ཞུགས༔ དེ་ལྟར་དགོངས་པ་མངོན་གྱུར་པས༔ དབང་པོའི་མངོན་སུམ་རིག་པའི་གདངས༔ རྩལ་སྦྱོང་ཐོད་རྒལ་རྣལ་འབྱོར་ནི༔ སྒོ་གསུམ་ཕྱི་ནང་གསང་བ་ཡི༔ བྱ་བ་རིམ་པ་བཞིན་དུ་གཏང༔ དབེན་ཞིང་དབྱིངས་རིག་མཚོན་ནུས་པར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ལུས་གནད་སེང་གེ་གླང་ཆེན་དང༔ དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ༔ ངག་གནད་གནས་བརྟན་ལ་ཟླ་ཞིང༔ ཁ་སྒོའི་རླུང་གི་འགྲོ་དང་འོང༔ དལ་བུས་ཅུང་ཟད་ཕྱིར་འཛིན་བྱ༔ ཡུལ་གནད་ནམ་མཁའ་དྭངས་པའི་དུས༔ སྔ་དགོང་ཤར་ནུབ་ཟེར་གཉིས་ལ༔ མིག་གནད་གྱེན་དུ་ལྡོག་པ་དང༔ ཟུར་དུ་འཁྲིད་དང་ཐུར་དུ་དབབ༔ ཡིད་གནད་དུས་གསུམ་སྤྲོས་པ་བཅད༔ དབྱིངས་རིག་དབྱེར་མེད་ལྷུག་པར་བལྟ༔ དེ་ཚེ་སྙིང་ནས་མིག་གཉིས་ཀྱི༔ གསང་འབྲས་འབྲེལ་བའི་འོད་རྩ་ལས༔ རྒྱང་ཞགས་སྒྲོན་མས་མཚམས་སྦྱར་ནས༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་ཀློང༔ ཐིག་ལེ་སྟོང་སྒྲོན་མུ་ཁྱུད་དབུས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འགུལ་ཞིང་འཕྲིག་པའི་རྣམ་པར་འཆར༔ དེ་ཚེ་དབྱིངས་ཀྱི་ཕྱག་རྒྱ་རུ༔ རིག་པ་གཞུག་ཅིང་འབྲལ་མེད་བསྐྱང༔ ཉིན་མོ་སྣང་སེམས་ཨར་ལ་གཏད༔ ནང་ནུབ་དབྱིངས་རིག་ཨར་ལ་གཏད༔ མཚན་གུང་འོད་གསལ་ཨར་ལ་གཏད༔ སྲོད་ལ་རླུང་ཐིག་བདེ་ཉམས་བསྐྱང༔ ཐོ་རངས་རང་གསལ་དགོངས་ཉམས་བསྐྱེད༔ དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ མཆེད་ཅིང་ཅུང་ཟད་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བ་འོ༔ དབྱིངས་རིག་སྨིན་མཚམས་ལས་འདས་ཏེ༔ གར་བལྟས་ཁྱབ་ཅིང་བཀྲག་བཅས་མཆེད༔ རིག་པ་འབྲིང་དུ་སྡོད་པ་ནི༔ ཉམས་སྣང་གོང་དུ་འཕེལ་བ་འོ༔ ཁྱབ་པའི་དབྱིངས་ལ་ལུ་གུ་རྒྱུད༔ སྐུར་སྨིན་བརྟན་ཅིང་ཞི་དང་ཁྲོ༔ གྲངས་མེད་སྐུ་དང་ཡེ་ཤེས་འཕེལ༔ རིག་པ་ཚད་ལ་ཕེབས་པ་འོ༔ ཆོས་ཅན་ཕྱི་འབྱུང་ནང་ཕུང་པོ༔ གསང་བ་རླུང་སེམས་དབྱིངས་སུ་ཟད༔ ཤེས་དང་ཤེས་བྱ་རོ་གཅིག་འཁྱིལ༔ དེ་ཉིད་ཆོས་ཉིད་ཟད་པར་བཤད༔ དེ་དག་རྣམས་དང་རྗེས་འབྲེལ་དུ༔ བཞུགས་སྟངས་གཟིགས་སྟངས་ཕྱི་ནང་དབྱིངས༔ རིག་པ་མི་འགུལ་གཞིར་བཟུང་ནས༔ གོང་འཕེལ་དུས་སུ་ཕྱི་དབྱིངས་རིག༔ རླུང་སེམས་སྡོད་པས་ཚད་བཟུང་བྱ༔ ཚད་ལ་ཕེབས་ནས་སྐྱེ་དང་འཇུག༔ རླུང་སེམས་དབང་ཐོབ་རྩལ་རྫོགས་པས༔ འཁོར་འདས་རེ་དོགས་མཐའ་གྲོལ་ནས༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ ལྷག་བཅས་ལྷག་མ་མེད་པ་ཡི༔ ཡང་དག་མངོན་སངས་རྒྱས་པ་འཐོབ༔ ཀུན་ཏུ་ཁྱབ་ཅིང་འཕོ་མེད་རྟག༔ ལྷུན་གྲུབ་ཕྲིན་ལས་དབང་འབྱོར་པ༔ མཐར་ཐུག་ཤིན་ཏུ་རྣམ་དག་པའི༔ ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ༔ ཚེ་གཅིག་གྲོལ་བའི་ལམ་མཆོག་གོ༔ གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་འོད་གསལ་སྦུབས་སུ་འཇུག༔ ལུས་གནད་དྲང་སྲོང་ཙོག་པུ་འམ༔ སེང་གེའི་ཉལ་སྟབས་གང་རུང་གིས༔ འདིར་སྣང་ཞེན་འཁྲིས་རྦད་ཀྱིས་བཅད༔ ནང་གི་ནམ་མཁའི་རིག་སྟོང་གཤིས༔ བར་དུ་འོད་རྩ་རྒྱང་ཞགས་ཀྱི༔ སྒྲོན་མས་མཚམས་སྦྱར་ཕྱི་ཡི་དབྱིངས༔ ནམ་མཁའ་དྭངས་པར་ལྟ་སྟངས་གཏད༔ ད་ལྟའི་རིག་པ་རྗེན་པའི་ངང༔ རྟོག་པས་མ་བསླད་འཕོས་གྱུར་ན༔ འོད་གསལ་མ་བུ་དབྱེར་མེད་པའི༔ འཆི་བ་ཆོས་སྐུར་གྲོལ་བར་འགྱུར༔ དེ་ཡང་ད་ལྟར་གོམས་པ་གཅེས༔ དེ་འདྲ་ཀློང་དུ་མ་གྱུར་ན༔ རྣམ་ཤེས་རླུང་ཞོན་གདམས་པ་ནི༔ ལུས་གནད་བཅོས་ཏེ་སྟོང་ར་གསལ༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་ཁར་ཚིགས་ཀྱིས་བཀག་པའི་སྟེང༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་གསལ་དེ་ལས་རིམ་བཞིན་མཆེད༔ ཚངས་བུག་བར་དུ་ཉེར་གཅིག་བསམ༔ སྤྱི་བོར་བླ་མ་ཀུན་ཏུ་བཟང༔ རྡོ་རྗེ་འཆང་གི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོ༔ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཧིཀ་ཅེས་ཉེར་གཅིག་བརྗོད་པ་དང༔ རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་རྣམས་གཅིག་ལ་གཅིག༔ ཐིམ་སྟེ་ཐ་མར་རྒྱངས་ཏེ་འཕོས༔ བླ་མའི་ཐུགས་ཀར་ཐིམ་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་ཁར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་ཁའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་རྟག་ཏུ་བསྐྱང༔ ནམ་ཞིག་དུས་ལ་བབས་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ འདའ་ཀའི་རྣལ་འབྱོར་མ་ཐེབས་ན༔ རགས་པ་ཐིམ་དང་ཕྲ་བ་ཐིམ༔ ཐིམ་པའི་རྗེས་སུ་འོད་གསལ་འཆར༔ རྣམ་གྲོལ་ཆོས་སྐུར་རོ་གཅིག་འགྱུར༔ དེ་ལ་བརྟན་པར་མ་གྱུར་ན༔ ལུགས་འབྱུང་སྒྲ་འོད་ཟེར་གསུམ་སོགས༔ ཆོས་ཉིད་གདངས་ཀྱི་བར་དོ་ཤར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ༔ དབྱིངས་རིག་དབྱེར་མེད་ཐིག་ལེར་འཁྱིལ༔ དེར་ཡང་གཉིས་འཛིན་གཞན་དབང་གིས༔ གོ་འཕང་མངོན་དུ་མ་གྱུར་ན༔ དབང་པོ་ཐ་མའི་གང་ཟག་སྟེ༔ སྲིད་པ་བར་དོའི་སྣང་ཆ་ནི༔ རླུང་སེམས་ཙམ་ལས་གྲུབ་པའི་ལུས༔ རྨི་ལམ་ལྟ་བུར་ཤར་བའི་ཚེ༔ བླ་མར་མོས་གུས་དྲག་པོ་ཡིས༔ དེ་ཡི་གདམས་ངག་རྗེས་དྲན་ནས༔ གང་གོམས་དེ་ལ་མཉམ་བཞག་པས༔ འཁྲུལ་སྣང་གྲོལ་ནས་ལམ་མཆོག་སྦྱོར༔ དེ་ལྟར་མངོན་དུ་མ་གྱུར་ན༔ རིགས་ལྔའི་ཞིང་ཁམས་ཡིད་ལ་བྱ༔ བླ་མར་གསོལ་གདབ་འདུན་པ་སྦྱངས༔ དཔལ་མགོན་བླ་མའི་ཐུགས་རྗེ་དང༔ དད་དང་འདུན་དང་དམ་ཚིག་མཐུས༔ རྨི་ལམ་གནས་སྐབས་སད་པ་ལྟར༔ མངོན་དགའི་ཞིང་དུ་ལྷ་ཞལ་མཐོང༔ དཔལ་ལྡན་བརྩེགས་པར་ལུང་བསྟན་ཅིང༔ པདྨ་བཀོད་པར་དབུགས་རབ་དབྱུང༔ ལས་རབ་རྫོགས་པར་གཟེངས་བསྟོད་དེ༔ དབུས་ཕྱོགས་མེ་རི་འབར་བ་རུ༔ སྟོན་པ་ཁྱབ་བདག་ཧེ་རུ་ཀའི༔ དགྱེས་ཞལ་མཇལ་བའི་སྐད་ཅིག་ལ༔ ཤེས་བྱའི་སྒྲིབ་པ་མཐར་བྱས་ནས༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འགྱུར༔ ཤིན་ཏུ་དམན་པའི་གང་ཟག་རྣམས༔ མངལ་སྒོ་ངན་པ་ཞེན་ལོག་དང༔ ངེས་འབྱུང་དྲག་པོས་རབ་བཅད་ནས༔ ལས་འཕྲོ་བཟང་པོས་ཉིང་མཚམས་སྦྱར༔ ལམ་གྱི་འཕྲོ་མཐུད་གྲོལ་བ་ཐོབ༔ རྗེས་ནི་གནས་སྐབས་ཐམས་ཅད་དུ༔ བསྔོ་སྨོན་བཟང་པོས་མཚམས་སྦྱར་ཞིང༔ ཐུན་མཚམས་དྲན་དང་ཤེས་བཞིན་པས༔ དག་པའི་སྣང་བ་ལམ་དུ་ཁྱེར༔ སྤྱིར་ནི་འཁོར་བར་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང༔ བླ་མའི་མོས་གུས་སྲོག་ཏུ་བཙའ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བསྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པ་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ གེགས་སེལ་བོགས་འདོན་ཐབས་མཁས་པས༔ གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་འཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ༔ ས་མ་ཡ༔ དེ་ལྟར་མཆོག་དང་ཐུན་མོང་གི༔ ཕྲིན་ལས་ཀུན་གྱི་ཡན་ལག་ཏུ༔ ཚོགས་གསོག་དངོས་གྲུབ་ཉེ་བའི་ཕྱིར༔ ཐུན་དང་ཁྱད་པར་ཐུན་མཚམས་སུ༔ གོང་དུ་དཀོན་མཆོག་རྟེན་གསུམ་སྤྱི༔ ཁྱད་པར་ཚོགས་རྟེན་དམིགས་རིམ་དང༔ མཐུན་པའི་སྣང་བརྙན་བཤམས་པའི་མདུན༔ མེ་ཏོག་སྤོས་མེ་ཞལ་ཟས་སོགས༔ མཆོད་པའི་ཡོ་བྱད་གང་འཛོམ་པ༔ གཙང་ཞིང་བཀོད་པས་མཛེས་པར་བསྟར༔ སྐྱབས་སོང་བྱང་ཆུབ་ཡིད་ལ་བྱ༔ བདེན་པའི་སྟོབས་ཀྱིས་ཡོ་བྱད་བརླབས༔ རིག་འཛིན་བླ་མའི་དཀྱིལ་འཁོར་གྱི༔ མངོན་རྟོགས་ཇི་ལྟར་བཤད་པ་འམ༔ དྲིན་ཅན་རྩ་བའི་བླ་མ་དང༔ དབྱེར་མེད་རིག་འཛིན་རྣམ་པ་གསུམ༔ རྣམ་པ་འཆི་མེད་ལྷ་གསུམ་པོ༔ སྐྱབས་ཡུལ་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་མཁར་མངོན་སུམ་ལྟ་བུར་གསལ༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ༔ ཡན་ལག་བདུན་དང་མཎྜལ་གྱིས༔ གསག་སྦྱང་བྱང་ཆུབ་སེམས་མཆོག་བསྐྱེད༔ གསོལ་འདེབས་སྔགས་ཀྱིས་ཐུགས་དམ་བསྐུལ༔ མཐར་ནི་བྱིན་རླབས་དངོས་གྲུབ་གསོལ༔ མདུན་བསྐྱེད་རྟེན་ལ་བརྟན་བཞུགས་བསམ༔ ཡང་ན་རང་ལ་བསྟིམས་ཀྱང་རུང༔ བསྔོ་སྨོན་བཀྲ་ཤིས་ཚིགས་བཅད་བརྗོད༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ ལམ་གྱི་བར་ཆད་ཐམས་ཅད་ཞི༔ སྡིག་ལྟུང་ཉམས་ཆག་བྱང་བ་དང༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་པས༔ དངོས་གྲུབ་མཆོག་ལ་ཉེ་བར་འགྱུར༔ དེ་ཕྱིར་རྟག་ཏུ་བརྩོན་པར་གྱིས༔ ས་མ་ཡ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་མཆོག་གི་ཀུན་སྤྱོད་ཆེ༔ ག་ཎ་པཱུ་ཛའི་ལས་རིམ་ནི༔ མདུན་རྟེན་མཆོད་པའི་ཡོ་བྱད་སྤྱི༔ ཁྱད་པར་ཤེས་རབ་ཐབས་འབྲེལ་བའི༔ མ་ད་ན་དང་བ་ལ་སོགས༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་བཤམ༔ བདག་མདུན་ལྷར་གསལ་བཤགས་སྐོང་བྱ༔ བསང་ཆུས་བྲན་ཞིང་བདུད་རྩི་འཐོར༔ ཨ༔ སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར༔ བཅུད་ཀྱི་ལོངས་སྤྱོད་འདོད་ཡོན་ཚོགས༔ ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་ཆེ༔ འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་བྱིན་བརླབས་ཚོགས་ཞིང་རྣམས༔ གདུང་བའི་ཤུགས་ཀྱིས་སྤྱན་དྲངས་བྱ༔ ཧཱུྃ༔ འོད་གསལ་དབྱིངས་ཀྱི་ཐིག་ལེ་ནས༔ སྣང་བཞི་མཐར་ཕྱིན་ཤྲཱི་སིཾ་ཧ༔ བླ་མ་རྒྱ་མཚོའི་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་རྩལ་འཕོ་ཆེན་འོད་ཀློང་ནས༔ འཆི་མེད་བི་མ་མི་ཏྲ་ལ༔ ཡི་དམ་ཞི་ཁྲོའི་སྒྱུ་འཕྲུལ་ཤར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཟུང་འཇུག་པདྨོ་བཀོད་པ་ནས༔ རྩ་གསུམ་དབྱེར་མེད་ཐོད་ཕྲེང་རྩལ༔ འབུམ་ཕྲག་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འདུས་པའི་མཆེད་དང་དམ་ཚིག་རྫས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛཿཛ༔ དེ་ནས་ཚོགས་ཕུད་རིམ་པར་སྤྲོས༔ ཨོཾ་ཨཱཿཧཱུྃ༔ ཅིར་སྣང་སྣོད་ཀྱི་བྷནྡྷ་རུ༔ སྣང་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་སྩོལ༔ རྩ་རླུང་བྱེད་རྩོལ་བྷནྡྷ་རུ༔ གསལ་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ གསུང་གི་རྡོ་རྗེའི་དངོས་གྲུབ་སྩོལ༔ དྭངས་མ་ཐིག་ལེའི་བྷནྡྷ་རུ༔ བདེ་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀ་དག་དབྱིངས་ཀྱི་བྷནྡྷ་རུ༔ ལྷུན་གྲུབ་སྣང་བཞིའི་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ རང་བྱུང་མཚན་ལྡན་བྷནྡྷ་རུ༔ བཟའ་བཏུང་བདུད་རྩིའི་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་དམ་ཚིག་ཉམས་ཆག་བཤགས༔ ཧོ༔ བདག་ཅག་ཐོག་མེད་དུས་ནས་བཟུང༔ ཐ་མ་ད་ལྟར་ཐུག་གི་བར༔ སྒོ་གསུམ་འཁྲུལ་པའི་གཞན་དབང་གིས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་དམ་ཚིག་ཉམས་ཆག་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༔ དག་ཅིང་ཚངས་པར་དབུགས་དབྱུང་ནས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་བསྟབ་ཞལ་དུ་སྦྱོར༔ ཧཱུྃ༔ ཨེ་དབྱིངས་སྟོང་པའི་བྲུབ་ཁུང་དུ༔ གཟུང་འཛིན་ལྟར་སྣང་དགྲ་བགེགས་ཀུན༔ དགུག་བསྟིམ་བསྒྲལ་ནས་ཞལ་དུ་བསྟབ༔ ཁ་སྦྱོར་གཟི་བྱིན་བསྐྱེད་དུ་གསོལ༔ སརྦ་ཤ་ཏྲཱུན་བིགྷྣན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ དེ་ནས་ནང་ལྟར་ཕུང་ཁམས་ལྷ༔ མཆོད་པའི་ཕྱིར་དུ་ཞེན་མེད་རོལ༔ གསང་བ་དྲོད་ཐོབ་རྣལ་འབྱོར་པས༔ ཉེ་རྒྱུའི་བརྟུལ་ཞུགས་ཚུལ་བཞིན་སྤྱོད༔ རྗེས་མཐུན་ཡིད་ཀྱི་ཕྱག་རྒྱ་དང༔ སྙོམས་ཞུགས་དགོངས་པ་གསལ་གདབ་བྱ༔ ཧོ༔ ཤེས་རབ་བཙུན་མོའི་བྷ་ག་རུ༔ ཐབས་ཀྱི་རྡོ་རྗེས་གསོར་ཞིང་བསྐྱོད༔ འདུ་ཤེས་གསུམ་ལྡན་དགའ་བ་བཞིས༔ སྟོང་བཞིའི་འོད་གསལ་མཆོག་ཏུ་རོལ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཧཾ༔ དེ་ཉིད་གཉུག་མའི་ངང་དུ་བཞག༔ ཨ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀུན༔ སྟོང་ཉིད་རྣམ་ཐར་གསུམ་ལྡན་དང༔ དབྱེར་མེད་མཆོག་ཏུ་མི་འགྱུར་བའོ༔ ཨ་ཨ་ཨ༔ ལྷག་མ་གསོག་འཇོག་མེད་པར་བསྡུས༔ རིག་འཛིན་ཞལ་ཆབ་བདུད་རྩི་དབབ༔ ཨོཾ་ཨ་ཧཱུྃ་ཧ་ཧོ་ཧྲཱི༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ༔ ཆོས་ཉིད་རོལ་པའི་ལྷག་སྡུད་ཚོགས༔ རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི༔ བག་ཆགས་སྲེད་ཞེན་ལྷག་མ་ཀུན༔ བདེ་བ་ཆེན་པོའི་ཀློང་དུ་རོལ༔ སྟོང་པ་ཆེན་པོའི་བརྟུལ་ཞུགས་སྐྱེད༔ འཕོ་ཆགས་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀ་ཌཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཐར་ནི་སྨོན་ལམ་བཀྲ་ཤིས་གསོལ༔ ཨོཾ༔ བཀྲ་ཤིས་གང་ཞིག་ཅིར་སྣང་ལྷ་སྔགས་ཆོས་སྐུར་དག༔ རྩ་རླུང་ཐིག་ལེ་ཟག་མེད་དབུ་མའི་དབྱིངས་སུ་རྫོགས༔ གཟུང་འཛིན་རྟོག་ཚོགས་དབྱིངས་རིག་དབྱེར་མེད་ཆེན་པོར་སྨིན༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ་པའི་བཀྲ་ཤིས་ཤོག༔ གཞན་ཡང་སྨོན་ལམ་ཅི་རིགས་གདབ༔ རྗེས་སུ་གཏོར་མ་བསྐྱང་བ་དང༔ དངོས་གྲུབ་གསོལ་ཞིང་ནོངས་པ་བཤགས༔ དབྱིངས་སུ་བསྡུ་ཞིང་རིག་སྐུར་ལྡང༔ བསྔོ་སྨོན་ཤིས་བརྗོད་མཐའ་བརྒྱན་ནོ༔ དེ་ལྟར་དུས་སུ་ཉམས་བླངས་པས༔ རྩ་རླུང་ཐིག་ལེའི་བར་ཆད་ཞི༔ ནང་གི་ཚོགས་རྫོགས་མཆོག་ཐུན་གྱི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ༔ ས་མ་ཡ༔ དངོས་གྲུབ་དོན་གཉེར་རྣལ་འབྱོར་པ༔ ཚེ་རིང་བ་ནི་དོན་ཆེ་སྟེ༔ དེ་བས་འབད་པ་ཐམས་ཅད་ཀྱིས༔ རྡོ་རྗེ་ཚེ་ཡི་རིག་འཛིན་བསྒྲུབ༔ རྟེན་ནི་སྙིང་པོའི་བུམ་པ་དང༔ བཟའ་བཏུང་ཚེ་ཡི་ལོངས་སྤྱོད་བཤམ༔ གཟི་བྱིན་བསྐྱེད་ཕྱིར་བྱིན་ཆེན་དབབ༔ བདག་དང་མདུན་རྟེན་དབྱེར་མེད་པར༔ འཆི་མེད་སློབ་དཔོན་ཆེན་པོར་གསལ༔ རྩ་བའི་དམིགས་བཟླས་ཅི་རིགས་རྗེས༔ ཧྲཱི༔ འཆི་མེད་རིག་འཛིན་བི་མ་ལའི༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ མཚོ་སྐྱེས་རྡོ་རྗེའི་ཐུགས་དབུས་སུ༔ སྣ་ཚོགས་རྡོ་རྗེའི་གདན་གྱི་སྟེང༔ ཐིག་ལེ་ཉི་ཟླ་ཁ་སྦྱོར་དབུས༔ རླུང་སེམས་དབྱེར་མེད་རྟེན་གྱི་ཧྲཱི༔ ཐ་མར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ བསྐུལ་ཞིང་བཟླས་པའི་འོད་ཟེར་དང༔ ལྷ་མོ་མགྱོགས་མའི་ཚོགས་བཅས་སྤྲོས༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཁྱབ༔ རང་གི་བླ་ཚེ་ཆད་ཡར་དང༔ འབྱུང་ལྔ་འཇིག་རྟེན་དྭངས་མའི་བཅུད༔ ཡེ་ཤེས་ཆེན་པོའི་གཟི་བྱིན་དབྱིག༔ འཆི་མེད་བདུད་རྩིའི་རྣམ་པར་བསྡུས༔ སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ རྡོ་རྗེའི་ཚེ་དང་ལང་ཚོ་ཡི༔ ཡེ་ཤེས་ནུས་སྟོབས་རྒྱས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཟླས་པས་ནུས་ཐོབ་ཅིང༔ རྒྱུན་དུ་བརྩོན་ན་འཆི་མེད་འགྲུབ༔ ཐུན་མཚམས་ཚེ་འགུགས་དངོས་གྲུབ་བསྐུལ༔ རྟེན་འབྲེལ་མདའ་དང་དར་གྱིས་གཡབ༔ ཧྲཱི༔ གདོད་མའི་མགོན་པོ་རིག་འཛིན་ཤྲཱི་སིཾ་ཧ༔ འཕོ་ཆེན་ཡེ་ཤེས་སྐུ་བརྙེས་བི་མ་ལ༔ རྩ་གསུམ་ཀུན་འདུས་འཆི་མེད་པདྨ་འབྱུང༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་མཆོག་རྩེ་གཅིག་གུས་པས་གསོལ་འདེབས་ན༔ གློག་ལྟར་མྱུར་བའི་ཐུགས་རྗེའི་འོད་ཟེར་གྱིས༔ བདག་ཅག་བླ་ཚེ་ཆད་ཉམས་ཡར་པ་དང༔ འཁོར་འདས་དྭངས་བཅུད་སྲོག་གི་སྙིང་པོར་སྟིམས༔ སྨིན་མཚམས་མཛོད་སྤུ་འོད་ཀྱི་ཐིག་ལེ་ལས༔ བདེ་གཤེགས་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཆོས་ཉིད་མངོན་སུམ་ཡེ་ཤེས་ལྕགས་ཀྱུ་ཡིས༔ སྲིད་ཞིའི་ཚེ་བཅུད་རྟེན་དང་རྫས་ལ་ཁུག༔ མགྲིན་པའི་ཆུ་སྐྱེས་དབང་གི་ཟེའུ་འབྲུ་ལས༔ པདྨའི་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཉམས་སྣང་གོང་འཕེལ་ཡེ་ཤེས་ཞགས་པ་ཡིས༔ སྲིད་ཞིའི་ཚེ་བཅུད་སྲོག་གི་ཕྱག་རྒྱར་ཆིངས༔ ཐུགས་ཀ་ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ལས༔ རྡོ་རྗེ་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ རིག་པ་ཚད་ཕེབས་ཡེ་ཤེས་ལྕགས་སྒྲོག་གིས༔ སྲིད་ཞིའི་ཚེ་བཅུད་འོད་གསལ་སྙིང་པོར་སྡོམས༔ ལྟེ་བའི་ཨུཏྤལ་ཟབ་ཅིང་འཁྱིལ་བ་ལས༔ རིན་ཆེན་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཆོས་ཉིད་ཟད་པའི་ཡེ་ཤེས་དྲིལ་བུ་ཡིས༔ སྲིད་ཞིའི་དྭངས་བཅུད་མི་ཕྱེད་ཕྱག་རྒྱར་སྒྲུབས༔ གསང་མཆོག་བདེ་ཆེན་ནོར་བུའི་འོད་ཟེར་ལས༔ ལས་ཀྱི་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ མི་འགྱུར་འཕོ་མེད་ཡེ་ཤེས་རོལ་པ་ཡིས༔ སྲིད་ཞིའི་ཚེ་བཅུད་འཇའ་ལུས་རྡོ་རྗེར་སྒྲུབས༔ བླ་ཡི་གཟུགས་བརྙན་དྭངས་མའི་ཡི་གེར་སྟིམས༔ སྲོག་གི་འགྲོ་འོང་ནཱ་དའི་དབྱངས་སུ་སྒྱུར༔ ཚེ་ཡི་རྒྱུན་བཟང་འཕོ་མེད་རྫིང་བུར་སྐྱིལ༔ མི་འགྱུར་མི་ཤིགས་རྟག་པའི་དངོས་གྲུབ་སྩོལ༔ སྔགས་མཐར༔ ཨ་ནྲྀ་ཧྲཱིཿབཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཨཱ་ཀརྵཱ་ཡ་ཛ་ཛ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨ་ཨཱ་ཛཿཧཱུྃ་བཾ་ཧོཿཚེ་བྷྲཱུྃཿགཡུ་བྷྲཱུྃ༔གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་བིནྡྷུ་བྷྲཱུྃ༔ འཁོར་འདས་ཚེ་བཅུད་དྭངས་མ་ཀུན༔ འོད་ཟེར་བདུད་རྩིའི་སྤྲིན་ཆེན་པོ༔ རང་གི་སྲོག་རྟེན་ཧྲཱིཿཡིག་དང༔ སྒྲུབ་པའི་རྫས་ལ་དབྱེར་མེད་བསམ༔ ཨ༔ འཁོར་དང་མྱ་ངན་འདས་པའི་ཚེ་ཡི་བཅུད༔ རྩ་སྲོག་ཐིག་ལེ་དབྱིངས་དང་དབྱེར་མེད་འདྲེས༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྒྱས་བཏབ་པས༔ འགྱུར་མེད་རྟག་པ་དམ་པའི་དཔལ་ཐོབ་ཤོག༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་རཀྵ་རཀྵ་ཏིཥྛ་བྷྲཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་བཞག༔ སྙིང་ཁའི་གྭ་འུ་སྲུབས་མེད་པའི༔ ཕྱི་རོལ་རྡོ་རྗེའི་དྲྭ་བས་བསྡམས༔ ལུས་ལ་རྡོ་རྗེའི་གོ་ཆས་གཡོགས༔ ཚེ་དང་ཡེ་ཤེས་བརྟན་པར་བསམ༔ དེ་ལྟར་བསྒྲུབས་པས་དངོས་ཀྱི་རྟགས༔ ཚེ་འབྲང་བརྗིད་ཆགས་བདུད་རྩི་བབས༔ བཟའ་བཏུང་འཕེལ་ཞིང་རོ་བཅུད་ལྡན༔ འཇའ་འོད་དྲི་བཟང་ཉམས་དགའ་འབྱུང༔ རྨི་ལམ་ཉི་ཟླ་ཤར་བ་དང༔ རྩི་ཤིང་སྨན་ལྗོངས་ཆུ་བོ་རྒྱས༔ མར་མེ་འབར་སོགས་རྟགས་མཐོང་ཚེ༔ ཚེ་ཡི་དངོས་གྲུབ་བླང་བ་ནི༔ མདུན་རྟེན་བླ་མ་དབྱེར་མེད་ལ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དང༔ དབྱེར་མེད་ཁྱབ་བདག་བླ་མ་དགོངས༔ ཚེ་དང་ཡེ་ཤེས་དབང་མཆོག་སྐུར༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ སྐྱབས་སེམས་རྒྱུད་སྦྱང་ཅི་རིགས་དང༔ ཡེ་ཤེས་དབབ་བརྟན་ཚེ་འགུགས་བྱ༔ དེ་ནས་ཚེ་འབྲང་སྤྱི་བོར་བླང༔ ཧྲཱིཿཧྲཱིཿཧྲཱི༔ ཚེ་དཔག་མེད་མགོན་དྲན་པས་འཆི་མེད་སྩོལ༔ རྣམ་པར་རྒྱལ་མས་མི་མཐུན་བར་ཆད་སེལ༔ ཡིད་བཞིན་འཁོར་ལོས་འདོད་པའི་དངོས་གྲུབ་འཇོ༔ ཤྲཱི་སིཾ་ཧ་འོད་གསལ་རྟག་པའི་དབྱིངས༔ བི་མ་མུ་ཏྲ་འཕོ་ཆེན་ཕྱག་རྒྱར་བཞེངས༔ པདྨ་འབྱུང་གནས་འཇའ་ལུས་རྡོ་རྗེའི་སྐུ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཐུགས་རྗེས་བརྩེར་དགོངས་ཕྱི་ནང་བར་ཆད་སོལ༔ བྱིན་གྱིས་རློབས་ཤིག་ཚེ་དབང་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གནས་ལྔར་རེག་ཅིང་རྟེན་དུ་བཅང༔ ཚེ་ཡི་བཟའ་བཏུང་རོལ་བྱས་ལ༔ ཧྲཱི༔ འཁོར་འདས་སྙིང་པོ་དྭངས་མའི་སྲོག་ཏུ་འདྲིལ༔ མྱོང་ཚད་རྣམ་པར་གྲོལ་བའི་དམ་ཚིག་རྫས༔ སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་པས༔ བདེ་ཆེན་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ ཧྲཱི༔ འཁོར་འདས་དྭངས་བཅུད་འཆི་མེད་ཚེ་ཡི་རྒྱུན༔ བྱང་ཆུབ་སེམས་ཀྱི་བདུད་རྩིར་རབ་བསྐྱིལ་པས༔ རྩ་ཁམས་རླུང་ལ་བདེ་དྲོད་ཡེ་ཤེས་འབར༔ མཆོག་ཏུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ མཐར་ནི་རྒྱས་གདབ་ཤིས་པ་བརྗོད༔ དེ་ཡིས་དངོས་གྲུབ་བླ་མེད་འཐོབ༔ སྣོད་ལྡན་གཞན་ལའང་འདི་བྱིན་ན༔ བཅུ་ཐུབ་པ་ཡང་བརྒྱར་འགྱུར་ཏེ༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ མཐར་ཐུག་འཆི་མེད་གོ་འཕང་འགྲུབ༔ དེ་ཕྱིར་ཟབ་འདྲིལ་གདམས་པའི་བཅུད༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ མཆོག་གི་ཡེ་ཤེས་མྱུར་ཐོབ་ཕྱིར༔ ཡོན་ཏན་བདུད་རྩིའི་རིག་འཛིན་ལ༔ བརྟེན་ནས་མྱོང་གྲོལ་སྒྲུབ་པ་ནི༔ རྣལ་འབྱོར་ནུས་པར་ལྡན་པས་བརྩམ༔ སྤྲོས་དང་འབྲེལ་ན་ས་ཆོག་དང༔ ཕྱི་ནང་གསང་བའི་མཚམས་བཅད་ཅིང༔ ལྷ་དང་བུམ་པ་སྟ་གོན་བྱ༔ དཀྱིལ་འཁོར་ཚུལ་བཞིན་འབྲི་བ་འམ༔ མཎྜལ་མེ་ཏོག་ཚོམ་བུ་དགོད༔ བུམ་པ་བདུད་རྩིའི་བྷནྡྷ་དང༔ སྔགས་བཅས་སིནྡྷུའི་མཎྜལ་དགབ༔ དེ་སྟེང་རྡོར་སེམས་མེ་ལོང་བཅས༔ གསང་གསུམ་ཡེ་ཤེས་རྟེན་དུ་དགོད༔ དཀྱིལ་འཁོར་བསྐོར་ཞིང་བྱིན་ཆེན་དབབ༔ སྒྲུབ་པའི་གྲོགས་དང་བཅས་པ་རྣམས༔ མངའ་གསོལ་བརྟུལ་ཞུགས་ཕྱག་རྒྱས་གདབ༔ བསྙེན་སྒྲུབ་སྔོན་འགྲོས་ལས་ལ་སྦྱར༔ སྤྲོས་མེད་ཆིག་སྒྲུབ་བྱ་འདོད་ན༔ ས་གཞི་ལས་སུ་རུང་བ་དེར༔ ས་བདག་ལྷ་ཀླུར་གནང་བ་ཞུ༔ བགེགས་ལ་གཏོར་མ་བྱིན་ནས་བསྐྲད༔ རྒྱལ་ཆེན་སྡེ་བཞིར་ཕྱི་མཚམས་བཅོལ༔ ནང་ལྟར་སྲུང་བའི་འཁོར་ལོ་བསྒོམ༔ གསང་བ་ཡེ་ཤེས་ཕྱག་རྒྱས་གདབ༔ དཀྱིལ་འཁོར་རྟེན་རྫས་ཅི་རིགས་བཤམ༔ ཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་བྱ༔ ཚོགས་སམ་གཅིག་པུར་བསྒྲུབ་ཀྱང་རུང༔ དངོས་གཞིའི་ལས་སྦྱོར་གསུམ་ཡིན་ཏེ༔ ཁྲོལ་བུ་སྦྱང་ཞིང་ཕྱེ་མ་སྒྲུབ༔ དངོས་གྲུབ་ཡེ་ཤེས་མངོན་དུ་བྱ༔ དེ་ལ་ཁྲོལ་བུ་སྦྱང་བ་ནི༔ དོན་གྱི་བདུད་རྩི་གདོད་མ་ནས༔ སྣང་སྲིད་ཡེ་ཤེས་ལྔ་རུ་དག༔ རྟགས་ཀྱི་བདུད་རྩི་ཉོན་མོངས་དང༔ ཕུང་པོ་ཁ་དོག་རིགས་ལྔར་ཤར༔ རྫས་ཀྱི་བདུད་རྩི་མཚོན་བྱེད་པ༔ ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཕུན་སུམ་ཚོགས་པ་ལེགས་པར་སྦྱར༔ བྷནྡྷ་ཁ་སྦྱོར་སྣོད་དུ་བསྩལ༔ ཆོས་ཀྱི་བདུད་རྩིའི་དགོངས་པ་ཡིས༔ གསང་ཆེན་རིགས་གཅིག་ཕྱག་རྒྱར་སྦྱངས༔ རང་ཉིད་རིགས་འདུས་བླ་མ་ཡི༔ གསལ་སྣང་རྫོགས་པའི་ཏིང་འཛིན་དང༔ ཁྲོལ་བུའི་སྨན་ལ་བགེགས་བསལ་ཞིང༔ བདུད་རྩི་འཁྱིལ་པའི་ཁྲུས་ནས་དབྱུང༔ བྷནྡྷའི་ཕོ་བྲང་རྒྱན་ལྡན་པ༔ དཀྱིལ་འཁོར་བསྐོར་ཞིང་དལ་དབུས་བཞག༔ ཧཱུྃ༔ གདོད་ནས་རྣམ་དག་མཉམ་པའི་ཡེ་ཤེས་དབྱིངས༔ རིག་རྩལ་འགག་མེད་སྨན་གྱི་ཕོ་བྲང་ཆེ༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་གྲུབ་པར་མཛོད༔ སྔགས་དབྱངས་དང་བཅས་བྱིན་ཆེན་དབབ༔ ཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་རྗེ༔ ཤྲཱི་སིཾ་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་རྩལ་འཆང་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་ལྷ༔ འཆི་མེད་བི་མ་མུ་དྲ་སོགས༔ ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་ཡུལ་དུར་ཁྲོད་དཔའ་བོ་དང༔ མཁའ་འགྲོ་སྨན་སྐྱོང་སྲུང་མ་སོགས༔ བཀའ་ཉན་ཚོགས་རྣམས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་སྒྱུར༔ གྲོལ་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ མཆོད་པའི་ཡོ་བྱད་བཀོད་མཛེས་བསྟར༔ ཁྱད་པར་སྣང་གསལ་རྒྱུན་མི་གཅད༔ ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་བྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩིར་འཁྱིལ༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ བདེ་བ་ཆེན་པོ་ཟླ་བའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ ཡོན་ཏན་རིག་འཛིན་བི་མ་ལ༔ པདྨ་རིགས་བདག་དང་བཅས་གསལ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཆེན་པོའི་ངང༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཁ་སྦྱོར་བདུད་རྩིའི་སྤྲིན་ཆེན་པོས༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་དབྱིངས༔ ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔ སྨོན་ལམ་སྙིང་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་རོལ་པས་གཤེགས༔ ཨོཾ་གུ་རུ་བཛྲ་སཏྭ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་བསྟིམ༔ ཏིཥྛ་ལྷན་ཞེས་བརྟན་པར་བཞུགས༔ ཨ་ཏི་པཱུ་ཧོཿས་ཕྱག་འཚལ་ཞིང༔ པྲ་ཏིཙྪ་ཧོཿས་ཕྱག་ལན་གདབ༔ དེ་ནས་མཆོད་ཅིང་བསྟོད་པ་ནི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོ༔ ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ སྨན་སྲུང་སྤྱན་དྲང་རྟོག་པ་བསལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཚངས་དང་དྲང་སྲོང་རིག་པ་འཛིན༔ བྲམ་ཟེ་དཀའ་ཐུབ་གྲུབ་པ་དང༔ རི་དང་ནགས་ཚལ་འབྱུང་བའི་ལྷ༔ གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔ སྨན་དང་བཅུད་ཀྱི་གཉེར་འཛིན་པ༔ ལྷ་དང་ལྷ་མོ་སྲུང་མའི་ཚོགས༔ ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ རིག་འཛིན་གྲུབ་པའི་བཀའ་བྱུང་བས༔ དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ རང་རང་རིག་འཛིན་གྲུབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་མ་བསྙེལ་བར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ མཐའ་ཡས་གདུལ་བྱའི་དོན་སླད་དུ༔ རྡོ་རྗེའི་ཚེ་དང་ལང་ཚོ་དར༔ ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔ མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔ བདུད་རྩི་སྒྲུབ་པའི་གྲོགས་མཛད་ནས༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ སརྦ་ཨ་མྲྀཏ་བྷེ་ཥ་ཛྱེ་དེ་ཝ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔ བདུད་རྩིའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ བདེ་ཆེན་དགྱེས་པའི་ཕོ་བྲང་གི༔ མཁའ་ལ་སྤྲིན་ལྟར་གཏིབས་པར་བསམ༔ དམ་ཚིག་བདུད་རྩི་འཐོར་ནས་ཀྱང༔ ཧཱུྃ༔ ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔ གཙང་ཞིང་གཙང་མའི་ཚུལ་ལ་སྤྱོད༔ ཁྱི་ཕག་ལ་སོགས་དམེ་བའི་རྫས༔ ཐམས་ཅད་དོགས་པ་མེད་པར་བཟའ༔ གང་ཡང་རྣམ་པར་རྟོག་པ་སྟེ༔ རྟོག་པར་བཅས་པ་གྲོལ་མི་འགྱུར༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་པར་དག༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ༔ འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔ དེ་ལྟར་ཤེས་ནས་གྲོལ་བའི་ཕྱིར༔ དཀར་རྩི་དམར་རྩི་དྲི་ཤ་ཆེན༔ རྡོ་རྗེའི་ཆུ་རྣམས་དང་དུ་བླང༔ དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔ ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔ ཕུང་པོ་གནས་འགྱུར་ཡེ་ཤེས་དང༔ རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔ ཐམས་ཅད་གཙང་དམེའི་རྟོག་པ་སྤོངས༔ བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔ དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་བདེ་ཆེན་བརྟུལ་ཞུགས་བསྐྱེད༔ རྡོ་རྗེའི་གཟུངས་ཐག་སྙིང་ཁར་བཟུང༔ བདག་གི་ཐུགས་ཀར་ཟླ་སྟེང་ཨ༔ སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད༔ གཟུངས་ཐག་རྡོ་རྗེའི་ལམ་ལས་བརྒྱུད༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཞུགས༔ བདེ་ཆེན་གཟི་བྱིན་འབར་བར་བསམ༔ ཨོཾ་བཛྲ་སཏྭ་མ་ཧཱ་གུ་རུ་བི་མ་མུ་ཏྲ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ༔ ཁྲི་ཁྲག་བཟླས་པས་བསྐུལ་བར་བྱ༔ སླར་ཡང་སྙོམས་པར་ཞུགས་པ་ཡི༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ བརྟན་གཡོའི་དུག་གཞིལ་འབྱུང་ལྔའི་བཅུད༔ དམ་ཚིག་རྫས་དང་རོ་གཅིག་གྱུར༔ སྨན་གྱི་ལྷ་སྲུང་དྲང་སྲོང་བསྐུལ༔ དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔ འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔ སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ དག་པ་མཆོག་གི་བདུད་རྩི་དང༔ དབྱེར་མེད་ཁ་དོག་དྲི་དང་རོ༔ ནུས་བཅུད་ཕུན་སུམ་ཚོགས་པར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡཱ་ན་སྟ་ན་ཛ་ཡ་གུ་ཧྱ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཁྲི་ཕྲག་བཞི་བཟླས་འགྲུབ་པར་འགྱུར༔ ཐུན་མཚམས་སྟོང་ཚིགས་མཆོད་བསྟོད་དང༔ ཚོགས་ཀྱི་མཆོད་པས་དགྱེས་པ་བསྐྱེད༔ བར་ཆད་བགེགས་ལ་ཕུར་བུས་གདབ༔ ཡེ་ཤེས་མཆོག་གི་བྱིན་ཆེན་དབབ༔ དྲི་རོ་འཕེལ་སོགས་རྟགས་དང་ནི༔ ཛཔ྄་ཀྱི་བཟླས་གྲངས་ཐེམས་པ་ན༔ མདུན་བསྐྱེད་བདེ་ཆེན་དགྱེས་པའི་སྤྲིན༔ མི་འགྱུར་འོད་ཀྱི་ཐིག་ལེའི་ཚུལ༔ སྨན་གྱི་རྫས་ལ་ཐིམ་པ་ཡིས༔ དངོས་གྲུབ་འབྱུང་བའི་དབྱིག་ཏུ་བསམ༔ ཨོཾ་བཛྲ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་མྲྀཏ་ཧཱུྃ་ཧཱུྃ༔ སྨན་གྱི་ཆེ་བ་བརྗོད་ཅིང་དབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་མཎྜལ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨེ་མ་ཧོ་གདོད་ནས་རྣམ་པར་དག༔ དོན་གྱི་བདུད་རྩི་བླ་ན་མེད༔ རྟགས་སུ་ཡེ་ཤེས་རིགས་ལྔར་ཤར༔ རྡོ་རྗེའི་ཆོས་ལ་ཕྱག་འཚལ་ལོ༔ ཞེས་བསྟོད་ཡུམ་གྱིས་སྨན་སྣོད་བཏེག༔ ཨེ་མ་ཆོས་རྣམས་ཐམས་ཅད་ཀྱི༔ རང་བཞིན་བདེ་ཆེན་བྱང་ཆུབ་སེམས༔ གྲུབ་པ་མཆོག་གི་ཨ་མྲྀ་ཏས༔ མི་ཕྱེད་རྡོ་རྗེའི་ཡེ་ཤེས་ཐོབ༔ བཛྲ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ ཡབ་ཀྱིས་བླངས་ཏེ་དངོས་གྲུབ་བསྟིམ༔ ཨེ་མ་ཧོ་དམ་རྫས་སྨན་གྱི་ཚོགས༔ མཐོང་ཚོར་མྱང་རེག་གྲོལ་བ་ཐོབ༔ བདེ་བ་ཆེན་པོའི་དངོས་གྲུབ་མཆོག༔ གཉིས་མེད་ཡིད་ཀྱིས་བླང་བར་བྱ༔ བཛྲ་ཨ་མྲྀཏ་ཨ་ལ་ལ་ཧོ༔ སྨན་གྱི་སྙིང་པོ་དྭངས་མའི་བཅུད༔ ཡེ་ཤེས་འོད་ཀྱི་གོང་བུར་འདུས༔ བདག་ཐིམ་དངོས་གྲུབ་མཆོག་ཐོབ་བསམ༔ དཀྱིལ་འཁོར་ཤར་དུ་འཐག་བྱ་སྟེ༔ བདེ་ཆེན་མཁའ་གསང་ཨེ་ཡི་དབྱིངས༔ གཟུང་འཛིན་རྟོག་ཚོགས་ཚར་བཅད་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ལྷོ་ཡི་ཕྱོགས་སུ་དར་ཚགས་དྲང༔ སེམས་དང་ཡེ་ཤེས་བྱེ་བ་ཡིས༔ འཁྲུལ་པའི་རྟོག་པ་ཞི་བར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་བི་ཤུདྡྷ་སྭཱ་ཧཱ༔ ནུབ་ཏུ་ཆང་ཆུ་འོ་མ་དང༔ རིན་ཆེན་ཆུ་ཡིས་བརླན་དུ་ཕབ༔ འདྲེས་པར་འཕུར་ཞིང་ཕབས་ཀྱིས་བྲན༔ དབྱིངས་རིག་དབྱེར་མེད་ཐིག་ལེ་ཆེར༔ འཁོར་འདས་དྭངས་བཅུད་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་སཾ་ཤོ་དྷ་ན་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ བྱང་དུ་སླར་ཡང་སྦོལ་བྱས་ལ༔ འཕེལ་རྟགས་ངེས་ཕྱིར་དྲིལ་བུས་གཞལ༔ ཆོས་ཉིད་གཅིག་ལས་ཐ་དད་པའི༔ ཡེ་ཤེས་མཁའ་ཁྱབ་རྒྱས་པར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་བཛྲ་ཛྙཱ་ན་སྥ་ར་ཎ་ཕཊ༔ དེ་ལྟར་ལེགས་སྦྱར་རྫས་ཀྱི་མཆོག༔ བྷནྡྷ་ཁ་སྦྱོར་སྣོད་དུ་བསྩལ༔ ཅོད་པན་དར་དཔྱང་རྡོར་དྲིལ་བརྒྱན༔ གུ་ཧྱ་རྡོ་རྗེའི་ཕྱག་རྒྱས་གདབ༔ ཧཱུྃ༔ བདུད་རྩི་གསང་བའི་ཕོ་བྲང་གི༔ དངོས་གྲུབ་བར་ཆད་སྲུང་བ་དང༔ ཡེ་ཤེས་རྟག་ཏུ་འཕེལ་བའི་ཕྱིར༔ མི་ཕྱེད་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ སྟེང་དུ་སྨན་གྱི་ཕོ་བྲང་དབུས༔ བར་ནས་རྡོ་རྗེའི་གཟུང་ཐག་དྲངས༔ འོག་ཏུ་ཞུན་ཆེན་མེ་སྦར་བས༔ དྲོད་འབེབ་ཐབས་ལ་མཁས་པར་བྱ༔ གཞན་ཡང་རྟེན་དང་མཆོད་སྐོང་རྫས༔ ཇི་ལྟར་རིགས་པ་བརྗིད་པར་བཤམ༔ ཡེ་ཤེས་ཆེན་པོའི་བྱིན་དབབ་བོ༔ དེ་ནས་ལས་ཀྱི་གཞུང་བསྲངས་ལ༔ རྩ་བའི་བཟླས་པ་ཐེམས་པའི་རྗེས༔ བདག་མདུན་དཀྱིལ་འཁོར་འདི་ལྟར་གསལ༔ ཧཱུྃ༔ བདག་ཉིད་རིག་འཛིན་བླ་མའི་སྐུ༔ གནས་གྱུར་རང་བཞིན་དཀྱིལ་འཁོར་ཆེ༔ ཡོན་ཏན་ཆེ་མཆོག་སྨུག་ནག་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་གསུམ་རྡོ་རྗེ་གཡོན་ཐོད་པ༔ གར་དགུའི་གཟི་བྱིན་ཆེས་ཆེར་འབར༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གནམ་ཞལ་སྔོ་སྐྱ་ཁྲོ་ཆགས་ཉམས༔ རུས་པའི་ཕྱག་རྒྱ་གཟིག་ཤམ་འཕྱང༔ རྩེ་གསུམ་ཐོད་ཁྲག་བསྣམས་པས་འཁྲིལ༔ སྤྱི་བོ་ལ་སོགས་གནས་རྣམས་སུ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀྲོ་དྷཱ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡབ་ཡུམ་མཉམ་སྦྱོར་མཁའ་གསང་ནས༔ འོད་འཕྲོས་རྫས་ཀྱི་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡུམ་ལྔའི་ཀློང༔ རབ་འཇིགས་དུར་ཁྲོད་བཀོད་པའི་དབུས༔ ཡཾ་ལས་རླུང་དང་རཾ་ལས་མེ༔ ཀཾ་ལས་ཐོད་པའི་སྒྱེད་པུའི་སྟེང༔ ཨ་ལས་ཡེ་ཤེས་ཀཱ་པ་ལ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་མཉམ་པར༔ བདུད་རྩི་རང་བཞིན་དཀྱིལ་འཁོར་ནི༔ ཤ་ལྔའི་ལྷུན་པོ་རབ་བརྗིད་ཅིང༔ བདུད་རྩི་ལྔ་ཡི་མཚོར་འཁྱིལ་དབུས༔ ཐབས་ཤེས་འབྲུ་བཅུ་ཡོངས་གྱུར་ལས༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བདག་གི་ཐུགས་སྲོག་འོད་ཟེར་གྱིས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ ལྷ་རྣམས་སྙོམས་ཞུགས་སྦྱོར་མཚམས་ནས༔ འོད་ཟེར་ལྕགས་ཀྱུས་འཁོར་འདས་བཅུད༔ དབང་མཛད་ཡུམ་གྱི་བྷ་གར་འཁྱིལ༔ དངུལ་ཆུ་བཞིན་དུ་འདར་ཞིང་འཕྲིག༔ དེ་ལ་བདུད་རྩི་ཆར་ལྟར་བབས༔ ཤ་ལྔ་བདུད་རྩིའི་བཅུད་དང་འདྲེས༔ ཞུ་ཁོལ་དམ་རྫས་ཨ་མྲྀ་ཏ༔ འཁོར་འདས་རོ་མཉམ་གཅིག་ཏུ་འཁྱིལ༔ རིགས་ལྔ་ཡབ་ཡུམ་འོད་དུ་ཞུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཐུགས་ནས་ཧཱུྃ་གི་འཕྲོ་འདུ་ལས༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ པད་ཉིར་ཕྱོགས་སྐྱོང་སྦྱོར་བའི་སྟེང༔ བདུད་རྩིའི་སྟེང་འོག་ཕྱོགས་མཚམས་བཞུགས༔ དངོས་གྲུབ་བར་ཆད་བསལ་བ་དང༔ ཡེ་ཤེས་གཟི་བྱིན་སྐྱེད་བྱེད་པའི༔ འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སླར་ཡང་ཧྲཱིཿཧཱུྃ་ཡེ་ཤེས་སྤྲིན༔ རང་སྒྲ་སྒྲོག་པ་དཔག་མེད་སྤྲོས༔ མཐར་བྱེད་ཁྲོ་ཆེན་བརྒྱད་ཀྱི་དབུས༔ བདུད་རྩིའི་སྟེང་དུ་རྟ་གདོང་དཔལ༔ དབང་མདོག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་པདྨ་བྷཉྫ་དང༔ གཡོན་གཉིས་རྒྱ་གྲམ་སྡིགས་མཛུབ་བཅས༔ གྲྭ་བཞིའི་ཡུམ་གྱིས་མགུལ་ནས་འཁྱུད༔ ཁྲོ་བོའི་ཆས་རྫོགས་ཞབས་བཞི་བསྒྲད༔ སྣ་ཚོགས་རྡོ་རྗེའི་གདན་ལ་བརྟེན༔ གསང་ཡུམ་དཀར་སེར་དམར་ལྗང་བཞི༔ གྲི་ཐོད་འཛིན་པས་བརླ་ལ་འཁྱུད༔ སྐུ་སྨད་བདུད་རྩིར་ཕྱེད་ནུབ་སྦྱོར༔ དབང་མཛད་དཀྱིལ་འཁོར་རྗེས་ཆགས་འབར༔ ཧྲཱིཿཧ་ཡ་གྲཱི་ཝ་མཱཾ་ལཱཾ་པཱཾ་ཏཱཾ༔ མཐར་བྱེད་བརྒྱད་ཀྱི་སྟེང་གི་མཁར༔ ཕྱོགས་བཞིར་ཁྲག་འཐུང་རིགས་བཞི་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དཀར་སེར་དམར་ལྗང་འོད་དུ་འབར༔ རང་རྟགས་ཕྱག་རྒྱས་ཡུམ་དང་སྦྱོར༔ དེ་སྟེང་རྡོ་རྗེ་ཁྲག་འཐུང་མཐིང༔ ཞལ་གསུམ་ཕྱག་དྲུག་གཡས་གསུམ་ན༔ རྩེ་དགུ་རྩེ་ལྔ་ཞིང་དབྱུག་དང༔ གཡོན་པས་དྲིལ་བྷན་འཇིག་རྟེན་གཡོ༔ ཞབས་བཞིས་ཁྲག་འཐུང་རིགས་བཞི་བརྫིས༔ ཀུན་ཀྱང་དུར་ཁྲོད་དཔལ་ཆས་རྫོགས༔ གར་དགུའི་ཉམས་འགྱུར་མཆོག་ཏུ་རོལ༔ སྐུ་གདུང་འབར་བའི་དཀྱིལ་འཁོར་གསལ༔ ཨོཾ་ཏྲཱཾ་ཧྲཱིཿཨཱཿཧཱུྃ་ཧེ་རུ་ཀ་ཧཱུྃ༔ རྡོ་རྗེ་ཁྲག་འཐུང་དབུ་གཙུག་ཏུ༔ གནམ་ཞལ་མཐིང་ཁ་རྡོར་དྲིལ་དང༔ གནས་ཡུལ་མ་མོ་ཕྲ་མེན་བསྣམས༔ མིའུ་ཐུང་གེལ་པའི་ཞབས་བརྒྱད་ཀྱིས༔ ཁྲག་འཐུང་གཡས་གཡོན་དབུ་སྟེང་བརྫིས༔ རྩ་ཞལ་ཡུམ་མཁར་ཕྱེད་ནུབ་ཚུལ༔ མཁའ་མཉམ་བྷ་གའི་ཀློང་དུ་འཁྱིལ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ དེ་སྟེང་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་ཉི་ཤུ་རྩ་གཅིག་དབུ༔ ཕྱག་གི་དཀྱིལ་འཁོར་ཞེ་གཉིས་ན༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྫོགས༔ ཞབས་བརྒྱད་ཡུམ་གྱི་དབུ་བརྒྱད་བརྫིས༔ རྡོ་རྗེ་དབུས་ཞལ་སྨིན་མཚམས་སྦྱོར༔ དུར་ཁྲོད་དཔལ་ཆས་གར་དགུའི་ཉམས༔ ལྗགས་སྟེང་ཉི་ཟླ་ལ་གནས་པའི༔ ས་ནུ་ཁྲག་འཐུང་ཚོན་གང་བ༔ དཀར་གསལ་ཉི་ཟླའི་གྭ་འུ་བསྣམས༔ རང་འོད་ཡུམ་སྦྱོར་ཁྲོ་ཆས་རྫོགས༔ དེ་ཡི་ལྗགས་སྟེང་ཉི་མ་ལ༔ གནས་པའི་རྡོ་རྗེའི་ལྟེ་བར་ཨཱ༔ སྔགས་ཕྲེང་འོད་དང་སྒྲར་བཅས་བསྐོར༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཆེ༔ རིགས་ཀུན་ཁྱབ་བདག་ཆེན་པོར་བཞེངས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཨ་མྲྀཏ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ་ཧཱུྃ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ལ༔ རིགས་ཀྱི་ཡུམ་དང་ལྷན་སྐྱེས་སྦྱོར༔ འགྲོ་འདུལ་ཕྱོགས་བཅུའི་ཁྲོ་བོའི་ཚོགས༔ ཕྱོགས་སྐྱོང་ཁྱོ་ཤུག་གདན་དུ་སྦྱོར༔ དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེ༔ ཡེ་ཤེས་རིགས་ལྔའི་བཅུད་དང་སྦྱོར༔ རྟ་མགྲིན་གསང་བའི་ཡུམ་བཞི་དང༔ ཐབས་ཤེས་དབྱེར་མེད་དབང་གི་སྦྱོར༔ ཡུམ་མཁར་རྡོ་རྗེ་ཁྲག་འཐུང་གི༔ སྨིན་མཚམས་ཡན་ཚུད་དབུ་ཡི་སྦྱོར༔ གཙོ་མཆོག་ཞབས་བརྒྱད་ཡུམ་གྱི་དབུ༔ ཕྱོགས་མཚམས་བརྫིས་པ་ཞབས་ཀྱི་སྦྱོར༔ རྡོ་རྗེ་གནམ་ཞལ་སྨིན་མཚམས་ཀྱི༔ བདེ་ཀློང་ནུབ་པ་ཞལ་གྱི་སྦྱོར༔ ལྗགས་སྟེང་རྗེས་ཆགས་ཧེ་རུ་ཀ༔ རང་འོད་ཡུམ་དང་ཡེ་ཤེས་སྦྱོར༔ ཡན་ལག་བརྒྱ་ལྡན་སྦྱོར་ཐབས་ཀྱི༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ དམ་ཚིག་བདུད་རྩིར་བྱིན་རློབས་ཕྱིར༔ བྱང་ཆུབ་སེམས་ཀྱི་ཆར་འབེབ་པའི༔ གནས་གསུམ་འབྲུ་གསུམ་རྒྱས་བཏབ་པས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་བརླབས༔ རིགས་ལྔས་དབང་བསྐུར་ཡེ་ཤེས་ལྔ༔ དབུ་རྒྱན་ཞི་བའི་ཚུལ་དུ་རྫོགས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ དེ་ལྟར་ཐ་མལ་སྣང་ཞེན་ཀུན༔ བདུད་རྩིའི་དཀྱིལ་འཁོར་ཆེན་པོར་བརྟག༔ ཡེ་ཤེས་དགུག་བསྟིམ་བཞུགས་སུ་གསོལ༔ ཕྱག་དང་མཆོད་བསྟོད་དགྱེས་པ་བསྐྱེད༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ༔ ནམ་མཁའི་དབྱིངས་ལས་འཇའ་ཚོན་ཤར་བ་ལྟར༔ ཐུགས་དམ་རྗེས་དགོངས་ལོངས་སྤྱོད་རྫོགས་སྐུར་བཞེངས༔ བདེ་ཆེན་བདུད་རྩིའི་རོལ་པས་གནས་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་མཎྜལ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་ཚིག་འཁོར་ལོར་དགྱེས་པས་བཞུགས་ནས་ཀྱང༔ གཉིས་མེད་མཆོག་གི་བྱིན་རླབས་བསྩལ་དུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧོ༔ དོན་གྱི་བདུད་རྩི་རྟགས་སུ་རིགས་ལྔར་སྣང༔ བསྒྲུབ་བྱ་དམ་རྫས་སྒྲུབ་ཆོས་ཧེ་རུ་ཀ༔ ཁ་སྦྱོར་བརྒྱད་ལྡན་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ སེམས་ཉིད་ཡིད་བཞིན་རིན་ཆེན་སྤྲིན་ཕུང་ལས༔ ཕྱི་ནང་གསང་བའི་མཆོད་པའི་ཆར་ཆེན་འབེབ༔ རྡོ་རྗེ་བདུད་རྩི་ཆགས་པ་ཆེན་པོ་ཡི༔ ཡུལ་དང་དབང་པོ་གཉིས་མེད་དགྱེས་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ལ་སྱེ་མཱ་ལེ་གཱིརྟི་ནིརྟི་དྷཱུ་པེ་པཱུཥྤེ་ཨཱ་ལོ་ཀེ་གྷནྡྷེ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཛྭ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཛ་གད་ཁཱ་ཧི༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨཱ༔ ཧཱུྃ༔ ནམ་མཁའི་སྐུ་མངའ་སྣོད་བཅུད་ཀུན་ལ་ཁྱབ༔ གཞོམ་མེད་གསུང་གིས་བདེ་ཆེན་ཆར་པ་འབེབ༔ ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་གཏིང་མཐའ་བྲལ༔ སྣང་སྲིད་ཡོན་ཏན་བདུད་རྩིའི་རྒྱན་དུ་ཤར༔ འགྲོ་འདུལ་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ༔ ཡན་ལག་བདུན་ལྡན་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཁ་སྦྱོར་བརྒྱད་ཀྱིས་ཡེ་ཤེས་དབབ་ཏུ་གསོལ༔ ན་མ་སྟུ་ཏི་ཨ་ལ་ལ་ཧོ༔ ཞེས་བསྟོད་རྒྱུན་བཤགས་ཅི་རིགས་བྱ༔ སྨན་སྲུང་སྤྱན་དྲང་རྟོག་པ་བསལ༔ གཙོ་བོ་ཛཔ྄་ཀྱི་དགོངས་པ་ནི༔ རྡོ་རྗེའི་གཟུངས་ཐག་ལག་གིས་བཟུང༔ ཧཱུྃ༔ གཙོ་མཆོག་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀར་པད་ཉི་ཟླ་བའི་སྟེང༔ འཆི་མེད་རིག་འཛིན་བི་མ་ལ༔་་་དཀར་ལྗང་སོགས་ནས། པད་ཟླར་རོལ༔ ཞེས་པའི་བར་གྱིས་གསལ་གདབ།་་་མཆན། ཡེ་ཤེས་སེམས་དཔའ་རིགས་བདག་བཅས༔ སྣང་སྟོང་ཕྱག་རྒྱར་ལམ་གྱིས་གསལ༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཨ༔ སྔགས་ཀྱིས་བསྐོར་ལས་གཉིས་པ་བྱུང༔ བདེ་ཆེན་རྡོ་རྗེ་ལུ་གུ་རྒྱུད༔ མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔ གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔ བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔ ཕོག་པས་ཞུ་ཁོལ་རླངས་པ་ཡིས༔ དཀྱིལ་འཁོར་པ་རྣམས་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་བདེ་སྟོང་རོལ་པ་ཡིས༔ སྦྱོར་མཚམས་ཀུན་ནས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་བཅུད་ལ་ཐིམ༔ བྱིན་རླབས་ནུས་སྟོབས་མཆོག་ཏུ་འབར༔ སླར་ཡང་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ལྗགས་སྟེང་ས་ནུ་ཧེ་རུ་ཀའི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བར་ཕོག༔ དེ་ལས་རྗེས་ཆགས་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔ རྩ་གསུམ་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྣང་སྲིད་བདུད་རྩིའི་ཕྱག་རྒྱར་རྫོགས༔ ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང༔ དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔ རང་དབང་མེད་པར་བསྡུས་ཤིང་བཀུག༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བར་ཐིམ༔ དེ་ལས་བདུད་རྩིའི་ཆར་རྒྱུན་གཡོས༔ དཀྱིལ་འཁོར་དྲུག་གི་སྦྱོར་མཚམས་ཞུགས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ བྱང་ཆུབ་སེམས་སྤྲིན་དྲག་ཏུ་དབབ༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་དང༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ སྨན་སྐྱོང་སྲུང་མའི་ཚོགས་རྣམས་ཀྱང༔ དམ་ཚིག་ཆེན་པོས་རབ་བསྐུལ་བས༔ འོད་ཟེར་ཕོ་ཉ་གློག་ལྟར་འཁྱུགས༔ བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ སྒྲུབ་པའི་རྫས་ལ་ཐིམ་པ་ཡིས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ དགུ་པའི་ཛཔ྄་འདི་འབུམ་ཕྲག་བཟླ༔ སྟོང་སྟོང་ཚིགས་སུ་མཆོད་པ་འབུལ༔ ཐུན་མཐར་མཆོད་བསྟོད་ནོངས་པ་བཤགས༔ ལྷ་ཚོགས་འོད་ཞུ་བཅུད་ལ་ཐིམ༔ འཆི་མེད་བདུད་རྩིར་འཁྱིལ་བར་བསམ༔ ཛཔ྄་དབྱངས་བསྒྱུར་ཞིང་ལྟ་གདིང་བསྐྱེད༔ བར་ཆད་བགེགས་བསལ་བྱིན་ཆེན་དབབ༔ བཤགས་སྐོང་ཚོགས་ཀྱི་མཆོད་པ་བྱ༔ ལྷ་སྔགས་མཐོང་ཐོས་ཏིང་འཛིན་གསལ༔ འོད་དང་སྒྲ་དང་དྲི་བཟང་ཁྱབ༔ ཁོལ་ཞིང་འཕེལ་སོགས་རྟགས་མཐོང་འགྱུར༔ སླར་ཡང་གནད་ལ་དབབ་པ་ནི༔ དཀྱིལ་འཁོར་སྔར་བཞིན་གསལ་བཏབ་ལ༔ བཟླས་པའི་རིམ་པ་ཅི་རིགས་རྗེས༔ སྤོས་རོལ་དབྱངས་བཅས་འདི་ལྟར་བསྐུལ༔ ཧཱུྃ་ཧཱུྃ༔ ང་ནི་ཁྱབ་བདག་ཧེ་རུ་ཀ༔ རང་བཞིན་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་གཉན་ལ་རབ་དགོངས་ནས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ལ༔ བྱིན་རློབས་རྟགས་དང་མཚན་མ་སྟོན༔ གལ་ཏེ་ཐུགས་དམ་གཡེལ་སྲིད་ན༔ སྔོན་གྱི་དམ་བཅའ་གང་དུ་གཉན༔ དེ་བས་ཐུགས་རྗེ་ཐབས་མཁས་བདག༔ ཡལ་ཡོལ་དབྲི་བཀོལ་མ་མཛད་པར༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཕྲུལ་གྱི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སྟོང་ཕྲག་བཟླས་པས་གནད་ལ་དབབ༔ དེ་ནས་བདུད་རྩི་བསྐྱིལ་བའི་ཕྱིར༔ སྨན་སྲུང་བསྐུལ་བ་སྔོན་འགྲོ་བས༔ སྤྲུལ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ སྦྱོར་མཚམས་འདར་ཞིང་འཕྲིག་པར་བཅས༔ དངུལ་ཆུ་དྭངས་པ་བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡི༔ ལས་ཀྱི་ཕོ་ཉས་བདུད་རྩི་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ཁྲི་བཟླས་སྦྱོར་མཚམས་ལྷག་པར་བསྐྱིལ༔ དབབ་པའི་ཐོག་མར་གསང་སྒོ་དབྱེ༔ ཚིལ་ཆེན་དྲི་ཡི་སྦྱར་སྤོས་བསྲེག༔ རོལ་མོ་འཁྲོལ་ཞིང་དགྱེས་དབྱངས་བཅས༔ ཧཱུྃ་ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདེ་ཆེན་མཆོག་གིས་དགྱེས་པ་ན༔ ཡེ་ཤེས་བདུད་རྩིར་རབ་འཁྱིལ་བ༔ དམ་ཚིག་རྫས་ལ་དབབ་པའི་ཕྱིར༔ སྦྱོར་ཐབས་རྣམ་པ་ཐམས་ཅད་པའི༔ གསང་བ་མཆོག་གི་སྒོ་དབྱེ་འཚལ༔ བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཕཊ་ཕཊ༔ ཁྲི་ཕྲག་བཟླས་པས་མཚམས་སྦྱར་ནས༔ བཅུད་ལ་དབབ་ཕྱིར་ཤུན་གྱིས་གཡབ༔ རྐང་གླིང་བཤུག་པའི་སྒྲ་དང་བཅས༔ སྤོས་བསྲེག་རོལ་མོ་དྲག་ཏུ་འཁྲོལ༔ ཧཱུྃ་ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་བཏུལ་བའི་ཚེ༔ སྦྱོར་བའི་ཐབས་ལ་མཁས་པ་ཡིས༔ མ་མོ་བརྒྱད་པོ་དབང་དུ་མཛད༔ བཀའ་བཞིན་འཚལ་བར་དམ་བཅས་ལྟར༔ བདག་ནི་དཔལ་གྱི་གདུང་འཛིན་ཕྱིར༔ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གདོད་ནས་གྲུབ་པའི་དུར་ཁྲོད་ནས༔ འབར་དང་ཆགས་པའི་བརྟུལ་ཞུགས་ཀྱིས༔ རྣམ་འགྱུར་མི་བཟད་བྱིན་གཡོ་བས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང༔ བདུད་རྩི་གསང་བའི་ཐུགས་དམ་བསྐུལ༔ བདེ་ཆེན་དགྱེས་པར་ཕེབས་པ་དང༔ བྱིན་རླབས་གཟི་བརྗིད་ནུས་སྟོབས་སྐྱེད༔ དངོས་གྲུབ་མྱུར་དུ་འགྲུབ་པར་མཛོད༔ མ་མ་ཌཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ དངོས་གྲུབ་གནས་ཀྱི་མ་མོའི་སྤྲིན༔ འབར་དང་ཆགས་པས་དཀྱིལ་འཁོར་པ༔ དགྱེས་པ་བསྐྱེད་པའི་དམ་ཚིག་གིས༔ འཆི་མེད་བདུད་རྩིའི་མཎྜལ་ནས༔ བཟུང་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་བབས༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཁྲི་ཡིས་དབབ་ནས་དབང་དུ་བྱ༔ ཧཱུྃ་ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ བདུད་རྩི་རང་བཞིན་དཀྱིལ་འཁོར་རྫོགས༔ རིགས་ཀྱི་འཁོར་ལོ་རབ་བསྒྱུར་བས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་ཁྲག་འཐུང་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་བཅས་ལྟར༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང༔ དངོས་གྲུབ་དབང་དུ་བསྡུ་བ་དང༔ སྐལ་པ་བཞིན་དུ་མ་བསྩལ་ན༔ རྡོ་རྗེའི་ཚིག་དང་འགལ་ཏ་རེ༔ དེ་བས་དམ་ཚིག་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ པཉྩ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ ཁྲག་འཐུང་རིགས་ལྔའི་སྤྲིན་གཏིབས་པས༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ རྟ་མཆོག་དཔལ་ལ་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་བསྐྱེད༔ པདྨ་དབང་ཆེན་ཡབ་ཡུམ་རྣམས༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་ཁར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲིཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱ༔ ཁྲི་ཕྲག་བཟླས་པས་བདུད་རྩིའི་བཅུད༔ ཐོག་མར་བདག་གི་དབང་དུ་བྱ༔ དེ་ནས་དངོས་གྲུབ་བླང་བའི་ཕྱིར༔ སྒྲུབ་པ་ཐོན་པའི་སྔ་རོལ་དུ༔ ཚོགས་དང་གཏོར་མ་རྒྱ་ཆེར་བཤམ༔ ཛ་གད་མཱཾ་ས་ཚེ་འཛིན་ཟས༔ ཟླ་ཕྲོམ་ཟླ་རྒྱས་ཁུར་བ་སོགས༔ དངོས་གྲུབ་རྫས་ནི་ཅི་རིགས་དགྲམ༔ མཆོད་ཅིང་བསྟོད་པས་དགྱེས་པ་བསྐྱེད༔ ཁྱད་པར་སྨན་དང་ཚོགས་ཀྱིས་མཆོད༔ སྤོས་བསྲེག་གཡབ་འདོར་རོལ་མོ་འཁྲོལ༔ ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་བདུད་རྩིའི་རྒྱུད༔ མཁའ་ཁྱབ་འདུས་པར་གསུངས་པའི་ཚེ༔ འཇམ་དཔལ་དཔའ་བོ་ཐུགས་རྗེའི་གཏེར༔ ས་ཡི་སྙིང་པོ་ལ་སོགས་པ༔ སེམས་དཔའ་ཉེ་བའི་སྲས་མཆོག་ལ༔ གཉེར་དུ་གཏད་ཅིང་མངའ་གསོལ་བཞེས༔ ཇི་ལྟར་དམ་བཅས་མ་བསྙེལ་བར༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཡུན་རིང་བར་དུ་བསྙེན་ཅིང་བསྒྲུབས༔ རེ་ཞིང་སྨོན་པས་གསོལ་འདེབས་ན༔ མཐུ་རྩལ་དབྱུང་བའི་དུས་ལ་བབས༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོག་ཐུན་ལས་ཀྱི་དངོས་གྲུབ་ཀུན༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ ད་ལྟ་ཉིད་དུ་སྩོལ་མཛད་གསོལ༔ ཞེས་བསྐུལ་གཟུངས་ཀྱི་ཐག་པ་བླངས༔ ཏིང་འཛིན་དགོངས་བརྒྱུད་རྩེ་གཅིག་གིས༔ བདག་ཉིད་རང་བཞིན་དཀྱིལ་འཁོར་གྱི༔ ཐུགས་ནས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང༔ ཁྱད་པར་འཇམ་དཔལ་རྣོན་པོ་སོགས༔ ཉེ་བའི་སྲས་མཆོག་སྡུད་པ་པོའི༔ ཐུགས་དམ་བསྐུལ་ཞིང་གསོས་བཏབ་པས༔ དེ་དག་རྣམ་འཕྲུལ་མཐའ་ཡས་ཀྱིས༔ ཡོན་ཏན་བདུད་རྩི་རོལ་པ་ཡི༔ ལྷ་ཚོགས་རྣམས་ལ་མཆོད་ཅིང་གསོལ༔ དངོས་གྲུབ་བསྐུལ་བའི་གྲོགས་མཛད་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞི༔ ཁྱད་པར་བཛྲ་ཨ་མྲྀ་ཏའི༔ ཡེ་ཤེས་ཟིལ་དངར་ཆར་ལྟར་བབས༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང༔ དངོས་གྲུབ་རྫས་ལ་བསྟིམས་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ལོ་ཀ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དགོང་མོའི་དུས་ནས་ཐོ་རེངས་བར༔ བཟླས་པས་དངོས་གྲུབ་བདག་ལ་བསྡུ༔ སླར་ཡང་མཆོད་ཚོགས་རྒྱ་ཆེར་བྱ༔ བར་ཆད་བསལ་ཞིང་བྱིན་ཆེན་དབབ༔ ཉམས་ཆག་བཤགས་པས་རྒྱུད་སྦྱངས་ན༔ དངོས་གྲུབ་ཆེད་དུ་ལྷག་པར་བསྩལ༔ ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་དབྱིངས་ལས་མ་གཡོས་བཞིན༔ ལོངས་སྐུ་དཀྱིལ་འཁོར་བདུན་ལྡན་འཁོར་ལོར་ཤར༔ སྤྲུལ་པ་སྦྱོར་བ་བརྒྱད་ཀྱི་རོལ་པ་ཡིས༔ སྣང་སྲིད་བདུད་རྩིར་དག་པའི་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་ཕྲིན་ལས་ཀྱིས༔ གྲུབ་པའི་དངོས་གྲུབ་གསོལ་བའི་དུས་ལགས་ན༔ དགོངས་པ་ཡལ་ཡོལ་བཏང་སྙོམས་མ་མཛད་པར༔ ཐུགས་རྗེའི་རྩལ་སྐྱེད་ཁྱད་པར་རྟགས་མཚན་སྟོན༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་མཆོག་སྐུར༔ ལས་དང་ཡེ་ཤེས་བདུད་རྩིའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་དང་ཛཔ྄་ཀྱི་དབྱངས་བྱ་ཞིང༔ དཀྱིལ་འཁོར་བསྐོར་བས་སྙན་གསན་དབབ༔ དེ་ནས་དངོས་གྲུབ་བླང་བའི་ཕྱིར༔ དཀྱིལ་འཁོར་ཤར་ནས་བདུད་རྩིའི་སྟེང༔ ཏྲི་ཤཱུ་ལ་ཡི་ཕྱག་རྒྱས་རེག༔ ཤྲཱི་ཧེ་རུ་ཀ་ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནཱི་ཨ་མྲྀཏ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ སྙན་པའི་དབྱངས་དང་བཅས་ཏེ་བཟླ༔ གདུང་ཤུགས་བསྐྱེད་ཅིང་ལྟ་གདིང་བཅས༔ ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ཆེན་པོ་ན༔ དགྱེས་པར་བཞུགས་པའི་དཔལ་ཆེན་དཀྱིལ་འཁོར་པ༔ རྟག་རྒྱུན་རང་བཞིན་ཡེ་ཤེས་ཚད་མེད་ཀྱང༔ གདུལ་བྱའི་ཡུལ་ལ་འཇུག་ཕྱིར་སླར་ཡང་གསོལ༔ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཐེམས༔ བདུད་རྩི་སྒྲུབ་པའི་དམ་ཚིག་ད་ལྟ་རྫོགས༔ རྡོ་རྗེའི་ནམ་ལངས་དངོས་གྲུབ་ཉི་ཟླ་ཤར༔ ཐུགས་དམ་དུས་ལ་བབ་པོ་ཐུགས་རྗེ་སྐྱེད༔ རྡོ་རྗེའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ གཟི་བརྗིད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེའི་གསུང་ལས་སྔགས་ཀྱི་ཆར་ཆེན་འབེབ༔ བྱིན་རླབས་ལུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འོད་གསལ་ཐུགས་ཀྱི་དགོངས་པ་མཁའ་ལྟར་ཁྱབ༔ མཁྱེན་བརྩེ་ནུས་མཐུའི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་འདུལ་ཡོན་ཏན་ཡིད་བཞིན་རིན་ཆེན་སྤྲིན༔ ཁམས་གསུམ་དབུགས་འབྱིན་དངོས་གྲུབ་བསྩལ་དུ་གསོལ༔ མཆོག་ཐུན་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ སྣང་སྲིད་སྣོད་བཅུད་བདུད་རྩིའི་རྒྱན་དུ་ཤར༔ གྲོལ་བ་བཞི་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་སྐོང་དང་བགེགས་ཞི་དབང་སྒྱུར་སོགས༔ ཅི་འདོད་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཧེ་རུ་ཀ་དང་སྤྱོད་ཡུལ་དབྱེར་མེད་པའི༔ དངོས་གྲུབ་དམ་པ་དེང་འདིར་བདག་ལ་སྩོལ༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་སྭཱ༔ ཀརྨ་སིདྡྷི་ཧཱ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་དངོས་གྲུབ་སྤྱིར་གསོལ་ནས༔ དབང་བླང་ཕྱིར་དུ་མེ་ཏོག་དོར༔ ཨོཾ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་མ་ཧཱ་སུ་ཁ་ས་མ་ཡ་ཧཱུྃ་ཧོཿསཏྭཾ༔ དེ་ལྟར་གསོལ་བས་དཀྱིལ་འཁོར་གྱི༔ བདག་པོ་རབ་ཏུ་དགྱེས་པ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོར་གཏད༔ དེ་ཡིས་རིགས་ཀྱི་གཟུངས་མར་བརྒྱུད༔ རང་གི་སྤྱི་བོར་བསྩལ་བར་བསམ༔ ཕོ་བྲང་ཡུམ་གྱིས་ཁྱོགས་ལ་བཏེག༔ བདེ་བའི་གར་བཅས་གུས་པས་དབུལ༔ ཨེ་མ་ཐབས་མཆོག་རྨད་དུ་བྱུང༔ བདུད་རྩི་རོལ་པའི་དཀྱིལ་འཁོར་དང༔ རང་བཞིན་དཀྱིལ་འཁོར་དབྱེར་མེད་ཕྱིར༔ རྡོ་རྗེའི་དམ་ཚིག་དང་དུ་བཞེས༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ རྡོ་རྗེ་གཙོ་བོའི་གཙུག་ཏུ་བླང༔ ཧཱུྃ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང༔ ཁྱབ་གདལ་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ ཤྲཱི་ཧེ་རུ་ཀ་མ་ཧཱ་ཨ་མྲྀཏ་མཎྜལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་སཏྭཾ་ཛཿཧཱུྃ་བཾ་ཧོ༔ སྤྲུལ་པ་བདུད་རྩིའི་དཀྱིལ་འཁོར་པ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ལ༔ དབྱེར་མེད་ཆུ་ལ་ཆུ་བཞག་ལྟར༔ ཐིམ་ཞིང་ཡེ་ཤེས་ལྷག་པར་འབར༔ དམ་ཚིག་འོད་ཞུ་བདུད་རྩིར་ཐིམ༔ བྱིན་རླབས་གཟི་བརྗིད་ཕུང་པོར་བསམ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་མཎྜལ་ཧཱུྃ་ཧཱུྃ་ཧཱུྃ༔ སྐལ་ལྡན་གཞན་ལ་དབང་སྦྱིན་ན༔ རྒྱས་པར་སྨིན་བྱེད་གཞུང་ལྟར་བྱ༔ སྙིང་པོ་རྩ་བའི་དབང་བསྐུར་ནི༔ སློབ་མས་གསོལ་གདབ་མེ་ཏོག་དོར༔ བླ་མས་བདུད་རྩིའི་དཀྱིལ་འཁོར་པ༔ སྐད་ཅིག་སྔར་བཞིན་གསལ་བཏབ་ལ༔ ཕོ་བྲང་སློབ་མའི་སྤྱི་བོར་བཞག༔ ཧཱུྃ༔ གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས༔ དག་དང་མ་དག་མི་རྟོག་རྟོག་ལས་འདས༔ དུས་གསུམ་གཅིག་ཏུ་སྐུར་བསྟན་ཕྱི་བཤོལ་མེད༔ དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན༔ སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས༔ བསྐལ་པར་སྒྲིབ་པའི་གཏི་མུག་མུན་ནག་ལ༔ སྤྲིན་མཐོངས་ཉི་ཤར་ཁུད་པ་དྲོ་བ་བཞིན༔ བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས༔ རིག་འཛིན་རྒྱལ་པོ་གཙོ་བོའི་གོ་འཕང་ཐོབ༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལྟ་བུའི་ལུས༔ ཉི་ཟླའི་གཟི་བརྗིད་དབང་བཅུའི་དཔལ་གྱིས་ཕྱུག༔ བཞི་བརྒྱ་རྩ་བཞིའི་ནད་གདོན་བར་ཆད་ཞི༔ ལས་དང་ཡེ་ཤེས་མཆོག་གི་ཡོན་ཏན་རྒྱས༔ ཁམས་གསུམ་དབང་བསྒྱུར་དགྲ་བགེགས་ཚར་ཐག་ཆོད༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་སྤྲུལ་པའི་ཡེ་ཤེས་བསྟིམ༔ དམ་ཚིག་རྫས་གྱུར་ལོངས་སྤྱོད་ཕྱིར༔ སླར་ཡང་ཕོ་བྲང་དལ་དབུས་བཞག༔ ལྷ་དང་དམ་རྫས་དབྱེར་མེད་ལ༔ མཆོད་དང་བསྟོད་པས་མངའ་དབུལ་བྱ༔ ཨོཾ་ཨཱཿཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ མཁའ་ལ་སྤྲིན་ལྟར་གཏིབས་སྤུངས་པས༔ དཀྱིལ་འཁོར་ཀུན་ཏུ་ཆར་བཞིན་འབབ༔ ཡེ་ཤེས་གཟི་བྱིན་བསྐྱེད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་ས་མ་ཡ་ཧོ༔ ཨེ་མ་ཧོ་བདེ་གཤེགས་ཀུན་ཏུ་བཟང༔ གསང་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ དཔའ་བོ་ཁྱེད་ལ་ཕྱག་འཚལ་བསྟོད༔ རང་བྱུང་བདུད་རྩི་བླ་མེད་ཆེ༔ སངས་རྒྱས་ཀུན་གྱི་གསང་ཆེན་མཆོག༔ ཀུན་ཀྱང་གྲོལ་བའི་དཔལ་ལ་སྦྱོར༔ གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ སླར་ཡང་སེམས་དཔའི་རྒྱུད་བསྐུལ་ཕྱིར༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ བརྒྱ་རྩ་སོགས་ཀྱིས་ཐུགས་དམ་བསྐུལ༔ མཁའ་ཁྱབ་བདེ་གཤེགས་ཞི་ཁྲོ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོ་ལ༔ གནང་བ་བསྩལ་ཏེ་གཏད་པ་ཉིད༔ རང་ལ་དངོས་སུ་བསྩལ་བར་བསམ༔ བདེ་ཆེན་ཡུམ་གྱིས་ཡབ་ལ་ཕུལ༔ ལག་ཏུ་བླངས་ལ་བརྟུལ་ཞུགས་བསྐྱེད༔ ཧཱུྃ༔ རང་བྱུང་ཕོ་བྲང་སྟོང་ཉིད་ཡུམ་གྱི་མཁར༔ ཐམས་ཅད་རྟག་བཞུགས་བདེ་ཆེན་བདུད་རྩིའི་བཅུད༔ གཉིས་མེད་ཟུང་འཇུག་ཡེ་ཤེས་རོལ་པའི་ཕྱིར༔ དཔལ་གྱི་ཐ་རམས་བདུད་རྩིའི་མདུད་པ་བཀྲོལ༔ བཛྲ་ཨ་མྲྀཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་རྒྱ་རྣམས་རིམ་པར་དགྲོལ༔ སྨན་ཞལ་ཕྱེ་བའི་དེ་མ་ཐག༔ ཡེ་ཤེས་བདུད་རྩིའི་དྭངས་མ་ནི༔ དཀར་དམར་མཐིང་བའི་མདངས་འོད་རྒྱུན༔ བདག་གི་གནས་གསུམ་ཐིག་ལེར་ཐིམ༔ རྡོ་རྗེ་མི་ཕྱེད་གསུམ་འགྲུབ་བསམ༔ ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ནམ་མཁའ་དང་ནི་མཉམ་པའི་གནས༔ རྣམ་པར་མི་རྟོག་རྟོག་ལས་འདས༔ ཀུན་རྫོབ་ཙམ་དུ་བསྟན་པ་མཚར༔ བདུད་རྩིའི་སྙིང་པོ་རྒྱུད་གསུམ་པོ༔ སྲོག་གི་སྙིང་པོ་དག་པའི་སྣོད༔ རང་བཞིན་རོལ་པ་ཐུགས་རྗེ་ཡི༔ སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ༔ གསུང་གསུམ་གསུང་སྟེ་གསུང་ལ་ཐིམ༔ ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ༔ རྩ་དང་རླུང་དང་ཐིག་ལེ་དང༔ བྱང་ཆུབ་སེམས་ལ་རབ་ཏུ་ཐིམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་ཨ་མྲྀཏ་ར་ས་ཡཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་རྡོ་རྗེ་གསུམ་མཆོག་དང༔ དབྱེར་མེད་ང་རྒྱལ་བརྟན་པོར་བཟུང༔ དེ་ནས་ཕུད་ཀྱིས་བླ་མ་དང༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་ཕྱིར༔ ཛ་གད་དྭངས་མའི་བཅུད་དང་སྦྱར༔ མཐེབ་སྲིན་སྦྱོར་བས་སྨན་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གདོད་ནས་བདུད་རྩི་ཆེ༔ དག་མཉམ་རྟོགས་པའི་ལོངས་སྤྱོད་རྒྱན༔ རྨད་བྱུང་བདུད་རྩིའི་མཆོད་པ་ཡིས༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ ཨོཾ་མ་ཧཱ་པཉྩ་ཨ་མྲིཏ་ཁཱ་ཧི༔ དགོངས་པའི་ཀློང་ན་ཡེ་ཤེས་འདུ་འབྲལ་མེད༔ རིག་རྩལ་བརྡས་མཚོན་སྙན་ཁུངས་གཏད་རྒྱས་གདམས༔ བརྒྱུད་པ་གསུམ་གྱི་དཔལ་མགོན་བླ་མ་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དཀྱིལ་འཁོར་བདུན་གྱིས་སྣང་སྲིད་བདུད་རྩིར་ཤར༔ སྦྱོར་ཐབས་བརྒྱད་ཀྱིས་བདེ་ཆེན་ཡེ་ཤེས་འབེབ༔ རབ་འབྱམས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲིཏ་ཁཱ་ཧི༔ དཔལ་གྱི་ཕོ་ཉ་བཀའ་བཞིན་བསྟན་པ་སྐྱོང༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ སྲིད་གསུམ་ཡོན་ཏན་བདུད་རྩིའི་མཎྜ་ལར༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བར་པ་རང་དང་གཞན་གྱིས་མྱང༔ ཨོཾ་ཨཱཿཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེའི་དཀྱིལ༔ ཧཱུྃ་གི་འོད་ཀྱི་ལམ་ལས་བརྒྱུད༔ མཐེབ་སྲིན་ཉི་ཟླའི་ག་འུ་ཡིས༔ མཆོག་ཏུ་མི་འགྱུར་ཡེ་ཤེས་རོལ༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ ཕྱི་ནང་དབང་བཅུའི་དངོས་གྲུབ་སོགས༔ ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་ཅིང༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ ཧེ་རུ་ཀ་དཔལ་ཐུགས་རྗེའི་རྒྱུན༔ ཐེ་ཚོམ་མེད་པར་གུས་བླངས་ཏེ༔ ཞི་བའི་བཏུང་བ་བཞིན་བསྟེན་ན༔ འདོད་པའི་དོན་ཀུན་འགྲུབ་པའི་ཕྱིར༔ རྡོ་རྗེའི་དམ་ཚིག་མཆོག་ཏུ་རོལ༔ བཛྲ་ཨ་མྲིཏ་མ་ཧཱ་སུ་ཁ་སིདྡྷི་ཧོ༔ ཞེས་བརྗོད་རང་དང་གཞན་དག་གིས༔ གནས་གསུམ་རེག་ཅིང་ལྕེ་ལ་མྱང༔ དབང་པོའི་སྒོ་དང་ཡན་ལག་ལ༔ མཐེབ་སྲིན་ཕྱག་རྒྱས་ཐིག་ལེ་བྱ༔ སྨོན་ལམ་བཀྲ་ཤིས་རྒྱ་ཆེར་གསོལ༔ དངོས་གྲུབ་ངེས་པར་འཐོབ་པར་གྱུར༔ དེ་ནས་ལས་ཀྱི་མཐའ་རྒྱས་ནི༔ སྣོད་བཅུད་འབྱུང་བ་ཐམས་ཅད་ཀུན༔ དབྱིངས་ཀྱི་ཡུམ་ལྔའི་ཀློང་ལས་ཤར༔ དེ་ལ་བརྟེན་ནས་དངོས་གྲུབ་ཀྱི༔ ཡེ་ཤེས་རྒྱས་པར་སྤེལ་བའི་ཕྱིར༔ ཆ་གཅིག་རཏྣའི་བུམ་བཟང་དུ༔ རིན་ཆེན་འབྲུ་སྨན་དང་བཅས་གཞུག༔ དཔལ་ཅན་བརྗིད་ལྡན་རི་བོར་སྦ༔ ཨོཾ༔ སངས་རྒྱས་སྤྱན་མའི་རང་བཞིན་ས་ཡི་དབྱིངས༔ རིག་རྩལ་བདུད་རྩིའི་བཅུད་མཆོག་བདེ་བ་ཆེ༔ ཟུང་འཇུག་ཐིག་ལེ་གཅིག་ཏུ་རྒྱས་བཏབ་པས༔ མཐོང་ཚད་རྣམ་གྲོལ་ཕྱོགས་ཀུན་དགེ་བར་ཤོག༔ ལཾ་ལོ་ཙ་ན་ཨ་མྲྀཏ་སིདྡྷི་ཀ་ལ་ཤ་ཏིཥྛ་བྷཱུྃ༔ ཆ་གཅིག་རྒྱུན་འབབས་ཆུ་ཀླུང་གཤེགས༔ ཨོཾ༔ རིན་ཆེན་མཱ་ཀིའི་རང་བཞིན་ཆུ་ཡི་དབྱིངས༔ རིག་པའི་བདུད་རྩི་ཟུང་འཇུག་མཉམ་སྦྱར་བས༔ དཀར་ཕྱོགས་ལྷ་ཀླུའི་ཚོགས་ཀྱིས་མཆོད་པ་དང༔ མྱང་ཚད་རྣམ་གྲོལ་རྟག་ཏུ་བཀྲ་ཤིས་ཤོག༔ མཾ་མཱ་མ་ཀཱི་ཨ་མྲྀཏ་སིདྡྷི་ཨུ་ད་ཀ་སྥ་ར་ཎ་ཕཊ༔ ཁྱད་པར་ཆ་གཅིག་མེ་ལ་སྦྱར༔ ཨོཾ༔ པདྨ་གོས་དཀར་རང་བཞིན་འབར་བའི་དབྱིངས༔ རིག་རྩལ་བདུད་རྩི་ཟུང་འཇུག་སྟོབ་ཅིང་བསྲེག༔ ཚེ་དང་ལང་ཚོ་གཟི་བརྗིད་ནུས་སྟོབས་འབར༔ ཡེ་ཤེས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག༔ པཱཾ་རཱ་ག་ར་ཏི་ཨ་མྲྀཏ་སིདྡྷི་ཛྭ་ལ་རཾ་པུཥྚི་ཨོཾ༔ ཆ་གཅིག་བཟང་ཤིང་དུད་པར་སྦྱར༔ མཐུན་པའི་རླུང་གིས་ཁྱབ་པར་སྤེལ༔ ཨོཾ༔ ཕྲིན་ལས་དམ་ཚིག་སྒྲོལ་མ་རླུང་གི་དབྱིངས༔ རིག་རྩལ་བདུད་རྩི་ཟུང་འཇུག་མཆོག་གི་དྲིས༔ སྣོད་བཅུད་གྲིབ་སེལ་ནད་གདོན་སྡིག་སྒྲིབ་ཞི༔ ཚོར་ཚད་རྣམ་གྲོལ་བཀྲ་ཤིས་བདེ་ལེགས་ཤོག༔ ཏཱཾ་ཏཱ་ར་ཨ་མྲྀཏ་སིདྡྷི་བི་ཤུདྡྷེ་ཨོཾ༔ ཆ་གཅིག་རིན་ཆེན་ག་འུར་བསྩལ༔ སྤྱི་བོའི་གཙུག་གམ་མགུལ་དུ་འཆང༔ བདག་ཉིད་རང་བཞིན་དཀྱིལ་འཁོར་དང༔ དོན་གྱི་བདུད་རྩི་ནམ་མཁའི་དབྱིངས༔ དབྱེར་མེད་ཡེ་ཤེས་སྲོག་འགྲུབ་བསམ༔ ཨ༔ མཁའ་ཁྱབ་དབྱིངས་ཕྱུག་ཡུམ་གྱི་བྷ་གའི་ཀློང༔ རིག་པ་བདུད་རྩི་ཟུང་འཇུག་ཐིག་ལེར་འཁྱིལ༔ ཆོས་ཉིད་ཁྱབ་གདལ་དགོངས་པ་མངོན་གྱུར་ནས༔ ཕྱམ་གཅིག་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ མཱུཾ་དྷཱ་ཏཱི་ཤྭ་རཱི་ཨ་མྲིཏ་སིདྡྷི་ས་མ་ཡ་ཛྙཱ་ན་ཨ་ཨ་ཨ༔ ཆོས་ཉིད་དགོངས་པའི་གདིང་བཟུང་ངོ༔ ལས་སྦྱོར་འདི་རྣམས་ཐོག་མ་རུ༔ ཕན་འདོད་བྱང་ཆུབ་སེམས་མཆོག་བསྐྱེད༔ སྣང་སྲིད་གཞིར་བཞེངས་སྒོམ་བཟླས་བྱ༔ དངོས་གཞི་རང་རང་ལས་ལ་འཇུག༔ རྗེས་སུ་སྨོན་ལམ་བཀྲ་ཤིས་ཚིག༔ རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར༔ འབྲེལ་ཚད་དོན་དང་ལྡན་པར་འགྱུར༔ ཁྱད་པར་ཉམས་ཆག་སྐོང་བ་དང༔ རྟོགས་གྲོལ་ཡེ་ཤེས་རྒྱས་པའི་ཕྱིར༔ རབ་ཀྱིས་ཐུན་རྣམས་ཐམས་ཅད་དང༔ འབྲིང་གིས་ཉིན་ཞག་ཕྲུག་རེ་སྟེ༔ ཐ་མས་དུས་བཟང་ཐམས་ཅད་དུ༔ བདུད་རྩིའི་དམ་ཚིག་ཚུལ་བཞིན་བསྟེན༔ དེ་ལྟར་སྒྲུབ་དང་ལས་སྦྱོར་གྱི༔ དགོས་ཆེད་ཕན་ཡོན་མཐའ་ཡས་ཀྱང༔ མདོར་བསྡུས་རྒྱུད་ལས་གསུངས་པ་ནི༔ ཁམས་གསུམ་ཉོན་མོངས་དུག་ཆེན་ལ༔ ཡེ་ཤེས་མཆོག་གི་རྩི་སྦྱར་བས༔ ལྕགས་ལ་གསེར་འགྱུར་ཐེབས་པ་ལྟར༔ སྐད་ཅིག་གིས་ནི་རྣམ་པར་གྲོལ༔ བདུད་རྩི་སྤྱི་བོར་བཅངས་པ་ཡིས༔ དུས་གསུམ་བདེ་གཤེགས་བསྙེན་བཀུར་འགྱུར༔ མགུལ་ལམ་དཔུང་པར་བཏགས་པས་ཀྱང༔ ཕྱོགས་བཅུར་རྒྱལ་བས་སྲས་སུ་དགོངས༔ རིག་འཛིན་མཁའ་འགྲོ་ངང་གིས་འདུ༔ རྩ་ཁམས་རླུང་ལ་བྱིན་ཆེན་འབེབ༔ རྡོ་རྗེའི་སྲུང་བ་ཆེན་པོར་འགྱུར༔ བྱད་ཕུར་རྦོད་གཏོང་གདོན་དང་བགེགས༔ གང་གིས་མི་ཚུགས་ཐུབ་པ་མེད༔ དུས་དང་རྒྱུན་དུ་མྱང་བ་ཡིས༔ ཚེ་དང་སྐོང་དང་ཡིད་དུ་འོང༔ བགེགས་རྣམས་ཞི་ལ་སོགས་པ་དང༔ ནད་དང་བྲལ་ནས་ཅི་འདོད་པའི༔ ཡོན་ཏན་རྩ་བརྒྱད་འདི་ཡིས་འཐོབ༔ དམ་ཚིག་སྡོམ་པ་ཕུན་སུམ་ཚོགས༔ རང་བྱུང་བདེ་ཆེན་ཡེ་ཤེས་བརྙེས༔ རྒྱུད་ལྔ་དག་ཅིང་དུག་ལྔ་སེལ༔ ཡེ་ཤེས་ལྔ་ལྡན་སྐུ་ལྔ་འཐོབ༔ བདེ་གཤེགས་ཀུན་མཉེས་འགྲོ་དོན་འགྲུབ༔ འཇིག་རྟེན་སྐྱོང་བས་མི་ཚུགས་སོ༔ བདུད་རྩིའི་ཟེགས་མ་འཐོར་བས་ཀྱང༔ བླ་མར་ཕོག་ན་བྱིན་རླབས་འབབ༔ ལྷ་ལ་ཕོག་ན་དགྱེས་པ་སྐོང༔ ཆོས་སྲུང་ལ་ཕོག་ལས་ལ་མྱུར༔ དཔའ་བོ་མཁའ་འགྲོ་ལ་ཕོག་ན༔ ཉེ་རྒྱུའི་སྤྱོད་པའི་གྲོགས་ཀྱང་བྱེད༔ མཆེད་ལ་ཕོག་ན་དབང་དུ་འདུ༔ གནས་དང་ཡོ་བྱད་རང་ལུས་ལ༔ ཕོག་པས་ཉམས་གྲིབ་མ་དག་སྦྱོང༔ དག་གཙང་ཡིད་དགའ་ཉམས་རྟོག་འཕེལ༔ ནད་དང་གདོན་དང་སྡུག་བསྔལ་སྦྱོང༔ བགེགས་དང་བར་དུ་གཅོད་པ་དང༔ དྲག་པོ་གཏུམ་པོའང་ལྷན་ནེར་འཆིང༔ ཆ་ཤས་ཁོང་དུ་སོང་བས་ཀྱང༔ དམན་པའི་དུད་འགྲོ་ཡིན་ཡང་རུང༔ རྡོ་རྗེའི་རིགས་སུ་བྱིན་བརླབས་པས༔ སྒྲིབ་དག་ཐར་པའི་ས་བོན་ཐེབས༔ མདོར་ན་མཐོང་བས་སྡིག་ལྟུང་དག༔ དྲི་ཚོར་གྲིབ་སེལ་ཉམས་ཆག་སྐོང༔ རེག་པས་བདེ་ཆེན་རྒྱུད་ལ་འཆར༔ མྱོང་བས་མངོན་སུམ་ཡེ་ཤེས་སྐྱེ༔ འཆང་བས་སྲུང་དང་རྒྱས་དབང་འགྱུར༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་ཀྱང༔ རྡོ་རྗེའི་ཞིང་དུ་བྱིན་བརླབས་པས༔ དཀར་ཕྱོགས་ལྷ་ཀླུ་དབུ་འཕང་མཐོ༔ ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས༔ ནག་ཕྱོགས་འདྲེ་གདོན་རིང་དུ་འབྱེར༔ ནད་མུག་འཐབ་རྩོད་མཚོན་འཁྲུག་ཞི༔ རིག་འཛིན་ཌཱ་ཀིའི་འདུ་བ་ཡིས༔ སྣོད་བཅུད་རྒུད་པ་གསོ་བ་དང༔ ལེགས་ཕྱོགས་སྤེལ་བའི་ཕུལ་དུ་འགྱུར༔ ཨེ་མ་ངོ་མཚར་ཐབས་ཆེན་པོ༔ ཡོན་ཏན་བདུད་རྩིའི་ཧེ་རུ་ཀའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འདི་ཉིད་ཁོ་ནར་ཡིད་རྟོན་ཅིག༔ ཅེས་སོགས་རྒྱ་ཆེར་བཀའ་བསྩལ་ལྟར༔ ངེས་ཤེས་བསྐྱེད་ཅིང་དད་པ་དང༔ དམ་ཚིག་དག་པས་འདིར་བསྟེན་ན༔ དེ་ནི་སྐལ་བཟང་རིག་པ་འཛིན༔ ཧེ་རུ་ཀ་ཡི་གདུང་འཚོབ་བོ༔ དེ་བས་རིག་འཛིན་རྣམ་གསུམ་གྱི༔ བརྒྱུད་འཛིན་མ་འོངས་རྣལ་འབྱོར་རྣམས༔ ཚུལ་འདི་སྙིང་ལ་གཡར་དམ་ཟུངས༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་གྱིས༔ བདུད་རྩིའི་ཆོ་ག་མཐར་ཕྱིན་ནས༔ བཤགས་སྐོང་ཚོགས་མཆོད་རྒྱ་ཆེར་བྱ༔ ལྷག་མ་གཏང་ཞིང་གཏོར་མ་སྐྱོང༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ དཀྱིལ་འཁོར་གཤེགས་བསྡུ་བརྟན་བཞུགས་བྱ༔ མཚམས་དགྲོལ་བསྔོ་སྨོན་ཤིས་པ་བརྗོད༔ ཁྱད་པར་རྒྱས་པའི་སྦྱིན་སྲེག་གིས༔ འབར་བའི་ལྷ་ལ་སྨན་ཕུད་འབུལ༔ དེ་ཡང་མདུན་དུ་རྒྱས་པའི་ཐབ༔ མཚན་རྫོགས་བུད་ཤིང་གྲུ་བཞིར་བརྩིག༔ ཕྱི་ནང་ཉེར་སྤྱོད་ཚོགས་མཆོད་དང༔ མར་ཁུ་ཡམ་ཤིང་འབྲས་བུ་ཅན༔ མཆོག་ཏུ་སྨན་ཕུད་ཟས་མཆོག་སྦྱར༔ ལེགས་བཤམ་བདག་གི་རྣལ་འབྱོར་གསལ༔ ཉི་ཤར་རྒྱས་པའི་འདུག་སྟངས་དང༔ ཆས་གོས་སྟངས་ཀྱི་སེམས་དང་བཅས༔ ཐབས་ཤེས་ཟུང་འཇུག་དམ་ཚིག་བཟུང༔ བསང་ཆུ་འཁྱིལ་པས་བྱིན་གྱིས་བརླབ༔ དེ་ཡིས་ཐབ་དང་ཡོ་བྱད་འཐོར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་མཆོད་སྲེག་རྫས༔ རང་རང་མིང་ཡིག་དང་པོ་ལས༔ ཟག་མེད་བདེ་བའི་ལོངས་སྤྱོད་མཆོག༔ ལྷ་ཚོགས་དགྱེས་སྐོང་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ བཛྲ་སྥ་ར་ཎ་ཁཾ༔ ཨཱ༔ སྣོད་བཅུད་སྣང་སྲིད་ཆོས་སོ་ཅོག༔ གདོད་ནས་རྣམ་དག་སྟོང་པ་ཆེ༔ རིགས་ཀྱི་ཡུམ་ལྔའི་རང་བཞིན་ཉིད༔ འཕེལ་འགྲིབ་བྲལ་བར་གནས་པ་ལས༔ དབྱིངས་ཕྱུག་རྡོ་རྗེ་ནམ་མཁའི་དཀྱིལ༔ རྡུལ་བྲལ་འོད་གསལ་ཆེན་པོའི་ངང༔ མི་འགྱུར་སངས་རྒྱས་སྤྱན་མའི་ཐབ༔ མཚན་ཉིད་ཡོངས་རྫོགས་བཀོད་པས་བརྗིད༔ དེ་དབུས་ཚ་ཞིང་སྲེག་པའི་མེ༔ གོས་དཀར་ཡུམ་དུ་སྙོམས་ཞུགས་པ༔ དམ་ཚིག་སྒྲོལ་མའི་རླུང་གི་ཤུགས༔ རེག་པས་འབར་ཞིང་འཁྱིལ་བའི་ཀློང༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ ཨ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཆི་མེད་རིག་འཛིན་བི་མ་ལ༔ ཡེ་ཤེས་སེམས་དཔའ་རིགས་བདག་དང༔ ལུས་དཀྱིལ་ལྷ་དང་བཅས་པ་རྣམས༔ སྒེག་མཛེས་གསེར་མདངས་འོད་འཕྲོ་བས༔ རྒྱས་པའི་ལས་ཀུན་མཛད་པར་གསལ༔ བྱིན་རླབས་དབང་བསྐུར་སྤྱན་དྲངས་བསྟིམ༔ ཕྱག་མཆོད་བསྟོད་པ་ཅི་རིགས་བྱ༔ དེ་ནས་རྡོ་རྗེའི་དགང་བླུགས་ཐོགས༔ ཧཱུྃ༔ ཐབས་དང་ཤེས་རབ་འབྲེལ་བ་ཡི༔ རྡོ་རྗེའི་དགང་བླུགས་ཁ་སྦྱོར་ལས༔ ཟག་མེད་བདུད་རྩིའི་མཆོད་སྤྲིན་འཕྲོས༔ ལྷ་ཚོགས་ལྗགས་སྟེང་འབར་བའི་རཾ༔ དེ་ལས་འོད་ཀྱི་སྦུ་གུས་དྲངས༔ དགྱེས་བཞེས་ཟག་མེད་བདེ་བས་ཚིམས༔ འབར་བའི་སྣང་ཆེན་མཁའ་ཁྱབ་འཕྲོས༔ འདོད་པའི་ལས་ཀུན་ལྷུན་གྲུབ་བསམ༔ སྔགས་མཐར་ཨོཾ་ཨགྣཱ་ཡེ་སྭཱ་ཧཱ༔ ཞུན་མར་ཉེར་གཅིག་བྱོན་སྐྱེམས་དང༔ ཨོཾ་བོ་དྷི་བྲྀཀྵཱ་སྭཱ་ཧཱ༔ བུད་ཤིང་ཕུལ་བས་མེ་སྲོག་བཟུང༔ སླར་ཡང་ཞུན་མར་བུད་ཤིང་དག༔ བརྒྱ་རྩ་ལ་སོགས་གོང་ལྟར་འབུལ༔ ཁྱད་པར་རྫས་ཀྱི་གཙོ་བོ་ནི༔ སྨན་ཕུད་ཟས་མཆོག་ཕུར་མ་སྟེ༔ ལྷ་སྔགས་ཤམ་བུར་རྫས་ཀྱི་སྔགས༔ ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་སཾ་བ་དེ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་སོགས་དཔུང་བསྐྱེད་འབུལ༔ གོང་འོག་མཚམས་སུ་གསོལ་བྱང་ནི༔ བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་བསོད་དཔལ་འབྱོར་ཤེས་རབ་དང༔ རྣམ་གྲོལ་མཆོག་གི་ཡེ་ཤེས་ཆེ༔ འཕེལ་རྒྱས་པུཥྚིཾ་ཀུ་རུ་ཨོཾ༔ ཅི་རིགས་སྤེལ་ཞིང་ཁྱད་པར་དུ༔ བདུད་རྩིའི་འདོད་གསོལ་སྔར་ལྟར་བྱ༔་་་ཨོཾ༔ པདྨ་གོས་དཀར་སོགས། རྫས་ཀྱི་བྱ་བ་རྫོགས་ཉེའི་སྐབས༔ བྱོན་སྐྱེམས་མར་ཁུ་ཡམ་ཤིང་སྨན༔ གོས་ཟུང་སོ་རྩི་ཚོགས་མཆོད་འབུལ༔ ནོངས་པ་བཤགས་ཤིང་དངོས་གྲུབ་གསོལ༔ མེ་ལྷ་ཡེ་ཤེས་དབྱིངས་སུ་གཤེགས༔ དམ་ཚིག་རང་ལ་གཉིས་མེད་ཐིམ༔ བདེ་ཆེན་སྣང་བ་རྒྱས་པར་བསམ༔ བསྔོ་སྨོན་བཀྲ་ཤིས་མེ་ཏོག་འཐོར༔ གཞན་ཡང་ཉམས་ཆག་རྟོག་སྒྲིབ་སོགས༔ མི་མཐུན་ཕྱོགས་ཀུན་ཞི་འདོད་ན༔ ཐབ་དང་ཡོ་བྱད་ཆས་གོས་སོགས༔ ཞི་བའི་ཕྲིན་ལས་གཞིར་བཟུང་ནས༔ ཁྱད་པར་བདུད་རྩི་ཏིལ་ནག་སྦྱར༔ ལས་རིམ་ཁོག་དབུབ་གོང་ལྟར་ལ༔ ཐབ་ཀྱི་དབུས་སུ་བཞུགས་པའི་ལྷ༔ དགྱེས་འཛུམ་ཟླ་ཤེལ་འོད་ཟེར་འཕྲོ༔ ཞི་བའི་ལས་ཀུན་མཛད་པར་གསལ༔ ཁྱད་པར་རྫས་ལ་སྔགས་ཤམ་དུ༔ ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ཡི༔ ཉམས་ཆག་རྟོག་སྒྲིབ་བར་ཆད་བགེགས༔ ནད་གདོན་ཕྱི་ནང་ཉེར་འཚེའི་ཚོགས༔ སརྦ་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་པའི་གསོལ་བྱང་གདགས་པ་སོགས༔ ཁ་སྒྱུར་རིགས་པས་འཕྲུལ་ཤེས་བྱ༔ དབང་ལ་དེ་ཡི་ཡོ་བྱད་སོགས༔ འདུ་བྱས་ཁྱད་པར་བདུད་རྩི་དང༔ མེ་ཏོག་དམར་པོ་མྱོས་བྱེད་སྦྱར༔ ཐབ་ཀྱི་དབུས་སུ་བཞུགས་པའི་ལྷ༔ རྗེས་ཆགས་འཆར་ཁའི་དམར་འོད་འཕྲོ༔ དབང་གི་ལས་ཀུན་མཛད་པར་གསལ༔ ཁྱད་པར་རྫས་ལ་སྔགས་ཀྱི་མཐར༔ ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་རཀྟ་པུཥྤེ་མ་ད་ན་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ཡི༔ དབང་དུ་འཁོར་འདས་སྣོད་བཅུད་ཀྱི༔ ལེགས་པའི་དཔལ་དང་ཡོན་ཏན་ཚོགས༔ སརྦ་ཝ་ཤཾ་ཀུ་རུ་ཧོ༔ དྲག་པོར་བདུད་རྩི་ཡུངས་དཀར་སྦྱར༔ ཐབ་ཀྱི་དབུས་སུ་བཞུགས་པའི་ལྷ༔ ཁྲོ་གཏུམ་མཐིང་མདངས་མེ་མཚོན་གྱིས༔ དྲག་པོའི་ལས་ཀུན་མཛད་པར་གསལ༔ ཁྱད་པར་རྫས་ལ་སྔགས་ཤམ་དུ༔ ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་བིགྷྣཱན་ད་ཧ་ན་སྭཱ་ཧཱ༔ རྣལ་འབྱོར་བདག་ཅག་འཁོར་བཅས་དང༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ ནད་གདོན་དགྲ་བགེགས་བདུད་བཞིའི་ཚོགས༔ སྡེར་བཅས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་ཁ་སྒྱུར་ཅི་རིགས་སྤེལ༔ ཁྱད་པར་སྟངས་ཀྱི་སེམས་དང་ནི༔ ཏིང་འཛིན་དམིགས་པ་གསལ་ལྡན་ན༔ ཇི་ལྟར་བརྩམས་པའི་དོན་རྣམས་ཀུན༔ མྱུར་དུ་འགྲུབ་བྱེད་མེ་ཡི་ལས༔ སྲེག་བླུགས་ཆོ་གའི་སྙིང་པོ་འོ༔ མཆོག་གི་ཕྲིན་ལས་རྨད་བྱུང་བ༔ བདུད་རྩི་རོལ་པའི་རྒྱུད་ཀྱི་སྡེར༔ ཟབ་ཅིང་རྒྱ་ཆེར་གསུངས་པ་རྣམས༔ ཡོན་ཏན་རིག་འཛིན་བི་མ་དང༔ འཆི་མེད་པདྨ་སཾ་བྷ་བས༔ དགོངས་འགྲེལ་མན་ངག་ལག་ལེན་བཅས༔ གསལ་བར་གཏན་ལ་ཕབ་པའི་དོན༔ འོ་མའི་སྙིང་པོ་ཞུན་མར་ལྟར༔ མ་འོངས་སྐལ་ལྡན་གཅིག་ཅར་བའི༔ རིགས་ཅན་མཆོག་གི་དོན་དུ་གདམས༔ གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ དེ་ལྟ་བུ་ཡི་ཟབ་རྒྱས་དོན༔ ཉམས་སུ་ལེན་པའི་གང་ཟག་གིས༔ དང་པོར་འཁོར་བར་ངེས་འབྱུང་བསྐྱེད༔ བྱང་ཆུབ་སེམས་མཆོག་འབྱོངས་པར་བསླབ༔ གཞན་དོན་མྱུར་དུ་མི་གནས་པའི༔ ཡེ་ཤེས་ཆེ་ལ་སྦྱོར་འདོད་པས༔ རྡོ་རྗེ་ཐེག་པའི་ལམ་མཆོག་གི༔ རྩ་བ་སྨིན་བྱེད་དབང་བསྐུར་ཏེ༔ དམ་ཚིག་རྣམ་པར་དག་པ་ཡིས༔ དབེན་པར་རིམ་གཉིས་ཏིང་འཛིན་ལ༔ བརྩོན་པས་རང་གཞན་དོན་འགྲུབ་ཕྱིར༔ དེ་རྣམས་ཀུན་གྱི་ཡན་ལག་གི༔ སྙིང་པོ་སྨིན་བྱེད་དབང་བསྐུར་ནི༔ བྱིན་རླབས་ཟིལ་ལྡན་གནས་མཆོག་ཏུ༔ བསྙེན་རྫོགས་རྟོགས་ལྡན་རྣལ་འབྱོར་པས༔ སྣོད་ལྡན་སློབ་མ་རྗེས་གཟུང་སླད༔ བཀྲ་ཤིས་ས་ལ་སྟེགས་བུ་བྱ༔ དྲི་དང་བདུད་རྩིས་ཆག་ཆག་གདབ༔ མཐིང་ག་ཤིན་ཏུ་དྭངས་པའི་གཞིར༔ འོད་ལྔའི་མུ་ཁྱུད་པད་འདབ་བརྒྱད༔ སྙིང་པོ་སྐུ་འམ་ཕྱག་མཚན་བྲི༔ དབྱིངས་དང་ཐིག་ལེ་རིག་པ་མཚོན༔ དེ་སྟེང་བུམ་པ་བདུད་རྩི་དང༔ སིནྡྷུར་མེ་ལོང་འཇའ་ཤེལ་རྣམས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ རྟེན་དང་དབང་བསྐུར་དོན་དུ་བརྩེག༔ གཞན་ཡང་མཆོག་ཐུན་རྗེས་འབྲེལ་དུ༔ སྨན་དང་ཚེ་ཡི་དབང་བསྐུར་ན༔ དེ་དང་དེ་ཡི་སྒྲུབ་རྟེན་སོགས༔ འོག་ཏུ་དགོས་པ་ཐམས་ཅད་དང༔ མཆོད་ཚོགས་བག་དྲོ་བརྗིད་ལྡན་བསྟར༔ ས་བདག་ལྷ་ཀླུ་འབྱུང་པོ་ལ༔ གཏོར་མ་སྦྱིན་ཞིང་ཕྲིན་ལས་བཅོལ༔ ཧཱུྃ༔ ས་བདག་ལྷ་ཀླུ་འབྱུང་པོའི་ཚོགས༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ ས་འདི་བདག་ལ་བསྩལ་ནས་ཀྱང༔ དགེ་ཞིང་བཀྲ་ཤིས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ སྐྱབས་སུ་འགྲོ་ཞིང་སེམས་གཉིས་བསྐྱེད༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཧོ༔ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཨ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་གྱིས་གསག་སྦྱང་སྤེལ༔ བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རངས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ནག་ཕྱོགས་བགེགས་རིགས་བཀུག་བྱས་ལ༔ གཏོར་མ་བྱིན་ནས་བཀའ་བསྒོ་ནི༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་འདིར༔ བར་དུ་གཅོད་པའི་གདོན་བགེགས་ཀུན༔ གཏོར་མ་འདི་ལོངས་གཞན་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ དྲག་པོའི་སྔགས་ཀྱིས་བསྐྲད་པར་བྱ༔ སྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིང༔ ཧཱུྃ༔ དབྱིངས་སྣང་བརྡལ་བ་ཆེན་པོའི་ཞིང༔ རིག་པ་རྡོ་རྗེ་སྲུང་བའི་གུར༔ དབྱེར་མེད་ལྷ་སྔགས་ཆོས་སྐུའི་ཀློང༔ གློ་བུར་འཁྲུལ་རྟོག་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གཉིས་མེད་ཡེ་ཤེས་བྱིན་ཆེན་དབབ༔ ཧཱུྃ༔ ནང་གསལ་གཞོན་ནུ་བུམ་སྐུའི་དབྱིངས༔ རིག་པ་རང་ཤར་རྩ་གསུམ་ལྷས༔ སྣོད་བཅུད་རྒྱུད་རྣམས་གདོད་མ་ནས༔ གཉིས་མེད་མཉམ་པའི་བྱིན་ཆེན་ཕོབ༔ བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བདེ་ཆེན་རོལ་པར་སྤེལ༔ ཨ༔ འོད་གསལ་དབྱིངས་ལས་རིག་པའི་རྩལ༔ ལྷུན་གྲུབ་ཆེན་པོར་བྱིན་བརླབས་པས༔ སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མ་ཧཱ་སུ་ཁ་ས་མ་ཡེ་ཧཱུྃ༔ བཛྲ་ཛྙཱ་ན་སྥ་ར་ཎ་ཁཾ༔ དེ་ལྟར་སྔོན་འགྲོའི་ལས་རྫོགས་ནས༔ དངོས་གཞིར་ལྷ་བསྐྱེད་བྱིན་གྱིས་བརླབ༔ དབང་བསྐུར་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཕྱག་འཚལ་མཆོད་བསྟོད་ཅི་རིགས་བྱ༔ ཛཔ྄་ཁང་དབྱེ་ཞིང་བཟླས་བརྗོད་བསྐུལ༔ དགོངས་པ་གསལ་གདབ་བཟླས་བརྗོད་བརྩོན༔ བུམ་པར་དམིགས་པའི་བཟླས་པ་དང༔ ཐོད་པ་བདུད་རྩིའི་དཀྱིལ་འཁོར་དབུས༔ རིག་འཛིན་བླ་མ་རང་འོད་ཀྱི༔ བདེ་ཆེན་དགྱེས་པའི་དམ་ཚིག་གིས༔ བྱང་ཆུབ་སེམས་སྤྲིན་ཕབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཅི་རིགས་བཟླས་པས་བྱིན་གྱིས་བརླབ༔ ལས་བུམ་འཁྱིལ་པ་བསྐྱེད་བཟླས་བྱ༔ བཤགས་སྐོང་ཚོགས་ཀྱི་མཆོད་པ་འབུལ༔ ཆོ་ག་རྒྱས་བསྡུས་གང་འོས་ཀྱིས༔ སློབ་དཔོན་བདག་ཉིད་འཇུག་པ་དང༔ སློབ་མ་གཞུག་པར་གསོལ་བ་གདབ༔ དེ་ནས་སྣོད་དང་ལྡན་ངེས་པའི༔ སློབ་མ་ཕྱི་རོལ་ཁྲུས་ནས་དབྱུང༔ ནང་དུ་འཇུག་པར་བགེགས་བསལ་ཞིང༔ སྲུང་བའི་འཁོར་ལོ་བརྟན་པར་གསལ༔ ལོ་རྒྱུས་སྒོ་ནས་ངེས་ཤེས་སྐྱེད༔ དབང་གི་སྒོ་ནས་སྨིན་བྱའི་ཕྱིར༔ མཎྜལ་ཕུལ་ཞིང་མིག་དར་དགབ༔ མེ་ཏོག་དང་བཅས་གསོལ་བ་གདབ༔ ཁྱབ་བདག་འོད་གསལ་ཡེ་ཤེས་སྐུ༔ རིག་འཛིན་བླ་མའི་བཀའ་དྲིན་གྱིས༔ འཆི་མེད་རིག་འཛིན་དཀྱིལ་འཁོར་དུ༔ རྡོ་རྗེའི་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ཞུ་སྐྱབས་སུ་འགྲོ་བ་དང༔ ཚོགས་གསག་བྱང་ཆུབ་སེམས་གཉིས་བསྐྱེད༔ བྱང་ཆུབ་སེམས་གཉིས་བརྟན་པའི་ཕྱིར༔ སྙིང་ཁར་བདེན་གཉིས་ཟུང་འཇུག་སེམས༔ ཟླ་བ་རྡོ་རྗེའི་གཟུགས་སུ་གསལ༔ དབྱེར་མེད་ཆེན་པོར་བསྐྱེད་པར་བྱ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ཨུཏྤ་དཱ་ཡ་མཱི༔ ཁྱད་པར་སྡོམ་པ་བཟུང་བ་ནི༔ ཧོ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ འགྲོ་ཀུན་དོན་དུ་སེམས་བསྐྱེད་ནས༔ སོ་ཐར་བྱང་སེམས་སྡོམ་པ་གཟུང༔ ཁྱད་པར་གསང་བ་སྔགས་ཀྱི་སྲོག༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ མེད་དང་གཅིག་པུ་ཕྱལ་བ་དང༔ ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་གདབ༔ འདའ་དཀའ་རྡོ་རྗེའི་དམ་བཅའ་འོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཡཱ་མི༔ ཛཿཧཱུྃ་བཾ་ཧོཿས་ནང་དུ་གཞུག༔ ཡེ་ཤེས་དཀྱིལ་འཁོར་མདུན་འཁོད་པར༔ སྐུ་གསུང་ཐུགས་ཀྱི་ཕྱག་ཀྱང་བྱ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མཱ་མི༔ ནང་འཇུག་དངོས་གཞི་བྱིན་དབབ་སླད༔ སྦྱོར་བ་རྡོ་རྗེའི་མནའ་ཆུ་སྦྱིན༔ ཧོ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ བསྲུངས་ན་དངོས་གྲུབ་དམ་པ་འཐོབ༔ མ་བསྲུང་དམྱལ་མེ་བཟོད་དཀས་འཚིག༔ དེ་ཕྱིར་དམ་ཚིག་ཚུལ་བཞིན་སྲུངས༔ རྡོ་རྗེའི་ཡེ་ཤེས་སྒྲུབ་པར་གྱིས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ དེ་ནས་ལུས་བསྲང་རླུང་སྦྱོར་བཟུང༔ དམིགས་པ་རྩེ་གཅིག་འདི་ལྟར་བསྒོམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ རང་ཉིད་འཆི་མེད་བི་མ་ལ༔ ཡེ་ཤེས་སེམས་དཔའ་རིགས་བདག་བཅས༔ སྣང་སྟོང་ཆུ་ཟླ་ལྟ་བུ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ བདེ་གཤེགས་ཞི་ཁྲོའི་ཕྱག་རྒྱར་རྫོགས༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་དབུས༔ ཨ་ཡིག་དཀར་པོ་འོད་འབར་བ༔ དེ་ལ་རྩེ་གཅིག་སེམས་བཟུང་བས༔ བླ་མ་དཀྱིལ་འཁོར་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ བརྒྱུད་གསུམ་བླ་མ་རིག་འཛིན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཡི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ རྒྱ་མཚོ་ཆེན་པོར་ཆར་བབས་ལྟར༔ རང་རང་ལུས་ལ་དབྱེར་མེད་ཐིམ༔ རྡོ་རྗེའི་ཡེ་ཤེས་ཕེབས་པར་བསམ༔ དགོངས་པ་བཅུན་ཞིང་འབེབ་རྫས་བདུག༔ རོལ་མོ་སྣ་ཚོགས་སྒྲ་སྦྱར་ལ༔ སྐུལ་ཚིག་ཇི་ལྟར་རིགས་པ་དང༔ ཁྱད་པར་སྔགས་མཐར་མདེ་འུ་གདགས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སཏྭཾ་བྷ་ཡ་སྟཾ་བྷ་ཡ༔ ར་ར་ར་ར༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཧཱུྃ་ཨཱ་ཧ་ཛྷཻཾ༔ དྲག་ཏུ་བཟླས་པས་ཕེབས་པའི་རྟགས༔ ལུས་ངག་ཡིད་ལ་ཤར་བ་ན༔ རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག༔ ཏིཥྛ་བཛྲས་བརྟན་པར་བྱ༔ རྗེས་སུ་འཛིན་ཕྱིར་མེ་ཏོག་དོར༔ ཨོཾ༔ རིག་པ་ཡེ་ཤེས་མེ་ཏོག་ཕྲེང༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང༔ རྗེས་བཟུང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་པྲ་ཏཱིཙྪ་ཧོ༔ སླར་ཡང་སྤྱི་བོར་བཅིངས་པ་ཡིས༔ ལྷ་དང་བླ་མ་དབྱེར་མེད་པ༔ རིགས་བདག་ཚུལ་དུ་བཞུགས་པར་བསམ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པུཥྤེ་སིདྡྷི་ས་མ་ཡ་སཏྭཾ༔ མཐོང་བ་བསྟན་ཕྱིར་མིག་དར་དགྲོལ༔ ཨོཾ༔ རིག་པ་གསེར་གྱི་ཐུར་མ་ཡིས༔ མ་རིག་འཁྲུལ་པའི་ལིང་ཏོག་བསལ༔ སངས་རྒྱས་ཡེ་ཤེས་སྤྱན་ལྡན་པས༔ རྡོ་རྗེའི་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བསྟན་ཅིང་སྤྲོ་བ་བསྐྱེད༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྡོ་རྗེའི་དཀྱིལ་འཁོར་འདི་ལ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དང༔ དབྱེར་མེད་ངེས་དོན་རྟོགས་པར་གྱིས༔ མཐོང་བས་སྒྲིབ་དག་དངོས་གྲུབ་འགྱུར༔ དབང་བསྐུར་ཡེ་ཤེས་རྒྱུད་ལ་སྨིན༔ མཐར་ཕྱིན་འབྲས་བུ་མངོན་འགྱུར་ཕྱིར༔ སྤྲོ་བ་སྐྱེད་ལ་རྩེ་གཅིག་སྒྲུབས༔ མ་ཧཱ་ཛྙཱ་ན་ས་མ་ཡ་པ་ཤྱ་ཧོ༔ དེ་རྣམས་འཇུག་པའི་ཆོ་ག་འོ༔ ཞུགས་པའི་རྡོ་རྗེའི་མཎྜ་ལར༔ དབང་བཞི་བཅུ་དྲུག་རིམ་པར་བསྐུར༔ དེ་ལ་ཐོག་མར་མཎྜལ་ཕུལ༔ གུས་པས་གསོལ་བ་གདབ་པ་ནི༔ རིག་འཛིན་བླ་མའི་བཀའ་དྲིན་གྱིས༔ རྡོ་རྗེའི་དཀྱིལ་འཁོར་ཞུགས་ལགས་ན༔ ཡེ་ཤེས་སྨིན་པར་བྱེད་པ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ཞེས་གསོལ་ནམ་མཁའ་གང་བ་ཡི༔ དབང་ལྷ་སློབ་དཔོན་ལྷན་ཅིག་པས༔ གུར་གུམ་ཆར་འབེབ་རོལ་མོ་སྒྲོག༔ བཀྲ་ཤིས་རྣམ་པ་དུ་མ་བཅས༔ བུམ་པས་མངོན་པར་དབང་བསྐུར་བསམ༔ ཨ༔ བཀྲ་ཤིས་དབྱིངས་ཀྱི་བུམ་པ་རུ༔ རིག་རྩལ་བླ་མའི་ལྷ་ཚོགས་བཞུགས༔ ཟུང་འཇུག་བདུད་རྩིས་དབང་བསྐུར་བས༔ སྣོད་བཅུད་སྣང་ཞེན་དག་པར་ཤོག༔ སྔགས་མཐར༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་སུ་ར་ཏཱ་སཏྭཾ༔ བུམ་པ་སྤྱི་བོར་བཞག་པ་ཡིས༔ དབང་གི་ཆུ་བོ་རྒྱུན་བཞིན་བབས༔ ལུས་གང་ཐ་མལ་སྣང་ཞེན་དག༔ བུམ་བཅུད་ངག་ཏུ་སྦྱིན་པ་ལས༔ ཡི་གེའི་སྤྲིན་གྱིས་གནས་བཞིར་གང༔ རྩ་ཁམས་ཐམས་ཅད་འོད་དུ་དྭངས༔ བདུད་རྩི་གྱེན་དུ་འཁྱིལ་པ་ལས༔ བདེ་ཆེན་ཡེ་ཤེས་ཉམས་སུ་མྱངས༔ སྤྱི་བོར་བརྟན་ལས་རིགས་བདག་གིས༔ བྱིན་བརླབས་དབང་བཞི་རྫོགས་པར་བསམ༔ སླར་ཡང་བརྟན་བྱེད་མི་འགྱུར་བ༔ རྡོ་རྗེའི་སྐུ་གསུང་ཐུགས་རྒྱས་གདབ༔ དེ་ཡང་རིག་འཛིན་བླ་མའི་སྐུ༔ གཉིས་པ་སྤྲོས་ཏེ་གནས་སུ་བསྟིམ༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཆི་མེད་བི་མ་མུ་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ ཨོཾ་གུ་རུ་བི་མ་ལ་མུ་ཏྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ གུ་རུ་པདྨ་སམྦྷ་བས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲར་གྲགས་སྔགས་སུ་རྫོགས་པར་ཤོག༔ ཨོཾ་གུ་རུ་པདྨ་སམ་བྷ་བ་ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་ཡང་སྦྱིན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ རིག་འཛིན་ཤྲཱི་སིཾ་ཧ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟོག་ཚོགས་དབྱིངས་སུ་སྨིན་པར་ཤོག༔ ཨོཾ་གུ་རུ་ཤྲཱི་སིཾ་ཧ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་མེད་ཡེ་ཤེས་ངོ་ཡང་སྤྲད༔ དེ་ལྟར་དཀྱིལ་འཁོར་ཁྱབ་བདག་ཆེ༔ རིག་འཛིན་བླ་མར་དབྱེར་མེད་པའི༔ སློབ་དཔོན་ཆེན་པོར་དབང་བསྐུར་ནས༔ གོ་འཕང་མཆོག་ཏུ་མངའ་གསོལ་ཕྱིར༔ སློབ་མ་སེང་གེའི་ཁྲི་ལ་བཀོད༔ སྟེང་དུ་གདུགས་དབུབ་མཆོད་པ་བསྟར༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ ལུས་དཀྱིལ་ཞི་ཁྲོའི་ལྷ་ཚོགས་བསྟིམ༔ ཧཱུྃ༔ རིག་འཛིན་་་ཞི་ཁྲོ་ཡོངས་རྫོགས་སམ་ཀུན་བཟང་ཆེ་མཆོག་གི་སྐུ་སྤྱི་བོར་བཞག །མཆན། བླ་མའི་ཕྱག་རྒྱ་དང༔ དབྱེར་མེད་བདེ་གཤེགས་ཞི་ཁྲོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ མེ་ཏོག་འཐོར་ཞིང་རྗེས་སུ་གནང༔ ཧཱུྃ་ཧྲཱི༔ རིགས་ཀུན་ཁྱབ་བདག་རིག་འཛིན་བླ་མ་ཆེ༔ ཞི་ཁྲོ་རབ་འབྱམས་རྒྱལ་བ་སྲས་བཅས་དང༔ དབྱེར་མེད་དམ་ཚིག་རྡོ་རྗེ་སློབ་དཔོན་གྱི༔ དབང་བསྐུར་མཆོག་གིས་དགོངས་བརྒྱུད་མཁའ་ལྟར་དག༔ ཡོན་ཏན་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ བསྡུ་བ་རྣམ་བཞིས་གདུལ་བྱའི་རེ་བ་སྐོངས༔ དབང་སྐུར་རྒྱུད་སྟོན་མན་ངག་ཆོས་སྒོ་ཕྱེས༔ ཕྲིན་ལས་རྣམ་བཞིས་ཕན་པ་བླ་མེད་སྒྲུབས༔ འབྲེལ་ཚད་དོན་ལྡན་རྒྱལ་བའི་གདུང་འཚོབ་པས༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་དབུགས་ཕྱུངས་ཤིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ཙརྱ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མི༔ མཆོད་ཅིང་རབ་གནས་བཀྲ་ཤིས་གསོལ༔ དེ་ལྟར་བུམ་པ་ལ་བརྟེན་པའི༔ དབང་བཞི་རྫོགས་པར་ཐོབ་པ་ཡིས༔ ལུས༵་ཀྱི༵་ཕྱི༵་་་དབྱིབས་ཀྱི་ལུས།ནང༵་་་རྩ།གས༵ང་བ༵་་་རྩ་མདུད་ཡི་གེའི་གཟུགས།དང༵༔ དེ༵་་་ཁོ་ན།ཉིད༵་དེ་དང་དེར།་་་རྟོག༵་པའི༵་སྒྲིབ༵་པ༵་་་བཞི།དག༵་་་ཅིང༔ བསྐྱེད་རིམ་ཚུལ་བཞི་་་ཕྱི་དཀྱིལ་་་ལུས་དཀྱིལ་་་རྩ་དཀྱིལ་་་སེམས་དཀྱིལ།སྒོམ་ལ་དབང༔ འབྲས་བུ་ཐུགས་རྗེ་སྤྲུལ་པའི་སྐུ༔ དག་པའི་ལུས་་་རྩ་་་ཡི་གེ་་་ཡེ་ཤེས་ཏེ།་་་རྣམ་བཞིའི་གོ་འཕང་འཐོབ་པ་འོ༔ གཉིས་པ་གསང་བའི་དབང་བསྐུར་ནི༔ བླ་མ་ཡབ་ཡུམ་མཉམ་སྦྱར་བའི༔ བྱང་སེམས་བདུད་རྩིའི་ཀ་པཱ་ལ༔ སྤྱི་བོར་བཞག་ཅིང་ལྕེ་ལ་སྦྱིན༔ ཨཱ༔ བཀྲ་ཤིས་དབྱིངས་ཀྱི་བྷནྡྷ་རུ༔ རིག་རྩལ་བྱང་སེམས་བདུད་རྩི་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་བའི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་མི༔ སྤྱི་བོར་བཞག་པས་བུམ་དབང་སྟེ༔ ལྕེ་ལ་བཞག་པ་གསང་དབང་ངོ༔ རོལ་པས་བདེ་སྟེར་ཤེས་རབ་དང༔ གསལ་སྟོང་ཡེ་ཤེས་བཞི་པ་འོ༔ དེ་ལྟར་བྱང་སེམས་ལ་བརྟེན་ནས༔ གསང་བའི་དབང་བཞི་རྫོགས་པར་ཐོབ༔ ངག་གི་སྒྲིབ་པ་བཞི་་་ཕྱི་སྒྲ་་་ནང་རླུང་་་གསང་བ་རྩ་གནས་ཡི་གེ་་་དེ་ཁོ་ན་ཉིད་རྟོག་པ།དག་ཅིང༔ གསང་ལམ་རྣམ་བཞི་་་རྩ་་་རླུང་་་གཏུམ་མོ་་་རྣམ་པར་མི་རྟོག་པ།སྒོམ་ལ་དབང༔ འབྲས་བུ་རང་བཞིན་ལོངས་སྤྱོད་རྫོགས༔ ཕྱི་སྐུ་་་ནང་གསུང་་་གསང་བ་ཐུགས་་་དེ་ཉིད་དབྱེར་མེད་ཡེ་ཤེས་ཏེ།་་་རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ གསུམ་པ་ཤེས་རབ་དབང་བསྐུར་ནི༔ མཚན་ལྡན་གཟུངས་མ་བྱིན་བརླབས་སྦྱིན༔ ཡང་ན་ཆོས་འབྱུང་སིནྡྷུ་རའི༔ མཎྜལ་བརྡས་མཚོན་ཡིད་རིག་སྤྲོ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་དབྱིངས་ཀྱི་ཡུམ༔ རིག་རྩལ་བདེ་སྟེར་ཤེས་རབ་མ༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ གསུམ་པའི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩ་མི༔ རེག་ཅིང་འཁྱུད་པ་བུམ་དབང་སྟེ༔ སྙོམས་པར་ཞུགས་པས་གསང་བ་སྤྱོད༔ ཡས་བབས་རྒྱུ་ཡི་ཤེས་རབ་ལས༔ མས་བརྟན་ཡེ་ཤེས་བཞི་པ་འཐོབ༔ དེ་ལྟར་ཕྱག་རྒྱ་ལ་བསྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ཐོབ༔ ཡིད་ཀྱི་སྒྲིབ་པ་བཞི་་་ཕྱི་ཡུལ་་་ནང་ཡུལ་ཅན་་་གསང་བ་སྙོམས་འཇུག་་་དེ་ཉིད་རྟོག་པ་ཐམས་ཅད་ཀྱི་སྒྲིབ་པ།དག་ཅིང༔ གསུམ་པའི་ལམ་བཞི་་་ཕྱི་སྙོམས་ཞུགས་་་ནང་ཡས་བབས་་་གསང་བ་མས་བརྟན་་་དེ་ཉིད་དཔེའི་ཡེ་ཤེས།སྒོམ་ལ་དབང༔ འབྲས་བུ་ངོ་བོ་ཆོས་ཀྱི་སྐུ༔ ཕྱི་རྩལ་་་ནང་རོལ་པ་་་གསང་བ་དབྱིངས་་་དེ་ཉིད་རིག་པ།་་་རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ བཞི་པ་དོན་གྱི་དབང་བསྐུར་ནི༔ མེ་ལོང་འཕྱར་ཞིང་ལྟ་སྟངས་བཅུན༔ ཤེལ་དང་འཇའ་ཡི་བརྡས་མཚོན་ཏེ༔ ཧོ༔ སེམས་ཉིད་ཀློང་ཆེན་གདོད་མའི་དབྱིངས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྱི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ སེམས་སྣང་སེམས་ཉིད་ཡེ་ཤེས་ཀྱི༔ ངོ་བོར་ངོ་སྤྲད་བུམ་དབང་སྟེ༔ ཡེ་ཤེས་ཀློང་ལས་མི་འདའ་བའི༔ གསལ་ཁྱབ་སྒོམ་པ་གསང་བའི་དབང༔ གཞི་དབྱིངས་ཤེས་རབ་སྐད་ཅིག་མར༔ ལྷུག་པར་སྤྱོད་པ་ལ་གོམས་པས༔ གཞི་སྣང་རིག་གདངས་ཡེ་ཤེས་མཐོང༔ མཐར་ཕྱིན་འབྲས་བུ་བཞི་པ་འོ༔ དེ་ལྟར་བརྡ་དོན་ལ་བརྟེན་ནས༔ མཐར་ཐུག་མཆོག་གི་དབང་བཞི་ཐོབ༔ སྒོ་གསུམ་ཆ་མཉམ་སྒྲིབ་བཞི་དག༔ དོན་གྱི་ལམ་བཞི་་་སེམས་སྡེའི་ལྟ་བ་་་ཀློང་གི་སྒོམ་པ་་་དབྱིངས་ཀྱི་སྤྱོད་པ་་་རིག་པའི་འབྲས་བུ།སྒོམ་ལ་དབང༔ འབྲས་བུ་དབྱེར་མེད་བདེ་ཆེན་སྐུ༔ རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ ཁྱད་པར་མཐའ་རྟེན་གཏད་རྒྱ་ནི༔ ཕྱག་རྒྱ་གླེགས་བམ་ཤེལ་རྡོ་རྣམས༔ གནས་གསུམ་བཞག་ཅིང་བྱིན་བརླབས་པས༔ བརྒྱུད་པའི་ཡེ་ཤེས་འཕོས་པར་བསམ༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིཾ་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མུ་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་ཆེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པས་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་སྤྲུལ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ སྔགས་མཐར༔ ཀཱ་ཡ་ཀ་ལ་ཤ་ཝཱ་ཀ་གུ་ཧྱ་ཙིཏྟ་པྲ་ཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོ༔ དབྱངས་གསལ་རྟེན་འབྲེལ་སྔགས་ཀྱང་བརྗོད༔ དཔོན་སློབ་གཉིས་ཀས་དགོངས་པ་གསལ༔ ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག༔ སྨིན་བྱེད་རྒྱུ་དང་གྲོལ་བྱེད་ལམ༔ དབང་གི་སྙིང་པོ་འདི་ཁོ་ན༔ ཐུན་མོང་སྨན་དང་རྡོ་རྗེ་ཚེའི༔ དབང་བསྐུར་གཉིས་ལས་དང་པོ་ནི༔ མེ་ཏོག་འབུལ་ཞིང་གསོལ་བ་གདབ༔ རྒྱུད་སྦྱང་རིམ་པ་ཅི་རིགས་བྱ༔ ཡེ་ཤེས་དབབ་བརྟན་ཐུན་མོང་གི༔ དབང་གི་རྗེས་འཛིན་སྔོན་འགྲོ་བས༔ ཁྱད་པར་བདུད་རྩི་རྣམ་པ་བཞིའི༔ དགོངས་བརྒྱུད་སྨིན་པའི་དབང་བསྐུར་ནི༔ སྨན་གྱི་ཕོ་བྲང་སྤྱི་བོར་བཞག༔ ཨོཾ༔ ཆོས་ཀྱི་བདུད་རྩི་སྣང་སྲིད་སྣོད་བཅུད་ཀུན༔ བདེ་ཆེན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྣང་སྟོང་བུམ་པའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར༔ དྷརྨ་ཨ་མྲྀཏ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་བཞག་ཅིང་བཟླས་ལུང་སྦྱིན༔ ཨཱ༔ རྫས་ཀྱི་བདུད་རྩི་ལྕགས་ཀྱུ་སྒྲོན་མ་ལྔ༔ རྩ་བ་ཡན་ལག་བྱང་ཆུབ་སེམས་སྤྲིན་གྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གསལ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ བྷེ་ཥ་ཛྱེ་ཨ་མྲྀཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ སྙིང་ཁར་བཞག་ཅིང་བདེ་ཆེན་བསྐྱེད༔ ཧཱུྃ༔ རྟགས་ཀྱི་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཕུང་ཁམས་དབྱེར་མེད་བདེ་ཆེན་དམ་ཚིག་གིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་སྟོང་ཤེས་རབ་དབང་མཆོག་ཐོབ་པར་ཤོག༔ པཉྩ་ཀུ་ལ་ཨ་མྲྀཏ་པྲ་ཛྙཱ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་གསུམ་བཞག་ཅིང་དགོངས་པ་སྐྱོང༔ ཧོ༔ དོན་གྱི་བདུད་རྩི་སྟོང་ཆེན་གཉུག་མའི་དབྱིངས༔ རིག་པ་ཡེ་ཤེས་ཟུང་འཇུག་ཅིར་ཡང་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རིག་སྟོང་བཞི་པའི་དབང་མཆོག་ཐོབ་པར་ཤོག༔ ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧོ༔ ལྷ་བསྟིམ་རྒྱ་བཀྲོལ་མཆོད་ཅིང་སྦྱིན༔ སྤྲོ་བ་བསྐྱེད་ཅིང་ཤིས་པ་བརྗོད༔ གཉིས་པ་རྡོ་རྗེ་ཚེ་ཡི་དབང༔ རྒྱས་བསྡུས་གང་འཐད་བསྐུར་བར་བྱ༔ དེས་ནི་རྩ་བ་ཡན་ལག་གི༔ དབང་བསྐུར་དམ་པ་ཡོངས་སུ་རྫོགས༔ རྒྱལ་བུ་རྒྱལ་སར་ཕྱུང་ནས་ཀྱང༔ འབངས་འཁོར་ཀུན་ལ་དབང་བསྒྱུར་འདྲ༔ དབང་སྲོག་དམ་ཚིག་སྡོམ་པ་ནི༔ རྒྱས་པར་བསྒྲག་ཅིང་མདོར་བསྡུས་བཟུང༔ རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་རྣམས༔ དགོངས་པའི་སྲོག་ཏུ་བཟུང་བར་བགྱི༔ མཎྜལ་ལུས་དང་ལོངས་སྤྱོད་འབུལ༔ དགའ་སྟོན་གླུ་དང་གར་སྦྱོར་བས༔ ཕྱི་ནང་མཁའ་འགྲོ་མཉེས་པ་དང༔ འབྲེལ་ཚད་དོན་ལྡན་རྟེན་འབྲེལ་བསྒྲིག༔ ཤིན་ཏུ་རྣལ་འབྱོར་གཞིར་བཞག་ནས༔ ཡོ་ག་གསུམ་གྱི་བཅུད་འདྲིལ་པའི༔ དབང་དང་ལམ་གྱི་རིམ་པ་འདི༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ ཟབ་མོ་ཁྲིད་ཀྱི་རིམ་པ་གདབ༔ དབེན་པར་ཕྱི་ནང་སྤྲོས་པ་གཅད༔ ཚེ་འདིའི་བྱ་བ་ལིང་གིས་གཏང༔ སྒོ་གསུམ་གནད་བཅུན་རྣལ་དུ་དབབ༔ དལ་འབྱོར་རྙེད་དཀའ་འཇིག་སླའི་ཚུལ༔ བསམ་ནས་ཚེ་འདིའི་སྣང་ཤས་ལྡོག༔ ལས་འབྲས་འཁོར་བའི་ཉེས་དམིགས་ལ༔ བློ་སྦྱང་ཕྱི་མའི་སྣང་ཤས་ལྡོག༔ རང་གཞན་འཁོར་བར་ངེས་འབྱུང་སླད༔ དཀོན་མཆོག་རྩ་གསུམ་སྐྱབས་སུ་བཟུང༔ ཞི་བའི་མཐའ་སྤངས་བྱང་ཆུབ་ཕྱིར༔ སེམས་གཉིས་བསྐྱེད་ལ་ནན་ཏན་བྱ༔ སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་སྦྱང༔ ཚོགས་གསག་སྐུ་གསུམ་མཎྜལ་འབུལ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕུང་པོ་མཆོད་སྦྱིན་ཚོགས་སུ་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་གྱིས༔ རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ༔ དེ་ལྟར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ནས༔ དངོས་གཞི་དབང་བཞིའི་ལམ་བཞི་ལས༔ དང་པོ་བུམ་པའི་དབང་གི་ལམ༔ ཕྱི་དབྱིབས་ནང་ལུས་གསང་བ་རྩ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་བསྒྲུབ༔ དེ་ལ་དབྱིབས་ཀྱི་ལྷ་བསྒོམས་ནས༔ གསལ་བརྟན་དག་པ་དྲན་པ་ཡིས༔ ཐ་མལ་སྣང་ཞེན་སྦྱངས་ནས་ཀྱང༔ ཡན་ལག་བཟླས་པས་ཐུགས་དམ་བསྐུལ༔ ནང་དུ་ལུས་ཀྱི་གནས་རྣམས་སུ༔ སྤྱི་བོར་རྣམ་སྣང་སྐུ་རྡོ་རྗེ༔ མགྲིན་པར་སྣང་མཐའ་གསུང་རྡོ་རྗེ༔ སྙིང་ཁར་མི་བསྐྱོད་ཐུགས་རྡོ་རྗེ༔ དེ་ཡི་ཐུགས་ཀར་ཀུན་བཟང་དང༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ ལྟེ་བར་རིན་འབྱུང་ཡོན་ཏན་དང༔ གསང་བར་དོན་གྲུབ་ཕྲིན་ལས་ཀྱི༔ རྡོ་རྗེ་སོ་སོའི་ཡུམ་བཅས་གསལ༔ དབང་པོར་ཕྱི་ནང་སེམས་དཔའ་ཡུམ༔ དཔྲལ་བ་ལ་སོགས་གནས་དྲུག་ཏུ༔ རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་སྒོ་བ་ཡབ་ཡུམ་དང༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཇི་བཞིན་སེམས་བཟུང་བཟླས་པའི་སྐབས༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨ༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་འཕྲོས་ལུས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ཞིང་དགྱེས་པ་བསྐྱེད༔ ཐུགས་རྗེའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བྱིན་རླབས་དངོས་གྲུབ་ཐོབ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ འཆི་མེད་རིག་འཛིན་བླ་མ་དང༔ རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་སད༔ སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ༔ སྟོང་གསལ་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ འབུམ་ཕྲག་བཟླས་པས་བྱིན་རློབ་འགྱུར༔ གསང་བ་རྩ་དཀྱིལ་བསྒོམ་པ་ནི༔ རང་ཉིད་འཆི་མེད་རིག་འཛིན་གྱི༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ རྩ་གསུམ་འཁོར་ལོ་འོད་ཀྱི་སྦུབས༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བུདྡྷ་ཁྲག་འཐུང་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཁྲག་འཐུང་རྟ་མཆོག་རོལ༔ དམར་སྨུག་པདྨ་བྷནྡྷ་འཛིན༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས༔ བཛྲ་ཁྲག་འཐུང་ཡང་དག་དཔལ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ རཏྣ་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་རྡོ་རྗེ་བྷན་ཁྲག་བསྣམས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཀརྨ་ཁྲག་འཐུང་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ནོར་བུ་མི་ཕྱེད་འཁོར་ལོའི་དབུས༔ དབྱིངས་ཀྱི་ཁྲག་འཐུང་བླ་མེད་ཆེ༔ མཐིང་དམར་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་ཐབས་ཀྱི་འཁོར་ལོའི་དབུས༔ ཡེ་ཤེས་ཁྲག་འཐུང་དྲེགས་པ་འདུལ༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཤེས་རབ་འཁོར་ལོའི་དབུས༔ རིག་རྩལ་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཀ་ལྕགས་ཀྱུ་སྦྲུལ་ཞགས་འཆིང༔ གཙུག་ཏོར་ནོར་བུའི་འཁོར་ལོའི་དབུས༔ ཁྱབ་བདག་ཁྲག་འཐུང་ཐོད་པ་རྩལ༔ དམར་སྨུག་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅིར་ཡང་སྤྲོ༔ པད་ཉི་དྲེགས་པའི་གདན་སྟེང་དུ༔ ཡེ་ཤེས་མེ་ཕུང་ཀློང་ན་རོལ༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་བསྒོམ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་ཞུགས་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱངས༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་ནི༔ ལྷ་ཉིད་རང་གི་སེམས་ཡིན་ལ༔ སེམས་ཉིད་རང་རྩལ་ལྷ་སྐུར་ཤར༔ ལྷ་དང་བདག་ཉིད་དབྱེར་མེད་པར༔ དག་མཉམ་རྟོགས་པའི་གདིང་སྐྱེད་ལ༔ དུས་གསུམ་སྤྲོས་པས་མ་བསླད་པའི༔ རིག་སྟོང་རྗེན་པའི་ངང་དུ་བཞག༔ རྟོག་ཚོགས་ཤར་གྲོལ་དུས་མཉམ་བསྐྱང༔ དོན་གྱི་ཡེ་ཤེས་ལྷ་སྐུ་འགྲུབ༔ དེ་ནི་བུམ་དབང་གདམས་ངག་སྟེ༔ རྣལ་འབྱོར་ཆེན་པོའི་བསྙེན་པ་འོ༔ གཉིས་པ་གསང་བའི་དབང་གི་ལམ༔ ཕྱི་ལྟར་ལུས་རྩའི་སྟོང་ར་གསལ༔ ནང་དུ་རླུང་གི་སྦྱོར་བས་གཅུན༔ གསང་བ་གཏུམ་མོའི་དྲོད་སྦར་བས༔ བདེ་བ་དབབ་ཅིང་དེ་ཁོ་ན༔ གསལ་སྟོང་མི་རྟོག་ཡེ་ཤེས་འཆར༔ གསང་དབང་གདམས་ངག་ཨ་ནུའི་ལམ༔ འཇུག་པའི་སྦྱོར་བ་ཉེ་བསྙེན་ནོ༔ གསུམ་པ་ཤེས་རབ་དབང་གི་ལམ༔ ཕྱི་རུ་མཚན་ལྡན་གཟུངས་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ནང་དུ་ཡས་བབ་རྒྱུ་དང་ནི༔ གསང་བ་མས་བརྟན་དགའ་བཞི་ལས༔ དེ་ཉིད་དཔེ་ཡི་ཡེ་ཤེས་འཆར༔ དེ་ནི་གསུམ་པའི་དབང་གི་ལམ༔ རྗེས་སུ་རྣལ་འབྱོར་སྒྲུབ་པ་འོ༔ དེ་ཡང་རང་ལུས་ཐབས་ལྡན་ལ༔ གོམས་པས་གཞན་ལུས་བདེ་ཆེན་བསྒྲུབ༔ ཉམས་མྱོང་བརྟན་གཡོ་བརྟག་པའི་ཕྱིར༔ དུར་ཁྲོད་ལ་སོགས་དབེན་པའི་སར༔ གསང་བའི་སྤྱོད་པས་བོགས་དབྱུང་ངོ༔ བཞི་པ་དོན་གྱི་དབང་གི་ལམ༔ ཁྱད་པར་སྔོན་དུ་འགྲོ་བ་ནི༔ རྒྱས་པར་ཕྱི་ནང་འཁོར་འདས་ཀྱི༔ སྤྱོད་པ་སྤྱད་ནས་རུ་ཤན་དབྱེ༔ ནང་དུ་ཚོགས་བརྒྱད་ཉོན་མོངས་དང༔ འཁྲུལ་པའི་བག་ཆགས་དག་པར་བྱ༔ ལུས་ངག་ཡིད་གསུམ་སྦྱོང་བ་དང༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ དངོས་གཞི་དབང་རབ་ཚེ་འདི་ལ༔ གྲོལ་བྱེད་རྫོགས་ཆེན་སྡེ་གསུམ་བཅུད༔ སེམས་ཀྱི་ཁང་བུ་བརྡིབས་པ་ལས༔ སེམས་ཉིད་ལྟ་བ་གཏན་ལ་ཕེབས༔ ཀློང་ཆེན་དགོངས་པའི་ལྷུམས་སུ་ཞུགས༔ རིག་པ་ཀ་དག་ལྷུག་པར་སྤྱོད༔ རིག་གདངས་ལྷུན་གྲུབ་གསེང་ལམ་ལས༔ ཐོད་རྒལ་ཉིད་དུ་འབྲས་བུར་སྦྱོར༔ སྣང་བཞིའི་ས་མཚམས་ཤེས་བྱས་ཏེ༔ དགེ་སྦྱོར་ཉམས་ལེན་སྲང་དུ་བཅུག༔ མཐའ་རྟེན་མན་ངག་རྣམ་པ་བཞི༔ བྱ་བ་ཀུན་བཏང་ཉམས་བླངས་པས༔ གདིང་བཞིས་རྣམ་གྲོལ་མཐར་ཐུག་ཐོབ༔ དབང་འབྲིང་འཆི་ཁ་ཆོས་ཉིད་ཀྱི༔ བར་དོ་རང་སྣང་ངོ་ཤེས་གྲོལ༔ ཐ་མ་སྲིད་པ་བར་མ་དོར༔ དག་པའི་ཞིང་དུ་དབུགས་འབྱིན་ནོ༔ དེ་ལྟར་ཁྲིད་དུ་ལེགས་བཏབ་ནས༔ གཡེང་བ་སྤངས་ཏེ་ཉམས་བླངས་ན༔ བརྩོན་འགྲུས་སྐལ་པའི་ཁྱད་པར་བཞིན༔ བྱང་ཆུབ་གོ་འཕང་འཐོབ་བྱེད་པ༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེའི༔ གདམས་ངག་སྒྲུབ་པ་ཆེན་པོ་འོ༔ དེ་ཡང་དབང་རབ་གཅིག་ཅར་བས༔ བཞི་པའི་ལམ་མཆོག་ཁོ་ན་བསྒྲུབ༔ དབང་འབྲིང་ཐོད་རྒལ་གང་ཟག་གིས༔ བསྐྱེད་རིམ་དྲན་པ་གཅིག་པ་ཙམ༔ རྟེན་དུ་བྱས་ནས་རྫོགས་རིམ་གསུམ༔ རིམ་པར་ཉམས་བླངས་དྲོད་རྟགས་དབྱུང༔ ཐ་མ་རིམ་གྱིས་དཀྲི་བ་ནི༔ ཇི་སྐད་བཤད་བཞིན་ཉམས་སུ་བླང༔ གང་ཡང་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོས་རྒྱུད་འབྱོངས་ཤིན་ཏུ་གཅེས༔ ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་འདི༔ སྣོད་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ ས་མ་ཡ༔ དེ་ལྟར་རྒྱུད་ལུང་མན་ངག་གི༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཟབ་ཅིང་ཤིན་ཏུ་འདྲིལ་བ་འདི༔ འཆི་མེད་རིག་འཛིན་རྣམ་གསུམ་གྱི༔ ཡང་ཟབ་བླ་སྒྲུབ་དང་འབྲེལ་བར༔ སྐལ་ལྡན་མཆོག་ལ་གཏད་པ་སྟེ༔ དེ་ཡང་འོག་མིན་གནས་མཆོག་ཏུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ བསམ་ཡས་ཆོས་ཆར་འཆད་མེད་པ༔ རྡོ་རྗེ་སེམས་དཔའ་གསང་བའི་བདག༔ ལས་ཀྱི་དབང་མོ་ལ་སོགས་པས༔ ལེགས་པར་བསྡུས་ཤིང་ལུང་གིས་བཀྲལ༔ ཛམ་གླིང་སྐལ་ལྡན་རྒྱལ་པོ་ཛ༔ དགའ་རབ་རྡོ་རྗེ་རིག་འཛིན་བརྒྱད༔ སློབ་དཔོན་པདྨ་སམྦྷ་སོགས༔ སྒྲུབ་པ་རྣམས་ལ་བཀའ་བབས་པ༔ མན་ངག་དགོངས་པས་རྒྱ་ཆེར་བཀྲལ༔ ཀུན་གྱི་མཐར་ཐུག་རྫོགས་པ་ཆེ༔ རིག་རྩལ་དབང་ཐོབ་ཤྲཱི་སིཾ་ཧས༔ པད་འབྱུང་བི་མ་བཻ་རོ་ལ༔ བརྡ་དང་ཚིག་གིས་བསྟན་པ་ཉིད༔ གངས་ཅན་ཡུལ་དུ་རྒྱལ་པོའི་རིགས༔ སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན༔ ཞེས་པའི་ལུང་བསྟན་མངོན་གྱུར་ནས༔ མངའ་བདག་ཡབ་སྲས་ལ་སོགས་པའི༔ སྣོད་ལྡན་སྐལ་ལྡན་དབང་རྣོན་ལ༔ སློབ་དཔོན་གསུམ་གྱིས་དུས་གཅིག་བསྟན༔ དེ་ཉིད་མ་འོངས་གདུལ་བྱའི་ཆེད༔ རྒྱས་འབྲིང་བསྡུས་དང་སྙིང་པོ་ཡི༔ སྐོར་ཚོ་རྣམ་པ་བཞི་རུ་དྲིལ༔ རྒྱས་པ་ལྷ་བྲག་དཀྱིལ་དང་ནི༔ འབྲིང་པོ་ལྷོ་མོན་ཕྱོགས་སུ་སྦས༔ བསྡུས་པ་གནམ་ལྕགས་བྲག་ལ་གཏམས༔ བདུད་འཇོམས་བཻ་རོའི་སྤྲུལ་པས་འདོན༔ སྙིང་པོ་ཡོ་ག་གསུམ་གྱི་བཅུད༔ གཞན་ལས་ཟབ་འདྲིལ་རྡོ་རྗེའི་ཚིག༔ ཀློང་ལྔ་དབྱིངས་ཀྱི་སྒྲོམ་བུ་ནས༔ རིག་པ་རང་བྱུང་བརྡས་མཚོན་ཏེ༔ སྐལ་ལྡན་རྒྱུད་ལ་འཕོ་བར་བྱས༔ དེ་ཉིད་ཕྱི་མ་ཕྱི་མའི་དུས༔ རྣལ་འབྱོར་ནང་གི་གསང་བ་ཆེ༔ དར་ལ་མ་སྨིན་འཆལ་ནས་ཀྱང༔ ཐ་སྙད་སྒྲ་ཕྱིར་འབྲངས་པ་ཡིས༔ དངོས་གྲུབ་རྙེད་པ་ཆེས་དཀོན་ཚེ༔ པད་འབྱུང་བི་མས་བྱིན་བརླབས་པ༔ མངའ་བདག་ཆེན་པོའི་གསུང་གི་སྤྲུལ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ནམ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས༔ སྐལ་ལྡན་གཅིག་ཅར་རིགས་ཅན་ཞིག༔ མདོ་ཁམས་བར་གྱི་མཐིལ་དུ་འབྱུང༔ ཆུང་ནས་སྙིང་པོའི་དོན་དང་ནི༔ ལྷག་པར་པད་འབྱུང་བི་མ་ལའི༔ བཀའ་སྲོལ་ཟོལ་མེད་ཁོ་ནར་དད༔ བསྟན་པ་ཡོངས་ལ་ལྷག་བསམ་གྱིས༔ བཤད་སྒྲུབ་དྲི་མེད་འཕེལ་འདོད་པས༔ ཉིན་མཚན་ཆོས་ཀྱི་སྣང་བས་འདའ༔ ཚད་མའི་བསྟན་དང་སྟོན་པ་དག༔ ཡིད་ལ་དྲན་པ་ཙམ་གྱིས་ཀྱང༔ སྣང་བ་འགྱུར་ཞིང་བ་སྤུ་གཟིངས༔ མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱི༔ སྐལ་པ་བཟང་པོའི་རིགས་སད་མཐུས༔ རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང༔ སྐྱེས་བུ་དེ་ལ་མཁྱེན་ཅིང་དགོངས༔ རྒྱ་ཆེན་བཀའ་དང་ཟབ་མོའི་གཏེར༔ ས་གཏེར་དངོས་དང་ཡང་གཏེར་དང༔ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར༔ དག་སྣང་སྙན་བརྒྱུད་རྗེས་དྲན་ཏེ༔ བཀའ་བབས་བདུན་གྱིས་དབུགས་འབྱིན་བྱེད༔ དེ་ཚེ་འཇམ་དཔལ་བཤེས་གཉེན་དང༔ པདྨ་འབྱུང་གནས་བི་མ་ལས༔ ཡང་ཡང་བྱིན་རླབས་མཚམས་སྦྱར་ནས༔ རིག་འཛིན་གསུམ་གྱི་སྙིང་ཐིག་འདི༔ དགོངས་པའི་གཏེར་ལས་བརྡོལ་བའི་དུས༔ བདག་ཉིད་ཆེན་པོ་བི་མ་ལར༔ གསོལ་གདབ་ཐུགས་ཡིད་དབྱེར་མེད་བསྲེས༔ གང་ཤར་མ་བཅོས་གཏན་ལ་ཕོབ༔ བྱིན་རླབས་རྩོལ་མེད་ངང་གིས་འབྱུང༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ འབྲེལ་ཚད་དོན་ལྡན་ཆེན་པོར་འགྱུར༔ དེ་བས་རང་ཉམས་རྩེ་གཅིག་ལོངས༔ རིང་དུ་གསང་བས་རྒྱས་བཏབ་ནས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ན༔ ཡིད་ཆེས་མོས་གུས་བརྩོན་འགྲུས་ཅན༔ སྐལ་ལྡན་དོན་གཉེར་རྣམས་ལ་སྟོན༔ ཁྱད་པར་ད་ལྟའི་རྗེ་འབངས་གྲོགས༔ སྤྲུལ་བསྒྱུར་སྦས་མངོན་ཅི་རིགས་པ༔ མཐའ་དབུས་མ་ངེས་འབྱུང་བ་ལ༔ རང་གི་ཡིད་ཀྱིས་དཔྱོད་པ་དང༔ མཁའ་འགྲོའི་ལུང་གིས་སྐབས་དབྱེ་ཚེ༔ རིམ་གྱིས་སྤེལ་བས་དོན་ཡོད་འགྱུར༔ མང་པོར་ཁྱབ་གདལ་སྟོན་སྲིད་ན༔ དབྱིངས་ལ་རྣམ་རྟོག་མི་མངའ་ཡང༔ ཡེ་ཤེས་མཁའ་འགྲོའི་དགོངས་པ་གཡེལ༔ ལས་དང་འཇིག་རྟེན་མཁའ་འགྲོ་འཁྲུགས༔ ཅི་མི་འདོད་པ་འབྱུང་བས་ན༔ དམ་དུ་སྦ་ཞིང་དམ་དུ་སྤེལ༔ བཀའ་རྒྱས་གདབ་ཅིང་སྒྲུབ་ལ་བསྐུལ༔ ཅི་ཕྱིར་ཞེ་ན་གསང་ཆེན་འདི༔ ཡོ་ག་གསུམ་གྱི་སྙིང་པོའི་བཅུད༔ རྒྱུད་ཀྱི་གདམས་པ་ཟབ་ལ་འདྲིལ༔ ལུང་གི་རྫོགས་རིམ་སྙིང་པོ་ཕྱུང༔ ཁྱད་པར་མན་ངག་སྡེ་གསུམ་གྱི༔ དམར་ཁྲིད་ལག་ལེན་ཁོ་ནར་གདམས༔ བྱེ་བྲག་བི་མ་ཐོད་ཕྲེང་རྩལ༔ ཡོན་ཏན་བདུད་རྩིའི་རིག་འཛིན་ཕྱིར༔ འཆི་མེད་སྨན་གྱི་རྒྱུད་ལུང་ཆེའི༔ བབས་གཞུང་རྒྱས་འབྲིང་བསྡུས་གསུམ་གྱི༔ དཔེ་རྒྱུད་རོང་བྷིའི་རྫ་ལ་སྦས༔ ཡང་གཏེར་ཚུལ་དུ་འབྱུང་མོད་ཀྱི༔ སྙིང་པོ་ཞུན་མར་ལྟ་བུ་འདི༔ ཚུལ་བཞིན་སྤྱོད་ཅིང་བསྟན་པ་ན༔ གདམས་ངག་འཆལ་དང་ཉམས་པ་གསོ༔ འཁྲུགས་པ་བསལ་ཞིང་ཚིག་དོན་འབྲེལ༔ དགོངས་པ་རྣལ་མ་སློང་བ་འབྱུང༔ དེ་བས་ཤིན་ཏུ་གཅེས་པར་ཟུངས༔ སློབ་དཔོན་གསུམ་གྱི་བདེན་པ་དང༔ མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ སྙིང་པོའི་བསྟན་པའི་བཙས་གྱུར་ཏེ༔ གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ མནྟྲ་བཛྲ་གུ་ཧྱ་བཱ་ད་ཀཾ༔ འཆི་མེད་གྲུབ་པའི་རིག་འཛིན་གསུམ་གྱི་བླ་སྒྲུབ་སློབ་དཔོན་རྣམ་གསུམ་གྱི་སྙིང་ཐིག་རྡོ་རྗེ་གསང་བའི་ཚིག་རྨད་དུ་བྱུང་བ་འདི་ཉིད། གཏེར་འབྱིན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་རྒྱལ་བས་ལུང་བསྟན་༧བློ་གྲོས་མཐའ་ཡས་པའི་སྡེ་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པའི་བཀའ་བསྩལ་སྤྱི་བོར་མཆོད་དེ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེས་རབ་ཚེས་ཤིང་མོ་ཕག་གི་ལོར་ཅུང་ཟད་གཏན་ལ་ཕབ་ཀྱང་། རེ་ཞིག་དུས་ལ་མ་བབས་པས། སླད་ནས་ཤིང་ཕོ་སྤྲེའུ་ལོའི་རྒྱལ་ཟླ་བར་བླ་མ་དང་མཁའ་འགྲོའི་ལུང་གིས་སྐབས་དབྱེ་བ་ལྟར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་མངོན་པར་བྱང་ཆུབ་ཆེན་པོར་གཤེགས་པའི་དུས་ཆེན་ནས་རྩོལ་མེད་དུ་གཏན་ལ་ཕབ་ཅིང་རྗེ་ཉིད་ལ་ཐོག་མ་ཁོ་ནར་ཆིག་བརྒྱུད་དུ་ཕུལ་བ་འདིས་ཀྱང་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །མངྒ་ལཾ།། །།

ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་ (Volume 17, Text 20)

༄༅། །ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་བཞུགས་སོ། ། དཔལ་ལྡན་དུས་དགྲའི་ངོ་བོ་རྡོ་རྗེ་འཛིན། །དྲིན་ཆེན་བླ་མ་སྤྱི་གཙུག་པད་མཚོ་རུ། །བསྟེན་ནས་ཡང་བཟློག་ནག་པོ་མེའི་སྤུ་གྲིའི། །ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་བྲི། འཇམ་དཔལ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་སྨ་ར་སྨིན་མ་དམར་སེར་འབར། །ཞལ་གདངས་མཆེ་གཙིགས་མི་བཟད་ཁྲོ་ཞིང་གཏུམ། །ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་ཕྱར། །གཡོན་པས་རྡོ་རྗེས་མཚན་པའི་ཞགས་པ་འཕེན། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱན་རྣམས་རྫོགས། །ཞབས་གཉིས་བརྐྱང་བསྐུམ་པད་ཉིའི་གདན་ལ་བཞེངས། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་གྱུར། ༈ །མདུན་དུ་སྐུ་ཡི་སྤྲུལ་པ་འཆི་བདག་ནག །གཤིན་རྗེ་བདུད་པོ་བྱེ་བ་དགུ་ཁྲི་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རི་རབ། །ཕྱར་ཞིང་དགྲ་སཏྭ་གཡོན་གདེངས་སྐུ་སྟོད་ལ། །ལྕགས་ཀྱི་ཞུན་ཁྲབ་ཞིང་ཆེན་སྐ་རགས་ཚུལ། །སྟག་ཤམ་ཞིང་ཆུང་ཆོས་གོས་ཐོད་སྐམ་ལྔས། །དབུར་བརྒྱན་གདུག་པའི་སྦྲུལ་གྱིས་ཡན་ལག་དཀྲིས། །ཞབས་གཉིས་དོར་སྟབས་བགྲད་ཅིང་ཆུ་གླང་བཅིབས། །སྐུ་སྤྲུལ་བྱེ་བ་ས་ཡའི་འཁོར་གྱིས་བསྐོར། །རྒྱབ་ཏུ་གསུང་གི་སྤྲུལ་པ་སྲོག་གི་བདག །ནག་པོ་སྒྲོལ་གིང་ཆེན་པོ་རྨེ་རུ་རྩེ། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གདུག་པ་སྦྲུལ་གྱི་རལ་པ་སྤྱི་བོར་བཅིངས། །ཐོད་པ་རྣར་བརྒྱན་གཡས་པས་བཻ་ཅོན་ཕྱར། །གཡོན་པས་ཞགས་འཛིན་རུས་སྦལ་ནག་པོ་ཡི། །གཡང་གཞི་གསོལ་ཞིང་ཞབས་གཉིས་དོར་སྟབས་སུ། །བགྲད་ནས་ལས་ཀྱི་རླུང་དམར་རྟ་རུ་བཅིབས། །གསུང་སྤྲུལ་བྱེ་བ་ས་ཡའི་འཁོར་དང་བཅས། །གཉིས་ཀའི་ཐུགས་ཀར་དམར་ནག་ཡ་ཡི་མཐར། །སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ། ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ༈ སྐུ་སྤྲུལ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གསུང་སྤྲུལ་སྲོག་བདག་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་གཤིན་རྗེའི་དམག་ཚོགས་གཤེགས་སུ་གསོལ། ༈ །འཆི་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །སྲོག་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །འཁོར་གྱི་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ། ༈ །མདུན་ན་སྐུ་སྤྲུལ་འཆི་བདག་ནག་པོ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རི་རབ་གཡོན་པས་དགྲ་སཏྭ་བསྣམས། །གནམ་ལྕགས་ཞུན་ཁྲབ་ཞིང་ལྤགས་ཤམ་ཐབས་གསོལ། །ཐོད་སྐམ་དབུ་རྒྱན་ཞིང་ཆུང་ཆོས་གོས་ཅན། །སྦྲུལ་གྱིས་བརྒྱན་ཅིང་ཆུ་གླང་སྔོན་པོ་བཅིབས། །སྐུ་སྤྲུལ་འཆི་བདག་ཐུགས་དམ་དུས་ལ་བབ། །འཆི་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོ། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། །རྒྱབ་ན་གསུང་སྤྲུལ་སྲོག་བདག་ནག་པོ་ནི། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཐོད་པའི་རྣ་ཆ་སྦྲུལ་ནག་རལ་པ་ཅན། །གཡས་པས་བེ་ཅོན་གཡོན་པས་ཞགས་པ་བསྣམས། །སྐུ་ལ་རུས་སྦལ་ནག་པོའི་གཡང་གཞི་གསོལ། །ཞབས་གཉིས་དོར་སྟབས་ལས་ཀྱི་རླུང་དམར་བཅིབས། །གསུང་སྤྲུལ་སྲོག་བདག་ཐུགས་དམ་དུས་ལ་བབ། །སྲོག་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོ། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་བསྒྲུབ་པ་དང་། །ནད་གདོན་བར་ཆད་ཞི་བའི་ལས་མཛོད་ཅིག །ཚེ་དཔལ་འབྱོར་པ་རྒྱས་པའི་ལས་མཛོད་ཅིག །མོས་བཞི་ཁམས་གསུམ་དབང་སྡུད་ལས་མཛོད་ཅིག །གནོད་བྱེད་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག ༈ །ཆག་ཆེ་ཉམ་ང་ཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་ཟློག་པའི་ལས་མཛོད་ཅིག །རྨིས་ལྟས་མཚན་ངན་ཟློག་པའི་ལས་མཛོད་ཅིག །ཞག་སྐེག་ཟ་སྐེག་ཟློག་པའི་ལས་མཛོད་ཅིག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། །དམིགས་པའི་དགྲ་བོ་གཟུགས་ལིང་མིང་བཅས་འདིའི། །བླ་ཁུག་དབུགས་ཕྲོགས་མགོ་འཁོར་ཁྲག་ཏུ་སྐྱུག །བརྒྱལ་ཞིང་ལུས་སེམས་ཕྲོལ་ལ་སྲོག་རྩ་ཆོད། །ཚེ་ཡི་འདུ་བྱེད་སྐུམས་ལ་མྱུར་དུ་སོད། །ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་སྟོབས། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །དམིགས་པའི་དགྲ་བོ་ལྷ་སྲུང་བཅས་པ་ཡི། །ལུས་ངག་ཡིད་གསུམ་ལྡང་བ་མེད་པར་ནོན། །བླ་དང་རྣམ་ཤེས་ནུས་མཐུ་རྣམ་པར་ཆིངས། །ཚེ་སྲོག་ལུས་དབང་ཀླུང་རྟ་ཉམས་པར་གྱིས། །བསོད་ནམས་དཔལ་འབྱོར་ཕུན་ཚོགས་ཐལ་བར་རློགས། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །ཐུན་ཕུར་ལས་ཀྱི་གཤིན་རྗེ་དམར་ནག་མདོག །ཞལ་གཅིག་ཕྱག་གཉིས་གཡས་པས་བེ་ཅོན་ནི། །སྡིགས་པའི་རྣམ་པས་ཕྱར་ཞིང་དགྲ་བགེགས་ལ། །དོན་སྙིང་གཡོན་པས་འདྲད་ཚུལ་སྡིགས་མཛུབ་ཀྱིས། །ཐུན་ཐག་ནས་འཛིན་སྟག་ལྤགས་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞུགས་པར་གྱུར། །མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་གསེར་གྱི་སྤུ་གྲི་ཡིས། །རྩིབས་སྟོང་འཁོར་ལོ་ཀླད་ལ་རབ་བསྐོར་བས། །དགྲ་བགེགས་བྱད་མ་ལྷ་སྲུང་དུམ་བུར་གཏུབ། །གཡོན་པས་གསེར་འཁོར་རྩིབས་སྟོང་ཕུབ་ལྟ་བུར། །འཛིན་པས་བདག་སོགས་བསྲུང་བྱ་མ་ལུས་སྐྱོབས། །སྤྱི་བོར་ལམ་ལས་པུ་རི་ནག་ཅིང་འཚེར། །བང་རིམ་དགུ་པ་རི་རབ་དཔངས་ཚད་ལྡན། །མགོ་མཇུག་ལྡོག་པ་ཞིག་གིས་མནན་པའི་སྟེང་། །ལྷ་སྲུང་པུར་ཁང་པུ་རི་དང་བཅས་བརྗིད། །ལྕགས་འཁོར་རྩིབས་བཞི་རྣོ་ངར་ལྡན་པ་ཡིས། ཁོག་པ་བརྒྱངས་པས་གཡོ་དང་འགུལ་མི་ནུས། ༈ །རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་པ། །སྐུ་དང་ཡན་ལག་རགས་ཤིང་ཕྱག་གཉིས་ཀྱིས། །སྤུ་གྲི་ལྕགས་ཀྱུ་འཛིན་པའི་ཐུགས་ཀ་ནས། ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཐོགས་པ་དཔག་མེད་འཕྲོས་པས་བྱད་མ་རྣམས། །བཀུག་ནས་རང་གཤེད་རང་ལ་ཕབ་པར་གྱུར། །ཐུན་གཏོར་ནི། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཚེ་བདག་ནག་པོ་ཡུམ་ཆེན་སྲས་མཆོག་དང་། །འཆི་བདག་སྲོག་བདག་ལས་གཤིན་འཁོར་ཚོགས་རྣམས། །ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། ༈ །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་། གཟུང་སྔགས་རྣམ་པར་དག་པའི་བདེན༴ རིག་འཛིན་སྔགས་འཆང་བདག་གི་བདེན༴ ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་སྐྱོབ་ཡུལ་དང་བཅས་པ་རྣམས་ལ་སྡང་བ་དང་སྡང་བའི་སེམས་དང་ལྡན་པ་དང་། གདུག་པ་དང་གདུག་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། ལོ་རྒྱལ་པོའི་ཀེག་སྲི། ཟླ་བ་བློན་པོའི་ཀེག །ཞག་དམག་མིའི་ཀེག །དུས་ཚོད་མཚོན་ཆའི་ཀེག །ཟ་ལམ་དུ་དུག་གཡོ་བ། ལུས་ལ་མཚོན་ཁ་གཏོད་པ། གཡུལ་འཁྲུག །འཐབ་རྩོད། ཁ་སྨྲས། དམོད་མོ། ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། དུས་མིན་འཆི་བ། ནད་རིགས་དང་སྡེ་བརྒྱད་འབྱུང་པོ་སོགས་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཟློག་ཟློག །བྱད་བཟློག་གཙོ་བོར་བྱེད་ཚེ་དམིགས་བསལ་ཡོད་ན་ཁྱད་པར་ཆེ་གེ་མོ་དང་མེད་ན། བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦོད་གཏོང་ཕར་ཕྱིན་བཀའི་དམོད་གྲྭ །བྱད་ཁ་ཕུར་ཁ། མནན་གཏད། མདོས་ཟོར། ཧོམ་དང་སྤར་བུ། རླུང་གི་འཕྲུལ་འཁོར་སོགས་རིག་སྔགས་ཀྱི་སྟོབས་དང་རྫུ་འཕྲུལ་དང་ངན་སྔགས་ཀྱི་དབལ་དང་། ཁོའི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་ཐུངས་ཤིག །རང་ནུས་རང་ལ་སྨིན་ཅིག །རང་གཤེད་རང་ལ་ཕོབ་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས་ཤིག །མཱ་ར་ཡ་ཟློག་ཟློག་བྷྱོ་བྷྱོ། ༈ ཕྱག་གཡོན་དང་པོའི་ལྕགས་ཀྱུས་བྱད་མ་ཡི། །སྙིང་གའི་ནྲྀ་ནས་བཟུང་སྟེ་གཟུགས་ལ་སྟིམས། །གཡས་པའི་འཁོར་ལོས་གཏུབས་ཏེ་ཤ་ཁྲག་གཏོར། །སྐྱབས་བྲལ་ཉམ་ཐག་དགྲ་དེ་ཁོ་རང་གི །ལྷ་སྲུང་རྣམས་ཀྱང་ལོག་ལྟ་ཆེར་སྐྱེས་ནས། །གཤེད་གྱུར་མཚོན་ཆའི་ཆར་ཕབ་སྲོག་རྩ་གཅོད། ཁོག་པར་ལྕགས་འཁོར་རྩིབས་བཞི་རྣོ་ངར་རྩེས། །སྲོག་རྩ་ཁྲག་རྩ་སྙིང་རྩ་རྦད་རྦད་བཅད། ཤ་ཁྲག་རུས་རྣམས་གཏུབས་ཏེ་དམར་འཐོར་བཏང་། །ལྷ་ཚོགས་སྤྲུལ་པ་གཤིན་རྗེའི་དམག་ཚོགས་རྣམས། །གསོད་སྔགས་དྲག་པོ་འབྲུག་ལྟར་སྒྲོག་བྱེད་ཅིང་། །ཤ་ཟ་ཁྲག་འཐུང་རུས་མུར་ལས་བྱེད་གྱུར། ༈ །པུ་རི་ནག་པོ་རི་རབ་གླིང་བཞི་ཡིས། །སྤྱི་བོའི་གཙུག་ནས་མནན་ཅིང་ལྕེ་ཐོག་ཏུ། །གསེར་རྡོར་རྒྱ་གྲམ་ཡན་ལག་བཞི་ཡི་ཚིགས། །རྡོ་རྗེས་གཟིར་ཅིང་སྙིང་གར་རྩིབས་བཞི་ཡི། །འཁོར་ལོ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ཏེ། །ལུས་ངག་ཡིད་གསུམ་འཁྱོག་འགུལ་མེད་པར་བསམ། ༈ །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་སོད༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་སོད༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་སོད་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔ ནྲྀ་མཱ་ར་ཡ་རྦད་ཡ༔ ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ༔ ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད༔ ༈ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ནན༔ སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ནན་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་ནན༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་ནན༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་ནན་ཧཱུྃ་ཕཊ༔ བྱད་མ་ལྷ་སྲུང་དང་བཅས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ ༈ རྣྲྀ་ཤ་ཀུ་རུ་རྣྲྀ་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ་རུ་ཏི་ཡཾ་སན་ཡཾ་སན༔ མན་ཡཾ་སྙིང་ཚལ་པར་རྦད་བཾ་རིལ་རྦད༔ དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་དགྲ་བོ་ནྲྀ་ཨཾ་ཀུ་ཤ་ཛ་ཛ༔ ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སང་ཀུ་ཏ་ཧཱུྃ་ཕཊ༔ ༈ བླ་འགུག་གི་མོན་པ་བཞིའི་བསྐུལ་ནི། ཨཻ། ཆོས་དབྱིངས་དྲག་པོའི་ཞིང་ཁམས་ནས། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བླ་རྐུན་ཇག་པ་ལས་ལ་ཁྱེས། །ཛཿ ཤར་གྱི་ཕྱོགས་ནས་བླ་འགུག་པ། །དུང་གི་མོན་པ་སེང་གེའི་མགོ །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ །ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག །སྤྱན་དགུས་དགྲ་བགེགས་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཞེ་ལ་གནོན། །ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཉམས་པའི་ཁྲག་ལ་འཐུང་། །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱེད་ཀྱིས་ཤེས། །ཡིད་ལ་བརྣགས་པའི་དགྲ་བོ་འདིའི། །བླ་དང་རྣམ་ཤེས་ཁུག་ལ་ཤོག །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཙནྡྲ་རཱུ་ཏྲ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ལྷོ་ཡི་ཕྱོགས་ནས་བླ་འགུག་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ །དབུ་དགུ་སྤྱན་དགུ་སོགས་ཚིག་བཅུ་བཞི་འགྲེས་ལ། གྲུབ་པར་མཛོད། ཡ་མ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ནུབ་ཀྱི་ཕྱོགས་ནས་བླ་འགུག་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ །དབུ་དགུ་སྤྱན་དགུ་སོགས་འགྲེས་སོ། །རཀྴ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲི་ཨཾ་ཀུ་ཤ་ཛ་ཛཿ བྱང་གི་ཕྱོགས་ནས་བླ་འགུག་པ། །གསེར་གྱི་མོན་པ་ཁྱུང་གི་མགོ །དབུ་དགུ་སྤྱན་དགུ་སོགས་འགྲེས་སོ། །ཡཀྴ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ༈ སྡེ་བརྒྱད་བྱུང་ཚུལ་ལྟར་བསྐུལ་བ་ནི། ཨཻ། ང་ནི་ཕྱག་རྒྱ་ཟིལ་ནོན་གཤིན་རྗེ་གཤེད། །ཞི་དང་ཁྲོ་བོ་ཐམས་ཅད་ང་ཡི་སྐུ །དྲེགས་པ་ཐམས་ཅད་རང་བྱུང་རང་ཤར་རྫོགས། །ལས་ཀུན་བསྒྲུབ་ཕྱིར་རང་རྩལ་སོ་སོར་སྣང་། །སྤྱི་བོའི་གཙུག་ནས་ཡཿཤར་གཤིན་རྗེའི་བྱུང་། །ལྟེ་བའི་རྩ་ནས་མཿཤར་མ་མོ་བྱུང་། །སྙིང་གའི་རྩ་ནས་ནཿཤར་ཀླུ་རྒྱལ་བྱུང། །མགྲིན་པའི་རྩ་ནས་རཿཤར་རྒྱལ་པོ་བྱུང་། །ཤངས་ཀྱི་ཁུང་ནས་ཤཿཤར་གཟའ་རྒོད་བྱུང་། །སྙན་གྱི་ཁུང་ནས་ཀྵཿཤར་གནོད་སྦྱིན་བྱུང་། །སྤྱན་མིག་གཉིས་ནས་ཙཿཤར་བཙན་རྒོད་བྱུང་། །ཕྱག་ཞབས་མཐིལ་ནས་དུཿཤར་དམུ་རྒྱལ་བདུད། །སྣང་སྲིད་ཕོ་མོ་ཀླུ་གསུམ་གྱིས་བསྡུས་པའི། །དྲེགས་པ་འཁོར་གཡོག་དམག་དཔུང་བཅས་པ་རྣམས། །བསྐུལ་ལོ་རྦད་དོ་ཡིད་ལ་གནག་པའི་དགྲ །རིངས་པར་བླ་ཚེ་ཁུག་ལ་སྲོག་རྩ་ཆོད། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །ཤ་ཁྲག་རུས་ཟོ་དམེ་འཁྲུག་དལ་ཡམས་དང་། །ཐོག་སེར་ཐན་ལྟས་ངན་པས་དགྲ་ཡུལ་ཁོངས། །མྱུར་དུ་རྟགས་ཕྱུངས་ཐལ་བའི་རྡུལ་དུ་རློགས། །ཨོཾ་ཡ་མཱནྟ་ཀ་ཨེ་ཛཿཛཿཧྲཱིཾ་ཧྲཱིཾ་ཡ་མ་ན་ར་ཤཀྵ་ཙ་དུ་ཛ་ཛཿཧྲིང་ཧྲིང་རྦད་བྷྱོ་མཱ་ར་ཡ་སོད་དགྲ་བོའི་ཤ་ཁྲག་རུས་པ་ནང་ཁྲོལ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཁ་རཾ་ཁཱ་ཧི། ༈ སོ་སྡེབ་ནས་གསུངས་པའི་བདུད་བཞི་བསླང་བ་དྲེགས་པའི་བསྐུལ་ནི། ཧཱུྃ། ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །སྐུ་མདོག་སྔོ་ནག་རལ་པ་སྤྲིན་ལྟར་གཏིབས། །ས་ཡི་རང་བཞིན་སྤྱི་གཙུག་རྩ་ལ་འཇིབ། །དམ་ཉམས་བསྒྲལ་ཕྱིར་ཚངས་པའི་གཙུག་ཐག་ཆོད། །དྭངས་མ་སྡུས་ལ་ཀླད་ཁྲག་ཞོ་ལྟར་བྱོས། །འདོད་ཆགས་ཁྲག་མཚོ་དམར་པོའི་ནང་ཤེད་ནས། ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན། །ཆུ་ཡི་རང་བཞིན་སྡིག་པ་བགྲད་པའི་ཚུལ། །དམ་ཉམས་བསྒྲལ་ཕྱིར་མགྲིན་པའི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ཁྲག་ཏུ་སྐྱུག་ཏུ་ཆུག །ང་རྒྱལ་ཀེང་རུས་འབར་བའི་དཀྱིལ་འཁོར་ནས། །སྐུ་མདོག་དུད་ཀ་རྔམས་པའི་ཞལ་གདངས་ཤིང་། །འཇིགས་པའི་ཚུལ་གྱིས་ལུས་ཀྱི་རྩ་མདུད་འཇོམས། །དམ་ཉམས་བསྒྲལ་ཕྱིར་ལྟེ་བའི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ལུས་སེམས་བྲལ་བར་གྱིས། །གཏི་མུག་དུག་མཚོ་ཁོལ་མའི་ནང་ཤེད་ནས། །སྲོག་བདུད་ནག་པོ་མ་རུངས་རལ་པ་ཅན། །མཆེ་བ་གཙིགས་ཤིང་དུག་གསུམ་ཁོང་དུ་འཇོམས། །སྐྱེ་འགྲོ་སྲིད་པ་གསུམ་གྱིས་ཚེ་སྲོག་སྡུད། །རླུང་གི་རང་བཞིན་དཀར་ནག་མཚམས་ན་གནས། །དམ་ཉམས་བསྒྲལ་ཕྱིར་སྲོག་གི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ཚེ་ཡི་འདུ་ཤེས་སྐུམས། །གཞན་ཡང་འཆི་བདག་འཁོར་ན་གནས་པ་ཡི། །ལས་ཀྱི་གནོད་སྦྱིན་མོན་མོ་ནག་མོ་བདུན། །ལྕགས་ཀྱུ་འབར་བས་དགྲ་སྙིང་ཁྱེར་ལ་ཤོག །མོན་པ་གསོད་བྱེད་མེ་དང་འཁོར་ལོ་བསྣམས། །གནམ་ལྕགས་མདའ་དང་གདུག་པའི་ཁྲམ་བམ་ཐོགས། ཁྱི་མོ་དམར་མོ་དོན་སྙིང་གློ་ལ་ཁྱེས། །བྱ་ནག་བདུན་ནི་ཁོང་ནས་ཙིཏྟ་འབྱིན། །དུག་སྦྲུལ་བདུན་ནི་ཁོང་ནས་དུག་མདའ་བརྡེག །རུས་སྦལ་བདུན་ནི་དགྲ་བོའི་ཚེ་སྲོག་སྡུད། །སྡིག་པ་བདུན་ནི་དགྲ་བོའི་སྲོག་དབུགས་ལེན། །དུས་ལ་བབ་པོ་དམ་རྫས་འདི་ལོངས་ལ། །དམ་ཉམས་རུ་དྲ་འདི་ལ་རང་གཤེད་ཕོབ། ༈ རང་གི་ལག་པ་གཉིས་ཉི་ཟླར་གྱུར་པའི། གཡས་ཀྱི་སོར་མོ་ལྔ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཡོན་གྱི་སོར་མོ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་ནས། སྲས་མཆོག་ཟིལ་གནོན་ཀཱི་ལ་ཡ་རྡོ་རྗེའི་གཤོག་པ་ཅན། དབུ་གསུམ་ཕྱག་དྲུག་གིས་ཐ་མ་གཉིས་ཕྱག་མཚན་དང་བཅས་པས་ཕུར་བུ་བསྒྲིལ་བ། འཆང་བཟུང་རྡོ་རྗེའི་ལྟེ་བར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡབ་ཡུམ། ཡར་མར་གྱི་རྭ་ལྔ་ལ་ཁྲོ་བོ་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མར་ཡི་དམ། འོག་མར་བཀའ་སྲུང་བཞུགས་པ། སྐུ་སྨད་ཕུར་པ་མེ་ཡི་ཚྭ་ཚྭ་འཕྲོ་བའི་དབལ་ལ་དྲེགས་པའི་དམག་ཚོགས། རྩེ་མོར་མཚོན་ཆའི་བུ་ཡུག་འཚུབས་པ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་། ཕྱར་བ་ཙམ་གྱིས་ཁམས་གསུམ་སྔངས་བ། བརྡབ་པ་ཙམ་གྱིས་དགྲ་བགེགས་བརླག་ནུས་པར་བསམ། ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཕུར་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་བསྡུས་ཏེ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་དང་ལྡན་པར་བསམ། ན་མཿས་མནྟ་བུདྡྷ་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །གཤིན་རྗེ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་སོགས་གསང་སྔགས་སྦྱར་ཏེ་གདབ། མ་རྟོགས་འཁྲུལ་པའི་དགྲ་བོ་རྣམས། །སྙིང་རྗེ་ཆེན་པོས་རབ་བསྒྲལ་ཏེ། །ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས། །རྣམ་ཤེས་རྒྱལ་བའི་སྲས་སུ་སྤར། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ནྲྀ་ཡཾ་སྥ་ར་ཎ་ཕཊཿ བྷོ་དྷི་ཙིཏྟ་ནྲྀ་སཾ་ཧ་ར་ཎ་ཧཱུྃ། ཞེས་ཚེ་ཁྲུས་ཀྱི་དགོངས་པ་བཞིན་བྱ། ཧཱུྃ། དྲག་པོ་སྒྲོལ་མཛད་ཕུར་བུ་ཡིས། །ལུས་ཀྱི་འཁྲུལ་པ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །གཟུགས་ཀྱི་འཁྲུལ་པ་རྩད་གཅོད་ཕྱིར། །མིག་གི་དཀྱིལ་དུ་ཀཱི་ལ་ཡ། །དྲི་རུ་འཁྲུལ་པ་རྩད་གཅོད་ཕྱིར། །སྣ་ཡི་དཀྱིལ་དུ་ཀཱི་ལ་ཡ། །སྒྲ་རུ་འཁྲུལ་པ་རྩད་གཅོད་ཕྱིར། །རྣ་བའི་དཀྱིལ་དུ་ཀཱི་ལ་ཡ། །རོ་རུ་འཁྲུལ་པ་རྩད་གཅོད་ཕྱིར། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །འཁོར་བར་འཁྲུལ་པ་རྩད་གཅོད་ཕྱིར། །གསང་བའི་དཀྱིལ་དུ་ཀཱི་ལ་ཡ། །རེག་བྱར་འཁྲུལ་པ་རྩད་གཅོད་ཕྱིར། །ཡན་ལག་བཞི་ལ་ཀཱི་ལ་ཡ། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་བསད་སྔགས་བཏགས་ཏེ་གདབ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ བརྒྱ་ཕྲག་གསུམ། ཧཱུྃ། བརྒྱ་ཕྲག །ཨོཾ་ཨཱཿཧཱུྃ། བརྒྱ་ཕྲག་བཟླས་ནས་གསོ་བ་གསུམ་གྱི་དམིགས་པ་བྱེད། ཕུར་པ་མན་ངག་ལྟར་གདབ། དྲེགས་བསྐུལ་ཐུན་བསྐུལ་དང་ཟོར་བསྐུལ་བཅས་ཏེ་ཐུན་དང་གཏོར་ཟོར་བརྡེབ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཐོགས་མེད་དྲག་པོའི་མཚོན་ཆ་ཡི། །དགྲ་བགེགས་ལོག་རྟོག་དུག་ལྔའི་ཚོགས། །འཁོར་བའི་སྐྱེ་རྒྱུན་རྩད་ནས་ཆོད། །བསད་སྔགས་དང་བཅས་ཏེ་མཚོན་ཆས་བསྒྲལ། ཧཱུྃ། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ཉམས་པའི་ཚེ་སྲོག་ལུས་ངག་ཡིད། །ཐལ་བའི་རྡུལ་དུ་བརླག་པར་གྱིས། །ཨོཾ་བཛྲ་ཀྲོ་ཏ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་མཆུ་ཆིང་མཆུ་ཆིང་། ཞེས་བརྡུངས་མཐར་བསྟབ་པ་སོགས་དཀྱུས་བཞིན་ནོ།། ༈ རང་ཉིད་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག །ཕྱག་གཡས་དང་པོ་འཁོར་ལོ་དང་བཅས་པའི། །བེ་ཅོན་བསྣུན་པས་ས་གཞི་ཤག་གི་གས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་སྔོ་མེར་མཐོང་། །ཛཿ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་ཡི་འོག །སྒོ་མེད་གཤིན་རྗེའི་གྲོང་ཁྱེར་ལྕགས་ཁང་ནས། །ལས་གཤིན་འཆི་བདག་བྱེ་བ་དགུ་རིང་ནི། ཁྲོ་གཏུམ་མདོག་ནག་ཁ་གདངས་མཆེ་གཙིགས་པ། །ལག་གཉིས་མནན་གཏད་ལེན་པའི་ཕྱག་རྒྱ་ཅན། །མི་ལྤགས་རློན་པའི་གོས་གྱོན་མ་ཧེ་ཞོན། །འཆི་བདག་གཤིན་རྗེ་བྱེ་བ་ས་ཡ་དང་། །ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པའི་འཁོར། །གྲངས་མེད་ཀྱིས་བསྐོར་དེང་འདིར་སྐད་ཅིག་ལ། །ཡ་མ་རཱ་ཛ་ས་མ་ཡ་ཛཿཛཿ ཞེས་དར་ནག་གིས་གཡབ། རྐང་གླིང་ལན་གསུམ་འབུད། བཤུག་གླུ་ལན་གསུམ་ཀྱུར། རྫ་རྔ་དྲག་ཏུ་བརྡུང་། བསུར་ཆེན་གྱི་དུད་པ་དང་བཅས་ཏེ་འབོད། དམར་ཆེན་ཁྲག་གི་ཨརྒྷཾ་སྐྱེམས་སུ་འབུལ། །བཞེས་ཤིག་རོལ་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཡ་མ་རཱ་ཛ་མ་ཧཱ་རཀྟ་ཨརྒྷཾ་ཁ་རཾ་ཁཱ་ཧཱི། ཞེས་ཁྲག་ཆང་ཕྱར། དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་འདི། །བཞེས་ཤིག་རོལ་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཡ་མ་རཱ་ཛ་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་གཏོར་མ་འབུལ། དེ་ནས་བསྐུལ་དང་འགུག་དབྱེའི་མཐར། ཧཱུྃ། ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲིའི་མར་འདས་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་མུན་ཁང་ཆེར། །གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་འཆི་བདག་ནག །གསོན་པོ་སྐོས་འདེབས་གཤིན་པོ་རྣམས་ཀྱི་རྗེ། །དགེ་སྡིག་ཆོས་བཞིན་སྤྱོད་པའི་རྫུ་འཕྲུལ་ཅན། །བཀའ་ཉན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ལ། །གཟུགས་བྱང་མིང་རུས་བྲིས་པའི་དགྲ་བོ་འདི། །མི་ནོར་འཁོར་དང་བཅས་པ་མ་ལུས་པ། །གཉེར་དུ་གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །གཤིན་རྗེའི་ལག་ཏུ་ཆུད་པས་ཤོར་མི་སྲིད། །གཏད་དོ་འཆི་བདག་ནག་པོའི་ལྟོ་བར་གཏད། །ཟས་སུ་གཏད་ཀྱིས་སླར་ཡང་མ་སྐྱུགས་སྡོམས། །གཏད་དོ་ལྷ་སྲིན་སྡེ་བརྒྱད་ལག་ཏུ་གཏད། །སྔོ་དམར་བྱད་དུ་བཅུག་པས་འཆོར་མི་སྲིད། །གཤིན་རྗེ་ཀླུ་དམག་སྡེ་བརྒྱད་དམག་ཚོགས་ཀྱིས། །བསྐལ་པ་མ་སྟོངས་བར་དུ་མ་གཏང་ཞིག །ཅེས་བརྗོད་ཅིང་བསྐྱུར། ཧོཿ འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱི་ལྟོ་བ་ན་སྲིད་པ་གསུམ་ཡོད་དེ། ཁྱོད་ཀྱིས་མི་འགྲུབ་པའི་ལས་གང་ཡང་མེད་པས། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཁྱི་ལྟར་ཟུག་པ། སེམས་ལ་སྡུག་བསྔལ་གཏོང་བ། ལུས་ལ་ན་ཚ་གཏོང་བ། སྲོག་ལ་བར་ཆད་གཏོང་བ། ཟས་ནོར་ལ་གོད་ཁ་གཏོང་བ། ཟ་ལམ་དུ་དུག་གཡོ་བ། འགྲོ་ལམ་དུ་རྩང་འཛུགས་པ། གྲོས་ངན་དམག་ཤོམ་བྱེད་པ། མཐུ་བྱད་དམོད་པ་གཏོང་བ་སོགས། བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་སྤྱི་དང་། ཁྱད་པར་གཟུགས་བྱང་མིང་རུས་ལ་བཏབ་པའི་དགྲ་བགེགས་འདི་རྣམས་ཀྱི་ཚེ་སྲོག་བསོད་ནམས། ཁ་རྗེ་དབང་ཐང་། མཐུ་སྟོབས་ནུས་པ། ལུས་ངག་ཡིད་གསུམ་ཐམས་ཅད་བསྐལ་པ་མ་སྟོངས་ཀྱི་བར་དུ་ནམ་ཡང་ཐར་བ་མེད་པར་ནོན་ཅིག །ཤ་ཆེན་དོན་སྙིང་ཟས་སུ་ཟོ་ཞིག །དམར་ཆེན་ཁྲག་རྒྱུན་སྐོམ་དུ་ཐུངས་ཤིག །པགས་རློན་དམར་བཤུས་གོས་སུ་གྱོན་ཅིག །ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། མི་ཚེ་རིང་པོ་ལ་དུས་མ་འདེབས། རང་བཞིན་གྱིས་སྐྱེ་འཆི་ལ་ཁུངས་མ་འཚོལ་བར་ད་ལྟ་ཉིད་དུ་སོད་ཅིག །གནོན་པའི་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད་ཅིག །ཧཱུྃ། འབྱུང་བ་གདན་བཞིའི་རྔམས་འོག་ན། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེ་ལ་རྨད་དུ་བྱུང། །མུན་ནག་འཐིབས་པའི་འོག་ན་བཞུགས། །གཡས་པའི་ཕྱག་ན་རི་རབ་བསྣམས། །གཡོན་པའི་ཕྱག་ན་རྒྱ་མཚོ་བསྣམས། །ཞབས་ཀྱིས་རླུང་གི་འཁོར་ལོ་གནོན། །དམ་ཉམས་དགྲ་བོ་ལས་ངན་འདི། །མནན་པའི་ལས་ཀྱི་དུས་ལ་བབ། །སྒོ་མེད་ལྕགས་ཁང་ནང་དུ་ཆུག །གཤིན་རྗེ་རྣམས་ཀྱི་ཟས་སུ་སྦྱིན། །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག །རི་རབ་ཆེན་པོའི་རྨངས་སུ་ནོན། །ནམ་ཡང་ལྡང་བར་མ་བྱེད་ཅིག །ཆེ་གེ་མོ་མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཞེས་བརྗོད། ཁོང་ཆུད་གཤིན་རྗེ་སྡེ་བརྒྱད་ཀུན་དགའ་ཞིང་། །ཞེས་སོགས་ཀིང་ཀང་དམར་ཆུང་གི་ཆོག་སྒྲིག་ཆོས་རྒྱལ་མངྒའི་མཚན་གྱིས་གསུང་ཇི་ལྟ་བ་བཞིན་དང་། འབྱུང་བ་ལྔ་ཡི་སྔགས་ལག་ལེན་དང་བསྟུན་པའི་མཐར། ན་མོ་སངས་རྒྱས་སོགས་དང་བཅས་ཏེ་ཐལ་རྡེབ་ལན་བདུན་གྱི་རྗེས་སུ་ལག་ཚགས་དམ་པར་བྱས་ནས་ལས་བཞིའི་བྲོ་བརྡུང་། དེ་ལྟར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ངག་འདོན་ལྷན་ཐབས་འདི་ནི་ལག་ལེན་དམར་ཁྲིད་དུ་བསྟན་ནས་ཁོང་དུ་ཆུད་པར་བྱེད་པ་ལས། གཞན་དུ་མ་དང་དཀྱུས་སུ་བྲི་བ་དང་། གསལ་བྱེད་ཀྱི་མཆན་བུ་འདེབས་པ་སོགས་བྱས་པ་བྱུང་ན་འཆི་བདག་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭས་སྙིང་ཁྲག་ཧུབ་ཀྱིས་བཞེས་ལ་ཚར་ཆོད་ཅིག །དེ་ལྟར་རིག་འཛིན་བརྒྱུད་པའི་ཞལ་གྱི་དྲོད། །མ་ཉམས་ལག་ལེན་གནད་ཀྱི་ཟུར་རྒྱན་འདི། །བཀོད་པས་བདུད་སྡེའི་རུ་མཚོན་སར་བསྙལ་ཏེ། །དཀར་པོ་ཆོས་ཀྱི་བ་དན་བསྒྲེང་བར་ཤོག །ཅེས་ཡང་ཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོད་མདའ་ལ་ཉེ་བར་མཁོ་བའི་གཟུ་དཔང་དྲེགས་པའི་བསྐུལ་སོགས་ངག་འདོན་བཀླག་ཆོག་ཟུར་བཀོལ་ལ། ཟབ་གནད་ཞལ་ཤེས་ལ་རག་ལས་པ་འགའ་ཞིག་མ་གཏོགས་ཚང་བར་བཀོད་པའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་འདི་ནི། གཏེར་གཞུང་ཡིག་རྙིང་སོགས་བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་རྣམས་ཕལ་ཆེར་རང་སོར་བཞག་ཚིག་ལྷུག་ཕལ་ཆེར་ཚིགས་བཅད་དུ་བསྡེབས་ཤིང་ཁྱེར་བདེ་བའི་ཆེད་དུ་འགའ་ཞིག་ལ་དབྲི་སྣོན་ཅུང་ཟད་ཀྱང་བགྱིས་ཏེ། ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བདུན་པའི་དཔའ་བོའི་དགའ་སྟོན་གྱི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་སོ། །དགེའོ།། །།

ཚེ་འགུགས་བསྐུལ་བྱང་ (Volume 63, Text 20)

ྈྈྈྈྈ བླ་མ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་བཅུད་འགུགས་པའི་སླད༔ མདའ་དར་གཡབ་ཅིང་དབྱངས་དང་བཅས༔ གདུང་བའི་ཤུགས་ཀྱིས་ཐུགས་དམ་བསྐུལ༔ ཧྲཱི༔ ཆོས་དབྱིངས་སྤྲོས་པ་ཀུན་དང་བྲལ༔ མི་ཤིགས་གཞོན་ནུ་བུམ་པའི་སྐུ༔ འོད་གསལ་རབ་འབྱམས་ཞིང་ཁམས་ནས༔ འཆི་མེད་ཆོས་སྐུ་པདྨ་འབྱུང༔ རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ༔ འདུས་མ་བྱས་པའི་དབྱིངས་ནས་བཞེངས༔ འཕོ་བྲལ་རྟག་པ་དམ་པ་ཡི༔ ཡེ་ཤེས་ཆེན་པོའི་ཚེ་བཅུད་སྡུས༔ ངེས་པ་ལྔ་དང་ལྡན་པའི་ཞིང༔ ལོངས་སྤྱོད་ཡོངས་རྫོགས་ཕོ་བྲང་ནས༔ བདེ་ཆེན་ལོངས་སྐུ་པདྨའི་ཞལ༔ ཡོན་ཏན་རབ་འབྱམས་དབྱིངས་ནས་བཞེངས༔ ཟག་མེད་བདེ་བ་ཆེན་པོའི་དཔལ༔ བསམ་མི་ཁྱབ་པའི་ཚེ་བཅུད་སྡུས༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ མ་འགགས་རོལ་པའི་ཕོ་བྲང་ནས༔ འཆི་མེད་སྤྲུལ་སྐུ་མཚོ་སྐྱེས་རྗེ༔ གང་འདུལ་འགྲོ་བའི་དོན་དུ་བཞེངས༔ སྐྱེ་འཆི་བསྒྲེས་རྒུད་མེད་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་བཅུད་སྡུས༔ ཡེ་ཤེས་དགུ་ཡི་རང་བཞིན་ལས༔ ཕྱག་རྒྱའི་གཟུགས་སུ་ཡོངས་ཤར་པའི༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡིས༔ ཡེ་ཤེས་དབྱིངས་ཀྱི་ཚེ་བཅུད་སྡུས༔ དགའ་བ་བཞི་དང་སྟོང་པ་བཞི༔ རྒྱུ་དང་འབྲས་བུའི་རང་བཞིན་ཅན༔ རྣམ་བཅས་མཛེས་མའི་སྐུར་སྣང་བས༔ ཕྲིན་ལས་རྒྱ་མཚོའི་ཚེ་བཅུད་སྡུས༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ སྟེང་འོག་ཕྱོགས་མཚམས་ལ་སོགས་པའི༔ སྣོད་དང་བཅུད་ཀྱི་ལེགས་ཚོགས་དང༔ འཁོར་དང་མྱ་ངན་འདས་པ་ཡི༔ བཅུད་དང་མཐུ་ནུས་ཡོན་ཏན་རྣམས༔ ལྔ་ལྡན་འོད་ཀྱི་ཐིག་ལེ་དང༔ འཆི་མེད་བདུད་རྩིའི་རྣམ་པ་རུ༔ བདག་གནས་སྒྲུབ་པའི་རྫས་ལ་སྡུས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འོད་གསལ་ཕྱག་རྒྱས་སྟོང་གསུམ་གང༔ འབྱུང་པོའི་ཚོགས་ཀྱིས་བརྐུས་ཏ་རེ༔ ཉམས་དང་ཡར་པ་ཐམས་ཅད་སྡུས༔ འོད་ལྔའི་རང་མདངས་ཤིགས་སེ་ཤིག༔ ཟེར་ཐག་མང་པོ་སྦྲེངས་སེ་སྦྲེང༔ ཐིག་ལེ་ཐིག་ཕྲན་ཡ་ལ་ལ༔ གྲུབ་པའི་དངུལ་ཆུ་ཇི་བཞིན་དུ༔ དགེ་ལེགས་མཚན་མ་ལམས་སེ་ལམ༔ མི་ཤིགས་དབྱིངས་ཀྱི་ཐིག་ལེར་སྡུས༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླས་དགོངས་པའི་རྩལ་སྐྱེད་ལ༔ ཏིང་འཛིན་ལྡན་པས་ཡང་དག་སྡུས༔ གལ་ཏེ་འབྱུང་པོས་བླ་ཁྱེར་ན༔ བསྒྲུབ་བྱའི་གླུད་དང་མཐུན་རྫས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཞི་བའི་ཚིག་དང་བཅས་ནས་ཀྱང༔ བརྒྱ་རྩ་བརྒྱད་དུ་ཡང་དག་བསྔོ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ལྷོང་ལྷོང་ནྲྀ་ཁུག་ཛ་ཛ༔ ཞེས་པ་སྟོང་དུ་བཟླས་པས་འགྲུབ༔ ཐུན་མཚམས་ཚེ་བཅུད་འགུགས་པ་ཡི༔ དམིགས་པའི་སྦྱོར་བ་དྲག་ཏུ་བྱ༔ ས་མ་ཡ་རྒྱ༔ རིག་འཛིན་བདུད་འཇོམས་རྡོ་རྗེའི་ཤོག་སེར་ལས་བསྒྱུར་པ་དགེ། །། ྈྈྈྈ ྈ ྈྈ

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ཁྱེར་བདེར་བཀོད་པ་ཡེ་ཤེས་མཆོག་སྦྱོར་ (Volume 26, Text 20)

༄༅། །ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ཁྱེར་བདེར་བཀོད་པ་ཡེ་ཤེས་མཆོག་སྦྱོར་ཞེས་བྱ་བ་བཞུགས་སོ། ། ཐབས་མཆོག་སྣང་བའི་བདག་ཉིད་རྟ་མགྲིན་རྒྱལ། །ཤེས་རབ་སྟོང་པའི་རང་བཞིན་ཝཱ་ར་ཧི། །ཟུང་འཇུག་གུ་རུ་ཡིད་བཞིན་ནོར་བུའི་ཞབས། །བདག་སྙིང་ཟེའུ་འབྲུར་བཀོད་ལ་བྱིན་རླབས་སྩོལ། །ཡེ་ཤེས་རང་ཤར་ཕྲིན་ལས་ནི། །ནཱ་དའི་རང་སྒྲར་འབྲེལ་བ་ཡི། །སྨིན་བྱེད་སེང་འོ་སྐལ་ལྡན་གྱི། །གསེར་གྱི་ཡོལ་གོར་སྦྱིན་འདི་རྨད། །རྩ་གསུམ་གཅིག་དྲིལ་ཁྱད་པར་ཅན་གྱི་ཟབ་ཆོས་འདིའི་སྨིན་བྱེད་ཀྱིས་སྐལ་ལྡན་རྗེས་སུ་བཟུང་བ་ལ། དབང་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་དབེན་པའི་གནས་སུ་སྟེགས་དམར་པོར་དཀྱིལ་འཁོར་སྤྱི་མཐུན་སྒོ་བཞི་རྟ་བབས་ཁོར་ཡུག་དུར་ཁྲོད་པད་རྡོར་མེ་རིས་མཚན་པའི་དབུས་སུ། པདྨ་འདབ་བཞི་ཕྱོགས་མདོག་གི་ལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་དང་ལྡན་པའི་རས་བྲིས་སོགས་འཛོམ་ན་བཀྲམ། མ་གྲུབ་ན་མེ་ཏོག་དམར་པོའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་མཉྫི་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཀོད། མདུན་དུ་ཀ་པཱ་ལ་མཚན་དང་ལྡན་པར་ཛ་གད་མངར་གསུམ་སྦྱར་བ་བླུགས་པའི་ཁ་དར་དམར་གྱིས་བཀབ་ལ་བཞག །གཡས་ཕྱོགས་སུ་རྡོ་རྗེ་དྲིལ་བུ་ལྷན་ཅིག་དང་བགྲང་ཕྲེང་། གཡོན་དུ་ཌཱ་མ་རུ་དང་ཐོད་ཁྲག །རྒྱབ་ཏུ་རྩ་གསུམ་གཅིག་དྲིལ་གྱི་གཏོར་མ་ཟུར་གསུམ་མེ་རི་དང་རྩེ་མོར་རྟ་མགོས་མཚན་ཞིང་ཞབས་སུ་པདྨ་འདབ་བཞི་ཅན་ཁ་དོག་དམར་པོ་ལ་དཀར་རྒྱན་མཛེས་ཚོན་དར་གྱི་གདུགས་ཕུབ་པ་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་རྣམས་སྤྱི་ལྟར་དང་། ལས་བུམ་ཚོགས་གཏོར་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །དེ་ནས་འགྲུབ་ན་ཕྱི་སྒྲུབ་ལྟར་མདུན་གྱི་ནམ་མཁར་སངས་རྒྱས་སུམ་ཅུ་སོ་ལྔ་གསལ་བཏབ་ལ། ཕྱག་འཚལ་སོགས་ཚང་བར་བརྗོད་ཅིང་ཐུན་མོང་གི་ཚོགས་གསོག །མི་འགྲུབ་ན་སྤྱི་འདུས་ལྟར་སྐྱབས་སེམས་ཡན་ལག་བདུན་པ་བྱས་ནས། འདི་ཉིད་ཀྱི་ལས་བྱང་ཚིག་དོན་དབྱེར་མེད་ཇི་ལྟ་བའི་མཚམས་གཅོད་ནས་བསྟོད་པའི་བར་བཏང་། བཟླས་པའི་སྐབས། བདག་ཉིད་རྟ་ཕག་ཡབ་ཡུམ་རིགས་བདག་གུ་རུ་དང་བཅས་པར་གསལ་བའི་ལྷ་གསུམ་གྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། ཁྱད་པར་དུ་རྟ་མགྲིན་གྱི་ཐུགས་ཀའི་ཧཱུྃ་གི་འོག་ཏུ་ཧྲཱིཿདང་ཕག་མོ་ལ་མ་ཡིག་སྟེ་གཉིས་ཀ་དམར་གསལ་མེ་འོད་ལྟ་བུའི་ཡབ་ཀྱི་ཧྲཱིཿལ་སྔགས་ཕྲེང་རྣམས་གཡས་སྐོར་དུ་དམར་ཧྲོམ་མེ་བར་འཁོར་བ་ལས་འོད་འཕྲོས། མདུན་གྱི་དཀྱིལ་འཁོར་ཡང་བདག་བསྐྱེད་ཇི་ལྟ་བར་སྐད་ཅིག་གིས་གསལ་བཏབ་པའི་ཐུགས་སྲོག་གི་འོད་ཟེར་བདག་བསྐྱེད་ཀྱི་ཐུགས་ཀར་ཕོག་པས། བདག་གི་སྔགས་ཕྲེང་རྣམས་གྱེན་དུ་ནར་གྱིས་བྱུང་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཤིང་ཡུམ་གྱི་གསང་བ་ནས་ཡབ་ཀྱི་གསང་བར་བརྒྱུད་དེ་ཐུགས་ཀ་ནས་འོད་འཕྲོས་པས། མདུན་བསྐྱེད་ཀྱི་ཐུགས་ཀ་དང་ཞལ་དང་སྐུའི་དབྱིབས་བརྒྱུད་ནས་ཐུགས་ཀ་ནས་ཚུར་བྱུང་བ། བདག་གི་ཐུགས་ཀར་སྔར་བཞིན་ཕོག་པའི་ཏིང་ངེ་འཛིན་ཡེངས་མེད་ཀྱིས་བཟླས་པ་ཅི་མང་བྱ་ཞིང་། ཐུན་མཇུག་ཏུ་དབང་རྫས་བུམ་པ་སོགས་ཐ་དད་རེ་རེ་ལ་ཡང་རྣམ་པ་རྫས་དེ་དང་དེའི་ཚུལ་ལ་ངོ་བོ་ལྷ་རུ་བསྐྱེད་པ་ལ། བདག་གི་ཐུགས་ཀའི་འོད་ཀྱིས་ཕོག་པ་ཙམ་གྱིས་སོ་སོའི་ནུས་པ་བསྐྱེད་ནས་བྱིན་རླབས་མཐུ་ལྡན་དུ་གྱུར་པར་མོས་ལ་བཟླས་པ་ཅི་འགྲུབ་བྱ། སྟོང་ཚིགས་ཕུལ། ལས་བུམ་དུ་རྟ་མགྲིན་དཔའ་གཅིག་བསྐྱེད་བཟླས་ཀྱིས་བྱིན་བརླབ། བཀའ་སྲུང་གཏོར་འབུལ་ཡང་འདི་སྐབས་སམ་ནམ་བདེར་བྱ། མདུན་བསྐྱེད་ལྷ་ཚོགས་གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿམ་དང་བཅས་པ་ལས་འོད་ཟེར་བདག་གི་གནས་སོ་སོར་ཐིམ་པས་དབང་རྣམས་ཡོངས་རྫོགས་སྐད་ཅིག་ལ་ཐོབ་པར་མོས་ལ་གཉིས་མེད་མཉམ་ཉིད་ཆེན་པོར་མཉམ་པར་བཞག །དེ་ནས་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་ངར་གླུད་ཆངས་བུ་དང་བཅས་པ་ལ་ཆབ་བྲན་ཏེ། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ལས་འདོད་པའི་ཡོན་ཏན་ལྔ། །བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །ཏྲཱཾ་ལས་རིན་ཆེན་རཏྣའི་སྣོད། །ཧྲཱིཿལས་གསུང་དབྱངས་དྲུག་ཅུ་སྟེ། །ཨཱཿལས་ཅི་འདོད་ཕུན་སུམ་ཚོགས། །སོ་སོར་དགའ་མགུ་ཚིམ་བྱེད་པའི། །འདོད་དགུའི་ཡོ་བྱད་ཆེན་པོར་གྱུར། །ན་མོ། དཀོན་མཆོག་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་ཡི་དམ་མཁའ་འགྲོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོའི་མཐུ་དང་ནུས་པས། དེར་འདིར་རྡོ་རྗེའི་སློབ་བུ་རྣམས་སྨིན་བྱེད་ཟབ་མོས་དཀྲི་བར་བྱེད་པ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་བགེགས་རིགས་འཁྲུལ་རྟོག་གི་རང་གཟུགས་ཨ་འཐས་ཇི་སྙེད་ཡོད་པ་ཐམས་ཅད། འདོད་ཡོན་ཕུན་སུམ་ཚོགས་པའི་གླུད་གཏོར་འདིས་ཚིམས་པར་བྱོས་ལ། འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དབང་ཆེན་ཁྲོ་རྒྱལ་འབར་བའི་མཐུ་སྟོབས་འོད་ཟེར་དྲག་པོར་འཁྲུགས་པས་ཁྱེད་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་ཕྱེ་མར་བརླག་པར་འགྱུར་ཏ་རེ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ སརྦ་བྷཱུ་ཏ་ཨུཙྪ་ཏ་ཡ་ཕཊཿ ཅེས་ཡུངས་ཐུན་རོལ་མོའི་ཚམ་རྔམ་དྲག་པོ་སོགས་ཀྱིས་བགེགས་བསྐྲད། ཧྲཱི༔ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ༔ རྟ་སྐད་རྔམ་སྒྲོག་བར་ཆད་སེལ༔ སྐུ་ཡི་འོད་ཟེར་མཚོན་ཆའི་གུར༔ མེ་རི་འབར་བས་ཕྱོགས་མཚམས་གཅོད༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ རྣམ་རྟོག་མ་རིག་བག་ཆགས་ཀྱིས༔ ལྷ་དང་འདྲེ་བགེགས་གཉིས་སྣང་ཡང༔ རྣམ་པར་རྟོག་པ་བགེགས་ཡིན་ཕྱིར༔ འདྲེ་བགེགས་རང་གི་སེམས་ལས་བྱུང༔ སེམས་ཉིད་ཆོས་སྐུའི་དོན་རྟོགས་ན༔ བགེགས་དང་བར་ཆད་ག་ལ་ཡོད༔ ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས༔ འདི་ལས་སུ་ཡང་འདའ་མ་བྱེད༔ ཤཱུནྱ་ཏཱ་རཀྵ་ཧཱུྃ༔ ཞེས་ཀུན་རྫོབ་མེ་མཚོན་ཁྲོ་ཆུང་གི་སྲུང་འཁོར་དང་། དོན་དམ་རྣམ་རྟོག་མཚན་མའི་བགེགས་ཡེ་སྟོང་ཀ་དག་གི་ལྟ་བས་བསྲུང་ངོ་། །མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི། རྩ་གསུམ་ཆིག་དྲིལ་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་བ་སྟེ། དེའང་སྔོན་གྱི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དོན་ལོག་པར་སྤྱད་པའི་རྣམ་སྨིན་གྱི་རང་གཟུགས་མ་ཏྲཾ་རུ་དྲ་དྲག་པོ་འཇིགས་བྱེད་དབང་ཕྱུག་ཆེན་པོ་ཞེས་བྱ་བ་སྲིད་པ་གསུམ་ལ་དབང་བྱེད་ཅིང་འགྲོ་བ་རྣམས་དམྱལ་ཐག་གཅོད་པའི་སྟོབས་ལྡན་ཤིན་ཏུ་མ་རུངས་པ་ཞིག་བྱུང་བ། དེ་འདུལ་བྱེད་གཉེན་པོ་རྒྱལ་བ་རྣམས་བཀའི་བགྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པའི་རང་གཟུགས་ཐུགས་རྗེ་དྲག་པོར་ཁྲོས་པ་དབང་ཆེན་པདྨ་ཧེ་རུ་ཀ་ཉིད་དུ་མངའ་གསོལ་བས། དེ་ཉིད་ཆོས་ཀྱི་དབྱིངས་ལས་འབར་བ་ཆེན་པོའི་གར་གྱིས་བཞེངས་ཏེ་རུ་དྲ་དབང་ཕྱུག་ཆེན་པོ་དྲག་ཤུལ་སྟོབས་ཀྱིས་ཚར་བཅད། གཟུགས་ཕུང་དུར་ཁྲོད་ཆེན་པོ་བརྒྱད། ཟག་པ་ནང་ཁྲོལ་ཐམས་ཅད་རྩ་བརྒྱད་སྟོང་སྦྱར་གྱི་སྨན་མཆོག །རྣམ་ཤེས་བསྟན་སྲུང་ཆེན་པོ་མ་ཧཱ་ཀཱ་ལར་བྱིན་གྱིས་བརླབས། རུ་དྲའི་ཆས་དང་བྲན་གཡོག་ཐམས་ཅད་དཔལ་གྱི་ཆས་དང་ཕྱི་ནང་གི་འཁོར་དུ་མཛད་ནས། དབང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཉིད་ལས་མི་གཞན་པའི་པདྨའི་སེམས་དཔའ་དང་དབང་གི་ལྷ་མོ་བདེ་བྱེད་མ་ལ་སོགས་པས་ཞུས་པའི་ངོར། པདྨ་དབང་ཆེན་རྟ་མཆོག་རོལ་པའི་རྒྱུད་སྡེ་གྲངས་མེད་པ་གསུངས་པ་ཐམས་ཅད་ཞུ་བ་པོས་བསྡུས་ཏེ་ཡེ་ཤེས་མཁའ་འགྲོ་རྣམས་ལ་གཉེར་དུ་གཏད་པ་ལས། རྩོད་པའི་དུས་མཐར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་གུ་རུ་པདྨ་འབྱུང་གནས་སོགས་ལ་བཀའ་བབས་ཏེ། དེ་དག་གིས་རྒྱུད་ལ་བརྟེན་པའི་གདམས་ངག་གི་དགོངས་འགྲེལ་སྒྲུབ་ཐབས་ལས་ཚོགས་མཐའ་ཡས་པ་མཛད་ཅིང་དེ་ལ་བརྟེན་ནས་རྒྱ་བོད་གཉིས་སུ་གྲུབ་པའི་སྐྱེས་བུའང་ཇི་སྙེད་ཅིག་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། དབང་ཆེན་རྟ་མཆོག་རྒྱལ་པོ་དང་ཐ་དད་མི་མངའ་བའི་གུ་རུ་བདེ་བ་ཆེན་པོ་པདྨ་སམ་བྷ་བས། བདེ་གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་འབར་བའི་རྒྱུད་ཆེན་གྱི་ཡང་བཅུད་རྟ་མཆོག་གཙུག་གི་ནོར་བུའི་རྒྱུད་དོན་མན་ངག་སྙིང་པོར་ཕྱུངས་ཏེ། བོད་ཡུལ་དུ་རྗེ་འབངས་སུམ་ཅུ་རྩ་བརྒྱད་ལ་གནང་ཞིང་ཁྱད་པར་ཉང་བན་ཏིང་འཛིན་བཟང་པོའི་ཆོས་སྐལ་དུ་གཉེར་གཏད་མཛད་ནས་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་རྟེན་མཆོག་དམ་རྫས་ཁྱད་པར་ཅན་དང་ལྷན་ཅིག །ཀོང་ཡུལ་ཉང་ལུང་ལྗོན་པའི་ནགས་ཚལ་གྱི་རྐེད་པ་སྙལ་མོ་ལྷའི་བྲག་འོད་དཔག་མེད་རང་བྱུང་དུ་གསལ་བའི་གནས་སུ་རྒྱ་བདུན་གྱིས་བཏབ་པ། ཕྱིས་དུས་ལ་བབས་པའི་ཚེ་ཉང་བན་ཆེན་པོའི་ཐུགས་སྤྲུལ་རིག་འཛིན་ཧཱུྃ་ནག་མེ་འབར་གྱིས་གདུག་པའི་མི་དང་མི་མ་ཡིན་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་གྱི་བཀོད་པ་ཆེན་པོ་དང་བཅས་ཏེ་སྤྱན་དྲངས་ནས་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བ་སྟེ། ལུང་བྱང་ལས། དེ་འདྲའི་དུས་ཀྱི་ཐ་མ་ལ༔ ཟབ་ཆོས་སྤྱོད་པ་སྐལ་པ་བཟང༔ དབང་ལུང་ཐོབ་པ་ཙམ་གྱིས་ཀྱང༔ ཕལ་ཆེར་རང་བཞིན་གྲོལ་བར་འགྱུར༔ གཏེར་རྫས་ཁྱད་འཕགས་མཇལ་ཙམ་གྱིས༔ ལས་ངན་སྡིག་སྒྲིབ་དག་པར་འགྱུར༔ དམ་རྫས་ཁ་ལ་མྱང་ཙམ་གྱིས༔ ཡེ་ཤེས་རྩ་ཁ་འབྱེད་པར་འགྱུར༔ ཅེས་དང་། གཞུང་ལས། བར་ཆད་བགེགས་འདུལ་དངོས་གྲུབ་རྣམ་གཉིས་ཐོབ༔ འབྲེལ་ཚད་དོན་ལྡན་ཚེ་གཅིག་སངས་རྒྱས་འགྱུར༔ ཞེས་དབང་བསྐུར་ཐོབ་པ་ཙམ་གྱིས་རྣམ་པར་གྲོལ་བའི་མཆོག་ལ་སྦྱོར་བ་སོགས་བསྔགས་པ་དོན་དང་ལྡན་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ་དུ་གཞུག །བླ་མ་རྟ་ཕག་ཡིད་བཞིན་ནོར་བུ་རྩ་གསུམ་ཀུན་འདུས་སུ་གསལ་བ་ལ་དད་མོས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་རིན་པོ་ཆེ༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ འདི་ལ་ཐུགས་རྗེས་གཟིགས་མཛོད་ལ༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་དམ་ཚིག་གི་སྐལ་པའི་ནུས་སྟོབས་དྲི་ཞིང་གནང་བའི་སྐབས་དབྱེ་བ་ལ་གསན་པར་ཞུ། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་དེ་ནི་རེས་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་སྲོག་ལ་བབས་ཀྱང་མི་ཉམས་པར་བསྲུང་སྙམ་པའི་དམ་བཅའ་དང་བཅས་ཏེ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་བུ་གཅིག་པུ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ལན་གསུམ། སྲིད་མཚོར་བྱིང་བའི་སྐྱེ་དགུ་ཐམས་ཅད་ཐོག་མ་མེད་པ་ནས་མ་རིག་པས་བསྒྲིབས་ཏེ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་རས་དམར་པོས་གདོང་གཡོགས་བཅིངས་པར་མོས་ཤིག །ཅེས་འབྲུ་གསུམ་བརྗོད་ལ་གདོང་གཡོགས། རང་བྱུང་དོན་གྱི་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་རིན་པོ་ཆེའི་མེ་ཏོག་ཐོགས་པར་མོས་ཤིག །འབྲུ་གསུམ་གྱིས་ཅོད་པན་སྦྱིན། བླ་མ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པ་རྩ་གསུམ་ཀུན་འདུས་རྟ་ཕག་ཡིད་བཞིན་ནོར་བུ་རང་སྣང་ཡེ་ཤེས་བཀོད་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྤྱན་སྔར། ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པར་ལེན་པའི་མོས་པས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ཤྭ་ལོ་ཀ་གཅིག་གི་རྗེས་ཟློས་ལན་གསུམ། གནས་ལུགས་རང་བཞིན་གྱི་ལྟ་དགོངས་དོན་དམ་ཡན་ལག་བདུན་གྱི་ཚུལ་ལ་མཉམ་པར་བཞག་སྟེ་བརྗོད་པ་ཚིག་གི་སྒོ་ནས་གསལ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་ཚེ་རབས་སྔོན་ནས་བསྒོམས་ཤིང་བསྒྲུབས་པའི་ལས་འཕྲོ་གང་ཡོད་ཀྱི་ལྷས་བྱིན་གྱིས་བརླབས་ནས་རང་རིག་ཡེ་ཤེས་རང་ངོ་མཐོང་བར་མཛད་དུ་གསོལ་སྙམ་པའི་མོས་གདུང་ཆེན་པོས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ རྩ་གསུམ་བླ་མའི་དཀྱིལ་འཁོར་འདིར༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་ཀྱི་འཕྲོ་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ ཅེས་འདོར་དུ་གཞུག །དེ་ལྟར་ཕུལ་བ་དེ་ཉིད་རིགས་ཀུན་འདུས་པ་རྩ་གསུམ་ཡོངས་ཀྱི་དཀྱིལ་འཁོར་ལ་བབ་པ་ལགས་པས། དེ་དང་མཐུན་པར་དབང་གི་མཚན་ཡང་རིགས་འདུས་དབང་ཆེན་དྲག་པོ་རྩལ་ཞེས་པའི་མིང་འཛིན་པ་ཞུ། སློབ་དཔོན་གྱི་ཐུགས་ནས་འོད་ཟེར་གསེར་མདོག་ཐུར་མའི་དབྱིབས་ཅན་འཕྲོས་པས། ཁྱེད་རང་རྣམས་ཀྱི་མ་རིག་པའི་བག་ཆགས་སྒྲིབ་གཡོགས་མཐའ་དག་བསལ་བའི་མོས་པ་མཛོད་ཅིག ཧོ༔ ཇི་ལྟར་མིག་མཁན་མིག་དབྱེ་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཏོག་ནི༔ རིག་པའི་ངང་དུ་ད་དབྱེ་བས༔ རྩ་གསུམ་ལྷ་ལ་ལེགས་པར་ལྟོས༔ ཞེས་ཐུར་མའམ་རྡོ་རྗེས་གདོང་གཡོགས་བསལ། ཁྱེད་ཅག་རྣམས་འདི་ལྟ་བུའི་གསང་མཆོག་བླ་ན་མེད་པའི་ཆོས་ལ་དད་ཅིང་དཀྱིལ་འཁོར་གཉན་པོའི་སྒོར་ཞུགས་པ་ནི་བསོད་ནམས་ཀྱི་སྐལ་པ་མཆོག་རབ་ཏུ་གྱུར་པ་ཡིན་ལ། འོན་ཀྱང་འདི་ལྟ་བུའི་སྒོར་ཞུགས་ཕྱིན་ཆད་གསང་མཆོག་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་ཡན་ལག་དང་བཅས་ཚུལ་བཞིན་བསྲུང་དགོས། དེ་མ་བསྲུང་ན་མནར་མེད་པའི་དམྱལ་བ་ཆེན་པོར་ལྟུང་ནས་ཐར་པའི་དུས་མི་འབྱུང་ཞིང་། དམ་ཚིག་མ་ཉམས་པར་བསྲུངས་ན་ཚེ་གཅིག་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་ནུས་པས་ན་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པ་བྱ་དགོས་སོ། །དེ་དག་གིས་དབང་གི་སྣོད་རུང་དུ་སྒྲུབ་པའི་སྔོན་འགྲོའི་ཆོས་རྣམས་གྲུབ། དངོས་གཞི་དམ་ཡེ་དབྱེར་མེད་དུ་བསྒྲུབ་ཅིང་དབང་གི་ཡེ་ཤེས་བརྟན་པར་བྱ་བ་ལ་དམིགས་པ་འདི་ལྟར་དུ་མཛད་འཚལ། ས་ཕྱོགས་འདི་དག་བདེ་ཆེན་དབང་གི་ཕོ་བྲང་ཡེ་ཤེས་འོད་ཀྱི་གཞལ་ཡས་ཁང། སློབ་དཔོན་བདེ་གཤེགས་ཀུན་འདུས་རྩ་གསུམ་ཡོངས་རྫོགས་ཀྱི་ངོ་བོར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་ཀྱང་གདན་པདྨ་ཉི་ཟླ་བདུད་བཞིའི་སྟེང་དུ། ཡི་དམ་ཀུན་འདུས་དབང་ཆེན་རྟ་མཆོག་རྒྱལ་པོ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གྲི་གུག་འབར་བ་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་ཅིང་ཤིན་ཏུ་ཁྲོས་པའི་ཉམས་ཅན། དབུ་གཙུག་རྟ་ཞལ་ལྗང་ཞུར་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རིན་པོ་ཆེ་རུས་རྒྱན་དར་དཔྱང་གིས་བརྒྱན་པ། གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་ཞབས་འདོར་ཐབས་ཀྱིས་བཞེངས་པ་ལ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་ཕྱག་མཚན་རང་དང་འདྲ་བས་འཁྱུད་ཅིང་དབུ་གཙུག་ཕག་གདོང་གིས་མཚན་པ། ཡབ་ཀྱི་དབུ་སྐྲ་གྱེན་དུ་འཁྱིལ་པའི་དབུས་ན་རིགས་བདག་གུ་རུ་ཡིད་བཞིན་ནོར་བུ་པདྨ་སམྦྷ་བའི་ཆ་བྱད་ཞི་འཛུམ་ཅན། མཉམ་གཞག་ནོར་བུ་བསམ་འཕེལ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གནས་གསུམ་འབྲུ་གསུམ་དང་ཐུགས་ཀར་ཧྲཱིཿདམར་པོས་མཚན་པའི་འོད་ཟེར་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་བདེ་བ་ཅན། ཨོ་རྒྱན་སྤྲུལ་པའི་གྲོང་ཁྱེར། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་རྩ་བ་གསུམ་གྱི་ཐུགས་དམ་བསྐུལ། སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་དབྱར་གྱི་ཆར་སྤྲིན་འཐིབ་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ཐིམ་པའི་མོས་པ་དང་། དད་གུས་གདུང་བའི་ཤུགས་དྲག་པོ་བསྐྱེད་པར་མཛོད་ཅིག །སྦྱར་སྤོས་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ མ་ཧཱ་གུ་རུ་ཙིནྡྷ་མ་ཎི། ཧ་ཡ་གྲཱི་བ། བཛྲ་བཱ་ར་ཧི། ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ། ཕེཾ་ཕེཾ། ཛཿཧཱུྃ་བཾ་ཧོཿ ཞེས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པའི་མོས་པ་མཛོད། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭཱ་ཧཱ། ཞེས་དང་རྩ་སྔགས་རྟེན་སྙིང་གིས་བསྔགས་པའི་མེ་ཏོག་འཐོར་ལ་རབ་ཏུ་གནས། དབང་དོན་དངོས་གཞིའི་ཡེ་ཤེས་བརྟན་ཅིང་གོང་འཕེལ་བྱ་བའི་སླད་དུ་བརྡ་དོན་མཚོན་རྫས་དབང་རྣམས་རིམ་པར་བསྐུར་བ་ལ། བུམ་པ་རང་བྱུང་འོད་གསལ་གྱི་གཞལ་ཡས་ཁང་དུ་བུམ་བཅུད་གདོད་ནས་ཡོངས་གྲུབ་རྩ་གསུམ་དཀྱིལ་འཁོར་དངོས་སུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་སྒྲིབ་པ་བཞི་དག །དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་མོས་པ་མཛོད་ཅིག །ཨོཾ་ཧཱུྃ། བུམ་པ་གཞལ་ཡས་ཁང་གི་ནང༔ བུམ་རྫས་རྩ་གསུམ་ལྷ་ཚོགས་གསལ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེས་བུམ་དབང་ལུས་ལ་བསྐུར་པས་བསྐྱེད་རིམ་སྐུའི་དབང་ཐོབ་ཅིང་། ལུས་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་པས། སྣང་བ་སྐུའི་ཁྱེར་སོ་དང་མི་འབྲལ་བའི་དམ་ཚིག་ལ་གནས་པར་མཛོད་ཅིག །བྷཉྫ་རང་བྱུང་པདྨའི་ཕོ་བྲང་དུ་རྩ་གསུམ་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས་སུ་ཞུ་བ་མགྲིན་པ་ནས་བརྒྱུད་དེ་འཕེལ། རྩ་རླུང་ཐིག་ལེ་ཀུན་ལ་ཁྱབ་པས་སྒྲིབ་བྲལ་ཡེ་ཤེས་སྣང་སྟོང་གྲགས་སྟོང་བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ་ཨཱ༔ དུས་གསུམ་དོན་མཛད་རྩ་གསུམ་ལྷ་ཚོགས་སྐུ༔ དད་མོས་ཅན་ལ་བྱིན་རླབས་མངོན་སུམ་འབྱུང༔ དག་ཅིང་གསལ་ལ་སྒྲིབ་བྲལ་སྣང་སྟོང་འཆར༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ ཞེས་པས་ཐོད་པ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ནས། དེས་གསང་དབང་ངག་ལ་བསྐུར་པས་རྫོགས་རིམ་གསུང་གི་དབང་ཐོབ་སྟེ་ངག་ལོངས་སྐུ་འགྲུབ་པའི་ས་བོན་ཐེབས་པས་གྲགས་པ་གསུང་གི་ཁྱེར་སོའི་དམ་ཚིག་ལ་གནས་པར་མཛད་འཚལ། རྡོ་རྗེ་ཐབས་བདེ་བ་ཆེན་པོ་སྤྲུལ་པའི་སྐུ་དང་། དྲིལ་བུ་ཤེས་རབ་སྟོང་པ་ཉིད་ཆོས་ཀྱི་སྐུ །དབྱེར་མེད་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་བརྡས་མཚོན་ཏེ་ངེས་པའི་དོན་རྟོགས་པར་གྱིས་ཤིག །ཧོ༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང༔ རྩ་གསུམ་ལྷ་ཚོགས་རིགས་རྣམས་ཀུན་གྱི་བདག༔ དུག་གསུམ་དག་ནས་སྐུ་གསུམ་ལྷུན་གྱིས་གྲུབ༔ སྐལ་ལྡན་བུ་མཆོག་ཁྱེད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོར་དྲིལ་སྙིང་གར་བཞག་ཅིང་ལག་ཏུ་གཏད་དོ། །དེས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་མཆོག་སེམས་ལ་བསྐུར་པས་བསྐྱེད་རྫོགས་ཟུང་འཇུག་ཐུགས་ཀྱི་དབང་ཐོབ་སྟེ། ཡིད་ཆོས་སྐུར་གྲོལ་བའི་ས་བོན་རྒྱུད་ལ་ཐེབས་པ་ཡིན་པས། དྲན་རྟོག་ཐུགས་ཀྱི་ཁྱེར་སོའི་དམ་ཚིག་ལས་མི་འདའ་བར་མཛད་འཚལ། ཁྱེད་རང་རྣམས་ཀྱི་ལུས་སྣང་ལྷ་སྐུ་གསལ་ལ་རྟོག་མེད། ངག་རླུང་གཞོམ་མེད་ནཱ་དའི་རང་སྒྲ །འགྱུ་དྲན་རང་གྲོལ་ཀ་དག་གི་ཡེ་ཤེས་སུ་ཤེས་ནས་ལམ་དུ་ཁྱེར་བར་མཛོད་ཅིག །ཧོ༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་ཆ་མ་འགགས་ལྷ་སྔགས་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ རྩ་བའི་སྙིང་པོའི་རྗེས་ཟློས་ལན་གསུམ་མཛད་པ་ཞུ། ཕྲེང་བ་སྤེལ་ལ་སྙིང་པོ་དང་དབྱངས་གསལ་དང་རྟེན་སྙིང་རྣམས་ཀྱི་རྗེས་ཟློས་བྱར་གཞུག །སྙིང་པོ་སྔགས་དབང་མ་ཐོབ་པར་བསྙེན་སྒྲུབ་བཟླས་བརྗོད་ལ་མི་དབང་ཞིང་། བྱས་ཀྱང་འབྲས་བུ་མི་འབྱུང་ལ། སྔགས་དབང་ངག་ལ་ཐོབ་ཕྱིན་ཆད་བཟླས་པ་སྔགས་ཀྱི་ནུས་པ་བདེ་བླག་ཏུ་འབྱུང་ཞིང་ལྷ་མྱུར་དུ་འགྲུབ་པར་འགྱུར་བས་ན་དུས་རྟག་ཏུ་ཡི་དམ་རྩ་བ་གསུམ་གྱི་བསྙེན་སྒྲུབ་ལ་འབད་པར་ཞུ། ཐབས་ཤེས་ཡབ་ཡུམ་མཚོན་པའི་ཕྱག་མཚན་གྱིས་དབང་བསྐུར་བས། དཔའ་བོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་ལུས་དང་གྲིབ་མ་ལྟར་འཁོར་ཞིང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་གྱུར་པའི་མོས་པ་མཛོད། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་འབྱུང་བའི་ཐོད་ཁྲག་འདི༔ མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་ལག་པ་གཡས་སུ་ཌཱ་མ་རུ་དང་གཡོན་དུ་ཐོད་ཁྲག་གཏད་ལ། དེང་ཕྱིན་ཆད་དམ་ཚིག་ལ་ཉེས་ལྟུང་མེད་པ་དང་། དུས་བཟང་རྣམས་སུ་ཚོགས་གཏོར་གྱི་མཆོད་པ་ལ་བརྩོན་དགོས་པ་ལགས། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་ཅན་དུ་བསྐུར་པས་རྩ་གསུམ་ཡོངས་རྫོགས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པའི་སྐལ་པ་ཅན་དུ་བྱས་པའོ། །གཏོར་མ་འདི་ཉིད་རྩ་གསུམ་རྒྱལ་བ་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུའི་སྐུ་སྣང་ལ་རང་བཞིན་མེད་པ་དངོས་སུ་གསལ་བ་ལ། ཁྱེད་རང་རྣམས་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་ཀྱི་ཤུགས་བསྐྱེད་དེ་གསོལ་བ་འདེབས་པ་ལྷན་ཅིག་ཏུ་མཛད་པ་ཞུ། ལས་རྡོར་གྱིས་སྤོས་དང་དབང་གཏོར་ཐོགས། སློབ་དཔོན་གྱི་དབྱངས་སྙན་ཌཱ་དྲིལ་བཅས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ༔ སྐལ་ལྡན་བྱིན་རློབས་དབང་བསྐུར་སྩོལ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ༴ སྐལ་ལྡན་བྱིན་རློབས༴ འགྲེ། སྤྲུལ་སྐུ་རྟ་ཕག་ཡབ་ཡུམ་ལ་གསོལ༴ སྐལ་ལྡན་བྱིན་རློབས༴ རིག་འཛིན་ཧཱུྃ་ནག་མེ་འབར་ལ་གསོལ༴ སྐལ་ལྡན་བྱིན་རློབས༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ༴ སྐལ་ལྡན་བྱིན་རློབས༴ ཀུན་འདུས་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་སོ༔ སྐལ་ལྡན་བྱིན་རློབས་དབང་བསྐུར་སྩོལ༔ ཅེས་གསོལ་བ་བཏབ་ནས། གཏོར་མ་གུ་རུ་ཡིད་བཞིན་ནོར་བུ་དང་ཐ་མི་དད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། གུ་རུ་ཉིད་འོད་ཕུང་དུ་ལྟེམས་ཀྱིས་ཞུ་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་ཐིམ་པའི་མོས་པ་རྩེ་གཅིག་མཛད་པར་ཞུ། ཨོཾ་ཨཱཿཧཱུྃ༔ འགྲོ་བ་འདྲེན་མཛད་འོད་འབར་ཐོད་ཕྲེང་རྩལ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་འདྲེན༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་དམ་དགོངས་པ་དད་ཅན་རྣམས་ལ་འབེབ༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ འཆི་མེད་སྐུ་ཡི་དབང་མཆོག་བསྩལ་དུ་གསོལ༔ འགག་མེད་གསུང་གི་དབང་མཆོག་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ མི་བརྗེད་གཟུངས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ འདོད་འབྱུང་ནོར་བུའི་དབང་མཆོག་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་གཏོར་དབང་བསྐུར་ཞིང་རོལ་མོ་བསྒྲག །མེ་ཏོག་གི་ཆར་དབབ་བོ། །དེ་ལྟར་དབང་རྫས་སྤྱི་བོར་ཞུགས་པས་བུམ་དབང་ཐོབ། ལུས་སྒྲིབ་དག །བདེ་གཤེགས་སྐུའི་རྡོ་རྗེ་འགྲུབ། ལུས་ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། མགྲིན་པར་ཞུགས་པས་གསང་དབང་ཐོབ། ངག་སྒྲིབ་དག །བདེ་གཤེགས་གསུང་གི་རྡོ་རྗེ་འགྲུབ། ངག་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། སྙིང་གར་ཞུགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །བདེ་གཤེགས་ཐུགས་ཀྱི་རྡོ་རྗེ་འགྲུབ། རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལྟེ་བར་ཞུགས་པས་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །བསྐྱེད་རྫོགས་གཉིས་མེད་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པ་ཡིན་པས་དེ་ལྟར་ངེས་ཤེས་བསྐྱེད་མཛོད། དེ་ནས་དབང་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་རིག་པ་རྩལ་གྱི་དབང་ངམ། དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་བ་སྟེ། འདི་ནི་ཀུན་རྫོབ་རྫས་ཀྱི་དབང་ལ་ལྟོས་མ་དགོས་པ་རང་བྱུང་ཡེ་ཤེས་རང་ངོ་སྤྲོད་པའི་དབང་ཡིན་པས་ན། ཁྱེད་རང་རྣམས་ཀྱང་ལུས་གནད་ལྟ་སྟངས་དང་ལྡན་པའི་ངང་ནས་སེམས་འདི་ཉིད་སྔར་འདས་ཀྱི་རྗེས་སུ་མི་འབྲངས་ཤིང་མ་འོངས་པའི་སྔོན་བསུ་མི་བྱེད། ད་ལྟའི་རིག་པ་དགག་སྒྲུབ་བཟོ་བཅོས་མི་བྱ་བར། རང་གསལ་རྗེན་པའི་ངང་དུ་འཇོག་པར་མཛོད་ཅིག །ཕཊ། ཅེས་བརྗོད་པས་སློབ་མ་འགྱུ་རྟོག་གི་བར་མཚམས་ཆོད་ནས་ཤེས་པ་གསལ་དྭངས་རྗེན་པར་འཆར་བ་དེ་ལ་འདི་ལྟར་ངོ་སྤྲོད་པར་བྱའོ། །ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །ཕྱི་གཟུགས་བརྙན་དུ་སྣང་བའི་རྩ་བ་གསུམ་ནི་མཚོན་བྱེད་ཀྱི་བརྡ་དང་དཔེར་བསྟན་པ་ཡིན་ལ། ནང་རང་གི་སེམས་སྟོང་གསལ་ཟུང་དུ་འཇུག་པ་ཉིད་མཚོན་བྱ་དོན་གྱི་རྩ་བ་གསུམ་ཡིན་ཏེ། དེའང་སེམས་ཉིད་ཀ་དག་འདུས་མ་བྱས་པའི་ངོ་བོ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི་བྱིན་རླབས་ཀྱི་རྩ་བ་བླ་མ། དེའི་རང་མདངས་འོད་གསལ་སྒྲིབ་གཡོགས་མེད་པ་ཆོས་ཐམས་ཅད་གསལ་ལ་ངོས་བཟུང་དང་བྲལ་བ་ནི་དངོས་གྲུབ་ཀྱི་རྩ་བ་ཡི་དམ། སྟོང་གསལ་ཟུང་འཇུག་གི་རང་རྩལ་རྣམ་པར་རྟོག་པའི་གཟུགས་བརྙན་ཅིའང་སྣང་ཞིང་གང་ཡང་འཆར་བ་ནི་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ། གསུམ་ཀ་དོན་ལ་ཐ་དད་དུ་གྲུབ་པ་མེད་ཅིང་གཞན་ལས་མ་བྱུང་མ་སྐྱེས་པར་རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་རྫོགས་པ་ཡིན་པའི་ཕྱིར། རང་སེམས་རང་ངོ་ཤེས་པའི་ཚེ་དོན་དམ་པའི་རྩ་བ་གསུམ་གྱི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པ་ཡིན་པས། དབང་དོན་མཐར་ཐུག་པ་འདི་ཉིད་དང་པོར་ཐོས་པས་གོ །བར་དུ་ཉམས་སུ་མྱོང་། མཐར་རྟོགས་པའི་ཡེ་ཤེས་རང་ཞལ་མཇལ་བ་ལ་བརྩོན་པར་མཛོད་ཅིག །བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་ནམ་མཁའ་གང་བའི་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་བདེན་ཚིག་བརྗོད་པས། དབང་དོན་གྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད། སྐྱེས་པ་བརྟན་ཅིང་ཉམས་མེད་གོང་དུ་འཕེལ་བའི་མོས་པ་མཛོད། རྟེན་སྙིང་བཟླས་པའི་འབྲུ་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་རྣམས་ཀྱིས་སྤྲུལ་པའི་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་འཇའ་ཚོན་སྙིང་པོའི་ཟབ་གཏེར་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་བརྗོད་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་མཆོད་སྐོང་བཤགས་རྗེས་འབྲེལ་བཅས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད་ནོངས་བཤགས་ཕུལ། གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་རང་གཞུང་དང་སྤྱི་མཐུན་རྒྱས་པར་བྱའོ། །སྣང་བ་ཡི་དམ་ལྷ་ཡིས་གྲུབ་གཉིས་སྟེར། །སྟོང་ཉིད་ཁྱབ་བདག་བླ་མས་བྱིན་རླབས་སྩོལ། །ཟུང་འཇུག་མཁའ་འགྲོས་ལས་བཞི་ལྷུན་གྱིས་གྲུབ། །འཕྲལ་དང་ཡུན་དུ་དགེ་ལེགས་དཔལ་འབར་ཤོག །ཅེས་ཁྱེར་བདེའི་སླད་དུ་འཇའ་ཚོན་སྙིང་པོའི་ཟབ་གཏེར་ཆོས་བཀའ་མཐའ་དག་གི་སྨིན་གྲོལ་གདམས་པའི་བཀའ་བབས་ཐོབ་པ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

བླ་མ་དྲག་པོའི་སྒྲུབ་ཐབས་ཁྱེར་བདེ་ (Volume 13, Text 20)

༄༅། །བླ་མ་དྲག་པོའི་སྒྲུབ་ཐབས་ཁྱེར་བདེ་བཞུགས་སོ། ། ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར། །དྲག་པོའི་སྐུར་སྟོན་བླ་མ་ལ། །ཕྱག་བྱས་དེ་ཡི་སྒྲུབ་པའི་བཅུད། །སྙིང་པོའི་ཡང་གསང་དྲིལ་བར་བྱ། །རྣལ་འབྱོར་གྱི་ཡོ་བྱད་རྣམས་ཚང་བར་བཤམས་ནས། བདེ་བའི་སྟན་ལ་འདུག་སྟེ། ཧཱུྃ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ མཁའ་མཉམ་འགྲོ་བ་མ་ལུས་པ༔ སྲིད་པའི་མཚོ་ལས་ཡོངས་བསྒྲལ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཧཱུྃ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྟོང་ཉིད་མཐའ་བྲལ་ནམ་མཁའི་དབྱིངས། །དེ་ལས་འགག་མེད་སྙིང་རྗེའི་རྩལ། །ཀུན་ཁྱབ་མཁའ་ལ་འཇའ་ཤར་ལྟར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རང་རིག་འགྱུར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་དབུས། །སྡེ་བརྒྱད་པད་ཉི་སྲིན་པོའི་སྟེང་། །རང་རིག་ཧཱུྃ་མཚན་རྡོ་རྗེར་གྱུར། །དེ་ཉིད་ཡོངས་གྱུར་ཁྲོ་བོའི་རྒྱལ། །འཇིགས་བྱེད་དྲག་པོ་ཐོད་ཕྲེང་རྩལ། །ཞལ་གཅིག་ཕྱག་གཉིས་རྔམ་བརྗིད་གཟུགས། །དམར་ནག་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །དམར་ཟླུམ་སྤྱན་གསུམ་སྡང་མིག་གཡོ། །ཕྱག་གཡས་གསེར་གྱི་རྡོ་རྗེ་འཕྱར། །གཡོན་པས་གནམ་ལྕགས་ཕུར་བུ་གཟིར། །སྡིགས་མཛུབ་ལྕགས་སྡིག་སྤྲུལ་པ་འགྱེད། །དུར་ཁྲོད་འབར་བའི་ཆས་ཀྱིས་སྤྲས། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །མཐིང་ནག་གྲི་ཐོད་འཛིན་དང་སྦྱོར། །ཐུགས་ཀར་པད་འབྱུང་ཡེ་ཤེས་སེམས། །དེ་ནང་རྡོ་རྗེ་ཧཱུྃ་གིས་མཚན། །སྤྱི་བོར་བྱ་ཁྱུང་རིགས་བདག་བཞུགས། །མཐའ་སྐོར་འདབ་བཞིར་མཁའ་འགྲོ་བཞི། །རྩིབས་བཞིར་གསང་བདག་གཤིན་རྗེ་གཤེད། །རྟ་མགྲིན་མེ་དབལ་རྔམ་བརྗིད་ཚུལ། །ཀུན་ཀྱང་བསྐལ་མེ་འབར་བའི་ཀློང་། ཁྲག་འཐུང་འདུས་པའི་ངོ་བོར་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ། ཨོ་རྒྱན་ཡུལ་དང་རྔ་ཡབ་གླིང་། །ལངྐ་དཔལ་གྱི་ཕོ་བྲང་ནས། །ཆེ་མཆོག་པདྨ་དྲག་པོའི་ཚོགས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཧཱུྃ། མེ་ཏོག་ལ་སོགས་ཕྱི་མཆོད་དང་། །འདོད་ཡོན་སྣ་ལྔ་ནང་གི་རྫས། །བདེ་སྟོང་སྨན་རཀ་གཏོར་མ་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སརྦ་མ་ཧཱ་པཱུ་ཛ་ཧོཿ ཧཱུྃ། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར། །བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ །སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ། །མཁའ་ལྟར་ཀུན་ཁྱབ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །འོད་འཕྲོས་སྟོང་གསུམ་འཇིག་རྟེན་གང་། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །དྲེགས་པ་ཚར་བཅད་ནུས་མཐུ་འཕྲོག །བདག་ཐིམ་ཆེ་བཙན་ཟླ་བྲལ་གྱུར། །གསང་སྔགས་རྒྱལ་པོ་འདི་ཉིད་བཟླ། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ། བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས། འོད་འཕྲོས་སྣང་སྲིད་ཧཱུྃ་གིས་གང་། །ཐམས་ཅད་དྲག་པོའི་ངར་སྒྲ་སྒྲོག །མ་དག་དངོས་འཛིན་ཐམས་ཅད་སྦྱངས། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་པའང་བཟླའོ། །ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་རྡོ་རྗེ་སྲིན་པོར་ཤར། །འགག་པ་ཉིད་ན་འགག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་གོ །སླར་ཡང་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ཏེ་སྤྱོད་ལམ་ལ་འཇུག་གོ །ཚུལ་འདི་ཐེག་མཆོག་རྫོགས་ཆེན་སྙིང་པོའི་དོན། །ཇི་བཞིན་རྟོགས་ནས་གཞན་དོན་ཕྲིན་ལས་ཅན། །གྲུབ་པའི་རིག་འཛིན་ཀློང་ཡངས་འོད་གསལ་གྱིས། །འགག་མེད་ཆུ་ནང་ཟླ་བཞིན་བསྐྱེད་རྫོགས་ཀྱིས། །རང་ཉིད་འགལ་རྐྱེན་མི་མཐུན་གཡུལ་ངོ་ལས། །སྐྱོབ་ཕྱིར་ཚུལ་འདིའི་སྲུང་འཁོར་ར་བ་ལ། །བརྩོན་པའི་རྡོ་རྗེའི་རི་མོ་གསལ་བ་ན། །འགྱུར་མེད་རྡོ་རྗེས་གཏེར་ཚིག་ཁྲིགས་སུ་བསྡེབས། །མངྒ་ལཾ།། །།

ཕུད་རབས་རྒྱས་པའི་སྦྱོར་རྗེས་ཀྱི་ངག་འདོན་ཉུང་ངུར་བསྡུས་པ་ (Volume 43, Text 20)

ཕུད་རབས་རྒྱས་པའི་སྦྱོར་རྗེས་ཀྱི་ངག་འདོན་ཉུང་ངུར་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། ཕུད་རབས་རྒྱས་པའི་སྦྱོར་བ་ཡོ་བྱད་ཀྱི་བཤམ་གཞུང་ལྟར་འདུ་བྱས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སེམས་བྱ། བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་། གཡོན་པད་མ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྐུར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བཟླ། གནས་དང་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ། རཾ་ལས་མེ་འབར་བས་མཆོད་རྫས་སོ་སོའི་འབགས་བཙོག་དང་སེར་སྣ་ལ་སོགས་པའི་མ་དག་པ་ཐམས་ཅད་བསྲེགས། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། སྟོང་པའི་ངང་ལས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་གི་བཀོད་པ་ཚད་མེད་པ་དང་། གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། ཡོ་བྱད་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་འདོད་དགུའི་ལོངས་སྤྱོད། བྱེད་ལས་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། དེ་ནས་མགྲོན་སྤྱན་དྲང་བ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནང་བར་བསམ་སྟེ། སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲང་བ་ནི། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བཾ། བཛྲ་ས་མ་ཡ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཞིང་ཁམས་རྒྱ་མཚོའི་འཁོར་འདས་ཀྱི་མགྲོན་རིགས་ཐམས་ཅད་བྱོན་ནས་ནམ་མཁའ། བར་སྣང་། ས་གཞི་ཀུན་ཏུ་སོ་སོའི་གདན་ལ་དགྱེས་བཞིན་བཞུགས་པར་གྱུར། སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། ཨོཾ། བསོད་ནམས་རིན་ཆེན་གླིང་འདིར་གཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་གྱུར་པ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆག་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད།། ࿊ དེ་ནས་བྱེ་བྲག་ཏུ་དངོས་གཞི་ཕུད་ཀྱི་མཆོད་པ་ནི། ཧོ། ཆོས་སྐུ་མཉམ་པ་ཆེན་པོའི་སོགས་ནས་ལྷག་མའི་བར་གཞུང་ལྟར་གཏང་། ࿊ རྗེས་སུ་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཁོར་འདས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །ཆོས་སྦྱིན་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། གཙོ་བོ་ནུས་པ་མ་མཆིས་དང་། །མ་རྙེད་ཡོངས་སུ་མ་ཚང་བས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ སརྦ་ལོ་ཀ་གཙྪ། བསྔོ་སྨོན་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་པར་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པར་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་པར་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག །བཀྲ་ཤིས་ནི། ཨོཾ་ཡེ་དྷརྨཱ་སོགས་དང་། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབ་པ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་པར་འཁྲོལ་བས་དགེ་ལེགས་སུ་བྱའོ། །མངྒ་ལཾ།། །།

ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ མ་སྒོམ་སངས་རྒྱས་འཕོ་བའི་མྱུར་ལམ་ (Volume 57, Text 20)

༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ མ་སྒོམ་སངས་རྒྱས་འཕོ་བའི་མྱུར་ལམ་བཞུགས་སོ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ མ་སྒོམ་སངས་རྒྱས་འཕོ་བའི་མྱུར་ལམ་ནི༔ ཧྲཱི༔ བདག་ཉིད་ཨ་འཐས་འཁྲུལ་པའི་ཕུང་པོ་འདི༔ ཐུགས་ཆེན་སྤྱན་རས་གཟིགས་དབང་ལྷར་བསྒོམས་པའི༔ སྙིང་གི་ཡར་གནས་ཡེ་ཤེས་དབུ་མའི་ལམ༔ སྤྱི་གཙུག་བདེ་བ་ཆེན་པོའི་རྒྱ་མཐོངས་ཁར༔ འདྲེན་མཆོག་སངས་རྒྱས་སྣང་བ་མཐའ་ཡས་དང༔ སངས་རྒྱས་བྱང་སེམས་ཐུགས་རྗེ་བརྩེ་བས་རོལ༔ སྙིང་གི་པདྨ་འདབ་བརྒྱད་གྱེས་པའི་དབུས༔ རྣམ་པར་ཤེས་པ་མ་སར་སྒོ་ང་ལྟར༔ ལིང་ལིང་འཕར་བའི་ཟེར་མདངས་ཡར་འཕྲོས་པས༔ སྣང་བ་མཐའ་ཡས་ཐུགས་དང་གཉིས་སུ་མེད༔ ཨཿཕཊ༔ ཨཿཕཊ༔ ཧྲཱི༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ན༔ སྣང་བ་མཐའ་ཡས་ཐུགས་རྗེའི་བདག་ཉིད་ལ༔ བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་དྲུང་དུ་འཕོ་བར་ཤོག༔ ཨཿཕཊ༔ ཨཿཕཊ༔ འཕགས་མཆོག་རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ བདག་སོགས་དད་པའི་ཤུགས་ཀྱི་རྒྱུད་འབྲེལ་ནས༔ སྐད་ཅིག་ཙམ་གྱིས་གཉིས་མེད་གཅིག་གྱུར་ཏེ༔ བདེ་བ་ཅན་དུ་བགྲོད་པར་བྱིན་གྱིས་རློབས༔ ཨཿཕཊ༔ ཨཿཕཊ༔ གནས་མཆོག་རི་བོ་ཏ་ལའི་ཕོ་བྲང་ན༔ སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་ལ༔ བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནང་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ སྤྱན་རས་གཟིགས་དབང་དྲུང་དུ་འཕོ་བར་ཤོག༔ ཨཿཕཊ༔ ཨཿཕཊ༔ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་ཐུགས་རྗེའི་བདག་ཉིད་ལ༔ བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནང་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ པདྨ་འབྱུང་གནས་དྲུང་དུ་འཕོ་བར་ཤོག༔ ཨཿཕཊ༔ ཨཿཕཊ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ དྲིན་ཆེན་བླ་མ་ཐུགས་རྗེའི་བདག་ཉིད་ལ། བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ རྩ་བའི་བླ་མའི་དྲུང་དུ་འཕོ་བར་ཤོག༔ ཨཿཕཊ༔ ཨཿཕཊ༔ ༈ ཡང་ཡང་སྦྱངས་པས་རྟགས་མཚན་མྱུར་དུ་འབྱུང༔ ལས་ལ་སྦྱོར་བ་གཞན་ལ་གདབ་པ་ནི༔ བདག་ཉིད་ལྷར་གསལ་བླ་མའི་ཐུགས་ཀ་ནས༔ ཐུགས་རྗེའི་ཟེར་ལྡན་ཧཱུྃ་གི་ཚོགས་སྤྲོས་ནས༔ རིགས་དྲུག་འཁོར་བར་འཁྱམས་པའི་སྒོ་ངན་བཅད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ སྒོ་མཆོག་ཐར་པའི་ཚངས་ལམ་ཕྱེས་ཀྱི་ཉོན༔ ཚེ་འདས་ཨ་འཐས་འཁྲུལ་པའི་ཕུང་པོ་འདི༔ ཐུགས་ཆེན་སྤྱན་རས་གཟིགས་དབང་ལྷར་བསྒོམས་པའི༔ དེ་སོགས་གོང་གི་བསྐྱེད་པ་འདི་ལ་བྱེད༔ ཚེ་འདས་གྲིབ་ཅན་རྣམས་ལ་ཐོག་མར་རུ༔ སྒྲིབ་སྦྱོང་ཁྲུས་ཀྱི་ལས་རྣམས་རྫོགས་པར་བྱ༔ གང་ཟག་ཡིན་ན་རྣམ་ཤེས་རང་ལ་བསྟིམ༔ རང་དང་དབྱེར་མེད་ཡེ་ཤེས་ལྷ་ལ་བསྟིམ༔ ཕལ་པ་ཡིན་ན་རོ་ཡི་སྤྱི་བོ་རུ༔ སངས་རྒྱས་སྣང་བ་མཐའ་ཡས་སྒོམ་ལ་འཕོ༔ དེ་ལྟར་རང་དང་གཞན་གྱི་དོན་ཆེད་དུ༔ ནན་ནས་ནན་དུ་ཡང་ཡང་སྦྱང་བ་གཅེས༔ འདི་ནི་མཆོག་གསང་རྒྱལ་བའི་ཡང་རབ་སྟེ༔ འགྲོ་བའི་དོན་ཀུན་འབད་མེད་འབྱུང་བ་ཡིན༔ གྲོང་ངམ་ཕྱོགས་སུ་འཆི་བའི་སྒྲ་ཐོས་ཚེ༔ ཁང་པའམ་ནི་ཡང་ན་གྲོང་དེ་དང༔ ཚེ་འདས་དེ་ལ་རིག་པ་རྩེ་གཅིག་ཏུ༔ མ་ཡེངས་གཏད་པས་འཕོ་བའི་དམིགས་རིམ་སྒོམ༔ ཕན་པའི་རླབས་ཆེན་མཆོག་གསང་འདི་ཡིས་འབྱུང༔ འདི་ལྟར་མཆོག་གསང་རྒྱལ་བའི་ནོར་བུ་འདི༔ རྙེད་ནས་ཡལ་བར་མ་དོར་དོན་ཆེན་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ཀློང་གསལ་སྙིང་པོས་དག་པར་ཕབ་པའོ། །སརྦ་མངྒ་ལཾ། དགེའོ།། ༈ ཀཿཐོག་རྡོ་རྗེ་གདན་གྱི་ཕོ་བྲང་ན། །ཀློང་གསལ་སྙིང་པོ་ཐུགས་རྗེའི་བདག་ཉིད་ལ། །བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནང་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ རྩ་བའི་བླ་མའི་དྲུང་དུ་འཕོ་བར་ཤོག༔ ཨཿཕཊ༔ ཨཿཕཊ༔ སྣང་སྲིད་དག་པ་ལྷ་ཡི་གཞལ་ཡས་སུ། །ཀུན་བཟང་ཁྱབ་བརྡལ་ཐུགས་རྗེའི་བདག་ཉིད་ལ། །བཟོད་མེད་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔ མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས༔ རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔ རྩ་བའི་བླ་མའི་དྲུང་དུ་འཕོ་བར་ཤོག༔ འདི་ཡི་བླ་རྒྱུད་གཉིས་གོང་མ་རྣམས་ཀྱི་ཞལ་རྒྱུན་ལྟར་བྲིས་པའོ། །སརྦ་མངྒ་ལཾ། ཤུ་བྷཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བཀའ་སྲུང་ནག་མོའི་རྒྱུད་ (Volume 38, Text 20)

༄༅། །བཀའ་སྲུང་ནག་མོའི་རྒྱུད་བཞུགས་སོ། ། རྒྱ་གར་སྐད་དུ། མ་མོ་ཨེ་ཀ་ཙཱ་ཏི་ཙིཏྟ་ཐུན་ཏནྟྲ་གུ་ཧྱ་ནཱ་མ། བོད་སྐད་དུ། མ་མོ་རལ་གཅིག་མའི་སྙིང་ཐུན་གསང་བའི་རྒྱུད་ཅེས་བྱ་བ། དཔལ་མངོན་རྫོགས་ཀྱི་རྒྱལ་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཇིགས་བྱེད་ཆེན་པོ་དེ། གསང་ཆེན་ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ན། མ་མོ་སྟོང་རྩ་བརྒྱད་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མཁའ་འགྲོ་མ་ཡེ་ཤེས་དང་ལས་ལ་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་བརྩོན་པ། ཁམས་གསུམ་གྱི་སྲོག་བདག་མོ། སྲིད་པ་གསུམ་ལ་དབང་བསྒྱུར་པ། སྔགས་ཀྱི་དམོད་པའི་མཚོན་ཆ་ཅན། དེ་རྣམས་ཀྱི་གཙོ་མོ་ནི་འདི་ལྟ་སྟེ། དཔལ་ཆེན་ཨེ་ཀ་ཙཱ་ཏི་རལ་གཅིག་མ་ཞེས་བྱ་བ། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱི་རྗེ་མོ། བདུད་དང་སྲིན་མོ་འདུལ་བར་མཛད་པ། རྣལ་འབྱོར་ཡོངས་ཀྱི་སྲུང་མ་མོ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་སྔགས་ཀྱི་བདག་མོ། གསང་སྔགས་གཉན་གྱི་སྲུང་མ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་ན་བམ་ཆེན་གྱི་ཙིཏྟ་བསྣམས་པ། གཡོན་ན་གཡུའི་སྤྱང་མོ་བསྣམས་པ། རལ་པ་ནག་པོས་ས་གཞི་ཁེབས་པ། གཡུའི་རལ་གཅིག་འོད་དུ་འབར་བ། སྐུ་དང་རལ་པའི་གསེབ་ནས་གཡུའི་སྤྱང་མོ་དགུ་འབུམ་འཕྲོ་བ། ཐོད་པ་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཞལ་ནས་ཁྲག་དང་ཞག་འཛག་པ། ཞིང་ཆེན་གྱི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་བརྐྱང་བསྐུམ་གྱིས་ཕུང་བྱེད་སྦས་པའི་མ་བཞི་མནན་པ་ནི་འདི་ལྟ་སྟེ། ཁྲམ་ཁ་སྟོང་གི་དབང་མོ་ཆེ་དང་། རྒྱ་མཚོ་གླིང་གི་དབང་མོ་ཆེ་དང་། ཐེག་ཆེན་ས་གཞིའི་དབང་མོ་ཆེ་དང་། རི་རབ་གླིང་བཞིའི་དབང་མོ་ཆེ་རྣམས་བརྫིས་ནས་མནན་པའོ། །ཡུམ་གྱི་འཁོར་མ་མོ་སྟོང་རྩ་བརྒྱད་འདི་ལྟ་སྟེ། སྲོག་གཅོད་པར་བྱེད་པའི་ལས་བྱེད་མ་བདུད་མོ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། མངག་ཅིང་གཞུག་པའི་ལས་བྱེད་ཕོ་ཉ་མ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། འཛིན་ཅིང་དགུག་པའི་ལས་བྱེད་ཉུ་ལེ་མ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། དབུགས་དང་མདངས་འཕྲོག་པར་བྱེད་པའི་ལས་བྱེད་དམན་ཕྲན་མ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་རྣམས་སོ། །སྙིང་ཐུན་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོ་འོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ལས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཕྱུང་སྟེ་མདུན་དུ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ཏེ། སྤྲུལ་པའི་མཆོད་པ་མང་པོ་དང་། རིན་པོ་ཆེ་རིན་ཐང་དཔག་ཏུ་མེད་པ་རྣམས་ཧེ་རུ་ཀ་ལ་གཏོར་ཞིང་མཆོད་པ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་འདས། །འགྲོ་བ་ཐུགས་རྗེས་སྒྲོལ་བའི་ཕྱིར། །བསྟན་པ་མཆོག་གི་གསང་བའི་རྒྱུད། །གསང་བ་སྔགས་སྲུང་ནག་མོ་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་དཔལ་ཆེ་མཆོག་གིས་བཀའ་བསྩལ་པ། ལེགས་སོ་གསང་བའི་བདག་པོ་ཁྱོད། །ངས་ནི་གསང་བའི་དབང་བསྐུར་ཞིང་། །སངས་རྒྱས་ཀུན་གྱི་གསང་ཆེན་པོ། །མ་མོ་འདུས་པའི་དྲག་སྔགས་དང་། །སྒྲོལ་བྱེད་སྙིང་ཐུན་གསང་བའི་རྒྱུད། ཁྱོད་ལ་ཡང་དག་བསྟན་པར་བྱ། །གླེང་བསླང་བའི་ལེའུ་སྟེ་གཉིས་པའོ། །དེ་ནས་ཡབ་གཅིག་མངོན་རྫོགས་རྒྱལ་པོ་ཡིས། །མ་མོའི་སྙིང་ཐུན་བཀའ་བསྩལ་པ། །སྙིང་ཐུན་བརྒྱ་དང་རྩ་བརྒྱད་ལས། །བསྡུས་པའི་གསང་བ་དམ་པ་ནི། །སྙིང་དང་འདྲ་བ་རྣམ་པ་བཞི། ཁྲག་ལས་སྙིང་དུ་བསྒྲུབ་པ་དང་། །སྙིང་ཁྲག་ཆོལ་བུར་བསྒྲུབ་པ་དང་། །སྙིང་གསུམ་མ་ཡི་བསྒྲུབ་པ་དང་། །སྙིང་གཅིག་མ་ཡི་བསྒྲུབ་པ་འོ། །དེ་ལ་སྙིང་གཅིག་བསྒྲུབ་པ་ནི། །དཀྱིལ་འཁོར་འབྲུབ་ཁུང་ཟུར་གསུམ་བཞེངས། །ཚད་ནི་ཁྲུ་གང་སོར་བཞིར་བརྩིགས། །ཞེང་དང་དཔངས་སུ་སོར་བཞི་བཏབ། །དང་པོ་རྡོ་རྗེ་ཕྲེང་བས་བསྐོར། །གཉིས་པ་ཁྲོ་བོའི་ཐོད་ཁྲོལ་དང་། །གསུམ་པ་མེ་རི་དམར་པོ་བཏང་། །གྲུ་གསུམ་སྟེང་དུ་བྲམ་ཟེ་ནྲྀ་ཛས་བརྒྱན། །མཐིང་ནག་སྟེང་དུ་རྒྱ་གྲམ་བྲི། །ཕུར་པ་བཞི་ནི་མ་མོ་བཞི་ཡི་རྫས། །ཐུན་གྱི་སྣོད་ནི་སྣེལ་གྲིའི་ཐོད་པའོ། །དཀྱིལ་འཁོར་ཏྲག་བྲི་ཐ་མར་སྲོག །མི་འམ་གང་ཡང་རུང་བའི་སྙིང་། །ནང་དུ་ལིང་ག་མིང་དང་རུས། །འཆི་རྐྱེན་བྲིས་ཏེ་སྔོན་དམར་དཀྲི། །མངལ་ཁྲག་ཁྱི་ཁྲག་སྙིང་ཁྲག་གིས། །ཐུན་གྱི་རྫས་དང་བཅས་ཏེ་སྦྱར། །སྐུད་པ་ཕུར་པ་དག་ལ་བརྟོད། །ལེ་བརྒན་དྲིལ་ཏེ་ཚོན་སྐུད་བཅིང་། །ཐལ་ཆེན་རྒྱས་གདབ་ནན་ཏན་བྱ། །མར་ཁུ་མེ་ལོང་དག་གི་ནང་། །མངར་གསུམ་བདུད་རྩི་དངོས་གྲུབ་རྫས། །མཐིང་ནག་གྲུ་གསུམ་གཡང་གཞི་ཡི། །བླ་བྲེ་ཟུར་གསུམ་བྲི་བར་བྱ། །བཅའ་གཞིའི་ལེའུ་སྟེ་གསུམ་པའོ། །དེ་ནས་བསྒོམ་པའི་རིམ་པ་ནི། །བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ། །མདུན་དུ་ཏྲག་ལས་མ་མོ་བསྐྱེད། །སྤྱན་དྲངས་བསྐྱེད་བསྟིམ་ཡང་ཡང་བྱ། །མ་བུའི་འདུ་ཤེས་ཉེར་བཞག་གམ། །བུ་ཡི་ཚུལ་དུ་བསྐྱེད་པར་བྱ། །སྲོག་ལ་དྲང་བའི་སྙིང་པོ་ནི། །མ་མ་ཞེས་པས་བཀྲ་ཤིས་ལ། །ཏྲག་དང་རག་ཅེས་སྲོག་ལ་དྲངས། །རག་ཤ་རག་ཤས་སྲིང་མོ་རྦད། །ཏྲིག་ཏྲིག་ཅེས་པས་སྲིང་མོ་འབོད། །དྷཱ་ཀི་དྷཱ་ཀིས་མཁའ་འགྲོ་འདུ། །ཏྲག་རག་ཤ་ཁ་མུན་ཏྲ་མུན་ཏྲ། ཨེ་ཀ་ཙཱ་ཏི་སྙིང་ཁ་རག་མོ་བྷྱོ། །མ་མོ་སྲོག་གི་ལེའུ་སྟེ་བཞི་པའོ། །དེ་ནས་རྦད་པ་བཤད་བྱ་སྟེ། །རྦད་པ་དགྲ་བོའི་སྙིང་ལ་རྦད། །མ་མ་ཞེས་པས་མ་མོ་རྦད། །ཏྲག་རག་ཤ་ཞེས་པས་སྲིང་མོ་རྦད། །དུན་དུན་ཅེས་པས་མཁའ་འགྲོ་རྦད། །རུ་རུ་ཞེས་པས་སྲིན་མོ་རྦད། །ཏྲག་རག་ཤ་ས་མ་ཡ། །དགྲ་བོའི་སྙིང་ལིང་རྦུད། །མཁའ་འགྲོ་མ་རྣམས་རྦད་པ་ཡིན། །དགྲ་བོ་མ་ལུས་བསད་པའི་སྔགས། །རུ་ཏྲ་རུ་ཏྲ་བདུད་མོ་འབོད། །བཾ་བྷྱོ་བཾ་བྷྱོ་ཕོ་ཉས་གསད། །མུག་སྣི་མུག་སྣི་ཉུ་ལེས་གསད། །ཚལ་པ་ཚལ་པ་དམན་མོས་གསད། །ཏྲག་རག་ཤ་དགྲ་བོ་ནྲྀ་མཱ་ར་ཡ་ཚལ་ལེན་རྦད། །གསད་པའི་སྔགས་ཀྱི་ལེའུ་སྟེ་ལྔ་པའོ། །དེ་ནས་ཐུན་སྔགས་བཤད་བྱ་བ། །མ་མོ་སྟོང་དང་རྩ་བརྒྱད་ཀྱི། །འབོད་རྦད་གསད་གསུམ་དངོས་གྲུབ་བླང་། །ཉེས་བྱེད་སྟེང་དུ་མཐོང་ཁུང་བཏོན། །དྲག་སྔགས་ཐམས་ཅད་དེ་རུ་བསྟིམ། །ལ་ལས་བརྟོད་ཅིང་ལ་ལས་ཟ། །ལ་ལས་རིམས་དང་ནད་རྣམས་འབེབ། །མ་མ་སྙིང་ཁ་རག །མ་མ་རག་ཤ །མ་མ་རག་ཤ །རག་མོ་སྙིང་ཁྲག་ལ་དུན་དུན་ཛ། ཏྲག་རག་ཤ་ཡ། སྙིང་ལ་ཧེ་ཀེཾ །མ་མ་རུ་ལུ་རུ་ལུ་བྷྱོ། ཁོང་དབུགས་ཕྲོལ་ཅིག །སྙིང་ཁྲག་ལ་ས་མ་ཡ་དམ་ཛ་ཛ༔ དགྲ་སྙིང་ཕྱུངས་ཤིག །མ་མ་སྙིང་ཙིཏྟ་ལ་ཐུན། སྙིང་ཁྲག་ལ་ཐུན། ཤི་ཏི་སྟམ་སྙིང་ས་མ་ཡ་བྷྱོ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། ས་མ་ཡ་དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད། མ་མ་དགྲ་སྙིང་ཙིཏྟ་ཛྭ་ལ་རཾ། །སྙིང་རྩ་ལ་ཐུམས་རི་ལི་ལི། མ་མ་མྱུར་ལས་མཛོད་ཅིག་བྷྱོ། མ་མོ་འབོད་སྔགས་བརྒྱ་བརྒྱ། སྙིང་ལ་རྦད་བརྒྱ་བརྒྱ་ཞེས་སོ། །སྙིང་ཐུན་དབབ་པའི་ལེའུ་སྟེ་དྲུག་པའོ། །དེ་ནས་ཕུར་པ་གདབ་པའི་སྔགས། །ལས་ཀྱི་གསང་སྔགས་བཤད་པར་བྱ། ཨོཾ་བཛྲ་ད་ར་ལིབ། བཛྲ་སྙིང་གོ་ཆོད་ཅིག །ཁ་ལ་ཛ་མུནྟ་ལོང་། དུན་ཏིང་དར་ཡ་རྦད། ཨོཾ་བཛྲ་ཙ་དུན་གྲི་དར་ཡ་རྦད། ཨོཾ་བཛྲ་ཙག་ཤུ་དར་ཡ། ཏི་ཏི་ཡ་བཛྲ་ཧཱུྃ་ཕཊ། རྦད་དུ་རྦད་དུ། རྦད་ཕུ་རྦད་ཕུ། དར་ཀ་ཡ་སྟིམ་བི་ཤི་ཏི་ས་ཡ་བཛྲ་ཧཱུྃ་ཕཊ། མ་བཞིའི་གསང་བ་དམ་པ་སྟེ། །མ་མོར་བསྒོམས་པའི་ཕུར་པ་ཡིས། །སྙིང་དང་ལིང་ག་བཅས་པར་བཏབ། །ཕུར་པས་གདབ་པའི་ལེའུ་སྟེ་བདུན་པའོ། །དེ་ནས་གསང་སྔགས་རབ་བཤད་པ། །སྙིང་ཁྲག་འཆོར་བུར་སྒྲུབ་པའི་ཐབས། །དཔལ་ཆེན་ཐུགས་ལས་གསང་ཕྱུང་མཛད། །མ་འོངས་རྡོ་རྗེ་འཛིན་པས་བསྟན། །དང་པོར་བསོད་ནམས་ཚོགས་བསགས་རབ་ཏུ་གཅེས། །རྫས་དང་ཡོ་བྱད་བསགས་ཤིང་སྒྲུབ་པ་ཡི། །གཟའ་སྐར་དྲག་ལ་གཏད་དེ་ཕྱི་ནང་བཅད། །བདག་ཉིད་ཆེ་མཆོག་ཏྲག་ལས་མ་མོར་བསྐྱེད། །ཞི་བ་རྒྱས་པ་དབང་དང་དྲག་པོ་ཡི། །སྐུ་རྟེན་བཙུགས་ཏེ་སྤྱན་དྲངས་མཆོད་བསྟོད་བྱ། །བླ་རྡོ་བཙལ་ཏེ་བྱང་ཕྱོགས་ཟླ་གམ་གྱི། ཁ་ལ་ཐོད་སྐྱོན་ནང་དུ་སྙིང་ཁྲག་བླུག །འཁོར་ལོ་བྲིས་ལ་བླ་རྡོར་གཞུག །ལེ་བརྒན་དྲིལ་ཏེ་སྟེང་ནས་རྒྱ་ཡིས་གདབ། །དར་ལ་མཐོངས་ཁུང་ཏྲག་སྔགས་དེ་རུ་བསྟིམ། །ལིང་ག་བརྒྱངས་ལ་སྐུ་རྟེན་དག་པ་བཏགས། ཁྲག་ཁོལ་རླངས་པ་བྱུང་ན་འགྲུབ་པའི་རྟགས། །ཙིཏྟ་དངོས་སུ་བྱུང་ན་དབང་བསྐུར་དགོངས་པ་བྱ། །དེ་ནས་ཕྱུངས་ལ་གྲུ་གསུམ་ནང་བཅུག་སྟེ། །སྔགས་པ་བྱང་བལྟས་ཕྱོགས་སུ་མདའ་ཐུན་བྱ། །དེ་སྟེང་ཕུར་པས་གདབ་ཅིང་མཚོན་ཆའི་ཆར་པ་དབབ། ཁྲག་ཐུན་ཕབ་ལ་བླ་རྡོ་བརྡུང་བར་བྱ། །རོ་རྣམས་བསྡུས་ཏེ་བྱང་ཤར་ཧོམ་དུ་བསྲེག །རྣམ་བཞིའི་སྟོབས་ཀྱིས་ཐལ་བ་ཧོམ་ཁུང་མནན། །ཡང་ན་ཁྱིམ་གྱི་བདག་མོ་ཉིད་ལ་གཏད། །ཐུན་ལམ་བསལ་ལ་ཁྲག་ཐུན་དགྲ་ལ་རྦད། །སྐུ་རྟེན་མཚོན་བསྟན་དགྲ་ལ་རྩེ་བསྟན་མནན། །དགྲ་ལ་རྟགས་བྱུང་དངོས་གྲུབ་བླངས་ཏེ་གཏང་རག་གཏང་། །གཙང་སར་སྦས་ཏེ་དེ་ལ་རྟག་པར་མཆོད། །ལས་ལ་ཕྱིས་ནས་སྦྱར་ཡང་ཐོད་པ་དེ་རུ་བྱ། །འགྲོ་བ་སྲོག་གི་སྤུ་གྲི་གསང་བདག་ཁྱོད་ལ་གཏད། །བཅའ་གཞི་བགྱིད་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་གསང་བ་དྲག་སྔགས་རྟག་ཏུ་བཟླས་པ་ནི། །སྤེལ་དང་སྤྱང་མོ་སྤེལ་ཚིག་ཐུན་གྱི་སྔགས་རྣམས་དང་། །སྙིང་སྔགས་འབོད་རྦད་གསད་པ་དྲག་པོའི་སྔགས། །ཤམ་དང་ཤམ་གྱི་ལས་རྣམས་བཏགས་པར་བྱ། །སྔགས་བཟླས་པའི་ལེའུ་སྟེ་དགུ་པའོ། །དེ་ནས་གཞན་ཡང་གསད་པའི་ལས། །གྲུ་གསུམ་སྦྲགས་མའི་དཀྱིལ་འཁོར་ནི། །སུམ་བརྩེགས་བཞི་རུ་ཤེས་པར་བྱ། །སྙིང་གསུམ་མ་ཡི་སྒྲུབ་ལུགས་ལ། །སྤྱང་ཀི་མི་དང་ལུག་ནག་སྙིང་། །ཐོད་པ་གསུམ་གྱི་འབྲུབ་ཁུང་གཞུག །འཇིགས་པའི་དཀྱིལ་འཁོར་གནས་དེ་རུ། །དཔལ་གཏོར་དམར་གཏོར་རྒྱུན་གཏོར་རྣམས། །ཟས་གཏོར་ཁྲག་སྣ་སྙིང་སྣ་རྣམས། །ཤིན་ཏུ་དཀའ་ཡང་མང་དུ་བསགས། །མ་མོ་སྒྲུབ་པའི་དམ་རྫས་རྣམས། །མིང་གིས་མེད་དུ་མི་རུང་ངོ་། །བཅའ་གཞིའི་ལེའུ་སྟེ་བཅུ་པའོ། །དེ་ནས་འཇིགས་བྱེད་ཆེན་པོས་སྔགས་ཀྱི་ཐེམ་ཡིག་འདི་གསུངས་སོ། །འབོད་དང་རྦད་དང་གསད་པ་དང་། །དང་པོ་འབོད་པ་མ་དང་ཛ་ཡི་བར། །ཡིག་འབྲུ་བཞི་བཅུ་ཞེ་དགུ་ལ། །ཚག་བར་དགུ་པ་ཨ་ཤད་བཅུ་ཡི་སྔགས། །འབོད་པ་སྲོག་སྙིང་ཚག་བར་མ་ནོར་བ། །འབོད་པའི་སྔགས་བཟླས་མ་མོའི་སྲོག་རྩ་འདྲེན། །རང་དབང་མེད་པར་མཁའ་འགྲོ་སྤྲིན་བཞིན་འདུ། །མ་སྲིང་བྲན་མོ་ཅི་བགྱིད་བཀའ་ཉན་ཞེས། །དམ་བཅའ་འདོར་ཞིང་བུད་མེད་བན་དྷེའོ། །དང་པོར་རྟགས་སྟོན་ཆོ་འཕྲུལ་སྟོན་པ་ཡིན། །དང་པོ་མྱུར་ཞིང་བར་དུ་མེད་པར་འདོད། །ཐ་མར་བུད་མེད་ཆས་བཟང་རྟག་ཏུ་འོང་། །དེ་ལྟར་བྱུང་ནས་རྦད་པའི་སྙིང་པོ་ནི། །སྙིང་རྩ་བྷྱོ་བར་ཡིག་འབྲུ་ཉེར་བཞི་ཨ་ཤད་བཞི་ཡི་སྔགས། །རྦད་པ་སྲོག་ལ་གཅེས་པས་མ་ནོར་བར། །ཉི་ཤུ་རྩ་བཞི་རྦད་པའི་སྔགས་བཟླས་པས། །བླ་རྟགས་སྙིང་རྟགས་དགྲ་རྟགས་མྱུར་དུ་འོང་། །མྱུར་དུ་བྱུང་ན་འབོད་སྔགས་ནི། །སྙིང་དུ་དྲིལ་སྔགས་རག་མོ་ཆེ་གེའི་བར། །ཡིག་འབྲུ་ཉེར་གསུམ་ཨ་ཤད་བཞི་ཡི་སྔགས། །འབོད་པའི་ཤམ་ལ་ནི། །རག་མོ་ན་མ་སིན་མི་ནི་རུ་ཡེ། ཡག་ཤ་ས་མ་ཡ། རྣིས་རྣིས་ཕྱུང་སྙིང་མངོན་དུ་ཡ། བཟླས་པ་ཙམ་ནས་ཙིཏྟ་མངོན་དུ་འོང་། །འབོད་པའི་མཇུག་དྲིལ་དེ་ལྟར་བྱུང་བ་དང་། །དབང་བསྐུར་དགོངས་བྱ་སྔགས་ལ་གཟེར་ཕུར་གདབ། །དེ་ལྟར་བྱུང་ན་འབོད་དང་ལས་མཇུག་སྔགས། །མ་ནས་ཏྲི་བར་ཚག་བར་ཡིག་འབྲུ་བརྒྱད། །ཨ་ཤད་གཉིས་སྔགས་འབོད་རྦད་མཇུག་ལ་གདགས། །བཟླས་པས་བླ་རྟགས་བྲུབ་ཁུང་ནང་དུ་འོང་། །དེ་ལྟར་བྱུང་ན་ལྕགས་ཕུར་ཡུངས་དཀར་ལ། །རྦད་སྔགས་གཅུན་གྱིས་བསྔགས་ཤིང་རབ་ཏུ་གདབ། །བླ་རྟགས་སོད་ན་ཐེ་ཚོམ་མེད་པར་འཆི། །དེ་ལྟར་རྦད་དང་གསད་པའི་སྔགས་དྲིལ་ནི། །མ་དང་ལི་བར་ཡིག་འབྲུ་སུམ་ཅུ་གསུམ། །ཚག་བར་སོ་གསུམ་ཨ་ཤད་མ་ནོར་བར། །བཟླས་པ་ཙམ་གྱིས་སེང་གེ་ཤ་རུབ་བམ། །གཡག་རྒོད་སྐོར་མ་འདུ་བཞིན་མྱུར་གསོད་བྱེད། །འབོད་རྦད་གསད་གསུམ་དྲིལ་བཟླས་འགྲུབ་རྟགས་ནི། །ལིང་ག་འདར་དང་ཁྲག་ལུད་འཕར་བ་དང་། །དགྲ་རྟགས་མྱུར་འོང་གལ་ཏེ་མ་བྱུང་ན། །འབོད་པའི་སྲོག་སྙིང་གཅུན་སྔགས་བཏགས་ལ་བཟླས། །ཨོཾ་ནས་ཡ་བར་ཡིག་འབྲུ་དྲུག་ཅུ་གཉིས། །ཚག་བར་རེ་གཉིས་ཨ་ཤད་བཅུ་གཅིག་སྔགས། །སྲོག་སྔགས་གཅུན་སྔགས་གཉིས་དྲིལ་བཟླས་གྱུར་ན། །མི་འགྲུབ་མི་སྲིད་རབ་རྟགས་དངོས་སུ་འོང་། །དེ་ལྟར་བྱུང་གྱུར་ཡུངས་དཀར་ཕུར་པ་ལ། །དྲག་སྔགས་བཟླ་ཞིང་བཏབ་པ་ན། །དགྲ་བོ་རོ་རུ་བྱུང་ན་མྱུར་དུ་ཐེ་ཚོམ་མེད། །ལས་སྦྱོར་དུས་ལ་ཁྲག་ཐུན་ཡུངས་ཀྱིས་གཟིར། །དུག་བཅུག་བླ་རྡོ་བརྡུང། །ཕུར་བཏབ་མཚོན་གྱིས་གཏུབ། །བསྲེག་ཅིང་ཐུན་བམ་བསལ། །ཐུན་ཁྲག་དགྲ་ལ་འཕང་། །འོ་དོད་འབོད་ཅིང་གཏང་རག་ཁས་བླང་བྱ། །ནན་ཏན་ལས་མཐའ་བཏུལ། །མན་ངག་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །དེ་ནས་མན་ངག་བཀའ་བསྩལ་པ། ཁྲག་ལས་སྙིང་དུ་སྒྲུབ་པའི་ཐབས། །སྙིང་ཐུན་རྣམ་པ་འདི་དག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །དེ་ནས་སྙིང་ཐུན་འདི་གསུངས་སོ། །གྲུ་གསུམ་མཐིང་ནག་ཁ་ཁྱེར་ཛཿ །དབུས་སུ་བྷནྡྷ་ཁ་སྦྱར་ལ། །ཕྱི་རོལ་དུག་ཁྲག་དམར་ནག་བྱུགས། །གྲི་རུ་ཤི་བའི་སྙིང་ཆེན་གྱི། །ནང་དུ་སྙིང་ཕྱེ་སྣ་ཚོགས་བླུགས། །རྒྱུས་ཆེན་དག་གིས་བཅོམ་པར་བྱ། །མིང་རུས་བྲིས་ལ་སྔོན་དམར་གདགས། །དེ་ནི་སྙིང་གི་ནང་གཞུག་ནས། །སྐུད་པ་སྲོག་རྩའི་ནང་ནས་དྲང་། །ལྕགས་ཕུར་བཏོན་ལ་གདུག་བྱེད་བསྒོམ། །ཐོད་པའི་སྟེང་དུ་བུ་ག་བྱ། །གྲི་ལྕགས་བུ་གར་ཡུངས་དཀར་བསྔགས། །མཐིང་ནག་དར་དང་ལེ་བརྒན་གུར། །རྒྱ་དང་བཅས་ཏེ་སྔོན་དམར་བཅིང་། །སྲོག་གི་སྙིང་པོ་མངོན་དུ་བསྒྲུབ། །རྟགས་ནི་ཙིཏྟ་དངོས་སུ་འོང་། །རྟ་སྐད་འཚེར་དང་འབྲི་སྐད་ངུར། །བྱ་སྐད་ཙིར་དང་ཁྱི་སྐད་ཟུག །སེམས་ཅན་སྣ་ཚོགས་སྐད་དུ་སྒྲོག །དྲི་ཞིམ་དྲི་དང་དྲི་མི་ཞིམ། །དཔག་ཚད་ཙམ་དུ་ཁྱབ་པ་དང་། །རླངས་པ་དུ་བ་འཐུལ་བ་དང་། །སྔོན་དམར་འཁྱུག་ཅིང་འཕུར་བ་དང་། །འོད་ནི་དཀར་དང་དམར་བ་དང་། །དེ་བཞིན་ཁ་དོག་སྣ་ཚོགས་པ། །འཇའ་ཚོན་ལྟ་བུར་ཁེངས་པ་དང་། །སྐུ་ཡི་དངོས་གྲུབ་ཞལ་སྟོན་དང་། །གསུང་གི་དངོས་གྲུབ་རཀྟ་ལུད། །ཐུགས་ཀྱི་དངོས་གྲུབ་འབྱུང་བ་ནི། །དགྲ་རྣམས་ཇི་ལྟར་འཆི་བ་འོ། །སྙིང་རྣམས་ཐོད་པའི་ནང་དུ་འོང་། །བྱི་ལའི་སྙིང་ཚལ་སྲན་མ་ཙམ། །འབྱུང་བར་ང་ཡིས་བཤད་པ་ཡིན། ཁྲག་རྣམས་སྙིང་དུ་དྲིལ་བ་དང་། ཁྲག་ཐུན་མང་དུ་འཕེལ་བ་དང་། །སྙིང་ཐུན་འཕེལ་བའི་རྟགས་ཡིན་ནོ། །གྲུབ་རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་དཔལ་ལྡན་ཧེ་རུ་ཀས། །ནན་ཏན་ཚིག་འདི་བཀའ་བསྩལ་པ། །མ་མོ་མཁའ་འགྲོ་མ་རྣམས་ཀྱི། །གཙོ་མོ་རལ་གཅིག་བསྒྲུབ་པའི་ཚེ། །དང་པོ་དབང་བསྐུར་ཐོབ་པར་བྱ། །དེ་ནས་དམ་ཚིག་བསྲུང་བར་བྱ། །སྐྲ་ཡང་མི་བཅད་ལྕང་ལོར་བསྐྱིལ། །མ་མོའི་རྟེན་ཡང་གཟུང་བར་བྱ། །རྫས་དང་ཡོ་བྱད་ལྡན་པར་བྱ། །གཏོར་མ་མི་བཅད་རྒྱུན་དུ་བསྐང། །མ་མོ་བསྒོམ་པའི་མཁར་བུ་དེ། །རྟག་ཏུ་རང་གིས་བཅང་བར་བྱ། །བུ་ཡིས་དམ་ཚིག་འདི་བསྲུང་ན། །མ་མོ་ངེས་པར་འགྲུབ་པར་འགྱུར། །དེ་སྐད་ཅེས་བཀའ་བསྩལ་པས། འཁོར་རྣམས་དགའ་མགུ་ཡི་རངས་ཏེ། ཐམས་ཅད་འོག་མིན་གནས་སུ་གཤེགས་སོ། །བསྟན་པ་འཛམ་བུའི་གླིང་དུ་བསྟན་ཏོ། །རྒྱུད་ཉེ་བར་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ། །སྙིང་ཐུན་གསང་བའི་རྒྱུད་ལས། མན་ངག་གི་རྒྱུད་གསང་བའི་དོན་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ། སརྦ་མངྒ་ལཾ།། །།

དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ་ (Volume 44, Text 20)

༄༅། །དགོངས་གཏེར་རྡོ་རྗེའི་གསུང་གི་དོན་བཀྲོལ་བ། ལྷ་མོའི་གསང་མདོས་ཞེས་ཀྱང་བྱ། རི་རབ་བརྩེགས་མདོས་ཞེས་ཀྱང་བྱ། མ་མོའི་ཁྲག་མདོས་ཞེས་ཀྱང་བྱ། མ་མོའི་ནད་རིམས་ཟློག་མདོས་ཞེས་ཀྱང་བྱ་སྟེ་ཚིག་ཉུང་ཁྱེར་བདེ་ཡོད། ན་མོ་དེ་ཝི་ཀཱ་ལི་ཡེ། ལྷ་མོ་དཔོན་གཡོག་ཞབས་ལ་ཕྱག་འཚལ་ལོ། །རི་རབ་བརྩེགས་མདོས་མ་མོའི་ཁྲག་མདོས་དང་། །རིམས་ནད་ཟློག་པའི་མདོས་ཆོག་གསལ་འགོད་བྱ། །ལྷ་མོ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །འདི་ལ་རྒྱས་འབྲིང་བསྡུས་པ་ཤིན་ཏུ་བསྡུས། །བཅའ་ཚུལ་ཁྱད་ཡིན་འདོན་ཆའི་གཞུང་ནི་གཅིག །མདོས་གདན་ཤིང་ངམ་གང་ཡང་རུང་བའི་སྟེང་། །རི་རབ་བང་རིམ་བཞི་པ་ཕྱོགས་མདོག་སྟེང་། །ཟན་ནམ་ས་ལ་ལྷ་མོའི་གཟུགས་ནག་པོ། །གྲི་ཐོད་འཛིན་ནམ་ཡང་ན་ཐལ་རྡེབ་ཚུལ། །རི་རབ་རྩེ་རུ་བྱམས་འདུག་བྱས་པ་བྱ། །གྲུ་ཁུག་གཡས་སུ་བྱང་དམར་ཡི་གེ་ཅན། །གནོད་བྱེད་དགྲ་བགེགས་ཞེས་བྱའི་མིང་ཅན་བཙུགས། །གཡས་སུ་མདའ་བཀྲ་གཡོན་དུ་འཕང་བཀྲ་དང་། །རྒྱབ་ཏུ་ནམ་མཁའ་ཁྲ་བོ་ཤིང་རིས་བཙུགས། །མཆན་ཞབས་གཡོན་དུ་ནད་ཀྱི་རྐྱལ་པའི་གཟུགས། །པང་དུ་ཚོན་སྐུད་སྣ་ལྔའི་གྲུ་གུ་བཞག །བང་རིམ་གཉིས་པར་བསྐང་སྤར་བཏབ་བྱ་སྟེ། །དབུས་མདུན་རྐང་པའི་བར་དུ་འཁོར་ལོ་དང་། །ཤར་དུ་རྡོ་རྗེ་ལྷོ་རུ་རིན་པོ་ཆེ། །ནུབ་ཏུ་པདྨ་བྱང་དུ་རལ་གྲི་དང་། །བྱ་ནག་བཅུ་གསུམ་གཙོ་བྱས་འདབ་ཆགས་ཚོགས། །བང་རིམ་གསུམ་པར་ལུག་ནག་བཅུ་གསུམ་གྱི། །གཙོར་བྱས་བསྐང་འབྲས་ཐམས་ཅད་ཆ་ཚང་བཙུགས། །བང་རིམ་བཞི་པར་རྩང་ནི་དྲུག་ཅུ་བཞི། །སྲིན་མོ་འགྲོས་བཙུགས་རི་རབ་རྩ་བ་རུ། །གཡས་སུ་ཟན་ལ་བྱ་མོ་ནག་མོའི་གཟུགས། །མགྲིན་པར་དུང་ཕྲེང་ཟེ་བ་མཆུ་ནི་དམར། །གཡོན་དུ་ལུག་ནག་སྤྱི་བོ་དཀར་པོ་ཅན། །མདུན་དུ་ཟན་ནང་ཚྭ་སྟུམ་སྒོ་ངའི་གཟུགས། །རྒྱབ་ཏུ་སྨན་ཏིང་བརྩེགས་མ་རྩེ་མོ་དཀར། །བར་མཚམས་མཐེབ་ཀྱུ་ཤ་དུམ་འཁོར་བར་བསྐོར། །སྣོད་གཞན་ནང་དུ་ངར་མི་གཅིག་གི་མདུན། །མར་མེ་གསུམ་བཞག་ཐ་མ་དྲི་གླུད་བསྐོར། །མདོས་ཆེན་ཅུང་ཞིག་བཏེགས་ནས་མཐོ་བར་བཞག །དེ་ཡི་གཡས་གཡོན་གང་བདེར་ངར་མི་དང་། །མདུན་དེར་ཟངས་ལྕགས་སྣོད་ནི་གཙང་མ་བཞག །དེ་མདུན་ཡོད་ན་ལུག་ནག་ལྤགས་པ་གཏིང་། །དེ་དབུས་ཚོན་ནམ་འབྲུ་ནག་ལ་སོགས་ཀྱིས། །ཆོས་འབྱུང་ཟུར་དྲུག་བྲིས་པའི་དབུས་དང་ཟུར། །ཕོར་པ་གཙང་མ་ཆག་གས་མེད་པ་བདུན། ཁ་དང་མཐིལ་ནི་མར་གྱིས་བརྒྱན་པར་བྱ། །གཞི་ཡི་གཡས་གཡོན་འཇིམ་པའི་གཟུགས་བརྙན་གཉིས། །ལྷ་གཟུགས་དཀར་པོ་དགྱེ་ཞིང་དར་དཀར་ཕྱར། །དེ་དྲུང་ཤྭ་དཀར་མིག་དགུ་བྲིས་པ་དང་། །རྡེའུ་དཀར་པོ་བཅུ་གསུམ་བཞག་པར་བྱ། །གཡོན་དུ་འདྲེ་གཟུགས་ནག་པོ་མགོ་བཀུག་པ། །ལག་ཏུ་དར་ནག་དྲིལ་ནས་ཐུར་དུ་བཟུང་། །དེ་དྲུང་ཤྭ་ནག་ལྔ་བྲིས་རྡེལ་ནག་དགུ། །བར་དུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གཅིག །དེ་སྟེང་བལ་ཚོན་སྣ་ལྔའི་འདབ་གཅིག་བཀབ། ཁྲག་དང་ཆུ་བསྲེས་བྱ་ཕོ་གང་དང་ནི། །དེ་བཞིན་ཆང་ཕུད་གསེར་ཕྱེ་བདར་བ་དང་། །གཏོར་ཆུང་ཟུར་གསུམ་སྙིང་འདྲ་དྲུག་ཅུ་ལྔ། །ཤ་དུམ་མཐེབ་ཀྱུ་ལིང་ཆུང་དེ་ཡི་གྲངས། །དེ་ནི་བཅའ་ཚོགས་རྒྱས་པ་ཁྲག་མདོས་ལུགས། ༈ །འབྲིང་བ་གཞན་རྣམས་གོང་དང་འདྲ་བ་ལས། །རིགས་ལྔའི་ཕྱག་མཚན་བྱ་ནག་ལུག་ནག་ལས། །བསྐང་འབྲས་གཞན་རྣམས་བཙུགས་ནི་མི་དགོས་སོ། །རྩང་ཡང་ཉི་ཤུ་རྩ་བརྒྱད་བཙུགས་པས་འཐུས། །གཞི་ནག་ཕོར་པ་བདུན་དང་ལྷ་བདུད་གཟུགས། །འབྲང་རྒྱས་བལ་ཚོན་སོགས་ཀྱང་མི་དགོས་སོ། ༈ །བསྡུས་པ་ཀ་ཊོ་རའམ་སྡེར་ཆེན་ནང་། །འཇིམ་པ་གྲུ་བཞི་རྩ་བ་ཕྲ་བར་བྱ། །རྩེ་ལ་ཟན་ནག་ལྷ་མོའི་གཟུགས་དེ་བཞག །མདའ་འཕང་ཁྲམ་ཤིང་ནམ་མཁའ་ལ་སོགས་ཀྱང་། །ཅུང་ཟད་བརྡ་མཚོན་ཁྱུད་རེ་ཙམ་གྱིས་ཆོག །རིགས་ལྔའི་ཕྱག་མཚན་བྱ་ནག་བདུན་དང་ནི། །ལུག་ནག་བདུན་ནི་བཙུགས་པས་བསྐང་འབྲས་ཚང་། །བྱ་མོ་ལུག་ནག་སྨན་ཏིང་སྒོ་ང་བཅའ། ༈ །ཤིན་ཏུ་བསྡུས་པ་རྒྱུན་ཁྱེར་ལ་སོགས་པར། །དམར་གཏོར་གཅིག་ལ་བྱ་མོ་ལུག་ནག་དང་། །སྨན་ཏིང་སྒོ་ང་བཞིས་བསྐོར་སྡེར་ནང་བཞག །རྩེ་རུ་ཙཀླི་གཅིག་ནི་བཙུགས་པའི་ནང་། །ལྷ་མོ་རི་རབ་རྩེ་རུ་བྱམས་བཞུགས་བྱས། །བྱང་དམར་ཁྲམ་ཤིང་ནད་རྐྱལ་ཚོན་གྲུ་ཅན། །རྒྱབ་ཏུ་ནམ་མཁའ་ཤིང་རིས་མདའ་འཕང་བྲིས། །དེ་ལྟར་བཅའ་ཚུལ་རྒྱས་འབྲིང་བསྡུས་པ་དང་། །ཤིན་ཏུ་བསྡུས་པ་གང་འདོད་རུང་བ་ལྟར། །གཏོར་ཆུང་རཀྟ་ལ་སོགས་འབུལ་བའི་གྲངས། །རབ་ནི་བརྒྱ་འམ་ཡང་ན་དྲུག་ཅུ་ལྔ། །འབྲིང་དུ་ལོ་གྲངས་སམ་ནི་ཉི་ཤུ་གཅིག །ཐ་མ་བཅུ་གསུམ་མམ་ནི་དགུ་ཡིས་འཐུས། །ཡི་དམ་གཤིན་རྗེའི་གཤེད་དམ་ཕྱག་རྡོར་བསྒོམ། །ཡང་ན་ཡི་དམ་གང་ཡང་རུང་བ་ཡིན། །དེ་ནས་སྙན་པའི་དབྱངས་བཅས་གྱེར་སྒོམ་སྦྲག །གླུ་དང་དབྱངས་ལ་ལྷ་མོ་དགྱེས་པ་ཡིན། །རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས། མདོས་ཀྱི་མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས། འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་གྱི་རི་བདུན། བྱ་ནག་ལུག་ནག་བྱ་མོ་ནག་མོ། བཤོས་བུ་སྨན་གཏོར་རཀྟ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན། མཆོད་རྫས་སྒྲུབ་རྫས་སྐོང་རྫས་བརྟེན་རྫས་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རང་གི་མདུན་དུ་རི་བདུན་རོལ་མཚོ་དང་བཅས་པའི་རི་རབ་ཀྱི་ཁར་དཔལ་ལྡན་ལྷ་མོ་སྐུ་མདོག་ཤིན་ཏུ་གནག་པ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ནས་འདུག་པ༔ འཁོར་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ནད་བདག་རིམས་བདག་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ལྷ་མོ་འཁོར་བཅས་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ བྷྱོཿམ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧྲཱིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ ལྷ་མོ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུ་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་སྒྲུབ་ལ་བརྩེ༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་མཆོད་པས་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད༔ འདོད་རྒུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་མོའི་ཐུགས་ཀར་ཉི་མའི་སྟེང༔ བྷྱོ་ལ་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་མ་མོ་ཐམས་ཅད་དང༔ ནད་བདག་དྲེགས་པའི་ཚོགས་རྣམས་ཀུན༔ དབང་དུ་བསྡུས་ནས་བྲན་དུ་བཀོལ༔ བདག་དང་ལྷ་མོའི་བཀའ་ཉན་ཅིང༔ ཅི་བཅོལ་ལས་རྣམས་སྒྲུབ་པར་གྱུར༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཞེས་པའི་སྔགས་དེ་ཅི་འགྲུབ་བརྗོད། །འདི་ཉིད་གཞན་ལ་སྦྱིན་པ་ན། །མངོན་རྟོགས་ནས་གཟུང་འདི་ཡན་བརྗོད། །གཏོར་མ་སློབ་མའི་ལག་ཏུ་གཏད། །ལྷ་མོ་འདི་ལ་བསྩལ་ལགས་ཀྱིས༔ སྲུངས་ཤིང་བསྐྱབ་པར་མཛད་དུ་གསོལ༔ བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་ཏྲག་ཐིམ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་བརྗོད་ཅིང་ལག་ཏུ་གཏད། །མཎྜལ་ཕུལ་བས་བཀའ་གཏད་ཐོབ། །འདི་ཉིད་བཅའ་འདོན་བྱ་བར་རུང་། དེ་ནས་ཁྲག་སྣོད་བྲན་བྱས་ལ། ཕཊ། སྐད་ཅིག་གིས་རཀྟའི་སྣོད་ཀྱི་ཐད་བར་སྣང་ལ། ཞིང་བཅུ་རུ་ཏྲའི་ངོ་བོ་ཁྲག་གི་གྲོད་པ་ཞིག་ཡེར་གྱིས་བྱུང་། དེ་ལ་བདག་གིས་ཕུར་པ་ཚད་པ་ཙམ་གྱིས་ཁྲག་གི་རྒྱུན་བབས། ཁྲག་གི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པས་མ་མོ་མཁའ་འགྲོ་ཐམས་ཅད་མཉེས་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། སྨན་དང་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཞེས་ཟངས་ཐེབ་བམ་ཐོད་ཏིང་ནང་དུ་གཏོར་ཆུང་ཟུར་གསུམ་སྙིང་འདྲ་བའི་རྩེར་མར་རྒྱན་བྱུག་པ་རེ་དང་། མཐེབ་ཀྱུ་ཤ་དུམ་བྲན་ལ། མཆོད་གཡོག་པ་ཡོད་ན་བཟུང་བཅོལ། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་མཐུན་གཉིས་མཐུན་བསྡེབས་ཏེ། །དཀར་གྱིས་ཐིག་བཏབ་དམར་གྱིས་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ལྷ་མོ་དཔོན་གཡོག་རྣམས་ལ་འབུལ། །བསྐང་ནི་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམས་གྱུར་ཅིག །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཞེས་མདོས་ཀྱི་ནང་ངམ་མདོས་མདུན་གྱི་ཟངས་ལྕགས་སྣོད་དུ་གཏོར་མ་བླུགས། དེ་ནས་མཆོད་གཡོག་པས་བུམ་པའམ། གཏོར་འགུའམ། སྐྱོགས་ཆུང་གིས་ཕོར་པ་བདུན་པོའི་ནང་དུ་རིམ་པར་ཁྲག་ཆུ་ཕྱར་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཀྱི་ལི་ལི། །མཁའ་དབྱིངས་མ་མོ་མཁའ་འགྲོ་མཆོད་པ་དང་། །འཕགས་མ་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམས་གྱུར་ཅིག །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། རཀྟ་པི་པ་ཏོ་ཁཱ་ཧི། མདོས་དང་མདོས་མདུན་དུ་གཏོར་མ་བླུགས་པ་དེ་དང་ཁྲག་གི་ཕོར་པ་རྣམས་ནང་མཆོད་བདུད་རྩིས་བྲན་པའམ་ཐིགས་པ་རེ་བླུགས་ཤིང་། བྷྱོ། རིན་ཆེན་ཨིནྡྲ་ནཱི་ལིའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུང་བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་མ་མོ་རྣམས་ལ་འབུལ། །བསྐང་ནི་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཚིམས་གྱུར་ཅིག །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཛ་གད་ཁ་རཾ་ཁཱ་ཧི། བྷྱོ། ལྷ་མོ་ནག་མོའི་གཙོར་བྱས་པའི། །མ་མོའི་རིགས་གྱུར་མ་ལུས་རྣམས། ཁྱེད་ལ་མཆོད་པ་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །འདོད་ཡོན་སྣ་ཚོགས་མཆོད་པ་འབུལ། ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་འགལ་བ་མཐོལ་ལོ་བཤགས། །ནད་རིམས་ཡམས་ནད་མི་མཐུན་ཕྱོགས། །ཐམས་ཅད་མ་མོས་ཟློག་ཏུ་གསོལ། །འབྲུམ་བུ་འཛུམ་དང་པྱྣ་རྟ། །ཧུར་ཐུམས་ནད་རིམས་ཞི་བར་མཛོད། །རྒྱུ་གཟེར་འབྲས་གཟེར་གདུག་པ་ཅན། །མི་མཐུན་ནད་རྣམས་ཟློག་ཏུ་གསོལ། །མིག་སེར་གྲེ་འབྱར་གྲེ་ཐོར་སོགས། །མདའ་བརྒྱབ་ནད་ཀུན་ཞི་བར་མཛོད། །དཀར་ཁྲ་མ་རྨོས་བདུད་ཀྱི་གླང་། །མགོ་བསྐོར་བྱེད་པའི་ནད་ཀུན་ཟློག །གཟེར་ཐུང་མིད་དཀྱུས་དབུགས་འཐུམ་སོགས། །བསྡོངས་ཡའི་ནད་ཀུན་ཞི་བར་མཛོད། གདུག་པ་དམར་བཤལ་སྲིན་གླང་སོགས། །སྐད་ཅིག་ནད་ཀུན་ཞི་བར་མཛོད། །ཡོང་ནད་འཐོར་བ་ཉྭ་གས་སོགས། །ཤིན་ཏུ་མི་སྡུག་ནད་ཀུན་ཟློག །མདོར་ན་རིམས་ཀྱི་རིགས་གྱུར་དང་། །འཐོར་ནད་དུས་ནད་ནད་ངན་ཟློགས། །བྷྱོ་དེ་ཝི་ཀཱ་ལི་ནཱི་མུ་ཁྲད་ནན་ནས་ནི་ཨི་ཀི་ཡི། ཕུ་ཏ་བྷ། རཀྴ་བྷྱོ། མོ་ཁྲ་ཏྲད་ཧཱུྃ་ཧཱུྃ་བྷྱོ་ཟློག །དེ་ལྟར་སྨན་རཀ་གཏོར་གསུམ་དང་། །ནད་ཟློག་བཅས་པ་གཅིག་ཏུ་བརྩི། །རབ་ནི་བརྒྱ་འམ་དྲུག་ཅུ་ལྔ། །འབྲིང་ནི་ལོ་གྲངས་སམ་ཉེར་གཅིག །ཐ་མ་དགུ་འམ་བཅུ་གསུམ་དབུལ། །བསྡུས་དང་ཤིན་ཏུ་བསྡུས་པ་ལ། །གཏོར་ཆུང་གིས་ནི་མདོས་གསོ་ཞིང་། ཁྲག་ཐིགས་བླུག་ཅིང་བདུད་རྩིས་བྲན། །དེ་ཡན་རྒྱས་བསྡུས་རིམ་པ་འོ། ༈ །སླར་ཡང་མཐེབ་ཀྱུས་གསོ་བྲན་བྱ། །མ་མོ་འབུམ་གྱི་རྒྱུད་ལུང་ལས། །སེམས་ཅན་དུས་མིན་འཆི་བ་དེ། །བསྐང་བའི་གནས་ལྔ་འདི་རྣམས་སོ། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་བདེ་གཤེགས་ཡུམ་གྱི་ཀློང་ནས་བསྐྱེད། །དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་མེད་བཞུགས། །མུ་མཐར་ཁྱབ་པའི་ཐུགས་དམ་བདག་སྐོང་ན། །དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཡུལ་གྱི་མ་མོ་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །བྷྱོ། རི་རབ་གླིང་བཞི་གླིང་ཕྲན་དང་། །འཇིག་རྟེན་འདས་པའི་དཀྱིལ་འཁོར་ནས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །ཕྲ་མན་མ་དང་རྒྱ་མཚོ་མ། །གཏིང་འགྲོ་མ་དང་མ་མོ་རྣམས། །དྲེགས་པ་ལྷ་སྲིན་ཕོ་མོའི་ཚོགས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དུར་ཁྲོད་ཆེན་པོ་རྩུབ་འགྱུར་ཚལ། །དུག་རླངས་སྤྲིན་ལྟར་འཁྲིགས་པའི་གཞལ་ཡས་ནས། །ཐོད་མཁར་འབར་བའི་མངའ་བདག་མོ། །གདུག་པའི་བུ་མོ་མི་བཟད་མ། །མ་མོ་ནག་མོ་ཁྲོ་ཚུལ་ཅན། །རེ་ཏི་ནག་པོ་སྲོག་གི་ཤན་པ་མོ། །ཙན་ཏི་ཀ་ཏེ་འབར་བའི་གདོང་པ་ཅན། །རིམས་དང་ཡམས་ཀྱི་ནད་བདག་མོ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཤན་པ་ཕོ་མོ་རོ་ལངས་ཚོགས། །འཁོར་དུ་གཏོགས་པ་ཁྱེད་རྣམས་ལ། །མདོས་དང་གླུད་འབུལ་ཉམས་ཆག་བསྐང་། །རིན་ཆེན་རྣམ་ལྔའི་ཚོགས་བཀྲམ་ནས། །ཚོགས་དང་གཏོར་མ་རཀྟ་དང་། སྨན་དང་བདུད་རྩིའི་མཆོད་པས་ཀྱང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་། །སྲོག་ཆགས་ནག་མོ་བདུན་འབུམ་དང་། །གཅན་གཟན་ཅེ་སྤྱང་ཚོགས་རྣམས་ཀྱིས། །ལྷ་མོ་ཁྱོད་ཀྱི་ཐུགས་དམ་བསྐང་། །མདོས་དང་གླུད་ལོངས་རྐྱེན་དབང་ཟློགས། །འཁོར་སྲུངས་མདོས་དང་ཟོར་ཁ་ཆིངས། །གདུག་པའི་དབལ་ཁ་དགྲ་ལ་སྟོན། །མདོས་འཕྱོང་དེ་ཉིད་དུག་རླང་ཁོལ་མའི་རྒྱུད་ཚིག་གོ །བྷྱོ། སྔོན་ཚེ་སྟོང་པའི་གླིང་རུམ་ནས། །སྒོ་ངའི་ནང་ནས་བྱ་མོ་དང་། །ལྷ་མོ་ནག་མོ་སྤུན་དུ་འཁྲུངས། །བྱ་མོ་ལྷ་མོ་འབྲལ་བ་མེད། །བྱ་སྐད་རུ་ལུས་ལྷ་མོ་མཉེས། །མ་འོངས་མཉམ་དུ་རྫོགས་སངས་རྒྱས། །ད་ལྟ་ལྷ་མོ་སྐོང་བའི་རྫས། །འབྲུ་སྣ་ལས་བྱས་བྱ་མོ་འདི། །མདོག་ནག་དུང་གི་ཕྲ་ཡིས་བརྒྱན། །པདྨ་རཱ་གའི་ཟེ་བ་མཆུ། །དར་ནག་བརྗིད་ཆེན་རིན་ཆེན་བརྒྱན། །རང་འདྲ་འབུམ་ཕྲག་སྤྲུལ་པ་འགྱེད། །སྤྱན་ལ་མཛེས་ཤིང་ཐུགས་ལ་གཅེས། །ལྷ་མོ་འཁོར་བཅས་བྱ་འདི་བཞེས། །ཐུགས་དམ་བསྐངས་ལ་རྐྱེན་ངན་ཟློགས། །ཤེལ་སྒོང་ནག་པོ་སྤྱི་དཀར་འདི། །སྐུ་ལུས་མུན་པ་གཏིབས་པ་འདྲ། །འཁྱིལ་བའི་རྭ་ལ་ཆུ་རིས་བཀྲ། །གསེར་གྱི་སྤྱན་མིག་འོད་དུ་འབར། །འབའ་སྐད་ལྷང་ལྷང་ལྷ་མོ་དགྱེས། །དར་ནག་རྒྱན་བཏགས་མར་གྱིས་བྱུག །མ་མོ་རྣམས་ཀྱིས་མཐུན་རྫས་བཞེས། །ཐུགས་དམ་བསྐངས་ལ་རྐྱེན་རྣམས་ཟློགས། །དེ་མོ་ནག་མོའི་སྒོ་ང་འདི། །ཡིད་བཞིན་ནོར་བུ་བསམ་འཕེལ་འདྲ། །དཔལ་ལྡན་ལྷ་མོ་དཔོན་གཡོག་གི །ཐུགས་ལ་གཅེས་ཤིང་ཁམས་ལ་ཕན། །མ་ཡི་མདུན་དུ་བུ་སྡུག་འདྲ། །མ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་རྐྱེན་ངན་ཟློགས། །བྷྱོ། མ་མོ་བདུད་མོའི་ཚོགས་རྣམས་ལ། །མཐུན་རྫས་རིན་ཆེན་སྨན་ལེབ་འབུལ། །སྨན་ལེབ་ཟླུམ་པོ་སྤྲོས་དང་བྲལ། །སྨན་ལེབ་བརྩེགས་མ་ཐབས་ཤེས་ཚུལ། །དབུས་མ་འབུར་བས་ཡོན་ཏན་རྒྱས། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས། །འོད་འབར་ནད་ཞི་སྡུག་བསྔལ་སེལ། །མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་རྐྱེན་ངན་ཟློགས། །བྷྱོ། མ་གཅིག་ལྷ་མོ་རྣལ་འབྱོར་མ། །ཐུགས་ནི་སྣང་སྲིད་ཀུན་ལ་གསལ། །ཕྲིན་ལས་རྣལ་འབྱོར་དོན་ལ་དགོངས། །སྐུ་མདོག་མ་ངེས་སྣ་ཚོགས་ཅིར་ཡང་སྟོན། །མ་ལ་ནམ་མཁའ་ཁྲ་བོ་འདི་ཕུལ་བས། །མ་གཅིག་ཐུགས་དམ་དབྱིངས་ནས་བསྐང་གྱུར་ཅིག །འཕྲུལ་གྱི་མདའ་བཀྲ་སྒྲོ་བསྒྲོན་མདིལ་གྱིས་མཐུད། །དར་ཚོན་རྒྱན་ལྡན་སྐྱེས་པ་ཕོ་ཡི་གླུད། །སྐྱེས་པ་དཔའ་རྩལ་ལྡན་པར་བྱིན་བརླབས་ནས། །གཅིག་ལས་བརྒྱ་སྟོང་དུ་མའི་སྤྲུལ་པ་འཕྲོ། །མ་མོ་རྣམས་ལ་དགྱེས་སྡེའི་གྲོགས་སུ་འབུལ། །ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་སྒྱུར། །འཕྲུལ་གྱི་འཕང་བཀྲ་རིན་ཆེན་མོ་ལུས་བརྒྱན། །ཚོན་སྐུད་ལྔ་དཀྲིས་ཟ་མ་མོ་ཡི་གླུད། །མོ་བཙུན་མཛེས་མར་བྱིན་གྱིས་བརླབས་ནས་ནི། །གཅིག་ལས་སྤྲུལ་པ་བྱེ་བ་དུང་ཕྱུར་འཕྲོ། །མ་མོ་རྣམས་ལ་མཐུན་རྫས་བྲན་དུ་འབུལ། །མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་སྒྱུར། །བྷྱོ། བདུད་མོ་ནག་མོ་རེ་མ་ཏི། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །སྲོག་དབུགས་བསྡུས་པའི་མི་རྣམས་ལས། །སང་ཕོད་དུས་སུ་སུ་འཆི་བ། །ད་ལོ་ཁྱོད་ཀྱིས་ཁྲམ་ལ་འདེབས། །དཔྱིད་ཀྱི་རོལ་པོ་ཁ་ནག་དང་། །དབྱར་གྱི་ཤིང་ལོ་ལྷབ་ལྷུབ་དང་། །སྟོན་གྱི་སྤང་པོ་ཁ་སེར་དང་། །དགུན་གྱི་འཁྱག་པ་ཆལ་ཆོལ་སྟེ། །མི་ཡི་བདུད་གཅོད་དུས་བཞི་ལ། །བདག་དང་བསྲུང་བྱ་ཡོན་བདག་འདི། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན། །མདོས་གླུད་ཁྲམ་ཤིང་འདི་བཞེས་ལ། །བདུད་ཀྱི་ཁྲམ་ཁ་ད་ཕྱིས་ཤིག །མ་གཅིག་ཁྱོད་ཀྱི་མཆན་ཁུང་ན། །རྩིས་ཀྱི་བྱང་བུ་དམར་པོ་འཛིན། །སང་ཕོད་ད་ཚོད་སུ་འཆི་བ། །ད་ལོ་བྱང་དམར་ངོས་ལ་བྲི། །བདག་དང་རྒྱུ་སྦྱོར་ཡོན་བདག་འདི། །རྩིས་སུ་བཅུགས་ན་རྩིས་ལས་ཕྱུངས། །བྱང་དམར་ངོས་ལ་བྲིས་པ་ཁྲུས། །ཞིང་བཅུ་བསྟན་པའི་སྤྱི་དགྲ་རྣམས། ཁྲམ་ལ་ཐོབས་ལ་བྱང་བུར་བྲིས། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་ཟུར། །མ་གཅིག་ཁྱོད་ཀྱི་མཆན་ཁུང་ན། །ཚོན་གྱི་གྲུ་གུ་ཁྲ་གསུམ་བསྣམས། །གང་ལ་བཏབ་པ་ཤོར་མི་སྲིད། །བདག་དང་ཡོན་གྱི་བདག་པོ་ལ། །ཚོན་གྲུ་བརྐྱང་བ་མི་སྲིད་ཀྱི། །གལ་ཏེ་ཚོན་གྲུ་བརྐྱངས་ན་ཡང་། །མདོས་གླུད་ཚོན་གྲུ་འདི་བཞེས་ལ། །ཚོན་གྱི་གྲུ་གུ་མྱུར་དུ་སྡུས། །བྱམས་པའི་ཐུགས་ཀྱིས་དགོངས་པར་མཛོད། །བྷྱོ། མདོས་ཆེན་རི་རབ་གླིང་བཞིའི་གཟུགས། །རིགས་ལྔའི་ཕྱག་མཚན་བརྒྱན་པ་འདི། །ཡེ་ཤེས་མ་མོ་མཉེས་པའི་རྫས། །བྱ་ནག་མང་པོས་གཙོར་བྱས་པའི། །འདབ་ཆགས་མང་པོའི་གཟུགས་བརྙན་བཀོད། །ལས་ཀྱི་མ་མོ་མཉེས་པའི་རྫས། །ལུག་ནག་མང་པོས་གཙོར་བྱས་པའི། །སྐྱེ་འགྲོ་སྣ་ཚོགས་གཟུགས་བཀོད་པ། །འཇིག་རྟེན་མ་མོ་མཉེས་པའི་རྫས། །རི་རབ་བང་རིམ་ཐ་མ་ལ། །རྩང་དམར་སྲིན་མོའི་འགྲོས་སུ་བཀོད། །སྲིན་མོ་དྲུག་ཅུ་རྩ་བཞི་དང་། །མ་ཚོགས་དབང་ཕྱུག་མཉེས་པའི་རྫས། །མཉེས་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་དར་ཀྱང་དམ་ཚིག་གཡེལ། །ཕལ་ཆེར་ནག་པོའི་ཕྱོགས་ལ་སྤྱོད། །དེ་ཚེ་ལྷ་མོ་དཔོན་གཡོག་འཁྲུག །འགལ་རྐྱེན་བར་ཆད་ཅི་མང་འབྱུང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཡན་ཆད་དུ། །རང་བཞིན་ཁ་ན་མ་ཐོའི་ལས། །མི་དགེ་བཅུ་དང་མཚམས་མེད་ལྔ། །ལོག་པ་བརྒྱད་དང་ལྕི་བ་བཞི། །གང་བགྱིས་ཐམས་ཅད་མཐོལ་ལོ་བཤགས། །བཅས་པའི་ཁ་ན་མ་ཐོ་བ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ། །ཉེས་ལྟུང་ཉམས་ཆག་གང་བྱུང་བཤགས། །བོང་བུར་མ་བྱམས་སྐྱོན་བཏགས་བརྡུངས། །མེ་དང་ནེའུ་ལེར་མ་བསྟོད་སྨད། །ཞིང་ལྤགས་རྨ་བྱའི་མདོངས་མ་འཆང་། །འཚུབ་མའི་སྐེད་བཅད་རྒྱབ་བརྟེན་སྨད། །ཡུགས་སར་ཆགས་པ་མ་སྤྱད་སོགས། །རྗེ་མོའི་ཐུགས་དང་གང་འགལ་བཤགས། །ནལ་མ་ནལ་ཕྲུག་མ་བྱམས་སྡང་། །ཤིང་ལོ་རླུང་ཁྱེར་མ་གཟུང་དང་། །རྡོ་སོལ་རྙེད་ནས་ཆུ་ལ་བསྐྱུར། ཁ་འཕྲོ་བསྭེས་དང་ཕྲེང་བར་རེག །ཁོལ་མོའི་ཐུགས་དང་གང་འགལ་བཤགས། །མདོར་ན་མ་རིག་འཁྲུལ་དབང་གིས། །ཐུགས་དང་འགལ་བར་སླ་བ་སྟེ། །བསྟེན་པར་དཀའ་ཕྱིར་བསྟེན་དཀའ་མ། །བསྟེན་དཀའ་མ་དང་གང་འགལ་བཤགས། །བཅོས་ན་སླ་ཕྱིར་བཅོས་སླ་མ། །མ་མོ་ཁྲོས་ཤིང་འཁྲུགས་པ་བཅོས། །བསྐང་ན་བསྐང་བར་འགྱུར་བའི་ཕྱིར། །བསྐང་འགྱུར་རྒྱལ་མོའི་ཐུགས་དམ་བསྐང་། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླ། ངར་གླུད་མར་མེ་གསུམ་བཅས་བྲན་ལ། བྷྱོ། སྲིད་པའི་རྒྱལ་མོ་དཔོན་གཡོག་དང་། །ནད་བདག་འབྱུང་པོ་དྲེགས་པའི་ཚོགས། །ཐམས་ཅད་བདག་ལ་ཚུར་གསོན་དང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གཟུགས་ནི་ལྦུ་བ་རྡོལ་བ་འདྲ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ངག་ནི་སྟོང་པ་བྲག་ཅ་འདྲ། །ཡིད་ནི་འཁྲུལ་པ་སྨིག་རྒྱུ་བཞིན། ཁོག་སྟོད་སྣབས་ལུད་ཆུ་སེར་རྣག ཁོག་སྨད་གཅིན་རྟུག་དྲི་ཆུས་གང་། །སྲིན་བུ་སུམ་བརྒྱ་དྲུག་ཅུ་གནས། །མི་གཙང་རྐྱལ་པ་སྐྱུག་རེ་བྲོ། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཕུང་ཁམས་སྐྱེད་མཆེད་ཡོངས་སུ་རྫོགས། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །གཅིག་ལས་བྱེ་བ་བརྒྱ་སྟོང་འཕྲོ། །མ་གཅིག་ལྷ་མོ་དཔོན་གཡོག་གི །འཁོར་དང་ཡང་གཡོག་བྲན་གྱི་ཚུལ། །བགེགས་རྒྱལ་ཁམས་གསུམ་བདག་པོ་དང་། །སྤྲིན་གྱི་སྒྲོན་མ་རྡོ་རྗེའི་མཆུ། །བྱཱི་ན་ཡ་ཀས་གཙོར་བྱས་པའི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བདུད་དང་བཙན་དང་དམུ་ལ་སོགས། །ལྷ་སྲིན་ནད་བདག་དྲེགས་པའི་ཚོགས། །ལན་ཆགས་བདག་པོ་ཐམས་ཅད་ལ། །མཐུན་རྫས་ངར་གྱི་མི་ཆེན་འབུལ། །བཅོམ་ལྡན་འདས་ཀྱིས་བྱིན་བརླབས་པའི། །ཟན་གྱི་ཆངས་བུ་སོར་རྗེས་ཅན། །སྒང་ལྔ་འདོད་ཡོན་ལྔ་དང་ལྡན། །གཤོང་དྲུག་རིགས་དྲུག་འགྲོ་རྣམས་ཚིམ། །འབུར་ཆུང་བཅུ་གཉིས་ལྡན་པ་ནི། །ལོ་སྐོར་བཅུ་གཉིས་བར་གྱི་གླུད། །ལན་ཆགས་བདག་པོ་རྣམས་ལ་འབུལ། །དགའ་མགུ་ཡི་རང་ལྡན་གྱུར་ནས། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། གསུམ་མམ་བདུན་བརྗོད། སྐུ་གསུང་ཐུགས་ལ་མར་མེ་གསུམ། །སྐུ་ཡི་མར་མེ་འོད་ཟེར་འཕྲོ། །གསུང་གི་མར་མེ་ཆགས་དང་ལྡན། །ཐུགས་ཀྱི་མར་མེ་རྒྱན་དུ་ཆེ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །ལན་ཆགས་མགྲོན་དུ་གྱུར་རྣམས་ཀྱི། །མ་རིག་མུན་པ་སངས་གྱུར་ཅིག །ཤྭ་གཞིའི་སྟེང་དུ་ལྷ་གཟུགས་འདྲེ་གཟུགས་ཤྭ་དང་རྡེའུ་རྣམས་བྲན་ལ། བྷྱོ། སྲིད་པ་ལས་ལ་གྲུབ་པ་ཡི། །ལྷ་ཐང་ལྷ་མཁར་དཀར་པོའི་རྩེར། །ལྷ་གཅིག་བཞུགས་པ་ལྷན་སྐྱེས་ལྷ། །ལྷ་ཕྲན་མང་པོའི་འཁོར་གྱིས་བསྐོར། །འབྲང་རྒྱས་ཕྱེད་དཀར་འདི་བཞེས་ལ། །ལྷ་ཡིས་ཁ་འཛིན་མ་ཆུང་ཞིག །ལྷ་འདྲེའི་འདུན་ས་ད་ཤིགས་ཤིག །འདྲེ་ཐང་འདྲེ་མཁར་ནག་པོའི་རྩེར། །འདྲེ་གཅིག་ཡོད་པ་ལྷན་སྐྱེས་འདྲེ། །འདྲེ་ཕྲན་མང་པོའི་འཁོར་གྱིས་བསྐོར། །འབྲང་རྒྱས་ཕྱེད་ནག་འདི་བཞེས་ལ། །འདྲེ་ཡིས་གདུག་པ་མ་སྟོན་ཅིག །ལྷ་འདྲེའི་འདུན་ས་ད་ཤིགས་ཤིག །ཨ་ཏྲི་པྲ་ཝེ་ཤ་ཡ་ཕཊ། འབྲང་རྒྱས་བགོས་ལ་དཀར་ནག་ལྷ་འདྲེ་སོ་སོའི་མདུན་དུ་བཞག །ཤྭ་དཀར་ནག་སྒྲིལ་བཅུག་ཅིང་། བྷྱོ། མ་གཅིག་ལྷ་མོའི་ཐུགས་སྤྲུལ་ནི། །དཀར་མོ་རལ་གཅིག་བྱ་ར་མཁན། །སྐུ་ལ་དར་དཀར་གོ་ཟུ་གསོལ། །དབུ་ལ་དར་དཀར་ཆེ་ཞུ་གསོལ། །ཕྱག་ན་ཤྭ་རྡེལ་དཀར་པོ་བརྩི། །མདོས་དང་གཏོར་མ་འདི་བཞེས་ལ། །དོ་ནུབ་ལྷ་ཤྭ་དཀར་པོ་བཀྱེས། །དྲང་མཁན་ནམ་མཁའི་དབྱིངས་ནས་བཞེངས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མས་དྲང་མཁན་མཛོད། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་ཉིད་རྟེན་འབྲེལ་བདེན་སྟོབས་ཀྱིས། །ནག་པོའི་ཕྱོགས་རྣམས་ཕམ་པ་དང་། །དཀར་ཕྱོགས་ལྷ་རྣམས་རྒྱལ་གྱུར་ཅིག །གཡུ་འབྲུག་གངས་སེང་རྒོད་གླག་དང་། །རྒྱ་སྟག་བུ་ཆུང་ཁྱི་རྒོད་རྣམས། །རལ་པ་ཅན་གྱི་ཤྭ་དཔོན་མཛོད། །བྷྱོ། བདུད་མོ་ནག་མོ་མི་ཟན་མ། །སྐུ་ནི་མི་ལ་ཐུགས་ནི་བདུད། །མདོག་ནག་མུན་པའི་གོ་ཟུ་གསོལ། །ཕྱག་ན་ཤྭ་རྡེལ་ནག་པོ་བརྩི། ཁྱོད་ལ་ངར་མི་གླུད་གཏོར་འབུལ། །མཉམ་གཉིས་བརྗེེས་ལ་མཚུངས་གཉིས་ཟུར། །ཤྭ་ལ་བབས་ན་བརྗེ་བར་མཛོད། །རྩིས་ལ་བབས་ན་རྩིས་ལས་ཕྱུངས། །ཨོཾ་དེ་ཝ་པཉྩ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤྭ་འཕང་ལ། རོལ་མོ་དང་བཅས་ཀུན་གྱིས་ལྷ་རྒྱལ་ལོ། །ཞེས་བརྗོད། བྷྱོ། སྣང་སྲིད་འཇིག་རྟེན་ཁམས་འདི་ན། །དབང་ཆེན་འདོད་ཁམས་དབང་ཕྱུག་མ། །མ་མོ་འཁོར་བཅས་བདག་ལ་གསོན། ཁྱེད་ཅག་ཉེས་པས་ཤྭ་ཕམ་ཞིང་། །བདག་དང་ཡོན་བདག་རྒྱལ་ལ་གཟིགས། །རྒྱན་གཞི་བཏིང་བ་ད་སྡུས་ལ། ཁྲམ་ལ་བཏབ་པའི་རི་མོ་ཕྱིས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཆད་པ་མཐུད་ལ་ཡོ་བ་སྲོངས། ཁྱེད་རྣམས་ལེགས་ཉེས་སྟངས་འཛིན་ཡིན། །དེ་ཕྱིར་བདག་དང་ཡོན་བདག་རྣམས། །ནད་མེད་བདེ་སྐྱིད་ལྡན་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །རྡེལ་ནག་རྣམས་ནི་ཡོན་བདག་གིས། ཁྲག་ཕོར་ནང་དུ་འཕེན་དུ་བཅུག །རྡེལ་དཀར་གནམ་དུ་གཏོར་བཅུག་ལ། །ལྷ་གཟུགས་འབྲང་རྒྱས་དཀར་པོ་ནི། ཁང་པའི་སྟེང་དུ་བཞག་པ་འམ། །འབྲོག་པས་རྒྱབ་རི་བཟང་སར་བསྐྱལ། །འདྲེ་གཟུགས་འབྲང་རྒྱས་ནག་པོ་གཉིས། །འདྲེ་ལྔ་བདུད་གཅོད་གནས་ཕྱོགས་སམ། །ཡང་ན་ལོ་བདུད་ཕྱོགས་སུ་བསྐྱལ། །དེ་ནས་ཁྲག་གི་ཕོར་པ་རྣམས། །མདོས་མདུན་སྣོད་ཀྱི་ནང་དུ་བླུགས། །སླར་ཡང་ཕོར་པ་རང་མལ་བཞག ཁྲག་གམ་ཁྲག་ཆུས་བཀང་བྱས་ཏེ། །བདུད་རྩིས་བྲན་སྟེ་བཞག་པར་བྱ། ཁྲག་ལུང་ཁྲག་གི་འཕྱོང་འདི་འདོན། །བྷྱོ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཛམ་གླིང་ལྷོ་ཕྱོགས་དུར་ཁྲོད་ན། །ལྷ་ཆེན་མ་ཧཱ་དེ་ཝ་དེས། །དྲང་སྲོང་ཆེན་པོའི་དཀའ་ཐུབ་མཛད། །ཤང་དཀར་བདེ་བྱེད་ཞེས་སུ་གྲགས། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ལྷ་མོ་ཨུ་མ་གཡོག་ཏུ་མངགས། །དཀའ་ཐུབ་བཟློགས་ཕྱིར་དཀའ་ཟློག་མ། །བུ་ཚ་བུ་མོ་གཉིས་བྱུང་བ། །མིང་པོ་ལེགས་ལྡན་ཐོད་ཕྲེང་ཅན། །སྲིང་མོ་ལྷ་མོ་དུང་སྐྱོང་མ། །ཤ་ཁྲག་རྐན་མར་བྱིན་ནས་གསོས། །དེ་ཕྱིར་ལྷ་མོ་ཁྲག་ལ་དགྱེས། །དམར་ཆེན་ཁྲག་གི་དྲི་ཚོར་ནས། །མཚན་མོ་གཅིག་ལ་དཔག་ཚད་ཀྱང་། །བརྒྱད་ཁྲི་བཞི་སྟོང་ཁྱབ་པར་རྒྱུག །ནུ་མའི་གཡབ་མོ་རྡེབ་ཅིང་འགྲོ །དཔལ་ལྡན་ལྷ་མོ་ཁྲག་དགའ་མ། ཁྲག་དགའ་མ་ཁྱོད་ཁྲག་གིས་མཆོད། །སྔགས་འཆང་དགོས་པའི་ཕྲིན་ལས་སྒྲུབས། །དེ་ནས་རི་རབ་རི་ཡི་རྩེ། །དཔག་བསམ་ཤིང་གི་འབྲས་བུ་ལ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་མིན་ཁྲག་གི་ཐིགས་རེ་ལ། །དམག་ཚོགས་ཁྲི་ཕྲག་ཡར་ལ་འཕེལ། །ལྷ་ཡི་ཁྲག་ལ་ནུས་པ་མེད། །དེ་ཕྱིར་ལྷ་ཕམ་ལྷ་མིན་རྒྱལ། །རྣམ་པར་རྒྱལ་བའི་ཁང་བཟང་ཡང་། །ལྷ་མ་ཡིན་ལ་ཤོར་ལ་ཁད། །དེ་ཚེ་ལྷ་ཡི་དམག་དཔོན་ལ། །མ་མགོན་ལྕམ་དྲལ་གཉིས་པོ་བསྐོས། །དཔལ་ལྡན་ལྷ་མོའི་ཕྱག་གཡས་ན། །རལ་གྲི་མེ་ཡི་ཕྲེང་བ་འཕྱར། །ཧེ་ར་ཀེ་དུའི་མགོ་བོ་བཅད། །ཕྱག་གཡོན་སྲིན་པོའི་ཐོད་པ་བསྣམས། །ལྷ་མིན་ཁྲག་རྣམས་བཅུས་ཤིང་གསོལ། ཁྲག་རྣམས་སྐམ་པས་ཁྲག་སྐེམ་མ། ཁྲག་སྐམ་ལྷ་མིན་དམག་མ་འཕེལ། །ནག་ཕྱོགས་ལྷ་མིན་གཡུལ་ངོ་བཟློགས། །དཀར་པོ་ལྷ་ཡི་རྒྱལ་སྲིད་དར། །དཔག་བསམ་ཤིང་གི་བདག་མོར་བསྐོས། །སྔོན་དུས་སྲིད་པ་དེ་བཞིན་དུ། །དགྲ་དང་བགེགས་ཀྱི་སྙིང་ཁྲག་ལ། །དམིགས་པའི་དམར་ཆེན་ཁྲག་མཆོད་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་པའི་ནད་གདོན་གཡུལ་ངོ་ཟློགས། །ནད་མེད་བདེ་སྐྱིད་ལྡན་པར་མཛོད། །དཔལ་ལྡན་ལྷ་མོ་ཁྲག་ལ་དགྱེས། ཁྲག་གི་དྲི་མ་བསྣམས་ཤིང་བྱོན། །སྲིན་པོ་གནས་པའི་ཕུག་པ་ན། །སྲིན་རྒན་དྷ་ཤ་གྷྲི་ཝ་དེས། ཁྲག་རུལ་ཟངས་གང་ཁྲག་ཆང་སྐོལ། །ལྷ་མོས་ཁྲག་ཆང་གསོལ་བས་མྱོས། །རྟག་ཏུ་སྤྱན་རྩ་དམར་པོར་གྱུར། །གཟིགས་པས་འབྱུང་པོ་ཀུན་ཀྱང་སྔངས། །སྲིན་པོས་ཤ་ཁྲག་ཕུལ་བས་མཉེས། །དྷ་ཤ་གྷྲི་ཝའི་མཛའ་མོ་མཛད། །སྔོན་དུས་སྲིད་པ་དེ་བཞིན་དུ། །བདག་གིས་ཁྲག་རུལ་ཁྲག་ཆང་འབུལ། །ཕྲིན་ལས་འགྲུབ་པའི་སྟོངས་གྲོགས་མཛོད། །སྲིད་པ་མོ་རྒྱུད་མ་མོའི་ཚོགས། ཁྲག་སྣ་གཙང་མས་མཆོད་ན་མཉེས། །མཐུན་པའི་དམ་རྫས་རཀྟ་འབུལ། །སྲིད་པའི་དལ་ཁ་ཟློག་ཏུ་གསོལ། །བྷྱོ། མ་གཅིག་དཔལ་ལྡན་རེ་མ་ཏི། ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །དངུལ་གསེར་ཟངས་དང་ལྕགས་ཀྱི་མཚོ། །དེར་གནས་ནད་བདག་མ་མོ་བཞི། །རྟ་དྲེལ་མཛོ་དང་འབྲི་ཞོན་པའི། །ཚོང་པ་དཔལ་མོ་བརྒྱ་ཕྲག་བཞི། །དངུལ་གསེར་ཟངས་དང་ལྕགས་ཕྱེ་ཡི། །ཚོང་ཟོག་མང་པོའི་ཚོང་པར་སྤྲུལ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རིགས་མང་པོ་མཆེད་པར་བྱེད། །ནད་བདག་མཆེད་བཞི་འཁོར་བཅས་ལ། །དམར་ཆེན་རཀྟའི་མཆོད་པ་འབུལ། །ཚོང་ཟོག་མི་ཉོ་ཕར་ལ་ཁྱེར། །དཀར་མོ་སེར་མོ་དམར་མོ་དང་། །ནག་མོ་སྟོང་སྡེའི་རིམས་ཁ་ཟློགས། །ནད་ཁ་མི་འཚལ་མ་ཉིད་བཞེས། །རིམས་ཁ་མི་འཚལ་མ་མོས་བཞེས། །བྱུང་ཡང་ཞལ་གྱི་ངད་ལས་བྱུང་། །ད་ནི་བྷ་གའི་ཀློང་དུ་ཐིམ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་སྲུང་དུས། །སྔགས་པས་དམ་ཚིག་མི་སྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་རྡེབ། །ནད་ཀྱི་ཁ་རླངས་ནག་པོ་བཏང་། །ནད་ཀྱི་ན་བུན་སྤྲིན་ལྟར་འཁྲིགས། །བུད་མེད་ནག་མོས་སྟོང་ཁམས་གང་། ཁྲག་ནད་རྒྱུ་གཟེར་འབྲུམ་ནད་བཏང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱིས་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་སྲུང་དུས། །སྔགས་པས་དམ་ཚིག་མི་སྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་རྡེབ། །ནད་ཀྱི་ཁ་རླངས་སྨུག་པོ་བཏང་། །བུད་མེད་སྨུག་མོས་ས་གཞི་གང་། །མཁའ་ལ་ནད་སྤྲིན་སྨུག་པོ་འཁྲིགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །ལེ་བརྒན་རྒྱུག་གཟེར་སྣ་ཚོགས་འབྱུང་། ཁྲག་ཏུ་སྐྱུག་པ་སྣ་ཚོགས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱིས་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་སྲུང་དུས། །སྔགས་པས་དམ་ཚིག་མི་སྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་རྡེབ། །ནད་ཀྱི་ཁ་རླངས་ལྗང་ཁུ་བཏང་། །བུད་མེད་ལྗང་ཁུས་སྟོང་ཁམས་གང་། །མཁའ་ལ་ནད་སྤྲིན་ལྗང་ཁུ་འཁྲིགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །ཤུ་བ་དང་ནི་གཡེམ་པ་དང་། །བས་ལྡག་དང་ནི་སྐྱ་ཡམས་དང་། །རླུང་ནད་རྣམ་པ་སྣ་ཚོགས་འབྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱིས་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །བཙུན་པས་འདུལ་ཁྲིམས་མི་སྲུང་དུས། །སྔགས་པས་དམ་ཚིག་མི་སྲུང་དུས། །གཙུག་ལག་ཆོས་འཁོར་བཤིགས་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །རྒྱ་མཚོའི་གཏིང་ནས་སྐུར་བཞེངས་ཏེ། །རི་རབ་རྩེ་ལ་བཏེགས་བྱས་ནས། །བར་སྣང་ཁམས་སུ་ཐལ་མོ་རྡེབ། ཁ་རླངས་དམར་སེར་བཏང་བའི་ཚེ། །ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས། །བུད་མེད་དམར་མོས་སྟོང་ཁམས་ཁྱབ། །མཁའ་ལ་ནད་སྤྲིན་དམར་པོ་འཁྲིགས། །ཡམས་ནད་མིག་སེར་ཐམས་ཅད་དང་། །མཁྲིས་ནད་ཐམས་ཅད་ཁྱོད་ལས་འབྱུང་། །རླུང་ནག་འཚུབས་མ་མུ་གེ་དང་། །ཐོག་དང་སེར་བ་ཤོ་རྦུད་དང་། །དུས་མ་ཡིན་པར་འཆི་བའི་ནད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱིས་ཁ་ལོ་སྒྱུར། །དམར་ཆེན་རཀྟའི་མཆོད་པ་འབུལ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡིས་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་ནག་མོས་སྟོང་ཁམས་གང་། ཁྲག་ནད་རྒྱུ་གཟེར་སྣ་ཚོགས་འབྱུང་། །མཁའ་ལ་ནད་སྤྲིན་དམར་ནག་འཁྲིགས། །དུས་ཀྱི་འཁྲུག་པ་སློང་བྱེད་མ། །མཚོན་གྱིས་བསྐལ་པ་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབ་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱིས་ཁ་ལོ་སྒྱུར། །དམར་ཆེན་རཀྟས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །བརྟེན་རྫས་སྒྲུབ་རྫས་སྐོང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །མོ་ངན་ཚེར་རྩུབ་སྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཟློག་སྒྱུར་ཆེན་མོའི་དུས་ལ་བབས། །དུས་ལ་བབས་པོ་ས་མ་ཡ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བལ་ཚོན་སྣ་ལྔ་དེས། །ནད་པ་ཡོད་ན་སྤྱི་བོར་བཀབ། །མདའ་ཡི་ལྟོང་གིས་ཚུར་ལ་བླང་། །ནད་པ་མེད་ན་མདའ་ལྟོང་སྟེང་། །བལ་ཚོན་བཀབ་ལ་ཡོན་བདག་གི །ཕྱོགས་སུ་བསྟན་ལ་བཤུ་ཚུལ་བྱ། །བྷྱོ། ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །བྱུང་ཡང་མ་མོ་ཁྱོད་ལས་བྱུང་། །བསྟིམ་ཡང་མ་མོ་ཁྱོད་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བྱུང་ཡང་མ་མོ་རྣམས་ལས་བྱུང་། །བསྟིམ་ཡང་མ་མོ་རྣམས་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །མ་མོ་རྣམས་ཀྱི་དབང་པོའི་སྒོ །བུ་ག་རྣམས་ནས་བྱུང་བ་ཡིན། །བསྟིམ་ཡང་མ་མོ་ཁྱེད་རྣམས་ཀྱི། །དབང་པོའི་བུ་ག་རྣམས་ལ་བསྟིམ། །ནད་ཀྱི་ཚོན་སྤྲིན་སྔོ་དམར་འདི། །བྱུང་ཡང་མ་མོ་ཐམས་ཅད་ཀྱི། །དབུགས་དང་དྲོད་དང་མཆན་ལས་བྱུང་། །བསྟིམ་ཡང་མ་མོ་ཐམས་ཅད་ཀྱི། །དབུགས་དང་དྲོད་དང་མཆན་ལ་བསྟིམ། །མདོས་གླུད་རཀྟ་འདི་བཞེས་ལ། །ནད་ཀྱི་ཚོན་སྤྲིན་ད་སྡུས་ཤིག །ཚོན་གྱི་གྲུ་གུ་ད་སྡོགས་ཤིག །བྱད་དང་ཁྲམ་ཁ་ད་སྒྱུར་ཅིག །བལ་ཚོན་བསྡུས་ལ་ངར་མིའི་སྟེང་དུ་བཀབ། ཁྲག་ཕོར་ཐམས་ཅད་མདོས་མདུན་གྱི་སྣོད་དུ་བྱོ་འོ། །ཕོར་པ་རྣམས་སུ་ཁྲག་ཆུ་ཐིགས་རེ་བླུགས། ཡུངས་དཀར་ལ་སོགས་ཐུན་བཏབ། ལུག་ནག་ལྤགས་པའམ་ཕྱར་ནག་སྟེང་དུ་ཕོར་པ་སྔར་ནས་བཞག་པ་དེ། བུད་མེད་དམ་སྔགས་པ་བཞིས་ཟུར་བཞི་ནས་བཏེགས། དགྲ་ཕྱོགས་སམ་གནོད་པའི་ཕྱོགས་སུ་ཁ་བལྟས་ལ། བྷྱོ། ཤར་གྱི་དཀར་མོ་སྤྱན་གཅིག་མ། །བྱ་རྒོད་ཐུལ་པ་གཡུ་དྲིལ་བརྒྱན། །དུང་གི་ལན་ཚར་གསེར་གྱི་ཐོད། །དཀར་མོ་འབུམ་གྱི་འཁོར་དང་བཅས། །ལྷོ་ན་ནག་མོ་མཆེ་བ་ཅན། །ཞིང་གི་གོ་ཟུ་གསེར་གྱི་དྲིལ། །ལྕགས་ཀྱི་ལན་ཕྲན་གཡུ་ཡི་ཐོད། །ནག་མོ་འབུམ་གྱི་འཁོར་དང་བཅས། །ནུབ་ཀྱི་དམར་མོ་དབང་སྡུད་མ། །ཆུ་སྲིན་གཡང་གཞི་སྦྲུལ་གདེངས་ཅན། །གཡུ་ཡི་ལན་ཕྲན་བྱི་རུའི་ཐོད། །དམར་མོ་འབུམ་གྱི་འཁོར་དང་བཅས། །བྱང་གི་སེར་མོ་ལས་མཁན་མ། །རྨ་བྱའི་ཐུལ་པ་མཐིང་གི་དྲིལ། །གསེར་གྱི་ལན་ཕྲན་ཐོད་ལྡིང་ཅན། །ལྗང་མོ་འབུམ་གྱི་འཁོར་དང་བཅས། །རྒྱལ་ཆེན་བཞི་ཡི་ཀེག་སྒྱུར་མ། །གཡས་པས་ཐོད་པ་ཁྲག་བཀང་འཕེན། །གཡོན་པས་ཐུན་རྫས་སྔགས་ཤིང་འདེབས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །གང་ལ་བརྒྱབ་པ་བརྒྱལ་ཞིང་འབོག །གནས་ལ་ཕོག་ན་རྒྱ་གྲམ་འཇིག །མི་བཟད་ཟོར་བདག་ཨ་ལ་ལ། །ཕྱོགས་བཞིའི་དམག་དཔུང་ཆི་ལི་ལི། །རུ་མཚོན་མང་པོ་ཐིབས་སེ་ཐིབ། །མདུང་བཟུང་མང་པོ་རོངས་སེ་རོང་། །བ་དན་མང་པོ་ལྷུབས་སེ་ལྷུབ། །མ་མོའི་ཁྲག་ཟོར་ཁྲ་ལ་ལ། ཁྲག་གི་རྦ་རླབས་ཆི་ལི་ལི། །ཡུངས་དཀར་སྔགས་མདའ་མེ་བས་རྣོ། །འཚེ་མོ་ཉུངས་ནག་མདུང་བས་རྣོ། །གནོད་པའི་བགེགས་ལ་འཕང་བའི་ཚེ། །གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག །བྱཱི་ན་ཡ་ཀ་འདར་ཞིང་བརྒྱལ། །གནོད་བྱེད་དགྲ་བགེགས་ཕྱོགས་སུ་བྷྱོ། །ཞེས་བརྗོད་ཕོར་པའི་ནང་གི་ཁྲག་ཐིག་དང་། ཉུངས་དཀར་ཐམས་ཅད་ཕོར་པ་གཅིག་གི་ནང་དུ་བླུགས་ལ། ལོ་བདུད་ཕྱོགས་སམ་གནོད་པའི་ཕྱོགས་སུ་ཕྱིར་དོར་བཅུག །ཞལ་བུ་རྣམས་ཆུ་གཙང་གིས་བཤལ་ལ་མདོས་མདུན་གྱི་སྣོད་དུ་བླུག །ཞལ་བུ་རྣམས་ལ་ནས་ཅུང་ཟད་བཏབ་ཅིང་ཆང་ཕུད་བླུགས་ལ། སྔར་ལྟར་བཏེགས་བཅུག་ལ། རྩ་བ་གསུམ་གྱི་བདེན་པ་དང་། །ལྷ་མོ་དཔོན་གཡོག་མཐུ་སྟོབས་དང་། །མ་མོ་མཁའ་འགྲོའི་རྫུ་འཕྲུལ་གྱིས། ཁྲག་ཕོར་ཞལ་བུ་བདུན་པོ་ལ། །ལེགས་ཉེས་པྲ་རྟགས་བསྟན་དུ་གསོལ། །བདག་དང་ཡོན་བདག་འཁོར་བཅས་ལ། །ན་ཚ་ཤི་ཆད་མི་འོང་ན། །ཞལ་བུ་གཅིག་ཙམ་ཁ་སྦུབས་ལ། །དྲུག་པོ་གནམ་དུ་ཁ་ཟེད་ཅིག །ཅུང་ཟད་རྩུབ་ཆག་ཡོད་ན་ནི། །གཉིས་ཙམ་ས་ལ་སྦུབ་པར་གྱིས། །ད་རུང་རིམ་གྲོ་བྱེད་དགོས་ན། །གསུམ་ཙམ་ས་ལ་སྦུབ་པར་གྱིས། །ཤིན་ཏུ་རིམ་གྲོ་ཆེ་དགོས་ན། །བཞི་ཙམ་ས་ལ་སྦུབ་པར་གྱིས། །རིམ་གྲོ་ཆེ་ཡང་འགྱུར་དཀའ་ན། །ལྔ་ཙམ་ས་ལ་སྦུབ་པར་གྱིས། །དྲུག་གམ་བདུན་ཀ་སྦུབ་པ་ན། །དཀོན་མཆོག་གསུམ་གྱིས་དཔང་མི་བྱེད། །དུས་གསུམ་རྒྱལ་བས་མངའ་མི་མཛད། །ཡོན་བདག་སྔ་མར་བདུད་ཆགས་རྟགས། །བཟང་ངན་གཉིས་ནི་མ་ནོར་ཅིག །ཆང་དང་ཆུ་གཉིས་མ་བསྲེ་ཞིག །ཏྲག་རཀྴ་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་པྲ་སེ་ན་ཡོ་ག །ཞེས་བརྗོད་ལ་ཞལ་བུ་རྣམས་བཀྲབ་ལ། དྲུག་སྦུབ་གཅིག་ཁ་ཡར་བསྟན་ན་ཡོན་བདག་ལ་ངན་རྣལ་འབྱོར་པ་རང་ལ་མི་སྐྱོན། གསུམ་མམ་བཞི་སྦུབ་ན་རང་དང་ཡོན་བདག་གཉིས་ཀར་ངན་པས་བསྐང་བཤགས་དང་ཟློག་པ་ཆེན་པོ་བྱས་པས་ཐུབ། གཅིག་སྦུབ་གཞན་ཡར་བསྟན་ན་ཉེས་སྐྱོན་མེད། གཞན་གོང་དུ་སྨྲོས་དང་མཚུངས། སྔགས་འདི་ཅི་མང་བཟླས་ན་ངན་པ་ཐམས་ཅད་བཟློག །རྟགས་བཟང་ན་བཟླ་མི་དགོས་སོ། །ཨོཾ་ན་མོ་མ་ཧཱ་ཀ་པཱ་ལ་ས་མ་ཡ། པྲ་སེ་ན་མཱ་ར་ན་ཧ་ན་ཧ་ན། ཏུག་ཏུག་ཤཱནྟིཾ་མ་ཧཱ་ཀ་པ་ན་ཡེ་སྭཱ་ཧཱ། དེ་ནས་ཞལ་བུ་རྣམས་ཆུས་བཤལ་ལ་མདོས་མདུན་སྣོད་དུ་བླུག །ཞལ་བུ་དང་གཞི་ཡང་བསྡུ། ཡོད་ན་ཚེ་གཏོར་དང་མདའ་དར་བཤམས། མདོས་གསོས་ལ་བདུད་རྩིས་བྲན། བྷྱོ། སྔོན་ཚེ་ལྷ་དང་ལྷ་མིན་དམག །རི་རབ་རྩེ་ནས་འཐབས་པའི་ཚེ། །ལྷ་རྣམས་ཕམ་ཞིང་ལྷ་གནས་ཞིག །ལྷ་མིན་གཡུལ་ངོ་རྒྱལ་པ་ལས། །མི་ཕམ་སྲིད་གསུམ་ལྟེ་བ་ལ། །ལྷ་ཡི་དམག་དང་རྫོང་བཅས་ཏེ། །ལྷ་མ་ཡིན་གྱི་གཡུལ་ངོ་བཟློགས། །ལྷ་མིན་དབང་པོས་ཕྱག་ཀྱང་བྱས། །ལྷ་དང་མི་རྣམས་རྨོངས་པ་ལ། །ལྷ་མོའི་ནུས་པས་འགྲོ་དྲུག་གསོས། །ལྷ་མོའི་ཐུགས་ཀྱི་གཞལ་ཡས་ནས། །ཟླ་བའི་དཀྱིལ་འཁོར་འོད་ཟེར་གྱིས། །ཕྱོགས་བཅུའི་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ། །བདུད་རྩིའི་རླངས་པ་དཀར་པོ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་བསལ། །བདུད་རྩི་སྨན་གྱི་རྒྱལ་མོར་གྲགས། ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་བདག་དང་ཡོན་བདག་གིས། །ལྷ་མོ་ཁྱོད་ལ་དད་པས་མཆོད། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །སྔོན་ཚེ་ཤཱཀ་ཐུབ་སྤྱན་སྔ་རུ། །དེང་ནས་འཁོར་བ་ཅི་སྲིད་བར། ཁྱེད་ལ་མཆོད་བསྟོད་བྱེད་རྣམས་ཀྱི། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་བསོད་ནམས་སྤེལ་བར་བྱེད། །དེ་ལས་འགལ་ན་རྒྱལ་བ་བསླུས། །རྒྱལ་བའི་རྡོ་རྗེས་མགོ་འགེམ་ཤོག །དེ་སྐད་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད། །བདག་དང་ཡོན་གྱི་བདག་པོ་ལ། །ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་གདོན་སྡུག་བསྔལ་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ལོ་ཐོག་འབྲུ་ཡི་ཕུང་པོ་དང་། །རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །མདོར་ན་བདག་དང་ཡོན་བདག་གིས། །མགོན་དང་སྐྱབས་སུ་ཁྱོད་བསྟེན་གྱིས། །ཚེ་རྫི་སྲོག་སྐྱོབ་ལྷ་མོས་མཛོད། །ཀྱཻ། དབང་ཕྱུག་ཆེན་པོ་མན་ཆད་ནས། །ལག་ན་གཞོང་ཐོགས་ཡན་ཆོད་ཀྱི། །སྟེང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་སྟེང་གདོན་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ནམ་མཁའི་དབྱིངས་སུ་ཅི་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །སྟེང་གདོན་ལག་ནས་མི་བླ་སླུས། །སྟེང་གདོན་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཀྱཻ། ཆོས་ཀྱི་རྒྱལ་པོ་མན་ཆད་ནས། །དམྱལ་སྲུང་ཤན་པ་གཏུམ་པོ་ཡན། །འོག་གི་འཆི་བདག་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་འོག་གདོན་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ས་འོག་རིགས་གྱུར་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །འོག་གདོན་ལག་ནས་མི་བླ་སླུས། །འོག་གདོན་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཧཱུྃ། སྲིད་པའི་སྐོས་རྗེ་བྲང་དཀར་དང་། །གནམ་ལྷ་དཀར་པོ་མན་ཆད་ནས། །རྒྱལ་པོ་ཐེའུ་རང་ཡན་ཆད་ཀྱི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་སྣང་སྲིད་ལྷ་འདྲེས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ཕྱོགས་བཞི་མཚམས་བརྒྱད་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །ལྷ་འདྲེའི་ལག་ནས་མི་བླ་སླུས། །ལྷ་འདྲེའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །རེ་ལྡེ་མགོ་ཉག་མན་ཆད་ནས། །ནག་པོ་སཏྭ་ཐོགས་ཡན་ཆད་ཀྱི། །བདུད་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བདུད་ཀྱིས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བདུད་ཡུལ་ནག་པོར་བྲོས་ན་ཡང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །བདུད་ཀྱི་ལག་ནས་མི་བླ་སླུས། །བདུད་ཀྱི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཀོང་རྗེ་བཙན་པོ་མན་ཆད་ནས། །ཤར་པ་ཕྲེང་ཐོགས་ཡན་ཆད་ཀྱི། །བཙན་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བཙན་གྱིས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བཙན་ཡུལ་དམར་པོ་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །བཙན་གྱི་ལག་ནས་མི་བླ་སླུས། །བཙན་གྱི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །དམུ་རྗེ་བཙན་པོ་མན་ཆད་ནས། །དམུ་བཙན་ལེགས་སྦྱོར་ཡན་ཆད་ཀྱི། །དམུ་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་དམུ་ཡིས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །དམུ་ཡུལ་སྨུག་པོ་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །དམུ་ཡི་ལག་ནས་མི་བླ་སླུས། །དམུ་ཡི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །དགའ་བོ་འཇོག་པོ་མན་ཆད་ནས། །ནེའུ་སེང་སྐྱེས་པ་ཡན་ཆད་ཀྱི། །ཀླུ་རྣམས་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་ཀླུ་ཡིས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །ཀླུ་ཡུལ་སྔོན་པོ་བྲོས་ན་ཡང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །ཀླུ་ཡི་ལག་ནས་མི་བླ་སླུས། །ཀླུ་ཡི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །གཟའ་ཆེན་བརྒྱད་པོ་མན་ཆད་ནས། །རྒྱུ་སྐར་ཉེར་བརྒྱད་ཡན་ཆད་ཀྱི། །གཟའ་དང་རྒྱུ་སྐར་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་གཟའ་སྐར་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །བར་སྣང་ཁམས་སུ་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །གཟའ་སྐར་ལག་ནས་མི་བླ་སླུས། །གཟའ་སྐར་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །གཙོ་མོ་ཡུམ་དྲུག་མན་ཆད་ནས། །འཇིག་རྟེན་དམན་མོ་ཡན་ཆད་ཀྱི། །མཁའ་འགྲོ་ཤུགས་འགྲོ་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མཁའ་འགྲོས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །དུར་ཁྲོད་བརྒྱད་དུ་བྲོས་ན་ཡང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །མཁའ་འགྲོའི་ལག་ནས་མི་བླ་སླུས། །མཁའ་འགྲོའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །མ་བདུད་རྒྱལ་མོ་མན་ཆད་ནས། །གྲོང་རྒྱུའི་འདྲེ་མོ་ཡན་ཆད་ཀྱི། །མ་མོ་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མ་མོས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རྒྱ་མཚོའི་འགྲམ་དུ་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །མ་མོའི་ལག་ནས་མི་བླ་སླུས། །མ་མོའི་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཀོང་བཙུན་དེ་མོ་མན་ཆད་ནས། །འབྲོག་ཆེན་འཁོར་འདུལ་ཡན་ཆད་ཀྱི། །སྐྱོང་མ་མ་ཡམས་མ་ལུས་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་མ་ཡམས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རི་བོའི་རྩེ་རུ་བྲོས་ན་ཡང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །མ་ཡམས་ལག་ནས་མི་བླ་སླུས། །མ་ཡམས་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །སྲོག་བདག་རྒྱལ་པོ་མན་ཆད་ནས། །པེ་དཀར་རྒྱལ་པོ་ཡན་ཆད་ཀྱི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་བགེགས་རིགས་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །གཙུག་ལག་མཆོད་རྟེན་གནས་སོགས་གར་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །བགེགས་རིགས་ལག་ནས་མི་བླ་སླུས། །བགེགས་རིགས་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཧཱུྃ། སྲིད་པའི་རྩེ་མོ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ཀྱི། །འགྲོ་དྲུག་མ་ལུས་ཐམས་ཅད་ཀྱིས། །བསྐོར་ཞིང་བསྐོར་ཞིང་ཕྱག་བྱས་ཀྱང་། །ལྷ་མོས་དེ་ལ་སྤྱན་མི་གཟིགས། །ཕྱག་ལན་མི་མཛད་ཁྲོ་ཚུལ་སྟོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་ཚེ་རིགས་དྲུག་མ་ཁྱེར་རམ། །རྒྱ་ལ་གལ་ཏེ་ཁྱེར་པ་ན། །མདོས་དང་གཏོར་མ་འདི་བཞེས་ལ། །བདག་ཅག་རྣམས་ལ་གནོད་བྱེད་དེ། །རིགས་དྲུག་གནས་སུ་ཅི་བྲོས་ཀྱང་། ཁྱོད་ཀྱི་ཕྱག་གིས་བསྙབ་ཐོབས་ཤིག །རིགས་དྲུག་ལག་ནས་མི་བླ་སླུས། །རིགས་དྲུག་ལག་ནས་ཚེ་གཡང་སྐྱོབས། །བུམ་པ་འདི་ལ་བླ་ཚེ་གཡུང་དྲུང་སྐྱིལ། །ཚེ་མདའ་སྒྲོ་དཀར་ཚེ་ཡི་རྟེན། །ཚེ་དར་དམར་པོ་ཚེ་ཡི་གཡབ། །ཚེ་གཡུ་ལྗང་ཁུ་ཚེ་ཡི་ཟུངས། །ཚེ་ནས་དཀར་མོ་ཚེ་ཡི་གཅལ། །ཚེ་ཆང་སྔོན་མོ་ཚེ་ཡི་ཉག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་ལྡན་ལྷ་མོས་ཚེ་གསོས་སྲོག་སྐྱོབས་ཤིག །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨ་ཡུ་ཥེ་པུཥྚིཾ་ཀུ་རུ་ཨོཾ། ཅི་འགྲུབ་བཟླ། དེ་ལྟར་ཞག་མང་བྱེད་ན་ཡང་། ཞག་གཅིག་དུས་གསུམ་ཚར་གསུམ་འདོན། །ཉིན་རྫོགས་དེ་ཉིན་འབུལ་ན་ཡང་། །དེ་ཉིན་ཚར་གསུམ་འདོན་པར་བྱ། །འབུལ་ཁ་གསེར་སྐྱེམས་སྤྱི་ལྟར་འབུལ། །དེ་ནས་དཀར་གཏོར་བསྔོས་ལ་བཞག །དེ་རྒྱབ་ངར་མི་ཁ་ཕར་བསྒྱུར། །དེ་རྒྱབ་ཁྲག་སྣོད་ཕར་ལ་བཞག །དེ་རྒྱབ་མདོས་ཉིད་ཞལ་བསྒྱུར་བཞག །འབྲུ་སྣ་གཙང་མས་རྫོངས་འདེབས་བྱ། །བྷྱོ། མ་གཅིག་ལྷ་མོ་དཔོན་གཡོག་དང་། །སྣང་སྲིད་མ་མོ་མཁའ་འགྲོ་དང་། །ནད་བདག་དྲེགས་པའི་ཚོགས་རྣམས་ཀུན། །ཐམས་ཅད་ཞལ་སྒྱུར་གཤེགས་རེ་རན། །ནས་གྲོ་སྲན་མ་ལ་སོགས་པའི། །འབྲུ་སྣའི་རིགས་རྣམས་རྫོངས་སུ་འདེབས། །རྟག་ཏུ་ལོ་ཕྱུགས་ལེགས་པར་མཛོད། །གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས། །བསོད་ནམས་མངའ་ཐང་རྒྱས་པར་མཛོད། །དར་དང་ཟ་འོག་ལ་སོགས་པའི། །གོས་ཀྱི་བྱེ་བྲག་རྫོངས་སུ་འདེབས། །དཔལ་དང་གཟི་བརྗིད་རྒྱས་པར་མཛོད། །ཤ་ཁྲག་གཏོར་མ་རྫོངས་སུ་འདེབས། །གནོད་བྱེད་དགྲ་བགེགས་ཟློག་པར་མཛོད། །མར་ཐུད་ཕྲུམ་ལ་སོགས་པ་ཡི། །དཀར་གསུམ་ཟས་སྣ་རྫོངས་སུ་འདེབས། །དཀར་ཕྱོགས་ལྷ་ངོ་རྒྱས་པར་མཛོད། །ཚྭ་གཡེར་སྒོག་པ་རྫོངས་སུ་འདེབས། །མི་ཁ་བྲ་མཆུ་མེད་པར་མཛོད། །འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས། །ཅི་འདོད་བསམ་པ་ལྷུན་གྲུབ་མཛོད། །ད་ནི་གཤེགས་སོ་གནས་སུ་གཤེགས། །དང་པོ་ལན་གཅིག་མི་བྱོན་རྒྱུ། །རྣལ་འབྱོར་དམ་ཚིག་གཉན་ལ་དགོངས། །ད་ནི་རང་གི་གནས་སུ་གཤེགས། །རི་རབ་ཆེན་པོའི་རྩེ་ལ་གཤེགས། །ཡོངས་འདུའི་ཤིང་གི་རྩ་བར་གཤེགས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །མ་ཕམ་གཡུ་མཚོའི་ནང་དུ་གཤེགས། །ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགས། །དུར་ཁྲོད་ཆེན་པོ་བརྒྱད་དུ་གཤེགས། །འཁོར་གྱི་ལྷ་སྲིན་དྲེགས་པའི་ཚོགས། །རང་རང་སོ་སོའི་གནས་སུ་གཤེགས། །བྷྱོ་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། བཛྲ་མུ། སརྦ་བྷཱུ་ཏ་གཙྪ་གཙྪ། ཞེས་བརྗོད་ཕྱོགས་ནི་གཙང་ས་འམ། །མཁའ་འགྲོའི་གདོང་དང་མ་ཐུག་པར། །ཡས་ལམ་ལོ་བདུད་ཕྱོགས་སུ་བསྐྱལ། །ཕྱོགས་སོགས་བརྩི་བར་མི་ཤེས་ན། །བྱང་ཤར་ལྷ་མོའི་གནས་ཕྱོགས་སུ། །ཕུལ་རྒྱུ་བསྐུར་བས་ཆོག་པ་ཡིན། །སྤྲོས་བཅས་དར་ནག་དང་བཅས་ནས། །སྔགས་པས་བསྐྱལ་ཡང་རུང་བ་ཡིན། །གང་ལྟར་གཏོར་གཞོང་མདུན་དུ་སྦུབས། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེན་ལྡན་ཀུན་གྱི་བདེན་སྟོབས་ཀྱིས། །ལྷ་མོ་བསྒྲུབ་ལ་བར་གཅོད་པའི། །ལྟེ་ཕུར་ནག་མོས་གཙོར་བྱས་པའི། །གནོད་བྱེད་དམ་སྲི་ཐམས་ཅད་ནི། །རིམ་དགུ་ས་ཡི་འོག་ཏུ་སོང་། །འདི་འོག་སྟོང་ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །དེ་ལ་རྒྱུ་འབྲས་ཆོས་ཉོན་ལ། །བྱམས་མགོན་བསྟན་པ་མ་བྱུང་བར། །སྟེང་དུ་ལྡང་བར་མ་བྱེད་ཅིག །བྱམས་པ་མགོན་པོ་བྱོན་པའི་ཚེ། །ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །ཆོས་སྐྱོང་སྲུང་མས་རྒྱས་གདབ་བོ། །ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན། དེ་ནས་བཀྲ་ཤིས་གང་ཤེས་བརྗོད། །ཚེ་རིལ་རོལ་ཞིང་ཚེ་ཆང་བཏུང་། །རྗེས་ཆོག་གཞན་ནི་མི་དགོས་སོ། །རིམས་ཟློག་མ་མོའི་ཁྲག་མདོས་འདི། །ཉེ་བར་མཁོ་ཞིང་གལ་ཆེ་ཡང་། །ཕྱོགས་འདིར་དར་སྲོལ་ཆུང་བ་ཡིས། །ཕྱག་ལེན་ཤེས་མཁན་དཀོན་པར་སྣང་། །རཀྴ་གཏེར་སྟོན་གཏེར་ཁ་ལས། ཁྲག་མདོས་རྒྱས་པ་བྱུང་མོད་ཀྱང་། །ཧ་ཅང་རྒྱས་དྲག་བཅའ་འདོན་དཀའ། །ལུག་ནག་བཤའ་སྲོལ་ཡོད་པའི་ཕྱིར། །སྟོང་རྗེ་མ་མོ་མཁན་སོགས་ལ། །མི་ལ་རས་པས་བཀའ་སྐྱོན་ཆེ། །དེ་ཕྱིར་དེ་ཡི་བཀའ་སྲོལ་ནུབ། །དགོངས་གཏེར་རྩ་ཚིག་རྡོ་རྗེའི་གསུང་། །རྩ་ཚིག་ཙམ་ལ་གཞིར་བྱས་ནས། །མ་མོ་འབུམ་གྱི་རྒྱུད་ལུང་སོགས། །རྒྱུད་སྡེ་མང་པོའི་དགོངས་པ་བླངས། །གསར་མའི་ལྷ་མོ་དུད་སོལ་མའི། །ནད་ཟློག་མདོས་ནི་སྟག་ལུང་པ། །ངག་དབང་རྣམ་རྒྱལ་གྱིས་མཛད་དང་། །རང་བྱུང་རྒྱལ་མོའི་ ནད་ཟློག་མདོས། །གཙུག་ལག་ཕྲེང་བས་མཛད་པ་དང་། །རཀྴ་གཏེར་སྟོན་གཏེར་མ་ཡི། །མ་མོའི་ཁྲག་མདོས་རྙིང་པ་དང་། །དུད་སོལ་རང་བྱུང་རེ་མ་ཏི། །ལྷ་མོའི་རྒྱུད་གཞུང་མང་པོ་ལ། །ཤིན་ཏུ་གོམས་ཤིང་འདྲིས་བྱས་ཏེ། །དཔལ་ལྡན་ལྷ་མོ་དཔོན་གཡོག་གི །དབང་ལུང་མན་ངག་མཐའ་ཡས་ཐོབ། །བསྙེན་སྒྲུབ་རྟགས་མཚན་ཐོབ་པ་ཡི། །སྔགས་རྒན་རཱ་ག་ཨ་སྱ་ངས། །དུས་ངན་བསྐལ་པ་སྙིགས་མ་ལ། །མི་རྣམས་སྤྱོད་པ་ངན་པ་དེས། །སྲིད་པའི་མ་མོ་ཐམས་ཅད་འཁྲུགས། །དེ་ཚེ་ནད་ཀྱི་དུ་རུ་ཀ །གསོ་རིགས་གཞུང་ནས་མ་གྲགས་ཅིང་། །ནད་རྟགས་རྩ་ཆུ་གོ་ལོག་སྟོན། །སྨན་གྱིས་མི་ཕན་དུག་ཏུ་འགྲོ །མི་ཕྱེད་ཕྱགས་མས་འདེབས་པ་དང་། །མི་ཐོག་ཡང་ཡང་འབུད་པ་འབྱུང་། །དེ་སྐད་ཀུན་མཁྱེན་ཨོ་རྒྱན་རྗེའི། །གཏེར་ཁ་རྣམས་ནས་ལུང་བསྟན་པ། །ད་ནི་རིམ་བཞིན་དུས་ལ་བབས། །དེ་དག་རྣམས་ལ་ཕན་སེམས་ཀྱིས། །འདི་སོགས་རྐྱེན་ཟློག་མང་དུ་བསྒྲིགས། །འདི་དག་ཕན་ཐོག་ཡོང་མི་ཡོང་། །དར་སྲོལ་འགྲོ་དོན་འབྱུང་མི་འབྱུང་། །བརྟག་ཕྱིར་ཡེ་ཤེས་སྤྱན་ལྡན་པའི། །ཡི་དམ་ལྷ་ལ་གསོལ་བཏབ་པས། །ཕན་ཐོགས་འགྲོ་དོན་མང་པོ་འོངས། །གསུངས་པའི་རྨི་ལམ་ལུང་བསྟན་ཐོབ། །བདག་གིས་རྐྱེན་ཟློག་བསྒྲིགས་པ་ཀུན། །བདག་གི་ཤེས་རབ་རྩལ་མ་ཡིན། །ཨོ་རྒྱན་རྗེ་ཡི་ཐུགས་རྗེ་ཡིས། །བྱིན་བརླབས་གཏེར་ཕྲན་གཅིག་དང་མཉམ། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་འཕེལ། ཁྱད་པར་ཀཿཐོག་གོ་འཇོའི་ཕྱོགས། །རྩིས་ཆེ་ངོ་མཚར་ཆེན་པོར་བརྩི། །དེ་དག་འབྱུང་རྟགས་རྨི་ལམ་དུ། །བརྡ་ཡི་རྣམ་པ་མང་པོ་མཐོང་། །དེ་ཚེ་བདག་རང་སྤྲོ་བ་སྐྱེས། །དེ་ཕྱིར་འདི་སོགས་མང་དུ་བརྩམས། །འོན་ཀྱང་ཆོས་སྤྱན་མི་ལྡན་པས། །འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །མ་མོ་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་མ་འོངས་སྐྱེ་འགྲོ་ཀུན། །ནད་དང་གདོན་ལས་ཐར་གྱུར་ནས། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་ཤོག །འདི་ཉིད་འཕེལ་ཞིང་རྒྱས་པ་ཡི། །ཕྲིན་ལས་མ་མོ་ཀུན་གྱིས་སྒྲུབས། །འབྲེལ་ཚད་བཀྲ་ཤིས་བདེ་ལེགས་ཤོག ༈ །འདིའི་ཁྱད་པར་མན་ངག་ཟབ་མོ་ནི། །ཐལ་ཆེན་ཡུངས་དཀར་ར་ཁྲག་རུས་ཚིགས་དང་། །སོལ་བ་བསྲེས་ཏེ་སྔགས་ནི་ཉེར་གཅིག་གམ། །བརྒྱ་རྩས་སྔགས་ལ་རིམས་ནད་ཡོད་པ་ཡི། །ཕྱོགས་སུ་གཏོར་རམ་ཁྱིམ་རྣམས་ཀུན་ལ་གཏོར། །ཡང་ན་ཆུ་ལ་བཏབ་ནས་གཏོར་ཡང་རུང་། །དེ་ཡི་ལྷག་མ་དུར་ནི་མང་སར་གཏོར། །དེ་ནི་རིམས་ནད་གཅོད་པའི་གདམས་ངག་སྟེ། །མ་མོ་འབུམ་གྱི་རྒྱུད་ལུང་ཆེན་པོ་ཡི། །ལེའུ་ཉི་ཤུ་རྩ་བཞི་པ་ནས་གསུངས། ཨོཾ་ས་སི་རུ་རུ་པུ་རུ་ན་ས་མ་ར། ཨོ་འུ་རེ། བ་མ་སུ། སུ་ཏ་ན་བྷྱོ། ཟབ་བོ། །ྀཨཚ།

རྩ་གསུམ་ཟབ་མོ་ཀུན་འདུས་ལས། སྨིན་བྱེད་གཏོར་མའི་དབང་བསྐུར་གྱི་ཕྱག་ལེན་པདྨའི་དོ་ཤལ་ (Volume 5, Text 20)

༄༅། །རྩ་གསུམ་ཟབ་མོ་ཀུན་འདུས་ལས། སྨིན་བྱེད་གཏོར་མའི་དབང་བསྐུར་གྱི་ཕྱག་ལེན་པདྨའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་མཱུ་ལཱ་ཡ། མཆོག་གསུམ་གཅིག་ཏུ་བསྡུས་པའི་མགོན། །རྩ་བ་གསུམ་གྱི་སྤྱི་དཔལ་ཆེ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །འབྲལ་མེད་སྙིང་གི་ཟེའུ་འབྲུར་བཞུགས། །བླ་མ་རྩ་གསུམ་ཀུན་འདུས་ཀྱི་གཏོར་དབང་བྱིན་རླབས་སྒོ་འབྱེད་བསྒྲུབ་པར་འདོད་པས། སྦྱོར་བ་སྟེགས་གཙང་མའི་སྟེང་དུ་ཁྲིའུའི་ཁར་ཐོད་པ་དུམ་བུ་གསུམ་པའི་ནང་གཏོར་མ་རིན་ཆེན་འབར་བ་བཀོད། དེའང་ཟན་གཙང་མ་ལ་འབྲས་བུ་གསུམ་དང་ག་བུར་པི་ལིང་རྣམས་བསྲེས་པས་རི་རབ་བང་རིམ་བཞི་བརྩེགས་པའི་སྟེང་རིན་ཆེན་ཕྱེ་མ་བསྲེས་པས་རིན་ཆེན་ཟུར་བརྒྱད། དེ་སྟེང་སྦྲང་རྩི་ཤ་ཆང་བསྲེས་པས་པདྨ་འདབ་བརྒྱད། དེ་སྟེང་ཅོང་ཞི་སེར་ཆེན་རྒྱ་སྐྱེག་རྩྭ་རྣམས་བསྲེས་པས་པདྨ་འདབ་བཞི། དེ་སྟེང་བྲག་ཞུན་བསྲེས་པས་ཉི་མ། ཅོང་ཞི་བསྲེས་པས་ཟླ་བའི་གདན། དེ་སྟེང་རྩ་བརྒྱད་སྟོང་སྦྱར་བསྲེས་པས་གཏོར་མ་རིན་ཆེན་འབར་བ་བཅས་བཟོ་དབྱིབས་སྤྱི་མཐུན་ལ་དཀར་ཐིག་དམར་གུར་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད། རྒྱབ་ཏུ་བཀའ་སྲུང་གཏོར་འབུལ་དཀར་དམར་དང་གསེར་སྐྱེམས་རྣམས་བཤམ། གཞན་ཡང་ཕྲིན་ལས་ལ་དགོས་པའི་གཏོར་ཚོགས་རིགས་སོགས་མ་ཚང་བ་མེད་པར་གསག་གོ །དེ་ནས་བརྒྱུད་འདེབས་དང་སྐྱབས་སེམས་ནས་བརྩམ། ལས་བྱང་ཆོག་ཁྲིགས་པདྨའི་དགོངས་རྒྱན་ལྟར་བདག་མདུན་གཅིག་རྫོགས་སུ་བསྒྲུབ། བསྙེན་སྒྲུབ་ལས་གསུམ་ལས་སྒྲུབ་པའི་སྐབས་སུ་ཛཔ྄་ཁང་དབྱེ་ཞིང་དེའི་བཟླས་པ་བུང་བསྐྱེད། ལས་སྦྱོར་དེའི་བཅུ་ཆ་བཟླས་པའི་མཐར། མདུན་དཀྱིལ་གཏོར་མ་ལ་དམིགས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཨཱཏྨ་ཀོ྅་ཧཾ༔ གཏོར་མའི་དངོས་འཛིན་གདོད་ནས་རྣམ་པར་དག༔ ཡེ་ཤེས་འོད་ཟེར་ཐུགས་རྗེས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ལས་གང་འདོད་དེར་སྣང་བསྒྱུར༔ ཕྱི་སྣོད་ཀཱ་ལི་རིན་ཆེན་གཞལ་ཡས་ཁང༔ ནང་བཅུད་གཏོར་མ་རྩ་གསུམ་དཀྱིལ་འཁོར་རྫོགས༔ གསང་བ་གང་འདུལ་དེར་སྣང་མཆོད་པའི་སྤྲིན༔ རབ་འབྱམས་རྩ་གསུམ་དགྱེས་སྐོང་དམ་པར་གྱུར༔ མ་ཧཱ་བ་ལིཾ་ཏ་ཛྭ་ལ་རཾ་ཨེ་སྥ་ར་ཎ་ཕཊ༔ ཅེས་གསལ་བཏབ། ལས་བྱང་གི་སྤྱན་འདྲེན་བརྗོད་ལ་ཡེ་ཤེས་པ་བསྟིམ། དེ་ཉིད་ལ་དམིགས་ཏེ་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་སྦྲེལ་བའི་ཤམ་དུ། མ་ཧཱ་བ་ལིཾ་ཏ་སརྦ་ཨོཾ་ཨཱཿཧཱུྃ༔ ཞེས་ཅི་འགྲུབ་བཟླ། ལས་བྱང་ལྟར་མཆོད་བསྟོད་བྱ་ཞིང་ཡིག་བརྒྱ་བརྗོད། རྩ་གསུམ་ལྷ་རྣམས་གཏོར་མར་ཐིམ༔ ཕྱི་ནི་མཛེས་པ་མཆོད་པའི་གཏོར༔ ནང་བཅུད་བརྗིད་པ་དངོས་གྲུབ་གཏེེར༔ གསང་བ་བྱིན་རླབས་ཀུན་གཞིར་གྱུར༔ ཅེས་མོས། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཚང་མ་བསྐུལ་བ་ནས་རྟ་བྲོའི་བར་བཏང་། དངོས་གྲུབ་བླང་བའི་ཚིག་བརྗོད་ལ་ཏིང་ངེ་འཛིན་གྱི་བདག་དབང་བླང་། ལས་བུམ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བྱིན་བརླབ་བོ། །དངོས་གཞི་དབང་གི་ཐོག་མར་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཚམས་སྦྱོར་གྱི་ཁྱད་པར། དེའང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་སྣང་བ། རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རྡོ་རྗེའི་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་དེ་ཉིད་ཀྱིས་གདུལ་བྱའི་ཞིང་ཁམས་ཐུན་མོང་མ་ཡིན་པ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ་སྐུ་དངོས་སུ་བྱོན། གདུལ་བྱ་ལས་ཅན་རྣམས་ཀྱི་སྣང་ངོར་བགྲང་བྱ་བརྒྱ་དང་བཅུ་གཅིག་གི་བར་དུ་བཞུགས་ནས་གསང་ཆེན་ངེས་པའི་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར། བོད་ཁམས་མཐའ་དབུས་མ་ལུས་པ་ཞབས་ཀྱིས་བཅག་ནས་བྱིན་གྱིས་བརླབས། ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་བརྗོད་ཀྱིས་མི་ལོང་བ་སྦས། འདོན་པའི་ལས་ཅན་སྐྱེས་བུ་དུ་མ་ལུང་བསྟན་ཏེ་མ་འོངས་རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་འགྲོ་དོན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་མཛད་པའི་ནང་ཚན། ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱི་དབང་སྐལ་འགའ་ཞིག་ཀོང་པོ་རྩ་ནང་བདེ་ཆེན་གསང་བ་ཕུག་ཏུ་རྒྱས་བཏབ་པ། ཕྱིས་འདུལ་བའི་དུས་སུ་སོན་པ་ན་དེ་ཉིད་ཀྱི་སྐྱེ་མཐའ་གྲུབ་པའི་དབང་ཕྱུག་ཀུན་བཟང་བདེ་ཆེན་རྒྱལ་པོའམ། རིག་འཛིན་སྨོན་ལམ་རྡོ་རྗེས་སྤྱན་དྲངས་ཏེ་ཆོས་བདག་གི་གཙོ་བོ་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་ནས་སྨིན་གྲོལ་གྱི་བདུད་རྩི་བཞེས་པས་མཐའ་རྒྱས་རྟེན་འབྲེལ་གྱི་སྒོ་ལྷུན་གྲུབ་ཏུ་ཚུགས་པ་འདི་ཉིད་ཀྱི་སྨིན་བྱེད་སྙིང་པོ་གཏོར་དབང་བྱིན་རླབས་སྒོ་འབྱེད་སྒྲུབ་པ་ལ་སོགས་བརྗོད་ནས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ དུས་གསུམ་རྒྱལ་བའི་སྤྱི་དཔལ་ཆེ༔ རྩ་གསུམ་བླ་མ་རྡོ་རྗེ་འཛིན༔ བདག་ལ་ཉེ་བར་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ རྩ་གསུམ་ཕྲིན་ལས་སྒོ་འབྱེད་ཞུ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོཿཉོན་ཅིག་འདུས་པའི་འཁོར༔ ཁྱོད་རྣམས་རྩ་གསུམ་རྣལ་འབྱོར་ལ༔ འཇུག་པར་སྤྲོ་སྟེ་གསང་སྔགས་ཀྱི༔ དམ་ཚིག་སྲོག་ལ་བསྡོ་ཨི་ནུས༔ ཐེ་ཚོམ་བྲལ་ཞིང་ཁས་བླངས་ན༔ རྩ་གསུམ་བྱིན་རླབས་འཇུག་པར་བྱ༔ ཞེས་དྲིས་པའི་ལན་གདབ་པ་འདིའི་རྗེས་ཟློས། ཧོ༔ དགོངས་སུ་གསོལ་ལོ་སློབ་དཔོན་རྗེཿ གསང་སྔགས་རྩ་གསུམ་ཀུན་འདུས་ཀྱི༔ སྨིན་གྲོལ་བདག་ལ་བྱིན་རློབས་ན༔ རྩ་གསུམ་སྲོག་དང་བསྡོས་ནས་བསྒྲུབ༔ འདི་ཕྱི་ཀུན་གྱི་སྐྱབས་གཅིག་པུ༔ བླ་མ་སེམས་ཀྱི་དཀྱིལ་དུ་བཅང༔ གསོལ་འདེབས་སྙིང་གི་ཀློང་ནས་བྱེད༔ བྱིན་རླབས་ཐུགས་ཀྱི་བེ་འུར་སྩོལ༔ ཅེས་ཞུ། དེ་ནས་སྲུང་མ་ལ་གནང་བ་ཞུ་བའི་གཏོར་འབུལ་ནི། རྒྱབ་ཕྱོགས་ཀྱི་གཏོར་མ་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། ཨོཾ་སརྦ་དྷརྨ་པཱ་ལ་ནི་དྷི་པ་ཏི་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་བཛྲ་འབར་བ་རྩལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། གསུར་དུད་བཏང་ལ། ཧཱུྃ༔ ང་ཉིད་རིག་འཛིན་རྒྱལ་བའི་གདུང༔ བཀའ་ལ་བཏགས་པའི་བསྟན་སྲུང་ཆེ༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ ཐུགས་རྗེས་བདག་ལ་དགོངས་འཚལ་ལོ༔ དངོས་བཤམས་མཆོད་གཏོར་གསེར་སྐྱེམས་འབུལ༔ རྩ་གསུམ་ཕྲིན་ལས་སྒོ་འབྱེད་པས༔ ཁྱོད་རྣམས་ཀོ་ལོང་ཕྲག་མ་དོག༔ ཟབ་ཆོས་འདི་ཡི་མེལ་ཚེ་མཁན༔ བརྒྱུད་འཛིན་བུ་ཡི་ཕྲིན་ལས་སྒྲུབས༔ བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ གལ་ཏེ་དམ་མེད་ལོག་ལྟ་ཅན༔ གསང་སྔགས་ཁྱད་གསོད་སློབ་དཔོན་གཤེ༔ མཆེད་འགྲས་ཆོས་ལ་བསྲེ་བསླད་བྱེད༔ དོན་བརྒྱུད་གཡེལ་ཞིང་དཔེ་རྒྱུད་འཆལ༔ རྩ་གསུམ་དམ་མེད་བདུད་བློ་ཅན༔ ཉེ་རིང་ཕྱི་ནང་མ་ངེས་པ༔ གཟའ་ཀླུ་རྒྱལ་པོའི་ཟས་སྐལ་ཡིན༔ ཞིང་སྐྱོང་མགོན་པོས་ཆད་པ་ཆོད༔ རྡོ་རྗེ་འབར་བས་སྲོག་དབུགས་ལོངས༔ དམ་ཚིག་གཉན་གྱི་བྱ་ར་མཛོད༔ ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ལ༔ བདེན་རྫུན་གཉིས་ཀྱི་ཕྲིན་ལས་མཛོད༔ དམ་ལྡན་པདྨའི་བརྒྱུད་འཛིན་ལ༔ དེང་ནས་ཁྱོད་ཀྱིས་རོགས་དན་དང༔ མཐུན་རྐྱེན་ཅི་བསམ་ལྷུན་གྲུབ་ཀྱིས༔ བྲན་དང་ཕོ་ཉ་རྩལ་མ་ཞན༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད༔ ཅེས་རོལ་མོ་དང་བཅས་གཏོར་མ་གསེར་སྐྱེམས་ཕྱི་རོལ་དུ་འབུལ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་སྤྱན་སྔར་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ རྩ་བ་མཆོག་གསུམ་སོགས་ལས་བྱང་ལྟར་ལན་གསུམ། མར་གྱུར་སེམས་ཅན་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་དུ་སྨིན་གྲོལ་ཟབ་མོ་ནོད་པར་སེམས་བསྐྱེད་ལ་འདིའི་རྗེས་ཟློས། ཀྱེ་མ༔ འཁོར་བར་འཁྱམས་པའི་སོགས་གསུམ། བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་མཛད་འཚལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་ཨ་འཐས་ཀྱི་ལུས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གནས་ཁང་དབང་དྲག་རོལ་པའི་གཞལ་ཡས་ཁང་གི་བཀོད་པ་རྫོགས་པའི་དབུས་སུ༔ ཁྱེད་རང་རྣམས་སྐད་ཅིག་གིས་རྟ་མཆོག་པདྨ་ཧེ་རུ་ཀ་རྡོ་རྗེ་དྲག་པོ་སྐུ་མདོག་དམར་སྨུག༔ དབུ་དགུ་སྲིད་པའི་དབྱིངས་སུ་སྙེགས་པ༔ གཡས་ཞལ་གསུམ་དཀར་ལ་བཞད་པ༔ གཡོན་ཞལ་གསུམ་མཐིང་ལ་ཁྲོ་བ༔ རྩ་ཞལ་གསུམ་དམར་ལ་རྔམ་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་ཨག་ཚོམ་དང་སྨིན་མ་ལས་མེ་སྟག་འཕྲོ་བ༔ སྤྱན་གསུམ་གསུམ་གདངས་མིག་བགྲད་ཅིང་ཉི་ཟླའི་ཟེར་སྒྲིབ་པ༔ ཕྱག་དྲུག་གཡས་གསུམ་གྲི་གུག་དང་རལ་གྲི་མེ༔ གཡོན་གསུམ་ཐོད་ཁྲག་དང་ལྕགས་ཀྱུ་ཞགས་པ་འཛིན་པ༔ དབུ་སྐྲ་རལ་པས་ནམ་མཁའི་དབྱིངས་གང་ཞིང་ཐོད་སྐམ་དང་རྩེ་བྲན་གྱིས་བརྒྱན་པ༔ དཔལ་ཆས་དུར་ཁྲོད་ཀྱི་ཆ་ལུགས་ཡོངས་སུ་རྫོགས་ཤིང༔ ཞབས་བཞིས་བདུད་བཞི་མནན་ཞིང་རྔམ་པའི་གར་སྟབས་ཅན་མེ་རིའི་ཚྭ་ཚྭ་འཕྲོ་བ༔ ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ༔ དབུའི་གཙུག་ནས་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ རྟ་དབུའི་སྤྱི་བོར་འོད་ཀྱི་དལ་ལ་འོ་མའི་མཚོ་དབུས་པདྨའི་སྡོང་པོ་གེ་སར་ཟེའུ་འབྲུ་ཉི་ཟླ་དང་བཅས་པའི་སྟེང་དུ༔ རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ལ་འཁོར་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་ཞིང་རྡུལ་གྱི་གྲངས་མཉམ་གྱིས་བསྐོར་ཏེ་བཞུགས་པ༔ དེའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོར་ཨཱཿས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ཏེ༔ སློབ་དཔོན་གྱི་ཐུགས་དམ་བསྐུལ༔ སློབ་དཔོན་གྱི་གནས་གསུམ་ལས་འོད་ཟེར་དེ་ལས་ཀྱང་ཆེས་ཆེར་འཚེར་པ་ལྔ་ལྡན་དྲག་ཏུ་འཕྲོས༔ འོག་མིན་ཆོས་ཀྱི་དབྱིངས༔ རྔ་ཡབ་པདྨ་འོད༔ ཨོ་རྒྱན་མཁའ་འགྲོའི་གླིང་སོགས་ཞིང་ཁམས་རབ་འབྱམས་དཔག་ཏུ་མེད་པ་ནས༔ བདེ་བར་གཤེགས་པ་ཐམས་ཅད་རྩ་གསུམ་ལྷ་ཚོགས་ཀྱི་རོལ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལྷར་གསལ་བ་དང་གཉིས་འདྲེས་ཏེ་མཚོ་ལ་ཁ་བ་བབ་པ་ལྟར་གྱུར་ཏོ་སྙམས་པའི་མོས་པ་མཛོད། འབེབས་པའི་རྫས་བདུག །དབྱངས་རོལ་མོའི་སྐུལ་དང་ལྡན་པས་ལས་བྱང་ལྟར་སྤྱན་འདྲེན་དང་སྔགས་དྲག་ཏུ་བརྗོད་དོ། །དེ་ནས་གཏོར་མ་ཐོགས་ལ། གཏོར་སྣོད་པདྨ་འོད་ཕུང་འཁྱིལ་པའི་གཞལ་མེད་ཁང་དུ་གཏོར་མ་ཉིད་བླ་མ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་གནས་བཞི་ནས་ཨོཾ་ཨཱཿཧཱུྃ་ཧྲཱིཿདཀར་དམར་མཐིང་སེར་འོད་ཀྱི་ཐིག་ལེ་ཟེར་ཐག་དང་བཅས་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་དབང་བཞིའི་བྱིན་རླབས་རྩལ་རྫོགས་སུ་ཐོབ་པའི་མོས་འདུན་མཛོད་ཅིག །ཨེ་མ་ཧོ༔ ཆོས་སྐུ་སྐྱེ་མེད་སྤྲོས་དང་བྲལ་བའི་ངང༔ མ་འགག་སྣ་ཚོགས་དེར་སྟོན་ལོངས་སྤྱོད་རྫོགས༔ ཚད་མེད་ཐུགས་རྗེའི་མངའ་བདག་ཨོ་རྒྱན་རྗེ༔ སྐུ་གསུམ་པདྨ་རྒྱལ་པོས་བྱིན་གྱིས་རློབས༔ ཀུན་བཟང་རྒྱལ་བ་དགོངས་བརྒྱུད་བླ་མ་དང༔ དགའ་རབ་ཤྲཱི་སིཾ་རིག་འཛིན་བརྡ་ཡི་བརྒྱུད༔ པད་འབྱུང་གང་ཟག་སྙན་བརྒྱུད་བླ་མ་ཡིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཐེག་དགུའི་གསང་མཛོད་ཀློང་ཆེན་བརྡ་ཡི་བརྒྱུད༔ རྩ་གསུམ་དབང་བསྐུར་བཀའ་གཏད་སྨོན་ལམ་བསྩལ༔ ལས་འཕྲོ་གཏེར་བརྒྱུད་བླ་མ་ཐམས་ཅད་ཀྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ དག་པ་རྡོ་རྗེའི་ཞིང་མཆོག་འོད་གསལ་རྩེར༔ ཐེག་དགུའི་དོན་རྫོགས་ཨ་ཏི་རྫོགས་པ་ཆེ༔ བླ་མེད་དོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བླ་མ་པད་འབྱུང་རྡོ་རྗེ་འཆང༔ རིག་འཛིན་ཡི་དམ་མཁའ་འགྲོའི་གཙོ་བོ་མཆོག༔ ཁྱོད་སྐུར་སྣང་སྲིད་རབ་འབྱམས་ཞིང་ཀུན་རྫོགས༔ འཁོར་འདས་ཀུན་གྱི་སྤྱི་དཔལ་མགོན་གཅིག་པུ༔ ཁྱོད་ལ་སྙིང་ནས་བདག་ཅག་གསོལ་བ་འདེབས༔ སྐུ་གཅིག་སྐུ་ལྔ་མཚན་བརྒྱད་སྒྱུ་འཕྲུལ་ཀྱང༔ རང་རང་མོས་ངོར་ཐུགས་རྗེ་དེར་སྣང་ལས༔ དོན་ལ་ཀུན་འདུས་མགོན་པོ་ཁྱོད་ཉིད་རང༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དབང་བསྐུར་སྩོལ༔ དེང་སང་བསྐལ་ངན་ལྔ་བརྒྱའི་མཐར་ཉེ་བས༔ སེམས་ཅན་ལས་ངན་དུག་ལྔ་བཙན་པོའི་མཐུས༔ སྡུག་བསྔལ་རྣམ་སྨིན་དུཿཁར་སྤྱོད་སྐབས་འདིར༔ རྗེ་བཙུན་པད་འབྱུང་ཁྱོད་མིན་རེ་ས་བྲལ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བར་ཆད་སོལ་ཅིག་རྡོ་རྗེ་དྲག་པོ་རྩལ༔ དངོས་གྲུབ་སྩོལ་ཅིག་མ་སྲིང་མཁའ་འགྲོའི་ཚོགས༔ ལས་དང་རྣམ་སྨིན་ངན་པ་ཀུན་བསལ་ནས༔ རྩ་གསུམ་ཀུན་འདུས་ངོ་བོར་བདག་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བསྙེན་སྒྲུབ་ལས་གསུམ་སྔགས་མཐར༔ བ་ལིཾ་ཏ་ཀཱ་ཝཱ་ཙི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་གཏོར་མ་གནས་གསུམ་བཞག༔ དབང་དོན་ངོ་སྤྲོད་གདབ་པ་ནི༔ འོ་སྐལ་ལྡན་བུ་རྣམས་མ་ཡེངས་པར་གསན་ལ་དབང་དོན་སེམས་ལ་ཟུངས་ཤིག༔ གཏོར་མ་རིན་ཆེན་འབར་བ་སྤྱི་བོར་བཞག་པ་བུམ་པའི་དབང་ཡིན་ཏེ༔ ལུས་སྒྲིབ་དག༔ སྐུའི་བྱིན་རླབས་ཞུགས༔ དེང་ནས་ཏིང་ངེ་འཛིན་གཞལ་ཡས་དང་ལྷ་སྐུ་སྒོམ་པ་ལ་དབང༔ རྩ་བ་གསུམ་གྱི་སྤྱི་གཙུག་ནས་ཞི་ཁྲོ་ཐམས་ཅད་ཀྱི་སྐུའི་ངོ་བོ་བྱང་སེམས་ཨོཾ་དཀར་དེ་ཉིད་ཁྱོད་རང་གི་སྤྱི་བོར་ཐིམ་པས་སྣང་བ་སྐུ་རུ་རྒྱས་ཐེབས༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པ་ཡིན་ནོ༔ དེ་བཞིན་མགྲིན་པར་བསྐུར་བ་གསང་དབང་ཡིན་ཏེ༔ ངག་སྒྲིབ་དག༔ གསུང་གི་བྱིན་རླབས་ཞུགས༔ དེང་ནས་སྙིང་པོ་གྱེར་ཚིག་ཆོས་བཤད་དང༔ རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང༔ རྩ་བ་གསུམ་གྱི་མགྲིན་པ་ནས་བདེ་སྟོང་གཉིས་མེད་ཀྱི་བདུད་རྩི་ཨཱཿདམར་པོ་དེ་ཉིད་ཁྱེད་རང་གི་མགྲིན་པར་ཐིམ་པས་གྲགས་སྟོང་གསུང་དུ་རྒྱས་ཐེབས༔ ཐོས་ཚད་ཆོས་ཉིད་ཀྱི་སྒྲར་འཆར༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ༔ དེ་བཞིན་སྙིང་ཁར་བསྐུར་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ཏེ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་བྱིན་རླབས་ཞུགས༔ དེང་ནས་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང༔ རྩ་བ་གསུམ་གྱི་ཐུགས་ཀ་ནས་ཟག་མེད་ཡེ་ཤེས་ངོ་བོ་ཧཱུྃ་མཐིང་ག་དེ་ཉིད་ཁྱེད་རང་གི་སྙིང་གར་ཐིམ་པས༔ ཡིད་དྲན་སྐྱེས་ཆོས་ཉིད་དུ་གྲོལ༔ སྐྱེ་མེད་ཐུགས་སུ་རྒྱས་ཐེབས༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའོ༔ དེ་བཞིན་ལྟེ་བར་བསྐུར་བ་ཡང་དག་པའི་དབང་སྟེ༔ བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་རྩ་བ་གསུམ་གྱི་བྱིན་རླབས་ཞུགས༔ བརྗོད་བྱ་ལས་འདས་པའི་དབང་ཐོབ༔ གང་འདུལ་དེར་སྟོན་གྱི་ཕྲིན་ལས་ལ་དབང་སྒྱུར་བ་རྡོ་རྗེ་འཛིན་པ་ཉིད་དུ་འགྱུར་རོ༔ དེ་ནས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་གྱིས་ལ་ཚིག་དབང་ངོ་སྤྲད་པ་འདི་ལ་གསན་པར་ཞུ། ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་དགོངས་དང༔ དེ་ལྟར་དབང་ཞུ་བའི་ཡུལ༔ ཞུ་བྱེད་ཀྱི་མཁན་པོ༔ སྐུར་ཐབས་ཀྱི་གདམས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཁོ་ན་སྟེ༔ ཨ་འཐས་ཀྱི་མཚན་མ་ཅན་སོ་སོར་གྲུབ་པ་གང་འདུག༔ འདུག་ན་འཚོལ་དང༔ མ་རྙེད་ན་བྱེད་པོ་སེམས་ཁོ་ནའི་རྩལ་ཏེ༔ སྣང་བའམ་སྟོང་པར་ངོས་བཟུང་གང་རྙེད༔ སྣང་ན་གང་ནས་བྱུང༔ གང་དུ་གནས༔ ག་རུ་སོང༔ དབྱིབས་ཁ་དོག་ཆེ་ཆུང་དངོས་པོ་ཅི་འདུག༔ འདུག་ན་སྟོན་དང༔ མ་རྙེད་ན་སྟོང་པའི་ངོས་བཟུང་ཅི་ཨི་གདའ༔ སྟོང་བྱ་སྟོང་བྱེད་ཀྱི་ཤེས་པ་ངོས་བཟུང་སྟེ༔ སྣང་བ་སྟོང༔ སྟོང་པ་སྣང༔ སྣང་སྟོང་གཉིས་མེད་སྨྲ་བརྗོད་བྲལ༔ གཏོར་ན་གཏོར་བྱེད་ཀྱི་རྩིས་གདབ་མེད་པ༔ ཆོས་ཉིད་ཀྱི་མ་དང་མཇལ་བས་གཏོར་མ་ཞེས་པའི་སྒྲ་དོན་བདེན་འཛིན་ཞེན་པ་མེད་པའི་དོན་ལ་ཚིག་དབང་རིན་པོ་ཆེ་ཞེས་བྱའོ༔ ཆོས་ཐམས་ཅད་ཀྱི་རྩ་བ་ངོས་ཟིན༔ འཁོར་འདས་ཀྱི་སྟོང་སྲོག་ཆོད༔ དེས་ནི་དབང་ཆེན་རབ་འབྱམས་ཐམས་ཅད་ཐོབ་པ་ཡིན་ནོ༔ ཞེས་ངོ་སྤྲོད་གདབ། དེ་དག་རྣམས་ཀྱིས་གཏོར་དབང་དངོས་གཞི་གྲུབ་ནས་རྗེས་ཀྱི་རིམ་པ་ནི། གཞུང་ལས། དངོས་གྲུབ་རིན་ཆེན་གཏོར་མ་ནི༔ ཐབས་ཤེས་གཉིས་མེད་སིདྡྷིར་སྤྱོད༔ ཅེས་གསུངས་པས། གཏོར་མའི་ལྷ་ཚོགས་རྣམས་རང་གསལ་རང་རིག་གི་ཀློང་དུ་ཐིམ། གཏོར་མ་ཉིད་དངོས་གྲུབ་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་ཁྱེད་རང་རྣམས་ཀྱི་རང་ལུས་ཡི་དམ། སྤྱི་བོར་བླ་མ། རྩ་ཁམས་མཁའ་འགྲོར་གསལ་བ་ལ་མཆོད་པའི་ཚུལ་དུ་རོལ་པས་ཐབས་ཤེས་གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་དངོས་གྲུབ་སྟན་ཐོག་འདི་རུ་ཐོབ་པར་མོས་ཤིག །རྩ་སྔགས་མཐར། བ་ལིཾ་ཏ་ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་གཏོར་ཟན་ལག་གཡས་དང་བདུད་རྩི་གཡོན་དུ་སྦྱིན། དེང་ནས་བརྩམ་སྟེ་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་མོས་ལ་རྗེས་ཤེས་ཆོས་ཉིད་ཀྱི་ངང་ཉམས་རྟག་ཏུ་སྐྱོངས་ཤིག །མེ་ཏོག་འཐོར་ལ་ལས་གཞུང་ལྟར་བཀྲ་ཤིས་བརྗོད། ཧོ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཉིད༔ རྩ་གསུམ་ལྷ་དང་གཉིས་སུ་མེད༔ མཆོག་ཐུན་དངོས་གྲུབ་མ་བསྒྲུབ་འགྲུབ༔ མ་མོ་མཁའ་འགྲོ་བྲན་དུ་ཁོལ༔ འཇིག་རྟེན་དྲེགས་པ་ཟིལ་གྱིས་ནོན༔ རྩ་གསུམ་ཀུན་འདུས་ཆོས་ལ་དབང༔ འགྲོ་དོན་ཉིད་ལ་བརྩོན་པར་བྱ༔ ཞེས་གནང་བ་སྦྱིན། དེ་དག་གིས་བླ་མ་རྩ་གསུམ་ཀུན་འདུས་ཀྱི་སྨིན་བྱེད་གཏོར་མ་ལ་བརྟེན་པའི་བྱིན་རླབས་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་བཟུང་། གཏང་རག་འབུལ་བ་སོགས་མཐར་དབྱུང་། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་ནས་སྨོན་ལམ་གྱི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །པདྨའི་བྱིན་རླབས་ཟླ་ཤེལ་བདུད་རྩི་ཡིས། །སྐྱེ་ཀུན་སྙིང་གི་ཀུ་མུད་ཁ་ཕྱེས་ཏེ། །སྨིན་གྲོལ་ཟིལ་དངར་ཅི་ཡང་སྦྱིན་པ་ཡིས། །ལུས་ཅན་ཉེར་འཚོར་བདག་ལ་སྨིན་གྱུར་ཅིག །ཅེས་པའང་ཀུན་མཁྱེན་བླ་མ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག་གིས་བཀའ་ཡིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།

འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཟབ་གཏེར་ཚིག་བདུན་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ་གཉིས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འདོད་འཇོ་ (Volume 11, Text 20)

༄༅། །འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཟབ་གཏེར་ཚིག་བདུན་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ་གཉིས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ། གདོད་ནས་འགྱུར་མེད་ཀུན་བཟང་ཡབ་ཡུམ་དང་། །རང་སྣང་སྟོན་པ་རྡོ་རྗེ་སེམས་སྟང་དཔྱལ། །འགྲོ་འདུལ་སྤྲུལ་སྐུ་པད་འབྱུང་མཚོ་རྒྱལ་ལྕམ། །བརྒྱུད་གསུམ་བླ་མ་མཁའ་འགྲོར་གསོལ་བ་འདེབས། །དགོངས་བརྡ་སྙན་བརྒྱུད་དོན་གྱི་བྱིན་ཆེན་ཕོབ། །རྣམ་སྣང་རྒྱལ་བ་ལོ་ཆེན་བཻ་རོ་རྗེ། །བཀའ་དྲིན་ཟླ་མེད་ཆོས་རྒྱལ་ཡབ་སྲས་དང་། །བསྟན་པའི་སྒྲོན་མེ་འཇམ་དཔལ་ཆོས་བཤེས་གཉེན། །བྱིན་རླབས་གཏེར་འབྱུང་རྣམས་ལ་གསོལ་བ་འདེབས། །དོན་གཉིས་མཐར་ཕྱིན་འགྲུབ་པར་བྱིན་གྱིས་རློབས། །ཐུགས་བསྐྱེད་ཆེན་པོས་སྨོན་ལམ་དབང་བསྐུར་བརྙེས། །ཤོག་སེར་ལུང་གི་བཀའ་ཡི་ཆུ་བོ་བབས། །ལས་འཕྲོས་གཏེར་གྱི་ཤིང་རྟ་འདྲེན་མཛད་མགོན། །རྡོ་རྗེ་གཡུང་དྲུང་གླིང་པར་གསོལ་བ་འདེབས། །སྨིན་གྲོལ་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རྒྱལ་བའི་གདུང་དང་བསྟན་པའི་རྒྱལ་མཚན་འཛིན། །ཟབ་ལམ་བསྟན་པ་མི་ནུབ་སྤེལ་བའི་གཙོ། །འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་རྗེ། །ཆོས་བདག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །གྲུབ་པའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །སྐུ་གསུམ་སྐུ་བཞི་ཐོད་ཕྲེང་རྩལ་སྡེ་ལྔ། །རིགས་དྲུག་རབ་བདུན་མཚན་བརྒྱད་གཙོ་དང་འཁོར། །འཕྲུལ་མཚན་བཞི་བཅུ་སྟོན་པ་བཅུ་ཕྲག་ལྔ། །མཚན་བརྒྱ་རྩ་བརྒྱད་ཚེ་དབང་རིག་འཛིན་དང་། །ཆེ་མཆོག་སྨན་གྱི་བླ་མ་ནོར་གྱི་ལྷ། །ཟིལ་གནོན་དྲག་རྩལ་མེ་ཕྲེང་རྡོ་རྗེ་ཆོས། །བདེ་བ་ཆེན་པོ་འོད་མི་འགྱུར་བ་བཅས། །བླ་མེད་བླ་མའི་ཚོགས་ལ་གསོལ་བ་འདེབས། །ཡེ་ཤེས་གསུམ་སྐྱེད་དབང་བཞིའི་བྱིན་ཆེན་ཕོབ། །དུག་ལྔ་དབྱིངས་སྦྱོངས་འགྲོ་དྲུག་སྐྱེ་སྒོ་ཆོད། །རྡོ་རྗེ་བདུན་གྲུབ་ཐེག་དགུའི་ཡོན་ཏན་རྫོགས། །གང་ལ་གང་འདུལ་སྣ་ཚོགས་ནོར་བུ་བཞིན། །བདག་གཞན་རེ་སྐོངས་མཆོག་གི་དངོས་གྲུབ་སྩོལ། །སྐུ་གསུམ་དབྱིངས་གཙོ་ཀུན་ཏུ་བཟང་མོ་ནི། །མཚོ་རྒྱལ་སྒྲོལ་མ་གསང་ཡེ་ཁྲོས་མ་ནག །ཕྱི་ནང་གསང་བ་ཡང་གསང་དཀྱིལ་འཁོར་གཙོ། །རིགས་ལྔ་རིགས་བརྒྱ་འབུམ་ཕྲག་མཁའ་འགྲོ་མ། །ཐམས་ཅད་འདུས་པའི་དཀྱིལ་འཁོར་ལྷ་ཡི་གཙོ། །བཀའ་གཏེར་སྲུང་མ་བཅས་ལ་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་གསོལ། །ཉམས་ཆག་འགལ་འཁྲུལ་ནོངས་པའི་བཀའ་ཆད་ཟློག །རྩ་ཐིག་རླུང་དང་ཕྲིན་ལས་ནུས་སྟོབས་སྤོར། །འདུ་དང་འབར་དང་མཆོག་གི་དངོས་གྲུབ་སོགས། །མཆོག་ཐུན་རབ་འབྱམས་ལས་ཀྱི་མཐུ་དབང་སྩོལ། །བསྐྱེད་རིམ་ལམ་གྱི་སྣང་ཡུལ་ལྷ་རུ་འཆར། །རྫོགས་རིམ་ནུས་པས་ངག་རླུང་ནཱ་དར་ཐིམ། །ཐབས་གྲོལ་ཟབ་མོས་རིག་སྟོང་ཆོས་སྐུར་སྨིན། །བཞི་པའི་ལམ་མཆོག་ཆོས་ཉིད་ཟད་སར་འཁྱོལ། །ནང་གསལ་བུམ་པ་སྐུ་རུ་འུབ་ཆུབ་སྟེ། །ཕྱིར་ཤར་བྱ་རྩོལ་བྲལ་བའི་ཕྲིན་ལས་ཀྱིས། །འགྲོ་འདུལ་འཁོར་བ་དོང་སྤྲུགས་མཐུ་ཐོབ་ཤོག །ཅེས་པའང་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ནས་ཆེད་དུ་བསྐུལ་བ་བཞིན། ༧འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ཁོ་ནས་འཚོ་བའི་འབངས། ཀུན་བཟང་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེར་འབོད་པའི་སྔགས་བཙུན་གྱི་རྟགས་ཙམ་འཛིན་པ་དེས་གུས་པ་ཆེན་པོས་སྦྱར་བའོ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་གི་རྫོང་ཆེན་ཡན་ལག་དང་བཅས་མ་བུ་གུང་བསྡེབས་ཀྱི་ཡི་གེ་རྣམ་གྲོལ་བྱིན་རླབས་རོལ་པ་ (Volume 7, Text 20)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་གི་རྫོང་ཆེན་ཡན་ལག་དང་བཅས་མ་བུ་གུང་བསྡེབས་ཀྱི་ཡི་གེ་རྣམ་གྲོལ་བྱིན་རླབས་རོལ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་ཏྲི་ཀཱ་ཡེ་ཤྭ་རྭ་ཡ། བརྟན་གཡོ་འཁོར་འདས་མ་ལུས་ཁྱབ་པའི་བདག །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་འབྱུང་བའི་གནས། །སྐུ་གསུམ་ཞིང་གི་སྟོན་པ་ཨོ་རྒྱན་རྗེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བསྙེན། །གང་གི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་བཅུད། །ཉི་འོག་ས་སྟེང་དཀོན་པའི་ཡང་སྙིང་འདུས། །སྨིན་ལམ་བརྒྱུད་པའི་ཕྱག་བཞེས་རྒྱ་ཆེ་བས། །དཀྱུས་ཀྱི་ལག་ལེན་སྙིང་པོར་དྲིལ་ཏེ་བཀོད། །གུ་རུའི་ཐུགས་སྒྲུབ་ཀུན་གྱི་སྲོག་ཏིག་མཐར་ཐུག་ཏུ་བསྔགས་པ་ཡང་སྙིང་འདུས་པའི་དབང་བསྐུར་བ་ལ། རྒྱས་པ་སྒྲུབ་ཆེན་ཁོག་དབུབ་རྫོང་ཆེན་ལྟར་དཔོན་སློབ་ཟབ་རྒྱ་བརྟགས་ཤིང་སློབ་མ་རྗེས་བཟུང་སོགས་སྔོན་འགྲོ་བཅུ་གསུམ་ནང་། རྒྱན་འགོད་རྗེས་དབང་བྱང་བཀོལ་བ་ལྟར་བསྲེ་བསྣན་དང་ནུས་པའི་དབང་བསྐུར་རྣམས། དངོས་གཞི་གཞུང་བསྲང་དང་དབང་བསྙེན་སོགས་དོན་བརྒྱད་ཀྱིས་བསྟན་པ་ལྟར་བསྙེན་སྒྲུབ་ཞག་གྲངས་ཉེར་གཅིག་ལ་སོགས་པའི་ཁོངས་སུ་སློབ་མ་ཐུན་མོང་བ་ལ་དབང་གི་རྫོང་ཆེན་དང་གཏོར་དབང་ཡིད་བཞིན་ནོར་བུ། ཐུན་མོང་མ་ཡིན་པ་ལ་གསང་དབང་གསེར་གྱི་ཐེམ་སྐས། བརྒྱུད་འཛིན་ལ་གདམས་པ་གཏད་པ། སྨན་སྒྲུབ་དང་སྦྲེལ་ན་དེའི་དབང་བསྐུར་བཅས་རྫོགས་པར་བྱས་ནས་མཆོག་གི་དངོས་གྲུབ་ཆེན་པོ་བླང་། རྗེས་གཏེར་སྦ་བ་སོགས་ས་བཅད་བཅུ་གཉིས་ཀྱིས་བསྙེན་པའི་དོན་རྣམས་སྨིན་སློབ་ཀྱི་ཚུལ་དུ་བྱ་བ་ཡིན་ལ། འབྲིང་སྒྲུབ་ཆེན་མི་འགྲུབ་པའི་དབང་བསྐུར་དཀྱུས་མའི་ལུགས། བསྡུས་པ་གཏོར་མའི་བྱིན་རླབས་གསུམ་དུ་མཆིས་པ་ལས་སྐབས་འདིར་ཕྱག་ལེན་འབྲིང་པོ་ལྟར་བཀོད་པ་ལ་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ། བསྙེན་པའི་དོན་དུ་གསོལ་གདབ་གནང་སྦྱིན་སོགས་མི་དགོས་ཏེ་དེང་སང་དབང་བསྐུར་དཀྱུས་ལ་ལག་ལེན་འདེབས་པ་མེད་པའི་ཕྱིར་རོ། །ས་ཆོག་ཀྱང་སྒྲུབ་གནས་རྙིང་པ་དང་རས་བྲིས་ཕྱོགས་ལ་མི་དགོས་པས། ས་བཅད་ཙམ་དུ་བདག་ཉིད་དབང་ཆེན་གྱི་ང་རྒྱལ་དང་ལྡན་པས། དཀར་གཏོར་བྱིན་བརླབས་ལ། ས་བདག་ལྷ་ཀླུ་ལྟ་བུ་གང་འཐད་ཀྱིས་ཕུལ། སྔོན་འགྲོ་དངོས་ལ་གསུམ། བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དེ་ལ་དང་པོ་གཉིས་ཆབས་ཅིག་ཏུ་བཤད་ན་བདེ་བས། གུ་རུའི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་སྟེང་མཎྜལ་ལ་དྲིའི་ཐིག་ལེ་དབུས་སུ་གཅིག་གམ་སུམ་བརྩེགས། དེ་རྒྱབ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག་བྱས་པའི་སྟེང་དུ་བསྙེན་སྒྲུབ་སྔགས་རྣམས་བརྗོད་བཞིན་དུ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་བྱེ་བྲག་ཕྱེད་པར་དགོད། དེའི་སྟེང་མཉྫི་ལ་བུམ་པ་བཀོད་དེ་དེའང་ཐོག་མར་གུ་གུལ་དུད་པས་བདུག་ཅིང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ཨོཾ་ཤུདྡྷེ་སརྦ་དྷརྨཱཿསྭ་བྷ་ཝ་བི་ཤུདྡྷོ྅་ཧཾ༔ ཞེས་འོ་མ་དང་ཆུ་གཙང་བླུགས། ཨོཾ་ཨ་མྲྀཏ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་ཤ་ལྔ་བདུད་རྩི་ལྔའམ་མ་འབྱོར་ན་ཆོས་སྨན་བླུགས། ཨོཾ་པུཥྤེ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ འབྲུ་ལྔ། ཨོཾ་རཏྣ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ རིན་པོ་ཆེ་ལྔ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿསིདྡྷི་ཨོཾ་ཨཱཿཧཱུྃ༔ སྨན་ལྔ། ཨོཾ་གརྦྷ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ སྙིང་པོ་ལྔ། ཨོཾ་དྷཱུ་པེ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ སྤོས་ལྔའམ་དྲི་ལྔ་རྣམས་བླུགས། ཨོཾ་ནེ་ཏྲ་ག་པ་ཙ་སིདྡྷི་ཨོཾ་ཨཱཿཧཱུྃ༔ དར་སྣའི་མགུལ་ཆིངས་བྱ། ཨོཾ་བྲྀཀྵ་པླཀྴ་ཕ་ལ་སིདྡྷི་ཨོཾ་ཨཱཿཧཱུྃ༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། ཨོཾ་བཛྲ་པ་ཏི་ཀ་པ་ར་ཏ་ལ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་གཟུངས་ཐག་བཏགས་ལ་བཞག་གོ །མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་བཤམ། གཞན་ཡང་ལས་ཀྱི་བུམ་པ། སྟ་གོན་རྫས་རྣམས་ཀྱང་འདུ་བྱ་ཞིང་། དབང་རྫས་འོག་ཏུ་བཤད་པ་ཐམས་ཅད་སྐབས་འདིར་ཚོགས་པར་བྱ་བ་ནི་སྤྱིར་སྔ་འགྱུར་གཏེར་མའི་ཕྱོགས་དང་། ཁྱད་པར་ཆོས་རྒྱལ་རཏྣ་གླིང་པའི་ཕྱག་སྲོལ་དྲི་མ་མེད་པ་ཡིན་པས་དེ་ལྟར་དུ་བྱའོ། །དེ་ནས་སྤྲོ་ཞིང་ནུས་ན་ཐོག་མར་ལས་བྱང་ཚར་གཅིག་གིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་རྣམ་རྒྱལ་བུམ་པར་བསྐྱེད་བསྟིམ་མཆོད་བསྟོད་ཅི་འགྲུབ་བཟླས་པ་འོད་ཞུ་བཅས་ཟིན་ནས་ལས་བུམ་བསྒྲུབ། སླར་ལས་བྱང་མཆོད་བསྟོད་སོགས་རྒྱས་པ་ཚར་གཅིག་གི་མཇུག་ཏུ་གསོལ་གདབ་བཅས་ལྷ་སྟ་གོན་བྱ་དགོས་པ་ཡིན་ལ། སློབ་དཔོན་བསྐྱེད་རྫོགས་ཀྱི་ཏིང་འཛིན་གོམས་ཤིང་སྤྲོས་པ་ཆེར་མི་ལྕོགས་པས་ནི་དེ་དག་ཆབས་ཅིག་ཏུ་བྱ་ཆོག་ཅིང་། ཕྲིན་ལས་ཀྱང་གཞུང་འདི་ཉིད་ཀྱི་ལས་བྱང་ཆེན་མོ་གཏང་ཐུབ་ན་མཆོག་ཏུ་གྱུར་པས་སྨོས་མ་དགོས། ཁ་ཅིག་གིས་རྩ་གསུམ་མཆོད་ཕྲེང་ནང་ཐུགས་སྒྲུབ་ལས་བྱང་གི་མངོན་རྟོགས་ཙམ་བཙུད་ནས་ཁྱེར་བདེར་བྱེད་པར་སྣང་ཡང་། མཆོད་ཕྲེང་ནི་གཏེར་འབྱུང་ཉིད་དུ་གསལ་བ་བཞིན་གཏེར་སྟོན་གཞན་གྱི་གཏེར་ལྷག་ལུས་པའམ་གཏེར་ཚབ་ཏུ་བཞག་པ་ཞིག་སྟེས་དབང་གིས་ཕྱག་ཏུ་བྱུང་བ་ཙམ་ལས་ཐུགས་སྒྲུབ་ཀྱི་ཆ་ལག་མ་ཡིན་ཞིང་མགོ་མཐའ་ཚང་བའང་མི་བཞུགས་ལ་ཕྱི་ནང་གསང་མཆོད་ལས་བྱང་དངོས་ལས་ཀྱང་རྒྱས་པ་སོགས་འབྲེལ་ཆགས་པ་ཞིག་མི་འབྱུང་བས། བླ་སྒྲུབ་ཞལ་གདམས་གཏེར་ཁ་ཕལ་ཆེར་ཚིག་མཐུན་པར། སྤྱིར་ནི་རང་རང་ལུགས་བཞིན་ལ༔ ཁྱད་པར་ལས་བྱང་ལེ་བརྒྱད་ཤིས༔ ཞེས་དང་། ཀློང་གསལ་སྙིང་ཐིག་ཐོད་ཕྲེང་རྩལ་གྱི་རྩ་སྒྲུབ་ལས། སྒྲུབ་པ་དངོས་ནི་ལས་བྱང་ལེའུ་བརྒྱད་པ་ལ་བརྟེན་པར་ཤིས་སོ༔ ཞེས་དངོས་སུ་གསུངས་པ་མ་ཟད། ཆོས་དབང་དང་རཏྣ་གཉིས་གཏེར་ཁ་མ་བུ་ཡིན་པས་འབྲེལ་ཆགས་པ་དང་། ཚིག་ཚོགས་རྒྱས་བསྡུས་ཙམ་ལས་ལྷ་སྔགས་ལ་ཁྱད་པར་ཅིའང་མེད་ཅིང་ཚིག་རིས་ཕལ་ཆེར་ཡང་འདྲ་བ་སོགས་རྒྱུ་མཚན་མང་པོས་བླ་མ་གསང་འདུས་ཀྱི་ལས་བྱང་ལེའུ་བརྒྱད་པ་ཉིད་གཏང་བ་ཆེས་ལེགས་སོ། །གང་ལྟར་བརྒྱུད་འདེབས་སྐྱབས་སེམས་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་བའི་ལྷ་བསྐྱེད་སྐབས་ཚིག་རིས་གཅིག་གིས་བདག་མདུན་སོ་སོར་བསྐྱེད་པ་གྲུབ་མཚམས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་འོད་དུ་ཞུ་བ་ལས། བུམ་ལྷ་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་སོགས་རྒྱས་པར་བསྐྱེད། ཐུགས་སྲོག་གི་འོད་ཀྱིས་དོན་གཉིས་བྱས། ཡེ་ཤེས་པ་བཀུག་པར་མོས་ལ། སྤྱན་འདྲེན་མན་ཆད་ཚར་གཅིག་གིས་བདག་མདུན་བུམ་ལྷ་སོ་སོར་དམིགས་ཤིང་། བཟླས་པ་བདག་མདུན་ལ་དམིགས་པ་སོང་ནས། གཟུངས་ཐག་བླངས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་དམིགས་ལ་བཟླས་པ་ཅི་རིགས་བྱ། མཐར་མཆོད་བསྟོད་མདོར་བསྡུས་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པར་མོས། ལས་བུམ་སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཕྱག་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་ཙམ་བཟླས་ལ། ཁྲོ་བོའི་དབང་པོ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་ཆུ་བོ་ནུས་པ་དང་ལྡན་པར་གྱུར། དེ་ནས་སྟ་གོན་གྱི་ལྷ་ལ་དམིགས་ཏེ་སྤོས་དང་ཐལ་སྦྱར་བཅས། ཧོ༔ དགོངས་ཤིག་བླ་མ་རིག་འཛིན་གཙོ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ རྒྱལ་བ་སྲས་བཅས་མཆོད་པ་དང༔ སློབ་བུ་ཁྱོད་ཀྱི་རྗེས་འཇུག་ཕྱིར༔ བདག་ཉིད་ཆེ་གེ་ཞེས་བྱ་བས༔ ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི༔ ཐུགས་རྗེས་བདག་ལ་དགོངས་ནས་ནི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ། །སྐབས་འདིར་བསྲེག་ཐབས་དཀར་པོ་ཟླུམ་པོ་མེ་སྦར་བ་ལ་རྩ་གསུམ་ལྷ་རྣམས་སྐད་ཅིག་གིས་གསལ་བ་ལ། མར་ཁུ། འོ་མ་ཅན་གྱི་ཡམ་ཤིང་། ཏིལ་དཀར་པོ། ཡུངས་ཀར། ཕྱེ་མར་སོགས་བསྲེག་རྫས་ཇི་ལྟར་འབྱོར་བ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་བརླབས་ལ། རྩ་སྔགས་ཤམ་བུར། བདག་ཅག་རྣམས་ཀྱི་མི་མཐུན་བར་ཆད་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་རིགས་སུ་ཕུལ་ལ་ལྷ་མི་དམིགས་པར་བཞག་པ་ནི་མེ་མཆོད་མདོར་བསྡུས་པའོ། །གསུམ་པ་སློབ་མ་སྟ་གོན་ལ་སྡོམ་ནི། ཁྲུས་དང་ཡོན་འབུལ་ཞུ་གནང་བྱ། །ཚོགས་གསག་སྐྱབས་འགྲོ་སྡོམ་པ་བཟུང་། །གནས་གསུམ་བྱིན་རླབས་སོ་ཤིང་དོར། །སྤྲོ་སྐྱེད་སྲུང་སྐུད་ཀུ་ཤ་སྦྱིན། །ཅེས་རྣམ་གྲངས་བཅུ་གཅིག་ཡོད་པའི་དང་པོ་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་ཁྲུས་བྱ། གཉིས་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་གཅིག་ལུས་གཅིག་ལ་རིགས་རྣམས་ཀུན་འདུས་བླ་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐུགས་སྒྲུབ་ཀུན་གྱི་མཐར་ཐུག་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་དབང་བསྐུར་ནོད་ལ་རིམ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། དད་གུས་ཤེས་རབ་དང་ལྡན་པས་མ་ཡེངས་པར་གསན་འཚལ། དེ་ལ་འོ་སྐོལ་རྣམས་སྐྱེ་བར་དཀའ་བ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་མཇལ་ཞིང་ཐོས་པར་དཀའ་བ་ཐེག་པ་ཆེན་པོ་དམ་པའི་ཆོས་ཟབ་མོ་ཐོས་པའི་སྐབས་འདིར། ཐར་པའི་ལམ་སྣ་ཅིས་ཀྱང་ཟིན་པར་བྱེད་དགོས། ད་རེས་ལམ་སྣ་མ་ཟིན་ན་ཤི་བའི་འོག་ཏུ་མཐའ་མེད་པའི་འཁོར་བ་ན་འཁོར་དུས་འོག་ནས་འོག་ཏུ་འགྲོ་བ་ལས་ཆོས་ཀྱི་སྒྲ་མི་ཐོས། དེ་བས་ད་ལྟ་མི་ལུས་རིན་པོ་ཆེ་བརྒྱ་ལ་རེས་འགའ་ཞིག་ཐོབ་དུས་འདིར་འབད་དགོས་ཏེ། ཚེ་མི་རྟག་ནུབ་རིའི་གྲིབ་མ་དང་འདྲ། འཆི་བ་ལ་སྐད་ཅིག་ཐང་ཅིག་གིས་ཉེར་འགྲོ །འཆི་བའི་དུས་སུ་ཆོས་མ་ཡིན་པ་གང་གིས་ཀྱང་མི་སྟོངས། ཆོས་ལའང་བྱེད་ལུགས་བསམ་གྱིས་མི་ཁྱབ་ཀྱང་། རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་དམ་པའི་ཆོས་ལ་ཚུལ་བཞིན་དུ་འཇུག་དགོས། དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་ཀྱང་། ཐེག་པ་ཆེ་ཆུང་གཉིས་སུ་ཐམས་ཅད་འདུ། ཐེག་པ་ཆེན་པོ་ལ་སྔགས་མཚན་ཉིད་གཉིས་ལས། རང་རེ་རྣམས་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནས་འཇུག །འདི་ལའང་དཀྱིལ་འཁོར་སོ་སོ་ནས་འཇུག་པ་སྤྲོས་པ་དང་བཅས་པའི་ལུགས་དང་། ལམ་ཟབ་བླ་མའི་དཀྱིལ་འཁོར་ནས་འཇུག་པ་སྤྲོས་པ་མེད་པ་གཉིས་ལས། བླ་མའི་རིམ་པ་ནས་འཇུག་སྟེ་དཀྱིལ་འཁོར་ཐམས་ཅད་འདུས་པའི་མངའ་བདག་ཡིན་པའི་ཕྱིར། ཕག་མོ་མངོན་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཉིད། །ཅེས་པ་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་བྱུང་། །བླ་མ་མེད་པའི་གོང་རོལ་ནས། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པ་དང་། །ཆུབ་པར་རོལ་པ་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་ཙམ། །འདི་ནི་བསོད་ནམས་ཕ་མཐའ་ཡས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །རྒྱལ་བའི་ཐུགས་དགོངས་མ་ལུས་ཀྱང་། །བླ་མའི་ཐུགས་དགོངས་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ཀུན་གྱིས་བྱིན་བརླབས་འགྱུར། །དཀྱིལ་འཁོར་ཀུན་གྱིས་དབང་བསྐུར་འགྱུར། །ཅེས་གསུངས་སོ། །དེའང་བླ་མ་མཚན་ཉིད་དང་ལྡན་པ་གྲུབ་པ་ཐོབ་ངེས་པ་གཅིག་གི་རྩ་བའི་དཀྱིལ་འཁོར་དུ་ཞུགས་དགོས་པ་ལས། འདིར་དཔལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་དངོས་བླ་མར་སྤྲུལ་ནས་འཛམ་བུའི་གླིང་དུ་རང་བྱོན་པ། མཚན་ཐོས་པ་ཙམ་གྱིས་ངན་སོང་དང་འཁོར་བ་ལས་སྐྱོབ་པ། སྐུ་ཆེ་བའི་ཡོན་ཏན་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོ་ལས་རང་བྱུང་སྟེ། མཚན་དང་དཔེ་བྱད་ཀྱི་དཔལ་རབ་ཏུ་འབར་བ། གསུང་ཆེ་བའི་ཡོན་ཏན་ཕྱི་ནང་གསང་བའི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་མོས་པ་དང་མཐུན་པར་བསྐོར་བ། ཐུགས་ཆེ་བའི་ཡོན་ཏན་ཤེས་བྱ་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏིང་འཛིན་དང་། མངོན་པར་ཤེས་པ་རྒྱ་མཚོའི་མཐར་སོན་པ། ཡོན་ཏན་ཆེ་བ་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཕྲིན་ལས་ཆེ་བ་སེམས་ཅན་གྱི་གནས་རིས་ཐམས་ཅད་ལ་གང་ལ་གང་འདུལ་གྱི་སྤྲུལ་པས་དོན་མཛད་དེ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ནས་གཞན་དོན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འབྱུང་བ་དེ་ཉིད་སྒྲུབ་པའི་ཐབས་རྣམས་ཀྱིའང་ཡང་ཟབ་སྙིང་པོར་གྱུར་པ་སྟེ། རང་གཞུང་ལས། རིག་འཛིན་སྔགས་འཆང་པདྨ་བདག་འདྲ་ཡིས༔ སྐུ་ལྔ་མཚན་བརྒྱད་རྣམ་ཐར་དཔག་མེད་ལས༔ མ་འོངས་དོན་ཕྱིར་སྒྲུབ་ལུགས་དཔག་མེད་བརྩམས༔ ཀུན་ཀྱང་ཡང་ཟབ་མཐར་ཐུག་ཉི་ཚེ་སྟེ༔ སྙིང་པོ་ཡང་སྙིང་འདུས་པ་འདི་ལས་མེད༔ སྙིང་གི་ཡང་བཅུད་སྲོག་ཐིག་འདི་ཁོ་ན༔ ཞེས་བསྔགས་པར་མཛད་པའི་དཀྱིལ་འཁོར་དུ་གཞུག་པ་ལ་སྔོན་འགྲོ་སྟ་གོན་གྱི་བྱ་བ་དང་། དངོས་གཞི་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པའི་ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསུམ་པ་ནི། ཕྱག་སྙིམས་པ་མེ་ཏོག་དང་བཅས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དུས་གསུམ་སངས་རྒྱས་ཀུན་ཏུ་བཟང༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ ཐུན་མོང་མཆོག་གི་སྐྱབས་འགྲོ་དང༔ སོ་ཐར་བྱང་སེམས་དམ་ཚིག་སྡོམ༔ བླ་མ་མཆོག་གི་ས་ཐོབ་ཕྱིར༔ མགོན་པོས་བདག་ལ་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་རིག་ནས་ཐུགས་རྗེ་སྐྱེས་ཏེ་གནང་བ་བསྩལ་བ་ཡིན་ཏེ། ཀྱེ་མ་སྐལ་བཟང་ལས་ཅན་རྣམས༔ བླ་མེད་བླ་མའི་གསང་སྒྲུབ་བསྟན༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ གསང་སྔགས་ཆོ་ག་འདི་མཁྱེན་པས༔ བླ་མ་རྡོ་རྗེ་འཛིན་ཐོབ་ཅིང༔ ཀུན་བཟང་བླ་མ་རྡོ་རྗེ་འཛིན༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཏུལ༔ ཁྱེད་ཀྱང་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན་ནོ། །བཞི་པ་ནི། མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་རྟ་ཕག་ཡབ་ཡུམ་སོགས་ཡང་སྙིང་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་ཚུལ་བཞིན་དུ་བགྱི་བའི་འདུན་པས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགག་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ ལན་གསུམ། ལྔ་པ་ནི། ལམ་ལོག་པ་ལས་སྐྱོབ་ཅིང་སངས་རྒྱས་ཀྱི་ཐེག་པ་མཐའ་དག་གི་གཞི་རྟེན་སྐྱབས་སུ་འགྲོ་བའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དུས་གསུམ་སངས་རྒྱས་བླ་མ་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་ཆུབ་སེམས་དཔའ་སློབ་དཔོན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད། དྲུག་པ་ནི། རྡོ་རྗེའི་ཡེ་ཤེས་ཟབ་མོས་སྨིན་པར་བྱེད་པ་ལ་རྒྱུད་ཐ་མལ་ལས་འཕགས་པ་ཞིག་དགོས་པས། གཞན་གནོད་གཞིར་བཅས་ལས་ལོག་པ་སོ་སོ་ཐར་པའི་སྡོམ་པ་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། ལམ་དམན་པ་ལས་སྐྱོབ་ཅིང་གཞན་ཕན་གཞིར་བཅས་སྒྲུབ་པ་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་རྒྱུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། སངས་རྒྱས་ཐོབ་བྱེད་ཀྱི་བསླབ་པ་བླངས་ནས་འབྲས་བུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། སྔོན་གྱི་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བདག་གིས་སྡོམ་བསྲུང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། ཁྱད་པར་གྱི་མྱུར་ལམ་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་ལ་མེད་དུ་མི་རུང་བ་རྩ་བའི་བརྟུལ་ཞུགས་རིགས་ལྔ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བའི་བློས་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་དུ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཅེས་ལན་གསུམ་གྱིས་ཁས་བླང་དུ་གཞུག །གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེར་གསུངས་པ་རྣམས་རྩ་བ་དང་ཡན་ལག་གཉིས་སུ་འདུས་པ་ཡིན་ཞིང་དེ་དག་དེང་ནས་བརྩམ་སྟེ་ཚུལ་བཞིན་དུ་བསྲུང་དགོས་པས་དམ་ཚིག་བསྒྲག་པ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་ལ་གུས་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་སྲུངས༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ རྩ་བའི་དམ་ཚིག་འདའ་མི་བྱ༔ ཞེས་སྤྲོ་ན་དེའི་དོན་རྒྱས་པར་བཤད་དོ། །བདུན་པ་ནི། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་མཐིང་ནག་སྤྱན་གསུམ་ཐོར་ཚུགས་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས་ཤིང་ཕྱག་གཉིས་རྡོར་དྲིལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ཡེ་ཤེས་མཁའ་འགྲོ་དཀར་དམར་གྲི་ཐོད་འཛིན་པས་འཁྱུད་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྒྱས་བཏབ་པར་མོས་ཤིག །འབྲུ་གསུམ་བརྗོད་ལ་དྲིའི་ཐིག་ལེ་བྱ། ལྕེ་ལ་བདུད་རྩི་བཞག །དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་བཞིའི་བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཐ་མལ་པའི་སྒོ་གསུམ་གཞིར་གནས་ཀྱི་རྡོ་རྗེ་གསུམ་དུ་སད་དེ་རྒྱུད་ཡེ་ཤེས་ཆེན་པོས་གང་བར་མོས་ཤིག །ཛཿཧཱུྃ་བཾ་ཧོཿབརྗོད་ལ་རོལ་མོ་བྱ། ཡེ་ཤེས་པ་དེ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་སྟེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ དེ་ལྟར་ཁྱེད་རང་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་གྱུར་པ་དེ་རིགས་ཁམས་སད་པའི་ཐོག་མ། སྡོམ་པ་དམ་ཚིག་གི་རྩ་བ། འབྲས་བུར་སྨིན་བྱེད་ཀྱི་ས་བོན་ཡིན་པས་མཆོད་ཅིང་བསྟོད་པས་མངའ་གསོལ་བར་མོས་ཤིག །ཉེར་སྤྱོད་སོགས་བཏེགས་ལ། ཕྱི་ནང་གསང་མཆོད་བསྟོད་པ་བཅས་མདོར་བསྡུས་སུ་བྱ། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་ཀློང་དུ་བཟོད་པར་གསོལ་བའི་མོས་པས་ཡིག་བརྒྱ་བཤགས་ཚིག་བཅས་པའི་རྗེས་ཟློས་མཛད་པར་ཞུ། ཡིག་བརྒྱ་ལན་གསུམ་དང་། མགོན་པོ་བདག་ནི་སོགས་བརྗོད་དོ། །བརྒྱད་པ་ནི། མཎྜལ་ཚོམ་བུ་དགུ་པ་དགོད། སོ་ཤིང་གཏད་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་དུ་སོ་ཤིང་མཚན་ཉིད་དང་ལྡན་པ་ཐལ་སྦྱར་གྱི་བར་དུ་ཟུངས་ལ་སོ་བྲུད་ཅིང་སྡིག་སྒྲིབ་སྐྱུག་པའི་མོས་པ་དང་ཚིག་འདིའི་རྗེས་ཟློས་བཅས་ཚོམ་བུའི་སྟེང་དུ་འདོར་བར་ཞུ། བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་ལ་དངོས་གྲུབ་བཟང་པོ་སྟོན༔ ཧཱ་ས་ཧཱ༔ དེ་ལྟར་དོར་བས་རྩེ་མོ་དབུས་སུ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་སུ་བུམ་པ་བཟང་པོ་སོགས་ལས་ཕྲན་ཚེགས་འགྲུབ་ཅིང་། དབུས་དང་ཕྱོགས་བཞིས་རིགས་ལྔའི་དངོས་གྲུབ་ཀྱང་མཚོན་པ་ཡིན་ནོ། །ཞེས་ལུང་བསྟན། དགུ་པ་ནི། ཕྱིར་མི་ལྡོག་པའི་ཆེད་དུ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་འཚལ། ཀྱེ་མ་རིགས་ལྡན་བུ་རྣམས་ཉོན༔ བླ་མེད་འདི་འདྲའི་དཀྱིལ་འཁོར་མཆོག༔ ཨུ་དུམྦ་རའི་མེ་ཏོག་མཚུངས༔ འདི་རུ་གང་ཞུགས་སྡིག་སྒྲིབ་དག༔ མཐོང་བས་བདེ་ཆེན་ཞིང་ལ་རེག༔ ཚུལ་བཞིན་སྒྲུབས་ཤིག་བསོད་ནམས་ཆེ༔ སྤྲོ་བ་དང་ནི་དགའ་བ་སྐྱེད༔ བཅུ་པ་ནི། སྲུང་སྐུད་དམར་པོ་ལྔ་བསྒྲིལ་རྩ་སྔགས་བཟླས་ཤིང་རྡོ་རྗེའི་མདུད་པ་བཏབ་པ་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་ཏེ། རྡོ་རྗེའི་མདུད་པ་དཔུང་པར་བཅིངས་པས་ཁྱེད་རང་གི་སྒོ་གསུམ་བར་དུ་གཅོད་པའི་ཕྱོགས་ལས་སྲུང་བའི་རྡོ་རྗེའི་གོ་དང་ལྡན་པར་མོས་ཤིག །མདུད་པའི་སྟེང་རྡོ་རྗེས་རྒྱ་གྲམ་དུ་རེག་ལ། བཛྲ་རཀྵ་ཧཱུྃ༔ བཅུ་གཅིག་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་ལ། ཨོཾ་ཨཱཿཧཱུྃ་བཟླས་པ་ལག་གཡས་གཡོན་དུ་སྦྱིན་ལ། སྒོ་གསུམ་གྱི་ཉེས་པ་མ་ལུས་པ་གཙང་བའི་རྟེན་འབྲེལ་དང་ཁྱད་པར་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་དག་བྱེད་རྩ་མཆོག་གི་ཕོན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་དགེ་དང་མི་དགེའི་ལྟས་ཐམས་ཅད་བསྟན་དུ་གསོལ༔ ཅེས་དམོད་བོར་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་བསྟན་ཏེ་ཉལ་བས་ནངས་པར་རྨི་ལམ་གང་བྱུང་ངེད་ལ་སྨྲ་དགོས་པ་ཡིན་ནོ། །དེས་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་མདོར་བསྡུས་སམ། ཡང་ན་བདག་མདུན་ཆབས་ཅིག་ཏུ་དམིགས་ཏེ་སྔར་མ་སོང་ན་ཚོགས་སྐོང་། སྲུང་མའི་གཏོར་འབུལ། རྗེས་ཆོག་རྫོགས་པར་བྱས་ལ། གཤེགས་བསྡུའི་སྐབས། སྟ་གོན་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་འོད་ཀྱི་དྲྭ་བའི་ནང་དུ་བཞུགས་པར་གྱུར། བཛྲ་ས་མཱ་ཛཿ ས་མ་ཡ་སཏྭཾཿ ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་རྫས་ཀྱི་དཀྱིལ་འཁོར་འདུ་བྱ་བ། དབང་དོན་དུ་བདག་མདུན་སྒྲུབ་པ། དབང་བསྐུར་བའི་ལས་རིམ་དངོས་ལ་འཇུག་པའོ། །དང་པོ་ནི། རས་བྲིས་ཞི་དཀྱིལ་སྤྱི་མཐུན་ལ་ཁྱད་ཆོས་རྣམས་དབང་གི་དཀྱིལ་འཁོར་རྣམ་དག་སྐབས་སུ་འབྱུང་བ་ལྟར་ཚད་ལྡན་དཀྲམ། མེད་ན་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་རྣམ་རྒྱལ་བུམ་པ་དང་། དེའི་ཁར་ལྡིང་ཁྲི་མཐོ་བ་ལ་བླ་མའི་གཏོར་ཆེན་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དགོད། ཡོད་ན་སྐུ་གསུམ་སྒྲུབ་པའི་སྐུ་འབག་ཀྱང་བཤམ། གཡས་སུ་ཐོད་པ་ཆང་དང་ཨ་མྲྀཏས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པ་བཞག །གཡོན་དུ་རྩ་གསུམ་སྐུ་དང་དབང་ཕྲེང་ཤེལ་རྡོ་སྟེགས་བཅས། རྒྱབ་ཏུ་བནྡྷ་མཚན་ལྡན་ཆོས་སྨན་མངར་གསུམ་ཆང་སྦྱར་གྱིས་བཀང་བའི་ཁར་མེ་ལོང་ཆང་གིས་བརླན་ཏེ་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ནང་དུ་དཔའ་བོ་ཡབ་ཡུམ་གྱི་ས་བོན་བཅུ་དང་། མཐའ་སྐོར་དུ་རིག་འཛིན་བརྒྱུད་པའི་མཚན་ཐམས་ཅད་ཤོང་དཀའ་བས། དཔེར་ན། ཨོཾ་ཨཱཿརྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཧཱུྃ། ཞེས་པ་ཙམ་བྲིས་པ་བཞག །དཀྱིལ་འཁོར་དབུས་སུ་ལྷ་ཙཀ་རྣམས་དང་ཐོད་ཕྲེང་སྡེ་ལྔའི་དབང་རྫས། མཐའ་སྐོར་དུ་རྗེས་གནང་ཕྲིན་ལས་ཀྱི་དབང་ཆས་བརྒྱད། མདུན་དུ་མཆོད་གཏོར་དང་སྨན་རཀ །སྲུང་མའི་གཏོར་འབུལ། ཞི་མཆོད་བསྐོར་བཤམ། གཞན་ཡང་དམ་ཆུ་མིག་དར་མེ་ཏོག་ཐུར་མ་སོགས་དབང་ལ་མཁོ་བའི་ཆས་ཕྲན་ཚེགས་རྣམས་དང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཕྲིན་ལས་དཀྱུས་ལ་དགོས་པ་རྣམས་ཚགས་སུ་ཚུད་པར་བྱའོ། །དེ་ནས་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་ལན་གསུམ་གསུམ་བཟླ་ཞིང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་མོས་ཏེ། སྤོས་རོལ་བཅས། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་དག་པ་ལས༔ འགྲོ་བའི་དོན་ཕྱིར་གཟུགས་སྐུ་གཉིས་སུ་སྤྲུལ༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་བྱའི་ཕྱིར༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ ཞེས་བརྗོད་དོ། །གཉིས་པ་ནི། གོང་སྨོས་ལྟར་ལས་བྱང་རྒྱས་བསྡུས་གང་རུང་གིས་གཞུང་བསྲངས། ཚིག་རིས་གཅིག་གིས་བདག་མདུན་སོ་སོར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་ཅི་འགྲུབ་བྱ། རྒྱབ་ངོས་བཤམས་པའི་ཐོད་ཆང་ལ་དམིགས་ཏེ། སྐད་ཅིག་གིས་རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྔགས་ཙམ་གྱིས་མཆོད། མ་བཅོས་སྤྲོས་བྲལ་མས་བསྟོད། ལྷ་རྣམས་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་གང་བར་མོས་ལ་ཛཔ྄་སྔགས་ཅུང་ཟད་བཟླ་ཞིང་བདུད་རྩི་ལག་མཆོད་ལས་གཞུང་ལྟར་བྱ། སྲུང་མ་སྤྱི་དང་གཏེར་སྲུང་སྒོས་ཀྱི་གཏོར་འབུལ་སོགས་ཀྱང་བྱས་གྲུབ་ནས་ཚོགས་ལ་མ་རོལ་པའི་གོང་དེར་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་ལ་གནང་བ་ནོད་པར་བྱའོ། །གསུམ་པ་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་འཇུག་པའི་ཆོས་ལ་བཅུ་གསུམ་སྟེ། ཁྲུས་དང་སྒོ་ཞུས་གསོལ་བ་གདབ། །བགེགས་བསྐྲད་ཡོན་ཕུལ་ཞུ་གནང་བྱ། །རྒྱུད་སྦྱོང་དམ་བཞག་ཡེ་ཤེས་དབབ། །སྒོ་དབྱེ་མེ་ཏོག་མིག་དར་བསལ། །དལ་བསྟན་རྣམ་དག་བཤད་པ་འོ། །དང་པོ་ནི། ལས་སློབ་ཀྱིས་སྒོའི་ཕྱི་རོལ་དུ་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་འདོན་ལ་ཚོགས་ཁང་ལན་གསུམ་བསྐོར་བར་གསུངས་པ་ལྟར་འགྲུབ་ཏུ་རུང་ན་བྱ། སྤྱོད་ཡུལ་སོགས་མ་འགྲིགས་ན་དེར་མོས་ཏེ་བླ་མ་སྐུ་གསུམ་གསོལ་འདེབས་བརྗོད། དེའང་མ་ཤེས་ན་མོས་གུས་བསྐྱེད་ལ་གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླ །སྔོན་ཆད་དཀྱིལ་འཁོར་གཉན་པོ་འདིར་མ་ཞུགས་ཤིང་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་བྱེད་རས་ཡུག་དམར་པོས་གདོང་གཡོགས་པར་མོས་ཤིག་བྱས་ལ་སྤྱན་དར་དགབ། སླད་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་ཏུ་ཡང་ཞིང་མ་ཉམས་པའི་རིན་པོ་ཆེའི་མེ་ཏོག་རེ་ཐོགས་པར་མོས་ཤིག་བྱས་ལ་འབྲུ་གསུམ་གྱིས་ཅོད་པན་སྤྲད། དེ་ནས་ཐོག་མར་ཕྱིའི་སྒོ་དྲུང་ནས་སྒོ་སྲུང་ཁྲོ་བོ་འཇིགས་པའི་གཟུགས་ཅན་ལ་སྒོ་དབྱེ་བར་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་སྲུང༔ བདག་ཅག་འཁོར་བ་ལས་སྒྲོལ་ཞིང༔ ཐར་པའི་གྲོང་དུ་འཇུག་པའི་ཕྱིར༔ ཁྱེད་ཀྱིས་གནང་སྟེ་གཏང་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཁྱོད་ཅག་སུ་ཡིན་ཅི་བྱེད་པ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ རིགས་ཀྱི་བདག་ཉིད་བླ་མ་ལ༔ སྨིན་བྱེད་དབང་གི་སྐུ་དྲིན་ཞུ༔ ཞེས་ཞུས་པས་ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེའི་ལམ་ལ་ཁྲིད་དེ་སྒོའི་ནང་དུ་ཞུགས་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པར་མོས་ཤིག་བྱས་ལ་ནང་དུ་ཁྲིད། གསུམ་པ་ནི། ཐོག་མར་སློབ་དཔོན་ཉིད་སངས་རྒྱས་ཀུན་འདུས་སུ་མོས་པས་རྗེས་སུ་བཟུང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ལ་བདག་སྐྱབས་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱེད་ཀྱིས་བསྒྲལ་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཀྱེ་མ་བློ་བཟང་སྐལ་ལྡན་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ནས༔ ཚེ་གཅིག་མྱང་འདས་ལམ་སྦྱོར་བ༔ བླ་མ་གསང་བའི་སྒྲུབ་དབང་གི༔ དཀྱིལ་འཁོར་འདི་མཐོང་ཐོས་པས་ཀྱང༔ ཁམས་གསུམ་འཁོར་བའི་གནས་ལས་གྲོལ༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། སྒྲུབ་པའི་དཀྱིལ་འཁོར་དང་བཅས་པའི༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ ཅི་གསུང་བཀའ་ལས་བདག་མི་འདའ༔ ཐར་པའི་ཕོ་བྲང་དམ་པ་རུ༔ མགོན་པོས་བདག་ཅག་གཞུག་ཏུ་གསོལ༔ ཞེས་ཞུས་ལ་ཡོལ་བ་བསལ། བཞི་པ་ནི། བགེགས་གཏོར་ཆང་བུ་དང་བཅས་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོ༔ལན་གསུམ་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛ༔ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷ་ཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱཿ ལན་གསུམ་གྱིས་བསྔོ། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་སོགས་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་སོགས་ཀྱིས་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ་མོ། །བཞི་པ་ནི། མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་འདེབས། ནུས་ན་ཆོས་ཀྱི་ཆེ་བ་སོགས་མཚམས་སྦྱོར་ཆོས་བཤད་ཅི་རིགས་བྱ། མདོར་བསྡུ་ན། དེའང་གསན་བྱའི་ཆོས་ཐེག་པ་ཐམས་ཅད་ཀྱི་ཡང་བཅུད་ལམ་ཟབ་མོ་བླ་མ་སྒྲུབ་པ་རྣམས་ཀྱི་ནང་ནས་ཕུལ་དུ་ཕྱིན་ཅིང་གོང་ན་མེད་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན་ཞིང་། གུ་རུ་རིན་པོ་ཆེ་འདི་ཉིད་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུའི་སྟོན་པར་མངོན་པར་རྫོགས་པ་སངས་རྒྱས་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་ད་ལྟ་ལོངས་སྐུ་སྣང་བ་མཐའ་ཡས་ཀྱི་རྣམ་པར་བཞུགས་པ་ལས། འཛམ་བུའི་གླིང་གི་འགྲོ་བ་འདུལ་བར་གཟིགས་ཏེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལ་འོད་ཀྱི་ཁྱེའུ་མཚན་དང་དཔེ་བྱད་དུ་འབར་བ་ཞིག་ཨོ་རྒྱན་གྱི་ནུབ་ཕྱོགས་དྷ་ན་ཀོ་ཥའི་མཚོ་གླིང་གི་པདྨའི་སྡོང་པོའི་སྟེང་དུ་འཕྲོས་པ་ཉིད། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྤྱན་དྲངས་ཏེ། ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོར་མངའ་གསོལ་ནས། ཆེ་བའི་རྫུ་འཕྲུལ་དང་མཛད་པ་དུ་མས་ཨོ་རྒྱན་དང་རྒྱ་གར་གྱི་ཡུལ་རྣམས་བཏུལ་ཅིང་། དུར་ཁྲོད་ཆེན་པོ་བརྒྱད་ན་སྤྲུལ་པ་མཚན་བརྒྱད་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ལས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ས་འདུལ་དུ་སྤྱན་དྲངས་ཏེ་རྒྱལ་འབངས་ཐམས་ཅད་བདེ་ལ་བཀོད། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་དུས་སུ་མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་མངའ་བདག་རྗེ་འབངས་ཀྱིས་ཕྱག་འཚལ་ཏེ་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་བོད་འབངས་ཐམས་ཅད་བསོད་ནམས་དང་ལྡན་པས་ད་ལྟ་ནི་ཁྱེད་ལྟ་བུའི་སློབ་དཔོན་སྤྲུལ་པའི་སྐུ་དངོས་དང་མཇལ། ཕྱི་ནང་གསང་བའི་ཆོས་མང་པོ་ནི་ཐོས། གསང་སྔགས་ལྷའི་དཀྱིལ་འཁོར་དུ་མའི་དབང་བསྐུར་བ་ནི་ཐོབ། ཡི་དམ་ལྷའི་དཀྱིལ་འཁོར་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་མཆིས་ལགས་ཀྱང་། བླ་མའི་ལམ་དང་དལ་དུ་ཞུགས་ནས་འཚང་རྒྱ་བའི་ཐབས་བླ་མ་སྤྲུལ་པའི་སྐུ་ཉིད་ལ་བསྟེན་པ་ཞིག །ད་ལྟར་བདག་ཅག་རྗེ་འབངས་དང་ཕྱི་རབས་ཀྱི་འགྲོ་བ་བླ་མ་ཉིད་ཀྱི་གདུལ་བྱར་གྱུར་པ་རྣམས་ལ་ཅིས་ཀྱང་ཞུ་འཚལ། ཞེས་ཞུས་པའི་ཚེ། མ་ཧཱ་གུ་རུས་བཀའ་བསྩལ་པ། ཀྱེ་མངའ་བདག་རྗེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐབས་དང་སྒོ་ནི་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཚེ་གཅིག་གིས་འཚང་རྒྱ་བར་བྱེད་པ་ལ་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་དང་། བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་གཉིས་སུ་འདུས་སོ། །ཡི་དམ་ལྷའི་ལམ་ནི་རིམ་གྱིས་དབང་པོ་སྦྱོང་བའི་ལས་ཅན་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་གསང་སྔགས་ཕྱི་ནང་གཉིས་སུ་འདུའོ། །བླ་མའི་ལམ་ནི་དབང་པོ་གཅིག་ཅར་བ་སྔོན་སོང་སྦྱངས་པའི་ལས་འཕྲོ་སད་པ་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཀུན་འདུས་སྤྱིའི་སྒྲུབ་པ་དང་། ལས་ཕྲན་ཚེགས་པ་བྱེ་བྲག་རྐྱང་པར་སྒྲུབ་པ་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་བཀའ་བསྩལ་ནས། རིག་འཛིན་འདུས་པ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་ལ་བརྟེན་ནས་རིག་འཛིན་སློབ་དཔོན་གྱི་སྒྲུབ་པ་རྣམས་མཛད་དེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་དང་ལྷ་ཡབ་ཡུམ་རེའམ། དཔའ་བོ་གཅིག་པ་ལ་སོགས་པ་ཡན་ལག་གི་ཆ་ཤས་རྐྱང་བ་རེའི་སྒོ་ནས་གང་ཟག་རེ་སྨིན་གྲོལ་ལ་འགོད་པའི་རིམ་པ་རྣམས་གསུངས་པ་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དཀར་ཆག་ཏུ་བཏབ་སྟེ། རིན་པོ་ཆེ་སའི་གཏེར་དུ་སྦས་པ་རྣམས། དུས་ཕྱིས་སྨོན་ལམ་སད་པའི་གང་ཟག་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་བཏོན་ནས་འགྲོ་དོན་མཐའ་དབུས་ཀུན་ཏུ་ཁྱབ་ཅིང་། ཐམས་ཅད་ཀྱང་ཁྱད་པར་འཕགས་པ་འབའ་ཞིག་པ་སྟེ། ཇི་སྐད་དུ། ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ རང་གི་སྒྲུབ་པ་རང་གིས་བརྩམས༔ སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཅེས་གསུངས་པས་མཚོན་ནུས་ལ། སྐབས་སུ་བབས་པ་འདི་ནི་རང་གཞུང་ལས། ཐུགས་ཀྱི་གསང་སྒྲུབ་ཡང་སྙིང་འདུས་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་སྙིང་པོའི་བཅུད༔ པདྨ་བདག་གི་ཐུགས་བཅུད་མིན་རེ་ཀན༔ ལུང་ཐོབ་ཙམ་ཡང་བདག་གི་ཐུགས་རྗེས་སྐྱོབ༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་ཐོབ༔ ཤིན་ཏུ་ཟབ་ཕྱིར་དགེ་རིའི་བྲག་ལ་སྦས༔ ཞེས་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་བྱིན་རླབས་དངོས་གྲུབ་ཀུན་འདུས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་བསྔགས་པ་འདི་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རཏྣ་གླིང་པས་གཉལ་སྨད་དགེ་རི་སྤྱང་དམར་ཆོས་རྫོང་གི་གསང་ཕུག་དམར་པོ་གླང་རུའི་དབྱིབས་འདྲ་བ་ནས་སྤྱན་དྲངས་པ་སྟེ། དེ་ལ་སྨིན་གྲོལ་གྱི་སྐོར་ཚོ་ཆེན་པོ་གཉིས་ལས་ད་ལམ་སྨིན་བྱེད་དབང་བསྐུར་ཡན་ལག་དང་བཅས་པ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་གྱི་སྐོར་རྣམས་སྔོན་དུ་སོང་ཟིན་པས། དབང་དངོས་ལ་ཐོག་མར་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་ན་མི་མངའ་བས༔ ཁྱེད་ཀྱི་ཐུགས་རྗེས་བདག་བཟུང་འཚལ༔ ཞེས་ལན་གསུམ་ཞུའོ། །བླ་མས་གནང་བ་ནི། ཀྱེ༔ ཁྱེད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ བདག་གིས་ཁྱེད་རྣམས་སྨིན་བྱེད་ཅིང༔ འདོད་པའི་དོན་འགྲུབ་དམ་པ་སྦྱིན༔ དེ་ལྟར་ཐུགས་རྗེས་རྗེས་སུ་བཟུང་བའི་གནང་བ་ཐོབ་པ་ལ། སླར་ཡང་དབང་བསྐུར་གྱི་བཀའ་དྲིན་སྩོལ་བར་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་ནི་འབྲས་བུ་གསང་སྔགས་ཀྱིས༔ སྨིན་ཅིང་གྲོལ་བར་འདོད་པས་ན༔ ཐུགས་རྗེས་བདག་ལ་གནང་བར་མཛོད༔ ལན་གསུམ་ཞུས་པ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལས་སད་འཁྲུལ་པ་ཞིག༔ ངས་ཁྱོད་བླ་མ་གསང་འདུས་ཀྱི༔ དལ་དུ་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདི༔ མ་མཐོང་བ་ལ་སྨྲས་ན་ནི༔ དམ་ཚིག་ཉམས་ནས་དམྱལ་བར་ལྟུང༔ ཐུབ་པར་སྲུངས་ཤིག་སྐལ་ལྡན་རྣམས༔ ཞེས་བརྗོད་དོ། །དྲུག་པ་ནི། སྟ་གོན་སྐབས་སུ་སྨྲོས་པ་ལྟར་ཡན་ལག་བདུན་པ་དང་། སྐྱབས་འགྲོ་སོགས་དེ་ལྟར་རམ་བསྡུ་ན། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔སོགས་ལན་གསུམ། ཁྱད་པར་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན༔སོགས་ལན་གསུམ་བྱའོ། །བདུན་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་དུ་འགྲོ་བ་དཀྱིལ་འཁོར་ལྷ་ལ་བསྟེན་ཏེ་སྒོ་གསུམ་གྱི་ཉེས་པ་འགོག་པའི་སྒོ་ནས་དམ་ལ་བཞག་པ་ཡིན་པས་དོན་གོ་བར་གྱིས་ཤིག །སློབ་མའི་སྤྱི་བོར་རྡོ་རྗེ་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་སྐྱེད་བྱེད་པ༔ གསང་བའི་དཀྱིལ་འཁོར་དམ་པ་འདི༔ ཁྱོད་ཀྱིས་སྨྲས་ན་ཉམས་གྱུར་ཏེ༔ མནར་མེད་གནས་སུ་སྐྱེ་བར་འགྱུར༔ བཛྲ་ས་མ་ཡ་ཧཱུྃ༔ མགྲིན་པར་བཞག་སྟེ། དུས་གསུམ་སངས་རྒྱས་གསང་བའི་ལམ༔ དཀྱིལ་འཁོར་གསང་བ་བླ་མེད་འདི༔ ཁྱོད་ཀྱིས་སུ་ལའང་སྨྲ་མི་བྱ༔ གལ་ཏེ་སྨྲས་ན་དམ་ཚིག་ཉམས༔ བཛྲ་ས་མ་ཡ་ཨཱ༔ དེ་ནས་སྙིང་གར་བཞག་སྟེ། ཧཱུྃ༔ དེ་རིང་བླ་མ་གསང་འདུས་ལྷ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རྡོ་རྗེའི་ཆུ་ནན་ལ་བརྟེན་ཏེ་ཕན་ཡོན་བཤད་པ་དང་། ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། ལས་བུམ་གྱི་ཆུ་སྦྱིན་ཅིང་། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨུ་ད་ཀ་ཋཱ༔ དེ་ནས་བདུད་རྩི་སྦྱིན་ཞིང་། ཧཱུྃ༔ འདི་ནི་ཡེ་ཤེས་བདུད་རྩི་སྟེ༔ དམ་མེད་དམྱལ་བའི་གནས་སུ་ལྟུང༔ དམ་བསྲུང་དངོས་གྲུབ་མཆོག་ཐོབ་འགྱུར༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྟན་ཏེ་གནད་ལ་བཀར་ནས་དམ་ཚིག་བསྒྲག་པ་ནི། རྡོ་རྗེ་དང་ཕྲེང་བ་སྤྱི་བོར་བཞག་སྟེ། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཅི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ང་ཡི་བཀའ་འདས་བརྙས་པ་ན༔ མནར་མེད་རྡོ་རྗེ་དམྱལ་བ་ནས༔ ཐོན་ཅིང་ཐར་པའི་དུས་མེད་དོ༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ བརྒྱད་པ་ནི། ད་ནི་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ཐལ་མོ་སྤྱི་བོར་བརྐྱངས་ལ། ལུས་ལི་གྲི་ལྟར་བསྒྲིམ། རླུང་ཁ་སྦྱོར་དུ་འཆིང་། ཡིད་གཞན་དུ་མ་ཡེངས་པར་རང་ལུས་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་དང་ཁ་ཊྭཱཾ་འཛིན་ཅིང་ཞབས་བརྐྱང་བསྐུམ་མེ་འོད་ཀྱི་ཀློང་དུ་བཞུགས་པའི་སྙིང་གི་དཀྱིལ་དུ་གཡུང་དྲུང་དམར་པོ་རེ་བསྒོམ། དེའི་དཀྱིལ་དུ་ཟླ་བའི་དཀྱིལ་དུ་ཡཾ་རེ་བསྒོམ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བཞིས་མཚན་པ་གསལ་ཐོབ་ཅིག༔ སློབ་དཔོན་གྱིས་སྔགས་བརྗོད་པའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས་ཏེ། གཡུང་དྲུང་སྙིང་ཡིག་འབྲུ་དང་བཅས་པ་ཐམས་ཅད་གཡོན་དུ་རླུང་འཁོར་བ་ལྟར་འུར་སྒྲ་དང་བཅས་ཏེ་དྲག་ཏུ་འཁོར། དེའི་ཚེ་རྩ་གསུམ་གྱི་ལྷ་ཚོགས་དང་། ཁྱད་པར་དུ་ཨོ་རྒྱན་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཁ་བ་བབས་པ་ལྟར་སྤྱི་བོ་ནས་སྙིང་ནང་དུ་བབ་ཅིང་གར་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་མཛོད། འབེབ་པའི་རྫས་བདུག །རོལ་མོ་བསྒྲག་ལ་སྤྲོ་ན་སྤྱན་འདྲེན་བརྗོད། བསྡུ་ན་སྔགས་ཙམ་གྱིས་འཐུས། གང་ལྟར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བཟླས་ལ་བྱིན་དབབ་བོ། །དགུ་པ་ནི། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་སྒོ་བཞིར་གཡས་སྐོར་དུ་ཕྱག་གསུམ་གསུམ་འཚལ་ནས་སྒོ་བ་རྣམས་ལ་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས། ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུམ་གསང་བའི་སྒོ་སྲུང་བ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་གྱིས༔ ཕོ་བྲང་ཤར་གྱི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཚེ་ལ་དབང་བའི་རིག་འཛིན་གྱིས༔ ཕོ་བྲང་ལྷོ་ཡི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ རྣམ་པར་སྨིན་པའི་རིག་འཛིན་གྱིས༔ ཕོ་བྲང་ནུབ་ཀྱི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས༔ ཕོ་བྲང་བྱང་གི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དངསྤྲོད༔ ཅེས་གསོལ་བ་བཏབ་པས་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །བཅུ་པ་ནི། རང་རིགས་ཀྱི་ལྷ་དང་མཇལ་བའི་ཕྱིར་མེ་ཏོག་དོར་བ་ནི་སྔར་བྱིན་པའི་ཅོད་པན་དེ་ཉིད་སོ་སོ་ལ་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་དུ་བསམས་ལ་དཀྱིལ་འཁོར་དུ་ལྟོས་པ་མེད་པར་འདིའི་རྗེས་ཟློས་དང་ལྷན་ཅིག་ཏུ་དོར་ཅིག །ཀྱེ༔ གསང་འདུས་བླ་མའི་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོས་གང་འབྲེལ་བའི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་པྲ་ཏི་གྲྀཧྞ་ཧོ༔ དེའང་དཀྱིལ་འཁོར་དངོས་ལ་སྟབས་མ་བདེ་ན་རིགས་ལྔའི་ཕྱག་མཚན་ནམ་ཚོམ་བུ་བཀོད་པ་ལ་དེར་མོས་ནས་དོར་རོ། །མེ་ཏོག་གང་དུ་ཕོག་པའི་ལྷ་ངོས་བཟུང་སྟེ། ཁྱོད་ཀྱི་ལྷག་པའི་ལྷ་འདི་ཡིན་ནོ། །ཞེས་ངོ་སྤྲད་ཅིང་གསང་མཚན། ཤར་དུ་གུ་རུ་རྡོ་རྗེ་རྩལ༔ ལྷོ་རུ་རཏྣ་རྡོ་རྗེ་རྩལ༔ ནུབ་ཏུ་པདྨ་རྡོ་རྗེ་རྩལ༔ བྱང་དུ་ཀརྨ་རྡོ་རྗེ་རྩལ༔ དབུས་སུ་རྡོ་རྗེ་འདུས་པ་རྩལ༔ ཅེས་སོ་སོར་གདགས། སྤྱི་ཙམ་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཁྱབ་བདག་གུ་རུ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་གྲུབ་པས་ཁྱེད་རྣམས་ཀྱི་ལྷག་པའི་ལྷ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡིན་ལ། གསང་བའི་མཚན་རྡོ་རྗེ་འདུས་པ་རྩལ་ཞེས་བྱ་བ་ཡིན་པས་དེ་ཉིད་བསྒོམ་པ་དང་ལས་རབ་འབྱམས་བསྒྲུབ་པར་བྱ་དགོས་ཤིང་། ཅོད་པན་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སླར་སྤྱི་བོར་བཞག །དེ་ནི་དབང་ལ་སྔ་བ་ཅོད་པན་ལྷ་དང་འབྲེལ་བའི་དབང་ངོ་། །བཅུ་གཅིག་པ་ནི། དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ཅག་ཐོག་མེད་དུས་དག་ནས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཐབས་མཁས་ཐུགས་རྗེའི་གསེར་ཐུར་གྱིས༔ མ་རིག་ལྡོངས་པ་བསལ་དུ་གསོལ༔ ལན་གསུམ། རྡོ་རྗེའི་ཕྱག་རྒྱས་གསེར་ཐུར་ཐོགས་ལ། ཧཱུྃ༔ སྟོན་པ་རྡོ་རྗེ་འཛིན་པ་ཡིས༔ ཁྱོད་ཀྱི་འཁོར་བའི་མ་རིག་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་སྤྱན་དར་བསལ་ལོ། །བཅུ་གཉིས་པ་ནི། དེ་ལྟར་ཁྱེད་རྣམས་ཀྱི་ཐོག་མེད་ནས་བསྒྲིབས་པའི་མ་རིག་པ་ཐབས་དང་རྟེན་འབྲེལ་གྱི་མཐུས་བསལ་བས་དྲི་མེད་ཡེ་ཤེས་ཀྱི་མིག་ཐོབ་སྟེ་རང་བྱུང་རང་ཤར་བླ་མའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཀྱེ་མ་རིགས་ཀྱི་བུ་རྣམས་ལྟོས༔ ཁྱེད་རྣམས་ལས་སད་སྐལ་པ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པར་གྱིས༔ དད་པའི་ཡིད་ཀྱིས་དགའ་བ་སྒོམས༔ དངོས་གྲུབ་ཆེན་པོ་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་སྤྲོ་བ་བསྐྱེད་ལ་གཟེངས་བསྟོད་དོ། །བཅུ་གསུམ་པ་ནི། ཕྱག་ཤིང་ཐོགས་ལ། ཀྱེ་རིགས་ཀྱི་བུ་རྣམས༔ དཀྱིལ་འཁོར་ཕོ་བྲང་ཆེན་པོ་འདིའི་དོན་མདོ་ཙམ་བསྟན་ན༔ དབུས་སུ་པདྨ་འདབ་བཞི་དབུས་དང་ལྔར་བྱུང་བ་ནི༔ ཡེ་ཤེས་ལྔའི་ངོ་བོ་གུ་རུ་སྐུ་ལྔར་མཚོན་པ་ཡིན་ནོ༔ མུ་ཁྱུད་གསུམ་དུ་བྱུང་བ་འདི༔ སྐུ་གསུམ་དུ་མཚོན་པ་ཡིན་ནོ༔ རིན་ཆེན་ཟུར་བརྒྱད་མཛེས་པ་འདི༔ རྣམ་ཐར་བརྒྱད་མཚོན་པ་ཡིན་ནོ༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་ནི་ཕྲིན་ལས་མཚན་བརྒྱད་གདུལ་བྱའི་རེ་བ་སྐོང་བར་མཚོན་པ་ཡིན་ནོ༔ དེའི་ཕྱི་རིམ་པད་འདབ་བཅུ་དྲུག་ཏུ་བསྐོར་བ་འདི༔ མཁའ་འགྲོ་དང་ཤུགས་འགྲོ་ཡབ་ཡུམ་བཅུ་དྲུག་གནས་ཏེ༔ བཅུ་དྲུག་ཡེ་ཤེས་བླ་མའི་ས་མཚོན་པ་ཡིན་ནོ༔ ཚད་མེད་བཞི་དང་ལྡན་ཕྱིར་གྲུ་ཆད་དོ༔ ཆོས་ཐམས་ཅད་མཉམ་པ་ཉིད་དུ་གདལ་བའི་ཕྱིར་སྒོ་ཁྱམས་ཀྱིས་མཚོན་པ་ཡིན་ནོ༔ ཡེ་ཤེས་ལྔའི་ངོ་བོ་པན་རག༔ ལོངས་སྤྱོད་ཡོངས་སུ་རྫོགས་པས་འདོད་ཡོན་གྱི་ལྷ་མོ༔ ཡོན་ཏན་ཐམས་ཅད་རྒྱས་པས་ཕ་གུ༔ ཉོན་མོངས་དྲི་མ་དག་ཕྱིར་དྲྭ་ཕྱེད༔ ཡོན་ཏན་དུ་མས་འགྲོ་དོན་མཛད་ཕྱིར་ད་རུ་ཀ༔ ཉེས་པའི་དྲི་མ་དག་ཕྱིར་དུང་གི་སོ་བད༔ འཕགས་ལམ་བརྒྱད་དང་ལྡན་ཕྱིར་ཀ་བ་བརྒྱད༔ དགའ་བ་བཞི་ལམ་དུ་ཁྱེར་བས་རྟ་བབས༔ འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ༔ འགྲོ་དོན་དཔག་མེད་མཛད་ཕྱིར་ཆོས་འཁོར༔ བྱམས་པ་ཆེན་པོ་མངའ་བས་གདུགས༔ དབེན་པའི་རྟགས་སུ་རི་དྭགས༔ ཟབ་མོའི་ཆོས་རྣམས་སྟོན་པས་རྒྱལ་མཚན་དང་དར་འཕྱངས༔ འགྲོ་དོན་མཐའ་དག་འགྲུབ་པའི་ཕྱིར་པད་ཕྲེང༔ གཉེན་པོས་གཞིག་ཏུ་མེད་པའི་ཕྱིར་རྡོར་ར༔ དུག་ལྔ་སྲེག་པའི་རྟགས་སུ་མེ་རི༔ རྣམ་རྟོག་འཛིན་པ་དག་ཕྱིར་དུར་ཁྲོད༔ ཆོས་སྐུ་འགྱུར་མེད་རྟགས་སུ་བུམ་པ༔ རྩ་རླུང་རྒྱས་པའི་རྟགས་སུ་ཁ་རྒྱན༔ སྟོབས་ལྔ་རྫོགས་པའི་རྟགས་སུ་མགུལ་ཆིངས་དང་གཟུངས་ཐག༔ དངོས་གྲུབ་ཐོབ་པའི་རྟགས་སུ་བྷནྡྷ༔ སྡིག་སྒྲིབ་དག་པའི་རྟགས་སུ་མེ་ལོང༔ བྱིན་གྱིས་རློབ་པའི་རྟགས་སུ་སྐུ་འབག༔ ཕྲིན་ལས་འགྲུབ་པའི་རྟགས་སུ་གཏོར་ཆེན༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས་སུ་མདའ་དར་དང་མེ་ལོང་རལ་གྲི༔ གང་ལ་གང་འདུལ་གྱིས་གདུལ་བྱའི་ཡིད་འདྲེན་པའི་རྟགས་སུ་ས་རྒྱན་དང་གནམ་རྒྱན་ལ་སོགས་ཐམས་ཅད་ཡོངས་སུ་རྫོགས་པར་མཚོན་པའི་བརྡ་དོན་ཡིན་ནོ༔ ཞེས་རྒྱས་པར་བཤད་དོ། །དངོས་གཞི་ལ་བཅུ་སྟེ། གསོལ་གདབ་རྩ་བའི་དབང་ལྔ་དང་། །སྨོན་ལམ་ཡེ་ཤེས་ལྔ་སྐུ་ལྔ། །མཚན་བརྒྱད་སྡེ་ལྔ་ལུང་གསུམ་སྦྱིན། །མཆོག་དབང་ཕྲིན་ལས་རྗེས་གནང་ངོ་། །དེ་ལ་དང་པོ་ནི། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ཡིན་པས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་ཀུན་བཟང་རིག་འཛིན་གཙོ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ བླ་མས་བདག་ཅག་སྨིན་པར་མཛོད༔ ལན་གསུམ། གཉིས་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་རྡོ་རྗེ་རིན་པོ་ཆེ་སེང་གེའི་ཁྲི་ལ་པདྨ་དང་ཟླ་བའི་སྟེང་དུ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡུམ་དང་བཅས་པའི་རྣམ་པས་འཁོད་པར་མོས། དེ་ནས་དབང་རྣམས་རིམ་པར་བསྐུར་བའི་ཐོག་མར་རྩ་བའི་དབང་རྣམ་པ་ལྔ་བསྐུར་བ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་ཡང་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་པ་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལས་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། དེ་ལ་དང་པོ་བུམ་པས་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཨོཾ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ནི༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་གསུམ་དུག་ལྔ་དབྱིངས་སུ་འཁྲུད༔ ཉོན་མོངས་བག་ཆགས་ཀུན་སྦྱངས་ནས༔ དབང་བཞི་ཡེ་ཤེས་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག །སྔགས་ལན་གསུམ་བརྗོད་པ་འོག་མ་རྣམས་ལའང་འགྲེ །དང་པོས་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། གཉིས་པས་བུམ་ཆུ་བླུད་པ་གསང་དབང་། གསུམ་པས་དབྱིངས་རིག་ཟུང་འབྲེལ་གྱི་ཚིག་དོན་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ཐོད་པ་མགྲིན་པར་བཞག་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དུག་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ གོང་གི་རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཨཱ༔ དང་པོས་ཐོད་པ་མགྲིན་པར་བཞག་པ་བུམ་དབང་། བདུད་རྩི་བླུད་པ་གསང་དབང་། དུག་ལྔ་ཡེ་ཤེས་ལྔར་སྦྱོར་བའི་ཚིག་དོན་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས། གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མ་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་གསལ༔ སྟོང་གསལ་མ་འགག་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་གར་བཞག་པས་བུམ་དབང་། ཐིག་ལེ་བྱས་པ་གསང་དབང་། རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །བཞི་པ་གཏོར་མ་གནས་བཞིར་གཏུག་ལ། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ལྔ་པ་སྐུ་འབག་བསྙེན་སྒྲུབ་ལྟར་བཞེངས་པ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཆོས་སྐུ་ཡེ་ནས་རྣམ་དག་ངོ་བོ་ལ༔ དབྱེར་མེད་དག་པའི་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་སྐུ༔ རྣམ་འཕྲུལ་དག་པ་པདྨ་ཐོད་ཕྲེང་ཞེས༔ སྐུ་གསུམ་ཡོངས་སུ་རྫོགས་པའི་བདེ་བ་ཆེ༔ འཛིན་རྟོག་དག་ཕྱིར་ཕྱག་རྒྱས་དབང་བསྐུར་རོ༔ རྩ་སྔགས་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྐུ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། དེ་ནས་བདེན་ཚིག་གི་སྟོབས་ལ་བརྟེན་ཏེ་རྗེས་འབྲེལ་སྨོན་ལམ་གྱི་དབང་བརྒྱད་བསྐུར་བས་ཇི་ལྟར་སྨོན་པའི་འབྲས་བུ་རྩོལ་མེད་དུ་འགྲུབ་པའི་མོས་འདུན་སྐྱེད་འཚལ། རྣམ་བུམ་སྤྱི་བོར་བཞག་བུམ་ཆུ་སྦྱིན་ལ། ཧཱུྃ༔ ཡེ་ཤེས་བདུད་རྩིས་མ་རིག་དྲི་མ་བཀྲུ༔ སྒྲིབ་གཉིས་དག་ནས་སྐུ་གསུམ་མཆོག་ཐོབ་ཤོག༔ མགུལ་ཆིངས་རྣམ་ལྔ་ཡེ་ཤེས་ལྔ་དང་ལྡན༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ གཟུངས་ཐག་རྡོ་རྗེ་ཐབས་ཤེས་གཉིས་སུ་མེད༔ མི་ཤིགས་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཕུན་སུམ་ཚོགས་པ་དཔག་བསམ་ཁ་རྒྱན་ཤིང༔ དགོས་འདོད་ཆར་ལྟར་འབེབ་པའི་དབང་ཐོབ་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག །དེ་ནས་ལས་སློབ་ཀྱིས་རྣམ་རྒྱལ་བུམ་པའི་ཆུ་གྲལ་བསྐོར་གྱིས་འཐོར་ལ། ཧཱུྃ༔ བུམ་རྫས་རིན་ཆེན་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་རིན་ཆེན་ལྔ་ལ་སྤྱོད་པར་ཤོག༔ བུར་སྦྲང་ལ་སོགས་སྙིང་པོས་དབང་བསྐུར་བས༔ བུ་ཁྱོད་ཚེ་དབང་ཁ་དོག་སྟོབས་ལྡན་ཤོག༔ ནས་སོགས་འབྲུ་སྣ་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག༔ ག་པུར་ཙནྡན་ལ་སོགས་དབང་བསྐུར་བས༔ བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་བར་ཤོག༔ ཅེས་བུམ་ཆུ་སྤྱི་བོར་བླུགས། ངག་ཏུ་བླུད་ཅིང་ཁྲུས་བྱའོ། །བཞི་པ་ནི། ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱས་རིམ་པར་དབང་བསྐུར་བས་སྒྲིབ་པ་ལྔ་དག་ནས་སྐུ་ལྔའི་གོ་འཕང་མངོན་དུ་ཐོབ་པའི་སྐལ་པ་ཅན་དུ་མོས་ཤིག །ལག་ཏུ་རྡོ་རྗེ་གཏད་ཅིང་། ཧཱུྃ༔ ཉོན་མོངས་ཞེ་སྡང་དག་བྱེད་པའི༔ མེ་ལོང་ཡེ་ཤེས་དབང་བསྐུར་བས༔ རྡོ་རྗེ་ཐོད་ཕྲེང་ཐུགས་ཀྱི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་ཁ་ཊྭཱཾ་གཏད་ཅིང་། ཧཱུྃ༔ ཉོན་མོངས་འདོད་ཆགས་དག་བྱེད་པའི༔ ཀུན་རྟོག་ཡེ་ཤེས་དབང་བསྐུར་བས༔ པདྨ་ཐོད་ཕྲེང་གསུང་གི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་དྲིལ་བུ་གཏད་ཅིང་། ཧཱུྃ༔ ཉོན་མོངས་གཏི་མུག་དག་བྱེད་པའི༔ ཆོས་དབྱིངས་ཡེ་ཤེས་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་སྐུ་ཡི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དབུ་རྒྱན་ནམ་པྲོག་ཞུ་བཀོན་ཅིང་། ཧཱུྃ༔ ཉོན་མོངས་ང་རྒྱལ་དག་བྱེད་པའི༔ མཉམ་ཉིད་ཡེ་ཤེས་དབང་བསྐུར་བས༔ རཏྣ་ཐོད་ཕྲེང་ཡོན་ཏན་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ རྒྱ་གྲམ་མམ་རལ་གྲི་གཏད་ཅིང་། ཧཱུྃ༔ ཉོན་མོངས་ཕྲག་དོག་དག་བྱེད་པའི༔ བྱ་གྲུབ་ཡེ་ཤེས་དབང་བསྐུར་བས༔ ཀརྨ་ཐོད་ཕྲེང་ཕྲིན་ལས་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ལྔ་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷའི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་ལྷར་གསལ་བ་ལ་ཐིམ་པས་ལྷ་སོ་སོའི་བྱིན་རླབས་དང་ཡོན་ཏན་རྒྱུད་ལ་ཐོབ་པར་མོས་ཤིག །དབང་ཙཀ་རྣམས་གནས་གསུམ་དུ་གཏུག །དེ་ལ་ཐོག་མར་ཐོད་ཕྲེང་སྡེ་ལྔ་ཐོགས་ལ། ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ནད་གདོན་ཞི་བྱེད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་རཏྣ་ཐོད་ཕྲེང་རྩལ༔ ཚེ་བསོད་རྒྱས་པའི་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་པདྨ་ཐོད་ཕྲེང་རྩལ༔ ཁམས་གསུམ་དབང་སྡུད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཀརྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་ཚར་གཅོད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཕཊ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་བུདྡྷ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ༔ དྲུག་པ་ནི། མཚན་བརྒྱད་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྐུ་འགྲོ་དོན་ལྷུན་གྱིས་གྲུབ༔ མ་ཆགས་སྐྱོན་བྲལ་ལོངས་སྤྱོད་རྫོགས༔ པདྨ་འབྱུང་གནས་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཡོན་ཏན་རབ་རྫོགས་འགྲོ་དོན་མཛད༔ པདྨ་སཾ་བྷ་བ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་བ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཤེས་བྱ་མ་རྨོངས་བློ་ལྡན་སྐུ༔ བློ་ལྡན་མཆོག་སྲེད་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཁམས་གསུམ་སྲིད་གསུམ་དབང་སྡུད་སྐུ༔ པདྨ་རྒྱལ་པོའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཙ་ཨ་ནྲྀ་ཨེ་པ་ཤཾ་ཀུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ གདུལ་བྱའི་རེ་སྐོང་འགྲོ་འདུལ་སྐུ༔ ཉི་མ་འོད་ཟེར་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ལྟ་ལོག་བདུད་འཇོམས་དཔའ་བོའི་སྐུ༔ ཤཱཀྱ་སེང་གེའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་པྲ་མ་ཡ་སརྦ་ཤཱ་ཏྲཱུཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ མུ་སྟེགས་ཚར་གཅོད་སེང་སྒྲའི་སྐུ༔ འཕགས་པ་སེང་སྒྲའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧ་གྷཎྜེ་དྷརྨ་དྷཱ་ཏུ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ དགྲ་བགེགས་ཚར་གཅོད་དྲག་པོའི་སྐུ༔ རྡོ་རྗེ་གྲོ་ལོད་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུན་པ་ནི། རྟ་ཕག་གིང་བཞི་ཐོགས་ལ། ཧཱུྃ༔ བྱ་བྱེད་ཡིད་ཆོས་དག་པའི་ངང་ཉིད་ལས༔ འཁོར་འདས་གཉིས་མེད་མཚོན་པ་ཡབ་ཡུམ་སྟེ༔ ཐབས་ཤེས་དབྱེར་མེད་རྟ་ཕག་གསང་བའི་སྐུ༔ ཟུང་འཇུག་བདེ་ཆེན་ཡི་དམ་ལྷ་ཡི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཧྲཱིཿཧ་ཡ་གྲཱི་ཝ་མ་ཧཱ་བཛྲ་བཱ་རཱ་ཧི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་བ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ཞེ་སྡང་ཡུལ་འཛིན་དག་པའི་དབང་བསྐུར་བས༔ མི་མཐུན་རྐྱེན་ཞི་ཕྲིན་ལས་ལྷུན་གྲུབ་ཤོག༔ ར་བཛྲ་གིང་ཀ་ར༔ ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་བ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ང་རྒྱལ་ཡུལ་འཛིན་དག་པའི་དབང་བསྐུར་བས༔ ཚེ་དབང་རབ་རྒྱས་ཕྲིན་ལས་ལྷུན་གྲུབ་ཤོག༔ ཙ་རཏྣ་གིང་ཀ་ར༔ རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་བ་སྐོང༔ པདྨ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ འདོད་ཆགས་ཡུལ་འཛིན་དག་པའི་དབང་བསྐུར་བས༔ སྣང་སྲིད་དབང་འདུས་ཕྲིན་ལས་ལྷུན་གྲུབ་ཤོག༔ ཧྲཱིཿཔདྨ་གིང་ཀ་ར༔ ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་བ་སྐོང༔ ཀརྨ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ཕྲག་དོག་ཡུལ་འཛིན་དག་པའི་དབང་བསྐུར་བས༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་ལྷུན་གྲུབ་ཤོག༔ ཡ་ཀརྨ་གིང་ཀ་ར༔ ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིམ་པར་བསྐུར་རོ། །བརྒྱད་པ་ལ་གསུམ། དང་པོ་སྐུ་ལྷ་བསྒོམ་པའི་ལུང་ནི། རྩ་གསུམ་སྐུ་མེ་ལོང་དུ་ཤར་བ་བསྟན་ལ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཡི་དམ་ལྷ་ལ་རང་རྒྱུད་ཀྱིས་བཟུང་བའི༔ རྟག་བརྟན་ཐེར་ཟུག་མི་བསྒོམ་སྣང་སྟོང་སྟེ༔ སྣང་ལ་མ་གྲུབ་སྒྱུ་མ་ལྟ་བུར་སྒོམས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བསྐྱེད་རིམ་རྣམ་པ་གསལ་བ་རྣམ་དག་དྲན་པ་ང་རྒྱལ་བརྟན་པའི་སྒོ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་སྒོམས་ཤིག །གཉིས་པ་གསུང་བཟླས་པའི་ལུང་ནི། བདུད་རྩི་ལྕེ་ལ་བཞག་ཅིང་། ཀྱེ་མ་ཉོན་ཅིག་རིགས་ལྡན་སྐྱེས་བུ་རྣམས༔ སྒྲ་གྲགས་ཐམས་ཅད་བཟླས་བརྗོད་སྙིང་པོའི་སྔགས༔ འཛིན་མེད་བྲག་ཅ་ལྟ་བུའི་བཟླས་པ་བྱ༔ བསྙེན་སྒྲུབ་ཐེམ་ནས་ཡི་དམ་ལྷ་དང་མཇལ༔ སྙིང་པོ་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། ཕྲེང་བ་སྦྲེལ་ལ་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་སྐྱོན་སྤངས་ཡོན་ཏན་དང་དམིགས་པའི་འཕྲོ་འདུ་ལྡན་པས་གྲགས་སྟོང་ཆུ་བོའི་རྒྱུན་བཞིན་དུ་ཟློས་ཤིག །གསུམ་པ་ཐུགས་ཏིང་ངེ་འཛིན་སྒོམ་པའི་ལུང་ནི། མན་ཤེལ་དྭངས་པ་ཞིག་གཏད་ལ། ཀྱེ་ཧོ༔ རིགས་ལྡན་བུ་རྣམས་མ་ཡེངས་འདི་ལ་ལྟོས༔ཕྱི་གསལ་ནང་གསལ་སྣ་ཚོགས་འགག་མེད་གསལ༔ གསལ་སྟོང་ཟུང་འཇུག་ཕྱོགས་འཛིན་བློ་དང་བྲལ༔ མ་བཅོས་སྤྲོས་བྲལ་རང་སེམས་སོ་མར་ཞོག༔ ལྷ་དང་སྔགས་ཀྱིས་མཚོན་པའི་སྣང་སེམས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྟོང་ཉིད་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ་སྲོག་སྡོམ་གཟེར་བཞིའི་ཏིང་ངེ་འཛིན་དང་མི་འབྲལ་བར་ཞུ། དེ་རྣམས་ཀྱིས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། རྡོ་རྗེ་དྲིལ་བུ་སོགས་བཅང་བྱའི་དམ་ཚིག་བསྟན་ཅིང་བསྐྱེད་རིམ་བསྒོམ་པ་ལ་དབང་། སྐལ་པ་ས་བརྒྱད་པ་དང་མཉམ། ཕྲིན་ལས་ཞི་བ་དང་དྲག་པོའི་ལས་རྣམས་འགྲུབ། འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་རོ། །ཞེས་རྟོགས་པ་བརྗོད། དགུ་པ་ལ་གསུམ་ལས། དང་པོ་གསང་དབང་ནི། དེས་བུམ་དབང་འཁོར་བཅས་གྲུབ་ནས་མཆོག་གི་དབང་གོང་མ་གསུམ་བསྐུར་བའི་ཐོག་མར་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གཟུང་མ་ཡིད་འོང་མཚན་ཉིད་དང་ལྡན་པ་ཕུལ་བའི་མོས་པས་གསོལ་འདེབས་ཀྱི་རྗེས་ཟློས། ཀྱེ་ཧོ༔ བླ་མེད་བདེ་ཆེན་མཆོག་ཁྱོད་བདེ་བ་ཆེ༔ ཧེ་རུ་ཀ་དཔལ་བདེ་བའི་ཡབ་ཆེན་པོ༔ བདེ་ལ་བརྩོན་མཛད་བྱང་ཆུབ་ཡང་དག་དཔལ༔ དྲི་མེད་བདུད་རྩི་བླ་མེད་མཆོག་གི་དབང༔ ངག་སྒྲིབ་དག་ཕྱིར་གསུང་གི་མཆོག་སྟེར་མཛད༔ བྱང་ཆུབ་བདེ་ཆེན་ཡང་དག་མཆོག་ཐོབ་མཛོད༔ སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྦྱར་ཏེ་དམིགས་པ་རང་ཉིད་རྡོ་རྗེ་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་སུམ་བརྩེགས་ཀྱི་དཀྱིལ་དུ་རྡོ་རྗེ་ཕག་མོ་ནས་འབྲས་ཙམ་ལ་་་་ཤེས་པ་དྲག་ཏུ་གཏོད་ཅིག །བླ་མས་རྩ་སྔགས་བརྗོད་ཅིང་རོལ་མོ་བྱ། དཀྱིལ་འཁོར་དུ་ཞུགས་པའི་བརྡར་གདོང་གཡོགས་སོལ། འོ་སྐལ་ལྡན་རིགས་ཀྱི་བུ་ཉོན་ཅིག༔ གོང་གི་བུམ་དབང་སྟོན་པ་ནི༔ སྤྲོས་བཅས་ཕྱི་ཡི་རྡུལ་ཚོན་ཡིན༔ འདི་ནི་རང་ལུས་ནང་གི་དལ༔ རྩ་ཁམས་འཁོར་ལོ་འབྱུང་བ་ལྔ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ ཡེ་ནས་སྣོད་བཅུད་ལྷ་རུ་གནས༔ འདི་ཉིད་ཁྱོད་ཀྱིས་གསལ་བར་གྱིས༔ ཞེས་ངོ་སྤྲད། བླ་མ་དབང་ཆེན་རྟ་མགྲིན་དང་། གཟུང་མ་རྡོ་རྗེ་ཕག་མོར་གསལ་བའི་ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་བུ་གར་ཧཱུྃ་སྔོན་པོ་བསམ། ཡུམ་གྱི་པདྨ་པཾ་ལས་པདྨ་འདབ་མ་བརྒྱད་ཀྱི་དབུས་སུ་ཕཊ་ལྗང་གུས་མཚན་པ། ཡབ་ཀྱི་གསང་བ་བུདྡྷའི་ངོ་བོ་ལ། ཡུམ་མཁའ་རྒྱལ་བའི་གཞལ་ཡས་སུ་གསལ་བ། སྙོམས་འཇུག་གི་བདེ་བ་བསྐྱེད་པས་དྭངས་མ་ཡུམ་གྱི་མཁར་བབས་པ་ཐོད་པའི་བདུད་རྩི་དང་མཉམ་པར་བསྲེས་ནས་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བསྩལ་བར་མོས་ཤིག །བདུད་རྩི་ཐོད་པ་རྒྱབ་ཕྱོགས་སུ་བཀོད་པ་དེ་ཁར་སྦྱིན་ལ། ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ བྱང་ཆུབ་སེམས་དཔའ་དམ་པའི་མཆོག༔ སྲས་ལ་དབང་བསྐུར་ཅི་བཞིན་དུ༔ དེ་བཞིན་གསང་བའི་བྱང་སེམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ བོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་བདུད་རྩི་བྱང་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ལྷར་གསལ་བའི་ལྗགས་རྡོ་རྗེ་རྩེ་གསུམ་པ་ནས་མགྲིན་པའི་ཡར་ལ་ཝ་བརྒྱུད་དབུ་མའི་ནང་དུ་ཞུགས་ཏེ་རྩ་གནས་ཐམས་ཅད་གང་བས་ལུས་སེམས་ལ་བདེ་བས་གང་བར་མོས་ཤིག །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་བའི་དམ་ཚིག་ཆེན་པོ་འདི༔ བདུད་རྩི་ལྔ་དང་བྱང་ཆུབ་སེམས༔ བླ་མེད་གསང་བ་མཆོག་གི་རྫས༔ དུས་གསུམ་རྒྱལ་བ་ཀུན་དང་མཚུངས༔ འདི་དག་མི་སྤངས་རྒྱུན་དུ་བསྟེན༔ འདི་ནི་གསང་དམ་བླ་ན་མེད༔ མ་ཉམས་སྲུངས་ཤིག་རིགས་ཀྱི་བུ༔ ཞེས་དམ་ཚིག་འབོག་གོ །དེས་གསང་བའི་དབང་ཐོབ༔ ངག་སྒྲིབ་དག༔ གསུང་གི་བྱིན་རླབས་ཞུགས༔ ཤ་ལྔ་བདུད་རྩི་ལྔ་བསྟེན་ཅིང་རྫོགས་རིམ་བསྒོམ་པར་དབང༔ སྐལ་པ་ས་དགུ་པ་དག་དང་མཉམ༔ ཕྲིན་ལས་དབང་གི་ལས་རྣམས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ་པར་འགྱུར་རོ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཀུན་ཏུ་བདེ་ཆེན་ཆོས་དབྱིངས་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་རྣལ་འབྱོར་བླ་མེད་འབྱུང༔ བདག་ཉིད་ཆེན་པོས་དེ་ཉིད་སྩོལ་བར་མཛོད༔ ཉོན་མོངས་ལས་སྐྱོབ་བདག་ཉིད་སྨིན་པར་མཛོད༔ དེ་ནས་དམ་ཚིག་དང་གནང་བ་སྦྱིན་པ་ནི། ཀྱེ་མ་གསང་བའི་དམ་ཚིག་སྲུངས༔ བུད་མེད་མི་སྤང་དང་དུ་ལོངས༔ ཚངས་སྤྱོད་དོན་གནས་བདེ་ཆེན་སྤྱོད༔ དངོས་གྲུབ་འདིས་འགྲུབ་སྤངས་ན་བརླག༔ ཉམས་ན་ན་རག་སྡུག་བསྔལ་སྤྱོད༔ དེ་ཕྱིར་ཚུལ་བཞིན་ཁྱོད་ཀྱིས་སྤྱོད༔ ཅེས་དམ་ཚིག་དང་གནང་བ་བསྩལ་པའི་ལན་གསོལ་བ་འདིའི་རྗེས་ཟློས། སྲོག་དང་བྱ་དགའ་ཆེན་པོ་སོགས༔ གང་གི་ཕྱིར་ཡང་མི་གཏོང་བསྲུང༔ ན་ར་ཀན༔ བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། ཡེ་ཤེས་པ་དབབ་པའི་སླད་དུ་སོགས་གོང་ལྟར་ལ། དྲག་ཏུ་གཏོད་ཅིག །ལྟེ་བར་རྡོ་རྗེ་ཕག་མོ་ཡུམ༔ ཡུངས་འབྲུ་ཙམ་ནི་ཕྲ་བ་ལ༔ བདེ་བའི་རང་བཞིན་གར་བྱེད་པས༔ བ་སྤུའི་བུ་ག་ཀུན་ཀྱང་གང༔ མ་ཡེངས་གསལ་བར་སྒོམས་ཤིག་བུ༔ རྩ་སྔགས་དང་རོལ་མོ་བྱ། དཀྱིལ་འཁོར་དུ་ཞུགས་པའི་བརྡར་གདོང་གཡོགས་སོལ། མཚན་ཉིད་དང་ལྡན་པའི་རིག་མ་ལ་ཕྱག་འཚལ་ཞིང་མེ་ཏོག་ཕུལ་བ་དེ་ཉིད་ལུས་གཅེར་བུར་ཕྱུང་སྟེ་མཁའི་པདྨོ་བསྟན་ནས་འདི་སྐད་གསུང་བར་མོས་ཤིག །ཀྱེ་མ༔ ང་ཡི་བྷ་ག་གསང་ཆེན་འདི༔ གུས་པའི་ཡིད་ཀྱིས་སུས་བསྟེན་པ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ ཁྱོད་ཀྱིས་སྤྲོ་དགའ་དང་བཅས་སྤྱོད༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཨན་ཛ་ལི་ཧོ༔ དེ་ནས་སློབ་དཔོན་གྱིས་ཕྱག་རྒྱའི་སྲིན་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །རིག་ཙཀ་ཐོགས་ལ། ཧཱུྃ༔ ཡེ་ཤེས་ལྷ་མོ་དགའ་བའི་ངང་ཚུལ་ཅན༔ ཟག་མེད་བདེ་ཆེན་བདེ་བའི་གནས་འབྱིན་མ༔ འདི་ལ་སྤྱོད་ཅིག་རྟག་ཏུ་གུས་པས་བསྟེན༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་དང་། རིག་མ་རྡོ་རྗེ་ཕག་མོར་སོགས་གོང་ལྟར་ལས། སྙོམས་འཇུག་གི་བདེ་བ་བསྐྱེད་པས་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་རིམ་པར་སྐྱེས་ཏེ། མཐར་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཉམས་སུ་མྱོང་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཕྱག་རྒྱ་བསྟེན་ཅིང་ཐིག་ལེ་བསྒོམ་པར་དབང༔ སྐལ་པ་ས་བཅུ་དག་དང་མཉམ༔ ཕྲིན་ལས་རྒྱས་པའི་ལས་རྣམས་འགྲུབ༔ འབྲས་བུ་ཆོས་སྐུ་འཐོབ་པར་འགྱུར་རོ༔ གསུམ་པ་ཚིག་དབང་ནི། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ རང་རིག་ཡེ་ཤེས་ངོ་བོ་ལ༔ བདག་ཉིད་དག་པའི་ངེས་མཆོག་སྐྱེས༔ འདི་ཉིད་རྟོགས་ཕྱིར་བླ་མ་མཆོག༔ རྗེས་ཞུགས་དལ་དབང་བདག་གིས་འཚལ༔ རྣམ་པ་ཀུན་ཏུ་མཆོག་གྱུར་པའི༔ བཞི་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ཞུས་པའི་ལན་དུ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ བསྲུང་དུ་མེད་པའི་མཆོག་ཆེན་པོ༔ ཐམས་ཅད་རོ་སྙོམས་ཀུན་རྫོགས་ཆེ༔ གང་ཤར་ཆོས་དབྱིངས་རོལ་པར་ཤར༔ བློ་ཡིས་མ་བཅོས་ཡེ་དག་སྲུངས༔ འདས་ན་ལོག་སྤྱོད་འཁོར་བར་ལྟུང༔ ཞེས་དམ་ཚིག་དང་གནང་བ་སྦྱིན་པའི་ལན་གསོལ་བ་འདིའི་རྗེས་ཟློས། མ་འདྲེས་ཡོངས་རྫོགས་རྣམ་དག་དང༔ མ་བཅོས་བློ་བྲལ་རང་བཞིན་བསྲུང༔ ན་ར་ཀན༔ ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་པའི་སྨིན་ཕྲག་ཏུ་གཡུང་དྲུང་ནས་ཙམ་ཞིག་གཡོན་དུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །བླ་མས་རྩ་སྔགས་བརྗོད་ཅིང་རོལ་མོ་བྱ། རྩ་བརྒྱུད་བླ་མ་སོགས་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་དམིགས། དེ་ནས་རྡོ་རྗེའི་ཚིག་གིས་དབང་བསྐུར་ཏེ། ཀྱེ་ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་ཡེ་ནས་རྣམ་པར་དག༔ མ་འགག་རང་རྩལ་ཅིར་ཡང་སྣང༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྤང་བླང་རྩིས་གདབ་བློ་ལས་འདས༔ མ་སྐྱེས་མི་འགྱུར་སྤང་བླང་བྲལ༔ གསལ་ལ་རྟོག་མེད་ངང་གིས་དྭངས། རྟོག་ཚོགས་ཤར་གྲོལ་རང་བྱུང་གསལ༔ འདི་ཞེས་བརྗོད་བྲལ་འདིར་ངོ་གསལ༔ དཔེར་ན་ལྐུགས་པའི་རྨི་ལམ་བཞིན༔ འདི་ཞེས་བརྗོད་ཚིག་སྨྲ་མི་ཤེས༔ དེ་ཉིད་རང་རིག་ཡིན་ལུགས་ལ༔ ས་ལེ་སིང་ངེ་ཧྲིག་གེ་བ༔ ཝལ་པོ་རྗེས་མེད་སེང་ངེ་བ༔ གནས་ལུགས་ཉམས་སུ་ལོང་ཞིག་གསལ༔ ཚིག་བརྗོད་མཚོན་ལས་འདས་པའི་དོན༔ དཔེར་ན་གཞོན་ནུའི་བདེ་བ་འདྲ༔ འདི་ནི་རྒྱལ་བའི་དགོངས་པ་སྟེ༔ གང་གིས་བརྗོད་མིན་ལྷན་ཅིག་སྐྱེས༔ ཡེ་ཤེས་རིག་པའི་རྩལ་དབང་སྟེ༔ ཐམས་ཅད་ཡོངས་རྫོགས་ལྷུན་གྲུབ་ཆེ༔ བུ་ཁྱོད་འདི་དོན་འབྲལ་མི་བྱ༔ ཀུན་ཏུ་བཟང་དང་སྐལ་པ་མཉམ༔ ཞེས་བརྗོད་ལ་དར་ཅིག་མཉམ་པར་གཞག །དེས་ནི་ལུས་ངག་ཡིད་གསུམ་སྒྲིབ་པ་དག༔ ཚིག་གི་དབང་ཐོབ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས༔ བསྟེན་བྱ་སྤང་བླང་རྟོག་ཚོགས་དང་བྲལ་བ་སྟེ༔ རྗེས་ནི་ཟུང་འཇུག་བདེ་ཆེན་བསྒོམ་པར་གནང༔ ས་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ༔ ཕྲིན་ལས་རྣམ་བཞི་ཀུན་ལ་དབང་ཞིང༔ འབྲས་བུ་ནི་སྐུ་ལྔ་ལྷུན་གྲུབ་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ༔ ཞེས་རྟོགས་པ་བསྐྱེད་དོ། །བཅུ་པ་ནི། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པར་གྲུབ་པའི་མཐའ་རྟེན་རྗེས་གནང་ཕྲིན་ལས་ཀྱི་དབང་བརྒྱད་རིམ་པར་བསྐུར་བ་ཡིན་པས་ཕྲིན་ལས་དེ་དང་དེ་དག་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ལག་ཏུ་འཁོར་ལོ་གཏད་དེ། དུས་གསུམ་རྒྱལ་བའི་དམ་ཆོས་རྣམས༔ འཁོར་བའི་སྲིད་མཚོ་བསྒྲལ་བྱའི་ཕྱིར༔ བློ་ལྡན་ཁྱོད་ཀྱིས་ཆོས་འཁོར་སྐོར༔ ཨོཾ་དྷརྨ་ཙཀྲ་ཧཱུྃ༔ དུང་གཏད་དེ། སྟོང་དང་སྙིང་རྗེ་རང་བྱུང་སྒྲ༔ སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས༔ ཕྱི་ནང་གསང་གསུམ་ཆོས་དབང་བསྐུར༔ ཨོཾ་དྷརྨ་བྷ་ཤ་ཧཱུྃ༔ དྲིལ་བུ་གཏད་དེ། ཧཱུྃ༔ ཡན་ལག་བཅུ་གཉིས་ཐེག་རིམ་དགུ༔ མ་འདྲེས་ཡོངས་རྫོགས་ཆོས་རྣམས་ལ༔ སྟོང་ཉིད་དྲིལ་བུའི་སྒྲ་སྒྲོག་མཛོད༔ ཨོཾ་ཤཱུནྱ་ཏཱ་ཤབྡ་ཧཱུྃ༔ པུསྟི་གཏད་དེ། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས༔ གདུལ་བྱ་གང་འདུལ་ཆོས་སྟོན་ལྟར༔ ཁྱོད་ཀྱིས་འགྲོ་ཀུན་སྒྲོལ་བར་གྱིས༔ ཨོཾ་དྷརྨ་དྷཱ་ཏུ་ཧཱུྃ༔ ལས་ཀྱི་རྡོ་རྗེ་གཏད་དེ། ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ཕྲིན་ལས་རྣམ་བཞི་བསྡུ་བ་བཞིས༔ བློ་ཆེན་ཁྱོད་ཀྱིས་གང་འདུལ་མཛོད༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ དགང་བླུགས་ཀྱི་གཟར་བུ་གཏད་དེ། ཉོན་མོངས་ལ་སོགས་དུག་ལྔ་བསྲེག༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཕྱིར༔ མེ་མཆོད་སྦྱིན་སྲེག་བརྩོན་པར་གྱིས༔ ཨོཾ་བཛྲ་ཧོམ་ཡེ་ཧཱུྃ༔ གཏོར་མ་གཏད་དེ། རྩ་བ་གསུམ་མཉེས་དངོས་གྲུབ་ཐོབ༔ བར་ཆད་སེལ་ཅིང་ཕྲིན་ལས་འགྲུབ༔ མཆོད་གཏོར་སྐོང་གིས་ཁྱོད་ཀྱིས་འབོད༔ ཨོཾ་བ་ལིཾ་ཏ་མ་ཧཱ་སརྦ་སིདྡྷི་ཧཱུྃ༔ ཕུར་པ་གཏད་དེ། ཧཱུྃ༔ བདག་འཛིན་གྲོལ་ནས་ཁམས་གསུམ་སྒྲོལ༔ བཏབ་པས་དགྲ་བགེགས་རྡུལ་དུ་རློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་བསྐུར་རོ། །དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་དང་རྟེན་སྙིང་བརྗོད། གསུམ་པ་རྗེས་ལ་གཉིས་ལས་དང་པོ་ནི། དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུམ་དབང་སྤྱི་སྡོམ་བརྒྱད་ལ་ཕྲ་མོར་ཕྱེ་བའི་དྲུག་ཅུ་རྩ་གཉིས། མཆོག་དབང་གསུམ་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས། རྗེས་ནི། མཉམ་སྦྱོར་གསང་རྒྱུད་ལས༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ སྤང་དག་ལན་གསུམ་ཚར་བའི་རྗེས༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་སོགས་གསུངས་པས། དོན་གྱི་བླ་མ་ལ་བཞེད་པ་མི་མངའ་ཡང༔ རང་ཉིད་བསོད་ནམས་ཚོགས་ཆེན་རྫོགས་པ་དང༔ གནས་སྐབས་དང་ནི་མཐར་ཐུག་རྟེན་འབྲེལ་གྱིས༔ སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན་པ་དང༔ རྒྱུའི་ཚོགས་ལ་བརྟེན་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར༔ ཅི་ཡོད་ཕངས་སེམས་དང་གསོག་འཇོག་མེད་པར་བླ་མ་ལ་འབུལ་དགོས་པར་གསུངས་པས་དེ་ལྟར་འབུལ་བའི་བློས་གཏང་རག་གི་མཎྜལ་རྒྱས་པ་རེ་མཛད་འཚལ། ཞེས་འབུལ་དུ་གཞུག །གཉིས་པ་དམ་ཚིག་རྒྱས་གདབ་པ་ནི། བུམ་ཆུ་ལྷག་མས་མཆེད་རྣམས་ཁྲུས་བྱས་ཏེ། བླ་མས་ལྕེ་ལ་བདུད་རྩི་དང་། སྤྱི་བོར་རྡོ་རྗེ་བཞག་ལ། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཐུན་མོང་སྔོན་འགྲོ་ནས་བརྩམ་སྟེ༔ སོ་ཐར་བྱང་སེམས་རིགས་ལྔའི་སྡོམ༔ བླ་མེད་སྔགས་ཀྱི་དམ་ཚིག་ཀུན༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྲོག་གི་ཕྱིར་ཡང་མ་གཏང་ཞིག༔ དམ་ཉམས་ཚེ་ཐུང་ནད་མང་ཞིང༔ བཀའ་སྲུང་ནག་པོ་སྲོག་བདུད་ཀྱིས༔ ལོ་མི་འགྱང་བར་ཇུར་མིད་བྱེད༔ ཤི་ནས་རྡོ་རྗེ་དམྱལ་བར་ལྟུང༔ བསྐལ་པར་ཐར་མེད་སྡུག་བསྔལ་སྤྱོད༔ དེ་ཕྱིར་སྲུངས་ཤིག་སྐལ་ལྡན་རྣམས༔ ཐུགས་སྒྲུབ་སྙིང་པོའི་དབང་འདི་ཉིད༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ ཚིག་ཙམ་རླུང་གི་ཕྱོགས་སུ་ཡང༔ ཟག་ཏུ་མི་རུང་དམ་དུ་སྲུངས༔ ཞེས་དམ་བསྒྲག་གོ །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ་རྣམས༔ དམ་ཚིག་ལ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང༔ རྩ་བ་སྐུ་གསུང་ཐུགས་སུ་འདུས་སོ༔ དེ་ལ་སྐུ་ཡི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང༔ མཆེད་དང་ལྕམ་དྲལ་རྡོ་རྗེ་སྤུན༔ མདོར་ན་རང་ལུས༔ སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་ལ་མི་གུས་པ༔ རྐུ་འཕྲོག་གསོད་གཅོད༔ བརྡེག་བཙོག༔ ངག་སྨྲས་མི་དགེ་བར་གྱུར་པ་ཐམས་ཅད་ལ་དམ་ཚིག་བསྲུང་ངོ༔ དོན་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡི་དམ་ལྷའི་ངོ་བོར་མ་གྱུར་པ་མེད་པས་ཤིན་ཏུ་བསྲུང་དགོས་སོ༔ གསུང་གི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་གྱིས་ཅི་གསུང་གི་བཀའ་མི་བཅག༔ སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་ཡན་ཆད་ལ་བརྙས་པར་མི་བྱ་ཞིང་གུས་པར་བྱ༔ མདོར་ན་འགྲོ་བའི་སྐད་དང་འབྱུང་བའི་རང་སྒྲ་ལ་སོགས་ཐམས་ཅད་ལ༔ ཁོང་ཁྲོ་ཞེ་སྡང་སྤངས་ཏེ༔ ཐམས་ཅད་སྔགས་སྒྲ་དང་སངས་རྒྱས་ཀྱི་གསུང་དུ་མོས་པར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་ཆད་སྤངས་ལ༔ དགེ་བ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་དུས་རྒྱུན་ཆད་མེད་པར་བྱའོ༔ ནང་གི་དམ་ཚིག་ལ༔ སྐུའི་དམ་ཚིག་ཏུ༔ ཡི་དམ་ལྷའི་བསྐྱེད་རིམ་རྒྱུན་ཆད་མེད་པར་བསྒོམ༔ གསུང་གི་དམ་ཚིག་ཏུ༔ སྔགས་ཀྱི་བཟླས་བརྗོད་རྒྱུན་མི་བཅད༔ ཐུགས་ཀྱི་དམ་ཚིག་ཏུ༔ རྫོགས་རིམ་ཕྱག་རྒྱ་ཆེན་པོ་དང་མི་འབྲལ་བར་བྱའོ༔ དེ་ལྟར་དམ་ཚིག་གཉན་པོ་བསྲུངས་པ་ལ་བརྟེན་ནས༔ ཡོན་ཏན་གནས་སྐབས་དང་མཐར་ཐུག་གཉིས་ལས༔ གནས་སྐབས་སུ་ཚེ་རིང་ནད་མེད༔ ཅི་བསམ་འགྲུབ་ཅིང་ཕྲིན་ལས་བཞི་སོགས་གང་བརྩམ་འགྲུབ་བོ༔ མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་སྟེ༔ སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སྤྱོད་པར་འགྱུར་ཏེ༔ གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་གང་ལ་གང་འདུལ་དུ་སྤྲུལ་ཏེ་སེམས་ཅན་གྱི་དོན་དཔག་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ལྟར་ཇི་སྐད་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བཀའ་སྲུང་གཏོར་སྐྱོང་། བསྐུལ་དང་ཆད་བརྟན་རྟ་བྲོ་རྣམས་གྲུབ་ནས་གཏོར་མ་ལ་བརྟེན་པའི་དངོས་གྲུབ་བླང་། གཏང་རག་མཆོད་བསྟོད་ལུགས་འདིར་ངེས་པར་དགོས་པ་ནི་མ་ཡིན་ལ་སྤྱི་ལྟར་བྱས་ན་ཡང་འདི་འགལ་བ་མེད། ནོངས་བཤགས་བརྟན་བཞུགས་སོགས་སྤྱི་དང་མཐུན་ཅིང་བདག་བསྐྱེད་བསྡུ་བ་དང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་རྒྱས་བསྡུས་གང་འབྲེལ་གྱི་ལུགས་བཞིན་མཐར་ཆགས་སུ་བྱའོ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་ཚང་ཞིང་། །དཔག་བསམ་ཤིང་ལྟར་ཡན་ལག་འདྲིལ་ཞིང་རྫོགས། །སུས་སྒྲུབ་གུ་རུའི་ཐུགས་རྗེས་མྱུར་འཛིན་པའི། །རྡོ་རྗེའི་ཡལ་གམ་བཞེས་འདིར་འབྲེལ་བའི་མཐུས། །སྐྱེ་འདིར་རྒྱལ་དབང་པདྨས་རྗེས་བཟུང་སྟེ། །རྡོ་རྗེ་བཞི་ཡི་ཡེ་ཤེས་རྒྱུད་ལ་ཞུགས། །འཁོར་བ་མ་སྟོངས་བར་དུ་མཁའ་མཉམ་གྱི། །འགྲོ་ཀུན་ཕྲིན་ལས་མཉམ་པ་ཉིད་གྱུར་ཅིག །དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་བསྐུར་དཀྱུས་མའམ་འབྲིང་པོ་ཕྱག་ལེན་གྱིས་བརྒྱན་ཏེ་བཀླག་ཆོག་གི་ཚུལ་དུ་བཀོད་པ་འདིའང་། པདྨ་ཐོད་ཕྲེང་རྩལ་དང་རྣམ་དབྱེར་མེད་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་པདྨ་དབང་ཆེན་ལ་སོགས་པའི་བྱིན་རླབས་ཐོབ་པ་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ལུང་གི་མདོ༔ མདོ་ལུང་ཆེན་མོ་ལྔ་ཡི་དགོངས་པ༔ རྒྱུན་གྱི་རྣལ་འབྱོར་གྱི་ལས༔ རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ༔ (Volume 55, Text 20)

ྈ ལུང་གི་མདོ༔ མདོ་ལུང་ཆེན་མོ་ལྔ་ཡི་དགོངས་པ༔ རྒྱུན་གྱི་རྣལ་འབྱོར་གྱི་ལས༔ རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་ནས་རྒྱུན་གྱི་རྣལ་འབྱོར་བཤད༔ དཔའ་བོ་གཅིག་པའི་སྐུར་གསལ་བས༔ ཧཱུྃ༔ རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར༔ གསང་བའི་དམ་ཅན་སོ་སོ་ནས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ ཐམས་ཅད་ཐུགས་དམ་བསྐངས་ཟིན་གྱིས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས༔ དེ་མ་ཐག་ཏུ་བཀས་ནས་ནི༔ བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཧཱུྃ༔ གཉིས་སྣང་འཛིན་པ་ཀུན་སྟོང་ནས༔ ཧཱུྃ་ལས་འབར་བའི་ཕྱག་རྒྱ་གསལ༔ འོད་ཟེར་ཀུན་ཏུ་འཁྲུགས་པ་ལས༔ རྡོ་རྗེ་འབར་བའི་སྤྲིན་ཆེན་འཁྲིགས༔ མེ་ནི་དུམ་བུ་གཅིག་ཏུ་འཁྱིལ༔ བྷྲཱུྃ་ལས་རིན་ཆེན་འབར་བ་ནི༔ སྟེང་འོག་ཕྱོགས་བཅུ་ཀུན་ཏུ་འབར༔ འདོད་ཆགས་རྡོ་རྗེའི་ཚོགས་འཕྲོས་པས༔ ཆོས་ལ་ཞེན་པ་ཀུན་བསྡུས་ཏེ༔ མ་ལས་འབར་བའི་སྟེང་དུ་སྦྱར༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་ཨིནྡྲ་ཡ༔ ཨགྣ་ཡཱི༔ ཡ་མ་ཡེ༔ ནཻྱྱྀ་ཏྱ༔ ཝཱ་རུ་ཎཱ་ཡ༔ ཝཱ་ཡ་ཝཱེ༔ ཀུ་བེ་ར་ཡ༔ ཨཱི་ཤྭ་ནཱ་ཡེ༔ སཱུརྱ་ཙནྡྲ༔ སུ་རི་ཏཱ༔ ཨེ་རཱ་བ་ཏཱི་ཡེ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་ལས༔ ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ གདུག་པ་འདུལ་མཛད་དུས་ལས་མི་གཡེལ་བའི༔ ཁྲག་འཐུང་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལཱ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཧཱུྃ༔ ཀུན་ཀྱང་མཐིང་ནག་འབར་བ་ཆེན་པོ་ལ༔ འཇོམས་བྱེད་འཛིན་མཛད་འབར་བའི་ཕྱག་རྒྱ་ལ༔ ཁྲོས་པའི་བཞིན་ཅན་ལྕགས་ཀྱི་རལ་པ་ཅན༔ འབར་བའི་དབལ་གྱིས་ལོག་རྟོག་འཇོམས་པར་མཛད༔ པདྨ་འཁྱིལ་བའི་རྡོ་རྗེའི་གཏུན་ཁུང་ལ༔ གཉིས་སྣང་སྒྱུ་མའི་ཕུང་པོ་རབ་ཏུ་གཞོམ༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ལོག་རྟོག་ཐམས་ཅད་བདེ་བ་ཆེན་པོར་འཇོམས༔ ཁྲོ་བོ་འཆོལ་བའི་སྤྲིན་ཆེན་རབ་དཀྲིགས་པས༔ ཆོས་ཀྱི་དབྱིངས་སུ་ཡེ་ཤེས་སྐུ་ཡིས་གང༔ མཚན་མའི་བདུད་ཚོགས་ཐམས་ཅད་མཚམས་ཆོད་ཅིག༔ རིག་འཛིན་བདེ་གཤེགས་མདུན་གྱི་མཁར༔ ཤར་ཏེ་ཚུལ་བཞིན་ལྡན་པ་ཡིས༔ ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ༔ མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཧཱུྃ༔ ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར༔ བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ རྡོ་རྗེ་འདའ་ཀ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང༔ དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ ཚོར་དང་མ་ཚོར་མ་རིག་དབང་གིས་ན༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༔ མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ༔ དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ༔ དམ་བཅའི་སེམས་ནི་རྩེ་གཅིག་པས༔ ཨོཾ༔ རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ༔ འགྲོ་ལ་ཕན་ཕྱིར་ཐུགས་རྗེས་དབང་བསྒྱུར་ཞིང༔ སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ༔ ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ༔ བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང༔ རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ༔ ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན༔ ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ༔ བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང༔ འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ༔ འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ༔ འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ༔ མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས༔ བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན༔ འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ༔ སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས༔ སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས༔ གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས༔ གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ༔ རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས༔ བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི༔ སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས༔ དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང༔ བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང༔ ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤང༔ རྡོ་རྗེ་དམ་ཚིག་ཆེན་པོ་རྣམས་དང་ནི༔ རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང༔ གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ཅི་ནུས་བསྲུང༔ འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ༔ བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ༔ མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ༔ ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ༔ གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན༔ བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད༔ འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར༔ རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི༔ བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ༔ མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ༔ གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ༔ བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི༔ སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི༔ བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན༔ ཇི་སྲིད་ངན་སོང་སྟོང་པར་མ་གྱུར་པ༔ དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད༔ ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ༔ སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས༔ སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང༔ ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི༔ འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས༔ རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི༔ བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར༔ ཇི་ལྟར་འཚམ་པ་བཞིན་དུ་རྒྱས་པར་བགྱི༔ སྲིད་པ་ལས་དང་རྐྱེན་གྱིས་དབང་གྱུར་ཏེ༔ གང་དང་གང་དུ་དམ་ཆོས་འཇིག་པ་དེར༔ མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི༔ ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ༔ ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས༔ སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང༔ དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ༔ མི་དང་མི་མིན་གདུག་པ་གང་ཡང་རུང༔ བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས༔ ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི༔ རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང༔ རྡོ་རྗེ་རྒྱལ་པོ་ཁྱེད་ལ་བསྟེན་ནས་ནི༔ སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ༔ བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི༔ བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ༔ གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ༔ གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན༔ ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི༔ སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན༔ དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས༔ སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན༔ དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ༔ བདག་རྟེན་ཡོ་བྱད་བྱིན་བརླབ་སྟེ༔ ཨོཾ་ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བྱིན་གྱིས་རློབ་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨ་ དྷཱུ་ པུ་ ཨཱ་ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཡེ་ཤེས་འབར་བའི་ཨ་དྷཱུ་པུ་ཨཱ་ལས༔ ཀུན་ཏུ་འཕྲོ་བའི་འོད་ཟེར་བསམ་མི་ཁྱབ༔ སྣོད་བཅུད་མཆོད་སྤྲིན་ཐམས་ཅད་ཀུན་བསྡུས་ནས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁའ་དབྱིངས་གང༔ རཾ་ཡཾ་ཁཾ༔ བྷྲཱུྃ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྃ༔ བདེ་བ་ཆེན་པོ་འབར་བའི་ཆ་བཞི་ལས༔ མི་ཤ་བྱང་སེམས་དཀར་པོ་ཤེལ་ལྟར་འཚེར༔ མི་བསྐྱོད་ཡབ་ཡུམ་ཧཱུྃ་མཱུཾ་རྡོ་རྗེ་ཆེ༔ དྲིལ་བུ་འབར་བའི་འོད་ཟེར་ཀུན་ཏུ་འཕྲོ༔ དཀར་ཞིང་བསྐ་མངར་བཅུད་རྣམས་རབ་འདུས་ཤིང༔ བ་གླང་ཤ་དང་དྲི་ཆེན་དམར་སེར་ལ༔ ཨཱོཾ་ལཱཾ་འཁོར་ལོ་དྲིལ་བུ་རབ་འབར་བ༔ སེར་ཞིང་ཁ་བ་རིན་ཆེན་འབྲུ་སྨན་འདུས༔ ཀུ་ཀུ་མཱཾ་ས་མ་ཧཱ་མཱཾ་ས་མཐིང༔ སྭཱ་མཱཾ་རིན་པོ་ཆེ་དང་དྲིལ་བུ་འབར༔ ཁ་དོག་སྔོ་ཞིང་རོ་སྐྱུར་ལྡན་རྣམས་འདུས༔ རྟ་དང་རཀྟ་པདྨ་རཱ་གའི་མདངས༔ ཨཱཾཿཔཱཾ་པདྨ་དྲིལ་བུ་རབ་འབར་བས༔ དམར་ཞིང་ཚ་བའི་འབྲུ་སྨན་ཤ་རྣམས་འདུས༔ ཁྱུ་མཆོག་ཤ་དང་དྲི་ཆུ་ལྗང་བའི་མདོག༔ ཧཱ་ཏཱཾ་རལ་གྲི་དྲིལ་བུ་འོད་འབར་བས༔ ཁ་དོག་ལྗང་ཞིང་རོ་ཡང་ཐ་དད་པ༔ ཀུན་འདུས་རིགས་ལྔ་ཡབ་ཡུམ་སྐུ་རུ་གྱུར༔ ཧཱུྃ་བཛྲ་ཌྷྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི༔ ཨོཾ་ཛི་ན་ཛིཀ྄༔ ལཱཾ་དྭེ་ཥ་རཱ་ཏི༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་རཱ་ཏི༔ ཨཱཾཿཨ་རོ་ལྀཀ྄༔ པཱཾ་རཱ་ག་རཱ་ཏི༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་རཱ་ཏི༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་གོ་ཧཾ༔ ཨ་ནུ་རཱ་ག་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ བོ་དྷི་ཙིཏྟ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཨོཾ༔ འབར་བའི་སྤྲུལ་པས་འཁོར་འདས་བདུད་རྩི་བསྡུས༔ ཁ་ཆོད་རྒྱ་གྲམ་དབང་ཆེན་མི་ཕམ་མ༔ ཁྲོ་གཉེར་རོ་ལངས་རལ་གཅིག་ལྔ་ཡིས་མཚན༔ ཡེ་ཤེས་བདུད་རྩི་གཡས་གཡོན་ཀུན་ཏུ་འཁྱིལ༔ ཡུམ་བཞི་བདེ་བ་ཆེན་པོའི་བདུད་རྩིར་སྦྱོར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བྷྲཱུྃ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ༔ གཏོར་གཞོང་རྣམ་དག་པདྨའི་སྣོད་ནང་དུ༔ གཏོར་མ་འདོད་ཡོན་ཕུང་པོ་ཨོཾ་དུ་གསལ༔ གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ༔ བསམ་གྱིས་མི་ཁྱབ་ནམ་མཁའ་གང་བར་གྱུར༔ ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ བྷྲཱུྃ་བྷཉྫ་ཀ་པཱ་ལ་བྷྲཱུྃ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ༔ རཀྟ་འབར་བའི་འོད་ཟེར་ཀུན་ཏུ་འཕྲོ༔ འཁོར་བའི་བག་ཆགས་གདུག་ཅན་མ་ལུས་ཐིམ༔ གཏུམ་པའི་འཕྲོ་འདུས་བསྒྲལ་པའི་རྦ་ཀློང་ཆེ༔ མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བར་གྱུར༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ དེ་ལྟར་སྔོན་འགྲོ་རྣམ་བདུན་རྫོགས༔ དངོས་གཞི་ཀུན་འདུས་བཞིན་བསྒོམ་པ༔ ཧཱུྃ༔ མི་གནས་མི་རྟོག་བསམ་དང་བྲལ༔ མ་ཆགས་ཆགས་བྲལ་ཡུལ་ལས་འདས༔ ཅིར་ཡང་མི་འབྱུང་ཅི་མ་ཡིན༔ རང་བྱུང་རང་བཞིན་བརྗོད་དང་བྲལ༔ ཧཱུྃ༔ ཡོངས་ལ་ཁྱབ་པ་ཉི་མའི་འོད༔ སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ༔ རྣམ་རྟོག་མུན་པ་སེལ་བར་སྣང༔ ཡིད་བཞིན་རིན་ཆེན་འབར་བ་འོ༔ ཧཱུྃ༔ ཨ་ནི་ཆགས་མེད་ཡི་གེའི་མཛོད༔ ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུ༔ ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག༔ ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ༔ ཨེ་གརྦྷ༔ ཡཾ་ཀརྨ༔ རཾ་ཛྭ་ལ༔ བཾ་སྣིགྡྷ༔ ར་རཀྟ༔ ཀེཾ་རུ་དྷི༔ བྷྲཱུྃ་ཛྙཱ་ན༔ སཾ་བནྡྷ༔ ཧ་ཀ་པཱ་ལ༔ ཛྙཱ་ན་སརྦ་རཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ༔ ཨ་ནི་ཨེ་ཡི་རང་བཞིན་ཏེ༔ ཨ་ལས་ཨེ་བྱུང་ཁྱབ་པ་ལ༔ མི་འགྱུར་ཐོགས་མེད་བསམ་ལས་འདས༔ མཐའ་དང་དབུས་མེད་ཀུན་ཏུ་བདལ༔ ཨ་ཡི་བྱིན་རླབས་ཡེ་ཤེས་ལས༔ རླུང་གི་ཆོ་འཕྲུལ་ཡཾ་དུ་ཤར༔ ཐམས་ཅད་འདེགས་པའི་སྟོབས་ལྡན་ཞིང༔ རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ༔ ཨ་ཡི་བྱིན་རླབས་ཡེ་ཤེས་ལས༔ ཆོ་འཕྲུལ་མེ་ཡི་སྙིང་པོ་ཤར༔ འབར་བས་གསལ་བྱེད་ཡེ་ཤེས་འཕྲོ༔ དངོས་པོ་ཀུན་བཟང་མེ་ཀློང་འཚུབས༔ རྒྱུ་ཡི་ཡི་གེའི་འོད་ཟེར་ལས༔ ཆུ་ཡི་སྙིང་པོའི་ཆོ་འཕྲུལ་ཤར༔ ནམ་མཁའི་མཐའ་དང་མཉམ་པ་འོ༔ རླུང་མཚོ་ཐམས་ཅད་རྒྱས་པར་གྱུར༔ མི་དམིགས་པ་ལས་སྣ་ཚོགས་པར༔ སྣང་བའི་ཆོ་འཕྲུལ་འདི་འབྱུང་བ༔ རྣལ་འབྱོར་ས་བཅུ་རྫོགས་པའི་དོན༔ ལྷུན་གྱིས་གྲུབ་པ་བདེ་བ་ཆེ༔ རྣམ་དག་ཤེས་རབ་མཁའ་ཀློང་ནས༔ རྡོ་རྗེ་འབར་བའི་རི་བོ་ཤར༔ རྒྱ་ཆེ་གཏིང་ཟབ་ནམ་འཕང་གཅོད༔ རྟོག་པའི་རི་བོ་འཇོམས་པར་བྱེད༔ བྷ་ག་གསང་བའི་འོད་ཟེར་ལས༔ བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང༔ ནམ་མཁའི་མཐའ་ལྟར་དཔག་ཏུ་མེད༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས༔ བྷྲཱུྃ་ཆེན་སྨུག་ནག་ལས་བྱུང་བའི༔ ཟླ་གམ་དཀར་དམར་ཁ་སྤྲོད་པ༔ ཚད་མེད་བཞི་ཡི་སྒོ་དང་ལྡན༔ ཡེ་ཤེས་རྒྱན་ལྡན་ལྷག་པ་འོ༔ ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་ནི༔ ཁྲག་མཚོ་ཞིང་ཆེན་ས་གཞི་ཀེཾ་རུས་རི༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ མུ་ཏིག་གཅལ་དང་ཨསྨའི་འོད་འཕྲོ་བའི༔ ནོར་བུ་རིན་ཆེན་འབར་བའི་བྲག་གིས་གཏམས༔ ཀྲི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ༔ རྡོ་རྗེ་རྩེ་གསུམ་རྩེ་ལྔའི་བྲག་གི་གཞི༔ རྣལ་འབྱོར་རྫོགས་པའི་པད་དཀར་འདབ་སྟོང་བདལ༔ དབང་ཕྱུག་ཕོ་མོ་བཞི་བཅུ་རྩ་བརྒྱད་རྣམས༔ ཉི་ཟླ་བཞི་བཅུ་རྩ་བཞི་འོད་འབར་བ༔ ཉོན་སྒྲིབ་དག་ནས་ཤེས་སྒྲིབ་སྦྱངས་པའི་ཕྱིར༔ རིག་འཛིན་ཆེན་པོའི་རྣལ་འབྱོར་ཐམས་ཅད་ཀྱང༔ དཔའ་གཏུམ་སྟག་དང་འཇིགས་བྱེད་སེང་གེ་དང༔ གདུག་པའི་གཟིག་ཆེན་དང་ནི་གཏུམ་པོའི་དོམ༔ སྟོབས་ཀྱི་གླང་པོ་བརྗིད་པའི་མ་ཧེ་དང༔ འཛིན་པའི་ཆུ་སྲིན་ཞེ་སྡང་སྦྲུལ་གྱི་ཁྲི༔ ཧཱུྃ༔ ཨ་ནི་བསམ་མི་ཁྱབ་པའི་ཁྲག་འཐུང་སྐུ༔ ཁྲོ་མོ་དབང་ཕྱུག་ཐུགས་ལས་རབ་སྤྲུལ་ཏེ༔ བདེ་བས་རབ་བསྐུལ་པདྨ་རྒྱས་པར་མཛད༔ མཉམ་ཉིད་རོལ་པས་ཆོས་ཀྱི་དབྱིངས་སུ་ཐིམ༔ ནམ་མཁའ་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས༔ ཆོས་ཀྱི་དབྱིངས་ནས་དམ་ཚིག་ཉེ་བར་བཞེངས༔ ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང༔ མི་གནས་མི་དམིགས་ཆོས་ཀྱི་དབྱིངས་ནས་བཞེངས༔ ཧཱུྃ༔ ཐིག་ལེ་བྱང་ཆུབ་སེམས་ཆེན་ཧཱུྃ་དུ་འབར༔ སངས་རྒྱས་མཛད་པ་གྲུབ་པའི་རྡོ་རྗེ་ནི༔ མཚོན་ཆེན་སྔོན་པོ་འབར་བའི་རྣམ་པར་གནས༔ མཁའ་ཁྱབ་སྤྲོ་བསྡུས་ཚོགས་གཉིས་རྫོགས་པའི་དཔལ༔ ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོར༔ མངོན་རྫོགས་རྒྱལ་པོ་ནམ་མཁའ་དྭངས་པའི་མདོག༔ དུས་གསུམ་སངས་རྒྱས་ཉེར་གཅིག་རྫོགས་པའི་དབུ༔ གསང་བའི་དུར་ཁྲོད་ཉེར་གཅིག་རྫོགས་པའི་ཞལ༔ ཁྲག་འཐུང་དྲུག་ཅུ་རྩ་བཞི་རྫོགས་པའི་སྤྱན༔་་་རྩ་རྒྱུད་ལས་སྦས་སྤྱན་གཅིག་གསུངས། ཁྲག་འཐུང་བཞི་དང་གིང་དགུ་མོ་དགུ་དང༔ ཟ་གསོད་ཉི་ཤུ་རྫོགས་པའི་ཕྱག་ཞེ་གཉིས༔ གཡས་གཡོན་རྣམས་ཀྱི་རིམ་པ་བཞིན་དུ་ནི༔ དབྱུག་པ་ཕྱར་བའི་ཕྲ་མེན་མ་བཅུ་ཡིས༔ ཁྱུང་ཐོགས་ཁ་ནས་མཚོན་ཆ་སྣ་ཚོགས་འཕྲོ༔ དབྱུག་པ་ཕྱར་བའི་མཁའ་འགྲོ་བརྒྱད་རྣམས་ཀྱིས༔ སེང་གེ་ཐོགས་པའི་ཁ་ནས་རལ་གྲི་འཕྲོ༔ དབྱུག་པ་ཕྱར་བའི་ཤུགས་འགྲོ་མ་བརྒྱད་ཀྱིས༔ སྟག་ཆེན་ཐོགས་པའི་ཁ་ནས་རྡོ་རྗེ་འཕྲོ༔ དབྱུག་པ་ཕྱར་བའི་མ་མོ་བརྒྱད་རྣམས་ཀྱིས༔ ལུག་རྒྱུད་ཀྱིས་བཏགས་མི་མགོ་ཀླད་ལ་བསྐོར༔ དབྱུག་པ་ཕྱར་བའི་འབར་མ་བརྒྱད་རྣམས་ཀྱིས༔ མེ་དཔུང་འཛིན་པས་མེ་ཡི་ཐུ་ལུམ་འབེབས༔ གསང་བའི་ཡུམ་བཞི་སྒོ་མ་བཞི་རྫོགས་པའི༔ ཞབས་བརྒྱད་གཡོན་བསྐུམ་གཡས་བརྐྱང་སྟབས་ཀྱིས་རོལ༔ མ་མོ་བཅོ་བརྒྱད་རྫོགས་པའི་དུར་ཁྲོད་ཆས༔ གཡས་ཀྱི་དབུ་ལ་རྫོགས་པའི་སངས་རྒྱས་བདུན༔ འཁོར་ལོས་བརྒྱན་པའི་གཙུག་ཏོར་རྣམ་པར་མཛེས༔ དབུས་ཀྱི་དབུ་ལ་རྫོགས་པའི་སངས་རྒྱས་བདུན༔ མཆོད་རྟེན་རེ་རེས་བརྒྱན་པའི་གཙུག་ཏོར་མཛེས༔ གཡོན་གྱི་དབུ་ལ་རྫོགས་པའི་སངས་རྒྱས་བདུན༔ རིན་པོ་ཆེ་ཡིས་བརྒྱན་པའི་གཙུག་ཏོར་མཛེས༔ བུམ་པ་ལྟེ་བ་རྩེ་མོ་ཐམས་ཅད་ལ༔ བྱི་འུ་ལྕགས་དང་འདུལ་བྱ་ཤ་བ་དང༔ གཅན་གཟན་གཟིག་དང་སྤྲུལ་པ་རྡོ་རྗེ་ཆོས༔ རིན་ཆེན་སྦྲུལ་ནག་དཔའ་བོ་སྟག་དང་ནི༔ གཟི་མདངས་མི་དང་དམར་གསལ་ཁྲག་ཆེན་པོ༔ རྩལ་ཆེན་སེངྒེ་གཏུམ་པོ་དོམ་དང་བཅས༔ རྒྱལ་མཚན་བཅུ་ཡིས་རབ་བརྒྱན་རྩེ་མོ་ཀུན༔ གཅིག་ཏུ་འདུས་པ་གསེར་གྱི་གཙུག་ཏོར་རྣམས༔ འོད་ཟེར་རབ་འབར་ཏོག་སྟོང་འབར་བ་ནི༔ རྫོགས་པ་ཆེན་པོའི་རང་བཞིན་མཁའ་ལ་གསལ༔ ཀུན་བཟང་དབྱིངས་ཕྱུག་ཁྲོ་མོ་ཀྲོ་ཏཱི་མ༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ལྡན་པའི་ཕྱག༔ རྡོ་རྗེ་ཐོད་ཁྲག་གནས་ཡུལ་མ་མོ་འཛིན༔ གཉིས་མེད་མཉམ་སྦྱོར་ཞབས་གཉིས་ཡབ་ལ་འཁྲིལ༔ འཁོར་འདས་ཡོངས་རྫོགས་མེ་ཡི་ཀློང་དུ་ཤར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱཱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ༔ མི་དམིགས་ཐུགས་རྗེའི་དཀྱིལ་འཁོར་ལས༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་ལ༔ འཇུག་པའི་མཚན་ཉིད་མཉམ་སྦྱོར་བས༔ ཕྱོགས་དུས་ཀུན་ནས་གཤེགས་པ་ཡི༔ བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས༔ ཉེ་བར་གྱུར་པའི་དམ་ཚིག་མཆོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་སྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་རོལ་དགྱེས་པ་བསྐྱེད༔ ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ རཾ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ༔ ཨོཾ་ ཁྲོ་ལ་ཁྲོས་པས་ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས༔ འབར་བའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་བདག་ལ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ༔ ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི་དཾཥྚ་གོ་ནཱ་རོ་དྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ༔ ཧཱུྃ་ཧ་ཧེ་ཕཊ༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དོན་གྱི་དངོས་གྲུབ་མཆོག་གི་གནས༔ བདག་ལ་གསལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང༔ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ༔ སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ༔ མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ༔ ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ༔ མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ༔ ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པཱུ་ཧོ༔ ཧཱུྃ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་ཁྲག་འཐུང་འབར་བའི་མཆོག༔ དབུ་ནི་ཉི་ཤུ་རྩ་གཅིག་མ༔ ཕྱག་ནི་བཞི་བཅུ་རྩ་གཉིས་རྫོགས༔ ཕྱག་རྒྱ་ཆེན་པོའི་སྐུ་གསལ་རྒྱ༔ དྲིལ་གསིལ་རབ་འགྱུར་བཅའ་བའི་རྒྱ༔ ཉི་ཟླ་ཧཱུྃ་ཧཱུྃ་ཆོས་ཀྱི་སྒྲ༔ རབ་ཏུ་གྲོལ་བ་ལས་ཀྱི་རྒྱ༔ ཉེར་གནས་རྣམ་པར་བདེ་སྐྱེད་མ༔ མཐིང་ནག་ཞལ་དགུ་ཕྱག་བཅོ་བརྒྱད༔ པདྨ་རྒྱས་པ་ཡབ་ལ་སྟོབ༔ མཁའ་མཉམ་ཁྲོ་མོ་ཆེན་མོ་འོ༔ རྣམ་པར་གྲོལ་བའི་ཕྱག་རྒྱ་ནི༔ མཐིང་ནག་མི་བཟད་ཞལ་དང་ལྡན༔ གཡས་པ་གདེངས་ཤིང་གཡོན་པ་གཞོལ༔ ཞབས་བརྒྱད་བགྲད་པ་ཐབས་ཀྱི་རྒྱ༔ ཀྲོ་ཏཱི་ཤྭ་རཱི་དབྱིངས་ཀྱི་རྒྱ༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ དང་པོ་འཁྱུད་སྟབས་ལྷག་མ་སྒྲེང༔ ཞབས་བཞི་འཁྲིལ་བ་ཤེས་རབ་རྒྱ༔ བདེ་བ་རྒྱས་པ་མཉམ་སྦྱོར་བས༔ ནམ་མཁའ་གང་བའི་བདེ་བ་ཆེ༔ འབར་བའི་གདན་ལས་བཞེངས་ནས་སུ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཧཱུྃ༔ བདེ་བར་གཤེགས་པ་ཧེ་རུ་ཀ༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་ཡོངས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ༔ རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས༔ བྱམས་པ་ཐབས་དང་ཤེས་རབ་ལས༔ བཛྲ་དྷཱུ་པེའི་མཆོད་པར་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ སྣ་ཚོགས་རིན་ཆེན་འོད་དུ་འཕྲོ༔ སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤེའི་མཆོད་པར་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ དབང་གི་ཕྱག་ན་སྒྲོན་མ་བསྣམས༔ ཆོས་ཀྱི་རྒྱལ་པོ་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེ་ཡི་མཆོད་པར་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙན་དན་བདུད་རྩིའི་ཆར་འབེབ་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གནྡྷེའི་མཆོད་པར་རོལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཨོཾ་ཨཱཿཧཱུྃ༔ རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད༔ མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས༔ ཐུགས་དམ་དབྱིངས་སུ་བསྐང་བའི་ཕྱིར༔ འདི་ནི་སྔོན་གྱི་ཐ་ཚིག་སྟེ༔ སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ༔ བདག་ཅག་དད་པས་འབུལ་ལགས་ན༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་ལྕེ་ཡི་དམ་ཚིག་ལ༔ རྡོ་རྗེ་ཅན་གྱི་འབྲུ་གསུམ་གསལ༔ བདུད་རྩིའི་སྐུ་གསུང་ཐུགས་གསུམ་པོ༔ མྱོང་ན་དངོས་གྲུབ་ཐོབ་པར་འགྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨི་དཾ་ དྷཱུ་པེ་ པུཥྤེ་ དཱི་པཾ་ གནྡྷེ་ བ་ལིཾ་ཏ་པྲ་ཏཱིཙྪ་ཧོ༔ ཤྲཱི་མཱན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་ཁྲོ་བོ་ཁྲག་འཐུང་རོལ་པའི་ཚོགས༔ འདོད་ཡོན་རྒྱ་མཚོའི་མཆོད་པ་འདི་ལ་རོལ༔ འདོད་པའི་ཡོན་ཏན་ལྔ་ཡིས་དགྱེས་གྱུར་ཏེ༔ དམ་སྐོང་དངོས་གྲུབ་དཔལ་གྱིས་འཚོ་བར་མཛོད༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་ཏི་རར་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ༔ མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས༔ མ་ལུས་བཞེས་ནས་བསྣམས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ ཤྲཱི་མཱན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ང་ནི་ཁྲག་འཐུང་ཆེན་པོ་སྟེ༔ འཁོར་བའི་དྲ་བར་ཆགས་པ་ཡི༔ དམར་ཆེན་སྐྱིལ་བའི་རྒྱ་མཚོ་ལ༔ འཁོར་གྱི་མཁའ་འགྲོ་རྣམས་དང་རོལ༔ མ་རུངས་འདོད་ལ་མ་ཆགས་ཤིང༔ དམ་ཚིག་ལ་སྡང་དགྲ་ཆེན་རྣམས༔ ཐུགས་རྗེ་བྱང་སེམས་ལྡན་པ་ཡིས༔ ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ སརྦ་དུཥྚཱན་ས་མ་ཡ་མུ་དྲ་མཱ་ར༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲྀ་ད་ཡ་བི་ས་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་བསྒྲལ་བ་དང༔ གདུལ་དཀའ་མ་ལུས་འདུལ་བའི་ཕྱིར༔ ཤ་རུས་ལ་སོགས་བཟའ་བར་བྱའོ༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ༔ མ་ཧཱ་བ་སུ་ཏ༔ མ་ཧཱ་གོ་རོ་ཙ་ན༔ མ་ཧཱ་ཀིཾ་ནི་རི་ཏི༔ མ་ཧཱ་པཉྩ་ཨ་མྲྀཏ༔ མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ ཁ་ཁ་ཁ༔ ལེ་ལེ་ལེ༔ ཧཱུྃ་བྷྱོ༔ ཧཱུྃ་བྷྱོ༔ ཧཱུྃ་བྷྱོ༔ རཾ་བཛྲ་ཛྭ་ལ་རཾ་རཾ༔ སྥ་ར་ཎ་ཕཊ༔ ཧཱུྃ༔ ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ༔ དེ་ནས་གཉིས་མེད་བློ་ཡིས་ནི༔ བློ་ངན་འཇིག་རྟེན་སྙིང་རེ་རྗེ༔ གཉིས་སུ་མེད་པར་བསྒྲལ་བར་བྱ༔ ཧཱུྃ༔ ཡབ་ཀྱི་གསང་གནས་ཧཱུྃ་ཉིད་ལས༔ ལྟེ་བར་བྱང་སེམས་ཨོཾ་དཀར་པོ༔ བུ་ག་ཕཊ་ཀྱིས་བཀག་པར་ལྡན༔ ཡུམ་མཁའ་པཾ་ལས་པདྨའི་དབུས༔ རཀྟ་ཨཾ་དམར་གེ་སར་ཨེ༔ ཡབ་ཡུམ་ཕན་ཚུན་བདེ་བསྐུལ་བ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་གོ་ཧཾ༔ ཨ་ནུ་རཱ་ག་ཡ་མྱི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ ཧཱུྃ༔ ཡབ་ཡུམ་བདེ་བ་ཆེན་པོ་རབ་འབར་ཏེ༔ རབ་ཏུ་འཁྲིལ་ཞིང་ཧཱུྃ་གླུ་ལེན་བཞིན་པར༔ དགྱེས་པར་སྦྱོར་བས་ཡུམ་མཁར་ཁུ་བ་བབས༔ དེ་ཡི་མཆོད་སྤྲིན་ཆེན་པོ་རབ་འཕྲོས་པས༔ སངས་རྒྱས་མཉེས་ཤིང་སེམས་ཅན་ཚིམས་པར་གྱུར༔ སངས་རྒྱས་མཛད་པ་སྐད་ཅིག་ཉིད་དུ་གྲུབ༔ བདེ་བའི་རོ་ལ་སྤྲིན་རྣམས་ཚུར་འདུས་པས༔ སེམས་ལྔའི་བདེ་བ་རྩེར་སོན་ཉིད་དུ་གནས༔ བོ་དྷི་ཙིཏྟ་སཾ་ཧ་ར་ཎ་ཧཱུྃ༔ ཨ་ཧོ༔ ཧཱུྃ༔ འཁྲིལ་བའི་མཆོག་ཆེན་མཉམ་སྦྱོར་བས༔ བདག་ཉིད་མཉེས་པས་མཉེས་པར་བྱ༔ མཉམ་པའི་གྲུབ་རྫས་ཆེན་པོ་དག༔ བདག་དང་མཉམ་པའི་ཚོགས་ལ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་ཧཱུྃ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི༔ དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ༔ ཆོས་ཉིད་ལ་ཡང་ཆོས་ཉིད་རོལ༔ ཀོ་ཊ་ཀྵ༔ ཀོ་ཊ་བ༔ ཀོ་ཊ་ཀོ་ཊ༔ ཀོ་ཊ་པཤྩ༔ ཀོ་ཊཱི་རཱ་ག༔ ཀོ་ལ་ཀྵ༔ ཀོ་ལ་བ༔ ཀོ་ལ་ཀོ་ལ༔ ཀོ་ལ་པཤྩ༔ ཀོ་ལ་བྷསྟ་ཐཱ༔ ཧཱུྃ༔ རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང༔ སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ༔ བཅོམ་ལྡན་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ༔ ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང༔ ཕྱག་བརྙན་ཁྲོ་གཏུམ་རྔམས་པའི་ཚོགས་དང་བཅས༔ བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས༔ དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི༔ བཞེས་ཏེ་ཨ་ལ་ལ་ཡིས་དགྱེས་པར་མཛོད༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འོད་ཟེར་ཉི་མ་འབུམ་གྱི་གཟི༔ ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན༔ མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ༔ ཧཱུྃ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད༔ ཧ་ལ་ཧ་ལའི་གད་རྒྱངས་ཆེ༔ སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་བཟང༔ འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས༔ སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ༔ འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ༔ དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར༔ སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ རྡོ་རྗེ་བྲག་ཆེན་སྲ་བ་པོ༔ རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ༔ རྡོ་རྗེ་མེ་སྟེ་ཀུན་འབར་ཆེ༔ རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ༔ ཨོཾ༔ བཛྲ་ཨེ་ས་ཧཱུྃ༔ པེ་ས་ཧུ༔ ས་མ་ཡ་བྷཀྵ་ཧུ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་སྟོན་པ་ཀུན་ཏུ་འཆང༔ དཀྱིལ་འཁོར་རྒྱ་མཚོ་བདག་ལ་དགོངས་སུ་གསོལ༔ བླ་ན་མེད་པའི་དོན་འདི་མ་རྟོགས་པས༔ སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ༔ བྱང་ཆུབ་ཕྱིར་དུ་བདག་གིས་གཟུང་བ་ལ༔ འཇིག་རྟེན་ཁེ་དང་གྲགས་ལ་རབ་ཞེན་ནས༔ རྒྱལ་བའི་བཀའ་བཞིན་ཉམས་སུ་མ་ལོན་པ༔ རབ་ཏུ་འགྱོད་པས་རྒྱལ་བའི་སྤྱན་སྔར་འཆགས༔ ཡེ་ཤེས་སྒྲིབ་མེད་མགོན་པོ་ཁྱོད་སྒྲུབ་ཚེ༔ ཆོ་གའི་ཡན་ལག་ཉམས་པ་མཐོལ་ལོ་བཤགས༔ ཆོས་ཉིད་བདེ་བ་ཆེན་པོར་ཚངས་པར་སྩོལ༔ ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ཚོགས་རྣམས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་བདག་ཅག་འཁོར་བཅས་ལ༔ ཤེས་བྱ་ཀུན་ལ་ཐོགས་མེད་ཤེས་རབ་དང༔ མི་བརྗེད་གཟུངས་མཆོག་མངོན་པར་ཤེས་པ་དྲུག༔ རྒྱུན་གྱི་ཏིང་འཛིན་རྡོ་རྗེ་ལྟ་བུའི་ཚེ༔ གཡུང་དྲུང་ལུས་དང་བཟང་པོའི་རིགས་རྒྱུད་དང༔ མདོར་ན་མཆོག་ཐུན་དངོས་གྲུབ་ཡིད་བཞིན་པ༔ གསང་སྔགས་མགོན་པོས་ཕྱི་མར་མ་བཞག་པར༔ ད་ལྟ་ཉིད་དུ་རེ་བ་སྐོང་དུ་གསོལ༔ བདག་ལ་ཕན་པར་འདོད་པའི་དངོས་པོ་ཀུན༔ རབ་ཏུ་རྒྱས་ཤིང་དབང་དུ་བསྡུ་བར་མཛོད༔ བདག་ལ་སྡང་བར་སེམས་པའི་གདུག་ཅན་རྣམས༔ རབ་ཏུ་ཞི་ཞིང་རྣམ་པར་གཞོམ་དུ་གསོལ༔ འདིར་བཞུགས་གསང་སྔགས་ཟབ་མོའི་ནུས་མཐུ་ཡིས༔ དམྱལ་བའི་བཅད་གཏུབ་སྡུག་བསྔལ་མི་མྱོང་ཡང༔ གྲིབ་མ་ཕོག་པའི་སྡུག་བསྔལ་བཟོད་དཀའ་ན༔ སྐུ་ཡི་ཕྱོགས་མཐོང་མོད་ལ་འཚོ་བར་མཛོད༔ གཟི་མདངས་ལུས་ལ་ཞུགས་པའི་འོད་སྟོང་གིས༔ འཇིག་རྟེན་སྣང་ཞིང་རྟག་ཏུ་འདིར་འབྱུང་མཛོད༔ ལུས་ངག་ཡིད་ལ་ཚེ་འདིར་རྡོ་རྗེར་སྣང༔ རེ་སྨོན་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཧཱུྃ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་གྱུར་ཅིག༔ ༈ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛ༔ བདག་ཉིད་དཔལ་ཆེན་འབར་བའི་ཐུགས༔ ཙིཏྟ་དཔལ་བེ་ཟུར་བརྒྱད་འབར༔ རིན་ཆེན་ཡི་གེ་འབྲུ་བརྒྱད་གསལ༔ དཔལ་ཆེན་རིན་ཆེན་འབར་བའི་ཐུགས༔ དཔལ་བེ་སྨུག་པོ་ཟུར་བརྒྱད་ལས༔ གསེར་གྱི་ཉི་མ་དགུ་ཤར་བ༔ འོད་ཟེར་རུ་ལུ་ཡིག་འབྲུ་བརྒྱད༔ རྡོ་རྗེ་འབར་བའི་རླུང་སྒྲོམ་དུ༔ ཤིན་ཏུ་འབར་འཕྲོ་འཁྲུགས་བྱས་ཏེ༔ སྣ་ས་གཡས་སུ་དྲང་བར་བྱ༔ གོ་རོ་ཙ་ནའི་གཞལ་ཡས་སུ༔ སྲན་ཟླུམ་ཙམ་གྱི་རྒྱ་ཁྱོན་ལ༔ གསེར་གྱི་ཉི་མ་གྭ་འུ་དགུ༔ ཤར་བའི་དཀྱིལ་ན་ཡིག་འབྲུ་དགུ༔ གསལ་བས་འོད་ཀྱི་གཞལ་ཡས་ཁང༔ དངོས་པོའི་བག་ཆགས་ཀུན་བསྲེགས་ཏེ༔ སེམས་ནི་གསེར་ཆུ་ཞུན་མ་བཞིན༔ ལྟེམ་ལ་འཚེར་ཞིང་འོད་འབར་བ༔ རྩལ་ལས་གྱུར་པའི་ཟླ་དཀྱིལ་འཁོར༔ ཉི་མའི་སྟེང་དུ་དཔལ་བེའུ་འབར༔ དེ་ལ་རུ་ལུ་འཕྲོ་ཞིང་འདུ༔ དཔལ་བེའུ་ཙིཏྟའི་དཀྱིལ་འཁོར་འདི༔ ཡིག་འབྲུ་འབར་བའི་གྭ་འུར་གསལ༔ པདྨ་འབར་བའི་གྭ་འུ་འདི༔ ཡི་གེའི་ཕྲེང་བ་འཁྱིལ་བའི་གནས༔ དཔེར་ན་མེ་ཏོག་འབར་བ་ལས༔ བཅུད་ལེན་བུང་བས་བཅུད་བླངས་ཏེ༔ རྩི་ཡི་བུར་བུ་སོག་པ་ལྟར༔ དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་ནས༔ རིན་ཆེན་འོད་ཀྱི་མེ་ཏོག་འབར༔ རུ་ལུའི་ཡིག་འབྲུ་བཅུད་ཀྱིས་རྒྱས༔ རྣལ་འབྱོར་སེམས་ལས་བྱས་པ་ཡི༔ བཅུད་འབྱིན་བུང་བ་མང་པོ་འཕྲོ༔ ཕར་ལྡིང་ཡི་གེའི་བཅུད་ཕྱུངས་ཏེ༔ ཚུར་ལྡིང་སེམས་ཀྱི་གྭ་འུར་བསྟིམ༔ དང་པོ་ཤེལ་གྱི་ཁ་དོག་ལ༔ ཤིན་ཏུ་གསལ་ཞིང་འཚེར་འབར་བ༔ གནས་དགུ་དག་ཏུ་ཟླ་བ་ཡི༔ ཐིག་ལེ་དཀྱིལ་གྱི་དཔལ་བེའུ་ལ༔ འབྲུ་བཀོད་གསལ་བར་གྱུར་པ་དང༔ ཤེལ་གྱི་བུང་བ་མང་པོ་དང༔ ཁྱུང་ཆེན་ལྡིང་བའི་བོང་ཚོད་ཙམ༔ ཕར་ལྡིང་བཅུད་ཕྱུང་ཚུར་གསིབས་པས༔ ཡིག་འབྲུ་ཡེ་ཤེས་མེ་འབར་བས༔ བག་ཆགས་བུད་ཤིང་ཕུང་པོ་བསྲེག༔ ཕར་སྤྲོས་ཐུགས་རྗེས་ས་ལ་བསྐུལ༔ ཇི་ལྟར་ཉི་ཟེར་ཚྭ་ཚྭ་ལྟར༔ རྒྱུན་མི་ཆད་པར་རྩེ་གཅིག་འབར༔ བར་དུ་བྱེ་རུའི་ཁ་དོག་ལ༔ གོང་མ་བཞིན་དུ་བཀོད་གསལ་ལ༔ བྱེ་རུའི་བུང་བ་མང་པོ་དང༔ གོང་མ་བཞིན་དུ་འཕུར་ལྡིང་བས༔ བཅུད་ཕྱུང་བསྟིམ་ཞིང་སླར་ལ་འཕྲོ༔ ཇི་ལྟར་མེ་མགལ་འཁོར་ཚུལ་དུ༔ དཔལ་བེའུ་སྨུག་པོའི་ཀློང་དུ་བསྟིམ༔ ཀུན་གྱི་ཐ་མར་བསྡུ་བ་ནི༔ བཀོད་པའི་གོང་མ་ཐམས་ཅད་ཀུན༔ མཐིང་ནག་འབར་བ་བསྒྱུར་ནས་ནི༔ ཁྱུང་ཆེན་གཟན་ལ་འཇུམ་ཚོད་ཙམ༔ ཧཱུྃ་སྒྲ་འབྱིན་ཞིང་ཕན་ཚུན་ལྡིང༔ རུ་ལུ་བཅུད་འབྱིན་དངོས་གྲུབ་རློབས༔ དྲན་པའི་དཀྱིལ་ནས་ཛ་ཕྱུང་སྟེ༔ ལྕགས་ཀྱུ་འབར་བ་གྭ་འུར་བཅས༔ དཔལ་བེའུའི་དཀྱིལ་ན་སྤུངས་པ་ཡིས༔ རུ་ལུ་རིན་ཆེན་ཕུང་པོ་དག༔ བསྡུས་ཤིང་དྲངས་ཏེ་གནས་སུ་བསྟིམ༔ བབས་པའི་ཤུགས་སམ་བྱིན་རླབས་ནི༔ མཚོ་ལ་སེར་ཆེན་འགྲིལ་ལྟར་རོ༔ ཧཱུྃ༔ འདི་ལྟར་ཡི་གེར་སྦྱར་བའི་ཚེ༔ རྣལ་འབྱོར་ཉག་གཅིག་མ་ཡིན་གྱིས༔ ལྷ་མཆོག་དབྱིངས་ན་བཞུགས་པ་ཡང༔ ཆོས་ཉིད་ངང་དུ་མི་དམིགས་ཀྱང༔ རྣལ་འབྱོར་མཆོག་གིས་བསྐུལ་བའི་ཚེ༔ ཐུགས་རྗེ་ཆགས་པའི་མདངས་ཕྱུངས་ནས༔ སྲོག་རྩོལ་དྲན་རིག་གསུང་གསུང་ལྟར༔ མགུར་ཆུ་ཡན་ལག་མགུལ་མགུལ་ལྟར༔ རྡོ་རྗེ་ཡི་གེ་འབྲུ་འབར་ལྟར༔ གུག་ཅིང་ཀླད་ཀོར་ཚེག་བར་ཕྱིན༔ ར་རི་བལ་ཁོལ་སྒྲིབ་མེད་པ༔ ཡེ་ཤེས་དོན་ལ་མཁྱེན་རིག་རྒྱས༔ དེ་ལྟ་མོད་ཀྱང་འདུལ་དབང་གིས༔ རྒྱལ་བ་བསྐུལ་བས་ས་ལ་གཞེས༔ རྣལ་འབྱོར་གསོ་བའི་ཆོ་ག་བྱེད༔ ལྷ་དང་གཅིག་ཏུ་བྱ་བའི་ཕྱིར༔ བཟླས་བརྗོད་གྲངས་དང་བསྙེན་པ་དང༔ སྦྱོར་བས་དོན་ལ་ཉེ་བར་འགྱུར༔ འདི་ལྟར་སྟོང་པའི་དུས་དག་ན༔ བྱིན་རླབས་ཕེབས་སམ་ཉེ་བ་ཡི༔ རྟགས་སམ་དྲོད་དམ་མཚན་མ་ནི༔ རྣལ་འབྱོར་ཉིད་དང་སྒྲུབ་རྫས་དང༔ འོད་མཐོང་སྒྲ་ཐོས་ཀུན་ལ་འབྱུང༔ ལུས་ཀྱི་དྲོད་དང་རྨི་ལམ་དང༔ སེམས་ཀྱི་རྟགས་སུ་གསལ་བ་དང༔ དབུགས་དག་ལ་ཡང་ངེས་པར་འབྱུང༔ ཤིང་བལ་ལྟ་བུ་ཡང་བ་དང༔ མི་བདེའི་གནོད་པ་བྲལ་བ་ཡིན༔ རིག་པ་ཏིང་འཛིན་གསལ་བ་དག༔ རྨི་ལམ་དུ་ཡང་མོས་པར་འགྱུར༔ དྭངས་ཤིང་དགའ་ལ་མགུ་བ་སྐྱེ༔ གདུང་བའི་བྱང་ཆུབ་སེམས་སྐྱེས་ཤིང༔ ངོ་མཚར་སྐྱེས་པ་དེ་ཉིད་དོ༔ འགྱུར་བའི་དབུགས་ལ་དབང་ཐོབ་སྟེ༔ དགག་དང་དབྱུང་བ་ཇི་ལྟ་བའོ༔ རྫས་ནི་འབར་དང་འཕར་བ་དང༔ དྲི་དང་འོད་འབྱུང་རོ་མཆོག་སྐྱེ༔ མི་ཟད་མང་དུ་འཕེལ་བ་དང༔ མངར་འཇམ་དྭངས་ཤིང་རོ་མཆོག་རྙེད༔ ལྟོ་ལ་མི་གནོད་མགྲིན་ལ་སྨིན༔ ཟོས་ན་བཞིན་འགྱུར་ལུས་བརྟས་འགྱུར༔ སིལ་སྙན་ཡིད་འོང་སྒྲ་སྙན་གཟུགས༔ དྲི་ཞིམ་འབྱུང་བས་དེ་ལྟ་འོ༔ རྡོ་རྗེ་པྲ་རྣམས་བཟང་བ་ན༔ རྟགས་དང་མཚན་མ་ཕེབས་པ་སྟེ༔ མྱུར་དུ་དངོས་གྲུབ་བླང་བར་བྱའོ༔ བདེ་དང་གྭ་འུ་ཕྱག་རྒྱ་དང༔ རྡོ་རྗེ་བུམ་པའི་འཕྲོ་འདུ་ཡིས༔ དངོས་གྲུབ་ཡུམ་གྱི་མཁའ་ལ་དབབ༔ ཡབ་ཡུམ་སྦྱོར་བས་ལྷག་སེམས་དག༔ མ་ཕེབ་པ་ཡི་བར་དུ་དག༔ ཤེས་རབ་གསལ་བའི་ལྷ་མོས་བཞིས༔ ཧསྟ་མེ་ལོང་བྷནྡྷ་དང༔ ཞིང་ཆེན་ཕྲེང་བ་ལ་སོགས་དང༔ ཁ་དོག་ལྔ་ཡི་དར་གཡབ་ཀྱིས༔ གཡབ་ཅིང་རིག་འཛིན་མང་པོ་འབོད༔ རོལ་མོ་ཆ་བྱད་མང་པོ་དག༔ རྡོ་རྗེའི་གར་དང་སྙན་པའི་གླུས༔ སྲིད་པའི་མ་མོ་ཀུན་བསྟེན་ཅིང༔ བྱིན་རླབས་ཆེན་པོ་དབབ་པར་བྱ༔ ཕེབ་མ་ཐག་ཏུ་དངོས་གྲུབ་བསྟིམ༔ ࿊ ཨེ་མ་ཧོ༔ ཆོས་ཀུན་སྐུ་ལ་རྫོགས་པ་ཆོས་ཀྱི་སྐུ༔ རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ༔ ཆོས་ཉིད་མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ༔ དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས༔ ཆུ་རླབས་ལྟ་བུ་བརྗོད་པའི་ཞལ་གདངས་ཤིང༔ ཉི་མ་འབུམ་གྱི་འོད་ཟེར་གདལ་བ་བཞིན༔ ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན༔ ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་ཏོག་སྟོང་འབར༔ དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན༔ ཀླུ་རྒྱལ་འབུམ་གྱིས་ཀླུབ་ཅིང་མཆོད་ཀུན་འབུལ༔ རྡོ་རྗེ་གསུང་གི་ལྗགས་སྒྲ་བརྡབ་པས་ཀྱང༔ ཧཱུྃ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོག༔ ཐེག་ཆེན་དོན་དམ་གསང་སྔགས་སྒྲོག་པའི་ཚིག༔ འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ༔ སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར༔ འབར་བའི་ཤངས་ནས་བསྐལ་པའི་འཚུབས་ནག་འཁྱིལ༔ རྡོ་རྗེའི་ཐོག་དང་གནམ་ལྕགས་སེར་ཆེན་འབེབ༔ རྣོ་དབལ་མཆེ་བ་ཟངས་ཡག་གཙིགས་པ་ཡིས༔ ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམས་ཤིང་འཁྲུགས༔ ཐོད་རུས་ཤ་ཁྲག་རྐང་རུས་འབུ་དང་རྣག༔ ཟ་བྱེད་རྔམས་པའི་ཞལ་དུ་ཆེམ་ཆེམ་གསོལ༔ སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པའི་རྒྱན༔ རྔམ་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བརྒྱན༔ ཟ་བྱེད་རྔམས་དང་འཇིགས་བྱེད་མང་པོའི་ཚོགས༔ འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད༔ འཁོར་བ་ཀུན་དང་ཐར་པའི་ཆོས་རྣམས་ཀུན༔ དཔའ་བོ་ཆེན་པོའི་གདན་དུ་བརྗིད་པར་རོལ༔ འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད༔ གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ༔ ཉེས་བཅོམ་ལེགས་ལྡན་མཚན་ཞི་མཐའ་ལས་འདས༔ དཔག་མེད་བྱམས་སྙོམས་དོན་གྱི་བདག་གཞན་དཔལ༔ དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ༔ རྡོ་རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག༔ འཛིན་པ་མི་རྟོག་ཤ་རུས་ཁྲག་ལ་རོལ༔ ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་རྗེ༔ ཡུལ་མེད་མ་སྐྱེས་མཚན་མའི་གཡུལ་ལས་རྒྱལ༔ བདེ་མཆོག་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཤེས་རབ་ཆེན་པོ་ནམ་མཁའི་ཉི་མ་གསལ༔ བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར༔ དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་འགྲོ་དྲུག་སྒྲོལ༔ རྟོག་འཇོམས་ཡེ་ཤེས་རྡོ་རྗེ་ཆོ་འཕྲུལ་འཕྲོ༔ དམ་པའི་དོན་གསུང་གཉིས་མེད་སྟོན་པའི་སྐུ༔ སྨྲ་བའི་སེང་གེ་ཁྱོད་ལ་ཕྱག་འཚལ་བསྟོད༔ རིན་ཆེན་གཏེར་ལྡན་འདོད་དགུར་ཀུན་སྐོང་ཞིང༔ ལུང་དང་རིག་པ་གཏན་ཚིགས་ཀུན་གྱི་མཛོད༔ བརྡའ་ཅན་ཡང་དག་ལེན་པའི་མེ་ལོང་གསལ༔ རྡོ་རྗེ་འཇིགས་བྱེད་ཀུན་འདུས་རིག་པའི་རྒྱུད༔ ཆོས་ཀྱི་མེ་ལོང་དེ་ལ་བདག་ཅག་འདུད༔ མི་གཡོ་མཉམ་ཉིད་བདེ་བ་ཆེན་པོའི་ཐུགས༔ འགག་མེད་རྒྱུད་སྡེ་མ་ལུས་འབྱུང་བའི་གསུང༔ འཁོར་འདས་ཆོས་ཀུན་ཟིལ་གྱིས་གནོན་པའི་སྐུ༔ དཔལ་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཀུན་བཟང་ཁྲོ་མོ་དབྱིངས་ཕྱུག་རྒྱལ་མོ་ནི༔ མཐའ་གཉིས་དྲི་མེད་ཀུན་གྱི་གཤིས་ལ་གནས༔ ཤེས་རབ་རང་བཞིན་བདེ་བ་ཆེན་པོའི་དབྱིངས༔ རོལ་པ་ཡབ་ཀྱི་དགྱེས་མཛད་དཔལ་ལ་བསྟོད༔ ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཨོཾ་ཨཱཿཧཱུྃ༔ བཛྲ་ཀྲོ་དྷ་ཨོཾ་ཨཱཿཧཱུྃ༔ བཛྲ་ཀྲོ་དྷཱི་ཨོཾ་ཨཱཿཧཱུྃ༔ མ་སཱུརྻ་མཎྜ་ལ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཀཱ་མ་གུ་ཎ་ཨོཾ་ཨཱཿཧཱུྃ༔ བཛྲ་མ་ཧཱ་སུ་ཁ་བྷོ་དྷི་ཙིཏྟ་ཨོཾ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་པདྨ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཾ་ཨེ༔ ཨོཾ་ཨཱཿཧཱུྃ༔ ཨ་ཧཾ༔ ཨ་ཧཾ༔ ཨ་ཧཾ༔ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ འབྱུང་བ་ཆེན་པོ་ནམ་མཁའ་ནི༔ འབྱུང་བ་ཆེན་པོ་ལྔ་ཡི་མཛོད༔ ནམ་མཁའ་ལས་ནི་འདོད་པ་འབྱུང༔ འདོད་པའི་མཆོད་པ་འབྱུང་གྱུར་ཅིག༔ ཟླ་རྒྱས་ལ་སོགས་སྙིང་པོ་མཆོག༔ མཱཾ་ས་ལ་སོགས་རྣམ་ལྔའི་རྫས༔ མེ་ཏོག་ལ་སོགས་ཙན་དན་ཕྲེང༔ སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ འཁྲིལ་འཁྱུད་སྒྱུར་བའི་གཟུངས་ཆེན་མ༔ དབང་པོ་སྦྱོར་བས་དགྱེས་མཆོད་དེ༔ བདེ་བའི་མཆོད་པས་ཚིམས་གྱུར་ཅིག༔ རྡོ་རྗེ་རོལ་པའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་བསྟབ༔ དུག་ལྔ་རོལ་པའི་ཚོགས་མཆོད་འདི༔ ཡེ་ཤེས་ལྔ་ཡི་ནང་དུ་ཐིམ༔ གཟུང་འཛིན་རྟོག་པའི་མཚན་མ་འདི༔ དབྱིངས་དང་ཡེ་ཤེས་ཀློང་དུ་ཐིམ༔ འཁོར་བ་མཚན་མའི་ཆོས་ཅན་འདི༔ ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ༔ ཕུང་པོ་ཚོགས་ཀྱི་ཡན་ལག་འདི༔ རྣམ་རོལ་ཕུང་པོ་ལྔ་རུ་ཐིམ༔ འབྱུང་ཆེན་རྒྱུ་ལྔའི་མཚན་མ་འདི༔ མཁའ་ཀློང་འབར་བ་ལྔ་རུ་ཐིམ༔ རོལ་པ་ཆེན་པོའི་མཆོད་སྦྱིན་ལ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ༔ བླ་མེད་ཏན་གན་མཆོད་པ་འདི༔ སྔོན་ཆད་རྒྱལ་བ་བགྲོད་པའི་ལམ༔ དུག་གསུམ་གཏིང་ནས་གསོད་པའི་ཐབས༔ སྔོན་གྱི་ཐུགས་དམ་བཞིན་དུ་བཞེས༔ འཆི་མེད་རྡོ་རྗེ་གཡུང་དྲུང་ཆུ༔ རོ་ཡི་ཁམས་རྣམས་སློང་བར་བྱེད༔ དུག་གི་ཕུང་པོ་འཇོམས་བྱེད་པ༔ རྩི་མཆོག་སྨན་གྱི་མཆོད་པ་བཞེས༔ ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ རང་བྱུང་རིག་པའི་ཡེ་ཤེས་རྒྱལ་བ་རྣམས༔ ཐུགས་རྗེ་བརྩེ་བ་ཆེན་པོའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་བདག་ལ་དགོངས་སུ་གསོལ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་མི་བཟད་རབ་མྱོང་བ༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ དེ་ལས་འགལ་གྱུར་ནོངས་པ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ ནམ་མཁའ་གོ་སྐབས་མེད་པར་སྤྲིན་མཐུག་ཀྱང༔ རླུང་གཅིག་གཡོ་བའི་སྐད་ཅིག་དེ་ཉིད་ལས༔ སྤྲིན་རྣམས་དེངས་ཤིང་ནམ་མཁའ་དྲི་མེད་ལྟར༔ བསྐལ་པར་བསགས་པའི་སྒྲིབ་པ་མཐུག་པོ་རྣམས༔ རྒྱུ་མཆོག་སྦྱར་བའི་མཆོད་པ་དམ་པ་དང༔ ཚུལ་བཞི་ལྡན་པས་བཤགས་ཤིང་ཚངས་བྱེད་པ༔ ཐབས་དང་ལྡན་པའི་སྦྱོར་སྒྲོལ་ཟབ་མོ་དང༔ འགྲོ་བའི་དོན་དུ་ཐེག་ཆེན་ཆོས་བཤད་པས༔ རབ་ཏུ་སྐད་ཅིག་ཉིད་ལ་བྱང་བར་འགྱུར༔ དེ་ཕྱིར་ཐབས་དེར་བརྩོན་པས་འདིར་འདུས་པ༔ མ་ལུས་ཉམས་པ་སོར་ཆུད་དངོས་གྲུབ་ཐོབ༔ རྒྱལ་བ་རྣམས་ཀྱི་གོ་འཕང་ཐོབ་པར་ཤོག༔ ཨེ་ཧོ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ༔ ཨེ་ཁཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཙིཏྟ་ཨ་པ་ན་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནས༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མའི་མིང་དུ་བཅས་ནས་སུ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ཏེ་ཚོགས་སུ་འབུལ༔ བོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཕཊ་ཛ༔ བཛྲ་སཏྭ་ཧཱུྃ༔ ཛྙཱ་ན་སཏྭ་ཨོཾ༔ ཨ་ཡཾ༔ སྥ་ར་ཎ་ཕཊ༔ ཨོཾ་ཧྲཱིཿཥྚི་བི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུཾ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ སཏྭམྦྷ་ཡ༔ སཏྭམྦྷ་ཡ༔ ཧཱུྃ་ཕཊ༔ ཛྭ་ལ་ཙཀྲ༔ ཨོཾ་བྷྲཱུྃ༔ ཧཱུྃ་བྷྲཱུྃ༔ ཏྲཱཾ་བྷྲཱུྃ༔ ཧྲཱིཿབྷྲཱུྃ༔ ཧཱ་བྷྲཱུྃ༔ ཧཱུྃ༔ བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ༔ ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར༔ སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན༔ དཔལ་ལྡན་གཟི་བྱིན་འབར་ལ་ཕྱག་འཚལ་ལོ༔ འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི༔ འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས༔ ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ༔ གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན༔ མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང༔ ཁམས་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན༔ ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས༔ བདུད་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ༔ འབྱུང་པོའི་ཤ་ནི་ཟན་ལས་ཞིམ༔ གཏི་མུག་མཆོད་པ་བླ་ན་མེད༔ བླ་མེད་མཆོད་པ་འདི་བཞེས་ལ༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འབྱུང་པོའི་ཁྲག་ནི་ཆང་ལས་ཞིམ༔ འདོད་ཆགས་མཆོད་པ་བླ་ན་མེད༔ བླ་མེད་མཆོད་པ་འདི་བཞེས་ལ༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འབྱུང་པོའི་རུས་པ་མར་ལས་ཞིམ༔ ཞེ་སྡང་མཆོད་པ་བླ་ན་མེད༔ བླ་མེད་མཆོད་པ་འདི་བཞེས་ལ༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ༔ ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི༔ དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང༔ མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ༔ ཨ་ལ་ལ་ཧོ༔ ཧཱུྃ་ཧ་ཧེ་ཕཊ༔ ཨ་ཙནྡྲ་མཎྜ་ལ༔ ཨོཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི༔ མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས༔ ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས༔ དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ༔ ཨོཾ་ཌཱཀྐི་ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡཾ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཌཱཀྐི་ཧཱུྃ་ཛ༔ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ༔ པྲ་བྷཉྫ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨ་བ་ཌ་བ་མུ་ཁ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥ་ཡ༔ ཏོ་ཥ་ཡ༔ སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ༔ ཧ་ཧ༔ ཧི་ཧི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཨོཾ་ཕཊ༔ ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཏྲཱཾ་ཕཊ༔ ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཧྲཱིཿཕཊ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཨཱཿཕཊ༔ ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲ་ཤ་བྷུརྦ་བུདྡྷ་ཀྵེ་ཊ་ཀྵོ་བྷ་ཀ་ར་ཧཱུྃ་ཕཊ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་མོ་མཁའ་འགྲོ་ཚོགས་ཀྱི་བདག༔ ཐ་མ་ལྷག་མས་མི་མཆོད་དུ༔ མ་ཚོགས་དབང་ཕྱུག་ལྷག་མའི་གནས༔ ལྷག་མ་ཁ་ཆུས་མི་གདབ་ཏུ༔ བྲན་ཕོ་བྲན་མོ་ཁ་ཆུའི་བདག༔ རྣམ་གསུམ་རིམ་གྱིས་མི་མཆོད་དུ༔ བཀའ་དང་གཞུང་ལུགས་རིམ་པར་ཡོད༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཀྱི་དབྱིངས་སུ་ཐ་མི་དད༔ ལས་རྣམས་སོ་སོར་མི་འཆོལ་དུ༔ ལས་ཀྱི་འདུལ་སྐལ་རིམ་པར་ཡོད༔ ཤ་ཁྲག་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཧཱུྃ༔ ནམ་མཁའ་སྟོང་ལ་དབང་བསྒྱུར་བའི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང༔  ད་དུང་འཇིག་རྟེན་མ་འདས་པས༔ འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ སྟོང་ཁམས་ཡོངས་ལ་མངའ་མཛད་པའི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ སྲོག་དབུགས་ཀུན་ལ་མངའ་མཛད་པའི༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་ཀྱང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ རྡོ་རྗེ་ཕྲ་མེན་རྫུ་འཕྲུལ་ཅན༔ སྐྱེས་བུ་ལངྐ་དྲུག་ཅུ་ཡང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ ཏ་ཀྲྀཏ་ལྕམ་མོར་ཞལ་བཞེས་པའི༔ འབར་མ་ཉུལ་ཆེན་བརྒྱད་རྣམས་ཀྱང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ ཤ་ཁྲག་ཞལ་དུ་གསོལ་མཛད་པའི༔ དུར་ཁྲོད་དྲེགས་པའི་མ་མོ་བདུན༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི༔ སྲིང་མོ་ཆེན་མོ་བཞི་རྣམས་ཀྱང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ ཕྱོགས་བཅུར་ཁྱབ་པར་ལས་བྱེད་པའི༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ རི་རབ་རྨང་ནས་འདེགས་མཛད་པའི༔ དབང་གི་གྲུ་འདེགས་བཞི་རྣམས་ཀྱང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི༴ ཕ་རོལ་དམག་དཔུང་འཇོམས་མཛད་པའི༔ དམག་གི་རྒྱལ་མོ་མཆེད་བཞི་ཡང༔ ད་དུང༴ འཇིག་རྟེན༴ རྣམ་ལྔའི༴ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་ཧི༔ ཨོཾ་ཨེ་ས་ཧུ༔ པེ་ས་ཧུ༔ ས་མ་ཡ་བྷཀྵ་ཧུ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དཀྱིལ་འཁོར་རྫོགས་ཤིང་སླར་ལྡང་བ་ཡང་སྲུང་ཤིང་སྨོན་ལམ་བཀྲ་ཤིས་བྱའོ༔ ཨོ་རྒྱན་གྱི་མཁས་པ་པདྨ་བདག་གིས་རྒྱ་དཔེ་རང་འགྱུར་དུ་བྱས་པ་ནན་ཏུར་དུ་བྲིས་པའོ༔

སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་མཛེས་པར་བྱེད་པའི་རྒྱན་བི་ཛ་ཧ་རཾ།། (Volume 32, Text 20)

༄༅། །སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་མཛེས་པར་བྱེད་པའི་རྒྱན་བི་ཛ་ཧ་རཾ།། སྙན་བརྒྱུད་ཕུར་པའི་ལས་བྱང་ཕྲིན་ལས་རྣམ་རོལ་སྒྲུབ་མཆོད་སོགས་ཀྱི་སྐབས་ཅུང་ཟད་རྒྱས་པར་སྤྲོ་ན། བྱིན་འབེབ་ལ། ཧཱུྃ། གདལ་བ་ཆེན་པོ་ཆོས་དབྱིངས་ཕོ་བྲང་ནས། །རྡོ་རྗེ་འཛིན་རྒྱལ་སངས་རྒྱས་འདུས་པའི་རྗེ། །བྱིན་རླབས་འདོད་རྒུའི་ཆར་ཆེན་འབེབ་མཛད་པ། །ཕུར་པ་གྲུབ་པའི་རིག་འཛིན་བརྒྱུད་པར་བཅས། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །མཐུ་དབང་བྱིན་རླབས་དངོས་གྲུབ་སྩོལ་བའི་ཕྱིར། །དབྱིངས་ནས་འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ཅིག །དེ་ནས་རང་གཞུང་གི་བྱིན་འབེབ་སྔགས་བཅས་བརྗོད། མཆོད་པ་བྱིན་རླབས་ལས་བྱང་གཞུང་ནས་འབྱུང་བ་ལྟར་གྱི་རྗེས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། སྨན་བྱིན་རླབས་ནི། རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་བག་ཆགས་དང་བཅས་པ་བསྲེགས་གཏོར་བཀྲུས་ཏེ་དག་པར་བྱས། སླར་ཡང་ཐུགས་ཀ་ནས་ཨོཾ་དཀར་པོ་འཕྲོས་བདུད་རྩིའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་རྫས་རང་ག་མའི་རྟོག་པ་སྦྱངས། ཨཱཿདམར་པོ་འཕྲོས་ཡེ་ཤེས་ཀྱི་མེར་འབར་བས་བག་ཆགས་ངན་པའི་གཉིས་རྟོག་བསྲེགས། ཧཱུྃ་མཐིང་ག་འཕྲོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བས་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་རོ་གཅིག་པའི་རང་བཞིན་ནམ་མཁའ་དང་མཉམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བདུན་ནམ་གསུམ་བརྗོད། ཡང་། རང་གི་ཐུགས་ཀ་ནས་ར་ཡིག་དམར་པོ་འཕྲོས། རཀྟའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་འཁོར་བ་རྒྱུན་གཅོད་ཀྱི་རཀྟའི་རྒྱ་མཚོ་ཁ་ཞག་དང་བཅས་པ་ཤ་ཆེན་གྱི་ལྷུ་དུམ་གྱིས་བརྒྱན་པ་ནམ་མཁའ་དང་མཉམ་པར་བསམ་ལ། ཨོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊཿ ཅེས་བདུན་ནམ་གསུམ། ཡང་། རང་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས། གཏོར་མའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་གཏོར་གཞོང་རིན་པོ་ཆེའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་ནམ་མཁའ་དང་མཉམ་པར་བསམ་ལ། ཨོཾ་ཁ་ཏ་ལི་བྷྲཱུྃ་མ་ཧཱ་བ་ལིཾ་ཏ་ཨཱཿ ཞེས་ལན་བདུན་ནམ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ། བླ་མེད་མཆོག་གི་མཆོད་པ་ནི། །ལྷ་རྫས་མཆོད་ཡོན་ཞབས་བསིལ་དང་། མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་གཙང་སྒྲ་སྙན་སྣ་ཚོགས་པ། །སོ་སོའི་ལྷ་མོའི་རོལ་པར་བཅས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །ཡུལ་དང་དབང་པོ་གཉིས་མེད་པ། །བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོཿ འདོད་ཡོན་ལྔ་སོགས་ཀྱི་མཆོད་པ་ནི། ཧཱུྃ། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་མཐོ་རིས་འབྱོར་པའི་ཚོགས། །མི་ཟད་ནམ་མཁའི་མཛོད་དུ་སྦར་ཏེ་མཆོད། །ཨོཾ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་སཔྟ་རཏྣ་ཨཥྚ་མངྒ་ལཾ་པྲ་ཏཱིཙྪ་སྭཱ་ཧཱ། དྲག་པོའི་མཆོད་པ་ནི། ཧཱུྃ། དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་ཁྲག་ཞག་བདུད་རྩིའི་དྲི། །ཤ་རུས་ཞལ་ཟས་དུར་ཁྲོད་རོལ་མོའི་སྒྲ། འཇིགས་རུང་གཤིན་རྗེའི་འདུན་ས་བཞིན་དུ་མཆོད། །ཨོཾ་མ་ཧཱ་ཤྨ་ཤཱ་ན་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ། ཕྱག་རྒྱ་གར་མཆོད་ནི། ཧཱུྃ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་མུ་དྲ་པཱུ་ཛ་ཧོ། གསང་མཆོད། ཧཱུྃ། རྡོ་རྗེ་ཕུར་བུའི་ལྷ་ཚོགས་ལ། །ཡིད་འོང་ལྷ་མོའི་མཆོད་པ་འབུལ།། འཁྲིལ་པོའི་མཆོད་ཆེན་མཉམ་སྦྱོར་བའི། །བདག་ཉིད་མཉེས་པས་མཉེས་པར་མཆོད། །མ་ཧཱ་སུ་ཁ་པཱུ་ཛ་ཧོཿ སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །རཱ་སཱ་ཡ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བ་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། བརྒྱུད་མཆོད་ནི། གཞི་དབྱིངས་གདོད་ནས་རྣམ་དག་ཀུན་ཏུ་བཟང་། །གཞི་སྣང་ཡེ་ཤེས་རོལ་པ་རྡོ་རྗེ་སེམས། །དབྱིངས་རིག་ཟུང་འཇུག་བཛྲ་ཀུ་མཱ་རར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཕུར་པའི་གྲུབ་བརྙེས་པྲ་བྷ་ཧསྟིའི་ཞབས། །བདུད་སྡེ་ཚར་གཅོད་ཤཀྱ་སེང་གེ་དང་། །བཀའ་བབས་ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་རྗེར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། སྙན་བརྒྱུད་བྱིན་ཐོབ་པདྨ་མདོ་སྔགས་གླིང་། །ཕུར་པའི་རིག་འཛིན་པདྨ་གར་དབང་དང་། །གདམས་པའི་བཅུད་འཛིན་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཡབ་ཡུམ་དང་། །སྲས་མཆོག་ཕྲ་ཕྱག་སྒོ་མ་དབང་ཕྱུག་མ། །དམ་ཅན་དགེ་བསྙེན་བསྟན་མ་བཅུ་གཉིས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། བདུད་རྩི་ལས་མཐེབ་སྲིན་གྱིས་བླངས་ནས། ཨོཾ་ཨཱཿཧཱུྃ། ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་གནས་གསུམ་རེག་ཅིང་། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་ལྕེར་མྱངས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། རཀྟའི་མཆོད་པ་ཚར་གསུམ་ནི་རང་གཞུང་ལྟར་བྱ། གཏོར་མཆོད་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཞེས་འདོད་ཡོན་དྲུག་གི་ལྷ་མོས་མཆོད་ཅིང་ལྷག་མ་བདུད་རྩི་དང་ཤ་ཁྲག་ཏུ་གྱུར་པ་དམ་ཅན་རྣམས་ཀྱིས་ལོངས་སྤྱད་པར་བསམ་མོ། །དུག་གསུམ་མཆོད་པ་ནི། གཏི་མུག་ཤ་ཆེན་སྤུངས་སེ་སྤུང་། །འདོད་ཆགས་ཁྲག་མཚོ་མེ་རེ་རེ། །ཞེ་སྡང་རུས་གྲམ་ཉི་ལི་ལི། །དཔལ་ཆེན་མཁའ་འགྲོའི་ཚོགས་ལ་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། དུག་གསུམ་རང་གནས་སུ་དག་པར་བསམ། སྦྱོར་སྒྲོལ་གྱི་མཆོད་པ་ལས། བསྒྲལ་མཆོད་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །རྡོ་རྗེའི་ཐོ་བས་དགྲ་བགེགས་རྡུལ་དུ་བརླགས་ཤིང་འོད་ཟེར་མེ་སྟག་ཁྲོ་བས་བསྲེགས་པར་བསམ། སྦྱོར་མཆོད་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་པས་ཡུམ་གྱི་མཁའ་གྲུ་གསུམ་དུ་ཡབ་ཀྱི་རྡོ་རྗེ་གཏུན་ཤིང་གི་སྦྱོར་བས་དགྲ་བགེགས་བསྒྲལ་ཅིང་རྟོག་ཚོགས་དབྱིངས་སུ་དག་པར་བསམ་མོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ། རང་རིག་རྒྱལ་པོ་སྤྱོད་ཡུལ་བྲལ། །འཁོར་གསུམ་ཀ་དག་ཁྱབ་བརྡལ་ཆེ། །སྤང་བླང་མེད་པར་ལྷུན་གྱིས་གྲུབ། །འོད་གསལ་ཟང་ཐལ་ངང་དུ་རོལ། །དྷརྨ་དྷཱ་ཏུ་ཛྙཱ་ན་པཱུ་ཛ་ཧོཿ བསྟོད་པ་རྒྱས་པར་སྤྲོ་ན། རང་གཞུང་གི་བསྟོད་པའི་མཐར། ཧཱུྃ། དཔལ་ལྡན་ཆེ་བའི་ཆེ་མཆོག་ལྷ་ཡི་ལྷ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཕྲིན་ལས་ཐམས་ཅད་རྫོགས་པའི་དཔལ་ཆེན་པོ། །ཧེ་རུ་ཀ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་བརྗིད་པ་འགྱིང་ཞིང་སྒེག་པའི་སྐུ །བདུད་ཚོགས་སྡེར་བཅས་འདུལ་བའི་དཔའ་བོ་ཆེ། །མི་སྡུག་སྲིན་པོ་ཁྲོས་པའི་ཆ་ལུགས་ཀྱིས། །སྲིད་གསུམ་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །བཞད་སྒྲ་འབྲུག་སྟོང་ལྡིར་འདྲའི་གད་རྒྱངས་ཅན། །དྲག་ཤུལ་ཆེན་པོས་རི་རབ་ཐལ་བར་རློག །འཇིགས་རུང་རྩལ་གྱིས་ཁམས་གསུམ་གཅིག་ཏུ་སྒྲོལ། །དཔལ་ཆེན་ཁྲོ་བོའི་དབང་ཕྱུག་ཁྱོད་ལ་བསྟོད། །སྙིང་རྗེས་སྒྲོལ་བའི་དམ་ཚིག་ཆེན་པོ་ཡིས། །འགྲོ་ཀུན་བྱང་ཆུབ་སྙིང་པོར་འདྲེན་མཛད་ཅིང་། །ཐུགས་རྗེ་དབྱིངས་ནས་ཁྲོས་པའི་རྔམས་སྟབས་ཀྱིས། །འཁོར་བ་གཏན་ནས་རློག་བྱེད་ཁྱོད་ལ་བསྟོད། །གདུག་ཅན་དྲག་པོས་འདུལ་བར་ཉེར་དགོངས་ནས། །འབར་བའི་ཁྲོ་ཚུལ་དུ་མའི་གར་མཛད་ཀྱང་། །ཆོས་དབྱིངས་ཞི་བའི་ངང་ལས་མི་གཡོ་བ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྱོད་ལ་བསྟོད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །རིགས་ལྔ་ཁྲོ་བཅུ་སྒོ་མ་རྣམ་པ་བཞི། །བགེགས་འདུལ་བྱང་ཆུབ་སེམས་ཀྱི་དངོས་ལ་བསྟོད། །ཅེས་སྤྲོ་བར་བྱའོ། །སྒྲུབ་པའི་སྐབས་ཛཔ྄་ཁང་དབྱེ་བ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་བཛྲ་ཀཱི་ལི་སོགས་འབྲུ་བཅུ་དྲུག་པའི་མཐར། ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་ནས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། ཛཔ྄་བསྐུལ་སྤྲོ་ན། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །དབང་ཕྱུག་ཨུ་མ་བསྣོལ་བའི་གདན་སྟེང་ན། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུར་སྟོན་པ། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་གྱི་ཕྲ་མེན་ཕོ་ཉའི་ཚོགས་ལ་སོགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དྲག་པོ་རང་བྱུང་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་སོགས་སྒྲུབ་སྔགས་བརྗོད་ལ་ཟླས་དམིགས་ལ་འཇུག་གོ །དངོས་གྲུབ་བླང་ཆོག་རྒྱས་པར་འདོད་ན། གཞུང་གི་དངོས་གྲུབ་བླང་མཐར། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །རྡོ་རྗེ་ཕུར་བུའི་ལྷ་ཚོགས་དགོངས། །དང་པོ་བསྙེན་པའི་དབུ་ཚུགས་ནས། །དོ་ནུབ་ཕན་ཆད་ཞག་གྲངས་ཐེམས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་། །འགྲོ་བ་མ་ལུས་སྒྲོལ་སླད་དུ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །གསང་བ་བྱང་སེམས་དངོས་གྲུབ་སྩོལ། །དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ། ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས། །མཐུ་བྱིན་དྲེགས་པའི་དངོས་གྲུབ་སྩོལ། །དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད། །ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ། །སྒྲུབ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ བཛྲ་ཛྙཱ་ན་ཨ་ཡུ་ཥེ་སྭཱ་ཧཱ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གསུམ་ཆར་བབ་པ་ལྟར་འཕྲོས་ནས། རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་མོ། །སྨོན་ལམ་དང་ཤིས་བརྗོད་རྒྱས་པར་མོས་ན་འདི་ཡང་བྱ་སྟེ། དགེ་བ་འདི་དང་མ་ལུས་དགེ་བའི་མཐུས། །མ་རིག་མུན་པར་འཁྱམས་པའི་འགྲོ་འདི་རྣམས། །བརྒྱུད་པ་གསུམ་ལྡན་བླ་མས་རྗེས་བཟུང་སྟེ། །བྱང་ཆུབ་སྒྲུབ་བྱེད་དབང་བཞིས་སྨིན་པར་ཤོག །མ་བཅོས་སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད། །དམིགས་མེད་སྙིང་རྗེ་སྒོམ་པ་ཀུན་ཏུ་སྣང་། །ཟུང་འཇུག་འགག་མེད་འཁོར་འདས་ཀུན་གྱི་རྒྱུ། །ཏིང་འཛིན་གསུམ་གྱི་ཉམས་ལེན་མཐར་ཕྱིན་ཤོག །ཆོས་སྐུ་ལམ་བྱེད་བདག་ཉིད་རྩ་བ་དང་། །ལོངས་སྤྱོད་རྫོགས་སྐུ་ལམ་བྱེད་ཁྲོ་བོའི་ཚོགས། །སྤྲུལ་སྐུ་ལམ་བྱེད་སྔགས་ཀྱི་དཀྱིལ་འཁོར་ཏེ། །རྒྱུ་འབྲས་དབྱེར་མེད་ལམ་མཆོག་སྒོམ་པར་ཤོག །ཞེ་སྡང་རྩད་གཅོད་ཕྱི་ནང་གསང་བའི་སྨན། །གཏི་མུག་གནས་སུ་དག་པ་བ་ལིཾ་ཏ། །འདོད་ཆགས་བསྒྲལ་པ་རཀྟའི་རྒྱ་མཚོ་སྟེ། །མཆོད་པ་གསུམ་གྱིས་རྒྱལ་བ་མཉེས་བྱེད་ཤོག །མ་དག་བདེན་འཛིན་འཁྲུལ་སྣང་མཐུག་པོ་འདི། །བསྐྱེད་རིམ་བཟླས་པར་བཅས་པས་ལེགས་སྦྱངས་ཏེ། །དག་པའི་ཡེ་ཤེས་རང་བཞིན་ངོ་བོས་སྟོང་། །བློ་འདས་ཟུང་འཇུག་མངོན་དུ་འགྱུར་བར་ཤོག །མངོན་སྤྱོད་ལས་ཀྱིས་ཞིང་བཅུ་སྒྲོལ་བའི་ཚེ། །ཐ་མལ་སྙིང་ནང་དྭངས་མ་ལྔ་ཡི་དབུས། །རྣམ་ཤེས་དང་པོའི་དབྱངས་ཡིག་དཀར་ལ་འཚེར། །ཀུན་གཞིའི་གནས་ཚུལ་ཇི་བཞིན་ཤེས་པར་ཤོག །ལས་ཉོན་དྲི་མ་སྦྱོང་བྱེད་ཁྲུས་ལུང་དང་། །འཆི་མེད་ཆོས་སྐུར་སྒྱུར་བ་ཚེ་ཡི་ལུང་། །བཅུ་གཉིས་གནད་ལྡན་དགོངས་པ་རྣམ་གསུམ་གྱིས། །བདག་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ་བར་ཤོག །ཆུ་བོ་བཞི་འདུས་གདམས་པ་ཉམས་ལེན་ཅིང་། །ཡེ་ཤེས་བྱང་ཆུབ་སེམས་སོགས་ཕུར་བུ་བཞིས། །ནམ་མཁའ་ཙན་དན་ལྟ་བུའི་གང་ཟག་བཞི། །ཀུན་བཟང་རིགས་བཞིའི་ས་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ལམ་མཆོག་འདི་ཉིད་ལ། །ཐེ་ཚོམ་མེད་པར་གུས་པས་སྒྲུབ་བྱེད་ཅིང་། །བར་ཆད་བགེགས་ཀྱི་གནོད་པ་མི་འབྱུང་བར། །མཐུན་རྐྱེན་མ་ལུས་འབད་མེད་འགྲུབ་པར་ཤོག །ཚེ་འདིར་འཆི་མེད་དཔལ་དང་ཚུལ་ཁྲིམས་ལྡན། །བྱང་ཆུབ་སེམས་གཉིས་ཟུང་འཇུག་ཐོབ་པའི་དོན། །ཡང་དག་ཤེས་ཤིང་སྒྲུབ་ལ་བརྩོན་བྱས་ཏེ། །ལྷག་པའི་ལྷ་ཡིས་རྗེས་སུ་འཛིན་པར་ཤོག །ཕྱོགས་རིས་མུ་མཐའ་མེད་པའི་སེམས་ཅན་རྣམས། །ཡང་ཡང་དྲིན་གྱིས་བསྐྱངས་པའི་མར་ཤེས་ནས། །ཚད་མེད་སྙིང་ནས་བརྩེ་བའི་བསམ་པ་ཡིས། །རྟག་ཏུ་གཞན་གྱི་དོན་ལ་བརྩོན་པར་ཤོག །ཤཱཀྱ་སེང་གེའི་རིང་ལུགས་མཐའ་དག་དང་། །རྨད་བྱུང་རྡོ་རྗེ་ཐེག་པའི་བསྟན་པ་མཆོག །ཁྱད་པར་བླ་མེད་ནང་རྒྱུད་སྡེ་གསུམ་རྣམས། །ཉན་བཤད་སྒྲུབ་པས་ཕྱོགས་བཅུར་རྒྱས་པར་ཤོག །རང་བཞིན་རྣམ་དག་དབྱིངས་ཀྱི་བདེན་པ་དང་། །རིག་འཛིན་ཡི་དམ་ལྷ་ཡི་བྱིན་རླབས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས། །ཇི་ལྟར་སྨོན་པའི་གནས་རྣམས་འགྲུབ་པར་ཤོག །ལས་གཞུང་བསྔོ་སྨོན་དང་བཀྲ་ཤིས་བརྗོད་རྗེས། ཧཱུྃ། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །འཁོར་ལོ་རྒྱས་འདེབས་ཡུམ་གྱི་བཀྲ་ཤིས་ཤོག །སྤྲུལ་པའི་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །ཤེས་རབ་ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག །ཡང་སྤྲུལ་ཕྱག་བརྙན་ཚོགས་ཀྱི་བཀྲ་ཤིས་ཤོག །སྲས་མཆོག་ཕུར་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་སྒོ་སྐྱོང་བཞི་ཡི་བཀྲ་ཤིས་ཤོག །དམ་ཅན་བཀའ་སྡོད་སྲུང་མའི་བཀྲ་ཤིས་ཤོག །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། །ཞེས་ཕུར་པའི་སྒྲུབ་མཆོད་སོགས་ཀྱི་སྐབས་སྤྲོས་བཅས་ལ་དགའ་བ་རྣམས་ཀྱི་དོན་དུ་ཆོས་ཀྱི་བློ་གྲོས་པས་རང་གིས་བསྒྲིགས་པའི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་གྱི་མཛེས་རྒྱན་དུ་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་བསྒྲིགས་པའི་ཡི་གེ་པ་ཝ་གིནྡྲ་མ་ཏིས་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་སྨན་སྒྲུབ་ལག་ལེན་འདུས་གསལ་དུ་བཀོད་པ་བདུད་རྩིའི་ཞུན་ཐིགས་ (Volume 16, Text 20)

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་སྨན་སྒྲུབ་ལག་ལེན་འདུས་གསལ་དུ་བཀོད་པ་བདུད་རྩིའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། གཉིས་རྟོག་བདུད་ལ་ཐབས་ཤེས་རྩིས། །དག་མཉམ་ཡེ་ཤེས་འཁོར་ལོར་སྒྱུར། ཁྱབ་བདག་དཔལ་ལྡན་ཧེ་རུ་ཀ །སྤྱི་བོའི་རྒྱན་བཞུགས་བྱིན་རླབས་སྩོལ། །གསང་བ་སྔགས་ཀྱི་ཐབས་མཁས་མཆོག །གྲུབ་གཉིས་བདེ་བླག་སྦྱིན་པའི་ཕུལ། །ར་སཱ་ཡ་ན་སྒྲུབ་ཚུལ་གྱི། །ལག་ལེན་འདུས་གསལ་དགོད་པར་བྱ། །ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་ཇི་ལྟར་བྱ་བའི་ཚུལ་འཆད་པ་ལ། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་རྣམ་པར་དག་པ་ནི་དོན་གྱི་བདུད་རྩི་སྟེ་བསྒྲུབ་པའི་གཞི། དེའི་རང་རྩལ་སྦྱང་བྱ་དུག་ལྔ་དང་ཕུང་པོ་ལྔ་ལ་སོགས་པ་སྦྱོང་བྱེད་རིགས་ལྔའི་དབྱིབས་དང་ཁ་དོག་ཏུ་སྣང་བ་རྟགས་ཀྱི་བདུད་རྩི་སྟེ་སྒྲུབ་བྱེད་ཀྱི་ལམ། ཤ་ལྔ་དང་བདུད་རྩི་ལྔ་རྩ་བ་བརྒྱད་དང་ཡན་ལག་སྟོང་གི་རྩི་སྨན་རོ་བཅུད་ནུས་ལྡན་དུ་གྲུབ་པ་རྣམས་ནི་རྫས་ཀྱི་བདུད་རྩི་སྟེ་སྒྲུབ་པའི་ཐབས། དེ་ལ་བརྟེན་ནས་གློ་བུར་འཁྲུལ་པའི་དྲི་མ་དབྱིངས་སུ་སངས་ནས་རང་གནས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་ནི་བསྒྲུབས་པའི་འབྲས་བུ་སྟེ། དེ་ལྟ་བུའི་འབྲེལ་ཤེས་པས་དམ་ཚིག་གི་རྫས་མཆོག་ཇི་ལྟར་སྒྲུབ་པའི་ལག་ལེན་འགོད་པ་ལ་དོན་གསུམ། སྔོན་འགྲོ་རྫས་དང་ཡོ་བྱད་སྟ་གོན་དུ་བྱ་བ། དངོས་གཞི་སྒྲུབ་པ་ཉམས་སུ་ལེན་པའི་རིམ་པ། རྗེས་དངོས་གྲུབ་བླང་བ་ལ་སོགས་པའོ། །དང་པོ་ནི། འདིར་བསྒྲུབ་པར་བྱ་བའི་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བ་སྟེ། དེ་དག་གཏེར་བྱོན་དངོས་ཀྱི་རིགས་དང་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བའི་དབང་དུ་བྱས་ནས་ཕབ་རྒྱུན་ཉིད་གཞིར་བཞག །ལག་ཏུ་བླང་བྱ་དེང་སང་བདུན་ཕྲག་གཅིག་སོགས་ཞག་གྲངས་བཅད་ཀྱི་སྒྲུབ་པའི་སྐབས་སྨན་ཕྱེ་སྔོན་ཚག་ཚུད་པར་བྱེད། ཁྲོལ་སྒྲུབ་རིགས་དབྱེ་ལྟར་མཚོན་བྱེད་ཙམ་བཞག་པ་ཉིད་བཏགས་བཙགས་ཀྱི་ས་བཅད་བྱེད་པ་ལྟར་ན། སྨན་གྱི་གཞི་ཨ་རུ་ར་རུས་པ་བྲལ་བ། དེའི་ཕྱེད་ཙམ་བ་རུ་དང་སྐྱུ་རུ་ར། ཙནྡན་དམར་པོ་ཨ་ག་རུ་ནཱ་གཱི་དུལ་མ། གི་ཝང་བཟང་དྲུག་གཙོར་གྱུར་ལ་སྨན་ཁ་དོག་དྲི་རོ་བཟང་བ་རྣམས་མང་ན་ལེགས་ཤིང། གཞན་ཐམས་ཅད་སྣེ་ཚང་ཙམ། ལི་ག་དུང་དང་རུ་རྟ་ཅུང་མང་ནའང་སྐྱོན་མི་སྐྱེད་ཅིང་གཞན་སྔོ་སྨན་རིགས་ཉུང་ན་ལེགས། སྤྱིར་རྩི་བཅུད་སྨན་གྱི་རིགས་སུ་གཏོགས་ཚད་སྦྱར་དུ་མི་རུང་བ་གཅིག་ཀྱང་མེད་མོད་ཁ་དོག་དྲི་རོ་ནུས་པ་ལ་གནོད་པ་རྣམས་སྨན་གྱི་སྤྱང་ཀི་ཞེས་གྲགས་པས་དུག་རིགས་དང་བཤལ་སྐྱུག་གི་སྨན་རྣམས་ནི་གཏང་བར་མི་མཛད། ཤིང་ཀུན། སྒོག་པ། ཤུ་དག་ནག་པོ། ཐལ་ཚྭ། བལ་ཚྭ། གཞོབ་ཀྱི་རིགས། སྤང་རྒྱན་སྔོན་པོས་མཚོན་པའི་རིགས་རྣམས་ཀྱང་འདྲེས་ཙམ་ལས་མི་གཏང་། རྡོ་སྨན་རྣམས་དང་ཚྭ་སྣའི་རིགས་ཀྱང་ཉུང་དགོས། ཆོས་སྨན་ཁ་དོག་སེར་པོ་བྱེད་ན་གུར་གུམ་དང་ཡུངས་བ། སྨུག་པོ་བྱེད་ན་ཙནྡན་དམར་པོ་སོགས་དང་། དམ་རྩི་དབང་ལག་རན་ཙམ། མངར་གསུམ། ནམ་དུས་དང་བསྟུན་པའི་བག་རྩི་རྣམས་ཀྱང་ཁྲོལ་སྒྲུབ་ཀྱི་སྐབས་ནས་ཚོགས་པར་དགོས། དེ་ལྟ་བུའི་སྨན་ཐམས་ཅད་ཞིབ་མོར་བརྡུངས་ནས་དར་ཚགས་ལ་དྲང་། རས་དཀར་སེར་གང་རུང་གི་ཁུག་མར་བླུགས། དེའི་ཁར་ཁྲོལ་སྒྲུབ་རྟེན་སྐབས་འདིར་རིགས་དབྱེ་སོ་སོར་མི་དགོས་པས། འབྲས་བུ་གསུམ། བཟང་པོ་དྲུག་སོགས་སྨན་སྣ་ཚང་བ་ཉུང་ཙམ་ཐུམ་བྱས་ལ་བཅུག །དེ་ཉིད་བྷནྡྷ་ཁ་སྦྱོར་གྱི་ནང་དུ་འཇོག་པར་གསུངས་པས་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཆོས་སྨན་སྦྱར་བས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་བྲི། ཕོ་ཐོད་ཀྱི་ལྟེ་བ་དང་རྩིབས་བཞི་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མོ་ཐོད་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཀོད། གཉིས་ཀའི་མུ་ཁྱུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋཱ། ཞེས་པས་བསྐོར་བ་བྲིས་ལ་མོ་ཐོད་འོག་དང་ཕོ་ཐོད་སྟེང་མ་བྱས་པའི་བར་སྨན་ཕྱེ་བཅུག་ལ་བཅིང་། དཀྱིལ་འཁོར་སྒྲུབ་རྟེན་སོགས་སྒྲུབ་ཆེན་ཁོག་དབུག་ཏུ་འབྱུང་བ་ལྟར་ལ། སྟེང་དུ་ཚངས་པའི་ཕོ་བྲང་དུ་གྲགས་པའི་བཅས་རྒྱས་པ་རད་གླིང་ཐུགས་སྒྲུབ་ཡང་འདུས་སོགས་ནས་བཤད་པ་ལྟར་ལ་ཕལ་མོ་ཆེས་མཛད་མདོར་བསྡུས་སྨིན་ལུགས་ཕྱག་བཞེས་ལྟར་རྒྱ་གདུག་ལྟ་བུའི་དབུས་སུ་ཚངས་པ་དང་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་དཀར་པོ་ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་ངོས་སུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀ་ལི། དེ་དག་སོ་སོའི་རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་ལ་དར་གྱི་འཕུར་ལྕེ་ཅན་རྣམས་བྱང་ཤར་བྲ་ཉེ་ནས་བརྩམ་གཡས་སྐོར་དུ་ཕྱོགས་མ་འཆོལ་བར་བཀོད། རྒྱབ་ངོས་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་བྲིས་ལ་བཏགས། དར་དཔྱང་དྲིལ་གཡེར་སོགས་ཀྱིས་བརྒྱན། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ནི། གཞུང་ལས། བསྙེན་སྒྲུབ་སྔོན་འགྲོས་ལས་ལ་སྦྱར༔ ཞེས་གསུངས་པ་ལྟར་སློབ་དཔོན་གྱིས་ལས་རུང་གི་བསྙེན་པ་སྔོན་དུ་བཏང་ནས་སྒྲུབ་ཆེན་ལ་འཇུག་པའི་ཉིན་དང་པོ་ས་ཆོག །མཚམས་གཅོད། དཀྱིལ་འཁོར་བཞེངས་པ་རྣམས་དང་། ཉིན་གཉིས་པར། བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་གྲུབ་པར་བྱས་ལ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་ལ་སྙིང་པོ་བརྒྱ་རྩ་བཟླ། སྨན་རྣམས་ཞི་དྲག་ཕྱེད་མ་གསུམ་གྱིས་སྦྱོང་བ་དང་བགེགས་བསྐྲད་ལ་ཡུངས་ཐུན་དང་གུ་གུལ་བདུག །ཁྲུས་གསོལ་རྒྱས་པར་བྱ། རྒྱན་བསྐོར་བའི་སྐབས་རྡོ་རྗེ་རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་ཐོགས། རྟེན་ལྔ་པོ་བཀོད་ཟིན་པའི་རྗེས་སུ། ཧཱུྃ༔ གདོད་ནས་རྣམ་དག་མཉམ་པའི་ཡེ་ཤེས་དབྱིངས༔ རིག་རྩལ་འགག་མེད་སྨན་གྱི་ཕོ་བྲང་ཆེ༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་གྲུབ་པར་མཛོད༔ ཅེས་དང་དགུ་པའི་འཛབ་དབྱངས་བྱས་ལ་དབུས་ཀྱི་ཐོད་སྐུའི་མདུན་ངོས་སུ་རིན་པོ་ཆེའི་གཞོང་པ་འབྲུས་བཀང་བའི་ནང་རུ་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཀོད་ལ་དར་སྣས་བཀབ་པའི་སྟེང་དུ་སྣོད་གཙང་མར་དམ་རྫས་ཕབས་གཏའ་སེལ་མེད་ཀྱི་རིགས་རྣམས་ཆུ་ཆང་དང་སྦྱར་བ་བཞག །ཕོ་བྲང་དང་ཚངས་པ་བརྒྱ་སྦྱིན་གྱི་སྐུ་ལ་རྨུ་ཐག་གིས་སྦྲེལ། གཟུངས་ཐག་འཐེན་བདེ་བ་དང་། དར་དཀར་དམར་མཐིང་གསུམ་སོགས་སྤྱི་ལྟར་བྱ། ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་ཆེན་ཕྱེ་མ། ནུབ་བྱང་དུ་ཆང་སྣ། བྱང་ཤར་དུ་ཆུ་སྣ་རྣམས་སྣོད་སོ་སོར་བླུགས་པ་དང་། དམ་རྩི་མདངས་སྒྱུར་ཕབས་སོགས་སྨན་ནང་གཏང་དགོས་ཚད་བར་མཚམས་རྣམས་སུ་བཀོད། དེ་ནས་སྒྲུབ་ཁོག་གི་མར་མེ་བཀོད་པ་ནས་བརྩམ་བྱིན་འབེབ་ཀྱི་བར་བཏང་བའི་རྗེས་སུ་སྨན་ལ་བྱིན་དབབ་པ་ནི། གཡབ་དར་སྤོས་དུད་དབྱངས་རོལ་བཅས་པས། ཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་རྗེ༔ ཤྲཱི་སིང་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་རྩལ་འཆང་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་ལྷ༔ འཆི་མེད་བཱི་མ་མུ་དྲ་སོགས༔ ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་ཡུལ་དུར་ཁྲོད་དཔའ་བོ་དང༔ མཁའ་འགྲོ་སྨན་སྐྱོང་སྲུང་མ་སོགས༔ བཀའ་ཉན་ཚོགས་རྣམས་དབྱིངས་ནས་བཞེངས༔ སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་སྒྱུར༔ གྲོལ་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་བརྗོད། མཆོད་པའི་བཀོད་པ་གང་རྒྱས་སུ་བཤམས། ཁྱད་པར་མར་མེ་རྒྱུན་མི་བཅད་པ་སྦར་བར་གསུངས་སོ། །དེ་ནས་རྩ་བའི་སྒྲུབ་ཆེན་ཞག་བདུན་ནམ་གསུམ་གྱིས་མཐའ་རྟེན་པ་གྲུབ་ནས་ལས་སྦྱོར་སྨན་གྱི་སྒྲུབ་པ་དངོས་ལ་གསུམ། ཁྲོལ་བུ་སྦྱོང་བ། བཏག་བཙགས་སྦོལ་བ། ཕྱེ་མ་སྒྲུབ་པའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་བསྐྱེད་བསྙེན་སྒྲུབ་ལས་སྦྱོར་བཟླས་པ་སྟོང་ཚིགས་ཀྱི་བར་དཀྱུས་ལྟར་བྱས་ལ་མདུན་དཀྱིལ་གསལ་གདབ་པ་ནི། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ རིག་རྩལ་དཀྱིལ་འཁོར་མདུན་དུ་བྱེ༔ སྒྲུབ་པའི་རྫས་ལ་དབྱེར་མེད་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ རང་བྱུང་བདེ་ཆེན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ འཁོར་འདས་དྭངས་བཅུད་བདུད་རྩིར་འཁྱིལ༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ བདེ་བ་ཆེན་པོ་ཟླ་བའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ། །གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཆེན་པོའི་ངང༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཁ་སྦྱོར་བདུད་རྩིའི་སྤྲིན་ཆེན་པོས༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱི་ཨཱ༔ ཞེས་དམ་ཚིག་པ་བསྐྱེད་ཅིང་རྒྱས་གདབ་ལ་དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི། སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ ཡེ་ཤེས་འཁོར་ལོ་སྤྱན་དྲང་བསམ༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་དབྱིངས༔ ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔ སྨོན་ལམ་སྙིང་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་རོལ་པས་གཤེགས༔ ཨོཾ་བཛྲ་སཏྭ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དབྱེར་མེད་དུ་བསྟིམ། ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ས་ཕྱག་འཚལ། པྲ་ཏིཙྪ་ཧོ༔ས་ལན་བསྩལ་བར་མོས། མཆོད་བསྟོད་ནི། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོ༔ ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ དེ་ནས་སྨན་སྲུང་སྤྱན་འདྲེན་པ་ནི། སྤོས་དཀར་གྱི་དུད་པ་འཐུལ། སློབ་དཔོན་དང་ལས་རྡོར་གྱིས་དར་སྣ་ལྔའི་གཡབ་མོ་བྱ་ཞིང་། ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཚངས་དང་དྲང་སྲོང་རིག་པ་འཛིན༔ བྲམ་ཟེ་དཀའ་ཐུབ་གྲུབ་པ་དང༔ རི་དང་ནགས་ཚལ་འབྱུང་བའི་ལྷ༔ གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔ སྨན་དང་བཅུད་ཀྱི་གཉེར་འཛིན་པ༔ ལྷ་དང་ལྷ་མོ་སྲུང་མའི་ཚོགས༔ ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ རིག་འཛིན་གྲུབ་པའི་བཀའ་བྱུང་བས༔ དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ རང་རང་རིག་འཛིན་གྲུབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་མ་བསྙེལ་བར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ མཐའ་ཡས་གདུལ་བྱའི་དོན་སླད་དུ༔ རྡོ་རྗེའི་ཚེ་དང་ལང་ཚོ་དང༔ ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔ མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔ བདུད་རྩི་སྒྲུབ་པའི་གྲོགས་མཛད་ནས༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ སརྦ་ཨ་མྲྀཏ་བྷཻ་ཥ་ཛྱེ་དེ་བ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་ཐ་ཚིག་གིས་གནད་ནས་བསྐུལ་ཏེ་སྤྱན་དྲངས་པས། སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔ བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔ བདེ་ཆེན་དགྱེས་པའི་ཕོ་བྲང་གི༔ མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔ ཞེས་བསམ། རྟོག་པ་བསལ་བ་ནི། སློབ་དཔོན་གྱི་གཡོན་པའི་སྲིན་ལག་གིས་ནང་མཆོད་བདུད་རྩི་འཐོར་ལ། ཧཱུྃ༔ ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔ གཙང་ཞིང་གཙང་མའི་ཚུལ་ལ་སྤྱོད༔ ཁྱི་ཕག་ལ་སོགས་དམེ་བའི་རྫས༔ ཐམས་ཅད་དོགས་པ་མེད་པར་བཟའ༔ གང་ཡངརྣམ་པར་རྟོག་པ་སྟེ༔ རྟོག་པར་བཅས་པ་གྲོལ་མི་འགྱུར༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་པར་དག༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ༔ འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔ དེ་ལྟར་ཤེས་ན་གྲོལ་བའི་ཕྱིར༔ དཀར་རྩི་དམར་རྩི་དྲི་ཤ་ཆེན༔ རྡོ་རྗེ་ཆུ་རྣམས་དང་དུ་བླང༔ དངོས་གྲུབ་རྫས་ཀྱི་གཙོར་བྱས་པས༔ ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔ ཕུང་པོ་གནས་འགྱུར་ཡེ་ཤེས་དང༔ རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔ ཐམས་ཅད་གཙང་དམེའི་རྟོག་པ་སྤོངས༔ བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔ དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ལ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་པའི་ལྟ་དགོངས་ཀྱི་བརྟུལ་ཞུགས་སྐྱེད་དོ། །དེ་ནས་བཟླས་པའི་ཐོག་མར་ལྷ་ཛཔ྄་ཀྱིས་ཐུགས་རྒྱུད་བསྐུལ་བ་ནི། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀར་ཉི་སྟེང་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད༔ གཟུངས་ཐག་རྡོ་རྗེའི་ལམ་ལས་བརྒྱུད༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཞུགས༔ བདེ་ཆེན་གཟི་བྱིན་འབར་བར་བསམ༔ ཨོཾ་བཛྲ་སཏྭ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ །གྲངས་ཚད་ཁྲི་ཕྲག་གཅིག་ཏུ་གསུངས། དེ་ནས་སྨན་ཛཔ྄་ཀྱིས་ཁྲོལ་བུ་སྦྱོང་བ་ནི། སླར་ཡང་སྙོམ་པར་ཞུགས་པ་ཡི༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ བརྟན་གཡོའི་དུག་གཞིལ་འབྱུང་ལྔའི་བཅུད༔ དམ་ཚིག་རྫས་དང་རོ་གཅིག་གྱུར༔ སྨན་གྱི་ལྷ་སྲུང་དྲང་སྲོང་བསྐུལ༔ དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔ འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔ སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ དག་པ་མཆོག་གི་བདུད་རྩི་དང༔ དབྱེར་མེད་ཁ་དོག་དྲི་དང་རོ༔ ནུས་བཅུད་ཕུན་སུམ་ཚོགས་པར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཱ་ས་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་གྲངས་ཁྲི་ཕྲག་བཞིར་གསུངས། སྐབས་འདི་ནས་བརྩམ་སྔགས་རྒྱུན་པའི་ཐུན་དཔོན་གྱིས་གཟུངས་ཐག་བླངས་ལ་ཛཔ྄་རྒྱུན་མ་ཆད་པ་བྱ། སྟོང་སྟོང་གི་མཚམས་སམ། ཐུན་འཇོག་ཁར་སྟོང་ཚིགས་འབུལ། དེ་ནས་སྒྲུབ་ཁོག་ལྟར་ཉུ་ལེའི་ལིང་གར་འགུགས་བསྟིམ་ཕུར་གདབ་དང་། དྲག་སྔགས་སོ་ལྔ་པ་བརྗོད་ཅིང་རྒྱལ་ཚབ་པས་ཡུངས་ཐུན་འཐོར། ལས་རྡོར་པས་གུ་གུལ་དུད་པ་བཅས་དཀྱིལ་འཁོར་བསྐོར། བྱིན་འབེབ་ལས་བྱང་གི་དབུ་ནས་འབྱུང་བ་དང་བབས་དྲུག་རེས་མོས་བྱ། ཉིན་མཚན་ཐུན་དྲུག་གི་ངེས་པ་ཅན་དུ་བཤད་ཅིང་ལག་ལེན་དུའང་བྱེད་པས་ཉིན་མོ་སླར་ཡང་ཚར་གཉིས་བསྐྱར་དགོས་པས་མཆོད་ཁ་གསོ། ལས་བྱང་ལྟར་མཆོད་པ་བྱིན་བརླབས། ཧཱུྃ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ སོགས་ནས་བཟླས་པ་སྟོང་ཚིགས་ཀྱི་བར་སྔར་ལྟར་ལ་དྲག་སྔགས་སོ་ལྔ་བརྗོད་པ་སོགས་ཀྱིས་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པས་ཐུན་གཉིས་པ་གྲུབ། གསུམ་པའང་དེ་ཀ་ལྟར་མཆོད་བརླབ་ནས་བརྩམ་བཟླས་པ་སྟོང་ཚིགས་བཅས་བྱ། ཐུན་ཐམས་ཅད་ལ་བཟླས་པ་གོང་མའི་བཞི་འགྱུར་ཙམ་འོག་མ་བཟླ་དགོས་པས། དཔེར་ན་ཐུན་རེ་རེ་ལ་བཟླས་པ་གོང་མ་སྟོང་ཕྲག་གཅིག །འོག་མ་སྟོང་ཕྲག་བཞི་བཟླས་པས་མཚོན་ནོ། །དེ་ནས་བཀའ་གཏེར་སྲུང་མ་སྤྱི་དང་དྲེགས་པའི་སྡེ་དཔོན་སུམ་བཅུའི་གཏོར་ཆོག །སྐོང་བཤགས་ཚོགས་མཆོད། ལས་བྱང་གི་མཇུག་བསྡུ། ཉུ་ལེ་བསྐྲད་པ་དང་བྱིན་འབེབ་རྣམས་རྒྱས་པ་སྒྲུབ་ཁོག་ཏུ་བཤད་པ་ལྟར་དང་སྨན་གྱི་ཛཔ྄་དབྱངས་ལན་གསུམ་བྱས་པས་གྲུབ་བོ། །དེ་ནས་མཚན་ཐུན་ལ་གསུམ་དགོས་པའི་ཐུན་དང་པོར་ལས་བྱང་གི་ཚོགས་གསོག་ནས་བརྩམ་སྔོན་འགྲོའི་ཆོས་རྣམས་དང་། དངོས་གཞི་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང་ལ་ཞི་དྲག་གི་བསྙེན་པ་གཉིས་པོ་ཁྱུག་ཙམ་བཟླ། དེ་ནས་སྨན་སྒྲུབ་ལ་འཇུག་པ་སོགས་དང་། གུང་ཐུན་ཐོར་ཐུན་བཅས་ཉིན་ཐུན་གསུམ་པ་ཇི་ལྟ་བ་ལས། ཐོར་ཐུན་སྟོང་ཚིགས་རྗེས་ཚོགས་མཆོད་འབུལ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་བྱ། དེ་ལྟ་བུའི་ཚུལ་གྱིས་ཁྲོལ་སྒྲུབ་ཞག་གསུམ་གྲུབ་པའི་ཉིན་བཞི་པའི་སྔ་དྲོ་ལས་བྱང་། སྨན་སྒྲུབ་བཟླས་པ་སྟོང་ཚིགས་ཀྱི་བར་སྔ་མ་རྣམས་ལྟར་གྲུབ་པ་དང་། མདུན་བསྐྱེད་བདེ་ཆེན་དགྱེས་པའི་སྤྲིན༔ མི་འགྱུར་འོད་ཀྱི་ཐིག་ལེའི་ཚུལ༔ སྨན་གྱི་རྫས་ལ་ཐིམ་པ་ཡིས༔ དངོས་གྲུབ་འབྱུང་བའི་དབྱིག་ཏུ་བསམ༔ ཨོཾ་བཛྲ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་མྲྀཏ་ཧཱུྃ་ཧཱུྃ༔ ཞེས་མདུན་བསྐྱེད་འོད་བཞུ་བྱས་ལ་སྔགས་རྒྱུན་པའི་གཟུངས་ཐག་བསྡུ། སློབ་དཔོན་གཟུང་མ་རྒྱལ་ཐེབས་རྣམས་ཀྱིས་དྲིལ་བཅས་བདུད་རྩིའི་ཐོད་པ་ཐོགས་ནས་དཀྱིལ་འཁོར་ལ་ཞལ་ཕྱོགས་པར་བསྐོར། འདུས་པ་རྣམས་ཀྱང་དྲིལ་བཅས་བདུད་རྩི་ཐོགས་ལ། ལས་བྱང་ལྟར། ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པ༔ སོགས་ཆེ་བ་བརྗོད་ཅིང་བརྒྱུད་མཆོད་བཅས་པས་བདུད་རྩི་འབུལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་མཎྜལ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བརྗོད་ནས་གདན་ལ་བཞུགས། ཐམས་ཅད་ནས་ཐལ་མོ་སྦྱར་ལ་དབྱངས་སྙན་པོས། ཨེ་མ་ཧོ༔ གདོད་ནས་རྣམ་པར་དག༔ དོན་གྱི་བདུད་རྩི་བླ་ན་མེད༔ རྟགས་སུ་ཡེ་ཤེས་རིགས་ལྔར་ཤར༔ རྡོ་རྗེའི་ཆོས་ལ་ཕྱག་འཚལ་ལོ༔ ཞེས་བསྟོད། ལས་རྒྱའམ་བཏགས་ནས་མངའ་གསོལ་བ་དེས་སྨན་གྱི་ཕོ་བྲང་དར་གྱི་ཁྱོགས་ལ་བཏེགས་པ་ཐོགས་སློབ་དཔོན་ལ་ཕྱོགས་པས་དབྱངས་རྟ་བཅས། ཨེ་མ་ཆོས་རྣམས་ཐམས་ཅད་ཀྱི༔ རང་བཞིན་བདེ་ཆེན་བྱང་ཆུབ་སེམས༔ གྲུབ་པ་མཆོག་གི་ཨ་མྲྀ་ཏས༔ མི་ཕྱེད་རྡོ་རྗེའི་ཡེ་ཤེས་ཐོབ༔ བཛྲ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ ཞེས་སློབ་དཔོན་གྱི་ཕྱག་ཏུ་ཕུལ། སློབ་དཔོན་གྱིས། ཨེ་མ་ཧོ་དམ་རྫས་སྨན་གྱི་ཚོགས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཐོབ༔ བདེ་བ་ཆེན་པོའི་དངོས་གྲུབ་མཆོག༔ གཉིས་མེད་ཡིད་ཀྱིས་བླང་བར་བྱ༔ བཛྲ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཞེས་པས་བླངས་ལ། སྨན་གྱི་སྙིང་པོ་དྭངས་མའི་བཅུད༔ ཡེ་ཤེས་འོད་ཀྱི་གོང་བུར་འདུས༔ བདག་ཐིམ་དངོས་གྲུབ་མཆོག་ཐོབ་བསམ༔ ཞེས་པས་སྨན་སྣོད་དཀྱིལ་འཁོར་གྱི་མདུན་སྟེགས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་ནུབ་བསྟན་གྱི་དབུས་སུ་འགོད་དོ། །གཉིས་པ་བཏག་བཙགས་སྦོལ་སོགས་བྱ་བ་ལ། སྤྲོས་བཅས་རྒྱས་པའི་སྐབས་ཕྱག་ལེན་གཞན་ནས་འབྱུང་བ་ལྟར་དབྱངས་བོར་ལེན་བཅས་རྟགས་སོ་སོར་གདབ། ཐམས་ཅད་དབུ་ཞྭ་བཅས་བཞེངས། སློབ་དཔོན་གྱི་ཧསྟ་དར་སྣ་བཏགས་པ་དང་དྲིལ་བུ། ཡུམ་གྱིས་ཕྲེང་བ། རྒྱལ་ཐེབས་པ་རྣམས་གཡབ་དྲིལ་བཅས་དཀྱིལ་མདུན་དུ་འཁོད། ལས་རྡོར་གྱིས་སྦྱར་སྤོས་བསྲེགས། རུ་ལུའི་སྔགས་དབྱངས་ལན་གསུམ་མཐར་ཞི་རོོལ་རྐང་གླིང་བཤུགས་པ་སོགས་བཏང་། གཡབ་མོ་བཅས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཞིང་མདུན་དུ་འཁོད་ལ་ལས་བྱང་ལྟར་བསྐུལ་བ་བཏང་། གཞན་རྣམས་གདན་ལ་འཁོད། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པར་བཞུགས་པའི་མདུན་དུ་ཞིང་སྤགས་ལ་ཁྲག་གི་ཐིག་ལེ་ཧཱུྃ་ཡིག་གིས་མཚན་པ་དགུ་བཀོད་པའི་སྟེང་རྡོ་གཞོང་བཞག །ཡུམ་སློབ་དཔོན་ལ་ཕྱོགས་པས་ཞབས་གཉིས་སྨན་གཞོང་འགྲམ་གཉིས་སུ་བསྣོལ་ཏེ་བརྐྱང་། སློབ་དཔོན་གྱི་ཕྱག་གཉིས་སོར་མོ་བསྣོལ་མཛུབ་མོ་བསྒྲེང་། མཐེ་བོང་བཀུག་ལ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱིས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་གཡས་གཡོན་བཟུང་ལ། བདེ་ཆེན་མཁའ་གསང་ཨེ་ཡི་དབྱིངས༔ གཟུང་འཛིན་རྟོག་ཚོགས་ཚར་བཅད་གྱུར༔ ཅེས་དམིགས་ལ་དཔོན་སློབ་ཀུན་གྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་བཞིན་དུ་སྔར་ཁྲོལ་སྒྲུབ་ཏུ་བཞག་པའི་སྨན་རྣམས་ཞིབ་མོར་བཏགས། དེ་ནས་ལྷོར་ཞིང་ལྤགས་གཏིང་། རྡོ་རྗེ་རྒྱལ་པོ་ཡབ་ཡུམ་ཞལ་གོང་ལྟར་ཕྱོགས། ཡུམ་གྱིས་དར་ཚགས་བཟེད། ཡབ་ཀྱིས་སྨན་ཕྱེ་བླུགས་ལ། སེམས་དང་ཡེ་ཤེས་བྱེ་བ་ཡིས༔ འཁྲུལ་པའི་རྟོག་པ་ཞི་བར་གྱུར༔ ཅེས་དམིགས་ལ་ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླ་བཞིན་པས་བཙགས། དེ་ནས་ནུབ་ཏུ་ཞིང་ལྤགས་བཏིང་བའི་སྟེང་ལྕགས་གཡའི་དྲི་མ་དང་སྐྱོན་མེད་པའི་སྣོད་བཞག །ཡབ་ཡུམ་སྔར་ལྟར་འཁོད་ལ་ཡུམ་གྱིས་སྣོད་བཟུང་། ཡབ་ཀྱིས་ཆང་སྣོད་ཐོགས་ལ། དབྱིངས་རིག་དབྱེར་མེད་ཐིག་ལེ་ཆེར༔ འཁོར་འདས་དྭངས་བཅུད་དབང་བསྒྱུར་གྱུར༔ ཅེས་མོས་ལ་ཀུན་གྱིས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཨ་མྲྀཏ་སཾ་ཤྭ་དྷ་ན་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླ་ཞིང་སྨན་སྣོད་དུ་བླུགས་ལ་སྦོལ། རིམ་པར་འོ་མ། རིན་ཆེན། ཆུ་སྣ་རྣམས་ཀྱང་བླུགས། སྨན་ཕྱེ་མང་པོ་ལ་དེ་དག་རྣམས་ཀྱིས་བརླན་ཕབ་དཀའ་བས་བྱིན་བརླབས་བྱས་པའི་ཆང་བཟང་པོ་གང་འོས་བླུགས་ལ་བམ་གཙང་མའི་རྡོ་རྗེའམ་དེའི་དབྱིབས་སུ་བཅོས་པས་དཀྲུགས་ཏེ་ཤིན་ཏུ་འདྲེས་པར་སྦོལ། མདངས་བསྒྱུར་བྱེད་དབང་ལག་ཕྱེ་མ། དམ་རྫས་ཕབས་རྒྱུན་ཆང་ལ་སྦྱར་བ། ནམ་དུས་དང་བསྟུན་པའི་ཕབས་རྩི་རྣམས་ཀྱང་རིམ་པར་བསྲེས་ལ་གར་སླའི་ཚད་སྙིམ་པར་བཅངས་ནས་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱ་བར་གསུངས་སོ། །དེ་ནས་སློབ་དཔོན་བྱང་དུ་འཁོད་ལ་སྨན་འཕེལ་རྟགས་ངེས་ཕྱིར་གཞལ་བ་ནི། ཆོས་ཉིད་གཅིག་ལས་ཐ་དད་པའི༔ ཡེ་ཤེས་མཁའ་ཁྱབ་རྒྱས་པར་གྱུར༔ ཅེས་དམིགས་ལ་ཐམས་ཅད་ཀྱིས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་བཛྲ་ཛྙཱ་ན་སྥ་ར་ཎ་ཕཊ༔ ཅེས་བཟླ་བཞིན་པས་དྲིལ་བུའམ་ཐོད་པ་ལ་འཇལ་བས་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་སྒྱེའུར་བླུགས་པ་མོ་ཐོད་འོག་དང་ཕོ་ཐོད་སྟེང་དུ་བྱས་པའི་ཁ་སྦྱོར་བར་དུ་བཅུག་པ་དར་སྣས་དྲིལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། སྟེང་དུ་དབུ་རྒྱན་གཡས་གཡོན་དུ་རྡོར་དྲིལ་བཅིང་། དཀྱིལ་འཁོར་ལ་འགོད་པའི་སྐབས་སུའང་ལྡིང་ཁྲི་བར་མར་མཉྫིའི་ཁར་བལ་བུའི་ཕུར་མའམ་འབྲུ་རླན་ཅན་གྱིས་བཀང་བའི་རིན་པོ་ཆེའི་གཞོང་པའི་ནང་དུ་བླུགས་པར་གསུངས་པ་ལྟར་སྨན་ཉུང་ན་དེ་ལྟར་དགོས་ཀྱང་། སྨན་ཕྱེ་མང་པོ་ཡོད་སྐབས་ཕྱག་ལེན་བདེ་བས་ཟངས་དཀར་སོགས་དྲི་མ་དང་གཡའ་མེད་པའི་སྣོད་དུ་བལ་བུའི་ཕྱེ་དང་འབྲུ་རླན་ཅན་གང་འཚམ་བླུགས་པའི་མཐིལ་དུ་རུ་སྦལ་ཁོག་པར་ཧྲཱིཿཡིག་བྲིས་པ་དང་མོ་ཐོད་ཁ་གྱེན་དང་དཔྲལ་བ་མདུན་བསྟན་དུ་བཞག་པའི་སྟེང་དུ་སྨན་ཕྱེ་བཅུག །དེ་སྟེང་ཕོ་ཐོད་ཀྱིས་བཀབ། ཁ་སྟེགས་ཁེབ་ཀྱིས་གཡོགས་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་མདུད་པ་སྟེང་དུ་བཏབ། དབུ་རྒྱན་རིགས་ལྔ་སྒྲོན། གཡས་གཡོན་དུ་རྡོར་དྲིལ་བཅིངས་ཤིང་དར་དཔྱང་གིས་བརྒྱན་ལ། ཧཱུྃ༔ བདུད་རྩི་གསང་བའི་ཕོ་བྲང་གི༔ དངོས་གྲུབ་བར་ཆད་སྲུང་བ་དང༔ ཡེ་ཤེས་རྟག་ཏུ་འཕེལ་བའི་ཕྱིར༔ མི་ཕྱེད་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ། དེ་ནས་སྨན་སྣོད་དཀྱིལ་མདུན་ཁྲིའུར་བཀོད། ཛཱ་ཏི་ག་པུར་ཙནྡན་གླ་རྩི་དུ་རུཥྐ་སྟེེ་དྲིའི་རྒྱལ་པོ་ལྔ་དང་གུ་གུལ་ཚིལ་ཆེན་རྣམས་ཀྱི་དུད་པས་བདུག །དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བགེགས་བསྐྲད། སློབ་དཔོན་དྲིལ་སྤོས་ཐོགས་པས་སྣ་དྲངས། ཡུམ་གྱིས་དར་ལམ་དང་། རྒྱལ་ཐེབས་སོགས་ཀྱིས་སྨན་ཐོད་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་ཆེ་མཆོག་གི་ཛཔ྄་དབྱངས་ལན་གསུམ་མཐར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དང་ཞི་རོལ་འོག་དཀྱིལ་འཁོར་གྱི་བར་ལྡིང་ཁྲིའུར་བརྟན་པོར་བཞུགས་སུ་གསོལ་བའི་འོག་ཏུ་དྲོད་འབེབ་ཞུན་ཆེན་གྱི་མེ་སྦར། སྟེང་དུ་གཟུངས་ཐག་བཞག་པ་ལས་སྐུད་པའི་སྣེ་གཅིག་ཚངས་པ་བརྒྱ་སྦྱིན་དང་རྨུ་ཐག་སྦྲེལ། འདུས་པ་མང་ན་སློབ་དཔོན་དང་ཐུན་དཔོན་ལ་གཟུངས་ཐག་ལྔ་བསྒྲིལ། རྒྱལ་ཐེབས་བཞི་ལ་དཀར་སེར་དམར་ལྗང་ཕྱོགས་སོ་སོར་འཐེན་བདེ་བར་སྦྲེལ། བསྡུ་ན་སློབ་དཔོན་དང་ཐུན་དཔོན་གཉིས་ཀྱིས་ཆོག །དེ་ལྟར་གྲུབ་པ་དང་ཆོས་སྲུང་གཏོར་འབུལ། སྐོང་བཤགས་ཚོགས་མཆོད་སོགས་རྗེས་རིམ་དང་ཉུ་ལེ་བསྐྲད་པ། བྱིན་འབེབ་ཛཔ྄་དབྱངས་ཀྱི་བར་སྔ་མ་རྣམས་ལྟར་བྱ། འདི་སྐབས་མཆོད་པ་རྣམས་གསར་དུ་བརྗེ་བའམ་ཁ་གསོ་བ་སོགས་གཟབ་རྒྱས་སུ་བྱའོ། །གསུམ་པ་ཕྱེ་མ་བསྒྲུབ་པའི་དགོས་པ་ལ་ལྔ། འཇུ་འདུལ། གནད་དབབ། སྐྱིལ་བ། དབབ་པ། དབང་དུ་བྱ་བའོ། །དང་པོ་ནི། གསོལ་འདེབས་ནས་བརྩམ་ཕྲིན་ལས་ཀྱི་གཞུང་བསྲང་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་སྟོང་ཚིགས་བཅས་བྱས་ལ། དམ་ཚིག་གི་དཀྱིལ་འཁོར་བདུན་པོ་གསལ་གདབ་པ་ནི། ཧཱུྃ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ཆེ༔ ཡོན་ཏན་ཆེ་མཆོག་སྨུག་ནག་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་གཡོན་ཐོད་པ༔ གར་དགུའི་གཟི་བྱིན་ཆེས་ཆེར་འབར༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གནམ་ཞལ་སྔོ་སྐྱ་ཁྲོ་ཆགས་ཉམས༔ རུས་པའི་ཕྱག་རྒྱ་གཟིག་ཤམ་འཕྱང༔ རྩེ་གསུམ་ཐོད་ཁྲག་བསྣམས་པས་འཁྲིལ༔ སྤྱི་བོ་ལ་སོགས་གནས་རྣམས་སུ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡབ་ཡུམ་མཉམ་སྦྱོར་མཁའ་གསང་ནས༔ འོད་འཕྲོས་རྫས་ཀྱི་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡུམ་ལྔའི་ཀློང༔ རབ་འཇིགས་དུར་ཁྲོད་བཀོད་པའི་དབུས༔ ཡཾ་ལས་རླུང་དང་རཾ་ལས་མེ༔ ཀཾ་ལས་ཐོད་པའི་སྒྱེད་པུའི་སྟེང༔ ཨཱ་ལས་ཡེ་ཤེས་ཀཱ་པ་ལ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་མཉམ་པར༔ བདུད་རྩི་རང་བཞིན་དཀྱིལ་འཁོར་ནི༔ ཤ་ལྔའི་ལྷུན་པོ་རབ་བརྗིད་ཅིང༔ བདུད་རྩི་ལྔ་ཡི་མཚོ་འཁྱིལ་དབུས༔ ཐབས་ཤེས་འབྲུ་བཅུ་ཡོངས་གྱུར་ལས༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བདག་གི་ཐུགས་སྲོག་འོད་ཟེར་གྱིས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ ལྷ་རྣམས་སྙོམས་ཞུགས་སྦྱོར་མཚམས་ནས༔ འོད་ཟེར་ལྕགས་ཀྱུས་འཁོར་འདས་བཅུད༔ དབང་མཛད་ཡུམ་གྱི་བྷ་གར་འཁྱིལ༔ དངུལ་ཆུ་བཞིན་དུ་འདར་ཞིང་འཕྲིག༔ དེ་ལས་བདུད་རྩི་ཆར་ལྟར་བབས༔ ཤ་ལྔ་བདུད་རྩིའི་བཅུད་དང་འདྲེས༔ ཞུ་ཁོལ་དམ་རྫས་ཨ་མྲྀ་ཏ༔ འཁོར་འདས་རོ་མཉམ་གཅིག་ཏུ་འཁྱིལ༔ རིགས་ལྔ་ཡབ་ཡུམ་འོད་དུ་ཞུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཐུགས་ནས་ཧཱུྃ་གི་འཕྲོ་འདུ་ལས༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ པད་ཉིར་ཕྱོགས་སྐྱོང་སྦྱོར་བའི་སྟེང༔ བདུད་རྩིའི་སྟེང་འོག་ཕྱོགས་མཚམས་བཞུགས༔ དངོས་གྲུབ་བར་ཆད་བསལ་བ་དང༔ ཡེ་ཤེས་གཟི་བྱིན་བསྐྱེད་བྱེད་པའི༔ འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སླར་ཡང་ཧྲཱིཿཧཱུྃ་ཡི་གེའི་སྤྲིན༔ རང་སྒྲ་སྒྲོག་པ་དཔག་མེད་སྤྲོས༔ མཐར་བྱེད་ཁྲོ་ཆེན་བརྒྱད་ཀྱི་དབུས༔ བདུད་རྩིའི་སྟེང་དུ་རྟ་གདོང་དཔལ༔ དབང་མདོག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་པདྨ་བྷཉྫ་དང༔ གཡོན་གཉིས་རྒྱ་གྲམ་སྡིགས་མཛུབ་བཅས༔ གྲྭ་བཞིའི་ཡུམ་གྱིས་མགུལ་ནས་འཁྱུད༔ ཁྲོ་བོའི་ཆས་རྫོགས་ཞབས་བཞི་བསྒྲད༔ སྣ་ཚོགས་རྡོ་རྗེའི་གདན་ལ་བརྟེན༔ གསང་ཡུམ་དཀར་སེར་དམར་ལྗང་བཞི༔ གྲི་ཐོད་འཛིན་པས་བརླ་ལ་འཁྱུད༔ སྐུ་སྨད་བདུད་རྩིར་ཕྱེད་ནུབ་སྦྱོར༔ དབང་མཛད་དཀྱིལ་འཁོར་རྗེས་ཆགས་འབར༔ ཧྲཱིཿཧ་ཡ་གྲཱི་ཝ་མཱཾ་ལཱཾ་པཱཾ་ཏཱཾ༔ མཐར་བྱེད་བརྒྱད་ཀྱི་སྟེང་གི་མཁར༔ ཕྱོགས་བཞིར་ཁྲག་འཐུང་རིགས་བཞི་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དཀར་སེར་དམར་ལྗང་འོད་དུ་འབར༔ རང་རྟགས་ཕྱག་རྒྱས་ཡུམ་དང་སྦྱོརཿ དེ་སྟེང་རྡོ་རྗེ་ཁྲག་འཐུང་མཐིང༔ ཞལ་གསུམ་ཕྱག་དྲུག་གཡས་གསུམ་ན༔ རྩེ་དགུ་རྩེ་ལྔ་ཞིང་དབྱུག་དང༔ གཡོན་པས་དྲིལ་བྷན་འཇིག་རྟེན་གཡོ༔ ཞབས་བཞི་ཁྲག་འཐུང་རིགས་བཞི་བརྫིས༔ ཀུན་ཀྱང་དུར་ཁྲོད་དཔལ་ཆས་རྫོགས༔ གར་དགུའི་ཉམས་གྱུར་མཆོག་ཏུ་རོལ༔ སྐུ་གདུང་འབར་བའི་དཀྱིལ་འཁོར་གསལ༔ ཨོཾ་ཏྲཱཾ་ཧྲཱིཿཨཱཿཧཱུྃ་ཧེ་རུ་ཀ་ཧཱུྃ༔ རྡོ་རྗེ་ཁྲག་འཐུང་དབུ་གཙུག་ཏུ༔ གནམ་ཞལ་མཐིང་ག་རྡོར་དྲིལ་དང༔ གནས་ཡུལ་མ་མོ་ཕྲ་མེན་བསྣམས༔ མིའུ་ཐུང་གེལ་པའི་ཞབས་བརྒྱད་ཀྱིས༔ ཁྲག་འཐུང་གཡས་གཡོན་དབུ་སྟེང་བརྫིས༔ རྩ་ཞལ་ཡུམ་མཁར་ཕྱེད་ནུབ་ཚུལ༔ མཁའ་མཉམ་བྷ་གའི་ཀློང་དུ་འཁྱིལ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ དེ་སྟེང་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་ཉི་ཤུ་རྩ་གཅིག་དབུ༔ ཕྱག་གི་དཀྱིལ་འཁོར་ཞེ་གཉིས་ན༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྫོགས༔ ཞབས་བརྒྱད་ཡུམ་གྱི་དབུ་བརྒྱད་བརྫིས༔ རྡོ་རྗེ་དབུས་ཞལ་སྨིན་མཚམས་སྦྱོར༔ དུར་ཁྲོད་དཔལ་ཆས་གར་དགུའི་ཉམས༔ ལྗགས་སྟེང་ཉི་ཟླ་ལ་གནས་པའི༔ ས་ནུ་ཁྲག་འཐུང་ཚོན་གང་བ༔ དཀར་གསལ་ཉི་ཟླའི་གྭ་འུ་བསྣམས༔ རང་འོད་ཡུམ་སྦྱོར་ཁྲོ་ཆས་རྫོགས༔ དེ་ཡི་ལྗགས་སྟེང་ཉི་མ་ལ༔ གནས་པའི་རྡོ་རྗེའི་ལྟེ་བར་ཨ༔ སྔགས་ཕྲེང་འོད་དང་སྒྲར་བཅས་བསྐོར༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཆེ༔ རིགས་ཀུན་ཁྱབ་བདག་ཆེན་པོར་བཞེངས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཨ་མྲྀཏ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ་ཧཱུྃ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་པ༔ རིགས་ཀྱི་ཡུམ་དང་ལྷན་སྐྱེས་སྦྱོར༔ འགྲོ་འདུལ་ཕྱོགས་བཅུའི་ཁྲོ་བོའི་ཚོགས༔ ཕྱོགས་སྐྱོང་ཁྱོ་ཤུག་གདན་དུ་སྦྱོར༔ དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེ༔ ཡེ་ཤེས་རིགས་ལྔའི་བཅུད་དང་སྦྱོར༔ རྟ་མགྲིན་གསང་བའི་ཡུམ་བཞི་དང༔ ཐབས་ཤེས་དབྱེར་མེད་དབང་གི་སྦྱོར༔ ཡུམ་མཁར་རྡོ་རྗེ་ཁྲག་འཐུང་གི༔ སྨིན་མཚམས་ཡན་ཚུད་དབུ་ཡི་སྦྱོར༔ གཙོ་མཆོག་ཞབས་བརྒྱད་ཡུམ་གྱི་དབུ༔ ཕྱོགས་མཚམས་བརྫིས་པ་ཞབས་ཀྱི་སྦྱོར༔ རྡོ་རྗེ་གནམ་ཞལ་སྨིན་མཚམས་ཀྱི༔ བདེ་ཀློང་ནུབ་པ་ཞལ་གྱི་སྦྱོར༔ ལྗགས་སྟེང་རྗེས་ཆགས་ཧེ་རུ་ཀ༔ རང་འོད་ཡུམ་དང་ཡེ་ཤེས་སྦྱོར༔ ཡན་ལག་བརྒྱད་ལྡན་སྦྱོར་ཐབས་ཀྱིས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ དམ་ཚིག་བདུད་རྩིར་བྱིན་བརླབ་ཕྱིར༔ བྱང་ཆུབ་སེམས་ཀྱི་ཆར་འབེབ་པའི༔ གནས་གསུམ་འབྲུ་གསུམ་རྒྱས་བཏབ་པས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་བརླབས༔ རིག་ལྔས་དབང་བསྐུར་ཡེ་ཤེས་ལྔ༔ དབུ་རྒྱན་ཞི་བའི་ཚུལ་དུ་རྫོགས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱི་ཨཱ༔ ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི། ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ༔ ནམ་མཁའི་དབྱིངས་ལས་འཇའ་ཚོན་ཤར་བ་ལྟར༔ ཐུགས་དམ་རྗེས་དགོངས་ལོངས་སྤྱོད་རྫོགས་སྐུར་བཞེངས༔ བདེ་ཆེན་བདུད་རྩིའི་རོལ་པས་གནས་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་མཎྜ་ལ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས༔ བདེ་ཆེན་བདུད་རྩིའི་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་ཚིག་འཁོར་ལོར་དགྱེས་པས་བཞུགས་ནས་ཀྱང༔ གཉིས་མེད་མཆོག་གི་བྱིན་རླབས་བསྩལ་དུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧོ༔ དོན་གྱི་བདུད་རྩི་རྟགས་སུ་རིགས་ལྔར་སྣང༔ བསྒྲུབ་བྱ་དམ་རྫས་སྒྲུབ་ཆོས་ཧེ་རུ་ཀ༔ ཁ་སྦྱོར་བརྒྱད་ལྡན་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཨོཾ་ཨཱ་ཧཱུྃ༔ སེམས་ཉིད་ཡིད་བཞིན་རིན་ཆེན་སྤྲིན་ཕུང་ལས༔ ཕྱི་ནང་གསང་བའི་མཆོད་པའི་ཆར་ཆེན་འབེབ༔ རྡོ་རྗེ་བདུད་རྩི་ཆགས་པ་ཆེན་པོ་ཡིས༔ ཡུལ་དང་དབང་པོ་གཉིས་མེད་དགྱེས་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་མཱ་ལེ་གཱིརྟི་ནཱིརྟི་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཛྭ་ལ་ཁཱ་ཧི༔ མ་ཧཱ་བྷ་ལིཾ་ཏ་ཛ་གད་ཁཱ་ཧི༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨ༔ བསྟོད་པ་ནི། ཧཱུྃ༔ ནམ་མཁའི་སྐུ་མངའ་སྣོད་བཅུད་ཀུན་ལ་ཁྱབ༔ གཞོམ་མེད་གསུང་གིས་བདེ་ཆེན་ཆར་པ་འབེབ༔ ཡེ་ཤེས་ཐུགས་ཀྱི་དགོངས་པ་གཏིང་མཐའ་བྲལ༔ སྣང་སྲིད་ཡོན་ཏན་བདུད་རྩིའི་རྒྱན་དུ་ཤར༔ འགྲོ་འདུལ་ཕྲིན་ལས་སྩོལ་མེད་ལྷུན་གྱིས་གྲུབ༔ ཡན་ལག་བདུན་ལྡན་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཁ་སྦྱོར་བརྒྱད་ཀྱིས་ཡེ་ཤེས་དབབ་ཏུ་གསོལ༔ ན་མ་སྟུ་ཏི་ཨ་ལ་ལ་ཧོ༔ དེ་ནས་རྒྱུན་བཤགས་ཅི་རིགས་བྱ་བར་གསུངས་པས་རྒྱས་པར་གྲུབ་ན། ཡེ་ཤེས་སྐུ་མཆོག་དང་བསྡུ་ན། དུས་གསུམ་བདེ་གཤེགས་སོགས་བྱས་ལ། སྨན་སྲུང་སྤྱན་འདྲེན་དང་རྟོག་བསལ་སྔར་ཁྲོལ་སྒྲུབ་སྐབས་ལྟར་གཏང་། གཟུངས་ཐག་བླང་ལ། ཧཱུྃ༔ གཙོ་མཆོག་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀར་པདྨ་ཉི་སྟེང་ཧཱུྃ༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ སྔགས་ཀྱིས་བསྐོར་ལས་གཉིས་པ་བྱུང༔ བདེ་ཆེན་རྡོ་རྗེ་ལུ་གུ་རྒྱུད༔ མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔ གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔ བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔ ཕོག་པས་ཞུ་ཁོལ་རླངས་པ་ཡིས༔ དཀྱིལ་འཁོར་པ་རྣམས་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་བདེ་སྟོང་རོལ་པ་ཡིས༔ སྦྱོར་མཚམས་ཀུན་ནས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་བཅུད་ལ་ཐིམ༔ བྱིན་རླབས་ནུས་སྟོབས་མཆོག་ཏུ་འབར༔ སླར་ཡང་དཀྱིལ་འཁོར་གཙོ་བོ་ཡི། ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ལྗགས་སྟེང་ས་ནུ་ཧེ་རུ་ཀའི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བར་ཕོག༔ དེ་ལས་རྗེས་ཆགས་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔ རྩ་གསུམ་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྣང་སྲིད་བདུད་རྩིའི་ཕྱག་རྒྱར་རྫོགས༔ ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང༔ དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔ རང་དབང་མེད་པར་བསྡུས་ཤིང་བཀུག༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བར་ཐིམ༔ དེ་ལས་བདུད་རྩིའི་ཆར་རྒྱུན་གཡོས༔ དཀྱིལ་འཁོར་དྲུག་གི་སྦྱོར་མཚམས་ཞུགས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ བྱང་ཆུབ་སེམས་སྤྲིན་དྲག་ཏུ་དབབ༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་དང༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ སྨན་སྐྱོང་སྲུང་མའི་ཚོགས་རྣམས་ཀྱང༔ དམ་ཚིག་ཆེན་པོས་རབ་བསྐུལ་བས༔ འོད་ཟེར་ཕོ་ཉ་གློག་ལྟར་འཁྱུགས༔ བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ སྒྲུབ་པའི་རྫས་ལ་ཐིམ་པ་ཡིས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཞེས་པའི་ཏིང་ངེ་འཛིན་རྩེ་གཅིག་པས་དགུག་པའི་ཛཔ྄། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླ །སྟོང་ཕྲག་རེའི་མཚམས་སུ་མཆོད་པ་འབུལ་བར་གསུངས་པ་ལྟར་སྔགས་མཆོད་ཙམ་དང་། ཐུན་མཐར་མཆོད་བསྟོད་མདོར་བསྡུས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ལྷ་ཚོགས་འོད་ཞུ་བཅུད་ལ་ཐིམ༔ འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔ ཅེས་དམིགས། ཉུལ་ལེ་སྐྲོད་པ་དང་། བྱིན་འབེབ་ཛཔ྄་དབྱངས་བཅས་ཁྲོལ་སྒྲུབ་ཀྱིས་འགྲེས། དེས་ཐུན་དང་པོ་སོང་། ཐུན་རྗེས་མ་གཉིས་ལ་མཆོད་པ་གསོ། ལས་བྱང་ལྟར་མཆོད་པ་བྱིན་རླབས། དམ་ཚིག་པའི་དཀྱིལ་འཁོར་གསལ་གདབ་པ་ནས་བརྩམ་ཛཔ྄་བཟླས་མཆོད་བསྟོད་འོད་ཞུའི་བར་གོང་ལྟར་ལ། ཐུན་བར་མར་དྲག་སྔགས་ཀྱིས་ཉུལ་ལེ་བསྐྲད་ལ་བྱིན་དབབ། རྗེས་མའི་འོད་ཞུ་གྲུབ་པ་དང་སྲུང་མའི་གཏོར་ཆོག །བཤགས་སྐོང་། ཚོགས་མཆོད་རྒྱས་པར་བྱ་ཞིང་ཕྲིན་ལས་ཀྱི་མཇུག་བསྡུ་བ་དང་ཉུལ་ལེ་བསྐྲོད་ཅིང་བྱིན་འབེབ་ཛཔ྄་དབྱངས་བཅས་སྔར་སྨོས་པ་ལྟར་བྱའོ། །བཟླས་པའི་གྲངས་ཚད་འབུམ་ཕྲག་གཅིག་ཏུ་གསུངས་ཤིང་འདི་ཉིད་དངོས་གཞི་ཡིན་པས་བདུན་སྒྲུབ་ཀྱི་སྐབས་ཞག་གསུམ་མོ། །གཉིས་པ་གནད་ལ་དབབ་པ་ནི། གོང་ལྟར་ཚུལ་བཞིན་བསྒྲུབས་པས་རྟགས་མ་མཐོང་བའམ། མཐོང་ན་ཡང་ཐ་ཚིག་བསྐུལ་བ་སྟེ། བཟླས་པ་གྲུབ་པའི་རྗེས་སུ་སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ་ཧཱུྃ༔ ང་ནི་ཁྱབ་བདག་ཧེ་རུ་ཀ༔ རང་བཞིན་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་གཉན་ལ་རབ་དགོངས་ནས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ལ༔ བྱིན་རླབས་རྟགས་དང་མཚན་མ་སྟོན༔ གལ་ཏེ་ཐུགས་དམ་གཡེལ་སྲིད་ན༔ སྔོན་གྱི་དམ་བཅའ་གང་དུ་གཉན༔ དེ་བས་ཐུགས་རྗེ་ཐབས་མཁས་བདག༔ ཡལ་ཡོལ་དབྲི་བཀོལ་མ་མཛད་པར༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཕྲུལ་གྱི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་སྟོང་ཕྲག་བཟླ །གསུམ་པ་བདུད་རྩི་སྐྱིལ་བ་ནི། རྟགས་མཚན་ལེགས་པར་མཐོང་ནས་བྱ་བར་གསུངས་སྟེ། གཞུང་གི་བཟླས་པ་གནད་དབབ་བཅས་གྲུབ་པ་དང་། སྨན་སྲུང་བསྐུལ་བ་གོང་སྨོས་ལྟར་བྱས་ལ། སྤྲུལ་པའི་དཀྱིལ་འཁོར་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ སྦྱོར་མཚམས་འདར་ཞིང་འཕྲིག་པར་བཅས༔ དངུལ་ཆུ་དྭངས་པ་བཞིན་དུ་འཁྱིལ༔ ལྷ་དང་སྨན་སྐྱོང་སྲུང་མ་ཡི༔ ལས་ཀྱི་ཕོ་ཉས་བདུད་རྩི་བཀུག༔ དབྱེར་མེད་ཐིམ་པས་གསོས་བཏབ་སྟེ༔ འོད་ཟེར་གཟི་བརྗིད་རབ་འབར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཞེས་ཁྲི་ཕྲག་བཟླས་པར་གསུངས་སོ། །བཞི་པ་བདུད་རྩི་དབབ་པའི་ཐོག་མར་གསང་སྒོ་དབྱེ་བ་ནི། ཚིལ་ཆེན་དང་སྦྱར་བའི་སྤོས་བསྲེག །དབྱངས་རོལ་བཅས། ཧཱུྃ་ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྤྲུལ་པའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདེ་ཆེན་མཆོག་གི་དགྱེས་པ་ན༔ ཡེ་ཤེས་བདུད་རྩིར་རབ་འཁྱིལ་པ༔ དམ་ཚིག་རྫས་ལ་དབབ་པའི་ཕྱིར༔ སྦྱོར་ཐབས་རྣམ་པ་ཐམས་ཅད་པའི༔ གསང་བ་མཆོག་གི་སྒོ་དབྱེ་འཚལ༔ བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཕཊ་ཕཊ༔ ཅེས་བཟླས་གྲངས་ཁྲི་ཕྲག་ཏུ་གསུངས་པ་གང་འགྲུབ་ཀྱིས་མཚམས་སྦྱར་ནས་བཅུད་ལ་དབབ་པ་ནི། ཞིང་ཆེན་གྱིས་གཡབ། ཚིལ་སྤོས་བསྲེག །རྐང་གླིང་བཤུགས་པ་རོལ་མོའི་སྒྲ་དྲག་ཏུ་བྱས་ལ། ཧཱུྃ་ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་བཏུལ་པའི་ཚེ༔ སྦྱོར་བའི་ཐབས་ལ་མཁས་པ་ཡིས༔ མ་མོ་བརྒྱད་པོ་དབང་དུ་མཛད༔ བཀའ་བཞིན་འཚལ་བར་དམ་བཅས་ལྟར༔ བདག་ནི་དཔལ་གྱི་གདུང་འཛིན་ཕྱིར༔ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གདོད་ནས་གྲུབ་པའི་དུར་ཁྲོད་ནས༔ འབར་དང་ཆགས་པའི་བརྟུལ་ཞུགས་ཀྱིས༔ རྣམ་འགྱུར་མི་བཟད་བྱིན་གཡོ་བས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང༔ བདུད་རྩི་གསང་བའི་ཐུགས་དམ་བསྐུལ༔ བདེ་ཆེན་དགྱེས་པར་ཕེབས་པ་དང༔ བྱིན་རླབས་གཟི་བརྗིད་ནུས་སྟོབས་སྐྱེད༔ དངོས་གྲུབ་མྱུར་དུ་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་བསྐུལ་ལ་དམིགས་བཟླས་ནི། དུར་ཁྲོད་གནས་ཀྱི་མ་མོའི་སྤྲིན༔ འབར་དང་ཆགས་པས་དཀྱིལ་འཁོར་པ༔ དགྱེས་པ་སྐྱེད་པའི་དམ་ཚིག་གིས༔ འཆི་མེད་བདུད་རྩིའི་མཎྜལ་ནས༔ བཟུང་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་བཅུད༔ ཆར་སྤྲིན་འཁྲུགས་བཞིན་དྲག་ཏུ་བབས༔ དམ་ཚིག་སྤྲུལ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨཱ་ཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཁྲི་ཕྲག་བཟླ། ལྔ་པ་བདུད་རྩིའི་དངོས་གྲུབ་དབང་དུ་བྱ་བ་ནི། ཧཱུྃ་ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ བདུད་རྩི་རང་བཞིན་དཀྱིལ་འཁོར་རྫོགས༔ རིགས་ཀྱི་འཁོར་ལོ་རབ་བསྒྱུར་བས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་ཁྲག་འཐུང་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་བཅས་ལྟར༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང༔ དངོས་གྲུབ་དབང་དུ་བསྡུ་བ་དང༔ སྐལ་པ་བཞིན་དུ་མ་བསྩལ་ན༔ རྡོ་རྗེའི་ཚིག་དང་འགལ་ཏ་རེ༔ དེ་བས་དམ་ཚིག་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ པཉྩ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སླར་གཟུངས་ཐག་བླངས་ལ། ཁྲག་འཐུང་རིགས་ལྔའི་སྤྲིན་གཏིབས་པས༔ ཐུགས་ཀའི་འོད་ཀྱིས་འཁོར་འདས་བཅུད༔ འོད་དམར་རྣམ་པར་སླར་ཡང་བསྡུས༔ རྟ་མཆོག་དཔལ་ལ་ཐིམ་པ་ཡིས༔ དབང་དུ་གྱུར་ཅིང་གཟི་བྱིན་བསྐྱེད༔ པདྨ་དབང་ཆེན་ཡབ་ཡུམ་རྣམས༔ སྦྱོར་བའི་མཚམས་ནས་བྱང་ཆུབ་སེམས༔ སྲིད་ཞི་ཀུན་གྱི་དྭངས་བཅུད་དབྱིག༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་དང༔ དབྱེར་མེད་འདྲེས་པའི་འོད་ཀློང་ནས༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བདག་གི་སྙིང་ཁར་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱ༔ ཞེས་ཁྲི་ཕྲག་བཟླས་ལ་བདུད་རྩིའི་བཅུད་བདག་ཉིད་ཀྱི་དབང་དུ་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་ལྔ། བདག་དོན་དངོས་གྲུབ་ལེན་པ། གཞན་དོན་དབང་བསྐུར་བ། རྒྱ་བཀྲོལ་ཅིང་ལོངས་སྤྱོད་པ། ཕྲིན་ལས་ཀྱི་མཇུག་བསྡུ། ལས་སྦྱོར་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གསུམ། ཐུགས་དམ་བསྐུལ་བ། སྙན་གསན་དབབ་པ། དངོས་གྲུབ་བླང་བ་དངོས་སོ། །དང་པོ་ནི། སྒྲུབ་ཞག་སང་ཉིན་ཐེམས་པའི་དེ་རིང་ཕྱི་དྲོ་ལ་དངོས་གྲུབ་ཀྱི་རྟེན་བཤམ་པ་ནི། དཀྱིལ་འཁོར་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ་རྣམ་བུམ། དེ་སྟེང་སྨན་སྟེགས་རྐང་གསུམ་མཐོ་ཞིང་བརླིང་བ་བཀོད། གཡས་སུ་ལས་བཞིའི་འབྲང་རྒྱས། གཡོན་དུ་ཐོད་ཆང་། གཞན་ཡང་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་ཞིང་དར་གུར་དབུབ་པ་སོགས་སྒྲུབ་ཁོག་ནས་བཤད་པ་ལྟར་བཤམས། ཚོགས་གཏོར་མཆོད་པ་རྣམས་ཀྱང་ཇི་ལྟར་འབྱོར་པ་རྣམས་བུང་བསྐྱེད། སྔ་དྲོའི་ཐུན་མཐར་གནད་དབབ་དང་བསྐྱིལ་བ། ཉིན་གུང་ཐུན་མཐར་དེ་གཉིས་རྗེས་དབབ་པ་དང་དབང་དུ་བྱ་བ་སྦྱར། ཐུན་རྗེས་མ་ལ་དེ་དག་ཐམས་ཅད་ཀྱི་རྗེས་སུ་མཆོད་བསྟོད་བྱས་ལ། སྤོས་བསྲེག་དབྱངས་རོལ་གཡབ་དར་བཅས་པས། ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་བདུད་རྩིའི་རྒྱུད༔ མཁའ་ཁྱབ་འདུས་པར་གསུངས་པའི་ཚེ༔ འཇམ་དཔལ་དཔའ་བོ་ཐུགས་རྗེའི་གཏེར༔ ས་ཡི་སྙིང་པོ་ལ་སོགས་པ༔ སེམས་དཔའ་ཉེ་བའི་སྲས་མཆོག་ལ༔ གཉེར་དུ་གཏད་ཅིང་མདོངས་གསོལ་བཞེས༔ ཇི་ལྟར་དམ་བཅས་མ་བསྙེལ་བར༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཡུན་རིང་བར་དུ་བསྙེན་ཅིང་བསྒྲུབས༔ རེ་ཞིང་སྨོན་པས་གསོལ་འདེབས་ན༔ མཐུ་རྩལ་དབྱུང་བའི་དུས་ལ་བབས༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོག་ཐུན་ལས་ཀྱི་དངོས་གྲུབ་ཀུན༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ ད་ལྟ་ཉིད་དུ་སྩོལ་མཛད་གསོལ༔ ཞེས་བསྐུལ། གཟུངས་ཐག་བླངས་ལ་དམིགས་པ་རྩེ་གཅིག་པས། བདག་ཉིད་རང་བཞིན་དཀྱིལ་འཁོར་གྱི༔ ཐུགས་ནས་བདེ་ཆེན་འོད་ཟེར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་དང༔ ཁྱད་པར་འཇམ་དཔལ་རྣོན་པོ་སོགས༔ ཉེ་བའི་སྲས་མཆོག་སྡུད་པ་པོའི༔ ཐུགས་དམ་བསྐུལ་ཅིང་གསོལ་བཏབ་པས༔ དེ་དག་རྣམ་འཕྲུལ་མཐའ་ཡས་ཀྱིས༔ ཡོན་ཏན་བདུད་རྩི་རོལ་པ་ཡི༔ ལྷ་ཚོགས་རྣམས་ལ་མཆོད་ཅིང་གསོལ༔ དངོས་གྲུབ་བསྐུལ་བའི་གྲོགས་མཛད་པས༔ མི་ཟད་རྒྱན་འཁོར་ཕྲིན་ལས་བཞི༔ ཁྱད་པར་བཛྲ་ཨ་མྲྀཏའི༔ ཡེ་ཤེས་ཟིལ་དངར་ཆར་ལྟར་བབས༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ ཧེ་རུ་ཀ་དང་དབྱེར་མེད་ཅིང༔ དངོས་གྲུབ་རྫས་ལ་བསྟིམས་པ་ཡིས༔ ཡིད་བཞིན་འདོད་འཇོའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ལོ་ཀ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ །དེ་ནས་སྲུང་མའི་གཏོར་འབུལ། བཤགས་སྐོང་། ཚོགས་མཆོད་ཕྱིན་ཆད་སྔ་མ་རྣམས་ལྟར་བྱ། མཚན་ཐུན་གསུམ་པོ་ཕྱི་དྲོའི་ཐུན་ལྟར་བྱ་བ་དང་། ཉུལ་ལེ་སྐྲོད་པ། བྱིན་འབེབ། ཚོགས་མཆོད་རྣམས་ཀྱང་སྔ་མ་ལྟར་རོ། །གྲོལ་བའི་ནངས་མོ་ལས་བྱང་བཟླས་པ་དང་བཅས་པ། སྨན་སྒྲུབ་ཀྱི་ཕྲིན་ལས་ཆ་ཚང་ཐུགས་དམ་བསྐུལ་བའི་བཟླས་པ་ཡན་གྲུབ་པ་དང་། སྟོང་ཚིགས་ཀྱིས་མཆོད་ལ་གཟུངས་ཐག་བསྡུ། བསྙེན་རྒྱུན་སྔ་མ་བཞག །དངོས་གྲུབ་སྤྱིར་གསོལ་བའི་སྔགས་བཟླར་གཞུག་གོ །གཉིས་པ་ནི། བཀའ་བསྒོ་ལས་བྱང་ལྟར་བགེགས་བསྐྲད་ལ་བྱིན་དབབ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་སྒྲུབ་ཆེན་དང་སྦྲེལ་སྐབས་སྒྲུབ་ཁོག་ལྟར་དངོས་གྲུབ་ལེན་ཆོག་ཚང་བ་བྱས་ལ་སློབ་དཔོན་རྒྱལ་ཐེབས་སོགས་དཀྱིལ་འཁོར་མདུན་དུ་བཞེངས་ལ། ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་དབྱིངས་ལས་མ་གཡོས་བཞིན༔ ལོངས་སྐུའི་དཀྱིལ་འཁོར་བདུན་ལྡན་འཁོར་ལོར་ཤར༔ སྤྲུལ་པ་སྦྱོར་བ་བརྒྱད་ཀྱི་རོལ་པ་ཡིས༔ སྣང་སྲིད་བདུད་རྩིར་དག་པའི་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་ཕྲིན་ལས་ཀྱིས༔ གྲུབ་པའི་དངོས་གྲུབ་གསོལ་བའི་དུས་ལགས་ན༔ དགོངས་པ་ཡལ་ཡོལ་བཏང་སྙོམས་མ་མཛད་པར༔ ཐུགས་རྗེའི་རྩལ་སྐྱེད་ཁྱད་པར་རྟགས་མཚན་སྟོན༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་མཆོག་སྐུར༔ ལས་དང་ཡེ་ཤེས་བདུད་རྩིའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་དང་དགུ་པའི་ཛཔ྄་དབྱངས་ལན་གསུམ་དང་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་གཞན་རྣམས་རང་གྲལ་དུ་བཞུགས། ཞི་རོལ་འོག་སྨན་གྱི་ཕོ་བྲང་གདན་དྲངས་ལ་མཉྫིའི་སྟེང་དུ་བཞག་གོ །གསུམ་པ་ནི། སློབ་དཔོན་དཀྱིལ་འཁོར་མདུན་ཁྲིའུར་འཁོད་པས། ལག་གཡོན་མཐེབ་སྲིན་རྩེ་སྤྲད། ལྷག་མ་བརྐྱང་པ་རྩེ་གསུམ་ཕྱག་རྒྱས་སྨན་གྱི་ཕོ་བྲང་སྟེང་དུ་རེག་ལ། ཤྲཱི་ཧེ་རུ་ཀ་ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་ཛཔ྄་དབྱངས་བཅས་བདུན་ནམ་ཉེར་གཅིག་ཙམ་བཟླས་ལ་ལྟ་བའི་གདེང་དང་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ཆེན་པོ་ན༔ དགྱེས་པར་བཞུགས་པའི་དཔལ་ཆེན་དཀྱིལ་འཁོར་པ༔ རྟག་རྒྱུན་རང་བཞིན་ཡེ་ཤེས་ཚད་མེད་ཀྱང༔ གདུལ་བྱའི་ཡུལ་ལ་འཇུག་ཕྱིར་སླར་ཡང་གསོལ༔ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཐེམས༔ བདུད་རྩི་སྒྲུབ་པའི་དམ་ཚིག་ད་ལྟ་རྫོགས༔ རྡོ་རྗེའི་ནམ་ལངས་དངོས་གྲུབ་ཉི་ཟླ་ཤར༔ ཐུགས་དམ་དུས་ལ་བབ་པོ་ཐུགས་རྗེ་སྐྱེད༔ རྡོ་རྗེའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ གཟི་བརྗིད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེ་གསུང་ལས་སྔགས་ཀྱི་ཆར་ཆེན་འབེབ༔ བྱིན་རླབས་ལུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འོད་གསལ་ཐུགས་ཀྱི་དགོངས་པ་མཁའ་ལྟར་ཁྱབ༔ མཁྱེན་བརྩེ་ནུས་མཐུའི་དངོས་གྲུབ་བསྩལ་དུ་གསོལ༔ འགྲོ་འདུལ་ཡོན་ཏན་ཡིད་བཞིན་རིན་ཆེན་སྤྲིན༔ ཁམས་གསུམ་དབུགས་འབྱིན་དངོས་གྲུབ་བསྩལ་དུ་གསོལ༔ མཆོག་ཐུན་ཕྲིན་ལས་སྩོལ་མེད་ལྷུན་གྱིས་གྲུབ༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ སྣང་སྲིད་སྣོད་བཅུད་བདུད་རྩིའི་རྒྱན་དུ་ཤར༔ གྲོལ་བ་བཞི་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་སྐོང་དང་བགེགས་ཞི་དབང་བསྒྱུར་སོགས༔ ཅི་འདོད་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཧེ་རུ་ཀ་དང་སྤྱོད་ཡུལ་དབྱེར་མེད་པའི༔ དངོས་གྲུབ་དམ་པ་དེང་འདིར་བདག་ལ་སྩོལ༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་སྭཱ༔ ཀརྨ་སིདྡྷི་ཧཱ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་སྤྱིར་གསོལ་ལ་དབང་བླང་བ་ནི། མེ་ཏོག་ཐོགས་ལ། ཨོཾ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་མ་ཧཱ་སུ་ཁ་ས་མ་ཡ་ཧཱུྃ་ཧོ་སཏྭཾ༔ ཞེས་མེ་ཏོག་དོར། དེ་ལྟར་གསོལ་བས་དཀྱིལ་འཁོར་གྱི༔ བདག་པོ་རབ་ཏུ་དགྱེས་པ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོར་གཏད༔ དེ་ཡི་རིགས་ཀྱི་གཟུང་མར་བརྒྱུད༔ རང་གི་སྤྱི་བོར་བསྩལ་བར་གྱུར༔ ཅེས་མོས་ལ་རྡོ་རྗེ་གཟུང་མས་སྨན་གྱི་ཕོ་བྲང་དར་གྱི་ཁྱོགས་ལ་བཏེགས་ནས་གུས་པའི་ཚུལ་དུ་དབྱངས་སྙན་པོས་སློབ་དཔོན་གྱི་དུ་འཁོད་ལ། ཨེ་མ་ཐབས་མཆོག་རྨད་དུ་བྱུང༔ བདུད་རྩི་རོལ་པའི་དཀྱིལ་འཁོར་དང༔ རང་བཞིན་དཀྱིལ་འཁོར་དབྱེར་མེད་ཕྱིར༔ རྡོ་རྗེའི་དམ་ཚིག་དང་དུ་བཞེས༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཞེས་པས་ཕུལ་བ་སློབ་དཔོན་གྱི་ཕྱག་གིས་བླངས་ལ་དབུ་གཙུག་ཏུ་བཀོད་དེ། ཧཱུྃ༔ བདུད་རྩིའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་ཨ་མྲྀཏ་མཎྜ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ས་མ་ཡ་སཏྭཾ་ཛཿཧཱུྃ་བཾ་ཧོ༔ སྤྲུལ་པ་བདུད་རྩིའི་དཀྱིལ་འཁོར་པ༔ བདག་ཉིད་རང་བཞིན་དཀྱིལ་འཁོར་ལ༔ དབྱེར་མེད་ཆུ་ལ་ཆུ་བཞག་ལྟར༔ ཐིམ་ཞིང་ཡེ་ཤེས་ལྷག་པར་འབར༔ དམ་ཚིག་འོད་ཞུ་བདུད་རྩིར་ཐིམ༔ བྱིན་བརླབས་གཟི་བརྗིད་ཕུང་པོར་བསམ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་མཎྜ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བླངས་ལ་སྟེགས་བུར་བཞུགས་སུ་གསོལ། གཉིས་པ་གཞན་ལ་དབང་སྦྱིན་པ་ནི། རྒྱས་པར་སྤྲོ་ན་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས་བྱུང་བ་ལྟར་བདུད་རྩིའི་དབང་བཞི་སྦྱོར་དངོས་རྗེས་ཚང་དུ་བསྐུར། བསྡུ་ན་སློབ་མ་རྣམས་ཀྱིས་མཎྜལ་འབུལ། ཨོཾ༔ ཡེ་ཤེས་རྒྱལ་པོ་སོགས་ཤློ་ཀས་གསོལ་བ་བཏབ། སློབ་དཔོན་གྱིས་སྨན་གྱི་ཕོ་བྲང་ཐོགས་ལ། སྐད་ཅིག་གིས་རང་བྱུང་བདུད་རྩིའི་ཕོ་བྲང་ཆེན་པོར་དཔལ་ཆེན་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཡེ་དབྱེར་མེད་དུ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ཧཱུྃ༔ གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས༔ དག་དང་མ་དག་མི་རྟོག་རྟོག་ལས་འདས༔ དུས་གསུམ་གཅིག་ཏུ་སྐུར་བསྟན་ཕྱི་བཤོལ་མེད༔ དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན༔ སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས༔ བསྐལ་པར་བསྒྲིབས་པའི་གཏི་མུག་མུན་ནག་ལ༔ སྤྲིན་མཐོང་ཉི་ཤར་ཁུད་ས་དྲོ་བ་བཞིན༔ བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས༔ རིག་འཛིན་རྒྱལ་པོ་གཙོ་བོའི་གོ་འཕང་ཐོབ༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལྟ་བུའི་ལུས༔ ཉི་ཟླའི་གཟི་བརྗིད་དབང་བཅུའི་དཔལ་གྱིས་ཕྱུག༔ བཞི་བརྒྱ་རྩ་བཞིའི་ནད་གདོན་བར་ཆད་ཞི༔ ལས་དང་ཡེ་ཤེས་མཆོག་གི་ཡོན་ཏན་རྒྱས༔ ཁམས་གསུམ་དབང་བསྒྱུར་དགྲ་བགེགས་ཚར་ཐག་ཆོད༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རང་བཞིན་བདུད་རྩིའི་དཀྱིལ་འཁོར་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ སྤྲུལ་པའི་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཅེས་བསྐུར། ཕོ་བྲང་སླར་རང་མལ་དུ་བཀོད་དོ། །གསུམ་པ་རྒྱ་བཀྲོལ་བ་སོགས་ནི། མཆོད་པ་གསར་དུ་བཤམས་པ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ མཁའ་ལ་སྤྲིན་ལྟར་གཏིབས་སྤུངས་པས༔ དཀྱིལ་འཁོར་ཀུན་ཏུ་ཆར་བཞིན་བབས༔ ཡེ་ཤེས་གཟི་བྱིན་སྐྱེད་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་ས་མ་ཡ་ཧོ༔ ཨེ་མ་ཧོ་བདེ་གཤེགས་ཀུན་ཏུ་བཟང༔ གསང་ཆེན་ཐིག་ལེ་གཅིག་ཏུ་རྫོགས༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ རང་བྱུང་བདུད་རྩི་བླ་མེད་ཆེ༔ སངས་རྒྱས་ཀུན་གྱི་གསང་ཆེན་མཆོག༔ ཀུན་ཀྱང་གྲོལ་བའི་དཔལ་ལ་སྦྱོར༔ གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། སླར་ཡང་ལས་ཀྱི་སེམས་དཔའི་ཐུགས་རྒྱུད་བསྐུལ་བའི་དོན་དུ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ། མཁའ་ཁྱབ་བདེ་གཤེགས་ཞི་ཁྲོ་ཡིས༔ སྡུད་པོ་འཇམ་དཔལ་རྣོན་པོ་ལ༔ གནང་བ་བསྩལ་ཏེ་གཏད་པ་ཉིད༔ རང་ལ་དངོས་སུ་བསྩལ་བར་གྱུར༔ ཅེས་མོས་ལ་སྨན་གྱི་ཕོ་བྲང་གཟུང་མས་བཏེགས་ནས་སློབ་དཔོན་ལ་འབུལ། དེས་ཀྱང་ཕྱག་ཏུ་བླངས་ཏེ། ཧཱུྃ༔ རང་བྱུང་ཕོ་བྲང་སྟོང་ཉིད་ཡུམ་གྱི་མཁར༔ ཐམས་ཅད་རྟག་བཞུགས་བདེ་ཆེན་བདུད་རྩིའི་བཅུད༔ གཉིས་མེད་ཟུང་འཇུག་ཡེ་ཤེས་རོལ་པའི་ཕྱིར༔ དཔལ་གྱི་ཐ་རམ་བདུད་རྩིའི་མདུད་པ་བཀྲོལ༔ བཛྲ་ཨ་མྲྀཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་སྨན་གྱི་རྒྱ་རྣམས་བཀྲོལ། ཞལ་ཕྱེ་མ་ཐག །ཡེ་ཤེས་བདུད་རྩིའི་དྭངས་མ་ནི༔ དཀར་དམར་མཐིང་བའི་མདངས་འོད་རྒྱུན༔ བདག་གི་གནས་གསུམ་ཐིག་ལེར་ཐིམ༔ རྡོ་རྗེ་མི་ཕྱེད་གསུམ་འགྲུབ་བསམ༔ ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ནམ་མཁའ་དང་ནི་མཉམ་པའི་གནས༔ རྣམ་པར་མི་རྟོག་རྟོག་ལས་འདས༔ ཀུན་རྫོབ་ཙམ་དུ་བསྟན་པ་མཚར༔ བདུད་རྩིའི་སྙིང་པོ་རྒྱུད་གསུམ་པོ༔ སྲོག་གི་སྙིང་པོ་དག་པའི་སྣོད༔ རང་བཞིན་རོལ་པ་ཐུགས་རྗེ་ཡི༔ སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ༔ གསུང་གསུམ་གསུང་སྟེ་གསུང་ལ་ཐིམ༔ ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ༔ རྩ་དང་རླུང་དང་ཐིག་ལེ་དང༔ བྱང་ཆུབ་སེམས་ལ་རབ་ཏུ་ཐིམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་ཨ་མྲྀཏ་རཱ་ས་ཡཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་ལ་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་གསུམ་པོ་དང་དབྱེར་མི་ཕྱེད་པར་གྱུར་པའི་ང་རྒྱལ་བརྟན་པོར་བཟུང་། དེ་ནས་སྨན་ཕུད་དཔོན་སློབ་ཐམས་ཅད་ཀྱི་ནང་མཆོད་ཐོད་ཆང་དུ་བཏབ་ལ་གཡས་པས་ཐོགས། གཡོན་པའི་མཐེབ་སྲིན་གྱིས་འཐོར་བཞིན་དུ། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གདོད་ནས་བདུད་རྩི་ཆེ༔ དག་མཉམ་རྟོགས་པའི་ལོངས་སྤྱོད་རྒྱན༔ རྨད་བྱུང་བདུད་རྩིའི་མཆོད་པ་ཡིས༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དགོངས་པའི་ཀློང་ན་ཡེ་ཤེས་འདུ་འབྲལ་མེད༔ རིག་རྩལ་བརྡས་མཚོན་སྙན་ཁུངས་གཏད་རྒྱས་གདམས༔ བརྒྱུད་པ་གསུམ་གྱི་དཔལ་མགོན་བླ་མ་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དཀྱིལ་འཁོར་བདུན་གྱིས་སྣང་སྲིད་བདུད་རྩིར་ཤར༔ སྦྱོར་ཐབས་བརྒྱད་ཀྱིས་བདེ་ཆེན་ཡེ་ཤེས་འབེབ༔ རབ་འབྱམས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དཔལ་གྱི་ཕོ་ཉ་བཀའ་བཞིན་བསྟན་པ་སྐྱོང༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ སྲིད་གསུམ་ཡོན་ཏན་བདུད་རྩིའི་མཎྜ་ལར༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་འབུལ། དེ་ནས་རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ཧཱུྃ་གིས་མཚན་པར་དམིགས་ལ་གཡོན་པའི་མཐེབ་སྲིན་ཉི་ཟླའི་གྭའུར་གསལ་བས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ཅིང་ལྕེར་མྱང་ལ། ཨོཾ་ཨཱཿཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེའི་དཀྱིལ༔ ཧཱུྃ་གི་འོད་ཀྱིས་ལམ་ལས་བརྒྱུད༔ མཐེབ་སྲིན་ཉི་ཟླའི་གྭ་འུ་ཡིས༔ མཆོག་ཏུ་མི་འགྱུར་ཡེ་ཤེས་རོལ༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ ཕྱི་ནང་དབང་བཅུའི་དངོས་གྲུབ་སོགས༔ ཡོན་ཏན་བརྒྱ་རྩ་བརྒྱད་ཐོབ་ཅིང༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ ཧེ་རུ་ཀ་དཔལ་ཐུགས་རྗེའི་རྒྱུན༔ ཐེ་ཚོམ་མེད་པར་གུས་བླངས་ཏེ༔ ཞི་བའི་བཏུང་བ་བཞིན་བསྟེན་ན༔ འདོད་པའི་དོན་ཀུན་འགྲུབ་པའི་ཕྱིར༔ རྡོ་རྗེའི་དམ་ཚིག་མཆོག་ཏུ་རོལ༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཧོ༔ ཞེས་བརྗོད་ཅིང་དབང་པོའི་སྒོ་རྣམས་དང་ཡན་ལག་ཀུན་ལའང་ཐིག་ལེ་བྱ། ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་བཞག །སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་དོ། །རྒྱས་པའི་སྦྱིན་སྲེག་གྲུབ་ན་འོག་ནས་འབྱུང་བ་ལྟར་སྐབས་འདིར་བྱ་བ་ཡིན་ནོ། །བཞི་པ་ཕྲིན་ལས་ཀྱི་མཇུག་བསྡུ་བ་ནི། བཀའ་སྲུང་སྤྱི་དང་བྱེ་བྲག་ལ་གཏོར་མ་འབུལ། ཕྱི་རོལ་དུ་ཆ་གསུམ་གཏང་། ཕྱག་བཤགས་སྐོང་ཆེན་བཅས་རྒྱས་པར་སྦྱར། ཚོགས་མཆོད་ཕུལ་བའི་ཞལ་བསྟབ་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཧོམ་དུ་བཞག །མཆོད་པའི་རས་མ་དང་སྔར་བཙོན་འཛིན་བྱས་པའི་ལྷག་མ་སོགས་ལྷན་ཅིག་ཕྱིར་བཏང་ལ་ཕྱི་རོལ་དུ་གོམ་པ་བདུན་ཅུའི་སར་བསྐྱལ། ཆོས་སྐྱོང་གཏོར་འབུལ་ཟུར་དུ་བྱེད་ན་བཏེགས། ལས་བྱང་གི་བསྐུལ་ཆད་བརྟན་གྲུབ་ནས་སྒོ་དྲུང་དུ་དོོང་གྲུ་གསུམ་བྲུས་པར་ལིངྒ་བསྲེགས་ཐལ་བླུགས་པ་སས་བྱིབས་པའི་ཁར་གཏོར་སྣོད་ཁ་སྦུབས་པར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་བཏབ་ལ་བྲོ་བརྡུང། བཏང་རག་གི་མཆོད་བསྟོད་རྒྱས་པར་འབུལ། བཟོད་གསོལ་དང་ཡིག་བརྒྱ་ལན་གསུམ་བརྗོད། ཡེ་ཤེས་པ་རྟེན་དང་རས་བྲིས་ལ་བརྟན་བཞུགས་བྱ། དམ་ཚིག་པ་བདག་ལ་བསྟིམ། བདག་བསྐྱེད་བསྡུ་ལྡང་བྱས་ལ། ཕྱི་རོལ་དུ་རྒྱལ་ཐོ་དང་སྒོ་བྱང་བཀྲོལ། ནང་དུ་ཕུར་བུ་དབྱུང་ཞིང་བཀྲུ། དཀྱིལ་འཁོར་བསྡུ་ཞིང་མར་མེའི་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་པ་རྣམས་སྒྲུབ་ཁོག་ནས་ཇི་སྐད་བཤད་པ་ཐམས་ཅད་བྱས་པས་གྲུབ་བོ། །ལྔ་པ་མཐའ་རྒྱས་ཀྱི་ལས་རིམ་ལ་གསུམ། འབྱུང་ལྔའི་ལས་སྦྱོར། རྒྱུན་དུ་བསྟེན་ཚུལ། དེ་དག་གི་ཕན་ཡོན་བརྗོད་པའོ། །དང་པོ་ལ་གཉིས། འབྱུང་ལྔ་སོ་སོ་དང་། བྱེ་བྲག་མེའི་ལས་སོ། །དེ་ལ་སྤྱིར་ལས་སྦྱོར་ཐམས་ཅད་ཀྱི་ཐོག་མར་གཞན་ཕན་བྱང་ཆུབ་ཀྱི་སེམས་སྙིང་ནས་བསྐྱེད། རྒྱས་པར་སྤྲོ་ན་ཕྲིན་ལས་ཀྱི་གཞུང་བསྲང་། ཚོགས་མཆོད་འབུལ། ཕྲིན་ལས་ཀྱི་རྗེས་ཆོག་དང་འབྲེལ་བར་ལས་སྦྱོར་སོ་སོ་བྱ་ཞིང་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། མི་འགྲུབ་ན་སེམས་བསྐྱེད་སྔོན་དུ་འགྲོ་བས་སྐད་ཅིག་དྲན་རྫོགས་སུ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་བཟླས་པ་ཅི་རིགས་བྱས་ཏེ་སོ་སོའི་ལས་སྦྱོར་ལ་འཇུག་དགོས་པར་ཤེས་པར་བྱས་ནས། དང་པོ་ས་ལ་སྦ་བ་ནི། གཏེར་བུམ་རིན་ཆེན་འབྲུ་སྨན་གྱིས་བཀང་བའི་སྙིང་པོར་ཆོས་སྨན་དར་གྱིས་བཏུམས་པ་བཅུག་ལ་རྒྱས་གདབ། རི་བོ་བརྗིད་ལྡན་གྱི་ས་དཔལ་བཟང་པོར་སྦས་ལ། ཨོཾ༔ སངས་རྒྱས་སྤྱན་མའི་རང་བཞིན་ས་ཡི་དབྱིངས༔ རིག་རྩལ་བདུད་རྩིའི་བཅུད་མཆོག་བདེ་བ་ཆེ༔ ཟུང་འཇུག་ཐིག་ལེ་གཅིག་ཏུ་རྒྱས་བཏབ་པས༔ མཐོང་ཚད་རྣམ་གྲོལ་ཕྱོགས་ཀུན་དགེ་བར་ཤོག༔ ལཱཾ་ལོ་ཙ་ན་ཨ་མྲྀཏ་སིདྡྷི་ཀ་ལ་ཤ་ཏིཥྛ་བྷྲཱུྃ༔ ཞེས་པའི་སྨོན་ལམ་ལན་གསུམ་བརྗོད་ཅིང་འབྲེལ་ཆགས་པའི་སྨོན་ལམ་སྤྱི་དང་བཀྲ་ཤིས་རྒྱས་པར་སྤེལ་བ་གཞན་རྣམས་ལའང་འགྲེས། ཆུའི་ལས་ནི། རྒྱུན་བབས་ཀྱི་ཆུ་ཀླུང་ཆེན་པོར་བཏབ་ལ། ཨོཾ༔ རིན་ཆེན་མཱ་ཀིའི་རང་བཞིན་ཆུ་ཡི་དབྱིངས༔ རིག་རྩལ་བདུད་རྩི་ཟུང་འཇུག་མཉམ་སྦྱོར་བས༔ དཀར་ཕྱོགས་ལྷ་ཀླུའི་ཚོགས་ཀྱིས་མཆོད་པ་དང་། མྱང་ཚད་རྣམ་གྲོལ་རྟག་ཏུ་བཀྲ་ཤིས་ཤོག༔ མཱཾ་མཱ་མ་ཀི་ཨ་མྲྀཏ་སིདྡྷི་ཨུ་ད་ཀ་སྥ་ར་ཎ་ཕཊ༔ ཅེས་སོ། །མེའི་ལས་ནི། བུད་ཤིང་གི་མེ་སྦར་བའི་ནང་དུ་བསྲེག་ལ། ཨོཾ༔ པདྨ་གོས་དཀར་རང་བཞིན་འབར་བའི་དབྱིངས༔ རིག་རྩལ་བདུད་རྩི་ཟུང་འཇུག་སྟོབ་ཅིང་བསྲེགས༔ ཚེ་དང་ལང་ཚོ་གཟི་བརྗིད་ནུས་སྟོབས་འབར༔ ཡེ་ཤེས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག༔ པཱཾ་རཱ་ག་ར་ཏཱི་ཨ་མྲྀཏ་སིདྡྷི་ཛྭ་ལ་རཾ་པུཥྚིཾིཾ་ཨོཾ༔ ཞེས་སོ། །རླུང་གི་ལས་ནི། བཟང་ཤིང་དུད་པ་དང་སྦྱར་ཏེ་རི་རྩེ་ལ་སོགས་པར་རླུང་གིས་ཀུན་ཏུ་ཁྱབ་པར་བྱས་ལ། ཨོཾ༔ ཕྲིན་ལས་དམ་ཚིག་སྒྲོལ་མ་རླུང་གི་དབྱིངས༔ རིག་རྩལ་བདུད་རྩི་ཟུང་འཇུག་མཆོག་གི་དྲིས༔ སྣོད་བཅུད་གྲིབ་སེལ་ནད་གདོན་སྡིག་སྒྲིབ་ཞི༔ ཚོར་ཚད་རྣམ་གྲོལ་བཀྲ་ཤིས་བདེ་ལེགས་ཤོག༔ ཏཱཾ་ཏཱ་ར་ཨ་མྲྀཏ་སིདྡྷི་བི་ཤུདྡྷེ་ཨོཾ༔ ཞེས་སོ། །ནམ་མཁའི་ལས་སྦྱོར་ནི། ཆོས་སྨན་རིན་ཆེན་གྭའུར་བཅུག་པ་སྤྱི་བོའི་གཙུག་གམ་མགུལ་དུ་བཏགས་ལ། བདག་ཉིད་རང་བཞིན་དཀྱིལ་འཁོར་དང༔ དོན་གྱི་བདུད་རྩི་ནམ་མཁའི་དབྱིངས༔ དབྱེར་མེད་ཡེ་ཤེས་སྲོག་འགྲུབ་བསམ༔ ཨོཾ༔ མཁའ་ཁྱབ་དབྱིངས་ཕྱུག་ཡུམ་གྱི་བྷ་གའི་ཀློང༔ རིག་པ་བདུད་རྩི་ཟུང་འཇུག་ཐིག་ལེར་འཁྱིལ༔ ཆོས་ཉིད་ཁྱབ་བརྡལ་དགོངས་པ་མངོན་གྱུར་ནས༔ ཕྱམ་གཅིག་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ མཱུཾ་དྷ་ཏཱི་ཤྭ་རཱི་ཨ་མྲྀཏ་སིདྡྷི་ས་མ་ཡ་ཛྙཱ་ན་ཨ་ཨ་ཨ༔ ཞེས་བརྗོད་ལ་ཆོས་ཉིད་ཀྱི་དགོངས་པའི་གདིང་བསྐྱེད་དོ། །གཉིས་པ་ཁྱད་པར་རྒྱས་པའི་སྦྱིན་སྲེག་གིས་ལྷ་ལ་སྨན་ཕུད་འབུལ་བ་ནི། གང་དུ་བྱ་བའི་གནས་གཞན་ཡིན་ན་ལྷའི་ང་རྒྱལ་དང་ལྡན་པས་ས་བདག་ལ་གཏོར་མ་བསྔོ། ལག་པ་རྡོ་རྗེ་བཅས་ས་ལ་བཞག་སྟེ་ཞི་དྲག་གི་སྔགས་བརྗོད། ཆོས་ཐམས་ཅད་སྟོང་ཉིད་དུ་མོས་ལ་སྭ་བྷཱ་བ་བརྗོད་པ་ཀུན་རྫོབ་དོན་དམ་ཀྱི་སྦྱོང་བ་ཙམ་བྱ། དཀྱིལ་འཁོར་གྱི་ཁང་པ་དེ་གར་ཡིན་ན་མི་དགོས། མེ་ཐབ་སྟེགས་བུ་དྲི་བཟང་དང་བ་བྱུང་ལྔ་སྦྱར་བས་ཆག་ཆག་བཏབ་པ་ལ་ཚངས་ཟུར་གྱི་ཐིག་གདབ། ལྟེ་བར་ཁྲུ་གང་བའི་གྲུ་བཞིར་བཅད། དེ་རྒྱབ་མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ཐབ་དབུས་རིན་ཆེན་འབར་བ། མུ་རན་ལ་མེ་རི་གཡས་སྐོར། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཐམས་ཅད་ཁ་དོག་སེར་པོ་རྐྱང་པས་བྲི། མེ་ཏོག་སེར་པོ་བཀྲམ། འབྲས་བུ་ཅན་གྱི་ཤིང་ཚེར་མ་མེད་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཡས་གཡོན་དུ་སྟེགས་བུ་དར་སེར་པོས་བཀབ་པའི་སློབ་དཔོན་གྱི་གཡོན་ཕྱོགས་སུ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་གྲུ་བཞི་སེར་པོ། སྨན་རཀ །ཚོགས་ཕུད་རྣམས་བཀོད། གཡས་སུ་མངར་གསུམ་སྦྱར་བའི་མར་ཁུ། འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་པ་མངར་གསུམ་དང་མར་ཁུས་བྱུགས་པ་བརྒྱ་རྩ་བརྒྱད་སོགས། རིན་པོ་ཆེའི་སྣོད་སོགས་གྲུ་བཞི་སེར་པོའི་ནང་ཟས་མཆོག་ཆོས་སྨན་དང་སྦྱར་བ། གོས་ཟུང་སེར་པོ། སོ་རྩི་རྣམས་བཀོད། ཉི་ཤར་དུས་སུ་སློབ་དཔོན་ཆས་གོས་སེར་པོ་དང་ལྡན་པས་དགའ་ཞིང་སྤྲོ་ལ་ངོམས་པའི་སེམས་ཀྱིས་ཁ་བྱང་དུ་ཕྱོགས་པར་བཟང་པོའི་སྟབས་ཀྱིས་འཁོད་པའི་མདུན་དང་ཐབ་ཀྱི་བར་དུ་ལས་བུམ། རྡོར་དྲིལ། དགང་བླུགས་རྣམས་བཞག་ལ། སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། སྒྲུབ་ཆེན་སྐབས་སྔགས་མཐར་ཕཊ་ཛཿབཏགས་པས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་གཉིས་པར་ཕྱེ་སྟེ་ལས་ལ་འཇུག་པར་མོས། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་དང་། ཨོཾ་བཛྲ་གྷཎྜེ་ཨཱ༔ ཞེས་དྲིལ་བུ་བཟུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་འཁྱུད་རྒྱ་བྱ། བསང་ཆུ་ཐམས་ཅད་ལ་འཐོར་ཏེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་མཆོད་སྲེག་རྫས༔ རང་རང་མིང་ཡིག་དང་པོ་ལས༔ ཟག་མེད་བདེ་བའི་ལོངས་སྤྱོད་མཆོག༔ ལྷ་ཚོགས་རྗེས་སྐོང་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ བཛྲ་སྥ་ར་ཎ་ཁཾ༔ ཨ༔ སྣོད་བཅུད་སྣང་སྲིད་ཆོས་སོ་ཅོག༔ གདོད་ནས་རྣམ་དག་སྟོང་པ་ཆེ༔ རིགས་ཀྱི་ཡུམ་ལྔའི་རང་བཞིན་ཉིད༔ འཕེལ་འགྲིབ་བྲལ་བར་གནས་པ་ལས༔ དབྱིངས་ཕྱུག་རྡོ་རྗེ་ནམ་མཁའི་དཀྱིལ༔ རྡུལ་བྲལ་འོད་གསལ་ཆེན་པོའི་ངང༔ མི་འགྱུར་སངས་རྒྱས་སྤྱན་མའི་ཐབ༔ མཚན་ཉིད་ཡོངས་རྫོགས་བཀོད་པས་བརྗིད༔ དེ་དབུས་ཚ་ཞིང་བསྲེག་པའི་མེ༔ གོས་དཀར་ཡུམ་དུ་སྙོམས་ཞུགས་པ༔ དམ་ཚིག་སྒྲོལ་མའི་རླུང་གི་ཤུགས༔ རེག་པས་འབར་ཞིང་འཁྱིལ་པའི་ཀློང༔ རིན་ཆེན་གཞལ་ཡས་མཚན་རྫོགས་དགུའི། །དབུས་སུ་འཁོར་ལོ་རྩིབས་བཞི་དང་། །པདྨ་ཟླ་ཉི་བྱོལ་སོང་སོགས། །སོ་སོའི་གདན་རྣམས་གསལ་བར་གྱུར། །སྲེག་རྐྱང་སྐབས་ལྷ་བསྐྱེད་དང་སྦྲེལ། སྒྲུབ་ཆེན་སྐབས་སུ་འདིར་ལས་བྱང་གི་སྤྱན་འདྲེན་བརྗོད་ཅིང་ཚོམ་བུ་སྤྱན་དྲངས། སློབ་དཔོན་གྱིས་མེ་ཏོག་ཐབ་ཏུ་དོར་ལ་དཔལ་དགུའི་སྔགས་བརྗོད། ལས་བྱང་ལྟར་བཞུགས་གསོལ་བྱ། གསལ་གདབ་པ་ནི། དབུས་སུ་ཆེ་མཆོག་ཡོན་ཏན་ལྷ། །ཤར་དུ་ཡང་དག་ལྷོར་གཤིན་རྗེ། །ནུབ་ཏུ་རྟ་མགྲིན་བྱང་ཕུར་པ། །མཚམས་བཞིར་མ་མོ་རིག་འཛིན་དང་། །དྲེགས་འདུལ་དྲག་སྔགས་སྒྲུབ་སྡེ་བརྒྱད། །དཔལ་གྱི་བཀའ་སྡོད་ཚོགས་དང་བཅས། །སྒེག་མཛེས་གསེར་མདངས་འོད་འཕྲོ་བས༔ རྒྱས་པའི་ལས་ཀུན་མཛད་པར་གསལ༔ སྒྲུབ་ཆེན་སྐབས་འདི་ནས་མཆོད་བསྟོད་ལ་འཇུག་པས་ཆོག །སྲེག་རྐྱང་ལ་སྔ་མའི་འཕྲོས་སུ། སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དབང་བསྐུར་རིགས་ལྔས་དབུ་བརྒྱན་གྱུར། །ཅེས་བསྒོམ་ལ་སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་གཏང་། དེ་ནས་དགང་བླུགས་ཐོགས་ལ། ཧཱུྃ༔ ཐབས་དང་ཤེས་རབ་འབྲེལ་བ་ཡི༔ རྡོ་རྗེའི་དགང་བླུགས་ཁ་སྦྱོར་ལས༔ ཟག་མེད་བདུད་རྩིའི་མཆོད་སྤྲིན་འཕྲོས༔ ལྷ་ཚོགས་ལྗགས་སྟེང་འབར་བའི་རཾ༔ དེ་ལས་འོད་ཀྱི་སྦུ་གུས་དྲངས༔ དགྱེས་བཞེས་ཟག་མེད་བདེ་བས་ཚིམས༔ འབར་བའི་སྣང་ཆེན་མཁའ་ཁྱབ་འཕྲོས༔ འདོད་པའི་ལས་ཀུན་ལྷུན་གྲུབ་གྱུར༔ བསྙེན་སྒྲུབ་སྔགས་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ བཏགས་ལ་ཉེར་གཅིག་གིས་བྱོན་སྐྱེམས་མར་ཁུ་དང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔ བཏགས་ལ་དེ་མཚུངས་ཀྱིས་མེ་སྲོག་ཡམ་ཤིང་ཕུལ། གཤམ་གསལ་སྤེལ་ཚིག་བརྗོད། སླར་མར་ཁུ། ཡམ་ཤིང་གོང་མཚུངས་བརྒྱ་རྩ་སོགས་ཕུལ་ལ་འདོད་གསོལ་སོ་སོར་སྦྱར། ཁྱད་པར་གྱི་བསྲེག་རྫས་སྨན་དང་སྦྱར་བའི་ཟས་མཆོག་བསྲེག་ལ། ལྷ་སྔགས་མཐར། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་སཾ་པ་དེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་ནས་སྟོང་ཕྲག་ལ་སོགས་པ་གང་མང་འབུལ་མཚམས་རྣམས་སུ་འདོད་གསོལ་ནི། བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་བསོད་དཔལ་འབྱོར་ཤེས་རབ་དང༔ རྣམ་གྲོལ་མཆོག་གི་ཡེ་ཤེས་ཆེ༔ འཕེལ་རྒྱས་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང་སྐབས་སུ་གོང་གི །ཨོཾ༔ པདྨ་གོས་དཀར་སོགས་བརྗོད་དོ། །བསྲེག་རྫས་ཀྱི་གྲངས་སོགས་པ་དང་གོང་གི་བྱོན་སྐྱེམས་སྐབས་ལྟར་མར་ཁུ་དང་ཡམ་ཤིང་སྨན་རྣམས་འབུལ། ཨོཾ་བཛྲ་བསཏྲ་ཨཱཿཧཱུྃ། ཞེས་པས་གོས་ཟུང་། ཨོཾ་བཛྲ་ཏམྦུ་ལ་ཨཱཿཧཱུྃ། ཞེས་པས་སོ་རྩི། ཨོཾ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་ཚོགས་དབུལ། ལས་བྱང་ལྟར་དངོས་གྲུབ་བླང་། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས་ལ་ཚོམ་བུ་ཡོད་ན་དཀྱིལ་འཁོར་དུ་སྤྱན་དྲངས་ཏེ་སླར་བསྟིམ། དམ་ཚིག་རང་ལ་གཉིས་མེད་ཐིམ༔ བདེ་ཆེན་སྣང་བ་རྒྱས་པར་གྱུར༔ ཅེས་མོས། བསྔོ་སྨོན་དང་ཤིས་བརྗོད་ཀྱི་མེ་ཏོག་འཐོར། ལས་གཞན་གསུམ་བྱ་བར་འདོད་ན་ཐབ་ཡོ་བྱད་ཆས་གོས་སོགས་སོ་སོའི་ལུགས་གཞིར་བཞག །ཆོ་ག་སྔ་མ་ཁ་བསྒྱུར་བས་འགྲུབ་སྟེ། ཞི་བ་ལ། སྒེག་མཛེས་སོགས་ཀྱི་མལ་དུ། དགྱེས་འཛུམ་ཟླ་ཤེལ་འོད་ཟེར་འཕྲོ༔ ཞི་བའི་ལས་ཀུན་མཛད་པར་གྱུར༔ ཅེས་བསྒྱུར། ཁྱད་པར་རྫས་ཏིལ་ནག་དང་ཆོས་སྨན་སྦྱར་བ་ཕུལ་ལ། སྔགས་ཤམ་དུ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཞེས་དང་། བདག་ཅག་འཁོར་དང་བཅས་པ་ཡི༔ ཉམས་ཆག་རྟོག་སྒྲིབ་བར་ཆད་བགེགས༔ ནད་གདོན་ཕྱི་ནང་ཉེར་འཚེའི་ཚོགས༔ སརྦ་ཤནྟིཾ་ཀུ་རུ་ཧཱུྃ༔ ཞེས་པའི་གསོལ་བྱང་གདགས། དབང་ལ། རྗེས་ཆགས་འཆར་ཁའི་དམར་འོད་འཕྲོ༔ དབང་གི་ལས་ཀུན་མཛད་པར་གསལ༔ ཅེས་བསྒྱུར། ཁྱད་པར་རྫས་མེ་ཏོག་དམར་པོ་ཆང་དང་ཆོས་སྨན་སྦྱར་བ་ཕུལ་ལ། སྔགས་ཤམ་དུ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་རཀྟ་པུཥྤེ་མ་ད་ན་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ཡི༔ དབང་དུ་འཁོར་འདས་སྣོད་བཅུད་ཀྱི༔ ལེགས་པའི་དཔལ་དང་ཡོན་ཏན་ཚོགས༔ སརྦ་ཝ་ཤང་ཀུ་རུ་ཧོ༔ ཞེས་གདགས། དྲག་པོ་ལ། ཁྲོ་གཏུམ་མཐིང་མདངས་མེ་མཚོན་གྱིས༔ དྲག་པོའི་ལས་ཀུན་མཛད་པར་གསལ༔ ཅེས་བསྒྱུར། ཁྱད་པར་རྫས་ཡུངས་ཀར་དང་ཆོས་སྨན་སྦྱར་བ་ཕུལ་ལ། སྔགས་ཤམ་དུ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་སརྦ་བིགྷྣཱན་ད་ཧ་ན་སྭཱ་ཧཱ༔ རྣལ་འབྱོར་བདག་ཅག་འཁོར་བཅས་དང༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ ནད་གདོན་དགྲ་བགེགས་བདུད་བཞིའི་ཚོགས༔ སྡེར་བཅས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདགས་སོ། །གཉིས་པ་བདུད་རྩི་དེ་ཉིད་རྒྱུན་དུ་བསྟེན་ཚུལ་ནི། གཞུང་ཉིད་ལས། ཁྱད་པར་ཉམས་ཆག་བསྐང་བ་དང༔ རྟོགས་གྲོལ་ཡེ་ཤེས་རྒྱས་པའི་ཕྱིར༔ རབ་ཀྱིས་ཐུན་རྣམས་ཐམས་ཅད་དང༔ འབྲིང་གིས་ཉིན་ཞག་ཕྲུགས་རེ་སྟེ༔ ཐ་མས་དུས་བཟང་ཐམས་ཅད་དུ༔ བདུད་རྩི་དམ་ཚིག་ཚུལ་བཞིན་བསྟེན༔ ཅེས་གསུངས་པ་ལྟར་ལག་ལེན་དུ་བྱའོ། །གསུམ་པ་དེ་དག་གི་དགོས་པ་དང་ཕན་ཡོན་ཀྱང་། གཞུང་ལས། དེ་ལྟར་སྒྲུབ་དང་ལས་སྦྱོར་གྱི༔ དགོས་ཆེད་ཕན་ཡོན་མཐའ་ཡས་ཀྱང༔ མདོར་བསྡུས་རྒྱུད་ལས་གསུངས་པ་ནི༔ ཁམས་གསུམ་ཉོན་མོངས་དུག་ཆེན་ལ༔ ཡེ་ཤེས་མཆོག་གི་རྩི་སྦྱར་བས༔ ལྕགས་ལ་གསེར་འགྱུར་ཐེབས་པ་ལྟར༔ སྐད་ཅིག་གིས་ནི་རྣམ་པར་གྲོལ༔ བདུད་རྩི་སྤྱི་བོར་བཅངས་པ་ཡིས༔ དུས་གསུམ་བདེ་གཤེགས་བསྙེན་བསྐུར་འགྱུར༔ མགུལ་ལམ་དཔུང་པར་བཏགས་པས་ཀྱང༔ ཕྱོགས་བཅུའི་རྒྱལ་བས་སྲས་སུ་དགོངས༔ རིག་འཛིན་མཁའ་འགྲོ་ངང་གིས་འདུ༔ རྩ་ཁམས་རླུང་ལ་བྱིན་ཆེན་འབེབ༔ རྡོ་རྗེའི་སྲུང་བ་ཆེན་པོར་འགྱུར༔ བྱད་ཕུར་རྦོད་གཏོང་གདོན་དང་བགེགས༔ གང་གིས་མི་ཚུགས་ཐུབ་པ་མེད༔ དུས་དང་རྒྱུན་དུ་མྱང་བ་ཡིས༔ ཚེ་དང་སྐོང་དང་ཡིད་དུ་འོང༔ བགེགས་རྣམས་ཞི་ལ་སོགས་པ་དང༔ ནད་དང་བྲལ་ནས་ཅི་འདོད་པའི༔ ཡོན་ཏན་རྩ་བརྒྱད་འདི་ཡིས་ཐོབ༔ དམ་ཚིག་སྡོམ་པ་ཕུན་སུམ་ཚོགས༔ རང་བྱུང་བདེ་ཆེན་ཡེ་ཤེས་བརྙེས༔ རྒྱུད་ལྔ་དག་ཅིང་དུག་ལྔ་སེལ༔ ཡེ་ཤེས་ལྔ་ལྡན་སྐུ་ལྔ་འཐོབ༔ བདེ་གཤེགས་ཀུན་མཉེས་འགྲོ་དོན་འགྲུབ༔ འཇིག་རྟེན་སྤྱོད་པས་མི་ཚུགས་སོ༔ བདུད་རྩིའི་ཟེགས་མ་འཐོར་བས་ཀྱང༔ བླ་མར་ཕོག་ན་བྱིན་རླབས་འབེབ༔ ལྷ་ལ་ཕོག་ན་དགྱེས་པ་སྐོང༔ ཆོས་སྲུང་ལ་ཕོག་ལས་ལ་མྱུར༔ དཔའ་བོ་མཁའ་འགྲོ་ལ་ཕོག་ན༔ ཉེ་རྒྱུའི་སྤྱོད་པའི་གྲོགས་ཀྱང་བྱེད༔ མཆེད་ལ་ཕོག་ན་དབང་དུ་འདུ༔ གནས་དང་ཡོ་བྱད་རང་ལུས་ལ༔ ཕོག་པས་ཉམས་གྲིབ་མ་དག་སྦྱོང༔ དག་གཙང་ཡིད་དགའ་ཉམས་རྟོགས་འཕེལ༔ ནད་དང་གདོན་དང་སྡུག་བསྔལ་སྦྱོང༔ བགེགས་དང་བར་དུ་གཅོད་པ་དང༔ དྲག་པོ་གཏུམ་པོའང་ལྷན་ནེར་འཆིང༔ ཆ་ཤས་ཁོང་དུ་སོང་བས་ཀྱང༔ དམན་པའི་དུད་འགྲོ་ ཡིན་ཀྱང་རུང༔ རྡོ་རྗེའི་རིགས་སུ་བྱིན་བརླབས་པས༔ སྒྲིབ་དག་ཐར་པའི་ས་བོན་ཐེབས༔ མདོར་ན་མཐོང་བས་སྡིག་ལྟུང་དག༔ དྲི་ཚོར་གྲིབ་སེལ་ཉམས་ཆག་སྐོང༔ རེག་པས་བདེ་ཆེན་རྒྱུད་ལ་འཆར༔ མྱོང་བས་མངོན་སུམ་ཡེ་ཤེས་སྐྱེ༔ འཆང་བས་སྲུང་དང་རྒྱས་དབང་འགྱུར༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་ཀྱང༔ རྡོ་རྗེའི་ཞིང་དུ་བྱིན་བརླབས་པས༔ དཀར་ཕྱོགས་ལྷ་ཀླུ་དབུ་འཕང་མཐོ༔ ཆར་ཆུ་དུས་འབེབ་ལོ་ཕྱུགས་ལེགས༔ ནག་ཕྱོགས་འདྲེ་གདོན་རིང་དུ་འབྱེར༔ ནད་མུག་འཐབ་རྩོད་མཚོན་འཁྲུགས་ཞི༔ རིག་འཛིན་ཌཱ་ཀིའི་འདུ་བ་ཡིས༔ སྣོད་བཅུད་རྒུད་པ་གསོ་བ་དང༔ ལེགས་ཕྱོགས་སྤེལ་བའི་ཕུལ་དུ་འགྱུར༔ ཨེ་མ་ངོ་མཚར་ཐབས་ཆེན་པོ༔ ཡོན་ཏན་བདུད་རྩིའི་ཧེ་རུ་ཀའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འདི་ཉིད་ཁོ་ནར་ཡིད་རྟོན་ཅིག༔ ཅེས་སོགས་རྒྱ་ཆེར་བཀའ་བསྩལ་ལྟར༔ ངེས་ཤེས་བསྐྱེད་ཅིང་དད་པ་དང༔ དམ་ཚིག་དག་པས་འདིར་བསྟེན་ན༔ དེ་ནི་སྐལ་བཟང་རིག་པ་འཛིན༔ ཧེ་རུ་ཀ་ཡི་གདུང་འཚོབ་བོ༔ དེ་བས་རིག་འཛིན་རྣམ་གསུམ་གྱི༔ བརྒྱུད་འཛིན་མ་འོངས་རྣལ་འབྱོར་རྣམས༔ ཚུལ་འདི་སྙིང་ལ་གཡར་དམ་ཟུངས༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ ཞེས་རྒྱུད་ཀྱི་ལུང་དང་རྗེས་སུ་གདམས་པ་བསྩལ་པའི་དོན་ཉིད་རྗེས་འཇུག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས་སྙིང་གི་ཐིག་ལེར་བཅང་བར་བྱའོ། །འཕྲོས་དོན་རྣལ་འབྱོར་པ་གཅིག་པུས་སྤྲོས་མེད་གཅིག་སྒྲུབ་བྱེད་ན། ས་ཆོག་ནས་བརྩམ་སྔོན་འགྲོའི་རིགས་རྒྱས་པ་མི་དགོས་པས་དཀར་བགེགས་གཏང་། རྒྱལ་ཐོ་ཕྱོགས་བསྡུས་འཛུག །སྲུང་འཁོར་མཚམས་གཅོད་རྒྱན་བཀོད་བྱས་ཏེ་བསྙེན་སྒྲུབ་དངོས་ལ་འཇུག །བསྙེན་རྒྱུན་མི་འགྲུབ་པ་ཙམ་ལས་འདོན་བྱ་ལག་ལེན་གྱི་གཞུང་གོང་སྨོས་ལྟར་ལ་ཐུན་བཞིར་བཅད། ཉུལ་ལེ་སྐྲོད་པ། བྱིན་འབེབ། རྗེས་དངོས་གྲུབ་བླང་བ་སོགས་ལས་སྒྲུབ་ཁོག་ཚང་བ་སྦྱོར་མི་དགོས་པའང་ཤེས་པར་བྱའོ། །གསང་སྔགས་ཐབས་ཀྱིས་ཆེ་བའི་མྱུར་ལམ་ལས། །འབྲེལ་ཚད་འགྲོ་ཀུན་ཕྱིར་མི་ལྡོག་འགྱུར་བའི། །རིང་ལུགས་སྐྱོང་མཛད་རིག་པ་འཛིན་དབང་གིས། །ས་ཆེན་ཡོངས་ཁྱབ་མཆོག་བསྟན་རྒྱས་བྱེད་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ལུང་སྤྱི་བོར་ཕེབས་པ་ལྟར་རྗེ་ཉིད་ཀྱི་དགོངས་གཏེར་འཕགས་མའི་སྙིང་ཐིག་ལས་འཆི་མེད་རིག་འཛིན་རྣམ་གསུམ་གྱི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས་འབྱུང་བའི་གཞུང་ཉིད་ལྷ་སྔགས་ཁ་བསྒྱུར་དང་ལག་ལེན་རྣམ་པར་གསལ་བས་བརྒྱན་པ་བལྟས་ཆོག་ཉིད་དུ། དུས་ཞབས་ཀྱི་སྒྲུབ་པ་པོའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།

སྤྲོས་མེད་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་ཉི་མའི་མདངས་འོད་ (Volume 42, Text 20)

སྤྲོས་མེད་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་ཉི་མའི་མདངས་འོད་བཞུགས་སོ། །ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི། སྤྲོས་མེད་རྫས་གཅིག་ལ་བརྟེན་ནས་སྡིག་སྒྲིབ་བར་ཆད་སྦྱང་བ་ནི། མདུན་དུ་མེ་དང་། རྫས་ཏིལ་ནག་པོ་འདུ་བྱས་ལ། བདག་གཞན་དམིགས་ཡུལ་ཐམས་ཅད་ཀྱི། །སྡིག་སྒྲིབ་བག་ཆགས་རྣམ་སྨིན་ཀུན། །བསྡུས་ནས་ཏིལ་ལ་ཐིམ་པར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད། རང་མདུན་མེ་དཀྱིལ་རྡོར་སེམས་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །རྒྱན་ལྡན་སྐྱིལ་མོ་ཀྲུང་གིས་བཞུགས། །ཞལ་དུ་སྡིག་སྒྲིབ་ཕུལ་བས་བསྲེགས། །ཨོཾ་བཛྲ་སཏྭ་ཧཱུྃ། སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བརྒྱ་རྩ་སོགས་ཅི་འགྲུབ་འབུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། རིགས་འདུས་མངའ་བདག་ཧེ་རུ་ཀ །རབ་དཀར་རྡོ་རྗེ་དྲིལ་བུ་འཛིན། །ལས་སྒྲིབ་སྦྱོང་བའི་མཐུ་སྟོབས་ཅན། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །བདག་འཛིན་འཆིང་བའི་བག་ཆགས་དང་། །རྣམ་སྨིན་དུག་ལྔའི་འབྲས་བུ་ཀུན། །མ་ལུས་ཡེ་ཤེས་མེས་བསྲེགས་ནས། །བྱང་ཞིང་དག་པར་མཛད་དུ་གསོལ། །མདུན་གྱི་རྡོར་སེམས་རང་ལ་ཐིམ། །ཀ་དག་ཆོས་དབྱིངས་དོན་རྟོགས་ནས། །མྱུར་དུ་སངས་རྒྱས་སར་འཁོད་ཤོག །ཅེས་པ་འདི་ཡང་དད་ལྡན་འགའ་ཞིག་གིས་བསྐུལ་ངོར་རིག་སྔགས་འཆང་བ་ཧ་ཡ་གྲཱི་བ་ནཱ་ཐས་སྦྱར་པ་མངྒ་ལཾ།། །།

བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པ་ (Volume 19, Text 20)

བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ཀྱི། །པདྨ་སྟོང་ལྡན་འོད་ཀྱི་གཞལ་ཡས་སུ། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་ཚེ་དབང་ཐོབ་པར་བྱིན་གྱིས་རློབས། །ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་སུ། །འོད་གསལ་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ། །ཚེ་བདག་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །འགྱུར་མེད་སྐུ་ལྔ་ཐོབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་གནས་མཆོག་ཏུ། །རང་བྱུང་འགྱུར་བ་མེད་པའི་གཞལ་ཡས་སུ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྐྱེ་འཆི་འགྱུར་མེད་ཐོབ་པར་བྱིན་གྱིས་རློབས། །རྔ་ཡབ་ཟངས་མདོག་དཔལ་རིའི་གནས་མཆོག་ཏུ། །ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་སུ། །རིག་འཛིན་པདྨ་ཐོད་ཕྲེང་ལ༴ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི །སྒྲུབ་གནས་ཨཱརྱ་པ་ལོའི་གནས་མཆོག་ཏུ། །གྲུབ་ཆེན་རྗེ་འབངས་གྲོགས་ལྔ་ལ༴ ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྒྱལ་ཁམས་ཕྱོགས་མེད་གནས་ཀྱི་དམ་པ་རུ། །སྣང་བ་རང་སར་གྲོལ་བའི་ཕོ་བྲང་དུ། །ཆོས་རྒྱལ་རཏྣ་གླིང་པ་ལ༴ ཐུགས་རྒྱུད་བྱིན་རླབས་འཕོ་བར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ༴ འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས། །རང་ལུས་རྩ་ཁམས་དག་པའི་དཀྱིལ་འཁོར་དུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །བཀའ་གསང་དམ་ཚིག་གཉན་པོའི་ཕོ་བྲང་ནས། །བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ལ༴ སངས་རྒྱས་བསྟན་པ་དར་བར་བྱིན་གྱིས་རློབས། །ཕྱོགས་མེད་སྣང་བ་དག་པའི་ཞིང་ཁམས་སུ། །མཆེད་གྲོགས་ཆོས་མཛད་རྣམས་ལ༴ དག་སྣང་ཕྱོགས་མེད་འབྱོངས་བར་བྱིན་གྱིས་རློབས། །བཀའ་དྲིན་ཅན་གྱི་བཀའ་བརྒྱུད་བླ་མ་རྣམས། །རབ་གུས་གདུང་བ་ཆེན་པོས་གསོལ་བ་འདེབས། །སྐལ་ལྡན་བདག་ལ་དབང་སྐུར་བྱིན་རློབས་ལ། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པ་ཡི། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱི་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་བྱིན་གྱིས་རློབས། །མཆོག་ཏུ་སྐུ་ཚེ་རིང་བར་བྱིན་གྱིས་རློབས། །ཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །བླ་མ་དང་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་གསོལ་འདེབས་འདི། རྗེ་འབངས་གྲོགས་ལྔ་ཡན་ནི་ཤོག་སེར་ལས་ཡིན་ཞིང་། འོག་མ་རྣམས་ཅུང་ཟད་བསྐྱེད་པ་འདི། མེ་ཕོ་སྟག་གི་ལོ་ལ་དྭངས་སྤྲོ་བསམ་གཏན་གླིང་དུ་རཏྣ་གླིང་པས་ཡི་གེར་བཀོད་པའོ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འགྲོ་འདུལ་ཕྲིན་ལས་ (Volume 59, Text 20)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འགྲོ་འདུལ་ཕྲིན་ལས་བཞུགས༔ ྈྈྈྈ འགྲོ་འདུལ་ཕྲིན་ལས་མཁའ་མཉམ་པ༔ འཇམ་དཔལ་རྡོ་རྗེ་ལ་བཏུད་ནས༔ སྙིང་རྗེར་ལྡན་པའི་གང་ཟག་གིས༔ སྐུ་གདུང་འབར་བ་བཞེངས་པར་བྱ༔ ས་མ་ཡ༔ དེ་ལ་ཚུལ་གསུམ་དང་ལྡན་པ༔ སྤྲུལ་པའི་རིགས་བརྒྱུད་ཆད་པ་ན༔ འགྲོ་འདུལ་ཐུགས་རྗེའི་དཔྱང་ཐག་ཆད༔ དེ་ལས་ལྡོག་པར་བྱ་བའི་ཕྱིར༔ དང་པོ་བསོད་ནམས་ཚོགས་གསག་སླད༔ དཔལ་དང་ལྡན་པའི་ས་གཞི་ལ༔ ཆོ་ག་བཞིན་དུ་ལེགས་པར་བཅག༔ མི་ཟད་གཏེར་དུ་བསྒྲུབས་པ་སྦས༔ ཤིས་པའི་ས་རྡོ་ཤིང་ལ་སོགས༔ ཇི་ལྟར་བཞེངས་པ་དེ་ཙམ་བསགས༔ ཡི་གེ་ལྔ་རུ་དམིགས་བྱས་ནས༔ འོད་ཀྱིས་སངས་རྒྱས་བྱིན་རླབས་བསྡུས༔ ཡིད་བཞིན་ནོར་བུ་ཉིད་དུ་བསམ༔ སྙིང་པོ་འབུམ་ཕྲག་བཟླས་པས་བརླབ༔ ཇི་ལྟར་འོས་པའི་ཁྲི་འཕང་ནང༔ ཆོས་སྐྱོང་གནོད་སྦྱིན་རྟེན་རྣམས་བཤམ༔ བང་རིམ་ལྔ་དང་ལྡན་པའི་སྟེང༔ བུམ་པ་གཞལ་ཡས་ཁང་དུ་བྱ༔ བྲེ་ནི་རིམ་པ་ལྔ་ལྡན་པའི༔ གློ་འབུར་རིན་ཆེན་འབར་བས་གཏམས༔ ཆོས་ཀྱི་འཁོར་ལོ་ལྔ་ལྡན་པ༔ བཅུ་གསུམ་ཆར་ཁེབས་ཏོག་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ མ་ལུས་ཀུན་གྱི་སྙིང་པོ་དང༔ རྒྱུད་ཀྱི་རྒྱལ་པོ་གསེར་གྱིས་བྲིས༔ ལྷ་གནས་རྣམས་སུ་སྐུ་དགྲམ་ཞིང༔ མཆོད་པ་ཡོ་བྱད་དུ་མས་བརྒྱན༔ གཞན་དུ་དཀྱིལ་འཁོར་བཤམས་པའི་ཁར༔ འཇམ་དཔལ་དཔའ་བོའི་གཟུགས་ལྡན་པའི༔ སཱཙྪ་ཁྲི་འབུམ་ལ་སོགས་བཀོད༔ ཇི་སྙེད་ཞིང་ཁམས་རབ་འབྱམས་རྣམས༔ གསེར་སྦྱངས་ལས་གྲུབ་མཆོད་རྟེན་གྱི༔ བུམ་པ་གཞལ་ཡས་ཁང་ཆེན་དབུས༔ འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་བཞུགས༔ དེ་ལས་སྐུ་གདུང་གྲངས་མེད་སྤྲོས༔ སངས་རྒྱས་མཛད་པ་སྒྲུབ་པར་བསམ༔ གཟུངས་དང་རྟོག་པ་གྲངས་མང་དང༔ ཕྱག་དང་བསྐོར་བ་ཕུ་དུད་འབུལ༔ དཀྱིལ་འཁོར་ཆེན་པོའི་ཐོ་ཕྱིར་བཞག༔ ཕྱི་དབྱིབས་མཆོད་རྟེན་ཇི་བཞིན་ལ༔ བུམ་པར་རྩ་བའི་དཀྱིལ་འཁོར་དང༔ དཀྱིལ་འཁོར་བསམ་ཡས་བསྒོམ་པར་བྱ༔ ཡེ་ཤེས་དགུག་བསྟིམ་མཆོད་ཅིང་བསྟོད༔ དོན་གཉིས་མཛད་པའི་བཟླས་པ་བྱ༔ བརྟན་བཞུགས་སྨོན་ལམ་རྒྱ་ཆེར་གདབ༔ སྤྲོས་པ་དུ་མའི་མཆོད་པ་ཡིས༔ མཆོད་རྟེན་དེ་ལ་མངའ་དབུལ་བས༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ བླ་ན་མེད་པའི་ཡེ་ཤེས་འཆར༔ ཐུན་མོང་འགྲོ་དོན་དཔག་མེད་འབྱུང༔ སྐུ་གདུང་སྒྱུ་འཕྲུལ་དྲྭ་བ་འོ༔ ས་མ་ཡ༔ དཀྱིལ་འཁོར་ལེགས་པར་བཞེངས་པའི་ཁར༔ རིན་ཆེན་ཟ་མ་ཏོག་གི་ནང༔ འཕགས་པ་རྣམས་ཀྱི་གདུང་རིང་བསྲེལ༔ བཞག་ལ་ཁྲི་འུའི་སྟེང་བཀོད་པ༔ གཟུངས་ཐག་བཏགས་ལ་མཆོད་པས་བསྐོར༔ ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས༔ རིང་བསྲེལ་འོད་ཀྱིས་གོང་བུའི་ཚོགས༔ ནམ་མཁའི་མཐའ་ཁྱབ་སྤྲོ་ཞིང་བསྡུ༔ སངས་རྒྱས་མཛད་པ་སྒྲུབ་པར་བསམ༔ ཨོཾ་མ་ཧཱ་ཤ་རཱི་རཾ་གི་ལི་གི་ལི་ཧཱུྃ་ཕཊ༔ སྣང་གསལ་སྔགས་ཀྱི་རྒྱུན་མི་གཅད༔ དམ་ཚིག་ལྡན་པས་མང་དུ་འཕེལ༔ ཡང་ན་ཅོང་ཞིའི་གཏའ་སྦྱར་བས༔ རིལ་བུ་དག་ཀྱང་བསྒྲུབ་པར་རུང༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ སྐུ་གདུང་དབང་མཆོག་སྦྱིན་པར་བྱ༔ སྐུ་གདུང་གཉིས་ཀའི་དབང་བསྐུར་རོ༔ ས་མ་ཡ༔ དེ་ལྟར་བསོད་ནམས་ཕུན་སུམ་ཚོགས༔ རིགས་དང་ལྡན་པའི་བུད་མེད་ལ༔ དབང་བསྐུར་རྒྱུད་བཤད་སྡོམ་པ་འབོགས༔ ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ༔ འཇམ་དཔལ་ཡབ་ཡུམ་བསྒོམས་བྱས་ལ༔ སྦྱོར་བའི་འོད་དམར་ལྕགས་ཀྱུ་ཡིས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་བཀུག༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་ལ༔ བསྐྱེད་ཅིང་བསྟིམ་ལ་རབ་གནས་བྱ༔ སྤྲུལ་པའི་སྐུ་མཆོག་འབྱུང་བར་འགྱུར༔ ས་མ་ཡ༔ མཆེད་ལྕམ་ལུ་གུ་རྒྱུད་སྦྲེལ་ནས༔ རྟོག་པ་ལས་བྱུང་གར་གྱི་ཚིག༔ ལེགས་པར་བརྗོད་ཅིང་བྲོ་བརྡུངས་པས༔ ལས་བཞིའི་ཕྲིན་ལས་མ་ལུས་འགྲུབ༔ དེ་ཡང་རྒྱན་གྱིས་ལེགས་བརྒྱན་ནས༔ ཚོགས་ཀྱི་འཁོར་ལོས་ལེགས་པར་མཆོད༔ སྟོན་མོས་ཀུན་ཀྱང་ཚིམ་པར་བྱ༔ ལས་ནི་བསྒྲུབ་པའི་གཙོ་བོ་འོ༔ ས་མ་ཡ༔ དར་རམ་རས་སམ་ཤོག་བུ་ལ༔ སྣག་ཚྭ་རྒྱལ་་་གསེར།བློན་་་དངུལ།འབངས་་་མཚལ།གང་འཛོམ༔ རྩིབས་བཞི་མུ་ཁྱུད་ལྔ་ལྡན་པའི༔ ལྟེ་བ་རྩིབས་ལ་རིགས་ལྔ་སྟེ༔ རྩིབས་མཆན་ཁྲོ་བོ་ཡབ་ཡུམ་དང༔ བསྡུ་ན་སོ་སོའི་རིག་པ་འབྲི༔ དང་པོར་རྟོག་པ་ལས་བྱུང་སྔགས༔ གཉིས་པར་ཞེན་ཟློག་ཡི་གེའི་ཚོགས༔ བར་མཚམས་ཐིག་ལེའི་ཡི་གེ་དྲུག༔ གསུམ་པར་དབྱངས་གསལ་རྟེན་འབྲེལ་གཟུངས༔ བཞི་པར་རྡོར་ར་ལྔ་མེ་རི༔ རིལ་བུའི་རྫས་ཀྱིས་ལེགས་པར་བྱུག༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ དོན་གཉིས་མཛད་པའི་བཟླས་པ་བྱ༔ འོད་ཞུ་ཡི་གེའི་འཁོར་ལོ་ལས༔ འོད་འཕྲོས་ལས་རྣམས་སྒྲུབ་པར་བསམ༔ མཐོང་བར་བཀྲམ་ན་མཐོང་གྲོལ་དང༔ བཏགས་ན་དབུགས་ལ་སླེབ་ཚད་གྲོལ༔ འཁོར་ལོ་འཆང་བའི་ལུས་ལ་ནི༔ རེག་པ་དག་ཀྱང་གྲོལ་བར་འགྱུར༔ རྒྱལ་དང་ཕུར་བུ་འཛོམ་པའི་ཉིན༔ བཏགས་ན་ཤེས་རབ་འཕེལ་བར་འགྱུར༔ རིན་ཆེན་འབྲུ་དང་སྨན་སྣ་ཚོགས༔ དར་ཟབ་བཟང་པོར་ལྷན་ཅིག་ཏུ༔ རིན་ཆེན་བུམ་པར་གཞུག་བྱས་ལ༔ གཙུག་ལག་ཁང་གི་སྒོ་གོང་དུ༔ བཀུར་སྟི་ཆེན་པོས་སྦས་པ་ན༔ དགེ་འདུན་འདུ་ཞིང་ཐོས་བསམ་འཕེལ༔ ཡང་ན་རྒྱུད་ཀྱི་རྒྱལ་པོ་ཉིད༔ ཡོངས་རྫོགས་གླེགས་བམ་ཚུལ་དུ་བཞེངས༔ ཚུལ་བཞིན་བསྒྲུབ་ཅིང་འཆང་བྱས་ན༔ ཡོན་ཏན་བསྔགས་པ་དཔག་ཡས་ཐོབ༔ ས་མ་ཡ༔ ཤུ་དག་དཀར་པོ་བཟང་པོ་དྲུག༔ གཙང་མའི་སྤང་རྒྱན་ཤིང་མངར་རྣམས༔ ལེགས་པར་བཏགས་ནས་རིལ་བུར་དྲིལ༔ ཟ་འོག་དམར་སེར་ཁུག་མར་བླུགས༔ རིན་ཆེན་ཟ་མ་ཏོག་ཏུ་གཞུག༔ དཀྱིལ་འཁོར་དབུས་སུ་རྣམ་རྒྱལ་གྱི༔ བུམ་པའི་ཁ་རུ་བཀོད་བྱས་ལ༔ གཟུངས་ཐག་བཏགས་ཤིང་མཆོད་པས་བསྐོར༔ ཟ་མ་ཏོག་ནི་གཞལ་ཡས་ཁང༔ རིལ་བུ་འཇམ་དཔལ་ཡབ་དང་ཡུམ༔ གཉིས་མེད་སྦྱོར་བའི་མཁའ་གསང་ནས༔ སྲས་ཀྱི་ཚོགས་རྣམས་རབ་སྤྲོས་པས༔ རང་རིག་ཡུམ་དང་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱིས་རྒྱལ་བ་མཆོད༔ མཁྱེན་རབ་ཡེ་ཤེས་ཐམས་ཅད་བསྡུས༔ འགྲོ་བ་ཀུན་ལ་དབང་བསྐུར་པས༔ ཡེ་ཤེས་སེམས་དཔའི་ས་ལ་བཀོད༔ སྣོད་བཅུད་ཀུན་གྱི་དྭངས་མ་བསྡུས༔ རིལ་བུའི་ལྷ་ལ་ཐིམ་པ་ཡིས༔ གསང་སྔགས་གཟི་བྱིན་འབར་བ་དང༔ དངོས་གྲུབ་བཅུད་དུ་འཁྱིལ་བར་བསམ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ པྲ་ཛྙཱ་ཛྙཱ་ན་སིདྡྷི་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ༔ ཞེས་བཏགས་རྒྱུན་མི་འཆད་པ་བཟླས༔ སྒྲ་འོད་འཕེལ་དང་དྲི་བཟང་འཐུལ༔ དེ་ཚེ་དངོས་གྲུབ་བླང་བའི་སྔགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ལྷ་རྣམས་བདུད་རྩིའི་གོང་བུར་བསམ༔ མྱོང་བས་ལུས་གང་བདེ་ཆེན་བསྐྱེད༔ སྐུ་གདུང་བཞིན་དུ་དབང་ཡང་བསྐུར༔ མཁྱེན་རབ་ཡེ་ཤེས་རྒྱས་པར་འགྱུར༔ ས་མ་ཡ༔ རྣལ་འབྱོར་སྤྱི་ཁྲུས་བྱ་བའི་ཕྱིར༔ དཀྱིལ་འཁོར་མཆོད་རྫས་ལེགས་པར་དགྲམ༔ བསྐྱེད་རིམ་གསལ་སྣང་བརྟན་པོར་གཟུང༔ ལུས་ལ་མཛེས་པའི་རྒྱན་གྱིས་སྤྲས༔ མཆོད་རྫས་ཐོགས་ལ་དཀྱིལ་འཁོར་བསྐོར༔ ཧཱུྃ༔ དག་ཅིང་ལེགས་པར་བཤམས་པ་ཡི༔ ལྷ་རྫས་བཟང་པོའི་ཕྱི་མཆོད་འདི༔ ཀུན་བཟང་རྣམ་ཐར་ཇི་བཞིན་དུ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ འབྱུང་བ་ལྔ་དང་ཡེ་ཤེས་ལྔ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡི༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛཿཧོ༔ ཧཱུྃ༔ ཕུང་པོ་ལུས་ཀྱི་བྷནྡྷ་རུ༔ བདུད་རྩི་ལྔ་ཡི་དྭངས་མས་བཀང༔ རྨད་བྱུང་མཆོད་པ་ཨ་མྲྀཏ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་བྷནྡྷ་རུ༔ བདེ་བ་ཆེན་པོའི་རཀྟས་བཀང༔ རྨད་བྱུང་མཆོད་པའི་དམར་ཆེན་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ འཁོར་ལོ་ལྔ་ཡི་བྷནྡྷ་རུ༔ དགའ་བ་བཞི་ཡི་བ་ལིཾ་དང༔ རྨད་བྱུང་གཏོར་མའི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཡབ་ཡུམ་མཁའ་གསང་བྷནྡྷ་རུ༔ དཀར་དམར་བདུད་རྩིའི་ཚོགས་མཆོད་བཤམས༔ རྨད་བྱུང་སྦྱོར་སྒྲོལ་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཏ་ན་ག་ཎ་ཙཀྲ་པཱུ་ཙ་ཧོ༔ ཧཱུྃ༔ ཙིཏྟ་སྙིང་གི་ཀོང་བུ་རུ༔ དབྱིངས་དང་ཐིག་ལེའི་མར་ཁུས་གཏམས༔ རིག་པའི་སྙིང་པོའི་སྡོང་བུ་བཙུག༔ འོད་གསལ་སྣང་བཞིའི་མར་མེ་སྦར༔ རྨད་བྱུང་སྒྲོན་མེ་བླ་མེད་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་མ་ཧཱ་དཱི་པཾ་པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ཉོན་མོངས་གཏི་མུག་གནས་དག་པའི༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་སེམས༔ འཇམ་དཔལ་དཔའ་བོའི་ཐུགས་དམ་བསྐང༔ མཁའ་ཁམས་རྣམ་དག་དབྱིངས་ཕྱུག་མ༔ ཀུན་བཟང་ཡུམ་གྱི་ཐུགས་དམ་བསྐང༔ རྡོ་རྗེ་རྒྱལ་པོ་ཡབ་དང་ཡུམ༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ ཞེ་སྡང་རྣམ་དག་མེ་ལོང་ལྟར༔ ས་ཡི་སྙིང་པོའི་ཐུགས༴ ས་ཁམས་རྣམ་དག་རྣམ་པར་རྒྱལ༔ རྡོ་རྗེ་ཡུམ་གྱི་ཐུགས༴ ང་རྒྱལ་རྣམ་དག་མཉམ་པ་ཉིད༔ བྱམས་པ་མགོན་པོའི་ཐུགས༴ ཆུ་ཁམས་རྣམ་དག་ཚེ་འཕེལ་མ༔ རིན་ཆེན་ཡུམ་གྱི་ཐུགས༴ འདོད་ཆགས་རྣམ་དག་སོ་སོར་རྟོག༔ སྤྱན་རས་གཟིགས་དབང་ཐུགས༴ མེ་ཁམས་རྣམ་དག་པདྨའི་ཡུམ༔ གསང་བ་ཡེ་ཤེས་ཐུགས༴ ཕྲག་དོག་རྣམ་དག་བྱ་བ་གྲུབ༔ གསང་བའི་བདག་པོའི་ཐུགས༴ རླུང་ཁམས་རྣམ་དག་ལས་ཀྱི་ཡུམ༔ རྡོ་རྗེ་ཕག་མོའི་ཐུགས༴ རིགས་བཞིའི་རྒྱལ་ཚབ་ཡབ་ཡུམ་རྣམས༔ བསྐང་ངོ་མཆོད་དོ་ཐུགས༴ མཐའ་བཞིའི་རྟོག་པ་གནས་གྱུར་པའི༔ ཁྲོ་བོ་བཞི་ཡི་ཐུགས༴ མུ་བཞིའི་རྟོག་པ་གནས་གྱུར་པའི༔ སྒོ་མ་བཞི་ཡི་ཐུགས༴ ལས་བྱེད་མཚམས་པ་རྡོ་རྗེ་གིང༔ བསྐང་ངོ་མཆོད་དོ་ཐུགས༴ རྟོག་ཚོགས་ཐམས་ཅད་གནས་གྱུར་པའི༔ སྤྲུལ་པ་ཡང་སྤྲུལ་ཐུགས༴ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ བསྐང་ངོ་མཆོད་དོ་ཐུགས༴ སྐྱེ་འཆི་གཟུང་འཛིན་གནས་གྱུར་པའི༔ བཀའ་ཡི་སྲུང་མའི་ཐུགས༴ ཕྱི་མཚམས་རྡུལ་ཕྱགས་བདག་པོ་རྣམས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ལྷ་རྣམས་ཀུན་གྱི་མཚན་བརྗོད་ལ༔ ཕྱག་འཚལ་སྨྲེ་སྔགས་བཤགས་པར་བྱ༔ ལྟ་བའི་ཀློང་དུ་མཉམ་པར་བཞག༔ དམ་ཚིག་ཉམས་ཆག་དག་པར་འགྱུར༔ ས་མ་ཡ༔ གཤིན་པོ་རྗེས་སུ་འཛིན་པའི་ཕྱིར༔ གནས་ལུང་ཆོ་ག་བྱ་བ་ནི༔ དཀྱིལ་འཁོར་བཞེངས་པའི་ཉེ་འདབས་སུ༔ མིང་བྱང་ལ་སོགས་འདུ་བྱས་ལ༔ སྤྲོ་ན་རིགས་དྲུག་དལ་ཀྱང་བཤམ༔ དབང་གི་བུམ་པ་ཆས་སུ་གཞུག༔ བསྐྱེད་རིམ་གསལ་བསྒོམ་སྔགས་བཟླས་ལ༔ ནྲྀ་ལས་ཚེ་ལས་འདས་པའི་གཟུགས༔ ལྷ་ཡི་རྣམ་པར་གསལ་བར་བསྒོམ༔ ཐུགས་ཀའི་འོད་ཀྱིས་དམིགས་བྱ་བཀུག༔ ཨ་ཡི་རྣམ་པར་བསྟིམས་བྱས་ལ༔ བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད༔ སྔགས་དང་ཕྱག་རྒྱའི་འཕྲོ་འདུ་ཡིས༔ རིགས་དྲུག་ས་བོན་བསྲེགས་ཤིང་སྦྱངས༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བླ་མ་ལྷ་ལ་དད་པ་སྐྱེད༔ དགའ་དང་གུས་པས་འདིར་ཤོག་ལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཞེ་སྡང་ལས་བྱུང་དམྱལ་བའི་ཁམས༔ སྟོང་གསལ་མེ་ལོང་ལྟ་བུར་བལྟ༔ སེར་སྣ་ཡི་དྭགས་འཇིག་རྟེན་ཁམས༔ མཉམ་ཉིད་ཡེ་ཤེས་ངང་དུ་རྫོགས༔ གཏི་མུག་དུད་འགྲོའི་ཡུལ་རྣམས་ནི༔ ཆོས་དབྱིངས་ཡེ་ཤེས་འོད་གསལ་བ༔ འདོད་ཆགས་མི་ཡི་གནས་རིགས་ཀུན༔ སོ་སོར་རྟོག་པའི་ཡེ་ཤེས་ཉིད༔ ཕྲག་དོག་ལྷ་མིན་ཡུལ་ཁམས་རྣམས༔ བྱ་བ་གྲུབ་པའི་ཡེ་ཤེས་རྩལ༔ ཁམས་གསུམ་ལྷ་ཡི་གནས་རྣམས་ནི༔ འོད་གསལ་ཡེ་ཤེས་ངང་དུ་རྟོགས༔ མ་དག་རིགས་དྲུག་འཇིག་རྟེན་ཁམས༔ དག་པ་ཡེ་ཤེས་དྲུག་གི་གནས༔ གཅིག་འདུས་སེམས་ཉིད་སྟོང་པ་ལ༔ དག་དང་མ་དག་མིང་ཡང་མེད༔ སྟོང་གསལ་ལྷུན་གྲུབ་དཀྱིལ་འཁོར་དུ༔ རིག་པ་སྙིང་པོ་ཁྱོད་ཞུགས་ཤིག༔ ཉེ་དྲུང་དག་གིས་ཕྱག་འཚལ་ཞིང༔ མཚན་བྱང་དཀྱིལ་འཁོར་ནང་དུ་བཞག༔ ལྷར་བསྐྱེད་དབང་བསྐུར་འདོད་ཡོན་བསྔོ༔ གནས་སྤར་མིང་བྱང་བསྲེགས་པ་ཡིས༔ ཐར་པའི་གནས་ལ་ངེས་པར་ཕྱིན༔ ས་མ་ཡ༔ བཀྲ་ཤིས་ཚེ་ཡི་ཆོ་ག་ནི༔ དཀྱིལ་འཁོར་རིན་ཆེན་ཟུར་བཞི་བཤམ༔ ཚེ་ཡི་བུམ་པ་བཅུད་ལྡན་དང༔ ཚེ་ཟན་ཚེ་ཆང་མདའ་དར་དང༔ མཆོད་རྫས་དགོས་པའི་ཡོ་བྱད་བཤམ༔ ཐུགས་ཉིད་དཔལ་གྱི་བེ་འུ་རུ༔ ཉི་ཟླའི་གྭ་འུ་བྷྲཱུྃ་གྱིས་མཚན༔ དེ་ལས་འོད་ཟེར་རབ་འབར་བས༔ འཁོར་འདས་ཚེ་བཅུད་བསྡུས་པར་བསམ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ རྩ་བའི་སྔགས་ལ་བཏགས་ཏེ་བཟླ༔ ཧཱུྃ༔ རིན་ཆེན་དཔལ་གྱི་བེ་འུ་ནས༔ འགུག་པའི་ལྷ་མོ་མགྱོགས་མ་བཞི༔ ཙཎྜ་ལཱི་ཡི་རྣམ་པར་སྤྲོས༔ སྟོང་ཁམས་མ་ལུས་ཀུན་བསྐུལ་ནས༔ འབྱུང་བ་ལྔ་ཡི་བཅུད་རྣམས་བསྡུས༔ མཐུ་ལྡན་རྣམས་ཀྱི་ཚེ་འཕྲོགས་ནས༔ རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་ཚེ༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསྐྱིལ༔ ཕྱག་རྒྱས་བཀུག་ཅིང་བུམ་པར་བསྡུས༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་རྩ་འགྲུབ༔ འགྱུར་བ་མེད་པར་རྒྱས་ཐོབས་ཤིག༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་བཅུད་སྡུས་ལ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་རྒྱུན༔ ཚེ་ཡི་དབང་བསྐུར་རྡོ་རྗེའི་རྒྱ༔ ཐབས་ལ་མཁས་པའི་དབང་མཆོག་ནི༔ འཇམ་དཔལ་རྡོ་རྗེས་བསྐུར་དུ་གསོལ༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་གལ་དངོས་གྲུབ་བཅུད་དུ་རོལ༔ དགའ་སྟོན་བཀྲ་ཤིས་མཐའ་རྒྱས་བྱ༔ འཆི་མེད་ཚེ་ཡི་དཔལ་ཐོབ་བོ༔ ས་མ་ཡ༔ དེ་ལྟར་རིག་འཛིན་གདུང་སྒྲུབ་ཅིང༔ འཕགས་པ་གསུམ་གྱི་ཕྲིན་ལས་སྤེལ༔ མཐོང་རེག་བཏགས་དང་མྱོང་བས་གྲོལ༔ ཉམས་ཆག་སྐོང་ཞིང་ཚེ་འདས་རྣམས༔ སྙིང་རྗེའི་དཔྱང་ཐག་གནས་སུ་སྤར༔ རྡོ་རྗེ་ཚེ་ཡི་སྒྲུབ་པ་བཅས༔ གནས་སྐབས་མཐར་ཐུག་དོན་རྣམས་ཀུན༔ ཚེགས་མེད་གྲུབ་པའི་ཕྲིན་ལས་འདི༔ རིགས་གསུམ་ཐུགས་ཀྱི་ཏི་ཀ་སྟེ༔ འབྲེལ་ཚད་དོན་ལྡན་གསང་བའི་ལམ༔ རང་བྱུང་འཇིགས་བྲལ་པདྨས་བཤད༔ མ་འོངས་དོན་དུ་གཏེར་ལ་སྦས༔ འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ྀཨཚ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། རང་གནས་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ་ (Volume 29, Text 20)

འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས། །ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ །རིགས་ལྔ་ཞི་ཁྲོ་རྡོར་སེམས་གསང་བའི་བདག །ལས་ཀྱི་དབང་མོ་རྒྱལ་བ་དགོངས་བརྒྱུད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །སྐལ་ལྡན་རྒྱལ་པོ་ཛཿདང་དགའ་རབ་རྗེ། །རིག་འཛིན་མཆོག་བརྒྱད་སློབ་དཔོན་ཤྲཱི་སིང་ཧ། །པདྨ་སམྦྷ་རིག་འཛིན་བརྡ་བརྒྱུད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྗེ། །བེ་རོ་ཙ་ན་མཁར་ཆེན་མཚོ་རྒྱལ་གྲོགས། །སྣོད་དང་སྐལ་ལྡན་སྙན་བརྒྱུད་རིག་འཛིན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །རྒྱ་ཆེན་བཀའ་དང་ཟབ་མོ་རིན་ཆེན་གཏེར། །བཀའ་བབས་བདུན་ལྡན་ཐུབ་བསྟན་ཡོངས་ཀྱི་བདག །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མདོ་སྔགས་གླིང། །མཛོད་ལྔའི་ཤིང་རྟ་ལོ་ཆེན་གུ་ཎའི་ཞབས། །ཐུབ་བསྟན་ཆོས་རྡོར་འགྱུར་མེད་ཚེ་དབང་གྲུབ། །བརྒྱུད་སྲོལ་ཀུན་འདུས་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །སྲིད་ལས་ངེས་བྱུང་མཆོག་གསུམ་སྐྱབས་སུ་བཟུང་། །ཞི་བའི་མཐའ་སྤང་གཞན་ཕན་གཡར་དམ་བརྟན། །བསགས་དང་སྦྱངས་པས་རྒྱུད་དག་བྱིན་རླབས་འབེབ། །སྨིན་གྲོལ་སྣོད་དུ་རུང་བར་བྱིན་གྱིས་རློབས། །སྣང་སྲིད་ལྷ་སྔགས་ཆོས་སྐུའི་རོལ་མོར་ཤར། །ཡེ་ཤེས་རྩ་རླུང་ཐིག་ལེ་བདེ་སྟོང་སྨིན། །ཟུང་འཇུག་རྡོ་རྗེའི་ས་ལམ་ཡོངས་རྫོགས་ནས། །རིག་འཛིན་བླ་མའི་གོ་འཕང་མངོན་གྱུར་མཛོད། །གཟུང་འཛིན་མདུད་གྲོལ་སེམས་སྡེའི་ལྟ་བ་རྟོགས། །ཀློང་ཆེན་སྒོམ་པས་འོད་གསལ་ལྷུམས་སུ་ཞུགས། །རིགས་པ་ཀ་དག་རང་གྲོལ་སྤྱོད་པ་ཡིས། །ལྷུན་གྲུབ་འབྲས་བུའི་ཡེ་ཤེས་མངོན་བྱེད་ཤོག །ཅེས་པའང་ངེས་གསང་ཆོས་ཀྱི་འབྱུང་གནས་པདྨའི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་མཁྱེན་ཡོན་རྨད་བྱུང་པདྨ་བཀྲ་ཤིས་ནས་ཆེད་བསྐུལ་བཞིན། སྙིང་པོའི་ལམ་འདིར་འཇུག་པའི་སྐལ་པ་དགེ་བ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་ཤིང་གསོལ་བ་བཏབ་པས་རྒྱལ་ཀུན་ཡོན་ཏན་སྤྱི་དཔལ་རིག་འཛིན་བླ་མའི་རྡོ་རྗེའི་ཡེ་ཤེས་ཆེན་པོའི་གསང་བ་དང་གཉིས་མེད་གྲུབ་པའི་རྒྱུར་གྱུར་ཅིག། །།

ས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ་ (Volume 46, Text 20)

༄༅། །ས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ་བཞུགས་པའི་དབུའོ། ། ན་མོ་ཧ་ཡ་གྲཱི་ཝ་ཀཱ་ལ་ཡེ། བླ་མ་ཡི་དམ་དབྱེར་མེད་སྤྱན་རས་གཟིགས། །རྟ་མགྲིན་ནག་པོའི་ཞབས་ལ་ཕྱག་འཚལ་ནས། །སྙིགས་དུས་ནག་ཕྱོགས་ཀླུ་གཉན་ཁ་དར་ནས། །གཉན་ནད་ལྷོག་པ་སྤུན་དགུ་མེ་ལྟར་འབར། །འགྲོ་ལ་ཕན་ཕྱིར་དེ་ཉིད་སྲུང་བ་དང་། །གསོ་ཐབས་མན་ངག་འཐོར་བ་བསྡུས་ཏེ་བཀོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །གདོན་ནི་ཀླུ་གཉན་གདུག་པའི་ཁ་རླངས་ཏེ། །ངོ་བོ་སྲིན་བུའི་གཟུགས་ཅན་སྐྲ་རྩེ་ཙམ། །དབྱེ་བ་མེ་ཆུ་རླུང་སོགས་དཀར་ནག་དགུ། །ནང་རྟགས་འདར་ཞིང་ཟུག་མེད་འབུར་རུ་བུད། །རིམ་པས་སྐྲངས་ཤིང་མ་ལུས་བཟོད་བླག་མེད། །ནང་དུ་སོང་ན་སྐྲངས་མེད་གློ་བུར་འཆི། །དེ་ནས་བཅོས་པའི་ཐབས་ནི་འདི་ལྟ་སྟེ། །མི་ཆེན་ཡུལ་དུ་ཕེབ་པ་ལ། །གསེར་ཞོ་གང་གི་ཇ་འདྲེན་གཏང་། །ཞེས་པ་སྐྱེར་པ་ཞུ་མཁན་ཁུ་བ་ཕོར་གང་བཏུང་། །འབུ་རུའི་རྩེ་ལ་སྦྲང་དང་ཀ་ར་བྱུགས། །འབུ་རུའི་རྒྱབ་ཀྱི་སོར་བ་བཞི་རྩའམ། །སྐྲངས་པའི་མཐའ་ནས་རམ་དང་བཙག་དང་ནི། །བ་བླ་རྣམས་ཀྱི་འཇའ་ཡིས་རིམ་བཞིན་བསྐོར། །དེ་རྒྱབ་སྒང་པ་ཁྱི་ལུད་བྱུགས་པས་བསྐོར། །མིང་ཆེན་ཡོད་ན་ཆང་དང་འོ་མས་སྦྲུས། །སྐྲངས་པ་ལ་ནི་འཇར་བྱས་ཤིན་ཏུ་ཕན། ཁྱུང་ལྔའི་ཁོང་སྨན་གཏང་རྒྱུ་ཡོད་ན་བཟང་། །ཡང་ན་གླ་རྩི་ཆུ་ལ་སྦྱར་པ་གཏང་། །རྫས་སྨན་མེད་ཀྱང་སྔགས་དང་སྔགས་ཆུས་ཐུབ། །རང་ཉིད་བྲམ་ཟེ་འཇིགས་རུང་བ། །སྨིན་མ་སྨ་ར་དམར་སེར་ལ། །མེ་ཡི་ཚྭ་ཚྭ་འཕྲོ་བར་སྒོམས། །སྔགས་ཆུ་ཁྲོ་ཆུ་ཁོལ་མ་སྒོམས། །ལྷོག་པ་ལྷོག་བདག་འཁོར་དང་བཅས། ཁྲོ་ཆུ་ཁོལ་མས་བསྲེགས་པར་སྒོམས། །སྔགས་བཏབ་སྔགས་ཆུ་འཐུང་དང་བྱུགས། །དུད་འགྲོ་ཡིན་ན་སྔགས་ཆུ་འདེབས། ཁོང་དུ་བཏང་བས་ཕན་པ་ཡིན། །ཨོཾ་རཀྵ་རཀྵ་བྱེ་མ་རཀྵ་སོད། དམར་ཡ་དམར་ཡ་ནག་པོ་ཐུམ་ཧྲིལ་ལེ་བསད་སོད་སྭཱ་ཧཱ། ལྷོག་རོ་བཤའ་དགོས་བྱུང་ན། རང་ཉིད་ཁྱུང་ནག་འཇིགས་རུང་པ། །རྭ་མཆུ་སྡེར་མོ་སྒྲོ་ཀུན་ལས། །མེ་ལྕེ་རབ་འབར་ཚྭ་ཚྭ་འཕྲོ། །སྔགས་ཆུ་ཁྲོ་ཆུ་ཁོལ་མ་ཡིས། །ལྷོག་པ་ལྷོག་བདག་བསྲེགས་པར་སྒོམས། །སྔགས་ཆུ་འཐུང་ཤིང་ལག་པ་བཀྲུ། །ལྷོག་རོ་ལ་ཡང་སྔགས་ཆུས་བྲན། །བཤའ་བའི་གྲི་རྣམས་ཐམས་ཅད་སྔགས། །གྲི་དེ་ཁྱུང་གི་མཆུ་རུ་སྒོམས། །ལྷོག་རོ་དེ་ནི་སྦྲུལ་དུ་སྒོམས། ཁྱུང་གིས་སྦྲུལ་ནི་ཟོས་པར་སྒོམས། །དེ་ནས་ལྷོག་རོ་བཤའ་བྱས་ནས། །ཤ་རྣམས་ཁྲག་ཐིག་མེད་པར་བཙོ། །དེ་ནས་བཙོང་དང་ཟ་བར་རུང་། །རྔ་རྩེ་རྭ་རྩེ་རྨིག་པ་དང་། །མཆིན་མཚེར་བཙོ་གྲོད་རྣམས་ལ་གནས་པའི་ཕྱིར། །བསྲེགས་ན་ས་ནི་གཙང་བ་ཡིན། །དོང་དུ་གལ་ཏེ་སྦ་ན་ནི། །དེ་སྟེང་མེ་ནི་འབུད་པར་བྱ། །དབུས་གཙང་མཁས་པས་བདག་ལ་གདམས། །ལག་ལེན་ཡོད་ཅིང་ངེས་ཤེས་གསུངས། །ྀཨཚ། ཡང་ནི་གཉན་དང་ལྷོག་པའི་སྔགས། །རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །ཤིན་ཏུ་འཇིགས་པ་རི་རབ་ཙམ། །ནད་བདག་ཐམས་ཅད་ཟ་བར་སྒོམས། །སྔགས་བཏབ་སྔགས་ཆུ་བླུད་པར་བྱ། །འཇིགས་ཟིང་ཟིང་སོད། མེར་མེར་སོད། ལྷུག་ལྷུག་སོད། །དེ་ནི་ཨོ་རྒྱན་གསུང་ཡིན་ཟབ། །ྀཨཚ། རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །ནད་དང་ནད་བདག་ཟ་བར་སྒོམས། །ཨ་རྦད་སོད། ལྷོག་པ་སོད། པྲ་མ་སོད། སྔགས་དང་སྔགས་ཆུས་ལྷོག་རོ་སོས། །ལྷོག་རོ་ཁུར་དང་བཤའ་ཡང་ཕོད། །བྲམ་ཟེ་ཕྲུ་གུའི་མན་ངག་ཡིན། །ྀཨཚ། རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །མགོ་གསུམ་ཁ་ནས་མེ་ལྕེ་འབར། །སྣ་སྟེང་གསེར་གྱི་བྱ་ཁྱུང་ལྡིང་། །ཕག་རྒོད་ངར་ངར་ངུར་ངུར་བྱེད། །གཉན་དང་ལྷོག་པ་ཟ་བར་སྒོམས། །ཨོཾ་དྷར་དྷི་སོད། ཨོ་རོ་སོད། ཡོ་རྒོད་སོད། འབྲུ་ཟི་སོད། ནན་གྱི་སོད། ར་ཀྱི་ས་ཏྲི་སོད། མེ་ལྷོག་སོད། ཆུ་ལྷོག་སོད། ཐུམ་ཤིག་ཕཊ་སྭཱ་ཧཱ། བརྒྱ་རྩ་བརྒྱད་ཀྱིས་གཉན་རྣམས་འབྲོས། །སྟོང་ཚོ་བཟླས་ན་གག་པ་དང་། །ལྷོག་པའི་ནད་ནི་སོས་པར་བྱེད། །གག་ལྷོག་གཉིས་ལ་ཐེངས་བས་ཆོག །སྔགས་ཆུ་འཐུང་ཞིང་ལག་པ་བཀྲུས། །ལྷོག་རོ་ཁུར་དང་བཤའ་ཡང་ཆོག །རྟ་མགྲིན་ནག་པོའི་གདམས་ངག་ཡིན། །རཏྣ་གླིང་པའི་གཏེར་ནས་བྱོན། །ྀཨཚ། ལྷོག་སྔགས་ཅི་ལི་དགུ་སྐོར་འདི། །ངག་བཅད་ཁྲི་ཕྲག་གཅིག་བཟླས་ནས། །ལྷོག་པའི་ནད་ལ་སྔགས་ཆུ་གཏང་། །སྐྱེར་ཁུ་བླུད་ཅིང་འབུ་རུ་ལ། །གོང་ལྟར་འཇའ་རིས་ལ་སོགས་བྱ། །ལྷོག་རོ་རྒྱུད་པ་འབུད་ནས་ཕན། །ནོར་སྲུང་སྲུང་སྐུད་སྔགས་ལ་བཏགས། །རྟ་དྲིལ་ཆུ་བྱིལ་བྱུང་ན་ཡང་། །སྐྲང་མཐའ་སྒྲོན་ཤིང་དུད་པ་འམ། །མེད་ན་སུར་ནག་དུད་པས་སྲེགས། །སྔགས་ཆུ་གཏང་ཞིང་སྔགས་མང་བཏབ། །སྐྱེར་པའི་མདེའུ་མདའ་རྩེ་ལ། །མདེལ་རྩེ་ཚོན་གང་པ་དེ་ན། །རྒྱུས་པས་དཀྲིས་ཏེ་ཟུག་ཚོད་བཟུང་། །ཞག་གསུམ་ལོན་ནས་སྐྲངས་པ་ལ། །མདའ་དེ་བརྒྱབ་ལ་ཆུ་སེར་གཙག །གཞན་ཡང་ཐབ་གཉན་སྐྲང་པའི་རིགས། །སྔགས་དེ་སྔགས་ཁ་དྲོས་ནས་ནི། །ཐམས་ཅད་ཀུན་ལ་འདི་ཡིས་ཕན། །ཨོཾ་ཅི་ལི་སོད། ཙ་མ་ལི་སོད། ཙ་ཏི་སོད། ཚ་ཏི་སོད། ཆུ་ཏི་སོད། འབྲམ་ཏི་སོད། འབྲུམ་ཏི་ཧ་ར་སོད། ལྷོག་པ་དཀར་ནག་གཉིས་ཀྱི་དབལ་སོད། ལག་ལེན་ཡོད་གསུང་སློབ་དཔོན་ནི། །སྔགས་རྒྱུད་ཅན་གྱི་གདམས་ངག་ཡིན། །ྀཨཚ། ཡང་ལྷོག་པ་བཅོས་དང་སྲུང་བའི་ཐབས། །བྱ་སླ་ཕན་ཆེའི་གདམས་ངག་ཡོད། །མི་ཡི་ནོར་ཕྱུགས་གང་ན་ལ། །ལུས་ཀྱི་མགོ་མཇུག་ཕུ་མཆིལ་བཏབ། །སྔགས་ཆུ་ཁོང་དུ་བཏང་བས་ཕན། །དུད་འགྲོའི་སེམས་ཅན་ན་དོགས་ན། །སྔགས་ཆུ་བླུད་པས་མི་ན་འོ། །ཤ་ལ་སྔགས་བཏབ་ཟོས་པ་ཡིས། །ཤ་ཡི་རྒྱུད་ནས་མི་འགོས་སོ། །ཨོཾ་མེ་ཏྲི་དུ་བས་སོད། ཨོཾ་མེ་ཡམ་མེ་ཡམ་སོད། མགོ་གེ་མགོ་གེ་སོད། ཐོག་ཐོག་དབལ་སོད། སྔགས་དེ་མང་དུ་བཟླས་པར་བྱ། །དེ་རྣམས་སྔགས་གྲངས་ངེས་པ་མེད། །ྀཨཚ། དེ་ནས་ལྷོག་སྲུང་འཁོར་ལོ་བཤད། །སྔགས་འདི་ཡི་གེ་དབུ་ཅན་ལ། །ཚེག་ནི་མེད་པ་ཕྲེང་གཅིག་བྲི། ཁང་རྒན་དུད་པ་ཁོལ་མོའི་སྤུ། ཁོལ་ཁའི་ས་ཚིག་གླ་རྩི་རྣམས། །རྫས་ཡིན་དེ་ལ་བྱུགས་པ་འོ། །ཅུང་ཟད་ཤོག་དྲིལ་གསེབ་ཏུ་བླུགས། །རང་སྔགས་སྟོང་གིས་ཤོག་དྲིལ་སྔགས། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །ཤོག་དྲིལ་མཇུག་ནས་ཡར་ལ་དྲིལ། །ཕྱིང་པ་དཀར་པོས་གཡོགས་བྱས་ལ། །སྐུད་པ་སུམ་སྒྲིལ་ལུང་བྱས་ནས། །རྟ་ནོར་མགུལ་དུ་བཏགས་པས་སྲུང་། ཨོཾགྲིགསུནན། ཀུརུནན། ཙིརཡསོད། གཉིདཡསོད། ལྷོགལྷོགཁུལྤསོད། ཨཞིཞིམལམལསོདསྭཱཧཱ། འཆངབཔོལལྷོགཔའིགནོད་པསྲུངསཤིགརཀྵརཀྵ། དེ་ནི་ལྷོག་སྲུང་མན་ངག་གོ །འདི་ལྟར་མན་ངག་དུ་མ་རྣམས། །ཕྱོགས་གཅིག་བསྡུས་པའི་དགེ་བ་འདིས། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཉེས་འགལ་མཆིས་ན་ལྷ་ལ་བཤགས། །ཆོས་འཕེལ་ཞེས་བྱས་བསྐུལ་བྱས་ནས། །སྔགས་པ་རཱ་ག་ཨ་སྱས་སྦྱར། །མངྒ་ལཾ།། །།

པདྨ་ཚེའི་སྙིང་ཏིག་ལས། ཚེ་ཡུམ་ཙཎྜ་ལཱིའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ (Volume 49, Text 20)

༄༅། །པདྨ་ཚེའི་སྙིང་ཏིག་ལས། ཚེ་ཡུམ་ཙཎྜ་ལཱིའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། འཆི་མེད་བདེ་ཆེན་བདུད་རྩིའི་བཅུད། །མོས་པའི་སྣོད་དུ་འབེབ་པ་དང་། །ལྷན་ཅིག་ཡེ་ཤེས་སད་མཛད་པ། །བླ་མ་དབྱིངས་ཀྱི་ཡུམ་ལ་འདུད། །པདྨ་ཙཎྜ་ལཱིའི་སྨིན་བྱེད་སྒྲུབ་པ་ལ་སྦྱོར་བ་ནི། དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་གི་དབུས་སུ་ཆོས་འབྱུང་བསྣོལ་བའི་ལྟེ་བར་ལྷ་མཚན་ལྕགས་ཀྱུ་ཚེ་བུམ། ཟུར་དྲུག་དང་སྒོ་གཅིག་ལ་ཐིག་ལེ་དམར་པོ་རེ་རེ་བཀོད་པའམ། མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་བརྒྱད་དེ་མཚུངས་བཀོད་པས་ཀྱང་རུང་སྟེ། གང་ལྟར་དེའི་སྟེང་ཁྲིའུར་རྣམ་བུམ་ཉེར་ལྔའི་བཅུད་དང་ལེ་བརྒན་མགུལ་ཆིངས་ཁ་རྒྱན་ལྡན་པ། གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། མདུན་དུ་ཚེ་གཏོར། རྒྱབ་ཏུ་འཇའ་ཤེལ་རྣམས་དགོད། ཕྱི་མཆོད། སྨན་རག་གཏོར་མ་རྣམས་སྤྱི་ལྟར་བཤམ། ཚོགས་དང་གཏོར་མ་ཉེར་མཁོའི་རིགས་སྤྱི་ལྟར་འདུ་བྱའོ། །དངོས་གཞིའི་ཐོག་མར་སྐྱབས་སེམས་ནས་བརྩམ་ཕྲིན་ལས་མཐར་ཆགས་སུ་གཏང་ཞིང་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་ཐོག་མར་ཛཔ྄་ཁང་དབྱེ། བདག་མདུན་གཉིས་ཀར་དང་ཁྱད་པར་སྒྲུབ་རྫས་རྣམས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བཅས་བསྙེན་པ་ཅི་འགྲུབ་བཟླས་ལ་མཆོད་བསྟོད་དང་ཚེ་འགུགས་གཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བསྔོ། བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། སྐབས་དང་འབྲེལ་བའི་ཆོས་བཤད་ཅི་རིགས་བྱ། ཁྱད་པར། དེའང་དལ་འབྱོར་ཆོས་ལྡན་རིང་དུ་འཚོ་བའི་ཐབས་ལ་བརྩོན་པ་ནི་འཇིག་རྟེན་ན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་ལ། དེའི་ཐབས་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་མཐའ་ཡས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པ་རྣམས་ཡིན་ཅིང་། དེ་དག་གི་ནང་ནས་ཟབ་པའི་ཕུལ་དུ་ཕྱིན་པ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་ཉིད་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོའི་སྐུར་བསྟན་པ། དབང་གི་ལྷ་ལོ་ཙཎྜ་ལཱིའི་བསྐྱེད་རྫོགས་སྨིན་བྱེད་དང་བཅས་པའི་གདམས་ངག་ཤིན་ཏུ་ཟབ་ལ་འདྲིལ་བ་འདི་ནི། འཇམ་མགོན་ཁྲི་ལྡེའི་ཡེ་ཤེས་ཀྱི་རོལ་གར་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དགུང་ལོ་བཅོ་ལྔ་བཞེས་པ་ཤིང་ཕོ་རྟ་ལོ་རྒྱལ་ཟླ་བའི་ནང་ཚེ་སྒྲུབ་ཟབ་མོའི་ལྗགས་བསྙེན་གནང་བའི་ཚེས་བཅུའི་ཐོ་རངས་བཟླས་ཐུན་མཛད་སྐབས། ནམ་མཁའ་ནས་ཌཱ་མ་རུའི་སྒྲ་དང་དྲི་བཟང་གི་ངད་པ་འཐུལ་བའི་རྐྱེན་གྱིས་སྒྲུབ་རྫས་ཀྱི་སྟེང་དུ་འོད་དམར་པོ་ཤིན་ཏུ་གསལ་བ་ཞིག་ཞུགས་སོང་བའི་ཀློང་ན་འཆི་མེད་མནྡཱ་ར་བ་ཉིད་ཚེ་ཡུམ་ཙཎྜ་ལཱིའི་རྣམ་པས། ཡབ་བཀའ་ཚེ་དཔག་མེད་ཧྲཱིཿགཅིག་མའི་སྐོར་དང་། ཚེ་ཡུམ་ཙཎྜ་ལཱིའི་གདམས་ངག་རྗེས་སུ་བསྟན་པ་དབང་བསྐུར་བཅས་བསྩལ་པའི་མཐར་ཤིས་བརྗོད་སྐབས་མེ་ཏོག་དམར་པོའི་ཆར་སིལ་མར་བསྙིལ་པའི་ཐུགས་ཉམས་བྱུང་། ཕྱིར་ནང་སྒྲུབ་གཞིའི་སྟེང་དབྱར་མོ་ཐང་ལྟ་བུའི་མེ་ཏོག་དམར་པོ་ཁ་ཤས་དངོས་སུ་ཡོད་པའི་དག་སྣང་ཁྱད་པར་ཅན་བྱུང་བའི་དེ་འཕྲལ་ཉིད་དུ་ལས་བྱང་རྩ་བ་ཙམ་གཏན་ལ་ཕབ་སྟེ་ཉམས་བཞེས་མཛད་ནས་གསང་བའི་རྒྱས་བཏབ། ཕྱིས་དགུང་ལོ་ང་དགུ་རབ་ཚེས་ས་སྟག་ལོའི་དབྱར་ཐོག་སྨིན་གྲོལ་གདམས་པའི་བདུད་རྩི་ཐོག་མར་བཀའ་དྲིན་དུ་བསྩལ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་སྟོན་པ་མཆོག་གཅིག་པུ༔ བླ་མ་འཆི་མེད་ཙཎྜ་ལཱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཡེ་ཤེས་ཚེ་ཡི་དབང་བསྐུར་སྩོལ༔ ལན་གསུམ། ཅེས་གསོལ་བ་བཏབ་པས་སྣོད་དུ་རུང་བ་ལ། དབང་དོན་གྱི་ཡེ་ཤེས་བརྟན་ཅིང་མཐར་ཕྱིན་པའི་སླད་དུ་འདའ་དཀའ་རྡོ་རྗེའི་དམ་ཚིག་ལ་གནས་པར་གདམས་པ་དང་བདུད་རྩིའི་ཆུ་ནན་སྦྱིན་པ་ཡིན་པས་ངེས་འཚལ། དམ་ཆུ་སྦྱིན་ཅིང་སྙིང་གར་རྡོ་རྗེ་བཞག་ལ། འཆི་མེད་དངོས་གྲུབ་དོན་གཉེར་ན༔ དད་དང་སྙིང་རྗེས་གཞི་གཟུང་སྟེ༔ དབང་དོན་དམ་ཚིག་སྲོག་བཞིན་སྲུངས༔ ཟབ་མོའི་ལམ་ལ་བརྩོན་པར་གྱིས༔ པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ༔ རྡོ་རྗེའི་ཡལ་གམ་གཉན་པོ་ལས་ནམ་ཡང་འདའ་བར་མི་བགྱིད་སྙམ་པས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དནྟི་ན་ར་ཀན༔ དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་སུ་མེད་པ་ལ་རྩ་གསུམ་ཚེའི་ལྷ་ཚོགས་ནམ་མཁའ་གང་བའི་འཁོར་དང་བཅས་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་འདི་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པའི་བསམ་སྦྱོར་བརྟན་པོས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བསྐྱེད་པ་དང་། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་སྡོམ་པ་བརྟུལ་ཞུགས་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་ལེགས་པར་བསྲུང་བར་བགྱི་འོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། ཡེ་ཤེས་མཁའ་འགྲོ་སྐྱབས་ཀྱི་མཆོག་ཏུ་གཟུང༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་དོན་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་དག་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། རང་ཉིད་གནས་པའི་གོ་སར་ཆུ་སྐྱེས་དམར་པོ་དང་ཉི་མ་ཟླ་བའི་དཀྱིལ་འཁོར་སྟེང་དུ་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་འོད་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་པདྨ་ཙཎྜ་ལཱི་དམར་གསལ་པདྨ་རཱ་གའི་མདངས་འོད་འཚེར་བ། སྤྱན་གསུམ་ཁྲོ་ཞིང་འཛུམ་ལ་རྗེས་སུ་ཆགས་པའི་ཉམས་ཅན་དབུ་སྐྲ་སིལ་བུར་གྲོལ་བ། ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས་པ། དར་སྣ་ལྔའི་ཅོད་པན་འཕུར་ཅིང་སྟོད་གཡོགས་དང་སྨད་ཤམ་བཀླུབས་པ། རུས་པ་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཕྱག་གཡས་པས་ལྕགས་ཀྱུ་ཕྱར་ཞིང་གཡོན་པས་བདུད་རྩིས་གང་བའི་འཆི་མེད་ཚེ་ཡི་བུམ་བཟང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་འོད་ཟེར་སྣ་ཚོགས་འབར་བའི་ཀློང་ན་འགྱིང་བའི་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་ཅན། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་པ། མིག་ཏུ་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་རྡོ་རྗེ་མ། སྣར་དྲི་རྡོ་རྗེ་མ། ལྕེ་ལ་རོ་རྡོ་རྗེ་མ། གསང་བར་རེག་བྱ་རྡོ་རྗེ་མ། སྙིང་གར་ཆོས་རྡོ་རྗེ་མ་རྣམས་དམར་མོ། ཕྱག་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་གཡོན་པ་རྣམས་ཀྱིས་འདོད་ཡོན་དྲུག་གི་མཆོད་སྤྲིན་སྤྲོ་ཞིང་ཆ་ལུགས་གཙོ་མོ་དང་མཚུངས་པ། ཡན་ལག་བཞི་ལ་པདྨ་དབྱིངས་ཕྱུག་མ་དམར་མོ་ཁྲོ་མོའི་ཆས་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པ། གཞན་ཡང་སྐུའི་གནས་ཐམས་ཅད་དུ་རྩ་གསུམ་ཚེ་ལྷ་རབ་འབྱམས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཆོས་དབྱིངས་ཁྱབ་པར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ནམ་མཁའ་གང་བ་ཙམ་དུ་བྱོན། སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། འབེབ་པའི་རྫས་དང་རོལ་མོ་དབྱངས་ཀྱིས་བསྐུལ་ལ། ལས་གཞུང་གི་སྤྱན་འདྲེན། ཧྲཱི༔ ཀ་དག་དབྱིངས་ལས་འཆི་མེད་མཁའ་འགྲོའི་ཚོགས༔ ལྷུན་གྲུབ་རིག་རྩལ་རོལ་པས་གནས་འདིར་གཤེགས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བཞུགས༔ མི་འབྲལ་བྱིན་རློབས་ཚེ་དབང་དངོས་གྲུབ་སྩོལ༔ ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དང་། བསྙེན་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། རྒྱ་གྲམ་མགོར་བཞག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། མོས་གུས་ཀྱི་སྟོབས་དང་གདུང་ཤུགས་ཀྱིས་ཐུགས་དམ་བསྐུལ་པས་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་གྱི་རྡོ་རྗེའི་ལྷ་མོ་རྣམས་ལ་ཕོག །དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཁྱེད་རང་གི་བླ་ཚེ་སྲོག་དབུགས་གདོན་བགེགས་ཀྱིས་བརྐུས་ཕྲོགས་ཆད་ཉམས་ཡར་པ་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིའི་བཅུད་དང་དྭངས་མ། བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བདུད་རྩིའི་རྒྱུན་དང་འཇའ་འོད་ཟེར་ཐིག་གི་རྣམ་པར་བསྡུས་ཏེ་བ་སྤུའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ལ་ལས་བྱང་གི་ཚེ་འགུགས། ཧྲཱི༔ རང་སྣང་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་པདྨ་ཙཎྜ་ལཱི༔ གང་འདུལ་ལས་མཛད་རྡོ་རྗེའི་ལྷ་མོ་དྲུག༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ བདག་ཅག་བླ་ཚེ་ཆད་ཉམས་ཡར་པ་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཁུག༔ འཁོར་འདས་ཚེ་དང་བསོད་ནམས་ཡེ་ཤེས་ཁུག༔ སྲོག་ཚེ་ཆད་པ་ཆོས་ཉིད་བདེན་པས་མཐུད༔ འཚོ་ཁམས་ཉམས་པ་བདུད་རྩིའི་བཅུད་ཀྱིས་གསོས༔ བླ་ཚེ་ཡར་པ་པདྨའི་ལྕགས་ཀྱུས་ཁུག༔ སྒྲུབ་པའི་རྫས་ལ་བརྟན་གཡོའི་དྭངས་མ་སྟིམས༔ རྣལ་འབྱོར་སྒོ་གསུམ་འཆི་མེད་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་དེང་འདིར་སྩོལ༔ རྩ་སྔགས་དང༔ ཚེ་བྷྲཱུྃ་ཧྲཱིཿཛ༔ གཡུ་བྷྲཱུྃ་ནྲྀ་ཛ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གྱེར་ཞིང་བརྗོད། དབང་དངོས་ལ་རྣམ་གྲངས་ལྔ་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པ་རྣམས་དང་། སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིའི་རྒྱུན་གྱིས་གང་བ་སྤྱི་བོ་ནས་གཏོར་ཞིང་བླུགས་པའི་ཆོ་ག་སྩོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ནང་བཅུད་གཟུགས་སྐུ་མཁའ་འགྲོའི་དཀྱིལ་འཁོར་ཤར༔ འོད་ཞུ་འཆི་མེད་བདུད་རྩིས་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་མགོར་བཞག་ཅིང་བུམ་ཆུ་སྦྱིན། དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་ཞི། སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ། བླ་མ་ཚེ་བདག་ཙཎྜ་ལཱི་རང་འོད་ཀྱི་ཡབ་ཚེ་དཔག་མེད་དང་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ། ལྕེ་ལ་བཞག་པས་རྩ་ཁམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ བླ་མ་འཆི་མེད་ཡེ་ཤེས་ཙཎྜ་ལཱི༔ པདྨ་ཚེ་དཔག་མེད་དང་མཉམ་སྦྱོར་བའི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསང་བ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་ནད་གདོན་ཞི། གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་ཡེའི་དབང་བསྐུར་བ་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་པ་འཆི་མེད་ཚེའི་རིལ་བུ་མགྲིན་པར་མྱངས་པས། མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱི༔ སྲིད་ཞིའི་དྭངས་མ་མི་འགྱུར་ཐིག་ལེའི་གཟུགས༔ བཅུད་ལེན་ཚེ་ཡི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེ་དགའ་བཞིའི་ནུས་སྟོབས་འབར༔ བདེ་ཆེན་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་བདེ་ཆེན་གྱི་དབང་ཐོབ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་ཞི། བདེ་སྟོང་རྩོལ་བཅས་ཀྱི་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །བཞི་པ་རིག་པ་རྩལ་གྱི་དབང་བསྐུར་བ་ལ། ཤེལ་དང་འཇའ་ཚོན་གྱི་བརྡས་མཚོན་ཏེ་ནང་དབྱིངས་ཀ་དག་གཏིང་གསལ་ཤེལ་གོང་ལྟ་བུ་ལས་ཕྱིར་གསལ་ལྷུན་གྲུབ་ཀྱི་སྣང་བ་འཇའ་ཚོན་ལྟ་བུར་ཤར་ཡང་། རྐྱེན་གྱིས་སྣང་བ་ཙམ་ལས་གདོད་ནས་གཞི་ལས་མ་གཡོས་པ་རང་གྲོལ་ཅོག་བཞག་ཆེན་པོའི་དགོངས་པར་ལ་བཟླ་བར་གྱིས་ཤིག །འཇའ་ཤེལ་གྱི་བརྡ་བསྟན་ལ། ཧྲཱི༔ སེམས་ཉིད་ངོ་བོ་ཀ་དག་ཤེལ་ལྟ་བུ༔ ལྷུན་གྲུབ་རོལ་པ་འཇའ་ཟེར་བཞིན་དུ་ཤར༔ དབྱེར་མེད་གཉུག་མ་དོན་གྱི་དབང་བསྐུར་བས༔ རིག་རྩལ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ དེས་རིག་རྩལ་ཡེ་ཤེས་ཀྱི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་སྡིག་སྒྲིབ་ནད་གདོན་ཞི། རིག་སྟོང་རྩོལ་མེད་ཀྱི་ལམ་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ལྔ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་གཏོར་མ་ཚེ་བདག་ཙཎྜ་ལཱི་གཙོ་འཁོར་རིག་འཛིན་བརྒྱུད་པའི་བླ་མ། རྩ་གསུམ་ཚེའི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ་བས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་ཆེན་ཕབ། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་དབྱིངས་ཕྱུག་ཚེ་བདག་གཙོ་འཁོར་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ཚེ་གཏོར་མགོར་བཞག་ལ། ཧྲཱི༔ ཆོས་སྐུའི་བདག་ཉིད་བཅོམ་ལྡན་སྣང་མཐའ་ཡས༔ ལྔ་ལྡན་ལོངས་སྐུ་མགོན་པོ་ཚེ་དཔག་མེད༔ སྤྲུལ་སྐུ་འཆི་མེད་ལྷ་མོ་ཙཎྜ་ལཱི༔ སྐུ་གསུམ་དབྱེར་མེད་པདྨ་སཾ་བྷ་བ༔ དབྱིངས་ཕྱུག་ཚེ་ཡི་བདག་ཉིད་མནྡཱ་ར༔ རྗེ་འབངས་གྲོགས་གསུམ་གནུབས་ཆེན་ནམ་སྙིང་སོགས༔ འཆི་མེད་གྲུབ་པའི་རིག་འཛིན་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དེང་འདིར་ཁུག༔ བར་ཆད་ཚེ་འཕྲང་འོད་གསལ་དབྱིངས་སུ་སོལ༔ འཁོར་འདས་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ གཞོན་ནུ་བུམ་སྐུ་སྐྱེ་འཆི་བྲལ་བའི་ཀློང༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ སྔགས་མཐར། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས། དེ་ལྟར་འཆི་མེད་ཚེའི་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་ཚེའི་བཅུད་ཀྱིས་གང་བའི་དྭངས་མ་ཐམས་ཅད་འུབས་ཀྱིས་འདུས་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་ལ་ཐིམ། དེའང་གདོད་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་གཉུག་མ་འོད་གསལ་ཆེན་པོའི་ཀློང་དུ་རྒྱས་བཏབ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། འཁོར་འདས་ཚེ་ཡི་དྭངས་མ་ཀུན༔ མི་ཤིགས་ཐིག་ལེ་ཧྲཱིཿལ་ཐིམ༔ དེ་ཡང་བརྗོད་བྲལ་ཀ་དག་ཀློང༔ སྐྱེ་འཆི་མེད་པར་རྒྱས་གདབ་བོ༔ ཧྲཱིཿབྷྲཱུྃ་ཨཱ་ཡུརྫྙཱ་ན་ཨ་ཨ༔ ཞེས་བརྗོད། རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་པའི་རྫས་རྣམས་མདུན་དུ་བདར་ཏེ་མངའ་གསོལ་བར་མོས་ཤིག །ཅེས་ཚིགས་བཅད་རྒྱས་བསྡུས་གང་རུང་གིས་རྫས་བརྒྱད་སྦྱིན། ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་དག་གིས་པདྨ་ཚེའི་སྙིང་ཐིག་ལས་འཆི་མེད་མཁའ་འགྲོ་ཙཎྜ་ལཱིའི་སྨིན་བྱེད་གྲུབ་པ་སྟེ། གཞུང་ལས། དེ་ལྟར་ཟབ་མོའི་དབང་བསྐུར་མཆོག༔ འདིས་ནི་ལམ་གྱི་སྣོད་དུ་འགྱུར༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཐར་ཐུག་འཆི་མེད་སྐུ་འགྲུབ་ཕྱིར༔ སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ཞེས་གདམས་པར་མཛད་པ་ལ་ངེས་ཤེས་དྲགས་པོས་འདི་ཉིད་གཡར་དམ་དུ་འཆང་བའི་མཚོན་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་སྲུང་མའི་གཏོར་འབུལ། ཚོགས་མཆོད་ནས་ཤིས་བརྗོད་བར་རྗེས་ཀྱི་རིམ་པ་ལས་གཞུང་ལྟར་བྱས་པས་གྲུབ་བོ། །བདེ་ཀློང་འཁྱིལ་པ་ཡུམ་གྱི་མཁར། །ཟག་མེད་ཡེ་ཤེས་རྡོ་རྗེར་སྨིན། །རྟག་པ་དམ་པར་བྱང་ཆུབ་པའི། །གོ་འཕང་ཀུན་ལ་སྩོལ་ནུས་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་སྨིན་གྲོལ་བདུད་རྩིའི་བཅུད་མཆོག་ཐོག་མར་བསྩལ་ཞིང་བཀའི་གནང་བ་ཐོབ་པ་ལ་བརྟེན། འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། །།

རྟ་ཕྱུགས་ཀྱི་རིགས་ལ་ཕན་གདགས་པའི་མན་ངག་ཉེར་མཁོ་བསྡུས་པ་ (Volume 45, Text 20)

༄༅། །རྟ་ཕྱུགས་ཀྱི་རིགས་ལ་ཕན་གདགས་པའི་མན་ངག་ཉེར་མཁོ་བསྡུས་པ་བཞུགས་སོ། ། ཨཱརྻ་རེ་མནྟ་ལ་ཕྱག་འཚལ་ལོ། །རྟ་ནད་ཀྱི་རིགས་སྨན་དང་སྔགས་སོགས་ཀྱིས་ཞི་བ་དང་སྲུང་བའི་མན་ངག་ཟབ་མོ་ཉེར་མཁོ་བཏུས་པ་ནི། རྟ་ལ་སྤྱང་དུག་བྱུང་ན། རྟ་དེ་བཤལ་བ་དང་། མཆུ་གནམ་ལ་བསྟན་ཅིང་རྒྱུག་འགྲེ་བྱེད། དེ་ལ་བྱ་རྒོད་ཤ་ཡི་ཁུ་བར་ལན་ཚྭ་དང་གླ་རྩི་བཏབ་པ་བླུད་པས་ཕན། བུད་མེད་ཀྱི་མངལ་དུག་བྱུང་ན། ཉལ་ལང་མང་པོ་བྱེད། ཐེར་བཞི་རྔུལ། ཁོང་པ་རྒྱས་ནས་ཁྱི་ཚང་ཚོལ་ཚོལ་བྱེད། དེ་ལ་ཨ་རུ་ར་དང་ཕབས་བཅས་དྲི་ཆུ་ལ་སྦྱར་བ་བླུད། ཡང་ན་སུ་རུ་པཉྩ་བླུད། ཚ་བ་ཆེ་ན་སྟར་བུ་སུམ་གཉིས། བུལ་ཏོག་སུམ་ཆ་དྲི་ཆུ་ལ་སྦྱར་བ་བླུད། སྲེ་མོང་དང་ཏེ་ལོའི་བྲུན་གྱིས་དུག་ན། ལག་པ་ས་ལ་བྲད་ཅིང་ཕར་འགྲོ་ཚུར་འགྲོ་བྱེད། དེ་ལ་རྒྱ་ཚྭ་དང་ཕག་ཁྲག་བླུད། བྱ་བྲུན་གྱིས་དུག་ན་མགོ་འཕང་མཐོ་ཞིང་མིག་རྩ་དམར། དེ་ལ་དཔའ་བོ་སེར་པོ་ཆང་དང་སྦྱར་བ་བླུད། ཁྱི་བྲུན་གྱིས་དུག་ན། རྟ་དེ་ལང་ཙམ་ཉལ་ཙམ། མགོ་སྤྲུགས། རྐང་ལག་གིས་ས་བརྐོ། མགོས་ས་བརྡུང་། དེ་ལ་རྐན་རྒྱས་པའི་སོ་རྩ་ནས་རིམ་གསུམ་བར་དེར་དགོ་རུས་ཕུག །ལོང་རྩ་གཏར། ཉུང་མའི་ཁུ་བ་ལན་ཚྭ་དང་མར་བཏབ་པ་བླུད། རྩྭ་དུག་ནི། རྟ་དེ་ལང་ཙམ་ཉལ་ཙམ་དང་འགྲེ་ལོག་མང་པོ་བྱེད། རྩ་ཆུ་མི་ཐོན། དེ་ལ་ལན་ཚྭ་མར་དང་བསྲེས་ལ་སྦྱིན། ཨོཾ་འབྲི་ཏི་མི་རི་ཏི་སྭཱ་ཧཱ། ཞེས་ཚྭ་མར་ཟན་དང་བཅས་པ་ལ་བཏབ་སྟེ་སྦྱིན། ཡང་ན། ཨོཾ་མ་རི་ཁཾ་སྭཱ་ཧཱ། ཞེས་ཟན་ལ་ཉེར་གཅིག་སྔགས་ནས་བྱིན་པས་སྲུང་བ་དང་གསོ་བ་གཉིས་ཀའི་མཆོག་ཏུ་འགྱུར་རོ། །རེ་ལྕག་པས་དུག་ན། རྒྱུ་མ་སྟོང་སྦོས་བྱེད། ཁ་སྣ་ནས་ལྦུ་བ་འོང་། དེ་ལ་ཞོ་དང་སྦང་མ་ཚྭ་གསུམ་བསྲེས་ལ་གཏོང་། ར་དུག་གིས་དུག་ན། སྦོས་ཤིང་འགྲམ་སྒྲ་དཀྲིགས། སྐྱིག་བུ་བྱེད། སྣ་རྩ་ལོང་རྩ་གཏར། ས་ཚིག་དང་ཕག་ཁྲག་ཨ་རུ་ར་རྣམས་སྦྱར་བ་བླུད་པས་ཕན། ཐམ་དུག་བྱུང་ན། མ་མོའི་དར་བ་ལ་རི་དྭགས་ཤ་བའི་ཀླད་པ་སྦྱར་བ་བླུད། གཙུག་གི་ཕྱོགས་བཞིར་ཚོན་རེ་ལ་ཚུགས་བྱ། ཐང་ཕྲོམ་དཀར་པོས་དུག་ན་སྐྱུར་རིགས་བླུད་པས་ཕན། སྤྱིར་དུག་རིགས་ཐམས་ཅད་ལ་བྱང་བུལ་སླད་མེད་ཐུན་ཆེན་རེ་ཆུ་དྲོན་ལ་བཏབ་ནས་གཏོང་། བྱེ་བྲག་རྩྭ་དུག་ལ་བྲག་ཞུན་དང་། བྲག་སྐྱ་ཧ་བོ་དང་། ཐང་ཕྲོམ་རྣམས་གང་རུང་གི་ཐང་གཏང་བས་ཕན། གཞན་ཡང་དུག་རིགས་སྤྱི་ལ། ཆག་དང་ཁེབས་རྩ་དང་གཏར་ཁ་བཟང་པོ་བྱེད། ཁྱད་པར་རྟ་ན་བའི་སྦང་བཙིར་ཁུ་དང་། རྟ་བདག་གི་རྐང་པ་གཡོན་པའི་ལྷྭམ་ཚང་རྡུལ་དྲེག །གྲུ་མོ་གཡོན་པའི་དཔུང་དྲེག་བཅས་ཀྱི་རིལ་བུ་བྱ། དྲི་ཆུ་དང་སྦྱར་ལ་བླུད། སྒ་སྟན་བསྟད་ནས་རྟ་བདག་གི་ལྷྭམ་ཕྱི་ཤད་བྱས་ལ་ཚག་བྱེད། གཏར་ག་བྱ། དུག་རིགས་སྤྱི་ལ་ཕན་པའི་སྔགས། ཧ་སེང་ཧུ་སེང་དུག་སེང་། དུག་རིགས་ནག་པོ་སེང་སྭཱ་ཧཱ། ཞེས་བཟླས་པའི་སྔགས་ཆུ་བླུད། ཕུག་ལེབ་ཀྱིས་དུག་ན། གསུས་ཁྱིམ་ཆེ་ལ་མིག་སྐྲངས། རྐང་ལག་འཆར། དེ་ལ་ཉུང་མའི་ཁུ་བར། དཔའ་སེར། ཨ་རུ་ར། རྒྱ་ཚྭ་བཅས་སྦྱར་བ་བླུད། སྡོམ་དང་སྡིག་པ་སོང་བ་ལ་སྲད་དཀར་དང་རམ་ཙིའི་ཁུ་བ་བླུད། སྟོན་ཀ་ས་ཟོས་ནས་མ་ཞུ་བ་ལ། མར་ཁུར་ལན་ཚྭ་བཏབ་པའི་དྭངས་མ་གཏོང་། དེ་རྣམས་དུག་རིགས་ཀྱི་བཅོས་སོ།། ༈ ཁ་གློ་ལ་འབྲི་ཡི་མཁྲིས་པ་བླུད། ཀཎྜ་ཀ་རིའི་ཁུ་བས་ཀྱང་ཕན། གློ་ནད་སྙིང་འཁྲུགས་ལ་ཝ་གློས་ཕན། ཡང་ན་རྐྱང་ཁྲག་བླུད། ༈ རྒྱབ་སྨན་ནི། གྲོ་ཙམ། ལན་ཚྭ། ཁང་རྒན་དུད་པ་གསུམ་བསྲེས་ལ་འཕང་ལོ་བྱ། བསྐམས་ནས་མེ་ནང་དུ་བསྲེགས་ཐལ་མར་དཀར་དང་སྦྱར་བ་བྱུགས། ཨོཾ་དྷོ་དྷོ་འདུས་འདུས་མཱ་ར་ཡ། ཞེས་སྔགས་ནས་ཕུ་བཏབ་པས་རྒྱབ་ཆོད་པ་ལ་མཆོག་ཏུ་ཕན། རྒྱབ་རོ་འཕར་བ་ལ། དངུལ་རྡོ། འཕྱི་མཁྲིས། རྨ་སྨན་རིགས་གང་འཛོམ་བཅས་མར་དང་སྦྱར་ནས་བྱུགས། ༈ རྡོ་སྨན་ནི། འོལ་མོ་སེ་དང་། རྒྱ་རྩི་དུང་ལོ། །ཚིལ་རྙིང་། མར་བཅས་སྦྱར་ལ་བྱུགས། རྗེས་སུ་ཟངས་བསྲེགས་བྱུག །ཡང་ན་ཐང་ཕྲོམ་དཀར་པོ། །རུ་རྟ། ཤ་རུ་བཅས་བསྲེགས་ཐལ་ཕག་ཚིལ་མར་དང་སྦྱར་བ་བྱུགས། ར་ལུག་གི་མཆིན་པ་དང་ཁྱི་ཤ་བཅས་ཅི་མང་ཆུ་ནང་དུ་བསྐོལ་ལ་རྒྱ་རྩི་དུང་ལོ་སྤར་གང་ཙམ་བཏབ། སླར་ཡང་བསྐོལ་བ་རྟ་རེ་ལ་ལན་ལྔ་རེ་ཙམ་བླུད་པས་ཕན། སྔགས་ནི། ཨོཾ་སེ་བྲམ་ཡ་བྲམ་ཟེ་སོད། སེ་བྲམ་ཡ་བྲམ་ཟེ་སོད། ཞེས་བཏབ། ༈ རྟ་ཡི་བཙན་སྲུང་ནི། དར་ལིང་དམར་པོ་ལ་རྡོ་རྗེའི་མདུད་པ་གསུམ་བྱེད། མདུད་པ་རེ་ལ། ནཱ་ག་ཁྱུང་གི་གཙང་མགོ་དམར་པོ་སོད། ཞེས་པའི་སྔགས་སྟོང་ཚོ་རེ་བཏབ། རྟེན་སྙིང་གིས་རབ་གནས་བྱ། ཕོ་གཡས་མོ་གཡོན་རྣ་བའི་ཐད་ཀྱི་རྔོག་མ་ལ་བཏགས། བཙན་བསླེབས་ཀྱི་བདུག་པ་ནི། ཏེ་ལོ། །སྦལ་པ། ནལ་བུ་གསུམ་གྱི་རུས་པས་བདུག །ཡང་ན་ཁྱི་བྲུན། ལྷམ་ཚངས་གཡོན་པ། རང་རྒྱག །ཡུགས་སྐྲ། གུ་གུལ་རྣམས་དང་། ཡང་ན། གངས་གསང་གི་ཕ་ཝཾ་དྲེག་པ་དཀར་དམར། སྤྱང་བྲུན། ཁྱི་བྲུན། གུ་གུལ། རྟ་ཁོ་རང་གི་རྔོག་མ། སྤོས་དཀར་རྣམས་བདུག །སྔགས་ནི། ཨག་བཙན་སོད། རྣ་བའི་ནང་དུ་གུ་གསུམ་བྱེད། བཙན་ཤ་བ་རྟ་མཐའ་བསྒོམ། གུ་དེས་ཤ་བ་ཕུད་པར་བསམ། ཡང་ན། ཡ་ཁའི་བཙན་སོད། མ་ཁའི་བཙན་སོད། ཐོག་ཐོག་གི་བཙན་སོད། ཐོག་ལེན་གྱི་བདུད་སོད། ཁ་ལ་དུར་མ་སོད། ལྕེ་ལ་དུར་མ་སོད། བཙན་ཤ་བ་རྐྱ་བདུན་སོད། ཞེས་ལུང་མདོར་གནས་པའི་དཀར་གོང་དང་། སྤྲ་བ་ལ་སྔགས། ཕོ་གཡས་མོ་གཡོན་གྱི་མིག་གི་སྤུ་འཁྱིལ་སྟེང་མེ་ཚུགས་རེ་བསྲེག །སྔགས་ཆུ་གཏོར་ཕུས་བཏབ། ༈ ཨོག་བརྡོལ་ལ་ཁ་ཤའི་རྭ་ཅོ་མེར་བསྲེགས་ལ་ཨོག་བརྟིལ་གྱི་རྒྱབ་ཏུ་རྒྱ་གྲམ་གྱི་ཚུལ་དུ་ཚུགས་རིས་བྱ། སྔགས་ནི། ཨོཾ་ཁྱུ་གུ་ནི་སོད༔ ཅེས་བྱ་རྒོད་ཤ་ལ་ཁྲི་ཚོ་གསུམ་སྔགས་ནས་བདུག་པས་སྐྱ་ཐོག་སྔོ་ཐོག་རེ་ལ་ཕན་པ་ལག་བླངས་མ་ཡིན། ཡང་ན། ཨོཾ་བྷེ་ལི་བྷེ་ལི་གནོད་བྱེད་ཨོག་བརྟིལ་སྙིང་ལ་མཱ་ར་ཡ་རྦད། ཞེས་ཅི་མང་སྔགས་ནས་ཟན་ལ་བཏབ། ནངས་སྔ་སྐར་མ་མ་རྫོགས་གོང་སྦྱིན། ༈ རྟ་བརྣང་ན། ཨོཾ་སྒྲ་སྒྲ་སྒྲེ་སྒྲེ་ཕུ་ཧག །སྔགས་ཆུ་བླུད། ལག་པ་གཡས་པ་བྲང་ལ་བཏགས། མཆུ་བསྲུབས་པས་ཕན། མིག་བུའི་སྔགས་ནི། ཨ་དཀར་བཙན་སོད། བཙན་ཏྲི་དུ་ཏྲི་སོད། ཨ་ར་རྟ་ཧ་ར་སྙིང་ནས་འཚེར། ཞེས་མགོ་ནས་མར་ཕུ་གདབ། སྔགས་ཆུ་བླུད། སྒང་བཤིགས་སྔགས་ནི། ཨོཾ་ནེར་ཚིག་ཙིག་དིག་དིག་དྲོ་ཕུག་སྭཱ་ཧཱ། རང་གི་དྲི་ཆུ་ལ་སྔགས་ནས་རྟ་ལ་བླུད། བུར་སྔགས་ནི། ཨོཾ་ཙ་བུར་སོད། བུར་རྩ་ནག་པོ་སྟེང་ནས་སྐམ། རྡོ་ལེབ་ལ་རྨིག་རྗེས་བྲིས་ནས་ཕུ་ཡིས་བཏབ་ནས་རྒྱབ་ལ་འཕང་། རྨིག་རྗེས་སྟེང་དུ་མ་འཕོག་ཚེ་ཕན་པ་ཡང་ཡོད། ཡང་ན། ཆུ་སེར་གྱི་བུ་མོ་རྩ་ལ་རྒྱུག་པ་སོད། སྟོང་ཚོ་གཅིག་སྔགས་ལ་སྐུད་པ་ཁྲ་བོ་ལ་མདུད་པ་དགུ་བྱ། རྟ་ལག་པ་ཞ་བ་ལ་ཏེལ་ཤ་དང་མཉམ་དུ་བཅིངས་པས་ཕན། ༈ རྟ་ནོར་ཁྲག་ལོག་ན། ཁམ་ས། སཱཙྪའི་ས། མ་སྒྱེད་ཞབས་ཀྱི་ས་ཚིག །ལོ་བརྒྱད་དྲི་ཆུ་ལ་སྦྱར། ཐབ་བྱེ་མ་རག་ཆོད་ཐུཾ་ཐུཾ་སྭཱ་ཧཱ། ཞེས་བཏབ་པས་ཕན། ཡང་ན། ཨོཾ་ཁེ་རཀྴ་ཛནྟྲ་མཱ་ར་ཡ་རྦད་སྭཱ་ཧཱ། སྔགས་ཆུ་གཏོར། ༈ རྟ་ཡི་སྙིང་ཆུ་ཤོར་བའི་སྔགས་ནི། ཨོཾ་ཏྲི་ཕྱིན་ནས། ཐུཾ་ཐུཾ་ནན། ཟན་ལ་སྔགས་ནས་སྦྱིན། སྔགས་ཆུ་དྭངས་ག་ལ་རྒྱབ། ༈ རྟིའུའི་ཁ་སྲུང་ནི། མ་ནུ། དོམ་མཁྲིས། གླ་རྩི། ཅུ་གང་། ཕ་ཝཾ་དྲེག་པ། ར་ཁྲག་དང་མར་བཅས་མར་ལ་སྦྱར་ཏེ་མ་འོ་མ་འཐུང་གོང་དུ་གཏང་། ༈ རྟ་ནོར་གྱི་ནད་རིགས་སྤྱི་ཡི་སྲུང་བ་ནི། བོང་ང་། ག་པུར། སྟག་ཤ །དོམ་མཁྲིས། གི་ཝཾ། ཅུ་གང་། གུར་གུམ། རྒྱམ་ཚྭ། ཨ་རུ་རྣམས་སྦྱར་བ་ལ། ནཱ་ག་ཤྲཱི་ཕུད། ནཱ་ག་ཤྲཱི་ཤིག །ནཱ་ག་ཤྲཱི་རྦད། ཅེས་ཁྲི་ཕྲག་གཅིག་གིས་སྔགས། ནམ་དགོས་དུས་སུ་བརྒྱ་རྩ་རེས་ཁ་སབ་ལ་བྱུག་བདུག་འཆང་བ་སོགས་ཀྱིས་ནད་གདོན་སྤྱི་དང་། ཨོལ་འགགས་ཀྱི་རིགས་སྲུང་བའི་མན་ངག་བླ་ན་མེད་པའོ། ༈ །ཡང་རྟ་ནད་ཀྱི་རིགས་ཐམས་ཅད་ལ་ཐོག་མར་གུ་གུལ་ནག་པོའི་ཐང་གཏང་། ཁྱིམ་ནང་མ་ཡིན་པར་བྱ་རྒོད་ཀྱི་ཤ་ཕོན་ཆེར་བདུག་པས་ཕན་ངེས་ཟབ། ༈ རྟ་རྒྱུག་དགོས་སྐབས་རྔ་མདུད་ནང་སྔོ་བཏུམ་པས་མི་ལད་པའི་ཐབས་ཡིན། ༈ རྟ་དཔྱད་ཐོར་བུ་ལས། ༡༽སྙིང་རྩ་གཏར་ན། ཐག་པས་མཆན་འོག་བསྐོར་ཏེ་རྒྱབ་ཏུ་འཐེན། དཔུང་མགོའི་ཁུག་དེར་གཏར་བས། སྙིང་ལད་ཤུགས་ཞན་པ་ལ་ཟབ། ༢༽བྱ་རུ་ཁྱུང་ཆེན་ནི། མིག་གི་ཕྱི་མཇུག་ནས་ཚོན་གང་བཅར་བར། རྣ་བའི་ཕྱོགས་མིག་ཚིལ་ཡོད་པའི་སྦྱོང་དེར་གཙགས་བུས་གཏིང་མི་ཟབ་པར་གཏར་བས། ཁ་གློ་ལུ་བ་དང་སྣ་རྣག་འབྱུང་བར་ཕན། ཤེད་བཟང་བར་བྱེད། ༣༽རྐེ་ཆེན་ནི་འགྲམ་སྟེང་ནས་ཐུར་དུ་མཁྱིད་གང་འཇལ་བའི་སར་གཏར་བས། སྣ་རྣག་འབྱུང་བ་དང་། འཁྲུགས་རྒན་རིགས་ལ་ཟབ། ༤༽སྣ་མཚོ་ནི། སྣ་ནང་འཛུམ་རྒྱབ་པས་རྩ་བཏེགས་གདོང་པའི་རུས་ཡོད་མེད་ནས་ཕུག །དེས་སྤོར་འཚང་ཁ་གློ་སོགས་ཀུན་ལ་ཟབ། ༥༽རྔ་རྩ་ནི། རྔ་སྙིང་བསྡམས་པས་རྔ་འོག་གཞུང་ནས་རྩ་འབུར་བ་དེ་གཏར་བས། རྒྱབ་མི་ཆོད་ཅིང་རྔ་རྩ་མི་ཆོད་པར་ཟབ། ༦༽ཕོ་ཆུ་བཙག་ལུགས་ནི། རྟ་ཡི་ཆུ་སྡོང་ཁ་ནས་གཞུང་དུ་ཆག་གང་མཛུབ་སོར་བཞི་འཇལ་བའི་སྟེང་ནས། ཐོག་མར་ལྤགས་པ་བཀྲལ། དེ་ནས་དར་ཤ་ཕུག་པའི་ཁུང་བུར་ཆུ་ལྟེ་འཛུག་པས་ཤ་ཞབས་སྤུ་ལོག་སོགས་ལ་ཟབ། དཔྱིད་ཁོ་ན་མ་གཏོགས་དུས་གཞན་དུ་མི་ཉན། ༧༽རྩ་དཀར་གཅོད་ཐབས་ནི། སྲེ་ལོང་གི་སྟེང་འབུར་ནས་གཤོང་མོར་ཤ་ལུང་ཕུག་པ་དེ་ནས་གྱེན་ལ་མཐོ་གང་འཇལ་བའི་མཚམས་ནས་སོར་གསུམ་ཙམ་རྩ་མི་མངོན་པར་གཤགས་ནས་བལྟས་པས། གཤོང་ནས་སྒང་དུ་རྩ་ཕྲེད་ཉལ་ཞིག་ཡོད། དེ་ཁབ་སྐུད་ཀྱིས་བཏེགས་ནས་བར་ཁྲིགས་ཡིན། དེ་ནས་སེར་རུས་ཀྱི་ཕྱོགས་བཞིར་ཆག་རེ་འཇལ་བའི་སར་ཚུག་གདབ། རྩ་དཀར་ལ་ཟབ་བོ། །དེ་ལྟར་དཔྱད་འདི་རྣམས་ཕལ་ཆེར་ཕན་ཆེ་བ་མྱོང་གྲུབ་ཡིན་རུང་། ཞིབ་པར་མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་ལྟོས་པ་ལས། དཔེ་མཐོང་བ་ཙམ་གྱིས་འོལ་ཚོད་མི་བྱ་བ་གལ་ཆེ། ༈ རྟ་བཙན་ལྷེབ་ཡིན་མིན་བརྟག་པ་ནི། རྔ་མ་ཉག་གཅིག་བཏོག་པའི་སྤུ་དེ་ཚིག་འཁུམས་ལྟ་བུར་ཡོད་ན་ཡིན། མེད་ན་དུག་སོགས་གཞན་ཡིན་ནོ། །ལྷེབ་ལ་གྲུ་མདོ། ཐོད་དཀྱིལ། རྔ་རྩེ་གསུམ་ལ་མེ་གདབ་པས་ཕན། རྔོག་མ་དང་། ར་རྒན་ཨག་ཚོམ་བདུག་པས་ཕན་ཟེར་རོ། ༈ །རྟ་གྲང་སྦོས་ལ་ལང་ཐེར་གཡས་གཡོན་མེ་གདབ། ཁེབས་ལེགས་པར་བརྒྱབས་ལ་ཕྱེ་བདུག་སྣ་ཆུ་བྲུལ་བ་བྱས་པས་ཕན་ནོ། ༈ །མཛོ་རྟ་རྐང་པ་བཤལ་བ་ཕལ་ཆེར་ལ། ལང་རྩ་སྲེ་ལོང་ནས་ཡར་མཁྱུད་གང་འཇལ་སར་གཤགས་ནས། ཡས་ཀྱི་སྣ་རྩེར་དར་སྐུད་ཀྱིས་བསྡམ། དེ་འོག་ནས་བཅད་ལ་ཁྲག་དབྱུང་། ལྤགས་པ་དར་སྐུད་ཀྱིས་དྲུབས་ལ་སྔགས་ཆུ་རྨ་སྨན་གདབ་བོ། ༈ །ཕྱུགས་ཀྱི་ཁ་ཚ་ལ་ཕན་པའི་རྩམ་སྦྱོར་ནི། ག་པུར་ཆ་གསུམ། ཤུ་དག་ནག་པོ་ཆ་གཉིས། གླ་རྩི་ཆ་གཅིག་བཅས་ཞིབ་པར་བཏགས། བྱིན་རྟེན་རིགས་ཕབས་གཏའ་གང་འཛོམས་བསྲེས་ལ། ཁ་ཚ་ཐོག་མར་ན་བའི་ཕྱུགས་དེའི་ཁྲག་དང་། གཅིན་དང་། ཁ་ལྦུ་རྣམས་ཆུ་ལ་སྦྱངས་ནས་གར་སླ་ཇ་ཁུ་གར་པ་ཙམ་བྱས་ལ་ཇ་སྦྱོར་གཉིས་ཙམ་འཕྱར་ལ་ལྦུ་སོབ་རྣམས་བཅད་པའི་དྭངས་མ་ལ་བཏབ། རྭ་གཤོར་གསུམ་རེའི་ཚད་ཙམ་བླུད་པས་སྟབས་ལེགས་ན་ཁ་མཚམས་ཆོད། མ་ཆོད་ཀྱང་ནད་བྱམས་པར་འགྱུར་བ་ལག་བླངས་མའོ། ༈ །ཕྱུགས་གྲུས་མ་བེའུ་ཤོར་དོགས་ན་གླ་རྩི་ཆ་འཕྲི་བའམ། ཡང་ན་ཕྱུགས་རེ་ལ་འབུ་སྐྱོགས་རེ་སྟེར་བས་ཕན། ནིལ་བཞི་ལ་ཕོག་ན་ཚྭ་ལ་ཆུ་བཅད་མར་དང་སྦྱར་བ་བཏབ། ཁ་ལྕེ་ལ་རྨ་ཤུ་བྱུང་ན། གླ་རྩི། དོམ་མཁྲིས། ཡུག་ཤིང་གི་ཁཎྜ་བཏབ་པས་འཕྲལ་དུ་སོས། ༈ ལྷོག་པ་ལ། སྒལ་ཚིགས་ནས་མར་མཐོ་གང་བཅལ། སོར་གཉིས་མར་བཞག་པའི་མཚམས་ནས། སྐྱེར་ཕུར་མཐོ་གང་ལ་ནུས་ལྡན་གྱི་སྔགས་ཆུ་བྱུགས་ནས་ཕུག་སྟེ་མཚེར་ཁྲག་དབྱུང་། ༈ གོར་གྱི་རྩི་ལ། ཤ་བའི་བཙོ་ཁྲག་རློན་པ་བྱུང་ན་མཆོག །མ་བྱུང་ཡང་སྐམ་པོ་རུལ་སུང་མེད་པ། རྣ་བའི་བཙོ་ཁྲག་བཅས་ལ་སྨན་གློ་རྩི་ལྟར་སྦྱར་ལ་གཏང་། ཡང་སྲིན་བྱའི་ཤ་རུས་སྒྲོ་བཅས་ཚང་མ་སྦུར་བ་དང་སྨན་སྦྱར་བས་ཀྱང་ཆོག་པར་བཤད། ༈ བག་གློས་མིག་རྣག་མང་དུ་འབྱུང་བ་ལ་ཤ་བའི་ཚིལ་བདུག ༈ །ཨོལ་འགག་ལ་སུར་པན་སྦྱིན། ༈ འཕྲང་རིང་ལ་བཤར་དུས་ལྕེ་དམར་ན་བ་ལ་ཚ་མར་སྦྱར་བ་བྱིན་པས་ཕན། ༈ སྟག་ཆུང་གི་མེ་ཏོག་ཁ་བྱེ་ལ་ཁད་ཟོས་པས་ན་བ་ལ་ཚྭ་མར་རམ། དྲི་ཆུ་བླུད་པས་ཐུབ། ༈ རྒྱུ་ལངས་ན་ཐོག་མར་མཐོང་མཁན་དེས་གཞན་ལ་མ་བཤད་པར་རྔ་སྙིང་སོས་བཙིར་ནས་ཁྲག་དོན་པར་བྱས་པས་ཕན། ༈ སྒ་ཆུ་གཏོར་ན་གླ་རྩིའི་ཆུ་བླུད། ༈ མཚེར་བྱེ་ཞེས་མཚེར་པའི་ཐད་སྐྲངས་ནས་མཁུན་ཞིང་འགྲོ་མི་ཤེས་པ་ལ་མཚེར་རྒྱབ་ནས། མར་ཁུ་ཅུང་ཟད་བླུད་པས་ཕན། ༈ རྟ་ནོར་ར་ལུག་གང་ཡང་ཆུ་ནད་ཀྱིས་མི་གནོད་པའི་ཐབས། ཡུལ་དེའི་ཆུ་དུག་དང་། ཆང་བཟང་པོ་བསྲེས་པ་ལ་བྲག་ཞུན་གྱི་ཕྱེ་མ་བཏབ་སྟེ་བླུད་པས་གཏན་དུ་ཐར་ངེས། ༈ རྩྭ་ཕྱང་མའི་དུག་ཡོད་པས་སླེབས་འཕྲལ་རྩྭ་དུག་དང་ཆང་ཟན་བསྲེས་ནས་བྱིན་པས་གཏན་ཐུབ་ཡིན། ༈ ཕྱང་མའི་དུག་གིས་ན་བ་ལ་རྐེ་ཆེན་ནམ། ཡ་རྐན་གཏར་བས་ཕན། ༈ བེའུ་དང་ལུག་བློ་རྒོད་ཅེས་གློ་བུར་དུ་ལུ་བ་ཆེར་བྱེད་པ་དེ་མི་འབྱུང་བའི་ཆེད་ལ་ག་རྣམས་ལ་ཆང་བཟང་པོ་ཕོར་ཕྱེད་ཙམ་རེ་བླུད། བེའུ་ལའང་རུང་། ལུག་ལ་ཆང་བླུད་འཕྲལ་ལུག་གཞན་དང་མ་འདྲེས་པ་གལ་ཆེ། ༈ དུད་འགྲོའི་རིགས་རྣམས་ཀྱི་དུག་བཅོས་ཟབ་མོ་འདི་ལ་གསུམ་སྟེ། སྦྲེ་དུག །རྩྭ་དུག །སྲིན་དུག་གི་བཅོས་སོ། །དེ་ལ་སྦྲེ་དུག་ནི། མི་དང་ཁྱི་སོགས་ཀྱིས་འདོད་པ་སྤྱད་པའམ། ཕོ་མོའི་ས་བོན་སྐམ་པོ་ཟས་ལ་འདྲེས་པ་ལས་འབྱུང་བ་སྟེ། ན་ལུག་ནི། མཆུ་གྱེན་དུ་ལོག །རྒྱང་མིག་བལྟ། གཞོག་གཡོན་དུ་བལྟ་ཞིང་མནམ། ཉལ་ལངས་འགྲེ་ལྡོག་བསྒྲད་བསྒྲད་བྱེད། ཆུ་སྲི། དེ་ལ་རྒྱ་ཚྭ། སྡིག་སྲིན་སྣ། དྲོད་སྨན་ཧྲིལ་འཇོང་། གླ་རྩི། ཚྭ་རྙིང་པ་རྣམས་ཐུར་མགོ་རེ་རེ་ཞིབ་པར་བཏགས་ལ་ཆང་ལ་བཏབ་གཏང་། ལྷྭམ་སྐྲད། ཁྱི་ལུད། རྟ་བོན། ཕོ་མོ་གོ་ལྡོག་གི་རྨོང་སྤུ། ཕྱེ་མར་རྣམས་ཀྱི་དུད་པ་མགོ་ཕུར་ལ་སྣ་ཆུ་མ་བྱུང་གི་བར་བདུག །དེས་ཐུབ་བོ། །རྩྭ་དུག་ནི། བཙན་དུག །ར་དུག་ཐང་ཕྲོམ་སོགས་ཟོས་པ་འཁྱགས་པ་དང་བསྡོངས་པ་ལས་འབྱུང་སྟེ། སྦོས། སོ་འཐམ། ཁ་ཆུ་འཛག །ཡན་ལག་གིས་ས་མི་ནོན་པར་འཁྱོར། ལུས་རྔུལ། རྣ་བ་རྒྱབ་ཏུ་ཟུལ་གྱིས་ཉལ། དེ་ལ་བཙམ་དུག་ལ་ཨ་རུ་ར་གསེར་མདོག །དྲོད་སྨན་ཧྲིལ་འཇོང་ཚྭ་རྣམས་བཏབ་པའི་བསྐོལ་ཐང་ཚན་མོ་གཏང་། རྐན་རྩ་དང་ལོང་རྩ་གཏར། ཐང་ཕྲོམ་ལ་ཅུང་། བོང་དཀར། གླ་རྩི། གསེར་མདོག་རྣམས་ཀྱི་ཐང་གཏང་། མར་ཁུ་དང་སྒོག་སྐྱ་སྦྱར་བ་སྣར་བླུགས། རུ་ཐུང་གཏར། དེས་ཐུབ་བོ། །ཆུ་དུག་ནི། ཀོ་ཆུ་རུལ་བ་སོགས་ཆུ་རུལ་དང་། དུག་ཅན་གྱི་ཆུ་བཏུང་བ་ལས་འབྱུང་། ཟུག་གཟེར་མེད་པར་གསོ་ཆག །མིག་སྔོ་ཤེད་མེད་པ་འགྲོ་མི་ནུས། དབུགས་ཐུང་། དེ་ལ་ཕག་ཚིལ་སྙིང་པ། མར་རྙིང་སྦྲང་རྩི་རྣམས་སྦྱར་བའི་ལྡེ་གུ་གཏང་། ལུས་རྔུལ་ཙམ་དལ་བུས་བཅག །ཆུ་ཤས་ནན་ཆུང་དུ་བྱ། དེས་ཐུབ་བོ། །སྲིན་དུག་ནི་སྨད་འཁུམས་འདར། ལྡང་དུབ་ན། འདྲེ་ལྡོག་ཀར་ཀར་བྱེད། དེ་ལ་གླ་རྩི། དྭ་བའི་རྩ་བ། བྱི་ཏང་ག །ཀོ་བྱི་ལ། རྒྱ་ཚྭ། ལང་ཐང་ཙེ། ཐང་ཕྲོམ་པ། རྒྱམ་ཚྭ། བུལ་ཏོག་རྣམས་ཆུ་བསྐོལ་གྱིས་ཕུལ་ལ་གཏང་། སྦོས་ཤིང་ན་ན་དེའི་སྟེང་དུ་བུལ་ཏོག་ཐུན་བསྐྱེད། དུད་པ་རལ་པ་ཕོ་ཚོམ་གཅིག །རྡོ་དྲེག་ཕོ་ཚོམ་གཅིག །དུར་བྱིད་མཐེབ་ཚིགས་ཙམ་གཅིག་བསྣན་པའི་ཐང་བཤལ་བྱ། རྒྱུ་ལོང་ཡོས་སམ་རྡོ་དུག་བྱ། ཆུ་སྦང་མི་ཐོན་ན་ལོང་རྩ་གཏར། ཆུ་འཇམ་པ་བྲོས་ནས་བླུད། རྟ་ཕྱུགས་ཀྱིས་དུག་ཟོས་པ་ཞི་བའི་སྔགས་ནི། ཨོཾ་མ་རི་ཁཾ་སྭཱ་ཧཱ། ཆུ་ལ་བཏབ་སྟེ་སྣ་བུག་ནས་བླུག་གོ །རྟ་སྦྲེ་ན་བར་སྔགས་ནི། ཏདྱ་ཐཱ་བོང་རུ་བན་ཏོ་སྭཱ་ཧཱ། སྲན་ཕྱེ་ལ་བཏབ་སྟེ་བསྲེགས་པའི་དུད་པ་སྣ་ནས་བདུག་པས་སོས་སོ། ཁོང་སྲིན་ཞི་བའི་སྔགས་ནི། ཨོཾ་ཏྲི་ལབ་ཏྲི་ལབ་ཏྲི་ཏྲི་སད་ཏྲེ་སད་སྭཱ་ཧཱ། ཚྭ་ལ་བཏབ་སྟེ་སྟེར་རོ། ༈ །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨོལ་འགགས་སྲུང་བའི་ཟ་ཡིག་ནི༔ རྒྱས་བསྡུས་གཉིས་ཀ་བུ་ཡིག་གཅིག༔ འབྲུ་དྲུག་གསལ་ལ་མ་ཆད་པ༔ རྒྱ་སྣག་རྒྱ་སྐག་སྦྱར་ལ་བྲི༔ བུ་རམ་རྒྱ་ཚྭ་སོག་ཚིགས་གསུམ༔ བཟང་དྲུག་ཆོས་སྨན་ལེགས་པར་བྱུག༔ རང་སྔགས་བརྒྱ་རེ་བཏབ༔ རང་ཨ་ཙ་ར་དུང་རྐང་ཅན་མགོ་ལུས་དུང་གི་འཁོར་ལོས་སྤྲས་པ༔ ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ གཡོན་པ་རྫས་ཀྱི་པར་བུ་བསྣམས་པ༔ སྤྱི་བོར་ཐུགས་རྗེ་ཆེན་པོ་བསྒོམ༔ ངག་བཅད་སྔགས་འདི་ཁྲི་ཚོ་གསུམ་བྱ༔ ཟ་ཡིག་དང་སྔགས་ཆུ་ལ་འདེབས༔ ན་བར་ར་བན་ཤ་ས་ན་མ་ར་དབྱིག་དུག་ནག་པོ་སོད༔ དྲེད་ལག་ཁྱི་ལག་མགོ་ཐོག་ཏུ་བཞག་ལ་འདི་སྐད་དོ༔ ཨ་ལ་ལ་ངོ་མཚར་ཆེ༔ ང་ནི་ཨ་ཙ་ར་དུང་རྐང་ཡིན༔ ཁྱེད་ནི་ཨོལ་འགག་ཡམས་ནད་བདག་པོ་རེད༔ སྔོན་རྐེ་སྟོད་དུ་ཨོལ་འགག་ཡམས་ནད་རྒྱུག་འགྱེལ་འཕྲོས་པའི་ཚེ༔ ང་ཨ་ཙ་ར་དུང་རྐང་ཅན་ལ་ཁས་བླངས༔ དམ་བཅའ་སྲོག་སྙིང་ཕུལ༔ ཐ་ཚིག་གི་མནའ་བཞག་པའི་དམ་ཚིག་དྲན་པར་གྱིས་ལ་བདག་གི་སྲུང་སྐྱོབ་བྱས་པའི་ཡོན་བདག་ཕོ་མོ་འདི་རྣམས་ལ་མ་གནོད་མ་འཚེ་བར་སོ་སོའི་གནས་སུ་སོང༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཅེས་ནད་བདག་ཕོ་མོས་གོ་བར་བསམ་ལ་ལན་གསུམ་ལ་འབོད༔ ཡར་དྲིལ་བཟང་དྲུག་དར་སྣ་དགུ་སྦྱོར་ཁྱུང་ལྔ་ཁྲག་སྣ་དགུ་བྱུགས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་བྱ་ལོ་ཟླ་བའི་ཚེས་བཅུ་ལ་ཨོ་རྒྱན་པདྨ་ཨ་ཙ་ར་དུང་རྐང་ཅན་དུ་སྦྲུལ་ནས་དངོས་སུ་གསུངས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ད་ ནི་འཁོར་ལོ་དཔེའུ་རིས་སྐུ་སྟོད་ཁྱུང་དམར་པོ་དུག་སྦྲུལ་ཞལ་དུ་གསོལ་བ༔ གཤོག་པ་བར་སྣང་ལ་གདེང་བ༔ སྐུ་སྨད་ཕུར་བུ་ལ་གྲུབ་པ༔ མེ་རི་མེ་དཔུང་གིས་བརྒྱན་པ་དེའི་དབུས་སུ་རྩ་སྔགས་ཕུར་གཟུགས་ སུ་བྲི༔ ཨོཾ་ཤྲཱི་ཀུ་རུ་རྦད༔ མཉུག་སྨུག་ཚལ་པ་རྦད་ཧུར༔ ཐུཾ་སྲོག་ལ་རྦད༔ སྙིང་ཁྲག་ཁ་ལ་རྦད༔ ལུས་གདོན་ཙཀྲ་ལ་རྦད་རྦད༔ ནག་པོ་ཀཱ་ལ་རཀྵ་རྦད༔ སྤུ་གྲིའི་ཙིཏྟ་ཟུང་ཟུང་ལྕགས་ཀྱི་སྡེར་ མོས་སྙིང་ནས་ཟུང་ཟུང་གནོད་བྱེད་རྒྱ་ནད་རྒྱུ་གཟེར་རྐེ་ནད་རིམས་ནད་གཉན་ནད་གག་ལྷོག་གཟེར་གསུམ་ཐམས་ཅད་ཀྱི་སྙིང་ཁྲག་དང་གཉན་ཁྲག་ལ་མཱ་ར་ཡ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཁྱུང་མཆུ་སྡེབ་ ཨོཾ་དང་ཨཱ༔ སྐྲ་དང་རྦད་སྤུད༔ མི་ལག་མི་འགྲིམ་མགུལ་དུ་བཏགས༔ ྀཨཚ༔ ༁ྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཧོན་ནད་བསྲུང་བའི་གདམས་པ་ནི༔ ཨོཾ་ཨ་མི་ཡུ་སེ་ཡུ་སེ་ཨང་དེ་ཧཱུྃ་སྭཱ་ཧཱ༔ སྤྱི་ཡི་རིམ་གྲོ་ལ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དང༔ དུད་སོལ་མའི་སྔགས་དང༔ པི་ཤ་ཙི་ཡི་སྨན་བླའི་སྔགས་རྒྱུན་པར་རམ་འུར་འདོན་བྱའོ༔ དང་པོ་སྔགས་དུས་རང་སེང་གེ་དཀར་པོ་འཆིབས་པའི་ལྷ་མོ་ཁྲོ་མོ་སྤྱི་བོ་ནས་གཡས་སྨན་བླ་བཞུགས་པ་ལ་ཕྱག་གཡས་ལྕགས་སྒྲོག་དང༔ གཡོན་སྨན་སྒྲོ་འཛིན་པའི་ཁྲོ་མོ་སྟག་ཤམ་ཅན་སོགས་དུར་ཁྲོད་ཀྱི་ཆས་གསོལ་བ་ཞིག་བསྒོམས་ལ༔ སྔགས་དེ་ཁྲི་ཚོ་གཉིས་བཟླས་པས་འགྲུབ་བོ༔ ཤིང་ཚ༔ རུ་རྟ༔ བིལ་བ༔ མཁའ་འགྲོའི་འགྲོན་བུ༔ གི་ཝཾ༔ གླ་རྩི༔ སྐྱེར་ཤུན༔ གཙོ་བོ་གོང་མ་སྔགས་སྟོང་ཕྲག་གཅིག་སྔགས་ལ་བདུག་གོ༔ གླ་རྩི་རུ་རྟ་བིལ་བ་གི་ཝཾ་གུར་གུམ་རྣམས་སྔགས་གོང་མས་སྟོང་ཙམ་སྔགས་ཆུ་ལ་བཏབ་སྟེ་བླུད་པར་བྱའོ༔ ༈ ནོར་གྱི་ཧོན་ནད་ལ་ཕན་པའི་གདམས་ངག་ནི། ཇ་ཆུ་འཇུག་ཁུ་བའི་དྭངས་མར། བྱ་ཤིང་རྟ་མའི་ཁོག་པ་སྒྲོ་དང་བཅས་པའི་ཕྱེ་འདེབས་ནས་ཁོལ་བཅུག །ཚོས་ཚར་བ་དང་ཕོག །དེ་ལ་སྨན། ག་པུར། ཛཱ་ཏི། ཙནྡན་དཀར་དམར། ནག་པོ་དགུ་སྦྱོར། གླང་ཆེན་དང་། ཤ་བའི་ཤ་ཁྲག་བཙོ་གསུམ་བཅས། གཞན་ཡང་དམ་རྫས། སྤར་ཁྲུས། གཏོར་སྒྲུབ་སོགས་བྱིན་རྟེན་གྱི་རིགས་བཅས་བཏབ་ནས་ཞག་གསུམ་ཙམ་བསྙལ། གཟའ་སྐར་ལེགས་ཉིན་མི་བསམ་དཀར་དགེ་སེམས་ཅན་གྱིས་ནངས་རེ་ལ་ཕུལ་རེ་ཙམ་བླུད་པས་ཁ་སྲུང་ངེས་པའི་གདམས་པ་ལག་བླངས་མའོ། ༈ །ལུག་གིས་ཕུར་དུག་ཟོས་པས་ན་ན། སོ་སྒྲ་དཀྲིགས། སེར་པོ་འཁྲུ། དེ་ལ་ཆང་སྐྱུར་རམ་དར་ཁུ་བླུད་པས་ཕན། ༈ ལུག་ནད་ལྟལ་བས་ཚིགས་བཞི་སྐྲངས། འགྲོ་དཀའ་ན། ཨོཾ་བཛྲ་ས་མ་ཡ་ཧྲི་ད་རྦད་སོད༔ ལྟལ་བ་ཨུཙྪའི་ཧྲི་ད་ཧཱུྃ་ཕཊ༔ ཁྲི་ཚོ་གཅིག་འབབ་ཆུ་ཆེན་པོའི་ཆུ་ལ་བཏབ། ཉིན་རེ་ཐེངས་གསུམ་རེ་གཏོར་བས་ཐུབ་པ་ལག་བླངས། ༈ ལུག་དང་བེའུ་གློ་འབུ་ཞུགས་པའི་རྟགས། གློ་ལུ། སྣ་འཚང་། མགོ་དང་མིག་སྐྲངས། དེ་ལ་རྩི་ཆུ་ཅུང་ཟད་སྣ་བུག་ནས་བླུགས་པས་ཕན། ༈ གཞན་ཡང་ལུག་ནད་ཀྱི་རིགས་གང་ལའང་སྣ་རྩེ་ནས་ཡར་སོར་བཞི་འཇལ་བའི་གདོང་ཟུར་གྱི་རྩ་དེ་ལ་སྣ་མཚོ་ཟེར། དེ་གཏར་བས་ཕན་པའང་མཐོང་། ༈ གློ་གོར་ཧོན་གསུམ་སྲུང་བའི་སྔགས་ནི། ཨོཾ་པི་ཁྲི་ལི་མི་ལི་ཏི་སངས་ས་ནོར་གྱི་གློ་གོར་ཧོན་གསུམ་རཀྵ་རཀྵ༔ ཞེས་ཨར་ནག །གུ་གུལ་ནག་པོ། །ཤུ་དག་ནག་པོ། མུ་ཟི་ནག་པོ། ཆུ་མ་རྩི། རུ་རྟ། གི་ཝཾ། ཉུངས་ནག་རྣམས་ཆ་མཉམ་པ་ལ་སྔགས། དེ་དང་རྒྱ་སྣག་བསྲེས་ལ་གོང་གི་སྔགས་ཚེག་མེད་ཕྲེང་གཅིག་བྲིས་པའི་མཐར། ཁྲོཾཿཀྵཾ༔ ྈྈྈ ཞེས་བྲིས་པ་གཤམ་ནས་ཡར་དྲིལ་ལ་འདོགས། ༈ ནོར་ཕྱུགས་ལ་ཁ་ཚ་སྲུང་བའི་སྔགས་ནི། ཨོཾ་ཀ་ལ་ཤ་དུ་མ། ཨོཾ་ཐེ་ཐི་ཐེ་ཐར། ཀ་ལ་པ་ས་སྐྱ། ཞེས་བརྒྱ་རྩ་རེ་འདོན་ལ། ལུག་མ་མོའི་སོག་བལ་གཡས་པའི་སྐུད་པ་དཀར་ནག་ལ་མདུད་པ་རེ་བྱ། དེ་ལྟ་བུའི་མདུད་པ་བརྒྱད་ཅུ་གྲུབ་ནས་རྭ་གཡོན་ལ་བཏགས། ཤིན་ཏུ་གསང་ནས་བཟླ་བ་མན་ངག་ཁྱད་པར་ཅན་ནོ།། ༈ ཁ་ཚ་སྲུང་བའི་སྔགས་ནི། ཐོ་རངས་སྔ་བར་རང་ཀླུ་བདུད་དཀར་པོའི་ངོ་བོ་སྦལ་པ་དཀར་པོ་གསལ་བའི་ཁ་ནས་ནད་སེལ་བའི་བདུད་རྩི་འབབས་པར་བསམ་ལ། ཨོཾ་ནཱ་ག་རཱ་ཙ་ཁ་ལ་སྭཱ་ཧཱ། ཞེས་སྔགས་པའི་ཆུ་སྔ་མོར་བླུད། ཡང་ན། ཨོཾ་ཨར་ཎ་ཡང་ཤ་སྭཱ་ཧཱ། གུ་གུལ། ཆུ་དག །ཤིང་ཀུན། གླ་རྩི་རྣམས་ལ་སྔགས་ནས་བླུད་པས་ཐུབ་བོ། ༈ །ལུག་ནད་ལ། ཨོཾ་ཁྱུང་གྷན་དྲན་རྦད་ཆོད་གཏལ་ཁ་ཆོད། ནད་ཤུག་རྦད་སྭཱ་ཧཱ། གནམ་མི་མཐོང་བའི་བྱེ་མ་ལ་སྔགས་ནས་བྲབ། ཡང་ན། ཨོཾ་ཨ་ཤ་རི་མོ་མ་མ་ཏ་ལ་རིགས་སུམ་བརྒྱ་དྲུག་ཅུའི་ཤི་གེགས་མཱ་ར་ཡ་སྭཱ་ཧཱ། ཨོཾ་ཐ་སྤུ་རུ་སོད། དམེ་སྤུ་སོད། ཨ་ནན་སྤུ་ནན་བྱཱ་དྷ་ལི་མི་ལུག་ནད་ཐམས་ཅད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཤུག་པ་ལ་སྔགས་ནས་བདུག་གོ ༈ །འཕྱིས་སྲུང་ནི། ཉ་གཟུགས་སྐྱེ་མཆེད་དོད་པར་བྲིས་པའི་མགོ་ནས་མཇུག་གི་བར་དུ། ཨོཾ་སརྦ་ནཱ་ག་གྷྲི་ནི་ཧཱུྃ་ཛ་སུ་ཏྲི་ཧཱུྃ་ནྲྀ་ཛ་བྦབྦ་བྦྷ་ནན་ཏྲི་ཧཱུྃ་ནྲྀ་ཛཿཕྱུགས་ཀྱི་མངལ་ལ་གནོད་པར་བྱེད་པ་མཱ་ར་ཡ་ཆིངས་ཤིག་ཤིག་དུལ་དུལ་འཆང་བ་མོའི་མངལ་སྲུངས་ཤིག་རཀྵ༔ ཞེས་ཚེག་མེད་དབུ་ཅན་དུ་ཕྲེང་གཅིག་བྲི། ཉ་ཤ །སྦྲུལ་ཤུན། སོག་ཚིགས་གསུམ་སྦྱར་བས་བྱུགས། ཡི་དམ་གང་ཡིན་གྱི་སྔགས་བརྒྱ་རྩ་དང་རྟེན་སྙིང་ལྔ་བརྒྱས་རབ་ཏུ་གནས། སྐུད་པ་དཀར་པོ་སུམ་སྒྲིལ་ལ་དྲིལ། ཕྱིང་བ་དཀར་པོས་གཡོགས་ནས་བཏགས་པས་ཐུབ་ངེས་ཟབ་བོ། །རྟ་ཕྱུགས་གང་ལའང་ཕན་ནོ། །འཕྱིས་སྲུང་ཉ་ཁོག་མའོ། ༈ །ཤུག་པའི་བྱང་བུ་ཞིག་ལ། ཨོཾམཀཐལཧྲིངཧྲིངརྨིངརྨིངཁོཁོཐུབཐིབངེསོཡགོགནོདཔསརུགབཞོནའདྲེམཱརཡཕཊ། ཞེས་བྲིས་ལ་མར་མ་ཐོན་ན་རྐྱལ་པ་ལ་འདོགས། བེའུ་མ་བཟུང་ན་རྭ་ལ་འདོགས། འཕག་ན་ཟེ་བ་ལ་འདོགས་པས་ཐུབ་ངེས་ལག་བླངས་མའོ། །རྟ་ཕྱུགས་སོགས་ལ་སྲིད་སྤེལ་ན། །སྲེ་མོའི་ལྤགས་པ་གཡོན་བཤུས་ནས། །གང་གི་སྲིད་སྤེལ་འདོད་པ་ཡི། །སྤུ་ལ་སྲད་བུ་བྱས་ནས་ཀྱང་། །དར་ཚོན་སྣ་ལྔས་དེ་དག་དྲིལ། །གསེར་དངུལ་ལ་སོགས་རིན་ཆེན་དང་། །འབྲུ་སྣ་རྣམས་ཀྱིས་གང་བར་བྱ། །ཕྱུགས་ལྷས་ལ་སོགས་ར་བ་ཡི། །རྟ་ཕྱུགས་བྲེས་ཀྱི་སྟེང་དུ་གདགས། །དེས་ནི་རྟ་ཕྱུགས་སྲིད་འཕེལ་ནས། །ཕྱུག་པོ་གཡང་ཅན་དག་ཏུ་འགྱུར། རྟ་ཕྱུགས་ལ་སོགས་ནོར་གྱི་སྲིད་སྤེལ་བ་ཟབ་མོ་ྀཨཚ། མངྒ་ལཾ་བྷ་བ་ཏུ། ༈ ཡང་རྟ་དྲེལ་བོང་མཛོ་གླང་ར་ལུག་སོགས་འབྲོག་ཕྱུགས་ཀྱི་རིགས་ཅི་བྱས་ཅིར་མ་གཏུབ་ན། དེ་དག་གོད་ཁ་བསྡམ་ཞིང་བཀྲ་ཤིས་འཕེལ་བར་བྱ་བའི་རྟེན་འབྲེལ་ནི། མཐིང་ཤོག་ལ་གསེར་གྱིས། ཨོཾབྷཻདྲིབྷེདྲི། མཧཱབྷཻདྲི། མཧཱབྷསུབྷཻདྲིཡེསྭཱཧཱ། ཨོཾབྷསུདྷཱར། ནཱནཱཁདྷེརཀྵརཀྵསྭཱཧཱ། ཨོཾཛམྦྷལཛལེནྡྲཡེསྭཱཧཱ། བྷསུཔུཥྚིཾཀུརུསྭཱཧཱ། ཞེས་བྲི། དེའི་ཤམ་དུ་རྟེན་འབྲེལ་སྙིང་པོ་བྲི། རབ་གནས་བྱས་ཏེ་སྨྱུག་ཚིགས་ནང་དུ་གཞུག །མུ་ཏིག་མིག་མ་ཕུག་པ་རབ། མེད་ན་ཉ་ཕྱིས་ཀྱི་དུམ་བུ་གཅིག་དང་། ཤུ་དག་དཀར་པོ། །མོན་ལུག་གླ་སྒང་། དེ་རྣམས་དར་དཀར་རམ། རས་དཀར་དུ་བཏུམ་ལ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ། གླང་བུའམ། གཡག་འབྲས་བུ་ཅན་གཅིག་གི་མགུལ་དུ་གཟའ་སྐར་བཟང་པོ་ལ་བཏགས་ལ་བཀྲ་ཤིས་བརྗོད། ཡུལ་དེའི་ལྷ་ཀླུ་ནུས་པ་ཅན་གཅིག་དང་། ཀླུ་ནོར་རྒྱས་ཀྱི་སྙིང་པོ་དང་། རྟེན་དུ་གཟུག །འབྲས་བུ་མི་གཅད། མི་གསད། མི་བཤུའོ། རྫ་གསར་ཀླུ་མུར། དངུལ་ཆུ་དང་། ཀླུ་སྨན་གྱི་རིགས་ཀུན་ལ་རིལ་བུ་བྱས་ཏེ། རྫ་བུམ་བཀང་དེ་ཕྱུགས་རའི་དཀྱིལ་དུ་རྡོ་སྒྲོམ་བྱས་ལ་སྦ། ཕྱུགས་འཛུལ་བའི་ཡ་ཐེམ་དུ། པརྞ་ཤ་བ་རཱིའི་གཟུངས་སྤྱི་ལྟར་བྲིའོ། །དེས་ནི་ཕྱུགས་ཀྱི་གོད་ཁ་ཆོད། སྒབ་འཕེལ་བཀྲ་ཤིས་བཙན་ཕྱུག་དར་བར་འགྱུར་ཏེ། ཤིན་ཏུ་ཟབ་ཅིང་བཀྲ་ཤིས་པའི་རྟེན་འབྲེལ་ལོ། །ྀཨཚ། །། །།

མཁའ་འགྲོ་སེང་གདོང་གི་སྲུང་ཟློག་རྒྱུན་ཁྱེར་ (Volume 33, Text 20)

མཁའ་འགྲོ་སེང་གདོང་གི་སྲུང་ཟློག་རྒྱུན་ཁྱེར་བཞུགས་སོ༔ ྈྈྈྈྈྈྈ མཁའ་འགྲོ་སེང་གདོང་གི་སྲུང་ཟློག་རྒྱུན་ཁྱེར་ནི༔ ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ སྣང་སྲིད་ཡེ་སྟོང་རྫོགས་པ་ཆེ༔ དེ་ནང་ཆོས་འབྱུང་གཞལ་ཡས་ཁང༔ མེ་དཔུང་ཐོག་སེར་འཁྲུགས་པའི་དབུས༔ པད་ཉི་བཾ་སྟེང་རང་གི་སེམས༔ སྐད་ཅིག་དྲན་རྫོགས་མཁའ་འགྲོ་མ༔ མཐིང་ནག་སེང་གེའི་གདོང་པ་ཅན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ ལྗགས་བསྐྱོད་གཡུ་རལ་ནམ་མཁར་གཟིངས༔ སྐམ་རློན་ཐོད་པའི་དབུ་རྒྱན་དང༔ དོ་ཤལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ གྲུ་གཡོན་ཁ་ཊྭཱཾ་རྩེ་གསུམ་བཅུག༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་འཇིགས༔ ཐུགས་ཀར་ཉི་སྟེང་བྷྱོཿམཐིང་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམས༔ ཕྱི་ནང་གསང་མཆོད་བསྟོད་པར་བགྱི༔ ཐུགས་ཀའི་བྷྱོཿམཐར་སྔགས་གཡོན་འཁོར༔ དེ་འོད་མེ་རླུང་ཐོག་མཚོན་འཁྲུགས༔ ཕྱི་ནང་བན་བོན་བྱད་མ་ཡི༔ སྔགས་ཟོར་རྦོད་གཏོང་ངན་པ་ཀུན༔ བསད་བཅོམ་བརླགས་གཏོར་ཕྱིར་བཟློགས་ནས༔ ཚུར་འདུས་མཚོན་ཆ་སྣ་ཚོགས་གུར༔ མེ་དཔུང་འབར་བས་བསྐོར་བར་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿཧཱུྃཿཧྲཱིཿབཛྲཿཏུཿརཿནཿམཿསྭཱཿཧཱཿཨེཿསཿབྷྱོཿཟློགཿཨེཿཀཿཡཿམཿདུཿཏྲིཿརྦད༔ ཅེས་བསྐྱེད་རིམ་གསལ་བའི་ངང་ལ་ཅི་ནུས་བཟླ༔ མཐར་མཁའ་འགྲོ་སེང་གདོང་ཧཱུྃ་དུ་གྱུར་ནས་ནམ་མཁར་ཐིམ༔ སྣང་སྲིད་བརྡལ་བ་ཆེན་པོ་གསལ་སྟོང་ཟུང་འཇུག་གི་ངང་ལ་བཞག༔ དེ་ནི་རྒྱུན་གྱི་སྲུང་ཟློག་གོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔

ཐུགས་ཐིག་ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ་ (Volume 20, Text 20)

༄༅། །ཐུགས་ཐིག་ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ་བཞུགས་སོ། ། ཨོཾ་སྭསྟི། བླ་མ་མཆོག་དང་ཐ་དད་དུ། །མི་དམིགས་བདེ་གཤེགས་ཚེ་ཡི་ལྷར། །བཏུད་ནས་འཆད་འདོད་གསར་བུའི་དོན། །ཚེ་དབང་མཚམས་སྦྱོར་གསལ་བདེར་སྤེལ། །དེ་ལ་ཡོ་བྱད་བཤམ་བཀོད་དང་སྒྲུབ་མཆོད་ཚར་ནས། སློབ་བུ་རྣམས་ཐོག་མར་ཁྲུས་བྱས། ཕྱག་བྱས་ཏེ་གྲལ་ལ་འཁོད་པའམ། གྲལ་ལ་འཁོད་ནས་ཁྲུས་བྱས་ཀྱང་རུང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱའོ། །དེ་ནས་བགེགས་གཏོར་རྟའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་རློབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས། ཁྱད་པར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཞེས་བསྒྱུར་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སློབ་མ་འདི་རྣམས་ལ་ཚེ་ཡི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་སུམྦྷའི་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་ཕུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་མཚམས་བཅད། མེ་ཏོག་བཀྱེ་བསྡུ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བ་དང་། ལེགས་པའི་དོན་ཐམས་ཅད་གེགས་མེད་པར་འགྲུབ་ཅིང་། ཁྱད་པར་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་ཆེད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབས། །ཅེས་གསུངས་པ་དང་། དེ་ལྟར་ཐོབ་པས་མི་ཆོག །སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར། སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མིན་དུ་འཆི་བའི་རྐྱེན་མང་བས། དེ་ལས་ཐར་བར་འདོད་པ་དག་གིས་ལྷག་པའི་ལྷ་ཁྱད་པར་ཅན་རེ་བསྟེན་པར་བྱ་དགོས་ཏེ། ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ན་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་གསུངས་པས། དེ་ལྟ་བུའི་འཇིགས་པ་ལས་སྐྱོབ་པ་ལ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་པ་གཅིག་ཏུ་བསྡུས་པ་ནི་མགོན་པོ་ཚེ་དཔག་ཏུ་མེད་པ་ཉིད་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་དེ་ཉིད་ཀྱིས། སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་མ་འོངས་པའི་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་དགོངས་ཏེ་ཟབ་ལམ་གྱི་གདམས་པ་མཐའ་ཡས་པ་གསུངས་ཤིང་། ཁྱད་པར་མངའ་བདག་རྒྱལ་པོའི་སྐུ་ཚེ་བསྲིང་བའི་ཕྱིར་བྲག་དམར་གཡའ་མ་ལུང་དུ་འཆི་མེད་ཚེའི་སྒྲུབ་པ་མཛད་པས་གྲུབ་པའི་མཚན་མ་མངོན་དུ་གྱུར་ཀྱང་བཙུན་མོ་དང་བློན་པོ་གདུག་པ་ཅན་གྱིས་བར་གཅོད་ཀྱི་དབང་དུ་སོང་སྟེ་རྟེན་འབྲེལ་མ་འགྲིག །དེའི་ཚེ་ལོ་ཆེན་བཻ་རོ་ཙ་ན་དང་མ་གཅིག་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་གསོལ་བ་བཏབ་པ་ལྟར་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་དང་། ཚེ་ཆུའི་རྒྱུན་འབབ། ཚེའི་རིལ་བུ་སོགས་ཀྱི་ཟབ་གཏེར་དུ་མ་སྦ་བར་མཛད་པ་ལས། ཁྱད་པར་སྒྲུབ་ཐབས་ཟབ་མོ་འདི་ཉིད་ལོ་ཆེན་བཻ་རོ་ཙ་ན་ལ་བསྩལ་ཏེ། སློབ་དཔོན་གསུངས་ནས་མ་འོངས་སྙིགས་མའི་དུས༔ ངས་བཤད་རྒྱ་ཆེའི་ཆོས་རྣམས་ཉམས་མི་ལོན༔ དེ་ཕྱིར་ཚིག་ཉུང་དོན་འདྲིལ་གདམས་པ་འདི༔ ཕ་བོང་སྟག་ཉལ་འདྲ་བའི་བྲག་ལ་སྦོས༔ བདག་དང་ལོ་ཆེན་སྨོན་ལམ་མཐའ་བཙན་པས༔ མ་འོངས་འགྲོ་ཕན་རྒྱ་ཆེན་འབྱུང་བར་འགྱུར༔ ཞེས་གསུངས་པ་ལྟར་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཆ་ལག་ཏུ་འཆི་མེད་ཚེའི་རིལ་བུ་ཧྲཱིཿརྒྱ་དང་ལྷན་ཅིག་ཟབ་མོའི་གཏེར་དུ་སྦ་བར་མཛད་པ། ཕྱིས་ལོ་ཙཱ་བ་ཉིད་ཀྱི་རྣམ་པར་འཕྲུལ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པས་སྤྱན་འདྲེན་པར་མཛད་དེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པས། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་གདམས་པ་འདི་ལའང་། བདག་དོན་དུ་ཚེ་སྒྲུབ་པ་ཡན་ལག་དང་བཅས་པ་དང་། གཞན་དོན་དུ་ཚེའི་དབང་བསྐུར་བའི་རིམ་པ་གཉིས་ལས། འདིར་བྱིན་རླབས་དབང་བསྐུར་གྱི་རིམ་པ་དེ་སྒྲུབ་པའི་སྐབས་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་ལེན་ལས་ཇི་ལྟར་འབྱུང་བ་བཞིན་ཆད་ལྷག་མེད་པར་སྔོན་དུ་སོང་བས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ། སློབ་མས་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཚེ་དཔག་ཏུ་མེད་པའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ ཞེས་སོགས་ལན་གསུམ། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་གཉིས་སུ་མེད་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ འཆི་མེད་ལྷ་ཚོགས་ཐུགས་རྗེ་ཅན༔ སོགས་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱི༔ བདག་གཞན་འཆི་མེད་སོགས་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། ཞེས་པ་ནས། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་ལས་མུ་མེད་པའི་འོད་ཟེར་འཕྲོས་པ་བ་སྤུའི་བུ་ག་ནས་ཕྱིར་ཐོན་པ་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་ཐམས་ཅད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་རྣམ་པར་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་བྱོན་ནས་སོ་སོ་རང་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། ཌཱ་དྲིལ་འཁྲོལ་བཞིན་དུ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ ངོ་བོ་ཆོས་སྐུའི་སོགས་ནས། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་པའི་བར་སྤོས་རོལ་དང་བཅས་པས་བྱིན་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། ཅེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་ཏིཥྛ་བཛྲ། དེ་ནས་ཚེ་འགུགས་པའི་སླད་དུ་ཁྱེད་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་ཉི་མའི་འོད་ཟེར་ལྟར་འཕྲོས། བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕོག་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་དང་། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི་འབྱུང་ལྔའི་མདངས་དང་རྩི་བཅུད། སྐྱེ་འགྲོ་མཐའ་དག་གི་ཚེ་དཔལ་ནུས་སྟོབས་ལས་དང་བསོད་ནམས། ཁྱད་པར་ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས། བན་བོན་མཐུ་བོ་ཆེའི་རིག་སྔགས་ཀྱི་སྦྱོར་བ་དང་། སྡེ་བརྒྱད་མ་རུངས་པས་བླ་དང་ཚེ་སྲོག་ཁྱེར་བ་ལ་སོགས་པ་ཐམས་ཅད། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས་སྙིང་ཁར་ཐིམ་པས་དྭངས་མའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བའི་མོས་པ་མཛོད། ཚེ་མདའ་གཡབ་ཅིང་། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སོགས་གྱེར། དེ་ལྟར་ལུས་ཚེའི་དྭངས་མའི་འོད་ཀྱིས་གང་བའི་སྲོག་གི་སྒོར་རྟ་མགྲིན་དམར་པོ་བེ་ཅོན་དང་ཞགས་པ་འཛིན་པ་སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པས། ཕྱིན་ཆད་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་གྱུར་སྙམ་པའི་མོས་པ་མཛོད། རྡོ་རྗེས་སྙིང་གར་རྒྱས་འདེབས་ཤིང་། ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བརྗོད། དེས་སྔོན་འགྲོའི་ཆོས་རྣམས་སོང་ནས། སླར་ཡང་དབང་དངོས་གཞིའི་དོན་དུ་བླ་མ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཞེས་སོགས་ལན་གསུམ། ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་འཆི་མེད་བདུད་རྩིས་གང་བའི་བུམ་པ་ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ། དེ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཆིལ་ཆིལ་བབས་པ་སྤྱི་བོ་ནས་ཞུགས། ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིའི་དྭངས་མ་དེས་མེར་ཁྲིག་གིས་གང་བས་འཆི་བ་མེད་པ་རྡོ་རྗེའི་སྲོག་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་། ཧྲཱིཿ ཕྱི་ནང་སྣོད་བཅུད་སོགས་བརྗོད་ལ་བུམ་ཆུའང་བླུད། དེ་ལྟར་དབང་བསྐུར་པས་འཆི་བ་མེད་པ་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང་ནས་རྡོ་རྗེ་ཚེའི་དབང་ཐོབ་པ་ལ། ནམ་མཁར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་བཞིན་ཕབ་པས་བརྟན་པར་བྱས་པའི་མོས་པ་མཛོད། རང་བཞིན་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །སྙིང་རྗེས་གཟུགས་སྐུའི་རྣམ་རོལ་ཅིར་ཡང་སྟོན། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅོམ་ལྡན་འདས། །མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། དེ་ནས་ཚེའི་འབྲང་རྒྱས་འདི་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣམ་པར་གསལ་བའི་སྤྱི་བོར་རྩ་བའི་བླ་མ་ནས་རིམ་པར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་དེ་ལ་སློབ་དཔོན་གྱིས་ཐུགས་དམ་བསྐུལ་བའི་གསོལ་འདེབས་བརྗོད་པའི་ཚེ། ཁྱེད་རང་གིས་ཀྱང་མོས་གུས་བཟོད་མེད་དུ་བྱས་པས་ཐམས་ཅད་སྐུ་དགྱེས་པའི་མདངས་དང་ལྡན་པ། གསུང་སྔགས་ཀྱི་སྒྲ་གདངས་འར་འུར་དུ་སྒྲོག་པ། ཐུགས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་འབར་བས་བྱིན་གྱིས་བརླབ་པའི་ཕྱིར། གོང་མ་གོང་མའི་ཕྱག་གི་བུམ་པ་ལས་བདུད་རྩིའི་ཆུ་རྒྱུན་འོག་མ་འོག་མའི་ཕྱག་གི་བུམ་པར་ཆིལ་ཆིལ་བབས་པའི་མོས་པ་མཛོད། སློབ་དཔོན་གྱིས་གཏོར་མ་བཏེག་སྟེ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་དཀྱིལ་འཁོར་དུ༔ ཞེས་སོགས་ཚེ་ཛཔ྄་དང་བཅས་བརྗོད། ཅེས་གསོལ་བ་བཏབ་པས་རྩ་བརྒྱུད་ཀྱི་བླ་མ་རྣམས་རིམ་བཞིན་དགྱེས་པ་ཆེན་པོས་འོད་དང་འོད་ཟེར་གྱི་རྣམ་པར་ལྡེམ་ལྡེམ་ཞུ་ནས་གཏོར་མ་ལྷར་གསལ་བ་ལ་ཐིམ། དེ་ལ་མོས་གུས་དུང་པ་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། སྐུ་དང་ཕྱག་གི་བུམ་པ་ལས་འཆི་བ་མེད་པ་བདུད་རྩིའི་ཆུ་རྒྱུན་ཆར་ལྟར་བབས་པས་ལུས་ཀྱི་ནང་ཐམས་ཅད་མེར་ཁྲིག་གིས་གང་བས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག་རྟག་བརྟན་གཞོམ་གཞིག་དང་བྲལ་བ་ཐོབ་པའི་མོས་པ་མཛོད། ཚེ་འབྲང་གིས་དབང་བསྐུར་ཞིང་། ཧྲཱི༔ རིགས་འདུས་བདེ་གཤེགས་སོགས་བརྗོད། སླར་ཡང་ནམ་མཁར་བཞུགས་པའི་སོགས་སྔར་བཞིན། ཁྱོད་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་འོད་ཟེར་འབུམ་གྱིས་འཁྱུད་པ་བཞིན། །མཚན་དཔེའི་གཟི་བྱིན་ཀུན་ནས་ལྷམ་མེ་བ། །མཆི་མེད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། དེ་ནས་ལག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། ཧྲཱི༔ རྡོ་རྗེའི་བཅུད་ལྡན་སོགས་ཀྱིས་ལག་གཡས་སུ་ཚེ་རིལ་གཏད་ཅིང་ཟར་བཅུག །རབ་མཛེས་པདྨ་ཟླ་བའི་ཁྲི་སྟེང་དུ། །ས་བོན་ཧྲཱིཿལས་མཚན་དཔེའི་སྐུར་སྣང་བ། །ཏིང་འཛིན་ཕྱག་རྒྱས་བདུད་རྩིའི་བུམ་པ་འཛིན། །འགྲོ་བའི་འཆི་བདག་འཇོམས་མཛད་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་ལ། ལག་གཡོན་དུ་ཤེས་རབ་ཀྱི་རྫས་བདུད་རྩིའི་བཏུང་བ་བྱིན་པས་ཤེས་རབ་སྟོང་པ་ཉིད་ཅིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། ཧྲཱི༔ འཆི་མེད་བདུད་རྩི་སོགས་ཀྱིས་ལག་གཡོན་དུ་ཚེ་ཆང་བྱིན་ནས་འཐུང་དུ་བཅུག །རྣམ་པར་མི་རྟོག་ལེགས་བཤད་སེང་གེའི་སྒྲ །གཞོམ་མེད་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །འགྲོ་ཀུན་མ་རིག་གཉིད་ལས་སློང་མཛད་པ། །འཆི་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ལྟར་ཚེའི་དབང་བསྐུར་པས་ཚེ་ཉམས་པ་ཞེས་སོགས་ནས། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཅེས་པའི་བར་བརྗོད། དེ་ནས་ཚེ་བརྟན་པར་བྱ་བའི་ཕྱིར་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་པ་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་དུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་བཅིངས་པའི་མོས་པ་མཛོད། ཧྲཱི༔ འཆི་མེད་སྲོག་བརྟན་སོགས་དང་། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་རྒྱས་གདབ་ཅིང་བཛྲ་རཀྵ་ཏིཥྛ་ཞེས་བརྗོད། ཁྱོད་ཐུགས་མཁའ་ལྟར་སྤྲོས་པ་ཀུན་ཞི་ཞིང་། །ཟབ་གསལ་གཉིས་མེད་མཁྱེན་བརྩེའི་གཟི་འོད་ཀྱིས། །འགྲོ་བའི་དགེ་ལེགས་པདྨོ་རྒྱས་མཛད་པ། །འཆི་མེད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་། ལོ་བརྒྱ་ཐུབ་ཅིང་ཞེས་སོགས་ཀྱང་བརྗོད། དེ་ལྟར་དབང་ཐོབ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཞེས་པ་ནས། གོང་གི་དམ་ཚིག་རྣམས་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་སློབ་མས་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་དང་། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོས་ལ། རྗེས་ཀྱི་བྱ་བ་མཇུག་ཆོག་རྣམས་ལས་བྱང་ལྟར་བྱའོ། །གཏེར་ཆེན་བླ་མའི་གསུང་ང༵ག་བཞིན། །ཚེ་ཡི་དབ༵ང་གི་མཚམས་སྦྱོར་དུ། །ཆོ༵ས་འདིར་མོས་ངོར་གསལ་བདེར་སྤེལ། །ཀུན་ཏུ་བཀྲ་ཤིས་དཔ༵ལ་འབར་ཤོག །ཅེས་པ་འདིའང་སྐྱབས་གནས་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་དབུ་མཛད་དགེ་སློང་ངག་དབང་བཟོད་པ་སོགས་དོན་གཉེར་ཅན་མང་པོས་བསྐུལ་ངོར། གཉོས་བཙུན་རྨོངས་པ་དྷརྨཱ་ཤྲཱིས་ས་ག་ཟླ་བའི་མར་ངོའི་ཚེས་དྲུག་གི་ཉིན་རྫོགས་པར་སྤེལ་བའི་ཡི་གེ་པ་ནི་དགེ་སློང་ཨཱ་ནནྟ་མ་ཏིས་བགྱིས་པ་སྟེ། འདིའི་དབང་ཚིག་རྣམས་དཀྱུས་སུ་བྲིས་ན་བཀླག་ཆོག་མར་འགྱུར་མོད་ཀྱང་དབང་ཆོག་འཆི་བདག་བདུད་འཇོམས་ཀྱི་ཡིག་རྒྱུན་ལ་གནོད་ཀྱི་དོགས་ནས་མ་བྲིས་པས་སླད་ནས་ཀྱང་འབྲི་བར་མི་བྱའོ།། །།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ (Volume 30, Text 20)

༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེའི་ཐེག་པའི་དམ་ཚིག་གི་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འགྱུར་མེད་ཀ་དག་ཆོས་ཀྱི་སྐུ་སྟེ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ལྷུན་གྲུབ་རང་རྩལ་སྒྱུ་འཕྲུལ་རྡོ་རྗེ་ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས། །བརྟན་གཡོའི་འཁོར་ལོར་ཆད་པ་མེད་འཇུག་ཀུན་བཟང་ཧེ་རུ་ཀ་དཔལ་དང་། །དབྱེར་མེད་ཁྱབ་བདག་ཐོད་ཕྲེང་རྩལ་ཞེས་རིགས་བརྒྱའི་མགོན་པོ་དེར་ཕྱག་འཚལ། །གཙང་དམེའི་གཉིས་འཛིན་མ་དག་ལྕགས་ཁམས་བདག །རྟོག་བྲལ་ཡེ་ཤེས་མཆོག་གི་གསེར་འགྱུར་རྩིས། །བདེ་ཆེན་བདུད་རྩིར་རྒྱས་འདེབས་རྡོ་རྗེ་སེམས། །མི་ཡི་ཟོལ་བསྟན་རིག་འཛིན་ཚོགས་རྣམས་རྒྱལ། །རྒྱལ་ཀུན་ཐུགས་རྗེའི་ནུས་གཟུགས་པད་དཀར་འཛིན། །རྩོད་དུས་འགྲོ་ངོར་བཤེས་གཉེན་མཆོག་གི་གར། །སྒྱུར་མཛད་སྲིད་པ་གསུམ་ན་མཚན་དབྱངས་རྔ། །བློ་བཟང་རྒྱ་མཚོའི་གྲགས་འབར་དེ་ལ་འདུད། །གང་གསུང་ཡེ་ཤེས་ཉི་མའི་ཟེར་ཕྲེང་གིས། །བློ་གྲོས་འདབ་སྟོང་བཞད་པའི་ཀེ་ས་ར། །ལེགས་བཤད་སྦྲང་རྩིས་མངར་བའི་འཛུམ་ཕྲེང་ཅན། །ངོ་མཚར་མཆོད་སྤྲིན་མེ་ཏོག་ཕྲེང་བར་སྤེལ། །དེ་ཡང་རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་བློ་དང་བསྟུན་ནས་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་བསྡུ་ན་ཐེག་པ་གསུམ་དུ་འདུས་ཏེ། བདུད་རྩི་བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་འདུས། །ཞེས་བཤད་པས། དེ་ཡང་ཉན་རང་གི་ཐེག་པ་ནི་མྱང་འདས་ཀྱི་ལམ་དང་འབྲས་བུས་རྫོགས་པ་མ་ཡིན་ཏེ། ལམ་གྱི་གནད་ཉུང་ཞིང་ཆོད་ཆུང་བས་འབྲས་བུ་ཐར་པའི་ཆ་ཙམ་ཐོབ་པ་ལས་མེད་པས་མཐར་ཐུག་གི་ཐེག་པ་ཆེན་པོ་ལ་གཞོལ་དགོས་པའི་ཕྱིར། དགོས་པའི་དབང་གིས་ཐེག་པ་གསུམ་དུ་གསུངས་ཀྱང་གཉིས་པོ་ཐེག་ཆེན་གྱི་ལམ་ཁོ་ནར་འདུ་ཞིང་། ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་འབྲས་གཉིས་སུ་བསྟན་པའི་རྒྱུའི་ཐེག་པ་ནི་འབྲས་བུ་མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་བས་དང་པོར་འཇུག་པའི་སྒོ་དང་། ལམ་རྫོགས་པར་སྟོན་པ་ནི་རྡོ་རྗེ་ཐེག་པ་ཁོ་ནར་ངེས་པ་སྟེ། སྔ་མའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་ཕྱི་མར་ཚང་ཞིང་། ཕྱི་མའི་ཐུན་མོང་མ་ཡིན་པ་རྣམས་སྔ་མར་མེད་པའི་ཁྱད་ཆོས་ཡིན་པས་དོན་གྱི་སྒོ་ནས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་ཐེག་པ་ཁོ་ནར་འདུས་པར་བསྟན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་པ་སྟེ། ཟབ་མོའི་འཇུག་སྒོ་འདི་ཉིད་དུ་ཞུགས་ཤིང་དཀྱིལ་འཁོར་ཆེན་པོར་དབང་གིས་སྨིན་པར་བྱས་པའི་གང་ཟག་གིས། ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་འགྲུབ་པའི་ཉེ་རྒྱུའི་གནད་ནི་དམ་ཚིག་དག་པ་ལ་རག་ལས་ཤིང་། དེ་ལ་ཡང་འདིའི་དབང་དུ་བྱས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། ཡན་ལག་གི་སྐབས་སུ་དང་དུ་བླང་བྱར་བཤད་པ་ནི་དམ་རྫས་བདུད་རྩིར་གྲགས་པ་འདི་ཉིད་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་དང་། དེ་ཉིད་ཀྱི་ཕྱི་རྒྱུད་འགོས་འགྱུར་ལས། ལས་དང་ཉོན་མོངས་བྲལ་བའི་ཕྱིར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དྲི་ཆེན་སོགས་ལྔ་བྱིན་རླབས་དང་། །བདུད་རྩི་ལྔ་པོ་དག་ཀྱང་སྟེ། །ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །ལ་སོགས་སྦྱོང་བ་རིམ་པས་ཀྱང་། །དངོས་གྲུབ་ཕྱིར་བཟའ་རྣལ་འབྱོར་མའི། །དངོས་གྲུབ་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་པས་དམ་ཚིག་གི་རྫས་འདི་ཉིད་ཆོ་ག་བཞིན་རྒྱུན་དུ་བསྟེན་པས་ནི་དང་དུ་བླང་བྱའི་དམ་ཚིག་རང་གི་ངོ་བོ་འདའ་བར་མི་བྱ་བའི་དོན་ལ་གནས་པ་དང་། ཉེས་ལྟུང་དང་ཉམས་ཆག་གཞན་མང་པོ་ཡང་སྦྱོང་ཞིང་། སྦྱངས་འབྲས་གསར་ཐོབ་ཀྱི་ཡོན་ཏན་དུ་མ་ཡང་སྐྱེད་པར་བྱེད་པའི་ཐབས་མཆོག་ཏུ་འགྱུར་བ་ཉིད་དོ། །དེ་ལ་བདུན་ཏེ་བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བསྟན་པ། བརྟེན་པར་གསུང་ཚུལ། རྣམ་གྲངས་ཀྱི་དབྱེ་བ། དམ་རྫས་གསག་ཚུལ། སྒྲུབ་པ་ཉམས་སུ་བླང་བ། དེའི་ཕན་ཡོན་བརྗོད་པའོ། །དང་པོ་ནི། དེ་ཡང་བདུད་རྩིའི་གཞི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ།་་་འདི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཡིན་ལ། དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལས་བྱུང་ཞིང་། དམ་རྫས་བདུད་རྩི་དག་ཀྱང་དེ་ལ་ཕན་པས་ན་བདུད་རྩིའི་སྒྲར་བརྗོད་དོ། །བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་བསྩལ་ཏོ། །ཞེས་པས་སྲིད་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དངོས་སྣང་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། ཕུང་པོ་ལྔར་སྣང་ལ། དེ་ཉིད་ཡེ་ནས་རང་བྱུང་གི་བདུད་རྩི་ལྔར་རྣམ་པར་དག་པས་རྐྱེན་གཞན་གྱིས་ཕྲལ་དུ་མ་བཅོས་མ་བསྒྲུབས་པར་གདོད་ནས་མངོན་པར་བྱང་ཆུབ་པའི་ཕྱིར་དུས་གསུམ་སོགས་འཁོར་འདས་ཀྱི་ཆོས་སོ་ཅོག་སྐུ་གསུང་ཐུགས་སུ་རྫོགས་ཤིང་དེ་ལྟར་སྣང་བ་ནི། སྒྱུ་འཕྲུལ་སོགས་དཀྱིལ་འཁོར་ཆེན་པོ་དག་གི་སྨན་མཆོད་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་གསུངས་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བའི་དམ་རྫས་བདུད་རྩི་དེ་ཉིད་རང་ལས་བྱུང་ཞིང་གདོད་ནས་རྣམ་པར་དག་པའི་ངོ་བོ་ཅན་ཡིན་ནོ། །ཞེས་པའི་ངེས་པ་དང་འབྲེལ་ཞིང་། གཉིས་པ་ངེས་ཚིག་བསྟན་པ་ནི། མྲྀད་སྲོག་གཏོང་བའི་ཁམས་ལ་ཀྟའི་རྐྱེན་དང་སྔོན་དུ་དགག་པའི་ནཉྲ་བཞག་པས་ཨ་མྲྀཏ་འཆི་བ་མེད་པ་ཞེས་པའི་སྒྲ་ལས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སམ། སྨན་དུ་གྱུར་པའི་ཕྱིར་བདུད་རྩིའི་ངེས་པ་ཅན་ཏེ། སློབ་དཔོན་ཆེན་པོས། དམ་རྫས་བདུད་རྩི་རྣམ་དག་ཅེས་བྱ་བ་ནི་ལྔ་སྟེ། དྲི་ཆེན་དང་། དྲི་ཆུ་དང་། བྱང་སེམས་དང་། རཀྟ་དང་། ཤ་ཆེན་དང་ལྔ་པོ་དེ་མི་གཙང་དམེ་བར་མཐོང་བས་བདུད་དང་འདྲ་ལ། རང་ལས་བྱུང་ཞིང་གདོད་ནས་དག་པས་རྩི་དང་འདྲ་སྟེ། བདུད་རྩི་དེས་ཉོན་མོངས་པ་དང་དུག་ལྔ་འཇོམས་ཤིང་དག་པར་བྱེད་པས་ན་དམ་རྫས་བདུད་རྩི་ཞེས་བྱའོ། །ཞེས་གསུངས་ཤིང་། ལུང་རབ་གསལ་ལས་ཀྱང་། གཙང་དམེར་འཛིན་བདུད་དམ་རྫས་རྩིས། །ཡེ་ཤེས་ངང་དུ་རོ་གཅིག་པ། །ཞེས་གསུངས་པའི་ངེས་ཚིག་ཅན་ནོ། །གསུམ་པ་བརྟེན་པར་གསུངས་ཚུལ་ནི། ངེས་ཚིག་དེ་ལྡན་གྱི་བདུད་རྩི་དེ་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་སྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་དང་། རིགས་ལྔའི་རང་བཞིན་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ཐལ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་ཀྱང་དང་དུ་བླང་དགོས་ཏེ། ཐུགས་རྒྱུད་གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགུགས་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུགས་པའི་མཆོག་ཏུ་འགྱུར། །ཞེས་གསུངས་ཤིང་དེ་ཉིད་བརྟེན་ན་མཁའ་འགྲོ་རྣམས་འདུ་ཞིང་དངོས་གྲུབ་ཉེ་བས་ཀྱང་དང་དུ་བླང་སྟེ། འདུས་པ་མདོར། བ་གླང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་དང་། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ཅིང་། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །ཞེས་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་བས་ཀྱང་དང་དུ་བླང་བར་བྱ་བ་ཡིན་ནོ། །བཞི་པ་རྣམ་གྲངས་ཀྱི་དབྱེ་བ་ནི། བདུད་རྩི་ཡོན་ཏན་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ར་སཱ་ཡཱ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་གསུངས་པའི་རྩ་བ་བརྒྱད་ལ་ཡང་ལྔ་སྟེ། སྔོན་བྱུང་དང་། ཕྱིའི་དང་། ནང་གི་དང་། གསང་བའི་དང་། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་དང་ལྔའོ། །དང་པོ་སྔོན་བྱུང་གི་རྩ་བ་བརྒྱད་ནི། སྔོན་དཔལ་ཆེན་པོས་མ་ཏྲཾ་རུ་དྲ་བསྒྲལ་པའི་ཟག་པ་རྒྱ་མཚོར་འཕངས་པའི་རྒྱུ་ལས་བདུད་རྩི་ཐམས་ཅད་ཀྱི་ཕྱི་མོ་ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོར་གྲུབ་སྟེ། དེ་ཡང་སྡོང་པོ་ཙན་དན་སྨུག་པོ། རྩ་བ་མཱུ་ལ་པ་ཏྲ།་་་མ་ནུ། ཡལ་ག་ལི་ཤི །ལོ་མ་གནྡྷ་པ་ཏྲ།་་་རྒྱ་ཤུག་ལོ་མ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར། ཤུན་པ་ཤིང་ཚར་སྣང་བ་ཞིག་བྱུང་སྟེ། དེ་ཡང་བམ་བརྒྱད་ལས། འདི་དག་ཀུན་གྱི་མཚན་ཉིད་ནི། རྩ་བ་སྡོང་པོ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་པགས་འབྲས་བུ་སྙིང་པོར་བཅས། །ཞེས་པའི་ཚུལ་གྱིས་གནས་པ་ཉིད་དེ་རྒྱལ་བ་ཀུན་གྱི་དམ་ཚིག་གི་རྫས་ཆེན་པོ་འོ། །གཉིས་པ་ཕྱིའི་རྩ་བ་བརྒྱད་ནི། གོང་དུ་ཙན་དན་སྦྲུལ་གྱི་སྙིང་པོར་རྫོགས་པའི་སྨན་སྣ་བརྒྱད་པོ་སོ་སོ་བ་དེང་སང་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ནོ། །གསུམ་པ་ནང་གི་རྩ་བ་བརྒྱད་ནི། མཆོག་ཆེན་པོ་མི་ལ་ཚང་སྟེ་སྲིད་པ་ཆགས་པའི་རྩ་བ་ལྟེ་བ། གཟུགས་ཕུང་བྱིངས་ཀྱི་ཤ་རུས་སྡོང་པོ། ཡལ་ག་ཡན་ལག་བཞི། ལོ་མ་སེན་མོ་སྐྲ་དང་བ་སྤུ། མེ་ཏོག་དབང་པོ་ལྔ། འབྲས་བུ་དོན་སྙིང་ལྔ། སྙིང་པོ་རྐང་མར་དང་ལྷ་བ་ཀླད་རྒྱུངས། ཤུན་པ་པགས་པའོ། །བཞི་པ་གསང་བའི་རྩ་བ་བརྒྱད་ནི། ཡབ་ཀྱི་རྒྱུ་བཞི་དང་ཡུམ་གྱི་རྐྱེན་བཞི་སྟེ་བརྒྱད་ལས། །དང་པོ་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་ཧྃ་ཡིག་གི་རྣམ་པར་གནས་པས་ཀླད་པ། གཞུང་ལམ་རྒྱུངས་པ། བསྟི་བའི་སྒོ་གསང་བའི་འབྲས་བུ། གཤེགས་ཤུལ་རྡོ་རྗེའི་རྩ་བོ་ཆེ་སྟེ་བཞིའོ། །གཉིས་པ་ཡུམ་གྱི་རྐྱེན་བཞི་ནི། པདྨ་རཀྟའི་ཕོ་བྲང་མཆིན་པ། གསོག་པའི་སྣོད་བུ་སྣོད། ལེན་པའི་གནས་པདྨའི་སྒོ། རྒྱུན་ལམ་ཟེའུ་འབྲུ་དང་བཞི་སྟེ་བརྒྱད་དོ། །དེ་ལྟར་བརྒྱད་ཚན་གསུམ་པོ་དེ་དག་རེ་རེ་ལ་ཡང་སྐྱོབས་དང་གྲོགས་ལ་སོགས་པ་སོ་སོར་བརྒྱ་ཉེར་ལྔ་རེ་སྦྱར་དུ་ཡོད་པས། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཞེས་འབྱུང་ངོ་། །ལྔ་པ་སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དེ། གཙོ་བོ་ལྔ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ། དགོས་དོན་ལྔ། དགོས་ཆས་ལྔའོ། །དེ་ཡང་གཙོ་བོ་ལྔ་ནི། དྲི་ཆེན། དྲི་ཆུ། བྱང་སེམས། རཀྟ། ཤ་ཆེན་གྱི་དྭངས་མ་གསུམ་གང་རུང་ངོ་། །སྙིང་པོ་ལྔ་ནི། བམ་གཙང་མའི་དབང་པོ་ལྔའོ། །འབྲས་བུ་ལྔ་ནི། དུད་འགྲོ་རྨིག་ཟླུམ། རྨིག་ལེབ། རྨིག་པ་ཁ་དབྲག །འདབ་ཆགས། ས་འོག་ན་གནས་པ་འཕྱི་བ་རྣམས་ཀྱི་ཤ་ལ་བཤད་དོ། །ཡོན་ཏན་ལྔ་ནི། ཁ་ཅིག་ཏུ་འབྲས་བུ་གསུམ་དང་། ཅུ་གང་། ལི་ཤི་ལྔ་ལ་བཤད་ཀྱང་། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར་རྣམས་རིམ་པ་བཞིན་བྱང་སེམས་དཀར་དམར་ཤ་ཆེན་དྲི་ཆེན་དྲི་ཆུ་རྣམས་སུ་བཤད་པ་དོན་གྱིས་ཐོབ་བོ། །སྡུད་པ་ལྔ་ནི། བཞི་མཉམ་་་བཞི་མཉམ་པའི་དྲི་ཆེན་ལག་ལེན་བཞིན་སྦྱར་བ་སྟེ། སྡོམ་འབྱུང་ལས། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་གཟུང། །ཞེས་སོགས་ཀྱིས་ཤེས་སོ།གྱི་སྟེང་དུ་ཨ་མྲྀཏའི་རྩ་བ་ཕབས་རྒྱུན་ག་བུར་གུར་གུམ་ཛཱ་ཏི་ཙནྡན་དང་ལྔའོ། །དུལ་བ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུ་ཀ །ལི་ག་དུར། དབང་ལག །སུགྨེལ་དང་ལྔའོ། །དེ་རྣམས་ལ་སྨན་གཞན་རྣམས་དུལ་བའི་ནུས་པ་དང་ལྡན་པས་དུལ་བ་ཞེས་བཤད་དོ། །དགོས་དོན་ལྔ་ནི། རྡོ་རྗེ་སློབ་དཔོན། རྡོ་རྗེ་རྒྱལ་ཐེབས། ཀརྨ་ཀིང་ཀ་ར། ལས་བྱེད། གཟུངས་མ་དང་ལྔའོ། །དགོས་ཆས་ལྔ་ནི། དཀྱིལ་འཁོར། མཆོད་པ། རྫས། ཡོ་བྱད། ཀ་པཱ་ལ་མཚན་ལྡན་དང་ལྔའོ། །དེ་ལྟར་རྩ་བ་བརྒྱད་པོ་དེ་རྣམས་ལ་ཡན་ལག་སྟོང་སྦྱར་བ་ནི། ལྔ་ཚན་ཕྱི་མ་གཉིས་མ་གཏོགས་པའི་གོང་མ་དྲུག་པོ་དེ་རྣམས་རེ་རེར་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་འགྲུབ་པ་ཡིན་ལ། དེ་དག་ཀྱང་དཀྱིལ་འཁོར་ལ་སོགས་པ་དགོས་ཆས་ལྔ་དང་ལྡན་པར་སློབ་དཔོན་ལ་སོགས་དགོས་དོན་ལྔ་པོ་དེ་རྣམས་ཀྱིས་ཚུལ་བཞིན་བསྒྲུབས་པས་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཞེས་པའི་དོན་ཡོངས་སུ་རྫོགས་པའོ། །གཞན་ཡང་བདུད་རྩི་ལྔ་རེ་རེ་ལ་ཡང་རྩ་བ་བརྒྱད། སྨན་དང་། རིན་པོ་ཆེ་དང་། ཆུ་ལ་སོགས་པ་རེ་རེ་ལ་ཡང་རྩ་བ་བརྒྱད་ཡོད་པར་འཆད་ཀྱང་དོན་འདིར་མ་འདུས་པ་མེད་དེ། མདོར་ན་སྣང་སྲིད་ཀྱི་རྩི་བཅུད་ཐམས་ཅད་སྨན་འདི་ཉིད་དུ་བསྡུ་བར་བཤད་དེ། སྣང་སྲིད་རྩི་བཅུད་སྨན་དུ་སྡུད། །ཅེས་དང་། བམ་བརྒྱད་ལས་ཀྱང་། ར་སཱ་ཡཱ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ཅེས་དང་། །དེའི་འགྲེལ་པར། ཕྱི་ནང་གསང་བའི་སྨན་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱང་བདུད་རྩི་འདི་ཉིད་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་སོགས་འདི་དག་གི་དབྱེ་བསྡུ་རྣམ་གྲངས་ཇི་སྙེད་པ་ཞིག་འབྱུང་ཡང་གཞན་དུ་བཤད་པ་ལས་ཤེས་སོ། །ལྔ་པ་དམ་རྫས་ཀྱི་རྒྱུ་གསག་པ་ནི། དེ་ཡང་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་ལས། དྲི་ཆེན་དང་དྲི་ཆུ་ནི་བླ་མ་དམ་པའམ་རིམ་གཉིས་ཀྱི་ལམ་ལ་སྤྱོད་པའི་རྣལ་འབྱོར་ཕོ་མོ་དམ་ཚིག་དག་པ་ལས་བླངས་ཏེ་དེ་ཉིད་ཀྱང་ལུས་རྔུལ་བ་དང་། བྱང་སེམས་ཉམས་པ་དང་། ན་བ་དང་། ངལ་ཞིང་དུབ་པའི་དུས་མ་ཡིན་པར་བྱུང་བའི་དྲི་ཆེ་ཆུང་ངོ་། །བྱང་སེམས་ནི་ཁྱེའུ་གཙང་མའམ། རང་ངམ། རང་ཉིད་དང་ཤེས་རབ་མ་རྡུལ་འཛག་པའི་དུས་སྙོམས་པར་ཞུགས་པའི་ཁུ་བ་གང་ཡང་རུང་བ་ལ་བྱ་སྟེ། བམ་བརྒྱད་ལས། འཛག་པའི་དུས་སུ་སྦྱར་བ་ཡི། ཁྲག་ཆེན་དེ་ཡི་སེམས་དང་བཅས། །ར་སཱ་ཡཱ་ནའི་གཙོ་བོར་བྱ། །ཞེས་སོ། །རཀྟ་ནི་བུ་མོ་སྐྱེས་པ་དང་མ་འཕྲད་པའི་དང་པོར་འབབ་པའི་མངལ་ཁྲག་གོ །ཤ་ཆེན་ནི་དྭངས་མ་ལ་བྱ་སྟེ། དེའང་རབ་མགོ་སྐྱེས་ཏེ་ཀླད་པ། འབྲིང་ཡན་ལག་སྐྱེས་ཏེ་རྐང་མར། ཐ་མ་ཤ་ལས་སྐྱེས་ཏེ་ཚིལ་བུ་གསུམ་གང་ཡང་རུང་བའོ། །འདི་ལྔ་ནི་དངོས་གྲུབ་མྱུར་དུ་འགུགས་པའི་རྫས་སུ་གྱུར་པའི་ཕྱིར་ལྕགས་ཀྱུ་ལྔ་ཞེས་གྲགས་སོ། །ཤ་ལྔ་ལས་མི་ཤ་ནི། རབ་སྐྱེ་བ་བདུན་པའི་ཤའམ། མ་རྙེད་ན་མཚམས་མེད་ལྔ་མ་བྱས་པ་དང་མི་བསད་པ་མ་ཡིན་པའི་སྐྱེས་པ་དར་མ་ནད་མེད་གཡུལ་དུ་བསད་པའི་ཤ་སྟེ། གལ་པོའི་བརྟག་པ་ལྔ་པར། སྐྱེ་བདུན་བྱ་རྐང་གྲིབ་མ་བདུན། །བཅང་དང་གཡུལ་དུ་མཚོན་གྱིས་བསྣུན། །ཞེས་གསུངས་པ་བཞིན་ནོ། །བ་ལང་གི་ཤ་ནི་ཡུན་རིང་ནད་ཀྱིས་གདུངས་པ་མ་ཡིན་པར་ཤི་བའི་ཤའོ། །གླང་པོའི་ཤ་ནི་དངོས་རྙེད་ན་དང་། མ་རྙེད་ན་བོད་གླང་དཀར་པོའི་ཤའོ། ཁྱི་དང་རྟ་ནི་ཁ་དོག་དཀར་པོ་ཅན་ནད་ངན་པས་ཤི་བ་མ་ཡིན་པའི་ཤའོ། །དེ་ལྟར་ཡང་ཕྱག་ཆེན་ཐིག་ལེར། དཀར་པོའི་ཤ་དང་ལྡན་པ་ལ། །ཞེས་གསུངས་པས་སོ། །ཤ་ལྔ་པོ་འདི་ནི་སྤྱི་དང་མཐུན་པར་བྱས་ཀྱི། གཞན་དུ་ནི་མི་དང་ཁྱིའི་ཤ་མ་གཏོགས་གཞན་གསུམ་གྱི་ཚབ་ཏུ་སེང་གེ་དང་རྨ་བྱ་ཤང་ཤང་གི་ཤ་རྣམས་ལ་བཤད་དེ། གཙོ་བོའི་སྐྱོབས་ཀྱི་ངོ་བོར་ངོས་འཛིན་ཙམ་མ་གཏོགས་སྦྱོར་སྡེ་དངོས་གཞིའི་སྐབས་ནི་གཉིས་ཀ་ཚང་བར་གསུངས་སོ། །འདི་དག་ནི་རིགས་དང་དངོས་གྲུབ་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མ་ལྔ་ཞེས་བརྗོད་པར་གྲགས་ཀྱང་། ཤ་ཟོས་པས་ནི་བཀྲག་མདངས་དང་གཟི་བརྗིད་བསྐྱེད་པའི་ཕྱིར་སྒྲོན་མ་ལྔ་ཞེས་བརྗོད་པར་བྱའོ་ཞེས་མཁས་པ་དག་གིས་འཆད་དོ། །གཞན་ཡང་མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་། །མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་། །མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་། །བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ། །དབང་པོ་ལྔ་དང་གོ་རོ་ཙ་ན་དང། །ཞེས་པའི་སྲོག་ཆགས་སྣ་ཚོགས་པའི་ཤ་ཁྲག་སྙིང་སྣ་དབང་པོ་སོགས་ཀྱང་ཇི་ལྟར་རྙེད་པ་དག་གསག་པར་བྱ་ཞིང་། གལ་ཏེ་མ་རྙེད་ན་ནི་གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་པའི་འགྲེལ་པར་དཔལ་ལྡན་ཟླ་བས། ཤ་རྣམས་ཀྱང་མ་རྙེད་ན་དེའི་ས་བོན་ཉིད་བསམས་པའི་ཟན་ལ་སོགས་པ་ལ་དེ་དག་གི་གཟུགས་བྱས་ཏེ་རང་རང་གི་ལས་ཀྱིས་ཤི་བའི་ཚུལ་དུ་བྱས་ལ་སྦྱར་རོ། །ཞེས་བཤད་པ་བཞིན་བྱ་སྟེ། དེ་ལ་ས་བོན་ནི། མི་ལ་ནྲྀ་ལྗང་གུ་དང་། དུད་འགྲོ་སྤྱི་ལ་སུ་སེར་པོ་ཡིན་པས་དེ་དང་འདྲ་བ་སྟོང་ཕྲག་མང་པོ་ཞུ་བ་ལས་བྱུང་བའི་མི་དང་བྱོལ་སོང་གི་རྣམ་པ་མཐའ་ཡས་པར་བློས་བརྟགས་ཏེ་དེ་དག་ཀྱང་རང་རང་གི་ལས་ཀྱིས་ཤི་བའི་ཤར་མོས་ལ་སྦྱར་བར་བྱའོ། །གོང་གི་བདུད་རྩི་ལྔ་ལ་བརྡའམ་སྐྱོབས་ལྔར་གྲགས་པ་ཡང་སྦྱར་ཏེ། དྲི་ཆུའི་གླ་རྩི། དྲི་ཆེན་གྱི་ཨ་རུ་ར། རཀྟའི་དུ་རུ་ཀ །བྱང་སེམས་ཀྱི་ག་བུར། ཤ་ཆེན་གྱི་ཙནྡན་དམར་པོའོ། །གཞན་ཡང་འབྲས་བུ་གསུམ་དང་བཟང་དྲུག་སོགས་བཀོག་པའི་དུས་རང་དབང་དུ་མི་འགྱུར་ཡང་། ཡུན་རིང་པོས་རྙིངས་ཤིང་རོ་ནུས་ཡལ་བ་དང་དྲི་མས་སྦགས་པ་སོགས་མ་ཡིན་པ་གཙང་ཞིང་གསར་པ་ངད་དང་ལྡན་པ་དག་གསག་ཅིང་། བོད་སྨན་གྱི་རིགས་རྣམས་འཚོལ་བའི་དུས་ནི་རྩེ་མོའི་ཆ་ཤས་རྣམས་དཔྱིད་དང་། རྩ་བའི་རྣམས་སྟོན་དུས་འཐུ་བ་གཞན་དུ་གྲགས་པ་བཞིན་འདིར་ཡང་དེ་བཞིན་ཏེ། བམ་བརྒྱད་ལས། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང་། །ཉ་ཡི་ཚེ་ན་བཙལ་བར་བྱ། །ཞེས་སྨྲོས་ཏེ། དེ་ཡང་སྟོན་ཟླ་ཐ་ཆུང་ལ་སྨན་གྱི་བཅུད་རྫོགས་ལ། དཔྱིད་ཟླ་འབྲིང་པོར་སྨན་གྱི་ལྷ་མོ་དྲོད་གཡོ་བས་ན་ཟླ་བ་དེ་གཉིས་ཀྱི་ཉ་སྟེ་བཅོ་ལྔ་ལ་སྨན་གྱི་སྲུང་མ་རྣམས་མྱུལ་བས་དངོས་གྲུབ་མྱུར་བར་གསུངས་ཤིང་། དུས་དེ་ཉིད་ལ་བཙལ་བའི་ཐབས་ནི། བྱིས་པ་ལོ་དྲུག་ལོ་བདུན་པ། ཁྲུས་བྱས་དར་དཀར་གོས་གྱོན་ནས། །ཞེས་བཤད་པས། རིགས་བཟང་གི་ཁྱེའུ་གཙང་མ་ཁྲུས་བྱས་གོས་བཟང་པོ་དང་ལྡན་པས་ལྷག་པའི་ལྷ་དང་སྨན་གྱི་ལྷ་ལ་ཕྱག་བྱས་ནས་འཐུ་བར་བྱའོ། །གཞན་ཡང་སྐྱོབས་དང་འཕྲད་དུ་གྱུར་པའི་སྨན་གྱི་རིགས་རྩ་བ་འབྲས་བུ་ལོ་མ་མེ་ཏོག་ཡལ་ག་ཐང་ཆུ་རིན་པོ་ཆེ་དང་འབྲུ་སྨན་སོགས་འོག་ཏུ་དགོས་པའི་ཚོགས་ཐ་དག་གཙང་ཞིང་དག་པར་བསགས་ཤིང་འདུ་བྱའོ། །དེ་དག་ནི་དང་པོར་འཚོལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དེ་ལྟར་འདུ་བྱས་པའི་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་ཉི་མ་དང་རླུང་གིས་ངད་པ་ཡལ་བ་དང་། དུ་བ་སོགས་རྫས་གཞན་གྱི་དྲིས་སྦགས་པ་དང་། རུལ་ཞིང་འཁྱགས་པ་སོགས་སྨན་གྱི་རོ་ནུས་དྲི་བསུང་རྣམས་ཉམས་པར་འགྱུར་བའི་སྐྱོན་ཐམས་ཅད་དང་བྲལ་བར་བསྲེལ་དགོས་ཤིང་། སྨན་རུལ་བ་བཏང་ན་སྨན་ཐམས་ཅད་རུལ་བར་འགྱུར་བས་སྤང་ཞེས་དགོངས་འདུས་ལས་གསུངས་སོ། །དེ་དག་ནི་བར་དུ་བསྲེལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དྲུག་པ་སྒྲུབ་པས་ཉམས་སུ་བླང་བ་ལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོ་ལ་དྲུག །བསྙེན་པ་གསོ་བ། སྒྲུབ་པའི་གཞི་གཟུང་བ། ཕྱིར་བཤགས་བྱ་བ། སའི་ཆོ་ག །རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེར་དམ་རྫས་བཀོད་པ་དང་དྲུག་གོ །དང་པོ་ནི། གཞིའི་བསྙེན་པ་སྔོན་དུ་སོང་བས་ལས་རིམ་འདིའི་ཆེད་དུ་གང་ལ་བསྟེན་རྒྱུའི་ལྷ་དེའི་བཟླས་པ་ཞག་བདུན་གྱིས་མཐའ་རྟེན་པའི་བར་གྱིས་ཁ་གསོ་བྱའོ། །གཉིས་པ་སྒྲུབ་གཞི་གཟུང་བ་ནི། སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་སྤྱི་དང་འདྲ་བ་ལས་ཁྱད་པར་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམ་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་བྱ་བར་བཤད་ཅིང་། ཁྱད་པར་གྱི་ཡོ་བྱད་ནི་འཆད་པར་འགྱུར་བ་བཞིན་ནོ། །གསུམ་པ་ཕྱི་བཤགས་བྱ་བ་ནི། སཱཙྪ་གདབ་པ། ཆུ་གཏོར་གཏང་བ། ཞི་བའི་སྦྱིན་སྲེག །བཀའ་སྒྲོག་པ། བསང་བརྔན། ཉེ་འདོན། ལམ་འཕྲང་བསལ་བ། གསེར་སྐྱེམས། སྦྱིན་གཏོང་སོགས་མཐུན་རྐྱེན་གྱི་དཔུང་བསྐྱེད་པའི་ཆོ་ག་ཅི་འགྲུབ་བྱའོ། །བཞི་པ་ས་ཡི་ཆོ་ག་ནི། ས་བརྟག་པ་དང་སློང་བ་སྦྱོང་བ་གཟུང་བ་བསྲུང་བ་ལྷག་པར་གནས་པའི་རིམ་པ་སོགས་སོ། །ལྔ་པ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། ཕྱི་ནང་གསང་བའི་མཚམས་གཅད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། ཐིག་ཚོན་གྱིས་རྟེན་དཀྱིལ་འཁོར་བཞེངས་པ་རྣམས་ནི་རྩ་བའི་སྒྲུབ་གཞུང་གང་ལ་བསྟེན་པ་དེས་འཆད་པ་བཞིན་ནོ། ཁྱད་པར་ཁྲོལ་སྒྲུབ་ཀྱི་དཀྱིལ་འཁོར་ནི་སྒྲུབ་ཆེན་གཞན་གྱི་ཁོག་ཕུབ་ཕྱིར་རས་བྲིས་བྱས་ན་འཇུག་པ་བདེ་བས་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཞི་བ་རིགས་བརྒྱར་བྱེད་ན་བདེ་གཤེགས་འདུས་པའམ། གསང་རྫོགས་ཀྱི་ཞི་བའི་དཀྱིལ་འཁོར་སོ་སོའི་སྒྲུབ་རིམ་གྱི་ངེས་པ་དང་མཐུན་པར་བྲི་ཞིང་། དེ་ལྟར་མི་ནུས་ན་ཞི་བ་ཞེ་གཉིས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་སོགས་གཞལ་ཡས་ཁང་གི་མཚན་ཉིད་ཚང་བའི་ལྟེ་བར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཀྱིས་བསྐོར་བ་སྟེ་གསང་བ་སྒྱུ་འཕྲུལ་དྲྭ་བའི་ལུགས་ལྟར་མཛེས་ཤིང་བཀྲ་བར་བྲིའོ། །དྲུག་པ་དམ་རྫས་བཀོད་པ་ལ་གཉིས། དཀྱིལ་འཁོར་ལ་འགོད་རྒྱུའི་སྨན་གྱི་བཤམ་དང་། དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ལོ། །དང་པོ་ནི། ཀ་པཱ་ལ་ལྔ་ཚོམ་དུ་ཤོང་བའི་རིན་པོ་ཆེའི་སྣོད་ཀྱི་དབུས་དང་ཕྱོགས་མཚམས་སུ་སྨན་དང་སྣོད་རིགས་སོ་སོར་ཕྱེ་ནས་འགོད་དེ། སྒྲོན་མ་གསལ་བར། དེ་ནས་སྣོད་ལྔར་དངོས་གཞི་ལྔ་སོགས་རིགས་ཕྱེ་སྟེ། ཞེས་འབྱུང་བས། སྣོད་ལྔ་ནི་ཀ་པཱ་ལ་སྟེ། བམ་བརྒྱད་ལས། དེ་ཡི་དབུས་སུ་བཞག་པའི་སྣོད། །ཐོད་པ་མ་གས་མ་ཆག་པ། །ཞེས་དང་། བཀྲ་ཤིས་གཙང་མའི་ཐོད་པ་བཞག །ཅེས་གསུངས་པས་ཀ་པཱ་ལའི་དོན་བདེ་བར་སྐྱོང་བ་མཚོན་ཅིང་ལྷ་དང་མཁའ་འགྲོ་རྣམས་དགྱེས་པ་སྐོང་བའི་སྣོད་ཀྱི་མཆོག་ཡིན་ནོ། །དེ་ཡང་དབུས་སུ། སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། །ཞེས་པས་མཚན་ལྡན་སྲུབས་མེད་ཚངས་སྐུད་ཅན་བཞག །དེའི་ནང་ངམ་འོག་ཏུ། མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཞེས་པ་ནི་རུས་སྦལ་གྱི་ཐོད་པ་སྟེ། མ་འབྱོར་ན་ཁོག་པས་ཀྱང་རུང་ལ། དེའི་ནང་དུ་གི་ཝང་གིས་ཡི་གེ་ཧྲཱིཿབྲིས་པའོ། །དེའི་ཕྱིར་འགོད་པའི་ཐོད་པ་ནི། བམ་བརྒྱད་ལས། ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་ཡང་། །སྣོད་ནི་བཞི་འམ་བརྒྱད་བཞག་ལ། །ཞེས་པས། ཤར་དུ། མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་པཱ་ལ། །ཞེས་དཀར་པོ་ཟླུམ་པོ། ལྷོར། ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །ཞེས་སུལ་མང་འབུར་བཞི་པ། ནུབ་ཏུ། ཁམས་གསུམ་དབང་སྡུད་རྡོ་རྗེ་ཀ་པཱ་ལ། །ཞེས་ཟླ་གམ་གཤོང་བུ་གཉིས་པ། བྱང་དུ། ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ། །ཞེས་གྲུ་གསུམ་གཤོང་བུ་གསུམ་པ་རྣམས་བཞག་གོ །ཤོང་ན་མཚམས་བཞིར་ཡང་ཐོད་པ་རེ་བཞག་སྟེ། ཁྲོ་མཁར་ལས། མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ། །སྲིད་པ་ཡོངས་གྲོལ་རྡོ་རྗེ་ཀ་པཱ་ལ། །དུག་གསུམ་གཏན་དཀྲུགས་རྡོ་རྗེ་ཀ་པཱ་ལ། །མཚན་མ་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །ཞེས་པ་རྣམས་ཏེ་ཤར་ལྷོ་ནས་རིམ་པ་བཞིན། སེང་གེ་དང་། གླང་པོ་ཆེ་དང་། ལྷ་ཆེན་དང་། མི་ཕྱེ་གླ་གླི་་་མི་ཆེན་གླ་གླི་ཀྱང་ཟེར་བ་འདུག།རྣམས་ཀྱི་ཐོད་པ་སྟེ་དངོས་ནི་རྙེད་དཀའ་བས་དེར་བཏགས་པ་ཉིད་ཤར་ལྷོ་ནས་གཡས་སྐོར་དུ་བཞག་གོ །སེང་གེའི་ཐོད་པ་ནི་རུང་མཐུན་ཁྱི་དཀར་གྱི་ཐོད་པ། གླང་ཆེན་ནི་ཡུལ་གླང་གི་ཐོད་པ། ལྷ་ཆེན་གྱི་ཐོད་པ་ནི་ཕྱག་ཚང་ཀུ་བའོ། །གླ་གླི་ནི་ངོས་འཛིན་གཞན་ལ་བྱེད་པ་མང་ཡང་། བམ་བརྒྱད་ཀྱི་མི་ཆེན་གླ་གླིའི་སྙིང་ལ་སོགས། །ཞེས་པའི་འགྲེལ་པར། གླ་གླི་ནི་བརྡ་ཡིན་ཏེ། འབྲས་བུ་ལྔའི་ཙིཏྟའོ། །ཞེས་པའི་འབྲས་བུ་ལྔ་ནི་མི་གླང་ཆེན་རྟ་བོང་རྨ་བྱ་ཤང་ཤང་ཀུ་ཀུ་རྣམས་ལ་ངོས་བཟུང་བས་དེ་དག་གི་ཐོད་པ་རྣམས་གང་ཡང་རུང་བ་ལ་བྱའོ། །སྣོད་དེ་རྣམས་སུ་བཞག་པར་བྱ་བའི་རྫས་ནི། བམ་བརྒྱད་ལས། གཙོ་བོ་ལྔ་དང་འབྲས་བུ་ལྔ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་གསུངས་པའི་གཙོ་བོ་ལྔ་ནི་བདུད་རྩི་ལྔའོ། །འབྲས་བུ་ལྔ་ནི་འདིར་ཤ་ལྔའོ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་པས་སྐྱོབས་དང་འཕྲད་དུ་དགོས་པའི་སྨན་མཐའ་དག་བསྟན་པའོ། །དེ་དག་ཀྱང་རིགས་ཀྱི་དབྱེ་ཚུལ་བསྟན་པ་ནི། སྒྲོན་གསལ་ལས།་་་འདིའི་མཛད་བྱང་དུ། སློབ་དཔོན་ཟླ་བ་ཚེས་པས་མཛད་ཟེར་བ་འདུག་ཀྱང་། རྡོ་ཐོག་ཆོས་འབྱུང་དུ་མཁས་པ་བི་མ་ལས་མཛད་ཟེར་བ་འདུག་པ་དོན་གཅིག་མིང་གི་རྣམ་གྲངས་སོ། །དབུས་སུ་དཀར་དམར་སེམས་དང་ག་བུར་ཤ་རཱི་རམ། །ཅུ་གང་དག་དང་ཐལ་ཀར་རྡོ་རྗེ་བཞག་པར་བྱ། །ཞེས་པས་ཐོད་པ་དབུས་མར་བྱང་སེམས་དཀར་པོ་མིའི་ཤ །ཀླད་རྒྱུངས། ག་པུར། རིང་བསྲེལ། ཅུ་གང་། ཙནྡན་དཀར་པོ་སོགས་ཁ་དོག་དཀར་པོའི་སྨན་རྣམས་དང་། དུང་དང་མུ་ཏིག་སོགས་རིན་པོ་ཆེ་དཀར་པོ། འབྲས་སོགས་འབྲུ་དང་མེ་ཏོག་དཀར་པོའི་རིགས། སྲོག་ཆགས་དཀར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ། སྤོས་དཀར་དང་ཀ་ར་དང་དཀར་གསུམ་སོགས་དཀར་པོའི་རིགས་ཐམས་ཅད་དང་། ཨ་རུ་ར་སོགས་རོ་བསྐ་བའི་ཚོགས་དང་། བུར་སྦྲང་རྒུན་འབྲུམ་སོགས་མངར་བའི་རིགས་ཐམས་ཅད་གསག་གོ །དེ་བཞིན་དུ། ཤར་དུ་དྲི་ཆེན་དང་ནི་ཛཱ་ཏི་བ་རུ་ར། །ཨ་ཀ་རུ་དང་དུ་རུ་ཀ་རྣམས་བཞག་པར་བྱ། །ཞེས་པས་ཤར་གྱི་ཐོད་པར་དྲི་ཆེན་དང་། བ་གླང་གི་ཤ །ཛཱ་ཏི། བ་རུ་ར། ཨ་ཀ་རུ། དུ་རུ་ཀ །ཤིང་མངར་སོགས་ཁ་དོག་དམར་སེར་གྱི་སྨན་རྣམས་དང་། གསེར་དང་སྦུར་ལེན་སོགས་རིན་པོ་ཆེ་སེར་པོ། གྲོ་སོགས་འབྲུ་དང་མེ་ཏོག་དམར་སེར་གྱི་རིགས། སྲོག་ཆགས་དམར་སེར་རྣམས་ཀྱི་ཤ་ཁྲག་སྙིང་སྣ། ཤིང་ཏོག་སེར་པོ་དང་སྤང་སྤོས་སོགས་དམར་སེར་གྱི་རིགས་ཐམས་ཅད་དང་། ནིམ་པ། ཏིྑྞ་སོགས་རོ་ཁ་བའི་སྨན་ཐམས་ཅད་གསག་གོ །དེ་བཞིན་དུ། ལྷོར་ནི་མཱཾ་ས་སྣ་ཚོགས་སྙིང་ཞོ་ཤ་དང་མཁལ་མ་ཞོ་ཤ །གླ་གོར་ཞོ་ཤ་ཙི་ཏྲ་ཀ་དང་ཀ་ཀོ་ལ་བཞག་གོ །ཞེས་པས་ལྷོའི་ཐོད་པར་ཤ་ཆེན་གྱི་དྭངས་མ་གསུམ་དང་། ཁྱིའི་ཤ །ཞོ་ཤ་གསུམ། ཀླད་པ་སྣ་ཚོགས། ཙི་ཏྲ་ཀ་དང་། ཀ་ཀོ་ལ་དང་། ཁ་དོག་སྔོ་བའི་སྨན་རྣམས་དང་། ཨིནྡྲ་ནཱི་ལ་དང་མུ་མེན་སོགས་རིན་པོ་ཆེ་སྔོན་པོ་དང་། འབྲུ་དང་མེ་ཏོག་སྔོན་པོའི་རིགས། སྲོག་ཆགས་སྔོན་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་ཤིང་ཐོག་སྔོན་པོ་སོགས་ཁ་དོག་སྔོན་པོའི་རིགས་ཐམས་ཅད་དང་། སེ་འབྲུ། སྟར་བུ། བསེ་ཡབ། སྐྱུ་རུ་ར་སོགས་རོ་སྐྱུར་བའི་སྨན་ཐམས་ཅད་གསག་གོ །དེ་བཞིན་དུ། ནུབ་ཏུ་རཀྟའི་ཚོགས་དང་ཙནྡན་སྨུག་པོ་དང་། །ལི་ཤི་སྐྱུ་རུ་ར་དང་རྒུན་འབྲུམ་སྟར་བུ་བཞག །ཅེས་པས་པདྨ་རཀྟ་དང་ཁྲག་སྣའི་རིགས། རྟའི་ཤ་དང་རྨ་བྱའི་ཤ །ཙནྡན་དམར་པོ། ལི་ཤི །སྐྱུ་རུ་ར། སྟར་བུ། སིནྡྷུ་ར་དང་། གནྡྷ་པ་ཏྲ། རྩྭ་འབྲས་སོགས་ཁ་དོག་དམར་བའི་སྨན་རྣམས་དང། བྱུ་རུ་དང་པདྨ་རཱ་ག་སོགས་རིན་པོ་ཆེ་དམར་པོ་དང་། འབྲུ་དང་མེ་ཏོག་དམར་པོའི་རིགས། སྲོག་ཆགས་དམར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་། ཤིང་ཐོག་དམར་པོ་སོགས་ཁ་དོག་དམར་བའི་རིགས་ཐམས་ཅད་དང་། ལྒ་སྐྱ་དང་། ན་ལེ་ཤམ། པི་པི་ལིང་སོགས་རོ་ཚ་བའི་སྨན་ཐམས་ཅད་དང་། ཚྭ་སྣའི་རིགས་རྣམས་གསག་གོ །དེ་བཞིན་དུ། བྱང་དུ་དྲི་ཆུ་སྣ་ཚོགས་འོ་མ་ཆུ་དང་ཅོང་ཞི་དང་། །བྲག་ཞུན་གུར་གུམ་ལྕེ་པོག་གཞག་པར་བྱ།་་་བྱེ་བྲག་རྟོགས་བྱེད་ཀྱི་སྤོས་མིང་གི་སྡེ་ཚན་དུ་གུལྒུ་ལ་རྩ་ཀུན་ཏུ་རུ་སོགས། སརྫྪ་རས། པྲ་རྩི་པོགས་ཞེས་འབྱུང་བ་དང་སྦྱར་ན་གུ་གུལ་དཀར་པོའོ། །བདུད་རྩི་སྒྲོན་གསལ་གྱི་འགྲེལ་པ་དགེ་བསྙེན་ཆེན་པོ་རིན་ཆེན་དབང་ཕྱུག་གིས་མཛད་པ་ལས་ལྕེ་པོག་དཀར་པོ་བཤད་ཅིང་ལམ་རིམ་མཆན་རྙིང་ལས་ཀྱང་དེ་ལྟར་བཤད་དོ། །ཞེས་པས། དྲི་ཆུ་དང་། གླང་པོ་ཆེའི་ཤ །ཤང་ཤང་ངམ་ཕ་ཝང་གི་ཤ །ཅོང་ཞི་བྲག་ཞུན་གུར་གུམ་ལྕེ་པོག་གུ་གུལ་དཀར་པོ་རྣམས་དང་། གཞན་ཡང་ཁ་དོག་ལྗང་བའི་སྨན་རྣམས་དང་། གཡུ་སོགས་རིན་པོ་ཆེ་ལྗང་གུ་དང་། འབྲུ་དང་། མེ་ཏོག་དང་ཤིང་ཐོག་ལྗང་གུའི་ཚོགས་ཐམས་ཅད་དང་། རོ་ཐ་དད་སྣ་ཚོགས་པའི་སྨན་ཐམས་ཅད་གསག་གོ །གཞན་ཡང་དབུས་སུ་སེང་གེ་ལ་སོགས་པ་སྡེར་ཆགས་སྣ་ཚོགས་ཀྱི་ཤ །ཤར་དུ་རྨིག་པ་ཁ་དབྲག་གི་སྡེ། ལྷོར་རྨིག་ཟླུམ། ནུབ་ཏུ་འདབ་ཆགས། བྱང་དུ་གདོང་ཅན་གྱི་སྡེ་རྣམས་ཀྱི་ཤ་རྣམས་གསག་སྟེ། ཞི་ཁྲོ་བཀའ་བརྒྱད་འདུས་པ་ལས། མདོར་ན་སེམས་ཅན་མ་ལུས་ཐམས་ཅད་ལ། །བདུད་རྩིའི་རྒྱུ་ནི་ལྔ་ལྔ་ཡོང་བས་ན། །སོ་སོར་རྩ་བ་བརྒྱད་བརྒྱད་ཡོད་ཕྱིར་གསག །ཅེས་པ་བཞིན་ནོ། །གཞན་ཡང་སྨན་གྱི་དབྱིབས་ལས་མཚོན་ན་རྡོ་རྗེ་འདྲ་བ་དབུས། འཁོར་ལོ་འདྲ་བ་ཤར། རིན་པོ་ཆེ་འདྲ་བ་ལྷོ། པདྨ་འདྲ་བ་ནུབ། རལ་གྲི་འདྲ་བ་བྱང་དུའོ། །མདོག་ལས་མཚོན་ན་དཀར་པོ་དབུས། སེར་པོ་ཤར། སྔོན་པོ་ལྷོ། དམར་པོ་ནུབ། ལྗང་གུ་བྱང་། གཅིག་ལས་མཚོན་ན་རྩ་བ་དབུས། ལོ་མ་ཤར། འབྲས་བུ་ལྷོ། མེ་ཏོག་ནུབ། སྡོང་པོ་བྱང་། གཞན་ཡང་འབྲས་བུ་ལྔའི་རྐང་དང་རུས་བཅུད་ཐམས་ཅད་དབུས། དྲི་ཆེན་ཤར། དབང་པོ་ལྔ་སོགས་ལྷོ། ཁྲག་རྣམས་ནུབ། ཆུ་རྣམས་བྱང་དུའོ། །དེ་ལྟར་ཡང་སྒྲོན་གསལ་ལས། དེ་ལ་སོགས་ཏེ་ཕྱི་ནང་ཇི་སྙེད་འབྱོར་པའི་སྨན། །དབྱིབས་དང་ཁ་དོག་རོ་རྣམས་ཀྱི་ནི་རིགས་ལྔར་དབྱེ། །ཞེས་འབྱུང་བ་བཞིན་ནོ། །གཞན་ཡང་ཀཎྚ་ཀ་རི། སླེ་ཏྲེས། དབང་ལག །རྒྱ་མཚོ་ལྦུ་བ། ལི་ག་དུར་སོགས་སྨན་དང་དྲི་བཟང་པོ་ཇི་སྙེད་པ་ཐམས་ཅད་ཀྱིས་ཐོད་པའི་བར་མཚམས་ཐམས་ཅད་བྲུབས་ཤིང་བཅེར། གོང་གི་ཐོད་པ་ལྔ་པོ་ཡང་སོ་སོའི་རྫས་ཀྱིས་གང་བ་ལས་ལྷག་པར་དབུས་ཀྱི་ཐོད་པའི་རྫས་ཉིད་ཆེས་མཐོ་བར་བྱས་པའི་སོ་སོའི་དབུས་སུ་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་རིགས་བསྡེབས་པ་སྙིང་པོར་བྱ་ཞིང་། ཐོད་པ་དབུས་མའི་ཁར་བླ་མ་གོང་མ་རྣམས་ཀྱི་གདུང་རིང་བསྲེལ་བདུད་རྩིའི་ཕབས་གཏའ་སེལ་མེད་རྣམས་ཆང་དང་སྦྱར་བ་གསེར་ལ་སོགས་པའི་སྣོད་དུ་བཞག །མཚམས་བཞིར་ཐོད་པ་ཡོད་ན་དེ་དང་མེད་ན་སྣོད་གཞན་དུ་རིམ་པ་བཞིན་ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་བྱང་དུ་ཆང་། བྱང་ཤར་དུ་ཆུ་རྣམས་སོ་སོའི་སྔགས་ཀྱིས་སྦྱངས་ཏེ་བཞག །དེ་དག་གི་ཁེབས་ནི་བམ་བརྒྱད་ལས། རིགས་དང་ཁ་དོག་མཐུན་པའི་དར། །བྷཉྫ་ལྔ་ཡི་ཁ་ནས་དགབ། །ཅེས་པས་དཀར་པོས་དབུས། སེར་པོས་ཤར། སྔོན་པོས་ལྷོ། དམར་པོས་ནུབ། ལྗང་གུས་བྱང་གི་བྷཉྫ་རྣམས་ཀྱི་ཁ་ནས་དགབ་བོ། །དེ་ཡང་སྤྱིར་སྣང་སྲིད་ཀྱི་སྨན་དང་རྩི་བཅུད་ཐམས་ཅད་འདིར་སྦྱར་དུ་རུང་ཡང་། གནས་སྐབས་སུ་ཁ་དོག་དྲི་རོར་གནོད་པའི་སྤང་བྱ་ནི་སྨན་གྱི་སྤྱང་ཀི་ཞེས་པ་སྟེ། དྲི་ཡི་སྤྱང་ཀི་སྒོག་པ། ཤིང་ཀུན། ཤུ་དག་ནག་པོ། བྱིའུ་རུག་པ། རྩ་གླ་བ། རྩ་ཁུ་བྱུག་རྣམས་སོ། །ཤའི་སྤྱང་ཀི་པུ་ཤུད་ཟེར་མོང་སོ་ཏོ་རོག་པོ་མཛོ་དྲེལ་རྣམས་ཀྱི་ཤའོ། །མེ་ཏོག་གི་སྤྱང་ཀི་ནི། སྤྲུ་མ། རི་ཤོ །སྲན་མ་རྣམས་ཀྱི་མེ་ཏོག་གོ །ནུས་པའི་སྤྱང་ཀི་དུག་སྣ་ཚོགས་སོ། །རོའི་སྤྱང་ཀི་གཞོབ་ཀྱི་རིགས། ཐལ་ཚྭ་བ་ཚྭ་བོང་ང་དཀར་དམར། ཧོང་ལེན་རྣམས་སོ། །མདོག་གི་སྤྱང་ཀི་སྤང་རྒྱན་སྔོན་པོའི་མེ་ཏོག་གོ །སྤང་སྤོས་བྲག་སྤོས་ཀྱང་ཆེས་མི་ལེགས་སོ། །གོང་དུ་བཤད་པའི་སྨན་དེ་རྣམས་ཀྱང་སྤྱིར་མང་ཉུང་གི་ཚད་ནི་གཉགས་ལོ་ཆེན་པོས། ལ་སྨན་སུམ་གཉིས་བོད་སྨན་སུམ་ཆ་ལ། །ནང་གི་སྨན་དང་ཤ་རྣམས་དེ་ཡི་ཕྱེད། །སྔོ་དང་སྤོད་ཀྱིས་སུམ་ཆ་ཐུབ་པར་སྦྱར། །ཞེས་འབྱུང་བས་དཔེར་ན་ཨ་རུ་ར་རྒྱ་གར་མ་་་འདི་ཉིད་ཉུང་མཐར་བྱས་ཀྱི་གཞན་སུམ་འགྱུར་ཉིས་འགྱུར་ཇི་ཙམ་མང་གིན་བཟང་།རུས་པ་དང་བྲལ་བ་བྲེ་གང་གི་ཚེ་ན། བ་རུ་ར་ཕུལ་ཕྱེད། སྐྱུ་རུ་ར་ཕུལ་ཕྱེད། ཙནྡན་དཀར་དམར། ཨ་ག་རུ་ནག་པོ་རྣམས་སྡོམ་པས་ཕུལ་གང་། གུར་གུམ་ཕུལ་ཕྱེད། ནཱ་གི་དུལ་མ་དང་གི་ཝང་ལི་ཤི་རྣམས་བསྡོམས་པས་ཕུལ་ཕྱེད། བཟང་སྨན་གཞན་རྣམས་བསྡོམས་པས་ཕུལ་གང་། བོད་སྨན་སྔོ་ངད་རྣམས་སུམ་ཆ་གཅིག་བཏང་བར་བཤད་ཀྱང་ལག་ལེན་ལ་ཕུལ་ཕྱེད། ཤ་སྣ་སོགས་ནང་སྨན་ཐམས་ཅད་སྡོམ་པས་ཕུལ་ཕྱེད། དབང་ལག་ཕུལ་གང་། ལི་ག་དུར་ཕུལ་གང་ངམ་དོ། སྦྲང་བུར་ཀ་ར་ཕུལ་དོ་རྣམས་ཏེ། དེ་ལྟར་སྦྱར་ཚད་རགས་པ་ཙམ་སྐབས་འདིར་ངེས་པར་མ་བྱས་ན། ཁྲོལ་བུར་བསྒྲུབས་ཟིན་གྱི་སྨན་རྣམས་དམ་རྫས་ཀྱི་རྒྱུར་མི་ཚུད་པ་སོགས་ཀྱི་དགག་བྱ་འགེགས་པའི་ཕྱིར་རོ། །དེ་ལྟར་ཡང་གཉགས་ལོ་ཆེན་པོས། ཤེས་རབ་སྙོག་མ་ཅན་གྱིས་སྨན་གྱི་རིགས་དབྱེ་མི་ཤེས་པར། །ལོང་ཐུབ་བཞིན་དུ་ཕྱི་ནང་ཚོགས་ཚད་གཅིག་ཏུ་བསྲེ། །དྲི་དང་རོ་དང་མདོག་ཀྱང་སྤྱང་ཀི་དག་གིས་ཁྱེར། །གཉེར་གྱི་བདག་ནས་སློབ་དཔོན་ས་འཛིན་སྙིང་རེ་རྗེ། །ཞེས་གསུངས་པའི་རྩིང་དཔྱོད་འཆོལ་བའི་སྐྱོན་དང་བྲལ་ཞིང་ཞིབ་མོར་དཔྱོད་པའི་བློ་དང་ལྡན་པས་ལག་ལེན་ལ་འཇུག་གོ །སྤྱིར་སྨན་རིགས་ལྔར་དབྱེ་བའི་སྐབས་ནི་གཞུང་གི་དངོས་བསྟན་རིགས་བརྒྱས་སྦྱངས་ཟིན་གྱི་རྗེས་སུ་གསུངས་ཤིང་། དེ་ལྟར་ན་དམ་རྫས་ཀྱི་གཙོ་བོ་ལྔ་ནི་རིགས་ལྔ། དེའི་སྐྱོབས་ལྔ་ནི་ཡུམ་ལྔ། རིགས་ངེས་པ་རྣམས་ནི་སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་ཡབ་ཡུམ། རིགས་ལྷག་པ་དང་མ་ངེས་པ་རྣམས་ནི་ཀུན་བཟང་ཡབ་ཡུམ་དུ་བྱིན་གྱིས་བརླབས་ཏེ་ལྷ་གནས་སོ་སོར་རང་སྔགས་བཟླ་བཞིན་པས་འགོད་པར་བཤད་ཀྱང་གནས་སྐབས་སུ་ལག་ལེན་མང་བས་མི་བདེ་བ་དང་། དམིགས་རྟེན་རིགས་ལྔར་བཀོད་ཀྱང་དམིགས་པས་རིགས་བརྒྱར་བསྒོམ་པ་མི་འགལ་ཏེ། རིགས་བརྒྱ་ཡང་རིགས་ལྔའི་དབྱེ་བསྡུའི་ངོ་བོ་ཅན་ཡིན་པ་དང་། བླ་མ་བཀའ་བརྒྱུད་ཀྱིས་ཀྱང་དེ་ལྟར་གསུང་ངོ་། །གཉིས་པ་དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ནི། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་རྫས་འགོད་པའི་སྒྲོམ་ཁྲི་རིམ་པ་གཉིས་པའམ་གསུམ་པ་གང་རིགས་འགོད་ཅིང་། དེ་ལ་ཁྱད་པར་གྱི་སྒྲུབ་རྫས་བཤམ་ཚུལ་སོ་སོའི་གཞུང་གིས་འཆད་ཅིང་། སྤྱིར་རིགས་བསྒྲེས་མཚོན་པ་ཙམ་ནི། ཁྲིའུའི་རིམ་པ་དང་པོར་བུམ་པ་དགུ་སོགས། རིམ་པ་བར་མའི་དབུས་སུ་སྨན་གྱི་དཀྱིལ་འཁོར་བཀྲམ་པའི་ཁར་མཉྫིའི་སྟེང་དུ་སྔར་འདུ་བྱས་པའི་ཁྲོལ་བུའི་བཤམས་དེ་ཉིད་སྦྱོང་ཁྲུས་སྔོན་དུ་འགྲོ་བས་རིགས་བརྒྱའི་ལྷ་སྔགས་བཟླ་བཞིན་པས་བཀོད། སྟེང་ནས་དར་སྣ་ཚོགས་ཀྱིས་དགབ་ཅིང་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཏབ་པའི་སྣེ་མོར་རྡོ་རྗེ་བཏགས་པ་ཐོད་པ་དབུས་མའི་ཁར་བཞག །སྣེ་མོ་ཅིག་ཤོས་ལས་སྟེང་དུ་དམུ་ཐག་དང་ཕྱོགས་བཞིར་གཟུངས་ཐག་ཏུ་དྲང་། ཁྲོལ་བུའི་ཕྱོགས་མཚམས་སུ་ཐོད་པ་བདུད་རྩི་ཅན་ནམ། ཡང་དག་མེ་གཅིག་སོགས་དང་། ལྡིང་ཁྲིའི་འོག་སྒྲུབ་དཀྱིལ་ཁར་ཕུར་བུ་མར་མེ་སོགས་སོ་སོའི་སྐབས་ཐོབ་དང་སྦྱར་ལ་དགྲམ། གོང་གི་སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། སྟེང་དུ་ཚངས་པ་དང་རྒྱུ་སྐར་སོགས་ཤིང་བུ་ཀུ་རུ་རིས་སུ་བྱས་པ་ལ་འགོད་པར་བཤད་ཀྱང་། ད་ལྟ་ཕྱག་ལེན་ལ་རྒྱ་གདུགས་ལྟ་བའི་དབུས་སུ་ཚངས་པ་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་ངོས་སུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་རྒྱབ་ཏུ་སོ་སོའི་སྔགས་བྱང་བྲིས་པ་དར་གྱི་འཕུར་ལྕེ་དང་ལྡན་པ་རྣམས་བྱང་ཤར་ནས་བརྩམ་སྟེ་གཡས་སྐོར་དུ་ཕྱོགས་མ་འཆོལ་བར་བཀོད། དེའི་སྟེང་གི་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་མཚལ་གྱིས་ཁྲོ་བོ་བཅུའི་སྔགས་བྲིས་པ་དང་། བར་མཚམས་རྣམས་སུ་དར་དཔྱང་དྲིལ་གཡེར་སོགས་ཀྱིས་མཛེས་པར་བརྒྱན། ཚངས་པ་བརྒྱ་བྱིན་གྱི་སྐུ་དང་ཕོ་བྲང་གི་བར་དམུ་ཐག་གིས་སྦྲེལ། གཞན་ཡང་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཕུར་བུ་རལ་གྲི་བ་དན་རྒྱལ་མཚན། ཕྱི་ནང་གསང་བའི་མཆོད་པ་གཏོར་ཚོགས། སྤྱན་གཟིགས་སོགས་མཛེས་ཤིང་བཀྲ་བའི་རྒྱན་གྱི་ཁྱད་པར་ཇི་སྙེད་པ་ཡང་སྒྲུབ་པའི་དཀྱིལ་འཁོར་གང་ལ་བརྟེན་པ་དེ་དང་རྗེས་འབྲེལ་གྱིས་བཤམ་པར་བྱའོ། ༈ །སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་སྲོང་བ་དང་། སྨན་ཁྲོལ་བུའི་དགོངས་པ་དང་། ཕྱེ་མའི་དགོངས་རྒྱུད་དང་གསུམ་མོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། སྔོན་འགྲོ་ནིི། སྐྱབས་སེམས་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་སོགས་སོ། །དངོས་གཞི་ནི། ཏིང་འཛིན་གསུམ་ནས་བསྟོད་པའི་བར་སོགས་ཏེ། བདག་མདུན་སྒྲུབ་རྫས་གསུམ་ཀ་སྒོམ་དོན་ལ་དབྱེར་མེད་ཡིན་པར་གོ་དགོས་ཤིང་། ཛཔ྄་དམིགས་ཀྱི་དབྱེ་བ་ཁྱད་པར་བ་ནི་ཡོད་དོ། །རྗེས་ནི་ཚོགས་མཆོད་ནས་རྒྱུན་ཏིང་གི་བར་སོགས་སོ། །དེ་དག་གི་སྐབས་མཚམས་ཅི་རིགས་པར་བར་གཅོད་ཉུལ་ལེ་འདུལ་བ་བྱིན་དབབ་པ་སོགས་ལས་ཀྱི་མདེའུ་སྦྱར་རྒྱུ་གཞན་ཡང་ཡོད་མོད། སྒྲུབ་གཞུང་གང་ལ་བརྟེན་པ་སོ་སོའི་རྩིས་འགོས་བསྡུས་ཏེ་འཆད་པ་བཞིན་མཐོང་བརྒྱུད་ལས་རྟོགས་པར་བྱ་བ་ཡིན་ནོ། འདི་དག་ནི་ས་བཅད་ཕྱི་མ་ཀུན་གྱི་ཁོག་འབུབས་སུ་ཤེས་པར་བྱའོ། ༈ །གཉིས་པ་ཁྲོལ་བུ་ལ་གསུམ་སྟེ། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་གསུངས་པས་དམ་པ་རིགས་བརྒྱས་སྦྱོང་བ། དེ་ཉིད་རིགས་ལྔས་སྦྱོང་བ། གསང་ཆེན་རིགས་གཅིག་གིས་སྦྱོང་བ། མཇུག་དོན་བསྟན་པ་དང་བཞིའོ། །དང་པོ་དམ་པ་རིགས་བརྒྱས་སྦྱོང་བ་ནི། དེ་ཡང་སྣོད་བཅུད་སྣང་བའི་ཆོས་འདི་དག་ཐམས་ཅད་འཁྲུལ་པ་བདེན་འཛིན་ཨ་འཐས་སུ་ཞེན་པའི་རྟོག་ཚོགས་རིགས་བརྒྱའི་ལྷའི་འཁོར་ལོར་སྦྱོང་བ་སྟེ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་དུ། ཐུན་མོང་དམ་པ་རིགས་བརྒྱ་ཡིས། །རང་གི་རྟོག་ཚོགས་ལྷ་རུ་སྦྱོང་། །ཞེས་དང་། སྒྲུབ་པའི་དམ་པ་རིགས་བརྒྱ་ཡིས། །དམན་གྱི་རྟོག་པ་ལྡོག་བྱས་ནས། །ཐམས་ཅད་ལྷ་ཡི་སྐུ་རུ་གསལ། །ཞེས་གསུངས་པས་ན་སྦྱོར་དངོས་ཀྱི་ཕྲིན་ལས་ཁོག་འབུབས་སུ་བྱ་ཚུལ་སྔར་བཤད་པ་བཞིན་དང་། རིགས་བརྒྱའི་ལྷ་ནི། རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་ལ་ཐབས་ཤེས་ཀྱིས་དབྱེ་བས་རིགས་བརྒྱར་བྱེད་པ་དང་། སྒྱུ་འཕྲུལ་སོགས་ལས་ཞི་བ་ཞེ་གཉིས་དང་། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ་རིགས་བརྒྱར་ངེས་པའོ། །སྔ་མའི་ལས་གཞུང་ནི། བདེ་གཤེགས་འདུས་པ་སོགས་སུ་གསལ་བར་གསུངས་ཤིང་། འདིར་ནི་ཕྱི་མའི་ལུགས་སུ་བྱས་པ་སྟེ། དེ་ཡང་རྩ་བའི་དཀྱིལ་འཁོར་གྱི་དམ་ཚིག་པ་བསྐྱེད་པའི་རྗེས་སུ། ཁྲོལ་བུའི་ལྷ་བསྐྱེད་ཅིང་སྤྱན་འདྲེན་སོགས་དཀྱུས་གཅིག་གིས་བྱེད་པ་ཉིད་གཞུང་སྔ་མ་མང་པོར་གསུངས་ཀྱང་། ཐོག་མར་རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་ཛཔ྄་ཀྱི་མཐར་ཐུག་པའི་བར་བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་དུ་བྱས་ནས། སླར་སྨན་གྱི་དཀྱིལ་འཁོར་ཛཔ྄་ཁང་དབྱེ་བ་ལྟར་མདུན་དུ་ཕྱེས་ནས་བསྒྲུབས་ན་དམིགས་ཕྱེད་ཅིང་སྒོམ་སྟབས་བདེ་བར་སྣང་བ་དང་། གཞུང་གི་ངེས་པ་རྣམས་བླ་མའི་མན་ངག་གིས་ཀྱང་དེ་ལྟར་འཆད་པས་སོ། །ལས་རིམ་ཇི་ལྟར་བྱ་བ་ནི། ལྷ་བསྐྱེད་དབང་བསྐུར་གནས་གསུམ་བརླབ། །སྤྱན་འདྲེན་མེ་ཏོག་འཐོར་མཆོད་བསྟོད། །སྨན་སྲུང་སྤྱན་འདྲེན་རྟོག་བསལ་ཛཔ྄། །ཅེས་པ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་མདངས། །འགྱུར་མེད་ཨ་དཀར་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཨེ་ཡཾ་བཾ་སུཾ་རཾ་བྷྲཱུྃ་ཆད། །ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ཀྱིས་བརྒྱན། །རྩིག་པ་ལྔ་ལྡན་འདོད་སྣམ་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་ལྡན། །ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །སེང་གླང་རྟ་མཆོག་རྨ་བྱ་མཁའ་ལྡིང་ཁྲི། །པདྨ་ཉི་ཟླའི་གདན་ལ་དྭངས་མའི་སྲོག །དེ་ལས་སོ་སོའི་ཕྱག་མཚན་ཡིག་འབྲུས་མཚན། །འོད་ཟེར་འཕྲོ་འདུས་དོན་བྱས་ཡོངས་གྱུར་པ། །བཞི་བཅུ་རྩ་གཉིས་རྒྱལ་བའི་འཁོར་ལོར་ཤར། །དབུས་སུ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་ཡུམ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་མཉམ་པར་སྦྱོར། །ཤར་རྩིབས་རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །དཀར་པོ་འཁོར་ལོ་དྲིལ་འཛིན་མཉམ་པར་སྦྱོར། །ལྷོ་རྩིབས་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི །སེར་པོ་རིན་ཆེན་དྲིལ་འཛིན་མཉམ་པར་སྦྱོར། །ནུབ་རྩིབས་སྣང་བ་མཐའ་ཡས་གོས་དཀར་མོ། །དམར་པོ་པདྨ་དྲིལ་འཛིན་མཉམ་པར་སྦྱོར། །བྱང་རྩིབས་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །ལྗང་གུ་རལ་གྲི་དྲིལ་འཛིན་མཉམ་པར་སྦྱོར། །རྩིབས་མཆན་ཤར་ལྷོར་ས་སྙིང་ལཱ་སྱཻ་དཀར། །མཉམ་སྦྱོར་རིན་ཆེན་མྱུ་གུ་མེ་ལོང་འཛིན། །ལྷོ་ནུབ་ནམ་སྙིང་མཱ་ལྱེ་སྐུ་མདོག་སེར། །མཉམ་སྦྱོར་རིན་པོ་ཆེ་དང་ཕྲེང་བ་འཛིན། །ནུབ་བྱང་སྤྱན་རས་གཟིགས་དང་གླུ་མ་དམར། །མཉམ་སྦྱོར་པདྨ་དཀར་པོ་པི་ཝང་འཛིན། །བྱང་ཤར་ཕྱག་ན་རྡོ་རྗེ་གར་མ་ལྗང་། །མཉམ་སྦྱོར་རྡོ་རྗེ་རྩེ་ལྔ་གར་རྒྱ་འཆིང། །དེ་ཡི་ཕྱི་རོལ་གྲུ་ཁྱད་གྲྭ་བཞི་ལ། །ཤར་ལྷོར་བྱམས་པ་མཻ་ཏྲི་དྷཱུ་པེ་མ། །དཀར་སེར་ཀླུ་ཡི་ཤིང་དང་སྤོས་ཁང་འཛིན། །ལྷོ་ནུབ་སྒྲིབ་པ་རྣམ་སེལ་མེ་ཏོག་མ། །དམར་སེར་གླེགས་བམ་མེ་ཏོག་ཕྲེང་བ་འཛིན། །ནུབ་བྱང་ཀུན་ཏུ་བཟང་དང་མར་མེ་མ། །དམར་ལྗང་རིན་ཆེན་སྙེ་མ་སྒྲོན་མེ་འཛིན། །བྱང་ཤར་འཇམ་དཔལ་དབྱངས་དང་དྲི་ཆབ་མ། །དཀར་ལྗང་ཨུཏྤ་ལ་དང་དུང་ཕོར་འཛིན། །ཐམས་ཅད་གཡོན་པའི་ཕྱག་ན་དྲིལ་བུ་བསྣམས། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཚུལ། །ཤར་ཁྱམས་དབུས་སུ་ཀུན་ཏུ་བཟང་པོ་མཐིང་། །མཉམ་གཞག་ཕྱག་རྒྱ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ནུབ་ཁྱམས་དབུས་སུ་བཟང་མོ་དབང་སྔོན་མདོག །ཏིང་འཛིན་ཕྱག་རྒྱ་མཉམ་པའི་སྐྱིལ་མོ་ཀྲུང་། །ཀུན་ཀྱང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་མཆོག་ཏུ་འབར། །ཞི་ཚུལ་དགུས་མཛེས་མཚན་དང་དཔེ་བྱད་ལྡན། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། །ཟི་ལྡིར་གར་གྱི་ཕུ་དུང་རིན་པོ་ཆེའི། །དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ། །དོ་ཤལ་དཔུང་རྒྱན་ཕྱག་ཞབས་གདུ་བུ་དང་། །གསེར་སྐེད་ལ་སོགས་བཅུ་གསུམ་ཆས་ཀྱིས་སྤྲས། །ཤར་ལྷོར་ལྷ་ཐུབ་དཀར་པོ་པི་ཝང་འཛིན། །ལྷོ་རུ་མི་ཡི་ཐུབ་སེར་གསེག་པར་འཛིན། །ལྷོ་ནུབ་ཡི་དྭགས་ཐུབ་དམར་རིན་ཆེན་སྒྲོམ། །ནུབ་བྱང་བྱོལ་སོང་ཐུབ་མཐིང་པུསྟི་འཛིན། །བྱང་དུ་ལྷ་མིན་ཐུབ་ལྗང་གོ་ཆ་འཛིན། །བྱང་ཤར་དམྱལ་བའི་ཐུབ་ནག་མེ་དང་ཆུ། །ཀུན་ཀྱང་ཚངས་སྤྱོད་མཆོག་གི་སྤྲུལ་སྐུའི་ཚུལ། །འགྲོ་བའི་དོན་དུ་བཞེངས་པའི་སྟབས་ཀྱིས་བཞུགས། །ཤར་སྒོར་གཤིན་རྗེ་གཤེད་དང་ལྕགས་ཀྱུ་མ། །སྨུག་ནག་མཉམ་སྦྱོར་མི་མགོ་ལྕགས་ཀྱུ་འཛིན། །ལྷོ་སྒོར་སྟོབས་པོ་ཆེ་དང་ཞགས་པ་མ། །སེར་ནག་རྡོ་རྗེ་ཐོད་སྣོད་ཞགས་པ་འཛིན། །ནུབ་སྒོར་རྟ་མཆོག་དཔལ་དང་ལྕགས་སྒྲོག་མ། །དམར་ནག་ཐོད་སྦྲུལ་འཆང་ཞིང་ལྕགས་སྒྲོག་འཛིན། །བྱང་སྒོར་བདུད་རྩི་འཁྱིལ་དང་དྲིལ་བུ་མ། །ལྗང་ནག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་གར་དགུའི་རོས་སྒེག་དུར་ཁྲོད་ཀྱི། །ཆས་ཅན་འབར་བའི་མེ་ཕྲེང་དབུས་ན་བཞུགས། །གཉིས་པ་དབང་བསྐུར་བ་ནི། རིགས་ལྔ་སོ་སོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། ཨཱ་དརྴ། སཱ་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱནུཥྛ་ཎ་རྣམས་བརྗོད་ལ་ལྷ་ཚོགས་རྣམས་ཀྱི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར་ནས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །གསུམ་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་འཆིང་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་དང་། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟའི་མཐར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་འདོན་ཅིང་། ལྷ་རྣམས་ཀྱི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ཨོཾ་ཨཱཿཧཱུྃ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པའི་སྐུར་གྱུར་པར་བསམ་མོ། །བཞི་པ་སྤྱན་དྲང་བ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བའི། །ཕྱོགས་དུས་ཀུན་ནས་གཤེགས་པར་གྱིས། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿཞེས་སྤྱན་དྲངས་ལ་གཉིས་མེད་དུ་བསྟིམ་མོ། །ལྔ་པ་རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དྲུག་པ་མཆོད་བསྟོད་ནི། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་ལ་སོགས་པ་ཞི་ཁྲོའི་ཕྲིན་ལས་གཞུང་བཞིན་མཆོད་ཅིང་། བསྡུ་ན། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་ཀྱི་མཐར་སྔགས་མཆོད་ཀྱིས་ཀྱང་ཆོག་གོ །བསྟོད་པ་རྩ་རྒྱུད་ལས་གསུངས་པའི་གཞི་བསྟོད་ཡོངས་རྫོགས་སམ། མི་ནུས་ན། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་བྱའོ། །བདུན་པ་སྨན་སྲུང་སྤྱན་འདྲེན་ནི་སྐབས་འདིར་བྱ་བ་སྟེ། སྒྲོན་མ་གསལ་བར། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟོད་པའི་བར་བྱས། སྨན་གྱི་སྲུང་མ་གཙང་མར་གཏོགས་ཀུན་འབོད་བྱ་སྟེ། །མཉམ་པའི་ཚིག་གིས་རྟོག་བསལ་དམ་ཚིག་ལྡན་བྱས་ནས། །དམ་པ་རིགས་བརྒྱའི་བསྙེན་པས་དེ་ཉིད་དག་པར་སྦྱང་། །ཞེས་གསུངས་ཤིང་། དེ་ཡང་སྨན་གྱི་རྩི་བཅུད་དང་དངོས་གྲུབ་མྱུར་བའི་གྲོགས་སྨན་གྱི་རིག་འཛིན་རྣམས་ཀྱིས་མཛད་པས་སྤྱན་དྲང་དགོས་ཤིང་། དེ་དག་ཀྱང་གཙང་སྦྲ་ལ་གནས་པས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་བདེ་ཆེན་ཡེ་ཤེས་ཆེན་པོར་རོ་གཅིག་པའི་ལྟ་བ་དང་ལྡན་པའི་ཚིག་གིས་བསལ་ནས་འཁོར་འདས་དཀྱིལ་འཁོར་གཅིག་ཏུ་བྱང་ཆུབ་པས་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་དང་ལྡན་པར་བྱ་བ་ནི་མྱུར་བའི་ལམ་གྱི་གནད་ཡིན་ཏེ། ཇི་ལྟར་བྱ་བའི་ཚུལ་ནི། སློབ་དཔོན་གྱིས་ཁ་དོག་སྣ་ཚོགས་པའི་དར་གྱིས་གཡབ། སྤོས་དཀར་བསྲེག་ཅིང་རོལ་མོར་བཅས་པས་སྨན་སྲུང་སྤྱན་དྲང་བ་ནི། ཁྲོ་མཁར་ལས།་་་ཧཱུྃ། ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཤིང་དང་སྨན་གྱི་ལྷ་མོ་དང་། །ར་སཱ་ཡཱ་ནའི་སྲུང་མའི་ཚོགས། །སྔོན་ཚེ་འདས་དུས་དང་པོ་ལ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དབང་མནོས་ཤིང་། །སྡོམ་ལ་གནས་པའི་རིག་འཛིན་བདག །དུས་གསུམ་བདེ་གཤེགས་མཆོད་པ་དང་། །སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་པ་སྤྱན་འདྲེན་ན། །འདིར་གཤེགས་དམ་ཚིག་ཚུལ་བཞིན་དགོངས། །ར་སཱ་ཡཱ་ནའི་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས། སྔོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་། སྒྲུབ་པ་པོའི་སྡོངས་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས། སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབ་པ་བཞིན་བཞུགས་པར་བསམ་མོ། །བརྒྱད་པ་རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། བམ་བརྒྱད་ལས།་་་ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བྱོལ་སོང་རྩྭ་མཆོག་ཟ་བ་ཡང་། །ཇི་སྲིད་འཚོ་ཡི་བར་དུ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཡང་དག་དོན་གྱི་ལུང་འདི་ཉོན། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །ཆོས་སྐུ་གཅིག་ལ་ཐ་དད་པའི། །རིགས་ལྔའི་མཚན་ཉིད་འདིར་བཤད་དོ། །དེ་ལྟར་རྟོགས་ན་གྲོལ་ཞེས་བཤད། །རང་བཞིན་ཡོངས་སུ་དག་པའི་རྫས། །མཉམ་པའི་དབྱིངས་སུ་རབ་རྟོགས་ན། །གཉིས་མེད་དོན་གྱིས་ཟིན་པ་ཡིན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དངོས་དང་དངོས་མེད་རྟོག་པའི་མཚན། །མཁས་པས་དབུས་ལའང་གནས་མི་འགྱུར། །ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དཀར་བའི་ཡེ་ཤེས་སྐུ །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་པདྨའི་སྐུ །མཱཾ་ས་ཡིད་བཞིན་རིན་ཆེན་ལྔ། །སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུ །དྲི་ཆེན་གསེར་མདོག་སྣང་མཛད་དེ། །མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཀུན་ཏུ་དོན་གྲུབ་ལས་རབ་སྐུ །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །དྲི་ཆེན་དྲི་ཆུ་རཀྟ་དང་། །མཱཾ་ས་སེམས་ཆུ་འདི་དག་ཀུན། །སེམས་ཅན་རྟོག་པ་ལྡོག་བྱའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །གཙང་དམེ་མེད་པར་ཀུན་གྱིས་སྤྱོད། །དེ་དག་གྲོལ་བར་ངས་བཤད་དོ། །ཞེས་བརྗོད་པས་སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་བཞུགས་པར་བསམ་མོ། །དགུ་པ་ཛཔ྄་ལ་གཉིས་ལས། དང་པོ་ལྷའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །གསལ་བརྟན་འགྱུར་མེད་ཐུགས་ཀྱི་དཔལ་བེ་འུར། །ཟླ་སྟེང་ཏིང་འཛིན་སེམས་དཔའ་ཡིག་འབྲུའི་གཟུགས། །དྭངས་གསལ་འོད་འཕྲོ་སྔགས་ཀྱི་ཕྲེང་བས་བསྐོར། །རང་སྲོག་ཡིག་འབྲུའི་ཟེར་གྱིས་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་ཐུགས་ལས་འོད་འཕྲོས་རྒྱལ་བ་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས། །མདུན་བསྐྱེད་ལྷར་ཐིམ་གཟི་བྱིན་མཆོག་ཏུ་འབར། །དྭངས་མའི་འོད་ཟེར་འཁོར་འདས་ཁྱབ་པར་གསལ། །མ་དག་དངོས་འཛིན་ཡེ་ཤེས་འཁོར་ལོར་བསྒྱུར། །ཞེས་དམིགས་པའི་འཕྲོ་འདུ་དང་སྦྱར་ཏེ་ཞི་བ་བཞི་བཅུའི་སྒོས་ཛཔ྄་དང་། སྤྱི་ཛཔ྄། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བརྒྱ་རྩ་སོགས་བཟླ། མི་ནུས་ན་ཞི་དཀྱིལ་ཁོ་ནས་ཀྱང་རུང་ཞིང་། སྤྲོ་ཞིང་ནུས་ན་ཁྲག་འཐུང་ང་བརྒྱད་ཀྱི་བསྐྱེད་སྔགས་ལན་གཅིག་བརྗོད་ལ། དེའི་རྐྱེན་གྱིས་ཁྲོ་བོར་བསྒྱུར་བ་སྟེ། ཧཱུྃ། ཞི་བའི་ལྷ་ཚོགས་ཡོངས་གྱུར་ཁྲག་འཐུང་ལྔ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་དཀྱིལ་འཁོར་ལྷ། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་པའི་མེ་བཞིན་བཟོད་དཀའི་གཟི་བརྗིད་འབར། ཁྲག་འཐུང་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་གསལ་བཏབ་ནས་མཆོད་ཅིང་བསྟོད། དམིགས་པའི་འཕྲོ་འདུ་སྔར་བཞིན་གྱིས་སྒོས་ཛཔ྄་དང་། སྤྱི་ཛཔ྄། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་སོགས་བཟླའོ། །གཉིས་པ་སྨན་ཛཔ྄་ནི། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྨན་གྱི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་འོད་འཕྲོས་འཁོར་འདས་ཀྱི། །རྩི་བཅུད་ཀུན་བསྡུས་བྱང་སེམས་ངོ་བོར་ཞུ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་ཀུན། །དམ་ཚིག་རྗེས་དྲན་བརྟན་གཡོ་སྣོད་བཅུད་ཀྱི། །དྭངས་མའི་ཡོན་ཏན་འཆི་མེད་བདུད་རྩིའི་རྒྱུན། །དཀྱིལ་འཁོར་ཆེན་པོར་ཆར་བཞིན་འབེབ་པར་གྱུར། །ཞེས་པའི་དམིགས་པ་དང་ལྡན་པས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་གྲངས་ཚང་བར་བཟླས་པའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ཡང་བྱ་སྟེ། སྒྲོན་གསལ་ལས། སྟོང་དུ་ཚང་ནས་མཆོད་བྱས་ཏིང་འཛིན་གསལ་བར་བྱ། །ཞེས་གསུངས་པས། བྱིང་རྨུགས་གཉིད་དང་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་ཐུན་བཞིའམ་དྲུག་གི་ངེས་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་ཁོར་ཡུག་ཏུ་གསུང་མི་ཆག་པར་བཟླ་བ་གལ་ཆེའོ། །དུས་དྲུག་ཏུ་བར་ཆོད་ཀྱི་ཉུལ་ལེ་སྐྲོད་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ་ཡང་ནན་ཏན་ཏུ་བྱ་ཞིང་། ཐུན་མཇུག་ཏུ། རིགས་བརྒྱའི་ལྷ་ཚོགས་འོད་ཀྱི་གོང་བུར་ཞུ། །གཙོ་བོ་རིགས་ལྔའི་ཐུགས་ཀྱི་ཐིག་ལེར་ཐིམ། །རིགས་ལྔ་ཡབ་ཡུམ་སྙོམས་ཞུགས་བྱང་སེམས་ཀྱི། །ངོ་བོར་འོད་ཞུ་སྨན་དང་རོ་གཅིག་གྱུར། །ཅེས་བསྒོམས་ཏེ། ཉེ་སྙིང་ལས། རིམ་གྱིས་དཀྱིལ་འཁོར་བསྡུས་ནས་ནི། །དེ་ཉིད་རིགས་ལྔའི་དཀྱིལ་འཁོར་གསལ། །ཞེས་གསུངས་པའི་དོན་ནོ། །ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་ནི་སྔར་བཤད་པ་བཞིན་ནོ།། ༈ གཉིས་པ་དེ་ཉིད་རིགས་ལྔས་སྦྱོང་བ་ནི། དེ་ཡང་རིགས་མང་པོ་བཟང་ངན་ཐ་དད་པར་བལྟ་བའི་རྣམ་པར་རྟོག་པ་ལྡོག་པའི་ཕྱིར་ཏེ། འཁོར་ལོ་འབར་བར། གསུང་གི་བསྒྲུབ་པ་བྱ་བ་ཡང་། །དེ་ཉིད་རིགས་ལྔར་ཡང་དག་གནས། །ལྷར་འཛིན་ཐ་དད་སོ་སོར་དྭངས། །སྨན་གྱི་དངོས་པོ་རང་རྒྱུད་པར། །འཛིན་པའི་རྟོག་པ་ལྡོག་བྱས་ནས། །རིགས་ལྔ་ཡེ་ཤེས་ལྔ་རུ་བསྒྲུབ། །ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་འོ། །ཞེས་གསུངས་པས། སྨན་རྣམས་ཕྱོགས་བཞི་དབུས་དང་ལྔར་བསྡུ་བའི་སྐབས་འདིར་ཡིན་ཡང་འཇུག་པ་བདེ་ཕྱིར་གོང་དུ་བཀོད་པ་མི་འགལ་བར་གསུངས་པའི་དབང་དུ་བྱས་ཀྱི། འོན་ཀྱང་སྔར་ཐོད་པ་ལྔའི་བར་མཚམས་སུ་བཀོད་པ་ཡོད་ན་སྣོད་ལྔ་པོར་བསྡུས་ཏེ་དཔའ་བོ་འབྲུ་ལྔའི་རང་བཞིན་དུ་གྱུར་པར་བལྟའོ། །ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་མདངས། །འགྱུར་མེད་ཨ་དཀར་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཨེ་ཡཾ་བཾ་སུཾ་རཾ་བྷྲཱུྃ་ཆད། །ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ཀྱིས་བརྒྱན། །རྩིག་པ་ལྔ་ལྡན་འདོད་སྣམ་ཕ་གུ་དང་། །དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་ལྡན། །ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །ཞེས་དང་། སྐབས་འདིར་བདེ་གཤེགས་འདུས་པར། དབུས་ཀྱི་ཕོ་བྲང་གདན་དང་བཅས་པ་བསྒོམ། །ཞེས་པའི་གདན་ནི་འདིར་རྩིབས་གདན་སྟབས་སུ་བྱེད་པར་ངོས་བཟུང་བའོ། །རྩིབས་སྟེང་དུ་དམ་རྫས་ཀྱི་སྟེགས་དང་སྣོད་སྒོམ་ཚུལ་ནི། སྒྲོན་མ་གསལ་བར། སོ་སོའི་སྣོད་དག་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །ཞེས་སོགས་བསྟན་པའི་དོན་ནི་འདི་ལྟར། དབུས་དང་རྩིབས་བཞིར་ཡཾ་ལས་རླུང་གཞུའི་དབྱིབས། །དེ་སྟེང་རཾ་ལས་དམར་ནག་གྲུ་གསུམ་མེར། །གནས་པའི་ཨ་ཡིག་ཡོངས་གྱུར་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཡངས་ཤིང་རྒྱ་ཆེ་ལྔའི། །སོ་སོའི་ནང་དུ་པཾ་ལས་པདྨ་དང་། །ཨ་ལས་ཟླ་བ་མཾ་ལས་ཉི་དཀྱིལ་སྟེང་། །བྱང་སེམས་དྲི་ཆེན་ཤ་དང་རཀྟ་ཆུར། །རིམ་བཞིན་ཧཱུྃ་ཨོཾ་སྭཱ་ཨཾཿཧཱ་ཡིག་ལྔ། །མཐིང་དཀར་སེར་དམར་ལྗང་གུའི་མདོག་ཏུ་འཚེར། །དེ་ལས་འོད་འཕྲོས་མཁའ་མཉམ་འགྲོ་དོན་བྱས། །ཡེ་ཤེས་ལྔ་ཡི་བཅུད་བསྡུས་ཡོངས་གྱུར་ལས། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་ཕྱག་མཚན་རྣམ་ལྔ་ཡིག་འབྲུས་མཚན། །འོད་འཕྲོས་སེམས་ཅན་དོན་བྱས་འཁོར་འདས་ཀྱི། །བཅུད་བསྡུས་བདེ་གཤེགས་ལྔ་ཡི་སྐུར་གྱུར་པ། །དབུས་སུ་རྡོར་སེམས་ཨིནྡྲ་ནཱི་ལའི་མདོག །རྡོ་རྗེ་དྲིལ་འཛིན་དབྱིངས་ཕྱུག་ཡུམ་དང་སྦྱོར། །ཤར་དུ་རྣམ་པར་སྣང་མཛད་ཟླ་བའི་མདོག །འཁོར་ལོ་དྲིལ་འཛིན་སྤྱན་མ་ཡུམ་དང་སྦྱོར། །ལྷོ་རུ་རིན་ཆེན་འབྱུང་ལྡན་གསེར་གྱི་མདོག །རིན་ཆེན་དྲིལ་འཛིན་མཱ་མ་ཀཱི་དང་སྦྱོར། །ནུབ་ཏུ་སྣང་བ་མཐའ་ཡས་རཱ་གའི་མདོག །པདྨ་དྲིལ་འཛིན་གོས་དཀར་ཡུམ་དང་སྦྱོར། །བྱང་དུ་དོན་ཡོད་གྲུབ་པ་མརྒད་མདོག །རལ་གྲི་དྲིལ་འཛིན་སྒྲོལ་མ་ཡུམ་དང་སྦྱོར། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཀྱི། །སྐྱིལ་ཀྲུང་གིས་འཁྲིལ་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་མཛེས་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་སྤྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ་བོ། །གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་མཐར་ཐུག་གི་བར་སྔར་བཞིན་ལས། བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། བརྒྱད་པ་རྟོག་བསལ་སྔར་བཞིན། དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷ་ཛཔ྄་ནི། དམིགས་པའི་འཕྲོ་འདུ་རིགས་བརྒྱའི་སྐབས་བཞིན་ལས་སྔགས་ཚིག་ནི། ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ྄ །པཱཾ་རཱ་གཱ་ར་ཏི། ཧཱ་པྲ་ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་ར་ཏི། ཞེས་བརྒྱ་རྩ་སོགས་བཟླ། གཉིས་པ་སྨན་ཛཔ྄་ནི། དྭངས་མའི་སྲོག་ཡིག་འོད་ཀྱིས་ཐུགས་རྒྱུད་བསྐུལ། །རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པའི་རོས། །སྙོམས་པར་ཞུགས་པའི་དགའ་བའི་འོད་དང་སྒྲས། །འཕགས་མཆོད་སེམས་ཅན་དོན་བྱས་དངོས་གྲུབ་དབྱིག །ཚུར་འདུས་བྱང་ཆུབ་སེམས་རྒྱུན་མཁའ་གསང་ལས། །བབས་པས་བྷཉྫར་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་གྱིས། །བརྟན་གཡོའི་རྩི་བཅུད་བདུད་རྩིར་འབེབ་པར་གྱུར། །ཞེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སྔར་བཞིན་ནོ། །ཐུན་གྱི་མཇུག་ཏུ། ལྷ་རྣམས་དགའ་བས་མཉམ་སྦྱོར་ཡེ་ཤེས་ལྔའི། །བདུད་རྩིའི་ངོ་བོར་ཞུ་སྟེ་དམ་རྫས་དང་། །དབྱེར་མེད་ཁ་དོག་དྲི་རོ་ནུས་ལྡན་པའི། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཅེས་དང་། མཚམས་ཀྱི་ཆང་དང་འོ་མ་རིན་པོ་ཆེ་ཆུ་རྣམས་ཀྱང་དེ་དང་དེའི་རང་བཞིན་གྱི་བདུད་རྩིའི་ངོ་བོར་ཞུ་བར་བསམ་ལ། ཆང་ལ། ཨོཾ་བཛྲ་ཨ་མྲྀཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། འོ་མར། ཨོཾ་བི་ཏང་སཾ་ཤོ་དྷཱ་ཡ་ཀྲོ་དྷཱི་ཤྭ་རཱི་ཤྭ་ར་ཡ་སྭཱ་ཧཱ། རིན་པོ་ཆེར། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱཿ ཆུར། ཨོཾ་ཨ་མྲྀཏ་བི་ཤུདྡྷེ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་སོ་སོར་བརྒྱ་རྩ་རེ་དང་། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཤོ་ར་ཡ་སྭཱ་ཧཱ། ཞེས་པས་ཐུན་མོང་དུ་རོའི་མཆོག་ཏུ་བྱིན་གྱིས་བརླབ་པར་བྱའོ།། ༈ གསུམ་པ་གསང་ཆེན་རིགས་གཅིག་གིས་སྦྱོང་བ་ནི། རིགས་ཐ་དད་དུ་འཛིན་པའི་ཞེན་པ་སྦྱོང་བའི་ཕྱིར་ཏེ། སྒྲོན་གསལ་དུ། དེ་འོག་རྣམ་ལྔ་ཐུགས་སུ་བསྡུས་ཏེ་སྦྱོང་བ་ནི། ཞེས་གསུངས་པས་རིགས་ལྔ་རྡོ་རྗེའི་རིགས་དང་། ཡེ་ཤེས་ལྔ་ཆོས་དབྱིངས་ཡེ་ཤེས་དང་། ཕུང་པོ་ལྔ་རྣམ་པར་ཤེས་པའི་ཕུང་པོར་བསྡུ་བའོ། །དེ་ཡང་། སྣོད་གཞན་གྱི་སྨན་ཐམས་ཅད་དབུས་ཀྱི་ཐོད་པར་བསྡུས་ནས་གཅིག་ཏུ་བྱ་སྟེ། འཁོར་ལོ་འབར་བར། དྲན་པ་སྣ་ཚོགས་སྣང་བ་ཡང་། །སྣོད་བཅུད་དམ་པ་རིགས་བརྒྱར་སྦྱང་། །དེ་ཉིད་དྲན་མེད་རིགས་ལྔར་འདུས། །སྣོད་བཅུད་རིགས་སུ་དབྱེ་བ་མེད། །དེ་ཕྱིར་གསང་ཆེན་རིགས་གཅིག་བསྒོམ། །རིགས་ལྔ་ཡེ་ཤེས་ཐ་དད་དུ། །འཛིན་པའི་རྟོག་པ་ལོག་བྱས་ནས། །གཉིས་མེད་ཆོས་སྐུར་སངས་རྒྱས་པས། །དྲན་མེད་ངང་དུ་རིགས་གཅིག་གནས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་པས། ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། བདེ་གཤེགས་འདུས་པར་རྒྱུ་ཡི་ཏིང་ངེ་འཛིན་ལས་རྡོ་རྗེ་སེམས་དཔར་བསྐྱེད། ཅེས་གསུངས་པས། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་གདངས། །འགྱུར་མེད་ཧཱུྃ་ཡིག་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཐུགས་མཆོག་རྡོ་རྗེ་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །འགྲོ་རྣམས་བྱང་ཆུབ་ཞིང་བསྒྲལ་ཚུར་འདུས་ཧཱུྃ། །ཡོངས་གྱུར་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །མཐིང་གསལ་དྲི་མེད་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབྱིངས་ཕྱུག་ཡུམ་འཁྱུད་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་བརྒྱན་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་འཕྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ། གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་བར་སྔར་བཞིན་ནོ། །བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། བརྒྱད་པ་རྟོག་བསལ་ཡང་སྔར་བཞིན། དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷའི་ཛཔ྄་ནི། རྡོར་སེམས་སྤྱི་མགྲིན་སྙིང་གར་འཁོར་ལོ་དང་། །པདྨ་རྒྱ་གྲམ་ལྟེ་བར་ཨོཾ་དཀར་པོ། །ཨཱཿདམར་ཧཱུྃ་མཐིང་མཐའ་མར་སྔགས་ཀྱིས་བསྐོར། །བདག་ལྕེ་རྡོ་རྗེའི་ཧཱུྃ་དང་སྔགས་ཕྲེང་ལས། །འོད་འཕྲོས་རྒྱུད་བསྐུལ་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས། །མུ་ཏིག་ལྟར་དཀར་དངོས་གྲུབ་ཀུན་གྱི་དབྱིག །རང་སྲོག་དྭངས་མའི་ཧཱུྃ་ལ་ཐིམ་པར་གྱུར། །ཞེས་མོས་ལ། ཧཱུྃ་བཛྲ་དྷཱྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླ། གཉིས་པ་སྨན་ཛཔ྄་ནི། དམིགས་པའི་འཕྲོ་འདུ། དྭངས་མའི་སྲོག་ཡིག་འོད་ཀྱིས་ཐུགས་རྒྱུད་བསྐུལ། །རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་རོས། །སྙོམས་པར་ཞུགས་པའི་དགའ་བའི་འོད་དང་སྒྲས། །འཕགས་མཆོད་སེམས་ཅན་དོན་བྱས་དངོས་གྲུབ་དབྱིག །ཚུར་འདུས་བྱང་ཆུབ་སེམས་རྒྱུན་མཁའ་གསང་ལས། །བབས་པས་བྷཉྫར་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་གྱིས། །བརྟན་གཡོའི་རྩི་བཅུད་བདུད་རྩིར་འབེབ་པར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སོ། །ཐུན་མཇུག་ཏུ། ཁྲོ་མཁར་ལས།་་་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་འདི་ནི། །སྙིང་པོ་ཆོས་ཀྱི་དོན་ལ་བསྡུ། །བྱང་ཆུབ་སྤྱོད་པའི་གནས་ཆེན་ཡིན། །སྨད་པར་བྱ་བའི་རྫས་ལྔ་པོ། །གཅིག་ལ་ཡོན་ཏན་ལྔ་ལྔ་འམ། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡང་ན་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །ཐབས་དང་ཤེས་རབ་རབ་ལྡན་པས། །རྟོག་པའི་མཚན་མ་བརྟག་པར་བྱ། །ཞེས་བརྗོད་ཅིང་རྡོར་སེམས་ཡབ་ཡུམ་ཡང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་དུ་ཞུ་ཞིང་། དམ་ཚིག་གི་རྫས་དང་དབྱེར་མེད་པར་བསམ་ཞིང་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་བྱའོ། །དེ་ལྟར་རིགས་བརྒྱ། རིགས་ལྔ། རིགས་གཅིག་རྣམས་རེ་རེ་ལའང་ཐུན་དྲུག་གི་ངེས་པ་དང་ལྡན་པས་སྤྱིར་ཁྲོལ་བུ་ལ་ཞག་གསུམ་དུ་བྱའོ།། ༈ བཞི་པ་ཁྲོལ་བུའི་མཇུག་དོན་ནི། སྒྲོན་མ་གསལ་བར། རྣལ་འབྱོར་ཀུན་གྱིས་ངོས་ངོས་ནས་ནི་སྨན་ཉིད་ཀྱི། །ཆེ་བའི་ཡོན་ཏན་རྒྱས་པར་བརྗོད་ཅིང་ལེགས་བསྟོད་དེ། །སྨན་ཉིད་ཡུམ་གྱིས་བླངས་ཏེ་གཙོ་ལ་གུས་ཤིང་དབུལ། །ཞེས་གསུངས་པའི་སྡོམ་ནི། བདུད་རྩི་མཆོད་བསྟོད་དངོས་གྲུབ་བསྡུ། །ཞེས་གསུམ་ལས། དང་པོ་སྨན་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་བ་ནི། སྒྲུབ་པ་པོ་རྣམས་དཀྱིལ་འཁོར་ལ་བསྐོར་ཏེ་བདུད་རྩིའི་ཐིགས་འཐོར་ཞིང་།་་་ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་དང་། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་མཚན་དོན་སྦྱར་བས་ཀྱང་རྒྱ་ཆེར་མཆོད་དོ། །གཉིས་པ་བསྟོད་པ་ནི། བམ་བརྒྱད་ལས།་་་ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱེད་ལ་སྐྱབས་སུ་མཆི། །རང་བྱུང་དྲི་མེད་བདུད་རྩི་ཆེ། །སངས་རྒྱས་ཀུན་གྱིས་བསྔགས་པའི་མཆོག །མི་ཤེས་སྒྲིབ་སྦྱོང་དབྱིངས་བཀོད་མཛད། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །རྣམ་སྣང་རྡོ་རྗེ་རྒྱལ་ཅན་དང་། །མི་བསྐྱོད་ཉི་མ་སྣང་མཐའ་ཡས། །དོན་ཡོད་བདུད་རྩི་འཁྱིལ་སོགས་ལ། །དགྱེས་ཤིང་གུས་པས་ཕྱག་འཚལ་ལོ། །ཞེས་པས་སྟོན་པ། ཆོས། བདུད་རྩི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟོད་པ་སྟེ། བམ་བརྒྱད་ལས་གསུངས་པ་བཞིན་ནོ། །གཞན་འོས་སུ་གྱུར་པའི་བསྟོད་པ་ཇི་ལྟར་རིགས་པས་ཀྱང་རུང་ངོ་། །གསུམ་པ་དངོས་གྲུབ་བསྡུ་བ་ནི། ཕྱག་རྒྱའམ་དེར་བཏགས་པའི་ལས་ཀྱི་རྡོ་རྗེས་ཁྲོལ་བུའི་སྨན་གཞོང་དར་གྱིས་ལྕིབས་ལ་བླངས་ཏེ། བམ་བརྒྱད་ལས།་་་ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་བརྗོད་དེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དེས་ཀྱང། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧྲཱིཿ ཞེས་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པར་ཐུགས་ཀྱི་ཐིག་ལེར་བསྡུའོ། །དེ་ཡང་གཞུང་འགའ་ཞིག་ལས། དེ་ཉིད་རིགས་ལྔས་སྦྱངས་པའི་མཇུག་ཏུ་སྨན་ཆ་གསུམ་དུ་བསྡུས་ནས། སྐུ་གསུང་ཐུགས་ཀྱི་འཕྲོ་འདུས་གསང་ཆེན་རིགས་གསུམ་གྱིས་སྦྱང་བར་བཤད་ཀྱང་། བམ་བརྒྱད་ཀྱི་འགྲེལ་པ་སོགས་གཞུང་མང་པོར། རིགས་བརྒྱ་སྐུ །རིགས་ལྔ་གསུང་། རིགས་གཅིག་ཐུགས་ཀྱི་སྒྲུབ་པ་ཡིན་ཞེས་གསལ་བར་གསུངས་པས་ཟུར་དུ་མ་བྱས་ཀྱང་དོན་གྱིས་ཚང་བ་ཡིན་ནོ། །དེ་ཉིད་ཁྲོལ་བུའི་མཇུག་དོན་དང་སྨན་འཐག་པའི་སྔོན་འགྲོ་ཐུན་མོང་པ་ཡིན་ཡང་སྦྱར་བའི་དུས་ནི་ཁྲོལ་བུའི་ཞག་གསུམ་རྫོགས་པའི་ཉིན་ཕྱི་མའི་ཐོར་ཐུན་གྱི་རྗེས་སུ་བྱ་བ་ཡིན་ནོ། །སྐབས་འདིར་སྒྲོམ་ཁྲིའི་སྟེང་ཞི་དཀྱིལ་ཡང་བསྡུ་ཞིང་། གཞུང་མང་པོར་ཁྲོལ་བུའི་སྣོད་དེ་ཉིད་རེ་ཞིག་རྩ་བའི་དཀྱིལ་འཁོར་ཁྲོ་བོར་ཞལ་བསྒྱུར་བའི་སྟེང་དུ་འགོད་པར་བཤད་ཀྱང་། ལག་ལེན་མི་བདེ་བས་སྟེགས་བུ་གང་ཡང་རུང་བའི་ཁར་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་བཅད་ཁ་ནུབ་བསྟན་གྱི་དབུས་སུ་འགོད་པར་བྱའོ།། ༈ གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། བཏག་བཙག་སོགས་ཀྱི་དགོངས་པ་དང་། །ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །དང་པོ་ལ་ལྔ། འཐག་པ། བཙག་པ། སྦྱར་བ། སྦོལ་ཞིང་གཞལ་བ། འགོད་པ་དང་ལྔའོ། །འཐག་པ་ལ་ཡང་གཉིས་ལས། དང་པོ་སྦྱོར་བ་ནི། སྨན་ཁྲོལ་བུའི་དངོས་གྲུབ་བླངས་པའི་དེ་མ་ཐག་པར། སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། དཔལ་ཆེན་པོ་སོགས་ཁྲག་འཐུང་གཙོ་འཁོར་གྱི་ང་རྒྱལ་བཟུང་ནས་རྡོ་རྗེའི་གོམ་སྟབས་ཀྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། རུ་ལུ་སོགས་ཁྲོ་བོའི་ཛཔ྄་བྱ། མཆོག་གི་ཧསྟ་གཡོབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླང་བ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཐུགས་དམ་བསྐུལ། མཁའ་འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ཅིང་ཉམས་བསྐྱང་། སྒྲུབ་དཀྱིལ་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡང་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུགས་ཤིང་། རཀྟའི་ཐིག་ལེ་ཧཱུྃ་ཡིག་གིས་མཚན་པ་དགུ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག །གཞུང་གཞན་ལས་གོང་གི་རྗེས་འབྲེལ་དུ་མ་ཏྲཾ་བསྒྲལ་བ་སྦྱོར་སྒྲོལ་གྱི་མཆོད་པའི་ཚུལ་དུ་མཛད་པ་མི་ལེགས་པ་མིན་ཡང་། འཆད་འགྱུར་གྱི་དོན་ལ་མ་ཚང་བ་མེད་པས་སྐབས་འདིར་དེ་ཙམ་མོ། །གཉིས་པ་འཐག་པ་དངོས་ལ་གསུམ་གྱི། དང་པོ་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏག་པ་ནི། གོང་དུ་བཀོད་པའི་སྨན་གཞོང་གི་ཤར་དུ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་འཁོད། དེའི་མདུན་དུ་ཡུམ་མམ་དེར་བཏགས་པའི་སློབ་མ་སློབ་དཔོན་ལ་ཕྱོགས་ཏེ་འདུག་པའི་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་ཏེ་བརྐྱང་། སློབ་དཔོན་གྱིས་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་སྒྲེང། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱི་ལག་གཉིས་སློབ་དཔོན་དང་ལྷན་ཅིག་པས་གཏུན་བུ་བཟུང་བའམ། མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་འཛིན་པར་ཡང་བཤད་དོ། །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས། གཏན་པ་ཡུམ་གྱི་མཁའ་དབྱིངས་སུ། གཏུན་བུ་ཡབ་ཀྱི་རྡོ་རྗེ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་སྨན་རྣམས་དཀར་དམར་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་གྱི་བདུད་རྩི་ཆི་ལི་ལི་བྱུང་བར་བསམ་ཞིང་འཐག་གོ །གཉིས་པ་སྒྲོལ་བའི་ལས་ཀྱིས་ཞེ་སྡང་བཏག་པ་ནི། གཏུན་ཁུང་ཁྲོ་མོ་འབར་བའི་ཨེ་དབྱིངས་སུ་གཏུན་བུ་ཁྲོ་བོ་འབར་བའི་རྡོ་རྗེའི་ཐོ་བས། སྨན་གྱི་མི་མཐུན་པའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ཞིང་འཐག་གོ། །གསུམ་པ་སྦྱོར་སྒྲོལ་གཉིས་སུ་མེད་པས་གཏི་མུག་བཏག་པ་ནི། གཏུན་ཁུང་ཆོས་ཀྱི་དབྱིངས་སུ་གཏུན་བུ་རིག་པའི་ཡེ་ཤེས་སྦྱར་བས། སྨན་རྣམ་རྟོག་གི་མཚན་མ་ཐམས་ཅད་མཉམ་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་བསྒྲལ་བར་བསམ་ཞིང་འཐག་གོ །སྔགས་ནི་ཐམས་ཅད་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླའོ། །དེ་ལྟར་ཡང་གསང་འཁོར་ལས། འཁོར་ལོ་སྦྱོར་བའི་འདུག་སྟངས་ཀྱིས། །ཕོ་མོ་གཉིས་ཀྱི་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་གྱིས། །སྨན་རྣམས་ཧ་ནའི་སྔགས་ཀྱིས་བཏགས། །ཞེས་གསུངས་པའི་དོན་ནོ། །འདུག་སྟངས་སྤྱོད་ལམ་དེ་དང་ལྡན་པས་ཐོག་མར་སློབ་དཔོན་ཡབ་ཡུམ་གྱིས་འཐག་ཅིང་། དེ་ནས་གཞན་རྣམས་ཀྱིས་ཀྱང་འཐག་སྟེ། དེ་ཡང་སྨན་འཐག་དཀའ་བ་རྣམས་སྔོན་དང་། སྣུམ་གཤེར་ཅན་རྣམས་ཕྱི་ལ་འཐག་ཅིང་རྩྭ་དང་རུས་ཤུན་སོགས་ཀྱི་ཧྲམ་ཧྲོམ་ཟང་ཟིང་མེད་པར་ཤིན་ཏུ་དུལ་ཞིང་འཇམ་པར་འཐག་གོ །དེ་ལྟར་མ་བྱས་ན་ཕྱེ་མའི་དུས་ཞིབ་པ་ལྟར་སྣང་ཡང་། རླན་དང་འཕྲད་ཚེ་རྩིང་ཉམས་འབྱུང་ཉེན་ཡོད་དོ། །དེ་དག་ནི་རྣམ་པར་རྟོག་པའི་མཚན་མ་གཞོམ་པའི་ཆེད་དུའོ། །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་མདུན་དུ་གཟུངས་མ་འཁོད་པའི་བར་དུ་དར་གྱི་ཁྱོགས་བཅས་པའི་སྣེ་གཉིས་སློབ་དཔོན་གྱི་རྐེད་དང་། གཉིས་ཡུམ་གྱི་རྐེད་དུ་མདུད་པའི་དབུས་ལྡིང་སྟབས་སུ་དཔྱངས་ལ། ཡུམ་གྱིས་དར་ཚགས་བཟུང་། ཡབ་ཀྱིས་སྨན་ཕྱེ་མ་ལྡུགས་ཤིང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་རྣམ་རྟོག་གི་མཚན་མ་རྡུལ་ཙམ་ཡང་མི་གནས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྗོད་ཅིང་ཚགས་ཏེ། ཉེ་སྙིང་ལས། ལྷོ་ཡི་ཕྱོགས་སུ་བཙག་བྱ་སྟེ། །ཕྱེ་མ་དར་ཚགས་ནང་ནས་དབྱུང་། །ཧོ་ས་ཡ་ཡི་སྔགས་ཀྱིས་བཙག །ཅེས་གསུངས་པའི་དོན་ནོ། །གསུམ་པ་བསྲེ་ཞིང་སྦྱར་བ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་མཁར་གཞོང་སོགས་ལྕགས་གཡའི་དྲི་མེད་པར་བཞག །གུར་གུམ་སོགས་དྲི་བཟང་དམ་རྩིའི་དབང་ལག་ཟུར་དུ་ཕྱེ། སྨན་གཞན་རྣམས་རླན་མེད་པའི་དུས་ཉིད་ནས་འདྲེས་པར་བསྲེ་ཞིང་འབྲུམ་མེད་པར་བྱས་ལ། སློབ་དཔོན་གྱིས་སྔར་བྱིན་གྱིས་བརླབས་པའི་ཆང་གི་ཁ་ཕྲུ་སྦྲེང་ཞིང་། ཨོཾ་བཛྲ་ཨ་མྲྀཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། དེ་བཞིན་དུ་འོ་མ་སྦྲེང་ཞིང་། ཨོཾ་བི་ཏང་སཾ་ཤོ་དྷཱ་ཡ་ཀྲོ་དྷཱི་ཤྭ་རཱི་ཤྭ་ར་ཡ་སྭཱ་ཧཱ། རིན་པོ་ཆེ་སྦྲེང་ཞིང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱཿ ཆུ་སྦྲེང་ཞིང་། ཨོཾ་ཨ་མྲྀཏ་བི་ཤུདྡྷེ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་བཟླ་ཞིང་འདྲེས་པར་འཕུར། དེ་ནས་སྔར་གྱི་དམ་རྫས་ཀྱི་ཕབས་རྒྱུན་རྣམས་ཆང་གི་ཉིང་ཁུ་བཟང་པོ་དང་སྦྱར་བའི་ཁ་ཕྲུས་འདེབས་བཞིན་པར་ནན་ཀྱིས་སྦོལ་བཞིན་བསྲེས། བསྐ་སླའི་ཚད་ནི་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འགྲིལ་བ་ཙམ་དུ་བྱའོ། །དེ་ནས་སྔར་ཟུར་དུ་ཕྱེས་པའི་དྲི་བཟང་གི་ཕྱེ་མས་མདངས་བསྒྱུར་ཞིང་། དབང་ལག་གི་ཕྱེ་མའང་བཏབ་ལ་འདྲེས་པར་སྦོལ། དེ་དག་གི་ཚེ་སྔགས་ནི། ཨོཾ་བཛྲ་ཨ་མྲྀཏ་མུ་ས་ལ་མུ་ས་ལ་ཧཱུྃ་ཕཊ། ཅེས་བཟླ་ཞིང་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པར་བསམ་མོ། །བཞི་པ་སྦོལ་ཞིང་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་དུ་ནམ་དུས་དང་བསྟུན་པའི་དྲོད་བརྟགས་ལ། ཕབས་རྩི་ཞིམ་པོ་ནོན་ཙམ་བླུགས་ནས་མཆོག་གི་ལག་པ་གཡོན་པའམ་རྐང་ངམ་རྡོ་རྗེས་དཀྲུགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་ཆེན་ཆོས་དབྱིངས་སུ་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ཡང་སྨན་སྦྱོར་བ་ལ་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ངོ་ཞེས་བླ་མ་གཉགས་ཀྱིས་གསུངས་སོ། །དེ་ནས་འཕེལ་བ་བརྟག་ཕྱིར་དྲིལ་བུས་འཇལ་ཏེ་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་ཁུག་མར་བླུགས། གཞུང་གཞན་ལས་སྲང་ལ་བཅལ་བར་ཡང་གསུངས་སོ། །སྐབས་འདིར་སྔགས་ནི་བདེར་འདུས་ལས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླ་བར་གསུངས་སོ། །སྨན་གྱི་སྣོད་ནི་བམ་བརྒྱད་ལས། བྷཉྫར་བསྩལ་ཏེ་བྷཉྫ་གཉིས་ཁ་སྤྲད། དར་གྱིས་བཅིངས་ལ་མཚམས་སུ་རྒྱས་བཏབ། ཅེས་དང་། སྒྲོན་གསལ་ལས། ཁམ་ཕོར་སྦྱར་མར་དར་གྱིས་བཅིངས་ཏེ་རྒྱས་བཏབ་ལ། ཞེས་གསུངས་པའི་སྣོད་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཨ་མྲྀཏས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་བྲིས་པའི་ཕོ་ཐོད་ལ་རིགས་ལྔ་ཡབ་ལྔའི་ས་བོན་དང་མོ་ཐོད་ལ་ཡུམ་ལྔའི་ས་བོན་འབྲི། གཉིས་ཀའི་མུ་ཁྱུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋཱཿ ཞེས་བྲིས་པའི་མོ་ཐོད་ཀྱི་ནང་དུ་སྨན་གྱི་སྒྱེའུ་བཅུག །ཕོ་ཐོད་ཀྱིས་སྟེང་ནས་དགབ། དར་གྱིས་གྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་སྟེང་གི་མདུད་ཁར་མི་འགྱུར་བའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་ཅིང་། ཁྲོ་མཁར་ལས།་་་ཧཱུྃ། དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་རྡོ་རྗེ་རྒྱ་གྲམ་རྒྱ། །གསུམ་པ་དབང་མཆོག་རྟགས་ཀྱི་རྒྱ། །བཞི་པ་ཀརྨ་ལས་ཀྱི་རྒྱ། །ལྔ་པ་ཚེ་ཡི་རི་བོའི་རྒྱ། །དྲུག་པ་ཟླ་གམ་དབང་གི་རྒྱ། །བདུན་པ་ཆོས་ཀྱི་ཕྱག་རྒྱའི་རྒྱ། །ཆོས་ཀྱི་དབྱིངས་སུ་རྒྱས་གདབ་བོ། །ཞེས་རྒྱས་གདབ་ཅིང་སྲང་ལ་བཅལ་བར་འདོད་ན་སྐབས་འདི་ཉིད་དུ་བྱའོ། །ལྔ་པ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་བ་ནི། སློབ་དཔོན་གྱི་མདུན་དུ་སྨན་བཀོད་ལ། དྲིའི་རྒྱལ་པོ་ལྔ་་་ཛཱ་ཏི་ག་བུར་ཙནྡན་གླ་རྩི་དུ་རུ་ཀ།དང་། གུ་གུལ་དང་། ཚིལ་ཆེན་གྱི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། བཤུག་གླུ་འབོད། ཛཔ྄་དབྱངས་རྡོ་རྗེའི་འགྲོས་གར་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ནས་ཤར་དུ་འཁོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྦྱར་ནས། །དུག་ལྔ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ། །དབྱིངས་ནས་སྤྱན་དྲངས་སངས་རྒྱས་སྐུར་བསྐྱེད་དེ། །ཕྱོགས་བཅུ་དུས་གསུམ་འཕགས་པ་མཆོད་པ་དང་། །རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །གསང་བ་མཆོག་གི་དབུས་སུ་བཞུགས་སུ་གསོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཏིཥྛ་ལྷན། ཞེས་གཙོ་བོར་མངའ་གསོལ་ཏེ། དཀྱིལ་འཁོར་དབུས་ཀྱི་བར་ལྡིང་ལ་མཉྫིའི་ཁར་རིན་པོ་ཆེའི་གཞོང་པར་བལ་བུའི་ཕུར་མའམ་འབྲུ་རླན་ཅན་གྱིས་གང་བའི་ནང་དུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཞུགས་སུ་གསོལ། དར་ཟབ་སྣ་ཚོགས་ཀྱི་ན་བཟའ་གསོལ། གཡས་གཡོན་དུ་རྡོར་དྲིལ་དང་དེ་སྟེང་དུ་དབུ་རྒྱན་བཅིང་། གཟུངས་རྡོར་སྟེང་དུ་བཞག་པའི་སྲད་བུ་ལྔ་ཕྱིར་དྲང་ཞིང་སྟེང་དུ་དམུ་ཐག་སྦྲེལ། འོག་ཏུ་དྲོད་འབེབ་ཀྱི་མར་མེ་བལྟམས། སྐབས་འདིར་གཞུང་མང་པོར་སྨན་ཆེ་བའི་ཡོན་ཏན་བརྗོད་ཅིང་དཔའ་བོ་འབྲུ་ལྔས་སྦྱང་བར་གསུངས་པ་སྟེ། སྒྲོན་གསལ་དུ། རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་ཆེ་བའི་ཡོན་ཏན་བརྗོད། །དེ་ནས་ཞི་བའི་བཟླས་པ་བརྒྱ་རྩ་བྱ། །འབྲུ་ལྔ་བསྟིམ་ཞིང་བཞུ་བཏུལ་བྱ་བ་དང་། །ལས་བཞི་རྫོགས་པའི་ཧོམ་བྱས་མེ་ཡི་ཕུད་ཀྱང་སྨན་དུ་བླུག །ཅེས་གསུངས་པ་བཞིན་སྤྲོ་ན་འདི་ལྟར་བྱ་སྟེ། སློབ་དཔོན་སློབ་མར་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་ཆེ་བའི་ཡོན་ཏན་བརྗོད། འབྲུ་ལྔས་སྦྱོང་བ་ནི། ཧཱུྃ། རབ་ཡངས་བདུད་རྩིའི་སྣོད་དུ་དམ་རྫས་ལྔར། །ས་བོན་ལྔ་ལས་ཕྱག་མཚན་ས་བོན་གྱིས། །ཡོངས་མཚན་འཕྲོ་འདུས་བདེ་གཤེགས་རིགས་ལྔར་གྱུར། །བདག་ཐུགས་སྔགས་ཀྱིས་རྒྱུད་བསྐུལ་འཁོར་འདས་ཀྱི། །དངོས་གྲུབ་བཅུད་བསྡུས་མཉམ་སྦྱོར་བྱང་ཆུབ་སེམས། །བདུད་རྩིར་རབ་འདྲེས་ཡབ་ཡུམ་འོད་དུ་ཞུ། །འཆི་མེད་དམ་རྫས་རྒྱ་མཚོར་འཁྱིལ་བའི་ཞག །རབ་འབར་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་སོགས་བཟླ། དེ་རྗེས་སུ་ལས་བཞིའི་ཧོམ་མཆོད་ཀྱང་བྱ་བར་་་མེའི་ཕུད་ནི་དྲོད་འབེབ་པའི་ཕྱིར་མར་མེ་སྦར་བའོ།བཤད་དོ། །གཞུང་གི་དངོས་བསྟན་གྱི་མཚམས་ནི་བྱང་དུ་སྨན་སྦོལ་བའི་རྗེས་སུ་བྱ་བར་བཤད་ཀྱང་འཁྲུགས་བསྡེབས་ལ་དགོངས་པ་བཞིན་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པའོ། །དེ་དག་ནི་གཞུང་གི་དགོངས་པ་ཧོར་ཁོངས་སུ་མ་བསྡུས་པར་ཞིབ་མོར་སྨྲོས་པ་ཡིན་ནོ། །སྤྲོས་པ་རྒྱ་ཆེན་པོ་མི་ལྕོགས་པས་ནི་གོང་གི་སྨན་ཆེ་བའི་ཡོན་ཏན་བརྗོད་པ་ནས་འདིའི་བར་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། ཚད་ལྡན་གྱི་གཞུང་མང་པོར་དེ་ལྟར་ཡང་གསུངས་པའི་ཕྱིར་རོ། ཁྲོལ་བུའི་མཇུག་དོན་ནས་བཟུང་འདིའི་བར་ཉིན་གཅིག་གི་ཐོར་ཐུན་ནས་སྲོད་ཐུན་གྱི་མཐར་ཐུག་པའི་བར་བྱ་བའི་ཆོ་གའོ།། ༈ གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལ་ལྔ་སྟེ། འཇུ་འདུལ་གྱི་དགོངས་པ་དང་། བདུད་རྩིར་བསྐྱིལ་བའི་དགོངས་པ་དང་། དབང་དུ་བྱ་བའི་དགོངས་པ་དང་། དངོས་གྲུབ་ལེན་པ་དང་། རྒྱ་བཀྲོལ་ཏེ་མཆོད་ཅིང་བགོ་བ་དང་ལྔའོ། །དང་པོ་ལའང་གསུམ། སྤྱིའི་དཀྱིལ་འཁོར་གསུམ་ལྡན་དབྱེར་མེད་དུ་བསྟན་པ་དང་། བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་བཤད་པ་དང་། ཛཔ྄་ཀྱི་དགོངས་པའོ། །དང་པོ་སྤྱིའི་དཀྱིལ་འཁོར་གསུམ་དབྱེར་མེད་དུ་སྒོམ་པ་ནི། བདེ་གཤེགས་འདུས་པར། དེ་ནས་བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས་གཞུང་བསྲང་མཆོད་བསྟོད་བྱའོ། །ཞེས་གསུངས་པ་བཞིན་ཏེ་དེ་ཡང་སྐྱབས་སེམས་ནས་བཟུང་སྔོན་འགྲོའི་ཆོས་དང་། ཏིང་འཛིན་གསུམ་ནས་རྩ་བའི་ཛཔ྄་ཀྱི་བར་རྫོགས་པར་བྱ་སྟེ། བདག་སྒྲུབ་པ་པོ། སྒྲུབ་རྟེན་བྲིས་པའི་དཀྱིལ་འཁོར། སྒྲུབ་རྫས་བདུད་རྩི་གསུམ་ཀ་རང་བཞིན་དབྱེར་མེད་གཅིག་ཏུ་སྒོམ་ཚུལ་སྔར་ཁྲོལ་བུའི་དུས་སུ་བཤད་པ་བཞིན་ནོ། །དེ་ཡང་སྒྲུབ་ཆེན་གཞན་དང་སྦྱར་ཏེ་བྱ་བའི་སྐབས་འདིར་སྔོན་དུ་དེ་ལྟར་བསྒྲུབས་ནས། ཕྱེ་མའི་ཛཔ྄་དགོངས་དངོས་ཀྱི་ཚེ་བདག་རང་བཞིན། བདུད་རྩི་རང་བྱུང་། ཆེ་མཆོག་རྩ་བ་ཞེས་སོ་སོར་དབྱེ་ནས་བསྒོམ་པ་དེ་ཉིད་འདིར་དབྱེར་མེད་དུ་སྒོམ་པའི་དོན་གྱིས་སྤྱིའི་དཀྱིལ་འཁོར་གསུམ་ལྡན་ཞེས་ཐ་སྙད་བཞག་པ་ཡིན་གྱི། བམ་བརྒྱད་དང་སྒྲོན་གསལ་ལས་སྐབས་འདིའི་སྒོམ་རིམ་དངོས་བསྟན་ནི། སྨན་གྱི་དཀྱིལ་འཁོར་རྐྱང་སྒྲུབ་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ་སླད་ནས་འཆད་པར་འགྱུར་བ་ལས་ཤེས་ཤིང་། ཤུགས་བསྟན་གྱི་དོན་དང་གཞུང་གཞན་གྱི་ངེས་པ་བླ་མའི་བཀའ་བརྒྱུད་ཀྱིས་འཆད་པ་ནི་འདི་ཁོ་ནའོ། །གཉིས་པ་བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་སྒྲུབ་པ་ལ་བཞི། དཀྱིལ་འཁོར་གྱི་དབྱེ་བའི་ཚུལ་དང་། རང་བཞིན་གྱི་དཀྱིལ་འཁོར་དང་། བདུད་རྩིའི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་རྣམས་སོ། །དང་པོ་དཀྱིལ་འཁོར་དབྱེ་བ་ནི། གོང་དུ་བདག་མདུན་དབྱེར་མེད་དུ་བསྒྲུབས་པའི་དཀྱིལ་འཁོར་དེ་ལས་བདག་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་པའི་རྣམ་པར་ཕྱེ་བ། མདུན་བསྐྱེད་དང་མེ་རི་འདབས་འབྱར་གྱི་ཚུལ་དུ་འཁོད་པར་བསམ་མོ། །གཉིས་པ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དུར་ཁྲོད་གཞལ་ཡས་ཁང་ནང་འཁོར་ལོ་བ་དན་བརྒྱན། །བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། །ཞེས་གསུངས་པས། དེ་ལྟར་ཟུར་དུ་ཕྱེ་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ཉིད་སླར་ཡང་གསལ་གདབ་སྟེ། ཧཱུྃ། མཚན་ཉིད་ཡོངས་རྫོགས་ཁྲག་འཐུང་དཀྱིལ་འཁོར་དབུས། །བདེ་གཤེགས་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ །སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཅིང་། །དགོད་དང་གཤེ་དང་འཇིགས་སུ་རུང་བ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །གར་དགུས་རྣམ་རོལ་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་ཡུམ་འཁྱུད་སྤྲུལ་འཁོར་བསམ་མི་ཁྱབ། །རང་བཞིན་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་པས་གསལ་གདབ། དེའི་དོན་ནི་ངོ་བོ་གདོད་ནས་འགྱུར་བ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུར་གནས་པའི་དྭངས་ཆ་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གསལ་བར་སྒོམ་པའི་དོན་གྱིས་བདག་རང་བཞིན་གྱི་དཀྱིལ་འཁོར་ཞེས་གྲགས་པ་སྟེ་ཇི་སྐད་དུ། སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་བ་ཀུན་ལ་རབ་གནས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྟེན་དང་བརྟེན་པར་བཅས་པ་ཡི། དཀྱིལ་འཁོར་མ་ལུས་རྫོགས་པར་ལྡན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་ཏེ། སྒོམ་པའི་གནས་ནི་ཕོ་བྲང་དགུའི་ལྟེ་བའི་ཆེ་མཆོག་གི་ལྷ་ཚོགས་རྣམ་པར་བསྒྱུར་བའོ། །དེ་ཡང་བི་མ་ལས། བདུད་རྩི་རྣམ་ལྔ་དང་། སྨན་སྟོང་རྩ་བརྒྱད་དུ་སྦྱོར་བས་བདུད་རྩི་སྨན་གྱི་དཀྱིལ་འཁོར་དང། སྣོད་བྷཉྫ་ལྔའི་ནང་དུ་དཔའ་བོ་འབྲུ་ལྔ་ལས་རིགས་ལྔའི་སྐུར་གསལ་བས་རང་བྱུང་གི་དཀྱིལ་འཁོར་རོ། །ཞེས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་དབྱེ་བས་དཀྱིལ་འཁོར་གཉིས་སུ་བསྟན་ཀྱང་དོན་གྱི་ངོ་བོས་གཅིག་ཏུ་བསྡུའོ། །ཇི་ལྟར་སྒོམ་ན་སྒྲོན་གསལ་དུ། རླུང་དང་མེ་ཡང་དེ་བཞིན་སྣོད་ནི་གཞལ་མེད་ཁང་། །ཞེས་གསུངས་པས་དེ་བཞིན་གཤེགས་པ་ཞེས་པ་ནི་སྔར་རིགས་ལྔའི་བསྙེན་པའི་སྐབས་སུ་བསྟན་པ་བཞིན་ནོ་ཞེས་སྦྲེལ་བར་བསྟན་པ་ཡིན་ནོ། །དེ་ཡང་འདི་ལྟར། ཕོ་བྲང་ལྟེ་བར་ཡཾ་ལས་རླུང་གཞུའི་དབྱིབས། །དེ་སྟེང་རཾ་ལས་མེ་དཀྱིལ་གྲུ་གསུམ་འབར། །ཨ་ལས་བྷཉྫའི་གཞལ་ཡས་རྒྱ་ཆེའི་ནང་། །པད་ཟླའི་གདན་ལ་ཤ་ལྔ་བདུད་རྩི་ལྔར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ཕྱག་མཚན་ལྔ། །ས་བོན་གྱིས་མཚན་ཡོངས་གྱུར་བདེ་གཤེགས་ལྔ། །ཡབ་ཡུམ་མཉམ་སྦྱོར་བྱང་སེམས་བདུད་རྩིར་ཞུ། །དེ་སྟེང་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཞེས་པ་ནི་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཏེ། སྦྱང་གཞི་རང་བྱུང་ལྷུན་གྲུབ་ཀྱི་བདུད་རྩི་དམ་རྫས་ཀྱི་གཞི་དེ་ཉིད་སྦྱོང་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པར་བསྒོམ་པའོ། །བཞི་པ་ཆེ་མཆོག་རྩ་བའི་དཀྱིལ་འཁོར་ལ་ལྔ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར། རྟ་མགྲིན་དབང་གི་དཀྱིལ་འཁོར། སྐུ་གདུང་འབར་བའི་དཀྱིལ་འཁོར། མཁའ་མཉམ་ཀློང་གི་དཀྱིལ་འཁོར། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དང་ལྔའོ། །དང་པོ་འགྲོ་འདུལ་གྱི་དཀྱིལ་འཁོར་ནི། དངོས་གྲུབ་ལ་བར་དུ་གཅོད་པའི་འགྲོ་བ་མི་བསྲུན་པ་རྣམས་འདུལ་ཞིང་ཚར་གཅོད་པའི་ཕྱིར་ཏེ། སྒྲོན་གསལ་དུ། བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། ཁྲོ་བོ་འཆོལ་བར་བསྟན་ཏེ་ཕྱོགས་བཅུའི་བདུད་བཏུལ་འདུལ། །ཕྱོགས་བཅུའི་ཁྲོ་བཅུར་གྱུར་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད། །ཅེས་གསུངས་པའི་དོན་འདི་ལྟར། ཧཱུྃ། བདག་ཉིད་རང་བཞིན་དཀྱིལ་འཁོར་དཔལ་ཆེན་པོ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ལས། ཁྲོ་བོ་བཅུ་འཕྲོས་ཕྱོགས་བཅུའི་གདོན་བགེགས་བཏུལ། །ཚུར་འདུས་བདུད་རྩིའི་དཀྱིལ་འཁོར་ཕྱོགས་མཚམས་འཁོད། །ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །སུམ་རྒྱལ་སྟོབས་པོ་ཆེ་རྣམས་རྔམ་བརྗིད་འབར། །རང་རྟགས་མཚོན་ཆ་ཐོགས་ནས་ཕྱོགས་བཅུར་འཁོད། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། དེ་བཞིན་དུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྻ་ཨ་ཙ་ལ། ཧ་ཡ་གྲཱི་ཝ། ཨ་པ་ར་ཛཱི་ཏ། ཨ་མྲྀཏ་ཀུཎྜ་ལཱི། ཏྲཻ་ལོ་ཀྱ་བི་ཛ་ཡ། མ་ཧཱ་བ་ལ་སོགས་ཀྱིས་སྤྲོས་ནས་བདུད་རྩིའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་རྣམ་རྒྱལ་སོགས་བརྒྱད། འོག་གི་མེའི་ཀློང་དུ་སྟོབས་ཆེན། སྟེང་གི་ནམ་མཁའ་ལ་ཧཱུྃ་མཛད་རྣམས་སྲུང་བའི་ལས་མཛད་ཅིང་བཞུགས་པར་བསམ་མོ། །བམ་འགྲེལ་བདུན་པར། བདུད་རྩི་འཁྱིལ་བ་ནི་ཁྲོ་བོ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཡིན་ལ། པདྨ་འཁྱིལ་བ་ནི་ཁྲོ་མོ་ཐམས་ཅད་ཀྱི་གསང་བའི་མཁའ་ལ་བསྡུའོ། །ཞེས་ཏ་ཀྲྀཏ་བརྒྱད་དུ་བསྡུ་བར་བཤད་པས། དེ་ལྟར་བྱས་པས་ཀྱང་རུང་མོད། གདུལ་བྱ་འདུལ་བྱེད་ཀྱི་གྲངས་ངེས་སོགས་ཀྱིས་བཅུར་བྱེད་པ་ཉིད་ལེགས་ཏེ། ཉེ་སྙིང་ལས། འཇིག་རྟེན་དྲེགས་པ་བཏུལ་ནས་ནི། །སླར་འདུས་ཕྱོགས་བཅུར་ཁྲོ་བཅུར་གྱུར། །ཞེས་གསུངས་པ་དང་། ཁྲོ་མཁར་སྒྲོན་གསལ་སོགས་གཞུང་གཞན་ལས་ཀྱང་དེ་ལྟར་བཤད་དོ། །གཉིས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། སྒྲོན་གསལ་དུ། ཕོ་བྲང་ནང་དུ་ཧྲཱིཿལས་ཀླུ་བདག་གསང་བའི་ཡུམ་བཞིར་བཅས། །ཞེས་གསུངས་པས། དེ་ཡང་ཀླུའི་བདག་པོ་རྟ་མགྲིན་ཡིན་ལ། དེ་ཉིད་གསང་བའི་ཡུམ་བཞིར་དུས་གཅིག་ཏུ་མཉམ་པར་སྦྱོར་བར་བསྟན་པ་ནི་འདི་ལྟར། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །འགྲོ་འདུལ་ཏ་ཀྲྀཏ་ཁྲོ་བོ་བརྒྱད་ཀྱི་དབུས། །པདྨའི་ལྟེ་བར་ཧྲཱིཿལས་རྟ་མཆོག་དཔལ། །དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། །གཡོན་པ་རྒྱ་གྲམ་བདུད་རྩིའི་སྟེང་ནས་གནོན། །ཕྱོགས་ཀྱི་འདབ་བཞིར་བདེ་ཆེན་གསང་བའི་ཡུམ། །མི་ཕམ་དཀར་མོ་ཁྲོ་གཉེར་ཅན་མ་སེར། །རོ་ལངས་མ་དམར་རལ་གཅིག་ལྗང་གུ་སྟེ། །གྲི་གུག་ཐོད་འཛིན་གཅེར་བུ་བདེ་ཉམས་རྒྱས། །གསང་བའི་མཁའ་ལ་དཔའ་བོ་རྟ་མགྲིན་སྐུ །ཕྱེད་ནུབ་ཙམ་གྱི་སྦྱོར་བ་དུས་གཅིག་མཛད། །བདེ་སྟོང་དབྱེར་མེད་ཉམས་རྒྱས་རྣམ་པར་བརྗིད། །ཅེས་བསྒོམ། གཞུང་ལ་ལར་ཆེ་མཆོག་གི་དབུ་ལ་རྟ་ཞལ་བྱས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་ངོས་བཟུང་བ་ཚད་ལྡན་གྱི་བཤད་ཁུངས་ཡོད་པས་སྤྱིར་མི་འགལ་མོད། འོན་ཀྱང་འགྲོ་འདུལ་ཁྲོ་དཀྱིལ་གྱི་ནང་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པ་ཉིད་ལམ་འདི་སྟོན་པའི་གཞུང་ཕལ་ཆེར་དུ་མཐུན་པར་གསུངས་པའི་དོན་བཞིན་བྱས་སོ། །གསུམ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། སྔར་བསྒོམས་པའི་ཕྱོགས་མཚམས་ཀྱི་ཏ་ཀྲྀཏ་བརྒྱད་པོའི་སྟེང་དུ་རིགས་བཞིའི་ཧེ་རུ་ཀ་བསྒོམ་པ་སྟེ། སྒྲོན་གསལ་ལས། བརྒྱད་པོའི་སྟེང་དུ་བཞི་ནི་དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྫིས། །བཞི་སྟེང་བཛྲ་ཧེ་རུ་དབུ་གསུམ་ཕྱག་དྲུག་ཞབས་བཞིས་མནན། །ཞེས་གསུངས་པ་ནི་འདི་ལྟར། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཤར་ནས་རིམ་བཞིན་ཁྲག་འཐུང་ཆེན་པོ་བཞི། །བུདྡྷ་ཁྲག་འཐུང་སྨུག་ལྗང་སེར་བའི་ཞལ། །གཡས་གསུམ་རྡོ་རྗེ་འཁོར་ལོ་ཏི་ར་དང། །གཡོན་གསུམ་དྲིལ་བུ་བྷན་དམར་ཁ་ཊྭཱཾ་འཛིན། །རཏྣ་ཁྲག་འཐུང་སེར་སྨུག་དམར་བའི་ཞལ། །གཡས་གསུམ་རིན་ཆེན་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་དགྲ་སཏྭ་འཛིན། །པདྨ་ཁྲག་འཐུང་དམར་སེར་ལྗང་བའི་ཞལ། །གཡས་གསུམ་པདྨ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན། །ཀརྨ་ཁྲག་འཐུང་ལྗང་དམར་སྨུག་པའི་ཞལ། །གཡས་གསུམ་རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན། ཁྲོ་བོ་བཞི་སྟེང་བཛྲ་ཧེ་རུ་ཀ །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རྩེ་དགུ་རྩེ་ལྔ་ཏི་ར་དང་། །གཡོན་གསུམ་དྲིལ་བྷན་འཇིག་རྟེན་གཡོ་བའི་ཚུལ། །ཞབས་བཞིས་ཁྲག་འཐུང་རིགས་བཞིའི་དབུ་ནས་བརྫིས། །ཐམས་ཅད་རང་རང་ཡུམ་འཁྱུད་གར་དགུ་ལྡན། །དཔལ་གྱི་ཆས་རྫོགས་འབར་བའི་ཀློང་ན་བརྗིད། །ཅེས་བསྒོམ། མངོན་རྟོགས་རྒྱས་པར་བསྒོམ་པར་མི་ནུས་པས་ནི་ཁྲག་འཐུང་ལྔ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་རུང་ངོ་། །བཞི་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། སྒྲོན་གསལ་དུ། སྟེང་ནས་མཁའ་མཉམ་ཀློང་དཀྱིལ་དབུ་དགུ་ཕྱག་བཅོ་བརྒྱད། །ཞབས་ནི་བརྒྱད་ཀྱིས་དབུ་གཉིས་མནན་པའི་མཁར། །དབུས་ཀྱི་དབུ་ནི་སྤྱན་ཕྱེད་ནུབ་པར་རྔུབས་པ་ཡི། །ཞེས་གསུངས་པས། བཛྲ་ཧེ་རུ་ཀའི་དབུར་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་དང་ལྡན་པའི་ཞབས་ཀྱིས་བཛྲ་ཧེ་རུ་ཀའི་དབུ་གཡས་གཡོན་གཉིས་མནན་ཅིང་། དབུ་དབུས་མ་གནམ་ཞལ་མའི་མཁར་དབུས་མའི་སྤྱན་ཕྱེད་ནུབ་ཙམ་དུ་བསྒོམ་པར་བསྟན་པ་སྟེ། འདི་ལྟར། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །སྔོ་སྐྱ་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན། །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་པའི་འདུག་སྟངས་ཚུལ་ལྡན་ཞབས་བརྒྱད་ཀྱིས། །བཛྲ་ཁྲག་འཐུང་གཡས་གཡོན་དབུ་གཉིས་བརྫིས། །དབུས་ཞལ་ཡུམ་མཁར་སྤྱན་ཕྱེད་ནུབ་པར་ཆུད། ཁྲོ་འཛུམ་བདེ་བའི་ཉམས་རྒྱས་འཁྲིལ་བག་ཆགས། ཁྲོ་མོའི་ཆས་ཅན་འབར་བའི་ཀློང་ན་བརྗིད། །ཅེས་པས་གསལ་གདབ་བོ། །ལྔ་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དེ་སྟེང་འཆི་མེད་རྡོ་རྗེ་བཅུ་གཉིས་གཅིག་དབུར་ལྡན། །བཅུ་ཕྲག་བཞི་དང་གཉིས་ཀྱིས་ཕྱག་དང་ཞབས་བརྒྱད་གཏམས། །བྷ་གར་རྡོ་རྗེ་སྦྱོར་ཞིང་དབུ་བརྒྱད་ཞབས་ཀྱིས་སྦྱོར། །ཉི་མའི་སྟེང་ན་ས་ནུ་ཡབ་ཡུམ་རྟག་སྦྱོར་བ། །བཅུ་གཉིས་དབུ་མའི་ལྗགས་ལ་ཐུགས་ཀ་ཡི། །ཉི་དཀྱིལ་རྡོ་རྗེ་བུམ་པའི་ཨ་ལ་དགུ་པས་བསྐོར། །ཞེས་གསུངས་པའི་དོན་ནི། ཁྲོ་མོ་གནམ་ཞལ་མ་དེའི་སྟེང་དུ་འཆི་མེད་རྡོ་རྗེ་སྟེ་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཞབས་བཅོ་བརྒྱད་པར་བསྒོམ་པ་ནི་འདི་ལྟར། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མ་ཡི། །སྨིན་མཚམས་མཁར་བཅུག་དཔལ་ཆེན་རྩ་ཞལ་གྱི། །ལྗགས་སྟེང་ཉི་དཀྱིལ་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་དཀར་གསལ་ཚོན་གང་བའི། །ཐུགས་ཀར་ཉི་སྟེང་རྡོ་རྗེར་ཨ་ཡིག་ལ། །གསང་སྔགས་འབྲུ་དགུ་གཡས་སུ་བསྐོར་བས་མཚན། །གར་དགུའི་ཉམས་རྒྱས་དཔལ་ཆེན་ཆས་རྣམས་རྫོགས། །དྲི་མེད་འོད་ཟེར་འཕྲོ་བའི་ཀློང་ན་བཞུགས། །ཞེས་གསལ་གདབ། དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་བྱེ་བྲག་ལྔ་དང་། བདག་དང་སྨན་གྱི་དཀྱིལ་འཁོར་གཉིས་ཏེ་དཀྱིལ་འཁོར་བདུན་དུ་བྱེད་པའམ། རྩ་བའི་དཀྱིལ་འཁོར་གྱི་ཆེ་མཆོག་གི་ལྗགས་ལ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་རྩ་བའི་དཀྱིལ་འཁོར་ལ་དྲུག་དང་། གཞན་གཉིས་ཏེ་བརྒྱད་དུ་བྱེད་པ་ཡང་བཤད་དོ། །སྐབས་འདིར་སྦྱོར་བ་བརྒྱད་ཀྱི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། གཙོ་བོའི་ལྗགས་སྟེང་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་ཡེ་ཤེས་སྦྱོར་བ་དང་། །ཕྱག་རྣམས་ཞེ་གཉིས་ལྷར་སྦྱོར་ཕྱག་མཚན་སྦྱོར། །རྡོ་རྗེ་སྨིན་མཚམས་མཁར་རོལ་ཞལ་གྱི་སྦྱོར། །ཡུམ་མཁར་ཁྲག་འཐུང་དབུ་ཚུད་དབུ་ཡི་སྦྱོར། །གཙོ་ཞབས་ཡུམ་གྱི་དབུར་སྦྱོར་ཞབས་ཀྱི་སྦྱོར། །རྟ་མགྲིན་ཡུམ་བཞིར་རོལ་པ་དབང་གི་སྦྱོར། །བདུད་རྩི་ཡེ་ཤེས་སྨན་སྦྱོར་རྫས་ཀྱི་སྦྱོར། །རྫས་དཀྱིལ་བྷཉྫ་ཁ་སྦྱོར་ཐབས་ཤེས་སྦྱོར། །སྦྱོར་བ་བརྒྱད་ལྡན་བདེ་ཆེན་ཉམས་བརྒྱར་འབར། །དཀྱིལ་འཁོར་འཁོར་ལོའི་གཙོ་བོར་ལྷུན་གྱིས་གྲུབ། །ཕྱི་རོལ་ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །རང་རང་འཁོར་བཅས་ཉི་མའི་དཀྱིལ་འཁོར་ལས། །འོད་ཟེར་བཞིན་དུ་གསལ་བརྟན་འབར་བར་གྱུར། །ཞེས་པའི་ཚུལ་ལོ། །དེ་ལྟར་གསལ་འདེབས་པ་ལ་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། སྔར་དཔལ་ཆེན་པོ་འཁོར་བཅས་ཀྱི་དམ་ཚིག་གི་འཁོར་ལོར་གསལ་བ་ལ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་སོགས་སོང་གྲུབ་པས་ལྷ་དེ་ཉིད་ཞལ་བསྒྱུར་བ་ཙམ་ལས་དམ་ཚིག་གི་འཁོར་ལོ་གསར་དུ་བསྒོམ་པ་མིན་པ་དང་། སྔར་དམ་ཡེ་གཉིས་མེད་དུ་གྲུབ་པའི་ཕྱིར་ཏེ། འགའ་ཞིག་སྒྲུབ་གཞུང་གཞན་ལ་བརྟེན་ཀྱང་འདིར་ཡང་མཆོད་པ་བྱེད་པ་སོགས་ནི་སྤྱིར་ཚོགས་གསག་གི་རྒྱུ་ཡིན་པས། ཇི་ཙམ་མང་གིན་བཟང་མོད། མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བ་དང་། དེ་ལྟ་བུའི་ལས་རིམ་མང་པོས་བཟླས་པའི་གྲངས་ལ་གནོད་པའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བྱས་སོ། །སྨན་རྐྱང་སྒྲུབ་ཀྱི་ཚེ་ནི་ཞལ་བསྒྱུར་གྱི་ཐ་སྙད་བཞག་ཏུ་མེད་པས་བདུད་རྩི་རང་བྱུང་ནས་འཆི་མེད་རྡོ་རྗེའི་བར་གྱི་དཀྱིལ་འཁོར་བདུན་པོ་དམ་ཚིག་པར་བསྐྱེད་པའི་རྗེས་ཉིད་དུ་ཡེ་ཤེས་ལྔའི་དབང་བསྐུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། བསྟིམ་ཕྱག་མཆོད་བསྟོད་རྣམས་བྱས་ནས་གདོད་ཛཔ྄་ལ་འཇུག་པར་བཤད་དོ། །གསུམ་པ་ཛཔ྄་ལ་དྲུག་སྟེ། སྨན་སྲུང་སྤྱན་འདྲེན། རྟོག་པ་བསལ་བ། གཟུངས་ཐག་འཛིན་པ། ཛཔ྄་དགོངས་དངོས། རྟགས་ཚད་བསྟན་པ། སྤོགས་ཆོག་བྱ་བ་དང་དྲུག་གོ །དང་པོ་ནི། སྤོས་དང་རོལ་མོ་གཡབ་དར་དང་བཅས་པས། ཧཱུྃ། ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཞེས་སོགས་སོ། །གཉིས་པ་རྟོག་བསལ་ནི། བདུད་རྩིའི་ཟེགས་མས་འཐོར་ཞིང་། ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །སོགས་ནས་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་ཤིང་བཞུགས་པར་བསམ་པའི་བར་སྔར་བསྟན་པ་བཞིན་ནོ། །གསུམ་པ་གཟུངས་ཐག་འཛིན་པ་ནི། བམ་འགྲེལ་ལས། གཟུངས་ཐག་བཞི་བདུད་རྩི་ལ་བཏགས་ལ་ཕྱོགས་བཞིར་ཕྱག་ཏུ་བཞེས་ཏེ། ཞེས་གསུངས་པས་ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ། དེ་རྣམས་ཀྱིས་ལག་གཡོན་པའི་མཐེ་བོང་དང་སྲིན་ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ། གུང་མཛུབ་དང་མཐེའུ་ཆུང་བསྒྲེང་བའི་བར་དུ་བཟུང་ལ་འདི་སྐད་དོ། །ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ་། །ཞེས་བཟུང་ལ། གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་སེང་བྲེང་ཆགས་སུ་ཡོད་པར་བསྒོམ་མོ། །བཞི་པ་ཛཔ྄་དགོངས་ནི། སྒྲོན་གསལ་ལས། བདག་ཉིད་ཐུགས་ཀྱང་དེ་འདྲར་བྱས་ལ་སྔགས་ཀྱིས་བརྡེག །ཏིང་འཛིན་མེ་ལ་བཟླས་བརྗོད་རླུང་གིས་བསྐྱོད་པ་ནི། །ཞེས་གསུངས་པས་འཆི་མེད་རྡོ་རྗེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དེ་ཁོ་ན་བཞིན། བདག་རང་བཞིན་གྱི་ལྷའི་ཐུགས་ཀར་ཡང་དེ་དང་འདྲ་བར་སྒོམ་པའི་དོན་དང་། བསྐྱེད་བཟླས་ནི་མེ་དང་རླུང་གི་དཔེས་མཚོན་པར་མཛད་པ་དེ་དཔེར་ན། བུད་ཤིང་དང་མེའི་ས་བོན་སོགས་འབར་བྱེད་ཀྱི་རྒྱུ་རྐྱེན་འཛོམས་པ་ལས་མེ་འབར་ཞིང་དེ་རླུང་གིས་བསྐུལ་ན་ལྷག་པར་ཡང་འབར་བ་བཞིན་དུ་དཀྱིལ་འཁོར་བདུན་གྱི་ཏིང་ངེ་འཛིན་ཤིན་ཏུ་གསལ་ཞིང་བརྟན་པས་གསང་སྔགས་སྐྱོན་དང་བྲལ་བར་བཟླས་བརྗོད་བྱེད་པ་ནི་བསྒྲུབ་བྱའི་དངོས་གྲུབ་ཀྱི་འབྲས་བུ་ཤིན་ཏུ་མྱུར་བའི་གནད་ཀྱིས་མཆོག་ཡིན་ཏེ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་གསུངས་པ་བཞིན་ཏེ་འདི་ལྟར། བདག་ཉིད་རང་བཞིན་དཀྱིལ་འཁོར་དཔལ་ཆེན་པོའི། །ཐུགས་ཀར་ཉི་དཀྱིལ་རྡོ་རྗེར་ཨ་ཡིག་ལ། །འབྲུ་དགུའི་སྔགས་ཕྲེང་ཕྲ་ཞིང་གསལ་བས་བསྐོར། །དེ་ལས་འོད་འཕྲོས་བདུད་རྩིའི་རླུང་དཀྱིལ་བསྐུལ། །མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས། །དཔའ་བོ་འབྲུ་ལྔའི་འོད་ཟེར་མཆོད་པའི་སྤྲིན། །འགྲོ་འདུལ་དབང་ཆེན་སྐུ་གདུང་མཁའ་ཀློང་དཀྱིལ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཐུག་གི་བར། །རིམ་པར་སྤྲོས་པས་སྐུ་གསུང་ཐུགས་ཀྱི་རྒྱུད། །མཉེས་པར་བྱས་ཤིང་ཐུགས་ཀྱི་དམ་ཚིག་བསྐུལ། །ཞེས་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ནོ། །ཡེ་ཤེས་ལྔ་ཡི་འོད་ཟེར་བདུད་རྩིའི་རྒྱུན། །འཆི་མེད་རྡོ་རྗེ་ནས་བཟུང་རིམ་པ་བཞིན། །སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་སྦྱོར་མཚམས་ནས། །བདུད་རྩིར་བབས་པས་དབང་བསྐུར་བྱིན་གྱིས་བརླབས། །ཞེས་པ་ནི་དབང་ཡས་བསྐུར་ཞེས་བྱ་བའི་དོན་ནོ། །སླར་ཡང་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་སྤྲིན་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་པ་ཀུན་མཆོད་མཁའ་མཉམ་འགྲོ་དོན་བྱས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་དང་། །འཁོར་འདས་དྭངས་མའི་བཅུད་བསྡུས་བདག་་་རང་བཞིན་གྱི་དཀྱིལ་འཁོར།ལ་ཐིམ། །གུ་ཧྱ་ལག་གི་ཕྱག་རྒྱ་མཐེབ་སྲིན་གྱི། །རྟ་མགྲིན་ཡབ་ཡུམ་ལ་ཐིམ་མཉམ་སྦྱོར་བའི། །བྱང་ཆུབ་སེམས་དང་གཅིག་འདྲེས་འོད་ཟེར་རྣམས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ནས་བརྒྱུད་དེ། །བདུད་རྩིའི་ཕོ་བྲང་ལ་ཐིམ་དམ་རྫས་ཉིད། །ཡེ་ཤེས་བདུད་རྩིའི་རང་བཞིན་མུ་ཏིག་ལྟར། །དྲི་མེད་དཀར་གསལ་དྭངས་མར་འཁྱིལ་བར་གྱུར། །ཞེས་པའི་དོན་ནན་ཏན་དུ་བསྒོམས་ནས་དགུ་པའི་ཛཔ྄་ཁོ་ན་ཆིག་དྲིལ་དུ་བཟླའོ། །སྔགས་ཚིག་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་དགུ་པའི་སྔགས་ཞེས་གྲགས་པ་འདིའམ། ཡང་ན་སརྦ་པཉྩ་ཞེས་པ་དོར་ཏེ་བཛྲ་ཞེས་བཅུག་ནས་བཟླ་བར་ཡང་བཤད་དོ། །གང་བཟླ་ཡང་རུང་སྟེ་སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་པ་བྱ་བ་སོགས་ནི་སྔར་བཞིན་ནོ། །དེ་ལྟར་ཐུན་བཞིའམ་དྲུག་གི་ངེས་པ་དང་ལྡན་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆག་པར་ཁོར་ཡུག་ཏུ་བཟླའོ། །དེ་ཡང་ཐུན་དྲུག་ཏུ་གཞུང་བསྲང་བར་བཤད་པས། ནུས་ན་ཐུན་རེ་རེ་བཞིན་ཡང་སྐྱབས་སེམས་ནས་བཟུང་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་བྱེ་བྲག་དཀྱིལ་འཁོར་གསུམ་གྱི་སྒོམ་རིམ་དང་སྦྱར་ཏེ། སྒྲུབ་ཚུལ་སྔར་བཤད་པ་བཞིན་ཚང་བ་དང་། དེ་ཡང་ཐུན་སྔ་མ་རྣམས་ཀྱིས་ཛཔ྄་འཇོག་པ་དང་ཐུན་རྗེས་མ་རྣམས་ཀྱིས་ཛཔ྄་ལ་ཐུག་པ་ངེས་པར་དགོས་ཤིང། ཐུན་བསྡུ་བའི་ཚེ་ནི། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པར་བསམས་ཤིང་། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་པར་གྱུར། །ཞེས་བསྡུའོ། །ཐུན་འཛིན་ཕྱི་མ་རྣམས་ཀྱིས་སྔར་བཞིན་གསལ་འདེབས་པ་བར་མ་ཆད་པར་བྱ་སྟེ། བམ་བརྒྱད་ལེའུ་ལྔ་པར། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སོ་སོའི་མཇུག་ཏུ་ཚོགས་ཀྱི་མཆོད་པ་བྱ་བར་ཡང་བཤད་དེ། སྒྲོན་གསལ་དུ། སྟོང་སྟོང་ཚང་ཞིང་ཚོགས་མཆོད་བྱ་བ་གཅེས། །ཞེས་གསུངས་པས་འབྱོར་ན་ཐུན་རེ་རེ་བཞིན་ཡང་ཚོགས་ཀྱི་མཆོད་པ་དང་། མ་འབྱོར་ན་ཡང་ཐུན་ཐོག་མཐའ་གཉིས་གང་རུང་ལ་མེད་དུ་མི་རུང་ངོ་། །དུས་དྲུག་ཏུ་གཞུང་སྲོང་མི་ནུས་ན། ཐུན་ཐོག་མ་ལ་སྐྱབས་སེམས་ནས་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་སྨན་གྱི་སྒོམ་རིམ་རྣམས་དང་། ཐུན་རྗེས་མའི་མཐར་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་རྣམས་བྱ་ཞིང་། ཐུན་གཞན་བཞི་ལ་བདག་རང་བཞིན་གྱི་དཀྱིལ་འཁོར་གསལ་འདེབས་པ་ནས་དགུ་པའི་ཛཔ྄་བཟླ་བའི་བར་སྔར་བཞིན་ནོ། །ཐུན་སོ་སོའི་མཇུག་དེ་ཉིད་དུ་ཉུལ་ལེ་བསྐྲད་པར་བྱ་སྟེ། སྒྲོན་གསལ་དུ། ཏིང་འཛིན་གསར་ཞིང་བར་གཅོད་ཉམས་ལེན་ལྔ་ཡང་བཟློག །ཅེས་གསུངས་པས། སྤྱིར་བར་ཆད་ཀྱི་ཉུལ་ལེ་འོང་བའི་དུས་མང་དུ་བཤད་ཀྱང་། མདོར་བསྡུ་ན་ཉིན་གསུམ། མཚན་གསུམ་ཞེས་སོ་སོའི་དུས་ཀྱི་ཐུན་ཚོད་དེ་ཉིད་དུ་ཉུལ་ལེ་རེ་རེའི་གཉེན་པོའི་ཕོ་ཉ་བསྐུལ་ཞིང་བསྐྲད་པ་དང་། དུས་དེར་དངོས་གྲུབ་སྟེར་བའི་ཕོ་ཉ་རེ་ཡང་འོང་བས་བྱིན་འབེབ་བྱ་བར་ཡང་བཤད་དོ། །ཐུན་དྲུག་ཏུ་མི་ནུས་ན་ཐུན་བཞིར་བྱེད་པ་སྟེ་གུང་ཐུན་གཉིས་དོར་བ་ལས་གཞན་སྔར་བཞིན་ནོ། །ལྔ་པ་རྟགས་ཚད་ནི། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དྲི་དང་དུ་བ་སྒྲ །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་ན་འགྲུབ་རྟགས་ཡིན། །དེ་ལ་ཡ་མཚན་བསྐྱེད་མི་བྱ། །ཞེས་གསུངས་པས་སྔར་བཤད་པ་བཞིན་ལེ་ལོ་དང་ཐེ་ཚོམ་མེད་པའི་ཡིད་ཀྱིས་འབད་པས་བསྒྲུབས་ན་ངོ་མཚར་བའི་རྟགས་རྣམས་མཐོང་བར་འགྱུར་རོ། །དེ་ཡང་ཐུན་མོང་ཏིང་ངེ་འཛིན་གསལ་བ་ལས་འོད། ཡོན་ཏན་ཕྲིན་ལས་ཏེ་སྨན་ཆ་སྙོམས་པ་ལས་དུ་བ་དང་དྲི། གསུང་སྔགས་དག་པ་ལས་སྒྲ །སྐུ་ཕྱག་རྒྱ་གསལ་བ་ལས་ལྷ་མོའི་སྐུ་སྟོན་པ། མང་དུ་འཕེལ་བ་ནི་སྤྱིར་འགྲུབ་པའི་རྟགས་སོ། །དེ་དག་ལ་ཡང་དགའ་བྲོད་ཀྱི་སྙེམས་འཕྲིགས་མེད་པ་གལ་ཆེ་ཞིང་། སྤྱིར་རྟགས་དེ་རྣམས་མྱུར་བའི་ཚད་གཞུང་གི་སྨྲོས་ཆོད་ཞག་བདུན་ན་མཐོང་བར་བཤད་ཅིང། དེ་ལས་མྱུར་བས་འབྱུང་བ་ཡང་ཡོད་མོད། དེང་སང་ལག་ལེན་ལ་སྨན་རླན་ཅན་དུ་གྱུར་པས་རུལ་བ་སོགས་ཀྱི་ཉེས་པ་འགེགས་ཕྱིར་ཞག་གསུམ་དུ་ཤས་ཆེའོ། །དྲུག་པ་སྤོགས་ཆོག་ནི། སྒྲུབ་པའི་ཞག་གྲངས་ཐེམས་ནས་ཀྱང་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་བྱ་བར་བཤད་དེ། སྒྲོན་གསལ་དུ། བར་ཆད་མེད་པའི་འབྱུང་འཇུག་སྟོབས་ཀྱིས་འོད་ལ་སོགས། །དེ་དག་མ་བྱུང་བར་དུ་སྤོགས་ཤིང་ཏིང་འཛིན་གསར། །སྦྱར་དང་མཚམས་དང་བསལ་དང་ཡོ་བྱད་གསར། །ཐང་གཅིག་ཞག་གཅིག་ཞག་བདུན་ཉི་ཤུ་གཅིག་གིས་རིམ་བརྟགས་ལ། །ཞེས་གསུངས་པས་སྒྲུབ་པའི་དམ་ཚིག་ཉམས་ཆག་རྣམས་སྐོང་བཤགས་ཀྱིས་སྦྱང་། མཚམས་དམ་དུ་གཅད། མཆེད་དང་སྒྲུབ་རྫས་ངན་པ་ཕྱིར་བསལ། མཆོད་རྫས་སོགས་ཡོ་བྱད་རྣམས་གཙང་ཞིང་དག་པར་གསར། ཐེ་ཚོམ་མེད་པའི་ཡིད་རྩེ་གཅིག་པས་བསྒྲུབ་པར་བྱ་སྟེ། བམ་བརྒྱད་ལས། ཡོན་ཏན་ཅན་གྱིས་བརྩོན་འགྲུས་བསྐྱེད། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཅེས་པའི་ཚུལ་གྱིས་བསྒྲུབས་པས། རབ་ཀྱིས་ཐང་གཅིག་དང་ཞག་གཅིག །འབྲིང་གིས་ཞག་བདུན། ཐ་མས་ཉེར་གཅིག་གིས་སྔར་བཤད་པའི་རྟགས་མཚན་རྣམས་ཚུལ་བཞིན་དུ་མཐོང་བར་འགྱུར་རོ། །གཉིས་པ་བདུད་རྩི་བསྐྱིལ་བའི་དགོངས་པ་ལ། བདུད་རྩི་བསྐྱིལ་བ་དང་དབབ་པ་གཉིས་ལས། དང་པོ་ནི། སྒྲོན་གསལ་ལས། རྟགས་བྱུང་ནས་ནི་བསྐྱིལ་བའི་སྦྱོར་བ་རབ་ཏུ་གཅེས། །ཞེས་པས་སྔར་བཤད་པའི་རྟགས་དང་མཚན་མ་རྣམས་མཐོང་ནས་འདི་ལྟར་ཤེས་པར་བྱ་སྟེ། ཧཱུྃ། བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །རྒྱ་མཚོར་བསྐྱིལ་སྟེང་དཀྱིལ་འཁོར་ལྷ་ཚོགས་རྣམས། །བདེ་ཆེན་དགྱེས་རོལ་སྦྱོར་མཚམས་བརྒྱད་ཀྱི་མཁར། །དཀར་དམར་བྱང་སེམས་ཡེ་ཤེས་བདུད་རྩིའི་བཅུད། །དངུལ་ཆུ་བཞིན་དུ་གསལ་འཚེར་འཛག་ལ་ཁད། །འཕོ་ཞིང་གཡོ་བ་ཙམ་དུ་འཁྱིལ་བར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་པའི་མཐར་ཕྲིན་ལས་བསྐུལ་བ། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི། །ལོངས་སྤྱོད་བདུད་རྩི་རྫས་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །དམ་ཅན་མ་གཡེལ་དམ་ལ་འདུ། །སྨན་གྱི་སྲུང་མ་དམ་ཚིག་ཅན། །བདུད་རྩི་སྨན་གྱི་གཡབ་འདོར་ན། །རྟགས་དང་མཚན་མ་བསྟན་པ་དང་། །སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད། །ཅེས་བདུད་རྩི་འཐོར་ཞིང་བསྐུལ་ལོ། །གཉིས་པ་དབབ་པ་ནི། སྒྲོན་གསལ་ལས། སྨན་ཉིད་ལ་ནི་དབབ་པའི་སྦྱོར་བས་དབབ་བྱ་སྟེ། །ཞེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བྱང་ཆུབ་སེམས། །དཀར་དམར་བདུད་རྩི་སྨན་གྱི་རྒྱ་མཚོར་ཕབ། །སྨན་གྱི་སྲུང་མ་རིག་འཛིན་རྣམས་ཀྱིས་ཀྱང་། །འཁོར་འདས་རྩི་བཅུད་མཚོ་ལ་སྦྲང་ཆར་བཞིན། །ཕབ་པས་དངོས་གྲུབ་གསོས་བཏབ་དམ་ཚིག་རྫས། ཁ་དོག་དྲི་རོ་ནུས་ལྡན་རྒྱ་མཚོར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཡེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་བཟླ་ཞིང་དབབ་པའི་ཕྱག་རྒྱས་སྨན་ལ་གཏུག་གོ །མ་མོ་བརྒྱད་བསྐུལ་བ་ནི། ཧཱུྃ། འདས་པའི་དུས་ན་སྔོན་བྱུང་བ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས། །འབར་བའི་ཁྲོ་བོའི་ཚོགས་བྱུང་སྟེ། །འཇིག་རྟེན་དྲེགས་པ་བསྒྲལ་པ་ལས། །ཡུལ་ཆེན་བརྒྱད་དུ་དུར་ཁྲོད་བརྒྱད། །མ་མོ་ཆེན་མོ་རྣམ་བརྒྱད་བྱུང་། །ཐབས་མཁས་ཐུགས་རྗེ་རྨད་པོ་ཆེ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བདུད་རྩི་འདི་ལ་བྱིན་ཞིག་ཕོབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ཅིང་དབབ་པར་བྱའོ། །གསུམ་པ་དབང་དུ་བྱ་བ་ལ་དབང་དུ་བྱ་བ་དང་། གནད་ལ་དབབ་པ་གཉིས་ལས། དང་པོ་ནི། འགྲུབ་པའི་རྟགས་རྣམས་བསྟན་པར་གྱུར་ཏེ་དངོས་གྲུབ་བླང་རན་པ་ན། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན། །འཆི་མེད་བདུད་རྩིའི་སྨན་དང་རབ་འདྲེས་ནས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ལམ་བརྒྱུད་པ། །བདག་ལ་རབ་ཐིམ་གཉིས་སུ་མེད་པར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྗོད་ཅིང་བདུད་རྩིའི་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །གཉིས་པ་གནད་ལ་དབབ་པ་ནི། དེ་ལྟར་བསྒྲུབས་ཤིང་དབང་དུ་བྱས་ཀྱང་དངོས་གྲུབ་གྱི་འབྲས་བུ་འབྱིན་པར་མི་མཛད་ན་ཞལ་བཞེས་དམ་ཚིག་ལས་ཉམས་པར་འགྱུར་རོ་ཞེས་ཐ་ཚིག་བསྒྲག་པའི་དོན་ཏེ། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །གསང་གསུམ་འཁོར་ལོས་རབ་བསྒྱུར་ཞིང་། །རིགས་ལྔའི་ཁྲག་འཐུང་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང་། །གྲུབ་པའི་མཆོག་དག་མ་བསྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར། །ས་མ་ཡ་ལ་དགོངས་ནས་ཀྱང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སྨན་གྱི་དཀྱིལ་འཁོར་ལྔ་ཀ་ལ་གནད་དབབ་ཀྱི་ཚིག་སོ་སོར་བཤད་ཀྱང་དོན་རིགས་ལྔར་མ་འདུས་པ་མེད་པས་འདི་ཙམ་གྱིས་ཁྱབ་སྟེ་ཆད་པར་མི་འགྱུར་རོ། །དོན་བཞི་པ་དངོས་གྲུབ་བླང་བ་ལ། མཆོད་པ། ཛཔ྄། གསོལ་གདབ། དངོས་གྲུབ་ལེན་པ་དངོས། མེ་ཏོག་འཐོར་བ། དབང་ནོད་ཅིང་བསྐུར་བ་དང་དྲུག་གོ །དང་པོ་ནི། བམ་བརྒྱད་ལས། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། །སློབ་མ་ལ་ཡང་དབང་བསྐུར་རོ། །ཞེས་གསུངས་པས་སྒྲུབ་པའི་ཞག་གྲངས་རྫོགས་པའི་ནངས་པར་སྔ་བའི་ཆར། ཚེ་དང་གལ་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་རྣམ་པ་ཇི་ཙམ་འབྱོར་བ་གསར་དུ་བཤམ། ཕྲིན་ལས་ཀྱི་གཞུང་སྲོང་བཟླས་པའི་བར་རྫོགས་པར་བྱས་ནས། བདག་ཉིད་རྟ་མགྲིན་གྱི་རྣམ་པ་དཀྱིལ་འཁོར་ལས་ཟུར་དུ་བྱེ་བས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པར་མོས་ལ། བཤམ་པའི་མཆོད་པ་རྣམས་སྒྲུབ་གཞུང་སོ་སོ་ལས་ཇི་ལྟར་གསུངས་པའི་ཚུལ་གྱིས་འབུལ་ཞིང་། བསྡུ་ན་སྨན་ཕུད་ཙམ་གྱིས་ཀྱང་རུང་ངོ་། །གཉིས་པ་ཛཔ྄་ནི། སླར་ཡང་དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་ཏེ། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་ཀྱིས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩིའི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། །ཅེས་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱཿ ཞེས་སྟོང་དུ་རྫོགས་པར་བཟླའོ། །གསུམ་པ་གསོལ་གདབ་ནི། ཧཱུྃ། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་མཁས། །མ་ཆགས་སྤྱན་མངའ་མ་བསྒྲིབས་ཡེ་ཤེས་གསལ། །ཐམས་ཅད་འདུས་པ་ཀུན་ནས་དགོངས་སུ་གསོལ། །དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན། །སྐྱབ་ལས་མི་གཡེལ་ཡལ་གམ་གཅིག་པའི་ལྷ། །དཔལ་ཆེན་དཔལ་འབར་ཆེ་མཆོག་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་དམ་ཚིག་རབ་བསྐུལ་ནས། །བླ་མེད་བྱང་ཆུབ་འབྲས་བུ་བདག་གིས་བསྒྲུབ། །འགྲོ་བ་མ་ལུས་ཐུགས་རྗེ་ཆེན་པོས་བསྒྲལ། །སྒྲུབ་མཆོག་བདག་ལ་སྒྲུབ་པ་ཆེན་པོ་མཛོད། །བསྙེན་པ་པོ་ལ་ཉེ་བའི་བསྙེན་པ་མཛོད། །དབང་ཆེན་དབང་སྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཐུགས་དམ་དུས་ལ་བབས་ལགས་ན། །བཏང་སྙོམས་ཡལ་ཡོལ་མི་མཛད་ཅིང་། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །རེ་བ་ཐམས་ཅད་བསྐང་བའི་ཕྱིར། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །གཉིས་མེད་བདུད་རྩིའི་དངོས་གྲུབ་སྩོལ། །ཅེས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་རོ། །བཞི་པ་དངོས་གྲུབ་ལེན་པ་དངོས་ནི། སློབ་དཔོན་ཤར་དུ་འཁོད་པས་གུ་ཧྱ་ལག་གི་ཕྱག་རྒྱས་དངོས་གྲུབ་ལེན་པར་བྱ་སྟེ། བམ་བརྒྱད་ལེའུ་དྲུག་པར། ལག་པ་གཡོན་པའི་དཔུང་པ་བརྐྱང་། །མཐེ་བོང་སྲིན་ལག་མཐིལ་དུ་དགུག །རྡོ་རྗེ་ཚོན་གང་བཅས་པ་ཡིས། །བདུད་རྩིའི་སྣོད་ཀྱི་སྟེང་ནས་མནན། །ཞེས་པས་ལག་གཡོན་མཐེབ་སྲིན་རྩེ་སྤྲད་ལྷག་མ་གསུམ་བརྐྱངས་པས་བདུད་རྩིའི་སྟེང་ནས་མནན། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་བརྒྱད་བཟླ། དངོས་གྲུབ་ལེན་ཁར་སྲིད་པ་དཔང་དུ་གསོལ་བའི་སྔགས་བཟླ་ཞེས་པ་ཡང་འདི་ཉིད་ཡིན་ནོ། །ཧཱུྃ། བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནངས་ཚང་། །བདུད་རྩི་སྒྲུབ་པའི་ཛཔ྄་ནི་དེ་རིང་རྫོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འགྱུར་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་གསུང་མངའ་བ། །མ་འགགས་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །ཡེ་ཤེས་ཐུགས་རྗེས་ཁྱབ་པའི་ཐུགས་མངའ་བ། །འཆི་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ས་གཞིའི་གཏོས་དང་མཉམ་པའི་སྐུ་མངའ་བ། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་བསྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་འདྲེན་པའི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བརྗོད་ཅིང་དངོས་གྲུབ་བླང་ངོ་། །ལྔ་པ་མེ་ཏོག་འཐོར་བ་ནི། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཇི་ལྟར་མཆོད་ཅིང་བསྟོད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །མཆོད་སྤྲིན་མེ་ཏོག་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཨཱཿ ཞེས་མེ་ཏོག་དོར། དྲུག་པ་དབང་ནོད་ཅིང་བསྐུར་བ་ནི། སྨན་གྱི་ཕོ་བྲང་སློབ་དཔོན་རིག་མར་བཅས་པས་ཁྲག་འཐུང་གར་གྱི་ཕྱག་རྒྱས་དཀྱིལ་འཁོར་ནས་སྤྱན་དྲངས་པ་གཙུག་ཏུ་བཀོད་ལ། སློབ་དཔོན་བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་པ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསམ་ཞིང་། ཧཱུྃ། བདུད་རྩིའི་ལྷ་ཚོགས་རང་བཞིན་དཀྱིལ་འཁོར་དང་། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ནས་ཀྱང་། །བདག་ཉིད་སྒོ་གསུམ་དཔལ་ཆེན་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་བྱིན་དབང་སྐུར། །ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོཿ ཞེས་སློབ་དཔོན་གྱིས་དབང་ནོད་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་གྱུར་པ་ལ། སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ་རྡོ་རྗེའི་སློབ་དཔོན་དུ་དཔང་གསོལ། སྔར་བཞིན་མེ་ཏོག་འབུལ་བ་སྔོན་དུ་འགྲོ་བས་བཏུད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོའི་ངང་དུ་ལྟོས་བཅའ་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་དེ། །རྡོ་རྗེ་རྒྱལ་པོས་དབང་སྐུར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ལ་དབང་བསྐུར་ཏེ། གསང་འཁོར་ལས། ཕོ་བྲང་དེ་ཉིད་སོ་སོའི་མགོར་བཞག་སྟེ། །ལས་དང་ལྡན་པར་དབང་རྣམས་བསྐུར་བར་བྱ། །ཞེས་གསུངས་པས། དབང་བསྐུར་བ་ནི། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལས་སྐུར་བསྟན་ཕྱི་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས། །བསྐལ་པར་བསྒྲིབས་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱཿ ཞེས་དབང་བསྐུར་ནས་དེའི་ཕན་ཡོན་བརྗོད་པ་ནི། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་ཕན་ཡོན་བསྟན་ནས་ཇི་ལྟར་རིགས་པའི་སྟེགས་ལ་བཞུགས་སུ་གསོལ་ལོ། །ལྔ་པ་རྒྱ་བཀྲོལ་ཏེ་མཆོད་ཅིང་བགོ་བ་ལ། གཏད་ཅིང་རྒྱ་འགྲོལ་བ། མཆོད་པ་བྱ་བ། ལྡེ་གུར་སྒྲུབ་ཅིང་རིལ་བུར་བྱ་བ། བདུད་རྩི་བགོ་བ། བཅང་བ། བརྟེན་པ་དང་དྲུག་ལས། དང་པོ་ནི། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པས་དེའི་ཕྱིར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་སྭཱ་ཧཱ། མ་ཧཱ་གུ་ཧྱ་མཉྫུ་ཤྲཱི་སིདྡྷི་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱ་རྩ་བརྒྱད་བཟླས་ནས། ལས་ཀྱི་རྡོ་རྗེ་ཡུམ་དུ་བཏགས་པས་སྨན་སློབ་དཔོན་ལ་འབུལ་ཞིང་། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་དཀྱིལ་འཁོར་པ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ཞིང་སློབ་དཔོན་གྱིས། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀཏ་སིདྡྷི་ཧྲཱིཿ ཞེས་པས་བླངས་ནས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་སོགས། བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་རིམ་པས་བཀྲོལ་ནས་སྨན་ཁ་ཕྱེ་ལ། སྨན་གྱི་བདུད་རྩིའི་དྭངས་མ་དཀར་དམར་སྔོ་བའི་འོད་ཀྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ནས་སྨན་དྲིལ་བུ་ལ་གཞལ་ཏེ་ཇི་ཙམ་འཕེལ་བརྟགས་་་འདིར་མདངས་འགུགས་པའི་སྲོལ་ཡང་ཡོད་དོ།ནས་སྔར་གྱི་སྟེགས་ལ་བཀོད། གཉིས་པ་མཆོད་པ་བྱ་བ་ནི། ཐོད་པ་བཟང་པོ་མྱོས་བྱེད་ཀྱིས་བཀང་བ་ལ་བདུད་རྩིའི་ཕུར་མ་ཅུང་ཟད་ཅིག་བཏབ་ལ་བྱིན་གྱིས་བརླབ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་སད་པར་མོས་ལ། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་སོགས་ཀྱིས་སོ་སོའི་མཚན་དོན་སྦྱར་བས་རྒྱས་པར་མཆོད། དེ་ནས་བདག་གིས་མྱང་སྟེ། རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པར་བསམ་ཞིང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་མྱང་ཞིང་ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་གཞག་གོ །མཐེབ་སྲིན་གྱིས་ལུས་ཀྱི་གནས་རྣམས་སུ་བདུད་རྩིའི་ཐིག་ལེ་ཡང་བྱ་སྟེ། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱའོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ལྡེ་གུར་སྒྲུབ་ཅིང་རིལ་བུར་བྱ་བ་ནི། དེ་ཡང་སྔ་འགྱུར་གྱི་ཕྱོགས་འདིར་བདུད་རྩི་རིལ་བུར་མཛད་པ་ཤས་ཆུང་ཞིང་། འོན་ཀྱང་བྱེད་པར་སྤྲོ་ན། ཕྱེ་མའི་དངོས་གྲུབ་ལེན་པ་མདོར་བསྡུས་ཙམ་བྱས་པའི་རྗེས་དེ་ཉིད་དུ། བདུད་རྩིའི་ཕྱེ་མ་དེ་ཉིད་ཆང་བཟང་པོའི་ཉིང་ཁུ་དྲི་བཟང་གིས་སྦགས་པའི་འདམ་བཏགས་དང་བརྫིས་འཐེམས་ཤ་ཆོད་པར་བྱས་ལ། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུག །ཆས་སུ་བཅུག་ནས་ཞག་གསུམ་ལྡེ་གུར་བསྒྲུབ། དེ་ནས་རིལ་བུ་བྱ་སྟེ། ཚད་ནི་དུས་འཁོར་དང་མ་ཧཱ་མཱ་ཡཱ་ལས་ཡུངས་དཀར་ཙམ་དང་། སྒྱུ་འཕྲུལ་དང་། ལྷ་མོ་བཞིས་ཞུས་རྩ་འགྲེལ་རྣམས་ལས་ཡུངས་དཀར་ལྔའི་ཚད་དེ་བྲ་རིལ་ཙམ་དང་། བདེ་གཤེགས་འདུས་པ་ལས། སྲན་མ་འཕོས་པ་ཙམ་དུ་བཤད་པ་སོགས་ཆེ་ཆུང་ཇི་ལྟར་རིགས་པར་བསྒྲིལ་ལ་གུར་གུམ་གྱི་ཆུས་མདངས་བསྒྱུར། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུགས་ནས་དར་གྱི་ན་བཟའ་སོགས་ཆས་སུ་བཅུག་ལ་ཞག་གསུམ་གྲངས་ཚང་བར་བསྒྲུབས་རྗེས་སྔར་བཞིན་དངོས་གྲུབ་བླང་བ་སོགས་ཏེ་ཆོ་གའི་ཡན་ལག་སྦྱར་རྒྱུ་གཞན་ཡོད་མོད་ཀྱང་འདིར་དེ་ཙམ་མོ། །བཞི་པ་བདུད་རྩི་བགོ་བ་ནི། སྒྲོན་གསལ་ལས། སྨན་ཡང་གསུམ་དུ་བྱས་ཏེ་དང་པོས་འཕགས་པ་མཆོད། བར་པ་བདག་སྤྱད་རྣལ་འབྱོར་ཡོངས་ལ་ཆ་གཅིག་གོ །ལྷ་ཡི་ཅི་རིགས་ཡོངས་སྤྲོ་འཛིན་ཆགས་སྤང་བས་སྤྱད། །ཅེས་གསུངས་པས་སྨན་ཆ་གསུམ་དུ་བགོས་པའི་དང་པོ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྔོ། བར་པ་སློབ་དཔོན་གྱིས་བཟུང་། ཐ་མ་སྒྲུབ་པ་པོ་སྤྱི་ལ་སྤེལ། དང་པོའི་ཆ་ལས་གཞན་དོན་དུ་གཉེར་བ་ལ་ཡང་ཇི་ལྟར་རིགས་པ་སྦྱིན་པར་བྱའོ། །ལྔ་པ་བཅང་བ་ནི། དེ་ལྟ་བུའི་བདུད་རྩི་དེ་ཉིད་རིན་པོ་ཆེའི་གའུ་འམ་པགས་ཤུན་སོགས་ཇི་ལྟར་རིགས་པའི་སྣོད་དུ་བླུགས་ལ། སྤྱི་བོའམ་མགུལ་དུ་བཅང་བར་བྱ་སྟེ། སྒྲོན་གསལ་དུ། དེ་ནས་ལྕགས་གསུམ་གའུ་འམ་སྲོག་དང་བཙའ་བའི་སྣོད། །ལེགས་པར་ཅི་རིགས་བླུགས་ལ་གཞལ་ཡས་ལྷར་བསྒོམས་ཏེ། །སྤྱི་གཙུག་བཅངས་ན་བདེ་གཤེགས་ཀུན་གྱིས་བཀུར་བར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །དྲུག་པ་བརྟེན་པ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཌཱ་ཀིའི་སྙིང་ཐིག་ཏུ། གསང་བའི་དམ་ཚིག་ཆེན་པོ་ནི། །ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་བུར་ཙནྡན་སྦྱར། །རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་དང་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། །རྒྱུན་དུ་ཡང་དང་ཡང་དུ་བསྟེན། །འདི་ནི་དམ་ཚིག་བླ་ན་མེད། །ཅེས་གསུངས་པས། དེ་ལྟ་བུའི་དམ་རྫས་བདུད་རྩི་དེ་ཉིད་རབ་ཐུན་བཞིའི་ཐོག་མཐར་ཆག་མེད་དུ་བསྟེན། འབྲིང་ཐུན་འགོར་རེ་རེ་དང་། ཐ་མས་ཐུན་དང་པོའི་འགོ་དང་། དེ་ཡང་མ་འབྱོར་ན་ཟླ་བ་དྲུག་ལ་རེ་རེ་དང་། གལ་ཏེ་དེ་ཡང་མ་འགྲུབ་ན་ལོ་རེའི་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་ལན་རེ་མ་ཆག་པར་བསྟེན་ནོ། །དེའི་ཚེ་རང་ཉིད་ལྷར་གསལ་བས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་དུ་མོས་ལ་གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ། ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཚིམ་པར་བསམ་ལ་ཟ་བར་བྱ་སྟེ། སྒྱུ་འཕྲུལ་ལས། ལྕེ་ཡི་རྡོ་རྗེའི་དམ་ཚིག་གིས། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་རྡོ་རྗེའི་ཐུགས་ཐོབ་འགྱུར། །ཞེས་གསུངས་པ་བཞིན་ནོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། གཏོར་མ་གཏང་བ། སྦྱིན་སྲེག་བྱ་བ། དཀྱིལ་འཁོར་བསྡུ་བ། མཚམས་འགྲོལ་བ། རྡུལ་ཚོན་གཤེགས་པ། སྨོན་ལམ་གདབ་པ། དགའ་སྟོན་ཤིས་བརྗོད་དང་བདུན་ནོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཆ་གསུམ་དུ་བགོས་པའི་དང་པོ་བསྲེག་རྫས་སུ་བསྡོགས། གཉིས་པ་ཆོས་སྐྱོང་གི་གཏོར་མ་དང་མཉམ་དུ་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་སོ་སོའི་གཏོར་སྐྱོང་གིས་ཕུལ། གསུམ་པ་གཏེར་དུ་སྦ་སྟེ། ཉེ་སྙིང་ལས། དེ་ནས་གཏོར་མ་ཆ་གསུམ་དུ་བཅད་དེ། དང་པོས་སྦྱིན་སྲེག་བྱ། བར་པས་མཁའ་འགྲོ་ཚིམ་པར་བྱ། ཐ་མ་མི་འཛད་གཏེར་དུ་སྦ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྦྱིན་སྲེག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་སྦྱིན་སྲེག་ཚུལ་བཞིན་དུ་བྱ་སྟེ། སྔར་བཤད་པའི་གཏོར་མ་དང་བདུད་རྩིའི་ཆ་ཤས་ཀྱང་བསྲེག་རྫས་སུ་འབུལ་ཏེ། དེའི་ཆོ་ག་ནི་གཞན་དུ་བརྗོད་པ་ལས་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། དཀྱིལ་འཁོར་ལ་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་བསྟོད་པ་བྱ། ནོངས་པ་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ནས། རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ །བཞི་པ་མཚམས་འགྲོལ་བ་ནི། ཕྱི་ནང་གསང་བའི་མཚམས་འགྲོལ་བ་སྟེ་སྒྲུབ་ཆེན་སོ་སོའི་ངེས་པས་འཆད་པ་བཞིན་ནོ། །ལྔ་པ་རྡུལ་ཚོན་གཤེགས་པ་ནི། རྡུལ་ཚོན་རྣམས་ཨ་ཀཱ་རོས་བསྡུ་ཞིང་། རྒྱ་མཚོར་འབབ་པའི་ཆུར་དོར་བ་སོགས་སོ། །དྲུག་པ་སྨོན་ལམ་གདབ་པ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཞེས་སོགས་མར་མེའི་སྨོན་ལམ་དང་གཞན་ཡང་སྨོན་ལམ་གྱི་རིམ་པ་ཇི་ལྟར་ནུས་པ་གདབ་བོ། །བདུན་པ་དགའ་སྟོན་ཤིས་བརྗོད་ནི། དགའ་སྟོན་དང་བཀྲ་ཤིས་བྱ་བ་སྟེ་ཆོ་གའི་མཐའ་རྒྱས་པར་བྱ་ཕྱིར་ཕུན་སུམ་ཚོགས་པའི་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱའོ།། ༈ །།གཉིས་པ་སྨན་ཁོ་ནའི་རྐྱང་སྒྲུབ་བྱེ་བྲག་ཏུ་བཤད་པ་ལ་ཅུང་ཟད་བསྡུས་པ་དང་། ཤས་ཆེར་བསྡུས་པ་གཉིས་ལས། དང་པོ་ནི། སྒྲུབ་པའི་གཞི་གཟུང་ཕྱི་བཤགས་ས་ཆོག་ཕྱི་ནང་གསང་བའི་མཚམས་གཅོད། མ་ཏྲཾ་བསྒྲལ་བ། ཆག་ཆག་འདེབས་པ་སོགས་སྤྱིའི་ཁོག་འབུབས་རགས་པ་ཙམ་བྱས་རྗེས། སྒྲུབ་པ་དངོས་གཞི་དཀྱིལ་འཁོར་ལ་མ་ལྟོས་པར་སྨན་གྱི་དཀྱིལ་འཁོར་ཁོ་ན་ཁོལ་བུར་ཕྱུངས་ཏེ་སྒྲུབ་ཚུལ་མཐའ་རྒྱས་ཀྱི་བར་སྔར་བཤད་པ་ལས་སྐབས་སུ་བབས་པའི་ཚོམས་བསྡུས་ཏེ་ཤེས་པར་བྱའོ། །གཉིས་པ་ཤས་ཆེར་བསྡུ་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་དུས་དགེ་བ་ལ་ཕྱི་བཤགས་ཀྱི་ཚོགས་གསག་འགྲུབ་ཚད་བྱ། གཞི་བགེགས་ལ་གཏོར་མ་གཏང་། མཚམས་དམ་དུ་གཅད། སྟེགས་བུའི་ཁར་ཁྲོལ་བུའི་དཀྱིལ་འཁོར་དགྲམ། དེར་སྨན་སོ་སོའི་རིགས་ཀྱི་དབྱེ་བས་སྔར་བཞིན་བཀོད། མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་ཡི་དམ་གང་ལ་བསྟེན་པ་དེའི་སྐྱབས་སེམས་ནས་བཟུང་བཟླས་པའི་བར་བྱས་ལ། སྨན་ལ་བགེགས་སྐྲོད་དང་ཁྲུས་གསོལ་སྔོན་དུ་འགྲོ་བས་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་སྟེ་མདུན་དུ་སྨན་རིགས་བརྒྱའི་དམ་ཚིག་པར་བསྐྱེད། དབང་བསྐུར་གནས་གསུམ་བརླབ། ཡེ་ཤེས་པ་སྤྱན་དྲངས། རིག་པའི་མེ་ཏོག་འཐོར། མཆོད་ཅིང་བསྟོད། སྨན་སྲུང་སྤྱན་འདྲེན་རྟོག་བསལ་ཛཔ྄་རྣམས་སྔར་བཤད་པ་བཞིན་ནོ། །དེས་མཚོན་ནས་རིགས་ལྔ། རིགས་གཅིག་གི་སྒྲུབ་པ་རྣམས་ཀྱང་ཐུན་དྲུག་གམ་བཞིའི་ངེས་པས་ཉིན་ཞག་རེ་རེ་བྱའོ། །ཉིན་ལྔ་པར་ཁྲོལ་བུའི་མཇུག་དོན་དང་། བཏག་བཙག་སྦོལ་གཞལ་སྟེགས་བུའི་དཀྱིལ་འཁོར་གོ་བརྗེས་ནས་ཁྲོ་དཀྱིལ་དུ་ཞལ་བསྒྱུར། སྨན་དཀྱིལ་འཁོར་གཙོ་བོར་མངའ་གསོལ་བ་བཀོད་ནས་ཕྱེ་མའི་དགོངས་རྒྱུད་ལ་འཇུག་སྟེ། བདག་བསྐྱེད་བཟླས་པའི་བར་སོང་ནས་རང་བཞིན་གྱི་དཀྱིལ་འཁོར་དུ་གནས་པས། མདུན་དུ་ཏིང་འཛིན་གསུམ་ལས་རྟེན་གཞལ་ཡས་ཁང་དུ་སྨན་དཀྱིལ་འཁོར་དྲུག་བརྩེགས་དམ་ཚིག་པར་བསྐྱེད། དབང་བསྐུར་ནས་ཛཔ྄་ཀྱི་བར་སྔར་བཞིན་གྱིས་ཉིན་ཞག་གསུམ་བསྒྲུབ། ཉིན་བརྒྱད་པར་བདུད་རྩི་བསྐྱིལ་དབབ་སོགས་དང་། དགུ་པའི་ནངས་པར་དངོས་གྲུབ་ལེན་པ་དངོས་གཞིའོ། །གསུམ་པ་རྗེས་ནི། དངོས་གྲུབ་བླངས་པའི་རྗེས་དེ་ཉིད་དུ་གཏོར་མ་གཏང་བ་སོགས་རྗེས་ཀྱི་ཆོ་ག་རྣམས་བྱ་བའོ། །དེ་ལྟར་ན་ཕྱི་བཤགས་ལ་ཞག་གཅིག །ཁྲོལ་བུ་ཞག་གསུམ། བཏག་བཙག་ཉིན་གཅིག །ཕྱེ་མར་ཞག་གསུམ། བསྐྱིལ་དབབ་ཉིན་གཅིག །དངོས་གྲུབ་ལེན་ཅིང་རྗེས་ཆོག་དང་བཅས་པས་སྤྱིར་ཞག་དགུར་ངེས་པ་ཡིན་ཞེས་སློབ་དཔོན་ཆེན་པོའི་གསུང་ལས་འབྱུང་ངོ་།། ༈ །།བདུན་པ་ཕན་ཡོན་བསྟན་པ་ལ། འཆི་བ་མེད་པའི་བཅུད་ལེན་དུ་འགྱུར་ཚུལ། དུག་ལྔ་ཞི་ཞིང་ལམ་ལྔ་རྒྱུད་ལ་སྐྱེ་ཚུལ། མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་དང་གསུམ་མོ། །དང་པོ་ནི། རང་ལུས་ལ་གནས་པའི་བདུད་རྩི་ལྔ་པོ་དྭངས་མར་གྱུར་ན་འཆི་བ་མེད་པར་འགྱུར་ཞིང་། དེའི་རིགས་སུ་གཏོགས་པའི་ཕྱི་རོལ་གྱི་རྫས་དེ་རྣམས་ལ་ཡང་ནུས་པ་རྗེས་མཐུན་པ་ཡོད་པས་སྦྱང་རྟོགས་སྦར་གསུམ་ནུས་པས་བྱིན་གྱིས་བརླབས་ཏེ་བསྟེན་ན་རང་ལུས་ཀྱི་བདུད་རྩི་ལྔ་དྭངས་མའི་བཅུད་དུ་འགྱུར་བའི་གྲོགས་བྱེད་དོ། །དེ་ཡང་བདུད་རྩི་ལྔ་པོ་ཁོ་ནའི་ཡོན་ཏན་གྱིས་ཀྱང་ནད་ལྔ་སེལ་ཏེ། ཤ་ཆེན་གྱིས་རླུང་། དམར་རྩིས་མཁྲིས་པ། དྲི་ཆུས་བད་ཀན། དཀར་རྩིས་ཁྲག །དྲི་ཆེན་གྱིས་འདུས་པའི་ནད་རྣམས་སེལ་ལོ། །ཤ་ལྔས་ནི་ལུས་གཟི་བརྗིད་ཆེན་པོ་དང་ལྡན་ཞིང་འཇིག་རྟེན་ཀུན་གྱི་ཡིད་འཕྲོག་པར་འགྱུར་བ་དང་། དེ་དག་གི་སྐྱོབས་དང་འཕྲད་དུ་སྦྱར་བའི་སྨན་གཞན་རྣམས་ཀྱིས་ཀྱང་ཁ་བས་རླུང་། མངར་བས་མཁྲིས་པ། ཚ་བས་བད་ཀན། སྐྱུར་བས་འདུས་པའི་ནད་རྣམས་སེལ་བར་འགྱུར་ཞིང་། དེ་ལྟར་འགལ་རྐྱེན་ནད་རྣམས་སེལ་བའི་སྟོབས་ཀྱིས་བཀྲག་མདངས་དང་གཟི་བརྗིད་རྒྱས་པ་སོགས་གཞོན་ནུའི་ལང་ཚོ་དང་ལྡན་པར་འགྱུར་ཏེ། བམ་བརྒྱད་ལས། དེ་དག་ཀུན་གྱི་ཡོན་ཏན་ཡང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་དང་། ལོ་ནི་ལྔ་བརྒྱ་ལོན་བར་དུ། །མདོག་ནི་བཅུ་དྲུག་གཞོན་ནུ་འདྲ། །ནད་མེད་རྟག་ཏུ་དར་ལ་བབ། །སྟོབས་ཀྱང་གླང་པོ་ཆེ་དང་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་གསུངས་པས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་མཐུ་ཐོབ་ནས་ཚེ་དང་ལུས་ཀྱི་བཅུད་ལེན་བླ་ན་མེད་པར་འགྱུར་བ་ཡིན་ནོ། །གཉིས་པ་དུག་ལྔ་ཞི་ཞིང་ལམ་ལྔ་རྒྱུད་ལ་སྐྱེ་ཚུལ་ནི། ཤ་ལྔ་ཟོས་པས་ཉོན་མོངས་པ་དུག་ལྔ་སེལ། བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་འཆར། སྤང་རྟོགས་ཀྱི་མཐུ་དེས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་ཞིང་བདུད་བཞི་ཡང་འཇོམས་པར་ནུས་སོ། །བདུད་བཞི་ནི། ཚེ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལྷའི་བུའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཐར་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་རྣམས་འཇོམས་པར་འགྱུར་ཏེ། བམ་བརྒྱད་ལས། བདུད་བཞི་ངེས་པར་འཇོམས་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། བདུད་རྩི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ །དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་རྟོག་པ་ཆ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུངས་ཏེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་གསུངས་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས་པས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །གསུམ་པ་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ནི། དེ་ལྟ་བུའི་དམ་ཚིག་གི་རྫས་དེ་ཉིད་གསང་ཞིང་ཐབས་དང་ལྡན་པའི་ཆོ་གས་བསྟེན་ན་ཕུང་པོ་སངས་རྒྱས་ལྔར་སྦྱོར་ཞིང་སྣང་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་བུམ་དབང་གི་ཡེ་ཤེས་ལམ་དུ་སློང་། མགྲིན་པར་མྱངས་ཏེ་རྩ་ཁམས་ལ་ཁྱབ་པས་གསལ་སྟོང་གཉིས་མེད་ཀྱི་རྟོགས་པ་བསྐྱེད་པས་གསང་དབང་གི་ཡེ་ཤེས་ལམ་དུ་སློང་། བྱང་སེམས་ཆེར་རྒྱས་ཏེ་བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་དབང་གསུམ་པའི་ཡེ་ཤེས་ལམ་དུ་སློང་། མདོར་ན་རྫས་དེ་དག་ཀྱང་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་བཟང་ངན་སྤང་བླང་མེད་པར་ཁྱབ་བདལ་ཆོས་ཉིད་རིག་སྟོང་ཀ་དག་གི་རྟོགས་པ་བསྐྱེད་པས་དབང་བཞི་པའི་ཡེ་ཤེས་ལམ་དུ་སློང་། དེ་ལྟར་དབང་བཞིའི་རྟོགས་པ་ཉམས་སུ་མྱོང་བས་གྲུབ་མཐའ་བཞི་མཐར་ཕྱིན་ཏེ་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་པར་གསུངས་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པ་འམ་སུས་ཟོས་ཀྱང། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་ཟློག །གདུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུགས་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབས་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང་། གཞན་ཡང་བམ་བརྒྱད་ལས། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་ཤིང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་མཚོ་ལ་དབང་འབྱོར་བས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་འབྲས་བུ་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །སྨྲས་པ། །རབ་འབྱམས་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །འཆི༵་བ་མེ༵ད་པའི་དངོས་གྲུབ་བ༵དུད་རྩི༵་ཡི། །སྒྲུབ༵་པའི་ཐབ༵ས་ཚུལ་བདེ་ཆེན་འདོད་འཇོའི་གཏེར། །གས༵ང་ཆེ༵ན་མཆོ༵ག་གི༵་མྱུར༵་ལམ༵་དོ་ཟླ་མེད། །ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་ངེས་པའི་མཐའ། །དཔག་ཡས་ནམ་མཁའི་རྗེས་སུ་འགྲོ་བ་གང་། །རྒྱལ་བ་རྣམས་ཀྱིས་མཁྱེན་པའི་སྤྱོད་ཡུལ་ལས། །བློ་རྨོངས་སྦྲང་བུའི་བགྲོད་པས་གཞལ་ནུས་ཅི། །འོན་ཀྱང་དཔལ་ལྡན་བསྐལ་བཟང་པདྨོའི་གཉེན། །མཁའ་ཁྱབ་ཐུགས་རྗེས་ཕན་བདེར་འཛག་པའི་ཟེར། །ཤར་བས་བདག་བློ་ཉེས་བརྒྱའི་ཚལ་ནང་དུ། །ལེགས་བཤད་མེ་ཏོག་གསར་པ་བཞད་འདི་མཚར། །བྱིས་བློས་གཞལ་བྱའི་ཡུལ་འདས་གཞུང་ཟབ་དོན། །རྟོགས་མིན་ཡི་གེར་བཀོད་པ་ངོ་མཚར་ཅི། །འོན་ཀྱང་ཉེས་པར་བཤད་གང་བདག་གི་སྐྱོན། །ལེགས་བཤད་ཡོན་ཏན་མཆིས་ན་བླ་མའི་དྲིན། །དེ་ཕྱིར་རང་གིས་ཇི་ལྟར་རྟོགས་པའི་ཚད། །བརྗོད་པ་འདིས་ཐོབ་དགེ་བས་མཁའ་མཉམ་འགྲོ། ཁྱབ་བདག་ཧེ་རུ་ཀ་དཔལ་རྒྱལ་སྲིད་ལ། །འགོད་པའི་བདེ་ཆེན་མཆོག་གི་གཞིར་གྱུར་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་འཆི་མེད་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་འདི་ནི་ཁམས་གསུམ་གྱི་མགོན་པོ་རྒྱལ་མཆོག་རིགས་བརྒྱའི་བདག་པོ་མཆོག་གིས་གསེར་གྱི་མེ་ཏོག་འབྲི་གཞི་དང་བཅས། གསུང་གི་གསང་བས་འདི་ལྟར་གྱིས་ཞེས་རྗེས་སུ་གནང་བ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ། བདུད་རྩི་རྩ་བཤད་ཀྱི་རྒྱུད་རྣམས་དང་། བཀའ་བརྒྱད་ལུགས་བཞིའི་སྨན་སྒྲུབ། བི་མ་ལ་དང་གཉགས་ལོའི་ཡིག་ཆ། རོང་ཟོམ་ཆེན་པོའི་བདུད་རྩིའི་ཐོ་ཡིག་ལས་བྱང་སོགས་ཚད་ལྡན་གྱི་གཞུང་རྣམས་དང་། བླ་མའི་མན་ངག་གི་དགོངས་པ་ཇི་ལྟ་བའི་དོན་བཞིན་བཀླག་ཆོག་ཏུ་བཀོད་པ་སྟེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་སོ།། །།

འཇམ་དཔལ་ནག་པོ་ལས་སྲུང་ཟློག་བསད་གསུམ་གྱི་གདམས་པ་ཡིག་ཆུང་གུད་དུ་སྦས་པ་ (Volume 18, Text 20)

༁ྃ༔ འཇམ་དཔལ་ནག་པོ་ལས་སྲུང་ཟློག་བསད་གསུམ་གྱི་གདམས་པ་ཡིག་ཆུང་གུད་དུ་སྦས་པ་བཞུགས་སོ༔ ཟབ་ཟབ་ཟབ༔ ཁཤྭསྭཚྭ༔ དཔལ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ༔ སྲུང་ཟློག་བསད་གསུམ་གྱི་གདམས་པ༔ ཡིག་ཆུང་ཅུང་ཞིག་བཀོད་པར་བྱ་ཡི༔ དང་པོའི་ཞལ་གདམས་ནི༔ སྐུ་གདུང་གི་རྒྱུ་ནི༔ ས་རོ་མ་ལ་སོགས་པ་སྔར་གྱི་ས་ལས་མ་བཀོལ་བ་ཡིན་ཞིང༔ ས་སྣ་ལྔ་ནི༔ རི་རྒྱུད་བཟང་པོའི་ས༔ གནས་བྱིན་རླབས་ཅན་གྱི་ས༔ མཁར་ཁང་བཀྲ་ཤིས་པའི་ས༔ ཞིང་མིང་ཆེན་གྱི་ས༔ ཆུ་བོ་རྒྱུན་འབབ་ཀྱི་སའམ༔ ཆུ་བོ་ཡར་འཁྱིལ་བའི་ས་དང་ལྔའོ༔ གཞན་ཡང་སྨན་དྲི་བཟང་གི་ཆུ་ལ་རྣམ་འཇོམས་དང༔ རྣམ་རྒྱལ་གྱི་གཟུངས་ཆུ་དང་སྦྲུས་ལ༔ སྐུ་གདུང་བྱའོ༔ གཞན་གོང་དང་འདྲ༔ དམིགས་པ་ནི༔ རིགས་ལྔའི་ཐུགས་ཀར་གཤིན་རྗེ་རིགས་ལྔ༔ དེའི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་བསྲུང་བྱ་བསྐྱེད་དོ༔ རབ་གནས་ནི་འཁོར་ལོའི་སྔགས་རྣམས་བརྒྱ་སྟོང་ཁྲི་འབུམ་དང༔ རྟེན་འབྲེལ་སྙིང་པོ་ཁྲི་ཕྲག་གཅིག་གི་རབ་གནས་བཤད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ གཉིས་པ་ཟློག་པ་ནི༔ གཞན་སྔར་དང་འདྲ་བ་ལས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་གཤིན་རྗེ་གཤེད་སྐུ་མདོག་དམར་ནག་ཏུ་འབར་བ༔ ཡ་མགལ་གནམ་ལ་མ་མགལ་ས༔ སྐུ་ནི་སྲིད་པ་གསུམ་དང་མཉམ་པ༔ ཕྱག་གཉིས་ཉི་ཟླ་བསྣམས་ནས༔ བར་དུ་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་ཚུད་པར་བསམས་ལ༔ ཨ་ཀྲོ་རཱ་ཛའི་སྔགས་རིང་བརྒྱ་རེ་ཐེམས་པ་དང༔ ཐལ་མོ་བརྡེབ༔ ཕྲེང་བ་ཕྱིར་འདྲེན༔ མཆིལ་མ་ཕྱིར་བོར༔ བསྲུང་བྱ་རང་གི་ཐུགས་ཀར་ལྷ་རུ་བསྐྱེད༔ དེ་ནི་ནུབ་མོའི་བཟླ་ཐབས་སོ༔ ཉིན་མོ་ནི༔ རང་ཉིད་གཤིན་རྗེ་མ་ཧེའི་གདོང་པ་ཅན༔ ཕྱག་གཉིས་ཉི་ཟླའི་གའུ་ཁ་སྦྱར་བ་བསྣམས་ནས༔ བསྲུང་བྱ་རྣམས་ཚུད་ནས་འོད་ཟེར་ཕྱིར་འཕྲོས་པས་འོད་ཟེར་ཐམས་ཅད་མེ་རུ་སོང་ནས༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ༔ གཞོབ་བུན་བུན་སོང་བར་བསམ་ཞིང༔ ཨོཾ་ཤྲཱི་མཉྫུ་ཤྲཱི༔ ཡཱ་མནྟ་ཀ་ཧཱུྃ༔ ཞེས་པ་དང༔ ཡ་མ་རཱ་ཛ་ས་དོ་མེ་ཡ་བཟླས་ཤིང༔ རྗེས་ལ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྫོང་བཅའོ༔ འདི་ནི་གཞན་ལ་མ་སྤེལ་ཅིག༔ ས་མ་ཡ༔ ༁ྃ༔ གསུམ་པ་ཕུར་བུ་གསུམ་པའི་གདམས་པ་ནི༔ ཕུར་བུ་གསུམ་ལ་སྔགས་ནི་དུག་ཁྲག་དང་མཚལ་གྱིས༔ གྲི་ལྕགས་ཀྱི་དབལ་ལ༔ མཱ་ར་ཡ་བྲི༔ སེང་ལྡེང་ལ༔ མཱ་ར་ཡ་རྦད་བྲི༔ དུག་ཚེར་ལ༔ མཱ་ར་ཡ་སོད་བྲི༔ ལིང་གའི་རྒྱུ་ནི་རབ་ཞིང་ལྤགས༔ འབྲིང་ར་ལྤགས༔ ཐ་མ་ལྒང་ལྤགས་ལ་བྲིའོ༔ གཞན་སྤྱི་དང་མཐུན་ནོ༔ གདམས་པ་འདི་མེད་སྐྱེས་བུ་ནི༔ གོ་མེད་གཡུལ་ངོར་ཆས་པ་འདྲ༔ སྟབས་ཀའི་དབང་གིས་ཕན་སྲིད་ཀྱང༔ ཡང་དག་བྱུང་ན་ག་ལ་ཐུབ༔ ྀཨཚ༔ ༁ྃ༔ ད་ནི་སྔགས་ཀྱི་དག་ཡིག་ལ༔ ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡོ༔ ཡ་མེ་དོ་རུ༔ ཎ་ཡོ་དཱ་ཡ༔ ཡ་དོ་ཡོ་ནི༔ ར་ཡ་ཀྵེ་ཡཱ༔ ཡ་ཀྵེ་ཡཉྩ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ སྔགས་འབྲུ་སུམ་ཅུ་སོ་ལྔ་ཡོད༔ ན་རོ་བདུན་དང་གི་གུ་གཉིས༔ འགྲེང་བུ་བཞི་དང་ཞབས་ཀྱུ་གཉིས༔ དེ་ལས་མང་ན་ལྷག་པ་ཡིན༔ དེ་ལས་ཉུང་ན་ཆད་པ་ཡིན༔ ཨོཾ་ཨ་ཀྲོ་རཱ་ཙ༔ དུ་ན་ས་དུ་སྙིང་ལ་ཕྲིལ་ཕྲིལ་ཨ་ཀྲོ་རཱ་ཙ་རཱ་ཙ་ཙིཏྟ་རྦད་ནན༔ ཤ་ཤ་ལ་རྦད་རྦད༔ ཡ་ཡ་རྣལ་མ་ཏྲི་ཙ༔ གནོད་བྱེད་བྱད་མའི་སྙིང་ལ་ཁ་ཐུན་མཱ་ར་ཡ་རྦད༔ ཨོཾ་ཏྲག་རཀྴ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཀ་ཙ་ཏི་ཙ་པ་ལ་མི་ཤ༔ བྱད་མ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ སྔགས་འབྲུ་བདུན་ཅུ་དོན་དགུ་ཡོད༔ ན་རོ་བདུན་ལ་གི་གུ་དགུ༔ འགྲེང་བུ་གསུམ་དང་ཞབས་ཀྱུ་བཅུ་གཉིས་ཡོད༔ ར་སྟ་བདུན་དང་ཡ་སྟ་ལྔ༔ དེ་ལས་མང་ཉུང་བྱུང་ན་ལྷག་དང་ཆད་པའོ༔ སི་ཏ་ཡན་ཏི་ཤ་ཏྲཱུཾ་དགྲ་བོའི་ཙིཏྟ་ཁས་ཁས་ཨ་མུ་ཀ་མཱ་ར་ཡ༔ སྲོག་ལ་དུང་དུང༔ ཛཱི་བམ་དྷ་ར་ཡ༔ ཨ་གད་ཏ་མཱ་ར་ཡ་རྦད་རྦད༔ བྱད་མ་གནོད་བྱེད་ཆེ་གེ་མོའི་ཛཱི་བམ་མཱ་ར་ཡ་ཛ༔ སྔགས་འབྲུ་བཞི་བཅུ་ཞེ་དགུ་ཡོད༔ གི་གུ་བདུན་དང་ན་རོ་བཞི༔ འགྲེང་བུ་གསུམ་དང་ཡ་སྟ་གཉིས༔ ར་སྟ་གཉིས་དང་ཞབས་ཀྱུ་གསུམ༔ ཤིང་གི་ཞལ་གདམ་ཚེར་ནག་ཡིན༔ རྡོ་རྗེའི་ཞལ་གདམ་ལྕགས་རྡོར་ཡིན༔ འདི་གཞན་ལ་མ་སྤེལ་བཀའ་རྒྱ་དམ་པར་ཡོད་དོ༔ ྀཨཚ༔ ྀཨཚ༔ སྲུང་ཟློག་བསད་གསུམ་གྱི་མན་ངག་བསད་པ་ཡང་ཕུར་གྱི་གདམས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ རྡ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མ། དགྱེ་བོ་རོང་ནས་བཏོན་པ་དགེའོ།། །།

དྲང་སྲོང་དྲི་མེད་ཀྱི་སྔགས་རྒོད་ལོག་ཏྲི་པཱ་ལའི་ལོ་རྒྱུས་ (Volume 34, Text 20)

༄༅། །དྲང་སྲོང་དྲི་མེད་ཀྱི་སྔགས་རྒོད་ལོག་ཏྲི་པཱ་ལའི་ལོ་རྒྱུས་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀྲོ་ཏཱ་ཡ། སྔགས་རྒོད་ལོག་ཏྲི་པཱ་ལའི་ལོ་རྒྱུས་ནི། སྔོན་རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ན་རྒྱལ་པོ་དྷ་ན་ཨ་ཤྭའི་རྒྱལ་ཁྲིམས་རྣམས་མི་ངན་རྣམས་ཀྱིས་བཤིགས་པས། རྒྱལ་པོས་སྡེ་བརྒྱད་ཀླུའི་གཏད་ཁྲམ་མང་དུ་བྱས་ནས་མི་ངན་རྣམས་ཕུང་ངོ་། །དེ་ནས་སྡེ་བརྒྱད་ཀྱི་འཁུ་ལྡོག་བྱུང་ནས་རྒྱལ་པོ་ཁྲག་ཏུ་སྐྱུགས། ལུས་མཛེ་ནད་ཀྱིས་ཐེབས་ནས་གློ་སྙིང་མེ་ལྟར་འབར་ཏེ་སྡུག་བསྔལ་པ་ལས། མོ་དཔྱད་མཁན་རྣམས་ན་རེ། ནགས་ཚལ་དྲྭ་བ་ཅན་གྱི་ཕུག་ཅེས་བྱ་བ་སྟག་གཟིག་དུག་སྦྲུལ་གྱི་ཚལ་མི་མི་ཐར་བ་ན། དྲང་སྲོང་དྲི་མེད་ཅེས་བྱ་བ་བདེན་ཚིག་གྲུབ་པ་ཡོད་དེ། ཟླ་བ་ཉ་ཡི་ཉིན་རི་ཀུན་འདུས་ཀྱི་རྩེ་ལ་བྱོན་ནས། དྲང་སྲོང་འབུམ་ཕྲག་ལ་ཆོས་སྟོན་པས་དེ་སྤྱན་དྲངས་ན་ནད་ལ་ཕན་ཟེར་བས། དེ་བཀུག་པས་དྲང་སྲོང་རྒན་པོ་ཨག་ཚོམ་ཅན་རས་དཀར་པོའི་སྨད་དཀྲིས་ཅན་ཞིག་འདུག་པ་སྤྱན་དྲངས་བསྙེན་བཀུར་ལོ་རྒྱུས་ཞུས་པས། དེར་ འབྲུ་དང་ཆང་ཟན་གྱི་གཏོར་མ་རྒྱ་ཆེན་པོ་ཤོམས་གསུངས་ནས། དྲང་སྲོང་འབུམ་ཕྲག་ལ་གཏོར་མ་བཏང་ཞིང་སྨོན་ལམ་དམོད་སྔགས་འདི་ལན་བདུན་བརྗོད་པས་རྒྱལ་པོའི་ནད་སོས་པར་གྱུར་ཏེ། དྲང་སྲོང་རང་གནས་སུ་བཞུད་དོ། །རྒྱལ་པོ་དེ་ལ་བྲམ་ཟེ་ལེགས་གྲུབ་ཀྱིས་ཞུས། དེ་ལ་བྲམ་ཟེ་པྲ་ཆེན་ཧསྟིས་ཞུས། དེ་ལ་ཤཱནྟ་རཀྵི་ཏས་ཞུས། དེ་ལ་སློབ་དཔོན་པདྨས་ཞུས། ཨོ་རྒྱན་རིན་པོ་ཆེས་གཏེར་ཁ་མང་པོ་ལ་རྒྱས་བསྡུས་མང་དུ་སྦས་པ། རྒྱས་པ་ནི་ལྷོ་བྲག་མཁོ་མཐིང་ནས་གུ་རུ་ཆོས་དབང་གིས་གཏེར་ནས་བཏོན་པས། ཀཿཐོག་གི་བླ་མ་བྱང་ཆུབ་རིན་ཆེན་གྱིས་གསེར་ཞོ་བཅུ་གསུམ་ཕུལ་ནས་ཞུས་ཏེ་དར་སྲོལ་ཆེ། གཞན་ཡང་རཏྣ་ལུགས་ཀྱི་གུར་དྲག་གི་སྔགས་ཀྱི་རྣོ་སོ་ལའང་སྔགས་འདི་དང་དམོད་པ་ཡོད་དོ། །འདི་ནི་བྲམ་ཟེའི་སྔགས་རྒོད་སྡེ་བརྒྱད་ལོག་ཏྲི་པཱ་ལའི་སྔགས་ཀྱི་རྒྱུད། ཧེ་རུ་བརྒྱད་པ་ལུང་གི་རྒྱུད། རིན་པོ་ཆེ་ཕྲེང་བ་རྒྱན་གྱི་རྒྱུད་གསུམ་ཡོད་དོ། །འདི་ནི་རཏྣ་ལུགས་ཀྱི་གུར་དྲག་ལས་ཚོགས་རྣོ་སོ་ལ་སྦྱར་རྒྱུའི་སྔགས་དང་དམིགས་རིམ་ཉུང་ངུར་བསྡུས་པ་འདི་ལྟ་སྟེ། ཨེ༔ རང་ཉིད་སྐད་ཅིག་ཁྲོ་བོ་ནག་པོ་ནི༔ ཞལ་གཅིག་ཕྱག་བཞི་ཞབས་གཉིས་པད་ཟླར་བགྲད༔ གཡས་གཡོན་དང་པོས་ཐོ་བ་རལ་གྲི་ཕྱར༔ ཐ་མ་གཉིས་ཀྱིས་ཉི་ཟླ་ཐལ་མོ་རྡེབ༔ སྤྱི་བོར་བླ་མ་པདྨ་འབྱུང་གནས་སྐུ༔ ཕྲག་གོང་གཡས་སུ་དྲང་སྲོང་དྲི་མེད་ནི༔ ཕྱག་གཉིས་རིལ་བ་ལུང་ཐང་ཕྲེང་བ་འཛིན༔ སྐྲ་དང་ཨག་ཚོམ་དཀར་པོ་ཕྱེད་སྐྱིལ་བཞུགས༔ རང་གི་ཐུགས་ཀར་གུ་རུ་དྲག་པོ་ཡི༔ ཐུགས་དབུས་ཧཱུྃ་ནང་བསྲུང་བྱ་ཐམས་ཅད་གསལ༔ དམ་ཡེ་དབྱེར་མེད་ལྕེ་རྩ་ཟླ་བའི་སྟེང༔ ལྕེ་ནི་གནམ་ལྕགས་རྡོ་རྗེ་རྩེ་དགུ་པའི༔ ལྟེ་བར་ཧཱུྃ་དམར་སྔགས་ཕྲེང་གཡས་སུ་འཁོར༔ རྩེ་དགུའི་ཕཊ་ལས་མེ་འཕྲོས་གནོད་བྱེད་བསྲེགས༔ ཕྱི་རོལ་འཁོར་ལོ་འབྱུང་བཞི་སྤུ་གྲིའི་གུར༔ དེ་ལྟར་བསྒོམ་ཞིང་ཉེ་བར་བསྙེན་པ་ནི། ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿཛཿ ཁྲི་འམ་འབུམ་མམ་ཡང་ན་ཞག་བདུན་བཟླ། དེ་ནས་དགུ་ཡི་དུས་སམ་རྒྱུན་དུ་ནི། ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་གནོད་བྱེད་བཀུག༔ དགྲ་བགེགས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་མནན༔ འགུལ་དབང་མེད་ཅིང་ཁས་བླངས་ཐལ་སྦྱོར་ཕུལ༔ ཨོཾ་ལོག་ཏྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙི་ཙ་ར་ཙི་ཙ་ར༔ རྦད་རུ་ལུ་རྦད་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིགས་ལྷུ་རུ་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ་བདག་ལ་གནོད་བྱེད་ཀཱ་ཝཱ་ཙི་བརླག་བརླག༔ བདུན་ནམ་གསུམ་སོགས་བརྗོད་པ་རྒྱུན་དུ་བྱ། ལག་གཉིས་རྡོ་རྗེའི་བྲག་རི་ཉི་ཟླ་བཅས༔ བརྡབ་པས་དགྲ་བགེགས་ཁྲག་སྐྱོ་ལྟར་གྱུར་པ༔ སོར་མོ་ལྕགས་སྡིག་མགོ་དགུས་ལྗིབ་ལྗིབ་ཟོས༔ ཞེས་པས་ཐལ་མོ་བརྡབ་ཅིང་། དྲང་སྲོང་གི་དམོད་མོ་འདི་ཚར་གཅིག་བརྗོད་པར་བྱ། གནོད་བྱེད་འབྱུང་པོ་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨིང་ནས་སྒྱེལ་ཅིག༔ འཁོར་བ་སྟེང་ནས་ཕྱུངས་ཤིག༔ བསྐལ་པའི་མེ་ལ་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནས་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག༔ སྲིད་གསུམ་གར་གནས་ཀྱང་ལུས་ལ་མཚོན་ཆའི་ཆར་ཕོབ་ཅིག༔ དམ་ཉམས་འབྱུང་པོ་ལས་ངན་མནའ་ཟན་འདིའི་མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག༔ ལུས་དུམ་བུ་སྟོང་དུ་ཐོངས་ཤིག༔ སྙིང་དུམ་བུ་བརྒྱད་དུ་གཏུབས་ཤིག༔ མིག་འབྲས་ཐང་དུ་ལྷུང་ཞིག༔ སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག༔ དམ་ཉམས་རུ་དྲ་འདི་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་ཅིག༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ་སོད་ཅིག༔ དྲང་སྲོང་དམོད་པ་སུས་ཀྱང་བཟློག་ཏུ་མེད། །རྒྱུན་དུ་གཏོར་མ་ལ་སོགས་མི་དགོས་ཏེ། །དུས་བཟང་ཉ་མཚམས་ལ་སོགས་གཏོར་མ་ནི། །རིན་ཆེན་སྣོད་དུ་གཏོར་མ་དཀར་གསུམ་དང་། །འབྲུ་སྣ་བླུགས་ལ་འབྲུ་གསུམ་བྱིན་བརླབས་ཏེ། །ཧཱུྃ༔ རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་དབུས་ན༔ རི་བོ་ཀུན་འདུས་ནགས་ཚལ་དྲྭ་བ་ཅན༔ འབྱུང་ལྔའི་གུར་ནས་དྲང་སྲོང་དྲི་མ་མེད༔ དྲང་སྲོང་འབུམ་དང་འཁོར་བཅས་གཤེགས་སུ་གསོལ༔ རིན་ཆེན་ཁྲི་དང་པད་ཟླའི་གདན་ལ་བཞུགས༔ ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་སྣ་བདུན་དང༔ འདོད་ཡོན་ལྔ་དང་དཀར་གསུམ་གཏོར་མ་འདི༔ དྲང་སྲོང་དྲི་མེད་དྲང་སྲོང་འབུམ་བཅས་ལ༔ འབུལ་ལོ་དགྱེས་པ་ཆེན་པོར་བཞེས་ནས་ཀྱང༔ དམོད་པ་དྲག་པོས་དགྲ་བགེགས་ཚར་གཅོད་མཛོད༔ ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛ༔ ཁཱ་ཧི་དུ་ན་སྭཱ་ཧཱ༔ དྲང་སྲོང་རྣམས་ཀྱི་ཞལ་དུ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་པཱདྱཾ་སོགས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་དྲང་སྲོང་དྲི་མེད་ནི༔ བྲམ་ཟེའི་གཟུགས་ཅན་རིལ་བ་ཕྲེང་བ་འཛིན༔ ཐོར་ཚུགས་ཨག་ཚོམ་དཀར་ཞིང་འཁོར་ཚོགས་བཅས༔ ཁྲོས་ཚེ་ཁྲོ་བོ་ནག་པོ་ཕྱག་བཞི་པ༔ ཐོ་བ་རལ་གྲི་ཐལ་མོས་གནོད་བྱེད་འདུལ༔ ཞི་རྒྱས་དབང་དྲག་སྐུ་མདོག་ཅིར་ཡང་བསྒྱུར༔ སྲིད་གསུམ་འདི་ན་ཆེ་བཙན་འགྲན་བྲལ་བས༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བདག་ལ་གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ རྒྱལ་འགོང་དམ་སྲི་འདུལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་ཕུལ། །ལྷ་འདྲེ་ལ་སོགས་ཅི་ལྟར་སྟོབས་ཆེ་ཡང་། །འདི་ཡིས་བརླག་འགྱུར་ཐེ་ཚོམ་མེད་པར་གསུངས། །འདི་ཡི་ལུང་སོགས་མན་ངག་སྦྱིན་པའི་དུས། །དྲང་སྲོང་ལ་ཡང་གཏོར་མ་ཕུལ་བྱས་ལ། །སློབ་མས་གོས་ཀྱང་མགོ་མཇུག་བསྒྱུར་ནས་གྱོན། །གུར་དྲག་ལས་ཚོགས་ཡིན་ཕྱིར་འདི་ཉིད་ཀྱི། །བཀའ་གཏད་ལོགས་སུ་མ་ཐོབ་ན་ཡང་རུང་། །གུ་རུ་དྲག་པོའི་ལྷན་ཐབས་གསལ་བའི་ཕྱིར། །རྣལ་འབྱོར་རཱ་ག་ཨ་སྱས་ཞེས་བྱ་བས། །རྒྱུད་གཞུང་རྒྱས་པའི་དོན་བསྡུས་ཟབ་པར་བྱས། །མངྒ་ལཾ།། །།

བྱང་ལུགས་བཀའ་སྲུང་བསྡུས་མཆོད་ (Volume 41, Text 20)

བྱང་ལུགས་བཀའ་སྲུང་བསྡུས་མཆོད་ནི། ཧཱུྃ༔ སངས་རྒྱས་རྡོ་རྗེ་འཆང་ཆེན་གྱི༔ བཀའ་སྲུང་ཁྲོ་མོ་རག་གདོང་མ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཆོས་ཉིད་མངོན་སུམ་མཐོང་བར་མཛོད༔ ཕྱག་ན་རྡོ་རྗེའི་བཀའ་ཉན་མ༔ དུར་ཁྲོད་གནས་པའི་མ་མོ་གསུམ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྫོགས་པ་ཆེན་པོའི་བསྟན་པ་སྲུངས༔ ཨེ་ཀ་ཛཱ་ཊིའི་བཀའ་ཉན་མ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ གསང་སྔགས་བསྟན་པ་གཉན་པོ་སྲུངས༔ ལྷ་མོ་ནག་མོའི་བཀའ་ཉན་པ༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འཁོར་རྣམས་སྲུངས༔ ཧཱུྃ༔ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ཡི༔ གཏེར་གྱི་སྲུང་མ་སྡེ་བཞི་པོ༔ ཤར་ཕྱོགས་དུང་མཛོད་དཀར་པོ་ཡི༔ དམ་ཅན་བསྟན་མ་བཅུ་གཉིས་པོ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྫོགས་ཆེན་སྒོམ་པའི་རྣལ་འབྱོར་གྱི༔ བར་ཆད་ཁྱོད་ཀྱིས་སྲུང་བར་གྱིས༔ ལྷོ་ཕྱོགས་གསེར་མཛོད་སེར་པོ་ཡི༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ གསང་སྔགས་སྒྲུབ་ཆེན་སྤྱོད་པ་ཡི༔ བར་ཆད་བདུད་དཔུང་ཁྱོད་ཀྱིས་ཐུལ༔ ནུབ་ཕྱོགས་ཟངས་མཛོད་དམར་པོ་ཡི༔ དམ་ཅན་གཉན་ཆེན་ཐང་ལྷ་དཀར༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྟེན་འབྲེལ་ཆོས་བདུན་འཆང་བ་ཡི༔ བར་ཆད་ཟུར་ཕུད་ལྔ་པས་སྲུངས༔ བྱང་ཕྱོགས་ལྕགས་མཛོད་ནག་པོ་ཡི༔ དམ་ཅན་སྟོང་དཔོན་དགྲ་བླའི་རྒྱལ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོ་དང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དགྲ་བགེགས་བར་ཆད་ཁྱོད་ཀྱིས་ཐུལ༔ སྤྱན་རས་གཟིགས་ཀྱི་བཀའ་ཉན་མ༔ བཀའ་སྲུང་དབང་གི་མ་མོ་བདུན༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཐུགས་རྗེ་ཆེན་པོའི་བསྟན་པ་སྤེལ༔ གཤིན་རྗེ་གཤེད་པོའི་བཀའ་ཉན་པ༔ དམ་ཅན་སྲོག་བདག་མདུང་དམར་ཅན༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་ལ་སྡང་བའི་དགྲ་བོ་ཡི༔ སྲོག་རྩ་དམར་པོ་ཆོད་ལ་ཤོག༔ ཕྱག་ན་རྡོ་རྗེའི་བཀའ་ཉན་མ༔ འཆི་མེད་ཉེ་དབང་འཁོར་དང་བཅས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཨོ་རྒྱན་པདྨའི་བཀའ་ཉན་པ༔ བཀའ་སྲུང་གཏེར་བདག་དམ་ཅན་རྣམས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་གི་བཅོལ་པའི་ཕྲིན་ལས་རྣམས༔ ཐམས་ཅད་ཁྱོད་ཀྱིས་སྒྲུབ་པར་མཛོད༔ ཅེས་བརྗོད་ཅིང་ཕྲིན་ལས་བཅོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས། སྔོན་འགྲོ་ཕན་བདེའི་ཆར་རྒྱུན་ (Volume 9, Text 20)

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས། སྔོན་འགྲོ་ཕན་བདེའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨ་སམྦྷ་ཝཱ་ཡ། སྐྱབས་འགྲོ་ནི། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ རྡོར་སེམས་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཞིང་ལོངས་སྐུའི་རྒྱན་གྱིས་མཛེས༔ རང་འདྲའི་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་ཅན༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་བཛྲ་སཏྭའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡི༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱངས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཅི་ནུས་བཟླ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ། མཎྜལ་ནི། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས༔ གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་མིའི་འབྱོར་ཚོགས་རྒྱ་མཚོས་ཡོངས་གང་བ༔ རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི༔ གསོལ་འདེབས་ནི། རྒྱལ་བ་རྒྱ་མཚོའི་རིགས་བདག་འོད་དཔག་མེད། །ཐུགས་རྗེའི་གཏེར་མངའ་འཕགས་མཆོག་འཇིག་རྟེན་དབང་། །གསང་བའི་མཛོད་འཛིན་མཚོ་སྐྱེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་སྐྱེད་མཛད་མཁར་ཆེན་བཟའ། །སྐད་གཉིས་སྨྲ་བའི་དབང་ཕྱུག་བཻ་རོ་རྗེ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་ཁྱབ་བདག་རིགས་བརྒྱའི་དངོས། །པདྨའི་གདུང་འཚོབ་འགྲོ་འདུལ་གཏེར་བདག་གླིང་། །བཀའ་བབས་ལས་ཅན་རིག་འཛིན་མཆོག་རྣམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐྱབས་གསུམ་ངོ་བོ་རྩ་བརྒྱུད་བླ་མའི་ཞབས། །བདེ་ཆེན་འགྱུར་མེད་ཞི་ཁྲོ་རབ་འབྱམས་ལྷ། །སྣང་སྟོང་སྒྱུ་འཕྲུལ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐུ་བཞིའི་བདག་ཉིད་རྗེ་བཙུན་རྡོ་རྗེ་འཆང་། །བདེ་ཆེན་འཁོར་ལོ་བཞི་ཡི་དཀྱིལ་འཁོར་ལ། །བརྟན་པར་བཞུགས་ནས་དབང་བཞིའི་བདུད་རྩིའི་ཆུས། །སྒྲིབ་བཞི་སྦྱངས་ནས་སྐུ་བཞིའི་དངོས་གྲུབ་སྩོལ། །ཅིར་སྣང་དག་པ་སྒྱུ་འཕྲུལ་དྲ་བའི་གར། །བརྗོད་བྲལ་དགའ་བཞིའི་བདེ་ཆེན་ཉམས་སུ་མྱོང་། །ཟུང་འཇུག་འདུས་མ་བྱས་པའི་ཀུན་བཟང་གི །གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གནས་སྐབས་མཆོག་བདེ་སྒྲུབ་པའི་མི་མཐུན་གེགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཆོས་བཞིན་འབྱོར་ནས་བདག་གཞན་གྱི། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དབང་བླང་བ་ནི། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དབང་བཞི་བླང་ངོ་། །ཞེས་ཟབ་ཆོས་རིག་འཛིན་ཐུགས་ཀྱི་ཐིག་ལེའི་རིམ་གཉིས་ལམ་གྱི་སྔོན་འགྲོ་ཕན་བདེའི་ཆར་རྒྱུན་ཞེས་བྱ་བ་འདི་ནི་གཏེར་གཞུང་གི་ལས་བྱང་དང་ཁྲིད་ཡིག་ལས་བྱུང་བ་རྣམས་དང་། དེར་མ་ཚང་བ་ངག་སྒྲིག་ཁ་སྐོང་དུ་འགྱུར་མེད་རྡོ་རྗེས་བཀོད་པའོ།། །།

གཏོར་སྐུལ་གནམ་ལྕགས་ཐོག་མདའ་ (Volume 53, Text 20)

༄༅། །གཏོར་སྐུལ་གནམ་ལྕགས་ཐོག་མདའ་བཞུགས་སོ། ། ཀྱེ། བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་འཕྲེང་། །དགོངས་སུ་གསོལ་ལོ་རྒྱུད་གསུམ་དྲེགས་པའི་ཚོགས། །ཐུགས་དམ་མ་གཡེལ་བཅོལ་བའི་ལས་འདི་སྒྲུབས། །སྔགས་འཆང་དམ་ལྡན་གང་དུ་གནས་པ་དེར། །ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་གནས། །རྒྱལ་བསྟན་རིན་ཆེན་གང་དུ་གནས་པ་དེར། །བསྟན་སྲུང་དམ་ཅན་དྲེགས་པའི་ཚོགས་ཀྱང་གནས། །རིག་འཛིན་བླ་མའི་བཀའ་བརྒྱུད་འཛིན་པ་པོས། །བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བསྲངས་ནས་ཀྱང་། །བ་ལིང་བདུད་རྩིའི་མཆོད་པ་བཤམས་ལགས་ན། །དམ་ཅན་རྒྱ་མཚོ་སྤྲིན་ཕུང་བཞིན་དུ་འདུས། །བུ་ཆུང་ཕ་ལ་རེ་བ་ཇི་བཞིན་དུ། །བདག་ཅག་ཁྱེད་ལ་མི་རེ་སུ་ལ་རེ། །རྒྱལ་མཚན་དམ་པར་ཁྱེད་རྣམས་ཅིའི་མི་འཕྱར། །ཐུགས་རྗེས་གཟིགས་ཤིག་སྔགས་བདག་དྲེགས་པའི་ཚོགས། །བརྒྱུད་གསུམ་བླ་མའི་ཐ་ཚིག་དགོངས་སམ་ཅི། །རྣལ་འབྱོར་གདུང་བའི་བསྐུལ་དབྱངས་གསན་ནམ་ཅི། །རྒྱལ་བསྟན་སྨ་འབེབས་བྱེད་པ་གཟིགས་སམ་ཅི། ཁྱེད་ཀྱི་གཡར་དམ་གཉན་པོ་བདག་གིས་བསྐུལ། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་སོགས། །རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་དུ། །སྔགས་བདག་དྲེགས་པའི་ཚོགས་རྣམས་སྤྲིན་ལྟར་འདུས། །མ་འོངས་རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ། །ཡང་གསང་སྙིང་པོ་ཐུགས་ཀྱི་བསྟན་པ་ལ། །སྙིང་སྟོབས་ལྡན་པ་སྙིང་པོའི་བསྟན་འཛིན་ཚོགས། །བརྟུལ་ཞུགས་དྲག་པོའི་རྩལ་གྱིས་འབྱུང་བའི་ཚེ། །སྔགས་བདག་དྲེགས་པའི་དཔུང་ཚོགས་དེར་ཆས་ནས། །མི་བཟད་དམོད་པ་དྲག་པོའི་གནམ་ལྕགས་ཐོག །འཇིགས་པའི་མེ་དབལ་རྔམ་པའི་ང་རོ་ཡིས། །བསྟན་པའི་ཆེ་བ་སྨད་པའི་དམ་ཉམས་ཀྱི། །དཔའ་བཀོང་སྙིང་འབྱིན་སྡེ་རིས་བརླགས་ནས་སུ། །བསྟན་མཇུག་སྔགས་ཀྱིས་གསོ་བར་དམ་བཅས་བཞིན། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །སྔགས་འཆང་བདེན་ཚིག་རྫུན་དུ་མ་གཏོང་ཀྱེ། །དྲེགས་པའི་གཟི་བྱིན་དབྱིངས་སུ་མ་སྦེད་པར། །ཇི་ལྟར་རེ་ཞིང་བཅོལ་པའི་ལས་འདི་ལ། །རྟགས་དང་མཚན་མ་མངོན་དུ་སྟོན་པ་དང་། །མ་ཐོགས་མ་འགྱང་ད་ལྟ་ཉིད་དག་ཏུ། །ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། །ཧཱུྃ། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་སྲུང་དྲེགས་ཆེན་གཉན་པོའི་ཚོགས་དང་བཅས། །ལྷ་གྲལ་མི་རྩི་བརྙས་སེམས་འཆང་བ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་ནང་རྒྱུད་གསུམ། །མཁས་གྲུབ་རིག་འཛིན་བརྒྱུད་པའི་བཀའ་ལུང་བཅས། །ཆོས་གྲལ་མི་རྩི་སུན་འབྱིན་བྱེད་པ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །ཐུགས་རྗེའི་བདག་ཉིད་རྒྱལ་དབང་པདྨ་དང་། །དེ་ཡི་ཟབ་མོ་གཏེར་གྱི་ཆོས་རྣམས་ལ། །བཀའ་དྲིན་མི་རྩི་བྱས་པ་ལོག་གཟོ་བའི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །ཚོགས་ཀྱི་རྒྱལ་པོ་གསང་སྔགས་འདུས་པའི་སྡེ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་རྣམས། །མཆོད་གྲལ་མི་རྩི་གཤེ་སྐུར་བྱེད་པ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །གངས་ཅན་འདི་ན་བསྟན་སྒོར་ཞུགས་རྣམས་ལ། །ཆོས་དང་གང་ཟག་བཀའ་དྲིན་ཆེ་བ་ནི། །སྔ་འགྱུར་བ་སྟེ་དེ་དག་ཁྱད་གསོད་པའི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །སྔ་འགྱུར་དབང་ཆོས་མན་ངག་སྒོར་ཞུགས་ནས། །ངན་སྨྲས་ལོག་ལྟའི་ཁོང་སྐྲན་འཆང་བ་རྣམས། ཁྱད་པར་དུ་ཡང་བསྒྲལ་བའི་ཞིང་ཡིན་པས། །མ་ཐོགས་ད་ལྟ་ཉིད་དུ་ཁུག་ལ་ཤོག །མདོར་ན་གསང་ཆེན་སྔ་འགྱུར་བསྟན་པ་ལ། །བསམ་པ་ངན་དང་སྦྱོར་བ་རྩུབ་པ་དང་། །མངའ་ཐང་དཔལ་ལ་ཇི་གནོད་བྱེད་པ་རྣམས། །མ་ཤོར་ད་ལྟ་ཉིད་དུ་ཁུག་ལ་ཤོག །ཕྱོགས་ཞེན་བསམ་པ་གདུག་པས་བསྟན་སྲུང་ཚོགས། །ཐུགས་དམ་གནད་ནས་བསྐུལ་པ་མ་ལགས་ཏེ། །སྡིག་ཅན་གང་ལ་ཉེས་པ་འདི་ཡོད་པས། །ལེགས་ཉེས་སྟངས་འཛིན་རྣམས་ཀྱིས་འགུག་པར་འོས། །བསྟན་ལ་གནོད་ཀྱང་ཁྱེད་ཀྱིས་མི་སྒྲོལ་ན། །འཇིག་རྟེན་བསྒྲལ་བའི་ཞིང་ནི་གང་དུ་མཆིས། །ཕུད་ཀྱི་ངོ་བསྲུངས་ཉེས་ཆུང་གསོད་བྱེད་པ། །དེ་འདྲས་བསྟན་པ་བསྲུང་བར་འགྱུར་རམ་ཅི། །རྣལ་འབྱོར་བདག་དང་བསྟན་སྲུང་རྒྱལ་པོ་རྣམས། །བསྟན་དང་བསྟན་འཛིན་གཙིགས་སུ་བཟུང་བ་ཡི། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཅིག་ལགས་ན། །བསྐུལ་པའི་ལས་འདི་ཡལ་བར་མ་དོར་ཅིག །གལ་ཏེ་ཡང་དག་བསྟན་དང་རང་བཟོའི་ཆོས། །ཐེག་ཆེན་བསྟན་པ་འཛིན་དང་ལོག་སྨོན་ཅན། །འདྲ་ཞིང་མཉམ་པར་དབྱེ་བསལ་མི་བྱེད་ན། ཁྱེད་ལ་བསྟན་སྲུང་མཚན་གྱི་ཅི་ཞིག་བགྱི། །སྔགས་བདག་དྲེགས་པ་མེད་དང་ཁྱད་མ་མཆིས། །རྒྱུ་འབྲས་བདེན་པ་འཆོལ་དང་ཁྱད་མ་མཆིས། །སྲིད་གསུམ་དཔལ་འབྱོར་ཉམས་པར་གྱུར་ཀྱང་སླའི། །བསྟན་པའི་གནད་རྣམས་ཉམས་པར་མི་རུང་ཡང་། །བསྟན་ལ་འཚེ་བའི་མི་དང་མི་མིན་གྱིས། །བསྟན་པའི་མངའ་ཐང་བཅོམ་པ་མ་གཟིགས་སམ། །འབར་བའི་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། །དམ་ཚིག་སྙིང་ལ་བརྣགས་པའི་ཤུགས་ཀྱིས་ནི། །སྲིད་གསུམ་ཁྱབ་རྒྱུག་ས་གསུམ་བརླག་ནུས་པའི། །དམ་ཅན་དྲེགས་པ་བསྐུལ་ལོ་ས་མ་ཡ། །རྟེན་འབྲེལ་ཆོས་ཉིད་བདེན་པ་མི་བསླུ་ཞིང་། །བསྟན་སྲུང་དྲེགས་པ་དམ་ཚིག་མཐུ་ལྡན་ན། །བརྒྱུད་གསུམ་བླ་མའི་བརྒྱུད་འཛིན་རྣལ་འབྱོར་གྱིས། །བསྐུལ་པའི་ལས་ལ་བཏང་སྙོམས་ཇི་ལྟར་མཛད། །ནམ་མཁའ་སྟོང་པ་འདི་ལ་ཚད་མ་འཛུག །ལས་ཀྱི་རྣམ་པར་སྨིན་ལ་ཁུངས་མ་ཕྱུངས། །སྣ་ཚོགས་གཞན་གྱི་རྐྱེན་ལ་སྙད་མ་གདགས། །ཕྱི་མའི་སྐྱེ་བར་དུས་འདེབས་མ་མཛད་པར། །བརྣགས་པའི་དགྲ་བགེགས་ད་ལྟ་ཉིད་དུ་ཁུག །བཤམས་པའི་གཏོར་མ་འདི་དང་གཉིས་མེད་སྟིམས། ཁ་ཁ་ཁཱ་ཧི་དགྲ་བོ་མཱ་ར་ཡ། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །བསྟན་སྲུང་དྲེགས་པ་རབ་ཏུ་དགྱེས་མཛོད་ལ། །སྤྱི་སྒོས་རུ་ཏྲའི་མིང་ཡང་མེད་པར་གྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་རིན་པོ་ཆེའི། །གནད་རྣམས་ཉམས་པར་བྱེད་པའི་བཟང་རྫུ་ཅན། །གང་དུ་བྱུང་ཡང་དེ་ཡི་མོད་ཉིད་ལ། །སྙིང་ཁྲག་ས་ལ་གཏོར་ཞིང་བརླག་པར་གྱིས། །གཞན་ཡང་བསྟན་ལ་གནོད་པའི་དགྲ་དང་བགེགས། །གང་ན་འདུག་པ་མཁྱེན་པའི་སྤྱན་གྱིས་ལྟོས། །ཞི་རྒྱས་དབང་གིས་གདུལ་བར་འོས་པ་རྣམས། །ཕྲིན་ལས་ཆེན་པོས་དེ་ལྟར་འདུལ་བར་མཛོད། །གལ་ཏེ་ཞི་བས་འདུལ་དུ་མི་འཚལ་ན། །སྡིག་ཅན་དེ་དག་སྡེ་དང་ཕྱོགས་སུ་བཅས། །རྗེས་མེད་བརླག་ཅིང་དེ་ཡི་སྟོབས་དང་དཔུང་། །ནམ་ཡང་ལྡང་མེད་གནན་པའི་ཕྲིན་ལས་མཛོད། །ཆོས་སུན་འབྱིན་པའི་ལྕེ་ལ་རལ་གྲིས་ཐོབས། །བརྣག་པ་ངན་པའི་སྙིང་ལ་དུག་མདའ་རྒྱོབ། །སྦྱོར་བ་ངན་པའི་ཡན་ལག་ཞགས་པས་ཆིངས། །རྗེས་བཞག་ངན་པའི་ལས་མཐའ་ཤུལ་མེད་སྡུས། །སྟོབས་ནུས་རླུང་རྟ་ཁ་ཕུང་རྗེས་མེད་ཐོངས། །འཁོར་གཡོག་སྡེ་དཔུང་མིང་མེད་རང་བརླག་མཛོད། །བརྒྱུད་འཛིན་རྗེས་བརྗོད་མཐའ་ཡལ་ཤུལ་མེད་གྱིས། །བརྣག་པའི་ལས་འདི་ཇི་བཞིན་མཐར་དབྱུང་ནས། །བསྟན་པའི་སྙིང་པོ་མཆོག་དང་དེ་འཛིན་སྡེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཆི་མེད་རྔ། །ས་གསུམ་ཁྱབ་པར་བསྒྲགས་པའི་དགེ་ལེགས་ཀྱིས། །འཇིག་རྟེན་ཕན་བདེ་ཆེན་པོས་ཁྱབ་པར་མཛོད། །བརྒྱུད་པའི་བཀའ་གཉན་དམ་ཅན་མཐུ་ལྡན་ཡང་། །བསྐུལ་བའི་ལས་ཀྱིས་མེ་ལྟར་སྦར་བ་གཅེས། །སྔགས་ཀྱི་ལས་ནི་གང་དང་གང་ཡིན་ཡང་། །འདུན་པའི་རྟེན་འབྱུང་ཅན་དུ་ཤེས་པར་མཛོད། །བསྟན་པ་རིན་ཆེན་བསམས་ནས་བསྟན་སྲུང་ཚོགས། །སྙིང་ནས་བསྐུལ་བ་ཙམ་ཡང་མི་དྲན་པར། །རང་དོན་ཕྲ་མོའི་ཆགས་སྡང་དགའ་སྡུག་གིས། །རྟག་ཏུ་བསྐུལ་པ་འདོན་རྣམས་ཨ་རེ་འཁྲུལ། །དགོས་པ་བྱུང་ན་དྲེགས་པ་ལས་ལ་བསྐུལ། །བརྒྱུད་པའི་ཁྱད་ཀྱིས་ཕྲིན་ལས་ཆེ་བ་མཐོང་། །བསྟན་པ་གཅེས་ན་ཉམས་པ་ཆམ་ལ་ཕོབ། །དེ་སྐད་འཇིགས་མེད་དཔའ་བོས་སྨྲས་སོ་ཀྱེ། །ཞེས་པ་འདི་ནི་དུས་མཐའི་སྔགས་ནག་དུག་ལྔའི་མེ་འབར་བའི་མེ་ལྕེ་ཆོས་ཀྱི་དབྱིངས་སུ་འཁྱིལ་བས་ཧ་ཧར་རྒོད་པ་པདྨའི་བསྟན་པ་ལ་སྙིང་ནས་མོས་པ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ས་གླང་ཟླ་བ་གཉིས་པའི་ཚེས་ཉེར་དགུ་ལ་གང་ཤར་སྤེལ་བ་དགེ་འོ། །དགེ་ལེགས་ཆེར་འཕེལ་མངྒ་ལཾ།། །།

བྱང་བདག་གསུང་ཀིང་ཀང་དམར་ཆུང་གི་ལག་ལེན་དམིགས་སྐོར་གནད་དྲིལ་ (Volume 54, Text 20)

༄༅། །བྱང་བདག་གསུང་ཀིང་ཀང་དམར་ཆུང་གི་ལག་ལེན་དམིགས་སྐོར་གནད་དྲིལ་བཞུགས་སོ། །ལུང་མེད་ཀྱང་ལག་ལེན་ལ་མཁོ་གལ་ཆེ། ན་མོ་ཨཀྵར་བཛྲ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་མི་འ༵གྱུར་བའི། །ཆོ་འཕྲུལ་རང་རྩལ་འགག་མེ༵ད་རྡོ༵་རྗེ༵་འཆང་། །སྒྱུ་འཕྲུལ་ཕྱག་རྒྱར་བཞེངས་པ་གཤིན་རྗེ་གཤེད། །འདུད་དོ་ཡེ་ཤེས་རྡོ་རྗེར་བདག་བྱིན་རློབས། །དེ་ཡང་འདིར་སྔ་འགྱུར་བ་རྣམས་ཀྱི་རང་སྐད་ལ་འཇམ་པའི་དཔའ་བོ་གདུལ་དཀའི་གཉེན་པོར་ཁྲག་འཐུང་རོལ་པའི་སྐུར་བཞེངས་པ་ལ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དུས་ཀྱི་དགྲ་བོ་ཕྱག་རྒྱ་ཟིལ་གནོན་དུ་གྲགས་པའི་སྒོ་ནས་གདུལ་བྱ་འདུལ་བ་ལ་བཞི་ལས། དེ་ཡང་རྣམ་གྲངས་ལས་རྣ་ཆ་བརྒྱད་དུ་གྲགས་པ་ལས་འདིར་ཀིང་ཀང་གནན་པའི་རྣ་ཆ་ཞེས་བྱ། དེ་ལའང་དམར་ནག་གཉིས་ལས་འདིར་དམར་པོ་སྟེ་ཉམས་སུ་བླང་བ་ལ་སྦྱོར་བ་དངོས་གཞི་མཇུག་གི་རིམ་པ་གསུམ་ལས། དང་པོ་ནི་འཇོམས་བྱེད་རྩ་བའི་དཀྱིལ་འཁོར་དུ་རྒྱུད་སྨིན་ཅིང་བསྙེན་པ་ཐེམས་པ། དེའི་ལུང་ལག་ལེན་མན་ངག་མ་ལུས་ནོས་ཤིང་ཉམས་འོག་ཏུ་ཆུག་པའི་སྔགས་པས། དྲག་ལས་དང་རྗེས་སུ་མཐུན་པའི་གནས་ཁང་གི་ལྷོ་ཕྱོགས་སུ་ཕུང་ས་གསུམ་་་ཕུང་ས་གསུམ་དང་ཤོར་ས་གསུམ་ནི་དམག་འགྱེད་ས་དང་། གཏིབ་གྲི་སོགས་ཀྱི་ས་དང་། དགོན་པ་བརླགས་པའི་ས་གསུམ། གྲོག་མ་དམར་ནག་གི་ས་དང་། འབྲུམ་ནད་སོགས་ནད་རིམས་ཀྱིས་ཡུལ་གྲུ་བརླགས་ས་དང་། དགོན་དང་གྲོང་སོགས་ཡུལ་སྟོང་པའི་སའོ།་་་གྱི་སྟེགས་བུ་མདའ་གང་གྲུ་བཞི་པའི་ལྟོ་བར་བྲུབ་ཁུང་ལོགས་མདུན་དུ་བསྟན་པ་གཞི་རོ་སོལ་གྱིས་ནག་པོ་དང་། བྲུབ་ཁུང་གི་ནང་ན་ཁྲག་སྣ་དང་མཚལ་གྱིས་དམར་པོར་བྱུག་པའི་ཁ་ཁྱེར་ལ་སྐྱེར་རྩང་གྲ་ལོགས་དམར་པོ་ཉེར་གཅིག །ས་གཞི་གྲུ་བཞི་པའི་མཐར་དམར་ནག་སྤེལ་མ་དྲུག་སྟེ་ཀུན་ཀྱང་རྩ་རྩེ་མ་ལོག་པར་བསྣོལ་ཐབས་སུ་བཙུགས་པ། བྲུབ་ཁུང་གི་ནང་དུ་དམིགས་བྱའི་ལིང་ག་ཚོན་སྐུད་ཀྱིས་བཅིངས་པ་ལྟེ་བའི་ས་བོན་རང་ལ་མདུན་ཕྱོགས་པར་བཀོད་པའི་ཚོན་སྐུད་སྟེང་གི་གཏོར་མ་ལ་་་་ཁྲོ་ཞལ་བྱེད་ན་ཞལ་ནས་དྲངས་ནས་རང་མདུན་ཐུན་རྭའི་ཁར་ཕུར་བུར་བཏགས།སྦྲོན་པའི་སྣེ་མོ་རང་གིས་གཟུང་བྱར་བསྡོགས་པ། དེའི་ཁར་རྐང་གསུམ་གྱི་སྟེང་ལ་ལྕགས་སྣོད་དུ་འབྲུ་ནག་གཙོ་བོར་གྱུར་པའི་འབྲུ་སྣའི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་བཤོས་བུ་གྲུ་གསུམ་ཐོག་མདའི་དབྱིབས་ཅན་ཁྲུ་གང་ལས་མི་ཆུང་བ་རང་འདྲའི་བཤོས་ཕྲན་བརྒྱད་དམ་བཞི་ཁྲག་ཀོང་དང་ཀྱུ་གུ་གཅད་ཁ་ཕྱིར་བསྟན་གྱིས་བསྐོར་བ་བསད་པའི་ཁྲག་གིས་བྱུག །མཚེ་ཡུངས་རྩང་དམར་ཤ་དུམ་རྒྱུ་རློན་གྱིས་བརྒྱན་པའི་རྩེར་སྟག་མའི་བྱང་བུ་ལ་་་ཚོན་གང་བ།བྲིས་པའི་སྐུ་རྟེན་རབ་གནས་ཅན་དང་། གཏོར་གདུགས་དམར་པོ་བཙུགས་པ་བཀོད་པའི་མདུན་དུ་རྟེན་རྫས་གཡག་རྒོད་ཀྱི་རྔ་ནག་དང་མི་བསད་ཀྱི་གྲི་གཉིས་བཀལ་བའི་རྩེ་མོ་བྲུབ་ཁུང་གི་ཁར་ཉུག་གེ་འོང་བར་བྱ། ཐུན་མཐར་བསྟབ་རྒྱུའི་ཟན་ལིང་ཡང་བྲུབ་ཁུང་གི་ཁར་བཞག །གཞི་དེའི་མཐའ་སྐོར་དུ་དྲག་པོའི་ཉེར་སྤྱོད་དང་གཡས་གཡོན་དུ་བྱ་འུག་གི་སྒྲོ་ནུས་ལྡན་དུ་བཙུགས། གུ་གུལ་སོགས་དབྱེ་རྫས་ཀྱང་བཤམ། གཡག་རྒོད་ཀྱི་རྭ་གཡས་པའི་ནང་དུ་ཡུངས་དཀར་ནག་ལྕགས་ཟངས་ཀྱི་ཕྱེ་མ། སྲོག་ཆགས་བསད་པའི་རྦབ་རྡོའི་ཕྱེ། ཚྭ་དང་གཡེར་མ་རྣམས་དུག་སྣ་དང་ཁྲག་སྣས་སྦགས་པ་བླུགས་པའི་ཁ་བལ་ནག་གིས་བཅད་ཅིང་ཤོག་བུས་གཡོགས་པ་ཚོན་སྐུད་ཀྱིས་བཅིངས་པ་ལ་བུག་པ་གྲུ་གསུམ་ཕྱུང་བ་ཕུར་བུའི་དབལ་གྱིས་བཀག་པ་ལ་ཐུན་ཐག་བཏགས། ཁུལ་གང་བདེར་རྩ་བ་གསུམ་གྱི་གཏོར་མ་སྨན་རཀ་མཆོད་པ་དང་བཅས་པའང་བཤམ། རང་ཉིད་ཀྱི་སྟན་ཁ་ལྷོར་ཕྱོགས་པས་བཏིང་ལ་གོང་གི་རྟེན་དང་ཞལ་སྤྲོད་དུ་འོང་བ་བྱ་ཞིང་། གཞན་ཡང་འདིར་དགོས་པའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱ་བ་ནི་སྦྱོར་བའི་ཆོས་སོ། །གཉིས་པ་དངོས་གཞི་ནི། ཐུན་བཞིའི་རིམ་པས་ཉམས་སུ་བླང་བ་ལ། ཐོག་མར་ཡི་དམ་འཇམ་དཔལ་གཤིན་རྗེ་གཤེད་ལྟ་བུའི་སྔོན་འགྲོ་ནས་གཟུང་བཟླས་པའི་བར་རང་གཞུང་བཞིན་སོང་ནས་དེ་ཉིད་ཐུན་མཚམས་ཀྱི་ལྷར་ལངས་ལ་་་ཡི་དམ་ཁྲོ་ཆུ་སོགས་གཤིན་རྗེ་གཤེད་རིགས་ཡིན་ནའང་གནས་འགྱུར་ཙམ། གཞན་ཡིན་ན་མཚམས་ལྷར་ལྡངས། ཞིང་བཅུ་སྒྲོལ་བའི་ང་རྒྱལ་དང་མ་བྲལ་བས་རྒྱུན་བཤགས་བྱ། དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་གཞིན་སྙིང་རྗེ་ཆེན་པོའི་རྩལ་མ་འགགས་པ་སྒྱུ་མ་ལྟ་བུ་ལས། ཐུགས་རྗེའི་སྒྱུ་འཕྲུལ་རོལ་པ་འགག་མེད་ཡི་དམ་གྱི་ལྷ་རྣམ་པ་གཤིན་རྗེ་ཀིང་ཀང་དམར་པོའི་སྐུར་ལྡང་བ་ལ། ཡ་བྷྱོཿ སྐད་ཅིག་རྫུས་སྐྱེས་ཚུལ་དུ་བདག་དང་རྟེན། །ཞེས་པ་ནས། སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་ན་གསལ། །ཞེས་པས་བདག་མདུན་གྱི་རྟེན་གཉིས་ཀ་གྱད་ཁ་སྤྲོད་ཚུལ་དུ་གསལ་བཏབ། ཡང་། ཨྱཻ། ཞེས་པས་རང་ཉིད་གནས་པའི་ས་ཕྱོགས་ལྕགས་བསྲེགས་ཀྱི་ས་གཞི་མེ་དམར་ལྷབ་ལྷབ་འབར་བའི་དབུས་ན་བདག་མདུན་གཉིས་ཀྱི་བར་དུ། བྲུབ་ཁུང་མཚན་ཉིད་དང་ལྡན་པར་གྲུབ་པའི་ཁ་ཁྱེར་ལ་རྩང་དམར་ལས་གཤིན་ཉེར་གཅིག་ཏུ་གྱུར་པ་བྲུབ་ཁུང་ནང་དུ་བལྟ་བ་བཙོན་རྫི་ལྟ་བུར་གནས་པ་སྟེ། དེ་ལྟར་ཡང་། གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །ཞེས་པ་ནས། ཉི་ཤུ་རྩ་གཅིག་འཁོར་བཅས་གསལ་བར་གྱུར། །ཅེས་པའི་བར་གྱིས་བྲུབ་ཁུང་ལས་བྱེད་དང་བཅས་པ་གསལ་གདབ། དེ་ནས་དམིགས་པའི་འབེན་བཅའ་བ་ལ་བྲུབ་ཁུང་དེའི་ནང་དུ་ནྲི་ཏྲིཿཡོངས་སུ་གྱུར་པ་ལས་དགྲ་བགེགས་དེ་ཉིད་དངོས་སུ་བསྐྱེད་དེ། དེའི་ནང་བཀོད་པའི་ལིང་ག་བསྒྲལ་བའི་ཞིང་། །ཞེས་པ་ནས། མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །ཅེས་པས་གསལ་གདབ། དེ་ནས་ཕོ་ཉ་སྤྲོ་བ། བདེན་སྟོབས་བརྗོད་པ། རྣམ་ཤེས་འགུགས་པ། ཚེ་བཅུད་བསྡུ་བ། གཉིས་མེད་དུ་བྱ་ཞིང་ཕྱག་རྒྱས་གདབ་པ་རྣམས་ཚིགས་ལྔ་བྱུང་ཡང་དམིགས་པའི་གནད་གཅིག་ཏུ་འདྲིལ་བར་འདོམས་དགོས་ཏེ། དཔེར་ན་སྐྱེས་བུ་མདའ་གཞུ་འགེངས་ཤིང་འཕེན་པ་ལྟ་བུའི་འཕྲུལ་གཅིག་གོ་གཅིག་གིས་མི་འགོག་པར་རྣམ་གྲངས་མང་པོ་ཡང་རིག་པ་སྐད་ཅིག་མས་བཀྲ་ས་ལེ་ཧྲིག་གེ་གསལ་བས་དཀོན་མཆོག་གསུམ་གྱི་བདེན་སྟོབས་བརྗོད་ཅིང་མ་ཉེས་པའི་དཔང་གསོལ་ལ་མཐུ་དཔུང་དུ་སྦྲན། ཛཿཛཿ ཞེས་པས་བདག་དང་མདུན་གྱི་གཤིན་རྗེ་གཤེད་ལས་རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། དཔེར་ན། ཡུལ་ཁམས་སུ་བུ་ཡུག་འཚུབ་པའམ། རི་བོ་ལས་སྨུག་པ་བརྡོལ་བ། ཉི་མ་ལ་ཟེར་འཆར་བ་བཞིན་ཐོལ་ཐོལ་བུན་བུན་ལོང་ལོང་ཟེ་རེ་རེ་སྤྲུལ་པ་སྤྲོས། དེ་རྣམས་ཀྱིས་དམ་ཉམས་དགྲ་བོ་གང་ཡིན་པ་དེའི་རྣམ་ཤེས་བག་ཆགས་ཡིད་གཟུགས་ཅན་དེ། བན་བོན་སྲུང་མའི་སྐྱབས་འོག །མཐོ་སྲིད་པའི་རྩེ། དམའ་དམྱལ་བ། ཉི་ཟླའི་གོ་བར། གླིང་བཞི་གླིང་ཕྲན། སྟེང་འོག་ཕྱོགས་མཚམས། མདོར་ན་སྲིད་པ་གསུམ་གྱི་ཁོང་གང་ན་གནས་ཤིང་གབ་ཀྱང་སྡོད་པའི་དབང་མེད་པར་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། ལས་ཀྱི་རླུང་གིས་བཏེག་ཅིང་རླུང་གི་ཞགས་དམར་གྱིས་མདུན་ནས་ཁྲིད། ཐོ་བ་ཐོགས་པས་སྤྱི་བོ་ནས་བརྡུངས། འཇིགས་པའི་མུན་ནག་དང་ཕོ་ཉས་རྒྱབ་ནས་དེད་དེ། རང་དབང་མེད་པར་བཙོན་རྫིས་བཙོན་ཁྲིད་པ་ལྟར་བྱུང་བས། བདག་མདུན་གྱི་བར་བྲུབ་ཁུང་གི་ཁ་ཁྱེར་ལྕགས་བསྲེགས་ཀྱི་ས་གཞི་དེའི་ཁར་སླེབས་པ་ན། ཕོ་ཉ་ཟ་བྱེད་ཕོ་རྣམས་ཀྱིས་དགྲ་བོ་ཕོ་རྣམས་གཡས་སུ་བསྐོར་བ་དང་། གསོད་བྱེད་མོ་རྣམས་ཀྱིས་གཡོན་དུ་བསྐོར་ཏེ་དེད། གཉིས་ཀ་གཡས་བསྐོར་གྱིས་བསྡམས་ཤིང་ཀླད་ལ་བསྐོར་ཏེ་ས་གཞི་ལ་བརྡབས་པས་དགྲ་བོ་རྣམས་ཀྱི་ཚེ་བཅུད་ནུས་སྟོབས་ཐམས་ཅད་ནད་ཅན་གྱི་སྐྱེས་བུས་སྐྱུག་པ་སྐྱུག་པ་ལྟར་ཁ་ནས་སྐྱུགས་པ། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་རང་ལ་བསྡུས་པས་གཟི་བརྗིད་ཆེར་འབར་བདག་མི་ཤིགས་པ་རྡོ་རྗེའི་སྐུར་གྱུར། ཕ་རོལ་པོ་དེ་ཉིད་འགོ་བའི་ལྷ་ལྔ་ལ་སོགས་སྐྱོབ་བྱེད་ཀྱིས་བོར་ཞིང་མགོན་དང་བྲལ། ལུས་ཀྱི་བཅུད་དང་བྲལ་བ་སོགས་སྒྱེ་སྟོང་པ་ལྟ་བུ་ནག་ཧུར་གྱིས་སོང་བའི་ལུས་ནང་ན་རྣམ་ཤེས་མར་མེ་འཆི་ཁ་ལྟ་བུ་དམར་ཀེམ་ཀེམ་པ་དང་བཅས་བྲུབ་ཁུང་གི་ལིང་གར་དེ་ལྟ་བུའི་དམིགས་གནད་ཀྱིས་ཡང་ཡང་བསྟིམ་སྟེ། དེ་ལྟར་ཡང་། བདག་དང་མདུན་བསྐྱེད་ཐུགས་ནས་རང་འདྲ་བའི། །ཞེས་པ་ནས་བརྩམ་སྟེ། བཅས་ཏེ་བྲུབ་ཁུང་ནང་གི་ལིང་གར་ཐིམ། །ཞེས་པས་གསལ་བཏབ་དགུག་པའི་རྒྱ་བཅིངས་ཏེ། ན་མོ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །ཞེས་པ་ནས། དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿ ཞེས་པའི་བར་གྱིས་གསལ་གདབ། སྒོ་མ་བཞིའི་སྔགས་རྒྱས་འགུགས་གཞུག་འཆིང་སྡོམ་མྱོས་བྱེད་ཀྱིས་གཟིར། དབྱེ་བའི་སྔགས་རྒྱས་ལྷ་དང་ཕྲལ། འབེབ་པའི་སྔགས་རྒྱས་གཟུགས་དང་དབྱེར་མེད་དུ་བྱས་ལ། ཐུན་ཐག་ནས་བཟུང་སྟེ་བླ་འགུགས་ཀྱི་སྔགས་ལ་ནན་ཏན་སྙིང་པོར་བྱ་ཞིང་འགུགས་གཞུག་ཡང་ཡང་བྱ། ཐུན་ཁ་བརྗེ་བའམ་འཇོག་པ་ན། ཐུན་གྱི་སྔགས་ཡིད་ཙམ་རེ་བཟླས་ལ་ཐུན་ལ་སྔགས་ཤིང་ཆེ་བ་བསྐྱེད། ཤོག་ལིང་ལ་བརྡེག་ཅིང་ཟན་ལིང་བསྒྲལ། དེ་དག་གི་གྱེར། ཛཔ྄་བཟླས་སྔགས་པའི་ཐུན་རྫས་རྣམ་པ་ལྔ། །ཞེས་པ་ནས། ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། །ཞེས་པའི་བར་གྱིས་གསལ་བཏབ། ལིང་རོ་ལ་སྨན་རཀ་བྲན་ཏེ་སྟེང་གི་གཏོར་མ་ལ་བསྟབས་པས་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་ཤ་ཁམ་གཅིག་ཁྲག་ཐིགས་པ་གཅིག་ཙམ་ཡང་མ་ལུས་པར། ལས་བྱེད་གཤིན་རྗེའི་ཚོགས་ཀྱིས་དགྱེས་པའི་རྐན་སྒྲ་དང་བཅས་པས་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་གསོལ་བར་བསམས་ལ། ཡཿ ཤ་ཁམ་ཁྲག་ཐིགས་ཙམ་ཡང་མ་ལུས་པར། །ཞེས་པ་ནས། ཁ་རཾ་ཁཱ་ཧི། ཞེས་པའི་བར་གྱིས་གསལ་བཏབ་ལ། ལས་འདི་ལ་རྟགས་མཐར་མ་ཕྱིན་གྱི་བར་དུ་བྲུབ་ཁུང་འདི་ཉིད་ཀྱི་སྟེང་དུ་བཞུགས་ལ་དགྲ་བོ་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག་བྱས་ལ་བརྟན་བཞུགས་བྱ། ཚུལ་དེ་ལྟ་བུས་ཐུན་བཞི་ནི་གུང་གཉིས་དང་ཟེར་གཉིས་ཏེ་མཱ་ར་ཡ་ཛའི་འགྱུར་དུས་བཞི་ཟེར་བའི་ནམ་གུང་དང་ཉིན་གུང་ཞོགས་ཉི་མ་འཆར་ཀའི་ཟེར་དང་དགོང་ཉི་མ་སྡུད་པའི་ཟེར་གཉིས་ཏེ་བཞི་ལ་ཐུན་གྱི་ངོ་བོ་འགུགས་གཟིར་གསོད་སོགས་འོང་བ་བྱ་ཞིང་། དཔེར་ན་ཐོག་མར་གཞུང་སྲོང་ཉི་མ་ཕྱེད་ཡོལ་ཙམ་ནས་མགོ་ཚུགས་ནས་དགོང་ཐུན་ཉི་ཟེར་སྡུད་པའི་དུས་ལ་འོང་བ་བྱ་དགོས། དེས་རིགས་འགྲེ་བར་ནམ་གུང་ཉི་ཤར་ཉིན་གུང་སྟེ་བཞི་ཀ་ཆོ་གའི་ཁྲིགས་དེ་ཁོ་ན་ལ། སྔ་ཐུན་ཡི་དམ་གྱི་གཞུང་སྲོང་སོང་ནས་ཐུན་ཕྱི་མ་ལ་འདི་ཁའི་རྒྱུན་བཤགས་ནས་བསྟབ་པའི་བར་བྱས་པས་འགྲུབ་བོ། །ཡང་སྲིན་པོ་ལྟོ་ལ་རུབ་པའི་དུས་སྲོད་དང་། གཤིན་རྗེས་ཁྲམ་ལ་འདེབས་པའི་དུས་ནམ་ཕྱེད། གིང་གཟན་ལ་འཇུམ་པའི་དུས་ཐོ་རངས། སྟག་ཆེན་ཁ་གདངས་པའི་དུས་ཉི་ཤར། ཆུ་སྲིན་རྔ་མ་གཡོབ་པའི་དུས་ཉིན་གུང་། བདུད་དམག་ལ་ཆས་པའི་དུས་དགོང་གྲིབ་སོ་ནག་ངམ་གྱིས་འོང་བའི་སྐབས་ཏེ་ཐུན་དྲུག་ཏུ་བྱེད་ནའང་ཐུན་གྱི་ཁོག་དེ་ལྟ་བུས་ཁུག་རྟགས་མ་བྱུང་བར་བླ་འགུགས་ལ་ནན་ཏན་བྱ། ༈ ཁུག་རྟགས་མཐར་ཕྱིན་ནས་ལྷ་དང་དབྱེ་བ་མན་ངག་བཞིན་བྱ། དེ་ནས་གསད་པ་ལ་འཇུག་སྟེ། དེ་ལའང་གོང་བཞིན་རྒྱུན་བཤགས་ནས་བླ་འགུགས་ཀྱི་བར་སོང་བ་དང་། ལིངྒ་དགྲ་བོ་དངོས་སུ་གསལ་བའི་གཡས་གཡོན་དུ་སྦྲུལ་བསྐྱེད་པ། ལུས་ནང་དུ་ཞུགས་ནས་སྙིང་ཁྲག་གཞིབས་པ། ཕྱིར་ཐོན་ནས་སོ་དང་ལྕེས་འདྲད་ཅིང་བལྡགས་པ། ལས་རླུང་བསྐུལ་ཏེ་འཁོར་ལོས་བཤིགས་པ། གཉེན་པོ་སྟོབས་བསྐྱེད་པ་སྟེ་དམིགས་སྐོར་ལྔ། དེ་ལྟར་ཡང་། ཛཿ ཞེས་པས་དགྲ་བོ་དེའི་གཡས་སུ་སྦྲུལ་དཀར་པོ་ཞིག་ཁྱུར་གྱིས་བྱུང་ནས་ལྷན་སྐྱེས་ལྷ་ཡི་རང་བཞིན་ཁོས་དམ་ཉམས་པས་གཤེད་དུ་བབས་ནས་ཁོའི་ཚངས་བུག་ནས་ཞུགས། སྙིང་ག་ཡན་གྱི་དྭངས་བཅུད་ཁོང་ཁྲག་ཐམས་ཅད་ཡར་དྲངས་ནས་འཇིབ། དེ་བཞིན་པས་གཡོན་དུ་དུག་སྦྲུལ་ནག་པོ་ཞིག་ངང་གིས་བྱུང་བ་ཁོ་རང་གི་ལྷན་སྐྱེས་བདུད་ཀྱི་ངོ་བོ་བཤང་ལམ་ནས་ཞུགས། སྙིང་ག་མན་གྱི་ཁུ་ཁྲག་ཐམས་ཅད་མར་དྲངས་ནས་གཞིབ། མཐར་སྦྲུལ་གཉིས་ཀྱི་ལྕེས་ཁོའི་སྙིང་དཀྱིལ་ན་རྣམ་ཤེས་ནྲིཿའི་རྣམ་པ་མར་མེ་རླུང་གིས་བསྐྱོད་པ་ལྟར་གཡབས་ནས་ཚེ་བསོད་དྭངས་མ་བསྡུས་ཏེ། ཡང་གཉིས་ཀ་ཕྱིར་ཐོན་ནས་དགྲ་བོའི་ཤ་ཁྲག་ཟ་བར་མ་འཆམས་ཏེ་འཛིང་ཞིང་འཐབ་པའི་རྣམ་འགྱུར་འཇིགས་ཤིང་སྐྱི་གཡའ་བ་དུ་མ་བྱས་ནས། དཀར་པོས་གཡས་ནས་འཁྱུད། ནག་པོས་གཡོན་ནས་འཁྱུད་དེ་ཁོའི་ལུས་ལ་འཁྲིལ་ཏེ་མཇུག་མ་གཉིས་གསང་གནས་སུ་མདུད། མགོ་གཉིས་སྤྱི་བོར་མགུལ་པ་གཉིས་མདུད་ནས་ཀླད་ཁུང་གཡས་གཡོན་གཉིས་ནས་སོས་འདྲད་ལྕེས་བལྡགས་ནས་མདངས་དང་བཅུད་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་གཞིབ་པ་ལྟར་འཇིབ། ཡང་ཁོའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་དེ་ལས་རླུང་གིས་བསྐུལ་ཏེ་སོ་རོ་རོ་འཁོར་ནས་སྤྱི་བོ་ནས་རིམ་བཞིན་རྐང་མཐིལ་གྱི་བར་གསོར་བསྣུན་པ་ལྟར་འཁྱིར་བས་རྩ་འཁོར་རྣམས་བཅད། ཀླད་ཁྲག་འདྲེས་ནས་ཤ་ཁྲག་རུས་པ་ཐམས་ཅད་དམར་ཉོག་གིས་ཞོ་ལྟར་དཀྲུགས། ཡང་དེ་ལྟ་བུའི་ཤ་ཁྲག་དེ་ཡང་སྦྲུལ་དེ་གཉིས་ཀྱིས་ཧབ་ཤ་དང་བཅས་པས་ལྷག་མེད་དུ་ཟོས་ཏེ་རྗེས་མེད་དུ་བཏང་ནས་སྦྲུལ་གཉིས་ཇེ་ཆེ་ཇེ་ཆེར་སོང་ནས་ཤིན་ཏུ་སྟོབས་རྒྱས་པར་བསམ་མོ། །དེ་ལྟར་ཡང་། ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཞེས་པ་ནས། དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། །ཅེས་པའི་བར་གྱིས་གསལ་བཏབ་ལ་ཐུན་ཐག་ནས་བཟུང་། ཐུན་ལ་གསད་སྔགས་ཏདྱ་ཐཱ༔ བཏགས་པ་ལ་ནན་དུ་བྱ་ཞིང་། དམིགས་གནད་དེ་དང་ལྡན་པས་གསད་པ་རྟགས་ལྡན་དུ་སྒྲུབ་པ་སྟེ་ཐུན་ཐམས་ཅད་ཀྱི་རྐང་འདི་ལ་བྱ་ཞིང་། ཐུན་མཐར་ཐུན་རྫས་ཕུས་བཏབ་ལ་སྔགས་ཤིང་ཐུན་རྡེག་པའི་བར་སྔར་ལྟར་ལ། དམིགས་གནད་ནི། ཐུན་རྫས་ལས་ཀྱི་གཤིན་རྗེ་ཕོ་མོ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་དུག་མཚོན་ནད་ཀྱི་ཆར་པ་འབེབ་པ། དམོད་པའི་སྒྲ་གནམ་ས་ཁོལ་བ་ལྟ་བུས་དགྲ་བོ་གཅེར་བུ་འདར་ཕྲིལ་ལེ་བ་ལ་དཀར་ནག་སྦྲུལ་གཉིས་མེད་པའི་ཁར་ཐུན་རྫས་ཐོག་དང་སེར་བ་བབས་པ་ལྟ་བུས་ཤ་ཆོམ་ཁྲག་ཆོམ་དུ་བཏང་བ་ལ། རྣམ་ཤེས་མར་མེ་འཆི་ཁ་ལྟ་བུ་དེ་ཡང་ནག་ཀེམ་གྱིས་བསད་པར་མོས་ལ་ཐུན་འཕང་བ་དང་དམོད་མོ་བརྗོད་པ་རྣམས་ལྷན་ཅིག་ཏུ་བྱ་ཞིང་། མཐར་ཟན་ལིང་བསྒྲལ་བསྟབ་བྱ་ཞིང་བརྟན་བཞུགས་བྱ་བའི་བར་སྔར་དང་འདྲ་འོ། །དེ་ལྟར་བསད་པའི་རྟགས་མངོན་དུ་གྱུར་ནས་སྐབས་འདིར་ཚེ་ཁྲུས་ཀྱི་ཕུར་གདབ་མཛད་པའི་ཕྱག་ལེན་ནི་མི་མཛད་དེ། ཚེ་ལུང་ནི་གོང་དུ་བསྟན་པ་ལྟར་དཀྱུས་སུ་ཆོ་ག་ཚར་རེའི་སྐབས་སོང་བ་དང་། ཁྲུས་ལུང་ནི་ལུགས་འདིའི་རྩ་བ་དང་བྱང་པའི་ཆོག་ཁྲིགས་གཉིས་ཀར་དངོས་སུ་མ་གསུངས་པ་མ་ཟད། བྱང་ཆུབ་མཆོག་སེམས་མ་བསྐྱེད་དེ་སྲིད་དུ། །མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག །ཅེས་སོགས་ལུང་མང་ཡང་འདིར་ཡི་གེས་འཇིགས། འཐད་པ་ནི། རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་ན་མནན་པའི་བཙོན་དོང་དེ་ཀ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་པའི་ཕྱིར་ན་དེ་ལྟ་བུའི་གེགས་ཅིའི་ཕྱིར་མི་སེལ། དེས་ན་ལུགས་འདི་རང་གི་མན་ངག་གཞུང་གི་རྩ་བར་ལོངས་པའི་ལག་ལེན་རྣམ་པར་དག་པའི་ལུགས་ཡིན་ནོ། །དེ་ཡང་དགྲ་བོ་བསོད་ནམས་ཀྱི་དཔུང་ཆེ་ན་ཕྱག་འཚལ་ཐུབ་པའི་མན་ངག་་་འདི་ཞལ་དུ་འདྲི།ཀྱང་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱ་སྟེ། དེའི་མན་ངག་ལག་ལེན་ནི་ཀིང་ཀང་ནག་པོའི་ནང་དུ་གསུངས་པ་བཞིན་ཤེས་པར་བྱའོ། །ཆོས་སྐྱོང་གི་གཏོར་འབུལ་དང་ཚོགས་མཆོད་ནི་སྲོད་ཐུན་གྱི་རྗེས་སུ་མཇུག་ཏུ་སྦྲེལ་ལོ། །གསུམ་པ་རྗེས་ནི། ལིང་ག་བྲུབ་ཁུང་ནས་བཏོན། སྒྲུབ་གྲོགས་རྣམས་ཀྱིས་ཐལ་རྡེབ་བཅས་པས་དམོད་མོ་བརྗོད།་་་དམོད་མོ་བརྗོད་ཚེ་རྔ་ནག་གཡབ། ལིངྒ་མན་ངག་ལག་ལེན་ལྟར་ལྟེབ།་་་ལྟེབ་ལུགས་དམར་ཆུང་རང་གཞུང་ཕྱག་ལེན་ལྟར། དམིགས་བསལ་གྱི་སྣོད་དུ་བཅུག །ཐུན་རྫས་ཀྱིས་བཀང་ནས་ཀླད་ཁུང་བཀག་ལ་ཁྲོ་ཞལ་་་དཔེའུ་རིས་ལོགས་སུ་གསལ།གྱི་རྒྱས་བཏབ། ཕུང་རེས་དྲིལ། ཚོན་སྐུད་ཀྱིས་བཅིངས།་་་སྣ་ལྔ་སོགས་སྔོ་དམར་གཉིས། རྩང་བསྐྱོན་པ་རྣམས་མཐོང་བརྒྱུད་བཞིན་བཅས། དུར་གཡམ་ལ་རོ་སོལ་གྱིས་སྟེང་ཁེབས་སྣ་ཚོགས་རྡོ་རྗེ་་་ཞབས་སུ་སྣ་ཚོགས་རྡོ་རྗེ་སྟེང་དུ་འབྱུང་བཞི་རི་རབ་བྲིས་པ།བྲིས་པས་བརྡེག །གང་དུ་གནན་པ་བྱ་བའི་སར་གསེར་སྐྱེམས་བཏང་། ལྟོ་འཕྱེ་བརྟགས་ལ་རུང་བའི་ས་ནས་ཁྲུ་གསུམ་པའི་དོང་བྲུས། དབྱིབས་གྲུ་གསུམ་དུ་བྱ། ཡི་དམ་གང་ལ་བསྟེན་པའི་གཞུང་བཞིན་སྒོ་དབྱེ་བསྐུལ་དང་ཆད་ཐོ་བསྒྲག་པ་རྣམས་བྱས་ལ་གནན་ཆས་དང་གཏའ་གཏོར་ཁྱེར་ལ་གནན་པའི་སར། ཡ་བྷྱོཿ འཇམ་དཔལ་གཤིན་རྗེ་གཤེད་པོ་སྐུ་མདོག་དམར། །ཞེས་པ་ནས། སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་སུ་གསལ། །ཞེས་པའི་བར་གྱིས་རང་ཉིད་གཡས་དགྲ་སཏྭ་དང་གཡོན་ལྕགས་ཀྱུ་འཛིན་པ་གསལ་བཏབ་ལ་མི་བསད་ཀྱི་གྲི་ལག་ཏུ་ཐོགས་ནས། ཐོ་ཆེན་དགྲ་སཏྭ་བསྣུན་པས་ས་གཞི་གས། །ཞེས་པས་རལ་གྲི་ས་ལ་བསྣུན་ཚུལ་བྱས་པས།་་་་འདི་དང་པོས་ས་གས། གཉིས་པས་ཆུ་གས། གསུམ་པས་མེ་གས། བཞི་པས་རླུང་དཀྱིལ་གས། དེ་ནས་ཀླུ་བདུད་ནག་པོ་བྱུང་བ་དང་རྒྱ་མཚོ་ཡང་སྔོ་མེར་གྱིས་བྱུང་ནས་གཏད་པར་བསམ། སླར་རིམ་བཞིན་འབྱུང་བཞིའི་རྒྱས་གདབ་ཕྱག་ལེན་ལྟར་དང་། ས་གཞི་བཀས་པའི་ནང་འོག་གཞིའི་རྒྱ་མཚོ་སྔོ་མེར་གྱིས་གསལ་བའི་དབུས་ནས་འཆི་བདག་ནག་པོ་ཏི་པ་ཙ་འཁོར་འཆི་བདག་ཀླུ་ཕོ་མོའི་རྣམ་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁ་གདངས་ནས་བྱུང་བ་ལ་གནན་ཆས་དགྲ་བོའི་གནས་ལུས་ལོངས་སྤྱོད་དང་བཅས་རྗེས་ཤུལ་ཙམ་ཡང་མ་ལུས་པ་ཟས་སྐལ་དུ་གཏད་པར་མོས་ལ་དངོས་སུ་འཕང་། དེ་ལྟར་ཡང་། མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །ཅེས་པ་ནས། ཟས་སུ་བསྟབ་བོ་གཏད་དོ་ནྲི་ཏྲིཿཛཿ ཞེས་པའི་བར་གྱིས་གསལ་བཏབ། ཐུན་རྫས་བརྡེག །དམོད་མོ་ཐལ་རྡེབ་དང་བཅས་བརྗོད་ཅིང་རྟེན་རྫས་རྔ་ནག་གཡབ་པ་རྣམས་ལྷན་ཅིག་ཏུ་བྱས་ལ། དེ་ཡང་རྔ་ནག་གཡབས་པ་ཙམ་གྱིས་དགྲ་བོ་དེས་བསགས་པའི་ལས་ངན་ཐམས་ཅད་སྦུར་མ་རླུང་གིས་བཏབ་པ་ལྟར་ནག་ཉིལ་ཉིལ་བྱུང་བ་ཁོ་རང་གི་སྟེང་དུ་བྱེ་མའི་ཆར་བབས་པ་བཞིན་སོང་བས་ལས་ངན་རྣམ་སྨིན་གྱི་ཚོགས་དུས་གཅིག་ལ་འབྲུབ་པར་དམིགས་པ་ཡིན་ནོ། ཁོང་ཚུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཞེས་པ་ནས། རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །ཞེས་པའི་བར་གྱིས། འཆི་བདག་གི་ལྟོ་བར་ཚུད་དེ། དེ་ཉིད་ཞལ་བསྡམས་པས་ཉི་ཟླ་གཟས་བཟུང་བ་བཞིན་མུན་རུབ་ཀྱིས་རང་གནས་ས་འོག་རིམ་པ་བདུན་པ་འབྱུང་བ་རྟེན་གཞི་རྔམས་པའི་འོག་ཏུ་སོང་བར་མོས་པ་འོ། །དེ་ནས་དུར་གཡམ་གྱིས་བཀབ་ལ། ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག །ཅེས་པ་ནས། དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མཱ་དྷི། །ཞེས་པས་དེའི་སྟེང་དུ་ནམ་མཁའ་རླུང་མེ་ཆུ་ས་རྣམས་རིམ་གྱིས་ཆགས་པའི་ཁར་སྟོང་ཁམས་ལྷུན་གྱིས་གྲུབ་པའི་སྟེང་དུ་སངས་རྒྱས་དོན་ཡོད་གྲུབ་པས་ཕོ་བྲང་བཏབ་པས་སུས་ཀྱང་གཞིག་ཏུ་མེད་པ་བསྐལ་པ་མ་སྟོངས་ཀྱི་བར་དུ་ཐར་བ་མེད་པར་བསྒོམ་ཞིང་། མདོར་ན་གནོན་བྱེད་གནན་ཡུལ་དང་བཅས་པ་འཁོར་གསུམ་དམིགས་མེད་བདེ་བ་ཆེན་པོར་རྒྱས་གདབ་པར་བྱའོ། །གཏའ་གཏོར་འཕང་བའམ་དེ་ཀར་རྟེན་དང་ལྷན་ཅིག་མནན་པའི་ས་ཡུལ་མཐོང་སར་གཏར་བཞུགས་པའང་འཐད་དོ། །གང་ལྟར་ཡང་བརྟན་མ་བསྐྱང་བ་བྲོ་བརྡུང་བ། ནང་དུ་ལོག་ནས་རྗེས་ཀྱི་བྱ་བ་རྣམས་གཞན་དང་འདྲ་བར་ཤེས་པར་བྱའོ། །སྨྲས་པ། ཞང་ཁྲོམ་ཟབ་གཏེར་ཀིང་ཀང་རླུང་སྒྲུབ་ཀྱི། །ངག་འདོན་གཞུང་དོན་གནད་འདྲིལ་བྱ་བའི་ཚུལ། །སྙན་བརྒྱུད་གཏེར་ཆེན་བླ་མའི་གསུང་གི་རྒྱུན། །ཇི་ལྟ་བ་བཞིན་ཡི་གེར་བཀོད་པ་འདི། །འཐད་ལེགས་རྣམ་བཀྲའི་སྤུ་སྡུག་མི་ལྡན་ཀྱང་། །ཐོས་སྒོམ་མན་ངག་འདབ་གཤོག་རྩལ་ལྡན་པས། །གྲུབ་བརྙེས་མཁའ་ལྡིང་དབང་པོའི་ཤུལ་རྗེས་སུ། །འཕུར་འདོད་གཉིས་སྐྱེས་བློ༵་གས༵ལ་རྒྱ༵་མཚོ༵་ཡིས། །མཁའ་སྤྱོད་འོག་མིན་པདྨ་འོད་ཀྱི་ཞིང་། །སྐྱེ་དགུའི་བསོད་ནམས་སྐལ་པ་ལྷུན་གྲུབ་པར། །སྣང་བ་སྤྲུལ་པའི་འཁོར་ལོ་འབྲས་ལྗོངས་ཀྱི། །སྣོད་བཅུད་ཕས་རྒོལ་སྲུང་བའི་མཚོན་ཆར་སྤེལ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་མེད་མཆོག་དབང་གི་མཚམས་སྦྱོར་ངག་འདོན་ངོ་མཚར་སྒྲོན་མེ་ (Volume 24, Text 20)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་མེད་མཆོག་དབང་གི་མཚམས་སྦྱོར་ངག་འདོན་ངོ་མཚར་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨ་ནཱིརྟཱི་ཤྭ་ར་ཡ། གསུང་གི་བདག་ཉིད་པདྨ་གར་དབང་ལྷ། །བདེ་གཤེགས་ཀུན་འདུས་བདེ་ཆེན་གསང་བའི་ལམ། །གང་དེའི་སྨིན་བྱེད་ཟབ་མོའི་དབང་གསུམ་གྱི། །གསལ་བྱེད་ལྷན་ཐབས་ངོ་མཚར་སྒྲོན་མེ་འགོད། །བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་སྨིན་བྱེད་དུ་སྤྲོས་མེད་མཆོག་དབང་རྣམ་གསུམ་སྐུར་བའི་ཚུལ་ལ་སྔོན་འགྲོ །དངོས་གཞི། མཇུག་གོ །དང་པོ་སྔོན་འགྲོ་ནི། སྐལ་ལྡན་གྱི་སློབ་མ་དད་པ་དང་ལྡན་ཞིང་བློ་ཡངས་རྒྱུད་དག་པ་བརྟུལ་ཞུགས་ཆེ་བ། ཕྱི་དཀྱིལ་དུ་བུམ་དབང་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་པ་གྲངས་བདུན་ལས་མི་མང་བ་ལ། རྩ་ཁྲིད་དང་འབྲེལ་ན་རྫོགས་རིམ་གྱི་གོང་དུའམ། གཞན་དུའང་དུས་སྐབས་ཅི་རིགས་པར་ཟབ་དབང་གསུམ་བྱ་བར་འདོད་ན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང་མཁའ་འགྲོ་མ་རྣམས་ཚོགས་ཀྱི་མཆོད་པ་ལ་སོགས་པས་མཉེས་པར་བྱས། དབེན་པའི་གནས་སུ་སྟེགས་བུ་གྲུ་བཞི་ཁྲུ་གང་བ་ལ་བདུད་རྩིས་ཆག་ཆག་གདབ། ཚོན་གྱིས་ཆོས་འབྱུང་གཉིས་བརྩེགས་འོད་སྐོར་པད་འདབ་བཞི་དང་བཅས་བྲིས་པའམ། རས་བྲིས་བཀྲམ་པས་ཀྱང་རུང་ལ་གང་ལྟར་ཡང་། དེའི་ཁར་མཉྫི་ལ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཆང་དང་བདུད་རྩི་ཆོས་སྨན་བླུག་པ་བཞག །དར་དམར་བཞི་བལྟབ་བམ་བརྒྱད་བལྟབ་ཀྱིས་ཁ་བཀབ་པའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་མ་རྡལ་ཆོས་འབྱུང་ཉིས་བརྩེགས་ས་བོན་ཧྲཱིཿལྷ་རྣམས་ཀྱི་སྔགས་དང་ཟུར་དྲུག་ཏུ་དགའ་འཁྱིལ་དང་བཅས་བྲིས་པ་བཞག །དེའི་ཁར་མན་ཤེལ་ཟུར་དྲུག་པ་གཅིག་བཀོད། སྟེང་ནས་དར་དམར་པོའི་གུར་ཕུབ་ནས་མི་མཐོང་བར་བྱེད། མཐར་ཕྱི་ནང་གི་མཆོད་པ་དང་། རྩ་བའི་མཆོད་གཏོར་བཀའ་སྲུང་གཏེར་སྲུང་གི་གཏོར་མ། སྨན་རཀྟ་རྣམས་ཀྱང་བཤམ། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཐོད་རྔ། ལས་བུམ། ནས་ཟེ། ཐུན་སྣོད། ལྷ་ཙཀ །སྒྲུབ་པོད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་བཟླས་པའི་བར་ལས་བྱང་བཞིན་ལས་སྐབས་འདིར་དོ་ལིའམ་ཁྱོགས་ཀྱི་བཟླས་པ་ལ་གཙོ་བོར་བྱེད་ཅིང་། ཚོགས་མཆོད་དང་ལྷ་ཆེན་སྨན་བཙུན་རྡོར་ལེགས་རྣམས་ཀྱི་གཏོར་འབུལ། སློབ་མ་འཇུག་པར་གནང་བ་ཞུ་བ་རྣམས་བྱ། དེ་ནས་གྲངས་བདུན་ལས་མི་མང་བའི་སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་བཏང་། སྲུང་འཁོར་གསལ་བཏབ་ནས། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད་ཅི་རིགས་པ་སྔོན་དུ་འགྲོ་བས། ཇི་སྐད་དུ། གང་ཞིག་རིམ་པ་གཉིས་པའི་ལམ༔ གུས་པ་དོན་དུ་གཉེར་བ་ལ༔ ཟབ་མོའི་དབང་གི་སྨིན་བྱེད་བཀའ༔ གཞན་དུ་འབྱུང་བ་བཞིན་དུ་བསྐུར༔ ཞེས་གསུངས་པ་བཞིན་སྒྲུབ་པར་བྱེད་པ་ལའང་། རྡོ་རྗེ་སློབ་དཔོན་དང་། སློབ་མའི་བགྱི་འོས་གཉིས་སུ་ཡོད་པ་ལས། སློབ་དཔོན་གྱིས་བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་བླ་མ་གོང་མའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལྷག་ཆད་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཡིན་པས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འཁོད་པར་མོས་ཏེ་སློབ་དཔོན་གསུང་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ་གསང་དབང་གི་དོན་དུ་མཎྜལ་ཕུལ་ཞེས་བརྡའ་སྦྱར། དེ་ལྟར་མཎྜལ་ཕུལ་ནས་བླ་མ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་ཡིད་དུ་འོང་བ་ཞིག་ཕུལ་བར་མོས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ གཟུགས་མཛེས་ལང་ཚོ་རྣམ་རྒྱས་པའི༔ གཟུངས་མ་འདི་ནི་འབུལ་ལགས་ཀྱིས༔ འདོད་དོན་བདེ་བ་དམ་པའི་མཆོག༔ དེ་རིང་བདག་གིས་ཐོབ་པར་མཛོད༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཇལ་བ་མཚོན་པའི་བརྡར་སྤྱན་དར་འཆིང་བར་མཛོད། ཨོཾ་ཨཱཿཧཱུྃ་གིས་གསེང་རས་དམར་པོའི་མིག་དར་འཆིང་། དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ནི། སློབ་མ་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲངས་ཏེ་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་བསྐྱེད་པའི། ལུས་ཀྱི་ནང་དར་དམར་གྱི་ལྡིང་གུར་ཕུབ་པ་ལྟ་བུའི་ལྟེ་བར་ཆོས་འབྱུང་གྲུ་གསུམ་དམར་པོ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ནང་ཁོངས་སུ་རཾ་ཡིག་དམར་པོ་མེའི་རང་བཞིན་ཅན་གསལ་འཚེར་འོད་དུ་འབར་བར་བསམས་ལ། བླ་མའི་ལྟེ་བ་ནས་རཾ་ཡིག་དམར་པོ་མེ་སྟག་འཕྲོས་པ་ལྟར་བྱུང་། སློབ་མའི་ལྟེ་བའི་རཾ་ལ་བསྟིམས་པས་བདེ་བ་བཟོད་མེད་དུ་འབར་བའི་མོས་པ་མཛོད། བྱས་ལ་ཡབ་ཡུམ་གྱི་རྩ་སྔགས་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་བཞིན་དུ་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། དེ་ནས་གསུང་རྡོ་རྗེའི་ངོ་བོ་བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཏིལ་གྱི་གོང་བུ་བཞིན་གང་བར་བཞུགས་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་བུ་གར་ཨོཾ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་བརྒྱད་དམར་པོ་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པར་མོས་ཏེ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས། མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་མཉམ་པའི་ལུས་དཀྱིལ་གྱི་ལྷ་ཚོགས་ཐམས་ཅད་ཀྱང་འདོད་ཆགས་ཆེན་པོའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ། རྡོ་རྗེའི་རྩེ་མོར་འདུས་ནས་ལྷན་སྐྱེས་ཀྱི་བདེ་ཆེན་ཉམས་སུ་མྱོང་བར་མཛད་པའི་བྱང་སེམས་བདུད་རྩི་དཀར་དམར་རོ་གཅིག་ཏུ་འདྲེས་པར་མོས་པའི་དམ་རྫས་འདི་ཉིད་ལྕེ་ཐོག་ཏུ་བཞག་པར་བྱ་བ་ཡིན་ཏེ། ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱར་བའི༔ བདུད་རྩིའི་བཅུད་མཆོག་བདེ་བ་ཆེ༔ བྱང་ཆུབ་སེམས་ནི་དག་པ་འདིས༔ རྟོག་པའི་དྲི་མ་བསལ་བར་བྱ༔ ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་ཐོད་པའི་བདུད་རྩི་ནས་བྱིན་པ། སློབ་མས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་འཐུང་དུ་འཇུག །དེ་ལྟར་མྱངས་པའི་བདུད་རྩི་དེ་ཉིད་མགྲིན་པ་ནས་ཆེས་ཆེར་འཕེལ་བས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྟོག་པ་འགགས། ཕྲ་བའི་སྒོ་གསུམ་བྱིན་གྱིས་བརླབས། རླུང་ཁ་སྦྱོར་དུ་བཅིངས་པས་འབར་འཛག་གི་ཞུ་བ་དེས་ལྷན་སྐྱེས་ཀྱི་ཡེ་ཤེས་གསལ་སྟོང་ནམ་མཁའ་དང་མཉམ་པ་སྐྱེས་པར་བསམ་མོ། །དེ་ནས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཇལ་བ་མཚོན་པའི་བརྡར་མིག་དར་བསལ་ལ། རྟོགས་པ་བརྗོད་པ་ནི༔ བདེ་དང་སྟོང་པ་དབྱེར་མེད་པ༔ དེ་ཉིད་ལྟོས་དང་ངོས་བཟུང་བྲལ༔ རང་བཞིན་ལྷན་ཅིག་སྐྱེས་པའི་ངང༔ ཐམས་ཅད་རོ་མཉམ་བདེ་བ་ཆེ༔ ཞེས་བརྗོད། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དང་གཏུམ་མོ་བསྒོམ་པ་ལ་དབང་། རྒྱུའི་ས་དགུ་པ་དང་སྐལ་བ་མཉམ་ཞིང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་གསང་དབང་ཐོབ་པའི་གཏང་རག་དང་། སླར་ཡང་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་གནས་པའི་འདུན་པས་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ་ཤེར་དབང་གི་དོན་དུ་མ་རྡལ་ཕུལ། དེ་ནས་བླ་མ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ༔ གཉིས་མེད་སྦྱོར་བ་ལས་བྱུང་བའི༔ བདེ་ཆེན་ཡེ་ཤེས་མི་གཡོའི་མཆོག༔ མངོན་སུམ་ཉམས་སུ་མྱོང་བར་མཛོད༔ ཅེས་གསོལ་བ་གདབ། གསང་བ་བྷ་གའི་དཀྱིལ་འཁོར་མ་མཇལ་བ་མཚོན་པའི་བརྡར་མིག་དར་ཆིངས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ནས་དངོས་གཞིའི་དོན་དུ་ཡེ་ཤེས་དབབ་པ་ནི། སློབ་མ་ལུས་གནད་དྲང་པོར་བསྲངས་ཏེ་གར་དབང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་སྨིན་མཚམས་སུ་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བ་ཞིག་བསམས་ལ། བླ་མའི་སྨིན་མཚམས་ནས་གཡུང་དྲུང་དམར་པོ་གྲངས་མེད་པ་འཕྲོས། སློབ་མའི་སྨིན་མཚམས་ཀྱི་གཡུང་དྲུང་ལ་ཐིམ་པས་དེ་ཉིད་དྲག་ཏུ་འཁོར་བས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པ་ལ་རྩེ་གཅིག་ཏུ་སེམས་བཟུང་ཞིང་། ཡབ་ཡུམ་གྱི་རྩ་སྔགས་ལ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། དེ་ནས་བླ་མ་དང་ལྷ་གཉིས་སུ་མེད་པ་ཐུགས་རྡོ་རྗེ་ཁ་སྦྱོར་གྱི་ངོ་བོར་བཞུགས་པས་མཚན་ཉིད་དང་ལྡན་པའི་གཟུངས་མར་བསྐྱེད་པའི་སིནྡྷུ་རའི་མཎྜལ་ལག་གཡོན་དུ་གཏད་ལ། དགའ་བའི་གནས་ཆེན་གཟུངས་མ་འདི༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ འདི་ཟུངས་ཁྱོད་ཀྱིས་མཆོད་པར་གྱིས༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ ཅེས་བརྗོད། དེ་ནས་ཕྱག་རྒྱ་དེས་ལུས་གཅེར་བུར་གནས་པས་པདྨ་བསྟན་ནས། བདུད་རྩི་བཟའ་དང་བཏུང་བ་དང༔ ཁྲག་དང་ཁུ་བ་དེ་བཞིན་ཏེ༔ བུད་མེད་རྟག་གུས་བྷ་གའི་རྡུལ༔ འཇིབ་པར་ནུས་སམ་རྡོ་རྗེ་ཅན༔ ཞེས་སྤྲོ་བ་དྲིས་པའི་ལན་དུ་འདི་ཉིད་རྗེས་ཟློས་མཛོད། ལྷ་མོ་ཁུ་ཁྲག་སོགས་ཟ་ཞིང༔ བུད་མེད་རྟག་གུས་རིགས་ལྡན་མ༔ ཅི་ཕྱིར་བདག་ནི་བསྟེན་མི་སྤྲོ༔ ཞེས་ལན་བཏབ་པ་ལ་རྣམ་རྟོག་མེད་པར་མཐོང་བས་དགྱེས་ནས། ཨེ་མ༔ ང་ཡི་བྷ་ག་གསང་ཆེན་འདི༔ བདེ་བ་ཀུན་དང་ཡང་དག་ལྡན༔ གང་ཞིག་དད་པས་བསྟེན་བྱེད་པ༔ དེ་ལ་མཆོག་གི་དངོས་གྲུབ་ཡོད༔ ཨོཾ་ཨཱཿཧཱུྃ་བྷཉྫ་མོཀྵ་ཧཾ༔སྟེ་ཐར་པ་བརྟེན་པར་གྱིས་ཞེས་པའི་སྔགས་དོན་གྱིས་པང་དུ་བྱོན་པར་བསམས་ལ། སློབ་མ་ཐུགས་རྗེ་ཆེན་པོ་ཡབ་དང་། རིག་མ་གསང་བ་ཡེ་ཤེས་ཡུམ་དུ་གསལ་བའི་གཉིས་ཀའི་ལུས་ཀྱི་རྩ་འཁོར་ལོ་ལྔ་ལ་དཔའ་བོ་རིགས་ལྔ་དང་། མཁའ་འགྲོ་རིགས་ལྔ་ཡབ་ལ་ཡབ་དང་ཡུམ་ལ་ཡུམ་རྣམས་སོ་སོར་བསྐྱེད་པ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་བུ་གར་ཨོཾ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་བརྒྱད་འོད་ཟེར་འབར་བའི་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པར་མོས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་རླུང་གཡོས་གཏུམ་མོའི་མེ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པར་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། ནོར་བུར་ཕྱིན་པས་ལྷན་སྐྱེས་ཀྱི་དགའ་བ་རྣམས་ཉམས་སུ་མྱོང་བར་བསམ། སླར་ཡང་ཧཱུྃ་ཞེས་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་ཤར་ཏེ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་འོད་གསལ་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ངོ་བོར་ཆོས་ཐམས་ཅད་རོ་མཉམ་པར་བལྟ་ཞིང་། དེ་ཉིད་ཀྱི་ངང་ལ་དར་གཅིག་མཉམ་པར་ཞོག་མཛོད། དེ་རྗེས་གསང་བ་བྷ་གའི་དཀྱིལ་འཁོར་མཇལ་བ་མཚོན་པའི་བརྡར་མིག་ཕྱེ་ལ། རྟོག་པ་བརྗོད་པ་ནི༔ རྨོངས་པ་གང་ཞིག་འདིས་འཆིང་འགྱུར༔ མཁས་རྣམས་རྣམ་པར་གྲོལ་བའི་ཐབས༔ བདེ་ཆེན་འདི་ལས་རྒྱལ་བ་ཀུན༔ བྱང་ཆུབ་སྙིང་པོར་མངོན་འཚང་རྒྱས༔ འདི་ལས་ཐབས་གཞན་གྱིས་གྲོལ་བའི༔ ལམ་དེ་གང་ཡང་ཡོད་མིན་ནོ༔ ཞེས་བརྗོད། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་པ་དང་སྐལ་པ་མཉམ། མཐར་ཐུག་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་གཏང་རག་དང་། སླར་ཡང་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འཁོད་པའི་འདུན་པས་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ་དབང་བཞི་པའི་དོན་དུ་གསེར་གྱི་མ་རྡལ་ཕུལ། དེ་ནས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཆེ༔ གཟུང་འཛིན་གཉིས་མེད་བདེ་བ་ཆེ༔ ཡང་དག་ཡེ་ཤེས་མཆོག་གི་དངོས༔ བཞི་པའི་དབང་བསྐུར་བདག་ལ་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཇལ་བ་མཚོན་པའི་བརྡར་མིག་དར་ཆིངས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། སློབ་མ་རྣམས་ལངས་ནས་ལུས་གནད་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དྲང་པོར་བསྲངས་པའི་སྙིང་གར་རིག་པ་ཡེ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་འོད་ཟེར་ལྔའི་གོང་བུར་འབར་བ་ལ། བླ་མའི་ཐུགས་ཀ་ནས་ཨ་དཀར་པོ་གྲངས་མེད་པ་འཕྲོས་ནས། སློབ་མའི་སྙིང་གའི་ཨ་ལ་སིབ་སིབ་ཐིམ་པར་བསམས་ལ། ཨ་ཨ་ཨ་ཞེས་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། དེ་ནས་ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་སྔར་འདས་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ལ་ཡང་བཟོ་བཅོས་མེད་པར་སེམས་གང་ཤར་གྱི་ངོ་བོ་ལ་ལྷོད་ཀྱིས་གློད་དེ་རང་སོར་འཇོག་ཏུ་བཅུག་ལ། མན་ཤེལ་མིག་ལ་བསྟན་ནས། ཧོ༔ རྩ་བ་བྲལ་བའི་སེམས་ཉིད་ནི༔ གདོད་ནས་མ་སྐྱེས་དངོས་པོ་མེད༔ སྒོམ་མེད་བསྒོམ་པར་བྱ་བའང་མེད༔ ཐམས་ཅད་གདོད་ནས་དག་པ་སྟེ༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ དེ་ཕྱིར་དངོས་པོ་དངོས་མེད་གང༔ སངས་རྒྱས་ཀུན་གྱི་དེ་ཉིད་དོ༔ ཞེས་པས་སེམས་ཀྱི་ངོ་བོ་བསྟན་ལ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་ཞིང་བདེ་གསལ་མི་རྟོག་པའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངོ་བོ་ནམ་མཁའ་ལྟ་བུ་དེའི་ངང་ལས་གཡོ་བ་མེད་པར་དར་གཅིག་མཉམ་པར་འཇོག་མཛོད། དེ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཇལ་བ་མཚོན་པའི་བརྡར་མིག་ཕྱེ། རྟོགས་པ་བརྗོད་པ་ནི༔ འཁོར་བ་མྱ་ངན་འདས་པའི་ཆོས༔ ཐམས་ཅད་རོ་མཉམ་ཆོས་ཉིད་ངང༔ སྤང་བླང་དགག་སྒྲུབ་རེ་དོགས་བྲལ༔ གང་ཤར་ཆོས་སྐུའི་རོལ་པ་འོ༔ ཞེས་བརྗོད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་བྱང་། ཟབ་མོའི་དོན་དབང་ཐོབ་པས་ཆོས་ཐམས་ཅད་ལ་བཟང་ངན་བླང་དོར་དང་བྲལ་བའི་ལམ་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་བསྒོམ་པ་ལ་དབང་། རྒྱུའི་ས་བཅུ་གཅིག་པ་དང་སྐལ་བ་མཉམ། མཐར་ཐུག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་ཟབ་མོའི་དབང་རྣམས་ཐོབ་ནས་དབང་སྲོག་དམ་ཚིག་གིས་འཛིན་དགོས་པས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་ལ་བསྡོས་ཏེ་བསྲུང་བ་དང་། རང་དོན་དུ་བསྐྱེད་རྫོགས་ཟབ་མོ་ཉམས་སུ་ལེན་པ་དང་། གཞན་དོན་དུ་གདུལ་བྱའི་སྐལ་བ་དང་ཇི་ལྟར་འཚམ་པ་སྟོན་ཅིང་། དེ་ལས་གཞན་དུ་ཚུལ་འདི་སྨྲ་བར་མ་བྱེད་ཅིག་པའི་སྒོ་ནས་མནའ་རྒྱས་གདབ་པ་ནི། སློབ་མའི་སྤྱི་བོར་ལྷ་ཚོགས་རྣམས་ཀྱི་སྐུ་དང་སྒྲུབ་པོད། སྙིང་གར་རྡོ་རྗེ་བཞག །བདུད་རྩི་ལྕེ་ལ་བྱིན། བཀའ་སྲུང་གི་གཏོར་མ་ལག་ཏུ་གཏད་ནས། ཀྱཻ༔ འདིར་ནི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དཔང་པོར་བཞུགས་སོ་རིགས་ཀྱི་བུ༔ ཁྱོད་ཀྱིས་གསང་ཆེན་ལམ་འདིར་ནི༔ བླ་མ་ལྷ་ལ་རྟག་གུས་ཤིང༔ ཐུན་མོང་བསླབ་བྱ་ནས་བརྩམ་སྟེ༔ གསང་ཆེན་སྡོམ་པ་བླ་མེད་བར༔ སྲོག་གི་ཕྱིར་ཡང་འདོར་མི་བྱ༔ གལ་ཏེ་དམ་ཚིག་ལས་འདས་ན༔ མི་བཟད་སྡུག་བསྔལ་མ་སྤང་བར༔ དམྱལ་བའི་མེ་ཡིས་བསྲེག་པར་འགྱུར༔ དེ་བས་བརྟུལ་ཞུགས་བརྟན་པར་གྱིས༔ ཞེས་བསྒོས་པ་ལ་ཁས་བླང་བ་འདིའི་རྗེས་ཟློས་མཛོད། འདི་བཟུང་བྱང་ཆུབ་མ་ཐོབ་བར༔ ཁྱེད་སྤངས་སྐྱབས་གཞན་རྨི་ལམ་དུའང༔ སྲོག་འདོར་ནས་ནི་བསྟེན་མི་བྱེད༔ གཞན་ཡང་དེ་བཞིན་སྡོམ་པ་ཀུན༔ རྟག་ཏུ་གུས་པས་བསྲུང་བར་བགྱི༔ གང་ཞིག་འདས་ན་མི་བཟད་པའི༔ སྡུག་བསྔལ་དང་བཅས་མགོ་བོ་ཁོས༔ བཛྲ་ས་མ་ཡ་ན་ར་ཀན༔ ཞེས་བརྗོད། དེ་ལྟར་དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་གཏང་རག་གི་ཡོན་དུ་དམིགས་ནས་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། །སོགས་ཀྱིས་ཡོན་འབུལ། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་པར་བྱའོ། །གསུམ་པ་མཇུག་ཆོག་ནི། ལྷག་མ་བཏང་བ། གཏོར་མ་འབུལ་བ། གཏང་རག་མཆོད་བསྟོད། ནོངས་བཤགས། ཉེར་བསྡུ། ལྷར་ལྡང་བ། བསྔོ་སྨོན་ཤིས་བརྗོད་རྣམས་མཐའ་རྒྱས་སུ་བྱ་དགོས་སོ། །དེ་ལྟར་བཤད་མ་ཐག་པ་ནི། རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྔོན་འགྲོ་མཆོག་དབང་གསུམ་རྒྱས་པར་བསྐུར་བའི་ཕྱག་ལེན་སོར་བཞག་ཡིན་ཞིང་། གཞན་དུ་ཁྲིད་དང་མ་འབྲེལ་བའི་སྤྲོས་བཅས་བུམ་དབང་དང་རྗེས་འབྲེལ་དུ་གོང་མའི་དབང་གསུམ་རྒྱས་པར་བྱེད་ནའང་བདག་མདུན་དབྱེར་མེད་ཀྱི་སྒྲུབ་མཆོད། སློབ་མའི་བྱ་བ་ཁྲུས། བགེགས་བསྐྲད། སྲུང་འཁོར། ཆོས་བཤད་རྣམས་གཉིས་གོ་གཅིག་ཆོད་དུ་བྱ་བ་ལས་དབང་སྐུར་ཐབས་འདི་ནང་བཞིན་བྱས་ན་དགོས་དོན་འགྲུབ་བོ། །ཡང་སློབ་མ་ཐུན་མོང་བ་རྣམས་ལ་མཆོག་དབང་གོང་མ་གསུམ་ཟོར་ཡང་བའི་ལུགས་སུ་བྱས་ནས་སྤྲོས་བཅས་བུམ་དབང་གི་མཇུག་ཏུ་བྱེད་པར་འདོད་ན། ལྷན་ཐབས་སྙིང་པོའི་མཛེས་རྒྱན་གྱི་ནང་བཞིན་བདག་འཇུག་ཉིད་ཀྱི་ཚིག་ཟུར་བསྒྱུར་ནས་དབང་བཞིའི་གྲངས་ཁ་སྐོང་བར་བྱས་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཨོ༵་རྒྱ༵ན་དགོངས་པའི་བཅུད་ཕྱུངས་གར་དབང་ལྷའི། །སྨིན་བྱེད་ཟབ་དབང་གསུམ་གྱི་གསལ་བྱེད་ལམ། །འདི་བཀོད་ལམ་འདིའི་བ༵སྟན་པ་དར་རྒྱས་ཤིང་། །གཟུང་འཛི༵ན་འཆིང་གྲོལ་རྡོ༵་རྗེ༵་གསུམ་འགྲུབ་ཤོག །ཅེས་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་མེད་མཆོག་དབང་རྣམ་གསུམ་སྐུར་ཐབས་ཀྱི་གསལ་བྱེད་ལྷན་ཐབས་བཀླག་ཆོག་ནག་འགྲོས་སུ་བཀོད་པ་ངོ་མཚར་སྒྲོན་མེ་ཞེས་བྱ་བ་འདི་ནི། མདོ་ཁམས་ཞེ་ཆེན་དགོན་གྱི་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་གྱི་དགོངས་པ་བསྐང་ཕྱིར་དུ་རྨོངས་བརྟུལ་ཨོ་ཌི་ཡཱ་ན་ཤཱ་ས་ན་དྷ་ར་བཛྲ་གྱིས་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན་བྲིས་པའོ། །སརྦ་དཱ་མངྒ་ལཾ།། །།

རྩ་གསུམ་དྲིལ་སྒྲུབ་ཀྱི་དོན་དབང་གི་མཚམས་སྦྱོར་ཉུང་ངུར་བསྡུས་པ་སྨིན་བྱེད་སྙིང་པོའི་ནོར་བུ་ (Volume 4, Text 20)

༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་དོན་དབང་གི་མཚམས་སྦྱོར་ཉུང་ངུར་བསྡུས་པ་སྨིན་བྱེད་སྙིང་པོའི་ནོར་བུ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། རྩ་གསུམ་དྲིལ་སྒྲུབ་ཀྱི་གཏོར་དབང་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་ཞིང་ཡིད་དང་མཐུན་པར་དུས་ཁྱད་པར་ཅན་གྱི་ཚེ། སྟེགས་བུ་ཁེབས་ལྡན་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་མཉྫིའི་ཁར་བླ་མའི་གཏོར་མ་དམར་ཟླུམ་པད་འདབ་བཞི་དང་མཚམས་སུ་མཐེབ་ཀྱུ་རིལ་བུ་དང་བཅས་པ་རྒྱན་སྤྲོས་གང་མཛེས། ཚེ་དབང་དང་འབྲེལ་ན་དེའི་མདུན་དུ་ཚེའི་འབྲང་རྒྱས། གཡས་སུ་བདུད་རྩི། གཡོན་དུ་ཚེ་རིལ། མདུན་དུ་སྨན་གཏོར་རཀྟ། ཉེར་སྤྱོད། སྲུང་མའི་གཏོར་འབུལ། སློབ་དཔོན་མདུན་དུ་ཚེ་མདའ། ལས་བུམ། རྡོར་དྲིལ། ཌཱ་མ་རུ། ནང་མཆོད། ཡུངས་ཐུན། འབྲུ་ཕོར་སོགས་དང་། ཉེ་ལོགས་ཅི་བདེར་ཚོགས་ཀྱི་ལོངས་སྤྱོད་དང་། སྔོན་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་མཛེས་པར་བསྟར། གཉིས་པ་ནི། རྩ་བ་གསུམ་གྱི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས། ཕྲིན་ལས་སྙིང་གི་ནོར་བུའི་གཞུང་བསྲངས་ལ་བཟླས་པ་ཇི་ལྟར་རིགས་པ་དང་། མཆོད་བསྟོད་དང་ཡི་གེ་བརྒྱ་པ་བརྗོད། ཚེ་སྒྲུབ་དང་འབྲེལ་ན་ཚེ་འགུགས་བསྐུལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱ། དེ་ནས་བསང་མཆོད་བྱ་བའམ། དབང་སྒྲུབ་ཀྱི་སྐབས་མ་གྲུབ་ཀྱང་། གཏོར་བསྔོ་དང་ཚོགས་སྐོང་རྗེས། རིག་པའི་མེ་ཏོག་དོར་བའམ་ཏིང་ངེ་འཛིན་གྱིས་དབང་བླང་བ་དང་། སློབ་མ་འཇུག་པར་གསོལ་བ་གདབ་པ་རྣམས་བྱའོ། །གཉིས་པ་ནི། སློབ་མ་རྣམས་འདུས་པ་ན་ཁྲུས། བགེགས་གཏོར། སྲུང་འཁོར། སེམས་བསྐྱེད་གསལ་གདབ་སོགས་ཆོས་བཤད་ཇི་ལྟར་རིགས་པ་ལས། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པའི་ནང་ཚན་ཉེ་བརྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་འགྲོ་འདུལ་སངས་རྒྱས་བླ་མས་གློ་བོ་དགེ་དཀར་གྱི་གཙུག་ལག་ཁང་ནས་སྤྱན་དྲངས་པར་མཛད་པའི་གུ་རུའི་ཐུགས་སྒྲུབ་ཀུན་གྱི་ཕྱི་མོ་རྩ་བ་གསུམ་གྱི་ཞལ་གདམས་ཀྱི་སྐོར་རྣམས། པདྨ་འོད་གསལ་མདོ་སྔགས་གླིང་པར་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་ལ་བསྩལ་ཏེ་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཕྲིན་ལས་སྙིང་གི་ནོར་བུ་དང་རྗེས་སུ་འབྲེལ་བར་བྱིན་རླབས་སྙིང་པོ་དོན་གྱི་གཏོར་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །རྩ་བ་གསུམ་གྱི་དབང་བསྐུར་སྩོལ། །རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པ་མཐའ་བཞིའི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། སྔར་གསལ་བཏབ་བཞིན་པའི་ཚོགས་ཞིང་དང་། སློབ་དཔོན་དཔང་པོར་བྱས་ཏེ་དམིགས་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འདོད་པས། སྒྲུབ་པར་བྱེད་པའི་ཐབས་སོ་བྱང་སྔགས་གསུམ་གྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་པ་ལ་བརྟེན་ནས། གྲུབ་པའི་འབྲས་བུ་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་དགོད་པར་བགྱིའོ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བའི་བློས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་དང་གཞལ་མེད་ཁང་ཆེན་པོ་དབྱིབས་དང་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་ལ་དམར་བའི་མདངས་ཆགས་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་སྐུ་མདོག་དཀར་དམར་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་སྡིགས་མཛུབ་དང་བཅས་པས་འཕྱར་སྟབས་སུ་འཛིན་པའི་རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀའི་སྤྲུལ་པའི་སྤྲིན་ཕུང་སྤྲོ་བ། གཡོན་པས་མཉམ་གཞག་གི་སྟེང་ན་ཐོད་པ་དང་། འཆི་མེད་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོ་བས་སྲིད་ཞིའི་ཚེ་བཅུད་འགུགས་པ། གྲུ་མོ་གཡོན་དུ་ཡུམ་མནྡཱ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་གའི་རྣམ་པར་འཆང་བ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག ཆོས་གོས་རྣམ་གསུམ་དམར་སེར། ཟ་འོག་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་བ། དབུ་ལ་ཤེའུའི་སྙན་ཞུ་བརྗིད་པས་མཛེས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སྣང་སྲིད་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲུགས་པའི་ཀློང་ན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་ཐུགས་ཀར་རབ་ཏུ་རྒྱས་པའི་པད་ཉིའི་དབུས་སུ་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པ་ལ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོས་འཁྱུད་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤྱི་བོར་རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་ཏུ་མེད་པ། གཞན་ཡང་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས་འདབས་འཁོར་ན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་ལ་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། དེ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཌཱ་དྲིལ་འཁྲོལ་ཞིང་སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ པདྨ་འོད་དང་དབང་དྲག་འབར་བའི་ཞིང་། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་དཀྱིལ་འཁོར་ནས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ནི། གཏོར་མ་ལ་ཤེས་དུས་རྣམ་པ་བཞིར་ཡོད་པ་ལས། སྐབས་འདིར་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་སོགས་ནས། ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས་ཞེས་པའི་བར་སློབ་མ་ལྷར་བསྐྱེད་པའི་སྐབས་ལྟར་ལ། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་ཞིག་མཛད་པ་ལ་བརྟེན་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་ཕྲེང་བ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཤིང་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཅེས་བརྡ་སྤྲད་ལ་གཏོར་མ་སྤྱི་བོར་བཞག་སྟེ། ཨོཾ། རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཀྱི། །སྐུ་ཡི་བྱིན་རླབས་སློབ་མའི་ལུས་ལ་ཞུགས། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས། །མི་ཕྱེད་རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སླར་ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿཡིག་གི་ཕྲེང་བ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་ཤིང་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། གཏོར་མ་མགྲིན་པར་བཞག་ལ། ཨཱཿ རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཀྱི། །གསུང་གི་བྱིན་རླབས་སློབ་མའི་ངག་ལ་ཞུགས། །ངག་གི་ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས། །མི་ཕྱེད་རྡོ་རྗེའི་གསུང་དང་དབྱེར་མེད་ཤོག །རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་རང་རང་གི་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་ངག་གྲགས་སྟོང་གཞོམ་མེད་སྔགས་ཀྱི་སྒྲ་དབྱངས་སུ་དག་པར་གྱུར་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་གནང་བར་ཞུ། ཞེས་བརྡ་སྤྲད་ལ་ཕྲིན་ལས་ཀྱི་སྐབས་ནས་འབྱུང་བའི་སྔགས་རྣམས་ལན་གསུམ་རེ་རྗེས་ཟློས་བྱེད་དུ་གཞུག །སླར་ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་ཡིག་གི་ཕྲེང་བ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་ཤིང་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ། རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཀྱི། །ཐུགས་ཀྱི་བྱིན་རླབས་སློབ་མའི་ཡིད་ལ་ཞུགས། །ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས། །མི་ཕྱེད་རྡོ་རྗེའི་ཐུགས་དང་དབྱེར་མེད་ཤོག །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་གསུམ་འབྲུ་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས་ཤིང་ཐིམ། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ། རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཀྱི། །གསང་གསུམ་བྱིན་རླབས་སློབ་མའི་རྒྱུད་ལ་ཞུགས། །སྒོ་གསུམ་ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས། །ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ མཐར་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དང་། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། ལྷ་འོད་དུ་ཞུ་བའི་གཏོར་ཟན་བདུད་རྩིའི་རང་བཞིན་དངོས་གྲུབ་རྒྱ་མཚོའི་བཅུད་དུ་འཁྱིལ་བ་འདི་ཉིད་ཀྱང་མྱངས་པ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད། གཏོར་ཟན་ཅུང་ཟད་བདུད་རྩི་དང་བཅས་ཏེ་སྦྱིན། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་བཟླ་བཞིན་རོལ་དུ་གཞུག །གཏོར་དབང་རྐྱང་པ་ལ་འདིའི་མཐར་ཤིས་བརྗོད་སོགས་བྱས་པས་གྲུབ། ཚེ་དབང་དང་སྦྲེལ་ན། མཐའ་རྟེན་བཀྲ་ཤིས་ཚེའི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་སློབ་དཔོན་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བའི་ཕྱག་གཡོན་གྱི་བུམ་ཐོད་ལས་འོད་ཟེར་ཁ་དོག་ལྔ་ལྡན་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡོབ་ལ། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་ཆད་ཉམས་ཡར་བ་དང་། །ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །གསང་བ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་སྡུས། །བདག་དང་སྒྲུབ་པའི་རྫས་ལ་སྟིམས། །རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་ཚེ་འགུགས་བསྐུལ། ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་སྐུའི་དབང་བསྐུར་བའི་སླད་དུ་ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཚེ་ལྷ་རབ་འབྱམས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། སྐུ་རྡོ་རྗེ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། ཨོཾ། བཀྲ་ཤིས་འོད་གསལ་སྙིང་པོའི་བུམ་པ་ན། །འཆི་མེད་པདྨ་ཚེ་ཡི་ལྷ་ཚོགས་བཞུགས། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །མི་ཕྱེད་རྡོ་རྗེ་སྐུ་ཡི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཚེ་ཡི་བདུད་རྩི་ཐོགས་ལ། གསུང་གི་དབང་བསྐུར་བའི་སླད་དུ་འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་པ་འདི་ཉིད་མགྲིན་པར་བཞག་ཅིང་མྱངས་པ་ལ་བརྟེན་ནས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་ཐིམ་སྟེ། གསུང་རྡོ་རྗེ་མི་ཤིགས་པ་ནཱ་དའི་སྲོག་ཏུ་གྱུར་པའི་མོས་པ་མཛོད། ཨཱཿ འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་ཀུན། །འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འགག་མེད་པདྨ་གསུང་གི་ཚེ་ཐོབ་ཤོག །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། ཚེ་རིལ་ཐོགས་ལ། ཐུགས་ཀྱི་དབང་བསྐུར་བའི་སླད་དུ་སྲིད་པ་དང་ཞི་བའི་ཚེ་བཅུད་རིལ་བུའི་གཟུགས་སུ་ཤར་བ་སྙིང་གར་བཞག་ཅིང་མྱངས་པ་ལ་བརྟེན་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་འདྲེས། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། སྲིད་ཞིའི་སྙིང་པོ་མི་འགྱུར་ཚེ་ཡི་རྫས། །བྱང་ཆུབ་སེམས་ཀྱི་ཐིག་ལེར་དབྱེར་མེད་པ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འོད་གསལ་སྙིང་པོ་ཐུགས་ཀྱི་ཚེ་ཐོབ་ཤོག །སྔགས་མཐར་ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་སྙིང་ཁར་བཞག་ལ་རིལ་བུ་སྦྱིན། རྒྱས་གདབ་པར་བྱ་བའི་སླད་དུ་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་གྱུར་ཏེ་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པ་དང་ལྷན་ཅིག་ཏུ་འོད་གསལ་གཉུག་མ་ཁྱབ་གདལ་གྱི་དབྱིངས་སུ་མཉམ་པར་བཞག་པས་ཅིས་ཀྱང་མི་ཆོད་མི་ཤིགས་པ་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་པའི་མོས་པ་མཛོད། ཨ། སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང་། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག །ཛྙཱ་ན་བཛྲ་རཀྵ་ཨ་ཨ། ཞེས་བརྗོད་ཅིང་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྟགས་རྫས་སྣ་བདུན་བཅས་སྦྱིན། གང་ལྟར་ཡང་ཤིས་བརྗོད་རྒྱས་པར་བྱ། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ་ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་བཟུང་བཀྲ་ཤིས་ཀྱི་བར་ལས་གཞུང་ལྟར་བྱས་པས་གྲུབ་བོ། །ཞེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་བཀྲ་ཤིས་པའི་ལྷ་རྫས། གཏེར་བྱོན་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་བཅས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀའ་བསྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ཕེབས་པ་གུས་པས་མཆོད་ཀྱང་སྙོམ་ལས་ཀྱི་ངང་དུ་ཡུན་རིང་པོར་ཐལ་བ། སླད་ནས་དོན་གཉེར་ཅན་དུ་མས་ཀྱང་ཡང་ཡང་བསྐུལ་བའི་བཞེད་སྐོང་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བའི་དགེ་བས་མཁའ་ཁྱབ་ཀྱི་འགྲོ་ཀུན་སྨིན་ཅིང་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ཕྱག་དྲུག་པའི་སྒྲུབ་ཐབས་ (Volume 37, Text 20)

༁ྃ༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ཕྱག་དྲུག་པའི་སྒྲུབ་ཐབས་བཞུགས་སོ༔ བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དེ་ཡི་ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་སྒྲུབ་པ་ལ༔ དབེན་པའི་གནས་སུ་དུར་ཁྲོད་ས་ལ་སྟེགས་བུ་གྲུ་བཞི་པ་བྱས་པའི་ཁར༔ དྲག་པོའི་གཞལ་ཡས་ཁང་ནང་ཁྲག་ཞག་འཁྲུགས་པའི་ཀློང་དུ་འཁོར་ལོ་རྩིབས་བཞི༔ ལྷ་གནས་རྣམས་སུ་ཕྱག་མཚན་གྱིས་མཚན་པ༔ ཕྱི་རོལ་དུར་ཁྲོད་ཀྱི་ས་གཞི་རྡོར་རྭ་མེ་རི་བྲི༔ དབུས་སུ་རོ་རས་སམ་ཞིང་ཆེན་ལ་བྲིས་པའི་སྐུ་ཁྲུ་གང་པ་རྒྱབ་ཏུ་སྔགས་བྱང་གིས་མཚན་པ༔ དར་ནག་འཁོར་ལོ་རྩིབས་བཞི་པ་བྲིས་པའི་དབུས་སུ་མགོན་པོའི་སྲོག་སྔགས་དང༔ ཏྲག་རཀྴ་བྷྱོ༔ རྩིབས་བཞི་ལ༔ ཀྵེ་ཏྲ་ཧ་ན་ཧཱུྃ༔ ཊཱ་ཀི་རཱ་ཛ་ཡ༔ ཛི་ན་མི་ཏྲ་ཧྲིང༔ རཀྴད་ཛ༔ མུ་ཁྱུད་ལ༔ མགོན་པོ་འཁོར་དང་བཅས་པ་རྟེན་འདིར་བཞུགས་ནས་ཕྲིན་ལས་རྣམ་བཞི་མཛད་དུ་གསོལ༔ ཞེས་བྲིས་ལ་དཔའ་བོ་གཡུལ་དུ་བསད་པའི་སྙིང་དང༔ རྡོ་ནག་གྲུ་གསུམ་ལ་གསེར་གྱིས་ཧཱུྃ་བྲིས་པ༔ རིན་པོ་ཆེ་འབྲུ་སྨན་དང་བཅས་ཏེ་ལྕགས་ཀྱི་གྭའུ་གྲུ་གསུམ་པའི་ནང་དུ་བཞག༔ ཤ་ཁྲག་གིས་བརྒྱན་པའི་གཏོར་མ་ཁྲུ་གང་བ༔ འཁོར་ལྔ་ཡི་མཆོད་གཏོར་དྲག་པོའི་མཆོད་སྤྲིན་ཅི་འབྱོར་པ་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བགེགས་བསྐྲད་མཚམས་གཅད་རྣམས་བྱ༔ གཏོར་མ་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུ༔ བྷནྡྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གསལ་བའི་སྟེང་དུ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས༔ ཡེ་ཤེས་ཀྱི་བདུད་རྩི་བཀུག༔ གཏོར་མ་ལ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ༔ རྣམ་པ་ཤ་ཁྲག་གི་ཕུང་པོར་གྱུར་པར་བསམ༔ དཀྱིལ་འཁོར་དུ་མགོན་པོ་འཁོར་བཅས་བསྒོམ༔ བཟླས་པ་བྱ༔ ཐུན་གཏོར་ཞིག་བཤམས་ལ་གོང་བཞིན་བྱིན་གྱིས་བརླབ༔ གཙོ་འཁོར་རྣམས་ཀྱི་སྔགས་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿབཏགས་པས་འབུལ་ཞིང་ཕྲིན་ལས་བཅོལ༔ བསྙེན་པ་འབུམ་ཕྲག་བདུན་བསྐྱལ་བས་མགོན་པོའི་ཞལ་མཐོང་བར་འགྱུར་རོ༔ འགྲུབ་པའི་དུས་སུ་གཏོར་ཆེན་རྣམས་ཀྱང་བསྔོས་ལ༔ གཙོ་བོའི་གཏོར་མ་མ་གཏོགས་ཕྱིར་བསྐྱངས་ལ༔ ལྷ་རྣམས་སྐུ་རྟེན་ལ་བསྟིམ་ཞིང་དབེན་པའི་སར་བཞུགས་ནས་དེའི་མདུན་དུ་རྟག་གཏོར་འབྲུ་ནག་རྗེན་ཕྱེ་ཁྲག་ཆང་མར་ཁུས་སྦྲུས་པའི་ནང་དུ་བདུད་རྩི་ལྔ་དང་གྲི་ཁྲག་སོགས་བླུགས༔ ཤིན་ཏུ་རྒྱན་གྱིས་བརྒྱན་ལ་ཞིང་ལྤགས་ཀྱི་ཁར་བཀྲམ༔ དེ་ཡང་གཙོ་བོའི་གཏོར་མ་མདའ་གང༔ འཁོར་གྱི་གཏོར་མ་ཁྲུ་གང་ལས་མི་དམའ་བ་བྱིན་གྱིས་བརླབས་ལ་བཞག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་སྦྱོར་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་པ་སྟེང་ནས་བྲུབ་ཁུང་བྱས་པའི་ནང་དུ་དགྲ་བོའི་ཟག་རྫས་དང་ལིངྒ་བཞག༔ སྟེང་དུ་གཙོ་འཁོར་གྱི་གཏོར་མ་མཚེ་ཡུངས་དུག་དང་ཤ་ཁྲག་ཀེ་ཚེ་ཤང་ཚེ་རྩང་ཕུར་རྣམས་ཀྱིས་བརྒྱན་པ་ལ་སྟེང་དུ་དར་ནག་གི་གདུགས་ཕུབ༔ དྲག་པོའི་མཆོད་པ་རྣམས་བཤམ༔ ཐམས་ཅད་བྱིན་གྱིས་བརླབས་ལ༔ གཏོར་མ་མགོན་པོ་འཁོར་དང་བཅས་པ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བྱ༔ བཟླས་པའི་དུས་སུ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མགོན་པོའི་ཐུགས་ཀར་ཕོག་པར་བསམ་ལ༔ ཧཱུྃ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ གསོན་ཅིག་དགོངས་ཤིག་ནག་པོ་ཆེ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས༔ བདག་གིས་སྙིང་པོ་བྱང་ཆུབ་སྒྲུབ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ མགོན་པོ་ནག་པོ་འཁོར་དང་བཅས༔ བསྟེན་ཅིང་བསྙེན་སྒྲུབ་མཆོད་པའི་མཐུས༔ ད་རེས་ཐུགས་དམ་བསྐུལ་ལགས་ཀྱིས༔ མ་ཧཱ་ཀཱ་ལ་མཐུ་མ་ཆུང༔ འཁོར་གྱི་ལས་མཁན་རྩལ་མ་ཞན༔ དམ་ཉམས་དགྲ་བགེགས་སྡིག་ཅན་གྱིས༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པ་དང༔ བྱང་ཆུབ་སྒྲུབ་ལ་བར་ཆད་བརྩམས༔ འདི་ནི་བསྒྲལ་བའི་འོས་ཡིན་པས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྤྲུལ་པའི་ཕོ་ཉ་ལས་ལ་རྒྱུགས༔ དམ་ཉམས་དགྲ་བགེགས་ཁུག་ལ་ཤོག༔ རྣམ་ཤེས་རྟེན་དང་གཉིས་མེད་སྟིམས༔ སྐྱོབ་པའི་ལྷ་དང་ཕྲལ་བར་གྱིས༔ མཐུ་རྩལ་རྫུ་འཕྲུལ་མེད་པར་གྱིས༔ ལུས་ངག་ཡིད་གསུམ་བྱད་དུ་ཆུག༔ སྨྱོ་ཞིང་བརྒྱལ་ལ་རེངས་པར་གྱིས༔ ཚེ་སྲོག་ཐམས་ཅད་རྦད་ཀྱིས་ཆོད༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ ཅེས་བསྐུལ་བས་མགོན་པོ་ཐུགས་ཁྲོས་ཏེ་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་གྱི་ཕོ་ཉ་རྣམས་ཀྱི་ཐུགས་ཀར་ཕོག༔ གུམ་གུམ་ཆུམ་ཆུམ་ལས་ལ་འདུས་ཏེ་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོས་པ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ནས་བཟུང༔ ཞགས་པས་རྐེ་ནས་བཅིངས༔ ལྕགས་སྒྲོག་གིས་ཡན་ལག་བསྡམས༔ དྲིལ་བུས་མྱོས་པར་བྱས་ཏེ་མགོན་པོའི་མདུན་གྱི་བཙོན་ཁང་ནང་དུ་བཅུག༔ ཕོ་ཉ་རྣམས་ཀྱིས་རྫས་ངན་རྣམས་ཀྱི་ཆར་ཕབ་པས་ལྷ་སྲུང་རྣམས་གཞན་དུ་བསྐྲད༔ བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མགོན་པོ་ལ་ཕོག་པས་གཟི་བརྗིད་ཆེར་འབར་ཞིང་སྐུ་ལས་འོད་ཟེར་འཕྲོས༔ དགྲ་བགེགས་ཀྱི་ཚེ་དང་བསོད་ནམས་དབང་དང་དམ་ཚིག་བསྡུས་ཏེ་མགོན་པོའི་སྐུ་ལ་བསྟིམས༔ དགྲ་བོ་ནག་ཧྲུལ་གྱིས་སོང༔ ལས་མཁན་རྣམས་ཀྱིས་ཞགས་པས་ལུས་ངག་ཡིད་གསུམ་བྱད་དུ་བཅིངས༔ ཕོ་ཉ་རྣམས་ཀྱིས་སྨྱོ་ཁྲག་གི་ཆར་ཕབ་ནས་དྲན་མེད་དུ་མྱོས༔ མགོན་པོ་འཁོར་དང་བཅས་པ་ཐུགས་ཆེར་ཁྲོས་ཏེ་མཚོན་ཆའི་ཆར་ཕབ་པས་དབང་པོ་རྣམས་བཅོམ༔ མགོན་པོའི་ཕྱག་གཡས་ཀྱི་གྲི་གུག་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་བཏབ་པས་དྭངས་མ་དྲུག་བཅོམ༔ རྣམ་ཤེས་ནྲྀ་ཡིག་མར་མེ་ལྟར་འབར་བ་ནག་ཐུམ་གྱིས་བསད་པར་བསམ་ལ༔ ཨོཾ་མ་ཧཱ་ཀཱ་ལཱ་ཡ༔ ཤཱ་ས་ན༔ ཨུ་པ་ཧཱ་རི་ཎི༔ ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ༔ ཨི་དཾ་རཏྣ་ཏྲ་ཡཱ་ཡ༔ ཨ་པ་ཀཱ་རི་ཎཾ༔ ཡ་དི་པྲ་ཏི་ཛྙཱ༔ སྨ་ར་སི་ཏ་དཱ༔ ཨི་དམ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཱ་ར་མཱ་ར༔ གྲྀཧྞ་གྲྀཧྞ༔ བནྡྷ་བནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དི་ན་མེ་ཀེ་ན༔ དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་བསད་རྟགས་རྣམས་བྱུང་ནས༔ སྔགས་དེ་ལ༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ མཱ་ར་མཱ་ར༔ སོགས་བཏགས་ལ༔ མགོན་པོ་འཁོར་དང་བཅས་པས་དགྲ་བགེགས་ཀྱི་ཤ་ཁྲག་ཧབ་ཧབ་ལྷག་མེད་གསོལ་བར་བསམ༔ ལས་སྦྱོར་གྱི་སྐབས་དགྲ་བགེགས་ཀྱི་ལིངྒ་གྲི་ལྕགས་ཀྱི་གྲི་གུག་གིས་གཏུབ༔ དྲག་པོའི་ཤིང་གི་ཧོམ་བརྩེགས༔ མགོན་པོ་འཁོར་བཅས་ཀྱི་ཞལ་རབ་ཏུ་གདངས་པའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་ཕུལ་བར་བསམ༔ ཞལ་བསྟབ་ཀྱི་སྔགས་དང་དམིགས་པ་བྱ༔ ཐུན་དྲུག་ཏུ་གཏོར་མ་འབུལ༔ ལས་རྫོགས་ནས་གཏོར་མའི་ལྷ་ཕཊ་ཛཿས་ནམ་མཁར་བཏེགས༔ གཏོར་མ་དང་ལས་གཏོར་བྱིན་གྱིས་བརླབས་ལ་བསྔོས༔ མགོན་པོའི་ཐུགས་ཀ་ནས་ཧཱུྃ་ཡིག་ཅིག་གཏོར་མ་ལ་ཐིམ་པས་སྤྲུལ་པའི་དམག་ཚོགས་སུ་གྱུར་ནས་དགྲ་བགེགས་རྣམས་བརླག་པར་བསམ༔ ཧཱུྃ༔ གཏུམ་ཆེན་ཁྲོ་བོ་མི་བཟད་པ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མ་གཡེལ་ཅིག༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ རུ་མཚོན་ཕྱོར་ལ་ཇག་པ་འགྱེད༔ མགོན་པོའི་བཀའ་ཆད་དགྲ་ལ་ཕོབ༔ མ་མོའི་ནད་ཡམས་དགྲ་ལ་བྷྱོ༔ གནོད་སྦྱིན་དམག་ཚོགས་དགྲ་ལ་དྲོངས༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་བྷྱོ༔ དབང་ཕྱུག་ཕོ་ཉ་ལས་ལ་ཆོས༔ བདུད་ཀྱི་མཚོན་ཆར་དགྲ་ལ་ཕོབ༔ ལྟས་ངན་དལ་ཡམས་དགྲ་ལ་བྷྱོ༔ མོ་ངན་རྩིས་རྩུབ་དགྲ་ལ་བྷྱོ༔ བར་ཆད་རྐྱེན་རྣམས་དགྲ་ལ་བྷྱོ༔ བྱད་ཁ་ཕུར་ཁ་དགྲ་ལ་བྷྱོ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ༔ བྷྱོ་བྷྱོ་ཕུང་བའི་སྲི་ལ་བྷྱོ༔ ཡས་ཀྱི་བདུད་གཡོས་དགྲ་ལ་བྷྱོ༔ མས་ཀྱི་སྲི་ལངས་དགྲ་ལ་བྷྱོ༔ བར་གྱི་སྤྱི་བདུད་དགྲ་ལ་བྷྱོ༔ སྲོག་ལ་ཧུར་ཐུམས་བྱེད་པ་ཡི༔ འཆི་བ་རྣམ་བརྒྱད་དགྲ་ལ་བྷྱོ༔ མི་མཐུན་གནོད་པའི་ཕྱོགས་ཐམས་ཅད༔ དམ་ཉམས་དགྲ་ཡི་སྟེང་དུ་བྷྱོ༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཤཱ་ས་ནའི་མཐར། མི་མཐུན་པའི་རྐྱེན་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ ཞེས་དྲག་སྔགས་བཟླ་ཞིང་རྒྱང་རིང་པོར་སོང་ལ་སྤྲུལ་པའི་དམག་ཚོགས་ནད་མཚོན་ཐོག་སེར་ལྟ་བུར་གྱུར་ནས་གང་ལ་དམིགས་པའི་ཡུལ་དེར་འཁྱུགས་རྒྱུག་པ་ལྟར་སོང་ནས་དགྲ་བོའི་ཡུལ་མཁར་ཐམས་ཅད་རྩ་ཕུང་ལ་མེ་བརྒྱབ་པ་ལྟར་བསྲེགས༔ ཐལ་བ་རླུང་གིས་གཏོར་ཏེ་རྡུལ་ཕྲན་ཙམ་ཡང་མེད་པར་བྱས་པར་བསམ༔ མགོན་པོ་འཁོར་བཅས་ཀྱང་ཞལ་ཕར་གཟིགས་ནས་བཞེས་སྒྲ་མཛད་པར་བསམ་ལ་དམོད་མོ་བྱ་ཞིང་དུལ་མོ་བརྡབ༔ ཀུ་སྒྲ་བྱ་ཞིང་གཏོར་མ་ས་ལ་བརྡབ༔ སྲུང་འཁོར་བསྒོམ་ཞིང་ནང་དུ་ལོག༔ སླར་ཡང་མགོན་པོ་ལ་གཏང་རག་གི་གཏོར་མ་འབུལ་ཞིང་རྟེན་ལ་བསྟིམ་མོ༔ ལིངྒ་བསྲེགས་པའི་ཐལ་བ་མཆོད་རྟེན་ཞབས་སུ་མནན་ཏེ་བྲོ་བརྡུང༔ དེ་ལྟར་བགྱིས་པས་དགྲ་བགེགས་ཐམས་ཅད་ཚར་ཆོད་པར་འགྱུར་རོ༔ དམ་ཚིག་དང་ལྡན་པས་འདི་བྱ་བ་ལས་ཆོས་བཞིན་མ་ཡིན་པར་འདི་བྱས་ན་མགོན་པོའི་འཁུ་ལྡོག་འབྱུང་བས་གར་ཐོད་ཐོད་དུ་མི་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་དྲུག་པའི་ཕྲིན་ལས་བཞུགས་སོ༔ ༁ྃ༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དེ་ཡི་ཐུགས་རྗེའི་ཕྲིན་ལས་ཀྱིས༔ གདུག་པ་ཐམས་ཅད་འདུལ་བའི་གཙོ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ དེ་ཡི་ཕྲིན་ལས་བསྟན་པ་ནི༔ མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔ རང་བྱུང་དྲག་པོའི་གཞལ་ཡས་ཁང༔ པདྨ་ཉི་མའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་སྲིན་པོའི་སྐུ༔ ཞལ་གཅིག་ཕྱག་དྲུག་ཁྲོ་བོའི་ཆས༔ དང་པོས་གྲི་གུག་ཐོད་ཁྲག་འཛིན༔ བར་པས་པདྨ་ཁ་ཊྭཱཾ་ག༔ འོག་མས་ཐོད་རྔ་རྒྱུ་ཞགས་འཛིན༔ ཞབས་གཉིས་གར་སྟབས་ལྷ་ཆེན་མནན༔ བྷྱོ་ལས་འདོད་ཁམས་དབང་ཕྱུག་མ༔ མེ་ལོང་ཤྭ་རྡིལ་ནད་རྐྱལ་འཛིན༔ མ་མོའི་ཆས་ཅན་དྲེའུ་རྟ་འཆིབ༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ནི༔ ལྕགས་ཀྱུ་དང་ནི་མི་སྙིང་འཛིན༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ནི༔ དགྲ་སཏྭ་དང་ནི་ཁྲམ་ཤིང་བསྣམས༔ དབང་ཕྱུག་ཛི་ན་མི་ཏྲ་ནི༔ ཁ་ཊྭཱཾ་དང་ནི་ཐོད་ཁྲག་བསྣམས༔ བདུད་པོ་ནག་པོ་ཏྲཀྴད་ནི༔ མདའ་གཞུ་འཛིན་ཅིང་ཐམས་ཅད་ཀྱང༔ དར་བེར་དུར་ཁྲོད་ཆས་ལ་སོགས༔ ཆ་ལུགས་ཞོན་པ་སྣ་ཚོགས་པ༔ རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་པའི་ཚོགས༔ གཙོ་བོའི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ དུར་ཁྲོད་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནི༔ མ་ཧཱ་ཀཱ་ལ་འཁོར་དང་བཅས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དྲག་པོའི་གནས་མཆོག་དམ་པ་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ཁྱོད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི༔ ཁྲག་གི་ཨརྒྷཾ་མཁྲིས་པའི་ཞབས་བསིལ་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་དུད་པའི་སྤྲིན༔ ཞུན་ཆེན་མར་མེ་ཞག་གི་དྲི་ཆབ་དང༔ ཤ་ཆེན་ཞལ་ཟས་རྐང་གླིང་རོལ་མོའི་ཚོགས༔ བདུད་རྩི་སྨན་མཆོག་དམ་རྫས་ཨ་མྲྀཏ༔ དམ་ཉམས་དགྲ་བགེགས་བསད་པའི་རཀྟ་དང༔ ཞལ་ཟས་འདོད་ཡོན་གཏོར་མའི་མཆོད་པ་འབུལ༔ དགྱེས་པར་བཞེས་ལ་སངས་རྒྱས་བསྟན་པ་སྲུངས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ སྤྱན་རས་གཟིགས་དབང་ཐུགས་ལས་རབ་སྤྲུལ་པ༔ མ་ཧཱ་ཀཱ་ལ་མཐིང་ནག་ཞལ་གཅིག་པ༔ སྙིང་རྗེ་རབ་ཁྲོས་ཧ་ཧའི་གད་རྒྱངས་ཅན༔ རྒྱུད་དྲུག་སྒྲོལ་བའི་ཕྱག་གིས་གྲི་གུག་འཛིན༔ སྐྱེ་འཆི་རྩད་གཅོད་ཐོད་ཁྲག་འཁོར་བ་སྟོང༔ ཆགས་མེད་པདྨ་རྩེ་གསུམ་དུག་གསུམ་སྒྲོལ༔ མཁའ་འགྲོ་དབང་སྡུད་ཌཱ་རུ་དྲག་ཏུ་འཁྲོལ༔ འགྲོ་དྲུག་འདྲེན་པའི་ཞགས་པ་སྡོག་ཅིང་འཕེན༔ ལོངས་སྤྱོད་རབ་རྫོགས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དྲེགས་པ་ཟིལ་གནོན་ལྷ་ཆེན་གདན་དུ་མཛད༔ རྣམ་རྟོག་སྲེག་མཛད་མེ་དཔུང་འབར་བའི་ཀློང༔ མཐའ་གཉིས་གྲོལ་བའི་ཞབས་གཉིས་གར་སྟབས་བཞེངས༔ མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ འདོད་ཁམས་དབང་མོ་ནག་ལ་སྦེག་པའི་གཟུགས༔ སྣང་སྲིད་ཀུན་གསལ་མེ་ལོང་དྲི་མེད་དང༔ སྐྱེ་འགྲོའི་སྐེག་རྩིས་མཛད་པའི་ཤྭ་རྡིལ་འཛིན༔ ནད་བདག་ཆེན་མོ་ནད་ཀྱི་རྐྱལ་པ་འཛིན༔ དྲེལ་རྟ་རྐང་གསུམ་འཆིབ་ནས་སྟོང་གསུམ་ཉུལ༔ ལྷ་མོ་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གནོད་སྦྱིན་སྡེ་དཔོན་ཀྵེ་ཏྲ་པཱ་ལ་ནི༔ འགུགས་པའི་ལྕགས་ཀྱུ་དམ་ཉམས་ཙིཏྟ་གསོལ༔ བེར་ནག་གསོལ་ནས་དོམ་ནག་སྨྱོན་པ་འཆིབ༔ གནོད་སྦྱིན་འབུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཤིན་རྗེའི་སྡེ་དཔོན་ཊཱ་ཀི་རཱ་ཛ་ནི༔ སྒྲོལ་བྱེད་དགྲ་སཏྭ་འདེབས་པའི་ཁྲམ་ཤིང་བསྣམས༔ མི་ལྤགས་གསོལ་ཞིང་ཆུ་གླང་ནག་པོ་འཆིབ༔ གཤིན་རྗེ་འབུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དབང་ཕྱུག་སྡེ་དཔོན་ཛི་ན་མི་ཏྲ་ནི༔ སྒྲོལ་བྱེད་ཁ་ཊྭཱཾ་མྱོས་བྱེད་ཐོད་ཁྲག་འཛིན༔ དར་ནག་བེར་གསོལ་བ་གླང་ནག་པོ་འཆིབ༔ དྲེགས་བྱེད་འབུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བདུད་ཀྱི་མགོན་པོའི་སྡེ་དཔོན་ཏྲཀྴད་ནི༔ དྲག་པོའི་མདའ་རྒོད་དགྲ་བོའི་སྙིང་ལ་གཟིར༔ སྤྲིན་བེར་ནག་པོ་གསོལ་ཞིང་རྟ་ནག་འཆིབ༔ ནག་པོ་འབུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་སངས་རྒྱས་བསྟན་པ་སྲུང་མཛད་པའི༔ རྒྱལ་ཆེན་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས༔ ལས་ལ་མྱུར་ཞིང་རྫུ་འཕྲུལ་ཐོགས་པ་མེད༔ བཀའ་སྡོད་ཡང་འཁོར་རྣམས་ལ་ཕྱག་འཚལ་བསྟོད༔ མ་ཧཱ་ཀཱ་ལའི་ཐུགས་སྲོག་ཉི་མའི་སྟེང༔ ཧཱུྃ་ཡིག་མཐིང་གའི་མཐའ་མར་སྲོག་སྔགས་བསྐོར༔ བདག་ཉིད་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས༔ འོད་འཕྲོས་ཐུགས་ཀའི་སྔགས་ཕྲེང་སྙིང་པོར་ཕོག༔ སྔོན་གྱི་ཐུགས་དམ་དམ་བཅའ་དྲན་ནས་སུ༔ ཅི་བསྒོས་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ སྐབས་སུ་གཏོར་མ་འབུལ་ཞིང་ཕྲིན་ལས་གསོལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས་པ་རྣམས༔ འདོད་ཡོན་གཏོར་མའི་མཆོད་པ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་གཉན་པོ་ཁྱོད་ཀྱིས་སྟོད༔ དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྲིངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་གདོན་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཁམས་གསུམ་དབང་དུ་འདུས་པའི་ཕྲིན་ལས་མཛོད༔ དགྲ་བགེགས་གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པ་ཡི༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོད༔ རང་གནས་གཤེགས་སམ་རྟེན་ལ་བསྟིམ་པར་བྱ༔ དེས་ནི་སྒྲུབ་པའི་བར་ཆད་ཐམས་ཅད་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཆོག་གྱུར་བདེ་ཆེན་གླིང་པས་གནས་ཆེན་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའོ།། །།

ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། དབང་བསྐུར་གྱི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་མཐོང་ཆོག་སྒྲོན་མེ་ (Volume 23, Text 20)

༁ྭྃ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། དབང་བསྐུར་གྱི་རིམ་པ་དཀྱུས་གཅིག་ཏུ་བཀོད་པ་མཐོང་ཆོག་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཐུགས་བསྐྱེད་བསམ་ཡས་ནམ་མཁའི་མུ་ཁྱུད་དུ། །ངོ་མཚར་རྣམ་ཐར་སྤྲིན་གྱི་བླ་བྲེ་བྲེས། །སྲིད་པའི་གདུང་སེལ་ཕྲིན་ལས་གྲུ་ཆར་ནི། །རྒྱུན་མི་ཆད་འབེབ་འཇིག་རྟེན་མགོན་ལ་འདུད། །གང་དེའི་སྒྲུབ་ཐབས་སྨིན་གྲོལ་ལས་ཚོགས་བཅས། ཁ་ཚང་དོན་འདྲིལ་ཟབ་གསལ་ཁྱད་པར་ཅན། །སྣང་བྱེད་ཉི་ཟླའི་སྤུན་འདི་གངས་ཅན་དུ། །ནུབ་ནས་སླར་ཡང་འཆར་འདི་ཨེ་མ་རྨད། །འགྲོ་འདུལ་ལས་འཕྲོ་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་དབང་བསྐུར་རྒྱས་པ་སྒྲུབ་ཆེན་དང་འབྲེལ་བའི་ཉིན་བདུན་མ་བསྐུར་བའི་ཚུལ་ནི་ཁོག་དབུབ་ལས་འགྲིག་ལས་བཤད་པ་ལྟར་བྱ་དགོས་ཤིང་། སྤྱིར་དབང་གི་རྣམ་གྲངས་བདུན་ཡོད་པ་དཀྱུས་འགྲེའི་མགྱོགས་དབང་དུ་བྱ་བའི་ཚེ། དང་པོ་སྡིག་སྒྲིབ་འདག་བྱེད་ཁྲུས་ལུང་ལ། སྟེགས་བུའི་དབུས་སུ་རིན་པོ་ཆེའི་བུམ་པར་དྲི་བཟང་གི་ཆབ་དང་ཉེར་ལྔའི་རྫས་རྣམས་ཡིག་བརྒྱ་བཟླ་བཞིན་པས་བླུག །མགུལ་ཆིངས་དཀར་པོ་དང་ཁ་རྒྱན་གྱིས་སྤྲས་ལ་བཞག །ལས་བུམ་མགུལ་ཆིངས་དམར་པོ་བཅུད་སོགས་དེ་མཚུངས་དང་ཕྱི་མཆོད་བཤམ། དབང་སྒྲུབ་ས་བཅད་ཙམ་ལས་འདོན་ཆ་གཞུང་དུ་མི་གསལ་ཡང་གཞན་ལས་ཁ་བསྐངས་པ་ནི། ཚིག་བདུན་གསོལ་འདེབས་དང་། སྐྱབས་སེམས་འོག་གི་སྟ་གོན་དབང་སྐབས་ལྟར་སྔོན་དུ་འགྲོ་བས་བདག་བསྐྱེད་ནི། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད༔ བདེ་ཆེན་འོད་གསལ་སྙིང་རྗེའི་རྩལ༔ ཟུང་འཇུག་ཧཱུྃ་ཡིག་དཀར་པོ་ལས༔ འོད་འཕྲོས་རྡོ་རྗེ་མེ་ཡི་གུར༔ ནང་དུ་འབྱུང་བ་རི་རབ་སྟེང༔ པདྨ་འདབ་མ་སྟོང་ལྡན་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ དལ་དབུས་སེང་ཁྲི་པདྨ་དང༔ ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་ནི༔ རྡོ་རྗེ་ཧཱུྃ་གིས་མཚན་པར་གསལ༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་མ་ལུས་སྦྱངས༔ རྡོ་རྗེ་སེམས་དཔའི་ས་ལ་བཀོད༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་ལ༔ རང་ཉིད་བླ་མ་རྡོ་རྗེ་སེམས༔ དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མཚན་བཟང་དཔེ་བྱད་ཐམས་ཅད་རྫོགས༔ ཟི་ལྡིར་དར་དཔྱང་ཅོད་པན་དང༔ སྟོད་གཡོགས་སྨད་གཡོགས་མཛེས་པར་དཀྲིས༔ དབུ་རྒྱན་སྙན་ཆ་མགུལ་རྒྱན་དང༔ སེ་མོ་དོ་དང་དོ་ཤལ་དང༔ གདུ་བུ་རྣམས་ཀྱིས་ལེགས་པར་བརྒྱན༔ པང་དུ་རྡོ་རྗེ་སྙེམས་མ་དཀར༔ བཅུ་དྲུག་ལང་ཚོ་གྲི་ཐོད་ཅན༔ ཕྱག་རྒྱ་ལྔ་འཆང་ཡབ་དང་འཁྲིལ༔ འོད་འབར་ཀློང་དུ་ལྷམ་མེར་བསྐྱེད༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ རྡོ་རྗེ་དཀར་པོ་རྩེ་ལྔ་པའི༔ ལྟེ་བར་ཟླ་བ་ལ་གནས་པའི༔ ཧཱུྃ་ཡིག་མཐའ་རུ་ཡིག་བརྒྱས་བསྐོར༔ འོད་ཟེར་བསམ་ཡས་འཕྲོས་པ་ཡིས༔ སྡིག་སྒྲིབ་བག་ཆགས་ནད་གདོན་སྦྱངས༔ བདེ་གཤེགས་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ བླ་མ་ཡི་དམ་མཉེས་པར་བྱས༔ མཆེད་ལྕམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཆོས་སྐྱོང་སྲུང་མའི་འཁོན་སྦྱངས་ཤིང༔ ཕྲིན་ལས་རྣམ་བཞིའི་ལས་ལ་བསྐུལ༔ བདུད་དང་བགེགས་ཀྱི་སྡང་སེམས་ཞི༔ འགྲོ་བའི་ལས་སྒྲིབ་མ་ལུས་སྦྱངས༔ སྣོད་བཅུད་རྡོ་རྗེ་སེམས་དཔའི་ཞིང༔ ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ ཅེས་དམིགས་ལ་ཡིག་བརྒྱ་བཟླ། མཆོད་རྫས་འབྲུ་གསུམ་གྱིས་བྱིན་བརླབ། བུམ་སྒྲུབ་ནི། བུམ་པ་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ བདུད་རྩིའི་མཚོ་དབུས་པད་ཟླའི་སྟེང༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ སྙེམས་མ་ཡུམ་དང་མཉམ་པར་སྦྱོར༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར༔ ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ རྡོ་རྗེ་ཧཱུྃ་མཐར་ཡིག་བརྒྱས་བསྐོར༔ སྔགས་ཀྱིས་ཐུགས་རྒྱུད་བསྐུལ་བ་ཡིས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་དམིགས་ལ་ཡིག་བརྒྱ་ཅི་འགྲུབ་བཟླ། མཐར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བླ་མ་རྡོ་རྗེ་སེམས་དཔའ་ཀྱེ༔ ན་རཀ་སྡུག་བསྔལ་བསྐྱབ་ཏུ་གསོལ༔ སྡིག་པའི་ཚོགས་ལ་བདག་གནོང་ཞིང༔ འགྱོད་པས་མགོན་པོའི་དྲུང་དུ་བཤགས༔ ཕྱིས་ནས་མི་བགྱིད་དམ་བཅའ་བས༔ མགོན་པོས་ཚངས་པར་བསྩལ་དུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ རྡོ་རྗེ་སེམས་དཔའ་བདག་གིས་བསྒྲུབ༔ སྐུ་གསུང་ཐུགས་སུ་བདག་སྦྱོར་ཏེ༔ བླ་མེད་ས་ལ་དྲང་དུ་གསོལ༔ ཅེས་གསོལ་བ་གདབ། དུང་ཆུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། ཅེས་མོས། ལས་བུམ་ནང་དུ་པད་ཉིའི་གདན་ལ་རྟ་མགྲིན་དམར་པོ་གྲི་ཐོད་འཛིན་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བཟླ། སློབ་མ་རྣམས་འཚོགས། སེམས་བསྐྱེད་གསལ་བཏབ་ལ། ད་ལམ་འདིར་འགྲོ་འདུལ་ལས་འཕྲོ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་སྨིན་བྱེད་ཆེན་མོ་རིམ་པར་བསྒྲུབ་པར་བགྱི་བའི་ཐོག་མར། སྔོན་དུ་འགྲོ་བའི་དབང་གི་རིམ་པ་ལས་སྡིག་སྒྲིབ་འདག་བྱེད་ཁྲུས་ལུང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ་ཧོ་བླ་མ་ཐུགས་རྗེ་ཅན༔ བདག་ཅག་འཁོར་བའི་རྒྱ་མཚོར་བྱིང༔ གཉིས་འཛིན་རྟོག་པའི་རྦ་ལ་གཡེངས༔ མ་རིག་འཁྲུལ་སྣང་དག་བྱའི་ཕྱིར༔ ཡེ་ཤེས་ཆུ་ཡིས་སེལ་བར་མཛོད༔ ལན་གསུམ། བླ་མས་ལན་གདབ་པ། ཁྱེད་རྣམས་སྐལ་ལྡན་བུ་ཡིན་ན༔ རྡོ་རྗེ་སློབ་དཔོན་ང་ཉིད་ཀྱིས༔ གསང་སྔགས་དཀྱིལ་འཁོར་དེར་བཅུག་ནས༔ མ་རིག་དག་བྱེད་དབང་བསྐུར་རོ༔ ཞེས་བརྗོད། ལས་བུམ་ཐོགས་ལ། ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ བདག་ཉིད་རྡོ་རྗེ་སློབ་དཔོན་ནི༔ རྡོ་རྗེ་སེམས་དཔར་གསལ་བ་ཡིས༔ ཁྱོད་ཀྱི་ཐ་མལ་ལུས་ངག་ལ༔ ཡེ་ཤེས་ཆུ་ཡིས་ཁྲུས་གསོལ་བས༔ རྟོག་སྒྲིབ་མ་ལུས་བྱང་གྱུར་ཅིག༔ ཛྙཱ་ན་ཁཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སངས་ཀྱིས་བཀྲུས་ནས་ཤེལ་དཀར་གྱི་བུམ་པ་དྲི་མ་མེད་པ་ལྟར་གྱུར་པར་མོས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་དཔོན་སློབ་ལྷན་ཅིག་པས་ཡིག་བརྒྱ་བཟླ་བཞིན་དུ་ཁྲུས་བྱ་ཞིང་ཁ་བཤལ། བུམ་ཆུ་བླུད། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་སྒོམ་ལུང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ་ཧོཿབླ་མ་ཆོས་ཀྱི་རྗེ༔ འགྲོ་བའི་དཔལ་མགོན་ཡ་མཚན་ཅན༔ བདག་སོགས་འཁོར་བའི་སེམས་ཅན་ལ༔ ཐར་པ་བྱང་ཆུབ་སྒྲུབ་པའི་ཕྱིར༔ རྡོར་སེམས་སྒོམ་ལུང་ཟབ་པའི་དབང༔ བདག་ཅག་རྣམས་ལ་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ འཁྲུལ་སྣང་འཛིན་པའི་རྩ་བ་ཆོད༔ རང་བྱུང་སྐུ་གསུམ་དག་པའི་དབང༔ ང་ཡིས་ཁྱོད་ལ་བསྟན་པར་བྱ༔ དག་པའི་དཀྱིལ་འཁོར་འདིར་ཞུགས་ལ༔ དམ་ཚིག་ཚུལ་བཞིན་ཐུབ་པར་སྲུངས༔ དེ་ལ་དམིགས་པ་འདི་ལྟར་གསལ་བར་སྒོམས་ཤིག །ཨེ་མ་ཧོ༔ ལས་འཕྲོ་ལྡན་པའི་བུ་རྣམས་ཉོན༔ རང་ཉིད་རྡོར་སེམས་སྐུར་སྒོམས་ལ༔ དེ་ཡི་ཐུགས་ཀར་རྡོ་རྗེ་ནི༔ རྒྱ་གྲམ་བསྒོམས་པའི་ལྟེ་བ་ལ༔ ཤེལ་དཀར་ལྟ་བུའི་ཧཱུྃ་ཡིག་བསྒོམ༔ རྡོ་རྗེ་རྒྱ་གྲམ་དག་གི་ཕྱིར༔ ཡིག་བརྒྱའི་སྔགས་ཕྲེང་གཡས་སྐོར་དུ༔ འོད་ཟེར་ཚུལ་དུ་འཁོར་བར་བསྐྱེད༔ ཅེས་པའི་དམིགས་པ་ཕོག །དབང་བུམ་ཐོགས་ལ། ཧཱུྃ༔ བུམ་པ་དྲི་མེད་གཞལ་ཡས་ཁང༔ ནང་ན་རྡོར་སེམས་ཐུགས་རྗེའི་བཅུད༔ ཡེ་ཤེས་ལྔ་ཡི་ངོ་བོར་བཞུགས༔ བུ་མཆོག་རྣམས་ལ་དབང་བསྐུར་བས༔ དུག་ལྔ་གནས་དག་དབང་ཐོབ་ཤོག༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། ཤིས་པ་བརྗོད། དེས་བཅུད་ཁྱད་པར་ཅན་བླུགས་པ་ལ་སྣོད་དག་ཅིང་གཙང་བར་བྱེད་དགོས་པ་ལྟར་དབང་མཆོག་བསྐུར་བའི་སྣོད་རུང་དུ་སྒྲུབ་པ་ཁྲུས་ལུང་གི་རིམ་པ་གྲུབ་པ་ལགས། ཞེས་དང་དགེ་བསྔོ་བྱས་ལ་གྲོལ། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་བྱ་སྟེ། སྣང་སྲིད་འོད་ཞུ་རྟེན་དང་བརྟེན་པར་ཐིམ༔ སྲུང་འཁོར་འབྱུང་བ་གཞལ་ཡས་ཁང་དང་ཁྲི༔ དངོས་པོ་རྒྱན་རྣམས་ཡབ་ཡུམ་སོ་སོར་ཐིམ༔ ཡབ་ཡུམ་འོད་ཞུ་རྡོ་རྗེ་སྔགས་ཕྲེང་ལ༔ དེ་ཡང་ཧཱུྃ་ལ་ཧཱུྃ་ཡང་ནཱ་དའི་བར༔ དེ་ཉིད་མི་དམིགས་ཀ་དག་ངང་ལ་བཞག༔ སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་རུ་ལྡང༔ ཞེས་བསྒོམས་ལ་སྨོན་ལམ་བྱའོ།། ༈ །།གཉིས་པ་བགེགས་སྦྱོང་སྟ་གོན་དབང་ལ། དཀྱིལ་འཁོར་དབུས་སུ་ཆོས་འབྱུང་དམར་པོ་མུ་ཁྱུད་ཟླུམ་པོ་རིམ་པ་གསུམ་གྱིས་བསྐོར་བའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ཕྱོགས་མདོག་བྱས་པའི་མཐར་མུ་ཁྱུད་དཀར་སེར་དམར་ལྗང་མཐིང་གའི་རིམ་པ་ལྔས་བསྐོར། ཟུར་བཞིར་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་བྲིས་པའི་དབུས་དང་ཕྱོགས་བཞིར་དཔལ་གཏོར་ལྔ་ལ་བུདྡྷ་སོགས་རྟ་མགྲིན་རིགས་ལྔའི་ཙཀླི་བཙུགས་པ་དང་། ཤར་དུ་དབང་བུམ། བྱང་དུ་ཁྲུས་བུམ་བཀོད༑ ཕྱི་མཆོད་བསྐོར་བཤམ་བྱ། དཔུང་སྐུད་ཚོན་སྣ་ལྔ་བསྒྲིམ་མམ་གང་འབྱོར། ཀུ་ཤའི་ཆུན་པོ། ལྕགས་སྣོད་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རིས་བསྐོར་བའི་སྟེང་དུ་སྐྱེར་པ་སོགས་དྲག་ཤིང་གྲུ་གསུམ་དུ་བརྩིགས་པ། མཆོད་རྫས་སྨན་རཀ་གཏོར་མ། མེ་རྫས་དུག་ཁྲག་མུ་ཟི་གུ་གུལ་ནག་པོ་རྟ་སྦང་སྦང་ཕྱེ་རྣམས་མར་ནག་གམ་ཨ་རག་གིས་ངར་བཏགས་པ་དང་། སྤྱི་མཐུན་ཉེར་མཁོའི་ཡོ་བྱད་འདུ་བྱ། སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་ནི། སྐད་ཅིག་རང་རིག་ཧྲཱིཿདམར་སྒོམ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་རྗེའི་བཅུད་བསྡུས་བདག་ལ་ཐིམ༔ བདག་ཉིད་དབང་ཆེན་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པ་ཐོད་ཁྲག་ཐུགས་ཀར་བསྣམས༔ སྐུ་ལ་དཔལ་གྱི་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ དྲེགས་པ་བསྣོལ་བའི་གདན་ལ་བཞུགས༔ ཤར་དུ་བཛྲ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ གཡས་པས་རྡོ་རྗེ་གཡོན་ལྕགས་ཀྱུ༔ རབ་འཇིགས་ཁྲོ་བོའི་རྒྱལ་པོར་བསྐྱེད༔ ལྷོ་རུ་རཏྣ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ གཡས་པས་དབྱུག་ཏོ་གཡོན་ཞགས་པ༔ རབ་འཇིགས་ཁྲོ་བོའི་རྒྱལ་པོར་བསྐྱེད༔ ནུབ་ཏུ་པདྨ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གྲི་གུག་གཡོན་ཐོད་ཁྲག༔ རབ་འཇིགས་ཁྲོ་བོའི་རྒྱལ་པོར་བསྐྱེད༔ བྱང་དུ་ཀརྨ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ གཡས་པས་ཕུར་པ་གཡོན་ཐོད་ཁྲག༔ རབ་འཇིགས་ཁྲོ་བོའི་རྒྱལ་པོར་བསྐྱེད༔ ཅེས་བསྒོམས་ལ། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ཅི་ནུས་བསྙེན། དབང་རྫས་བྱིན་བརླབ་ནི། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཙཀླི་ལ་སོགས་དབང་རྫས་རྣམས༔ ཡེ་ཤེས་འབར་བའི་སྐུ་རུ་གྱུར༔ དབུས་སུ་དབང་ཆེན་རྟ་མཆོག་དཔལ༔ གོང་སྨྲོས་ཚར་གཅིག་གིས་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་བྱ། ལས་བུམ་སྔ་མ་བཞིན་བསྒྲུབ། སློབ་དཔོན་དང་དཀྱིལ་འཁོར་ཡོལ་བས་བསྒྲིབས་པའི་ནང་དུ་མེ་ཐབ་སོགས་བཞག །ལས་རྡོར་གྱིས་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། གོ་ཡུལ་འགྲིགས་ན་ཐམས་ཅད་ཀྱིས་ཧཱུྃ་སྒྲ་སྒྲོག་ཅིང་བསྐོར་བ་བྱས་ལ་ཡོལ་བའི་ཕྱི་རོལ་དུ་འཁོད། སློབ་དཔོན་གྱིས། མདུན་དུ་དྲག་པོའི་ཐབ་ཁུང་ནི༔ གྲུ་གསུམ་མེ་རི་འབར་བའི་ནང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རཾ་ལྗང་འོད་དུ་ཞུ་བ་ལས༔ དམ་ཚིག་མེ་ལྷ་སྐུ་མདོག་ལྗང༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཡས་མེ་ཐོ་བསྒྲང་ཕྲེང་འཛིན༔ ཕྱག་གཡོན་ལྕགས་ཀྱུ་གྷུནྡྷེ་འཛིན༔ ར་སྐྱེས་འཆིབ་ཅིང་ཐུང་ལ་སྒེག༔ དྲང་སྲོང་འཁོར་གྱིས་བསྐོར་བར་བསྐྱེད༔ རང་ཉིད་སྐད་ཅིག་རྟ་མགྲིན་བསྐྱེད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི༔ མེ་ལྷ་དྲང་སྲོང་སྤྱན་དྲངས་ལ༔ དམ་ཚིག་པ་ལ་དབྱེར་མེད་ཐིམ༔ སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ དྲང་སྲོང་རྒྱལ་པོ་མེ་ལྷ་མཆོག༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣེ་དེ་ཝ༔ བྷི་རི་ཤིཉྱ་ཛ་ཛ༔ ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ཨགྣེ་དེ་ཝ་ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ ཨགྣེ་དེ་ཝ་ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་སྤྱན་དྲངས་ཤིང་ཕྱག་བྱས་ལ་མེ་བྱང་ནས་སྦར་ཏེ། ཨགྣི་དེ་ཝ་ཛྭ་ལ་རཾ་རཾ་ཛྙཱ་ན་རཾ་རཾ༔ སྨན་རཀ་གཏོར་མ་ཕུལ་ལ། ཧཱུྃ༔ མེ་ལྷ་དྲང་སྲོང་འཁོར་བཅས་ལ༔ འདོད་ཡོན་སྨན་རཀ་གཏོར་མ་འབུལ༔ དགྱེས་པར་རོལ་ཏེ་ཕྲིན་ལས་མཛོད༔ ཨགྣེ་དེ་ཝ་མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ མེ་ལྷ་མི་དམིགས་འོད་གསལ་ངང༔ དབང་ཆེན་རྟ་མཆོག་རིགས་ལྔ་ནི༔ རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས༔ མ་འདྲེས་ཡོངས་རྫོགས་འབར་བའི་སྐུ༔ རབ་འཇིགས་ཁྲོ་བོའི་རྒྱལ་པོར་གསལ༔ ཡིད་ཀྱིས་མཆོད་བསྟོད་བྱ། ལས་སློབ་ཀྱིས་ཡོལ་བའི་ནང་ནས། ཁྱེད་རང་རྣམས་ཀྱིས་དཀྱིལ་འཁོར་སྲུང་བའི་སྒོ་བ་ཡབ་ཡུམ་ལ་སྒོ་དབྱེ་བར་གསོལ་བ་འདེབས་པར་མོས་ལ་འདིའི་རྗེས་ཟློས། ཀྱཻ༔ དྲག་པོའི་དཀྱིལ་འཁོར་སྲུང་མཛད་པའི༔ སྒོ་བ་ཡབ་ཡུམ་དགོངས་སུ་གསོལ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ བདག་ཅག་འཇུག་པར་སྤྲོ་ལགས་པས༔ སྒོ་ཕྱེ་བུ་མཆོག་ནང་དུ་ཐོངས༔ གདོན་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཅེས་ལན་གསུམ་ཞུ། ནང་ནས་ལན་གདབ་པ། ཧཱུྃ༔ ང་ནི་ཁྲོ་རྒྱལ་སྤྲུལ་པ་སྟེ༔ འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས༔ ལས་སུ་བླ་མེད་དཀྱིལ་འཁོར་སྲུང༔ ཟས་སུ་དགྲ་བགེགས་ཤ་ཁྲག་ཟ༔ ཁྱོད་རྣམས་སུ་ཡིན་ང་ལ་སྨྲོས༔ ལན་གསུམ། ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ཀྱཻ༔ ཁྲོ་རྒྱལ་གིང་ཆེན་གསན་འཚལ་ལོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཐར་པ་བྱང་ཆུབ་བསྒྲུབ་པའི་ཕྱིར༔ གསང་སྔགས་དབང་མཆོག་ཞུ་འདོད་པས༔ སྒོ་ཕྱེས་ཕོ་བྲང་ནང་དུ་ཐོངས༔ ལན་གསུམ་གྱིས་ཡོལ་བ་ཕྱེ། སློབ་དཔོན་གྱིས་རྟ་སྔགས་དང་དྲག་སྔགས་བརྗོད། ཡུངས་ཐུན་འཐོར། ལས་སློབ་ཀྱིས་སྲེག་ཐབ་ལ་བརྟེན་ཏེ་མེ་ཐུན་རྡེག་ཅིང་འགྲིམ་དུ་བཅུག་ལ་རང་གྲལ་དུ་བཀོད། མེ་ཐབ་ཀྱི་ལྷ་མི་དམིགས་པར་བཞག །སེམས་བསྐྱེད་གསལ་གདབ་ལ། དེ་ལ་འདིར་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་སྔོན་འགྲོ་སྟ་གོན་གྱི་དབང་བསྐུར་གདོན་བགེགས་རང་གྲོལ་བགྱི་བ་ལ་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གཱརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། འདིར་སྤྲོ་ན་རྒྱུ་འབྲས་ཀྱི་ཆོས་བཤད་གང་འོས་བྱས་ལ། སྐལ་ལྡན་བུ་རྣམས་ཉོན་ཅིག །རང་རེ་རྣམས་ཐོག་མ་མེད་པ་ནས་མ་རིག་གཞན་དབང་ལ་བརྟེན་འཁྲུལ་པའི་འཁོར་ལོ་བར་མེད་དུ་བསྐོར་བས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ནམ་ཡང་ཐར་པའི་དུས་མེད་པར་འཁྱམས་ཤིང་། ཡང་དང་ཡང་དུ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད་པ་དེ་ལས་རྣམ་པར་གྲོལ་བའི་ཐབས་མཆོག་ཁྱད་པར་དུ་འཕགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། སེམས་བསྐྱེད་དང་སྡོམ་པ་བཟུང་བ་གལ་ཆེ་བས་ཐོག་མར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས༔ ཚོགས་བསགས་སྒྲིབ་སྦྱངས་ཐེག་ཆེན་ལམ་བསྟེན་ནས༔ སེམས་ཅན་འཁོར་བའི་མཚོ་ལས་བསྒྲལ་པ་ལྟར༔ བདག་སོགས་རྡོ་རྗེའི་མཆེད་ལྕམ་རྣམས་ཀྱིས་ཀྱང༔ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ནས༔ སྟོང་ཉིད་སྙིང་རྗེ་ཚད་མེད་བཞི་དང་ནི༔ ལྟ་སྒོམ་སྤྱོད་གསུམ་ཐེག་ཆེན་ལམ་ཞུགས་ནས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་བཟུང་བའི་མོས་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་གྱི་དམ་ཚིག་ཏུ༔ ལྟ་སྒོམ་སྤྱོད་གསུམ་སྐྱོང་བ་དང༔ ཐོས་བསམ་སྒོམ་པ་སྤང་མི་བྱ༔ དཀོན་མཆོག་གསུམ་གྱི་དམ་ཚིག་ཡིན༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་གསུམ་རྟག་ཏུ་སྦྱིན༔ ཚོགས་གསག་སྒྲིབ་སྦྱང་ལམ་ལ་འབད༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ མ་ཧཱ་ཨ་ནུ་ཨ་ཏིའི་ཆོས༔ བསྐྱེད་རྫོགས་ཟུང་འཇུག་ཆེན་པོ་བསྒོམ༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ གང་ལ་གང་འདུལ་ཕྲིན་ལས་བཞིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ ལན་གསུམ། སློབ་དཔོན་དབང་ཆེན་རྟ་མགྲིན་གཏུམ་དྲག་བཟོད་པར་དཀའ་བའི་གཟི་བརྗིད་རབ་ཏུ་འབར་བའི་སྐུར་གསལ་བས་རྡོ་རྗེའི་སྟངས་སྟབས་དྲག་པོ་མཛད་པས་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་ཅིང་མཚམས་བཅད་པར་གྱུར། ཧྲཱི༔ ང་ནི་བུདྡྷ་རྟ་མཆོག་དཔལ༔ གཏི་མུག་ལས་གྱུར་དགྲ་བགེགས་རྣམས༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བསྒྲལ༔ བུདྡྷ་རིགས་ཀྱི་གྲལ་ལ་དགོད༔ ཨོཾ་བུདྡྷཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧྲཱི༔ ང་ནི་བཛྲ་རྟ་མཆོག་དཔལ༔ ཞེ་སྡང་ལས་གྱུར་དགྲ་བགེགས་རྣམས༔ མེ་ལོང་ཡེ་ཤེས་ཀློང་དུ་བསྒྲལ༔ རྡོ་རྗེ་རིགས་ཀྱི་གྲལ་ལ་དགོད༔ ཨོཾ་བཛྲཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཧྲཱི༔ ང་ནི་རཏྣ་རྟ་མཆོག་དཔལ༔ ང་རྒྱལ་ལས་གྱུར་དགྲ་བགེགས་རྣམས༔ མཉམ་ཉིད་ཡེ་ཤེས་ཀློང་དུ་བསྒྲལ༔ རིན་ཆེན་རིགས་ཀྱི་གྲལ་ལ་དགོད༔ ཨོཾ་རཏྣཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧྲཱི༔ ང་ནི་པདྨ་རྟ་མཆོག་དཔལ༔ འདོད་ཆགས་ལས་གྱུར་དགྲ་བགེགས་རྣམས༔ སོར་རྟོག་ཡེ་ཤེས་ཀློང་དུ་བསྒྲལ༔ པདྨ་རིགས་ཀྱི་གྲལ་ལ་དགོད༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧྲཱི༔ ང་ནི་ཀརྨ་རྟ་མཆོག་དཔལ༔ ཕྲག་དོག་ལས་གྱུར་དགྲ་བགེགས་རྣམས༔ བྱ་གྲུབ་ཡེ་ཤེས་ཀློང་དུ་བསྒྲལ༔ ཀརྨ་རིགས་ཀྱི་གྲལ་ལ་དགོད༔ ཨོཾ་ཀརྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་མཚམས་བཅད། སྲུང་སྐུད་རྟ་མགྲིན་རིགས་ལྔའི་རྩ་སྔགས་བཟླས་པས་བྱིན་བརླབ། སྲུང་བའི་སྐུད་པ་དྲག་པོ་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བར་བྱས་པ་མོས་ཤིག །ཧཱུྃ༔ དབང་ཆེན་འབར་བའི་སྲུང་མདུད་ནི༔ དྲག་པོའི་སྔགས་ཀྱི་འཁོར་ལོ་ཡིན༔ བར་ཆད་བསྲུང་ཕྱིར་བུ་ལ་གདགས༔ གདོན་བགེགས་གནོད་བྱེད་བསྲུང་དུ་གསོལ༔ ཞེས་པས་བཅིངས་ལ་རྡོ་རྗེ་དྲིལ་བུའི་རྒྱས་གདབ། དེ་ནས་དཔལ་ཆེན་རྟ་མཆོག་རྒྱལ་པོའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བླ་མ་སངས་རྒྱས་ཆེ་བའི་མཆོག༔ དཔལ་ཆེན་དབང་གི་སྐུར་བསྟན་ནས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་རྒྱལ་རྟ་མགྲིན་དབང་བསྐུར་ཞུ༔ ལན་གསུམ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གདོན་བགེགས་འབྱུང་པོ་ཚར་གཅོད་ཕྱིར༔ དཔལ་ཆེན་ཁྲོས་པའི་དབང་མཆོག་འདི༔ དེ་རིང་ཁྱེད་ལ་བསྐུར་བར་བྱ༔ ཞེས་ལན་གདབ། ལས་བུམ་གྱི་ཆུ་འཐོར་ལ། ཨ་བྷི་ཥེ་ཀ་ཏེའི་སྔགས་བརྗོད། དབང་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་དབང་དང་དྲག་པོ་ཡི༔ གཞལ་ཡས་ཆོས་འབྱུང་ཟླ་གམ་འབར༔ ནང་ན་དཔལ་ཆེན་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བགེགས་དཔུང་ཟིལ་གནོན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ དབུས་ཀྱི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བུདྡྷ་རྟ་མགྲིན་དབང་བསྐུར་བས༔ མ་རིག་གདོན་བགེགས་ཚར་བཅད་ནས༔ སྐྱེ་མེད་དབྱིངས་སྦྱོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བུདྡྷཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་གྱི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཛྲ་རྟ་མགྲིན་དབང་བསྐུར་བས༔ ཞེ་སྡང་གདོན་བགེགས་ཚར་བཅད་ནས༔ རང་གསལ་དབྱིངས་སྦྱོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བཛྲཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རཏྣ་རྟ་མགྲིན་དབང་བསྐུར་བས༔ ང་རྒྱལ་གདོན་བགེགས་ཚར་བཅད་ནས༔ མཉམ་ཉིད་དབྱིངས་སྦྱོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ རཏྣཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ པདྨ་རྟ་མགྲིན་དབང་བསྐུར་བས༔ འདོད་ཆགས་གདོན་བགེགས་ཚར་བཅད་ནས༔ བདེ་ཆེན་དབྱིངས་སྦྱོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀརྨ་རྟ་མགྲིན་དབང་བསྐུར་བས༔ ཕྲག་དོག་གདོན་བགེགས་ཚར་བཅད་ནས༔ སྣ་ཚོགས་དབྱིངས་སྦྱོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཀརྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་གཏོར་ལྔ་པོ་སྣོད་གཅིག་ཏུ་བསྡུས་པ་མགོར་བཞག་ལ། ཧཱུྃ༔ དབང་དྲག་འབར་བའི་གཏོར་མ་འདི༔ རྒྱལ་བའི་ཕྲིན་ལས་ཁྲོ་བོའི་སྐུ༔ ཐམས་ཅད་མ་ལུས་སྐར་ལྟར་འཁྲུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱི་ནང་བགེགས་ཚོགས་རྒྱུན་ཆོད་ཅིག༔ བ་ལིཾ་ཏ་ཀྲོ་དྷ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ལ་ཤིས་བརྗོད་བྱ། དབང་མཆོག་ཐོབ་པའི་བུ་རྣམས་ཀྱིས༔ སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ༔ རང་སོགས་གཟུགས་སྣང་ཁྲོ་བོར་སྒོམས༔ སྒྲ་ཡི་བརྗོད་པ་ཇི་སྙེད་ཀུན༔ གསུང་གི་སྙིང་པོ་དྲག་སྔགས་སྒོམས༔ རྟོག་ཚོགས་འགྱུ་དྲན་སྣ་ཚོགས་ཀུན༔ ཏིང་འཛིན་འཕྲོ་འདུའི་རོལ་པར་སྒོམས༔ ཕྱི་ནང་གསང་བའི་བགེགས་ཚོགས་རྣམས༔ མ་སྤང་མ་བསྒྱུར་ཀློང་དུ་གྲོལ༔ ཕྱི་རབས་གདོན་བགེགས་འདུལ་འདོད་རྣམས༔ དབང་དང་ལམ་ཁྱེར་དེ་ལྟར་བྱ༔ ཞེས་གདམས། དྲི་བཟང་གི་ཆུ་ལ། ཨོཾ་ཨཱཿཧཱུྃ༔ ཏདྱཐཱ༔ ཨོཾ་མུ་ཙི་ནི་སྭཱ་ཧཱ༔ དུན་ཏི་རི་སྭཱ་ཧཱ༔ ཞེས་བཟླས་པས་ཀུ་ཤ་བྲན་ལ། དེ་ནས་ཀུ་ཤ་ལ་བརྟེན་ཏེ་རྨི་ལམ་གྱི་རྟེན་འབྲེལ་བརྟག་པ་བྱ་དགོས་པས་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་སྔས་དང་སྟན་གྱི་དོན་དུ་ཟུངས་ཤིག །བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བྱིན་གྱིས་བརླབས་པའི་ཀུ་ཤ་འདི༔ པྲ་རྟགས་གསལ་ཕྱིར་ཁྱོད་ལ་སྦྱིན༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གསོལ་བ་ཐོབ་ལ་བརྟག་པ་གྱིས༔ ལེགས་ཉེས་གང་བྱུང་སྨྲ་དགོས་སོ༔ དེ་རྣམས་ཀྱིས་སྟ་གོན་གྱི་དབང་གྲུབ་པ་ལགས་པས་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། དགེ་བསྔོ་བཅས་ཀྱིས་གྲུབ། བདག་མདུན་མི་དམིགས་པའི་རྒྱས་གདབ་ཅིང་བསྔོ་སྨོན་བྱའོ།། ༈ །།གསུམ་པ་དངོས་གཞིའི་ཐོག་མར་བུམ་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་སྒོ་རྫོགས་རྟ་བབས་རྣམ་བཞི་དུར་ཁྲོད་རྡོར་ར་མེ་རི་སྤྱི་མཐུན་གྱི་ལྟེ་བར་ཟླ་གམ་དཀར་པོ་མདུན་དང་དམར་པོ་རྒྱབ་ཏུ་ཡོད་པའི་ཁ་སྤྲོད་ཀྱི་རྒྱབ་ཏུ་པདྨ་འདབ་བཞི་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་། དེ་རྒྱབ་འདབ་བརྒྱད་མཛེས་ཚོན་ལ་གཙོ་འཁོར་རྣམས་ཀྱི་ཕྱག་མཚན་ནམ་རང་མདོག་དང་མཚུངས་པའི་ཐིག་ལེ་བཀོད། ཡིག་འབྲུ་བྲི་ན། ཟླ་གམ་དམར་པོ་ལ་ཧྲཱིཿ དཀར་པོ་ལ་ཨོཾ། པད་འདབ་བཞི་ལ་མདུན་ནས་གཡས་སྐོར་དུ། ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ འདབ་བརྒྱད་ལ་མདུན་ནས་བརྩམ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ་མ་ཨཿ སྒོ་བཞིར་ཤར་ནས་བཟུང་། བི་ཡ་ཧྲཱིཿཨཿརྣམས་བྲིས་པ་རས་བྲིས་ཡོད་ན་བཀྲམ། མེད་ན་འབྲུ་ཚོམ་དེ་མཚུངས་བཀོད་པའི་དབུས་སུ་ཁྲིའུའི་སྟེང་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཅན་གྱི་ཁར་འོད་དཔག་མེད་དང་སྤྱན་རལ་གཟིགས་རིགས་ལྔའི་ཙཀླི་བཀོད། ཤར་དུ་རྡོར་དྲིལ། ལྷོར་དབང་གཏོར། ནུབ་ཏུ་ཐོད་ཁྲག །བྱང་དུ་སྨན་ཐོད། པད་འདབ་བརྒྱད་ལ་ཞལ་ཟས་བརྒྱད་བཀོད་པ་ལ་ཤར་དུ་ལྷ་དབང་སོགས་ཐུབ་དྲུག་ཙཀླི་གཡས་སྐོར་དུ་བཙུགས། བྱང་དང་བྱང་ཤར་གཉིས་ལ་མི་དགོས། སྒོ་བཞིར་དཔལ་གཏོར་བཞི་ལ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། འཁྱིལ་བ་བཞིའི་ཙཀླི་བཙུགས། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོ་བ། འདིའི་རྒྱལ་སྲིད་ལ་ནོར་བུའི་ཚབ་ཏུ་རྒྱལ་པོ་རིན་ཆེན་ཕྱག་ན་གསེར་འཁོར་བསྣམས་པ་དགོས་འདུག །འདི་མཚུངས་རྡོར་གླིང་སོགས་གཏེར་རྙིང་གཞན་ལའང་སྣང་བས་དཀྱུས་འགྲེས་ཁྱད་གསོད་མི་རུང་བ་འདྲ། བྱང་དུ་དམ་ཆུ། ཤར་དུ་ཁྲུས་བུམ། སྨན་རཀ་གཏོར་གསུམ། ཕྱི་མཆོད། ཆོས་གཏེར་སྲུང་མའི་གཏོར་འབུལ་བཤམ་བཀོད་སྤྱི་མཚུངས་བྱ། བགེགས་གཏོར་ཆངས་བུ་གྱེན་བསླང་གཅིག་ལ་ཆངས་བུ་བཞིས་བསྐོར་བ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། ཉེར་མཁོའི་རིགས་ཚོགས་པར་བྱའོ། །དེ་ནས་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་གཏང་། ལས་བྱང་རིན་ཆེན་ཕྲེང་བ་ལྟར་སྐྱབས་སེམས་བགེགས་གཏོར་སྤྱི་ལྟར་བསྔོས་ལ་བཀའ་བསྒོ་མཚམས་གཅོད་ཀྱི་འཕྲོས་སུ། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ འོད་དཔག་མེད་མགོན་ཡབ་ཡུམ་བསྒོམ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྤྱན་རལ་གཟིགས་དབང་རིགས་ལྔ་དང༔ ཐུབ་དྲུག་སྒོ་བ་བཞི་ལ་སོགས༔ དབང་རྟེན་རྫས་ལ་ཡང་ཡང་ཐིམ༔ ཞེས་དམིགས་ལ། ཧཱུྃ༔ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་རྩལ་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ་ལ། གཞུང་གི་མཆོད་པ་བྱིན་བརླབ་ནས། བཟླས་པ་བསྐུལ་བ་ཡན་གཏང་། སྤྲོ་བསྡུའི་དམིགས་གནད་སྤྱི་མཐུན་བཅས་བར་མཚམས་རེ་རེ་བཞིན་ཡིག་བདུན་ཅི་ལྕོགས་བཟླ། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱ། མཐར་སྟོང་ཚིགས་མཆོད་པ་དང་གཞུང་གི་བསྟོད་པ། བུམ་ལྷ་འོད་ཞུ་བྱ། ལས་བུམ་གོང་བཞིན་བསྒྲུབ། སྲུང་མའི་གཏོར་འབུལ་གང་འགྲུབ་དང་ཚོགས་མཆོད་ཕུལ་ལ་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་ཀྱིས་འབྲུ་བདུན་སྔགས་དབྱངས་བཅས་སྒྲུབ་ཁང་ལ་བསྐོར་བ་བྱ་བར་གསུངས་པ་ལྟར་འགྲུབ་ན་བྱ། གང་ལྟར་དཀྱིལ་འཁོར་ལ་ཡོལ་བ་བཏང་། སྒོའམ་ཕྱི་རོལ་དུ་ཁྲུས་བྱ། སྤོས་ཀྱིས་བདུག །ལས་སློབ་ཀྱིས་སྒོ་དྲུང་དུ་ཁྲིད་ལ་མིག་དར་མེ་ཏོག་གཏད། ཁྱེད་རང་རྣམས་ཀྱིས་ཕོ་བྲང་ཆེན་པོའི་ཕྱི་སྒོ་སྲུང་བའི་ཁྲོ་བོ་ཆེན་པོ་ལ་སྒོ་དབྱེ་བའི་ཞུ་བ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། ཀྱཻ༔ གསང་སྔགས་བླ་མེད་སྒོ་སྲུང་བའི༔ ཁྲོ་རྒྱལ་གིང་ཆེན་དགོངས་སུ་གསོལ༔ སྒོ་ཕྱེས་ཕོ་བྲང་ནང་དུ་ཐོངས༔ ལན་གསུམ། ལས་སློབ་ཀྱིས། ཧཱུྃ༔ ང་ནི་ཁྲོ་རྒྱལ་ཆེན་པོ་སྟེ༔ སྣོད་མིན་ལོག་ལྟ་མཁན་གྱི་གཤེད༔ དམ་ཉམས་ལོག་ལྟ་མཁན་རྣམས་དང༔ ཐེ་ཚོམ་ཅན་རྣམས་ཕྱིར་དེངས་ཤིག༔ ཅེས་བརྗོད་ལ་སྒོ་ཕྱེ། སློབ་དཔོན་གྱིས་བགེགས་གཏོར་བཏང་ལ་ལས་བྱང་ལྟར་བཀའ་བསྒོ །དྲག་སྔགས་ཡུངས་ཐུན་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། སློབ་མ་རྣམས་གྲལ་ལ་བཀོད། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་དུ་བཞུགས་པར་མོས་ལ་དད་ཅིང་གུས་པའི་གདུང་ཤུགས་དྲག་པོས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་ཞུ། བྱས་ལ་ཟུར་གསལ་བརྒྱུད་འདེབས། ཨེ་མ་ཧོ༔ རྣམས་དག་སྤྲོས་བྲལ་སོགས་འདོན། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་དང་ཁྱད་པར། དེའང་རབ་འབྱམས་རྒྱལ་བ་མ་ལུས་པའི་དམིགས་མེད་སྙིང་རྗེ་ཆེན་པོའི་རང་གཟུགས། བསྐལ་བཟང་རྣམ་འདྲེན་སྟོང་གི་འབྱུང་གནས། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྤྱི་དང་ཁྱད་པར་བོད་ཡུལ་གདོང་དམར་པྲེ་ཏའི་མུན་གླིང་དུ་སྐྱེས་པའི་འགྲོ་བ་མགོན་མེད་རྣམས་ཀྱི་མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་གཅིག་པུ་པ། ཆོས་སྐུའི་དུས་ན་གཟི་བརྗིད་འོད་དཔག་མེད། ལོངས་སྐུ་རྣམ་སྣང་ནམ་མཁའི་རྒྱལ་པོ། སྤྲུལ་སྐུ་འཕགས་མཆོག་སྤྱན་རལ་གཟིགས་དབང་ཕྱུག་སྐུའི་རྣམ་འགྱུར་དང་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་སྐད་ཅིག་རེ་རེར་ཡང་ཞིང་རྡུལ་སྙེད་ཀྱི་འགྲོ་བ་མ་བསྒྲལ་བ་མཐའ་དག །ཡང་དག་པར་སྒྲོལ་བའི་ཕྲིན་ལས་ལ་རྒྱལ་བ་སྲས་དང་བཅས་པའི་རྡོ་རྗེའི་ལྗགས་ཀྱིས་བསྔགས་པས་མི་དཔོག་པ་དེ་ཉིད། བསྙེན་ཅིང་སྒྲུབ་པའི་ཐབས་ཚུལ་རྒྱུད་སྡེ་གོང་འོག་གི་རིམ་པ་དང་མཐུན་པར་གསང་སྔགས་གསར་རྙིང་གི་བཀའ་སྲོལ་མཐའ་ཡས་པ་བྱོན་པ་རྣམས་ཀྱི་ནང་ནས་ཟབ་ཅིང་རྒྱ་ཆེ་ལ་མཆོག་དང་ཕུལ་དུ་གྱུར་པ་ནི། འཕགས་པ་ཉིད་གདུལ་དཀའི་སྐྱེ་བོ་རྣམས་འདུལ་བའི་སླད་དུ་གྲུབ་པའི་སྐྱེས་བུ་རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་བསྟན་པ། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཞལ་ལུང་རྒྱུད་དང་རྣམ་དབྱེར་མེད་ཅིང་འགྲོ་ཕན་དང་བྱིན་རླབས་ཀྱིས་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་གྱི་ཕྱོགས་ནས་བྱོན་པ་རྣམས་ཏེ། འདི་ལའང་རྣམ་གྲངས་མི་འདྲ་བ་མཐའ་ཡས་པ་མཆིས་པ་ལས་སྐབས་སུ་བབས་པ་འདི་ནི། གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམ་ནས་མདོ་སྔགས་བཤད་སྒྲུབ་གཉིས་ཀྱི་བསྟན་པའི་ཉི་མ་འོད་པོ་ཆེ་ཤར་བའི་སྐབས་སུ་བྱོན་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ཚན། རིན་ཆེན་བཟང་པོ་དང་མུ་ཏིག་སྲས་མོ་ལྷ་ལྕམ་ལེགས་བཞེར་ཟུང་འཇུག་གི་རྣམ་འཕྲུལ་ལྷོ་བྲག་གྲོ་ཤུལ་དུ་བྱོན་ཅིང་གཏེར་ཆེན་པདྨ་གླིང་པའི་དངོས་སློབ་འགྲོ་འདུལ་ལས་འཕྲོ་གླིང་པས་བལ་ཡུལ་གླང་མ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་སྨིན་བྱེད་བགྱི་བ་སྟེ། འདི་ཉིད་ལས། སྐུ་གསུམ་དགོངས་པ་ཟབ་མོའི་ཆོས་གཏེར་འདི༔ སུ་དང་འཕྲད་པ་སྐྱེ་བ་བདུན་གྱི་འོག༔ བདེ་བ་ཅན་དུ་པད་སྡོང་རྩེ་ལས་འཁྲུངས༔ པདྨ་ཅན་གྱི་སྤྲུལ་པས་དབང་བསྐུར་ནས༔ པདྨ་ཅན་དུ་ངེས་པར་འཚང་རྒྱ་འགྱུར༔ ཅེས་བསྔགས་པར་མཛད་པའི་ཟབ་ཆོས་འདི་ལ་དབང་གི་རྣམ་གྲངས་བདུན་དུ་བཞུགས་པ་ལས་འདིར་བུམ་དབང་སྣང་སྲིད་རང་གྲོལ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག་ལ། རྡོར་སེམས་སྒོམ་བཟླས་ཀྱི་ལུང་འབོགས་པ་ནི། ཀྱེ་ཧོ༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན་ཅིག༔ འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་བླངས་པ་ཡན་ཆོད་དུ༔ མ་རིག་པའི་རྩལ་རྒྱས་ཏེ་ལས་ངན་སྣ་ཚོགས་བསགས་པས༔ ད་ལྟ་ཡན་ཆོད་འཁོར་བར་འཁྱམས་ཏེ་ལས་སུ་སྡིག་པ་འབའ་ཞིག་བསགས་ཡོད་པས༔ དེ་སྦྱོང་བའི་ཕྱིར་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འབད་པ་གལ་ཆེ་བས༔ ཁྱེད་རང་རྣམས་ཐ་མལ་པའི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ༔ དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་ལྟར་དཀར་བ༔ ཞལ་གཅིག་ཕྱག་གཉིས་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ༔ གཡོན་དུ་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་ཞིང༔ ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་གྱི་རྣམ་པར། ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུ་བཞུགས་པར་སྒོམས་ལ༔ ངག་གིས་ཡི་གེ་བརྒྱ་པ་བགྲོངས་ཤིག༔ བྱས་ལ་ཡིག་བརྒྱ་བདུན་ཙམ་བཟླར་གཞུག །ལས་བུམ་ཐོགས་ལ། ལས་བུམ་གྱིས་དབང་བསྐུར་བའི་དུས་སུ༔ དཔལ་རྡོ་རྗེ་སེམས་དཔའི་ཞབས་གཡོན་པའི་མཐེ་བོང་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་རྒྱངས་ཀྱིས་ཐོན་ནས༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཐིམ་པས༔ ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག་པའི་དམིགས་པ་མཛོད་ཅིག༔ ཁྲུས་བྱ་ཞིང་། ཧཱུྃ༔ ལྷུན་གྲུབ་ཐུགས་རྗེའི་བུམ་པ་རུ༔ ཡེ་ཤེས་བདུད་རྩིའི་ཆུ་ཡིས་བཀང༔ མ་རིག་སྡིག་སྒྲིབ་དག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་ཁྲུས་གསོལ་ལོ༔ ཛྙཱ་ན་ཁཾ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ འདི་འཐུངས་དམ་ཚིག་བསྲུང་ནུས་ན༔ དངོས་གྲུབ་ཀུན་གྱི་རྩ་བ་ཡིན༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ས་མ་ཡ་ཧཱུྃ༔ འདིར་མཚམས་སྦྱོར་སྤྱི་མཚུངས་བྱས་ལ་འབྲུ་གསུམ་གྱིས་མིག་དར་མེ་ཏོག་སྦྱིན། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་བཞིར་གཡས་སྐོར་གྱིས་ཕྱིན་ཏེ་སྒོ་སྲུང་བཞི་ལ་ཞུ་བ་འབུལ་བའི་འདུན་པས་འདིའི་རྗེས་ཟློས། ཀྱཻ་ཧོ༔ ཤར་སྒོ་སྲུང་བའི་ཁྲོ་བོ་རྣམ་པར་རྒྱལ༔ དྲི་ཟ་ལ་སོགས་ཤར་ཕྱོགས་གདོན་སྲུངས་ལ༔ སྐལ་ལྡན་བུ་ལ་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ ལྷོ་སྒོ་སྲུང་བའི་ཁྲོ་བོ་གཤིན་རྗེའི་གཤེད༔ གཤིན་རྗེ་ལ་སོགས་ལྷོ་ཕྱོགས་གདོན་སྲུངས་ལ༔ སྐལ་ལྡན་བུ་ལ་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ ནུབ་སྒོ་སྲུང་བའི་ཁྲོ་བོ་རྟ་མཆོག་དཔལ༔ ཀླུ་དབང་ལ་སོགས་ནུབ་ཕྱོགས་གདོན་སྲུངས་ལ༔ སྐལ་ལྡན་བུ་ལ་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ བྱང་སྒོ་སྲུང་བའི་ཁྲོ་བོ་བདུད་རྩི་འཁྱིལ༔ གནོད་སྦྱིན་ལ་སོགས་བྱང་ཕྱོགས་གདོན་སྲུངས་ལ༔ སྐལ་ལྡན་བུ་ལ་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ ཅེས་གསོལ་བ་བཏབ་པས་ཁྲོ་བོ་ཆེན་པོ་བཞིས་དཀྱིལ་འཁོར་སྒོ་བཞི་རིམ་གྱིས་ཕྱེས་པ་ལ། རང་རིག་ལྷག་པའི་ལྷ་ངོས་བཟུང་བའི་སླད་དུ། སྔར་བྱིན་པའི་མེ་ཏོག་རིན་པོ་ཆེའི་ཅོད་པན་དེ་ཉིད་ཚོམ་བུའི་དཀྱིལ་འཁོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་མོས་པ་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། རིགས་ལྔའི་ཕྱག་རྒྱའམ་ལྔ་ཚོམ་གྱི་མཎྜལ་བཀོད་ལ། ཨེ་མ་ཧོ༔ བྱམས་མགོན་ཐུགས་རྗེའི་བདག་པོ་མཆོག༔ སྤྱན་རལ་གཟིགས་ཀྱི་དཀྱིལ་འཁོར་དུ༔ ཅོད་པན་མེ་ཏོག་འདི་ཕུལ་བས༔ མ་རིག་མུན་པ་སེལ་བའི་ཕྱིར༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་འདོར་དུ་གཞུག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧཱུྃ༔ ང་ནི་མིག་མཁན་རྒྱལ་པོ་སྟེ༔ ཁྱོད་ཀྱི་མ་རིག་འཁྲུལ་པའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཛྙཱ་ན་ཙཀྵུ་བྷྱཿཕཊ༔ མིག་ཐུར་གྱིས་སྤྱན་དར་བསལ་ལ་ཡོལ་བ་བསྡུ། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་བརྡར་ཤར་བའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ༔ རིགས་བདག་འོད་དཔག་མེད༔ ཐུགས་རྗེ་ཆེན་པོ་རིགས་ལྔ༔ བཅོམ་ལྡན་ཐུབ་པ་དྲུག༔ ཁྲུས་ལྷ་ཁྲོ་བོ་གཉིས༔ སྒོ་སྲུང་ཁྲོ་རྒྱལ་རྣམ་བཞི་སོགས་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་དུ་མཇལ་བར་མོས་ཤིག༔ ཨེ་མ་སྐལ་ལྡན་བུ་རྣམས་ཀུན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ལྟོས༔ རིག་པ་འགྱུར་མེད་སྐུ་རུ་གསལ༔ ཐུགས་རྗེ་མ་འགགས་རྒྱན་ཆ་ལུགས༔ ཡེ་ནས་རང་ལ་གནས་མོད་ཀྱང༔ བླ་མའི་ལུང་དང་མ་འཕྲད་པས༔ ད་ལྟའི་བར་དུ་ངོ་མ་ཤེས༔ ད་ལྟ་བདག་གིས་བསྟན་པས་མཐོང༔ མཐོང་བའི་དུས་འདིར་གསོལ་བ་ཐོབ༔ ཅེས་བརྗོད། ཁྱེད་རང་ཅོད་པན་དབུས་སུ་ཕོག་པའི་ཕོ་རྣམས་ཀྱི་གསང་མཚན་བུདྡྷ་དབང་ཕྱུག་རྩལ༔ མོ་རྣམས་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བ་ཡིན་ནོ༔ ཞེས་པས་མཚོན་ནས་ཕྱོགས་གཞན་རྣམས་ལ། བཛྲ་དང་རྡོ་རྗེ་སོགས་སུ་བསྒྱུར་ནས་མིང་གདགས། དེས་ན་མིང་གི་དབང་རྟགས་སུ་ཅོད་པན་སྤྱི་བོར་བཅིངས་པར་མོས། ཧཱུྃ༔ ཅོད་པན་རིན་ཆེན་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ལྔ་དང་ལྡན༔ རིག་པ་ལུག་རྒྱུད་དྲྭ་བ་འབྲེལ༔ གསང་མཚན་མིང་གི་རྟགས་འཛིན་ཕྱིར༔ ཅོད་པན་རིན་ཆེན་དབང་ཐོབ་ཤོག༔ ཅེས་པས་ཅོད་པན་གྱི་དབང་བསྐུར། དེ་ནས་མིང་གི་བདག་བཟུང་བྱ་བའི་ཕྱིར་སོ་སོའི་མིང་ནས་བོས་པའི་ཚེ༔ ཨང་ལགས་ཞེས་པའི་ལན་ཐོབ་ཅིག༔ ཀྱེ་བུདྡྷ་དབང་ཕྱུག་རྩལ། ཅེས་བོས་ལ་ལན་འདེབས་སུ་གཞུག །དེ་ནས་དཀྱིལ་འཁོར་ཤར་གྱི་རྡོར་དྲིལ་སྤྱི་བོར་བཞག་ལ། ཧོ༔ མོས་པའི་བུ་རྣམས་མ་ཡེངས་ཉོན༔ འདི་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ ཐབས་ཤེས་ལམ་མཆོག་སྟོན་པ་ཡི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡི་བཀའ་ལས་ཁྱོད་ཀྱིས་ནི༔ ནམ་ཡང་འདའ་བར་མི་རུང་ངོ༔ གལ་ཏེ་འདས་ན་དམྱལ་བར་ལྟུང༔ བཛྲ་ས་མ་ཡ་ཙིཏྟ་ཧཱུྃ༔ རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ༔ བུམ་པ་མཐའ་བྲལ་ཆོས་དབྱིངས་ནང༔ ཡེ་ཤེས་ལྔ་ལྡན་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་རང་གྲོལ་ཤོག༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་བུམ་པའི་དབང་བསྐུར་པས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རང་རྒྱུད་དུ་འཛིན་པའི་དྲི་མ་དག་ནས༔ ད་ནི་སྣང་སྟོང་ཟུང་འཇུག་ཏུ་སྒོམ་པར་བྱེད་པའི་ལྷའི་དབང་བསྐུར་བར་བྱ་སྟེ༔ དེ་ཡང་ཐ་མལ་པའི་ལུས་ཀྱིས་ལྷ་དབང་ཞུ་བའི་སྣོད་དུ་མི་རུང་བས༔ བུ་རྣམས་དབང་གི་སྣོད་དང་ལྡན་པར་བྱ་བའི་ཕྱིར་དུ༔ རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ཚེག་དྲག་དང་ལྡན་པར་སྒོམས༔ དེ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རལ་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གསལ་སྟོང་གི་རྣམ་པར་སྒོམས་ཤིག༔ མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ཏེ༔ ཁྱེད་རང་རྣམས་ལ་ཐིམ་པས་དམ་ཚིག་དང་ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པ་བཅོམ་ལྡན་འདས་སྤྱན་རལ་གཟིགས་ཀྱི་དབང་མཆོག་ཐོབ་པར་མོས་ཤིག༔ འདོན་ཚིག་དང་བསྟུན་གཙོ་འཁོར་རྣམས་ཀྱི་ཙཀླི་རིམ་བཞིན་མགོར་བཞག་ལ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བ་ལ༔ རིག་པ་རང་བྱུང་གྲོལ་བ་ལས༔ འོད་དཔག་མེད་མགོན་ཆོས་ཀྱི་སྐུས༔ འགྲོ་བའི་དོན་དུ་གཟུགས་སྐུར་བསྟན༔ རང་བྱུང་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཀུན་གཞིའི་བག་ཆགས་རང་གྲོལ་ནས༔ ལྷུན་གྲུབ་མཆོག་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ༔ རྒྱལ་བ་ཀུན་གྱི་སྐུ་མཆོག་ནི༔ བུདྡྷའི་སྐུ་རུ་གསལ་བ་ཡི༔ བུདྡྷ་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་བ་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཉོན་མོངས་གཏི་མུག་རང་གྲོལ་ནས༔ བུདྡྷ་རིགས་ཀྱི་དབང་ཐོབ་ཤོག༔ བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་མཆོག་ནི༔ རྡོ་རྗེའི་སྐུ་རུ་གསལ་བ་ཡི༔ བཛྲ་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཉོན་མོངས་ཞེ་སྡང་རང་གྲོལ་ནས༔ རྡོ་རྗེ་རིགས་ཀྱི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ༔ རྒྱལ་བ་ཀུན་གྱི་ཡོན་ཏན་མཆོག༔ རིན་ཆེན་སྐུ་རུ་གསལ་བ་ཡི༔ རཏྣ་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཉོན་མོངས་ང་རྒྱལ་རང་གྲོལ་ནས༔ རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག༔ རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧྲཱི༔ རྒྱལ་བ་ཀུན་གྱི་གསུང་དབྱངས་མཆོག༔ པདྨའི་སྐུ་རུ་གསལ་བ་ཡི༔ པདྨ་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཉོན་མོངས་འདོད་ཆགས་རང་གྲོལ་ནས༔ པདྨ་རིགས་ཀྱི་དབང་ཐོབ་ཤོག༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མཆོག༔ ལས་ཀྱི་སྐུ་རུ་གསལ་བ་ཡི༔ ཀརྨ་སྤྱན་རལ་གཟིགས་དབང་ནི༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་སྐུས༔ དབང་མཆོག་དམ་པ་འདི་བསྐུར་བས༔ ཉོན་མོངས་ཕྲག་དོག་རང་གྲོལ་ནས༔ ཀརྨ་རིགས་ཀྱི་དབང་ཐོབ་ཤོག༔ ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྷ་ཡི་ཐུབ་པའི་དབང་བསྐུར་བས༔ ཉོན་མོངས་ང་རྒྱལ་དག་གྱུར་ཏེ༔ འཕོ་ལྟུང་སྡུག་བསྔལ་བྱང་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྷ་མིན་ཐུབ་པའི་དབང་བསྐུར་བས༔ ཉོན་མོངས་ཕྲག་དོག་དག་གྱུར་ཏེ༔ འཁྲུགས་རྩོད་སྡུག་བསྔལ་བྱང་བར་ཤོག༔ མ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ མི་ཡི་ཐུབ་པའི་དབང༴ ཉོན་མོངས་འདོད་ཆགས་དག༴ སྐྱེ་འཆིའི་སྡུག་བསྔལ་བྲལ་བར་ཤོག༔ ཎི་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ བྱོལ་སོང་ཐུབ་པའི་དབང༴ ཉོན་མོངས་གཏི་མུག་དག༴ གླེན་ལྐུགས་སྡུག་བསྔལ་བྱང་བར་ཤོག༔ པད་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ ཡི་དྭགས་ཐུབ་པའི་དབང༴ ཉོན་མོངས་སེར་སྣ་དག༴ བཀྲེས་སྐོམ་སྡུག་བསྔལ་བྱང་བར་ཤོག༔ མེ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ དམྱལ་བའི་ཐུབ་པའི་དབང༴ ཉོན་མོངས་ཞེ་སྡང་དག༴ ཚ་གྲང་སྡུག་བསྔལ་བྱང་བར་ཤོག༔ ཧཱུྃ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཛ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་ཆེན་རྣམ་རྒྱལ་དབང་བསྐུར་བས༔ ཆུ་ཡི་སྒོ་ནི་གནས་དག་ནས༔ སྙིང་རྗེ་ཚད་མེད་དབང་ཐོབ་ཤོག༔ ཛཿཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན༴ ཁྲོ་ཆེན་གཤིན་རྗེའི་དབང༴ ས་ཡི་སྒོ་ནི་གནས་དག་ནས༔ བྱམས་པ་ཚད་མེད༴ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ ཁྲོ་ཆེན་རྟ་མགྲིན་དབང༴ མེ་ཡི་སྒོ་ནི༴ དགའ་བ་ཚད་མེད༴ བཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི༴ ཁྲོ་ཆེན་བདུད་རྩིའི་དབང༴ རླུང་གི་སྒོ་ནི་གནས༴ གཏང་སྙོམས་ཚད་མེད༴ ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་མཆོད་རྫས་གསུམ་གྱི་དབང་བསྐུར་བས༔ སྤང་རྟོགས་ཀྱི་ཡོན་ཏན་རྒྱས༔ འཁོར་འདས་དབང་དུ་འདུས༔ སངས་རྒྱས་ཀྱི་ཕྲིན་ལས་མཐའ་རུ་ཕྱིན་པའི་དབང་ཐོབ་པར་མོས་ཤིག༔ ལྷོའི་དབང་གཏོར་མགོར་བཞག་ལ། ཧཱུྃ༔ སྐལ་ལྡན་མོས་པའི་བུ་རྣམས་ལ༔ གཏོར་མ་སྣང་སྟོང་དབྱེར་མེད་འདི༔ དངོས་གྲུབ་ཀུན་འབྱུང་གཏེར་མཛོད་ཡིན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་རྒྱས་པའི་དབང་ཐོབ་ཤོག༔ རཏྣ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་ཐོད་ཁྲག་གི་དབང་བསྐུར་ལ། སྤྲོས་བྲལ་མཁའ་དབྱིངས་ཐོད་པ་རུ༔ འདོད་ཆགས་རྣམ་དག་བཅུད་ཀྱིས་བཀང༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ པདྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་སྨན་ཐོད་ཀྱི་དབང་བསྐུར་ལ། སྟོང་གསུམ་རྣམ་དག་ཐོད་པ་རུ༔ དུག་ལྔ་སེལ་བྱེད་སྨན་གྱིས་བཀང༔ རིགས་ཀྱི་བུ་ལ་དབང༴ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་དབང་དངོས་གཞི་ཐོབ་ནས་མཐའ་རྟེན་ཏུ་རྒྱལ་སྲིད་རིན་ཆེན་རྣམས་དང་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་མངའ་ཆེན་གསོལ་བར་མོས་ཤིག༔ འཁོར་ལོས་སྒྱུར་རྒྱལ་དང་བཅས་རིན་ཆེན་རྣམ་བདུན་གྱིས་དབང་བསྐུར་ལ། ཡེ་ཤེས་རང་སྣང་གདན་ཁྲི་ལ༔ འགྱུར་མེད་རིག་པའི་རྒྱལ་པོ་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཚན་མ་ཟིལ་གནོན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་རཱ་ཛ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་དབྱེར་མེད་བློ་གྲོས་ལྡན༔ སྟོབས་ཆེན་བློན་པོ་རིན་ཆེན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུག་གསུམ་རྩད་གཅོད་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ སྐྱེ་མེད་བྷ་གའི་ཀློང་ཡངས་སུ༔ འགག་མེད་སྐྱོན་བྲལ་བཙུན་མོ་བཞུགས༔ རིགས་ཀྱི་བུ་ལ༴ བདེ་སྟོང་ལྷན་སྐྱེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཝསཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ འཁོར་འདས་འབྱེད་པའི་གཡུལ་ངོ་རུ༔ བདུད་བཞི་འཇོམས་པའི་དམག་དཔོན་གྱིས༔ རིགས་ཀྱི་བུ་ལ༴ སྐྱེ་འཆི་རྩད་གཅོད་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཁཌྒ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ས་ལམ་ཐོགས་མེད་བགྲོད་མཛད་པའི༔ མ་ནོར་ཤུགས་ལྡན་རྟ་མཆོག་གིས༔ རིགས་ཀྱི་བུ་ལ༴ ས་ལམ་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཏུ་རང་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་དབྱིངས་ཀློང་ནས་སྟོབས་བཅུ་རྫོགས༔ ཐེག་ཆེན་ཤུགས་ལྡན་གླང་པོ་ཡིས༔ རིགས་ཀྱི་བུ་ལ༴ གཞན་དོན་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གསུམ་ཡོངས་རྫོགས་ངང་ཉིད་ནས༔ ཐུགས་རྗེ་ཆེན་པོའི་འཁོར་ལོ་ཡིས༔ རིགས་ཀྱི་བུ་ལ་དབང༴ ཐེག་ཆེན་ཆོས་འཁོར་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ སརྦ་དྷརྨ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་ཀྱིས་དབང་བསྐུར་ལ། ཉོན་མོངས་ཚད་པ་སྐྱོབ་པའི་ཕྱིར༔ བཀྲ་ཤིས་གསེར་གདུགས་འཁྱིལ་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་བ་སྐྱོབ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ སཱུརྻ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་དབྱིངས་ཀློང་དུ་ཡེ་ཤེས་གསལ༔ སྤྱན་ལྔ་ལྡན་པའི་གསེར་ཉ་ཡིས༔ རིགས་ཀྱི་བུ་ལ་དབང༴ ཇི་སྙེད་མཁྱེན་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ པྲ་ནི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དྲི་མེད་དག་པ་སྐྱོན་མ་གོས༔ མདངས་ལྡན་པདྨ་འབར་བ་ཡིས༔ རིགས་ཀྱི་བུ་ལ༴ ཚོགས་དྲུག་སྐྱོན་བྲལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཏི་ཀ་དྷ་ཡེ་ཨ༴ ཆོས་ཀྱི་རང་སྒྲ་དབྱིངས་ནས་སྒྲོག༔ ཡན་ལག་དྲུག་ཅུ་བཀྲ་ཤིས་དུང༔ རིགས་ཀྱི་བུ་ལ༴ གྲགས་སྟོང་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ས་ཧ་ཡ་ཏྲཱི༴ མ་བཅོས་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ བཀྲ་ཤིས་གཏེར་གྱི་བུམ་པ་ཡིས༔ རིགས་ཀྱི་བུ་ལ༴ འགྲོ་བའི་རེ་སྐོང་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཏི་ཏ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐེག་ཆེན་ཡང་རྩེ་བླ་མེད་ཆོས༔ བསྟན་པ་མི་ནུབ་རྒྱལ་མཚན་འདིས༔ རིགས་ཀྱི་བུ་ལ༴ དམ་ཆོས་བསྟན་འཛིན་དབང་ཐོབ་ཤོག༔ དྷརྨ་རཱ་ཛ་ཀེ་ཏུ་ཨ་བྷི༴ རང་གསལ་དོན་ལྡན་རིག་པའི་ཐུགས༔ འགྱུར་མེད་འོད་གསལ་དཔལ་བེ་འུས༔ རིགས་ཀྱི་བུ་ལ༴ སྣང་རིག་དག་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ༴ ཚོགས་བརྒྱད་འཛིན་པ་གཅོད་པ་ཡི༔ རིན་ཆེན་འཁོར་ལོ་རྩིབས་བརྒྱད་འདིས༔ རིགས་ཀྱི་བུ་ལ་དབང༴ འཛིན་མེད་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཛྙཱ་ན་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ལ་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་ལྟར་བུམ་དབང་རྒྱས་པར་ཐོབ་པས་དབང་ལ་བརྟེན་པའི་དམ་ཚིག་བསྲུང་ཚུལ་ནི༔ སྤྱིར་གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་གསུངས་པའི་ནང་ནས༔ ཁྱད་པར་རྩ་བ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་དགོས་པས༔ སྐུའི་དམ་ཚིག་ཏུ་བླ་མའི་རྣལ་འབྱོར་སྒོམ་པ་དང༔ ཡི་དམ་མཁའ་འགྲོའི་བསྐྱེད་རིམ་བསྒོམ་ཞིང༔ གཟུགས་སྣང་ཐམས་ཅད་རྩ་གསུམ་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ༔ གསུང་གི་དམ་ཚིག་ཏུ་བླ་མའི་བཀའ་ལས་མི་འགལ་ཞིང༔ བཀའི་ཟུར་ཙམ་ཡང་མི་གཅོག་པར༔ བཀའ་བཞིན་བསྒྲུབ་ཅིང་གསོལ་བ་འདེབས་པ་དང༔ ཡི་དམ་གྱི་ཕྱི་ནང་གསང་བའི་སྙིང་པོ་ལ་ཐུན་བཟུང་སྟེ་བསྙེན་པ་ཐེབས་པར་བྱ་ཞིང༔ སྒྲའི་བརྗོད་པ་ཐམས་ཅད་སྙིང་པོ་སྔགས་ཀྱི་རང་སྒྲར་ཤེས་པར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་བླ་མའི་ཐུགས་མི་དཀྲུག༔ དགོངས་པར་གང་བདེ་བྱ་ཞིང་ཏིང་ངེ་འཛིན་གྱི་དབང་བླང༔ ཟོལ་མེད་ཀྱི་གསོལ་བ་བཏབ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱའོ༔ ཡི་དམ་མཁའ་འགྲོའི་དམ་ཚིག་ཏུ༔ ཏིང་ངེ་འཛིན་བསྒོམ་ཞིང་འོད་ཟེར་འཕྲོ་འདུ་བྱ༔ མཉམ་གཞག་གི་ངང་དུ་རྩ་བ་གསུམ་གྱི་དཀྱིལ་འཁོར་བསྒོམ༔ ཕྱི་ནང་གསང་བའི་གྲུབ་རྟགས་ལ་རློམ་སེམས་མི་བྱ༔ བྱིན་རླབས་དངོས་གྲུབ་ཀྱི་དྲོད་མི་ཡལ་བའི་དགོས་པ་ཡོད༔ རྩ་བའི་དམ་ཚིག་ལས་མ་འགལ་ན༔ ཡན་ལག་གི་དམ་ཚིག་ཞོར་ལ་བསྲུང་ཐུབ་ཅིང༔ རྩ་བའི་དམ་ཚིག་དེ་རྣམས་མ་བསྲུང་ན༔ ཡན་ལག་གི་དམ་ཚིག་ཞོར་ལ་ཉམས་ཏེ་དམྱལ་བར་ལྟུང་ངོ༔ དེ་བས་དྲན་ཤེས་བཞིན་དང་ལྡན་པས་དམ་ཚིག་ཞིབ་པར་སྲུངས་ཤིག༔ དེ་ལྟར་བསྒོས་པའི་གསུང་ལས་འདའ་བར་མི་བགྱི་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རྣམས་སྤྱི་དང་མཐུན། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་བརྩམ། ལས་བྱང་གི་མཇུག་སྡུད་གཞུང་ལྟར་ལ། གཏང་རག་མཆོད་བསྟོད། ནོངས་བཤགས། རས་བྲིས་ལ་བརྟན་བཞུགས་སོགས་གསང་བ་སྤྱི་ལྟར་བྱའོ།། ༈ །།བཞི་པ་གསང་དབང་ལ། དཀྱིལ་འཁོར་ལྟེ་བ་ཟླུམ་པོ་དམར་པོའི་རྒྱབ་ཏུ་པད་འདབ་ཕྱོགས་མདོག་བཞི། དེ་རྒྱབ་པད་འདབ་བརྒྱད་མཛེས་ཚོན་གྱི་མཐར་པདྨ་དང་རྡོ་རྗེ་སྤེལ་བའི་ཕྲེང་བས་བསྐོར་བའི་དབུས་སུ་མཉྫིའི་སྟེང་རྣམ་བུམ་དུ་རྫས་སོ་ལྔ་ལ་ཡིག་བདུན་བཟླས་པས་བྱིན་གྱིས་བརླབས་པའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པ་དང་། ཨོཾ་དཀར་པོ་ལ་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཀོད། དེ་རྒྱབ་འདབ་བཞིའི་ཤར་ནས་བརྩམ། ཧཱུྃ་སྔོན་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞི་ལ་རེ་རེ་བཞིན་ཡིག་དྲུག་གིས་བསྐོར་བའི་གསུང་དཀྱིལ་བཞི་བཀོད། ཡིག་དྲུག་ཀྱང་ཨོཾ་དཀར་པོ་སོགས་ཐུབ་དྲུག་སོ་སོའི་སྐུ་མདོག་ལྟར་བྲི་བར་གསུངས་པ་འགྲུབ་ན་ལེགས། དེ་རྒྱབ་འདབ་བརྒྱད་ལ་ཕྱོགས་བཞིར་བུམ་པ་མཐིང་སེར་དམར་ལྗང་གི་དར་ཆིངས་ཅན་བྱང་སེམས་དཀར་པོ་དང་དཀར་གསུམ་བཅུད་ལྡན། མཚམས་བཞིར་ཐོད་པ་མཚན་ལྡན་བཞི་ཆང་དང་བྱང་སེམས་དམར་པོ་མངར་གསུམ་སྦྱར་བས་བཀང་བ་བཞག །རྒྱན་དང་མཆོད་གཏོར་སྤྱི་ལྟར་བཤམ། ལས་གཞུང་བསྲངས་ལ་བཟླས་པའི་སྐབས་སུ། བདག་ཉིད་སྤྱན་རལ་གཟིགས་ཡབ་ཡུམ་གྱི་སྐུར་བསྒོམས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་རང་ལ་ཐིམ་པས༔ རང་ཉིད་སྤྱན་རལ་གཟིགས་ཡབ་ཡུམ་གྱི་སྐུ་ལ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གསལ་བར་གྱུར༔ བཟླས་པའི་རྐྱེན་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་འཕྲོས་པ༔ དཀྱིལ་འཁོར་གྱི་དབང་རྫས་རྣམས་ལ་ཕོག༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར༔ ཅེས་བསྒོམ་ལ། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བརྒྱ་སྟོང་གང་འགྲུབ་བཟླ། མཐར་མཆོད་བསྟོད་བྱ། གཏེར་སྲུང་གཏོར་འབུལ་ཚོགས་མཆོད་སོགས་གོང་སྨོས་ལྟར་བྱས་ལ། སློབ་མ་རྣམས་སྒོ་ཡི་ཕྱི་རོལ་དུ་ཆབ་གཏང་། ལས་སློབ་ཀྱིས། ཁྱེད་རང་རྣམས་ཀྱིས་ཕོ་བྲང་སྲུང་བའི་གིང་ཆེན་ལ་སྒོ་དབྱེ་བར་ཞུ་བར་མོས་ལ་འདིའི་རྗེས་ཟློས། ཀྱཻ་ཧོ༔ གསང་སྔགས་བླ་མེད་དཀྱིལ་འཁོར་གྱི༔ ཕྱི་ནང་མཚམས་ཀུན་སྡོམ་མཛད་པའི༔ ཁྲོ་གཏུམ་གིང་ཆེན་བདག་ལ་དགོངས༔ བདག་ཅག་འཁོར་བའི་རྒྱ་མཚོ་ནས༔ བདེ་ཆེན་ཐར་པའི་གླིང་དུ་འཇུག༔ སྒོ་ཕྱེས་ཕོ་བྲང་བསྟན་དུ་གསོལ༔ ཅེས་ལན་གསུམ། སྒོ་བས་ལན་བཏབ་ཅིང་གནང་བ་བྱིན་པར་མོས་ཤིག །ཧཱུྃ༔ ང་ནི་ཁྲོ་རྒྱལ་འབར་བའི་སྐུ༔ སྣོད་ལྡན་རྣམས་ཀྱི་སྲུང་མ་ཡིན༔ སྣོད་མིན་རྣམས་ཀྱི་གཤེད་མ་ཡིན༔ ཁྱེད་རྣམས་སྐལ་ལྡན་བུ་ཡིན་ན༔ གུས་པས་ཕྱག་འཚོལ་ནང་དུ་ཤོག༔ ཅེས་བརྗོད་ལ་སྒོ་དབྱེ། སློབ་དཔོན་གྱིས་བཀའ་བསྒོ་ཞིང་རོལ་མོ་ཡུངས་ཐུན་སོགས་ཚམ་རྔམ་བཅས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད་པ་ལ། དེ་ལ་ཐོག་མར་གསང་བའི་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ རྡོ་རྗེ་སློབ་དཔོན་གསང་བའི་བདག༔ སྨིན་བྱེད་དབང་གི་དཀྱིལ་འཁོར་ནས༔ བདག་ཅག་རྣམས་ལ་ཞལ་བསྟན་ཏེ༔ ཟབ་མོ་གསང་བའི་དབང་བསྐུར་ཞུ༔ ལན་གསུམ། བླ་མས། ཀྱཻ་ཧོ༔ ཁྱེད་རྣམས་སྐལ་ལྡན་བུ་ཡིན་ན༔ རྣམ་གཡེང་བྱ་བ་སྤང་ནུས་སམ༔ མཚན་ལྡན་བླ་མ་བསྟེན་ནུས་སམ༔ ཡི་དམ་བསྐྱེད་རིམ་སྒོམ་ནུས་སམ༔ རྩ་ཐིག་རླུང་གསུམ་སྦྱང་ནུས་སམ༔ སྙིང་པོ་བཟླས་བརྗོད་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་དབང་གི་རྒྱལ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བླ་མ་བསྟེན་ཞིང་ཡི་དམ་བསྒོམ༔ རྩ་རླུང་སྦྱོང་ཞིང་བཟླས་བརྗོད་བྱེད༔ རྡོ་རྗེ་སློབ་དཔོན་བཀའ་ལས་ནི༔ ནམ་ཡང་བདག་གིས་མི་འདའ་འོ༔ ལན་གསུམ། དེས་གསང་དབང་བསྐུར་བའི་སྣོད་དུ་རུང་བར་གྱུར་བ་ན༔ ཞུ་བའི་རྟེན་ཁྱད་པར་ཅན་གཟུངས་མ་གཟུགས་མཛེས་ཤིང་ལོ་བཅུ་དྲུག་ནས་ཉེར་ལྔའི་བར་གྱི་མཚན་ཉིད་དང་ལྡན་པ་ཕུལ་བའི་མོས་པས་འདིའི་རྗེས་ཟློས༔ ཨེ་མ་ཧོ༔ བླ་མ་དབང་གི་རྒྱལ་པོ་ཡབ༔ བདེ་ཆེན་གསང་སྔགས་མཛོད་འཛིན་པའི༔ རྡོ་རྗེ་སློབ་དཔོན་ཁྱོད་ཉིད་ལ༔ ཤེས་རབ་རིག་མ་འབུལ་བ་ནི༔ སངས་རྒྱས་མཁའ་འགྲོ་དཀར་འཇམ་མཛེས༔ རྡོ་རྗེ་མཁའ་འགྲོ་མཐིང་འོད་འབར༔ རིན་ཆེན་མཁའ་འགྲོ་སེར་གསལ་རྒྱས༔ པདྨ་མཁའ་འགྲོ་དམར་མདངས་ལྡན༔ ཀརྨ་མཁའ་འགྲོ་ལྗང་གསལ་འབར༔ རིགས་ལྔའི་མཚན་ལྡན་ཕྱག་རྒྱ་མ༔ བལྟས་པས་ཡིད་འཕྲོག་དང་བ་འདྲེན༔ བསྟེན་པས་མཆོག་ཐུན་དངོས་གྲུབ་ཐོབ༔ དབང་གི་རྒྱལ་པོ་ཁྱེད་ལ་འབུལ༔ དཔལ་ཆེན་ཁྱེད་ཀྱིས་འདི་བཞེས་ལ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ཞུ། ལན་ནི། ཀྱེ༔ སྐལ་ལྡན་བུ་རྣམས་མ་ཡེངས་ཉོན༔ ཧཱུྃ༔ ང་ནི་ཐབས་མཁས་དབང་གི་རྒྱལ༔ གཟུངས་མ་མཚན་ལྡན་ང་ཡི་ཡུམ༔ ང་ཡིས་འདི་ཉིད་བསྟེན་བྱས་ནས༔ དུག་ལྔས་གཟིར་བའི་སེམས་ཅན་ལ༔ ཡེ་ཤེས་ལྔ་ཡི་འཁོར་ལོ་བསྐོར༔ སྐལ་ལྡན་མོས་པའི་བུ་རྣམས་ཀུན༔ དབང་གི་དོན་དུ་མཎྜལ་ཕུལ༔ དེའང་འགྲོ་འདུལ་ལས་འཕྲོ་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་སྨིན་བྱེད་ཀྱི་རྩ་བ་ཐུན་མོང་བུམ་པའི་དབང་སྔར་སོང་ནས། འདིར་ཐུན་མོང་མ་ཡིན་པའི་མཆོག་དབང་རྣམས་རིམ་པར་བསྒྲུབ་པའི་ཐོག་མར་གསང་དབང་རྩ་རླུང་རང་གྲོལ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་ཤིག༔ ཁྱེད་རྣམས་སྐད་ཅིག་གིས་མགོན་པོ་འོད་དཔག་མེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་གསལ་ཐོབ༔ དེ་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་པས་གནས་ལྔར་སྤྱན་རལ་གཟིགས་རིགས་ལྔའི་སྐུ་གསལ་ལ་རྫོགས་པ་ལམ་གྱིས་བྱུང་བར་མོས་ཤིག༔ བུམ་པས་དབང་བསྐུར་ལ། ཧཱུྃ༔ མཁའ་དབྱིངས་གསང་བའི་བུམ་པ་རུ༔ རང་གསལ་སྐུ་ལྔའི་ལྷ་ཚོགས་བཞུགས༔ རིགས་ཀྱི་སེམས་དཔའ་ཁྱོད་ལ་ནི༔ ཡེ་ཤེས་གསལ་བའི་དབང་བསྐུར་རོ༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མི་ཕྱེད་པ་བསྐྱེད་རིམ་གསལ་སྟོང་གི་ངང་ལ་གནས་པར་གྱིས་ཤིག༔ གསུང་རྟེན་ཚོམ་བུའི་དཀྱིལ་འཁོར་གྱིས་དབང་བསྐུར་བས་རིགས་ལྔ་སྤྱན་རལ་གཟིགས་ཀྱི་གསུང་དང་དབྱེར་མེད་པར་གང་ལ་གང་འདུལ་གྱི་ཆོས་སྒོ་རབ་འབྱམས་སྟོན་ནུས་པའི་དབང་ཐོབ་པར་མོས་ཤིག༔ གསུང་དཀྱིལ་དབུས་མ་ནས་རིམ་བཞིན་དབང་བསྐུར་ལ། ཨོཾ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བུདྡྷ་སྤྱན་རལ་གཟིགས་དབང་གི༔ ཡང་སྙིང་ཚོམ་བུའི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ སྐལ་ལྡན་བུདྡྷའི་རིགས་མཆོག་ལ༔ རང་བྱུང་ལྷུན་གྲུབ་ཆོས་སྟོན་པའི༔ དབང་མཆོག་དམ་པ་ཐོབ་གྱུར་ཅིག༔ བུདྡྷ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཛྲ་སྤྱན་རལ་གཟིགས་དབང་གི༔ ཡང་སྙིང་ཚོམ་བུའི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ སྐལ་ལྡན་རྡོ་རྗེའི་རིགས་མཆོག་ལ༔ མི་མཐུན་ཀུན་སེལ་ཆོས་སྟོན་པའི༔ དབང་མཆོག་དམ་པ་ཐོབ་གྱུར་ཅིག༔ བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རཏྣ་སྤྱན་རལ་གཟིགས་དབང་གི༔ ཡང་སྙིང་ཚོམ་བུའི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ སྐལ་ལྡན་རིན་ཆེན་རིགས་མཆོག་ལ༔ དགོས་འདོད་ཀུན་འབྱུང་ཆོས་སྟོན་པའི༔ དབང་མཆོག་དམ་པ་ཐོབ་གྱུར་ཅིག༔ རཏྣ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་སྤྱན་རལ་གཟིགས་དབང་གི༔ ཡང་སྙིང་ཚོམ་བུའི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ སྐལ་ལྡན་པདྨའི་རིགས་མཆོག་ལ༔ འཁོར་འདས་དབང་སྡུད་ཆོས་སྟོན་པའི༔ དབང་མཆོག་དམ་པ་ཐོབ་གྱུར་ཅིག༔ པདྨ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀརྨ་སྤྱན་རལ་གཟིགས་དབང་གི༔ ཡང་སྙིང་ཚོམ་བུའི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པ་དང༔ སྐལ་ལྡན་ལས་ཀྱི་རིགས་མཆོག་ལ༔ གཟུང་འཛིན་རྩད་གཅོད་ཆོས་སྟོན་པའི༔ དབང་མཆོག་དམ་པ་ཐོབ་གྱུར་ཅིག༔ ཀརྨ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་དབང་ནུས་པའི་དབང་ལྔ་སོང་ནས༔ ད་སྨིན་པའི་དབང་བཞི་བསྐུར་བ་ནི༔ ཐོད་པ་མཁའ་འགྲོ་སྡེ་བཞིའི་རང་བཞིན་གྱིས་དབང་བསྐུར་བས་ཁམས་ལྔ་ཡུམ་ལྔའི་ངོ་བོར་སྨིན༔ བུམ་པ་དཔའ་བོ་སྡེ་བཞིའི་རང་བཞིན་གྱིས་དབང་བསྐུར་བས་ཕུང་པོ་རྒྱལ་བ་རིགས་བཞིའི་ངོ་བོར་སྨིན་པར་མོས་ཤིག༔ ཤར་ལྷོ་མཚམས་ཀྱི་ཐོད་པ་མགོར་བཞག་ལ། ཐོད་པ་བདེ་ཆེན་གཞལ་ཡས་ཁང༔ རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ དཔའ་བོ་ཁྱོད་ལ་དབང་བསྐུར་བས༔ འབྱུང་བའི་ཆུ་ནི་མ་སྤངས་པར༔ མཱ་མ་ཀཱི་ཡི་ངོ་བོར་སྨིན༔ གསང་བ་ཡུམ་གྱི་དབང་ཐོབ་ཤོག༔ ཤར་ཕྱོགས་ཀྱི་བུམ་པ་ཐོགས་ལ། བུམ་པ་མཐིང་གསལ་ཟླུམ་པོའི་ནང༔ རྡོ་རྗེ་དཔའ་བོའི་ལྷ་ཚོགས་བཞུགས༔ དཔའ་མོ་ཁྱོད་ལ་དབང་བསྐུར་པས༔ གཟུགས་ཀྱི་ཕུང་པོ་མ་སྤངས་པར༔ རྡོ་རྗེ་སེམས་དཔའི་ངོ་བོར་སྨིན༔ གསང་བ་ཡབ་ཀྱི་དབང་ཐོབ་ཤོག༔ ལྷོ་ནུབ་མཚམས་ཀྱི་ཐོད་པ་ཐོགས་ལ། ཐོད་པ་བདེ་ཆེན་གཞལ་ཡས་ཁང༔ རིན་ཆེན་མཁའ་འགྲོའི་ལྷ་ཚོགས་བཞུགས༔ དཔའ་བོ་ཁྱོད་ལ་དབང་བསྐུར་བས༔ འབྱུང་བ་ས་ནི་མ་སྤངས་པར༔ སངས་རྒྱས་སྤྱན་མའི་ངོ་བོར་སྨིན༔ གསང་བ་ཡུམ་གྱི་དབང་ཐོབ་ཤོག༔ ལྷོའི་བུམ་པ་ཐོགས་ལ། བུམ་པ་སེར་གསལ་ཟླུམ་པོའི་ནང༔ རིན་ཆེན་དཔའ་བོའི་ལྷ་ཚོགས་བཞུགས༔ དཔའ་མོ་ཁྱོད་ལ་དབང་བསྐུར་བས༔ ཚོར་བའི་ཕུང་པོ་མ་སྤངས་པར༔ རིན་ཆེན་འབྱུང་ལྡན་ངོ་བོར་སྨིན༔ གསང་བ་ཡབ་ཀྱི་དབང་ཐོབ་ཤོག༔ ནུབ་བྱང་མཚམས་ཀྱི་ཐོད་པ་ཐོགས་ལ། ཐོད་པ་བདེ་ཆེན་གཞལ་ཡས་ཁང༔ པདྨ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ དཔའ་བོ་ཁྱོད་ལ་དབང་བསྐུར་བས༔ འབྱུང་བ་མེ་ནི་མ་སྤངས་པར༔ གོས་དཀར་མོ་ཡི་ངོ་བོར་སྨིན༔ གསང་བ་ཡུམ་གྱི་དབང་ཐོབ་ཤོག༔ ནུབ་ཕྱོགས་ཀྱི་བུམ་པ་ཐོགས་ལ། བུམ་པ་དམར་སེར་ཟླུམ་པོའི་ནང༔ པདྨ་དཔའ་བོའི་ལྷ་ཚོགས་བཞུགས༔ དཔའ་མོ་ཁྱོད་ལ་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་མ་སྤངས་པར༔ སྣང་བ་མཐའ་ཡས་ངོ་བོར་སྨིན༔ གསང་བ་ཡབ་ཀྱི་དབང་ཐོབ་ཤོག༔ བྱང་ཤར་མཚམས་ཀྱི་ཐོད་པ་ཐོགས་ཏེ། ཐོད་པ་བདེ་ཆེན་གཞལ་ཡས་ཁང༔ ཀརྨ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ དཔའ་བོ་ཁྱོད་ལ་དབང་བསྐུར་བས༔ འབྱུང་བ་རླུང་ནི་མ་སྤངས་པར༔ དམ་ཚིག་སྒྲོལ་མའི་ངོ་བོར་སྨིན༔ གསང་བ་ཡུམ་གྱི་དབང་ཐོབ་ཤོག༔ བྱང་ཕྱོགས་ཀྱི་བུམ་པ་ཐོགས་ཏེ། བུམ་པ་ལྗང་གསལ་ཟླུམ་པོའི་ནང༔ ཀརྨ་དཔའ་བོའི་ལྷ་ཚོགས་བཞུགས༔ དཔའ་མོ་ཁྱོད་ལ་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་མ་སྤངས་པར༔ དོན་ཡོད་གྲུབ་པའི་ངོ་བོར་སྨིན༔ གསང་བ་ཡབ་ཀྱི་དབང་ཐོབ་ཤོག༔ ཅེས་བུམ་ཐོད་སོ་སོར་མགོར་བཞག །བཅུད་རྫས་ཁར་སྦྱིན། དབང་གི་རྫས་རྣམས་སྤྱི་བོར་བསྐུར་བས༔ ལུས་ཀྱི་སྒྲིབ་པ་དག་ཅིང་བསྐྱེད་རིམ་མངོན་དུ་གྱུར་ནས༔ ལུས་ཡི་དམ་ལྷའི་སྐུ་རུ་སྨིན༔ བདུད་རྩི་ཁར་བླུགས་པས་ངག་གི་སྒྲིབ་པ་དག་ཅིང༔ རྩ་རླུང་རྡོ་རྗེའི་བཟླས་པ་མངོན་དུ་གྱུར་ནས༔ ངག་ཡི་དམ་ལྷའི་གསུང་དུ་སྨིན༔ དབང་ཚིག་གི་དོན་རྣམས་མ་ཡེངས་པར་བསྒོམས་པས༔ ཡིད་ཀྱི་སྒྲིབ་པ་དག་ཅིང༔ རྫོགས་རིམ་མངོན་དུ་གྱུར་ནས༔ ཡིད་ཡི་དམ་ལྷའི་ཐུགས་སུ་སྨིན༔ སྐུ་གསུམ་དབྱེར་མེད་རྒྱལ་བའི་དགོངས་པ་མངོན་དུ་གྱུར་པའོ༔ ཞེས་བརྡ་སྤྲད། འདི་རྣམས་སློབ་མ་སྐྱེས་པ་ལ་དཔའ་མོའི་ཐོད་པའི་དབང་ཁོ་ན་དང་། བུད་མེད་ལ་དཔའ་བོའི་བུམ་དབང་བསྐུར་བ་གཞུང་གི་དགོངས་པར་སྣང་ངོ་། །དེ་དག་གིས་གསང་བའི་དབང་ཐོབ་པས་དམ་ཚིག་སྤྱིར་བུམ་དབང་གི་སྐབས་སུ་བཤད་པ་རྣམས་གཞིར་བཞག༔ བྱེ་བྲག་ཏུ་དམ་ཉམས་ལ་སོགས་གྲིབ་ཅན་གྱི་གནས་གྲོགས་ཟས་གོས་སྤངས་ཏེ་གནས་གྲོགས་གཙང་ཞིང་ཡིད་དང་མཐུན་པར༔ ཟས་བཅུད་ཅན་ཟ་ཞིང་བསིལ་དྲོད་སྙོམས་པའི་གོས་གྱོན་ལ༔ ལུས་འཁོར་བའི་བྱ་བ་ལ་མི་འཇུག་པར༔ ཕྱག་དང་བསྐོར་བ་བྱ་ཞིང་འཁྲུལ་འཁོར་ལ་འབད༔ ངག་འཁྲུལ་གཏམ་གྱི་དབང་དུ་མི་གཏོང་བར༔ བླ་མ་ལ་གསོལ་བ་འདེབས་ཤིང་རླུང་བསྒོམ༔ ཡིད་རྣམ་གཡེང་འཁྲུལ་པའི་དབང་དུ་མི་གཏོང་བར༔ གཏུམ་མོའི་བདེ་དྲོད་སྦར༔ རྩ་ཐིག་རླུང་གསུམ་གྱི་སྤེལ་སྦྱང་བྱ་བར་གསུངས་པས་དེ་ལྟར་བགྱིའོ་སྙམ་པའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་སྤྱི་ལྟར་དང་ལས་བྱང་གི་རྗེས་རིམ་བུམ་དབང་གི་སྐབས་སུ་བཤད་པ་ལྟར་བྱའོ།། ༈ །།ལྔ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དཀྱིལ་འཁོར་ལྟེ་བ་ཟླ་གམ་དཀར་དམར་ཁ་སྤྲོད་མཐར་པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ཕྱོགས་བཞི་ཕྱོགས་མདོག་དང་། མཚམས་བཞི་མཛེས་ཚོན་བྱ། ཟླ་གམ་རྒྱབ་མ་དམར་པོ་ལ་ཚོམ་བུ་དམར་པོ། མདུན་མ་དཀར་པོ་ལ་དཀར་པོ། འདབ་བཞིར་ཕྱོགས་མདོག་བཀོད། རྩིབས་བརྒྱད་ལ་དགའ་འཁྱིལ་རེ་རེ། མཐའ་སྐོར་འཇའ་རིས་ཀྱི་མུ་ཁྱུད་བྲིས་པའི་ཟླ་གམ་དཀར་པོ་ལ། ཕོ་ཐོད་ནང་འཁོར་ལོ་རྩིབས་བཞིའི་དབུས་དང་རྩིབས་ལ་རིགས་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དཀར་པོ་དང་དཀར་གསུམ་བླུགས་ལ་དར་དཀར་གྱིས་བཀབ་པ་བཞག །ཟླ་གམ་དམར་པོར་མོ་ཐོད་ནང་པདྨ་འདབ་བཞིའི་དབུས་དང་འདབ་ལྔར་ཡུམ་ལྔའི་ས་བོན་བྲིས་པའི་ནང་དུ་བྱང་སེམས་དམར་པོ་དང་མངར་གསུམ་བླུགས་ལ་དར་དམར་གྱིས་བཀབ་པ་བཞག །དེ་རྒྱབ་འདབ་བཞིའི་ཤར་དུ་རྣམ་བུམ། ལྷོར་དབུ་རྒྱན། ནུབ་ཏུ་དབང་གཏོར། བྱང་དུ་རྡོར་དྲིལ་དང་ཁྲུས་བུམ། གཞན་ཡང་དཔའ་བོ་དང་རིག་མའི་ཙཀླི་འདུ་བྱ། རྒྱན་དང་མཆོད་གཏོར་སྤྱི་ལྟར་བཤམ། འདི་ཕྱིན་ཆད་གསང་དབང་དང་སྦྲེལ་ནས་བསྐུར་ན་ཕྲིན་ལས་ཟུར་དུ་གཏང་མི་དགོས་ལ། དམིགས་བཟླས་སོ་སོ་ནས་བཤད་པ་ལྟར་བྱེད། རེ་རེ་ནས་ཕྲལ་ན་ཕྲིན་ལས་ཚར་རེའང་གཏང་ན་ལེགས། གང་ལྟར་བཟླས་དམིགས་ཁྱད་པར་བ་ནི། རང་ཉིད་སྤྱན་རལ་གཟིགས་གསལ་བའི༔ ཡབ་ཡུམ་སྐུ་ཡི་དཀྱིལ་འཁོར་ན༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ གསལ་སྟོང་ཡབ་ཡུམ་འཁྲིལ་བར་བསྐྱེད༔ གཙོ་འཁོར་ཡབ་ཡུམ་མཁའ་གསང་ནས༔ ཐུགས་རྗེའི་རང་བཞིན་བྱང་སེམས་བབས༔ ཐོད་པ་ལ་སོགས་དབང་རྫས་ལ༔ སིབ་སིབ་ཉིད་དུ་ཐིམ་པར་གྱུར༔ ཅེས་བསྒོམས་ལ། ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་ནུས་བགྲང་། གཞན་སྔ་མ་རྣམས་ལྟར་རོ། །སློབ་མ་ལ་དབང་སྔ་མ་དང་བར་བཅད་ན་ཕྱི་རོལ་དུ་ཆབ་བཏང་ནང་དུ་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་སྐབས་སུ་བབས་པ་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་ལས་འཕྲོ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། མཆོག་དབང་གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བདེ་སྟོང་རང་གྲོལ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བླ་མ་དཔལ་ཆེན་དབང་གི་རྒྱལ༔ ཡབ་ཡུམ་བདེ་བའི་དཀྱིལ་འཁོར་ནས༔ ཤེས་རབ་ཡེ་ཤེས་དངོས་གྲུབ་དབང༔ དགའ་བཞིའི་ངོ་སྤྲོད་བསྐུར་དུ་གསོལ༔ ལན་གསུམ། བླ་མས། ཀྱེ་ཧོ༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན༔ ཐེག་ཆེན་རྒྱ་མཚོའི་ཀློང་དཀྱིལ་དུ༔ གསང་སྔགས་བླ་མེད་པད་སྡོང་འཁྲུངས༔ དགའ་བཞིའི་མདངས་ལྡན་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་པ་མི་ལྡན་པའི༔ ལོག་ལྟ་མཁན་ལ་གསང་ཞིང་སྦེད༔ ཁྱེད་རྣམས་སྐལ་ལྡན་བུ་ཡིན་ན༔ དམ་ཚིག་སྡོམ་པ་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བླ་མ་དབང་གི་རྒྱལ་པོ་དགོངས༔ བདག་ཅག་སྐལ་ལྡན་བུ་ཡིན་པས༔ ཐེ་ཚོམ་ལོག་ལྟའི་དྲི་མ་མེད༔ བླ་མ་དབང་གི་རྒྱལ་པོ་ཡི༔ བཀའ་ལས་མི་འདའ་དམ་ཚིག་བསྲུང༔ ཤེས་རབ་ཡེ་ཤེས་དབང་བསྐུར་ཞུ༔ ལན་གསུམ། དམ་ཚིག་བསྒྲག་པ་ནི། ཧོ༔ སྐལ་ལྡན་བུ་རྣམས་མ་ཡེངས་ཉོན༔ གསང་སྔགས་བླ་མེད་ལམ་ཞུགས་ནས༔ བུད་མེད་མི་སྤངས་དང་དུ་བླང༔ དགའ་བཞིའི་ངང་དུ་ཚུལ་ཁྲིམས་འདུས༔ དོན་གྱི་ཚངས་སྤྱོད་འདི་ཡིན་པས༔ ཚུལ་ཁྲིམས་སྡོམ་པ་དམ་ཚིག་རྣམས༔ བདེ་སྟོང་དགའ་བཞིའི་ངང་དུ་རྫོགས༔ དགའ་བཞི་སྤངས་ན་དངོས་གྲུབ་མེད༔ ཐ་མལ་བབ་ཅོལ་སྤྱད་གྱུར་ན༔ འཁོར་བའི་གནས་སུ་ལྟུང་བར་འགྱུར༔ དེ་བས་དམ་ལ་གནས་པར་གྱིས༔ བཛྲ་ས་མ་ཡ་དཾ༔ ཇི་ལྟར་བསྒོས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་འདུན་པས་ཁས་ལེན་པ་འདིའི་རྗེས་ཟློས། བླ་མ་དབང་གི་རྒྱལ་པོ་དགོངས༔ འཕྱར་ཁ་རྣམ་གཡེང་བྱུང་བ་དང༔ འཆི་བ་སྲོག་ལ་བབ་གྱུར་ཀྱང༔ གསང་སྔགས་དམ་ལས་མི་འདའ་འོ༔ ས་མ་ཡ་ན་ར་ཀན༔ དེ་ནས་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཁྱེད་རང་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་གང་མཆིས་པ་དང་ཁྱད་པར་གསང་བ་ཟབ་མོའི་སྣོད་དུ་མི་རུང་བའི་ལས་སྒྲིབ་ཅི་ཡོད་པ་ཐམས་ཅད་སང་སང་དག་པར་མོས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་གསུང་འཚལ༔ ཞེས་ཡིག་བརྒྱ་འདྲེན་དུ་གཞུག །དེ་ནས་ལོ་རྒྱུས་བཤད་པ་ནི། ཀྱཻ་ཧོ༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན་ཅིག༔ སྤྱིར་གསང་སྔགས་ཀྱི་ཆོས་རྣམས་དབང་ལ་མ་བརྟེན་ན་འགྲུབ་པར་མི་འགྱུར་ཞིང༔ ཁྱད་པར་དུ་སངས་རྒྱ་བར་བྱེད་པ་ལ་ཐུན་མོང་གི་ཐེག་པས་སངས་རྒྱས་མི་ཐོབ་པས༔ དབང་གསུམ་པ་ལ་བསྟེན་དགོས་ཏེ༔ རྩ་རྒྱུད་གསང་བ་སྙིང་པོ་ལས༔ ཐུན་མོང་ཕ་མཐར་བྱས་པའི་ཚེ༔ སྲོད་དང་ཐོ་རངས་དུས་ཉིད་དུ༔ ཡེ་ཤེས་ལྷ་མོ་རོལ་དབང་གིས༔ འཁོར་ལོའི་ས་ལ་བསྒྱུར་བར་ངེས༔ ཞེས་གསུངས་པས༔ ཟབ་ལ་མྱུར་བ་ཤེས་རབ་ཡེ་ཤེས་ཀྱི་དབང་འདི་ཉིད་ནི༔ སྐལ་ལྡན་སློབ་མ་རྣམས་ལ་བསྐུར་བར་བྱའོ༔ དེ་ཡང་བསྐྱེད་རིམ་ལ་བརྟན་པ་མ་ཐོབ་ཅིང༔ རྩ་ཐིག་རླུང་གསུམ་ལས་སུ་མི་རུང་བ་རྣམས་ལ༔ རྟེན་འབྲེལ་གྱི་བརྡ་མཚོན་པར་བྱེད་པ་རིགས་ཀྱི་ཕྱག་མཚན་གཏོད་པ་དང༔ གསང་སྔགས་ཀྱི་ཕྱག་སྲོལ་མི་ཉམས་པར་བྱ་བའི་ཕྱིར་དུ་གཟུངས་མ་ལག་ཏུ་གཏོད་པ་དང༔ རྩ་ཐིག་རླུང་གསུམ་ཉམས་སུ་ལེན་ཅིང་ཉམས་ལེན་རྒྱུན་བསྲིང་བའི་ཕྱིར་དུ་ཡིད་རིག་ལ་བདེ་བ་སྦྱང་ཐབས་བསྟན་པ་དང༔ སྐལ་ལྡན་གྱི་སློབ་མ་སྐྱེ་བ་སྔ་མ་ནས་གསང་སྔགས་ཀྱི་ཆོས་ལ་སྦྱངས་པའི་འཕྲོ་ཡོད་པ༔ ཚེ་འདིར་ཟབ་ལམ་ལ་སྦྱངས་ནས་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་རྣམས་ལ་དངོས་སུ་དབང་བསྐུར་ཏེ༔ དེ་ཡང་དབང་རྟེན་བཙལ་ནས་དབང་དུ་བྱ་བ་དང༔ བླ་མ་ལ་ཕུལ་ནས་མཁའ་གསང་བྱིན་གྱིས་རློབ་པ་དང༔ སློབ་མ་ལ་གཏད་ནས་མཉམ་པར་སྦྱོར་ཞིང་དགའ་བཞི་ངོ་སྤྲོད་པའོ༔ དེ་ཡང་རྡོ་རྗེ་སློབ་དཔོན་དུས་གསུམ་སངས་རྒྱས་ཀུན་འདུས་སུ་བཞུགས་པའི་གཡས་ཕྱོགས་སུ་ཕོ་སྐྱེས་རྣམས་བསྒྲིགས་ལ་རིགས་ཀྱི་དཔའ་བོར་བསྒོམ༔ གཡོན་ཕྱོགས་སུ་མོ་སྐྱེས་རྣམས་བསྒྲིགས་ལ་རིགས་ཀྱི་དཔའ་མོའི་རང་བཞིན་དུ་གནས་པ་ལ༔ ལས་བྱེད་དཔའ་མོས་མཛེས་པའི་གར་བསྒྱུར་ཅིང་དྲིལ་བུ་དཔའ་བོ་རྣམས་ལ་གཏད་པར་མོས་ཤིག༔ དྲིལ་བུ་གཏད་ལ། ཀྱེ་ཧོ༔ སྐལ་ལྡན་བུ་རྣམས་ཉོན༔ སྟོང་པ་སྣང་བའི་རང་སྒྲ་ཅན༔ ཤེས་རབ་ཡུམ་གྱི་ཕྱག་མཚན་འདི༔ རིགས་ཀྱི་བུ་མཆོག་རྣམས་ལ་གཏད༔ རྟེན་འབྲེལ་འདི་ཡིས་མཚོན་བྱས་ནས༔ གསང་སྔགས་ཆོས་ལ་སྤྱོད་པར་ཤོག༔ ལས་ཀྱི་དཔའ་བོས་རྡོ་རྗེ་གསོར་ཞིང་དཔའ་མོ་རྣམས་ལ་གཏད་པར་མོས་ཤིག༔ ཀྱེ་ཧོ༔ སྐལ་ལྡན་བུ་རྣམས་ཉོན༔ ཐུགས་རྗེ་འགག་མེད་རྡོ་རྗེ་འདི༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཡིན༔ རིགས་ཀྱི་བུ་མཆོག་ཁྱོད་ལ་གཏད༔ རྟེན་འབྲེལ་འདི་ཡིས་མཚོན་བྱས་ནས༔ གསང་སྔགས་ཆོས་ལ་སྤྱོད་པར་ཤོག༔ དེས་རྟེན་འབྲེལ་གྱི་བརྡ་དབང་བསྐུར་བ་སོང་ནས༔ ཕོ་སྐྱེས་དཔའ་བོ་རྣམས་ལ་མཚན་ཉིད་དང་ལྡན་པའི་རིག་མ་བྱིན་པར་མོས་ཤིག༔ རིག་ཙཀ་གཏད་ལ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་ནས༔ བདེ་སྟོང་མཛེས་པའི་རྣམ་འགྱུར་ཅན༔ རིགས་ཀྱི་གཟུངས་མ་མཚན་ལྡན་འདི༔ རིགས་ཀྱི་བུ་མཆོག་ཁྱོད་ལ་གཏད༔ ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧཱུྃ༔ མོ་སྐྱེས་དཔའ་མོ་རྣམས་ལ་མཚན་ཉིད་རྫོགས་པའི་དཔའ་བོ་བྱིན་པར་མོས་ཤིག༔ ཁྱེའུའི་ཙཀླི་གཏད་ལ། ཨེ་མ་ཧོ༔ སྐལ་ལྡན་བུ་རྣམས་གུས་པས་ཉོན༔ ཀུན་ཏུ་བཟང་པོའི་ཐུགས་རྗེ་ལས༔ རིག་སྟོང་མཛེས་པའི་རྣམ་འགྱུར་ཅན༔ རིགས་ཀྱི་དཔའ་བོ་མཚན་ལྡན་འདི༔ སྐལ་ལྡན་མོས་པའི་བུ་ལ་གཏད༔ ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཏད་པའི་ཕོ་མོ་སོ་སོར་རྗེས་སུ་ཆགས་པའི་སྒྱུ་རྩལ་གྱིས་བདེ་བ་སྦེལ་བར་མོས་ལ་ཉམས་སྐྱོང་འཚལ༔ ཧྲཱི༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན༔ ཕོ་སྐྱེས་དཔའ་བོའི་པང་དུ་ནི༔ ཡེ་ཤེས་མཁའ་འགྲོ་བདེ་སྟེར་མ༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ རང་དང་འཁྲིལ་སྦྱོར་བདེ་ཉམས་སྐྱོངས༔ རྩ་ཐིག་རླུང་གསུམ་སྨིན་པར་གྱིས༔ མོ་སྐྱེས་དཔའ་མོའི་པང་དུ་ནི༔ ཐབས་མཆོག་སངས་རྒྱས་དཔའ་བོ་ནི༔ སྐུ་མདོག་དཀར་དམར་འོད་ཟེར་འབར༔ རང་དང་འཁྲིལ་སྦྱོར་བདེ་ཉམས་སྐྱོངས༔ རྩ་ཐིག་རླུང་གསུམ་སྨིན་པར་གྱིས༔ དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ་ནས༔ དངོས་གཞིའི་དབང་རྟེན་གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་མཚན་ཉིད་དང་ལྡན་པའི་གཟུངས་མའི་སྲིན་ལག་ནས་འཇུས་ཏེ་བླ་མ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས༔ ཨེ་མ་ཧོ༔ བླ་མ་དཔལ་ཆེན་དབང་གི་རྒྱལ༔ གསང་སྔགས་བསྟན་པའི་བདག་པོ་ལ༔ ཤེས་རབ་རིག་མ་འབུལ་བ་ནི༔ ཤ་འཇམ་སྐེད་ཕྲ་ནུ་མ་འབུར༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ དྲི་ཞིམ་སྐད་སྙན་ཡིད་འོང་མ༔ བླ་མ་དགྱེས་པའི་རྣམ་འགྱུར་མཁས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ གཡོ་སྒྱུ་མིག་སེར་ཕྲ་མ་མེད༔ བདེ་བའི་སྒྲ་འབྱིན་ཐབས་ལ་མཁས༔ ཡོན་ཏན་ཀུན་ཚང་རིག་མ་འདི༔ དབང་གི་རྒྱལ་པོ་ཁྱེད་ལ་འབུལ༔ བཞེས་ནས་བདག་ལ་དབང་བསྐུར་ཞུ༔ ཞེས་དམིགས་རྟེན་རྟགས་ཀྱི་ཕྱག་རྒྱ་འམ་གཟུགས་བརྙན་འབུལ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཡུམ་ལ་ཕོག་པས་གདོན་བགེགས་ཚར་བཅད༔ དྲི་མ་མཐའ་དག་སྦྱངས་ནས་ཁྱེད་རང་རྣམས་ལ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་བཅས་ཏེ་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་རིམ་པར་སྐྱེས༔ དབང་བཞི་ཐོབ༔ ལམ་བཞི་བསྒོམ་པ་ལ་དབང༔ སྐུ་བཞི་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག༔ གཟུགས་བརྙན་སླར་སྦྱིན་ལ། ཧྲཱི༔ སྐལ་ལྡན་བུ་རྣམས་མ་ཡེངས་ཉོན༔ ཡབ་ནི་སྤྱན་རལ་གཟིགས་དབང་ལ༔ ཡུམ་ནི་པདྨ་མཁའ་འགྲོར་སྐྱེད༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོའི་རོལ་པར་སྒོམས༔ པཾ་ལས་ཡུམ་གྱི་པདྨ་ནི༔ དམར་པོ་འདབ་མ་བརྒྱད་པར་སྒོམས༔ ཧཱུྃ་ལས་ཡབ་ཀྱི་རྡོ་རྗེ་ནི༔ དཀར་པོ་རྩེ་ལྔ་པ་རུ་སྒོམས༔ པདྨ་རྡོ་རྗེ་སྦྱར་བ་ཡིས༔ ཡི་དམ་ལྷ་ཚོགས་ཡབ་ཡུམ་གྱི༔ ཟག་མེད་ཐུགས་རྗེའི་བྱང་སེམས་གཡོས༔ བདེ་སྟོང་རོལ་པ་ཆེན་པོར་སྒོམས༔ བདེ་བ་ཆུང་ན་དྲག་ཏུ་སྐྱོད༔ བདེ་བ་ཆེ་ན་དལ་བུས་སྐྱོད༔ ཐིག་ལེ་མི་ཉམས་ཞེ་དམ་བྱ༔ བདེ་བའི་མཆོད་པ་བླ་ན་མེད༔ ཡར་མཆོད་རྒྱལ་བའི་ཐུགས་དམ་བསྐངས༔ མར་སྦྱིན་སེམས་ཅན་སྡུག་བསྔལ་སྦྱངས༔ དོན་གཉིས་བྱས་ནས་རང་ལ་འདུས༔ སྤྱི་བོར་དགའ་བའི་དཀྱིལ་འཁོར་རྒྱས༔ བུམ་པའི་དབང་ཐོབ་བསྐྱེད་རིམ་སྒོམས༔ སྤྲུལ་པའི་སྐུ་ཡིས་འགྲོ་དོན་གྱིས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་མཆོག་དགའི་དཀྱིལ་འཁོར་རྒྱས༔ གསང་བའི་དབང་ཐོབ་རྩ་རླུང་སྒོམས༔ ལོངས་སྤྱོད་རྫོགས་སྐུས་འགྲོ་དོན་གྱིས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་ཁར་དགའ་བྲལ་དཀྱིལ་འཁོར་རྒྱས༔ ཤེར་དབང་ཐོབ་ནས་བདེ་སྟོང་སྐྱོངས༔ ཆོས་ཀྱི་སྐུ་ཡིས་འགྲོ་དོན་གྱིས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གསང་གནས་ལྷན་སྐྱེས་དཀྱིལ་འཁོར་རྒྱས༔ བཞི་པའི་དབང་ཐོབ་དབྱེར་མེད་སྒོམས༔ ངོ་བོ་ཉིད་ཀྱིས་འགྲོ་དོན་གྱིས༔ ཞེས་དབང་དོན་ངོ་སྤྲད་ལ་རྗེས་གནང་བྱ། བླ་མ་ཡབ་ཡུམ་གཉིས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་མཉམ་པར་སྦྱོར་བས་ཐུགས་རྗེའི་རང་བཞིན་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པ་བདུད་རྩི་དང་སྦྱར་ནས་ཁྱེད་རང་རྣམས་ལྷར་གསལ་བ་ལ་བྱིན་པར་མོས༔ དྲི་བཟང་བདུད་རྩི་ལྔ་སྦྱར་བ་བླུད་ལ། ཐོག་མའི་རྒྱལ་བ་ཐམས་ཅད་ཀྱིས༔ རྒྱལ་ཚབ་སྲས་པོ་དམ་པ་ལ༔ ཟག་མེད་བདུད་རྩིའི་དབང་བསྐུར་བཞིན༔ ད་ལྟ་སྐལ་ལྡན་བུ་ཁྱོད་ལ༔ བྱང་སེམས་བདུད་རྩིའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་ཐོད་པ་མགོར་བཞག་ལ། ཧོ༔ མཁའ་དབྱིངས་གསང་བའི་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་བདུད་རྩི་འདི༔ ཕྲིན་ལས་འགྲུབ་ཕྱིར་བུ་ལ་བསྐུར༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དབང་རྫས་སྦྱིན། དབུ་རྒྱན་བཀོན་ལ། ཧཱུྃ༔ ཐོག་མའི་རྒྱལ་བ་ཐམས་ཅད་ཀྱིས༔ རྒྱལ་ཚབ་སྲས་པོ་དམ་པ་ལ༔ དབུ་རྒྱན་བཀོན་ནས་མངའ་གསོལ་ལྟར༔ ད་ལྟ་སྐལ་ལྡན་བུ་ཁྱོད་ལ༔ དབུ་རྒྱན་རིགས་ལྔའི་དབང་བསྐུར་བས༔ སྐུ་ལྔས་འགྲོ་དོན་བྱེད་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མས་དབང་བསྐུར་ལ། ཧྲཱི༔ སྐྱོན་བྲལ་པདྨའི་གཞལ་ཡས་སུ༔ མ་དང་མཁའ་འགྲོ་སྤྲིན་ལྟར་གཏིབས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་གསང་དག་པའི་དབང་ཐོབ་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐུན་མོང་མ་ཡིན་པ་ཐོབ་པ་ཡིན་པས་དེའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་དགོས་པས་འདི་ལྟར་ཐུགས་ལ་གཅག་པར་ཞུ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཤེས་རབ་ཡེ་ཤེས་དབང་གི་ནི༔ དམ་ཚིག་བསྲུང་བྱ་སེམས་ལ་ཞོག༔ ཕྱི་ལྟར་སྐྱེ་དམན་རིགས་རྣམས་ནི༔ བདེ་བ་སྟེར་བའི་ཡུམ་ཡིན་པས༔ ལོག་པར་མི་ལྟ་དམ་ཚིག་ཡིན༔ ནང་ལྟར་བླ་མའི་གསང་ཡུམ་ནི༔ དངོས་གྲུབ་འབྱུང་བའི་གནས་ཡིན་པས༔ རྟག་ཏུ་མཆོད་པ་དམ་ཚིག་ཡིན༔ གསང་བ་བདེ་སྟོང་དབྱེར་མེད་འདིར༔ ཟབ་མོ་དབང་གི་འབྲས་བུ་རྫོགས༔ ཆགས་ཞེན་འཛིན་མེད་དམ་ཚིག་ཡིན༔ དམ་ནི་དུས་གསུམ་རྒྱལ་བའི་བཀའ༔ དེ་ལས་འདས་ན་རང་ཉིད་སྲེག༔ དེ་ཕྱིར་དམ་ཚིག་ཅེས་སུ་བཤད༔ དྲན་དང་ཤེས་བཞིན་ལྡན་པ་ཡིས༔ ཡེངས་མེད་རྒྱུན་དུ་བསྲུང་བར་བྱ༔ ཇི་ལྟར་བཤད་པའི་ཐ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་བའི་གཡར་དམ་སྲོག་བཞིན་བཙའ་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་ཕྲིན་ལས་ཀྱི་རྗེས་རིམ་སྔར་བཤད་པ་ལྟར་བྱའོ།། ༈ །།དྲུག་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ། དཀྱིལ་འཁོར་ཐིག་ལེ་དབུས་དཀར། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་ལྔ་པོ་རེ་རེའང་ཁ་དོག་ལྔ་པའི་མུ་ཁྱུད་དང་། མཐའ་སྐོར་མུ་ཁྱུད་ཁ་དོག་ལྔ་ལྡན་གྱིས་བསྐོར་བའི་དབུས་དང་ཕྱོགས་བཞིར་མཆོད་རྟེན་དཀར་མཐིང་སེར་དམར་ལྗང་གུ་ལྔ་དང་མེ་ལོང་རེ་རེ་བཞག །མཚམས་བཞིར་མར་མེ་དང་ཤེལ་རྡོ་རེ་རེ་བཀོད། གཏོར་མཆོད་སྤྱི་ལྟར་བཤམ། ལས་བྱང་གཏང་དགོས་མིན་དབང་སྔ་མ་དང་སྦྲེལ་མིན་སྐབས་བསྟུན་བྱ་དགོས་ལ། བཟླས་དམིགས་ཀྱི་ཁྱད་པར་ནི། བླ་མ་རྡོ་རྗེ་སློབ་དཔོན་གྱི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་བྱང་སེམས་ཐུགས་རྒྱུད་བསྐུལ༔ འོད་ཟེར་ཧཱུྃ་གི་རྣམ་པ་ཅན༔ ཚུར་འདུས་མཆོད་རྟེན་ལ་སོགས་པའི༔ དབང་གི་རྫས་ལ་ཐིམ་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་ཛཔ྄་དབྱངས་འཐེན། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་ལ། འདིར་འགྲོ་འདུལ་ལས་འཕྲོ་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི། མཆོག་དབང་གསུམ་པ་ཚིག་དབང་སེམས་ཉིད་རང་གྲོལ་བསྐུར་བ་ལ་ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རྒྱལ་བ་ཀུན་འདུས་ཆོས་ཀྱི་རྗེ༔ གནས་ལུགས་སྟོན་པའི་བླ་མ་དགོངས༔ བདག་སོགས་འཁོར་བའི་སེམས་ཅན་རྣམས༔ མ་རིག་མུན་པའི་གླིང་དུ་ཆུད༔ ཐུགས་རྗེའི་སྒྲོན་མེ་སྤར་མཛད་ནས༔ རང་རིག་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། ཧཱུྃ༔ ང་ནི་མཐུ་སྟོབས་བདག་པོ་སྟེ༔ ཉོན་མོངས་དུག་ལྔ་རྩད་ནས་གཅོད༔ ང་ནི་འོད་གསལ་སྒྲོན་མེ་སྟེ༔ འགྲོ་བའི་མུན་པ་སེལ་བར་བྱེད༔ ང་ནི་དབང་མཆོག་རྒྱལ་པོ་སྟེ༔ རང་རིག་རྟོགས་པའི་དབང་བསྐུར་རོ༔ ཞེས་གནང་བ་སྦྱིན་ལ་དམིགས་པ་འབོགས་པ་ནི། རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ ཁྱེད་རང་རྣམས་སྤྱན་རལ་གཟིགས་སུ་གསལ་བའི་སྤྱི་བོར་ཧཱུྃ་དཀར་པོ༔ མགྲིན་པར་ཧཱུྃ་དམར་པོ༔ སྙིང་གར་ཧཱུྃ་སྔོན་པོ༔ ལྟེ་བར་ཧཱུྃ་སེར་པོ༔ གསང་གནས་སུ་ཧཱུྃ་ལྗང་གུ་རྣམས་སྒོམས་ཤིག༔ དེས་ཐུགས་རང་བྱུང་གི་དབང་ཞུ་བའི་སྣོད་དུ་རུང་བར་བྱེད་པའོ༔ མེ་ལོང་དང་མཆོད་རྟེན་དཀར་པོའི་དབང་སྤྱི་བོར་བསྐུར་བས་བུདྡྷ་རིགས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ མེ་ལོང་ངོས་སུ་མཆོད་རྟེན་དཀར་པོ་ཤར་བ་སྤྱི་བོར་བཞག་པ་སོགས་འོག་མ་རྣམས་ལའང་འགྲེ །ཧཱུྃ༔ བུདྡྷ་སྤྱན་རལ་གཟིགས་དབང་གི༔ ཐུགས་རྟེན་ལྷུན་གྲུབ་མཆོད་རྟེན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཏི་མུག་འཛིན་པ་རང་གྲོལ་ཞིང༔ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས༔ ལྷུན་གྲུབ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དང་མཆོད་རྟེན་སྔོན་པོའི་དབང་སྙིང་གར་བསྐུར་བས་རྡོ་རྗེའི་རིགས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ བཛྲ་སྤྱན་རལ་གཟིགས་དབང་གི༔ ཐུགས་རྟེན་འགྱུར་མེད་མཆོད་རྟེན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཞེ་སྡང་འཛིན་པ་རང་གྲོལ་ཞིང༔ མེ་ལོང་ཡེ་ཤེས་དོན་རྟོགས་ནས༔ འགྱུར་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དང་མཆོད་རྟེན་སེར་པོའི་དབང་ལྟེ་བར་བསྐུར་བས་རིན་ཆེན་རིགས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ རཏྣ་སྤྱན་རལ་གཟིགས་དབང་གི༔ ཐུགས་རྟེན་རང་བྱུང་མཆོད་རྟེན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ང་རྒྱལ་འཛིན་པ་རང་གྲོལ་ཞིང༔ མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས༔ རང་བྱུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དང་མཆོད་རྟེན་དམར་པོའི་དབང་མགྲིན་པར་བསྐུར་བས་པདྨ་རིགས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ པདྨ་སྤྱན་རལ་གཟིགས་དབང་གི༔ ཐུགས་རྟེན་རང་གསལ་མཆོད་རྟེན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་ཆགས་འཛིན་པ་རང་གྲོལ་ཞིང༔ སོར་རྟོག་ཡེ་ཤེས་དོན་རྟོགས་ནས༔ རང་གསལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དང་མཆོད་རྟེན་ལྗང་གུའི་དབང་གསང་གནས་སུ་བསྐུར་བས་ལས་ཀྱི་རིགས་ཀྱི་དབང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ ཀརྨ་སྤྱན་རལ་གཟིགས་དབང་གི༔ ཐུགས་རྟེན་ཐོགས་མེད་མཆོད་རྟེན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲག་དོག་འཛིན་པ་རང་གྲོལ་ཞིང༔ བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས༔ ཐོགས་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་བཞི་དང་ཤེལ་རྡོ་རྣམས་ཐོགས་ལ། དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ གསལ་སྟོང་དག་པ་རང་གི་སེམས༔ རང་ངོ་ཤེས་ཤིང་རང་ས་ཟིན༔ འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དབྱིངས་སྟོང་པ་ཉིད་དང་རང་གསལ་གྱི་ཡེ་ཤེས་གདོད་ནས་ཟུང་དུ་འཇུག་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་དང་རང་གི་སེམས་ཉིད་དབྱེར་མི་ཕྱེད་པ་བརྡ་འདི་དག་གིས་མཚོན་པར་གྱིས་ཤིག༔ ཤེལ་རྡོའམ་ཤེལ་དྭངས་པ་མིག་ལ་བཀབ་ནས་དཀྱིལ་འཁོར་དང་དབང་རྫས་ལ་བལྟར་བཅོལ་ཏེ། ཧཱུྃ༔ དྲི་མེད་ཆོས་སྐུའི་མཁའ་དབྱིངས་སུ༔ ཐུགས་རྗེ་འགག་མེད་འོད་ཟེར་འབར༔ ཞིང་ཁམས་གསལ་སྣང་འདི་ཉིད་ཀྱང༔ སེམས་ཉིད་ངང་དུ་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པ༔ རང་བྱུང་ངོ་བོ་ལྷུན་གྲུབ་དོན་གྱི་ལྷ༔ འདི་དོན་རྟོགས་པ་དབང་གི་ངོ་བོ་ཡིན༔ ཅི་སྣང་ཅི་སྲིད་ཆོས་རྣམས་ཐམས་ཅད་ཀུན༔ རང་དབང་འདུས་པ་དབང་གི་ངེས་ཚིག་ཡིན༔ དབང་གི་དབྱེ་བ་རྣམ་གྲངས་མང་བཤད་ཀྱང༔ འདི་རུ་མ་འདུས་དབང་མཆོག་ཡོད་མ་ཡིན༔ ཞེས་བརྗོད་ལ་ཤེལ་གཞན་དུ་བཞག །སླར་ཡང་ཁྱེད་རང་རྣམས་ལུས་གནད་ལེགས་པར་ཆོས་ལ་མན་ངག་གནད་ཀྱི་ངོ་སྤྲོད་འདི་ལ་རྩེ་གཅིག་ཏུ་གསན་ཅིང་དེའི་དོན་ལ་མཉམ་པར་འཇོག་པར་ཞུ༔ ཨེ་མ་ཟབ་མོ་གསང་བའི་བཅུད༔ བླ་མེད་ཐེག་པའི་སྙིང་པོ་འདི༔ སེམས་ཅན་ཀུན་ལ་གནས་མོད་ཀྱང༔ རྟོགས་པའི་སྐལ་པ་མི་ལྡན་པས༔ འཁོར་བའི་མཚོ་ལས་ཐར་མི་འགྱུར༔ དེས་ན་ལས་ཅན་འགའ་ཡི་དོན༔ བླ་མེད་སྙིང་པོའི་དོན་རྟོགས་ཕྱིར༔ ཟབ་མོ་གསང་བའི་གདམས་པ་བསྟན༔ དངོས་པོ་གཤིས་ཀྱི་གནས་ལུགས་ལ༔ བློས་བརྟགས་བརྗོད་པའི་ཚིག་ལས་འདས༔ ཀ་དག་རང་བྱུང་མཚོན་དཔེ་བྲལ༔ འགྱུར་མེད་རྡོ་རྗེའི་སྐུ་རུ་བཞུགས༔ རང་བྱུང་ཡེ་ཤེས་རྫོགས་པ་ཆེན་པོའི་དོན༔ རང་ལ་གནས་ཏེ་གཞན་ལ་འཚོལ་མི་དགོས༔ བྱར་མེད་རྩོལ་བྲལ་རིག་པའི་ཀློང་དུ་འདུས༔ དེ་ལྟར་མ་རྟོགས་བློ་ཆུང་གང་ཟག་རྣམས༔ སྤང་བླང་འདུ་ཤེས་མཚན་མའི་སྒྲོག་ཏུ་ཚུད༔ ལྟར་སྣང་དག་ལ་མངོན་པར་ཞེན་པ་ཡིས༔ བསྐལ་པར་འབད་ཀྱང་གྲོལ་བར་མི་སྲིད་ཅིང༔ དེ་བས་ཡང་དག་རྫོགས་པ་ཆེན་པོའི་དོན༔ དགོངས་པའི་ཡང་བཅུད་འདི་ལ་འདྲིས་པར་གྱིས༔ སྐྱོན་ཞེས་བྱ་བ་མིང་དུ་བཏགས་པ་འདི༔ ཡེ་ནས་ཡོད་མ་མྱོང་སྟེ་རྩ་བ་ཆོད༔ ཡོན་ཏན་ཞེས་བྱར་མིང་དུ་བཏགས་པ་འདི༔ རྩོལ་སྒྲུབ་མི་དགོས་ཡེ་ནས་རང་ལ་རྫོགས༔ སྐྱོན་ཡོན་གཉིས་ལས་འདས་པའི་ཡེ་ཤེས་འདི༔ ཀ་དག་སྤྲོས་བྲལ་ཙམ་ལས་མཚོན་དུ་མེད༔ སྣང་སྟོང་གཉིས་སུ་འཛིན་པ་འཁྲུལ་པའི་ལམ༔ ཡེ་ནས་དངོས་པོར་མ་གྲུབ་སྣང་མ་མྱོང༔ གདོད་ནས་འགྱུར་བ་མེད་དེ་སྟོང་མ་མྱོང༔ སྣང་སྟོང་གཉིས་ལས་འདས་པའི་སེམས་ཉིད་འདི༔ ཡེ་ནས་འཆིང་བྱེད་མེད་དེ་གྲོལ་མི་དགོས༔ རྩལ་སྣང་རང་ཤར་རིག་པའི་དཀྱིལ་འཁོར་ལ༔ ཡེ་ནས་འཛིན་པ་བྲལ་ཏེ་གྲོལ་མི་དགོས༔ རང་བྱུང་སྙིང་པོའི་དོན་ཉིད་ངོ་འཕྲོད་པས༔ ཡིན་མིན་རྩིས་བཏབ་མེད་དེ་གྲོལ་མི་དགོས༔ གྲོལ་ཞེས་བཏགས་པའི་ཐ་སྙད་སྣ་ཚོགས་ཀུན༔ དྲང་དོན་ཡིན་ཏེ་ངེས་པའི་དོན་མ་ཡིན༔ གྲོལ་འཁྲུལ་གཉིས་ལས་འདས་པའི་སེམས་ཉིད་འདི༔ བླ་མའི་དྲིན་གྱིས་རྟོགས་པའི་ངེས་ཚིག་ལ༔ གྲོལ་ཞེས་ཐ་སྙད་ཙམ་དུ་བཏགས་པ་ཡིན༔ ཀ་དག་གནས་ལུགས་རང་བྱུང་ལ་སོགས་པའི༔ མཚོན་བྱེད་ཚིག་ནི་ཕྱོགས་རེ་ཙམ་ཡིན་ཏེ༔ འདི་ཡིན་ཞེས་པའི་ཚིག་གི་ལམ་དང་བྲལ༔ འདི་མིན་ཞེས་སུ་གང་ཡང་བཀག་པ་མེད༔ ཡིན་མིན་གཉིས་ལས་འདས་པའི་སེམས་ཉིད་འདི༔ བླ་མའི་དྲིན་གྱིས་རྟོགས་པའི་ངེས་ཚིག་ལ༔ སྒྲོ་འདོགས་ཆོད་ཅེས་མིང་དུ་བཏགས་པ་ཡིན༔ རྒྱུ་རྐྱེན་གཉིས་ལས་འདས་པའི་སེམས་ཉིད་འདི༔ རྟག་ཆད་གཉིས་ཀྱི་མཐའ་ལས་ཡེ་ནས་གྲོལ༔ མཐའ་བྲལ་རང་མཚང་རིག་པའི་མན་ངག་འདི༔ བླ་མེད་བྱང་ཆུབ་མཆོག་གི་ལམ་ཆེན་ཡིན༔ མན་ངག་མངོན་དུ་གྱུར་པའི་དགོངས་པ་ལ༔ མཐར་ཕྱིན་སངས་རྒྱས་ཞེས་བྱར་མིང་དུ་བཏགས༔ སངས་རྒྱས་ཆེ་བའི་ཡོན་ཏན་བསམ་འདས་ཀྱང༔ རང་བྱུང་ཡེ་ཤེས་རྟོགས་པའི་ངོ་བོ་ཡིན༔ ཟབ་མོ་གསང་བའི་རྒྱུད་སྡེ་བསམ་འདས་ཀྱང༔ སངས་རྒྱས་མཁྱེན་པའི་ཡེ་ཤེས་མ་འགགས་པས༔ འགྲོ་བ་གང་འདུལ་དོན་དུ་གསུངས་པ་ཡིན༔ དེ་ལྟར་གསུངས་པའི་རྒྱུད་སྡེ་སྣ་ཚོགས་ཀྱང༔ རང་གི་སེམས་ཉིད་རྟོགས་པའི་ངོ་བོ་ལས༔ གཞན་དུ་ཐ་དད་མ་སེམས་སྙིང་གི་བུ༔ འདི་འདྲའི་མན་ངག་གསང་ཆེན་དམ་པ་འདི༔ འཁོར་བའི་རྩ་བ་གཅོད་པའི་སཏྭ་རེ་ཡིན༔ འཁྲུལ་གྲོལ་འཛིན་པ་གཅོད་པའི་རལ་གྲི་ཡིན༔ རེ་དོགས་རྩ་བ་གཅོད་པའི་སྨན་ཆེན་ཡིན༔ མན་ངག་ཀུན་གྱི་བཅུད་ཕྱུང་སྙིང་པོ་ཡིན༔ དྲང་དོན་གྲུབ་མཐའི་བློ་ཡིས་འདི་མི་མཐོང༔ ཐ་སྙད་ཚིག་ཕྱིར་འབྲངས་པས་མཐའ་མི་ཆོད༔ བླུན་སྒོམ་ལོང་བའི་མིག་གིས་དོན་མི་མཐོང༔ རྟོགས་པ་བཀག་སྒོམ་རེམ་ཡང་གོལ་བའི་ལམ༔ རྩོལ་བྲལ་རང་བྱུང་དོན་འདི་སུས་རྟོགས་པ༔ སྣང་སྲིད་འཁོར་འདས་རྒྱལ་བའི་ཞིང་འདིར་གྲོལ༔ སྤང་བླང་གཉིས་མེད་བདེ་ཆེན་ངང་དེར་རོལ༔ དེས་བཞི་པའི་དབང་བསྐུར་ཐོབ་པ་ཡིན་པས་ཁྱད་པར་ཆེན་པོའི་དམ་ཚིག་བཞི་ལ་རྒྱུན་དུ་སློབ་པའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་རྗེས་རིམ་སྔ་མ་རྣམས་ཀྱིས་འགྲེའོ། ༈ །བདུན་པ་རིག་པ་རྩལ་གྱི་དབང་བསྐུར་བ་ལ། དཀྱིལ་འཁོར་དབུས་ལྟེ་མཐིང་ག་ལ་མུ་ཁྱུད་ཁ་དོག་རིམ་ལྔས་བསྐོར་བ། དེ་རྒྱབ་མུ་ཁྱུད་རིམ་པ་བཞི་མཐིང་ག །དེ་རྒྱབ་མུ་ཁྱུད་ལ་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་རིགས་ཀྱི་མདོག་མཚུངས། དེ་རྒྱབ་མུ་ཁྱུད་ཡངས་པ་ལ་འཇའ་ཟེར་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་སོགས་ཆོས་ཉིད་མངོན་སུམ་གྱི་འཆར་ཚུལ་རྣམས་བྲིས་པའི་དབུས་སུ་སྤྱན་རལ་གཟིགས་ཀྱི་སྐུ་རིན་པོ་ཆེ་ལས་གྲུབ་པ་བཞག །མཐར་དར་ཁ་དོག་ལྔ་སོ་སོར་བཏིང་བའི་སྟེང་དུ་ཁ་དོག་སྣ་ཚོགས་པའི་སྣོད་རྣམས་སུ་ཆུ་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟ་བུའི་བཅུད་ཀྱང་དེ་མཚུངས་བླུགས་པ་དང་། ཤེལ་རྡོ་མེ་ལོང་བཀོད། བླ་མ་བརྒྱུད་པའི་གསོལ་འདེབས་དང་བྱིན་འབེབ་ནན་དུ་བྱ། རྡོར་སེམས་སྐུ་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ་ལ་ཁྲུས་གསོལ། སློབ་མ་ལ་དབང་སྔ་མའི་འཕྲོས་ཡིན་ན་ཁྲུས་སོགས་མི་དགོས་པས། དེ་ནས་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་དབང་བསྐུར་མཐར་ཐུག་རིག་པའི་རྩལ་དབང་འོད་སྣང་རང་གྲོལ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་ཐུགས་རྗེའི་འོད་ཟེར་གྱིས༔ བདག་སོགས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ མ་རིག་གཏི་མུག་མུན་པ་སེལ་དུ་གསོལ༔ ཡེ་ཤེས་རང་སྣང་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་ཌཱ་དྲིལ་དབྱངས་བཅས་དཔོན་སློབ་ཐུན་མོང་དུ་བརྒྱུད་པའི་བླ་མ་ལ་གསོལ་འདེབས་དྲག་ཏུ་བྱ། སློབ་དཔོན་གྱི་ཕྱག་གཡས་གཡོན་གྱིས་རྡོར་སེམས་སྐུ་དང་ཤེལ་རྡོ་མེ་ལོང་ཐོགས་ལ། ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པའི་བུ་སློབ་ཀུན༔ ཚེ་རབས་སྔོན་ནས་སྨོན་ལམ་ལས་དག་པས༔ ཚེ་འདིར་དལ་འབྱོར་མི་ལུས་རིན་ཆེན་ཐོབ༔ སྐལ་པ་བཟང་བས་དམ་པའི་ཆོས་དང་མཇལ༔ ཁྱད་པར་ཡང་ཟབ་བླ་མེད་རྩལ་དབང་འདི༔ སྡིག་སྒྲིབ་ཆེ་ཆུང་མེད་པར་གྲོལ་བའི་དབང༔ ན་སོ་རྒན་གཞོན་མེད་པར་འཚང་རྒྱའི་ཆོས༔ གདམས་པ་འདི་ནི་གཞན་ལས་ཁྱད་པར་འཕགས༔ དཔེ་དོན་རྟགས་གསུམ་འཛོམ་པའི་ངོ་སྤྲོད་ཀྱིས༔ སངས་རྒྱས་གཞན་ནས་མི་འཚོལ་རང་ལ་རྙེད༔ ལྟོས་ཤིག་ལྟོས་ཤིག་གསལ་བྱེད་མེ་ལོང་ནང༔ བལྟས་པས་ཡེ་ཤེས་རང་སྣང་དཀྱིལ་འཁོར་གསལ༔ ཕྱི་ནས་ཤར་བ་མ་ཡིན་ནང་ན་གནས༔ མ་དག་ཤ་ཁྲག་ལུས་ལ་བརྟེན་པ་ཡིས༔ རྒྱུན་དུ་མི་གསལ་རྟེན་འབྲེལ་གནད་ཀྱིས་གསལ༔ ད་ལྟ་དབང་གི་དཀྱིལ་འཁོར་ལ་བརྟེན་ནས༔ ཡེ་ཤེས་རང་སྣང་རང་ངོ་འཕྲོད་པ་ཡིན༔ འདི་ལ་ཉམས་ལེན་བརྩོན་པའི་ལས་ཅན་རྣམས༔ ཚེ་འདིར་ཟག་མེད་འཇའ་ལུས་ཐོབ་པར་འགྱུར༔ གཡེང་བ་ཆེ་བས་ཉམས་ལེན་མ་འགྲུབ་ཀྱང༔ ད་ལྟ་དབང་གི་ངོ་སྤྲོད་ཐོབ་པ་ཡིས༔ བར་དོར་ཆོས་ཉིད་འོད་སྣང་ཤར་བའི་དུས༔ ད་ལྟའི་ངོ་སྤྲོད་དྲན་པའི་སྐད་ཅིག་ལ༔ ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་ཐེ་ཚོམ་མེད༔ ཅེས་དང་། དེའང་ཞིང་ཁམས་མཐིང་གའི་མདོག་ནི་ཆོས་དབྱིངས་མཚོན་བྱེད་དོ༔ དབུས་སུ་སྤྱན་རལ་གཟིགས་ཀྱི་སྐུ་བཞུགས་པ་ནི་ཆོས་ཀྱི་དབྱིངས་ནས་ཆོས་སྐུ་གཟུགས་སྐུར་བཞེངས་པའི་བརྡའ་འོ༔ མུ་ཁྱུད་ཁ་དོག་ལྔ་ལྡན་དུ་བསྐོར་བ་ནི༔ རང་སྣང་ཡེ་ཤེས་ལྔ་ལྡན་ལ་རྒྱུན་ཆད་མེད་པའི་བརྡའོ༔ སྙིང་པོ་ཡི་གེ་ཁ་དོག་ལྔ་ལྡན་དུ་གསལ་བ་ནི་དུག་ལྔ་སེལ་བྱེད་ཀྱི་ཆོས་སྟོན་པའི་བརྡའོ༔ རྨ་བྱ་རིས་དང༔ ཟ་འོག་རིས་རྣམས་ལ་ཁ་དོག་ལྔ་ལྡན་དུ་ཡོད་པ་ནི༔ ཞིང་ཁམས་ལྔ་ལྡན་རང་ལ་གནས་པའི་བརྡའོ༔ ཐིག་ལེ་དང་ཐིག་ཕྲན་མུ་ཁྱུད་རྣམས་གསལ་བ་ནི༔ ཞིང་ཁམས་དང་སྐུ་ལ་འདུ་འབྲལ་མེད་པར་གནས་པའི་བརྡའོ༔ རིན་པོ་ཆེའི་སྣོད་སྣ་ཚོགས་པའི་ནང་དུ་བཅུད་སྣ་ཚོགས་གནས་པ་ནི༔ བཅུད་སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་བརྡའོ༔ ཤེལ་དང་མེ་ལོང་ཁ་དོག་ངེས་པ་ཅན་དུ་མ་གྲུབ་པ་ནི༔ དབྱིངས་ཀྱི་རང་བཞིན་ཉིད་ལ་ཁ་དོག་ཏུ་མ་གྲུབ་པའི་བརྡའོ༔ ཤེལ་དང་མེ་ལོང་གི་ནང་དུ་ཁ་དོག་སྣ་ཚོགས་གསལ་བ་ནི༔ དབྱིངས་ཀྱི་རིག་པའི་རང་གདངས་ལ་ཆོས་ཐམས་ཅད་གསལ་བའི་བརྡའོ༔ དེ་ལྟར་རྩལ་དབང་འོད་སྣང་རང་གྲོལ་གྱི་དོན་བསྡུས་པ་ནི༔ གཞི་གནས་ལུགས་ཀྱི་རང་རྩལ་འོད་དུ་སྣང་བ་དེ་ཉིད༔ ལམ་ཉམས་ལེན་གྱི་འོད་སྣང་དུ་ངོ་སྤྲོད༔ འོད་སྣང་རང་གདངས་སུ་ཤེས་པས་དབང་ཐོབ༔ ཡེ་ནས་འཆིང་བྱེད་མེད་པའི་དོན་རྟོགས་པས་རང་གྲོལ༔ དེ་ལྟར་ཟབ་མོ་དབང་གི་མཐར་ཐུག་པ་རིག་པའི་རྩལ་དབང༔ ངོ་སྤྲོད་ཀྱི་མཐར་ཐུག་པ་ཡེ་ཤེས་རང་སྣང་གི་ངོ་སྤྲོད༔ ཉམས་ལེན་གྱི་མཐར་ཐུག་པ་གསལ་སྣང་གཅིག་རྫོགས་ཀྱི་མན་ངག༔ གེགས་སེལ་གྱི་མཐར་ཐུག་པ་བློ་བྲལ་གྱི་གསལ་འདེབས༔ བོགས་འདོན་གྱི་མཐར་ཐུག་པ་རང་བྱུང་འོད་གསལ༔ འབྲས་བུའི་མཐར་ཐུག་པ་དབྱིངས་རིག་མངོན་གྱུར༔ ལ་ཟླའི་མཐར་ཐུག་པ་འཛིན་བརྗོད་དང་བྲལ་བའོ༔ དེ་ལྟར་ངོ་སྤྲད་པའི་དོན་ལ་ཐག་ཆོད་ཀྱི་ངེས་ཤེས་དང་ལྡན་པས་ཉམས་ལེན་ལ་ཡུན་བསྲིངས་ཏེ་གདོད་མའི་གཞི་དབྱིངས་ཆེན་པོར་ཚེ་གཅིག་གིས་བཙན་ས་ཟིན་པར་མཛད་འཚལ། ཞེས་དང་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ངོ་མཚར་སྤྲུལ་པའི་གཏེར་སྟོན་འགྲོ་འདུལ་ལས་འཕྲོ་གླིང་པའི་ཟབ་གཏེར་གྱི་ནང་ཚན། ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་དབང་བསྐུར་གྱི་བྱ་བ་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་བྱ། དེ་ནས་གཏང་རག་ཀྱང་། རྒྱུད་ལས༔ གསང་སྔགས་དབང་གི་བླ་མ་ལ༔ ཡུལ་འཁོར་བུ་དང་ཆུང་མ་དང༔ རྟ་གླང་གསེར་གཡུ་འབྲུ་དང་ནི༔ རང་གི་ལུས་ཀྱང་བྲན་དུ་འབུལ༔ བསོད་ནམས་ཚོགས་ཆེན་རྫོགས་བྱས་ན༔ གཟུགས་སྐུའི་ས་བོན་ཐེབ་པར་འགྱུར༔ ཞེས་གསུངས་པས་བཀའ་དྲིན་གསོལ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཞེས་གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་ཀྱིས་དབང་གྲུབ། ཕྲིན་ལས་ཀྱི་རྗེས་རིམ་གོང་དུ་སྨོས་པ་ལྟར་རོ། །བླ་མེད་དོན་གསལ་སྒྲོན་མེའི་དཀྱིལ་འཁོར་དུ། །མཁའ་ཁྱབ་འགྲོ་ཀུན་སྨིན་གྲོལ་ཟུང་འཇུག་གིས། །འཇིག་རྟེན་དབང་ཕྱུག་སྐུ་དང་ཡེ་ཤེས་བརྙེས། །སངས་རྒྱས་ཕྲིན་ལས་བསམ་ཡས་མཛད་གྱུར་ཅིག །ཅེས་ཟབ་ཆོས་འདི་ཉིད་ཀྱི་བཀའ་སྲོལ་དབྱིངས་སུ་ཐིམས་པ་ལས་སླར་ཡང་། པདྨའི་ཞལ་ཚབ་ཐམས་ཅད་མཁྱེན་གཟིགས་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་དྲིན་ལས་བསྟན་པའི་ཉི་མ་གསར་དུ་འཆར་བའི་ཞབས་ཏོག་ཏུ་དམིགས་ནས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་གཏེར་གཞུང་ཉིད་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུད་ (Volume 48, Text 20)

༄༅༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུད་བཞུགས་སོ༔ ྈྈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་་་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ།ལ་ཕྱག་འཚལ་ལོ༔ དེ་ནས་པདྨ་ཌཱ་ཀི་གར་གྱི་དབང་ཕྱུག་མོས༔་་་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་དང་མཇལ། སྟོན་པ།་་་བཅོམ་ལྡན་འདས་འོད་དཔག་མེད་ལ་གསོལ་བ༔ ངོ་མཚར་བའི་ཚིག།་་་ཀྱཻ་བཅོམ་ལྡན་འདས་དགྱེས་ཆེན་འོད་དཔག་མེད༔ འཁོར་བ་དོང་ནས་སྤྲུག་པའི་་་དོན་ཆེད་དགོས་པའི།ཕྱིར༔ གང་ཞུ་ན།་་་ཡིག་བདུན་གསང་སྒྲུབ་བཀའ་སྩོལ་ཅིག༔ ཅེས་ཆེད་དུ་ཆེ་བར་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་གར་གྱི་དབང་ཕྱུག་ལ་སོགས་པའི་འདུས་པའི་འཁོར་་་པདྨ་རིགས་ཀྱི་སེམས་དཔའ་དྲུག་ཁྲི།རྣམས་ལ་བཀའ་བསྩལ་པ༔ སྤྲོ་བ་བསྐྱེད་པ།་་་དེ་དོན་དབང་ཕྱུག་མོས་ཞུས་པ་ལེགས་སོ༔ གུས་པའི་ཡིད་ཀྱིས་གསང་སྒྲུབ་ཉོན༔་་་གནང་བའི་སྐབས་དབྱེ་བ། དད་བརྩོན་རིག་ལྡན་སྐྱེས་བུ་ཡིས༔་་་སྒྲུབ་པའི་མཚན་ཉིད་བསྟན། རང་ལུས་སེམས་དབེན་གནས་བརྟེན་ནས༔་་་སྒྲུབ་གནས་བསྟན། སྦྱོར་དངོས་རྗེས་གསུམ་གསང་སྒྲུབ་སྡོམ༔ སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང༔ དངོས་གཞི་མ་ཡེངས་ཏིང་འཛིན་གསུམ༔ ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ཏེ༔ རྟོག་མེད་ངང་་་ཆོས་ཉིད་མ་སྐྱེས་པའི་ངང་དུ་གནས།ལས་རང་རིག་ཧྲཱི༔ དཀར་དམར་་་དལ་གྱི་ལྷའི་མདངས།འོད་ལྡན་གདན་སྟེངས་སུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་་་ཡི་གེའི་མདངས།འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ ཟུང་འཇུག་གི་ཏིང་འཛིན།་་་འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་འབྲུ་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པ་གཅིག༔ མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ ལུས་ལྷའི་དཀྱིལ་འཁོར་དང་པོ་འོ༔ དེ་ནས་ངག་ཏུ་ཡིག་བདུན་བརྗོད༔ ཚོགས་རྫོགས་སྒྲིབ་སྦྱོང་ཡི་གེའི་འཕྲོ་འདུ་ལས༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བའི་འཕྲོ་འདུ།་་་འོད་འཕྲོས་བདེ་གཤེགས་མཉེས་མཆོད་འབུལ༔ ཚུར་འདུས་སྐུ་གསུང་དངོས་གྲུབ་ཐོབ༔ བདག་གི་སྒྲིབ་གཉིས་བྱང་བར་བསམ༔ ཡང་གཅིག་བརྗོད་པས་འོད་འཕྲོས་པས༔ འགྲོ་དྲུག་སྒྲིབ་སྦྱངས་བདག་འདྲར་གྱུར༔ འོད་དུ་འབར་བའི་ཞིང་ལ་བཀོད༔ བདག་གིས་སྔགས་བརྗོད་ཀུན་གྱིས་བརྗོད༔་་་གནས་འགྱུར་ཞིང་ལ་བཀོད་པའི་འཕྲོ་འདུ། གསང་བ་རྟགས་དོན་གྱིས་བསྟོད་ཅིང༔ དབྱངས་དང་བཅས་པའི་་་གསོལ་འདེབས་ཀྱི་འཕྲོ་འདུ།ཉམས་འཕེལ་བས༔ མ་ཡེངས་གྲགས་སྟོང་དི་རི་རི༔་་་གྲགས་སྟོང་ཉམས་འཕེལ་བའི་འཕྲོ་འདུ། ངག་སྒྲའི་འཁོར་ལོ་གཉིས་པ་འོ༔ སྐྱོ་ན་སོ་སོའི་རྣམ་པ་ལས༔ ཡི་གེ་དྲུག་གི་འོད་ཟེར་ཕོག༔ ཐམས་ཅད་ཡི་གེ་དྲུག་པར་གྱུར༔ བདག་གི་བ་སྤུའི་བུ་གར་ཐིམ༔ བདག་གི་གདན་ནས་རིམ་གྱིས་སུ༔ སྙིང་གའི་ཡིག་དྲུག་དག་ལ་བསྡུ༔ ཡིག་དྲུག་་་བདག་ཉིད་ཡེ་ཤེས་རབ་ཏུ་རྫོགས་རིམ།ཧྲཱིཿལ་འོད་དུ་འདུས༔ ཧྲཱིཿཡང་གི་གུ་དག་ལ་འདུས༔ གི་གུ་མེ་ལོང་ཧས་བཏབ་བཞིན༔ མཐའ་ནས་དབུས་སུ་ཡལ་བ་ནི༔ འཁོར་བ་དོང་ནས་སྤྲུགས་པ་ཡིན༔ བདག་མེད་དོན་ལ་མ་ཡེངས་གནས༔ མ་འགགས་རོལ་པར་ཤེས་པར་བྱ༔ ཡིད་ཀྱི་འཁོར་ལོ་གསུམ་པ་འོ༔ རྗེས་ཀྱི་དཀྱིལ་འཁོར་རྣམ་གསུམ་ཡང༔ ལུས་མེད་ལུས་ཏེ་ལུས་ཀྱི་མཆོག༔་་་ལུས་ཀྱི་མཐའ། ཡང་དག་མཐའ་སྟེ་ཡི་གེ་མེད༔་་་ངག་གི་མཐའ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔་་་ཡིད་ཀྱི་མཐའ། མཐའ་མེད་དབུས་ཀྱང་ཡོད་མ་ཡིན༔་་་ཆོས་སྐུ། ཐུགས་རྗེ་ཆེན་པོ་ཅིར་མི་དགོངས༔་་་བཟང་ངན་རྟོག་པ་ལས་འདས་པ་ཆོས་ཉིད་ཀྱི་ངང་། ཤེས་རབ་མིག་ལྡན་ཀུན་གྱིས་ཟུངས༔ ཐུན་མོང་འགྲོ་བའི་དོན་བྱེད་ན༔ མེ་ཆུ་གཉིས་ལ་ཡིག་བདུན་བྲིས༔ མཆོད་རྟེན་གསལ་བྱེད་དེ་བཞིན་ནོ༔ དེས་ཀྱང་འཁོར་བ་དོང་ནས་སྤྲུགས༔ ཞེས་བཀའ་བསྩལ་ཏོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུད་ལས༔ ཡང་སྙིང་གསང་སྒྲུབ་ཀྱི་ལེའུ་སྟེ་བདུན་པ་འོ༔ ལེའུ་ཁོལ་དུ་བསྡུས་པ་ལགས༔ སེམས་ཅན་གྱི་རྒྱུད་ལ་བུདྡྷ་རང་བཞིན་གྱིས་གབ་ནས་གནས་ཏེ༔ མཐོང་ནས་སྒྲུབ་པའི་ཕྱིར་རོ༔ ྈྈྈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ འཁོར་བ་དོང་སྤྲུག་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས༔ རྒྱུད་ཀྱི་ལེའུའི་ཁོང་སྙིང་ལེའུ་བདུན་པ་འདི་བཤད་ན༔ སྤྱི་དོན་གསུམ་སྟེ༔ གར་གྱི་དབང་ཕྱུག་མས༔ བཅོམ་ལྡན་འདས་འོད་དཔག་མེད་ལ་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་ཞུ་ཚུལ་བསྟན་པ་དང༔ བཅོམ་ལྡན་འདས་ཀྱིས་གནང་བའི་སྐབས་ཕྱེ་བ་དང༔ སྒྲུབ་ཐབས་དོང་སྤྲུག་བཀའ་བསྩལ་ནས་བསྟན་པའོ༔ དང་པོ་ཞུ་ཚུལ་ལ་གཉིས་ཏེ༔ དོན་ཆེད་གང་ལ་དགོངས་པ་དང༔ ཞུ་དོན་དངོས་སོ༔ གནང་བའི་སྐབས་དབྱེ་བ་ལ་གསུམ་སྟེ༔ ཞུ་བ་པོ་སྤྲོ་བ་བསྐྱེད་པ་དང་། ཡིད་ལ་ཟུངས་ཤིག་པར་བསྟན་པའོ༔ སྒྲུབ་ཐབས་དངོས་ལ་ཡང་གཉིས༔ སྒྲུབ་པ་པོ་རྟེན་གྱི་གང་ཟག་བསྟན་པ་དང༔ སྒྲུབ་པ་ཉམས་སུ་བླང་བའི་རིམ་པའོ༔ དང་པོ་ལ་གཉིས་ཏེ༔ མཚན་ཉིད་བསྟན་པ་དང༔ དབེན་གནས་བསྟན་པའོ༔ སྒྲུབ་པ་ཉམས་སུ་བླང་བའི་རིམ་པ་ལ༔ སྦྱོར་བ་དང་དངོས་གཞི་དང༔ རྗེས་དང༔ ཐུན་མོང་གི་འགྲོ་དོན་དང་བཞིའོ༔ དང་པོ་ལ་གཉིས་ཏེ༔ སྐྱབས་འགྲོ་དང་སེམས་བསྐྱེད་དོ༔ དངོས་གཞི་ལ་གསུམ་སྟེ༔ ལུས་ལྷའི་འཁོར་ལོ་དང༔ ངག་སྔགས་ཀྱི་འཁོར་ལོ་དང༔ ཡིད་ཏིང་ངེ་འཛིན་རྫོགས་པའི་འཁོར་ལོ་དང་གསུམ་མོ༔ ལྷ་ལ་ཡང་ས་མཱ་ཏི་གསུམ་སྟེ༔ ཡིག་འབྲུ་རྒྱུ་ཡི་ས་མཱ་ཏི་དང༔ འོད་ཕུང་སྐུའི་ས་མཱ་ཏི་དང༔ ཟུང་འཇུག་རྫོགས་པའི་ས་མཱ་ཏིའོ༔ གཉིས་པ་སྔགས་ཀྱི་འཕྲོ་འདུ་ལ་ཡང་བཞི་སྟེ༔ ཚོགས་རྫོགས་སྒྲིབ་སྦྱོང་གི་འཕྲོ་འདུ་དང༔ འགྲོ་དྲུག་གནས་འགྱུར་ཞིང་ལ་བཀོད་པའི་འཕྲོ་འདུ་དང༔ བསྟོད་པ་གསོལ་འདེབས་ཀྱི་འཕྲོ་འདུ་དང༔ གྲགས་སྟོང་ཉམས་འཕེལ་གྱི་འཕྲོ་འདུའོ༔ ཡིད་ཏིང་ངེ་འཛིན་རྫོགས་པ་གསུམ་སྟེ༔ སྣང་བ་བདག་ལ་སྡུད་པའི་རྫོགས་རིམ་དང༔ བདག་ཡིག་འབྲུ་ལ་སྡུད་པའི་རྫོགས་རིམ་དང༔ འཁོར་བ་དོང་ནས་སྤྲུག་པའི་རྫོགས་རིམ་མོ༔ རྗེས་འབྲས་བུ་ཐོབ་ཚུལ་ལ་བཞི་སྟེ༔ ལུས་ཀྱི་མཐའ་དང༔ ངག་གི་མཐའ་དང༔ ཡིད་ཀྱི་མཐའ་དང༔ ཐུགས་རྗེ་ཆེན་པོའི་མཐའ་གང་གིས་བཟུང་བའོ༔ ཐུན་མོང་འགྲོ་བའི་དོན་བྱ་ཐབས་ལ་བཞི་སྟེ༔ མེ་མཁའ་ཁྱབ་ཀྱི་འགྲོ་དོན་དང༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་དང༔ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་དང༔ མེ་ལོང་ལམ་པའི་འགྲོ་དོན་ནོ༔ རྒྱུད་ཀྱི་རྒྱལ་པོ་འཁོར་བ་དོང་སྤྲུག་ལས༔ ཡང་སྙིང་ལེའུ་བདུན་པའི་ས་མཱ་ཏིའི་འགྲེལ་པའོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནྲྀ་ཛ་ནྲྀཿཛཿཔཱ་ཤཾ་ཀུ་རུ་ནྲི་ཛ༔ ཤ་ཏྲཱུཾ་ཨ་མུ་ཀ་ནྲྀ༔ ཨཱ་ཀརྴ་ཡ་ཛཿཛཿཧྲཱིཾ༔ ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྒྲུབ་ཐབས་བཞུགས་སོ༔ ཆོས་དབང་གི་ཨུ་པ་དེ་ཤའོ།། ྈྈྈྈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་མངོན་པར་རྟོགས་པའི་རིམ་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ་སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཀྱེ་མ་རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད༔ དེ་ནས་ལྷ་བསྐྱེད་པ༔ རང་གི་སེམས་ཉིད་དུས་གསུམ་གྱི་རྟོག་པ་དང་ཕྲལ་ནས༔ རྣམ་པར་མི་རྟོག་པའི་ངང་ལས༔ སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་རང་གི་རིག་པ་མ་འགགས་པའི་ངོ་བོ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་གྱི་མཐར་ཨོཾ་མ་ཎི་པདྨེ་ཧཱུྃ་དཀར་ལ་དམར་བའི་མདངས་ཅན་གྱིས་བསྐོར་བ༔ དེ་རྣམས་འོད་དམར་པོ་འཁྱིལ་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང༔ གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ༔ ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ༔ ལུས་ལྷའི་འཁོར་ལོ༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་མཐར༔ ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར་བར་གྱུར༔ ཐུགས་ཀའི་ཡི་གེ་བདུན་པ་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས༔ ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ སྣོད་ཐམས་ཅད་གཞལ་ཡས་ཁང་དང༔ བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན༔ ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོག་པར་གྱུར༔ ངག་སྔགས་ཀྱི་འཁོར་ལོའོ༔ བཟླས་པ་མང་དུ་བྱའོ༔ དེ་ནས་ཕྱི་ནང་གི་མཆོད་པས་མཆོད༔ རྩ་བ་དོན་རྟགས་ཀྱི་སྒོ་ནས་བསྟོད་དོ༔ དེ་ནས་རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུ་ཡང་མི་དམིགས་པར་གྱུར༔ དེ་དྲན་རྟོག་ཐུགས་ཀྱི་འཁོར་ལོའོ༔ དེའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར༔ གཏོར་མ་འབུལ་བ་ནི༔ རིན་པོ་ཆེའི་སྣོད་དུ་ཟས་ཕུད་ཞིམ་དགུ་མངར་བཅུའི་གཏོར་ཆེན་བཤམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་གསུམ་གྱིས་གཏོར་མའི་དངོས་འཛིན་ཐམས་ཅད་སྦྱངས༔ ཡང་ཡིག་བདུན་ལན་གསུམ་གྱིས༔ སྣོད་བཅུད་འཇིག་རྟེན་དང་མཉམ་པར་སྤེལ༔ ཡང་ལན་བདུན་གྱིས་ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མདུན་དུ་བཀུག༔ ཧྲཱིཿསྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར༔ ཧྲཱིཿབླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ ཀུན་གྱིས་གཏོར་མ་གསོལ་བར་གྱུར༔ གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ འགྲོ་བ་རྣམས་ཀྱི་དབང་པོ་ལྔའི་སྒོ་རུ་འདོད་ཡོན་ལྔའི་མཆོད་པས་ཚིམས་པར་གྱུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཨོཾ་ཨཱཿཧཱུྃ༔ བདག་མཆོད་ཀུན་མཉེས་དངོས་གྲུབ་ཡ་མཚན་ཆེན་པོར་གྱུར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཁྱབ་པར་གཏོར་མས་ཚིམས་ཏེ༔ བདག་མེད་སྤྲོས་བྲལ་ཀུན་ཁྱབ་མ་བཅོས་རང་མདངས་སུ་སལ་ལེ་བཞག་པས༔ སྒོ་གསུམ་གཏོར་མ་ཆོས་ཀྱི་དབྱིངས་སུ་ཐེངས་པར་གྱུར་ཅིག༔ ཅི་བྱས་དགེ་བའི་རྩ་བ་འདིས༔ འགྲོ་དྲུག་བདེ་བ་ཐོབ་པར་ཤོག༔ འགྲོ་རྣམས་བདེ་ཆེན་སར་གནས་ཤོག༔ འཁོར་བ་དོང་ནས་སྤྲུག་པར་ཤོག༔ འཁོར་བ་དོང་སྤྲུག་གི་སྒྲུབ་ཐབས་རྫོགས་སོ༔ ྀཨཚ༔ ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་ཆོག་བཞུགས་སོ༔ ྈྈྈྈྈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཡི་གེ་བདུན་པ༔ ཟབ་མོ་ཐུགས་ཀྱི་དབང་འདི་ལ་གསུམ་སྟེ༔ སྦྱོར་བ༔ དངོས་གཞི༔ རྗེས་སོ༔ དང་པོ་ལ་གསུམ་སྟེ༔ དལ་བཤམ་པ་དང༔ སྐྱབས་འགྲོ་སེམས་བསྐྱེད༔ ཡེ་ཤེས་དབབ་པའོ༔ དང་པོ་ནི་ས་གཙང་མ་ལ་མཎྜལ་དཔེའུ་ཆུང་ལྟར་བྲིས་པའི་དབུས་སུ༔ མཉྫིའམ་འབྲུའི་སྟེང་དུ་བུམ་པ་རྒྱན་ཅན་བཅུད་དང་བཅས་པ་བཤམས་པའི་སྟེང་དུ༔ སྨན་ཕུད་བནྡྷའི་སྟེང་དུ་མེ་ལོང་ལ་ཡི་གེ་བདུན་པ་བྲིས་ལ་བཤམ༔ པདྨ་བརྩེགས་པའི་གཏོར་མ་དང༔ མཆོད་པ་ལྔ་བཤམ༔ ཆོས་སྐྱོང་གཏོར་མ་དང་འབྱུང་པོའི་གཏོར་མ་བཤམ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྒྲུབ་ཐབས་ལྟར་བྱའོ༔ དེ་ནས་ཡེ་ཤེས་དབབ་པ་ནི༔ དར་གྱི་ཅོད་པན་མེ་ཏོག་དང་བཅས་པ༔ སློབ་མས་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ༔ འདི་སྐད་ཞུའོ༔ ཨེ་མ་ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་པཱུ་ཙ་ཧོ༔ ཕོ་བྲང་དུ་དོར་རོ༔ དེ་ནས་སློབ་མ་རྣམས་ལ༔ འོ་མ་ཡེངས་པར་འདི་ལྟར་སྒོམས་ཤིག༔ སྣང་བ་ཐམས་ཅད་འོད་དམར་པོའི་རང་བཞིན་གྱི་ཞིང་ཁམས་ཡ་ལ་ལ་སྒོམས་ཤིག༔ རང་གི་སྤྱི་གཙུག་ན་བླ་མ་སྣང་བ་མཐའ་ཡས་དང་ཐ་མི་དད་པ༔ གཟི་བརྗིད་དང་ལྡན་པ་བཞུགས་ནས༔ རིགས་ཀྱི་བུ་བདེ་བ་ཅན་གྱི་གནས་སུ་ཡར་ཤོག་ཡར་ཤོག་གསུངས་པར་སྒོམས་ཤིག༔ རང་ཉིད་ཐུགས་རྗེ་ཆེན་པོ་བཞེངས་སྐུར་སྒོམས༔ སྣང་སྲིད་ཐམས་ཅད་ཡི་དམ་ལྷ་དང་མཁའ་འགྲོ༔ དཔའ་བོ་དཔའ་མོ་གར་བྱེད༔ རོལ་མོ་མང་པོ་སྒྲོག་ཅིང་བྱིན་གྱིས་བརླབས་པར་བསམ་ལ༔ རིག་པ་དཔངས་བསྟོད་ཅིང་གསོལ་འདེབས་དང་ཡི་གེ་བདུན་པ་དི་རི་རི་སྒྲོག་པར་སྒོམས༔ རོལ་མོ་དང་བཅས་པས་སྤོས་བསྲེག་གོ༔ རྗེས་ཀྱི་ཤེས་པ་གསལ་སྟོང་འཛིན་མེད་དེ་རང་ཐུགས་རྗེ་ཆེན་པོར་ངོ་སྤྲད༔ དངོས་གཞི་ལ་གསུམ་སྟེ༔ ལྷ་བསྙེན་ཅིང་སྒྲུབ་པ་དང༔ དབང་རྫས་བྱིན་གྱིས་བརླབ་པ་དང༔ དབང་བསྐུར་བའོ༔ དང་པོ་ནི་སྒྲུབ་ཐབས་ལྟར་རོ༔ གཉིས་པ་ནི་བུམ་པ་ལ་གཟུངས་ཐག་བཏགས་ཏེ༔ མེ་ལོང་ལ་སོགས་ལྷ་གསུམ་དུ་གསལ་ཏེ༔ ཡི་གེ་བདུན་པ་བཟླས་པས་དེའི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་གསུམ་བྱུང་སྟེ༔ སློབ་མའི་སྒོ་གསུམ་གྱི་དྲི་མ་དག་ནས༔ སྐུ་གསུང་ཐུགས་དབང་བསྐུར་བར་བསམ་མོ༔ གསུམ་པ་དབང་བསྐུར་བ་ནི༔ སློབ་མའི་སྤྱི་གཙུག་བུམ་པ་བཞག་སྟེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཁྲུས་བྱའོ༔ དེ་ནི་བུམ་པའི་དབང་ངོ༔ དེ་ནས་བདུད་རྩི་ངག་ཏུ་བླུད་ཅིང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལྕེ་ལ་མྱང་བ་ནི་གསང་དབང་ངོ༔ དེ་ནས་མེ་ལོང་ཐུགས་ཀར་གཏད་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མེ་ལོང་བསྟན་ལ༔ རིག་པ་མེ་ལོང་ལྟར་གསལ་ལ་འཛིན་མེད་དུ་བདེ་ལྷན་བཞག་གོ༔ དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༔ དེ་ནས་ཚིག་དབང་བསྐུར་ཏེ༔ སྙིང་ཁར་མཛུབ་མོ་བཙུགས་ནས་ནི༔ སེམས་ཉིད་མ་བཅོས་ཀློང་ཡངས་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་བཞུགས༔ གསལ་ལ་མི་རྟོག་བདེ་བར་བཞུགས༔ ཐུགས་རྗེ་ཆེན་པོར་དབང་བསྐུར་རོ༔ ཞེས་ངོ་སྤྲད་པ་ཚིག་དབང་ངོ༔ རྗེས་ལ་གསུམ་སྟེ༔ གཏོར་མ་གཏང་བ་དང༔ དམ་ཚིག་དབོག་པ་དང༔ ཡོན་འབུལ་ལོ༔ དང་པོ་ནི་བླ་མ་ཡི་དམ་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ གཉིས་པ་ཆོས་སྐྱོང་གི་རང་གཞུང་གིས་འབུལ༔ འབྱུང་པོ་ལ་ཁ་འབར་མས་གཏང་ངོ༔ གཉིས་པ་ནི་དམ་ཚིག་ཏུ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་རྒྱུན་དུ་བྱའོ༔ གཞན་དོན་མ་ཡིན་པའི་ལས་ལ་མི་འཇུག་གོ༔ གསུམ་པ་ནི་གསེར་གྱི་མཎྜལ་ལ་སོགས་པ་འབུལ༔ སྒྲུབ་པའི་དམ་བཅའ་འབུལ་ལོ༔ བླ་མས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ཀྱིས་ཐོབ་པར་ཤོག༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ གསང་དབང་བདུད་རྩིའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ གསང་དབང་ངག་གིས་ཐོབ་པར་ཤོག༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཤེས་རབ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཆོས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཚིག་དབང་རིན་ཆེན་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་གི་བཀོལ་བྱང་བཞུགས་སོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བ་ལ་གསུམ་སྟེ༔ ལྷ་དབང་ལུས་ལ་བསྐུར་བ་དང༔ གསང་དབང་ངག་ལ་བསྐུར་བ་དང༔ ཆོས་དབང་སེམས་ལ་བསྐུར་བའོ༔ དང་པོ་སློབ་མའི་སྤྱི་བོར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྐུ་ཡོངས་རྫོགས་ཀྱིས་དབང་བསྐུར་ཏེ༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ རྒྱན་མེད་གཅེར་བུ་འཛུམ་མདངས་ལྡན༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ རྡོ་རྗེ་སློབ་དཔོན་བདག་གིས་ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཐུགས་རྗེ་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་སངས་རྒྱས་ནས༔ འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྐྱེད་རིམ་དབོག༔ གཉིས་པ་གསང་དབང་ངག་ལ་བསྐུར་བ་ནི༔ ཡིག་བདུན་སློབ་མའི་སྤྱི་བོར་བཞག་ཅིང༔ སྤྱན་རས་གཟིགས་དབང་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ རང་བྱུང་ཡི་གེ་བདུན་དུ་ཤར༔ ཡིག་དྲུག་རིགས་དྲུག་སྒྲིབ་པ་སྦྱོང༔ ཧྲཱིཿནི་ངན་སོང་སྐྱེ་སྒོ་གཅོད༔ དུས་གསུམ་སངས་རྒྱས་ཡང་སྙིང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་གསུམ་སངས་རྒྱས་གསུང་འགྲུབ་ནས༔ འཁོར་བ་དོང་ནས་སྤྲུག་པའི་དབང་ཐོབ་ཤོག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གསུང་གི་ཡི་གེ་བདུན་པའི་དབང་བསྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་དུ་འགྲུབ་ནས་གྲགས་སྟོང་དབྱེར་མེད་ཀྱི་ངང་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྐབས་འདིར་བསྙེན་ལུང་འབོགས༔ གསུམ་པ་ཆོས་དབང་སེམས་ལ་བསྐུར་བ་ནི༔ མེ་ལོང་གི་ཁར་ཤེལ་བཞག་པ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་དོ༔ ཐུགས་རྗེ་ཆེན་པོ་རང་དང་གཉིས་སུ་མེད༔ གཞན་ནས་བཙལ་མེད་ཆོས་སྐུ་སྐྱེ་བ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ རང་བྱུང་རིག་པ་རང་གསལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུག་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་མ་རྣམས་ལ་ཤེལ་དང་མེ་ལོང་བསྟན་ནས༔ ལས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་ལྟོས་ཤིག༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་ཤེལ་ལྟ་བུ༔ སྣ་ཚོགས་སུ་ཤར་ཀྱང་ཤེལ་གྱི་གདན་དང་མདངས་གཞན་གྱིས་ཁ་དོག་བསྒྱུར་པ་ཡིན་གྱི༔ ངོ་བོ་ཤེལ་ལས་གཡོས་པ་མེད་པ་བཞིན་དུ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཐུགས་རྗེ་ཆེན་པོ་ལས་གཡོས་པ་མེད་དོ༔ ཞེས་བརྗོད་ཅིང་སྐབས་འདིར་སྐུ་སྣང་སྟོང་དབྱེར་མེད༔ གསུང་གྲགས་སྟོང་དབྱེར་མེད༔ ཐུགས་རིག་སྟོང་དབྱེར་མེད་དུ་ངོ་སྤྲོད་དོ༔ གསུམ་པ་ཐུན་མོང་གི་དབང་ནི༔ གཏོར་མའི་དབང་དང་བཀའ་ལུང་གི་དབང་ལས༔ དང་པོ་གཏོར་མའི་དབང་ནི༔ སློབ་མའི་སྤྱི་བོར་བཞག་ལ༔ གཏོར་སྣོད་རིན་ཆེན་གཞལ་ཡས་ཁང༔ གཏོར་མ་འདོད་ཡོན་རྣམ་པ་ལྔ༔ ཡི་དམ་ལྷ་རུ་མངའ་གསོལ་ནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་འཁོར་བ་དོང་སྤྲུག་གི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཞེས་གནས་ལྔར་གཏུགས༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གཏོར་མའི་དབང་བསྐུར་པས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་ཐོབ་ནས་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ གཉིས་པ་བཀའ་ལུང་གི་དབང་ནི༔ པོ་ཏི་སློབ་མའི་སྤྱི་བོར་བཞག་ལ༔ ལས་དང་སྐལ་པར་ལྡན་པའི་སློབ་མ་ཁྱོད་ལ༔ འཁོར་བ་དོང་སྤྲུག་གི་ཆོས་ཉན་དུ་རུང་བའི་དབང་དང༔ སྒོམ་པར་བྱེད་པ་ཏིང་ངེ་འཛིན་གྱི་དབང་དང༔ འགྲོ་དོན་བྱེད་པ་བྱིན་རླབས་ཀྱི་དབང་རྣམས་ཐོབ་ནས་ཁྱོད་རྣམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ རང་རང་གི་མིང་མཇུག་ཏུ་བཅུག་ལ༔ སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ གཉིས་ཀྱི་དོན་བྱེད་པར་གྱུར་ཅིག༔ དེ་བཞིན་དུ་བཅུའི་བར་དུ་བཅུག་སྟེ་འགྲོ་དོན་བྱེད་པར་གྱུར་ཅིག༔ ཉི་ཤུ་ནས་བརྒྱའི་བར་གྱི་འགྲོ་དོན་བྱེད་པར་གྱུར་ཅིག༔ སྟོང་གི༴ ཁྲིའི༴ འབུམ་གྱི༴ ས་ཡའི༴ བྱེ་བའི༴ དུང་ཕྱུར་གྱི༴ ཐེར་འབུམ་གྱི༴ ཁྲག་ཁྲིག་གི༴ སྟོང་དང་པོའི་སེམས་ཅན་གྱི༴ སྟོང་གཉིས་པའི་སེམས་ཅན་གྱི༴ སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་འགྲོ་དོན་བྱེད་པར་གྱུར་ཅིག༔ སྤྲུལ་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ལོངས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཆོས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་ལུང་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ༔ ཞེས་བརྗོད་དོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ རྫ་བར་ཡང་བྷན་ཆོས་དབང་སྙིང་ཏིག་གོ། །། ༄༔ འཁོར་བ་དོང་སྤྲུག་གི་ནང་སྒྲུབ་བཞུགས་སོ༔ ན་མོ་གུ་རུ༔ ཨི་རྒྱ་ཨུ་ཏི་ཨ་ལ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨའི་ཐུགས་དམ༔ མཁའ་འགྲོ་མའི་སྙིང་ཐིག༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ནང་སྒྲུབ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ སྟོང་པའི་ངང་ལས་པདྨ་དམར་པོ་འདབ་བཞིའི་སྟེང་དུ༔ སྐད་ཅིག་དྲན་རྫོགས་ལ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་རཱ་གའི་ཕྲེང་བ་བསྣམས་པ༔ གཡོན་རིན་པོ་ཆེའི་བུམ་པ་སྤྱི་བླུགས་བསྣམས་པ༔ སྐུ་ལྡེམ་བག་ཅན༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ སྤྱི་བོར་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པར་བསམ༔ སྐུ་ལ་ཡུམ་གསང་བ་ཡེ་ཤེས་འཁྲིལ་བ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག༔ གཡོན་ཐོད་ཁྲག༔ དབུ་ལ་རུས་པའི་འཁོར་ལོ་དང༔ རུས་པའི་རྒྱན་ཆ་དང་རིན་པོ་ཆེས་བརྒྱན་པ༔ དར་དཔྱང་གིས་མཛེས་པ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་ཡབ་ལ་འཁྲིལ་སྦྱོར་ཅན༔ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་དང་དཔའ་བོ་སྡེ་བཞི་བསྒོམ༔ ཡབ་ཀྱི་ལྟེ་བ་ལ་སྒྲོལ་མ་དཀར་མོ༔ སྤྱི་བོ་ན་པདྨ་ཡབ་ཡུམ༔ ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ༔ ཧྲཱིཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས༔ ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ༔ འོད་ཟེར་ཚུར་འདུས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས༔ ཡེ་ཤེས་རང་གསལ་གྱི་དོན་རྒྱུད་ལ་སྐྱེས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་བཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཧྲཱི༔ འབུམ་ཚོ་གསུམ་ནི་བཟླས་གྱུར་ན༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ འདི་ཡིས་སིདྡྷི་སྨྲོས་ཅི་དགོས༔ སློབ་དཔོན་པདྨས་ལྷོ་བྲག་དཔལ་གྱི་གནམ་སྐས་ཀྱི་གཏེར་ཁ། གུ་རུ་ཆོས་དབང་ལ་གཏད་པའོ། །གྲུབ་ཐོབ་མདོ་བོ་རས་ཆེན་པ། དེས་སྤྲུལ་སྐུ་ཇོ་གདན། དེས་སློབ་དཔོན་དཀོན་མཆོག་ཤེས་རབ་ལ། ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་གཏོར་མ་བྱེད་པར་འདོད་ན༔ གཏོར་སྣོད་ཀ་པཱ་ལ་མཚན་ཉིད་དང་ལྡན་པའི་ནང་དུ་ཤ་ལྔ་བདུད་རྩི་ལ་སོགས་པས་བཀང་ལ༔ རང་ཉིད་བྱང་ཆུབ་སེམས་དང་ལྡན་པས༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་ཉིད་ལྷར་གསལ་ནས༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ༔ རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་ཚོགས་སྤྱན་དྲངས་ལ༔ འབུལ་བ་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བདུན་ནམ་གསུམ་ལ་སོགས་པས་ཕུལ་ལ༔ ཧྲཱི༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགག་མེད་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ༔ སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད༔ བྱམས་པའི་སྤྱན་གྱིས་འགྲོ་ལ་ཐུགས་རྗེས་གཟིགས༔ སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད༔ ཕྱག་གཡས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན༔ གཡོན་པ་བུམ་པས་འཁོར་བ་དོང་ནས་སྤྲུག༔ ཞབས་གཉིས་འགྲོ་བའི་དོན་ལ་ལྡེམ་བག་ཅན༔ འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་སྡུད་པའི༔ ཐུགས་རྗེ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལོངས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ སྐུ་མདོག་དམར་གསལ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསུང༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་གསང་བའི་ཡུམ༔ ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས༔ གསང་བ་ཡེ་ཤེས་ཌཱ་ཀི་མ༔ སྐུ་མདོག་དམར་མོ་དབང་གི་ཚུལ༔ རྣམ་རྟོག་རྩད་གཅོད་གྲི་གུག་གཡས༔ འཁོར་བ་དབང་སྡུད་ཐོད་ཁྲག་གཡོན༔ ཐབས་དང་ཤེས་རབ་བརྐྱང་བསྐུམ་མཛད༔ གཉིས་མེད་ཚུལ་གྱིས་ཡབ་ལ་འཁྲིལ༔ འདོད་ཡོན་རང་དག་རུས་པས་བརྒྱན༔ གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོ༔ ཐུགས་རྗེའི་ཆགས་པས་དབང་སྡུད་ལ༔ ནམ་མཐོང་དྲན་པས་ཡེ་ཤེས་སྐྱེ༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ མཁའ་འགྲོ་དཔའ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དབང་དང་དངོས་གྲུབ་ད་ལྟ་སྩོལ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི༔ ཨོཾ་བཛྲ་ཌཱ་ཀི་ནཱི༔ ཨོཾ་རཏྣ་ཌཱ་ཀི་ནཱི༔ ཨོཾ་པདྨ་ཌཱ་ཀི་ནཱི༔ ཨོཾ་ཀརྨ་ཌཱ་ཀི་ནཱི༔ སིདྡྷི་སིདྡྷི་ཧཱུྃ༔ བཀའ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ རྫོགས་སོ༔ འདི་བྲིས་དགེ་བའི་རྩ་བ་དེས། །བདག་དང་མཁའ་མཉམ་སེམས་ཅན་རྣམས། །ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཤོག། །། ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་གསང་སྒྲུབ་བཞུགས་སོ༔ ྈྈྈྈྈྈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་རྒྱུད་ལེའུ་ལྔ་བཅུ་བདུན་པའི་ནང་ནས༔ ལེའུ་བདུན་པའི་ཡང་སྙིང་གསང་སྒྲུབ་ཀྱི་ལེའུ་འདི་ལ་བཞི་སྟེ༔ བསྙེན་པ་དང༔ སྒྲུབ་པ་དང༔ ལས་ལ་སྦྱོར་བ་དང༔ འགྲོ་དོན་གྱི་ལས་ཚོགས་དང་བཞིའོ༔ ཐོག་མར་བསྙེན་པའི་རིམ་པ་ནི༔ གཞུང་ལྟར་ཉམས་སུ་བླངས་ཏེ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་བགེགས་ལས་ངན་གྱི་སྒྲིབ་པ་ཡིན་པས༔ སྒྲིབ་པ་བྱང་བའི་མཚན་མ་མ་བྱུང་གི་བར་དུ་བསྙེན་པ་ཤིན་ཏུ་གལ་ཆེའོ༔ གཉིས་པ་སྒྲུབ་པ་བྱ་བ་ནི༔ གནས་དུར་ཁྲོད་དམ༔ གངས་རིའམ༔ ཤིང་གཅིག་གི་དྲུང་ངམ༔ ཆུ་ཀླུང་ངམ༔ ནགས་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སུ་སོང་ལ༔ གནས་དེར་བཀྲ་ཤིས་པའི་ས་ལ་མཎྜལ་མདའ་གང་གྲུ་བཞི་བྱས་ཏེ༔ བའི་རྣམ་ལྔ་བྱུགས་ཤིང་བདུད་རྩིས་ཆག་ཆག་བཏབ་སྟེ༔ དེའི་སྟེང་དུ་ཆོས་འབྱུང་པདྨ་དང་བཅས་པ༔ ཕྱི་རྡོ་རྗེ་མེ་རིས་བསྐོར་བ་བྲིས་ལ་ཁ་དོག་ཚོན་གྱིས་བསྒྱུར༔ དེའི་སྟེང་དུ་མཉྫིའི་སྟེང་དུ་ཀ་པཱ་ལ་མཚན་དང་ལྡན་པ་གཅིག་ལ༔ བདུད་རྩི་ལྔ་དང༔ སིནྡྷུ་ར་དང༔ ཨ་མྲྀཏ་དང༔ བྱང་སེམས་དཀར་དམར་དང༔ མཚལ་དང་ཆང་སྦྱར་ལ༔ པདྨ་འདབ་བཞི་མུ་ཁྱུད་དང་བཅས་པ་བྲི༔ དེའི་ལྟེ་བར་ཧྲཱིཿཁ་སྤྲོད༔ པདྨ་འདབ་བཞི་ལ་ཕོ་ཡིག་བཞི་དང་མོ་ཡིག་བཞི་རྒྱ་ཡིག་དུ་བྲི༔ ཕྱིའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དང༔ བྱང་སེམས་དཀར་དམར་དང་སིནྡྷུ་ར་དང༔ ཨ་མྲྀཏ་དང་གཞན་ཡང་རིན་པོ་ཆེ་གསེར་ལ་སོགས་པ་དང༔ ནས་ལ་སོགས་པའི་འབྲུ་སྣ་དང༔ ག་པུར་ལ་སོགས་པའི་སྨན་སྣ་དང༔ རྒྱུ་ཟ་འོག་ལ་སོགས་པའི་དར་སྣ་དང༔ རྒུན་ལ་སོགས་པའི་ཤིང་ཏོག་དང༔ ཁུག་ཆོས་ལ་སོགས་པའི་མེ་ཏོག་དང༔ དེ་རྣམས་ཞིབ་ཏུ་བརྡུངས་ལ་ཆང་གིས་སྦྲུས་ཏེ༔ རིལ་བུ་སྲན་མ་ཙམ་བྱས་ལ༔ གོང་གི་ཀ་པཱ་ལ་དེ་བཀང་ངོ༔ དར་དམར་པོ་ཁ་གང་ལ་གོང་གི་རྫས་རྣམས་ཀྱིས་དབང་སྡུད་འཁོར་ལོ་བྲིས་ལ་ཀ་པཱ་ལའི་ཞལ་ཁེབས་བྱའོ༔ དེའི་རྩར་སྦ་ལྕག་དཀར་པོ་ཚིགས་གསུམ་པ་གཅིག་ལ༔ མེ་ལོང་ལམ་པ་དང་དར་དམར་པོ་ཁ་གང་བཏགས༔ སྨྱག་ཤད་ཁྲུ་གང་པ་གཅིག་ཀྱང་བཙུག༔ འགྲོན་བུ་པདྨའི་ལྟོ་བ་ཅན་གཅིག་གི་ནང་དུ་དར་དཀར་ལ་རྩ་སྔགས་ཀྱི་ཤམ་བུར་སྲིད་པ་གསུམ་གྱི་འགྲོ་བ་ཟིལ་གྱིས་གནོན་ཅིག་བྱ་བ་བྲིས་ལ་བཅུག༔ བ་མཁལ་སྨུག་ལེབ་གཅིག་ཏུ་དར་དམར་པོ་ལ༔ ཁམས་གསུམ་གྱི་འགྲོ་བ་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་བྲིས་ལ་བཅུག་གོ༔ ཟངས་ཀྱི་གྭའུ་གཅིག་གི་ནང་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་གསེར་གྱིས་བྲིས་པ་དང༔ གཞན་ཡང་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་དུང་དང་མན་ཤེལ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་གསེར་དང་མུ་ཏིག༔ པདྨ་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་ཟངས་དང་བྱུ་རུ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་དངུལ་དང་གཡུ༔ དེ་དག་དར་སྣ་དང་བཅས་པ་སྦ་ལྕག་ལ་བཏགས་སོ༔ རྟེན་པའི་གཏོར་མ་ཟས་བཅུད་ཅན་གྱིས་བརྒྱན་པ་བཤམ༔ གཞན་ཡང་རྒྱུན་གཏོར་དང༔ ཚོགས་ཀྱི་ཞལ་ཟས་དང༔ རྡོ་རྗེ་དྲིལ་བུ་དང༔ རྐང་གི་དུང་དང༔ ལྟག་སྤྲོད་ཀྱི་རྔ་དང༔ ཅང་ཏེའུ་དང༔ གླིང་བུ་ལ་སོགས་བཤམ༔ དེ་ནས་ཕྱི་མཚམས་ནང་མཚམས་བཅད་ནས༔ དེ་ནས་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས་ལ་དཀར་པོ་དགེ་བ་བཅུ་ལ་བསྐུལ་ཞིང༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ༔ དེའི་ཆེད་དུ་བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་ལ༔ དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་སྣོད་བཅུད་སྟོང་པར་སྦྱངས་ལ༔ རང་རིག་ཧྲཱིཿདམར་པོ་གཅིག་ཏུ་བསམ་པར་བྱ༔ དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ༔ བླ་མ་ཡི་དམ་མཁའ་འགྲོ་ཡི་བྱིན་རླབས་བསྡུས་ཏེ༔ སླར་ཧྲཱིཿལ་ཐིམ་པས་བདག་ཉིད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པདྨའི་ཕྲེང་བ་གཡོན་བདུད་རྩིའི་བུམ་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ༔ ཞལ་ཞི་མ་ཁྲོ་མཆེ་བ་ཅུང་ཟད་གཙིགས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཞབས་ཉི་ཟླ་པདྨ་རོའི་གདན་ལ་བཞུགས་པ༔ ཡུམ་གསང་བ་ཡེ་ཤེས་ཞལ་གཅིག་ཕྱག་གཉིས་མ༔ སྐུ་མདོག་དམར་མོ་གཡས་གསེར་གྱི་ཌཱ་མ་རུ་བསྣམས་པ༔ གཡོན་བདུད་རྩིའི་ཀ་པཱ་ལ་བསྣམས་ཏེ་ཡབ་ལ་འཁྱུད་པ༔ དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ༔ ནུ་མ་དང་བྷ་ག་རྒྱས་ཤིང་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ ཡབ་ཡུམ་གཉིས་འཁྲིལ་སྦྱོར་དུ་བདེ་སྟོང་གི་ཉམས་དང་ལྡན་པར་སྒོམས༔ དེ་ནས་ཡབ་ཀྱི་དཔུང་པ་གཡས་པའི་སྟེང་དུ་རྡོ་རྗེ་རིགས་ཀྱི་དཔའ་བོ༔ དཔུང་པ་གཡོན་པའི་སྟེང་དུ་རིན་ཆེན་དཔའ་བོ༔ པུས་མོ་གཡས་པའི་སྟེང་དུ་པདྨའི་དཔའ་བོ༔ པུས་མོ་གཡོན་པའི་སྟེང་དུ་ལས་ཀྱི་དཔའ་བོ༔ དེ་ནས་ཡུམ་གྱི་དཔུང་པ་གཡོན་པའི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ༔ དཔུང་པ་གཡས་པའི་སྟེང་དུ་རིན་ཆེན་མཁའ་འགྲོ་མ༔ པུས་མོ་གཡོན་པའི་སྟེང་དུ་པདྨ་མཁའ་འགྲོ་མ༔ པུས་མོ་གཡས་པའི་སྟེང་དུ་ལས་ཀྱི་མཁའ་འགྲོ་མ༔ དེ་དག་ཐམས་ཅད་ཀྱང་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ རུས་པའི་རྒྱན་གྱིས་བརྒྱན་པའོ༔ དེ་དག་ཐམས་ཅད་ཀྱི་གནས་གསུམ་དུ་ཉི་ཟླ་པདྨའི་གདན་ལ་ཡིག་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ༔ དེ་ནས་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་སྣང་བ་མཐའ་ཡས་ཀྱིས་གཙོ་བྱས་པའི་རིགས་ལྔའི་སངས་རྒྱས་སྤྱན་དྲངས་ལ༔ པཱུ་ཙ་ལྔ་ཕུལ་ཏེ༔ བདག་ལ་དབང་སྐུར་ཅིག་པར་གསོལ་བ་གདབ༔ རིགས་ལྔའི་ཐུགས་ཀ་ནས་རིགས་ཀྱི་ལྷ་མོ་བུམ་པ་ཐོགས་པ་ལྔ་བྱུང་ནས༔ བདུད་རྩིའི་ཆུ་རྒྱུན་གྱིས་བདག་ལ་དབང་བསྐུར་བས༔ ལུས་ཕྱི་ནང་གི་སྒྲིབ་པ་ཐམས་ཅད་དག་ནས༔ བདུད་རྩི་ཡར་འཁྱིལ་བ་ལས༔ དབང་རྟགས་སུ་སྣང་བ་མཐའ་ཡས་སྤྲུལ་པའི་སྐུའི་ཆ་ལུགས་ཀྱིས་དབུར་བརྒྱན་པར་བསམ་མོ༔ ཡང་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ རི་བོ་པོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་བདག་འདྲ་བར་སྤྱན་དྲངས་ལ༔ པཱུ་ཛ་འབུལ༔ བསྟོད་པ་བྱ༔ བདག་ལ་གཉིས་སུ་མེད་པར་བསྟིམ་མོ༔ དེ་ནས་བདག་གི་ཐུགས་ཀའི་ཟླ་བའི་དལ་ལ་ཡིག་དྲུག༔ ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཧྲཱི༔ ཡུམ་གྱི་སྙིང་པོས་བསྐོར་བར་བསམ༔ ཡབ་ཀྱི་ལྟེ་བར་དགའ་བ་འཁྱིལ་བ་ལ་ཐབས་ཀྱི་སྙིང་པོ་ལྔ་བཀོད༔ ཡུམ་གྱི་ལྟེ་བར་དགའ་བ་འཁྱིལ་བ་ལ༔ བདག་གིས་སྔགས་ཀྱི་ཛཔ྄་བཟླས་པའི་དུས་སུ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བའི་འོད་ཟེར་དེ༔ ལྟེ་བའི་དགའ་བ་འཁྱིལ་བ་ལ་ཕོག་པས་གཡོན་དུ་འཁོར་བས་འོད་ཟེར་གསང་བ་ནས་ཡུམ་གྱི་བྷ་གར་ཐིམ༔ དེའི་འོད་ཟེར་གྱིས་ཡུམ་གྱི་དགའ་བ་འཁྱིལ་བ་ལ་ཕོག་པས་དེ་རབ་ཏུ་འཁོར་བའི་འོད་ཟེར་དེ༔ ཐུགས་ཀའི་སྔགས་ཕྲེང་ལ་ཕོག་ནས༔ དེ་འཁོར་བའི་འོད་ཟེར་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཐིམ་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཛ༔ ཞེས་བཟླས་པས་གསང་གནས་གཉིས་ཀྱི་བར་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང༔ འོད་ཟེར་དམར་པོའི་རྦ་ཀློང་འཁྲུགས་པ༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས༔ ཕོ་ཐམས་ཅད་ཐུགས་རྗེ་ཆེན་པོ་མོ་ཐམས་ཅད་གསང་བ་ཡེ་ཤེས་སུ་སྒོམས༔ དེ་དག་གི་སྙིང་ལ་ཕོ་ཡིག་མོ་ཡིག་བཞི་འཁོར་བས༔ དེ་དག་ཡིད་བསྐུལ་ནས༔ དེ་དག་ཐམས་ཅད་མ་ཎི་པདྨེ་འབྲུག་སྒྲ་ལྟར་སྒྲོག་པ༔ མཆོང་པ་དང༔ འཁྲབ་པ་དང༔ རྒྱུག་པ་དང༔ བྲོ་བརྡུང་བ་དང༔ གར་བྱེད་པར་བསམ་མོ༔ ཞབས་གཉིས་ཀྱི་བར་ནས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་གི་ཞལ་དུ་ཐིམ་པས༔ བདག་ཉིད་བཀྲག་དང་གཟི་བརྗིད་ལྡན་པར་བསམ༔ མདུན་གྱི་མཎྜལ་ཕྱིའི་གཞལ་ཡས་ཁང༔ ཐོད་པ་ནང་གི་ཕོ་བྲང་དུ༔ ཡིག་འབྲུ་རྣམས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ལྷ་ཚོགས་སུ་གསལ༔ བདག་གི་སྔགས་ཕྲེང་ལས་འོད་འཕྲོས་པས༔ མདུན་གྱི་ལྷ་ཚོགས་ཀྱི་ཐུགས་ཀྱི་རྒྱུད་བསྐུལ་བས༔ དེ་ལས་སྤྲུལ་པའི་དཔའ་བོ་དང༔ མཁའ་འགྲོ་མ་གྲངས་མེད་པ་སྤྲོས་པས༔ ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དབང་དུ་བསྡུས༔ འཇིག་རྟེན་གྱི་ལོངས་སྤྱོད༔ སྟེང་ལྷའི་ལོངས་སྤྱོད༔ བར་མིའི་ལོངས་སྤྱོད༔ འོག་ཀླུའི་ལོངས་སྤྱོད༔ ཁྱད་པར་དུ་དཔལ་དང་གྲགས་པ་དང༔ བཀྲག་དང་གཟི་མདངས༔ སྙིང་གི་དཀྱིལ་ནས་རྣམ་པར་ཤེས་པ་རྣམས་དབང་དུ་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་བསྟིམ་ཞིང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་གཅོད༔ དེ་ནས་ཐུན་བར་གྱི་ཐུན་བཞིར་གཏོར་མ་འབུལ༔ བདུན་ཕྲག་རེ་ལ་ཚོགས་ཀྱི་འཁོར་ལོ་རེ་བསྐོར༔ ཚོགས་དང་གཏོར་མའི་དུས་སུ་རྐང་གི་དུང༔ ཐོད་པའི་རྔ་དང༔ རོལ་མོ་དཀྲོལ་ལ་འདི་སྐད་དུ་བསྟོད་ཅིང་གསོལ་བ་གདབ་བོ༔ ཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ དུས་གསུམ་སངས་རྒྱས་གསུང་མཆོག་འདུས་པའི་ལྷ༔ འོད་དཔག་མེད་ཀྱི་ཐུགས་ལས་སྤྲུལ་པ་ནི༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་བའི་མདངས༔ པད་ཕྲེང་བུམ་པ་བསྣམས་ནས་ཤེས་རབ་ཡུམ་ལ་འཁྱུད༔ རུས་པའི་རྒྱན་ལྡན་པད་ཉིའི་གདན་ལ་བཞུགས༔ འགྲོ་བ་འདྲེན་མཛད་སྤྱན་རས་གཟིགས་ལ་བསྟོད༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ བདེ་སྟོང་ཟུང་འཇུག་ཅང་ཏེའུ་ཐོད་ཁྲག་བསྣམས༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ བཅུ་དྲུག་ལོ་ལོན་སྒེག་པའི་ཉམས་དང་ལྡན༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་ཡབ་ལ་འཁྲིལ༔ མཁའ་འགྲོའི་གཙོ་མོ་དངོས་གྲུབ་ཆར་ལྟར་འབེབ༔ གསང་བའི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འབྱུང་བཞིའི་ངོ་བོ་རྣམ་དག་ཅིང༔ ཡི་གེ་བཞི་ལས་སྐྱེས་པ་ཡི༔ རྡོ་རྗེ་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ དཀར་སེར་དམར་དང་ལྗང་གུའི་མདོག་འཛིན་ཅིང༔ གྲི་གུག་ཐོད་ཁྲག་རུས་པའི་རྒྱན་འཛིན་ཅིང༔ ཞབས་གཉིས་བརྐྱང་བསྐུམ་ཁ་ཊྭཱཾ་གྲུ་མོར་བརྟེན༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས་བཞི་འཛིན༔ དཔའ་བོ་མཁའ་འགྲོ་བརྒྱད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་བདག་ལ་དུས་འདིར་མྱུར་དུ་སྩོལ༔ བདག་གི་ཅི་འདོད་ཐམས་ཅད་ཡོངས་རྫོགས་མཛོད༔ ཅེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ༔ བཤགས་པ་བྱ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་བྱའོ༔ དེ་ལྟར་ཉམས་སུ་བླངས་པས༔ རྟགས་རབ་འབྲིང་ཐ་མ་གསུམ་འབྱུང་སྟེ༔ རབ་ལྷའི་ཞལ་གཟིགས་ཤིང་དབང་བསྐུར་བ་དང༔ བྱིན་གྱིས་རློབ་ཅིང་ལུང་སྟོན་པ་དང༔ དངོས་གྲུབ་རིལ་བུ་འཕེལ་ཞིང་དྲི་དང་རླངས་པ་འབྱུང་བ་དང༔ བདུད་རྩི་དང་གཏོར་མ་ཁོལ་བ་སོགས་དང༔ འབྲིང་ཉམས་སུ་སྒྲ་སྙན་པ་དང༔ ཌཱ་མ་རུའི་སྒྲ་གྲགས་པ་དང༔ འོད་དམར་པོ་དང༔ དབེན་གནས་དྲི་བཟང་གིས་གང་བ་དང༔ ལུས་འདར་ཞིང་འཁྲབ་པ་དང༔ འཁོར་ལ་འབབས་ཤིང་ལེགས་ཉེས་སྨྲ་བ་དང༔ ཐ་མ་རྨི་ལམ་དུ་ཉི་མ་ཤར་བ་དང༔ ནམ་མཁའ་ལ་འཕུར་བ་དང༔ ཆོས་བཤད་པ་དང༔ དར་ཕྱར་བ་དང༔ དུང་འབུད་པ་དང༔ འགྲོ་བ་མང་པོས་བདག་ལ་བཀུར་སྟི་བྱེད་པ་དང༔ བུད་མེད་ཀྱི་ཚོགས་ཀྱིས་བདག་ལ་ཟས་ནོར་སྟེར་བ་དང༔ དེ་ལྟར་བྱུང་ནས་རྟེན་རྫས་རྣམས་བསྡུས་ཏེ༔ ཟིལ་གནོན་འགྲོན་བུའི་འཁོར་ལོ་ཞྭའི་ནང་དུ་བཅང༔ དབང་སྡུད་ཀྱི་འཁོར་ལོ་བ་མཁལ་གྱི་ནང་དུ་བཅུག་ལ་མདུན་དུ་བཏགས༔ རྟེན་པ་གྭའུ་མཆན་ཁུང་གཡོན་དུ་བཅང༔ ཞལ་ཁེབས་དར་དམར་གྱི་འཁོར་ལོ་སྦ་ལྕག་གི་ནང་དུ་བཅུག༔ མེ་ལོང་ལམ་པའི་འགྲོ་དོན་སྦ་ལྕག་ལ་བཏགས༔ ཀ་པཱ་ལའི་རིལ་བུ་སུམ་ཆ་རྟེན་གཏོར་གྱི་ཕུད་རྣམས་མཎྜལ་དེ་ཉིད་ཀྱི་སྟེང་དུ༔ ཙནྡན་གྱི་མེ་སྤར༔ མེའི་ཀློང་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་བསྐྱེད་ལ༔ འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ༔ ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨཱ་ཡུཿཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ཏྲི་ནྲྀ་བཱ་སུ་ནཱ་ནཱ་ཁ་དྷེ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་སྔགས་ཀྱིས་ཕུལ་ལ་བསྟོད་པ་དང༔ གསོལ་བ་བཏབ་ལ་ལྷ་བདག་ལ་བསྡུ༔ རིལ་བུ་འགའ་རེ་ནི་བདུད་རྩི་དང་སྦྱར་ཏེ་བདག་གི་དངོས་གྲུབ་ཏུ་རོལ༔ རིལ་བུ་འགའ་ནི་གང་དབང་དུ་བྱ་བ་ལ་སྦྱིན༔ འགའ་ཞིག་དར་དུ་དྲིལ་ཏེ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུ་དང་བཅས་པ་ཀ་པཱ་ལ་རུ་བཅུག་ལ་མིས་མ་མཐོང་བར་རྟེན་དུ་བཅང་ངོ༔ གསུམ་པ་ལས་སྦྱོར་ལ་གསུམ་སྟེ༔ དགའ་བ་འཁྱིལ་བ་འདུ་བའི་ལས་སྦྱོར་དང་གཅིག༔ མེ་ལོང་ལམ་པའི་ལས་སྦྱོར་དང༔ གཏོར་མ་མེ་མཆོད་ཀྱི་ལས་སྦྱོར་རོ༔ དགའ་བ་འཁྱིལ་བ་འདུ་བའི་ལས་སྦྱོར་ནི༔ མི་དང་ཆོས་འདུ་བར་འདོད་ན་དགའ་བ་འཁྱིལ་བ་སྤྱི་བོར་བསྒོམ་ཞིང༔ མ་ནུ་དྷརྨ་སིདྡྷི་ཧྲཱིང༔ པཱ་ཤཾ་ཀུ་རུ་ཧྲཱིང་ཛ༔ ཞེས་བཟླས་ཤིང་མི་དང་ཆོས་དབང་དུ་བསྡུས་ཤིང་སྤྱི་བོར་དགའ་བ་འཁྱིལ་བ་ལ་བསྟིམ་ཞིང༔ མཁའ་འགྲོ་མ་ལ་གསོལ་བ་གདབ་བོ༔ ཟས་དང་ནོར་འདུ་བར་འདོད་ན༔ དགའ་བ་འཁྱིལ་བ་མགྲིན་པར་བསྐོར་ཞིང༔ བཱ་སུ་ནཱ་ནཱ་ཁ་དྷེ་རཏྣ་སིདྡྷི་པཱ་ཤཾ་ཀུ་རུ་ཧྲིང་ཛ༔ ཞེས་བཟླས་ཤིང་ཟས་ནོར་ཐམས་ཅད་སྔགས་ཀྱི་འོད་ཟེར་གྱིས་དབང་དུ་བསྡུས་ལ༔ མགྲིན་པའི་དགའ་བ་འཁྱིལ་བ་ལ་བསྟིམ་མོ༔ མཁའ་འགྲོ་མ་ལ་གསོལ་བ་གདབ་བོ༔ ཉམས་དང་རྟོགས་པ་སྐྱེ་བར་འདོད་ན༔ དགའ་བ་འཁྱིལ་བ་སྙིང་ཁར་སྒོམས༔ ཛྙཱ་ན་སིདྡྷི་པུཥྚིཾ་ཀུ་རུ་ཡེ་ཧྲིང་ཛ༔ ཞེས་བཟླས་ཤིང་སྔགས་ཀྱི་འོད་ཟེར་གྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཉམས་དང་རྟོགས་པ་ཐམས་ཅད་བསྡུས་ཏེ༔ སྙིང་ཁའི་དགའ་བ་འཁྱིལ་བ་ལ་བསྟིམ༔ བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ་བོ༔ མཁའ་འགྲོ་མ་དང་བུད་མེད་དབང་དུ་འདུ་བར་འདོད་ན༔ དགའ་བ་འཁྱིལ་བ་ལྟེ་བའམ་གསང་གནས་སུ་བསྐོར་ཞིང༔ ཨོཾ་སརྦ་ཌཱ་ཀི་ཀརྨ་མུ་དྲ་སིདྡྷི་པཱ་ཤཾ་ཀུ་རུ་ཧྲིང་ཛ༔ ཞེས་བཟླས་ཤིང་སྔགས་ཀྱི་འོད་ཟེར་གྱིས་མཁའ་འགྲོ་མ་དང་བུད་མེད་ཐམས་ཅད་དབང་དུ་བསྡུས་ཏེ༔ གསང་གནས་ཀྱི་དགའ་བ་འཁྱིལ་བ་ལ་བསྟིམ་ཞིང༔ བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ༔ དེ་ཡང་བྱེ་བྲག་རེ་བསྒྲུབ་སྟེ༔ ལུས་ལ་བདེ་བ་འབར་བ་དང༔ ངག་ལ་ནུས་པ་འབར་བ་དང༔ སེམས་ལ་རྟོགས་པ་འཆར་བ་དང༔ ཉིན་མོ་མི་དང་ཆོས་འདུ༔ ནང་ནུབ་ཟས་དང་ནོར་འདུ༔ ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་ལྟར་འབྱུང་ངོ༔ གཉིས་པ་མེ་ལོང་ལམ་པའི་ལས་སྦྱོར་ནི༔ མེ་ལོང་ལ་ཡི་གེ་བདུན་པ་གཞུང་བཞིན་བྲི༔ རང་གི་ཐུགས་ཀ་ནས་ཡི་གེ་བདུན་པ་སྤྲོས་ཤིང༔ མེ་ལོང་གི་ཡི་གེ་བདུན་པ་ལ་རྒྱུན་མ་ཆད་པར་བསྟིམ་ཞིང༔ ནྲྀ་ཛཿནྲྀ་ཛཿཔཱ་ཤཾ་ཀུ་རུ་ནྲྀ་ཛཿཤ་ཏྲཱུཾ་ཨ་མུ་ཀ་ནྲྀ༔ ཨཱ་ཀརྴ་ཡ་ཛཿཛཿཧྲིང༔ ཞེས་འདི་རྩ་བའི་སྔགས་ལ་བཏགས་ལ་བཟླས་ཤིང་མེ་ལོང་ལ་གདབ༔ ཁྱད་པར་དུ་དངོས་གྲུབ་ཀྱི་རིལ་བུ་དང་སིནྡྷུ་ར་དང་པདྨ་རཀྟ་རྣམས་དར་དམར་དུ་བཏུམས་ལ་སྔགས་གདབ་བོ༔ དེ་ནས་ལམ་དུ་ཞུགས་པའི་ཚེའམ་ཁྲོམ་དུ་ཞུགས་པའི་དུས་སུ༔ བདག་བསྐྱེད་ཀྱི་རིམ་པ་གསལ་བར་བསྒོམས་ལ༔ ཐུགས་ཀའི་ཡི་གེ་བདུན་པ་ལས་ཡི་གེ་བདུན་པ་སྤྲོས་ཤིང་མེ་ལོང་གི་ཡི་གེ་བདུན་པ་ལ་བསྟིམས་པས༔ གོང་གི་རྫས་དེ་ལག་པ་གཡོན་པའི་མཐིལ་དུ་སྔགས་བཟླས་པའི་མཆིལ་མ་དང་སྦྱར་ཏེ༔ མེ་ལོང་གི་ཡིག་འབྲུ་ལ་སེར་དུ་མནན་ནོ༔ དེའི་ལྷག་མ་རང་གི་སྨིན་མཚམས་སུ་ཐིག་ལེ་བྱས་ལ་འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསམ་ལ༔ མེ་ལོང་གི་ཡིག་འབྲུ་བདུན་ལས་འོད་ཟེར་འཕྲོས་པས༔ འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ༔ ལུས་ལྷ༔ ངག་སྔགས༔ སེམས་ཏིང་ངེ་འཛིན་དང་མ་བྲལ་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་བདག་ཉིད་གང་གིས་མཐོང་བའི་འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུ་ཞིང༔ མས་བུ་གཅིག་པོ་མཐོང་བ་ལྟར་དགའ་བར་འགྱུར་རོ༔ གསུམ་པ་གཏོར་ཚོགས་མེ་མཆོད་ལ་བརྟེན་པའི་ལས་སྦྱོར་ནི༔ དུས་ཐམས་ཅད་དུ་གཏོར་མ་གཏང་ལ་གསོལ་བ་གདབ༔ ནམ་ཕྱེད་ཚོགས་འཁོར་བསྐོར་ཞིང་གསོལ་བ་གདབ༔ ཐོ་རངས་མེ་མཆོད་བྱ་ཞིང་གསོལ་བ་གདབ༔ ལས་སྦྱོར་དེ་གསུམ་ཡང་སོ་སོ་མ་ཡིན་གཅིག་ཏུ་བསྒྲུབ་སྟེ༔ འདུག་ན་དགའ་བ་འཁྱིལ་བ་གཙོ་བོར་བྱ༔ མེ་ལོང་ལམ་པ་ཞོར་ལ་བྱ༔ འགྲོ་ན་མེ་ལོང་ལམ་པ་གཙོ་བོར་བྱ༔ དགའ་བ་འཁྱིལ་བ་ཞོར་དུ་བྱ༔ གཏོར་ཚོགས་མེ་མཆོད་རྒྱུན་དུ་བྱའོ༔ བཞི་པ་ལས་ཚོགས་ནི་གཉིས་ཏེ༔ ཕྱི་འགྲོ་དོན་གྱི་ལས་ཚོགས་དང༔ ནང་དངོས་གྲུབ་ཀྱི་ལས་ཚོགས་སོ༔ ཕྱི་འགྲོ་དོན་གྱི་ལས་ཚོགས་ལ་བཞི་སྟེ༔ ཉི་མ་མཁའ་ཁྱབ་དང༔ ཆུ་བོ་དབྱིངས་ཁྱབ་དང༔ མཆོད་རྟེན་དམིགས་གཏད་དང༔ མེ་ལོང་ལམ་པ་དང་བཞི་སྟེ༔ དེ་དག་གཞུང་ནས་ཅི་ལྟར་བཤད་པ་ལྟར་བྱ་སྟེ༔ དེ་དག་མཐོང་ཐོས་རེག་པས་འཁོར་བ་ཐམས་ཅད་མཐའ་ཡོད་དུ་འགྱུར་རོ༔ ནང་ཕྲིན་ལས་ཀྱི་ལས་ཚོགས་ལ་བཞི་སྟེ༔ ཞི་བའི་ལས་བྱེད་ན་མ་དྷ་ལ་དཀར་པོ་ཟླུམ་པོ་འདབ་མ་བཞི་པ་བྲིས་ལ༔ ལྷའི་ས་བོན་བཀོད་དེ༔ གེལ་པའི་ཤིང་ལ་སོགས་ཏེ་ཞི་བའི་ཤིང་ཟླུམ་པོ་བརྩིགས༔ དཀར་གསུམ་དང་མངར་གསུམ་ཏིལ་ལ་སོགས་པའི་བསྲེག་རྫས་བཤམ༔ རྣམ་ལྔའི་མཆོད་པ་དང་གཏོར་མ་བཤམ༔ བདག་ཉིད་ཁ་ཤར་དུ་བསྟན་ལ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྒོམས༔ མཎྜལ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས༔ བསྐུལ་དོན་གཉིས་བྱས༔ ཚུར་འདུས་པས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ༔ སྐུ་མདོག་དཀར་པོ་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ལ༔ གཉིས་སུ་མེད་པར་བསྟིམ༔ རྣམ་ལྔ་དང་བྷ་ལིཾ་འབུལ༔ དེ་ནས་སྲེག་རྫས་འདོད་ཡོན་ལྔ་དང་ལྡན་པར་བསམ་ལ་འབུལ༔ སརྦ་པཱ་པཾ་ནད་དང་གནོད་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་ཚང་བར་ཕུལ་བས་མཉེས་ཏེ༔ སྐུའི་འོད་ཟེར་གྱིས་བདག་གི་ནད་དང་གནོད་པ་སྡིག་སྒྲིབ་ཐམས་ཅད་དག་པར་བསམ༔ དེ་ནས་བསྟོད་པ་བྱ༔ གསོལ་བ་གདབ༔ བཤགས་པ་བྱ༔ བཀྲ་ཤིས་བྱ༔ ལྷ་གཤེགས་སུ་གསོལ༔ དགེ་བ་བསྔོ༔ དེ་ལྟར་བྱས་པས་འཇིགས་པ་བརྒྱད་ལ་སོགས་པ་ཞི་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ རྒྱས་པའི་ལས་བྱེད་ན༔ མ་དྷལ་གྲུ་བཞི་པདྨ་འདབ་བཞི་སེར་པོ་བྲི༔ ས་བོན་བཀོད༔ འབྲས་བུ་ཅན་གྱི་ཤིང་གྲུ་བཞིར་བརྩིགས༔ གྲོ་འབྲས་རིན་པོ་ཆེ་དང༔ ཆུར་བ་ལ་སོགས་སྲེག་རྫས་བཤམ༔ རྣམ་ལྔ་དང་བྷ་ལིཾ་བཤམ༔ བདག་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་གོང་ལྟར་བསྒོམས་ཏེ༔ སྐུ་མདོག་སེར་པོ་བསམ༔ སྤྱན་དྲང་བ་སོགས་གོང་ལྟར་བྱས་ནས༔ བདག་གི་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྲེག་རྫས་བརྒྱ་རྩ་བརྒྱད་འབུལ་བས་མཉེས་ཏེ༔ སྐུའི་འོད་ཟེར་གྱིས་བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛད་ནས༔ ལོངས་སྤྱོད་ཀྱི་དངོས་གྲུབ་ཆར་ལྟར་འབབ་པར་བསམ༔ བསྟོད་པ་ལ་སོགས་རྗེས་ཀྱི་བྱ་བ་གོང་ལྟར་བྱ༔ དབང་གི་ལས་བྱེད་ན༔ མ་དྷལ་ཟླ་གམ་པདྨ་དམར་པོ་འདབ་མ་བཞི༔ ཙནྡན་དང་རྒྱ་ཤུག་ལ་སོགས་པའི་ཤིང་ཟླ་གམ་དུ་བརྩིགས༔ ལི་ཁྲི་དང༔ སེང་ལྡེང་དང༔ སིནྡྷུ་ར་དང༔ ཤ་ཆང་ལ་སོགས་པའི་སྲེག་རྫས་བཤམ༔ རྣམ་ལྔ་དང་བྷ་ལིཾ་བཤམ༔ བདག་དང་མདུན་གྱི་ལྷ་ཐམས་ཅད་གོང་ལྟར་བསྐྱེད་ལ་སྐུ་མདོག་དམར་པོར་བསམ༔ སྤྱན་དྲང་བ་ལ་སོགས་གོང་ལྟར་བྱས་ལ༔ བཱ་སུ་ནཱ་ནཱ་ཁ་དྷེ་སིདྡྷི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྲེག་རྫས་བརྒྱ་རྩ་བརྒྱད་འབུལ་བས༔ མཉེས་པས་སྐུའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་ལོངས་སྤྱོད་དང་བཅས་པ་ཐམས་ཅད་བདག་གི་དབང་དུ་བསྡུས་པར་བསམ༔ བསྟོད་པ་ལ་སོགས་པ་རྗེས་ཀྱི་བྱ་བ་གོང་ལྟར་བྱའོ༔ དྲག་པོའི་ལས་བྱེད་ན༔ མཎྜལ་གྲུ་གསུམ་ནག་པོ་འདབ་བཞི་བྲི༔ ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩིགས༔ ཤ་དང་ཁྲག་དང་ལིངྒ་ལ་སོགས་པའི་སྲེག་རྫས་དང༔ རྣམ་ལྔ་བ་ལིན་བཤམ༔ བདག་དང་མདུན་གྱི་ལྷ་ཐམས་ཅད་སྐུ་མདོག་ནག་པོར་བསམ༔ སྤྱན་དྲངས་པ་ལ་སོགས་གོང་ལྟར་བྱའོ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྲེག་རྫས་བརྒྱ་རྩ་འབུལ་བས་མཉེས་ཏེ༔ འོད་ཟེར་མཚོན་ཆའི་གཟུགས་ཅན་གྱིས་བདག་ལ་གནོད་པར་བྱེད་པ་ཐམས་ཅད་རྡུལ་དུ་བརླག་པར་བསམ༔ བསྟོད་པ་ལ་སོགས་རྗེས་ཀྱི་བྱ་བ་ཐམས་ཅད་གོང་བཞིན་བྱའོ༔ དེ་ནི་ནང་ཕྲིན་ལས་ཀྱི་ལས་ཚོགས་བཞིའོ༔ ཐོག་མར་བསྙེན་སྒྲུབ་ཀྱི་རྟགས་རྫོགས་པར་བྱས་ལ༔ དེ་ནས་ཕྱི་ནང་གི་ལས་ཚོགས་རྣམ་པ་བརྒྱད་ཀྱིས་རང་དང་གཞན་གྱི་དོན་བསྒྲུབ་པར་བྱའོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་གསང་སྒྲུབ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨུ་རྒྱན་པདྨའི་གདམས་པ། གུ་རུ་ཆོས་དབང་ལས་པདྨ་བསམ་འགྲུབ། དེ་ལས་དབུས་པའི་རྣལ་འབྱོར་མི་བསྐྱོད་རྡོ་རྗེས་ཞུས་སོ། །དགེའོ།། ༄༔ འཁོར་བ་དོང་སྤྲུག་གི་ཚོགས་ལས་དང་བུམ་ཆོག་གཉིས་བཞུགས་སོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་ཚོགས་ལས་ཀྱི་རིམ་པ་ནི༔ དབེན་པའི་གནས་སུ་ཚོགས་ཀྱི་དལ་སྒྲུབ་པའི་མཎྜལ་ལྟར་བཤམས་ལ༔ གདུགས་དང་བླ་བྲེ་ལ་སོགས་པས་བརྒྱན་ཅིང༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ༔ ཕྱི་ཡི་མཆོད་པ་རྣམ་ལྔ་དང༔ ནང་གི་མཆོད་པ་གཏོར་མ་དང༔ ཚོགས་ཀྱི་ཞལ་ཟས་ཐམས་ཅད་རྒྱས་པར་བཤམ༔ ལག་མཆོད་ཀྱི་བདུད་རྩི་དང་བཟེད་ཞལ་ཡང་མདུན་དུ་བཞག༔ དེ་ནས་སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ༔ མགྲོན་རྣམ་བཞི་ལ་གཙང་གཏོར་སྦྱིན༔ དེ་ནས་བགེགས་བསྐྲད་ཅིང་མཚམས་བཅད་ལ༔ སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ༔ དེ་ནས་ཡན་ལག་བདུན་པ་བྱས་ལ༔ མཆོད་པ་བྱིན་གྱིས་བརླབ་སྟེ༔ ཕྱིའི་མཆོད་པ་རང་གི་ལྷ་མོར་གསལ་བཏབ༔ ནང་གི་མཆོད་པ་ཐམས་ཅད་མེ་རླུང་གི་བྱིན་གྱིས་བརླབ་སྟེ༔ དེ་ནས་ཐོག་མར་བདག་བསྐྱེད་ཀྱི་རིམ་པ་རྣམས་བྱའོ༔ དེ་ནས་ཚོགས་རྟེན་གྱི་ལྷ་ཚོགས་མངོན་རྟོགས་ལྟར་བསྒོམ༔ དེ་ནས་ལག་མཆོད་བྱ་བ་ནི༔ བདུད་རྩི་ཀ་པཱ་ལ་དེ་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ༔ ལག་པ་གཡོན་པའི་མཐིལ་དུ་གཡས་པའི་མཐེབ་སྲིན་གྱིས༔ དང་པོ་ཟླུམ་པོར་བསྐོར༔ ཆོས་སྐུ་མཚོན༔ དེའི་དབུས་སུ་ཆོས་འབྱུང་བྲིས་པས་ལོངས་སྤྱོད་རྫོགས་སྐུ་མཚོན༔ དེའི་དབུས་སུ་པདྨ་འདབ་བཞིས་སྤྲུལ་པའི་སྐུ་མཚོན༔ དེའི་སྟེང་དུ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བསྐྱེད་ལ༔ པཱུ་ཛ་ལྔ་ཕུལ་ནས་གཡས་པའི་སྲིན་ལག་རོ་ཡི་ལྷ་མོས༔ བདུད་རྩིའི་མཆོད་པ་ཕུལ་བས་མཉེས་ཏེ་ཡབ་ཡུམ་སྦྱོར་མཚམས་ནས༔ ཡེ་ཤེས་ཀྱི་བདུད་རྩི་བབས་པས་ལག་པའི་ཆོས་འབྱུང་ཁེངས་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ ཞེས་མི་སྐྱོའི་བར་དུ་ཕུལ་ནས་བསྟོད་པ་གཅིག་བྱས་ལ༔ ལྷ་ཡང་འོད་དུ་ཞུ་བར་བསམ་ལ༔ ལག་པའི་བདུད་རྩི་ཀ་པཱ་ལར་བྱའོ༔ དེ་ནས་བདུད་རྩི་དེ་རང་ལ་གཏོར་བས་ལྷའི་དཀྱིལ་འཁོར་དུ་གསལ་གདབ༔ གནས་ཁང་ལ་གཏོར་བས་ཨོ་རྒྱན་དུ་བྱིན་གྱིས་བརླབ༔ ཚོགས་མགྲོན་ལ་གཏོར་བས་དཔའ་བོ་དཔའ་མོར་བྱིན་གྱིས་བརླབ༔ ཚོགས་གཏོར་ལ་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ༔ དེ་ནས་རོལ་མོའི་སྒྲ་བསྒྲག༔ གུ་གུལ་གསུར་ཆེན་གྱི་དུད་པ་གཏང་ལ་སྤྱན་དྲང་པ་ནི༔ ཧཱུྃ༔ ལྷོ་ནུབ་ཨོ་རྒྱན་དུར་ཁྲོད་ནས༔ རིག་འཛིན་བྱེ་བ་འབུམ་གྱི་དབུས༔ སློབ་དཔོན་པདྨ་གཤེགས་སུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ གསུང་མཆོག་པདྨ་རིགས་ཀྱི་གཙོ༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ རི་བོ་ཏ་ལའི་རྩེ་མོ་ནས༔ འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ མཁའ་དབྱིངས་རྣམ་དག་དུར་ཁྲོད་ནས༔ དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ འགྱུར་བ་མེད་པའི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ དགོས་འདོད་འབྱུང་བའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ ཆགས་པ་བྲལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ ཕྲིན་ལས་སྒྲུབ་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ རོ་ལངས་འཁྲུགས་པའི་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣ་ཚོགས་རིན་ཆེན་འབར་བའི་ཚོགས་ཁང་འདིར༔ གདུགས་དང་བླ་བྲེ་བ་དན་དུ་མས་བརྒྱན༔ རིན་ཆེན་པད་ཉི་བརྩེགས་པའི་གདན་ཁྲི་ལ༔ གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཞེས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ལ༔ དགའ་སྤྲོ་མོས་ཤིང་དང་བས་ཕྱག་འཚལ་ན༔ ཐུགས་རྗེ་བརྩེ་བའི་ཚུལ་གྱིས་བཞེས་སུ་གསོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་འཚལ༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཡོན་ཆབ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ཁ་དོག་དབྱིབས་ལེགས་མེ་ཏོག་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ལྷན་ཅིག་སྐྱེས་པའི་བདུག་སྤོས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ མ་རིག་མུན་སེལ་སྒྲོན་མེ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ སྤོས་དང་སྨན་སྦྱར་དྲི་ཆབ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ སིལ་སྙན་རོལ་མོ་སྣ་ཚོགས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ཅེས་ཕྱིའི་ལྷ་མོར་སྤྲུལ་ལ་མཆོད་དོ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཐབས་ཀྱི་ཤ་ཆེན་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཤེས་རབ་བདུད་རྩི་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཐབས་ཀྱི་ཕུང་པོ་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ དྲན་རྟོག་དབང་པོ་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཞེས་ནང་གི་ལྷ་མོ་རྣམས་སྤྲུལ་ལ་འབུལ་ལོ༔ དེ་ནས་གསང་བའི་མཆོད་པ་འབུལ༔ ཧཱུྃ༔ ཐབས་ཀྱི་རང་བཞིན་ཡབ་རྣམས་ལ༔ ཤེས་རབ་ཡུམ་གྱི་མཆོད་པ་འབུལ༔ ཤེས་རབ་རང་བཞིན་ཡུམ་རྣམས་ལ༔ ཐབས་ཆེན་ཡབ་ཀྱི་མཆོད་པ་འབུལ༔ ཐབས་དང་ཤེས་རབ་ཡབ་ཡུམ་གཉིས༔ མཁའ་གསང་བྱིན་རླབས་རོལ་པ་ལས༔ བསྲུབ་དང་བསྐྱོད་པའི་སྦྱོར་བ་ཡིས༔ དགའ་བ་བཞི་དང་བདེ་བ་བརྒྱད༔ སྐད་ཅིག་བཞི་དང་ཡེ་ཤེས་ལྔ༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ གསང་བའི་མཆོད་པར་བཞེས་སུ་གསོལ༔ ཞེས་སྦྱོར་བ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བའོ༔ དེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཏི་མུག་ཆོས་དབྱིངས་མཆོད་པ་འདི༔ སངས་རྒྱས་རིགས་ཀྱིས་བཞེས་སུ་གསོལ༔ ཞེ་སྡང་ཡེ་ཤེས་མཆོད་པ་འདི༔ རྡོ་རྗེ་རིགས་ཀྱིས་བཞེས་སུ་གསོལ༔ ང་རྒྱལ་མཉམ་ཉིད་མཆོད་པ་འདི༔ རིན་ཆེན་རིགས་ཀྱིས་བཞེས་སུ་གསོལ༔ འདོད་ཆགས་བདེ་བའི་མཆོད་པ་འདི༔ པདྨ་རིགས་ཀྱིས་བཞེས་སུ་གསོལ༔ ཕྲག་དོག་ནན་ཏན་མཆོད་པ་འདི༔ ལས་ཀྱི་རིགས་ཀྱིས་བཞེས་སུ་གསོལ༔ འཁོར་བ་མྱང་འདས་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ ཞེས་ཉོན་མོངས་ཐམས་ཅད་ཡེ་ཤེས་ཀྱི་ངང་དུ་འབུལ་ལོ༔ དེ་ནས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ བརྒྱུད་པའི་བླ་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ སྣང་བ་མཐའ་ཡས་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ ཐུགས་རྗེ་ཆེན་པོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ གསང་བ་ཡེ་ཤེས་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ རྡོ་རྗེ་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ རིན་ཆེན་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ པདྨ་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ ལས་ཀྱི་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ འཇིག་རྟེན་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ ཆོས་སྐྱོང་སྲུང་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཞེས་ཚོགས་ཀྱི་ཞལ་ཟས་བསྟབ༔ དེ་ནས་ཚོགས་ཕུད་གཏོར་མ་བཅུག་ལ་བ་ལིན་བསྔོ༔ མཛེས་སྟོབ་ཀྱིས་དྲངས༔ ཚོགས་ལ་རོལ༔ བསྟོད་པ་བྱ༔ ཕྲིན་ལས་བཅོལ༔ ལྷག་མ་བསྐྱང༔ བཀྲ་ཤིས་བརྗོད༔ བཤགས་པ་བྱ༔ གླུ་བྲོ་བྱའོ༔ ལྷ་གཤེགས་སུ་གསོལ༔ དགེ་བའི་རྩ་བ་བསྔོ་བར་བྱའོ༔ དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཅི་བདེར་བྱའོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལས་ཚོགས་ཀྱི་རིམ་པ༔ སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ འདིའི་བརྒྱུད་པ་ནི༔ གུ་རུ་པདྨ༔ ཇོ་མོ་མཚོ་རྒྱལ༔ ཁྲི་སྲོང་ལྡེའུ་བཙན༔ གུ་རུ་ཆོས་ཀྱི་དབང་ཕྱུག༔ རྟོགས་ལྡན་པདྨ་བསམ་འགྲུབ༔ མི་བསྐྱོད་རྡོ་རྗེས་མྱང་སྟོན་དབོན་པོའི་ཕྱག་དཔེ་ལས་བྲིས༔ གཞན་ལ་མེད་པའི་ཁྱད་ཆོས༔ སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མིན༔ སྐལ་ལྡན་རྣམས་ཀྱི་སྙིང་གི་དཀྱིལ་དུ་བཅང་བའི་ཆོས་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༄༅༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔ པད་རྒྱུན་གཟུངས་ཆོག་གི་ཆོ་ག་ལ༔ དང་པོ་མཎྜལ་མདའ་གང་བ༔ བའི་རྣམ་ལྔ་ལ་སོགས་པ་གཞུང་བཞིན་བྱས་ལ༔ པདྨ་འདབ་དྲུག་དམར་པོ་མུ་ཁྱུད་ཀྱང་དམར་པོ་བཅས་པ་བྲི༔ གོང་རས་དཀར་པོ༔ དབུས་སུ་ཧྲཱིཿབྲི༔ འདབ་མ་དྲུག་ལ་ཡི་གེ་དྲུག་པ༔ ལྟེ་བར་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པ་གཞུང་ལྟར་བཅས་པ་བཞུགས༔ དེ་ནས་སེམས་བསྐྱེད་ལ་སྟོང་པའི་ངང་ལས་རང་ཉིད་ཐུགས་རྗེ་ཆེན་པོར་སྒོམས༔ བུམ་པ་བྷྲཱུྃ་ལས་འོད་དམར་པོའི་གཞལ་ཡས་ཁང་དུ་བསྐྱེད༔ དེའི་ནང་དུ་ཐུགས་རྗེ་ཆེན་པོ་སྒྲུབ་ཐབས་གཞུང་ལྟར་བསྐྱེད༔ དེའི་དབུ་ཐོག་བུམ་པའི་སྟེང་དུ༔ ཐོད་པའི་རི་ལུ་ལ་སྐད་ཅིག་དྲན་རྫོགས་ལ༔ ཐུགས་རྗེ་ཆེན་པོ་དུས་གསུམ་སངས་རྒྱས་འཁོར་དང་བཅས་པ་རྣམས་བསྐྱེད་ལ༔ དེ་རྣམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས༔ བདག་གི་སྐུ་གསུང་ཐུགས་ལ་ཐིམ༔ བདག་གི་ཐུགས་ཀ་ནས་གཟུངས་ཐག་ལ་བདུད་རྩི་འཁྲིལ་ནས་བུམ་པའི་ནང་དུ་ཐིམ་པས༔ ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པར་གྱུར་པར་བསམ༔ ཐུན་མཚམས་སུ་མཆོད་པ་ཕུལ༔ བསྟོད་པ་བྱས་ལ༔ ལྷ་རྣམས་འོད་དུ་ཞུ་བར་བསམ་མོ༔ ཚར་ནས་གཟུངས་ཆུ་རང་གཞན་ལ་བཀྲམ་པའི་དུས་སུ་རང་སྤྱི་བོའི་ཐུགས་རྗེ་ཆེན་པོར་སྒོམས༔ སྤྱི་བོར་ཡང་ཐུགས་རྗེ་ཆེན་པོ་སྒོམས༔ གཟུངས་ཆུ་འཐུང་བའི་དུས་སུ༔ སྤྱི་བོའི་ཐུགས་རྗེ་ཆེན་པོ་ཡང་སྙིང་གི་དཀྱིལ་དུ་བྱོན་པར་བསམ༔ དེའི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས༔ གང་ཟག་གི་ལུས་ངག་ཡིད་གསུམ་བདེ་ཕྲིལ་གྱི་སོང་བར་བསམ༔ དེ་ནས་མི་དམིགས་པའི་ངང་ལ་བཞག་གོ༔ བསྔོ་བ་བྱའོ༔ བསྐོར་བ་བྱེད་པའི་དུས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་སྒོམས༔ དཀྱིལ་འཁོར་གྱི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པར་བསམ༔ སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་མོ༔ ལྷོ་བྲག་གནམ་སྐས་ཅན་གྱི་གཏེར་མ༔ ཀླུ་བདུད་ཁ་ནས་བཏོན་པའོ༔ རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་ཀྱི་ལེའུ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བུམ་ཆོག་རྫོགས་སོ༔ གུ་རུ་ཆོས་དབང་གི་ཐུགས་དམ། དེས་གྲུབ་ཐོབ་མདོ་བོ་རས་པ་ལ་གནང་བའོ།། ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་མན་ངག་ལྷན་ཐབས་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་གསང་སྐོར་འདི་ལ༔ དོན་རྣམ་པ་ལྔའི་སྒོ་ནས་ཉམས་སུ་ལེན་ཏེ༔ ཚོགས་རྫོགས་སྒྲིབ་སྦྱོང་གི་དོན་དང༔ རང་གནས་ལྷ་རུ་གསལ་བའི་དོན་དང༔ མཆོད་ཅིང་བསྟོད་པའི་དོན་དང༔ རྫོགས་པའི་བྱང་ཆུབ་ཀྱི་དོན་དང༔ གྲགས་སྟོང་ཉམས་འཕེལ་གྱི་དོན་དང་ལྔའོ༔ དང་པོ་ཚོགས་རྫོགས་སྒྲིབ་སྦྱོང་གི་དོན་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ མདུན་གྱི་ནམ་མཁའ་ལ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ ཞབས་གཉིས་གཤིབས་ནས་བཞེངས་སྐུར་བཞུགས་པ༔ ཕྱག་གཡས་པདྨའི་ཕྲེང་བ་དང༔ གཡོན་བདུད་རྩིའི་བུམ་པ་བསྣམས་པ༔ དབུ་གཙུག་རལ་པའི་སྟེང་དུ༔ སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ་དེ་ལྟ་བུ་གཅིག་ཏུ་ཝལ་གྱིས་སྒོམས༔ ན་མོ་དུས་གསུམ་བདེ་བར་གཤེགས་པ་མ་ལུས་པ་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ༔ དུས་ད་ནས་གཟུང་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ༔ འགྲོ་བ་ཐ་དག་གི་དོན་དུ༔ བདག་བྱང་ཆུབ་སེམས་དཔར་གཟུང་དུ་གསོལ་ལོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི་འོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི་འོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་གཤེགས་སུ་གསོལ་ལོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གཤེགས་སུ་གསོལ་ལོ༔ བདག་གི་སྤྱི་གཙུག་ཉི་ཟླའི་གདན་ལ་བཞུགས་སུ་གསོལ་ལོ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་ལོ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སོ་སོར་བཤགས་སོ༔ གསང་སྔགས་སྒྲུབ་པ་བྱེད་པ་ལ་རྗེས་སུ་ཡི་རང་ངོ༔ ཕྱི་ནང་ཐེག་པའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས་སོ༔ བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོར་གཟུང་དུ་གསོལ༔ དེ་ནས་དེའི་ཐུགས་ཀར་ཉི་ཟླ་པདྨའི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་ལ་ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་བསྐོར་བར་བསམ༔ དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྣང་བ་མཐའ་ཡས་ལ་མཆོད་པའི་ཚུལ་དུ་ཕུལ་བས་མཉེས་པར་བསམ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཡི་གེ་བཞི་ལས་འོད་ཟེར་འཕྲོས་ཏེ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ལ་མཆོད་པ་ཕུལ་བས༔ སྐུ་གསུང་ཐུགས་མཉེས་ཏེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་ཨཱོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བྱ་བའི་ཡི་གེ་བདུན་གྱི་འོད་ཟེར་དམར་པོ་བདག་ལ་ཕོག་པས་བདག་ཇོ་བོ་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམ་མོ༔ དེ་ནི་རང་གནས་ལྷ་རུ་གནས་པའི་དོན་ནོ༔ མཆོད་ཅིང་བསྟོད་པའི་དོན་ནི༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོར་ཡོད་པ་ལས༔ བདག་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཚིག་བསྟོད་དང་དོན་གྱི་བསྟོད་པ་ཕུལ༔ བདག་གིས་མདུན་གྱི་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཕུལ༔ དེས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕུལ༔ དེས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྟོད་པའི་ཚུལ་དུ་བསམ༔ དེ་ནི་མཆོད་ཅིང་བསྟོད་པའི་དོན་ནོ༔ རྫོགས་པའི་བྱང་ཆུབ་ཀྱི་དོན་ནི༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འོད་དང་འོད་ཟེར་གྱི་ཚུལ་དུ་སྣང་བ་མཐའ་ཡས་ལ་ཐིམ༔ སངས་རྒྱས་སྣང་བ་མཐའ་ཡས་མདུན་གྱི་ཐུགས་རྗེ་ཆེན་པོ་ལ་ཐིམ༔ དེ་བདག་གི་སྤྱི་བོར་གདན་དྲངས་ནས༔ བདག་ཇོ་བོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོར་ཡོད་པ་དེ་ཐམས་ཅད་འོད་དང་འོད་ཟེར་དུ་རང་ལ་འཁྱིལ་བར་བསམ༔ རང་ཐུགས་ཀ་ལ་ཐིམ་པས་དེ་སངས་རྒྱས་སྣང་བ་མཐའ་ཡས་ནས་ཡི་གེ་བཞི་ལ་ཐིམ༔ དེ་རིམ་གྱིས་ཧྲཱིཿལ་ཐིམ༔ དེ་ཡང་གི་གུའི་བར་ལ་བསྡུ༔ དེའང་རིམ་གྱིས་མཐའ་ནས་དབུས་སུ་ཐིག་ལེ་སྟོང་པར་ལྷན་གྱིས་ཐིམ་མོ༔ དེས་ནི་རྡོ་རྗེ་སེམས་དཔའི་རང་ས་ཟིན་ནོ༔ སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་བོ༔ ཡར་སངས་རྒྱས་ལ་རེ་བ་མེད་དེ༔ དུས་གསུམ་སངས་རྒྱས་བླ་མ་ལ་ཐིམ༔ བླ་མ་རང་གི་སེམས་ལ་ཐིམ་པའོ༔ མར་འཁོར་བ་ལ་དོགས་པ་མེད་དེ༔ ཁམས་གསུམ་སེམས་ཅན་རང་ལ་བསྡུ༔ རང་བླ་མར་བསྟིམ་པའོ༔ བར་གཉིས་འཛིན་གྱི་ཐག་པ་ཆད་དེ༔ ཐིག་ལེ་སྟོང་པ་ངོ་བོ་ཉིད་སྐུ་ཐོབ༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ལོ༔ གྲགས་སྟོང་ཉམས་འཕེལ་གྱི་དོན་ནི༔ མེ་སྒྲ་དང་ཆུ་སྒྲ་ཐམས་ཅད་ཡི་གེ་བདུན་པའི་སྒྲ་གྲགས་སྟོང་དུ་བསམ་མོ༔ ྀཨཚ༔ གུ་རུ་ཆོས་དབང་གི་ཨུ་པ་དེ་ཤའོ།། །། ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལས་སྡིག་སྒྲིབ་ཀུན་འཇོམས་ཀྱི་སྒྲུབ་པ་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལ་ཕྱག་འཚལ་ལོ༔་་་སྡིག་སྒྲིབ་ཀུན་འཇོམས་འདི་ནི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པའི་ཕྲིན་ལས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ་ནས་གསུངས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་ཌཱ་ཀི་མ་གར་གྱི་དབང་མོ་ལ་བཀའ་བསྩལ་པ༔ ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་འདས་པ་ན༔ འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ༔ དེར་གནས་པའི་སེམས་ཅན་རྣམས་ཉོན་མོངས་པ་རགས་པ༔ དྲང་བར་དཀའ་བ༔ གདུལ་དཀའ་བ༔ མི་དགེ་བ་བཅུ་ལ་སྤྱོད་པ༔ མཚམས་མེད་ལྔ་བྱེད་ཅིང་སྤྱོད་པ༔ བསླབ་པ་གསུམ་ཡལ་བར་དོར་བ༔ དཀོན་མཆོག་གི་དཀོར་ལ་བབ་འཆོལ་དུ་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དུ༔ ཁྱོད་ཀྱིས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཟུངས་ཤིག༔ ཆོངས་ཤིག༔ ཀློགས་ཤིག༔ སྡིག་པ་ཅན་གྱི་སེམས་ཅན་ལ་སྟོན་ཅིག༔ འདི་ལ་གཅེས་སྤྲས་སུ་གྱིས་ཤིག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་གི་རིག་སྔགས་འདི་འགྲུབ་པ་འགྱུར་ཅིག༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ བདག་ཆེ་གེ་ཞེས་བགྱི་བའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང༔ སྒྲིབ་པ་དང༔ ལས་ངན་པའི་རྣམ་པར་སྨིན་པ་དང༔ ཉོན་མོངས་པ་དང༔ སྡུག་བསྔལ་བ་དང༔ བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར༔ དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག༔ རིགས་ཀྱི་བུའམ༔ རིགས་བུ་མོའམ༔ འགྲོ་བ་གང་ཡང་རུང་སྟེ༔ སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཉིན་རེ་བཞིན་དུ་བརྒྱ་རྩ་བརྒྱད་བཏོན་ན༔ མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིགས་པའི་ནུས་པ་ཡོད་དེ༔ དེ་ཡང་གང་ཞེ་ན༔ མེ་དང༔ ཆུ་དང༔ གཡང་དང༔ ཐིབ་འོག་དང༔ རླུང་དང༔ དུག་དང༔ མཚོན་དང༔ བྱད་དང༔ རིམས་དྲག་པོ་དང༔ དུས་མ་ཡིན་པའི་འཆི་བ་དང༔ གཟའ་དང༔ གཅན་གཟན་མ་རུངས་པ་དང༔ མཛེ་དང༔ རྒྱལ་པོའི་ཆད་པ་ཕོག་སྟེ་ཚེའི་དུས་བྱེད་པར་མི་འགྱུར་རོ༔ གཞན་ཡང་ཡོན་ཏན་ཆེན་པོ་བཅུ་གསུམ་ཐོབ་སྟེ༔ དེ་གང་ཞེ་ན༔ རིགས་ཀྱི་བུ་འམ༔ རིགས་ཀྱི་བུ་མོ་དེ་ཉིད་གཟུགས་བཟང་པོར་འགྱུར་རོ༔ དབྱངས་སྙན་པར་འགྱུར་རོ༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ༔ སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་འགྱུར་རོ༔ ཕྲིན་ལས་ཐོགས་པ་མེད་པར་འགྱུར་རོ༔ དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་བར་འགྱུར་རོ༔ འཁོར་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ༔ ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ༔ ཚེ་རིང་བར་འགྱུར་རོ༔ བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་འགྱུར་རོ༔ ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ༔ དེ་ལྟར་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང༔ ཡོན་ཏན་བཅུ་གསུམ་ཐོབ་སྟེ༔ སྐྱེ་བ་འདིའི་འོག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས༔ ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ༔ དེ་ལྟར་ཡོན་ཏན་ཉི་ཤུ་རྩ་བདུན་ཐོབ་པར་མ་གྱུར་ན༔ ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་བསླུས་པར་འགྱུར་རོ༔ འདིའི་ཆོ་ག་ནི༔ རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྐྱེད་ལ༔ ཐོག་མར་སངས་རྒྱས་གསུམ་གྱི་མཚན་བརྗོད་ཅིང༔ དེ་རྗེས་ཧྲཱིཿས་ཡ་གཅིག་བཟླ༔ དེ་ཙམ་གྱི་བཅུ་ཆ་གཅིག་ཡི་གེ་དྲུག་པ་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་གི་བཅུ་ཆ་གཅིག་སྡིག་སྒྲིབ་ཀུན་འཇོམས་བཟླས་ཏེ༔ སྨོན་ལམ་དང་གསོལ་བ་གདབ་བོ༔ ཚེས་བརྒྱད༔ བཅོ་ལྔ༔ ཉི་ཤུ་གསུམ་དང༔ གནམ་གང་རྣམས་ལ་རིག་སྔགས་འདི་སྟོང་རྩ་བརྒྱད་དུ་བཟླ་བར་བྱའོ༔ སངས་རྒྱས་གསུམ་གྱི་མཚན་ནི་སྔགས་གསུམ་ཡིན་པས་བརྒྱ་རྩ་བརྒྱད་དམ༔ ཉེར་གཅིག་གམ༔ བདུན་བཟླས་སོ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཨོཾ་ཨཱ་ཡུཿཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འདི་རྣམས་ཀྱི་བསྙེན་པ་འབུམ་འབུམ་དུ་བྱའོ༔ དེ་ནས་བྱུང་ངོ་ཅོག་ལ་སྟོང་རྩ་བརྒྱད་བཟླ་འོ༔ དེ་ནས་ནངས་རེ་བཞིན་བརྒྱ་རྩ་བརྒྱད་མ་ཆག་པར་བཏོན་ན༔ གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ༔ ཐེ་ཚོམ་བྱེད་པ་ནི་མ་གཏོགས་སོ༔ རིག་པ་འདི་ལ་བསྙེན་པ་འབུམ་སོང་ན༔ གང་ཟག་དེ་ཉིད་ཀྱིས་ལུས་ཀྱི་སྒོ་ནས་ཉོན་མོངས་པ་སྤྱད་པ་དང༔ བརྡེགས་པ་དང༔ ལུས་མི་སྡུག་པ་བསྟན་པ་ཐམས་ཅད་ཀྱང་ངན་སོང་ལས་གྲོལ་བར་འགྱུར་རོ༔ དེ་ནས་གཞན་གྱི་ཚུར་བྱས་པ་ཐམས་ཅད་ཀྱང༔ དེ་བཞིན་དུ་འབྲེལ་ཚད་ཐམས་ཅད་གྲོལ་ལོ༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཟང་འབྲེལ་ངན་འབྲེལ་བྱས་ཀྱང་གྲོལ་བར་འགྱུར་རོ༔ སེམས་ཅན་གཞན་ཤི་བའི་རུས་པ་ལ་ལན་གཅིག་བཏབ་ན་ངན་སོང་ལས་ཐར་བར་འགྱུར་རོ༔ འགྲོ་བ་འཆི་ཁ་མ་རྣམས་ཀྱི་རྣ་ཁུང་དུ་ལན་བདུན་བརྗོད་ན་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ༔ འདི་ཉིད་ཀྱི་བསྙེན་པའི་སྐབས་སུ༔ ཤ་དང་སྒོག་པ་དང༔ ཕྱི་དྲོའི་ཁ་ཟས་དང༔ འཁྲིག་པ་སྤང་བར་བྱའོ༔ བསྙེན་པ་དུས་བཞི་ལ་མ་གྲུབ་ནའང༔ ནངས་རེ་བཞིན་བརྒྱ་རྩ་བརྒྱད་ཀྱིས་འགྲུབ་བོ༔ སྟོང་གསུམ་མེ་འོབས་ཀྱིས་གང་ཡང་བརྒལ་ལ་ཆོས་འདི་བཙལ་བར་བྱའོ༔ ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ལ་འབགས་ཏེ༔ སངས་རྒྱས་སྟོང་གིས་བཤགས་པར་མི་གནང་བ་ཡང༔ གཟུངས་འདི་སྟོང་རྩ་བརྒྱད་ཀྱིས་དག་པར་འགྱུར་རོ༔ འདི་ནི་སྡིག་པ་ཅན་གྱི་གང་ཟག་ཕལ་པ་ལ་བསྟན་པར་མི་བྱ་སྟེ༔ ཅིའི་ཕྱིར་འདི་ཉིད་ཀྱིས་སྙེམས་བྱས་ནས༔ སྡིག་པ་སྤྱོད་དུ་ཡོང་བའི་ཕྱིར་རོ༔ འདི་ཉིད་ཀྱི་ཕན་ཡོན་ནི༔ བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་བའི་ཕྱིར་རོ༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་བ་དོང་སྤྲུག་གི་རྒྱུད་ལས༔ སྡིག་སྒྲིབ་ཀུན་འཇོམས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ༔ ྀཨཚ༔ གུ་ཡཱ༔ འདིའི་ལག་ལེན་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བདུན་རྣམ་དག་རྣམས་སྔོན་དུ་སོང་ནས༔ རང་ཉིད་འཁོར་བ་དོང་སྤྲུག་ཏུ་བསྒོམས་ལ༔ དེ་བཞིན་གཤེགས་པའི་མཚན་གསུམ་པོ་གསུམ་མམ༔ ཉེར་གཅིག་གམ་བདུན་བརྗོད་པ་ནི་ཐུན་མགོ་ཐམས་ཅད་ལའོ༔ དེ་ནས་གྲངས་ཀྱི་བསྙེན་པ་ནི༔ ཧྲཱིཿས་ཡ་གཅིག༔ མ་ཎི་འབུམ་བཟླའོ༔ དེའི་རྗེས་སུ་སྡིག་སྒྲིབ་ཀུན་འཇོམས་ཁྲི་ཚོ་གཅིག་བཟླས་པ་ནི་བསྙེན་ཚད་དོ༔ དེ་ལྟར་བསྙེན་པའི་ཚུལ་དེས་སྡིག་སྒྲིབ་ཀུན་འཇོམས་འབུམ་ཕྲག་གཅིག་བཟླས་པའི་གང་ཟག་དེ༔ ལུས་མིར་འདུག་ཀྱང་སྤྱན་རས་གཟིགས་དང་ཐ་དད་མ་ཡིན་ནོ༔ སྤྱན་རས་གཟིགས་དངོས་ཡིན་ནོ༔ ྀཨཚ༔ གུ་ཡཱ༔ ཟབ་རྒྱ༔ གཏེར་རྒྱ༔ ྈྈྈྈྈ ལྷོ་བྲག་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་དམ། ཆོས་བདག་མི་བསྐྱོད་རྡོ་རྗེའི་སྙིང་ཐིག་དྭགས་སྟོན་ཆེན་པོ་ནས་བརྒྱུད་པ་སྐལ་པ་ཅན་ལ་སྦྱིན་པར་བྱ་བའི་ཆོས་ཨཱརྦྷུ་ཏཾ།། ༄༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལས་ཚོགས་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཡི་གེ་བདུན་པའི་ལས་ཚོགས་ཐུན་མོང་གི་འགྲོ་དོན་བྱ་བའི་རིམ་པ་ལ་དོན་བཞི་སྟེ༔ རྒྱུད་ལས་ཀྱང༔ མེ་ཆུ་གཉིས་ལ་ཡིག་བདུན་བྲི༔ མཆོད་རྟེན་གསལ་བྱེད་དེ་བཞིན་ནོ༔ ཞེས་པས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མེ་ནི་ཉི་མ་སྟེ༔ ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན་ནི༔ ལོ་སར་ཚེས་གཅིག་གི་སྔ་དྲོ་ཉི་མ་ཤར་མ་ཐག་ཁ་ཤར་དུ་བལྟས་ཏེ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཡི་གེ་བདུན་པའི་བསྐྱེད་རིམ་བསྒོམ་སྟེ༔ སྙིང་གའི་ཡི་གེ་བདུན་ལས་འོད་ཟེར་ཡི་གེ་བདུན་སྤྲོས་ཏེ༔ ཉི་མའི་དལ་ལ་ཆགས་པར་བསམ་སྟེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྒྱ་སྟོང་དུ་བཟླས་པས༔ ཉི་མའི་དཀྱིལ་འཁོར་གྱི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཉི་མའི་འོད་ཀྱིས་གར་ཁྱབ་ཏུ་ཤར་ནས༔ ཕྱིའི་ཡུལ་ཐམས་ཅད་འོད་ཀྱི་ཞིང་ཁམས་སུ་བསམ༔ ནང་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པར་བསམས་ཏེ༔ བསྐྱེད་རིམ་མི་བསྡུ་བར་རང་བྱ་བ་གང་བྱེད་ལ་འཇུག་གོ༔ དེ་ནས་ལོ་ཟད་པའི་ཚེས་སྟོང་གི་ཉི་མ་ནུབ་ཁར་རྫོགས་པའི་རིམ་པ་སྒོམས༔ བསྔོ་བ་སྨོན་ལམ་བྱའོ༔ དེ་ལྟར་ཐེབས་བདུན་བྱས་ན་ཉི་མའི་འོད་མཐོང་བའི་སེམས་ཅན་འཁོར་བ་ལ་མཐའ་ཡོད་པར་བྱས་པ་ཡིན་ནོ༔ ངན་སོང་དོང་ནས་སྤྲུགས་པ་ཡིན་ནོ༔ ཉི་མའི་འོད་ཕོག་པའི་སེམས་ཅན་ཐམས་ཅད་སྐྱེ་བ་བདུན་ཚུན་ཆོད་ལ༔ འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ བདག་གི་བསོད་ནམས་དང་ཡེ་ཤེས་ཚོགས་རྫོགས་ནས༔ ཞག་བདུན་གྱིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས༔ འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན༔ སྤྲང་བན་ཆོས་དབང་གི་ཡི་དམ༔ འགྲོ་བ་འདྲེན་པའི་ལྕགས་ཀྱུ་དམ་སྲུང་བུ་སློབ་རྣམས་ཀྱི་དཔལ་དུ་ཤར༔ དམ་མེད་ཐེ་ཚོམ་ཅན་ལ་འདི་མ་སྤེལ༔ ྀཨཚ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཆུ་ནི་གཙང་པོ་སྟེ༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་ནི༔ ཆུ་སྐྱེད་སྤྲེའུ་ཟླ་བའི་ཚེས་གཅིག་ལ༔ རྡོ་བ་དཀར་པོ་གཙང་ཞིང་མཁྲེགས་པ་ལ༔ གསེར་གྱིས་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཙོ་བོར་བྲིས་ཏེ༔ ཆུ་འདྲེད་པའི་རྩི་བཏང་ལ༔ མཎྜལ་དབུས་སུ་བཞག་སྟེ༔ ཡི་གེ་བདུན་པ་ཞག་བདུན་དུ་བསྒྲུབས་ཏེ༔ སེམས་བསྐྱེད་དང་བསྐྱེད་རིམ་བསྒོམས་ལ༔ སྙིང་ཁའི་ཡི་གེ་བདུན་ལས་འོད་ཟེར་ཡིག་བདུན་སྤྲོས་ཏེ༔ རྡོ་བའི་ཡིག་བདུན་ལ་བསྟིམས་ཏེ༔ གཙང་པོ་ལ་བོར་བས་རྡོ་བའི་ཡིག་བདུན་ལས་ཡིག་བདུན་སྤྲོས་པས༔ ཆུས་གར་ཁྱབ་པ་ཡིག་བདུན་གྱིས་ཁྱབ་ནས་སྲིད་པ་མ་ཞིག་གི་བར་དུ་ཆུ་དེས་ལུས་ལ་རེག་གམ་ཁོང་དུ་སོང་ཡང་རུང༔ མིག་གིས་མཐོང་རུང༔ ཐ་ན་ཆུ་དེ་གཞན་དུ་རྒྱུ་རུང༔ ཆུ་ལས་རླངས་བྱུང་ནས་སྤྲིན་དུ་འཁྲིགས་ནས་ཆར་དུ་བབས་རུང༔ རེག་རུང༔ ཕྱིའི་རྒྱ་མཚོའི་འོག་བྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་མཐའ་ཡོད་པར་འགྱུར་རོ༔ ཆུ་དེས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་ལྔ་ཚུན་ཆོད་ལ༔ འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ བདག་གི་ཡོན་ཏན་ཡང་ཉི་མའི་སྐབས་བཞིན་ཐོབ་པར་འགྱུར་རོ༔ ཁྱད་པར་རྩོད་ལྡན་གྱི་དུས་སུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་འཕེལ་ལོ༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་ྀཨཚ༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡི་དམ༔ འགྲོ་བ་འདྲེན་པའི་ལྕགས་ཀྱུ༔ དམ་མེད་ཐེ་ཚོམ་ཅན་ལ་མི་སྤེལ་ལོ༔ རྒྱ་རྒྱ་རྒྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་ནི༔ རིགས་ཀྱི་བུ་ཚེ་རིང་ཞིང་བདེ་བ་ཅན་དུ་འགྲོ་འདོད་ན༔ ལུག་གི་ཟླ་བའི་ཚེས་གསུམ་ལ༔ ཟངས་བུམ་མཚན་ཉིད་དང་ལྡན་པ་བཅས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་དང༔ བསྐྱེད་རིམ་དང་ལྡན་པར་བྱས་ལ༔ བསྙེན་པ་བརྒྱ་ཚར་བདུན་བུམ་པར་བཏབ་ལ༔ བུམ་ཆུས་རྡོ་ལ་བྲན་ནས༔ མཆོད་རྟེན་བཞི་མདོར་བཞེངས་ནས༔ ནང་དུ་སྲོག་ཤིང་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བྲིས་པའི་མཐའ་མར་གང་འདོད་པའི་གསོལ་བ་དང༔ སྨོན་ལམ་རྒྱ་ཆེན་པོ་བྲིས་ལ་བཞུགས་ཏེ༔ རབ་གནས་བྱ༔ མཆོད་པ་ཕུལ་ཏེ༔ མཆོད་རྟེན་དེ་མཐོང་བ་དང༔ བསྐོར་བ་བྱས་པ་དང༔ མེ་ཏོག་གཅིག་འཐོར་རུང༔ ཡིད་དད་པ་ཕྲ་མོ་སྐྱེས་པ་ཐམས་ཅད་ཀྱང༔ འཁོར་བ་མཐའ་ཡོད་པ་སྨྲོས་ཅི་དགོས་ཏེ༔ སྐྱེ་བ་དེའི་འོག་རོལ་དུ་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ༔ ཁམ་ས་ལ་མཆོད་རྟེན་འབུམ་དུ་བྱས་ཏེ་མཆོད་པ་བྱེད་ན༔ ཚེ་འཕེལ་ཞིང་ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཡུལ་ཕྱོགས་དེར་ཡང་ལོ་ལེགས་པར་འགྱུར་རོ༔ ནད་དང་མུ་གེ་དང་འཁྲུག་པ་ཐམས་ཅད་ཞི་བར་འགྱུར་རོ༔ འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་ྀཨཚ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མེ་ལོང་ལམ་པའི་འགྲོ་དོན་ནི༔ རིགས་ཀྱི་བུ་ནམ་གསང་སྔགས་ཀྱི་ལམ་དུ་ཞུགས་པའི་ཚེ༔ མེ་ལོང་གཡའ་དག་པ་གཅིག༔ སིནྡྷུ་ར་དང་ཁྱེའུ་བུ་མོ་ཡུལ་ཆོས་མ་འཕོག་པའི་བྱང་སེམས་དཀར་དམར༔ ཨ་མྲྀཏ་དང༔ མཚལ་དང༔ ཆང་སྦྱར་ལ༔་་་བྲི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནྲྀ་ཛཿནྲྀ་ཛཿཔཱ་ཤཾ་ཀུ་རུ་ནྲྀ་ཛ༔ ཤ་ཏྲཱུཾ་ཨ་མུ་ཀ་ནྲྀ༔་་་འདི་བཟླས་པས་བདག་བྲི་མི་དགོས། ཨཱ་ཀརྴ་ཡ་ཛཿཛཿཧྲཱིཾ༔ ཞེས་བྲིས་ཏེ༔ བུད་མེད་རྨ་མེད་ཀྱི་རཀྟས་སེར་དུ་མནན་ནས༔ རང་སེམས་བསྐྱེད༔ བསྐྱེད་རིམ་གསལ་བའི་སྒོ་ནས་སྙིང་པོ་བརྒྱ་བཟླས་ཏེ་མེ་ལོང་ལ་གདབ༔ མེ་ལོང་གི་འོད་ཐམས་ཅད་སྔགས་ཀྱི་འོད་དུ་བསམས་ཏེ༔ ལག་ཏུ་ཐོགས་ཏེ་ཕྱིན་ན༔ མེ་ལོང་དེ་སེམས་ཅན་གང་གིས་མཐོང་རུང༔ རེག་རུང༔ འོད་ཕོག་ཀྱང་རུང་སྟེ༔ བདག་དང་ཡི་གེ་བདུན་པ་ལ་དད་པར་འགྱུར་རོ༔ དེ་ཉིད་ཀྱི་སྒྲིབ་པ་ཡང་དུང་ཕྱིས་པ་ལྟར་འགྱུར་རོ༔ དེ་ཉིད་ཀྱི་སྐྱེ་བ་དེའི་འོག་ཏུ་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ ཡང་ན་མེ་ལོང་དེ་ཉིད་ཀྱང༔ རང་གི་ཕོ་བྲང་གི་རྩེའམ་ཤིང་རིང་པོའི་རྩེ་ལ་ཕྱར་ན༔ དེ་མཐོང་བ་སྨྲོས་ཅི་དགོས་ཏེ༔ དེ་ལ་རླུང་ཕོག་སྟེ་རླུང་དེས་གར་ཁྱབ་པ་ཐམས་ཅད་ཀྱང་གོང་བཞིན་ནོ༔ དེའི་འོད་ཀྱིས་ལྷ་སྲིན་ཐམས་ཅད་དབང་དུ་སྡུད༔ ཁྱད་པར་དུ་སྐྱེས་པ་དང༔ བུད་མེད་ཐམས་ཅད་དང༔ མཁའ་འགྲོ་ཐམས་ཅད་དབང་དུ་འདུའོ༔ བྱིས་པའི་ཚོགས་ཀྱང་འདུ་ལ༔ བྱའི་ཚོགས་ཀྱང་འདུ༔ ནོར་ཀྱང་འདུ་ལ༔ སྣང་བ་དབང་དུ་འགྱུར་རོ༔ ཅིའི་ཕྱིར་ན་ཐུགས་རྗེ་ཆེན་པོ་དེ་དབང་གི་རང་བཞིན་ཡིན་ནོ༔ མེ་ལོང་ལམ་པའི་འགྲོ་དོན༔ སྤྲང་བན་ཆོས་དབང་གི་སྙིང་ཐིག༔ ཁྱད་པར་གྱི་གདམས་པའོ༔ ྀཨཚ༔ འདི་ལྟར་ཐུན་མོང་གི་ཡོན་ཏན་ཀུན་ལ་སྙན་པར་ཡང་བསྒྲག་པར་བྱའོ༔ རྒྱ་རྒྱ་རྒྱ༔

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ཕྲིན་ལས་སྙིང་པོའི་རྣལ་འབྱོར་ (Volume 10, Text 20)

༁ྃ༔ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ཕྲིན་ལས་སྙིང་པོའི་རྣལ་འབྱོར་བཞུགས་སོ༔ བླ་མ་སྐུ་གསུམ་ལྷ་ལ་འདུད༔ དེ་ཉིད་སྒྲུབ་པའི་སྙིང་པོ་ནི༔ དབེན་པར་བདེ་བའི་སྟན་ལ་འདུག༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ དང་པོ་སྦྱོར་བའི་ལས་རིམ་ནི༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་རྣལ་འབྱོར་ནི༔ ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རང་རིག་བདེ་གཤེགས་ཀུན་འདུས་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་འཛུམ་ཁྲོས་པའི་ཉམས༔ པད་ཞྭ་གསང་ཕོད་ཆོས་གོས་བེར་ཕྱམ་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ གསང་བའི་ཡུམ་མཆོག་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ ཞབས་གཉིས་རོལ་སྟབས་འོད་ལྔའི་ཀློང་ན་འགྱིང༔ སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དཀར༔ ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན༔ དེ་ཡི་སྤྱི་བོར་ཆོས་སྐུ་སྣང་མཐའ་ཡས༔ དམར་པོ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ ཕྱི་རོལ་འདབ་བཞི་པདྨའི་གེ་སར་ལ༔ ཤར་དུ་རྒྱལ་བའི་གདུང་འཛིན་སྐུ་མདོག་དཀར༔ ལྷོ་རུ་སྨྲ་བའི་སེང་གེ་དཀར་གསལ་མདངས༔ ནུབ་ཏུ་སྐྱེས་མཆོག་ཚུལ་བཟང་སྐུ་མདོག་སེར༔ བྱང་དུ་བདུད་ཀྱི་གཤེད་ཆེན་དཀར་སྨུག་མདངས༔ དེ་ཡི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་འཛམ་གླིང་རྒྱན་མཆོག་སྐུ་མདོག་མཐིང༔ ལྷོ་རུ་པདྨ་འབྱུང་གནས་མཐིང་གསལ་མདངས༔ ནུབ་ཏུ་ཁྱད་པར་འཕགས་པའི་རིག་འཛིན་དཀར༔ བྱང་དུ་རྫུ་འཕྲུལ་མཐུ་ཆེན་དམར་སྨུག་མདངས༔ ཤར་ལྷོར་རིག་འཛིན་རྡོ་རྗེ་དྲག་རྩལ་དམར༔ ལྷོ་ནུབ་སྐལ་ལྡན་འདྲེན་མཛད་མཐིང་ནག་འབར༔ ནུབ་བྱང་རཀྴ་ཐོད་ཕྲེང་སྨུག་ནག་བརྗིད༔ བྱང་ཤར་བདེ་ཆེན་རྒྱལ་པོ་དམར་གསལ་མདངས༔ ཀུན་ཀྱང་གང་འདུལ་རྒྱན་དང་ཆ་ལུགས་རྫོགས༔ སྒོ་བཞིར་དཔའ་བོ་རིགས་བཞི་ཡུམ་དང་བཅས༔ བར་མཚམས་རྩ་གསུམ་ཆོས་སྲུང་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རག་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་ཀྱི་རིམ་པ་ནི༔ ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ཏིང་འཛིན་རྩེ་གཅིག་པས༔ སྤྱི་བོའི་རིགས་བདག་ཐུགས་ཀ་ནས༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ ཕྱག་གི་བུམ་པའི་ནང་དུ་ཐིམ༔ དེ་ལས་བདུད་རྩིའི་རྒྱུན་བབས་པ༔ བདག་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བདག་དོན་བྱིན་རླབས་བསྡུ་བའོ༔ འགྲོ་འདུལ་འཕགས་པའི་ཐུགས་ཀ་ནས༔ འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ༔ སོ་སོའི་ཉོན་མོངས་དྲུག་སྦྱངས་ནས༔ ཐུགས་རྗེ་ཆེན་པོའི་སྐུ་རུ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཞན་དོན་ཕྲིན་ལས་མཁའ་ཁྱབ་བོ༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿམཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སླར་འཕྲོས་ཕྱི་སྣོད་དག་པའི་ཞིང༔ ནང་བཅུད་འགྲོ་ཀུན་ལྷ་ཡི་སྐུ༔ སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་དབྱངས༔ དྲན་རྟོག་འོད་གསལ་ཡེ་ཤེས་ངང༔ གཉིས་མེད་དཀྱིལ་འཁོར་གཅིག་ཏུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་བདག་གཞན་གཉིས་མེད་པ༔ བསྐྱེད་རྫོགས་ཟུང་འཇུག་བཟླས་པ་འོ༔ ས་མ་ཡ༔ དེ་ལྟར་བསྙེན་པ་སྔོན་སོང་ནས༔ སྒྲུབ་དང་བདེ་ཆེན་བཟླས་པ་ནི༔ བདག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་ལས་སྐུ་འཕྲོས་འཇིག་རྟེན་གང༔ གསུང་གི་ཛཔ྄་དབྱངས་སྔགས་སྒྲ་སྒྲོག༔ ཐུགས་ནི་འགྱུར་མེད་འོད་གསལ་ངང༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་དོན་གཉིས་བསྒྲུབས༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན༔ རེས་འགའ་ཧཱུྃ་གི་གླུ་དབྱངས་ལེན༔ ཁྱད་པར་རླུང་དང་སྦྱར་ནས་ཀྱང༔ བདེ་ཆེན་རྡོ་རྗེའི་བཟླས་པ་བྱ༔ ས་མ་ཡ༔ དེ་ནས་ལས་ཀྱི་སྦྱོར་བ་ནི༔ རང་གི་ཐུགས་ལས་འོད་འཕྲོས་པས༔ དཔའ་བོ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བསམ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བཟླས་སོ་སོའི་ཁ་བསྒྱུར་ནི༔ ཞལ་གདམས་སྙིང་བྱང་བཞིན་དུ་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེ་གིང་ཀ་རས༔ གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ སརྦ་བིགྷྣཱན་ཤཱ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ རྗེས་སུ་མཆོད་བསྟོད་དངོས་གྲུབ་གསོལ༔ ནོངས་པ་བཤགས་ཤིང་ཡེ་ཤེས་ཀྱི༔ འཁོར་ལོ་ཧཱུྃ་ཞེས་དབྱིངས་སུ་བསྡུ༔ ཕཊ་ཀྱིས་ལྷར་གསལ་སྤྱོད་པ་བསྐྱང༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཐུན་མཚམས་ཀུན་ཏུ་བསོད་ནམས་དང༔ ཡེ་ཤེས་ཚོགས་གཉིས་གོང་དུ་སྤེལ༔ ཁྱད་པར་བླ་མའི་མོས་གུས་དང༔ དབྱིངས་རིག་དབྱེར་མེད་ལམ་དུ་ཁྱེར༔ ས་མ་ཡ༔ ཟབ་པའི་ནང་ནས་ཡང་བཅུད་དང༔ བྱ་སླ་ཁྱེར་བདེ་བྱིན་རླབས་མྱུར༔ བར་ཆད་སེལ་ཞིང་ཉམས་རྟོགས་འཕེལ༔ འགྲོ་འདུལ་ཕྲིན་ལས་མཐའ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་སྤྱན་དྲངས། ལོ་བརྒྱད་གསང་རྒྱས་བཏབ་སྟེ། སླར་ཤིང་ཡོས་སྨིན་དྲུག་ཟླ་བའི་ཚེས་བཅུར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བཅས་ཡེ་ཤེས་ཀྱི་མཁའ་འགྲོའི་གསང་བའི་བརྡ་རིས་ལས་གཏན་ལ་ཕབ་པའི་ཡི་གེ་པ་ནི་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་མཛད་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

འཆི་མེད་འཕགས་མ་སྙིང་ཏིག་གི་སྐོང་བ་རིན་ཆེན་ཕྲེང་མཛེས་ (Volume 36, Text 20)

འཆི་མེད་འཕགས་མ་སྙིང་ཏིག་གི་སྐོང་བ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། དེ་ལ་འཆི་མེད་འཕགས་མའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་སོགས་ཀྱི་སྐབས་སྐོང་བ་བྱ་བར་སྤྲོ་ན། ཕྱི་ནང་གསང་བའི་མཆོད་རྫས་ཅི་འབྱོར་པ་བཤམས་ལ། སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། ཕྱི་ནང་གསང་བའི་སྐོང་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད་པའི་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ་གྱིས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿ རང་བྱུང་ཀ་དག་གདོད་མའི་ཀློང་། །འཆི་མེད་བདེ་ལྡན་ཞིང་གི་བདག །པདྨའི་རིགས་མཆོག་བཅོམ་ལྡན་འདས། །ཚེ་དཔག་མེད་མགོན་ཐུགས་དམ་བསྐང་། །འཆི་བདག་བདུད་ཚོགས་དབྱིངས་སུ་གཞོམ། །གསང་སྔགས་རིག་སྔགས་ཀུན་གྱི་རྗེ། །རྒྱལ་བའི་གཙུག་ཏོར་ལས་བྱུང་མ། །རྣམ་པར་རྒྱལ་མའི་ཐུགས་དམ་བསྐང་། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །རྒྱལ་བ་ཀུན་གྱི་ཡུམ་གྱུར་མ། །རྗེ་བཙུན་འཕགས་མའི་ཐུགས་དམ་བསྐང་། །དཔལ་ཆེན་ཆེ་མཆོག་ཕྱག་རྒྱའི་སྐུ །འཁོར་འདས་སྲིད་ཞིའི་ཁྱབ་བདག་ཆེ། །འོད་གསལ་རྡོ་རྗེའི་གསང་མཛོད་འཛིན། །ཤྲཱི་སེང་ཧའི་ཐུགས་དམ༴ པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཆེ། །འཕོ་ཆེན་དྭངས་མའི་སྐུ་མཆོག་བརྙེས། །ཐེག་མཆོག་བསྟན་པའི་ཤིང་རྟ་ཆེ། །དྲི་མེད་བཤེས་གཉེན་ཐུགས་དམ༴ རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ། །འཆི་མེད་རིག་འཛིན་རྡོ་རྗེའི་སྐུ །འཁོར་བ་སྲིད་དུ་རྟག་བཞུགས་པ། །པདྨ་སཾ་བྷའི་ཐུགས་དམ༴ རྣམ་པར་སྣང་མཛད་ལོ་ཙཱ་ཆེ། །ཡེ་ཤེས་སྤྱན་ལྡན་སྤྲུལ་པའི་སྐུ། །མཁྱེན་རབ་འོད་ཟེར་ས་གསུམ་ཁྱབ། །བཻ་རོ་ཙཱ་ནའི་ཐུགས་དམ༴ མདོ་སྒྱུ་སེམས་གསུམ་བསྟན་པའི་བདག །གསང་སྔགས་རྒྱ་མཚོའི་མཛོད་འཛིན་ཅིང་། །མཐུ་སྟོབས་ནུས་པ་ཟླ་མེད་པ། །གནུབ་བན་ཆེན་པོའི་ཐུགས་དམ༴ འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ། །བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྒྱལ། །གངས་ལྗོངས་བསྟན་པའི་ཤིང་རྟ་འདྲེན། ཁྲི་སྲོང་ལྡེའུ་བཙན་ཐུགས་དམ༴ ཡང་དག་གྲུབ་པ་ཆེན་པོའི་སྐུ། །རྫུ་འཕྲུལ་ཐོགས་མེད་ཉི་ཟེར་འཆིབ། །ཐུགས་ཀྱི་རིག་འཛིན་གྲུབ་པའི་རྗེ། །ནམ་མཁའི་སྙིང་པོའི་ཐུགས་དམ༴ གུ་རུའི་ཐུགས་ཀྱི་གཟུངས་མའི་གཙོ། །གསང་ཆེན་བཀའ་ཡི་སྡུད་པ་མོ། །མི་བརྗེད་གཟུངས་ཐོབ་ཏིང་འཛིན་བརྙེས། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ༴ བཀའ་བབ་བདུན་གྱི་མཛོད་འཆང་ཞིང་། །གཏེར་འབྱིན་མཁས་གྲུབ་ཀུན་གྱི་རྗེ། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཤར། །མཁྱེན་བརྩེའི་དབང་པོའི་ཐུགས་དམ༴ ལྷ་སྲས་དམ་འཛིན་རྣམ་པར་འཕྲུལ། །ཟབ་གཏེར་རྒྱ་མཚོའི་འཁོར་ལོས་བསྒྱུར། །སྙིགས་མའི་འགྲོ་འདུལ་རིག་པ་འཛིན། །མཆོག་གྱུར་གླིང་པའི་ཐུགས་དམ༴ བཀའ་གཏེར་རབ་འབྱམས་བསྟན་པའི་བདག །གསང་ཆེན་རྒྱ་མཚོའི་བསྡུ་བ་པོ། །གསང་བའི་བདག་པོ་རྡོ་རྗེ་ཆོས། །པདྨ་གར་དབང་ཐུགས་དམ༴ རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །ཡེ་ཤེས་སྤྱི་གཟུགས་གདོད་མའི་མགོན། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་པ། །འཁོར་ལོའི་མགོན་པོའི་ཐུགས་དམ༴ གཞན་ཡང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ དཀྱིལ་འཁོར་གཙོ་མོ་བཅོམ་ལྡན་འདས། །འཆི་བ་མེད་པའི་མཆོག་སྦྱིན་མ། །སོ་སོར་རྟོགས་པའི་ཡེ་ཤེས་གཟུགས། །འཕགས་མ་ཡབ་ཡུམ་ཐུགས་དམ་བསྐང་། །ཞེ་སྡང་རྣམ་ཤེས་རྣམ་པར་དག །རྡོ་རྗེའི་རིགས་མཆོག་བཅོམ་ལྡན་མ། །མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད། །རྡོ་རྗེ་སྒྲོལ་མའི་ཐུགས་དམ༴ སེར་སྣ་ཚོར་བ་རྣམ་པར་དག །རིན་ཆེན་རིགས་མཆོག་བཅོམ་ལྡན་མ། །རིན་ཆེན་འབྱུང་ལྡན་ངོ་བོ་ཉིད། །རིན་ཆེན་སྒྲོལ་མའི་ཐུགས་དམ༴ འདོད་ཆགས་འདུ་ཤེས་རྣམ་པར་དག །པདྨའི་རིགས་མཆོག་བཅོམ་ལྡན་མ། །སྣང་བ་མཐའ་ཡས་ངོ་བོ་ཉིད། །པདྨའི་སྒྲོལ་མའི་ཐུགས་དམ༴ ཕྲག་དོག་འདུ་བྱེད་རྣམ་པར་དག །ལས་ཀྱི་རིགས་མཆོག་བཅོམ་ལྡན་མ། །དོན་ཡོད་གྲུབ་པའི་ངོ་བོ་ཉིད། །ལས་ཀྱི་སྒྲོལ་མའི་ཐུགས་དམ༴ རྟག་པར་ལྟ་བ་རྣམ་པར་དག །ཞི་བའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ཤར་གྱི་སྒོ་སྐྱོང་མ། །ལྕགས་ཀྱུ་མ་ཡི་ཐུགས་དམ༴ ཆད་པར་ལྟ་བ་རྣམ་པར་དག །རྒྱས་པའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ལྷོ་ཡི་སྒོ་སྐྱོང་མ། །ཞགས་པ་མ་ཡི་ཐུགས་དམ༴ བདག་ཏུ་ལྟ་བ་རྣམ་པར་དག །དབང་གི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ནུབ་ཀྱི་སྒོ་སྐྱོང་མ། །ལྕག་སྒྲོག་མ་ཡི་ཐུགས་དམ༴ མཚན་མར་ལྟ་བ་རྣམ་པར་དག །དྲག་པོའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་བྱང་གི་སྒོ་སྐྱོང་མ། །དྲིལ་བུ་མ་ཡི་ཐུགས་དམ༴ དཀྱིལ་འཁོར་ཆེན་པོའི་ཕྱི་རིམ་དང་། །བར་མཚམས་སྟེང་འོག་ཐམས་ཅད་དུ། །འཆི་མེད་རིག་འཛིན་དྲང་སྲོང་ཚོགས། །ཚེ་ལྷ་བྱེ་བ་འབུམ་སྡེ་དང། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཆེ། །ཇི་སྙེད་བསམ་ཡས་སྤྲོ་ཞིང་སྡུད། །འཕགས་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ཐུགས་དམ་བསྐང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། ཁང་བཟང་དཔག་བསམ་ཁྲུས་ཀྱི་རྫིང་། །སྐྱེད་ཚལ་གཏེར་བུམ་འདོད་འཇོའི་བ། །རིན་ཆེན་འཕན་གདུགས་བླ་བྲེ་དང་། །རྔ་ཡབ་ལྡ་ལྡི་ཕྱེ་མ་འཕུར། །ལྷ་རྫས་དར་གྱི་ན་བཟའ་དང་། །རིན་པོ་ཆེ་ཡི་རྒྱན་ཆ་མཛེས། །ཉེ་བའི་རིན་ཆེན་རྣམ་པ་བདུན། །སྣོད་བཅུད་རི་གླིང་བཀོད་པ་ཆེ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བཟའ་བཅའ་བཏུང་བ་སྣ་ཚོགས་དང་། །ལྷ་དང་ལྷ་མོ་མང་པོ་ཡི། །བྲོ་གར་འདུ་འཕྲོ་ཡིད་དུ་འོང་། །རྡོ་རྗེའི་རིག་མ་བཅུ་དྲུག་དང། །སྨན་རཀ་གཏོར་མ་ཚོགས་མཆོད་སོགས། །ཞིང་ཁམས་རབ་འབྱམས་དཔག་མེད་ན། །མཆོད་རྫས་བསམ་ཡས་ལྷུན་གྲུབ་ཀུན། །ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །བྱུང་བའི་བདེ་སྟོང་རོལ་པའི་རྩལ། །མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །རྡོ་རྗེའི་དབང་པོས་དགྱེས་པར་རོལ། ཁམས་གསུམ་སྣང་བ་མ་ལུས་ཀུན། །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ཆེ། །འཆི་མེད་འཕགས་མའི་རྟེན་བརྟེན་པར། །ལྷུན་གྱིས་གྲུབ་པ་ཆེན་པོར་རྫོགས། །དེ་ལས་བྱུང་བའི་སྣང་བའི་དངོས། །ཇི་སྙེད་མཆོད་པའི་སྤྲིན་ཕུང་ཆེ། །ཟག་མེད་རང་སྣང་བདེ་ཆེན་སྤྲིན། །དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་རྒྱན། །གདོད་ནས་དག་པ་ཆེན་པོ་ཡི། །གཉུག་མ་མི་ཤིགས་སྟོང་ཆེན་ཀློང་། །འོད་གསལ་སྒྱུ་འཕྲུལ་ཐིག་ལེ་ཆེ། །ཡེ་ཤེས་སྣང་བ་ལམ་མེ་བ། །མཆོད་བྱ་མཆོད་བྱེད་བྲལ་བས་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བཅས་དང་རང་བཞིན་ཉེས་པ་དང་། །རྩ་བ་ཡན་ལག་དམ་ཚིག་ལ། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །བདག་ལ་བརྩེ་བས་རབ་དགོངས་ཏེ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །སྐྱེ་འཆི་འཕོ་འགྱུར་སྤྲོས་པ་བྲལ། །འཆི་བདུད་རྟོག་ཚོགས་དབྱིངས་སུ་ཞི། །འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་མཛོད། །ཅེས་འཆི་མེད་འཕགས་མའི་ཐུགས་ཏིག་གི་བསྐང་བ་འདིའང་རིག་འཛིན་གྱི་བཙུན་པ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་༼མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།༽གྱིས་སྦྱར་བ་འདིས་ཀྱང་། རང་གཞན་ཐམས་ཅད་འཆི་མེད་འཕགས་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ཡོངས་རྫོགས་བསྟན་པའི་མངའ་བདག་༧འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེའི་རིང་ལུགས་དར་ཞིང་རྒྱས་པའི་ཆེད་དུ་སྨོན་པ་དྲང་སྲོང་བདེན་པར་སྨྲ་བའི་དབྱངས་སྙན་ (Volume 60, Text 20)

༄༅། །ཡོངས་རྫོགས་བསྟན་པའི་མངའ་བདག་༧འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེའི་རིང་ལུགས་དར་ཞིང་རྒྱས་པའི་ཆེད་དུ་སྨོན་པ་དྲང་སྲོང་བདེན་པར་སྨྲ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བདེན་གྲུབ་ལྷ་དང་རིག་འཛིན་དྲང་སྲོང་གིས། །མཐུན་འགྱུར་ཤིས་པའི་མེ་ཏོག་བསྩལ་དུ་གསོལ། །གཉིས་སུ་མི་གསུང་སྟོན་མཆོག་ཐུགས་རྗེ་ཅན། །སྐྱོབ་པ་མཆོག་དེས་མདོ་སྔགས་དུ་མ་ནས། །བདེན་གསུང་རྡོ་རྗེའི་ལྗགས་ཀྱིས་ལུང་བསྟན་པའི། །འཇམ་མགོན་བློ་གྲོས་ཕ་མཐའ་ཡས་པའི་གཏེར། །མི་ཤིགས་ཀློང་ལྔའི་མཛོད་ཁང་བརྟོལ་པའི་དཔྱིད། །ཟབ་ཆོས་རིན་ཆེན་གྲམ་བུར་བརྡལ་པ་གང་། །ཇི་སྲིད་ནམ་མཁའ་གཟུགས་སུ་མ་གྲུབ་བར། །ཉི་ཟླ་ཇི་བཞིན་ཕྱོགས་ཀུན་ཁྱབ་གྱུར་ཅིག །སྣང་བ་སེམས་སུ་རྟོགས་པ་སེམས་ཀྱི་སྡེ། །ཡེ་གྲོལ་འབྱམས་སུ་ཀླས་པ་ཀློང་གི་སྡེ། །ཀ་དག་རང་ངོ་འཕྲོད་པ་མན་ངག་སྡེ། །སྡེ་གསུམ་དགོངས་པའི་ཟབ་བཅུད་གཅིག་ཏུ་འདྲིལ། །རྩོལ་མེད་གྲོལ་བ་བཞི་ལྡན་ཐེག་པའི་རྩེ། །སྔ་འགྱུར་བསྟན་པ་ཡོངས་ཀྱི་སྙིང་པོའི་ཕུལ། །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུམ་རབ་མ་ལུས་གདམས་པར་ཤར་བ་དང་། །ཆོས་ཀུན་རྩ་བ་བདག་འཛིན་འདུལ་བར་འདུས། །ལྷ་བཞིས་ལུས་བརྒྱན་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་ལ་རྒྱས་གདབ་པ། །མཉམ་མེད་ཇོ་བོ་ཡབ་སྲས་ལ་སོགས་པའི། །བཀའ་གདམས་བསྟན་པའི་སྙིང་པོ་ཡོངས་འདུས་པ། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །ཁྱབ་བདག་རྡོ་རྗེ་འཆང་དང་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་ནག་པོ་སྤྱོད་པ་སོགས། །གྲུབ་ཐོབ་དུ་མའི་སྙན་ནས་སྙན་བརྒྱུད་པའི། །བརྩེ་བ་ཆེན་པོ་ཁུ་དབོན་བརྒྱུད་བཅས་ཀྱི། །ཐུགས་ཀྱི་ཉིང་ཁུ་ལམ་དང་འབྲས་བུའི་ཆོས། །རྨད་བྱུང་གསང་བའི་དགོངས་ཉམས་མ་ལུས་པའི། །མན་ངག་བཅུད་དུ་དྲིལ་བ་གདམས་པའི་མཛོད། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །རྡོ་རྗེ་འཆང་དང་བཀའ་བབས་རྣམ་པ་བཞི། །གྲུབ་པའི་སྤྱི་མེས་མར་པ་ལོ་ཙཱ་སོགས། །མི་མིན་མཁའ་འགྲོའི་གསང་ཚིག་ཟབ་མོའི་ཆོས། །རང་གྲོལ་གཉུག་མ་འོད་གསལ་ཕྱག་རྒྱ་ཆེ། །བདེ་སྟོང་ཟུང་འཇུག་རྡོ་རྗེའི་ཆོས་དྲུག་དང་། ཁྱད་འཕགས་བསྲེ་འཕོའི་མན་ངག་ལུས་མེད་ཀྱི། །དྷཱ་ཀིའི་སྙིང་ཁྲག་བཀའ་བརྒྱུད་ཡོངས་འདུས་པ། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །རིན་ཆེན་རྣམ་བདུན་རིམ་བརྒྱུད་རྡོ་རྗེའི་ཚིག །རྩ་བ་སྡོང་པོ་ཡལ་ག་མེ་ཏོག་དང་། །འབྲས་བུ་དུད་པ་ཁྱད་འཕགས་གསེར་གྱི་ཆོས། །མཉམ་མེད་ཁྱུང་པོའི་མནོག་ནོར་གཅིག་པུ་པ། །ཞིང་ཁམས་རྒྱ་མཚོར་མཚན་ཙམ་དཀོན་པ་ཡི། །གསང་སྔགས་ཉེ་ལམ་ཐུན་མིན་མན་ངག་གཏེར། །ཤངས་པ་བཀའ་བརྒྱུད་དགོངས་ཉམས་ཡོངས་འདུས་པ། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །སངས་རྒྱས་རྡོ་རྗེ་འཆང་དང་བདག་མེད་མ། །ངོ་མཚར་མཁའ་སྤྱོད་བླ་མ་སུམ་ཅུ་དྲུག །དམ་པ་སངས་རྒྱས་མ་གཅིག་ལབ་སྒྲོན་གྱི། །དགོངས་བཅུད་མཐར་ཐུག་སྡུག་བསྔལ་ཞི་བྱེད་ཆོས། །རྨོངས་ཆེན་སྙིང་ལ་ཡེ་ཤེས་སྒྲོན་མེ་གསལ། །བདུད་བཞིའི་བར་ཆད་སྐྱེ་མེད་དབྱིངས་སུ་གཅོད། །ཟབ་དོན་ཤེས་རབ་ཕར་ཕྱིན་ཀུན་འདུས་པ། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །རྒྱུད་དོན་མཐར་ཐུག་དང་པོའི་སངས་རྒྱས་ཀྱི། །མན་ངག་སྙིང་པོ་སྦྱོར་བ་ཡན་ལག་དྲུག །གྲུབ་མཆོག་ཡོངས་ཀྱི་གཤེགས་ཤུལ་ཟབ་མོའི་ལམ། །སྟོང་ཆེན་མི་ཤིགས་ཐིག་ལེ་དུས་འཁོར་ལོ། །རྣམ་བཅས་སྣ་ཚོགས་དགའ་མར་རོལ་པའི་གར། །བདེ་ཆེན་ཀཱ་ལ་ཙཀྲའི་སྙིང་པོ་མཆོག །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །དྷུ་མ་ཐ་ལ་ཨོ་རྒྱན་མཁའ་སྤྱོད་གྲོང་། །ལྷན་སྐྱེས་ཡེ་ཤེས་མཁའ་འགྲོའི་ཐུགས་ཐིག་ཆེ། །གྲུབ་མཆོག་ཨོཌྜཱི་ཡཱ་ན་ལ་སོགས་པ། །མཁའ་སྤྱོད་དབང་པོ་རྣམས་ཀྱི་དགོངས་པའི་བཅུད། །མ་དག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རྡོ་རྗེ་བཞི་ཡི་ངོ་བོར་བསྡམས་པའི་དཔྱིད། །མན་ངག་དགོངས་ཉམས་གཅིག་ཏུ་བསྡུས་པའི་བདག །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །དུས་གསུམ་འབྱོན་དཀའ་ཨུ་དུམྦ་རཿལྟར། །གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཡི། །སྙིང་པོའི་མཐར་ཐུག་བསྐྱེད་དང་རྫོགས་པའི་ལམ། །སྤྱན་རས་གཟིགས་དབང་གྲུབ་ཆེན་མི་ཏྲ་སོགས། །གསང་སྔགས་སྡོང་པོ་རྡོ་རྗེ་འཛིན་པ་ཆེ། །དུ་མའི་དགོངས་ཉམས་མན་ངག་ཡོངས་ཚང་བ། །གདམས་ཟབ་ཆུ་བོ་འདུས་པའི་རྒྱ་མཚོ་ཆེ། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །འཁོར་འདས་ལམ་གྱི་དགེ་བའི་དངོས་པོ་དང་། །བདག་དང་གཞན་གྱིས་དུས་གསུམ་བསགས་པ་ཡི། །དགེ་ཚོགས་རྒྱ་མཚོའི་རྡུལ་གྱི་གྲངས་མཉམ་མཐུས། །ཡོངས་རྫོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་། །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་སྡེའི། །རིང་ལུགས་བཙོ་སྦྱངས་གསེར་གྱི་འཁོར་ལོ་ཆེ། །གདུལ་བྱའི་གླིང་བཞིའི་མཁའ་ལ་རྟག་འཆར་ཞིང་། །དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་༧ཁྱབ་བདག་འཇམ་དཔལ་རྡོ་རྗེ་དང་གཉིས་སུ་མ་མཆིས་པ་རིག་འཛིན་རྩལ་འཆང་རྡོ་རྗེ་སློབ་དཔོན་ཟུང་གི་བཀའ་འབངས་ཐ་ཤལ་དུ་གནས་པའི། རྨོངས་བརྟུལ་རྒན་པོ་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱིས་བདག་ཅག་གི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་དགེ་བར་སྙིང་ནས་སྨོན་ལམ་དུ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྱེར་བདེ་སྙིང་པོར་དྲིལ་བ་བདེ་བ་ཆེན་པོའི་མྱུར་ལམ་ (Volume 14, Text 20)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྱེར་བདེ་སྙིང་པོར་དྲིལ་བ་བདེ་བ་ཆེན་པོའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། འདིར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྱེར་བདེ་སྙིང་པོར་དྲིལ་ནས་ཉམས་སུ་བླང་བར་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ཐོག་མར་ཚོགས་གསག་པའི་ཕྱིར། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེའི་སྐུར་གྱུར་པར་བསམས་ལ་མཚམས་གཅོད་པ་ནི། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་བརླག༔ ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དངོས་སུ་བཤམས་པའི་མཆོད་པ་ཡོད་ན། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་གྱིས་བརླབ། དངོས་གཞི་ལ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཟུང་འཛིན་གྱི་ཆོས་ཐམས་ཅད་མི་དམིགས་སྟོང་པའི་ངང་ལས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོ་བསྐལ་པའི་མེ་ཕུང་འབར་བའི་དབུས་སུ༔ བྱོལ་སོང་ལྷ་ཀླུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་འོད་དུ་ཞུ་བ་ལས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བགྲད་པ༔ གཡས་ཞལ་དཀར་བ༔ གཡོན་ཞལ་དམར་བ༔ དབུས་ཞལ་མཐིང་ནག་ལ་རྔམ་པ༔ ཞལ་གདངས་པ༔ ལྗགས་འདྲིལ་བ༔ མཆེ་བ་གཙིགས་པ༔ སྤྱན་བསྒྲད་ཅིང་སྨིན་མ་མེ་ལྟར་དུ་འབར་བ༔ རལ་པ་ཁམ་ནག་འབར་བའི་སྤྱི་གཙུག་ཏུ་ཡེ་ཤེས་ཀྱི་བྱ་ཁྱུང་ལྡིང་བ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ༔ བར་མ་ན་རྩེ་ལྔ༔ ཐ་མ་ན་རྩེ་གསུམ་འཛིན་པ༔ གཡོན་གྱི་དང་པོ་ན་བྷནྡྷ་ཐོད་རློན༔ བར་མ་ན་ཐོད་རྙིད༔ ཐ་མ་ན་ཐོད་སྐམ་ཐོགས་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པའི་པང་དུ་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་ཡབ་ལ་འཁྱུད་ཅིང་གཡོན་པས་དུང་ཁྲག་ཡབ་ལ་སྟོབ་པ༔ ཞབས་གཉིས་ཡབ་ལ་འཁྲིལ་ཞིང་ཕྱག་རྒྱ་ལྔས་སྤྲས་པ༔ ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་ཡབ་ཡུམ་གཉིས་ལ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ཤར་དུ་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ལྷོར་འཇམ་དཔལ་གཤིན་རྗེ་གཤེད་ལ་འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ནུབ་ཏུ་པདྨ་དབང་ཆེན་རྟ་མགྲིན་ལ་པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལ་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ལྷོ་ནུབ་ཏུ་བླ་མ་རྡོ་རྗེ་ཆོས་ལ་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ནུབ་བྱང་དུ་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ བྱང་ཤར་དུ་སྟོབས་ལྡན་ནག་པོ་ལ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ཕྱིའི་འཁོར་ཡུག་ཏུ་དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ་དབྱར་གྱི་ཆར་སྤྲིན་གཡོ་བ་ལྟར་མོས་པ་བྱའོ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་འདིར་བྱོན་པར་བསམས་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ འོག་མིན་ཆོས་དབྱིངས་རབ་འབྱམས་ཕོ་བྲང་ནས༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཆོས་ཉིད་ངང་ནས་འགྲོ་དོན་སྐུར་སྤྲུལ་པ༔ ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ལིང་རྩེ་དགུ་ཡི་ཕོ་བྲང་ཆེན་པོ་འདིར༔ དུག་ལྔ་མེ་ལྟར་འབར་བའི་གཞལ་ཡས་སུ༔ བྱོལ་སོང་ཉི་ཟླ་པདྨའི་གདན་ཁྲི་ལ༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་བ་ནི། ཧཱུྃ༔ བདེ་གཤེགས་རྒྱལ་བ་འཁོར་དང་བཅས་པ་ལ༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང༔ སྦྱོར་སྒྲོལ་གླུ་དབྱངས་ཕྱག་རྒྱ་གར་གྱིས་མཆོད༔ འདོད་ཡོན་ལྔ་དང་བླ་མེད་ཚོགས་མཆོད་འབུལ༔ ཚེ་དབང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ་ཨ་ལ་ལ་ཧོ༔ བསྟོད་པ་ནི། ཧཱུྃ༔ ཕོ་བྲང་དགུ་རྫོགས་དུར་ཁྲོད་གཞལ་ཡས་ཁང༔ དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་ལྷ༔ འགྲོ་བའི་དོན་དུ་མངོན་སུམ་སྐུར་སྤྲུལ་པ༔ ཆེ་མཆོག་ཡོན་ཏན་ཡང་དག་འདུས་པའི་རྩལ༔ འཇམ་དཔལ་སྐུར་གྱུར་པདྨ་དབང་ཆེན་གསུང༔ ཕྲིན་ལས་ཕུར་པ་མངོན་རྫོགས་མ་མོའི་སྐུ༔ རིག་འཛིན་སློབ་དཔོན་འཇིག་རྟེན་འདུས་པའི་གཙོ༔ དྲག་པོ་ཁྲོ་འདུས་དཀྱིལ་འཁོར་དགུ་ཡི་ལྷ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་ལས་མཁན་བཅས༔ བཀའ་བརྒྱད་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔ་ལ༔ མཆོད་ཅིང་བསྟོད་དོ་དངོས་གྲུབ་རྣམ་གཉིས་སྩོལ༔ བཟླས་པ་བྱ་བ་ནི། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལེ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གནས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་འགྲོ་བའི་དོན་བྱས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་བདག་ལ་ཐིམ། སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དང་། གྲགས་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་བསམས་ལ། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ཞི་བ་སྤྱི་དང་། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོ་བཟླའོ། །ཐུན་མཐར། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་པའང་བྱའོ། །རྗེས་སུ་ཚོགས་མཆོད་མདོར་བསྡུས་བྱེད་པར་སྤྲོ་ན། ཚོགས་རྫས་ཀྱི་དངོས་པོ་ཅི་འབྱོར་བ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། ཧཱུྃ། རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས། །སླར་ཡང་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཧྲཱིཿས། །ངོ་མཚར་མཆོད་སྤྲིན་ཆེན་པོར་གྱུར། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། ཆོས་དབྱིངས་འགྱུར་མེད་འོག་མིན་ཞིང་ཁམས་ནས། བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་ཡོན་མཆོད་བཞེས་ཚེ་དབང་དངོས་གྲུབ་སྩོལ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་འབུལ། བར་པ་བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་སྤྱོད་པས་དམ་ལས་འགལ་གྱུར་ཏེ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བཟླ། ཚོགས་ཐ་མ་ནི། ཨེ་ནྲྀ་ཏྲི་ཞེས་པས་དམིགས་བྱ་རྟེན་དང་བཅས་པ་བསྐྱེད། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། སརྦ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་བསྒྲལ་ལ། དགྲ་བགེགས་གདུག་པ་བསྒྲལ་པའི་ཤ་ཁྲག་རུས། །དུག་གསུམ་དབྱིངས་སུ་སྦྱངས་པ་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིར་སྦར་ནས་འབུལ་ལགས་ན། །རྔམས་པའི་སྟབས་ཀྱིས་དགྱེས་པར་བཞེས་སུ་གསོལ། །མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་བསྟབ། དེ་ནས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿས་སྤྱན་དྲང་། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་འབུལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །མཐར་གཏང་རག་གི་དོན་དུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤ་ན་པུཥྤཾ་དྷཱུ་པཾ་གནྡྷཾ་ནེ་ཝིདྱ་ཤབྡ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས། ཡེ་ཤེས་ཀྱི་འཁོར་ལོ་དབྱིངས་སུ་གཤེགས། བདག་ཉིད་དམ་ཡེ་དབྱེར་མེད་པའི་དཀྱིལ་འཁོར་གསལ་བར་བལྟས་ལ། ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་དཀྱིལ་འཁོར་འཁོར་ལོར་ཤར། །འགག་པ་ཉིད་ན་འགག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་འོད་གསལ་གྱི་དབྱིངས་སུ་བསྡུ། ཕཊ་ཕཊ་ཕཊ། སླར་ཡང་བདག་ཉིད་ཧེ་རུ་ཀའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། ཞེས་ཐུན་མཚམས་ཀྱི་ལྷར་ལྡང་ཞིང་གནས་གསུམ་བསྲུང་། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །ཅེས་དགེ་བ་བསྔོ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདིའང་ཁྱེར་བདེ་བའི་སླད་དུ་རཏྣ་བི་ཛ་ཡས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་འགྱུར་མེད་གཞན་ཕན་ལྷུན་གྲུབ་བོ། །སླར་ཡང་རྒྱུན་གྱི་རྣལ་འབྱོར་དང་། སྒྲུབ་པ་ཆེན་པོའི་སྐབས་ཛཔ྄་རྒྱུན་པ་རྣམས་ཀྱིས་ལས་བྱང་མདོར་བསྡུས་ཀྱིས་གཞུང་བསྲང་བ་སོགས་ཀྱི་ཚེ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་སྦྱོར་རྗེས་ཀྱི་ཆོ་གའི་ཡན་ལག་སྐབས་སུ་བབ་པ་འགའ་ཞིག་གིས་བརྒྱན་ཏེ་བཀླག་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

དཔལ་རྡོ་རྗེ་ཕུར་བུའི་སྒྲུབ་པ་ཆེན་པོའི་རིམ་པ་གསལ་བར་བྱེད་པ་དངོས་གྲུབ་ཀྱི་དགའ་སྟོན་ (Volume 31, Text 20)

༄༅། །དཔལ་རྡོ་རྗེ་ཕུར་བུའི་སྒྲུབ་པ་ཆེན་པོའི་རིམ་པ་གསལ་བར་བྱེད་པ་དངོས་གྲུབ་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་ཕུར་བུའི་སྒྲུབ་པ་ཆེན་པོའི་རིམ་པ་གསལ་བར་བྱེད་པ་དངོས་གྲུབ་ཀྱི་དགའ་སྟོན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་ཡང་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེ་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་སྒྲུབ་པ་ཆེན་པོའི་རིམ་པ་ལ་སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། སྔོན་འགྲོ་ལའང་སྒྲུབ་པའི་གཞི་གཟུང་བ་དང་། སའི་ཆོ་ག་དང་། ལྷག་པར་གནས་པའི་རིམ་པའོ། །དང་པོ་ནི། སྟོན་པ། འཁོར། གནས། ཡོ་བྱད། བསྒྲུབ་ཆོས་ཏེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བའོ། །གཉིས་པ་ས་ཆོག་ལ། ས་བསླང་བ།བརྟག་པ། སྦྱང་བ། གཟུང་བ། སྲུང་བ་དང་ལྔ་ལས། དང་པོ་ལ་གཉིས་ཀྱི་སྣང་བ་ལས་བསླང་བ་ནི། རྒྱལ་པོ་ལ་སོགས་པའི་བདག་པོ་ལ་རིན་དང་བདེན་པའི་གཏམ་གྱིས་གནང་བ་ཞུ་ཞིང་། མི་སྣང་བ་ལས་བསླང་བ་ནི། གང་དུ་དཀྱིལ་འཁོར་བྱར་རུང་བའི་གནས་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མདུན་དུ་དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་གྱི་མཐར་མཆོད་པ་དང་། ས་བདག་སྤྱི་སྒོས་གྱི་གཏོར་མ་བཤམས་ལ་ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་སྤུངས། །ཨོཾ་ཨཱཿཧཱུྃ་ལན་གསུམ་རྒྱ་དང་བཅས་པས་བརླབས་ཏེ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཚོམ་བུ། ལཾ་ལས་སའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་རིན་ཆེན་འབྱུང་གནས་ཀྱིས་རྒྱས་གདབ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། དེ་ནས་བྱེ་བྲག་གི་སའི་བདག་པོ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། སྡྱཱ་ན་པ་ཏི་སོགས་གསུམ་གྱིས་གཏོར་མ་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སརྦ་བྷཱུཏ་གཙྪ། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། ཚོམ་བུ་དང་མཆོད་རྫས་རྣམས་བསྡུ། གཉིས་པ་བརྟག་པ་ལ་ལྟོ་འཕྱེ་ཆུ་སའི་པྲ་བརྟག་པ་གསུམ་གྱི། དང་པོ་ནི། ལྟོ་འཕྱེ་དཔྱིད་གསུམ་ཤར། དབྱར་གསུམ་ལྷོ། སྟོན་གསུམ་ནུབ། དགུན་གསུམ་བྱང་དུ་ཁ་བལྟས་ཏེ་གནས་པའི་ལུས་ཀྱི་ཆ་རྣམས་ཐིག་གིས་ལེགས་པར་གཏན་ལ་ཕབ་པའི་མཆན་གྱི་མདུན་ནས་ཁྲུ་གང་ཙམ་དུ་བརྐོ་བར་བྱའོ། །གཉིས་པ་ཆུ་རྟགས་ནི། བརྐོས་པའི་ཁུང་བུ་དེ་བདུད་རྩི་ལྔའི་ཆུས་བཀང་ལ་ཤར་ཕྱོགས་སུ་གོམ་པ་ལྔ་བཅུའི་བར་སོང་སྟེ་སླར་ལོག་ནས་བལྟས་པས་མ་བྲི་ན་དོན་གྲུབ། བྲི་ན་ཞི་བའི་ཆོ་ག་བྱ་བ་དང་། གཞན་ཡང་ཆུ་དེ་གཡས་སུ་འཁོར་ན་བཟང་། གཡོན་དུ་འཁོར་ན་དྲག་པོའི་སྦྱིན་སྲེག་གིས་ཞི་བར་བྱའོ། །གསུམ་པ་ས་རྟགས་ནི། རིན་པོ་ཆེ་དང་འབྲུ་སྨན་སྙིང་པོ་ལྔ་སོགས་ཀྱིས་གང་བའི་གཏེར་གྱི་བུམ་པ་སྟེགས་བུའི་དབུས་སུ་གཞུག་ཅིང་། བརྐོས་པའི་ས་དེ་ཉིད་ཀྱི་རོ་ལྔ་བསལ་ནས་སླར་བཀང་བས་ལྷག་ཅིང་མཐོ་ན་རབ། མ་ཁེངས་ན་གཙོ་བོའི་སྔགས་ཀྱིས་མཚན་མ་ངན་པ་བསལ་ལོ། །གསུམ་པ་སྦྱོང་བ་ལ་ལས་དང་། རྫས་སྔགས། ཏིང་ངེ་འཛིན་བླ་ན་མེད་པའི་སྦྱོང་བ་གསུམ་གྱི། དང་པོ་ནི། ལེགས་པར་བརྐོས་པས་སའི་ཟུག་རྔུ་རྣམས་ཡང་དག་པར་བསལ་ཏེ་དྲི་ཞིམ་པོའི་ཆུ་དང་སྦྱར་ནས་སྟེགས་བུ་རྒྱར་འདོམ་གང་། དཔངས་སུ་ཁྲུ་གང་པ་ཁོད་སྙོམས་ཤིང་འཐས་པར་བྱའོ། །གཉིས་པ་རྫས་སྔགས་ཀྱིས་སྦྱོང་བ་ནི། ཧེ་རུ་ཀའི་སྙེམས་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ་འཁྱིལ་པ་བཟླས་པའི་ཡུངས་ཆུ་ཐལ་བར་གཏོར་ཞིང་། དེ་བཟླས་པའི་བ་བྱུང་ལྔས་གཡོན་སྐོར་དུ་བྱུག །དྲིའི་ཆུས་ཀྱང་བསང་གཏོར་བྱས་ནས། ཨོཾ་བྷཱུ་ཁཾ། ས་གཞི་ནམ་མཁར་བསམ། ཧཱུྃ་ལཾ་ཧཱུྃ། རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བྱིན་གྱིས་བརླབ། གསུམ་པ་ཏིང་འཛིན་བླ་མེད་སྦྱོང་བ་ནི། ས་ལ་སོགས་པ་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མོས་པར་བྱའོ། །བཞི་པ་གཟུང་བ་ལ་གསོལ་གདབ། བཀའ་བསྒོ་སྟངས་སྟབས་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་གྱི་ཁོར་ས་ཡོངས་སུ་བརྒྱན་པའི་གཞི་དེར་མེ་ཏོག་བཀྲམ་པའི་དབུས་སུ་སློབ་དཔོན་དཔལ་གྱི་ཆས་གོས་ཀྱིས་བརྒྱན་པ་འདུག་ནས་བདག་གི་རྣལ་འབྱོར་རྫོགས་པར་བྱས་ལ། ནམ་མཁའ་གང་བའི་ལྷ་རྣམས་ལ་ཕྱག་གི་མཆོད་པས་མཆོད་ནས། སྤོས་ཕོར་བཟུང་། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་བསམ་ལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་དགོངས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་གཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རློབ་གསོལ། །ཞེས་གསུམ་གྱིས་སྙན་གསན་དབབ། དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་རྣམ་རྒྱལ་ལ་སོགས་པའི་ང་རྒྱལ་འཛིན་པ་བཞིས་ཕྱི་ནང་གི་མཆོད་པ་སྔོན་དུ་འགྲོ་བས། ཤར་ནས། ཨེ་མའོ། མཆོག་ཏུ་གསང་བ་གསུམ་གྱི་དཀྱིལ་འཁོར་འདིར། །དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ །བྱང་ཆུབ་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། ཨེ་མའོ། རོལ་པའི་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །བཀའ་ཡི་འཁོར་ལོ་གསང་བའི་ཡོན་ཏན་སྟོན། །ཐུགས་རྗེའི་ཆོ་འཕྲུལ་ཆོས་ཀྱི་ཆར་པ་འབེབ། །གསང་སྔགས་བདག་པོ་ཁྱེད་ལ་ཕྱག་འཚལ་ལོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཨེ་མའོ། གསུང་གི་ཐིགས་པ་ཐུགས་ཀྱི་རྒྱ་མཚོའི་ཀློང་། །ལུང་དང་མན་ངག་གཏན་ཚིགས་ཀུན་གྱི་མཛོད། །དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་ཚུལ། །བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་ལོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས། ཨེ་མའོ། དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ། །རྡོ་རྗེ་ལས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་དོན་དྲན་བཞིན་པས་གསོལ་བ་གདབ་བོ། །གཉིས་པ་བཀའ་བསྒོ་བ་ནི། དེ་ནས་ཧཱུྃ་བཛྲོད་ཏིཥྛ་ཞེས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེགས་ནས་ཤར་དུ་ཕྱོགས་ཏེ། སེམས་ཅན་མ་རིག་པའི་མུན་པར་སོང་ཞིང་བདུད་ཀྱིས་བརླམས་པ་རྣམས་ལ་བལྟས་ནས་དེ་རྣམས་ཀྱི་བདུད་གཞོམ་པའི་ཕྱིར། རང་ཉིད་དཔལ་ཆེན་པོར་གསལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་འབར་བས་འཇིག་རྟེན་འདི་ལ་ཀུན་ཏུ་བསྡིག་པར་བྱ་ཞིང་། རྡོ་རྗེ་ཁྲོ་བོའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་བལྟ་ཞིང་། ཨོཾ་བཛྲ་ཀྲོ་དྷ་དྲྀཥྚ་མ་ཨཱ། ཞེས་བརྗོད་པ་དང་བཅས་ཏེ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཏོ། །ཞེས་ང་རྒྱལ་བཟུང་ནས་རྐང་མཐིལ་ཧཱུྃ་ལས་འབར་བའི་རྡོ་རྗེར་བྱས་ཏེ། སྒེག་པ་དང་བཅས་པས་རྡོ་རྗེ་གསོར། དྲིལ་བུ་འཁྲོལ་ལ་ཀཱི་ལ་ཡ་དྲག་པོར་བརྗོད་ཅིང་རྡོ་རྗེའི་གོམ་པས་གཡས་སུ་བསྐོར་ནས་དབང་ལྡན་དུ་སོང་སྟེ། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་གཞོན་ནུའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །ཡེ་ཤེས་རྡོ་རྗེ་རྩེ་དགུ་ཡིས། །མགོ་ནས་བརྒྱབས་ནས་རྟིང་པར་འགེམས། །ཞེས་ལན་གསུམ་དང་ཀཱི་ལ་ཡ་བརྗོད་ཅིང་དྲག་པོའི་ཚམ་རྔམ་ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ་སྟེ། དཀྱིལ་འཁོར་གྱི་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་སོ། །གསུམ་པ་སྟངས་སྟབས་ནི། ཁྲོ་བོའི་ཉམས་དང་ལྡན་པས་ཧཱུྃ་གི་སྒྲ་དྲག་པོར་བརྗོད་ཅིང་དབང་ལྡན་ནས་སློབ་དཔོན་དབུས་དང་། སློབ་མ་ཕྱོགས་བཞིར་འཁོད་དེ། ཤར་དུ་གཡས་བརྐྱང་། ལྷོར་གཡོན་བརྐྱང་། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ་ལ་སོགས་པ་དང་། གཞན་ཡང་ཁྲོ་བཅུ་ལ་སོགས་པའི་སྟངས་སྟབས་ཇི་ལྟར་རིགས་པས་ཀྱང་གཅག་ཅིང་གཟུང་བར་བྱའོ། །ལྔ་པ་སྲུང་བ་ལ་ཕུར་བུ་གདབ་པ་དང་། སྲུང་འཁོར་བསྒོམ་པ་གཉིས་ལས། དང་པོ་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙན་དན་དམར་པོས་བྱུགས་པ་བཅུའི་མགུལ་དུ་ཁ་དོག་ལྔའི་སྲད་བུས་དཀྲིས་ཤིང་རྩེ་མོར་མེ་ཏོག་དང་། ཡུངས་དཀར་གྱི་ཐུམ་བུ་བཅིངས་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོ་བཅུ་ལ་སྨད་ཕུར་བུའི་དབལ་ཅན་རྩེ་མོ་རབ་ཏུ་འབར་བའི་མེ་ལྟ་བུར་བསམ་ནས་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་བརྗོད་པས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ། ྿ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། གནོད་བྱེད་འབྱུང་པོ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། གནོད་བྱེད་འབྱུང་པོ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། གནོད་བྱེད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། གནོད་བྱེད་འབྱུང་པོ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། གནོད་བྱེད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། གནོད་བྱེད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། གནོད་བྱེད་འབྱུང་པོ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་སྔགས་ཚིག་རྣམས་བརྗོད་ཅིང་། དབང་པོ་ལ་སོགས་པའི་བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ། ཕུར་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད་དང་། སྟེང་འོག་གི་ཕུར་བུ་ཤར་ནུབ་ཏུ་གདབ་ཅིང་། དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ་ལ་ཐུན་མཚམས་སུ་མཆོད་པར་བྱའོ། །གཉིས་པ་སྲུང་འཁོར་སྒོམ་པ་ནི། རང་གི་སེམས་ཉིད་སྐྱེ་མེད་ཆོས་སྐུར་དག་པའི་ངང་ལས་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀ་ནས། སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སླར་འདུས་ཏེ་རྡོ་རྗེ་ཕུར་བུའི་ར་བས་ཕྱོགས་ཐམས་ཅད་གཏམས་པར་བསམ་ལ། ཧཱུྃ། སྟེང་ཡང་ཕུར་བུའི་བླ་རེ་ལ། །ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབ། །འོག་ཀྱང་ཕུར་བུའི་ས་གཞི་ལ། །ཕུར་བུའི་འདུ་འཕྲོ་མེ་ལྟར་འབར། །ཕྱོགས་མཚམས་ཕུར་བུས་གཏམས་པ་ལ། །ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕུར་བུའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། གརྫ། ཧ་ན། ད་ཧ། པ་ཙ། བྷནྡྷ། ཧུ་ལུ། ཏིཥྛ། ཚིནྡ། བྷིནྡྷ། སྥོ་ཊ་ཡ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་རྡོ་རྗེ་ཕུར་བུའི་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་བལྟའོ། །དེ་དག་ནི་སའི་ཆོ་ག་སྟེ་ཉིན་དང་པོའི་བྱ་བའོ། །གཉིས་པ་ལྷག་པར་གནས་པའི་རིམ་པ་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དང་གསུམ་ལས། དང་པོ་ནི། སྟེགས་བུ་སོགས་དཀྱིལ་འཁོར་གྱི་གཞི་དེར། ལྷ་གནས་མི་འཆོལ་བར་ངེས་པའི་ཕྱིར་མཚན་མ་བྱས་ལ། གཙོ་བོའི་གནས་སུ་དྲི་ཞིམ་པོ་བདུད་རྩི་ལྔ་དང་སྦྱར་བའི་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་ལ་ཟླུམ་པོ། དེ་རྣམས་སུ་ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད་ནས་མཐའ་མཆོད་པས་བསྐོར། རང་ཉིད་ནུབ་ཏུ་ཕྱོགས་པས་འདུག་ནས་རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། སྔར་ནམ་མཁར་བཏེགས་པའི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་མཆོད་བསྟོད་རྣམས་ལས་བྱང་ལྟར་བྱས་ལ། པུས་མོ་གཡས་པ་ས་ལ་བཙུགས་ཏེ་སྤོས་བཏུལ་ཞིང་དྲིལ་བུ་འཁྲོལ་བ་དང་བཅས་པས། རྡོ་རྗེ་གཞོན་ནུ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་འཛིན་པ་བདག་གིས་ནི། །ནངས་པར་དཀྱིལ་འཁོར་འབྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ་པས། དེ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པར་བསམ་ནས། སྔར་གྱི་སྔགས་རྒྱས་དཀྱིལ་འཁོར་བཏེགས་ལ་ནམ་མཁར་དགོད་པར་བྱ་ཞིང་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གཉིས་པ་བུམ་པ་ནི། གསེར་ལ་སོགས་པའི་བུམ་པ་བཅུ་རྩ་བ་ནག་པོ་མེད་པ་མགྲིན་པ་མཐོ་ཞིང་མཆུ་འཕྱང་བ་རང་རང་གི་མཚན་མ་བཀོད་པ། འབྲས་བུ་ཅན་གྱི་ཡལ་གས་ཁ་བརྒྱན་ཅིང་རྗེས་སུ་མཐུན་པའི་གོས་ཀྱིས་མགྲིན་པ་བཅིངས་ལ། གསེར་དངུལ་མུ་ཏིག་བྱི་རུ་མུ་མེན་ཏེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་སྲན་མ་ཏིལ་ཏེ་འབྲུ་ལྔ། ག་བུར་གུརྒུམ་ཙན་དན་དཀར་དམར་གླ་རྩི་ཛ་ཏི་སྟེ་དྲི་ལྔ། འོ་མ་མར་སྦྲང་རྩི་བུ་རམ་ལན་ཚྭ་སྟེ་སྙིང་པོ་ལྔ། བྲྀ་ཧསྟི་སྟེ་ཀཎྜ་ཀ་རི་ཤྭ་ཏ་པ་རཱ་ཛི་ཏཱ་དཎྜོཏྤལ་ཧ་ས་དེ་ཝ་སྟེ་སྨན་ལྔ་རྣམས་ནང་དུ་བཅུག །བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་བཀང་བའི་གཙོ་བུམ་གྱི་སྟེང་དུ་དྲིའི་ཆུ་ཡི་གེ་གསུམ་གྱིས་སྔགས་པའི་དུང་ཆོས་དང་། མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་དང་རིགས་ལྔའི་ཅོད་པན་བཞག །དེ་ནས་བུམ་པ་རྣམས་འདབ་མ་བརྒྱད་པའི་པདྨའི་དབུས་དང་ཕྱོགས་མཚམས། ཤར་ནུབ་ཀྱི་ཕྱིར་སྟེང་འོག་གི་དང་ལས་བུམ་བྱང་ཤར་གྱི་ཕྱིའི་གྲྭ་རྣམས་སུ་བཀོད་ལ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཉི་ཟླའི་གདན་ལ། ཧཱུྃ་ལས་དཔལ་ཆེན་པོ་ཁྲོ་བོ་བཅུ་དང་བཅས་པ་སྐད་ཅིག་གིས་གསལ་བར་བསྒོམ་སྟེ། དེ་ཡང་དབུས་སུ་གཙོ་བོ། གཞན་བརྒྱད་དུ་ཕྱོགས་མཚམས་ཀྱི་ཁྲོ་བོ་དང་། ཤར་ནུབ་ཀྱི་ཕྱི་རུ་སྟེང་འོག་གི་ཁྲོ་བོ། ལས་ཐམས་ཅད་པར་འཁྱིལ་པ་རྣམས་བསྒོམ་པ་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་གཞུག་ཅིང་མཆོད་བསྟོད་བྱས་ལ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་དང་། གཞན་རྣམས་ལ་ཉེར་གཅིག་རེ་བཟླས་ཏེ། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པའི་ཁར་ས་བོན་འབྲུ་ལྔས་མཚན་པར་བསམ་ལ། གཙོ་བོའི་སྙིང་པོས་དུང་ཞལ་གྱི་དྲི་བུམ་པ་རྣམས་སུ་དབུལ་ཞིང་མཚན་མའི་ལྷ་དང་བཅས་པའི་བུམ་པ་རྣམས་མཆོད་ནས་དབེན་པར་བཞག་གོ །ཞར་བྱུང་གསུང་རྟེན་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་དང་བཅས་པའི་མྱོས་བྱེད་ཀྱིས་གང་བའི་ཁ་མེ་ལོང་ལ་སོ་སོའི་སྙིང་པོ་བྲིས་པས་བཀབ་པ་བཅུ། དཀྱིལ་འཁོར་གྱི་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་མཆོག་ཏུ་བལྟས་ལ་བོ་དྷི་ཙིཏྟ་དང་། ཨ་མྲྀཏའི་སྔགས་ཀྱིས་སྤར་ཞིང་།་་་༼རྩ་སྔགས་ལ་ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ མཆན།༽ ཐུགས་རྟེན་ལྕགས་སམ་སེང་ལྡེང་། དུག་ཤིང་ཚེར་མ་ཅན་རྣམས་གང་རུང་ལ་བྱས་པའི་གཙོ་ཕུར་སོར་བཅུ་དྲུག །ཁྲོ་བོ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་ཁྲོ་བོ་སོགས་རང་གི་ཞལ་ཅན། རྒྱ་མདུད་ཉིས་རིམ་འཆང་བཟུང་ཟུར་བརྒྱད་དབལ་ཟུར་གསུམ་ཆུ་སྲིན་གྱི་ཁ་ནས་འཐོན་པའི། གཙོ་ཕུར་རྣམས་འགྱིང་ཞིང་བརྗིད་ཆགས་པ། ལས་ཕུར་རྣམས་གསོར་བདེ་བ། དར་སྣ་ལྔའི་ཅོད་པན་གྱེན་དུ་འཕུར་ཞིང་རང་རྟགས་སྙིང་པོས་མཚན་པ་རྫས་དགུས་ངར་བླུད་པ་རྣམས་རུ་སྦལ་གྱི་ཁོག་པའམ་ཐོད་པ་སོགས་སུ་དར་ནག་གིས་བཀབ་སྟེ་བཞག་གོ །གཞན་ཡང་ཡོན་ཏན་ཕྲིན་ལས་ཀྱི་རྟེན་དང་། མཆོད་རྫས་དང་སྒྲུབ་རྫས་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་སྟ་གོན་བྱའོ། །གསུམ་པ་སློབ་མ་ལྷག་གནས་ནི། དམ་བསྲེ་ཞིང་བསྣན་པའི་ཆོ་ག་སྟེ་སྒྲུབ་གཞུང་ཆེན་མོ་ལས་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་སྒྲུབ་པའི་དངོས་གཞི་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེ་ཉིད་སྒྲུབ་ཅིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་མཚམས་གཅད་པ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཐིག་གདབ་པ། ཚོན་དགྱེ་བ། ཕུར་བུ་དགོད་པ། རྒྱན་རྫས་དགྲམ་པ་དང་བདུན་ལས། དང་པོ་ལ་གསུམ་གྱི་ཕྱི་མཚམས་གཅད་པ་ནི། སྒྲུབ་ཁང་གི་ཕྱིའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞིའི་ཙཀ་ལི་རབ་གནས་ཅན་གཟུག །དེ་དག་གི་མདུན་དུ་མཆོད་པ་ལྔ་དང་གཏོར་མ་རེ་བཤམས་ལ། རང་ཉིད་དཔལ་ཆེན་པོའི་སྙེམ་པ་དང་བཅས་པས་ཤར་དུ་སོང་སྟེ། མངོན་པར་བཤམས་པའི་མཆོད་གཏོར་རྣམས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་སྤུངས། །ཨོཾ་ཨཱཿཧཱུྃ་ལན་གསུམ་རྒྱ་དང་བཅས་པས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ། ཡུལ་འཁོར་སྲུང་། འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་འཕྲིན་ལས་བཅོལ། ཨོཾ་དྷྲྀཏ་རཱཥྚ་ཡ་སྭཱ་ཧཱ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། ལྷོ་ལ་སོགས་པའི་ཕྱོགས་གཞན་གསུམ་དུ་རིམ་བཞིན་སོང་སྟེ། ཆོ་ག་གཞན་སྔ་མ་ལྟ་བུ་ལས་ཡུལ་འཁོར་སྲུང་ཞེས་པའི་ཚབ་དུ། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་ཞེས་བསྒྱུར་བས་སྤྱན་འདྲེན་མཆོད་གཏོར་འབུལ་བ་རྣམས་ཤེས་པར་བྱས་ལ། བསྟོད་པའི་ཚེ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་རཱུ་ཌྷ་ཀཱཿཡ་སྭཱ་ཧཱ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བི་རཱུ་པཱཀྵཱཿཡ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་ཤྲ་བ་ཎཿཡ་སྭཱ་ཧཱ། ཕྲིན་ལས་བཅོལ་བ་སོགས་གོང་བཞིན་དུ་བྱ་ཞིང་། འཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་མོ། །གཉིས་པ་ནང་མཚམས་གཅད་པ་ལ་གསུམ་གྱི་དང་པོ་དམ་སྲི་མནན་པ་ནི། དུག་ཤོག་གམ་ར་སོག་ལ་དམ་སྲིའི་གཟུགས་རྟེན་ཚུལ་བཞིན་དུ་བྲིས་པ་སྒྲུབ་ཁང་གི་སྒོར་དོང་གྲུ་གསུམ་པར་ལྕགས་སྣོད་དུ་བཀོད་ལ། ༼འདིར་གསེར་སྐྱེམས་མཛད། མཆན།༽ ཀཱི་ལ་ཡའི་མཐར། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སོགས་ནས། ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་དགུག་གཞུག་བྱས་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་བབ་བརྒྱད་བསྐུལ་བ་ནས། རྡོར་སེམས་ཀྱི་སྲས་སུ་བསྐྱེད་པའི་བར་ལས་བྱང་གི་གདབ་ཁ་བཞིན་ལ། དགྲ་བགེགས་ཞེས་པ་རྣམས་སུ་ཡ་མ་དམ་སྲི་ཞེས་སོགས་བཅུག་པར་བྱ་ཞིང་། དམ་སྲིའི་རྣམ་སྨིན་བག་ཆགས་ཀྱི་ལུས་རྟེན་དོང་ནང་དུ་སྤྱི་ཚུགས་སུ་མནན་ལ། རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་རི་རབ་གླིང་བཞི་བྲིས་པས་བཀབ་ལ། གཏེར་བརྒྱུད་གཉིས་པ་པད་གླིང་ཕུར་པ་ལས།་་་ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་ནི་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་ཀློང་བརྒྱད་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་གདབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བཅས་ཏེ་བརྡུང༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཅེས་པའི་རྒྱ་བཅུས་གདབ་ཅིང་། དེའི་ཁར། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞེས་སོགས་ཀྱི་བྲོ་རྡུང་ལས་བྱང་བཞིན་བྱ། གཉིས་པ་སྒོ་བསྲུང་བ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་དང་བདུད་རྩི་འཁྱིལ་པའི་སྐུ་བྲི་ཞིང་རྒྱབ་ངོས་ལ་སོ་སོའི་སྙིང་པོ་འདོད་དོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེའི་སྐུ་དང་ཕུར་བུ་སྒོའི་ཕྱི་ངོས་དང་། འཁྱིལ་པའི་སྐུ་དང་ཕུར་བུ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། དེ་གཉིས་ཀྱི་མདུན་དུ་མཆོད་པ་ལྔ་གཏོར་མ་དང་བཅས་པ་བཤམས་ཤིང་སྔར་བཞིན་བྱིན་གྱིས་བརླབས་ཏེ། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཉེར་སྤྱོད་ལྔས་མཆོད་ཅིང་། རྩ་སྔགས་གཉིས་ཀྱི་མཐར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ་བརྟན་པར་བྱ་བའི་ཕྱིར་ལན་བདུན་བཟླས་ནས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་སྒྲུབ་པའི་གནས་འདིར་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་དང་། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ་བདུན་བཟླས་ནས། ཁྲོ་བོ་བདུད་རྩི་འཁྱིལ་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་འཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། གསུམ་པ་ཁྲོ་བཅུའི་མཚམས་གཅོད་ནི། བླ་མ་ཁ་ཅིག་ཕྱོགས་སྐྱོང་ཕུར་གདབ་སླར་ཡང་མཛད་མོད། རང་ལུགས་ལ་སྔར་ས་བཟུང་གི་ཚེ་བཏབ་པའི་ཕུར་བུ་རྣམས་ལ་འཕྲིན་ལས་བསྐུལ་བ་རིགས་པར་མཐོང་བས་འདིར་དེ་ལྟར་བྱ་སྟེ། སྔར་བཏབ་པའི་ཕུར་བུ་རྣམས། རོག་ཕུར་ལས།་་་ཧཱུྃ། ཕྱོགས་བཅུའི་དགྲ་དང་བགེགས་འདུལ་བ། ཁྲོ་བོའི་རྒྱལ་པོ་མཐར་བྱེད་བཅུ། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྨད་ནི་ཡེ་ཤེས་ཕུར་བུ་སྟེ། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས། །ལྟེ་བ་ཡན་ཆད་ཆས་རྣམས་ནི། །ཨུཏྤལ་སྔོན་པོའི་མདོག་འདྲ་བའི། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྐུ་སྨད་ཕུར་བུ་ཟུར་གསུམ་དབལ། །དྲག་པོར་གྱུར་པའི་ཕུར་བུ་སྟེ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །བཟླས་པ་ཙམ་གྱིས་རྡུལ་དུ་བརླག །ཅེས་གསལ་བཏབ་ལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། གནོད་བྱེད་འབྱུང་པོ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། གནོད་བྱེད་འབྱུང་པོ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། གནོད་བྱེད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། གནོད་བྱེད་འབྱུང་པོ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། གནོད་བྱེད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། གནོད་བྱེད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། གནོད་བྱེད་འབྱུང་པོ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པས་ཁྲོ་བོ་བཅུ་ལ་ཕྲིན་ལས་བསྐུལ་བར་བྱའོ། །གསུམ་པ་གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ཉིད་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་བར་ཆད་ཀྱི་ངོ་བོ་བདེན་མེད་དུ་རིག་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཅེས་བྱའོ། །གཉིས་པ་མ་ཏྲཾ་བསྒྲལ་བ་ནི། ཁམ་ས་ལ་མ་ཏྲཾ་གི་གཟུགས་ཐལ་སྐྱ་མི་སྡུག་པ་དངངས་ཡེད་དེའི་རྣམ་པ་ཅན་ཞིག་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་ཕྱོགས་པར་བཞག་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཞེས་སོགས་ནས་དགྲ་བགེགས་ཞེས་པའི་མལ་དུ། མ་ཏྲཾ་རུ་དྲ་ཞེས་སྦྱར་བས་ཨཱ་ན་ཡ་ཧཱུྃ་ཕཊ་ཅེས་པའི་བར་གྱིས་དགུག་བསྟིམ་བྱ། དེ་ནས་ཀརྨ་ཀིང་དཀར་ནག་གཡས་ཟངས་གྲི་དང་། གཡོན་སྙིང་ཐོགས་པ་གཉིས་ཆས་སུ་བཅུག་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྒྲོལ་བྱེད་ཊཱཀྐི་རཱ་ཛ་དཀར་ནག་གཉིས་སྤྲོས་ཏེ་སོ་སོ་ལ་བསྟིམས་ནས་སྒྲོལ་གིང་དུ་མངའ་གསོལ། དེས་ཀྱང་སྙེམ་པ་བརྟན་ཅིང་དྲག་པོའི་གོམ་སྟབས་དང་བཅས་པས། ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་བརྒྱད་དུ་བྱས། །དེ་བཞིན་ཞིང་བཅུའི་རུ་དྲ་ཁྱོད། །བདག་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཏྲཾ་རུ་དྲ་པྲ་བྷཉྩཀྲ་ཧཱུྃ་ཕཊ། ཙིཏྟ་པྲ་ཝེ་ཤ་ཡ་ཕཊ། ཅེས་མ་ཏྲཾ་བསྒྲལ། སློབ་དཔོན་གྱིས་དེའི་སྙིང་ཕྱུང་སྟེ་ཞལ་དུ་གསོལ་བར་བསམ་ཞིང་། ཏི་ཧཱུྃ་ཨེ་སྥ་ར་ཎ་ཕཊ། ཅེས་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྤར། ཉོན་མོངས་པའི་ཡིད་དཔལ་ཆེན་པོའི་ཞབས་འོག་ཏུ་མནན་ལ་དོན་སྙིང་ནང་རོལ་རྣམས་ཕོ་ཉའི་ཚོགས་ཀྱིས་རོལ་བར་བསམ། བྷྲཱུྃ་མཎྜ་ལ། ཞེས་ཁོག་པ་རང་བྱུང་གི་གཞལ་ཡས་ཁང་དུ་བལྟས་ལ་ཡན་ལག་གི་མགོ་བོ་དཀྱིལ་འཁོར་གྱི་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་བྱང་། རྐང་གཡོན་བྱང་། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་རྣམས་སུ་འགོད་དོ། །གསུམ་པ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་བདུད་རྩི་ལྔ་དྲི་དང་སྦྱར་བས་དཀྱིལ་འཁོར་གྱི་གཞི་དེར་བྱུག་ཅིང་། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས། །དེ་བཞིན་གཤེགས་པའི་འཕྲིན་ལས་མཆོག་བསྒྲུབ་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ། ཞེས་བརྗོད་ཅིང་ཁྱེམ་མེད་པར་ཆག་ཆག་གདབ་བོ། །བཞི་པ་ཐིག་གདབ་པ་ལ་གཉིས་ལས། དང་པོ་ཡེ་ཐིག་ནི། རྒྱུས་ཆེན་ནམ་ཁ་དོག་ལྔ་པའི་སྲད་བུ་ཉིད་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་ཤོ་ལོ་ཀས་བསྟོད། དེ་རྣམས་ཞུ་བ་ལས་བྱུང་བའི་ཐིག་སྐུད་ཀརྨ་བཛྲ་ཡུམ་དུ་གསལ་བའི་ལག་ཏུ་གཏད་དེ། ཧཱུྃ། མཚན་ལྡན་བཀྲ་ཤིས་སྦྱོར་བའི་ཡུམ། །དྲག་པོ་སྒྲོལ་བའི་ཡུམ་ཆེན་ནི། །གདོལ་པ་ནག་མོ་གཉེར་འབྲེང་མ། །རྡོ་རྗེ་དྲག་པོའི་ལས་རྣམས་སྒྲུབ། །གསང་བ་རྡོ་རྗེའི་ཐིག་འདེབས་ཀྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །བྷྲཱུྃ་ཛྙཱ་ན་ཨེ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་ཅིང་སློབ་དཔོན་ནུབ། སློབ་མ་ཤར་དུ་གནས་པས་ཚངས་ཐིག་དང་པོ་མཁའ་ལ་གདབ་ཅིང་། དེ་བཞིན་དུ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་དང་། ཟུར་ཐིག་རྣམས་ནུབ་ནས་ལྷོ་བྱང་། ལྷོ་ནས་ནུབ་ཤར་གྱི་རྩ་ཐིག་རྣམས་གདབ་ཅིང་། ཡུམ་གྱི་མཁའ་ཀློང་དུ་ཡབ་ཀྱི་བྱང་སེམས་མཁའ་མཉམ་གྱི་ཐིག་ལེར་འདྲེས་ཏེ། རང་བྱུང་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟའོ། །གཉིས་པ་ལས་ཐིག་ནི། ཐིག་ཆལ་གྱིས་སྦགས་པའི་སྐུད་པ་བརྐྱང་སྟེ། ཧཱུྃ། ནམ་མཁའ་བར་སྣང་ཨེ་ཡི་ངང་། །གསང་བ་ཡེ་ཤེས་ཐིག་བཏབ་པས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་གནས། །ཕོ་བྲང་ཡིད་བཞིན་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཛྙཱ་ན་ཨེ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་ཅིང་འདུག་གནས་སྤྱོད་ལམ་ཡེ་ཐིག་གི་སྐབས་ལྟ་བུས་འདི་ལྟར་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང་། །ཟུར་ཐིག་གཉིས་གདབ་གྲུ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང་། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱི་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོས་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་དང་། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབས་དང། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐིག་དྲུག་ཕྱི་ནང་སྒོ །སྒོ་ཁྱུད་འགྲམ་ལོགས་མུན་ཀ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོར་ར་མེ་རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །དེ་ནས་སྲད་བུ་ལྔ་ཆོ་ག་བཞིན་མཆོད་ནས་ཡེ་ཤེས་ཀྱི་ཐིག་བཛྲ་མུཿས་གཤེགས་སུ་གསོལ། ལས་ཐིག་ཀྱང་དབེན་པར་བཞག་གོ །ལྔ་པ་ཚོན་དགྱེ་བ་ནི། རྡུལ་ཚོན་ཁ་དོག་ལྔ་ལ་རང་རིགས་ཀྱི་ཡི་གེ་བྲིས་པ་དབུས་དང་ཕྱོགས་བཞིར་བཀོད། བསང་སྦྱང་ལྷར་བསྐྱེད་དེ་བསྟོད་པའི་བར་ཐིག་གི་སྐབས་བཞིན་བྱས་ལ། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ། ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབ་བོ། །ཚོན་ལ་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར་པོ། ཐོད་ཕྲེང་དཀར་པོ། རིན་ཆེན་ཆ་བརྒྱད་མཐིང་། མུ་སྐོར་སེར་པོ། མུ་མཆན་དམར་པོ། ཁྱུད་སྐོར་མེ་རི་ལྔ་ལྡན། ནང་ཁྱམས་དམར་སྨུག །རྩིག་པ་དཀར་དམར་སྔོ་བ། སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ། མུན་པ་ནག་པོ་དྲྭ་ཕྱེད་དཀར། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། རྟ་བབས་མཛེས་ཚོན། ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །མུན་པ་དང་གླང་རྒྱབ་ནག་པོར་སྒོ་རྒྱན་བདུན་གྱིས་སྤྲས་པ། ཆོས་འཁོར་དང་རི་དྭགས་སེར་པོ། ཕྱི་ཁྱམས་ལྗང་ཁུ། པད་འདབ་སྣ་ཚོགས། དམ་ཅན་གྱི་གནས་ཁྲག་མཚོ། དུར་ཁྲོད་ནག་པོ་རི་མོ་སྣ་ཚོགས་བཀྲ་བ། རྡོར་ར་སེར་ལ་གཞི་ནག་པོ། མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ་བ་བྲིའོ། །དྲུག་པ་ཕུར་བུ་དགོད་པ་ནི། སྔར་ལྷག་གནས་ཀྱི་སྐབས་འདུ་བྱས་པའི་ཕུར་བུ་རྣམས་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ཕྱིར་གུ་གུལ་གྱིས་བདུགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཨ་དྷིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟས་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་སྲིད་པ་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོར་སྒྲུབ་པ་ནི། ཕུར་བུའི་རང་བཞིན་སྟོང་པ་ཉིད་དུ་སྒོམ་པ་ཆོས་སྐུ །སྟོང་པའི་ངང་ལས་རྣམ་པ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་བསྐྱེད་པ་ལོངས་སྐུ །རྒྱ་མདུད་གོང་མ་ཁྲོ་བོ་ཡབ་ཡུམ། འཆང་བཟུང་ཁྲ་ཐབས་ཉི་ཤུ །རྒྱ་མདུད་འོག་མ་སྒོ་མ་བཞི། །དབལ་ཟུར་གསུམ་ལ་སྲས་མཆོག །ལོགས་གསུམ་ལ་སྲུང་མའི་ཚོགས་སུ་བསྐྱེད་ལ། ལས་བྱང་ལྟར་ཡེ་ཤེས་པ་དགུག་ཅིང་དབང་བསྐུར་ནས། དཀྱིལ་འཁོར་གྱི་ལྷ་གནས་རྣམས་སུ་གདན་གྲུ་གསུམ་པའི་གདན་དུ་རིམ་བཞིན་བཀོད་པའི་ཚེ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་དབུས་སུ་དགོད། ཧཱུྃ། ཕྱོགས་བཅུར་རང་བྱུང་གྲུབ་པའི་ལྷ། ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བཅུའི་རྩ་སྔགས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཞེས་བཏགས་པས་ཕྱོགས་མཚམས་བརྒྱད་སོ་སོའི་གནས་དང་སྟེང་འོག་གི་ཁྲོ་བོ་ཤར་ནུབ་ཀྱི་རིན་པོ་ཆེའི་ནང་ངོས་ཐོད་ཕྲེང་རྩར་དགོད་དོ། །ཧཱུྃ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང་། །ཟླ་གམ་ཨེ་ཡི་གདན་སྟེང་དུ། །དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས། །སྙིང་པོ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ས་མ་ཡ་ཏིཥྛནྟུ། ཞེས་ཟླ་གམ་གསུམ་ལ་སྲས་མཆོག་བདུན་བདུན་བཀོད། ཧཱུྃ། གྲུ་ཆད་བཞི་ཡི་ཕོ་བྲང་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས། །ཙ་ཏུརྐྲྀ་ཏྱ། ས་མ་ཡ་ཏིཥྛནྟུ། ཧཱུྃ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ཡེ་ཤེས་སྒོ་སྐྱོང་བརྟན་པར་བཞུགས། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། ཧཱུྃ། དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ། །ཤྭ་ན་བདག་ཉིད་ས་བདག་ཚོགས། །བསེ་ལྕགས་དུང་གིང་གྱད་ཆེན་སོགས། །བསྟན་པ་བསྲུང་ཕྱིར་དགྱེས་པར་བཞུགས། །མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ། ས་མ་ཡ་ཏིཥྛནྟུ། ཞེས་སོ་སོའི་གནས་སུ་ཇི་ལྟ་བ་བཞིན་དགོད། དེའི་ཞར་ལ་བུམ་པ་སོགས་དགོད་པ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་ཀྱིས་སྣ་དྲངས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ། ཧཱུྃ། ཡེ་ཤེས་ལྔ་ལྡན་བུམ་པ་འདི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོ་ལ་རང་གནས་སུ་སོ་སོའི་སྔགས་ཀྱིས་བཀོད། ཐོད་པ་རྣམས། ཧཱུྃ། འཆི་མེད་བདུད་རྩིའི་ཀ་པཱ་ལ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་ཁྲིའུའི་རིམ་པ་གཉིས་པ་ལ་བཀོད། དབང་རྫས་གཞན་རྣམས། ཧཱུྃ། གསང་གསུམ་བདག་ཉིད་སྔགས་ཀྱི་བརྡའ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་པས་ཇི་ལྟར་འོས་པའི་གནས་རྣམས་སུ་དགོད་པར་བྱའོ། །བདུན་པ་རྒྱན་རྫས་དགྲམ་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཞིང་གི་བླ་རེ་དང་གདུགས་ཀྱིས་ཕུབ་ཅིང་ཁོར་ཡུག་རྣམས་སུ་ལྡ་ལྡི། བ་དན། རྒྱལ་མཚན། ཕྱེ་ཕུར། དར་གྱི་ཆུན་འཕྱང་སོགས་དང་དཔལ་གྱི་ཆས་གོས་རྒྱན་ཕྲེང་། རྒྱུ་མ་དང་དོན་སྙིང་གི་འཕྱང་འཕྲུལ། གོ་མཚོན་སྤྱན་གཟིགས་སོགས་སྣ་ཚོགས་ཀྱིས་ཀུན་ཏུ་བཟང་པོའི་ཞིང་ལྟ་བུར་མཛེས་ཤིང་བརྗིད་ཆགས་པར་བྱས་ནས། བདུད་རྩི་ལྔ་དང་བཅས་པའི་དྲིས་དཀྱིལ་འཁོར་གྱི་མཐའ་རིམ་དུ་བྱུག་ཅིང་། ཟུར་བཞི་མདའ་དར་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ་བ་དང་རལ་གྲི་ལ་སོགས་པའང་ཚུལ་བཞིན་དུ་བཀོད་པའི་དཀྱིལ་འཁོར་གྱི། ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ། རིན་པོ་ཆེ་བདུན། བཀྲ་ཤིས་པའི་རྫས་བརྒྱད་སོགས། ནུབ་ཏུ་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་དཔལ་གྱི་གཏོར་མ་དར་ཚོན་གྱི་འཕུར་ལྡིང་གཡོ་བའི་གཡས་སུ་བདུད་རྩིའི་རིལ་བུ་དང་སྦྱར་བའི་སྨན་ཕུད། གཡོན་དུ་ཤ་ཆེན་དང་བཅས་པའི་རཀྟ། བྱང་དུ་ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་དང་འདྲེ་འཇིགས་ཀྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པ་ལ་སོགས་པའི་དྲི་ཆུ། ཤ་ཁྲག་རུས་པ་སོགས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་ཀྱི་རོལ་མོ། ཤར་ལྷོར་ལས་བཞིའི་འབྲང་རྒྱས་དང་ཚེ་འབྲང་སོགས་དངོས་གྲུབ་ཀྱི་ཡོ་བྱད། ལྷོ་ནུབ་ཏུ་དྲག་པོའི་འབྲུབ་ཁུང་ལིདྒ་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་གཉིས་སོགས་བཀའ་སྲུང་གི་གཏོར་མ། བྱང་ཤར་དུ་སྲེག་འཕང་མནན་པ་སོགས་མཐའ་སྡུད་ཀྱི་ཡོ་བྱད། གཞན་ཡང་མཆོད་པར་འོས་པའི་རྫས་ཐམས་ཅད་ཀྱིས་བསྐོར་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲས། །དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་བསྐངས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དགྲམ་ཞིང་རྡོ་རྗེ། དྲིལ་བུ། ཅང་ཏེའུ། རྔ་བོ་ཆེ། སིལ་ཆོལ་སོགས་རོལ་མོའི་ཁྱད་པར་དང་། གར་འཆམས་ཀྱི་ཆ་བྱད་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་སྒྲུབ་ཅིང་མཆོད་ནས་དབང་སྐུར་བ་ལ་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། དབང་བསྐུར་ཞིང་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། སློབ་དཔོན་ཁྲུས་བྱས་དྲི་ཞིམ་པོས་ལུས་བྱུགས་ནས་རྒྱན་གྱིས་བརྒྱན་ཏེ་སྒྲུབ་པའི་གྲོགས་དང་ལྷན་ཅིག་པས་དཀྱིལ་འཁོར་ལ་ཕྱོགས་པར་འདུག་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་མཚམས་གཅད་པ་ནས་གཟུང་། ༼ཕྱག་བཞེད་དུ་ཏིང་འཛིན་རྣམ་གསུམ་འགོར་ཉིན་ལྟར་རྟགས་གདབ་མཛད། མཆན།༽ གཉིས་སུ་མེད་པར་བསྟིམ་པའི་བར་སོང་ནས་འདི་ལྟར་མཆོད་དེ། ཧཱུྃ། རྣམ་བཀྲའི་མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །གསལ་བྱེད་མར་མེ་དྲི་ལྡན་གངྒཱའི་ཀླུང་། །རོ་བརྒྱའི་ཞལ་ཟས་དབྱངས་སྙན་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ་ཏེ་མཆོད། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་མཐོ་རིས་འབྱོར་པའི་ཚོགས། །མི་ཟད་ནམ་མཁའི་མཛོད་དུ་སྦར་ཏེ་མཆོད། །དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་ཁྲག་ཞག་བདུད་རྩིའི་དྲི། །ཤ་རུས་ཞལ་ཟས་དུར་ཁྲོད་རོལ་མོའི་སྒྲས། །འཇིགས་རུང་གཤིན་རྗེའི་འདུན་ས་བཞིན་དུ་མཆོད། །དེ་ནས་སྨན་ཕུད་འབུལ་བ་ནས་གཟུང་བསྟོད་པའི་བར་ལས་བྱང་གི་གཞུང་བཞིན་བྱའོ། །ལས་གཞུང་དུས་བཞིར་བསྲང་ཞེས་པའི་དོན་ནི། ཐོ་རངས་སྔ་དྲོ་དགོང་མོ་སྲོད་དང་བཞི་སྟེ། སྔོན་འགྲོའི་ཆོས་བདུན་ཐུན་གྱི་ཐོག་མ་དང་། རྗེས་ཀྱི་བྱ་བ་རྣམས་ཐུན་རྗེས་མ་ལ་བྱ་ཞིང་། ཐུན་གཞན་རྣམས་ལ་ཏིང་འཛིན་གསུམ་ནས་བཟླས་པའི་བར་དང་། རྩ་བའི་དཀྱིལ་འཁོར་སྒོམ་པའི་ཚེ་རྒྱུའི་ཧཱུྃ་དེ་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་བབས་པ་ལས་བདག་ཉིད་གཙོ་བོར་བསྐྱེད་ཅིང་། བཟླས་པ་བྱ་དུས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔ྄་དགོངས་གསུམ་པོ་ལྷ་ཐམས་ཅད་ལ་འགྲེ་བར་བྱས་ལ། ཧཱུྃ། ཆོས་དབྱིངས་འཁོར་ལོའི་གཞལ་ཡས་སུ། །ལྷ་ཆེན་ཕྱོགས་སྐྱོང་ཉི་ཟླའི་སྟེང་། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། ཁྲོ་བཅུ་ཕྱག་བརྙན་དམ་ཅན་ཚོགས། །སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསུང་གི་སྒྲ་སྒྲོག་ཀཱི་ལ་ཡ། །ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་གྲུབ་བར་དུ་མི་གཏང་ངོ་། །ཞེས་བསྐུལ་ལ་ཐུན་རེ་རེ་བཞིན་གཙོ་བོ་ལ་སྟོང་། ཁྲོ་བོ་བཅུ་ལ་བརྒྱ་རེ། སྲས་མཆོག་དམ་ཅན་སོགས་ལ་ལྔ་བཅུ་རེ་བཟླ་ཞིང། བསྙེན་གྲོགས་ཀྱིས་འཁོར་ཡུག་ཀུན་ཏུ་བཟླས་པ་བྱ། སྐབས་སུ་དབྱངས་ཀྱི་རྟ་ལ་སྦྱར་ཏེ་ཐུན་མོང་དུ་འུར་འདོན་བྱ་ཞིང་། ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ནི། སྨན་གཏོར་རཀྟའི་མཆོད་པ་གཞུང་བཞིན་ཕུལ་ནས། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་དངོས་གྲུབ་བླང་ངོ། །དེ་ནས་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་རོ། ཁྱད་པར་ཚོགས་ཐ་མའི་ཚེ་གདབ་ལས་རྒྱས་པར་བྱེད་ན་ཟུར་དུ་བཀོད་པ་ལས་ཤེས་པར་བྱའོ། །སྐབས་དེ་དག་ཏུ་བར་ཆད་ཀྱི་མཚན་མ་འཆར་ན་ཉུལ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། དམ་སྲིའི་ལིང་ག་བཅས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། ཅེས་བྲུབ་ཁུང་བསྐྱེད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། དགྲ་བགེགས་གནོད་བྱེད་ཁྱད་པར་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉུལ་ལེ་སྒབ་འདྲེ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ ཅེས་དགུག་ཅིང་གཞུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱ༔ མ་རག་མོ་ཡག་མོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ ཌཱ་ཀི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྤུ་གྲིའི་སྔགས་ཚིག་ཤུགས་དྲག་པོར་བརྗོད་ལ་སྲས་མཆོག་གི་ཕུར་བུས་གདབ་ཅིང་བསྐོར། ཊཱཀྐི་དཀར་ནག་གོང་བཞིན་བཅས་པ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བབ་བརྒྱད་ཀྱིས་བསྐུལ་ཞིང་། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་ཕྲིན་ལས་བཅོལ་ལ། དཀར་པོས་གྲི་ཤར་བྱེད་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན། དྷ་ན་རཀྴ་རྦུད་ལིང་། ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ཛ་མཱ་ར་ཡ་རྦད་རྦད། ཊཱཀྐི་ནག་པོས་མི་ལག་ལ་མི་ལྤགས་ཀྱི་ལྕག་འབྲས་བཏགས་པས་མཆེད་རྣམས་ལ་བྲབ་ཅིང་ཧཱུྃ་བཞི་པའི་སྔགས་ཀྱིས་བསྐྲད་པ་རྣམས་དུས་དྲུག་ཏུ་བྱས་པའི་རྗེས་སུ། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ། རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་ཅིང་ཚིལ་ཆེན་དང་གུ་གུལ་བསྲེག །དར་ནག་དང་ལྕང་ལོ་མི་ལྤགས་ཀྱིས་གཡབ་ཅིང་དད་པ་མཆོག་ཏུ་སྐྱེད་ལ། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དེ་བ་ག་ཎ་ཨ་དྷིཥྛཱ་ན་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་པར་བྱའོ། །གཉིས་པ་དབང་དང་དངོས་གྲུབ་ལ་གཞན་དོན་དུ་དབང་བསྐུར་བ་དང་། རང་དོན་དུ་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། འཇུག་པའི་ཆོ་ག་ནས་བཟུང་རྗེས་ཡོན་དབུལ་ཞིང་དགའ་སྟོན་བྱ་བའི་བར་དབང་བྱང་བཞིན་བྱའོ། །གཉིས་པ་རང་དོན་དུ་དངོས་གྲུབ་བླ་བ་ནི། སྒྲུབ་པའི་མཚན་མ་དགེ་བར་མཐོང་ནས་སླར་ཡང་མཆོད་གཏོར་གསར་པ་བཟང་དུ་བཤམས་ལ་ཕྲིན་ལས་གཞུང་བསྲང་ཞིང་། ཧཱུྃ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །སོགས་ཀྱིས་འཁོན་གཅུག་དང་ཉམས་སྒྲིབ་བཤགས་ལ། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔ྄་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བར་རྡོ་རྗེ་རྩེ་ལྔ་བུ་གར་སྡུད་བྱེད་ཨོཾ་དཀར་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ལ་ཨེ་གྲུ་གསུམ་གྱི་དབུས་སུ་འབེབ་བྱེད་ཨེ་དམར་པོས་མཚན་པར་བསམ་ལ། སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་གནས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་ལྟ་བུ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་དྷཱུ་ཏི་ནས་བྱུང་། མཁར་དཀར་དམར་འདྲེས་ནས་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བ་ཡི་གེ་གསུམ་དུ་གྱུར་པ། བདག་གི་རྡོ་རྗེའི་བུ་གར་རྔུབས་ནས་དྭངས་མའི་སྲོག་ལ་ཐིམ་པས་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ་དཀྱིལ་འཁོར་གསུམ་གྱི་ཛཔ྄་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛཿཧཱུྃ་ཨཱཿ ཞེས་བཏགས་པ་ཅི་ནུས་སུ་བཟླས་ལ་སྙན་པའི་གདུང་དབྱངས་དྲག་པོའི་སྒྲ་དང་བཅས་པས། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་བསྐུལ་ལ་ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀཏ་དང་མངར་གསུམ་སྦྱར་བ་བདུད་རྩིར་སྤར་བ།་་་༼ལས་བྱང་སྨན་རླབས་ལྟར་བྱེད། མཆན།༽ ཐོགས་ཏེ། ཧཱུྃ། འཆི་མེད་བདུད་རྩི་སྨན་གྱི་བཅུད། །ཉོན་མོངས་གདུང་བ་སེལ་བའི་མཆོག །ཛ་གད་རཀྟའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཏགས་པས་མཆོད། དངོས་གྲུབ་བསྡུ་བའི་ཛཔ྄་དབྱངས་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། ཤར་དུ་འཁོད་པས་དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཡི་ཚོགས། །སྐུ་ཡི་དངོས་གྲུབ་བདག་ལ་སྩོལ། །མི་ཟད་རྒྱན་གྱི་འཁོར་ལོའི་སྐུ །དཀྱིལ་འཁོར་ལྷ་དང་མཉམ་པར་ཤོག །ཀཱ་ཡ་སིདྡྷི་ཨོཾ། དེ་བཞིན་དུ་གསུང་དང་ཐུགས་ཀྱང་འདོན་པ་བསྒྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད་པས་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་པ་རྣམས་དངོས་གཞིའི་ཆོ་གའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། ཕྲིན་ལས་ལ་སྦྱར་བ། གཏོར་མ་གཏང་བ། དཀྱིལ་འཁོར་བསྡུ་བ། མཚམས་དགྲོལ་བ། རྡུལ་ཚོན་གཤེགས་པ། དགའ་སྟོན་དང་ཤིས་པར་བྱ་བའོ། །དང་པོ་ནི། སྲེག་འཕང་མནན་པའི་ཆོ་ག་གསུམ་གྱིས་ལས་མཇུག་བསྡུ་བ་སྟེ་སྒྲུབ་གཞུང་ཆེན་མོར་བལྟའོ། །བསྡུས་པར་གཏོར་ཟོར་རྣམས་ཕྱིར་བཏེགས། ལས་བྱང་གི་ཟོར་ལས་ཀྱིས་དགྲ་ཕྱོགས་སུ་འཕངས་ནས། ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པར་མེ་ཉིད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་གསལ་བའི་ཞལ་དུ་སྲེག་ལིང་ཞུན་མར་དང་བཅས་པ་སྤུ་གྲིའི་སྔགས་མཐར་སྲེག་སྔགས་བཏགས་པས་བསྲེག །མནན་རྫས་རྣམས་སྒོའི་ཕྱིར་དོང་གྲུ་གསུམ་བྲུས་པར་མནན་ལ་རོ་གཡམ་རྒྱ་གྲམ་བྲིས་པས་བཀབ། དམིགས་བྱ་གཤིན་རྗེའི་བཙོན་ཁང་དུ་ཚུད་པའི་སྟེང་དུ་རི་རབ་ཀྱིས་མནན་པར་བསམ་ལ་མནན་སྔགས་བརྗོད་ཅིང་བྲོ་རྡུང་གཞུང་བཞིན་དུ་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེའི་མོས་བློ་དང་འཚམ་པའི་སྤྱོད་པ་ལ་འཇུག་པར་བྱའོ། །གཉིས་པ་གཏོར་མ་གཏང་བ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དངོས་གྲུབ་ཀྱི་དོན་དུ་བཞག་ལ། དམ་ཅན་ལ་སོགས་པའི་འཕྲལ་གཏོར་རྣམས་རོལ་མོའི་སྒྲ་དང་བཅས་པས་ཡང་ཐོག་ཏུ་ཁྱེར་ལ་ཐ་ཚིག་བརྗོད་ཅིང་བརྟན་མ་བསྐྱང་སྟེ་ཛ་གད་ཕུད་སྐྱེམས་དང་བཅས་པས་ཀྱང་མཆོད་དོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། རྒྱས་པ་དང་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང་། གཏང་རག་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་འབུལ་ཅིང་བསྟོད་པ་བྱས་ལ་དགེ་བ་བསྔོ། དེ་ནས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་གྱི་སྒོར་གཙོ་བོ་ལ་ཕྱོགས་པས་འདུག་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་། མངོན་པར་འདོད་པའི་དོན་གྲུབ་པར་གསོལ་བ་གདབ་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་དང་བཛྲ་མུཿས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བདག་ལ་བསྟིམ་སྟེ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སོགས་ཀྱིས་ཉེར་བསྡུ་བྱས་ལ་རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ །བཞི་པ་མཚམས་འགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་རིམ་པ་བཞིན་སོང་སྟེ། རྒྱལ་པོ་ཆེན་པོ་བཞི་དང་། སྒོ་ཡི་ཕྱི་ནང་གི་ཁྲོ་བོ་གཉིས་མེ་ཏོག་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས་བསྟོད་པ་བྱ་བ་རྣམས་སྔར་བཞིན་དང་། ཡེ་ཤེས་པ་སྐུ་གཟུགས་ཀྱི་བྱང་བུ་རྣམས་ལ་བསྟིམས་སྟེ་ལྷག་གནས་ཀྱི་མེ་ཏོག་འཐོར་ནས་ནང་དུ་ཞུགས་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པས་སུམྦྷ་ནི་བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཁུང་བུར་ཡང་འཐོར། ལྷ་རྣམས་ཀྱང་གཤེགས་ལ་ཁུང་བུ་དགང་ངོ་། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་ཨ་ཀཱ་རོ་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། ལྷག་མ་གཞན་རྣམས་རྗེས་མི་མངོན་པར་ཕྱགས་ལ། དོན་དུ་གཉེར་བར་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་པ་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ། རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་པའི་བཀུར་སྟིས་ཆུ་ཀླུང་ལ་སོགས་པའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་བུམ་པ་བཞག །མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་རྣམས་བཀོད་པ་བྱིན་གྱིས་བརླབས་ཏེ། མཎྜལ་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདབ་མ་རྣམས་ལ་ཀླུ་ཆེན་པོ་བརྒྱད་སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་བཅས་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཁོར་དང་བཅས་པར་བལྟས་ལ། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་པུཥྤེ་ལ་སོགས་པས་མཆོད་ཅིང་། འོ་ཐུག་གི་གཏོར་མ་ཕུལ་ནས་རྡུལ་ཚོན་གཏད་དེ་ཆུར་བསྐུར་པ། དེ་རྣམས་ཀྱིས་བཀུར་བསྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ལ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ། ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །དྲུག་པ་དགའ་སྟོན་དང་ཤིས་པར་བྱ་བ་ནི། སླར་ཡང་བཟའ་བཅའ་དང་མྱང་བ་ལྡག་པ་དང་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོར་བྱ་ཞིང་། བཀྲ་ཤིས་ཀྱི་ཆོ་གས་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །འདིར་མ་བརྗོད་པའི་ཆོ་གའི་ཡན་ལག་ཕྲ་རགས་དང་བཅས་པ་ཐམས་ཅད་རྒྱུད་དང་འགྲེལ་བཤད་ཕྲིན་ལས་སྣ་ཚོགས་པའི་མན་ངག་སོགས་རྩ་བའི་གཞུང་རྣམས་དང་། དེ་དག་གི་དོན་གསལ་བར་བྱེད་པའི་བཤད་པ་དང་ཁྱད་པར་སྒྲུབ་པ་ཆེན་པོའི་རིམ་པ་རྣམ་པར་དག་པ་ལ་ངེས་པ་བསྐྱེད་པའི་གཞུང་གཞན་ལས་ཀྱང་ཤེས་པར་བྱའོ། །དཔལ་རྡོ་རྗེ་ཕུར་བུའི་སྒྲུབ་པ་ཆེན་པོའི་རིམ་པ་གསལ་བར་བྱེད་པ་དངོས་གྲུབ་ཀྱི་དགའ་སྟོན་ཞེས་བྱ་བ་འདི་ནི། ཕུར་བུའི་སྒྲུབ་གཞུང་རྩ་བའི་དོན་མཐའ་དག་ཡོངས་སུ་ཚང་ཞིང་གསལ་ལ། དེ་དང་མི་འགལ་ཞིང་སྒྲུབ་ཆེན་སྤྱི་ལ་ཕན་པ་རྣམས་གཞན་དང་བསྟུན་ནས་འཇུག་པ་བདེ་བར་བྱས་ཏེ། ཕྲིན་ལས་ཕུར་བུའི་རིམ་པ་ལ་སྙིང་པོར་འཛིན་པའི་བཤེས་གཉེན་བསྟན་པའི་ཉི་མའི་གསུང་གིས་བསྐུལ་བ་དང་། རང་གཞན་མང་པོ་ལ་ཕན་པ་ཆེན་པོ་འགྱུར་བར་མཐོང་ནས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བསམ་གཏན་གྱི་རི་བོའི་སྤོ་དར་རྒྱས་ཆོས་གླིང་གི་དབེན་གནས་སུ། བག་ཡོད་ཀྱི་ལོ་ཆུ་ཤེལ་གྱི་དབང་པོ་སྨིན་དྲུག་གི་དགའ་མ་དང་རྩེ་བའི་ཤེས་རབ་ཀྱི་ཕྱོགས་ལ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་བརྡའ་སྤྲོད་སྨྲ་བ་ངག་དབང་ཆོས་དཔལ་ལོ། །འདིས་ཀྱང་བླ་ན་མེད་པའི་བསྟན་པ་ཉིན་མོ་ལས་ཉིན་མོར་གསལ་བར་གྱུར་ཅིག། །།

སྡེ་གསུམ་སྨོན་ལམ་གྲུབ་གཉིས་རིན་ཆེན་གྲུ་ཆར་ (Volume 62, Text 20)

སྡེ་གསུམ་སྨོན་ལམ་གྲུབ་གཉིས་རིན་ཆེན་གྲུ་ཆར་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། མཛོད་གསུམ་ཆུ་བོ་བཞི་རྫོགས་བླ་མ་ལས། །ཐོག་མར་སྨིན་བྱེད་དབང་གིས་ས་བོན་ཐེབས། །དམ་ཚིག་སྡོམ་པ་ཉམས་མེད་རྒྱུད་ལ་བརྟན། །བྱིན་རླབས་དབང་གི་ནུས་པ་གོང་འཕེལ་ཤོག །གྲོལ་བྱེད་ཁྲིད་ཀྱིས་གཞི་ལམ་འབྲས་བུའི་དོན། ཁོང་དུ་ཆུད་ཅིང་དྲན་ཤེས་བག་ཡོད་ལྡན། །དྭངས་འདོད་ཡིད་ཆེས་མི་ལྡོག་དད་པས་བཟུང་། །ལུས་སེམས་ལས་རུང་ཤིན་སྦྱངས་མཐར་ཕྱིན་ཤོག །བསྐྱེད་པའི་རིམ་པ་རྣམ་པ་གསལ་བ་དང་། །རྣམ་དག་དྲན་ཅིང་གསལ་སྣང་ང་རྒྱལ་བརྟན། །ཆོ་ག་རང་འབྲས་ངོ་བོ་བྱེད་ལས་ཀྱི། ཁྱད་པར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །རྫོགས་རིམ་མཚན་བཅས་མཚན་མེད་ཏིང་ངེ་འཛིན། །སྡེ་གསུམ་ཀུན་བཟང་ཡབ་ཡུམ་སྲས་གསུམ་གྱི། །ཉམས་ལེན་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས། །སྣང་བཞི་མཐར་ཕྱིན་འབྲས་བུ་མངོན་གྱུར་ཤོག །སྐུ་གསུམ་ཞིང་གི་བཀོད་པ་ཡོངས་སུ་རྫོགས། །ཆོ་འཕྲུལ་གསུམ་གྱི་ཆོས་འཁོར་རབ་བསྐོར་ནས། ཁམས་གསུམ་འཁོར་བའི་སེམས་ཅན་འདྲེན་པ་ལ། །དུས་གསུམ་སངས་རྒྱས་ཕྲིན་ལས་ལྷུན་གྲུབ་ཤོག །མདོར་ན་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཡོངས་འཛིན་དགེ་བའི་བཤེས་ཀྱིས་རྗེས་སུ་གཟུང་། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་པ། ཁྱབ་བདག་འབྲས་བུའི་ཧེ་རུ་ཀཿཐོབ་ཤོག །རྒྱལ་བ་ཡབ་སྲས་སྐུ་ཚེ་ཞབས་པད་བརྟན། །རྒྱལ་སྲས་འཕགས་ཚོགས་དགེ་འདུན་འདུས་པ་འཕེལ། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི། །རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ལྟར་དགོས་ཞེས་རང་སློབ་ཉེ་གནས་རི་རྒྱས་རྒྱ་མཚོས་བསྐུལ་ངོར། གཏེར་སློབ་མཁན་པོ་ཀརྨ་རཏྣས་མཛེས་བྱེད་ཆུ་ཡོས་ཀྱི་ལོ་གྲོ་ཞུན་ཟླ་བའི་དགའ་བ་གསུམ་པའི་རྒྱལ་ཕུར་འགྲུབ་སྦྱོར་ལ་བྲིས་པ་དགེ་ལེགས་འཕེལ། ཤུ་བྷཾ། མངྒ་ལཾ། བི་ཛ་ཡནྟུ།། །།

ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་སྨོན་ལམ་བདེ་བ་ཅན་མ་ (Volume 22, Text 20)

༄༅༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འགྲོ་བ་ཀུན་སྒྲོལ་གྱི་སྨོན་ལམ་བདེ་བ་ཅན་མ་བཞུགས་སོ༔ འོད་དཔག་མེད་ཀྱི་ཞིང་བཀོད་ནས་གསུངས་པ༔ བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་ཞིང་འདི་ནས༔ ནུབ་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་སྙེད༔ རྫོགས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན༔ ཁྲག་ཁྲིག་ཕྲག་བརྒྱ་འདས་པའི་ཕ་རོལ་ན༔ ཞིང་ཁམས་སྐྱོན་མེད་རྣམ་དག་བདེ་བ་ཅན༔ ས་གཞི་ཐམས་ཅད་རིན་ཆེན་རང་བཞིན་ཏེ༔ ལག་མཐིལ་ལྟར་མཉམ་གཅོང་རོང་མེད་པའི་གནས༔ མེ་ཏོག་པདྨའི་ཚོགས་ཀྱིས་རབ་བརྒྱན་ཅིང༔ བལྟ་བས་མི་ངོམས་མཛེས་ཤིང་ཡིད་དུ་འོང༔ ཞིང་མཆོག་དེ་ན་ལྷ་མིའི་སྟོན་པ་ནི༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཉོན་མོངས་སྦྱངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་འགྱུར་ཤོག༔ དག་གསལ་བཀྲ་བའི་ཞིང་ཁམས་བདེ་བ་ཅན༔ རྒྱལ་བའི་རྣམ་འཕྲུལ་སྙན་པའི་སྒྲ་དབྱངས་འབྱིན༔ འཚོ་བའི་ཡོ་བྱད་ཇི་ལྟར་བསམ་པ་བཞིན༔ འབད་རྩོལ་མེད་པར་ལེགས་པར་འབྱུང་བའི་གནས༔ ཞིང་མཆོག་དེ་ན་སེམས་ཅན་ངན་སོང་དང༔ ལྷ་མ་ཡིན་དང་གཤིན་རྗེའི་མིང་ཡང་མེད༔ དེ་ན་ཕལ་པའི་བུད་མེད་ཡོད་མ་ཡིན༔ མངལ་ན་གནས་པའང་ཡོད་པ་མ་ཡིན་ནོ༔ རིན་ཆེན་རྣམས་ཀྱི་མེ་ཏོག་པདྨ་ལས༔ བརྫུས་ཏེ་སྐྱེ་བའི་རང་བཞིན་ཤ་སྟག་གོ༔ མི་དགེ་སྤངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་འགྱུར་ཤོག༔ རྣམ་དག་འོད་གསལ་ཞིང་ཁམས་བདེ་བ་ཅན༔ ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ༔ ན་ཚ་ལ་སོགས་སྡུག་བསྔལ་གཏན་མི་འབྱུང༔ ཞིང་དེར་སྐྱེས་ནས་ངན་སོང་འབྱུང་མི་སྲིད༔ མི་ཁོམ་གནས་སུ་སྐྱེ་བའང་མི་སྲིད་དོ༔ ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས༔ ཚེ་ལོ་དཔག་ཏུ་མེད་པར་སྐུ་བཞུགས་ནས༔ སྐྱེ་བ་དུ་མར་བྱང་སེམས་སར་གནས་ཏེ༔ སྤྱོད་པ་རླབས་ཆེན་མཛད་བཞེད་མ་གཏོགས་པར༔ སྐྱེ་བ་གཅིག་རྗེས་རྫོགས་འཚང་རྒྱས་འགྱུར་ཞིང༔ ཚོགས་གཉིས་རབ་རྫོགས་སྨོན་ལམ་དག་པའི་ཞིང༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་འགྱུར་ཤོག༔ ཐུབ་པས་བསྔགས་པའི་ཞིང་ཁམས་བདེ་བ་ཅན༔ དྭངས་བ་ཅན་གྱི་རིན་ཆེན་ཕོ་བྲང་ན༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཚེ་དཔག་མེད་མགོན་གཡས་ན་སྤྱན་རས་གཟིགས༔ བྱམས་དང་སྙིང་རྗེས་འགྲོ་བ་ཀུན་ལ་གཟིགས༔ མགོན་པོའི་གཡོན་ན་བྱང་སེམས་མཐུ་ཆེན་ཐོབ༔ དྲི་མེད་བསྟན་པ་རྒྱས་པའི་ཕྲིན་ལས་མཛད༔ རྒྱལ་བའི་འཁོར་གཞན་ཡོན་ཏན་ཕུན་ཚོགས་ཤིང༔ ཡེ་ཤེས་ཆེར་རྒྱས་བསམ་གྱིས་མི་ཁྱབ་བཞུགས༔ བདག་ནི་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ གནས་ངན་རྣམས་སུ་ནམ་ཡང་མི་གོལ་བར༔ ལྷ་མཆོག་ཁྱེད་ཀྱི་ཞལ་མཐོང་སྔུན་བསུས་ནས༔ བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག༔ པདྨ་ལས་འཁྲུངས་དམ་ཆོས་ཉན་འགྱུར་ཞིང༔ རྒྱལ་བས་ལུང་བསྟན་མངོན་ཤེས་རྫུ་འཕྲུལ་ཐོབ༔ སེམས་ཅན་ཐམས་ཅད་ཞིང་མཆོག་དམ་པ་དེར༔ བདག་གིས་འདྲེན་པའི་རྟེན་འབྲེལ་སྒྲིག་པར་ཤོག༔ དེ་ལྟར་བདག་གིས་སྨོན་ལམ་བཟང་པོ་འདི༔ བླ་མ་མཆོག་དང་མགོན་པོ་སྤྱན་རས་གཟིགས༔ འཁོར་བཅས་ལ་སོགས་རྒྱལ་དང་རྒྱལ་བ་ཡི༔ སྲས་མཆོག་རྣམས་ཀྱིས་འགྲུབ་པར་མཛད་དུ་གསོལ༔ ༔

སྟོན་པ་བཅོམ་ལྡན་འདས་ལ་འགྲོ་བ་བཞི་དང་བྲལ་བའི་བསྟོད་པ་ཚངས་པ་བཞད་པའི་དབྱངས་སྙན་ (Volume 52, Text 20)

བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲིད་པ་སྣ་ཚོགས་སྒྱུ་མའི་གྲོང་ཁྱེར་ན། །སྒྱུ་མར་མཁྱེན་པའི་སྙིང་རྗེ་ཆེན་པོའི་ཐུགས། །འཇིགས་མེད་སེང་གེ་ལྟ་བུར་རྣམ་བསྒྱིངས་པ། །ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དྭངས་པའི་མཁའ་ལ་ཉ་རྒྱས་ཟླ་ལྟར་ཆོས་དབྱིངས་ཞི་བའི་དཀྱིལ་འཁོར་ན། །མཚན་དཔེའི་ཆ་རྫོགས་ལྟ་བས་མི་ངོམས་ལྷུན་གྲུབ་གཟུགས་སྐུའི་རང་བཞིན་ནི། །རྟག་བརྟན་མི་གཡོ་དྲན་པས་སྙིང་ལ་བདུད་རྩིའི་དཔལ་སྟེར་བཅོམ་ལྡན་འདས། །མི་ཕྱེད་རྡོ་རྗེ་ཡེ་ཤེས་སྐུ་བརྙེས་ཤཱཀྱ་སེང་གེ་ཁྱོད་ལ་འདུད། ཁྱོད་ནི་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །བདག་ཅག་སྙིགས་མ་ལྔ་ཡི་སྐྱེ་བོ་ཀུན། །གཟུང་སླད་མ་དག་ཞིང་གི་འདམ་དུ་ཡང་། །སངས་རྒྱས་པདྨ་རྒྱས་པའི་རྣམ་པར་རོལ། །སྲིད་པ་གསུམ་པོ་མཐའ་དག་འདི། །གཟུགས་མི་མཚུངས་ཤིང་དེ་བཞིན་དུ། །འབྱོར་དང་ཤེས་རབ་བདེ་སྡུག་སོགས། །མི་མཚུངས་རྣམ་པ་སྣ་ཚོགས་ཀྱང་། །འདོད་དང་རྨོངས་དང་ཞེ་སྡང་དང་། །འཇིགས་པ་ཡི་ནི་ཞགས་པ་ཡིས། །ཀུན་ནས་དམ་པོར་བཅིངས་གྱུར་པ། །ཚུལ་འདི་ལ་ནི་ཀུན་ཀྱང་མཉམ། །མི་དང་འཁོར་ལོས་སྒྱུར་བ་དང་། །ལྷ་དང་ཚངས་པའི་འབྱོར་པ་ནི། །ཡིད་འོང་ལྟ་བུར་གང་གནས་པ། །དེ་ཉིད་དེ་ཡིས་རྣམ་པར་འཆིངས། །གོམ་པ་གཅིག་གིས་ས་ཆེན་འདི་མནན་ཞིང་། །དགྲ་སཏྭ་རལ་གྲི་གདེངས་པའི་ལག་སྟབས་ཀྱིས། །གཞན་སྟོབས་ཕྱེ་མར་བརླགས་པའི་མཐུ་བོ་ཆེ། །དེ་ཡང་སྡང་བ་ཁོ་ནའི་བྲན་དུ་གྱུར། །སྲིད་ལ་རྣམ་དཔྱོད་ཆགས་པས་སྲིད་པ་ཡི། །འཇིག་དུས་མཐའ་དང་སྲིད་པའི་སྒྱུ་རྩལ་ལ། །བློ་གྲོས་རིང་ནས་འདྲིས་པ་དེ་དག་ཀྱང་། །རྨོངས་པའི་སྨག་ཆེན་དག་ཏུ་རྣམ་པར་འཁྱམས། །ལྷ་དང་མི་ཡི་ཆེ་དགུའི་ཅོད་པན་གྱིས། །རྐང་སྟེགས་ནོར་བུའི་ཁྲི་ལ་ཉེར་མཆོད་པ། །མངོན་མཐོའི་ཁེངས་པས་རློམས་པ་དེ་དག་ཀྱང་། །མི་ཟློག་འཇིག་པའི་དུས་ཀྱིས་ཕྱི་བཞིན་འབྲངས། །དེ་སླད་ཚངས་དང་དབང་པོ་དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་སྲིད་ན་མཆོད་བྱ་བ། །དེ་དག་འདོད་དང་ཁྲོ་བའི་སྟོབས་མཆོག་ཏུ། །མཐོང་བས་བྱིས་པ་རྣམས་ཀྱིས་སྐྱབས་སུ་བཟུང་།། གང་ཞིག་བདག་དང་བདག་གིར་རྣམ་བལྟ་བ། །འདི་ནི་སྲིད་པ་ཀུན་གྱི་ཚུལ་ལ་གནས། །འདི་ལ་གནས་རྣམས་རྒྱ་ཡིས་ཉ་བཞིན་དུ། །འདོད་རྨོངས་ཁྲོ་བ་འཇིགས་པའི་རུམ་དུ་འཆིང་། །ཆུ་ལ་མེ་དང་སྨག་ལ་སྣང་བ་བཞིན། །སྲིད་ན་འདི་ལས་བརྒལ་བའི་བློ་མེད་དེ། །དེ་ཕྱིར་བློ་ངན་འདི་ཡིས་མཚུངས་བཅིངས་པ། །སུ་ལ་བསྟེན་ནས་སུ་ཞིག་གྲོལ་བར་འགྱུར། །གང་གིས་བདག་མེད་སེང་གེའི་ང་རོ་ཡིས། །སྲིད་པའི་ཆོས་ཚུལ་ཀུན་ནས་རབ་བཤིག་ནས། །མཐའ་བཞིའི་བློ་ངན་མུན་པའི་གནས་མེད་པ། །རྟེན་འབྱུང་དྲི་མེད་བློ་གྲོས་སྣང་བའི་ལམ། །སྟོན་པ་རྒྱལ་བ་ཁྱོད་ལ་ནི། །བསྟེན་ན་རྣམ་པར་གྲོལ་འགྱུར་བ། །མཐོང་ནས་ཡིད་ཆེས་ཚིག་གིས་ནི། །སྐྱོན་བྲལ་ཁྱོད་ལ་ཅུང་ཟད་བསྟོད། །སྲིད་གསུམ་སྙིང་ལ་བདུད་རྩི་ཡི། །དཔལ་སྟེར་མཛེས་པའི་ཟླ་བ་དེའི། །འོད་ཀྱིས་འཇིག་རྟེན་གསུམ་པོ་འདི། །རྒྱུ་སྐར་བཞིན་དུ་རྣམ་པར་མནན། །དེ་ཚེ་ཡེ་ཤེས་མེ་རྣོན་ཟེར།། སྲིད་པའི་ནགས་ཚལ་རྣམ་ཟ་བ། །མ་བཟོད་དུང་ཕྱུར་བདུད་ཀྱི་དམག །རི་དང་ནགས་ནས་བཤོར་བ་བཞིན། །སྟོབས་ཆེན་གད་རྒྱངས་དགོད་པ་ཡིས། །རི་བོ་རྡུལ་ཕྲན་བཞིན་དུ་འཐོར། །དགྲ་སཏྭ་རལ་གྲི་མདའ་དང་མདུང་། །སྣ་ཚོགས་སོ་རྣོན་མཚོན་གྱིས་གཟས། །དུག་དང་མེ་དང་རྡོ་རྗེའི་ཐོག །སེང་གེ་གླང་ཆེན་གདུག་པའི་སྦྲུལ། །མི་བཟད་འཇིགས་པ་སྣ་ཚོགས་དང་། །རི་རབ་འཕེན་ཅིང་རྒྱ་མཚོ་དྲངས། །སྲིད་པ་འདི་ན་འཇིགས་སོ་ཅོག །སྣ་ཚོགས་སྟོང་དུ་བསྡོམས་པ་ཡིས། །སེམས་མེད་མཁའ་ཡང་གཡོ་ནུས་པའི། །འཇིགས་པ་ཆེན་པོ་དེ་དག་ཀྱང་། །ལྷ་ལ་ལྷ་ཡི་མེ་ཏོག་གིས། །མཆོད་པ་བཞིན་དུ་བདེ་གཤེགས་ལ། །ལེགས་པ་ཁོ་ནར་གྱུར་པ་ཡིས། །དཔུང་བཅས་འདི་ནི་རྣམ་པར་བཏུལ། །རབ་འབར་དམྱལ་བའི་མེ་དཔུང་ཡང་། །གང་གིས་གཟིགས་པའི་མོད་ཉིད་ལ། །བདུད་རྩིའི་པད་ཚལ་ཉིད་འགྱུར་ན། །འཇིགས་པ་གང་གིས་དེ་ལ་འཇིགས། ཁྱོད་སྔོན་ལམ་གྱི་སྐབས་ན་ཡང་། །ལུས་ལ་མཚོན་ཆ་རྣོན་པོ་ཡིས། །དྲས་ཤིང་དྲས་ཤིང་བཅད་གྱུར་པས། །བུད་ཤིང་བསྣན་པའི་མེ་བཞིན་དུ། །ཕྱིར་ཞིང་སྙིང་རྗེ་འཕེལ་གྱུར་ན། །དམིགས་མེད་སྙིང་རྗེའི་ཆ་རྫོགས་པ། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ཚེ། །འཇིགས་པ་མེད་པར་ལྟ་ཅི་སྨྲོས། །གང་གིས་ཤེས་བྱའི་དངོས་པོ་ཀུན། །སྒྱུ་མ་ལྟ་བུར་རྣམ་རྟོགས་པ། །ཤེས་བྱ་གང་གིས་དེ་ཉིད་ལ། །འཇིགས་པ་རབ་ཏུ་སྐྱེད་པར་ནུས། །སྟོང་དང་སྙིང་རྗེ་ཆེན་པོའི་མཐར་ཐུག་པ། །མཉམ་པ་ཉིད་བརྙེས་མི་ཕྱེད་རྡོ་རྗེའི་སྐུ། །འཇིགས་པ་ཀུན་ལས་དབུགས་འབྱིན་མཛད་པ་པོ། །འཇིགས་མེད་ཞི་བའི་དབྱིངས་ལ་ཕྱག་འཚལ་ལོ། ཁྱོད་ལ་བལྟ་ཞིང་ཟུར་གྱིས་འཛུམ་པ་སྒེག་པའི་འགྲོས་ལྡན་སྨིན་ལེགས་མ། །ཡིད་འོང་ཟླ་བ་པདྨ་དང་ནི་ཀུ་མུད་ཀུནྡ་ལྟ་བུའི་གདོང་། །འཆར་ཁའི་གཟི་འབར་ནོར་བུའི་དོ་ཤལ་སིལ་སིལ་འཁྲོལ་བའི་འཇོ་སྒེག་གིས། །བརླ་ཡི་འཁྲི་ཤིང་ལྡེམ་ལྡེམ་གཡོ་བའི་རྫུ་བག་ངོམ་པའི་ལྷ་མོ་རྣམས། །མཐོན་མཐིང་སྤྲིན་ལས་གློག་ཕྲེང་ལྟར་འཁྱུག་ཙནྡན་ཏ་པའི་དྲི་བཟང་བཅས། །མི་བརྟན་གཡོ་བའི་ཟློས་གར་རྩེ་ཞིང་སྙིང་དུ་སྡུག་སྡུག་ལྟར་འཇུག་པའི། །འདོད་པའི་ཚིག་གིས་ཡང་ཡང་བྲིད་ཀྱང་ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། །དེ་ཚེ་དེ་རྣམས་མཁའ་ལ་རེག་ལྟར་རེ་བ་མེད་པའི་སེམས་ཀྱིས་སོང་། ཁ་བ་ལྟར་དཀར་གླང་པོ་ཆེ་དང་རྨ་བྱའི་མགྲིན་པ་ལྟར་སྔོ་བའི། །རྟ་མཆོག་རིན་ཆེན་གསེར་གྱི་འཁོར་ལོ་པདྨའི་མིག་ཅན་ཡིད་འོང་མ། །བསམ་འཕེལ་ནོར་འཛིན་བློན་པོ་དང་ནི་དཔུང་བཅས་དམག་དཔོན་ལྡན་པ་ཡི། །རྒྱལ་སྲིད་མཆོག་ཀྱང་རུལ་བའི་རོ་ལྟར་རྣམ་པར་སྤངས་ནས་གཅིག་པུར་གཤེགས། །རྣག་ཅན་སྲིད་པའི་རང་མཚང་རིག་ཅིང་དེ་ཡང་སྒྱུ་མ་ལྟར་མཁྱེན་པ། །སྲིད་ཞི་མཉམ་ཉིད་ཞི་བའི་དབྱིངས་སུ་དགོངས་པ་མཉམ་པ་ཉིད་གྱུར་ཕྱིར། །མཁའ་འདི་དྲལ་ནས་སྣ་ཚོགས་ཡོ་བྱད་ཉེ་བར་སྒྲུབ་པར་ནུས་མོད་ཀྱི། །འོན་ཀྱང་ཁྱོད་ཐུགས་ཆགས་དང་བྲལ་ལ་ནམ་ཡང་ཆགས་པས་བསླུ་མི་ནུས། །འབྱོར་པས་བརྒྱན་པའི་གླིང་བཞི་དང་ནི་བུ་དང་བུ་མོ་ཆུང་མ་རྟ་དང་ཤིང་རྟ་དང་། །རྒྱལ་སྲིད་མཆོག་དང་རིན་ཆེན་སྣ་ཚོགས་འཇིག་རྟེན་ཡོད་རྒུའི་དངོས་གཞན་ཐམས་ཅད་དང་ནི་ཡང་། །མགོ་དང་ཡན་ལག་ལུས་གཏོང་བ་ཡི་གཞན་ལ་ཕན་པ་སློབ་པའི་ཚེ་ན་ཁྱོད་མཛད་ན། །སྒྲིབ་གཉིས་མ་ལུས་ཡང་དག་ཟད་པ་དེ་ཡི་ཚེ་ན་ཆགས་དང་བྲལ་བ་སྨྲོས་ཅི་འཚལ། །མདོར་ན་མ་ལུས་སྲིད་པ་ཐམས་ཅད་ཀྱི། །ཆགས་པ་ཀུན་ལས་རྣམ་པར་གྲོལ་ན་ཡང་། །ཐུགས་རྗེས་འགྲོ་ལ་རྗེས་སུ་ཆགས་པའི་ཐུགས། །མཁའ་ལྟར་འཛད་པ་མེད་པ་ཁྱོད་ལ་འདུད། །གཞན་ལ་ཕན་པ་ཁོ་ན་ལྷུར་མཛད་པའི། །མཐོང་ན་མངོན་པར་དགའ་བའི་སྐུ་མཆོག་ཀྱང་། །རྨོངས་པས་དཀྲུགས་པས་བཤིག་ལ་མངོན་ཞེན་པ། །སྡང་བ་རྣམས་ཀྱང་བྱམས་པས་བུ་བཞིན་བསྐྱངས། །དྲེགས་པའི་གླང་པོ་མྱོས་པ་རྣམས་རྦད་ཅིང་། །མི་བཟད་དུག་གིས་སྐུ་ལ་བྱུགས་བྱས་ནས། །དྲག་པོའི་རྦབ་ཀྱིས་བསྣུན་པ་དེ་དག་ཀྱང་། །སྒྲ་གཅན་ཟིན་དང་མཚུངས་པར་ཀུན་ཏུ་གཟིགས། །སྡང་བའི་མེ་འབར་གདུག་པའི་སྦྲུལ་གྱི་ཁའི། །མི་བཟད་དུག་གི་ཚང་ཚིང་རབ་འཁྲིགས་ནས། །རྣོ་དབལ་ཤུགས་དྲག་མཚོན་ཆའི་ཆར་པ་ཡང་། །བྱམས་པའི་སྟོབས་ཀྱིས་མེ་ཏོག་སྤྲིན་དུ་ཆགས། །ཕྱོགས་བཅུ་དག་ན་དུས་གསུམ་ཀུན་ཏུ་ཡང་། །མཁའ་ལས་བརྒལ་པའི་སྐྱེ་བོ་འགའ་མེད་པ། །དེ་བཞིན་བྱམས་ཆེན་ཁྱོད་ཀྱིས་མ་བཟུངས་པ། །སྲིད་པའི་རིས་ན་འགྲོ་བ་སུ་ཡང་མེད། །བཟོད་བླག་འཇིགས་པ་མི་བཟད་དམྱལ་བའི་མེ། །བྱམས་པའི་མཐུ་ཡིས་བདུད་རྩི་ལྟ་བུར་བསིལ། །བསམ་གྱིས་མི་ཁྱབ་བརྩེ་བ་ཆེན་པོ་ལ། །དཔེ་རུ་བྱས་ན་ནམ་མཁའ་ཉིད་ཀྱང་ཆུང་། །བདུད་རྩི་མཆོག་གི་གོ་འཕང་མ་བརྙེས་ཀྱང་། །དཔའ་བོ་ཁྱོད་ནི་སློབ་པ་ལམ་གྱི་དུས། །བདག་ཉིད་གཅེས་པར་འཛིན་པའི་བློ་ངན་ཀུན། །རབ་འབར་སྣང་བས་མུན་པ་བཞིན་དུ་བཅོམ། །བདག་གཞན་མཉམ་པ་ཉིད་དུ་མཐོང་ནས་ཀྱང་། །བདག་བཞིན་སྒྱུ་མའི་དོན་ལ་མི་མཁས་པའི། །བདག་ལྟའི་སྐྱེ་བོ་ཀུན་ལ་སྙིང་རྗེའི་སེམས། །བདག་ལ་བདག་གིས་བྱམས་པ་ལས་ཀྱང་ལྷག །རིང་ནས་སྲོག་ལ་རྔམས་པའི་མཚོན་རྣོན་གྱིས། །འདེབས་བཞིན་དུ་ཡང་སྡང་བའི་མེ་འབར་བ། །ཕྱིར་ཞིང་རང་གི་སྲོག་གིས་དེ་བསྲུངས་ནས། །ཕན་པའི་ཐབས་ཚུལ་སྟོང་ལ་རྣམ་པར་སྦྱར།། མི་བཟད་སྲིད་པ་འདི་ཡི་སྡུག་བསྔལ་ཀུན། །བདག་ཉིད་གཅིག་པུས་སྐལ་པར་ནོད་སྙམ་པའི། །སྙིང་སྟོབས་ཚུགས་མེད་རྡོ་རྗེའི་རང་བཞིན་ཅན། །དེ་ཡི་བྱམས་པ་གང་གིས་འཇོམས་པར་འགྱུར། །དེ་ལྟར་བསྐལ་པ་དུ་མར་ཡང་དང་ཡང་། །རྨད་བྱུང་གོམས་པ་མཆོག་གི་མཐར་ཕྱིན་ནས། །སྒྲིབ་གཉིས་ཀུན་ཟད་བྱམས་པའི་དཀྱིལ་འཁོར་ཆ། །ཡོངས་རྫོགས་རྒྱལ་བའི་དབང་པོ་སྨྲོས་ཅི་འཚལ། །བརྩེ་བ་མི་བཟད་བདུད་རྩིའི་སྤྲིན་ཆེན་གང་། །སྟོང་ཉིད་ཞི་བའི་དབྱིངས་སུ་རོ་གཅིག་པའི། །བསམ་གྱིས་མི་ཁྱབ་ཐུགས་རྗེའི་བདག་ཉིད་མཆོག །མགོན་པོ་སྟོབས་བཅུ་མངའ་བ་ཁྱོད་ལ་འདུད། ཁྱོད་ཀྱི་ཡེ་ཤེས་ཆེན་པོ་ཡིས། །ཇི་ལྟ་ཇི་སྙེད་ཤེས་བྱའི་དོན། །མངོན་སུམ་ཉིད་དུ་གཟིགས་པས་ན། །ཐམས་ཅད་མཁྱེན་ཞེས་ཀུན་ཏུ་གྲགས། །གདུལ་བྱའི་ཁམས་དབང་བསམ་པ་དང་། །བག་ལ་ཉལ་བཅས་ལེགས་གཟིགས་ནས། །མཐུན་པའི་ཆོས་ཀྱིས་འགྲོ་བ་ཀུན། །ཐར་པ་མཆོག་གི་གནས་སུ་བཀོད། །གང་གིས་ཇི་སྙེད་གསུངས་པ་ཀུན། །ཆུ་གཏེར་ལ་ནི་ཆུ་བོ་བཞིན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལ། །རྣམ་པ་ཀུན་ཏུ་གཞོལ་ཞིང་འབབ། །ནམ་མཁའི་ཁམས་ལས་བརྒལ་པ་ཡི། །འཇིག་རྟེན་གང་ན་ཡོད་མིན་པ། །དེ་བཞིན་ཕྱོགས་དུས་ཤེས་བྱའི་ཆོས། ཁྱོད་ཀྱིས་མི་མཁྱེན་གང་ཡང་མེད། །མཁྱེན་པ་དེ་ཡང་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་ལས་རྣམ་གྲོལ་བའི། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །མ་ནོར་ཡང་དག་པར་ནི་གཟིགས། །མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པ། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །འབད་པ་མེད་པར་ངང་གིས་མཁྱེན། །སྒྲིབ་པ་ཀུན་ལས་ངེས་གྲོལ་ནས། །ཆོས་ཀྱི་དབྱིངས་དང་རོ་མཉམ་པའི། །རང་བྱུང་ཡེ་ཤེས་དེ་ལ་ནི། །རིས་མེད་ཕྱིར་ན་གང་མི་མཁྱེན། །སྲིད་པ་འདི་དག་ཐམས་ཅད་ཀྱི། །སྣ་ཚོགས་གཞལ་བར་དཀའ་བའི་ཚུལ།། དུས་གཅིག་ཉིད་དུ་དྲིས་ན་ཡང་། །གསུང་གཅིག་དབྱངས་ཀྱིས་སོ་སོར་བརྗོད། །དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །ཚངས་སོགས་སྲིད་པའི་བློ་ལྡན་ཀུན། །འབད་དེ་བརྟགས་པར་གྱུར་ན་ཡང་། །ཀུན་མཁྱེན་མིན་སྤྱོད་དམིགས་སུ་མེད། །དེ་ཕྱིར་ཡང་དག་རིག་པ་བཞིའི། །སྤོབས་པའི་མཐུ་ཡིས་འཇིག་རྟེན་དུ། །སྤངས་དང་རྟོགས་དང་སྤང་བླང་ལ། །མི་འཇིགས་སེང་གེའི་སྒྲ་དབྱངས་སྒྲོག །མེ་ཡི་རང་བཞིན་ཚ་བ་ལྟར། །བདག་ཏུ་ལྟ་བ་འཁོར་བའི་གཤིས། །བུད་ཤིང་ཟད་པའི་མེ་བཞིན་དུ། །བདག་མི་ལྟ་ན་སྲིད་པ་འཇིག །དེ་ཕྱིར་བདག་ལྟའི་རྒྱ་མཚོ་ལ། །གནས་པའི་ཚངས་སོགས་ན་ཀྲཿརྣམས། །དཔྱོད་པའི་ཟློས་གར་རྩེ་ན་ཡང་། །ལྟ་བའི་ཆུ་དང་བྲལ་མི་ནུས། །སྣ་ཚོགས་འཇིག་རྟེན་འདི་དག་ནི། །གང་ལས་བྱུང་ཞིང་གང་གིས་འགག །དེ་ལྟར་རྣམ་པར་དཔྱད་པ་ན། །མཐའ་གཉིས་གཅིག་ལས་ཅི་ལྟར་བརྒལ། །ལ་ལས་ཚངས་སོགས་རྟག་པ་ཡི། །རྒྱུ་ལས་འཇིག་རྟེན་བྱུང་བར་འདོད། །ཚངས་སོགས་དེ་དག་སྐྱེས་ན་ནི། །སྐྱེས་ཕྱིར་བརྟན་པའི་དམ་བཅའ་འཇིག །མ་སྐྱེས་ཉིད་ན་མཁའ་བཞིན་དུ། །དེ་ཡོད་པར་ནི་ཅི་ཡིས་འགྲུབ། །མ་སྐྱེས་ཉིད་ཀྱི་གཏན་ཚིགས་ཀྱིས།། དངོས་པོ་མེད་པར་གྲུབ་པ་ཡིན། །དངོས་ཀུན་གཅིག་ཅར་མི་སྲིད་ཅིང་། །རིམ་གྱིས་སྐྱེ་ཞིང་འགག་འགྱུར་བས། །དངོས་པོ་དེ་ཀུན་བྱེད་ན་ནི། །རྒྱུ་ཡང་མི་རྟག་ཉིད་དུ་འགྱུར། །རྒྱུ་ལ་འགྱུར་བ་ཡོངས་མེད་ན། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །ནམ་མཁས་པདྨོ་མི་བསྐྱེད་པ། །དེ་ལྟར་རྟག་པའི་རྒྱུ་ཡིས་ནི། །མི་རྟག་འབྲས་བུ་བསྐྱེད་ཅེས་པ། །མི་འབྲེལ་མོ་གཤམ་བུ་བཞིན་ནོ། །ལ་ལས་འཇིག་རྟེན་སྣ་ཚོགས་པ། །རྒྱུ་མེད་ངོ་བོས་བྱུང་ཞེས་ཟེར། །འཇིག་རྟེན་ན་ནི་རྒྱུ་མེད་པའི། །དངོས་པོ་འགའ་ཡང་མ་མཐོང་བས། །མངོན་སུམ་ཉིད་དང་འགལ་བ་ལས། །རྒྱུ་མེད་ཅི་ཡི་ཕྱིར་ན་སྨྲ། །གལ་ཏེ་ངེས་པར་རྒྱུ་མེད་ན། །འབྲས་རྣམས་རྒྱུ་ལ་མི་ལྟོས་པས། །མར་མེ་ལས་ཀྱང་མུན་པ་དང་། །མཁའ་ལས་ཨུཏྤལ་ཅིས་མི་སྐྱེ། །དངོས་པོ་མ་ལུས་དུས་ཀུན་ཏུ། །ཡོད་པར་ཅི་ཡི་ཕྱིར་མི་འགྱུར། །ཡང་ན་མཁའ་ལས་ཨུཏྤལ་ལྟར། །ཅི་ཡང་རྒྱུ་ཡིས་མི་བསྐྱེད་ཕྱིར། །རྒྱུ་ལ་བརྟེན་ཏེ་བྱུང་བ་ཡི། །དངོས་ཀུན་རྟག་ཏུ་མེད་པར་འགྱུར། །དེ་ལྟ་ན་ནི་འཇིག་རྟེན་དུ། །འབྲས་ཕྱིར་ས་བོན་གདབ་པ་སོགས། །རྩོམ་པ་ཐམས་ཅད་དོན་མེད་པས། །སུ་ཞིག་དེ་ལ་འཇུག་པར་འགྱུར། །དེ་ཕྱིར་རྟག་ཆད་མཐའ་བྲལ་བའི། །དངོས་པོའི་གཤིས་ལུགས་མ་ནོར་བར། །སྨྲ་བ་འཇིག་རྟེན་འདིར་མེད་ཀྱང་། །དགེ་སྦྱོང་ཆེན་པོས་འདི་སྐད་དུ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དང་དེ་འགོག་པ་ཡི་ལམ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིས། །སྲིད་པ་སྐྱེ་ཞིང་འགག་པར་གསུངས། །མ་ཚང་མེད་པའི་རྒྱུ་ལས་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །གང་དུ་རྒྱུ་མ་ཚང་གྱུར་ན། །འབྲས་བུ་ཅི་ཡི་ཕྱིར་ན་སྐྱེ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །སྲིད་པའི་འཁོར་ལོ་རབ་བརྒྱུད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཚུལ་བཞིན་རིག་པས་དེ་ལྡོག་གོ །འདི་ལ་བདག་ནི་ཡོད་མིན་ཏེ། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲའི། །ཚུལ་དུ་ཕུང་པོའི་ཉིང་མཚམས་སྦྱོར། །དངོས་པོའི་ཆོས་རྣམས་གང་ལགས་པ། །དེ་ཀུན་བརྟེན་ནས་རྣམ་པར་སྐྱེས། །དངོས་མེད་དངོས་པོ་ལ་ལྟོས་ཏེ། །རྣམ་བཅད་སྒོ་ནས་ཉེ་བར་བཏགས། །དེ་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཤེས་བྱ་གང་ཡང་ཡོད་མིན་ཞིང་། །རྟེན་ཅིང་འབྲེལ་བར་གང་བྱུང་བ། །དེ་ནི་བདེན་པས་རྣམ་པར་སྟོང་། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་དག་ནི། །འགྲོ་འོང་བྲལ་ཞིང་རང་དབང་རྣམ་སྤང་བ། །ངོ་བོས་མ་གྲུབ་བཅོས་མའི་གསོབ་ཡིན་ཏེ། །སྒྱུ་སོགས་རྣམས་དང་ཁྱད་པར་ཅུང་ཟད་མེད། །རྟེན་ནས་འབྱུང་གང་སྟོང་པ་ཁོ་ན་སྟེ། །སྟོང་བཞིན་སྣང་བར་ཤར་བ་དེ་མཐོང་ནས། །སྣང་སྟོང་མཉམ་པ་ཉིད་དུ་ངེས་ཤེས་པ། །འདི་ནི་ཡང་དག་ལྟ་བ་མཆོག་ཡིན་ཏེ། །བློ་གྲོས་མཆོག་འདི་རྒྱལ་བ་དེས་བསྟན་ཅིང་། །འདི་ལ་གང་གནས་རྒྱལ་བའི་ལམ་དུ་འགྲོ། །འདི་ནི་སྨྲ་བ་བླ་ན་མེད་པ་སྟེ། །འདི་ལས་སྟོན་པའི་མཆོག་ཏུ་ཡིད་ཆེས་འཁྲུངས། ཁྱོད་སྔོན་བསྐལ་པ་དུ་མར་ཡང་དང་ཡང་། །གཅེས་པའི་སྲོག་མང་བཏང་ནས་བཟུངས་པ་ཡི། །རིན་ཆེན་ཆོས་མཆོག་སྙིང་པོའི་མཐར་ཐུག་འདི། །བརྩེ་བའི་ཐུགས་ཀྱིས་འགྲོ་བ་ཀུན་ལ་གདམས། །མཁའ་ལ་ཐོགས་རེག་དངོས་པོ་མི་གནས་པ། །དེ་བཞིན་སྒྲིབ་པ་མཐའ་དག་སྤངས་པའི་ཐུགས། །ཇི་ལྟ་ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་ཀུན། །ཆགས་ཐོགས་བྲལ་བར་གཟིགས་པ་ཁྱོད་ལ་འདུད། །མ་ལུས་ཤེས་བྱ་ཀུན་གྱི་དེ་ཁོ་ན། །སྣང་སྟོང་མཉམ་པ་ཉིད་ཀྱི་ཆོས་དབྱིངས་སུ། །མངོན་པར་བྱང་ཆུབ་རྡོ་རྗེའི་བདག་ཉིད་ཆེ། །རང་བྱུང་ཡེ་ཤེས་སྐུ་ཅན་ཁྱོད་ལ་འདུད། །དེ་ལྟར་རབ་གུས་ཡིད་ཀྱིས་རྒྱལ་བ་ཉི་མ་དགྱེས་པའི་ཞབས་པད་ལ། །མགོ་བོས་བཏུད་དེ་དོན་བཞིན་བསྟོད་པའི་ཚིག་གི་མེ་ཏོག་ལེགས་འཐོར་བ། །དེ་ཡི་དགེ་བས་སྐྱེ་བ་ཀུན་ཏུ་མཉམ་མེད་ཤཱཀྱ་སེང་གེ་ཡིས། །རྗེས་སུ་གཟུང་ནས་བྱང་ཆུབ་མཆོག་གི་གོ་འཕང་བླ་མེད་བརྙེས་གྱུར་ཅིག །འདི་ན་འདུན་དང་རྨོངས་པ་ཞེ་སྡང་འཇིགས་པའི་མེ་ཡིས་རབ་གཙེས་པའི། །འགྲོ་བ་ཀུན་ལ་བསྟོད་པ་འདི་ཡིས་སྟོན་པའི་བྱ་བ་ཉིད་བྱས་ནས། །མཆོག་གི་སྟོན་པར་རྒྱུ་མཚན་ཤེས་ནས་དད་པས་དེ་ཡི་བསྟན་པ་ལ། །ལེགས་ཞུགས་སྒྲུབ་པ་སྙིང་པོར་བྱས་ནས་འཇིགས་དང་ཉོན་མོངས་སེལ་བར་ཤོག །གང་གིས་འདི་ཡི་ཚིག་ཙམ་ཐོས་པ་ཡང་། །སྙིང་གི་པདྨོ་རྣམ་པར་བཞད་པ་རུ། །འཇམ་མགོན་ཡེ་ཤེས་ཉི་མ་རབ་ཞུགས་ནས། །མཚུངས་མེད་བློ་གྲོས་སྣང་བ་རྒྱས་པར་ཤོག །དེ་ལྟར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་བསྟོད་པ་འདི་ནི། གཞན་གྱིས་མ་བསྐུལ་བར་རང་གི་ཡིད་ལ་སྟོན་པའི་རྣམ་པར་ཐར་པ་ཅུང་ཟད་དྲན་པས་གུས་པ་ཚད་མེད་པའི་ངང་ནས་གང་ཤར་ཤར་མར་བྲིས་པ་སྟེ། རྩོམ་པ་པོའི་མིང་དུ་མི་ཕམ་བློ་གྲོས་དྲི་མེད་ཅེས་གདགས་པ་ན་ཚོད་གཞོན་ནུར་གྱུར་པ་དེས་སོ།། །། ༄༅། །ཆོས་འཕྲུལ་བསྟོད་སྨོན་བཞུགས་སོ། །སྟོན་པ་མཆོག་དེས་རྨད་བྱུང་ཆོ་འཕྲུལ་ཚུལ། །བསྟན་རྣམས་རྗེས་སུ་དྲན་ཅིང་གུས་པས་འདུད། །ཚེམས་ཤིང་སར་བཙུགས་དཔག་བསམ་ལྗོན་ཆེན་རྒྱས། །གཡས་གཡོན་རིན་ཆེན་རི་བོ་ངོ་མཚར་ལྡན།་་་འབྲས་བུ་དང་རྩྭ་ལྗང་ལྡན་པས་ཚིམ། ཞབས་བསིལ་དོར་བ་ཡིད་འོང་པད་མཚོར་གྱུར། །རྫིང་བུར་ཆུ་ཀླུང་བརྒྱད་འཐོན་ཆོས་སྒྲ་སྒྲོག །ཞལ་གྱི་འོད་ཀྱིས་ཀུན་གསལ་སྒྲིབ་ལྔ་བྱང་། །འཁོར་ཀུན་ཕན་ཚུན་སེམས་ཤེས་བྱིན་གྱིས་བརླབས། །སློབ་ཚོགས་འཁོར་ལོས་བསྒྱུར་བའི་རྣམ་པར་་་རྩིབས་ཀྱི་མུ་ཁྱུད་ལྟ་བུའི་འཁོར་དང་བུ་སྟོང་ཅན།བསྒྱུར། །སྤྱོད་ལམ།་་་སྣ་ཚོགས་ཆོ་འཕྲུལ་འདུ་མཛད་མུ་སྟེགས་ཕམ། །གཙུག་ཏོར་ཚངས་པའི་ཡུལ་སར་མཐོ་ཞིང་ལྷམ། །སྲིད་རྩེར་ཁྱབ་སྐུའི་འོད་ཀྱིས་སྲིད་གསུམ་གསལ། །སྐུ་ལས་འོད་འབར་དམ་ཆོས་བདུད་རྩི་བསྟན།་་་ལག་ན་རྡོ་རྗེས་ཁྲི་བཤིགས་པ་སྡིགས་བྲོས། གསེར་འོད་ཀུན་ཁྱབ་་་ཕོག་ཚད།ཆགས་སྡང་མེད་པར་བྱམས། །ལྟེ་བའི་སྦུབས་ནས་སངས་རྒྱས་སྤྲུལ་པ་་་འོད་རྩེར་སངས་རྒྱས་གཉིས་དང་དེ་ལས་གྲངས་མེད།འགྱེད། །མཆོད་པའི་མེ་ཏོག་ངོ་མཚར་་་རིན་པོ་ཆེར་གྱུར་འོད་འབར་སངས་རྒྱས་བཞུགས་པའི།བཀོད་པར་བསྟན། །འཁོར་ཀུན་་་རོ་བརྒྱའི་ཟས་ཀྱི།རོས་ཚིམས་དམྱལ་གནས་བདེ་བར་མཛད། །ཆོས་འཕྲུལ་ཆེར་སྟོན་རྒྱལ་བར་གསོལ་བ་འདེབས། །སྟོན་པའི་རྣམ་ཐར་དྲན་ཅིང་གུས་བྱེད་ལ། །ཐུགས་རྗེས་དགོངས་ཤིང་བྱིན་གྱིས་བརླབ་པར་མཛོད། །མི་ཕམ་པས་ཆོ་འཕྲུལ་ཆེན་པོའི་དུས་དགེ་བར་བྲིས་པ་མངྒ་ལཾ།། །། ༈ དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ནི། ན་མ་སཏྲཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱཔྟི། དྷརྨ་ཏཱ་བཱ་སི་ནཱཾ། ཨཾ་ཨ། ས་མ་ས་མ་ས་མནྟ་ཏོ། ཨཱ་ནནྟཱ་པཱཔྟི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎི་བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ་ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ། དགེའོ།། །། ༈ ཚུལ་ཁྲིམས་རྣམ་དག་གི་གཟུངས། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ཁྲིམས་འཆལ་གྱི་ཉེས་པ་དག་ཅིང་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་སོགས་གསུངས་སོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རིག་འཛིན་སྲོག་སྒྲུབ་ལས༔ ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན་ (Volume 35, Text 20)

ྈ རིག་འཛིན་སྲོག་སྒྲུབ་ལས༔ ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན་བཞུགས་སོ༔ ྈྈྈྈ ཟག་མེད་བདེ་ཆེན་ལས་བྱང་རྐང་གྲངས་ལ༔ སྐྱབས་འགྲོ་སེམས་བསྐྱེད་མཚམས་གཅོད་སྲུང་འཁོར་དང༔ ཕྱི་ནང་གསང་བའི་མཆོད་པ་བྱིན་རླབས་དང༔ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་མཆོད་ཅིང་བསྟོད༔ བཟླས་པ་ཚོགས་ལས་བསྐུལ་ཞིང་ཟློག་སྒྱུར་དང༔ ཆད་མདོ་བརྟན་སྐྱོང་གཏོར་མནན་དངོས་གྲུབ་ལེན༔ རྡོ་རྗེའི་རྐང་གྲངས་དགུ་གཉིས་ཟུང་དུ་བསྟན༔ དེ་ལ་དང་པོ་སྐྱབས་འགྲོ་ནི༔ ཨོཾ་ཨཱཿཧཱུྃ༔ སྲིད་ཞིའི་དྭངས་བཅུད་ཆོས་དབྱིངས་ཐིག་ལེའི་ངང༔ རྒྱལ་ཀུན་དགོངས་གསང་འོད་གསལ་སྙིང་པོའི་བཅུད༔ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམ་ཆེན་ལ༔ སྐྱབས་སུ་མཆི་འོ་སྨོན་འཇུག་མཆོག་སེམས་བསྐྱེད༔ ཅེས་ལན་གསུམ་བརྗོད༔ གཉིས་པ་བགེགས་གཏོར་མཚམས་གཅོད་ནི༔ ཧྲཱི༔ ལྷུན་གྲུབ་སྣོད་ཡངས་འོད་གསལ་སྙིང་པོའི་བཅུད༔ འབྲུ་གསུམ་འོད་ཞུ་ཟག་མེད་གཏོར་མ་འདི༔ བདེན་འཛིན་གཉིས་སྣང་རྣམ་རྟོག་བགེགས་ལ་བསྔོ༔ རང་ཤར་རང་སར་གྲོལ་བའི་ཕྲིན་ལས་མཛོད༔ ཡེ་ནས་ཆོས་སྐུ་སྐྱེ་མེད་འོད་གསལ་བའི༔ རང་སྣང་ལྷུན་གྲུབ་སྒྱུ་མ་ལྷའི་རོལ་པ༔ གཏུམ་འཇིགས་མཚོན་ཆར་འཁྲུགས་པའི་གུར་ཁང་འདིར༔ གཉིས་སྣང་ཡེ་ཤེས་འཁོར་ལོར་མཚམས་གཅད་དོ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ གསུམ་པ་སྲུང་འཁོར་ནི༔ ཧྲཱི༔ རྣམ་རོལ་ཆོས་སྐུ་ཡེ་ཤེས་རྒྱན་གྱི་དབྱིངས༔ སྣང་སྟོང་འཇའ་ཚོན་ལྷ་ཡི་སྐུ་གསུང་ཐུགས༔ མཚོན་ཚོགས་འབྱུང་ལྔ་འཁྲུགས་པའི་འཁོར་ལོའི་དབུས༔ སྣང་སྲིད་སྲ་བརྟན་རྡོ་རྗེའི་སྲུང་འཁོར་དབུས༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཌཱ་ཀི་ནཱི་རཀྵ་རཀྵ་ཧཱུྃ༔ བཞི་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དངོས་པོའི་གཤིས༔ གསལ་སྟོང་ཟུང་འཇུག་ཡི་གེ་འབྲུ་གསུམ་གྱིས༔ དྭངས་མར་སྦྱངས་པའི་འདོད་ཡོན་འོད་ཕུང་བཅུད༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་ཁྱབ་པར་གྱུར༔ མ་ཧཱ་པཉྩ་རཀྟ་པཱུ་ཙ་གྷ་ཎ་ཙཀྲ་ཨོཾ་ཨཱཿཧཱུྃ༔ སརྦ་སིདྡྷི་ཕ་ལ་ཨ་མྲྀཏ་ཧཱུྃ༔ ལྔ་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ བྷྲཱུྃ༔ འོད་ལྔ་དྭངས་མ་རྡོ་རྗེའི་གཞལ་ཡས་སུ༔ ཆོས་དབྱིངས་ཁྲོ་རྒྱལ་མེ་རླུང་མཚོན་ཆར་འཁྲུགས༔ ནང་ན་དུར་ཁྲོད་རབ་འཇིགས་ཀུན་བཀོད་རྫོགས༔ རྡོ་རྗེ་འཛིན་དང་གཤིན་རྗེ་སྐྱི་གཡའི་གནས༔ ཁྲག་མཚོ་ཡེ་ཤེས་རང་འོད་འཁྲུགས་པའི་ཀློང༔ ཆོས་འབྱུང་དགའ་འཁྱིལ་པདྨ་ཉི་ཟླའི་སྟེང༔ གནོད་བྱེད་རུ་དྲ་ཕོ་མོ་བྱི་ཆིངས་བསྣོལ༔ ཧྲཱིཿལས་སྐད་ཅིག་རྡོ་རྗེ་ཕག་མོའི་སྐུ༔ ལོ་བརྒྱད་ལང་ཚོ་དམར་གསལ་བྷ་ག་དང༔ ནུ་མ་རབ་རྒྱས་ཁྲོ་འཛུམ་སྤྱན་གསུམ་གཡོ༔ ཕྱག་གཡས་གྲི་གུག་ནམ་མཁའི་དབྱིངས་སུ་འཕྱར༔ ཕྱག་གཡོན་རྡོ་རྗེ་ཁ་ཊྭཱཾ་གྲུ་མོར་བརྟེན༔ ཐོད་ཁྲག་ཞལ་དུ་བསྙོད་པའི་འགྱིངས་སྟབས་ཅན༔ གཡས་བསྐུམ་གཡོན་བརྐྱང་ཕག་ཞལ་ངུར་སྒྲ་སྒྲོག༔ དབུ་རྒྱན་སྙན་རྒྱན་ཕྱག་ཞབས་གདུ་བུ་དང༔ རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པན་མཛེས༔ གནས་ལྔར་རྡོ་རྗེ་རིན་ཆེན་སངས་རྒྱས་དང༔ པདྨ་ལས་ཀྱི་དཔའ་བོ་ཌཱ་ཀི་ནཱི༔ དཀར་སེར་མཐིང་དམར་ལྗང་བའི་སྐུ་མདོག་ཅན༔ རང་རྟགས་ཕྱག་མཚན་རྒྱན་རྣམས་གཙོ་དང་མཐུན༔ རྡོ་རྗེ་ལུས་ཀྱི་རྩ་འཁོར་ཇི་སྙེད་དང༔ བ་སྤུའི་བུ་ག་ཀུན་ལ་རྫོགས་གསལ་ཞིང༔ དེ་ཡི་ཕྱོགས་མཚམས་སྟེང་འོག་མ་ལུས་པ༔ རིགས་ལྔ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ ཤུགས་འགྲོ་དཔའ་བོ་དམ་ཅན་ཆོས་སྲུང་ཚོགས༔ གིང་ལང་བརྟན་མ་གཙང་རིགས་དཔལ་མགོན་པོ༔ བདུན་ཅུ་རྩ་ལྔ་སྣང་སྲིད་ལྷ་སྲིན་རྣམས༔ རང་རང་གཙོ་འཁོར་འཇའ་ཟེར་འོད་དུ་འབར༔ དྲུག་པ་སྤྱན་འདྲེན་པ་ནི༔ ཧྲཱི༔ དམ་ཚིག་དེ་ལྟར་གསལ་བའི་གནས་ལྔ་ནས༔ ཐུགས་རྗེའི་འོད་ཀྱིས་ཕོ་ཉས་སྣང་སྲིད་གང༔ མཁའ་སྤྱོད་རྒྱལ་བ་རིག་འཛིན་སྲས་དང་བཅས༔ དཔལ་རི་པདྨ་རྔ་ཡབ་གླིང་མཆོག་ནས༔ འབུམ་ཕྲག་དཔའ་བོ་དྷཱ་ཀིའི་ཚོམ་བུ་རྣམས༔ སྤོས་སྤྲིན་ལྷ་ཡི་མེ་ཏོག་འཇའ་ཟེར་དཀྱིལ༔ གར་སྟབས་སྙན་པའི་གླུ་སྒྲ་མཆོད་སྤྲིན་བཅས༔ དར་དཔྱང་རིན་ཆེན་རྒྱན་ཆ་སི་ལི་ལི༔ འདུ་འབྲལ་མེད་པ་རྟག་བརྟན་རྡོ་རྗེའི་ཞིང༔ སྙིང་དབུས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་དང༔ བདེ་ཆེན་འོད་གསལ་རྡོ་རྗེ་ཕག་མོའི་སྐུར༔ སྣང་སྲིད་དཔའ་བོ་ཌཱ་ཀིའི་ངོ་བོར་བཞུགས༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ བདུན་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ སྟོང་མདངས་འདོད་ཡོན་ལྷ་མོ་བཞིན་ལེགས་མས༔ དྭངས་མའི་མཆོད་སྤྲིན་སྲིད་ཞིའི་ཁམས་བརྡལ་ཞིང༔ དྲི་མེད་བྱང་ཆུབ་སེམས་ཀྱི་ཞབས་བསིལ་མཆོག༔ བདེ་གསལ་མི་རྟོག་ཏིང་འཛིན་པདྨོ་རྒྱས༔ སྟོང་ཉིད་སྙིང་རྗེའི་ཚུལ་ཁྲིམས་དྲི་འཕྲོ་ཞིང༔ མ་རིག་མུན་སེལ་འོད་ཀྱི་ཡེ་ཤེས་སྒྲོན༔ སྣང་བ་བཞི་རྫོགས་ཆོས་དབྱིངས་དྲི་ཡི་མཆོག༔ རྡོ་རྗེའི་ཏིང་འཛིན་འབུམ་གྱི་བཅུད་ལྡན་བཤོས༔ གྲགས་སྟོང་རྡོ་རྗེའི་སྒྲ་དབྱངས་འབུལ་ལོ་བཞེས༔ ཨརྒྷཾ་སོགས་བརྗོད༔ ཧྲཱི༔ བདག་གཞན་འགྲོ་བའི་སྒྲིབ་གཉིས་ཀུན་བྱང་ནས༔ གཞོན་ནུ་བུམ་སྐུར་འཇའ་ལུས་འོད་སྐུར་སྨིན༔ སྤྲུལ་པས་ཁམས་གསུམ་འཁོར་བ་དོང་སྤྲུགས་ནས༔ གསང་ཆེན་ཨ་ཏིའི་སྒྲུབ་བརྒྱུད་རྒྱས་པར་ཤོག༔ ནང་མཆོད་ནི༔ ཧྲཱི༔ གདོད་གཞི་འོད་གསལ་སྙིང་པོའི་སྲིད་ཞིའི་བདེ༔ འོད་སྐུར་འཁྱིལ་བའི་དམ་རྫས་རྩ་བ་བརྒྱད༔ ཡན་ལག་སྟོང་སྦྱར་ཨ་མྲྀ་ཏའི་མཆོད་པ༔ ཌཱ་ཀི་གསང་བའི་རྫས་སུ་འབུལ་ལོ་བཞེས༔ ནང་གསང་རྡོ་རྗེ་འཁོར་ལོ་བཞི་ཡི་གནས༔ འོད་སྐུར་བྱང་བའི་ས་ལ་རྒྱུ་དྲུག་དང༔ རྐྱེན་བཞི་རཀྟ་རྦ་ཀློང་ཆེན་པོའི་བཅུད༔ བདེ་སྟོང་ཉམས་རྟོགས་སྦར་ཕྱིར་མཆོད་པ་འབུལ༔ གསང་མཆོད་འབུལ་བ་ནི༔ ཧྲཱི༔ ཐབས་ཤེས་བདེ་སྟོང་དགའ་བ་བཞིར་རྫོགས་པའི༔ བཅུ་དྲུག་ས་རྩེར་འཇའ་ལུས་འོད་སྐུའི་ངང༔ གསང་གསུམ་རྡོ་རྗེའི་བྱང་ཆུབ་སེམས་ཆེན་པོ༔ དཔའ་བོ་ཌཱ་ཀིའི་དཀྱིལ་འཁོར་ལྷ་ལ་འབུལ༔ གཏོར་མ་འབུལ་བ་ནི༔ ཧྲཱི༔ རྡོ་རྗེའི་སྣོད་ཡངས་ཆོས་ཀྱི་དབྱིངས་ཆེན་པོར༔ སྣང་སྲིད་འདི་ཀུན་དཔལ་གྱི་གཏོར་མར་བཤམས༔ རང་ཤར་རང་གྲོལ་སྐྱེ་འགག་བྲལ་བའི་ངང༔ བདེ་ཆེན་ཟག་མེད་གཏོར་མས་ཐུགས་དམ་བསྐང༔ སརྦ་ཌཱ་ཀི་ནཱི་མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བོ་དྷི་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ སྐབས་འདིར་རྒྱས་པར་བྱེད་ན་བདུད་རྩི་ལག་མཆོད་ཀྱང་བླང་ངོ༔ བསྟོད་པ་ནི༔ ཧྲཱི༔ ཕྱོགས་དུས་ཞིང་ཁམས་རབ་འབྱམས་རྒྱལ་བ་ནི༔ ཟག་མེད་དྭངས་མར་འོད་ལྔར་བཅུད་འདུས་པའི༔ ཐུགས་རྗེའི་སྤྱི་གཟུགས་རྒྱལ་བའི་ཡུམ་གཅིག་མ༔ བདེ་ཆེན་ཟག་མེད་རྡོ་རྗེ་ཕག་མོར་བསྟོད༔ ཁྱོད་སྐུ་དར་དཔྱང་རིན་ཆེན་རུས་རྒྱན་དང༔ ཕྱག་ཞབས་གདུ་བུ་དབུ་རྒྱན་སྙན་གྱི་རྒྱན༔ འགྱིངས་གཡོ་ཕག་ཞལ་ནག་པོའི་ངུར་སྒྲ་ཡིས༔ ཌཱ་ཀི་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ གནས་ལྔ་ཕྱོགས་མཚམས་སྟེང་འོག་མ་ལུས་དང༔ མཁའ་སྤྱོད་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་གིས༔ ལས་བཞི་ཆགས་ཐོགས་མེད་པར་མྱུར་བསྒྲུབས་ནས༔ སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི༔ སྙིང་གི་པདྨོ་ཟེའུ་འབྲུ་ཁ་བྱེ་བའི༔ གེ་སར་ཟླ་ཉི་བརྩེགས་པའི་ལྟེ་བར་ཧྲཱི༔ མཐའ་སྐོར་ཡེ་ཤེས་ལྔ་ལྡན་ཧ་དང་རི༔ ནི་སའི་སྙིང་པོ་དག་ལས་འོད་འཕྲོས་པས༔ ཕྱི་ནང་གསང་གསུམ་རྒྱལ་བའི་ཞིང་ཁམས་དང༔ ཉེར་བཞི་དུར་ཁྲོད་གནས་ཡུལ་སྣོད་བཅུད་ཀྱི༔ དྭངས་མ་འོད་ཕུང་ཟག་མེད་ཡིག་འབྲུར་ཐིམ༔ ཡེ་ཤེས་རླུང་གཡོས་ནུས་སྤར་བཟླས་པ་ནི༔ ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཧཱུྃ་ཕཊ༔ འདི་ཉིད་གྲངས་བསྙེན་དུས་དང་རྟགས་རྫོགས་བསྙེན༔ གང་ཚེ་ཛཔ྄་དགོངས་དམིགས་པའི་འཕྲོ་འདུ་ནི༔ སྣང་སྲིད་ལྷ་སྔགས་འོད་ཟེར་ཕྱག་མཚན་གྱིས༔ ཞི་རྒྱས་དབང་དྲག་ལས་བསྒྲུབས་ཚུར་བསྡུས་ནས༔ བརྗོད་བྲལ་དབྱིངས་གཞི་ལྷ་སྔགས་དབྱེར་མེད་པའི༔ རྡོ་རྗེ་ལྟ་བུའི་འོད་གསལ་སྙིང་པོའི་སྐུ༔ ཟག་བྲལ་སྣང་སྲིད་དཔའ་བོ་ཌཱ་ཀིའི་དབྱིངས༔ ཡེ་ཤེས་ལྔ་རྫོགས་སྐྱེ་མེད་ངང་ནས་བཟླས༔ ཚོགས་མཆོད་ནི༔ ཧྲཱི༔ ལྷར་གསལ་མདུན་དུ་ཆོས་དབྱིངས་ཀ་པཱ་ལར༔ དམ་རྫས་ཡོངས་འདུས་སྣང་སྲིད་ཚོགས་མཆོད་སྟོང༔ རཾ་ཡཾ་ཁཾ་གྱིས་ཉེས་སྐྱོན་དྲི་མ་སྦྱངས༔ འབྲུ་གསུམ་འབྲུ་ལྔ་ཧ་རི་ནི་ས་ཡིས༔ དབྱིངས་ནས་བྱིན་བརླབས་འོད་ལྔའི་སྤྲིན་ཕུང་གཏིབས༔ ཚོགས་ཕུད་ནི༔ སྒྲུབ་བརྒྱུད་སྐྱེས་མཆོག་ཡི་དམ་ལྷ་ཡི་ཚོགས༔ ཡུམ་ཆེན་ཕག་མོ་འབུམ་ཕྲག་མཁའ་འགྲོ་དང༔ བཀའ་གཏེར་ཆོས་སྲུང་དམ་ཅན་རྒྱ་མཚོར་བཅས༔ ཆགས་དང་ཞེན་པ་བྲལ་བས་ཞལ་དུ་བསྟབ༔ འཁོར་གསུམ་དམིགས་མེད་འོད་གསལ་ཆོས་ཀྱི་སྐུ༔ སྲིད་ཞི་སྐྱེ་མེད་དོན་གྱི་ཕག་མོ་ཡུམ༔ མཆོད་དང་མཆོད་བྱ་མཉམ་ཉིད་ངང་དུ་བསྐང༔ ལྷག་གཏོར་ནི༔ ཧྲཱི༔ ལྷག་ལ་དབང་དང་དཀྱིལ་འཁོར་མུ་རན་སྐྱོང༔ དྲེགས་པའི་ལྷ་སྲིན་གིང་ལང་བརྟན་མ་དང༔ འདས་དང་མ་འདས་བཀའ་ཉན་ལྷ་སྲིན་ཚོགས༔ ལྷག་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ བསྐུལ་བ་ནི༔ ཧྲཱི༔ གཞི་དབྱིངས་ཆོས་སྐུའི་དཀྱིལ་འཁོར་དང༔ ནང་དབྱིངས་འདབ་བརྒྱད་ཙིཏྟའི་དབུས༔ ཕྱི་དབྱིངས་འཇིགས་རུང་དུར་ཁྲོད་བརྒྱད༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་དང༔ དཀར་མོ་འབུམ་དང་སེར་མོ་འབུམ༔ དམར་མོ་འབུམ་དང་ལྗང་མོ་འབུམ༔ དཔའ་བོ་གིང་དང་ཤུགས་འགྲོ་འབུམ༔ རང་འཁོར་ཡབ་ཡུམ་སྤྲུལ་པར་བཅས༔ སྐུ་ལ་ཆེ་བའི་བརྡ་དང་རྟགས༔ སྣང་སྲིད་ལྷ་སྲིན་བླ་རྡོ་རུ༔ རྔམ་པའི་རྒྱན་ཆ་ཁྲོ་ལོ་ལོ༔ རིན་ཆེན་དྲིལ་གཡེར་སི་ལི་ལི༔ དར་དཔྱང་ཅོད་པན་པུ་རུ་རུ༔ ཐོག་རྒོད་སེར་མདའ་ཆེམས་སེ་ཆེམ༔ སྟོང་གསུམ་གློག་དམར་ཀེམས་སེ་ཀེམ༔ མཚོན་ཆ་བུ་ཡུག་ཆི་ལི་ལི༔ དྲག་སྔགས་ཧཱུྃ་སྒྲ་འུ་རུ་རུ༔ ཡེ་ཤེས་ལས་ལ་དབང་བ་ཡི༔ ཁ་གདངས་དམར་མོ་ཁྲག་འཛག་མ༔ ནད་གཏོང་མ་མོ་འབུམ་གྱི་གཙོ༔ སྨད་ཚོང་མྱོས་པར་བྱེད་པ་དང༔ ཆང་ཚོང་མ་དང་གསོད་བྱེད་མ༔ སྒྲོལ་བར་བྱེད་དང་ཚོས་མཁན་མ༔ སྲིད་ཞིའི་ཁམས་ཀྱི་རྫུ་འཕྲུལ་དང༔ མཐུ་སྟོབས་ནུས་པའི་མངའ་བདག་མོ༔ སྡེ་བརྒྱད་དྲེགས་པའི་དེད་དཔོན་མ༔ རྣལ་འབྱོར་སྐྱོབ་པའི་མགོན་གཅིག་མ༔ བསྐུལ་ལོ་ཆོས་ཀྱི་དབྱིངས་ནས་བསྐུལ༔ བསྐུལ་ལོ་སྙིང་གི་དཀྱིལ་ནས་བསྐུལ༔ བསྐུལ་ལོ་དུར་ཁྲོད་བརྒྱད་ནས་བསྐུལ༔ བསྐུལ་ལོ་སྒྲུབ་པའི་གནས་ནས་བསྐུལ༔ ཟློག་པ་ནི༔ བྷྱོ༔ རྒྱབ་ནས་འདེད་དང་མདུན་ནས་བསུ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཅིང༔ བསྡོ་བའི་དགྲ་དཔུང་བགེགས་དཔུང་དང༔ ལྟས་ངན་མ་རུངས་ཆོ་འཕྲུལ་ཀུན༔ བསྒྲལ་བའི་སྙིང་ཁྲག་ཞལ་དུ་བཞེས༔ རྣམ་ཤེས་ཁྱོད་ཀྱི་ཐུགས་ཀར་སྟིམས༔ ཡ་གིའི་སྲིད་པའི་རྩེ་མོ་ནས༔ མ་གིའི་མནར་མེད་གནས་ཡན་གྱི༔ མི་མཐུན་བར་ཆད་ཐམས་ཅད་ཟློག༔ གློ་བུར་ཡེ་འདྲོག་ཐམས་ཅད་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མཐའ་དམག་ཡམས་ནད་མུ་གེ་ཟློག༔ བྱད་མ་རྦོད་གཏོང་ངན་སྔགས་ཟློག༔ བཟློག་བྱ་ཟློག་བྱེད་བཟློག་པའི་ཡུལ༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ངང༔ ཆོས་དང་ཆོས་མིན་རྒྱུ་འབྲས་ཟློག༔ ཐ་མལ་སོ་མ་བཅོས་བྲལ་བའི༔ ངང་ངམ་གཤིས་ཀྱི་རང་ངོ་ལས༔ གཡོས་པའི་དཀར་ནག་སྒྲིབ་པ་ཀུན༔ ཟང་ཐལ་རིག་པའི་ཀློང་དུ་ཟློག༔ ཆད་མདོ་ནི༔ ཧྲཱི༔ རང་སྣང་དྲན་རིག་མ་དང་སྲིང༔ རྩ་གསུམ་དྲེགས་པའི་བཀའ་འཁོར་ཚོགས༔ རྡོ་རྗེ་ཕག་མོའི་བཀའ་ཉན་མ༔ ཤར་གྲོལ་དུས་མཉམ་གཏོར་མ་ལོངས༔ རིག་འཛིན་སྙིང་གི་ཐིག་ལེ་ཡི༔ བཀའ་གཏད་དབང་བསྐུར་དམ་བསྒྲགས་པའི༔ ཆད་མདོ་མ་གཡེལ་བསྟན་སྐྱོང་ཞིང༔ འཛམ་གླིང་འཁོར་ཡུག་ཁྱབ་པར་མཛོད༔ བརྟན་སྐྱོང་ནི༔ ཧྲཱི༔ བརྟན་མ་བཅུ་གཉིས་མ་དང་སྲིང༔ གིང་ལང་འབུམ་ཕྲག་ལྷ་སྲིན་བཅས༔ ཉམས་སྐོངས་འོད་གསལ་འཁོར་ཡུག་ངང༔ གནས་ལུགས་བསྟན་པ་སྐྱོང་བར་མཛོད༔ སྒྲུབ་བརྒྱུད་སྤེལ་དང་ཕྲིན་ལས་སྒྲུབས༔ འགལ་རྐྱེན་སོལ་ཅིང་དགྲ་བོ་སྒྲོལ༔ མཐའ་དམག་ཟློག་ཅིང་ནད་མུག་ཆོམས༔ འཇིགས་པ་བརྒྱད་ཟློག་རྣལ་འབྱོར་སྐྱོངས༔ གཏོར་མནན་ནི༔ ཨེ༔ གཏིང་མཐའ་མེད་པའི་ཆོས་དབྱིངས་ཆེན་པོའི་ཀློང༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་གཤིས༔ མ་བཅོས་མི་གཡོ་ཏིང་འཛིན་ཅོག་གཞག་ངང༔ འོག་འགྱུ་རྣམ་རྟོག་དྲེགས་པའི་གཟུང་འཛིན་མནན༔ བདེ་ཆེན་ཡངས་པའི་འོད་གསལ་རབ་འབྱམས་རྩལ༔ རྡོ་རྗེ་ཕག་མོའི་ངོ་བོར་རྟ་བྲོ་བརྡུང༔ འབུམ་ཕྲག་མཁའ་འགྲོ་གར་སྟབས་ཤིགས་སེ་ཤིག༔ གཟུང་འཛིན་འཁོར་བ་དོང་སྤྲུགས་ཆེན་པོར་ཨ༔ དངོས་གྲུབ་བླང་བ་ནི༔ ཧྲཱི༔ སྣང་སྲིད་ནམ་མཁའ་ཆོས་དབྱིངས་འབྱམས་ཀླས་པར༔ ཟག་བཅས་ཟག་མེད་ཞི་རྒྱས་དབང་དྲག་གི༔ དངོས་གྲུབ་འདོད་དགུའི་དཔལ་ཀུན་ད་ལ་འདིར༔ འདུས་པ་རྡོ་རྗེ་ཕག་མོའི་སྐུ་དང་གསུང༔ ཐུགས་ཀྱིས་བདག་སོགས་འགྲོ་བ་སེམས་ཅན་ལ༔ གཡེལ་བ་མེད་པར་ད་ལྟ་ཉིད་དུ་སྩོལ༔ ཁྱད་པར་རྩ་དང་རླུང་དང་ཐིག་ལེ་ཡི༔ བདེ་ཆེན་དྭངས་མ་འཇའ་ལུས་དངོས་གྲུབ་སྩོལ༔ བསྡུ་ཆོག་ནི༔ དང་པོར་མ་བྱུང་བར་དུ་མ་སྐྱེས་ཤིང༔ ཐ་མར་མི་འགག་རང་བྱུང་དབྱིངས་ཆེན་པོར༔ ཤར་གྲོལ་བར་མེད་རྡོ་རྗེའི་ལྡིང་འགྲོས་ངང༔ མི་གཡོ་གཏང་གཞག་བྲལ་བའི་དགོངས་པར་བསྡུ༔ བསྔོ་བ་ནི༔ ཧྲཱི༔ ཟག་བཅས་ཟག་མེད་ཟུང་འཇུག་བླ་མེད་ཀྱི༔ དགེ་ལེགས་འབྲས་བུ་གཅིག་ཏུ་ཕོན་བསྡོམས་ཏེ༔ འགྲོ་ཀུན་སྲིད་ལས་ཞི་བའི་དབྱིངས་འགོད་པའི༔ རྒྱུར་གྱུར་ཕྱིར་མི་ལྡོག་པའི་ས་རྩེར་བསྔོ༔ བཀྲ་ཤིས་ནི༔ ཧྲཱི༔ བཀྲ་ཤིས་དཔལ་འབར་འཛམ་གླིང་སྲིད་ཞིའི་ཁྱོན༔ དཔའ་བོ་བྱིན་ཆགས་ཌཱ་ཀི་ལྟ་ན་སྡུག༔ བདེ་ཆེན་ཉམས་དགའ་འོད་གསལ་ལྷུག་པར་སྐྱེ༔ ཟག་མེད་དགའ་བ་བཞི་རྫོགས་བཀྲ་ཤིས་ཤོག༔ ཕྱི་ནང་གསང་བའི་རིགས་དང་མཚན་བཟང་པོ༔ རྟགས་ཀྱི་ལང་ཚོ་རྫོགས་ལྡན་སྲིད་ཞི་འདིས༔ ཁམས་གང་མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ དྭངས་མའི་འཇའ་སྐུར་སྨིན་པའི་བཀྲ་ཤིས་ཤོག༔ གཏིང་ཟབ་ཀུན་ཏུ་བཟང་མོའི་བྷ་གའི་དབྱིངས༔ གདོད་མའི་རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་དང༔ ནུས་འབར་མངའ་དབང་རྫོགས་པའི་ཕྲིན་ལས་ཀྱིས༔ འདོད་དགུ་དཔལ་དུ་འཁྱིལ་བའི་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསང་སྒྲུབ་ཁྲོ་ནག་གི་ལས་བྱང་རྡོ་རྗེའི་མེ་ལྕེ་ (Volume 47, Text 20)

༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསང་སྒྲུབ་ཁྲོ་ནག་གི་ལས་བྱང་རྡོ་རྗེའི་མེ་ལྕེ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་རིག་སྔགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་གདོན་བགེགས་རྣམ་པར་འཇོམས་དེ་ལ། །གུས་པས་བཏུད་ནས་ཆེས་ཟབ་བྱིན་རླབས་ཀྱི། །རྩལ་ལྡན་སྒྲོ་བྲག་གཏེར་བྱོན་གསལ་བར་བྱ། །དེའང་བཀའ་སྲོལ་འདི་ལ་ཕྱི་སྒྲུབ་དཀར་པོ། ནང་སྒྲུབ་ལྗང་གུ །གསང་སྒྲུབ་ཁྲོ་ནག་གསུམ་དུ་བཞུགས་པ་རྗེས་འཇུག་ཕལ་ཆེར་གྱིས་དེ་གསུམ་བདག་མདུན་བུམ་གསུམ་བྱེད་ནས་བསྒྲུབ། དབང་གསུམ་ཕྱོགས་སུ་བསྐུར་བ་ཉིད་ལག་ལེན་བདེ་བ་ལྟར་སྣང་ཡང་། སོ་སོར་བསྐུར་སྒྲུབ་མཛད་པ་རྩ་བའི་གཞུང་དང་གཏེར་སྟོན་གྱི་དགོངས་པར་འབྱོར་བས། འདིར་གསང་སྒྲུབ་ཁྲོ་ནག་ཁོལ་འདོན་དུ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུར་དཀྱིལ་འཁོར་སྒོ་རྫོགས་རྡོར་རྭ་མེ་རི་སྤྱི་མཐུན་གྱི་ལྟེ་བ་གྲུ་གསུམ་མཐིང་ནག་ཉི་ཟླའི་གདན། དེ་རྒྱབ་འདབ་བཞི་ཕྱོགས་ཚོན། དེ་རྒྱབ་འཁོར་ལོ་སྔོན་པོ་རྩིབས་བཅུ། སྒོ་བཞིར་ཉི་གདན་རྣམས་ལ་ལྷ་མཚན་སྤྱི་བཞིན་བཀོད་པའམ། མ་འབྱོར་ན་གཙོ་འཁོར་བཅུ་དགུའི་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུའི་ཁར་བུམ་པ་ཉེར་ལྔའི་བཅུད་དང་མགུལ་ཆིངས་སྔོ་ནག་སྐུ་ཙཀ་རྨ་བྱ་མེ་ལོང་ཤེལ་གྱིས་ཁ་རྒྱན་བྱས་པ་གཟུངས་ཐག་རྡོ་རྗེ་བཅས་བཞག །གཡས་སུ་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་སྟོད་ཟུར་གསུམ་པ་རྡོ་རྗེ་མེ་རིའི་རྒྱན་ལྡན། གཡོན་དུ་ལྷ་ཙཀ་ཚང་བ། ལས་བུམ་བྱང་ཤར། མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད། ཆོས་སྲུང་དཔལ་མགོན་རྣམས་ལ་དཀར་གཏོར་པད་འདབ་ཅན་ལྔ། ཞིང་སྐྱོང་ཚོགས་ལ་དམར་གཏོར་སྟོད་ཟུར་གསུམ་པ། གཞི་བདག་ལ་དཀར་གཏོར་རྣམས་ཀྱང་བཤམ། དཀར་གཏོར་སོགས་འདུ་བྱ། དབང་དང་མི་འབྲེལ་བའི་སྐབས་སུ་དཔལ་གཏོར་ལྷ་ཙག་རྣམས་མི་དགོས་སོ། །གཉིས་པ་དངོས་གཞིའི་དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ༔ རྐང་གཉིས་གཙོ་བོ་སྲིད་ཞིའི་མགོན༔ སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཞི་བ་ཆགས་བྲལ་འཇིགས་སྐྱོབ་པ༔ དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཚོགས་གསག་ཞིང་གྱུར་འདྲེན་པའི་དཔལ༔ དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ བཀའ་དྲིན་འཁོར་མེད་རྡོ་རྗེ་འཛིན༔ བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་གྲུབ་མ་ལུས་སྩོལ་མཛད་པ༔ ཡི་དམ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ བར་ཆད་མ་ལུས་སེལ་མཛད་པ༔ མཁའ་འགྲོ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པ༔ བསྟན་སྲུང་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་བསྒྲུབས་ནས་ནི༔ འགྲོ་ཀུན་ཡང་དག་ལམ་ལ་རབ་བཅུག་ནས༔ འགྲོ་དོན་འཁོར་བ་དོང་སྤྲུག་སེམས་བསྐྱེད་དོ༔ སརྦ་སཏྭ་ནི་བྷོ་དྷ་ཡ༔ བྷོ་དྷ་ཡ༔ ཨ་ཧོ༔ དེ་ནས་སྡོམ་པ་གཟུང་བ་ནི༔ ན་མོ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ དེ་ནས་བགེགས་གཏོར་བསྔོ་བ་ནི༔ གཞི་བགེགས་ཀྱི་གཏོར་མ་དཀར་དམར་རཾ་ཡཾ་ཁཾ་གིས་བསང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ༔ ང་ནི་རྡོ་རྗེ་འཛིན་པ་སྟེ༔ འཇིག་རྟེན་འདིར་གནས་ལྷ་ཀླུ་དང༔ གནོད་སྦྱིན་བདུད་སྡེའི་དཔུང་ཚོགས་རྣམས༔ སྐྱེ་འགྲོ་ཀུན་ལ་ཕན་གདགས་ཕྱིར༔ ཁྱེད་རྣམས་བྱང་ཆུབ་སེམས་ལྡན་ཞིང༔ གསང་སྔགས་བསྒྲུབ་ལ་དགའ་བ་རྣམས༔ སྡིག་སྒྲིབ་མ་ལུས་བྱང་བར་མཛོད༔ བར་དུ་གཅོད་པའི་བགེགས་ཚོགས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སོ་སོ་རང་རང་གནས་སུ་དེངས༔ ཏདྱ་ཐཱ༔ ཨཱོྃ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷ་ར་དྷ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དཱ་རུ་ཎ་དཱ་རུ་ཎ་བཛྲ༔ ཚིནྡྷ་ཚིནྡྷ་བཛྲ༔ བྷིནྡྷ་བྷིནྡྷ་བཛྲ༔ ཧཱུྃ་ཕཊ་སྭཱ་ཧཱ༔ ཁྲོ་བཅུའི་གཟུངས་ཀྱིས་བསྐྲད་ཅིང་བསྲུང་ངོ༔ དེ་ནས་སྲུང་འཁོར་ནི༔ ཧཱུྃ༔ ང་ནི་ཡེ་ནས་རྡོ་རྗེ་འཛིན༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་ཆེན་པོ༔ བསྐལ་པའི་མེ་དཔུང་འབར་བས་རབ་ཏུ་གཏམས༔ འཇིག་མེད་སྲ་མཁྲེགས་རྡོ་རྗེའི་གུར་དུ་གྱུར༔ དེ་དབུས་སྣ་ཚོགས་ལྟེ་དབུས་ཉི་མའི་སྟེང༔ ཧཱུྃ་མཐིང་ལས་བྱུང་སྣོད་བཅུད་མ་ལུས་པ༔ འཇིག་མེད་རྣམ་པར་འཇོམས་པའི་སྐུ་རུ་གསལ༔ ཨཱོྃ་སརྦ་བིདྱཱཾ་བཛྲ་བཛྲ༔ སྥོ་ཊ་ཡ་བཛྲ་བཛྲ༔ ཀ་ཊ་བཛྲ་བཛྲ༔ མ་ཊ་བཛྲ་བཛྲ༔ མ་ཐ་བཛྲ་བཛྲ༔ ཨཊྚ་ཧཱ་ས་ནཱི་ལ་བཛྲ་བཛྲ༔ སུ་བཛྲཱ་ཡེ་སྭཱ་ཧཱ༔ སྲུང་བའི་གཟུངས་རིང་སྔགས་སོ༔ དེ་ནས་མཆོད་པ་རྣམས་ཆུ་གཙང་གིས་བྲན་ཏེ། བདུད་རྩི་སྨན་རཀ་རྣམས་སྦྲེང་ནས། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨཱོྃ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་སྨན་གཏོར་རཀྟ་དང་བཅས་པ་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་མཆོད་རྫས་བརྟེན་རྫས་སྒྲུབ་རྫས་སྐོང་རྫས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། དེ་ནས་གཞལ་ཡས་ལྷ་བསྐྱེད་པ་ནི༔ སྟོང་པའི་ངང་ལས་རྡོ་རྗེ་ཧཱུྃ་སྔོན་ལས༔ གནམ་ལྕགས་ལས་གྲུབ་གཞལ་ཡས་ཁང་ཆེན་པོ༔ ཕྱི་ནང་མེ་དཔུང་འཇའ་ཟེར་འཁྲུགས་པའི་དབུས༔ གྲུ་གསུམ་དམར་ནག་པདྨ་ཉི་མའི་སྟེང༔ གཟའ་ཀླུ་ས་བདག་རྒྱལ་བསེན་བསྣོལ་བའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཐིང་ལས་འོད་འཕྲོས་པས༔ འཕགས་མཆོད་སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ དགྲ་བགེགས་གདུག་ཅན་མ་ལུས་ཚར་བཅད་ནས༔ ཚུར་འདུས་བདག་ཉིད་རྡོ་རྗེ་རྣམ་འཇོམས་ནི༔ སྐུ་མདོག་མཐིང་ནག་བསྐལ་པའི་མེ་ཕུང་འབར༔ དབུ་སྐྲ་དམར་སེར་གྱེན་བརྫེས་རྡོར་ཕྱེད་བརྒྱན༔ སྤྱན་གསུམ་རབ་བགྲད་ལྗགས་འདྲིལ་མཆེ་གཙིགས་རྔམ༔ དར་འཕྱང་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་གསོལ༔ ཀླུ་ཆེན་བརྒྱད་དང་ཐོད་ཕྲེང་དོ་ཤལ་བརྒྱན༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་དྲིལ་བུ་དཀུར་བརྟེན་འགྱིང་བག་ལྡན༔ ཞབས་གཉིས་འདོར་ཐབས་རྔམ་བརྗིད་འབར་བའི་སྐུ༔ ཞལ་ནས་ཧ་ཧ་ཧཱུྃ་ཕཊ་འབྲུག་སྟོང་ལྡིར༔ ཀླུ་གདོན་བགེགས་དཔུང་མ་ལུས་རྡུལ་དུ་བརླག༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་བསྐྱེད༔ དེ་ཡི་ཕྱི་རིམ་འདབ་བཞི་ལ༔ ཤར་དུ་ཁྲོ་རྒྱལ་རྡོ་རྗེ་གཏུམ་པོ་ནི༔ སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་བསྣམས༔ ལྷོ་རུ་ཁྲོ་རྒྱལ་རཏྣ་གཏུམ་པོ་ནི༔ སྐུ་མདོག་སེར་ནག་རྡོ་རྗེ་ནོར་བུ་བསྣམས༔ ནུབ་ཏུ་ཁྲོ་རྒྱལ་པདྨ་གཏུམ་པོ་ནི༔ སྐུ་མདོག་དམར་ནག་རྡོ་རྗེ་པདྨ་བསྣམས༔ བྱང་དུ་ཁྲོ་རྒྱལ་ཀརྨ་གཏུམ་པོ་ནི༔ སྐུ་མདོག་ལྗང་ནག་རལ་གྲི་རྒྱ་གྲམ་བསྣམས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད༔ ཞལ་གདངས་ལྗགས་འདྲིལ་དབུ་སྐྲ་གྱེན་དུ་འབར༔ སྟག་ལྤགས་ཤམ་ཐབས་སྦྲུལ་ཆུན་མགོ་ཕྲེང་བརྒྱན༔ ཀླུ་གཉན་བགེགས་དཔུང་མ་ལུས་འདུལ་བར་བསམ༔ ཕྱི་རིམ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་སྟེང༔ ཤར་དུ་རྣམ་པར་རྒྱལ་བ་མཐིང༔ ཕྱག་གཉིས་རྡོ་རྗེ་མདའ་གཞུ་བསྣམས༔ ལྷོ་ཕྱོགས་གཤིན་རྗེ་གཤེད་པོ་ནི༔ སེར་ནག་བེ་ཅོན་དགྲ་སཏྭ་བསྣམས༔ ནུབ་ཏུ་རྟ་མཆོག་རྒྱལ་པོ་ནི༔ དམར་པོ་ཐོད་དབྱུག་སྦྲུལ་ཞགས་བསྣམས༔ བྱང་དུ་བདུད་རྩི་འཁྱིལ་པ་ནི༔ ལྗང་སྔོན་རྒྱ་གྲམ་དྲིལ་བུ་བསྣམས༔ ཤར་ལྷོར་མེ་ལྷ་འདུལ་མཛད་ནི༔ དབྱུག་སྔོན་ཐོད་དབྱུག་མེ་དཔུང་བསྣམས༔ ལྷོ་ནུབ་མི་གཡོ་མགོན་པོ་ནི༔ དམར་ནག་རལ་གྲི་སྦྲུལ་ཞགས་བསྣམས༔ ནུབ་བྱང་གཞན་གྱིས་མི་ཐུབ་པ༔ ལྗང་ནག་གྲི་གུག་དགྲ་སཏྭ་བསྣམས༔ བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ༔ དམར་ནག་པདྨ་ནེའུ་ལེ་བསྣམས༔ སྟེང་ཕྱོགས་ཧཱུྃ་ཆེན་ཀཱ་ར་ནི༔ དཀར་པོ་འཁོར་ལོ་རྩེ་གསུམ་བསྣམས༔ འོག་ཕྱོགས་སྟོབས་ཆེན་རྒྱལ་པོ་མཐིང༔ རལ་གྲི་མེ་དཔུང་སྦྲུལ་ཞགས་བསྣམས༔ ཐམས་ཅད་ཁྲོ་ཚུལ་རྔམ་བརྗིད་ཅན༔ ཞལ་ནས་ཧཱུྃ་ཕཊ་འབྲུག་སྟོང་ལྡིར༔ ཞབས་གཉིས་འདོར་ཐབས་འགྱིང་བག་ལྡན༔ དགྲ་དང་བགེགས་ཀྱི་གཉེན་པོར་བསྐྱེད༔ སྒོ་བཞིར་པད་ཉིའི་གདན་སྟེང་དུ༔ ཤར་སྒོར་ལྕགས་ཀྱུ་དཀར་མོ་ནི༔ ཕྱག་གཉིས་ལྕགས་ཀྱུ་བུམ་པ་བསྣམས༔ ལྷོ་སྒོར་ཞགས་པ་སེར་མོ་ནི༔ ཕྱག་གཉིས་ཞགས་པ་བུམ་པ་བསྣམས༔ ནུབ་སྒོར་ལྕགས་སྒྲོག་དམར་མོ་ནི༔ ཕྱག་གཉིས་ལྕགས་སྒྲོག་བུམ་པ་བསྣམས༔ བྱང་སྒོར་དྲིལ་བུ་ལྗང་གུ་ནི༔ ཕྱག་གཉིས་དྲིལ་བུ་བུམ་པ་བསྣམས༔ ཀུན་ཀྱང་ཁྲོ་མོའི་ཆ་ལུགས་ཅན༔ ཞབས་གཉིས་འདོར་ཐབས་འགྱིང་བག་ལྡན༔ ཕྲིན་ལས་རྣམ་བཞི་བསྒྲུབ་པར་བསམ༔ ཀུན་ཀྱང་རང་འོད་ཀློང་དུ་གསལ༔ དེ་ནས་དབང་བསྐུར་བ་ནི༔ གནས་གསུམ་འཁོར་ལོ་གསུམ་དང་འབྲུ་གསུམ་ལས༔ འོད་འཕྲོས་དབང་གི་ལྷ་ཚོགས་རྣམས༔ སྤྱན་དྲངས་དབང་བསྐུར་བྱིན་བརླབས་པས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་ཕྱིར་དུ༔ ཉོན་སྒྲིབ་མ་ལུས་དག་ཕྱིར་དབང་བསྐུར་རོ༔ ན་མཿས་མནྟ་བཛྲ་ནཱན༔ སརྦ་བྷ་ལེན་ཏ་ཨ་བཛྲ་བཛྲ་ཡ༔ མ་ཧཱ་བ་ལེ༔ ཀ་ཏ་པེ༔ ཏ་ཏ་ལེ༔ ཨ་ཙ་ལེ༔ མ་དྷ་ལ་མ་ཡེ༔ ཨ་ཏི་བཛྲ༔ མ་ཧཱ་བྷ་ལེ༔ བྷེ་ག་ར་ཎ་ཧཱུྃ་ཧཱུྃ༔ ཞེས་དབང་བསྐུར་བས་དབང་རྟགས་སུ་ལྷ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་ཅིང༔ སྒོ་སྲུང་རྣམས་ལ་རྡོ་རྗེ་ཕྱེད་པ་རྩེ་ལྔ་པ་རེ་རེས་དབུར་བརྒྱན་པར་བསམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ངང་ལས་མ་གཡོས་ཀྱང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ བགེགས་ཀྱི་དཔུང་རྣམས་མ་ལུས་འཇོམས་མཛད་ཕྱིར༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་འཁོར་དང་བཅས༔ འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ༔ ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ༔ པྲ་ཧ་ར་པྲ་ཧ་ར༔ བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་ལྔ་ཡི་ཕོ་བྲང་དུ༔ རིན་ཆེན་པདྨ་ཉི་མ་བརྩེགས་པའི་སྟེང༔ རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ མ་ཏིསྡྱི་ར་བཛྲ༔ ཤུ་ཏིསྡྱི་ར་བཛྲ༔ པྲ་ཏིསྡྱི་ར་བཛྲ༔ མ་ཧཱ་བཛྲ༔ ཨ་པྲ་ཏི་ཧ་ཏ་བཛྲ༔ ཨ་མོ་གྷ་བཛྲ༔ ཨེ་ཧྱེ་ཧི་བཛྲ༔ ཨཱོྃ་ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་འདུས་པའི་ལྷ༔ མཐུ་སྟོབས་དབང་ཕྱུག་རྡོ་རྗེ་རྣམ་པར་འཇོམས༔ བགེགས་དཔུང་འཇོམས་མཛད་གསང་བདག་ལྷ་ཚོགས་ལ༔ བདག་བློ་མོས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཿཙཎྜ་བཛྲ་པཱ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཨ་ཏི་པཱུ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་འདི་འམ་གཞན་དག་ན༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོ་སོགས༔ མཆོད་པའི་རྫས་མཆོག་ཇི་སྙེད་ཡོད་པ་རྣམས༔ བདག་གི་གུས་པས་བཤམས་པ་འདི༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་ཇི་འདོད་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་སརྦ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ནང་མཆོད་སྨན་གཏོར་སོགས་འབུལ་བ་ནི༔ ཧཱུྃ༔ ངོ་མཚར་རྨད་བྱུང་བརྗིད་ལྡན་དཔལ་གཏོར་འདི༔ རང་བྱུང་རྣམ་དག་ཡེ་ཤེས་བདུད་རྩི་ཆེ༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་འཕྲོ་བ༔ ཤ་ལྔ་སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས༔ འདོད་ཡོན་དཔག་མེད་སྤྲིན་ཚོགས་གཏིབས་པ་འདི༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་ཇི་འདོད་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ དེ་ནས་གཙོ་བོའི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྡོ་རྗེ་རྣམ་འཇོམས་ནི༔ འགྲོ་བའི་དོན་ཕྱིར་གཟུགས་ཀྱི་སྐུར་སྤྲུལ་པ༔ ཕྲིན་ལས་དྲག་པོས་བགེགས་དཔུང་འཇོམས་མཛད་པ༔ ཁྲོ་མཆོག་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ འབར་བའི་མེ་ཀློང་པད་ཉིའི་གདན་སྟེང་དུ༔ ཀླུ་བདུད་དྲེགས་པ་མ་ལུས་བསྣོལ་བའི་སྟེང༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ སྐུ་སྟོད་དར་དམར་ན་བཟའ་རླུང་གིས་གཡེང༔ རིན་ཆེན་པྲོག་ཞུ་སྟག་ཤམ་ཐོད་སྦྲུལ་བརྒྱན༔ ཁྲོ་རྒྱལ་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ སྐུ་ཡི་གཟི་བརྗིད་སྲིད་གསུམ་འོད་ཀྱིས་གང༔ གསུང་གི་ང་རོས་སྟོང་གསུམ་འབྲུག་སྒྲས་ཁེངས༔ ཐུགས་རྗེ་རབ་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ རྡོ་རྗེ་ཁྲོ་ཆེན་འབར་བར་སྐུར་སྟོན་པ༔ འདོར་ཐབས་བདུད་དཔུང་གནོན་ལ་ཕྱག་འཚལ་བསྟོད༔ ཁྲོ་བོའི་ཆས་རྫོགས་གར་དགུའི་ཉམས་དང་ལྡན༔ གཡས་པས་སྣ་ཚོགས་རྡོ་རྗེ་མཁའ་ལ་ཕྱར༔ གཡོན་པས་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན༔ བཅོམ་ལྡན་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ དེ་ནས་འཁོར་གྱི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་ལྷ༔ རྣམ་བཞིའི་འགྲོ་བ་ཀུན་གྱི་དོན་བྱེད་ཅིང༔ བདུད་སྡེ་བགེགས་ཀྱི་དཔུང་ཚོགས་འཇོམས་མཛད་པ༔ ཁྲོ་རྒྱལ་གཏུམ་པོ་བཞི་ལ་ཕྱག་འཚལ་བསྟོད༔ སྟེང་འོག་ཕྱོགས་བཅུའི་བར་ཆད་ཀུན་སེལ་བ༔ རང་བྱུང་འཇིགས་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ རང་རྟགས་སྐུ་མདོག་ཕྱག་མཚན་སྣ་ཚོགས་འཆང༔ གར་དགུའི་ཆས་ལྡན་བགེགས་དཔུང་འདུལ་མཛད་པ༔ བདུད་འདུལ་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྣམ་བཞིས་མ་ལུས་འདུལ་མཛད་པ༔ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པ༔ མཆོད་འོས་བསྟོད་འོས་བསྒྲུབ་འོས་ལ་སོགས་པ༔ ཡུལ་ལྷ་ཟོ་དོར་དབེན་གནས་སྲུང་མ་སོགས༔ ཕྱི་རྒྱུད་སྐྱོང་བ་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་སྒྲུབ་པའི་བདག་མདུན་དཀྱིལ་འཁོར་ཐོག་མ་ནས་སོ་སོ་བསྒོམ། སྤྱན་འདྲེན་སོགས་དུས་གཅིག་བྱར་ཡང་རུང་ལ། རྙིང་ལུགས་སྤྱི་མཐུན་འདི་ནས་ཛཔ྄་ཁང་ཕྱེས་པས་ཀྱང་ཆོག །གང་ལྟར་དེ་ནས་བཟླས་པའི་རིམ་པ་ནི༔ བདག་དང་མདུན་བསྐྱེད་ཐུགས་ཀ་རུ༔ ཉི་ཟླ་གྭ་འུ་ཁ་སྦྱོར་དབུས༔ རྡོ་རྗེ་ཧཱུྃ་མཐིང་མཐའ་སྐོར་དུ༔ སྔགས་ཕྲེང་མགལ་མེ་ལྟར་འཁོར་ནས༔ དབུགས་ཕྱིར་འཕྲོས་པས་འོད་ཟེར་ཞལ་ནས་ཐོན༔ མདུན་བསྐྱེད་ལྷ་ཡི་ཐུགས་དམ་རྒྱུད་བསྐུལ་ནས༔ དབུགས་རྔུབས་འོད་ཟེར་ཚུར་འདུས་ཚེ༔ ནད་གདོན་ལུས་གདོན་མ་ལུས་ཐུལ་བསྲེགས་ནས༔ རང་ལུས་གཟི་བརྗིད་འོད་ཕུང་ཆེར་ལྡན་ནས༔ མཆོག་ཐུན་དངོས་གྲུབ་ཆེན་པོ་ཐོབ་པར་དམིགས༔ དེ་ནས་བསྙེན་པའི་རིམ་པ་ནི༔ ན་མཿཙཎྜ་བཛྲ་ཀྲོ་ཏཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ འདིར་གཏེར་གཞུང་དུ་སྔགས་འགོར་ཨཱོྃ་ཡོད་པར་སྣང་བས་དེ་ལྟར་ཡང་དགོས་འདྲ་ཞིང་། གྲངས་བསྙེན་ནི་བདུན་འབུམ་མོ། །ཐུན་མཐར་རྣམ་འཇོམས་མདོ་གླེང་གཞི་ཚར་གཅིག་གི་འཕྲོར་གཟུངས་རིང་ཚར་གང་འགྲུབ་ཀྱི་མཐར་ཕན་ཡོན་ཚར་གཅིག་བརྗོད་རྗེས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ཁ་བསྐངས་ལ་མཆོད་བསྟོད་བྱ། དབང་ལེན་དམིགས་པ་ཙམ་བྱ། དེ་ནས་སྲུང་མའི་གཏོར་ཆོག་སོགས་རྗེས་རིམ་ལ་འཇུག །ཡང་ཁྲུས་དང་དབང་བསྐུར་བའི་སྐབས་ཐུན་མཐར་མཆོད་བསྟོད་ཀྱི་རྗེས་སུ་བུམ་པ་སྒྲུབ་པ་ནི། ཨཱོྃ་བཛྲ་ཡཀྵ་ཧཱུྃ༔ གིས་བགེགས་བསྐྲད་ལ༔ ཨཱོྃ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས་པཾ་ལས་པདྨ་དང༔ ཨ་ལས་ཟླ་བ་མ་ལས་ཉི་མའི་སྟེང༔ བྷྲཱུྃ་ལས་རིན་པོ་ཆེ་ཡི་བུམ་པ་ནི༔ ལྷ་ཡི་གཞལ་ཡས་ཡངས་ཤིང་རྒྱ་ཆེའི་དབུས༔ གྲུ་གསུམ་དམར་ནག་པདྨ་ཉི་མའི་སྟེང༔ གཟའ་ཀླུ་ས་བདག་རྒྱལ་བསེན་བསྣོལ་བའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཐིང་ལས་འོད་འཕྲོས་པས༔ འཕགས་མཆོད་སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ དགྲ་བགེགས་གདུག་ཅན་མ་ལུས་ཚར་བཅད་ནས༔ ཚུར་འདུས་གསང་བདག་རྡོ་རྗེ་རྣམ་འཇོམས་ནི༔ སྐུ་མདོག་མཐིང་ནག་བསྐལ་པའི་མེ་ཕུང་འབར༔ སོགས་སྐྱེད་ཆོག་གོང་ལྟར་ལ། ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་བསྐྱེད༔ ཕྱི་རིམ་གཏུམ་པོ་བཞི་དང་ཁྲོ་རྒྱལ་བཅུ༔ སྒོ་བ་བཞི་སོགས་ལྷ་ཚོགས་དཔག་མེད་གསལ༔ གནས་གསུམ་འཁོར་ལོ་གསུམ་དང་འབྲུ་གསུམ་ལས༔ སོགས་གོང་ལྟར་དབང་བསྐུར་སྤྱན་འདྲེན་ནས་ནང་མཆོད་བར་སྔར་ལྟར་ལ། བསྟོད་པ་བསྡུ་ན། ཧཱུྃ༔ དུས་གསུམ་རྒྱལ་ཀུན་དབང་ཕྱུག་ཐུགས་ཀྱི་བདག༔ ཕྲིན་ལས་ལྷུན་གྲུབ་ཁྲོ་ཆེན་འབར་བའི་སྐུ༔ མི་མཐུན་གནོད་པའི་དགྲ་བགེགས་དཔུང་བཅོམ་པ༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས་ལ་བསྟོད༔ དེ་ནས་བསྙེན་པའི་རིམ་པ་ནི༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས༔ བུམ་ནང་གི་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ བུམ་ནང་གི་ལྷ་ཡི་ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩིའི་རྒྱུན་བྱུང་ནས༔ བུམ་པ་ཁེངས་པར་བསམ་ལ་བདག་བསྐྱེད་ལྟར་ཡེངས་མེད་རྩེ་གཅིག་པས་བཟླ། མཐར། བཛྲ་པུཥྤེ་སོགས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧིས་མཆོད་ཅིང་བསྟོད་པས་བསྟོད། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ། ཨཱོྃ་ཨཱཿཧཱུྃ་ཞེས་བརྗོད་པས་ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་དུ་འདྲེས་པར་གྱུར་པར་བསམ། དེ་ནས་ལས་བུམ་བསྐྱེད་པ་ནི༔ ཨཱོྃ་བཛྲ་ཡཀྵ་ཧཱུྃ་གིས་བགེགས་བསྐྲད་ལ༔ ཨཱོྃ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས་པཾ་ལས་པདྨ༔ ཨ་ལས་ཟླ་བ༔ མ་ལས་ཉི་མའི་སྟེང་དུ༔ བྷྲཱུྃ་ལས་ལས་ཐམས་ཅད་པའི་བུམ་པ་ཞབས་བརྟན་པ༔ ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ༔ ཁ་གཡེལ་བ༔ མཆུ་འཕྱང་བ༔ དཔག་བསམ་ཤིང་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་པ༔ ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཁེངས་པའི་དབུས་སུ༔ པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས༔ འོད་ཟེར་འཕྲོས་པས༔ འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཉིས་སྡིགས་མཛུབ་ཐུགས་ཀར་བསྣོལ་བ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོ་བདུད་རྩི་འཁྱིལ་པའི་རྣམ་པར་སྤྱན་དྲངས༔ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨེ་ཧྱེ་ཧི་སརྦ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སཏྭཾ། ཕྱག་དང་མཆོད་འབུལ་ནི། ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སརྦ་པཱུ་ཛ་རཏྣ་མ་དྷ་ལ་ཧཱུྃ། བསྟོད་པ་ནི། ཧཱུྃ། རྒྱལ་ཀུན་མཐུ་སྟོབས་ཕྲིན་ལས་བྱིན། །གཅིག་བསྡུས་ཁྲོ་བོའི་སྐུར་སྟོན་པ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །བཟླས་པ་ནི། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་ནང་གི་ལྷའི་ཞལ་དུ་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཐུགས་ཀ་དང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་ཞིང་འོད་ཟེར་གྱིས་སྡིག་སྒྲིབ་དག་པར་བསམ་ལ། ཨཱོྃ་བཛྲ་ཨ་མྲྀཏེ་ཧཱུྃ་ཕཊ༔ ཅི་ནུས་བཟླས་མཐར་མཆོད་ཅིང་བསྟོད་ནས། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ལ། འབྲུ་གསུམ་དང་འོད་ཞུ་སྔར་ལྟར་བྱ། སླར་ཡང་མཆོད་བསྟོད་མདོར་བསྡུས་དང་ཡང་སྙིང་མཐར། ཀཱ་ཡ་སིདྡྷི་ཨཱོྃ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ བུམ་པ་གནས་གསུམ་གཏུགས་ལ་བུམ་ཆུ་འཐུང་བ་སོགས་བྱའོ། །འདི་ཡི་སྒོ་ནས་བྱབ་ཁྲུས་བྱེད་ན་བཀའ་མའི་ཁྲོ་ནག་ལྟར་རམ་སྤྱི་འགྲོ་བྱ་ཆོག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། སྲུང་མའི་གཏོར་མ་དམར་གཏོར་དགྲ་བགེགས་དགུག་གཞུག་བྱས་ལ། ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས་ཤ་ཁྲག་བདུད་རྩིར་བྱིན་གྱིས་བརླབ། དཀར་གཏོར་རྣམས་ལ་ཆབ་བྲན་ནས། རཾ་ཡཾ་ཁཾ་ལན་གསུམ་དང་། ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས་དཀར་མངར་བདུད་རྩིའི་རང་བཞིན་དུ་བསམ། ཨཱོྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོྃ་སམྦྷ་ར་སམྦྷ་ར་ཧཱུྃ༔ སརྦ་ཀ་རི་སརྦ་སིདྡྷི་ཧཱུྃ༔ ལན་ལྔ་ཙམ་བརྗོད་པས་སྲུང་མ་རྣམས་ཀྱིས་གཏོར་མཆོད་བཞེས་ནས་དགྱེས་པར་བསམ་ཞིང་དམར་གཏོར་ཕུལ་ལ། ཧཱུྃ༔ རྒྱལ་བའི་ཞིང་སྐྱོང་གནས་སྲུང་གཏེར་བདག་དང༔ བཀའ་ཉན་མིང་སྲིང་ལས་བྱེད་དྲེགས་པའི་ཚོགས༔ བྲན་གཡོག་ཤ་ཟ་མ་སྲིང་མཁའ་འགྲོ་དང༔ རྡོ་རྗེ་གཡུ་སྒྲོན་གཟའ་བདུད་འབར་བ་དང༔ རོལ་པ་རྐྱ་བདུན་ཡུམ་ཆེན་གདོང་དམར་སོགས༔ གཏོར་ལེན་ཕོ་མོ་འཁོར་དང་བཅས་པ་ཀུན༔ མཆོད་སྦྱིན་དཔལ་གཏོར་སྣ་ཚོགས་འདི་བཞེས་ལ༔ རྣལ་འབྱོར་མཆེད་ལྕམ་མི་ནོར་འཁོར་བཅས་ལ༔ འདོད་དོན་མ་ལུས་སྐྱོན་མེད་འགྲུབ་པ་དང༔ བྱང་ཆུབ་སྒྲུབ་པའི་ཉེར་འཚེ་ཀུན་ཞི་ཞིང༔ ས་ལམ་ཡོན་ཏན་ཡར་ངོ་ལྟར་འཕེལ་མཛོད༔ དེ་ནས་དཀར་གཏོར་འབུལ་བ་ནི༔ དྲིལ་བུ་དཀྲོལ་ཞིང༔ ཧཱུྃ༔ རྒྱལ་བསྟན་དྲི་མེད་སྐྱོང་བར་ཞལ་བཞེས་པའི༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས༔ རྒྱལ་ཆེན་སྡེ་བཞི་འཁོར་ཚོགས་མ་ལུས་དང༔ ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད་པོ་དང༔ ཀླུ་ཆེན་བརྒྱད་སོགས་དྲག་པོ་གཟའ་བརྒྱད་དང༔ མཁའ་ལ་དབང་སྒྱུར་རྒྱུ་སྐར་ཉེར་བརྒྱད་དང༔ གནོད་སྦྱིན་རྒྱལ་པོ་པཉྩི་ཀ་ལ་དང༔ དགྱེས་མཛད་བཙུན་མོ་ཧ་རི་ཀ་དང་ནི༔ འཕྲོག་མ་སྲས་བུ་ལྔ་བརྒྱ་འཁོར་དང་བཅས༔ ཕྱི་ཡི་མཆོད་ཚོགས་དཔལ་གཏོར་དབང་མཛད་པ༔ རྡོ་རྗེ་རིགས་ཀྱི་སྲུང་མ་འཁོར་བཅས་རྣམས༔ ལོངས་སྤྱོད་མཆོད་ཚོགས་དམ་པ་འདི་བཞེས་ལ༔ ཁྱེད་རྣམས་ལོངས་སྤྱོད་ཅི་འདོད་འབྱུང་གྱུར་ཅིག༔ ཡིད་སྤྱོད་དང་མཐུན་མཆོད་པས་ཀུན་ཚིམས་ནས༔ རྣལ་འབྱོར་མཆེད་ལྕམ་མི་ནོར་འཁོར་བཅས་ལ༔ ཟ་འདྲེ་ཕུང་སྲི་མི་ཁ་གླེང་བརྗོད་ངན༔ བྱད་ཟོར་གཏད་ཁྲམ་རྨིས་ལྟས་མཚན་ངན་དང༔ དུས་མིན་འཆི་བརྒྱད་འགལ་རྐྱེན་བཀྲ་མི་ཤིས༔ བྱད་དུག་མཐུ་དང་མི་མིན་གནོད་འཚེ་སོགས༔ མི་མཐུན་ཕྱོགས་ཀུན་མ་ལུས་ཞི་བར་མཛོད༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པ་དང༔ གཞན་དོན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་སྲུང་མ་མཆོད་དོ། །དེ་ནས་བྱབ་ཁྲུས་དང་དབང་བསྐུར་སོགས་གང་དགོས་སྐབས་འདིར་བྱས་རྗེས། གཏང་རག་གི་མཆོད་བསྟོད་མདོར་བསྡུས་ཙམ་བྱེད་ཅིང་། ནོངས་བཤགས་ནི། མ་འབྱོར་པ་དང་ཉམས་པ་དང༔ གང་ཡང་བདག་བློ་གཏི་མུག་པས༔ ལེགས་སྤྱད་འདི་ལ་ཉེས་བྱས་གང༔ གང་ཕྱིར་ལུས་ཅན་སྐྱབས་གྱུར་པས༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་བཟླ། གཤེགས་གསོལ་ནི། ཨཱོྃ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨཱོྃ་བཛྲ་མུ༔ ཡེ་ཤེས་གཤེགས། ཡང་རྟེན་ཡོད་ན༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་འདི་རྣམས་ལ༔ ཇི་སྲིད་འབྱུང་བ་ཆེན་པོའི་གནོད་པས་མ་ཞིག་བར༔ དེ་སྲིད་འདིར་ནི་བརྟན་པར་བཞུགས་སུ་གསོལ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད་ཅིང་བརྟན་བཞུགས་བྱེད། དེ་ནས་བསྡུ་བའི་རིམ་པ་ནི༔ རྡོར་དྲིལ་ཐུགས་ཀར་བསྣོལ་ལ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས༔ འགྲོ་བ་སེམས་ཅན་ཀུན་གྱི་དོན་ཕྱིར་དུ༔ རྣམ་དག་ཆོས་ཀྱི་དབྱིངས་ནས་འདིར་བྱོན་ལ༔ ཐུགས་རྗེས་འགྲོ་ཀུན་འདུལ་བའི་ཕྲིན་ལས་མཛོད༔ དམིགས་མེད་ཁྱབ་གདལ་ཆེན་པོའི་ངང་དུ་བཞག་གོ༔ དེ་ནས་བསྔོ་བ་ནི༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་བསྒྲུབས་མཆོད་བྱིན་རླབས་ཀྱིས༔ ཟག་མེད་བསོད་ནམས་ཚོགས་ཆེན་ནི༔ རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ༔ འདི་གཟུང་ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ སྐྱབས་གནས་རེ་ལྟོས་རྟེན་དུ་བཅས་པ་ཡིས༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཀུན་དག་ནས༔ འགྱུར་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཨཱོྃ༔ ཆོས་སྐུ་འགྱུར་མེད་སྐུ་ཡི་བཀྲ་ཤིས་ཤོག༔ ཨཱ༔ ལོངས་སྐུ་འགག་མེད་གསུང་གི་བཀྲ་ཤིས་ཤོག༔ ཧཱུྃ༔ བརྗོད་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཧྲཱི༔ ལྷུན་གྲུབ་འགྲོ་འདུལ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་ཅིང་རོལ་མོ་འཁྲོལ་ལོ། །རིག་སྔགས་རྡོ་རྗེའི་མཐུ་སྟོབས་བཟོད་དཀའ་བས། །བདུད་བགེགས་ལྷ་མིན་དཔུང་ཚོགས་མིང་མེད་བཅོམ། །བསྟན་འགྲོར་ཕན་བདེའི་ཉི་མ་འོད་པོ་ཆེ། །ནུབ་མེད་རྟག་ཏུ་འཆར་བའི་བཀྲ་ཤིས་ཤོག །ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བར་གྲགས་པས་རིན་ཆེན་གཏེར་ཆེན་པོའི་མཛོད་ཡོངས་སུ་གང་བའི་ཆ་རྐྱེན་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དབེན་གནས་དེ་བཱི་ཀོ་ཊིའི་སྙིང་པོར་གཏེར་གཞུང་ལ་ཕྱག་ལེན་བདེ་བར་བསྡེབས་པ་དགེ་ལེགས་འཕེལ།། །།

མན་ངག་གསེར་གྱི་ཐུར་མ་ཅན་ (Volume 40, Text 20)

༄༅༔ མན་ངག་གསེར་གྱི་ཐུར་མ་ཅན་ཞེས་བྱ་བ་བཞུགས་སོ༔ མངའ་བདག་མྱང་ཉི་མ་འོད་ཟེར་གྱི་གཏེར་མའོ། ། ན་མོ་གུ་རུ༔ དཔེར་ན་མུན་ལོང་གསེར་གྱི་ས་གཞིར་བཞིན༔ གསེར་ལ་གསེར་བཙལ་བས་གསེར་དང་མི་འཕྲད་རང་ཉིད་ངལ༔ དེ་བཞིན་སངས་རྒྱས་སྒོར་ཞུགས་ལ༔ གཅིག་མི་ཤེས་པས་གཅིག་སྒྲུབ༔ དོན་མི་ཤེས་པས་ཡང་ཡང་བསྒྲུབ༔ རང་སེམས་ཐང་ཆད་རང་ཕུང་འགྱུར༔ དེ་བས་དད་པ་གཙོར་བྱེད་ཅིང༔ གཡོ་སྒྱུ་མེད་པར་བླ་མ་བསྟེན༔ ཕངས་སེམས་མེད་པར་ནོར་རྫས་ཕུལ༔ གདམས་ངག་སྟེང་བཅད་ཐེ་ཚོམ་སྤང༔ རང་སེམས་དཔང་དུ་བཙུགས་བྱས་ནས༔ ཕུང་པོ་རླུང་དུ་གཡབ་ཅིང་བསྒྲུབ༔ ངང་བསྲིང་སྟོབས་དང་ལྡན་པས་བསྒྲུབ༔ དེ་ལ་དྲག་སྔགས་ཐམས་ཅད་ཀྱི་མཛོད་ལས༔ མན་ངག་ཁྱད་པར་ཅན་གྱི་ལྡེ་མིག་འདིས་དབྱེ་བར་བྱའོ༔ འདི་ནི་ལུང་རིགས་གསེར་གྱི་ཐུར་མ་ཞེས་བྱའོ༔ ཁྱད་པར་ཅན་གྱི་གདམས་པའོ༔ དེ་ལ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱང་མན་ངག་འདི་རྣམས་དང་ལྡན་ནས་བསྒྲུབ་པ་ཡིན་ནོ༔ དེའི་མན་ངག་ལ་བརྟན་པའི་མཁར་རྩིག་པ་དང་གཅིག༔ དྲངས་པའི་དམག་ཟློག་པ་དང་གཉིས༔ གཞན་དང་འདྲ་མིན་ཡོང་བས་གསལ་ཤིང་འཛུགས་པ་དང་གསུམ༔ དགྲ་བོ་བྱད་དུ་མ་ཚུད་ན་རྒྱ་བྲེ་བྱ་བ་དང་བཞི༔ དྲོད་ཚད་འཛིན་པའི་བྱ་ར་བའི་སོ་པ་དང་ལྔ༔ འགྲུལ་བའི་སྲང་གཏོད་པ་དང་དྲུག༔ དགྲ་བོའི་བླ་རྡོ་གཟུང་བ་དང་བདུན༔ དགྲ་ལ་ཕྲ་མ་འཇུག་པ་དང་བརྒྱད༔ དགྲ་ལ་ཟ་ལམ་བསྟན་པ་དང་དགུ༔ ཁོའི་སྒོ་ཁར་ལྷ་འདྲེའི་ཕོ་བྲང་བཅའ་བ་དང་བཅུ༔ དཔང་པོར་བཞག་པ་དང་བཅུ་གཅིག༔ དགྲ་ཟིན་གཡུལ་སྤྲད་པ་དང་བཅུ་གཉིས༔ དམག་ཟས་སུ་སྦྱིན་པ་དང་བཅུ་གསུམ༔ མཐར་སྒྲིབ་ཤིང་འཛུག་པ་དང་བཅུ་བཞིའོ༔ དེ་ལ་དང་པོ་བརྟན་པའི་མཁར་རྩིག་པ་ནི༔ ཆོས་ཉིད་ཀྱི་ངང་ལ་གནས་ཤིང་ལྟ་བ་དང་ལྡན་པར་བྱ་བ་དང༔ ལྷའི་གཉེན་པོ་ཞེས་བྱ་བ་དགོས་ཏེ༔ དེ་ཡང་མཚན་མ་ཅན་གྱིས་གཉེན་པོར་མཚན་མ་ཅན་ཉིད་བསྒོམ་དགོས་ཏེ༔ སྔོན་ཁོ་ན་ཡེ་ཤེས་ལྷ་ལ་བསྙེན་པ་བྱེད་པ་མན་ངག་གོ༔ དོན་གཉིས་པ་དྲངས་པའི་དམག་ཟློག་པ་ནི༔ ཡེ་ཤེས་ལྷ་ནི་དངོས་གྲུབ་རིང་ཞིང་སྒྲུབ་དཀའ་བས༔ འཇིག་རྟེན་གྱི་དམ་ཅན་དྲེགས་པ་ཅན་ཡེ་ཤེས་ལྷས་དམ་ལ་བཏགས་ཏེ༔ རང་རང་གིས་སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྒྲུབ་སྟེ༔ དེ་ཡང་ལྷ་གཅིག་ལས་མ་གྲུབ་ཀྱང་རྦད་པ་དང་གསད་པ་བྱེད་པའི་དུས་སུ༔ ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་ལ་ཕུད་སྦྱིན་དཔང་གཟུགས་ཤག་གདབ་བསྐུལ་ཤེས་ཚད་བྱས་པའི་ཡོན་ཏན་གྱིས་དགྲ་འདྲེའི་རྒྱབ་རྟེན་བྱེད་པ་ནི་ཉུང༔ རང་གི་ལྷ་འདྲེ་ཚན་ཆེ་ཞིང་རང་གི་དམག་རོག་ཏུ་ཡོང་བ་མན་ངག་ཡིན་ནོ༔ དོན་གསུམ་པ་གསལ་ཤིང་འཛུགས་པ་ནི༔ འཇིག་རྟེན་གྱི་ཁམས་ན་བཏགས་ཚོགས་ཀྱི་མིང་རུས་འདྲ་འདྲ་མང་དུ་ཡོད་པས་དེ་རྣམས་ནོར་སྲིད་དེ༔ ཤིང་གདུག་པ་ཅན་གྱི་ཁྲམ་ཤིང་ལ་དེའི་མིང་རུས་དང༔ ཕ་མ་དང་ཡུལ་ཞིང་དང་ཐ་ན་བླ་རྟགས་ཡན་ཆད་སྲོག་ཁང་ངམ་དལ་ཁར་གཟུག་གོ༔ དེ་ནི་གཞན་དུ་མི་འབྱམས་ཏེ་མཐུ་མྱུར་དུ་འོང་བའི་མན་ངག་གོ༔ དོན་བཞི་པ་རྒྱ་བྲེ་བྱ་བ་ནི༔ སྲུང་མ་ཆུན་ཡང་སྔགས་ཀྱིས་དགྲ་བོ་བྱད་དུ་མ་ཚུད་ན་མཐུ་བུལ་བར་ཡོང་བས་དགྲའི་ལིངྒ་ལ་ཁྲག་སྣ་དང་དུག་སྣ་དང༔ ལྕགས་ཕྱེ་དང་ཟངས་ཕྱེ་དང༔ སྐེ་ཚེ་དང་གུ་གུལ་དང༔ ནད་སྣ་མི་མཐུན་པའི་རྫས་ཚོགས་ཀྱིས་གཞུང་དེ་ཉིད་ན་ཐུན་རྫས་སྔགས་ཡོད་ན་དེས་བྲབ༔ གཞུང་དེ་ཉིད་ན་ཐུན་སྔགས་མེད་ན་རྦད་པ་དང་གསད་པའི་དུས་སུ༔ མཱ་ར་ཡ་ཐུན་ས་མ་ཡ་ཏིཥྛ་ལྷན༔ བྱ་བ་བཏགས་ལ་ལིངྒ་ལ་བྲབ༔ དེ་ནས་ལིངྒ་དེ་ཁོའི་ཁང་པའི་གཡས་གཡོན་དུ་སྦ་བ་དང༔ ཐུན་གྱིས་ཁང་པའི་ཐ་མ་བསྐོར་བ་ནི་ཐུན་རྒྱ་ཞེས་བྱ་བ་སྟེ་མཐུ་མྱུར་དུ་ཡོང་བའི་མན་ངག་གོ༔ དོན་ལྔ་པ་བྱ་ར་བའི་སོ་པ་བཞག་པ་ནི༔ རྟགས་རབ་དངོས་སུ་འོང༔ འབྲིང་ཉམས་སུ་འོང༔ ཐ་མ་རྨི་ལམ་དུ་འོང༔ སྒྲུབ་པའི་རྟགས་བྱུང་བ་དང་ལས་སྦྱོར་བྱ་སྟེ༔ སྒྲུབ་པའི་དུས་སུ་བླ་རྟགས་མེད་པར་ལས་སྦྱོར་བྱེད་མི་རུང་བས༔ ལྷ་འདྲེ་དབལ་སོ་ལ་མ་ཐོགས་པར་ལས་སྦྱོར་བྱས་ན་སླར་རང་ལ་ལྡོག༔ ལས་སྦྱོར་གྱི་དུས་སུ་ཡང་དགྲ་དེའི་བླ་མ་ཁུག་པ་ལ་ལས་སྦྱོར་བྱ་བ་ལ་དོན་མེད་དོ༔ བླ་ཁུག་པའི་རྟགས་བྱུང་བ་དང་གསད་ལས་མ་བྱས་ན་དགྲ་མི་སོད་པས་གསད་ལས་ཀྱི་བྱ་ལུགས་གལ་ཆེའོ༔ མ་ཁུག་པར་ལས་སྦྱོར་བྱས་ན་བླ་ཡར་ནས་ཕྱིས་མི་ཁུག་པས༔ དེ་ཁུག་མ་ཁུག་གིས་དྲོད་ཚད་འཛིན་པ་ནི་བྱ་ར་བ་དང་འདྲ་བས་གལ་ཆེའོ༔ དོན་དྲུག་པ་འགྲུལ་བའི་སྲང་བཏོད་པ་ནི༔ སྲུང་མ་ཉེ་ཡང་དམ་རྫས་ལ་ཆགས་ནས་གནས་སུ་འཁོར་ཞིང་འགྲོར་མི་འདོད་པའམ༔ དགྲ་སྔ་མའི་ས་ནས་ཁ་མ་ཕྲལ་ནས་དགྲ་ཕྱི་མ་ལ་མི་འགྲོ་ན་དེ་ལ་བྱ་ཐབས་ནི༔ རང་གི་གནས་ཁང་ངམ་གཏོར་ཚུག་ནས་དགྲའི་སྒོ་ཁ་རུ་ཐུན་ཁྲག་གྲོད་པ་ཞབས་རྡོལ་དུ་བླུགས་ལ༔ དེ་ཁབ་ཀྱིས་གཙག་ལ་ཐིགས་པ་གཏོར་མ་ལ་ཡང་བག་རེ་འབུལ༔ གཏོར་མ་དགྲ་ལ་ཟ་ལམ་བཏོད་དེ་ལྷ་འདྲེ་དེ་རུ་ཁ་བསྒྱུར་བའི་མན་ངག་གོ༔ དོན་བདུན་པ་བླ་རྡོ་གཟུང་བ་ནི༔ ཁོའི་བླ་རྡོ་ཚེ་སྔགས་པ་བདག་གི་སྲུང་མའི་ལག་ཏུ་གཏད་པའི་ཐབས་ཡིན་ཁོའི་རྐང་རྗེས་ཀྱི་ས་དང་མཆིལ་མ་དང་སྣབས་དང་ཕྱི་ས་དང་སྐྲ་སེན་མོ་དང་གོས་རས་དང་ནོར་སྙིང་འདྲ་བའི་སྤུ་དང་ཐ་མ་ཡང་ཞིང་དང་ཁང་པའི་ས་ཡན་ཆོད་ལ་རང་གི་དྲི་མ་མ་འདྲེས་པར་བྱས་ནས་དགྲའི་ལིངྒ་བྱ་བ་ནི་དགྲའི་བླ་ཚེ་བཀུག་སྟེ་མྱུར་དུ་ཡོང་བའི་མན་ངག་གོ༔ དོན་བརྒྱད་པ་ཕྲ་མ་གཞུག་པ་ལ་གཉིས་ཏེ༔ རང་གི་སྲུང་མ་དང་ཁོ་ལ་ཕྲ་མ་གཞུག་པ་དང༔ ཁོ་རང་གི་སྲུང་མ་དང་ཁོ་ལ་ཕྲ་མ་གཞུག་པའོ༔ རང་གི་སྲུང་མ་དང་ཁོ་ལ་ཕྲ་མ་གཞུག་པ་ནི་འདི་སྐད་དོ༔ ཆེ་གེ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག་གོ༔ དཀོན་མཆོག་གི་དབུ་འཕང་སྨད་དོ༔ སྔགས་འཆང་རྣལ་འབྱོར་རྣམས་ལ་བསྡོས་སོ༔ ལྷ་དང་སྲུང་མ་ཁྱེད་ལ་ཁོས་བསྡོས་སོ༔ ཐེར་རོ་ཐོག་གོ༔ ཁྱེད་ལ་ཁོས་དམ་སྨོད་པར་གདའོ༔ ཁྱོད་ལ་ཁོས་མི་རིགས་པ་ཆེན་པོ་བྱེད་པར་གདའོ༔ ཞེས་བྲིས་ལ་གདག་གོ༔ ཡང་ཡང་སྐབས་སྐབས་སུ་བརྗོད་དོ༔ ཁོ་རང་གི་སྲུང་མ་དང་ཕྲ་མ་གཞུག་པ་ནི་བྱ་ཕོ་རོག་དང་འུག་པའི་སྒྲོ་ལ་ལྷ་དང་ཕྱེ་བ་དང་ཉེ་འབྱེད་ལས་ཀྱི་ཕྲ་མའི་ཆོ་ག་བྱའོ༔ སྒྲོ་གཉིས་བར་དུ་ལིངྒ་གཞུག་གུ་གུལ་དང་མུ་ཟི་ལ་སོགས་པ་རྨེ་རྫས་ཀྱིས་བདུག་གོ༔ དེས་ཁོ་ལྷ་དང་བྲལ་ནས་རང་གི་སྲུང་མས་དབང་མེད་དུ་ཁུག་ནས་ཡོང་བའི་མན་ངག་གོ༔ དོན་དགུ་པ་ཟ་ལམ་བསྟན་པ་ནི༔ ནངས་ནུབ་ཚོགས་མཆོད་བྱེད་པ་དང༔ སྨན་མཆོད་བྱེད་པ་དང༔ གཏོར་མ་འབུལ་བ་དང༔ ཐམས་ཅད་ཆེ་གེ་མོའི་ཤ་ཁྲག་ཏུ་དམིགས་ལ་འབུལ་ལོ༔ ཆེ་གེའི་ཤ་ལ་རོལ་ཅིག༔ ཁྲག་ལ་ཐུངས་ཤིག༔ རུས་པ་འཆོས་ཤིག༔ ཚེ་ལ་ཟ་ལམ་སྟོན་ཅིག༔ ཅེས་བརྗོད་ཅིང་ལིངྒ་གཏོར་མར་སྟོབས༔ ནངས་ནུབ་རྟག་ཏུ་གདབ་ལས་བྱའོ༔ དེ་ནི་ཟ་ལམ་བསྟན་པ་ཞེས་བྱ་སྟེ་ཚར་གཅོད་པའི་མན་ངག་གོ༔ དོན་བཅུ་པ་ཁོའི་སྒོ་ཁར་ལྷ་འདྲེའི་ཕོ་བྲང་བཅའ་བ་ནི༔ ཐོད་པ་མཚན་ངན་གཅིག་ཏུ་འཇིག་རྟེན་པའི་ལྷ་འདྲེའི་མིང་དང༔ སྙིང་པོ་དང་ཐུན་རྫས་སྣ་ཚོགས་བསྲེ་ཞིང་བླུག་གོ༔ དེ་ཁོའི་སྒོ་ཁར་མནན་ན་ལྷ་འདྲེ་ཐམས་ཅད་ཁོའི་ཁང་པའི་སྒོ་ཁར་ཕོ་བྲང་བཅས་ནས་གནོད་པའོ༔ དགྲའི་སྒོ་ཁར་ལྷ་འདྲེའི་ཕོ་བྲང་བཅའ་བའི་མན་ངག་གོ༔ དོན་བཅུ་གཅིག་པ་དཔང་པོར་བཞག་པ་ལ་གསུམ༔ ཡེ་ཤེས་ལྷ་དཔང་པོར་བཞག་པ་དང༔ སྲུང་མ་དཔང་པོར་བཞག་པ་དང༔ ཡུལ་ལྷ་དཔང་པོར་བཞག་པའོ༔ དེ་ཡང་སྔོན་ལ་ཡེ་ཤེས་ལྷའི་ཐུགས་དམ་བསྐང༔ ལྷ་ཐམས་ཅད་གསལ་ཞིང་དཔང་པོར་གཟུག༔ ལྷ་དང་སྲུང་མ་དཔང་པོར་བཞག་པ་ལ་རང་མ་ཉེས་པའི་དཔང་གཟུག༔ ཡུལ་ལྷ་དཔང་པོར་བཞག་པ་ནི་ལས་སྦྱོར་གྱིས་མནན་པ་བྱས་ལ༔ གཅིག་ཡི་དྭགས་ཡོད་པའི་ས་དྲག་པོར་མནན༔ གཅིག་ཁོའི་ཁང་པའི་རྨིང་དུ་མནན༔ གཅིག་ཡུལ་ལྷ་གནས་པའི་སར་མནན་ལ༔ ངས་མ་ལན་ནོ༔ ཁོ་ཡིས་ང་ལ་ཉེས་པ་བྱས་པའི་རྣམ་གྲངས་འདི་རྣམས་ཡོད་དོ༔ བྱས་ལ་ཤག་གདབ་དམོད་བཅོལ་བྱའོ༔ དེ་ནི་མཐུ་མྱུར་དུ་ཡོང་བའི་མན་ངག་གོ༔ དོན་བཅུ་གཉིས་པ་དགྲ་ཟིན་གཡུལ་སྤྲད་པ་ནི༔ སྔགས་ཀྱི་བར་དུ་དགྲ་བོའི་མིང་རུས་བཅུག་ནས་བཟླས་པས༔ ཕམ་རྒྱལ་གཡུལ་ཤན་འབྱེད་པའམ༔ འཁྲུག་པ་འཐབ་ཤན་འབྱེད་པ་དང་འདྲ་བས་མན་ངག་གོ༔ དོན་བཅུ་གསུམ་པ་དམག་ཟས་སུ་སྦྱིན་པ་ནི༔ དགྲ་ལ་རྟགས་བྱུང་ནས་གཏང་རག་དུས་སུ་མ་གཏང་ན༔ ལྷ་འདྲེའི་ཆད་པ་བདག་ལ་འོང་བས་གཏང་རག་མྱུར་དུ་དུས་སུ་གཏང༔ ལས་གྲུབ་པའི་རྟགས་བྱུང་ན་ལིངྒ་ཆ་གསུམ་དུ་བཅད་ནས་ཆ་གཅིག་གཏོར་མར་གཏང༔ ཆ་གཅིག་མནན་པའམ་སྦྱིན་སྲེག་བྱས་ལ་ཐལ་བ་རླུང་ལ་བསྐུར༔ ཆ་གཅིག་གསེར་སྐྱེམས་དང་སྦྲགས་ལ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ་གཏང་རགས་སུ་གཏང༔ དེ་ནི་མན་ངག་ཡང་དག་པའོ༔ དོན་བཅུ་བཞི་པ༔ སྒྲིབ་ཤིང་འཛུགས་པ་ནི་ནང་རྒྱས་དྲག་པོ་བྱུང་བའམ༔ ཕས་ཀྱི་རྦོད་གཏོང་དྲག་པོ་ཡོང་སྙམ་པའམ༔ རང་གི་སྲུང་མ་ལོག་གིས་དོགས་པའམ༔ དེ་ལྟ་བུ་ལ་ཟོན་བྱེད་ན་རང་ལྟ་སྒོམ་ལ་གནས་པར་བྱས་ལ༔ བཅའ་ལུགས་ནི་ཤིང་ལེབ་གཅིག་ལ༔ རང་གི་མིང་རུས་བླ་དྭགས་དང་བཅས་པ་བྲིས་ལ་མཆོད་རྟེན་གཅིག་སྒོ་དྲུང་དུ་བརྩིགས་ལ་དེ་ལ་རབ་གནས་བྱས་ཏེ་བུམ་པར་ཤིང་ལེབ་གཞུག༔ དུས་དུས་སུ་མཆོད་པ་བྱ༔ གཏོར་མ་གཏང༔ བསྐོར་བ་བྱའོ༔ ཤིང་ལེབ་གཅིག་ལ་ཁོ་ཡི་མིང་རུས་བླ་དྭགས་དང་བཅས་པ་བྲིས་ལ་ཁོས་རྦད་པའི་ཕྱོགས་སུ་སྦའོ༔ སྤུ་གྲི་ལ་ཁ་འཐབ་གཞན་ནས་འབྱུང་བ་བཞིན་ཡང་བྱའོ༔ དེ་ནི་སྒྲིབ་ཤིང་འཛུགས་པ་ཞེས་བྱ་སྟེ་རང་ལ་ལྷ་འདྲེས་མི་ཚུགས་པའི་མན་ངག་གོ༔ དོན་བཅུ་བཞི་པོ་འདི་རྒྱལ་པོས་གཞན་ལ་བསྟན་པར་མི་བྱའོ༔ ཞེས་སློབ་དཔོན་པདྨས་རྒྱལ་པོ་ལ་གདམས་པའོ༔ རྒྱལ་པོ་ཆེན་པོ་སེམས་ལ་གནས་པར་གྱིས་ཤིག༔ མངའ་བདག་དགྱེས་ནས་ཡི་གེར་བཀོད་པའོ༔ ཡང་རྒྱལ་པོས་སློབ་དཔོན་ལ་ཞུས་པ༔ ཀྱཻ་ སློབ་དཔོན་ཆེན་པོ་ལགས༔ བསྙེན་པ་ཐེམས་ཀྱང་ལྷ་རྟགས་མེད་ན་སྐྱོན་ཅི་ལགས༔ ལྷ་བསྒྲུབས་ཀྱང་ལས་མ་གྲུབ་ན་སྐྱོན་ཅི་ལགས༔ ལྷ་རྟགས་བཟང་ཡང་དགྲ་རྟགས་མེད་ན་སྐྱོན་ཅི་ལགས༔ དགྲ་རྟགས་བཟང་ཡང་དགྲ་མ་སོད་ན་སྐྱོན་ཅི་ལགས༔ རྟགས་དང་མཚན་མ་བཟང་པོ་ཡོང་འཕྲོ་ལ་ཆད་ན་སྐྱོན་ཅི་ལགས༔ སྲུང་མ་གནས་སུ་ཆགས་ནས་དགྲ་སར་འགྲོ་མ་འདོད་ན་སྐྱོན་ཅི་ལགས༔ དགྲ་ཕྱི་མ་ལ་རྦད་ན་སྔ་མའི་ས་ནས་ཁ་མ་ཕྲལ་ན་སྐྱོན་ཅི་ལགས༔ མཐུ་ཆེ་ཡང་རྣལ་འབྱོར་པ་ལྟོག་ཏུ་སོང་ན་ཇི་ལྟར་བྱ༔ ཡང་སྲུང་མ་རྩེ་ལྡོག་བྱེད་ན་དེ་ཁད་ཀྱིས་ཞི་བར་འདོད་ན་ཇི་ལྟར་བྱ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ རྒྱལ་པོ་ཆེན་པོ་སྙན་གསོན་དང༔ བསྙེན་པ་ཐེམས་ཀྱང་ལྷ་རྟགས་མེད་ན་བླ་མ་དང་དམ་ཚིག་ཉམས་པ་ཡོད་པ་ཡིན་པས་བཤགས་པ་བྱའོ༔ དམ་ཚིག་བསྐང་བླ་མ་མཉེས་པར་བྱའོ༔ ལྷ་བསྒྲུབས་ཀྱང་ལས་མ་འགྲུབ་ན་ལས་ཀྱི་མཐའ་བསྒྱུར་ཞན་པ་ཡིན་པས་མནན་སྲེག་འཕང་གསུམ་གྱིས་ལས་ལ་ནན་ཏན་ཆེར་བྱའོ༔ ལྷ་རྟགས་བཟང་ཡང་དགྲ་རྟགས་མེད་ན་ཟློག་པ་མཁན་ཡོད་པ་ཡིན་པས་སེངྒེ་ཁ་འཐབ་དང་དགྲ་བོའི་ངག་མནན་པའི་ལས་བྱའོ༔ དགྲ་རྟགས་བྱུང་ན་ཡང་དགྲ་མ་སོད་ན༔ ཁོའི་ལྷ་སྲུང་གིས་སྐྱོབ་པ་ཡིན་པས་ལྷ་དང་དབྱེ་བ་བྱས་ལ་དེ་ནས་རྦད་གསད་ཀྱི་ལས་བྱའོ༔ དགྲ་རྟགས་ཡོང་འཕྲོར་ཆད་ན༔ མཁོན་དང་མི་གཙང་བས་ལན་པ་ཡིན་པས་ཆོས་འདོན་ཁྲུས་བྱ་གྲིབ་སེལ་བསྒོམ༔ སྲུང་མ་དམ་རྫས་ལ་ཆགས་ནས་དགྲ་སར་འགྲོ་མ་འདོད་ན་དགྲ་ལ་ཟ་ལམ་བསྟན༔ འོ་དོད་འབོད༔ ཟོར་འཕང་ངོ༔ དགྲ་ཕྱི་མ་ལ་རྦད་ན་སྔ་མ་ལ་ཟ་ཁ་ཟུག་ནས་འགྲོར་མ་འདོད་ན་དགྲ་བོ་སྔ་མ་ཤི་བའི་ཐོད་པ་བླངས་ལ་དེའི་ནང་དུ་དགྲ་ཕྱི་མའི་མིང་རུས་བཅུག་ལ་དགྲ་ཕྱི་མའི་ཁང་པའི་རྩར་མནན་ནོ༔ མཐུ་ཆེ་ཡང་རྣལ་འབྱོར་པ་ལྟོག་ཏུ་སོང་ན༔ ཚོགས་དང་གཏོར་མ་ཞན་པ་ཡིན་པས་དུས་བཟང་པོ་ལ་ཚོགས་དང་གཏོར་མ་ཡང་ཡང་བྱའོ༔ སྲུང་མ་འགྲུབ་ཀྱང་འཁུ་ལྡོག་བྱེད་ན༔ དེ་ཁད་ཀྱིས་སྤང་བར་འདོད་ན༔ གང་ཡིན་པ་དེའི་སྐུ་གཟུགས་དང་སྲོག་སྙིང་དམ་རྫས་དང་སྒྲུབ་རྫས་ཐུན་རྫས་རྣམས་ཐོད་པར་བཅུག་ལ་རང་གི་ཕྱིར་སྒོར་གཏོར་སྟེགས་ནང་ཅན་མཐོ་བ་ཞིག་བརྩིགས་ལ་སྐུ་བསྐྱེད་ལ་དེའི་ནང་དུ་གཞུག༔ ཐོད་པ་དེ་མིས་མི་མཐོང་བར་བྱའོ༔ དེའི་སྟེང་དུ་ཡེ་ཤེས་ལྷ་ཡི་གཏོར་མ་ཡང་ཡང་བཏང་ན༔ དེ་ཕན་ཆད་སྲུང་མ་དེ་འཁུ་ལྡོག་ཇེ་ཆུང་ཇེ་ཆུང་འགྲོ༔ ཁད་ནས་བཞག་ན་གནོད་པ་མི་ཡོང་ངོ༔ སྤྱིར་རྟགས་ཀྱི་རྟགས་ཅི་ཡོང་ཡང་རྣལ་འབྱོར་པ་ཉམས་དགའ་ཞིང་ཏིང་ངེ་འཛིན་གསལ་ན༔ རྟགས་རྩུབ་པ་ལྟར་འདུག་ཀྱང་ལྷ་རྟགས་ཡིན༔ སྙིང་མི་དགའ་ཞིང་གཉིད་བྲོ་ཁྲོ་སྙིང་འདོད་ཏིང་ངེ་འཛིན་མི་གསལ་ན་རྟགས་བཟང་ལ་འཇམ་ཡང་བར་གཅོད་ཡོང་བའི་རྟགས་ཡིན་ནོ༔ སྒྲུབ་པ་བྱེད་པའི་དུས་སུ༔ རྣལ་འབྱོར་པ་འཚིག་པ་ཟ་ཞིང་ཁྲོ་སྙིང་འདོད་ན་དམ་རྫས་མ་ཚང་བའམ༔ གཏོར་ཚོགས་ཞན་པས་དམ་རྫས་བསགས་ཚོགས་དང་གཏོར་མ་བཏང་ངོ༔ གཏོར་མ་དམ་བཅས་པ་ཆག་ན༔ ལྟོ་བཀྲེས་འགྲོ་དགོས་ཟེར་ཡོང༔ བླ་མ་དང་དམ་ཚིག་ཉམས་ན་ཡུན་དུ་བཀྲ་མི་ཤིས་པ་ཡོང༔ རང་ཉམས་སུ་ལེན་པའི་སྲུང་མ་དང་ཡི་དམ་མི་དམ་མེད་ལ་བྱིན་ན་རང་མཐུ་ཆུང་དུ་འགྲོའོ༔ གདམས་ངག་གསང་སྐོར་མི་དམ་མེད་ལ་བྱིན་ན༔ རང་ལ་ལྷའི་ཆད་པ་ཡོང་ངོ༔ དམ་རྫས་སྒྲུབ་རྫས་མི་དམ་མེད་ལ་བྱིན་ན་ཟས་ནོར་བཅུད་ཆུང་དུ་འགྲོའོ༔ གཞན་གྱི་ངོ་སྲུང་ལ་ཟློག་པ་དང་ཕྲིན་ལས་བྱེད་ན་རྣལ་འབྱོར་པ་ཚེ་ཐུང་དུ་འགྲོ༔ གསང་སྔགས་ཟབ་མོ་ནོར་དུ་བཙོང་ན་འཕྲལ་ཕན་པ་སྙམ་བྱེད་ཀྱང་ཐ་མ་ལྟོག་ཏུ་འགྲོའོ༔ ཞེས་གསུངས་སོ༔ ཡང་མངའ་བདག་གིས་ཞུས་པ༔ ཀྱཻ་ སློབ་དཔོན་ཆེན་པོ་ལགས༔ བསྙེན་སྒྲུབ་ཀྱི་དུས་དྲེགས་པ་ཅན་བསྒྲུབས་ཀྱང༔ རྣལ་འབྱོར་པ་ཉམས་དང་དྲོད་ཆེ་ཆུང་གིས་འགྲུབ་མ་འགྲུབ་ཀྱི་རྟགས་སམ་ཉམས་རྨི་ལམ་དང་ཕལ་གྱིས་རྟགས་མཚོན་ན་བསྙེན་པ་སྐྱོལ་བའི་རྟགས་གང་མཆིས༔ ཏིང་ངེ་འཛིན་གཡེལ་ན་རྟགས་གང་མཆིས༔ ཏིང་ངེ་འཛིན་ཐང་ལྷོད་ཤོར་ན་རྟགས་གང་མཆིས༔ གཏོར་མ་འདོད་ན་རྟགས་གང་མཆིས༔ ཞུས་པས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ བསྙེན་པ་རྫོགས་ནས་རང་གི་གཞུང་ནས་རྟགས་བཤད་པ་རྣམས་ཡོང༔ ཏིང་ངེ་འཛིན་གཡེལ་ན་རྨི་ལམ་དུ་ཐང་སྟོང་དང་ལུང་སྟོང་དུ་ཕྱིན་པ་རྨི་ཡོང༔ ཤེས་པ་བྱིན་མ་ཆགས་པ་ཡོང༔ ཏིང་ངེ་འཛིན་ཐང་ལྷོད་ཤོར་ན་མདུང་དང་རལ་གྲི་ལ་སོགས་ཡུ་བ་མེད་པའམ༔ མེ་ལོང་མི་གསལ་བ་རྨི་ལམ་དུ་འོང་ངོ༔ གཏོར་མ་འདོད་ན༔ སྟོན་མོ་བྱེད་པ་དང༔ ཤ་ཆང་འདྲེན་པ་དང༔ ཟས་ཕར་ཟ་ཚུར་འཐུང་བྱེད་པ་རྨི་ལམ་དུ་ཡོང༔ ངོ་ཚ་སྣོལ་ནས་ཕོ་མཚན་མོ་མཚན་སྟོན་པ་ཡོང༔ ནུ་མ་སྟོན་པ་བྱུང་ན་གཏོར་མ་འདོད་པ་ཡིན༔ རྣལ་འབྱོར་པ་རང་ཡང་སྔར་བས་གྲོད་པ་ཆེར་འགྲོ༔ ཟས་སྐོམ་དུང་དུང་འདོད་པ་བྱུང་ན་གཏོར་མ་འདོད་པ་ཡིན༔ འདོད་པ་ལ་མ་བྱིན་ན་ཕྱུགས་ལ་གོད་ཁ་ཡོང་བས་གཏོར་མ་ལ་བརྩོན་པར་བྱའོ༔ རྣལ་འབྱོར་པ་བར་ཆད་ཟློག་པའི་མན་ངག་ཡིན་ནོ༔ ཡང་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ལྷ་འདྲེ་གང་ཡིན་ཡང་བསྒྲུབ་ན་མི་འགྲུབ་པའི་རྟགས་གང་ལགས༔ ཟློག་པ་མཁན་ཡོད་པའི་རྟགས་གང་ལགས༔ བར་ཆད་ཡོང་བའི་རྟགས་གང་ལགས༔ གུ་རུས་གསུངས་པ༔ གླུ་ལེན་པ་དང༔ རྟ་རྐྱང་གི་ཁྱུ༔ ལག་རྡུམ་དང༔ ཞ་གྲུམ་དང༔ ཐུར་དུ་བབ་པ་དང༔ གཅན་ཟན་དང་དུད་འགྲོ་གང་ཡང་རུང་བ་མཆེ་བ་མེད་པ་དང༔ རང་གི་གོས་བཤུས་པ་དང༔ དུག་པོ་ཧྲུལ་པོ་གྱོན་པ་རྨིས་ན༔ ཇི་ལྟར་བསྒྲུབས་ཀྱང་མི་འགྲུབ་པའི་རྟགས་སོ༔ སྒོ་ཁྱི་རང་ལ་ཟུག་པ་དང༔ བྲན་ཁོལ་གྱིས་བཀའ་མི་ཉན་པ་དང༔ རང་གི་སྤུན་ཟླའམ༔ ཕ་ཁུ་ཁྲོས་ནས་རང་ལ་དྲེགས་པ་དང་རྒོལ་བ་དང༔ ཁྲོ་ཞིང་འཚིག་པ་ཟ་བ་རྨིས་ན༔ ལྷ་འདྲེའི་འཁུ་ལྡོག་ཡོང་བའི་རྟགས་ཡིན་ནོ༔ ཡུགས་ས་དང༔ མཛེ་མོ་དང༔ མྱ་ངན་བྱེད་པ་དང༔ ཁ་ཆར་དང༔ བུ་ཡུག་དང༔ འདམ་རྫབ་དང༔ འཚུབ་མ་རྨིས་ན་ཉམས་གྲིབ་ཀྱིས་ཕོག་པའི་རྟགས་ཡིན་ནོ༔ བདག་མི་གཞན་གྱིས་དེད་པ་དང༔ གཡང་ལ་ལྟུང་བ་དང༔ ཟམ་པ་ལ་ཕྱིན་པ་དང༔ རྦབ་ཡང་ཡང་ཕོག་པ་དང༔ རང་མཚོན་རང་ལ་ཟུག་པ་རྨིས་ན་བར་ཆད་འོང་བ་དང་ཟློག་པ་མཁན་ཡོད་པའི་རྟགས་ཡིན་ནོ༔ རྐང་ལག་ཆད་པ་དང༔ ཞིང་ལ་ཆུ་བཏང་འཕྲོ་ལུས་པ་དང༔ སོ་འདོན་པ་དང༔ ལས་བྱེད་འཕྲོ་ལུས་པ་དང༔ དེ་ཚོ་རྨིས་ན་ལྷ་མ་ཆུན་པའི་རྟགས་ཡིན༔ དེ་ལ་སོགས་པ་རང་གི་རིགས་པས་ཤེས་པར་བྱའོ༔ ཡང་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སྔགས་མ་ཚང་བའི་རྟགས་གང་ལགས༔ རྫས་མ་ཚང་བའི་རྟགས་གང་ལགས༔ ལས་སྔགས་ཆད་པའི་རྟགས་གང་ལགས༔ རྫས་ལ་ལྷག་ཆད་བོ་ཟག་བྱུང་བའི་རྟགས་གང་ལགས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ སྔགས་མ་ཚང་ན་རྨི་ལམ་དུ་རྟ་སྲབ་མེད་པ་དང༔ མཚོན་ཡུ་བ་མེད་པ་དང༔ སྡོང་པོ་ཡལ་ག་མེད་པ་དང༔ དེ་རྣམས་རྨིས་ན་སྔགས་མ་ཚང་བའི་རྟགས་ཡིན་ནོ༔ ལས་བྱེད་དུ་འགྲོ་འདོད་པ་ལ་ལག་ཆ་མེད་པ་དང༔ ཕྲེང་ཐག་ཆད་པ་དང༔ མི་གཞན་ལ་ལས་བཅོལ་བས་མ་ཉན་པ་དང༔ ཁང་སྟོང་དུ་ཕྱིན་པ་དང༔ སྣོད་སྟོང་ཐོགས་པ་དང༔ དེ་རྣམས་རྨིས་ན་རྫས་མ་འཚོགས་པ་ཡིན་ནོ༔ ལས་སྔགས་ཆད་ན༔ མདའ་ལ་མདེའུ་མེད་པ་དང༔ གྲི་སོ་མེད་པ་དང༔ མཚོན་རྩེ་མོ་ཆག་པ་དང༔ གྲོག་པོ་སྟོང་པ་རྨིས་ན༔ ལས་སྔགས་ཆད་པ་ཡིན༔ སྔགས་ནོར་ན་བདག་ལ་སློབ་དཔོན་རྒོལ་བ་དང༔ ཨ་ཙ་རས་རྒྱ་སྐད་དུ་སྨྲ་བ་དང༔ བདག་ཆེན་པོ་ནས་ཕྲིན་བསྐུར་བ་དང༔ དེ་རྣམས་རྨིས་ན་སྔགས་ནོར་བ་ཡིན་ནོ༔ རྫས་མ་འཚོགས་ན་ཀ་ཆ་སྟོར་བ་དང༔ སྣོད་ཞབས་མེད་པ་དང༔ ཕྱི་ས་རང་གིས་ཕྱགས་པ་རྨིས་ན་རྫས་ཡོད་པ་ནོར་སྟོར་བ་ཡིན༔ གཞན་ཡང་རང་གིས་ཁྱིམ་གྱི་ལུད་འདོན་པ་དང༔ ཁྲུས་བྱས་པ་དང༔ འཕུར་ཞིང་འགྲོ་བ་རྨིས་ན༔ ཀ་ཆ་ཆུང་དུ་འགྲོ་བ་ཡིན་གསུངས༔ ཡང་ཞུས་པ༔ སྔགས་ཀྱི་བདག་པོ་བདག་ལ་ཉན་པའི་རྟགས་གང་ལགས༔ ལས་ལ་ཚུད་པའི་རྟགས་གང་ལགས༔ ལས་གྲུབ་པའི་རྟགས་གང་ལགས༔ ལས་བྱེད་པའི་རྟགས་གང་ལགས༔ བརྡའི་རྟགས་གང་ལགས༔ སྔགས་ལ་སོ་བཏགས་རན་པའི་རྟགས་གང་ལགས༔ ཞེས་ཞུས་པས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཉན་པའི་རྟགས་བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་གང་བྱུང་ཡང་ཡིན་ནོ༔ ཁྱད་པར་དུ་འབངས་ཁོལ་བ་དང༔ དུད་འགྲོ་དེད་པ་ཀུན་ཡིན༔ ལས་ལ་ཚུད་པའི་རྟགས་ནི༔ ཤིང་གཅོད་པ་དང༔ མཁར་བཤིག་པ་དང༔ སྒྱོགས་བརྒྱབ་པ་དང༔ གཡུལ་འགྱེད་པ་དང༔ དམག་འདྲེན་པ་དང༔ རྔོན་བྱེད་པ་དང༔ དགྲ་དངོས་གསོད་པ་དང༔ དེ་ལ་སོགས་པ་རྨིས་ན་ལས་ལ་ཚུད་པའི་རྟགས་ཡིན་ནོ༔ ྿ ལས་ཟིན་པའི་རྟགས་ནི༔ སྡོང་པོ་འགྱེལ་བ་དང༔ ཞིང་རྨོས་པ་དང༔ སྙིང་ཟོས་པ་དང༔ སྲོག་རྩ་གཏུབ་པ་དང༔ ཤ་བཙོས་པ་ཟོས་པ་རྨིས་ན༔ ལས་ཟིན་པའི་རྟགས་ཡིན་ནོ༔ བརྡའི་རྟགས་མཚོན་ཁྱེར་བ་དང༔ ཕྱིས་ཕྱིས་ཡོང་ངོ༔ སྔགས་ལ་སོ་བཏགས་རན་པའི་རྟགས་ནི༔ མཚོན་ཆ་བདག་ལ་གཏད་པ་དང༔ གྲི་དང་མདུང་བརྡུང་བ་དང༔ མདའ་དང་མདེའུ་མང་པོ་སྟེར་བ་དང༔ སྔགས་ཀྱི་ངར་སོ་བཏགས་ཤིང་དྲག་པོའི་ལས་བྱ་རན་པའི་རྟགས་སོ༔ ཞེས་སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པའོ༔ ྀཨཚ༔ རྒྱལ་པོ་མཉེས་ནས་ཡི་གེར་བཀོད་པའོ༔ ཐུགས་རྗེ་ཅན་གྱི་པད་འབྱུང་དང༔ ལས་འཕྲོ་ཅན་གྱི་རྒྱལ་པོ་གཉིས༔ སྔགས་ཀྱི་རྒྱ་མདུད་གྲོལ་བར་ཤོག༔ བློ་ཡི་ཐེ་ཚོམ་གྲོལ་བར་ཤོག༔ བསྟན་པ་ཡོངས་སུ་བསྲུང་བར་ཤོག༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་ཉིད་བདེན་པས་མ་ཐུལ་ཞིང༔ དམ་ཆོས་ནུབ་པར་གྱུར་པའི་ཚེ༔ གསང་སྔགས་བོན་དུ་གྱེར་པའི་དུས༔ དམ་ཚིག་ཉམས་པས་མཐུ་རྩལ་ཆུང༔ དབེན་རྩ་ཉེས་པས་སྲུང་མ་གཡེལ༔ དམ་ལ་མི་གནས་ཚུལ་འཆོས་མང༔ སློབ་མ་མེད་པར་སློབ་དཔོན་རིངས༔ ཤེས་ལོང་མེད་པར་གཞན་ལ་སྟོན༔ འགྲུབ་རྟགས་མེད་པར་རྨི་ལམ་ཟློ༔ འགྲུབ་ལོང་མེད་པར་མཐུ་ངོམས་བྱེད༔ རང་ལ་ཟབ་མོ་མེད་པའི་རྟགས༔ སྔགས་པ་ཀུན་ལ་སྨོད་ཅིང་འཕྱ༔ ཞེ་སྡང་གདུག་སེམས་ལྡན་པའི་མིས༔ ཟབ་མོ་ཡོད་ཀྱང་མི་ལ་སྤེལ༔ སྣོད་ངན་བུར་སྦྱིན་གསང་བ་ནི༔ སློབ་མས་རྫས་དང་ཡོ་བྱད་ཆེར༔ སྟེར་ཡང་དད་པ་མེད་པའི་མི༔ དམ་ཚིག་གཙོ་བོར་མི་འཛིན་པ༔ སྒྱུ་གསོགས་ཅན་ལ་གསང་བར་གསུངས༔ བརྗོད་མེད་དམ་ཚིག་དད་པ་ཅན༔ དེ་ལྟ་བུ་ལ་མི་སྟེར་ན༔ བླ་མ་ཉིད་ཀྱང་སྒྲིབ་པར་གསུངས༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལུང་གསེར་གྱི་ཐུར་མ་ཅན་ཞེས་བྱ་བ༔ གུ་རུས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱི་དོན་དུ་མཛད་པའོ༔ མངའ་བདག་མྱང་གི་གཏེར་མའོ། །སརྦ་མངྒ་ལཾ།། །།

སྤྲུལ་པའི་རྒྱལ་ཆེན་སྐུ་ལྔའི་གསོལ་ཕྲིན་དབང་གི་གད་རྒྱངས་ (Volume 39, Text 20)

སྤྲུལ་པའི་རྒྱལ་ཆེན་སྐུ་ལྔའི་གསོལ་ཕྲིན་དབང་གི་གད་རྒྱངས་ཞེས་བྱ་བ། ན་མོ་བཛྲ་མ་ཧཱ་ཀྲོ་དྷ་ཡ། དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་ཟན་ཡངས་ཆོས་འཁོར་ཆེན་པོ་སོགས་གར་བཞུགས་ཀྱི་གནས་ནས་སྤྲུལ་པའི་རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །རྣམ་འགྱུར་འབར་བའི་སྐུར་སྟོན་པ། །སྤྲུལ་པའི་ཆོས་སྐྱོང་རྒྱལ་ཆེན་ནི། །སྡེ་ལྔ་འཁོར་གཡོག་དཔུང་དང་བཅས། །སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་ལོ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རཱ་ཛ་སིདྡྷི་ས་མ་ཡ་ཛཿཛཿ ཛ་ཧཱུྃ་བཾ་ཧོཿཨ་ལ་ལ་ཧོཿ ཧཱུྃ། རིན་ཆེན་སྣ་ལྔའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །བསྟན་པ་སྲུང་ཕྱིར་བཞུགས་ནས་ཀྱང་། །བདག་དོན་མ་ལུས་ཡོངས་རྫོགས་མཛོད། །ཧཱུྃ། རྒྱལ་ཆེན་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ། །དཀར་མངར་སྨན་ཕུད་རྫིང་བུར་གཏམས། །མྱོས་བྱེད་རཀྟའི་རྦ་ཀློང་འཁྲུགས། །དམར་གྱི་གཏོར་མ་ལྷུན་པོར་སྤུངས། །དགྲ་བོའི་ཤ་རུས་གཅལ་དུ་བཀྲམ། །སྨྱུག་རྒོད་མདའ་དར་རྒྱལ་མཚན་སོགས། །སྤྱན་གཟིགས་ལོངས་སྤྱོད་མཐུན་པའི་རྫས། །དཔག་མེད་དགྱེས་རྒུར་འཆར་བའི་སྤྲིན། །ཡིད་འཕྲོག་མཆོད་པ་རྒྱ་མཚོས་མཆོད། །འཁོར་བཅས་ཐུགས་དམ་དགྱེས་བསྐངས་ནས། །མ་གཡེལ་བརྩེ་བས་སྡོངས་གྲོགས་མཛོད། །རཱ་ཛ་སིདྡྷི་ས་མ་ཡ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོཿའི་བར་གྱི་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་སྟོབ། རཱ་ཛ་སིདྡྷི་ས་མ་ཡ་ཛཿས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཧཱུྃ། སྒྲུབ་མཆོག་བདུད་འདུལ་ཐུགས་དམ་ཅན། །འགྲོ་དོན་ལེགས་ཉེས་སྟངས་འཛིན་པ། །དམ་ཉམས་གདུག་པ་ཀུན་གྱི་གཤེད། །ཐོགས་མེད་འཇིགས་བྱེད་ཁྱོད་ལ་བསྟོད། །སྐྱེ་མེད་ཐུགས་ཀྱི་ཆོ་འཕྲུལ་ལས། །སྐུ་རྒྱལ་མོན་བུ་པུ་ཏྲ་དང་། །ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན། །གསུང་གི་རྒྱལ་ཆེན་དགྲ་བླ་སྐྱེས། །ཕྲིན་ལས་ཆོས་སྐྱོང་པེ་ཧ་ར། །རྣམ་རོལ་ཅིར་ཡང་འཆར་བའི་རྒྱན། །སོ་སོའི་སྤྲུལ་པ་བཙུན་མོ་བློན། །ཕོ་ཉ་རུ་འདྲེན་གར་མཁན་སོགས། །འཁོར་གཡོག་དཔུང་ཚོགས་བསམ་ལས་འདས། །སྣང་སྲིད་དྲེགས་པ་འབངས་སུ་སྡུད། །ཆོས་འཁོར་སྐྱོང་བའི་གཡར་དམ་ཅན། །མཐུ་རྩལ་བདག་པོ་ཁྱོད་ལ་བསྟོད། །སྔོན་ཚེ་བྲག་དམར་ཀེའུ་ཚང་དུ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །བཀའ་བསྒོས་དམ་ཚིག་གཉེར་གཏད་བཞིན། །ཐུགས་དམ་གཉན་པོ་མ་གཡེལ་བར། །སྙིང་པོའི་བསྟན་དང་བསྟན་འཛིན་སྡེ། །འདུས་པའི་དགེ་འདུན་ཆོས་འཁོར་བཅས། །རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། །བར་ཆད་མི་མཐུན་རྐྱེན་རྣམས་སོལ། །ཆོས་སྲིད་མངའ་ཐང་ལེགས་ཚོགས་སྤེལ། །སྐྱེ་འགྲོའི་སྣང་བ་དབང་དུ་སྡུས། །མི་བསྲུན་ལོག་པར་ལྟ་བའི་དཔུང་། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །མཐའ་རྩ་སྐྱེ་རྒྱུད་རྩད་ནས་ཆོད། །ཕྱོགས་ལས་རྣམ་རྒྱལ་དགེ་མཚན་གྱི། །གྲགས་པའི་རུ་མཚོན་དགུང་དུ་ཕྱོར། །མདོར་ན་རྣལ་འབྱོར་བདག་ཅག་གིས། །བཅོལ་པའི་ལས་རྣམས་མ་ལུས་པ། །དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། མགྲོན་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་བསྐུལ་བའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཟ་མ་ཏོག་ (Volume 28, Text 20)

༄༅། །གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གཞི་ལམ་འབྲས་བུ་ཀུན་ཏུ་མི་ཤིགས་པའི། །ཆོས་བདུན་མངོན་པར་རྟོགས་ཏེ་བྱང་ཆུབ་པ། །རྒྱལ་ཀུན་གསང་འཛིན་ཐུགས་ཀྱི་རྡོ་རྗེ་ཡིས། །བདག་རྒྱུད་ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས། །གཏུམ་པོའི་སྨིན་བྱེད་རས་བྲིས་ལ། །བརྟེན་པའི་ཆོ་ག་བྱ་སླ་བ། །རང་གཞུང་ལས་ཀྱང་མི་འདའ་ཞིང་། །བསྡུས་པའི་གཞུང་གཞན་མཐུན་པར་བཀོད། །གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བ་ལ་རྒྱས་པར་སྒྲུབ་པའི་ཁོག་དབུབ་དང་འབྲེལ་བར་རྡུལ་ཚོན་གྱི་ཕྱོགས་ལ་བརྟེན་པ་ནི་ཕྱག་ལེན་མཛད་པ་ཉུང་བས་སྤྲོ་ན་གཞན་དུ་ཤེས་པར་བྱ། འདིར་རས་བྲིས་ལ་བརྟེན་པའི་ཆོ་ག་ལའང་རྒྱས་བསྡུས་གཉིས་ལས་སྔ་མ་ཤེས་ན་ཕྱི་མ་ཤུགས་ལས་རྟོགས་པར་འགྱུར་བས་དེ་ལྟར་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གསུམ། ས་ཆོག །ལྷག་གནས། དཀྱིལ་འཁོར་ཡོ་བྱད་དགོད་པའོ། །དང་པོ་ས་ཆོག་ལ་བརྟག་སློང་སྦྱོང་གཟུང་བཞི་ལས། བརྟག་པ་ནི་འདིར་མི་དགོས། སློང་བ་ནི། དཀྱིལ་འཁོར་གྱི་གཞིར་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ། མཆོད་པས་བསྐོར་བའི་དབུས་སུ་གཏོར་ཟླུམ་གཅིག་དང་། དཀར་གཏོར་བཅས་བཀོད། བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་འགྲོ་བས། མདུན་གྱི་མཆོད་གཏོར་བསང་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་མཛོད། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་སྤུངས། །ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། སྟོང་པའི་ངང་ལས་མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག་ཅན་མཛེས་སྡུག་མཚུངས་པ་མེད་པ་ལྟེ་བ་ཡན་ཆད་ས་འོག་ནས་ཐོན་པར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་པྲྀ་ཐཱི་དེ་བི་ཨརྒྷཾ་སོགས་ཀྱིས་མཆོད། ཨ་ཀཱ་རོས་གཏོར་མ་འབུལ། ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །ཞེས་གསོལ་བས། གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། གཏོར་མ་གཉིས་པ་བྱེ་བྲག་གི་ས་བདག་ལ། ཨ་ཀཱ་རོས་བསྔོ་ཞིང་། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ཕྲིན་ལས་གསོལ། བཛྲ་མུཿས་རང་གནས་སུ་གཤེགས། སྦྱོང་བ་ནི། གཞི་དེར་བ་བྱུང་དང་དྲི་བཟང་བདུད་རྩི་ལྔས་བྱུག་ཅིང་། གཙོ་བོའི་སྙིང་པོའམ་ཧཱུྃ་འབའ་ཞིག་བརྗོད་པས། ས་གཞི་ནམ་མཁའི་རང་བཞིན་དུ་བསམ། གཟུང་བ་ནི། གཞི་དེར་སེང་ལྡེང་གི་ཕུར་པ་བཏབ་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཕུར་པ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར། ཨོཾ་པདྨཱནྟཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་ལན་བདུན་བརྗོད། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་བྱས་པར་བསམ། ས་ཆོག་གི་སྐོར་འདི་རས་བྲིས་ལ་མི་མཛད་པ་ཤས་ཆེ་བས་དེ་ལྟར་ན་སྒྲུབ་ཐབས་ཀྱི་ཐོག་མར་ས་བདག་དཀར་གཏོར་ཕུལ་ནས། བདག་གི་རྣལ་འབྱོར་དང་དེ་ནས་ལྷ་སྟ་གོན་ལ་འཇུག་པས་ཆོག་ཅིང་། ཕྱག་རྒྱུན་མི་འཆད་པའི་ཕྱིར་སྤྲོས་ན་འགལ་བའང་མེད་པས་བཀོད་པའོ། །གཉིས་པ་ལྷག་གནས་ལ་གསུམ། ལྷ། བུམ་པ། སློབ་མའོ། །དང་པོ་ནི། དབུས་སུ་གཙོ་བོ། དེ་རྒྱབ་ཁྲོ་བཅུ། དེ་རྒྱབ་ཀླུ་བརྒྱད། བར་ཁྱམས་སུ་གཟའ་རྒྱུ་སྐར། སྒོ་བཞིར་སྒོ་མ་སྟེ་ལྷ་གནས་ཀྱི་མཚན་མ་ངེས་པར་བྱས་ནས་དྲི་བཟང་གི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི་དང་འཁོར་རྣམས་ཟླུམ་པོར་བྱས། དེར་མེ་ཏོག་གི་ཚོམ་བུ་བཀོད། མཐའ་མཆོད་པས་བསྐོར། བདག་གི་རྣལ་འབྱོར་གོང་དུ་མ་སོང་ན་བཟླས་པའི་བར་བྱ། ཚོམ་བུ་བསང་སྦྱང་། སྟོང་ལས་དུར་ཁྲོད་གཞལ་ཡས་ཁང་། །མཚན་ཉིད་ཀུན་ཚངས་ལྟེ་བ་རུ། །རབ་དམར་ཨེ་དབྱིངས་ཆོས་འབྱུང་མཐར། །གནམ་ལྕགས་འཁོར་ལོ་རྩིབས་བཅུ་འབར། །དེ་མཐར་འདབ་བརྒྱད་ལ་སོགས་པ། །དུར་ཁྲོད་དྲག་པོའི་གཞལ་ཡས་དབུས། །པདྨ་ཉི་ཟླ་དྲག་པོའི་སྟེང་། །བཅོམ་ལྡན་དྲེགས་པ་ཀུན་འདུལ་ཡབ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཅེས་པ་ནས། གཉིས་མེད་རྡོ་རྗེ་ཆེན་པོར་བསྒོམ༔ ཕྱི་ཡི་རྩིབས་བཅུར་ཁྲོ་བོ་བཅུ། །འདབ་བརྒྱད་ཀླུ་བརྒྱད་ཁྱམས་སྒོ་བཞིར། །གཟའ་བརྒྱད་སྒོ་མ་བཞི་ལ་སོགས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་གསལ། །དེ་ལྟར་གསལ་བའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ སོགས་ལས་བྱང་ལྟར་སྤྱན་འདྲེན་ནས་བསྟོད་པའི་བར་སོང་ནས། སྤོས་དང་རྡོར་དྲིལ་ཐོགས་ཏེ། སློབ་མ་རྣམས་ལ་ཕན་པ་དང་། ཁྱེད་རྣམས་མཆོད་ཕྱིར་བདག་གིས་ནི། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། །བརྩེ་བས་དགོངས་ཏེ་བྱིན་རླབས་མཛོད། །ཅེས་སྙན་གསན་དབབ། བེ་ག་ཀྲ་མ་ཡཾ་གྱིས་དཀྱིལ་འཁོར་ནམ་མཁར་བཏེགས་ནས། ཚོམ་བུ་བསྡུའོ། །གཉིས་པ་བུམ་པ་ནི། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་གཉིས་ཁ་རྒྱན་མགུལ་ཆིངས་སོགས་ཆས་སུ་བཅུག །བུམ་རྫས་དྲི་བཟང་དང་བཅས་པའི་ཆུས་བཀང་། དུང་ཞལ་གཟུངས་རྡོར་འདུ་བྱས་ལ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །བྱུང་བའི་རིན་ཆེན་བུམ་པ་ནི། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །མཚན་ཉིད་ཀུན་ཚང་ལྟེ་བ་རུ། །རབ་དམར་ཨེ་དབྱིངས་ཆོས་འབྱུང་མཐར། །གནམ་ལྕགས་འཁོར་ལོ་རྩིབས་བཅུ་འབར། །དེ་མཐར་འདབ་བརྒྱད་ལ་སོགས་པ། །དུར་ཁྲོད་དྲག་པོའི་གཞལ་ཡས་དབུས། །པདྨ་ཉི་ཟླ་དྲག་པོའི་སྟེང་། །བཅོམ་ལྡན་དྲེགས་པ་ཀུན་འདུལ་ཡབ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཅེས་པ་ནས། གཉིས་མེད་རྡོ་རྗེ་ཆེན་པོར་བསྒོམ༔ ཕྱི་ཡི་རྩིབས་བཅུར་ཁྲོ་བོ་བཅུ༔ འདབ་བརྒྱད་ཀླུ་བརྒྱད་ཁྱམས་སྒོ་བཞིར། །གཟའ་བརྒྱད་སྒོ་མ་བཞི་ལ་སོགས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་གསལ། །ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ནི། །རྒྱ་གྲམ་སྡིགས་མཛུབ་རབ་གདེངས་ཞིང་། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ སོགས་དབང་བསྐུར། སྤྱན་འདྲེན་ནས་བསྟོད་པའི་བར་ལས་བྱང་བཞིན་སོང་ནས། བཟླས་པའི་ཚེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་རྣམ་བུམ་དུ་གཙོ་འཁོར་རྣམས་དང་། ལས་བུམ་དུ་འཁྱིལ་པའི་སྔགས་ཅི་རིགས་བཟླས་པའི་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར། གསུམ་པ་སློབ་མ་ནི། བཤམས་རྣམས་ཡོལ་བས་བསྒྲིབས། རྫས་བཞི་སོགས་འདུ་བྱ། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་འགུགས། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་ཏིང་ངེ་འཛིན་རྣམས་ཀྱི་བཀའ༴ ཁྱད་པར་བཅོམ་ལྡན་འདས་གསང་བདག་དྲེགས་པ་ཀུན་འདུལ་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེའི་སློབ་མ་རྣམས་ལ་ལྷག་གནས་ཀྱི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། གསན་བྱའི་ཆོས་སྐབས་སུ་བབས་པ་རྡོ་རྗེ་ཐེག་པ་སྔ་འགྱུར་ཟབ་མོ་གཏེར་གྱི་ཕྱོགས་ལས་ཕྱོགས་བཞི་དབུས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཐུགས་གཏེར་ཆེན་པོ་ལྔའི་ཡ་གྱལ། ཤར་གཏེར་སྨིན་པ་འབྲས་བུའི་སྐོར་ཞི་བ་ཐུགས་ཀྱི་གཏེར་ཆེན་པོའི་ཡན་ལག་གི་ཆོས་སྡེ་སྟེ། ཇི་སྐད་དུ། ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང༔ བསོད་ནམས་ཟད་པས་དབུས་སུ་མི་གང་རྡིབ༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང༔ ཞེས་གསུངས་པ་ལྟར། སྤྲུལ་པའི་གཏེར་སྟོན་ཆེན་པོ་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་ཞེས་གྲགས་པ་དེ་ཉིད་ཀྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་འདྲེན་པར་མཛད་པའི་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པར་བྱེད་པ་ལ། སྔོན་འགྲོ་སློབ་མ་ལྷག་པར་གནས་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། དང་པོ་སྟ་གོན་གྱི་རིམ་པ་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། བྱས་ལ་སློབ་མས་མཎྜལ་ཕུལ། བློ་བཅོས་པ་ནི། ཁྱེད་ཅག་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱ་བའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་བྱ་ཡི། དེ་ལས་གཞན་དུ་འདི་ཕྱིའི་འཁོར་བའི་བདེ་འབྱོར་མངོན་པར་མཐོ་བའི་གོ་འཕང་དང་། ཞི་བདེ་དོན་གཉེར་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། དེ་བས་ན་གནས་ལུགས་ཀྱི་དོན་མ་རྟོགས་པས་འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག་ཕན་ཚུན་མ་བུ་ཁྱོ་ཤུག་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས། ཕན་བཏགས་པ་ལ་ཚད་མེད་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ་འདི་ཐམས་ཅད་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པ་ལ་བརྩོན་པས། བཅོས་མིན་གྱི་སྙིང་རྗེ་ཚད་མེད་པས་ཀུན་ནས་བླངས་ཏེ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ། ལམ་ཚུལ་བཞིན་དུ་བསླབ་པར་བྱ་སྙམ་དུ་རྙོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དུང་པ་ཞིག་སྐྱེད་འཚལ། དེ་ནས་གསོལ་བ་གདབ་པ་ནི། མི་ཕྱེད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །བླ་མའི་སྐུ་གསུང་ཐུགས་ཀྱིས་གཟུང་སླད་དུ། །བདག་ཀྱང་སྐྱོབ་ཕྱིར་དཀྱིལ་འཁོར་དུ་གཞུག་ཕྱིར། །ལྷག་པར་གནས་པའི་རིམ་པ་མཛད་དུ་གསོལ། །ཞེས་ལན་གསུམ། སྤྲོ་བ་སྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཤོག་ཅིག་ཐེག་ཆེན་སྣོད་ཡིན་ཏེ། །ཧེ་རུ་ཀ་དཔལ་དྲེགས་འདུལ་ཁྲོ་བོ་ཡི། །དབང་བསྐུར་དཀྱིལ་འཁོར་ལྷ་ངོ་བསྟན་བྱའི་ཕྱིར། །ལྷག་པར་གནས་པའི་རིམ་པ་ཚུལ་བཞིན་བགྱི། །ཞེས་བརྗོད། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་གསང་བའི་བདག་པོའི་རྣམ་པར་བཞུགས་པ་ལ། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ། ཚོགས་གསག་ཡན་ལག་བཅུ་པ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ལན་གསུམ། ཁྱད་པར་གསང་སྔགས་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ་། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་གསུམ་གྱི། །དམ་ཆོས་མ་ལུས་ཡོངས་སུ་བཟུང་། །སྡོམ་པ་ཐམས་ཅད་དང་ལྡན་པས། །མཆོད་པའི་ལས་ཀྱང་ཅི་ནུས་བགྱིད། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་ལན་གསུམ་རྗེས་ཟློས་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་ཞུ་བ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དྲེགས་འདུལ་ཁྲོ་བོའི་སྐུར་གྱུར་པའི་སྙིང་གར་ཧཱུྃ། མགྲིན་པར་ཨཱཿ སྤྱི་བོར་ཨོཾ་གྱིས་མཚན་པར་གྱུར། དྲིའི་ཆུ་དང་བཅས་པའི་རྡོ་རྗེས་རེག་ལ། སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དེ་ལྟར་སྒོ་གསུམ་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ཤངས་ལ༴ ༴དྷཱུ་པེ༴ མར་མེ་སྤྱན༴ ཨཱ་ལོ་ཀེ༴ དྲི་ཆབ་ཐུགས་ཀར༴ གནྡྷེ༴ ཞེས་ཉེར་སྤྱོད་བཞི་སྦྱིན་ནོ། །དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི་ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུགས་པ་རྩེར་མེ་ཏོག་གི་ཅོད་པན་བཅིངས་པ་དངོས་གྲུབ་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རང་རྣམས་ཀྱི་ཐལ་མོའི་བར་དུ་བྱིན་པས་རྩེ་མོས་སོ་དྲུད་ལ་ཁ་ཤར་དུ་ཕྱོགས་པའི་ཚུལ་གྱིས། བཛྲ་ཧཱ་ས་ཧཱ། ཞེས་བརྗོད་ཅིང་མཎྜལ་གྱི་ར་བར་དོར་ཅིག །ཅེས་འདོར་དུ་གཞུག་ལ། རྩེ་མོ་སྟེང་དུ་བསྟན་ན་མཆོག་དང་། ཕྱོགས་བཞིར་ཞི་སོགས་ལས་བཞི་སྟེ་གྲུབ་པ་འབྲིང་། མཚམས་བཞིར་བུམ་པ་བཟང་པོ་ལ་སོགས་པ་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཕྱིར། ཁྱོར་ཆུ་བླུད་པ་ནི། དྲིའི་ཆུ་ཁྱོར་བར་བྱིན་པ་ལན་གསུམ་ཐུངས་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ཧྲཱིཿབི་ཤུདྡྷ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷཱ་ཡ་སྭཱ་ཧཱ། ཞེས་དུང་ཆུ་བླུད། གཉིས་པ་རྨི་ལམ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྐུད་པ་སྔོན་པོ་གསུམ་འདབ་ཏུ་བསྒྲིལ་བ་མདུད་པ་གསུམ་བཏབ་སྟེ། སྲད་བུ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་སྔོན་པོ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས་རྡོ་རྗེའི་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ཅན་དུ་གྱུར། ལས་སྔགས་ཀྱིས་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་དཔུང་པ་གཡས་སུ་གཉིས་བསྐོར་གྱིས་བཅིངས་ཏེ་ལས་བུམ་ཆུས་གཏོར་ནས་རྡོ་རྗེས་རྒྱས་གདབ་བོ། །གསུམ་པ་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པ་ལས་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར། དྷཱིཿཧཱུྃ་བཟླས་ཤིང་གཡས་སུ་བམ་པོ་ཆུང་བ་དང་གཡོན་དུ་ཆེ་བ་གཏད་ལ། ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །དེ་ནས་མི་ལྡོག་པའི་ཕྱིར་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་དཀོན་ལ་དོན་ཆེ་བའི་རྡོ་རྗེ་ཐེག་པ་གསང་བ་མཆོག་གི་དཀྱིལ་འཁོར་མཐོང་བ་ནི། ཁྱེད་རྣམས་ཀྱིས་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པས་དགའ་བ་སྒོམས་འཚལ། དངོས་གཞི་རྨི་ལམ་བརྟག་ཅིང་ངན་ན་ཟློག་པའི་ཆོ་ག་སོགས་སྤྱི་དང་མཐུན་པར་ཤེས་པར་བྱོས་ཤིག །དེ་དག་གིས་སྟ་གོན་གྱི་རིམ་པ་རྣམས་གྲུབ་པས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་ཞུ། ཞེས་དགེ་བ་བསྔོས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ནམ་མཁའི་ལྷ་ལ་མཆོད་བསྟོད་དང་བདག་བསྐྱེད་རྗེས་ཆོག་རྣམས་བྱའོ། །གསུམ་པ་དཀྱིལ་འཁོར་ཡོ་བྱད་འགོད་པ་ནི། རྡུལ་ཚོན་ལ་ཐིག་ཚོན་གྱི་ཆོ་ག་དགོས་ཀྱང་རས་བྲིས་ལ་དེ་དག་བོར་ནས་དཀྱིལ་འཁོར་བཏིང་། དེའང་ལྟེ་བ་ཆོས་འབྱུང་དམར། མུ་རན་སྔོ། ཟླ་གམ་གསུམ་དམར། ཐོད་ར་དཀར། དེ་རྒྱབ་རྩིབས་བཅུ་སྔོ། དེ་རྒྱབ་འདབ་བརྒྱད་མཛེས་ཚོན། གྲུ་ཆད་བར་ཁྱམས་སྒོ་སོགས་ཕྱོགས་མདོག །པདྨ་དུར་ཁྲོད་རྡོར་ར་མེ་རི་སོགས་སྤྱི་མཐུན། དབུས་སུ་གཙོ་བོ་ལ་སྐུའམ་རྡོ་རྗེ། རྩིབས་ལ་ཁྲོ་བཅུ། འདབ་མར་ཀླུ་བརྒྱད། ཁྱམས་ལ་གཟའ་རྒྱུ་སྐར། སྒོ་བཞིར་སྒོ་སྲུང་། འཁོར་ཡུག་ལ་ཕྱོགས་སྐྱོང་རྣམས་ཀྱི་མཚན་མ་འགོད་དོ། །དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་བཀང་གཟུངས་རྡོར་དང་བཅས་པ། ཁ་རྒྱན་གྱི་གསེབ་ཏུ་ཡེ་ཤེས་སེམས་དཔའི་ཙཀླི། མདུན་དུ་དབང་གཏོར་སྙིང་གཟུགས་དམར་པོ་པད་འདབ་བཞི་པ་རྒྱན་སྤྲོས་དར་ནག་གི་འཕུར་ལྡིང་ཅན། གཙོ་བོ་དང་ཁྲོ་བཅུ་ཀླུ་བརྒྱད་གཟའ་བརྒྱད་སྒོ་མའི་ཙཀ་ལི། གཡས་གཡོན་དུ་སྨན་རཀ །གཞན་གང་བདེར་དབུ་རྒྱན། མེ་དཔུང་དང་དུར་ཁྲོད་ཆས་སོ་སོ་བ། གླེགས་བམ། རིག་ཙཀ་རྣམས་དང་། གཏེར་སྲུང་ལྡང་ལྷར་ཟངས་གཞོང་དུ་བཙན་བཤོས་དམར་པོར་ཁྲག་གིས་བྱུགས་པ་མཐེབ་ཀྱུ་བདུན་ལྡན་དཀར་དམར་རྒྱན་ལྡན། མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་ཐམས་ཅད་འཚོགས་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་སྒྲུབ་མཆོད་དང་། དབང་བསྐུར་བ་གཉིས་ལས། དང་པོ་ནི། བརྒྱུད་པའི་གསོལ་འདེབས་ནས་བཟླས་པ་ཡན་ཆད་ལས་བྱང་ལྟར་བདག་མདུན་བུམ་གསུམ་ཐ་མི་དད་པའི་ཚུལ་དུ་བསྒྲུབས་རྗེས། རང་སྲོག་སྔགས་ཀྱི་སོགས་ཀྱིས་གཙོ་བུམ་དུ་རྩ་སྔགས་དང་། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བཏབ་ལ་སྔགས་ཅི་རིགས་བཟླས་རྗེས་འོད་ཞུ་དང། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མཆོད་པ། ལས་བྱང་གི་དཀྱུས་བཞིན་སྤྱི་དང་བྱེ་བྲག་གི་ཆོས་སྲུང་ལ་གཏོར་འབུལ། ཚོགས་མཆོད་རྣམས་ཀྱང་སྐབས་འདིར་བྱའོ། །གཉིས་པ་དབང་བསྐུར་བ་ལ། བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བ་གཉིས། དང་པོ་ནི། དཀྱིལ་འཁོར་གྱི་ཐུགས་ཀ་ནས་རང་ཉིད་ཟུར་དུ་ཕྱེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གཙོ་བོ་དང་། སློབ་མའི་བྱ་བ་རྣམས་རང་གིས་བྱེད་པར་མོས་པས་འཆད་འགྱུར་བཞིན་རྫོགས་པར་བླང་བའམ། ཡང་ན་རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གནང་བ་ཞུའོ། །གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང་། དབང་དངོས་གཉིས། དང་པོ་ནི། སློབ་བུ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ནས། ཕྱག་དང་ཡོན་ཕུལ་ཏེ་ཡོལ་བའི་ཕྱི་རོལ་དུ་གྲལ་དུ་འཁོད། བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། སྐབས་སུ་བབ་པ་གསང་བདག་ཕྱག་ན་རྡོ་རྗེ་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་ཡོད་པ་ལས། འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་ས་བདག་ཀླུ་གཉན་རྣམས་འདུལ་བའི་དོན་དུ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་དང་བཅས་པའི་སྤྲུལ་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་ནས། ནཱ་ག་བདུད་འདུལ་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་དུ་གསུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་བཀའ་བབས་ཤིང་། དེ་ཉིད་ཀྱིས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གཏད། དེས་རྒྱུད་དོན་རྣམས་དབང་དང་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་མན་ངག་ཏུ་བསྡེབས། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ཅིང་། ཁྱད་པར་བོད་ཡུལ་མུན་པའི་གླིང་དུ་དམ་པ་ཆོས་ཀྱི་སྒྲོན་མེ་འཕགས་ཡུལ་གྱི་བསྟན་པ་རྫོགས་ལྡན་གྱི་སྐབས་བཞིན་གསལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་བསྒྲིགས་ནས། གདམས་པ་འདི་ཉིད་ཇོ་མོ་མཚོ་རྒྱལ་དང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་བ་ལས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མཐུན་རྐྱེན་རྣམས་ཀྱང་འདིའི་སྒོ་ནས་ཅི་འདོད་པ་གྲུབ། རྒྱལ་པོ་ཀླུའི་མཐོང་དུག་གིས་ཟིན་པ་ཡང་ཡི་དམ་འདི་ཉིད་ཀྱི་སྒོ་ནས་ཚེགས་མེད་པར་གྲོལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་ཅན་འདི་ཉིད་སྙིགས་མའི་གདུལ་དཀའ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་སྦས་པ་ལས། གཏེར་ཁ་དང་པོ། དྭགས་ལུང་ཁྲ་མོ་བྲག་ནས་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་པདྨ་ལས་འབྲེལ་རྩལ་གྱིས་བཏོན། གཉིས་པ་རྒྱ་གར་ཕ་ཝང་རུས་སྦལ་ནག་པོ་ནས་རྡོ་རྗེ་གླིང་པས་བཏོན། གསུམ་པ་ཚལ་མདོ་ཕྲ་རིང་བྲག་ནས་པདྨ་གླིང་པས་བཏོན་ཏེ། གཏེར་ཁ་གསུམ་ཀ་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆོས་རྒྱལ་གཏེར་བདག་གླིང་པས་བརྒྱུད་སྲོལ་སོ་སོ་ལས་གསན་ཅིང་། དེ་རྣམས་ཚིག་དོན་མཚུངས་པའི་ཕྱིར་བྱིན་རླབས་ཀྱི་བཀའ་གཅིག་ཏུ་འདྲིལ་བའི་གདམས་པ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་དེ་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་གྲུབ་ནས་དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། བྱས་ལ་མཎྜལ་འབུལ་དུ་གཞུག །ཨོཾ་ཙཀྵུརྦནྡྷ་ཝ་ར་མཱ་ཎཱ་ཡ་སྭཱ་ཧཱ་ས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གསང་བའི་བདག་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་དུས་གསུམ་གསང་བདག་སྐུ །བདག་ཅག་བདེ་བའི་ལམ་བགྲོད་ཅིང་། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །ཕྱག་ན་རྡོ་རྗེ་གསང་བ་ཡི། །དཀྱིལ་འཁོར་ཆེན་པོར་གཞུག་པར་འཚལ། །ཞེས་ལན་གསུམ། དེ་ནས་སྤྲོ་བ་དྲི་བ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ང་ཡི་གསང་སྔགས་རྒྱལ་པོ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་ཡིན་པས། །རང་གར་འཇུག་པ་མི་གནང་གིས། །དམ་ཚིག་བསྲུང་བར་ནུས་ན་སྦྱིན། །ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་གསང་བའི་བདག །དམན་ཆོས་ཡིད་ཕྱུང་དད་པར་ལྡན། །ཐབས་ཆེན་ཐེག་པར་འཇུག་པར་མོས། །དམ་ཚིག་རང་གི་སྲོག་ལྟར་བསྲུང་། །གསང་བདག་ཐུགས་རྗེས་གནང་བར་མཛོད། །ཅེས་ཞུ། དེ་ནས་སྐྱབས་སེམས་ཚོགས་གསག་སྡོམ་བཟུང་བཅས་གོང་གི་སྟ་གོན་སྐབས་ལྟར་འདིར་བླང་། དེ་ནས་སློབ་དཔོན་གྱིས་དབྱེ་བའི་ཕྱག་རྒྱ་དང་བཅས་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཞེས་བརྗོད་པས་ཡོལ་བ་བསལ། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། བདུད་རྩི་དང་བཅས་པའི་དམ་ཚིག་གི་མནའ་ཆུ་འདི་ཉིད་བཞག་པ་ལྕེ་ལ་བཞག་ཀྱང་ཐིམ་པ་སྙིང་གི་དཀྱིལ་དུ་ཐིམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་མོས་ཤིག །ཧོཿ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དམ་ཚིག་བདུད་རྩི་ཆེན་པོ་འདི། ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས། །གསང་བའི་དམ་ཚིག་ཐུབ་པར་སྲུངས། །དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས། ཧོཿ དཔལ་ལྡན་ཆེན་པོ་གསང་བའི་བདག །བདག་ཅག་དུས་འདི་ནས་བཟུང་ནས། །སྐུ་གསུང་ཐུགས་དང་ཡན་ལག་གི །དམ་ཚིག་ཇི་ལྟར་བསྟན་པ་ལྟར། །ཡེངས་པ་མེད་པའི་སེམས་ཀྱིས་བསྲུང་། །གསང་བདག་གྲལ་དུ་བཀོད་པར་འཚལ། །ཞེས་ཞུ། སློབ་དཔོན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ། ཧཱུྃ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །གསང་ཆེན་དམ་ཚིག་མ་ཉམས་ན། །ཡེ་ཤེས་སེམས་དཔར་གྱུར་ནས་ནི། །ཚེ་གཅིག་སངས་རྒྱས་ཐོབ་པར་བྱེད། །གསང་བའི་དམ་ཚིག་ལས་འདས་ན། །ལྕགས་ཀྱི་སྡིག་པར་གྱུར་ནས་ནི། །སྙིང་གི་དཀྱིལ་དུ་རབ་ཞུགས་ནས། །རྡོ་རྗེའི་དམྱལ་བར་སྲེག་པར་བྱེད། །དེ་བས་བཀའ་ལས་མ་འདའ་སྲུངས། །ས་མ་ཡ་ཨི་དནྟི་ན་ར་ཀན། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་བཅིངས་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་ལ་ཕོག །རྣམ་སྨིན་གདོས་བཅས་ཀྱི་ཕུང་པོས་མཚོན་མ་དག་པའི་སྣང་བ་ཐམས་ཅད་སྟོང་ཉིད་དུ་སྦྱངས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་གསང་བདག་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་གྲི་གུག །གཡོན་གསུམ་ཐོད་ཁྲག་དྲིལ་བུ་ཞགས་པ་འཛིན་པ། ཡུམ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་དམར་བྷནྡྷ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དུར་ཁྲོད་རོལ་པའི་ཆས་བརྒྱད་དང་། དཔལ་གྱི་ཆས་བཅུ་རྫོགས་ཤིང་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་དང་། ལྕང་ལོ་ཅན་གྱི་གནས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བྱ། ཕེབས་པ་ན། ཏིཥྛ་བཛྲ་ཞེས་མགོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་དེ་བརྟན་པར་བྱ། དེ་ནས་མེ་ཏོག་དོར་བ་ནི། འགྲིམ་དཀྱིལ་བཀྲམ་ལ། ཀྱེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ། །གསང་བདག་དཀྱིལ་འཁོར་ཆེན་པོ་འདིར། །རིགས་ཀྱི་འཇུག་པ་བརྟག་པའི་ཕྱིར། །རིག་པའི་མེ་ཏོག་འདོར་བར་གྱིས། །འདི་ན་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་ཞིག་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། གསང་བདག་དཀྱིལ་འཁོར་ཆེན་པོ་འདིར། །དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར། །རིག་པའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལ་འབབ་ཤོག །རིགས་ཀྱི་གསང་མཚན་བཏགས་པ་སྤྱི་དང་མཚུངས། སླར་ཡང་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུྃ་ཞེས་མེ་ཏོག་མགོ་བོར་བཞག །དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧཱུྃ། ཁྱོད་ཀྱི་མ་རིག་རྨོངས་པའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །མཐོང་བ་ཙམ་གྱིས་བསམ་པ་འགྲུབ། །ཧཱུྃ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་བསལ། དེ་ནས་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་ཅིང་གཞན་གྱིས་མི་ཤིགས་པ་དང་ཚོགས་བརྒྱད་དག་སྟེ་འཁོར་བའི་སྐྱོན་གྱིས་མ་གོས་པ་རྣམས་ཀྱི་བརྡར་མེ་དཔུང་རྡོར་རྭ་དུར་ཁྲོད་བརྒྱད་པདྨའི་ཕྲེང་བས་བསྐོར་བའི་ནང་དུ། རྟེན་འབྲེལ་བཅུ་གཉིས་དག་པ་སྣ་ཚོགས་རྡོ་རྗེའི་གདན་ལ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་ནང་དུ། རྣམ་ཤེས་ཀྱི་ཡུལ་བརྒྱད་དག་ཅིང་སྟོབས་བཅུའི་ཡེ་ཤེས་ཀྱིས་མི་དགེ་བ་བཅུ་གཅོད་པ་དང་རྣམ་པར་ཐར་པ་སྒོ་གསུམ་མཚོན་པའི་བརྡར་གདན་པདྨ་འདབ་བརྒྱད་འཁོར་ལོ་རྩིབས་བཅུ་ལྟེ་བར་ཆོས་འབྱུང་དང་བཅས་པ། དབུས་སུ་པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོས་གདུག་པ་ཅན་རྣམས་འདུལ་བའི་བརྡར་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། ཤེས་རབ་སྟོང་ཉིད་ཀྱི་རང་རྩལ་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔར་རང་སྣང་བའི་བརྡར་ཡུམ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ། ཕ་རོལ་ཏུ་ཕྱིན་པ་བཅུས་འགྲོ་བའི་དོན་མཛད་པའི་བརྡར་སྤྲུལ་པའི་ཁྲོ་རྒྱལ་བཅུ། ཚོགས་བརྒྱད་ཀྱི་རང་མདངས་ཀླུ་ཆེན་བརྒྱད་ལ་སོགས་པ་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བའི་མོས་པས་གུས་པ་དང་སྤྲོ་བ་སྐྱེད་འཚལ། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྗོད་ལ། སློབ་མས་མཎྜལ་ཕུལ། དེ་ནས་བླ་མ་དང་དཀྱིལ་འཁོར་གཙོ་བོ་ཐ་མི་དད་པ་ལ་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་གསང་བའི་བདག །སངས་རྒྱས་སྐུ་ཡི་དབང་རྣམས་ཀུན། །བདག་ཅག་རྣམས་ལ་བསྐུར་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་དབང་བསྐུར་བ་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཏིང་ངེ་འཛིན་ཕྲིན་ལས་ཏེ་དྲུག་ལས། དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་དབང་སྟེགས་ཀྱི་དཀྱིལ་འཁོར་པདྨ་དང་ཉི་ཟླའི་གདན་ལ་དཔལ་ཆེན་དྲེགས་འདུལ་ཁྲོ་བོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དབང་ལྷ་རྣམས་དང་། དཀྱིལ་འཁོར་པ་དབྱེར་མ་མཆིས་པས་ཐོག་མར་རིགས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བས། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གནས་བསྒྱུར་བར་མོས་ཤིག །དབུ་རྒྱན་བཀོན་ཏེ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་རིགས་ལྔས་དབང་བསྐུར་བས། །ཕུང་པོ་ལྔ་ནི་གནས་སུ་དག །རྒྱལ་བའི་སྐུ་དབང་ཆེན་པོ་སྦྱིན། །ཨོཾ་ཧཱུྃ་ཏྲཱུཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨོཾ། ཧོཿ རིགས་ཀྱི་བུ་ཁྱོད་ལ་དབུ་ལ་རིགས་ལྔས་དབང་བསྐུར་བས་ཕུང་པོ་ལྔ་གནས་སུ་དག་ནས་ཞི་བའི་སངས་རྒྱས་ཐམས་ཅད་དབུ་ལ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་གསང་བདག་སྐུ་ཡི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་གསང་བའི་བདག །གསེར་འགྱུར་རྩི་ཡི་རྣམ་པ་ལྟར། །ཉོན་མོངས་མ་སྤངས་ལྷར་དག་པའི། །གསང་བདག་སྐུ་ཡི་དབང་མཆོག་སྩོལ། །ཅེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་གྱུར་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ། མ་རིག་ཉོན་མོངས་གནས་དག་ཕྱིར། །བཀྲ་ཤིས་བུམ་པ་གཞལ་ཡས་ཁང་། །གསང་བདག་ཡི་དམ་ལྷ་ཡི་མཆོག །ད་ལྟར་ཁྱེད་ལ་དབང་བསྐུར་བས། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ །སྣང་ལ་རང་བཞིན་མ་གྲུབ་པ། །གསང་བདག་སྐུ་རུ་ཁྱོད་གྱུར་ནས། །གདུག་པ་ཅན་རྣམས་ཐུལ་བར་ཤོག །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨོཾ། ཞེས་བུམ་ཆུ་བླུད། ཧོཿ རིགས་ཀྱི་བུ་ཁྱོད་ལ་ཉོན་མོངས་ལྔ་གནས་སུ་དག་པར་བྱ་བའི་ཕྱིར་གསང་བདག་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་ལྔའི་དབང་བསྐུར་བས་ད་ལྟ་ཉིད་དུ་གསང་བའི་བདག་པོར་གྱུར་ཏེ་དྲེགས་པ་ཅན་འདུལ་བའི་གཉེན་པོར་གྱུར་ཅིག །དེ་ནས་ཁྲོ་བོ་བཅུས་ཕ་རོལ་ཏུ་ཕྱིན་པ་བཅུའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་མའི་ལུས་ཀྱི་གནས་སོ་སོར་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ལ། ཧཱུྃ། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། ཁྲོ་རྒྱལ་ཆེན་པོ་བཅུ་ཡིས་དབང་བསྐུར་བས། །མི་དགེ་བཅུ་པོ་བདུད་ཀྱི་དཔུང་བཅོམ་ནས། །ཡེ་ཤེས་ཕ་རོལ་ཕྱིན་བཅུའི་དབང་ཐོབ་ཤོག །ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསལ་བཏབ་ལ། ཁྲོ་བོ་བཅུ་ཡི་སྐུ་གནས་སོ་སོར་བཞག་སྟེ། ཧཱུྃ། ཁྱོད་ཀྱི་སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ། ཁྲོ་རྒྱལ་ཧཱུྃ་ཀཱར་ཡབ་ཡུམ་དབང་བསྐུར་བས། །ཚངས་པའི་གདོན་རྣམས་མ་ལུས་ཐུལ་ནས་ཀྱང་། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཁྱོད་ཀྱི་མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་དབང་བསྐུར་བས། །དྲི་ཟའི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོ་རུ། ཁྲོ་རྒྱལ་དབྱུག་སྔོན་ཡབ་ཡུམ་དབང་བསྐུར་བས། །མེ་ལྷའི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །བཟོད་པའི་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་སྲིད་པའི་འཁོར་ལོ་རུ། ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་དབང་བསྐུར་བས། །གྲུལ་བུམ་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་བདེ་སྐྱོང་འཁོར་ལོ་རུ། ཁྲོ་རྒྱལ་མི་གཡོ་ཡབ་ཡུམ་དབང་བསྐུར་བས། །སྲིན་པོའི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་འདོད་པའི་མཚན་མ་ལ། ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་དབང་བསྐུར་བས། །ཀླུ་ཡི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་ཕྲག་པ་གཡས་པ་རུ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་དབང་བསྐུར་བས། །རླུང་ལྷའི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང་། །བསམ་གཏན་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་ཕྲག་པ་གཡོན་པ་རུ། ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཡབ་ཡུམ་དབང་བསྐུར་བས། །གནོད་སྦྱིན་གདོན་ཚོགས་མ་ལུས་ཀུན་ཐུལ་ནས། །ཐབས་ཀྱི་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་རྐང་པ་གཡས་པ་རུ། ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་དབང་བསྐུར་བས། །བགེགས་ཀྱི་གདོན་ཚོགས་མ་ལུས་ཐུལ་ནས་ཀྱང། །སྨོན་ལམ་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཀཱ་ཡ༴ ཧཱུྃ། ཁྱོད་ཀྱི་རྐང་པ་གཡོན་པ་རུ། ཁྲོ་རྒྱལ་སྟོབས་ཆེན་རྒྱལ་པོ་ཡབ་ཡུམ་དབང་བསྐུར་བས། །ས་བདག་གདོན་ཚོགས་མ་ལུས་ཐུལ་བྱས་ནས། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར། ཧོཿ རིགས་ཀྱི་བུ་ཁྱོད་ལ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་མཐའ་དག་རྫོགས་པར་བྱེད་པའི་དཔལ་ཆེན་པོ་བཅུའི་དབང་བསྐུར་པས་ལྷ་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་དཔལ་གྱི་ཆས་རྣམས་ཀྱིས་མངའ་གསོལ་ཞིང་། ཕྱག་མཚན་གཉིས་གཏད་པས་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་མོས་ཤིག །མེ་དཔུང་གིས་ལུས་ལ་བསྐོར་ཚུལ་བྱས་ལ། ཧཱུྃ། ཡེ་ཤེས་མེ་དཔུང་འབར་བས་དབང་བསྐུར་བས། །གདུག་པའི་ཚོགས་རྣམས་མ་ལུས་བསྲེག་པ་དང་། །མ་རིག་མུན་པ་སེལ་བའི་དབང་ཐོབ་ཤོག །ཐོད་པ་ཚར་གསུམ་གྱི་ཕྲེང་བ་བསྐོན་ལ། ཧཱུྃ། ཐོད་པ་ཚར་གསུམ་ཕྲེང་བས་དབང་བསྐུར་བས། །དབང་པོའི་ཡུལ་རྣམས་སྟོང་པར་རྟོགས་པ་དང་། །ཡེ་ཤེས་ལྔ་དང་ལྡན་པའི་དབང་ཐོབ་ཤོག །སྦྲུལ་ཆུན་གཏད་ལ། ཧཱུྃ། སྦྲུལ་ཆེན་རིགས་ལྔའི་ཆུན་པོས་དབང་བསྐུར་བས། །ཀླུ་ཡི་ཚོགས་རྣམས་ཀུན་གྱིས་མཆོད་པ་དང་། །དུག་ལྔ་གནས་སུ་དག་པའི་དབང་ཐོབ་ཤོག །གླང་ལྤགས་བསྐོན་ལ། ཧཱུྃ། གླང་ཆེན་སྟོད་གཡོགས་འདི་ཡིས་དབང་བསྐུར་བས། །བརྗིད་པའི་སྟོབས་ཀྱིས་དྲེགས་པ་ཟིལ་གནོན་ཅིང་། །སྟོབས་བཅུ་ཐེག་མཆོག་བགྲོད་པའི་དབང་ཐོབ་ཤོག །ཞིང་ལྤགས་རྐེད་ལ་བཅིངས་ལ། ཧཱུྃ། ཞིང་ཆེན་གཡང་གཞི་རློན་པས་དབང་བསྐུར་བས། །དུར་ཁྲོད་བདག་པོ་ལས་ལ་འཁོལ་བ་དང་། ཁམས་གསུམ་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག །སྟག་ཤམ་དཀྲིས་ལ། ཧཱུྃ། སྟག་ཤམ་འདི་ཡིས་དབང་བསྐུར་བས། །མཐའ་གཉིས་འཇོམས་པའི་མཐུ་དང་ལྡན་པ་ཡིས། །འཁོར་བའི་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག །ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ལ། ཧཱུྃ། ཐོད་སྐམ་དབུ་རྒྱན་འདི་ཡིས་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དོན་རྟོགས་ནས། །སྐུ་ལྔས་འགྲོ་དོན་བྱེད་པའི་དབང་ཐོབ་ཤོག །མཚན་མ་གསུམ་གྱིས་བྱུག་ལ། ཧཱུྃ། དུར་ཁྲོད་མཚན་མ་གསུམ་གྱིས་དབང་བསྐུར་བས། །དུས་གསུམ་སྐད་ཅིག་ཉིད་ལ་རྟོགས་པ་དང་། །མཁའ་འགྲོའི་གཙོ་བོར་གྱུར་པའི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཕྱག་མཚན་གྱི་དབང་ནི། རྡོ་རྗེ་དང་དྲིལ་བུ་གཏད་ལ། ཕྱག་གཡས་རྡོ་རྗེ་རྩེ་ལྔས་དབང་བསྐུར་བས། །ཡེ་ཤེས་ལྔ་རྫོགས་ཐབས་ཀྱི་དབང་ཐོབ་ཤོག །ཕྱག་གཡོན་དྲིལ་བུ་འདི་ཡིས་དབང་བསྐུར་བས། །ཆོས་རྣམས་ཡུམ་གྱི་རྟགས་སུ་རྟོགས་པ་དང། །ཤེས་རབ་ཆེན་པོས་ཀུན་མཁྱེན་དབང་ཐོབ་ཤོག །བཛྲ་དྷརྨ་ཨ་བྷི་ཥིཉྩ་ཨོཾ། ཀླུ་གཉན་གཟའ་ཆེན་ཕོ་ཉ་དང་བཅས་པ་བྲན་དང་འབངས་སུ་གཏད་པར་མོས་ཤིག །ས་བདག་ཀླུ་གཉན་གྱི་གཟུགས་སློབ་མའི་ཞབས་འོག་ཏུ་བཅུག་ལ། ཧཱུྃ། ཟིལ་གནོན་བསྒྲད་པའི་ཞབས་ཀྱི་དཀྱིལ་འོག་ཏུ། །ས་བདག་ཀླུ་གཉན་གནོན་པའི་དབང་བསྐུར་བས། །གདུག་པ་ཅན་རྣམས་ཟིལ་གནོན་དབང་ཐོབ་ཤོག །ནཱ་ག་རཱ་ཙ་མཱ་ར་ཡ་ནན། ཨ་བྷི་ཥིཉྩ་ཨོཾ། དེ་ནས་བཀའ་ཉན་གྱི་དབང་བསྐུར་བ་ལས། ཀླུ་བརྒྱད་གཏད་ལ། ཧཱུྃ། མཐའ་ཡས་དང་ནི་འཇོག་པོ་གཉིས། །རྒྱལ་རིགས་ཀླུ་སྟེ་ས་ལས་སྐྱེས། །ནོར་རྒྱས་དང་ནི་དུང་སྐྱོང་གཉིས། །རྗེ་རིགས་ཀླུ་སྟེ་ཆུ་ལས་སྐྱེས། །པདྨ་དང་ནི་ཆུ་ལྷ་གཉིས། །བྲམ་ཟེའི་ཀླུ་སྟེ་མེ་ལས་སྐྱེས། །རིགས་ལྡན་དང་ནི་སྟོབས་ཀྱི་རྒྱུ། །དམངས་རིགས་ཀླུ་སྟེ་རླུང་ལས་སྐྱེས། །གསང་བདག་ཁྱོད་ཀྱི་འབངས་སུ་གཏད། །འགྲོ་བ་ཀླུ་ཡི་གདོན་ནད་ཀུན། ཁྱོད་ཀྱིས་གྲོལ་བའི་དབང་ཐོབ་ཤོག །ཨོཾ་ནཱ་ག་རཱ་ཙ་ཨ་བྷི་ཥིཉྩ་ཨོཾ། གཟའ་བརྒྱད་གཏད་ལ། ཧཱུྃ། དཀྱིལ་འཁོར་བར་ཁྱམས་ཕྱི་སྐོར་ལ། །གཟའ་དང་རྒྱུ་སྐར་ཕྱོགས་སྐྱོང་སོགས། །གསང་བདག་ཁྱོད་ཀྱི་འབངས་སུ་དབང་བསྐུར་བས། །ཐམས་ཅད་གཡོག་དང་བྲན་བཞིན་བྱེད་པར་ཤོག །སྒོ་མ་བཞིའི་སྐུ་གཏད་ལ། ཧཱུྃ། འབར་བའི་དཀྱིལ་འཁོར་གཞལ་ཡས་སྒོ་ནང་ནས། །ཡེ་ཤེས་སྒོ་མ་བཞི་ཡིས་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །དབང་མཆོག་དམ་པ་དུས་འདིར་ཐོབ་པར་ཤོག །ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨོཾ། ཧོཿ རིགས་ཀྱི་བུ་ཁྱོད་ལ་དུར་ཁྲོད་ཀྱི་ཆས་བརྒྱད་བསྐོན་པས་དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་ཅིང་བཀའ་ཉན་རྣམས་འབངས་སུ་གཏད་པས་མ་མོ་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་སྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་སྐུ་ཡི་དབང་རྣམས་སོང་ནས། གཉིས་པ་གསུང་གི་དབང་ནི། སློབ་མ་གསང་བདག་ཏུ་གསལ་བའི་ལྗགས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར། སྔགས་ཀྱི་ཕྲེང་བ་རྣམས་མཐིང་གསལ་འཚེར་བའི་རྣམ་པ་ཅན་དུ་འཁོད་པར་མོས་ཤིག །པུསྟི་སྤྱི་བོར་བཞག་སྟེ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱི། །ལྗགས་ལ་སྙིང་པོས་དབང་བསྐུར་བས། །གསུང་དབྱངས་དྲག་སྔགས་འགག་མེད་པའི། །སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག །ཨོཾ་བཛྲ་པཱ་ཎི་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྐུར་ཞིང་། དམིགས་གནད་དེ་དང་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ལན་གསུམ་བཟླ། ཧོཿ རིགས་ཀྱི་བུ་ཁྱོད་ལ་གསུང་སྔགས་ཀྱིས་དབང་བསྐུར་པས་གྲགས་སྟོང་སྐྱེ་བ་མེད་པའི་སྒྲ་ཚུལ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་བསམ་པ་དང་མཐུན་པར་འགྲོ་བའི་དོན་བྱེད་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད། གསུམ་པ་ཐུགས་ཀྱི་དབང་ལ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་གསང་བའི་བདག་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་སྐུ་འབར་ཞིང་ཕྲ་བ་རེ་གསལ་ཐོབས་ཤིག །གཙོ་སྐུ་སྙིང་གར་བཞག་ལ། ཧཱུྃ། དྲི་མེད་ཟླ་གསལ་ཙིཏྟའི་དཀྱིལ་འཁོར་དུ། །ཡེ་ཤེས་སེམས་དཔའ་ལྷ་ཡིས་དབང་བསྐུར་བས། །སྐྱེ་བ་མེད་ལས་སྐྱེ་བའི་ཚུལ་བསྟན་ནས། །མཁྱེན་པའི་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག །བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཧོཿ རིགས་ཀྱི་བུ་ཁྱོད་ལ་ཐུགས་ཀྱི་དབང་བསྐུར་པས་གསང་བདག་ཐུགས་མཆོག་དྲི་མ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད། བཞི་པ་ཡོན་ཏན་གྱི་དབང་ལ། མཚན་ཉིད་དང་ལྡན་པའི་རིག་མ་ཕྱག་ཏུ་གཏད་པར་མོས་ཤིག །ཧཱུྃ། བཀྲ་ཤིས་མཚན་ལྡན་བདེ་བ་སྐྱེད་པའི་ཡུམ། །སྐལ་ལྡན་ཁྱེད་ལ་དུས་འདིར་སྦྱིན་པར་བྱ། །གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ། །ཐིག་ལེ་པདྨའི་བར་ན་མཉམ་གནས་པས། །ཟག་མེད་ཡེ་ཤེས་རང་ངོ་ཤེས་པར་གྱིས། །ཞེས་གཏད། ཁྱེད་རང་རྣམས་དྲེགས་འདུལ་ཧེ་རུ་ཀ་དང་། གཏད་པའི་རིག་མ་ཡུམ་དབྱིངས་ཀྱི་དབང་ཕྱུག་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པར་གྱུར་པ་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར་སྙམ་པའི་མོས་པ་མཛོད། ཧོཿ རིགས་ཀྱི་བུ་ཁྱོད་ལ་ཕྱག་རྒྱའི་དབང་བསྐུར་པས། གཉིས་མེད་ཟུང་འཇུག་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད། ལྔ་པ་ཏིང་ངེ་འཛིན་རྣམ་གསུམ་གྱི་དབང་གི་སླད་དུ། ཁྱེད་རང་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱི་གནད་དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟ་བའི་སེམས་སྐད་ཅིག་མ་དེའི་སྟེང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིག་གེར་བཞག་པ་དེ་ཉིད་ཚིག་གིས་མཚོན་པ་ནི། ཀྱེ་མ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་འདི། །ཅིར་ཡང་མ་གྲུབ་ངོ་བོ་ཉིད་ཀྱིས་སྟོང་། །དེ་ནི་སྐྱེ་མེད་རིག་སྟོང་ཆོས་སྐུ་ཡིན། །ཅིར་ཡང་མ་འགགས་གསལ་བ་ལོངས་སྤྱོད་རྫོགས། །གཉིས་མེད་རང་གྲོལ་ལྷུན་གྲུབ་སྤྲུལ་པའི་སྐུ །སངས་རྒྱས་རང་གི་རིག་པར་ངོ་ཤེས་གྱིས། །རྟག་ཏུ་དེ་ཡི་དོན་ལ་གནས་པར་གྱིས། །ཞེས་རང་གི་སེམས་ལ་ཁ་ནང་ལོག་གི་ཤེས་པས་བལྟས་པས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་རང་བཞིན། ཅིར་ཡང་མ་གྲུབ་པས་ངོ་བོ་སྟོང་པ་ཉིད་དེ་དེ་ནི་སྐྱེ་མེད་རིག་པའི་ཆ་ནས་ཆོས་སྐུ །ཅིར་ཡང་མ་འགགས་པར་འཆར་བའི་ཆ་ནས་ལོངས་སྐུ །གཉིས་མེད་རང་གྲོལ་དུ་ལྷུན་གྱིས་གྲུབ་པ་ནི་སྤྲུལ་པའི་སྐུ་སྟེ། སངས་རྒྱས་རང་གི་རིག་པར་ངོ་ཤེས་པར་གྱིས་ཤིག །དུས་རྟག་ཏུ་དེའི་དོན་ལ་གནས་པར་གྱིས་ཤིག །ཧོཿ རིགས་ཀྱི་བུ་ཁྱོད་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་པས་སྐུ་གསུམ་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་འཕོས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཞེས་བརྗོད། དྲུག་པ་ཕྲིན་ལས་ཀྱི་དབང་བསྐུར་བའི་སླད་དུ། གཏོར་མ་འདི་ཉིད་དྲེགས་འདུལ་ཁྲོ་བོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པ་ལ་མོས་གུས་དུང་བ་བྱས་པས། དེའི་གནས་ལྔ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་སྟེ། ཧཱུྃ། ཁྲོ་རྒྱལ་ལྷ་རྣམས་བསྒྲུབ་བྱའི་ཕྱིར། །གཏོར་མ་འདི་ཡིས་དབང་བསྐུར་བས། །ལྷ་རྣམས་མཆོད་པའི་དབང་ཐོབ་ཤོག །སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། ལྷ་ཚོགས་འོད་དུ་ཞུ་བའི་ཟག་མེད་བདུད་རྩིའི་རྒྱུན་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་གཉིས་རྩོལ་མེད་དུ་ཐོབ་པར་མོས་ཤིག །གཏོར་ཟན་ཆ་ཤས་དངོས་གྲུབ་ཀྱི་དོན་དུ་སྦྱིན། ཧོཿ རིགས་ཀྱི་བུ་ཁྱོད་ལ་ཕྲིན་ལས་གཏོར་མའི་དབང་བསྐུར་པས་འདོད་ཡོན་མི་ཟད་པའི་ལོངས་སྤྱོད་ལ་དབང་འབྱོར་ཞིང་། ལས་རབ་འབྱམས་ཀྱི་སྒོ་ནས་གང་ལ་གང་འཚམ་པས་འདུལ་བའི་འགྲོ་དོན་རླབས་པོ་ཆེ་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་བསྒྲུབས་ཟིན་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་དམ་ཚིག་ཁས་ལེན། གཏང་རག །ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱས་པས་འགྲུབ་བོ། །གསུམ་པ་རྗེས་བྱ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་རྟ་བྲོ་ནས་ཤིས་པ་བརྗོད་པའི་བར་ལས་བྱང་གི་དཀྱུས་བཞིན་དུ་བྱའོ། །འདི་ནི་དངོས་སྟ་ཕྱེ་བའི་དབང་དུ་བྱས་ལ། གལ་ཏེ་དེ་ཙམ་ཡང་ལོངས་སྐབས་མེད་པར་དངོས་སྟ་སྦྲེལ་བར་སྤྲོ་ན། ལྷ་ལྷག་གནས་མ་བྱས་ཀྱང་ཆོག་ལ། བུམ་སྒྲུབ་དངོས་གཞིའི་སྐབས་སུ་འབྱུང་བས་དོན་ཚང་བའི་ཕྱིར། ཐོག་མ་ནས་དཀྱིལ་འཁོར་སྒྲུབ་རྫས་བཀོད་ལ། བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་སྐབས་དབང་དོན་དུ་ཛཔ྄་ཁང་དབྱེ་ཞིང་བུམ་བཟླས་ནས་ཚོགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། སློབ་མ་ལྷག་གནས་དང་དངོས་གཞིའི་དབང་སྟན་ཐོག་གཅིག་ཏུ་བསྐུར་ཏེ་རྗེས་ཆོག་ལ་འཇུག་པ་ནི་དེང་སྐབས་ཕལ་མོ་ཆེའི་ཕྱག་བཞེས་ཀྱི་རྒྱུན་ནོ། །གདུག་པ་ཅན་རྣམས་འདུལ་བ་ལ། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །རྡོ་རྗེ་གཏུམ་པོའི་སྨིན་བྱེད་ནི། ཁྲ་བྲག་ཐུགས་གཏེར་ཇི་བཞིན་བཤད། །དྲེགས་བྱེད་རྣམས་ཀྱང་རིགས་ཁམས་ཀྱི། །ཡེ་ཤེས་ནུས་པ་རབ་སྨིན་ནས། །གདུལ་བྱ་འདུལ་བྱེད་གཉིས་མེད་པར། །ཀུན་ཀྱང་གསང་བའི་བདག་གྱུར་ཅིག །ཅེས་པའང་སྨིན་བྱེད་རྩ་བའི་གཞུང་ལ་སྟ་གོན་སོགས་ས་བཅད་ཙམ་ལས་མི་གསལ་ཞིང་། ཁ་འགེངས་ཕྱག་རྒྱུན་ལ་ལྟོས་དགོས་པ་དང་། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཆོག་ཁྲིགས་ལུང་རྒྱུན་མ་བཞུགས་པ་སོགས་ཀྱི་སྟབས། རྙིང་སྔགས་དཔེ་ཁྱེར་མཁན་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་བཛྲ་ཙིཏྟ་དེ་བཱིར་གོ་གསལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བའི་ཚུལ་ཡེ་ཤེས་བཅུད་ཀྱི་སྙིང་པོ་ (Volume 12, Text 20)

༄༅། །གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བའི་ཚུལ་ཡེ་ཤེས་བཅུད་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བཛྲ་ཀྲོ་དྷཱ་ཡ། བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ལས། །གདུག་པའི་སྡེ་བརྒྱད་འདའ་བར་མི་བཟོད་པ། །ཆེ་བཙན་འགྲན་ཟླ་བྲལ་བའི་ཧེ་རུ་ཀ །པདྨ་དྲག་པོས་བདག་རྒྱུད་བྱིན་གྱིས་རློབས། །སྤྲོས་བསྡུས་གཏོར་མ་གཙོར་བྱས་པའི། །དོན་དབང་ཡོངས་རྫོགས་ནོར་བུ་ལུགས། །བྱིན་རླབས་དངོས་གྲུབ་རྩ་བར་བསྔགས། །དེ་ཕྱིར་འདི་དོན་གཉེར་བར་རིགས། །དེ་ལ་སྦྱོར་བ་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་དཔལ་གཏོར་བང་རིམ་སུམ་བརྩེགས་སྟེང་རིན་ཆེན་འབར་བ་རྒྱན་ལྡན་སྐུ་ཙཀ་དང་དར་དམར་གྱི་གདུགས་ཕུབ་པ་བཞག །འོག་ནས་འབྱུང་བའི་ཙཀ་ལི་རྣམས་དང་། བནྡྷའི་བདུད་རྩི། སྒྲུབ་ཡིག་རྣམས་དང་། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད། གཏེར་སྲུང་གཏོར་མ། ལས་བུམ། མིག་དར་སོགས་འདུ་བྱའོ། །དངོས་གཞི་བདག་མདུན་སྒྲུབ་པ་ནི། རྒྱས་པར་ལྕོགས་ན་ལས་བྱང་ཇི་ལྟ་བར་བྱ་དགོས་ཀྱང་། མི་ལྕོགས་ན་གསང་སྒྲུབ་ཀྱི་མཛད་པ་ཕྱག་རྒྱུན་དུ་སྣང་བས། དེ་ལྟར་ན། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག་སོགས་ཚད་མེད་བསྒོམ། རང་ཉིད་སྐད་ཅིག་གིས་པདྨ་དྲག་པོའི་ང་རྒྱལ་གྱིས། སུམྦྷ་ནི་སོགས་བརྗོད་ལ་མཚམས་བཅད། ཨོཾ་བཛྲ་ཙཀྲ་ཏིགྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མ་ངྷ་ལ་ཧཱུྃ༔ གིས་སྲུང་འཁོར་བསྒོམ། ཙིཏྟ་བཛྲ་ཧཱུྃ་ས་མ་ཡ་ཏི་ཛཿ ཞེས་དམ་བཅའ་བཟུང་། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་བཅས་བྱིན་དབབ། ཨ་མྲྀཏས་བསང། སྭ་བྷཱ་བས་སྦྱང་། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་པཱུ་ཛ་ཨཱཿཧཱུྃ༔ ཞེས་མཆོད་པ་བྱིན་བརླབས། བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་ནོངས་པ་བཤགས། དེ་ནས་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། སྟོང་པའི་ངང་ལས་པདྨ་ཉི་ཟླ་བདུད་བཞིའི་གདན་གྱི་སྟེང་དུ་རིག་པ་ཧཱུྃ་གི་ངོ་བོ་ལས། སྐད་ཅིག་གིས་བདག་ཉིད་གུ་རུ་དྲག་པོ་སྐུ་མདོག་དམར་ནག་མེའི་མདོག་ཅན་ཐོད་སྐམ་ལྔ་དང་རིགས་ལྔས་དབུར་བརྒྱན་པ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བགྲད་པ། གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ། སྤྱན་དགུ་སྡང་མིག་བགེགས་ལ་གཟིར་བ། ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟང་ཡག་ཏུ་གཙིགས་པ། ཤངས་ནས་རླུང་འབྱུང་བ། སྨིན་མ་གློག་ལྟར་འཁྱུག་པ། ཨག་ཚོམ་མེ་ལྟར་འབར་བ། སྐན་སྒྲ་བརྡབ་པ་ནམ་མཁའི་འབྲུག་དང་མཉམ་པ། ཕྱག་གཡས་ཀྱི་དང་པོར་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ། བར་པ་ན་གྲི་གུག་ཐུར་དུ་འཛིན་པ། ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པ། གཡོན་གྱི་དང་པོ་ན་ཁ་ཊྭཱཾ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། བར་པ་ན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐ་མས་ལྕགས་ཀྱི་སྡིག་པ་མགོ་དགུ་པ་སྐེ་ནས་བཟུང་བ། དབུ་སྐྲ་ཁམ་སེར་སྤྱི་བོར་བཅིངས་པ། ཟར་བུ་སྐུ་རྒྱབ་ཁེབས་པར་གཏིབས་པ། གླང་ཆེན་གྱི་ཀོ་རློན། ཞིང་གི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས། སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ། གདོལ་པ་ནག་པོའི་དོ་ཤལ་ལ་མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་། ཐོད་སྐམ་སྤེལ་མར་བརྒྱུས་པའོ། །རྡོ་རྗེའི་གོ་ཁྲབ་ལ་བར་མཚམས་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ། དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ། ཡབ་དང་ཞལ་སྦྱོར་བ། སྤྱི་བོ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱིས་སྦྱོར་བ། གཟིག་གི་ཤམ་ཐབས་གྲོལ་བ། རུས་པའི་རྒྱན་དྲུག་གིས་སྤྲས་པ། དབུའི་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་ཅན་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། དེའི་འོག་ཏུ་ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན། ཁྲོ་ཆུའི་རྭ་རྩེ་ལ་མེ་འབར་བ། མེའི་གཤོག་པ་རབ་ཏུ་རྡེབ་པ་ཀྲང་ཀྲིང་གི་སྒྲ་སྒྲོག་པ། དཔྲལ་བར་སྐུའི་ལྷ་འཇམ་དཔལ་གཤིན་རྗེ་སེར་ནག་འཁོར་ལོ་དང་སྡིགས་མཛུབ་མཛད་པ། མགྲིན་པར་གསུང་གི་ལྷ་དབང་ཆེན་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་དབྱུག་ཏོ་དང་། གཡོན་པས་ཐོད་ཁྲག་འཛིན་པ། ཐུགས་ཀར་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པར་གསང་བདག་རྡོ་རྗེ་གཏུམ་པོ། ཞལ་གཅིག་ཕྱག་གཉིས་མཐིང་ནག་གཡས་རྡོ་རྗེ་དང་། གཡོན་སྡིགས་མཛུབ་སྦྲུལ་རིགས་ཀྱིས་བརྒྱན་པའོ། ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་སངས་རྒྱས་མཁའ་འགྲོ་སྐུ་མདོག་མཐིང་ནག་གྲི་ཐོད་བསྣམས་པ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ །ནུབ་ཏུ་པདྨ་མཁའ་འགྲོ །བྱང་དུ་ལས་ཀྱི་མཁའ་འགྲོ །དེ་རྣམས་ཀྱིས་གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་སྟབས་སུ་བཞུགས་པ་ཁ་ཊྭཱཾ་མཆན་ན་བཅུག་པ། གསང་གནས་སུ་ཕྲིན་ལས་ཀྱི་ལྷ་ཡཀྴ་མེ་དབལ་སྨུག་ནག་གཡས་དབྱུག་ཏོ་དང་གཡོན་སྡིགས་མཛུབ་དང་ཞགས་པ་འཛིན་པའོ། །མདུན་དཀྱིལ་དམ་ཚིག་པ་བསྐྱེད་པ་ནི། སྭ་བྷཱ་བས་སྦྱང་། ཆོས་ཀྱི་དབྱིངས་དམིགས་མེད་སྟོང་པར་གྱུར༔ སྟོང་པའི་ངང་ལས༔ དཀྱིལ་འཁོར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་ཡོངས་སུ་རྫོགས་པའི་ཕོ་བྲང་མཉམ་ཡངས་འོད་དུ་འབར་བ༔ ཕྱི་གསལ་ནང་གསལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ༔ པདྨ་དང་ཉི་ཟླ་བདུད་བཞིའི་སྟེང་དུ་ཧཱུྃ་དམར་ནག་མེའི་ཚ་ཟེར་འཕྲོ་བ༔ དེ་ལས་འོད་ཟེར་འཕྲོས༔ གདོན་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཕྱོགས་དུས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པས་མཆོད༔ སེམས་ཅན་ཐམས་ཅད་ཀྱི་ལས་དང་སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་ཧཱུྃ་ལ་ཐིམ་ཆེར་འོད་དུ་འབར་བ་སྟེ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ གུ་རུ་དྲག་པོ་སྐུ་མདོག་དམར་ནག་མེའི་མདོག་ཅན་ནས། ཞགས་པ་འཛིན་པའོ་བར་གོང་ལྟར། ཕྱི་རིམ་རྩིབས་བཞིའི་ཤར་དུ་རྡོ་རྗེ་དྲག་པོ་རྩལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་། གཡོན་པ་ལྕགས་ཀྱི་སྡིག་པའི་མགུལ་ནས་བཟུང་སྟེ་གདེངས་པའོ༔ ལྷོར་རཏྣ་དྲག་པོ་རྩལ་སྐུ་མདོག་སེར་ནག་གཡས་པས་བེ་ཅོན་དང་གཡོན་པས་སྡིག་པ་འཛིན་པ༔ ནུབ་ཏུ་པདྨ་དྲག་པོ་རྩལ་སྐུ་མདོག་དམར་པོ་གཡས་པས་གྲི་གུག་དང་གཡོན་པས་སྡིག་པ་འཛིན་པ༔ བྱང་དུ་ཀརྨ་དྲག་པོ་རྩལ་སྐུ་མདོག་ལྗང་སྔོན་གཡས་པས་རྡོ་རྗེ་རྒྱ་གྲམ་དང་གཡོན་པས་སྡིག་པ་འཛིན་པ༔ ཀུན་ཀྱང་ཞིང་གི་གཡང་གཞི་སྟག་གི་ཤམ་ཐབས་སྦྲུལ་ཆུན་དང་མགོ་ཕྲེང་རྒྱན་དྲུག་ལ་སོགས་འཇིགས་པའི་ཆས་དང་ལྡན་པ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་རྡོ་རྗེས་མཚན་པ༔ གཡོན་ཐོད་ཁྲག་བསྣམས་པ༔ དེ་བཞིན་ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་གྲི་གུག་རིན་པོ་ཆེས་མཚན་པ་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་གྲི་གུག་པདྨས་མཚན་པ་དང་ཐོད་ཁྲག་འཛིན་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་གུག་རྒྱ་གྲམ་གྱིས་མཚན་པ་དང་ཐོད་ཁྲག་འཛིན་པ་ཡུམ་རྣམས་སྐུ་མདོག་ཡབ་དང་མཐུན་པ༔ གཡས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་ཐོད་ཁྲག་སྟོབ་པ༔ གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་སྦྱོར་བ༔ ཞིང་ལྤགས་དང་སྟག་ཤམ་རྒྱན་དྲུག་གིས་སྤྲས་པ༔ དབུ་སྐྲའི་ཐོར་ཅོག་ལ་རང་རྟགས་ཀྱི་མཚན་མ་རྡོ་རྗེ་ལ་སོགས་པས་བརྒྱན་པ༔ ཤར་ལྷོར་གཤིན་རྗེ་ཚེ་བདག་སེར་ནག་གཡས་འཁོར་ལོ་གཡོན་ལྕགས་ཀྱུ་དང་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་ཐོད་བསྣམས་པ་ཁ་ཊྭཱཾ་མཆན་དུ་བཅུག་པ༔ གཡས་བརྐྱང་གཡོན་བསྐུམ་མི་མགོའི་དོ་ཤལ་ཅན༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་ཕུར་པ་འདྲིལ་བ་མཐིང་ནག་དུར་ཁྲོད་ཀྱི་ཆས་རྫོགས་པ༔ བྱང་ཤར་དུ་མཁའ་འགྲོ་སེང་གདོང་མ་གྲི་ཐོད་བསྣམས་པ་ཐོད་ཕྲེང་དང་ཞིང་ལྤགས་སྟག་ཤམ་ཡོད་པ༔ དེའི་ཕྱི་རིམ་རྩིབས་བཅུ་ལ་རིམ་པས་ཤར་སྟོད་དུ་ཧཱུྃ་ཀ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁ་ཊྭཱཾ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་ཏོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སྔོན་པོ་གཡས་བེ་ཅོན་དང་གཡོན་སཏྭ་མོ་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་སྔོན་པོ་སྨུག་ནག་རལ་གྲི་དང་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ ནུབ་སྨད་དུ་སྟོབས་ཆེན་ལྗང་ནག་གཡས་སཏྭ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་ཁྲོ་བོའི་ཆས་བཅུ་དང་ལྡན་པ༔ གཡས་བསྐུམ་གཡོན་བརྐྱང་གིས་ཕྱོགས་སྐྱོང་གི་གདན་ལ་བཞུགས་པ༔ ཤར་སྒོར་སྟག་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོ་ལྕགས་སྒྲོག་བསྣམས་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི་ཚུལ་ཅན་ནོ༔ ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ གཙོ་བོའི་ཐུགས་ཀར་ཧཱུྃ་ཡིག་བྱི་རུའི་མདོག་ཅན། དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་མདུན་དཀྱིལ་འཁོར་པ་རྣམས་ལ་ཐིམ་པར་གྱུར། སྤོས་དང་ཌཱ་དྲིལ་བཅས། ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ སྒྲུབ་ལ་དངོས་གྲུབ་སྩོལ་བ་དང༔ བདུད་དང་བགེགས་རྣམས་གཞོམ་པ་དང༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ༔ དམར་ནག་མེ་ཡི་ཕྲེང་བ་ཅན༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་བདག་ལ་དགོངས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབས་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་བཛྲ་ཀྲོ་དྷ་བྷ་ག་བཱན་སརྦ་མ་ཧཱ་གུ་རུ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི། ཧཱུྃ༔ དུར་ཁྲོད་ཆེན་པོ་མེ་ཀློང་འབར་བའི་དབུས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ ཁྲོ་རྒྱལ་དྲེགས་འཇོམས་དྲག་པོའི་ལྷ་ཚོགས་རྣམས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ གུ་རུ་བཛྲ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ དྲག་པོ་ཐོད་ཕྲེང་བདེ་གཤེགས་འདུས་པའི་སྐུ༔ ཧཱུྃ་སྒྲ་སྒྲོག་ཞིང་བགེགས་རྣམས་འཇོམས་མཛད་ལྷ༔ འབར་བའི་ཁྲོ་རྒྱལ་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཕྱི་མཆོད་འདོད་ཡོན་རྣམ་པ་ལྔ༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ༔ གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན༔ ཐབས་མཆོག་མཐར་ཕྱིན་བདུད་རྩི་དང༔ ཤེས་རབ་མཐར་ཕྱིན་རཀྟ་དང༔ ཐབས་ཤེས་དབྱེར་མེད་གཏོར་མ་སོགས༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པའི་ཐོག་མར་ཞི་བར་བསྙེན་པ་ནི། བདག་གི་གནས་གསུམ་ལས་ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གསུམ་འཕྲོས་ཏེ་གཙོ་བོ་ལ་མཆོད་པ་ཕུལ་ནས། སླར་གཙོ་བོའི་གནས་གསུམ་ནས་དབང་དང་བྱིན་རླབས་སྩོལ་བའི་ཚུལ་དུ་བར་མ་ཆད་པར་འབྲུ་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཐིམ་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་བཟླ། ཁྲོ་བོར་སྒྲུབ་པ་ནི། བདག་ཉིད་ལྷའི་ཞལ་ནས་དཀྱིལ་འཁོར་གཙོ་བོའི་ཞལ་དུ་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཕྲོས། གཙོ་བོའི་ཐུགས་ཀ་ནས་བྱུང་བདག་གི་ཐུགས་ཀར་ཐིམ། ཕར་ལ་མཆོད་པའི་ཚུལ་དུ་འབུལ། ཚུལ་དངོས་གྲུབ་ཀྱི་ཚུལ་དུ་བསྡུ་ཞིང་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་འཁོར་བ་ལ་དམིགས་པ་གཏད་དེ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་རབ་བདུན་འབུམ། འབྲིང་སུམ་འབུམ། ཐ་མ་འབུམ་ཕྲག་གཅིག་སོང་ནས་ཤམ་བུ་ནི། བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པ་གོང་གི་བཅུ་ཆ་བཟླ་བར་གསུངས་ཤིང་། དབང་སྒྲུབ་སྐབས་སུ་ཇི་ལྟར་འོས་པ་བྱ། གསང་སྒྲུབ་རྐང་ཚུགས་བྱེད་སྐབས་ཐུན་མཐར་སྟོང་ཚིགས་བསྡུ་ལྡང་བསྔོ་སྨོན་དང་གྲུབ་ན་དངོས་གྲུབ་བླང་ཆོག་བྱས་པས་འགྲུབ་ལ་སྐབས་འདིར་ཡང་སྟོད་ཚིགས་མཆོད་བསྟོད་ཕུལ། ལས་བུམ་སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་ཕྱག་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་ཙམ་བཟླས་ལ། ཁྲོ་བོའི་དབང་པོ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་ཆུ་བོ་ནུས་པ་དང་ལྡན་པར་གྱུར། དེ་ནས་རིག་པའི་མེ་ཏོག་དོར་བའམ་ཏིང་ངེ་འཛིན་གྱི་དབང་ལེན་བྱའོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བཏང་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱུ་འབྲས་ཀྱི་ཐེག་པ་མཐའ་དག་གི་སྙིང་པོ་ནི་མོས་གུས་བླ་མའི་ལམ་ཟབ་འདི་ཁོ་ན་ཡིན་ལ། དེ་ལྟ་བུའི་བླ་མ་སྒྲུབ་པའི་ཚུལ་ཡང་རྡོ་རྗེ་ཐེག་པ་སྔ་འགྱུར་དང་ཕྱི་འགྱུར་རྣམས་སུ་མཐའ་ཡས་པར་གསུངས་པ་ལས། འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་མཐུ་མ་ལུས་པ་གཅིག་ཏུ་བསྡུས་ནས་གྲུབ་པ་མཆོག་གི་སྐུར་སྣང་བ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་ཞི་དྲག་ལ་སོགས་པ་གདུལ་བྱའི་ངོར་གང་ལ་གང་འདུལ་དུ་བསྟན་པ་དེ་དག་སོ་སོའི་སྒྲུབ་ཐབས་ནི། སློབ་དཔོན་ཆེན་པོ་ཉིད་ཀྱིས་མཛད་པ་བཀའ་གཏེར་དུ་མ་ལས་བརྒྱུད་པ་མཐའ་ཡས་པར་བཞུགས་པའི་ནང་ཚན་གསང་སྒྲུབ་ཁྲོ་བོའི་སྐོར་ནི། དཔལ་བསམ་ཡས་ཀྱི་ཆོས་འཁོར་འབྱོངས་ཏེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དཀོར་སྲུང་རྒྱལ་པོ་མི་སྲུན་པ་བསྐོས་པས། མ་འོངས་ཆོས་བྱེད་ལ་བར་ཆད་བྱེད་པར་མཁྱེན་ནས་ས་འབྲུག་རྟ་ཟླ་བའི་ཚེས་བཅུ་ལ་དབུ་རྩེར་དགོངས་པ་ལ་བཞུགས་པ་ལ། རྒྱལ་པོས་སློབ་དཔོན་ཅི་ལ་འཇིགས་ཞེས་དྲིས་པས། རྒྱུ་འབྲས་རྟེན་འབྲེལ་ཁྱད་དུ་མི་གསོད་ཙམ་དུ་སྡིག་པ་ལ་ང་འཇིགས་གསུངས་པས་ཁོས་ལོག་པར་གོ་སྟེ། སྲིན་བུ་སྡིག་པའི་གཟུགས་འཇིགས་སུ་རུང་བ་ཞིག་ཏུ་བྱས་ཏེ། གནམ་གང་གི་ནམ་ལངས་ཉི་ཤར་ལ་ཆོ་འཕྲུལ་དུ་མ་བསྟན་པའི་ཚེ། སློབ་དཔོན་ཆེན་པོ་དྲག་པོ་གནམ་ལྕགས་མེ་ཡི་ཕྲེང་བ་ནམ་མཁའ་གང་བ་གཅིག་ཏུ་བྱས་ཏེ། སྡིག་པ་དེ་ཉིད་ཀྱི་སྐེ་ནས་ཕྱག་གཡོན་གྱིས་བསྡམས་ཏེ་བཙིར་བས་འཇིགས་ཤིང་སྐྲགས་ཏེ་ཁ་ནས་ཁྲག་བྱུང་། རང་གཟུགས་འཁོར་དང་བཅས་པས་ཕྱག་འཚལ་ཞིང་སྲོག་གི་སྙིང་པོ་ཕུལ། ཕྱི་རབས་ཀྱི་ཆོས་བྱེད་ལ་མི་གནོད་པར་དམ་བཅས་པའི་ཚེ། ཕྱི་རབས་ཀྱི་གང་ཟག་ལ་འཁུ་ལྡོག་གནོད་པ་མི་ཡོང་བ་སོགས་ཀྱི་སླད་དུ། གུ་རུ་དྲག་པོ་འདི་ཉིད་ཀྱི་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་ཆ་ལག་དང་བཅས་པ་རྒྱས་པར་མཛད་དེ། སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་ནས། ཡུམ་ཡེ་ཤེས་མཚོ་རྒྱལ་གྱིས་མཁར་ཆུ་ཕུག་རིང་དུ་གཏེར་དུ་སྦས་པ། གཏེར་སྟོན་ཆེན་པོ་རཏྣ་གླིང་པས་སྤྱན་དྲངས་ཏེ་རྩ་བའི་བླ་མའི་བར་དབང་ལུང་མན་ངག་གི་རྒྱུན་མ་ཆད་པར་བཞུགས་པ་སྟེ། ཇི་སྐད་དུ། བོད་ཡུལ་མཐའ་དབུས་ཀུན་ཏུ་ཡང༔ གཏེར་ཁ་ལྔ་ལས་སྦས་པ་མེད༔ ཅེས་དང་། ལྔ་པོའི་ནང་ནས་མཆོག་གྱུར་པ༔ སྙིང་པོ་ཡང་ཞུན་དམ་པ་འདི༔ དུས་ལ་དགོངས་པའི་གཏེར་ཡིན་པས༔ ཐུགས་སྒྲུབ་དྲག་པོ་གཏེར་གཅིག་མ༔ བོད་ཡུལ་གཏེར་གྱི་སྙིང་ཁྲག་ཡིན༔ ཞེས་ཟབ་གཉན་ཤིན་ཏུ་དཀོན་པའི་གསང་ཆོས་འདིའི་བྱིན་རླབས་འཇུག་པའི་སྒོ་དབང་གི་ཆོ་ག་གསུམ་དུ་ཡོད་པ་ལས། འདིར་གང་ཟག་སྤྲོས་པ་ལ་མི་དགའ་བ་རྣམས་ཀྱི་དོན་དུ་གཏོར་མ་ལ་བརྟེན་ཏེ་དབང་བཞི་ནོར་བུ་ལུགས་སུ་བསྐུར་བ་དེ་སྒྲུབ་པའི་སྐབས་སུ་བབས་པ་ཡིན་པས་སོགས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་མིག་དར། ཨོཾ་ཨཱཿཧཱུྃ་གིས་འཆིང་། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ དེ་ཉིད་མགོན་པོས་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུ། བླ་མས། ཀྱེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྒྱལ་བ་ཀུན་གྱི་ཐུགས་འཆང་བ༔ བླ་མ་དྲག་པོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་བ་དང་ལྡན་ནམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ༔ ཕྱོགས་དུས་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ བདག་ཅག་མི་ཕྱེད་དད་པར་ལྡན༔ ཁྱེད་ཀྱིས་རྗེས་སུ་གནང་བ་དང༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ཞེས་ཞུས་པས། བླ་མས། ཇི་སྐད་སྨྲས་པ་ཇི་བཞིན་དུ༔ གསང་བ་གསུམ་ལས་མི་འདའ་ཞིང༔ ཚུལ་བཞིན་དམ་ཚིག་མི་འདའ་ན༔ ཚུར་ཤོག་བདག་གིས་རྗེས་སུ་བཟུང༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ། དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྟོན་པ་ཐབས་མཁས་ཐུགས་རྗེ་ཆེ༔ བདག་ཅག་མ་རིག་རྨོངས་པའི་མིག༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་ཞུ༔ ལན་གསུམ། རྡོ་རྗེས་མིག་དར་བསལ་ལ། ང་ནི་ཡེ་ཤེས་སྤྱན་དང་ལྡན༔ ཁྱེད་ཅག་མ་རིག་རྨོངས་པའི་མིག༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་དང་། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལས་སད་སྐལ་བར་ལྡན༔ དཀྱིལ་འཁོར་གཏོར་མ་འདི་ལ་ལྟོས༔ གུ་རུ་དྲག་པོའི་ཕོ་བྲང་ནི༔ ཕྱོགས་མཚམས་ཡེ་ཤེས་ལྔ་དང་ལྡན༔ གཏོར་མ་རིན་ཆེན་འོད་འབར་བ༔ དྲག་པོའི་སྐུ་དང་གཉིས་སུ་མེད༔ འདི་དག་མཐོང་བས་དངོས་གྲུབ་ཐོབ༔ དབང་རྫོགས་ཐོབ་པར་སྨོས་ཅི་དགོས༔ མདུན་གྱི་དཀྱིལ་འཁོར་གཏོར་མ་དང་བཅས་པ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སྲུང་འཁོར་དུར་ཁྲོད་ཀྱི་དབུས་སུ། དྲག་པོའི་གཞལ་ཡས་ཁང་འཁོར་ལོ་རྩིབས་དགུ་པའི་ལྟེ་བར། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་དམར་ནག་མེའི་ཕྲེང་བ་ཅན་ཡབ་ཡུམ་གྱི་དབུ་གཙུག་ཏུ་སྣང་བ་མཐའ་ཡས། དེའི་འོག་ཏུ་བྱ་ཁྱུང། དཔྲལ་བར་འཇམ་དཔལ། མགྲིན་པར་དབང་ཆེན། ཐུགས་ཀར་མཆོད་རྟེན་དང་གསང་བདག །ལྟེ་བར་མཁའ་འགྲོ་སྡེ་ལྔ། གསང་བར་ཡཀྴ་མེ་དབལ། ཕྱོགས་བཞིར་དྲག་པོ་རྩལ་རིགས་བཞི། རྩིབས་བརྒྱད་ལ་མཁའ་འགྲོ་ཡབ་ཡུམ་བརྒྱད། མཚམས་བཞིར་གཤིན་རྗེ་ཁྲོས་ནག་ཀཱི་ལ་ཡ་སེང་གདོང་། ཕྱི་རིམ་རྩིབས་བཅུ་ལ་ཁྲོ་བོ་བཅུ། སྒོ་བཞིར་སྒོ་མ་བཞི་བཅས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་མོས་ལ་དད་སྤྲོ་རྒྱ་ཆེན་པོ་སྐྱེད་མཛོད། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་སྒོམས་ཤིག །བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླ་སོགས་མངོན་རྟོགས་ལྟར་ལས། ཁྱེད་རང་རྣམས་གུ་རུ་དྲག་པོ་དམར་ནག་སོགས་ནས། རུས་པའི་རྒྱན་དྲུག་གིས་སྤྲས་པ། ཡབ་ཀྱི་ཐུགས་ཀར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། དེའི་སྟེང་དུ་པདྨ་དམར་པོ་གཅིག་སྐྱེས་པའི་གེ་སར་གྱི་སྟེང་དུ་གུ་རུ་དྲག་པོ་ཚོན་གང་བ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་གར་བྱེད་པ། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་ནམ་མཁའ་ལས་བབས་ཏེ་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡཾ་ལས་རླུང་གཡོས་པས་རྒྱུད་དྲག་ཏུ་བསྐུལ། སྙིང་ལྷ་དང་བཅས་པ་ཆོས་སྐོར་དུ་དྲག་ཏུ་འཁོར་བར་སྒོམས་ཤིག །སྤོས་རོལ་བཅས་སྤྲོ་ན་སྤྱན་འདྲེན་བརྗོད། མི་སྤྲོ་ན་འཛབ་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ བཏགས་པ་བརྗོད། མཐར་རྡོ་རྗེ་སྤྱི་བོར་བཞག་ལ། སུ་པྲ་ཏིཥྛ་སོགས་ཀྱིས་བརྟན་པར་བྱ། དེ་ནས་གཏོར་མ་གཙོ་བོར་གྱུར་པའི་དོན་གྱི་དབང་བཞི་རྫོགས་པར་བསྐུར་བའི་ཐོག་མར་རིན་ཆེན་འབར་བའི་གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་ཆེན་པདྨ་དྲག་པོ་རྩལ་གྱི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཀྱི་དབྱིག་ཐམས་ཅད་རྣམ་པ་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེའི་ཚུལ་དུ་ཁྱེད་རང་གི་གནས་གསུམ་དུ་ཐིམ་པར་མོས་ཤིག །གཏོར་ཆེན་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ པདྨ་ཐོད་ཕྲེང་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་དབང་བཞི་སྐུར༔ སྐུ་ནི་འགྱུར་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་ཐོབ་ཤོག༔ གསུང་ནི་འགག་མེད་རྡོ་རྗེའི་གསུང༔ འགག་མེད་གསུང་གི་དབང་ཐོབ་ཤོག༔ ཐུགས་ནི་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ གཏོར་མ་སྐུ་གསུམ་ལྷུན་གྱིས་རྫོགས༔ རྣམ་དག་བདེ་ཆེན་ཡེ་ཤེས་ཆེ༔ མ་ལུས་འདུས་པའི་ཚོགས་ཆེན་པོ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཨོཾ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨ་མི་དྷེ་ཝ༔ ཁྲོཾ་ག་རུ་ཎ༔ ཡ་མཱནྟ་ཀ༔ ཧ་ཡ་གྲཱི་ཝ༔ བཛྲ་པཱ་ཎི༔ མ་ཧ་རི་ནི་ས༔ བཛྲ་ཡཀྴ་ཧཱུྃ༔ ཧཱུྃ་བཅུ་བརྗོད་རྗེས། བཛྲ་གུ་རུ་ཀྲོ་དྷ་སརྦ་ས་མ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་གཏུག །འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གཏོར་ཆེན་འབར་བའི་དབང་འདི་བསྐུར་བས་ལུས་ལྷའི་སྐུར་གྱུར་ཏེ༔ སྐུ་བུམ་པའི་དབང་ཐོབ༔ གསུང་སྔགས་སུ་གྱུར་ཏེ་གསང་བའི་དབང་ཐོབ༔ ཐུགས་བདེ་སྟོང་དུ་གྱུར་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དབང་བཞི་པ་དོན་དམ་པའི་དབང་ཡོངས་སུ་རྫོགས་པ་ཡིན་ནོ༔ ཞེས་བརྗོད་དོ༔ དེ་ནས་གཡས་སུ་གྲི་གུག་རྡོ་རྗེ་རལ་གྲི་གཏད༔ གཡོན་དུ་བྷནྡྷ་ཁ་ཊྭཱཾ་ལྕགས་སྡིག་གཏད་ལ༔ ཧཱུྃ༔ རྡོ་རྗེ་འབར་བ་མིག་མི་བཟད༔ རྡོ་རྗེ་འབེབ་པ་འབེབ་པ་ཆེ༔ གྲི་གུག་འབར་བས་སྐྱེ་ཤི་གཅོད༔ རལ་གྲིས་དགྲ་བགེགས་དུམ་བུར་གཏུབས༔ བྷནྡྷ་ཐོད་ཁྲག་རྣམ་རྟོག་གཅོད༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་སྒྲོལ༔ ལྕགས་སྡིག་བགེགས་ཀྱི་སྙིང་ཁྲག་འཇིབས༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་མེད་རྡོ་རྗེའི་རྟགས་ཀྱི་རྒྱ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ མ་ལུས་ཕྲིན་ལས་རྫོགས་པའི་དཔལ༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀརྨ་ཏྲི་ཤ་བྷནྡྷ་རཀྴ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་ཕྱག་མཚན་ཡོངས་རྫོགས་ཀྱི་དབང་བསྐུར་བས་འཁོར་ལོས་སྒྱུར་བ་རྒྱལ་སྲིད་ལ་དབང་བ་ལྟར༔ ཕྲིན་ལས་ཐམས་ཅད་ལ་མངའ་བརྙེས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་བྷནྡྷ་མགྲིན་པར་གཏུག་ལ། ཧཱུྃ༔ བྷནྡྷ་ཁོར་ཡུག་ཆོས་ཀྱི་དབྱིངས༔ བཅུད་ནི་ཡེ་ཤེས་བདུད་རྩིའི་མཚོ༔ རྩ་ཁམས་བདེ་བའི་རང་བཞིན་སྐྱེད༔ ངག་ཏུ་གསང་བའི་དབང་བསྐུར་བས༔ བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་ངག་ཏུ་སྦྱིན། འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བྷནྡྷ་གསང་བའི་དབང་འདི་བསྐུར་བས་བདེ་སྟོང་སྐྱེ་ཤི་མེད་པ་ལོངས་སྤྱོད་རྫོགས་པའི་དབང་མཆོག་དམ་པ་ཐོབ་པ་ཡིན་ནོ༔ ཞེས་བསྐུར་རོ། །དེ་ནས་གོ་ཆའི་ལྷ་ཡོད་ན་གནས་རྣམས་སུ་བཞག །མེད་ན་གཙོ་བོའི་ཙཀ་ལི་གནས་རྣམས་སུ་གཏུག་ལ། ཧཱུྃ༔ སྣང་བ་མཐའ་ཡས་ཆོས་ཀྱི་སྐུ༔ ཡེ་ཤེས་བྱ་ཁྱུང་ཕྲིན་ལས་སྒྲུབ༔ འཇམ་དཔལ་རྒྱལ་བ་ཀུན་གྱི་སྐུ༔ རྟ་མགྲིན་སངས་རྒྱས་ཀུན་གྱི་གསུང༔ གསང་བདག་རྒྱལ་བ་ཀུན་གྱི་ཐུགས༔ མཁའ་འགྲོ་སྡེ་ལྔ་ཡེ་ཤེས་ལྔ༔ ཡཀྴ་མེ་དབལ་ཕྲིན་ལས་བདག༔ སྟོབས་བཅུ་མ་ལུས་ཡོངས་རྫོགས་པ༔ དབང་ལྷ་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་དྲག་པོ་རྩལ་བུདྡྷ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དྲག་པོ་གོ་ཆའི་ལྷ་དབང་ཡོངས་རྫོགས་བསྐུར་བས༔ སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཁྲོ་བོ་བཅུ་ལ་སོགས་འཁོར་གྱི་ལྷ་རྣམས་ཀྱི་ཙཀ་ལིའམ། ཡང་ན་ལྷ་གྲངས་དང་མཉམ་པའི་ཧཱུྃ་གསེར་གྱིས་བྲིས་པ་གནས་གསུམ་དུ་གཏུགས་ཤིང་། ཧཱུྃ༔ རྡོ་རྗེ་རིན་ཆེན་དབང་བསྐུར་བས༔ མ་འགག་སྤྲོས་བྲལ་སྤྲུལ་པའི་འཁོར༔ སྐུ་གསུམ་ཆོས་དབྱིངས་ངང་ལས་ཤར༔ རབ་འབྱམས་ལྷ་ཡི་དབང་ཐོབ་ཤོག༔ ཧཱུྃ་བཅུ་བརྗོད་པའི་རྗེས་ལ། ཨོཾ་བཛྲ་ཀྲོ་དྷ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཁྲོ་རྒྱལ་ཡོངས་རྫོགས་ཀྱི་དབང་འདི་བསྐུར་བས༔ མ་ལུས་ལུས་པ་མེད་པ་རབ་འབྱམས་ལྷའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་སྐུ་སྤྱི་བོར་བཞག །དམ་རྫས་ངག་ཏུ་སྦྱིན། སྒྲུབ་ཡིག་སྙིང་གར་བཞག །རྩ་སྔགས་བཟླས་ཤིང་ཕྲེང་བ་ལག་ཏུ་སྦྲེལ་ཏེ། ཧཱུྃ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ང་ནི་དྲག་པོ་ཐོད་ཕྲེང་རྩལ༔ དེ་རིང་ནས་ནི་བུ་ཁྱོད་ཀྱང༔ དམར་ནག་མེ་ཕྲེང་སྐུ་རུ་གྱུར༔ བསྐྱེད་རིམ་སྐུ་ཡི་ངང་མ་གཡོ༔ བཟླས་པ་གསུང་གི་རྒྱུན་མ་བཅད༔ སྤྲོས་བྲལ་ཐུགས་ལ་ཡེངས་མ་བྱེད༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ དཀྱིལ་འཁོར་འདི་དང་འབྲལ་མི་བྱ༔ དབང་གི་དམ་པ་མཆོག་གྱུར་གང༔ དེ་ཕྱིར་ཁྱོད་ལ་ཡོངས་རྫོགས་གཏད༔ སྙིང་པོའི་སྒྲུབ་པ་ཡུན་མ་ཐུང༔ བཟང་པོའི་རྟགས་ལ་བྲོད་མ་སྐྱེ༔ ངན་པའི་རྟགས་ལ་དོགས་མ་འཚེར༔ ཐམས་ཅད་ཆོས་སྐུའི་རོལ་པར་ལྟོས༔ ཨོཾ་བཛྲ་དྲག་པོ་ཐོད་ཕྲེང་རྩལ་ཀྲོ་དྷ་ཀཱ་ལི་གུ་ཧྱེ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་སྐུ་གསུང་ཐུགས་ཡོངས་རྫོགས་རྒྱས་ཐེབས་ཀྱི་དབང་འདི་བསྐུར་བས༔ སྒྲུབ་ཕྲིན་ཀུན་ལ་དབང་སྒྱུར་བའི་རྒྱལ་པོར་གྱུར་ཅིག༔ དེ་དག་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་རྗེས་གཏད་རྒྱ་དང་དམ་ཚིག་གི་རྒྱས་གདབ་བྱ་བ་ཡིན་པས་འདི་ལ་སྙན་གཏོད་ཅིང་དོན་ཐུགས་སུ་འཛིན་པར་ཞུ། སྐུ་དང་སྒྲུབ་ཡིག་སྤྱི་བོར་བཞག །སྒྲུབ་གཏོར་དང་གཏེར་སྲུང་གི་གཏོར་མ་ལག་ཏུ་གཏད་ལ། ཀྱེ་ཧོ༔ ལེགས་འོངས་རིགས་ཀྱི་བུ་ཁྱོད་ཀྱང༔ ཐུགས་སྒྲུབ་དྲག་པོའི་ཆོས་འདི་རྣམས༔ ཕྱི་དང་ནང་དང་གསང་ཚུལ་དང༔ རང་གི་ཡིད་ལ་ཤིན་ཏུ་བརྣག༔ སྣོད་དང་མི་ལྡན་དྲེགས་པ་ཅན༔ རྙེད་དང་བཀུར་སྟི་འདོད་པའི་མི༔ ཆོས་བརྒྱད་ཅན་ལ་སྤེལ་གྱུར་ན༔ དགེ་བསྙེན་ཆེན་པོ་བསྙོ་ཁ་དང༔ གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱིས༔ སྙིང་ཁྲག་ཐང་ལ་འཕོ་བར་འགྱུར༔ དེ་ཕྱིར་བཀའ་འདི་དམ་པར་ཆོངས༔ བུ་ཁྱོད་རྒྱལ་ཚབ་སྲས་ཡིན་པས༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བཅུད༔ མ་གཅིག་མཚོ་རྒྱལ་ཐུགས་ཏིག་སྟེ༔ རྣལ་འབྱོར་བདག་གི་སྙིང་སྲོག་འདི༔ ཁྱོད་ལ་གཏད་དོ་ས་མ་ཡ༔ སྣོད་མིན་མི་ལ་ཤོར་སྲིད་དོ༔ དམ་ཚིག་མེད་ལ་ཤོར་སྲིད་དོ༔ ཕྱི་ཐག་མེད་ལ་ཤོར་སྲིད་དོ༔ གཞུང་ངན་པོ་ལ་ཤོར་སྲིད་དོ༔ ཁ་གསག་པོ་ལ་ཤོར་སྲིད་དོ༔ སྟོང་ཞུས་མཁན་ལ་ཤོར་སྲིད་དོ༔ རྟོག་གེ་བ་ལ་ཤོར་སྲིད་དོ༔ ཁྲིམས་བཅིངས་པོ་ལ་ཤོར་སྲིད་དོ༔ བློ་ཆུང་རྣམས་ལ་ཤོར་སྲིད་དོ༔ ཐེག་དམན་རིགས་ལ་ཤོར་སྲིད་དོ༔ ཐུགས་སྒྲུབ་དྲག་པོ་གསང་བ་ཡི༔ བཀའ་འདི་ཁྱོད་ཀྱིས་ཐུབ་པར་ཆོངས༔ སྣོད་ལྡན་ལ་གཏད་རྒྱ༔ སྣོད་མིན་ལ་གསང་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཡོན་ཏན་ཕྲིན་ལས་ཀྱི་རྒྱའོ༔ ཞེས་གཏད་རྒྱ་དམ་དུ་བྱའོ། །རྗེས་དམ་ཚིག་གི་རྒྱས་གདབ་པ་ནི། ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཉོན་ཅིག༔ གསང་སྔགས་ཀྱི་སྤྱི་སྲོག་དམ་ཚིག་ཡིན་ཞིང༔ དེ་ཡང་རྩ་བ་སྐུ་གསུང་ཐུགས༔ ཡན་ལག་ཉི་ཤུ་རྩ་ལྔ༔ སྤྱིར་ས་མ་ཡ་འབུམ་སྡེ་གསུངས་ཀྱང་དོན་བསྡུ་ན༔ རྩ་བའི་བླ་མ་ལ་སྐུ་གསུང་ཐུགས་དང་མི་འགལ་བར་སངས་རྒྱས་སུ་མཐོང་བའི་མོས་གུས་རང་གི་སྲོག་བས་གཅེས་པར་བྱའོ༔ ཡི་དམ་ལ་བསྐྱེད་རིམ་བསྙེན་སྒྲུབ་བཟླས་པ༔ མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་དང་སྐོང་གསོ་རྒྱུན་གཏོར་མཆོད་པ༔ བླ་མའི་གསང་གསུམ༔ རང་གི་གཟུང་མ་དང་མཆེད་ལྕམ་དྲལ་ལ་སོགས་པ་ཐམས་ཅད་ལ་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྲུང་ཞིང༔ ཁྱད་པར་འདི་ཞུས་ཀྱི་བླ་མ་ལ་མོས་པ་དང་གུས་པ་རྒྱུན་མི་བཅད༔ ལོག་ལྟ་སྐད་ཅིག་ཀྱང་མི་བྱ༔ སྙིང་དང་མིག་འབྲས་ལྟར་དུ་བསྲུང་བར་བྱའོ༔ དེས་ནི་ཚེ་འདིར་བཀྲ་ཤིས་ཏེ་ཕྲིན་ལས་གང་བརྩམ་འགྲུབ༔ ཕྱི་མ་ཡི་དམ་དྲག་པོའི་ལྷ་དང་སྐལ་པ་མཉམ་སྟེ༔ རང་སྣང་ཆོས་སྐུའི་ཞིང་ཁམས་སུ་འཚང་རྒྱ་བར་གསུངས་པས་དེ་དག་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟརྎ མཎྜལ་སོགས་སྤྱི་ལྟར་བྱ། རྗེས་སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་མཆོད་བསྟོད། ཡིག་བརྒྱ་དང་མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་པ་གཤེགས་པའམ་བརྟན་བཞུགས་སྐབས་བསྟུན་བྱ། དམ་ཚིག་པ་བདག་ལ་བསྡུ་ཞིང་། བདག་བསྐྱེད་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ རྩ་གསུམ་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་ཤར༔ གང་འདུལ་འགྲོ་བའི་སྡུག་བསྔལ་ཀུན་བསལ་ནས༔ སླར་ཡང་སྐྱེ་མེད་ཆོས་དབྱིངས་ངང་དུ་མུ༔ ལྷར་ལྡང་བ་ནི། ཧཱུྃ༔ རང་ལུས་འབྱུང་བ་ལྔ་དང་སྐྱེ་མཆེད་ཚོགས༔ ཡེ་ནས་རང་བྱུང་རང་གསལ་ཡི་དམ་ལྷ༔ ཐབས་ཤེས་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ནས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ལུས་ལྷའི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་གསལ་གདབ༔ རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གོན་པར་བསམས་ཏེ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ༔ སྨོན་ལམ་ནི། ན་མོ༔ བདག་གིས་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ ཅེས་དང་ཤིས་བརྗོད་ཇི་ལྟར་རིགས་པ་བརྗོད་དོ༔ ཁྲིགས་སུ་བསྒྲིགས་པས་རང་ལ་མི་བསྒྲིབས་ཤིང་། །བཀླག་ཆོག་བྱས་པས་གཞན་ལ་ཕན་ཐོགས་ཏེ། །འབྲེལ་ཚད་པདྨ་འོད་ཀྱི་ཀློང་ཆེན་པོར། །གཏུམ་དྲག་མེ་ཕྲེང་ངོ་བོར་བྱང་ཆུབ་ཤོག །ཅེས་པའང་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བརྒྱུད་པའི་བླ་མའི་ཕྱག་བཞེས་གུང་བསྡེབས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།། །།

ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་སྒྲུབ་ཐབས་དབང་བཀའ་བཅས་ (Volume 61, Text 20)

ཨཱོྃ་སྭསྟི། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པ། །འཇམ་པའི་རྡོ་རྗེ་དྲག་པོའི་སྐུར། །རྣམ་རོལ་དེ་ལ་གུས་བཏུད་ནས། །སྒྲུབ་ཐབས་དབང་གི་ཆོ་ག་བཤད། །འདིར་འཇམ་དཔལ་ཁྲོ་བོ་ཡང་ཟློག་མེའི་སྤུ་གྲིའི་སྒྲུབ་ཐབས་དང་འབྲེལ་བར་རྣོན་པོ་ནང་གཅོད་ཀྱི་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲུ་ཚོམ་བཀོད། དབུས་སུ་མཉྫི་ལ་གཏོར་མ་བྲ་གཟུགས་ཁྲམ་རིས་ཅན་འཁོར་བཞི་པ་སྐུ་གཟུགས་ཀྱི་ཙཀླི་དང་མདའ་དར་ནག་པོས་བརྒྱན་པ་བཞག །མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སྨན་རག །གཞི་བགེགས་ཀྱི་གཏོར་མ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ལ། སྔོན་གཏོར་སྐྱབས་སེམས་མཆོད་རྫས་བྱིན་གྱིས་བརླབ་པ་རྣམས་སྔོན་དུ་འགྲོ་བས། ཨཱོྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་སྟོང་ཉིད་དུ་སྒོམ་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དྷརྨ་དྷཱ་ཏུ་ཨ། སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །བོ་དྷི་ཙིཏྟ་ཧཱུྃ། རང་རིག་ཧཱུྃ་ཡིག་མཐིང་ནག་འབར་བ་རྒྱུའི་ཏིང་ངེ་འཛིན་ནོ། །ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་རྣམས་སྤྲོས་པ་ལས་ནམ་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་བུམ་པའི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར། ཡ་མ་ཏི་ར་བཾ་འཆི་བདག་གཤིན་རྗེ་ཕོ་མོ་དང་མ་ཧེ་གླང་རྒོད་ཕོ་མོའི་སྟེང་དུ་པད་ཉི་ཟླ་བའི་གདན་ལ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་པ། ཨཱ་རལླིའི་སྒྲ་སྒྲོག་པ། གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ། གར་གྱི་ཉམས་དགུས་རོལ་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ། ཞབས་བཞི་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་རྩིབས་ལ་འཇམ་དཔལ་ཞི་བ་བཞི་ཞལ་ནང་དུ་གཟིགས་ནས་སྲུང་བ། ཟློག་པའི་དུས་སུ་ཁྲོ་བོ་དམར་ནག་རལ་གྲི་དང་ཞགས་པ་འཛིན་པ་ཕྱིར་གཟིགས་ཏེ་ཟློག་པའི་ལས་མཛད་པ། འཁོར་ལོའི་དབུས་སུ་བྱང་ཆེན་མཆོད་རྟེན་གྱི་བུམ་པར་པད་ཉི་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་མཐིང་ནག་ཨེ་ཀ་ཡ་མའི་སྔགས་ཀྱིས་བསྐོར་བ། ཧཱུྃ་གི་ཐིག་ལེར་བླ་མ་སློབ་དཔོན་ཁོག་པར་རང་གཞན་བསྲུང་བྱ། ཞབས་ཀྱུའི་ནང་དུ་ཡུལ་འཁོར་ནོར་རྫས་རྣམས་ཆུད་པ། རང་གི་ཐུགས་ཀ་ནས་བྷྱོ་དང་ཡ་དམར་ནག་གཡོན་གཡས་སུ་འཕྲོས། གཡོན་དུ་བྷྱོ་ལས་ཡུམ་མ་མོ་ཁྲག་མིག་མ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ་ཁྲོ་མོའི་ཆས་ཅན། གཡས་སུ་ཡ་ལས་སྲས་མཆོག་ཡ་མ་རཱ་ཛ་བཤན་གྲི་དང་དགྲ་སྙིང་འཛིན་པ་མི་ལྤགས་ཀྱི་གོས་ཅན། གཉིས་ཀའང་སྨུག་ནག་ཁྲོ་ཞིང་གཏུམ་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ་འཁོར་ཚོགས་དུ་མས་བསྐོར་བ། དེ་དག་གི་ཐུགས་ཀར་ཉི་མ་ལ་བྷྱོ་དང་ཡ་ཡིག་ཧེ་ཀ་དང་གྷྲི་མའི་སྔགས་ཀྱིས་བསྐོར་བ། རང་གི་སྤྱི་བོར་བླ་མ་སློབ་དཔོན། གཡས་སུ་ཕོ་རྒྱུད་ཁྲོ་བོའི་རང་བཞིན། གཡོན་དུ་མོ་རྒྱུད་ཁྲོ་མོའི་རང་བཞིན། འོག་ཏུ་ཡུལ་མཁར་ས་ཞིང་། མདུན་དུ་མི་ནོར་འཁོར་འབངས་རྣམས་གསལ་བ་དང་། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བྷྱོ་རཾ་འཕྲོས་པ་ལས་ཁྲོ་བོ་དང་ཁྲོ་མོ་མེའི་ཚྭ་ཚྭ་འཕྲོ་བས་བགེགས་དང་བར་ཆད་སྲུང་ཞིང་བྱད་ཕུར་ཐམས་ཅད་ཟློག་པའི་ལས་མཛད་པ། དེའི་ཕྱི་རོལ་དུ་བྷྲཱུྃ་ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱཿཏཱིཀྵྞ་མཎྜལ་ཡཾ་རཾ་བཾ་ལཾ་ཨེ་ཧཱུྃ་ཕཊ། རིམ་བཞིན་འཕྲོས་པ་ལས། གསེར་གྱི་གྭའུ་ཁ་སྦྱོར་དང་། རྡོ་རྗེ་སྔོན་པོ། འཁོར་ལོ་དཀར་པོ། རིན་པོ་ཆེ་སེར་པོ། པདྨ་དམར་པོ། སྣ་ཚོགས་རྡོ་རྗེ། རལ་གྲི་རླུང་མེ་ཆུ་ས་ནམ་མཁའ་ལྕགས་ཀྱི་གུར་ཁང་རྣམས་ཀྱི་བར་མཚམས་སོ་སོར་རིགས་དང་མཐུན་པའི་ཁྲོ་བོ་རང་རྟགས་ཀྱི་ཕྱག་རྒྱ་འཛིན་པས་སྲུང་ཟློག་གི་ལས་མཛད་པ། དེ་དག་གི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བར་སྣང་དུ་ཨཱ་ལི་ཀཱ་ལིའི་ཕྲེང་བ་འཁྲིགས་ཤིང་དགྲ་བགེགས་རྡུལ་དུ་རློགས་ཤིག་ཅེས་པའི་རང་སྒྲ་འབྲུག་ལྟར་སྒྲོག་པ། ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྲུང་བའི་གུར་ཁང་དང་བཅས་པ་སྤྱན་དྲང་པར་བསམ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །འཇམ་དཔལ་གཤིན་རྗེ་ཡབ་ཡུམ་སྤྱན་འདྲེན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེ། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་གནས་འདིར་གཤེགས་སུ་གསོལ། །ཨཱོྃ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མོ་ཨེ་ཀ་ཙཱ་ཏི་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་འཁོར་བཅས་རྣམས༔ བརྐྱང་བསྐུམ་འགྱིང་བག་རྔམ་བརྗིད་ཚུལ་གྱིས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཧཱུྃ༔ དགྲ་བགེགས་མ་ལུས་ཐལ་བར་རློག་བྱེད་པ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ མ་མོ་ཁྲག་མིག་མ་ལ་ཕྱག་འཚལ་ལོ༔ སྲས་མཆོག་ཡ་མ་རཱ་ཛ་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་སྤྲུལ་པའི་ཚོགས་བཅས་ལ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་དང༔ སིལ་སྙན་ལ་སོགས་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དམ་རྫས་གཏོར་མའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །རཀྟ་འདོད་ཆགས་དུག་ལྔའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྦྱོར་སྒྲོལ་རྣམས་ཀྱི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང་། ཁྱད་པར་དུ་གཏོར་མ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོྃ་ཨཱཿཧཱུྃ། དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར། ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁ༴ མ་ཧཱ་རཀྟ་ཁ༴ མ་ཧཱ་མཱཾ་ས་ཁ༴ མ་ཧཱ་ཀིཾ་ནི་རི་ཏི་ཁ༴ མ་ཧཱ་གོ་རོ་ཙ་ན་ཁ༴ མ་ཧཱ་ཙིཏྟ་ཁ༴ མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི། བོ་དྷི་ཙིཏྟ་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ། ཅེས་མཆོད། ཨྱཻ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྤྲོས་བྲལ་བདེ་ཆེན་དག་པའི་སྐུ༔ རང་བཞིན་གཉིས་སུ་མེད་པའི་གསུང༔ མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས༔ འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན༔ འགྲོ་ཀུན་འདུལ་མཛད་ཕྲིན་ལས་རྫོགས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ སེམས་ཅན་དོན་མཛད་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བདག་གིས་ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད༔ ཡིད་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ཅི་སྤྱད་པ༔ བཀྲམ་པའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ༔ ཞེས་དང་ཨོཾ་ཡ་མ་རཱ་ཛ་ས་མ་ཡ་མ་ནུ་པཱ་ལཱ་ཡ། ཡ་མ་རཱ་ཛ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཡ་མ་རཱ་ཛ་མཱ་མེ་མུཉྩ། ཡ་མ་རཱ་ཛོ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡ་མ་རཱ་ཛའི་ཡིག་བརྒྱས་ཚངས་པར་གསོལ་ཏེ་ལྷ་དང་བདག་དབྱེར་མེད་མཐུ་ནུས་དང་ལྡན་པར་བསམ་མོ། །དེ་ནས་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤྲུལ་པའི་ཁྲོ་ཚོགས་དང་བཅས་པ་འཕྲོས། རང་གཞན་བསྲུང་བྱ་ཐམས་ཅད་ཀྱི་ཚེ་སྲོག་ནྲྀ་ཡིག་གི་རྣམ་པ་གནོད་བྱེད་ཀྱིས་སྦས་བསྐུང་བྱས་པ་ཐམས་ཅད་ཕྲོགས། གནོད་བྱེད་ཐམས་ཅད་ཚར་བཅད། ཚེ་སྲོག་ཧཱུྃ་གི་རྣམ་པས་བསྲུང་བྱའི་སྙིང་གར་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། སླར་ཡང་འོད་ཟེར་འཕྲོས་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་བརྟན་གཡོ་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས། སྔར་བཞིན་ཐིམ་པས་བཀྲག་མདངས་གཟི་བརྗིད་ནུས་སྟོབས་དང་ལྡན་པར་བསམ་ལ། ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་ཨ་ཀྲོ་བཅུ་གཅིག་པ་དང་། ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཅེས་བཅུ་བདུན་པ་ཅི་རིགས་བཟླས་པའི་རྗེས་སུ། ཨཱོྃ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲྀ་ཝ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ༔ ཞེས་ཅི་འགྲུབ་བཟླ་སྟེ་སྲུང་བའོ། །ཟློག་པ་ནི། ཐུགས་ཀ་དང་བ་སྤུའི་ཁུང་བུ་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བ་སྤྲོས། གནོད་བྱེད་ཐམས་ཅད་བསྲེགས་གཏོར་སྦྱངས། ལྷག་མ་རྣམས་ཀྱང་མཚོན་ཆའི་འཁོར་ལོས་བཅད་ནས་རྡུལ་ཕྲན་བཞིན་བརླགས་པར་བསམ་ལ། ཨཱོྃ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་བཟླ། ཕྱག་དང་པོ་གཉིས་ཟླ་ཉིར་བསམ་པའི་བར་དུ་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླགས་པར་བསམ་ཞིང་ཐལ་རྡེབ་བྱ་སྟེ་ཟློག་པའོ། །ཐུན་མཚམས་སུ་གཏོར་མ་ལ་དམིགས་བྱ་དགུག་བསྟིམ་བྱ། ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་སྤེལ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ་ལ། ཨེ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ལ༔ ཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་སྨོད་པ་དང༔ ཡི་དམ་སྨོད་ཅིང་བརྙས་པར་བྱེད་པ་དང༔ དཀོན་མཆོག་གསུམ་ལ་སྨོད་ཅིང་ཆོས་སྐྱོང་སྨོད༔ བསྙེན་སྒྲུབ་ཟབ་མོའི་བར་ཆད་བྱེད་པ་དང༔ མཆེད་ལ་འཁུ་ཞིང་དམ་ལས་ལྡོག་པ་དང༔ དམ་ཚིག་ཅན་ལ་གནོད་པ་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རིངས་པར་ཁུག་ལ་སྲོག་དང་ད་ཕྲོལ་ཅིག༔ དབང་དུ་སྡུས་ལ་རྡུལ་དུ་ད་རློགས་ཤིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ ཅེས་འདོད་དོན་གསོལ། བསྟོད་བསྐུལ་གཞུང་གསལ་ཅི་རིགས་པ་བྱས་ལ་སྲུང་ཟློག་གི་སྐབས་ཕྱེད་པར་བྱ། མཐར་སྲུང་འཁོར་ནས་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གི་བར་རིམ་གྱིས་བསྡུས་ནས་འོད་གསལ་དུ་འཇུག །སླར་ཡང་ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་འཛིན་པའི་སྐུར་ལངས་ཏེ་གནས་གསུམ་དུ་འབྲུ་གསུམ་འགོད། ཨ་ཀྲོ་བཅུ་གཅིག་པ་བཟླས་ནས་སྨོན་ལམ་ཤིས་བརྗོད་སོགས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་དབྱེར་མེད་ཀྱི་སྒྲུབ་མཆོད་བཟླས་པ་ཡན་ཆད་སྔར་ལྟར་བྱས། ལས་བུམ་ལ་དམིགས་ཏེ། ཨཱོྃ་ཀཱ་ལ་རཱུ་པ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཅེས་པའང་ཅི་རིགས་པ་བཟླ་ཞིང་ལྷ་བསྐྱེད་པ་མེད་ཀྱང་ཆོག །ཏིང་ངེ་འཛིན་གྱིས་དབང་བླངས་ལ། སློབ་མའི་བྱ་བ་ཁྲུས་བྱས། གྲལ་དུ་འཁོད་ལ་བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་པ་ལས། འདིར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དབྱངས་ཁྲོ་བོའི་སྐུར་བཞེངས་པ་ནི་གཤིན་རྗེ་གཤེད་ཡིན་ཞིང་། དེ་ལ་རྡོ་རྗེ་ཐེག་པའི་ལམ་འདིར་སྒྲུབ་པའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། ཁྱད་པར་དུ་གྱུར་པའི་གདམས་པ་འདིའི་དབང་དུ་བྱས་ན། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་གཙུག་ལག་དཔལ་དགེས་ཚེ་བདག་ནག་པོའི་རྒྱུད་ཀྱི་སྙིང་པོའི་བཅུད་ཕྱུང་སྟེ་མན་ངག་ཏུ་དྲིལ་ནས་ཨོ་རྒྱན་ཆེན་པོ་ལ་གཏད། དེས་བལ་པོ་བཱ་སུ་དྷཱ་ར་ལ་གནང་། དེ་ཉིད་ཀྱི་དྲུང་དུ་རིག་སྔགས་འཆང་བའི་དབང་ཕྱུག་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ལན་བདུན་བྱོན་པའི་ཐ་མ་ལ་གདམས་པ་འདི་གཞན་ལ་མི་སྤེལ་བའི་བཀའ་རྒྱ་དང་བཅས་ནས་གནང་། དེ་ལྟ་བུའི་གནུབས་བན་ཆེན་པོ་དེ་ནི་སྤྱིར་མདོ་རྒྱུད་ཐམས་ཅད་དང་ཁྱད་པར་བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་ཤིང་གྲུབ་པ་ཐོབ། ས་བཞི་པའི་རྟོགས་པ་མངོན་དུ་གྱུར། བྱེ་བྲག་ཡི་དམ་གཤིན་རྗེའི་གཤེད་དང་མི་ལབ་པ་བཞིན་དུ་གྱུར། ཆོས་ཚུལ་འདི་ཉིད་ཀྱི་སྒོ་ནས་འགྲོ་ཕན་རྒྱ་ཆེར་མཛད། སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བྲན་དུ་ཁོལ་བ་སོགས་བོད་ཡུལ་དུ་བྱོན་པའི་སྔགས་འཆང་ཆེན་པོ་འགྲན་གྱི་དོ་ཟླ་མེད་པ་ཡིན་ནོ། །དེས་སྙིགས་དུས་སྔགས་པ་ནང་རྒྱས་བྱེད་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་བཙས་སུ་དགོངས་ནས་ཕུང་པོ་རི་བོ་ཆེ་དང་མཁོ་མཐིང་གཉིས་སུ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ནས་གཏེར་དུ་སྦས་པ་ལས། རི་བོ་ཆེའི་གཏེར་རྣམས་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས། དེ་ལ་ལྷ་རྗེ་གནུབས་ཆུང་དུ་གྲགས་པ་ཡེ་ཤེས་གཟུང་གིས་ཞུས་ཤིང་མཁོ་མཐིང་གི་གཏེར་ཡང་ཐོན་པས་གཏེར་ཁ་སྔ་ཕྱི་གཉིས་ཀའི་བཀའ་བབས། རྗེ་བཙུན་མི་ལས་མཐུ་ནུས་ཀྱི་གྲགས་པ་ཐོན་པ་ཡང་བླ་མ་འདིའི་དྲིན་ལས་བྱུང་བ་ཡིན། དེ་ལ་མཚུར་སྟོན་རིན་ཆེན་རྡོ་རྗེས་ཞུས་ཏེ་ཁོང་གིས་དབོན་གཞོན་སྟོན་ལ་མཐུ་བྱས་པས། དེའི་ཟློག་པའི་རིམ་གྲོ་མེས་སྟོན་གྱིས་བྱས་པས་མཐུ་ལོག་སྟེ་ཆོ་འཕྲུལ་ཆེན་པོ་བྱུང་བ་ལས། མཚུར་སྟོན་གྱིས་ཁ་རག་ཏུ་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེའི་དྲུང་དུ་ལོ་རྒྱུས་ཞུས་པས། རོལ་པོ་མེས་སྟོན་ལས་ཟློག་པ་མཁས་པ་གཙང་གི་རྒྱལ་ཁམས་ན་མེད། ངའི་ཟློག་པ་ཡང་ཞུན་ལ་སོགས་པ་དང་ཁྱེད་རང་ཕྱག་ཆ་ཨུརྨོ་ལ་མཁས་ཏེ་དེས་ཀྱང་མི་བཟློག །ཡང་ཟློག་ཟབ་པ་གཅིག་དགོས་པས་གཙང་རོང་གི་ལྷ་རྗེ་གནུབས་ཆུང་ལ་ཞུས་ཤིག་པའི་ལུང་བསྟན་པ་ལྟར་སྣམ་བུ་ཚོས་མ་བདུན་གྱི་ཕྱག་རྟེན་དང་བཅས་ཏེ་ཞུས། རང་ཡུལ་དུ་ལོག་ནས་བསྒྲུབས་པས་ཆོ་འཕྲུལ་ཆེར་སོང་། སླར་ཡང་རྟ་ཕོ་ངང་ཞུར་གཅིག་དང་གསེར་སྲང་འགའི་ཕྱག་རྟེན་དང་བཅས་ཏེ་ཞུས་པས་གདམས་པ་ལྷག་མ་མེད་པའི་དབུ་སྙུང་དང་བཅས་རྫོགས་པར་གནང་། མཚུར་སྟོན་གྱིས་ཀྱང་རང་གི་བུ་རྒྱུད་མིན་པ་གཞན་ལ་མི་སྤེལ་བའི་གཙིགས་བཟུང་། དེ་ནས་མཚུར་སྟོན་གྱི་སྲས་འཇམ་དཔལ་ལོ་བཅོ་བརྒྱད་ལོན་པ་དང་དབང་ངེ་ལོ་བཅུ་གཉིས་ལོན་པ་སྟེ་ཡབ་སྲས་གསུམ་གྱིས་སྒྲུབ་པའི་སྔགས་རྒྱུན་བྱས་པས། མེས་སྟོན་དཔོན་གཡོག་བཞི་ཁྲག་སྐྱུགས་ནས་ཤི །དེ་ནས་དབོན་གཞོན་པར་མཐུ་ཟུག་སྟེ་ལོ་གསུམ་གྱི་ཁོངས་སུ་ཕོ་ངོ་དྲུག་ཅུ་འཇིག་རྟེན་ཕ་རོལ་དུ་བསྒྲལ། དེ་ནས་རིམ་བཞིན་གྲུབ་བརྙེས་སྔགས་འཆང་ཆེན་པོ་དུ་མ་ལས་བརྒྱུད་པ་འཇམ་དཔལ་གཤིན་རྗེའི་གཤེད་ཡང་ཟློག་མེའི་སྤུ་གྲི་ཞེས་བྱ་བ། སྐོར་གསུམ་མཚན་བཞི་གནད་གསུམ་སྟེ་དོན་ཚན་བཅུའི་བདག་ཉིད་ཅན་གྱི་གདམས་པ་ཟབ་མོ་དེ་ཉིད་དང་འབྲེལ་བའི་རྣོན་པོ་ནང་གཅོད་ཀྱི་བྱིན་རླབས་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ། ཧོཿ ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱི། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱ། མདུན་གྱི་གཏོར་མ་དང་སློབ་དཔོན་དབྱེར་མ་མཆིས་པ་དྲེགས་པ་ཆུ་གླང་པད་ཉི་ཟླ་བའི་གདན་ལ་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག་དཀར་མཐིང་སོགས་མངོན་རྟོགས་བཞིན་འབྲུ་གསུམ་གྱིས་མཚན་པ། ཞེས་པའི་བར་གྱིས་གསལ་འདེབས་སུ་འཇུག །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སློབ་བུའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་དང་བཅས་པ་སྦྱང་། སྭ་བྷཱ་བ་བརྗོད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་འཇམ་དཔལ་གུར་གུམ་གཞོན་ནུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་དཔུང་པའི་ཐད་སོར་ཕྱར་ཞིང་། གཡོན་ཨུཏྤལའི་སྡོང་བུ་ཐུགས་ཀར་གཟུང་བའི་འདབ་མ་སྙན་གྱི་ཐད་ཀར་བྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ་པར་བསམ་ཞིང་། རྩ་བའི་སྔགས་ཀྱི་མཐར་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛྙཱ་ན་མཎྜལ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་བཞག་སྟེ་བརྟན་པར་བྱ། དེ་ལྟར་བྱིན་དབབ་པའི་རྐྱེན་གྱིས་རྒྱུ་འཇམ་དཔལ་འབྲས་བུ་གཤིན་རྗེའི་གཤེད་ཀྱི་སྐུ་མཐིང་ནག་དཀར་སོགས་ནས། འབར་བའི་དབུས་ན་བཞུགས་པ། བར་གྱིས་གསལ་བཏབ། དབང་དངོས་ལ་དང་པོ་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ནི། སློབ་དཔོན་དང་གཏོར་མའི་ལྷའི་གནས་གསུམ་དུ་འབྲུ་གསུམ་སྒོམ་དུ་བཅུག་ལ། སློབ་དཔོན་དང་གཏོར་མ་གཙོ་བོའི་ལྷའི་དཔྲལ་བའི་ཨཱོྃ་ལས་འོད་ཟེར་དཀར་པོ་དཔག་མེད་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལུས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐུ་དང་གཉིས་སུ་མེད་པའི་མཐུ་ཅན་དུ་བྱས་པར་མོས་ཤིག་བྱས་ལ། གཏོར་མ་སྤྱི་བོར་བཞག་སྟེ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེར་དབང་བསྐུར་རོ། །ཨ་ཀྲོ་དང་། ཨཱོྃ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་དབང་བསྐུར། དེ་བཞིན་དུ་སློབ་དཔོན་དང་གཏོར་མ་གཙོ་བོའི་ལྷ། ཁྱད་པར་མ་མོ་ཁྲག་མིག་མ་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ངག་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གསུང་དང་གཉིས་སུ་མེད་པའི་མཐུ་ཅན་དུ་བྱས་པར་མོས་ཤིག །ཅེས་མགྲིན་པར་བཞག་སྟེ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །གསུང་གི་རྡོ་རྗེར་དབང་བསྐུར་རོ། །ཨ་ཀྲོ་དང་། ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཡང་སློབ་དཔོན་དང་གཏོར་མ་གཙོ་བོའི་ལྷ། ཁྱད་པར་སྲས་མཆོག་ཡ་མ་རཱ་ཛ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཡིད་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཐུགས་དང་གཉིས་སུ་མེད་པའི་མཐུ་ཅན་དུ་བྱས་པར་མོས་ཤིག །ཅེས་སྙིང་གར་བཞག་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །ཐུགས་ཀྱི་རྡོ་རྗེར་དབང་བསྐུར་རོ། །ཨ་ཀྲོ་དང་གྷྲི་མ་ཡ་མ་དུ་རུ་ཙཀྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡང་སློབ་དཔོན་དང་གཏོར་མའི་ལྷ་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་མེད་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་མཐུ་ཅན་དུ་བྱས་པར་མོས་ཤིག་བྱས་ལ། གཏོར་མ་ལག་ཏུ་གཏད་ལ། དཔལ་ལྡན་རྡོ་རྗེ་གསུམ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སྐུ་གསུང་ཐུགས་འཛིན་པ། །རྡོ་རྗེ་གསུམ་དུ་དབང་བསྐུར་རོ། །ཨ་ཀྲོ་དང་། སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་པ་སྟེ། དེ་དག་ནི་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བའོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ནི། དཔོན་སློབ་གཉིས་ཀའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་སྔགས་ཕྲེང་གིས་གཡས་སུ་བསྐོར་བ། སློབ་དཔོན་གྱི་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་ཤངས་བུག་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང་། སློབ་དཔོན་གྱི་ཕྲེང་བ་ལ་འཇུས་ཏེ་ཨ་ཀྲོ་བཅུ་གཅིག་པ་དང་བཅུ་བདུན་པ། སྲུང་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ། སྔགས་ཕྲེང་ཁ་ཕྱིར་བལྟར་གཡོན་སྐོར་དུ་དམིགས་ནས་ཟློག་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱི་མཐར་ཕྲེང་བ་མགྲིན་པར་བཞག་སྟེ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོའི་གསུང་སྔགས་ཀྱི་ནུས་པ་ཐམས་ཅད་སློབ་མའི་རྒྱུད་ལ་འཇུག་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་བྱིན་གྱིས་བརླབ། དེ་ནི་གསུང་སྔགས་ཀྱི་དབང་བསྐུར་བའོ། །གསུམ་པ་ཐུགས་ཀྱི་དབང་ནི། དེ་ལྟར་བསྐྱེད་རིམ་དང་བཟླས་བརྗོད་ཀྱི་རྣམ་པ་ཐམས་ཅད་ཀྱང་ངོ་བོ་སྤྲོས་མེད་རང་བཞིན་རྣམ་པར་མི་རྟོག་པ་ཆོས་དབྱིངས་ཀ་དག་ཆེན་པོར་ངོ་སྤྲོད་པ་ནི་ཐུགས་ཀྱི་དབང་བསྐུར་བའོ། །རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ། ཡོན་འབུལ་སོགས་དང་། ཆོ་གའི་རྗེས་ཆོག་གཏང་རག་མཆོད་བསྟོད། བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་སྤྱི་ལྟར་བྱའོ། །འདིའི་སྐུའི་བྱིན་རླབས་དབང་བཞིའི་སྐབས་དམིགས་པའི་རྣམ་པ་སྔར་བཞིན་ལ། དང་པོ་གསུམ་པོ་སོ་སོའི་བསྟོད་རིང་གི་མཐར་ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་དབང་བསྐུར་རོ། །ཞེས་སོགས་སྦྱར་བ་དང་། བཞི་པ་ལ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ༔ སོགས་ཕྲིན་བཅོལ་གྱི་ཚིག་བརྗོད་པར་སྣང་བ་སྤྲོ་ན་དེ་བཞིན་དུ་བྱ་ཞིང་། དཀྱུས་སུ་སྨྲོས་པ་ཉིད་ཀྱིས་ཀྱང་དོན་ཚང་ཞིང་ལེགས་པའང་ཡིན་ནོ། །རྣམ་འ༵གྱུར་འགག་མེ༵ད་ཁྲོ་བོའི་རྒྱལ། །སྒྲུབ་ཐབས་དབང་ཚིག་རྡོ༵་རྗེ༵་འཛིན། །སྔོན་བྱོན་རྣམས་ཀྱིས་རྒྱས་བཤད་མོད། །འདིར་ནི་འཇུག་བདེ་སྙིང་པོར་དྲིལ། །འཇམ་དཔལ་གཤིན་རྗེའི་གཤེད་ཡང་ཟློག་མེའི་སྤུ་གྲིའི་སྒྲུབ་ཐབས་རྣོན་པོ་ནང་གཅོད་ཀྱི་དབང་དང་བཅས་པའི་ལེ་ཚན་ནོ།། །།

དཔལ་བཀའ་འདུས་ཀྱི་སྐོང་བསྡུས་རིན་ཆེན་སིལ་མ་ (Volume 15, Text 20)

དཔལ་བཀའ་འདུས་ཀྱི་སྐོང་བསྡུས་རིན་ཆེན་སིལ་མ་བཞུགས་སོ༔ ྈྈྈྈྈ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ དཔལ་བཀའ་འདུས་ཀྱི་ལྷ་ཚོགས་ཐུགས་དམ་སྐོང་བའི་གཏོར་མ་རི་རབ་ཟླ་གམ་ལྷ་གྲངས་ཀྱི་དཔལ་གཏོར་དང་སྤྱན་གཟིགས་སྣ་ཚོགས་པས་བརྒྱན་པ་སྨན་རཀ་གི་ཕུད་སྦྲེང་བ་དང་བཅས་པ་བཤམས་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་འབུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར༔ དཔལ་ཆེན་བཀའ་འདུས་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧྲཱི༔ ཕུང་ཁམས་སྐྱེ་མཆེད་རང་བཞིན་གནས་དག་པ༔ རིགས་ལྔ་བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་བརྒྱ་སུམ་ཅུ་འདུས་པའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ནས༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་བརྒྱ་དྲུག་ཅུ་རྩ་བཞིའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ནས༔ མི་འགྱུར་བདག་ཉིད་བཅོམ་ལྡན་རྡོ་རྗེ་ཕྲེང༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཤར་དབུས་དགའ་བ་ཆེན་པོའི་དཀྱིལ་འཁོར་ནས༔ ཡེ་ཤེས་བདག་ཉིད་དཔལ་ཆེན་གསང་བའི་བདག༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ ལྷ་ཚོགས་བརྒྱད་ཅུར་བཞེངས་པའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ནས༔ དྲག་ཤུལ་བདག་ཉིད་རྡོ་རྗེ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་ཅུ་རྩ་དྲུག་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ནས༔ བྱིན་རླབས་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ རིག་འཛིན་མཁའ་འགྲོ་བརྒྱད་ཅུའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ནས༔ བདེ་ཆེན་བདག་ཉིད་འཁོར་ལོ་བདེ་བའི་མཆོག༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལྷོ་དཀྱིལ་དོན་མཐུན་རོལ་པའི་དཀྱིལ་འཁོར་ནས༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ སྟོབས་ཀྱི་བདག་ཉིད་རཏྣ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ནས༔ གསུང་གི་བདག་ཉིད་དབང་ཆེན་རྟ་མཆོག་དཔལ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ནས༔ སྙིང་རྗེའི་བདག་ཉིད་བཅོམ་ལྡན་ཀྱེ་རྡོ་རྗེ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ནས༔ གསང་བའི་བདག་ཉིད་བཅོམ་ལྡན་གསང་བ་འདུས༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་སུམ་ཅུའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ནུབ་སྨད་ལྟ་བ་ཟག་མེད་དཀྱིལ་འཁོར་ནས༔ འཆི་མེད་བདག་ཉིད་པདྨ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དགུ་བཅུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ནས༔ ཡོན་ཏན་བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བདུན་ཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ནས༔ འཕོ་མེད་བདག་ཉིད་དཔལ་ལྡན་དུས་འཁོར་ལོ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་དྲུག་ཅུ་རྩ་བཞིའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ནས༔ འདོད་འབྱུང་བདག་ཉིད་དཔལ་ཆེན་མཁའ་ཀློང་འཁྱིལ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་བཅུ་བདུན་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ནས༔ ཐོགས་མེད་བདག་ཉིད་ཀརྨ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་ལྔ་བཅུའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ ཆོ་འཕྲུལ་བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བདུན་ཅུ་རྩ་བཞིའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ ཕྲིན་ལས་བདག་ཉིད་བཛྲ་ཀཱི་ལ་ཡ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱད་ཅུ་རྩ་བཞིའི་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ མཆོད་བསྟོད་བདག་ཉིད་དྲེགས་པ་ཀུན་འདུལ་ཆེ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ དྲེགས་པ་བཞི་བཅུའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ མངོན་སྤྱོད་བདག་ཉིད་དཔལ་ཆེན་སྟོབས་ལྡན་ནག༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ ཉི་ཤུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ གཞན་ཡང་དཀྱིལ་འཁོར་ཕྱི་ནང་བར་ཁྱམས་ནས༔ འགྲོ་འདུལ་ཐུབ་དྲུག་བདེ་གཤེགས་སྟོང་རྩ་གཉིས༔ སྒོ་བ་ཡབ་ཡུམ་གིང་ལང་དབང་ཕྱུག་ཚོགས༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐུགས་དམ་གཉན་པོ་སྐོང་བའི་རྫས་མཆོག་ནི༔ རིན་ཆེན་དུར་ཁྲོད་གཞལ་ཡས་ཐུགས་དམ་བསྐང༔ ཞི་ཁྲོའི་ཆ་བྱད་རྒྱན་གྱིས་ཐུགས་དམ་བསྐང༔ ཕྱག་རྒྱ་བཅུ་དྲུག་གར་གྱིས་ཐུགས་དམ་བསྐང༔ སྔགས་དང་བརྡ་ཚིག་གླུ་ཡིས་ཐུགས་དམ་བསྐང༔ ཉེར་སྤྱོད་འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ ཀུན་བཟང་ཏིང་འཛིན་རོལ་མོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་ཐུགས་དམ་བསྐང༔ རྒྱུ་དྲུག་བསྒྲལ་པའི་རཀྟས་ཐུགས་དམ་བསྐང༔ རྨད་དུ་བྱུང་བའི་གཏོར་མས་ཐུགས་དམ་བསྐང༔ འདོད་ཡོན་ཀུན་འབྱུང་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་ཉམས་ཛ་གད་ཕུད་ཀྱིས་ཐུགས་དམ་བསྐང༔ རྡོ་རྗེ་པདྨ་བདེ་སྦྱོར་ཐུགས་དམ་བསྐང༔ ཞིང་བཅུ་རྩད་གཅོད་སྒྲོལ་བས་ཐུགས་དམ་བསྐང༔ ལྟ་དགོངས་གདེང་ལྡན་རྟོགས་པས་ཐུགས་དམ་བསྐང༔ མཆོག་ཆེན་མཆོག་ཕྲན་མདངས་ཀྱིས་ཐུགས་དམ་བསྐང༔ ལོངས་སྤྱོད་སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང༔ དངོས་འབྱོར་རྣམ་པར་དག་པས་ཐུགས་དམ་བསྐང༔ ཡིད་སྤྲུལ་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་ཉམས་ཆག་སོར་ཆུད་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ་པ་དང༔ འཁོར་སྲུངས་རྐྱེན་ཟློག་མི་མཐུན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་ཀློང་དུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཞེས་བསྐང་ངོ༔ བཤགས་པ་ནི་གདུང་བའི་ཡིད་རྩེ་གཅིག་པས༔ ཧོ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ༔ ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས༔ གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་གསུམ་བསྲུང་བྱ་འདས་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང༔ རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས༔ ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ༔ མི་སྦེད་སླན་ཆད་གཅོད་ཅིང་བསྡམ་པར་བགྱི༔ དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྒྱ་སྟོང་སོགས་མང་དུ་བརྗོད་པར་བྱའོ༔ དེ་ལྟར་རབ་ཀྱིས་དུས་དྲུག༔ འབྲིང་དུས་བཞིའམ་གསུམ༔ ཐ་མའང་ལོ་ཟླར་མ་ཆག་པར་བྱས་པས་རྣལ་འབྱོར་པའི་ཚོགས་རྫོགས༔ ཉམས་ཆག་བྱང༔ རྐྱེན་བཟློག༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ༔ སློབ་དཔོན་ཆེན་པོའི་གསུང་བཞིན་མཁར་ཆེན་མཚོ་རྒྱལ་གྱིས་ཡི་གེར་བྲིས་ཏེ་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ལ་གཏད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ་ (Volume 3, Text 20)

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ་བཞུགས་སོ། །རང་བྱུང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་གསལ་གདབ་ནི། སྐྱབས་སེམས་ཡན་ལག་བདུན་བཅས་སྔོན་སོང་རྗེས། ཨོཾ་ཨཱཿཧཱུྃ།༴ སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ། །འགག་མེད་གསལ་དག་ཐིག་ལེའི་དབུས། །རིན་ཆེན་ཁྲི་རྐང་པད་ཟླའི་སྟེང་། །རང་སེམས་མ་བཅོས་སྟོང་པའི་མདངས། །རང་རིག་རྡོ་རྗེ་སེམས་དཔར་ཤར། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །སྣང་སྟོང་རྡོ་རྗེ་དྲིལ་བུ་འཛིན། །རིགས་ལྔས་དབུ་བརྒྱན་ལོངས་སྐུའི་ཆས། །རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ། །ཡིག་བརྒྱས་བསྐོར་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་མཆོད་འགྲོ་རྣམས་ཀྱི། །སྒྲིབ་སྦྱངས་རྡོར་སེམས་སྐུ་རུ་གྱུར། །དེ་ནས་རང་ཉིད་རྡོར་སེམས་ཀྱི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་འོད་ལྔའི་ཐིག་ལེར་གསལ། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་ཉི་ཟླའི་སྟེང་། །ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། །སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད། །གནས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག །རང་རང་རྒྱན་དང་ཆ་ལུགས་ལྡན། །སྣང་ལ་རང་བཞིན་མ་གྲུབ་པ། །སྣང་སྟོང་ལྷུན་གྲུབ་འོད་ཀྱི་སྐུ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །དེ་ཡི་རང་མདངས་མ་འགགས་རྩལ། །དུང་ཁང་འཇའ་འོད་མེ་དཔུང་ཀློང། ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་དང་། །ཀེའུ་རཱི་བརྒྱད་དང་སིང་ཧ་བརྒྱད། །སྒོ་མ་བཞི་དང་དབང་ཕྱུག་མ། །ཉི་ཤུ་རྩ་བརྒྱད་ཁྲག་འཐུང་ལྷ། ཁྲོ་གཏུམ་གར་དགུའི་ཉམས་དང་ལྡན། །དཔལ་ཆེན་དུར་ཁྲོད་ཆས་རྣམས་རྫོགས། །གསལ་སྟོང་འོད་ཀྱི་སྐུ་རུ་བཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་དུ། །རིག་འཛིན་ཡབ་ཡུམ་བཅུ་པོ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །གསལ་འཚེར་མདངས་དང་ལྡན་པར་བཞུགས། །གཞན་ཡང་རང་ལུས་རྩ་ཁམས་སུ། །རྩ་བ་གསུམ་གྱི་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་གྲངས་མེད་བཅས། །ཏིལ་གྱི་གོང་བུ་ཕྱེས་པ་བཞིན། །ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས། །དེ་ལྟར་ཞི་ཁྲོའི་ལྷ་ཚོགས་རྣམས། །གདོད་ནས་རང་དང་ལྷན་ཅིག་ཏུ། །དབྱེར་མེད་ལྷན་ཅིག་སྐྱེས་པར་བཞུགས། །དེ་དག་རང་སྣང་དག་པའི་ལྷ། །ཡིན་པར་ཤེས་ཤིང་ཡིན་ཚུལ་དུ། །མ་བཅོས་རང་མདངས་རང་གསལ་གདབ། །ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ལྷ་རྣམས་ཐུགས་ཀར་ཟླ་བའི་སྟེང་། །རང་རང་ས་བོན་གསལ་བ་ལ། །ཞི་བ་རྣམས་ནི་བྷོ་དྷིས་བསྐོར། ཁྲོ་བོ་རྣམས་ལ་རུ་ལུས་བསྐོར། །རང་རང་ཞལ་ནས་སྔགས་སྒྲ་སྒྲོག །འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད། །ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བསྡུས། །མར་འཕྲོས་འགྲོ་བའི་སྡིག་སྒྲིབ་སྦྱངས། །ཐམས་ཅད་ཞི་ཁྲོའི་སྐུ་རུ་གྱུར། །སྔགས་སྒྲ་སྒྲོག་པས་སྣང་སྲིད་ཁེངས། །ཕྱི་སྣོད་དག་པ་ལྷ་ཡི་ཞིང་། །ནང་བཅུད་ལྷ་དང་ལྷ་མོར་གྱུར། །སྒྲ་གྲགས་སྔགས་ཀྱི་རང་བཞིན་ལ། །དྲན་རྟོག་ཆོས་ཉིད་རོལ་པའི་ངང་། །མ་བཅོས་རྩོལ་མེད་རང་ལུགས་སུ། །མ་ཡེངས་རང་གསལ་ངང་དུ་བཞག །ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་འདི། །རྫོགས་ཆེན་དོན་ལ་བློ་ཕྱོགས་པའི། །པདྨ་མ་ཏིས་བྲིས་པ་འདིའི། །དགེ་བས་ཀུན་བཟང་ཀློང་གྲོལ་ཤོག །བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་ཉེར་མཁོའི་དོན་གསལ་ (Volume 8, Text 20)

༄༅། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་ཉེར་མཁོའི་དོན་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་བྷཱ་ས་ཛྭ་ལ་ཡ། མཚན་དང་ཆོས་འཁོར་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་དབྱིངས་སུ་སྒྲོལ་མཛད་རིགས་བརྒྱའི་བདག །བླ་མེད་བླ་མ་མཆོག་ལ་གུས་བཏུད་དེ། །བསྙེན་ཐབས་ཉུང་གསལ་ཉེར་མཁོའི་དཔྱིད་དུ་སྤེལ། །བླ་མའི་སྒྲུབ་ཐབས་རྒྱ་མཚོ་ལས་ཕྲིན་ལས་མཁའ་ལྟར་ཁྱབ་པ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཉིད་རྩ་བའི་ཡི་དམ་དུ་བཟུང་བ་ལྟ་བུར་སྔོན་འགྲོ་དངོས་གཞི་རྗེས་ཚང་གི་བསྐྱེད་རྫོགས་ཆ་ཚང་ཉམས་སུ་ལེན་དགོས་ལ། དེའི་ཚེ་བསྐྱེད་རིམ་ལྷ་ཁྲིད་དང་འབྲེལ་བའི་བསྙེན་སྒྲུབ་རྒྱས་པར་བྱ་བའི་ཚུལ་རྣམས་སྔར་བཀོད་པའི་བསྙེན་ཡིག་པདྨའི་ཞལ་ལུང་ལས་རྟོགས་པར་བྱ་བ་གལ་ཆེ། འདིར་ལས་བྱང་ཁོ་ན་ལ་བརྟེན་ཏེ་གྲངས་བསྙེན་མདོར་བསྡུས་ལས་རུང་ཙམ་བྱ་བའི་ཚུལ་བཤད་པ་ལ་གསུམ། ཉེར་བསྡོག་སྟ་གོན་དང་། སྒྲུབ་པ་དངོས། རྗེས་ཀྱི་བྱ་བའོ། །དང་པོ་ནི། འདི་ཉིད་ཀྱི་དབང་ལུང་ཁྲིད་རྣམས་ལེགས་པར་ནོས་ཏེ་སྒྲུབ་པ་ལ་འཇུག་ཁར། སཱཙྪ། ཆུ་གཏོར། བསང་བརྔན། རྡོར་སེམས་སྒོམ་བཟླས། བཤགས་རྒྱུད་སོགས་བར་ཆད་སེལ་ཞིང་དངོས་གྲུབ་ཉེ་བའི་རྒྱབ་སྐྱོར་རིགས་ནུས་པས་གང་ལྕོགས་གལ་ཆུང་མེད་པར་བསྒྲུབ། གུ་རུས་བྱིན་གྱིས་བརླབས་པའི་གནས་སམ་བཀྲ་ཤིས་ཤིང་ཡིད་དང་མཐུན་པའི་སྒྲུབ་ཁང་གི་གུང་དུ་གུ་རུའི་སྐུ་བརྙན་དང་རྩ་གསུམ་གྱི་ཞལ་ཐང་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་གཙང་མའི་དབུས་དང་གཡས་གཡོན་དུ་འབྲུའི་ཚོམ་བུ་ལྔ་རེ་བཀོད་པའི་དབུས་སུ། པད་སྣོད་དུ་བླ་མར་གཏོར་མ་ཟླུམ་པོ་འཁོར་རང་འདྲ་བ་བཞི་དང་མཐེབ་ཀྱུས་བསྐོར་བ། གཡས་སུ་གུར་དྲག་ལ་དཔལ་བཤོས་ཟུར་གསུམ་དམར་པོ་འཁོར་རངའདྲ་ལྔ་དང་མཐེབ་ཀྱུས་བསྐོར་བ། གཡོན་དུ་སེང་གདོང་མ་ལ་གྲུ་གསུམ་དམར་པོ་རང་འདྲ་བཞི་དང་མཐེབ་ཀྱུས་བསྐོར་བའི་མདུན་གཡས་ཀླུ་བདུད་དམར་གཏོར་སྦྲུལ་དཀྲིས། མདུན་གཡོན་མཚོ་སྨན་དཀར་ཟླུམ་བུ་ཁུར། དེ་དག་གི་གཡས་སུ་ཆོས་སྨན་བཏབ་པའི་བདུད་རྩི་དང་། གཡོན་དུ་རཀྟ་སོ་ལྔའམ་མ་རྙེད་ན་སིནྡྷུ་ར་བཏབ་པའི་རཀྟའི་སྣོད། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བགེགས་གཏོར། གཏོར་འབུལ་དཀར་དམར། ཚོགས་ཞལ་ཟས། ཆད་བརྟན་སོགས་མཐོང་བརྒྱུད་ལྟར་འདུ་བྱ། རང་གི་གདན་འོག་འབྲས་སམ་ས་དཀར་གྱི་གཡུང་དྲུང་གཡས་སྐོར་བྲི། མལ་བདེ་བར་བཅས་ཏེ་གཞི་དང་ཞལ་སྤྲོད་དུ་འཁོད་ལ། རྣམ་འཇོམས་བཟླས་པའི་ཁྲུས་ཆུ་འཐོར་འཐུང་བྱ་བ་དང་། བདུད་རྩི་འཁྱིལ་པས་བསྔགས་པའི་གུ་གུལ་དཀར་ནག་གི་དུད་པས་བདུག་པ་སོགས་བྱ། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ནས་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་ཤིས་བརྗོད་གསང་བ་སྤྱི་ཆོག་ལྟར་བྱའོ། །གཉིས་པ་སྒྲུབ་པ་དངོས་ལ་ལྔ། ཕྱི། ནང་། གསང་བ། ཡང་གསང་། ལས་མཐའ་རྒྱས་རྣམས་སོ། །དང་པོ་ནི། དགོང་ཐུན་ནས་དབུ་བཙུགས་ཏེ། ཚིག་བདུན་དང་། འཇའ་ཚོན་གསོལ་འདེབས་སྔོན་དུ་འགྲོ་བས། རང་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གསལ་བས་བགེགས་གཏོར་བཏང་། དྲག་སྔགས་ཡུངས་ཐུན་རྫས་དུད་རོལ་མོ་བཅས་པས་བགེགས་བསྐྲད་ཅིང་སྲུང་འཁོར་གསལ་ཞིང་བརྟན་པར་བསྒོམས་ལ། མཚམས་གྲོལ་རྒྱུའི་ཐུན་ཐ་མའི་བར་མི་བསྡུ་བར་ཐུན་འགོ་ཐམས་ཅད་དུ་གསལ་འདེབས་ཡང་བསྐྱར་བྱེད། དེ་ནས་སྐྱབས་སེམས། ཡིག་བརྒྱ་མཎྜལ། བླ་མའི་རྣལ་འབྱོར་རྣམས་གྲངས་མང་ཉུང་གང་འགྲུབ་རེ་བཏང་ལ། མཆོད་པ་བྱིན་རླབས། ལྷ་བསྐྱེད་འདི་མ་ཧཱའི་ཨ་ཏི་དང་མཐུན་པར་སྐད་ཅིག་དྲན་རྫོགས་ལ་ཏིང་འཛིན་རྣམ་གསུམ་ཡང་གསལ་བར་ཚང་བས་དེ་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། ཕྱག་མཆོད་བསྟོད་པའི་བསྙེན་བཀུར་གྱི་ཡན་ལག་ཚང་བར་བྱས་ནས་བཟླས་པའི་ཐོག་མར། རང་ཉིད་པདྨ་འོད་འབར་དུ་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ་འཚེར་འོད་འཕྲོ་བ་ལ་ཡུན་རིང་སེམས་བཟུང་། བགྲང་ཕྲེང་ཚད་ལྡན་བསང་སྦྱང་། སྟོང་པའི་ངང་ལས་ཧྲཱིཿཡིག་ལས་བྱུང་བའི་བགྲང་ཕྲེང་ལྷའི་ངོ་བོར་མོས་པའམ། ལག་གཉིས་ཉི་ཟླའི་ཐལ་མོའི་བར་དུ་ཕྲེང་བ་དབྱངས་གསལ་གྱི་ཡིག་འབྲུར་བསམ་པས་ཀྱང་རུང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ལ་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ནས་ཐོད་ཕྲེང་རྩལ་གྱི་འཛབ་སྔགས་ཐོག་མར་བདུན་གསུམ་ཉེར་གཅིག་ཙམ་ཌཱ་དྲིལ་དབྱངས་དང་སྟངས་སྟབས་བཅས་པས་བཟླ། དེ་ནས་ཤུབ་བུར་བཟླ་བའི་ཚེ་ནའང་བློ་ཀློད་དུ་མ་སོང་བར་དད་མོས་སྤྲོ་བ་ཆེན་པོས་ལུས་ངག་ཡིད་གསུམ་ཆུན་གཅིག་བསྒྲིལ་ལ་བག་དྲོ་བྱིན་ཐིབས་བྱུང་བྱུང་གི་བར་དུ་བཟླ། དེའི་ཚེ་དམིགས་པ་ནི། འབྲུ་གསུམ་དང་ཁྱད་པར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། ཕྱོགས་དུས་ཀྱི་མཆོག་གསུམ་རྩ་གསུམ་ཐམས་ཅད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་རྣམ་པར་གྱུར་ཏེ་དེའང་སྐུའི་བྱིན་རླབས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཨཱ་ལི་ཀཱ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་ཁ་དོག་སྣ་ཚོགས་པའི་ཚུལ་ཅན། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་རིན་ཆེན་པདྨ་དྲིལ་བུ་བུམ་ཐོད་ཁ་ཊྭཱཾ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་སུ་གྱུར་པ་དང་། ཁྱད་པར་རང་ཉིད་གང་ལ་དད་པའི་བླ་མ་དཀོན་མཆོག་ཐམས་ཅད་གུ་རུའི་རྣམ་པར་བྱོན་ཏེ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པར་བསམ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་གསུམ་བཟླས་ལ་མཆོད་བསྟོད་ཤློ་ཀ་རེ་རེ། བསྔོ་སྨོན་བཀྲ་ཤིས་བསྡུ་རིམ་ཡན་བྱ། སྐབས་འདིར་སྔགས་ཕྲེང་སོགས་བསྡུ་རྒྱུ་མེད་ཀྱང་ལྷར་སྣང་ཐུགས་ཀའི་ཧཱུྃ་ལ་བསྡུ་ཞིང་ཧཱུྃ་ནཱ་དའི་བར་དུ་བསྡུ། ནཱ་ད་འོད་གསལ་དུ་གཞུག །བཛྲ་གུ་རུ་ལན་གཅིག་བརྗོད་པའི་རྐྱེན་གྱིས་པདྨ་འོད་འབར་གནས་གསུམ་འབྲུ་གསུམ་དང་བཅས་པར་མོས་ལ་ཐུན་མཚམས་གཉུག་མའི་ལྷར་ལྡངས་ཤིང་། གཟུགས་སྣང་ཐམས་ཅད་སོགས་བརྗོད་ལ་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །དེ་ནས་སྲོད་ཐུན་ལ་སྲུང་འཁོར། སྐྱབས་སེམས། ཡན་ལག་བདུན་པ། མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་གཏེར་གཞུང་ཞི་རྐྱང་ལུགས་སུ་བཏང་ལ་ཛཔ྄་བཟླས་ནས་ཐུན་མཚམས་བར་སྔར་ལྟར་ལ་སྲུང་མའི་གཏོར་འབུལ་ཡང་སྐབས་གང་འོས་ཤིག་ཏུ་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་རླུང་རོ་བསལ། ངག་བྱིན་རླབས་དང་བདུད་རྩི་མྱང་། བགེགས་གཏོར་ནུབ་དང་པོ་ལས་མི་དགོས། སྔོན་འགྲོ་རྒྱས་པ་ནས་བརྩམ་གཞན་ཐམས་ཅད་ཁར་སང་དགོང་ཐུན་ལྟར་བྱ། སྔ་ཐུན་སོགས་ཁར་སང་སྲོད་ཐུན་ལྟར་བྱ། དགོང་སྲོད་གང་རུང་གི་ཐུན་མཐའི་མཆོད་བསྟོད་གྲུབ་པ་དང་། རྩ་གསུམ་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་ལྕོགས་དང་། འགྲུབ་ན་ཚོགས་མཆོད་རེ་ཡང་གལ་ཆེ་ཞིང་། མི་འགྲུབ་ན་མཚམས་དང་པོ་ཚུགས་པའི་དགོང་སྲོད་གང་རུང་གི་ཐུན་མཐར་དང་། སྒྲུབ་པ་སྔ་མ་རྣམས་གྲུབ་ཅིང་ཕྱི་མ་རྣམས་ཚུགས་པའི་ཐོག་མཐའ། ཚེས་བཅུ་གང་བྱུང་ལ་ཚོགས་མཆོད་རེ་ངེས་པར་གལ་ཆེའོ། །དེ་ལྟར་ཐུན་བཞིར་བཅད་པའི་ཞག་བདུན་ཕྲག་གཅིག །གྲངས་འབུམ་ཕྲག་གཅིག་མ་མཐའ་བྱས་པ་བཟླ་ཞིང་མང་ན་ཇི་ཙམ་འགྲུབ་ཀྱང་དགོས་པ་ཕན་ཡོན་ཚད་མེད་དེ། འདི་ཉིད་ཀྱི་གཏེར་གཞུང་ལས། འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ ཞེས་སོགས་དང་། བླ་མ་གསང་འདུས་ལས་ཀྱང་རྒྱལ་བ་ཀུན་གྱི་དྲིལ་སྒྲུབ་ཏུ་བསྔགས་སོ། །འགྲུབ་པའི་རྟགས་ཀྱང་མ་ཧཱ་ཡོ་གའི་བསྐྱེད་རིམ་ལས། ཁྱད་པར་དུ་སྙིང་པོ་འདི་འདྲེན་པ་དང་སྤྱན་འདྲེན་ཐུན་དྲུག་ཏུ་མ་ཆག་པར་བསྒྲུབ་ན་པདྨ་འབྱུང་གནས་རང་བཞིན་གྱིས་བབ་ཅིང་ངེས་མེད་དུ་འོད་འཁྱུག་པ་དང་། གཟུངས་སྔགས་རང་བྱུང་གི་སྒྲ་སྒྲོག་པ་དང་། རང་བཞིན་ཀ་དག་གི་ཉམས་བཟང་པོ་རྩོལ་མེད་དུ་འབྱུང་ངོ་། །ཞེས་སོ། །གཉིས་པ་ནང་སྒྲུབ་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་དངོས་གཞི་ཡིན་པས་དེ་ལ་གཉིས། དངོས་དང་། ཚད་བཤད་པའོ། །དང་པོ་ནི། ཕྱི་སྒྲུབ་རྗེས་དེ་ཉིད་དུ་མཆོད་བཤམ་ཁ་གསོ། བརྒྱུད་འདེབས་དང་བགེགས་གཏོར་གཏང་། སྲུང་འཁོར་ནས་བསྟོད་པའི་བར་ཆོ་ག་དང་ཐུན་བཞིའི་འགྲོས་སྔ་མ་ཇི་ལྟ་བ་བཞིན་ལ། སྤྱན་འདྲེན་སྐབས་དམིགས་པ་དང་བཅས་ཐོད་ཕྲེང་བརྒྱ་རྩའམ་ཉེར་གཅིག་སོགས་བཟླ། དངོས་གཞི་འཛབ་བཟླས་སྐབས་ཐོག་མར་གཞི་དགོད་པ་ནི། རང་དམ་ཚིག་སེམས་དཔའི་ཐུགས་ཀར་པད་དཀར་འདབ་བརྒྱད་ཀྱི་གདན་ལ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་ཐབས་སུ་གནས་པ། རྡོ་རྗེའི་ལྟེ་བར་འོད་ལྔའི་ཐིག་ལེའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ་དཀར་པོ་འོད་ཟེར་ལྔ་ལྡན་མཐའ་ཡས་པ་འཕྲོ་བ། རྡོ་རྗེའི་ལྟེ་བའི་རྒྱབ་ངོས་ཀྱི་མཐའ་སྐོར་དུ་བཛྲ་གུ་རུའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་བསྒོམས་ལ་གསལ་མ་ཐེབས་ཀྱི་བར་དུ་ནན་ཏན་བྱ། དེ་ལ་གསལ་ཅི་རིགས་ཐེབས་ནས་དེ་ཉིད་ལ་ཧ་ཅང་འཇུར་དྲག་པ་དང་ཀློད་དྲག་པ་མ་ཡིན་པ་མ་ཡེངས་ཙམ་གྱི་སེམས་འཛིན་གྱི་རྟེན་དུ་བྱས་ནས་བཛྲ་གུ་རུའི་བཟླས་པ་བྱ་བ་ནི་བསྙེན་པའི་ཡན་ལག་གོ །དེ་ལ་ཅུང་ཟད་བརྟན་ནས་ཡིག་འབྲུ་རྣམས་རང་སྒྲ་དི་རི་རི་སྒྲོག་པར་བསམ་པ་ནི་ཁོག་ཆེན་རང་བཞིན་སྒྲ་འཁོར་དང་། ཧཱུྃ་ཡིག་ལས་ཟླ་བའི་འོད་དང་སྔགས་ཕྲེང་ལས་སྐར་མའི་འོད་ལྟ་བུ་དཀར་ཧྲམ་ཧྲམ་འཕྲོ་བ་ནི་ཟླ་བ་སྐར་ཕྲེང་ངམ་མུ་ཏིག་ཕྲེང་བ་ལྟ་བུ་དང་། ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་དང་པོ་དལ་བུ། རིམ་པར་ཇེ་བྲེལ་གྱི་ཚུལ་དུ་འཁོར་བ་ནི་འགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་སྟེ་ཉེ་བར་བསྙེན་པའི་ཡན་ལག་གོ །དེ་ལ་བརྟན་པ་ཐོབ་ནས་སྤྲོ་བསྡུའི་བཟླས་པ་བྱ་བ་ནི། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གི་འོད་ཟེར་ཧཱུྃ་ཡིག་ལ་ཕོག །དེ་ལས་འོད་ཟེར་སྣ་ལྔ་རྡོ་རྗེའི་ཡས་ཀྱི་རྭ་ནས་བརྒྱུད། མཛོད་སྤུ་ནས་འཐོན། མཁའ་ཁྱབ་ཀྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱི་དང་ཁྱད་པར་བླ་མ་སྐུ་གསུམ་རྩ་གསུམ་གྱི་ཞིང་སྐུའི་བཀོད་པ་འབྱམས་ཀླས་པ་རྣམས་ལ་བླ་ན་མེད་པའི་མཆོད་སྤྲིན་དུ་གྱུར་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་རང་དང་ས་བོན་སྔགས་འཁོར་ལ་ཐིམ་པས་གཟི་མདངས་འོད་དུ་འབར་བར་བསམ་པ་ནི་སྤྲོ་བསྡུ་དང་པོའོ། །ཡང་སྔགས་ཕྲེང་ས་བོན་ལས་དམར་པོ་ཤས་ཆེ་བའི་འོད་ཟེར་ལྕགས་ཀྱུའི་རྡུལ་ལྡན་ཕྲོམ་ཕྲོམ་མས་ཀྱི་རྭ་རྩེ་བརྒྱུད། ལྟེ་བ་ནས་འཕྲོས་པས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ་རྣམས་ལ་ཕོག་པས་གནོད་སེམས་གདུག་རྩུབ་སྐད་ཅིག་ལ་ཞི། རང་སྲོག་དྭངས་མ་འུབ་ཀྱིས་བསྡུས་ཏེ་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་བྱེད་རྣམས་ཀྱི་སྲོག་གཏའ་རུ་ཚུད་དེ་ཅི་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམ་པ་ནི་གཉིས་པའོ། །ཡང་སྔགས་ཕྲེང་ས་བོན་ལས་འོད་ཟེར་ཁ་དོག་དྲུག་པ་རྡོ་རྗེའི་རྭ་ཡས་མར་དང་སྐུའི་གནས་ཐམས་ཅད་ནས་ཐོན། འགྲོ་བ་རིགས་དྲུག་གི་གནས་མ་ལུས་པར་ཁྱབ། སྡིག་སྒྲིབ་མ་ལུས་པ་སྦྱངས་ནས་གུ་རུའི་སྐུ་འབའ་ཞིག་ཏུ་གྱུར། འོད་ཟེར་ཚུར་འདུས་འཁོར་འདས་མཉམ་ཉིད་འགྱུར་མེད་བདེ་ཆེན་གྱི་ཕྱག་རྒྱས་ཐེབ་པར་བསམ་པ་ནི་གསུམ་པའོ། །འདི་ལ་དམིགས་སྐོར་རྒྱས་པར་ཕྱེ་བའི་བཅུ་གཉིས་ཀྱི་ཚུལ་སོགས་སྤྲོ་ན་བསྙེན་ཡིག་རྒྱས་པ་ལས་རྟོགས་པར་བྱ་སྟེ་འདི་རྣམས་སྒྲུབ་པའི་ཡན་ལག་གོ །དེ་རྣམས་ལེགས་པར་གོམས་ནས། ཕྱིའི་འབྱུང་བཞིའི་རྡུལ་ཕྲ་རབ་རེ་རེ་ནས་དང། ནང་བཅུད་སྐྱེ་འགྲོ་ཐམས་ཅད་གུ་རུ་པདྨའི་སྐུར་གྱུར་པའི་ཞལ་དང་བ་སྤུའི་བུ་ག་ཚུན་ཆད་ནས་སྔགས་སྒྲ་དིར་དིར་སྒྲོག་པས་མཁའ་ཁྱབ་ཀྱི་རྩ་གསུམ་འཁོར་ལོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱིས་ཀྱང་འཛབ་སྒྲ་འུར་དིར་བསྒྲགས། བྱིན་རླབས་ནུས་མཐུ་ཇི་སྙེད་ཡོད་པ་ཐམས་ཅད་རང་སྲོག་ས་བོན་ལ་ཐིམ་པས་སེམས་ཅན་ཐམས་ཅད་ད་ལྟ་ཉིད་དུ་རྒྱལ་བ་པདྨའི་གོ་འཕང་ལ་འགོད་པའི་ནུས་པ་ཐོབ་སྙམ་དུ་མོས་པ་ནི་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཏེ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །ཡང་སྐབས་སུ་སྤྲོ་བསྡུས་སྐྱོ་ན། རྡོ་རྗེ་ས་བོན་ལ་སེམས་རྩེ་གཅིག་ཏུ་གཏད་པ་དང་། དེས་ཁམས་འདུས་སོགས་བྱུང་ན་སྔགས་ཕྲེང་ཀློག་པའི་ཚུལ་གྱིས་བཟླ་བ་དང་། དེས་ཀྱང་ངལ་ན་སྐུའི་དཀྱིལ་འཁོར་ཆ་མེད་ཀུན་འགྲོ་ལ་སེམས་གཏད་ཅིང་གསལ་སྣང་འདོན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཡིག་འབྲུ་སྔགས་ཀྱི་རྣམ་པར་ཤར་བ་ལ་ངེས་པའི་ཤེས་པ་བརྟན་པོས་ཡིག་འབྲུ་རེ་རེ་བཞིན་དབྱིབས་དང་གདངས་ལ་སེམས་ཡུན་རིང་དུ་གཏད་པས་སྟོང་སྲོག་གཅིག་ཆར་དུ་འཕྲོག་པ་ཐོབ་པའི་དགོས་པ་ཡོད་ཅིང་། སྐབས་རེར་འཛབ་སྒྲ་ཆེ་ཆུང་རན་པར་བཟླས་པའི་གདངས་རྣ་བར་སོན་པ་ལ་སེམས་གཏོད་པ་དང་། དབྱིབས་མི་གསལ་བ་དང་སྒྲ་གདངས་ཀྱིས་སུན་ཉམས་བྱུང་ན་དད་པ་རྩེ་གཅིག་པ་དང་མོས་པ་བརྟན་པོས་བཟླས་ཀྱང་མཆོག་ཏུ་འགྱུར་ལ། མདོར་ན་ཡེངས་འཁྲུལ་རྒྱ་འབྱམས་སུ་མ་སོང་བའི་གནད་དུ་གང་འགྲོ་བྱ། དམིགས་པ་དེ་རྣམས་ཀྱང་སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་མར་རིམ་གྱིས་འཇུག་པས་དོན་འབྲས་འགྲུབ་པ་ཡིན་ནོ། །དེས་ན་ཐོག་མར་བསྐྱེད་རྫོགས་ཟུང་འཇུག་གི་ལྷའི་གསལ་སྣང་དང་སྤྲོ་བསྡུའི་གཞི་འཛིན་པ་ལ་ནན་ཏན་བྱ། དེ་ནས་སྤྲོ་བསྡུ་དང་པོ་ལ་བྱིན་རླབས་ཐོབ་པའི་རྟགས་མཐོང་ནས། བར་པ་ཅུང་ཟད་དང་ཐ་མ་དང་མཁའ་ཁྱབ་བཟླས་པ་གཙོ་བོ། གཞན་རྣམས་ཀྱང་སྐབས་སུ་གང་བབ་བྱ་ཡི་ཐམས་ཅད་ཁྲིགས་ཆགས་མ་མི་དགོས་ཤིང་། བོར་མཆོག་སྒྲུབ་པའི་ཉམས་ལེན་གྱི་སྙིང་པོ་རང་རིག་གཉུག་མ་གསལ་སྟོང་རྒྱ་ཡན་ཆེན་པོའི་རང་མདངས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་རང་ཤར་དེ་ཉིད་དྲན་ཙམ་དང་། རང་སེམས་མ་བཅོས་ཡེངས་མེད་འཛིན་མེད་ཀྱི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བྱ་བ་ཚིག་དོན་གྱི་སྙིང་པོའོ། །ཐུན་གྱི་རྗེས་བསྡུ་སོགས་ཕྱི་སྒྲུབ་དང་མཚུངས་ཤིང་། ལྷ་སྐུ་བསྡུ་ལྡང་གཞུང་ཚིག་གི་དངོས་བསྟན་ལྟར་བྱས་ལ། ཐུན་མཚམས་རྣམས་སུའང་སྣང་གྲགས་རིག་གསུམ་གཉུག་མའི་ལྷ་སྔགས་ཡེ་ཤེས་ལས་མི་འདའ་བ་བྱའོ། །གཉིས་པ་བཟླས་པའི་ཚད་དུས་གྲངས་རྟགས་གསུམ་ལས། དུས་ནི། མཆོག་སྒྲུབ་པ་ལ་ཚད་མེད་ཅིང་། ངེས་པ་བཟུང་ན། འདི་ཉིད་ཀྱི་གཞུང་ལས། ཡིད་ཆེས་བརྩོན་འགྲུས་དང་ལྡན་པས་བསྒྲུབས་ན་ཟླ་བ་དྲུག་གིས་ཟག་མེད་འོད་ཕུང་དུ་གྲོལ་བར་ངེས་སོ་ཞེས་གསུངས་པ་ལྟར་ད་ལྟ་དུས་བསྙེན་ཟླ་དྲུག་ཏུ་གྲགས་པ་འགྲུབ་ན་གྲངས་བསྙེན་རྒྱས་པ་དང་ཡང་འགྲིགས་པར་འགྱུར་ལ་དེ་ཙམ་མི་ནུས་ན། ཟླ་བ་གསུམ་མམ། ཟླ་གཅིག་གམ་ཞག་བདུན་གྱིས་མཐའ་རྟེན་པར་མོས་གུས་དང་བཅས་ཏེ་བསྒྲུབས་པས་ཀྱང་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བས་འབད་པར་བྱ་བ་ཁོ་ནའོ། །གྲངས་ཚད་ནི། འབྲུ་རེ་རེར་འབུམ་ཕྲག་རེ་བཟླས་པས་འབུམ་ཕྲག་བཅུ་གཉིས། རྩོད་དུས་ཀྱི་དབང་དུ་བྱས་ཏེ་དེ་བཞི་འགྱུར་བྱས་པས་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་ཀྱི་གྲངས་བསྙེན་རྒྱས་པར་བཤད་པས་དེ་ལྟར་འགྲུབ་ན་མཆོག་ཡིན་ཅིང་འབྲུ་འབུམ་ནི་གྲངས་ཚད་དངོས་དང་། མ་མཐར་ཡང་། གུ་རུ་ཉིད་ཀྱི་ཞལ་ནས། སིདྡྷི་བྱེ་བས་རིག་འཛིན་གནས་སུ་སྐྱེ༔ ཞེས་གསུངས་པའི་བྱེ་བ་ནི་འབུམ་ཕྲག་བཅུ་ལ་བརྩི་བའི་ལུགས་ཏེ་ཟླ་བ་གཅིག་གིས་འགྲུབ་པས་དེ་ཙམ་ནི་ཅིས་ཀྱང་བརྩོན་པར་འོས་ཏེ། རང་གཞུང་ལས་ཀྱང་། མི་ཚིག་གིས་བར་མ་ཆོད་པར་བཟླས་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་བརླབ་པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམས་ཡོད་པའི་ཕྱིར་རོ༔ ཞེས་སོགས་ཕན་ཡོན་ཚད་མེད་པར་གསུངས་སོ། །རྟགས་ཚད་བླ་སྒྲུབ་སྤྱི་དང་མཐུན་ཞིང་། འདི་ཉིད་ལས་ཀྱང་། བརྩོན་འགྲུས་ཤེས་རབ་སྙིང་རྗེར་ལྡན༔ ལས་ཅན་རྣམས་ཀྱིས་ཉམས་བླངས་ན༔ ཐུགས་སྒྲུབ་གཞན་ལས་ཁྱད་པར་འཕགས༔ ལོ་རུ་མི་འགྱང་ཟླ་ཞག་ལ༔ ཡིད་ཆེས་དད་པ་དབང་མེད་ཡོང༔ ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ གང་དུ་བསྒྲུབ་པའི་ས་ཕྱོགས་དེར༔ འཇའ་ཚོན་སྤྲིན་བཀྲ་རྒྱུན་ལྡན་འབྱུང༔ སྤོས་དྲི་ངད་ལྡན་ཐོ་ལེ་བ༔ ཞེས་སོགས་གསུངས་སོ། །དེ་ནས་ནང་སྒྲུབ་ཐེམས་པའི་ཐུན་ཐ་མར་གཏོར་འབུལ་ཚོགས་མཆོད་དངོས་གྲུབ་བླང་བ་སོགས་རྒྱས་པར་བྱ་ཞིང་གསང་སྒྲུབ་ལ་འཇུག་གོ །གསུམ་པ་གསང་སྒྲུབ་ནི། མཆོད་པ་གསར་དུ་བརྗེ་བའམ་ཁ་གསོ། སླར་ཡང་བརྒྱུད་འདེབས་བགེགས་གཏོར་ནས་བརྩམ་ཆོ་ག་ཚང་བར་བཏང་སྟེ་གུ་རུ་ཞི་བའི་བཟླས་པ་ཅུང་ཟད་བྱས་རྗེས་ཞི་བ་ཉིད་གནས་འགྱུར་ཏེ་སྐད་ཅིག་ལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་པདྨ་ཉི་ཟླའི་གདན་ལ་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་་་་་མེའི་ཕྲེང་བ་ཅན་དཔལ་གྱི་ཆས་རྫོགས་ཤིང་རྔམ་བརྗིད་ཚད་མེད་པ་བ་སྤུ་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་གཏམས་པ། གཡས་ན་ཁྲོ་བོ་གཡོན་ན་ཁྲོ་མོ་རྒྱབ་ཏུ་མཁའ་འགྲོའི་ཚོགས་ཀྱིས་དྲག་སྔགས་ཧཱུྃ་ཕཊ་ཀྱི་ང་རོ་སྒྲོག་པ། ལྷ་སྲིན་སྡེ་བརྒྱད་བྲན་བཞིན་དུ་ཁྲིད་ཅིང་ཡང་སྤྲུལ་ལྕགས་སྡིག་རླུང་ལྟར་འཚུབས་པ། སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་དང་། ལངྐ་དཔལ་གྱི་ཕོ་བྲང་ལ་སོགས་པ་ནས་བླ་མ་དྲག་པོའི་དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ་སྤྱན་འདྲེན་དང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་བྱེད་པར་བསྒོམས་ལ་བརྡ་དོན་རྟགས་གསུམ་གྱིས་མཆོད་བསྟོད་བྱས་ནས་ཡེ་ཤེས་པ་རང་ལ་ཐིམ། དབུ་གཙུག་ཏུ་གུ་རུ་ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་པར་བསམ། འཛབ་བཟླ་བའི་སྐབས། ཐོག་མར་གཞི་དགོད་པ་ནི། རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་མཐའ་སྐོར་དུ་ཡིག་འབྲུ་བཅུ་དྲུག་པ་ལྕགས་བསྲེགས་ཀྱི་ཁ་དོག་ལྟ་བུ་གྱེན་ལངས་གཡས་སྐོར་འོད་ཟེར་ཧྲམ་མེར་འཁོད་པར་བསམ་ལ་གསལ་སྣང་ཐོན་པར་བྱ། དེ་ནས་དྲག་སྒྲུབ་ཉིད་རྐང་ཚུགས་བྱེད་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཏེ་དོ་ལིའི་བཟླས་པ་གཙོར་བྱ་དགོས་ཀྱང་། འདིར་ཞི་སྒྲུབ་ཀྱི་ཆ་ལག་ལྟ་བུར་བྱ་བའི་ཚེ་སྤྲོ་བསྡུའི་བཟླས་པ་ཁོ་ནས་ཆོག་པས། སྔར་གུ་རུ་ཞི་བའི་སྐབས་ཀྱི་རྩ་བའི་དམིགས་པ་གསུམ་པོ་དེ་ལ་བསྒྱུར་ཁ་རིགས་པས་འཕྲུལ་ཏེ་དངོས་གཞིར་བྱ། མཐར་ཁྲོ་བཟླས་སམ་ལས་སྦྱོར་གྱི་ཚུལ་དུ། སྔགས་ཕྲེང་ལས་ཁྲོ་ཆུང་མེ་ཕུང་མཚོན་ཆ་ལ་སོགས་པ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པའི་བར་ཆད་ལོག་འདྲེན་དགྲ་བགེགས་བྱད་མའི་ཚོགས་ལྕགས་ཀྱུས་བཀུག །ཞགས་པས་བཅིངས། མཚོན་ཆ་དང་འཁོར་ལོས་གཏུབས། ཁྲོ་བོ་ཁྲོ་མོ་ལྕགས་སྡིག་རྣམས་ཀྱིས་ཧབ་ཐོབ་ཏུ་རོལ། ལྷག་མ་མེ་རླུང་གིས་བསྲེགས་ཤིང་གཏོར་བས་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བསམ། གཞན་ཡང་སྣང་སྲིད་ཐམས་ཅད་གུ་རུ་དྲག་པོའི་སྐུས་གཏམས་པའི་ཞལ་ནས་དྲག་སྔགས་འབྲུག་ལྟར་སྒྲོག་པར་བསམ་པ་མཁའ་ཁྱབ་ཀྱི་བཟླས་པ་སོགས་ཞི་བའི་སྐབས་སུ་བཤད་པ་ཐམས་ཅད་དམིགས་གནད་ཅུང་ཟད་འཕྲུལ་ཏེ་སྐབས་ཅི་རིགས་པར་འདིར་ཡང་སྦྱར།ཐུན་གྱི་རྗེས་སྡུད་དང་ཐུན་མཚམས་ཀྱི་བྱ་བ་སོགས་སྔར་དང་འདྲ་བ་ལས། འདིར་ནི་བསྐྱེད་ཆོག་དང་མཐུན་པའི་བསྡུ་རིམ་ཡིན་པས་དམིགས་མེད་ཀ་དག་གི་ངང་དུ་བཞག་པས་ཀྱང་ཆོག་གོ །ཐུན་རྗེས་མ་རྣམས་ལ་སྲུང་འཁོར་སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་མཚམས། སྐད་ཅིག་གིས་དྲག་པོའི་སྐུར་གསལ་གདབ་ནས་དྲག་པོའི་ལས་བྱང་ལ་འཇུག་པས་ཆོག་ཅིང་གཏོར་འབུལ་དང་ཚོགས་གྲོལ་ཁའི་བྱ་བ་སོགས་སྔར་དང་འདྲ། སྔ་ཐུན་ཐམས་ཅད་ལ་སྔོན་འགྲོ་རྣམས་དང་གུ་རུ་ཞི་བ་རྒྱས་པར་གཏང་། གྲངས་བསྙེན་ཙམ་རྫོགས་ནས་སྡེ་བརྒྱད་ཤམ་འདོགས་ཅི་རིགས་པའང་སྦྱར་ཞིང་དམིགས་གནད་ཁྲོ་བོའི་བཟླས་པ་ལྟར་ལ། གྲངས་ཚད་ནི། ཞི་བསྙེན་ཇི་ཙམ་བཟླས་པའི་བཅུ་གཉིས་ཆ་གཅིག་བཟླ་བར་བཞེད་པས། དཔེར་ན་ཞི་བསྙེན་འབུམ་ཕྲག་བཅུ་གཉིས་ལ་དྲག་པོ་འབུམ་ཕྲག་གཅིག་གོ །བཞི་པ་ཡང་གསང་དེ་ཁོ་ན་ཉིད་དུ་བསྒྲུབ་པ་ནི། དྲག་པོ་འགྲུབ་པའི་རྗེས་ཐོག་དེ་ཉིད་དུ་མཆོད་གཏོར་གསར་དུ་བཤམ། ཐུན་དང་པོ་ལ་བགེགས་གཏོར་ནས་བརྩམ་མཐར་ཆགས་སུ་གཏང་སྟེ་གུ་རུ་ཞི་དྲག་གི་སྒོམ་བཟླས་ཁྱུག་ཙམ་རེ་གྲུབ་ནས། གུ་རུ་དྲག་པོ་འོད་དུ་ཞུ་བ་ལས་རང་ཉིད་ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་ཡི་དམ་ཆེ་མཆོག་དྲག་པོའི་ངོ་བོ་ཁ་ཊྭཱཾ་ག་དང་བཅས་ཤིང་བསྐལ་པའི་མེ་དཔུང་རྡོ་རྗེ་མཚོན་ཆའི་གུར་ཁང་གི་ནང་དུ་རང་འདྲའི་ཡེ་ཤེས་ཌཱ་ཀི་སྤྲིན་གཏིབས་པ་ལྟ་བུའི་དབུས་སུ་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ཨུ་རྒྱན་མཁའ་སྤྱོད་ཀྱི་གྲོང་ཁྱེར་ལ་སོགས་པ་ནས་ཡེ་ཤེས་པ་འཁོར་བཅས་སྤྱན་དྲངས་མདུན་མཁར་བཞུགས་པར་མོས་ལ། སྤྱན་འདྲེན་མཆོད་བསྟོད་བྱས་མཐར་རང་དང་གཉིས་མེད་དུ་ཐིམ་པའི་དབུ་རལ་གྱི་གསེབ་ཏུ་རིགས་བདག་བླ་མ་པད་འབྱུང་གིས་བརྒྱན་པར་བསམ། བཟླས་དམིགས་ལ། སྤྲོ་བསྡུའི་གཞི་དགོད་པ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་འབར་འཚེར་གསལ་བའི་དབུས་སུ་ཧཱུྃ་ཡིག་མཐིང་ཁ་འོད་འཕྲོ་བ། མཐའ་སྐོར་དུ་ཡི་གེ་བཅུ་བཞི་པའི་སྔགས་ཕྲེང་སྔོན་པོ་འོད་ཟེར་ཚ་ཚ་ཧྲོམ་ཧྲོམ་གཡོན་སྐོར་དུ་འཁོད་པ་སྦྲུལ་དཀྱུས་པ་ལྟ་བུ་ལྟ་བས་མི་བཟོད་པ་ལ་སེམས་གཏད། གསལ་སྣང་ཐོན་པ་ན་སྔགས་བཟླས་པས་ཧཱུྃ་ཡིག་གི་འོད་ཟེར་ཚ་ལ་རྩུབ་པ་རྣོ་ལ་ངར་བས་སྔགས་ཕྲེང་བསྐུལ། དེ་ལས་འོད་ཟེར་གློག་གི་ཞགས་པ་དང་མགར་གྱི་ཚྭ་ཚྭ་ལྟ་བུ་འཕྲོས་ཏེ་རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་བསྡུ་བ་སོགས་སྤྲོ་བསྡུ་དང་པོ་དང་། འོད་ཟེར་གྱིས་བདག་ཅག་དཔོན་སློབ་བྱང་ཆུབ་བསྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པའི་གནོད་བྱེད་མི་དང་མི་མིན་བྱད་ཁ་རྦོད་གཏོང་བདུད་དང་དམ་སྲི་ཐམས་ཅད་རྩ་སྦུར་མེ་ལ་བཏབ་པ་བཞིན་རྨེག་མེད་དུ་བརླག །དྭངས་བཅུད་ཚུར་འདུས། སྔར་ལས་ཀྱང་མཐུ་སྟོབས་གཟི་བརྗིད་རབ་ཏུ་འབར་བར་བསམ་པ་སྤྲོ་བསྡུ་བར་པའི་ཁྱད་པར་དང་། འོད་ཟེར་གྱིས་འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས། སེང་གདོང་མའི་སྐུར་གྱུར་པར་བསམས་པ་སྤྲོ་བསྡུ་ཕྱི་མ་དང་། སྐུ་གསུང་ཐུགས་བཟླས་སོགས་ཞི་བ་ཉིད་དམིགས་གནད་བསྒྱུར་བ་ནི་དངོས་གཞི་ཡིན་ལ། གྲངས་ཐེམས་ནས་ལས་སྦྱོར་གྱི་དམིགས་བཟླས་ཆེད་དུ་སྤྲོ་ན། ཕྱི་རོལ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་དང་མཚོན་ཆའི་གུར་ཁང་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་ཤིང་། མེ་རི་དང་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བས་གནོད་བྱེད་ཀྱིས་ཉེར་ཡང་མི་ནུས་པའི་ནང་དུ་བསྲུང་བྱ་རྣམས་ཀྱང་ཁྲོ་མོའི་སྐུར་གྱུར། ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བའི་བྱིན་རླབས་བསྡུས། རང་དང་བསྲུང་བྱ་ཕྱི་རོལ་གྱི་གུར་ཁང་ལ་ཐིམ་པས་བྱིན་གྱིས་བརླབས། བ་སྤུ་ཐམས་ཅད་ཁྲོ་ཆུང་དང་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་དམིགས་ལ་བཟླ། ཟློག་པ་ནི། རང་གི་སྤྱི་བོར་ཨཿཀཿམགྲིན་པར་སཿམཿསྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཡས་སུ་མཿརཿ བརླ་གཡོན་དུ་ཡཿཕཊཿཅེས་པའི་སྔགས་འབྲུ་གསལ་གདབ། སྔགས་བཟླས་པས་དེ་རྣམས་ལས་མེ་འོད་མཚོན་ཆ་འཁྲུགས་ཤིང་མཆེད་པས་དམ་ཆོས་བསྒྲུབ་པའི་བར་ཆད་དང་། གནས་སྐབས་མི་མཐུན་པའི་ཕྱོགས་ནད་གདོན་བར་ཆད་བྱད་ཕུར་སྲི་ངན་ལོ་ཟླ་ཞག་ཀག་མོ་རྨིས་ལྟས་ངན་བདུད་བགེགས་དམ་སྲི་སོགས་ཐལ་བ་རྡུལ་བཞིན་བརླག་པར་བསམ། ཐུན་མཚམས་སུ་བདེན་སྟོབས་བརྗོད་ཅིང་ལག་གཡས་གནམ་ཟླ་བའི་དཀྱིལ་འཁོར། གཡོན་ས་གཞི་ཉི་དཀྱིལ་དུ་བསམ་པའི་སྟེང་དུ་དགྲ་བགེགས་རྣམས་བཀུག་ཐལ་མོ་བརྡབས་པས་སྒོ་ང་བྲག་ལ་བཅར་བ་བཞིན་ཕྱེ་མར་འཐག །ལྷག་མའང་ཡེ་ཤེས་མེ་རླུང་གིས་སྦྱང་བར་བསམ། བསད་པ་ནི། རང་ཉིད་གུ་རུ་དྲག་པོ་རིགས་བདག་བཅས་གསལ་བའི་མདུན་དུ། སྔོན་མོ་གཙོ་མོར་གྱུར་པའི་སེང་གདོང་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་བཅས་བཞུགས་པར་བསམ། བསྐུལ་དང་དྲག་སྔགས་བཟླས་པས་དེ་དག་ལས་རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། དགྲ་བགེགས་བྱད་མ་ཐམས་ཅད་སྐད་ཅིག་ལ་བཀུག་བཅིངས་བསྡོམས་མྱོས། ལྷ་དང་ཕྱེས། གཟུགས་ལ་དབབ། བྱད་དུ་བཅུག །སྨྱོར་གཞུག །རྣམ་ཤེས་སྤར། མཚོན་ཆས་གཏུབས། གཏུན་ཏུ་བརྡུངས། ཤ་ཁྲག་ལྷག་མེད་དུ་རོལ་བར་བསམ་པའོ། །ཐུན་མཇུག་མཆོད་བསྟོད་སོགས་ཞི་དྲག་གི་རིགས་འགྲེ་ཞིང་། རྗེས་སྡུད་ཀྱང་དྲག་པོ་ལྟར་རོ། །ཐུན་རྗེས་མ་རྣམས་སུ་སྲུང་འཁོར་ནས་མཆོད་རླབས་བར་དང་། དེ་ནས་སེང་གདོང་ལས་བྱང་ལ་འཇུག །དེའང་ཐོག་མར་རྩ་བའི་དམིགས་བཟླས་ཁོ་ན་ལ་དྲིལ། སྤྲོ་བསྡུ་བར་པ་གཙོར་འདོན། བསྙེན་གྲངས་ཐེམས་ནས་ལས་སྦྱོར་གསུམ་བྱ་བ་ཡིན་ཡང་། སྲུང་བ་ནི་སྤྱིར་ལས་སྦྱོར་ཡིན་ཡང་བསྙེན་པ་མ་སོང་བར་དམིགས་བཟླས་མི་རུང་བ་མིན་ཞིང་དགོས་པ་ཆེ་བས་ཐོག་མ་ནས་ཐུན་གཤམ་རྣམས་སུ་ཅི་རིགས་པར་སྦྱར། བསྙེན་སྒྲུབ་གྲུབ་ནས་སྲུང་དམིགས་ཆེད་དུ་བསྒོམས་པས་སྲུང་བ་མཆོག་ཏུ་འགྱུར་ཞིང་། ཟློག་དམིགས་ནི་བསྙེན་སྒྲུབ་མ་སོང་བར་དུ་མི་བྱ། གྲུབ་ནས་བཟློག་པའི་དམིགས་བཟླས་ཀྱང་ཆེད་དུ་བྱ་བའམ། སྲོད་ཐུན་ལ་ངེས་པར་བྱའོ། །བསད་པ་ནི་འདིར་ཆ་ལག་ཚང་བའི་ཆེད་དུ་སྨོས་པར་ཟད་ཀྱི་དྲག་ལས་དམིགས་བསལ་བའི་སྐབས་ལས་བསྙེན་སྒྲུབ་སྐབས་སུ་མི་དགོས་སོ། །གྲངས་ཚད་ནི་དྲག་པོའི་ཕྱེད་ཆ་བཟླ་བར་བཞེད་པས་དྲག་པོ་འབུམ་ཕྲག་གཅིག་བྱེད་ན་འདི་ཁྲི་ཚོ་ལྔ་བཟླའོ། །ལྔ་པ་ཕྲིན་ལས་མཐའ་རྒྱས་ཀྱི་རིམ་པ་ལ་གཉིས། ལས་བཞི་སྤྱིར་སྒྲུབ་པ། བྱེ་བྲག་ཚེའི་སྒྲུབ་པ་དམིགས་སུ་བྱ་བའོ། །དང་པོ་ལ་བཞི། ཞི་རྒྱས་དབང་དྲག་སྟེ་དེ་རེ་རེ་ལའང་དུས་ཁ་དོག་ཕྱོགས་གནས་སྔགས་སྨོན་ལམ་གྱི་ཁྱད་པར་རོ། །དེའང་བསྙེན་སྒྲུབ་གྲངས་རྟགས་ཐེམས་ནས་ལས་ལ་སྦྱར་དགོས་པ་ཡིན་པས། དང་པོ་ཞི་བའི་ཕྲིན་ལས་ཁྱད་པར་བདུན་ལྡན་ནི། རྩ་བ་གསུམ་གྱི་བསྙེན་སྒྲུབ་གྲུབ་མ་ཐག་པར་འདོན་འགྲིགས་སོགས་དཀྱུས་བཞིན་ལ། ཐུན་དང་པོར་ཞི་དྲག་སེང་གསུམ་ཀ་བསྙེན་པ་ཐུང་ཙམ་རེ་བཅས་བཏང་ནས། སླར་རང་ཉིད་པདྨ་འོད་འབར་དུ་གསལ། ཐུན་ཕྱི་མ་རྣམས་ལ་ཞི་བའི་ལས་བྱང་ཁོ་ནས་འཐུས་ཏེ་ལས་བཞི་རྩ་བ་གསུམ་ཀ་ལ་སྦྱོར་བ་ཡིན་མོད་ཀྱི་སྐབས་འདིར་ཞི་བསྙེན་ལ་བཏགས་པ་ཁོ་ནས་ཆོག་སྟེ་ཡི་དམ་དང་མཁའ་འགྲོ་གཉིས་ཀ་གུ་རུ་ཉིད་ཀྱི་ཡེ་ཤེས་རོལ་པ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེའང་ཞི་བ་དུས་ཐོ་རངས། ཁ་ཤར་ཕྱོགས་སུ་བལྟས་ལ། ཐོག་མར་ལས་བྱང་སྐབས་སུ་བསྐྱེད་པ་དེ་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་སྐུ་མདོག་ཆ་ལུགས་ཐམས་ཅད་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟ་བུ། ཕྱག་གཡས་ཤེལ་གྱི་རྡོ་རྗེ། གཡོན་ཐོད་ཞལ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་པད་ཟླར་རྡོ་རྗེ་ཧཱུྃ་དཀར་བསྒོམ། སྔགས་ཕྲེང་མི་དགོས། སྤྱི་བོ་དུང་ཁང་དུ་པད་དཀར་འདབ་མ་སོ་གཉིས་པའི་ལྟེ་བར་ཟླ་དཀྱིལ་ཨོཾ་དཀར་གྱིས་མཚན་པའི་མཐའ་སྐོར་དུ་བཛྲ་གུ་རུ་ཞི་བའི་སྔགས་ཤམ་དང་བཅས་པས་གཡས་སུ་བསྐོར་བ། སྔགས་དེ་ཉིད་བཟླས་པས་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་འཕྲོས་སྤྱི་བོར་ཕོག་སྔགས་ཕྲེང་གཡས་སུ་འཁོར། དེ་ལས་ཀྱང་འོད་ཟེར་དཀར་པོས་རྒྱལ་བ་སྲས་བཅས་མཆོད། ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། དཔྲལ་བར་ཐིམ། ནུས་པ་བསྐྱེད། དེ་ལས་སླར་ཡང་འོད་དཀར་ཟླ་བ་ལྟ་བུ་འཕྲོས། བདག་གཞན་ཀུན་གྱི་ལས་ཉོན་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པ་ལ་ཉི་མ་ཤར་བ་ལྟ་བུ་སངས་ཀྱིས་དག་པར་བསམ། ཐུན་མཐར་སྨོན་ལམ་ཡང་བརྒྱ་རྩའམ་བདུན་གསུམ་ལ་སོགས་པ་བརྗོད། སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔར་གསལ། རྗེས་སྡུད་སོགས་དཀྱུས་ལྟར་ལ་སྤྱི་བོའི་འཛབ་དཀྱིལ་སྙིང་ཁར་བསྡུ་བ་སོགས་བྱའོ། །གྲངས་ནི་གོང་བསྙེན་ཇི་ཙམ་སོང་བའི་བཅུ་ཆ་གཅིག་སྤྱིར་བཏང་ལ། དམིགས་བསལ་ནད་གདོན་ཞི་བའི་དགོས་ཆེད་སོགས་ཡོད་ཚེ་རྟགས་མ་མཐོང་གི་བར་དུ་བཟླ་རུང་བ་ཉིད་དོ། །འདི་དག་ལ་དུས་དང་ཁ་ལྟ་ཕྱོགས་སོགས་ཐོག་མར་དབུ་འཛུག་སྐབས་ལས་རྒྱུན་དུ་མ་འགྲུབ་ཀྱང་སྐྱོན་མེད་ཅེས་ཆགས་མེད་རིན་པོ་ཆེས་གསུངས། འོན་ཀྱང་ཐོ་རངས་ཞི་བ། ཉི་དྲོས་རྒྱས་པ་སོགས་ཉིན་ཞག་གཅིག་ལ་ལས་བཞི་ཆ་བསྒོས་ཀྱང་རུང་བ་ཉིད་དོ། །གཉིས་པ་རྒྱས་པ་ནི། ཞི་བ་དང་སྤྱི་འགྲོས་མཚུངས་ལ། ཁྱད་པར་དུས་ཉི་དྲོས། ཁ་ལྷོ་ཕྱོགས། སྐུ་མདོག་ཆ་ལུགས་སེར་པོ་གསེར་རི་ལ་ཉི་མ་ཤར་བ་ལྟ་བུ། གཡས་རིན་ཆེན་ཟུར་བརྒྱད་ཞབས་རྒྱལ་པོ་རོལ་སྟབས། ཐུགས་ཀར་པད་རྡོར་ཧཱུྃ་སེར། ལྟེ་བར་པད་སེར་འདབ་མ་རེ་བཞི་པའི་དབུས་སུ་རིན་པོ་ཆེ་ཆ་དགུ་པ་བྷྲཱུྃ་སེར་པོས་མཚན་པའི་མཐར་རྩ་སྔགས་ལས་སྔགས་དང་བཅས་པས་བསྐོར་བ། སྔགས་བཟླས་ཤིང་འོད་ཟེར་སེར་པོའི་སྤྲོ་བསྡུ་སྔར་བཞིན་ལ་བྱིན་རླབས་འོད་སེར་ལྟེ་བ་ནས་བྱུང་ལྟེ་བར་ཐིམ་སླར་ཡང་འོད་སེར་གྱིས་བདག་གཞན་ཚོགས་གཉིས་དང་འབྱོར་དྲུག་རྒྱས། མཐར་སྨོན་ལམ་དང་སྣོད་རིན་པོ་ཆེའི་ཞིང་བཅུད་རིན་ཆེན་སེམས་དཔར་གྱུར་པ་སོགས་སོ། །གསུམ་པ་དབང་ནི། དུས་དགོངས་ཀ །ཁ་ནུབ་ཕྱོགས། སྐུ་མདོག་ཆ་ལུགས་དམར་པོ་བྱེ་རུ་ལྟ་བུ། ཕྱག་གཡས་པདྨ་ལྕགས་ཀྱུས་མཚན་པ། ཞབས་པདྨའི་སྐྱིལ་ཀྲུང་། ཐུགས་ཀར་པད་རྡོར་ཧཱུྃ་དམར། མགྲིན་པར་པད་དམར་འདབ་མ་བཅུ་དྲུག་པའི་ལྟེ་བར་ཉི་དཀྱིལ་ཧཱུྃ་དམར་གྱི་མཐར་རྩ་སྔགས་ལས་སྔགས་དང་སྦྲེལ་བས་བསྐོར་བ། སྔགས་བཟླས་འོད་དམར་སྤྲོ་བསྡུ་དང་བྱིན་རླབས་འོད་དམར་མགྲིན་པ་ནས་བྱུང་མགྲིན་པར་ཞུགས། སླར་ཡང་འོད་དམར་འཕྲོ་བས་མཐོང་ཐོས་དྲན་རེག་དབང་དུ་འདུས། མཐར་སྨོན་ལམ་དང་སྣོད་པདྨའི་ཞིང་བཅུད་པདྨ་སེམས་དཔར་གྱུར་པར་མོས་པ་སོགས་སོ། །བཞི་པ་དྲག་པོ་ནི། དུས་སྲོད་ཆེན། ཁ་བྱང་ཕྱོགས། སྐུ་མདོག་ཆ་ལུགས་ནག་པོ་སྟང་ཟིལ་བཅག་པ་ལྟ་བུ། ཕྱག་གཡས་རལ་གྲི་གཡོན་ཐོད་ཁྲག །ཞབས་ཕྱེད་སྐྱིལ་པུས་མོ་གཡས་བསླང་བ། ཐུགས་ཀར་པད་རྡོར་ཧཱུྃ་མཐིང་། གསང་གནས་སུ་པད་ལྗང་འདབ་མ་ཉེར་བརྒྱད་པའི་ལྟེ་བར་རལ་གྲི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་ལྟེ་བར་ཧཱུྃ་ནག་པོ། མཐར་རྩ་སྔགས་ལས་སྔགས་སྦྲེལ་མས་བསྐོར་བ། འོད་ཟེར་མཐིང་ནག་སྤྲོ་བསྡུ་དང་བྱིན་རླབས་གསང་བ་ནས་གསང་བར་བསྟིམ། སླར་ཡང་འོད་ཟེར་མཐིང་ནག་མེ་མཚོན་ཁྲོ་ཆུང་སྤྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ། མཐར་སྨོན་ལམ་དང་སྣོད་ལས་རབ་ཞིང་བཅུད་ལས་ཀྱི་སེམས་དཔར་བསྒྱུར་བ་སོགས་གོང་བཞིན་ནོ། །སྐབས་འདི་དག་ཏུ་ཁ་སྐོང་བ་དང་འདོད་པའི་དངོས་གྲུབ་མྱུར་དུ་འབྱུང་བའི་ཕྱིར་བསྙེན་སྒྲུབ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་གི་སྦྱིན་སྲེག་ངེས་པར་བྱ་དགོས་པས། ཞི་བ་ལ་ཞི་བའི་སྦྱིན་སྲེག་སོགས་ལས་སོ་སོའི་སྐབས་སྦྱིན་སྲེག་སོ་སོར་འགྲུབ་ན་མཆོག་ཏུ་འགྱུར་ཞིང་། དེའི་ཚེ་རྫས་སོ་སོ་རྣམས་ཀྱང་སོ་སོའི་སྔགས་ཤམ་དང་སྤེལ་ཚིག་གིས་གྲངས་གསོག་ཏུ་འབུལ། དེ་ལྟར་མ་འགྲུབ་ན་སྤྱི་ལྟར་ཞི་བ་ཁོ་ནའམ་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་ཀུན་གྱི་མཐར་བླུག །དེའི་ཡིག་ཆ་རྣམ་གསལ་གུད་དུ་བཀོད་ཡོད་པ་ལས་ཤེས་པར་བྱ། ཤིན་ཏུ་སྤྲོས་པ་ལ་མི་དགའ་བའམ་ཏིང་ངེ་འཛིན་བརྟན་པ་དང་། འབྱོར་པ་ཆུང་བའི་རིགས་ཅན་སྦྱིན་སྲེག་མི་འགྲུབ་པ་རྣམས་ཀྱིས་རྫས་གཅིག་སྦྱིན་སྲེག་བྱས་པས་ཀྱང་ཁ་སྐོང་དུ་རུང་བ་ཉིད་དོ། །གཉིས་པ་ལས་བྱེ་བྲག་ཚེ་སྒྲུབ་པའི་རིམ་པ་ལའང་གཉིས། སྤྲོས་མེད་བསྙེན་པ། སྤྲོས་བཅས་སྒྲུབ་པའོ། །དང་པོ་ནི། སྤྱིར་འདི་ཉིད་སྒེར་དུ་བསྒྲུབ་ཀྱང་ཆོག་མོད་ཀྱི་ཞི་བའི་ལས་ཁ་ཚར་གྱི་བྱེ་བྲག་ཡིན་པས་ཞི་བསྙེན་རྒྱས་བསྡུས་གང་རུང་ངེས་པར་སྔོན་དུ་འགྲོ་དགོས་ལ། རྩ་གསུམ་བསྒྲུབ་པའི་མུ་མཐུད་ཡིན་ན་བགེགས་གཏོར་སྲུང་འཁོར་ཙམ་གྱིས་འཐུས་ལ། དུས་གཞན་དུ་བྱེད་ན་སྔར་བཤད་སྒྲུབ་པ་ལ་འཇུག་པའི་སྔོན་འགྲོ་རྣམས་ཅི་རིགས་སྦྱར། བསྙེན་པའི་བར་ཞི་བའི་སྐབས་ལྟར་ལ་ཞི་བསྙེན་ཅུང་ཟད་བཟླས་ནས། བསྙེན་བཟླས་དངོས་ལ་ཐོག་མར་ཐུགས་དམ་བསྐུལ་བའི་ཕྱིར་གསོལ་བ་ལན་གསུམ་གདབ། དེ་ནས་རྩ་བའི་སྤྲོ་བསྡུའི་དམིགས་པའི་གཞི་དགོད་པ་ནི། རང་ཉིད་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀར་པད་དཀར་ཟེའུ་འབྲུའི་དབུས་སུ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་མས་ཀྱི་རྭ་རྣམས་ཟེའུ་འབྲུར་ནུབ་པ། དེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་དྭངས་མ་ལྔ་འདུས་ཀྱི་རང་བཞིན་ཧྲཱིཿཡིག་དཀར་པོ་འོད་འཕྲོ་བའི་ཁོག་པར་ནྲྀ་ལྗང་གུ །དེའི་ནང་དུ་ཨ་དཀར་པོ། མཐའ་སྐོར་དུ་སྔགས་ཕྲེང་དཀར་པོ་འོད་ལྔའི་མུ་ཁྱུད་ཅན་གཡས་སུ་བསྐོར་བའམ། དམིགས་པ་དེ་ཙམ་གསལ་མི་ཐེབས་ན་ཐུགས་ཀར་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ། དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་བསྒོམས་ཀྱང་གཏེར་གཞུང་གི་དངོས་བསྟན་ཡིན་པས་རུང་ཞིང་། གང་ལྟར་གསལ་སྣང་མ་ཐོན་བར་བསྐྱར་ནས་བསྒོམ། དེ་བརྟན་པ་ན་སྤྲོ་བསྡུ་ནི། བཟླས་པ་བྱས་པས་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཀྱིས་ཧྲཱིཿཡིག་བསྐུལ། དེ་ལས་འོད་ཟེར་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱི་སྣོད་ནང་བཅུད་ཀྱི་དྲི་མ་སྦྱངས་ཤིང་རྒུད་པ་བསལ་ནས་སྣོད་དག་པའི་ཞིང་དང་བཅུད་ལྷའི་རང་བཞིན་དུ་བྱས་ཏེ་ཚེའི་བཅུད་ཀྱིས་མེ་རེ་རེ་གང་བར་བསྒོམ་སྟེ་ཡུལ་སྦྱང་བའོ། །སླར་ཡང་འོད་འཕྲོས་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་ཐིག་ལེ་ཁ་དོག་ལྔ་དང་འོད་ཟེར་སེར་དཀར་དམར་ལྗང་མཐིང་ཁ་ཟབ་ཆེན་གྱི་སྐུད་པ་ལྟ་བུ་དཔག་མེད་བསྡུས་ནས་རང་ལ་ཐིམ་པས། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་སོར་ཆུད། འབྱུང་ལྔའི་དྭངས་མ་སྟོབས་སུ་གྱུར་ནས་ཡུམ་ལྔའི་ཚེ་ཐོབ་པར་བསམ། ཡང་འོད་འཕྲོས། ནང་བཅུད་ཀྱི་སྐྱེ་འགྲོ །དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ལྷ་ཀླུ་མཐུ་ཆེན་འཁོར་ལོས་སྒྱུར་བས་གཙོར་བྱས་ཚེ་རིང་བ། བསོད་ནམས་དང་དབང་ཐང་ཆེ་བ། འཁོར་དང་ལོངས་སྤྱོད་མང་བ། ཤེས་རབ་དང་སྙན་གྲགས་ལྡན་པ། སྟོབས་རྩལ་གཟི་བརྗིད་ཡོན་ཏན་ཅན་རྣམས་ཀྱི་ཚེ་བསོད་དྭངས་མ་ཐམས་ཅད་ཡི་གེ་ཧྲཱིཿནྲྀ་ཨ་གསུམ་དང་བདུད་རྩི་འོད་ལྔའི་རྣམ་པར་བསྡུས་ཏེ་རང་ལུས་དང་ཚེ་རྟེན་ལ་ཐིམ་པས་ཚེ་བསོད་ཟླ་བ་ཡར་ངོ་ལྟར་རྒྱས་པར་བསམ། ཡང་འོད་འཕྲོས་གཟུགས་སྣང་ལྷ། སྒྲ་གྲགས་སྔགས། དྲན་རྟོག་ཆོས་ཉིད་བདེ་བ་ཆེན་པོར་གྱུར་པའི་གཟི་བྱིན་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཚེ་དང་ཡེ་ཤེས་བྱིན་རླབས་ཀྱི་དྭངས་མ་ཐམས་ཅད་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོ་བུམ་པ་མདའ་དར་གཡུང་དྲུང་འཁྱིལ་བ་ཡིག་འབྲུ་སྐུ་གཟུགས་འཇའ་ཟེར་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཐུགས་སྲོག་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་ཐོབ། ཚེ་ལ་དབང་བའི་རིག་འཛིན་དངོས་སུ་གྱུར་པར་བསམ་པ་སྟེ་ཚེ་སྒྲུབ་དངོས་གཞི་རྩ་བའི་སྤྲོ་བསྡུ་འདི་གསུམ་ལ་ནན་ཏན་ཏུ་བྱའོ། །ཚེ་འགུགས་པ་ནི། སྐབས་འདིར་ཐུན་འཇོག་ཁར་ཅུང་ཟད་བྱ་བ་སྟེ། རང་གི་སྤྱི་བོར་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱཿདམར་པོ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོ། ལྟེ་བར་རིན་ཆེན་སེར་པོ་སྭཱ་སེར་པོ། གསང་གནས་སུ་རྒྱ་གྲམ་ལྗང་གུ་ཧཱ་ལྗང་གུས་མཚན་པ་རྣམས་གསལ་གདབ། བཟླས་པ་བྱས་པས་དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་ནམ་མཁའི་ཁམས་ཁེངས་པ་དང་། སྤྲུལ་པའི་ལྷ་མོ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་མོ། ཐམས་ཅད་ཕྱག་གཡས་པས་མདའ་དར་རང་མདོག་དང་རང་རྟགས་ཕྱག་མཚན། གཡོན་ཚེ་བུམ་འཛིན་པ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཕྱི་སྣོད་ནང་བཅུད་རྒྱལ་བ་སྲས་དང་བཅས་པའི་ཚེ་དཔལ་བྱིན་རླབས་མཐའ་དག་དང་། ཁྱད་པར་རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་རྣམས་ཀྱིས་འཕྲོག་པ། བསྐུས་པ། ཡར་བ། སྟོར་བ། བྲོས་པ། འཁྱམས་པ་ལ་སོགས་པ་ལྕགས་ཀྱུ་མའི་ཚོགས་ཀྱིས་ཤར་ཕྱོགས་དྲི་ཟའི་ལག་ནས་བཀུག །དེ་བཞིན་དུ། ཞགས་པ་མས་ལྷོ་གཤིན་རྗེ། ལྕགས་སྒྲོག་མས་ནུབ་ཀླུ་དབང་། དྲིལ་བུ་མས་བྱང་གནོད་སྦྱིན། ཐམས་ཅད་ཀྱིས་སྟེང་འོག་ལྷ་ཀླུ་ས་བདག་ལ་སོགས་པའི་ལག་ནས་བཀུག །འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཧྲཱིཿནྲྀ་ཨ་ཡིག་ལ་སོགས་པའི་རྣམ་པ་དཔག་ཏུ་མེད་པ་རང་འོད་ཀྱིས་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་བསྡུས་ཤིང་། ལྷ་མོ་རྣམས་ཀྱིས་ཕྱག་གི་བུམ་པར་བསྐྱིལ་ཏེ་རང་གི་སྤྱི་བོ་ནས་བདུད་རྩིའི་རྒྱུན་ལྷུབ་ལྷུབ་བབ་པས་རང་ལུས་འཆི་མེད་ཀྱི་བདུད་རྩིས་ཤེལ་བུམ་འོ་མས་གང་བ་ལྟར་ཁེངས། ལུས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་གྱུར། ཚེ་སྲོག་ཉམས་པ་སོར་ཆུད། བ་སྤུ་ཐམས་ཅད་རྡོ་རྗེ་ཕྱེད་པ་རེས་གཏམས་པར་བསམས་ལ་བཟླས་པ་དང་། ཚེ་འགུགས་ཀྱང་སྤྲོ་ན་བརྗོད་ཅིང་དབང་སྐུར་སྨོན་ལམ་གདབ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་སོགས་ཞི་སྒྲུབ་དཀྱུས་ལྟར་ལ། ཐུན་མཚམས་ལྷ་སྐུར་ལྡང་བའི་ཚབ་ཏུ་རང་ལུས་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པར་བསམས་ལ་ཀ་དག་གི་ངང་དུ་ཅི་གནས་སུ་བཞག་པ་ཉིད་ཡང་ཡང་བྱ་བ་ནི་ཁྱད་པར་རོ། །བསྙེན་ཚད་ནི། ཚེ་སྒྲུབ་ཆེད་དུ་བྱེད་ན་རྟགས་མ་མཐོང་བར་འབད་དགོས་ལ། ཞི་སྒྲུབ་ཀྱི་ཡན་ལག་ཚང་བ་ཙམ་བྱེད་ན་ཞག་བདུན་དང་གྲངས་འབུམ་ཕྲག་ཡན་ཆད་གང་ལྕོགས་བྱ། རྟགས་ནི་གཞུང་ལས། ཆུ་བོ་བརྒལ་བ། གྱེན་ལ་འགྲོ་བ། ལུས་གོས་གྱོན་པ། ཉི་ཟླ་ཤར་བ། འབྲས་བུ་ལ་ལོངས་སྤྱོད་པ། ལྕགས་ཀྱི་རྡོ་རྗེ་མཐོང་བ་ལ་སོགས་པ་བྱུང་ན་འགྲུབ་པའི་རྟགས་ཡིན་པས་དངོས་གྲུབ་བླང་བར་བྱ་ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ནི། ཏིང་ངེ་འཛིན་བརྟན་པའི་རྣལ་འབྱོར་པས་ནི་གཞུང་ལས། དེ་ལྟར་བདག་མདུན་བུམ་པ་གཏོར་མ་དང༔ ཚེ་རིལ་ཚེ་ཆང་ཉི་ཟླ་གཟའ་སྐར་དང༔ རྡོ་རྗེའི་བྲག་གམ་རི་བོ་ལྷུན་ཆགས་དང༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང༔ དེ་སོགས་གང་ལ་བརྟེན་ནས་བསྒྲུབ་ཀྱང་རུང༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཞེས་གསུངས་པ་ལྟར་ཉི་ཟླ་བྲག་རི་སོགས་ལ་མདུན་བསྐྱེད་ཀྱི་རྟེན་བྱས་ནས་སྤྲོ་བསྡུ་བཟླས་པས་བདག་ཉིད་ཀྱིས་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་མཐར་རང་ལ་བསྟིམས་པ་ནི་བྱིན་རླབས་ནུས་མཐུ་ལྷག་པར་ཆེའོ། །འོན་ཀྱང་ད་ལྟ་ལས་དང་པོ་པ་རྟོགས་པ་དང་ཤེས་རབ་ཀྱི་ཁེབ་ཆུང་བ་རྣམས་དང་བསྟུན་ནས་ཡོངས་གྲགས་ཕྱག་ལེན་ལྟར། སྟེགས་ལ་ཚོམ་བུ་བཀོད་པའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པ། མདུན་དུ་ཕྱེ་གཙང་དཀར་མངར་གྱིས་སྦྲུས་པའི་ཚེའི་འབྲང་རྒྱས་བུམ་གཟུགས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། ཀུན་ལ་གོང་མས་བསྒྲུབས་པའི་ཚེ་རིལ་སོགས་དམ་རྫས་ཀྱི་ཕབ་རྒྱུན་བཏབ་པ། རྒྱབ་ཏུ་ཚེ་མདའ་ཚད་ལྡན་དུ་བཅས་པ། ཐམས་ཅད་ཀྱང་གས་ཆག་སོགས་སྐྱོན་མེད་པ། མདུན་དུ་བླ་གཏོར་གྱི་གཡས་གཡོན་སྨན་རཀ །ཉེར་སྤྱོད་བསྐོར་བཤམ་དང་ཁ་གསོ་རྒྱུ་བྲེང་ཚར་བཅས་འཛོམ་ན་ཆ་གཉིས་བཤམ། མཆོད་གཏོར་སོགས་ཀྱང་འདུ་བྱའོ། །ཆོ་གའི་འདོན་འགྲིགས་སྔ་མ་ལྟར་ལ་ཚར་གཅིག་གིས་བདག་དང་མདུན་བསྐྱེད་བུམ་ཆུའི་སྟེང་དང་གཏོར་མ་བཅས་སོ་སོར་གསལ་བའམ། ཡང་ན་རྙིང་མ་སྤྱིའི་བཀའ་སྲོལ་ལྟར་ཆོ་གའི་སྐབས་སུ་བདག་མདུན་དབྱེར་མེད་དུ་བསྒྲུབས་ནས་བཟླས་པ་ལ་འཇུག་པའི་ཚེ་འཛབ་ཁང་དབྱེ་བར་བྱའོ། །བཟླས་པའི་འཕྲོ་འདུ་ནི་གོང་དུ་བསྟན་པ་ཉིད་བདག་མདུན་གཉིས་ཀ་ལ་སྦྱར། ཁྱད་པར་མདུན་བསྐྱེད་ཕྱག་གཡོན་ཐོད་པའི་ཚེ་བུམ་ནང་དུ་བདུད་རྩིའི་དབུས་ནྲྀ་ཡིག་འོད་འབར་བ་བསྒོམ། བཟླས་དམིགས་དངོས་གཞི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་སོགས་ཚེ་འགུགས་པའི་དམིགས་པ་དེ་གཙོ་བོར་བྱ་ཞིང་། ཚེ་བཅུད་ཐམས་ཅད་བདག་མདུན་གཏོར་མ་ཚེ་ཆང་ཚེ་རིལ་ཚེ་མདའ་ནྲྀ་ཡིག་རྣམས་ལ་ཐིམ། ཚེ་རྫས་རྣམས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་མཐོང་ཚོར་མྱོང་རེག་ཙམ་གྱིས་ཚེའི་དངོས་གྲུབ་སྟེར་ནུས་པའི་བཅུད་ལེན་དུ་གྱུར་པར་མོས། དུས་བཞི་ཀར་མདའ་དར་གཡབ་ཅིང་ཚེ་འགུགས་དབྱངས་དང་བཅས་པ་བྱ། ཐུན་མཚམས་སུ་ནྲྀ་ཡིག་རང་གི་ཐུགས་སྲོག་ས་བོན་ལ་བསྟིམ། དུས་གྲངས་རྟགས་སོགས་གོང་མཚུངས་ཇི་ཙམ་ནུས་པར་བྱས་པས་ཕན་ཡོན་ཚད་མེད་དེ། གཞུང་ལས། དེ་ལྟར་བསྒྲུབས་པའི་ཡོན་ཏན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང༔ ལས་འཕྲོ་ཅན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་སོ། །སྒྲུབ་པ་ཟིན་ནས་སྦྱིན་སྲེག་འགྲུབ་ན་ལེགས་པས་དཱུརྦའི་རྫས་གཙོ་བོར་གྱུར་པའི་སྲེག་བླུགས་བཟླས་པའི་བཅུ་ཆའམ་གྲངས་མང་དུ་འབུལ་ལོ། རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི། ཚེ་སྒྲུབ་སྦྲེལ་མིན་གང་ལྟར་ཡང་སྦྱིན་སྲེག་འགྲུབ་པའི་རྗེས་དེ་ཉིད་དུ་དངོས་གྲུབ་ལེན་ཆོག་བྱ་བ་ཡིན་ཏེ། ཚོགས་ལ་སྐོང་བཤགས་རྒྱས་པར་བྱ། རྩ་གསུམ་བསྙེན་སྒྲུབ་རིང་སྦྲེལ་སྐབས། འདིར་གུ་རུ་ཞི་བའི་བདག་འཇུག་དང་སྦྲེལ་ནས་ཚེ་སྒྲུབ་དབང་ལེན་བྱ། དེ་ལྟ་ན་ཞི་དྲག་སེང་གསུམ་མཆོད་གཞི་སྔར་བཤམ་སྟེང་དུ་བདག་འཇུག་གི་དབང་རྫས་གསར་དུ་བཤམས་ནས་ལས་བྱང་བཏང་། ལས་བུམ་བསྒྲུབ་པ་སོགས་ཟིན་ནས་གཟོད་བདག་ཉིད་འཇུག །གལ་ཏེ་ཚེ་སྒྲུབ་ཁོལ་འདོན་ཡིན་ན་སྦྱིན་སྲེག་གྲུབ་རྗེས་ལས་བྱང་ཚོགས་སྐོང་བཅས་བཏང་ནས་ཚེའི་དབང་ལེན་བྱ། སླར་ཡང་ཚེ་འཛབ་བཟླས་ལ་མཆོད་བསྟོད་དང་བུམ་གཏོར་ལྷ་འོད་བཞུ་བྱས་ནས་བུམ་ཆུ་སོགས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། ནོངས་བཤགས་དང་། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་ཅིང་། སྲུང་འཁོར་དང་བཅས་པའི་ལྷ་སྐུ་བསྡུ་ལྡང་། དགའ་སྟོན་གནས་སྲུང་ཐོ་འགྲོལ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་ཐེམས་པའི་ལྷ་དེའི་སྒོམ་བཟླས་དེ་ནས་བཟུང་སྟེ་ཇི་སྲིད་བར་གཅོག་ཏུ་མི་རུང་བས་འདིར་ཡང་གཏེར་གཞུང་ཁ་རྐྱང་གི་ཞི་དྲག་སེང་གསུམ་ཙམ་ཆགས་མེད་གྲུབ་ན་ལེགས། མི་འགྲུབ་ན་གཞུང་འདི་ཉིད་ལས་བསྐྱེད་རིམ་གྱི་རྗེས་འབྲེལ་དུ་གསུངས་པའི་ཨ་ནུ་དང་ཨ་ཏིའི་ཉམས་ལེན་ཙམ་འདོར་དུ་མི་རུང་བས། འདི་ལྟར་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་། སྣང་ཚད་ཀུན་གུ་རུ་པདྨའི་སྐུ་སྒྱུ་མ་ལྟ་བུའི་རང་བཞིན། གྲགས་པ་ཐམས་ཅད་བཛྲ་གུ་རུའི་གདངས་གཞོམ་དུ་མེད་པའི་རང་སྒྲ །རྟོག་ཚོགས་ཐམས་ཅད་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རང་མདངས་སུ་མོས་པ་ལམ་བྱེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལས་མི་འདའ་བ་ཁྱེར་སོ་གསུམ་གྱིས་ལམ་དུ་ཁྱེར་བ་དང་། རང་ཉིད་པདྨ་འོད་འབར་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་འཇའ་ཚོན་ལྟ་བུས་སྐུའི་ནང་དང་ཞིང་ཁམས་ཐམས་ཅད་ལ་ཁྱབ་པས་འོད་དང་ཞིང་ཁམས་དབྱེར་མི་ཕྱེད་པ། ཞིང་གི་བཀོད་པ་རབ་འབྱམས་རྒྱ་མཚོ་མཐའ་དག་རང་ལུས་འོད་གསལ་རྡོ་རྗེའི་སྐུ་དང་དབྱེར་མེད་གདོད་ནས་ཟུང་འཇུག །སྐུའི་རྣམ་འགྱུར་ཆེ་ཆུང་མ་ངེས་པ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་མཉམ་པར་བཞག་ལ་རླུང་འབྱིན་འཇུག་གནས་གསུམ་དང་སྦྱར་བའི་རྩ་བསྙེན་ནམ་འབྲུ་གསུམ་ལ་རྡོར་བཟླས་བྱ་བའམ། བར་རླུང་བཟུང་བའི་ཡིད་བཟླས་དང་། རླུང་རང་བབ་ཏུ་བཞག་ནས་སེམས་མ་ཡེངས་པར་རང་བྱུང་རྡོ་རྗེའི་སྒྲ་སྔགས་རྩོལ་བྲལ་ལྷུན་གྲུབ་ཏུ་བཟླ་སྟེ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ། མཐར་ཞིང་ཁམས་འོད་སྣང་དང་བཅས་པ་ལྷ་སྐུ་ལ་བསྡུ། དེ་འབྲུ་གསུམ། དེའང་ཨོཾ་ཨཱཿལ། དེ་ཧཱུྃ་ལ། ཧཱུྃ་ནཱ་ད། ནཱ་ད་སྟོང་ཉིད་དུ་ཡལ་བ་ལ་ཅི་ནུས་སུ་བཞག །སྟོང་པའི་ངང་ལས་ལྷར་ཝལ་གྱིས་ལྡངས་ཏེ་སྐུ་དང་ཞིང་ཁམས་རོ་མཉམ་ལ་བློ་བཞག་ནས་ཟུང་འཇུག་ལམ་དུ་བྱེད་པ་རྣམས་ནི་ཨ་ནུའི་དགོངས་པ་དང་། སེམས་ཉིད་སྟོང་པ་ཉིད་ཀྱི་རང་མདངས་གུ་རུ་པདྨའི་སྐུར་ཝལ་གྱིས་ཤར། ཤར་བ་དེའང་སེམས་ལས་གཞན་དུ་མ་གྲུབ། སེམས་ཉིད་ངོ་བོ་སྟོང་པ་དང་། སྣང་བའི་རང་མདངས་གུ་རུའི་སྐུ་གཉིས་གདོད་ནས་དབྱེར་མེད་སྐུ་གསུམ་ལྷུན་གྲུབ་ཀྱི་གནས་ལུགས་རྟོགས་པས་རིག་སྟོང་ལྷུན་གྲུབ་ཟང་ཐལ་ཨ་ཏི་ཁྱབ་བརྡལ་ཆེན་པོའི་དགོངས་ཉམས་སྐྱོང་བ་སྟེ། དེ་དག་ནི་བསྙེན་སྒྲུབ་དངོས་གཞིའི་སྐབས་སུའང་བསྐྱེད་རིམ་སྤྱིའི་རྒྱས་འདེབས་ཀྱི་ཚུལ་དུ་བསྒོམ་པ་གལ་ཆེ་ཞིང་གྲངས་བསྙེན་སོགས་ཐེམས་ནས་རྒྱུན་དུ་ཉམས་སུ་ལེན་བྱའི་སྙིང་པོ་ནི་འདི་ཉིད་དོ། །ལས་དང་པོ་པ་གཉིས་འཛིན་ལ་ཨ་འཐས་པ་རྣམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་ཀྱི་འཁོར་ལོ་གོ་བ་ཙམ་ཡང་གནད་དུ་མི་འབྱོར་བས་ཚོགས་མཆོད་སོགས་ཀྱི་སྐབས། མདུན་བསྐྱེད་གཙོ་བོ་པདྨ་འོད་འབར་ལ་རྩ་བརྒྱུད་བླ་མ། གཡས་སུ་གུ་རུ་དྲག་པོ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག །གཡོན་དུ་སེང་གེའི་གདོང་ཅན་ལ་དཔའ་བོ་མཁའ་འགྲོ །མཐའ་སྐོར་དུ་འདོད་ལྷ་སྐབས་སྦྱར་དང་དམ་ཅན་ཆོས་སྐྱོང་གསལ་གདབ་པའང་རིག་འཛིན་ཆེན་པོ་ཉིད་ཀྱི་གསུང་ལས་འབྱུང་ངོ་། །སྔགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་ཐེག་པའི་དམ་ཚིག་ཕྲ་རགས་རྣམས་དུས་རྟག་ཏུ་སྲོག་བཞིན་བཙའ་བ་ཁོ་ན་གལ་ཆེ་བ་གཞིར་བཞག །ཁྱད་པར་འདི་ཉིད་ཀྱི་དམ་ཚིག་ཟབ་གནད་ཡོ་ག་གསུམ་གྱི་སྒྲུབ་ཐབས་ལས། སྐུའི་དམ་ཚིག་ཏུ་གུ་རུ་པདྨའི་སྐུ་ཆེ་ཆུང་གང་ཡིན་གཅིག་དང་མི་འབྲལ༔ གསུང་གི་དམ་ཚིག་ཏུ་དཀོན་མཆོག་སྤྱི་འདུས་ཀྱི་ཡི་གེ་དང་མི་འབྲལ༔ ཐུགས་ཀྱི་དམ་ཚིག་ཏུ་ཐུན་དྲུག་གམ་གསུམ་མམ་ཐ་ནའང་ཉི་ཤར་གྱི་དུས་སུ་སྤྱན་འདྲེན་བཟླས་པ་དང་མི་འབྲལ་བར་བྱའོ༔ ཞེས་གསུངས་པའང་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་ལག་ལེན་དུ་གདབ་པ་གལ་གནད་ཆེ། མཚམས་ཀྱི་སྤང་བླང་སོགས་བསྙེན་སྒྲུབ་སྤྱིའི་གནད་རྣམས་ནི་འབྲིར་མ་ལངས་པས་འདི་ཉིད་ཀྱི་བསྙེན་ཡིག་རྒྱས་པ་སོགས་ལས་རྟོགས་པར་བྱ་དགོས་སོ། །ཚེ་གཅིག་སྤྱི་འདུས་ཀློག་ལ་བརྩོན་རྣམས་ཀྱང་། །ལྟ་དགོངས་གནད་ཀྱི་གཟེར་བུ་ལྟ་ཅི་ཞིག །སྤྲོ་བསྡུའི་ཏིང་འཛིན་ཇི་བཞིན་མི་གསལ་བ། །འདབ་ཆགས་ནེ་ཙོའི་བཟླས་པའི་རྗེས་འགྲོར་མཐོང་། །དེས་ན་མཁས་པའི་སྤྱན་སྔར་མི་བྲིམས་ཀྱང་། །བློ་དམན་ཉམ་ཆུང་རང་འདྲའི་གསལ་འདེབས་བཀོད། །འདི་ལྟར་ཚུལ་བཞིན་སྒྲུབ་རྣམས་ཚེ་གཅིག་ཏུ། །པདྨའི་གསང་གསུམ་ཕྲིན་ལས་ཀུན་འགྲུབ་ཤོག །ཅེས་བློ་དམན་ཉམས་ལེན་འདོད་པ་ལ་ཕན་པའི་སེམས་ཀྱིས་རང་ཉིད་ཀྱིས་སྔར་བཀོད་པའི་བསྙེན་ཡིག་རྒྱས་པ་ལས་ཉེར་མཁོའི་ལག་ལེན་དང་དམིགས་རིམ་རྣམས་ཁོལ་དུ་ཕྱུངས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་རིག་པ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

རེ་མནྟའི་གཏོར་འབུལ་ (Volume 51, Text 20)

རེ་མནྟའི་གཏོར་འབུལ་ནི། དཀར་གཏོར་གཙང་མ་བྲན་ལ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཧཱུྃ། རྡོ་རྗེ་ཁྲོ་བོ་རེ་མནྟ། །གུར་གུམ་གཞོན་ནུའི་མདོག་འདྲ་ཞིང་། ཁྲོ་འཛུམ་བཞད་ཅིང་སྒེག་པའི་གཟུགས། །དབུ་ལ་དངུལ་གྱི་རྨོག་ཞུ་ལ། །བྱ་ཕོད་དཀར་པོས་བརྒྱན་པ་གསོལ། །དམར་ལྗང་དར་བེར་འབར་བའི་སྟེང་། །བསེ་ཁྲབ་མི་ཞུབ་རྟ་ཞུབ་མནབས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཕྱར། །གཡོན་པས་གཏེར་གྱི་ནེའུ་ལེ་འཛིན། །མདུང་དར་དམར་པོ་གྲུ་ན་བཅུག །ཆིབས་སུ་སྔོན་པོ་ཆུ་རིས་འཆིབ། །སྔོན་པོ་སྒབ་སེར་རོལ་དུ་ཁྲིད། །སྤྱི་བོའི་གཙུག་ན་བྱ་ཁྱུང་ལྡིང་། །ཕྲག་གོང་ལྕགས་ཀྱི་བྱ་ཁྲ་འཇུམ། །སེང་ཆེན་གཉིས་ནི་ཕྱི་ན་འགྱིང་། །རྒྱ་སྟག་གཉིས་ནི་མདུན་ནས་འགྲོ། །རང་འདྲ་ལྔ་བརྒྱའི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་འཕེལ་ཞིང་རྒྱས་པ་དང་། །ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད། །ཧཱུྃ། འཇིག་རྟེན་ཚངས་པའི་མགོན་པོ་ནི། །ཀུན་དའི་མདོག་ཅན་ཁྲོ་ཞིང་བཞད། །དར་ནག་བེར་གསོལ་གཡུ་འབྲུག་འཆིབ། །ཕྱག་ན་འཁོར་ལོ་ཞགས་པ་བསྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་ནད་ཞི་བའི་ཕྲིན་ལས་མཛོད། །ཧཱུྃ། དཔལ་ལྡན་ཨཱརྱ་རེ་མནྟ། །བཙོ་མ་གསེར་གྱི་ཁ་དོག་ཅན། །གཞོན་ནུ་ཉི་མའི་སྲས་པོ་ནི། །པདྨ་རཱ་གའི་ཁ་དོག་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། མ་ཧཱ་ཀཱ་ལ་རེ་མནྟ། །སྤྲུལ་པ་ཁྱུང་གིས་ནམ་མཁའ་གང་། །ལྕགས་ཀྱི་བྱ་ཁྲས་བར་སྣང་གང་། །སྟག་དང་སེང་གེས་ས་གཞི་གང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་ལ་གནོད་བྱེད་རྡུལ་དུ་རློགས། །ཧཱུྃ། སྲིད་གསུམ་དབང་སྒྱུར་གང་བ་བཟང་། །སེམས་དཔའ་རྡོ་རྗེ་རྣམ་ཐོས་སྲས། །ནོར་ལྷ་བྱེ་བ་འབུམ་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་སྲུང་ཞིང་སྐྱོབ་པ་དང་། །འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་ནི། །རྟ་ནག་རྟིང་དཀར་ཆིབས་སུ་འཆིབ། །ཉི་ཟླ་སྐར་ཆེན་འོད་ཟེར་འཕྲོ། །སྟོང་གསུམ་གླིང་བཞི་ཡུད་ཀྱིས་ཉུལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་འདྲེ་རྟིལ་སྲི་ཚར་གཅོད་ཅིག །ཧཱུྃ། །གནོད་སྦྱིན་རྟ་བདག་ཀུ་བེ་ར། །རང་འདྲ་སྤྲུལ་པ་འབུམ་དང་བཅས། །རལ་གྲི་ཕྱར་ཞིང་གནོད་བྱེད་འདུལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །རྟ་ཡི་རྫི་བོ་མ་གཡེལ་ཅིག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་ཕུལ། །ཆོ་ག་རྒྱས་པ་མ་ལྕོགས་ན་གཏོར་འབུལ་ཁོ་ནས་ཆོག །ཅེས་པ་རྟ་གཟུངས་ཆོ་གའི་ཁ་སྐོང་དུ་རིག་སྔགས་འཛིན་པ་རཱ་ག་ཨ་སྱས་བྲིས་པའོ། །འདི་བྲིས་ཉེས་པ་རྟ་ལྷའི་ཚོགས་ལ་བཤགས་ཤིང་དགེ་བས་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་རྗེས་གནང་དང་བཅས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ (Volume 21, Text 20)

༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་རྗེས་གནང་དང་བཅས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ༔ ྈྈྈྈ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ སངས་རྒྱས་འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་ནི༔ རྒྱུད་ལས༔ མཎྜལ་མདའ་གང་གྲུ་བཞི་པ༔ དེ་སྟེང་ཁྲུ་གང་ཀུན་ཏུ་ཟླུམ༔ རྒྱ་མཚལ་གླ་རྩི་ཙན་དན་དམར༔ དྲི་ཞིམ་གཅལ་བཏབ་ཐིག་ལེ་བྱས༔ མེ་ཏོག་དམར་པོའི་ཚོམ་བུ་བཀོད༔ བུམ་པ་ཟངས་སམ་ཁམ་ས་ཡི༔ མདོག་ནི་དམར་པོར་བསྒྱུར་བ་ལ༔ མེ་ཏོག་དམར་པོས་མགུལ་ཆིངས་བྱ༔ ཁ་རྒྱན་དྲི་བཟང་ཤིང་ལོ་འོ༔ བྱེ་རུ་འམ་ནི་རཱ་ག་དམར༔ སྙིང་པོ་མཆོག་སྟེ་ཅི་རིགས་པ༔ དྲི་བཟང་འབྲུ་དང་ཤིང་ཐོག་དང༔ རིག་པས་གངས་ཆུ་དེར་བཙལ་ལ༔ ལེ་བརྒན་དམར་པོའི་དར་གྱིས་བཀབ༔ གཟུངས་ཐག་དམར་པོ་གདགས་པར་བྱ༔ སྤོས་དང་སྒྲོན་མེ་ལ་སོགས་པ༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ ཅེས་གསུངས་པས་གསལ་ལོ༔ གཉིས་པ་དངོས་གཞི་བུམ་བསྐྱེད་ནི༔ རྒྱུད་ལས༔ བདག་ཉིད་རྩ་བའི་དཀྱིལ་འཁོར་བསྒོམ༔ བུམ་པ་བྷྲཱུྃ་ལས་བསྐྱེད་པར་བྱ༔ ཞེས་གསུངས་པས། བུམ་པ་མི་དམིགས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་བུམ་པ་བྷྲཱུྃ་སེར་པོ་ལས༔ ཕྱི་བུམ་པའི་རྣམ་པ་མཚན་ཉིད་དང་ལྡན་པ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ སྐེ་ཕྲ་བ༔ ཁ་གཡེལ་བ༔ མཆུ་འཕྱང་བ༔ རིན་པོ་ཆེ་སྣ་བདུན་ལས་གྲུབ་པ༔ ལྷ་རྫས་གོས་ཀྱི་མགུལ་ཆིངས་དང་དར་དཔྱང༔ དཔག་བསམ་ཤིང་གིས་ཁ་བརྒྱན་པ་ལ༔ རིག་པ་ཡེ་ཤེས་ཀྱི་རྗེས་ལས་ཐུགས་རྗེ་ཡེ་ཤེས་ལྔའི་གཟུངས་ཐག་དང་ལྡན་པ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབ་བཞི་གསུམ་བཅུ་གཉིས་དང་ལྡན་པ༔ དབུས་ཕྱུར་བུ་ལ་ཉི་ཟླའི་གསལ་ཁུང༔ བདེ་བ་ཆེན་པོའི་ཕོ་བྲང་དུ་གསལ་བའི་དབུས་སུ༔ པཾ་ལས་པདྨའི་སྡོང་པོ་གེ་སར་གསུམ་དང་ལྡན་པ༔ འདབ་མ་འབུམ་ལྡན་གྱི་དབུས༔ ཟླ་བའི་གདན་ལ༔ ཧྲཱིཿལས་ཨ་མི་དྷེ་ཝ་སྐུ་མདོག་དམར་པོ༔ པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འཆར་བའི་གཟི་བརྗིད་ལས་ཀྱང་འོད་ཟེར་གྱི་ཟིལ་དང་ལྡན་པ༔ རྒྱན་དང་ཆ་ལུགས་སྤྲུལ་སྐུའི་ཚུལ༔ མཉམ་གཞག་ལྷུང་བཟེད་བསྣམས་པ་ལ༔ ཆོས་གོས་གསུམ་ལྡན་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཨ་ལས་ཟླ་བ་དང༔ པདྨའི་གདན་ལ་སྣང་མཐའ་དམར༔ ཚོན་གང་མཉམ་གཞག་ལོངས་སྐུའི་ཆས༔ བདེ་བ་ཆེན་པོར་བཞུགས་པ་ཡི༔ ཐུགས་སྲོག་ཧྲཱིཿམཐར་སྔགས་འཁོར་བསམ༔ ཨོཾ་པདྨ་དྷཱ་ར་ནི་ཧྲཱི༔ ཨ་མི་དྷེ་ཝ་ཧྲཱི༔ པདྨ་དྷཱ་རི་ཧཱུྃ༔ དྷ་ར་དྷ་ར༔ ས་ར་ས་ར༔ ཤུདྡྷེ་བི་ཤུདྡྷེ༔ སརྦ་པཱ་པཾ་བི་ཤུདྡྷོ྅་ཧཾ་སྭཱ་ཧཱ༔ ཞེས་བཟླས་དེ་ཡང་རྒྱུད་ལས༔ གང་ཞིག་ཀླུ་ཡི་དུག་ལྔ་ཡིས༔ འགྲོ་བ་དེ་ལ་འཚེ་བྱེད་པ༔ དེ་ལས་ཐར་བར་འདོད་པ་དེས༔ ཁྲུས་ཀྱི་ཡོན་ཏན་བསམ་མཐའ་ཡས༔ ཞེས་གསུངས༔ ནད་གདོན་སྡིག་སྒྲིབ་དག་པར་འདོད་པ་དེས་བུམ་ཆུས་ཁྲུས་བྱ་བ་དང༔ ཀླུ་ཡི་གདོན་ཁྲོལ༔ བྱབ་ཆོག་དང༔ ཁྲུས་བྱ་བའི་རིམ་པ་སོགས་ལས་སྦྱོར་གཞན་དུ་ཤེས༔ དེ་ཡང་དམིགས་བསྒོམ་ནི༔ རྒྱུད་ལས༔ ཡེ་ཤེས་བདུད་རྩི་རང་བླུག་གིས༔ ཕྱི་ནང་ལས་ཀྱི་དྲི་མ་དང༔ གདུག་པ་ཀླུ་ཡི་དུག་རྣམས་ནི༔ དག་ཅིང་དྲི་མེད་ཡེ་ཤེས་ཆེ༔ ཞེས་གསུངས་པས། དེ་ལྟར་བཟླས་པས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་སྔགས་ལས་བདུད་རྩི་དངུལ་ཆུ་ལྟ་བུ་ན་ར་ར་བབས་པས་སྐུ་གང༔ གདན་ཟླ་བ་ལས་བབ༔ བདུད་རྩི་དཀར་པོར་གྱུར༔ པདྨ་ལས་བབ༔ དམར་པོར་གྱུར་ཏེ༔ དེ་གཉིས་མ་འདྲེས་མུ་ཏིག་དཀར་དམར་ཕྲེང་བ་ལྟར༔ ཨཱ་ལི་ཀཱ་ལིའི་རྣམ་པ་བྱུང་ནས་འོད་དཔག་མེད་ཀྱི་སྐུ་གང༔ འོད་དཔག་མེད་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ཐིམ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག༔ ཐམས་ཅད་འོད་དཔག་མེད་པར་འདུས་པས་འོད་དཔག་མེད་ཀྱི་སྐུ་ལས་བདུད་རྩི་ལུད་ནས་བུམ་པ་གང༔ བུམ་ཅོལ་གྱི་ཁ་ནས་གཟུངས་ཐག་བརྒྱུད་དེ་བདག་གི་ལུས་ངག་ཡིད་གསུམ་ལ་བར་མ་ཆད་པར་བབས་པས༔ སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཉོན་མོངས་པ་བག་ཆགས་ཐམས་ཅད་འཇའ་ཚོན་སྔོན་དམར་དང༔ དུད་ཁུ༔ སོལ་ཁུ༔ དྲི་ཁུ་རྣག་ཁྲག་གི་རྣམ་པར་ཕྱིར་ལུད༔ གདོན་ཐམས་ཅད་སྡིག་པ་སོགས་སྲོག་ཆགས་ཀྱི་རྣམ་པར་ཕྱིར་བུད་དེ་ས་འོག་ཏུ་སོང་ནས༔ བདག་ཤེལ་སྒོང་དྲི་མ་ཕྱིས་པ་ལྟར་གྱུར་པར་བསམ་ལ༔ བཟླས་པ་བྱ༔ ཉམས་ལེན་ནི༔ འོད་དཔག་མེད་སྤྱི་བོར་བསྒོམས་ལ༔ ཨ་ཝ་དྷཱུ་ཏི་ནས་བདུད་རྩི་དྲངས༔ རྩ་གསུམ་འཁོར་ལོ་ལྔ་གང༔ སླར་དཔྲལ་བར་བསྒོམ༔ གཉིས་པ་མགྲིན་པར་བསྒོམ༔ གསུམ་པ་སྙིང་གར་བསྒོམས་ལ་བཟླས་པ་ལ་བརྩོན༔ མཐར་རང་དང་གཉིས་མེད་དུ་བསྲེས་ལ་ལམ་ཁྱེར་རམ་སྟོང་ཉིད་དུ་བཞག་གོ༔ མཆོད་བསྟོད་འདོད་ན༔ དང་པོ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ༔ གཟུགས་སྐུ་མཛེས་ཚུལ་འཇའ་ཚོན་ལྟ་བུའི་སྐུ༔ འོད་དཔག་མེད་དང་སེམས་དཔའ་དབྱིངས་ནས་བཞེངས༔ ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ་ས་མ་ཡ་ཧོ༔ ཕྱག་འཚལ་བ་ནི༔ ཧྲཱི༔ སངས་རྒྱས་བྱེ་བ་དུ་མ་ཡི༔ གསུང་མཐུན་སྙིང་པོའི་ལྷར་གྱུར་ཏེ༔ ཐུགས་རྗེ་ཆེན་པོ་དང་ལྡན་པའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ༔ པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ གཙང་མའི་ཞབས་བསིལ་འདི་འབུལ་ལོ༔ མཛེས་པའི་མེ་ཏོག་འདི་འབུལ་ལོ༔ བདུག་སྤོས་དྲི་མཆོག་འདི་འབུལ་ལོ༔ གསལ་བའི་མར་མེ་འདི་འབུལ་ལོ༔ བཅུད་ལྡན་ཞལ་ཟས་འདི་འབུལ་ལོ༔ རྩི་མཆོག་བྱུག་པ་འདི་འབུལ་ལོ༔ སྙན་པའི་རོལ་མོ་འདི་འབུལ་ལོ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨརྒྷཾ་སོགས། ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ལྷ་མོ་ནམ་མཁའི་མཐའ་ཀླས་པས༔ མཆོད་སྤྲིན་ཀུན་བཟང་མི་ཟད་འབུལ༔ རིག་མ་དཀར་སེར་དམར་ལྗང་མཐིང༔ བདེ་བ་ཆེན་པོ་མཆོག་སྦྱོར་ཅིང༔ ཕྱག་རྒྱ་གར་དང་བདེ་སྟོང་གླུ༔ བདུད་རྩི་སྨན་དང་བ་ལིཾ་ཚོགས༔ རཀྟ་བདེ་ཆེན་བྱང་ཆུབ་སེམས༔ ཏིང་འཛིན་ལྟ་སྒོམ་སྤྱོད་པའི་ཉམས༔ མཉམ་ཉིད་ཆེན་པོར་མཆོད་པ་འབུལ༔ འགྲོ་བའི་དོན་ཏུ་བཞེས་སུ་གསོལ༔ རཱུ་པ་ཤབྡ་གནྡྷ་ར་ས་དྷརྨ་སྤརྴེ་པཱུ་ཛ་པཉྩ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ པདྨའི་མགོན་པོ་འོད་དཔག་མེད༔ སྐུ་མཆོག་དྲི་མ་མེད་པ་ཡི༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་རྡོ་རྗེའི་སྐུ་ལ་བསྟོད༔ ཧྲཱི༔ པདྨའི་མགོན་པོ་འོད་དཔག་མེད༔ གསུང་མཆོག་དྲི་མ་མེད་པའི་གསུང༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་རྡོ་རྗེའི་གསུང་ལ་བསྟོད༔ ཧྲཱི༔ པདྨའི་མགོན་པོ་འོད་དཔག་མེད༔ ཐུགས་མཆོག་དྲི་མ་མེད་པའི་ཐུགས༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་རྡོ་རྗེའི་ཐུགས་ལ་བསྟོད༔ ཧྲཱི༔ པདྨའི་མགོན་པོ་འོད་དཔག་མེད༔ ཡོན་ཏན་དྲི་མ་མེད་པ་ཡིས༔ ནམ་མཁའ་ལྟ་བུར་ཀུན་ཏུ་མཁྱེན༔ ཕྲིན་ལས་འདོད་དགུ་ཆར་འབེབ་པས༔ འདོད་པའི་རེ་བ་སྐོང་མཛད་པ༔ དཔག་བསམ་ཡིད་བཞིན་ནོར་བུ་ལྟར༔ དཔག་མེད་བསམ་ཡས་ཁྱོད་ལ་བསྟོད༔ བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་བསྟོད་གསོལ་བ་གང་འདོད་བཏབ༔ ལས་སྦྱོར་ཆར་འབོད་ཀླུ་མཆོད་དང༔ ཀླུ་གཏོར་བྱད་ཁྲོལ་བྱབ་ཆོག་དང༔ རང་དོན་གཞན་དོན་གང་འདོད་བྱ༔ མི་འགྲུབ་མེད་པས་བདེ་འདོད་སྤྱོད༔ ྀཨཚ གུ་ཧྱ༔ ྈ ྈྈྈ བླ་མ་མཆོག་ལ་གུས་པས་བདུད༔ གཞན་དང་བདག་གཉིས་ལ་དབང་ཆེན་ཞི་དྲག་གི་འཕོ་བ་བྱིན་རླབས་རྗེས་སུ་གནང་བའི་རིམ་པ་ནི༔ རྒྱུད་ནག་པོ་ཀླུ་འདུལ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ རྡོ་རྗེ་འཆང་ཆེན་དེ་ནི་འདི་ལྟ་སྟེ༔ མཚོ་གླིང་དག་གམ་དུར་ཁྲོད་དུ༔ གང་ཞིག་དང་བས་བརླན་པར་གནས༔ ཅེས་གསུངས་པས༔ གནས་དང་གང་ཟག་དད་ལྡན་གྱི་སློབ་བུ་དེས༔ གཞི་བདག་ལ་གཏོར་མ་བཏང༔ ཞི་དྲག་གང་འདོད་པའི་དཀྱིལ་འཁོར་བཞེངས༔ ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་དང་ཚོགས་ཀྱི་མཆོད་པས་དགྱེས་པར་བྱ་དགོས་ཏེ༔ རྒྱུད་ལས༔ ཕྱི་གཤེགས་ལ་སོགས་པ་ཅི་བཞིན་པའོ༔ ནང་དུ་ཚོགས་ཀྱི་མཆོད་པ་བྱ༔ སྦྱིན་སྲེག་དག་གིས་ཚིམ་པར་ཤིས༔ བཟའ་དང་བཏུང་བའི་མཆོག་རྣམས་ལ༔ གཏོར་མ་ནང་དང་གསང་བ་ལྡན༔ རྡུལ་ཚོན་དཀྱིལ་འཁོར་བཞེངས་སུ་གསོལ༔ ཅེས་གསུངས་པས་གསལ་ལོ༔ དེ་ནས་ཆས་སུ༔ སྐུ་བུམ་པ༔ གསུང་སྔགས་ཕྲེང༔ ཐུགས་དབང་གཏོར་མ་སྟེ༔ དེ་རྣམས་ཞི་དྲག་སྐབས་དང་སྦྱར༔ ལྷ་ནི་དབང་ཆེན་ཕྱི་ནང་གསང་བ་ཇི་སྙེད༔ སྣང་མཐའ༔ འོད་དཔག༔ ཚེ་དཔག༔ སྤྱན་གཟིགས༔ ཁྱུང༔ ཆོས་སྐྱོང༔ མཁའ་འགྲོའི་སྐོར་གང་འདོད་མངོན་རྟོགས་དང་སྔགས་བསྒྱུར་ནས་བསྐུར་བའོ༔ གཉིས་པ་དབང་དངོས་ནི༔ རྒྱུད་ལས༔ བླ་མ་ཡོན་ཏན་གྱིས་བརྒྱན་པ་ལ༔ ལུས་དང་ངག་དང་ཡིད་ཀྱིས་ཀྱང༔ དེ་དག་མཉེས་པར་བྱས་ནས་སུ༔ དེ་ལ་ཞུ་བ་འབུལ་བ་ནི༔ ཞེས་གསུངས༔ བླ་མས་ལྷ་གང་བྱེད་ཀྱི་བསྙེན་པ་ཁ་གསོ༔ ཏིང་ངེ་འཛིན་གསལ༔ སློབ་མས་ཕྱག་འཚལ༔ མཎྜལ་འབུལ་ལ་དད་པས་གསོལ་བ་གདབ་པ་ནི༔ ཀྱེ༔ དབང་གི་དཀྱིལ་འཁོར་མཐོང་བ་དང༔ བདག་ཉིད་ཆེན་པོ་རང་འགྲུབ་ཕྱིར༔ བྱིན་རླབས་ཐུགས་རྗེས་བདག་དགོངས་ལ༔ སྐུ་གསུམ་བྱིན་རླབས་འདིར་སྩོལ་ཅིག༔ ཅེས་ལན་གསུམ་ཞུ༔ བླ་མས་ལྷ་གང་ཡིན་བདག་དང་བུམ་པར་གསལ༔ སློབ་མ་ལའང་མངོན་རྟོགས་གསལ་གདབ་ལ་བསྒོམ་བཅུག་སྟེ༔ ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བགེགས་བསྐྲད༔ སྭ་བྷཱ་བས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་ཁྱེད་རང་ལྷ་འདི་ལྟར་སྒོམས་ཞེས་གསལ་གདབ༔ བླ་མའི་ཐུགས་ནས་ལྷ་ཚོགས་དཔག་ཏུ་མེད་པ་སློབ་མ་ལ་ཡང་ཡང་བསྟིམ༔ ཁྱད་པར་བུམ་པའི་ལྷ་ཐམས་ཅད་སློབ་བུ་ལ་ཐིམ་པས༔ སློབ་བུའི་ལུས་ལྷར་གྱུར༔ བུམ་ཆུ་བཏུང་བས་ལུས་གང༔ ཆུ་ལྷག་མ་གྱེན་དུ་འཁྱིལ་བས་འོད་དཔག་མེད་དུ་གྱུར་པར་བསམ་ལ༔ ཧྲཱི༔ བུམ་པ་ཡེ་ཤེས་གཞལ་ཡས་སུ༔ སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི༔ ཐབས་ལ་དབྱིངས་བྱོན་བཞུགས་པར་འཚལ༔ སྣང་སྟོང་ལྷ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཨོཾ་ཀཱ་ཡ་སིདྡྷི་ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ སྐུ་འཕྲོས་བུ་ལ་འཇུག་པ་ནི༔ སྐུ་ཡི་ལྷག་པའི་ཏིང་འཛིན་ཏེ༔ སྐུ་ཡི་བྱིན་རླབས་ཁྱོད་ལ་འཕོ༔ ཁྱོད་དང་གཉིས་མེད་བརྟན་པར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ མེ་ཏོག་འཐོར༔ དེ་ནས་བགྲང་ཕྲེང་འདྲེན་དུ་འཇུག་ལ༔ དཔོན་སློབ་གཉིས་ཀས༔ སློབ་དཔོན་ལྷག་པའི་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན༔ བུའི་ཞལ་དུ་ཞུགས་ནས་རང་ལྷའི་སྔགས་ཕྲེང་དང་གཉིས་མེད་དུ་གྱུར་པར་བསམ་ལ༔ སྔགས་གང་ཡིན་རྗེས་ཟློས་ལན་གསུམ་བྱེད་བཅུག་ལ༔ ཧཱུྃ༔ བདག་ཉིད་ལྷག་པའི་ལྷར་གསལ་བའི༔ སྔགས་ཀྱི་ཕྲེང་བ་ལས་འཕྲོས་སྔགས༔ བུ་ཡི་ངག་ལ་འཇུག་པ་ནི༔ སྔགས་ཀྱི་དངོས་གྲུབ་ཁྱོད་ལ་འཕོ༔ ཁྱོད་ཀྱིས་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས་ཤམ་དུ། ཨོཾ་ཝཱ་ཀ་སིདྡྷི་ཧོ༔ གསང་སྔགས་གཟུངས་སྔགས་རིག་སྔགས་བཅས༔ མ་ལུས་ཁྱོད་ཀྱིས་འགྲུབ་གྱུར་ནས༔ ངག་གི་ནུས་པ་བརྟན་པ་དང༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ སུ་པྲ་སོགས། དེ་ནས་དུས་གསུམ་གྱི་རྟོག་པ་བྲལ་བའི་སེམས༔ སྐད་ཅིག་གང་གིས་མ་བསླད་པའི་ངོ་བོ་བསྒོམ་བཅུག་ལ༔ རང་གི་མི་དམིགས་པའི་དམིགས་པ༔ རིག་པའི་རང་བཞིན་སློབ་མའི་སེམས་དང་གཉིས་མེད་བསྲེས་ནས་དྲག་ཏུ་གཏད་ལ༔ ཧཱུྃ༔ ཐུགས་ཀྱི་ཐིག་ལེ་ལས་འཕྲོས་པའི༔ ཐིག་ལེ་བུ་ལ་བསྟིམ་པ་ནི༔ ཆོས་ཀྱི་ཐིག་ལེར་རྒྱས་གདབ་པས༔ ཐུགས་ཀྱི་རྟོགས་པ་རྟོགས་པར་གྱུར༔ ཕྱག་རྒྱ་ཆེན་པོར་གྲོལ་གྱུར་ཅིག༔ རྩ་སྔགས་ཤམ་དུ༔ ཨོཾ་ཙིཏྟ་སིདྡྷི་ཧོ༔ ཐུགས་ཀྱི་ཐུགས་རྗེ་ཁྱོད་ལ་འཕོས༔ ཁྱོད་སེམས་རྟོགས་པ་ཕྱག་རྒྱ་ཆེ༔ རྟོགས་གྲོལ་དུས་མཉམ་གྱུར་བྱས་ནས༔ སངས་རྒྱས་ཡེ་ཤེས་གཉིས་མེད་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ བུ་ཁྱོད་སྐུ་མི་འགྱུར་བ་ཨོཾ༔ གསུང་མི་འགྱུར་བ་ཨཱ༔ ཐུགས་མི་འགྱུར་བ་ཧཱུྃ་དུ་གྱུར་ཏེ༔ དེ་ཡང་ཆོས་ཀྱི་ཐིག་ལེར་གྱུར༔ ཐིག་ལེ་རྟོག་བྲལ་ཕྱག་རྒྱ་ཆེན་པོར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཅེས་བཀྲ་ཤིས་བརྗོད༔ བསྔོ་སྨོན་བྱ༔ རྒྱུད་ལས༔ ཡི་གེ་གསང་བའི་རྒྱས་གདབ་བྱ༔ དེ་ནས་ཕྲིན་ལས་ཅིར་སྤྱོད་ཀྱང༔ ཡོན་ཏན་འབྱུང་བའི་རྗེས་གནང་སྦྱིན༔ གསང་སྔགས་ཀྱི་ནི་ལམ་ཆེན་པོ༔ དཔའ་བོ་ཆེན་པོས་གསུངས་པ་འོ༔ ཞེས་གསུངས་སོ༔ དེ་ལྟར་དབང་ཐོབ་ནས་དམ་ཚིག་བསྲུང་དགོས་ཏེ༔ རྒྱུད་ལས༔ སྐུ་གསུང་ཐུགས་ཀྱི་ས་མ་ཡ༔ ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་པ་དང༔ སྔགས་ཀྱི་སྒྲ་ཡི་དོན་འགྲུབ་དང༔ ཆོས་ཉིད་དྲན་པར་བྱ་བ་སྟེ༔ རྟག་པར་དམ་ཚིག་ལ་གནས་བྱ༔ དེ་ནས་སྨིན་པའི་དབང་བཟུང་བྱ༔ ཞེས་གསུངས༔ དམ་ཚིག་མེད་པས་དོན་མི་འགྲུབ་པ་དང༔ དམ་ཚིག་ཉམས་ན་ཉེས་པ་དཔག་ཏུ་མེད་དེ༔ རྒྱུད་ལས༔ དེ་ལྟ་བུ་དང་མི་ལྡན་ན༔ དཀྱིལ་འཁོར་ལ་ནི་འཇུག་པ་ཀུན༔ དོན་མེད་འབྲས་བུ་བསྲེགས་པར་འགྱུར༔ གཏོར་མ་ལའང་དེ་དབང་མིན༔ དེ་ཕྱིར་སྦྱིན་སྲེག་བགྲང་ཕྲེང་སོགས༔ ཅི་སྟེ་ལ་ལ་ཡོད་པར་འགྱུར༔ ཞེས་གསུངས༔ དམ་ལྡན་དབང་ཐོབ་ནས་ལས་བཞི་ལ་དབང་བསྒྱུར་ནུས་ཤིང༔ བསྐྱེད་རྫོགས་སྔགས་རྫས་ཐམས་ཅད་ལ་དབང་ཞིང༔ དམ་ཉམས་ན་རྡོ་རྗེ་དམྱལ་བ་ལ་སོགས་ངན་སོང་དུ་འཁྱམས་ཤིང་སྡུག་བསྔལ་དྲན་ཡང་མི་བཟོད་པ་མྱང་བར་འགྱུར་ཏེ༔ རྒྱུད་ལས༔ དབང་ཐོབ་ཡོན་ཏན་བསམ་མཐའ་ཡས༔ དམ་བསྲུང་རྒྱལ་སྲས་ཀུན་གྱི་མཆོག༔ ཉམས་པའི་ཉེས་དམིགས་བརྗོད་མི་ལང༔ ཞེས་གསུངས༔ དེ་ནས་དཀྱིལ་འཁོར་བསྡུ་བ་སོགས་ལས་སྤྱི་ལྟར་བྱའོ༔ ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ༔ ས་མ་ཡ༔ །ྀཨཚ།༔ གུ་ཧྱ༔ ཟབ་རྒྱ༔ བདག་སྟག་ཤམ་པས་མེ་ཕག་ཧོར་ཟླ་གསུམ་པར་བྲིས་སོ། །དགེ་བས་སངས་རྒྱས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཞི་བའི་སྒྲུབ་པ་ (Volume 58, Text 20)

༁ྃ༔ དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཞི་བའི་སྒྲུབ་པ་བཞུགས༔ ྈྈྈྈ མ་ཧཱ་སུ་ཁ་བཛྲ་སཏྭ་ན་མ༔ དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཞི་བའི་སྒྲུབ་པ་ནི༔ སངས་རྒྱས་མཉམ་སྦྱོར་རྡོ་རྗེ་སེམས༔ བདེ་བ་ཆེན་པོ་འདི་ལྟར་བསྒོམ༔ ས་མ་ཡ༔ ཨ༔ ཀ་དག་གཏིང་གསལ་དབྱིངས་ཀྱི་ངང༔ ལྷུན་གྲུབ་ཀུན་སྣང་རིག་པའི་རྩལ༔ རྒྱུ་ཡི་ཡི་གེ་ཨ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་རང་བྱུང་ཐུགས་རྗེའི་རྩལ༔ ཡེ་ཤེས་རིག་གདངས་མེ་རླུང་ཆུས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་སུ༔ མི་འགྱུར་རྡོ་རྗེའི་ས་གཞི་ལ༔ བདེ་ཆེན་ཐིག་ལེར་འཁྱིལ་བ་ཡི༔ ཕོ་བྲང་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་པད་ཉི་ཟླ་བའི་སྟེང༔ ཨ་ལས་རང་རིག་གདོད་མ་ནས༔ ཆོས་ཀྱི་སྐུ་རུ་རྣམ་དག་པ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ རང་བཞིན་ཡོངས་གྲུབ་ཕྱག་རྒྱའི་ལྷ༔ གཟུགས་སྐུ་ཡེ་ཤེས་སྒྱུ་མའི་ཚུལ༔ སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ དཀར་གསལ་དྲི་མེད་སྟོན་ཟླའི་མདངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས༔ མཚན་དཔེའི་གཟི་བྱིན་ལྷམ་མེ་བ༔ རང་འོད་རིག་མའི་བདེ་བས་དགྱེས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རྡོ་རྗེ་ཉི་མ་འོ༔ འདུ་ཤེས་པདྨ་གར་གྱི་དབང༔ འདུ་བྱེད་བཅོམ་ལྡན་རྟ་མཆོག་དཔལ༔ རྣམ་པར་ཤེས་པ་ཧེ་རུ་ཀ༔ ཡེ་ཤེས་བཛྲ་སཏྭ་ལས༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཆེ༔ བསམ་ཡས་ཞི་དང་ཁྲོ་བོའི་ལྷ༔ སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ སྤྲོ་ན་བྱིན་རླབས་དབང་བསྐུར་དང༔ སྤྱན་འདྲེན་མཆོད་བསྟོད་ལ་སོགས་པ༔ ཆོས་ཉིད་རོལ་པའི་རྒྱན་དུ་བྱ༔ ཏིང་འཛིན་དགོངས་པའི་སྲོག་བཟུང་ནས༔ སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང༔ ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར༔ བདེ་ཆེན་ཡེ་ཤེས་སྣང་བ་ཡིས༔ འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས༔ ཉམས་ཆག་སྡིག་སྒྲིབ་རིག་ངོར་དག༔ བསོད་ནམས་ཚོགས་ཆེན་གཞི་ལ་རྫོགས༔ ཡེ་ཤེས་འབྲས་བུར་ལྷུན་གྱིས་གྲུབ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༔ གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ རྩ་བའི་བསྙེན་པ་འབྲུ་དྲུག་གོ༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུྃ་བཾ་ཧོཿསུ་ར་ཏ་སཏྭཾ་ཨོཾ་ཏྲཱཾ་ཧྲཱིཿཧཾ་ཧཱུྃ༔ སྒྲུབ་པའི་དགོངས་པ་འབྲུ་ཉེར་གསུམ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ སྒྲུབ་པ་ཆེན་པོ་ལས་སྦྱོར་གྱི༔ དགོངས་པ་ཐིག་ལེ་ཡི་གེ་བརྒྱ༔ བྲག་ཅ་དང་ནི་སྒྲ་བརྙན་ཚུལ༔ གསལ་ལ་ཞེན་འཛིན་མེད་པར་བཟླ༔ ཏིང་འཛིན་བྱིང་རྒོད་སྐྱོན་བསལ་ཏེ༔ བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ དངོས་གྲུབ་ཡ་མཚན་བསམ་མི་ཁྱབ༔ སྡིག་སྒྲིབ་ཞི་དང་ཡེ་ཤེས་རྒྱས༔ གཟུངས་དྲན་མངོན་ཤེས་མཚན་མ་འབྱུང༔ ས་མ་ཡ༔ མན་ངག་ཟབ་མོའི་རིམ་པ་ནི༔ གཞི་དང་ཐབས་དང་གྲོལ་བའི་ལམ༔ གཞི་ནི་བསྐྱེད་པའི་རྣལ་འབྱོར་ཏེ༔ སངས་རྒྱས་སྤྲུལ་པའི་སྐུ་འགྲུབ་ཕྱིར༔ གདོང་གི་སྣ་རྩེར་དཀྱིལ་འཁོར་བསྒོམ༔ སྤྲོ་དང་བསྡུ་བ་ཡང་ཡང་བྱ༔ དེ་གོམས་སྙིང་གའི་སྣ་རྩེ་དང༔ དེ་ནས་གསང་བའི་སྣ་རྩེར་བརྟག༔ དེ་ལ་ཤིན་ཏུ་བྱང་བའི་ཚེ༔ ལམ་ནི་རྫོགས་རིམ་ཐབས་ཀྱི་མཆོག༔ ཐོག་མར་ཁ་སྦྱོར་རླུང་ལ་བསླབ༔ གཏུམ་མོའི་མེ་སྦར་ཐིག་ལེ་བཞུ༔ བདེ་བ་བརྟན་པར་གྱུར་པ་དང༔ མཚན་ཉིད་ལྡན་པའི་ཕྱག་རྒྱ་དང༔ མཉམ་སྦྱར་དགའ་བཞིའི་བདེ་ཆེན་སྤེལ༔ སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ༔ ཁ་སྦྱོར་ཆེན་པོ་ལམ་དུ་བྱ༔ དེ་ལས་ཇི་ལྟར་འཆར་ཞེ་ན༔ འབྲས་བུ་རྣམ་གྲོལ་རྫོགས་པ་ཆེའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ ཐམས་ཅད་སྟོང་པ་འོད་གསལ་བ༔ ཆོས་སྐུའི་དེ་ཉིད་མངོན་དུ་འགྱུར༔ ས་མ་ཡ༔ བྱིན་རླབས་དབང་གི་རིམ་པ་ནི༔ མཚན་མའི་རྫས་བཤམས་ཏིང་འཛིན་གསལ༔ ཛཔ྄་ཁང་དབྱེ་ཞིང་བཟླས་བརྗོད་བྱ༔ དེ་ནས་སྣོད་ལྡན་ཚོགས་རྣམས་ཀྱིས༔ མཎྜལ་དང་བཅས་གསོལ་འདེབས་ནི༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ཚོགས་བསགས་སྡོམ་པ་བཟུང་བའི་རྗེས༔ སྡིག་སྒྲིབ་སྦྱོང་བའི་དབང་བསྐུར་ནི༔ སློབ་མ་ཐ་མལ་གནས་པ་ཡི༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་ནི༔ རིགས་དྲུག་བག་ཆགས་ངོ་བོར་གསལ༔ ནམ་མཁའ་གང་བའི་རྒྱལ་བ་དང༔ ལྷན་ཅིག་རྡོ་རྗེ་སློབ་དཔོན་གྱིས༔ བདུད་རྩིའི་ཆུ་ཡིས་ཁྲུས་བགྱིས་པས༔ སྡིག་སྒྲིབ་རྒྱུར་བཅས་དག་པར་བསམ༔ ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ འདི་ཉིད་དུ་ནི་བླུགས་མཛད་པས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ ཡི་གེ་བརྒྱ་པའི་མཐར༔ ཨ་སུ་ནྲྀ་ཏྲི་པྲེ་དུ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ བདུད་རྩིས་ལུས་གང་སྒྲིབ་པ་དག༔ རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི༔ གནས་གསུམ་ཡིག་འབྲུའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ བུམ་པ་སྤྱི་བོའི་གཙུག་ཏུ་གཞག༔ ཨོཾ༔ ལྷ་ཡི་ཆུ་ནི་རྣམ་དག་པ༔ རྡོ་རྗེ་གསང་བ་གསུམ་ལས་བྱུང༔ རིག་པའི་ལྷ་མོའི་ཚོགས་བཅས་པས༔ རང་བཞིན་གཅིག་ཏུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུྃ་བཾ་ཧོཿསུ་ར་ཏ་སཏྭཾ་ཨོཾ་ཏྲཱཾ་ཧྲཱིཿཧཾ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏཱ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མཾ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྦྱིན༔ ཨོཾ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ རྡོ་རྗེ་སེམས་དཔའི་དབང་བསྐུར་པས༔ ཕུང་པོ་ལྔ་དང་ཆོས་ཉིད་བཅས༔ ཡེ་ཤེས་དྲུག་གི་སྐུར་སྨིན་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་ལུང་བྱ་ཞིང་སྔགས་ཕྲེང་མགྲིན་པར་བཞག་་་ཨཱ༔ བརྗོད་པ་མེད་ལས་ཐམས་ཅད་སྐྱེས༔ རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ བརྟན་དང་གཡོ་བའི་སྒྲ་དབྱངས་ཀུན༔ ཡེ་ཤེས་རང་སྒྲར་དག་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་དང་རྡོ་རྗེ་བསྟན།་་་ཧཱུྃ༔ བསམ་གྱིས་མི་ཁྱབ་འོད་གསལ་དོན༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་པས༔ གཟུང་དང་འཛིན་པའི་རྟོག་ཚོགས་ཀུན༔ ཡེ་ཤེས་དབྱིངས་སུ་རང་གྲོལ་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཡབ་ཡུམ་མཉམ་སྦྱོར་བདུད་རྩི་སྦྱིན༔ ཨཱ༔ ཇི་ལྟར་བདེ་གཤེགས་ཡབ་རྣམས་ཀྱིས༔ རང་གི་སྲས་ལ་དབང་བསྐུར་བཞིན༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ རིགས་ཀྱི་གཟུངས་མ་བྱིན་བརླབས་སྦྱིན༔ ཧཱུྃ༔ དགའ་བའི་གནས་ཆེན་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ དགའ་བདེའི་རོལ་མོ་རྟག་ཏུ་གྱིས༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་ནུ་རཱ་ག་ཛྙཱ་ན་བཛྲ་ས་མ་ཡ་ཧོ༔ མཉམ་གཞག་དགོངས་པའི་དོན་ངོ་སྤྲད༔ ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཛྙཱ་ན་བཛྲ་སཏྭ་ཨ་ཨ་ཨ༔ ཟབ་ཅིང་རྒྱ་ཆེའི་དབང་གི་དོན༔ གཅིག་ཏུ་བསྡུས་པའི་སྙིང་པོ་འདིས༔ སྒྲིབ་དག་བྱང་ཆུབ་རིགས་སུ་གྱུར༔ རྒྱུད་ཀྱི་ཡང་སྙིང་ངེས་པ་འོ༔ ས་མ་ཡ༔ ཉམས་ཆག་བཤགས་པའི་རིམ་པ་ནི༔ མཚན་མའི་རྟེན་དང་དཀྱིལ་འཁོར་མདུན༔ ཚོགས་དང་མཆོད་གཏོར་རྒྱ་ཆེར་བཤམ༔ རྣལ་འབྱོར་གཞུང་བསྲང་ཛཔ྄་ཁང་དབྱེ༔ ཕྱག་འཚལ་བཟླས་དང་བཤགས་པ་བྱ༔ ལུས་ངག་ཡིད་ཀྱི་སྒྲིབ་དག་བསམ༔ སྨན་གཏོར་རཀྟ་མར་མེ་དང༔ སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པས་བསྐང༔ དབང་བླངས་ཉམས་པ་སོར་ཆུད་ཅིང༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ༔ ས་མ་ཡ༔ མྱོང་གྲོལ་རྫས་ཀྱི་རིམ་པ་ནི༔ གདུང་དང་རིང་བསྲེལ་སྐྱེ་བདུན་ཤ༔ སེལ་མེད་བདུད་རྩིས་གཞི་བཟུང་ལ༔ འབྲས་གསུམ་དབང་ལག་རྟག་ཏུ་ངུ༔ སིནྡྷུ་ར་དང་ཅུ་གང་སོགས༔ བཟང་སྨན་སྦྱར་བའི་རིལ་བུ་ནི༔ ཡུངས་དཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་བྷནྡྷའི་སྣོད་དུ་བླུགས༔ དར་དཀར་ཁ་བཅད་དཀྱིལ་འཁོར་དབུས༔ ལྡིང་ཁྲིའི་ཁར་བཞག་མཆོད་གཏོར་བཤམ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལྷར༔ གསལ་བཏབ་བཟླས་བརྗོད་རྒྱས་པར་བྱ༔ ༈ མདུན་རྟེན་མི་དམིགས་སྐད་ཅིག་གིས༔ སྟོང་པའི་ངང་ལས་ཡེ་ཤེས་ཀྱི༔ རླུང་མེ་ཐོད་པའི་སྒྱེད་པུའི་སྟེང༔ ཨ་ལས་མཚན་ལྡན་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་བཅུད་ཀུན༔ ཤ་ལྔ་བདུད་རྩི་རྣམ་ལྔ་ལ༔ རིགས་ལྔ་ཡབ་ཡུམ་ས་བོན་མཚན༔ རླུང་གཡོས་མེ་སྦར་ཐོད་པའི་རྫས༔ ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས༔ འཁོར་འདས་བཅུད་རྣམས་ཐམས་ཅད་བཀུག༔ དབྱེར་མེད་དྭངས་མའི་བདུད་རྩིར་འཁྱིལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ སྟོང་ཕྲག་བཟླས་པས་བྱིན་གྱིས་བརླབ༔ བདུད་རྩིའི་དྭངས་མ་འོད་ལྔའི་ཀློང༔ པད་དཀར་ཟླ་བའི་གདན་གྱི་སྟེང༔ ཨ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ གསལ་བཏབ་བྱིན་བརླབ་དབང་བསྐུར་ཞིང༔ སྤྱན་འདྲེན་མཆོད་བསྟོད་བཟླས་པའི་ཚེ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ༔ བདེ་བ་ཆེན་པོས་རབ་ཏུ་མཉེས༔ སྙོམས་འཇུག་བདེ་བའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས༔ ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ༔ མཉམ་པར་སྦྱོར་བའི་མཁའ་གསང་ནས༔ བྱང་ཆུབ་སེམས་མཆོག་ཆར་ལྟར་བབས༔ དམ་ཚིག་རྫས་དང་དབྱེར་མེད་ཐིམ༔ མཐོང་ཐོས་མྱོང་བས་གྲོལ་བ་ཡི༔ ཡེ་ཤེས་བདུད་རྩི་ཆེན་པོར་བསམ༔ ཨོཾ་བཛྲ་སཏྭ་མ་ཧཱ་སུ་ཁ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཐུན་མཚམས་མཆོད་བསྟོད་བཤགས་པ་བྱ༔ ཚོགས་ཀྱི་འཁོར་ལོས་ཡང་དག་མཆོད༔ བར་ཆད་བསལ་ཞིང་བྱིན་ཆེན་དབབ༔ དེ་ལྟར་དུས་དྲུག་བརྩོན་པ་ཡིས༔ འོད་དང་སྒྲ་བརྙན་དྲི་བཟང་འཐུལ༔ མང་དུ་འཕེལ་ན་གྲུབ་པའི་རྟགས༔ དུས་དེར་དམ་རྫས་སྤྱི་བོར་བླང༔ ཨོཾ་ཨཱཿཧཱུྃ༔ སྣོད་ནི་རང་བྱུང་བྷནྡྷའི་གཞལ་ཡས་སུ༔ བཅུད་མཆོག་བདུད་རྩི་དྭངས་མར་འཁྱིལ་བའི་ཀློང༔ བདེ་ཆེན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཞུགས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བདུད་རྩིའི་ལྷ་ཡི་གནས་གསུམ་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་དང་དངོས་གྲུབ་ཐོབ་པར་བསམ༔ མཐར་ནི་ལྷ་ཉིད་རིལ་བུའི་གཟུགས༔ རྡོ་རྗེ་ལྕེ་ཡི་ལམ་ནས་བརྒྱུད༔ སྙིང་དབུས་ཐིག་ལེར་འབྲལ་མེད་པས༔ ཡེ་ཤེས་གཟི་བྱིན་བསྐྱེད་པར་བསམ༔ ཨོཾ་བཛྲ་སཏྭ་མ་ཧཱ་སུ་ཁ་ཛྙཱ་ན་ཏིཥྛ་བྷྲཱུྃ༔ དངོས་གྲུབ་མཆོག་གི་སྐལ་ལྡན་པའི༔ འདུས་པ་མང་ལ་དབང་འདིས་སྦྱིན༔ རིགས་བརྒྱ་རིགས་ལྔའི་འཕྲོ་འདུ་ཀུན༔ རིགས་གཅིག་ཐིག་ལེ་ཡོངས་རྫོགས་ཕྱིར༔ བདེ་ཆེན་རྡོ་རྗེ་སེམས་དཔའ་ཡི༔ རྫས་མཆོག་མྱོང་བས་གྲོལ་བ་འདི༔ མཐོང་ཐོས་དྲན་རེག་ཚོར་བ་ཀུན༔ སྐྱེ་བ་བདུན་ནས་འབད་མེད་གྲོལ༔ གནས་སྐབས་བགེགས་ཞི་ཉམས་ཆག་སྐོང༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྱུར༔ མཚམས་མེད་ལས་ལ་སྤྱད་པ་ཡང༔ ངན་སོང་གནས་ལས་ངེས་ཐར་ན༔ དད་དང་དམ་ཚིག་ལྡན་པ་དག༔ བྱང་ཆུབ་ཐོབ་པ་སྨྲོས་ཅི་དགོས༔ དེ་ཕྱིར་རང་བྱུང་ཀུན་བཟང་གི༔ རྩོལ་མེད་ཕྲིན་ལས་ཟབ་མོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ས་མ་ཡ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་གི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་འོད་གསལ་ཐུགས་ཀྱི་དྭངས་མ་འགྲོ་བའི་དོན་དུ་གཟུགས་སུ་སྣང་བའི་གདུང་རྟེན་རིན་པོ་ཆེ་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་ཟབ་གཏེར་གྱི་གསང་བ་རྨད་དུ་བྱུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཡི་གེར་བྲིས་པའོ།། །།

ཀློང་གསལ་ཞི་ཁྲོའི་གསོལ་འདེབས་གཏེར་གཞུང་ (Volume 67, Text 20)

ཀློང་གསལ་ཞི་ཁྲོའི་གསོལ་འདེབས་གཏེར་གཞུང་། ཨོཾ་ཨཱཿཧཱུྃ༔ མཁའ་ཀློང་རྣམ་དག་འོག་མིན་ཕོ་བྲང་དུ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ འོག་མིན་སྤྲོས་བྲལ་བདེ་ཆེན་ཞིང་ཁམས་སུ༔ ལྷུན་གྲུབ་གཟུགས་སྣང་དག་པའི་རྡོར་སེམས་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ མེ་རི་འབར་བའི་དུར་ཁྲོད་ཆེན་པོ་རུ༔ ཤར་གྲོལ་མ་འགགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོ་རུ༔ རིག་རྩལ་ཐོགས་མེད་ཤྲཱི་སིང་ཧ་ལ༔ གསོལ་བ་འདེབས་སོ་དབང༴ སོ་ས་གླིང་གི་དུར་ཁྲོད་ཆེན་པོ་རུ༔ གནས་ལུགས་ཡིད་དཔྱོད་བྲལ་བའི་ཨོ་རྒྱན་ལ༔ གསོལ་བ་འདེབས་སོ་དབང༴ གཞོ་སྟོད་གཏེར་སྒྲོམ་བྲག་དཀར་ཆེན་པོ་རུ༔ ཐབས་ཤེས་གཉིས་ལྡན་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་དབང༴ འོད་གསལ་རྡོ་རྗེ་སྙིང་པོའི་ཕོ་བྲང་དུ༔ ལྷུན་གྲུབ་རིག་འཛིན་པདྨ་གླིང་པ་ལ༔ གསོལ་བ་འདེབས་སོ་དབང༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ རང་སེམས་མ་བུ་སྤྲོད་པའི་བླ་མ་ལ༔ གསོལ་བ་འདེབས་སོ་དབང༴ མཐོང་ཆ་ཡུལ་སྣང་དག་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་བཅུད་ཀློང་གསལ་འབར་མའི་རྒྱུད༔ གསོལ་བ་འདེབས་སོ་དབང༴ ལྔ་ལྡན་ཡེ་ཤེས་བརྩེགས་པའི་ཕོ་བྲང་དུ༔ སྙིང་པོ་རང་གསལ་བཏགས་གྲོལ་རྒྱུད་འགྲེལ་ལ༔ གསོལ་བ་འདེབས་སོ་དབང༴ ཙིཏྟ་རིན་ཆེན་ཟུར་བརྒྱད་གཞལ་ཡས་སུ༔ ཞི་བའི་ལྷ་ཚོགས་སུམ་ཅུ་རྩ་དྲུག་ལ༔ གསོལ་བ་འདེབས་སོ་དབང༴ སྤྱི་བོ་དུང་ཁང་ཀླད་རྒྱའི་གཞལ་ཡས་སུ༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ གསོལ་བ་འདེབས་སོ་དབང༴ འཁོར་ལོ་ལྔ་བརྩེགས་རྐང་མཐིལ་རྩ་ཁྲོད་དུ༔ འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་དྲུག་ལ༔ གསོལ་བ་འདེབས་སོ་དབང༴ སྣ་རིང་བྲག་ཕུག་ཤེལ་གྱི་ཡང་རྫོང་དུ༔ མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ འཁོར་བའི་ཉེས་དམིགས་མཐོང་བར་བྱིན༴ བདག་འཛིན་འཁྲུལ་པ་ཞིག་པར་བྱིན༴ རེ་དོགས་སྤང་བླང་བྲལ་བར་བྱིན༴ སེམས་ཉིད་མ་བུ་འཕྲོད་པར་བྱིན༴ འོད་གསལ་ནང་ནས་འཆར་བར་བྱིན༴ མངོན་སུམ་ལམ་དུ་ལོངས་པར་བྱིན༴ ཆོས་ཉིད་བཙན་ས་ཟིན་པར་བྱིན༴ ཆོས་རྣམས་ཟད་སར་འཁྱོལ་བར་བྱིན༴ སེམས་ཀྱི་འཁྲི་བ་ཆོད་པར་བྱིན༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཀློང་གསལ་ཆོས་སྤྱོད་རྫོགས་ཆེན་ཀིརྟི་བི་ཛས་དར་རྒྱས་ཆོས་གླིང་དུ་བྲིས་པ་ལས་གསོལ་འདེབས་ཁོ་ན་ཟུར་ཕྱུང་བྱས་པའོ།།

བླ་མ་ནོར་ལྷའི་ཕ་མཚུན་གཡང་འགུགས་ (Volume 50, Text 20)

བླ་མ་ནོར་ལྷའི་ཕ་མཚུན་གཡང་འགུགས་བཞུགས་སོ། །བླ་མ་ནོར་ལྷ་ལ་བསྟེན་ནས། །ཕ་མཚུན་གཡང་འགུགས་བྱ་འདོད་ན། །ལུག་མགོ་ལ་སོགས་མཚུན་རྟེན་བསག །དམིགས་བཟླས་གྱེར་དབྱངས་འདི་ལྟར་བྱ། །དཀྱིལ་འཁོར་གཙོ་མཆོ༷ག་མཆོ༷ག་གི་ཐུགས་ཀའི་ཧྲཱི༷ཿ ཧྲཱི༷ཿལས་འོད་འཕྲོ༷ས་འཕྲོ༷ས་པས་ཕ་མཚུན་གཡ༷ང་། །གཡ༷ང་རྫས་སྒྲུབ་རྟེན༷་རྟེན༷་ལ་ཐིམ་པའི་ཚེ༷། །ཚེ༷་བསོད་དཔལ་འབྱོ༷ར་འབྱོ༷ར་དྲུག་རྒྱས་པར་གྱུར། །རྩ་སྔགས་མཐར། ཕ་མཚུན་རིགས་ཀྱི་དཔལ་གཡང་ཐམས་ཅད་ནྲྀ་བྷྲཱུྃ་ཛཿ ཧཱུྃ་ཧྲཱིཿ དཀྱིལ་འཁོར་གཙོ་མཆོག་པདྨ་སཾ་བྷ་ཝ། །རིག་འཛིན་བླ་མ་བརྒྱུད་པའི་མཚུན་གཡང་ཁུག །རིགས་བཞིའི་ནོར་བདག་ཨཱརྱ་ཛཾ་བྷ་ལ། །ཞི་རྒྱས་དབང་དྲག་ལས་བཞིའི་མཚུན་གཡང་ཁུག །ལྷ་མི་ཀླུ་དང་གནོད་སྦྱིན་ནོར་གྱི་ལྷ། །རང་རང་རིགས་མཐུན་ཕ་མཚུན་དཔལ་གཡང་ཁུག །གསེར་དངུལ་ཅང་ཤེས་ཟས་གོས་ཕྱུགས་ཀྱི་ལྷས། །བང་མཛོད་འབྲུ་ནོར་ཟས་གོས་ཕྱུགས་གཡང་ཁུག །སྒོ་སྲུང་རྒྱལ་པོ་ཆེན་པོ་སྡེ་བཞི་པོས། །ཕ་མེས་མཚུན་གྱི་གཡང་སྒོ་ར་བ་སྡོམས། །རྒྱལ་བུ་མཐིང་གེ་ལ་སོགས་ཕ་ཡི་མཚུན། །འོད་ལྡན་འབར་མ་ལ་སོགས་མ་ཡི་གཉེན། །གདོང་ལྷ་སྨུག་པོ་ལ་སོགས་རིགས་ཀྱི་ལྷ། །འབྲུ་མོ་ཕྲོམ་ཕྲོམ་ལ་སོགས་དགྲ་བླའི་དཔུང་། །སྤྲེའུ་བྲག་སྲིན་ལ་སོགས་འབྱུང་བའི་གནས། །མིའུ་རིགས་དྲུག་ལ་སོགས་གྲོལ་བའི་ཕུགས། །ཕྱྭ་རྨུ་གཙུག་གསུམ་བོན་ལ་སྔ་བའི་མཚུན། །ཡུལ་འདིའི་གཞི་བདག་ཡུལ་མི་སྐྱེས་པའི་ལྷ། །ཕ་མཚུན་དགྲ་བླའི་ཚོགས་རྣམས་མངའ་གསོལ་ལོ། །ཡུལ་གྲུ་གཞན་དུ་མ་བྲོས་མ་འཁྱམ་པར། །ཕ་མེས་མཚུན་གྱི་ཕྱྭ་རྟེན་འདི་ལ་བཞུགས། །བསྟན་ལ་གུས་པའི་སྦྱིན་བདག་འཁོར་བཅས་ལ། ཁ་འཛིན་སྡོངས་གྲོགས་མེལ་ཚེ་མ་གཡེལ་ཅིག །སྲོག་ལུས་དབང་ཐང་རླུང་རྟ་རྒུད་པ་སོལ། །ཕ་མཚུན་སྔ་རབས་དར་བ་ཇི་བཞིན་དུ། །བཙན་ཕྱུག་འཕན་དར་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་འདུལ་འཛིན་རྒན་པོའི་རྣམ་རྟོག་གི་རྦ་རླབས་ལས་བྱུང་བ་དགེ་ལེགས་འཕེལ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཀུན་བཟང་ཐུགས་གཏེར་གྱི་བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་མདོར་བསྡུས་ (Volume 27, Text 20)

༄༅། །ཀུན་བཟང་ཐུགས་གཏེར་གྱི་བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་མདོར་བསྡུས་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་བཀའི་སྲུང་མ་གཉན་པོ་རཀྴ་མ་ཧཱ་ཀཱ་ལ་དང་ལྷ་མོ་རང་བྱུང་རྒྱལ་མོ་ལ་རྒྱུན་གྱི་གཏོར་མ་འབུལ་བའི་ཕྲིན་ལས་བྱ་བར་འདོད་ན། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་མགོན་པོ་ལ་འབྲུ་ནག་གི་གཏོར་མ་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ། ཆང་དང་ལ་དུ་ལ་ཕུག་བཅས་པ་དང་། ལྷ་མོ་ལ་ཤ་ཁྲག་གི་གཏོར་མ་ཟུར་གསུམ་ཆང་གིས་བྲན་པ་བཤམ། བཀའ་གཏད་བྱེད་སྐབས་གཉིས་ཀ་ལ་དར་ནག་གི་གདུགས་དབུབ། རང་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། རཾ་ཡཾ་ཁཾ། གཏོར་མའི་མ་དག་པ་བསྲེགས་གཏོར་བཀྲུས། རང་གི་ཐུགས་ཀའི་ས་བོན་ལས་ཡཾ་རཾ་ཀཾ་ཨ་རྣམས་སྤྲོས་པ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་ཤ་ལྔ་བདུད་རྩི་ལྔར་གྱུར། རླུང་གིས་མེ་སྦར། ཐོད་པའི་དམ་རྫས་ཞུ་ཞིང་ཁོལ་བས་དམ་ཚིག་གི་བདུད་རྩིར་གྱུར་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཕྲིན་ལས་དངོས་ཀྱི་ཐོག་མ། སྒྲུབ་པའི་སྐབས་རང་རྒྱུད་པའི་ལས་མགོན་ཟིལ་གྱིས་གནོན་པ་སྦྱར་དགོས་ཀྱང་། རྒྱུན་གྱི་གཏོར་ཆོག་སོགས་ལ་མི་དགོས་པར་གསུངས་པས་ཡེ་ཤེས་མགོན་པོ་གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང༔ སྟོང་པའི་ངང་ལས་མདུན་གྱི་གཞིར༔ པད་ཉི་དགྲ་བགེགས་གདན་སྟེང་དུ༔ ཧཱུྃ་ཡིག་མཐིང་ནག་འོད་ཟེར་འབར༔ དེ་ཉིད་མ་ཧཱ་ཀཱ་ལར་གྱུར༔ ནག་པོ་ཆེན་པོ་གཟི་བརྗིད་ཅན༔ སྐུ་ལ་མཐའ་བེར་བརྩེགས་མ་གསོལ༔ སྟག་གི་གོང་ལག་འབར་བས་སྤྲས༔ དུར་ཁྲོད་ཆས་བརྒྱད་སྦྲུལ་གྱིས་བརྒྱན༔ ཞབས་ལ་ལྕགས་ཀྱི་འབོ་འུ་གསོལ༔ དགྲ་བགེགས་བསྒྱེལ་བའི་སྟེང་ན་བསྒྲད༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་གསོར༔ གཡོན་པས་ཐོད་ཁྲག་ཞལ་དུ་རྔུབ༔ རལ་པ་ཐོར་ཅོག་གྱེན་དུ་བརྫེས༔ ཞལ་བསྒྲད་མཆེ་གཙིགས་སྨ་ར་སེར༔ རྡོ་རྗེ་སྲིན་མོ་ཡུམ་ཉིད་གཡོན༔ ལས་བྱེད་སྲིན་པོ་བདུད་ཚོགས་བཅས༔ སྟེང་ན་མཁའ་ལྡིང་འོག་ན་གཅན་ཟན་ཚོགས༔ ཀུན་ཀྱང་རྔམས་པའི་སྒྲ་སྒྲོག་པའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱིས༔ འོག་མིན་གནས་ནས་མགོན་པོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་ཐིམ༔ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་རཀ་མོ་ཀྲོ་ཏཱི་ཤྭ་རཱི༔ ས་མ་ཡ་ཧྲིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བརྟན་པར་བཞུགས། སླར་ཡང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་ཅིང་བྱིན་གྱིས་བརླབས། རིགས་ཀྱི་བདག་པོ་མི་བསྐྱོད་པས་རྒྱས་བཏབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཨེ་ཧྱེ་ཧི་སརྦ་མཎྜ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ་ཧཱུྃ་ཧྲཱིཿཋ༔ བདག་ཉིད་དཔལ་ཆེན་པོས་སྔགས་བརྗོད་པས་ཐུགས་དམ་བསྐུལ་བར་བསམ་ལ། རྡོ་རྗེ་སྨེ་བརྩེགས་དམ་ཚིག་གི་སྔགས། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀྱི་ཕྱི་ཨུ་ཙུསྨ་ཀྲོ་ཏ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀི་ཕཊ༔ ཅེས་པ་ཅུང་ཟད་བཟླ། གསང་བ་ཐུགས་ཀྱི་སྙིང་པོ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧཱུྃ༔ མངའ་བདག་ཆེན་པོ་མ་རུངས་པ༔ རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ༔ ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ༔ མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས༔ དུས་ངན་གདུལ་དཀའི་དགྲ་བགེགས་རྣམས༔ མ་ཐོགས་མྱུར་དུ་བསྒྲལ་བའི་ཕྱིར༔ རྣལ་འབྱོར་ཆེན་པོ་ངས་བསྟོད་ཀྱི༔ ཁྱོད་ལ་མཐུན་པའི་དམ་རྫས་འབུལ༔ སྔོན་གྱི་བསྐལ་པ་བཟང་པོ་ལ༔ ཁས་བླངས་དམ་བཅས་མནའ་བོར་བའི༔ དམ་བཅའ་ཐ་ཚིག་མ་གཏང་ཞིག༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔ ད་ལྟ་རྣལ་འབྱོར་བདག་སྒྲུབ་ན༔ བམ་རི་ཐོད་པའི་མཁར་རྩེ་ནས༔ སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ལ༔ རུ་མཚོན་ནག་པོ་པུ་རུ་རུ༔ མཚོན་ཆ་སྣ་ཚོགས་ཆར་དུ་འབེབ༔ བདུད་མདའ་ནག་པོ་ཟངས་སེ་ཟང༔ བདུད་བྱ་ནག་པོ་ལྡིང་ཞིང་འཇུམ༔ སྣ་ཚོགས་དུར་ཁྲོད་རྒྱན་རྣམས་རྫོགས༔ མཆེ་གཙིགས་རྔམས་པའི་ཞལ་གདངས་ནས༔ ཉམས་པའི་སྙིང་ཁྲག་ཞལ་དུ་རྔུབ༔ ལྷ་ཆེན་ཁྱོད་ཀྱི་བཀའ་འཁོར་ན༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་འཁྲིགས༔ སྲིན་པོ་སྲིན་མོ་རྐན་སྒྲ་རྡེབ༔ གནོད་སྦྱིན་ཕོ་མོའི་དམག་དཔུང་བཅས༔ ཟ་བྱེད་ཕོ་མོ་ཤ་ཁྲག་རོལ༔ ལྕེ་ནི་གློག་འགྱུ་ང་རོ་འབྲུག༔ གཞན་ཡང་འཇིག་རྟེན་དྲེགས་པའི་ཚོགས༔ རང་རང་འཁོར་དང་བཅས་པ་རྣམས༔ དཔལ་གྱི་སྤྱན་སྔར་དམ་བཅས་པ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི༔ མིང་ཙམ་འཛིན་པར་བྱེད་པ་ཡང༔ གཙུག་གི་ནོར་བུ་འབར་བ་ལྟར༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡིས༔ གཙུག་ཏུ་བཞག་སྟེ་བཀུར་བར་བྱ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ ལས་རྣམས་མ་ཐོགས་མངོན་པར་ཕྱུངས༔ སྨན་གཏོར་རཀྟའི་ཕུད་མཆོད་བཞེས༔ རྣལ་འབྱོར་སྔགས་འཆང་བདག་ཅག་གིས༔ ཇི་ལྟར་བཅོལ་བའི་ཕྲིན་ལས་ཀུན༔ མ་ཐོགས་མྱུར་དུ་བསྒྲུབ་པར་མཛོད༔ ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་རཀ་མོ་ཀྲོ་ཏཱི་ཤྭ་རཱི་ཀྲོ་ཏ་ཡག་ཤ་རཀྴ་ཙིཏྟ་ཛྭ་ལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ སྔགས་ལན་གསུམ་གྱིས་མཆོད། དམ་བསྲེ་བ་ནི། ནང་མཆོད་མྱང་ཞིང་ཐིག་གཏོར་འབུལ་ལ། ཨོཾ་མ་ཧཱ་ཀཱ་ལ་གྷུ་ན་ཧྲྀ་ཏ་ཧཱུྃ༔ ས་མ་ཡ་བཛྲ་ཨ་མྲྀཏ་པཱུ་ཙ་སི་ཏི༔ ཁད་པྲ་མ་ནན་བྷི་ཛ་ཡ་ཧཱུྃ་ཨཱ༔ གཏོར་ཆོག་རྐྱང་པའི་སྐབས་རྟེན་རྫས་ལ་ཐིམ་ཞིང་བདག་དང་མི་འབྲལ་བར་བསམ་ལ། ཨི་ཨི་ཨཱི༔ ཧྲིསྟི་ཨ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ཏ་ཧཱུྃ༔ ཨཱཏྨ་ཀོ་བཛྲ་ཧཱུྃ༔ ཞེས་བརྗོད། བཀའ་གཏད་བྱེད་ན་འདི་རྗེས་ཆོག་སྐབས་སུ་སྦྱར་དགོས། ༈ དཔལ་ལྷ་མོའི་གཏོར་ཆོག་ནི། གཏོར་མ་གོང་ལྟར་བྱིན་བརླབ། མདུན་དུ་ར་ལས་ཁྲག་གི་རྒྱ་མཚོའི་སྟེང་དུ༔ རཾ་ལས་མེ་རླུང་འཁྲུགས་པའི་དཀྱིལ་དུ༔ ཏི་ར་བཾ༔ ཅེས་པས༔ མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་སྟེང་དུ༔ མ་ལས་ལྷ་མོ་ནག་མོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ སྐུ་སྟོད་གླང་ལྤགས་རློན་པ་བསྣམས༔ རྒྱ་བོང་གྭ་དམར་ཆིབས་སུ་འཆིབ༔ སྐུ་སྨད་རེ་ལྡེའི་ཤམ་བུ་ཅན༔ ཕྱག་གཡས་གཅོད་བྱེད་ཀརྟ་རི༔ གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས༔ སྙིང་ནང་ཟླ་སྟེང་མ་ནག་པོ༔ མི་ལྤགས་རློན་པའི་སློད་སྟན་ལ༔ ཐོད་པ་སྔ་རུ་ཕྱི་རུ་བྱས༔ རུ་སྦལ་ལྤགས་པ་ནག་པོས་གཡོགས༔ སྔ་ཤད་བདུད་ཀྱི་ཁྲམ་བམ་བཀལ༔ ཕྱི་ཤད་ནད་ཀྱི་རྐྱལ་པ་བཏགས༔ སྦྲུལ་དང་སེང་གེས་སྙན་ལ་བརྒྱན༔ སྤྱི་བོར་ཟླ་ཚེས་ལྟེ་བར་ཉི་མས་བརྒྱན༔ འདོད་ཁམས་དབང་བྱེད་ནག་མོར་བསྒོམ༔ ཟླ་གམ་གསུམ་ལ་དྲེལ་རྟའི་སྟེང༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ༔ རོ་ཁ་མ་དང་ནམ་གྲུ་མ༔ ཙ་མུན་ཏྲི་དང་རྣམ་གསུམ་མོ༔ མཐིང་ནག་སྔོན་མོ་སྨུག་ནག་མ༔ ཁྲམ་དང་རྡོ་རྗེ་ཐོད་དབྱུག་འཛིན༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ ཁྱམས་ལ་གདུག་པའི་སྲིན་མོ་བདུན༔ ཅེ་སྤྱང་གཟུགས་འཛིན་རྔམས་ཤིང་རྒྱུག༔ གཞན་ཡང་གདུག་པའི་འཁོར་ཚོགས་བཅས༔ སྤྲིན་ལྟར་གཏིབས་པའི་ཐུགས་སྲོག་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ བྷྱོ༔ ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས༔ ཉི་མ་ཟླ་བའི་འོད་ཟེར་འཕྲོ༔ ནག་མོ་མི་བཟད་ཆོ་འཕྲུལ་ཅན༔ དུས་ལ་བབས་ཀྱིས་ད་ཚུར་བྱོན༔ ནག་མོ་ཏིང་ལཾ་མ་མ་དུ་ན་བྷྱོ༔ རོ་ཁ་ནམ་གྲུ་ཙ་མུན་ཏྲི༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་དྲང་ཞིང་བསྟིམ། དུ་ན་བྷྱོ་ས་མ་ཡ་ཛཿཛ༔ ཨེ་ཨ་རལླི་ཧྲིཾ་ཛ༔ ཞེས་ཟིལ་གྱིས་མནན། ཤྲཱི་ཧེ་རུ་ཀ་མ་མོ་ནག་མོ་དུ་ན༔ ས་མ་ཡ་ནན༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིན་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་སྐྱེམས་འབུལ། སླར་ཡང་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། རིགས་བདག་དཔལ་ཧེ་རུ་ཀས་དབུ་བརྒྱན། ཧེ་རུ་ཀ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་མོ་འཁོར་བཅས་ལ་དམ་ཚིག་གི་བདུད་རྩི་སྦྱིན་ཅིང་སྔོན་གྱི་དམ་བཅའ་བསྐུལ་བར་བསམ་ལ། ཨོཾ་ཨཱཿཧཱུྃ༔ ཀུ་རུ་ཀུ་སུ་ས་མ་ཡ་མ་ཧཱ་པཉྩ་ཨ་མྲྀཏ༔ ས་མ་ཡ༔ ཨི་དན་ཏེ་ན་ར་ཀན༔ དམ་ཚིག་གི་སྔགས་ཀྱིས་འགོ་དྲང་བ་ནི། ཏདྱ་ཐཱ༔ ཨོཾ་རུ་རུ་རོ་རུ་བྷེ་ཏིསྟ༔ བྷ་ཏོ་སི་སྭཱ་ཧཱ༔ རོ་ཁ་མ་དུ་ན་བྷྱོ༔ ནམ་གྲུ་མ་དུ་ན་བྷྱོ༔ ཙ་མུན་ཏྲི་དུ་ན་བྷྱོ༔ ལན་གཅིག་གམ་གསུམ་བརྗོད། བསྙེན་སྒྲུབ་ཆུན་དྲིལ་གྱི་ཛཔ྄་ནི། མ་མ་ཏྲག་རག་ཤ་སྙིང་ཁ་རག་རེ་མ་ཏི༔ རོ་ཁ་མ༔ ནམ་གྲུ་མ༔ ཙ་མུན་ཏྲི་ཙིཏྟ་སྲོག་དུང་དུང༔ ཛཿཛཿཧཱུྃ་ཧཱུྃ༔ ཞེས་ཅི་འགྲུབ་བཟླས་པའི་མཐར། ལྗགས་འོད་ཟེར་གྱི་སྦུ་གུས་སྨན་གཏོར་རཀྟའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ་གོང་བཞིན་སྙིང་པོ། མ་མ་ཏྲག་རཀྴ་ནས། ཙ་མུནྟྲི་ས་པ་རི་བཱ་ར་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལན་གསུམ་གྱིས་འབུལ། ཨོཾ་ཤྲཱི་དེ་བཱི་ཀཱ་ལི་ས་པ་རི་བཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་བསྟོད་བསྐུལ་ནི། ཧཱུྃ་བྷྱོ༔ དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རྣལ་འབྱོར་སྐྱོང་ཕྱིར་མཚན་མའི་སྐུར་བསྟན་པ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུར་བརྗིད༔ འགྲོ་བ་ཐུགས་རྗེས་སྐྱོང་ཕྱིར་ཡུམ་གྱི་ཚུལ༔ བརྩོན་འགྲུས་ཤུགས་ལྡན་དྲེལ་སྟེང་བཙན་སྐྱིལ་བཞུགས༔ རང་གི་ཕྱག་མཚན་རལ་གྲིས་འཁོར་བའི་གཡུལ་ངོ་ཟློག༔ དགོས་འདོད་སྟེར་ཕྱིར་རིན་ཆེན་ནེའུ་ལེ་འཛིན༔ གླང་ཆེན་སྟག་ཤམ་རེ་ལྡེ་སྦྲུལ་ཆུན་སོགས༔ ཁྲག་ཞག་ཐིག་ལེ་དུར་ཁྲོད་རྒྱན་གྱིས་སྤྲས༔ ཞེ་སྡང་གདུག་པ་དབང་སྡུད་ཟིལ་གནོན་ཕྱིར༔ དུག་སྦྲུལ་མི་འཇིགས་སེང་གེའི་སྟན་ཆ་ཅན༔ ཐལ་ཆེན་ཐིག་ལེ་ཟླ་རྒྱས་སྤྱི་བོར་མཚན༔ ཤེས་རབ་ཉི་མས་འགྲོ་སྐྱོང་ལྟེ་བར་གསལ༔ མ་འདྲེས་ཐེག་པ་ཡོངས་རྫོགས་དབུ་སྐྲ་གཅིག་ཏུ་འཁྱིལ༔ བདག་འཛིན་འཁོར་བ་རྩད་གཅོད་མགོ་ཕྲེང་དོ་ཤལ་བྱས༔ མཐའ་གཉིས་མི་གནས་སྤྲོས་བྲལ་ཡུམ་ལ་འདུད༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ འདོད་ཁམས་དབང་བསྒྱུར་བསྟན་པ་བསྲུང་བར་བྱས༔ མཐུ་དང་རྫུ་འཕྲུལ་ཀུན་གྱིས་འགྲན་ཟླ་བྲལ༔ དེ་ཕྱིར་འདོད་ཁམས་བདག་མོ་ཁྱོད་ལ་འདུད༔ རྔམས་པའི་ཚུལ་འཆང་བདུད་མོ་སྲིན་མོ་བདུན༔ གཞན་ཡང་གདུག་ཅིང་གཏུམ་པའི་འཁོར༔ སླས་དང་ཕྱི་འབྲང་བྲན་མོའི་ཚོགས༔ སྡེ་བརྒྱད་སྤྲུལ་པ་བསམ་ལས་འདས༔ རང་རང་བྲན་གཡོག་དཔུང་དང་བཅས༔ སྔོན་ཚེ་ཕྱག་ན་རྡོ་རྗེ་ཡིས༔ དབང་བསྡུས་ཟིལ་གནོན་དམ་རྫས་བྱིན༔ རང་རང་སྲོག་གི་སྙིང་པོ་ཕུལ༔ ཐེག་ཆེན་བསྟན་པ་བསྲུང་བར་བསྐོས༔ སྔོན་ཚེ་སྤྱན་སྔར་དམ་བཅས་ལྟར༔ བཀའ་ལས་མ་འདའ་དམ་ལ་འདུ༔ དམ་རྫས་མཐུན་པའི་ལོངས་སྤྱོད་བཞེས༔ བཅོལ་པའི་ལས་རྣམས་གྲུབ་པར་མཛོད༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་འགྲོ་བའི་དོན་མཛོད་ཅིག༔ སྐྱོངས་ཤིག་རྩོལ་བྲལ་ཐེག་པ་སྐྱོངས༔ སོལ་ཅིག་ལམ་གྱི་བར་ཆད་སོལ༔ སྒྲོལ་ཅིག་བསྟན་པ་བཤིགས་པ་སྒྲོལ༔ དུར་ཁྲོད་གནས་པའི་མ་མོ་རྣམས༔ རྨད་བྱུང་དམ་རྫས་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ བཀའ་གཅོག་དམ་འདྲལ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ ཅེས་བསྟོད་ཅིང་བསྐུལ། རྟེན་ཡོད་ན་བསྟིམ། མེད་ན། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། གྱིས་གཤེགས་སུ་གསོལ་ལོ། །ཞེས་པའང་ཉེར་མཁོའི་ཆེད་དུ་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་ལས་བསྡུས་ཏེ་བྲིས་པ་ཉེས་འགལ་མཆིས་ན་རྩ་གསུམ་དམ་ཅན་ཚོགས་ལ་བཟོད་པར་གསོལ་ལོ། །དགེ་ལེགས་འཕེལ།། །།

ལས་བྱང་རྗེས་རིམ་ (Volume 56, Text 20)

ཐུགས་དམ་བསྐུལ་པ་ནི༔ ལྷུན་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཐུགས་ཀ་དག་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ལས་མ་གཡོས་ཀྱང་འགག་མེད་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་གི་འཆར་སྒོ་མ་འགགས་པའི་ཕྲིན་ལས་དཔག་ཏུ་མེད་པ་སྟོན་པར་བལྟས་ལ༔ ཨཱོྃ་ཨཱཿཧཱུྃ༔ ང་ནི་ཀུན་བཟང་ཡབ་ཡུམ་ལ༔ ང་ནི་དཔག་མེད་ཧེ་རུ་ཀ༔ ང་ནི་རང་བྱུང་རང་གྲོལ་ལྷ༔ ང་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཞི་ཁྲོས་ཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབ༔ ཚོར་བ་གནས་དག་ལྷོ་ཕྱོགས་ན༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ རཏྣ་ཞི་ཁྲོའི་ཕྲིན་ལས༴ ང་རྒྱལ་འདུལ་བའི་དུས་ལ༴ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ༴ པདྨ་ཞི་ཁྲོས་ཕྲིན༴ འདོད་ཆགས་འདུལ་བའི་དུས༴ འདུ་བྱེད་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ༴ ཀརྨ་ཞི་ཁྲོས་ཕྲིན༴ ཕྲག་དོག་འདུལ་བའི་དུས༴ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ༴ སངས་རྒྱས་ཞི་ཁྲོས་ཕྲིན༴ གཏི་མུག་འདུལ་བའི་དུས༴ ཙིཏྟ་སྙིང་གི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུགས་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་ལས་མཛོད༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང༔ རང་སྣང་རྟོགས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྒྲོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུག་ཕྲིན་ལས་མཛོད༔ ཨཱོྃ་ཨཱཿཧཱུྃ༔ གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ༔ གྲགས་སྟོང་དབྱེར་མེད་པདྨ་གསུང༔ རིག་སྟོང་དབྱེར་མེད་ཡང་དག་ཐུགས༔ བདེ་གཤེགས་བདུད་རྩི་ཡོན་ཏན་ལྷ༔ སྣང་སྟོང་ཕུར་པ་ཕྲིན་ལས་ལྷ༔ སྟོང་ཉིད་མ་མོ་རྦོད་གཏོང་ལྷ༔ ཆོས་ཉིད་རོལ་པའི་གཏོར་མ་ལོངས༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ ཨཱོྃ་ཨཱཿཧཱུྃ༔ རྣམ་སྨིན་རིན་འཛིན་ཤ་ཁྲག་ལུས༔ སྐྱེ་མེད་རྟོགས་པའི་ཚེ་དབང་དང༔ བདེ་སྟོང་ཕྱག་རྒྱའི་རིག་འཛིན་དང༔ ལྷུན་གྲུབ་རིག་འཛིན་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་མ་མོ་རིག་འཛིན་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ འཁོར་བ་མྱ་ངན་འདའ་བར་མཛོད༔ ཨཱོྃ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་འཇིག་རྟེན་ལྷ༔ ཞེ་སྡང་ཁོང་ཁྲོ་དམོད་པའི་ལྷ༔ རང་ངོ་ཤེས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་མ་ལུས་རྫོགས་པ་ཡི༔ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ ཡེ་ནས་སྐྱེ་འགག་མེད་པ་ཡི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྣང་སྲིད་གཞིར་བཞེངས་གཏོར་མ་ལོངས༔ ཆགས་མེད་ཞེན་མེད་ཕྲིན་ལས་མཛོད༔ ཨཱོྃ་ཨཱཿཧཱུྃ༔ ཕཊ༔ཕཊ༔ཕཊ༔ཕཊ༔ གཏི་མུག་འོད་གསལ་དུ་ཟློགས༔ མཱ་ར་ཡ་སོད༔ ཞེ་སྡང་རང་གྲོལ་དུ་ཟློགས༔ མཱ་ར་ཡ་སོད༔ འདོད་ཆགས་བདེ་ཆེན་དུ་ཟློགས༔ མཱ་ར་ཡ་སོད༔ ཨ་འཐས་སྟོང་པར་ཟློགས༔ མཱ་ར་ཡ་སོད༔ མི་བདེན་པ་ལ་བདེན་པར་འཛིན་པའི་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས༔ འཁོར་བ་ལ་ཆགས་ཆེ་བ་ཟློགས༔ ངན་སོང་གསུམ་ལ་ཉམ་ང་བ༴ གཟུང་འཛིན་གྱི་རྨི་ལྟས་ངན་པ༴ ཡར་གྱི་བདུད་སངས་རྒྱས་ལ་རེ་བ༴ མར་གྱི་བདུད་འཁོར་བ་ལ་ལྷུང་དོགས་པ༴ ཐམས་ཅད་སྐྱེ་མེད་དུ་ཕྱ་ལ་ལ༔ འགག་མེད་དུ་ཡ་ལ་ལ༔ གཉིས་མེད་དུ་ཁྲོ་ལོ་ལོ་ཐོངས་ཤིག༔ བཀའ་སྲུང་ལ་གཏོར་མ་བསྔོ་ཞིང་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བ༔ རང་རིག་རྒྱལ་པོ་སྒྲ་གཅན་འཛིན༔ ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང༔ རང་སྣང་རྩལ་ཆེན་རྒྱས་པར་མཛོད༔ སྣང་ལ་རང་བཞིན་མེད་པའི་ཡུམ༔ ཀུན་ཏུ་བཟང་མོ་གནམ་ཞལ་མ༔ ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང༔ དངོས་འཛིན་དབུ་མར་ཐིམ་པར་མཛོད༔ དབྱིངས་རིག་གཉིས་མེད་རྡོ་རྗེ་འཛིན༔ དམ་ཅན་སྐྱེས་བུ་ཆེན་པོ་དང༔ དྲེགས་པའི་སྡེ་དཔོན་ཐུགས༴ མཐའ་བརྒྱད་སྤྲོས་པ་ཆོད་པར་མཛོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟན་མ་སྐྱོང་བ་ནི༔ བྷྱོ༔ སྣ་ཚོགས་མ་འགགས་མ་མོའི་ཚོགས༔ རྟེན་འབྲེལ་བཅུ་གཉིས་ཡོངས་དག་པ༔ སྟོང་ཆེན་ཉིད་ཀྱི་རང་བཞིན་ཅན༔ བསྟན་མ་བཅུ་གཉིས་འཁོར་དང་བཅས༔ ལུགས་འབྱུང་བཅུ་གཉིས་གཏོར་མ་འབུལ༔ ལུགས་ལྡོག་བཅུ་གཉིས་ཟད་པའི་མཐར༔ རིག་པ་ཡེ་ཤེས་རྟོགས་པར་མཛོད༔ མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལཱེ༔ ཏ་ཏཱ༔ ཏེ་ཏཱེ༔ མ་མ་སྲིང་འགྲོ་མ་སརྦ་པཱུ་ཛ་ཁཱ་ཧི༔ རྟ་བྲོ་ནི༔ སྲིད་པ་སྤྱི་གནོན་གྱི་དགོངས་པས་གཏོར་གཞོང་ཁ་སྦུབ་པའི་སྟེང་དུ་ཕྲིན་ལས་རྣམ་པ་བཞིའི་རྟ་བྲོ་བརྡུང་ཞིང༔ ཧཱུྃ༔ དཀར་ཞིང་གསལ་ལ་དྭངས་པ་ཡིས༔ ཉོན་མོངས་མ་ལུས་ཞི་མཛད་པ༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨཱོྃ་ཨཱཿཧཱུྃ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སེར་ཞིང་གསལ་ལ་དྭངས་པ་ཡིས༔ ཡེ་ཤེས་མ་ལུས་རྒྱས་མཛད་པ༔ རྒྱས་མཛད་ལྷ་ལ་ཕྱག༴ ཨཱོྃ་ཨཱཿཧཱུྃ༔ རྒྱས་པ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ དམར་ཞིང་གསལ་ལ་དྭངས་པ་ཡིས༔ སྐུ་གསུམ་དབང་དུ་སྡུད་མཛད་པ༔ དབང་མཛད་ལྷ་ལ་ཕྱག༴ ཨཱོྃ་ཨཱཿཧཱུྃ༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྗང་ཞིང་གསལ་ལ་དྭངས་པ་ཡིས༔ འཁོར་བའི་སྡུག་བསྔལ་སྒྲོལ་བར་མཛད༔ སྒྲོལ་མཛད་ལྷ་ལ་ཕྱག༴ ཨཱོྃ་ཨཱཿཧཱུྃ༔ སརྦ་མཱ་ར་ཡ་ནན༔ ཚེ་འགུགས་པ་ནི༔ ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡོབ་ཅིང༔ ཨཱོྃ་ཨཱཿཧཱུྃ༔ ཤར་གྱི་ཕྱོགས་ནས་འགུགས་བྱེད་མ༔ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུག༔ འགྱུར་བ་མེད་པའི་བཀྲ་ཤིས་ཤོག༔ ལྷོ་ཡི་ཕྱོགས་ནས་འགུགས་བྱེད་མ༔ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུག༔ དགོས་འདོད་འབྱུང་བའི་བཀྲ༴ ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ པདྨ་མཁའ་འགྲོས་ཚེ་གཡང་ཁུག༔ སྐུ་ལྔ་དབང་སྡུད་བཀྲ༴ བྱང་གི་ཕྱོགས་ནས་འགུགས་བྱེད་མ༔ ལས་ཀྱི་མཁའ་འགྲོས་ཚེ་གཡང་ཁུག༔ ལས་རྣམས་འགྲུབ་པའི་བཀྲ༴ དབུས་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུག༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཛྙཱ་ན་ཨཱ་ཡུཿཥེ་པུཎྱེ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དངོས་གྲུབ་བླང་བ་ནི༔ ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ནས༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་ས་ལེར་བཞུགས༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ དཀྱིལ་འཁོར་བསྡུ་བ་ནི༔ ཨ༔ སྐྱེ་བ་མེད་ལ་འགག་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་དམིགས་རླུང་གསུམ་འོད་གསལ་ངང༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ བསྔོ་བ་ནི༔ ཧཱུྃ༔ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གར༔ དགེ་ཚོགས་མ་འགགས་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དྭངས་པའི་སར༔ འཁོར་གསུམ་དམིགས་གཏད་བྲལ་བར་བསྔོ༔ སྨོན་ལམ་ནི༔ ཧཱུྃ་ཨཱཿཨཱོྃ༔ སྐྱེ་བ་མེད་ལ་ཅིར་ཡང་སྣང༔ འགག་པ་མེད་པའི་ཡེ་ཤེས་ཀྱིས༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་བརྗོད༔ མཐའ་རྟེན་བཀྲ་ཤིས་ནི༔ ཨཱོྃ་ཨཱཿཧཱུྃ༔ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་སྟོང་རྟོགས་པས་ན་རྒྱུ་མེད༔ ནད་མེད་བཅུད་ཀྱི་བཀྲ་ཤིས་ཤོག༔ རིག་སྐུར་མཐོང་བས་རྒས་རྒྱུ་མེད༔ རྒས་མེད་མཆོག་གི་བཀྲ་ཤིས་ཤོག༔ ཉག་གཅིག་རྟོགས་པས་རྨོངས་རྒྱུ་མེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ རང་རིག་རྟོགས་པས་འཁྲུལ་རྒྱུ་མེད༔ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེད༔ ཞི་ཁྲོ་རབ་འབྱམས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ༔ སརྦ་མངྒ་ལཾ།། །། ཨ་འཛོམས་འབྲུག་སྒར་པར་མ་ལས་ཟུར་འདོན་ཞུས་པའོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་ (Volume 6, Text 20)

༄༅། །འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་བཞུགས་སོ། ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨའི་སྲོག་ཏིག༔ རྫོགས་ཆེན་ཚེ་ཡི་སྒྲུབ་པ༔ སྐུ་མི་འགྱུར་རྡོ་རྗེའི་མན་ངག༔ གསང་བའི་ཚེ་སྒྲུབ་རྒྱུན་ཁྱེར་འདི་ལ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ དངོས་གཞི་ཏིང་ངེ་འཛིན་ལ༔ རང་སྐད་ཅིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་ཀྲོང་ངེ་བསྐྱེད་དེ༔ ཧྲཱིཿདཀར་པོ་གཅིག་རྡོ་རྗེའི་རྩེ་ལ་བསམ༔ དེ་ཚེ་དཔག་མེད་དངོས་སུ་མོས་པ་བྱས་ཏེ་གསོལ་བ་འདེབས་པ་འདི་བྱའོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ༔ ལན་གསུམ་བརྗོད་པས་ཧྲཱིཿལས་བདུད་རྩི་སྐྱ་ན་ར་ར་རྡོ་རྗེའི་དབུས་སུ་བབས་ཤིང་ཁེངས་པར་བསམས་ལ་རླུང་ཁུག་པ་བདུན་མནན་ནས་སྙིང་པོ་འདི་བཟླའོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་བརྒྱ་རྩ་ལ་སོགས་པ་ཡིད་བཟླས་བྱའོ༔ རྗེས་ལ་རང་རིག་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཉམ་པར་གཞག་ན་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་ངེས་སོ༔ སྙིང་ཏིག་ཡང་གཏེར་གསང་བ་སྦ༔ ས་མ་ཡ་རྒྱ༔ ཨོ་རྒྱན་པདྨའི་སྙིང་གཏམ་ཤོག་དྲིལ་བཞི་ལས་འདི་ཚེ་སྒྲུབ་ཀྱི་ཤོག་དྲིལ་ཡིན་ནོ། །འབུལ་མེད་ཁ་སྦྱང་མཁན་ལ་མ་བསྟན་ཞེས་གསུངས་སོ། །བརྒྱུད་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ལ་བླ་མ་ཚུལ་ཁྲིམས་བཟང་པོས་ཞུས་ནས་བསྒྲུབས་པས་ལོ་བརྒྱ་དང་བཅུ་དགུ་ཐུབ། དེ་ལ་ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཞུས། དེ་ལ་ཐུགས་སྲས་ལོ་ཙཱ་བས། དེ་ལ་འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ཀ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ་་་དེའི་ཞལ་ནས། འདི་བུ་སྟོན་གོང་ཁུག་མ་བྱ་བ་ཡིན། ང་ཡན་ལ་སྐུ་ཚེ་མཐར་ཕྱིན་པ་ཁོ་ན་བྱུང་བས་ཁྱེད་རང་ཐུགས་དམ་མཛོད་གསུང་ལུང་དང་དཔེ་གནང་ངོ་། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་རིན་ཆེན་བསོད་ནམས་རྒྱ་མཚོ། སློབ་དཔོན་འཇམ་དཔལ་མཁྱེན་རབ། སློབ་དཔོན་སྨོན་ལམ་བསམ་གཏན། སྦས་པའི་རྣལ་འབྱོར་བློ་གསལ་བསྟན་རྒྱན། བྱང་གླིང་པ་གྲུབ་དབང་ཡེ་ཤེས་དཔལ་འབྱོར། རྗེ་བླ་མ་འཆི་མེད་གྲུབ་པའི་དབང་ཕྱུག་རིན་ཆེན་བློ་གསལ་བསྟན་རྒྱན། བྱང་གླིང་གྲུབ་དབང་ཡེ་ཤེས་དཔལ་འབྱོར། རྗེ་བླ་མ་འཆི་མེད་གྲུབ་པའི་དབང་ཕྱུག་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་སྐལ་བཟང་མཁྱེན་བརྩེའི་མིང་ཅན་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་བསྩལ་ཏོ། །ཤུ་བྷཾ། ༈ བུ་སྟོན་གོང་ཁུག་མའི་ཚེ་སྒྲུབ་ཁྱེར་བདེ་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ་བཞུགས་སོ། །སྭསྟི། ཐོ་རངས་བྱ་ཁྭ་ཏའི་སྐད་མ་གྲགས་པའི་གོང་དུ་ལངས་ལ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་སྟོང་པར་ཡོད་པ། རྭ་དབུས་མའི་རྩེ་མོར་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ། ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པས་ཧྲཱིཿདེ་ལས་བདུད་རྩི་འོ་མའི་རྒྱུན་ལྟ་བུར་བབས། རྡོ་རྗེའི་རྭ་ནས་མར་ཞུགས། ནང་ཐམས་ཅད་བདུད་རྩིས་ཁེངས་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་ཅི་མང་དུ་བཟླ། རླུང་བུམ་པ་ཅན་བཟུང་། དེ་ནས། ཧྲཱིཿའོད་དུ་ཞུ་ནས་རྡོ་རྗེའི་རྭ་བར་ནས་མར་ཞུགས་པས་ལུས་ཐམས་ཅད་ཁེངས་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། བརྒྱུད་འདེབས་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད། །སྤྲུལ་སྐུ་པད་འབྱུང་ཡེ་ཤེས་མཚོ་རྒྱལ་ཞབས། །གཏེར་སྟོན་ཆོས་དབང་ཚུལ་ཁྲིམས་བཟང་པོ་དང་། །བུ་སྟོན་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་རྣམ་རྒྱལ་ཚུལ་ཁྲིམས་རྒྱལ་མཚན་དཔལ། །མཆོག་གྲུབ་དཔལ་འབར་ཚུལ་ཁྲིམས་བཟང་མོ་དང་། །འཇམ་མགོན་མཁྱེན་བརྩེ་དབང་ཕྱུག་རབ་བརྟན་ཞབས། །བསོད་ནམས་མཆོག་གྲུབ་རྣམས་ལ་གསོལ་བ་འདེབས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁྱེན་རབ་རྗེ། །གང་དེའི་ཐུགས་སྲས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་མྱུར་དུ་བསྩལ་དུ་གསོལ། །ཞེས་པ་འདི་ཡང་རང་གི་ཉེ་གནས་ཀུན་དགའ་བློ་ལྡན་གྱི་ཁ་ཏོན་དུ་བྲིས་པའོ། །འདི་གུ་རུ་ཆོས་དབང་ལ་བླ་མ་ཚུལ་ཁྲིམས་དཔལ་བཟང་གིས་གསན་ནས་བསྒྲུབས་པས་ལོ་བརྒྱ་དང་བཅུ་དྲུག་ཐུབ་ཅིང་བགྲེས་པས་ལུས་སྟོབས་ཤོར་བ་སོགས་མེད། ཕྱིས་གྲིབ་ཤས་གཅིག་ལ་བརྟེན་ནས་སྐུ་གཤེགས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་དགུང་ལོ་བརྒྱད་བཞེས་དུས་འདི་ལ་ལྗགས་བསྙེན་གནང་བས། ཉིན་རེ་བཞིན་རྗེ་ཐམས་ཅད་མཁྱེན་པ་གེགས་སེལ་བོགས་འདོན་ལ་ཕེབས་ཀྱི་ཡོད་ཅེས་གསུང་དངོས་ལས་ཐོས་ཞེས་ཞྭ་ལུ་མཁན་ཆེན་གྱིས་གསུངས་ཤིང་། སྐུ་ཚེ་མཐར་ཕྱིན་པར་བཞུགས་པ་སོགས་འདི་ཉིད་ཐུགས་དམ་དུ་མཛད་པ་རྣམས་ལ་སྐུ་ཚེ་རིང་པོ་བྱུང་བའི་ལོ་རྒྱུས་མང་དུ་ཡོད་གསུངས་སོ། །བརྒྱུད་པའི་ཁ་སྐོང་ནི། བསོད་ནམས་མཆོག་གྲུབ་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་བ། །བློ་གསལ་ཕུན་ཚོགས་ཀུན་དགའ་མཁྱེན་རབ་དང་། །བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་སོ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་མྱུར་དུ་བསྩལ་དུ་གསོལ། །ཞེས་པའང་འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤྲཱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུག་མའི་ཉམས་ལེན་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། པད་རཱག་རྡུལ་བརྩེགས་ལྷུན་པོ་ལ། །མཁའ་ནོར་བྱེ་བས་སྤུད་པ་ལྟའི། །ཚེ་དཔག་མེད་ལ་གུས་བཏུད་ནས། །ཟབ་མོའི་ཚེ་སྒྲུབ་གདམས་པ་བྲི། །འདིར་ཨོ་རྒྱན་པདྨའི་སྲོག་ཏིག་རྫོགས་པ་ཆེན་པོའི་ཚེའི་སྒྲུབ་པ། སྐུ་མི་འགྱུར་རྡོ་རྗེའི་མན་ངག་གསང་བའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གོང་ཁུག་མར་གྲགས་པ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཆོས་སོ། །དང་པོ་ནི། ཐོ་རངས་བྱ་རོག་གིས་སྐད་མ་བསྒྲག་པའི་གོང་དུ་འགྲུབ་ན་མཆོག་ཏུ་ལེགས་ལ། དེ་ལྟར་མ་འགྲུབ་ཀྱང་དུས་གང་ཡང་རུང་བ་ཞིག་ལ། སྟན་བདེ་བར་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་དང་རྒྱུ་ལེགས་པར་གསལ་གདབ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གང་མང་དང་། བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྒོམ་བཟླས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་ལན་གསུམ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་དུས་གཏན་དུ་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་མཐའ་དག་དང་བྲལ་བའི་ཆགས་སྡང་མེད་པའི་ངང་ནས་སེམས་བཏང་སྙོམས་པར་བྱ། གཉིས་པ་ཏིང་ངེ་འཛིན་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་ཀྲོང་ངེར་གྱུར་པའི་རྩེ་མོར་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ་དྭངས་ཤིང་གསལ་བ་ཞིག་གིས་མཚན་པར་གྱུར། ཅེས་པས་གསལ་བཏབ་རྗེས་ལག་པ་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་སྔགས་དོན་དྲན་པའི་སྒོ་ནས་ཚེ་དཔག་མེད་ཧྲཱིཿཡིག་ཏུ་གསལ་བ་ལ་གསོལ་བ་དྲག་ཏུ་གདབ་བོ། དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་ཧྲཱིཿལས་འཆི་མེད་བདུད་རྩི་དཀར་པོ་སྐྱ་ན་ར་ར་བྱོན་ནས་རང་ལུས་གསེར་གྱི་རྡོ་རྗེར་གསལ་བའི་རྭ་བའི་དབུས་སུ་བབས་ཤིང་ཁེངས་པར་གྱུར། དེ་ནས་ཐོག་མར་སྣ་བུག་གཉིས་ཀ་ནས་རླུང་རོ་ཅུང་ཟད་འབུད། དེ་ནས་ཇེ་ཆེ་ཇེ་ཆེར་འབུད་ཅིང་། ཡང་ཇེ་ཆུང་ཇེ་ཆུང་ངུ་བཏང་སྟེ་ཕྱིར་འབུད་ཅིང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་ནེ་ཕྱིར་ཐོན་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་མོ། །དེ་ནས་ཡང་། ཚུར་རླུང་ཁུག་པ་སྣ་བུག་གཡོན་ནས་བདུན། གཡས་ནས་བདུན་དྲངས་ཏེ། དམིགས་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལྷ་མིའི་དབང་པོ་སྟོབས་ལྡན་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་རླུང་དང་བསྟུན་ནས། རང་སེམས་གསེར་གྱི་རྡོ་རྗེར་གསལ་བའི་ནང་དུ་བསྡུས་པར་བསམས་ལ་རླུང་ཁུག་པ་བདུན་མནན་ནས་སྙིང་པོ་འདི་བཟླའོ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བརྒྱ་རྩ་ལ་སོགས་པ་ཡིད་བཟླས་བྱ། དེ་ནས་སླར་ཡང་གོང་བཞིན་གསོལ་བ་གདབ། སྤྱི་བོའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རང་དང་བསྒྲུབ་བྱའི་བླ་ཚེ་དང་བསོད་ནམས་ཉམས་པ། ཡར་བ། འཐོར་བ། འཕྲོགས་པ། བརྐུས་པ་ཐམས་ཅད་བསྡུས་ནས་ཧྲཱིཿཡིག་ལ་ཐིམ། ཧྲཱིཿའོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམས་ལ། རིག་པ་བརྗོད་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལྡང་བའི་ཚེ་མདུན་གྱི་ནམ་མཁར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་བསྒོམས་ཏེ། བརྒྱུད་འདེབས་འདི་བཞིན་བྱ། ཨེ་མ་ཧོ། མཐའ་ཡས་ཆོས་སྐུའི་ངོ་བོ་འོད་དཔག་མེད། ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ཚེ་མཐའ་ཡས། །སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །ཡང་སྤྲུལ་རྒྱལ་ཚབ་ཆོས་ཀྱི་དབང་ཕྱུག་དང་། །གྲུབ་དབང་ཆེན་པོ་ཚུལ་ཁྲིམས་བཟང་པོའི་ཞབས། །འགྲོ་བའི་སྐྱབས་གཅིག་བུ་སྟོན་ལོ་ཙཱ་བར། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །སྤྲུལ་པའི་སྐྱེས་མཆོག་རིན་ཆེན་རྣམ་རྒྱལ་དང་། །གྲགས་པའི་རྒྱལ་མཚན་འཛིན་པ་ཆོས་ཀྱི་རྗེ། །འཁྲུལ་ཞིག་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །ལྔ་རིག་པཎ་ཆེན་མཆོག་གྲུབ་དཔལ་འབར་བ། །རྒྱལ་བའི་ཡུམ་གྱུར་ཡེ་ཤེས་ཌཱ་ཀིའི་གཙོ། །རིག་འཛིན་ཆེན་པོ་མཁྱེན་བརྩེའི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །འཆི་མེད་བརྙེས་པ་དབང་ཕྱུག་རབ་བརྟན་དང་། །གྲུབ་དབང་ཆེན་པོ་ཚེ་དབང་ལྷུན་གྲུབ་ཞབས། །བསོད་ནམས་རྒྱ་མཚོའི་དེད་དཔོན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །བིཀྵུ་ཆེན་པོ་འཇམ་དཔལ་མཁྱེན་རབ་པ། །རྡོ་རྗེ་སློབ་དཔོན་སྨོན་ལམ་བསམ་གཏན་ཞབས། །ཉམས་རྟོགས་མཐར་ཕྱིན་བློ་གསལ་བསྟན་རྒྱན་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །དོན་གཉིས་མཐར་ཕྱིན་གྲུབ་དབང་ཡེ་ཤེས་མཚན། །ཐུགས་བཅུད་བཀའ་བབས་རྗེ་བཙུན་ཀུ་སཱ་ལི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །སྐྱབས་འགྲོ་སེམས་བསྐྱེད་ཆོས་དབྱིངས་པད་ཟླའི་སྟེང་། །རང་ལུས་གསེར་གྱི་རྡོ་རྗེར་གསལ་བཏབ་ནས། །ཧྲཱིཿདཀར་བསྐྱེད་བསྟིམ་རླུང་དང་བཟླས་སྒོམ་གྱིས། །རང་རིག་འཆི་མེད་གཉུག་མ་མངོན་གྱུར་ཤོག །གནས་སྐབས་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་འཕེལ། །སྲིད་དང་ཞི་བའི་དཔལ་འབྱོར་མ་ལུས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ནས་དགེ་བའི་སྤྱོད་ལམ་གྱིས་གནས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་བཞིན་མ་ཆག་པར་ཉམས་སུ་བླངས་ན། གནས་སྐབས་སུ་ཚེའི་བར་གཅོད་ཀུན་ལས་རྒྱལ་ནས་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་གསུངས་ཤིང་། མཐར་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ནི་ཤིན་ཏུ་ནས་རིགས་པས་གྲུབ་བོ། །སླར་སྨྲས་པ། པདྨཱ་ཀ་རའི་ཐུགས་ཀྱི་ཟེའུ་འབྲུ་ལས། །ལེགས་འོང་འཆི་མེད་རིག་འཛིན་གྲུབ་པའི་བཅུད། །བྱིན་རླབས་ཟིལ་མངར་མ་ཉམས་བུ་སྟོན་རྗེའི། །སྙན་བརྒྱུད་གདམས་པའི་ཡང་རྩེ་འདི་ན་ཀོ། །གྲོགས་དག་རྙེད་དཀའ་དལ་བའི་རྟེན་བཟང་འདི། །རིང་དུ་འཚོ་བར་འདོད་ན་ཚུར་ཤོག་ལ། །སྙིང་ལ་རྡོ་རྗེའི་རྒྱ་མདུད་འདི་ཐོབ་དང་། །གཞོམ་མེད་སྲོག་གི་ཀ་བ་བརྟན་པར་ངེས། །དེ་སྐད་ཕྱོགས་བྲལ་ཉུལ་བའི་དཱ་རི་དྲཱ། །བློ་གསལ་ཞེས་བྱའི་དགེ་སློང་གང་དེས་བཀོད། །དགེ་བ་འདིས་ཀྱང་མཐའ་ཡས་འགྲོ་བ་ཀུན། །ཚེ་འོད་དཔག་མེད་ས་ལ་གར་བྱེད་ཤོག །ཅེས་ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུག་མའི་ཉམས་ལེན་བྱ་ཚུལ་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་འདི་ཡང་། བནྡེ་བློ་གསལ་གྱིས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་རྒྱུ་སྐར་ལྷ་མོ་རྒྱལ་གྱིས་ཉ་བའི་དཀར་པོའི་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ་གདན་ས་ཆེན་པོ་ཞ་ལུ་རི་ཕུག་གི་ཡང་དབེན་བྱང་གླིང་སྒྲུབ་ཁང་དུ་སུག་བྲིས་སུ་བགྱིས་པའོ། །ཤུབྷཾ། ༈ ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །འཆི་མེད་རྡོ་རྗེའི་སྲོག་སྩོལ་པདྨཱ་ཀ་རའི་མཚན། །འཆི་མེད་རྡོ་རྗེས་རྗེས་བཟུང་ཀུན་མཁྱེན་བུ་སྟོན་ཞབས། །འཆི་མེད་རྡོ་རྗེ་སྟེར་མཛད་བླ་མར་གུས་བཏུད་དེ། །འཆི་མེད་རྡོ་རྗེའི་ཚེ་དབང་མན་ངག་བཞིན་དུ་བྲི། །དེ་ལ་འདིར་རྫོགས་པ་ཆེན་པོའི་ཚེའི་སྒྲུབ་པ་ཞེས་བྱ་བ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གོང་ཁུག་མར་གྲགས་པའི་དབང་ཆོག་དཔལ་འཇིགས་མེད་གྲགས་པ་ལས་བརྒྱུད་ནས་བྱུང་བ་འདི་ཉིད་ལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་ཚེ་དཔག་མེད་སོ་སོར་ཚེ་དབང་གི་ཕྱག་ལེན་འདུག་པ་ནི་གོང་མའི་ཡི་གེ་བཞིན་མ་འཁྲུལ་བར་ཉམས་སུ་བླང་བར་བྱས་ལ། འདིར་ནི་དགོས་དོན་གྱི་སྙིང་པོ་གཅིག་ཏུ་བསྡུས་ནས་དྲིལ་སྒྲུབ་ཀྱི་ཚུལ་དུ་ལག་ལེན་ཁྱེར་བདེ་བར་བཤད་པ་ལ་གཉིས་ཏེ། སློབ་དཔོན་གྱིས་བསྒྲུབ་པའི་ཚུལ་དང་། སློབ་མ་ལ་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ། སྦྱོར་བ་བཅའ་གཞི་བཤམས་པ། དངོས་གཞི་བདག་མདུན་བསྒྲུབ་པ། ཏིང་ངེ་འཛིན་གྱི་དབང་བླང་བའོ། །དང་པོ་ཡིད་དང་མཐུན་པའི་གནས་སུ་སྟེགས་བུ་མཛེས་པའི་སྟེང་དུ་མཎྜལ་པདྨ་འདབ་བརྒྱད་རེ་ཁཱ་སྔོན་པོས་བྱས་པ་བྲིས་པའམ་མེ་ཏོག་ཚོམ་བུ་དགུ་ལྡན་གྱི་སྟེང་མཉྫིའི་ཁར་ཚེ་བུམ་རྩེ་མོར་རྡོ་རྗེ་ཉི་ཟླ་ནོར་བུ་ནཱ་དའི་མཚན་མ་ཅན་མཐའ་ཚེ་རིལ་གྱིས་ཕྱུར་བུར་གཏམས་པས་བསྐོར་བ་དང། དེའི་མདུན་ངོས་ཀྱི་གཡས་ཀྱི་ཆར་བུམ་པ་མགུལ་ཆིངས་དང་ལྡན་པ་བཅུད་ཀྱིས་གང་བ། རྒྱབ་ཏུ་མདའ་དར། གཡོན་དུ་ཚེ་ཆང་རྣམས་བཀོད། མཐའ་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་བགེགས་གཏོར། གུ་གུལ། ཡུངས་ཀར་རྣམས་དང་། ཌ་དྲིལ་སོགས་དགོས་པའི་ཡོ་བྱད་འདུ་བྱ། རང་ཉིད་སྟན་བདེ་བ་ལ་འཁོད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པ་ཆེན་པོ་ཚེའི་དངོས་གྲུབ་ཐོབ་པར་བྱའོ་སྙམ་པའི་དགེ་སེམས་ཁྱད་པར་ཅན་གསལ་གདབ་བོ། །གཉིས་པ་དངོས་གཞི་ལ། བདག་མདུན་གྱི་གོང་དུ་ལས་བུམ་སྒྲུབ་པ། སྔོན་འགྲོ་གཏོར་མ་བསྔོ་བ། སྲུང་འཁོར་སྒོམ་པ། གནས་ཡོ་བྱིན་རླབས་དང་བཞི་ལས། དང་པོ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ལས་བུམ་ནང་དུ་དཔལ་རྟ་མཆོག་རོལ་པ་གསལ་བའི་སྐུ་ལས་རྡོ་རྗེའི་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཉེར་གཅིག་སོགས་བཟླས་མཐར། བསྐྱེད་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། འོག་ཏུ་བསང་བ་དགོས་པ་རྣམས་ལས་སྔགས་དེས་བུམ་ཆུ་འཐོར་བར་བྱའོ། །གཉིས་པ་སྔོན་འགྲོ་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ་བྱ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿས་མགྲོན་དགུག །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། ཨོཾ་ལོ་ཀ་པཱ་ལ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཉེར་སྤྱོད་ཀྱིས་མཆོད། གང་དག་ལྷ་ཀླུ་མི་འམ་ཅི། །གནས་བདག་གཞི་བདག་འབྱུང་པོའི་ཚོགས། ཁྱེད་རྣམས་གཏོར་མ་འདི་བཞེས་ལ། །བགེགས་དང་བར་ཆད་ཞི་བར་མཛོད། །གང་དག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་བདག་གི་ཚེ་སྒྲུབ་པའི་གྲོགས་མཛོད་ཅིག །མུཿ ནག་ཕྱོགས་པ་རྣམས་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །ཅེས་དང་ཧཱུྃ་བཞི་པའི་སྔགས་དང་བཅས་གཏོར་མ་ཕྱིར་དོར། གསུམ་པ་སྲུང་འཁོར་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་པ་འབར་བས་ཁྱབ་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བརྟན་པར་བྱ། བཞི་པ་གནས་ཡོ་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རིན་པོ་ཆེ་དང་པདྨ་ལ་སོགས་པ་སྣོད་ཕུན་སུམ་ཚོགས་པར་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་བོ། །དངོས་གཞི་བདག་མདུན་སོ་སོར་སྒྲུབ་པ་དང་། ལྷན་ཅིག་ཏུ་བྱ་བ་འདམ་ཀར་གསུངས་པར་མ་ཟད་རྙིང་མའི་ཕྱག་ལེན་ཕལ་ཆེར་རུ་བདག་མདུན་ཐ་མི་དད་དུ་བསྒྲུབས་ནས། བཟླས་པའི་གོང་དུ་འཛབ་ཁང་དབྱེ་བ་སོགས་བདག་མདུན་སོ་སོར་བཟླས་དམིགས་བྱ་ཚུལ་ཡོད་ལ། འདིར་ཡང་ལྷན་ཅིག་ཏུ་སྒྲུབ་པའི་ཚུལ་ཤེས་པར་བྱས་ཏེ་ཐོག་མར། ཨེ་མ་ཧོ། མཐའ་ཡས་ཆོས་སྐུའི་ངོ་བོ་འོད་དཔག་མེད། །ཅེས་སོགས་ཁོ་བོས་བྱས་པའི་བརྒྱུད་འདེབས་དང་། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་སྒྲོལ་བར་དམ་བཅ་འོ། །ཞེས་སྐྱབས་སེམས་དང་། རང་གི་སྒྱུ་ལུས་བེམས་པོ་འདིའི། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད། །དུང་མདོག་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད། །དེ་ཡི་ཐུགས་ཀར་ཡི་གེ་ཨཱཿ། །ཨཱཿལས་འོད་འཕྲོས་མདངས་དང་ལྡན། །ཨཱཿལས་བདུད་རྩིའི་ཆུ་རྒྱུན་བབས། །བདག་གི་སྤྱི་གཙུག་རྐང་མཐིལ་བར། །ཕྱི་ནང་ལུས་བཀྲུས་དག་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླ། བླ་མ་རྡོ་རྗེ་སེམས་དཔའ་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པའི་རྐྱེན་གྱིས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་རེ་བྷྱཿ ཞེས་ཕྱག་བྱ། སྔགས་དེ་ཉིད་ཀྱི་མཐར། ཨརྒྷཾ་སོགས་སྦྱར་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་སྡོམ་པ་བཟུང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སོགས་ཀྱིས་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་འགྲོ་བཞིན་ཏེ་བསོད་ནམས་ཀྱི་ཚོགས་གསག་གོ །སྭ་བྷཱ་ཝའི་སྔགས་བརྗོད་པ་དང་གནས་ལུགས་ཟབ་གསལ་གཉིས་མེད་ཀྱི་དོན་དྲན་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་བའི་འཁོར་ལོའི་དབུས་སུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་དཔྲལ་བར་སེང་ཁྲི་པད་དཀར་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿདཀར་པོ་ལས་ཚེ་བུམ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་དབུས་སུ་དངུལ་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ལ་འཁྱུད་པ། མགྲིན་པར་རྨ་བྱ་མཇུག་སྒྲོ་བསྣོལ་བས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དམར་པོ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿདམར་པོ་ལས་ཚེ་བུམ་དམར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། གསུང་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་པདྨ་རཱ་གའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་གསུང་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་ལ་འཁྱུད་པ། སྙིང་གར་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་སྔོན་པོ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿསྔོན་པོ་ལས་ཚེ་བུམ་སྔོན་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་སྦྱངས། ཐུགས་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་བཻཌཱུརྻའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཐུགས་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་ལ་འཁྱུད་པ། ལྟེ་བར་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་སེར་པོ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿསེར་པོ་ལས་ཚེ་བུམ་སེར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་སེར་མོ་ལ་འཁྱུད་པ། གསང་གནས་སུ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ལྗང་གུ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿལྗང་དགུ་ལས་ཚེ་བུམ་ལྗང་གུ་ཧྲཱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ། མ་རྒད་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་ལ་འཁྱུད་པ། ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་འཛིན་པས་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་དབང་ཐང་ཐམས་ཅད་འགུགས་པར་བྱེད་པ། གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཡབ་ཡུམ་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། ཉི་མ་འབུམ་གྱི་གཟི་འོད་དང་ལྡན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་ཐམས་ཅད་ལ་རིགས་ལྔའི་ངོ་བོ་ཧྲཱིཿདཀར་དམར་སྔོ་སེར་ལྗང་གུ་རེ་རེས་དབུར་བརྒྱན་པར་གྱུར། ཨོཾ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨརྒྷཾ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། བསྟོད་པ་ནི། སྣང་སྟོང་སྐུ་ཡི་རྡོ་རྗེ་འཛིན། །གསལ་སྟོང་བདེ་ཆེན་ལྷན་ཅིག་སྐྱེས། །སྐྱེ་འགག་བྲལ་བ་སྒྱུ་མའི་སྐུ །ཚེ་དཔག་མེད་མགོན་ཁྱོད་ལ་བསྟོད། །ཅེས་བསྟོད། བདག་མདུན་ཐ་མི་དད་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་དབྱེ། རང་དང་མདུན་བསྐྱེད་གཉིས་ཀའི་སྐུ་རྡོ་རྗེ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀར་ཟླ་དཀྱིལ་ལ་ཧྲཱིཿཡིག་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཕྱི་སྣོད་ནང་བཅུད་ཐམས་ཅད་དང་། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རོ་བཅུད་ཐམས་ཅད་སྤྱན་དྲངས་ཏེ་རང་དང་བསྒྲུབ་བྱའི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག འཆི་མེད་དྭངས་མ་གསུམ་ལྡན་མགོན་པོ་ཚེ་དཔག་མེད་སྐུ་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་། དེ་བཞིན་དུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཡབ་ཡུམ་རྣམས་ལའང་སོ་སོའི་ཁ་དོག་དང་མཐུན་པའི་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་བཀོད་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཝཱ་ཀ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་གསུང་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཐུགས་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་ཎ་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་ཀརྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་རྣམས་ཀྱི་སྔགས་ཅི་ནུས་སུ་བཟླའོ། །དེ་ནས་མཆོད་པ་བསང་སྦྱང་བྱིན་རླབས་བྱས་ལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་གོང་ལྟར་བྱ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པའི་མཐར། ཁྱེད་ལ་མི་ཟད་མཆོད་སྦྱིན་གཏོར་མ་འབུལ། །བདག་གི་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་འཁོར་སློབ་རྒྱས་པ་དང། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་བཏབ། སྒོས་ཀྱི་ཆོས་སྐྱོང་སོགས་ལ་གཏོར་མ་འབུལ་ན་སྐབས་འདིར་བྱ། གསུམ་པ་དབང་བླང་བ་ནི། བདག་ཉིད་འཇུག་པའི་དོན་དུ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། བླ་མ་མགོན་པོ་ཚེ་དཔག་མེད། ཁྱོད་ཀྱིས་དབང་སྐུར་བྱིན་བརླབས་ཤིང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་ནས། ཨོཾ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ལུས་ལ་བུམ་པའི་དབང་བསྐུར་སྩོལ། །ཨཱཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ངག་ལ་གསང་བའི་དབང་བསྐུར་སྩོལ། །ཧཱུྃ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡིད་ལ་གསུམ་པའི་དབང་བསྐུར་སྩོལ། །ཧོཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒོ་གསུམ་བཞི་པའི་དབང་བསྐུར་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་ཡབ་ཡུམ་རྟེན་དང་བརྟེན་པར་བཅས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་འོད་དུ་ལྟེམ་གྱིས་ཞུ། རང་ཉིད་སྣང་བ་མཐའ་ཡས་སུ་གསལ་བའི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་བཞི་དག །མཐར་ཐུག་སྐུ་བཞིའི་འབྲས་བུ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབས་པར་གྱུར། ཞེས་གནས་ལུགས་རྫོགས་པ་ཆེན་པོ་དེ་ཁོ་ན་ཉིད་ལ་མཉམ་པར་གཞག །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་ལྟར་བདག་མདུན་སོ་སོར་སྔར་བཞིན་གསལ་བའི་མདུན་བསྐྱེད་ལ་མོས་གུས་དྲག་པོས། བླ་མ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས། བདག་གི་རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སློབ་མའི་དོན་དུ་གསོལ་བ་གདབ་པ་སྟེ། དེ་དག་གིས་སློབ་དཔོན་གྱིས་སྒྲུབ་པའི་ཚུལ་རྣམས་བསྟན་ཟིན་ཏོ། །གཉིས་པ་སློབ་མ་ལ་དབང་བསྐུར་བའི་ཚུལ་ནི། དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་མེ་ཏོག་བཀྱེ་བསྡུ་དང་བཅས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་མཐུན་རྐྱེན་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་ཆེད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་བསམ་པ་བཟང་པོའི་སྒོ་ནས་གསན་འཚལ། དེ་ཡང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་དཀའ་ལ་དོན་ཆེན་པོ་དང་ལྡན་པ་ཞིག་སྟེ། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་པ་ལྟར། ཡིད་བཞིན་གྱི་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པའི་རྟེན་འདི་ཉིད་ཐོབ་དུས་མངོན་མཐོ་དང་ངེས་ལེགས་ཀྱི་དོན་ཟིན་པར་མ་བྱས་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་པ་སྟོང་པར་ལོག་པ་དང་ཁྱད་པར་མེད་དེ། སློབ་སྤྲིང་ལས། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབ། །མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདིང་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། དེའི་ཆེད་ཚེའི་རྟེན་འབྲེལ་སྒྲིག་པ་འདི་དོན་ཆེན་པོ་བསྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ཞིང་། དེའང་ཚེའི་དངོས་གྲུབ་སྟེར་བའི་ཡི་དམ་ཞིག་ལ་བསྟེན་དགོས་པ་ལས། རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཚེ་སྒྲུབ་ཀྱི་ཆོ་ག་དུ་མ་ཞིག་གསུངས་མོད་ཀྱང་། བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་བྱུང་བའི་ནང་ནས་སྔ་དར་གྱི་དུས་ཨོ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་གདུལ་བྱ་ལས་འཕྲོ་ཅན་རྣམས་ཀྱི་དོན་དུ་རྒྱ་ཆེ་བ་བཀའ་མ་དང་རྙིང་རྒྱུད་གཏེར་མ་དང་། ཟབ་མོ་དག་སྣང་མའི་ཆོས་སོགས་ཚུལ་དུ་མ་བསྟན་པ་རྣམས་ལ་ད་ལྟ་རྙིང་མ་ལུགས་སུ་གྲགས་པ་ཡིན་ལ། ད་ལམ་བསྐུར་བྱའི་ཚེ་དབང་འདི་ཉིད་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན། འདི་ལྟ་བུའི་ཚེ་སྒྲུབ་ཀྱི་ཆོས་སྐོར་ལ་ཡང་བརྒྱུད་པ་རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་དང་ཚུལ་གསུམ་ཡོད་པ་ལས། དང་པོ་རིང་བརྒྱུད་ནི་རྒྱལ་བ་ཚེ་དཔག་མེད་དང་ཡུམ་འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་གཉིས་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་དངོས་སུ་ཚེའི་དབང་བསྐུར་ནས། སློབ་དཔོན་ཆེན་པོས་རི་བོ་ཏ་ལ་ཡི་རྩེ་མོར་ཚེའི་སྒྲུབ་པ་མཛད་པས་སྐྱེ་ཤི་གཉིས་ལས་གྲོལ་ཏེ་འཆི་མེད་ཚེའི་རིག་པ་འཛིན་པའི་རྡོ་རྗེའི་སྐུ་མངོན་དུ་གྱུར། མ་འོངས་པའི་གདུལ་བྱའི་དོན་དུ་ཚེ་སྒྲུབ་སྙིང་གཏམ་གྱི་ཤོག་དྲིལ་བཞིར་མཛད་ནས་གཏེར་དུ་སྦས་ཤིང་། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་ལུང་བསྟན་སྨོན་ལམ་མཛད་པ་བཞིན། ཕྱིས་ཆོས་བདག་གི་ཚུལ་དུ་འཕགས་པ་སྤྱན་རས་གཟིགས་ཉིད་བསམ་བཞིན་དུ་ཡབ་སྤང་སྟོན་ཉི་མ་རྒྱལ་མཚན་དང་། ཡུམ་སྲས་མོ་བའི་ལྷུམས་སུ་ཞུགས་ཏེ་མིའི་སྲིད་པ་བཟུང་བ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ཡིན་ལ། འདི་ཉིད་ཀྱིས་བོད་ཙམ་ལ་དགོངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་སྤྱན་དྲངས་ཤིང་། སྐྱེ་འགྲོ་མང་པོའི་དད་རྟེན་དུ་རྡོ་ཤིན་ཏུ་མཁྲེགས་པའི་ངོས་ལ་ཕྱག་གཡས་པའི་ཕྱག་རྗེས་བརྒྱ་རྩ་བརྒྱད་དང་། ཞབས་གཡས་པའི་ཞབས་རྗེས་བརྒྱ་རྩ་བརྒྱད་བཞག་པ་སོགས་ངོ་མཚར་བའི་མཛད་པ་དང་མཐོང་ཐོས་དྲན་རེག་གིས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་ཀྱི་རྒྱུན་དེང་སང་གི་བར་དུ་ཀུན་གྱི་མཐུན་སྣང་ལ་གྲུབ་པ་བྱུང་བ་དེ་ཉིད་ཀྱིས་ཚེ་སྒྲུབ་ཀྱི་ཤོག་དྲིལ་སྐོར་རྣམས་བྲག་སྟོན་གྲུབ་པའི་དབང་ཕྱུག་མེས་པོ་ཚུལ་ཁྲིམས་བཟང་པོ་ལ་གནང་། འདི་ཉིད་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུའི་མེས་པོའང་ཡིན་ལ་སྔགས་རྙིང་རྒྱུད་གསན་པའི་བླ་མའང་ཡིན། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། དེ་ལ་བུ་སྟོན་རིན་པོ་ཆེས་གསན་ནས་ཚེ་སྒྲུབ་ཀྱི་ཤོག་དྲིལ་གོང་ཁུག་ཏུ་བཞུགས་པར་མཛད་ཅིང་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་པས་དེ་ཕྱིན་ཆད་ཚེ་དབང་བུ་སྟོན་གོང་ཁུག་མར་གྲགས་པ་ཡིན། བུ་སྟོན་ཐམས་ཅད་མཁྱེན་པ་ནས་བདག་གི་བླ་མའི་བར་དུ་མཁས་གྲུབ་ཟམ་མ་ཆད་པར་རིམ་པར་བརྒྱུད་པའི་ཚུལ་དང་། ཉེ་བརྒྱུད་ནི་ཞྭ་ལུ་རི་ཕུག་གི་གཟིམས་ཆུང་མུན་ཁང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བུ་སྟོན་ཐམས་ཅད་མཁྱེན་པ་ལ་དངོས་སུ་དབང་དང་གདམས་པ་བསྩལ་པ་ལས་བརྒྱུད་པའི་ཚུལ་དང་། ཤིན་ཏུ་ཉེ་བརྒྱུད་ནི་བོ་དོང་ཨེའི་གཙུག་ལག་ཁང་དུ་འཇིགས་བྲལ་གསང་བ་སྦྱིན་པར་འོད་གསལ་གྱི་སྣང་ངོར་བུ་སྟོན་ཐམས་ཅད་མཁྱེན་པས་ཞལ་བསྟན་ནས་དེ་ཉིད་འདུས་པ་རྩོམ་པར་བསྐུལ་ཞིང་ཚེ་སྒྲུབ་འདི་ཉིད་གནང་བར་བཞེད་ལ། དོན་དེ་ཉིད་ཉམས་སུ་བཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེ་དཔག་མེད་རིགས་ལྔའི་ཞལ་གཟིགས་དབང་དང་སྒྲུབ་ཐབས་གནང་བ་ལས་བརྒྱུད་པའི་ཚུལ་སོགས་མདོར་ན་བཀའ་བབས་ཀྱི་ཆུ་བོ་གཉིས་གཅིག་ཏུ་འདྲེས་ནས་བྱུང་བའི་ཚེ་དབང་ཟབ་མོ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་དབང་འབུལ་ལ་གཉིས་སུ་ཡོད་པའི་དང་པོ་བདག་མདུན་ལྷན་ཅིག་ཏུ་བསྐྱེད་ནས་སླར་བདག་མདུན་སོ་སོར་ཕྱེ་སྟེ་བཟླས་པ་དང་། མཆོད་གཏོར་འབུལ་བ། དབང་བླང་བ་རྣམས་སྔོན་དུ་གྲུབ་ཟིན། གཉིས་པ་ཁྱེད་རང་རྣམས་ལ་དབང་འབུལ་རིམ་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སྔོན་དུ་འགྲོ་དགོས་པས། བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པའི་སྤྱན་སྔར་ཚེ་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་ཐུགས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ཚེ་བུམ་སོགས་རྟེན་རྫས་རྣམས་སྣང་བ་མཐའ་ཡས་སུ་གསལ་བའི་གནས་ལྔར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཚེ་དཔག་མེད་ཡབ་ཡུམ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་ཁྲ་ལམ་མེ་བཞུགས་པའི་སྟེང་གི་ཆ་ལ་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་གུ་རུ་ཆོས་དབང་། གྲུབ་དབང་ཚུལ་ཁྲིམས་བཟང་པོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ཀུན་མཁྱེན་འཇིགས་མེད་གྲགས་པ་ནས། བདག་གི་རྩ་བའི་བླ་མ་ཀུན་གཟིགས་སྨྲ་བའི་ཉི་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་དུ་བྱོན་པའི་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པའི་མོས་པ་མཛད་ནས། དེ་དག་གི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་དམ་ཚིག་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དངོས། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཉིད། །ཀུན་འདུས་ཡིད་བཞིན་ནོར་བུ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་རྣམ་དཀར་གྱི། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དམ་ཚིག་སྡོམ་པ་མ་ལུས་བཟུང་། །དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ། །ལན་གསུམ། དབང་གི་གཞི་རྟེན་འགོད་པའི་སླད་དུ་བླ་མ་དང་མདུན་བསྐྱེད་རྣམས་ལ་མོས་གུས་དྲག་པོ་དུང་བ་ཞིག་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་དམིགས་མེད་དུ་སྦྱངས་ཏེ་འོད་ཀྱི་གོང་བུར་གྱུར། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྣང་གྲགས་རིག་གསུམ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ཞིང་འདི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་ཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་དཔྲལ་བར་སེང་ཁྲི་པད་དཀར་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿདཀར་པོ་ལས་ཚེ་བུམ་དཀར་པོ་ཧྲཱིཿས་མཚན་པ། ཞེས་སོགས་བདག་མདུན་གྱི་སྐབས་བཞིན་ཐུགས་ཀར་ཧཱུྃ་ཞེས་པའི་བར་བརྗོད། བླ་མ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་འོད་ཟེར་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་བཞུགས་པའི་མགོན་པོ་འོད་དཔག་མེད་དང་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་རྒྱལ་བ་ཚེ་དཔག་མེད་པ། ལྷོ་ཕྱོགས་གྲུ་འཛིན་གྱི་གནས་ན་བཞུགས་པའི་འཕགས་པ་འཇིག་རྟེན་དབང་ཕྱུག །ལྷོ་ནུབ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ནས་ཞུགས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པ་སྐྱབས་ཡུལ་ཐུགས་རྗེ་མངའ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་མགོན་པོ་ཚེ་དཔག་མེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་སྤྲུལ་རྡུལ་ཕྲན་ཙམ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སོ་སོའི་སྔགས་ཀྱི་མཐར། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། དེ་ལྟར་ཡེ་ཤེས་ཕབ་ནས་ཚེ་འགུགས་པ་ནི། ཚེ་དཔག་མེད་རིགས་ལྔའི་ཐུགས་ཀ་ནས་ཚེའི་དངོས་གྲུབ་འགུགས་པའི་ཕོ་ཉ་མོ་དཀར་སྔོ་དམར་ལྗང་བཞིའི་ཕྱག་གཡས་ན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་རྣམས་དང་། གཡོན་ན་མཚན་ལྡན་གྱི་ཐོད་པ། བཻཌཱུརྻའི་ལྷུང་བཟེད། པདྨ་རཱ་གའི་བུམ་པ། གཡུའི་ཡོལ་གོ་རྣམས་ཐོགས་པ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྟོང་གསུམ་ཁྱབ་པར་འཕྲོས། སྡེ་བརྒྱད་མཐུ་བོ་ཆེ་རྣམས་ཀྱིས་ཚེ་འཕྲོགས་པ་དང་། འཐོར་བ་དང་ཡར་བ་ལ་སོགས་པ་ཐམས་ཅད་བསྡུས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿཛཿ འགུགས་བྱེད་ལྷ་མོ་ལྕགས་ཀྱུ་མ། དཀར་མོ་མཛེས་མ་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿཧཱུྃ༔ འཆིང་བྱེད་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་བསྣམས། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿབཾ༔ སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ལྕགས་སྒྲོག་བསྣམས། །ཀླུ་དབང་ལག་ནས་ཚེ་ཁུག་ལ། །རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿཧོཿ འབེབ་བྱེད་ལྷ་མོ་དྲིལ་བུ་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །འབྱུང་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ལྷ་མོ་རྣམས་སླར་གཅིག་ལ་གཅིག་ཐིམ་གྱིས་རིགས་ལྔ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་གྱུར། དབང་གི་དངོས་གཞི་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དགོས་འདོད་མ་ལུས་འབྱུང། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འཆི་མེད་ཚེ་ཡི་དབང་བསྐུར་མཆོག །སྐལ་ལྡན་བདག་ལ་བསྩལ་དུ་གསོལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཤུདྡྷེ་ཧཱུྃ་ཕཊ། ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། བུམ་པ་གཞལ་ཡས་ཁང་བཅུད་ས་བོན་ཡིག་འབྲུ་ལྔས་གང་བས་དབང་བསྐུར་བ་དང་། ཚེ་བུམ་མགོན་པོ་ཚེ་དཔག་མེད་པར་གསལ་བས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། དང་པོ་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བུམ་པའི་ནང་དུ་འཁོར་འདས་ཀྱི་ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་ཡི་གེ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་པ་རྣམས་གཅིག་ནས་གཉིས་འཕེལ་གྱི་ཚུལ་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་དཔྲལ་མགྲིན་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཐིམ་པར་གྱུར་པས་ཚེ་བསོད་དཔལ་དང་གཟི་བྱིན་བཀྲག་མདངས་ཐམས་ཅད་རྒྱས་པའི་མོས་པ་མཛོད། ཧྲཱིཿ ཕུན་ཚོགས་སྲིད་ཞིའི་ཚེ་བཅུད་ལེགས་བྱས་ཀྱིས། །ཡོངས་སུ་གང་བའི་བུམ་པ་གཞལ་ཡས་ཁང་། །ལྷུན་གྲུབ་རིག་འཛིན་ཚེ་ཡི་དཀྱིལ་འཁོར་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རིགས་ལྔ་འདུས་པ་རྡོ་རྗེ་ཚེ་ཡི་ལྷས། །སྐལ་ལྡན་གནས་ལྔར་དབང་བསྐུར་བྱིན་བརླབས་པས། །བུ་ཁྱོད་འཆི་བདག་བདུད་ལས་ཐར་གྱུར་ཅིག །ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར། གཉིས་པ་ཚེ་བུམ་འདི་ཉིད་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡེར་གྱིས་བྱོན། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ། འཐོར་བ་ལ་སོགས་པ་བན་བོན་མཐུ་བོ་ཆེ་སོགས་ཀྱིས་འཕྲོགས་པ། བརྐུས་པ་ཐམས་ཅད་ཁབ་ལེན་གྱི་རྡོས་ལྕགས་བསྡུས་པ་ལྟར་རང་དབང་མེད་པར་བཀུག་སྟེ་ཚེ་བུམ་ལྷར་གསལ་བ་ལ་ཐིམ། ཡང་འོད་ཟེར་དེས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ་པས་སྲ་ཞིང་འཐས་པ་སའི་བཅུད་དང་། རླན་ཞིང་གཤེར་བ་ཆུའི་བཅུད་དང་། ཚ་ཞིང་འབར་བ་མེའི་བཅུད་དང་། ཡང་ཞིང་གཡོ་བ་རླུང་གི་བཅུད་དང་། དེ་བཞིན་དུ་ཚངས་པ། བརྒྱ་བྱིན། ཕྱོགས་སྐྱོང་བཅུ། སྡེ་དཔོན་བཞི་སོགས་ལྷ་ཀླུ་མཐུ་བོ་ཆེ་རྣམས་དང་། མཁྱེན་ལྡན་གྱི་པཎྜི་ཏ། སྟོབས་ལྡན་གྱི་རྒྱལ་བློན། མཐུ་ལྡན་གྱི་རིག་འཛིན། ནུས་ལྡན་གྱི་སངས་རྒྱས་བྱང་སེམས། ཁྱད་པར་དུ་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་བསྡུས་ནས་ཚེ་བུམ་ལྷར་གསལ་བ་དེ་ཉིད་ལ་ཐིམ། དེའི་སྐུ་ལས་བྱང་སེམས་དཀར་དམར་དང་བཅས་པའི་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་འོད་ཟེར་ཁ་དོག་ལྔ་ལྡན་དུ་བབས་ཏེ། གཞན་དུ་བོ་ཟགས་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་གང་བས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་དང་བྲལ་བ་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་གྱུར་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་ཚེ་དཔག་མེད། །ཚེ་ཡི་མཁའ་འགྲོ་ཙཎྜ་ལཱི། །པདྨ་འབྱུང་གནས་རིག་འཛིན་རྗེ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །གུ་རུ་ཆོས་དབང་ཚུལ་ཁྲིམས་བཟང་། །བུ་སྟོན་ཡབ་སྲས་ལོ་གྲགས་རྗེ། །གསང་བ་ཀུན་འདུས་སྦྱིན་མཛད་དཔལ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །བཀའ་བབས་གཉིས་འདུས་བརྒྱུད་པ་ཀུན། །དོན་འདུས་རྩ་བའི་བླ་མ་དང་། །རིགས་ལྔ་ཚེ་དཔག་མེད་པ་ཡིས། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །འཆི་མེད་རྡོ་རྗེ་ཚེ་ཡི་དབང་། །རྒྱལ་བའི་བྱིན་རླབས་ཡེ་ཤེས་མཛོད། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ རྣམ་པར་སྣང་མཛད་ཚེ་དཔག་མེད། །ཕྱག་རྒྱ་འཁོར་ལོ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། སྣང་བ་མཐའ་ཡས་ཚེ་དཔག་མེད། །ཕྱག་རྒྱ་པདྨ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཝཱ་ཀ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། མི་བསྐྱོད་རྒྱལ་པོ་ཚེ་དཔག་མེད། །ཕྱག་རྒྱ་རྡོ་རྗེ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། །རིན་ཆེན་འབྱུང་ལྡན་ཚེ་དཔག་མེད། །ཕྱག་རྒྱ་རིན་ཆེན་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་ཎ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། །དོན་ཡོད་གྲུབ་པ་ཚེ་དཔག་མེད། །ཕྱག་རྒྱ་རྒྱ་གྲམ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཀརྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། ཞེས་ཚེ་བུམ་སྔགས་བརྗོད་པ་དང་མཉམ་དུ་སྤྱི་བོ་སོགས་གནས་ལྔར་གཏུགས་པས་དབང་བསྐུར་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བདེན་པའི་མཐུ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་དང་། ཚེ་རྫས་བསྐྱེད་རྫོགས་སྔགས་ཀྱི་མཐུ་ལ་བརྟེན་ནས་རིགས་ཀྱི་བུ་འདི་རྣམས་ལ་དབང་བསྐུར་བས། ཚེ་རིང་བ། ལོ་བརྒྱ་ཐུབ་པ། སྟོན་བརྒྱ་མཐོང་བ། ཚེ་སྲ་བ། བརྟན་པ། བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐལ་པ་མཆོག་ཏུ་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། ཚེ་བུམ་ཚེ་ལྷར་གསལ་བ་འོད་དུ་ཞུ། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ལྷར་གསལ་བ་ཡང་འོད་དུ་ཞུ་ནས་ཡི་གེ་ཨཱཿཡིག་དཀར་པོ་ཞིག་ཏུ་གྱུར། ཨཱཿཞེས་བརྗོད་པས་ཨཱཿདེ་ཡང་མི་དམིགས་ཏེ་སྤྲོས་པའི་མཐའ་ཀུན་དང་བྲལ་བ་གསལ་སྟོང་ཟུང་འཇུག་ནམ་མཁའ་ལྟ་བུའི་ངང་དུ་ཅི་གནས་མཉམ་པར་ཞོག་མཛོད། ཅེས་རོལ་ཆེན་བྱ། དེའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་ལྟར། ཁྱེད་རང་རྣམས་སྐད་ཅིག་གིས་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་ཀྲོང་ངེར་གྱུར་པའི་རྩེ་མོ་རིགས་ལྔ་ཚེ་དཔག་མེད་གཅིག་ཏུ་གྱུར་པའི་ངོ་བོ་ཧྲཱིཿདཀར་པོ་དྭངས་ཤིང་གསལ་བས་མཚན་པའི་མོས་པ་མཛོད། ཚེ་རིལ་གྱི་སྣོད་བཏེགས། ཨོཾ། འཆི་མེད་རྡོ་རྗེའི་དམ་ཚིག་ལ། །དཀྱིལ་འཁོར་ལྷ་ཡི་བྱིན་རླབས་ཞུགས། །སྔགས་དང་ཕྱག་རྒྱས་ནུས་པ་བསྐྱེད། །རོ་བཅུད་གཟི་འོད་ལྡན་པ་འདི། །ཟོས་པས་ནད་གདོན་ཀུན་ཞི་ཞིང་། །ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན། །རྡོ་རྗེ་གསུམ་གྱི་སྲོག་ཏུ་འགྱུར། །འཆི་མེད་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། ཚེ་རིལ་སྦྱིན། ཧྲཱིཿ བདེ་བ་སྐྱོང་བའི་ཀ་པཱ་ལར། ཁམས་ལྔ་འབྱུང་བའི་བཅུད་བསྡུས་པའི། །བདུད་རྩི་འཆི་མེད་ཆུ་རྒྱུན་འདི། །འཐུང་བས་ནད་གདོན་བགེགས་ཞི་ཞིང་། །བར་གཅོད་གཡུལ་ལས་རབ་རྒྱལ་ཏེ། །ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག །གོང་བཞིན་སྔགས་བརྗོད་པས་ཚེ་ཆང་སྦྱིན། དེ་ནས་ཚེ་མདའ་གཡབ་ཅིང་། དཔྲལ་མགྲིན་སྙིང་གར་རྒྱས་བཏབ་ལ། ཧྲཱིཿ འབྱུང་ལྔའི་དྭངས་མ་འདུས་པའི་ཚེ་བཅུད་འདི། །ཡེ་ཤེས་ལྔ་ཡི་ངོ་བོར་རྒྱས་བཏབ་བོ། །སྒོ་གསུམ་མི་འགྱུར་ལྷུན་གྲུབ་ཚེ་བཅུད་འདི། །སྐུ་གསུམ་རྒྱལ་བའི་ངོ་བོར་རྒྱས་བཏབ་བོ། །འཁོར་འདས་སྣང་སྲིད་རོ་སྙོམས་ཚེ་བཅུད་འདི། ངོ་བོ་ཉིད་ཀྱི་སྐུ་རུ་རྒྱས་བཏབ་བོ། །ལུས་ལ་རྡོ་རྗེ་ཚེ་ཡི་དབང་བསྐུར་བས། །སེམས་ཉིད་འཁྲུལ་པའི་རང་མཚང་རིག་གྱུར་ནས། །འཆི་མེད་གཉུག་མ་མངོན་གྱུར་འོག་མིན་དུ། །མཐར་ཐུག་མཆོག་གི་གོ་འཕང་ཐོབ་གྱུར་ཅིག །ཅེས་དང་། སྔགས་བརྗོད་ཅིང་རྒྱས་གདབ་བྱ། རྗེས་གཙོ་བོས་ཇི་ལྟར་སོགས་ཀྱི་མཐར། གཏང་རག་གི་མཎྜལ་ཕུལ། མཆོད་བསྟོད་བཟོད་གསོལ། གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐར་དགའ་སྟོན་བྱའོ། །འཆི་མེད་མངོན་གྱུར་པདྨའི་ཞལ་ལུང་གིས། །ཀུན་མཁྱེན་བུ་སྟོན་སྙན་གྱི་ཨུཏྤལ་འདབ། །གྲོལ་བའི་ཟེའུ་འབྲུར་ཆགས་པའི་ཟིལ་མངར་རྒྱུན། །རྒྱ་ཆེར་འཕེལ་འདི་གསང་བ་སྦྱིན་གྱི་མཐུ། །གང་ལས་འོངས་པའི་ཨ་བྷི་ཥིཉྩའི་ཆབ། །དྲིན་ཅན་མཁྱེན་བརྩེའི་ཞལ་གྱི་བུམ་བཟང་ལས། །ཉེ་བར་འཐུངས་པས་བཀའ་བབས་ཆུ་བོ་གཉིས། །ཨ་ཧོ་བདག་བློའི་རྫིང་བུར་གཅིག་ཏུ་འཁྱིལ། །རྒྱལ་བའི་གསུང་རབ་རྡུལ་ཁྲོད་འཁྱམས་དུས་འདིར། །བདག་འདྲས་ཡི་གེའི་སྦྱོར་བ་དོན་མེད་ཀྱང་། །བླ་མ་མཆོག་གི་བཀའ་བཞིན་བགྱིས་པ་ལ། །འགལ་འཁྲུལ་ནོངས་ཚོགས་མཆིས་ན་སྙིང་ནས་འཆགས། །དགེ་བས་འགྲོ་བ་ཀུན་ལ་བདེ་བའི་དཔལ། །འབྱུང་གནས་བསྟན་པ་ཡུན་རིང་དར་ཞིང་རྒྱས། །དེ་འཛིན་མཆོག་རྣམས་སྐུ་ཚེ་བརྟན་པ་དང་། །རྒྱལ་ཁམས་བདེ་ལེགས་ཆེན་པོས་འཚོ་བར་ཤོག །ཅེས་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་པདྨའི་རིག་པ་འཛིན་པ་གང་གིས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་དངོས་སུ་གདམས་ཤིང་། ཕྱིས་བོ་དོང་ཨེའི་གཙུག་ལག་ཁང་དུ་འཇིགས་བྲལ་གསང་བ་སྦྱིན་པ་ལ་འདིའི་སྒོ་ནས་རིགས་ལྔ་ཚེ་དཔག་མེད་ཞལ་གཟིགས་ཉེ་བརྒྱུད་དུ་བྱུང་བ་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་ཞེས་བྱ་བ་འདི་ནི། རྗེ་བླ་མས་ཚེ་དབང་གནང་དུས་འདི་ལ་ཡི་གེ་གསལ་བ་ཞིག་གྱིས་ཤིག་ཅེས་བཀའ་ལུང་ནན་གྱིས་ཕེབས་པར་བརྟེན། པཎ་ཆེན་པདྨ་གར་དབང་གིས་མཛད་པའི་ཡི་གེ་རྩ་བར་བཀོད་ཅིང། ལྕེ་བཙུན་བསྟན་འཛིན་ཕྲིན་ལས་ཀྱིས་ཚེ་དབང་བསྐུར་ཚུལ་མཛད་པ་དང་། ཁྱབ་བདག་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྒྱུན་ལས་འདིའི་སྒོམ་ལུང་གི་ཞལ་ཤེས་ཐོར་བུ་བྱུང་བ་རྣམས་ཀྱིས་ཟུར་བརྒྱན་ནས། བཙུན་པ་བློ་གསལ་བསྟན་སྐྱོང་གིས་འགལ་བྱེད་ཅེས་པ་ལྕགས་མོ་ཕག་གི་ལོ་ནག་པཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན། གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་མཆོག་དམ་པ་རྣམས་སྐུ་ཚེ་བརྟན་པའི་རྒྱུར་གྱུར་ཅིག །འདིའི་ཉམས་ལེན་གྱི་རིམ་པ་སྙིང་པོར་དྲིལ་བ་ནི། ཁོ་བོས་བྱས་པའི་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་ཉམས་ལེན་རྡོ་རྗེའི་རྒྱ་མདུད་བཞིན་དུ་ཉམས་སུ་བླང་བར་བྱའོ། །ཤུ་བྷཾ། །།

བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ (Volume 25, Text 20)

༄༅། །བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ་བཞུགས་སོ། ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་རྒྱས་པར་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཡོངས་རྫོགས། འབྲིང་པོ་ཡབ་ཡུམ་རྐྱང་སྒྲུབ། བསྡུས་པ་དཔའ་བོ་གཅིག་པ་དང་གསུམ་འབྱུང་བ་ལས། འདིར་ཡབ་ཡུམ་རྐྱང་སྒྲུབ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་རྟེན་གྱི་གང་ཟག་འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལྡན་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ལ། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་དམིགས་ཏེ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ཉེར་གཅིག་ཙམ་དང་། བཻ་རོས་་་པདྨ་དབང་ཆེན་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །པདྨ་དབང་ཆེན་སྒོམ་བཟླས་ནི། །བདག་གིས་སེམས་ཅན་དོན་དུ་བགྱི། །ཞེས་ཚར་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་དང་། བཻ་རོས་་་སེམས་ཅན་ཐམས་ཅད་བདེ་དང་ལྡན། །སེམས་ཅན་སྡུག་བསྔལ་མེད་གྱུར་ཅིག །སེམས་ཅན་བདེ་ལ་རྟག་པར་གནས། །འགྲོ་རྣམས་སངས་རྒྱས་ཐོབ་གྱུར་ཅིག །ཅེས་པས་ཚད་མེད་བཞི་བསྒོམ། རང་སྐད་ཅིག་གིས་ཐུན་མཚམས་ཀྱི་པདྨ་དབང་ཆེན་དུ་གསལ་བས། ཨོཾ་རཾ་བཛྲ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཏཱིཀྵྞ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། རཾ་ཨ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་སོགས་ཐོག་མཐའ་འདྲ་བ་ལ། པུཥྤེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ། ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛི་ཏེ་ཛོ་ཧཱུྃ། ཨོཾ་མ་ཧཱ་པདྨ་རཀྟ་ཧཱུྃ། ཞེས་པས་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པཾ་པདྨ་མཎྜལ། སྣ་ཚོགས་པདྨའི་ལྟེ་བར། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར། རུ་དྲ་བཾ། བདུད་ནག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པ་ས་བོན་གྱི་ཡིག་འབྲུ་ཧྲཱིཿདམར་པོ་དང་། མཾ་སྔོན་པོར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་ངོ་བོ་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཡིག་འབྲུ་ལ་ཐིམ་པས་པདྨ་དམར་པོ་དང་བྷནྡྷ་ཁྲག་གིས་གང་བའི་རྣམ་པར་གྱུར། ཏིཥྛ་བཛྲས་བརྟན་པར་བྱས། ཧྲཱིཿམ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ པདྨ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག །ཞབས་བཞི་པ། རྩ་བའི་ཞལ་དམར་ནག །གཡས་ཞལ་དཀར་བ། གཡོན་ཞལ་ལྗང་གུ །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་རྩ་ཞལ་གྱི་སྤྱི་བོར་རྟ་མགོ་ལྗང་གུ །རྔོག་མ་དམར་པོ། །ཕྲུམ་ཕྲུམ་སེར་པོ། །ཞུར་དཀར་པོ། །རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་པདྨ་དམར་པོ་འདབ་མ་བརྒྱད་པ་དང་། གཡོན་གྱི་དང་པོ་བྷནྡྷ་ཁྲག་གིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་པས་ལྕགས་ཀྱུ། གཡོན་གཉིས་པས་རྒྱུ་མའི་ཞགས་པ། གཡས་གསུམ་པས་ཙནྡན་གྱི་བེ་ཅོན་དང་། གཡོན་གསུམ་པས་རལ་གྲི་རབ་ཏུ་འབར་བ་ཕྱར་ཐབས་སུ་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཚལ་བུའི་དཔུང་རྒྱན། སྐམ་པོ། རློན་པ། རྙིད་པ་སྟེ་ཐོད་ཕྲེང་ཚར་གསུམ་གྱི་དོ་ཤལ་ཅན། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན་གསོལ་བ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། སྦྲུལ་རིགས་བཞི་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཁྱུང་གཤོག་སྔོན་པོས་བར་སྣང་ཁྱབ་པ། སྒེག་པ་དཔའ་བ་མི་སྡུག་པ། དགོད་དང་དྲག་ཤུལ་འཇིགས་སུ་རུང་བ། སྙིང་རྗེ་རྔམས་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པ། ཞབས་གཡས་གཉིས་བསྐུམ་ཞིང་། གཡོན་གཉིས་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། ཨོཾ་མ་ཧཱ་ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊ། བྷནྡྷ་ཁྲག་གང་ཡོངས་སུ་གྱུར་པ་ལས། དེའི་པང་ན་ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་མི་སྙིང་རློན་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་དུང་ཆེན་དམར་འཁྱིལ་ཡབ་ཀྱི་ཞལ་དུ་སྟོབ་པ། སྤྱན་གསུམ་ཁྲག་མིག་ཏུ་ལྟ་བ། ཞལ་བགྲད་མཆེ་བ་གཙིགས་པ། རལ་པ་ནག་པོ་མུན་ལྟར་འཐིབས་པས་སྐུ་རྐེད་ཡན་ཆོད་ནོན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འབར་བ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ཡེ་ཤེས་པ་སྤྱན་དྲང་བ་ནི། ཡབ་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མ་ཡ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་རི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གྷནྡྷེ་ ནཻ་བིདྱཱ་ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧིས་ཕྱི་ནང་གསང་གསུམ་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རང་གི་སྤྱི་བོར་ཧཱུྃ་སྔོན་པོ་ལས་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཨོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨོཾ། མཚོག་མར་ཨོཾ་དཀར་པོ་ལས་བྷུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཏྲཱཾ། རྣ་ལྟག་གཡས་པར་སྭཱ་སེར་པོ་ལས་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། པཱཾ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧྲཱིཿ ལྟག་པར་པཱཾ་དམར་པོ་ལས་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྣ་ལྟག་གཡོན་པར་ཧཱ་ལྗང་གུ་ལས་ཀརྨ་ཧེ་རུ་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དེ་ལྔ་གའང་ཐོད་སྐམ་གྱི་ཁང་བུ་རེ་རེར་བཞུགས་པས་དབུ་བརྒྱན་པར་བསམ། དེ་ནས་སྔར་ལྟར་སྔགས་ཙམ་གྱིས་ཕྱི་མཆོད་དང་། སྔགས་ཀྱི་རྗེས་སུ་མ་ཧཱ་སརྦ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་སྨན་རཀ་གཏོར་གསུམ་གྱིས་མཆོད། རྒྱས་པར་རྟགས་བསྟོད་དམ། བསྡུ་ན། ཀུན་མཁྱེན་མུས་སྲད་པས་མཛད་པ། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ་ཀ །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །དགའ་བཞི་བདེ་བ་ཆེན་པོའི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཐབས་དང་ཤེས་རབ་རོལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཁྲོ་བོའི་སྐུ །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པས་བསྟོད། དེ་ནས་རླུང་རོ་བུས་ནས་འོག་རླུང་གྱེན་དུ་འཐེན་པས། རང་གི་ལྟེ་བ་ནས་འོད་དམར་ཞིང་གསལ་བ་སྒྲོན་མེ་བཏེག་པ་ལྟ་བུ་བདེ་བའི་རང་བཞིན་དམར་ཁྱུག་གིས་བྱུང་བས་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང་། སྡིག་སྒྲིབ་བག་ཆགས་དང་བཅས་པ་སྐད་ཅིག་དེ་ཉིད་ལ་སངས་ཀྱིས་དག །འོད་དམར་པོ་དེ་ཉིད་སྣ་བུག་གཉིས་ནས་ཕྱིར་སོར་བཞི་ཙམ་ཐོན་ནས་དམར་ལམ་མེ་ཡོད་པ་ལ་སེམས་གཏད་དེ་རླུང་ཕྱིར་ཐུབ་ཚད་དུ་མནན། མི་ཐུབ་པ་དང་རླུང་ནང་དུ་དྲངས་པ་དང་མཉམ་དུ་འོད་སྔར་ལས་ཀྱང་ཆེས་ཆེར་དུ་གསལ་བས་ལུས་ཐམས་ཅད་ཁྱབ་པས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར། རང་ཉིད་ལྷའི་སྐུ་ཡབ་ཡུམ་ཞལ་སྦྱོར་སྤྱན་གྱི་དཀར་ནག་ཚུན་མ་འདྲེས་པར་མེ་དཔུང་གི་དབུས་ན་གསལ་སེང་ངེ་བཞུགས་པ། མེ་ལོང་ནང་གི་གཟུགས་བརྙན་ནམ། རྨི་ལམ་གྱི་སྣང་བའམ། ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ། རླུང་ནང་དུ་ཅི་ཐུབ་འཛིན་ཅིང་། སེམས་འཛིན་མེད་དུ་འཇོག །དེ་ལྟར་ཡང་ཡང་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། རྒྱས་པར་ལྷ་ཁྲིད་སེམས་བཟུང་གི་ཤོག་དྲིལ་དང་། བསྐྱེད་རྫོགས་ཟུང་འཇུག་གི་ཤོག་དྲིལ། དེའི་བོགས་འདོན་དུག་ལྔ་ལམ་སློང་གི་ཤོག་དྲིལ། གཏུམ་མོ་དྲོད་ཀྱི་ཤོག་དྲིལ་སོགས་བླ་མ་དམ་པའི་ཞལ་ཤེས་ཀྱིས་བརྒྱན་ནས་ཉམས་ཁྲིད་དུ་བྱས་པ་ལས་རྟོགས་པར་འགྱུར་རོ། །བཟླས་པ་བྱ་བར་འདོད་པས། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས་སྔགས་ཕྲེང་ཁ་དོག་དམར་ནག་ཡིག་འབྲུ་གྱེན་དུ་ལངས་པས་བསྐོར་བར་བསམ། དེ་རྣམས་ལས་འོད་ཟེར་དཀར་དམར་འདྲེས་པ་ཉི་མའི་འོད་ཟེར་རམ། གསེར་གྱི་བ་ཐག་འཛིངས་པ་བཞིན་བུན་བུན་འཕྲོས་པས། ལུས་ཀྱི་ནང་གང་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྐད་ཅིག་ལ་སང་དག །འོད་ཟེར་བ་སྤུའི་བུ་ག་དང་། ཡབ་ཡུམ་གྱི་སྦྱོར་མཚམས་སོགས་ནས་ཕྱིར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་རྣམས་ཉེར་སྤྱོད་ལྔ་ལ་སོགས་པ་ཕྱིའི་མཆོད་པ། སྨན་རག་གཏོར་གསུམ་སོགས་ནང་གི་མཆོད་པ། སྦྱོར་བ་དང་སྒྲོལ་བ་སོགས་གསང་བའི་མཆོད་པ། གནས་ལུགས་རང་ངོ་ཤེས་པས་མཆོད་བྱ་མཆོད་བྱེད་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཀྱིས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བྱེ་བྲག་ཏུ་དགྲ་བགེགས་ལོག་པར་འདྲེན་པ་རྣམས་ལ་འོད་ཟེར་ཕོག་པའི་མོད་ལ་ཚར་བཅད། ཐམས་ཅད་དཔལ་རྟ་མགྲིན་གྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ལྔ་པ་བསམ་གྱིས་མི་ཁྱབ་པ་དང་ལྷན་ཅིག་ཏུ་མཚོ་ལ་སེར་ཆེན་བབ་པ་བཞིན་དུ་རང་ལ་ཆེམ་གྱིས་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། ཧྲཱིཿ བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱིཿ །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། །སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །ཞེས་པས་གསལ་བཏབ་ནས་རིག་པ་མ་ཡེངས་པའི་ངར་དང་བཅས་པས། ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པ་དང་། ཡུམ་གྱི་ཐུགས་ཀར་པདྨའི་ལྟེ་བར་མ་ཡིག །འདབ་མ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་གོང་བཞིན་བྱས་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཅེས་པ་ཇི་ལྟར་རིགས་པ་བཟླས་པའི་རྗེས་སུ། འཛབ་བསྟོད་ནི། ཧྲཱིཿ པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔམ་བརྗིད་གཏུམ། །སྐུ་མདོག་དམར་ནག་འགྱིང་ཞིང་བརྗིད། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་ཀློང་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང་། འཛབ་ཀྱི་དངོས་གྲུབ་བླང་བ་ནི། ཧྲཱིཿ ཁྲོ་རྒྱལ་དབང་ཆེན་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨོཾ་པདྨཱནྟ་ཀྲྀཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་རག་མོ་དུནྟིཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛཿ ཞེས་པ་ཉེར་གཅིག་ཙམ་དང་། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་པས་དངོས་གྲུབ་ཐམས་ཅད་རང་བཞིན་གྱིས་ཐོབ་ཅིང་བརྟན་པར་བསམ། དེ་ལྟར་ཉམས་སུ་ལེན་པའི་ཚེ་བར་ཆད་ཀྱི་རྣམ་པ་ཅི་བྱུང་ཡང་སྔགས་ཀྱི་ངར་བཏགས་ཏེ་ཚར་གཅོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་ཁྲོ་ཆུང་དམར་ནག་ཁྲོ་ཞིང་རྔམ་པ་གྲངས་མེད་པ་དང་། མཚོན་ཆ་རྣོ་ཞིང་རྩུབ་པ་དང་། མེ་དཔུང་ཚ་ཞིང་རྩུབ་ལ་འབར་བ་འུར་སྒྲ་དང་བཅས་པ། ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་སྐད་ཅིག་ཉིད་ལ་ཚར་བཅད་ཅིང་། སྟོང་གསུམ་གྱི་ཕ་རོལ་ནམ་མཁའི་མཐར་ཡུད་ཀྱིས་བསྐྲད་ནས། སྔར་གྱི་སྤྲོས་པ་རྣམས་ཚུར་འདུས་རང་གི་མཐའ་སྐོར་དུ་ཁྲོ་བོའི་གུར་ཁང་སྔགས་ཀྱི་ང་རོ་འབྲུག་ལྟར་ལྡིར་བ། དེའི་ཕྱིར་མཚོན་ཆའི་གུར་ཁང་། དེའི་ཕྱིར་མེ་དཔུང་གི་གུར་ཁང་གསལ་བཏབ། དེ་རྣམས་ལས་མེ་མཚོན་ཁྲོ་བོའི་ཚྭ་ཚྭ་ལྕགས་ཀྱི་ཞུན་མ་འཐོར་བ་ལྟར་ཕྱོགས་བཅུར་འཕྲོས་པས། གདོན་བགེགས་གདུག་པ་ཅན་ཐམས་ཅད་རྩྭ་སྦུར་མེས་ཚིག་པའམ། མེ་སྟག་ཆུ་ནང་ཤོར་བ་ལྟར་རྗེས་མེད་དུ་སོང་བར་བསམ་ལ། ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིཀྜྷ་་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ་ཞེས་མཚམས་སྔགས་དང། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྡྲ་རཱ་ག་པཱ་ཤཾ་ཀུ་རུ། པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཙནྡྲ་རཀྴ་མ་ཧཱ་བ་ལ་མ་མ་ཤྭ་རཱི་པདྨ་ཀྲོ་དྷ་ཧྲཱིཿཧྲཱིཿ སརྦ་དུཥྚཱཾ་ཏྲིག་ནན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཙིཏྟ་རྦད་ནན། མྱོག་ཐུཾ་རིལ་རྦད། ཧུར་ཐུཾ་ཛཿ མཱ་ར་ཡ་རྦད། སཏྭཾ་བྷ་ཡ་ནན། ཞེས་པ་ལྕགས་མཁར་སྤུ་གྲིའི་སྔགས་ཤིན་ཏུ་རྣོ་ཞིང་གཉན་པ་དང་། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་པཱ་ཎི་ཀཱི་ལ་ཡ། ཡ་མ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ནཱ་ག་དུ་ན། ཙནྡྷེ་ཙནྡྷེ། མི་ལི་མི་ལི་ཧཱུྃ་ཕཊཿ ཅེས་པ་བདེ་གཤེགས་གཅིག་དྲིལ་གྱི་སྔགས་ཟབ་མོ་རྣམས་ཐུན་མཚམས་སུ་བརྒྱ་རྩའམ་ཉེར་གཅིག་ཡན་བཟླ་བར་བྱའོ། །ཐུན་འཇོག་ཁར་ལྷག་ཆད་ཁ་སྐོང་བ་དང་། བྱིན་རླབས་བརྟན་པའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་བཟླ། སྔར་ལྟར་མཆོད་བསྟོད་བྱ། ཧ་ཡ་གྲཱི་བ་ཧྲཱིཿགབ། བ་མོ་དྷ་ར་ཧྲཱིཿགབ། པདྨ་བྷནྡྷ་ཧྲཱིཿགབ། ཙནྡྲ་རཀྴ་ཧྲཱིཿགབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་གནས་ལྔར་ཕྱག་རྒྱ་བཅས་པས་ལུས་བསྲུང་། ཐུན་མཚམས་སུ། རང་དཔལ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོན་ལ་སྤྱོད་ལམ་བྱའོ། །ནང་དུ་འཇུག་པ་ན་སྔར་གྱི་དེ་ལ་ཐིམ་པར་བསམ། ཉལ་བའི་རྣལ་འབྱོར་ལྟ་བུའི་ཚེ་ལྷ་བསྡུ་བར་འདོད་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཡབ་ཡུམ་གྱི་བར་དུ་ཐིམ། ཡུམ་ཡབ། ཡབ་ཧྲཱིཿཡིག་གི་བར་དུ་བསྡུས། ཧྲཱིཿཡིག་གི་གུའི་བར་བསྡུས། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རིག་སྟོང་གི་ངང་དུ་མཉམ་པར་བཞག་ནས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། མཐར། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །ཅེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་བར་བྱའོ། །མཐར་ལྡང་བར་འདོད་པས་དེའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་གྱི་སྐུར་ལངས་པར་བསམ་ལ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་བརྗོད། དེ་ལྟ་བུའི་ཚུལ་གྱིས་གཞིའི་བསྙེན་པ་བྱ་བར་འདོད་པས། ཞག་རེ་ལ་ཐུན་བཞིར་བཅད་ནས་ཉམས་སུ་བླང་། དུས་ཀྱི་བསྙེན་པ་ཟླ་བ་དྲུག་གམ་གསུམ་ལ་སོགས་པ་ཡིན་ལ། གྲངས་ནི་ཡབ་ལ་འབུམ་ཕྲག་བཅུ་བཞི། ཡུམ་ལ་དེའི་ཕྱེད། རྟགས་སམ་མཚན་མ་ནི། གསང་རྒྱུད་ལས། སྐུ་ཉིད་དངོས་སུ་མཐོང་བ་འམ། །སློབ་དཔོན་ཉི་ཟླ་མགོ་ལ་འཆར། །རྫས་ལ་མེ་འབར་འོད་འཕྲོ་ཞིང་། །སྣང་སྲིད་མེ་ཏོག་པདྨས་གང་། །སྒྲུབ་ཁང་གཡོ་འགུལ་སྒྲ་ཆེན་འབྱུང་། །པདྨའི་སྙིང་པོར་བདག་འདུག་དང་། །སངས་རྒྱས་ཉག་གཅིག་ཆོས་ཉན་པས། །ཞེས་སོགས་རྣམས་རྨི་ལམ་ཉམས་སྣང་མངོན་སུམ་དུ་འབྱུང་བ་ནི་རིམ་བཞིན་ཕྱི་ནང་གསང་གསུམ་གྱི་རྟགས་སུ་བཤད་དོ། །འདི་ཉིད་ཤིན་ཏུ་ཟབ་ཅིང་གསང་བ་སྒྲུབ་ཐག་ཉེ་བའི་མཐར་ཐུག་པ་ཡིན་ཞིང་། ཁྱད་པར་སྙིགས་མའི་དུས་སུ་རྒྱལ་པོ་དང་ཀླུའི་གནོད་པ་ཕལ་ཆེར་འབྱུང་བས། དེའི་གཉེན་པོར་འདི་བས་ལྷག་པ་མེད་པས་ནན་ཏན་དུ་ཉམས་སུ་བླང་བར་བྱའོ། །གསང་སྔགས་སྙིང་པོ་མ་ཧཱ་ཡོ་གའི་བཅུད། །སྒྲུབ་སྡེ་བརྒྱད་ཀྱི་ཟབ་དོན་པདྨའི་གསུང་། །དེ་ཡི་མཐར་ཐུག་ཡང་གསང་ཁྲོས་པ་ཞེས། །ཨོ་རྒྱན་མཁན་པོའི་ཞལ་གྱི་བདུད་རྩིའི་རྒྱུན། །འདར་འཕྱར་གྲུབ་དབང་བརྒྱུད་པར་བཅས་པ་ཡི། །སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི། །བཀའ་བབས་ལས་འོང་ཡབ་ཡུམ་སྒྲུབ་པའི་ཐབས། །དངོས་གྲུབ་མྱུར་སྩོལ་དེང་འདིར་ཁོ་བོས་སྦྱར། །བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་བློ་དམན་པ་དག་ལ་ཕན་པའི་བསམ་པས་ཀུན་ནས་བླངས་ཏེ། ཡང་གསང་ཁྲོས་པའི་རྣལ་འབྱོར་པ་པདྨ་དྲག་པོ་རྩལ་གྱིས་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་དགོན་པར་སྦྱར་བའོ།། །།

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བཞིའི་སྦྱིན་སྲེག་བཀླག་ཆོག་ཏུ་བཀོད་པ་ཕྲིན་ལས་འོད་ཟེར་ (Volume 8, Text 21)

༄༅། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བཞིའི་སྦྱིན་སྲེག་བཀླག་ཆོག་ཏུ་བཀོད་པ་ཕྲིན་ལས་འོད་ཟེར་ཞེས་བྱ་བ་བཞུགས་སོ། ། རང་བྱུང་ཡེ་ཤེས་འོད་དུ་འཁྱིལ། །རྟོག་འཁྲུལ་འཁོར་བའི་ཚང་ཚིང་སྲེག །སྲིད་ཞིའི་བླ་མ་ཆེན་པོའི་ཞབས། །ཚངས་པའི་རྒྱན་དུ་བཀོད་པར་གསོལ། །ཟབ་ཆོས་འདི་ཉིད་དར་ཆེ་ཡང་། །ལས་བྱང་ཙམ་གྱིས་ཆོག་ཤེས་པས། །བསྙེན་སྒྲུབ་མཐའ་རྒྱས་བྱེད་པ་དཀོན། །དེ་ཕྱིར་སྲེག་བླུགས་ལག་ལེན་འགོད། །ལས་དང་དངོས་གྲུབ་ཀྱི་རྩ་བ་སྦྱིན་སྲེག་གི་ཆོ་ག་ལ་སྔགས་གསར་མ་ལྟར་ན་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་ལ་འགྲོས་ཐ་དད་པ་རེ་རེ་ཡོད་ཅིང་། ནང་གསེས་རྒྱུད་དང་མན་ངག་སོ་སོའི་ཁྱད་པར་གྱིས་ཤིན་ཏུ་མང་པོར་འགྱུར་བ་དང་། རྙིང་མ་ལ་བཀའ་མ་རྒྱུད་སྡེ་དང་གཏེར་མ་སྒྲུབ་སྡེའི་ལུགས་གཉིས། ནང་གསེས་བྱེ་བྲག་མཐའ་ཡས་པ་མཆིས་ཀྱང་ཕྱག་ལེན་རྒྱས་བསྡུས་དང་མན་ངག་གི་ངེས་པའི་རྣམ་འགྱུར་ཙམ་ལས་དོན་གྱི་ངོ་བོ་གཅིག་ཅིང་། དེ་ལ་འདིར་ཤར་གཏེར་ཡང་ཟབ་དཀོན་མཆོག་སྤྱི་འདུས་དང་འབྲེལ་བ་སྟེ། དེ་ལའང་སྔ་མ་རྣམས་ཀྱིས་གཏེར་ཆོས་སྡེ་ཚན་གཅིག་པའི་དབང་གིས་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྦྱིན་སྲེག་མྱུར་མགྱོགས་འོད་འབར་ནས་ཁ་བསྐངས་པ་དང་། སྤྱི་འདུས་རང་གཞུང་ལ་གསང་བ་སྤྱིའི་ཆོ་ག་སྦྱོར་བ་དང་། འདས་པའི་སྲེག་བླུགས་སྐབས་ཞི་དྲག་སེང་གསུམ་ཀ་སྦྱོར་བ་དང་། ཞི་རྐྱང་ལས་དྲག་སེང་མི་སྦྱོར་བ་སོགས་སྣང་མོད། སྤྱི་འདུས་རང་གཞུང་རྐྱང་པས་ནི་གོ་མི་ཆོད་པས་ཁ་སྐོང་བྱས་ཕྱིན་ཚེ་སྒྲུབ་ནས་སྐོང་བ་དེ་གཏེར་ཁ་འདི་གའི་ཁྱད་ཆོས་ཡིན་པས་ཆེས་ལེགས་པ་དང་། ཞི་བ་ཉིད་རྩ་བའི་ལྷ་ཡིན་པས་དེ་ནང་མ་འཐུས་མེད་ཀྱང་བསྙེན་སྒྲུབ་ལྟ་བུའི་སྐབས་ཏིང་འཛིན་བཟླས་པ་སོ་སོར་བྱ་དགོས་པས་སོ་སོར་སྲེག་བླུགས་ཀྱིས་ཁ་སྐོང་བ་ཉིད་ལེགས་པས་འདིར་དེ་ལྟར་འཆད་པར་བྱའོ། །དེ་ལ་སྦྱིན་སྲེག་བྱེད་པ་པོར་རྡོ་རྗེ་སློབ་ཀྱི་དེ་ཉིད་བཅུ་དང་ལྡན་པ། ཐ་ནའང་བསྙེན་སྒྲུབ་ཐེམས་ཤིང་ཏིང་ངེ་འཛིན་དང་ལག་ལེན་འཁྲུལ་མེད་ཤེས་པ་ཞིག་གིས་བྱ་དགོས་སོ། །དུས་ནི་བསྙེན་སྒྲུབ་ཁ་སྐོང་ཡིན་ན་དེ་ཉིད་གྲུབ་པའི་མཇུག་ཐོག་དེ་མ་ཐག་པ་དང་། ལས་བཞི་དམིགས་བསལ་སྒྲུབ་པ་ལ། ཞི་རྒྱས་གཉིས་ཡར་ངོའི་སྔ་དྲོ་དང་ཉིན་གུང་། དབང་དྲག་གཉིས་མར་ངོའི་དགོང་མོ་དང་སྲོད་ལ་བྱ་བར་ཤིས་པའོ། །དགོས་པ་ནི། བསྙེན་སྒྲུབ་སྐབས་ཀྱི་ཏིང་ངེ་འཛིན་དང་བཟླས་བརྗོད་ཀྱི་ལྷག་ཆད་ཉམས་ཆག་འགལ་འཁྲུལ་སྐོང་ཞིང་སོར་ཆུད་པ་དང་། ཞི་རྒྱས་སོགས་ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་པས་མངོན་པར་འདོད་པའི་དོན་བདེ་བླག་ཏུ་འགྲུབ་པར་བྱེད་པའོ། །དབྱེ་བ་ཕྱི་ནང་གསང་བ་བླ་ན་མེད་པའི་སྦྱིན་སྲེག་དང་ལྔར་བཤད་པ་ལས་འདིར་ཕྱིའི་སྲེག་བླུགས་འཆད། དེ་ལའང་ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི་སྦྱིན་སྲེག་དང་ལྔར་བཤད་པ་ལས་འདིར་སྔ་མ་གསུམ་བཤད་པའོ། །དེ་ལ་སྔོན་འགྲོ་སྦྱོར་བའི་ཆོས་ནི། སྒྲུབ་གནས་ཀྱི་ས་གཞི་རྙིང་པ་སོགས་ལ་མི་དགོས་ཀྱང་སྲེག་བླུགས་མ་བྱས་པའི་ས་ཡིན་ནས་སློང་བ་དང་སྦྱོང་བ་མདོར་བསྡུས་དགོས་པས། གང་དུ་བྱ་བའི་གནས་དེར་དཀར་གཏོར་དང་གསེར་སྐྱེམས་བཤམ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མ་ཛས་སྤྱན་དྲངས། བྷུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམས་ལ་དཀར་གཏོར་དང་གསེར་སྐྱེམས་ཕུལ། རང་ཉིད་སྐད་ཅིག་གིས་པདྨ་འོད་འབར་གྱི་སྐུར་གསལ་བར་གྱུར། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་བཛྲ་གུ་རུ་བརྒྱ་རྩ་བཟླས་པས་ཀུན་རྫོབ་དང་། སྭཱ་བྷཱ་བ་ལན་གསུམ་བརྗོད་ལ་ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པས་དོན་དམ་གྱི་སྦྱོང་བ་བྱ། དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་སྦྱིན་སྲེག་བྱེད་པ་ཡིན་ན་ས་ཆོག་འདི་མི་དགོས་སོ། །གང་ལྟར་ས་ཆོག་བྱས་པའི་གནས་དེར་གཙང་མའི་ས་ལ་སྟེགས་བུ་གྲུ་བཞི་བ་བྱུང་དང་ས་དཀར་པོས་བྱུགས་པའི་ཁར་ཚངས་ཟུར་གྱི་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་ཁྲུ་ཕྱེད་ཀྱི་སར་ཟླུམ་པོར་བསྐོར་བ་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། དེ་རྒྱབ་སོར་བཞི་མཆུ། དེ་རྒྱབ་སོར་བཞི་ཁ་ཁྱེར་ཏེ་དེ་ལ་རྡོ་རྗེའི་ཕྲེང་བས་བསྐོར། །དེ་རྒྱབ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཐམས་ཅད་ཚོན་དཀར་པོས་བྲི། ཚོན་མདོག་གཞན་གྱི་སེལ་མ་ཕོག་པར་བྱས་པ་ལ་བ་བྱུང་བདུད་རྩི་ལྔ་དྲི་བཟང་བཅས་འཛོམ་ན་བྱུགས་འཐོར་བྱ། མེ་ཏོག་དཀར་པོ་དགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་ཇི་ལྟར་རིགས་པའི་ཡམ་ཤིང་དང་མཐུན་པའི་ཤིང་ཐབ་ལས་ཅུང་ཟད་ཐུང་བ་ཟླུམ་པོར་བརྩིགས་པའི་སྟེང་དུ་ཀུ་ཤའི་རྩེ་མོ་མེ་ཐབ་མདུན་བསྟན་གྱིས་གཡོགས། །འབྱོར་ན་དར་རས་དཀར་པོའི་གུར་ཕུབ་ཅིང་ཐབ་ནང་དུ་མེ་ཚང་ཏིང་ལོ་རྣམས་ཀྱང་བཞག །སློབ་དཔོན་གྱི་གཡས་གཡོན་གཉིས་སུ་སྟེགས་བུ་དཀར་པོ་རེ་རེའི་སྟེང་དུ། འབྱོར་ན་འདས་མ་འདས་ཀྱི་མཆོད་སྲེག་རྫས་བཤམ་གདན་བང་རིམ་གཉིས་རེ་ཡོད་ན་ལེགས། སློབ་དཔོན་གྱི་གཡས་ཕྱོགས་སུ་མཆོད་རྫས་ནི་དཀར་གསུམ་ལས་བཅོས་པའི་གཏོར་མ་ཟླུམ་པོ་གསུམ་ལ་རིལ་བུའམ་མཐེབ་ཀྱུ་ཁ་ཤས་བཞག་པ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་དཀར་པོས་ཁ་བསྒྱུར་བ་དང་། འདོད་ཡོན་ལྔ་མར་ལས་བཅོས་པ་འདས་ལྷ་དང་། སྟེགས་ཉིས་རིམ་ཡོད་ན་དམའ་བ་དེར་རམ་མེད་ན་མདུན་ངོས་སུ་དཀར་ཟླུམ་ཐེབ་རིལ་སྨན་རཀ །ཆུ་གཉིས་ཉེར་སྤྱོད། །འདོད་ཡོན་ལྔ་བཅས་མེ་ལྷར་ཏེ་མཆོད་པ་ཚར་གཉིས་བཤམ། སྣོད་སོགས་འབྱོར་པས་མ་ལྕོགས་ན་གཏོར་མ་སོ་སོར་བཤམས་ལ། གཞན་རྣམས་ཚར་གཅིག་བཤམས་ནས་ཐོག་མར་མེ་མཆོད་སྐབས་ཕུད་རྣམས་སྣོད་གཞན་དུ་ལེན། འདས་ལྷའི་སྐབས་སུ་དེ་ཕར་བླུགས་མཆོད་ཁ་གསོས་པས་ཆོག །སློབ་དཔོན་གྱི་གཡོན་མེ་ཐབ་ཀྱི་གཡས་སུ་བསྲེག་རྫས་ནི། མར་དཀར་གྱི་མར་ཁུ། བལ་བུ་སོགས་འོ་མ་ཅན་གྱི་ཤིང་ཤུན་པ་དང་བཅས་པའི་ཡམ་ཤིང་སོར་བཞི་པ་དཀར་གསུམ་མར་ཁུས་བྱུགས་པ། ཏིལ་དཀར་པོའམ་མ་རྙེད་ན་ཏིལ་ནག །དཱུར་བ་མ་ཉམས་པ། འབྲས་མ་གྲུག་པ། འབྲས་ཆེན་ནམ་འབྲུ་དཀར་གྱི་ཕྱེ་མ་ཞོ་དང་འོ་མ་བཏབ་པའི་ཟས་མཆོག །ཀུ་ཤ་མ་ཉམས་པ། སོ་བ། ནས། སྲན་དཀར་བཅས་དངུལ་དང་དཀར་ཡོལ་སོགས་སྣོད་དཀར་པོ་ཟླུམ་པོའི་ནང་དུ་འདས་མ་འདས་ཚར་གཉིས་དགོད། འདིའང་འབྱོར་པས་མ་ལྕོགས་ན་གོང་སྨོས་མཆོད་རྫས་ལྟར་བྱ་ཆོག །མཆོད་སྲེག་རྫས་བཤམ་ཕྱོགས་གཞུང་འདིའི་ལུགས་དམིགས་བསལ་ཡིན་པས་འདི་ལྟར་བྱ་དགོས་ཤིང་། སྨིན་ལུགས་སོགས་ལ་ཞི་རྒྱས་དབང་གསུམ་ལ་མཆོད་སྲེག་གཉིས་ཀ་ཕྱོགས་གཅིག་ཏུ་སློབ་དཔོན་གྱི་གཡོན་ངོས་དང་། དྲག་པོ་ལ་དེ་གོ་ལྡོག་པའི་ཕྱག་ལེན་ཡོད་པས་ཁྱིམ་གྱི་གོ་ཡུལ་སོགས་ཀྱིས་མ་འགྲིགས་ན་དེ་ལྟར་ཡང་བྱ་ཆོག་གོ །དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན་ཕྱོགས་གང་བདེ་བར་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མཆོད། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་གཞུང་སྲོང་གི་བཅས་རྣམས་བཤམ། སློབ་དཔོན་མདུན་དུ་ལས་བུམ་མམ། བསང་ཆུ་ཀུ་ཤའི་འཐོར་གཡབ་དང་བཅས་པ། ནང་མཆོད་དགང་བླུགས་ཁ་སྦྱར་རྡོར་དྲིལ་རླུང་གཡབ་དཀར་པོ་རྣམས་དང་། མེ་ཡོལ་གངས་རི་ཆུ་དང་བཾ་ཡིག་བྲིས་པ་བཞག །སློབ་དཔོན་ཉིད་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན། འཇམ་པའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་ཞི་བའི་སེམས་ཀྱིས་མེ་ཐབ་དང་ཞལ་སྤྲོད་དུ་འཁོད་དོ། །དངོས་གཞིའི་ཆོ་ག་ལ་ཐོག་མར་བདག་བསྐྱེད་ནི། སྒྲུབ་མཆོད་རབ་གནས་སོགས་དང་འབྲེལ་ན་སོ་སོའི་ལུགས་ལྟར་བྱ་དགོས་ཤིང་། སྲེག་རྐྱང་ཙམ་ལ་བརྒྱུད་འདེབས་ནས་བརྩམ། ཞི་དྲག་སེང་གསུམ་གྱི་ལས་བྱང་བཟླས་པ། ཕྲིན་ལས་བཞི་སྒྲུབ་ལས་ཞི་བ་ཅི་འགྲུབ་མཐར། ལས་བུམ་མམ་བསང་ཆུ་ལ་དམིགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །དབུས་སུ་པད་ཉིའི་གདན་སྟེང་ཧཱུྃ། །དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད། །འགྲོ་བའི་དོན་བྱས་འོད་ཚུར་འདུས། །ཡོངས་གྱུར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས། །རྡོ་རྗེའི་དབྱུག་ཏོ་ནམ་མཁར་ཕྱར། །གཡོན་པ་སྡིགས་མཛུབ་ཐུགས་ཀར་བསྒྲེང་། ཁྲོ་བོའི་ཆས་བརྒྱན་འདོར་སྟབས་འགྱིང་། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་ལས། །འོད་འཕྲོས་རིགས་ལྔ་སྤྱན་དྲངས་ནས། །བུམ་པས་དབང་བསྐུར་བདུད་རྩིའི་རྒྱུན། །བབས་པས་སྐུ་གང་དྲི་མ་དག །དོན་གྲུབ་རིགས་ལྔས་དབུར་བརྒྱན་གྱུར། ཨོཾ་བཛྲ་ཨརྒྷཾ༴ སོགས་ཀྱིས་མཆོད། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ །འཇིགས་བྱེད་འཇིགས་པའི་མཐུ་སྟོབས་ཅན། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །ཞེས་པས་བསྟོད། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལ་སྔགས་ཕྲེང་ལྗང་སྔོན་གྱིས་བསྐོར་བར་དམིགས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་ཅི་འགྲུབ་བཟླ་ཞིང་། སྔགས་རྣམས་ལས་བདུད་རྩིའི་རྒྱུན་བབས་པས་སྣོད་ཁེངས། མཐར་ལྷ་ཉིད་ཀྱང་འོད་དུ་ཞུ་ནས་ཆུ་ལ་ཐིམ་པས། བདུད་རྩིའི་ཆུ་དེ་གང་དང་གང་ལ་འཐོར་བ་ཙམ་གྱིས་འབག་བཙོག་ཉེས་སྐྱོན་མཐའ་དག་ཞི་ཞིང་ཕྲིན་ལས་གང་འདོད་འབྱུང་བའི་མཐུ་ལྡན་དུ་གྱུར། དེ་ནས་གཏོར་འབུལ་ཚོགས་མཆོད་གནམ་ཕུད་འབུལ་བ་ཡན་ཆད་གྲུབ་པར་བྱས་ནས་སྦྱིན་སྲེག་ཏུ་འབུལ་རྒྱུའི་ཚོགས་ཕུད་ཟུར་དུ་འཇོག་གོ །དེ་ནས་སྦྱིན་སྲེག་དངོས་ལ་འཇུག་པའི་ཐོག་མར། ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་གཡས་གཡོན་དུ་ཉི་མ་དང་ཟླ་བས་མཚན་པར་གྱུར། པད་ཀོར་བཅས། རྡོ་རྗེ་ཐབས་ཡབ་དང་། དྲིལ་བུ་ཤེས་རབ་ཡུམ་གྱི་རང་བཞིན། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བརྟན་པར་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང་། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲིལ་བུ་བཟུང་། འཁྱུད་པའི་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དམ་ཚིག་གསུམ་དྲན་པར་བྱ། དེ་ནས་བརྩམ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མི་འབྲལ་ཞིང་སྨྲ་བ་བཅད་པར་བྱའོ། །ལས་སྔགས་བཟླ་བཞིན་བསང་ཆུ་ཀུ་ཤས་བླངས་ཏེ་རང་གི་གཡོན་ནས་གཡས་སྐོར་དུ་ཐབ་དང་བསྲེག་རྫས་དང་དགང་བླུགས་ཐམས་ཅད་ལ་བསང་གཏོར་བྱས་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་དང༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་ཞི་གཞུང་ལྟར་བརྗོད་ལ་མཆོད་པ་བྱིན་བརླབ། བསྲེག་རྫས་རྣམས་བདུད་རྩིས་བྲན་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུ །ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འབྲུ་གསུམ་དང་། འོག་ནས་འབྱུང་བའི་ཡམ་ཤིང་སོགས་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། སྐབས་འདིར་གཞུང་གཞན་ལས་ཀུ་ཤ་བཀྲམ་པ་དང་བགེགས་གཏོར་གཏོང་བ་སོགས་བཤད་པའི་དོད་དུ་བགེགས་སྦྱོང་ཞིང་སྲུང་བ་ནི། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་མེ་ཐབ་ཀྱི་དབུས་སུ་ཧཱུྃ་ཡིག་འོད་དང་གཟི་མདངས་འབར་བ་རི་རབ་ཙམ་ཞིག་གསལ་བ་ལས་འོད་ཟེར་མེའི་ཚྭ་ཚྭ་ཁྲོ་ཆུང་སྐར་ལྟར་འཁྲུགས་པ་འཕྲོས་པས། སྦྱིན་སྲེག་གི་ལས་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཡིག་འབྲུ་ཕྱག་མཚན་མཚོན་ཆའི་རྭ་བ་མེ་དཔུང་དང་བཅས་པའི་སྲུང་བའི་གུར་ཁང་ཆེན་པོར་གྱུར། ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པའི། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ཕྱིར་དེངས་ཤིག །མི་འགྲོ་གནས་འདིར་འདུག་ན་རྡུལ་དུ་བརླག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ། དུག་ལྔ་འཇོམས་པའི་ཡེ་ཤེས་མེ་འོད་ལྔ། ཡིག་འབྲུ་ལྔ་དང་དེ་བཞིན་ཕྱག་མཚན་ལྔ། ཁྲོ་ཚོགས་སྤྲུལ་པ་དཔག་ཡས་བསམ་མི་ཁྱབ། །སྲུང་འཁོར་རིམ་པ་ལྔ་ཡི་ཚུལ་དུ་བསྐོར། །འབར་བ་ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་དྷི་ནི་རཾ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་ལས་སྔགས་བརྗོད་ཅིང་དུ་བ་མེད་པར་འབར་བའི་མེ་ལ་བསང་ཆུ་འཐོར། གཡས་སྐོར་ཚུལ་གྱིས་ཐབ་ཀྱི་ཤར་ནས་སྦར་ལ། ཨོཾ་ཙཀྲ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྦར་མ༔ སྐུ་མདོག་དཀར་མོ་ཞི་བའི་རིགས༔ དྲི་ཟའི་ཡུལ་ནས་མེ་ལོངས་ལ༔ ཞི་བའི་མེ་ནི་སྦར་བར་མཛོད༔ ཤར་ལྷོ་ནས་རླུང་གཡབ་ལ། ཧཱུྃ༔ ཤར་ལྷོ་མཚམས་ནས་ཤིང་འཐུ་མ༔ མེ་ལྷའི་ཕྱོགས་ནས་ཤིང་ཐུས་ལ༔ རླུང་གཡབ་མ་ཡིས་རླུང་གཡོབ་ཅིག༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཧཱུྃ༔ ཞེས་བླུགས་གཟར་གྱི་མར་ཁུས་མེ་གསོ། དེ་ནས་ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་ཐབ་དང་དམ་ཚིག་པ་བསྐྱེད་པ་ནི། ལས་སྔགས་དང་བསང་ཆུས་བྲན་ལ། ཧཱུྃ༔ མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས༔ ཨེ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ༔ དཀར་གསལ་མདངས་ལྡན་མེ་ལྕེ་ཟླུམ་པོ་འབར༔ དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན༔ སྐུ་མདོག་དཀར་པོ་འཛུམ་ཞིང་ཞི་ཚུལ་མཛེས༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་འཆིབ༔ ཕྱག་གཡས་མེ་ཐབ་འོག་མས་གུནྡྷེ་བསྣམས༔ གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན༔ ཤ་རྒྱས་གཟུགས་ཐུང་སྒེག་ཅིང་ལྟོ་བ་འཕྱངས༔ སྨ་ར་དམར་སེར་རལ་པའི་ཅོད་པན་ཅན༔ དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་ན་གསལ༔ བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཤར་ལྷོ་མེ་ལྷའི་ཡུལ་ནས་ནི༔ ཡེ་ཤེས་སེམས་དཔའ་དམ་ཚིག་ཇི་ལྟ་བ༔ དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར༔ ལག་གཡས་མི་འཇིགས་པའི་རྒྱས་མཐེ་བོང་གཡབ་ལ། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཛྭ་ལ་ཨ་བཛྲ་ས་མཱ་ཛ༔ བསང་ཆུ་དང་ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣི་དེ་བ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང་། པཱ་དྱཾ་གིས་ཞབས་བསིལ་ཕུལ། ཨོཾ་ཨགྣ་ཡེ་ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཡེ་ཤེས་པ་དྲངས་བསྟིམས་ཕྱག་བྱས་ནས་བྱོན་སྐྱེམས་ནི། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ལག་གཉིས་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང་། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨོཾ་ཨགྣ་ཡེ་ཨཱ་ཏི་བྱ་པྲ་ཏི་བྱ་ཨཱ་བེ་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧྣ་ཡ་སྭཱ་ཧཱ། ཞེས་ལན་གསུམ་དུ་འབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་པྲ་བརྟག །མཆོད་རྫས་རྣམས་རིམ་པར་ཕུལ་ལ། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡའི་བར་མཆོད། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་བླ་མེད་མཆོད་པ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །གོང་གི་སྔགས་མཐར་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡ། གནྡྷེ། རཱ་ས། སྤརྴེ་སྦྱར། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང་། རཀྟ་དམར་མཆོད་ཨརྒྷཾ་དང་། །བཅུད་ལྡན་མཆོག་གི་གཏོར་མ་རྣམས། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། སྔགས་མཐར། སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །འདོད་ཡོན་མཆོག་གི་ལོངས་སྤྱོད་དང་། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །སྔགས་མཐར། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་འབུལ་ལོ། །དེ་ནས་བསྲེག་རྫས་རྣམས་ཀྱི་ཐོག་མར་ཡམ་ཤིང་འབུལ་བ་ནི། ཧཱུྃ། ཞི་བའི་ཡམ་ཤིང་གླང་མ་བལ་དཀར་སོགས། །ཞི་བའི་རྫས་ཀྱིས་བྲན་ནས་བྱིན་གྱིས་བརླབས། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་ཨགྣི་དེ་བ་ཏཱ་ཡེ་ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཚིགས་བཅད་ཚར་གཅིག་དང་། སྔགས་ཀྱིས་ལན་བདུན་ནམ་ཉེར་གཅིག་སོགས་འབུལ། དེ་ནས་བསྲེག་རྫས་གཞན་ཐམས་ཅད་ལ་གོང་དུ། ཨོཾ་ཨགྣི་དེ་བ་ཏཱ་ཡེ། ཞེས་དང་། གཤམ་གྱི་ཕྲིན་བཅོལ་སྔར་ལྟར་ལ་སོ་སོའི་རྫས་སྔགས། མར་ཁུ་ལ། ཨོཾ་ཨགྣི་ཡེ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡེ་སྭཱ་ཧཱ། དུརྦ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡེ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་ཡེ་སྭཱ་ཧཱ། ཞེས་པ་རྣམས་གྲངས་གོང་མཚུངས་འབུལ། གཞན་ཡང་གྲོ །ཤིང་ཏོག །སྨན་སྣ། རིན་ཆེན། དར་ཟབ་སོགས་གང་འབྱོར་ཡམ་ཤིང་གི་སྔགས་དེས་འབུལ་བའི་མཐར། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །དྲང་སྲོང་ཆེན་པོའི་ལྷ་ཚོགས་རྣམས། །ཐུགས་རྗེས་སེམས་ཅན་དོན་མཛད་ཕྱིར། །སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ། །ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །མེ་ལྷ་དྲང་སྲོང་ཚོགས་ལ་མཆོད་པར་འབུལ། །ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། །ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ། དེ་ནས་བསྟོད་པ་ནི། ཧཱུྃ༔ གཟི་བརྗིད་ལྡན་པ་མེ་ཡི་ལྷ༔ འབར་བཅས་སྐུ་ནི་རྒྱན་གྱིས་བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཞི་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ ཕྲིན་བཅོལ་ནི་ཡུངས་ཀར་ཐབ་ཏུ་འཐོར་ཏེ། ཧོཿ དྲང་སྲོང་མེ་ལྷ་གཟི་བརྗིད་འབར་བའི་འོད། །འགྲོ་དོན་ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས་པ་ལ། །དམ་རྫས་སྦྱིན་སྲེག་མཆོད་པ་འདི་ཕུལ་བས། །འགལ་རྐྱེན་ཞི་བའི་ཕྲིན་ལས་ཐམས་ཅད་ནི། ཐོགས་མེད་མྱུར་དུ་སྒྲུབ་པའི་དུས་ལ་བབས། །བཛྲ་ས་མ་ཡ་ཛཿ ཀརྨ་ཀུ་རུ་ཧཱུྃ། ཞེས་དང་། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ། སྡང་བའི་དགྲ །གནོད་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། སྦྱོར་བ་རྩུབ་པ། ལོ་ཀག་ཟླ་ཀག་ཞག་ཀག་ཟ་ཀག །མོ་ངན་རྩིས་རྩུབ་མི་ཁ་བྲམ་ཆུ་ལ་སོགས་པ། མདོར་ན་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་དུའང་སྔོན་ཞལ་གྱིས་བཞེས་པ་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ་བསྲེག་རྫས་རྣམས་དག་ཅིང་གཙང་བར་བྱིན་གྱིས་རློབ་པ་དང་ཆུད་མི་ཟ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པར་མཛད་དུ་གསོལ། ཞེས་ལས་བཅོལ། འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོ། བསང་ཆུས་བྲན་ལ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེན་པོ་ཡི། །ལྟོ་བ་རབ་ཡངས་ཆོས་དབྱིངས་མཉམ་པའི་ནང་། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །པདྨ་ཉི་ཟླ་བརྩེགས་པའི་གདན་ཁྲི་ལ། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་སོགས་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་དྲང་བསྟིམ་བྱ། སྐབས་འདིར་སྒྲུབ་དཀྱིལ་དང་འབྲེལ་ན། གདན་བསྐྱེད་པའི་མཚམས་སུ་སྤྱན་འདྲེན་བརྗོད་ལ་དཀྱིལ་འཁོར་ནས་ཚོམ་བུ་སྤྱན་དྲངས་ཤིང་ལྷ་གསལ་གདབ་པ་ནི་ཁྱད་པར་རོ། །གང་ལྟར་ཕྱག་དང་མཆོད་པ་ཞི་གཞུང་ལྟར་གྲུབ་ནས། དགང་བླུགས་འབུལ་བ་ནི། པདྨ་འོད་འབར་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར། བཛྲ་གུ་རུ་ལན་བདུན་གྱིས་དགང་གཟར་བཀང་ལ། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་འདོད་གསོལ་ཚར་གཅིག་སྦྱར་ཏེ་དགང་བླུགས་གཡས་སྐོར་གྱིས་འབུལ་བ་ལན་གསུམ་སོང་ནས། ཡམ་ཤིང་ནི། ཧཱུྃ། ཞི་བའི་ཡམ་ཤིང་གླང་མ་བལ་དཀར་སོགས། །ཞི་བའི་རྫས་ཀྱིས་བྲན་ནས་བྱིན་གྱིས་བརླབས། །བཅོམ་ལྡན་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །བཛྲ་གུ་རུའི་མཐར། ཨོཾ་བཛྲ་ཏི་བ་ལཱ་ཡ་སྭཱ་ཧཱ། ཞེས་དང་འདོད་གསོལ་གོང་སྨོས་ཉིད་སྦྱར་བས་ལན་གྲངས་བརྒྱའམ་ཉེར་གཅིག་སོགས་ཕུལ། འདིར་རྒྱས་པར་སྤྲོ་ན་ལྷ་སྔགས་འདོད་གསོལ་གསུམ་ཀ་སྦྲེལ་བ་དང་། འབྲིང་དུ་ལྷ་སྔགས་རྫས་སྔགས་སྦྲེལ། འདོད་གསོལ་ཚར་བདུན་ནམ་ཉེར་གཅིག་ལ་སོགས་པའི་བར་མཚམས་སུ་ལན་རེ་གདགས་པ་དང་། བསྡུ་ན་ཐོག་མར་ལྷ་སྔགས་ལན་གཅིག །རྫས་སྔགས་ལ་གྲངས་བཟུང་། རྫོགས་པའི་མཐར་སྤེལ་ཚིག་ལན་གཅིག་སྦྱོར་བ་སྟེ་ཇི་ལྟར་ལྕོགས་པ་བྱའོ། །དེ་ནས་མར་ཁུ་ནས་སྲན་མའི་བར་གོང་སྨོས་མེ་ལྷའི་སྐབས་ལྟར་དང། བསྲེག་རྫས་གཞན་ཅི་འབྱོར་བ་དག་བཛྲ་གུ་རུའི་མཐར་འབྲུ་གསུམ་དང་སྤེལ་ཚིག་སྦྱར་བས་འབུལ། བསྙེན་སྒྲུབ་ཀྱི་ཁ་སྐོང་ལའང་ཏིལ་གཙོ་བོར་གྱུར་པའི་རྫས་སྤུངས་ལྷ་སྔགས་དང་འབྲུ་གསུམ་ཁོ་ནས་འབུལ་ཞིང་མཚམས་མཚམས་སུ་ལྷག་ཆད་ཀྱི་ཉེས་པ་ཞི་བའི་འདོད་གསོལ་སྦྱོར་རོ། །དེ་ནས་སྨན་རཀ་གཏོར་གསུམ་ཁྱད་པར་དུ་འབུལ་བ་ནི། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང་། །རཀྟ་དམར་མཆོད་ཨརྒྷཾ་དང་། །བཅུད་ལྡན་མཆོག་གི་གཏོར་མ་རྣམས། །བཅོམ་ལྡན་ཡེ་ཤེས་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཚོགས་རྫས་སོགས་ཕུལ་ལ། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །འདོད་ཡོན་མཆོག་གི་ལོངས་སྤྱོད་དང་། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི། །བཅོམ་ལྡན་ཡེ་ཤེས་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། འདི་རྣམས་ལའང་གྲངས་གསོག་ན་སྙིང་པོའི་མཐར་མཆོད་སྔགས་སྦྱར་བས་བདུན་སོགས་ཕུལ། བསྟོད་པ་ནི། ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་སོགས་བརྗོད། དེ་ནས་ཕྲིན་ལས་གསོལ་ཞིང་ལས་སྦྱོར་གྱི་དམིགས་བཟླས་བྱ་བ་ནི། ཡུངས་ཀར་ཐབ་ཏུ་གཏོར་ལ། ཧོཿ བཅོམ་ལྡན་ཐུགས་རྗེ་དང་ལྡན་པ་ཁྱེད་ལ་ཕྲིན་ལས་སུ་གསོལ་བ་ནི། སོགས་མེ་ལྷའི་སྐབས་ལྟར་བརྗོད། མདུན་བསྐྱེད་ཐུགས་ཀར་ཟླ་བ་ལ་གནས་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་འོད་ཟེར་དཀར་པོ་ཟླ་བ་ལྟ་བུས་སྣོད་བཅུད་ཐམས་ཅད་ཁྱབ། སྡིག་སྒྲིབ་ཉེས་ལྟུང་འཇིགས་པ་བརྒྱད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར། ཅེས་མོས་ལ་སྙིང་པོ་ཞི་བའི་ཤམ་བུ་ཅན་བརྒྱ་རྩ་སོགས་དང་། འདོད་གསོལ་བདུན་ནམ་ཉེར་གཅིག་སོགས་བརྗོད། །སྐབས་འདིར་ཞི་བ་ལ་དཀར་པོ་སོགས་སྲུང་སྐུད་ལས་སོ་སོའི་ཁ་དོག་དང་མཐུན་པ་ལ་རྡོ་རྗེའི་མདུད་པ་བྱས་ནས་བསང་ཆུས་བྲན་ཞིང་མེ་ཐབ་ཀྱི་མེ་ལྕེ་དང་དུ་བ་ལ་བདུག་ནས་ལུས་ལ་གདགས་པས་སྲུང་བའི་མཆོག་ཏུ་འགྱུར་བར་གསུངས་སོ། །སྐབས་འདིར་དྲག་སེང་གཉིས་ལ་སྦྱིན་སྲེག་སོ་སོར་འབུལ་བའི་ཕྱག་སྲོལ་ཡང་འདུག་པ། སྤྱིར་དེ་གཉིས་གུ་རུ་ཞི་བའི་རྣམ་འགྱུར་ཡིན་པས་དེ་ལ་མ་འདུས་པ་མེད་ཅིང་། ཁྱད་པར་ཞི་རྒྱས་དབང་གསུམ་ལ་ལོགས་སུ་དགོས་པའི་ངེས་པ་མེད། དྲག་པོ་ལ་ཁྱད་པར་དུ་གལ་ཆེ་བས་རྣམ་དབྱེ་ཕྱེད་དགོས་པར་སྣང་ཡང་། བསྙེན་སྒྲུབ་ཁ་སྐོང་སོ་སོའི་སྔགས་ཀྱིས་མ་ཕུལ་ན་ཡིད་མི་ཚིམས་པ་སོགས་ཟུར་དུ་བྱ་བར་སྤྲོ་ན་གོང་གི་བཟླས་པའི་རྗེས་སུ། པདྨ་འོད་འབར་སྐད་ཅིག་ལ་གནས་འགྱུར་ཏེ་གུ་རུ་དྲག་པོ་ཞི་བའི་ཉམས་ཅན་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་གྱུར། ཧཱུྃ༔ ཆོས་སྐུ་ཞི་བའི་སོགས་ནས་མཆོད་པ་ཡན་ཆད་དང་། དེ་ནས་དགང་བླུགས་མན་ཆད་ཞི་བ་ལྟར་ལ་སྔགས་ཨརྩིག་ཤམ་མེད་སྦྱར། བསྟོད་པ། ཧཱུྃ༔ བདེ་ཆེན་རང་བཞིན་སོགས་བརྗོད་པ་ལས་གཞན་འདྲ། དེས་འགྲེས་ཏེ་དྲག་པོའི་བཟླས་པ་ཞི་ཤམ་འདོད་གསོལ་བཅས་གྲུབ་པ་དང་། གུ་རུ་དྲག་པོ་སྐད་ཅིག་ལ་གནས་འགྱུར་ཏེ་མཁའ་འགྲོ་སེང་གེའི་གདོང་ཅན་ཞི་བའི་ཉམས་ལྡན་འོད་ཟེར་དཀར་པོའི་ཕྲེང་བ་སོགས་གོང་ལྟར་ལ། ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་སོགས་མཆོད་པའི་བར་དང་། དེ་ནས་དགང་བླུགས་སོགས་དང་སྔགས་ཡིག་འབྲུ་བཅུ་བཞི་པ། བསྟོད་པ། རང་བྱུང་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི། །འགྲོ་བའི་དོན་མཛད་ཡེ་ཤེས་ཌཱ་ཀི་ནཱི། །བྱིན་རླབས་ལུས་ངག་ཡིད་ལ་སྨིན་མཛད་མ། །ཡེ་ཤེས་ཌཱ་ཀི་མ་ལ་ཕྱག་འཚལ་བསྟོད། །བཟླས་པ་ཤམ་བུ་འདོད་གསོལ་ཡན་བྱས་ལ། སླར་ཡང་སྐད་ཅིག་གིས་པདྨ་འོད་འབར་གྱི་སྐུར་གྱུར་པར་མོས་ལ། རྗེས་གཏང་རག་ནི། གོང་སྨོས་ལྟར་དགང་བླུགས་ལན་གསུམ་ཕུལ། ཨོཾ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་སོགས་ཤློཀ་གཅིག་དང་སྔགས་རྣམས་ཀྱིས་མཆོད། ཧྲཱི༔ རྒྱལ་བ་ཐམས་ཅད་སོགས་ཤློ་ཀ་གཅིག་གིས་བསྟོད་ལ། ཨེ་མ་ཧོ༔ བདག་གཞན་བླ་མེད་སྲེག་བླུགས་ཆོ་ག་འདིས༔ སྡིག་སྒྲིབ་ཉམས་ཆག་སོགས་དང་། བཅོམ་ལྡན་མེ་ལྷའི་རྒྱལ་པོ་དང་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ཅག་ཡོན་མཆོད་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་སྩོལ་བར་མཛད་དུ་གསོལ། ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧོཿ ཞེས་པས་བདུད་རྩི་མྱང་ཞིང་ཚོགས་ལ་རོལ། ཚོགས་དང་བསྲེག་རྫས་རྣམས་ཀྱི་ལྷག་མ་ཕྲན་བུ་གུད་དུ་འཇོག དེ་ནས་བཟོད་གསོལ་ནི། ཧོཿ དགོངས་སུ་གསོལ་ལོ། །བདག་ཅག་གིས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་། ཆོ་ག་ལྷག་ཆད་ནོར་འཁྲུལ་ལ་སོགས་པའི་ཉེས་པ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཚེ་འདིའི་འགལ་རྐྱེན་དུ་མི་འགྱུར་བ་དང་། ཕྱི་མ་བྱང་ཆུབ་ཐོབ་པ་ལ་བར་ཆོད་དུ་མི་འགྱུར་བར། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་དང་ཡིག་བརྒྱ་བརྗོད། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། སྔར་ཚོམ་བུ་སྤྱན་འདྲེན་བྱས་ན་སྐབས་འདིར་རྟེན་ནམ་དཀྱིལ་འཁོར་ལ་གཤེགས་པར་མོས་ཏེ་སླར་སྤྱན་དྲང། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར་པར་མོས། སླར་འཇིག་རྟེན་པའི་གཏང་རག་འབུལ་བ་ནི། བུད་ཤིང་བསྣན། བླུགས་གཟར་གྱི་མར་ཁུ་དང་ཛྭ་ལའི་སྔགས་ཀྱིས་མེ་གསོ་ཞིང་། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་དགང་བླུགས་དང་བསྲེག་རྫས་སྔར་ལྟར་ཕུལ། གཏོར་མ་ཨགྣིའི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ། ཨོཾ་ཨགྣི་དེ་བ་ཏཱ་ཡེ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མེ་དེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་སོགས་ལས་བྱང་ལྟར་ལ། སྲེག་བླུགས་རྫས་དང་ཚོགས་ལྷག་བཞེས༔ ཞེས་བསྒྱུར་བས་ལྷག་མ་ཕྱི་རོལ་དུ་དོར། ཡིག་བརྒྱ་བཟླ་ཞིང། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ། ཕྲིན་ལས་ཐོགས་མེད་མངའ་མཛད་པའི། །དྲང་སྲོང་འཁོར་བཅས་ཁྱོད་ལ་བསྟོད། །རང་བཞིན་གནས་སུ་ད་གཤེགས་ལ། །ཕྱོགས་འདིར་དགེ་ཞིང་ཤིས་པར་མཛོད། །ཨགྣི་དེ་བ་གཙྪ། ཞེས་སྤྱན་འདྲེན་པའི་ཕྱག་རྒྱ་ཕྱིར་བསྐྱེད་ལ་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས། དེ་ནས་རྗེས་ཀྱི་བྱ་བ་ནི། ལས་བྱང་གི་ཆད་བརྟན་ནས་བསྡུ་ལྡང་གི་བར་ཚང་བར་བྱ། ལོང་ཁྱབ་ཡོད་ན་མེ་མ་ཤི་བར་དུ་བཞག །ལོང་མེད་ན་ཆུ་གཙང་མ་དང་འོ་མ་སོགས་ཀྱིས་གཏུལ་ཞིང་ཨ་ཀཱ་རོ་བརྗོད། ཐལ་བ་ཆུ་ཀླུང་ཆེན་པོར་དོར་རོ། །དེ་ལྟ་བུའི་ཆོ་ག་དེ་ཉིད་གཞིར་བཞག་པ་ལ་རྒྱས་པའི་སྦྱིན་སྲེག་ནི། ཐབ་སྟེགས་གཞི་སེར་པོ། ཐབ་ཁུང་དང་མཆུ་དང་ཁ་ཁྱེར་བཅས་གྲུ་བཞི། དབུས་སུ་འཁོར་ལོ་རྩིབས་བརྒྱད་རིན་པོ་ཆེས་མཚན་ཅིང་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། འདིས་ཚོན་ཞི་བ་ལ་ཁ་དོག་དཀར་པོ་གང་སྨོས་ཐམས་ཅད་ལ་སེར་པོ་དང་། དབྱིབས་ཟླུམ་པོ་གང་སྨོས་ཐམས་ཅད་གྲུ་བཞིར་བསྒྱུར། མཆོད་རྫས་ཀྱི་གཏོར་མ་མངར་གསུམ་དང་མར་ཁུས་བརྫིས་པའི་གྲུ་བཞི། ཡམ་ཤིང་ཁམ་བུ་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་སོར་བཅུ་གཉིས་པ་ལོ་འདབ་དང་བཅས་པ་ཞུན་མར་དང་མངར་གསུམ་གྱིས་བྱུགས་པ། ཟས་མཆོག་འབྲས་གྲོའི་ཆན་ལ་མར་ཁུ་དང་སྦྲང་རྩི་བཏབ་པ་དང་། གཞན་ཡང་ཟས་སྣ་ཤིང་ཏོག་སོགས་གང་འཛོམ་སྣོད་གཅིག་ཏུ་སྦྱར་བ་རྣམས་ཁྱད་པར་རོ། །སློབ་དཔོན་ཆས་རྒྱན་སེར་པོ་བརྗིད་པའི་གདན་ལ་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་ཕྱོགས་ནས་ཚིམས་པའི་བསམ་པས་འཁོད། །དངོས་གཞིའི་ཆོ་གའི་བདག་བསྐྱེད་བཟླས་པའི་སྐབས་རྒྱས་པའི་ལས་སྒྲུབ་ཁོ་ན་སྦྱར། མེ་ཐབ་ཀྱི་བྱང་ནས་སྦར་ལ་སྔགས་ཞི་བ་ལྟར་དང་། ཧཱུྃ། བྱང་གི་ཕྱོགས་ནས་མེ་སྦར་མ། །སྐུ་མདོག་སེར་མོ་རྒྱས་པའི་རིགས། །གནོད་སྦྱིན་ཡུལ་ནས་མེ་ལོངས་ལ། །རྒྱས་པའི་མེ་རུ་སྦར་བར་མཛོད། །བྱང་ཤར་ནས་རླུང་གཡབ་ལ། ཧཱུྃ། བྱང་ཤར་མཚམས་ནས་ཤིང་འཐུ་མ། །དབང་ལྡན་ཕྱོགས་ནས་ཤིང་ཐུས་ལ། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྒྱུར། ཐབ་བསྐྱེད་སྐབས། ཨེ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་ནི། །གྲུ་བཞི་སེར་པོ་མེ་ལྕེ་རིན་ཆེན་འབར། །དབུས་སུ་སོགས་སྐུ་མདོག་སེར་པོ་འཛུམ་ཞིང་སྒེག་པའི་ཉམས། ཞེས་བསྒྱུར། ཡམ་ཤིང་ལ། ཧཱུྃ། རྒྱས་པའི་ཡམ་ཤིང་འབྲས་བུ་ཅན་རྣམས་ལ། །དེ་དང་མཐུན་པའི་རྫས་བྱུགས་བྱིན་བརླབས་ཏེ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །རྒྱས་པའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་ཨགྣི་དེ་བ་ཏཱ་ཡེ་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། བསྲེག་རྫས་ཀྱི་སྤེལ་ཚིག་ཐམས་ཅད་དེ་ལྟར་སྦྱར། དགང་བླུགས་སྐབས། ལག་གཉིས་ཁུ་ཚུར་ལ་མཐེབ་མཛུབ་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱི་བཟུང་། ཕྲིན་བཅོལ་སྐབས། འབྱོར་དྲུག་རྒྱས་པའི་ཕྲིན་ལས་ཐམས་ཅད་ནི། །ཞེས་བསྒྱུར་བ་དང་། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། གྲགས་པ་དང་སྙན་པ། སྟོབས་དང་ནུས་པ། གཟི་བརྗིད་དང་ལོངས་སྤྱོད། བུ་ནོར་མངའ་ཐང་། ཏིང་འཛིན་དང་ཉམས་རྟོགས་ལ་སོགས་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་སོ། །འདས་པའི་མེ་ལྷའི་བསྐྱེད་ཆོག་སྐབས། སེར་གསལ་མདངས་ལྔ་ཞེས་དང་། དགང་བླུགས་སྐབས། ལྗགས་རིན་པོ་ཆེ་འབར་བའི་རྣམ་པ་ཅན་ཞེས་དང་། འདོད་གསོལ། །ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་ཐམས་ཅད་ལ་སྦྱར། གྲངས་གསོག་ན་དཱུརྦ་སོགས་རྒྱས་བྱེད་ཀྱི་རྫས་རྣམས་གཙོ་བོར་འབུལ། བསྟོད་པའི་སྐབས། འགྱུར་མེད་སྐུ་མདོག་གསེར་གྱི་ལྷུན་པོ་བཞིན༔ སེར་མདངས་རབ་ཏུ་འཚེར་ལ་ཕྱག་འཚལ་བསྟོད༔ ཞེས་བསྒྱུར། བཟླས་པའི་སྐབས། འོད་ཟེར་སེར་པོ་ཉི་ཟེར་ལྟ་བུས་སྣོད་བཅུད་ཐམས་ཅད་ལ་ཁྱབ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སོགས་དགེ་ལེགས་ཀྱི་ཕྱོགས་ཐམས་ཅད་རྒྱས་པར་གྱུར། ཅེས་དམིགས་ལ། རྒྱས་པའི་ཤམ་འདོགས་དང་འདོད་གསོལ་བརྗོད། །དྲག་སེང་གཉིས་ལའང་རྒྱས་པའི་ཉམས་ཅན་འོད་ཟེར་སེར་པོའི་ཕྲེང་བ་སོགས་བསྒྱུར། རྗེས་ཐལ་བ་བང་མཛོད་བླུགས་པའམ་སྦས་ཞིང་སོགས་ལ་འཐོར་རོ། །དབང་གི་སྦྱིན་སྲེག་ཀྱང་ཞི་བ་གཞིར་བཞག་ནས་སྒྱུར་སོ་དེ་དང་འདྲ་བས། ཐབ་སྟེགས་གཞི་དམར་པོ། ཐབ་ཁུང་མཆུ་དང་ཁ་ཁྱེར་ཏེ་རིམ་པ་གསུམ་པོ་ཟླ་གམ། ཐབ་དབུས་པདྨ་དམར་པོ་ལྕགས་ཀྱུས་མཚན་ཅིང་། ཁ་ཁྱེར་ལ་ལྕགས་ཀྱུ་དང་པདྨའི་ཕྲེང་བས་བསྐོར་བ། ཁ་དོག་ཐམས་ཅད་དམར་པོ། །དབྱིབས་ཐམས་ཅད་ཟླ་གམ་དུ་བསྒྱུར་ཅིང་། གཏོར་མ་མར་དང་མངར་གསུམ་གྱིས་བརྫིས་པའི་ཟླ་གམ་དམར་པོ། །ཡམ་ཤིང་སེང་ལྡེང་འོ་སེ་མཛོ་མོ་ཤིང་སོགས་དམར་ལ་སྐྱུར་བ་སོར་བརྒྱད་པ་མཚལ་དང་སིནྡྷུ་ར་མངར་གསུམ་གྱིས་བྱུགས་པ། ཟས་མཆོག་ནས་དང་གྲོའི་གླུམ་ལ་སིནྡྷུ་ར་མངར་གསུམ་སོགས་སྦྱར་བ། སློབ་དཔོན་ཆས་རྒྱན་དམར་པོ་མཛེས་པའི་གདན་ལ་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་ནས་ཆགས་པའི་བསམ་པས་འཁོད། བདག་བསྐྱེད་བཟླས་པའི་མཐར་དབང་གི་སྔགས་ཤམ་དང་འདོད་གསོལ། །ཐབ་ཀྱི་ནུབ་ཕྱོགས་ནས་མེ་སྦར་ལ་སྔགས་བརྗོད་ནས། ཧཱུྃ། ནུབ་ཀྱི་ཕྱོགས་ནས་མེ་སྦར་མ། །སྐུ་མདོག་དམར་པོ་དབང་གི་རིགས། །ཀླུ་དབང་ཡུལ་ནས་མེ་ལོངས་ལ། །དབང་གི་མེ་ནི་སྦར་བར་མཛོད། །ནུབ་བྱང་ནས་རླུང་གཡབ་ལ། ཧཱུྃ། ནུབ་བྱང་མཚམས་ནས་ཤིང་འཐུ་མ། །རླུང་ལྷའི་ཕྱོགས་ནས་ཤིང་ཐུས་ལ། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྒྱུར། ཐབ་བསྐྱེད་སྐབས། །ཨེ་ལས་བྱུང་བའི་དབང་གི་ཐབ་ཁུང་ན། །ཟླ་གམ་མེ་ལྕེ་འགུགས་བྱེད་ལྕགས་ཀྱུ་འབར། །ཞེས་པ་དང་། དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་མདངས། །ཞེས་བསྒྱུར། ཡམ་ཤིང་ལ། ཧཱུྃ། དབང་གི་ཡམ་ཤིང་ཙནྡན་རྒྱ་ཤུག་སོགས། །དེ་དང་མཐུན་པའི་རྫས་བྱུགས་བྱིན་བརླབས་ཏེ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །དབང་གི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་ཨགྣི་དེ་བ་ཏཱ་ཡེ་ཁམས་གསུམ་སྲིད་པ་གསུམ་གྱི་སྐྱེ་འགྲོ་དང་བརྟན་གཡོའི་བཅུད་དང་ནུས་མཐུ་ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་དང་བསྲེག་རྫས་ཐམས་ཅད་ལ་དེས་འགྲེ། དགང་བླུགས་སྐབས་ཁུ་ཚུར་ལས་སྲིན་ལག་གཉིས་རྩེ་སྤྲད་པ་པདྨའི་ཁུ་ཚུར་གྱིས་བཟུང་། ཕྲིན་བཅོལ་སྐབས། མོས་བཞིས་དབང་སྡུད་ཕྲིན་ལས་ཐམས་ཅད་ནི། །ཞེས་བསྒྱུར་བ་དང་། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ། ཁམས་གསུམ་སྲིད་གསུམ་འཇིག་རྟེན་ཀུན་གྱི་མི་ནོར་ཟས་གསུམ། མོས་པ་རྣམ་བཞིས་ལྷ་འདྲེ་མི་གསུམ་དང་། དེ་དག་གི་མཐུ་སྟོབས་ལོངས་སྤྱོད་ལ་སོགས་སྣང་སྲིད་འཁོར་འདས་ཀྱི་འདོད་རྒུའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་སོ། །འདས་པའི་བསྐྱེད་ཆོག་སྐབས། དམར་གསལ་མདངས་ལྔ་ཞེས་དང་། དགང་བླུགས་སྐབས། ལྗགས་པདྨ་དམར་པོའི་རྣམ་པ་ཅན་ཞེས་དང་། འདོད་གསོལ། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་སྦྱར། གྲངས་གསོག་ན་གོང་གསལ་ཟས་མཆོག་སོགས་སྤྱི་གཞུང་དབང་གི་རྫས་གཙོ་བོར་འབུལ། བསྟོད་པའི་སྐབས། འགྱུར་མེད་སྐུ་མདོག་བྱེ་རུའི་ལྷུན་པོ་ལྟར༔ དམར་མདངས་རབ་ཏུ་འཚེར་ལ་ཕྱག་འཚལ་བསྟོད༔ ཞེས་བསྒྱུར། བཟླས་པའི་སྐབས། འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུས་སྣོད་བཅུད་ཐམས་ཅད་ལ་ཁྱབ། འཁོར་འདས་ཀྱི་བཅུད་དང་དྭངས་མ་སྲིད་པ་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་མོས་པ་རྣམ་བཞིས་དབང་དུ་འདུས་པར་གྱུར། ཅེས་དམིགས་ལ། དབང་གི་སྔགས་ཤམ་འདོད་གསོལ་བཅས་སྦྱར། དྲག་སེང་གཉིས་ལ་ཆགས་པའི་ཉམས་ཅན་འོད་ཟེར་དམར་པོའི་ཕྲེང་བ་སོགས་བསྒྱུར། རྗེས་ཐལ་བ་རི་རྩེ་མཐོན་པོར་འཇམ་པའི་རླུང་ལ་བསྐུར་བར་བཤད་དོ། །སྦྱིན་སྲེག་འདི་རྣམས་ཀྱི་སྐབས་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་བཞིའི་བསྲེག་བླུགས་ནས་བཤད་པའི་འཁོར་ལོ་སོ་སོར་བྲིས་ནས་ཐབ་ཀྱི་འོག་ཏུ་འཇུག་པ་གྲུབ་ན་ཆེས་ལེགས་སོ། །དེ་དག་གིས་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་བསྟན་ཟིན་ཏོ། །མདོ་རྒྱུད་མན་ངག་བཀའ་གཏེར་གཞུང་། །མང་ཐོས་བློ་གྲོས་སྤྲིན་ཆེན་ལས། །ཉེར་མཁོའི་ཡི་གེ་བདུད་རྩིའི་ཆར། །མཐའ་ཡས་ཕབ་པའི་ཟེགས་མ་འོ། །རྫས་ཆེན་སྲེག་ཟས་ཚོགས་རྫོགས་ནས། །ཨ་ཧཾ་སྲེག་བླུགས་སྟོབས་སུ་གྱུར། །བདེ་སྟོང་འགྱུར་མེད་འོད་གསལ་མེ། །འཁྲུལ་རྟོག་ནགས་ལ་རབ་མཆེད་ཤོག །ཅེས་པ་འདིའང་སྒྲུབ་པོ་ཉམས་ལེན་མཁན་སྔ་རྗེས་མང་པོས་བསྐུལ་པ་ལ་བརྟེན། འདུ་གསུམ་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

གནམ་ཆོས་ཐུགས་གཏེར་སྐོར་ལས། རྟ་གླུད་བཅའ་ཐབས་དང་། འདོན་ཚིག་བཅས་ (Volume 51, Text 21)

གནམ་ཆོས་ཐུགས་གཏེར་སྐོར་ལས། རྟ་གླུད་བཅའ་ཐབས་དང་། འདོན་ཚིག་བཅས་ཡོད། ༄༅། །གནམ་ཆོས་རྟ་གླུད་བཅའ་ཐབས་ནི། དབུས་སུ་རྐྱ་མི་ནག་པོ་རྟ་མགོ་ཅན་ཁྲཾ་ཤིང་དང་མེ་ལོང་འཛིན་པ་རྟ་བདུད་གཙོ་བོར་ཁྲམ་ཤིང་གཅིག་ཕྲག་གོང་ལ་བཙུག་་་་འདི་དང་འོག་མ་རྣམས་ལ་སོ་སོའི་ཕྱག་མཚན་དགོས་མིན་སྔོན་ཆད་མི་གསལ་ཡང་གླུད་གཞུང་གྱེར་ཚིག་ལྟར་འདིར་དཀྱུས་སུ་གསར་དུ་བྲིས་པ་ཡིན། མཆན། དེའི་རྒྱབ་ཏུ་རྟ་གཤེད་རྐྱ་མི་རྟ་མགོ་ཅན་བདུན་ནི། དམར་ནག་རལ་གྲི་དང་མདུང་ཐོགས་པ་རྟ་དམར་ཞོན་པ་གཅིག །ནག་པོ་ལྕགས་ཀྱུ་དང་ཞགས་པ་རྟ་ནག་ཞོན་པ་གཅིག །དམར་པོ་མེ་ཕུང་དང་རླུང་རྐྱལ་རྟ་དམར་ཞོན་པ་གཅིག །སེར་པོ་འཁོར་ལོ་དང་དྲིལ་བུ་རྟ་སེར་ཞོན་པ་གཅིག །དམར་སེར་དབྱུག་གུ་རྒྱ་ཁབ་རྟ་དམར་སེར་ཞོན་པ་གཅིག །དཀར་པོ་མིག་རྡོག་དང་མཆེ་བ་ཐོགས་པ་རྟ་དཀར་ཞོན་པ་གཅིག །སྔོན་པོ་ཞགས་པ་འཛིན་པ་རྟ་སྔོན་ཞོན་པ་གཅིག་དང་བདུན་ནོ། །དེ་རྒྱབ་རྟ་སྲི་གསུམ་ནི། རྐང་ཐང་རྟ་མགོ་ཅན་ནག་པོ་རྩ་དུག་དང་མདུང་ཐོགས་པ་གཅིག །དཀར་པོ་རྩ་དུག་དང་རལ་གྲི་ཐོགས་པ་གཅིག །དམར་པོ་རྩ་དུག་དང་རྩ་གབ་ཐོགས་པ་གཅིག་དང་གསུམ་མོ། །དེ་རྒྱབ་རྟ་གདོན་བཅུ་ནི། རྐང་ཐང་རྟ་མགོ་ཅན་བཅུ་སྟེ། སྨུག་པོ་མཁར་གོང་དང་ལྕགས་ཀྱུ་ཅན་གཅིག །དཀར་པོ་མཁར་གོང་དང་ཞགས་པ་ཐོགས་པ་གཅིག །ལྗང་གུ་མཁར་གོང་དང་ལྕགས་སྒྲོག་ཅན་གཅིག །ནག་པོ་མཁར་གོང་དང་དབྱིག་པ་ཅན་གཅིག །དམར་པོ་མཁར་གོང་དང་སྤུ་གྲི་ཅན་གཅིག །དུད་ཀ་མཁར་གོང་དང་ཆུ་གྲི་ཅན་གཅིག །དམར་སེར་མཁར་གོང་དང་བཞར་ལོང་ཅན་གཅིག །སྔོན་པོ་མཁར་གོང་དང་འཁོར་ལོ་ཅན་གཅིག །དུད་ཀ་མཁར་གོང་དང་རལ་གྲི་ཅན་གཅིག །དམར་པོ་མཁར་གོང་དང་མདུང་ཐོགས་པ་གཅིག་དང་བཅུའོ། །དེ་རྣམས་འཇིམ་པ་ལ་བཅའ་ཚོན་བྱེད། དེ་རྣམས་གཙོ་མ་ནང་དུ་ས་བརྡལ་བ་ལ་བཀོད། ཟན་ལ་རྟའི་གཟུགས་ཉི་ཤུ་རྩ་གཅིག །ཆངས་བུ། ཏིང་ལོ་མཐེབ་ཀྱུ་ཤ་དུམ་རྣམས་ཉེར་གཅིག་གམ་གཟུགས་རེའི་མདུན་དུ་ཚར་གྲངས་བཞག །ཡོས་བཀྲ་སྦང་རམ་ཤ་དུམ་གྱིས་གསོ་ཞིང་ཚར་མང་དུ་བཏོན་ལ། སེ་བ་རང་རྟ་དང་། ལྷོ་སྨད་རྟ་ཐོག །སེ་བ་བླ་མཁྱེན་སོགས་མེད་སར་འབུལ་རྒྱུར་བསྐུར་ལ། དེའི་ཚེ་མཇུག་གི་སྔགས་དེ་འདོན་ཞིང་རོལ་མོ་བྱ། ཞེས་པའང་གནམ་ཆོས་ཐུགས་གཏེར་ལས་བྱུང་བའི་རྟ་གླུད་ལག་ལེན་འདི་ཉིད། དགེ་སློང་ཀརྨ་ཨ་རཱ་གས་བྲིས་པའོ།། །། ༁ྃ༔ གནམ་ཆོས་དཔལ་རྣོ་བཀྲའི་སྐོར་ལས་རྟ་གླུད་བཞུགས་སོ༔ ན་མ་ཧྱ་གྷྲི་ཝཱ་ཡ༔ དཔལ་རྣོ་བཀྲ་ལས༔ རྟ་གླུད་ནི༔ རྟ་ལ་ལུས་དྲུད་བྱས་པའི་ཟན་ལ་རྟའི་གཟུགས་བྱ༔ ཁམ་ས་ལ་རྟ་གདོན་གྱི་གཟུགས་སོ་སོ་བཟོས་ལ་བཞག་སྟེ་འདི་ལྟར་བརྗོད་དོ༔ ཧཱུྃ༔ ང་ནི་རྟ་ལྷ་རེ་མནྟ༔ རྟ་གདོན་བཅུ་པོ་གཞན་དུ་དེངས༔ རྟ་གདོན་དམར་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྨུག༔ ལག་གཉིས་མཁར་གོང་ལྕགས་ཀྱུ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་དཀར་པོ་ཁོག་ཆེན་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དཀར༔ མཁར་གོང་ཞགས་པ་ལག་ན་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་སེར་ནག་འབར་བ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ལྗང༔ ལག་ན་མཁར་གོང་ལྕགས་སྒྲོག་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་སྔོ་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནག༔ ལག་ན་མཁར་གོང་དབྱིག་པ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་སྟོབས་ཆེན་ཉི་མ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དམར༔ ལག་ན་མཁར་གོང་སྤུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ཟིན་ཕུང་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དུད༔ ལག་ན་མཁར་གོང་ཆུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་མཆུ་རྣོ་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནི༔ དམར་སེར་དེ་ཡང་ཁྱོད་ཀྱི་མདོག༔ ལག་ན་མཁར་གོང་བཞར་ལོང་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ནམ་མཁའི་ལྡིང་འཕུར་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྔོ༔ ལག་ན་མཁར་གོང་འཁོར་ལོ་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ཕ་མེད་མ་མེད་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དུད༔ ལག་ན་མཁར་གོང་རལ་གྲི་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ཚེར་མའི་ལུས་ཅན་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དམར༔ ལུས་ལ་ཚེར་མའི་ཕུང་པོ་སྐྱེས༔ ལག་ན་མཁར་གོང་མདུང་ཐུང་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་སྲི་གསུམ་པོ་ཡང༔ རྟ་སྲི་ཉི་མའི་གདོང་ཅན་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནག༔ ལག་ན་རྩྭ་དུག་མདུང་ཐུང་བཟུང༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་སྲི་དུག་གི་ཁོག་ཅན་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དཀར༔ ལག་ན་རྩྭ་དུག་རལ་གྲི་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་སྲི་མེ་ཡི་ཚ་ངབ་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དམར༔ ལག་ན་རྩྭ་དུག་རྩ་གབ་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་གཤེད་བདུན་པོ་ནི༔ རྟ་གཤེད་ཡམ་ཤུད་དམར་ནག་ནི༔ ལུས་མདོག་དམར་པོ་རྟ་དམར་ཞོན༔ ལག་ན་རལ་གྲི་མདུང་ཐུང་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་སོལ་བའི་བཅུད་ལེན་ནི༔ ལུས་མདོག་ནག་པོ་རྟ་ནག་ཞོན༔ ལག་ན་ལྕགས་ཀྱུ་ཞགས་པ་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་ཁ་ནས་མེ་འབར་ནི༔ ལུས་མདོག་དམར་པོ་རྟ་དམར་ཞོན༔ ལག་ན་མེ་དཔུང་རླུང་རྐྱལ་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་རེག་ཕུང་སེར་པོ་ནི༔ ལུས་མདོག་སེར་པོ་རྟ་སེར་ཞོན༔ ལག་ན་འཁོར་ལོ་དྲིལ་བུ་བཟུང༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་གོ་ཕུང་མེ་འབར་ནི༔ ལུས་མདོག་དམར་སེར་རྟ་དམར་སེར༔ ལག་ན་དབྱུག་གུ་རྒྱ་ཁབ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་མིག་སྟོང་ལུས་གང་ནི༔ ལུས་མདོག་དཀར་པོ་རྟ་དཀར་ཞོན༔ ལག་ན་མིག་རྡོག་མཆེ་བ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་བསམ་ནས་གོད་གཏོང་ནི༔ ལུས་མདོག་སྔོན་པོ་རྟ་སྔོན་ཞོན༔ ཞགས་འཛིན་ཁྱོད་ནི་སྐེ་རིང་བ༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་བདུད་ཁྱོད་ཉིད་ནི༔ རེས་འགའ་ཁྱོད་མིང་འདི་ལྟར་ཟེར༔ རྡུལ་བརླག་ཆེན་པོ་ཡིན་སྐད་དོ༔ ལ་ལས་ཡང་ནི་མིང་བརྗོད་པ༔ གཤེད་ནག་ད་སོད་ཡིན་སྐད་དོ༔ ལ་ལས་ཡང་ནི་མིང་བརྗོད་པ༔ རྟ་བདུད་ཡིད་ངན་ཡིན་སྐད་དོ༔ ལ་ལས་ཁྱོད་ཀྱི་མིང་འདི་སྐད༔ མིག་རྩེས་གོད་གཏོང་ཡིན་སྐད་དོ༔ རྟ་གདོང་ནག་པོ་རྟ་ནག་ཞོན༔ ལག་ན་ཁྲམ་ཤིང་མེ་ལོང་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་གླུད་བསྔོ་བ་ནི༔ རྟ་འདི་རིན་ཆེན་གསེར་ལས་བྱས༔ གསེར་འདོད་ལྷ་འདྲེ་ཡིད་འཕྲོག་ཡོད༔ མིག་གཡས་དུང་ལས་བྱས་པ་ཡིས༔ དུང་འདོད་ལྷ་འདྲེ་མགུ་ཚིམ་ཡོད༔ མིག་གཡོན་གསེར་ལས་བྱས་པ་ཡིས༔ གསེར་འདོད་ལྷ་འདྲེ་མགུ་ཚིམ་ཡོད༔ སྣ་བུག་གཡུ་ལས་བྱས་པ་ཡིས༔ གཡུ་འདོད་ལྷ་འདྲེ་མགུ་བ་ཡོད༔ རྣ་གཡས་བཻ་ཌཱུར་བྱས་པ་ཡིས༔ བཻ་ཌཱུར་འདོད་པའི་ལྷ་འདྲེ་རྣམས༔ དགའ་མགུ་ཚིམ་ཐག་ཆོད་པ་ཡོད༔ རྣ་གཡོན་ལྕགས་ལས་བྱས་པ་ཡིས༔ ལྕགས་འདོད་ལྷ་འདྲེ་མགུ་བ་ཡོད༔ རྫི་མ་ཟངས་ལས་བྱས་པ་ཡིས༔ ཟངས་འདོད་ལྷ་འདྲེ་མགུ་བ་ཡོད༔ རྟ་ཚེམས་དངུལ་ལས་བྱས་པ་ཡིས༔ དངུལ་འདོད་ལྷ་འདྲེ་མགུ་བ་ཡོད༔ པདྨ་རཱ་གའི་ལྗགས་ཡིན་པས༔ པདྨ་རཱ་ག་འདོད་པ་ཡི༔ ལྷ་འདྲེ་མགུ་ཚིམ་ཐག་ཆོད་ཡོད༔ རྔ་རྔོག་སྤོས་ཤེལ་ལས་བྱས་པས༔ སྤོས་ཤེལ་འདོད་པའི་ལྷ་འདྲེ་རྣམས༔ མགུ་ཚིམ་ཐག་ཏུ་ཆོད་པ་ཡོད༔ ལུས་པོ་བཀྲག་མདངས་ཆེ་བ་ཡིས༔ ལྷ་འདྲེའི་མིག་སེམས་འཕྲོག་པ་ཡོད༔ ལུས་ལས་བདུད་རྩིའི་རྒྱུན་འབབས་པས༔ ཡི་དྭགས་བཀྲེས་སྐོམ་ཞི་བ་ཡོད༔ ལུས་ལས་ཟས་སྐོམ་འབབས་པ་ཡིས༔ ཡི་དྭགས་ལྟོག་འབར་ཞི་བ་ཡོད༔ རྨིག་བཞི་ལི་ལས་བྱས་པ་ཡིས༔ ལི་འདོད་ལྷ་འདྲེ་མགུ་བ་ཡོད༔ རྐང་བཞི་ཁྲོ་ལས་བྱས་པ་ཡིས༔ ཁྲོ་འདོད་ལྷ་འདྲེ་མགུ་བ་ཡོད༔ ཤ་རྣམས་རིན་ཆེན་བྱས་པ་ཡིས༔ རི་གནས་ལྷ་འདྲེ་མགུ་བ་ཡོད༔ རུས་པ་ལྕགས་ལས་བྱས་པ་ཡིས༔ བྲག་གནས་ལྷ་འདྲེ་མགུ་བ་ཡོད༔ དབུགས་ནི་འཇའ་ལས་གྲུབ་པ་ཡིས༔ རླུང་གནས་ལྷ་འདྲེ་མགུ་བ་ཡོད༔ ཁྲག་ནི་མར་ཁུ་ལས་བྱས་པས༔ ཆུ་གནས་ལྷ་འདྲེ་མགུ་བ་ཡོད༔ སེམས་འདི་དེ་ཉིད་ལས་བྱས་པས༔ མཁར་གནས་ལྷ་འདྲེ་མགུ་བ་ཡོད༔ རིན་ཆེན་སྣ་ཚོགས་རྩ་རྒྱུས་ཀྱིས༔ ཤིང་གནས་ལྷ་འདྲེ་མགུ་བ་ཡོད༔ ཏང་ཏང་ཤ་ཡི་རི་བོ་ཡོད༔ མེར་མེར་ཁྲག་གི་རྒྱ་མཚོ་ཡོད༔ ཏྲག་ཏྲག་རུས་པའི་བྲག་རི་ཡོད༔ ཡ་ཡ་སེམས་ཀྱི་ནམ་མཁའ་ཡོད༔ ཏང་ཏང་རྩ་ཡི་ནགས་རི་ཡོད༔ འདི་འདྲའི་རྟ་མཆོག་མཐོང་མ་མྱོང༔ ལྷ་འདྲེ་ཁྱོད་ཀྱིས་འདི་ཁྱེར་ལ༔ ཉི་མ་ཟླ་བ་འདི་གཉིས་ཀྱི༔ ཟེར་ཙམ་ཕོག་སར་ཁྱོད་མ་འདུག༔ ཆུ་འདི་རིག་སར་ཁྱོད་མ་འདུག༔ གློག་འོད་མཐོང་སར་ཁྱོད་མ་འདུག༔ འབྲུག་སྐད་ཐོས་སར་ཁྱོད་མ་འདུག༔ རྟ་དྲི་བྲོ་སར་ཁྱོད་མ་འདུག༔ ནམ་མཁས་ཁྱབ་སར་ཁྱོད་མ་འདུག༔ སྒྲ་སྐད་ཐོས་སར་ཁྱོད་མ་འདུག༔ མིག་གིས་མཐོང་སར་ཁྱོད་མ་འདུག༔ མེ་འོད་མཐོང་སར་ཁྱོད་མ་འདུག༔ གནས་འདི་སྐྱུར་ལ་ད་དེངས་ཤིག༔ རྟ་གླུད་ལོངས་ལ་དགའ་བར་གྱིས༔ གོས་ཀྱིས་རེག་སར་ཁྱོད་མ་འདུག༔ ཟས་ཀྱི་ཚོར་སར་ཁྱོད་མ་འདུག༔ དྲོད་ཀྱི་ཚོར་སར་ཁྱོད་མ་འདུག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ཉིད་རྟ་ལྷ་ཐུགས་ཁྲོས་ཏེ༔ ཁྱོད་གཞི་ང་ཡིས་གཟུང་བར་བྱེད༔ ཉི་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ ཟླ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ མེ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ མིག་གིས་མཐོང་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ དྲོད་ཀྱིས་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ གོས་ཀྱིས་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ ཟས་ཀྱི་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ གློག་འོད་མཐོང་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ ནམ་མཁས་ཁྱབ་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ འབྲུག་སྐད་ཐོས་པར་དུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ ཆུ་འདི་རིག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ རྟ་དྲི་བྲོ་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ སྒྲ་སྐད་ཐོས་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ ཨོཾ་ཨཱརྱ་རེ་མནྟ་ཧཱུྃ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད༔ ཅེས་འབུལ་ལོ༔ ཞེས་པ་འདི་ཡང་མེ་སྤྲེལ་འབྲུག་ཟླའི་ཉེར་གཅིག་ནུབ་སྲོད་ཙམ་ལ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱིས་དངོས་སུ་གསུངས་པའོ།། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་ཆོས་སྤྱོད་སྨོན་ལམ་ཡེ་ཤེས་སྒྲོན་མེ་རབ་གསལ་མེ་ལོང་ (Volume 21, Text 21)

༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་ཆོས་སྤྱོད་སྨོན་ལམ་ཡེ་ཤེས་སྒྲོན་མེ་རབ་གསལ་མེ་ལོང་བཞུགས་སོ༔ ཆོས་སྤྱོད་བསྡུས་པ༔ ྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ ལས་ཀྱི་སྒྲིབ་པ་རྣམས་སྦྱོང་ཞིང༔ ཚེ་འདིའི་ཕྱི་མར་བདེ་བ་ཅན་དུ་ངེས་པར་སྐྱེ་བའི་ཕྱིར༔ སངས་རྒྱས་འོད་དཔག་མེད་གཙོ་འཁོར་རྣམས་ལ་ཡན་ལག་བདུན་པ་འབུལ་ཞིང་སྨོན་ལམ་བཏབ་པ་ནི༔ སངས་རྒྱས་འོད་དཔག་མེད་འཁོར་བཅས་རང་གི་མདུན་དུ་བཞུགས་པར་བསམ་ལ༔ ན་མོ༔ ས་གཞི་རིན་ཆེན་ལས་གྲུབ་འོད་ཀྱི་ཞིང༔ པདྨ་འབར་དང་ཨུ་དུམ་ཝཱ་རས་གཏམས༔ དཔག་བསམ་ལྗོན་པའི་ཤིང་དང་ཏཱ་ལའི་ཕྲེང༔ ཡན་ལག་བརྒྱད་ལྡན་ཆར་བསིལ་བདུད་རྩིའི་མཚོ༔ རིན་ཆེན་སྣ་ཚོགས་དགོས་འདོད་ཟད་མེད་ཚལ༔ ཆོས་དབྱིངས་རང་འོད་གཟི་བརྗིད་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་རིན་ཆེན་རྒྱན༔ རྒྱ་ཆེ་མཉམ་ཡངས་འོད་ཟེར་འཁྲིགས་པའི་ཀློང༔ པདྨ་རྨ་བྱ་ཉི་ཟླ་རིན་ཆེན་དབུས༔ བཅོམ་ལྡན་མགོན་པོ་འོད་དཔག་མེད་པ་དང༔ སྙིང་རྗེ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས༔ ཉེ་བའི་སྲས་བརྒྱད་ཡང་སྤྲུལ་སུམ་ཅུ་གཉིས༔ རྒྱལ་བའི་སྲས་མཆོག་པདྨ་སམ་བྷ་ཝ༔ རིག་འཛིན་ལྷ་མོ་སེམས་མ་མཆོད་པའི་སྤྲིན༔ ཕྱོགས་བཅུའི་བདེ་གཤེགས་སྤྲིན་ཕུང་འཁྲིགས་འདྲའི་འཁོར༔ མ་ལུས་ཐམས་ཅད་ཆོས་དབྱིངས་སྤྲིན་ལྟར་འཁྲིགས༔ ཐུགས་རྗེའི་འོད་ཟེར་ཚད་མེད་ཉི་ལྟར་གདལ༔ དངོས་གྲུབ་བདུད་རྩི་མི་ཟད་ཆར་འབེབ་པའི༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ༔ ཧོ༔ ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས༔ དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་རྒྱས་པའི་ལྷ༔ འོད་དཔག་མེད་དང་སེམས་དཔའི་སྤྲུལ་འཁོར་བཅས༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང༔ དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་སྲུང་མ་དམ་ཅན་གཏེར་བདག་རྣམས༔ གནས་འདིར་བྱོན་ལ་བདག་སོགས་བྱིན་གྱིས་རློབས༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་སཏྭམ༔ རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས༔ ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང༔ ན་བཟའ་རིན་ཆེན་རྒྱན་མཆོག་འདི་འབུལ་བས༔ འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ སྣང་སྲིད་རྣམ་དག་རྒྱལ་བའི་ཞིང་ཁམས་འདིར༔ མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་རྒྱན་ཕྲེང་པཉྩ་ལི༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་འབུལ་ལོ༔ ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ མངོན་པར་བྱང་ཆུབ་ཆོས་སྐུར་དག་པ་ལ༔ མཛད་པའི་རྣམ་འཕྲུལ་སྒྱུ་མར་སྐུར་བཞེངས་པ༔ བླ་མ་མཆོག་གསུམ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ༔ རྡོ་རྗེ་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི༔ འགལ་འཁྲུལ་ཉམས་ཆག་དུས་འདིར་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ཨོཾ་བཛྲ་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་འབུལ་བས༔ རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ འོག་མིན་བདེ་ཆེན་རང་བཞིན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་དམིགས་ཏེ་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ རཏྣ་ཙཀྲ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་བཤགས་པ་འབུལ་བ་ནི༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་མ་མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སྤྲུལ་འཁོར་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་མི་ཟད་པ་འཕྲོ་བ་ལ་ཕྱག་འཚལ་ལོ༔ དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བ་ནི༔ དང་པོ་ཤར་ཕྱོགས་ལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ལྷུན་པོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ལྷུན་པོ་སྣང་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འཇམ་སྒྲ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འཇམ་དབྱངས་ལ་ཕྱག་འཚལ་ལོ༔ ལྷོ་ཕྱོགས་ཀྱི་ལྷ་ལ༔ དེ་བཞིན་གཤེགས་པ་ཉི་ཟླའི་སྒྲོན་མ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གྲགས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གྲགས་པའི་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་འཕྲོ་བའི་ཕུང་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ལ་ཕྱག་འཚལ་ལོ༔ ནུབ་ཕྱོགས་ཀྱི་ལྷ་ལ་ཕྱག་འཚལ་བ་ནི༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཕུང་པོ་དཔག་མེད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རྒྱལ་མཚན་དཔག་མེད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་ཆེན་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་ཟེར་དག་པ་ལ་ཕྱག་འཚལ་ལོ༔ བྱང་ཕྱོགས་ཀྱི་ལྷ་ལ་ཕྱག་འཚལ་བ་ནི༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་འཕྲོ་བའི་ཕུང་པོ་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཐམས་ཅད་སྒྲོལ་བའི་དབྱངས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རབ་ཏུ་ཐུལ་དཀའ་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཉི་མ་འབྱུང་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དྲྭ་བ་ཅན་གྱི་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་ཀྱི་འབྱུང་གནས་ལ་ཕྱག་འཚལ་ལོ༔ དེ་ནས་འོག་ཕྱོགས་ཀྱི་ལྷ་ལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གྲགས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གྲགས་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཆོས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཆོས་འཛིན་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ༔ དེ་ནས་སྟེང་ཕྱོགས་ཀྱི་ལྷ་ལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྤོས་མཆོག་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྤོས་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྤོས་ཀྱི་ཕུང་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཤིན་ཏུ་རྒྱས་པའི་རིགས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་ཨུཏྤ་ལའི་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རི་རབ་ལྟ་བུ་ལ་ཕྱག་འཚལ་ལོ༔ དེ་ནས་ལས་ཀྱི་སྒྲིབ་པ་ཟད་པའི་མདོ་སྡེ་ལས་གསུངས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བ་ནི༔ བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་མཁྱེན་པར་གྱུར་པ་གཟིགས་པའི་ཕུང་པོ་ཅན་འོད་མཆོག་ལ་ཕྱག་འཚལ་ལོ༔ འོད་དགེ་ལ་ཕྱག་འཚལ་ལོ༔ བསོད་ནམས་འོད་ལ་ཕྱག་འཚལ་ལོ༔ མི་འཁྲུགས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སེངྒེ་མཆོག་ལ་ཕྱག་འཚལ་ལོ༔ འོད་ཟེར་བརྒྱ་པ་ལ་ཕྱག་འཚལ་ལོ༔ འོད་ཟེར་མཐོ་བ་ལ་ཕྱག་འཚལ་ལོ༔ འོད་ཟེར་དྲ་བ་ཅན་ལ་ཕྱག་འཚལ་ལོ༔ རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ༔ འོད་འབར་ལ་ཕྱག་འཚལ་ལོ༔ སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཤིན་ཏུ་རྒྱན་ལ་ཕྱག་འཚལ་ལོ༔ རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ༔ ཡན་ལག་མཆོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་མཐའ་དག་བཤགས་པ་ནི༔ སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ༔ སྤྱན་དུ་གྱུར་པ༔ དཔང་དུ་གྱུར་པ༔ ཚད་མར་གྱུར་པ༔ མཁྱེན་པ་དང་ལྡན་པ༔ གཟིགས་པ་དང་ལྡན་པ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ༔ བདག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ༔ སངས་རྒྱས་བཅོམ་ལྡན་འདས་གང་དེ་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ༔ ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ༔ ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ༔ ཆོས་ཀྱི་སྦྱིན་པ་རབ་ཏུ་མཛད་པ༔ ཆོས་ཀྱི་སྒྲོན་མེ་རབ་ཏུ་སྦར་བར་མཛད་པ༔ ཆོས་ཀྱི་ཆར་རབ་ཏུ་འབེབ་པ༔ ཆོས་ཀྱི་རྔ་རྡུང་བ༔ ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་རྡུང་བ༔ ཆོས་ཀྱི་དུང་རབ་ཏུ་འབུད་པ༔ ཆོས་ཀྱི་སྲོག་ཤིང་རབ་ཏུ་སྒྲེང་བ༔ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ༔ ཉམས་བག་ཏུ་སྤྱོད་དུ་འཇུག་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་ཕྱག་འཚལ་ལོ༔ སངས་རྒྱས་བཅོམ་ལྡན་འདས་མཆོད་པའི་གནས༔ ཕྱག་བགྱི་བའི་གནས༔ རི་མོར་བྱ་བའི་གནས༔ མཁྱེན་པར་གྱུར་པ༔ སྤྱན་དུ་གྱུར་པ༔ དཔང་དུ་གྱུར་པ༔ ཚད་མར་གྱུར་པ༔ མཁྱེན་པ་དང་ལྡན་པ༔ གཟིགས་པ་དང་ལྡན་པ་དེ་དག་ཐམས་ཅད་ལ་བདག་གི་མགོ་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ལོ༔ ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ༔ བདག་འདོད་ཆགས་ཀྱིས་གཟིར་བའམ༔ ཞེ་སྡང་གིས་གཟིར་བའམ༔ གཏི་མུག་གིས་གཟིར་བའི་ལུས་དང༔ ངག་དང༔ ཡིད་ཀྱི་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུ་བགྱིས་པ་དང༔ སངས་རྒྱས་སུ་མ་འཚལ་བ་དང༔ ཆོས་སུ་མ་འཚལ་བ་དང༔ དགེ་འདུན་དུ་མ་འཚལ་བ་དང༔ དགེ་དང་མི་དགེ་བར་མ་འཚལ་བ་དང༔ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང༔ ཆོས་སྤངས་པ་དང༔ དགེ་འདུན་གྱི་དབྱེན་བགྱིས་པ་དང༔ དགེ་སློང་དགྲ་བཅོམ་པ་བཀུམ་པ་དང༔ ཕ་དང་མ་བཀུམ་པ་དང༔ ལུས་ཀྱི་རྣམ་པ་གསུམ་དང༔ ངག་གི་རྣམ་པ་བཞི་དང༔ ཡིད་ཀྱི་རྣམ་པ་གསུམ་སྟེ༔ མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང༔ བགྱིད་དུ་བསྩལ་བ་དང༔ བགྱིས་པ་ལ་རྗེས་སུ་ཡི་རང་བ་དང༔ སེམས་ཅན་ཁ་ཅིག་ལ་ངག་རྩུབ་མོར་སྨྲས་པ་དང༔ སྐུར་པ་བཏབ་པ་དང༔ སྲང་ལ་གཡོ་བགྱིས་པ་དང༔ གཞལ་བ་ལ་གཡོ་བགྱིས་པ་དང༔ འགྲོ་བ་དྲུག་ཏུ་འཁོར་བར་འཁོར་བ་ན་ཕ་མ་མི་དགའ་བར་བགྱིས་པ་དང༔ གང་ཟག་གིའམ༔ མཆོད་རྟེན་གྱིའམ༔ དགེ་འདུན་གྱིའམ༔ ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་གྱི་ནོར་བརྐུས་པ་དང༔ ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་འགལ་བར་བགྱིས་པ་དང༔ མཁན་པོ་དང་སློབ་དཔོན་གྱིས་བསྒོ་བ་མཉན་པ་དང༔ ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ༔ རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ༔ ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ༔ དེ་དག་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པར་བགྱིས་པ་དང༔ སྤྱོས་པ་དང༔ བརྡེག་པ་དང༔ དེ་དག་ལ་ཐ་བ་དང༔ ཞེ་སྡང་སྐྱེས་པ་དང༔ ཕྲག་དོག་དང༔ སེར་སྣ་ལས་བྱུང་བའི་སེམས་ཀྱིས༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ་མོར་སྨྲས་པ་དང༔ དམ་པའི་ཆོས་ལ་ཆོས་མ་ལགས་ཞེས་བགྱིས་པ་དང༔ ཆོས་མ་ལགས་པ་ལ་དམ་པའི་ཆོས་ལགས་སོ་བགྱིས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ༔ སྤྱན་དུ་གྱུར་པ༔ དཔང་དུ་གྱུར་པ༔ ཚད་མར་གྱུར་པ༔ མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་བཤགས་སོ༔ མཐོལ་ལོ༔ མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ༔ སེམས་ཅན་དམྱལ་བ་དང༔ དུད་འགྲོའི་སྐྱེ་གནས་དང༔ ཡི་དྭགས་ཀྱི་ཡུལ་དང༔ ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་བ་དང༔ སངས་རྒྱས་དང༔ ཆོས་དང༔ དགེ་འདུན་མཉེས་པར་བགྱིད་པར་མི་འགྱུར་བ་དང༔ མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་དེ་ལུས་འདི་ཉིད་ལ་རྣམ་པར་སྨིན་ཏེ༔ གཞན་དུ་མི་མྱོང་བར་ཤོག་ཅིག༔ དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ༔ སྤྱན་དུ་གྱུར་པ༔ དཔང་དུ་གྱུར་པ༔ ཚད་མར་གྱུར་པ༔ མཁྱེན་པ་དང་ལྡན་པ༔ གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ༔ མཐོལ་ལོ་མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་གྱི་དུས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན༔ ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང༔ མ་འཆབ་པ་དེ་བཞིན་དུ་བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་སོ༔ མཐོལ་ལོ་མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན༔ ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པར་འགྱུར་བ་དང༔ མི་འཆབ་པར་འགྱུར་བ་དེ་བཞིན་དུ༔ བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ༔ མཐོལ་ལོ་མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ ཇི་ལྟར་ད་ལྟའི་ཕྱོགས་བཅུའི་འཇིག་རྟེན་ན༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན༔ ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པ་དང༔ མི་འཆབ་པ་དེ་བཞིན་དུ་བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ༔ མཐོལ་ལོ༔ མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ ཇི་ལྟར་འདས་པ་དང༔ མ་འོངས་པ་དང༔ ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན༔ ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང༔ སོ་སོར་མི་འཆབ་པར་གྱུར་པ་དེ་བཞིན་དུ༔ བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་སོ༔ མཐོལ་ལོ༔ མི་འཆབ་བོ༔ སླན་ཆད་ཀྱང་མི་བགྱིད་དོ༔ དེ་ནས་རྗེས་སུ་ཡི་རང་བའི་ཕྱིར་གསོལ་བ་བཏབ་པ་ནི༔ ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱིས་པའི་དངོས་པོ་དང༔ ཚུལ་ཁྲིམས་ལས་བྱུང་བ་དང༔ བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་མངོན་པར་འདུ་བགྱི་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་ངོ༔ རྗེས་སུ་ཡི་རང་བ་དམ་པ་དང༔ གཙོ་བོ་དང་ཁྱད་པར་ཅན་དང༔ རབ་དང༔ ཕུལ་དང༔ གྱ་ནོམ་པ་དང༔ བླ་མ་དང༔ བླ་ན་མེད་པ་དང༔ ལྟག་ན་མེད་པ་དང༔ མཉམ་པ་མེད་པ་དང༔ མི་མཉམ་པ་དང༔ མཉམ་པས་རྗེས་སུ་ཡི་རང་ངོ༔ འདས་པའི་དུས་ཕྱོགས་བཅུའི་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང༔ ཚུལ་ཁྲིམས་ལས་བྱུང་བ་དང༔ བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིས་པ་དེ་དག་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས༔ རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ གང་སུ་དག་མ་འོངས་པའི་དུས༔ ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་དང༔ ཚུལ་ཁྲིམས་ལས་བྱུང་བ་དང༔ བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱི་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས་རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ བྱང་ཆུབ་སེམས་དཔའ་གང་དག་ད་ལྟ་ན་སེམས་དང་པོར་བསྐྱེད་པ་དེ་དག་གིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༔ བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱར་འབྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང༔ བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང༔ ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང༔ བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས༔ རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ཙ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས་རྗེས་སུ་ཡི་རང་བ་དམ་པ་དང༔ གཙོ་བོ་དང༔ ཁྱད་པར་ཅན་དང༔ རབ་དང༔ ཕུལ་དང༔ གྱ་ནོམ་པ་དང༔ བླ་མ་དང༔ བླ་ན་མེད་པ་དང༔ ལྟག་ན་མེད་པ་དང༔ མཉམ་པ་མེད་པ་དང༔ མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ༔ མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག༔ བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱི་བར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ༔ རྗེས་སུ་ཡི་རང་བ་དམ་པ་དང༔ གཙོ་བོ་དང༔ ཁྱད་པར་ཅན་དང༔ རབ་དང༔ ཕུལ་དང༔ གྱ་ནོམ་པ་དང༔ བླ་མ་དང༔ བླ་ན་མེད་པ་དང༔ ལྟག་ན་མེད་པ་དང༔ མཉམ་པ་མེད་པ་དང༔ མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་ནས་མཆོག་གིས་རྗེས་སུ་ཡི་རང་ངོ༔ རྗེས་སུ་ཡི་རང་བ་དམ་པ་དང༔ གཙོ་བོ་དང་ཁྱད་པར་ཅན་དང༔ རབ་དང༔ ཕུལ་དང༔ གྱ་ནོམ་པ་དང༔ བླ་མ་དང༔ བླ་ན་མེད་པ་དང༔ ལྟག་ན་མེད་པ་དང༔ མཉམ་པ་མེད་པ་དང་མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ༔ སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ༔ སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༔ ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ་དང༔ ཆོས་ཀྱི་འཁོར་ལོའི་ཚུལ་རབ་ཏུ་བཟུང་བ་དང༔ ཆོས་ཀྱི་ཆར་རབ་ཏུ་དབབ་པ་དང༔ ཆོས་ཀྱི་ཆར་རབ་ཏུ་བཏང་བ་དང༔ ཆོས་ཀྱི་རྔ་རབ་ཏུ་བརྡུངས་པ་དང༔ ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུངས་པ་དང༔ ཆོས་ཀྱི་དུང་བུས་པ་དང༔ ཆོས་ཀྱི་སྲོག་ཤིང་བསྒྲེངས་པ་དང༔ ཆོས་ཀྱི་སྒྲོན་མེ་སྦར་བར་མཛད་པ་དང༔ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད་པ་ཉམས་བག་ཏུ་སྤྱོད་དུ་བཅུག་པ་གང་ལགས་པ་དང༔ དེ་ལ་ཉན་ཐོས་ཀྱི་ཐེག་པའམ༔ རང་སངས་རྒྱས་ཀྱི་ཐེག་པའམ༔ བྱང་ཆུབ་སེམས་དཔའི་ཐེག་པའམ༔ དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༔ རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་བ་ནས་རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་བར་གང་ལགས་པ་དང༔ དེ་ལ་ཉན་ཐོས་ཀྱི་ཐེག་པ་པའམ༔ རང་སངས་རྒྱས་ཀྱི་ཐེག་པ་པའམ༔ བྱང་ཆུབ་སེམས་དཔའི་ཐེག་པ་པའམ༔ དེ་ལས་གཞན་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས༔ རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ༔ ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ༔ ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ༔ ཆོས་ཀྱི་ཆར་རབ་ཏུ་འབེབ་པ༔ ཆོས་ཀྱི་ཆར་རབ་ཏུ་གཏོང་བ༔ ཆོས་ཀྱི་སྦྱིན་པ་མཛད་པ༔ ཆོས་ཀྱི་སྒྲོན་མེ་སྦར་བར་མཛད་པ༔ ཆོས་ཀྱི་རྔ་རྡུང་བ༔ ཆོས་ཀྱི་རྔ་བོ་ཆེ་རྡུང་བ༔ ཆོས་ཀྱི་དུང་འབུད་པ༔ ཆོས་ཀྱི་སྲོག་ཤིང་སྒྲེང་བ༔ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད་པ༔ ཉམས་བག་ཏུ་སྤྱོད་དུ་འཇུག་པ་གང་ལགས་པ་དང༔ དེ་ལ་ཉན་ཐོས་ཀྱི་ཐེག་པ་པའམ༔ རང་སངས་རྒྱས་ཀྱི་ཐེག་པ་པའམ༔ བྱང་ཆུབ་སེམས་དཔའི་ཐེག་པ་པའམ༔ དེ་ལས་གཞན་པའི་སེམས་ཅན་དག་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལའང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས༔ རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ༔ དེ་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་གདབ་པ་ནི༔ སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ༔ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ༔ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ༔ ཆོས་ཀྱི་ཚུལ་རབ་ཏུ་བཟུང་དུ་གསོལ༔ ཆོས་ཀྱི་སྦྱིན་པ་མཛད་པ་བཟུང་དུ་གསོལ༔ ཆོས་ཀྱི་སྒྲོན་མེ་སྦར་བར་མཛད་དུ་གསོལ༔ ཆོས་ཀྱི་ཆར་དབབ་ཏུ་གསོལ༔ ཆོས་ཀྱི་ཆར་གཏོང་དུ་གསོལ༔ ཆོས་ཀྱི་རྔ་བརྡུང་དུ་གསོལ༔ ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ༔ ཆོས་ཀྱི་དུང་འབུད་དུ་གསོལ༔ ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ༔ སངས་རྒྱས་བཅོམ་ལྡན་འདས་ཡང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན༔ སྐུ་ཚེའི་འདུ་བྱེད་གཏོང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་མི་འདའ་བར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པར་གསོལ་བ་འདེབས་སོ༔ སངས་རྒྱས་བཅོམ་ལྡན་དེ་དག་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་སྐོར༔ ཆོས་ཀྱི་སྒྲོན་མེ་ནི་རབ་ཏུ་འབར་བར་མཛོད༔ ཆོས་ཀྱི་ཆར་རབ་ཏུ་ཕོབ༔ ཆོས་ཀྱི་ཆར་ནི་རབ་ཏུ་གཏོང༔ ཆོས་ཀྱི་རྔ་ནི་རབ་ཏུ་རྡུངས༔ ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་རྡུངས༔ ཆོས་ཀྱི་དུང་ནི་རབ་ཏུ་འབུད༔ ཆོས་ཀྱི་སྲོག་ཤིང་ནི་རབ་ཏུ་སྒྲེངས༔ ཆོས་ཀྱི་སྒྲོན་མེ་ནི་མཆེད་པར་མཛོད༔ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་དེ་ཚིམ་པར་མཛོད༔ ཉམས་བག་ཏུ་སྤྱོད་དུ་འཇུག་ཅིང་རེ་ཞིག་བཞུགས་སུ་གསོལ༔ གསོལ་བ་གདབ་པའི་ཕུང་པོ་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ༔ ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གི་དགེ་བའི་རྩ་བ་འདི་ཡང་ཡོངས་སུ་བསྔོ་བར་བགྱིའོ༔ དེ་ནས་དགེ་བ་རྒྱ་ཆེན་པོ་མི་ཟད་པར་བསྔོ་བ་ནི༔ བདག་དང་སེམས་ཅན་ཐམས་ཅད་ཐོག་མ་དང་ཐ་མ་མ་མཆིས་པ་ནས༔ འཁོར་བ་ན་འཁོར་བའི་ཚེ༔ བདག་གིས་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པར་གྱུར་པ༔ སངས་རྒྱས་སམ༔ ཆོས་སམ༔ དགེ་འདུན་ནམ༔ གང་ཟག་གམ༔ ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ་སེམས་ཅན་གཞན་དག་ཀྱང་རུང་སྟེ༔ ཟན་ཆངས་གཅིག་ཙམ་སྩོལ་བར་གྱུར་པ་དང༔ འཆགས་པ་གང་ལགས་པ་དང༔ གསོལ་བ་བཏབ་པ་གང་ལགས་པ་དང༔ སྐྱབས་སུ་མཆི་བ་གང་ལགས་པ་དང༔ བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༔ སོ་སོར་འཆགས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༔ རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང༔ གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཞལ་བཟླུམས་ཏེ། སེམས་དུལ་ཞིང་རྣམ་པར་གྲོལ་བ་དང༔ བཟུང་བ་མ་མཆིས་པས་སེམས་ཅན་ཐམས་ཅད་ལ་བསྩལ་ཏོ༔ ཇི་ལྟར་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་བཏང་བར་བགྱི་བ༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས༔ ཇི་ལྟར་མཁྱེན་པ་དེ་ལྟ་བུས་བདག་གི་དགེ་བའི་རྩ་བ་དེ་ལྟར་བཏང་ངོ༔ སེམས་ཅན་ཐམས་ཅད་ཀྱི་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག༔ ནམ་མཁའ་མཛོད་དང་ལྡན་པར་གྱུར་ཅིག༔ ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག༔ བསོད་ནམས་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག༔ ཆོས་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག༔ ཡེ་ཤེས་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག༔ སྤོབས་པ་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ༔ མངོན་པར་རྫོགས་པའི་བྱང་ཆུབ་དང༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ བདག་གིས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་བསྩལ་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས༔ གཞལ་བཟླུམས་ཏེ༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ༔ དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་དུ་སྤྱོད་པ་ན༔ དེ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དེ་བཞིན་དུ༔ བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ༔ དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ༔ དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན༔ ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དེ་བཞིན་དུ༔ བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ༔ དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ༔ དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ ཇི་ལྟར་ད་ལྟར་ན༔ ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན༔ ཐམས་ཅད་མཁྱེན་པར་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ༔ དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ༔ སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང༔ དྲི་མ་མེད་པ་ཤིན་ཏུ་དཀར་བ་ལ་བཞུགས་ནས་བདུད་སྡིག་ཅན་བཅོམ་སྟེ༔ ཤེས་པར་བགྱི་བ་དང༔ བལྟ་བར་བགྱི་བ་དང༔ རྟོགས་པར་བགྱི་བ་དང༔ མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བ་ཅི་ཡང་རུང་སྟེ༔ དེ་ཐམས་ཅད་ནམ་གྱི་ཐོ་རེངས་སྐྱ་རེངས་འཆར་ཁར་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ༔ འཆི་བ་མེད་པར་འགྲོ་བའི་ལམ་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ༔ བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཐོབ་པར་གྱུར་ཅིག༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག༔ ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང༔ འོད་མཆོག་དང༔ འོད་དགེ་དང༔ བསོད་ནམས་འོད་དང༔ མི་འཁྲུགས་པ་དང༔ སེང་གེ་དང༔ འོད་ཟེར་བརྒྱ་པ་དང༔ འོད་ཟེར་མཐོ་བ་དང༔ འོད་ཀྱི་དྲྭ་བ་ཅན་དང༔ རིན་ཆེན་འོད་འཕྲོ་དང༔ འོད་འབར་དང༔ སྣང་བའི་རྒྱལ་པོ་དང༔ ཤིན་ཏུ་རྒྱན་དང༔ རིན་ཆེན་ཏོག་དང༔ ཆོས་ཀྱི་རྒྱལ་མཚན་དང༔ ཡན་ལག་མཆོག་སྟེ༔ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང༔ བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས༔ ཅི་ཙམ་དུ་སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་ཐུགས་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ༔ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ༔ བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྐྱེ་བོ་མང་པོ་ལ་སྨན་པ་དང༔ སྐྱེ་བོ་མང་པོ་ལ་བདེ་བ་དང༔ འཇིག་རྟེན་ལ་སྙིང་བརྩེ་བ་དང༔ སྐྱེ་བོ་ཕལ་པོ་ཆེ་དང༔ ལྷ་དང་མི་རྣམས་ཀྱི་དོན་དང༔ སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིག༔ དེ་ནས་བདེ་བ་ཅན་གྱི་ཞིང་རྣམ་པར་དག་པར་སྐྱེ་བའི་ཕྱིར༔ སྨོན་ལམ་བཏབ་པ་ནི༔ ཡིད་གཞན་དུ་མ་ཡེངས་པར་སངས་རྒྱས་འོད་དཔག་མེད་པ་ལ་མོས་པ་དང་གུས་འདུད་གཅིག་ཏུ་དྲིལ་ཞིང་བདེ་བ་ཅན་ཡིད་ཀྱི་ཡུལ་དུ་མངོན་སུམ་དུ་ལྷང་ངེ་བཀྲ་ལམ་མེར་བསམས་ནས་སྨོན་ལམ་བཏབ་བོ༔ དེ་ཡང་འདི་ནི་འཕགས་པ་བདེ་བ་ཅན་གྱི་བཀོད་པ་ལས་གསུངས་སོ༔ ན་མོ༔ སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཀྱི་ཕྱོགས་ལོགས་སུ༔ སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་ན༔ འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ན༔ རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་ན༔ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་བཞུགས་ཏེ༔ འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ༔ འཇིག་རྟེན་དེ་རུ་སྐྱེས་པའི་སེམས་ཅན་རྣམས་ནི་ལུས་ལ་སྡུག་བསྔལ་མེད་ཅིང་ན་ཚ་བྲལ༔ སེམས་ལ་སྡུག་བསྔལ་མེད་ཅིང་བདེ་བའི་རྒྱུན་ཚད་མེད་པར་ཡོད་དོ༔ བདག་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག༔ སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་མཛད་པ་མཐའ་ཡས་པས་ས་ལམ་ཐམས་ཅད་རབ་ཏུ་རྫོགས་ནས་ཚེ་དཔག་མེད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག༔ ཞིང་མཆོག་བླ་ན་མེད་པ་བདེ་བ་ཅན་དེ་ལ་ནི༔ ཁ་ཁྱེར་རིམ་པ་བདུན་དང༔ ཤིང་ཏཱ་ལའི་ཕྲེང་བ་རིམ་པ་བདུན་དང༔ དྲིལ་བུ་གཡེར་བའི་དྲྭ་བ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཏེ་བཀྲ་བ་ལྟ་ན་སྡུག་པ་དང༔ ཞིང་གི་ས་གཞི་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ༔ གསེར་དང༔ དངུལ་དང༔ བཻ་ཌཱུར་ཡ་དང༔ ཤེལ་ལ་སོགས་པ་རྣམས་རྣམ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་གིས་ལེགས་པར་བརྒྱན་པའི་ཞིང་ཡོད་དེ༔ བདག་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག༔ སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་མཛད་པ་མཐའ་ཡས་པས་ས་ལམ་ཐམས་ཅད་རབ་ཏུ་རྫོགས་ནས་ཚེ་དཔག་མེད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག༔ རིན་པོ་ཆེ་སྣ་བདུན་གྱི་རྫིང་བུ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ༔ རིན་པོ་ཆེའི་པདྨས་ཁེབས་པ༔ བྱ་རོག་གིས་བཏུང་དུ་རུང་བ༔ ཁད་ཆད་དུ་གྱུར་པ༔ གསེར་གྱི་བྱེ་མ་བདལ་བ༔ རྫིང་བུ་དེ་དག་གི་ཕྱོགས་བཞི་ཀུན་ནས་ཐེམ་སྐས་བཀྲ་བ༔ ལྟ་ན་སྡུག་པ༔ གསེར་དང༔ དངུལ་དང༔ བཻ་ཌཱུར་ཡ་དང༔ ཤེལ་དང་རིན་པོ་ཆེ་སྣ་བཞི་ལས་བྱས་པ་བཞི་བཞི་ཡོད་པ༔ རྫིང་བུ་དེ་དག་གི་འགྲམ་ན་རིན་པོ་ཆེའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་སྟེ༔ གསེར་དང༔ དངུལ་དང༔ བཻཌཱུར་ཡ་དང༔ ཤེལ་དང༔ མུ་ཏིག་དམར་པོ་དང༔ རྡོ་ཡི་སྙིང་པོ་དང༔ སྤུག་གི་ཤིང་བཀྲ་བ་ལྟ་ན་སྡུག་པ་དག་སྐྱེས་སོ༔ རྫིང་བུ་དེ་དག་ལ་ཀུན་ནས་པདྨ་སྐྱེས་པ་འདི་ལྟ་སྟེ༔ གསེར་དང༔ གསེར་གྱི་ཁ་དོག་དང༔ གསེར་གྱི་འོད་འབྱུང་བ་དང༔ གསེར་ལྟ་བུར་སྟོན་པ་དང༔ སྔོན་པོ་དང༔ ཁ་དོག་སྔོན་པོ༔ འོད་སྔོན་པོར་འབྱུང་བ༔ སྔོན་པོ་ལྟ་བུར་སྟོན་པ༔ སེར་པོ༔ ཁ་དོག་སེར་པོ༔ འོད་སེར་པོ་འབྱུང་བ༔ སེར་པོ་ལྟ་བུར་སྟོན་པ༔ དམར་པོ༔ ཁ་དོག་དམར་པོ༔ འོད་དམར་པོ་འབྱུང་བ༔ དམར་པོ་ལྟ་བུར་སྟོན་པ༔ དཀར་པོ༔ ཁ་དོག་དཀར་པོ༔ འོད་དཀར་པོ་འབྱུང་བ༔ དཀར་པོ་ལྟ་བུར་སྟོན་པ༔ བཀྲ་བ༔ ཁ་དོག་བཀྲ་བ༔ འོད་བཀྲ་བ་འབྱུང་བ༔ བཀྲ་བ་ལྟ་བུར་སྟོན་པ༔ ཤིང་རྟའི་འཕང་ལོ་ཙམ་དུ་སྐྱེས་སོ༔ སངས་རྒྱས་ཀྱི་ཞིང་ཁམས་དེ་ལྟ་བུའི་ཡོན་ཏན་གྱིས་ལེགས་པར་བརྒྱན་པའི་ཞིང་ཡོད་དེ༔ བདག་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག༔ སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་མཛད་པ་མཐའ་ཡས་པས་ས་ལམ་ཐམས་ཅད་རབ་ཏུ་རྫོགས་ནས་ཚེ་དཔག་མེད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག༔ འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་ལྷའི་སིལ་སྙན་གྱི་སྒྲ་རྟག་ཏུ་འབྱུང་ངོ༔ ས་ཆེན་པོ་ནི་གསེར་གྱི་ཁ་དོག་ལྟ་བུ་སྟེ་ཉམས་དགའ་བའོ༔ ཉིན་ལན་གསུམ་མཚན་ལན་གསུམ་མེ་ཏོག་གི་ཆར་འབབ་བོ༔ སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་འགྲོ་བ་དེ་རྣམས་སྔ་དྲོ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ཏེ་སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་ལ་ཕྱག་འཚལ་ཞིང་དེ་བཞིན་གཤེགས་པ་རེ་རེ་ལ་མེ་ཏོག་ཆུན་བུ་བྱེ་བ་ཕྲག་བརྒྱ་སྟོང་མངོན་པར་འཐོར་ཏེ༔ སླར་ཡང་རང་རང་གི་གདན་ལ་ལོག་ནས་ཏིང་ངེ་འཛིན་ལ་བཞུགས་སོ༔ ཞིང་ཁམས་དེ་རུ་ངང་པ་དང༔ ཁྲུང་ཁྲུང་དང༔ རྨ་བྱ་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་འདུས་ནས་གླུ་དབྱངས་ལེན་ཅིང་རང་རང་གི་སྒྲ་སྐད་དུ་དབང་པོ་དང༔ སྟོབས་དང༔ བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་འབྱུང་ངོ༔ སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གིས་སྒྲ་དེ་ཐོས་ནས༔ སངས་རྒྱས་ཡིད་ལ་བྱེད་པ་དང༔ ཆོས་ཡིད་ལ་བྱེད་པ་དང༔ དགེ་འདུན་ཡིད་ལ་བྱེད་པ་སྐྱེ་བར་འགྱུར༔ སེམས་ཅན་དེ་དག་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་མ་ཡིན་ཏེ༔ ཞིང་དེར་དུད་འགྲོའི་སྐྱེ་གནས་དང༔ གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་མིང་ཡང་མེད་དེ་བྱའི་ཚོགས་དེ་རྣམས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་ཆོས་ཀྱི་སྒྲ་འབྱུང་བའི་ཕྱིར་དུ་སྤྲུལ་པ་ཤ་སྟག་གོ༔ བདག་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག༔ སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་མཛད་པ་མཐའ་ཡས་པས་ས་ལམ་ཐམས་ཅད་རབ་ཏུ་རྫོགས་ནས་ཚེ་དཔག་མེད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག༔ སངས་རྒྱས་ཀྱི་ཞིང་དེ་ན་ཏཱ་ལའི་ཕྲེང་བ་དེ་དག་དང༔ དྲིལ་བུ་གཡེར་ཁའི་དྲྭ་བ་དེ་དག་ལ་རླུང་གིས་བསྐྱོད་ཅིང་ཕོག་ན་སྒྲ་སྙན་པ་ཡིད་དུ་འོང་བ་ཉམས་དགའ་བ་འབྱུང་བ་ལས༔ དེར་མི་དག་གིས་སྒྲ་ཐོས་ནས་སངས་རྒྱས་རྗེས་སུ་དྲན་པ་དང༔ ཆོས་རྗེས་སུ་དྲན་པ་དང༔ དགེ་འདུན་རྗེས་སུ་དྲན་པ་ལུས་ལ་གནས་སོ༔ སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དེ་དག་ནི་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ༔ ཡོན་ཏན་དེ་ལྟར་ལྡན་པའི་བདེ་བ་ཅན་ཅེས་ཞིང་མཆོག་སྟེ༔ བདག་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅིག༔ སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་མཛད་པ་མཐའ་ཡས་པས་ས་ལམ་ཐམས་ཅད་རབ་ཏུ་རྫོགས་ནས་ཚེ་དཔག་མེད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་ཅིག༔ ཅེས་བྱང་ཆུབ་ལམ་གྱི་རིམ་པ་ལས་བྱུང་བའི་སྨོན་ལམ་ཡང་བཏབ་བོ༔ འདི་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ བདེ་བ་ཅན་གྱི་ཡོན་ཏན་བཀོད་པའི་མདོ་ལས༔ ཤཱ་རིའི་བུ༔ རིགས་ཀྱི་བུའམ༔ རིགས་ཀྱི་བུ་མོ་གང་གིས༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཐོས་ལ༔ ཐོས་ནས་ཀྱང་ཡིད་ལ་བྱེད་ཅིང་ནུབ་གཅིག་གམ༔ ནུབ་གཉིས་སམ༔ ནུབ་གསུམ་མམ༔ ནུབ་བཞིའམ༔ ནུབ་ལྔའམ༔ ནུབ་དྲུག་གམ༔ ནུབ་བདུན་དུ་གཡེང་བ་མེད་པའི་སེམས་ཀྱིས་ཡིད་ལ་བྱས་ན༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་འཆི་བའི་དུས་ཀྱི་ཚེ༔ ཕྱིན་ཅི་ལོག་མེད་པའི་སེམས་ཀྱིས་འཆི་བའི་དུས་བྱས་ནས་འཆི་བའི་དུས་བྱས་པ་དེ༔ དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཞིང༔ བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས་མདུན་བསུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་གསུངས༔ ཡང་དེ་ཉིད་ལས༔ ཤཱ་རིའི་བུ་དེ་ལྟ་བས་ན༔ དོན་གྱི་དབང་དེ་མཐོང་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་གུས་པས་སྨོན་ལམ་གདབ་པར་བྱའོ༔ ཞེས་གསུངས་པས་སྨོན་ལམ་དང་བཤགས་སྦྱོང་ཡན་ལག་འདི་ལྟར་བྱས་པའི་ཕན་ཡོན་དགོས་ཆེད་ནི་སངས་རྒྱས་ཉིད་ཀྱིས་གསུངས་པའོ༔ ཞེས་པ་འདི་ནི་ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈྈྈྈ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ དམ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ྈྈྈ ྈྈྈ ཅེས་ཡི་དམ་དགོངས་འདུས་སྙིང་པོའི་ཡང་སྙིང་མཁའ་འགྲོའི་སྐོར་དང་འོད་དཔག་མེད་ཀྱི་སྐོར་གཉིས་ཏེ༔ དེའི་ནང་ནས་ཞི་བ་འོད་དཔག་མེད༔ དྲག་པོ་རྟ་མགྲིན་དབྱུག་ཐོ་ཅན་གཉིས་ནི་ཇོ་མོ་མཚོ་རྒྱལ་གྱི་ཐུགས་དམ་ཡང་སྙིང་སྲོག་གི་དྭངས་མར་འདུག་པས༔ བདག་ཨཱརྻ་ས་ལེའམ་ཆོས་ཀྱི་བློ་གྲོས་མགོན་པོ་ངས༔ ཏི་གྲོ་གསང་བའི་ཕུག་ནས་ཙ་རི་ཏྲ༔ གནས་ཆེན་བཅུ་དྲུག་འབྱོན་པའི་རྗེས་འབྲངས་ནས༔ སྒྲུབ་པའི་ཞབས་ཏོག་མཉེས་པ་ཕུལ་བའི་ཚེ༔ ཐུགས་ཀྱི་ཡང་སྙིང་གདམས་པ་གནང་བ་འདི༔ ཉམས་སུ་བླངས་ནས་མ་འོངས་རིག་པ་འདི༔ རྟེན་མེད་ཁམས་སུ་སྐྱེ་ཤི་ཁ་བརྒྱུད་ཚེ༔ ཡང་ཡང་འཕྲད་པའི་སྨོན་ལམ་བཏབ་ནས་སྦས༔ མ་འོངས་འདི་དང་འཕྲད་པར་འགྱུར་བའི་ཚེ༔ བྱིས་པ་མེ་ཏོག་གླིང་ཕྱིན་མ་བྱེད་ལ༔ འོད་དཔག་མེད་དང་རྟ་མགྲིན་འདི་ལ་འབོད༔ ལས་འཕྲོ་ཡོད་པས་ལས་མཐའ་སྐྱོང་བར་སླ༔ ཨོ་རྒྱན་ཡབ་ཡུམ་ཐུགས་རྗེའི་སྨོན་ལམ་ཐེབས༔ སྐལ་པ་ཆེ་བས་སྐལ་ལྡན་རྣམས་ཀྱིས་སྤྱོད༔ ྈྈྈ དཾ་རྒྱ༔ ཟབ་རྒྱ༔ བདག་སྟག་ཤམ་ནུས་ལྡན་རྡོ་རྗེས་དུར་ཁྲོད་དགའ་བ་ཚལ་ནས་གདན་དྲངས་ཤིང་བསམ་གཏན་གླིང་དུ་ཤིང་ཕག་ཟླ་བ་བཞི་པའི་ཚེས་ལ་ཤོག་སེར་ལས་བཤུས་པ་དགེ་བར་གྱུར་ཅིག །དགེ་འོ། །དགེ་འོ། །མངྒ་ལཾ།། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་བརྒྱུད་འདེབས་བདེ་ཆེན་སྤྲིན་ཕུང་ (Volume 58, Text 21)

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་བརྒྱུད་འདེབས་བདེ་ཆེན་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །རིགས་ཀུན་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ། །སྤྲུལ་པའི་གར་མཛད་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་ཝ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ཞབས། །ཟབ་གཏེར་མཛོད་འཛིན་མཆོག་གྱུར་བདེ་ཆེན་གླིང་། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྟོང་ཉིད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །དཀྱིལ་འཁོར་གཙོ་མཆོག་དཔལ་ལྡན་རྡོ་རྗེ་སེམས། །རིགས་དྲུག་ཞི་ཁྲོ་འདུས་པའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྣོད་བཅུད་ཡོངས་རྫོགས་རྡོ་རྗེ་དབྱིངས་ཀྱི་ལྷ། །སྣང་གྲགས་རྟོག་ཚོགས་སྐུ་དང་ཡེ་ཤེས་སྤྲིན། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དད་དང་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །སྨིན་བྱེད་དབང་ཐོབ་དམ་ཚིག་རྣམ་པར་དག །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །བསྐྱེད་པའི་རིམ་པས་གཞི་ལུས་ལྷ་སྐུར་དག །ཐབས་ལམ་ཟབ་མོས་རླུང་སེམས་དབུ་མར་རྫོགས། །འབྲས་བུ་རྣམ་གྲོལ་ཡེ་ཤེས་རྫོགས་པ་ཆེའི། །གོ་འཕང་ཚེ་འདིར་སྨིན་པར་བྱིན་གྱིས་རློབས། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་གསོལ་བ་བཏབ་པའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་ལུང་རྟོགས་བསྟན་པའི་ཉི་མས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།

བླ་སྒྲུབ་ནོར་རྒྱམ་བརྒྱུད་འདེབས་ (Volume 67, Text 21)

ཀུན་བཟང་སྣང་མཐའ་པདྨ་གར་གྱི་དབང་། །རྡོ་རྗེ་ཐོད་ཕྲེང་ཌཱ་ཀི་མཚོ་རྒྱལ་མ། །མུ་ཏིག་བཙན་པོ་ལྷ་ལྕམ་པདྨ་གསལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཟབ་གཏེར་མངའ་བདག་རིག་འཛིན་པདྨ་གླིང་། །རྒྱལ་བ་དོན་གྲུབ་སྣ་ཚོགས་རང་སར་གྲོལ། །བསྟན་འཛིན་གྲགས་པ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཚུལ་ཁྲིམས་རྡོ་རྗེ་བསྟན་འཛིན་འགྱུར་མེད་ཞབས། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་སྡེ། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྗེ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེ་དཔལ། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །བརྒྱུད་སྲོལ་ཀུན་འདུས་དྲིན་ཆེན་འཁོར་ལོའི་མགོན། །བླ་མ་རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ། །མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཐ་མལ་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །དག་པ་རབ་འབྱམས་རྩ་གསུམ་འཁོར་ལོའི་སྤྲིན། །སྐུ་དང་ཡེ་ཤེས་རོལ་པར་ཡོངས་སྨིན་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །ཅེས་པའང་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་དབང་ཆོག་ནོར་བུའི་ཆུན་པོ་ (Volume 50, Text 21)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་དབང་ཆོག་ནོར་བུའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་སུ་དེ་བ་ཡ། ཞི་བ་ཆེན་པོ་ཆོས་དབྱིངས་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཆེན་ནོར་བུའི་གྲུ་ཆར་གྱིས། །འགྲོ་བའི་དབུལ་བ་སེལ་མཛད་བླ་མ་ལྷར། །བཏུད་ནས་དེ་ཡི་དབང་ཆོག་གསལ་བར་བྱ། །དེ་ཡང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་ཐམས་ཅད་་ཀྱི་བསྙེན་སྒྲུབ་ལས་སྦྱོར་གང་བྱས་ཀྱང་རྩ་དབང་ཉིད་ཐོབ་པས་རུང་ལ། མ་ཐོབ་ན་མི་རུང་བའི་མེད་ཐབས་མེད་མ་ཡིན་ཡང་། གལ་བྱང་ལས་ལྷ་སོ་སོར་སྐུ་གསུང་ཐུགས་དབང་དང་ལས་སྦྱོར་གྱི་རྗེས་གནང་ཙམ་གསུངས་པས། འདི་ཞལ་གདམས་སྙིང་བྱང་ལེའུ་བདུན་པ་ནོར་སྒྲུབ་རིན་ཆེན་བུམ་བཟང་གི་དབང་བསྐུར་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་ཡིད་དང་མཐུན་པར་སྟེགས་བུར་གཞུང་མཐུན་གྱི་རས་བྲིས་སམ་མཎྜལ་ལ་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་མཚམས་བརྒྱད་དུ་ཕྱི་ནང་གཉིས་རེ་སྟེ་བཅུ་བདུན་བཀོད་པའི་ཁར་མཉྫིལ། གཏེར་བུམ་འཁོར་ལོའི་ནང་གཞུག་ཅན་ཚད་ལྡན་དང་། ལྷ་ཙཀ །གཡས་སུ་གཡང་ཆང་། གཡོན་དུ་ཟས་ནོར་སོགས་གཡང་རྫས་སྣ་ཚོགས་ཀྱིས་གཏམས་པའི་སྣོད། ཤར་དུ་ཆུ་སྦྱིན་ཆས། ལྷོར་གཏོར་མ་ནོར་བུ་འབར་བའི་དབྱིབས་ཅན། ནུབ་དང་བྱང་དུ་བཅའ་སྒྲུབ་ཚུལ་བཞིན་བྱས་པའི་གྭའུ་དང་ཐོད་པ། རྒྱབ་ཏུ་སྨན་རཀ་གཏོར་གསུམ་དང་། ཆུ་གཉིས་ཉེར་སྤྱོད་བཅས་པས་མཐའ་ནས་བསྐོར། གཞན་ཡང་རྒྱལ་སྲིད་སྣ་བདུན་རྫས་རྟགས། མཎྜལ། སྲུང་མའི་གཏོར་འབུལ་ཚོགས་ཆད་བརྟན་གཞི་བགེགས། བཀར་ཡས་དང་སློབ་མ་ལ་བཀྱེ་རྒྱུའི་ཟན་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། གཉིས་པ་དངོས་གཞི་སྒྲུབ་མཆོད་ནི། གཏེར་ཆེན་གྱི་གསུང་ལ་རྗེ་གུ་ཎའི་གསལ་ཁ་ཅན་ནོར་སྒྲུབ་རིན་ཆེན་བུམ་བཟང་ལྟར། བརྒྱུད་འདེབས། སྔོན་འགྲོ་ཚོགས་གསག་འཕྲོར་བགེགས་གཏོར་ཕྲིན་ལས་འབྲིང་པོ་ལྟར་དང་། མཚམས་གཅོད་ནས་གཟུང་བསྟོད་པའི་བར་གྱིས་བདག་དང་དཀྱིལ་འཁོར་དབང་རྫས་རྣམས་ལྷར་གསལ། བཟླས་པ་རྒྱས་པར་བྱ། བསང་དང་། གཡང་འགུགས། རིག་མེ་དོར་བ། བཀའ་གཏེར་སྲུང་མའི་ཕྲིན་ལས། ཚོགས་ཐ་མའི་བར་གཏོང་། ལས་བུམ་དུ་སྨེ་བརྩེགས་གསལ་ལ་དེའི་སྔགས་ཀྱིས་ནུས་ལྡན་བྱ་འོ། །གསུམ་པ་རྗེས་དབང་ནི། སློབ་མ་རྣམས་ལ། ཧཱུྃ༔ ཆོས་ཉིད་བདེན་པའི་སོགས་སྔགས་བཅས་ཀྱི་ཁྲུས་ནས་དབྱུང་། གྲལ་ལ་འཁོད་ནས་ཟན་བཀྱེས་ཏེ་ཆངས་བུ་བྱས་པ་བཀར་ཡས་སུ་བླུགས། བྱིན་གྱིས་བརླབ་པ་ནས་གཟུང་བསྐྲད་པའི་བར་དང་། མཚམས་གཅོད་རྣམས་གཞུང་བཞིན་གཏང་། དེ་ནས་མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཀྱི་ཁྱད་པར། དེའང་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ནོར་ལ་བརྟེན་དགོས་ཏེ། དེ་བཞིན་གཤེགས་པས་ཐོག་མ་ཁོ་ནར་སྦྱིན་པའི་གཏམ་མཛད་ཅིང་། རྒྱལ་སྲས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་པོར་མཐོང་བའི་ལམ་ས་དང་པོ་རབ་ཏུ་དགའ་བའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལ་བརྟེན་ནས་ཐོབ་དགོས། ཡོན་གནས་དམ་པ་དགེ་འདུན་དཀོན་མཆོག་མཆོད་པའི་ཡོ་བྱད་ཟས་གོས་གནས་མལ་ཐམས་ཅད་སྦྱིན་བདག་དང་འབྱོར་ལྡན་པའི་ནོར་ལ་རག་ལས། རྡོ་རྗེ་ཐེག་པའི་ཚོམ་བུ་ཚོགས་སྒྲུབ་ངེས་རྫོགས་ཀྱི་ཚེ་ན་གསེར་སྲང་སྟོང་ཕྲག་མང་པོའི་ཡོ་བྱད་དགོས་པས་གསང་སྔགས་འདོད་ཡོན་ལ་བརྟེན་པ་སོགས་མདོར་ན་དམིགས་བཅས་བསོད་ནམས་ཀྱི་ཚོགས་ནི་ནོར་ལ་བརྟེན་ནས་གསོག་པ་ཤས་ཆེ་བའི་ཕྱིར། གཞུང་ལས། དེ་ལྟར་ཚེ་དང་བློ་གྲོས་ལྡན༔ གློ་བུར་བར་ཆད་བྲལ་བ་ན༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང༔ ལྷ་ཆོས་རྒྱན་དང་མི་ཆོས་གཞི༔ ནོར་ལ་བརྟེན་ནས་འབྱུང་བའི་ཕྱིར༔ ལོངས་སྤྱོད་ཕྱྭ་གཡང་འགུགས་པའི་ཐབས༔ ནོར་སྒྲུབ་རིན་ཆེན་བུམ་བཟང་བསྟན༔ ཞེས་པ་ལྟར། ནོར་སྒྲུབ་པ་ལ་གསར་རྙིང་བཀའ་གཏེར་གྱི་ཆོས་རྣམས་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྟེན་པའི་ནོར་སྒྲུབ་མཐའ་ཡས་པ་གསུངས་ཀྱང་། འདིར་དེ་དག་ལས་ཁྱད་པར་འཕགས་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་ལས་བྱུང་བ་སྟེ། གཞུང་ལས། དེ་ལྟར་འདོད་རྒུའི་དངོས་གྲུབ་ཀུན༔ འབད་མེད་སྟེར་བའི་མན་ངག་ནི༔ ནོར་སྒྲུབ་རིན་ཆེན་བུམ་པ་བཟང༔ ཡིད་བཞིན་དཔལ་གྱི་སྙིང་པོ་འདི༔ ནོར་ལྷ་ཡོངས་རྫོགས་རྒྱུད་ཆེན་དང༔ གཟུངས་དང་མན་ངག་ལ་བརྟེན་ནས༔ ཟབ་ཅིང་བཅུད་དུ་འདྲིལ་བར་བསྟན༔ འདི་ནི་གང་གིས་འཆང་ཙམ་གྱིས༔ རིན་ཆེན་གཏེར་གྱི་དངོས་གྲུབ་ན༔ བསྒྲུབ་དང་ལས་ལ་སྦྱར་བ་ཡིས༔ ལོངས་སྤྱོད་མཐའ་ཡས་སྨྲོས་ཅི་དགོས༔ སྔོན་ཆད་རིན་ཆེན་ཁང་བུ་དང༔ རིན་ཆེན་མཛོད་དང་རིན་ཆེན་སྤྲིན༔ རིན་ཆེན་སྙིང་པོ་ལ་སོགས་པའི༔ གདམས་པའི་རྣམ་གྲངས་མང་བསྟན་ཀྱང༔ ཐ་དད་ཕྱོགས་རེར་བསྟན་པ་ལས༔ ཀུན་དྲིལ་འདི་འདྲ་བཤད་པ་མེད༔ འདི་ནི་ཀུན་ཚང་ཐམས་ཅད་ལས༔ ཁྱད་པར་འཕགས་པའི་སྙིང་ཏིག་སྟེ༔ ད་ལྟའི་མངའ་བདག་ཡབ་སྲས་ཀྱི༔ ལོངས་སྤྱོད་མངའ་རིས་འཕེལ་བ་དང༔ མ་འོངས་བོད་ཁམས་ཉམ་ཐག་འགྲོ༔ སྣོད་བཅུད་རྒུད་པས་ཆེས་གདུང་ཚེ༔ སྐྱོབ་ཕྱིར་རང་བྱུང་པདྨ་ངས༔ ཤིན་ཏུ་བརྩེ་བའི་དགོངས་པས་གདམས༔ སྣོད་ལྡན་སྨོན་ལམ་དུས་བབ་ཚེ༔ ད་ལྟའི་ངང་ཚུལ་རྗེས་དྲན་ནས༔ གདམས་པ་ཟབ་མོ་གཏན་ལ་འབེབ༔ ཤིན་ཏུ་གསང་ཞིང་སྤེལ་བ་ཡིསཿ བོད་ཁམས་མཐའ་དབུས་ཐམས་ཅད་ལ༔ འདོད་རྒུའི་འབྱོར་པ་རྒྱས་པར་འགྱུར༔ ཞེས་བསྔགས་པ་ལྟར། སྲིད་ཞིའི་དགེ་ལེགས་ཐམས་ཅད་བླ་མ་ཁོ་ན་ལ་བསྟེན་པའི་ཕྱིར་བོད་ཡུལ་ཆོས་བྱེད་ཀུན་གྱི་སྤྱིའི་བླ་མ་པདྨ་སམྦྷ་བ་རྩ་གསུམ་ནོར་ལྷ་ཀུན་དྲིལ་དུ་སྒྲུབ་པའི་ཐབས་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ལ། མཎྜལ་འབུལ་དུ་གཞུག །ས་ཕྱོགས་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་བླ་མ་རིག་འཛིན་སྐྱེས་མཆོག་ཚུལ་བཟང་དངོས་སུ་མོས་པའི་དད་གུས་དང་ལྡན་པས་འདིའི་རྗེས་ཟློས། ཨོཾ༔ འདོད་རྒུའི་མཆོག་སྩོལ་དངོས་གྲུབ་གཏེར༔ རྩ་གསུམ་ཀུན་འདུས་ཡིད་བཞིན་ནོར༔ གུ་རུ་པདྨ་སམྦྷ་བ༔ རིགས་བཞིའི་མགོན་པོ་ཛམ་བྷ་ལ༔ ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང༔ བྱེ་བ་བསམ་གྱིས་མི་ཁྱབ་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དངོས་གྲུབ་སྩོལ་ཅིག་ལོངས་སྤྱོད་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ སྣོད་ཀྱི་དགེ་མཚན་བཅུད་ཀྱི་གཡང༔ ལྷ་མི་ཀླུ་དང་གནོད་སྦྱིན་གྱི༔ ཟས་ནོར་རིན་ཆེན་འབྱོར་པའི་སྤྲིན༔ ཅང་ཤེས་རྟ་དང་རྐང་བཞི་ཕྱུགས༔ ལོ་ཏོག་འབྲུ་དང་རྩི་ཤིང་སྨན༔ ཚེ་རིང་ནད་མེད་བཀྲ་ཤིས་དཔལ༔ ཆོས་དང་རིགས་ཀྱི་བརྒྱུད་འཛིན་སོགས༔ མདོར་ན་སྲིད་ཞི་ཕུན་ཚོགས་ཀུན༔ འབད་པ་མེད་པར་དབང་དུ་སྡུས༔ ཟད་མེད་ཆུ་བོའི་རྒྱུན་ལྟར་སྤེལ༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང༔ བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད༔ ལན་གསུམ། རྒྱུད་སྦྱང་བའི་ཕྱིར། བླ་མ་དང་མདུན་བསྐྱེད་དབྱེར་མེད་པ་རིག་འཛིན་སྐྱེས་མཆོག་ཚུལ་བཟང་གི་དཀྱིལ་འཁོར་མཆོག་གསུམ་གྱི་ངོ་བོ་སྐུ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་ཞིང་། རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་སྤྱན་སྔར་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། མཁའ་མཉམ་སྐྱེ་འགྲོ་མཐའ་དག་གི་དབུལ་བའི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་ནོར་ལྷ་སྒྲུབ་ནས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ པདྨ་སཾ་བྷའི་གོ་འཕང་སྒྲུབ་པར་བགྱི༔ ལན་གསུམ། སྒོ་གསུམ་ཡེ་ཤེས་སུ་སྨིན་བྱེད་དབང་ལ་རག་ལས་ཀྱང་དབང་སྲོག་དམ་ཚིག་ལ་རག་ལས་པས། སྤྱི་དང་ཁྱད་པར་ལྷག་པ་རྣམས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་གཟུང་། ཡོན་ཏན་ཡར་ལྡན་དུ་བསྲུང་། དུས་སྐབས་དགོས་པ་གང་གཙོར་སྤྱད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་གཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གསུམ་པ་དཀྱིལ་འཁོར་གྱི་ཁྱབ་བདག་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་འདི་བཞིན་ངེས་འཚལ། ང་ནི་འཆི་མེད་པདྨའི་རིག་འཛིན་ཏེ༔ ང་ཡི་བཀའ་ལས་འདའ་ཞིང་བརྙས་གྱུར་ན༔ མནར་མེད་དམྱལ་བ་ཆེན་པོར་ལྟུང་བར་འགྱུར༔ དེ་བས་བདག་གི་བཀའ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་འདེབས་པར་ཞུ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་སྣོད་རྣམ་པར་དག་པ་ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ལྟ་ན་སྡུག་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར། བཅུད་རྣམ་པར་དག་པ་སྣང་སྲིད་ལྷའི་ཕྱག་རྒྱར་བསྒྲུབ་པའི་སླད་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱིཿསེར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འཁོར་འདས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཀུན་འདུས་ཏེ་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བླ་མ་ནོར་ལྷ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གསང་ཕོད་པཎ་ཞྭ་ཆོས་གོས་བེར་ཕྱམ་གསོལ་བ། ཕྱག་གཡས་རྡོ་རྗེ་དང་བཅས་པས་རྒྱལ་མཚན་དང་། གཡོན་དགོས་འདོད་སྩོལ་བའི་རིན་ཆེན་སྒྲོམ་བུ་འཛིན་ཅིང་ཞབས་སྐྱིལ་ཀྲུང་གིས་པདྨ་ཉི་ཟླའི་གདན་ལ་བཞུགས་པ། ཕྱོགས་བཞིར་ཛམྦྷ་ལ་རིགས་བཞི་དང་། མཚམས་བཞིར་ལྷ་མི་ཀླུ་དང་གནོད་སྦྱིན་གྱི་ནོར་བདག་བཞི། གྲྭ་བཞིར་ཟས་ནོར་རྟ་ཕྱུགས་ཀྱི་ལྷ་བཞི་རྣམས་ལས་བཞིའི་མདོག་ཅན་གཡས་རང་རྟགས། གཡོན་ནེའུ་ལེ་འཛིན་པ། ཕྱོགས་བཞིར་རྒྱལ་ཆེན་བཞི་སྟེ། ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབས། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུ་ནམ་མཁའི་དབྱིངས་གང་བ་འཕྲོས། ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས་དང་། ཁྱད་པར་བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ན་བཞུགས་པའི་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་རིག་འཛིན་སྐྱེས་མཆོག་ཚུལ་བཟང་པདྨ་སམ་བྷ་བའི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བཞེངས་ཏེ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་དང་ཌཱ་དྲིལ་བཅས། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་པདྨ་སམ་བྷ་བ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སམ་བྷ་བ་སརྦ་སིདྡྷི་ཧཱུྃཿཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་ཁྱེད་རང་རྣམས་ཀྱི་གཉུག་མ་མི་ཤིགས་པའི་སྒོ་གསུམ་དང་དབྱེར་མེད་དུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་གི་ཐོག་མར་ཕྱྭ་གཡང་འགུགས་པའི་སླད་དུ། བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་དམར་སེར་ཉི་མ་བྱེ་བའི་གཟི་འོད་ལྟ་བུ་འཕྲོས་པས༔ འཁོར་གྱི་ཛམྦྷ་ལ་རིགས་བཞི༔ ནོར་བདག་གནོད་སྦྱིན་འཇིག་རྟེན་སྐྱོང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་རྒྱུད་བསྐུལ་ཞིང་དམ་ཚིག་དྲན་པར་བྱས་པས༔ དེ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་སྤྲུལ་པ་དང་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་ཤིང་གློག་ལྟར་འཁྱུག༔ འོད་དང་འོད་ཟེར་འབར་ཞིང་གཡོ་བས་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ལ་ཁྱབ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱྭ་གཡང་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་འོད་ཐིག་ལེའི་རྣམ་པར་སྤྱན་དྲངས་ཏེ༔ སློབ་མ་དང་དབང་རྫས་ལ་ཐིམ་པར་མོས་མཛོད། སྤོས་བཏུལ་མདའ་དར་གཡབ་ཅིང་དབྱངས་དང་བཅས། ཧཱུྃ་ཧྲཱི༔ འོད་གསལ་སྤྲོས་དང་བྲལ་བའི་སོགས་གཡང་འགུགས་རྒྱས་པ་བརྟན་བྱེད་སྔགས་བར་གཏང་། དེ་ལྟར་ཕྱྭ་གཡང་བཀུག་ནས་བསྟིམས་པ་ནུས་པ་དང་ལྡན་པར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་དབང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་སྐུ་ཡི་དབང་གི་སླད་དུ་གཏེར་བུམ་ནོར་ལྷའི་ཕོ་བྲང་དངོས་སུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བྱིན་རླབས་དངོས་གྲུབ་འཇའ་ཟེར་ཐིག་ལེའི་རྣམ་པར་ཐིམ་པས་རྩ་གསུམ་ནོར་ལྷའི་སྐུའི་ནུས་པ་འབར་བར་གྱུར་པར་མོས་མཛོད། གཏེར་བུམ་སྤྱི་བོར་བཞག་ལ། ཨོཾ༔ བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་ན༔ རབ་འབྱམས་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་བཞུགས༔ མཆོག་ཐུན་རེ་སྐོང་ཡིད་བཞིན་ཆར་འབེབ་པའི༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར་སརྦ་སིདྡྷི་ཀཱ་ཡ་ཨ་དྷིཥྛཱ་ན་ཏིཥྛ་ཨོཾ༔ དེ་བརྟན་པར་བྱ་བའི་སླད་དུ་དཀྱིལ་འཁོར་གྱི་ལྷ་སོ་སོའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོར་གྱུར་པར་མོས་མཛོད། གཙོ་འཁོར་རྣམས་ཀྱི་ཙཀླི་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ དབུས་ཀྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ ཡིད་བཞིན་ནོར་བུ་པདྨ་སམ་བྷ་བ༔ གསེར་མདོག་བརྗིད་ཆགས་སྣང་སྲིད་ཟིལ་གྱིས་གནོན༔ ཕྱག་གཡས་རྡོ་རྗེ་རིན་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་དགོས་འབྱུང་རིན་ཆེན་སྣོད་མཆོག་བསྣམས༔ རིག་འཛིན་དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྟེང་འོག་བར་གསུམ་འཁོར་འདས་སྣོད་བཅུད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སམ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ འགྱུར་མེད་སྐུ་ཡི་ནོར་བདག་ཛམྦྷ་ལ༔ དཀར་གསལ་རྡོ་རྗེའི་བེ་ཅོན་ནེའུ་ལེ་འཛིན༔ བདེ་གཤེགས་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤར་ཕྱོགས་དག་པའི་ཞིང་ཁམས་རབ་འབྱམས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ཡོན་ཏན་འདོད་རྒུའི་ནོར་བདག་ཛམྦྷ་ལ༔ སེར་གསལ་ཡིད་བཞིན་དབང་རྒྱལ་ནེའུ་ལེ་འཛིན༔ རིན་ཆེན་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷོ་ཕྱོགས་དག་པའི་ཞིང་ཁམས་རབ་འབྱམས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་རཏྣ་ཛམྦྷ་ལ་ཏྲཱཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ༔ འགག་མེད་གསུང་གི་ནོར་བདག་ཛམྦྷ་ལ༔ དམར་གསལ་པདྨའི་ལྕགས་ཀྱུ་ནེའུ་ལེ་འཛིན༔ པདྨའི་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ནུབ་ཕྱོགས་དག་པའི་ཞིང་ཁམས་རབ་འབྱམས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་པདྨ་ཛམྦྷ་ལ་ཧྲཱིཿསྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱིུ༔ བྱང་གི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ལྷུན་གྲུབ་ཕྲིན་ལས་ནོར་བདག་ཛམྦྷ་ལ༔ ལྗང་ནག་ཐོད་ཁྲག་དང་ནི་ནེའུ་ལེ་འཛིན༔ ལས་ཀྱི་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱང་ཕྱོགས་དག་པའི་ཞིང་ཁམས་རབ་འབྱམས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ཤར་ལྷོ་མཚམས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ ལྷ་ཡི་དགེ་བསྙེན་ཚོགས་བདག་གླང་པོའི་གདོང༔ ཆུ་ཤེལ་མདོག་ཅན་ལ་ཕུག་ནོར་བུ་བསྣམས༔ ལྷ་ཡི་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྟེང་ཕྱོགས་ལྷ་ཡི་ཡུལ་གྱི་བདེ་སྐྱིད་དང༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ འདོད་རྒུའི་དངོས་གྲུབ་ཆར་བཞིན་འབེབ་པར་མཛོད༔ ཨོཾ་གཾ་ག་ཎ་པ་ཏི་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་མཚམས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ འཕགས་མ་ནོར་རྒྱུན་ལྷ་མོ་གསེར་གྱི་མདོག༔ ཕྱག་གཉིས་མཆོག་སྦྱིན་འབྲས་ཀྱི་སྙེ་མ་བསྣམས༔ གནས་ཡུལ་ཞིང་སྐྱོང་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བར་ཕྱོགས་མི་ཡི་འབྲུ་ནོར་སྟོབས་རྩལ་དང༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ འདོད་རྒུའི་དངོས་གྲུབ་ས་ལྟར་བརྟན་པར་མཛོད༔ ཨོཾ་བཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ནུབ་བྱང་མཚམས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ དབང་མཛད་ཀུ་རུ་ཀུལླེ་རཱ་གའི་མདོག༔ ཕྱག་གཉིས་པདྨའི་ལྕགས་ཀྱུ་ཞགས་པ་བསྣམས༔ ཀླུ་ཡི་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འོག་ཕྱོགས་ཀླུ་ཡི་ཡུལ་གྱི་འབྱོར་པ་དང༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ འདོད་རྒུའི་དངོས་གྲུབ་མཚོ་ལྟར་བསྐྱིལ་བར་མཛོད༔ ཨོཾ་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱ༔ ཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ བྱང་ཤར་མཚམས་ནས་དངོས་གྲུབ་བསྐུལ་བའི་ལྷ༔ རྒྱལ་ཆེན་རྣམ་སྲས་ལྗང་སེར་ཁྲོས་པའི་ཉམས༔ ཕྱག་གཉིས་རིན་ཆེན་རྒྱལ་མཚན་ནེའུ་ལེ་འཛིན༔ གནོད་སྦྱིན་རིགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱང་ཕྱོགས་གནོད་སྦྱིན་ཡུལ་གྱི་ནོར་བུའི་གཏེར༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ འདོད་རྒུའི་དངོས་གྲུབ་མེ་ལྟར་འབར་བར་མཛོད༔ ཨོཾ་བཻཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ཤར་ལྷོའི་གྲྭ་ནས་དངོས་གྲུབ་བསྐུལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཆེན་པོ་ནོར་བུ་བཟང༔ དཀར་སེར་ཡིད་བཞིན་རིན་ཆེན་ནེའུ་ལེ་འཛིན༔ བང་མཛོད་དབྱིག་གི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསེར་དངུལ་ནོར་བུ་རིན་ཆེན་སྣ་ཚོགས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ ཟད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་གྲྭ་ནས་དངོས་གྲུབ་བསྐུལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཆེན་པོ་རེ་མནྟ༔ དམར་སེར་ཤེལ་གྱི་རལ་གྲི་ནེའུ་ལེ་འཛིན༔ ཅང་ཤེས་རྟ་ཡི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ མྱུར་མགྱོགས་རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་གི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ ཅང་ཤེས་རྟ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱརྱ་རེ་མནྟ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ནུབ་བྱང་གྲྭ་ནས་དངོས་གྲུབ་བསྐུལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཆེན་པོ་དབང་གི་ལྷ༔ ཆགས་པའི་མདངས་ཅན་མདུང་དར་ནེའུ་ལེ་འཛིན༔ ཟས་གོས་བཅུད་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཅུད་ལྡན་བཟའ་བཏུང་རེག་འཇམ་གོས་མཆོག་གི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ ཡིད་མཐུན་ཟས་གོས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་བཻ་ཧྲཱིཿསྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ བྱང་ཤར་གྲྭ་ནས་དངོས་གྲུབ་བསྐུལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཆེན་པོ་ཀུ་བེ་ར༔ མཐིང་ནག་རལ་གྲི་དང་ནི་ནེའུ་ལེ་འཛིན༔ རྐང་བཞི་ཕྱུགས་ཀྱི་ནོར་ལྷའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་བཞིན་འདོད་པ་འཇོ་བའི་ནོར་ཕྱུགས་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ རྐང་བཞི་ཕྱུགས་འཕེལ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཤར་སྒོའི་དངོས་གྲུབ་བསྐུལ་བའི་ལྷ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ དཀར་གསལ་ཞི་འཛུམ་རིན་ཆེན་པི་ཝཾ་སྒྲེང༔ ཤར་ཕྱོགས་འཇིག་རྟེན་སྐྱོང་བའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཤར་ཕྱོགས་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་སྡུས༔ དབུལ་ཕོངས་སྡུག་བསྔལ་ཞི་བའི་དངོས་གྲུབ་སྩོལ༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ལྷོ་སྒོའི་དངོས་གྲུབ་བསྐུལ་བའི་ལྷ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མཐིང་ནག་ཁྲོ་གཏུམ་རལ་གྲི་འབར་བ་བསྣམས༔ ལྷོ་ཕྱོགས་འཇིག་རྟེན་སྐྱོང་བའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷོ་ཕྱོགས་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་སྡུས༔ མི་མཐུན་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ༔ ཨོཾ་བཻ་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ནུབ་སྒོའི་དངོས་གྲུབ་བསྐུལ་བའི་ལྷ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ དམར་སྨུག་ཆགས་ཉམས་སྦྲུལ་གྱི་ཞགས་པ་སྐྱིལ༔ ནུབ་ཕྱོགས་འཇིག་རྟེན་སྐྱོང་བའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནུབ་ཕྱོགས་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོང་སྤྱོད་སྡུས༔ ཁམས་གསུམ་དབང་སྡུད་དབང་གི་དངོས་གྲུབ་སྩོལ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་བྱང་སྒོའི་དངོས་གྲུབ་བསྐུལ་བའི་ལྷ༔ དཔལ་ལྡན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ གསེར་མདོག་བརྗིད་ཆགས་ནོར་བུའི་བེ་ཅོན་གདེངས༔ བྱང་ཕྱོགས་འཇིག་རྟེན་སྐྱོང་བའི་ཚོགས་བཅས་ཀྱིས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱང་ཕྱོགས་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་སྡུས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྡུ་ན་གཙོ་བོའི་སྐུ་ཙཀ་ཐོགས་ལ། ཧཱུྃ་ཧྲཱི༔ མཆོག་དང་ཐུན་མོང་དངོས་གྲུབ་བསྐུལ་བའི་ལྷ༔ རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ ཡིད་བཞིན་ནོར་བུ་པདྨ་སམ་བྷ་ཝ༔ གསེར་མདོག་བརྗིད་ཆགས་སྣང་སྲིད་ཟིལ་གྱིས་གནོན༔ ཕྱག་གཡས་རྡོ་རྗེ་རིན་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་དགོས་འབྱུང་རིན་ཆེན་སྣོད་མཆོག་བསྣམས༔ རིག་འཛིན་དཔའ་བོ་མཁའ་འགྲོ་འདུས་པ་དང༔ གནོད་སྦྱིན་མཆེད་ལྔ་རབ་འབྱམས་ཚོགས་རྣམས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྟེང་འོག་བར་གསུམ་འཁོར་འདས་སྣོད་བཅུད་ཀྱི༔ ལེགས་པའི་དཔལ་དང་ཕྱྭ་གཡང་ལོངས་སྤྱོད་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྐུར། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ལྷ་སྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣོད་བཅུད་ལྷའི་དཀྱིལ་འཁོར་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་གནས་པས་འཁྲུལ་མཚན་མཐའ་དག་སྣང་སྟོང་ལྷའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག །དེ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། སྣོད་བཅུད་ཀྱི་རྒུད་པ་བསལ། ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། རྩ་སྔགས་ཤམ་ཅན་ལན་གསུམ། མདུན་བསྐྱེད་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ་ཏེ། དེ་རྣམས་ཀྱི་འོད་ཟེར་ཕོ་ཉའི་ཚོགས་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་དཔལ་དང་ལོངས་སྤྱོད་ཐམས་ཅད་བསྡུས་ནས་དངོས་གྲུབ་འདོད་རྒུ་ཆར་བཞིན་འབེབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ནོར་ལྷ་སྤྱི་བསྡུས་དང་ལྷ་སོ་སོའི་སྔགས་རྣམས་ལན་གསུམ། གསུང་གི་བྱིན་རླབས་བརྟན་པའི་ཕྱིར་གཡང་ཆང་འཁོར་འདས་ཀྱི་དྭངས་བཅུད་འདུས་པ་བཏུང་བས་ངག་ལ་རྩ་གསུམ་ནོར་ལྷའི་གསུང་གི་ནུས་པ་འབར་བར་མོས་མཛོད། གཡང་ཆང་བླུད་ལ། ཨཱ༔ ལོངས་སྤྱོད་འཛད་མེད་རིན་ཆེན་སྣོད་མཆོག་ཏུ༔ འཁོར་འདས་དྭངས་མ་བདུད་རྩིའི་རྒྱུན་གྱིས་གང༔ ཚེ་དང་བློ་གྲོས་དཔལ་འབྱོར་རབ་རྒྱས་པའི༔ ནུས་པ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། སརྦ་སིདྡྷི་ཝཱ་ཀ་ཨ་དྷིཥྛཱན་ཏིཥྛ་ཨཱ༔ དེས་གསུང་གསང་སྔགས་ཀྱི་དབང་ཐོབ། ངག་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་པས། དེང་ནས་རྡོ་རྗེའི་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་དང་འཕྲོ་འདུའི་རིམ་པ་ལ་བརྩོན་པས་ཕྱི་ནང་སྒྲ་སྐད་ཐམས་ཅད་ལ་གྲགས་སྟོང་སྔགས་ཀྱི་གཟེར་དང་རྟོག་ཚོགས་ཀུན་ལ་དམིགས་པ་ཏིང་ངེ་འཛིན་གྱི་གཟེར་ཐེབ་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་དང་། རྒྱལ་མཚན་སོགས་ལྷ་སོ་སོའི་ཕྱག་མཚན་འཕྲོས་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པས་ཟབ་གསལ་གཉིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ལ་མཉམ་པར་ཞོག་མཛོད། དེ་བརྟན་པའི་ཕྱིར་ལྷ་མིའི་ལོངས་སྤྱོད་སྲིད་ཞིའི་འདོད་ཡོན་གྱི་དངོས་གྲུབ་བླངས་པས། ཡིད་ལ་རྩ་གསུམ་ནོར་ལྷའི་ཐུགས་ཀྱི་བྱིན་རླབས་ཞུགས་ནས་འདོད་རྒུའི་ཡོན་ཏན་དང་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ལ་དབང་འབྱོར་པར་མོས་མཛོད། གཡང་རྫས་གཏད་ལ། ཧཱུྃ༔ མི་འགྱུར་སྙིང་པོ་ཐུགས་ཀྱི་ཐིག་ལེ་རུ༔ སྲིད་དང་ཞི་བའི་བཅུད་རྣམས་ཀུན་བསྡུས་པས༔ དགེ་ལེགས་ཡོན་ཏན་ནམ་མཁའ་མཉམ་པར་སྤེལ༔ འདོད་རྒུ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ སྔགས་མཐར་སརྦ་སིདྡྷི་ཙིཏྟ་ཨ་དྷིཥྛཱ་ན་ཏིཥྛ་ཧཱུྃ༔ དེས་ཐུགས་ཡེ་ཤེས་ཆེན་པོའི་དབང་ཐོབ། སེམས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས། དེང་ནས་རང་བྱུང་འོད་གསལ་ཆེན་པོར་མཉམ་གཞག་འཁོར་ཡུག་དང་མ་བྲལ་བར་ཆོས་ཅན་ལ་ཆོས་ཉིད་ཀྱི་གཟེར་གྱིས་ཐེབ་པར་གྱིས་ཤིག །མཐའ་རྟེན་རིགས་བཞིའི་ཛམྦྷ་ལའི་ལས་སྦྱོར་གྱི་རྗེས་སུ་གནང་བ་ནི། བདེ་གཤེགས་རིགས་ཀྱི་ནོར་བདག་ཛམྦྷ་ལ་དཀར་པོ་ཕྱི་ཆུ་སྦྱིན་གྱིས་བསྒྲུབ་ཕྱིར་རྗེས་སུ་གནང་བའི་དམིགས་པ་འདི་ལྟར་མཛོད། མདུན་དུ་ཟངས་གཞོང་ཆུ་བུམ་གཏོར་རིལ་བཤམ། སློབ་མ་སྐད་ཅིག་སྤྱན་རས་གཟིགས། ཁ་སར་པཱ་ཎིའི་སྐུ་རུ་གྱུར། །མདུན་དུ་པདྨ་ཟླ་བའི་སྟེང་། །རྡོ་རྗེའི་ནོར་བདག་ཛམྦྷ་ལ། །དཀར་གསལ་གཡས་གཡོན་ཕྱག་གཉིས་ཀྱིས། །རྡོ་རྗེའི་བེ་ཅོན་ནེའུ་ལེ་འཛིན། །ཤ་རྒྱས་གསུས་ཁྱིམ་མཆོག་ཏུ་ཆེ། །འཛུམ་ཞིང་ཁྲོ་ལ་སྒེག་པའི་ཉམས། །དར་དང་རིན་ཆེན་པད་ཕྲེང་བརྒྱན། །བཞེངས་སྟབས་ནོར་སྐྱུག་ཕོ་མོ་བརྫིས། །སྐུ་ལས་སྐྱེས་པའི་འོད་ཀློང་བཞུགས། །དམ་ཚིག་ཡེ་ཤེས་དབྱེར་མེད་གསལ། །སློབ་མའི་ཕྱག་གཡས་མཆོག་སྦྱིན་ལས། །བདུད་རྩིའི་ཆུ་རྒྱུན་མུ་ཏིག་གི །རྡོག་མ་ལྟ་བུ་རབ་བབས་པ། །ཞལ་དུ་ཐིམ་ཞིང་མཉེས་པར་གྱུར། །ལག་པ་གཡས་པས་ཟངས་གཞོང་དུ་ཆུ་ཐིགས་མ་ཆད་པར་སྦྲེངས་ལ། ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ ཞེས་མང་དུ་བཟླ། ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ ཞེས་ཅི་ནུས་བཟླས་མཐར། ཨཱརྱ་ཛམྦྷ་ལ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ བདེ་གཤེགས་ནོར་བདག་ཛམྦྷ་ལ༔ འཁོར་དང་བཅས་ཀུན་གུས་པས་མཆོད༔ ཕྱག་འཚལ་བསྟོད་ཅིང་གསོལ་འདེབས་ན༔ འདོད་རྒུའི་འབྱོར་པའི་དངོས་གྲུབ་སྩོལ༔ ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ སིདྡྷི་ཕ་ལ་ཧཱུྃ༔ ལྷ་འོད་དུ་ཞུ་བའི་ཆུ་དངོས་གྲུབ་ཀྱི་ཚུལ་དུ་བྱིན་པས་ལོངས་སྤྱོད་རྒྱུན་མི་ཆད་པའི་དངོས་གྲུབ་ཐོབ་པར་མོས་མཛོད། ཨོཾ༔ འདོད་འབྱུང་ཡིད་བཞིན་དཔལ་གྱི་གཞོང་པ་རུ༔ བདེ་གཤེགས་རིགས་ཀྱི་ནོར་བདག་ཛམྦྷ་ལ༔ འཁོར་བཅས་འོད་ཞུ་བདུད་རྩི་འདི་བྱིན་པས༔ ལོངས་སྤྱོད་རྒྱུན་མི་ཆད་པའི་དངོས་གྲུབ་སྩོལ༔ ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ སིདྡྷི་ཕ་ལ་ཧཱུྃ༔ ཞེས་བྱིན། རིན་ཆེན་རིགས་ཀྱི་ནོར་བདག་ཛམྦྷ་ལ་སེར་པོ་ནང་གཏོར་མ་ལ་བརྟེན་ནས་དངོས་གྲུབ་ཀྱི་རྗེས་སུ་གནང་བ་ནི། གཏོར་མ་གསོ་བྲན་བྱས་ཏེ། རཾ་ཡཾ་ཁཾ། རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་བཅུད་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མའི་སྟེང་གི་ནམ་མཁར་པད་ཟླ་ལ་རིན་ཆེན་ནོར་བདག་ཛམྦྷ་ལ་སེར་པོ་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་ནེའུ་ལེ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དམ་ཡེ་དབྱེར་མེད་དུ་གསལ་བའི་ལྗགས་འོད་ཟེར་གྱིས་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ། སྔགས་ཨོཾ་རཏྣ་ཛམྦྷ་ལ་ཏྲཱཾ་སྭཱ་ཧཱའི་མཐར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ ལན་གསུམ་དཔོན་སློབ་གཉིས་ཀས་འབུལ་ལ། གཏོར་མའི་སྟེང་གི་ལྷ་གཏོར་མ་ལ་ཐིམ་པས་གཏོར་མ་ཛམྦྷ་ལའི་སྐུར་གྱུར་ཏེ་དབང་བསྐུར་བས་ལོངས་སྤྱོད་རྒྱ་ཆེར་འཕེལ་བའི་དངོས་གྲུབ་ཐོབ་པར་མོས་མཛོད། ཏྲཱཾ༔ གཏོར་མ་རིན་ཆེན་འབར་བའི་གཞལ་ཡས་སུ༔ རིན་ཆེན་རིགས་ཀྱི་ནོར་ལྷའི་ཚོགས་རྣམས་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལོངས་སྤྱོད་རྒྱ་ཆེར་འཕེལ་བའི་དངོས་གྲུབ་སྩོལ༔ ཨོཾ་རཏྣ་ཛམྦྷ་ལ་ཏྲཱཾ་སྭཱ་ཧཱ༔ སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ཅིང་གཏོར་རྫས་ཀྱི་ཆ་ཤས་བྱིན། པདྨའི་རིགས་ཀྱི་ནོར་བདག་ཛཾ་བྷ་ལ་དམར་པོ་གསང་བ་གྭའུ་ལ་བརྟེན་ནས་དངོས་གྲུབ་ཀྱི་རྗེས་སུ་གནང་བ་ནི། གྭའུར་པདྨའི་ནོར་བདག་ཛམྦྷ་ལ་དམར་པོ་འཁོར་བཅས་མངོན་སུམ་དུ་བཞུགས་པས་དབང་བསྐུར་བས་ལོངས་སྤྱོད་ཟད་མི་ཤེས་པའི་དངོས་གྲུབ་ཐོབ་པར་མོས་མཛོད། གྭའུ་སྤྱི་བོར་བཞག་ལ། ཧྲཱི༔ དབང་མཛོད་འོད་དམར་འཁྲུགས་པའི་གཞལ་ཡས་སུ༔ པདྨའི་རིགས་ཀྱི་ནོར་ལྷའི་ཚོགས་རྣམས་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལོངས་སྤྱོད་ཟད་མི་ཤེས་པའི་དངོས་གྲུབ་སྩོལ༔ ཨོཾ་པདྨ་ཛམྦྷ་ལ་ཧྲཱིཿསྭཱ་ཧཱ༔ སརྦ་དྷ་ནཾ་མེ་དྷི་རཏྣ་བཱ་སུ་སིདྡྷི་སྡུས་སྡུས༔ ཞེས་བསྐུར། ལས་ཀྱི་རིགས་ཀྱི་ནོར་བདག་ཛཾ་བྷ་ལ་ལྗང་གུ་ཡང་གསང་ཐོད་པ་ལ་བརྟེན་ནས་དངོས་གྲུབ་ཀྱི་རྗེས་སུ་གནང་བ་ནི། ཐོད་པར་ལས་ཀྱི་ནོར་བདག་ཛམྦྷ་ལ་ལྗང་གུ་འཁོར་བཅས་མངོན་སུམ་དུ་བཞུགས་པས་དབང་བསྐུར་བས་ལོངས་སྤྱོད་མི་ཉམས་ཤིང་བརྟན་པའི་དངོས་གྲུབ་ཐོབ་པར་མོས་མཛོད། ཐོད་པ་སྤྱི་བོར་བཞག་ལ། ཨཱ༔ ཡིད་བཞིན་འདོད་འབྱུང་འཕྲུལ་གྱི་ཀཱ་པ་ལར༔ ལས་ཀྱི་རིགས་ཀྱི་ནོར་ལྷའི་ཚོགས་རྣམས་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལོངས་སྤྱོད་མི་ཉམས་བརྟན་པའི་དངོས་གྲུབ་སྩོལ༔ ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔ སརྦ་མ་ཧཱ་ཀཱ་པ་ལ་རཏྣ་སིདྡྷི་སིདྡྷི་ཧཱུྃ༔ ཤིན་ཏུ་རྒྱས་པར་བྱེད་ན། ཚོགས་བདག་གི་རྫས་སྦྱོར་བདུག་པ་སོགས་ཀྱང་རྗེས་གནང་གི་ཚུལ་དུ་སྦྱིན་པར་མཛད་དོ་ཞེས་གསུངས་ཀྱང་། ཕྱག་བཞེས་དངོས་ལ་འདི་ཙམ་ལས་མི་འདུག །དེ་ལྟར་རིགས་བཞིའི་རྗེས་གནང་ཐོབ་པས་ཇི་སྐད་བཤད་པའི་ལས་རབ་འབྱམས་སྒྲུབ་པར་བྱེད་པ་ལ་དབང་བའི་སྐལ་པ་ཅན་དུ་བྱས་སོ། །མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་སྤེལ། དེས་ནོར་སྒྲུབ་རིན་ཆེན་བུམ་བཟང་དང་འབྲེལ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་དམ་ཚིག་ཁས་བླང་སོགས་དབང་རྗེས་དང་། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཆོ་གའི་རྗེས་གཞུང་ལྟར་བྱའོ། །དེ་ལྟར་ལེགས་བྱས་ནོར་བུའི་ཆུན་པོ་ལས། །བསོད་ནམས་བྱེ་བའི་ཆུ་འཛིན་སྟུག་པོས་ཁྱབ། །འདོད་རྒུ་གྲུ་ཆར་འཇོ་བའི་དགའ་སྟོན་གྱིས། །ལུས་ཅན་འབྱོར་པའི་བྱེད་པོར་གཅིག་ཏུ་ཤོག །ཅེས་༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཕྱག་ཐོ་ལྟར་ནག་འགྲོས་སུ་བཀོད་པ་འདིའང་། རྡོ་རྗེ་འཆང་གུ་ཎ་ཡི་ཞབས་ཀྱིས་བཀའ་བསྩལ་པ་དང་། དམ་པ་དུ་མའི་གསུང་གིས་ནན་ཏན་དུ་བསྐུལ་པ་ལྟར་༼གཏེར་སྲས།་་་ཚེ་དབང་ནོར་བུས་འགྲུབ་པའི་སྦྱོར་བ་ལ་གྲུབ་པར་བགྱིས་པ་པུཎྱཻ་སིནྡྷུཿརསྟུ།། །།

རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྙིང་པོ་བཅུད་བསྡུས་རིག་པའི་དབང་བལྟ་བདེར་བཀོད་པ་ཡེ་ཤེས་རང་ཤར་ (Volume 56, Text 21)

༄༅། །རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྙིང་པོ་བཅུད་བསྡུས་རིག་པའི་དབང་བལྟ་བདེར་བཀོད་པ་ཡེ་ཤེས་རང་ཤར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། གདལ་ཁྱབ་ཡངས་པ་ཀུན་བཟང་དོན་གྱི་དབྱིངས། །རང་བྱུང་རང་ཤར་རང་གྲོལ་འོད་གསལ་བ། །བླ་མ་གདོད་མའི་མགོན་པོ་ལ་བཏུད་དེ། །བཅུད་བསྡུས་རིག་པའི་དབང་མཆོག་མཐོང་གསལ་བྱ། །བཅུད་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་སྙིང་པོ་དོན་གྱི་དབང་བསྐུར་བས་རྒྱུད་སྨིན་པར་བྱེད་པའི་ཚུལ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་ལ་གཤོམ་དང་སྒྲུབ་མཆོག་གཉིས་ལས་དང་པོ་ནི། དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་རིམ་པ་གཉིས་པའི་དང་པོ་ལ་དཔལ་བཤོས་རྒྱན་ལྡན་གྱི་གཡས་གཡོན་དུ་སྨན་རཀ །གཉིས་པ་ལ་བཀའ་སྲུང་དབང་གི་མ་མོ་གསུམ་ལ་སྣོད་གཅིག་ཏུ་ཟུར་གསུམ་དམར་པོ་པདྨས་བསྐོར་བ་གསུམ། གཏེར་སྲུང་བརྟན་མ་བཅུ་གཉིས་ལ་སྣོད་གཅིག་ཏུ་ཟླུམ་གཏོར་པདྨ་སྤུངས་པ་གཅིག་གམ་འགྲུབ་ན་བཅུ་གཉིས་བཤམ། སློབ་དཔོན་གྱིས་ཕྱག་གིས་སླེབ་པའི་མདུན། སྟེགས་ཧ་ཅང་མི་མཐོ་བ་སློབ་མས་དཀྱིལ་འཁོར་མཐོང་ངེས་པ་ལ་མཎྜལ་ཁྲུ་གང་དུ་ལོངས་པ་འབྱོར་ན་རབ། མ་འབྱོར་ནའང་ཆེ་ལེགས་ཞིག་ལ་རྡུལ་ཚོན་གྱིས་དབུས་སུ་ཟླུམ་སྐོར་མཐིང་ནག་འོད་ལྔའི་ར་བས་བསྐོར་བ། དེ་རྒྱབ་མུ་ཁྱུད་རིམ་པ་བཅུ་གཅིག་བསྐོར་བའི་དང་པོ་ལ་མཐིང་དམར་གཉིས་རིམ། གཉིས་པར་དཀར་སེར་དམར་ལྗང་མཐིང་ག་ལྔ་རིམ། གསུམ་པ་ལ་དཀར་དམར་གཉིས་རིམ། བཞི་པར་ཡང་དཀར་དམར་གཉིས་སྤེལ། ལྔ་པར་དཀར་སེར་མཐིང་ག་གསུམ་རིམ། དྲུག་པར་དཀར་པོ་གཉིས་རིམ། བདུན་པར་སེར་པོ་གཅིག་རིམ། བརྒྱད་པར་ལེའུ་ཚེ་བཅུ་གཉིས་ཆ་བསྒོས་ལ་ཚོན་ལྔ་བཏང་བ། དགུ་པར་སེར་པོ་གཉིས་རིམ། བཅུ་པར་དཀར་ནག་གཉིས་རིམ། བཅུ་གཅིག་པ་ནང་ནས་རིམ་བཞིན་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དམར་ནག་དང་སེར་ནག་དང་ནག་པོ་བཅས་རིམ་པ་དྲུག་སྤེལ་བ་བྲི། དེའི་སྟེང་དུ་ཁྲིའུ་ལ་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཀོད། གཞན་ཡང་མཆོད་གཏོར་ཚོགས་རྫས་སོགས་དགོས་པའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ལ། འདི་ཉིད་ཀྱི་རང་ལུགས་སློབ་དཔོན་རྟོགས་དགོངས་དང་ལྡན་པ་གཞིར་བཞག །སྤྲོས་བཅས་ཀྱི་དབང་བསྐུར་གཞན་ལྟར་སྤྲོས་པ་མང་པོ་མི་དགོས་པས། ཐོག་མར་དོན་གྱི་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། མཚམས་གཅད་པ་ནི། བདག་ཉིད་རང་བྱུང་གཉུག་མའི་ཧེ་རུ་ཀར་གསལ་བས། ཨཱོྃ་བཛྲ་ཙཀྲ་རཀྵ་རཀྵ་ཀྲོ་ཏ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཙཀྲ་རཀྵ་རཀྵ་མཱུ་ལ་ཙ་ལེ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ བདག་དང་དད་ལྡན་སློབ་བུ་རྣམས༔ རྡོ་རྗེ་འཁོར་ལོ་མཚོན་ཆའི་གུར༔ བར་གཅོད་བགེགས་ཀྱིས་མི་ཚུགས་བསམ༔ བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་གཞིའི་ཀུན་ཏུ་བཟང་པོ། སྐུ་མདོག་མཐིང་སྔོན་ནམ་མཁའ་དྭངས་པའི་མདོག་ལྟ་བུ། རྒྱན་མེད་གཅེར་བུ་ཕྱག་མཉམ་གཞག་དང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ལྔ་ལྡན་འོད་ཟེར་གྱི་ཕུང་པོ་མཁའ་ཁྱབ་ཏུ་འཁྲིགས་པར་དམིགས་ལ། ཨཱོྃ་བཛྲ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་ཅི་རིགས་བརྗོད་ལ་ང་རྒྱལ་གཟུང་། བུམ་པ་རང་བྱུང་ཡེ་ཤེས་འོད་ཀྱི་གཞལ་ཡས་ཁང་དུ་དཔལ་ཆེན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུ། དབུ་གཙུག་ཏུ་ཀུན་བཟང་ཡབ་ཡུམ་དང་བཅས་པ་སྐད་ཅིག་གསལ་ཞིང་རྫོགས་པར་གྱུར། ཞི་ཁྲོ་སྤྱི་བསྡུས་སྔགས་སམ། རིགས་ལྔའི་ས་བོན་དང་། ཨ་ཨ། ཅི་ནུས་བཟླས་པས་བྱིན་བརླབ། མཆོད་རྫས་རྣམས། ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱིས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་མཆོད་པའི་སྤྲིན་ཕུང་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། ཅེས་བྱིན་བརླབས་ལ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡེ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཞི་ཁྲོ་སྤྱི་སྔགས་ལ་གཏོར་སྔགས་བཏགས་པ་གསུམ། སརྦ་དྷརྨ་པཱ་ལ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་བཱ་སོགས་ལན་གསུམ། བདེ་གཤེགས་རྣམས་ལ་མཆོད་པར་འབུལ༔ བཀའ་སྲུང་གཏེར་བདག་ཚིམ་པར་བསྔོ༔ བསྟན་པ་བསྲུང་བའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། ལས་དང་པོ་པའི་སློབ་དཔོན་དེ་ཙམ་གྱིས་གོ་མི་ཆོད་ན་གོང་མ་ཁ་ཅིག་གིས་ཕྱག་བཞེས་ལྟར། སྤྱི་རྒྱུག་བྱང་གཏེར་ཐུགས་སྒྲུབ་བམ། ཁྱད་པར་འདི་དང་འབྲེལ་མཚུངས་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཕྲིན་ལས་གཏང་། བཟླས་པ་དང་། བཀའ་སྲུང་བསྡུས་མཆོད་ཙམ་མམ། དབང་གི་ལྷ་མོ་དང་བརྟན་མའི་སྒེར་མཆོད་སོགས་ཀྱང་སྦྱར། ཆོས་ཉིད་མཉམ་པའི་ངང་དུ་ཞུགས། ལས་བུམ་ལས་སྔགས་གང་ཡང་རུང་བས་བྱིན་བརླབ། དེ་དག་གི་སྐབས་སུའང་བུམ་སྒྲུབ་སྔར་སྨྲོས་ལྟར་དང་། དབང་བསྐུར་བ་ན་གཞིའི་ཀུན་བཟང་གི་ང་རྒྱལ་ལ་གནས་པར་བྱ་དགོས་སོ། །གཉིས་པ་དངོས་གཞི་དབང་ལ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། སྒོ་གདོང་དུ་དྲག་སྔགས་དང་སྤོས་ཐུན་སོགས་ཀྱིས་བགེགས་བསྐྲད། ཕྱག་བཅས་ནང་དུ་འཁོད་པ་ན་གོང་སྨྲོས་སྲུང་སྔགས་དང་སྲུང་འཁོར་སྒོམས་ལ། མཚམས་གཅད། བླ་མས་འདི་ལྟར་བསྒོ་སྟེ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ བདག་ལ་དད་ཅིང་གུས་པ་ཡིས༔ གནས་མཆོག་འདིར་ནི་འོངས་པ་ལེགས༔ ཀུན་གཞི་ཡངས་པའི་ཀློང་དཀྱིལ་ན༔ མ་རིག་བག་ཆགས་རིམ་གྱིས་འཐས༔ འགྲོ་བ་དྲུག་གི་སྡུག་བསྔལ་ལ༔ རིམ་པར་འཁོར་ཞིང་ལས་ལ་སྤྱོད༔ ད་ལྟ་བུ་ཁྱོད་དག་པའི་སེམས༔ འབྲས་བུ་ཐོབ་འདོད་སྐྱེས་པ་དེ༔ བསྐལ་པ་དཔག་ཏུ་མེད་པ་ནས༔ བསོད་ནམས་ཚོགས་གཉིས་བསགས་པ་ཡིན༔ ཡིད་ལ་ཅི་འདོད་གསོལ་བ་ཐོབས༔ ཁྱོད་ཀྱིས་དད་པའི་གདུང་ཤུགས་སྐྱེད༔ ཅི་འདོད་ལས་རྣམས་སྦྱིན་པར་བྱ༔ ཞེས་ལེགས་པར་གདམས་པ་ལ་གུས་ཤིང་གདུང་བའི་སེམས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་བདག་འདྲ་བ༔ སྔོན་ཆད་རིགས་དྲུག་གནས་སུ་འཁྱམས༔ རང་སེམས་འཁྲུལ་པའི་སྡུག་བསྔལ་ལ༔ རྒྱུན་ཆད་མེད་པར་སྤྱོད་སྤྱོད་ནས༔ སྐྱི་གཡའ་འཇིགས་སྐྲག་ཡི་མུག་པས༔ དྲིན་ཅན་ཁྱེད་ཀྱི་ཐུགས་རྗེ་ཡིས༔ བདག་གི་ལུས་ངག་ཡིད་གསུམ་པོ༔ རང་དབང་མེད་པར་མོས་གུས་སྐྱེས༔ ད་ནི་འཁོར་བའི་སྡུག་བསྔལ་སྤང༔ འཇིག་རྟེན་འཁྲི་བ་རྩད་ནས་གཅད༔ རྩེ་གཅིག་དད་པས་ཆོས་ལ་འཇུག༔ ཐེག་པ་ཆེ་ཆུང་བསམ་ཡས་པའི༔ འོག་མ་རྣམས་ལ་རིམ་གྱིས་བགྲོད༔ རེ་དོགས་མཐའ་ལ་མ་ཞེན་པའི༔ ཡང་དག་དོན་དམ་སྙིང་པོའི་མཆོག༔ རིག་པ་རང་ཤར་དབང་བསྐུར་ཞུ༔ ལན་གསུམ། འོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་མྱུར་དུ་བསྒྲལ་ཏེ་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་རང་བྱུང་རྫོགས་པ་ཆེན་པོའི་དོན་གྱི་དབང་བསྐུར་བ་གསན་ནས་འོད་གསལ་རྫོགས་པ་ཆེན་པོའི་ལམ་བསྒོམ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབས་ཤིག །དེའང་ཐེག་པ་རིམ་དགུའི་ཡང་རྩེ་བླ་མེད་འབྲས་བུའི་ཐེག་པ་མན་ངག་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་ཡང་གསང་རྩོལ་བྲལ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་སྐྱེལ་སོ་འདི་ལ། བསམ་གྱིས་མི་ཁྱབ་པའི་ཆོས་སྒོ་རབ་འབྱམས་རང་བྱུང་རྡོ་རྗེའི་སྒྲ་དབྱངས་སུ་རང་ཤར་བ་རྣམས་ཀྱང་། ངེས་པའི་བཀའ་སྲོལ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་དུ་བསྡུས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་གནང་། དེ་རྣམས་ཀྱི་སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བའི་གདམས་ངག་ཐུན་མོང་མ་ཡིན་པ་དུ་མ་ཞིག་རང་བྱུང་ཧེ་བཛྲས་ཡེ་ཤེས་ཀྱི་སྐུ་ཅན་ཤྲཱིི་སིཾ་ཧ་ལ་བཤད། དེ་ལས་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་སློབ་དཔོན་ཆེན་པོ་པདྨཱཀ་རས་ཚིག་དང་དོན་གྱི་བརྒྱུད་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། གུ་རུ་རིན་པོ་ཆེས་བོད་ཡུལ་སྐལ་ལྡན་རྗེ་འབངས་ཐུན་མོང་མ་ཡིན་པ་རྣམས་ལ་ཨ་ཏི་ཡོ་ག་ཕ་མ་གཉིས་མེད་ཀྱི་རྒྱུད་དང་འབྲེལ་བའི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་ཇི་སྙེད་ཅིག་བསྩལ་པ་ལས། སྐབས་སུ་བབས་པ་འདི་ནི། ཀུན་བཟང་པདྨ་འབྱུང་གནས་ཀྱིས་ཇོ་མོ་ཡེ་ཤེས་མཚོ་རྒྱལ་ལ་ཉམས་ལེན་གནད་ཀྱི་བཅུད་ཕུར་དགོངས་པ་ཉམས་ཀྱི་ངོ་སྤྲོད་དུ་བསྩལ་པ་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་ཞེས་བྱ་བའི་ཟབ་མོའི་གདམས་སྐོར། རྒྱུད་གཉིས་དང་མན་ངག་བརྒྱད་བཅས་ཟང་ཟང་ལྷ་བྲག་གི་རྐེད་པ་བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བར་བསེ་སྒྲོམ་སྨུག་པོར་མཛོད་ཆེན་ལྔའི་བཅུད་དུ་མི་ཤིགས་གཏེར་གྱི་རྒྱས་བཏབ་པ། ཕྱིས་དུས་ལ་བབས་པའི་ཚེ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་ཤར་དུང་མཛོད་དཀར་པོའི་ཆོས་སྡེ་ལས་བྱོན་པ། ཀུན་བཟང་དགོངས་པ་ཟང་ཐལ་དང་འབྲེལ་ཞིང་ཀ་དག་གཙོ་བོར་སྟོན་པའི་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་སྨིན་བྱེད་སྙིང་པོའི་བཅུད་བསྡུས་རིག་པའི་དབང་བསྐུར་བསྒྲུབ་པ་ལ། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཅེས་མཎྜལ་འབུལ་དུ་གཞུག །དེ་ནས་བླ་མས་རྡོ་རྗེ་ཐོགས་ལ། ཧཱུྃ༔ དང་པོ་མ་བཅོས་ཡུམ་གྱི་དཀྱིལ་འཁོར་ནས༔ ལུང་མ་བསྟན་གྱི་ཤེས་པ་རྐྱེན་གྱིས་བསྒྱུར༔ སྟོང་པ་སྣང་བར་བཟུང་བས་བག་ཆགས་འཐས༔ རིགས་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་བྱུང༔ དེ་ཕྱིར་ལེགས་པར་འཁོར་བའི་ཐོག་མཐའ་གཅད༔ རང་བྱུང་ངོ་བོ་ཆོས་སྐུར་ཤེས་པའི་ཚེ༔ རང་བྱུང་ཡེ་ཤེས་དབང་མཆོག་ཐོབ་པ་ཡིན༔ ཨ་ཨ་ཨ༔ མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་ཁར་རྡོ་རྗེ་གཏད་དོ༔ ཧཱུྃ༔ ཉོན་མོངས་ཞེ་སྡང་ཧྲགས་པས་དམྱལ་བར་སྐྱེས༔ གསོད་གཅོད་བཙོ་བསྲེག་ཚ་གྲང་སྡུག་བསྔལ་སྤྱོད༔ སེར་སྣ་འཇུར་གེགས་བྱས་པས་ཡི་དྭགས་སྐྱེས༔ བཀྲེས་སྐོམ་རིད་ཅིང་གདུང་བའི་སྡུག་བསྔལ་སྤྱོད༔ གཏི་མུག་མུན་པ་འཐིབས་པས་བྱོལ་སོང་སྐྱེས༔ གླེན་ལྐུག་གཅིག་གིས་གཅིག་ཟ་སྡུག་བསྔལ་སྤྱོད༔ འདོད་ཆགས་འཛིན་པ་ཧྲགས་པས་མི་རུ་སྐྱེས༔ འདོད་པས་གདུང་ནས་ཚིམས་མེད་སྡུག་བསྔལ་སྤྱོད༔ ཕྲག་དོག་ཟུག་རྔུ་ཧྲགས་པས་ལྷ་མིན་སྐྱེས༔ འཐབ་རྩོད་རྒོལ་བ་དྲག་པོའི་སྡུག་བསྔལ་སྤྱོད༔ ང་རྒྱལ་ཁེངས་པས་ལྷ་ཡི་གནས་སུ་སྐྱེས༔ བདེ་ལ་ཆགས་དང་ལྟུང་བའི་སྡུག་བསྔལ་སྤྱོད༔ དེ་ལྟར་རིགས་དྲུག་སྡུག་བསྔལ་ཐོག་མཐའ་གཅད༔ རང་བྱུང་ངོ་བོ་ཆོས་སྐུར་ཤེས་པའི་ཚེ༔ འགྲོ་དྲུག་སྡུག་བསྔལ་རང་གྲོལ་དབང་ཐོབ་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་གྱི་མཛུབ་མོའམ་སྡུད་མོ་ཆུང་ངུས། འགྲོ་དྲུག་གི་ཡུལ་མཚོན་པའི་མུ་ཁྱུད་ཁ་དོག་དྲུག་བསྡུས་ཏེ༔ བུའི་སྙིང་གར་རྡོ་རྗེ་གཏད་དོ༔ ཧཱུྃ༔ ལམ་ལས་གོལ་བའི་མུ་སྟེགས་རྟག་ཆད་པ༔ ལོག་པ་ལམ་དུ་ཁྱེར་ནས་བདེན་པར་འཛིན༔ བསྐལ་པ་འབུམ་དུ་མཐའ་འཁོབ་ཀླ་ཀློ་དང༔ ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་སྤྱོད༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ རྟག་ཆད་གཉིས་སུ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་མཉམ་ཉིད་ཕྱོགས་ཞེན་མེད་པ་ཡི༔ རང་གྲོལ་དོན་ལ་ལྟོས་ཤིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ རྟག་ཆད་གཉིས་ཀྱི་ཡུལ་མཚོན་པའི༔ མུ་ཁྱུད་དཀར་ནག་གཉིས་བསྡུས་ཏེ༔ བུའི་སྙིང་གར་རྡོ་རྗེ་གཏད་དོ༔ ཧཱུྃ༔ ཉན་ཐོས་བྱིས་པའི་ཆོས་དེ་སྤྱོད་ལམ་གཙོ༔ ཁྲུས་དང་གཙང་སྦྲ་ལྷག་བཅས་དགེ་བ་སྒྲུབ༔ བསྐལ་པ་གྲངས་མེད་འདས་ནས་སངས་རྒྱས་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ བྲེལ་མེད་ཕྱོགས་སུ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་དོན་ལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཉན་ཐོས་ཕྱོགས་སུ་འཛིན་པའི་ཡུལ་མཚོན་པའི༔ མུ་ཁྱུད་སེར་པོ་བསྡུས་ནས་སུ༔ བུའི་སྙིང་གར་རྡོ་རྗེ་གཏད་དོ༔ ཧཱུྃ༔ རང་རྒྱལ་རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས༔ ཚོགས་གཉིས་རང་དོན་བྱས་ནས་དགེ་བ་སྒྲུབ༔ བསྐལ་པ་བརྒྱ་ནས་དགེ་བའི་འབྲས་བུ་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ ཡོད་པར་འདོད་པ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཚོན་བཅུ་གཉིས་པའི་མུ་ཁྱུད་བསྡུ༔ ཧཱུྃ༔ སེམས་ཙམ་རང་རྟོགས་བདེ་བར་ལྟ་བ་ཡི༔ འབྲས་བུ་ཤེལ་གོང་དག་པ་ལྟ་བུར་འདོད༔ བསྐལ་པ་དྲུག་ཅུ་འདས་ནས་དགེ་བར་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ བདག་མེད་གཉིས་སུ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ མུ་ཁྱུད་སེར་པོ་བསྡུ༔ ཧཱུྃ༔ དབུ་མ་ཀུན་རྫོབ་དགག་བྱ་རིག་པས་དཔྱད༔ དོན་དམ་སྤྲོས་བྲལ་ངང་ལ་འཇལ་བྱེད་ཅིང༔ བདེན་པ་གཉིས་ཀྱི་དོན་ལ་ཡིད་ཆེས་བལྟ༔ བསྐལ་པ་གྲངས་མེད་གསུམ་ནས་དགེ་བར་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ ཕྱོགས་མེད་ཕྱོགས་སུ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ མུ་ཁྱུད་དཀར་པོ་གཉིས་སྤེལ་བསྡུ༔ ཧཱུྃ༔ ཀྲི་ཡ་དག་པ་གསུམ་གྱི་སྒོར་ཞུགས་ནས༔ ལྷ་དང་བདག་གཉིས་རྗེ་ཁོལ་ཚུལ་དུ་བལྟ༔ མི་ཚེ་བདུན་ནས་འབྲས་བུ་ཐོབ་པར་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ བཟང་ངན་གཉིས་སུ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ མུ་ཁྱུད་དཀར་སེར་མཐིང་ག་གསུམ་སྤེལ་བསྡུ༔ ཧཱུྃ༔ ཨུ་པ་ཡ་ཡི་ལྟ་བ་ཀྲི་ཡོག་གཉིས༔ ཐུན་མོང་སྤྱོད་ཅིང་ཕྱག་རྒྱ་བཞི་པོ་བསྒོམ༔ མི་ཚེ་བདུན་ནས་སངས་རྒྱས་ཐོབ་པར་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ གཉིས་འཛིན་ཁ་ལྟ་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དཀར་ནག་གཉིས་ཀྱི་མུ་ཁྱུད་བསྡུ༔ ཧཱུྃ༔ ཡོ་ག་མངོན་པར་བྱང་བའི་ཆོས་ལྔ་སྤྱོད༔ མཚན་མ་ཡོད་མེད་ལྷ་ཡི་ཏིང་འཛིན་བསྒོམ༔ འབྲས་བུ་སྟུག་པོ་བཀོད་པའི་ཞིང་ཁམས་ཏེ༔ སྐྱེ་བ་ལྔའམ་བདུན་ནས་ཐོབ་པར་རེ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ ལྷ་དང་ལྷ་མོར་འཛིན་པའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དཀར་དམར་རིམ་པའི་མུ་ཁྱུད་བསྡུ༔ ཧཱུྃ༔ མ་ཧཱ་ཡོ་ག་བསྙེན་སྒྲུབ་བཞི་ལ་སྒྲུབ༔ རང་རྒྱུད་གསལ་སྟོང་ལྷ་ཡི་དཀྱིལ་འཁོར་བལྟ༔ ཟླ་བ་བཅུ་དྲུག་བསྒྲུབས་ནས་འབྲས་བུ་ཐོབ༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ དབྱེར་མེད་སྤྱོད་ཡུལ་བྲལ་བའི་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཚོན་ལྔ་སྤེལ་བའི་རིམ་པ་བསྡུ༔ ཧཱུྃ༔ ཨ་ནུ་ཡོ་ག་ཐབས་ནི་ཡབ་ཀྱི་ངང༔ ཤེས་རབ་ཀུན་ཏུ་བཟང་མོ་ཡུམ་གྱི་ཀློང༔ གཉིས་མེད་བདེ་བ་ཆེན་པོའི་དལ་དུ་བལྟ༔ ཟླ་བ་དྲུག་གིས་འབྲས་བུ་ཐོབ་པར་བྱེད༔ བུ་ཁྱོད་ཐེག་པ་ཆེན་པོའི་བློ་རྩལ་གྱིས༔ གཉིས་མེད་སྒོམ་པ་ཕྱོགས་འཛིན་བདུད་ལས་གྲོལ༔ ཨ་ཏི་ཡོད་མེད་མཉམ་པའི་ཆོས་ཉིད་ལ༔ རང་ཤར་རང་གྲོལ་ཆོད་ཅིག་རིགས་ཀྱི་བུ༔ གུ་ཧྱ་སིསཏྭཾ་པ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྟོང་མཚོན་པའི་མུ་ཁྱུད་མཐིང་དམར་སྤེལ་བའི་རིམ་པ་བསྡུ༔ རིགས་ཀྱི་བུ་ཁྱོད་ལ་ཨ་ཏི་ཡོ་ག་བྱ་བྲལ་རྩོལ་མེད་ཀྱི་དབང་ཐོབ་པར་འདོད་ན༔ ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་བཞིན་དུ༔ ཐེག་པ་ཆེན་པོའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བསྟེན་ནས་འབྱུང་བ་ཡིན་པས༔ སྒོ་གསུམ་གུས་པས་གསོལ་བ་དུང་པ་ཞིག་ཐོབས་ཤིག༔ དང་པོ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡབ༔ དཔལ་ཀུན་ཏུ་བཟང་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བཞེངས་ནས༔ སྐུ་གསུང་ཐུགས་ཀྱི་འདུལ་བྱེད་ཕྱོགས་བཅུར་བཀྱེ་བས༔ ལས་དག་པའི་འགྲོ་བ་རྣམས་ཀྱིས༔ སྐུ་མཚོན་དུ་མེད་པར་གསལ་བ༔ མཁའ་ལ་ཉི་མ་ཤར་བ་ལྟ་བུ༔ གསུང་ཨ་ཏི་བྱ་བྲལ་ཀློང་ནས་ངོ་སྤྲོད་པ༔ ཐུགས་མ་བཅོས་རང་གྲོལ་དུ་རྟོགས་སོ༔ གདུལ་བྱ་བར་མའི་འགྲོ་བ་རྣམས་ཀྱིས༔ སྐུ་འཇའ་ཚོན་ལྟ་བུར་རིགས་ལྔའི་སངས་རྒྱས༔ གསུང་དུག་ལྔ་ཡེ་ཤེས་ལྔ་རུ་གྲུབ་པ༔ ཐུགས་སྣང་སྲིད་ལྷའི་ཞིང་དུ་ངོ་སྤྲད་པས་རྟོགས་སོ༔ གདུལ་བྱ་མ་དག་པ་རྣམས་ཀྱིས༔ སྐུ་རང་རང་གི་སྣང་ངོ་དང་མཐུན་པར་མཛེས་པ༔ གསུང་རང་གི་གཉེན་པོ་དང་གྲོགས་སུ་འགྱུར་བ༔ ཐུགས་བྱམས་པའི་སྙིང་རྗེས་གཟིགས་པར་གོ་བ་སོགས༔ མདོར་ན་མཛད་སྤྱོད་ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་རང་བྱུང་གི་རོལ་པ་ཡིན་པས༔ བུ་ཁྱོད་ཤེས་པ་རང་ལུགས་སུ་མ་བཅོས་པའི་ངང་ནས་གསོལ་བ་ཐོབས་ཤིག༔ ཅེས་བྱས་ལ་གསོལ་འདེབས་དབྱངས་བཅས་དཔོན་སློབ་ལྷན་ཅིག་གཏང་ན་ལེགས༔ དཔེ་སོགས་ཀྱིས་མི་འགྲུབ་ན་རྗེས་ཟློས་བྱར་གཞུག་ལ། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་སིདྡྷི་ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ བདེ་བར་གཤེགས་པ་ཀུན་གྱི་ཡབ༔ མ་བཅོས་རང་བྱུང་ལྷུན་གྲུབ་སྐུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ རྩེ་གཅིག་གུས་པས་གསོལ་བ་འདེབས༔ བར་མཚམས་ཐམས་ཅད་སྔགས་བརྗོད་པ་འགྲེ། ཡོན་ཏན་བཀོད་པའི་ཞིང་ཁམས་སུ༔ འཇའ་འོད་ལྟ་བུའི་སྣང་བ་སྟོན༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༔ རྩེ་གཅིག་གུས་པས་གསོལ་བ་འདེབས༔ ཐུགས་རྗེས་བརྩེ་བའི་ཞིང་ཁམས་སུ༔ གང་ལ་གང་འདུལ་ཐབས་ཀྱིས་འདུལ༔ འགྲོ་དྲུག་སྙིང་རྗེས་འདྲེན་པའི་ཐུགས༔ སྤྲུལ་སྐུ་ཐུབ་པ་དྲུག་རྣམས་ལ༔ རྩེ་གཅིག་གུས་པས་གསོལ༴ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྲས༔ འཛམ་བུའི་གླིང་དུ་རང་གྲོལ་བསྟན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ རྩེ་གཅིག་གུས་པས་གསོལ༴ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ བརྟུལ་ཞུགས་གསང་བའི་སྤྱོད་པ་མཛད༔ ལྷུན་གྱིས་གྲུབ་པའི་ཆོས་བསྟན་པ༔ གུ་རུ་ཤྲཱི་སིཾ་ཧ་ལ༔ རྩེ་གཅིག་གུས་པས་གསོལ༴ ཨོ་རྒྱན་མཁའ་འགྲོའི་མཚོ་གླིང་དུ༔ སྣང་བ་མཐའ་ཡས་ཐུགས་ཀྱི་སྲས༔ འགྲོ་དྲུག་སེམས་ཅན་ཐུགས་རྗེས་འདྲེན༔ རྒྱལ་སྲས་པདྨ་འབྱུང་གནས་ལ༔ རྩེ་གཅིག་གུས་པས་གསོལ༴ བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ༔ འགྲོ་ལ་སྨན་པའི་དོན་ལ་དགོངས༔ ལྷ་མོ་ལཱ་སྱེའི་སྤྲུལ་པ་སྟེ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ རྩེ་གཅིག་གུས་པས་གསོལ༴ རི་བོ་བཀྲ་བཟང་ཤར་འདབས་སུ༔ མ་བཅོས་ཨོ་རྒྱན་ཐུགས་ཀྱི་སྲས༔ བོད་ཀྱི་སེམས་ཅན་ཐུགས་རྗེས་འདྲེན༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་ལ༔ རྩེ་གཅིག་གུས་པས་གསོལ༴ ལུང་བསྟན་ཐོབ་པའི་སྒྲུབ་ཁང་དུ། །གདུལ་བྱ་དྲག་པོའི་བསྟན་པ་སྐྱོང་། །བོད་ཀྱི་སེམས་ཅན་སྐྱོབ་མཛད་པ། །རིག་འཛིན་རྣམ་རྒྱལ་མགོན་པོ་ལ། །རྩེ་གཅིག་གུས་པས་གསོལ༴ བཀའ་བབས་ལུང་གི་ཕོ་བྲང་དུ། །ཨོ་རྒྱན་ཆེན་པོས་བྱིན་བརླབས་པའི། །རིག་འཛིན་བརྙེས་པའི་སྣང་བ་ཐོབ། །སྔགས་འཆང་རྡོ་རྗེ་མགོན་པོ་ལ། །རྩེ་གཅིག་གུས་པས་གསོལ༴ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པ། །གསང་སྔགས་དགོངས་པ་ལྷུག་པར་སྟོན། །མཚན་ལྡན་ངག་དབང་གྲགས་པ་ལ། །རྩེ་གཅིག་གུས་པས་གསོལ༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཨོ་རྒྱན་ཆེན་པོའི་རྒྱལ་ཚབ་མཛད། །དྲིན་ཆེན་སངས་རྒྱས་དཔལ་བཟང་ལ། །རྩེ་གཅིག་གུས་པས་གསོལ༴ འབྲལ་མེད་སྙིང་ཁ་འདབ་བརྒྱད་དབུས། །ཀུན་བཟང་ཐུགས་རྗེའི་འོད་ཟེར་ལས། །འགྲོ་དྲུག་འདྲེན་པའི་དཔལ་དུ་བྱོན། །སྤྲུལ་སྐུ་ཐུགས་སྲས་ཆོས་རྗེ་ལ། །རྩེ་གཅིག་གུས་པས་གསོལ༴ འགྲོ་དྲུག་འཁྲུལ་པའི་བག་ཆགས་འདི༔ མ་བཅོས་རང་གྲོལ་ཆོས་སྐུར་སྟོན༔ བདག་ལ་བརྩེ་བའི་ཐུགས་རྗེས་གཟིགས༔ ཡང་དག་དོན་སྟོན་བརྒྱུད་པ་ལ༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ བར་མཚམས་སུ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་སིདྡྷི་ཧཱུྃ༔ སྔགས་བཅས་གསོལ་བ་དུང་དུང་འདེབས་སུ་གཞུག །དེ་ནས་བླ་མས་རོལ་མོ་བསྒྲག༔ ཕྱག་མཛུབ་བུའི་སྙིང་ཁར་གཏད་ལ༔ རིགས་ཀྱི་བུ་ཁྱོད་ཀྱིས་སྔར་བསྒོམས་པའི་ཉམས་དང་རྟོགས་པ༔ རང་ལ་ཡིད་ཆེས་པའི་གདིང་གང་ཡོད་པ་དེ༔ གོ་ཡུལ་ཐ་སྙད་ཚིག་གི་རྗེས་སུ་མ་འབྲང་བར་ཤུགས་འབྱུང་དུ་ཤོད་ཅིག༔ ཅེས་བརྗོད། སློབ་མས་བསམ་མནོ་མི་གཏང་བར་རང་གིས་སེམས་དོན་གང་ཤེས་བཤད། དེ་དང་མཐུན་པའི་ངོ་སྤྲོད་བསྟན་ནས་དབང་བསྐུར་བར་གསུངས་ཀྱང་། དཀྱུས་མ་ཙམ་གྱི་སྐབས་དེ་ལྟར་མི་འགྲུབ་ན། དེ་ལྟར་དྲིས་པའི་སྐབས་རང་གི་སེམས་ཅིར་ཡང་མི་རྟོག་པ་ཧད་དེ་ཕྱད་དེ་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་རང་བྱུང་རང་ཤར་ཀུན་བཟང་དོན་གྱི་དགོངས་པ་རང་རིག་རང་གསལ་དུ་ཡེ་གདོད་མ་ནས་གནས་པར་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་བྱ་རྩོལ་རིམ་བགྲོད་ལམ་གྱི་གཡང་ས་ལས་བསྒྲལ་ནས། ཨ་ཏི་ཆོས་ཉིད་མཉམ་པ་ཆེན་པོའི་དཀྱིལ་འཁོར་དུ་གནས་ལུགས་དོན་གྱི་དབང་ཆེན་ཐོབ་པའི་བྱིན་རླབས་དབབ་ཅིང་རང་རིག་གནས་ལུགས་ཀྱི་ངོ་སྤྲོད་པ་སྔོན་དུ་སོང་ནས། དབང་བསྐུར་བ་དངོས་ལ་གསུམ་ལས། དང་པོ་རྒྱལ་ཐབས་སྤྱི་བླུགས་ཆེན་པོའི་དབང་བསྐུར་བྱིན་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ༔ དཔེར་ན་བྲམ་ཟེ་གཙང་མས་ཁྲུས་གསོལ་ནས༔ སྟོང་གསུམ་འཇིག་རྟེན་ཁམས་ལ་དབང་སྒྱུར་བཞིན༔ བུ་ཁྱོད་མཚན་མའི་རྟོག་པ་ཀུན་བསལ་ནས༔ མ་བཅོས་ལྷུན་གྲུབ་ཆེན་པོར་མངའ་གསོལ་ལོ༔ མ་ཧཱ་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན་ཅིང་འཐོར། སྤྱི་བོར་བླུགས་ཏེ་བཀྲུ་བའི་ཚུལ་བྱ། ཨེ་མ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཀུན་རིགས་སེམས་ཀྱི་རྒྱལ་པོའི་དབང་ཐོབ་ནས༔ མཚན་མའི་རྟོག་པ་ཟིལ་གྱིས་གནན་པར་བྱ༔ ལུས་ངག་ཡིད་གསུམ་བདེ་བའི་མཉམ་གཞག་བྱ༔ ཚད་དང་ལྡན་པའི་སེམས་ཉིད་དྲག་ཏུ་གཏད༔ དཔེར་ན་གྱི་ལིང་རྟ་རྒོད་འདུལ་བ་བཞིན༔ རང་སེམས་མ་ཡེངས་དྲག་ཞན་རྩོལ་བ་བརྟེན༔ ཁམས་དང་སྦྱར་ཏེ་ཚོད་ཟིན་མཁས་པ་ཡིས༔ མཚན་མའི་རྣམ་རྟོག་མེད་པར་འཇུར་ལ་བཏབ༔ རྟགས་ནི་ལུས་སེམས་གཉིས་ལ་འབྱུང་བར་འགྱུར༔ ལུས་རྟགས་འདར་ཞིང་མཆི་མ་འཛག་པ་དང༔ སེམས་ནི་བདེ་ཞིང་རྟོག་པ་མེད་པར་གནས༔ དེ་ཡི་རྟགས་དང་མ་ལྡན་བར་དུ་སྒོམས༔ ཨེ་མ་ཧོ༔ དཔེར་ན་བྱ་བ་བཏང་བའི་སྐྱེས་བུ་བཞིན༔ གང་ལ་མི་ཆགས་མ་བཅོས་ངང་ལ་ཞོག༔ མ་ཡེངས་ངང་ལ་གསལ་ཞིང་ལྷུག་པར་གནས༔ དཔེར་ན་མཁའ་ལ་སྤྲིན་བྱུང་ཇི་བཞིན་དུ༔ ནམ་མཁའི་ངོ་བོ་དེ་ལ་འཕོ་འགྱུར་མེད༔ དེ་བཞིན་སེམས་ཀྱི་ངོ་བོ་ཚད་ཟིན་ན༔ སྣ་ཚོགས་རྟོག་པས་མི་སྒྲིབ་བཅོས་མི་དགོས༔ མཚན་མའི་ཡུལ་ལ་མི་རྟོག་བདེ་བར་གནས༔ ཞེན་རྟོག་སྐྱེས་ཀྱང་བ་མོར་ཉི་ཤར་འདྲ༔ རྗེས་སུ་མི་འབྲང་རྟོག་མེད་ལྷན་གྱིས་འགྲོ༔ དེ་ཡི་དུས་ན་མཚན་མའི་འཁྲུལ་སྣང་རྣམས༔ སྣང་ཡང་དངོས་མེད་འཁྲུལ་སྣང་རང་ལོག་ཡིན༔ སྣང་བ་ཤར་བ་རང་གྲོལ་རང་གི་ཉམས༔ དེ་ཉིད་བསྒོམ་པས་རྣལ་འབྱོར་ལམ་དུ་བདེ༔ སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག༔ ང་ཡི་སྤྱོད་པའི་ཆོས་ཉིད་འདི༔ སངས་རྒྱས་ཀུན་གྱི་ལམ་ཡིན་ཏེ༔ ཆོས་རྣམས་ཀུན་གྱི་རྩ་བའང་ཡིན༔ རྒྱུ་འབྲས་ཐམས་ཅད་སྣང་སྟོང་ཡིན༔ འདུ་ཤེས་རྟོགས་པའི་ཐབས་བསྟན་པ༔ ཅི་ཤར་དུས་མཉམ་ཡུལ་ན་སྣང༔ ཉི་ཟླ་གཟས་ཟིན་ཇི་བཞིན་དུ༔ ཕྱི་ནང་གསང་བ་གསུམ་ལ་ཡང༔ ཐབས་ཀྱི་ལམ་དུ་བསྟན་པ་ཡིན༔ ཞེས་གསུངས་པ་ཡིན་ནོ།། །།གཉིས་པ་རིག་པ་རྩལ་གྱི་དབང་བསྐུར་ནི། མན་ཤེལ་བསྟན་ལ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་འོད་ལ་ཁྱེད་རང་རྣམས་ཀྱི་མིག་གི་དབང་པོ་རྩེ་གཅིག་ཏུ་གཏོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ༔ དཔེར་ན་ནོར་བུ་རིན་ཆེན་འཚོལ་བ་དེ༔ ཆུ་ཡི་མདངས་ལ་བརྟགས་ནས་འཚོལ་བ་ལྟར༔ བྱང་ཆུབ་སེམས་ཀྱི་རིག་པའི་དོན་འདོད་ན༔ སྔ་མ་འཕྲོ་བ་བག་ཆགས་རྗེས་འབྲང་ཡིན༔ ཕྱི་མ་སྐྱེ་བ་ཉོན་མོངས་རྣམ་རྟོག་ཡིན༔ ད་ལྟའི་རྟོག་པ་གང་ཤར་སྒོ་ལྔའི་རྐྱེན༔ དེ་གསུམ་དབང་དུ་མ་ཤོར་སེམས་ཉིད་དེ༔ གཉུག་མ་དམིགས་འཛིན་མེད་པ་ངང་གིས་གསལ༔ ཡེ་ཤེས་ཟང་ཐལ་ཆེན་པོ་དེ་ཡིན་ཏེ༔ རང་རིག་ངོ་བོ་ཆོས་ཉིད་བདེ་བའི་སྐུ༔ ཤེས་པ་རྩིས་མེད་དྲང་པོར་རང་ལུགས་ཞོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དཔེ་ཤེལ་གྱི་འོད་དྭངས་པས་མཚོན་ཏེ་དོན་དམ་རང་བྱུང་རིག་པའི་ཡེ་ཤེས་ཟང་ཐལ་ཆེན་པོ་རང་བྱུང་སྒྲིབ་མེད་དུ་འཆར་བའི་རང་ངོ་ཤེས་པར་གྱིས་ཤིག །ཨེ་མ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་རིག་རྩལ་གྱི་དབང་མཆོག་ཐོབ་པ་དང༔ བསྒོམ་དུ་མེད་ཀྱིས་མ་ཡེངས་ངང་ལ་ཞོག༔ དེ་ལ་གོམས་པས་བདེ་བ་ཆེན་པོ་ཐོབ༔ དཔེར་ན་ཉ་ནི་ཆུ་ལས་མི་འདའ་བཞིན༔ ཡང་དག་དྲན་པའི་རྩིས་ལས་འདའ་མི་བྱ༔ རྒྱལ་པོས་དབང་བྱས་བཙུན་མོ་ཇི་བཞིན་དུ༔ སྔ་ཕྱི་རྟོག་པའི་རྗེས་གཅོད་མི་བྱ་འོ༔ རྐུན་པོ་ཚོར་མ་ཐག་ཏུ་དེངས་པ་ལྟར༔ རྣམ་རྟོག་འཕྲོ་ན་དྲན་པས་ཟིན་པར་གྱིས༔ ཕྱུག་པོ་ནོར་ལ་རྩོལ་བ་མེད་པ་ལྟར༔ ལུས་སེམས་རྩོལ་བ་མེད་པར་མཉམ་པར་ཞོག༔ དེ་ལྟར་རྟོགས་པའི་རྣལ་འབྱོར་སྒོམ་པའི་ཉམས༔ ལུས་འདི་ཤིང་བལ་ལྟ་བུར་འཇམ་ཞིང་མཉེན༔ ཕྱི་ནང་འབྱུང་འཇུག་དབུགས་ནི་བདེ་ཞིང་སྙོམས༔ སེམས་ཉིད་བདེ་ཆེན་ཆོས་ཉིད་རྟོགས་པར་ལྡན༔ སེམས་དཔའ་ཆེན་པོ་ལེགས་པར་འདི་ཉོན་ཅིག༔ ང་ཡི་ཆོས་ཉིད་མཁའ་ལ་ཉི་ཤར་བཞིན༔ མ་བཅོས་དོན་ལ་མ་ཡེངས་སྒོམ་པ་ཡིན༔ གང་ཡང་མ་བཀག་ཆོས་ཉིད་སྤྱོད་ཡུལ་ཡིན༔ དེ་ལས་མི་འདའ་དམ་ཚིག་ཆེན་པོ་ཡིན༔ ཉོན་མོངས་བག་ཆགས་རྟོག་པ་སྔ་ཕྱིའི་བདུད༔ གློ་བུར་མཁའ་ལ་སྤྲིན་འཐིབས་བཞིན་དུ་སྒྲིབ༔ མཁའ་ལ་སྤྲིན་སངས་བཞིན་དུ་དོན་འདོད་ན༔ ང་ཡི་ཡེ་ཤེས་བཅོས་མེད་ངང་ལ་ཞོག༔ སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག༔ འཇིག་རྟེན་འཁོར་བའི་ཁ་བརྒྱུད་ནས༔ མ་རིག་མུན་པས་བསྒྲིབས་པ་ཡིན༔ གཞི་རྩ་མེད་པའི་སྐད་ཅིག་མ༔ དེ་ཉིད་རིག་ན་དོན་ཆེན་འགྲུབ༔ ཀུན་ལ་དབང་སྒྱུར་ཐོབ་པ་ཡིན༔ ཞེས་གསུངས་པ་ཡིན་ནོ།། །།གསུམ་པ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ཀྱི་མིག་གི་དབང་པོ་དང་ཤེས་པ་ནམ་མཁའི་དབྱིངས་སུ་གཏོད་ལ་ཕྱི་ནང་གི་དབྱིངས་གཉིས་མེད་དུ་བསྲེ་བར་གྱིས་ཤིག །བླ་མས་ནམ་མཁར་སྡིགས་མཛུབ་ཀྱིས་མཚོན་ལ། ཧཱུྃ་ཧཱུྃ་ཧཱུྃ༔ རང་རིག་ཡེ་ཤེས་ཆེན་པོའི་མཐུན་དཔེ་ནི༔ མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ༔ མི་གཡོ་མི་སྐྱོད་རྒྱ་མཚོའི་ཀློང་བཞིན་ནོ༔ རྣམ་པར་མི་རྟོག་ཅིར་ཡང་ས་ལེ་བ༔ དེ་ཡི་ངང་ལ་རྣམ་རྟོག་འཁྲུལ་པ་མེད༔ ཡེ་ནས་རང་བྱུང་ཡེ་ཤེས་ཆེན་པོ་ཡིན༔ ཛྙཱ་ན་ཙཀྵུཿཨ་བྷི་ཥིཉྩ་ཧཱུྃ༔ ནམ་མཁའ་དྭངས་པའི་དཔེས་མཚོན་ཏེ་དོན་རང་བྱུང་རིག་པའི་ཡེ་ཤེས་མཐའ་དང་དབུས་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་གནས་ལུགས་ངོས་ཟིན་པར་གྱིས་ལ་རང་བབ་ངང་བཞག་གི་བསམ་གཏན་དང་རྟག་ཏུ་མ་བྲལ་བར་གྱིས་ཤིག །ཨེ་མ་ཉོན་དང་སྐལ་ལྡན་རིགས་ཀྱི་བུ༔ དཔེར་ན་ནོར་བུ་རིན་ཆེན་ཡོན་ཏན་གྱིས༔ དགོས་འདོད་ཐམས་ཅད་ཤུགས་ཀྱིས་འབྱུང་བ་ལྟར༔ རང་བྱུང་ཡེ་ཤེས་ཡོན་ཏན་ཀུན་གྱི་གཞི༔ ངོས་ཟིན་དུས་ན་བྱིང་རྒོད་རང་སར་གྲོལ༔ དུག་ལ་སྔགས་བཏབ་ནད་འཇོམས་སྨན་དུ་འགྱུར༔ ཉོན་མོངས་ཆགས་སྡང་དུག་བཏབ་ལྟ་བུ་ལ༔ ཡེ་ཤེས་གསལ་བཏབ་ལྟ་བའི་གྲོགས་སུ་འགྱུར༔ བཟང་ངན་རྟོག་པ་རྒྱུད་ལ་ཅི་སྐྱེས་ཀྱང༔ དགའ་བྲོད་བླང་དོར་སེམས་ཀྱི་ཞེན་པ་དོར༔ སྣང་བ་མི་དགག་རང་བྱུང་ངོ་བོ་ཉིད༔ སེམས་དཔའ་ཆེན་པོ་གུས་པས་ད་ཉོན་ཅིག༔ གསལ་ལ་མི་རྟོག་རང་བྱུང་ཆེན་པོའི་དོན༔ རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་ངང་གིས་གསལ༔ རྩོལ་སྒྲུབ་གཟུང་འཛིན་འདས་པའི་ཡེ་ཤེས་གསལ༔ གསལ་བའི་དུས་ན་དམིགས་པའི་ཡུལ་འཛིན་མེད༔ མཚོན་དུ་མེད་པས་མི་མཐུན་རྐྱེན་དང་བྲལ༔ ཐམས་ཅད་མ་ལུས་སེམས་ཉིད་ངང་ལས་བྱུང༔ འདི་ཤེས་མཁས་པ་ཀུན་གྱི་མཆོག༔ གསང་བ་ཆེན་པོ་སྦས་པའི་གཏེར༔ ཉིད་ཀྱིས་མ་མཐོང་གཞན་གྱིས་མིན༔ བལྟ་བྱ་མེད་པར་རང་ལུགས་ཞོག༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ ཅེས་གསུངས་པ་ཡིན་ནོ། །དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་བྱ། དེས་རྫོགས་པ་ཆེན་པོ་ཀ་དག་རང་བྱུང་རང་ཤར་གྱི་དབང་བསྐུར་གྲུབ་པ་ལགས་པས་འདི་ཉིད་སྟོན་པའི་སློབ་དཔོན་དང་། བསྟན་བྱའི་གསང་བ་ཟབ་མོ་དང་རྟག་ཏུ་མི་འབྲལ་བར་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཡང་དག་དོན་སྟོན་བླ་མ་མཆོག༔ བདག་ལ་ཟབ་མོའི་བརྡ་བསྟན་པ༔ བཀའ་དྲིན་ཆེན་པོར་རྒྱུན་དུ་བསམ༔ མི་འབྲལ་རྩེ་གཅིག་ཐུགས་རྗེས་ཟུངས༔ བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་དང་ཡོན་ཕུལ། དབུགས་དབྱུང་བ་ནི། ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མ་ཡེངས་དྲན་པས་ཟིན་པར་གྱིས༔ སྔ་ཕྱིའི་རྟོག་པའི་སྒྲིབ་ཤིང་དོར༔ མ་བཅོས་ས་ལེ་ངང་ལ་ཞོག༔ ཡང་དག་སྙིང་པོ་ལོངས་ནས་ཀྱང༔ ཁྱོད་ཉིད་བདེ་བ་ཆེན་པོར་གནས༔ ཞེས་བརྗོད། ལུས་ལོངས་སྤྱོད་འབུལ་བ་སྤྱི་ལྟར་སྤྲོས་ཀྱང་ཆོག་ལ་དགེ་བ་བསྔོ། གསུམ་པ་རྗེས་ཀྱི་བྱ་བ། ཚོགས་ཀྱི་མཆོད་པ་ནི། ཐུགས་སྒྲུབ་དང་ཞི་ཁྲོའི་ཕྲིན་ལས་བཏང་ན་དེ་དང་དེའི་ཚོགས་མཆོད་ནས་རྗེས་ཆོག་ཤིས་བརྗོད་ཀྱི་བར་རྒྱས་པར་བྱ། དེ་དག་དང་མི་འབྲེལ་ན་སྤྱི་རྒྱུག་བཀའ་བརྒྱད་རང་ཤར་གྱི་སྐོང་བཤགས་ལྟ་བུ་ཚོགས་མཆོད་ཀྱང་གང་གིས་བྱས་རུང་ཁྱད་པར་མེད་པས་ཡིད་ལ་གང་ངེས་པ་ཞིག་གི་ཆོ་ག་གཏང་ཞིང་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་སྤྱི་མཐུན་བྱས་པས་ཆོག་གོ །རང་བྱུང་རིག་པ་རང་གསལ་རྩོལ་མེད་རྟོགས། །ཡེ་ཤེས་སྤྱི་བླུགས་དབང་ཆེན་ཇི་བཞིན་ཐོབ། །ཀུན་བཟང་དགོངས་པ་དོན་གྱི་བཙན་ས་ཟིན། །སྲིད་པ་ཐམས་ཅད་གཞི་ལ་རྫོགས་གྱུར་ཅིག །ཅེས་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོའི་ཡང་བཅུད་གཅེས་པའི་སྙིང་ཏིག་གི་དབྱིག་ཏུ་བཞུགས་སུ་གསོལ་བའི་ཆེད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་བལྟས་ཆོག་གི་ཞབས་ཏོག་སྤེལ་བ་དགེ་ལེགས་འཕེལ།། །།

བྱང་གཏེར་འཆི་མེད་འོད་སྣང་གི་ཕྲིན་ལས་མི་འགྱུར་རྡོ་རྗེའི་རྒྱ་མདུད་ (Volume 6, Text 21)

༄༅། །བྱང་གཏེར་འཆི་མེད་འོད་སྣང་གི་ཕྲིན་ལས་མི་འགྱུར་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། ། དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ནི། །གཅིག་ཏུ་བཟླུམས་པ་འཆི་མེད་པདྨཱ་ཀར། །གཉུག་མ་འཆི་མེད་འདོད་སྟེར་རྩ་བརྒྱུད་ཀྱི། །དཔལ་ལྡན་བླ་མ་ཕྱག་འོས་རྣམས་ལ་འདུད། དེ་ལ་བྱང་གཏེར་ཚེ་དཔག་མེད་ལོངས་སྐུ་མའི་བཅའ་གཤམ་གཏེར་གཞུང་འདི་ལྟར། ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ བཅོམ་ལྡན་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ ཚེ་དཔག་མེད་ལོངས་སྐུའི་ཕྲིན་ལས་ལ༔ སྔོན་འགྲོ་རྟེན་བཤམས་པ་དང༔ དངོས་གཞི་དཀྱིལ་འཁོར་སྒྲུབ་ཅིང་དབང་བསྐུར་བ༔ རྗེས་དལ་བསྡུ་ཞིང་ཆོས་ཉིད་ཀྱི་རྒྱས་གདབ་པའོ༔ དང་པོ་ལ༔ ཡིད་འོང་གནས་སུ་དཀྱིལ་འཁོར་བྲི༔ དབང་རྫས་དགོད་ཅིང་མཆོད་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་མཚམས་བཅད་དེ༔ ཞེས་པ་ནི༔ དང་པོ་ཡིད་དང་མཐུན་པའི་གནས་སུ༔ ས་སྟེགས་གྲུ་བཞི་པ་ཡངས་པའི་སྟེང་དུ༔ དཀྱིལ་འཁོར་ས་ཚོན་རྣམ་པ་ལྔས༔ པདྨ་འདབ་མ་བཞི་པ་ཤར་དཀར༔ ལྷོ་སེར་ནུབ་དམར་བྱང་ལྗང༔ དབུས་ཀྱི་ལྟེ་བ་དམར་སྨུག་སྒོ་བཞི་པ་རྟ་བབས་ཀྱིས་བརྒྱན་པ་རྣམས་སྤྱི་དང་མཐུན་པ་བྲིས་ཏེ༔ དེའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པའི་ནང༔ བུམ་རྫས་ལ་སོགས་པ་སྤྱི་དང་འདྲ་བ་དང༔ ཁྱད་པར་བཀྲ་ཤིས་པའི་རྟགས་དང་ལྡན་པའི་ཁྱེའུ་འམ་བུ་མོ་གཙང་མས་གངས་རྒྱུད་མ་ཆད་པའི་ཆུ་བོའི་རྒྱུན་ནས་ཆུ་གཙང་མ་བླངས་ཏེ་བུམ་པ་དགང༔ བདུད་རྩི་བཅུད་ལེན་གྱི་རིལ་བུ་སྲན་མ་འབྲིང་པོ་ཙམ་བྱས་པ་སློབ་མའི་གྲངས་དང་མཐུན་པ་དར་དམར་པོས་བསྟུམས་ཏེ་བུམ་པ་ལ་གདགས༔ དར་རམ་རས་མ་ཉམས་པས་མགུལ་ཆིངས་བྱ༔ བུམ་པའི་ཁར་མེ་ལོང་ལ་མཚལ་ལམ་སིནྡྷུ་ར་ལ་སོགས་པས་ཚེའི་སྙིང་པོ་བྲིས་ལ་ཁ་བཅད༔ དེའི་སྟེང་དུ་ཚེ་འབྲང་གི་རྒྱུ་འབྲུ་ཕྱེ་བཟང་པོ་ལ་བཟའ་རུ་རུང་བའི་སྨན་སྣ་ཚོགས་པ་བཏབ་པའི་ཚེ་རྟེན་དབྱིབས་ཟླུམ་པོ༔ གཟི་བརྗིད་དང་ལྡན་པའི་རྩེ་ལ་མར་གྱི་རྡོ་རྗེ་རྩེ་ལྔ་པའི་ཏོག་གིས་བརྒྱན་པ་བྱ༔ གཞན་ཡང་ཕྱོགས་བཞིར་པད་འདབ་བཞི་དང་རིགས་ལྔའི་ཕྱག་མཚན་དགོད༔ ལྷ་གྲངས་དང་མཉམ་པའི་མར་གྱི་ཐིག་ལེ་བྱ༔ སྟེང་ནས་དར་གྱི་གུར་དབུབ༔ དལ་གྱི་མཐའ་ལ་མཆོད་པའི་རྫས་སྣ་ཚོགས་ཀྱིས་བསྐོར༔ གཞན་ཡང་དེར་དགོས་པའི་ཡོ་བྱད་རྣམས་ཚང་བར་བྱའོ༔ དེ་ནས་རྣལ་འབྱོར་པ་སྟན་བདེ་བ་ལ་འདུག་སྟེ༔ ཨོ་རྒྱན་རིན་པོ་ཆེ་ལ་དད་པ་དང་ལྡན་པས༔ བརྒྱུད་འདེབས་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །ལོངས་སྐུ་ཚེ་དཔག་མེད་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །གཏེར་སྟོན་དངོས་གྲུབ་རྒྱལ་མཚན་ལ༴ སྲས་མཆོག་རྣམ་རྒྱལ་མགོན་པོ་ལ༴ སྔགས་འཆང་རྡོ་རྗེ་མགོན་པོ་ལ༴ མཚན་ལྡན་བྱམས་པ་བཤེས་གཉེན་ལ༴ ཆོས་རྗེ་སངས་རྒྱས་དཔལ་བཟང་ལ༴ སྔགས་འཆང་ཆོས་རྒྱལ་བསོད་ནམས་ལ༴ རིག་འཛིན་སངས་རྒྱས་བསྟན་པ་ལ༴ འཁྲུལ་ཞིག་དཀོན་མཆོག་བཟང་པོ་ལ༴ ཚར་ཆེན་བློ་གསལ་རྒྱ་མཚོ་ལ༴ འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ༴ རྗེ་བཙུན་དབང་ཕྱུག་རབ་བརྟན་ལ༴ མགོན་པོ་བསོད་ནམས་མཆོག་ལྡན་ལ༴ ཀུན་མཁྱེན་པདྨ་ཕྲིན་ལས་ལ༴ གཉག་སྟོན་པདྨ་དབང་རྒྱལ་ལ༴ སྐལ་བཟང་པདྨ་དབང་ཕྱུག་ལ༴ གྲུབ་དབང་པདྨ་བཤེས་གཉེན་ལ༴ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། སྐྱབས་འགྲོ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ མཉམ་ཉིད་རང་བྱུང་དགོངས་པ་ཅན༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཡེ་ཤེས་རང་སྣང་ཐུགས་རྗེ་ཅན༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྨོན་ལམ་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མ་ཆགས་གསུང་གིས་འགྲོ་དོན་མཛད༔ དམ་པའི་ཆོས་ལ་སྐྱབས་སུ་མཆི༔ མ་ནོར་ལམ་ལ་འདྲེན་མཛད་པའི༔ དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ རང་བྱུང་ཆེན་པོ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཉིད་ལ་འདུད༔ ལེགས་ཉེས་སྟང་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། བདག་གིས་འགྲོ་བའི་དོན་བྱའི་ཕྱིར༔ ཚེ་ལོ་དཔག་ཏུ་མེད་པ་ནས༔ བརྒྱད་ཁྲིའི་བར་གྱི་ཚེ་སྲོག་འདི༔ སྲ་ཞིང་བརྟན་པར་བྱིན་གྱིས་རློབས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ༔ རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པ༔ སྤྱི་བོའི་གཙུག་ན་རྟ་མགོ་ལྗང་གུ༔ རྔོག་མ་དམར་པོ༔ ཕྲུམ་ཕྲུམ་སེར་པོ༔ ཞུར་དཀར་པོ་ཡོད་པ༔ རྟ་སྐད་ཐེངས་གསུམ་སྒྲོག་པ༔ ཕྱག་གཡས་པས་ཙན་དན་གྱི་བེ་ཅོན་འཕྱར་བས་གཟུགས་ཁམས་ལྷའི་ཡུལ་ཡན་ཆད་འདེགས་པ༔ གཡོན་པས་སྡིགས་མཛུབ་མཛད་པས་འདོད་ཁམས་མན་ཆད་གནོན་པ༔ སྟག་གི་པགས་པའི་ཤམ་ཐབས་མཛད་པ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་ཞིང་བཅུའི་རུ་དྲ་གནོན་པ༔ སྐུ་སྟེགས་རི་རབ་ལ་མཛད་ཅིང་ཉི་ཟླའི་གདན་ལ་བཞུགས་པ༔ སྐུ་ལས་བསྐལ་པའི་མེ་ལྟར་ཡེ་ཤེས་ཀྱི་མེ་འཕྲོ་བ་གཅིག་བསམ་སྟེ༔ དེ་ནས་བགེགས་སྐྲོད་ནི༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་རྟ་མགྲིན་དཔལ༔ ཁྲོ་བོ་ཀུན་གྱི་ཕོ་ཉ་ཡིན༔ སྤྱི་གཙུག་རྟ་སྐད་ཐེངས་གསུམ་གྱིས༔ འཇིག་རྟེན་སྲིད་པའི་རྩེ་མོ་འདར༔ བར་དུ་ཧྲཱིཿཡི་རྔམ་སྒྲ་ཡིས༔ ལྷ་མིན་གནོད་སྦྱིན་སྲིན་པོ་བརྒྱལ༔ འོག་ཏུ་ཞབས་ཀྱིས་བྲོ་བརྡུངས་པས༔ ས་གཞི་རྒྱ་མཚོ་འཆོལ་ཞིང་ལྡེག༔ སྐུ་ལས་བསྐལ་པའི་མེ་འབར་བས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་སྲེག༔ ང་ཉིད་དབང་གི་རྒྱལ་པོ་ཡིན༔ ང་ཡི་བཀའ་ལས་སུ་འདའ་བ༔ ཐལ་བ་བཞིན་དུ་བརླག་པར་བྱའོ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲཱིཿཝ་ཧྲཱིཿཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་ཡ་མ་ཙ་དུ༔ ནཱ་ག་ཕུ་ཏྲི་རཀ་མོ་ཡཀྵ་ཧཾ་ཤམ༔ སརྦ་དུཥྚན་མཱ་ར་ཡ་ཕཊ༔ ཅེས་མང་དུ་བརྗོད་པས༔ དབང་ཆེན་གྱི་སྐུ་ལས་ཡེ་ཤེས་ཀྱི་མེ་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས༔ རང་བཞིན་གྱི་གནས་དེ་ཡང་ལྷའི་ཕོ་བྲང་ཁྲོ་བོ་རྟ་མགྲིན་མང་པོས་གང་ཞིང་རྡོ་རྗེ་མེ་རིའི་གུར་དུ་བསམ་མོ༔ སྲུང་འཁོར་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པ་ལས༔ འོག་རྡོ་རྗེའི་ས་གཞི༔ འཁོར་ཡུག་རྡོ་རྗེའི་ར་བ་དྲ་བ༔ སྟེང་རྡོ་རྗེའི་གུར་དང་བླ་རེ༔ ཕྱི་རོལ་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོར་གྱུར༔ བཛྲ་རཀྵ་རཀྵ་ཧཱུྃ༔ སྔོན་འགྲོའོ༔ དངོས་གཞི་ལ༔ གཉིས་པ་བདག་བསྐྱེད་བསྒོམ་ཞིང་བཟླས་པ་བྱ༔ འོད་ཟེར་འཕྲོ་འདུའི་མི་རྟོག་བསྒོམ༔ བུམ་པ་གཞལ་ཡས་ལྷ་བསྐྱེད་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཕྱག་དང་མཆོད་པ་བསྙེན་པ་འབུལ༔ སྣོད་བཅུད་ཀུན་གྱི་ཚེ་བསྡུས་ཤིང༔ ཚེ་འགུག་ཚེ་བསྟིམ་ཚེ་བསྲུང་སྟེ༔ གཏོར་ཚོགས་མཆོད་པ་སྐབས་འདིར་འབུལ༔ མཎྜལ་གསོལ་གདབ་དབང་བསྐུར་ནས༔ ཚེ་སྦ་རྒྱས་གདབ་དངོས་གྲུབ་བླང༔ བདག་བསྐྱེད་ནི༔ ཧཱུྃ༔ རང་ཉིད་སྐད་ཅིག་མའི་ཤེས་པ་སོ་མ་བརྗོད་བྱ་ཐམས་ཅད་དང་བྲལ་བའི་ཏིང་འཛིན་བསྒོམ༔ སྟོང་པའི་ངང་ལས་རང་ཉིད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན་པ༔ གཡོན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་དཀར་པོ་བསྣམས་པ༔ ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ༔ དར་གྱི་ན་བཟའ་དང༔ རིན་པོ་ཆེའི་དབུ་རྒྱན་ཅོད་པན་དང༔ སྙན་རྒྱན་མགུལ་ཆུ་དོ་ཤལ་དང་ཕྲེང་བ༔ དཔུང་རྒྱན༔ སེ་མོ་དོ༔ ཕྱག་གདུབ༔ ཞབས་གདུབ་ཀྱིས་བརྒྱན་པ༔ ཤིན་ཏུ་ལྷམ་མེ་ལྷང་ངེ་སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ཀྱི་སྐུ་རུ་བསྒོམ་མོ༔ དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་དམར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཚུར་འདུས་པ་ལས་བྷྲཱུྃ་ཞེས་བརྗོད་པས་གཞལ་ཡས་ཁང་དབུས་པདྨ་འདབ་མ་བཞི་པ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ༔ དྲ་བ་དྲ་ཕྱེད་རིན་ཆེན་ཤར་བུ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ༔ རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས༔ སངས་རྒྱས་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་བདག་ལ་ཐིམ་པས༔ བདག་ཉིད་འོད་ལྔའི་རང་བཞིན་བཀྲག་དང་གཟི་མདངས་ལྡན་པར་གྱུར༔ རང་གི་ཐུགས་ཁར་ཉི་ཟླའི་གའུ་སེན་མོ་ཟླུམ་པོ་ཙམ་གཅིག་གི་སྟེང་དུ༔ རིན་པོ་ཆེ་ལྔ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་གཅིག་བསམ༔ དེ་ཡི་ལྟེ་བའི་དབུས་སུ་ནྲྀ་ལྗང་ཁུ་གཅིག་གི་ཕྱོགས་བཞིར་ཧཱུྃ་ཁ་དོག་བཞིས་བསྐོར་བ༔ དེའི་ཕྱི་རོལ་རྡོ་རྗེའི་མཐའ་ན་ཚུར་ལ་ཚེའི་སྙིང་པོ་གསེར་གྱིས་བྲིས་པ་ལྟ་བུ་འོད་ཟེར་དང་བཅས་པས་བསྐོར་བར་གྱུར༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋ༔ མ་ཧཱ་བ་ལིཾ་ཏ་ཧཱུྃ༔ མ་ཧཱ་རཀྟ་ཧཱུྃ༔ ཨོཾ་ཨརྒྷཾ་ཨཱཿཧཱུྃ༔ པཱདྱཾ་ཨཱཿཧཱུྃ༔ པུཥྤེ་ཨཱཿཧཱུྃ༔ དྷཱུ་པེ་ཨཱཿཧཱུྃ༔ ཨཱ་ལོ་ཀེ་ཨཱཿཧཱུྃ༔ གནྡྷེ་ཨཱཿཧཱུྃ༔ ནཻ་ཝི་དྱ་ཨཱཿཧཱུྃ༔ ཤབྡ་ཨཱཿཧཱུྃ༔ སྤྱན་འདྲེན་པ་ནི། ཧྲཱི༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས༔ གནས་མཆོག་འདིར་གཤེགས་དབང་ཆེན་སྐུར༔ བྱིན་ཕོབ་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ་ཨཱ་ཡུཿདེ་ཝ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ས་མ་ཡ་ཛཿཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛ་ཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་ཛྙཱ་ན་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ བཛྲ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ་པྲ་ཏཱིཙྪ་སརྦ་པཱུ་ཙ་ཧོ༔ བསྟོད་པ་ནི། བདེ་བར་གཤེགས་སོ་ཚེ་དཔག་མེད༔ ཡེ་ཤེས་ཆེན་པོ་གསུང་གི་ལྷ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ལ༔ ཀུན་ནས་དང་བས་ཕྱག་འཚལ་བསྟོད༔ དེ་ནས་ཚེ་ཡི་སྙིང་པོ་རྒྱུན་མི་ཆད་པར་བཟླས་པས༔ ནྲྀ་ལྗང་ཁུ་ལས་འོད་འཕྲོས་ཧཱུྃ་བཞི་ལ་ཕོག་ཧཱུྃ་ལས་འོད་འཕྲོས༔ རྡོ་རྗེའི་རྩེ་ལ་ཕོག༔ རྡོ་རྗེ་ལས་འོད་འཕྲོས་སྙིང་པོ་སྔགས་ཀྱིས་བསྐོར་བ་ལ་ཕོག༔ སྔགས་ལས་འོད་འཕྲོས་ཐུགས་རིན་པོ་ཆེ་ཟུར་བརྒྱད་ལ་ཕོག༔ ཐུགས་ཁ་ནས་འོད་བྱུང་སྟེ་སྟོང་གསུམ་གྱི་འཇིག་རྟེན་གྱི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་གནོད་བྱེད་བསྒྲལ༔ འོད་ཚུར་འདུས་པས་རང་ཉིད་ལྷའི་གཞལ་ཡས་ཁང་གདན་དང་བཅས་པ་བཀྲག་དང་གཟི་མདངས་དང་ལྡན་པར་བསམ༔ དེ་ལྟར་ཏིང་ངེ་འཛིན་གསལ་གདབ་པ་དང༔ བཟླས་པ་ལ་བརྩོན་པར་བྱའོ༔ འདིའི་བཟླས་པ་བྱ་བའི་སྙིང་པོ་ནི༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཅེས་བཟླའོ༔ ཡང་ཏིང་ངེ་འཛིན་དང་བཟླས་པས་སྐྱོ་ན༔ འཆི་མེད་གཉུག་མའི་དོན་ལ་བཞག་པ་ཞེས་བྱ་སྟེ༔ སེམས་མ་བཅོས་པའི་ངང་ལ་བཞག༔ རིག་པ་གསལ་སྟོང་དུ་ས་ལེའི་བསྐྱེད་རྫོགས་དེ་ལྟ་བུ་ལ་ཉིན་ཞག་ཐུན་བཞིར་ཕྱེ་ནས་བསྒོམས་ན༔ ཚེ་ཉི་ཟླ་ལྟ་བུར་འགྱུར་རོ༔ ལོ་བཅུ་གཉིས་ལས་མི་ཐུབ་པའང་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ༔ དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་མང་དུ་བྱའོ༔ མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པར་གྱུར༔ སྟོང་པའི་ངང་ལས་བྷྲཱུྃ་ཞེས་བརྗོད་པས༔ ཡི་གེ་བྷྲཱུྃ་དཀར་པོ་ཞིག་འོད་དུ་ཞུ་བ་ལས་ཚེའི་བུམ་པ་དབྱིབས་ཟླུམ་པོ་ལྟོ་བ་ཆེ་བ་མཆུ་འཕྱང་བ༔ ཁ་གཡེལ་བ་འོད་ཁ་དོག་ལྔ་འཕྲོ་བ་ཞིག་བསམ༔ བུམ་པའི་ཆུ་དེ་ཨ་དཀར་པོ་ལས་བདུད་རྩིའི་རྒྱ་མཚོར་བསམ༔ དེའི་སྟེང་དུ་ལྷའི་གཞལ་ཡས་ཁང་པའི་དབུས་པདྨ་འདབ་མ་བཞི་པ༔ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང༔ ལྟེ་བ་དམར་སྨུག༔ གྲུ་བཞི་སྒོ་བཞི་རྟ་བབས་རིན་ཆེན་ཤར་བུ་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང་གི་དབུས་སུ༔ ཧྲཱིཿདཀར་པོ་ལས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཚེའི་བུམ་པ་བསྣམས་པ༔ ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པ༔ ཤར་གྱི་པདྨའི་སྟེང་ན་ལཱ་སེ་མ་དཀར་མོ་མེ་ལོང་དང་ཤེལ་གྱི་བུམ་པ་འཛིན་པ༔ ལྷོའི་པདྨ་ལ་མཱ་ལེ་མ་སྔོན་མོ་རཏྣའི་ཕྲེང་བ་དང་མཐིང་གི་བུམ་པ་འཛིན་པ༔ ནུབ་ཀྱི་པདྨ་ལ་གཱིརྟི་མ་དམར་མོ་པི་ཝཾ་དང་བྱེ་རུའི་བུམ་པ་འཛིན་པ༔ བྱང་གི་པདྨ་ལ་ནིརྟི་ལྗང་ཁུ་གར་གྱི་ཕྱག་རྒྱ་དང་ཨིནྡྲའི་བུམ་པ་འཛིན་པའོ༔ ཤར་ལྷོའི་གྲུ་ཆད་ལ་དྷཱུ་པེ་དཀར་མོ་སྤོས་ཁང་དང་དུང་གི་བུམ་པ་འཛིན་པ༔ ལྷོ་ནུབ་ཏུ་པུཥྤེ་མ་སེར་མོ་མེ་ཏོག་གི་གཞོང་པ་དང་གསེར་གྱི་བུམ་པ་བསྣམས་པ༔ ནུབ་བྱང་དུ་ཨཱ་ལོ་ཀེ་དམར་མོ་སྒྲོན་མེ་དང་བྱེ་རུའི་བུམ་པ་བསྣམས་པ༔ བྱང་ཤར་དུ་གནྡྷེ་མ་ལྗང་ཁུ་དུང་ཆོས་དང་ཨིནྡྲ་ནཱི་ལའི་བུམ་པ་འཛིན་པའོ༔ ཤར་སྒོར་དཀར་མོ་སྒེག་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་སྒེག་བྱེད་མ་སེར་མོ་ཞགས་པ་འཛིན་པ༔ ནུབ་སྒོར་དམར་མོ་དབང་སྡུད་མ་ལྕགས་སྒྲོག་འཛིན་པ༔ བྱང་སྒོར་ལྗང་མོ་མགྱོགས་བྱེད་མ་དྲིལ་བུ་འཛིན་པའོ༔ དེ་ནས་སྤྱན་དྲང་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས༔ མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ ཧཱུྃ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་བཞིན༔ བདག་གི་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧི་ཨེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲཱྀ་ཤྱ་ཧོཿཛཿཧཱུྃ་བཾ་ཧོ༔ བུམ་པའི་ལྷ་ལ་བསྟིམ་མོ༔ དེ་ནས་ཐལ་མོ་སྦྱར་ཏེ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡེ་ཤེས་ཆེན་པོ་གསལ་བའི་སྐུ༔ ཐུགས་རྗེས་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་འཚལ་ལོ༔ དེ་ནས་ཕྱི་ཡི་མཆོད་པ་ནི། བདེ་བར་གཤེགས་སོ་ཚེ་དཔག་མེད༔ ཡེ་ཤེས་ཆེན་པོ་གསུང་གི་ལྷ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ལ༔ ཀུན་བཟང་མཆོད་སྤྲིན་སྣ་ཚོགས་འབུལ༔ ཨརྒྷཾ་བདུག་སྤོས་མེ་ཏོག་དང༔ མར་མེ་དྲི་ཆབ་མཆོད་པར་འབུལ༔ བ་ལིཾ་ཏ་ཡི་གཏོར་མ་ལ༔ འདོད་ཡོན་དྲུག་ཏུ་བྱིན་བརླབས་ཏེ༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་ཧཱུྃ༔ ཨོཾ་ཨཱ་ཡུརྫྙཱ་ན་པཉྩ་བ་ལིཾ་ཏ༔ རཀྟ༔ སརྦ་པཱུ་ཙ་ཁཱ་ཧི༔ བསྟོད་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡེ་ཤེས་ཆེན་པོ་གསལ་བའི་སྐུ༔ ཐུགས་རྗེས་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་པ་ནི། རང་གི་སྙིང་ག་ནས་འོད་འཕྲོས༔ ལྷ་ལ་མཆོད་པ་འབུལ༔ ལྷའི་བདུད་རྩི་ཚུར་དྲངས༔ ཚེ་རྟེན་ཐམས་ཅད་ལ་ཕོག་པས༔ ཚེའི་རང་བཞིན་སྣུམ་ལ་འདྲིལ་བ་སྐར་ཆེན་ཐང་ལ་ཕེབས་པ་ལྟ་བུ་ཞིག་ཏུ་གྱུར༔ དེ་ལས་འོད་འཕྲོས་རང་གི་ཚངས་བུག་ཏུ་ཐིམ་པས་ལུས་ཐམས་ཅད་གང་བར་བསམ༔ ཐུན་མཚམས་སུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕར་འཕྲོས་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བབས་པ་རྣམས་ཚུར་དྲངས་རང་གི་ཚངས་བུག་ནས་མར་དཀར་མེར་སྙིང་ཁར་ཐིམ་པར་བསམ་མོ༔ དེའི་རྗེས་སུ་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་བཞག་གོ༔ དེ་ནས་ཡུམ་ན་བཟའ་དཀར་མོའི་ཐུགས་ཁར་ཉི་ཟླའི་སྟེང་དུ་ཚེའི་རང་བཞིན་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བའི་དཀྱིལ་དུ་ཡི་གེ་ནྲྀ་ལྗང་ཁུ་གཅིག་བསམ་ཡུམ་གྱི་ཞལ་ནས་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཞེས་བརྗོད་པས༔ ཐུགས་ཁ་ནས་ལྷ་མོ་བཞི་འོད་ཟེར་དང་བཅས་པ་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ནས་ཚེའི་བཀྲག་དང་གཟི་བརྗིད་འཕྲོག་པ་ནི། ཨོཾ་བཛྲ་ཨ་མུག་ཏ་ཧོ༔ ཞེས་པས་སྟེང་ལྷ་སྲིན་ཐམས་ཅད་ཀྱི་ཚེ་དང་གཟི་བརྗིད་འཕྲོགས༔ འབྱུང་བ་ལྔ་ཡི་བཅུད་བསྡུས༔ ས་མ་ཡ་བོ་དྷི་ཙིཏྟ་བཛྲ་ཨངྐུ་ཤ་ཛ༔ ཞེས་བརྗོད་པས་ཚེ་རྟེན་ལ་བསྡུའོ༔ རང་གིས་བསྟེན་པའི་ཆོས་སྐྱོང་ཡང་ཕོ་ཉར་བསྐུལ་ལ་ཚེ་དགུག་པར་བྱའོ། །ཨོཾ་བཛྲ་ཨཱ་ཡུ་ཤེ་ཨཱཿཨཱ༔ ཞེས་པས་ཀྱང་། ཚེ་རྟེན་བུམ་པ་དང་བཅས་པ་ལ་བསྟིམ་མོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ བཟླས་པ་ཅི་རིགས་སོང་ནས༔ ཚེ་འགུགས་པ་ནི༔ ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ པདྨ་དབང་གི་ཞིང་ཁམས་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ སྣང་བ་མཐའ་ཡས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་དབང་པོ་ལྷའི་བླ་མ༔ ཚེ་དཔག་མེད་ཀྱི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ འཛམ་བུ་གླིང་གི་གནས་བརྒྱད་ནས༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས༔ གསུམ་རིག་གཙང་མ་དག་པ་སྟེ༔ པདྨ་སམ་བྷའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས༔ འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ ཤཱཀྱ་སེང་གེའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ ཉི་མ་འོད་ཟེར་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ བདག་མེད་སེང་གེའི་སྒྲ་དང་ལྡན༔ སེང་གེ་སྒྲ་སྒྲོག་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ རྡོ་རྗེ་གྲོ་ལོད་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཆོས་དབྱིངས་སྣང་བ་ཟད་མི་ཤེས༔ མཁའ་འགྲོ་མཚོ་རྒྱལ་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་་ཞིང་ཁམས་ནས༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ༔ གཏེར་སྟོན་ཆེན་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ རིག་འཛིན་ཚེ་ཡི༴ ཐེག་པ་མཆོག་གསུམ་སྟོན་པ་པོ༔ རྡོ་རྗེའི་མཚན་ཅན་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ བྱམས་ཆེན་རང་བཞིན་དཔག་ཏུ་མེད༔ བྱམས་པ་བཤེས་གཉེན་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན༔ སངས་རྒྱས་དཔལ་བཟང་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ ཆོས་རྒྱལ་བསོད་ནམས་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག༔ སངས་རྒྱས་བསྟན་པའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ༔ དཀོན་མཆོག་དཔལ་བཟང་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ བློ་གསལ་རྒྱ་མཚོའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ གསང་སྔགས་རིག་སྔགས་འཆང་བའི་རིགས༔ མཁྱེན་བརྩེའི་དབང་ཕྱུག་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས༔ སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ༔ དབང་ཕྱུག་རབ་བརྟན་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ རིག་འཛིན་ཚེ་ཡི༴ མགོན་པོ་རིག་མཆོག་ཆེན་པོ་སྟེ༔ བསོད་ནམས་མཆོག་ལྡན་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ མཆོག་གི་དང་པོ་སྐུ་གསུམ་འཆང༔ ཆོས་དབྱིངས་རང་གྲོལ་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ པདྨ་ཕྲིན་ལས་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཏེར་བདག་གླིང་པའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ སངས་རྒྱས་མངའ་བདག་ཅོད་པན་ཅན༔ ཟིལ་གནོན་བཞད་རྩལ་དུས་བབ༔ འཆི་མེད་ཚེ་ཡི༴་་་འདི་རྣམས་ཀུན་མཁྱེན་ལྔ་པའི་གསུང་ལྟར་བཀོད་པ་ཡིན། ཨོཾ༴ རིག་འཛིན་ཚེ་ཡི༴ སྐྱབས་དང་སྐྱོབ་པ་བླ་ན་མེད༔ བརྒྱུད་པའི་བླ་མའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴་་་དབང་བརྒྱུད་ལྟར་ན་བཀྲ་བཟང་ལུགས་དགོས་འདྲ་ཡང་ཚིག་ཚོགས་ཆེ་བས་ཚིགས་བཅད་གཅིག་ལ་བསྡུས། ཨོཾ༴ རིག་འཛིན་ཚེ་ཡི༴ རྡོ་རྗེ་འཆང་བ་ཀུན་གྱི་རྗེ་་་འདིའང་གསར་དུ་བསྣན༔ རྩ་བའི་བླ་མའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴་་་འདི་མན་གཏེར་གཞུང། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ༔ སྒོ་མ་བཞི་ཡི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི༴ ཤུགས་ཆེན་མགྱོགས་པ་ཆེན་པོ་པ༔ ཕོ་ཉ་མང་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི༴ ཨོཾ༴ རིག་འཛིན་ཚེ་ཡི་ཞིང་ཁམས་ནས༔ དཀྱིལ་འཁོར་ཆེན་པོ་ཡངས་པ་ཡི༔ ཚེ་ཡི་ལྷ་ཚོགས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱཿཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ དེ་ནས་བཀྲ་ཤིས་པའི་བུ་མོ་འམ༔ རང་གིས་གཟུངས་ཐག་ནས་བཟུང་ནས༔ ལྷ་བསྐུལ་བ་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་ལ་བྱོན༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་དུ་འཕྲོ༔ སྐལ་ལྡན་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་ཨཱཿཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་བརྗོད་ཅིང་ཚེ་བཀུག་ལ་བསྟིམ་མོ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ བུམ་པའི་ནང་ཡང་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ས་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་གསེར་གྱི་བུམ་པ་བསྣམས༔ བུམ་པའི་ནང་ཡང་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ས་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱིར་ཏི་དམར་མོ་ཚེ་ཡི་བདག༔ ཕྱག་ན་མཆོང་གི་བུམ་པ་བསྣམས༔ བུམ་པའི་ནང་ཡང་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ས་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིར་ཏི་ལྗང་མོ་ཚེ་ཡི་བདག༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ བུམ་པའི་ནང་ཡང་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ས་ལེར་གསལ༔ གཟུངས་ཐག་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ པདྨའི་མེ་ཏོག་མདངས་དང་ལྡན༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཧཱུྃ༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་ས་ཡི་བཅུད་སྡུས་ལ༔ སངས་རྒྱས་སྤྱན་གྱིས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་ཆུ་ཡི་བཅུད་སྡུས་ལ༔ མ་མཱ་ཀི་ཡིས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་མེ་ཡི་བཅུད་སྡུས་ལ༔ གོས་དཀར་མོ་ཡིས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་རླུང་གི་བཅུད་སྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཞེས་པས་འཛབ་བསྐུལ་བྱའོ། །ཧཱུྃ༔ འབྱུང་བ་ས་ཡི་ཞིང་ཁམས་ནས༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ཤར་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ འབྱུང་བ་ཆུ་ཡི་ཞིང་ཁམས་ནས༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛད་མ༔ སྔོན་མོ་མགྱོགས་མ་རྒྱས་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ལྷོ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ འབྱུང་བ་མེ་ཡི་ཞིང་ཁམས་ནས༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དམར་མོ་མགྱོགས་མ་དབང་སྡུད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ནུབ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཧཱུྃ༔ འབྱུང་བ་རླུང་གི་ཞིང་ཁམས་ནས༔ ཕྲིན་ལས་ཚེ་མཆོག་འགུགས་པའི་ལས་མཛད་མ༔ ལྗང་མོ་མགྱོགས་མ་གྲུབ་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ བྱང་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ ཞེས་སྙིང་པོ་དང་སྤེལ་གྱིན་ཚེ་དུས་དྲུག་ཏུ་དགུག་གོ༔ དེ་ནས་ཚེ་བསྟིམ་པ་ནི༔ སྲིད་པ་གསུམ་གྱི་ཚེ་བཀྲག་རྣམས༔ ཡི་གེ་བྷྲཱུྃ་ལ་བསྟིམ་པར་བྱ༔ བྷྲཱུྃ་དེ་འོད་དུ་ཞུ་བ་ལས༔ ཚེ་རྟེན་བུམ་པ་རྣམས་ལ་བསྟིམ༔ བུམ་པའི་ནང་གི་འོད་ཟེར་རྣམས༔ འབྱུང་བའི་སྙིང་པོ་ལྔ་ལ་བསྟིམ༔ སྙིང་པོ་ལྔ་ཡི་བཀྲག་མདངས་ཀྱང༔ ལྷ་ཡི་སྙིང་པོ་ལྔ་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡི་གེ་དཔའ་བོ་འབྲུ་ལྔ་པོ༔ རང་གི་སྙིང་ཁར་ཐིམ་པ་ཡིས༔ སྙིང་ནང་འོད་ཀྱི་ག་འུར་གྱུར༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་བསྲུང་བ་ནི། ཧཱུྃ༔ ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་བསྲུང་བར་མཛོད༔ འཆི་བདག་བདུད་བཞིའི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ ཅེས་བརྗོད་པས་ནང་གི་རྩ་སྒོ་རྟ་མགྲིན་གྱིས་བསྲུངས༔ དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནི༔ ཨོཾ་སརྦ་དྲ་བྱམ་ཤྭ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧྲཱི༔ རང་བཞིན་རྣམ་དག་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རིགས་ལྔ་ཡབ་ཡུམ་འཁོར་བཅས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ༔ འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཨཱ་ཡུརྫྙཱ་ན༔ དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས༔ རྩ་བ་ཡན་ལག་དམ་ཚིག་གི༔ ནོངས་པར་གྱུར་པའི་ཉེས་པ་ཀུན༔ གནོད་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཚོགས་ཐ་མ་ནི། ཨེ་རྣྀྲ་ཏྲི་ཛ༔ སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ དགྲ་བགེགས་ལོག་འདྲེན་དམ་སྲི་ཡི༔ སྙིང་ལ་བཏབ་པོ་མཱ་ར་ཡ༔ ཤ་ཁྲག་རུས་ཕུང་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་གནོད་བྱེད་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ། གོང་གི་སྔགས་ཤམ་དུ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་པས་བསྟབ༔ དེ་ནས་ཆད་ཐོ་ལྷག་མ་གཉིས་ཐུགས་སྒྲུབ་ལྟར་བྱའོ༔ རྒྱས་གདབ་པ་ནི། ཧཱུྃ༔ འཆི་མེད་ཚེ་ཡི་རང་བཞིན་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་སྟེ༔ འོད་ལྔ་གསལ་ལ་མདངས་དང་བཅས༔ མི་ཡི་ཚེ་ནི་སྣུམ་ལ་འདྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀྱི་ཀློང་དུ་སྦ་བར་བྱ༔ མི་དམིགས་སྟོང་པའི་གོ་ཆ་ལ༔ སུས་ཀྱང་གནོད་པར་བྱ་བ་མིན༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཅེས་སྟོང་ཉིད་ཀྱི་ངང་ལ་དར་ཅིག་བཞག༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བསྡུ་ཆོག་ནི། རྡུལ་ཚོན་ཡིན་ན། བཛྲ་མུཿདང་རས་བྲིས་ལ་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། ཉེར་བསྡུ་ནི། སྣོད་བཅུད་ཐམས་ཅད་འོད་ལྔའི་ཀློང་དུ་ཐིམ༔ དེ་ཉིད་འཁོར་དང་འཁོར་ཡང་གཙོ་བོར་ཐིམ༔ གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས༔ སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར༔ བཀྲ་ཤིས་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་པ༔ སྐུ་གསུམ་དབྱེར་མེད་ཚེ་མཐའ་ཡས་པ་ཡི༔ བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག༔ གཞན་ཡང་བསྔོ་སྨོན་ཤིས་བརྗོད་སྤྱི་མཐུན་བྱའོ། །དེ་ལྟར་བྱང་གཏེར་གྱི་ཆོས་བཀའ་གསུམ་དུ་བཞུགས་པ་ཚེ་སྒྲུབ་འཆི་མེད་འོད་སྣང་ངམ་ལོངས་སྐུ་མར་གྲགས་པ་འདི་ཉིད་ཤིན་ཏུ་ཟབ་པ་ཡིན་ཞེས་བླ་མ་རྣམས་གསུང་། གཏེར་གཞུང་རྩ་བར་འཁྲུགས་བསྡེབ་དང་ཆོག་བསྒྲིག་སྣ་ཚོགས་ཤིག་འདུག་པ། རང་ཉིད་ཉམས་སུ་ལེན་པ་དང་། གཞན་དག་ལའང་ཕན་པར་སྲིད་སྙམས་ནས་བརྒྱུད་འདེབས་དང་ཚིག་རྐང་གཅིག་གཉིས་ཙམ་མ་གཏོགས་གཏེར་གཞུང་རྩ་བ་ལ་བཅོས་ལྷད་བསྣོན་དབྲི་མ་ནུས། མེད་དུ་མི་རུང་བ་རྣམས་དྭངས་མ་བཅུད་འདྲེན་ནས་བླངས། གཏེར་གཞུང་ལ་གཏེར་ཚགས་དང་། གཞན་མ་ཤད་ཀྱིས་གསལ་བར་བྱས་ཏེ་བཀླག་ཆོག་ཚུལ་དུ་བཀོད་པ་༼རིག་འཛིན་པདྨ་ཕྲིན་ལས་༽འདིས་ཀྱང་རང་གཞན་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་ (Volume 25, Text 21)

༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་བཞུགས་སོ། ། རྒྱ་གར་སྐད་དུ། པདྨེ་ཤྭ་ར་མ་ཧཱ་གྷུ་ཡ་ཀྲོ་ཏ་ཛྙཱ་ན་གྷུ་ཡ་ནཱ་མ། བོད་སྐད་དུ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ཡང་གསང་ཁྲོས་པ་ཡི། །རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་བསྟན་པ་ནི། །དབང་ཐོབ་ལུང་བསྟན་མན་ངག་ཅན། །བསྐྱེད་རིམ་བསྙེན་པ་མཐར་ཕྱིན་བྱ། །རྫོགས་རིམ་གསང་བའི་ལམ་ཁྲིད་ནི། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །སྔོན་འགྲོ་རིམ་པ་རྣམ་པ་ལྔ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་། །གཉིས་པ་རྡོ་རྗེ་སེམས་དཔའ་ཡི། །སྒོམ་བཟླས་ཡིག་བརྒྱ་ཞག་བདུན་བཟླ། །ཚོགས་རྫོགས་ཕྱིར་དུ་མཎྜལ་འབུལ། །བཞི་པ་མི་རྟག་དྲན་བསྐུལ་གྱིས། །སྐྱོ་ཤས་ངེས་འབྱུང་བསྒོམ་པར་བྱ། །ལྔ་པ་བླ་མའི་རྣལ་འབྱོར་བསྒོམ། །དེ་རྣམས་གསང་སྔགས་ཀུན་དང་མཐུན། །རེ་རེ་ལ་ནི་ཞག་གསུམ་ལྔ། །བདུན་ནམ་བཅུ་བཞི་ཉེར་གཅིག་བསྒོམ། །དེ་ནས་རིགས་དྲུག་འཁྲུལ་པ་ཡི། །ལས་སྣང་སྤྱད་ལ་རུ་ཤན་དབྱེ། །རིགས་དྲུག་སེམས་ཅན་སྡུག་བསྔལ་རྣམས། །རིམ་པར་སྦྱང་ཞིང་ཉམས་དང་སྦྱར། །དམྱལ་བའི་ཚ་གྲང་སྡུག་བསྔལ་དང་། །ཡི་དྭགས་བཀྲེས་ཤིང་སྐོམ་པ་དང་། །བྱོལ་སོང་བླུན་རྨུགས་སྡུག་བསྔལ་དང་། །མི་ལ་སྐྱེ་འཆིའི་སྡུག་བསྔལ་དང། །ལྷ་མ་ཡིན་ལ་འཐབ་རྩོད་སྡུག་བསྔལ་དང་། །ལྷ་ལ་ཕམ་ལྟུང་སྡུག་བསྔལ་རྣམས། །རིམ་པར་བསམ་ཞིང་ལས་རྣམས་བཅད། །རུ་ཤན་གཅད་པར་བྱ་བར་གཅེས། །དེ་ནས་དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་ས་ཐ་མར་འགྲོ་ས་བསམ། །བྱུང་ས་མེད་ན་རྒྱུ་མེད་ཅི་ལ་སྲིད། །འགྲོ་ས་མེད་ན་བློ་གཏད་གང་ལ་བྱེད། །ངེས་པར་གོ་ན་སེམས་ཀྱི་ངོ་བོ་འདི། །དང་པོ་བྱུང་ས་མེད་དེ་ནམ་མཁའ་འདྲ། །ས་གཞི་རང་ཡང་སྟོང་པའི་ངང་ལས་གྲུབ། །སེམས་ཀྱི་གཟུགས་དང་ཁ་དོག་དབྱིབས་རྣམས་ནི། །ངོས་བཟུང་མེད་དེ་སྟོང་པའི་རང་རྟགས་ཡིན། །སྣ་ཚོགས་ཅིར་ཡང་འཆར་བ་འཁྲུལ་པའི་ལམ། །ཐ་མ་སེམས་ཀྱི་འགྲོ་ས་ག་ལ་སྲིད། །དཔེར་ན་འཇིག་རྟེན་ཐམས་ཅད་འཇིག་པའི་ཚེ། །སྟོང་པ་ཆེན་པོའི་ངང་དུ་ཐིམ། །ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད། །དེ་བཞིན་ལུས་དང་འཛིན་པའི་ལུས་སྣང་འཇིག །སྟོང་པར་འགྲོ་སྟེ་སེམས་འདི་སྟོང་པ་མེད། །མདོར་ན་སེམས་ཀྱི་ངོ་བོ་གསལ་སྟོང་ཡིན། །རང་རིག་མ་བཅོས་སྤྲོས་བྲལ་ངོ་བོར་ལྟོས། །རིག་པ་རང་གསལ་ཆོས་ཉིད་རྣལ་མ་ཡིན། །གསལ་སྟོང་དབྱེར་མེད་རྟག་ཆད་མཐའ་དང་བྲལ། །སྣང་སྟོང་དབྱེར་མེད་ཕྱོགས་ལྷུང་གོལ་ས་ཆོད། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་སྤོར། །དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་འདྲ། ཁྲོ་རྒྱལ་རྟ་མཆོག་གསུང་དབྱངས་ཆོས་སྒྲ་སྒྲོག །སྒྲ་དབྱངས་རྒྱལ་པོས་ཡེ་ཤེས་གསང་ལམ་སྟོན། །སངས་རྒྱས་ཆོས་སྐུ་སྙིང་གི་དཀྱིལ་ན་ཡོད། །ཡེ་ཤེས་ཟང་ཐལ་བྱད་ཀྱི་དཀྱིལ་ན་ཡོད། །ལོངས་སྤྱོད་རྫོགས་སྐུ་ཀླད་པའི་དཀྱིལ་ན་ཡོད། །སྤྲུལ་པའི་སྐུ་ནི་རྒྱུངས་པའི་དཀྱིལ་ན་ཡོད། །དེ་ཡང་མེ་ལོང་མན་ཤེལ་འདྲ་འབག་དང་། །རྒྱ་དར་སྨུག་པོ་ལ་སོགས་ལེགས་པར་བསྟན། །ཕྱི་ནང་གསང་བའི་ངོ་སྤྲོད་རིམ་པ་བསྟན། །དང་པོ་ཐིག་ལེ་ཐིག་ཕྲན་ཟ་ར་ཚགས། །ལྕགས་སྒྲོག་ལྟ་བུ་ཉ་མིག་ལྟ་བུ་དང་། །འོད་རྣམས་གྱེན་འགྲེང་རྩིབས་ཤར་མདུང་ཚུགས་དང་། །སྒྲ་ཆེན་འུར་སྒྲ་དྲག་པོ་སྒྲོག་པ་དང་། །ཟེར་ལྔ་མཚོན་ཆའི་ཕུང་པོ་ལྟ་བུ་དང་། །སྒྲ་འོད་ཟེར་གསུམ་མངོན་སུམ་གསལ་བར་མཐོང་། །དེ་ལ་ཉམས་ལེན་སྒྲིལ་ནས་བལྟས་པ་ཡིས། །རྣམ་དག་དབྱིངས་ཀྱི་སྒྲོན་མ་གསལ་བར་མཐོང་། །དེ་ལ་བརྩོན་འགྲུས་བསྐྱེད་པས་ཉམས་ལེན་བྱ། །འོད་ལྔའི་ནང་ནས་ཞི་ཁྲོའི་ལྷ་རྣམས་འཆར། །དང་པོ་གཙུག་ཏོར་དེ་ནས་ཕྱེད་སྐུ་དང་། །སྐུ་རྣམས་ཡོངས་སུ་རྫོགས་པ་ཤར་བའི་དུས། །འོད་ལྔ་ཡེ་ཤེས་རྣམ་པ་ལྔ་རུ་གྲུབ། །ཟེར་ལྔ་ཐུགས་རྗེའི་སྤྲུལ་པར་ཤེས་པ་དང་། །སྒྲ་ཆེན་ཆོས་ཉིད་རང་སྒྲར་ཤེས་པ་དང། །རིག་པ་རང་གི་འོད་དང་སྐུ་ལ་ཐིམ། །འཁྲུལ་སྣང་རང་དག་ཡེ་ཤེས་ཆེན་པོར་རྒྱས། །རང་རིག་ཆོས་སྐུ་ཀ་དག་ས་ལ་གནས། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་མངོན་དུ་གྱུར། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །ཕུང་པོ་འཇའ་ལུས་རྡོ་རྗེ་ལྟ་བུར་འགྱུར། །གསུང་མཆོག་ཚེ་དབང་རིག་འཛིན་ཐོབ་པར་འགྱུར། །ཀ་དག་ལྷུན་གྲུབ་དཔལ་ཆེན་གོ་འཕང་ཐོབ། །ཆོས་དབྱིངས་གསང་ཆེན་རོལ་པའི་ཕོ་བྲང་དུ། ཁྲོ་རྒྱལ་སྐུ་དང་གཉིས་མེད་ལྷུན་གྱིས་གྲུབ། །པདྨ་དབང་ཆེན་ཡེ་ཤེས་གསང་བའི་ལམ། །རྣལ་འབྱོར་མཆོག་གི་ལམ་ཆེན་ཡོངས་རྫོགས་བསྟན། །ཞེས་གསུངས་སོ། །པདྨ་དབང་ཆེན་གྱི་རྫོགས་རིམ་ཡེ་ཤེས་གསང་ལམ་ཆེན་པོ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ༈ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། ཀྱེ་ཨོ་རྒྱན་ཆེན་པོ་ལགས། དཔལ་ཆེན་ཡང་གསང་ཁྲོས་པ་ཡི། །རྫོགས་རིམ་པདྨ་གསང་ལམ་གྱི། །ཉམས་ལེན་རིམ་པ་གསུང་དུ་གསོལ། གུ་རུས་བཀའ་བསྩལ་པ། ཆོས་རྒྱལ་ཆེན་པོ་ལེགས་པར་གསོན། རང་གི་ལུས་ལ་ཡེ་ཤེས་ཆེན་པོ་གནས་པ་ནི། ཤེལ་དང་མེ་ལོང་རྒྱ་དར་སྨུག་པོ་རྣམས་ལ་བརྟེན་ནས། བླ་མས་ཕྱི་ནང་གསང་བའི་ངོ་སྤྲོད་བྱས་པས། རང་ལ་གནས་པའི་སྐུ་དང་ཡེ་ཤེས་དང་། སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་མངོན་སུམ་དུ་མཐོང་ངོ་། །རྡོ་རྗེ་སེམས་དཔའི་མེ་ལོང་ལ་བལྟས་པས། སངས་རྒྱས་སྐུ་ལྔའི་འོད་ཁྱིམ་དང་བཅས་པ་འཆར་རོ། །ཀྱེ། རྒྱལ་པོ་ཆེན་པོ་ལགས། རྣལ་འབྱོར་པ་ཕུང་པོ་ལྷག་མེད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། རང་གི་སྙིང་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་སྐུ་ཡུངས་འབྲུ་ཙམ་ལ། རྐྱེན་སྣ་ཚོགས་ཅེར་གྲོལ་དུ་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་ལ་ཟང་ཐལ་འཛིན་རྟོག་བྲལ་བའི་ཡེ་ཤེས་ཡོད། འཁྲུལ་སྣང་འགག་པའི་དུས་སུ་སྐུ་ཆེན་པོ་རི་རབ་ཙམ་ལྟ་བུའམ། ཆུང་ངུ་ཡང་འཆར་བས། དེ་ལ་མི་སྐྲག་པར་ངོ་ཤེས་པས་ཆོག་གོ །རང་གི་རིག་པ་འོད་ལྔར་འདུ་འབྲལ་མེད་པར་བཞུགས། དེ་རང་ངོ་རང་གིས་ཤེས་པས། སངས་རྒྱས་ཀྱི་སྐུ་ཐོབ་པ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པ། བདེ་བ་རྒྱུན་ཆད་མེད་པར་བཞུགས་སོ། །རང་གི་ཀླད་པའི་ནང་ན། སངས་རྒྱས་ཧེ་རུ་ཀ་ཁྲོ་བོའི་སྐུ་རིགས་ལྔ་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་བཞུགས་སོ། །རང་གི་ལུས་ལ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པས། རང་རིག་འོད་ཀྱི་ཕུང་པོ་མེར་མེར་བ། རང་འོད་ལ་འཆར་ནུབ་མེད་པ། དུས་གསུམ་རྒྱུན་དུ་ཡོད་དོ། །རིག་པ་མིག་ནས་འཐོན་ནས། འཁྲུལ་སྣང་ཡེ་ཤེས་སུ་འཆར། རང་འོད་རང་གིས་ཤེས་ནས་འོད་ལ་ཐིམ་ན། ལས་དང་བག་ཆགས་སྦྱང་མི་དགོས་པ་ཡིན་ནོ། །ཀྱེ་རྒྱལ་པོ་ལགས། ཆོས་སྐུའི་རྟགས་ནི། རང་གི་རིག་པ་མ་འགགས་པའི་ཝལ་ལེ་བ་འདི་ཁོ་ནའོ། །ལོངས་སྐུའི་རྟགས་ནི། མེ་ལོང་ལ་བལྟས་པས་ལོངས་སྐུ་མཐོང་བ་ཡིན་ནོ། །སྤྲུལ་སྐུའི་རྟགས་ནི། རང་གི་མིག་དང་བ་སྤུའི་བུ་ག་ནས་མདངས་འཆར་བ་ཡིན་ནོ། །ཆོས་སྐུ་ཉམས་སུ་བླང་བ་ནི། ཕྱིའི་ནམ་མཁའ་བར་སྣང་སྟོང་པ་ཕྱོགས་གང་དུ་ཡང་མ་ལྷུང་བ་འདི་ཡིན་ནོ། །ནང་གི་ནམ་མཁའ་སྙིང་དང་མིག་གཉིས་འབྲེལ་བའི་དང་སང་ངེ་བ་འདི་ཡིན་ནོ། །གསང་བའི་ནམ་མཁའ་ནི་སྙིང་ནང་ན་གནས་ཏེ་ཉམས་སུ་ལེན་པའི་དུས་སུ། ཉོན་མོངས་རྣམ་རྟོག་གིས་མ་བསླད་པར་ཤེས་པ་ཧུར་རེ། རྗེན་ནེ་བ། གཟུང་འཛིན་མ་ཞུགས་པ་འདི་ཁོ་ན་ཡིན་པས། ནམ་མཁའ་གསུམ་གྱི་གདམས་པའོ། །རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད། ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་རོ། །ལོངས་སྐུའི་ཉམས་ལེན་ལ། མན་ཤེལ་གྱི་ནང་དུ་རིགས་ལྔའི་སྐུ་ལ་བལྟའོ། །སྤྲུལ་སྐུའི་ཉམས་ལེན་ནི། སྒྲ་དང་འོད་ཟེར་ལ་བལྟའོ། །སྒྲ་ནི་རྣ་བ་བཀག་ལ་བལྟའོ། །འོད་ནི་སྲིད་པའི་མེ་ལོང་ལ་བལྟའོ། །ཟེར་ནི་ཉི་མའི་སྙིང་པོ་ལ་བལྟའོ། །རྩ་ནི་རོ་མ་རྐྱང་མ་དབུ་མ་གསུམ་མོ། །དེ་ཡང་རོ་མ་ནི་སྙིང་ཡིན་ལ། གཉིད་དུ་སོང་བ་དང་། དབུགས་ཆད་ཙ་ན་དར་ཅིག་རོ་འདྲ་འཐིབས་པས་ནའོ། །རྐྱང་མ་ནི་མིག་ཡིན་ཏེ། དེ་ཡང་རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད་པའི་དུས་སུ་རྣམ་རྟོག་གིས་མི་བསྒྲིབ་པར་རྟོག་མེད་ཀྱི་རིག་པ་རྐྱང་པར་འཆར་བའོ། །ཀུན་འདར་མ་ནི། སྙིང་དང་གློ་བ་ཁ་སྣ་འབྲེལ་པ་ན། དབུགས་ཀྱི་རྟ་ལ་སེམས་ཀྱི་མིས་ཞོན་ནས། རྟོག་པ་ཀུན་ཏུ་རྒྱུ་བ་ན། རྩ་ཀུན་འདར་མ་འགྲིམ་པ་ཡིན་ནོ། །བར་དོའི་དུས་སུ་དུག་ལྔའི་ལམ་ལ་ཞག་ལྔ་འགྲིམ། དེའི་དུས་སུ་འོད་དཀར་པོ་བཀྲག་མེད་ཅིག་འཆར། དེ་ལ་ཤེས་པ་ཞུགས་པས་ལྷའོ། །འོད་སྔོན་པོ་ལྷ་མ་ཡིན་ནོ། །འོད་སེར་པོ་མིའོ། །འོད་དམར་པོ་ཡི་དྭགས། འོད་སྔོ་ནག་བྱོལ་སོང་། འོད་ནག་པོ་དམྱལ་བ་རུ་སྐྱེའོ། །འགྲོ་དྲུག་གི་འོད་ལ་ཤེས་པ་ཞུགས་པས། སྐད་ཅིག་མ་གཉིས་པ་ལ། ལས་ཀྱི་དབང་གིས་མུན་པའི་རྒྱལ་ཁམས་སུ་བསྡུའོ། །དེ་ནས་ཞག་བདུན་ནས་མུན་པ་སངས་ནས། ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེས། གཤིན་རྗེའི་གན་དུ་ཁྲིད་དེ་ལས་ཀྱི་མེ་ལོང་བསྟན་ནས། རྡེའུ་དཀར་ནག་བརྩིས་པས་དེ་དུས་སྒྲིམ་པ་གལ་ཆེའོ། །ཚེ་འདས་དེས་རང་སྣང་འོད་ལྔར་ངོ་ཤེས་ན་སངས་རྒྱས་ནས། འགྲོ་དྲུག་གི་གནས་སུ་འཁྱམས་མི་སྲིད་དོ། །སངས་རྒྱས་རང་གི་སྙིང་ནང་ན་བཞུགས་པ་ཤ་ཁྲག་གིས་བཏུམས་ཀྱང་མི་ཐུབ་པར་རང་གི་མིག་ལམ་ན་མཐོང་ཞིང་གསལ་བ་འདི་སངས་རྒྱས་ཀྱི་སྐུ་ཟང་ཐལ་དུ་བཞུགས་པ་ཡིན། རིག་པ་སྐྱེ་ཤི་དང་མདུན་རྒྱབ་མེད་པར། ཡུལ་དང་ཤེས་པ་གཉིས་སུ་མེད་པའི་ཡོན་ཏན་ནོ། །རང་གིས་མཐོང་བ་འདི་ཀ་ཆོས་སྐུ །རྣ་བས་ཐོས་པའི་སྒྲ་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། དགའ་བདེ་མྱོང་བ་ཐམས་ཅད་ཆོས་སྐུ་ཡིན་པར་ངོ་ཤེས་པར་གྱིས་ཤིག །རྣམ་པར་རྟོག་པ་ཐམས་ཅད་རང་རིག་ཏུ་རང་གིས་སྣང་། རང་གི་རིག་པ་རང་ལོག་ཏུ་རྒྱ་མཚོ་དང་ཆུ་བྲན་ལྟར་སངས་རྒྱས་པ་ཡིན་ནོ། །རང་འོད་ལྔ་པ་རང་ལ་གསལ། རང་འོད་ཀྱི་ངང་དུ་དག་ནས་མན་ཤེལ་དང་སྣང་བ་ལྟར་འཚང་རྒྱའོ། །ཚིག་ལས་འདས་ནས། རང་སྣང་གི་སྐུ་ལས་སངས་རྒྱའོ། །གཅིག་ཤེས་པས་ཡུལ་ཡེ་ཤེས་སུ་སངས་རྒྱའོ། །གཟུགས་ལས་འདས་ནས་ཆོས་སྐུ་སྟོང་པའི་ཡེ་ཤེས་སུ་གསལ། འོད་ལྔའི་ཕུང་པོར་བཞུགས་པ་ཡིན་ནོ། རིག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ། །དོན་དེ་ལ་བསྒོམ་མི་དགོས། ཞེས་དང་པོའི་སངས་རྒྱས་པདྨ་རྒྱལ་པོས་བཀའ་བསྩལ་ཏོ། །ཞེས་གསུངས་སོ། །རྒྱལ་པོ་དགྱེས་ནས་གསེར་གྱི་པ་ཏྲ་གསུམ་ཕུལ་ལོ། །དཔལ་ཡང་གསང་ཁྲོས་པའི་རྫོགས་རིམ་རྫོགས་སོ། །སརྦ་མངྒ་ལཾ།། ༈ །།རྟ་མགྲིན་གྱི་དབང་བཞིའི་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །བློ་གྲོས་མཉམ་མེད་ཟབ་མོའི་གནས་ལུགས་རྟོགས། །ཐུགས་རྗེ་མཉམ་མེད་འགྲོ་ལ་བུ་བཞིན་བརྩེ། །ཕྲིན་ལས་མཉམ་མེད་ནམ་མཁའི་མཐའ་དང་མཉམ། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །བླ་མའི་རྟོགས་པ་ནམ་མཁའི་དཀྱིལ་འཁོར་དུ། །ཐུགས་རྗེ་ཚད་མེད་ཆུ་འཛིན་འཁྲིགས་པ་ལས། །ཟབ་ལམ་ཆར་པའི་རྒྱུན་གྱིས་བདག་བློའི་ཞིང་། །བངས་བར་བྱས་ནས་བྱུང་བ་འདིར་བཀོད་བྱ། །པདྨ་དབང་ཆེན་གྱི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ལ། སྦྱོར་བ་དང་། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས། སྒོ་གསུམ་གཅིག་ཏུ་དྲིལ་ནས། སེམས་དང་འདྲེས་ངེས་པའི་སྐྱབས་འགྲོ་ཅི་མང་བྱས་ལ་དམིགས་སྐོར་གཅིག །དེ་ནས་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་དམིགས་སྐོར་གཅིག །དེ་ནས་འཆི་བ་མི་རྟག་པ་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་ལས་རྒྱུ་འབྲས་བསམ་པ་ལ་དམིགས་སྐོར་གཅིག །དཀར་པོ་ལ་འབད་པ་དང་། ནག་པོ་ལ་ངེས་འབྱུང་བསྒོམ་པ་ལ། འདོར་ལེན་ཕྱིན་ཅི་མ་ལོག་པར་བྱ་བ་བསམ་པ་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་རང་གི་རྩ་བའི་ཕ་མའི་དྲིན་དྲན་པས་དེ་ལ་སྙིང་རྗེ་རྒྱས་པ་བློ་དང་འདྲེས་ངེས་པ་གཅིག་བསྒོམ། དེ་ལ་བཅོས་མིན་གྱི་ཤས་མི་བཟོད་པ་ལྟ་བུ་རེ་སྐྱེས་པ་དང་། མཐར་སེམས་ཅན་ཐམས་ཅད་ལ་བསྒོམ། ཐེག་ཆེན་གྱི་རྩ་བ་ཟིན་པ་ཡིན་པས་གལ་ཆེ། ལས་དང་པོ་པ་ལ་འདི་ཡན་ཆད་མྱོང་བ་ཐོན་པ་རེ་བྱེད་དགོས་པས་དམིགས་སྐོར་གཅིག་བྱེད། དེ་ནས་བདག་མེད་རྣམ་གཉིས་ཀྱི་ལྟ་བ་དྲན་པར་བྱས་ལ་དེའི་སྟེང་དུ་འཇོག་པ་ལ་དམིགས་སྐོར་གཅིག །དེ་ཡན་སྔོན་དུ་འགྲོ་བའོ། །ཡུན་བསྲིང་ངོ་། །དངོས་གཞི་ལ། སྡིག་པ་སྦྱོང་བ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ། སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་ཀའང་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེས་བརྒྱན་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ། སྤྱི་གཙུག་ཏུ་པདྨ་ལ་རྡོ་རྗེ་ཕྱེད་ནུབ་པས་མཚན་པའི་རྒྱས་གདབ་པར་བསམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྩ་བ་ནས་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པའི་ཚུལ་གྱིས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་བགྲངས་པས་ཐུགས་རྒྱུད་བསྐུལ། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སྤྱི་གཙུག་ནས་ཞུགས། ལུས་ཐམས་ཅད་གང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་འོག་སྒོ་ནས་ནག་ནུར་གྱིས་ཐུར་དུ་ཐོན་ནས་སངས་ཀྱིས་དག་པར་བསམ་མོ། །མཐར་སྣང་བ་མཐའ་ཡས་ཡབ་ཡུམ་འོད་དུ་ཞུ་བ་རང་གི་སྤྱི་གཙུག་ཏུ་ཐིམ་པས་རང་དང་དབྱེར་མེད་པར་བསམ་ལ་དེའི་ངང་དུ་བཞག་པ་དམིགས་སྐོར་གཅིག །དེ་ནས་ཚོགས་གསག་པ་ནི། རང་གི་མདུན་སྨིན་མཚམས་སུ་རཏྣའི་ཁྲིའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་རྩ་བའི་བླ་མ་བཅོམ་ལྡན་འདས་པདྨ་དབང་ཆེན་ཡབ་ཡུམ་དུ་བསམ། དེ་ལ་བརྒྱུད་པའི་བླ་མ་དང་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་བསྟིམ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་མོས་པར་བྱས་ལ་དེ་ལ་གུས་འདུད་དྲག་པོ་བྱ། མཎྜལ་རྒྱས་པ་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ། གསོལ་བ་དྲག་པོ་བློ་བཅོས་མ་མ་ཡིན་པའི་སྒོ་ནས་རྒྱས་བསྡུས་གང་རུང་གི་སྒོ་ནས་བཏབ་མཐར་བླ་མ་འོད་དུ་ཞུ། རང་གི་སྤྱི་གཙུག་ཏུ་ཐིམ་པས། བྱིན་གྱིས་བརླབས་པར་བསམ་ལ་སྤྲོས་མེད་དུ་བཞག་གོ། ལྟ་བ་གཏན་ལ་འབེབ་པ་ལ་སློབ་དཔོན་པདྨས། ཀུན་རྫོབ་སྒྲ་དབྱངས་འབྱུང་བའི་གནས་དག་ནི། །བདག་ཉིད་ལས་སྤྲུལ་རྡོ་རྗེ་ལྟ་བུའི་དབུ། །གསུངས་པ་ལ་བརྟེན་ནས། རྟ་སྐད་དེ་རང་གི་ཡ་རྐན་མ་རྐན། མགྲིན་པ་སོགས་གང་ནས་བྱུང་བ་ལྟས་ཤིང་རྩད་བཅད་པས། རང་གི་བློ་འཁྲུལ་པའི་སྣང་ངོར་འབྱུང་། དེ་ལ་བརྟེན་ནས་ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྲ་དབྱངས་དེ་བྱུང་འདུག །ཡང་བརྟགས་ཤིང་དཔྱད་པས་འཁྲུལ་གཞིའི་སེམས་མ་གྲུབ་འདུག་ན་གཞན་ལྟ་ཅི་སྨོས་སྙམ་དུ་བློ་ཐག་ཆོད་པར་རང་ངོ་སྤྲད་དོ། །སློབ་དཔོན་པདྨའི་རྟ་སྐད་ཐེངས་གཅིག་གི་དགོངས་པར། རྡོ་རྗེའི་རྟ་སྐད་དཔེ་ནི་ནམ་མཁར་བཞག །ནམ་མཁའི་རང་བཞིན་མ་སྐྱེས་མ་འགགས་པས། །སྣང་སྲིད་ཀུན་ཀྱང་མཚོན་པས་མྱ་ངན་འདས། །གསུངས་པས། དེ་ལྟར་སྒྲོ་འདོགས་ཆོད་པའི་ལྟ་བ་རྣམ་དག་དེ་མ་ཡེངས་པར་བསྐྱང་། དེའི་ངང་ནས་རྡོ་རྗེ་ཐེག་པའི་ལམ་ཐུན་མོང་མ་ཡིན་པ། བསྐྱེད་རྫོགས་ཟུང་འཇུག་ཉམས་སུ་བླང་སྙམ་པས། རང་སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་སྔགས་ཙམ་གྱིས་དབང་ཆེན་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་ལམ་གྱིས་བསྒོམ་མོ། །དེ་ནས་མདུན་དུ་ཐང་སྐུ་ལེགས་པ་ཉེ་རིང་མཐོ་དམན་རན་པར་བཀྲམ་ལ། དེ་ལ་མིག་དང་སེམས་མ་ཡེངས་པར་བལྟ། སྐུའི་ཆ་ཐམས་ཅད་གསལ་བ་དང་། ལོགས་སུ་དམིགས་པ་སྤོས་ལ་སེམས་བཟུང་། མི་གསལ་ན་ཐང་སྐུ་ལ་ཡང་དམིགས་པ་སྤོས་ཀྱིན་རེས་འཇོག་ཏུ་བྱ། མཚན་མོ་རང་དབང་ཆེན་དུ་བསྒོམས་པ་ལ་གསལ་ན་དེ་ལ་སེམས་བཟུང་། མི་གསལ་ན་སྐུའི་ཆ་རེ་རེ་ནས་གསལ་གདབ་ཀྱིན་བསྒོམས་པ་དེ་ལ་སེམས་རྩེ་གཅིག་ཏུ་མ་ཡེངས་པར་བྱེད་པ་གལ་ཆེའོ། །གསལ་བ་དང་དེ་ལ་སེམས་བཟུང་བའོ། །དེ་ལ་ཅུང་ཟད་གོམས་པ་དང་། རང་དབང་ཆེན་དུ་གསལ་བའི་སྐུ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པར་བསམ་ཞིང་སེམས་བཟུང་ཆེ་བ་ལ་སྦྱོང་བའོ། །ཕྲ་བ་ལ་སྦྱོང་བ་ནི། རང་དབང་ཆེན་གྱི་སྐུ་ཆུང་ལ་དོད་པ་མཐེ་བོང་ཙམ་མམ། ནས་རྡོག་ཡུངས་འབྲུ་ཙམ་ལ་སྦྱང་ཞིང་བསྒོམ། དངོས་པོའི་མཚན་མ་ཅན་ལ་བསླབ་པ་ནི། རང་ངམ་མདུན་དུ་དབང་ཆེན་གྱི་སྐུ་གསལ་བ་དངོས་སུ་གྲུབ་ཡོད་ཡོད་པོ་རྟག་རྟག་པོ་ཞིག་ཏུ་བསྒོམ་པ་ལ་བསླབ་བོ། །མང་པོ་སྦྱོང་བའམ། སྤྲོ་བ་ལ་སྦྱོང་བ་ནི། རང་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག །གཞལ་ཡས་ཁང་དུ་གྱུར། སེམས་ཅན་ལ་ཕོག་པས་དབང་ཆེན་དུ་གྱུར་པ་རེ་རེ་ནས་གསལ་གདབ་ཅིང་། སྣོད་བཅུད་དབང་ཆེན་གྱི་ཞིང་ཁམས་སུ་བསྒོམ། བསྡུ་བ་ནི་སྣོད་བཅུད་རིམ་པར་དབང་ཆེན་གྱི་ཐུགས་ཀར་བསྡུ། རང་ཡང་ཐུགས་ཀའི་ས་བོན་ལ་བསྡུ། དེ་ཡང་མི་དམིགས་པར་བསྒོམ། ཡང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ཆེན་པོ་གཅིག་ཏུ་བསྒོམ། དེའི་ནང་དུ་རང་དབང་ཆེན་ལྷ་སྐུར་གྱུར་པས་ཁེངས་ཤིང་གསལ་བར་བསྒོམ། ཡང་གཞལ་ཡས་ཁང་མཐེ་བོང་ཙམ་གྱི་ནང་དུ་དབང་ཆེན་སྐུ་ཆེན་པོར་བསྒོམས་ལ་གཞལ་ཡས་ཁང་ཆེན་པོར་མ་སོང་། སྐུ་ཆུང་དུ་མ་སོང་བར་ཡངས་དོག་མེད་པར་བསྒོམ། ཡང་གཞལ་ཡས་ཁང་ཆེ་ལ་སྐུ་ཆུང་བ་སྔར་བཞིན་བསྒོམ། ཡང་སྣ་རྩེར་གཞལ་ཡས་ཁང་ལྷ་དགུ་ཡུངས་འབྲུ་ཙམ་ལ་སེམས་བཟུང་ངོ་། །དེ་ནས་བསྐྱེད་པའི་རིམ་པ་སྐུ་གསུམ་དང་བསྐྱེད་རྫོགས་ཟུང་འཇུག་ལ་སོགས་པར་ངོ་སྤྲད་པ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་ཅིང་། འདུས་མ་བྱས་ནམ་མཁའ་ལྟ་བུར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཡོད་མེད་རྟག་ཆད་གང་གི་ཡང་ཕྱོགས་སུ་མ་ལྷུང་ཞིང་ཁས་ལེན་དང་བྲལ་བ་དེ་ནི་ཆོས་སྐུའོ། །དེ་ལྟ་བུའི་ངང་ལ་ཆུ་ཟླའམ། མེ་ལོང་གི་གཟུགས་བརྙན་ནམ། འཇའ་ཚོན་ལྟར་དབང་ཆེན་གྱི་སྐུར་གསལ་བ་ནི་ལོངས་སྐུའོ། །དེའི་ཐུགས་ཀ་སོགས་ཆ་གང་ནས་ཀྱང་རུང་འོད་ཟེར་རམ་སྐུ་སྤྲོ་བ་ནི་སྤྲུལ་སྐུའོ། །དབང་ཆེན་གསལ་བ་ནི་བསྐྱེད་པ། དེའི་རང་བཞིན་མེད་པར་ཤེས་པ་ནི་རྫོགས་པའོ། །དེ་གཉིས་དབྱེར་མེད་པ་ནི་ཟུང་འཇུག་གོ །ཞིབ་ཏུ་བསྐྱེད་རྫོགས་ཟུང་འཇུག་དང་ཡང་དག་པའི་ལྟ་བ་ཤོག་དྲིལ་དུ་ཤེས་པར་བྱའོ། །འདི་ཡན་བུམ་དབང་གི་ལམ་མོ། །བཟླས་པའི་རྣལ་འབྱོར་ནི། རང་དབང་ཆེན་དུ་གསལ་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་རྩ་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་ཟེར་དམར་པོ་འཕྲོས་པས། སྣ་བུག་ནས་སོར་བཞི་ཙམ་གྱི་བར་དུ་བྱུང་། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་ནང་དུ་རྔུབས། རང་གི་སྡིག་སྒྲིབ་སྦྱངས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། སྔགས་ཡིད་ཀྱིས་བགྲངས་པ་དང་། རླུང་ཕྱིར་འགྲོ་བ་ནང་དུ་རྔུབས་པ་དང་། གནས་པ་གསུམ་དུ་བསྟུན་ལ་མ་ཡེངས་པར་སེམས་གཏད་པ་ལ་སློབ་བོ། །དེ་ནས་གསང་དབང་གི་ལམ་ཙཎྜ་ལཱི་བསྒོམ་པ་ལ་བསླབ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་ནམ། མེ་ཐབ་དྲུག་འཆིང་གང་རུང་བྱ། རླུང་དྲག་ལ་རིང་བ་ལན་གསུམ་བསལ་ལོོ། །དེ་ནས་དལ་ལ་རིང་བས་ནང་དུ་རྔུབས་ལ་ལྟེ་འོག་ཏུ་མཆིལ་མ་དང་བསྟུན་ལ་མནན། འོག་རླུང་དྲངས་ཐུབ་ཚད་དུ་རླུང་སེམས་ལྟེ་འོག་སོར་བཞི་ཙམ་གྱི་ཚད་དུ་གཅིག་ཏུ་དྲིལ་ནས་བཟུང་། མི་ཐུབ་པ་དང་དལ་བུས་གཏང་ངོ་། །དེ་ནས་མེ་དམིགས་བཅོ་བརྒྱད་པ་ལས་ཐོག་མར་་་རྩ་བ་བྱིན་རླབས་ཀྱི་དྲོད་ནི། རང་དབང་ཆེན་དུ་མོས་པ་ཙམ་གྱིས་འོག་གི་གདན་སྲ་བ་མཁྲེགས་པའི་སྟེང་དུ་བཞུགས་པའི་སྤྱི་གཙུག་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལྕིད་དང་ལྡན་པ་ལ་མོས་གུས་དྲག་པོ་བྱས་པས་ཇེ་ལྕི་ལ་སོང་ནས་རང་མནན་པས་དྲོད་འབར་བར་བསམ། གཉིས་པ་འབྱུང་བ་བེམ་པོའི་དྲོད་ནི།་་་གཞི་རྩ་བ་བྱིན་རླབས་ཀྱི་དྲོད། ཕྱི་འབྱུང་བ་བེམ་པོའི་དྲོད། ནང་འབྱུང་བ་སོར་བཞག་གི་དྲོད། རང་ལུས་རྫ་མ་ཆེན་པོ་ལྟོ་བ་ཁོག་ཆེ་བར་བསྒོམ། གསུམ་པ་འབྱུང་བ་སོར་བཞག་གི་དྲོད་ནི།་་་ཙཎྜཱིའི་རྩ་བའི་སྡོང་པོ་དེ་ལའང་ཕྱི། ལུས་ཀྱི་རྫ་མ་ལ་ནང་ཕྲུ་མ་ཕུས་བཏབ་པ་ལྟར་དམར་སེང་ངེ་བ། སྐམ་ཐག་གེ་བ། ཚ་ཧུ་རེ་བ་གཅིག་བསྒོམ། བཞི་པ་ཙཎྜཱི་ལ། རྩ་བའི་སྡོང་བུ་རྐང་མཐིལ་དུ་གཟབ་ཆུང་གི་རཾ་ཁ་དོག་དམར་པོ་ཚ་ཧྲིད་པ་བསྒོམ། ལྔ་པ་ནི།་་་མེ་འབར་བའི་དམིགས་པ་ནི། རཾ་མཾ་དམར་པོ་གཉིས་ལས་མེ་ལྕེ་སོར་བཞི་ཙམ་དུ་ཐོན་པར་བསྒོམ། དྲུག་པ་ནི།་་་མེ་ཆེར་འབར་བའི་དམིགས་པ་ནི། མེ་ལྕེ་ཇེ་རིང་ལ་སྒྱིད་ཁུང་དུ་སླེབ་པ་ཙམ་དུ་བསྒོམ། བདུན་པ་དམིགས་པ་ནི།་་་འདྲོས་པའི་དམིགས་པ། མེ་སུམ་མདོར་ཐི་ལི་ལི་བསྒོམ། བརྒྱད་པ་ཚ་སྐམ་ལྟ་བུའི་དམིགས་པ་ནི། བསྣོལ་མཚམས་ཁོང་དུ་སོང་བས་ཁོག་པ་ཚ་ཧུར་ཏུ་སོང་བར་བསྒོམ། ལྟེ་བར་སོར་བཞི་ཙམ་མ་སླེབ་པའོ།་་་ནང་སྲོག་ཤིང་གི་དམིགས་པ། དགུ་པ་ནི། ཚ་སྐམ་ལྟ་བུ་གཅིག་ཏུ་འདུས་པའི་རྩེ་མོ་ལ་མེ་འོད་ཀྱི་གོང་བུ་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་ཧུ་རེ་བསྒོམ། བཅུ་པ་ནི། མེ་རྡོ་རྗེ་རྒྱ་གྲམ་གྱི་དམིགས་པ་ནི། ལྟེ་བར་མེའི་རྡོ་རྗེ་རྒྱ་གྲམ་རཾ་བསྒོམ་རྩེ་མོ་དྲུག་ཏུ་ཚ་ངར་དང་ལྡན་པའོ། །བཅུ་གཅིག་པ་ནི། མེ་རྡོ་རྗེ་རྒྱ་གྲམ་དེ་ལས་རྩེ་མོ་དྲུག་ཏུ་མེ་ནར་བྱུང་བར་བསམ། བཅུ་གཉིས་པ་མེ་ལྕེ་དེ་རྣམས་ལ་ལུས་ཀྱི་ཕྱི་ནང་ནས་ཐུར་དུ་ཐལ་ལུས་ལ་འཁྲིལ་ཏེ་བབས་པས་རྐང་མཐིལ་དུ་སོང་། དེ་ནས་ཡར་ལོག་མེ་ལྕེ་རྣམས་གཅིག་ཏུ་འདུས་ནས་གསང་གནས་སུ་ཐིག་ལེ་འབར་བའོ། །བཅུ་གསུམ་པ་ནི། མེ་ཚ་སྐམ་བསྣོལ་མཚམས་བྱ་མ་སར་གྱི་སྒོ་ང་ཙམ། རྡོ་རྗེ་རྒྱ་གྲམ་རྣམས་དཀྱིལ་གནས་ཕར་ཕུག་མེ་ལྕེ་ནར་སོང་། རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཚ་རིང་རིང་བ་བསྒོམ་མོ། །བཅུ་བཞི་པ་ནི།་་་འབར་བའི་དམིགས་པ། མེ་ལྕེ་ལྐོག་མར་སླེབ་ཙམ་དུ་བསྒོམ། བཅོ་ལྔ་པ་ནི།་་་རབ་ཏུ་འབར་བའི་དམིགས་པ། ཉི་མའི་དལ་གྱི་དམིགས་པ། མེ་ལྕེ་མགྲིན་པར་སླེབ་ཙམ་དུ། ཐོད་པའི་ནང་ཚ་འུ་རུ་རུ་ཡོད་པར་བསྒོམ། བཅུ་དྲུག་པ།་་་སྲོག་ཤིང་གི་དམིགས་པ། མེ་ལྕེ་ཚངས་བུག་ན་ཡར་ཡོད་པར་བསྒོམ། བཅུ་བདུན་པ་ནི།་་་རབ་ཏུ་འབར་བའི་དམིགས་པ། ཉི་མའི་དལ་གྱི་དམིགས་པ། ལུས་ཀྱི་ཕྱི་ཐམས་ཅད་ཉི་མའི་དལ་མེ་ལོང་ཙམ་གྱིས་ཁྱབ་ནས་ཡོད་པར་བསྒོམ། བཅོ་བརྒྱད་པ་ནི།་་་ཉེ་བའི་དམིགས་པ་ནི། ཁོག་པའི་སྲོག་ཤིང་ལྟ་བུ་ལས་མེ་བྱུང་འོད་ཟེར་བ་སྤུ་ལྟ་བུ་ཟི་ཐིབ་ཕྱིར་ཐལ་བྱུང་། ཕྱི་ཉི་མའི་དལ་ཀྱང་མེའི་འོད་ཟེར་བ་སྤུ་ཙམ་པ་བ། སྤུའི་གྲངས་དང་མཉམ་པ་ནང་དུ་སོང་ནས་ལུས་ཐམས་ཅད་དྲོད་དུ་འུར་རེ་ཡོད་པར་བསྒོམ། ཞིབ་ཏུ་མེ་དམིགས་བཅོ་བརྒྱད་པར་བལྟའོ། །རྟ་མཆོག་རོལ་པ་དང་། གཤིན་རྗེ་གདོང་དྲུག་དང་། ཚེ་བདག་ནས་གསུངས་པའི་ཙཎྜ་ལཱི། འཁོར་ལོ་གཉིས་ལ་བརྟེན་པ་ཉམས་སུ་བླང་བ་ནི། རང་ཡི་དམ་དུ་གསལ་བའི་ཁོག་པ་སྟོང་པ་དམར་སེང་ངེ་བ་བསྒོམ། དེའི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་ཕྲ་སེང་ངེ་བ་གཅིག་སྤྱི་གཙུག་ནས་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་མོ་རཀྟས་གང་བ། གཡོན་དུ་རྐྱང་མ་དཀར་མོ་ཁུ་བས་གང་བར་བསྒོམ། སྦོམ་ཕྲ་ཐེ་ཆུང་ཙམ་པ་དབུ་མ་དང་འདྲ་བར་བསྒོམ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་དམར་པོ་ལྟེ་བ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །འདབ་མ་ཕྱི་མ་ལ་ཀཱ་ལི་ཕྲག་གཉིས་ཐིག་ལེ་དམར་པོའི་རྣམ་པར་བསྒོམ། སྙིང་ཁར་ཧཱུྃ། མགྲིན་པར་ཨཱོཾ། སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་ལ་ལྟེ་བ་ལ་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བའི་འདབ་མ་ལ་ཨཱ་ལི་ཕྲག་གཉིས་ཀྱིས་མཚན་པ།་་་རྩེ་ཐམས་ཅད་གྱེན་ལ་བལྟ་བ། ཐིག་ལེའི་རྣམ་པ་རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་གང་ཞིང་ཐུར་དུ་བལྟ་བར་བསྒོམས་ལ། རླུང་སྟེང་འོག་ཁ་སྦྱར་བས་ལྟེ་བའི་ཨ་ཤད་ལས་མེ་བྱུང་། གཡས་རོ་མ་ནས་ཡར་སོང་། ཧཱུྃ་དང་ཨོཾ་དམར་པོར་གྱུར་ཧཾ་ལ་རེག་མ་རེག་ཙམ་ལས་བྱང་ཆུབ་ཀྱི་སེམས་རྐྱང་མ་ནས་སྐྱ་ན་ར་ར་བྱུང་། ཨོཾ་དང་ཧཱུྃ་ཡང་དཀར་པོར་གྱུར། ཨ་ཤད་ལ་རེག་ཙམ་གྱིས་ཡང་མེ་འབར། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨཱོཾ་དམར་པོར་གྱུར། ཧཾ་ཞུ་བྱང་སེམས་མར་བབས་པས་མེ་དེ་ཉིད་སྙིང་གར་རཀྟའམ། མེ་སེན་མོ་ཙམ་མམ། བྱང་སེམས་ཅོག་སྒོང་ཙམ་ལ་སེམས་བཟུང་བས་བདེ་སྟོང་གི་ཉམས་སྐྱེའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དཀར་དམར་སྲན་མ་གཤག་པ་ཙམ་ཁ་སྤྲད་པ་ལ་སེམས་བཟུང་ཞིང་རླུང་ཁ་སྦྱོར། རྩ་འདབ་བཞི་ལ་སྦྱོང་བ་ནི། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་ལ་ཨ་དམར་པོ་འདབ་མ་བརྒྱད་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཕྱི་རིམ་ལ་ཀཱ་ལི་ཕྲག་གཉིས་ཐམས་ཅད་ཁ་དོག་དམར་པོ་ཡིག་མགོ་གྱེན་དུ་བསྟན་པ། སྙིང་ཁར་རྩ་འདབ་བརྒྱད་པའི་ལྟེ་བར་ཧཱུྃ་སྔོན་པོ་ཕྱོགས་བཞིར་བྷྲཱུྃ་ཨཾ་ཛྲི་ཁཾ། མཚམས་བཞིར་ལཱཾ་མཱཾ་པཱཾ་ཏཱཾ། ཐམས་ཅད་ཀྱང་ཁ་དོག་སྔོན་པོ་མགོ་ཐུར་དུ་བལྟ་བ། མགྲིན་པར་རྩ་འདབ་བཅུ་དྲུག་པའི་ལྟེ་བ་ལ་ཨཾ། འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་ཁ་དོག་དམར་པོ་ཐམས་ཅད་ཀྱང་མགོ་གྱེན་ལ་བལྟ་བ། སྤྱི་གཙུག་ཏུ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བ་ལ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། འདབ་མ་རྣམས་ཨཱ་ལི་ཕྲག་གཉིས་ཐམས་ཅད་ཀྱང་མགོ་ཐུར་དུ་ལྟ་བ། ཁ་དོག་དཀར་པོ་རྣམས་གསལ་བཏབ་ལ་རླུང་བུམ་པ་ཅན་བཟུང་བ་དེ་ཡང་སྟེང་རླུང་དལ་བུས་རྔུབས་ཏེ་ལྟེ་འོག་ཏུ་མནན། དེ་ནས་འོག་རླུང་འཐེན་པས་ལྟེ་བའི་ཨ་ཤད་ལས་མེ་བྱུང་། གཡས་རོ་མ་ནས་ཡར་སོང་སྙིང་ཁ་དང་། མགྲིན་པའི་རྩ་འདབ་རྣམས་ཀྱང་མེ་ཡི་རང་བཞིན་དུ་སོང་། སྤྱི་གཙུག་གི་ཡིག་འབྲུ་ཧཾ་དང་བཅས་པ་ལ་རེག་པས་བྱང་སེམས་ཞུ་ནས་སྐྱ་ཁྲུལ་བྱུང་། གཡོན་རྐྱང་མ་ནས་བབས། མགྲིན་པ་དང་སྙིང་ཁའི་རྩ་འདབ་རྣམས་ཀྱང་བྱང་སེམས་ཀྱིས་ཁེངས་པར་བསམ་ལ་གསལ་གདབ། ཡང་ཨ་ཤད་ལས་མེ་བྱུང་དབུ་མ་ནས་ཡར་སོང་། སྙིང་གའི་རྩ་འདབ་དང་མགྲིན་པའི་རྩ་འདབ་རྣམས་མེའི་རང་བཞིན་དུ་སོང་། སྤྱི་གཙུག་ཏུ་ཧཾ་ལ་རེག་ཙམ་ལས་བྱང་སེམས་སྔར་ལྟར་བབས་སྙིང་ག་དང་མགྲིན་པ་གང་། ལྟེ་བའི་དབུས་སུ་བྱང་སེམས་དཀར་དམར་རེག་ཙམ་ལ་སེམས་བཟུང་བ་ནི་ཙཎྜ་ལཱིའོ། །དབང་གསུམ་པའི་ལམ། རང་དབང་ཆེན་ཞལ་གཅིག་ཕྱག་གཉིས་པར་བསྒོམ། མདུན་དུ་ཡུམ་གར་གྱི་དབང་ཕྱུག་མ་གསལ་གདབ། འདུ་ཤེས་གསུམ་དང་ལྡན་པས་གཟུགས་ལ་བསླབ་པ། སྒྲ་ལ་བསླབ་པ། དྲི་ལ་བསླབ་པ། རོ་ལ་བསླབ་པ། རེག་བྱ་ལ་བསླབ་པ་སོགས་བྱ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ལ། ཐ་མལ་པའི་ཆགས་པ་སྤངས་ལ་ལྷའི་ང་རྒྱལ་དང་ལྡན་པས་སྙོམས་པར་ཞུགས་ལ། དབབ་པ། བཟློག་པ། བཟུང་བ། བཀྲམ་པ་ལ་མཁས་པ་ཉམས་སུ་བླང་ཞིང་། མཐར་རྫོགས་པའི་ངང་ལ་བཞག་གོ །ཞིབ་ཏུ་ཞལ་ལས་དྲིས། དབང་བཞི་པའི་དོན་ལྟ་བའི་དུས་སུ་ངོ་སྤྲད་པ་ལ་ཉམས་ལེན་མཛད་དོ། །རྗེས་བསྔོ་བས་རྒྱས་བཏབ་བོ། །ཞེས་པ་འདི་སློབ་དཔོན་པདྨའི་རྟ་སྐད་ཐེངས་གཅིག་གི་དགོངས་པ་དང་། བསྐྱེད་རྫོགས་ཟུང་འཇུག་ལྟ་ཁྲིད་སེམས་བཟུང་། མེ་དམིགས་བཅོ་བརྒྱད་པ་ལ་སོགས་རྫོགས་རིམ་ཁྲིད་ཀྱི་གོ་རིམ་དུ་མཛད་དེ་གནང་བ་་་བླ་ཆེན་ཆོས་དཔལ་བཟང་པོ་་་ཁོ་བོས་ཟིན་བྲིས་སུ་བཏབ་པའོ། །ཉེས་པ་རྣམས་བླ་མ་མཁས་ལ་བཟོད་པར་མཛད་དུ་གསོལ། །ྀཨཚ། །། །།

ཡང་ཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོའི་བསྙེན་ཡིག་བཻཌཱུརྻའི་དོ་ཤལ་ (Volume 17, Text 21)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོའི་བསྙེན་ཡིག་བཻཌཱུརྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཤི་ཝ་ཀྲོ་དྷཱ་ཡ། ཆོས་ཀྱི་དབྱིངས་ན་འཇམ་དཔལ་ཆེས་དུལ་ཡང་། །རང་གདངས་སྲིན་པོའི་ཞལ་ཅན་དུས་ཀྱི་དགྲ །བྱང་ཆུབ་བར་དུ་བདག་སྙིང་ཟེའུ་འབྲུ་རུ། །སྤྱོན་ལ་ཕྱག་རྒྱ་མ་ལུས་ཟིལ་གནོན་གྱིས། ཁྱོད་ཉིད་བསྙེན་ཅིང་སྒྲུབ་པའི་གནད་གསང་ཀུན། །གངས་ཁྲོད་སྔགས་འཆང་ཕལ་གྱིས་མ་གཟིགས་པའི། །གནམ་ལྕགས་མེ་འབར་ཞལ་ལུང་ཡིད་བཞིན་ནོར། །ཆོས་གྲགས་དེད་དཔོན་ལས་འོངས་ཁོ་བོས་རྙེད། །འཇམ་དཔལ་ཞི་ཁྲོའི་ལམ་བཟང་ལ་བརྟེན་ནས། །འདི་ཕྱིའི་གཏན་འདུན་སྙིང་ནས་བསྒྲུབ་འདོད་ལ། །གཅིག་ཏུ་གཅེས་པའི་བསྙེན་ཡིག་བཻ་ཌཱུརྻའི། །དོ་ཤལ་ཡི་གེའི་སྲད་བུར་བརྒྱུས་འདི་ལོངས། །དེ་ལ་འདིར་འཇམ་དཔལ་ཚེ་བདག་ནག་པོའི་མན་ངག་ཐམས་ཅད་ཀྱི་ཉིང་ཁུར་གྱུར་པ་དྲག་སྔགས་བདག་པོ་གནུབས་ཀྱི་ཁྱད་ཆོས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་ཟློག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་སོགས་ཉམས་སུ་བླང་བའི་སྔོན་དུ་བསྙེན་པ་གནད་དུ་ཐེངས་པ་འགྲོ་དགོས་ཤིང་། དེའང་དབང་ཆོག་ངེས་དོན་བདེ་འཇུག་གི་སྟེང་ནས་བགྲོད་པ་རྣམ་པ་གསུམ་ལ་བརྟེན་པའི་དབང་བཞི་དང་ལུང་མན་ངག་ཐོབ་པའི་སྔགས་པས། ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གང་རུང་གི་ལས་བྱང་ལ་བརྟེན་ནས་སྐུ་གསུང་ཐུགས་སྔགས་དང་། གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་ཨྱཻ་རིང་གི་བསྙེན་པ་ཐེངས་ན་ལས་སྦྱོར་ལ་འཇུག་ཏུ་རུང་ནའང་། མ་ཐེངས་པའམ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འདིའི་སྒོས་ཀྱི་བསྙེན་པ་བྱེད་པར་འདོད་པས། དབང་ཆོག་བདུད་དཔུང་ཟིལ་གནོན་དང་རྣོན་པོ་ནང་གཅོད་ཀྱི་དབང་རྒྱས་བསྡུས་གཉིས། ཆོས་སྐོར་གདམས་པ་རྣམས་ཐོབ་པའི་སྒྲུབ་པ་པོས་སྔོན་འགྲོ་འཇམ་དཔལ་ཞི་བར་བསྙེན་པ། དངོས་གཞི་ཟླ་གསང་གཞི་བསྙེན་བྱ་བ། མཇུག་ལས་སྦྱོར་རྩ་བསྙེན་བྱེད་པ་དང་གསུམ་ལས། དང་པོ་ནི། གསུང་སྒྲོག །སཱཙྪ། ཆབ་གཏོར། སྐོང་བཤགས་སོགས་བསོད་ནམས་ཀྱི་ཚོགས་གསོག་རྒྱས་པར་སྤྲོ་ན་ཁོ་བོས་བརྩམས་པའི་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅང་བཞིན་བྱེད། འཇུག་པ་བདེ་བར་འདོད་ན་གནས་དབེན་པར་འཇམ་དཔལ་ཞི་ཁྲོའི་རྟེན་བཀྲམ་པའི་མདུན་དུ་ཅོག་རྩེའམ་སྟེགས་བུ་ལྟ་བུ་དྲིས་བྱུགས་པའི་སྟེང་དུ་འཇམ་དཔལ་ཞི་བའི་མཆོད་གཏོར་ཟླུམ་པོ་པད་འདབ་དམར་པོ། སྨན་རཀ །ཕྱི་མཆོད་རྣམས་ཚང་དུ་བཤམ། ལས་བྱང་རྡོ་རྗེའི་ཐོག་མདའ་བཞིན་དུ། ཕྱོགས་སྐྱོང་གཞི་བགེགས་ལ་གཏོར་མ་གཏང་ཞིང་རྒྱལ་ཆེན་གྱི་ཐོ་གཞན་ནས་བཀང་སྟེ་འཛུགས། སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ །སེམས་བསྐྱེད། ཚོགས་ཞིང་རྣམས་བྱ། སྭ་བྷཱཱ་བས་སྦྱང་། འཁོར་འདས་ཆོས་ཀུན་སྟོང་པ་ཉིད་ཀྱི་ངང་། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །མུཾ་ཡིག་དམར་སེར་ཡོངས་གྱུར་བདག་ཉིད་ནི། འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །འཇའ་ཚོན་འོད་ལྔའི་དཀྱིལ་བཞུགས་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་ཡིག་མཐིང་ཁ་ཡིས། །མཚན་པ་ལས་འཕྲོས་ཡེ་ཤེས་ལྷ་ཚོགས་རྣམས། །དབྱིངས་རིག་དག་པའི་ཀློང་ནས་ས་མཱ་ཛཿ །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ཆུ་གཉིས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་སྨན་གཏོར་རཀྟ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཨོཾ་ཤྲཱི་མཉྫུ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་ཤམ་དུ། མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ༴ མ་ཧཱ་རཀྟ༴ གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཞེས་སོགས་ཀྱིས་བསྟོད། ཐུན་འགོ་རྣམས་སུ་ཕྲེང་བ་བྱིན་གྱིས་བརླབ། ཐུགས་ཀར་ཉི་སྟེང་མུཾ་ལ་སྔགས་ཕྲེང་གིས། །བསྐོར་ལས་འོད་འཕྲོས་་་བསྙེན་པ་་་འཕགས་མཆོད་འགྲོ་དོན་བྱས།་་་སྒྲུབ་པ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །ཚུར་འདུས་་་སྒྲུབ་ཆེན་་་བདག་ལ་བྱིན་གྱིས་བརླབ་པར་གྱུར། །ཅེས་བསྙེན་པ་དང་སྒྲུབ་པའི་དམིགས་པ་དང་བཅས། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་པ་འབུམ་ཚོ་དྲུག་ཐུན་དུ་བཅད་དེ་བསྙེན། ཐུན་མཐར་མཆོད་བསྟོད་བྱ། ཐུན་མཇུག་རྣམས་དང་བཟའ་བཏུང་བཤང་གཅི་རྣམས་ཀྱི་མཇུག་ཏུ། ཨོཾ་གྱིས་མགོ་དྲངས་ཨཱ་ལི་ཀཱ་ལིའི་མཐར་འགྲུབ་པར་གྱུར་ཅིག་གྲུབ་བོ། །ཞེས་དང་། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ། རྟེན་འབྲེལ་སྙིང་པོ། སུ་པྲ་ཏིཥྛ་རྣམས་གསུམ་རེ་བརྗོད་པ་འོག་མ་ཀུན་ལ་འགྲེ །ཐུན་མཚམས་ཀྱི་བྱ་བ་སྤྱི་ལྟར་བྱེད་ཅིང་འཇམ་དཔལ་མཚན་བརྗོད་རྒྱས་བསྡུས་གང་རུང་འདོན་པར་དམ་བཅའ་བ་ཕྱག་ལེན་དུ་སྣང་བ་བཞིན་བྱ་ཞིང་ཞི་དྲག་སྦྲེལ་ནས་མི་བྱེད་ན་གཏང་རག་བཟོད་གསོལ་ཉེར་བསྡུ་ཤིས་བརྗོད་ཀྱང་བྱེད། གཉིས་པ་དངོས་གཞི་ལ། བསྙེན་པ། ཉེ་བསྙེན། སྒྲུབ་པ་ཆེན་པོ། འཆི་བདག་བདུད་སྒྲུབ་དང་བཞི་ལས། །དང་པོ་ནི། ཟླ་བ་ཐ་ཆུང་བཞིའི་མར་ངོའི་འགྲུབ་པའི་ཉི་མའམ་ཡང་ན་གཟའ་ཚེས་དང་བསྟུན་ཏེ་ཡར་ངོ་ལའང་རུང་བས། དཀྱུས་གཅིག་ཏུ་མི་བྱེད་པའི་དབང་དུ་བཏང་ན་དུར་ཁྲོད་ལ་སོགས་པའི་གནས་ན་དང་། སྦྲེལ་མར་གཏོང་བའི་དབང་དུ་བྱས་ཏེ་གོང་གི་གཞི་བཅས་རྣམས་བསྡུས་པའི་ཤུལ་དུ་སྨན་རཀ་མཆོད་གཏོར། རྟགས་མཐོང་ན་འབུལ་བའི་རྟགས་གཏོར། ཕྱི་ནང་གི་ཉེར་སྤྱོད། བགེགས་གཏོར། ཚོགས་ཆས། བམ་སྐོང་། ཆོས་སྐྱོང་། གཏེར་སྲུང་གི་གཏོར་མ། ཚོགས་ལ་མཁོ་བའི་རྫས་དང་ཡོ་བྱད་རྣམས་བཤམ། འཇམ་དཔལ་ཞི་བ་དང་སྦྲེལ་མར་བྱེད་པའི་དབང་གིས་ཕྱོགས་སྐྱོང་གཞི་བགེགས་ཀྱི་གཏོར་མ་དང་རྒྱལ་ཐོ་ལོགས་སུ་མི་དགོས། ལས་བྱང་རྡོ་རྗེའི་ཐོག་མདའ་དཀྱུས་བཞིན་ལ། ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །ཅེས་པའི་བར་སོང་ནས་ཟླ་གསང་རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་དང་། དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པར་གསུངས་པ་བཞིན། མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །ཞེས་པ་ལྟར་བྱ། དམིགས་པ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང། །ནང་བཅུད་འགྲོ་བ་གཤིན་རྗེའི་གཤེད་ཀྱི་ལྷ། །རང་གི་སྙིང་གར་མཆོང་སྨུག་གུར་ཁང་དབུས། །པད་ཟླ་ཉི་སྟེང་རང་རིག་ཡེ་ཤེས་སེམས། །འཕགས་པ་འཇམ་དཔལ་ཚོན་གང་ཙམ་གྱི་ཚད། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་ཞེས་པ་ནས། ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཞེས་པའི་བར་གོང་གི་ཞི་བསྙེན་བཞིན་ལེན། ཐུགས་ཀར་ཉི་སྟེང་རྡོར་སྔོན་རྩེ་ལྔའི་ལྟེར། །ཟླ་ཉིའི་སྟེང་ན་མཐིང་ནག་ཧཱུྃ་མཐར་སྔགས། །བསྐོར་ཞིང་འཁོར་བཞིའི་ཐུགས་ཀར་རྡོར་ཟླ་ཉི། །ཧཱུྃ་ཡིག་བསྙེན་པའི་སྔགས་ཀྱི་ཕྲེང་བས་བསྐོར། །སྔགས་ཕྲེང་ལས་ཆད་གཉིས་པ་ལྗགས་སྟེང་བརྒྱུད། །ཕྱི་རོལ་འདོམ་གང་ཙམ་དུ་སྔགས་འབྲུ་འོད། །གྲངས་མེད་ལྷ་སྐུར་གྱུར་པའི་ཞལ་ནས་ཀྱང་། །སྔགས་སྒྲོག་འོད་ཟེར་སྣེ་ལས་ལྷ་མོའི་ཚོགས། །འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད། །སྐུ་གསུང་ཐུགས་བྱིན་བསྡུས་ནས་བདག་ལ་ཐིམ། །ཞེས་པའི་དམིགས་པ་དང་བཅས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་འབུམ་ཕྲག་དྲུག་གི་བར་དུ་བསྙེན་ནོ། །དེ་ཡང་གཤིན་རྗེ་དམར་ནག་འབར་བའི་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་ལས། གོང་གི་སྔགས་མཐར། ཁྲོ་རྒྱལ་རྔམ་པའི་རྒྱལ་པོ་ཉིད། །བདག་དང་དབྱེར་མེད་རྫོགས་པའི་སྐུ །ཞེས་སོགས་གསུངས་ལ། ཨ་ཀྲོ་འབྲུ་བཅུ་བདུན་པ་དང་ཉི་མ་བཞི་པའི་རྩ་བ་ཡི་གེ་བཅུ་གཅིག་པ་གསུམ་པོ་གང་རུང་གདམ་པར་གསུངས་ཤིང་། ཨ་ཀྲོ་བཅུ་བདུན་པ་འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་སོགས་རྒྱུད་དུ་མ་ནས་བཤད་ཅིང་། ཉིན་བཞིའི་རྩ་བ་གསང་བ་དགུ་བཅུ་པའི་རྒྱུད་ཀྱི་སྲོག་ལ་དྲངས་པའི་ལེའུ་ནས་བསྟན་པས་དོན་ལ་ཁྱད་པར་མེད་ནའང་། ཡི་གེ་བཅུ་གཅིག་པ་ཉིད་ལ་གཙོ་བོར་མཛད་པ་ཤས་ཆེའོ། །དེ་ལྟར་ཐུན་བཞི་སོ་སོའི་མཐར་གཏོར་མ་གསོས་ལ་སྨན་རཀ་བྲན་ནས་གཏོར་བསྔོ་བྱས་པའི་མཐར་མཆོད་ཅིང་། ཐབས་མཆོག་བདེ་ཆེན་མས་བསྟོད། སྤྱིར་སྔགས་སྟོང་ཕྲག་རེ་སོང་བའི་མཚམས་མཆོད་བསྟོད་བྱེད་པར་བཤད་ཅིང་ཕྱག་ལེན་མང་པོར་སྣང་བ་རྒྱུད་དང་མཐུན་ཞིང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། འདིར་ཐུན་མཚམས་ཚོར་མཆོད་བསྟོད་མཛད་པས་གོ་ཆོད་པས་ཐུན་མཚམས་བཞི་པོར་ངེས་པར་དགོས་པ་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་ལེའུ་ལྔ་པ་སྒྲུབ་པ་རྩ་བའི་ལེའུ་ལས། སྔགས་ཀྱི་ཕྲེང་བ་སྟོང་རྫོགས་དང་། །སྟོང་ཚོགས་མཆོད་དང་བསྟོད་པ་བྱ། །དྲག་ཏུ་གཤིན་རྗེ་དགུག་པ་ནི། ཁུར་བས་དབུས་ལ་གཤིན་མི་བཟློག །ཚིལ་ཆེན་མར་མེ་རྒྱུན་མི་བཅད། །རྫ་རྔ་བརྡུང་ཞིང་དབྱུག་པས་བསྒོ །རྨུགས་ཆེན་རྨུགས་ཆུང་སྙན་ལ་བདོ། །དཔའ་བོ་གྲུབ་རྟགས་བྱུང་བ་དང་། །དངོས་གྲུབ་དམ་ཤིང་བླང་བར་བྱ། །ཞེས་གསུངས་པ་ལྟར་ཚིལ་ཆེན་གྱི་མར་མེ་ཤ་ཆེན་དང་གུ་གུལ་བསྲེས་པའི་བདུག་པ་དང་། རྫ་རྔའི་རོལ་མོ་སོགས་བྱ་བ་གནད་ཆེའོ། །མཚམས་ཚུགས་པའི་ནུབ་མོ་ཚོགས་ཀྱང་རྒྱས་པར་དབུལ། གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་ལས། སྒོ་ལྔ་རང་སོ་ཡུལ་མེད་བཞག །བེ་ཤིང་འཁར་བ་ཐོགས་ནས་ནི། །བྱིང་ནས་རྨུགས་པར་གྱུར་པ་ན། །འཇམ་དབྱངས་ཁྲོ་བོའི་འཛབ་ཀྱིས་བསྐུལ། །གཡེལ་ཞིང་རྒོད་པར་གྱུར་པ་ན། །མཚན་མ་ལྷ་ཡི་སྐུ་ལ་བརྟག །ཅེས་སོགས་གསུངས་པས་འདིའི་སྒྲུབ་པ་མ་གྲོལ་བར་བྱིང་ན་འཛབ་དབྱངས་བྱ་ཞིང་དལ་གྱིས་བཅག །རྒོད་ན་བྲིས་སྐུ་སོགས་ལ་བལྟ་ཞིང་། བྱིང་རྒོད་སོགས་ཀྱི་སྐྱོན་གང་ཡང་མེད་པར་དུས་ཀུན་ཏུ་བསྒྲིམས་ནས་བཟླ་བར་བཤད་པ་ལྟར་བྱའོ། །གཉིས་པ་ཉེ་བར་བསྙེན་པ་ནི། སྟེགས་བུའི་ཁར་ཐིག་ཚོན་བྱིན་གྱིས་བརླབས་ཏེ་དུར་ཁྲོད་ཀྱི་ཚོན་གྱིས་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར། མུ་ཁྱུད་མཛེས་ཚོན། རྩིབས་བཞི་སེར། ཐོད་རྭ་དཀར། དེའི་ཕྱིར་སྒོ་རྫོགས་བྲིས་ཀྱང་འགལ་བ་མེད་ནའང་འཇུག་པ་བདེ་བར་བྱེད་ན་ཐོད་རྭའི་ཕྱི་རོལ་དུ་རྡོར་རྭ་མེ་རི་བྲི། དེའི་སྟེང་དུ་ཚེ་བདག་གཙོ་འཁོར་ལྔའི་ཙཀ་ལི་འཛུགས་པའམ། འཇམ་དཔལ་ཞི་ཁྲོའི་རིགས་ཀྱི་བྲིས་འབུར་བྱིན་ཅན་རྙེད་ན་རུང་ཞིང་ལེགས། ཕྱི་ནང་མཆོད་པ་རྣམས་བཤམ། རང་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབྱེར་མེད་གཅིག་པའི་ཚུལ་དུ་ལས་གཞུང་རྡོ་རྗེའི་ཐོག་མདའ་བསྲངས་ལ་གོང་བཞིན་དམིགས་པ་དང་བཅས་ཏེ་ཨ་ཀྲོ་འབྲུ་བཅུ་གཅིག་པ་འབུམ་ཕྲག་གསུམ་དུ་བསྙེན་ནོ། །གསུམ་པ་སྒྲུབ་པ་ཆེན་པོ་ནི་བསྙེན་པ་དང་ཉེ་བསྙེན་ཐེམས་ཀྱང་། གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ལེའུ་བདུན་པ་ལས། ཡབ་ཡུམ་སྔགས་ཀྱི་གྲངས་ཐེམས་ཀྱང་། །ལྷ་ཡི་མཚན་མ་མ་མཐོང་ན། །སྔགས་ཀྱི་དམ་ཚིག་ཉམས་སྲིད་པས། །ལྷུ་དུམ་གསིལ་ལ་བརྒྱ་བཤགས་བྱ། །དེ་ཚེ་མཚན་རྟགས་མངོན་དུ་སྟེར། །དེས་ཀྱང་རྟགས་རྣམས་མ་བྱུང་ན། །གསང་སྔགས་སིལ་བུར་ལྟོ་ནས་ཟློག །རུ་ཁུག་རུ་ཉལ་རུ་ཉལ་དང་། །རུ་ཟློག་དྲག་པོས་གནད་ལ་དབབ། །གཞུག་ལ་དམ་ཚིག་བདར་ལ་བཞག །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལས་རྣམས་ལྐུགས་ན་བྱ་བ་ཡིན། །མི་འགྲོ་འགྲོ་བར་བྱ་བ་ཡིན། །མི་འགྲུབ་འགྲུབ་པར་བྱ་བ་རུང་། །དམ་ཚིག་བདག་པོས་རབ་ཏུ་གསུངས། །ཞེས་པ་ལྟར། བཤགས་པ་དང་སྔགས་སྡེབ་བྱ་དགོས་ཀྱང་། བྲིས་སྐུ་འཛུམ་པ་སོགས་དངོས་ཉམས་རྨི་ལམ་དུ་རྟགས་བཟང་པོ་མཐོང་ན། ཙནྡན་དམར་པོའི་བྱང་བུ་གཉིས་ལ་རབ་འབྲིང་ཐ་གསུམ་གྱི་རྫས་གང་རུང་གིས་གཅིག་ལ་སྐུ་དང་། གཅིག་ཤོས་ལ་གཟུགས་བྲིས་པའི་ཁོང་པ་རྒྱབ་ཏུ་ཡི་གེ་འགོད་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ལ་སོ་སོའི་རྫས་བྱུག་ཅིང་པྲ་རྩིས་མནན་པ་ཁ་སྦྱར་བ་དར་ཚོན་གྱིས་དམ་དུ་བཅིངས་ནས་རླངས་མི་འཆོར་བར་བྱ། རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་དུ་མཉྫིའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་དུ་བ་དམར་སེར་གྱི་འོ་མ་དང་ཆང་ལ་མན་ངག་ལས་བྱུང་བའི་རྫས་རྣམས་བཏབ་པ་ཧུབ་གང་ཙམ་དང་ལྷན་ཅིག་པར་བྱང་བུ་ཞལ་ཕྱོགས་མ་ལོག་པར་གཞུག །དེ་སྟེང་ཕོ་ཐོད་མཚན་ལྡན་གྱིས་བཀབ་ལ་དར་ཚོན་སྣ་ལྔས་དྲིལ། ཕོ་མོའི་ཐོད་པ་སོ་སོར་མ་རྙེད་ན་ཕོ་ཐོད་གཉིས་སྦྱར། གཟུངས་ཐག་དམར་པོ་བཏགས། དཀྱིལ་འཁོར་གྱི་མཐར་དངོས་གྲུབ་ཀྱི་རྫས་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་དང་ཚོགས་ཆས་བཟའ་བཅའ་བཏུང་བ་ཁ་ན་མ་ཐོ་བ་མེད་པ་ཅི་འཛོམ། ཚེ་གལ་ཐུན་གསུམ། གཞན་ཡང་བཀྲ་ཤིས་པའི་རྫས་དང་ཡོ་བྱད་སྣ་ཚོགས་པ་དང་མཆོད་གཏོར་ཐམས་ཅད་སྔར་བས་བཟང་བ་བཤམ་ལ། འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད། ཡན་གོང་ལྟར་ལ། བྱིན་རླབས་མ་ལུས་དངོས་གྲུབ་རྫས་ལ་ཐིམ། །ཞེས་ཚིག་དམིགས་ཅུང་ཟད་བསྒྱུར་ལ་གཟུངས་ཐག་ནས་བཟུང་སྟེ་ཡིག་འབྲུ་བཅུ་གཅིག་པ་གཉིད་སོགས་སྤངས་ཏེ་ཤིན་ཏུ་བརྩོན་པས་འབུམ་ཕྲག་གཅིག་ཐེངས་མ་ཐག་སྔགས་མཐར་དངོས་གྲུབ་བསྡུ་བའི་ཤམ་བུ་བཏགས་ལ་ཁྲི་ཕྲག་གཅིག །དམ་བསྲེ་དངོས་གྲུབ་བླང་བའི་སྔགས་བསྡེབས་སྟོང་ཙམ་བཟླས་ལ། ནམ་གུང་ཡོལ་ཙམ་ལ་ཚོགས་རྫས་རྣམས་བྱིན་གྱིས་བརླབས་ལ་འབུལ་བའི་བར་བྱས་ཏེ་རང་ཉིད་ཚོགས་ལ་ལོངས་མ་སྤྱད་པའི་སྔ་རོལ་དུ་ནམ་ཐོ་རངས་ལ་བབ་པའི་ཚེ། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་བསྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོས། །འཛབ་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅས་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ཅེས་ལན་གསུམ་དང་། ལྷ་ཡི་ལྷ་མཆོག་མ་དང་། བསྐལ་པ་དཔག་ཏུ་མེད་པའི་འདོད་གསོལ་ཡང་ལན་གསུམ་བྱས་རྗེས་དཀྱིལ་འཁོར་དབུས་ནས་ཐོད་པ་ཚུར་བླངས་ནས་དཔྲལ་བར་གཏུགས་ཏེ། དབང་ཆོག་བདུད་དཔུང་ཟིལ་གནོན་ལས་བྱུང་བ་ལྟར། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །གདོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། མགྲིན་པར་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཝཱ་ཀ༴ སྙིང་གར་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག ཐུགས་ཀྱི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཙིཏྟ༴ གནས་གསུམ་དུ་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །སརྦ་སིདྡྷི་ཕ་ལ༴ ཞེས་དབང་བླང་། དེ་ནས་ཐོད་པ་ཞལ་ཕྱེ་སྟེ་བླ་མ་དངོས་སུ་བཞུགས་ན་དང་མི་བཞུགས་ནའང་བླ་མ་ཡི་དམ་ལ་སྨན་མཆོད་གཞུང་བཞིན་བྱས་ནས། རང་ཉིད་ཀྱིས་ལོངས་སྤྱད་དངོས་གྲུབ་ཀྱི་རྫས་གཞན་རྣམས་ལ་ཡང་རོལ། ཚེ་སྒྲུབ་ཀྱི་ཁ་བསྒྱུར་བྱེད་པར་འདོད་ན་ཞལ་ལས་ཤེས། ལྷག་མ། ཆད་ཐོ། བརྟན་སྐྱོང་གཏང་། གཏང་རག་གི་མཆོད་པ་དང་ཡིག་བརྒྱ་བརྒྱའམ་ཉེར་གཅིག་གིས་ལྷག་ཆད་བསྐངས་རྗེས། ཡེ་ཤེས་པ་བྱང་བུ་ལ་བསྟིམ་པ་སོགས་མན་ངག་ལྟར་བྱ། ནམ་མ་ལངས་གོང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གཞུང་བཞིན་བསྡུའོ། །བཞི་པ་འཆི་བདག་བདུད་སྒྲུབ་ནི། ནམ་ལངས་སུ་ཉེ་བ་ན་བཅའ་གཞི་བསྙེན་པའི་སྐབས་ལྟར་བྱས་ལ། བདག་གི་ཐུགས་ཀའི་ཧཱུྃ་ཡ་ནག་པོར་བསྒྱུར་ཏེ་འོད་ཟེར་འཕྲོ་འདུ་་སོགས་ཞལ་ཤེས་བཞིན་བྱས་ནས་འབྲུ་བཅུ་གཅིག་པ་འབུམ་ཕྲག་གཅིག་བཟླས་པའི་ཐུན་མཚམས་སུ་ལས་གཤིན་ལྷ་བཅུ་བདུན་མ་དང་། དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་བྱེད། དེ་ལ་ཟླ་གསང་དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པ་ལས། བྱེ་བ་ཆིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་ནང་གི་ནི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །ཞེས་པ་ལྟར་བསྙེན་སྒྲུབ་བཞི་པོ་བསྒྲིགས་པས་གསང་སྔགས་བྱེ་བ་གཅིག་དང་ཆིག་འབུམ་འབྱུང་བ་གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ་ཟླ་བ་གཅིག །རྟགས་ཀྱི་བསྙེན་པ། དེ་ཉིད་ལས། བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ནི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་བྱུང་བ་དང་། །དངོས་གྲུབ་ལ་སོགས་བླང་བ་དང་། །དེ་ནས་དྲག་པོའི་ལས་སྦྱོར་འཇུག །ཅེས་གསུངས་སོ། །དེའང་དང་པོ་བསྙེན་པ་ནི་ལྷ་བསྙེན་པའི་རྩ་བ་སྟེ་ཕྲིན་ལས་འཁོར་ལོ་བསྐོར་བ་ལ་དབང་། མཆོག་གི་དངོས་གྲུབ་ཐོབ་པར་བྱེད། གཉིས་པ་ཉེ་བའི་བསྙེན་པས་ལྷ་དམ་ལ་འདུ་ཞིང་དམོད་མོ་ཉེ་བར་བསྙེན་པ་ཡིན། ཕྲིན་ལས་ཐུན་གྱི་ལས་ལ་དབང་། ཐུན་མོང་གི་དངོས་གྲུབ་གཙོ་བོར་ཐོབ། གསུམ་པ་སྒྲུབ་པ་ཆེན་པོས་ནི་ལྷ་གནད་ལ་དབབ་ཅིང་དམ་ལ་གདགས་པ་དང་ཕྱིས་མི་འགྱུར་བར་ཚེ་གཅིག་ལ་བསྙེན་པ་རྫོགས། སྒྲུབ་པ་གོང་མ་གཉིས་ཀྱི་དངོས་གྲུབ་བླང་པའང་ཡིན། ལས་རབ་འབྱམས་འགྲུབ་བོ། །བཞི་པ་འཆི་བདག་བདུད་སྒྲུབ་ཀྱིས་ནི་མཐར་བྱེད་དྲེགས་པའི་ཚོགས་དང་བཅས་པ་ལས་ལ་འཛུད་ཅིང་དྲག་པོའི་ཕྲིན་ལས་གཙོ་བོར་འགྲུབ་པ་ཡིན་ནོ། །དེ་རྣམས་ཀྱང་གཞིའི་ཆོས་ཉིད་དྲི་བཅས་ལམ་གྱི་ཆོས་ཉིད་རང་གསལ་བཏབ་པས་འབྲས་བུ་ཆོས་དབྱིངས་དྲི་བྲལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཆོག་གྲུབ་པ་ནི་ཆོས་ཉིད་དོ། །སྒྲུབ་པ་བཞི་པོ་ཐེངས་ནས་ཚོགས་འཁོར་སྐོང་བཤགས། གཏང་རག་གི་མཆོད་པ་རྣམས་རྒྱས་པར་བྱའོ། །གསུམ་པ་མཇུག་ལས་སྦྱོར་རྩ་བསྙེན་ནི། འཇམ་དཔལ་སྙན་བརྒྱུད་ཡང་ཏིག་གསང་བའི་མན་ངག་ལས། ཕྱི་ནང་གསང་བའི་གཤིན་རྗེ་བསྒྲུབ་འདོད་པས། །དུར་ཁྲོད་བས་མཐའ་འཇིགས་རུང་གཤིན་རྗེའི་གནས། །ངམ་ནག་རྩི་ཤིང་རྩུབ་ཅིང་བྲག་རི་མཐོ། །འབྲུབ་ཁུང་གྲུ་གསུམ་མདུན་དུ་ཡོད་པའི་སར། །ཕྱི་ནང་གསང་གསུམ་རྟེན་རྫས་བྱེ་བྲག་བཤམ། །ཤ་ཆེན་ཟ་ཞིང་ཐོད་ཆེན་ཕྲེང་བ་བཟུང་།་་་རཀྴ་ཡང་རུང་། ཞེས་གནམ་ས་གྲུ་གསུམ་སོགས་དྲག་པོའི་གནས་སུ་བཤད་པ་ཐོག་མ་ནས་ཡོད་ན་དང་། དེ་མིན་མཚམས་སྔ་ཕྱི་བར་ཆོད་ན་གནས་དེ་འདྲ་ཞིག་འཚོལ་བའི་དབང་དུ་མཛད་ནའང་། ད་ལྟ་དཀྱུས་གཅིག་ཏུ་བྱེད་པར་དེ་བཞིན་མ་གྲུབ་ཀྱང་བཏང་སྙོམས་སུ་བཞག །རྟེན་དང་མཆོད་རྫས་སོགས་སྔོན་ནས་ཡོད་བཞིན་པ་མུ་མཐུད་པས་གསར་སྒྱུར་མ་དགོས། པུ་རི་དཀར་པོ་ཐོག་མ་ནས་བཤམས་ཀྱང་འགལ་བ་མེད་མོད་སྤྱོད་ཡུལ་དོག་ན་སྐབས་འདིར་བཤམ། རེས་གཟའ་མིག་དམར་དང་དབོ་ལྟ་བུ་འཛོམ་པའི་སྟོབས་ལྡན་སྦྱོར་བར་མཆོག་ཏུ་ཤིས་ཤིང་། དུས་ཀྱང་དཀར་ཕྱོགས་དང་འགྲིག་ན་དང་མ་འགྲིག་ན་ནག་ཕྱོགས་ལའང་རུང་། གནས་ཁང་གིས་བཏུབ་ན་འདིར་མ་ཟད་གོང་ནས་ཁ་ལྷོར་བལྟས་པ་ཤིས། དོམ་གྱི་པགས་དམར་འདིང་བར་བཤད་པས་གདན་ལྟ་བུའི་ཚུལ་གྱི་དེ་སྟེང་གདན་དངོས་གཞི་འདིང་། སྨིན་མཚམས་དང་ལུས་ཀྱི་སུལ་རྣམས་སུ་ཐལ་ཆེན། མཁུར་ཚོས་དང་དཔྲལ་བར་ཁྲག་ཆེན། ལྐོག་མ་དང་བྲང་ལ་ཞག་ཆེན་མི་རུས་ཀྱི་རྒྱན་དང་མི་ལྤགས་སམ་རོ་ཆས་ཀྱི་བགོ་བ་སོགས་དུར་ཁྲོད་ཀྱི་ཆས་རྒྱན་ཅི་འཛོམ་ཐོག་མའི་ཐུན་འགོ་ཙམ་ལ་གང་འགྲུབ་དང་དེ་ནས་མོས་པ་བྱ་ཞིང་། སེང་ལྡེང་ངམ་བེ་ཤིང་གི་འཁར་བ་དང་རལ་པའི་ཅོད་པན་སོགས་དམ་ཚིག་གི་ཡོ་བྱད་རྣམས་འདུ་བྱས་ནས། ལས་བྱང་རྡོ་རྗེའི་ཐོག་མདའི་གཞུང་བསྲངས་པའི། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེང་གསུམ་གསལ་གདབ་པ་ཡན་དཀྱུས་ལྟར་བྱས་ནས། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཅེས་གཙོ་བོའི་འཛབ་བྱེ་བ་གཅིག་དང་ཆིག་འབུམ་མམ་འབུམ་ཕྲག་བརྒྱད་གང་རུང་། ཨོཾ་ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཨོཾ་གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཨོཾ་སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན། ཏྲིག་ནན་རྦད་ཡ། ཟློག་ཡ། ཧཱུྃ་ཕཊ། ཅེས་ཡུམ་སྲས་འཆི་བདག །སྲོག་བདག་དང་བཅས་པའི་སྔགས་ཡིན་པས་སོ་སོར་ཆིག་འབུམ་རེ་བཟླ་དགོས་པར་ཕྱི་མ་སྦས་ལྷ་གཉིས་ཀྱི་སྔགས་བསྡོམས་པས་ལྡབ་འཕར་བཟླ་དགོས་ཤིང་བསྙེན་པ་ཐུན་བཞིར་བཅད་དེ་བཟླས་པའི་སྐྱོན་དང་བྲལ་བར་བཟླ། ཐུན་བཞིར་གཏོར་མ་ཤ་ཟན་སྨན་རཀ་གིས་གསོས་ནས་དགུག་གཞུག་ལན་གསུམ་དང་རྟགས་གཏོར་ལྟར་བྱིན་གྱིས་བརླབས་གཙོ་འཁོར་ལྔའི་སྔགས་ཀྱིས་དབུལ། ཐབས་མཆོག་བདེ་ཆེན་མས་བསྟོད། ལྷ་ཡི་ལྷ་མཆོག་མ། བསྐལ་པ་དཔག་མེད་མ། མཁྱེན་བརྩེ་ནུས་མངའ་མ། ནམ་མཁའ་མེད་པར་སོགས་ཀྱི་སྨོན་ལམ་འདོད་གསོལ་བྱ། བཟླས་པ་ཐམས་ཅད་སྐྱོན་དང་བྲལ་བ་དགོས་པའང་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་ལས། མྱུར་བ་མ་ཡིན་བུལ་བ་མིན། །དེ་བཞིན་ཡི་གེ་འདྲེས་པ་མིན། །ཤིན་ཏུ་གསལ་ཞིང་དག་པར་སྨྲ། །ཞེས་དང་། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པར་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་ཐུག་མཚམས་སུ་བྱེད་དགོས་ཤིང་གོང་མ་རྣམས་ལའང་ཤེས་སོ། །བསྙེན་པ་ཐེངས་ནས་ཚོགས་འཁོར་བརྒྱའམ་ཉེར་གཅིག །གཏེར་སྲུང་མཆོད་པ་གཟབ་རྒྱས། བམ་བསྐང་། གཏང་རག་མཆོད་གཏོར་ཁ་གསོས་བསྔོས་ལ། ཆོས་སྐུ་ཞི་བ་མས་ཐོག་སྟེང་འབུལ། བཟོད་གསོལ། ཉེར་བསྡུ། བསྔོ་བ། སྨོན་ལམ། ཤིས་བརྗོད་རྣམས་ལས་བྱང་བཞིན་བྱ་ཞིང་། ནང་མཚམས་གྲོལ་ནས་ཧར་འདོན་མི་བྱེད་པ་མཚམས་སྤྱི་དང་འདྲ། དགུ་གསུམ་ལ་ཚོགས་དང་མཆོད་གཏོར་དབུལ་བ། རྒྱུན་བསྙེན་ནར་མར་བྱེད་པ་གལ་ཆེའོ། །དེ་ཡང་བསྙེན་ཅིང་སྒྲུབ་པའི་རྟགས་རགས་པ་ཙམ་ནི་ནང་རྟགས་སུ། སྐུ་གསུང་ཐུགས་གང་ལ་རྟག་པར་སེམས་ལྷང་ངེ་འདུག་པ་དང་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་སྣང་བ་གང་ཡང་མཐོང་བ་དང། ལུས་ཡོད་དུ་མི་ཚོར་ཞིང་དཀྱིལ་འཁོར་གྱི་རྩར་ལྷན་ནེ་འདུག་པ་དང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་རྟོག་མེད་ཀྱི་བདེ་བ་རང་ལ་འཆར་བ་སྟེ་བསྙེན་པ་རྫོགས་ཤིང་སེམས་ལས་སུ་རུང་བ་རྟགས་དང་པོའོ། །ཕྱི་རྟགས་སུ་སྐུ་གཟུགས་འགུལ་བའམ་བཞད་པའམ་སྟེང་ནས་ལུང་སྟོན་པའི་སྒྲ་ཐོས་པའམ་ལྷོ་ཕྱོགས་ནས་སྒོ་བྱེ་བ་སྙམ་བྱེད་པའམ། མདུན་གྱི་ནམ་མཁར་འོད་ཀྱི་ལྷའི་གཟུགས་བརྙན་འཆར་བའམ་འོད་དང་སྒྲ་དང་དྲི་ཞིམ་པ་དང་གཏོར་མ་དང་སྨན་རཀ་ཁོལ་བ་དང་། མཆོད་རྫས་དང་སྒྲུབ་རྫས་ལ་མེ་འབར་བ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་སྤྲུལ་ཏེ་གཏམ་ཟེར་བ་རྣམས་ནི་མངོན་རྟགས་སོ། །ཉམས་ཀྱི་རྟགས་ནི་ཉམས་མི་དགའ་ན་བདུད་ཀྱི་བར་ཆད་ཡིན་པས་ཉམས་བརྟག་གོ །རྨི་ལྟས་སུ། ཉི་མ་མང་པོ་ནམ་མཁའ་ལ་ཤར་བ་དང་ནམ་མཁའ་འོད་ཀྱིས་ཁེངས་པ་དང་ཟླ་བ་ཐང་ལ་ལྷུང་བ་དང་རྡོ་རྗེའི་སློབ་དཔོན་དང་རྟག་ཏུ་འཕྲད་ཅིང་འགྲོགས་པ་དང་དབང་བསྐུར་བ་དང་། མཆོད་རྟེན་ལ་འཛེགས་པ་དང་རི་ལ་འཛེགས་པ་དང་རྔ་བརྡུང་བ་དང་ཨ་ཙ་ར་མང་པོས་གཏམ་ཟེར་བ་དང་། མོན་པ་ནག་པོ་འཁོལ་བ་དང་བནྡེའི་ཚུལ་དུ་བྱུང་བ་དང་སྔགས་པ་མི་ནག་གཅེར་བུ་དར་ཐོགས་པ་དང་བུད་མེད་ནག་མོས་ཕྱག་བྱེད་པ་དང་། མ་དང་སྲིང་མོ་དང་མཛའ་མོས་འཚོ་བ་སྦྱོར་བ་དང་བྲག་ལ་མི་ལྷུང་བ་དང་ཆུ་ལ་མི་བྱིང་བ་དང་ནམ་མཁའ་ལ་འཕུར་བ་རྣམས་རྨིའོ། །རྟགས་འདི་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་ན་རབ། ཕྱེད་ཙམ་རྫོགས་པ་བྱུང་ན་འབྲིང་། འགའ་ཞིག་བྱུང་ན་མཐའ་མ་ཡིན་ནོ། །བསྙེན་པ་ཐེངས་དུས་རྟགས་རབ་འབྲིང་མཐའ་མ་གང་རྫོགས་ཀྱང་དངོས་གྲུབ་བླངས་ཏེ་ལས་ཀྱི་སྦྱོར་བ་བྱས་ན་གང་བྱས་ཀྱང་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །རྟགས་ཀྱི་ཡི་གེ་ཞལ་གྱི་གདམས་པའོ། །ཞེས་པ་རྣམས་ནི་གཤིན་རྗེ་ཁ་ཐུན་གྱི་ཊཱི་ཀ་ཕན་བྱེད་སྙིང་གི་ཉི་མ་དང་རྟགས་ཡིག་སོགས་ལས་བྱུང་བའོ། །དེ་ཡང་གོང་གི་བསྙེན་པའི་དུས་ཐམས་ཅད་དུ་གཤིན་རྗེ་ནག་པོའི་སྔགས་རྒྱུད་ནག་པོའི་བསྙེན་པའི་ལེའུ་ལས། མི་སྨྲ་གླལ་སྦྲིད་གཉིད་རྨུགས་དང་། །སྒྲ་ཆེན་སྒྲ་ཆུང་སྤངས་པ་དང་། །དྲག་ཐལ་རིང་ཐུང་རྫོགས་པ་དང་། །ཡིད་ལ་ཤུབ་བུར་བཟླས་པའི་ཐབས། །ཞེས་གསུངས་པ་ལྟར་བཟའ་བཏུང་དང་བཤང་གཅི་འདོར་བ་དང་། གཉིད་དང་གླལ་བ། སྦྲིད་པ། སྣབས། ལུད་པ། འོག་རླུང་ཤོར་བ་རྣམས་ཀྱི་སྐབས་བཟླས་པའི་སྔགས་དེ་དག་བཟླས་པའི་གྲངས་སུ་མི་བགྲང་། གཞན་ཡང་ཕྲེང་སྐོར་འཁོར་ནས་མདོ་འཛིན་རྩར་མ་སླེབས་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་པ་ལ་བཅུ། མཆིལ་སྣབས་ལུད་པ་སོགས་འདོར་ན་གཅིག །འོག་རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་རྩི་བར་སླར་ལྡོག་ལ་བགྲང་། བཟའ་བཏུང་བྱེད་བཞིན་པ་དང་བཤང་གཅི་འདོར་བཞིན་པར་སྔགས་བཟླ་བ་གཏན་ནས་སྤང་། བཟའ་བཏུང་བྱས་པ། གཉིད་དང་གླལ་སྒྲིག་སྦྲིད་བྱུང་བ། བཤང་གཅི་དང་མཆིལ་སྣབས་དོར་བ། འོག་རླུང་ཤོར་བ་རྣམས་ཀྱི་རྗེས་སུ་ཆབ་མ་བླངས་པར་སྔགས་ལ་མི་འཇུག །གློ་ལུ་བ་ནས་གཉིད་ཀྱི་བར་དྲུག་པོ་ལ་ཕྲེང་རྡོག་གྲངས་ངེས་ཅན་སླར་ལྡོག་པ་ནི་ཞི་བསྙེན་དང་ཟླ་གསང་གཞི་བསྙེན་གྱི་བསྙེན་པ་དང་ཉེ་བསྙེན་འཆི་བདག་བདུད་སྒྲུབ་ལས་སྦྱོར་རྩ་བསྙེན་རྣམས་ཀྱི་སྐབས་ཡིན་ལ། གཞི་བསྙེན་གྱི་སྒྲུབ་པ་ཆེན་པོའི་སྐབས་ནི་གླལ་བ་དང་སྦྲིད་པ་དང་གཉིད་དང་རྐང་ལག་བརྐྱང་བསྐུམ་རྣམས་ཡེ་མ་ཤོར་བ་དང་། འོག་རླུང་མཆིལ་སྣབས་གློ་ལུ་བ་རྣམས་བྱུང་ན་གོང་ལྟར་ཕྲེང་རྡོག་གྲངས་བཅད་སླར་ལྡོག་པར་བྱ་བ་འདིར་མ་ཟད་སྔགས་རྙིང་མའི་བསྙེན་སྒྲུབ་ཐམས་ཅད་ལ་དགོས་མི་དགོས་དཔྱད་དོ། །མཇུག་ཏུ་མཆོད་རྟེན་དཀར་ནག་ལ་བརྟེན་པའི་ལས་སྦྱོར་རམ་གཏོར་མ་ལ་བརྟེན་པའི་སྲུང་ཟློག་བྱ་ཞིང་ཁ་སྐོང་གི་སྦྱིན་སྲེག་ཁོ་བོས་བརྩམས་པའི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་ནས་ལྷ་སྔགས་འབྱིན་འཇུག་བྱས་པས་འགྲུབ་བོ། །ཟླ་གསང་རྒྱུད་སྡེའི་འོ་མའི་རྒྱ་མཚོ་ཆེར། །བརྒྱུད་པའི་གསུང་སྒྲོས་རི་བོ་བསྒྲིལ་བ་ལས། །བསྙེན་ཡིག་ས་སྲུང་རིན་ཆེན་རྒྱན་སྤྲས་ནས། །དངོས་གྲུབ་ཐང་ལ་ལྷོད་པོའི་འགྲོས་ཀྱིས་རྒྱུ། །ལྷ་སྲས་མཇིང་ཡོན་ཡང་སྲིད་འབྲིང་གུང་པའི། །ཞལ་གདམས་ཕབས་རྩིས་བྲན་པའི་ལེགས་བཤད་ཆང་། །བཏུངས་པས་ཅི་དགར་མྱོས་པའི་བསྙེན་ཡིག་གི །སྙན་པོའི་རྒྱང་གླུ་སྤོབས་མཐོའི་མགྲིན་ནས་བླངས། །དེ་ཕྱིར་ཆོས་འདི་མོས་ལྡན་དུ་མའི་རྣར། །ཆེས་མངར་རོ་བརྒྱ་བདའ་བའི་བཅུད་འཁྱིལ་མཐུས། །སྐྱེ་བར་འཇམ་དཔལ་རྡོ་རྗེས་རྗེས་བཟུང་སྟེ། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་ཉམས་སུ་བླང་བ་ལ་མེད་དུ་མི་རུང་བའི་གཞི་བསྙེན་དང་རྩ་བསྙེན་གྱི་ཡི་གེ་བཻ་ཌཱུརྻའི་དོ་ཤལ་ཞེས་བྱ་བ་འདི་ནི། གནུབས་ཀྱི་སྔགས་འཆང་ཟིལ་གནོན་རྡོ་རྗེས་བསྐུལ་བས་རྐྱེན་བྱས་ལམ་འདིར་མོས་པའི་སྣོད་ལྡན་མང་པོར་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། བསྙེན་སྒྲུབ་ཀྱི་མན་ངག་འདི་དག་དཔལ་འབྲི་གུང་པ་དབུར་སྨྱོན་ཆེན་པོའི་ཞལ་ལས་དངོས་སུ་ཐོས་ཤིང་སྔགས་འཆང་དཀོན་མཆོག་ལྷུན་འགྲུབ་ལ་ཡང་བསྐྱར་དུ་དཔྱད་པ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི། ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སྣོད་མིན་ལ་འཆལ་བར་མི་སྟོན་པའི་བཀའ་རྒྱ་ཡོད་པས་གཏེར་སྲུང་རྣམས་ཀྱིས་ཐུབ་པར་སྲུངས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱ། སརྦ་མངྒ་ལཾ།། །།

པདྨ་གསང་བའི་ཐིག་ལེ་ལས། རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་རྒྱུན་གསོལ་བསྟན་དགྲ་ཚར་གཅོད་ (Volume 63, Text 21)

པདྨ་གསང་བའི་ཐིག་ལེ་ལས། རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་རྒྱུན་གསོལ་བསྟན་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲ་བ་ཀཱ་ར་ཡེ། གཏོར་མ་སྐྱེམས་ཕུད་སོགས་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོའི་ཚོགས། །ཞི་ཆགས་ཁྲོ་བོའི་ཉམས་འགྱུར་གསུམ་དང་བཅས། །སངས་རྒྱས་བསྟན་པ་གཉན་པོ་སྲུང་སླད་དུ། །གནས་འདིར་སྤྱན་འདྲེན་མི་གཡོ་དགྱེས་པར་བཞུགས། །བྷྱོཿ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ། །མི་བསྲུན་དྲག་ཏུ་ཁྲོས་པ་ཨེ་ཀ་ཛཱཿ རིག་རྩལ་རོལ་པའི་ཁྲོ་རྒྱལ་རཱ་ཧུ་ལ། །ཟབ་མོའི་བསྟན་སྐྱོང་བཛྲ་སཱ་དྷུ་རྩལ། །སྦས་པའི་དཀོར་སྲུང་དུར་ཁྲོད་ངན་ནེ་མ། །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་ཆེ། །གཙོ་འཁོར་སྤྲུལ་པར་བཅས་པ་མ་ལུས་རྣམས། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་བཞེས་ཤིག །དམར་ཆེན་རཀྟའི་བཏུང་བ་འདི་བཞེས་ཤིག །ཤ་ཁྲག་རུས་པའི་ཞལ་ཟས་འདི་བཞེས་ཤིག །བ་ལིང་རྒྱན་གྱི་མཆོད་པ་འདི་བཞེས་ཤིག །མཆོད་པ་བཞེས་ལ་ཕྱི་ནང་གསང་བ་ཡི། །བར་ཆད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཟབ་གཏེར་བསྟན་པ་ཕྱོགས་དུས་ཀུན་ཏུ་སྤེལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མཆོད་གཏོར་གཙང་སར་གཤེགས། ཞེས་པའང་དགེ་འཕེལ་མཚན་ནས་བསྐུལ་བའི་ངོར་རྗེ་དྲུང་པས་བྲིས་པ་དགེ། །།

གཏེར་གསར་གུར་དྲག་གི་བསྙེན་ཡིག་ཉུང་གསལ་ (Volume 13, Text 21)

༄༅། །གཏེར་གསར་གུར་དྲག་གི་བསྙེན་ཡིག་ཉུང་གསལ་ཡོད། ། ཞི་ཁྲོ་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་། །མཁའ་ཁྱབ་འགྲོ་ལ་ཐུགས་རྗེས་ཁྲོས་པའི་གར། ཁྲག་འཐུང་ཐོད་ཕྲེང་རྩལ་དུ་ཡོངས་ཤར་བར། །གུས་པས་བདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །དེ་ཡང་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་མཐའ་དག་བསྡུ་ན་བསྙེན་སྒྲུབ་ལས་གསུམ་དུ་འདུ་བ་ལས་འདིར་བསྙེན་པའི་རིམ་པ་སྟོན་པ་སྟེ། དེ་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པའི་སར་ཕྱག་བདར་བྱས། རང་དང་ཁ་སྤྲོད་དུ་ཡོང་བའི་ཕུག་གི་ཞལ་ཤར་དུ་ཕྱོགས་པར་སྐུ་རྟེན་རབ་གནས་ཅན་བཀྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫི་སོགས་ཀྱི་སྟེགས་ལ་གུར་དྲག་རྩ་བའི་གཏོར་མ་རྒྱན་ལྡན། གཡས་གཡོན་དམའ་བའི་སར་ཆོས་སྲུང་སྤྱི་སྒོས་གཏེར་སྲུང་གི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་ཕྲེང་ཚར་དུ་བཤམ། དེ་དང་ཞལ་སྤྲོད་ཀྱི་སར་ས་དཀར་རམ་འབྲས་སོགས་ཀྱིས་གཡུ་དྲུང་ཆོས་སྐོར་དུ་བྲིས་པའི་ཁ་ལ་འབོལ་ལྟ་བུའི་སྟན་ནང་ཚངས་ཅན་འདིང་། མཚམས་གཡོག་ཀྱང་གཉིས་གསུམ་ཙམ་ཁྲོལ་ཅན་དུ་བྱེད། ལྷ་རྗེ་སོགས་ཀྱང་དམིགས་འོག་ཏུ་བཅུག །འཚོ་ཆས་ཀྱང་གནས་དེར་འཛོམ་ན་དང་། དེ་མིན་འདི་ནས་ལེན་དམིགས་ཁོང་དུ་ཆུད་པ་བྱེད། ཡི་གེ་དང་ཆས་ཀ་གཏོང་ལེན་བྱེད་པ་སོགས་རྣམ་གཡེང་རྣམས་རྒྱང་བསྲིང་། བསྙེན་པ་མ་གྲོལ་བར་ཐེམ་པ་མི་འདའ་བའི་དམ་འཆའ་བ་གལ་ཆེའོ། །དེ་ཡང་ཡར་ངོ་གང་རུང་གི་ཚེས་བཅུར་དབུ་འཛུགས་པ་ལས། ཉིན་དང་པོའི་དགོང་ཐུན་ལ་བབ་པ་ན་ཐོག་མར་དབང་དྲག་གི་བསྐྱེད་རིམ་སྐད་ཅིག་གིས་གསལ་བཏབ་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་རྗེས་ང་རྒྱལ་གསལ་བཞིན་པས་གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཕྱིར་བསྐྲད་རྗེས་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་བགེགས་དང་ཕྲལ་བའི་ཆོ་ག་བུང་བསྐྱེད་ནས་སྒོ་དྲུང་དུ་ཐོ་དཀར་པོ་ཞིག་བརྩིགས་རྒྱལ་ཆེན་བཞིར་མོས། གཏོར་མ་ཕུལ་ལ་བར་གཅོད་སྲུང་བའི་ཕྲིན་ལས་བཅོལ་ལ་ཤིས་པ་བརྗོད་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྔར་བཤམས་པའི་སྟན་ལ་འཁོད། ལས་བྱང་བཞིན་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ཚིག་ཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་བར་བྱས་ནས་ཕྲེང་བ་བྱིན་གྱིས་བརླབས། དེ་ནས་གཞུང་གི་ཛཔ྄་དམིགས་གསལ་གདབ། ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལངས་སྤྱོད་ལམ་ལ་འཇུག །དེ་ནས་སྲོད་ཐུན་སྔོན་འགྲོ་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ནས་གཏོར་བསྔོ་དང་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷ་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དང་པོ་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། བསམ་གཏན་གྱི་འདུག་སྟངས་ཀྱིས་ལེགས་པར་འདུག་ནས་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་། སྐྱབས་སེམས་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་གཞན་དགོས་པ་སོགས་བྱེད། གཉིས་པ་སྔ་ཐུན་ནི། སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞི་ཏིང་ངེ་འཛིན་གསུམ་ནས་བཟླས་པའི་བར་སྔར་དང་ཁྱད་མེད་མཆོད་པ་རྣམས་སྔགས་མཆོད་ཙམ་གྱིས་ཀྱང་རུང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། གསུམ་པ་དགོང་ཐུན་ནི་སྔར་གྱི་སྔ་ཐུན་དང་ཁྱད་མེད། བཞི་པ་སྲོད་ཐུན་ནི། གཞན་སྔར་བཞིན་ལས། བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་གང་དགོས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་འགོར་རྒྱས་པ་དང་། རྗེས་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག །དེ་ཡང་སྔགས་ཀྱི་དམིགས་པ་ནི། རང་ཉིད་དབང་དྲག་པདྨའི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་བཞིན་པ་ལ། ཁྱད་པར་གཙོ་བོའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་དཀར་དམར། རྡོ་རྗེ་དང་ཐོད་པ་འཛིན་པ། གསང་ཕོད། སྣམ་སྦྱར། མཉེན་ཞུ་སོགས་ཟ་ཧོར་མའི་ཆ་བྱད་ཅན་གྱི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་ཡིག་དམར་པོ་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཕྲེང་དམར་པོ་ཤིན་ཏུ་ཕྲ་བ་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཕྲོ་བར་བསམ། དེ་ལས་སྔགས་སྒྲ་སྒྲོག་བཞིན་པའི་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་མཆོད། མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བ་སོགས་ཕྲིན་ལས་དཔག་མེད་བསྒྲུབས་ནས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། དེ་ལས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་གསལ་སྣང་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲགས་སྟོང་གཞོམ་མེད་སྔགས་ཀྱི་རང་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་དིར་དིར་སྒྲོག་པའི་དམིགས་པ་དང་མ་བྲལ་བའི་ངང་ནས་ཐུན་བཞིའི་རིམ་པ་བཞིན་བཟླས་པ་བྱ་བ་ཤིན་ཏུ་གཅེས་སོ། །དེ་ལྟ་བུའི་རིམ་པས་ཨར་ཙིག་ནིར་ཙིག་ཁོ་ན་བཟླས་པས་མཚན་མ་ཐོབ་པའམ། མ་མཐའ་ཡང་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་རྗེས་དམིགས་པ་གཞན་སྔར་བཞིན་ལས། སྔགས་ཀྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ། སླར་ཡང་སྔགས་ཀྱི་འོད་ཟེར་མེའི་ཕྲེང་བ་ཚ་ཞིང་རྩུབ་ལ་དྲག་ཅིང་མྱུར་བ་གནམ་ལྕགས་ཀྱི་ཚྭ་ཚྭ་ལྟར་འུར་སྒྲ་དྲག་པོ་དང་བཅས་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་རྩྭ་སྦུར་མེས་བསྲེགས་པ་བཞིན་སྦྱངས་པའི་དྭངས་་མ། ཨ་ ཡ་ མ་ དུ་ རུ་ ཙ་ ཤ་ ན་ ཞེས་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨུ་ལ་བསྟིམས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་བསམས་ལ། སྔགས་འབྲུ་བཅུ་གསུམ་པ་རྟགས་མཐོང་གི་བར་དུ་སྔར་གྱི་སྔགས་ལ་སྦྲེལ་ནས་བཟླ་ཞིང་གྲངས་ནི་ཉུང་མཐའ་ཡང་ཁྲི་ཚོ་གཉིས་མེད་ཐབས་མེད། དེའི་རྗེས་སུ་དྭངས་མ་བསྡུ་སྐབས་ཡིག་འབྲུའི་རྣམ་པར་མི་བསྡུ་བ་ཙམ་མ་གཏོགས་གཞན་སྔར་གྱི་དམིགས་པ་དེ་ལྟ་བུས་སྤུ་གྲི་ཆིག་ཤུར་རྟགས་མཐོང་གི་བར་རམ་མ་མཐའ་ཡང་ཁྲི་ཚོ་གཅིག་བཟླའོ། །འཁོར་སྔགས་ཀྱི་ཚེ་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ལྷ་གང་ཡིན་དེ་ལ་ཕོག་པས་དེ་ཉིད་ཀྱི་ཐུགས་རྒྱུད་བསྐུལ་པས། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ནས་སླར་གཙོ་བོའི་སྐབས་བཞིན་དོན་གཉིས་བྱས། དྭངས་མའི་འོད་ཟེར་བདག་ལ་ཐིམ་པར་བསམ་ཞིང་ཆ་བགོས་ནས་བཟླ་སྟེ། དེ་ཡང་ཐུན་གཅིག་ལ་གཙོ་བོ་ལ་སྟོང་ཕྲག་གཅིག་སོང་ན། འཁོར་རྣམས་ལ་སོ་སོའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་འཁོར་རྣམས་ལ་ཁྲི་ཚོ་གཅིག་གི་གྲངས་ཚང་བར་བྱའོ། །དེ་ནས་ཡང་གསང་དྲིལ་སྒྲུབ་ནི། བདག་སྔར་བཞིན་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བ་ཉིད་ལས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཧཱུྃ་ཡིག་དམར་པོ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ལྟར་ཞལ་གྱི་སྒོ་ནས་ཐོགས་པ་མེད་པར་ཐལ་གྱིས་ཐོན་པའི་འོད་ཟེར་གྱིས་མ་དག་པའི་གཉིས་སྣང་བདེན་འཛིན་ཐམས་ཅད་སྦྱངས་ནས་འོད་གསལ་བར་བྱས། སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་དམར་པོ་ངར་སྒྲ་སྒྲོག་པས་མེར་མེར་གང་བར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་ཆ་གསུམ་དུ་བྱས་པའི་ཆ་གཅིག་ཏུ་བཟླའོ། །དེ་ནས་ཕྱི་རོལ་གྱི་ཧཱུྃ་རྣམས་རང་སྒྲ་སྒྲོག་བཞིན་པར་རང་གི་མགྲིན་པ་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མ་གྱུར་པའི་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་ཆ་སུམ་གཅིག་ཏུ་བཟླའོ། །དེ་ནས་སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་ཕྱིར་ཐོན་པའི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་ཏེ་དག་པར་བསམས་ནས་ཧཱུྃ་སུམ་སྦྲེལ་བཟླ། རྒྱས་པའི་ཚེ་ཧཱུྃ་འོད་གསེར་གྱི་ཁ་དོག་ལྟ་བུའི་སྤྲོ་བསྡུས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ཞིང་ཧཱུྃ་བཟླ། དབང་གི་ཚེ་ཧཱུྃ་འོད་དམར་པོ་ལྕགས་ཀྱུ་ལྟ་བུའི་སྤྲོ་བསྡུས་ཁམས་གསུམ་ཐམས་ཅད་དབང་དུ་བྱས་པར་བསམ་ཞིང་ཧཱུྃ་བཟླ། དྲག་པོའི་ཚེ་ཧཱུྃ་འོད་ནག་པོ་ཚ་ཞིང་རྩུབ་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམས་ནས་ཧཱུྃ་བཟླ། འདིར་ཕྲིན་ལས་བཞི་པོ་གང་འདོད་ཁོལ་བུར་ཤེས་པའི་ཕྱིར་བྱས་ཀྱི། བཞི་ཀ་ཕྲུགས་གཅིག་ཏུ་བྱེད་ན་ནི། ཧཱུྃ་ཁ་དོག་བཞི་ཀ་སྤྲོས་ཕྲིན་ལས་བཞི་སྒྲུབ་པར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་གཅིག་ཏུ་བཟླའོ། །དེ་ཐམས་ཅད་ལ་གཏེར་གཞུང་གི་ཛཔ྄་བསྐུལ་ཉིད་དམིགས་པ་གསལ་འདེབས་ཀྱི་ཕྱིར་བྱ་ཞིང་། ཐུན་རེ་ལ་ཡང་ཧཱུྃ་དམིགས་སུམ་སྐོར་ཚང་བར་བྱའོ། །སྤྱིར་ཐུན་ཐམས་ཅད་ཀྱི་རྗེས་ལ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་བཟླ་བ་ཡང་གལ་ཆེའོ། །གསུམ་པ་རྗེས་ནི། དེ་ལྟར་བསྙེན་པ་རྫོགས་ནས་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་། གཏོར་མ་ཡང་བདག་དང་ཞལ་སྤྲོད་ཀྱི་ཚུལ་གྱི་ལྷར་བསྒོམ། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་པ་ཡང་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་བཏང་ནས་བཟླས་པ་བྱ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་སྐོང་བ་དང་ཚོགས་མཆོད་ནས་བརྟན་སྐྱོང་གི་བར་བྱས་རྗེས། སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླ། དེ་ནས། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ ཞེས་པས་དངོས་གྲུབ་བསྐུལ་རྗེས། སྒྲུབ་གཏོར་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་གཏོར་མ་གནས་གསུམ་དུ་འཇོག་ཅིང་ལྷ་ཞུ་བའི་དམ་རྫས་བདུད་རྩིར་མོས་ནས་ལྕེར་མྱོང་ཞིང་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་བསམ་ལ་མཉམ་གཞག་བྱ། མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །སྲུང་ཟློག་བསད་པ་སོགས་ཀྱི་མཇུག་བསྡུ་སྤྲོ་ན་ནི་སྐབས་དེ་དང་དེར་ཤེས་ཤིང་མ་བྱས་ཀྱང་མི་འགལ། ཁ་སྐོང་ནི་ཞི་བའི་སྦྱིན་སྲེག་གང་འོས་ལ་ལྷ་སྔགས་འབྱིན་འཇུག་བྱས་ནས་བསྙེན་པའི་བཅུ་ཆའི་གྲངས་ཚང་བར་བྱའོ། །དེ་ནས་ཐོ་འགྲོལ་བ་སོགས་ནི་སྤྱི་ལྟར་ཤེས་སོ། །གཞན་ཡང་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བའི་གནད་མང་དུ་ཡོད་མོད། བསྙེན་ཡིག་སྤྱི་ལ་གོ་བ་ཆགས་པ་ཞིག་གི་དབང་དུ་བྱས་ནས་འདིར་ཁྱད་ཆོས་བྱེ་བྲག་པ་རྣམས་ཉུང་ངུར་བྲིས་པ་ཡིན་ནོ། །དེ་སྐད་སྨྲ་བ་འགྱུར་མེད་རྡོ་རྗེ་སྟེ། །ཆེ་འདོད་གྲགས་རྗེས་འབྲང་རྣམས་མི་མགུ་ཡང་། །དོན་སྤྱོད་སྙིང་ལ་འབབ་པའི་བདུད་རྩི་འདི། །ཟུར་སྟོན་གུ་རུ་རྡོ་རྗེའི་གསུང་ངོར་སྤེལ། །ཞེས་པའང་སྨྲས་སོ།། །།

ཕུད་ཀྱི་སྐོང་གི་ཆོ་ག་འདོད་དགུའི་ཆར་འབེབ་བདུད་རྩིའི་སྤྲིན་ཕུང་ (Volume 43, Text 21)

༄༅། །ཕུད་ཀྱི་སྐོང་གི་ཆོ་ག་འདོད་དགུའི་ཆར་འབེབ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ཛ་ཡནྟུ། ། ཨོཾ་སྭསྟི་སིདྡྷཾ། མི་འ༵གྱུར་བདེ་ཆེན་ཡེ་ཤེས་དངོས། །བླ་མེ༵ད་སྟོང་ཉིད་རྡོ༵་རྗེ༵ར་སྡོམ། །རྩ་གསུམ་རབ་འབྱམས་སྤྲིན་སྤྲོ་མཛད། །དེར་བཏུད་ཕུད་སྐོང་ཆོ་ག་བཤད། །འདི་ལ་དོན་ལྔ་སྟེ། བཅས་བཤམ་པ། བྱིན་གྱིས་བརླབ་པ། མགྲོན་འགུགས་པ། མཆོད་སྦྱིན་དབུལ་བ། ཆོས་ཀྱི་སྦྱིན་པ་གཏོང་ཞིང་བསྔོ་སྨོན་དང་གཤེགས་གསོལ་གྱིས་མཐའ་བརྟེན་པ་དང་བཅས་པའོ། །དང་པོ་བཅས་བཤམ་པ་ནི། རྒྱས་པར་མགྲོན་ཚན་སོ་སོའི་གཏོར་མ་རང་རང་གི་མཐུན་རྫས་ཀྱིས་བརྒྱན་པ་འགྲུབ་ན་ལེགས། མ་འགྲུབ་ན་སྟེགས་གཙང་མར་འབྲུ་སྣ་བྲེ་བཅུ་གསུམ་བཀྲམ་པའི་སྟེང་དུ། འབྲུ་ངར་མ་བཅག་པའི་བསང་ཕྱེ་གཙང་མ་ལ་ཆང་དང་མར་རྣམས་སྤོད་ཀྱིས་བྲན་པ་སྦྱར་བའི་སྟེང་། ཁྱད་པར་གྱི་རྫས་བདུད་རྩི་ཆོས་སྨན་གྱི་ཕབས་བཏབ་སྟེ་བརྫིས་པའི་ཟན་ལ། གསང་ཕྱི་ཟླུམ་པོ་ལྟོ་ལྡིར་བའི་རྣམ་པ་ཅན་རྩ་བར་མཐེབ་སྐྱུས་འབྲུམ་དུ་གཅེར་ཞིང་། དཀར་མོ་ལག་གཡས་དང་ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་པས་བརྒྱན་པའི་རྩེར་མདའ་རྒོད་སྒྲོ་མ་ལ་དར་སྣ་ལྔ་དང་རིན་པོ་ཆེ་བཏགས་པ་བཙུགས། དེའི་མདུན་དུ་རྒྱ་ཕོར། བསེ་ཕོར། གསེར་སྐྱོགས། དངུལ་སྐྱོགས་ཀྱི་སྣོད་མར་གྱི་ཟེ་པྲོག་གིས་བརྒྱན་པ་རྣམས་ཀྱི་ནང་དུ་སྨན་ཕབས་དང་གསེར་སྦྱར་བའི་ཆང་བཟང་པོས་བཀང་། གཞན་ཡང་རཀྟའི་ཞལ་བུ་དང་། ཕྱི་ནང་གི་མཆོད་པ་རྣམས་གཙང་ཞིང་མཁོ་དགུ་ཚང་བར་འདུ་བྱ་བའམ། དེ་ཙམ་མ་འབྱོར་ན་མགྲོན་རྣམས་དང་འཚམ་པའི་མཐེབ་སྐྱུ་དང་འབྲུ་སྣ་ཛ་གད་ཙམ་ལ་བརྟེན་པས་ཀྱང་རུང་བ་ཡིན་ནོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ །ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་ནས། རང་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་དམར་འཛིན་པ་འབར་བ་ཆེན་པོའི་གཟི་བརྗིད་ཅན་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་ཁྲོ་ཚོགས་མེ་མཚོན་དང་བཅས་པ་ཉི་ཟེར་གྱི་རྡུལ་ཕྲན་ལྟར་སྤྲོས་པས་བགེགས་ཐམས་ཅད་མཐར་བསྐྲད། རྫས་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར། དེའི་རང་མདངས་འགག་པ་མེད་པ་ལས་རྫས་རྣམས་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བ་ཆེན་པོའི་རོལ་མོ་རྣམ་པ་ཐམས་ཅད་པར་འཆར་བའི་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཐལ་མོ་ཁོང་སྟོང་གི་ཕྱག་རྒྱ་སྙིང་གར་བཅའ་ཞིང་། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས། རྫས་རྣམས་ཀྱི་མ་དག་པ་ཐམས་ཅད་སྦྱངས་ནས་སྟོང་པ་ཉིད་དུ་གྱུར། སོར་རྩེ་སྤྲད་ཅིང་སོར་ཚིགས་བཅག་པ་སྒྲོམ་བུའི་རྒྱ་དཔྲལ་བར་བཞག་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས། སོ་སོའི་མོས་པ་དང་མཐུན་པའི་རྫས་ཟད་མི་ཤེས་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར། མཐེ་བོང་བསྣོལ་ནས་ཐལ་མོ་གཉིས་ཕྱིར་བསྐྱེད་པ་ཁ་འགྲམ་གཉིས་སུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་བའི་སྔགས་རྒྱས། སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་སྨན་མཆོག་བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ་བར་གྱུར། གཡས་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་སྦྲེང་བ་སྙིང་ག་དང་གཡོན་མཆོག་སྦྱིན་བརྐྱང་བའི་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀེ་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ཤུགས་ལྡན་འོད་ཀྱི་སྔགས་རྒྱས། མགྲོན་རྣམས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར། གཡས་ཁུ་ཚུར་སྙིང་ག་དང་གཡོན་མཆོག་སྦྱིན་འདེགས་པའི་རྒྱ་བཅས་པ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱས། མགྲོན་རྣམས་ཀྱིས་རྒྱལ་ཕམ་མེད་པར་མཉམ་སྙོམ་དུ་ཐོབ་པར་གྱུར། ཐལ་མོ་ཁོང་སྟོང་ལས་སོར་མོ་རྣམས་ནང་དུ་བསྣོལ་ཅིང་རྟིང་པ་གཉིས་སྤྲད་པ་སྤྱི་བོར་བཅས་ལ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷཉྫྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དབང་སྒྱུར་འཁོར་ལོའི་སྔགས་རྒྱས། མགྲོན་རྣམས་བདག་གི་དབང་དུ་འདུས་ཏེ་ཅི་བསྒོ་བའི་ལས་སྒྲུབ་པར་གྱུར། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཅིང་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཁོར་འདས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་ཀྱང་བརྗོད་དོ། །གསུམ་པ་མགྲོན་དགུག་པ་ནི། སྤོས་བཏུལ་ཞིང་འདུན་པ་རྩེ་གཅིག་པས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི། །དམ་ཅན་རྒྱ་མཚོ་སྡེ་གསུམ་དྲེགས་པའི་ཚོགས། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་དང་། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་སྤྱན་དྲངས་པས་བྱོན་ཏེ། རང་རང་གི་གོ་འཕང་དང་འཚམ་པའི་སྟན་ལ་བཞུགས་པར་གྱུར། བཞི་པ་མཆོད་སྦྱིན་དབུལ་བ་ནི། སོ་སོའི་སྒོས་ཀྱི་གཏོར་མ་མཐུན་རྫས་དང་བཅས་པ་ཡོད་ན་དང་། མེད་ན་གསང་ཕྱི་ལས་གཅོད་པའམ། སྐྱུ་གུ་ཙམ་ལ་བསྡུས་ཀྱང་རུང་སྟེ་འབྲུ་བཟང་པོ་དང་བཅས་པ་རིན་པོ་ཆེའི་སྣོད་དུ་བླུགས་ནས་སྔར་བཤམས་པའི་ཕུད་ཀྱིས་བྲན་ལ་ཐོག་མར་སྤྱིར་མཆོད་པ་ནི། ཨོཾ་མཆོད་དོ། །ཕུད་ཐམས་ཅད་ཀྱི་མངའ་བདག་འཕགས་པ་དཀོན་མཆོག་གསུམ། དེའི་རང་བཞིན་བྱང་ཆུབ་ཀྱི་སེམས། དེ་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་བརྒྱུད་པ་དང་བཅས་པ། དེའི་ཕྱག་རྒྱ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཕྱོགས་བཅུ་དུས་གསུམ་གྱི་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར། དེའི་འཁོར་ན་གནས་པའི་ཕྱི་ནང་གི་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན་རྣམས་ལ། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་རིས་མེད་པའི་བསྟན་པ་སྤྱི་དང་། སྒོས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་བཤད་སྒྲུབ་ཀྱིས་མཐོ་ཞིང་སེམས་ཅན་གྱི་ཕན་བདེ་ཕྱོགས་བཅུར་རྒྱས་པ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བདུད་རྣམས་ཟིལ་གྱིས་གནོན་པ་དང་། སྲིད་གསུམ་དབང་དུ་བསྡུ་བ་དང་། དམ་ཅན་རྣམས་ལ་བཀའ་ནན་བསྩལ་བ་དང་། ཐུགས་དམ་བསྐུལ་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་རོལ་མོའི་སྒྲ་སྒྲོག་ཅིང་ཕུད་འཐོར་རོ། །དེ་ནས་བྱེ་བྲག་ཏུ་སོ་སོར་མཆོད་པ་ནི། ཧོཿ ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས། འཁོར་བ་དང་མྱ་ངན་འདས་པ་ཀུན་གྱི་སྔོན་རོལ་དུ་མངོན་པར་བྱང་ཆུབ་སྟེ། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ལ་སོགས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་བརྡས་བརྒྱུད་པ། གང་ཟག་སྙན་ཁུངས་བརྒྱུད་པ་སྟེ། དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧གཏེར་བདག་གླིང་པ་ཡབ་སྲས་ཀྱི་བར་དུ་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ། རྫོགས་པ་ཆེན་པོ་སྡེ་གསུམ། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། སྒྲུབ་པ་ཆེན་པོ་སྡེ་བརྒྱད་སོགས་རྒྱུད་སྡེ་བཞིའམ་དྲུག་གི་དབང་བསྐུར་རྒྱུད་བཤད་མན་ངག་སྦྱིན་པའི་བླ་མ་དམ་པ་རྣམས་དང་། གཞན་ཡང་སྤྱིའི་བླ་མ། འདྲེན་པའི་བླ་མ། དམ་ཚིག་དབང་གི་བླ་མ། ཉམས་ཆག་སྐོང་བའི་བླ་མ། ཤེས་རྒྱུད་འགྲོལ་བའི་བླ་མ། མན་ངག་ལུང་གི་བླ་མ་དམ་པ་ཐམས་ཅད་ལ་དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ། གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧོཿ ཆོས་སྐུ་ནམ་མཁའ་ལྟ་བུར་རོ་གཅིག་ཀྱང་། གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རོལ་པར་སྣང་བ་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་དང་། ཁྱད་པར་བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ལ་སོགས་ཏེ་རྒྱུད་སྡེ་བཞི་དང་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་འབྱོར་པ་ཆེན་པོ་ལྷུན་གྱིས་རྫོགས་པས་ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་སྐུ་དང་ཡེ་ཤེས་ཀྱི་མངའ་ཐང་ཆེན་པོས་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། གཞན་ཡང་བདུད་རྣམས་ཟིལ་གྱིས་གནོན་པ་དང་། སྲིད་གསུམ་དབང་དུ་བསྡུ་བ་དང་། དམ་ཅན་རྣམས་ལ་བཀའ་ནན་བསྩལ་བ་དང་། ཐུགས་དམ་བསྐུལ་བའི་ཕྲིན་ལས་མཛད་དུ་གསོལ། ཧོཿ འོད་གསལ་ཆོས་ཀྱི་དབྱིངས་ཀྱི་མཁའ་ལ། རང་རིག་པའི་ཡེ་ཤེས་འགྲོ་བ། དབྱིངས་རིག་ཟུང་དུ་འཇུག་པའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་སོགས་ཏེ། དཀར་མོ་སྐུ །དམར་མོ་གསུང་། ནག་མོ་ཐུགས། སེར་མོ་ཡོན་ཏན། སྔོན་མོ་ཕྲིན་ལས། ཁྲ་མོ་རིགས་འདུས་མ། དོན་གྲུབ་མ། ལྷ་གསུམ་དབུ་བཅད་མ། རྡོ་རྗེ་ཁྲོས་མ་ནག་མོ་ལ་སོགས་ཡེ་ཤེས་ལྔ་ལས་གྲུབ་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རིགས་ལྔ་དང་། གཞན་ཡང་ས་ལ་གནས་པ་དང་། ཤ་ཟ་ལས་ཀྱི་མཁའ་འགྲོ་སོགས་ཞིང་སྐྱེས་སྔགས་སྐྱེས་ལྷན་ཅིག་སྐྱེས་མས་བསྡུས་པ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྟོགས་ཤིང་མཁའ་ལ་སྤྱོད་པའི་གནས་སུ་བདེ་བར་འཁྲིད་པ་དང་། སེམས་ཉིད་ལྷན་སྐྱེས་ཀྱི་ཡེ་ཤེས་རྙེད་ནས་རྡོ་རྗེའི་ལུས་ཐོབ་ཅིང་ཆོས་རྣམས་རོ་གཅིག་བསམ་མི་ཁྱབ་ཀྱི་གནས་ཐོབ་ནས་རིགས་དང་ཚོགས་ཀྱི་སྤྱོད་པས། སེམས་ཅན་ཐམས་ཅད་སྒྲོལ་ནུས་ཤིང་། ཕྲིན་ལས་བཞི་ལ་དབང་འབྱོར་བས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཧོཿ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། ནག་པོ་དགྲ་འདུལ། ལྷ་མིན་གཡུལ་ཟློག །ལྷ་དམག་གི་སྡེ་དཔོན། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ། ལས་ཀྱི་མགོན་པོ། ཁྲོ་ཆེན་བཛྲ་ཀིངྐ་ར། གནོད་སྦྱིན་ཟངས་མདོག །སྲིན་པོ་གཟའ་བདུད། འདོད་ཁམས་བདག་མོ་རེ་མ་ཏི་སོགས་སླས་དང་བྱི་མོ་བྲན་མོ་དང་འདུས་པ་ཆེན་པོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ།  དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཐུགས་དམ་གཉན་པོ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་གནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་དཔུང་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། སྤྱི་དང་ཁྱད་པར་གྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཧོཿ དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་གི་མཚན་ཅན། ཁྲག་འཐུང་གི་རྒྱལ་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། ཡུམ་མཆོག་ཙཎྜི་དབང་ཕྱུག་མ། ལས་མགོན་བྱ་རོག་གདོང་ཅན། ཤ་ཟ་འབར་མ་ནག་མོ། འཇིགས་བྱེད་སེང་གེའི་གདོང་ཅན། ཤ་ཟ་གཟའ་བདུད་ནག་པོ། ཤར་ཕྱོགས་སྒྲོལ་གིང་ཚངས་པ་དཀར་པོ། ལྷོ་ཕྱོགས་སྒྲོལ་གིང་གཤིན་རྗེ་དམར་པོ། ནུབ་ཕྱོགས་སྒྲོལ་གིང་བཙན་གྱི་རྒྱལ་པོ། བྱང་ཕྱོགས་སྒྲོལ་གིང་གནོད་སྦྱིན་ལྕགས་ཀྱི་བེར་ག་ཅན། ལས་བྱེད་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི་སོགས་འཁོར་ཚོགས་སྡེ་དཔུང་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ་རྒྱན་ལྡན༴ སོགས་འགྲེའོ། །ཧོཿ དཔལ་ཡེ་ཤེས་ཀྱི་མགོན་པོ་འཆོལ་བའི་ཁྲོ་རྒྱལ་ཆིག་ཤུར་མ་ནིང་ནག་པོ། མ་གཅིག་ལྷ་མོ་དཔལ་འབར་མ། ལས་མགོན་སྲོག་བདུད་ནག་པོ། སྐུའི་མགོན་པོ་སྟག་ཞོན། གསུང་གི་མགོན་པོ་བིང་། ཐུགས་ཀྱི་མགོན་པོ་གྲི་གུག །ཡོན་ཏན་གྱི་མགོན་པོ་སེང་ཞོན། ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད། སྲིང་གཅིག་འདོད་ཁམས་དབང་ཕྱུག །རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། བདུད་འདུལ་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ དཔལ་མགོན་ནག་པོ་ཆེན་པོ་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་དྲེགས་པ་ཀུན་འདུལ། ཡུམ་རེ་མ་ཏི། སྲས་མ་རུ་རྩེ། ཌཱ་ཀི་མ་བཞི། ཀླུ་བདུད་ནཱ་ག་རཀྴ། གཤིན་རྗེ་ཡ་མ་རཱ་ཛ། གཟའ་བདུད་རཱ་ཧུ་ལ། ཤ་ཟ་སྲིན་པོ་སོགས་བཀའ་སྡོད་དྲེགས་པའི་དམག་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ། སྨུག་ནག་ཁྲོས་མའི་རྒྱལ་མོ་རག་གདོང་མ། སྤྲུལ་པའི་མ་མོ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཞྭའི་མགོན་པོ་གྲི་ཐོད་ཅན་ལྕམ་དྲལ། བཤན་པ་སྲོག་སྒྲུབ་ནག་མོ་འཁོར་གདོང་ཅན་གསུམ་སོགས་ཤ་ཟ་དང་མ་མོ་འབུམ། གཟའ་བདུད་རཱ་ཧུ་ལ་གཟའ་བརྒྱད་གདོང་མོ་བཞི། རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་འཁོར་དང་བཅས་པ། སྒྲོལ་གིང་གཟའ་རྒོད་བཤན་པ་དམར་ནག །ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་དང་བཅས་པ། སྐྱེས་མཆོག་དགྲ་བླའི་རྒྱལ་པོ་རྡོ་རྗེ་ལེགས་པ། འཁོར་གིང་ཆེན་སྡེ་བཞི། དགེ་བསྙེན་སུམ་བརྒྱ་དྲུག་ཅུ། བརྟན་མ་ཟ་བྱེད་མཆེ་བ་ཅན་སོགས་སྡེ་བདུན་དཔུང་ཚོགས་ཕོ་ཉར་བཅས་པ་རྣམས་དང་། འབར་བའི་གདོང་ཅན། མཁའ་ལ་གཤེགས་མ། མཁའ་སྤྱོད་མ་སྟེ་གཙོ་མོ་གསུམ་གཡོག་གདོང་ཅན་མ་གསུམ་དང་བཅས་པ། གཏེར་སྲུང་དགེ་བསྙེན་ལྡང་ལྷ། བཙན་རྒོད་བྱ་ར་བ་སྟོང་གི་འཁོར་དང་བཅས་ཏེ། བཀའ་རྫོགས་པ་ཆེན་པོའི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ ལྷ་ཆེན་གུ་ལང་ཆེན་པོ་དབང་ཕྱུག་ཤྲཱི་རལ་པ་ཅན། ཡུམ་ཨུ་མ་དེ་ཝཱི། གསང་བའི་མ་མོ་བཞི། ཚངས་པ་དང་འདོད་ལྷ་དབང་པོ་སོགས་ཁམས་གསུམ་གྱི་དྲེགས་པའི་དཔུང་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ དམ་ཅན་གཟའི་དགེ་བསྙེན་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། མཐུ་ཆེན་ཀླུ་སྲིང་ཡབ་ཡུམ་སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད། སྲིང་མོ་གདོང་མོ་བཞི། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་སྲིད་གསུམ་འབྱུང་པོའི་འཁོར་དཔག་ཏུ་མེད་པའི་ཚོགས་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ ཆོས་སྐྱོང་གི་རྒྱལ་པོ་ཆེན་པོ་གནོད་སྦྱིན་གྱི་སྡེ་དཔོན་རྣམ་ཐོས་སྲས། བཙུན་མོ་བཞི། སྲས་བཞི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། ལྷ་སྲིན་སྡེ་བརྒྱད། གནོད་སྦྱིན་བྱེ་བ་སོགས་ལས་བྱེད་ཕོ་ཉའི་སྡེ་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ མ་གཅིག་སྲིད་པ་གསུམ་གྱི་མངའ་བདག །དཀོར་སྲུང་ཞིང་སྐྱོང་ཆེན་མོ་ངན་ནེ་མ། འཁོར་གྱི་མ་མོ་བཞི། ཡབ་ཡུམ་གཉིས་དང་ལྕམ་དྲལ་བརྒྱད། གནས་གསུམ་གྱི་མ་མོ་མཁའ་འགྲོ། དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ། ལས་བྱེད་ཤ་ཟ་འབུམ་སྡེ། སྤྲུལ་པའི་ཤྭ་ན་ཝ་སྤྱང་དྲེད་མོ་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་པ་ཅན། ཡུམ་བདུད་མོ་དམར་ནག །ལས་བྱེད་དུས་མཚན་ཕོ་མོ། བཀའ་ཉན་དྲེགས་པ་སྡེ་བརྒྱད་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ དབང་ཕྱུག་མ་ཧཱ་དེ་ཝ་ལ་སོགས་ཏེ་དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ། འཆི་བདག་གཤིན་རྗེ་ནག་པོ་ལ་སོགས་ཏེ་དྲག་སྔགས་དམོད་པའི་སྔགས་བདག་དྲེགས་པ་བཅོ་བརྒྱད། ཤྭ་ན་མ་མཆེད་བཞི། བདག་ཉིད་ཆེན་མོ་རེ་མ་ཏི་མཆེད་བཞི། ས་བདག་བསེ་མོ་མཆེད་བཞི། གྱད་ཆེན་གིང་བཞི་མ་སྲིང་འབར་མ་ལ་སོགས་ཏེ་ཕུར་སྲུང་དམ་ཅན་རྣམས་སོ་སོའི་འཁོར་ཚོགས་སྡེ་དཔུང་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ༴ སོགས་འགྲེ། ཧོཿ གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་བཀའ་དང་དམ་ལ་གནས་པའི་ཟབ་མོ་གཏེར་གྱི་སྲུང་མ། མཚོ་ལྷ་སྨན་བཙུན་མཆེད་ལྔ། དགྲ་བླའི་རྒྱལ་པོ་དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། འཁོར་ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཅུ་གཉིས། ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་ཟ་བྱེད་མཆེ་བ་ཅན་སོགས་སྒྲོལ་གིང་བྱེ་བའི་ཚོགས་དང་བཅས་པ། བཙན་རྒོད་ཆེན་པོ་འབར་བ་སྤུན་བདུན། ཕྱི་ནང་གསང་བའི་སྤྲུལ་པ་གསུམ་སོགས་འཁོར་ཚོགས་རྒྱ་མཚོས་བསྐོར་བ། ཆོས་འཁོར་སྐྱོང་བའི་སྲུང་མ་དགྲ་བླ་ཆེན་པོ་རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ། དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན། ཤར་ཕྱོགས་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ། ལྷོ་ཕྱོགས་ཡོན་ཏན་གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། ནུབ་ཕྱོགས་གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག །བྱང་ཕྱོགས་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དགྲ་བླ་ཆེན་པོ། སྤྲུལ་པ་ལྔ། ཡུམ་ལྔ། བློན་པོ་ལྔ། ནང་བློན་ཤ་འགྲོལ་ཁྱི་འགྲོལ། ཁོལ་པོ་འཛིན་གཏོང་། རུ་འདྲེན་སྡེ་བཞི། སྐྱོ་བསང་གར་མཁན་སོགས་དྲེགས་པའི་དཔུང་དང་བཅས་པ། བཙན་རྒོད་རོལ་པ་རྐྱ་བདུན་དྲེགས་པ་སྡེ་བརྒྱད་ཀྱི་སྡོང་ཟླ་དང་བཅས་པ། སྲོག་བདག་བདུད་ཀྱི་རྒྱལ་པོ་འཁོར་བདུད་དམག་འབུམ་གྱིས་བསྐོར་བ། བཙན་རྗེ་ཡམ་ཤུད་དམར་པོ་འཁོར་བཙན་དམག་སྟོང་སྡེས་བསྐོར་བ། ཀླུ་བདུད་ནག་པོ་འཁོར་ཀླུ་བདུད་འབུམ་དང་ཕོ་ཉ་སྦལ་སྦྲུལ་སྡོམ་སྡིག་དང་བཅས་པ་ལ་སོགས་ཏེ། ཟབ་གཏེར་གྱི་སྲུང་མར་ཞལ་གྱིས་བཞེས་པའི་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ། གསེར་སྐྱེམས་ཀྱི་དམ་ཚིག་གིས་བརྒྱན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་མཉེས་ཤིང་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །ཁྱེད་རྣམས་ཀྱི་མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་བཀའ་དང་བསྟན་པ་གཉན་པོ་སྲུངས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ནད་དང་གདོན་བགེགས་ཐམས་ཅད་ལས་སྐྱོབ་ཅིང་། སྡང་བྱེད་དགྲ་བགེགས་ཐམས་ཅད་བསྒྲལ་བ་དང་། སྤྱི་དང་ཁྱད་པར་གྱི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཧོཿ གཞན་ཡང་འཇིག་རྟེན་སྐྱོང་བའི་སྲུང་མ་མཐུ་བོ་ཆེ། དཔལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ཕྱོགས་སྐྱོང་བ་བཅུ། ཡུལ་འཁོར་སྲུང་ལ་སོགས་ཏེ་རྒྱལ་པོ་ཆེན་པོ་བཞི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད། སྨིན་དྲུག་དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ནོར་རྒྱས་དང་པདྨ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ལ་སོགས་ཏེ་འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། གནོད་སྦྱིན་གྱི་སྡེ་དཔོན་པཉྩི་ཀ་དང་། བཙུན་མོ་དཔལ་ལྡན་ཧ་རི་ཀ་དང་། སྲས་འཕྲོག་མའི་བུ་ལྔ་བརྒྱ་སོགས་རྡོ་རྗེའི་རིགས་ཀྱི་སྲུང་མ་ཐུགས་དམ་ཅན་གཙང་མར་གནས་པ་བསྟན་པ་ལ་དད་པའི་འབྱུང་པོ་མཐུ་སྟོབས་ཅན་འཁོར་དང་བཅས་པ་ཐམས་ཅད་ལ། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་མཉེས་ཤིང་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །ཁྱེད་རྣམས་ཀྱི་མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་དང་གདོན་བགེགས་རྣམས་ཕྱིར་བཟློག་ཅིང་། སྡང་བྱེད་དགྲ་བགེགས་ཐམས་ཅད་བསྒྲལ་བ་དང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཧོཿ གཞན་ཡང་དཔལ་གྱི་འཁོར་ན་གནས་པའི་སྲུང་མར་གྱུར་པ། མིའི་སྲིན་མོ་དང་ཚངས་མ་སོགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་དང་། སྲིན་མོ་ལྔ་སོགས་རིག་པའི་རྒྱལ་མོ་རྣམས་དང་། ཁྱད་པར་རིགས་ལྔའི་ཧེ་རུ་ཀ་འབར་བའི་དཀྱིལ་འཁོར་དུ་དབང་ཕྱུག་ཚོགས་ཀྱིས་བཀའ་ཉན་པར་ཞལ་གྱིས་བཞེས་ཤིང་བསྐོས་པ་རྣམས་དང་། རྡོ་རྗེ་དགའ་བྱེད་དང་འདྲེན་བྱེད་སོགས་མཁའ་འགྲོ་སུམ་ཅུ་སོ་གཉིས། རྡོ་རྗེ་ལངྐའི་སྲིང་མོ་བཞི་དང་བཅས་པ། རྡོ་རྗེ་གདོན་མི་ཟ་བའི་ཚོགས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པ་པོའི་བྲན་དུ་ཞལ་གྱིས་བཞེས་ཤིང་བསྐོས་པ་རྣམས་དང་། ཁྲོ་བོ་བཛྲ་ཀིངྐ་ར་ལ་སོགས་ཏེ་ཀིང་ཆེན་པོ་བཅོ་བརྒྱད། འཛིན་གིང་བཞི་བཅུ་རྩ་གཉིས་སོགས་ཅི་བགྱི་དང་བཀའ་ཉན་དུ་གྱུར་པ། ཁྱད་པར་དུ་ཡང་དཔལ་གཤིན་རྗེ་གཤེད་པོས་འདུལ་བའི་དཀྱིལ་འཁོར་དུ་གདུག་པ་ཅན་བསྒྲལ་བར་ཞལ་གྱིས་བཞེས་ཤིང་ཕྲིན་ལས་སུ་བསྐོས་པ་ཐམས་ཅད་དང་། བདག་ཉིད་ཆེན་མོ་གར་གྱི་དབང་ཕྱུག་སོགས་མ་མོ་ཆེན་མོ་བདུན། སྲིང་མོ་ཆེན་མོ་བཞི། མིང་པོ་གསུམ་དང་བཅས་པ། འབར་མ་ཆེན་མོ་བརྒྱད་ལ་སོགས་ཏེ་མ་མོའི་ཚོགས་སུ་བསྡུས་པ། སྲུང་མ་གཙོར་ལེན་དཀར་མོའི་ཚོགས། གསོད་པ་གཙོར་ལེན་ནག་མོའི་ཚོགས། ཆད་པ་གཙོར་ལེན་སྨུག་མོའི་ཚོགས། ནད་གཏོང་གཙོར་ལེན་སེར་མོའི་ཚོགས། ཟ་བྱེད་གཙོར་ལེན་དམར་མོའི་ཚོགས་སུ་བསྡུས་པ། ཚོགས་སྔ་ཕྱིའི་ཀིང་ཆེན་པོ་ལྔ་དང་བཅས་པ། དཔལ་ཆེན་པོ་ཆེ་མཆོག་དབང་གི་རྒྱལ་པོ་དང་། པདྨ་དབང་གི་རྒྱལ་པོའི་ཤེས་རབ་སྦྱོར་བའི་དཀྱིལ་འཁོར་དུ་གདན་དུ་སྦྱོར་ཞིང་བྲན་མོར་འཁོལ་བ། ཡེ་ཤེས་དང་ལས་ལ་སྤྲུལ་པར་བསྟན་པ། རྗེ་མོ་སྨན་མོའི་ཚུལ་འཛིན་པ། ཉ་ཤི་དུས་དྲུག་གི་མཆོད་པའི་མངའ་བདག་མཛད་ཅིང་དབེན་པའི་སྲུང་མ་མཛད་པ་ཐམས་ཅད་དང་། མགོ་བརྒྱ་ལག་བརྒྱ་མ་ལ་སོགས་ཏེ་ཕོ་ཉ་དྲུག་ཅུ་རྩ་བཞི། ལས་བྱེད་ཉི་ཤུ་རྩ་བཞི། རྡོ་རྗེ་ལངྐའི་ཚོགས་དང་བཅས་པ། ཁྱད་པར་དུ་དཔལ་ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཕོ་ཉ་དང་ལས་བྱེད་དུ་མངགས་པ་ཐམས་ཅད་ལ། རང་རང་གི་མཐུན་རྫས་ཀྱིས་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་མཉེས་ཤིང་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །ཁྱེད་རྣམས་ཀྱི་མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་བདག་ཅག་རྣམས་ནད་དང་གདོན་བགེགས་ཐམས་ཅད་ལས་བསྲུང་ཞིང་། སྡང་བྱེད་དགྲ་བགེགས་ཐམས་ཅད་སྒྲོལ་བའི་ཕྲིན་ལས་མཛད་དུ་གསོལ། ཧོཿ གཞན་ཡང་ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་བ་རྟག་ཅིང་ཆགས་པ་ལ་སོགས་པའི་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཐམས་ཅད་དང་། ཁྱད་པར་ནག་མོ་བཞིན་མི་སྡུག་གི་བུ་མོ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་ཏེ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲག་འཛག་མའི་བུ་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་ཏེ་གནོད་སྦྱིན་ཆེན་མོ་བཞི་དང་། དཀར་ཤམ་བཞིན་བཟང་མའི་བུ་མོ་ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་བ་སོགས་སྨན་བཙུན་ཆེན་མོ་བཞི་སྟེ་བོད་སྐྱོང་བརྟན་མ་བཅུ་གཉིས་རང་རང་གི་འཁོར་དང་བཅས་པ། གཞན་ཡང་བོད་ཁམས་སྐྱོང་བའི་ཕྱྭ་ཧེ་ལྡེ་དང་པོ་ལ་སོགས་ཏེ་ཕྱྭ་དམུ་ལྷའི་རིགས་དང་། སྲིན་སྐྱ་རེངས་ཁྲག་མིག་མ་སོགས་བདུད་དང་སྲིན་པོའི་མངའ་རིས་ལས་མིའི་མགོན་སྐྱབས་སུ་གྱུར་པ་ཐམས་ཅད་དང་། བདུད་དང་སྲིན་པོའི་མངའ་རིས་ལས་མིའི་ཡུལ་གཡུང་དྲུང་དུ་བྱིན་གྱིས་བརླབས་པའི་ལྷ་མ་སངས་སྤུན་དགུ་སྲིང་སྨན་དང་བཅས་པ། རྐྱ་པ་དམག་དང་བཅས་པ་ཐམས་ཅད་དང་། གནོད་སྦྱིན་རིགས་ལས་མིའི་མགོན་སྐྱབས་སུ་གྱུར་པ་སྐུ་ལ་མཁའ་རི་དང་། ཡར་ལྷ་ཤམ་པོ་དང་། ཐང་ལྷ་ལ་སོགས་པ་བར་ཁམས་གསུམ་སྲུང་བར་མཛད་པ་རྣམས་དང་། སྐུ་ལ་གེ་གོང་ལ་སོགས་ཏེ་སྟོད་ཁམས་གསུམ་སྲུང་བར་མཛད་པ་རྣམས་དང་། རྨ་ཆེན་སྤོམ་ར་ལ་སོགས་ཏེ་སྨད་ཁམས་གསུམ་སྲུང་བར་མཛད་པ་རྣམས་དང་། དགེ་བསྙེན་རྡོ་རྗེ་ལེགས་པ་ལ་སོགས་ཏེ་དགེ་བསྙེན་ཉི་ཤུ་རྩ་གཅིག་ཏུ་གཏོགས་པ་བོད་ཁམས་སྲུང་བའི་ལྷར་བཞུགས་སོ་ཅོག་ཐམས་ཅད་དང་། གནོད་སྦྱིན་མོའི་རིགས་ལས་མིའི་མགོན་སྐྱབས་སུ་གྱུར་པ་ལྷོའི་སྐྱི་མཐིང་མ་སོགས་ཏེ་བར་ཁམས་སྲུང་བ་དང་། ཞང་ཞུང་གི་ལྷ་དགྲ་བླའི་རྒྱལ་པོ་མུ་ཙ་མེད་ལ་སོགས་ཏེ་སྟོད་ཁམས་སྲུང་བ་དང་། གཡུའི་དྲིལ་བུ་ལ་སོགས་ཏེ་སྨད་ཁམས་གསུམ་སྲུང་བར་མཛད་པ་ལ་སོགས་ཏེ་བོད་ཁམས་སྲུང་བར་མཛད་པའི་རྗེ་འབངས་ཀྱི་འགོ་བའི་ལྷ་སྲོག་ལྷ་ལ་སོགས་པ་རྣམས་དང་། དབེན་གནས་ཆོས་འཁོར་གྱི་སྲུང་མ། ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་ཐམས་ཅད་ལ་རང་རང་གི་མཐུན་རྫས་ཀྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་མཉེས་ཤིང་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །ཁྱེད་རྣམས་ཀྱི་མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་ཡུལ་གྱི་ལྷ་མགོན་ལགས་ཀྱིས་མཐུ་མ་ཆུང་ཞིག །སོ་སོའི་མངའ་རིས་ལགས་པས་མངའ་ཐང་འགྲིབ་ཏུ་མ་འཇུག་ཅིག །མདོར་ན་གང་བཅོལ་པའི་ལས་རྣམས་ཐོགས་པ་མེད་པར་ཡིད་བཞིན་དུ་སྒྲུབ་པར་མཛོད་ཅིག །ཧོཿ རང་རང་གི་ཞལ་གྱིས་མཆེས་ཤིང་དམ་བཅས་པས་བདག་ཅག་གི་འགོ་བའི་ལྷར་གྱུར་པ་དང་། བདག་ཅག་གིས་ཆེད་དུ་བསྟེན་ཅིང་བསྒྲུབས་པའི་སྲུང་མར་གྱུར་པ་དང་། ཕ་མེས་རིགས་ཀྱི་སྲུང་མར་གྱུར་པ་དང་། སློབ་དཔོན་རྒྱུད་དུ་འགོ་བའི་སྲུང་མར་གྱུར་པ་སྟེ། བདག་ཅག་གི་འགོ་བའི་ལྷ་བཞི་འཁོར་དང་བཅས་པ་ཐམས་ཅད་དང་། གཞན་ཡང་འགོ་བའི་ལྷར་གྱུར་པ་རུས་ཀྱི་ཕོ་ལྷ། སྣག་གི་ཞང་ལྷ། མ་ལྷ་རིགས་མོ། དེའི་རྗེས་སུ་འབྲེང་བ་ཞལ་བུ་རྒོད་འབྱུང་། ཕ་མེས་མཚུན་ལྷ། མ་ཕྱིའི་སྨན་ལྷ། ཡུལ་གྱི་དགྲ་བླ། གཉན་འདབས་ཕོ་མོ། ཟས་ནོར་གྱི་གཡང་ལྷ། རྣོ་མཚོན་གྱི་ངར་ལྷ། གཞིས་བྱེས་ཀུན་ཏུ་འགོ་བའི་ལྷར་གྱུར་པ་སོགས་ཟས་ཀྱི་ཕུད་ལ་རེ་བ་ཐམས་ཅད་ལ་རང་རང་གི་མཐུན་རྫས་ཀྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་མཉེས་ཤིང་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །ཁྱེད་རྣམས་རང་རང་གི་མཐུ་དང་ལས་ཀྱི་རྫུ་འཕྲུལ་གྱིས་གང་ཕུལ་པ་སྐད་ཅིག་ཙམ་གྱིས་བཞེས་ཏེ། སྨོན་ལམ་གཅིག་པས་ཐུགས་ཐག་མ་སྲིངས། དམ་ཚིག་གཅིག་པས་འཁུ་ལྡོག་མ་མཛད། རྟག་ཏུ་བསྟེན་གྱིས་སྙོམ་ལས་མ་མཛད། ཕའི་ཆོས་སྲུང་ལགས་པས་མི་ཆོས་ཉམས་སུ་མ་འཇུག །མའི་འབྲང་སྲུང་ལགས་པས་གཡང་སྒོ་རལ་དུ་མ་འཇུག །གཉན་འདབས་དྲིན་མཚུན་རྣམས་ཀྱང་མཐུ་རྩལ་ཡོད་ན་སྟོངས་གྲོགས་མཛོད། མེད་ཀྱང་གདོན་འདྲེའི་རྗེས་སུ་མ་འབྲོངས། རང་གི་རྐམ་ཆགས་མ་ལྡང་བར་ལྷའི་གྲལ་དུ་བཞུགས་ལ་ཆོག་ཤེས་ཟས་སུ་གསོལ། གསོལ་མཆོད་འགྲངས་ཀྱང་འཕྲེང་ཟུར་མ་གནོད། གསོལ་མཆོད་ཞན་ཡང་བཀྲེན་ཟུར་མ་གནོད་པར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། སྐབས་འདིར་སྒོས་ཀྱི་རང་རང་གི་ལྷ་དང་། རྩིས་ལ་སོགས་པའི་དུས་གཙུག་ལག་གི་ལྷ་རྣམས་ལ་མཆོད་པའི་དགོས་པ་དང་འབྲེལ་ན་ཟུར་དུ་བཀོད་པ་ཉིད་འདིར་བླངས་པས་ཆོག་གོ །དེ་ལྟར་སྤྱི་དང་ཁྱད་པར་གྱི་ལྷ་རྣམས་ལ་ཁྱབ་པར་བསྔོས་ཀྱང་། མངོན་ཤེས་ཆུང་བས་ལྷ་ངོ་མ་འཚལ་པ་དང་། ལོ་རྒྱུས་ཆུང་བས་གྲལ་རིམ་ནོར་པ་དང་། དྲན་པ་ཉམས་པས་བསྔོ་བ་བརྗེད་པ་སོགས་ཀྱིས་ལྷ་རྣམས་ཐུགས་མ་དགྱེས་ཤིང་སྐྱོན་པའི་གནས་སུ་གྱུར་ཏོ་འཚལ་ཐམས་ཅད་ལ་བསྐྱར་ཞིང་བཏུས་ཏེ་གསོལ་ཞིང་མཆོད་དོ། །སོ་སོའི་ཐུགས་དགྱེས་ཤིང་ཚིམས་པར་གྱུར་ཏེ་བཀའ་ཆད་ཀྱི་གནས་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧོཿ སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག །སྐྱེ་བ་རྣམ་པ་བཞི། ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་མཉམ་སྙོམ་དུ་བསྔོ་ཞིང་མཆོད་དོ། །རང་རང་གི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །གཞན་ཡང་ལུས་དང་དབང་པོ་ཉམས་པ་རྣམས་ཀྱི་གསོས་སྨན་དང་། གནས་མེད་པ་རྣམས་ཀྱི་གནས་དང་། དབང་ཆུང་བ་རྣམས་ཀྱི་རྟེན་དང་། འཇིགས་པས་ཉེན་པ་རྣམས་ཀྱི་སྐྱབས་སུ་གྱུར་ཅིག །སོ་སོའི་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཧོཿ བུ་ལོན་དང་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་བགེགས་ཀྱི་སྤྱིའི་རིགས་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གཙོ་བོ་རིགས་བཞི། ཝ་དང་ནེའུ་ལེ་དང་། སོ་གཅིག་དང་རྣམ་པར་འཇིག་གིས་བསྡུས་པ་སྒོ་རིགས་མི་མཐུན་པ་བྱེ་བ་འབུམ་ཕྲག་དུ་མ་དང་བཅས་པ་ཐམས་ཅད་དང་། དེ་ལས་ལྷགས་པ་ས་འདིར་རྒྱུ་བའི་ལྕི་འཐིབས་ལྷའི་གདོན་ལ་སོགས་ཏེ་གདོན་བཅོ་བརྒྱད། གདོན་ཕལ་པ་བཅུ་བཞི། བྱིས་པའི་གདོན་ཆེན་བཅོ་ལྔས་བསྡུས་པ་ཐམས་ཅད་དང་། དེའི་ནང་ནས་ཀྱང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པ་ཚེ་རབས་སྔོན་གྱི་ལན་ཆགས་འདོད་པ། འཇིག་རྟེན་འདིར་གནས་དང་རྫས་ལ་ཕོངས་པའི་གནོད་ལན་ཆགས་པ་དང་། གཞན་གྱི་རིག་སྔགས་ཀྱིས་རྦད་དེ་གནོད་པ་དང་། རང་རང་གི་བསམ་སྦྱོར་ངན་པས་གནོད་པ་དང་། རྒྱུ་དུས་ལམ་སྲང་དུ་འཕྲད་དེ་ཕྲལ་ལ་གང་མཐོང་དུ་གནོད་བྱེད་པ་དང་། གསད་པའི་བསམ་པ་ཡོད་ཀྱང་རུང་། ཡས་རྔན་འདོད་པ་ཡིན་ཡང་རུང་། ཀྱལ་ཀ་བྱེད་པ་ཡིན་ཡང་རུང་། བུ་ལོན་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ། རང་རང་གི་སྤྱོད་ཡུལ་དང་མཐུན་པའི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱིས་བྲན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །བུ་ལོན་འཇལ་ཞིང་ཤ་འཁོན་སྦྱོང་ངོ་། །བཀའ་བདེན་པས་བསྔོས་པའི་མཆོད་སྦྱིན་འདི་ཡང་ལོངས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་པའི་བསམ་ངན་སྦྱོར་རྩུབ་ཞི་བར་གྱིས་ལ། བདག་ཅག་གིས་བསྒོ་བའི་ངག་ལ་ཉོན། བཅོལ་པའི་ལས་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འཆང་ལྔ་བརྒྱས་བསྐོར་པ། གང་བཀའ་ལས་འདའ་བ་རྣམས་ཀྱི་མགོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་ཚལ་པ་བརྒྱར་འགས་པར་བྱེད་པ་དང་། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོ་ཞེས་བྱ་བ་བདུད་དང་གཤིན་རྗེ་ཐམས་ཅད་གདན་དུ་གཏིང་ནས་འགལ་བྱེད་རྣམས་ཆད་པས་གཅོད་པ་དང་། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་བུད་མེད་ཐམས་ཅད་དབང་དུ་སྦྱོར་ཞིང་བྲན་མོར་འཁོལ་བར་མཛད་པ་དང་། བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྒྱལ་བ་ཞེས་བྱ་བ་དབང་ཕྱུག་ཆེན་པོ་གདན་དུ་གཏིང་སྟེ་ལྷ་ཆེན་ཉི་ཤུ་རྩ་གཅིག་བྲན་དུ་འཁོལ་ཅིང་འབྱུང་པོ་ཐམས་ཅད་ལ་ཆད་པས་གཅོད་པར་མཛད་པ་དང་། བཅོམ་ལྡན་འདས་དཔལ་རྟ་མཆོག་ཞེས་བྱ་བ་ས་གཞི་ཐམས་ཅད་རྡོ་རྗེའི་རྟ་མིག་གིས་འཇོམས་ཤིང་། བར་སྣང་ཐམས་ཅད་དཔལ་གྱི་བ་དན་གྱིས་འགེངས་པ། ནམ་མཁའ་ཐམས་ཅད་རྟ་སྐད་ཀྱི་བཞད་སྒྲས་གང་བ་འཇིག་རྟེན་གསུམ་གྱི་ཕྲུ་མ་ཐམས་ཅད་འཇོམས་པར་བྱེད་པ་དང་། བཅོམ་ལྡན་འདས་རྡོ་རྗེ་ས་འོག་ཞེས་བྱ་བ་ས་བདག་ཕག་ཆེན་དང་སའི་ལྷ་མོ་བརྟན་མ་ཡང་ཞབས་ཡ་གཅིག་གིས་གནོན་པར་བྱེད་པ་ཡོད་དོ། །དེ་ལ་སོགས་ཏེ་དྲེགས་པ་ཅན་ཐམས་ཅད་ཀྱི་རྗེ་བོ་གནོད་བྱེད་ཀྱི་གདོན་བགེགས་འབྱུང་པོ་གང་བཀའ་ལས་འདའ་བར་བྱེད་པ་རྣམས་ལ། དྲག་པོའི་ཆད་པས་གཅོད་པར་བྱེད་པའི་དཔལ་ཆེན་པོ་འཇིག་རྟེན་གསུམ་གྱིས་མཆོད་ཅིང་བསྐུར་བའི་རྟེན་བླ་ན་མེད་པ་དག་ཡོད་དོ། །བདག་ཅག་ཀྱང་དེ་རྣམས་ཀྱི་དམ་ཚིག་པ་ཡིན་ནོ། ཁྱེད་ཅག་རྣམས་ཀྱང་དེ་རྣམས་ཀྱི་བཀའ་ལས་མ་འདའ་བར་གནོད་པ་དང་གདུག་པའི་བསམ་པ་ཉེ་བར་ཞི་ཞིང་ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་བདེ་བླག་ཏུ་འགྲུབ་པའི་གྲོགས་མཛོད་ཅིག །ཧོཿ ལྷག་མའི་མགྲོན་དུ་གྱུར་པ་གདོན་བགེགས་འབྱུང་པོ་ཡོད་དོ་ཅོག་ཐམས་ཅད་ལ་མཉམ་སྙོམ་དུ་སྤྱིས་རྒྱས་པར་བསྔོས་ཀྱང་། མངོན་ཤེས་ཆུང་བས་མ་ཚོར་བ་དང་། རྫུ་འཕྲུལ་ཆུང་བས་དུས་སུ་མ་བསླེབ་པ་དང་། དབང་ཆུང་བས་མ་ཐོབ་པ་དང་། བསྔོ་བ་མ་དག་པས་སྐལ་བ་ལག་ཏུ་མ་བྱུང་ཟེར་པ་ཐམས་ཅད་ལ་བསྐྱར་ཞིང་བཏུས་ཏེ་བསྔོས་ནས་གསོལ་ཞིང་མཆོད་དོ། །ཐམས་ཅད་དུ་ཆད་པ་མེད་ཅིང་སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །དེ་ལྟར་བདག་ཅག་གིས་ཇི་ལྟར་བསྔོས་པ་དེ་ལྟར་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་མཐུ་དང་མཆོད་པའི་སྤྲིན་གྱི་སྔགས་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དེ་ཡང་ནམ་མཁའི་མཛོད་ཀྱིས་བྱིན་གྱིས་བརླབས་པའི་སྔགས་ནི། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་སོ། །ནམ་མཁའ་དང་མཉམ་པའི་མཆོད་སྤྲིན་གྱི་ཆར་འབབ་པར་བྱིན་གྱིས་རློབ་པ་མཆོད་པའི་སྤྲིན་གྱི་སྔགས་ནི། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་སྥ་ར་ཎ་ག་ག་ན་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་སོ། །མགྲོན་ཐམས་ཅད་ཀྱིས་མཉམ་པར་ལོངས་སྤྱོད་པར་བྱིན་གྱིས་རློབ་པ་ཁ་འབར་མའི་རིག་སྔགས་ནི། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་སོ། །ལྔ་པ་ཆོས་ཀྱི་སྦྱིན་པ་སྟེར་ཞིང་བསྔོ་སྨོན་དང་གཤེགས་གསོལ་གྱིས་མཐའ་བརྟེན་པ་དང་བཅས་པ་ནི། ཆོས་སྦྱིན་གྱི་ཐོག་མར་ཟང་ཟིང་གི་སྦྱིན་པ་དང་འབྲེལ་བའི་བསྔོ་བ་བྱ་སྟེ། འདི་ལྟར། གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ནི། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང་། །རྒྱལ་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང་། །བདག་གི་སྨོན་ལམ་ཤེས་རབ་ཏིང་འཛིན་གྱིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་དཀོན་མཆོག་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་གཏིབས་པར་སྨོན། །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་བར་ནི་འགྲུབ་པར་ཤོག །བྱོལ་སོང་གཅིག་ལ་གཅིག་ཟ་བ། །གནོད་པ་དེ་དག་ཡོངས་མི་འབྱུང་། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་ཟད་རྣམ་པ་སྣ་ཚོགས་དག །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །ས་འམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་མང་པོ་གང་འཁོད་པའི། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །དེ་ནས་ཆོས་སྦྱིན་ནི། དམ་པའི་ཆོས་ཀྱི་སྦྱིན་པ་འདི་དག་ཀྱང་ཉན་པར་གྱིས་ཤིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྡུག་བསྔལ་ཐམས་ཅད་སྡིག་ལས་བྱུང་། །བདེ་བ་ཐམས་ཅད་དགེ་ལས་བྱུང་། །སེམས་ཅན་གནོད་སྦྱོར་མ་གཏོགས་པ། །སྡིག་པའི་ལས་ནི་གཞན་ན་མེད། །སེམས་ཅན་ཕན་བྱེད་མ་གཏོགས་པ། །དགེ་བའི་ལས་ནི་གཞན་ན་མེད། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །འོན་ཀྱང་བདེ་བ་ཟད་མེད་ཐོབ། །བྱང་ཆུབ་རིགས་ཀྱང་ཐོབ་པར་འགྱུར། །ལུས་ཀྱི་སྡོམ་པ་ལེགས་པ་དེས། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཀྱིས་ཡོངས་སུ་བསྔོས་པས། དེ་སྲིད་དུ་ཡོངས་སུ་བསྔོ་བས་ཁྱབ་པ་དེ་སྲིད་དུ་ལོངས་སྤྱོད་ཀྱི་བདེ་བ་མྱོང་བར་གྱུར་ཅིག །ལོངས་སྤྱོད་མྱོང་བ་དེ་སྲིད་དུ་ཆོས་ཀྱི་སྦྱིན་པ་ཐོབ་པར་གྱུར་ཅིག །ཆོས་ཐོབ་པ་དེ་སྲིད་དུ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཅེས་ཆོས་སྦྱིན་དང་གནོད་པའི་ལས་སྤང་བར་གདམས་ཤིང་བསྔོ་བ་རྣམས་བྱས་མཐར། མགྲོན་གཤེགས་སུ་གསོལ་བ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་རྗེས་སུ། ཨོཾ་བཛྲ་མུཿས་འཕགས་པ་རྣམས་གཤེགས་སུ་གསོལ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །ཞེས་པའི་མཐར། སརྦ་བྷཱུ་ཏ་གཙྪཿས་འབྱུང་པོ་རྣམས་རང་རང་གི་གནས་སུ་བཏང་ལ་བདག་བསྲུང་། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་ཀྱང་ཇི་ལྟར་རིགས་པ་བརྗོད་པས་མཐའ་བརྒྱན་ནོ། །དེ་ལྟར་ཕུད་སྐོང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་འདི་ཡང་དགེ་སློང་དབང་པོ་དང་དགེ་སློང་བསམ་འཕེལ་མཆེད། བྲག་ལ་ཡེ་ཤེས་རྣམས་ཀྱིས་བསྐུལ་ཞིང་སྐབས་ཀྱི་འཕྲལ་གཏོར་ཙམ་གཏོང་བ་ལ་ཉེ་བར་མཁོ་བར་ཡང་མཐོང་ནས་སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིས་སྤེལ་བའི་ཡི་གེ་པ་ནི་དགེ་ཚུལ་འགྱུར་མེད་ཚུལ་ཁྲིམས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གནས་ཆོས་ཐུགས་གཏེར་ལས་རྟ་མགྲིན་བར་ཆད་ཀུན་སེལ་སྒྲུབ་ཐབས་ (Volume 26, Text 21)

གནས་ཆོས་ཐུགས་གཏེར་ལས་རྟ་མགྲིན་བར་ཆད་ཀུན་སེལ་སྒྲུབ་ཐབས་སོ༔ ྈ ྈྈྈ དབང་ཆེན་རྟ་མགྲིན་ཞབས་ལ་འདུད༔ རྟ་མགྲིན་བར་ཆད་ཀུན་སེལ་ནི༔ གཏོར་མ་མེད་ཅིང་དཀྱིལ་འཁོར་མེད༔ དམིགས་པ་རང་ཉིད་རྟ་མགྲིན་ནི༔ སྐུ་མདོག་དམར་ནག་ཞལ་གཅིག་པ༔ དབུ་གཙུག་ཐོར་ཅོག་རྟ་དབུ་གཉིས༔ ཐོར་ཅོག་རྩེ་ནས་རྟ་དབུས་བརྒྱན༔ དང་པོ་གཉིས་ཀྱིས་རལ་གྲི་དང༔ འོག་མའི་ཕྱག་ནི་གཉིས་ན་ནི༔ དབྱུག་ཏོ་དང་ནི་ཞགས་པ་འཛིན༔ སྐུ་སྨད་ཕུར་པ་ཆུ་སྲིན་མལ༔ རྟ་དབུས་བརྒྱན་ཅིང་དབལ་གསུམ་ན༔ ཀླུ་སྦྲུལ་དུག་སྦྲུལ་ནག་པོས་བརྒྱན༔ ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཀཱི་ལ་ཡ་སྭཱ་ཧཱ༔ འདི་སྒྲུབ་ཕན་ཡོན་བསམ་མི་ཁྱབ༔ བར་ཆད་ཐམས་ཅད་ཞི་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ྈ ཞལ་གདམས་ནི། སྐུ་ལ་དུར་ཁྲོད་ཆས་རྣམས་ཀྱིས་བརྒྱན་བའོ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཐ་སྐར་ཟླ་བའི་ཚེས་བཞིའི་ཐོ་རངས་རྟ་མགྲིན་མངོན་རྟོགས་དང་མཚུངས་པ་གཅིག་གིས་དངོས་སུ་གསུངས་ནས་ཡི་གེར་བཀོད་པ་མེ་ལ་ཅུང་ཟད་ཚིག་ཤོར་བས། སླར་ཡང་མངོན་རྟོགས་ཟུར་ཙམ། ཡང་བཅོས་དགོས་བྱུང་ངོ་། །འདིའི་དབང་གཟུངས་དབང་ཉིད་དོ།། །།

ཀློང་གསལ་རྡོ་རྗེ་སྙིང་པོའི་རྫོགས་ཆེན་གྱི་ཁྲིད་རིམ་མདོར་བསྡུས་པ་འཇའ་ཟེར་གྲོང་འཇུག་ (Volume 57, Text 21)

༄༅། །ཀློང་གསལ་རྡོ་རྗེ་སྙིང་པོའི་རྫོགས་ཆེན་གྱི་ཁྲིད་རིམ་མདོར་བསྡུས་པ་འཇའ་ཟེར་གྲོང་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། ཀ་དག་སྤྲོས་བྲལ་ཡེ་སངས་རྒྱས་པའི་དབྱིངས། །ལྷུན་རྫོགས་རང་རིག་འོད་གསལ་དམ་པའི་ཆོས། །ཟུང་འཇུག་ཚོགས་མཆོག་ཀུན་འདུས་བླ་མ་རྗེ། །གཤིས་ལུགས་ངོ་བོར་གདོད་ནས་བཞུགས་ཕྱག་འཚལ། །རྡོ་རྗེ་རྩེ་མོའི་ལམ་བཟང་ཀུན་གྱི་བཅུད། །སྙིགས་དུས་གྲོལ་བ་མངོན་བྱེད་ཕྲིན་ལས་རྒྱུན། །མ་ཉམས་བྱིན་རླབས་གཟི་ལྡན་གདམས་ཟབ་ཀྱི། ཁྲིད་ཚུལ་སྙིང་པོ་ཙམ་ཞིག་གསལ་བར་བྱ། །འདིར་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་ཆོས་ཀྱི་གཙོ་བོ། ཐེག་དགུའི་ཡང་སྙིང་ཡོ་ག་རྣམ་པ་གསུམ་གྱི་ཉམས་ལེན་གཅིག་ཏུ་རྫོགས་པ་ཀློང་གསལ་རྡོ་རྗེ་སྙིང་པོ་ལས་རྫོགས་པ་ཆེན་པོ་ཨ་ཏི་ཡང་གསང་གི་ཁྲིད་རིམ་མདོར་བསྡུས་འཆད་པ་ལ་གསུམ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བས་ཐག་གཅད་པ། ལམ་ཏིང་ངེ་འཛིན་ཟབ་མོའི་དཀྱིལ་འཁོར་དུ་སྒོམ་པས་ཉམས་སུ་བླང་བ། འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་དོན་གཉིས་ཕུན་སུམ་ཚོགས་པར་བསྟན་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །ཅེས་གསུངས་པ་ལྟར། འཁོར་འདས་འཁྲུལ་གྲོལ་གྱི་གཞི་འདུས་མ་བྱས་པའི་ཆོས། ངོ་བོའི་ཆ་ནས་དངོས་མཚན་ཀ་ནས་དག་པས་རྟག་མཐའ་དང་། རང་བཞིན་ལྷུན་གྲུབ་ཏུ་གནས་པའི་ཆ་ནས་ཆད་མཐའ་བྲལ་བ། སྐྱེ་འགག་གནས་གསུམ་གྱི་མཚན་ཉིད་སྤངས་པ། དེ་གཉིས་དབྱེར་མེད་ཀྱི་གདངས་རྩལ་ནི་ཐུགས་རྗེ་ཀུན་ཁྱབ་ཆེན་པོའི་རྣམ་པར་ཡེ་ནས་གནས་ཤིང་། དེའང་སྔ་ཕྱི་མེད་པར་རིག་པ་སྐད་གཅིག་མའི་ངོ་ལ་རྫོགས་པ་ཡིན་ཏེ། དེ་རང་ངོ་ཤེས་ན་ཀུན་ཏུ་བཟང་པོའི་གྲོལ་གཞི་ཞེས་བྱ་ལ། མ་ཤེས་ན་རྒྱུ་བདག་ཉིད་གཅིག་པ། ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གསུམ་དང་། མཚན་ཉིད་རྒྱུའི་རྐྱེན། ལྷུན་གྲུབ་དམིགས་པའི་རྐྱེན། ཐ་དད་དུ་འཛིན་པ་དེ་མ་ཐག་པའི་རྐྱེན་གསུམ་ལ་བརྟེན་ནས་འཁྲུལ་པ་ལུ་གུ་རྒྱུད་དུ་བྱུང་བས་ཁམས་གསུམ་སེམས་ཅན་གྱི་འཁྲུལ་གཞི་ཞེས་བྱའོ། །སྦྱང་གཞི་དེ་ཉིད་སྦྱང་བྱ་འཁྲུལ་པ་གློ་བུར་གྱི་དྲི་མས་བསྒྲིབས་པ་ལ་སྦྱོང་བྱེད་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོས་བསལ་བཞག་མེད་པར་ཆོས་ཉིད་ཀློང་དུ་དག་པར་བྱེད་པ་ཡིན་ནོ།། ༈ །།གཉིས་པ་ལམ་ཏིང་ངེ་འཛིན་སྒོམ་པ་ལ། གང་དུ་སྒྲུབ་པའི་གནས། སྒྲུབ་པ་བྱེད་པའི་གྲོགས། སྒྲུབ་པ་ལ་མཁོ་བའི་ཡོ་བྱད། ནམ་སྒྲུབ་པའི་དུས་རྣམས་རྒྱུད་གཞུང་ལས་འབྱུང་བ་ལྟར་ལེགས་པར་ཚོགས་པར་བྱ། སྒོམ་པ་དངོས་ལ་འཇུག་པའི་ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་བསྙེན་བཀུར་གྱིས་མཉེས་པ་སྒྲུབ་ཅིང་གསོལ་བ་བཏབ་པ་ལས་དབང་བཞི་ནོས་ཏེ་རྒྱུད་སྨིན་པར་བྱ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གི་རིམ་པ་ཤེས་པར་བྱས་ལ་མ་ཉམས་པར་བསྲུང་། ཉམས་སུ་བླང་བྱ་དངོས་དབང་བཞིའི་རིམ་པས་རྒྱུད་བཞི་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་སོ་སོ་དང་འབྲེལ་པ་རིམ་པར་བསྒོམ་དགོས། དེ་ལ་དང་པོ་བུམ་དབང་གི་ལམ་ནི་བསྐྱེད་རིམ་གསལ་སྟོང་ལམ་ཁྱེར་ཏེ། ལུགས་འདི་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་པ་ལྷའི་རྣལ་འབྱོར། བཟླས་པ་སྔགས་ཀྱི་རྣལ་འབྱོར། ཞིང་ཁམས་འབྱོངས་པ་རྗེས་ཀྱི་རྣལ་འབྱོར་གསུམ་དུ་བསྡུས་ཏེ་བསྟན་པ་དང་། གསང་དབང་གི་ལམ་ལུས་འཕྲུལ་འཁོར། ངག་རླུང་སྦྱོར། ཡིད་དམིགས་པའི་གནད་གསུམ་གྱིས་བདེ་སྟོང་གཏུམ་མོ་ལམ་དུ་བྱེད་པ་དང་། ཤེར་དབང་གི་ལམ་ཁམས་བྱང་ཆུབ་ཀྱི་སེམས་ཟག་མེད་ཡེ་ཤེས་བདེ་བ་ཆེན་པོའི་རྣལ་འབྱོར་དུ་བྱ་བ་རྣམས་ནི་ཟུར་དུ་གསལ་བ་ལྟར་ཉམས་སུ་བླང་ངོ་།། །།འདིར་དབང་བཞི་པའི་ལམ་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་སྟེ་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབ་པ་ཞེས་བྱ་བ་ཡིན་ལ། ཆོས་འཆད་ཉན་གྱི་སྦྱོར་བ་རྣམ་པར་དག་པ་ཚོགས་པར་བྱ། འཆད་པ་དངོས་ཀྱི་ཐོག་མར་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། ཐབས་རྒྱ་ཆེ་བ་སྔགས་ཀྱི་ཀུན་སློང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་འདུན་པ་དང་བཅས་པས། ཀུན་སྤྱོད་མ་དག་པ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་ལ་སོགས་པ་སྤང་། དག་པ་འདུ་ཤེས་བཞི་སོགས་ལྡན་པས་བཤད་བྱ་དངོས་ལ་གཉིས། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པ་བརྒྱུད་པའི་ལོ་རྒྱུས་སྤྱི་ལྟར་ན། ཀུན་བཟང་རིགས་ལྔ་སོགས་རྒྱལ་བ་དགོངས་བརྒྱུད། རིགས་གསུམ་སེམས་དཔའ་དང་དགའ་རབ་རྡོ་རྗེ་སོགས་རིག་འཛིན་བརྡའ་བརྒྱུད། རྗེ་འབངས་གྲུབ་ཐོབ་སོགས་གང་ཟག་སྙན་བརྒྱུད། སྤྲུལ་པའི་གཏེར་སྟོན་སོགས་མཁའ་འགྲོ་གཏད་བརྒྱུད། ལུང་ཟིན་ཆོས་བདག་སོགས་བཀའ་བབས་དོན་གྱི་བརྒྱུད་པ་སྟེ་དྲུག་གམ། བརྒྱུད་པ་དགུ་ལྡན་དུ་གྲགས་པ་རྣམས་ལས་བར་མ་ཆད་པར་ཟབ་ཆོས་འདི་ཉིད་ཀྱང་བྱོན་པ་སྟེ། སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེས་མཚོ་རྒྱལ་དང་ལང་གྲོ་ལོ་ཙཱ་སོགས་ལ་གདམས་ནས་གཉེར་དུ་གཏད། དེ་དག་གིས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་རོལ་པ་བདེ་ཆེན་ཁང་དུ་གཏེར་རྒྱས་བཏབ་པ། ཕྱིས་འདུལ་བའི་དུས་ལ་བབས་པ་ན་ལང་གྲོའི་སྒྱུ་འཕྲུལ་གཏེར་ཆེན་པདྨ་མདོ་སྔགས་གླིང་པས་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་ལ་བསྩལ་པས། ཚེ་འདི་དང་བར་དོར་མངོན་སུམ་གྱིས་གྲོལ་ཚད་ཐོབ་པའང་བརྒྱུད་མར་བྱོན་ཅིང་འབྲེལ་ཚད་ཀྱི་འགྲོ་བ་མཐའ་དག་གདོད་མའི་གྲོལ་སར་དབུགས་དབྱུང་བར་མཛད་དོ། །བྱེ་བྲག་ཆོས་འདིའི་བབས་ལུགས་ཀྱི་དབང་དུ་བྱས་ན། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་དཔལ་ཀུན་ཏུ་བཟང་པོས་འཁོར་རིགས་ལྔ་རྡོ་རྗེ་འཆང་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པར་བསྟན། དེས་རྡོ་རྗེ་སེམས་དཔའ་ལ་རང་བཞིན་བྱིན་གྱིས་བརླབས་ཏེ་གསུངས། དེས་དུར་ཁྲོད་མེ་རི་འབར་བར་དགོངས་པ་སངས་རྒྱས་དང་མཉམ་པའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བསྟན། དེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་མཁས་པ་ཤྲཱི་སིདྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་སོ་ས་གླིང་དུ་རིག་འཛིན་པདྨ་འབྱུང་གནས་ལ་གནས་ལུགས་ཡིད་སྤྱོད་དང་བྲལ་བར་གསུངས། དེས་བོད་ཡུལ་མཆིམས་ཕུ་བྲེ་གུ་དགེའུར་མཚོ་རྒྱལ་དང་མངའ་བདག་ཡབ་སྲས་ལ་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་ནས་གསུངས། དེས་རིག་འཛིན་ཀློང་གསལ་སྙིང་པོ་ལ་རོལ་པ་བདེ་ཆེན་ཁང་དུ་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་མངོན་སུམ་འོད་གསལ་གྱི་དཀྱིལ་འཁོར་དུ་ཕབ་ནས་གསུངས། དེས་མཆེད་གྱུར་བླ་མ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་སྐྱེ་བར་ལུང་གིས་ཟིན་པའི་མཚུངས་མེད་བཀྲ་ཤིས་འོད་ཟེར། དེས་རྗེ་བཙུན་བླ་མ་དམ་པ་ཆོས་འདིའི་བདག་པོར་གཏེར་ལུང་གིས་གསལ་བ་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་ལ་གསུངས། ཡང་གཏེར་ཆེན་ནས། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། མཆེད་དབོན་བཀྲ་ཤིས་འོད་ཟེར། ལུང་ཟིན་ཆོས་ཉིད་རྒྱ་མཚོ། དྲུང་ནམ་མཁའ་རྒྱ་མཚོ། དབོན་བཀྲ་ཤིས་འོད་ཟེར། ཀུན་བཟང་ཆོས་ཀྱི་རྡོ་རྗེ། འགྱུར་མེད་ངེས་དོན་བསྟན་འཕེལ་དང་། ཀུན་བཟང་ངེས་དོན་དབང་པོ་གཉིས་ཀ་ལས་མཆོག་སྤྲུལ་བསོད་ནམས་རྣམ་རྒྱལ། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། རིག་འཛིན་བསོད་ནམས་དཔལ་ལྡན། མཁས་ཤིང་གྲུབ་པའི་དབང་ཕྱུག་མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པ་སྟེ། དེ་ཐམས་ཅད་ཟབ་ཆོས་འདི་ལས་རྟགས་ཚད་ཀྱི་གདིང་ཐོབ་པ་ཤ་སྟག་གོ། །།གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་བཤད་པ་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བྱེད་ཀྱི་གདམས་པ། དབང་འབྲིང་འཆི་ཀའམ་བར་དོར་གྲོལ་བའི་གདམས་པ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བའི་གདམས་པ། དེ་དག་སྤྱིར་རྩིས་ཆེ་བར་བཀའ་རྒྱས་གདབ་པ་དང་བཅས་པའོ། །དང་པོ་ལ་བཞི། སྔོན་འགྲོའི་རིམ་པ་ཇི་ལྟར་བརྟེན་པའི་ཚུལ། དངོས་གཞི་ཟག་མེད་ཡེ་ཤེས་རྒྱུད་ལ་སྐྱེ་ཚུལ་ཁྲེགས་ཆོད་ཀྱི་གདམས་པ། ཟག་མེད་ཡེ་ཤེས་མངོན་སུམ་རང་གནད་ལ་དབབ་པ་སྣང་བ་བཞིའི་འཆར་ཚུལ་དང་བཅས་པ། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་ལ་གསུམ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། རྣལ་འབྱོར་གྱི་སྣོད་རུང་དུ་བྱ་བ་ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲངས་ཤིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །སོགས་སྔོན་འགྲོའི་ངག་འདོན་ལས་འབྱུང་བ་ལྟར་སྙིང་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་གདབ། དེ་རྣམས་ཐུན་སྒོམ་རེས་བཞིན་མགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ།། །།གཉིས་པ་ཐུན་མོང་གི་སྔོན་འགྲོ་ལ་གཉིས། བློ་ཆོས་སུ་འགྲོ་བར་བྱེད་པ་བློ་ལྡོག་རྣམ་བཞིའི་ཁྲིད་དང་། ཆོས་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་དོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་ལྔ། དལ་འབྱོར་རང་གི་ངོ་བོ། རྙེད་དཀའ་བའི་རྒྱུ་མཚན། སངས་རྒྱས་སྒྲུབ་པའི་རྟེན་ཡིན་ཚུལ། ཕྱིས་ནས་རྙེད་དཀའ་བ། རྙེད་པའི་ཕན་ཡོན་ནོ། །དང་པོ་ནི། མི་ཁོམས་པའི་གནས་རྣམས་སུ་སྐྱེས་ན་རང་རང་གི་ལས་ངན་གྱིས་བྲེལ་ནས་ཆོས་བྱེད་མི་ཁོམ་སྟེ། མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་པ་སྟེ་དེ་རྣམས་སུ་མ་སྐྱེས་པས་དལ་བ་བརྒྱད་དང་ལྡན་པའོ། །ཆོས་ལ་སྤྱོད་པའི་འབྱོར་པ་བཅུ་ཡང་ལེགས་པར་ཚང་སྟེ། མཛོད་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པ་ལྟར་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་བཅས་ཚང་བའོ། །གཉིས་པ་རྙེད་དཀའི་རྒྱུ་མཚན་ནི། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦ་ར་འདྲ། །རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་པ་ལྟར་རྒྱུ་དང་། གྲངས་དང་། དཔེའི་སྒོ་ནས་རྙེད་པར་དཀའ་སྟེ། རྒྱུ་དགེ་བ་བྱེད་པ་དཀོན་པས་འབྲས་བུ་མི་ལུས་དཀོན་པ་སྟེ། དཔེར་ན་དཔྱིད་ས་བོན་དཀོན་ན་སྟོན་འབྲས་བུ་དཀོན་པ་བཞིན་ནོ། །གྲངས་ནི་མདོ་ལས། དམྱལ་བ་ནི་སའི་རྡུལ་གྱི་གྲངས་ཙམ་ཡོད། ཡི་དྭགས་ནི་བྱེ་མའི་གྲངས་ཙམ། དུད་འགྲོ་ནི་ཆང་གི་སྦང་མ་ཙམ། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཞིག་ཡོད། ཅེས་པས། དེ་ལྟར་འགྲོ་བ་གཞན་གྱི་གྲངས་ལ་བལྟས་ན་མི་ལུས་ཐོབ་པ་ཤིན་ཏུ་དཀའ། དཔེ་ནི་གྱང་ལོགས་ལ་སྲན་མ་གཏོར་བས་ཐུར་དུ་ལྷུང་བ་ནི་འགྲོ་བ་གཞན་དང་། གཅིག་འབྱར་སྲིད་པ་ནི་ལྷ་མིའི་དཔེ་སོགས་བཤད། གསུམ་པ་སངས་རྒྱས་སྒྲུབ་རྟེན་ཡིན་ཚུལ་ནི། གནས་སྐབས་ཀྱི་འབྲས་བུ་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། མཐར་ཐུག་ངེས་ལེགས་ཐེག་པ་གསུམ་གྱི་འབྲས་བུ་ཡང་མི་ལུས་ལ་བརྟེན་ནས་འགྲུབ་པ་སོགས་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་བདེ་གཤེགས་ཐམས་ཅད་ཀྱིས་རྟེན་གཙང་མ་འདི་ཁོ་ན་ཉིད་ལ་བརྟེན་ནས་སངས་རྒྱས་ཀྱི་མཛད་པ་སྐྱོང་བས་ཁྱད་པར་དུ་འཕགས་པའོ། །བཞི་པ་ཕྱིས་ནས་རྙེད་དཀའ་བ་ནི། དལ་འབྱོར་འདི་ལྟ་བུ་ཡང་ཡང་མི་རྙེད་དེ། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོགས། །ཅེས་པས་གྲུ་ཡོད་དུས་ཆུ་ཆེན་པོ་ལས་བརྒལ་དགོས་པ་བཞིན་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར། སྐྱེ་བ་གཏན་གྱི་སོ་ནམ་རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་གཅིག་རང་མི་བྱེད་རེ་ཤི་སྙམ་དུ་རྟག་ཏུ་བསམ་པར་བྱའོ། །ལྔ་པ་རྙེད་པའི་ཕན་ཡོན་ནི། དེ་ལྟར་ཡང་ཡང་བསམ་པས་གནས་སྐབས་སུ་དལ་འབྱོར་དོན་མེད་ཆུད་གསོན་དུ་མི་བྱེད་པར་སྤྲོ་བ་དང་བཅས་ནས་ཆོས་ལ་འཇུག་པའི་རྒྱུ་བྱེད་ཅིང་། མཐར་ཐུག་ཐར་པའི་ལམ་སྣ་ཟིན་ཅིང་དལ་འབྱོར་དོན་ཡོད་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། ཀྱེ་མ༔ རིགས་དྲུག་ནང་ནས་དལ་འབྱོར་རྙེད་དཀའ་ཞིང༔ སོགས་ངག་འདོན་ལྟར་བརྗོད་ལ། ཕྱི་རིགས་དྲུག་གི་གྲངས། ནང་སེམས་ཅན་གྱི་སྡུག་བསྔལ། གསང་བ་རང་ལུས་ཀྱི་ཡོན་ཏན་ལ་བསམ་ནས་དལ་འབྱོར་རྙེད་པར་དཀའ་བ་ལ་བློས་གཞིག་པར་བྱའོ།། །།གཉིས་པ་འཆི་བ་མི་རྟག་པའི་ཁྲིད་བསྟན་པ་ལ་བཞི། སྣོད་བཅུད་སྤྱིར་མི་རྟག །བྱེ་བྲག་མི་ལུས་མི་རྟག །མི་རྟག་པའི་དཔེ། དེའི་དགོས་ཆེད་བསྟན་པའོ། །དང་པོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་སྲ་ཞིང་མཁྲེགས་པ་ལྟར་སྣང་ཡང་མི་རྟག་ཅིང་བསྐལ་པ་འཇིག་ཆགས་གནས་སྟོང་བཞིར་འགྱུར། ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱང་མི་རྟག་ཅིང་སྐྱེ་རྒ་ན་འཆི་བཞིས་འགྱུར། ལོ་མི་རྟག་སྟེ་དབྱར་དགུན་སྟོན་དཔྱིད་བཞིས་འགྱུར། ཟླ་བ་མི་རྟག་དཀར་ནག་གཉིས་ཀྱིས་འགྱུར། ཞག་ནི་མི་རྟག་ཉིན་མཚན་གཉིས་ཀྱིས་འགྱུར་བའོ། །གཉིས་པ་བྱེ་བྲག་མི་ལུས་མི་རྟག་པ་ནི། རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་། ཡུན་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ། ཡོད་དམ་མེད་དམ་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་དེ་ངེས་པར་འཆི་དགོས་པ་ཡིན། ཚེ་ལ་གུད་ནས་སྣོན་པ་མེད་ཅིང་འགྲིབ་པ་ཡོད་པས་མྱུར་དུ་རང་འཆི་སྟེ། ལྟག་ཆུ་བཅད་པའི་རྫིང་བུ་མཐིལ་རྡོལ་ལྟར་ཚེ་འཛད། གསོད་སར་ཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟ་བུ་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད། དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདིང་ཐུབ་པ་མ་ཡིན་ཏེ། རྟ་འདྲོག་པའམ་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་འཆི་བ་ཐོག་བབས་སུ་མི་འོང་བའི་ངེས་པ་མེད། མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་དུས་ཀྱི་མགྲོན་པོ་ལས་ཀྱང་གྱེས་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཁའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་བས་སྙིང་ནས་སྐྲག །སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས། རང་གིས་བརྩེགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས་ཐམས་ཅད་ཆམ་གྱིས་བསྐྱུར་ནས། རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་དུ་ནམ་འགྲོ་ཆ་མི་འདུག་པས། ཚེ་མཇུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་ལ། འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་འཐོན་འཐོན་བསྒོམ་པར་བྱའོ། །གསུམ་པ་མི་རྟག་པའི་དཔེ་ནི། སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་རྣམས་ལ་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་མེས་པོ་ཚངས་པ་བརྒྱ་བྱིན་ལ་སོགས་པ་དང་། ཏིང་ངེ་འཛིན་དང་བསམ་གཏན་གྲུབ་པའི་དྲང་སྲོང་རྫུ་འཕྲུལ་ཅན་རྣམས་དང་། འཕགས་པ་ཉན་རང་དགྲ་བཅོམ་པ་རྣམས་ཀྱང་མཐར་ཐུག་སྐུ་ལུས་གཏོང་བ་སྟེ། དེར་ཡང་མ་ཟད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་མཚན་དཔེས་བརྒྱན་པ་རྡོ་རྗེའི་རང་བཞིན་ལྟ་བུ་ཡང་སྐུ་ལུས་འཇོག་ན་འོ་སྐོལ་འཆི་བ་ལྟ་ཅི་སྨྲོས་སྙམ་དུ་བསམ། བཞི་པ་དགོས་ཆེད་ནི། མི་རྟག་པ་བསྒོམས་པས་གནས་སྐབས་སུ་ཆོས་ལ་འཇུག་ཅིང་བརྩོན་འགྲུས་དྲག་པོས་ཆོས་སྒྲུབ་པའི་གྲོགས་བྱེད། མཐར་ཐུག་འོད་གསལ་ཆོས་སྐུ་ཐོབ་པའི་རྟེན་བྱེད་པས་གསལ་གདབ་པའི་ཚིག །སྐྱེས་པའི་སྒྱུ་ལུས་འཆི་བའི་རང་བཞིན་ཅན༔ སོགས་བརྗོད་ལ། ཕྱི་སྔོན་གྱི་འགྲོ་བ་མ་ཤི་བ་མེད། ནང་མཐོང་ཚད་ཀྱི་འགྲོ་བ་རིམ་གྱིས་འཆི། གསང་བ་འབྱུང་བའི་ལུས་སོ་སོར་ཞིག་པས་སྒྱུ་མ་དང་འདྲ་བར་བསམ་ནས་རང་གི་ཚེ་མི་རྟག་པ་ལ་བློས་གཞིག་པར་བྱའོ།། །།གསུམ་པ་ལས་འབྲས་བསམ་པ་ལ་དྲུག །རྒྱུ་འབྲས་ཀྱི་རང་བཞིན་སྤྱིར་བསྟན་པ། དབྱེ་བ། ས་མཚམས། ལྕི་ཡང་། འབྲས་བུ། སྒོམ་པའི་དགོས་ཆེད་བསྟན་པའོ། །དང་པོ་ནི། འགྲོ་བའི་བདེ་སྡུག་གི་སྣང་ཚུལ་ཐམས་ཅད་ཟག་བཅས་ཀྱི་ལས་ལས་བྱུང་བར་གསུངས་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་ཏེ། ས་བོན་མངར་བ་ལས་འབྲས་བུ་མངར་བ། ཁ་བ་ལས་ཁ་བའི་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་སྡུག་གི་རྒྱུ་དགེ་མི་དགེ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བ་བྱ་དགོས། གཉིས་པ་དབྱེ་བ་ནི། མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་གཙོ་བོར་གྱུར་པའི་ཁ་ན་མ་ཐོ་བ་རྣམས་ནི་མི་དགེ་བའི་ལས་ཡིན་ལ། མི་དགེ་བཅུ་སྤངས་པའི་དགེ་བ་བཅུ་དང་། ཆོས་སྤྱོད་བཅུ་དང་། ཕར་ཕྱིན་བཅུ་ལ་སོགས་པ་རྣམས་ནི་དགེ་བའི་ལས་ཡིན་པས། དགེ་བ་དེ་དག་ཕྲ་ཞིང་ཕྲ་བ་ཡང་ཁྱད་མི་གསོད་པར་དང་དུ་བླང་བར་བྱ་སྟེ། ཆུང་ངུ་བསགས་པས་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་ཏེ། ཆུའི་ཐིགས་པས་བུམ་པ་རིམ་གྱིས་འགེངས་པ་བཞིན་ནོ། །མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་དུ་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་བ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་བསླངས་ཤིང་གཞན་ལ་གནོད་པ་གཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་ཤིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་ཀྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། །བཞི་པ་ལྕི་ཡང་ནི། ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱིས་མི་དགེ་བ་ལྕི་ཡང་བར་མ་གསུམ་དང་། དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་མོ། །ལྔ་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་ལ་སོགས་པ་མི་དགེ་བ་གང་བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་གཅོད་པས་ཚེ་ཐུང་ཞིང་ནད་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ། ཡུལ་ཚེར་མ་ཅན་ལོ་འབྲས་མི་སྨིན་པ་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་དབང་གི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་དགེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །ལས་ཀྱི་རྣམ་སྨིན་ཆེ་ཆུང་གང་ཡིན་ཡང་ནམ་ཡང་བསླུ་མི་སྲིད་ཅིང་བདེ་སྡུག་ཐམས་ཅད་ཀྱི་གཞི་བྱེད་པས་བླང་དོར་མ་འཛོལ་བར་ཤིན་ཏུ་གལ་ཆེའོ། །དྲུག་པ་དགོས་ཆེད་ནི། དེ་ལྟར་ཤེས་པས་གནས་སྐབས་སུ་དགེ་སྡིག་བླང་དོར་ཤེས་ཤིང་དགེ་བ་ལ་བརྩོན་པ་དང་། མཐར་ཐུག་ཚོགས་གཉིས་ཟུང་དུ་འཇུག་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་པའི་དགོས་པ་ཡོད་དོ།། །།བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། སྡུག་བསྔལ་གྱི་རང་བཞིན་སྤྱིར་བསྟན་པ། བྱེ་བྲག་ཏུ་རིགས་དྲུག་གི་སྡུག་བསྔལ་སོ་སོར་བཤད་པ། དེ་བསྒོམ་པའི་དགོས་ཆེད་བསྟན་པ་དང་བཅས་པའོ། །དང་པོ་ནི། དེ་ལྟར་ལས་བསགས་པའི་འབྲས་བུས་འཁོར་བར་འཁྱམས་པས་དེ་ལ་དཔྱོད་པ་ན། འཁོར་བའི་གནས་རིས་མཐོ་དམན་ཐམས་ཅད་ལ་སྡུག་བསྔལ་མེད་པ་ཁབ་རྩེ་ཙམ་མེད། བརྒྱ་བྱིན་གྱི་ལོངས་སྤྱོད་ཙམ་ལའང་ཡིད་སྨོན་མེད་དེ། ཅིའི་ཕྱིར་ན། སྤྱིར་ཐམས་ཅད་ལ་རྩ་བའི་སྡུག་བསྔལ་གསུམ་གྱིས་ཁྱབ་སྟེ། མི་དགེ་བའི་ལས་ལ་བརྩོན་པའི་འདུ་བྱེད་ཐམས་ཅད་ལ་གནས་སྐབས་མཐར་ཐུག་གི་སྡུག་བསྔལ་གྱིས་ཁྱབ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་སྐད་ཅིག་གིས་སྡུག་བསྔལ་དུ་འགྱུར་བ་འགྱུར་བའི་སྡུག་བསྔལ། རྨ་ཐོག་ཏུ་ཕོལ་མིག་བུད་པ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །གཉིས་པ་བྱེ་བྲག་རིགས་དྲུག་གི་སྡུག་བསྔལ་སོ་སོར་བཤད་པ་ལ་ངན་སོང་གསུམ་ལས། དམྱལ་བ་ལ་ཚ་གྲང་གཉིས་ལས། དང་པོ་ནི། ཚ་དམྱལ་སྤྱི་མཐུན་གནས་ལྕགས་བསྲེགས་ས་གཞི་དང་། མདག་མ་དང་རྡོ་བསྲེགས་མཚོན་ཆའི་ཆར་པའོ། ཁྱད་པར་དུ་གངས་རི་ཏི་སེའི་ཞབས་ནས་དཔག་ཚད་ཉི་ཁྲི་སོགས་འདས་པ་ན་རིམ་བཞིན་བང་སོ་བརྩེགས་པ་ལྟར་ཡོད་དོ། །དེ་ལ་ཡང་སོས་པས་ས་གཞི་མཚོན་ཆས་གང་བ་དེ་བླང་ནས་གཅིག་གིས་གཅིག་སོད་མཐར་ནམ་མཁའ་ནས་སོས་པར་གྱུར་ཅིག །ཅེས་སྒྲ་གྲགས་པས་སོས་སོ། །ཐིག་ནག་ནི་སོག་ལེ་འབར་བས་དྲས་མཐར་སོས་པའོ། །བསྡུས་འཇོམས་ནི་ལྕགས་གཏུན་དུ་བརྡུང་བའོ། །ངུ་འབོད་ནི་ལྕགས་ཁང་རིམ་གཅིག །ངུ་འབོད་ཆེན་པོ་ལྕགས་ཁང་རིམ་གཉིས། ཚ་བ་གསལ་ཤིང་རྩེ་གཅིག་དང་། རབ་ཏུ་ཚ་བ་དམྱལ་ཟངས་ནང་དུ་ཁྲོ་ཆུ་ཁོལ་མ་དང་ཟངས་ཞུན་རྣམས་ཀྱིས་བཙོ་སྲེག་བྱེད་ཅིང་གསལ་ཤིང་རྩེ་གསུམ་པས་ཕུག་གོ །མནར་མེད་མེ་དཔུང་འབར་བར་འཚིག་པ་སྟེ་ཚ་དམྱལ་བརྒྱད་དོ། །གཉིས་པ་གྲང་དམྱལ་བརྒྱད་སྤྱི་མཐུན་གནས་གངས་བར་དང་འཁྱག་རོམ་ཁ་བ་བུ་ཡུག་གོ །དེ་ལ་བརྒྱད་དེ། ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ། ཀྱི་ཧུད། སོ་ཐམ་པ། ཚལ་པ་དྲུག་སྟེ་ཨུཏྤལ་ལྟར་གས་པ། བརྒྱད་དུ་པདྨ་ལྟར་གས་པ། སོ་དྲུག་ཏུ་རུས་པ་དཀར་པོར་མཐོང་བ་པདྨ་ཆེན་པོ་ལྟར་གས་པའོ། །དེ་བཅུ་དྲུག་གི་སྟེང་དུ་ཉེ་འཁོར་བ་རོ་མྱག་གི་འདམ། ཆུ་བོ་རབ་མེད། མེ་མུར་འོབས། སྤུ་གྲིའི་ཐང་དང་རལ་གྲིའི་ནགས་སོགས་སོ། །ཉི་ཚེ་བ་སྒོ་ཀ་བ་ཐབ་ཀ་ཐག་པ་སོགས་ཏེ་དམྱལ་ཁམས་བཅོ་བརྒྱད་དོ། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་མཐོང་བ་སྐྱེས་བུས་སྲུང་སྟེ་སྤྱད་དབང་མེད་པ་དང་། ནང་གི་སྒྲིབ་པ་ཅན་ལྟོར་ཐོན་དུས་མེ་འབར་བ་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་རྣག་ཁྲག་ཏུ་འགྱུར་བ་དང་ལྦ་བ་ཅན་ནོ། །དུད་འགྲོ་ལ་གླིང་བར་གྱི་རྒྱ་མཚོར་གནས་པ་བྱིངས་གནས་དང་། བདག་ཏུ་བཟུང་མ་གཟུང་གི་ཁ་འཐོར་བའོ། །དེ་ལ་བླུན་རྨོངས་དང་གཅིག་གིས་གཅིག་ཟ་བ་དང་བཀོལ་སྤྱོད་དོ། །ལྷ་མ་ཡིན་ལ་འཐབ་རྩོད་དང་། ལྷ་ལ་འཆི་ལྟས་དང་འཕོ་ལྟུང་། མིར་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་ཡོད་དོ། །གསུམ་པ་དགོས་ཆེད་ནི། དེ་རྣམས་ཤེས་པས་འཁོར་བའི་གནས་ལ་ཡིད་དབྱུང་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་ཐོབ་པའི་དགོས་པ་ཡོད་དོ།། །།གཉིས་པ་ཆོས་ལམ་དུ་འགྲོ་བར་བྱེད་པའི་ཁྲིད་ལ་བདུན། ལམ་ལོག་པ་ལས་སྐྱོབ་པ་སྐྱབས་འགྲོ། ཐེག་ཆེན་གྱི་གཞི་རྟེན་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས། ཚོགས་རྫོགས་བྱེད་མཎྜལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར། བར་ཆད་སེལ་བྱེད་ཧཱུྃ་བཟླས། ལམ་གྱི་ཆད་མཐུད་འཕོ་བའི་ཁྲིད་རྣམས་སོ། །དང་པོ་ལ་བཞི། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་འགྲོ་བའི་གང་ཟག །ཇི་ལྟར་འགྲོ་བའི་ཚུལ། བསླབ་བྱ་དང་དགོས་ཆེད་དོ། །དང་པོ་ནི། ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ་གྱི་ལྷ། གསང་བ་ལྟར་རྒྱལ་བ་སྐུ་གསུམ་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་གང་གིས་འགྲོ་བའི་གང་ཟག་ནི། ཕྱི་ལྟར་ངན་འགྲོས་འཇིགས་པ། འཁོར་བར་འཇིགས་པ། ཞི་བདེས་འཇིགས་པ་གསུམ་མོ། །ནང་ལྟར་སྔགས་ལ་ཞུགས་འདོད་པའོ། །གསང་བ་དབང་རབ་སྟན་ཐོག་གཅིག་ཏུ་སངས་རྒྱས་ཐོབ་འདོད་པའོ། །གསུམ་པ་ཇི་ལྟར་འགྲོ་བའི་ཚུལ་ནི། ཕྱི་མངོན་མཐོ། ཉན་རང་དགྲ་བཅོམ་པ། བྱང་ཆུབ་ཐོབ་ཀྱི་བར་རོ། །ནང་གུས་པ་མི་ཕྱེད་པས་ཟུང་འཇུག་རྡོ་རྗེ་འཆང་ཐོབ་ཀྱི་བར་རོ། །གསང་བ་བླ་ན་མེད་པའི་སངས་རྒྱས་ཚེ་གཅིག་གམ་སྟན་ཐོག་གཅིག་ཏུ་མ་ཐོབ་བར་དུ་སྟེ། སྐབས་འདིར་ཐེག་ཆེན་ལྟར། མ་གྱུར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཐོབ་འདོད་པའོ། །དམིགས་པ་ནི། མདུན་གྱི་ནམ་མཁར་པདྨའི་གདན་ལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་སློབ་དཔོན་པདྨ་འབྱུང་གནས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། རང་གི་མཐའ་སྐོར་དུ་མ་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསྒོམ། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྐྱབས་སུ་འགྲོ་བར་བསྒོམ་ལ། འཇིགས་རུང་ངན་འགྲོའི་གཡང་ས་ཡ་ང་བས༔ སོགས་ངག་འདོན་ལྟར་སྐྱབས་འགྲོའི་ཚིག་བརྒྱ་སྟོང་ལ་སོགས་པ་བློ་དང་འདྲེས་ངེས་སུ་བརྗོད་ནས། ཐུན་བསྡུ་བ་ན། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་འུར་དིང་གིས་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཇི་ལྟར་རིགས་པས་དགེ་བ་བསྔོ་འོ། །ཉལ་བའི་ཚེ་ན་དམིགས་པའི་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ། མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །དེ་ལྟར་ཕྱི་འཁོར་བའི་གཡང་ལས་སྒྲོལ་བའི་མཆོག་གསུམ། ནང་དཀོན་མཆོག་ཀུན་འདུས་བླ་མ། གསང་བ་གང་ཤར་བླ་མའི་སྐུར་ཆོས་ཉིད་དུ་རོལ་པར་སྐྱབས་སུ་འགྲོ་བ་ལ་བསླབ་པར་བྱའོ། །བཞི་པ་བསླབ་བྱ་དང་དགོས་ཆེད་ནི། ཕྱི་ལྟར་མདོ་སྡེ་མྱང་འདས་ལས་བསྟན་པའི་དགག་པའི་བསླབ་བྱ་གསུམ་ནི། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། གནོད་འཚེ་སྤང་། མུ་སྟེགས་ཅན་དང་མི་འགྲོགས། བླ་མའི་མན་ངག་ལས་བྱུང་བ་བསྒྲུབ་པའི་བསླབ་བྱ་གསུམ་ནི། སྐུ་ཆག་དུམ། ཡི་གེ་འབྲུ་གཅིག །དམར་སེར་རྟགས་ཅན་ཡན་ཆད་ལ་གུས། གཞི་བསྡུ་བ་ལས་བྱུང་བའི་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། བཤེས་གཉེན་བསྟེན། ཆོས་ལ་བསླབ། དམར་སེར་གྱི་རྟགས་འཆང་བའོ། །ནང་ལྟར་སྔགས་དང་དུས་མཆོད་བྱ། གསང་བ་ལྟ་སྒོམ་སྤྱོད་གསུམ་ལ་སློབ་པས། གནས་སྐབས་སུ་བསོད་ནམས་བསམ་གྱིས་མི་ཁྱབ་ཅིང་། མཐར་ཐུག་སངས་རྒྱས་ཐོབ་བོ།། །།གཉིས་པ་སེམས་བསྐྱེད་པ་ལ་ལྔ། སེམས་བསྐྱེད་བླང་བའི་ཡུལ། སྐྱེད་པ་པོའི་གང་ཟག །ལེན་པའི་ཆོ་ག །བསླབ་བྱ་དགོས་ཆེད། ཕན་ཡོན་ནོ། །དང་པོ་ནི། སེམས་བསྐྱེད་པའི་སློབ་དཔོན་ཕྱི་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྙིང་རྗེ་དང་ལྡན་པ། ནང་ལྟར་ཤེས་རབ་གསུམ་དང་ལྡན་ཞིང་བདག་མེད་ཀྱི་དོན་རྟོགས་པ། གསང་བ་ལྟར་གཉུག་མའི་དོན་རྟོགས་པའོ། །གཉིས་པ་སྐྱེད་པ་པོའི་གང་ཟག་ནི། སེམས་བསྐྱེད་པ་པོ་ཕྱི་ལྟར་ལམ་དམན་པ་ལ་སྐྱོ་བ། ནང་ལྟར་དེའི་སྟེང་སྤྲོས་པ་ཆུང་བ། གསང་བ་ལྟར་ངེས་གསང་གི་ཆོས་ལ་ཡིད་ཕྱོགས་པའོ། །གསུམ་པ་ལེན་པའི་ཆོ་ག་ནི། སེམས་བསྐྱེད་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཡན་ལག་བདུན་པས་ཚོགས་བསགས། དངོས་གཞི་བརྗོད་པ་གསུམ་གྱི་དང་པོས་སྨོན་སེམས། གཉིས་པས་འཇུག་སེམས། གསུམ་པས་གཉིས་ཀ་བརྟན་པའོ། །རྗེས་སུ་རང་གཞན་དགའ་བ་བསྒོམ་པའོ། །དེ་ཉམས་སུ་ལེན་པའི་ངག་འདོན་ནི། བླ་མེད་ཐེག་ཆེན་མྱུར་ལམ་སྙིང་པོའི་ཆོས༔ སོགས་ཀྱིས་གསལ་བཏབ་ལ། ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ། ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་པ་བཏགས་ཤིང་། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས་སྡུག་བསྔལ་ཁོ་ན་སྒྲུབ་སྟེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་སུ་སྡོད་མི་ཟུག་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། ད་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་འདུན་པ་ཀམ་ཀམ་པ་བསྐྱེད་ནས། ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་བརྒྱ་སྟོང་ལོངས་པར་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་དབྱུང་རྔུབ་དང་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་བྱ། མཐར་མི་དམིགས་པའི་ངང་ལ་བཞག་ཅིང་དགེ་བ་བསྔོ། །བཞི་པ་བསླབ་བྱ་དགོས་ཆེད་ནི། བསླབ་བྱ་སྨོན་པ་ལ་ཚད་མེད་བཞི། དཀར་ནག་ཆོས་བརྒྱད་བླང་དོར་བྱ་བ་དང་། འཇུག་པ་ལ་ཕར་ཕྱིན་དྲུག་སོགས་སོ། །དགོས་ཆེད་ནི། རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན་གཅིག་པུ་གཞན་དོན་བྱང་ཆུབ་སྒྲུབ་པ་ལ་མེད་ཐབས་མེད་པའོ། །ལྔ་པ་ཕན་ཡོན་ནི། མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །དེ་ལྟར་ཕྱི་བདག་དོན་གྲུབ་ནས་གཞན་དོན་བྱེད་པ་རྒྱལ་པོ་ལྟ་བུ། ནང་བདག་གཞན་གཉིས་མཉམ་གྱི་དོན་སྒྲུབ་པ་མཉན་པ་ལྟ་བུ། གསང་བ་བདག་བས་གཞན་གཅེས་ལུག་རྫི་ལྟ་བུའི་སེམས་བསྐྱེད་བློ་ནུས་དང་བསྟུན་པར་བྱའོ།། །།གསུམ་པ་སྡིག་སྒྲིབ་དག་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ལ་བཞི། སྦྱང་བྱ། སྦྱོང་བྱེད། ཇི་ལྟར་སྦྱོང་བའི་ཐབས། དེ་ལྟར་སྦྱངས་པའི་དགོས་ཆེད་ཕན་ཡོན་བསྟན་པའོ། །དང་པོ་ནི། རང་རང་གིས་ཚེ་རབས་ཐམས་ཅད་དུ་ཉོན་མོངས་དུག་གསུམ་གྱིས་བསགས་པའི་སྒོ་གསུམ་གྱི་སྡིག་པ་མི་དགེ་བ་དང་། གཟུང་འཛིན་ཤེས་བྱའི་སྒྲིབ་པ་རྣམས་ཐམས་ཅད་དོ། །གཉིས་པ་སྦྱོང་བྱེད་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པའི་སྟོབས། རྟེན་གྱི་སྟོབས་སོ། །ཞེས་གསུངས་པའི་དོན་རྣམས་ལས། དང་པོ་ནི། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་སོང་ལྟར་འགྱོད་པའོ། །གཉིས་པ་ནི། སྒོ་གསུམ་དགེ་བ་ལ་བཀོལ་བ་ཡིན་ཀྱང་། ད་རེས་འདིར་དག་བྱེད་སེམས་བསྐྱེད་མཛད་པའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བར་གསུངས། གསུམ་པ་ནི། ལས་འབྲས་ལ་ཡིད་ཆེས་པས་ད་ཕྱིན་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་སྡོམ་པའོ། །བཞི་པ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་བ་རྣམས་སོ། །གསུམ་པ་སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ། སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁར་བསམ་ལ་སྐྱབས་འགྲོ་བྱ། གཉིས་པ་སྡིག་པ་ཐམས་ཅད་དྲན་ཞིང་འགྱོད་སེམས་དང་ལྡན་པའི་ངང་ནས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སོགས་ངག་འདོན་གྱིས་གསལ་བཏབ་ལ། དམིགས་པ་ནི། རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བཞུགས་པར་བསམ། དེ་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དཀར་ཞིང་འཚེར་བ་འགྲེང་སྟབས་སུ་གནས་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་རྟག་ཏུ་འཆར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་སྐྱ་ཕྲོམ་ཕྲོམ་གཡས་སྐོར་དུ་འཁོར་བར་བསམ་ལ། ཉེས་ལྟུང་རྣམས་མཐོལ་བ་དང་ཕྱིན་ཆད་སྡོམ་སེམས་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་དུ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས་ཏེ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས། ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་། རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཐོན་པར་བསམ། མཐར། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་པས། རང་ལུས་དྲི་མེད་ཤེལ་ལྟར་གྱུར་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པ་ལ་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །གསུངས་པར་བསམ། མཐར་ལྷ་རྡོ་རྗེ་སེམས་དཔའ་དབུ་མའི་ལམ་ནས་སྙིང་གར་བྱོན་ནས་བཞུགས་པར་བསམ་ལ་བཟླ་བ་དང་། བདག་དང་ལྷ་གཉིས་གཉིས་སུ་མེད་པར་བལྟས་ལ་བཟླས་པ་བྱ། ཡང་རང་ལུས་སྟོང་རར་སྒོམ་པའི་སྙིང་དབུས་སུ་རྡོ་རྗེ་སེམས་དཔའ་གོང་ལྟར་གསལ་བའི་ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་ལ་ཡིག་དྲུག་དང་དེ་རྒྱབ་ཡིག་བརྒྱས་བསྐོར་བར་བསམ་ལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པ་སྤྱི་ལྟར་དང་། ཡང་རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་རྡོར་སེམས་སུ་གྱུར་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གོང་ལྟར་བསྒོམས་ནས་ཡིག་བརྒྱ་དང་ཧེ་རུ་ཀའི་ཡིག་བརྒྱའང་བཟླས་ལ་འོད་ཟེར་སྤྲོ་བསྡུ་བྱའོ། །གསུམ་པ་ནི། ཐུན་མཐར་འཁོར་གསུམ་དམིགས་མེད་ཀྱི་ངང་དུ་བཞག་ལ་དགེ་བ་བསྔོའོ། །བཞི་པ་དགོས་ཆེད་ཕན་ཡོན་ནི། དེ་ལྟར་ཉམས་སུ་བླངས་པས་དངོས་ཉམས་རྨི་ལམ་དུ་སྡིག་སྒྲིབ་དག་པའི་རྟགས་འབྱུང་ཞིང་། དེས་གནས་སྐབས་སུ་བསྐྱེད་རྫོགས་ཟབ་མོའི་སྣོད་དུ་རུང་། ས་ལམ་གྱི་ཡོན་ཏན་ཀུན་རྒྱུད་ལ་སྐྱེ། མཐར་ཐུག་སངས་རྒྱས་འགྲུབ་པར་འགྱུར་རོ། །མེ་ཏོག་བཀོད་པ་ལས། བླ་མ་རྡོ་རྗེ་སེམས་བསྒོམས་ནས། །རང་བྱུང་ཡི་གེ་བརྒྱ་པའི་མཐུས། །སྒྲིབ་པ་རྣམ་གཉིས་བྱང་བར་འགྱུར། །ཞེས་སོ། །རྡོར་སེམས་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་འགྱུར། །ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་ཕྱི་ཡེ་ཤེས་ལྷ་ལ་ཐུགས་རྒྱུད་བསྐུལ་ཞིང་ནུས་པའི་བཅུད་ཀྱིས་སྡིག་སྒྲིབ་བཀྲུ་ཕྱིར་རང་གི་སྤྱི་བོའི་གཙུག་ཏུ་སྒོམ་ལ་བཟླ་བ་དང་། ནང་ཐུགས་རྗེའི་བཅུད་ཀྱིས་རང་རྒྱུད་འདུལ་ཕྱིར་སྙིང་གར་སྒོམ་ཞིང་བཟླ་བ་དང་། གསང་བ་གཉིས་མེད་ལམ་དུ་ཁྱེར་བ་རང་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་བསྒོམ་ཞིང་ཉམས་སུ་ལེན་པར་བྱ་བར་གསུངས་སོ།། །།བཞི་པ་ཚོགས་རྫོགས་བྱེད་མཎྜལ་གྱི་ཁྲིད་ལ་ལྔ། མ་ཕུལ་བའི་སྐྱོན། ཕུལ་བའི་ཡོན་ཏན། འབུལ་བའི་ཚུལ། དུས་ཚིགས། དགོས་ཆེད་བསྟན་པའོ། །དང་པོ་ནི། གནས་སྐབས་སུ་འདོད་དོན་མི་འགྲུབ་ཅིང་། མཐར་ཐུག་ཞིང་ཁམས་རྣམ་དག་ཏུ་བགྲོད་དཀའ་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་ལ་མ་བརྟེན་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མི་རྫོགས། དེ་མ་རྫོགས་ན་རང་གཞན་གྱི་དོན་གཉིས་མི་འགྲུབ་སྟེ། ལུང་ལས་ཀྱང་། ཚོགས་གཉིས་ལམ་ལ་མ་བརྟེན་ན། །གང་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ཕུལ་བའི་ཡོན་ཏན་ནི། ཇི་སྐད་དུ། མཎྜལ་ཕུལ་བའི་དགེ་བ་གང་། །འཕགས་པས་ཀྱང་ནི་བརྗོད་མི་སྤོབས། །ཞེས་གནས་སྐབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། བླ་མ་ལ་མི་ཕྱེད་པའི་དད་པ་སྐྱེ། ཏིང་འཛིན་ཟབ་མོ་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་སོགས་དཔག་ཏུ་མེད་དོ། །གསུམ་པ་ཇི་ལྟར་འབུལ་བའི་རིམ་པ་ནི། སྒྲུབ་པ་དང་མཆོད་པ་གཉིས་ལས། དང་པོ་ལའང་། བཤམ་པ་དང་བསྐྱེད་པ་གཉིས། དང་པོ་ནི། མཎྜལ་གྱི་རྒྱུ་རབ་རིན་པོ་ཆེ། འབྲིང་ལི་དང་ཟངས། ཐ་མ་ས་རྡོ་ཤིང་ལ་སོགས་དངོས་གཙང་སྐྱོན་ཅན་མིན་པ་དང་། ཚོམ་བུའང་རབ་རིན་པོ་ཆེ། འབྲིང་འབྲུ་སྨན། ཐ་མ་གང་འབྱོར་གྱིས་ལྔ་ཚོམ་དུ་བཀོད་པ་ཉིད་མཆོད་ཡུལ་དུ་བཤམ། གཉིས་པ་ཚོགས་རྟེན་བསྐྱེད་པ་ནི། ཕྱི་ལྟར་རང་རྡོ་རྗེ་སེམས་དཔར་གསལ་བའི་མདུན་གྱི་ནམ་མཁར་དཀོན་མཆོག་དགུ་ཕྲུགས་ཀྱི་ངོ་བོ་ཀུན་འདུས་ནོར་བུའི་ལུགས་སྐྱབས་ཡུལ་ལྟར་བསྒོམ་པ་དང་། ནང་ལྟར་ཕུང་ཁམས་སྐྱེ་མཆེད་སྒྲུབ་པའི་མཎྜལ་དུ་ལྷ་དང་ཡེ་ནས་གཉིས་སུ་མེད་པར་གྲུབ་ཅིང་བཞུགས་པ་དང་། གསང་བ་སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ་བ་འདི་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པའོ། །གཉིས་པ་མཆོད་པའི་མཎྜལ་ནི། ཕྱི་འཇིག་རྟེན་བཀོད་པའི་མཎྜལ་ཚོམ་བུ་སོ་བདུན་ཕྱག་ལེན་ལྟར་གླིང་བཞི་བྱེ་བ་ཕྲག་བརྒྱའི་མཆོད་པ་རྣམས་བླ་མ་སྤྲུལ་སྐུ་ལ་འབུལ་བ་དང་། ནང་ལྟར་ལུས་ཀྱི་པགས་པ་གསེར་གྱི་ས་གཞི། སྒལ་ཚིགས་མཐའི་ལྕགས་རི་ཁོར་ཡུག །མགོ་རི་རབ། ལག་པ་གཡས་ཤར་ལུས་འཕགས་པོ། གཡོན་ལྷོ་ཛཾ་བུ་གླིང་། རྐང་པ་གཡོན་ནུབ་བ་ལང་སྤྱོད། གཡས་བྱང་སྒྲ་མི་སྙན། མིག་གཉིས་ཉི་ཟླ། ཉིང་ལག་གླིང་ཕྲན་དང་གླིང་གཡོག །རྩིབ་མ་གསེར་རི་བདུན། རྒྱུ་མ་རོལ་མཚོ་བདུན། གློ་བ་དཔག་བསམ་ཤིང་། སྙིང་གཏེར་བུམ། མཁལ་མ་འདོད་འཇོའི་བ། མཆིན་པ་མ་རྨོས་ལོ་ཏོག །ཀླད་པ་ལྷའི་བདུད་རྩི། སྐྲ་དང་སྨིན་མ་ཙནྡན་ནགས། བ་སྤུ་གུར་གུམ་གྱི་སྤང་རི། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོར་དམིགས་ཏེ་ལོངས་སྐུ་ལ་འབུལ་ལོ། །གསང་བ་ལྟར་སེམས་ཉིད་བཀོད་པའི་མཎྜལ། ཀུན་རྫོབ་ཏུ་སེམས་སྤྲོས་བྲལ་གྱི་གནས་ལུགས་གསེར་གྱི་ས་གཞི། དེའི་ངོ་བོ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ལྕགས་རི། ཡེ་ཤེས་ལྔ་རི་རབ་གླིང་བཞི། ཚོགས་བརྒྱད་གླིང་ཕྲན་བརྒྱད། ཚོགས་དྲུག་གི་སྤྱོད་ཡུལ་གྱི་འདོད་ཡོན་ལྔ་སོགས་སྣང་སྲིད་ཀྱི་མཆོད་རྫས། ཤེས་རབ་ཉི་མ། སྙིང་རྗེ་ཟླ་བར་དམིགས་ནས་ཆོས་སྐུ་ལ་འབུལ། མདོར་ན་སྣང་སྲིད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་རྫོགས་པས་དེ་ལྟར་མཐོང་ན་དོན་དམ་པའི་མཎྜལ་ལོ། །བཞི་པ་འབུལ་བའི་དུས་ཚིགས་ནི། ཆོས་ཉན་པ་དང་། ཆོས་སྤྱོད་ཀྱི་སྐབས་དང་། སྐུ་གསུང་ཐུགས་ཀྱི་རྟེན་དྲུང་ཕྱིན་དུས་དང་། ཁྱད་པར་དུ་ཁྲིད་ཀྱི་སྐབས་སུ་ཉིན་མཚན་དུས་དྲུག་ཏུ་འབུལ་བར་བྱའོ། །ལྔ་པ་དགོས་ཆེད་ནི། གནས་སྐབས་སུ་ཅི་བསམ་འགྲུབ། སྡིག་སྒྲིབ་ཉེས་ལྟུང་དག །དཔལ་འབྱོར་ལོངས་སྤྱོད་རྒྱས། ཏིང་ངེ་འཛིན་དང་རྟོགས་པ་རྒྱུད་ལ་སྐྱེ། མཐར་ཐུག་ཚོགས་གཉིས་རྫོགས་པས་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་ལ་ལོངས་སྤྱོད་པར་འགྱུར་རོ། །དེའི་ངག་འདོན་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་ནམ་མཁའ་རུ༔ སོགས་ཀྱིས་ཡུལ་གསལ་གདབ། གཏེར་གཞུང་ཤླཽ་ཀ་གཅིག་གིས་བརྒྱ་སྟོང་ཅི་ནུས་སུ་འབུལ་བ་དང་། ས་གཞི་སྤོས་བྱུག་སོགས་ཀྱིས་ཀྱང་གྲངས་གཟུང་ལ། མྱུར་དུ་སངས་རྒྱས་ཐོབ་པ་དང་། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་དགེ་བ་བསྔོ་འོ། །དེ་ལྟར་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་རིན་པོ་ཆེའི་མཎྜལ་བླ་མ་སྤྲུལ་སྐུ་ལ་འབུལ་བ་དང་། ནང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་མཎྜལ་བླ་མ་ལོངས་སྐུ་ལ་འབུལ་བ་དང་། གསང་བ་སེམས་ཉིད་འོད་གསལ་གྱི་མཎྜལ་བླ་མ་ཆོས་སྐུ་ལ་འབུལ་བ་ལ་བསླབ་པར་བྱའོ།། །།ལྔ་པ་རྒྱུད་ལ་བྱིན་རླབས་འབེབ་བྱེད་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་བདུན། བླ་མའི་མཚན་ཉིད། བསྟེན་ཚུལ། དགོས་ཆེད་དམ་ཡོན་ཏན། ཞར་ལ་མ་མཉེས་པའི་སྐྱོན། ཉེས་པའི་བཤགས་ཚད་བསྟན་པ། རྣལ་འབྱོར་སྒོམ་རིམ། ཕན་ཡོན་བཤད་པའོ། །དང་པོ་ནི། དགེ་བའི་བཤེས་གཉེན་དུ་མར་བསྟེན་ཅིང་གསུང་གི་བདུད་རྩི་ཉམས་སུ་བླངས་པའི་བརྒྱུད་པ་དང་ལྡན་པ། ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས་པ། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་གནད་དུ་བསྣུན་པས་ཏིང་ངེ་འཛིན་ལ་དབང་འབྱོར་པ། དེ་ལྟར་ཕྱི་ནང་གི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གཉིས་པ་བསྟེན་ཚུལ་ནི། བླ་མ་ལ་བཞེད་པ་མེད་ཀྱང་ཟས་ནོར་གྱིས་མཉེས་པར་བྱ། ལུས་ཀྱི་སྒོ་ནས་ཕྱག་དང་བསྐོར་བ་འགྲོ་ལྡང་དང་། རྒོལ་བ་བྱུང་ན་བཟློག་པ་དང་། ངག་གི་སྒོ་ནས་གསུང་སྒྲོས་གཞན་ལ་སྟོན་པ། ཡོན་ཏན་བརྗོད་པ། སྙན་པར་སྨྲ་བ་སོགས་ཀྱིས་ཐུགས་དང་མཐུན་པར་བྱ་བ། ཡིད་ཀྱིས་དད་གུས་མོས་པས་གདུང་བ་བསྐྱེད། སྒྲུབ་པའམ་ཏིང་ངེ་འཛིན་གྱིས་མཉེས་པར་བྱ་སྟེ། བླ་མ་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་ཕྱིའི་དཀོན་མཆོག་གསུམ་འདུས། བྱིན་རླབས་ཀུན་འདུས་ཀྱི་རྩ་བ། དངོས་གྲུབ་མཆོག་སྩོལ་གྱི་ངོ་བོ། ཕྲིན་ལས་ཐམས་ཅད་ཀྱི་མངའ་བདག་སྟེ་ནང་རྩ་བ་གསུམ་དང་། དགོངས་པ་གཡོ་མེད་ཀྱི་ཆོས་སྐུ། རོལ་པ་འགགས་མེད་ཀྱི་ལོངས་སྐུ། ཕྲིན་ལས་རྩོལ་མེད་ཀྱི་སྤྲུལ་སྐུ། གསང་བ་སྐུ་གསུམ་སྟེ་དཀོན་མཆོག་དགུ་ཕྲུགས་ཀྱི་ངོ་བོ་འོ། །དེ་ལྟར་ཡིན་བཞིན་ངེས་ཤེས་བསྐྱེད། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བ་བླ་མ་ཁོ་ན་ཡིན་པས་སྔགས་ཀྱི་ལམ་ལ་ཞུགས་པ་ཐམས་ཅད་ཀྱིས་བླ་མ་བསྒོམ་ཞིང་གསོལ་བ་འདེབས་པ་གལ་ཆེ་སྟེ། གསོལ་བ་གདབ་ཚུལ་འོག་ཏུ་འབྱུང་བ་ལྟར་རོ། །གསུམ་པ་དགོས་ཆེད་ཡོན་ཏན་ནི། ཚིག་གསུམ་པའི་རྒྱུད་ལས། གང་ཞིག་རྡོ་རྗེ་སློབ་དཔོན་ནི། །བཀུར་ཞིང་སྤྱི་བོར་སུས་སྒོམ་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཅར་འགྲུབ་པར་ངེས། །ཞེས་སོ། །བཞི་པ་མ་མཉེས་པའི་སྐྱོན་ནི། བླ་མར་སྒོ་གསུམ་གྱིས་རྨི་ལམ་ཙམ་དུའང་མོས་པ་ལོག་ཅིང་བརྙས་ན་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། སྤྱན་རས་གཟིགས་རྡོ་རྗེ་ཕུར་པའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙས་བྱས་ན། །དམྱལ་བའི་སྡུག་བསྔལ་རབ་ཏུ་ཐོབ། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་མི་ཐོས་སོ། །ཞེས་སོ། །ལྔ་པ་ཉེས་པའི་བཤགས་ཚད་ནི། དམ་ཚིག་བཀོད་པ་ལས། གལ་ཏེ་བླ་མ་བརྙས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་བྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔས་མ་གནང་ངོ་། །ཞེས་གསུངས་པས། བླ་མ་ལ་སྐྱོན་དུ་མི་བལྟ་ཞིང་ཡོན་ཏན་དྲན་པས་བསྟེན་པར་བྱའོ། །དྲུག་པ་རྣལ་འབྱོར་སྒོམ་རིམ་ནི། ངག་འདོན་ལས། མདུན་གྱི་ནམ་མཁར་མེ་ཕུང་ཞིང་ལྤགས་སྟེང༔ ཞེས་སོགས་ཀྱི་དམིགས་པ། རང་གི་མདུན་གྱི་ནམ་མཁར་ལོག་ལྟ་བསྲེགས་པའི་རྟགས་སུ་མེ་ཕུང་། བདག་འཛིན་བསྒྲལ་པའི་རྟགས་སུ་ཞིང་ལྤགས་ཀྱི་སྟེང་ན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་མ་ལུས་ཤིང་ལུས་པ་མེད་པ་ཀུན་གྱི་ངོ་བོ་འདུས་པ་ཀློང་གསལ་སྙིང་པོའམ་རྩ་བའི་བླ་མའི་སྐུ། རྣལ་འབྱོར་པའི་ཆས་སྲིད་ཞིའི་མཐའ་ལས་འཕགས་པའི་དཔའ་མཚན་སྟག་ཤམ་ཅན། ཕར་ཕྱིན་དྲུག་མཐར་ཕྱིན་པའི་རྟགས་སུ་སྤྱི་བོར་འཁོར་ལོ། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དོ་ཤལ། སེ་མོ་དོ་སྟེ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཡས་ཌཱ་རུ་ནམ་མཁར་འཁྲོལ་བའི་སྒྲས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་། ཞིང་གནས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་། གཡོན་པས་བྷན་ཐོད་བདུད་རྩིས་བཀང་བ་བདག་ལ་སྟོབ་པའི་ཚུལ་གྱིས་བཞུགས་པ། མཐའ་སྐོར་དུ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་རྣམས་སྤྲིན་འཁྲིགས་པ་ལྟར་གསལ་གདབ། གསོལ་བ་བཏབ་པའི་ཚེ་ཐུགས་རྗེས་མཁའ་མཉམ་འགྲོ་བའི་ཚོགས་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་བསྐུར། ནུས་པས་རྒྱུད་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕེབས་པས་གྲོལ་ནས། རྩ་བའི་བླ་མའི་གོ་འཕང་ཐོབ་པར་བསྒོམས་ལ། ཡན་ལག་བདུན་པས་ཚོགས་གསག །བློ་སྣ་མོས་གུས་ཀྱིས་འཕྲོག་པའི་གདུང་ཤུགས་སྙིང་ཐག་པ་ནས་བསྐྱེད། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་རང་དང་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་ལ། བརྒྱུད་འདེབས། སྐྱེ་མེད་ཆོས་སྐུ་མའམ། ཡེ་ནས་རང་གྲོལ་མ་སོགས་བརྗོད། བླ་མ་རྒྱང་འབོད་བྱས་ལ་མཐར་དབང་བཞི་ལེན་པའི་དམིགས་པ། བླ་མའི་གནས་གསུམ་དུ་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས་པར་བསམ་ལ་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་སྒྲིབ་དག །བུམ་དབང་ཐོབ། སྤྲུལ་སྐུའི་གོ་འཕང་ཐོབ། ཨཱཿལས་དམར་པོ་འཕྲོས། མགྲིན་པར་ཐིམ། ངག་སྒྲིབ་དག །གསང་དབང་ཐོབ། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ། ཧཱུྃ་ལས་སྔོན་པོ་འཕྲོས་སྙིང་གར་ཐིམ། ཡིད་སྒྲིབ་དག །ཤེར་དབང་ཐོབ། ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། ཚིག་དབང་ཐོབ། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་ཐོབ་པར་བསམ། དེ་ནས་འཁོར་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མར་ཐིམ། དེ་ཉིད་དགྱེས་ཉམས་དང་ལྡན་པས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ། རང་སེམས་བླ་མ་དང་དབྱེར་མེད་དུ་ཅུང་ཟད་མཉམ་པར་བཞག་ལ་དགེ་བ་བསྔོ་འོ། །དེ་བརྒྱུད་རིམ་ཁྲོམ་ཚོགས་ཟེར། རང་གི་སྤྱི་བོར་རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར་ཐོ་བརྩེགས་སུ་འོད་ཀོར་ཕྲན་བུ་རེའི་ནང་ན་གསལ་བ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་ལ་མདུན་ནས་བརྩམ་རྡོ་རྗེ་འཆང་ནས་གཟུང་རྩ་བའི་བླ་མ་ལ་ཐུག་གི་བར་གྱིས་བསྐོར་ནས་བཞུགས་པར་གསལ་བ་བརྒྱུད་རིམ་གྲལ་སྟབས་གང་རུང་ལ་དབང་བཞི་ལེན་པར་ཡང་བཤད་དོ། །བདུན་པ་ཕན་ཡོན་ནི། དེས་གནས་སྐབས་སུ་བྱིན་རླབས་དངོས་སུ་འབེབ་པ་དང་། ལམ་གྱི་བར་ཆད་སེལ་བ། གེགས་དང་གོལ་ས་ཆོད་པ། ལྟ་སྒོམ་སྤྱོད་པའི་བོགས་ཐོན་པ་དང་། མཐར་ཐུག་རང་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །དེ་ཡང་ཕྱི་གསོལ་བ་འདེབས་ཕྱིར་མདུན་གྱི་ནམ་མཁར་སྒོམ་པ། ནང་ཕུང་ཁམས་སྨིན་ཕྱིར་སྤྱི་བོའི་གཙུག་ཏུ་སྒོམ་པ། གསང་བ་རང་རྒྱུད་གྲོལ་ཕྱིར་སྙིང་གི་དཀྱིལ་དུ་སྒོམ་པ་སོགས་མདོར་ན་སྣང་སྤྱོད་ཐམས་ཅད་བླ་མ་སྒོམ་པ་དང་མི་འབྲལ་བར་བསླབ་པར་བྱ་དགོས་པར་གསུངས་སོ།། །།དྲུག་པ་བར་ཆད་སེལ་བྱེད་ཧཱུྃ་རིང་བགྲང་བའི་ཁྲིད་ལ་བཞི། བར་དུ་གཅོད་ཡུལ། གཅོད་མཁན། སེལ་ཐབས། དགོས་ཆེད་བསྟན་པའོ། །དང་པོ་ནི། བྱང་ཆུབ་སྒྲུབ་པའི་རྟེན་ལུས་ངག་ཡིད་གསུམ་མོ། །གཉིས་པ་གཅོད་མཁན་ནི། ནད་གདོན་རྐྱེན་བགེགས་ཏེ་ཕྱི་བདུད་ནག་ཕྱོགས་ལ་དགའ་བ་དང་། ནང་བདུད་དཀར་ཕྱོགས་ཅན་གྱིས་སྒྲུབ་པའི་ཉམས་སད་ཕྱིར་བར་ཆོད་རྩོམ་པ་དང་། གསང་བ་སེམས་རྟོག་ཚོགས་རང་ཁར་འཆོར་བ་རྣམས་སོ། །གསུམ་པ་སེལ་ཐབས་ནི། རང་ཉིད་ཡི་དམ་གང་བསྐྱེད་པའི་ཐུགས་ཀར་ཧཱུྃ་མཐིང་ནག་བསམ། ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་བྱུང་། སྣ་བུག་གཡས་ནས་ཕྱིར་ཐོན་ནས་འཇིག་རྟེན་ཁམས་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་ཐེམ་གྱིས་གང་། སྣ་བུག་གཡོན་ནས་ཚུར་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་བར་བསམ། དེ་དག་གཅིག་གིས་གཅིག་མ་སྒྲིབ་པར་གསལ་ལ་ངག་ཏུ་ཧཱུྃ་རིང་བགྲང་ངོ་། །གཞན་ཡང་ཕྱི་གོ་ཆ་ལྔའི་སྲུང་འཁོར། ནང་རང་བྱུང་ལྷུན་གྲུབ་ཀྱི་སྲུང་འཁོར། གསང་བ་སེམས་རྣམ་པར་མི་རྟོག་པའི་སྲུང་འཁོར་རྣམས་རྒྱུན་དུ་བསྒོམ་པ་དང་། ཁྱད་པར་ཐེག་ཆེན་ལམ་ཞུགས་ཀྱི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་སྲུང་འཁོར་བསྒོམ་སྟེ། དགྲ་བགེགས་གནོད་བྱེད་གདུག་སེམས་ཅན་རྣམས་ཀྱི་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་འདི་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། མྱུར་དུ་བྱང་ཆུབ་ཐོབ་པའི་ཆེད་དུ། སྤྱིར་སངས་མ་རྒྱས་བར་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ནམ་མ་ཤིའི་བར་དུའང་བཀོལ། དེང་ནས་གཟུང་སང་ད་ཙམ་གྱི་བར་དུའང་བཀོལ་སྙམ་སྤྲོ་སེང་ངེར་སྒོམ་པ་ནི་སྲུང་བ་ཀུན་གྱི་མཆོག་གོ །དེས་ནི་སྐྱེལ་མ་དགྲར་བཅོལ་ན་འཇིགས་མེད་ལམ་དུ་བསྐྱལ་བ་དང་འདྲ་འོ། །བཞི་པ་དགོས་ཆེད་ནི། གནས་སྐབས་སུ་ས་ལམ་གྱི་གེགས་རྐྱེན་ཞི་ཞིང་ཅི་བསམ་རྩོལ་མེད་དུ་འགྲུབ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འགྲུབ་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་སྒྲུབ་པ་ལ་བར་ཆད་མེད་པར་འགྱུར་རོ།། །།བདུན་པ་འཕོ་བའི་ཁྲིད་ལ་བཞི། འཕོ་བའི་དགོས་པ། མ་འཕོས་པའི་སྐྱོན། འཕོ་བའི་ཚུལ། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ལམ་ལ་ཞུགས་ཀྱང་ཉམས་ལེན་མཐར་མ་ཕྱིན་ན་སྐྱེ་བ་ཕྱི་མར་ལམ་གྱི་འཕྲོ་མཐུད་པའི་རྟེན་བཟང་པོ་ལ་སྦྱོར་ནས་སྔོན་གྱི་ལས་འཕྲོས་ལམ་གྱི་འབྲས་བུ་མཐར་ཕྱིན་པར་འགྱུར་བའོ། །གཉིས་པ་མ་འཕོས་པའི་སྐྱོན་ནི། མན་ངག་ཟབ་མོས་རླུང་སེམས་ཚངས་པའི་ལམ་ནས་མ་འཕོས་ན་སྐྱོན་མང་སྟེ། མཁའ་འགྲོ་མ་ཀུན་ཏུ་རྟོག་པའི་རྒྱུད་ལས། རྣམ་ཤེས་རླུང་གི་རྟ་བྱས་ནས། །འོག་གི་ལམ་དུ་ཕྱིན་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་དག་ཏུ་ལྟུང་བའང་མང་། །ཞེས་སོ། །གསུམ་པ་འཕོ་ཚུལ་ལ་ལྔ་སྟེ། བློ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུས་འཕོ་བ་རྣམས་སུ་ཡོད་པ་ལས། དང་པོ་གསུམ་རྣལ་འབྱོར་རབ་འབྲིང་ཐ་གསུམ་གྱི་ཉམས་ལེན་དང་སྦྱར་བ་ཡིན་ལ། ཕྱི་མ་གཉིས་འདིར་འཆད་བྱ་ཉིད་དོ། །དེའི་ཡང་དང་པོ་ནི་དེང་སང་སྦྱོང་བའི་སྐབས་ཀྱི་ཉམས་ལེན་ཏེ། གནས་ཞིང་ཁམས་སུ་འདུ་ཤེས། ལུས་ལྷ་རུ་འདུ་ཤེས། སངས་རྒྱས་བྱང་སེམས་རྣམས་བསུ་མར་འདུ་ཤེས་པའོ། །དེ་ལ་དང་པོ་སྦྱོང་བ་ནི་དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། ལུས་རྣམ་སྣང་ཆོས་བདུན་ནམ་དྲང་བ་གསུམ་གྱི་ཆིངས་བཅའ། ངག་རླུང་བུམ་ཅན་གཟུང་། ཡིད་ཀྱིས་དམིགས་པ་ནི་འདི་ལྟར་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་གནས་ཡུལ་བདེ་བ་ཅན་གྱི་ཞིང་དང་གཞལ་ཡས་ཁང་གི་དབུས་སུ། རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་ལྷག་མས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་པས་པདྨ་དཀར་པོའི་ཡུ་བ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་རྫོགས་པར་བརྒྱན་པ། སྣང་ལ་རང་བཞིན་མེད་པ། གསལ་ལ་དེར་འཛིན་བྲལ་བས་ཕྱི་ནང་གསལ་འགྲིབ་མེད་པར་ལུས་སྟོང་ར་རུ་བསྒོམ་པའི་དབུས། རྩ་དབུ་མ་བྱང་ཆུབ་ཀྱི་རྒྱུད་ལམ་དེ་ཉིད་ཕྱི་དཀར་བ། ནང་དམར་བ། བར་སྔོ་བ། ཁྲག་དང་ཆུ་སེར་གྱིས་མ་བསྒྲིབས་པ། ལུག་རྫུད་ཀྱི་རྒྱུ་མ་ཕུས་བརྒྱངས་པ་ལྟ་བུར་གྱུར་པའི་ཡར་སྣེ་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཟུག་པ། དེ་ཡང་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་སྟོང་སང་ངེ་ཡོད་པ། མར་སྣེ་ལྟེ་འོག་གཉེར་པོ་ཆེ་ལ་ཟུག་པ་ཕུག་རྡུགས་སུ་ཡོད་པའི་ནང་། སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ། གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ། འཕར་ལིང་ལིང་བྱེད་པར་བསྒོམ། སྤྱི་གཙུག་ཏུ་སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དང་གཉིས་སུ་མེད་པ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དབུའི་གཙུག་ཏོར། ཞབས་ཀྱི་འཁོར་ལོ་ལ་སོགས་པ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་མཛེས་པ། མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ་དང་། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཚོགས་སྤྲིན་ཕུང་འཐིབས་སེ་བདག་སོགས་སེམས་ཅན་ཀུན་ལ་བྱམས་པའི་སྤྱན་རས་ཀྱིས་གཟིགས་བཞིན་དུ་བཞུགས་པར་མོས་ལ། ཧྲཱི༔ བདག་ཉིད་ཨ་འཐས་འཁྲུལ་པའི་ཕུང་པོ་འདི༔ སོགས་ཀྱིས་གསལ་གདབ། ཧྲཱི༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ན༔ སོགས་ཀྱི་གསོལ་འདེབས་མོས་གུས་གདུང་ཤུགས་དྲགས་པོས་བྱས་པའི་མཐར། ཨཿཕཊ༔ ཞེས་པའི་སྒྲས། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ལས་ཐིག་ཕྲན་སྲན་མ་ཙམ་སྐར་ཆེན་ལས་སྐར་མདའ་མཆེད་པ་ལྟར་དབུ་མའི་ལམ་ནས་རྒྱང་གིས་ཐོན། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་འཕོ། ཊ༔ ཞེས་རིལ་གྱིས་ལྷུང་ནས་བྱུང་སྟེ་སྙིང་གི་ཐིག་ལེར་ཕོག །ཡང་ཡར་འཕོ། ཡང་མར་བབས་པར་བསམ། དེ་བཞིན་དུ་མ་ཡེངས་པར་ཡང་ཡང་གསལ་གདབ་ཅིང་བརྩོན་འགྲུས་སྐྱེད་ལ་རྟགས་མ་བྱུང་གི་བར་དུ་སྦྱང་། རྟགས་ནི་སྤྱི་བོ་ཟ་བ། སྐྲངས་པ། ཆུ་སེར་འཁྲུག་པ། འཇག་མ་ཟུག་པ་རྣམས་ངེས་པར་འབྱུང་བར་ཐེ་ཚོམ་མེད་དོ། །མཐར་ཐུན་བསྡུ་བའི་རིམ་པ་ཡང་། བདེ་གཤེགས་སྲས་བཅས་འོད་དུ་ཞུ་ནས་སྣང་མཐའ་ལ་བསྡུ། དེ་ཉིད་དབུ་མའི་ལམ་ནས་བརྒྱུད་སྙིང་གའི་ཐིག་ལེར་ཐིམ། དེའི་ངང་ལ་བློ་ཅི་གནས་སུ་མཉམ་པར་གཞག །ཚངས་ལམ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་དེ་ཡང་པདྨ་དཀར་པོ་འདབ་མ་བཞི་པ་ཞིག་གིས་བཀག་པར་བསམ། རང་མགོན་པོ་ཚེ་དཔག་མེད་གསལ་ཞིང་བསྙེན་དམིགས་ཤེས་ན་དེ་ལྟར་བྱ། མ་ཤེས་ན་སྤྱི་བོར་ཚེ་དཔག་མེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་ཚེའི་བར་ཆད་ཞི་ཞིང་འཆི་མེད་དངོས་གྲུབ་ཞུ་བའི་གསོལ་འདེབས་ཀྱི་ཚུལ་དུ་ཚེ་བསྙེན་གྱི་རིགས་ཅི་ནུས་བཟླ། བསྔོ་སྨོན་གྱི་རྒྱས་གདབ་བོ། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་ལྟས་ཤར་ནའང་ཟློག་པའི་ཐབས་ཡོད་པ་རྣམས་ཅི་ནུས་སུ་འབད་པས་བཟློག །མི་ནུས་པར་ཤི་བར་ཐག་ཆོད་པའི་ཚེ་ཉམས་ཆག་སྡིག་པ་ཐམས་ཅད་བཤགས། ཅི་ཡོད་དགེ་ཕྱོགས་སུ་གཏང་། དམིགས་པ་སྔ་མ་ལྟར་ལས་སྤྱན་རས་གཟིགས་སུ་གསལ་བའི་ལྟེ་བ། ཆུ་ལམ། བཤང་ལམ། ཁ། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས་རྣམས་ཧཱུྃ་ཡིག་རེས་བཀག་སྟེ་ཚངས་ལམ་སྒོ་ཟང་ཐལ་ལེར་ཡོད་པར་བསམ་ལ། ངག་ཏུའང་། ཧྲཱིཿ བདག་ཉིད་ལྷར་གསལ་བླ་མའི་ཐུགས་ཀ་ནས༔ སོགས་ཀྱིས་སྒོ་དགག །དམིགས་པ་སྔར་སྦྱོང་དུས་ལྟར་བསྒོམ་པའི་སྤྱི་བོར་བདེ་གཤེགས་རྩ་བརྒྱུད་ཀྱི་བླ་མ་བཞུགས་པ་ཡང་གསལ་གདབ། སྙིང་གའི་ཐིག་ལེ་དེ་གཞི་འཛིན་མེད་པར་སྣང་མཐའི་ཐུགས་ཀློང་དུ་ཐིམ་པར་བསམ་པ་ལས་ཐུར་དུ་བབ་པའི་དམིགས་པ་མི་བྱ་བར། ཧྲཱི༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ན༔ སོགས་གསོལ་འདེབས་དང་མོས་གུས་དྲགས་པོས་རླུང་དམིགས་སེམས་གསུམ་གཅིག་ཏུ་སྒྲིལ་ལ། སྤྱི་བོར་སངས་རྒྱས་ཀྱི་ཐུགས་ཀར་གཡོ་མེད་རྩེ་གཅིག་ཏུ་གཏད་པས། དེ་ངང་འཆི་ཐུབ་ན་དགོས་དོན་ངེས་པར་གྲུབ་པ་ཡིན་ལ། གེགས་ནི་འདིར་སྣང་ལ་ཆགས་པ་དང་ནོར་རྫས་སོགས་ལ་ཞེན་འཛིན་ཆེ་བ་སོགས་ཡིན་པས་དེ་དག་གཏན་ནས་བྱ་མི་རུང་ངོ་། །བཞི་པ་ཕན་ཡོན་ནི། མཁའ་འགྲོ་མ་ཀུན་ཏུ་རྟོག་པའི་རྒྱུད་ལས། རྣམ་ཤེས་རླུང་གི་རྟ་བྱས་ནས། །སྟེང་གི་ལམ་དུ་ཕྱིན་གྱུར་ན། །སྡིག་པ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བའང་མང་། ཞེས་སོགས་རྒྱུད་རྣམས་ལས་མང་དུ་གསུངས་སོ། །དེ་ཡན་ཆད་ཀྱིས་ཐུན་མོང་གི་སྔོན་འགྲོ་ཆོས་བདུན་གྱི་རིམ་པ་གྲུབ་བོ།། །།གསུམ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབང་གཉིས་པ་དང་གསུམ་པའི་ཉམས་ལེན། ཆགས་མེད་རླུང་ལ་བསླབ་པ་དང་ཆགས་ཅན་ཐིག་ལེ་ལ་བསླབ་པ་རྣམས་ཀྱི་ཁྲིད་རིམ་ཟུར་དུ་འབྱུང་བ་ལས་ཤེས་དགོས་པ་དང་། ཁྱད་པར་གྱི་སྔོན་འགྲོ་ཕྱི་ནང་གསང་བ་སོགས་ནི་ཐོད་རྒལ་གྱི་སྐབས་སུ་འཆད་པར་འགྱུར་རོ།། ༈ །།སྤྱི་དོན་གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེད་པ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་ནི། གང་ཟག་དམིགས་མེད་ལ་དགའ་བ་རྩོལ་མེད་ལམ་གྱིས་འཚང་རྒྱ་བར་བྱེད་པ་གང་ཤར་ལྟོས་མེད་གཉེན་པོ་དང་བྲལ་བ་སྟེ། འདི་ལ་གཉིས། ཞི་གནས་བཙལ་བ་དང་། ལྷག་མཐོང་སྐྱེད་པའོ། །དང་པོ་ལ་གསུམ། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས་སེམས་མི་གནས་པ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པའོ། །དང་པོ་ལ་གཉིས། ལུས་གནད་དང་སེམས་གནད་དོ། །དང་པོ་ནི། རྣམ་པར་སྣང་མཛད་གང་ཆེན་མཚོའི་སྐུའི་ཆོས་བདུན་དང་མཐུན་པར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྒལ་ཚིགས་བསྲང་། གསུས་པ་སྒལ་པ་ལ་སྦྱར། མགྲིན་པ་བག་ཙམ་དགུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བལྟས་ནས་ལྟ་སྟངས་ཧྲིག་གེར་གཞག་པ་དང་བདུན་པོ་འདི་སྐྱོན་མེད་ལེགས་པར་བཅས་པས་སྒོམ་རང་བབས་སུ་འོང་ངོ་། །གཉིས་པ་སེམས་གནད་བསྟན་པ་ལ་གསུམ། ཞི་གནས་སྒྲུབ་ཚུལ། ཏིང་འཛིན་སྐྱེ་ཚུལ། གོལ་སའི་སྐྱོན་ངོས་གཟུང་ཞིང་སྤང་ཚུལ་ལོ། །དང་པོ་ལའང་གཉིས། མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་སྒྲུབ་ཚུལ་ལོ། །དེའི་དང་པོ་ལའང་གསུམ། མ་དག་པ་དངོས་པོ་ཕྲ་རགས་དང་ཐིག་ལེ། དག་པ་ལྷ་སྐུ། རླུང་རྩོལ་ལ་བརྟེན་ནས་སེམས་འཛིན་པ་རྣམས་སོ། །དང་པོ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་སར་རིང་པོར་མ་ཡིན་པར་འགོད་པར་བྱ། དེའི་ཆེད་དུ་སྟན་ཐོག་གཅིག་ཏུ་སངས་རྒྱས་པའི་ཆོས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་འདི་ཉམས་སུ་བླང་བར་བྱ་སྙམ་སྟེ། བླ་མ་ལ་རྩེ་གཅིག་གིས་གསོལ་བ་བཏབ་ལ། དངོས་པོ་རགས་པ་མིག་ཡུལ་དུ་སྣང་ཚད་གཅིག་ལ་བློ་བཞག་ནས་སེམས་མིག་མི་ཡེངས་པར་གཏད། ཕྲ་བ་ཤིང་བུ་རྡེའུ་སོགས་ལ་དེ་བཞིན་དུ་གཏད། ཧ་ཅང་བཙིར་བ་དང་ཡེངས་བ་སྐྱོན་ཡིན། ཡུན་ཐུང་ངུར་གྲངས་མང་བསྒོམ་ནས་ངལ་གསོ་ཞིང་སྤྱོད་ལམ་དང་བསྲེ། དེའི་སྐབས་སུ་བྱིང་རྨུགས་འཐིབ་གསུམ་བྱུང་དུས་སྨིན་ཕྲག་མཚམས་ཀྱི་ནམ་མཁའ་མདའ་གང་ཙམ་དུ་ཐིག་ལེ་དཀར་པོ་ལ་དམིགས་པ་གཏད། རྒོད་འཕྲོ་འཐོར་བ་ལ་ལྟ་སྟངས་སྨད་དེ་ཐིག་ལེ་སེར་པོ་ལ་གཏད། རང་བབས་སུ་གནས་དུས་སྙིང་གར་ཐིག་ལེ་མཐིང་ཀ་སྲན་མ་འཕོས་པ་ཙམ་ལ་གཏད་དོ། །གཉིས་པ་དག་པ་ལ་སེམས་འཛིན་པ་ལའང་གསུམ། སྐུ། ཡིག་འབྲུ། ཕྱག་མཚན་ནོ། །དང་པོ་ནི། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ནི་གདུལ་བྱའི་མོས་པའི་རྗེས་སུ་འགྲོ་བས། གང་མོས་པ་ཅན་དེའི་མདུན་དུ་མངོན་དུ་བཞུགས་སོ་སྙམ་པའི་ངེས་ཤེས་དང་བཅས་པས། རང་གི་མདུན་དུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་པད་ཟླའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་གསེར་མདོག །མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། ཕྱག་ས་གནོན་མཉམ་གཞག །ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཆོས་གོས་རྣམ་གསུམ་གསོལ་ཞིང་། འོད་དང་འོད་ཟེར་འཕྲོ་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ་སེམས་མ་ཡེངས་པར་གཏད། སེམས་རང་སར་གནས་དུས་ཐུགས་དཔལ་བེའུ། བྱིང་རྨུགས་འཐིབ་དུས་སྨིན་མཚམས་ཀྱི་མཛོད་སྤུ་དང་གཙུག་ཏོར། རྒོད་འཕྲོ་འཐོར་དུས་གདན་ཁྲི་དང་སྐྱིལ་ཀྲུང་སོགས་ལ་གཏད། དེས་ཀྱང་མ་བཏུབ་ན་མཚན་དཔེ་རྣམས་ལ་མས་ནས་ཡར། ཡས་ནས་མར་རིམ་བཞིན་དུ་བསམ་མོ། །གཉིས་པ་ཡིག་འབྲུར་ནི། རང་གི་སྙིང་གར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་དཀར་པོ་མུ་ཏིག་གི་ཐིགས་པ་ལྟ་བུ་དང་ཧྲིག་གེ་བ་ཞིག་བསྒོམ། གསུམ་པ་ཕྱག་མཚན་ལ་ནི། རྡོ་རྗེ་ལ་སོགས་རིགས་ལྔའི་ཕྱག་མཚན་གང་རུང་ལ་གཏད་ཚུལ་གོང་བཞིན་ནོ། །གསུམ་པ་རླུང་རྩོལ་ལ་སེམས་འཛིན་པ་ལ་གསུམ། རླུང་སེམས་གཉིས་མེད་རྣམ་རྟོག་ཁོ་རང་དང་། བུམ་པ་ཅན་དང་། འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པའོ། །དང་པོ་ནི། རྣམ་རྟོག་གང་སྐྱེས་ཐམས་ཅད་ངོས་བཟུང་ནས་མཐོང་བར་བྱེད། མཐོང་ཐོག་ཏུ་གློད་ནས་གྲོལ་བཅུག དེ་ལ་དམིགས་པ་གཏད། རེས་རྟོག་པ་ཤར་གྲོལ་དུ་གཏང་། རྗེས་མ་བཅོས་པའི་ངང་དུ་གློད་པ་རྣམས་རེས་མོས་བྱ། གཉིས་པ་བུམ་ཅན་ནི། ཆོས་བདུན་དང་ལྡན་པས་རླུང་རོ་ལན་གསུམ་བསལ། སྟེང་རླུང་གནན། འོག་རླུང་བཀུམ། ལྟེ་འོག་ཏུ་ཏིག་གིས་མནན་ལ་ཅིའང་མི་བསམ་པར་ལྷན་ནེར་གཞག །རླུང་ཅི་ཐུབ་ཀྱི་སེམས་འཛིན། མི་ཐུབ་པ་དང་སང་སང་འབུད་ལ་ཡང་གཟུང་ངོ་། །གསུམ་པ་འབྲུ་གསུམ་སྐྱེ་མེད་རྡོར་བཟླས་ནི། ལུས་གནད་སོགས་སྔར་ལྟར་ལས། རླུང་རྔུབ་པའི་ཚེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཡི་གེ་ཨོཾ་དཀར་པོའི་རྣམ་པར་ཚུར་བསྡུས་ནས། སྟེང་རླུང་གནན་འོག་རླུང་འཐེན་ཏེ་ལྟེ་འོག་ཏུ་བསྐྱིལ་བ་ཙམ་བྱ། དེ་ནས་སྟེང་རླུང་འོག་རླུང་ཁ་སྦྱར་གྱི་བར་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོ་རང་བཞིན་མེད་པ་གསལ་སྟོང་ཡེ་རེ་བ་ལ་རིག་པ་ཅི་གནས་ཀྱི་བར་དུ་གཞག །མི་ཐུབ་པ་དང་རླུང་གཏང་བའི་ཚེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པར་འཕྲོས་པས། དེ་དག་ཀྱང་འགྲོ་བའི་དོན་དུ་སྤྲུལ་སྐུ་རྒྱུན་མི་ཆད་པར་འཕྲོ་བར་བསམ་ལ་སེམས་གཟུང་། བསྡུ་ན་རླུང་རྔུབ་དུས་ཨོཾ། སྐྱིལ་དུས་ཨཱཿ འཕངས་དུས་ཧཱུྃ་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་མོས་པས་ཀྱང་རུང་སྟེ། ཞག་རེར་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་བཟླས་པ་ཐེམས་པས་ཡོན་ཏན་བརྗོད་ལས་འདས་སོ། །དེ་དག་ནི། གསང་སྒྲོན་ལས། དམིག་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་པའི་དོན་ནོ། །གཉིས་པ་མཚན་མེད་ཀྱི་ཞི་གནས་སྒྲུབ་ཚུལ་ལ་གསུམ། སྒྲིམ་པ། གློད་པ། སྒྲིམ་གློད་སྤེལ་མའོ། །དང་པོ་ནི། ལྟ་སྟངས་གོང་བཞིན་གྱིས་མིག་མདུན་གྱི་ནམ་མཁར་ཅེ་རེར་བལྟ། དམིགས་པ་ཅི་ཡང་མི་བྱེད་པར་སེམས་ཧྲིག་གེར་བསྒྲིམ། གནས་དུས་ངལ་གསོ་རེས་མོས་བྱའོ། །གཉིས་པ་གློད་པ་ནི། ལུས་གནད་སྔར་ལྟར་ལ། ལྟ་སྟངས་ཐུར་དུ་སྨད། བསྒོམ་རྒྱུ་ཅི་ཡང་མེད་པར་ལུས་སེམས་གཉིས་ཀ་རང་བབས་སུ་ལྷོད་དེ་བཞག་པ་ནི། ངལ་གསོ་ལས། ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་གློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། ཞེས་གསུངས་སོ། །གསུམ་པ་སྤེལ་མ་ནི། ལུས་གནད་གོང་བཞིན། ཤེས་པ་སྒྲིམ་པ་དང་། གུ་ཡངས་སུ་གློད་པ་གཉིས་རེས་མོས་བྱ། ལྟ་སྟངས་ཀྱང་གཡས་གཡོན་སྟེང་ཐུར་དུ་ཧྲིག་གེར་མི་ཡེངས་པར་གཏད་པ་རྣམས་རེས་མོས་བྱ། དེ་རྣམས་ཀྱི་སྐབས་སུ་སྒྲིམ་མཁན་གློད་མཁན་སྤེལ་མར་བྱེད་མཁན་དེ་སུ་ཡིན། སེམས་ཡིན་ནམ། ཡིན་ན་དེ་ཅི་འདྲ་འདུག་འཚོལ་བར་བྱ། རེས་ཁོ་རང་གར་འགྲོ་སར་གཏང་། ཅི་བྱེད་བརྟགས་པར་བྱའོ། །དེ་ལྟར་བྱས་པས་རྟ་དམུ་རྒོད་བཏུལ་བ་དང་ཆོས་མཚུངས་པར་སེམས་རྣམ་རྟོག་གི་རང་བཞིན་ཅན་དེ་ཐབས་ཀྱིས་དུལ་བར་འགྱུར་རོ། །གཉིས་པ་ཏིང་ངེ་འཛིན་སྐྱེ་ཚུལ་ནི། རིག་པ་ལས་སུ་མི་རུང་བ་ལས་གྲོལ་ཏེ་གར་བཞག་ཏུ་གནས་ལ། བྱིང་རྨུགས་འཐིབ་གསུམ་གྱིས་མ་གོས་ཤིང་གསལ་མདངས་དང་ལྡན་པ་གང་ལ་གཏད་ཀྱང་མི་གཡོ་བ། དགའ་བདེའི་ཉམས་དང་ལྡན་པ་འཆར་ཏེ། པྲ་ཁྲིད་ལས། མི་གཡོ་གསལ་བ་ཏིལ་གྱི་མར་མེ་འདྲ། །ཉིན་མཚན་འདས་ཀྱི་བར་དུ་གནས་པའོ། །ཞེས་སོ། །དེའི་ངོ་བོ་ལ་བདེ་གསལ་མི་རྟོག་གསུམ་འབྱུང་སྟེ། ངོ་བོ་ལ་ཡུལ་འཛིན་མེད་པས་མི་རྟོག་པ། དབང་པོའི་ཡུལ་སྣང་མ་འགགས་པར་གསལ་བ། རྣམ་རྟོག་གི་ཟུག་རྔུ་མེད་པར་བདེ་བའོ། །གསུམ་པ་གོལ་སའི་སྐྱོན་ངོས་གཟུང་ཞིང་བསལ་ཚུལ་ནི། བྱིང་རྨུགས་དང་ནམ་ཟླའི་རྐྱེན་གྱིས་སམ། འགྱུ་དྲན་བཀག་ནས་སྟོང་ཧད་དེ་འདུག་གོ་སྙམ་པ་བློས་བྱས་ནས་དྲན་པ་མེད་པར་ཐོམ་མེ་བ་ནི། གོམས་ནས་མ་རིག་པའི་གྲོགས་སུ་སོང་སྟེ་དུད་འགྲོ་དང་འདུ་ཤེས་མེད་པའི་ལྷར་སྐྱེ་སྟེ། ཆོས་རྗེ་ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྲོ། །ཞེས་གསུངས། བདེ་ཉམས་དང་། གསལ་ཉམས། མི་རྟོག་པ་གསུམ་ལ་ཞེན་ནས་བློ་ཕུགས་བཅས་ན། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་སུ་གོལ་ནས་སྲིད་པ་འགྲུབ་པ་ཡིན་ཏེ། ཀློང་ཆེན་པས། སེམས་གནས་བཟང་ཡང་གོང་མ་ཡི། །བསམ་གཏན་གཟུགས་མེད་རྣམས་སུ་གོལ། །ཞེས་སོ། གེགས་བསལ་བ་ནི། རང་གཞུང་ལས། བདེ་བར་ཆགས་པའི་རྨེན་བུ་ཤིགས༔ གསལ་བར་འཛིན་པའི་དྲྭ་བ་ཆོད༔ མི་རྟོག་ཞེན་པའི་འཛིན་ཕུར་ཕུད༔ སྟོང་ཞེན་ཉམས་ཀྱི་མདུད་པ་བཀྲོལ༔ ཅེས་བློས་བྱས་གཅིག་གི་སྟེང་དུ་ང་རྒྱལ་ཞུགས་ནས་ཆེད་འཛིན་བྱ་བ་དེ་བོར་ལ། བྱིང་རྨུགས་ཀྱི་དབང་དུ་མི་བཏང་བར་གསེང་སྟེ། རང་བབས་སུ་བཟོ་བཅོས་བྲལ་བར་གློད་དེ་སྐྱོང་བར་བྱའོ།། །།གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ་བ་ནི། ལུས་སྐྱིལ་ཀྲུང་མཉམ་གཞག་ལས་གཡོ་འགུལ་བྲལ་བ། ངག་སྨྲ་བརྗོད་བྲལ་བ། སེམས་རང་བབས་སུ་བཞག་ལ། ཕྱི་དབང་ཡུལ་གང་འཆར་ཡང་དེ་ཐོག་ཏུ་བཞག་ནས། བསམ་མཁན་ལས་ལོགས་སུ་ཨེ་འདུག་དང་མི་འཆོར་བར་སྐྱོང་བས་སྣང་བ་ཐམས་ཅད་སེམས་སུ་ཐག་ཆོད་པ་འབྱུང་ངོ་།། །།གསུམ་པ་ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་པ་ནི། རྐང་པ་གྱད་ཀྱི་འདོར་སྟབས་ལག་གཉིས་སྡིགས་མཛུབ་བརྐྱང་། མིག་བར་སྣང་ལ་བསྒྲད་དེ་ངག་ཏུ་ཧ་ཧ་ཧི་ཧི། ཧཱུྃ་ཧཱུྃ། ཕཊ་ཕཊ་བརྗོད། སེམས་ངང་འཚོས་པས་རིག་ཆ་གསལ་ཞིང་དྭངས་པས་སེམས་ཀྱི་མཚང་རིག་པར་འགྱུར་རོ། །ལྟ་སྟངས་ཀྱི་ཡོན་ཏན་ནི་སྦས་པའི་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་སྙིང་གི་དཀྱིལ་དུ་ཡེ་ཤེས་ཀྱི་རྩ་ཞིག་ཡོད་པ་དེ་ཁ་ཟླུམ་ན་གཏི་མུག་འཕེལ། ཁ་ཕྱེ་ན་ཡེ་ཤེས་འཆར་བ་ཡིན་ལ། མིག་བཙུམ་ན་རྩ་དེ་ཁ་ཐུར་དུ་ཟུམ་པས་གཏི་མུག་འཐིབས། ལྟ་སྟངས་ཧྲིག་གེ་བྱས་པས་གྱེན་དུ་ཁ་ཕྱེ་བ་ལས་རིག་པ་དྭངས་སྙིགས་ཕྱེད་ནས་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་འཆར་བ་གསུངས་སོ།། །།གཉིས་པ་ལྷག་མཐོང་སྐྱེད་པ་ནི་གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ཏེ་དེ་ལའང་གསུམ། སྔོན་འགྲོ་ཞི་ལྷག་ཟུང་འཇུག་གིས་གནས་ལུགས་མ་སྐྱེས་པ་བསྐྱེད་པར་བྱེད་པ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲོད་པར་བྱེད་པ། རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོགས་དབྱུང་ཞིང་རྩལ་སྦྱོང་བའོ། །དང་པོ་སྔོན་འགྲོ་ལ་གསུམ། རྟོག་པ་རྩད་གཅོད་པ། སེམས་ཀྱི་མཚང་བཙལ་བ། བྱུང་གནས་འགྲོ་གསུམ་བརྟག་པའོ། །དང་པོ་ནི། ངའོ་སྙམ་པ་འདི་གང་དུ་འདུག །ལུས་ངག་ཡིད་གསུམ་གང་རེད། གཙོ་གང་ཆེ་བརྟགས། གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི། ལུས་ངག་ཡིད་གསུམ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག །གཅིག་ན་ལུས་ངག་གཉིས་བལྟ་དང་གྲགས་རུང་བ་བཞིན་སེམས་བལྟ་དང་གྲགས་ཨེ་རུང་། སེམས་མེད་པ་བཞིན་ལུས་ངག་མེད་པ་ཨི་ཡིན་བརྟགས། ཐ་དད་ན། ལུས་ལ་ན་ཚ་སོགས་བྱུང་བ་གང་གིས་ཚོར་བརྟག །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ལ་ལྔ། བྱུང་གནས་འགྲོ་གསུམ་རང་ལ་བརྟག་པ། གཅིག་དང་དུ་མ་ལ་བརྟག་པ། དབྱིབས་དང་ཁ་དོག་བརྟག་པ། བདེ་གསལ་མི་རྟོག་པའི་ཉམས་ལ་བརྟག་པ། གནས་འགྱུ་གཉིས་ལ་བརྟག་པའོ། །དང་པོ་ནི། སེམས་ཟེར་བ་དྲན་སྐྱེན་པོ་སྐད་ཅིག་མ་གོ་མཁན་ཤེས་མཁན་མཐོང་མཁན་འདི་དང་པོ་ཕྱིའི་ཡུལ་ས་རྡོ་རི་བྲག །ནང་ཕུང་ཁམས་སྐྱེ་མཆེད་གང་ནས་བྱུང་། བར་དུ་ཕྱི་ནང་གང་དུ་གནས། ཁྱད་པར་ལུས་ཀྱི་ཆ་ཤས་རེ་རེ་ནས་ཕྱེ་ལ་གར་གནས་བལྟ། མཐར་གང་དུ་འགྲོ་བའི་ཁུངས་ཨི་འདུག་བརྟག་གོ །གཉིས་པ་གཅིག་དང་དུ་མ་ལ་བརྟག་པ་ནི། བརྟག་བྱའི་སེམས་དེ་དང་། རྟོག་བྱེད་ཀྱི་སེམས་དེ་གཉིས་གཅིག་ཏུ་འདུག་གམ་གཉིས་སུ་འདུག །གཉིས་ཡོད་ན་སངས་རྒྱས་དུས་འཁོར་བར་འཁྱམས་རྒྱུ་གཅིག་ཀྱང་ཡོད་ཐག་ཆོད་པས་ཨེ་འདུག །གཅིག་ཡིན་ན་བཟང་ངན་མང་པོ་འཆར་མི་ལོ་བ་ལ་ཅི་རེད་བརྟག །གསུམ་པ་དབྱིབས་དང་ཁ་དོག་བརྟག་པ་ནི། སེམས་ཟེར་བ་འདི་ཡོད་པ་ཞིག་རེད་དམ། མེད་པ་ཞིག་རེད། ཡོད་ན་མིག་གིས་བལྟ་རུང་བའི་དབྱིབས་ཁ་དོག་ཅན་ཞིག་ཡིན་མཐོང་ཆོད། དེས་ན་ཟླུམ་པོ། གྲུ་བཞི། གྲུ་གསུམ། ཟླ་གམ། ནར་མོ་ལྟ་བུའི་དབྱིབས་དང་། སྔོ་སེར་དཀར་དམར་ལ་སོགས་ཀྱི་ཁ་དོག་ཏུ་འདུག་གམ། འདུག་ན་རང་གིས་བལྟར་ཆོག་དུས་ཐམས་ཅད་ཀྱིས་བལྟ་ལོས་ཆོག་པས་སྟོན་རྒྱུ་ཨེ་འདུག །མེད་པ་ཞིག་ཡིན་ན་སྒོམ་མ་ཤེས་སྙམ་མཁན་དང་། ཤེས་ན་སྙམ་མཁན་འདི་ནི་འདུག །དེའང་མེད་དགོས་པ་ལ་ག་རེ་ཅི་འདྲ་ཞིག་འདུག་སྙམ་ནས་ཞིབ་ཏུ་བརྟག་པར་བྱའོ། །བཞི་པ་བདེ་གསལ་མི་རྟོག་པའི་ཉམས་ལ་བརྟག་པ་ནི། སེམས་ཁོ་རང་གིས་ཁོ་རང་ལ་ཅེ་རེར་བལྟས་ཚེ། བདེ་ལྷང་ངེ་བ་བྱུང་དུས། བདེ་རྒྱུ་དང་བདེ་མཁན་ཐ་དད་དུ་ཨེ་འདུག་དང་། སྣང་བ་གསལ་ལྷང་ངེ་བ་བྱུང་དུས། གསལ་རྒྱུ་དང་གསལ་མཁན་ཐ་དད་ཡིན་མིན་དང་། རྣམ་རྟོག་དང་བྲལ་བའི་མི་རྟོག་ལྷན་ནེར་བྱུང་དུས། གནས་རྒྱུ་དང་གནས་པ་མྱོང་མཁན་ཐ་དད་དུ་ཨེ་འདུག་ངང་འཚོ་ཤེས་པར་བྱེད། ལྔ་པ་གནས་འགྱུ་གཉིས་ལ་བརྟག་པནི། དེ་ལྟར་བལྟས་ཚེ། མི་ཡེངས་བར་ཧྲིག་གེར་གནས་དུས་རྟོག་ཚོགས་འགྱུ་བ་ཨེ་བྱུང་དང་། བྱུང་ན་རང་ཐད་ལྟར་གྲྭ་མ་ཉམས་པར་ཨེ་བྱུང་དང་། བྱུང་ན་གནས་པའི་སེམས་དེ་མ་ཡིན་པའི་འགྱུ་བ་ལོགས་སུ་ཨེ་འདུག །འདུག་ན་གནས་པའི་སེམས་གར་སོང་། གནས་འགྱུའི་སེམས་གཅིག་ན་གཅིག་ལུགས་བརྟགས་ལ། བཅས་བཅོས་མི་བྱེད་པར་དྲན་པས་འཚོས་ནས་བལྟས་ན་རང་མཚང་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པ་ལ་གསུམ། གནས་པ་སེམས་ཀྱི་རྒྱན་དུ་ཆེ་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ། གཉིས་མེད་མཉམ་པའི་ངང་དུ་གནས་པའོ། །དང་པོ་ལ་གཉིས། ཅོག་གཞག་གསུམ་གྱིས་ལྷག་མཐོང་གི་ཉམས་རྟོགས་སྐྱེ་ཚུལ་དང་། སྐྱེས་པ་ངོ་སྤྲད་ཚུལ་ལོ། །དང་པོ་ནི། རང་གཞུང་ལས། དེ་ལྟར་གནས་ལུགས་ལ་གཡོ་འགུལ་མེད་པ་རི་བོ་ཅོག་གཞག༔ དེ་ནི་ལུས་རྡོ་རྗེ་སྐྱིལ་ཀྲུང་མི་གཡོ་བའོ༔ ཁ་གཏིང་མེད་པ་རྒྱ་མཚོ་ཅོག་གཞག༔ དེ་ནི་མིག་མདའ་གང་ཙམ་དུ་མི་འགུལ་བའོ༔ གསལ་འགྲིབ་མེད་པ་རིག་པ་ཅོག་གཞག༔ དེ་ནི་རྟོག་པ་རང་བབས་སུ་ཆོས་ཉིད་ཀྱི་ངང་དུ་འཇོག་པའོ༔ དེ་ལྟར་བྱས་པས་དབང་པོ་རབ་ལ་ཡིན་ལུགས་ཤེས་པ༔ ངང་ལ་གནས་པ༔ ཐད་ཀར་ཆོད་པ༔ སེམས་ལ་ཕན་པ༔ དྲན་པས་ཟིན་པ༔ རྣམ་རྟོག་མི་སྐྱེ་བ་མངོན་དུ་གྱུར་པའོ༔ ཞེས་དང་། སྐབས་སུ་སྤྲིན་དྭངས་པའི་ནམ་མཁའ་ལྟར་བཞག༔ ཆུ་ཆད་པའི་རང་འཐག་ལྟར་བཞག༔ ལས་ཟིན་པའི་སྐྱེས་བུ་ལྟར་བཞག༔ དབང་པོ་འབྲིང་ལ་ཡིན་ལུགས་མ་ཤེས་ན་གོལ་སྒྲིབ་ཀྱི་གདར་ཤ་མི་ཆོད༔ ངང་ལ་མ་གནས་ན་ཤེས་པ་རྐྱེན་ཁར་འཆོར༔ ཐད་ཀར་མ་ཆོད་ན་ཡུལ་གྱི་རྗེས་ཕྱིར་འབྲང༔ སེམས་ལ་མ་ཕན་ན་སོ་སོའི་སྐྱེ་བོ་དང་འདྲ༔ དྲན་པས་མ་ཟིན་ན་དུག་ལྔ་དུག་གསུམ་དུ་འཆོར༔ རྟོག་མེད་མ་བྱུང་ན་ཉོན་མོངས་རང་ཁར་འཆོར༔ མངོན་དུ་མ་གྱུར་ན་འཁོར་བའི་ས་བོན་བྱེད་པས་གདར་ཤ་ཆོད་པ་གལ་ཆེའོ༔ སྐབས་སུ་རྟ་དམུ་རྒོད་ལྟ་བུར་བཙའ༔ རྒྱལ་པོའི་བཙུན་མོ་ལྟ་བུར་བཙའ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཙའ་འོ༔ དབང་པོ་ཐ་མས་ཡིན་ལུགས་ཤེས་པ་ལ་གདིང་དང་ལྡན་ནམ་མི་ལྡན་བརྟག༔ ངང་ལ་གནས་པ་ལ་ཕན་གནོད་འདུག་གམ་མི་འདུག་བརྟག༔ ཐད་ཀར་ཆོད་པ་ལ་དུག་ལྔར་འཆོར་རམ་མི་འཆོར་བརྟག༔ སེམས་ལ་ཕན་པ་ལ་གཞི་རྩ་ཆོད་དམ་མ་ཆོད་བརྟག༔ དྲན་པས་ཟིན་པ་ལ་རང་སར་གྲོལ་ལམ་མ་གྲོལ་བརྟག༔ རྟོག་མེད་བྱུང་བ་ལ་གསལ་ཆ་ཐོན་ནམ་མ་ཐོན་བརྟག༔ མངོན་དུ་གྱུར་པ་ལ་མཁན་པོ་འདུག་གམ་མི་འདུག་བརྟག༔ དེ་ལྟར་བརྟགས་ཤིང་གཞིག་སྟེ་སྐྱོང་བའི་ཚེ༔ སེམས་ཀྱི་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ༔ གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་ཀ་དག་གི་ངང་ལ་གནས་པ་ཉིད་དོ༔ ཞེས་གསུངས་པ་ལྟར་ཅོག་གཞག་གསུམ་ལ་དབང་པོ་རབ་འབྲིང་ཐ་མའི་གནད་དང་སྦྱར་ནས་ཉམས་སུ་བླངས་པས་ལྷག་མཐོང་གི་ཉམས་གསུམ་འཆར་བ་ནི། རྣམ་རྟོག་རྒྱུན་ཆད་པའི་ངང་དེ་ནས་གསལ་ལ་མ་འགགས་པའི་ཤེས་པ་རྗེན་པ། རང་རིག་རང་གསལ་སང་ངེ་བ་ཡེ་རེ་གསལ་བ། དེ་ལ་ཡུལ་ཡུལ་ཅན་གྱི་བསྒོམ་བྱ་སྒོམ་བྱེད་མེད་པས་མི་རྟོག་པ། དེ་ལ་འབད་རྩོལ་མེད་པར་རང་ལུགས་སུ་འདུག་པ་དེ་བདེ་བའོ། །དེ་ནས་ལྷག་མཐོང་གི་རྟོགས་པ་ནི། གང་དུ་ཡུལ་ཡུལ་ཅན་གྱི་མྱོང་ཚོར་རིམ་པར་དག་ནས་གང་ཤར་གྱི་སྐད་ཅིག་སོ་མ་ཡུལ་མེད་རང་རིག་ཏུ་ཤར་བའོ། །དེ་ལ་ལྷག་མཐོང་རྟོགས་པའི་བདེ་གསལ་མི་རྟོག་པ་གསུམ་ཤར་ཏེ། གཉུག་མ་ཡུལ་མེད་དུ་ཤར་བས་གསལ་བ། གསལ་བྱ་གསལ་བྱེད་ཀྱི་རྟོག་པ་མེད་པས་མི་རྟོག་པ། རིག་སྟོང་དབྱེར་མེད་དུ་བདེ་བས་བདེ་བའོ། །གཉིས་པ་སྐྱེས་པ་ངོ་སྤྲད་པ་ལ་བཞི། འདྲ་ནོར་ཤན་དབྱེ་ཞིང་ངོས་གཟུང་བ། མ་ནོར་བར་ངོ་སྤྲད་པ། ལུང་གིས་ཡིད་ཆེས་བསྐྱེད་པ། གོམས་འདྲིས་ཀྱིས་བརྟན་པ་འཐོབ་པར་བྱ་བའོ། །དང་པོ་ནི། ཉམས་ངོ་སྤྲོད་པ་དེ་རིག་པ་སྐད་ཅིག་མའི་སྟེང་དུ་དགོས་པས། རྟོགས་པ་མ་སྐྱེས་པ་ལ་ངོ་སྤྲད་པ་དང་། སྐྱེས་བདོ་བ་ལ་ངོ་སྤྲད་སྔས་པ་དང་། སྐྱེས་ཀྱང་ངོ་མ་སྤྲད་པ་དག་གིས། རིམ་བཞིན་དོན་མེད་པ་དང་། གོ་ཡུལ་དུ་ལུས་པ། གནས་ལུགས་ཀྱི་ཐེ་ཚོམ་མི་ཆོད་པ་རྣམས་འབྱུང་བས་མཚམས་ཕྱེད་པ་གལ་ཆེ། རྩད་གཅོད་རགས་པ་རྟོགས་དུས་དང་། མཉམ་བཞག་ཏུ་སྐད་ཅིག་མའི་ཕྲ་མཐའ་སེམས་སུ་ཆོད་པ་གཉིས་འདྲ་ནོར། རྟོག་པ་ངོས་བཟུང་བས་རང་བཞིན་རྟོག་མེད་དུ་འགྲོ་བ་ཉམས་ཡིན་པ་དང་། རྣམ་རྟོག་སྐད་ཅིག་མ་དྲན་པས་ཟིན་པ་དེ་གནས་མི་དགོས་པར་བློ་འདས་སུ་ཤར་བ་རྟོགས་པ་ཡིན་པ་གཉིས་འདྲ་ནོར། རྣམ་རྟོག་སྤྲོས་བྲལ་དུ་གོ་བས་རྟོགས་པ་གོ་མཁན་ལངས་ནས་ཡུལ་མེད་པ་དང་། སྐད་ཅིག་མའི་ངོ་བོར་རང་གསལ་དུ་ཤར་བས་འཁོར་འདས་ཀྱི་བློ་ཡུལ་དུ་ཟད་པ་གཉིས་འདྲ་ནོར་ཆེ་བའོ། །འདི་ནས་ལ་ཤན་གྱི་འཕྲང་བསལ་དགོས་ཏེ། རྣམ་རྟོག་ཝལ་ཝལ་འཆར་བའི་གཟུང་འཛིན་ཅན་གྱི་འཁྲུལ་གཞིའི་སེམས་འདི་དང་། སྟོང་གསལ་རིག་པའི་མཚན་ཉིད་ཅན་གྱི་རིག་པ་འདི་གཉིས་ཤན་དབྱེ་བར་བྱའོ། །གཉིས་པ་མ་ནོར་བར་ངོ་སྤྲད་པ་ནི། སེམས་ལ་བལྟས་པས་རྣམ་རྟོག་ཡོད་ཀྱང་དབང་དུ་མི་ཤོར་བར་ལྷན་ནེར་གནས་པ་གསལ་བདེ་ཅན་ནི་ཞི་གནས་ཡིན། དེ་རྫོགས་ཆེན་སྒོམ་གྱི་དངོས་གཞི་མིན། སྔོན་འགྲོ་ཉེ་རྒྱུ་ཁྱད་པར་བ་ཞིག་ཡིན། དེ་ལ་ཞེན་ན་གོལ་ས་ཡིན། སྣང་བ་གང་ཤར་གྱི་རྟོག་པ་ཐམས་ཅད་མཐོང་ཞིང་དེ་ཙ་ན་སྐྱེ་འགག་གནས་བྲལ་གྱི་ངོ་བོར་མཐོང་བ་ནི་ལྷག་མཐོང་ཡིན། བལྟ་མཁན་རང་ལ་བལྟས་པས་ཡོད་ཟེར་རྒྱུ་མེད། དབྱིབས་གཟུགས་ཀྱིས་སྟོང་། མེད་ཟེར་རྒྱུ་མེད། ཧྲིག་གེར་འཆར་བ། མ་མཐོང་བའི་མཐོང་རྒྱུ། མ་མྱོང་བའི་མྱོང་རྒྱུ། ངོ་བོ་ངོས་གཟུང་བྲལ་བ་ཞིག་འདུག་པ་འདི་ནི་ཉམས་སུ་བླང་བྱ་དངོས་ཡིན། དེའི་སྟོང་པ་དེ་ངོ་བོ་སྟོང་པའི་ཡེ་ཤེས། གསལ་ལེ་བ་དེ་རང་བཞིན་གསལ་བའི་ཡེ་ཤེས། དེ་གཉིས་མིང་དང་ཚིག་ཙམ་ལས་དབྱེར་མི་ཕྱེད་པའི་རིག་པ་ཧྲིག་གེ་བ་འདི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་གསུངས་པ་ཡིན། དེ་གསུམ་བཤད་དུས་སྔ་ཕྱི་ལྟར་བྱེད་པ་དེ་ཚིག་ལས་བྱུང་བ་མ་གཏོགས། འབྲལ་མ་མྱོང་བའི་མཚན་ཉིད་ཅན་སྐད་ཅིག་མ་གཅིག་ལ་རྫོགས་པ་ཡིན། དེའི་དོན་གྱིས་བཟང་ངན་གང་བྱུང་ཐམས་ཅད་དེར་རྫོགས་པས་རྫོགས་པ་ཆེན་པོ་ཟེར། དེར་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཁྲེགས་ཀྱིའམ་ཐད་ཀར་རམ་དུམ་བུར་གཅོད་པར་བྱེད་པས་ན་ཁྲེགས་ཆོད་ཅེས་བྱ། ཐམས་ཅད་བཟོ་བཅོས་མེད་པར་རང་སར་གྲོལ་བས་ཕྱག་རྒྱ་ཆེན་པོར་བཏགས། དེར་ཞི་བས་ཞི་བྱེད། དེའི་ཀློང་དུ་སྤྱོད་པས་གཅོད། དེ་མཐའ་དབུས་བྲལ་བས་དབུ་མ། ཀ་དག་ལྷུན་གྲུབ་ཐུགས་རྗེ་གསུམ། ཡེ་ཇི་བཞིན་པའི་དཀྱིལ་འཁོར། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ། གནས་འགྱུ་རིག་གསུམ། སྣང་རིག་སྟོང་གསུམ་སོགས་གཞུང་དང་མན་ངག་རྣམས་ལས་མིང་དུ་མར་བཏགས་པ་ཡིན། དེ་ལྟར་མཐོང་བ་ལྟ་བ། དེ་ལས་མ་གཡོས་པ་སྒོམ་པ། སྤྱོད་ལམ་དང་བསྲེས་པས་སྤྱོད་པ། འཁོར་བའི་ས་བོན་བཅད་པ་འབྲས་བུ། དེ་ལྟར་ཤེས་པ་གོ་བ། ངེས་ཤེས་བསྐྱེད་པ་མྱོང་བ། བྱ་བྱེད་མེད་པས་རྟོགས་པ། ཉོན་མོངས་ཟག་མེད་དུ་ཤར་བ་སྔགས་སྡོམ་དང་ཤེས་རབ་བསླབ་པ། ངང་ལ་གནས་པ་བྱང་སྡོམ་དང་ཏིང་འཛིན། ཉོན་མོངས་རང་མཚན་སྤངས་པ་སོ་ཐར་དང་ཚུལ་ཁྲིམས་བསླབ་པ། རིག་པ་ལྷ་རུ་གསལ་བ་བསྐྱེད་རིམ། དེ་ལ་མཚན་རྟོག་སྤངས་པ་རྫོགས་རིམ། དབྱེར་མེད་པ་ཟུང་འཇུག །དེ་ལྟར་གནས་པ་གཞི། ཤེས་པ་ལམ། བརྟན་པ་འབྲས་བུ། སྟོང་ཆ་ཆོས་སྐུ། རིག་ཆ་ལོངས་སྐུ། འགྱུ་ཆ་སྤྲུལ་སྐུ་སོགས་ཐམས་ཅད་རང་རིག་གི་གཤིས་སུ་རྫོགས་པར་ངོ་སྤྲད། མདོར་ན་གཉིས་འཛིན་གྱི་རྣམ་པར་རྟོག་པས་ཡེ་གདོད་མ་ནས་སྟོང་ཞིང་ངོ་བོ་ལ་དྲི་མས་གོས་མ་མྱོང་བའི་རིག་པའི་ཡེ་ཤེས་ཆོས་སྐུ་རྗེན་པར་རྟོགས་པ་ཉིད་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པར་ངོ་སྤྲོད་པར་བྱའོ། །གསུམ་པ་ལུང་གིས་ཡིད་ཆེས་བསྐྱེད་པ་ནི། དངོས་པོ་གཤིས་ཀྱི་འདུག་ཚུལ་ཡེ་ཇི་བཞིན་པའི་གནས་ལུགས་དེ་ཉིད་རང་ངོ་རང་གིས་ཤེས་ཤིང་རང་བབས་སུ་འཇོག་པ་ནི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ཞིང་། །ཞེས་དང་། ཐོག་མར་གཞི་ཡི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་ནི་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་སོ། །བཞི་པ་གོམས་འདྲིས་ཀྱིས་བརྟན་པ་འཐོབ་པར་བྱ་བ་ལའང་གསུམ་སྟེ། གོམས་དགོས་ཚུལ། ཉམས་སུ་བླང་ཚུལ། སྐྱོན་ངོས་གཟུང་ཞིང་བོགས་འདོན་ཚུལ་ལོ། །དང་པོ་ནི། ངོ་འཕྲོད་པས་མི་ཆོག་ཡེངས་མེད་ཀྱི་དྲན་པས་སྒོམ་སྐྱོང་དགོས་ཏེ། ལྕེ་སྒོམ་གྱིས། འོ་མ་བུར་ཤིང་ཏིལ་དང་རིན་ཆེན་རྡོ། །དེ་དག་སྐྱེས་བུའི་རྩོལ་ལ་རག་ལས་བཞིན། །སངས་རྒྱས་འབྲས་བུ་མངོན་དུ་ཐོབ་འདོད་པས། །ལམ་ལ་སྒོམ་པའི་འབད་རྩོལ་ཤིན་ཏུ་གཅེས། །ཞེས་དང་། མན་ངག་མཛོད་ལས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་རྫོགས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཤེས་རབ་ཆེ་ཡང་ཉམས་སུ་མ་བླང་ན། །དགོས་དུས་མི་སྟོངས་གཡུལ་ངོར་མཚོན་སྟོར་འདྲ། །ཞེས་དང་། གྲོགས་སུ་ཤར་ཡང་དབེན་པར་གནས་པ་གཅེས། །སྒོམ་མེད་གོ་ཡང་རྣམ་རྟོག་འདུལ་བ་གཅེས། །མཉམ་རྗེས་མེད་ཀྱང་ཐ་མལ་མ་ཤོར་གཅེས། །ཅེས་གསུངས་སོ། །གཉིས་པ་ཉམས་སུ་བླང་ཚུལ་ནི། དེའང་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ཅེས་བྱ་སྟེ། ཆོས་བདུན་གྱི་ངང་ནས་ཕྱིའི་ནམ་མཁའ་བར་སྣང་སྟོང་པ་ལ། ནང་གི་ནམ་མཁའ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་སྦུབས་སྟོང་པར་བརྒྱུད་པ་མིག་གཏད། གསང་བའི་ནམ་མཁའ་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་དུ་བཞུགས་པའི་རིག་པ་མིག་ལ་གཏད་པས་བསྒོམ་རྒྱུ་ཅི་ཡང་མེད་པར་ཐ་མལ་དུ་མ་ཡེང་ཙམ་དུ་འདུག་ཅིང་། དང་པོ་ནི་ཐུན་ཐུང་བ་དང་། གོམས་ནས་ཇེ་རིང་ལ་བསླབ། རྗེས་ཐོབ་ཀྱི་འགྲོ་འདུག་ཉལ་འཆགས་ཐམས་ཅད་ལ་བསྲེས་ནས་སྒོམ་ན་ཅི་བྱེད་སྒོམ་དུ་འཆར་རོ། །ལུང་ལས། སྒོམ་པའི་ཚེ་ན་ཇི་ཡང་མི་བསྒོམ་སྟེ། །ཆོས་ཀྱི་དབྱིངས་ལ་སྒོམ་རྒྱུ་ཅི་ཡང་མེད། །ཅེས་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམ་པས་ཀྱང་རྙེད་མ་ཡིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འོ། །ཞེས་པས། ཆེད་དུའང་མི་སྒྲིམ། མི་གཏད། ཐ་མལ་དུ་གཞག །ཡེང་པ་རྒྱ་འབྱམས་སུ་མི་གཏང་། ཐ་མལ་དུ་བསྡད་པ་དང་འདྲ་བ་ལ། གང་ཤར་རང་ངོ་ཤེས་པའི་དྲན་རིག་སོ་མ་དང་ལྡན་བཞིན་དུ་བསྐྱང་བར་བྱའོ། །གསུམ་པ་སྐྱོན་ངོས་གཟུང་ཞིང་བོགས་འདོན་ཚུལ་ནི། སེམས་དུས་གསུམ་རྟོག་པའི་རྗེས་འབྲང་སྔོན་བསུ་བྱེད་ཅིང་། ཉམས་ལ་ཞེན་པ་དང་། སེམས་བཙིར་ཟིན་བྱེད་པ་སོགས་བློས་བྱས་ཤིག་ཡོད་ཚེ་སྐྱོན་ཞུགས་པ་ཡིན། ཐ་མལ་ཤེས་པ་ལ་མ་ཡེངས་མི་སྒོམ་བཅོས་བསླད་མེད་པར་མཐོང་བཞིན་དུ་བཞག་ན་གོལ་ས་དང་སྐྱོན་ཐམས་ཅད་ཞུགས་དོགས་མི་འདུག་སྟེ། སངས་རྒྱས་མཉམ་སྦྱོར་ལས། མ་བཅོས་མ་བསླད་རང་སར་བཞག་པ་ན། །སྐྱོན་དང་གོལ་སར་ལྷུང་རྒྱུ་ཅི་ཡང་མེད། །བཅོས་བསླད་མེད་པའི་ངང་དུ་སུས་སྒོམ་པ། །ཆོས་སྐུ་བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད། །རང་བཞིན་སྐྱེ་བ་མེད་པ་ནམ་མཁའི་ངང་། །ཀ་དག་ཆོས་སྐུ་འདི་ལ་བྱར་མེད་པས། །དེ་ལྟར་འདི་སྒོམ་མེད་པའི་ངང་ལ་ཞོག །ཅེས་གསུངས་པ་ལྟར་རོ། །དེ་ལ་བོགས་འདོན་པ་ལ་བླ་མའི་མོས་གུས་གནད་དུ་བསྣུན། རི་ཁྲོད་དང་སྒྲུབ་པ་གཙོ་བོར་བྱེད། གསང་སྤྱོད་སྦས་པའི་བརྟུལ་ཞུགས་ཀྱིས་རྐྱེན་སྣང་གང་བྱུང་ཐོག་བརྫིས་བྱས། སྐབས་རེར་མདོ་རྒྱུད་ཟབ་མོ་བལྟ་རྟོག་བྱ། རང་ལ་ཉམས་ཀྱི་འཆར་ཚུལ་མཐོང་བའི་གྲོགས་ཉམས་མྱོང་ཅན་དང་གསུང་གླེང་བྱ། ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་རང་གི་སྟེང་དུ་ཐག་གཅད། རང་གི་སེམས་རྟོགས་པའི་ངོ་བོ་ལ་ངེས་ཤེས་བསྐྱེད། སྣང་ཐོག་ཏུ་སྐྱོང་ཞིང་གང་ཤར་སོ་མར་གཞག །རྐྱེན་བཟང་ངན་གང་བྱུང་ཡང་མི་སྤང་བར་རྐྱེན་ཐོག་ཏུ་རྟོགས་པའི་ངོ་བོ་དང་བསྲེ། །ཞེས་གསུངས་སོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤེས་པ་ནི། དེ་ལྟར་བལྟས་པས་བཟང་ངན་བདེ་སྡུག་གི་རྣམ་རྟོག་གང་འཕྲོའང་རིག་པའི་ངང་མ་ཤོར་ན། རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རོལ་པ་ལས་ནམ་དུའང་འདའ་མ་མྱོང་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མའི་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། མཉམ་མེད་དྭགས་པོས། ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོག་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཞེས་གསུངས་པས་རྣམ་རྟོག་སྤངས་ནས་མི་རྟོག་པ་ཞིག་སྒོམ་དུ་མེད་དེ་གང་ཤར་སོ་མ་མ་བཅོས་པའི་ངང་དུ་ལ་བཟླ་བར་བྱའོ། །གསུམ་པ་གཉིས་མེད་མཉམ་པའི་ངང་དུ་གནས་པ་ནི། གནས་བཞིན་དུ་སྣ་ཚོགས་སུ་སྣང་བ། སྣང་ཡང་དེར་འཛིན་དང་བྲལ་བ། གང་ལྟར་བཤད་ཀྱང་མངོན་སུམ་དུ་གྱུར་པ་ལ་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། ཡེ་ནས་ཁོ་རང་སུས་ཀྱང་མ་བཅིངས་མ་གྲོལ་བའི་མཚན་ཉིད་ཅན་ལས། ད་བསྐྱར་ནས་བཀྲོལ་རྒྱུ་མེད་པ་དང་། འཛིན་རྟོག་རྣམས་ཤར་མ་ཐག་ཏུ་རང་སར་གྲོལ་སོང་བ་ལ་གཉེན་པོ་བཙལ་མ་དགོས་པ་དང་། གཅེར་གྱིས་མཐོང་དུས་གྲོལ་ཟིན་པ་ལ་སྔ་ཕྱིར་འཛིན་པ་མེད་པ་དང་། བཟང་ངན་ཐམས་ཅད་ཐད་ཀར་དེ་ཡོངས་སུ་གྲོལ་བ་ལ་བླང་དོར་བྱ་རྒྱུ་མེད་པར་རྟོགས་པའི་གདིང་ཆེན་པོ་བཞི་ཡང་ཐོབ་པ་ཡིན། སྒོམ་བཟང་པོ་ཞིག་ལོགས་ན་ཚོལ་རྒྱུ་མེད། རྣམ་རྟོག་ངན་པ་ཞིག་གུད་དུ་སྤང་རྒྱུ་མེད་པར་གསེར་གླིང་དུ་ཕྱིན་པ་དང་ཆོས་མཚུངས་སོ། །དེ་བས་ན་དམ་པས། དང་པོའི་ཤེས་པ་རང་སོ་འདི་རང་ཆོས་སྐུ་ཡིན། །རང་སེམས་བུ་ཆུང་ལྟ་བུའི་ངང་ལ་ཞོག །ཅི་ཡང་མི་སྒོམ་ཆོས་མེད་གཅིག་གིས་འབྲས་བུ་ཐོབ། །ཐ་མལ་ཤེས་པ་རྣལ་མ་རང་དེ་རང་ས་ཟུངས། །ཞེས་གསུངས་སོ། །སྐབས་འདིར་རྡོ་རྗེ་སྙིང་པོའི་རང་གཞུང་ལས་གསུངས་པའི་ངོ་སྤྲོད་བདུན་གྱི་སྒོ་ནས་རྐྱེན་དང་བསྲེ་སྟེ་རྩལ་སྦྱང་བ་ལ་བདུན། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི༔ ཚོགས་འཁོར་དང་མཎྜལ་ཕུལ་ལ༔ སྒོམ་པའི་དོན་ཀློང་དུ་གྱུར་ན་སྐབས་སུ་ངོ་སྤྲད་པ་ནི༔ ཉོན་མོངས་བདག་འཛིན་གྱི་རྩ་བ་རྣམ་པར་རྟོག་པ་འདི་ཀ་སེམས་ལས་བྱུང་ཞིང༔ སེམས་ལས་མ་འདས་སེམས་ལས་གཡོ་བ་མ་ཡིན་ཏེ༔ ཉོན་མོངས་རྣམ་རྟོག་གི་ཚོགས་རང་ཁར་འཆོར་བའི་འཁོར་བ་དང༔ རང་སར་གྲོལ་པ་མྱང་འདས་ཀྱི་ཆའི་བྱེ་བྲག་ཕྱེད་པར་གྱིས་ཤིག༔ ཞོར་གྱི་བསླབ་བྱ་ནི༔ དེ་ལྟར་རྣམ་པར་རྟོག་པའི་ཚོགས་ཀྱི་གཉེན་པོ་དང་མ་བྲལ་བར་རྣམ་པར་རྟོག་པའི་ཚོགས་ཐ་དག་རང་གྲོལ་དུ་རྒྱས་ཐེབས་ན་རྣམ་རྟོག་ཆོས་སྐུའི་རོལ་པ་སྟེ༔ དོན་བཞིན་མྱོང་བར་གྱིས་ཤིག༔ གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི༔ དེ་ལྟར་རྣམ་པར་རྟོག་ཚོགས་ཐམས་ཅད་དངོས་པོ་དང་རང་བཞིན་མཚན་ཉིད་ཅིར་ཡང་མ་གྲུབ་པ་སྟོང་པ་ནམ་མཁའ་ལྟ་བུའོ༔ ཞོར་གྱི་བསླབ་བྱ་ནི༔ དུག་ལྔ་བདག་འཛིན་གྱི་རྟོག་པ་ཅི་ཤར་ཡང༔ དེའི་ངོ་བོར་བལྟས་པས་སྐྱེ་བ་མེད་པའི་དོན་མཐོང་བ་ལ་ནན་ཏན་བྱའོ༔ གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི༔ དེ་ལྟར་སྟོང་པའི་རང་མདངས་ལས་འགགས་མེད་ཀྱི་རྩལ་ནི་ཅིར་ཡང་སྣང་ལ༔ སྣང་བའི་རྟོག་ཚོགས་ཐ་དག་སྟོང་པའི་རང་མདངས་ལགས་པས༔ ཆེད་དུ་གཉེར་བར་མི་བྱའོ༔ བསླབ་བྱ་ནི༔ སྟོང་པའི་རང་ཞལ་སྐྱོང་བས་འགགས་མེད་ཀྱི་རྩལ་ཅི་ཤར་ཡང་རང་གྲོལ་རོལ་པར་ལམ་དུ་ཁྱེར་ཅིག༔ བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི༔ བཟང་ངན་རྟོག་པ་མཐའ་དག་དངོས་པོར་མ་གྲུབ་པ་སྟོང་པ༔ སྟོང་པའི་རང་མདངས་ལས་ཅིར་ཡང་སྣང་བ་བཟང་ངན་བླང་དོར་དང་བྲལ་བ་སྣང་སྟོང་གཉིས་མེད་ཀྱི་དོན་འདི་ནི་རྒྱལ་བའི་དགོངས་པ་སྟེ༔ འཁོར་ཡུག་རོལ་པ་ཆེན་པོར་རྟག་ཏུ་བརྩོན་པར་བྱའོ༔ ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི༔ དེ་ལྟར་བཟང་ངན་གཉིས་མེད༔ འཁོར་འདས་གཉིས་མེད༔ བླང་དོར་གཉིས་མེད༔ སྣང་སྟོང་གཉིས་མེད་མཐའ་དག་རང་གྲོལ་གྱི་རོལ་པའོ༔ བསླབ་བྱ་ནི༔ དེ་ལྟར་རང་གྲོལ་གྱི་རོལ་པ་མཐའ་དག་གཉེན་པོ་དང་མ་བྲལ་བར་སྐྱོང་བར་བྱའོ༔ དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི༔ ཉོན་མོངས་པ་བདག་འཛིན་དུག་ལྔའི་རྟོག་པ་མཐའ་དག་རང་གྲོལ་གྱི་རོལ་པ་ཆེན་པོ་སྟེ་དུག་ལྔ་རང་གྲོལ་ནི་ཡེ་ཤེས་ལྔའི་ངོ་བོ་དུག་བདུད་རྩིར་གྱུར་པའོ༔ བསླབ་བྱ་ནི༔ དུག་ལྔའི་ངོ་བོ་མཐོང་བ་ཙམ་གྱིས་རང་གྲོལ་གྱི་རོལ་པ་སྟེ་རྟག་ཏུ་སྐྱོང་བར་བྱའོ༔ བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི༔ མིག་གི་ཡུལ་དུ་གཟུགས་མཐོང་སྟོང༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་སོགས་ཚོགས་དྲུག་གི་རྟོག་པ་མཐའ་དག་རང་གྲོལ་གྱི་ཆོས་ཉིད་དེ༔ དེ་ལྟར་རང་གྲོལ་གྱི་དགོངས་པ་ཡང་རྩོལ་སྒྲུབ་གཉེན་པོ་དང་བྲལ་བ་ཡེངས་མེད་འཁོར་ཡུག་རོལ་པ་ཆེན་པོའི་ཚད་ལ་ཕེབས་པར་བྱ་བར་གསུངས་སོ༔ ༔གསུམ་པ་རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོགས་དབྱུང་ཞིང་རྩལ་སྦྱོང་བ་ནི། དུག་ལྔའི་རྟོག་པ་གང་ཤར་ཡང་ཤར་མ་ཐག་ཏུ་ཅེར་གྱིས་བལྟས་པས་རང་སར་གྲོལ་ལོ། །དེ་བཞིན་དུ་སྒོ་ལྔའི་ཤེས་པ་བཟང་ངན་དང་། ཚོགས་དྲུག་གི་ཤེས་པ་བཟང་ངན་ཅི་སྐྱེས་ཀྱང་དེ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཕྱམ་གྱིས་བཞག་པས་ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟླ་བ་ལ་བསླབ་སྟེ་རྩལ་སྦྱང་བར་བྱའོ། །དེ་སྐད་དུ། བླ་མ་ཤ་ར་པས། རིག་པ་རང་སར་གྲོལ་བ་ཡིན། །འཁྲུལ་ཆོས་རང་སར་ཞི་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྤྱི་དོན་གསུམ་གྱིས་ངོ་རང་ཐོག་ཏུ་སྤྲད་ནས། གང་སྣང་ཐམས་ཅད་སེམས་ལས་ལོགས་སུ་མེད། སེམས་ནི་རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས་རྟོག་པ་ཇི་སྙེད་པ་དེ་ལྟར་ཤེས་ཏེ་ཆུའི་ཐིགས་པ་གཅིག་རླན་པར་ཤེས་ན་ཆུ་ཐམས་ཅད་རླན་པར་ཤེས་པ་བཞིན་ཐག་ཆོད་པ་ནི་ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱ། གཤིས་ཀྱི་ཆོས་ཉིད་རང་གྲོལ་ཆེན་པོ་ལ་ཡེངས་མེད་དུ་གདིང་འཆའ་བ་ནི། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་བ་སྟེ་གཉུག་བསྲིང་ནས་གོམས་པ་ཀློང་དུ་མ་གྱུར་གྱི་བར་དུ་བསྒོམ། ནང་དུ་ཁྲེགས་ཆོད་ཀྱི་ཉམས་མྱོང་ཚད་ལྡན་རྒྱུད་ལ་མ་སྐྱེས་ན་ཕྱི་རུ་ཐོད་རྒལ་གྱི་འོད་སྣང་མཐོང་ཡང་གསལ་སྣང་ལ་ཞེན་ནས་གཟུགས་ཁམས་ཀྱི་ལྷ་རུ་གོལ་བར་གསུངས་སོ།། ༈ །།སྤྱི་དོན་གསུམ་པ་ཟག་མེད་ཡེ་ཤེས་མངོན་སུམ་རང་གནད་ལ་དབབ་པ་སྣང་བཞིའི་ཁྲིད་ལ་གཉིས། སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། ཁྲིད་དངོས་གཞི་འོ། །དང་པོ་ལ་གཉིས། ཕྱི་རུ་ཤན་དབྱེ་ཞིང་སྔོན་དུ་འགྲོ་བ། ནང་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བའོ། །དང་པོ་ལའང་ལུས་ངག་ཡིད་གསུམ་ཡོད་པ་ལས། དང་པོ་ལུས་རུ་ཤན་དབྱེ་བ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ནི། མི་མེད་པའི་སར་ཕྱིན་ཏེ། ལུས་ཀྱིས་རིགས་དྲུག་གི་སྤྱོད་པ་བྱ་བའོ། །གཉིས་པ་དངོས་གཞི་ནི། ལངས་ཏེ་ལག་པ་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། རྐང་རྟིང་སྤྲད། རྩེ་གཉིས་དང་པུས་མོ་ཕྱིར་བརྒྱང་པ། ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མར་རྩེ་སྐུ་གསུམ། རྐེད་པ་གཅིག་ཏུ་འདྲིལ་བ་ཁྲེགས་ཆོད་ཐོད་རྒལ་ངོ་བོ་གཅིག་ཏུ་ལམ་དུ་བྱེད་པ་མཚོན་ནོ། །གཉིས་པ་ངག་ལ་གཉིས། རུ་ཤན་དབྱེ་བ་ནི། རིགས་དྲུག་གི་སྒྲ་སྐད་སྣ་ཚོགས། ཞི་ཁྲོའི་གསུང་དབྱངས། འབྱུང་བའི་རང་སྒྲ་སོགས་བརྗོད། ངག་གི་སྔོན་འགྲོ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་ལ་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི། ངག་ཏུ་ཧཱུྃ་བགྲངས་པས། སྣ་བུག་གཡས་ནས་ཧཱུྃ་མཐིང་ནག་རིམ་པར་འཕྲོས་ཁང་ཁྱིམ། ཡུལ་ཁམས། ཕྱོགས་བཅུ། མཁའ་ཁྱབ་ཀྱི་བར་རིམ་པས་གང་བར་བསམ། གཉིས་པ་ནང་ཕུང་པོར་རྒྱས་གདབ་ནི། སྣ་བུག་གཡོན་ནས་ཚུར་བྱུང་ལུས་ནང་བ་སྤུའི་ཁུང་བུའི་མཐའ་ཚུན་གང་བར་བསམ། གཉིས་པ་རྩལ་སྦྱོང་བ་ལ་ཕྱི་ནང་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་སྣ་བུག་གཡོན་ནས་ཧཱུྃ་ནག་པོ་ཡེ་ཤེས་ཀྱི་མེ་འབར་བ་འུར་སྒྲ་བཅས་སོང་ནས། ཉེ་འཁོར་གྱི་ཤིང་བུ་རྡེའུ་ནས་སྣང་བ་ཐམས་ཅད་ཀྱི་བར་རྣམས་ཟང་ཐལ་དུ་ཕུག་ནས་ཁྲལ་ཁྲོལ་དུ་བཏང་བར་བསམ། ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་མཐིང་ནག་མཐོ་གང་པས་རང་ལུས་བར་མེད་པར་ཕུག་ནས་ཟང་ཐལ་དུ་བཏང་བར་བསམ། གསུམ་པ་མཉེན་བཙལ་བ་ནི། ངག་ཏུ་ཧཱུྃ་བརྗོད་པས་རང་ཉིད་ཧཱུྃ་མཐིང་ནག །མདུན་དུ་ཧཱུྃ་དམར་པོ་གཅིག་བསམ། རང་ལས་ཧཱུྃ་ནག་པོའི་ཕྲེང་བ་འཕྲོས། དམར་པོར་འཁྲིལ། ཕྱིར་གྲོལ་ནས་རང་ལ་འཁྲིལ། དེ་བཞིན་ལན་མང་མཐར་རང་ལ་དཀྲིས་པས་རི་བོ་མཆོག་རབ་ཙམ་བསམ། ཡང་ཧཱུྃ་དམར་པོ་ལས་ཧཱུྃ་དམར་ཕྲེང་བ་བྱུང་། ཚུར་འཁྲིལ་ཕར་འཁྲིལ། ལན་མང་མཐར་ཕར་དཀྲིས་པས་རི་རབ་ཙམ་དུ་གྱུར། ནག་པོས་དམར་པོ་ལ་གཡས་སྐོར་དང་། དམར་པོས་ནག་པོ་ལ་གཡོན་སྐོར་དུ་ཁྱི་ལི་ལི་འཁོར་བར་བསམ། མཐར་ཧཱུྃ་གཉིས་ཁ་སྦྱར་ནས་གཡས་གཡོན་མདུན་རྒྱབ་ཐམས་ཅད་དུ་ཁྱམ་ཁྱམ་འཁྲབ་པར་བསམ། མཐར་ཇེ་ཆུང་ཇེ་ཟླུམ་དུ་སོང་ནས་ཐིག་ལེ་དམར་ནག་ཡུངས་འབྲུ་ཙམ་གཉིས་ལ་སེམས་གཏད། མཐར་དེ་གཉིས་གཅིག་ཏུ་འདྲིལ་ནས་ནམ་མཁར་ཧྲི་ལི་ལི་འདྲིལ་བ་དང་མི་དམིགས་པར་སེམས་གཏད་དོ། །བཞི་པ་ལམ་གཞུག་ནི། རང་ཉིད་ཧཱུྃ་དཀར་པོ་ཁྲུ་གང་ཙམ་འོད་ཟེར་འཕྲོ་བར་གྱུར་ཏེ། ཧཱུྃ་དལ་གྱིས་བགྲངས་པས་ས་ལ་མ་རེག་ཙམ་གྱིས་ཏ་ལ་ལ་སོང་བ། འགྲོ་མྱོང་ཡོད་ཚད་ཀྱི་ས་དང་། བར་དོ། རིགས་དྲུག་ཐམས་ཅད་ཉུལ། ཚུར་མཐོང་ཚད་གྲོལ་བར་བསམ། ཕར་མཐོང་ཚད་འོད་ཕུང་དུ་ཡལ་བར་བསམ། དེ་ནས་ནམ་མཁར་འཕུར་ཏེ་ཤར་མངོན་པར་དགའ་བ་ནས་བརྩམ་རིགས་ལྔའི་ཞིང་རྣམས་རིམ་པར་ཉུལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ། མཆོད་པ་འབུལ། ཆོས་ཞུས། གནང་བ་ཐོབ་ལུང་བསྟན་པར་བསམ། རྗེས་སུ་ཤེས་པ་གློད་ལ་མཉམ་པར་གཞག་གོ །གསུམ་པ་སེམས་ལ་རུ་ཤན་དབྱེ་བ་དང་། སྔོན་འགྲོ་གཉིས་ལས། དང་པོ་ནི། རིགས་དྲུག་གི་བདེ་སྡུག་ཐམས་ཅད་ཐོག་ཏུ་བཀལ་ལ་བལྟ་འོ། །གཉིས་པ་སྔོན་འགྲོ་ནི། སེམས་ཐོག་མར་བྱུང་བ་ལ་དཔྱད་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ནས་བྱུང་བའི་ཁུངས་མ་རྙེད་ཅིང་། འབྱུང་མཁན་གྱི་སེམས་མ་གྲུབ་པར་སྐྱེ་བའི་རྒྱུས་སྟོང་པས་གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པར་ངོ་འཕྲོད། བར་དུ་གནས་ས་ལ་བརྟགས་པས་ཕྱི་ནང་སྣོད་བཅུད་ལུས་ཀྱི་མགོ་མཇུག་བར་གསུམ་སོགས་གནས་ས་མ་རྙེད་ཅིང་། གནས་མཁན་གྱི་སེམས་ལ་ངོས་གཟུང་མེད་པར་གནས་པའི་རྒྱུས་སྟོང་པས་གསལ་ལ་རང་བཞིན་མེད་པ་ལོངས་སྐུ་འགག་པ་མེད་པར་ངོ་འཕྲོད། ཐ་མ་འགྲོ་ས་ལ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་དུའང་འགྲོ་ས་མ་རྙེད། འགྲོ་མཁན་གྱི་སེམས་གང་ཡང་མ་གྲུབ་པ་འགགས་པའི་རྒྱུས་སྟོང་པས་རིག་སྟོང་འགྲོ་འོང་བྲལ་བ་སྤྲུལ་པའི་སྐུར་ངོ་འཕྲོད་པ་ཡིན་ནོ། །གཉིས་པ་ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱོང་བ་ནི། ཆོས་སྲུང་ལ་གཏོར་མ་བཏང་ནས། བགེགས་མི་འཇུག་པ་དང་། ཚོགས་བརྒྱད་ཡུལ་ལ་མི་འཕྲོ་བར་བྱ་བའི་ཕྱིར་ཡི་གེ་བརྒྱད་ཀྱིས་རྒྱས་གདབ་དགོས་ཏེ། བླ་མས་ཁ་ཤར་དུ་ཕྱོགས་པས་སྡིགས་མཛུབ་མཛད་པའི་མདུན་དུ་སློབ་བུ་རྣམས་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། སློབ་མའི་སྤྱི་གཙུག་ཏུ་ཧཱུྃ་མཐིང་ནག་ཅིག་བསྒོམ། མགྲིན་པ་དྲྭ་བ་ཅན་གྱི་རྩ་ལས་བྱུང་སྟེ་ལུས་གང་བར་བསམ། རྐང་མཐིལ་དུ་ཡཾ་ལྗང་གུ། ལྟེ་བར་རཾ་དམར་པོ། མགྲིན་པར་ཁཾ་དུད་ཁ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུཾ་སེར་པོ། པུས་མོ་གཡས་པ་ལ་ཧ་དཀར་པོ། སླར་ཡང་རྐང་མཐིལ་དུ་ཕཊ྄ཿསྔོ་ནག་དཔོན་སློབ་གཉིས་ཀས་བསམ་ལ། དཔོན་སློབ་གཉིས་ཀས་ངར་དང་ལྡན་པས་དབུགས་ཐོག་རེ་ལ་ཕཊཿཉེར་གཅིག་རེ་དྲག་ཏུ་བརྗོད་ལ་བསྲུང་བར་བྱའོ། །རུ་ཤན་དབྱེ་བ་དངོས་ལ། རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུཾ་སེར་པོ། སྙིང་ཀར་ནྲྀ་སྔོ་སྐྱ། ལྟེ་བར་ཏྲི་དམར་ནག །གསང་གནས་པྲེ་ལྗང་ནག །རྐང་མཐིལ་དུ་དུ་དུད་ཁ་རྣམས་ལ་རིགས་དྲུག་སོ་སོར་འཕེན་པའི་བག་ཆགས་རྣམས་འདུས་ཏེ་ཐིམ་པར་བསམ། དེ་ནས་སྤྱི་མགྲིན་སྙིང་ག་གསུམ་དུ་སྐུ་གསུང་ཐུགས་ཀྱི་ཡི་གེ་ཨཱོྃ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལས་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟ་བུ་འཕྲོས་ནས་ས་བོན་དྲུག་ཐུལ་གྱིས་བསྲེགས། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཡང་འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་གནས་ཐམས་ཅད་དུ་ཁྱབ་པས་སོ་སོའི་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ཤིང་སྦྱངས། རྒྱལ་བ་རྣམས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསྒོམས་ལ་འབྲུ་གསུམ་དབྱངས་དང་བཅས་པའམ་མེད་ཀྱང་རུང་བས། རབ་རྟགས་མཚན་མ་བྱུང་བར་དང་། ཐ་མའང་འབུམ་ཕྲག་བདུན་བཟླའོ།། །།གཉིས་པ་དངོས་གཞི་ལ་བཞི། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་གཏང་བ་དང་། སྒོ་གསུམ་གྱི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། སྣང་བཞིའི་ཉམས་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། ལུས་ཀྱི་ཕྱི་སྤྱོད་འགྲོས། ནང་ཕྱག་བསྐོར་སོགས་བོར་ལ། གསང་བ་དབེན་པ་ལ་བརྟེན། ངག་གི་ཕྱི་འཁྲུལ་གཏམ། ནང་ཆོས་སྤྱོད་རྣམས་བོར་ལ། གསང་བ་སྨྲ་བཅད་བྱ། ཡིད་ཀྱི་ཕྱི་རྟོག་དཔྱོད། ནང་ཐོས་བསམ་གང་ཡང་མི་བྱ་བར། གསང་བ་རྩོལ་མེད་དུ་བཞག་གོ །གཉིས་པ་སྒོ་གསུམ་གྱི་གནད་གཟིར་བ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་ཀྱི་གནད་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། སྟན་འབོལ་བའི་གདན་གྱི་སྟེང་དུ་ཁྱི་ཚུགས་མོར་འདུག་ལ། རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྒྲད་ལ། ལག་མཐིལ་ས་ལ་བཙུག་སྟེ་མཐེ་བོང་བཅིངས། རོ་སྟོད་སེངྒེ་ལྟ་བུར་གཟེངས་བསྟོད་ལ། མཇིང་པ་ཡིད་ཙམ་གྱེན་དུ་བསྟོད་ཅིང་སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟས་ནས་ཉི་མའི་འོག་ཏུ་གྲུ་གང་ཙམ་ཕབ་པའི་མཁའ་ལ། ཆོས་སྐུའི་གཟིགས་སྟངས་གྱེན་ལ་མི་འགུལ་བར་བལྟས་པས་ཐིག་ལེ་འཆར་བའི་ཚེ་འགྲོ་འོང་གི་རྗེས་སུ་མི་འབྲངས་བར་ཡི་གེ་ཨཱོྃ་ལ་འབེན་བྱ། དེ་ནས་ཐིག་ལེ་ཇེ་ཉེ་ཇེ་ཉེར་ཁྲིད་ལ། འདོམ་གང་ཐད་སོར་ཨཱཿལ་འབེན་བྱ། དེ་ནས་རང་མདུན་དུ་ཧཱུྃ་ཡིག་ལ་གཏད་དེ་དལ་བུར་སྦྱང་བར་བྱ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་སྟེ། སྟན་ལ་ཁ་སྦུབ་སྟེ། པུས་མོ་གཉིས་སྦྱར། གྲུ་མོ་གཉིས་ས་ལ་བཙུག་སྟེ། ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲངས་ཏེ། ལོངས་སྐུའི་གཟིགས་སྟངས་མིག་ནམ་མཁར་ཟུར་གྱིས་ཧྲིལ་པོར་བལྟས་ནས། གོང་གི་ཆོས་སྐུའི་འདུག་སྟངས་སྐབས་ལྟར་དང་པོ་ཨཱོྃ་དང་། དེ་ནས་མར་ཁྲིད་དེ་ཨཱཿ དེ་ནས་རྒྱུན་དུ་རང་གི་མདུན་དུ་ཁྲིད་ལ་ཧཱུྃ་ཡིག་ལ་འབེན་བྱ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་སྟེ། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབ་སྟེ་ཙོག་པུར་འདུག་ལ། ལག་པ་གཉིས་མཁལ་ཁུང་ངམ། པུས་མོར་འཁྱུད། སྒལ་ཚིགས་བསྲང་སྟེ། སྤྲུལ་སྐུའི་གཟིགས་སྟངས་མིག་ཟིམ་བུས་བར་སྣང་ལ་གཏད་དེ། འབྲུ་གསུམ་ལ་འབེན་བྱ་བ་ནི་གོང་ལྟར་རོ། །འདི་དག་ཉིན་གཅིག་ཏུ་ཉམས་སུ་བླངས་ན། སྔ་དྲོ་ཆོས་སྐུ། ཉིན་གུང་ལོངས་སྐུ། ཕྱི་དྲོ་སྤྲུལ་སྐུའི་འདུག་སྟངས་གསུམ་གྱིས་གཅུན་པའམ། ཡང་ན་རང་ལ་གང་ཕན་གྱི་འདུག་སྟངས་གཙོ་བོར་བྱ་བར་གསུངས་སོ། །གཉིས་པ་ངག་གནད་ནི། ངག་མི་སྨྲ་བར་རིམ་བཞིན་དུ་བསླབ་སྟེ་མཐར་ལྐུགས་པ་ལྟར་འདུག་གོ །གསུམ་པ་སེམས་གནད་ནི། རླུང་རང་བབས་སུ་གཏང་། སེམས་མིག་དང་ལྷན་ཅིག་གཏད་པ་ལས་ཡེངས་སུ་མི་འཇུག་གོ །གསུམ་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལའང་། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་རླུང་རིག་གི་གནད་དོ། །དང་པོ་ནི། མིག་བཟློག་ཕབ་ཟུར་གྱིས་བལྟ་བ་ཡིན་ཏེ། སྒྲོན་མ་འབར་བ་ལས། འཆར་བའི་སྒོ་ནི་མིག་གཉིས་རང་། །ཞེས་སོ། །དེ་ཡང་རྩ་གནས་རྣམས་སུ་སྒྲོན་མ་བཞིའི་འཆར་གཞི་འོད་དང་ཐིག་ལེར་བཞུགས་པའི་རང་མདངས་རྩ་དར་དཀར་སྐུད་པ་ལྟ་བུའི་ལམ་ནས་བརྒྱུད་དེ་མིག་ལ་རྒྱ་སྐར་གྱི་ཉི་ཞུར་ལྟར་སྣང་ངོ་། །ཀློང་གསལ་ལས། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡི། །རྩ་ཡི་ལམ་ནས་སྣང་བར་བྱེད། །ཅེས་སོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་སར་བྱའོ། །གསུམ་པ་ཇི་ལྟར་འཆར་བ་ལས་རླུང་གི་གནད་ནི། སྣ་ནས་མི་གཏང་བར་ཁ་ནས་དལ་བུས་རྒྱུར་བཅུག་ལ་ཕྱིར་འཛིན་ཅུང་ཟད་བྱའོ། །རིག་པའི་གནད་ནི། མི་ཡེངས་པར་ལྟ་སྟངས་བྱེད་བཞིན་བལྟས་པས་ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ཁྱིམ་ཟེར་ཐག་ལྟ་བུ། ཐིག་ལེ་སྟོང་སྒྲོན་ཀོ་མོག་ཏུ་རྡོ་བསྐྱུར་བ་ལྟ་བུ། དེ་དག་གི་སྟེང་དང་བར་རྣམས་སུ་རིག་པ་རང་བྱུང་གི་སྒྲོན་མའམ་རྡོ་རྗེ་ལུ་གུ་རྒྱུད་ལྕགས་ཐག་བརྒྱངས་པའམ་སྤུ་ཉག་གཅུས་པ་ལྟ་བུ་འོང་སྟེ། གང་ལྟར་བྱུང་རུང་སྣང་ཙམ་ལས་བཟོ་བཅོས་མེད་པར་ཁྲེགས་ཆོད་ཀྱི་དོན་ལ་མཉམ་པར་བཞག་པས། ཕྱི་ནང་གི་དབྱིངས་དང་རིག་པ་ངོ་བོ་གཅིག་ཏུ་འགྱུར་རོ། །དེ་ལྟར་ཤེས་པས་རང་གྲོལ་ཆེན་པོར་སྣང་བ་ཆོས་ཉིད་དུ་གྲོལ་ལོ། །འདི་དུས་ཚེ་དུས་བྱས་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་ནས་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་བོ། །དེ་དག་ཀྱང་ད་ལྟ་མངོན་སུམ་དུ་རྫོགས་པར་མི་མཐོང་བ་ལས་ལྷུན་གྲུབ་ཆེན་པོའི་སྣང་བ་ཡིན་ཏེ། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པའི་རྟགས་སུ་ལུ་གུ་རྒྱུད་དུ་འཆར་བའོ། །དེ་ཉིད་ངོ་སྤྲོད་པ་ལ་ལུས་ངག་ཡིད་གསུམ་དང་སྐུ་གསུམ་དང་དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་དང་། འོད་ལྔ་དང་ཐིག་ལེ་ལུ་གུ་རྒྱུད་དུ་སྣང་བ་རྣམས་སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ། འོད་ལྔ། རླུང་ལྔ། ཤེས་རབ་ལྔ། མཁའ་འགྲོ་ལྔ་རྣམས་ཡེ་ནས་མ་བྱས་པའི་རང་ཤར་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བར་ངོ་སྤྲོད་པའི་ཚུལ་ནི་ཁྲིད་ཡིག་ཆེན་མོ་ལས་ཤེས་པར་བྱའོ། །དེ་ཉིད་རྣལ་འབྱོར་བཞིས་ཉམས་སུ་ལེན་ཚུལ་ནི། ཐལ་འགྱུར་ལས། རི་བོ་ཅོག་གཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་གཞག་བསྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་དུ་བློ་འདྲེས་པའོ། །ཞེས་པས། ལྟ་སྒོམ་སྤྱོད་འབྲས་བཞིའི་ཉམས་སུ་ལེན་ཚུལ་ལ། དང་པོ་ནི། ཕྱིའི་ཡུལ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ། ནང་འཛིན་རྟོག་ཐམས་ཅད་བར་སྣང་ན་བུན་ལྟ་བུར་རང་ཡལ་དུ་འགྲོ་བ། གསང་བ་འོད་གསལ་ཡང་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་པར། གཉེན་པོ་མ་བརྟེན། འཁྲུལ་པ་མ་སྤང་། ཐམས་ཅད་རང་ས་ནས་གྲོལ་བར་ཤེས་པའོ། །གཉིས་པ་བསྒོམ་པ་ཉམས་སུ་ལེན་ཚུལ་ལ། སྤྲོས་བཅས་དང་སྤྲོས་མེད་དོ། །དང་པོ་ཐུན་བཞིའི་རྣལ་འབྱོར་བྱ་བ་སྟེ། སྔ་དྲོ། ཕྱི་དྲོ། སྲོད། ཐོ་རངས་སོ། །དེ་ཡང་ཉི་རྩེ་མ་བཏང་བར་ཁ་ཐོན་དང་དཔེ་བལྟས། ཉི་ཤར་ནས་གུང་བར་ཐོད་རྒལ། གུང་ལ་ཕྱག་བསྐོར། ཕྱི་དྲོ་ཐོད་རྒལ། དགོང་མོ་གཏོར་བསྔོ། སྲོད་ཐུན་ཆ་གསུམ་དུ་བགོས་པའི་དང་པོ་ལ་མི་རྟག་པ། བར་པ་ལ་སྲུང་འཁོར་དང་བསྐྱེད་རིམ་བཟླས་པ། གུང་ལ་གཉིད་ལོག །ཐོ་རངས་དང་པོ་བླ་མའི་རྣལ་འབྱོར། བར་མ་ཁྲེགས་ཆོད། ཐ་མ་གཏུམ་མོ་བསྒོམ། དེ་ཐམས་ཅད་ཀྱི་དུས་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་དམ་པ་གསུམ་གྱིས་ཟིན་པ་ཞིག་གལ་ཆེའོ། །ཀློང་གསལ་ལས། དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་སོ། །གཉིས་པ་སྤྲོས་མེད་ཀྱི་གང་ཟག་གིས་ཉིན་མཚན་ཁ་སྦྱོར་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་མི་འདའ་སྟེ། གླང་སེང་དྲང་སྲོང་གསུམ་པོའི་འདུག་སྟངས་གང་བདེ་དང་ལྟ་སྟངས་སེང་གེ་ལྟར་གྱེན་ལ། གླང་ལྟར་ཐུར་དུ། རི་བོང་ལྟར་ཐད་ཀར་ཧད་པོར། མདའ་བསྲང་བ་ལྟར་ཟུར་ལ་བལྟས་ཏེ། མི་གསལ་ན་མིག་གཉིས་མཉམ་པར་ཟིམ་བུར་བྱས་ཏེ་བལྟ་བ་གནད་ཡིན་ནོ། །སྒྲོན་སྣང་ལས། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུའི་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། །ཞེས་སོ། །སྲོད་ལ་དབང་པོ་གནས་སུ་བསྡུ་བ་ཞེས། ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་གསལ་ཚ་བ་ལས་མེ་འབར་བ་དབུ་མར་བརྒྱུད། གྱེན་དུ་སོང་སྤྱི་བོའི་ཧཾ་ལ་ཕོག །ཐིག་ལེ་ཐིགས་པས་མེའི་གསོས་བྱས་ཏེ། ལྟེ་བའི་རྩ་འཁོར་གང་བར་འབར་བས་སྒྲིབ་གཉིས་བསྲེག །བདེ་བ་རྒྱས་པའི་བདེ་སྟོང་གི་ངང་ལ་བཞག །གུང་ལ་ཤེས་བྱ་བུམ་པར་གཞུག་པ་ནི། སྙིང་ནང་དང་ཚངས་བུག་ཏུ་ཨ་དཀར་པོ་རེ་གསལ་བའི་དབུ་མའི་ནང་། དེ་གཉིས་བར་ལ་ཨ་དཀར་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་སྙིང་གར་གཅིག་ཐིམ་གཉིས་ཐིམ་བསམ། རྩའི་ནང་དུ་འོད་ཟེར་རྒྱ་སྐར་ཉི་ཞུར་ལྟར་བསམ་ནས་གཉིད་ལོག་པ་དང་། གཉིད་འོད་གསལ་གྱི་སྦུབས་སུ་སྦ་བ་ཞེས་བྱའོ། །ཐོ་རངས་རིག་པ་རང་གསལ་དུ་གཏང་བ་ནི། ལང་དུས་ཧ་ཞེས་བརྗོད། དབུགས་རིང་བ་གསུམ་བུས། སེང་གེའི་འདུག་སྟངས་ཀྱིས་སྙིང་གའི་ཨ་ལས་དེ་འདྲ་བ་གཅིག་སྤྱི་གཙུག་གཞུ་གང་གི་ནམ་མཁར་མཆེད་དེ་ལིང་ལིང་འདུག་པ་ལ་སེམས་གཏད་དེ་མི་ཡེངས་པར་བྱ། སྲོད་ལ་དྲང་སྲོང་། གུང་ལ་གླང་པོ། ཐོ་རངས་ཆོས་སྐུའི་འདུག་སྟངས་ཀྱིས་བསྒོམ་མོ། །གསུམ་པ་སྤྱོད་པ་ཉམས་སུ་བླང་ཚུལ། ལས་དང་པོ་པའི་སྤྱོད་པ་ཆོས་སྤྱོད་བཅུ། བར་དུ་རྣལ་འབྱོར་གྱི་སྤྱོད་པ། འཁོར་འདས་རུ་ཤན་དབྱེ་བ། བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་སོགས་བོགས་འདོན་པའི་ཐབས་སྣ་ཚོགས་ལ་བརྩོན་པའོ། །བཞི་པ་འབྲས་བུ་ཉམས་སུ་བླང་ཚུལ་ནི། རིག་པ་གང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པ་ཤེས་པར་གྱིས་ཤིག །ཅེས་སོ། །བཞི་པ་སྣང་བཞིའི་ཉམས་རྣམས་ཇི་ལྟར་འཆར་ཚུལ་ནི། དབྱིངས་ཐིག་ལེ་རིག་པ་རྣམས་འཆར་ཞིང་། ཕྱི་ནང་གི་རིག་པ་ལ་བརྟན་ཆ་ཅུང་ཟད་ཅིག་ཐོབ་པ་ནི་ཆོས་ཉིད་མངོན་སུམ། དབྱིངས་རིག་གི་རྒྱན་རྫོགས་ནས་སྐུ་གཅིག་ཤར་བ་ཚུན་ཉམས་གོང་འཕེལ། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཇི་རིགས་རྒྱ་ཆེར་སྣང་བ་འཕེལ་བ་རིག་པ་ཚད་ཕེབས། འཕེལ་སྣང་དང་འཁྲུལ་སྣང་ཐམས་ཅད་ཟད་པ་ཆོས་ཉིད་ཟད་པ་ཆེན་པོ་སྟེ། ཡང་དག་དོན་གྱི་སངས་རྒྱས་མྱ་ངན་ལས་འདས་པ་ཆེན་པོར་གྱུར་པ་ཞེས་བྱའོ། །དེ་ལྟར་གྱུར་པའི་ཚད་རྨི་ལམ་གྱིས་གཟུང་བ། རྟགས་སྒོ་གསུམ་ལ་འཆར་བ་སོགས་ཀྱིས་ངེས་པ་ལས། འཆར་སྒོ་ཁོ་ན་ལའང་ངེས་པ་མེད་དེ། དེའི་ཚུལ་ནི་གཞན་དང་འདྲའོ།། །།བཞི་པ་མཐའ་རྟེན་གྱི་མན་ངག་ལ་བཞི་ལས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་སྐུ་གསུམ་གྱི་འདུག་སྟངས་ལས་མི་འགུལ། མིག་གཟིགས་སྟངས་གསུམ་ལས་མི་འགུལ། ཡིད་དབྱིངས་རིག་བསྲེ་བ་ལས་མ་འདས་པའོ། །སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་སྣང་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་སེམས་སྡོད་པས་རྟོག་པ་སྐྱེ་མི་སྲིད་དོ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་རང་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་རང་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་རང་དབང་ཐོབ་པས། འཁྲུལ་རྟོག་རང་ག་མ་སྐྱེ་མི་སྲིད་དོ། །གདིང་བཞིའི་གྲོལ་ཚད་བསྟན་པ་ནི། ཡར་སངས་རྒྱས་ཀྱི་ཡོན་ཏན་བཤད་ཀྱང་ཐོབ་ཀྱི་རེ་བ། མ་ཐོབ་ཀྱི་དོགས་པ་མེད་དེ་རང་གིས་སངས་རྒྱས་ཀྱི་ས་ཟིན། མར་འཁོར་བའི་སྡུག་བསྔལ་བཤད་ཀྱང་འཁོར་གྱི་དོགས་པ། མི་འཁོར་གྱི་རེ་བ་གཉིས་མེད་དེ་ཡིད་འཁྲུལ་རྟོག་ལས་གྲོལ་བའོ། །དེ་ཡང་ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་སོ། །དེ་ལྟར་དབང་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས་ནི་སྣང་བཞིའི་ཉམས་རྣམས་མཐར་ཕྱིན་ཏེ། ཚེ་འདི་ཉིད་ལ་ལྷག་མེད་དུ་འཚང་རྒྱ་བ་དང་། དེ་ལྟར་མ་བྱུང་ཡང་འདའ་ཁའི་དུས་སུ་བླ་མའི་བྱིན་རླབས་དང་། རང་གིས་གདམས་པ་ཉམས་སུ་བླངས་པས་འཁྲུལ་པ་རང་སྣང་དུ་ཤེས་ཏེ། འོད་ལྔའི་སྣམ་བུའི་སྣེ་ལ་རྡོ་རྗེ་སེམས་དཔའ་རྒྱན་ཆ་ལུགས་མ་འདྲེས་པར་མཐོང་ལ་དེ་ཉིད་ལྷུན་གྲུབ་ཆེན་པོའི་སྣང་བར་ཤེས་ནས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པ་ལ་རྡོར་སེམས་ཁོང་སེང་གི་ལམ་ཞེས་བྱའོ། །དེ་ཉིད་གསལ་འདེབས་པའི་ཚིག་ནི་གདམས་པ་འདི་ཉིད་ཀྱི་དབང་རབ་ཚེ་འདིར་གྲོལ་བྱེད་འདའ་ཁའི་མན་ངག་ཟབ་མོ་ལས་བླང་ངོ་།། ༈ །།རྩ་བའི་ས་བཅད་གཉིས་པ་དབང་འབྲིང་བར་དོར་གྲོལ་བའི་མན་ངག་ལའང་། དང་པོ་འཆི་ཁ་བར་དོ་ལ་གྲོལ་བའི་གདམས་ངག་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུ་ནི། འཆི་ལྟས་ཉེ་རིང་གང་བྱུང་དུས་འཆི་བསླུ་ལ་འབད། མི་བཟློག་པའི་ཚེ། རབ་གངས་ཁྲོད་རི་རྩེ། འབྲིང་རྒྱུས་མེད་པའི་ས། ཐ་མ་དབེན་པའི་སར་བསྡད་ལ། དཀོན་མཆོག་མཆོད་པ། ཆོས་སྲུང་ལ་གཏོར་མ་ཕུལ། འབྱུང་པོ་རྣམས་ལ་འདོད་ཡོན་བསྔོ་བར་བྱ། དེ་ནས་མྱུར་དུ་འཆི་བའི་ལྟས་ས་ཁམས་ཐིམ་པས་ལུས་ཀྱི་བག་བཞི་ལྷུང་། ལྡང་མི་ནུས། ཆུ་ཐིམ་པས་ཁ་སྣའི་ཆུ་སྐེམ། མེ་ཐིམ་པས་ལུས་ཀྱི་དྲོད་སྡུད། བྱད་ཀྱི་བཀྲག་ཤོར། རླུང་ཐིམ་པས་ཕྱི་དབུགས་རྒོད། ཤེས་པ་མི་གསལ། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། ཁམས་འཆུགས་པས་སྣང་མཆེད་ཐོབ་གསུམ་དཀར་ལམ་དམར་ལམ་ནག་ལམ་རིམ་པར་འཆར། འདི་དུས་ཙབ་ཙུབ་ཀྱི་བློ་སྣ་མི་མང་བར་ཁྲེགས་ཆོད་དང་ཐོད་རྒལ་གྱི་མཉམ་གཞག་ལས་མི་གཡོ་བར་བྱ། འདུག་ཚུགས་ཇི་ལྟར་བྱས་ཡོད་ཀྱང་མི་བཅོས་ཏེ། ཐུགས་དམ་གསལ་འདེབས་པ་ཙོག་པུར་འདུག་ནས། རྣ་བར་སྨྱུག་མའམ་ཤོག་གུའི་སྦུབས་ནས། རིགས་ཀྱི་བུ་ཅི་ལའང་མ་ཆགས་ཤིག །ཆོས་ཉིད་ཀྱི་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་འཆར་གྱི། དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །བདེ་བར་གཤེགས་ཤིག །ཅེས་ལན་གསུམ་དང་། རྡོ་རྗེ་སྙིང་པོའི་དབང་འབྲིང་གི་ངོ་སྤྲོད་གདབ་པས་གཞིའི་འོད་གསལ་ཉེར་ཐོབ་ཕྱག་རྒྱ་ཆེན་པོ་སྟོན་གནམ་གཡའ་དང་བྲལ་བ་ལྟ་བུ་དེ་ངོས་ཟིན་ན། གཞིའི་འོད་གསལ་དང་ལམ་གྱི་འོད་གསལ་གཉིས་ཆུ་སྣ་རྒྱ་མཚོར་འདྲེས་པའམ། མ་དང་བུ་འཕྲད་པ་ལྟར་ཡིད་ཆེས་ནས་དེ་ངང་དུ་ཡུན་རིང་ཐུང་མ་ངེས་པ་རེ་ལ་གནས་ནས་ཡར་གྱི་ཟང་ཐལ་ཆེན་པོར་བར་དོ་མེད་པར་གྲོལ་ལོ། །ཡང་རང་གི་མིག་གཉིས་ནས་འོད་ཟེར་དཀར་དམར་སྐས་བཙུགས་པ་འདྲ་བ་སྣང་བ་དེ་རང་གི་རིག་མདངས་སུ་ཤེས་ནའང་གྲོལ་བར་གསུངས་སོ། །དེར་མ་གྲོལ་ན་ལྷུན་གྲུབ་ཆེན་པོའི་རང་མདངས་འཆར་ཏེ། ཁྲོ་བོའི་དཀྱིལ་འཁོར་སྣང་། ཆོས་ཉིད་ཀྱི་རང་སྒྲ་གྲགས། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས། རིགས་ལྔའི་ཚོམ་བུ་རྣམས་ཀྱི་ཐུགས་ཀ་དང་རང་གི་སྙིང་ཁ་གཉིས་འོད་ཀྱི་ཟེར་ཐག་གིས་འབྲེལ་བ་རྣམས་སྣང་ནས་དོན་གྲུབ་བར་རིམ་བཞིན་བསམ་གཏན་གྱི་ཞག་རེར་འཆར་རོ། །དེ་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། དཀར་སེར་དམར་མཐིང་སྣམ་བུ་བརྩེགས་པ། རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་བཅས་འཆར། ལྗང་གུ་ནི་བྱ་གྲུབ་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་དག་ལ་དུས་གསུམ་གནད་ཀྱི་གདམས་ངག་གིས་ངོ་ཤེས་བརྟན་པ་ཐོབ་ན། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ཞེས། དེ་རང་ཉིད་སྐད་ཅིག་མ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ་ལ། འོད་ལྔའི་མུ་ཁྱུད་ཀྱིས་ཁྱབ་པའི་ཡར་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འོད་ཟླུམ་ན་རིགས་དྲུག་འཁྲུལ་སྣང་ཤར་སྟེ། ལྷུན་གྲུབ་སྒོ་བརྒྱད་དུ་རལ་བའི་ཚེ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་གིས་དག་པ་ཡེ་ཤེས་ཀྱི་སྒོ་ནས་གྲོལ་ཏེ། སླར་ཐིམ་ལུགས་བརྒྱད་ཀྱི་མཐར་དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པས་སེང་གེས་གངས་ལྟར་ཀ་དག་གི་རང་ས་ཟིན་པ་ཡིན་ནོ། །འདིའི་སྐབས་རྡོ་རྗེ་སྙིང་པོའི་དབང་མཐའ་ཆོས་ཉིད་བར་དོའི་ངོ་སྤྲོད་གདབ་བོ། །དེ་ལ་མ་གྲོལ་ན་སྲིད་པ་བར་དོ་འཆར་ཏེ། མ་ངེས་པའི་རྟགས་དྲུག །འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་སོགས་རྟགས་མཚན་རྣམས་ཀྱིས་ཤི་བར་ཤེས་ནས་ལུས་ཚོལ་ཏེ། དེ་དུས་ཆགས་པ་སྐྱེ་ཡུལ་དང་རང་གཉིས་ཀ །རབ་བླ་མ་དང་འབྲིང་ཡི་དམ་ཡབ་ཡུམ་དུ་མོས་ལ་བཟློག །ཐ་མས་སྐྱབས་འགྲོས་བཟློག་པར་བྱ་སྟེ་རིགས་དྲུག་ཏུ་སྐྱེ་བའི་རྟགས་སུ། ལྷ་ལ་ལྷ་ཁང་རིན་པོ་ཆེའི་ཁང་བརྩེགས། ལྷ་མིན་ལ་མགལ་མེའི་འཁོར་ལོ་དང་ཆར་བབ་དཀྱིལ། བྱོལ་སོང་སྤྱིལ་པོ་ཕུག་བན་བུན། ཡི་དྭགས་གྲོག་པོ་ཕུག་རྡུགས་སྡོང་དུམ། དམྱལ་བ་མུན་ཁང་ས་དོང་ལྕགས་ཁང་ངོ་། །མི་ལུས་ཙམ་པོ་མུན་ནག་སྨུག་པ། སྐྱེ་བོ་མང་པོའི་དབུས། མི་ལུས་རིན་ཆེན་ནི་ཁྲི་གདན་རྒྱལ་པོ། རྡོར་དྲིལ་ཆོས་པར་སྐྱེ་བའི་སྔ་ལྟས་ཡིན་པས་ངན་པ་དགག་ལ་བཟང་པོར་བསྐྱེད་རིམ་བཅས་འཇུག་པར་བྱའོ། །སྐབས་འདིར་རང་གཞུང་ལྟར་སྐྱེ་བོ་རང་ག་བའི་སྲིད་པ་བར་དོའི་ངོ་སྤྲོད་གདབ་བོ།། ༈ །།རྩ་བའི་ས་བཅད་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བའི་གདམས་པ་ལའང་། ད་ལྟ་མངོན་སུམ་གྱི་དོན་ལ་གོམས་འདྲིས་རྫོགས་ནས་བརྩོན་འགྲུས་ཞན་པས་ཚད་ལ་མ་ཕེབ་པ་རྣམས་ཆོས་ཉིད་དང་སྲིད་པའི་བར་དོ་རྨི་ལམ་ཙམ་དུ་འགྲིམ་ནས་བར་དོའི་ལས་ཟད་དེ། རྨི་ལམ་སད་པ་ལྟར་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་སྐུའི་ཞིང་ཁམས་ཤིག་ཏུ་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་ནས་སྦྱང་བགྲོད་མཐར་ཕྱིན་པར་འགྱུར་རོ། །དེ་སྐད་དུ་ཨ་ཏི་བཀོད་པ་ཆེན་པོ་ལས། གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདིང་དུ་མ་གྱུར་ཀྱང་། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སུ་སྐྱེས་ནས་མངལ་གྱི་རྒྱ་དང་བྲལ། །ཞེས་དང་། དེ་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ནས་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་སོ།། ༈ །།དེ་དག་ལ་སྤྱིར་རྩིས་ཆེ་བ་བཀའ་རྒྱས་གདབ་པ་ནི། ལོ་གསུམ་མམ་བདུན་ལ་བརྟགས་པའི་སློབ་བུ་སྣོད་ལྡན་མ་གཏོགས་མི་སྟོན་པ་བླ་མའི་བཀའ་རྒྱ། གསང་ཐུབ་ཀྱི་ནུས་པ་ཐོན་ངེས་མ་གཏོགས་རླུང་ཕྱོགས་ཙམ་མི་སྒྲོག་པ་ཡི་དམ་གྱི་གཏད་རྒྱ། སྣོད་བཅུད་དུས་གནད་འཆུགས་ན་སྤྱིར་ཡེ་ཤེས་ཌཱ་ཀི་དང་། ཁྱད་པར་ཏིང་འཛིན་དྲོད་ཉུལ་གྱི་ཌཱ་ཀི་འཁྲུགས་པས་མི་རུང་བ་དུ་མ་སྟེར་བ་མཁའ་འགྲོའི་དམ་ཚིག་གི་རྒྱ། གོང་གི་གདམས་ངག་གསུམ་པོ་ཚུལ་དང་མི་མཐུན་ན་ཆོས་སྐྱོང་གཉེར་གཏད་དང་འགལ་བས་འཁྲུགས་ཤིང་འཁུ་ལྡོག་འབྱུང་བས་ཆོས་སྐྱོང་གཉེར་གཏད་ཀྱི་རྒྱ་བཞིའི་ཐེམ་ནས་དྲངས་ཏེ་གསུངས་པའི་ཆོས་འདི་དུས་བཟང་ལ་ཚོགས་ཀྱི་འཁོར་ལོས་བསྐངས་ཏེ་དབེན་པའི་རི་ཁྲོད་དུ་ཉམས་སུ་བླང་ན། རབ་སྐད་ཅིག་གསུམ་མམ། བདུན་ཕྲག་གསུམ། འབྲིང་ཟླ་བ་གསུམ། ཐ་མ་ཟླ་བ་དྲུག་ནས་བདེན་པ་མཐོང་བར་འགྱུར་རོ།། ༈ །།སྤྱི་དོན་གསུམ་པ་འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ་དོན་གཉིས་ཕུན་སུམ་ཚོགས་པར་བསྟན་པ་ནི། དེ་ལྟར་བསྒོམས་པས་བརྟན་པ་ཐོབ་པ་དང་། གོང་བགྲོད་ཀྱི་ཡོན་ཏན་གྱི་ངོས་ནས་ས་བཅུ་དང་ལམ་ལྔ་རིམ་པར་བགྲོད་དེ། རིག་འཛིན་རྣམ་བཞིའི་གོ་འཕང་ལ་སྦྱོར་ནས། མཐར་ཐུག་གི་འབྲས་བུ་གཞིའི་ཆོས་ཉིད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་གནས་འགྱུར་གྱི་ཚུལ་དུ་རྫོགས་པ་སྐུ་གསུམ་དང་ཡེ་ཤེས་ལྔའམ། ཇི་ལྟ་ཇི་སྙེད་མཁྱེན་པ་དང་ལྡན་པས། གདུལ་བྱའི་ཆུ་སྣོད་མ་འགགས་བར་དུ་འདུལ་བྱེད་ཀྱི་ཟླ་སྣང་འགག་པ་མེད་པར་གང་ལ་གང་འདུལ་གྱི་ཕྲིན་ལས་རྒྱུན་མི་འཆད་པར་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ།། །།གྲོལ་བ་བཞི་ལྡན་བསགས་པ་རབ་ཀྱི་ཆོས། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་མཐར་ཐུག་པ། །འདི་ལ་མོས་པ་ཡིད་བྱེད་ཙམ་གྱིས་ཀྱང་། །སྲིད་པའི་འཁྲུལ་འཁོར་རྨང་ནས་འཇིག་པར་འགྱུར། །དེ་ཕྱིར་དད་པ་ཁོ་ནས་བརྒྱུད་པའི་གསུང་། །རྩ་བར་བཀོད་ནས་རྣམ་གསལ་བགྱིས་འདིས་ཀྱང་། །བདག་གཞན་འབྲེལ་བཅས་འཁྲུལ་སྣང་གཞི་ཐོག་གྲོལ། །ཀུན་བཟང་དགོངས་པའི་རྩལ་ཆེན་རྫོགས་གྱུར་ཅིག །ཅེས་པ་འདིའང་ཁྲིད་རྒྱུན་སྤེལ་བ་ཙམ་ལ་ཕན་ཐོགས་པའི་ཆེད་དུ་བརྒྱུད་པ་གོང་མའི་གསུང་ལས་གཅེས་གནད་ཟབ་བཏུས་ཀྱི་ཚུལ་དུ་རིག་པ་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་སྒྲུབ་པའི་ཁང་པར་སྦྱར་བ་དགེ་ལེགས་འཕེལ།། །།

རྟ་མགྲིན་གསང་བ་འདུས་པ་ལས། དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་དང་རྗེས་གནང་ཟབ་གཉན་བཅུད་ཐིགས་ (Volume 38, Text 21)

༄༅། །རྟ་མགྲིན་གསང་བ་འདུས་པ་ལས། དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་དང་རྗེས་གནང་ཟབ་གཉན་བཅུད་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། བཟང་མོའི་དབྱིངས་ལས་ཡེ་ཤེས་རྩལ། །སྣང་སྲིད་འཁོར་འདས་ཡོངས་ཀྱི་བདག །སྨུག་ནག་ཁྲོས་པའི་རྒྱལ་མོ་ལ། །བཏུད་ནས་ལྷོ་གཏེར་བཅུད་འདྲིལ་འགོད། །དགོངས་པའི་གདིང་དང་ལྡན་པའི་སློབ་དཔོན་གྱིས་དམ་ཚིག་དང་ལྡན་པའི་སློབ་མ་ལ་འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་ཆོས་འབྱུང་གྲུ་གསུམ་དམར་ནག །ཕྱི་རོལ་ཐོད་པའི་རྭ་བས་བསྐོར་ཅིང་ཁྱམས་མཐིང་ནག་ཅན་བྱ། ཡང་ན་ཚོམ་བུ་བཀོད་པས་ཀྱང་རུང་། དེ་སྟེང་ཁྲིའུར་ཐོད་སྣོད་དུ་དཔལ་གཏོར་ཟུར་གསུམ་ལ་དཔལ་ཆུང་དྲུག་དང་ཀྱུ་གུས་བསྐོར་བར་ཁྲག་གམ་འབྲི་མོག་བྱུགས། སྙིང་དང་སྐུ་ཙཀ་གིས་བརྒྱན་ལ་དར་གདུགས་ཕུབ་པ། ཞིང་དབྱུག་དང་སྙིང་ཞགས་ཀྱི་ཙཀླི། མདུན་དུ་མཆོད་གཏོར་ཟུར་གསུམ་དམར་པོ་མཐེབ་ཀྱུས་བསྐོར་བ་བཤམ། ཕྱི་ནང་གི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་ལས་གཞུང་གང་ལ་བརྟེན་པ་ལྟར་བཤམ་མོ། །ཐོག་མར་ཡི་དམ་འདི་དང་འབྲེལ་མཚུངས་རྟ་མགྲིན་གསང་འདུས་ཀྱི་ཕྲིན་ལས་གཏང་བའམ། སྤྱི་ཙམ་དུ་བཀའ་བརྒྱད་ཀྱི་རིགས་གང་ཡང་རུང་བས་ཆོག་པས་བདེ་འདུས་ལྟ་བུའི་ཕྲིན་ལས་གཏང་བའམ། མི་ལྕོགས་ན་ཕྱག་རྒྱ་རྐྱང་སྒྲུབ་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱའོ། །དེ་ནས་ཆེ་བའི་ང་རྒྱལ་བསྐྱེད་པ་ནི། ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བྱོལ་སོང་གཙོ་བརྒྱད་ལྷ་ཆེན་དྲེགས་པའི་སྟེང༔ མ་བཅོས་རྫོགས་པའི་ཆེ་མཆོག་ཧེ་རུ་ཀ༔ འབར་བའི་དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ ཞབས་བརྒྱད་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ ཁྲག་འཐུང་ཆེན་པོ་དགུ་ཡི་དབུ་སྟེང་མནན༔ དབུས་ཞལ་གསུམ་ནི་མཐིང་ལ་རྔམ་ཞིང་འཇིགས༔ གཡས་ཞལ་གསུམ་ནི་དཀར་ལ་རབ་ཏུ་བཞད༔ གཡོན་ཞལ་གསུམ་ནི་དམར་ལ་འབར་ཞིང་གཤེ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས༔ ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་གསོར༔ དེ་འོག་བརྒྱད་ནི་ཀེའུ་རི་བརྒྱད་འཕྱར་ཞིང༔ ཕྱག་གཡོན་དང་པོ་བྷནྡྷ་ཁྲག་གིས་བཀང༔ དེ་འོག་བརྒྱད་དུ་སིཾ་ཧ་བརྒྱད་པོ་བསྣམས༔ གནམ་ཞལ་དབྱིངས་ཕྱུག་ཤེས་རབ་ཡུམ་དང་འཁྲིལ༔ ཆ་ལུགས་ཡབ་འདྲ་འབར་བའི་གར་དང་ལྡན༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར་བའི་ཀློང༔ ཧཱུྃ་དང་རུ་ལུའི་སྒྲ་སྐད་འབྲུག་ལྟར་སྒྲོག༔ ང་ལས་ཆེ་བཙན་སུ་ཡང་མི་སྲིད་པས༔ མ་མོ་ཡོངས་ཀྱི་སྙིང་ཁྲག་ང་ལ་ཡོད༔ ཐམས་ཅད་ང་ཡི་དམ་ལ་ད་ལྟ་འདུས༔ ཨེ་ཀ་ཙཱ་ཏི་སྙིང་ཁ་རག་མོ་མ་མ་ཏྲག་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཆེ་བའི་ང་རྒྱལ་གྱིས་དབང་དུ་བསྡུས་ལ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ སྲིད་པའི་མ་མོ་ཡ་མཚན་ཅན༔ ནག་མོ་ཁྲག་གི་རལ་པ་ཅན༔ ཁྲག་དང་ཞག་གི་ཞམ་ཆུས་བརྒྱན༔ རྣམ་པར་ཐར་པའི་དབུ་གསུམ་གྱིས༔ དུག་གསུམ་འཁོར་བ་རྩད་ནས་གཅོད༔ སྐུ་གསུང་ཐུགས་ཀྱི་ངང་ལ་སྦྱོར༔ སྤྱན་དགུ་གཟིགས་པའི་འོད་ཟེར་གྱིས༔ ས་དགུའི་བག་ཆགས་གཏན་ནས་སྦྱོང༔ ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་ཚུལ༔ ཡེ་ཤེས་མ་མོ་ཆེན་མོ་སྟེ༔ རག་གདོང་མ་ནི་མཆེད་ལྔ་འབྱུང༔ བྷ་ག་ཡོངས་ཀྱི་རྒྱས་འདེབས་མཿ ཕྲིན་ལས་སྒྲུབ་ཕྱིར་སྤྱན་འདྲེན་ནོ༔ ཞེས་སྤྱན་དྲངས་པས་འཁོར་དང་བཅས་པ་དངོས་སུ་བྱོན་ནས་མདུན་གྱི་ རྟེན་དང་གཉིས་སུ་མེད་པར་བཞུགས་པར་བསམ་ལ། ཨེ་ཡི་མཐིང་ནག་དལ་དབུས་སུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨེ་ཀ་ཙཱ་ཏི་ཏྲག་རཀྴ་པ་ཏྲ་རུ་ལུ་རུ་ལུ་སྙིང་ཁ་རག་མོ་བྷྱོ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ སྐུ་གསུང་ཐུགས་སྤྲུལ་མ་མོའི་ཚོགས༔ སྲིད་པའི་མ་མོ་འབུམ་དང་བཅས༔ རུ་ལུའི་སྒྲ་སྐད་ཏི་རི་རི༔ ཡེ་ཤེས་དང་ནི་ལས་གྲུབ་པའི༔ མ་དང་སྲིང་མོའི་ཚོགས་བཅས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ མ་མ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ མ་མོ་འཁོར་དང་བཅས་པ་ལ༔ མཐུན་པའི་རྫས་ཀྱིས་བསྐང་བ་ནི༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་ཏི་རི་རི༔ དགྲ་བོའི་ཤ་ཁྲག་དམར་ཉིལ་ལི༔ དར་ནག་རུ་མཚོན་ལྷུབས་སེ་ལྷུབ༔ བདུད་རྩི་སྨན་མཆོག་བྲེངས་སེ་བྲེང༔ དུར་ཁྲོད་རྫས་མཆོག་ཁྲ་ལ་ལ༔ བཀའ་ཡི་མ་མོ་སྔགས་ཀྱི་བདག༔ འདིར་བྱོན་རྒྱན་གྱི་མཆོད་གཏོར་བཞེས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བགེགས་སྒྲོལ༔ ཨེ་ཀ་ཛཱ་ཏི་མ་མ་ཏྲག་རུ་ལུ་རུ་ལུ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ༔ བ་སུ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་ནས་བསྟོད་ཅིང་བསྐུལ་བ་ནི༔ ཧཱུྃ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ སྲིད་པ་བདེ་འགྲོ་དབྱིངས་ཀྱི་ཡུམ༔ ཉིད་བཞི་ཆེན་མོ་མུ་ཁ་ལེ༔ སྣང་སྲིད་ཀུན་གྱི་ཡུམ་མཆོག་མ༔ སྲིད་པ་ཡོངས་ཀྱི་བདག་ཉིད་མ༔ བྷ་ག་ཡོངས་ཀྱི་རྒྱས་འདེབས་མ༔ དབུ་གསུམ་མ་ལ་ཕྱག་བཅུ་གཉིས༔ ཕྱག་མཚན་ཕུར་པ་སྣ་ཚོགས་སྤྲུལ༔ ཞབས་བཞི་བརྐྱང་བསྐུམ་གར་ལ་རོལ༔ འདིར་གཤེགས་དམ་དགོངས་ཕྲིན་ལས་མཛོད༔ ཧཱུྃ༔ སྲིད་པའི་རྒྱལ་མོའི་སྐུ་སྤྲུལ་མ༔ ཨེ་ཀ་ཛཱ་ཏི་རལ་གཅིག་མ༔ སྐུ་མདོག་མཐིང་སྨུག་འབར་བ་ལ༔ སྤྱི་བོར་ཐོར་ཚུགས་གཅིག་ཏུ་བཅིངས༔ རལ་པའི་ཟུར་ཕུད་གཡོན་ཕྱོགས་འཁྱིལ༔ ཕྱག་གཡས་ཁ་ཊྭཱཾ་ཞིང་དབྱུག་ཕྱར༔ གཡོན་པས་ཐོད་ཁྲག་སྙིང་གར་བསྣམས༔ ཞིང་གི་གཡང་གཞི་སྟག་ཤམ་རྒྱན༔ སྦྲུལ་དང་ཐོད་པའི་ཕྲེང་བས་ལྷུབ༔ གསང་སྔགས་གཉན་གྱི་སྲུང་མ་ཆེ༔ རྒྱན་གྱི་ཚོགས་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སྲིད་པའི་རྒྱལ་མོའི་གསུང་སྤྲུལ་མ༔ བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ༔ ནག་མོ་གཡུ་ཡི་རལ་གཅིག་འཁྱིལ༔ ཁྲོ་གཉེར་མིག་གཅིག་དགྲ་ལ་བསྒྲད༔ སོ་གཅིག་དགྲ་བོའི་སྙིང་ལ་འདེབས༔ ནུ་གཅིག་རྣལ་འབྱོར་འཁོར་བཅས་གསོ༔ ཕྱག་གཉིས་ཞིང་དབྱུག་སྙིང་ཞགས་འཛིན༔ གཤོག་པ་གཅིག་གིས་སྟོང་གསུམ་བསྐོར༔ རྐང་པ་གཅིག་གིས་སྲིད་གསུམ་ཉུལ༔ སྒེག་མོ་རལ་གཅིག་མཐུ་མོ་ཆེ༔ འདིར་གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སྲིད་པའི་རྒྱལ་མོའི་ཐུགས་སྤྲུལ་མ༔ དཔལ་ལྡན་ལྷ་མོ་མགྱོགས་བྱེད་མ༔ ནག་མོ་གཡུ་ཡི་རལ་གཅིག་མ༔ སྤྱན་ནས་ཁྲག་འཛག་ཀྱུ་རུ་རུ༔ ཕྱག་གཡས་དགྲ་སྙིང་ཞལ་དུ་གསོལ༔ གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད༔ ནད་བདག་མོ་ལ་དལ་བདག་མོ༔ སྲིད་པ་གསུམ་པོ་ཁྲམ་འདེབས་མ༔ སྔགས་ཀྱི་བདག་མོ་མཐུ་རྩལ་ཅན༔ མ་མོ་བྱེ་བའི་ཚོགས་དང་བཅས༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕོག་པས་ཐུགས་རྒྱུད་བསྐུལ་བར་མོས་ལ། སྤྱན་འདྲེན་གྱི་གོང་དུ་འབྱུང་བའི་སྙིང་པོ་བཟླ། སློབ་མ་རྗེས་སུ་གཟུང་བའི་གསོལ་བ་གདབ། དེ་ནས་སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ། དེའང་ཆོས་སྐུ་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ལོངས་སྤྱོད་རྫོགས་པ་དབྱིངས་ཕྱུག་སྲིད་པ་བདེ་འགྲོ་ཉིད་བཞི་མུ་ཁ་ལེའི་སྐུར་བཞེངས་ཏེ། དེ་ལས་སྤྲུལ་པའི་ཁྲོ་མོ་སྨུག་ནག་རཀྟའི་གདོང་པ་ཅན་སྔགས་བདག་སྲིད་པའི་རྒྱལ་མོ་རལ་གཅིག་མར་རྣམ་པར་རོལ་པས་སྣང་སྲིད་མ་མོ་ཡོངས་ཀྱི་ཚོགས་རྗེར་མཛད་ཅིང་། གསང་སྔགས་གཉན་པོའི་བསྟན་པ་སྤྱི་དང་ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་དང་བསྟན་འཛིན་རྣམས་བུ་བཞིན་སྐྱོང་བར་མཛད་པའི་སྔགས་སྲུང་ཆེན་མོ་འདི་ལ། སྔ་འགྱུར་བཀའ་གཏེར་རྣམས་སུ་རྒྱུད་དང་གདམས་ངག་ཇི་སྙེད་ཅིག་བྱོན་པ་ལས། འདིར་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་ཆོས་རྟ་མགྲིན་གསང་བ་འདུས་པ་ལས་བྱུང་བའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ཀྱིས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་དབང་ཆེན་ཧེ་རུ་ཀ༔ ཁྱོད་ནི་རབ་འཇིགས་ཁྲོ་བོའི་རྒྱལ༔ མ་མོའི་ཚོགས་ལ་དབང་ཡང་སྒྱུར༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ མ་མོ་བྲན་དང་ཕོ་ཉའི་ཚུལ༔ ཕྲིན་ལས་དབང་གི་རྗེས་གནང་ཞུ༔ ལན་གསུམ། སློབ་དཔོན་དཔལ་ཆེན་ཧེ་རུ་ཀ་རྩ་གསུམ་སྲུང་མའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཁྱེད་རང་སྐད་ཅིག་གིས་ཁྲོ་རྒྱལ་ཐམས་ཅད་འདུས་པའི་སྤྱི་དཔལ་རྟ་མཆོག་ཧེ་རུ་ཀ་གཟི་བརྗིད་དུས་མཐའི་མེ་ལྟར་འབར་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཡོངས་སུ་རྫོགས་པའི་གསལ་སྣང་དང་ང་རྒྱལ་བརྟན་པོར་སྐྱེད་ཅིག །སློབ་དཔོན་ཡང་ཁྲག་འཐུང་ཀུན་གྱི་རྗེ་བཙན་དཔལ་ཆེན་པོ་ཡབ་ཡུམ་དངོས་སུ་གསལ་བའི་མདུན་དུ། རྟེན་གཏོར་དུར་ཁྲོད་འབར་བའི་ཕོ་བྲང་མཐིང་ནག་གྲུ་གསུམ་ཨེའི་ཀློང་ཆེན་པོར་དཔལ་སྔགས་ཀྱི་བདག་མོ་སྲིད་པ་བདེ་འགྲོ་དབུ་གསུམ་ཕྱག་དྲུག་ཞབས་བཞི་དྲག་པོའི་རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པ་ལ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རག་གདོང་མ་མཆེད་ལྔ་སོགས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དུ་བཞུགས་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བསྟན་སྲུང་དྲག་པོ་མཐུའི་དབང་དང་དངོས་གྲུབ་མ་ལུས་པ་རྫོགས་པར་ཐོབ་པའི་མོས་འདུན་མཛོད་ཅིག །ལག་གཡས་སུ་ཞིང་དབྱུག །གཡོན་དུ་སྙིང་ཞགས་གཏད། དཔལ་གཏོར་བཏེགས། མཐར་སྤྱི་བོ་སོགས་གནས་གསུམ་དུ་བཞག་ལ། ཧཱུྃ༔ མ་མོ་སྲིད་པའི་རྒྱལ་མོ་ནི༔ སྲིད་པ་གསུམ་ན་འགྲན་ཟླ་བྲལ༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ མངོན་སྤྱོད་དྲག་པོའི་དབང་བསྐུར་རོ༔ མཐུ་རྩལ་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཀ་ཙཱ་ཏི་སྙིང་ཁ་རག་མོ་ཏྲག་རཀྴ་ཡ་མ་དུནྟིང་ནག་མོ་ཁྱི་ཁ་ལེ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཁྱེད་རང་ལ་སྔགས་སྲུང་འཁོར་བཅས་བྲན་དང་འབངས་ཀྱི་ཚུལ་དུ་གཏད་ཅིང་དམ་ཚིག་བསྲེས་པས། ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་ཇི་ལྟར་བཅོལ་བའིཕྲིན་ལས་ཐམས་ཅད་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །རྟེན་གཏོར་ལག་ཏུ་གཏད་ལ་སྙིང་ཁར་གཟུང་བཅོལ། ནང་མཆོད་གཏོར་མར་སྦྲེང་བའི་ཐིགས་པ་རྡོ་རྗེས་བླངས་ཏེ་སློབ་མའི་ཁར་སྦྱིན་ལ། ཀྱེ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ མ་མོ་སྔགས་ཀྱི་བདག་མོ་ནི༔ ཕྱི་ལྟར་ཨེ་ཀ་ཛཱ་ཊི་སྟེ༔ ནང་ལྟར་དཔལ་ལྡན་རེ་མ་ཏི༔ གསང་བ་སྲོག་སྒྲུབ་ནག་མོ་སྟེ༔ ཡང་གསང་ཀུན་ཏུ་བཟང་མོ་ཉིད༔ འཁོར་འདས་ཀུན་ལ་དབང་སྒྱུར་ཞིང༔ མཐུ་རྩལ་རྫུ་འཕྲུལ་བསམ་མི་ཁྱབ༔ དམ་ཅན་བཀའ་ཡི་སྲུང་མ་སྟེ༔ སྐལ་ལྡན་ཁྱོད་ལ་བདག་གིས་གཏད༔ གཉན་པོའི་སྒྲུབ་པ་ཡུན་མ་ཐུང༔ ཐོ་ཅོས་དྲེགས་པར་ལས་མི་བཅོལ༔ བཀའ་དང་དམ་ལ་གནས་པར་མཛོད༔ འདི་ཞུས་བླ་མ་གཙུག་ཏུ་ཁུར༔ དམ་ཚིག་མིག་འབྲས་བཞིན་དུ་སྲུངས༔ ཉམས་ན་དྲེགས་པས་རང་སྲོག་གཅོད༔ མཆོད་གཏོར་ལག་ཏུ་གཏད་ལ། རྟག་གཏོར་སྒྲུབ་གཏོར་རྒྱུན་གཏོར་དང༔ མཆོད་གཏོར་སྒྲུབ་ལ་བརྩོན་པར་མཛོད༔ ཅི་བཅོལ་བྲན་བཞིན་ཉན་པ་དང༔ ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར༔ རྟེན་གཏོར་སླར་བཞག །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཤིན་ཏུ་གསང་བའི་གནད་གདམས་འདི༔ རང་གི་སྲོག་བས་གཅེས་པར་སྲུངས༔ སུ་ལའང་སྤེལ་བར་མི་བྱ་སྟེ༔ ཚིག་ཙམ་མཆུ་སྒོར་དབྱུང་མི་བྱ༔ གདམས་སོ་གཏད་དོ་ཐུབ་པར་ཆོངས༔ ཇི་སྐད་བསྒོས་པའི་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་རྣམས་སྤྱི་ལྟར་བྱའོ། །སླར་མཆོད་གཏོར་ཁ་གསོས་ལ་གསོལ་སྐོང་གྲུབ་ན་ལེགས། ལས་གཞུང་གི་མཇུག་བསྡུ་བའི་སྐབས་མདུན་བསྐྱེད་ལ་གཏང་རག་མཆོད་བསྟོད་ནོངས་བཤགས། རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ་གང་འོས་བྱའོ། །ཡེ་ཤེས་མ་མོས་རྗེས་སུ་བཟུང་། །སྣང་སྲིད་མ་མོ་བྲན་དུ་ཁོལ། །མཐར་ཐུག་བཟང་མོའི་བདེ་ཀློང་དུ། །ཕྱམ་གཅིག་བདེ་ཆེན་སྐུ་བརྙེས་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ལྷ་ཆོག་བར་ཆད་ཀུན་སེལ་ (Volume 44, Text 21)

ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ལྷ་ཆོག་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈ ཐུགས་མཆོག་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་དགྱེས་པའི་ཆོ་ག་བྱ་བ་ནི༔ སྣོད་གཙང་མར་ས་ལ་མཎྜལ་བྱ༔ པདྨ་འདབ་བརྒྱད་བྲིས་པའི་དབུས་དང་ཕྱོགས་མཚམས་སུ༔ ལྷ་བཤོས་དཀར་པོ་ཆེ་ལེགས་དགུ་བཞག༔ དེ་མཐར་གཟུགས་འགྲོས་སྣ་ཚོགས་དང༔ མཆོད་ཡོན་དགུ༔ མེ་ཏོག་དགུ༔ དེ་བཞིན་བདུག་སྤོས༔ མར་མེ༔ དྲི་ཆབ༔ ཞལ་ཟས༔ ཚོགས་ལུམ༔ ཟན་ཀོང་ཟླུམ་པོ་ཕུད་ཀྱིས་བཀང་བ༔ འབྲང་རྒྱས་དཀར་པོ༔ ངར་མི་དཀར་པོ༔ རིམ་བཞིན་དགུ་རེ་དང༔ འབྲུ་སྣ་དང་དར་སྣ་རིན་པོ་ཆེ་སྣ་ཚོགས༔ ལེགས་པར་བསྐོར་ལ་བརྒྱན༔ ལྕགས་རི་དཀར་པོ་ལ༔ ལྷའི་ཤིང་བྱང་སྤྱན་གཟིགས་བྲིས་པ་གང་མང་གིས་བསྐོར༔ རྣལ་འབྱོར་པ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་ཁྲོས་པར་བསྒོམས་ནས༔ ཡོ་བྱད་བསང་སྦྱང་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ རཾ་ཡཾ་ཁཾ༔ མདུན་རྟེན་མ་དག་བསྲེགས་སྦྱངས་གཏོར་བཀྲུས་སྟོང༔ དེ་ཡི་ངང་ལས་སྣང་སྲིད་སྣོད་བཅུད་ཀྱི༔ བཀོད་པ་ཀུན་ཚང་འདོད་ཡོན་ལོངས་སྤྱོད་དང༔ སྤྱན་གཟིགས་དཀོར་ནོར་ལྷ་རྣམས་ཅི་དགྱེས་པའི༔ མཐུན་རྫས་ཕུན་ཚོགས་སོ་སོར་གང་མོས་ཚིམས༔ ཆེ་ཆུང་ཕམ་རྒྱལ་རྩོད་མེད་ལྷུན་གྱིས་གྲུབ༔ འབྱུང་ལྔས་གར་ཁྱབ་ཁེངས་ཤིང་ཟད་མི་ཤེས༔ མཆོག་གསུམ་རྡོ་རྗེ་བཞིའི་བདེན་གྱིས་འགྲུབ་ཤོག༔ ཧཱུྃ༔ རང་ཉིད་རྡོ་རྗེ་གཏུམ་པོ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཚངས་པ་ལ་སོགས་ལྷ་ཆེན་བརྒྱད༔ གཞན་ཡང་ལྷ་རིགས་ཕོ་མོ་རྣམས༔ རང་རང་ཆ་ལུགས་ཕྱག་མཚན་དང༔ ཞོན་པ་སྣ་ཚོགས་དང་བཅས་ནས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ༔ མདུན་བཤམས་སྣང་སྲིད་བཀོད་པའི་དབུས༔ རང་རང་མཛེས་གདན་ལ་བཞུགས་གྱུར༔ ཕྱི་ནང་གསང་བ་ཡང་གསང་གི༔ མཆོད་རྫས་བརྟེན་རྫས་སྐོང་སྒྲུབ་རྫས༔ རང་རང་ལ་དགྱེས་འབུལ་བཞེས་བསྟོད༔ དེ་ནས་སྤྱི་ཁྱབ་ཏུ་འབུལ་ཞིང་སྐོང་བཤགས་ལས་བཅོལ་ནི༔ ཧཱུྃ༔ ཚངས་པ་ལ་སོགས་ལྷ་བརྒྱད་དང༔ ལྷ་རིགས་ཕོ་མོ་མ་ལུས་ལ༔ ལྷ་བཤོས་དཀར་པོ་རྒྱན་ལྡན་འབུལ༔  ཐུགས་དམ་བསྐང་ངོ་དགྱེས་པར་མཛོད༔ བདག་ཅག་འགལ་འཁྲུལ་ཉམས་ཆག་བཤགས༔ རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་ཞི་ཞིང་ཟློག་ཏུ་གསོལ༔༽ སྣང་སྲིད་སྣོད་བཅུད་བཀོད་གཟུགས་འབུལ༔ ཐུགས་དམ་བསྐང་ངོ༴ སོགས་འགྲེ །རབ་མཛེས་མེ་ཏོག་སྣ་ཚོགས་འབུལ༔ ཐུགས་དམ་བསྐང་ངོ༴ དྲི་བཟང་སྤོས་ཀྱི་དུད་པ་འབུལ༔ ཐུགས་དམ་བསྐང་ངོ༴ སྣང་བ་གསལ་བྱེད་མར་མེ་འབུལ༔ ཐུགས་དམ་བསྐང་ངོ༴ བྱུག་པའི་དྲི་ཆབ་དམ་པ་འབུལ༔ ཐུགས་དམ་བསྐང་ངོ༴ རོ་བརྒྱ་ལྡན་པའི་ཞལ་ཟས་འབུལ༔ ཐུགས་དམ་བསྐང་ངོ༴ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་འབུལ༔ ཐུགས་དམ་བསྐང་ངོ༴ བདུད་རྩིའི་སྐྱེམས་ཕུད་ཛ་གད་འབུལ༔ ཐུགས་དམ་བསྐང་ངོ༴ ལྷ་དགྱེས་འབྲང་རྒྱས་དཀར་པོ་འབུལ༔ ཐུགས་དམ་བསྐང་ངོ༴ བདག་ཅག་གླུད་མཆོག་ངར་མི་འབུལ༔ ཐུགས་དམ་བསྐང་ངོ༴ འབྲུ་སྣ་ཚོགས་ཀྱི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ༴ རིན་ཆེན་རིགས་བྱེད་དུ་མ་འབུལ༔ ཐུགས་དམ་བསྐང་ངོ༴ དར་ཟབ་གོས་ཀྱི་རིགས་བྱེད་འབུལ༔ ཐུགས་དམ་བསྐང་ངོ༴ གང་འདོད་ལོངས་སྤྱོད་དཀོར་ནོར་འབུལ༔ ཐུགས་དམ་བསྐང་ངོ༴ ཀྱཻ༔ གང་ལ་དགྱེས་པ་དེ་བཞིན་བཞེས༔ རང་རང་སོ་སོ་ཚིམས་གྱུར་ནས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ ཐམས་ཅད་བསམ་བཞིན་འགྱུར་བར་མཛོད༔ དེ་ནས་སྤོགས་པའི་མཆོད་པ་རྫས་སོ་སོར་བརྒྱ་རྩ་རེ་ཚིག་དང་བཅས་ཤིང༔ མདུན་གྱི་རྟེན་མདུན་དུ་སྣོད་བཞག་ལ་དེར་འབུལ༔ ཨོཾ་ཨཱཿཧཱུྃ༔ དྲི་མེད་མཆོད་ཡོན་རྒྱ་མཚོ་འདི༔ སྟེང་ཕྱོགས་ལྷ་རིགས་ཀུན་ལ་འབུལ༔  ཟད་མེད་འབྱུང་ལྔས་གར་གནས་ཁེངས༔ ཕམ་རྒྱལ་མེད་པར་སོ་སོར་ཚིམས༔ ལྷ་ཀུན་བདེ་ལྡན་འཇིགས་ལས་གྲོལ༔ དེ་མཐུས་བདག་གི་མི་མཐུན་ཞི༔ ཚེ་བསོད་མཐུན་རྐྱེན་མ་ལུས་རྒྱས༔ ཁམས་གསུམ་དབང་སྡུད་དགྲ་བགེགས་བརླག༔ ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱང༔ ནད་མཚོན་མུ་གེ་མི་མཐུན་བྲལ༔ བདེ་སྐྱིད་ཕུན་ཚོགས་ཆོས་ལ་སྤྱོད༔ དཀར་ཕྱོགས་ཀུན་རྒྱལ་ནག་ཕྱོགས་ཕམ༔ ལྷ་ལས་བྱུང་བའི་ནད་ཡམས་ཞི༔ གདུག་རྩུབ་ལོག་པའི་བསམ་སྦྱོར་བྲལ༔ ཕན་བདེ་སྒྲུབ་པས་དུས་འདའ་བའི༔ ལས་རྣམས་ལྷ་ཡིས་བྱེད་པ་དང༔ རྒྱལ་བསྟན་རིན་ཆེན་སྲུང་ཞིང་སྤེལ༔ དེ་ལྟར་སྨོན་པ་མ་ལུས་ཀུན༔ མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔༽ ཨོཾ་ཨཱཿཧཱུྃ༔ ཡིད་འོང་མེ་ཏོག་སྣ་ཚོགས་པ༔ སྟེང་ཕྱོགས་ལྷ་རིགས་རྣམས་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ ཤིན་ཏུ་དྲི་ཞིམ་བདུག་པ་བཟང༔ སྟེང་ཕྱོགས་ལྷ་རིགས་ཀུན་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ མ་རིག་མུན་སེལ་མར་མེ་མཆོག༔ སྟེང་ཕྱོགས་ལྷ་རིགས་རྣམས་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ ཉེ་རེག་དག་གཙང་དྲི་ཡི་ཆབ༔ སྟེང་ཕྱོགས་ལྷ་རིགས་རྣམས་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ། ཨོཾ་ཨཱཿཧཱུྃ༔ རོ་ལྡན་ཞལ་ཟས་ཕུན་སུམ་ཚོགས༔ སྟེང་ཕྱོགས་ལྷ་རིགས་རྣམས་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ སྙན་པའི་རོལ་མོ་སྣ་ཚོགས་དབྱངས༔ སྟེང་ཕྱོགས་ལྷ་རིགས་ཀུན་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ སྐྱེམས་ཕུད་འབྲུ་དར་རིན་ཆེན་རིགས༔ སྟེང་ཕྱོགས་ལྷ་རིགས་ཀུན་ལ་འབུལ༔ ཟད་མེད་འབྱུང་ལྔས་སོགས་གོང་གིས་འགྲེ །མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔ དེ་ལྟར་ཕུལ་ནས་ཕྲིན་ལས་བཅོལ༔ དེ་ནས་རྗེས་ཀྱི་ལས་བྱས་ལ་མདུན་གྱི་དེ་རྣམས་དང་བཅས་ཤིན་ཏུ་གཙང་མའི་སར་ཕུལ༔ དེ་ལྟར་བྱས་པས་ནད་ཡམས་སོགས་མི་དགེ་བ་ཞི་ཞིང༔ བཀྲ་ཤིས་ཕུན་སུམ་ཚོགས་པར་འགྱུར་བས་འདི་ལ་འབད་པར་བྱོས་ཤིག༔ གསང་བདག་གི་ལས་ཚོགས་ལྷ་ཆོག་བར་ཆད་ཀུན་སེལ་ྀཨཚ། རྒྱཿརྒྱཿརྒྱ༔ བདག་རོལ་པའི་རྡོ་རྗེའི་གཏེར་མའོ།། །།

སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་པ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ (Volume 5, Text 21)

སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་པ་གསུམ་གྱི་བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་སོགས། །སྔ་འགྱུར་བཀའ་བརྒྱུད་བླ་མར་གསོལ་བ་འདེབས། །དྲུག་ལྡན་བརྒྱུད་པའི་ཞལ་ལུང་རྨད་བྱུང་བས། །གངས་ཅན་ཕན་བདེའི་སྣང་བ་རྒྱས་མཛད་པ། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་རྩ་སོགས། །ཟབ་གཏེར་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་ནོར་བུའི་མེ་ལོང་དྭངས་པའི་ངོགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྣང་བརྙན་གྱིས། །དབང་བསྐུར་བྱིན་གྱིས་བརླབས་པའི་དགེ་མཚན་ཅན། །དག་སྣང་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ཁྱད་པར་སྐྱབས་གནས་ཀུན་འདུས་ཐོད་ཕྲེང་རྩལ། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །སྙིགས་དུས་བསྟན་པའི་ཉི་མ་གཏེར་བདག་གླིང་། །ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དལ་འབྱོར་མཆོག་ཐོབ་ཟབ་གསང་བསྟན་ལ་ཞུགས། །མཚན་ལྡན་བླ་མས་རྟག་ཏུ་རྗེས་འཛིན་ཤོག །ཚུལ་གནས་ཐོས་དང་བསམ་པའི་ཕ་མཐར་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་སྙིང་ལ་ཤར། །དབེན་ཞིང་ཉམས་དགའ་ཞི་བའི་སྨན་ལྗོངས་སུ། །རྣལ་འབྱོར་གསུམ་གྱི་ལམ་བཟང་སྒོམ་པར་ཤོག །དེ་ཚེ་སྣོད་བཅུད་ལྷ་སྔགས་ཆོས་སྐུར་དག །རྩ་རླུང་ཐིག་ལེ་བདེ་སྟོང་དབུ་མར་སྨིན། །ཀ་དག་ལྷུན་གྲུབ་སྣང་བ་མཐར་ཕྱིན་ནས། །འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག །ཅེས་པའང་གྲུབ་པའི་དཔྱིད་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་མོས་གུས་ཀྱི་ཆུ་གཏེར་ལས་བྱུང་བའོ། །སརྦ་དཱ་མངྒ་ལཾ།། །།

བླ་སྒྲུབ་རྩ་བ་ཚིག་བདུན་པའི༔ ཕྲིན་ལས་པདྨའི་སྡོང་པོ་ (Volume 11, Text 21)

༁ྃ༔ བླ་སྒྲུབ་རྩ་བ་ཚིག་བདུན་པའི༔ ཕྲིན་ལས་པདྨའི་སྡོང་པོ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ བླ་མའི་སྒྲུབ་ཐབས་ཇི་སྙེད་པའི༔ རྩ་བ་རྡོ་རྗེའི་ཚིག་བདུན་ལས༔ སྤྲོས་ཏེ་རྣམ་པ་ཐ་དད་པའི༔ གུ་རུའི་ཏིང་འཛིན་ལམ་ཁྱེར་ཕྱིར༔ སྤྱི་རུ་འཇུག་པའི་ཕྲིན་ལས་ནི༔ སྔོན་འགྲོ་དངོས་གཞི་རྗེས་ཀྱིས་བསྟན༔ ས་མ་ཡ༔ ཐོག་མར་རྟེན་དང་ཡོ་བྱད་བཤམ༔ སྐྱབས་སེམས་ཚོགས་གསག་རྒྱུད་སྦྱང་བྱ༔ ན་མོ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ དཀོན་མཆོག་རྩ་བ་གསུམ་གྱི་དངོས༔ སྐུ་ལྔ་ཡོངས་རྫོགས་གུ་རུ་རྗེར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་གཉིས་སུ་འཛིན་པའི་བློས༔ སྡུག་བསྔལ་འཁོར་བའི་འགྲོ་བ་རྣམས༔ བདེ་ཆེན་སངས་རྒྱས་སར་འགོད་ཕྱིར༔ ཟབ་ལམ་བླ་མ་བསྒྲུབ་པར་བགྱི༔ ཁྱབ་བདག་གུ་རུ་སྐུ་གསུམ་ལྷ༔ ཆོས་དབྱིངས་རང་བྱུང་ཀློང་ནས་གཤེགས༔ ཡེ་ཤེས་ལྷུན་རྫོགས་ངང་དུ་བཞུགས༔ འདུ་འབྲལ་མེད་པའི་ཕྱག་གིས་འདུད༔ འོད་གསལ་ཡེ་ཤེས་རོལ་མོས་མཆོད༔ སྤང་བླང་མཉམ་ཉིད་ཆེན་པོར་བཤགས༔ བྲལ་ཐོབ་མེད་ལ་རྗེས་ཡི་རངས༔ དུས་གསུམ་སྐྱེ་འགག་བྲལ་བའི་ངང༔ ངེས་པའི་ཐེག་པས་འགྲོ་སྒྲོལ་གསོལ༔ ཆོས་ཟད་བློ་ལས་འདས་པར་བསྔོ༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕྱི་ཡི་མཎྜ་ལ༔ ཕུང་ཁམས་སྐྱེ་མཆེད་ནང་གི་ཚོགས༔ གསང་བ་རང་རིག་སྐུ་གསུམ་ཞིང༔ འབུལ་ལོ་བདག་རྒྱུད་བྱིན་གྱིས་རློབས༔ ཨོཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིང༔ ཧཱུྃ༔ གདོད་ནས་འགྱུར་མེད་རྡོ་རྗེའི་བཀའ༔ ཉོན་ཅིག་རྟོག་འཁྲུལ་གདོན་བགེགས་རྣམས༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ འདས་ན་རྟོག་མེད་ཁྲོ་བོས་གཞོམ༔ སརྦ་བིགྷྣཱན་ཨ་ཕཊ༔ ཧཱུྃ༔ བདེ་ཆེན་རོལ་པ་དབང་གི་ཞིང༔ སྣང་སྟོང་ཟུང་འཇུག་རྒྱལ་བའི་སྐུ༔ ཡེ་ནས་ཡེ་ཤེས་ཆེན་པོའི་མཚམས༔ འཁོར་འདས་གཉིས་མེད་ངང་དུ་བཅད༔ མ་ཧཱ་ཤཱུནྱ་ཏཱ་བཛྲ་རཀྵ་རཀྵ༔ བདག་གནས་ཡོ་བྱད་བྱིན་གྱིས་བརླབ༔ ཧྲཱི༔ ངོ་བོ་ཀ་དག་དབྱིངས་ཆེན་ནས༔ བླ་མ་ཆོས་སྐུས་བྱིན་ཕོབ་ཅིག༔ རང་བཞིན་ལྷུན་གྲུབ་ཞིང་ཁམས་ནས༔ བླ་མ་ལོངས་སྐུས་བྱིན་ཕོབ་ཅིག༔ ཐུགས་རྗེ་གང་འདུལ་ཕོ་བྲང་ནས༔ བླ་མ་སྤྲུལ་སྐུས་བྱིན་ཕོབ་ཅིག༔ མཁའ་མཉམ་རྒྱལ་བའི་ཞིང་བཞུགས་པའི༔ བླ་མ་རིག་འཛིན་མཁའ་འགྲོར་བཅས༔ མོས་གུས་གདུང་བས་གསོལ་བ་འདེབས༔ ཐུགས་དམ་གཉན་པོའི་རྒྱུད་བསྐུལ་ན༔ ཡེ་ཤེས་ཐུགས་རྗེའི་རྩལ་ཆེན་སྐྱེད༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུན་ཤ་ར་ར༔ ཕྲིན་ལས་གློག་འོད་ཁྱུགས་སེ་ཁྱུག༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ རྡོ་རྗེ་བཞི་ཡི་དབང་མཆོག་སྐུར༔ སྣོད་བཅུད་ཡེ་ཤེས་འཁོར་ལོར་སྒྱུར༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་ཀུན་བཟང་རོལ་པའི་རྒྱན༔ ནང་མཆོད་འདོད་ཡོན་ནམ་མཁའ་མཛོད༔ གསང་མཆོད་ཟུང་འཇུག་ཕྱག་རྒྱ་ཆེ༔ ཟག་མེད་བདེ་ཆེན་སྤྲིན་དུ་གྱུར༔ ཨོཾ་བཛྲ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ དེ་རྣམས་སྔོན་འགྲོའི་རིམ་པའོ༔ ས་མ་ཡ༔ དངོས་གཞི་དམ་ཚིག་བསྐྱེད་པ་ནི༔ ཨོཾ༔ ཆོས་ཉིད་འོད་གསལ་དེ་བཞིན་ཉིད༔ ཡེ་ནས་མ་བཅོས་རྡོ་རྗེ་སེམས༔ རང་རྩལ་ཀུན་ཏུ་སྣང་བའི་སྤྲིན༔ མཁའ་ཁྱབ་སྙིང་རྗེ་ཉི་ལྟར་གསལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ནི༔ ནམ་མཁའི་དབྱིངས་སུ་ཐིགས་པར་ཤར༔ ཏིང་འཛིན་གསུམ་གྱིས་ཁོག་དབུབ་ལ༔ གུ་རུ་སོ་སོའི་མངོན་རྟོགས་བསྒོམ༔ ཡེ་ཤེས་རང་གསལ་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ༔ རིག་རྩལ་དབང་བསྐུར་གདོད་ནས་རྫོགས༔ བདེ་ཆེན་རིགས་ལྔའི་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཚིག་བདུན་སོ་སོའི་ཤམ་ཅན་གྱིས༔ ཡེ་ཤེས་སེམས་དཔའ་དབྱིངས་ནས་བསྐུལ༔ སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་དང༔ བཛྲ་ས་མཱ་ཛཿཡིས་སྡུད༔ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་བསྟིམ༔ ཧཱུྃ༔ རང་རིག་རང་གསལ་ཡེ་ཤེས་སེམས༔ དམ་ཚིག་ཕྱག་རྒྱར་བརྟན་པར་བཞུགས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྐྱེད༔ གཡོ་མེད་དགོངས་པས་བྱིན་གྱིས་རློབས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པའི་ཕྲིན་ལས་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཆོས་ཀྱི་སྐུ༔ རང་བྱུང་ཐུགས་རྗེ་ལོངས་སྤྱོད་རྫོགས༔ དངོས་གྲུབ་ཆར་འབེབ་ཅིར་ཡང་སྤྲུལ༔ གུ་རུའི་སྐུ་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ཀུན་འབྱུང་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར༔ སྦྱོར་སྒྲོལ་མཉམ་ཉིད་ལྟ་བ་ཡིས༔ གསང་བའི་ཡེ་ཤེས་དགྱེས་པ་བསྐང༔ མཆོག་ཐུན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲིཏ་རཀྟ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི༔ སྟ་ན་གྷ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧྲཱི༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ཐུགས་མཆོག་ཀློང་ཡངས་ཆེན་པོར་བསྟོད༔ ལྷུན་གྲུབ་དབྱིངས་སྣང་ལོངས་སྤྱོད་རྫོགས༔ གསུང་མཆོག་མཁའ་ལྟར་ཁྱབ་ལ་བསྟོད༔ མོས་པ་དང་མཚུངས་འདུལ་ཐབས་སྟོན༔ སྐུ་མཆོག་ཅིར་ཡང་སྤྲུལ་ལ་བསྟོད༔ བུམ་བཟང་ནོར་བུ་དཔག་བསམ་བཞིན༔ ཡོན་ཏན་རེ་འདོད་སྐོང་ལ་བསྟོད༔ འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས༔ འགྲོ་ཀུན་དབྱིངས་སུ་སྒྲོལ་ལ་བསྟོད༔ གུས་པས་བསྟོད་པའི་བསོད་ནམས་ཀྱིས༔ བདག་གཞན་སྲིད་པའི་མཚོ་བརྒལ་ཏེ༔ ཡེ་ཤེས་བླ་མའི་སར་འཁོད་ནས༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཛཔ྄་བསྐུལ་བཟླས་པའི་འཕྲོ་འདུ་ནི༔ ཧཱུྃ་ཧྲཱི༔ ཡེ་ཤེས་འཁོར་ལོ་བླ་མ་མཁའ་འགྲོའི་ཚོགས༔ དགྱེས་པའི་སྐུར་བཞེངས་རྡོ་རྗེའི་ཛཔ྄་དབྱངས་སྒྲོགས༔ འོད་གསལ་དགོངས་པའི་རྩལ་སྐྱེད་བྱིན་ཆེན་ཕོབ༔ འཁོར་འདས་གཞི་ལ་རྫོགས་པའི་དངོས་གྲུབ་སྩོལ༔ ཐུགས་སྲོག་འོད་ལྔའི་ཐིག་ལེའི་ཀློང༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས༔ ཚུར་འདུས་དངོས་གྲུབ་རྣམ་གཉིས་ཐོབ༔ སྣང་སྟོང་སྐུ་ལ་གྲགས་སྟོང་སྔགས༔ རིག་སྟོང་ཡེ་ཤེས་འཁོར་ལོར་གྱུར༔ འདི་ནི་བཟླས་དམིགས་སྤྱི་ཡི་ཆིངས༔ བྱེ་བྲག་ཏིང་འཛིན་འཁྲུལ་འཁོར་བཅས༔ སོ་སོའི་འཛབ་བསྙེན་གྲངས་རྟགས་སྦྱར༔ སྐབས་སུ་དབང་དང་དངོས་གྲུབ་བསྐུལ༔ ཨོཾ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་དབང་བསྐུར་རྨད་པོ་ཆེ༔ སྒྲུབ་མཆོག་ལུས་ངག་ཡིད་ལ་སྩོལ༔ དབྱེར་མེད་སྨིན་གྲོལ་མཛད་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སརྦ་སིདྡྷི་ཕ་ལ་ཧོ༔ དེ་རྣམས་དངོས་གཞིའི་ལས་རིམ་མོ༔ ས་མ་ཡ༔ རྗེས་སུ་ཚོགས་ཀྱི་མཆོད་པ་ནི༔ དམ་ཚིག་རྫས་རྣམས་ཚོགས་པར་བཤམ༔ རཾ་ཡཾ་ཁཾ༔ རྟོག་སྒྲིབ་བག་ཆགས་བསྲེགས་གཏོར་བཀྲུས༔ ཚོགས་རྫས་ཟག་མེད་བདུད་རྩིའི་མཚོ༔ འདོད་ཡོན་སྤྲིན་ཕུང་མཁའ་ཁྱབ་འཕྲོ༔ དགྱེས་སྐོང་དམ་ཚིག་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ཧྲཱི༔ རང་བཞིན་སྤྲུལ་པའི་ཞིང་ཁམས་མཆོག༔ པདྨ་འོད་ཀྱི་ཕོ་བྲང་དང༔ ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ནས༔ བླ་མ་རིག་འཛིན་མཁའ་འགྲོ་རྣམས༔ དགྱེས་པས་དགོངས་ལ་གཤེགས་སུ་གསོལ༔ ཚོགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས༔ བདེ་ཆེན་ཉམས་དང་རྟོགས་པ་སྤོར༔ འཇའ་ལུས་ཆོས་སྐུ་མངོན་གྱུར་མཛོད༔ བཛྲ་ས་མཱ་ཛ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ༔ དབྱིངས་ལས་རང་བྱུང་རིག་པའི་རྩལ༔ འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན༔ ཐམས་ཅད་བདུད་རྩི་ཆེན་པོར་དག༔ བླ་མེད་མཆོད་པས་མཉེས་གྱུར་ཅིག༔ མ་ཧཱ་པཱུ་ཛ་ཨ་ལ་ལ་ཧོ༔ ཨཱ༔ གཉིས་སུ་འཛིན་པས་བླང་དོར་བྱས༔ མ་རིག་དབང་གིས་ལས་ངན་བསགས༔ འགལ་འཁྲུལ་ཉམས་ཆག་གང་མཆིས་པ༔ གཉིས་མེད་ཀློང་དུ་ཚངས་པར་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ སྣང་སྲིད་ཁྲོ་བོའི་འཁོར་ལོར་བཞེངས༔ དངོས་འཛིན་དགྲ་བགེགས་བཀུག་བསྟིམས་བསྒྲལ༔ ཤ་ཁྲག་ཡེ་ཤེས་བདུད་རྩིའི་བཅུད༔ འབར་བ་ཆེན་པོའི་ཞལ་དུ་བསྟབ༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི༔ ཧོ༔ རང་ལུས་བླ་མ་རྩ་ཐིག་རླུང༔ ཡི་དམ་མཁའ་འགྲོར་ལྷུན་གྱིས་གྲུབ༔ མཉམ་པ་ཆེན་པོའི་དགོངས་སྤྱོད་ཀྱིས༔ བླང་དོར་མེད་པའི་དམ་རྫས་རོལ༔ ག་ཎ་པཱུ་ཛ་ཨ་ལ་ལ་ཧོ༔ ཨ་ཧོ༔ ཐམས་ཅད་བདག་ཉིད་བདེ་བ་ཆེར༔ རྣལ་འབྱོར་རྒྱལ་པོ་གར་གྱིས་རོལ༔ ཟུང་འཇུག་ལྷན་ཅིག་སྐྱེས་དགའ་མོ༔ རྡོ་རྗེ་གསང་བའི་གླུ་དབྱངས་ལེན༔ ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཧྲཱི༔ དོན་དམ་ཆོས་ཀུན་ཟུང་དུ་འཇུག༔ ཐབས་ཤེས་བརྡ་ཡི་ཕྱག་རྒྱས་མཚོན༔ རྡོ་རྗེ་པདྨ་རྟགས་སུ་སྦྱོར༔ ལྷན་སྐྱེས་བདེ་ཆེན་མཐར་ཕྱིན་ཤོག༔ ཨེ་ཝཾ་མ་ཧཱ་སུ་ཁ་ཧོ༔ ཕྱི་ནང་གསང་བའི་ཚོགས་འཁོར་ལོས༔ དམ་ཚིག་སྐོང་ཞིང་ཉེ་རྒྱུར་སྤྱོད༔ ལྷག་མའི་བདུད་རྩིས་མར་གནས་བརྔན༔ ཨོཾ་ཨཱཿཧཱུྃ་ཧོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛ༔ བྷྱོ༔ དམ་ཚིག་རྗེས་གཅོད་མུ་རན་སྐྱོང༔ ལྷག་ཉུལ་ཕོ་ཉ་དམ་ཅན་རྣམས༔ ཚོགས་ལྷག་འདོད་རྒུའི་གཏེར་དུ་བཞེས༔ ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བླ་མེད་བླ་མའི་དཀྱིལ་འཁོར་དུ༔ འདོད་ཡོན་ཟག་མེད་ཚོགས་ཕུལ་བས༔ ཐམས་ཅད་རྟོགས་གྲོལ་དུས་མཉམ་སྟེ༔ བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཅེས་སོགས་ཐུན་མིན་སྨོན་ལམ་གདབ༔ ཐུགས་དམ་བསྐུལ་ཞིང་གཏོར་མ་བསྐྱང༔ ཧྲཱི༔ མ་བཅོས་ལྷུན་གྲུབ་བླ་མའི་སྐུ་གསུང་ཐུགས༔ འོད་གསལ་དབྱིངས་ནས་རོལ་པའི་རྩལ་དུ་བཞེངས༔ བདེ་ཆེན་གར་གྱིས་འཁོར་བ་དོང་ནས་སྤྲུགས༔ གཞི་རྫོགས་དག་པ་རབ་འབྱམས་ཕྲིན་ལས་མཛོད༔ ཧཱུྃ༔ དུས་བཞི་མཉམ་པ་ཉིད་ཀྱི་ངང༔ སྐུ་གསུམ་ཞིང་དུ་རྒྱུད་གསུངས་ཚེ༔ ཁས་བླངས་རྡོ་རྗེའི་ཡལ་གམ་ཅན༔ འཇིག་རྟེན་འདས་དང་མ་འདས་པའི༔ རྒྱུད་གསུམ་སྲུང་མ་བྲན་འཁོར་བཅས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས༔ གསང་ཆེན་བསྟན་པ་རྒྱས་པར་མཛོད༔ སརྦ་དྷརྨ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ་ཀརྨ་ཀུ་རུ་ཧོ༔ བྷྱོ༔ པདྨའི་བཀའ་སྡོད་བོད་ཁམས་སྐྱོང༔ བརྟན་མ་ཆེན་མོ་མཆེད་འཁོར་རྣམས༔ གཏོར་མ་བཞེས་ལ་ནད་འཁྲུགས་ཟློག༔ གངས་ཅན་ཕན་བདེས་བསྐྱང་བར་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ་ཀརྨ་ཀུ་རུ་ཧོ༔ གཏོར་གཞོང་སྦུབས་ལ་དམ་སྲི་མནན༔ ཧཱུྃ༔ རྣམ་ཐར་གསུམ་གྱི་ཧོམ་ཁུང་དུ༔ དུག་གསུམ་དགྲ་བགེགས་གཟིར་ཞིང་མནན༔ རྡོ་རྗེ་བྲོ་ཡི་བརྟུལ་ཞུགས་ཆེས༔ འཁོར་བ་སྟོངས་བར་རྒྱས་གདབ་བོ༔ སཏྭམྦྷ་ཡ་ལཾ་ནན༔ མཆོད་བསྟོད་བྱ་ཞིང་ནོངས་པ་བཤགས༔ བསྡུ་ལྡང་བསྔོ་སྨོན་ཤིས་པ་བརྗོད༔ སྣོད་བཅུད་དཀྱིལ་འཁོར་རང་ལ་ཐིམ༔ དེ་ཉིད་དམིགས་མེད་བརྗོད་བྲལ་ཀློང༔ དོན་དམ་ཐིག་ལེ་བརྡལ་བ་ཆེ༔ སླར་ཡང་དག་པའི་འཁོར་ལོར་ཤར༔ དགེ་བ་ཆོས་དབྱིངས་ཀ་དག་ཀློང༔ འགྲོ་ཀུན་རྣམ་གྲོལ་ཐོབ་ཕྱིར་བསྔོ༔ ཐམས་ཅད་གདོད་མའི་སར་ཕྱིན་ཏེ༔ སྐུ་གསུམ་བླ་མ་མྱུར་འགྲུབ་ཤོག༔ ཨོཾ༔ སྟོང་གསལ་རིག་པའི་སྙིང་པོ་ཅན༔ བླ་མ་ཆོས་སྐུའི་བཀྲ་ཤིས་ཤོག༔ སྐུ་དང་ཞིང་ཁམས་མཁའ་ལྟར་ཁྱབ༔ བླ་མ་ལོངས་སྐུའི་བཀྲ་ཤིས་ཤོག༔ གང་འདུལ་ཕྲིན་ལས་རྒྱུན་ཆད་མེད༔ བླ་མ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ དགེ་ལེགས་ཆེན་པོས་སྲིད་ཞིར་ཁྱབ༔ དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག༔ ཤིས་པའི་དགའ་སྟོན་གོང་དུ་སྤེལ༔ དེ་དག་རྗེས་ཀྱི་བྱ་བ་འོ༔ ས་མ་ཡ༔ ཕྲིན་ལས་རིམ་པ་འདི་ཉིད་ཀྱང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན༔ ཐུགས་ཀྱི་ཀློང་ནས་ཕྱུངས་ཏེ་བཤད༔ སྐལ་བ་ལྡན་པ་འགའ་ཞིག་ལ༔ དུས་དང་འཚམ་པའི་འགྲོ་དོན་འབྱུང༔ དེ་ཕྱིར་ཟབ་མོའི་གཏེར་རྒྱས་ཐོབ༔ ལས་ཅན་དག་ལ་བཀའ་བབས་ནས༔ གཞན་ཕན་གདུལ་བྱ་མཐའ་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔

གུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། གཏུམ་མོའི་ཁྲིད་ཀྱི་བསྒོམ་རིམ་གསལ་བྱེད་ཉི་ཟླ་ཁ་སྦྱོར་བདེ་ཆེན་ཆོས་སྐུ་མཛུབ་ཚུགས་ (Volume 7, Text 21)

༄༅། །གུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། གཏུམ་མོའི་ཁྲིད་ཀྱི་བསྒོམ་རིམ་གསལ་བྱེད་ཉི་ཟླ་ཁ་སྦྱོར་བདེ་ཆེན་ཆོས་སྐུ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ། ། ཨེ་མ་ཧོཿ དྲི་བྲལ་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ །རྒྱལ་ཀུན་འདུས་གཟུགས་གུ་རུ་རྡོ་རྗེ་འཆང་། །གསང་བའི་མཛོད་འཛིན་དྷཱ་ཀི་རྣམ་གཉིས་དང་། །སྨོན་ལམ་དབང་བསྒྱུར་ལང་གྲོ་ལོ་ཙཱ་བ། །ཟབ་གཏེར་སྤྱི་མེས་མངའ་བདག་རཏྣ་གླིང་། །ཐུགས་ཀྱི་སྲས་མཆོག་ཚེ་དབང་གྲགས་པ་སོགས། །ཡི་དམ་དབང་ཆེན་ཡབ་ཡུམ་གཙོ་དང་འཁོར། །དཔལ་མགོན་མ་ནིང་ཨེ་ཀ་ཛཱ་ཊི་དང་། །རྡོ་རྗེ་ལེགས་པ་འཁོར་ཚོགས་བཀའ་སྡོད་བཅས། །རྩ་བ་གསུམ་ལ་རྩེ་གཅིག་གསོལ་བཏབ་པས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འདིར་བླ་མ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས་པདྨ་ཐོད་ཕྲེང་འདོད་ཆགས་ཀྱི་ངོ་བོ་སྦྱོང་བ་དང་འབྲེལ་བ་གཏུམ་མོ་རྩ་རླུང་གི་མན་ངག་ཟབ་མོ་འཆད་པ་ལ། ཐོག་མར་སློབ་དཔོན་ཉམས་མྱོང་དང་ལྡན་པས། སློབ་མ་དད་བརྩོན་ཤེས་རབ་དང་ལྡན་པ་ལ་ཡང་སྙིང་འདུས་པའི་དབང་བཞི་ཡོངས་རྫོགས་གསང་བའི་དབང་མཆོག་དང་བཅས་པས་སྨིན་པར་བྱས་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཅས། ཆོས་སྤྱོད་ལམ་རིམ་ལྟར་རྒྱུད་ཐོག་ཏུ་སྨིན་ངེས་བྱ། སྐུ་གསུམ་སྒྲུབ་པ་རབ་ལོ་གསུམ། འབྲིང་ཟླ་བ་བཅོ་བརྒྱད། ཐ་ན་ཡང་ཟླ་བ་གསུམ་གསུམ་གཞུང་བཞིན་རྡོར་བཟླས་དང་། བུམ་ཅན་རླུང་ལ་སྦྱར་བ་སོགས་ཚད་ལྡན་བགྱིས་པའི་རྣལ་འབྱོར་པས། ཟབ་ལམ་རྩ་རླུང་ཉམས་སུ་ལེན་པ་ལ། དབེན་ཞིང་མཐུན་རྐྱེན་འཛོམ་པའི་གནས་སུ། ཚེ་འདིའི་ངོ་བསྲུང་འཇིག་རྟེན་གྱི་སྤྲོས་པ་རྣམས་དོར་ལ། བླ་མ་ཡི་དམ་དྷཱ་ཀི་སོགས་རྩ་བ་གསུམ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ལ། འཆི་བ་བྲང་འོག་ཏུ་བཅུག་སྟེ་འདི་ཉིད་རྩེ་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །དང་པོ་གཏུམ་མོའི་ཁྲིད་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལུས་ཀྱི་སྟོང་ར་བསྒོམ་པ་སྟེ། རང་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ལུས་ཀྱི་སྤྱི་བོ་ནས་སོར་མོའི་རྩེ་ཚུན་སྟོང་སང་ངེ་བ། ཁ་དོག་དཀར་ལ་དམར་མདངས་ཆགས་པ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་གསལ་ཞིང་སྟོང་པ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་མོ། །དེ་ཁོ་ན་ཉིད་ལ་ཞག་བདུན་གསུམ་བར་རྩེ་གཅིག་ཏུ་སྦྱང་ངོ་། །དེ་ནས་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུ་སྟོང་ར་ལུས་ཚད་ཙམ་གོང་བཞིན་སྤྱི་བོ་ནས་སོར་མོ་ཡན་སྟོང་སང་ངེ་བསྒོམ། དེ་ཡང་ཐོད་སྐམ་ལྔ་ཡི་དབུ་རྒྱན། རུས་པའི་རྒྱན་དྲུག །སྤྱི་བོ་ན་ཕག་ཞལ་གྱེན་དུ་ཕྱོགས་པ། དབུ་སྐྲ་དམར་སེར་ཕྱེད་བཅིངས་ཕྱེད་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་བམ་རོའི་གདན་ལ་བཞེངས་སྟབས་ཀྱིས་བཞུགས་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཡབ་དབང་ཆེན་མཚོན་པའི་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ་གཡོན་ཕྱོགས་སུ་བཅུག་པ། དེ་ཡང་ཡེ་ཤེས་ལྔ་ཡི་མེ་ཕུང་དབུས་ན་བཞུགས་པར་གསལ་བཏབ། གཉིས་པ་རྩའི་སྟོང་ར་བསྒོམ་པ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྙུག་ཙམ་ཡར་སྣེ་སྤྱི་བོ་དང་མར་སྣེ་གསང་གནས་སུ་ཟུག་པར་བསྒོམ་ཞིང་རླུང་རོ་བསལ་བ་ལ། དང་པོ་རླུང་གི་འགྲོ་འོང་བརྟགས་ལ་ཆ་མཉམ་དུ་བཞག །དེ་ནས་རླུང་ནང་དུ་རྔུབ་ལ་ཡུན་དུ་མི་བཟུང་བར། རླུང་སྣ་ནས་ཕྱིར་བཏང་ལ་དམིགས་པ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་རྩ་རླུང་གི་གེགས་སྐྱོན་ལས་ཉོན་གྱི་སྒྲིབ་པ་དང་བཅས་པ་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་དམིགས་ལ་ལན་གསུམ་བུས། དེ་ནས་སྣ་སྒོའི་ཐད་སོར་བཅུ་དྲུག་གི་ཚད་དུ་དང་པོ་ས་རླུང་སེར་པོ་སོར་བཞི། ཆུ་རླུང་སྔོན་པོ་སོར་བཞི། མེ་རླུང་དམར་པོ་སོར་བཞི། རླུང་གི་རླུང་ལྗང་གུ་སོར་བཞི་གསལ་བའི་ཚད་དུ་རླུང་བཏང་། ཕྱི་ལ་ཡང་ཡུད་ཙམ་འཛིན་པ་་་གསར་པ་རྣམས་ཀྱིས་ཡུན་རིང་འཛིན་མི་ཉན་མཆན། ཁ་དོག་གི་རླུང་དང་བསྲེས་ཏེ་སྟོང་ཉིད་དང་འདྲེས་ངེས་བྱ། དེ་ནས་དལ་བུས་ནང་དུ་རྔུབ་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། སླར་ཡང་རླུང་འདོན་པ་དང་སྐེད་པ་བསྐོར་བ་དང་ལུས་སྤྲུག་པ་འབུད་པ་རྣམས་ལྷན་ཅིག་ཏུ་ལུས་ཚུགས་མ་ཉམས་པར་སི་ལི་ལི་འབུད་ཅིང་སྤྲུག་ལ་དམིགས་པ་ནི་གོང་བཞིན་ནོ། །གཉིས་པ་ནི། དང་པོ་རྩལ་མ་སྦྱང་བ་ལ། རླུང་བུམ་པ་ཅན་དང་པོ་འཛིན་བཏང་བྱས་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། དམིགས་པ་ནི་རྩ་དབུ་མ་མདའ་སྙུག་འབྲིང་པོ་ཙམ་ཡར་སྣེ་སྤྱི་བོ་ནས། མར་སྣེ་གསང་གནས་སུ་ཟུག་པ་བུག་པ་ཧ་རེ་བར་ཡོད་པར་བསྒོམ། ལག་གཉིས་བསྣོལ་ཏེ་རྡོ་རྗེའི་ཁུ་ཚུར་ནུ་མའི་སྟེང་དུ་མནན་ཏེ་བུམ་ཅན་ཁུག་པ་སུམ་ཅུ་ཙམ་ལ་འཛིན། གསུམ་པ་ནི། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་གཟུག་ལ་དབུ་མའི་མར་སྣེ་གསང་བའི་ནང་དུ་ཧཱུྃ་མཐིང་ནག་ཚོན་གང་ཙམ་གཅིག་བསྒོམ། རླུང་ལྟེ་འོག་ཆིལ་གྱིས་མནན་འོག་རླུང་ཡར་འཐེན་ལ། ཧཱུྃ་དེ་གྱེན་དུ་ཡར་དྲངས་ཁོང་འདྲེན་དང་བཅས་ཏེ། སྤྱི་གཙུག་ཁྲུ་གང་ཙམ་དུ་ཐོན་པར་བསམ། དམིགས་པ་དང་སྟོང་འདྲེན་རླུང་སྦྲགས་་་ཧཱུྃ་གསང་བར་བཞག་པ་དང་མི་དམིགས་པར་བསམས་ལ་སླར་ཡང་ཧཱུྃ་བསྒོམས་ལ་སྔར་ལྟར་གྱེན་དུ་དྲང་གསུངས།ལ། ལན་སུམ་ཅུ་ཙམ་སྦྱང་། བཞི་པ་ནི། ལུས་ཙོག་པུར་བྱས་ལ་འབོལ་ཆུང་ཚང་འོག་ཏུ་བཅུག་ལ་ལག་གཉིས་པུས་མོར་འཁྱུད་དེ་རླུང་ཆིལ་གྱིས་མནན། འོག་སྒོ་ལྷོད་ལ་རླུང་སྔོ་སངས་ཀྱིས་འོག་སྒོ་ནས་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་བར་བསམ། ཡང་རླུང་བཏང་བ་དང་ལྷན་ཅིག་འོག་སྒོ་བསྡམ་པ་དང་། སྟེང་རླུང་བཏང་སྟེ་སྤྱི་བོ་ནས་སྔོ་སངས་ཀྱིས་ཐོན་ཏེ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སོང་བར་བསྒོམས་ལ་རླུང་ཁུག་སུམ་ཅུ་བར་སྦྱང་ངོ་། །ལྔ་པ་ལ། དང་པོ་རྐང་མཐིལ་གཉིས་སྦྱར་སོར་རྩེ་སར་བཙུགས་ལ། ལུས་གནད་ལེགས་པར་བསྲང། ལག་གཉིས་སྒྲེང་སྟེ་སྤྱི་བོར་ཐལ་མོ་སྦྱར་མགྲིན་པ་ཅུང་ཟད་གུག་སྒལ་ཚིགས་བསྲངས་ལ་རླུང་ཁུག་སུམ་ཅུ་ཙམ་ལ་སྦྱང་ངོ་། །རླུང་སེམས་གཉིས་མེད་དུ་འཇོག་པ་གནད། དེ་ནས་ལུས་གནད་ཆོས་བདུན་ལེགས་པར་བཅས། རང་ལུས་རྡོ་རྗེ་མཐིང་ནག་རྩེ་གསུམ་ཁྲུ་གང་ཙམ་དུ་བསྒོམས་ལ་ལྟེ་བར་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡུངས་འབྲུ་ཙམ་དུ་བསྒོམ། རླུང་རྔུབ་པ་དང་བསྟུན་ལྟེ་བར་ཧཱུྃ་དང་བསྲེས་ལ་རིག་པ་གཏད། གཞིལ་བ་དང་བསྟུན་རྡོ་རྗེའི་རྭ་ནས་ཧཱུྃ་དེ་མར་སོང་རྡོ་རྗེའི་རྭ་རྩེར་ཕྱིར་སླེབ་རླུང་བཏང་བ་དང་བཅས་ཏེ་རྡོ་རྗེའི་རྭ་ལམ་སྟོང་པར་བརྒྱུད་དེ་ཡར་རྩེར་དྲངས། རྔུབ་པ་དང་བསྟུན་ཏེ་མར་སོང་ནས་ལྟེ་བར་སླེབས། ཡང་ཧཱུྃ་ལ་རིག་པ་གཏད་དེ་རླུང་ཇི་ལྕོགས་ཙམ་དུ་བཟུང་ལ་དགང་གཞིལ་སོགས་སྔར་ལྟར་བཏང་ངོ་། །དེ་རྣམས་ཀྱི་དགོས་པ་ལ་ཡང་ལུས་ངག་ཡིད་གསུམ་གྱི་མ་དག་པ་རྣམས་སྦྱངས་ནས་དག་པ་སྐུ་གསུམ་དུ་སྨིན་པ་དང་། རྩ་དང་རླུང་གི་ལམ་སྦྱོང་བ་ཡིན་ཏེ་གནད་ཆེ་བས། ཆུ་འདྲེན་ཁར་ཡུར་བ་གད་བྱས་པ་དང་འདྲ་སྟེ། གནས་སྐབས་སུ་རླུང་དབུ་མར་ཚུད་ཅིང་མཐར་ཐུག་རྡོ་རྗེ་འཆང་འགྲུབ་པའི་དགོས་པ་ཡོད་པས། འདི་རྣམས་གནད་དུ་ཆུད་པར་བརྩོན་ཞིང་སྦྱང་བ་གལ་ཆེའོ། །དྲུག་པ་ནི་དངོས་གཞི་གཏུམ་མོ་བསྒོམ་པ་ལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྟོང་ར་ལུས་ཚད་ཙམ་གོང་བཞིན་གསལ་བཏབ། གཡས་གཡོན་དུ་རོ་རྐྱང་གཉིས་དེ་ལས་ཅུང་ཕྲ་བར་ཡར་སྣེ་སྨིན་མཚམས་ནས་སྣ་སྒོར་ཟུག་པ། མར་སྣེ་ལྟེ་འོག་ནས་དབུ་མར་ཚུད་པ་ཡི་གེ་ཆའི་འཕོངས་ལྟ་བུར་ཡོད་པའི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་ཁ་འོག་ཏུ་ལྟ་བ། མགྲིན་པ་ལོངས་སྤྱོད་འཁོར་ལོར་རྩ་འདབ་བཅུ་དྲུག་ཁ་གྱེན་དུ་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་མར་ལྟ་བ། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་གྱེན་དུ་ལྟ་བ། རྩ་གསུམ་དང་རྩ་འཁོར་རྣམས་ཕྱི་དཀར་ལ་ནང་དམར་བ་གསལ་ཞིང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམ། རྩ་གསུམ་འདུས་མདོར་ལྟེ་འོག་སོར་བཞི་མཚམས་ན་ཆོས་འབྱུང་བསྣོལ་མའི་དབུས་སུ་ཉི་གདན་གྱི་སྟེང་དུ་ཨ་ཤད་ཡེ་ཤེས་ཀྱི་མེ་རྣོ་ཞིང་འཁྱུག་པ་ཁ་དོག་དམར་བ། རེག་བྱ་ཚ་བ་གཡོ་ཞིང་བསྐྱོད་པ་མྱུར་བ་ཕེཾ་གྱི་སྒྲ་སྒྲོག་པར་བསམ། དབུ་མའི་ཡར་སྣེའི་སྤྱི་བོར་སྣ་ཚོགས་རྡོ་རྗེས་ཕྱི་ནས་ཁ་བཀབ་པའི་ལྟེ་བར་ཟླ་གདན་དབུ་མའི་ཁ་བཅད་པའི་ཚུལ་དུ་ཡོད་པར་བསམ། དེའི་ངོས་ནས་ཧཾ་དཀར་པོ་མགོ་ཐུར་བསྟན་གདོང་མདུན་དུ་ལྟ་བ། ཧཾ་གི་མཐར་སྐོར་ཟླ་གདན་གྱི་ངོས་སུ་དགའ་བ་བཅུ་དྲུག་མཚོན་པའི་ཐིག་ལེ་ཡུངས་འབྲུ་ཙམ་བཅུ་དྲུག །དེ་རྣམས་ཤིན་ཏུ་ཕྲ་བ་དབུ་མའི་ནང་དུ་ཚུད་པར་བསྒོམ། ལུས་གནད་མེ་ཐབ་དྲུག་ཆིངས་སམ་ཆོས་བདུན་སོགས་གང་བདེར་བྱས་ལ། རླུང་རོ་དགུ་ཕྲུགས་སུ་བསལ་བ་ནི། ལག་གཡས་པུས་སྟེང་དུ་བཞག །ཁ་དོག་ལྔ་ལྡན་གྱི་རླུང་གཡས་པ་རོ་མ་ནས་རྔུབ་ལ་ལག་གཡོན་པའི་སྲིན་ལག་གིས་སྣ་བུག་གཡས་བཀབ། དེ་ནས་ལུས་འཆུན་དང་ལྡན་པས་དཔུང་མགོ་གཡས་གཡོན་དུ་ལན་གསུམ་གསུམ་དུ་བསྐོར་ལ་གཡོན་ཕྱོགས་ནས་རླུང་ཕྱིར་བཏང་། དམིགས་པ་ནི་གཡས་རོ་མ་ནས་ཡེ་ཤེས་ལྔ་ཡི་རླུང་ཞུགས། གཡས་ཕྱོགས་ཀྱི་སྟོང་པ་རྩ་འཁོར་རྣམས་ཀྱི་ནང་ནས་ལས་ཉོན་རྩ་རླུང་གི་གེགས་སྐྱོན་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་མར་དེད་དེ་རྩ་གསུམ་འདུས་མདོ་ནས་བརྒྱུད་གཡོན་རྐྱང་མའི་ལམ་ནས་གཡོན་ཕྱོགས་ཀྱི་ལས་ཉོན་གེགས་སྐྱོན་དང་བཅས་པ་དེད་དེ་སྣ་བུག་གཡོན་ནས་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་བསམས་ལ་ཕྱིར་བསལ། ཡང་ལག་པ་གཡོན་པུས་སྟེང་དུ་བཞག་སྣ་བུག་གཡོན་ནས་ལྔ་ལྡན་གྱི་རླུང་རྔུབ་ཅིང་། གཡས་ཀྱི་སྲིན་ལག་གིས་སྣ་བུག་གཡོན་བཀབ་རླུང་ཞུགས་པ་གཡོན་རྐྱང་མའི་ལམ་བརྒྱུད་དཔུང་མགོ་གཡས་གཡོན་དུ་བསྐོར་བ་གེགས་སྐྱོན་བསལ་བ་སོགས་གོང་བཞིན་ནོ། །དེ་ནས་ཆ་སྙོམས་སུ་རྔུབ་ཅིང་ལྔ་ལྡན་གྱི་རླུང་རོ་རྐྱང་ནས་ཞུགས་ལ་གཉིས་ཀ་པུས་སྟེང་དུ་བཞག་དཔུང་མགོ་ལྷན་ཅིག་ཏུ་གཡས་གཡོན་དུ་བསྐོར་ཞིང་རྩ་གསུམ་འཁོར་ལོ་བཞི་ལྡན་དང་བཅས་པའི་གེགས་སྐྱོན་རྣམས་སྔོ་དམར་གྱི་རྣམ་པར་གཡས་་་་་་་་་གཡོན་ནས་བསལ། དེ་ནས་ཐད་ཀར་མཉམ་དུ་ལན་གསུམ་བསལ། དེ་ནས་རླུང་ལྟེ་འོག་ཏུ་མནན་ཏེ་རླུང་གིས་རྩ་ཁེངས་པ་དང་ལྷན་ཅིག་ཏུ་ཁ་སྣ་གཉིས་ནས་འདོན་ཞིང་དམིགས་པ་ནི་ལས་ཉོན་རྩ་རླུང་གི་གེགས་སྐྱོན་དང་བཅས་པ་བ་སྤུའི་བུ་ག་ཀུན་ནས་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་དམིགས་ལ་ལུས་ཅུང་ཟད་སྤྲུག་པ་དང་བཅས་ཏེ་ལན་གསུམ་ཕྱིར་བསལ། དེ་ནས་ལུས་གནད་གང་ཡིན་གོང་བཞིན་ལེགས་པར་བསྲང་སྟེ། རླུང་ཕྱིར་བཏང་བ་དང་བསྟུན་ཁ་དོག་ལྔ་ལྡན་གྱི་རླུང་དང་བསྲེས་ཏེ་ཕྱིར་སོར་བཅུ་དྲུག་གི་ཚད་དུ་གང་ལྕོགས་སུ་འཛིན། དེ་ནས་དལ་བུས་རོ་རྐྱང་གི་ལམ་བརྒྱུད་དེ་རྩ་གསུམ་འདུས་མདོ་ཨ་ཤད་ཡེ་ཤེས་ཀྱི་མེ་ལ་རླུང་ཕོག་པས་མེ་ལ་སྦུད་པ་བཏབ་པ་ལྟར་ཆེར་འབར་ནས་རེག་བྱ་ཚ་བ་མགར་གྱི་ལྕགས་སྲེག་ལྟར་དམར་ཉུག་ཉུག་ཏུ་འབར་བས་ལྟེ་བའི་རྩ་འཁོར་ཐམས་ཅད་མེས་གང་བར་བསམ། སྟེང་རླུང་མནན། འོག་རླུང་ཡུད་ཙམ་འཐེན། མི་ཐུབ་ལ་ཁད་གཡས་ནས་རྔུབ་ཆུང་དང་བཅས་ཏེ། རོ་མ་ནས་ཅུང་ཟད་གཞིལ། ཡང་གཡོན་ནས་རྔུབ་ཆུང་བྱས་ཏེ་རྐྱང་མ་ནས་གཞིལ། ཡང་ཆ་མཉམ་དུ་རྔུབ་ཆུང་བྱས། མཉམ་དུ་གཞིལ། དེ་ནས་དང་པོ་ཤུགས་ཆུང་བ། བར་དུ་ཆེ་བར། མཐར་ཆུང་བར་མ་ལུས་པར་ལྷག་མེད་དུ་སྔ་མ་བཞིན་དུ་རླུང་ཕྱི་ནང་བསྲེས་ལ་ཕྱིར་ཅུང་ཟད་འཛིན། དེ་ནས་དལ་བུས་ནང་དུ་རྔུབ། དེ་ནས་ལྟེ་བར་དམིགས་ཏེ་རླུང་ཁུག་སུམ་ཅུ་ཙམ་དུ་འཛིན། ཡང་རླུང་གནད་དང་དམིགས་པ་གོང་བཞིན་མེ་ཚ་བ་རྣོ་པ་རྩུབ་བ་བྲེལ་བར་འབར་ཏེ་སྙིང་ཁར་རེག་རེག་ཡོད་པར་བསྒོམ། ལྟེ་བ་མན་ཆད་མེ་ཡི་རང་བཞིན་ལྕགས་སྲེག་ལྟར་ཚ་བར་བསྒོམ། དེ་ནས་མེ་ཡི་དྲོད་ཀྱིས་སྤྱི་བོའི་ཤཾ་ལས་ཐིག་ལེ་དཀར་པོ་དངུལ་ཆུ་ལྟ་བུ་ངང་རྒྱུན་རྒྱུན་དུ་སྙིང་ཁར་མེ་ལ་མ་རེག་ཙམ་དུ་བབས་པས་མེ་མར་བྲོས་ཏེ་ལྟེ་བར་ཐིམ། མེ་ཡར་འབར་དུས་ཐིག་ལེ་སྤྱི་བོའི་ཧཾ་ལ་བསྟིམ། ཡང་དམིགས་པ་དེ་བཞིན་ལ་རླུང་སེམས་དྲིལ་ལ་རླུང་ཁུག་སུམ་ཅུ་ཙམ་གང་ལྕོགས་འཛིན་གཏང་བྱ། དེ་ཁོ་ན་ལ་ཉིན་མཚན་དྲིལ་ལ་ཞག་གྲངས་བཅུ་བཞི་ལ་འབད་དོ། །གཏུམ་མོ་ཁོ་ན་དྲོད་ཀྱི་དམིགས་པ་ལ་ལུས་གནད་མེ་ཐབ་དྲུག་ཆིངས་བྱས། རྩ་འཁོར་སྟོང་ར་རྣམས་གོང་བཞིན་གསལ་བཏབ་པའི་ངང་ནས་རླུང་རོ་དགུ་ཕྲུག་བསལ། རླུང་རྔུབ་དགང་གཞིལ་བ་སོགས་སྔ་མ་བཞིན་ལ་དམིགས་པ་ནི་ཨ་ཤད་ལ་རླུང་ཕོག་པས་མེ་དུམ་དུམ་ཆད་དེ་རྩ་གསུམ་ལྟེ་བའི་རྩ་འཁོར་མན་ཆད་མེས་ཆིལ་གྱིས་གང་བར་དམིགས་ལ། རྩ་འཁོར་གྱི་སྣེ་བཅད་ཁ་སྟོང་པར་ཡོད་པ་ལས་མེ་ཕྱིར་ཐོན་རྐང་སོར་ཡན་ཆད་མེ་དམར་འུར་གྱིས་སོང་བར་བསམས་ལ་ལྟེ་བ་མན་ཆད་ལ་རླུང་ཁུག་བཅུ་དང་དམིགས་པ་སྦྲགས། ཡང་མེ་ཆེར་འབར། སྙིང་གའི་རྩ་འཁོར་དང་ལག་སོར་ཚུན་མེ་དམར་འུར་གྱིས་སོང་བར་བསམ། དེ་ནས་མེ་ཡར་འབར་མགྲིན་པའི་རྩ་འཁོར་དང་སྟོང་ར་མེས་གང་། དེ་ནས་ཡར་འབར་སྤྱི་བོའི་རྩ་འཁོར་སྟོང་ར་དང་བཅས་པ་མེས་གང་། འཁོར་ལོ་གསུམ་ལ་ཡང་གོང་བཞིན་རླུང་ཁུག་བཅུ་རེ་དང་སྦྲགས། དེ་ནས་མེ་ཡར་འབར་སྤྱི་བོ་ནས་ཁྲུ་གང་ཙམ་དུ་ཆེར་འབར། ལུས་ཀྱི་བ་སྤུའི་བུ་ག་རྣམས་ལས་ཀྱང་མེ་ཕྱིར་ཐོན་ཏེ་མེ་ཕུང་ལྟ་བུ་ལ་སེམས་སྦྱང་། དེ་ནས་སྤྱི་བོའི་མེ་མར་རང་ལྷར་གསལ་བའི་པད་གདན་འོག་ནས་ཐོན་ཡར་རྒྱབ་ཕྱོགས་ནས་མེ་ལྟེ་བར་ཐོན་ཏེ་འབར་བར་བསྒོམ། ལུས་ནི་བསྐལ་བའི་མེ་ལྟར་ཚ་པའི་ངར་དང་ལྡན་པའི་དྲོད་ཀྱིས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཚ་འུར་གྱིས་སོང་བར་བསམས་ལ་རླུང་ཁུག་པ་བཅུ་ཙམ་དུ་འཛིན། དེ་ནས་ལག་གཉིས་པུས་མགོར་བཞག་ལ་རོ་སྟོད་གཡས་གཡོན་དུ་དཀྱུ་བ་གསུམ་གསུམ་བྱ། ལུས་གནད་ཤིགས་ཀྱིས་བཤིག་ལ་ལག་གཉིས་པུས་སྟེང་དུ་བཀབ་རླུང་བཏང་བ་དང་། རླུང་ཁ་སྣ་ནས་སི་ལི་ལི་སྤྲུག་པ་དང་བསྟུན་ཏེ་གཡས་ནས་གཡོན་ཕྱོགས་སུ་བཏང་། ཡང་གཡོན་ནས་གཡས་ཕྱོགས་སུ་དེ་བཞིན་བྱ། ཡང་ཆ་སྙོམས་སུ་སྤྲུག་ཅིང་ཐད་ཀར་བཏང་། དེ་ནས་འབེབ་གདན་གྱི་ཁར་རང་དམིགས་པ་གོང་བཞིན་ལ་རླུང་བུམ་ཅན་དང་སྦྲགས་ཏེ་དང་པོ། འབེབ་ཆུང་བཅུ། དེ་ནས་བར་འབེབ་བཅུ། དེ་ནས་འབེབ་ཆེན་བཅུ་བྱའོ། །འདི་ནི་དྲོད་ཆུང་བ་ལ་མེ་དམིགས་ཏེ་དྲོད་ཀྱི་བོགས་འདོན་ཁོ་ནའོ། །དེ་ནས་དྲོད་སྐྱེས་པ་དང་འབར་འཛག་བདེ་བ་བསྒོམ་པ་ནི། རང་ལུས་སྟོང་ར་རྩ་འཁོར་རྣམས་གོང་བཞིན་ལ། རླུང་རོ་དགུ་ཕྲུག་བསལ་ནས་ཁ་དོག་ལྔ་ལྡན་གྱི་རླུང་ནང་དུ་ཞུགས་པ་ཨ་ཤད་ལ་ཕོག་པས་མེ་དམར་ཉུག་ཉུག་ཏུ་འབར་ལྟེ་བའི་རྩ་འཁོར་རྣམས་མེ་ཡིས་གང་། མར་སྟོང་རའི་སྨད་མེས་གང་། དེ་བཞིན་སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རླུང་ཁུག་པ་རེས་་་བཅུ་རེ་སོགས་ལོང་ཁྱབ་དང་བསྟུན་གསུང་། རིམ་པར་འབར་བས་རྩ་གསུམ་འཁོར་ལོ་རྣམས་མེ་ཡིས་གང་བས། དེ་ཡི་དྲོད་ཀྱིས་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་གསལ་ཞིང་སྣུམ་པ་དངུལ་ཆུའི་མདོག་ལྟ་བུ་ངང་ཆིལ་གྱིས་ཞུན་ཐིག་གི་ཚུལ་དུ་བྱུང་བས་རླུང་ཁུག་པ་བཅུས་སྤྱི་བོའི་རྩ་འཁོར་ཐམས་ཅད་ངང་ཆིལ་གྱིས་གང་བར་བསམ། ཡང་དེ་བཞིན་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་རིམ་བཞིན་བཅུ་རེ་ཡིས་དགང་། དེ་ནས་མར་བབས་སྟོང་ར་གསང་གནས་སོར་རྩེ་ཡན་ལ་རླུང་ཁུག་བཅུ་ཡིས་ཐིག་ལེ་མར་དབབ་ཅིང་བཀང་བ་སྟེ། ཆིག་བསྡམས་རླུང་ཁུག་བརྒྱ་དང་བརྒྱད་ཀྱིས། རྩ་འཁོར་སྟོང་ར་དང་བཅས་པ་ཐིག་ལེ་དཀར་དམར་གཉིས་ཁྲུག་གིས་འདྲེས་ཤིང་ཁེངས་པར་བསམ། དེ་ཡང་གོང་དུ་ཐིག་ལེ་འཛག་པའི་སྐབས་སུ་སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བར་ལྷན་ཅིག་སྐྱེས་པའི་དགའ་བ། གསང་གནས་སུ་དགའ་བྲལ་ཏེ། གནས་སོ་སོར་ཐིག་ལེ་འཛག་པའི་སྐབས་སུ་སོ་སོའི་བདེ་བ་ངོས་བཟུང་ཞིང་སྟོང་ཉིད་ཀྱི་རྒྱས་ཐེབས་ཤིང་བདེ་སྟོང་འདྲེས་ངེས་སུ་བྱའོ། །དེ་ནས་རོ་སྟོད་གཡས་གཡོན་དུ་གསུམ་གསུམ་དཀྱུ་ལ། སྐྱིལ་ཀྲུང་ཤིགས་ཀྱི་བཤིགས་ལ་གོང་བཞིན་ཧ་སྤྲུག་བྱ། དེ་ནས་བསམ་གཏན་འབོལ་ཆུང་ཚང་འོག་ཏུ་བཅུག་ལ། ལག་གཉིས་ནུ་སྟོད་དུ་རྡོ་རྗེའི་ཁུ་ཚུར་བརྐྱངས་ལ། རྐང་སོར་སར་བཙུགས་ལ་ཙོག་པུར་ལུས་གནད་ལེགས་པར་བསྲངས་ལ། ཁོང་འདྲེན་ནི་ལྟོ་བ་སྒལ་པ་ལ་སྦྱར་ལ། མིག་གྱེན་དུ་བསྒྲད། ལྕེ་ཡ་རྐན་དུ་གཏད་ལ་སྟོང་འདྲེན་ཧཱུྃ་རིང་ལྔ་ཙམ་གྱིས་དཀར་དམར་ལུས་ཀྱི་བཅུད་རྣམས་གསང་གནས་ནས་སྤྱི་བོའི་བར་རིམ་པར་སྐར་མདའ་ཆད་པ་ལྟར་ཧཱུྃ་རིང་སྟོང་འདྲེན་དང་བཅས་པས་གཡས་གཡོན་དབུས་གསུམ་ནས་ཡར་དྲངས་སོ། །ཡང་གོང་བཞིན་མས་བརྟན་གྱི་དགའ་བ་བཞི་ནི། གསང་གནས་སུ་དགའ་བ་སོགས་དགའ་བཞི་གོ་ལྡོག་གིས་ཡར་ལ་བདེ་སྟོང་གི་གཟེར་གྱིས་ཐེབ་པར་སྦྱང་ངོ་། །དེ་ནས་བཅུད་དཀར་དམར་རྣམས་སྤྱི་བོའི་ཧཾ་ལ་འདུས་པར་བསམས་ལ་ལུས་གནད་བཤིགས་ལ་ཡར་ལངས་ནས་ལུས་གནད་སྒུར་པོར་བསྡད་ལ་ལག་གཉིས་པུས་སྟེང་དུ་བཀབ་སྟེ་དྲག་ཏུ་སི་ལི་ལི་ལན་བདུན་ཙམ་སྤྲུག་པ་དང་ཧ་འདོན་པ་སྦྲགས་ལ་སྤྲུག་་་་་་གོ །སླར་ཡང་བཅུད་དཀར་དམར་རྣམས་ལུས་དང་རྩ་གནས་ཀུན་ལ་ཆར་བབ་པ་ལྟར་ཐིམ་པས་ལུས་བཀྲག་མདངས་འོད་དང་ལྡན་པར་བསྒོམས་ལ། ཆོས་བདུན་དང་ལྡན་པས་མཉམ་གཞག་ཁོ་ན་ལ་རླུང་རང་བབས་སུ་བཞག་སྟེ། ཅི་གནས་སུ་བཞག་ལ་ཡུན་ཇི་ཙམ་ཐུབ་པ་དང་བསྟུན་ཏེ་བསྐྱང་ངོ་། །དེ་ནས་ཟབ་ལམ་གྱི་སྔོན་འགྲོའི་འཁྲུལ་འཁོར་དང་། གསང་ཁྲིད་རིགས་ལྔའི་འཁྲུལ་འཁོར་ཉེར་གཅིག་པ་སོགས་བྱའོ། །དེ་ནས་བདེ་བ་ཆུང་བ་ལ་དེས་ཀྱང་བདེ་བ་མ་སྐྱེས་ན། བདེ་བའི་བོགས་འདོན་འདི་ལྟར་རོ། །རང་ཉིད་དབང་ཆེན་གྱི་སྟོང་ར་གསལ་བཏབ་ཅིང་སྐུའི་རྒྱན་ཆ་ལུགས་དག་དྲན་སོགས་འབྲུ་འགྲེལ་མུན་སེལ་སྒྲོན་མེ་བཞིན་ལ་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་བསྒོམ་ཞིང་། རྩ་འཁོར་བཞི་པོ་གོང་བཞིན་ལ། གསང་བར་རྩ་འདབ་ཉེར་བརྒྱད་དབུ་མའི་མར་སྣེ་གསང་བའི་རྡོ་རྗེར་ཟུག་པ། ལྟེ་བར་ཧཱུྃ་ཡིག་མགོ་ཐུར་བསྟན་དུ་བསམ། དེ་ནས་རང་གི་མདུན་དུ་མཚན་ཉིད་དང་ལྡན་པའི་ཌཱ་ཀི་མི་མོའི་ཚུལ་སེམས་ཆགས་སུ་རུང་བ་ཞིག་གསལ་བ་ལ་བརྩེ་ཚིག་དང་། འོ་བྱེད་པ་སོགས་ཆགས་པའི་རྣམ་འགྱུར་བྱེད་པར་བསམ། བདེ་བ་ཆེར་མ་གཡོས་ཀྱི་བར་དུ་དེར་བསླབ། བདེ་བ་ཆེར་རྒྱས་པ་དང་རིག་མ་དེ་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་དེ་ཉིད་དང་། རང་ཉིད་དབང་ཆེན་དང་ཞལ་སྦྱོར་དུ་བསྒོམ་ཞིང་། མཐར་རྡོ་རྗེ་རྣལ་འབྱོར་མ་ཡང་འོད་དུ་ཞུ་ནས་རང་གི་ལྟེ་བའི་ཨ་ཤད་ལ་ཐིམ་པས་དེ་ཉིད་དྲོད་ཀྱི་རྣམ་པས་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ་ཞིང་། སྟོད་རླུང་ཅུང་མནན་ལ་སྲིན་ཞལ་གྱི་འབྱེད་འཛུམ་མང་དུ་བྱ་ཞིང་། བདེ་བ་ཆེ་ཆུང་དང་བསྟུན་ཏེ་རྩ་འཁོར་ལྔ་ལྡན་དུ་བདེ་བ་ཆེ་ན་རྩ་འཁོར་གོང་མ་རྣམས་ནས་ཡར་ལྡོག་ཅིང་ཆུང་ན་གསང་གནས་བར་འབེབ་པ་སོགས་རྒྱུད་ཚོད་དང་བསྟུན་པར་བྱ། བདེ་བ་རྒྱས་ན་འདྲེན་བཀྲམ་འཁྲུལ་འཁོར་སོགས་ཉེར་གཅིག་པ་དང་འབར་འཛག་གཞུང་གི་ཧ་སྤྲུག་དང་གཡང་མོའི་སྒང་སྤྲུག་སོགས་བྱའོ། །དེས་ཀྱང་མ་སྐྱེས་ན་རང་ཉིད་པད་འབྱུང་གཅེར་བུ་ཐོར་ཚུགས་རུས་པའི་རྒྱན་ཅན་རྩ་འཁོར་དང་གསང་གནས་ཀྱི་ཧཱུྃ་སོགས་གོང་ལྟར་གསལ་བ་ལས་ཡུམ་མཚོ་རྒྱལ་གྱི་རྣམ་པ་མི་མོ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་རང་དང་འཁྲིལ་བར་གསལ་བཏབ་ལ་ལུས་ཀྱི་འདུག་སྟངས་ཚང་རའི་འོག་ཏུ་འབོལ་ཆུང་བཏིང་ལ་རྐང་པའི་ལོང་བུ་གཉིས་གཤིབ་སྟེ་རྡོ་རྗེ་དེ་ཡི་བར་དུ་བཅུག་ལ་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་བརྒྱད་ཟེའུ་འབྲུ་ཨས་མཚན་་་་་་་བསྲུབ་པར་བསྒོམ་ཞིང་ལུས་ཀྱི་བསྒུལ་བསྐྱོད་ཅུང་ཟད་རེ་དང་གོང་གི་དམིགས་པ་སྦྲགས་ལ་ཐིག་ལེ་དང་པོ་སྤྱི་བོ་ནས་མགྲིན་པའི་བར་ཕབ་ལ། ཡང་གྱེན་དུ་ལྡོག །དེ་བཞིན་བདེ་བ་འབྱོང་རིམ་བཞིན་རྩ་འཁོར་སོ་སོའི་ཐད་ནས་གྱེན་དུ་ལྡོག་་་འདི་སྐབས་ཧཱུྃ་གི་ཞབས་ཀྱུས་ཡུམ་གྱི་དྭངས་མའི་དམར་ཆ་དང་རང་གི་དཀར་ཆ་བཅས་ཡར་ཧཱུྃ་གིས་དྲངས་ལ་སྤྱི་བོའི་ཧཾ་ལ་བསྟིམ་པར་བསམ། དེ་ནས་ཐིག་ལེ་ལྟེ་བའི་རྩ་འཁོར་ཕྱིན་ལས་ཕབ་མི་བྱ། དེ་ནས་ལྡོག་བཀྲམ་འཁྲུལ་འཁོར་སོགས་གོང་བཞིན་བྱ། དེ་ལྟར་ཟབ་ལམ་བསྒོམ་པའི་ཐིག་ལེ་རང་སྲོག་ལས་གཅེས་པར་འཛིན་དགོས་པས། ཐིག་ལེ་གཏང་རེ་ན་ར་ཀན་སྙམ་དུ་བྱའོ། །འཁྲུལ་འཁོར་སྒང་སྤྲུག་སོགས་གོང་ལྟར་དང་ཉེར་གཅིག་པ་སོགས་བྱའོ། །བདེ་བ་རྒྱས་དྲགས་ཏེ་ཐིག་ལེ་འཆོར་བར་སྙམས་ན་ལུས་གནད་ནི། ལག་གཉིས་རྡོ་རྗེའི་ཁུ་ཚུར་ནུ་སྟེང་དུ་བཞག་ལ་རྐང་པ་སེམས་སྐྱིལ་བྱས་ལ་དམིགས་པ་གོང་བཞིན་ལ་ཁོང་འདྲེན་ཧཱུྃ་རིང་ཧཱུྃ་ཐུང་སུམ་ཅུ་ཙམ་གྱིས་རིག་པ་སྤྱི་བོར་གཏད་ཅིང་དྲངས་ཏེ། མཐར་མི་དམིགས་པར་བཞག་གོ །ལུས་རྒུད་དེ་བདེ་བ་མ་རྒྱས་ན་བཅུད་ཅན་གྱི་ཟས་བརྟེན་ཅིང་བླ་མ་ལ་གསོལ་བ་བཏབ་ཅིང་དབང་བཞི་ཡང་ཡང་བླང་། ཡང་སྙིང་འདུས་པའི་ཚོགས་དང་སྐོང་བཤགས་ལ་འབད། མཁའ་འགྲོའི་བཤགས་འབུམ་དང་། ཆོས་སྲུང་གི་གསོལ་མཆོད་བཅས་ལ་འབད་དོ། །གཞན་གེགས་སེལ་རྣམས་ཀྱང་གཞུང་གི་གེགས་སེལ་བཀའ་རྒྱ་མ་དང་། ཞལ་གདམས་གནད་ཀྱི་ཕྲེང་བ་ལ་སོགས་གཞུང་བཞིན་བྱའོ། །དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་གསང་ཁྲིད་རིགས་ལྔའི་པདྨ་ཐོད་ཕྲེང་རྩལ་གྱི་གཏུམ་མོའི་ཁྲིད་དང་འབྲེལ་བའི་ཟུར་རྒྱན་མདོར་བསྡུས་འདི་ཡང་། རང་རེས་བླ་མ་སྐུ་གསུམ་གྱི་སྒྲུབ་པ་བགྱིས་སྐབས། གཏེར་ཆེན་རཏྣ་གླིང་པ་དང་། ཌཱ་ཀི་མ་མང་པོ་བཅས་པས་རྩ་ཐིག་རླུང་གི་ཁྲིད་འདི་རྣམས་དང་། སྔ་སོར་ཆད་པའི་གསང་ཁྲིད་གཞུང་གི་འཁྲུལ་འཁོར་རྣམས་བདག་ལ་གནང་བའི་ཉམས་སྣང་ཡང་ཡང་དུ་ཤར་བས། དེ་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་དང་དབྱེར་མེད་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་སྤྱན་སྔར་གོང་གི་དག་སྣང་ལོ་རྒྱུས་རྣམས་ཞུས་པས། རྗེ་རིན་པོ་ཆེ་ཉིད་ཀྱི་ཐུགས་ལ་ཡང་དེ་ལྟར་འཁྲུངས་འདུག་པ་བདག་གི་དེ་དང་ཁྱད་པར་མི་འདུག་པས། དེ་ནས་རིན་པོ་ཆེས་དེ་ལྟར་བགྱིས་པས་སྔོན་གྱི་འཁྲུལ་འཁོར་ཆད་སོང་བ་དག་སྣང་གིས་སླར་སོར་ཆུད་པ་ཡིན་པས་སྤེལ་བར་བྱས་ན་ལེགས་ལམ་ཆེ་ཞེས་བཀའ་ཕེབས་པ་དང་། ཉེ་བར་རང་གི་གཅེན་བསོད་དབང་གིས་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔའི་ཁྲིད་ཡིག་དགོས་ཞེས་ཡང་ཡང་ནན་གྱིས་བསྐུལ་བས། ཡི་གེའི་ལམ་དུ་མ་བཀོད་པར་དམིགས་པ་དང་འཁྲུལ་འཁོར་རྣམས་ངག་ཁྲིད་དུ་བགྱིས་པས་དེ་ལ་ཡང་དྲོད་རྟགས་དང་ཡོན་ཏན་སྐྱེ་ཚུལ་སོགས་གེགས་མེད་དུ་གྱུར་ཀྱང་། སླར་ཡང་ལོ་ལྔའི་བར་དུ་གསང་རྒྱས་བཏབ་པས། དེ་ནས་དད་དམ་མཚུངས་བྲལ་མགོན་པོ་ནས་སྔ་སོར་རྩ་རླུང་གི་ཁྲིད་རྣམས་བདག་ལ་ཞུས་པ་དང་སླར་འདིའི་ཟུར་རྒྱན་ཁྲིད་ཡིག་དམིགས་བསལ་ཞིབ་རྒྱས་ཤིག་དགོས་ཞེས། ལྷ་རྫས། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་འདོན་ཆའི་པོད་བཅས་བསྐུལ་མ་ཡང་ཡང་བྱུང་བ་དང་། ཕྱི་ནང་གི་རྟེན་འབྱུང་བཀའ་ཡི་གནང་བ་བཅས་ཐོབ་པས། སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་ཆོས་རྣམས་ལ་མོས་པ་རྩེ་གཅིག་ཏུ་འཛིན་པའི། མི་སྨྱོན་ཚོགས་གཉིས་ཀྱིས་གསང་ཁྲིད་གཞུང་སོར་བཞག་དང་། རང་གི་དག་སྣང་ཉམས་མྱོང་བཅས་བསྟུན་ནས་བྲིས་པ་འདི་ལ་ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་ཐམས་ཅད་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་ཐོབ་པར་གྱུར་ཅིག།ཇི་ལྟར་བདག་གིས་སྨྲས་པ་བཞིན་བསྐུལ་བ་པོ་རང་གི་ལུང་ཟིན་ཉིད་ཀྱིས་ཡི་གེའི་ལམ་དུ་མེ་སྟག་སྤྲེལ་ཟླའི་ཡར་ཚེས་གཅིག་ལ་མདོ་སྔགས་བཤད་སྒྲུབ་གླིང་གི་ཆོས་གྲྭ་ཆེན་པོའི་ཉེ་ཆར་སྒྲུབ་ཁང་བདེ་ཆེན་མཐར་ཕྱིན་དུ་བགྱིས་པའོ། །སརྦ་མངྒ་ལཾ། མ་ཧཱ་སུ་ཁ་ཛ་ཡནྟུ། ཤུ་བྷཾ། ཆོས་འདི་ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ། །དཔལ་ལྡན་ཡེ་ཤེས་མགོན་པོ་མ་ནིང་དང་། །དམ་ཅན་སྡེ་དགུའི་ལྷ་ཚོགས་འཁོར་བཅས་ཀྱིས། །རྟག་པར་སྲུང་ཞིང་སྤེལ་ལ་བྱ་ར་མཛོད། །སྣོད་མིན་ལོག་ལྟ་ཅན་གྱིས་འཁྱེར་སྲིད་ན། །བཀའ་ཡི་ཆད་པ་ཆོད་ལ་རྡུལ་དུ་རློག །དམ་ལྡན་རྣམས་ལ་སྤེལ་ཞིང་སྡོང་གྲོགས་མཛོད། །འདི་ནི་ཤིན་ཏུ་གསང་བར་འོས་པས་དམ་ལྡན་གྱི་སློབ་མ་ལོ་དང་ཟླ་བར་བླ་མར་བསྟེན་ནུས་ཤིང་ཉམས་སུ་ལེན་ངེས་མ་གཏོགས་པ་གང་ལ་ཡང་མི་སྟོན་པར་བླ་མ་ཡི་དམ་མཁའ་འགྲོའི་བཀའ་རྒྱ་ཡིན་པས་དེ་ལྟར་གསང་ཞིང་ཉམས་སུ་ལེན་པར་གཅེས་སོ།། །།

མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་ (Volume 55, Text 21)

༄༅། །མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། འཁོར་འདས་ཐམས་ཅད་ཕྱག་རྒྱ་གཅིག་ཏུ་རྫོགས། །ཀུན་གྱི་སྤྱི་དཔལ་འགྲོ་དྲུག་ཐུགས་རྗེས་སྒྲོལ། །བཅོམ་ལྡན་ཆེ་མཆོག་མངོན་རྫོགས་རྒྱལ་པོ་ཉིད། །རྡོ་རྗེ་བླ་མའི་གར་གྱིས་རོལ་ལ་འདུད། །དེ་སྒྲུབ་རྒྱུན་གྱི་རྣལ་འབྱོར་ནི། །སྲིད་པ་གསུམ་ན་རྙེད་དཀའ་བའི། །སྨིན་བྱེད་གྲོལ་བ་བཞི་ལྡན་འདི། །བློ་ལྡན་མཆིས་ན་དོན་གཉེར་འོས། །གསང་ཆེན་ངེས་པའི་ཐིག་ལེའི་ཡང་བཅུད་ཀྱི་སྨིན་བྱེད་བདུད་རྩིའི་སྙིང་པོ་དོན་དུ་གཉེར་བའི་སྐལ་ལྡན་རྗེས་སུ་གཟུང་བར་སྤྲོ་ན། གནས་དབེན་པར་དུར་ཁྲོད་ཆས་ཀྱིས་བརྒྱན་ཏེ་གུང་དུ་རྟེན་བཀྲམ་པའི་མདུན། སྟེགས་བུའི་སྟེང་མཎྜལ་མེ་ཏོག་གི་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་དབུས་སུ་ཁྲིའུ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཅན་གྱི་ཁར། ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་བཞག་པ་ལ། མེ་ལོང་སིནྡྷུ་ར་བརྡལ་ཏེ་ཨེ་ཝཾ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག་ལ་དར་གུར་ཕུབ། བུམ་པའི་ཁ་རྒྱན་གསེབ་སྐུ་ཙཀ་བཙུགས་པའང་ལེན་བདེར་བཞག །མདུན་རྒྱབ་གང་བདེར་དཔལ་གཏོར། གཡས་གཡོན་སྨན་རཀ །སྤོས་མེ་ཏོག་མར་མེ་དྲི་ཆབ་སྟེ་བཞི་བསྣོལ་ཆ་བཞི་ཕྱོགས་བཞིར་བཤམ། ལས་བུམ་ཚོགས་མཆོད་སོགས་འདུ་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། བརྒྱུད་པའི་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་དབུའི་བཀའ་བསྒོ་ནས་མཐར་ཆགས་སུ་གཏང་ཞིང་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད་ལ། བསྟོད་བཤགས་འདོད་དོན་དམ་བཅའི་བར་བཏང་། དེ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་དམིགས་པའི་འཕྲོ་འདུ་གསལ་བཏབ་ལ་རུ་ལུའི་བཟླས་པ་ཅི་འགྲུབ་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་གསལ་འདེབས་སྤྱི་མཐུན་དང་གཟུངས་ཐག་བླངས་ལ་རུ་ལུ་བཟླ། ལས་བུམ་ཀྲོ་དྷཱི་ཤྭ་རཱིའི་སྔགས་ཀྱིས་བརླབ། མཐར། ཨེ་མ་ཧོ༔ ཆོས་ཀུན་སྐུ་ལ་རྫོགས་པ་སོགས་ཀྱིས་གཞི་བསྟོད་དང་། ཧཱུྃ༔ ཡེ་ནས་གཉིས་མེད་སོགས་ཀྱིས་བཤགས་པ་འབུལ། བུམ་ལྷ་འོད་ཞུ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་དབང་གི་ཐོག་མར་ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་གཏང་། བཀའ་བསྒོ་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། དེའང་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ནང་པ་ཐབས་ཀྱི་རྒྱུད་ལའང་རྒྱུད་ལུང་མན་ངག་གི་རིམ་པ་གཙོར་བཏོན་པར་བྱེད་པའི་ཡོ་ག་རྣམ་པ་གསུམ་དུ་དབྱེ་བ་ལས། སྣོད་བཅུད་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་རང་ཤར་བར་བལྟ་ཞིང་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་དུ་བྱེད་པ་ལུང་ཨ་ནུ་ཡོ་གའི་གསང་བ་ཟབ་མོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་གཙོ་བོར་གྱུར་པའི་མདོ་ལུང་ཆེན་པོ་ལྔའི་དགོངས་པ་དང་འབྲེལ་བའི་སྨིན་གྲོལ་གྱི་རིམ་པ་ཟབ་ལ་རྒྱ་ཆེ་བ་རྣམས་བོད་ཡུལ་གྱི་ལྗོངས་འདིར། དཔལ་ཧེ་རུ་ཀ་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། ས་གསུམ་པ་འོད་བྱེད་ལ་བཞུགས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྣམས་ཀྱི་བཀའ་དྲིན་ལས་བྱུང་ཞིང་། དེང་སང་དུའང་བཀའ་མའི་དབང་གི་ཆུ་བོའི་རྒྱུན་མ་ཉམས་པར་བཞུགས་པ་ལས། གཏེར་མའི་ཕྱོགས་སུ་རྗེས་མཐུན་པའི་ལམ་གྱི་རིམ་པ་ཙམ་ལས་ཨ་ནུ་རང་རྐང་ཚུགས་པའི་ཆོས་སྡེ་སྔོན་ཆད་མ་བྱོན་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ལ་འཕེལ་འགྲིབ་དང་ཕྱོགས་ལྷུང་མ་མཆིས་པས་ཟླ་གཟུགས་དང་ཆུ་སྣོད་ཀྱི་ཉེར་ལེན་བཞིན་དུ། གདུལ་བྱའི་ཡུལ་དང་འདུལ་བྱེད་རྐྱེན་གྱི་རྟེན་འབྲེལ་ཚོགས་པ་ལས། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་༧མཆོག་གྱུར་བདེ་ཆེན་གླིང་པས་རྒྱུད་ལུང་མན་ངག་རང་སྐད་ཀྱི་གྲུབ་མཐའ་སློང་བའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ་མང་དུ་སྤྱན་དྲངས་པ་ལས། སྐབས་སུ་བབས་པ་མདོའི་ལུང་ཆེན་པོ་ལྔའི་དགོངས་བཅུད་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་ཕྱག་རྒྱ་གཅིག་པ་འདི་ནི་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན། ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་ནས་དམ་ཆོས་ཤོག་སྡེ་དྲུག་པ་སྤྱན་དྲངས་པའི་སྐབས་སུ། གུ་རུ་རིན་པོ་ཆེ་དང་གནུབས་ཆེན་པོའི་ཕྱག་དཔེ་གསང་བའི་གླེགས་བམ་མཁའ་འགྲོས་དངོས་སུ་བསྩལ་པ་ལས་ཞལ་བཤུས་པའི་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་བྱས་པ་སྟེ། དེ་ལྟ་བུའི་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས། འབྲུ་གསུམ་གྱིས་མེ་ཏོག་སྦྱིན། དེ་ནས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྲག་འཐུང་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དམ་ཚིག་རིམ་པ་རྣམས། །མགོན་པོ་དཔའ་བོར་སྐྱབས་གསོལ་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་སྣོད་དུ་རིག་ནས་བཀའི་གནང་བ་བྱིན་པར་མོས་ཤིག །བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་གཟུང་། ཁྲོ་རྒྱལ་ཆེན་པོའི་དབང་རྫོགས་སྦྱིན། །ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཁྲག་འཐུང་ཀུན་གྱི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་རབ་འབྱམས་དཀྱིལ་འཁོར་ཀུན་འདུས་སུ་བཞུགས་པ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་ཆེད་དུ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱིས་གསག་སྦྱོང་སྤེལ་གསུམ་བགྱི་འོ་སྙམ་པས་དོན་རེ་རེ་ནས་གསལ་ཐོབས་ལ་འདིའི་རྗེས་ཟློས། ཨེ་མ་བདེ་གཤེགས་སྙིང་པོ་འདྲེན་པའི་གཙོ༔ ཡེ་ནས་དག་ལ་དམིགས་སུ་མེད་པ་ལ༔ ཕྱག་མཆོད་ལ་སོགས་ཡན་ལག་མ་མཆིས་ཀྱང༔ འཕྲལ་རྟོག་བསལ་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར༔ ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་ཆེན་པོར་ཕྱག་འཚལ་ལོ༔ ངོ་མཚར་ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ༔ འདུ་འབྲལ་མེད་པའི་ངང་དུ་མཆོད་པ་འབུལ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་སྣང་བར་གྱུར༔ དེ་བཟློག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ དེ་ལས་འགལ་བར་གྱུར་པ་ཅི་མཆིས་བཤགས༔ འགྲོ་བ་ཀུན་ལ་བདེ་བར་གཤེགས་པས་ཁྱབ༔ རང་རིག་བྱང་ཆུབ་སེམས་སུ་རྗེས་ཡི་རང༔ ངོ་བོ་གཅིག་ལ་སོ་སོར་མ་འདྲེས་དགུ༔ ཟབ་ལ་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་སྐོར༔ གཞི་དང་འབྲས་བུ་དབྱེ་བ་མེད་པ་ལས༔ ལམ་དུ་བགྲོད་རྒྱུ་མེད་པར་བཞུགས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་གང་རྫོགས་པ༔ འཁོར་འདས་དམིགས་མཐའ་བྲལ་བའི་ངང་དུ་བསྔོ༔ ཨེ་མ་ཧོ་བླ་མས་གཟུང་དུ་གསོལ༔ ལན་གསུམ། ལམ་གྱི་སྟེགས་སུ་གྱུར་པའི་ཐེག་རིམ་རྣམས་ལས་གོང་དུ་འཕགས་ཏེ་བླ་མེད་ཐུན་མོང་མ་ཡིན་པའི་ཐེག་པར་གཞུག་ཅིང་བསླབ་པའི་གནས་རྗེས་སུ་གདམས་པ་འདི་ལ་གསན་འཚལ། འཁོར་བ་ཐབས་ཀྱིས་རང་སངས་སྤང་བའི་ཕྱིར༔ ཡེ་ནས་མ་བཅོས་གཉུག་མའི་རང་བཞིན་ལ༔ ངོ་བོ་གསལ་བའི་ཆ་འདི་མ་རྟོགས་པས༔ ཐེག་པའི་རྣམ་པ་སྣ་ཚོགས་ཅིར་ཡང་བྱུང༔ འཁོར་བའི་རང་བཞིན་ཅི་ཡང་མི་སེམས་པ༔ མ་རིག་སྐྱེ་བོ་རྣམས་ལ་སྙིང་རེ་རྗེ༔ དགེ་བའི་བློ་སྐྱེས་ལྷ་མིའི་ཐེག་པ་ཡང༔ འཁོར་བའི་རང་བཞིན་ཉིད་ལས་མ་འཕགས་སོ༔ ལོག་པར་རྟོག་པའི་མུ་སྟེགས་རིགས་གསུམ་རྣམས༔ ལྟ་བར་བྱེད་ཀྱང་རྟག་ཆད་གཉིས་སུ་ལྷུང༔ སེམས་འདུལ་ལ་བརྩོན་ཉན་ཐོས་ཐེག་པ་ཡང༔ འཕགས་སར་བཞུགས་ཀྱང་གང་ཟག་ཉིད་ལ་གོལ༔ གཞན་ཕན་བྱང་ཆུབ་སེམས་ཀྱི་ཐེག་པ་རྣམས༔ བདག་གཉིས་རྟོགས་ཤིང་ཚོགས་གཉིས་རབ་རྫོགས་ཀྱང༔ བླ་ན་མེད་པའི་རང་བཞིན་མ་རྟོགས་སོ༔ ཆོས་ཀུན་རིགས་གསུམ་ལྟ་བ་ཀྲི་ཡ་ཡང༔ ཀུན་རྫོབ་སྔགས་དང་ཕྱག་རྒྱ་ཉིད་དུ་གོལ༔ སྣང་སྲིད་རིགས་བཞིར་ལྟ་བ་ཨུ་པ་ཡང༔ ཤེས་བྱའི་སྒྲིབ་པ་རྣམ་པར་མ་དག་གོ༔ རྡོ་རྗེ་དབྱིངས་སུ་ལྟ་བའི་རྣལ་འབྱོར་ཡང༔ ཇི་བཞིན་ཉིད་དུ་སྙིང་པོའི་དོན་མ་ལོན༔ ཡང་དག་ཉིད་དུ་འཇུག་པའི་སྒོ་དམ་པ༔ རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་སྟེ༔ སྙིང་པོ་བླ་མེད་ལུང་གི་དཀྱིལ་འཁོར་འདི༔ རྩ་རླུང་ཁམས་རྣམས་རྣམ་པར་དག་པའི་དལ༔ འདི་ནི་བཤད་ཀྱིས་བླ་ན་མེད་པར་ཉོན༔ ཁམས་དྲུག་དག་པ་རྡོ་རྗེའི་ལུས་མཆོག་འདི༔ བདེ་བར་གཤེགས་པའི་དཀྱིལ་འཁོར་ཉིད་དུ་ལྟོས༔ དེ་ལྟར་བསྒོས་པའི་དོན་བཞིན་ཐེག་པ་འོག་མའི་བསླབ་གཞི་མཐའ་དག་གོང་མ་བླ་ན་མེད་པར་ཡོངས་སུ་རྫོགས་པའི་ཚུལ་གྱིས་གཟུང་སྟེ། ལྷ་དང་སློབ་དཔོན་མི་སྤང་ཞིང་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་བལྟ་བ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེར་གཤེགས་སློབ་མར་བཅས་པ་བདག་ལ་དགོངས༔ བྱང་ཆུབ་སེམས་དཔའི་བླ་མ་བདག་ལ་དགོངས༔ རང་རིག་རྒྱལ་པོ་དཔལ་ཆེན་བདག་ལ་དགོངས༔ འདྲེན་པའི་བདག་ཉིད་དཀྱིལ་འཁོར་གཙོ་བོ་དགོངས༔ བདག་གིས་བླ་ན་མེད་པའི་དོན་རྟོགས་ཕྱིར༔ ཐེག་པ་བདུན་པོའི་ལྟ་སྤྱོད་ཕུགས་བཀྲོལ་ཞིང༔ ཐེག་པའི་རྩེ་མོའི་ཡང་དག་དོན་རྟོགས་ཕྱིར༔ སོ་སོ་ཐར་དང་བྱང་ཆུབ་སེམས་དཔའི་བསླབ༔ གསང་སྔགས་ཕྱི་ནང་དམ་ཚིག་གང་གསུངས་པ༔ འོག་མ་ཐམས་ཅད་གོང་མའི་ཀློང་ཆུབ་པར༔ གོང་ནས་གོང་འཕེལ་བདག་གིས་བླང་བར་བྱ༔ འཇིག་རྟེན་ཀུན་གྱི་གཤེད་མ་ཀུན་འདུས་ཏེ༔ བདག་གི་ལུས་འདི་དུམ་བུ་སྟོང་གཏུབས་ཀྱང༔ ཐར་པའི་སྲོག་འཛིན་བླ་མ་དེ་ཡི་ཡུམ༔ བྱང་ཆུབ་སེམས་དང་བསླབ་པ་ཤེས་རབ་དང༔ ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤང༔ ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་མཆོག་འདི༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་རྫོགས་པར་བལྟ༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གནད་ལེགས་པར་གཅུན་ལ་དམིགས་པ་རྩེ་གཅིག་ཏུ་གྱིས་ཤིག །སྣང་སྲིད་དག་པ་རྒྱལ་བའི་ཞིང་ཁམས་སུ་གདོད་ནས་རྫོགས་པའི་དབུས་སུ་པདྨ་ཉི་ཟླ་དྲེགས་པའི་གདན་ལ་ཧཱུྃ་མཐིང་ནག་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དུང་ཁྲག་བསྣམས་ཤིང་རང་འོད་ཀྱི་ཡུམ་ལ་འཁྱུད་པ། གར་དགུའི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ཡིག་མར་མེ་ལྟར་འབར་བ་ལ་སེམས་གཏོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་མཁའ་དབྱིངས་ཁྱབ་པར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིག་འབྲུ་འོད་ཟེར་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་བཅས་བབ་དྲུག་འདས་བཞི་མའི་མཐར། རུ་ལུ་ལ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། མེ་ཏོག་གི་ཅོད་པན་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་བཅས་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར། དེ་ཉིད་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བྱིན་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མགོར་བཞག །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དྲི་མེད་རང་བྱུང་རིག་པའི་ཡེ་ཤེས་འདི༔ མ་རིག་གློ་བུར་དྲི་མའི་ཀུན་བརྟགས་ཀྱིས༔ ཡོངས་སུ་བསྒྲིབས་པ་རྒྱལ་བས་བསལ་ནས་ཀྱང༔ རིག་པའི་ཡེ་ཤེས་དཀྱིལ་འཁོར་མཐོང་བར་མཛོད༔ སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཡེ་ཤེས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་བར་མོས་ཤིག །བདེ་གཤེགས་རྒྱལ་བ་རྣམས་ཀྱི་མཛད་པ་བཞིན༔ ཐབས་ལ་མཁས་པས་བྱང་ཆུབ་སེམས་ཀྱི་ཐབས༔ ཤེས་རབ་དབྱེར་མེད་ཟུང་འཇུག་ཐུར་མ་ཡིས༔ ཁ་སྦྱོར་ཤེས་རབ་རྩ་ཡི་མ་རིག་དབྱེ༔ ཞེས་གདོང་གཡོགས་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་དྲི་མ་མེད་པ་ཐོབ་པས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཕྱག་རྒྱ་གཅིག་པའི་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་མཇལ་བར་མོས་ལ་དད་སྤྲོ་སྐྱེད་ཅིག །བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདི༔ བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས༔ མཐོང་བའི་མོད་ལ་བསྐལ་འབུམ་སྡིག་སྒྲིབ་འདག༔ ལམ་གྱི་ཡེ་ཤེས་མ་ལུས་ཐམས་ཅད་རྫོགས༔ དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་རྒྱལ་བའི་ཚོགས་མ་ལུས༔ བདག་ཅག་རིག་འཛིན་རྣམས་ལ་ཉེ་བར་དགོངས༔ དཀྱིལ་འཁོར་ཆེན་པོ་འདི་ལ་བདག་གཞུག་སྟེ༔ གོ་འཕང་མཉམ་པའི་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། བཀྲ་ཤིས་དབང་གི་བུམ་པ་ཟླ་གམ་སྨུག་ནག་ཁ་སྦྱོར་དུ་གསལ་བ་ཕྱི་སྣོད་ཐམས་ཅད་ཐབས་དང་ཤེས་རབ་མཉམ་པའི་བརྡས་ཕྱི་དབང་ཕན་པའི་ཆུ་བོ། ནང་དུ་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡུམ་ཀྲོ་དྷཱི་ཤྭ་རཱི་དང་མཉམ་པར་སྦྱོར་ཏེ་བཞུགས་པ་ནང་བཅུད་སྐྱེ་འགྲོ་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡས་ནང་དབང་འབྱུང་བའི་ཆུ་བོ། ཡབ་ཡུམ་སྦྱོར་བའི་དཀར་དམར་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྣོད་བཅུད་ཐམས་ཅད་བྱང་ཆུབ་སེམས་སུ་རོ་མཉམ་པའི་བརྡའི་དབང་གིས་སྒྲུབ་དབང་གྲགས་པའི་ཆུ་བོ་བཅས་ཅིག་ཅར་དུ་རྫོགས་པར་མོས་ཤིག །བུམ་པ་ཁ་རྒྱན་སྐུ་གཟུགས་བཅས་པས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ། སྣོད་བཅུད་རྫོགས་པའི་བཀྲ་ཤིས་བུམ་པ་ནང༔ ཟླ་གམ་སྨུག་ནག་དཀར་དམར་ཁ་སྦྱོར་ནི༔ སྣོད་ཀྱི་ཐབས་དང་སྣོད་ཀྱི་ཤེས་རབ་ཚང༔ ཕྱི་སྣོད་ཐབས་དང་ཤེས་རབ་དཀྱིལ་འཁོར་དུ༔ རྟོགས་ཕྱིར་ཟླ་གམ་བུམ་པའི་དབང་བསྐུར་རོ༔ ཐེག་དགུ་རྫོགས་པའི་ཕྱག་ཆེན་ཧེ་རུ་ཀ༔ མངོན་རྫོགས་རྒྱལ་པོ་དཔལ་ཆེན་ཀུན་གྱི་གཙོ༔ གཉིས་མེད་དགྱེས་ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ ཐབས་དང་ཤེས་རབ་ཟུང་འཇུག་སྐུ་མངའ་བ༔ བཅུད་ཀྱི་སེམས་ཅན་ཕོ་རྣམས་ཐབས་ཀྱི་ཆ༔ མོ་རྣམས་ཐམས་ཅད་ཤེས་རབ་ཉིད་ཀྱི་དབྱིངས༔ བཅུད་ཀྱི་སེམས་ཅན་འགྲོ་བ་ཕོ་མོ་རྣམས༔ ཐབས་ཤེས་ལྷ་དང་ལྷ་མོར་རྟོགས་པའི་ཕྱིར༔ དཔལ་ཆེན་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བྱང་ཆུབ་སེམས༔ དཀར་དམར་རྒྱུན་མཆོག་བུམ་པའི་ནང་དུ་འཁྱིལ༔ འཇིག་རྟེན་ཕྱི་ཡི་སྣོད་དང་ནང་གི་བཅུད༔ ཐབས་ཤེས་བྱང་ཆུབ་སེམས་སུ་རྟོགས་བྱའི་ཕྱིར༔ བཀྲ་ཤིས་བུམ་པའི་བཅུད་ཀྱི་དབང་བསྐུར་རོ༔ ཞེས་དང་རུ་ལུ་བརྗོད། དེས་ཕྱི་ནང་སྒྲུབ་པ་གསུམ་གྱི་བརྡའ་མཚོན་པའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་གསུམ་ཐོབ། ལས་སྒྲིབ་དང་ལུས་ཀྱི་དྲི་མ་བཀྲུས། ཨ་ནུ་ཡོ་ག་མན་ཆད་ཀྱི་ཐེག་པ་ཕྱི་ནང་གི་ཆོས་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པ་དང་མཐར་ལམ་དང་པོ་རྩལ་ཆེན་རྫོགས་པ་དང་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་གསུམ་དང་། མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །བནྡྷ་ཟླ་གམ་ལྕང་ལོ་ཅན་གླིང་ལྔ་འདུས་པ་བྱང་སེམས་དཀར་དམར་གྱིས་བཀང་བའི་བརྡས། རང་ལུས་ཟླ་གམ་དབང་གི་ཕོ་བྲང་དུ་རྩ་ཁམས་འཁོར་ལོའི་གདན་དུ་རླུང་ལྔ་དབུ་མར་ཐིམ་ནས་དཀར་དམར་ཐིག་ལེ་ཐབས་ཤེས་ཨེ་ཝཾ་ཟུང་འཇུག་གི་ཕྱག་རྒྱ་བདེ་སྟོང་འགྱུར་མེད་གསང་བའི་དབང་རྫོགས་པར་མོས་ཤིག །བནྡྷས་དབང་བསྐུར་ཞིང་བདུད་རྩི་ཁར་སྦྱིན་ལ། ཕུང་པོ་ཟླ་གམ་གཞལ་ཡས་ལ་རྟོགས་ཕྱིར༔ ཟླ་གམ་བྷནྡྷ་འབར་བའི་དབང་བསྐུར་རོ༔ རྩ་ཁམས་འཁོར་ལོའི་གདན་དུ་རྟོགས་བྱའི་ཕྱིར༔ ལྕང་ལོ་གྱེན་དུ་འཁྱིལ་བའི་དབང་བསྐུར་རོ༔ རླུང་ལྔ་དབུ་མའི་དབྱིངས་སུ་བསྟིམ་པའི་ཕྱིར༔ གླིང་ལྔ་དབུས་སུ་འདུས་པའི་དབང་བསྐུར་རོ༔ ཐིག་ལེ་དཀར་ཆ་ཡབ་ཏུ་རྟོགས་བྱའི་ཕྱིར༔ བདུད་རྩི་བྱང་སེམས་ཆང་གི་དབང་བསྐུར་རོ༔ ཐིག་ལེ་དམར་ཆ་ཡུམ་དུ་རྟོགས་བྱའི་ཕྱིར༔ རཀྟ་པདྨ་རཀྟའི་དབང་བསྐུར་རོ༔ ཐབས་དང་ཤེས་རབ་གཉིས་མེད་རྟོགས་བྱའི་ཕྱིར༔ ཡབ་ཡུམ་ཁམས་གཉིས་འདྲེས་པའི་དབང་བསྐུར་རོ༔ ཨ་ལས་ཨེ་བྱུང་བདེ་དྲོད་འབར་བར་ཤོག༔ ཧཾ་ལས་ཝཾ་བྱུང་བདེ་བ་རྒྱས་པར་ཤོག༔ ཨེ་བཾ་གཉིས་མེད་བདེ་སྟོང་རྟོགས་པར་ཤོག༔ རུ་ལུ་བརྗོད། དྭངས་པའི་མེ་ལོང་གཟུགས་བརྙན་སྣང་སྟོང་དུ་འཆར་བ་ལ་སིནྡྷུ་རའི་དཀྱིལ་འཁོར་ཨེ་ཝཾ་ཡིག་འབྲུས་བརྒྱན་པའི་བརྡས། བདེ་སྐྱེད་རིག་མ་ལྷ་སྐུ་སྣང་སྟོང་སྒྱུ་མར་རྟོགས་པའི་ཆུ་སྐྱེས་དང་ཐབས་ཤེས་སུ་འབྲེལ་བས། རྒྱུ་ཀུན་རྫོབ་ཐིག་ལེ་འཕོ་མེད་དུ་བཅིངས་པའི་བདེ་བས་འབྲས་བུ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་མངོན་དུ་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རྫོགས་པར་མོས་ཤིག །མེ་ལོང་སྙིང་གར་གཏད་ཅིང་སིནྡྷུ་ར་བྱུགས་ལ། བདེ་བ་སྐྱེད་པའི་ཡུམ་མཆོག་མཁའ་འགྲོ་མ༔ ལྷ་རུ་རྟོགས་ཤིང་ལྷ་ཡང་སྒྱུ་མར་མཐོང༔ མེ་ལོང་ཤེས་རབ་ཆེན་པོའི་དབང་བསྐུར་རོ༔ ཀུན་རྫོབ་ཐིག་ལེ་ཨར་ལ་གཏད་ནས་ཀྱང༔ དོན་དམ་ཐིག་ལེ་བསྐྱར་ལ་འདོན་པའི་ཕྱིར༔ ཤེས་རབ་ཡུམ་གྱི་མཁའ་དབྱིངས་ལ་མཚོན་པའི༔ སིནྡྷུ་ཨེ་ཝཾ་གཉིས་ཀྱི་དབང་བསྐུར་རོ༔ ལུས་ཀྱི་བདེ་བ་སེམས་ལ་འཆར་བར་ཤོག༔ བདེ་བ་སོ་སོར་རྟོག་པའི་ཡེ་ཤེས་ལ༔ གཉིས་སུ་མེད་པར་མདུང་ཚུགས་རྟོགས་པར་ཤོག༔ ཅེས་དང་རུ་ལུ་བརྗོད། ཤེལ་གྱི་ངོ་བོ་བབས་ཀྱིས་དྲི་མ་མེད་པ་གཞི་ཀ་དག །རང་བཞིན་མདངས་རྩལ་འཇའ་འོད་ལམ་ལྷུན་གྲུབ་ཀྱི་སྣང་བ། དེ་གཉིས་ཀྱང་ཐ་དད་མེད་པར་ཟུང་དུ་འཇུག་པ་ཉམས་ལེན་གྱི་གནད་དུ་ངོ་སྤྲོད་པ་བཞི་པའི་དབང་རྫོགས་པར་མོས་ཤིག །ཤེལ་རྡོ་ལ་འཇའ་ཚོན་ཤར་བར་བྱས་ལ། གཞི་ལ་བདེ་བ་ཆེན་པོ་ཀ་ནས་དག༔ ཡེ་ནས་དྲི་མེད་ཤེལ་གྱི་དབང་བསྐུར་རོ༔ བདེ་ཆེན་མདངས་རྩལ་ལྷུན་གྱིས་གྲུབ་པའི་ཕྱིར༔ ཡེ་ནས་ལྷུན་གྲུབ་འཇའ་ཡི་དབང་བསྐུར་རོ༔ ངོ་བོ་རང་བཞིན་གཉིས་སུ་མེད་པའི་ཕྱིར༔ འཇའ་ཤེལ་གཉིས་སུ་མེད་པའི་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་དོན་ཞིབ་ཏུ་བཀྲོལ་ནས་ངོ་སྤྲོད་པ་རྡོ་རྗེའི་ཚིག་རྐང་ལ་ལེགས་པར་གསན་འཚལ། ཨ་ཧོ་ཡེ༔ གཞི་ནི་ཀ་ནས་དག་པ་ལ༔ རང་བཞིན་གསལ་བའི་ཆ་དེ་ལ༔ འཁྲུལ་དང་མ་འཁྲུལ་ཁྱད་པར་ཡོད༔ རྟོགས་པ་རྣམས་ཀྱི་ཡེ་ཤེས་ཡིན༔ མ་རྟོགས་རྣམས་ཀྱི་རྣམ་ཤེས་ཡིན༔ ཡུལ་དང་དབང་པོས་མཚམས་སྦྱར་ཏེ༔ འཁྲུལ་པའི་འཁོར་ལོར་འཁོར་བ་ཡིན༔ ངོ་བོ་དྭངས་གསལ་རྙོག་མེད་ལ༔ རང་རིག་བྱང་ཆུབ་སེམས་སུ་འདོགས༔ ཡུལ་ལ་ཞུགས་པའི་རྣམ་ཤེས་ལ༔ འཁྲུལ་པའི་སེམས་སུ་བཏགས་པ་ཡིན༔ ཐབས་ཤེས་མཉམ་པར་སྦྱོར་བའི་ཚེ༔ རིག་པ་གནད་དུ་མ་གཅུན་པའི༔ རྣམ་རྟོག་སྣ་ཚོགས་སེམས་ཡིན་ལ༔ རིག་པ་གནད་ལ་གཅུན་པ་ཡི༔ བདེ་སྟོང་དབྱེར་མི་ཕྱེད་པ་ཡི༔ དམིགས་མེད་བརྗོད་བྲལ་མྱོང་བ་ཅན༔ གཙང་རྟག་བདེ་བ་འདི་ཁོ་ན༔ རང་རིག་བྱང་ཆུབ་སེམས་ཡིན་ནོ༔ རང་རིག་ནམ་མཁའ་དྲི་མེད་ལྟར༔ སེམས་ནི་ཁུ་རླངས་སེར་བུ་འདྲ༔ ནམ་མཁའི་ཀློང་དུ་འབྱུང་ལགས་ཀྱང༔ ནམ་མཁའ་ལས་ནི་བྱུང་བ་མེད༔ ནམ་མཁའ་ལས་ཀྱང་མ་འདས་སོ༔ གློ་བུར་སྣང་བའི་ཆོས་ཐམས་ཅད༔ རྟག་པ་མིན་ཏེ་ནམ་མཁར་ཐིམ༔ ཀུན་ཀྱང་དངོས་པོའི་ཆོས་མིན་ནོ༔ གང་ལས་མ་བྱུང་མ་སྐྱེས་སོ༔ འདི་ནི་ཀུན་བཟང་དགོངས་ཀློང་ངོ༔ རྒྱལ་བ་རྣམས་དང་དགོངས་པ་གཅིག༔ ཚུལ་བཞིན་རྟོགས་པར་བྱ་བ་འོ༔ ཞེས་གསུངས་པའི་དོན་ལ་རྟག་ཏུ་རྣལ་འབྱོར་དུ་བྱ་བས་རྟོགས་གོམས་གདིང་ཁེལ་དུ་མཛད་པར་ཞུ། དེ་རྣམས་ཀྱིས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གསུམ་ཐོབ། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་། ངག་ཡིད་འཕོ་བའི་ཐིག་ལེའི་དྲི་མ་འཁྲུད། ཨ་ནུ་ཡོ་ག་ཐུན་མོང་མིན་པའི་གསང་བ་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་ལ་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་ཕྱིན་གྱི་དབང་གི་རྗེས་ཆོག་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་གསལ་གདབ་ཅིང་བྱིན་རླབས་ནས་བརྩམ། ལྷག་ཆོག་གི་བར་དུ་གཏང་། སྤྲོ་ན་གཏོར་སྐྱོང་རྡོ་རྗེ་བཀོད་པ་ལྟར་བྱ། མཆོད་བསྟོད་ནོངས་བཤགས་ལུགས་འདིར་དམིགས་བསལ་མ་གསུངས་ཀྱང་། བོར་མ་ནུས་ན་སྤྱི་ལྟར་བྱས་པ་ལ་འགལ་བ་མེད་ཅིང་། བསྡུ་ལྡང་ཤིས་བརྗོད་ཀྱི་བར་ཡང་རྡོ་རྗེ་བཀོད་པ་དང་མཚུངས་སོ། ཁམས་གསུམ་སྒྲོལ་མཛད་དཔལ་ཆེན་གཟི་བརྗིད་ཀྱིས། །རྟོག་འཁྲུལ་འགྲོ་ཀུན་མ་རིག་གཉིད་སད་དེ། །ཡེ་ཤེས་དགུ་ཀློང་ཉི་མ་སྙིང་ལ་ཤར། །བྱ་རྩོལ་བྲལ་བའི་དབྱིངས་སུ་འུབ་ཆུབ་ཤོག །ཚུལ་འདིའང་སྨིན་གྲོལ་གཉིས་ཀ་ཁུངས་བཙུན་ཞིང་ཁྱེར་བདེ་བའི་ཟབ་ཆོས་སྔ་ན་མེད་པ་དུས་ཞབས་ཀྱི་རིག་པ་འཛིན་པ་ཡོངས་ཀྱི་སྙིང་གི་བཅུད་དུ་འོས་པར་མཐོང་ནས་མཚམས་སྦྱོར་མདོར་བསྡུས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་ཕུར་པའི་ཚེ་སྒྲུབ་ཀྱི་དམིགས་བཟླས་གཏེར་གཞུང་ལས་ཁོལ་ཕྱུང (Volume 32, Text 21)

སྙན་བརྒྱུད་ཕུར་པའི་ཚེ་སྒྲུབ་ཀྱི་དམིགས་བཟླས་གཏེར་གཞུང་ལས་ཁོལ་ཕྱུང་ནི། བདག་མདུན་བཛྲ་ཀུ་མཱ་རའི༔ ཐུགས་ནས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཕོ་ཉ་བཅུ་གཉིས་ལས་ལ་བསྐུལ༔ སྲིད་པ་གསུམ་གྱི་གཏིང་དཀྲུགས་ཏེ༔ བླ་ཚེ་ཆད་ཉམས་ཡར་པ་བཀུག༔ སྣོད་བཅུད་དྭངས་མ་དབང་མེད་བསྡུས༔ ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས༔ མྱ་ངན་འདས་པའི་རྣམ་གྲོལ་དབྱིག༔ ཐེག་ལེ་གཅིག་ཏུ་བསྐྱིལ་པ་ལས༔ མི་འགྱུར་རྟག་པའི་སྲོག་ཐོབ་གྱུར༔ ཅེས་མོས་ལ་སྒྲུབ་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་པའི་ཤམ་དུ། བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་སྦྱར་བ་ཅི་ནུས་སུ་བཟླས་མཐར་མདའ་དར་གཡབ་སྟེ་ཚེ་འགུགས་བསྐུལ་བ་ནི། ཨོཾ༔ དང་པོར་ཐུགས་བསྐྱེད་རྗེས་སུ་དགོངས༔ བར་དུ་གྲུབ་པའི་རྟགས་མཚན་དབྱུང༔ ཐ་མ་རིག་འཛིན་བདག་ཅག་གིས༔ རྩེ་གཅིག་བསྙེན་པ་ཆུད་མ་གསོན༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྐྱེད༔ ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་སྟོན༔ ཕོ་ཉ་སྤྲུལ་པས་འཇིག་རྟེན་ཁེངས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་དཔལ༔ འཁོར་འདས་ཀུན་གྱི་ཚེ་སྡུས་ལ༔ རྣལ་འབྱོར་བདག་གི་ལུས་ལ་ཁུག༔ སྒོ་གསུམ་ཐིག་ལེའི་དབྱིངས་སུ་སྟིམས༔ བླ་ཚེ་ཆད་ཉམས་ཡར་པ་གསོས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཅེས་སྒྲུབ་སྔགས་ལ་ཚེ་ཤམ་སྦྱར་བ་བཅས་བྱ། སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་བཏབ་པས༔ ཡེ་ཤེས་མཆོག་གི་ཚེ་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཨ་ཨ༔ ཞེས་དང་ཡེ་དྷར་བཅས་བརྗོད་ལ་རྒྱས་གདབ་བྱའོ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འདུས་ (Volume 16, Text 21)

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འདུས་ཞེས་བྱ་བ་བཞུགས་སོ།། ན་མཿཤྲཱི་མཾ་གུ་རུ་ཧེ་རུ་ཀ་ཡ། རབ་འབྱམས་རྒྱལ་བ་ཞི་དང་ཁྲོ། །དཀྱིལ་འཁོར་གཅིག་ཏུ་ཡོངས་རྫོགས་པ། །བྱིན་རླབས་དངོས་གྲུབ་ཀུན་འབྱུང་དོན། །བདེ་ཆེན་རྡོ་རྗེར་བདག་སྒྲུབས་མཛོད། །བཀའ་བརྒྱད་སྒྲུབ་ཐབས་ཀུན་གྱི་ཕུལ། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལ། །འཇུག་འདོད་སྐལ་བཟང་སྐྱེ་བོ་རྣམས། །སྨིན་བྱེད་བདུད་རྩིའི་བཅུད་འདི་ལོངས། །སངས་རྒྱས་གཉིས་པ་གུ་རུ་པདྨས་ཐུགས་དམ་ཀྱི་ལྷ་མཆོག་ཡང་ནས་ཡང་དུ་བསྔགས་པའི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་སྲོལ་གསར་རྙིང་མང་དུ་བྱོན་པ་ཐམས་ཅད་ལས་ཀྱང་། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་འདུས་ཤིང་ཟབ་ཅིང་འདྲིལ་ལ་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བས་ཁྱད་པར་དུ་བྱས་པ་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་བའི་རིམ་པ་ལ། གཞུང་ལས་ཚོམ་བུ་ཚོགས་སྒྲུབ་དང་སྦྲེལ་བར་གསུངས་པ་ནི་སྨིན་སློབ་ཕྱག་ལེན་རྒྱས་པའི་དབང་དུ་མཛད་པ་ཡིན་ལ། འདིར་ལག་ལེན་དཀྱུས་མ་ཙམ་བཀོད་པ་ལ་ལྔ། ལྷག་གནས། གཤོམ་བཀོད། སྒྲུབ་མཆོད། དབང་བསྐུར། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པའོ། །དང་པོ་ལ། བདག་བསྐྱེད་མདོར་བསྡུས་པ་ནི། བརྒྱུད་འདེབས་དང་། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས། རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ ནང་གི་རྩ་རླུང་ཐིག་ལེའི་ཁམས༔ སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ ནོར་བུར་བླ་མེད་བརླ་གཡས་གཡོན༔ དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ ཅེས་ལུས་དཀྱིལ་གསལ་གདབ། ཐུགས་སྲོག་ཧཱུྃ་ལ་སེམས་གཏད་དེ་ཧཱུྃ་བཟླས་ཅི་འགྲུབ་བྱ། སྔོན་གཏོར་བཤམ། བྱིན་རླབས་དང་བསྔོ་བ་ལས་བྱང་ནས་འབྱུང་བ་ལྟར་བྱ། བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་དཔལ་ཆེན་ཧེ་རུ་ཀའི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་རྗེས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷ་རྣམས་དགྱེས་པ་ཆེན་པོས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་བརླབས་གྱུར༔ ཅེས་མོས། གཉིས་པ་ནི། སྟེགས་བུར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་སྔོན་པོས་སྤྲས་པ། གཟུངས་རྡོར་བཅས། ལས་བུམ་ཆིངས་ལྗངས་ཅན། ཕྱི་མཆོད་སྨན་གཏོར་རཀྟ་བཅས་བཀོད། ལས་བྱང་ལྟར་བྱིན་བརླབས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང༔ རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ༔ ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས༔ བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ། བསྙེན་སྒྲུབ་ཀྱི་སྔགས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་ལྟར་བྱའོ། །གསུམ་པ་ནི་སོ་ཤིང་སོགས་རྫས་བཞི་དང་སློབ་མ་མཆོད་པ་འདུ་བྱ། སྣོད་དུ་གྱུར་པ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ཆོས་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེའང་འོག་མིན་གསང་བ་མཆོག་གི་ཞིང་ཁམས་སུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཏུ་བཞེངས་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་ལ་སོགས་པ་ཆོས་ཉིད་ཀྱི་རང་སྒྲས་རང་སྣང་དག་པའི་འཁོར་རྣམས་ལ་བསྟན། རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་ཀྱིས་བཀའི་བསྡུ་བ་དང་དགོངས་འགྲེལ་ལུང་ལྔའང་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་དུ་གཏད། དེ་ཉིད་ཀྱིས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་བཀའ་བབས་རིག་འཛིན་བརྒྱད་ཀྱིས་སྒོས་བཀའ་སོ་སོ་སྤྱན་དྲངས། སྤྱི་རྒྱུད་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབས་ཏེ་མན་ངག་གི་རིམ་པ་རྒྱས་བསྡུས་མཐའ་ཡས་པ་མཛད་ཅིང་འཕགས་བོད་གཉིས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཁྱད་པར་བོད་ཡུལ་བསམ་ཡས་མཆིམས་ཕུར་རྗེ་འབངས་ཉི་ཤུ་རྩ་ལྔ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བར་མཛད། མངའ་བདག་ཚངས་པ་ལྷའི་མེ་ཏོག་ལ་བདེ་གཤེགས་འདུས་པ་ཆེན་པོའི་བཀའ་བབས་པ་སོགས་རྗེ་འབངས་སོ་སོའི་དབང་སྐལ་སྒྲུབ་སྡེའི་ཆོས་སྐོར་རྒྱས་བསྡུས་དུ་མ་བོད་ཡུལ་མཐའ་དབུས་ཀུན་དུ་གཏེར་དུ་སྦ་བར་མཛད་པ་རྣམས། གཏེར་ཁ་གོང་འོག་གཙོར་གྱུར་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཏེ་འགྲོ་དོན་བསམ་ལས་འདས་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་སྙིགས་མའི་དུས་ཀྱི་མི་དང་མི་མ་ཡིན་ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བའི་སླད་དུ་མངལ་ནས་སྐྱེས་པའི་ཚུལ་སྟོན་པར་མཛད་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་མཆོག་ལྔ་ལྡན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་སྐུ་དངོས་ཀྱིས་རྔ་ཡབ་པདྨ་འོད་དུ་བྱོན། གུ་རུ་རིན་པོ་ཆེ་ལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྨིན་གྲོལ་གདམས་ངག་ཡོངས་སུ་རྫོགས་པ་གསན། དཔལ་ཆེན་ཀློང་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་མངོན་སུམ་དུ་མཇལ་བས་བྱིན་གྱིས་བརླབས་པས་སྔགས་རྒྱུད་ཀྱི་བདག་པོར་གྱུར། གཞུང་དང་སྒྲུབ་ཐབས་ཀྱི་སྐོར་རྒྱས་པར་མཛད་ཅིང་འོལ་བ་ལྷ་རྩེའི་བྲག་སོགས་ལ་གཏེར་དུ་སྦས། རྒྱུད་ལུང་མན་ངག་གི་སྙིང་པོ་གནད་དུ་དྲིལ་པ་འདི་ཉིད་དགོངས་པའི་གཏེར་དུ་རྒྱས་བཏབ་པ་སྟེ། རྡོ་རྗེའི་གསུང་ལས། དེ་ལྟར་ཟབ་རྒྱས་རྒྱུད་ཀུན་དང༔ ཁྱད་པར་སྙིང་པོའི་རྒྱུད་ལུང་འདི༔ དཔལ་ཆེན་དགྱེས་པས་བྱིན་བརླབས་ཤིང༔ ཀུན་འདུས་རིག་འཛིན་པདྨ་ལས༔ བོད་ཀྱི་རྣལ་འབྱོར་བདག་གིས་ཐོབ༔ དཔེ་རྒྱུད་རྒྱས་པར་བྲིས་པའི་གཞུང༔ གཞན་དུ་སྤེལ་བར་བློས་མ་ཐོངས༔ སྒྲུབ་སྡེ་སྙིང་པོའི་བསྟན་པའི་བཙས༔ ལྷ་རྩེའི་བྲག་ལ་གཏེར་དུ་གཏམས༔ སྙན་བརྒྱུད་སྙིང་པོའི་མན་ངག་འདི༔ ང་སྤྲུལ་སྒྱུ་མའི་སྐྱེས་བུའི་དོན༔ ཀློང་གསལ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ དགོངས་པས་བྱིན་བརླབས་གཏེར་དུ་བརྡོལ༔ རྩོལ་བ་མེད་པར་གཏན་ཕབ་ནས༔ རང་གཞན་དོན་གཉིས་སྤྱོད་པར་འགྱུར༔ ཅེས་ལུང་གིས་བསྔགས་པ་ལྟར་གྲུབ་ཐོབ་ཆེན་པོ་ཉིད་དང་དགོངས་ཀློང་རོ་མཉམ་པ་སྤྲུལ་པའི་རིག་འཛིན་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཉིད་དགུང་གྲངས་བཅོ་ལྔ་བཞེས་པའི་ཚེ། དངོས་ཉམས་རྨི་ལམ་རྣམས་སུ་གྲུབ་ཐོབ་ཆེན་པོ་ཉིད་ཀྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་པ་ལས་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་རྣམས་ཐུགས་ལས་བརྡོལ། གསང་དམ་མཐར་ཕྱིན་པར་མཛད་ནས་སླར་ཡང་ལུང་གི་བསྐུལ་བྱང་དང་བཅས་ཏེ་དུས་ལ་བབས་ངེས་པའི་ལྟས་གཟིགས་ནས་གཏན་ལ་ཕབ་པ་ལས། རྩ་བ་བླ་མའི་སྒྲུབ་ཐབས་སྨིན་གྲོལ་གྱི་གདམས་སྐོར་ཟབ་ལ་རྒྱ་ཆེ་བ། ཡན་ལག་རྒྱུད་སྡེ་དང་འབྲེལ་བའི་སྒྲུབ་ཐབས་སྐོར་ལྔ། སྒྲུབ་སྡེ་ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་ངོ་མཚར་ཅན་རྣམས་སུ་བཞུགས་པ་ལས་ཕྱི་མའི་སྨིན་བྱེད་སྒྲུབ་པ་ཡིན། དེ་ལའང་སྔོན་འགྲོ་སྟ་གོན་དང་དངོས་གཞི་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་དུ་འགྲོ་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་གསང་སྔགས་ཆེ་བའི་མཆོག༔ ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཆེར༔ བདག་ཅག་རྗེས་སུ་གཟུང་མཛད་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་ཚིག་རྣམས་ཀྱི་བསྒོམ་དོན་རེ་རེ་བཞིན་གསལ་ཐོབ་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལས་བྱང་ལྟར་ལན་གསུམ། སྨིན་བྱེད་ཀྱི་སྲོག་དང་རྩ་བར་གྱུར་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཞི་ཁྲོ་དགོངས་སུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་སྔགས་ཀྱི་འདུལ་བ་སྤྱི༔ ཁྱད་པར་རྩ་བ་སྐུ་གསུང་ཐུགས༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ སྒྲུབ་པ་ལྷག་པའི་དམ་ཚིག་རྣམས༔ ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པ་ལ་མེ་ཏོག་ལ་སོགས་པས་དབང་པོ་སོ་སོར་མཆོད་པར་མོས་ཤིག །ཉེར་སྤྱོད་བཏེགས་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ནཻ་བིདྱའི་བར། སོ་ཤིང་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ་སོ་དྲུད་པའི་ཚུལ་བྱས་པས་ལུས་ཁམས་རྩའི་དྲི་མ་ཐམས་ཅད་སྐྱུགས་པའི་ཚུལ་གྱིས་ཕྱིར་དོན་ནས་བྱང་། ལས་ཀྱི་དངོས་གྲུབ་གང་ཐོབ་པའི་པྲ་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པའི་འདུན་པ་དང་ལྡན་པས་སོ་ཤིང་དོར་ལ་རྡོ་རྗེ་བཞད་པའི་སྔགས་འདིའི་རྗེས་ཟློས། སོ་ཤིང་གཏད་ལ་ར་བར་འདོར་དུ་གཞུག་སྟེ། ཨོཾ་བཛྲ་ཧ་ས་ཧཾ༔ སོ་ཤིང་གི་རྩེ་མོ་རང་ངམ་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ། སྟེང་འོག་ཏུ་མཁའ་སྤྱོད་ས་སྤྱོད། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་བཞིར་བུམ་པ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་འགྲུབ་པར་གསུངས་སོ། །དུང་ཆུ་སྦྱིན་ལ། མ་མཱ་ཀིའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཁྱོར་ཆུ་ཞལ་དུ་བཞེས་པས་ངག་དང་རླུང་གི་སྒྲིབ་པ་བྱང་། རྨི་ལམ་གྱི་རྟགས་མཚན་གསལ་བར་འཆར་ནུས་སུ་བྱས་པར་མོས་ཤིག །ཨོཾ་བཾ་བཛྲ་མཱ་མ་ཀི་ཨ་མྲྀཏ་བི་ཤྭ་དྷ་ཡ་ཧཱུྃ༔ དཔུང་སྐུད་དམར་པོ། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་དང་ལས་ཆུས་བསང་། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བསང་བའི་སྲུང་བའི་སྐུད་པ་དམར་པོ་ཚད་དང་ལྡན་པ་རྡོ་རྗེ་འཆིང་བས་བཅིངས་ཤིང་རྡོ་རྗེ་སྲུང་བས་རྒྱས་བཏབ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱང་། རྨི་ལམ་བརྟགས་པའི་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མོས་ཤིག །ཨོཾ་བཛྲ་བནྡྷ་བཾ༔ ཞེས་ཕོའི་དཔུང་པ་གཡས། མོའི་གཡོན་དུ་འཆིང་། ཨོཾ་བཛྲ་རཀྵ་ཧཾ༔ ཞེས་མདུད་སྟེང་རྡོ་རྗེའི་རྒྱས་གདབ། ཀུ་ཤའི་ཆུན་པོ་ཆེ་ཆུང་གཏད་ལ། དག་བྱེད་མཆོག་ཏུ་དགེ་བའི་རྩྭ་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་གྱི་དོན་དུ་བྱིན་པས་ཀུན་གཞི་དང་ཡེ་ཤེས་ཀྱི་སྒྲིབ་པ་བྱང་། རྨི་ལམ་མི་འཁྲུགས་ཤིང་དགེ་བར་མཐོང་བའི་མཐུ་ཅན་དུ་གྱུར་པར་མོས་ཤིག །ཨོཾ་བཛྲ་ཨ་ཙ་ལ་ས་མ་ཡ་སཏྭཾ། ཕྱིར་མི་ལྡོག་པའི་ཕྱིར་དུ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག༔ ཨུ་དུམ་ཝཱ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ གསང་སྔགས་སྤྱོད་པའི་ཚུལ་འཛིན་པ༔ དེ་བས་ཀྱང་ནི་དཀོན་པ་སྟེ༔ གང་གི་སེམས་ཅན་མཉམ་མེད་དོན༔ བླ་མེད་བྱེད་པར་ནུས་པ་མིན༔ བསྐལ་པ་བྱེ་བ་དུ་མ་རུ༔ སྔོན་དུ་སྡིག་པ་གང་བྱས་པ༔ དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག༔ དེ་དག་ཟད་པར་འགྱུར་ཡིན་ན༔ གྲགས་པ་མཐའ་ཡས་སྔགས་སྤྱོད་པའི༔ ཚུལ་ལ་གནས་ན་སྨོས་ཅི་དགོས༔ སྐྱོབ་པའི་གསང་སྔགས་བཟླས་ནས་ནི༔ འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི༔ གོ་འཕང་བླ་ན་མེད་པར་འགྱུར༔ གང་ཞིག་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་ཤིན་ཏུ་མི་གཡོ་ན༔ གང་ཞིག་སྡུག་བསྔལ་ཀུན་འབྱུང་བའི༔ ངན་འགྲོ་དེ་ཡིས་གཅོད་པར་འགྱུར༔ དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ༔ སང་ནི་རབ་ཏུ་སྐྱེ་བར་འགྱུར༔ ཐེག་པ་ཆེན་པོ་ཆེར་འབྱུང་བའི༔ ལམ་མཆོག་འདི་ནི་དཔལ་དང་ལྡན༔ ཁྱེད་རྣམས་དེ་ནི་དང་བས་ན༔ རང་བྱུང་བསྐལ་པ་ཆེན་པོ་ལ༔ འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི༔ གོ་འཕང་བླ་ན་མེད་པར་འགྱུར༔ ཅེས་རྒྱུད་ནས་གསུངས་པ་ལྟར་དོན་ཆེན་པོ་རྙེད་པ་ཡིན་པས་དགའ་བ་དང་སྤྲོ་བ་སྐྱེད་ཅིག །དེས་སྟ་གོན་གྱི་རིམ་པ་གྲུབ་དངོས་གཞི་སླད་ནས་འབྱུང་བ་ལགས། ཞེས་བརྗོད་དགེ་བསྔོ་བྱས་ལ་སློབ་མ་གྱེས། གཉིས་པ་གཤོམ་གྱི་རིམ་པ་ནི། །གཞི་སྟེགས་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་བཅས་པ། རྡོར་སེམས་དཔལ་དགུ་བྱ་ཁྱུང་དཔལ་མགོན་མ་ནིང་བཅས་ཀྱི་ཙཀླི་བཅུ་གཉིས་ཁ་རྒྱན་གསེབ་ཏུ་བཀོད་པ་ཡིན་ཀྱང་མི་བདེ་ན་མདུན་དུ་བཞག དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྡོར་དྲིལ། སྔགས་བྱང་། གནམ་ལྕགས་རྡོ་རྗེ་རྣམས་དང་། གཡས་ཕྱོགས་སུ་སྨན་གྱི་ཕོ་བྲང་། གཡོན་ཕྱོགས་སུ་སྒྲུབ་ཕུར། མདུན་ངོས་སུ་ཐོད་པའི་ནང་དུ་ཟན་ཀོང་སྡོང་བུ་དགུ་བཙུགས་པའི་མར་མེ། དེའི་གཡས་སུ་ཁྲུས་ཀྱི་བུམ་པ་ཉེར་ལྔའི་བཅུད་ལྡན་ཆིངས་དཀར་ཁ་རྒྱན་དང་བཅས་པ། གཡོན་དུ་བམ་ཕྱག་ལེན་ལྟར་བཅས་པ། གང་བདེར་ནུས་དབང་ཆོས་པུསྟི། ཕྲེང་བ། དུང་དཀར། ཕྱག་ཤིང་། ཁྲི་གདུགས་སོགས་ཀྱི་ཙཀླི །བཟའ་བཏུང་འགྱེད་བདེ། རྒྱབ་མདུན་གང་བདེར་ཟངས་ལྕགས་སྣོད་དུ་དམར་གཏོར་གཉིས་ལ་འཁོར་གཏོར་ཆུང་ངམ་མཐེབ་ཀྱུ་སུམ་བཅུ་དང་བཅོ་བརྒྱད་ཀྱིས་བསྐོར་བ་ལ་འཛོམ་ན་དྲེགས་པའི་སྡེ་དཔོན་དང་དྲེགས་པ་བཅོ་བརྒྱད་ཀྱི་གཙོ་བོའི་ཙཀླི་ཙམ་བཙུགས་ལ་དར་གདུགས་དང་ཤ་ཁྲག་གིས་བརྒྱན་པ་དང་། སྲུང་བའི་འཁོར་ལོ། ལས་ཕུར། ཐུན་རྫས། རི་རབ། མེ་ཧོམ། ཟོར་གཏོར། ཚེ་འབྲང་། ཚེ་རིལ་ཆང། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ་རྣམས་བཀོད་ལེགས་སུ་བཀྲམ། སྨན་གཏོར་རཀྟ། འཛོམ་ན་ཆུ་གཉིས་ཉེར་སྤྱོད་ཞི་དྲག་ཚར་གཉིས་བཤམས། ལས་བུམ། ལྕགས་ཧོམ་ལིངྒ། རལ་གྲི །སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་ཐམས་ཅད་ཚོགས་པར་བྱའོ། །གསུམ་པ་དབང་དོན་སྒྲུབ་མཆོད་ནི། ཚིག་བདུན་དང་བརྒྱུད་འདེབས། སྔོན་གཏོར་ནས་བརྩམ་ལས་བྱང་ཉིད་མཐར་ཆགས་སུ་གཏང་། དངོས་གཞི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་མགོར་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བསྙེན་སྒྲུབ་ཀྱི་སྔགས་ཇི་ལྟར་ནུས་པ་དང་། དཔལ་དགུ་གང་འགྲུབ་ལས་སྦྱོར་ཉུང་ཙམ་དང་ཚེ་སྒྲུབ་བཅས་བཟླ། བུམ་ལྷ་སྐད་ཅིག་གིས་གསལ་གདབ་སོགས་སྤྱི་ལྟར་བྱས་ལ་བསྙེན་སྒྲུབ་ཀྱི་སྔགས་བརྒྱ་རྩ་རེ་བཟླས། ཁྲུས་བུམ་དུ་རྡོར་སེམས་བསྐྱེད་བཟླས་བྱས་ལ་མཆོད་བསྟོད་འབུལ་ཞིང་། ཚེ་འགུགས་རྒྱས་གདབ་བཅས་བྱས་ལ། བུམ་ལྷ་འོད་ཞུ་བྱ། དེ་ནས་བཀའ་གཏེར་སྲུང་མ་སྤྱི་དང་ཁྱད་པར་དྲེགས་པའི་སྡེ་དཔོན་གྱི་གཏོར་ཆོག་སྨིན་ལུགས་རྗེས་འབྲང་ལྟ་བུ་བྱ། ན་རཀ་སྐོང་བཤགས་སྤྱི་འགྲོའམ་གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྐོར་ལྔའི་ཕག་མོ་ལས་འབྱུང་བ་ལྟར་སྦྱར། ཚོགས་བྱིན་རླབས་ནས་བརྩམ་བསྒྲལ་བསྟབ་སྐོང་བ་ཡན་གྲུབ་པ་དང་རིག་པའི་མེ་ཏོག་གིས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །བཞི་པ་དབང་བསྐུར་བ་ལ། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད་མཚམས་བཅད་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་བྱ། ད་ལམ་འདིར་གངས་ཅན་གྲུབ་པ་ཡོངས་ཀྱི་རྒྱལ་པོ། སྙིགས་དུས་ཀྱི་བསྟན་འགྲོ་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ། པད་འབྱུང་གཉིས་པ་ཐང་སྟོང་རྒྱལ་པོའི་ཐུགས་ཏིག་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ། མཁའ་འགྲོའི་ཁ་རླངས་དང་བྱིན་རླབས་ཀྱི་ངད་པ་མ་ཡལ་བ། སྔོན་ཆད་མ་བྱུང་ཞིང་ཕྱིན་ཆད་འབྱུང་བར་དཀའ་བའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ་ཁྲག་འཐུང་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བགྱི་བ་ལ་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་ལེགས་པར་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་པ་ལ་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་འབུལ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་འགྲོས་གདོང་གཡོགས་ལ་ཅོད་པན་གཏད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་ཐལ་སྦྱར་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྲག་འཐུང་གཙོ་བོ་ཁྱོད་ལ་འདུད༔ དཔལ་ཆེན་དཀྱིལ་འཁོར་འཇུག་པ་དང༔ དབང་དང་བྱིན་རླབས་ལས་ཀྱི་རིམ༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་བརྩོན་བརྟུལ་ཞུགས་སྤྱོད་ནུས་ན༔ སྙིང་པོའི་དབང་བསྐུར་སྦྱིན་པར་བྱ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། བདག་ནི་དངོས་གྲུབ་མཆོག་ལ་དད༔ རྡོ་རྗེའི་ལམ་ལ་བརྩོན་པ་དང༔ ཟབ་མོའི་བརྟུལ་ཞུགས་སྤྱོད་ནུས་ཕྱིར༔ ངེས་པར་བཀའ་དྲིན་བསྐྱང་བར་འཚལ༔ དམ་ཆུ་བདུད་རྩི་སྦྱིན་ལ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ ཡེ་ཤེས་ཁྱོད་ལ་སྨིན་པར་བྱ༔ དམ་ཚིག་བདུད་རྩི་འདི་འཐུངས་ལ༔ འདའ་ཀའི་གཡར་དམ་ཚུལ་བཞིན་སྲུངས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ དམ་ཚིག་བདུད་རྩིའི་ཆུ་ནན་དེ་ཉིད་སྙིང་གི་ཐིག་ལེར་ཞུགས་ནས་ཁེ་ཉེན་གྱི་དཔང་པོར་འགྱུར་བ་ཡིན་པས་དམ་ཚིག་གི་ཚུལ་ལ་ནམ་ཡང་འདའ་བར་མི་བྱའོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དཾ་ན་ར་ཀན༔ རྒྱུད་དག་པར་བྱ་བའི་སླད་དུ་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་སྡོམ་བཟུང་སྟ་གོན་སྐབས་ལྟར་བྱ། ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཡོལ་བའི་ནང་དུ་དྲངས་པར་མོས་མཛོད། ཛཿཧཱུྃ་བཾ་ཧོ༔ ཞེས་ཡོལ་བ་བསལ། དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱ་བར་དམིགས་ཏེ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་སྔགས་འདིིའི་རྗེས་ཟློས། ཨོཾ་ན་མ་ཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། སླར་དཀྱིལ་འཁོར་གྱི་ཕྱི་ནས་གཡས་སྐོར་གྱིས་ཕྱིན་ཏེ་ལྷོའི་སྒོ་ནས་སོགས་སྔར་ལྟར་དེས་འགྲེས་ཏེ། ནུབ་ཀྱི་སྒོ་ནས་དང་བྱང་གི་སྒོ་ནས་ཞེས་བསྒྱུར་ལ་ཕྱོགས་བཞིར་ཕྱག་བྱར་གཞུག །སླར་ཤར་གྱི་སྒོ་དྲུང་དུ་འཁོད་པ་ལ་སྐུ་གསུང་ཐུགས་ཀྱི་དམ་ཚིག་རིམ་བཞིན་སྦྱིན་པར་མོས་ཤིག །རྡོ་རྗེ་གནས་གསུམ་དུ་འདོན་ཚིག་དང་མཐུན་པར་བཞག །ཨོཾ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་པ་ཐམས་ཅད་ཡོངས་སྤངས་ནས༔ སྣང་སྟོང་ཕྱག་རྒྱ་འགྲུབ་པར་གྱིས༔ ཀཱ་ཡ་ས་མ་ཡ་རཀྵནྟུ། ཨཱ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་པ་ཐམས་ཅད་ཡོངས་སྤངས་ནས༔ གྲགས་སྟོང་སྔགས་སུ་འགྲུབ་པར་གྱིས༔ ཝཱ་ཀ་ས་མ་ཡ་རཀྵནྟུ༔ ཧཱུྃཿ བདེ་གཤེགས༴ ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་སྲུངས༔ ཉམས་པ༴ རིག་སྟོང་ཟུང་འཇུག་འགྲུབ་པར་གྱིས༔ ཙིཏྟ་ས་མ་ཡ་རཀྵནྟུ༔ དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རང་ལུས་གནད་དྲང་པོར་བསྲང་། ངག་གི་རླུང་ཁ་སྦྱོར་ཆིངས། ཡིད་རྣམ་པར་མི་རྟོག་པའི་ངང་ལ་དར་གཅིག་ཞོག་ལ་དམིགས་པ་འདི་རྩེ་གཅིག་སྒོམ་མཛོད། སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་སྲོག་ཧཱུྃ་ལས་ཡེ་ཤེས་ཀྱི༔ འོད་ཟེར་མེ་ལྕེ་ལྟ་བུར་བྱུང༔ སློབ་མའི་བདག་རྟོག་བག་ཆགས་བསྲེགས༔ རྣམ་ཤེས་དྭངས་མ་ཧཱུྃ་དུ་གྱུར༔ བླ་མའི་ཞལ་ཞུགས་ཐུགས་ཀར་ཞུ༔ རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར༔ ཧེ་རུ་ཀ་དཔལ་མཐིང་སྔོན་མདོག༔ ཞལ་གཅིག་ཕྱག་གཉིས་སྐུར་གྱུར་པ༔ སྦྱོར་མཚམས་ནས་ཐོན་གདན་སྟེང་དུ༔ འཁོད་པའི་གནས་གསུམ་འབྲུ་གསུམ་མཚན༔ སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ཀའི་འོད་དང་བདེ་བའི་སྒྲས༔ མཁའ་ཁྱབ་བདེ་གཤེགས་ཞི་ཁྲོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ རྒྱ་མཚོར་ཆར་ཆེན་བབས་ལྟར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་གྱུར༔ སློབ་དཔོན་དགོངས་པའི་གདིང་བསྐྱེད། འབེབ་པའི་རྫས་བདུག །རོལ་མོ་དང་དབྱངས་ཀྱིས་བསྐུལ་ལ་བབས་དྲུག་གམ་ལས་བྱང་གི་བྱིན་འབེབ་གཏང་། ཞི་ཁྲོའི་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཧཱུྃ་ཨ་ཧ་ཛྷཻཾ༔ ཞེས་དྲག་ཏུ་བཟླས་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པ་མོས་ཤིག ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག །འགྲིམ་དཀྱིལ་བསྟར་ལ། སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་ཆེན་པོར་དོར་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ རིན་ཆེན་མེ་ཏོག་ཡིད་འཕྲོག་རྫས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་ལྷར༔ གུས་པས་རིགས་ཀྱི་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ དེ་ལྟར་ཕུལ་བ་ཉིད་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པ་དང་ལྷན་ཅིག་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས་ཏེ་སྤྱི་བོར་ཐིམ་པར་མོས་ཤིག །ཅོད་པན་སླར་མགོར་བཞག་ལ། ཧཱུྃ༔ མེ་ཏོག་ཅོད་པན་བརྡས་མཚོན་ཏེ༔ ལྷག་པའི་ཕྱག་རྒྱ་སྤྱི་བོར་བསྟིམ༔ བྱང་ཆུབ་བར་དུ་མི་འབྲལ་བས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ པུཥྤེ་ཛྙཱ་ན་སིདྡྷི་ཧཱུྃ༔ མེ་ཏོག་གང་ལ་ཕོག་པའི་རང་རིགས་ཀྱི་མིང་སོ་སོར་གདགས་པའམ། སྤྱི་ཙམ་དུ། ཁྱེད་རང་རྣམས་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་གསང་བའི་མཚན་དུ་བདེ་གཤེགས་འདུས་པ་རྩལ་བྱ་བར་ཟུངས་ཤིག །ཅེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་། ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་སངས་ཀྱིས་བསལ་བར་མོས་ཤིག །མིག་ཐུར་ཐོགས་ལ། ཧོ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ འགྲོ་བའི་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་ཁྱོད་ཀྱི་མ་རིག་མིག༔ རིག་པ་ཡེ་ཤེས་ཐུར་མས་དབྱེ༔ བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། ཕྱག་ཤིང་གིས་མཚོན་ལ། ཀྱེ་ཧོ་རྡོ་རྗེའི་སློབ་མ་མཆོག༔ ཁྱེད་རྣམས་ལས་སད་སྐལ་པར་ལྡན༔ ཡེ་ཤེས་ཆེན་པོའི་སྤྱན་ཐོབ་པས༔ དཔལ་གྱི་དཀྱིལ་འཁོར་བལྟ་བར་གྱིས༔ ཧེ་བཛྲ་མཎྜལ་པཱ་ཤྱ་ཧོ༔ དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས་མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་སྒྲུབ་ཆེན་ཚོམ་བུ་དགུའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་བཀྲ་ས་ལེ་མཇལ་བ་ལ་བརྟེན་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡེ་ཤེས་ཀློང་དགུའི་རང་བཞིན་མངོན་དུ་གྱུར་ཏེ་ཕྱི་ནང་གཞན་གསུམ་དབྱེར་མེད་ངོ་བོ་གཅིག་ཏུ་རྫོགས་པའི་དོན་རྟོགས་པར་མོས་ཤིག །དེ་དག་རྣམས་ཀྱིས་འཇུག་པའི་ཆོས་གྲུབ་སྟེ་ལྷ་དང་སྐལ་པ་མཉམ་པས་ཡེ་ཤེས་སྨིན་པའི་སྣོད་དུ་གྱུར་པ་ཡིན་ནོ། །ཞུགས་པ་ལ་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ རྒྱལ་བ་རིགས་ལྔར་དབུགས་དབྱུང་ལྟར༔ བདག་ཀྱང་ཡོངས་སུ་སྨིན་བྱའི་ཕྱིར༔ ཁྱབ་བདག་ཆེན་པོས་བཀའ་དྲིན་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་ཅིང་སྣོད་རུང་དུ་གྱུར་པ་ལ་དངོས་གཞིའི་དབང་། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་རྣམས་རིམ་པར་བསྐུར་བའི་དང་པོ་ཕན་བྱེད་རིག་པའི་དབང་ལྔ་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་རྡོ་རྗེ་ཁྲག་འཐུང་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ། ཞབས་བརྐྱང་བསྐུམ་པད་ཉིའི་གདན་ལ་འགྱིང་བའི་སྐུར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལའང་བསྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་ངོ་བོ་ཅན་གྱིས་དབང་བསྐུར་བར་མོས་མཛོད། རྣམ་བུམ་མགོར་བཞག་ལ། ཧཱུྃ༔ མི་བསྐྱོད་རྒྱལ་པོ་དེ་བཞིན་གཤེགས༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཞེ་སྡང་གནས་དག་ནས༔ རྡོ་རྗེའི་རིགས་སུ་འགྲུབ་པར་ཤོག༔ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ ཞེས་བུམ་ཆུ་སྦྱིན། སྤྱི་བོར་འཐོར། བུམ་པའི་བདུད་རྩིས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དེས་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། རྡོ་རྗེའི་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། ཁྱེད་རང་རྣམས་རིན་ཆེན་ཁྲག་འཐུང་སེར་ནག་རིན་པོ་ཆེ་དང་དུང་ཁྲག་འཛིན་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ། ཞབས་བརྐྱང་བསྐུམ་པད་ཉིའི་གདན་ལ་འགྱིང་པའི་སྐུར་གྱུར་པ་ལ། རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་ཐོགས་ཏེ་དབང་བསྐུར་བར་མོས་མཛོད། དབུ་རྒྱན་བཅིངས་ལ། ཏྲཱཾ༔ འདོད་འབྱུང་རྒྱལ་པོ་དེ་བཞིན་གཤེགས༔ ལོངས་སྤྱོད་དབུ་རྒྱན་དབང་བསྐུར་བས༔ ཚོར་བ་ང་རྒྱལ་གནས་དག་ནས༔ རིན་ཆེན་རིགས་སུ་འགྲུབ་པར་ཤོག༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མི༔ བཛྲ་ཨུ་ད་ཀ་སོགས་གོང་ལྟར་གྱིས་བུམ་ཆུ་འཐོར། བུམ་པའི་བདུད་རྩིས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། རིན་ཆེན་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། ཁྱེད་རང་རྣམས་པདྨ་ཁྲག་འཐུང་དམར་ནག་པདྨ་དང་དུང་ཁྲག་སོགས་གོང་ལྟར་ལ། སློབ་དཔོན་ལྷན་ཅིག་པས་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་ཐོགས་ཏེ་དབང་བསྐུར་བར་མོས་ཤིག །རྡོ་རྗེ་ལག་གཡས་སུ་གཏད་ལ། ཧྲཱི༔ དཔག་མེད་རྒྱལ་པོ་དེ་བཞིན་གཤེགས༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་བས༔ འདུ་ཤེས་འདོད་ཆགས་གནས་དག་ནས༔ པདྨའི་རིགས་སུ་འགྲུབ་པར་ཤོག༔ བཛྲ་པདྨ་ཨ་བྷི་ཥིཉྩ་མི༔ བཛྲ་ཨུ་ད་ཀ་སོགས་ཀྱིས་ཆུ་དབང་། བུམ་པའི་བདུད་རྩིས་སོགས་གོང་ལྟར་ལ། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན། དེས་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། པདྨ་རིགས་ཀྱི་སྐུ་དང་ཡེ་ཤེས་སོགས། ཁྱེད་རང་རྣམས་ཀརྨ་ཁྲག་འཐུང་ལྗང་ནག་རྒྱ་གྲམ་དང་དུང་ཁྲག་སོགས་གོང་ལྟར་ལ། སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ཐོགས་ཏེ་དབང་བསྐུར་བར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་ལ། ཨཱ༔ དོན་གྲུབ་རྒྱལ་པོ་དེ་བཞིན་གཤེགས༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ འདུ་བྱེད་ཕྲག་དོག་གནས་དག་ནས༔ ལས་ཀྱི་རིགས་སུ་འགྲུབ་པར་ཤོག༔ བཛྲ་གྷནྡྷེ་ཨ་བྷི་ཥིཉྩ་མི༔ བཛྲ་ཨུ་ད་ཀ་སོགས་ཀྱིས་ཆུ་དབང་། བུམ་པའི་བདུད་རྩིས་སོགས་གོང་ལྟར་ལ། དོན་ཡོད་གྲུབ་པས་དབུར་བརྒྱན། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ལས་ཀྱི་རིགས་ཀྱི་སྐུ་དང་ཡེ་ཤེས་སོགས། ཁྱེད་རང་རྣམས་བུདྡྷ་ཁྲག་འཐུང་དཀར་ནག་འཁོར་ལོ་དང་དུང་ཁྲག་འཛིན་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ། ཞབས་བརྐྱང་བསྐུམ་པད་ཉིའི་གདན་ལ་འགྱིང་པའི་སྐུར་གྱུར་པ་ལ། རིགས་ཀྱི་ལྷ་མོ་རྣམས་དང་། སློབ་དཔོན་ལྷན་ཅིག་པས་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེའི་མིང་གིས་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ་ལ། ཨོཾ༔ སྣང་མཛད་རྒྱལ་པོ་དེ་བཞིན་གཤེགས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ གཟུགས་སྣང་གཏི་མུག་གནས་དག་ནས༔ བདེ་གཤེགས་རིགས་སུ་འགྲུབ་པར་ཤོག༔ བུདྡྷ་བཛྲ་ནཱམ་ཨ་བྷི་ཥིཉྩ་མི༔ བཛྲ་ཨུ་ད་ཀ་སོགས་ཀྱིས་ཆུ་དབང་། བུམ་པའི་བདུད་རྩིས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། བདེ་གཤེགས་རིགས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་འོད་ཕུང་གི་རྣམ་པས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་ཅིང་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །ཉེར་སྤྱོད་བཏེགས་ལ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཁ་ཤས་བརྗོད། གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་ནུས་བྱིན་སྐྱེད་པ་རྩ་བའི་དབང་ལྔ། དོན་གཉིས་སྤྱོད་པ་ཁྱད་པར་དབང་ལྔ། ལས་ཀུན་སྒྲུབ་བྱེད་ཉམས་སྐོང་ལ་སོགས་པའི་དབང་ལྔ་རྣམས་སུ་ཡོད་པ་ལས། དང་པོ་རྩ་བའི་དབང་ལྔའི་ཐོག་མ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷའི་དབུ་རྒྱན་དང་གཙོ་བོ་དགུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་སོ་སོར་ཐིམ་པས་ལྷ་དང་གཉིས་སུ་མེད་པའི་དབང་ཆེན་ཐོབ་པར་མོས་ཤིག །ཙཀ་ལི་རྣམས་གནས་སོ་སོར་བཞག་ལ། སྤྱི་བོར། ཧཱུྃ༔ ཤིན་ཏུ་རྣམ་དག་ཡེ་ཤེས་སྐུ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ལྟེ་བར། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ དཀྱིལ་འཁོར་ཁྱབ་བདག་དཔལ་ཆེན་པོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆེ་མཆོག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བར། ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ འཇམ་དཔལ་ཡ་མཱནྟ་ཀ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར། ཧཱུྃ༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ དཔལ་ཆེན་ཧ་ཡ་གྲཱྀ་ཝ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟ་མགྲིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྙིང་གར། ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ གསང་བར། ཧཱུྃ༔ བྱ་བ་ནན་ཏན་ཡེ་ཤེས་སྐུ༔ ཕྲིན་ལས་བཛྲ་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ནོར་བུར། ཧཱུྃ༔ ཀློང་དུ་གྱུར་པའི་ཡེ་ཤེས་སྐུ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་མོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་གཙུག །ཧཱུྃ༔ འདའ་དཀའ་འོད་གསལ་ཡེ་ཤེས་སྐུ༔ བླ་མ་རྡོ་རྗེ་ཆོས་ཆེན་པོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བརླ་གཡས། ཧཱུྃ༔ དབྱིངས་སུ་སྒྲོལ་བའི་ཡེ་ཤེས་སྐུ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙནྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བརླ་གཡོན། ཧཱུྃ༔ མཐའ་གྲོལ་གཉུག་མའི་ཡེ་ཤེས་སྐུ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་སྔགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ རྡོ་རྗེ་མཁའ་ལྡིང་གི་སྐུ་འཕྲོས་ཏེ་ཕྲག་པ་གཉིས་ལ་ཐིམ་པར་མོས། ཕྲག་པ་གཉིས་སུ། ཧཱུྃ༔ ཐོགས་མེད་རྩལ་ཆེན་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་ལྡིང་ཆེན་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁྱུང་ཆེན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ག་རུ་ཌ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཆོས་སྐྱོང་ཡོངས་ཀྱི་རྗེ་བཙན་དཔལ་མགོན་མ་ནིང་ནག་པོའི་སྐུ་ལག་ཏུ་གཏད་པས་བཀའ་སྡོད་ཡོངས་རྫོགས་ཀྱི་དབང་བསྐུར་ཐོབ་པར་མོས། ལག་ཏུ་གཏད། ཧཱུྃ༔ འབར་བ་ཆེན་པོའི་ཡེ་ཤེས་སྐུ༔ གཉིས་མེད་མ་ནིང་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀའ་སྡོད་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེང་ཕྱིན་ཆད་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་ཤེས་པས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་རིམ་སྣང་སྟོང་སྒྱུ་མ་ལྟ་བུའི་གཟེར་གྱིས་ཐེབས་པར་གྱིས་ཤིག གསུང་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། དཀྱིལ་འཁོར་གཙོ་དགུའི་དབུ་རྒྱན་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཟླར་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་དཔལ་ཆེན་པོར་གསལ་བའི་དབུ་རྒྱན་ཞི་བའི་ལྷ་ཚོགས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པད་ཟླའི་སྟེང་ཧཱུྃ་ཡིག་གི་མཐར་འཁོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཡབ་ཡུམ་གྱི་ཞལ་ནས་གསང་བར་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་གསང་བ་གསུམ་གྱི་ནུས་སྟོབས་བྱིན་རླབས་ཐམས་ཅད་བསྡུས་ནས་ཐིམ། སྣོད་བཅུད་སྣང་གྲགས་རྟོགས་ཚོགས་ལྷ་སྔགས་ཡེ་ཤེས་ཆེན་པོའི་འཁོར་ལོར་དག་པར་མོས་ལ་བསྙེན་སྔགས་ཀྱི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་སོགས་ལན་གསུམ། སླར་ཡང་དཔལ་ཆེན་གཙོ་བོ་དགུའི་ཐུགས་ཀར་པད་ཉི་རྡོ་རྗེ་རྩེ་ལྔའི་སྦུབས་སུ་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་རང་སྒྲ་བཅས་འཁོད་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པད་ཉི་རྡོ་རྗེ་རྩེ་ལྔའི་སྦུབས་སུ་ཧཱུྃ་སྔོན་པོ་གསལ་བའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཉིས་པ་ཡབ་ཡུམ་གྱི་ཞལ་དང་གསང་བར་བརྒྱུད་ཅིང་འཁོར། བདེ་བ་ཆེན་པོའི་གཟི་བྱིན་རབ་ཏུ་འབར་བས་འཁོར་འདས་ཐམས་ཅད་དུ་ཁྱབ། བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་མཆོད་པས་མཉེས། ཁམས་གསུམ་གྱི་ཉོན་མོངས་པའི་དུག་ཆེན་སྦྱངས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ཁྲག་འཐུང་རབ་འབྱམས་ཀྱི་བྱིན་རླབས་ནུས་སྟོབས་རྫོགས། འོད་ཟེར་སླར་འཕྲོས་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སད་པར་མོས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས། ཨོཾ་རུ་ལུ་སོགས་ལན་གསུམ། ལྷ་ཚོགས་རྣམས་ཀྱི་ཞལ་ནས་དྲག་སྔགས་འབྲུག་སྒྲ་ལྟར་བསྒྲག་ཅིང་ལས་མཐུན་གྱི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་ཕྲིན་ལས་ཆེན་པོ་བཞི་དང་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ་ལས་སྦྱོར་སྔགས་ཀྱི་རྗེས་ཟློས། དྲག་སྔགས་སོ་ལྔ་པ་ལན་གསུམ། སྔགས་བྱང་གིས་དབང་བསྐུར་བས་སྔགས་ཀྱི་ནུས་སྟོབས་འཕེལ་རྒྱས་བརྟན་པར་བྱས་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག །ཨཱ༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཀྱི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ བསྙེན་དང་སྒྲུབ་དང་ལས་སྦྱོར་གྱི༔ བཟླས་པས་དངོས་གྲུབ་མཆོག་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་བདེ་གཤེགས་ཞི་ཁྲོའི་གསུང་ནཱ་དའི་རང་སྒྲར་ཤེས་པས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་རྩོལ་བ་དང་སྒྲ་གྲགས་ཀུན་ལ་སྔགས་དང་འཕྲོ་འདུའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཐུགས་རང་བྱུང་ཡེ་ཤེས་ཆེན་པོའི་དབང་གི་སླད་དུ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འོད་འབར་བའི་རྣམ་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག །ཧཱུྃ༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི༔ ཡེ་ཤེས་ཐུགས་ཀྱིས་དབང་བསྐུར་བས༔ ལྷ་དང་བདག་ཉིད་དབྱེར་མེད་པའི༔ དགོངས་པ་མི་འགྱུར་གདིང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོའི་རོལ་པར་ཤེས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །སྨན་གྱི་ཕོ་བྲང་ཐོགས་ལ། ཡོན་ཏན་བདུད་རྩིའི་དབང་བསྐུར་བ་ལ། སྨན་གྱི་ཕོ་བྲང་འདི་ཉིད་དཔལ་ཆེན་ཀློང་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་གསལ་བ་ལས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་དང་བདུད་རྩིའི་རྣམ་པར་བྱོན་ཏེ་ཁྱོད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྤང་བྱའི་ཉེས་པ་ལས་གྲོལ། རྟོགས་བྱ་རྣམ་པར་གྲོལ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་ངེས་ཤེས་སྐྱེད་མཛོད། སྭཱ༔ སྣོད་ནི་རང་བྱུང་གཞལ་མེད་ཁང༔ བཅུད་ནི་ཞི་ཁྲོ་ཡོངས་རྫོགས་ལྷས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྣམ་གྲོལ་ཡོན་ཏན་དབང་བསྒྱུར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ༔ སྨན་ཐོད་སྤྱི་བོར་བཞག་ལ་ཞལ་ཕྱེ། སྨན་ཕྱེ་ནང་མཆོད་དུ་བཏབ་པ་བཀྱེ། དཀྱིལ་འཁོར་གྱི་ལྷ་ཚོགས་འོད་དུ་ཞུ་ནས་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ་བའི་ཕུད་ཀྱིས་རྩ་གསུམ་ཆོས་སྲུང་བཅས་མཆོད་པར་མོས་ལ་སྨན་མཆོད་ལྷན་ཅིག་གསུང་བར་ཞུ། ཧཱུྃ༔ རང་བྱུང་གདོད་ནས་སོགས་ལས་བྱང་ལྟར་བརྒྱུད་མཆོད་བཅས་བྱ། དེ་ལྟར་མཆོད་པས་ལྷ་ཚོགས་རྣམས་མཉེས་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འབྲུ་གསུམ་གྱི་རྣམ་པར་བྱོན་ཏེ་བདུད་རྩིར་འཁྱིལ་པ་དེ་ཉིད་ཉི་ཟླའི་གྭའུས་བླངས་ཏེ་ལྕེ་རྡོ་རྗེ་རྩེ་གསུམ་པ་ནས་བརྒྱུད་དེ་གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་སོགས་བརྗོད་ལ་ཐིག་ལེ་གནས་གསུམ་དུ་བཀོད་ཅིང་མྱང་གཞུག །དེང་ནས་བཟུང་ཏེ་བསྒྲུབས་པའི་བདུད་རྩི་ཆེན་པོ་རང་ཉིད་དམ་ཚིག་གི་རྫས་སུ་བསྟེན་ཅིང་གཞན་ལ་མྱང་གྲོལ་དུ་སྦྱིན་པ་སོགས་གྱིས་ཤིག་དང་མཐོང་ཐོས་མྱང་རེག་ཐམས་ཅད་རྣམ་གྲོལ་བྱང་ཆུབ་མཆོག་གི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །ཕྲིན་ལས་སྒྲུབ་པའི་ཕུར་བུ་གཏད་པས་ལས་རབ་འབྱམས་སྒྲུབ་པ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་མོས་ཤིག །སྒྲུབ་ཕུར་གཏད་ལ། ཧཱ༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི༔ འདུལ་ཐབས་རྣམ་པ་ཐམས་ཅད་པས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐོགས་མེད་ཕྲིན་ལས་ཀུན་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེང་ནས་བཟུང་སྟེ་བྱེད་སྤྱོད་ཐམས་ཅད་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བ་གང་ལ་གང་འདུལ་གྱི་དོན་སྒྲུབ་པར་མཛོད་ཅིག །གཉིས་པ་ཁྱད་པར་གྱི་དབང་ལྔ་ལས་རང་དོན་དུ་འཆད་ཉན་སྒོམ་སྒྲུབ་ཀྱི་དབང་བསྐུར་བ་ལ་རྒྱུད་ཀྱི་གླེགས་བམ་རྣ་བར་བཞག་པ་འོད་དུ་ཞུ་ནས་སྒྲ་གསལ་བར་བྱེད་པའི་ཐིག་ལེ་ལ་ཐིམ་པས་གསང་རྒྱུད་མཐའ་དག་ཉན་ཅིང་འཛིན་ནུས་པའི་དབང་ཐོབ་པར་མོས་ཤིག །གླེགས་བམ་རྣ་བ་གཉིས་སུ་གཞག་ལ། ཨོཾ༔ སྒྲ་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ སྔགས་རྒྱུད་རབ་འབྱམས་དབང་བསྐུར་བས༔ གསང་བ་གསང་ཆེན་བླ་མེད་ཆོས༔ ཉན་ཅིང་འཛིན་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཕྲེང་བ་ལག་ཏུ་གཏད་པ་འོད་དུ་ཞུ་ནས་དྲན་པ་གསལ་བར་བྱེད་པའི་ཐིག་ལེ་ལ་ཐིམ་པས་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པའི་སྒོམ་སྒྲུབ་བཟླས་པའི་རིམ་པ་ལ་དབང་ཐོབ་པར་མོས་ཤིག །ཕྲེང་བ་གཏད་ཅིང་སྙིང་གར་བཞག་ལ། ཨོཾ༔ དྲན་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ཐུགས་རྗེ་གཟུངས་ཀྱི་དབང་བསྐུར་བས༔ བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི༔ སྒོམ་སྒྲུབ་བཟླས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་བྷཱ་ཝ་ཨ་བྷི་ཥིཉྩ་ཧོ༔ གཞན་དོན་དུ་འཆད་པ་དང་ཕྲིན་ལས་ཀྱི་དབང་བསྐུར་བ་ལ་ཆོས་དུང་ལྗགས་ལ་བཞག་པ་སྨྲ་བར་བྱེད་པའི་ཐིག་ལེ་ལ་ཐིམ་པས་ཆོས་སྒོ་རབ་འབྱམས་འཆད་པ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་མོས་ཤིག །དུང་དཀར་གཏད་ལ། ཨོཾ༔ སྨྲ་བྱེད་ཐིག་ལེའི་དཀྱིལ་འཁོར་དུ༔ འཆད་པ་ལུང་གི་དབང་བསྐུར་བས༔ ཆོས་ཀྱི་དུང་ནི་བླ་མེད་པས༔ འགྲོ་འདུལ་མཆོག་གི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་བྷཱ་ཥ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་ཤིང་ལག་ཏུ་གཏད་པ་སྐྱོད་བྱེད་ཀྱི་ཐིག་ལེ་ལ་ཐིམ་པས་གསང་བ་སྔགས་ཀྱི་སྤྱོད་པའི་བརྟུལ་ཞུགས་ཆེན་པོས་ཕྲིན་ལས་རབ་འབྱམས་སྒྲུབ་པར་ནུས་པའི་དབང་ཐོབ་པར་མོས་ཤིག །ཕྱག་ཤིང་གཏད་ལ། ཨོཾ༔ སྐྱོད་བྱེད་ཐིག་ལེའི་དཀྱིལ་འཁོར་དུ༔ རྡོ་རྗེའི་ཕྱག་ཤིང་དབང་བསྐུར་བས༔ སྔགས་ཀྱི་སྤྱོད་པའི་ཚུལ་ཆེན་པོའི༔ ལས་རྣམས་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧོ༔ དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གཙོ་བོ་མཆོག་གི་སྐུར་གསལ་བ་སེང་གེའི་ཁྲི་ཆེན་པོ་ལ་བཀོད། སྟེང་དུ་རིན་པོ་ཆེའི་གདུགས་ཕུབ། གཡས་གཡོན་རྒྱལ་མཚན་དང་བ་དན་སྒྲེང་། ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད། མཆོད་པའི་བྱེ་བྲག་སྣ་ཚོགས་པས་མདུན་བདར། ཤིས་པ་བརྗོད་ཅིང་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་བར་མོས་ཤིག །དེ་དག་སློབ་མའི་གོ་རིམ་དང་མཚུངས་པར་དངོས་སམ་གཟུགས་བརྙན་དམིགས་པས་ཁྱབ་པར་བྱས། རྡོར་དྲིལ་གཏད་ལ། ཨོཾ་ཨཱཿཧཱུྃ༔ སྒོ་གསུམ་ཐིག་ལེའི་དཀྱིལ་འཁོར་དུ༔ ཐབས་ཤེས་ཟུང་འཇུག་དབང་བསྐུར་བས༔ དཀྱིལ་འཁོར་ཁྱབ་བདག་ཆེན་པོ་དང༔ དབྱེར་མེད་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ མཆོད་པ་བཏེགས་ལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱཿའི་བར་གྱིས་མཆོད། མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད། གསུམ་པ་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་དབང་བསྐུར་བའི་ཐོག་མ་ཉམས་ཆག་ཞི་བའི་དབང་བསྐུར་བ་ལ་བཤགས་སྐོང་འདི་ཉིད་ལྷན་ཅིག་ཏུ་གསུང་བར་ཞུ། སྤྲོ་ན་ན་རཀ་སྐོང་བཤགས་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན་སྤྱི་བཤགས། ཡེ་ཤེས་སྐུ་མཆོག་ཙམ་བྱ། བདག་མདུན་ཐུགས་ནས་འོད་འཕྲོས་པས༔ འོག་མིན་ཞིང་ནས་རྡོ་རྗེ་སེམས༔ བདེ་གཤེགས་རྒྱལ་བའི་འཁོར་དང་བཅས༔ སྐད་ཅིག་བར་སྣང་གློག་འགྱུ་ལྟར༔ མདུན་གྱི་ནམ་མཁར་བྱོན་ནས་ཀྱང༔ ཉམས་ཆག་ཞི་བའི་དབང་བསྐུར་བསམ༔ ཁྲུས་བུམ་ཐོགས་ལ། ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ འདི་ཉིད་དུ་ནི་བླུགས་མཛད་པས༔ སྡིག་ལྟུང་ཉམས་ཆག་དག་པར་ཤོག༔ ཡི་གེ་བརྒྱ་པའི་མཐར། སརྦ་པ་པཾ་ཀླེ་ཤ་མ་ལ་བི་ཤྭ་དྷ་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཁྲུས་བྱ། འཐོར་འཐུང་ཉེ་རེག་བྱར་གཞུག །དེས་ནི་རྒྱུ་ཉེས་ལྟུང་ཐམས་ཅད་བྱང་ཞིང་འབྲས་བུ་ལུས་སེམས་ཀྱི་ནད་གདོན་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དངོས་གྲུབ་བམ་གྱི་དབང་བསྐུར་བ་ལ། གསང་བའི་བམ་ཆེན་འདི་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བ་སྤྱི་བོར་སྤྱན་དྲངས་ཏེ་དངོས་གྲུབ་མཆོག་གི་བྱིན་རླབས་སྩོལ་བར་མོས་ཤིག །བམ་སྤྱི་བོར་བཞག་ལ། ཧཱུྃ༔ བམ་ཆེན་བརྗིད་པའི་ཕོ་བྲང་དུ༔ ཁྱབ་བདག་ཁྲག་འཐུང་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དངོས་གྲུབ་མཆོག་ལ་དབང་སྒྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཏི་ར་མཎྜལ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བམ་གྱི་ལྷ་ལས་འོད་འཕྲོས་པས༔ འཁོར་འདས་ནུས་བྱིན་བསྡུས་ཤིང་ཐིམ༔ དགྱེས་པས་འོད་ཞུ་བདུད་རྩི་དམར༔ ཁ་དོག་ལྔ་ལྡན་དབྱིག་ཏུ་འཁྱིལ༔ ཞེས་དམིགས་ལ་བཾ་ཆེན་དུམ་བུར་བསིལ། ཁྱེད་རང་རྣམས་དཔལ་ཆེན་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོས་རོལ་ཅིག །བཀྱེ་ཞིང་མྱང་དུ་གཞུག །འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཡེ་ཤེས་དབང་གྱུར་བསམ༔ དེའི་རྗེས་འབྲེལ་དུ་ཚོགས་རྫས་བཟའ་བཏུང་སྦྱིན་ལ། ཧོ༔ རྡོ་རྗེའི་སློབ་མ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱོད་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝ་ཤཾ་མ་ནོ་ཧ་ར་སིདྡྷི་སིདྡྷི་ཧཱུྃ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་ནུས་པའི་དབང་གི་ཐོག་མར་དྲེགས་པའི་མཐུ་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། མདུན་དུ་བཤམས་པའི་གཏོར་ཆེན་འདི་ཉིད་དབང་ཕྱུག་མ་ཧཱ་དེ་བ་ཡབ་ཡུམ་གཙོ་བོར་གྱུར་པའི་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། སྔགས་བདག་དྲེགས་ཆེན་བཅོ་བརྒྱད། ལས་ཀྱི་བཀའ་སྡོད་དམ་ཅན་ཚོགས་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བར་གྱུར། སློབ་དཔོན་གྱིས་ལྟ་བའི་གདིང་བསྐྱེད། དཔལ་ཆེན་པོའི་གསལ་སྣང་བརྟན་པོས་ཕུར་པ་འདྲིལ་ལ། ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་བསྒྲལ་བ་དང༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲེགས་པའི་ཚོགས་རྣམས་བསྒྲལ་བར་བྱ༔ ཨེ་ཧུར་ཐུམ་ཏྲིག་ནན་བཛྲ་ཀཱི་ལ་ཡ་མཱ་ར་ཡ་རྦད་ནན༔ དེ་ཡིས་དུག་ལྔའི་ཕུང་པོ་ཞིག༔ ཆོས་ཀྱི་དབྱིངས་སུ་བསྒྲལ་པར་གྱུར༔ ཅེས་དམིགས། ནང་མཆོད་འཐོར་ལ། སླར་ཡང་བདུད་རྩིས་གསོས་བཏབ་པས༔ མཐུ་རྩལ་ཐོགས་མེད་དངོས་ལྟར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧོ༔ གཏོར་ཆེན་གཏད་ལ། དྲེགས་པ་ཅན་འཁོར་དང་བཅས་པ་ཁྱེད་རང་རྣམས་དཔལ་ཆེན་གསང་བདག་དྲེགས་པ་ཀུན་འདུལ་དུ་གསལ་བའི་ཞབས་འོག་ནས་དྲངས་ཤིང་བྲན་གྱི་ཚུལ་དུ་གཏད་པས།ཇི་ལྟར་བཀའ་བསྒོས་པའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་སོགས༔ འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀུན༔ དམ་ལྡན་རྡོ་རྗེའི་རིག་པ་འཛིན༔ ཧེ་རུ་ཀ་ཡི་གདུང་འཚོབ་པའི༔ བྲན་དང་ཁོལ་པོ་ཡང་ཁོལ་དང༔ འབངས་ཀྱི་ཚུལ་དུ་བཀའ་གཏད་ན༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་དང༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ དམ་ལས་མ་འདའ་བཀའ་བཞིན་སྒྲུབས༔ བྱིན་པའི་དགྲ་བགེགས་ཤ་ཁྲག་ཟོ༔ བཅོལ་པའི་མངོན་སྤྱོད་ལས་ཀུན་མཛོད༔ མཐུ་དབང་དྲག་པོའི་སྟོབས་སྐྱེད་ལ༔ བྱང་ཆུབ་ལམ་གྱི་བར་ཆད་ཆོམས༔ ཕྲིན་ལས་ཐམས་ཅད་སྒྲུབ་པར་གྱིས༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨེ་ཧུར་ཐུམ་མཱ་ར་ཡ་རྦད༔ ཨཿཡཿམཿདུཿརུཿཙཿཤཿནཿཛཿཛ༔ པཱ་ཤཾ་ཀུ་རུ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་རཀྵནྟུ༔ ཞེས་ལག་ཏུ་གཏད་པ་དང་ཞབས་འོག་ནས་དྲངས་པའི་ཚུལ་བྱས་ལ་མདུན་སྟེགས་སུ་བཞག །གཏོར་ཆུང་དང་ཤ་ཁྲག་བཤམ། གཏོར་མ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པའི་ཕུང་པོ་ཆེན་པོར་གྱུར་པ་དྲེགས་པ་འཁོར་དང་བཅས་པ་ལ་ཕུལ་བས་དགྱེས་པ་ཆེན་པོས་རོལ་པར་གྱུར། ཨོཾ་བཛྲ་སརྦ་དུཥྚཱན་སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ། ཧཱུྃ༔ དྲེགས་པ་རྒྱུད་གསུམ་འཁོར་དང་བཅས༔ དམ་ལས་མ་འདའ་རྗེས་སུ་དགོངས༔ རིག་འཛིན་སྲུང་མར་མངའ་གསོལ་ན༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རིག་འཛིན་འདུས་པའི་སྐུ་དགྲ་སྒྲོལ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་པའི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཕྲིན་ལས་བཅོལ། སློབ་མས་གཏོར་མ་ལ་བདུད་རྩི་འབུལ་བ་དང་། ཞམ་ཆུའི་བདུད་རྩི་སྦྱིན་པ་སྤྱི་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་སརྦ་ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ ཞེས་བརྗོད། གདབ་ཕུར་རྔམས་སྟབས་ཀྱིས་བླངས་ཤིང་གཏད་ལ། དྲག་པོའི་གདབ་ཕུར་ལག་ཏུ་གཏད་པས་མངོན་སྤྱོད་ལས་ཀྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ དྲག་པོ་ལས་ཀྱི་ཕུར་པ་ལ༔ དཔལ་ཆེན་ཁྲག་འཐུང་ནུས་སྟོབས་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་ལས་ཀུན་འགྲུབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་སྒྲོལ་ནུས་པའི་དབང་ཐོབ་ནས་གདབ་པའི་ལས་ལ་འཇུག་དགོས་པས་དམིགས་བྱའི་རྟེན་བསྐྱེད་པ་དང་ཕྱག་རྒྱ་བཞིས་འགུགས་འཆིང་སྡོམ་མྱོས་བྱེད་པའི་དམིགས་པ་གསལ་ཐོབ་ཅིག །ལྕགས་ཧོམ་ལིང་ག་མདུན་དུ་བཞག །ཕྱག་རྒྱ་བཞི། སྒྲོལ་ཕུར། རལ་གྲི །ཧོམ་གཟར་རྣམས་བཀོད་ལ། ལས་བྱང་། ཨེ་ཡི་ཚོགས་ཀྱི་སོགས་ཀྱིས་རྟེན་བསྐྱེད། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་འགུག་འཆིང་སྡོམ་མྱོས་བྱ། གསལ་བ་གསུམ་དང་ཚེ་ལུང་ཁྲུས་ལུང་གི་ཏིང་ངེ་འཛིན་དང་ལྡན་པས་གདབ་པའི་ལས་ལ་འཇུག་པར་མཛོད་ཅིག །ཧཱུྃ༔ བདག་ཉིད་དཔལ་ཆེན་སོགས་ཀྱིས་ཕུར་པ་གདབ་ཏུ་གཞུག །སརྦ་དུཥྚཱན་སོགས་ཀྱིས་སྒྲོལ་གྲིས་གཏུབ། ལིང་རོ་ཧོམ་གཟར་དུ་བླངས་ལ། བསྒྲལ་པའི་ཤ་ཁྲག་བདུད་རྩིའི་དྭངས་མར་སྦར་པ་དཀྱིལ་འཁོར་ལྷ་ཚོགས་རྣམས་དང་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་བསྟབ་པར་མོས་ཤིག །ཧཱུྃ༔ དགྲ་བགེགས་བསྒྲལ་པའི་སོགས་ཀྱིས་མཆོད་བསྟབ་བྱ། དེ་ནས་སྲུང་བའི་འཁོར་ལོ། ལས་ཕུར། ཐུན་རྫས། རི་རབ། མེ་ཧོམ། ཟོར་གཏོར་རྣམས་སྣོད་གཅིག་ཏུ་བསྡུས་པའམ། སློབ་མ་ཉུང་ན་འདོན་ཚིག་དང་བསྟུན་རིམ་བཞིན་གཏད་ལ། སླར་ཡང་ལས་དྲུག་གི་རྗེས་གནང་བྱིན་པས་མི་མཐུན་བསྲུང་བ་དང་། གདུག་པ་ཅན་སྒྲོལ་བ་དང་། འགལ་རྐྱེན་ཐམས་ཅད་ཟློག་པ་དང་། བར་དུ་གཅོད་པ་མནན་པ་དང། དགྲ་བགེགས་རྣམས་སྲེག་པ་དང་། རླག་བྱེད་ཟོར་གྱི་ལས་སྒྲུབ་པའི་མཐུ་དབང་ཐོབ་པར་མོས་ཤིག །ཧཱུྃ༔ སློབ་མ་དཔལ་ཆེན་སྟོབས་ལྡན་ནག༔ དྲག་པོའི་སྔགས་བདག་ཆེན་པོ་ལ༔ ཕས་རྒོལ་མི་མཐུན་ཀུན་བསྲུང་ཕྱིར༔ མི་ཕྱེད་རྡོ་རྗེའི་ཙཀྲ་གཏད༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ ཕུར་པ་བསད་པའི་མཚོན་རྣོན་གཏད༔ འགལ་རྐྱེན་ཐམས་ཅད་བཟློག་པའི་ཕྱིར༔ ཉུངས་ཀར་ལ་སོགས་ཐུན་རྫས་གཏད༔ བར་ཆད་ལྡང་མེད་མནན་པའི་ཕྱིར༔ རྡོ་རྗེ་རི་རབ་ལྷུན་པོ་གཏད༔ དགྲ་བགེགས་རྗེས་མེད་བསྲེག་པའི་ཕྱིར༔ འབར་བ་ཞལ་གྱི་མེ་ཧོམ་གཏད༔ འཕང་བས་གདུག་ཅན་བརླག་པའི་ཕྱིར༔ དྲག་པོ་ཟོར་གྱི་གཏོར་མ་གཏད༔ སྲུང་བསད་ཟློག་མནན་སྲེག་པ་དང༔ འཕང་བའི་ལས་ཀུན་མཐར་ཕྱིན་ཤོག༔ བཛྲ་རཀྵ་མཱ་ར་པྲ་ཏྱཾ་གི་ར་ཧཱུྃ་ཕཊ༔ བཛྲ་སཏྭམྦྷ་ད་ཧ་བྷིནྡྷ་ཧཱུྃ་ཕཊ༔ དེ་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཐའ་དག་སྒྲུབ་པའི་དབང་ཐོབ་པ་ཡིན་ནོ། །ཐོད་པའི་མར་མེ་སྦར་བ་མགོར་བཞག་ལ། ཀློང་དགུའི་ཡེ་ཤེས་ཀྱི་རང་བཞིན་མར་མེ་དགུ་པོས་བྱིན་གྱིས་བརླབས་པས་འོད་གསལ་མཆོག་གི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །ཧཱུྃ༔ བདེ་གཤེགས་ཞི་ཁྲོའི་འོད་གསལ་དབྱིངས༔ ཡེ་ཤེས་མར་མེ་དགུ་རུ་ཤར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་རོལ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་དཱི་པ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་གཅིག་ཏུ་ཟླུམ་པ་དབྱིངས༔ མེ་དགུས་ཡེ་ཤེས་རིག་པ་དགུ༔ རང་ཤར་ཟུང་འཇུག་བརྡས་མཚོན་ཏེ༔ མཆོག་གི་འོད་གསལ་མངོན་གྱུར་བསམ༔ དད་མོས་གདུང་ཤུགས་དྲག་པོ་དང་ལྡན་པའི་ཡིད་རྩེ་གཅིག་པས་མར་མེ་སྨོན་ལམ་ལྷན་ཅིག་ཏུ་མཛད་པར་ཞུ། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༔ ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༔ འོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ༔ འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༔ སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༔ གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ༔ སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ༔ མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས༔ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས༔ འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས༔ པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ༔ འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང༔ རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས༔ རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༔ བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཞེས་བཀའ་བརྒྱད་གསང་རྫོགས་ལས་འབྱུང་བ་སྨིན་ལུགས་བདེར་འདུས་སྒྲུབ་ཁོག་ཏུ་བཀོད་པ་ལྟར་རོ། །དེ་ནས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་བྱེད་པའི་སླད་དུ་འཆི་མེད་ཚེའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འབར་བའི་འོད་ཟེར་དང་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟ་བུ་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་བརྐུས་ཕྲོགས་ཡར་བར་གྱུར་པ་རྣམས་དང་། འཁོར་འདས་གཉིས་ཀྱི་སྣོད་ཀྱི་འབྱུང་བཞིའི་དྭངས་མ། བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད། རྩ་གསུམ་རྒྱལ་བའི་གསང་བ་གསུམ་གྱི་བྱིན་རླབས་མ་ལུས་པ་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་དབང་རྫས་དང་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ་ལས་བྱང་ལྟར། ཧཱུྃ༔ ཡེ་ཤེས་ཀློང་དགུའི་སོགས་ཀྱི་ཚེ་འགུགས། ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་སྟིམས༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷིི་ཧཱུྃ་བྷྲཱུྃ༔ ཞེས་དང་ཚེ་སྔགས་བརྗོད་ལ་ཚེ་རིལ་ཆང་སྦྱིན། ཚེའི་བཅུད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་། དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ལ་ཐིམ། ཡེ་ཤེས་རྡོ་རྗེའི་ཕྱག་རྒྱའི་རྒྱས་བཏབ་པས་མི་འགྱུར་རྟག་པ་དམ་པའི་སྐུ་ཐོབ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ཚེ་བཅུད་སྙིང་དབུས་སོགས་བརྗོད་ལ་རྒྱས་གདབ། སླར་ཡང་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་པས་ཕན་ནུས་ཀྱི་དབང་གི་ཡེ་ཤེས་དང་བྱིན་རླབས་མཐའ་དག་བརྟན་པར་བྱས་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ དཔལ་ཆེན་བཞུགས་པའི་ཕོ་བྲང་སྟེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱིན་རླབས་ནུས་པ་བརྟན་པར་ཤོག༔ བཛྲ་ཀ་ལ་ཤ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཨ་བྷི་ཥིཉྩ་མི༔ སུ་ར་ཏཱ་སཏྭཾ༔ བུམ་ཆུ་སྦྱིན་ཅིང་འཐོར། དེ་ལྟར་དབང་བསྐུར་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། སྒྲིབ་པ་བཞི་དག །དབང་བཞི་ཐོབ། དབང་བསྐུར་པ་ཐམས་ཅད་བརྟན་ཅིང་མཆོག་ཏུ་གྱུར། ཆུ་ཞབས་སྤྱི་བོར་བརྟན་པ་ཁྲག་འཐུང་རིགས་ལྔས་དབུ་བརྒྱན་པར་གྱུར་པ་ལ་མཆོད་ཅིང་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །མཆོད་པ་བཏེགས་ལ། ཨོཾ་བཛྲ་པུཥྤེ་སོགས་དང་། མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་ལྟར་ཕྱི་ཡི་དཀྱིལ་འཁོར་དུ༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་འོ༔ ཞེས་རྟོགས་པ་བརྗོད། གསུམ་པ་ཟབ་མོའི་དབང་བསྐུར་བ་ལའང་གསུམ་ལས་དང་པོ་རྫས་གསང་བ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་ཆེན་པོའི་ཁྱབ་བདག་ཀྱེ༔ བུམ་པའི་དབང་བསྐུར་བསྩལ་ལགས་ན༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ གསང་བའི་དབང་བསྐུར་བཀའ་དྲིན་གསོལ༔ ལན་གསུམ། སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། འབྲུ་གསུམ། བླ་མ་ཧེ་རུ་ཀ་ཡབ་ཡུམ༔ སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས༔ ཐུགས་ཀར་ཞུ་བའི་བྱང་ཆུབ་སེམས༔ ཡུམ་གྱི་མཁའ་ལས་བྱིན་པར་མོས༔ ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ མུ་ཏིག་ལྟར་དག་བྱང་ཆུབ་སེམས༔ ཆགས་མེད་རཀྟ་ལྷན་ཅིག་པ༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ བདེ་གཤེགས་ཁྲག་འཐུང་འདུས་པའི་བཅུད༔ སངས་རྒྱས་ཀུན་གྱི་དམ་ཚིག་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་ཁམས་རླུང་ལ་ནུས་པ་སྨིན༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་རྣམ་པར་རྟོག་པ་མེད་པས་རོལ་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ༔ རྩ་ཁམས་ཀུན་ལ་ཐིམ་པ་ཡིས༔ གསལ་སྟོང་བདེ་བ་སྐྱེས་པར་མོས་ཤིང་རང་ངོར་ལྟོས་ལ་མཉམ་པར་ཞོག་ཅིག །ལུས་དཀྱིལ་མཐོང་བའི་བརྡར་མིག་དར་སོལ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཞུ་བདེའི་རྫས་ལ་བརྟེན་ནས་ཀྱང༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རླུང་སེམས་སྒྱུ་མ་སྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ་པ་འོ༔ གཉིས་པ་ལམ་གསང་བ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་སྟོན་པ་མཆོག་གཅིག་པུས༔ གསང་བའི་དབང་བསྐུར་བསྩལ་ལགས་ན༔ བདེ་མཆོག་གསང་ཆེན་དཀྱིལ་འཁོར་དུ༔ ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ༔ ལན་གསུམ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་དབྱིངས་ཕྱུག་མའི་ངོ་བོར་བྱིན་གྱིས་བརླབས་ཏེ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་གསང་བའི་ཡུམ་མཆོག་སྟེ༔ བདེ་གཤེགས་ཁྲག་འཐུང་ཟ་མ་ཏོག༔ ཨེ་ཡི་ཆ་བྱད་བཟང་པོས་བརྒྱན༔ ལྷན་ཅིག་སྐྱེས་པའི་བདེ་སྟེར་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུགས་འབྱུང་ལུགས་ལྡོག་དགའ་བཞི་སྨིན༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་རིག་མ་དང་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་ཟག་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་རང་ངོ་སྐྱོངས་ཤིག །བྷ་གའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ༔ ཁ་སྦྱོར་བདེ་བ་ལ་བརྟེན་ནས༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ འོད་གསལ་བདེ་བ་སྒོམ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ་པ་འོ༔ གསུམ་པ་དོན་གསང་བ་བཞི་པའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་བདེ་ཆེན་ཧེ་རུ་ཀས༔ གསུམ་པའི་དབང་བསྐུར་བཀའ་དྲིན་ཐོབ༔ ད་ནི་མཐར་ཐུག་དོན་གྱི་དབང༔ མངོན་སུམ་ཡེ་ཤེས་ངོ་སྤྲད་གསོལ༔ ལན་གསུམ། འཇའ་ཤེལ་གྱིས་མཚོན་པར་བྱས་ཏེ། ཁྱེད་རང་རྣམས་ལུས་གནད་བསྲངས་ལ་ལྟ་སྟངས་དང་ལྡན་པས་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་གཏད་པས། དབྱིངས་སྟོང་པ་ཤེལ་གྱི་ངོ་བོ་ལྟ་བུ། རིག་གདངས་མ་འགགས་པ་འཇའ་ཚོན་སྣ་ཚོགས་སུ་སྣང་བ་ལྟ་བུ། དེ་གཉིས་གདོད་ནས་དབྱེར་མེད་ཟུང་འཇུག་ཏུ་གནས་པའི་བརྡ་དོན་ངོ་སྤྲོད་ཀྱི་ཚུལ་གོ་བས་གནས་ལུགས་ཀྱི་རང་ངོར་མཉམ་པར་འཇོག་པར་ཞུ། ཧོ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ རྡོ་རྗེ་སྙིང་པོ་མཁའ་ལྟར་ཁྱབ༔ ངོ་བོ་ཀ་དག་ཤེལ་ལྟ་བུ༔ རང་བཞིན་ལྷུན་གྲུབ་འཇའ་ལྟར་སྣང༔ དབྱེར་མེད་ཟུང་འཇུག་ཡེ་ཤེས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྱི་དཔལ་ཆེན་མངོན་དུ་གྱུར༔ བཞི་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དབྱིངས་རིག་ཟུང་འཇུག་གཉུག་མའི་གཤིས༔ བསམ་གྱིས་མི་ཁྱབ་ངང་བསྐྱང་ངོ༔ ཞེས་ཅུང་ཟད་འཇོག་ཏུ་གཞུག །དོན་དམ་བྱང་སེམས་དཀྱིལ་འཁོར་དུ༔ བརྡ་དང་ཐབས་ལ་བརྟེན་ནས་ཀྱང༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཟུང་འཇུག་མཐར་ཐུག་སྒོམ་ལ་དབང༔ འབྲས་བུ་བདེ་ཆེན་སྐུ་འགྲུབ་བོ༔ ཞེས་རྟོགས་པ་བརྗོད། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ། མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་བྱ་བའི་རིམ་པ་དེ་དག་གིས་གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་རྒྱས་པར་གྲུབ་པ་ལགས། དེ་ལྟ་བུའི་དབང་བསྐུར་མ་ཐོབ་པའི་སྐྱོན་ཡང་གཞུང་ལས། སློབ་དཔོན་མ་མཉེས་དབང་མ་རྫོགས༔ དམ་ཚིག་དག་པར་མ་བྱས་པས༔ རིག་སྔགས་བསྒྲུབས་ཀྱང་ལོག་པ་སྟེ༔ འབྲས་བུ་མེད་ཅིང་ངན་སོང་ལྟུང༔ ཞེས་འབྱུང་བ་ལྟར་ཡིན་ལ། དབང་བསྐུར་ཚུལ་བཞིན་ཐོབ་པའི་ཕན་ཡོན་ནི། དབང་ཐོབ་དམ་ཚིག་དག་པའི་བུ༔ རྒྱལ་བ་རྣམས་ཀྱི་སྲས་སུ་འགྱུར༔ རིག་འཛིན་བླ་མས་བྱིན་གྱིས་རློབ༔ ཡི་དམ་མཁའ་འགྲོས་དངོས་གྲུབ་སྟེར༔ ཆོས་སྐྱོང་དྲེགས་པ་བཀའ་བཞིན་ཉན༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ༔ དེ་ཕྱིར་ལམ་གྱི་རྩ་བ་སྟེ༔ རྣལ་འབྱོར་རྣམས་ཀྱིས་ཚུལ་བཞིན་སྤྱོད༔ ཅེས་གསུངས་པ་ལྟར་ལགས་པས་དད་མོས་སྤྲོ་དགའ་བསྐྱེད་པ་དང་། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་། དབང་གི་རྩ་བ་དམ་ཚིག་རྣམ་པར་དག་པ་ཁོ་ན་ཡིན་པས་དེང་ཕྱིན་ཆད་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཆེན་པོ་གསུམ་གྱིས་བསྡུས་པའི་བསྲུང་སྡོམ་མཐའ་དག་ཉམས་པ་མེད་པར་ཚུལ་བཞིན་བསྲུང་དགོས་པས་དེ་ལྟར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏོར་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རང་གནས་སུ་བཏང་། ལྔ་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་ཚང་བར་བྱའོ། །ཡོན་ཏན་རྡོ་རྗེའི་ལམ་གྱི་རྩ་བ་ཚུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལམ་མཐར་ཕྱིན། །ཕྲིན་ལས་རྡོ་རྗེའི་སྟོབས་གྲུབ་ལམ་གྱུར་གྱི། །རིག་འཛིན་ས་བགྲོད་དཔལ་གྱི་མཆོག་འགྲུབ་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེས་བཀའ་ཡིས་རྗེས་སུ་གནང་བ་དང་རང་གཞན་ལ་ཉེ་བར་མཁོ་བའི་ཕན་བདེའི་བཙས་སུ་དམིགས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

བསྙེན་སྒྲུབ་རྒྱུན་གྱི་ཁ་སྐོང་ཁྱེར་བདེ་རྫས་གཅིག་ལ་བརྟེན་པའི་ལས་བཞིའི་མེ་མཆོད་ནོར་བུ་སྣ་ཚོགས་མདོག་ཅན་ (Volume 42, Text 21)

༄༅། །བསྙེན་སྒྲུབ་རྒྱུན་གྱི་ཁ་སྐོང་ཁྱེར་བདེ་རྫས་གཅིག་ལ་བརྟེན་པའི་ལས་བཞིའི་མེ་མཆོད་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། རིག་སྟོང་ཟུང་འཇུག་རྩ་གསུམ་ལྷ། །རྟོགས་གྲོལ་དུས་མཉམ་ལྟ་བའི་ཕྱག །གཉིས་མེད་ངང་དུ་འཚལ་ནས་འདིར། །བྱ་སླ་དོན་ཆེའི་མན་ངག་དགོད། །འདིར་རྩ་གསུམ་ཆོས་སྲུང་བཅས་པའི་བསྙེན་སྒྲུབ་གང་གི་སྐབས་སུའང་སྔགས་ཀྱི་ལྷག་ཆད་སོགས་ཉམས་ཆག་སྐོང་ཞིང་ནུས་རྩལ་མྱུར་དུ་འབྱིན་པའི་མན་ངག་ཁྱད་པར་ཅན། རྒྱུན་གྱི་སྲེག་བླུགས་རྫས་གཅིག་ཁོ་ནར་བརྟེན་པའི་ཚུལ་བརྗོད་པ་ལ་གཉིས། སྤྱི་དང་བྱེ་བྲག་གི་ལག་ལེན་ནོ། །དང་པོ་སྤྱིར། བགེགས་ཞི་བ་ལ་ཡུངས་དཀར། ཚེ་རྒྱས་པ་ལ་དཱུརྦ། དབང་དང་དྲག་པོའི་བསྒྲུབ་བྱ་དམིགས་བསལ་ལ་དེ་དག་གི་རཱུ་པ་ཁྱད་པར་གྱི་རྫས་དང་སྦྱར་བས་མཚོན། ལས་གང་ལ་ཆེད་དུ་དམིགས་པའི་སོ་སོའི་བསྲེག་རྫས་འདུ་བྱས་ཏེ་སྔགས་དང་ཤམ་བུའང་དེ་མཚུངས་སྐབས་སྦྱར་དགོས་ཀྱང་། འདིར་ཁ་སྐོང་སྤྱི་རྒྱུག་ཙམ་བཤད་ན། བསྙེན་སྒྲུབ་གང་བྱེད་ཀྱང་ཐུན་གྱི་དངོས་གཞི་གྲོལ་ནས་ཐུན་མཚམས་ལྷའི་ང་རྒྱལ་ལ་གནས་པས། རང་གི་མདུན་དུ་རྩིག་ཐབས་ཆུང་ངུ་ཆེད་དུ་བཅོས་པའམ། མེ་སྣོད་གང་ཡང་རུང་བར་མེ་ཁྲོལ་བླུགས་པ་དང་། བསྲེག་རྫས་ཉིད་སྣོད་གཙང་མར་བཀོད་དོ། །གཉིས་པ་བྱེ་བྲག་ལ་ཞི་རྒྱས་དབང་དྲག་བཞིའི། དང་པོ་ཞི་བ་ནི། སྡིག་སྒྲིབ་ཞི་བའི་ཁོང་དུ་ཐམས་ཅད་འདུས་པས་ཏིང་ཕོར་སོགས་སུ་ཏིལ་བཤམས། མེ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དཀར་གསལ་འབར། །དེ་དབུས་ཆེ་གེའི་་་འདིར་སྤྱི་ལ་རྩ་གསུམ་དང་བྱེ་བྲག་བླ་མ་སོགས་ལྷ་སོ་སོར་ཁ་བསྒྱུར།དཀྱིལ་འཁོར་ལྷ་ཚོགས་རྣམས། །དཀར་གསལ་ཞི་འཛུམ་འོད་ཟེར་དཀར་པོ་འཕྲོ། །ཕྱག་མཚན་རྡོ་རྗེ་བདུད་རྩིའི་བུམ་པ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །ཞི་བའི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་། ཁྱད་པར་སྔགས་ཀྱི་ལྷག་ཆད་ནོར་འཁྲུལ་སོགས། །རྡོ་རྗེའི་དམ་ལས་འགལ་པའི་ནོངས་པ་ཀུན། །སྣ་སྒོའི་རླུང་དང་ལྷན་ཅིག་ཏིལ་ལ་ཐིམ། །ཞེས་རླུང་འབུད། དེ་ཉིད་ཟག་མེད་བདུད་རྩིའི་རྒྱུན་གྱུར་པ། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཕུལ་བ་ཡིས། །ཡེ་ཤེས་མཆོག་གི་དགྱེས་པའི་གཟི་བྱིན་བསྐྱེད། །བྱིན་རླབས་མེ་འོད་ཟླ་བའི་མདངས་ཅན་འཕྲོས། །རྟོག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་པར་གྱུར། །རྩ་གསུམ་སྤྱི་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ལྷ་སོ་སོའི་སྙིང་པོའི་ཤམ་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གྲངས་ཇི་ལྟར་རིགས་པ་ཕུལ་ལ་མཐར་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག །མེ་ནང་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །རླུང་གི་སྦྱོར་བས་སྣ་སྒོ་ནས་དྲངས་ཏེ། །ལྟེ་འོག་གཏུམ་མོའི་མེ་དང་གཉིས་མེད་གྱུར། །དེ་ལས་མེ་འབར་ལུས་ཀྱི་ནང་ཀུན་གང་། །རྩ་ཁམས་སྙིགས་མ་ཐམས་ཅད་ལྷག་མེད་བསྲེགས། །དྭངས་མ་བདེ་ཆེན་བདུད་རྩིར་ཞུ་བ་ཡིས། །ཕུང་ཁམས་སྐྱེ་མཆེད་རང་བྱུང་དཀྱིལ་འཁོར་པ། །ཟག་མེད་བདེ་བས་ཤིན་ཏུ་དགྱེས་པར་གྱུར། །ཅེས་ནང་གི་སྲེག་བླུགས་དང་སྦྲེལ་ལ་དབྱིངས་རིག་ཟུང་འཇུག་གི་དགོངས་པ་བསྐྱང་། ཞི་བའི་སྨོན་ལམ་དང་ཤིས་བརྗོད་བྱའོ། །དམིགས་བསལ་བགེགས་དང་བར་ཆད་ཞི་བར་འདོད་ན། རྫས་ཡུངས་དཀར་བཤམ། ལྷ་བསྐྱེད་སྔར་ལྟར་ལ། དགྱེས་པས་བཞུགས། ཞེས་པའི་འཕྲོས་སུ། བསྲེག་རྫས་ཟག་མེད་བདུད་རྩིའི་རྒྱུན་གྱུར་པ།སོགས་ནས། རྟོག་སྒྲིབ་བག་ཆགས་ཞེས་པའི་མལ་དུ། གདོན་བགེགས་བར་ཆད་ལྷག་མེད་བསྲེགས་པར་གྱུར། །ཅེས་བསྒྱུར། ལྷ་སྔགས་ཤམ་དུ་ཨོཾ་སརྦ་ཨརྠ་སིདྡྷཱ་ཡ་སྭཱ་ཧཱ། གདོན་བགེགས་འབྱུང་པོ་རྐྱེན་ངན་བར་གཅོད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། མཐར་ལྷ་རང་ལ་བསྟིམ། ནང་གི་སྦྱིན་སྲེག་གང་ལྟར་བྱས་ཀྱང་ཆོག །བྱད་ཁ་རྦོད་གཏོང་སོགས་ལའང་ཚིག་དང་དམིགས་པ་བསྒྱུར་པས་ཆོག་གོ། ࿊ །།བསྙེན་སྒྲུབ་སོགས་གང་གི་སྐབས་སུའང་དོ་གལ་ཆེ་བ་དམ་གྲིབ་སྦྱོང་བྱེད་གཏེར་གསར་ཐུགས་སྒྲུབ་ལས་འབྱུང་བ་ནི། སྨེ་བ་བརྩེགས་པ་ལ་བརྟེན་ནས༔ དམ་ཚིག་ཉམས་གྲིབ་སྦྱོང་བ་ནི༔ ཞི་བའི་ཐབ་ཏུ་བུད་ཤིང་བརྩིགས༔ མེ་སྦར་བསང་ཆུས་ལེགས་པར་གཏོར༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ ཧཱུྃ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས༔ དུད་ཁའི་མདོག་ཅན་ཁྲོ་བོའི་ཉམས༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཞབས་གཉིས་དོར་སྟབས་པད་ཉིར་བཞེངས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ རང་གི་སྐྲ་སེན་གོས་དུམ་སོགས༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་འདུས་པར་མོས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞལ་དུ་ཕུལ་བས་ལྷག་མེད་བཞེས༔ དགྱེས་ཚིམས་འོད་ཟེར་འབར་བ་ཡིས༔ བདག་གི་མི་མཐུན་ཀུན་སྦྱངས་བསམ༔ ཏིལ་དང་ཡུངས་དཀར་ཅུང་ཟད་བཅས༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་པཱ་པཾ་སརྦ་ཀརྨ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྐབས་སུ་ལས་སྔགས་འདི་ཡང་སྤེལ༔ ཨོཾ་མ་ཎི་དྷ་རི་ཧྲྀ་ད་ཨ་ནུ་པཱ་ཤ་དྷ་རི་ཧྲྀ་ད་ཧཱུྃ་ཕཊ༔ ལྷ་ཉིད་འོད་ཞུ་རང་ལ་ཐིམ༔ ཡེ་ཤེས་མེ་ཡིས་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ ལྷག་མེད་ཉིད་དུ་བསྲེག་པར་བསམ༔ མེ་ལ་གོམ་པ་ལན་དགུ་བྱ༔ ཐལ་བ་སཱཙྪ་གདབ་པ་འམ༔ ཡང་ན་ཆུ་བོ་ཆེན་པོར་བསྐྱལ༔ འདིས་ནི་དམ་ཚིག་ཉམས་ཆག་དང༔ ཉམས་གྲིབ་ཚེ་གེགས་མ་ལུས་ཞི༔ བསོད་ནམས་འབྱོར་པ་ཐོབ་པར་འགྱུར༔ ཅེས་སོ།། ༈ །།གཉིས་པ་རྒྱས་པ་ལའང་སྤྱི་འགྲོ་ནི། ཟས་མཆོག་ལ་རིན་ཆེན་འབྲུ་སྨན་དར་ཟབ་གང་འཛོམ་བསྲེས་པ་བཤམས་ལ། ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་སེར་གསལ་འབར། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །སེར་གསལ་སྒེག་ཉམས་འོད་ཟེར་གསེར་མདོག་འཕྲོ། །ཕྱག་མཚན་ནོར་བུ་རིན་ཆེན་འབར་བ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །རྒྱས་པའི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བསྲེག་རྫས་ཟག་མེད་བདུད་རྩི་སེར་པོའི་རྒྱུན། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཕུལ་བ་ཡིས། །ཡེ་ཤེས་མཆོག་གི་དགྱེས་པའི་གཟི་བྱིན་བསྐྱེད། །འོད་ཟེར་ཉི་མའི་མདངས་ཅན་བདག་ལ་ཞུགས། །སྔགས་ཀྱི་ཡེ་ཤེས་ཡོན་ཏན་རབ་རྒྱས་གྱུར། །ལྷ་སྔགས་ཤམ་དུ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྔགས་ཀྱི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། ཨོཾ་ཨཱཿཧཱུྃ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ། ཞེས་པས་ཀྱང་གྲངས་ཅི་འགྲུབ་ཕུལ། རྗེས་ཞི་བའི་སྐབས་ལྟར་རོ། །བྱེ་བྲག་ཏུ་ཚེ་སྒྲུབ་གཙོ་བོར་བྱེད་སྐབས་བསྲེག་རྫས་དཱུརྦ་དང་། ཚིག་རྐང་ཐ་མ་ལ། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཅེས་དང་། ལྷ་སྔགས་ཤམ་དུ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར། ཉམས་རྟོགས་རྒྱས་པར་འདོད་ན། ཆང་ལ་ཆོས་སྨན་སྦྱར་བའི་ཟས་མཆོག་ཕུལ། དེའི་སྔགས་སྔར་བཞིན་ལ། སྒྲུབ་པ་པོའི་ཉམས་དང་རྟོགས་པའི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར་རོ།། ༈ །།གསུམ་པ་དབང་ནི། བསྲེག་རྫས་ཏིལ་མར་དང་སྦྱར་བའི་ཟས་མཆོག་དང་སོ་བ། ཁྱད་པར་རྫས་པདྨ་རཀྟའམ་ཟླ་མཚན། སིནྡྷུ་ར། མེ་ཏོག་དམར་པོ། ལན་ཚྭ། ཐམས་ཅད་མྱོས་བྱེད་ཀྱིས་སྦགས་པའམ། མ་འཛོམ་ན་མེ་ཏོག་དམར་པོ་ཆང་དང་ལན་ཚྭས་བྲན་པ་བཤམས་ལ་ནང་མཆོད་འཐོར། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དམར་གསལ་འབར། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །དམར་འཚེར་ཆགས་ཉམས་འོད་ཟེར་དམར་པོ་འཕྲོ། །ཕྱག་མཚན་པདྨའི་ལྕགས་ཀྱུ་ཞགས་པ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །དབང་གི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བསྲེག་རྫས་བདེ་ཆེན་བདུད་རྩི་དམར་པོའི་རྒྱུན། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཕུལ་བ་ཡིས། །ཟག་མེད་བདེ་བས་རབ་ཚིམ་རྗེས་ཆགས་གཡོས། །འོད་དམར་ལྕགས་ཀྱུའི་དབྱིབས་ཅན་མཁའ་ཁྱབ་འཕྲོས། །སྔགས་ཀྱི་ཡེ་ཤེས་མཐུ་སྟོབས་ནུས་པའི་རྩལ། །འཁོར་འདས་སྣང་སྲིད་བདག་གི་དབང་འདུས་གྱུར། །ལྷ་སྔགས་ཤམ་དུ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། མཆོག་ཐུན་དངོས་གྲུབ་སྔགས་ཀྱི་ཡེ་ཤེས་ཁམས་གསུམ་སྣང་སྲིད་ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་ཅིག་བ་ཤང་ཀུ་རུ་ཧོཿ ཞེས་དང་། ཨོཾ་ཨཱཿཧཱུྃ་སརྦ་ལོ་ཀ་བ་ཤང་ཀུ་རུ་ཧོཿ ཞེས་པས་ཀྱང་ཇི་ཙམ་ནུས་པ་འབུལ། དབང་དུ་བསྡུ་བྱ་དམིགས་བསལ་ཡོད་ན། དེའི་མིང་གི་མཐར། སྒྲུབ་པ་པོའི་དབང་དུ་སོགས་སྤེལ་ཚིག་སྦྱར་རོ།། ༈ །།བཞི་པ་དྲག་པོ་ནི། བསྲེག་རྫས་སྤྱིར་ཡུངས་དཀར་དུག་ཁྲག་གིས་སྦགས་པ་དང་། བྱེ་བྲག་མངོན་སྤྱོད་གཙོར་བཏོན་པའི་རིགས་ལ་ལིང་ཆུང་ཤ་དུམ་ཁྲག་ཐིག་སྦྱར་བ་བསྡོགས་ལ། ནང་མཆོད་འཐོར། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དམར་ནག་འཚུབས། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །རབ་ཁྲོས་གཏུམ་རྔམས་འོད་ཟེར་མཐིང་ནག་འཁྲུགས། །རལ་གྲི་ཕུར་བུ་ལ་སོགས་མཚོན་ཆ་བསྣམས། །འབར་བའི་ཆས་ལྡན་དམ་ཡེ་དབྱེར་མེད་པ། །དྲག་པོའི་ཕྲིན་ལས་མཛད་ལ་རིངས་པར་བཞུགས། །བསྲེག་རྫས་དགྲ་བགེགས་ཤ་ཁྲག་བདུད་རྩིའི་རྒྱུན། །ཞལ་དུ་ཕུལ་བས་རྔམས་པའི་སྟབས་ཀྱིས་བཞེས། །སྐུ་ལས་མེ་མཚོན་ཁྲོ་ཆུང་ཐོག་རྒོད་འཕྲོས། །བར་གཅོད་བྱེད་པའི་དགྲ་བགེགས་དམ་སྲིའི་ཚོགས། །མིང་ཡང་མེད་པར་རྡུལ་བཞིན་བརླགས་པར་གྱུར། །ལྷ་སྔགས་ཤམ་དུ། སརྦ་ཤ་ཏྲུན་བིགྷྣཱན་ད་ཧ་ད་ཧ་ཧཱུྃ་ཕཊ། སྒྲུབ་པ་པོ་ལ་གནོད་ཅིང་བར་དུ་གཅོད་པའི་དགྲ་བགེགས་ལོག་འདྲེན་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་པས་འབུལ། འདི་ནི་དྲག་པོ་སྤྱི་འགྲོ་ཙམ་ཡིན་ཞིང་སེང་གདོང་མ་དང་ཆོས་སྐྱོང་འགའ་ཞིག་ལ་དམིགས་སུ་བསལ་བ་ཡོད་ཀྱང་འདིར་ཡི་གེས་འཇིགས་ནས་མ་སྤྲོས་སོ། །ཚུལ་མིན་སྤྲོས་པ་རྒྱས་ཀྱང་ངལ་བར་ཟད། །རྣལ་འབྱོར་ལྡན་པས་ཕྱི་ནང་སྲེག་བླུགས་ཀུན། །འདིས་འགྲུབ་ཕྱིར་ན་ལག་ལེན་གསལ་བྱས་པས། །དུས་ཞབས་སྒྲུབ་པོའི་དགའ་སྟོན་བཙས་སུ་ཤོག །ཅེས་པའང་ཉེ་བར་མཁོ་ཞིང་ཁྱེར་བདེའི་ལག་ལེན་མགོ་རྐང་ཚང་བའི་ཡིག་ཆ་ཁུངས་ཐུབ་མ་མཐོང་བས། དགོངས་འདུས་རྣམ་པ་གསུམ་གྱི་དགོངས་པ་གུང་བསྒྲིགས་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ནང་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེ་ཕ་ལམ་གྱི་རྒྱན་ (Volume 19, Text 21)

༄༅། །ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ནང་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེ་ཕ་ལམ་གྱི་རྒྱན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུཿཔ་ཏ་ཡེ། འཆི་མེད་དྭངས་མའི་ལང་ཚོ་རྒྱས་པའི་སྐུ །སོར་རྟོག་ཡེ་ཤེས་བཅུད་དུ་འཁྱིལ་བའི་མཚན། །ཐོས་པས་འཆི་བདག་འཇིགས་པ་འཕྲོག་དེ་ཉིད། །རྡོ་རྗེའི་སློབ་དཔོན་གཟུགས་སུ་བསྟན་ལ་འདུད། །ཡང་ཟབ་ཚེ་ཡི་རིག་འཛིན་མྱུར་སྒྲུབ་ཐབས། །ཕྱིས་དུས་འཆད་དང་ཉམས་ལེན་རྒྱུན་དཀོན་པས། །གསལ་བྱེད་ཚད་མའི་ཡིག་ཆ་མཁའི་པདྨོ། །དེ་ཕྱིར་ལྷན་ཐབས་ལག་ལེན་ཅུང་ཟད་བསྡེབ། །གཞུང་འདིར་རྡོ་རྗེ་ཕྲེང་བར་མཚན་གསོལ་བའི་སྒྲུབ་ཐབས་གསུམ་དུ་བཞུགས་པ་རེ་རེ་བཞིན་རྐང་ཚུགས་པ་རེ་ཡིན་པས་ཕན་ཚུན་མི་ལྟོས་པར་རང་བློ་དང་འཚམ་པར་ཉམས་ལེན་བྱས་པས་དོན་འགྲུབ་པ་ཡིན་ཡང་། ཆོས་འདིའི་གཞུང་ཚུགས་པར་བྱེད་ན་ཕྱི་སྒྲུབ་བདག་བསྐྱེད་ཁོ་ན་ལ་བརྟེན་པ་རྩ་བའི་བསྙེན་པའི་ཚུལ། ནང་སྒྲུབ་བདག་མདུན་དཀྱིལ་འཁོར་ལ་བརྟེན་པ་སྤྲོས་བཅས་སྒྲུབ་པའི་ཚུལ། གསང་སྒྲུབ་སྤྲོས་མེད་རྣལ་འབྱོར་ལ་བརྟེན་པ་རྒྱུན་ཁྱེར་ལས་སྦྱོར་གྱི་ཚུལ་ཡིན་པས་དེ་དག་རིམ་ཅན་དུ་ཉམས་སུ་བླང་དགོས་ཤིང་། དེ་ལ་ཕྱི་སྒྲུབ་གསང་སྒྲུབ་གཉིས་ལ་སྔོན་གཏོར་བགེགས་བསྐྲད་སྐྱབས་སེམས་བསྔོ་སྨོན་སོགས་སྔོན་རྗེས་ཀྱི་ཆོས་སྐབས་སུ་བབས་པ་ཤེས་ན་ཆོས་སྤྱོད་ཡིད་བཞིན་ནོར་བུ་དང་ཐུགས་སྒྲུབ་མཆོད་ཕྲིན་སོགས་ནས་སྦྱོར་ཞིང་། མ་ཤེས་ན་སྤྱི་འགྲོ་བཏང་བ་ཙམ་ལས་དངོས་གཞི་གཏེར་གཞུང་ཁོ་ན་འཕྲི་བསྣན་མེད་པར་ཉམས་སུ་བླངས་པས་འཐུས། ནང་སྒྲུབ་འདི་ཉིད་ལུགས་འདིའི་བསྐྱེད་རིམ་གྱི་རྩ་བ་ཡིན་པ་མ་ཟད་སྒྲུབ་མཆོད་དབང་བསྐུར་རིལ་བུ་སྒྲུབ་པ་སོགས་ཀྱང་འདི་ལ་བསྟེན་དགོས་ཤིང་། དེའང་གཞུང་དུ་བླ་མའམ་གང་རིགས་ཀྱི་ཕྲིན་ལས་གཞུང་བསྲང་བར་གསུངས་པས་འདིར་རཏྣ་རང་གཞུང་ཁོ་ན་ཉུང་གསལ་དུ་བསྡེབ་པར་བྱའོ། །དེ་ལ་གཉིས། ཚེའི་ཕྲིན་ལས་བཤད་པ་དང་། དབང་བསྐུར་བའི་ཆོ་གའོ། །དང་པོ་སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་སྦྱོར་བ་བཀྲ་ཤིས་པའི་གནས་སུ་ཡར་ཚེས་དུས་ཚོད་བཟང་པོ་ལ། དཀྱིལ་འཁོར་ལྟེ་བ་དམར། དེ་རྒྱབ་པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་འདབ་བཞི་གཉིས་རིམ་མཛེས་ཚོན། དེ་རྒྱབ་སྒོ་རྫོགས་དང་ཁོར་ཡུག་ཞི་དཀྱིལ་སྤྱི་འགྲེ་བྱ། མ་འབྱོར་ན་འབྲུ་ཚོམ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་ཉིས་རིམ་དུ་བཀོད་པའི་དབུས་སུ་བུམ་པ་དར་དམར་གྱི་མགུལ་ཆིངས་ཅན་གྱི་ནང་ཉེར་ལྔའི་རྫས་དང་བུ་རམ་དབང་ལག་མར་རྟག་ངུ་ཆོས་སྨན་རྣམས་སྦྱར་བའི་རིལ་བུས་བཀང་བར་གསུངས་ཀྱང་མ་འཛོམ་ན་བུམ་སྨན་དེ་དག་བཏབ་པའི་ཆུས་བཀང་བའི་ཁར། མེ་ལོང་ལ་མཚལ་གྱིས་དབུས་སུ་ཧྲཱིཿ མཐའ་སྐོར་དུ་བསྙེན་སྔགས་བྲིས་པས་བཀབ་པའི་སྟེང་གཟུངས་ཐག་རྡོ་རྗེ་བཞག །དེ་སྟེང་ཁྲིའུ་ལ་ཚེ་འབྲང་བུམ་གཟུགས་མའི་ཁར་ཚེ་དཔག་མེད་ཀྱི་སྐུ་དང་རྨ་བྱའི་མདོངས་ཀྱིས་བརྒྱན་པ་བཞག །མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། དབང་བསྐུར་གྱི་སྐབས་རྡོར་དྲིལ་ལྷན་ཅིག་པ། རྡོ་རྗེ་དྲིལ་བུ་ཐ་དད། དབུ་རྒྱན་རྣམས་ཀྱང་ཕྱོགས་སྤྱི་ལྟར་བཞག །སྔོན་གཏོར། ཚོགས་ཀྱི་ཡོ་བྱད། མདའ་དར་དམར་པོ་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། གཏེར་གཞུང་མཇུག་བསྐྱེད་ཀྱི་བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་གསག་ནི། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་ཏུ་མེད་པ་ལ་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་གཏིབས་པ་ལྟར་གསལ་བར་གྱུར། ཧྲཱི༔ བླ་མ་ཚེ་དཔག་མེད་པ་དང༔ ཚེ་དབང་རིག་འཛིན་ཐོབ་རྣམས་ལ༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་ཐོབ་པར་སེམས་བསྐྱེད་དོ༔ མི་འགྱུར་རྟག་པ་རྡོ་རྗེའི་སྐུ༔ ཚེ་བདག་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་དང་ནི་འདས་པ་ཡི༔ བཅུད་རྣམས་མ་ལུས་མཆོད་པར་འབུལ༔ སྲོག་གཅོད་ལ་སོགས་མི་དགེའི་ལས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ འཆི་མེད་རིག་འཛིན་སྒྲུབ་ལ་སོགས༔ ཚོགས་གཉིས་རྣམས་ལ་ཡི་རང་ངོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚེ་ཡི་བར་ཆད་སེལ་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ་བརྗོད། འབྱུང་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ གཏོར་མ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཐམས་ཅད་ཡེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ༔ གཉིས་འཛིན་རྟོག་པའི་བགེགས་ཚོགས་མི་དམིགས་ཀྱང༔ བྱང་ཆུབ་སྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ བདུད་དང་ལོག་འདྲེན་ཐམས་ཅད་ཕྱིར་དེངས་ཤིག༔ སུཾ་བྷ་ནི་སོགས་ཀྱིས་བསྐྲད། མཚམས་གཅོད་པ་ནི། ཧཱུྃ༔ བདག་ནི་དབང་ཆེན་ཁྲོས་པའི་ཧེ་རུ་ཀ༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་མེ་རི་འབར༔ ཁྲོ་ཆུང་ཡཀྴ་མང་པོ་སྐར་ལྟར་འཁྲུགས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨུ་ཙ་ཏ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། སྤོས་རོལ་དབྱངས་བཅས་མདའ་དར་གཡབ་ལ། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཚེ་ལ་དབང་བའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་མགྱོགས་མ་དང༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ འཁོར་འདས་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་ཀུན་སྡུས་ལ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཚེ་དང་དཔལ་གྱི་འོད་ཟེར་འབར༔ དཀྱིལ་འཁོར་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ལ་དབང་ཆེན་སྐུར༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་གཏོར་བྱིན་རླབས་ནི། ཧཱུྃ༔ སྣོད་བཅུད་ཐམས་ཅད་ཕྱི་ནང་མཆོད་པའི་སྤྲིན༔ སྣང་སྲིད་གཞིར་བཞེངས་མཉམ་རྫོགས་ཆེན་པོའི་ཀློང༔ ཕྱི་ནང་གསང་གསུམ་དཔག་མེད་ཇི་སྙེད་རྣམས༔ དུས་གསུམ་རྒྱལ་བ་མཉེས་པའི་སྤྲིན་དུ་གསལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་བིདྱ་ཤབྡ་སརྦ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ལྷ་བསྐྱེད་པ་ནི། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཚེ་ཡི་བུམ་པ་འཛིན་ལ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཟི་བརྗིད་དང་ལྡན་པར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་རྩ་སྔགས་ཀྱིས་བསྐོར་བ། ཧྲཱིཿལས་འོད་ཟེར་འཕྲོས་ནས་བུམ་པ་ལ་ཕོག །བྷྲཱུྃ་ཞེས་བརྗོད་པས་བུམ་པ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་དང་བཅས་པ་ཕྱི་གསལ་ནང་གསལ་བའི་དབུས་སུ་ཉི་ཟླ་པདྨའི་སྟེང་དུ་་་ཡི་དམ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཆ་ལུགས་དང་ལྡན་པ་འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོ་བ། ཕྱག་ན་ཚེ་ཡི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་པད་སྡོང་གིས་ཁ་བརྒྱན་པ་བསྣམས་པ་ལ་ཡུམ་པདྨ་དབྱིངས་ཕྱུག་མ་རྒྱན་དང་ལྡན་པ་ཕྱག་གཡས་ཚེ་དར་དང་གཡོན་བུམ་པ་འཛིན་པས་འཁྲིལ་བའོ། །དེའི་ཤར་དུ་མི་བསྐྱོད་ཚེ་དཔག་མེད་མཐིང་ག་རྡོ་རྗེ་དང་ཚེ་བུམ་འཛིན་པ་ཡུམ་མཱ་མ་ཀཱི་དང་འཁྲིལ་བ། ལྷོར་རིན་འབྱུང་ཚེ་དཔག་མེད་སེར་པོ་རིན་པོ་ཆེ་དང་ཚེ་བུམ་འཛིན་པ་ཡུམ་སངས་རྒྱས་སྤྱན་མ་དང་འཁྲིལ་བ། ནུབ་ཏུ་རྣམ་སྣང་ཚེ་དཔག་མེད་དཀར་པོ་འཁོར་ལོ་དང་ཚེ་བུམ་བསྣམས་པ་ཡུམ་དབྱིངས་ཕྱུག་མ་དང་འཁྲིལ་བ། བྱང་དུ་དོན་གྲུབ་ཚེ་དཔག་མེད་ལྗང་གུ་རྒྱ་གྲམ་དང་ཚེ་བུམ་བསྣམས་པ་ཡུམ་དམ་ཚིག་སྒྲོལ་མ་དང་འཁྲིལ་བ། ཡུམ་ཐམས་ཅད་ཕྱག་གཡས་ཚེའི་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ། ཐམས་ཅད་ཀྱང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ལཱ་སེ་དཀར་མོ། ལྷོར་མཱ་ལེ་སེར་མོ། ནུབ་ཏུ་གཱི་ཏཱི་དམར་མོ། བྱང་དུ་ནིརྟི་ལྗང་གུ །དེ་རྣམས་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། གཡས་པ་ཐམས་ཅད་ན་ཚེའི་མདའ་དར་དང་། གཡོན་ཐམས་ཅད་ན་ཚེའི་བུམ་པ་བསྣམས་པའོ། །དེའི་ཕྱི་རོལ་དུ་ཚེའི་དབང་སྡུད་ཕྱག་རྒྱའི་ལྷ་མོ་མགྱོགས་མ་བཞི་ནི། ཤར་དུ་དཀར་མོ་ལྕགས་ཀྱུ་མ། ལྷོར་སེར་མོ་ཞགས་པ་མ། ནུབ་ཏུ་དམར་མོ་ལྕགས་སྒྲོག་མ། བྱང་དུ་ལྗང་མོ་དྲིལ་བུ་མ་སྟེ་བཞི་ཀའང་གཡས་ན་རང་རྟགས་དང་ཚེ་མདའ། གཡོན་པས་ཚེ་བུམ་བསྣམས་པ་འཁོར་དུ་སྤྲུལ་པ་ཚེའི་ལྷ་མོ་འབུམ་འབུམ་གྱིས་བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའོ། །དེའི་སྟེང་དུ་ཚེའི་གཏོར་མ་མི་དམིགས་པ་ལས། རྨ་བྱ་བརྒྱད་ཀྱིས་བཏེགས་པའི་པདྨ་འདབ་མ་སྟོང་ལྡན་ཉི་ཟླའི་སྟེང་ན་བླ་མ་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་པདྨ་རཱ་གའི་མདོག་ཅན། ལོངས་སྤྱོད་རྫོགས་སྐུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཉམ་གཞག་སྟེང་ན་ཚེ་བུམ་འཆི་མེད་ཀྱི་བདུད་རྩིས་བཀང་བ་འཛིན་པ། མདུན་ན་ཚེ་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དཀར་དམར་མདངས་དང་ལྡན་པ་གཞོན་ནུ་བཅུ་དྲུག་ལོན་པའི་ཚུལ་གཡས་པས་པདྨ་དང་གཡོན་པས་ཚེ་བུམ་འཛིན་པ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ་ཡབ་དང་འཁྲིལ་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བའོ། །བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྟེང་འོག་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པ་དང་། ཁྱད་པར་དུ་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲང་པར་གྱུར། དེ་ནས་ཚེ་མདའ་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་པ་ནི། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ རིགས་བདག་ཚེ་ཡི་མགོན་པོ་ནི༔ ཚེ་ཡི་ལྷ་མོ་མགྱོགས་མ་དང༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ ཚེ་ཡི་དངོས་གྲུབ་བསྒྲུབ་བྱའི་ཕྱིར༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་བྱོན་ནས་ཀྱང༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དགྱེས་པའི་ཚུལ་དུ་བཞུགས་ནས་ཀྱང༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨཱ་ཡུཿསརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་ལྷན༔ མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ་ཕྱག་འཚལ་བ་ནི། ཧཱུྃ༔ དེང་གི་གནས་མཆོག་དམ་པ་འདིར༔ ཚེ་ཡི་ལྷ་ཚོགས་འཁོར་བཅས་ལ༔ བདག་ཅག་ལུས་ངག་རབ་དད་པས༔ རྟག་པར་རྒྱུན་གྱིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་སྨན་གཏོར་རཀྟ་ལ་སོགས་མཆོད་པ་ནི། ཧཱུྃ༔ ཚེ་ཡི་བདག་པོ་གཙོ་འཁོར་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྦྱོར་སྒྲོལ་ཏན་གཎ་རྨད་དུ་བྱུང༔ ངོ་མཚར་མཆོག་གི་ཨ་མྲྀ་ཏ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དུག་གསུམ་རཀྟ་ཛ་གད་ཆང༔ མཆོད་པའི་བྱེ་བྲག་དཔག་མེད་ནི༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང༔ ནམ་མཁའ་ཁྱབ་པའི་ཕྱག་རྒྱ་བསྒྱུར༔ རྡོ་རྗེ་གླུ་ཡིས་བསྐུལ་ནས་ཀྱང༔ ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ཡུ་ཤེ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ༔ མ་ཧཱ་རཀྟ༔ མ་ཧཱ་མུ་དྲ་ཛྙཱ་ན་སརྦ་པཉྩ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ནམ་མཁའ་མཉམ་པའི་སྐུ་མངའ་བ༔ སྐུ་མཆོག་རྣམ་པར་དག་པའི་སྐུ༔ མཉམ་ཉིད་རྡོ་རྗེའི་སྐུ་ལ་བསྟོད༔ གསུང་མཆོག་རྣམ་པར་དག་པའི་གསུང༔ གསུང་རབ་དམ་པ་སྤྲོས་དང་བྲལ༔ ཡི་གེ་མེད་ཅིང་སྒྲ་སྤངས་པ༔ སྤྲོས་མེད་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་ཉིད་རྣམ་པར་དག་པའི་ཐུགས༔ ཐུགས་མཆོག་རྣམ་པར་རྟོག་པ་སྤངས༔ ཆགས་མེད་ཡེ་ཤེས་མཁྱེན་པ་སྟེ༔ སྟོང་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ རིགས་བཞི་ཡབ་ཡུམ་ལྷ་མོ་བཞི། །མགྱོགས་མ་བཞི་དང་སྤྲུལ་འཁོར་བཅས། །ཚེ་ཡི་དཀྱིལ་འཁོར་ལྷ་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །འདོད་དོན་གསོལ་གདབ་ནི། ཀྱེ༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ རྒྱལ་བའི་དབང་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བདག་ལ་རེ་ས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ལན་གསུམ། ཡེ་ཤེས་པ་རྣམས་ཀྱིས་བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་ཕབ༔ ཡེ་ཤེས་ལྔའི་དབང་བསྐུར་ནས་དམ་ཚིག་ལ་ཡེ་ཤེས་གཉིས་སུ་མེད་པར་ཐིམ༔ ཁྱད་པར་དུ་བླ་མ་ཨོ་རྒྱན་ཆེན་པོ་དང༔ རྩ་བ་དང་བརྒྱུད་པའི་བླ་མ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་ཚེ་དཔག་ཏུ་མེད་པའི་རང་བཞིན་དུ་བྱོན་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་ཕབ༔ ཡེ་ཤེས་ལྔའི་དབང་བསྐུར་ནས་དམ་ཚིག་ལ་ཡེ་ཤེས་གཉིས་སུ་མེད་པར་ཐིམ་པར་གྱུར༔ དེ་ནས་འཛབ་ཀྱི་འཁྲུལ་འཁོར་ནི། བདག་བསྐྱེད་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག༔ ཐུགས་དམ་རྒྱུད་བསྐུལ་བས་ལྷའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཚེའི་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་དུ་འུབ་འུབ་བསྡུས་ནས༔ གཞལ་ཡས་བུམ་པའི་ནང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ཆིལ་གྱིས་འཁྱིལ་བར་གྱུར༔ ཅེས་པའི་དོན་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་བན་དྷི་ཡེ་སྭཱ་ཧཱ༔ ཞེས་བསྙེན་སྒྲུབ་གཅིག་དྲིལ་གྱི་སྔགས་འབྲུ་ཉི་ཤུ་པ་བཟླ། གྲངས་ཚད་ནི་བྱེ་བ་གཅིག་དང་འབུམ་ཕྲག་བདུན་ནོ། །ཐུན་མཚམས་སུ་མདའ་དར་དམར་པོ་གཡབ་ལ་ཚེ་འགུགས་པ་ནི། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སེར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གི་ཏཱི་དམར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིརྟི་ལྗང་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ བྱང་གི་ཕྱོགས་ནས་ཚེ་ཁུག་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ བདེ་ཆེན་རིགས་ཀྱི་ཡུམ་མཆོག་རྣམས༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ལྷ་མོ་མཱ་མ་ཀཱི༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ཡུམ་མཆོག་གོས་དཀར་མོས༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རླུང་གི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ རིགས་ཀྱི་ཡུམ་མཆོག་ཀུན་ཏུ་བཟང༔ ནམ་མཁའི་ཁམས་ཀྱི་བཅུད་སྡུས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རིགས་ཀྱི་ཡུམ་གྱུར་ཁྱེད་རྣམས་ཀྱིས༔ འབྱུང་བའི་ཚེ་སྲོག་བརྟན་པར་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་རྡོ་རྗེ་ཚེ་འགུགས་མ༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ སྐུ་གསུང་ཐུགས་སྤྲུལ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་རིན་ཆེན་ཚེ་འགུགས་མ༔ སེར་མོ་མགྱོགས་མ་ཚེ་ཡི་བུམ་པ་བསྣམས༔ སྐུ་གསུང་ཐུགས་སྤྲུལ་སེར་མོ་མགྱོགས་མ་འབུམ༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་པདྨ་ཚེ་འགུགས་མ༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ སྐུ་གསུང་ཐུགས་སྤྲུལ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ལས་ཀྱི་ཚེ་འགུགས་མ༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ སྐུ་གསུང་ཐུགས་སྤྲུལ་ལྗང་མོ་མགྱོགས་མ་འབུམ༔ ལས་རབ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ རྒྱལ་བ་བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ མགྱོགས་མ་ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ རྣལ་འབྱོར་སྐལ་ལྡན་བདག་ལ་ཚེ་དབང་སྐུར༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ཞིང་བདག་དང་བུམ་པ་ལ་འགུགས་བསྟིམ་དྲག་ཏུ་བྱའོ༔ གལ་ཏེ་བསྙེན་པ་བྱེད་ན་འདིར་ཁ་སྐོང་དབྱངས་གསལ་སོགས་བརྗོད། ཀྱཻ༔ བླ་མ་ཚེ་དཔག་མེད་པ་དགོངས༔ བདག་ནི་ཁྱེད་ལ་རབ་གུས་པས༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་མཆོད་ཚོགས་དང༔ སྣང་སྲིད་སྣོད་བཅུད་མཆོད་པར་འབུལ༔ མི་དགེ་ཉམས་ཆག་ཐམས་ཅད་བཤགས༔ གསང་བ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་མཆོད་བསྟོད་བྱ། འོག་ནས་འབྱུང་བའི་སྨོན་ལམ་ཡང་གདབ་ནས་སྤྱོད་ལམ་ལ་མཇུག་གོ །བསྙེན་པ་དུས་གྲངས་ཐེམས་ནས་ལས་སྦྱོར་གྱི་བསྙེན་པ་འབྲུ་བརྒྱད་པ་ནི། ཨོཾ་ཧཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཞེས་ཁྲི་ཚོ་གཅིག་བཟླའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་སྤྲོ་ན་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱ། སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་མ་འབུལ། ཚོགས་ལ་རོལ་ཞིང་ལྷག་མ་ཆད་བརྟན་རྟ་བྲོ་ཡན་ཚེ་སྒྲུབ་གསང་འདུས་ལས་བྱང་འཆི་མེད་གོ་ཆ་ལྟ་བུ་གང་བདེས་བྱའོ། །དེ་ནས་དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་སངས་རྒྱས་རིན་པོ་ཆེ༔ ཚེ་དཔག་མེད་པ་འགྲོ་བའི་མགོན༔ ཡང་གསང་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ བླ་མེད་མཆོག་གི་རིན་པོ་ཆེ༔ མགོན་པོས་བདག་ལ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ་པས། ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་དང་ཡི་དམ་ཚེ་བདག་རིགས་ལྔ་ཚེའི་ལྷ་མོ་རྣམས་ཀྱི་ཚེའི་བུམ་པ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བབས་པ་དང༔ སྦྱོར་མཚམས་ནས་དྭངས་མ་དཀར་དམར་བབས་པ་གཉིས་དཀར་ན་ར་ར་བབས་པ་རང་གི་སྤྱི་བོ་ནས་མར་བྱུང་བས་ལུས་ཀྱི་གསང་གནས་ནས་སྤྱི་བོའི་བར་དུ་འཆི་མེད་ཀྱི་བདུད་རྩིས་ལྟེམ་གྱིས་གང་བར་བསམ་ཞིང༔ རྩ་སྔགས་ཤམ་བུར། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བརྒྱའམ་ཉེར་གཅིག་བཟླས་ལ་བུམ་པ་སྤྱི་བོར་གཏུགས། དེས་འགྲེས་ཏེ། ཀཱ་ཡའི་མལ་དུ་ཝཱ་ཀ་སྦྱར་ལ་མགྲིན་པ། ཙིཏྟ་སྙིང་ག །སརྦ་ལྟེ་བར་གཏུགས་ལ། ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་རང་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་མཆོག་ཐོབ་པར་གྱུར་ཅེས་མོས་ལ་ངེས་ཤེས་བསྐྱེད་དོ། །ཚེ་གཏོར་དངོས་གྲུབ་ཏུ་རོལ། ཚེ་བུམ་གྱི་བདུད་རྩི་འཐུང་ཞིང་ཚེ་རིལ་ཟོས་ལ། རང་ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དྭངས་མའི་བཅུད་ཐམས་ཅད་སྙིང་གའི་ནྲྀཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་འོད་དང་ལྡན་ཏེ་རྟག་ཅིང་མི་འགྱུར་བ་རྡོ་རྗེའི་སྐུར་གྱུར་པར་མོས་ལ། ཨེ་མ་ཧོ༔ ཚེ་དཔག་མེད་པའི་བྱིན་རླབས་དང༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་མཐུས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང༔ གློ་བུར་དགུ་བཅུ་རྩ་གཅིག་དང༔ དུས་མིན་འཆི་བ་རྣམ་བརྒྱད་སོགས༔ མི་མཐུན་ཚེ་ཡི་བར་གཅོད་རྣམས༔ མ་ལུས་ཞི་ཞིང་ཟློག་པར་མཛོད༔ ཅེས་ལན་བདུན་བརྗོད་དོ། །དེ་ནས་མདུན་བསྐྱེད་དཀྱིལ་འཁོར་ལ་དམིགས་ཏེ་སྔགས་ཙམ་གྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་དང་། ཧྲཱིཿ མ་འབྱོར་ལྷག་ཆད་ཉམས་ཆག་ཀུན། །ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས། །འགལ་རྐྱེན་སྒྲིབ་པར་མ་གྱུར་ཅིག །བྱང་དག་ཚངས་པའི་དངོས་གྲུབ་སྩོལ། །བསྐྱེད་རྫོགས་བསྒྲུབས་པའི་དགེ་བ་རྣམས། །འགྲོ་དོན་སངས་རྒྱས་ཐོབ་ཕྱིར་བསྔོ། །འཁོར་བའི་འཁོར་ལོ་ཞིག་གྱུར་ནས། །མྱ་ངན་འདས་པ་རབ་ཐོབ་ཤོག །བདག་གཞན་ཚེ་དཔལ་ལོངས་སྤྱོད་ཆོས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ནོངས་བཤགས་དང་སྨོན་ལམ་བྱ། རས་བྲིས་ལ་དམིགས་ཏེ་བརྟན་བཞུགས་སྤྱི་མཐུན་བྱ། བདག་བསྐྱེད་འོད་གསལ་དུ་བསྡུས་ཏེ་རྒྱུན་སྤྱོད་ལ་གཞུག་པ་ནི། ཧྲཱི༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་དང་ཐུགས་རྗེའི་སྙིང་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ སྨོན་ལམ་ནི། རིགས་བདག་བདེ་གཤེགས་རིག་འཛིན་གཙོ༔ བརྩེར་དགོངས་ཁྱེད་མཆོད་བྱིན་རླབས་ཀྱིས༔ ནད་གདོན་བར་ཆད་རྐྱེན་ཞི་ནས༔ ཕྱོགས་དུས་ཀུན་ཏུ་བདེ་སྐྱིད་ཅིང༔ བསམ་པ་ཡིད་བཞིན་འགྲུབ་པ་དང༔ མྱུར་དུ་སངས་རྒྱས་ཐོབ་པར་ཤོག༔ ཤིས་པ་བརྗོད་པ་ནི། བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔ བདེ་གཤེགས་ཀུན་འདུས་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བའི་གཤེགས་ཤུལ་མཆོག༔ ལྟ་སྒོམ་སྤྱོད་པའི་བཀྲ་ཤིས་ཤོག༔ ཚེ་ཡི་བར་ཆད་རྐྱེན་བཟློག་ནས༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་མེ་ཏོག་གི་ཆར་བསྙིལ་ལོ། །གཉིས་པ་དབང་གི་ཆོ་ག་ནི། སྦྱོར་དངོས་གོང་དུ་བཀོད་པ་བཞིན་བསྒྲུབས་ལ། འཛབ་ཀྱི་སྐབས་སུ་སྐུལ་ཚིག་ནི། ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་གཞལ་ཡས་ན༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་གེ་སར་སྟེང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་སེར་འོད་ཟེར་འཕྲོ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ འཆི་མེད་བདུད་རྩིའི་བཅུད་བསྡུས་ནས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ དུས་འདིར་སྐལ་ལྡན་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པ་ཙམ་མམ་རྒྱས་པར་སྤྲོ་ན་རིགས་བཞི་དེས་འགྲེས་ཏེ་བསྐུལ་ལ་ཐོག་མར། ཨོཾ་བཛྲ་གུ་རུ་ཨཱ་ཡུ་ཤེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་ཀྱིས་བསྙེན་མཆོད་བྱ། དེ་ནས་ནང་སྒྲུབ་གཞུང་བསྙེན་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་བན་དྷི་ཡེ་སྭཱ་ཧཱ༔ ཞེས་བསྙེན་པའི་དངོས་གཞི་ཡིན་པས་ཅི་འགྲུབ་བྱ། བཟླས་པའི་མཇུག་ཏུ་འཁོར་འདས་ཀྱི་ཚེ་བཅུད་སྒྲུབ་རྫས་ལ་བསྡུས་པར་མོས་ལ་ལས་སྦྱོར་སྔགས་ཀྱང་ཅི་འགྲུབ་བཟླ། ཚེ་འགུགས་གྲུབ་པ་དང་ཚོགས་བྱེད་ན་བསྒྲལ་བསྟབ་གཏེར་སྲུང་གཏོར་འབུལ་ཡན་གྲུབ་ནས། ལས་བུམ་སྒྲུབ་པ་ནི། ལས་བུམ་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གསལ་བར་གྱུར། དེ་ལ་དམིགས་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་དག་བྱེད་ཀྱི་བདུད་རྩི་ནུས་པ་དང་ལྡན་པར་གྱུར། དེ་ནས་བདག་འཇུག་བླང་བ་ནི། དམིགས་མེད་སྟོང་པའི་ངང་ཉིད་ལས༔ རང་སྐད་ཅིག་གིས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་བྱེ་རུ་ལྟ་བུ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཕྱག་མཉམ་གཞག་གི་སྟེང་ན་བུམ་པ་འཛིན་པ༔ དེའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ༔ མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ སྙིང་གར་རྣམ་སྣང་ཡབ་ཡུམ༔ ལྟེ་བར་དོན་ཡོད་གྲུབ་པ་ཡབ་ཡུམ་རྣམས་སྐུ་མདོག་རིགས་ཀྱི་ཁ་དོག་ཅན་ཕྱག་གཡས་ཐམས་ཅད་རང་རྟགས་གཡོན་ཐམས་ཅད་ཚེའི་བུམ་པ་བསྣམས་པ༔ ལྷ་དེ་དག་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པའོ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས། སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་རྡོ་རྗེའི་དྲྭ་བས་ལུས་ཐམས་ཅད་གོ་ལྷུབས་སུ་གཏམས་པར་བསམ༔ བདག་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུ་ནས་ཡེ་ཤེས་སེམས་དཔའ་རྣམས་རང་རང་གི་ཚུལ་དུ་སྤྱན་དྲངས་ཏེ༔ ཡེ་ཤེས་པ་རྣམས་ཀྱི་གནས་གསུམ་ནས་ཡིག་འབྲུ་གསུམ་ལས་འོད་འཕྲོས་ཏེ༔ བདག་དམ་ཚིག་པ་རྣམས་ཀྱི་གནས་གསུམ་དུ་ཐིམ་སྟེ་བདག་ལ་དབང་བཞི་རྫོགས་པར་བསྐུར་ཞིང༔ བདག་དང་ཡེ་ཤེས་པའི་ཡིག་འབྲུའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་མེ་འབར་ནས་ཚེ་དཔག་མེད་ཀྱི་ཚེའི་བུམ་པ་ལས་འཆི་མེད་ཀྱི་བདུད་རྩི་ཁོལ་བས༔ བདག་གི་སྤྱི་བོ་ནས་འཁོར་ལོ་ལྔར་རིམ་གྱིས་ཁེངས་ནས་ཕྱི་ནང་གསང་བའི་དབང་བཞི་རྫོགས་པར་གྱུར་ཏེ༔ ཁྱོད་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་དབང་སྐུར་ཅིག༔ ཅེས་གནང་བ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་བསྐོས་ནས་བདག་དམ་ཚིག་པ་དང་གཉིས་སུ་མེད་པར་ས་བོན་ལ་ཐིམ་པར་བསམ༔ དེ་ནས་ཡབ་ཡུམ་རང་རང་གི་ས་བོན་ལ་རང་རང་གི་སྙིང་པོས་བསྐོར་བར་བསམ་ལ༔ བཟླས་པ་བྱས་པས་དེ་དག་ལས་འོད་འཕྲོས་པས༔ བདག་གཞན་གྱི་སྒྲིབ་པ་ཐམས་ཅད་དག་པར་བསམ་ལ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་ཅི་རིགས་བཟླ། སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་དབང་སྐུར་བར་བསམ་ལ་ཡན་ལག་རྒྱས་བསྡུས་གང་ལྕོགས་བྱ། རྡོར་དྲིལ་ཐོག་ལ། དབང་ཞུ་གོན་ལ། ཧཱུྃ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ རྡོ་རྗེ་འཆང་གིས་དབང་ཡང་བསྐུར༔ ཧཱུྃ༔ ང་ནི་རིགས་ཀྱི་བདག་པོ་སྟེ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ མ་རིག་ལོག་རྟོག་འཁྲུལ་པ་ཡིས༔ འཁོར་བའི་རྒྱ་མཚོར་བྱིང་བ་རྣམས༔ ཐམས་ཅད་བདག་གིས་བསྒྲལ་བར་བྱ༔ མ་གྲོལ་བ་རྣམས་དགྲོལ་བྱ་ཞིང༔ མ་བསྒྲལ་པ་རྣམས་བསྒྲལ་བ་དང༔ དབུགས་མ་ཕྱུང་པ་དབུགས་དབྱུང་བྱ༔ ཧཱུྃ༔ ང་ནི་རྒྱལ་བ་ཀུན་གྱི་སྲས༔ དུས་གསུམ་རྒྱལ་བའི་དབང་ཡང་བསྐུར༔ རང་བྱུང་རིག་པའི་རྩལ་དབང་ཐོབ༔ འགྲོ་བ་འདྲེན་པར་དམ་བཅའ་འོ༔ ཞེས་བརྗོད། བདག་འཇུག་འདི་ཉིད་ཀྱིས་བདག་བསྐྱེད་ཁ་བསྒྱུར་ནས་དབང་བསྐུར་སྤྱི་ལ་སྦྱོར་གནད་གལ་པོ་ཆེར་གདམས་པས་རཏྣའི་གཏེར་ཆོས་རིགས་ལ་སྦྱར་གྲུབ་ན་ཤིན་ཏུ་ལེགས་སོ། །དེ་ནས་སློབ་མ་སྟ་གོན་སྤྲོ་ན་ཚེ་སྒྲུབ་གསང་འདུས་དབང་ཆེན་ལས་འབྱུང་བ་ཉིད་བླངས་ཏེ་སྐབས་འདིར་སྦྱོར་ཆོག་ཀྱང་ད་ལྟ་ཕྱག་ལེན་དཀྱུས་ལ་མི་མཛད་པས་འདིར་མ་བྲིས། སྦྱིན་སྲེག་ཆས་སྟེགས་གྲུ་བཞིའམ་སྣོད་ཡངས་པའི་ནང་དྲི་བཟང་གིས་ཆག་ཆག་གདབ་ལ་རེ་ཁཱ་དཀར་སེར་གྱིས་ལིང་ཚེ་ཕྱོགས་བཞི་དབུས་ལྔར་བཅད་ལ་འབྲུ་ཚོམ་རེ་བཀོད། དབུས་སུ་ཤུག་པས་ཐབ་གྲུ་བཞི་སོགས་བརྒྱད། ཤར་དུ་བ་ལུས་ཟླུམ་པོ། ལྷོར་འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞི། ནུབ་ཏུ་མཛོ་མོ་ཤིང་གིས་ཟླ་གམ། བྱང་དུ་སྐྱེར་ཚེར་གྱིས་གྲུ་གསུམ་དུ་བརྩེག །བསྲེག་རྫས་དབུས་སུ་རིན་པོ་ཆེའི་སྣོད་དུ་དར་རས་སྨན་འབྲུ་རིན་ཆེན་གང་འབྱོར། ཤར་དུ་དངུལ་སྣོད་དུ་འབྲས་དཀར་ཏིལ་དཀར་དཀར་གསུམ། ལྷོར་གསེར་སྣོད་དུ་འབྲུ་སྣ་སྨན་སྣ་མངར་གསུམ་ཞོ་ཟན། ནུབ་ཏུ་ཟངས་སྣོད་དུ་ཤ་ཆེན་དང་ལན་ཚྭ། བྱང་དུ་ལྕགས་སྣོད་དུ་སྲན་མ་དང་ཏིལ་ནག །ཐམས་ཅད་ལ་ཕྱེ་མར་སྦྱར་བ་དང་དཔལ་འབར་རླུང་གཡབ་སོགས་ལྟ་གོན་བྱ། དེ་ནས་དབང་དངོས་ལ་ཐོག་མར་སློབ་མ་རྣམས་ལངས་ལ། ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས་དམར་པོ་བཅིང་། ཁྱེད་རང་རྣམས་ཕོ་བྲང་གི་སྒོ་ནུབ་ཏུ་འཁོད་དེ་གསོལ་བ་གདབ་པར་མོས་ལ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་མཛོད་ཅིག༔ བདག་ཅག་མ་རིག་འཁོར་བར་འཁྱམས༔ ཕྱི་ནང་བར་ཆོད་གདོན་མང་བས༔ རིག་འཛིན་ཚེ་ཡི་དབང་མཆོག་ཞུ༔ འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཞིང༔ ཐར་པའི་ལམ་དུ་གཞུག་ཏུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཁྱེད་ཅག་སུ་ཡིན་དོན་གཉེར་གང༔ རིག་འཛིན་ཚེ་དབང་ཐོབ་འདོད་ན༔ བསྲུང་བྱའི་དམ་ཚིག་ཁས་ལེན་ཅིང༔ ཇི་སྲིད་སྲོག་དང་བསྡོ་བ་ཡི༔ དམ་བཅའ་ཇི་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས༔ རྡོ་རྗེ་སློབ་དཔོན་དགོངས་མཛོད་ཅིག༔ ལྔ་བརྒྱ་སྙིགས་མའི་དུས་འདི་རུ༔ ཚེ་འདི་མི་རྟག་དགྲ་མང་བས༔ བདག་ཅག་འཆི་མེད་རྡོ་རྗེ་ཡི༔ དབང་ཞུ་དམ་ལས་འགལ་མི་བྱེད༔ དཀྱིལ་འཁོར་དལ་དུ་འཇུག་པར་ཞུ༔ ཞེས་བྱའོ༔ རྡོ་རྗེ་སློབ་དཔོན་གྱིས༔ ཨེ་མ་ཁྱེད་རྣམས་སྐལ་པ་བཟང༔ རིག་འཛིན་པདྨ་ཐོད་ཕྲེང་གི༔ ཕྱག་བཞེས་རྡོ་རྗེའི་ཕྲེང་བ་འདི༔ སྐལ་ལྡན་རྣམས་ལ་བདག་གིས་བསྐུར༔ སྤྲོ་དགའ་དང་བཅས་འདི་རུ་ཤོག༔ ཅེས་བྱས་ལ་གྲལ་དུ་འཁོད། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་བསལ། ལས་བྱང་ལྟར་བགེགས་གཏོར་གཏང་ལ་མཚམས་བཅད་སྲུང་འཁོར་བཅས་བྱ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པས་གཡས་སུ་བསྐོར་བ་ལ་མོས་གུས་བྱས་པས་སྔགས་ཕྲེང་དང་སྐུ་ལས་བདུད་རྩིའི་རྒྱུན་ངང་ནར་གྱིས་བབས། ཁྱེད་རང་རྣམས་ཀྱི་ལུས་ཕྱི་ནང་ཐམས་ཅད་བཀྲུས་ཏེ་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་སངས་ཀྱིས་དག་ནས་ལུས་ཤེལ་གོང་དྲི་མ་མེད་པ་ལྟར་གྱུར་པའི་མོས་པ་མཛོད་ལ་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་ཡིག་བརྒྱ་བརྗོད་བཞིན་དུ་སློབ་དཔོན་གྱིས་ལས་བུམ་ཆུས་མེ་ལོང་ངོས་སུ་ཁྲུས་བྱ་ཞིང་ཁ་བཤལ་ཁོང་དུ་བཏང་། སྦྱིན་སྲེག་ཆས་མདུན་དུ་བཞག་ལ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཁུང་ཉིད༔ རིན་ཆེན་གཞལ་ཡས་ཁང་དུ་གྱུར༔ ཨོཾ་ཨགྣེ་ཛྭ་ལ་རཾ༔ ཞེས་མེ་སྤར། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རླུང་གཡབ། ཨོཾ༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་བྱེད་ཅིང༔ སྣང་སྲིད་དབང་དུ་བསྡུ་བ་དང༔ གདུག་པ་སྡེ་བརྒྱད་བསྒྲལ་བའི་ཕྱིར༔ དྲང་སྲོང་ཆེན་པོ་གཤེགས་སུ་གསོལ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ མེ་དང་རླུང་གི་བ་དན་བསྣམས༔ གནས་འདིར་སྤྱན་འདྲེན་བྱོན་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ བསྲེག་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ལས་དང་མཐུན་པའི་སྣོད་རྣམས་སུ་བསྲེག་རྫས་རྣམས་ངོ་བོ་ཟག་མེད་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བརླབས། ཤར་དུ་འབུལ་ལ། ཨོཾ་བཛྲ་ཨགྣ་ཡེ་ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོར་འབུལ་ལ། སྔགས་ཤམ་དུ། ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཏུ་འབུལ་ལ། སྔགས་ཤམ་དུ། ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་དུ་འབུལ་ལ། སྔགས་ཤམ་དུ། དགྲ་བགེགས་དམ་སྲི་མཱ་ར་ཡ་ཕཊ༔ ཅེས་གསུམ་མམ་བདུན་རེ་འབུལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡབ་ཡུམ། དེའི་སྤྱི་བོར་བླ་མ་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ། ཤར་དུ་མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ། ལྷོར་རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ། ནུབ་ཏུ་པདྨ་ཚེ་དཔག་མེད་ཡབ་ཡུམ། བྱང་དུ་ཀརྨ་ཚེ་དཔག་མེད་ཡབ་ཡུམ། དེ་རྣམས་ལ་རང་རང་གི་རིགས་ཀྱི་ལྷ་མོ་མགྱོགས་མ་ཕོ་ཉའི་ཚོགས་རྣམས་ཀྱིས་བསྐོར་བ་སྐད་ཅིག་གིས་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པའི་ཞལ་དུ་བསྲེག་རྫས་བདུད་རྩི་ལྷན་ལྷན་གསོལ་བར་གྱུར། དབུས་སུ་འབུལ་ཏེ། བསྙེན་སྔགས་མཐར། མཆོག་དང་ཐུན་མོང་འཆི་མེད་ཚེའི་དངོས་གྲུབ་སརྦ་སིདྡྷི་ཕ་ལ་ཧོཿ ཤར་སོགས་ལ་བསྙེན་སྔགས་མཐར་ཤམ་བུ་སྔར་བཞིན་བཏགས་ལ་སོ་སོར་བདུན་ནམ་ཉེར་གཅིག་རེ་ཕུལ་ལ། དེ་ལྟར་ཕུལ་བའི་བྱིན་རླབས་ཀྱིས༔ ནད་གདོན་བགེགས་དང་བར་ཆད་ཞི༔ ཚེ་དང་ལོངས་སྤྱོད་རྒྱས་པ་དང༔ སྣང་སྲིད་ཐམས་ཅད་དབང་དུ་འདུས༔ དགྲ་བགེགས་གདུག་པའི་བར་ཆད་ཞི༔ ཡིད་ལ་བསམ་པ་དེ་བཞིན་འགྲུབ༔ དགོས་འདོད་ཆར་ལྟར་དབབ་པ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ། དཀྱིལ་འཁོར་པ་རྣམས་རང་གི་ཐུགས་ཀར་ཐིམ། བཛྲ་མུཿ མེ་ལྷ་རང་གནས་སུ་གཤེགས་པར་གྱུར་པར་མོས་ལ་ཐབ་དང་ཆས་བསྡུ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་ཨོ་རྒྱན་ཚེ་དཔག་མེད་ཉིད་ཀྱིས་བསམ་ཡས་མཆིམས་ཕུར་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་རྫོགས་པ་ཆེན་པོ་ནམ་མཁའ་ཆེ་ཀ་དག་གི་དབང་མོ་ཆེ་མཛད་པའི་དུས་སུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་ཉིད་ལྟ་བུའི་ཚེའི་རིག་འཛིན་འགྲུབ་པའི་ཐབས་དང་རྒྱུ་རྐྱེན་ཞུས་པ་ལ་བརྟེན་ནས། ཆོས་རྒྱལ་ཆེན་པོ་མི་ཡུལ་དུ་དགུང་ལོ་སྟོང་ཕྲག་གསུམ་བཞུགས་པའི་ཆེད་བྲག་དམར་གཡའ་མ་ལུང་དུ་འཆི་མེད་ཚེའི་སྒྲུབ་པ་ཟླ་བ་གཅིག་མཛད་པས་ཚེ་དཔག་མེད་དངོས་སུ་བྱོན་ནས་ལུང་བསྟན། རྒྱལ་པོ་དབང་ཞུར་བྱོན་པ་བདུད་བློན་རྣམས་ཀྱིས་བཤོལ་བཏབ་པས་བཞེད་པ་བཞིན་མ་བྱུང་ཡང་། སླར་རྟེན་འབྲེལ་མཛད་པས་ལོ་སྐོར་གཅིག་གི་སྐུ་ཚེ་བསྲིངས། དེའི་སྐབས་སུ་སྒྲུབ་པ་མཛད་པའི་ཚེ་ཆུ་ཆ་བསྒོས་ཏེ་བྲག་དམར་འཛམ་བུ་དང་ཟུར་མཁར་རྡོའི་མཆོད་རྟེན་སོགས་གཏེར་གནས་དུ་མར་ཚེའི་སྒྲུབ་ཐབས་ཟབ་མོ་རེ་དང་ལྷན་ཅིག་མ་འོངས་པའི་དོན་དུ་སྦ་བར་མཛད། དེའི་ཚེ་ལྷོ་བྲག་མཁར་ཆུར་ཚོགས་ཀྱི་འདུ་བ་ཆེན་པོའི་ཚོགས་དཔོན་དུ་མཁའ་འགྲོ་རླུང་གི་གཤོག་པ་ཅན་དང་སེང་གེའི་གདོང་པ་ཅན་གཉིས་ཀྱིས་སྤྱན་དྲངས་པ་ལྟར་ཨོ་རྒྱན་ཡབ་ཡུམ། ནམ་མཁའི་སྙིང་པོ། ཤེལ་དཀར་བཟའ་རྣམ་པ་བཞི་ཕེབ་པའི་སྐབས་སུ་ཚེ་རྒྱུད་ཏནྟྲ་བྱེ་བའི་རྩ་བ་རྒྱུད་མཆོག་རྡོ་རྗེ་ཕྲེང་བའི་དོན་ཟབ་སྙིང་པོར་དྲིལ་བའི་བསྐྱེད་རྫོགས་མན་ངག་གི་སྐོར་རྣམས་དཔལ་གྱི་ཕུག་རིང་དུ་དཔེ་ཚར་གསུམ་དུ་བཀོད་ནས་མཁར་ཆུ་ལྕགས་ཕུར་ཅན། ངོ་མཚར་ཤེལ་གྱི་ཕུག་པ། མོན་རོང་མཚམས་ཀྱི་གུང་ཐང་མཁར་གསུམ་དུ་སྦ་བར་མཛད་པ་ལས། ཀུན་གྱི་ཡང་ཟབ་འདི་ཉིད་ཆོས་རྒྱལ་རཏྣ་གླིང་པས་རོང་གསུམ་འདུས་པའི་གུང་ཐང་བྲག་དམར་བཙན་མཁར་རི་མོ་ཅན་ནས་སྤྱན་དྲངས་པ་སྟེ། དེ་ཉིད་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ མགོན་པོས་བདག་ཉིད་གཞུག་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ངང་ཚུལ་དྲི་ཞིང་གནང་བ་སྦྱིན་པ་ཡིན་ཏེ། བུ་ཁྱོད་ལེགས་འོང་སྐལ་པ་བཟང༔ ཕྱི་ནང་དབང་གི་རིམ་པ་རྣམས༔ དམ་ཚིག་དག་ལ་གནས་པ་དང༔ སློབ་དཔོན་ཚུལ་ལ་གནས་པ་ན༔ ཁྱེད་རྣམས་བདག་གིས་རྗེས་སུ་བཟུང༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་དམ་ཅན་དང་བཅས་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རྣམ་པར་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། གསག་སྦྱོང་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱའོ་སྙམ་པས་འདིའི་རྗེས་ཟློས། ཧྲཱི༔ བླ་མ་ཚེ་དཔག་མེད་སོགས་ལས་བྱང་ལྟར་ལན་གསུམ། གནས་གསུམ་དུ་རྡོ་རྗེས་རེག་ལ། ཨོཾ་ཨཱཿཧཱུྃ༔ སླར་བདུད་རྩིའི་ཐིག་ལེ་བཀོད་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྨན་རག་ལས་ཆུ་གསུམ་བསྲེས་པའི་དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱིས་དམ་ཚིག་འདས་པ་ན༔ ཁྲོ་བོ་ཡཀྴ་ཞེས་བྱ་བ༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ཁྲག་འཇིབས་ནས་ཀྱང༔ ལས་ཀྱིས་རྡོ་རྗེ་དམྱལ་བར་ལྟུང༔ གལ་ཏེ་དམ་ཚིག་མ་ཉམས་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡང་དག་བྱང་ཆུབ་ཐོབ་པར་འགྱུར༔ དེ་བས་དམ་ལ་མ་འདའ་ཞིག༔ བཛྲ་ས་མ་ཡ་ན་ར་ཀན༔ རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྱོད་ཀྱི་ཧེ་རུ་ཀ་དཔལ་ནི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ང་ཡི་བཀའ་ལས་མི་འདའ་ཞིང༔ ཚུལ་འདི་གཞན་ལ་མ་སྨྲ་ཤིག༔ གལ་ཏེ་གཞན་ལ་སྨྲས་ན་ནི༔ དམ་ཚིག་ཆེན་པོ་ཉམས་པ་དང༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དེ་བས་ཚུལ་འདི་མ་སྨྲ་ཞིག༔ ཅེས་དམ་ལ་བཞག །དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། ཡུམ་པདྨ་དབྱིངས་ཕྱུག་མ་ཚེ་མདའ་དང་ཚེ་བུམ་བསྣམས་པས་འཁྱུད་པ། ལོངས་སྤྱོད་རྫོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འོད་དང་འོད་ཟེར་དཔག་ཏུ་མེད་པའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་ཐུགས་ཀར་ཧྲཱིཿས་མཚན་པ། དེ་དག་དང་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས། ཡེ་ཤེས་པ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ བྱིན་ཆེན་ངོ་མཚར་སོགས་ལས་བྱང་གི་བྱིན་འབེབ་དང་། སྙིང་པོའི་མཇུག་ཏུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །དངོས་གཞི་ཚེའི་བྱིན་རླབས་འབེབས་ཤིང་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རང་སྤྱི་གཙུག་ཉི་ཟླའི་སྟེང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་བྱེ་རུའི་མདོག༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ གནས་གསུམ་ཡིག་འབྲུ་གསུམ་བསྐྱེད་དེ༔ ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་བྱང་སེམས་ཚེ་ལོངས་སྤྱོད༔ མངའ་ཐང་ཁ་རྗེ་བསོད་ནམས་སོགས༔ ཐམས་ཅད་བསྡུས་ནས་བུམ་པར་ཐིམ༔ འཆི་མེད་བུམ་པའི་བདུད་རྩི་ཁོལ༔ ལུད་ནས་བདག་གི་ཚངས་བུག་ནང༔ འོ་རྒྱུན་བཞིན་དུ་ནར་མར་བབས༔ འཆི་མེད་བདུད་རྩིས་ལུས་ཁེངས་བསམ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང༔ ཐིབ་ཐིབ་བྱོན་ནས་བདག་ཉིད་ལ༔ ཚེ་ཡི་དབང་བསྐུར་མཛད་པར་བསམ༔ རང་གི་སྙིང་གར་གཡུང་དྲུང་ཉིད༔ མི་འགྱུར་ལྟེ་བར་ཧཱུྃ་གིས་མཚན༔ རྡོ་རྗེ་རྒྱ་གྲམ་བསྣོལ་བའི་སྟེང༔ ཧཱུྃ་དང་གཡུང་དྲུང་གནས་པར་བསམ༔ སློབ་དཔོན་རྡོར་དྲིལ་དང་བཅས་རྣམ་བུམ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་སེར་ཚེ་བུམ་འཛིན༔ པདྨའི་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་བན་དྷི་ཡེ་སྭཱ་ཧཱ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། འོག་མ་རྣམས་ལའང་སྔགས་འདི་ཉིད་བརྗོད་ལ་འགྲེའོ། །རྡོར་དྲིལ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་རྡོ་རྗེ་བུམ་པ་འཛིན༔ བྱང་ཆུབ་ཆེན་པོའི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ རྡོ་རྗེ་ཐོགས་ཏེ། ཧཱུྃ༔ བཅོམ་ལྡན་མི་བསྐྱོད་ཚེ་དཔག་མེད༔ མཐིང་ནག་རྡོ་རྗེ་བུམ་པ་འཛིན༔ རྡོ་རྗེ་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ པྲོག་ཞུ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ གསེར་དང་ནོར་བུ་ཚེ་བུམ་འཛིན༔ རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ དེ་ནས་དྲིལ་བུ་ཐོགས་ཏེ། ཧཱུྃ༔ དོན་ཡོད་གྲུབ་པ་ཚེ་དཔག་མེད༔ ཕྲིན་ལས་ཀུན་འདུས་སྐུ་མདོག་ལྗང༔ རྒྱ་གྲམ་རྡོ་རྗེ་དྲིལ་བུ་བསྣམས༔ ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ ཕྲིན་ལས་ཚེ་ཡི་དབང་ཐོབ་ཤོག༔ ཅེས་བསྐུར་ཞིང་སྔགས་བརྗོད། དེ་ལྟར་ཚེ་བདག་རིགས་ལྔ་སོ་སོ་ལ་བརྟེན་ནས་རིགས་པའི་དབང་ལྔ་བསྐུར་པས་ཉོན་མོངས་པ་ལྔ་དང་དེའི་སྒོ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། གཞོམ་མེད་སྐུ་ལྔའི་ཚེ་མཆོག་འགྲུབ་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །སླར་རིགས་ལྔ་གཅིག་འདུས་ཀྱི་ངོ་བོ་བུམ་པའི་དབང་བསྐུར་བས་ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་བདག་འཆི་མེད་མགོན་པོ་དང་དབྱེར་མེད་པ་རྡོ་རྗེའི་རིགས་མཆོག་འཛིན་པའི་གོ་འཕང་དུ་མངའ་གསོལ་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྐུ་ལྔའི་བདག༔ བདེ་གཤེགས་རིགས་ལྔ་ཚེ་དཔག་མེད༔ ཀུན་འདུས་ཚེ་ཡི་རྡོ་རྗེ་མཆོག༔ རིགས་བདག་ལྔ་ཡི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་བྷྲཱུྃ་ཏྲཱཾ་ཧྲཱིཿསརྦ་ཨཱ་ཡུཿསིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཡུམ་ལྔའི་ངོ་བོ་ཚེའི་འབྲང་རྒྱས་ཀྱིས་དབང་བསྐུར་བས་ཁམས་ལྔའི་བཅུད་ཀྱི་དྭངས་མ་རྒྱས། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་སོར་ཆུད། འབྱུང་བ་ལྔ་སྒྲིབ་བྲལ་ཡུམ་ལྔའི་རང་བཞིན་དུ་བྱང་ཆུབ་པའི་མོས་པ་མཛོད། ཟན་བུམ་ཐོགས་ལ། ཧཱུྃ༔ འབྱུང་བ་ལྔ་ཉིད་སྐུ་ལྔའི་བདག༔ མི་འགྱུར་གཡུང་དྲུང་ལྷ་མོ་ནི༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཐམས་ཅད་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བཀྲ་ཤིས་བུམ་པའི་ཚེ་ཐོགས་ལ༔ ནམ་མཁའ་དབྱིངས་དང་སངས་རྒྱས་སྤྱན༔ མཱ་མ་གོས་དཀར་དམ་ཚིག་སྒྲོལ༔ དེ་བཞིན་ཚེ་བདག་ཡུམ་ལྔ་ཡི༔ ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་བྱིན་ལ། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་པའི་བཅུད་ལེན་གྱི་རིལ་བུ་དང༔ འཆི་མེད་བདུད་རྩི་ལ་རོལ་པས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་སྙིགས་མའི་ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་ལུས་སུ་གྱུར་པར་མོས༔ ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་གནས༔ དམ་རྫས་ཚེ་ཡི་རིལ་བུ་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་བསྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམ༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཅེས་དྲངས་ཚེ་ཆང་བྱིན་ལ། ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་གནས༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་བསྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམ༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཅེས་རིམ་པར་དྲང་ངོ་། །དེ་ནས་ལས་བྱང་ལྟར། ཁྱེད་རང་གི་ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་སོགས་སྨོན་ལམ་དང་བཅས་པའང་བརྗོད་ལ། མཐའ་རྟེན་དུ་སྤྲོ་ན་བཀྲ་ཤིས་རྫས་བརྒྱད་སོགས་སྤྱི་ལྟར་སྦྱོར་ཆོག །གང་ལྟར་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་ཨོ་རྒྱན་ཚེ་དཔག་མེད་ཀྱི་ཐུགས་བཅུད་ཟབ་ཅིང་བྱིན་རླབས་ཆེན་པོ་དང་ལྡན་པ་རྡོ་རྗེ་ཕྲེང་བའི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས། དེའི་དམ་ཚིག་ཏུ། རྩ་བ་རྡོ་རྗེའི་གསུང་ལས། རྗེས་ཀྱི་དམ་ཚིག་བསླབ་བྱ་ནི༔ རྒྱས་པར་སྤྱི་དང་མཐུན་པ་ལས༔ སྒོས་ནི་རྐུ་འཕྲོག་གསོད་གཅོད་རྡེག༔ དེས་གོས་ཉེ་བའི་ཕྱོགས་རྣམས་སྤང༔ སྲོག་འདོན་སྦྱིན་གཏོང་དགེ་སེམས་ཀྱིས༔ སཱཙྪ་གདབ་དང་མཆོད་རྟེན་བཞེངས༔ བསོད་ནམས་ལམ་བཅོས་ཟམ་པ་གསོ༔ གཉིས་པ་གསང་ལམ་འདི་བཞིན་བཅད༔ སྙིང་པོ་སྔགས་དང་ཕྱག་མཚན་སོགས༔ གཞན་ལ་མཆུ་སྒོར་དབྱུང་མི་བྱ༔ བླ་མ་ལ་མོས་མཆེད་ལ་གདུང༔ རང་མ་ཁྲེལ་བ་དམ་ཚིག་ཡིན༔ ཞེས་གདམས་པར་མཛད་པའི་དོན་རྣམས་ཉམས་འོག་ཏུ་ཆུད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་འབུལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་གོང་དུ་མ་གྲུབ་ན་བཀའ་སྲུང་གཏོར་མ་གཏང་ཞིང་། སླར་ལས་བྱང་ངམ་ཚེ་བསྙེན་བཟླས་པས་ནུས་པ་གསོས་ལ་དངོས་གྲུབ་བླང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་ལྟར་བྱའོ། །སྲོག་ལས་གཅེས་པའི་ནོར་མཆོག་ནི། །འཁོར་བའི་གནས་འདིར་ཡོད་པ་མིན། །དེ་ཉིད་རྟག་ཅིང་བརྟན་པའི་ཐབས། །ཆེས་ཟབ་འདི་ཉིད་དང་དུ་ལོངས། །དུས་མིན་འཆི་བའི་འཕྲང་ལས་ཐར། །ཚེ་དང་སྒྲུབ་པ་མཉམ་པ་ཡིས། །ལམ་བཟང་མཐར་ཕྱིན་འཆི་མེད་མགོན། །མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་པའི་འདུན་སེམས་ཀྱིས་དྲངས། རང་འདྲའི་བློ་དམན་གྱིས་བྱུང་རྒྱལ་དུ་མི་སྤྱོད་པའི་ཆེད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཐུགས་དམ་ལྷ་ཁང་འཆི་མེད་དགའ་བའི་ཚལ་དུ་ཉི་མ་བྱང་བགྲོད་ཀྱི་ཐོག་མའི་དཀར་ཚེས་རྒྱལ་བ་གསུམ་པ་འཆི་མེད་གྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་བཟང་པོར་གྲུབ་པར་སྦྱར་བ་དགེ་ལེགས་འཕེལ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་སྒྱུ་འཕྲུལ་འདུས་པའི་ཕྱག་འཚལ་ (Volume 59, Text 21)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་སྒྱུ་འཕྲུལ་འདུས་པའི་ཕྱག་འཚལ་བཞུགས་སོ༔ ྈྈ རྒྱལ་བ་སྲས་དང་བཅས་ལ་འདུད༔ སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་ལ༔ ཐལ་སྦྱར་སྤྱི་བོས་འདུད་པ་ཡིས༔ ཕྱག་འཚལ་སྡིག་པ་ཐམས་ཅད་བྱང༔ ཨེ་མ་ཧོ༔ རྒྱལ་བ་སྲས་དང་བཅས་པ་འདུས་པའི་སྐུ༔ གསུང་རབ་ཡོངས་སུ་རྫོགས་པ་མངའ་བའི་གསུང༔ ཡེ་ཤེས་ཀློང་དུ་གཅིག་པ་རྡོ་རྗེའི་ཐུགས༔ རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ༔ ཀུན་ཏུ་བཟང་ནས་དྲིན་ཆེན་བླ་མའི་བར༔ དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི༔ དབང་སྒྲུབ་བཤད་པའི་ཆུ་བོ་འཛིན་མཛད་པའི༔ རིག་འཛིན་རྩལ་འཆང་རྣམས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་དྲི་མེད་མཁའ་ལྟར་དག་པ་ལ༔ ལོངས་སྐུ་མ་འགགས་འོད་ལྟར་སོ་སོར་གསལ༔ ཡེ་ཤེས་ལྔ་ཡི་རོལ་པར་ལྷུན་གྱིས་གྲུབ༔ ཞི་བ་རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ༔ མ་རུངས་གདུག་པ་ཐབས་ཀྱིས་འདུལ་བའི་ཕྱིར༔ དཔལ་ཆེན་རོལ་པ་ཚད་མེད་འབར་བའི་སྐུ༔ ལོག་ལྟ་བདུད་དཔུང་ཟིལ་གྱིས་གནོན་མཛད་པའི༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་ཉིད༔ མ་ལུས་འདུས་པའི་བདག་ཉིད་དཀྱིལ་འཁོར་གཙོ༔ ཉི་མའི་དཀྱིལ་འཁོར་འོད་སྟོང་འབར་བ་ཡི༔ མཚན་དང་དཔེ་བྱད་འབར་བའི་སྐུར་རྫོགས་པ༔ ཡེ་ཤེས་རལ་གྲི་ཤེས་རབ་གླེགས་བམ་འཛིན༔ སྟོང་ཉིད་གཞུ་ལ་ཐབས་ཀྱི་མདའ་བཀང་ནས༔ མ་རིག་མུན་པ་ཡེ་ཤེས་སྒྲོན་མེས་བསལ༔ འཇམ་དཔལ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ རྒྱལ་ཀུན་གསུང་གི་དབྱིངས་ལས་ལེགས་འཁྲུངས་པ༔ གསེར་གྱི་མདོག་ཅན་མཛེས་པའི་ཚུལ་འཆང་བ༔ གསང་བ་སྔགས་ཀྱི་སྒྲ་སྒྲོག་པི་ཝང་འཛིན༔ དབྱིངས་ཕྱུག་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ༔ རྒྱལ་ཀུན་སྐུ་ཡི་བདག་ཉིད་གངས་རིའི་མདོག༔ བྱང་ཆུབ་མྱུ་གུ་སྨིན་མཛད་རིན་ཆེན་འཛིན༔ དངོས་གྲུབ་འདོད་རྒུ་ཡིད་བཞིན་སྩོལ་མཛད་པའི༔ ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ཐུགས་རྗེའི་གཏེར་མངའ་དུང་གི་མདོག་དང་མཚུངས༔ ཉོན་མོངས་གཅོད་ཅིང་ཡེ་ཤེས་སྤེལ་བ་ཡི༔ གསེར་གྱི་འཁོར་ལོ་རྩིབས་སྟོང་འོད་འབར་བསྣམས༔ གཟུགས་མ་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ༔ རྒྱལ་བ་ཀུན་གྱི་ཡོན་ཏན་མ་ལུས་འཛིན༔ གུར་གུམ་མདོག་ཅན་ལང་ཚོ་རྫོགས་པའི་སྐུ༔ ཉོན་མོངས་གདུང་བ་སེལ་བའི་ཀླུ་ཤིང་འཛིན༔ རྒྱལ་ཚབ་བྱམས་པ་མགོན་པོར་ཕྱག་འཚལ་ལོ༔ མ་ལུས་འགྲོ་བ་སྒྲོལ་བའི་མཐུ་མངའ་མ༔ འཆི་མེད་དངོས་གྲུབ་སྟེར་བའི་བུམ་པ་བསྣམས༔ ཅིར་ཡང་སྣང་བ་བཻ་ཌཱུརྻ་ཡི་མདོག༔ ཡིད་བཞིན་ཚེ་འཕེལ་མ་ལ་ཕྱག་འཚལ་ལོ༔ རྒྱལ་ཀུན་གསུང་གི་མངའ་བདག་སྙིང་རྗེའི་གཏེར༔ པདྨ་རཱ་གའི་ལྷུན་པོ་འོད་འབར་བ༔ ཆགས་མེད་འགྲོ་དོན་མཛད་པའི་པདྨ་འཛིན༔ གར་དབང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ པདྨའི་མདངས་ལྡན་རྒྱལ་ཀུན་གསང་བའི་ཡུམ༔ བདེ་བ་ཆེན་པོའི་ཡེ་ཤེས་པདྨ་འཛིན༔ ཁམས་གསུམ་དབང་སྡུད་འགྲོ་དོན་མཐར་ཕྱིན་མ༔ གསང་བ་ཡེ་ཤེས་མ་ལ་ཕྱག་འཚལ་ལོ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་རོལ་པའི་ཐབས༔ ཨིནྡྲ་ནཱི་ལའི་ལྷུན་པོར་ཉི་འོད་འབར༔ རྡོ་རྗེ་ཐེག་པའི་གསང་བ་ཀུན་འཛིན་པའི༔ ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ རྒྱལ་བའི་ཡུམ་གྱུར་མཁའ་འགྲོ་ཀུན་གྱི་གཙོ༔ ནམ་མཁའི་མདོག་ཅན་ཐམས་ཅད་ཡུམ་གྱི་ངང༔ སྐྱེ་ཤི་རྩད་གཅོད་གྲི་གུག་འབར་བ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ༔ ཉོན་མོངས་བདུད་དགྲ་བདུད་འདུལ་བཅོམ་ལྡན་འདས༔ དམར་མཐིང་སྨུག་ནག་འཇིགས་སུ་རུང་བའི་སྐུ༔ སྒྲོལ་བའི་ལས་དང་མཐུ་མངའ་ཁྲོ་བོའི་རྒྱལ༔ གཤིན་རྗེ་མི་གཡོ་བ་དང་རྟ་སྐད་བཞད༔ བདུད་རྩི་འཁྱིལ་བ་རྣམས་ལ་ཕྱག་འཚལ་ལོ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡིས༔ བདུད་བཞི་འགུགས་འཆིང་སྡོམ་མྱོས་ལས་ལ་བསྔགས༔ ཚད་མེད་བཞི་ལྡན་མཐའ་བཞིའི་དམག་དཔུང་འཇོམས༔ བདེ་ཆེན་འདོད་རྒུའི་གར་བསྒྱུར་འཕྲུལ་མོ་ཆེ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་འགྲོ་འབར་བའི་ཚོགས་ལ་ཕྱག་འཚལ་ལོ༔ དུས་གསུམ་བདེ་གཤེགས་རྣམས་ལ་ཕྱག་འཚལ་ལོ༔ ས་བཅུའི་དབང་ཕྱུག་རྣམས་ལ་ཕྱགྎ རིག་འཛིན་བླ་མ་རྣམས་ལ་ཕྱགྎ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱགྎ དཔའ་བོ་མཁའ་འགྲོ་རྣམས་ལ་ཕྱགྎ དམ་ཅན་ཆོས་སྲུང་ཚོགས་ལ་ཕྱགྎ སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱགྎ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱགྎ འགྲོ་འདུལ་སྤྲུལ་པའི་སྐུ་ལ་ཕྱགྎ དབྱེར་མེད་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་པས༔ ཐོག་མ་མེད་ནས་བསགས་པའི་སྡིག་སྒྲིབ་རྣམས༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་མཐུས༔ ད་ལྟ་ཉིད་དུ་བྱང་ཞིང་དག་པར་མཛོད༔ དེ་ལྟར་སྒྱུ་འཕྲུལ་ལྷ་རྣམས་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་མ་ལུས་བྱང་བ་དང༔ དངོས་གྲུབ་ཐམས་ཅད་ངེས་པར་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ྀཨཚ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། རང་གནས་བསམ་གཏན་གྱི་ཁང་བུ་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་ལས་བྱང་བཀླག་ཆོག་ཏུ་བསྡེབས་པ་བྱིན་རླབས་བཅུད་འདྲེན་ (Volume 29, Text 21)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་ལས་བྱང་བཀླག་ཆོག་ཏུ་བསྡེབས་པ་བྱིན་རླབས་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་ར་བེ། བྱིན་རླབས་བདུད་རྩིའི་འོད་དཀར་གྱིས། །སྲིད་གསུམ་སྙིང་གི་མུན་བསལ་ནས། །རྣམ་གྲོལ་སྲོག་ཟུངས་བརྟན་མཛད་པ། །ཡེ་ཤེས་སྐུ་ཅན་བླ་མར་འདུད། །ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི།བི་མ་མུ་ཏྲའི་བླ་སྒྲུབ་ཀྱི་ཕྲིན་ལས་གཏང་བ་ལ་གསུམ། སྦྱོར་དངོས་རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། རང་དོན་བསྙེན་པའི་རྣལ་འབྱོར་དང་ཚོགས་མཆོད་ཙམ་ལ་རྟེན་ཇི་ལྟར་འབྱོར་པའི་མདུན་དུ་སྟེགས་བུའི་ཁར་སྨན་རཀ་གཏོར་གསུམ་དང་། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། དཀར་བགེགས། སྲུང་མའི་གཏོར་འབུལ། ཚོགས་རྫས་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཉེར་སྡོག་བྱས་པས་ཆོག །ཚེ་སྒྲུབ་སྦྲེལ་ན་ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར་རྣམས་བཀོད། མདུན་བསྐྱེད་དང་འབྲེལ་བའི་དབང་བསྐུར། སྨན་སྒྲུབ། སྐོང་ཆོག་སོགས་ལ་སོ་སོ་ནས་བཤད་པའི་དཀྱིལ་འཁོར་དང་རྟེན་རྣམས་ཚོགས་པར་བྱའོ། །ཕྲིན་ལས་ཀྱི་སྔོན་འགྲོ་ལ། ཐོག་མར་ཚིག་བདུན་སོགས་གསོལ་འདེབས་བྱ། དཀར་གཏོར་བཤམས་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། སྡྱཱ་ན་པ་ཏཱི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་གྱིས་བསྔོ། ཧཱུྃ༔ ས་བདག་ལྷ་ཀླུ་འབྱུང་པོའི་ཚོགས༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ ས་འདི་བདག་ལ་བསྩལ་ནས་ཀྱང༔ དགེ་ཞིང་བཀྲ་ཤིས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ ཞེས་ཕྲིན་ལས་བཅོལ་ལ་གཤེགས། སྐྱབས་སུ་འགྲོ་བ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི་སྣང་བས། བླ་མ་རིག་འཛིན་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། སེམས་བསྐྱེད་པའི་དོན་དུ་ཚོགས་གསག་པ་ནི། བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རངས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ཀུན་རྫོབ་སེམས་བསྐྱེད་ནི། ཧོ༔ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། དོན་དམ་སེམས་བསྐྱེད་ནི། ཨ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་རྣམས་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། བགེགས་བསྐྲད་པ་ནི། གཏོར་མ་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བརླབ། སརྦ་བྷཱུཏ་ཨ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་འདིར༔ བར་དུ་གཅོད་པའི་གདོན་བགེགས་ཀུན༔ གཏོར་མ་འདི་ལོངས་གཞན་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཞེས་བཀའ་བསྒོ །སུམྦྷ་ནིའི་དྲག་སྔགས་བརྗོད། ཡུངས་ཐུན་གུ་གུལ་དུད་པ་རོལ་མོའི་ཚམ་རྔམ་གྱིས་བསྐྲད། སྲུང་འཁོར་ནི། ཧཱུྃ༔ དབྱིངས་སྣང་གདལ་བ་ཆེན་པོའི་ཞིང༔ རིག་པ་རྡོ་རྗེ་སྲུང་བའི་གུར༔ དབྱེར་མེད་ལྷ་སྔགས་ཆོས་སྐུའི་ཀློང༔ གློ་བུར་འཁྲུལ་རྟོག་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ བྱིན་འབེབ་ནི། སྤོས་དུད་རོལ་མོ་དབྱངས་བཅས་དགོངས་པའི་གདིང་བསྐྱེད་ལ། ཧཱུྃ༔ ནང་གསལ་གཞོན་ནུ་བུམ་སྐུའི་དབྱིངས༔ རིག་པ་རང་ཤར་རྩ་གསུམ་ལྷས༔ སྣོད་བཅུད་རྒྱུད་རྣམས་གདོད་མ་ནས༔ གཉིས་མེད་མཉམ་པའི་བྱིན་ཆེན་ཕོབ༔ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་བརླབ་པ་ནི། ཨ༔ འོད་གསལ་དབྱིངས་ལས་རིག་པའི་རྩལ༔ ལྷུན་གྲུབ་ཆེན་པོར་བྱིན་བརླབས་པས༔ སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མ་ཧཱ་སུ་ཁ་ས་མ་ཡེ་ཧཱུྃ། བཛྲ་ཛྙཱ་ན་སྥ་ར་ཎ་ཁཾ༔ གཉིས་པ་དངོས་གཞིའི་རིམ་པ་ལ། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨ༔ དེ་བཞིན་ཉིད་དབྱིངས་གདོད་མའི་མགོན༔ ཀུན་སྣང་བདེ་ཆེན་རྡོ་རྗེ་སེམས༔ དབྱེར་མེད་སྤྲུལ་པའི་ཡེ་ཤེས་རྒྱུ༔ ཨཿཡིག་དཀར་པོ་འོད་འབར་བ༔ གཞི་གྲོལ་རིག་པའི་ཀློང་ནས་ཤར༔ གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྐུ་དང་ཞིང་ཁམས་འབྱམས་ཀླས་པའི༔ བཀོད་པ་ཆེན་པོའི་དཀྱིལ་འཁོར་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་རིག་འཛིན་བི་མ་ལ༔ དཀར་ལྗང་མཚན་དཔེའི་འོད་ཕུང་འབར༔ གཞོན་ཚུལ་གཟི་བརྗིད་མཚུངས་པ་མེད༔ སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ དར་སྔོན་སྟོད་གཡོགས་སྨད་ཤམ་དང༔ ཆོས་གོས་ངུར་སྨྲིག་མཛེས་པར་བཀླུབས༔ དབུ་ལ་པཎ་ཞྭ་དམར་པོ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཤངས་རྩེར་སྐྱེ་མེད་ཨ་ཡིག་དཀར༔ འོད་ཟེར་ཕུང་པོར་འབར་བ་ལས༔ ཡེ་ཤེས་རླུང་ལྔའི་སྤྲོ་བསྡུ་ཡིས༔ གཟུང་འཛིན་འཁྲུལ་པའི་ཞེན་རྟོག་སྦྱངས༔ སྨིན་མཚམས་བདེ་ཆེན་བྱང་ཆུབ་སེམས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ ཡེ་ཤེས་ལུས་ཅན་ཤྲཱི་སིཾ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཉམས༔ ཕྱག་གཡས་སྡིག་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ པད་ཉི་ཟླ་བའི་གདན་ལ་འགྱིང༔ ཐུགས་ཀར་འོད་ལྔའི་དྲྭ་བའི་དབུས༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕྱང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཞན་ཡང་རྡོ་རྗེ་ལུས་ཀྱི་གྲོང༔ གདོད་ནས་ལྷུན་གྲུབ་དེ་བཞིན་གཤེགས༔ མ་བསྐྱེད་ཡེ་རྫོགས་གཉུག་མའི་ལྷ༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོས༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ གོང་འཕེལ་དབྱིངས་ལས་རིག་པའི་ལྷ༔ ཚད་ཕེབས་ཆེན་པོར་འབྱམས་ཀླས་པ༔ ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ བྱིན་རླབས་དབང་བསྐུར་ནི། ཨ༔ རྩ་རླུང་ཐིག་ལེའི་རྟོག་ཚོགས་ཀུན༔ རྡོ་རྗེ་གསུམ་དུ་རྒྱས་གདབ་ཅིང༔ འོད་ལྔ་རྣམ་པར་དག་པའི་སྐུ༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབ་ལ༔ འཁྲུལ་པ་དག་པའི་དབང་མཆོག་སྐུར༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ ལྷུན་གྲུབ་བླ་མ་གཤེགས༴ རིག་རྩལ་ཆེན་པོར་བྱིན་ཕོབ་ལ༔ ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔ དབྱེར་མེད་བླ་མ་གཤེགས༴ སྣང་སྲིད་གཞིར་བཞེངས་བྱིན་ཕོབ་ལ༔ འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ རིག་འཛིན་བླ་མ་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ མ་ཧཱ་ཀ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་མེད་བསྟིམ་པ་ནི། ཨ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ རིག་རྩལ་ལས་བྱུང་དམ་ཚིག་གི༔ ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོ་འདིར༔ བྱང་ཆུབ་བར་དུ་བརྟན་པར་བཞུགས༔ ཛྙཱ་ན་ཏིཥྛ་ཨ༔ ཕྱག་འཚལ་བ་ནི། ཨ༔ ནང་གསལ་གཞོན་ནུ་བུམ་སྐུ་ལས༔ རིག་པ་མི་འགྱུར་དཀྱིལ་འཁོར་ཤར༔ རང་ངོ་ཤེས་པའི་བརྡ་ཡི་ཕྱག༔ བླང་དོར་མེད་པའི་ངང་དུ་འཚལ༔ ཨ་ལ་ལ་ཧོ༔ མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི། ཨ༔ ཡུལ་དང་དབང་པོའི་རྟོག་ཚོགས་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ རིག་པ་རང་སྣང་རྣམ་འཕྲུལ་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་སྟེ་འབུལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོ༔ ནང་མཆོད་ནི། ཨ༔ སྣང་སྲིད་ཐམས་ཅད་ཀློང་ལྔའི་དབྱིངས༔ ཡེ་ཤེས་རང་གསལ་འདོད་ཡོན་ཚོགས༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ གསལ་སྟོང་འདུས་མ་བྱས་པར་བཞེས༔ ཨོཾ་ཨཱཿཧཱུྃ༔ གསང་མཆོད་ནི། ཨ༔ ཀ་དག་ངང་དུ་ཆོས་ཀུན་སྦྱོར༔ ལྷུན་གྲུབ་རིག་པས་གཟུང་འཛིན་བསྒྲལ༔ ཟུང་འཇུག་འོད་གསལ་རྫོགས་པ་ཆེ༔ སྤངས་བླང་གསལ་བཞག་བྲལ་བར་མཆོད༔ ཨ་ཨ༔ བསྟོད་པའི་རྡོ་རྗེའི་གླུ་ནི། ཨོཾ༔ བརྟན་གཡོའི་གཟུགས་རྣམས་ཐམས་ཅད་ཀུན༔ སྣང་སྟོང་འདུས་མ་བྱས་པར་ཐིམ༔ ཟག་པ་ཟད་པའི་འོད་ཀྱི་ལུས༔ ཕྱག་འཚལ་ཡེ་ཤེས་སྐུ་མཆོག་ལ༔ ཨཱ༔ ཕྱི་ནང་སྒྲ་སྐད་ཇི་སྙེད་པ༔ གྲགས་སྟོང་འགྲོ་འོང་བྲལ་བར་ཐིམ༔ འབྱུང་བ་རང་དེངས་གཞོམ་མེད་སྐད༔ ཕྱག་འཚལ་རྡོ་རྗེའི་གསུང་མཆོག་ལ༔ ཧཱུྃ༔ གློ་བུར་གཟུང་འཛིན་རྟོག་པའི་ཚོགས༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ དྲན་པ་རང་གྲོལ་གཉུག་མའི་ཡིད༔ ཕྱག་འཚལ་གདོད་མའི་གནས་ལུགས་ལའོ༔ དེ་ནས་ཛཔ྄་ཀྱི་དགོངས་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ནི་མ་བཅོས་ཆོས་ཀྱི་དབྱིངས༔ ཨཱཿཡིག་འོད་གསལ་རྫོགས་པའི་སྐུ༔ ཧཱུྃ་ལས་སྤྲུལ་པའི་ཆོ་འཕྲུལ་ནི༔ བཛྲ་འཇིགས་མེད་ཤྲཱི་སིང༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བི་མ་མུ་དྲ་བྱང་ཆུབ་སེམས༔ ཕྱག་རྒྱ་རྒྱ་ཆེན་རོལ་པར་བཞེངས༔ སརྦ་སིདྡྷི་དངོས་གྲུབ་དབྱིག༔ ཧཱུྃ་ཡིག་མ་བཅོས་ཐིག་ལེར་འཁྱིལ༔ རང་བྱུང་འོད་ལྔའི་འཕྲོ་འདུ་ཡིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྗེའི་བྱིན་རླབས་བདག་ལ་ཐིམ༔ ཕྱི་སྣོད་འབྱུང་བའི་ཞེན་རྟོག་སྦྱངས༔ ནང་བཅུད་ལྷ་སྔགས་ཆོས་སྐུར་རྫོགས༔ ཐམས་ཅད་ཀ་དག་གཏིང་གསལ་དབྱིངས༔ རླུང་རིག་དབྱེར་མེད་ངང་ནས་བཟླ༔ ཞེས་པའི་དགོངས་པ་དང་མ་བྲལ་བར་གོང་གི་སྙིང་པོ་ཉིད་བཟླ། དུས་ཀྱི་གྲངས་བདུན་ཕྲག་གསུམ་དུ་གསུངས། བཟླས་པའི་མཐར་ཁ་སྐོང་མཆོད་བསྟོད་སྤྱི་ལྟར་བྱའོ། །སྐབས་འདིར་ཚེ་སྒྲུབ་སྦྱོར་ན། རྩ་བའི་དམིགས་བཟླས་ཅི་རིགས་སོང་རྗེས། ཧྲཱི༔ འཆི་མེད་རིག་འཛིན་བི་མ་ལའི༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ མཚོ་སྐྱེས་རྡོ་རྗེའི་ཐུགས་དབུས་སུ༔ སྣ་ཚོགས་རྡོ་རྗེའི་གདན་གྱི་སྟེང༔ ཐིག་ལེ་ཉི་ཟླ་ཁ་སྦྱོར་དབུས༔ རླུང་སེམས་དབྱེར་མེད་རྟེན་གྱི་ཧྲཱི༔ ཐ་མར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ བསྐུལ་ཞིང་བཟླས་པའི་འོད་ཟེར་དང༔ ལྷ་མོ་མགྱོགས་མའི་ཚོགས་བཅས་སྤྲོས༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཁྱབ༔ རང་གི་བླ་ཚེ་ཆད་ཡར་དང༔ འབྱུང་ལྔ་འཇིག་རྟེན་དྭངས་མའི་བཅུད༔ ཡེ་ཤེས་ཆེན་པོའི་གཟི་བྱིན་དབྱིག༔ འཆི་མེད་བདུད་རྩིའི་རྣམ་པར་བསྡུས༔ སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ རྡོ་རྗེའི་ཚེ་དང་ལང་ཚོ་ཡི༔ ཡེ་ཤེས་ནུས་སྟོབས་རྒྱས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་གྲངས་ཚད་འབུམ་ཕྲག་གཅིག་གོ ཐུན་མཚམས་ཚེ་འགུགས་པ་ནི། མདའ་དར་གཡབ་ལ། ཧྲཱི༔ གདོད་མའི་མགོན་པོ་རིག་འཛིན་ཤྲཱི་སིང་ཧ༔ འཕོ་ཆེན་ཡེ་ཤེས་སྐུ་བརྙེས་བི་མ་ལ༔ རྩ་གསུམ་ཀུན་འདུས་འཆི་མེད་པདྨ་འབྱུང༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྒྲུབ་མཆོག་རྩེ་གཅིག་གུས་པས་གསོལ་འདེབས་ན༔ གློག་ལྟར་མྱུར་བའི་ཐུགས་རྗེའི་འོད་ཟེར་གྱིས༔ བདག་ཅག་བླ་ཚེ་ཆད་ཉམས་ཡར་པ་དང༔ འཁོར་འདས་དྭངས་བཅུད་སྲོག་གི་སྙིང་པོར་སྟིམས༔ སྨིན་མཚམས་མཛོད་སྤུ་འོད་ཀྱི་ཐིག་ལེ་ལས༔ བདེ་གཤེགས་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཆོས་ཉིད་མངོན་སུམ་ཡེ་ཤེས་ལྕགས་ཀྱུ་ཡིས༔ སྲིད་ཞིའི་ཚེ་བཅུད་རྟེན་དང་རྫས་ལ་ཁུག༔ མགྲིན་པའི་ཆུ་སྐྱེས་དབང་གི་ཟེའུ་འབྲུ་ལས༔ པདྨའི་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཉམས་སྣང་གོང་འཕེལ་ཡེ་ཤེས་ཞགས་པ་ཡིས༔ སྲིད་ཞིའི་ཚེ་བཅུད་སྲོག་གི་ཕྱག་རྒྱར་ཆིངས༔ ཐུགས་ཀ་ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ལས༔ རྡོ་རྗེའི་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ རིག་པ་ཚད་ཕེབས་ཡེ་ཤེས་ལྕགས་སྒྲོག་གིས༔ སྲིད་ཞིའི་ཚེ་བཅུད་འོད་གསལ་སྙིང་པོར་སྡོམས༔ ལྟེ་བའི་ཨུཏྤལ་ཟབ་ཅིང་འཁྱིལ་བ་ལས༔ རིན་ཆེན་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ ཆོས་ཉིད་ཟད་པའི་ཡེ་ཤེས་དྲིལ་བུ་ཡིས༔ སྲིད་ཞིའི་དྭངས་བཅུད་མི་ཕྱེད་ཕྱག་རྒྱར་སྒྲུབས༔ གསང་མཆོག་བདེ་ཆེན་ནོར་བུའི་འོད་ཟེར་ལས༔ ལས་ཀྱི་རིགས་ཀྱི་ཕོ་ཉ་འབུམ་ཕྲག་སྤྲོས༔ མི་འགྱུར་འཕོ་མེད་ཡེ་ཤེས་རོལ་པ་ཡིས༔ སྲིད་ཞིའི་ཚེ་བཅུད་འཇའ་ལུས་རྡོ་རྗེར་སྒྲུབས༔ བླ་ཡི་གཟུགས་བརྙན་དྭངས་མའི་ཡི་གེར་སྟིམས༔ སྲོག་གི་འགྲོ་འོང་ནཱ་དའི་དབྱངས་སུ་སྒྱུར༔ ཚེ་ཡི་རྒྱུན་བཟང་འཕོ་མེད་རྫིང་བུར་སྐྱིལ༔ མི་འགྱུར་མི་ཤིགས་རྟག་པའི་དངོས་གྲུབ་སྩོལ༔ སྔགས་མཐར། ཨ་ནྲྀ་ཧྲཱིཿབཛྲ་ཛྙཱ་ན་ཨ་ཡུ་ཥེ་ཨཱ་ཀརྵཱ་ཡ་ཛ་ཛ༔ པྲ་ཝེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨ་ཨཱ་ཛཿཧཱུྃ་བཾ་ཧོཿཚེ་བྷྲཱུྃཿགཡུ་བྷྲཱུྃཿགཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་བིནྡྷུ་བྷྲཱུྃ༔ འཁོར་འདས་ཚེ་བཅུད་དྭངས་མ་ཀུན༔ འོད་ཟེར་བདུད་རྩིའི་སྤྲིན་ཆེན་པོ༔ རང་གི་སྲོག་རྟེན་ཧྲཱིཿཡིག་དང༔ སྒྲུབ་པའི་རྫས་ལ་དབྱེར་མེད་གྱུར༔ རྒྱས་གདབ་པ་ནི། ཨ༔ འཁོར་དང་མྱ་ངན་འདས་པའི་ཚེ་ཡི་བཅུད༔ རྩ་སྲོག་ཐིག་ལེ་དབྱིངས་དང་དབྱེར་མེད་འདྲེས༔ རྡོ་རྗེ་ལུ་གུ་རྒྱུད་ཀྱིས་རྒྱས་བཏབ་པས༔ འགྱུར་མེད་རྟག་པ་དམ་པའི་དཔལ་ཐོབ་ཤོག༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་རཀྵ་རཀྵ་ཏིཥྛ་བྷྲཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །སྙིང་ཁའི་གྭ་འུ་སྲུབས་མེད་པའི༔ ཕྱི་རོལ་རྡོ་རྗེའི་དྲྭ་བས་བསྡམས༔ ལུས་ལ་རྡོ་རྗེའི་གོ་ཆས་གཡོགས༔ ཚེ་དང་ཡེ་ཤེས་བརྟན་པར་གྱུར༔ ཅེས་པའི་དམིགས་པ་དང་ངེས་པ་བརྟན་པོ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ཚོགས་མཆོད་ནི། ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་བྱེ་བྲག་ཇི་ལྟར་ཚོགས་པར་བཤམས་ལ། བསང་ཆུས་བྲན། ནང་མཆོད་འཐོར་ལ་བྱིན་བརླབ་པ་ནི། ཨ༔ སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར༔ བཅུད་ཀྱི་ལོངས་སྤྱོད་འདོད་ཡོན་ཚོགས༔ ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་ཆེ༔ འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཚོགས་ཞིང་སྤྱན་དྲང་བ་ནི། མོས་གུས་གདུང་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ འོད་གསལ་དབྱིངས་ཀྱི་ཐིག་ལེ་ནས༔ སྣང་བཞི་མཐར་ཕྱིན་ཤྲཱི་སེང་ཧ༔ བླ་མ་རྒྱ་མཚོའི་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་རྩལ་འཕོ་ཆེན་འོད་ཀློང་ནས༔ འཆི་མེད་བི་མ་མི་ཏྲ་ལ༔ ཡི་དམ་ཞི་ཁྲོའི་སྒྱུ་འཕྲུལ་ཤར༔ གནས་འདིར་སྤྱན་འདྲེན་གཤེགས༴ ཟུང་འཇུག་པདྨོ་བཀོད་པ་ནས༔ རྩ་གསུམ་དབྱེར་མེད་ཐོད་ཕྲེང་རྩལ༔ འབུམ་ཕྲག་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ གནས་འདིར་སྤྱན་འདྲེན་གཤེགས༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འདུས་པའི་མཆེད་དང་དམ་ཚིག་རྫས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་དང་པོ་མཆོད་པར་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཅིར་སྣང་སྣོད་ཀྱི་བྷནྡྷ་རུ༔ སྣང་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་སྩོལ༔ རྩ་རླུང་བྱེད་རྩོལ་བྷནྡྷ་རུ༔ གསལ་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ གསུང་གི་རྡོ་རྗེའི་དངོས་གྲུབ་སྩོལ༔ དྭངས་མ་ཐིག་ལེའི་བྷནྡྷ་རུ༔ བདེ་སྟོང་དབྱེར་མེད་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀ་དག་དབྱིངས་ཀྱི་བྷནྡྷ་རུ༔ ལྷུན་གྲུབ་སྣང་བཞིའི་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ རང་བྱུང་མཚན་ལྡན་བྷནྡྷ་རུ༔ བཟའ་བཏུང་བདུད་རྩིའི་ཚོགས་གཏོར་བཤམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པས་ཉམས་ཆག་བསྐང་ཞིང་བཤགས་པ་ནི། ཧོ༔ བདག་ཅག་ཐོག་མེད་དུས་ནས་བཟུང༔ ཐ་མར་ད་ལྟར་ཐུག་གི་བར༔ སྒོ་གསུམ་འཁྲུལ་པའི་གཞན་དབང་གིས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་དམ་ཚིག་ཉམས་ཆག་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༔ དག་ཅིང་ཚངས་པར་དབུགས་དབྱུང་ནས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཅེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ རིག་འཛིན་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲི་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ ཨེ་དབྱིངས་སྟོང་པའི་བྲུབ་ཁུང་དུ༔ གཟུང་འཛིན་ལྟར་སྣང་དགྲ་བགེགས་ཀུན༔ དགུག་བསྟིམ་བསྒྲལ་ནས་ཞལ་དུ་བསྟབ༔ ཁ་སྦྱོར་གཟི་བྱིན་བསྐྱེད་དུ་གསོལ༔ སརྦ་ཤ་ཏྲུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ ཞེས་ཕྱིའི་ཚོགས་ཕུལ་ནས། བརྡའི་འབུལ་ལེན་བཅས་རྣལ་འབྱོར་པ་རྣམས་ལ་དྲངས། ཕུང་ཁམས་ལྷའི་དཀྱིལ་འཁོར་གསལ་བ་ལ་མཆོད་ཅིང་ཞེན་པ་མེད་པར་ནང་གི་ཚོགས་སུ་རོལ། གསང་བ་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གསལ་གདབ་པ་ནི། ཧོ༔ ཤེས་རབ་བཙུན་མོའི་བྷ་ག་རུ༔ ཐབས་ཀྱི་རྡོ་རྗེས་གསོར་ཞིང་བསྐྱོད༔ འདུ་ཤེས་གསུམ་ལྡན་དགའ་བ་བཞིས༔ སྟོང་བཞིའི་འོད་གསལ་མཆོག་ཏུ་རོལ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཧཾ༔ དེ་ཁོ་ན་ཉིད་གཉུག་མའི་ངང་དུ་མཉམ་པར་བཞག་ལ། ཨ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀུན༔ སྟོང་ཉིད་རྣམ་ཐར་གསུམ་ལྡན་དང༔ དབྱེར་མེད་མཆོག་ཏུ་མི་འགྱུར་བའོ༔ ཨ་ཨ་ཨ༔ ཚོགས་ལྷག་རྣམས་གསོག་འཇོག་མེད་པར་བསྡུས་ལ་བདུད་རྩི་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ འདོད་ཡོན་ཟད་པ་མེད་པར་འཕྲོ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ༔ ཆོས་ཉིད་རོལ་པའི་ལྷག་སྡུད་ཚོགས༔ རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི༔ བག་ཆགས་སྲེད་ཞེན་ལྷག་མ་ཀུན༔ བདེ་བ་ཆེན་པོའི་ཀློང་དུ་རོལ༔ སྟོང་པ་ཆེན་པོའི་བརྟུལ་ཞུགས་སྐྱེད༔ འཕོ་ཆགས་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀ་ཌཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྨོན་ལམ་དང་ཤིས་བརྗོད་ནི། ཨོཾ༔ བཀྲ་ཤིས་གང་ཞིག་ཅིར་སྣང་ལྷ་སྔགས་ཆོས་སྐུར་དག༔ རྩ་རླུང་ཐིག་ལེ་ཟག་མེད་དབུ་མའི་དབྱིངས་སུ་རྫོགས༔ གཟུང་འཛིན་རྟོག་ཚོགས་དབྱིངས་རིག་དབྱེར་མེད་ཆེན་པོར་སྨིན༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ་པའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱ་ཆེར་གདབ། དེ་ནས་གཏོར་མ་བསྐྱང་བ་ནི། སྲུང་མའི་གཏོར་མ་འབྲུ་གསུམ་གྱིས་བརླབ་ལ། ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ འོད་གསལ་རིག་པ་ཟང་ཐལ་སྐུ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔ རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ༔ ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་པ༔ འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔ དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔ རྒྱལ་བ་རིག་འཛིན་རྣལ་འབྱོར་དབང༔ ཇི་སྙེད་འདུས་པའི་ཚོགས་ཆེན་དང༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ གྲུབ་པའི་རིག་འཛིན་རྣམ་གསུམ་གྱིས༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ ཁམས་ལྔ་དག་པའི་སྨན་ཕུད་དང༔ འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔ དུག་ལྔ་བསྒྲལ་པའི་དམར་ཆེན་པོ༔ དཔལ་གྱི་ཕམ་ཕབ་ཆེན་པོར་བཞེས༔ ཐེག་མཆོག་ལམ་དུ་ཞུགས་པ་ལ༔ གློ་བུར་བདུད་བཞིའི་བར་ཆད་ཟློག༔ འཁོར་འདས་རུ་ཤན་དབྱེ་བའི་ཚེ༔ གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔ རིག་པ་ཀ་དག་བལྟ་བ་ལ༔ ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔ རིག་རྩལ་མངོན་སུམ་སྣང་བའི་ཚེ༔ རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔ མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང༔ གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོ༔ དེ་ནས་གཏོང་རག་མཆོད་བསྟོད་ཕུལ་ལ། དངོས་གྲུབ་བླང་བ་ནི། ཨ༔ མངོན་སུམ་ཡེ་ཤེས་ལས་བྱུང་བའི༔ ཉམས་སྣང་གོང་འཕེལ་ཕོ་བྲང་ནས༔ ཚད་ཕེབས་དོན་གྱི་ལྷ་ཚོགས་ཀྱིས༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ བསྙེན་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་རྟེན་ཡོད་ན་གནས་ལྔར་གཏུགས། བདུད་རྩི་སོགས་མྱང་། ནོངས་པ་བཤགས་པ་ནི། ཨ༔ གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ རང་བཞིན་སྐྱེ་མེད་ངང་ཉིད་དུ༔ འཁོར་གསུམ་མཚན་མ་བྲལ་བར་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། བདག་བསྐྱེད་བསྡུ་ལྡང་ནི། ཨ༔ གཞི་སྣང་ཕྱག་རྒྱའི་དཀྱིལ་འཁོར་ལྷ༔ གཞི་དབྱིངས་གདོད་མའི་ཀློང་དུ་ཐིམ༔ སླར་ཡང་ཕྱིར་གསལ་གཟུགས་ཀྱི་སྐུ༔ དུས་གསུམ་དུས་མེད་རྟག་ཏུ་ཤར༔ ཨ་ཨ་ཨ༔ བསྔོ་སྨོན་ནི། ལྷུན་གྱིས་གྲུབ་པའི་དགེ་ཚོགས་ཀུན༔ ཀ་དག་གཞོན་ནུ་བུམ་སྐུར་བསྔོ༔ ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གྱི༔ ཡེ་ཤེས་ཆེན་པོར་རོ་གཅིག་ཤོག༔ ཤིས་པ་བརྗོད་པ་ནི། ཧོ༔ ལྟ་བ་ངང་བཞག་བློ་ལས་འདས༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འབྲས་བུ་གཞི་སྣང་ཐིག་ལེ་ཆེ༔ དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ལ་བདེ་ལེགས་སུ་བྱའོ། །དགེ་འདིས་མཐའ་ཡས་ལུས་ཅན་ཀུན། །འཆི་མེད་རིག་འཛིན་རྣམ་གསུམ་གྱིས། །རྗེས་བཟུང་ཡེ་ཤེས་བྱིན་ཐོབ་ནས། །འོད་གསལ་ཐིག་ལེར་བྱང་ཆུབ་ཤོག །ཚུལ་འདིའང་གྲུབ་པའི་སློབ་དཔོན་རྣམ་གསུམ་དང་དབྱེར་མ་མཆིས་པ་འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་རིན་པོ་ཆེས་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་ནས་བཀའི་གནང་བ་བསྩལ་པ་ལྟར། འཆི་མེད་བསྟན་གཉིས་གླིང་པས་རྗེ་ཉིད་ཀྱི་ཟབ་གཏེར་རིགས་མཐུན་ནས་བསྡེབས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཁྲིགས་སུ་བཀོད་པ་དགེ་ལེགས་འཕེལ།། །།

ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ (Volume 46, Text 21)

༄༅། །ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་བཞུགས་སོ། ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ༔ ཁྱུང་དམར་བསྒོམ་པར་འདོད་པས༔ སྐྱབས་འགྲོ་སེམས་བསྐྱེད་བྱས་ལ༔ རང་སྐད་ཅིག་གིས་ཡེ་ཤེས་ཀྱི་ཁྱུང་དམར་པོ་ལུས་ཐམས་ཅད་ལ་མེའི་ཚྭ་ཚྭ་འཕྲོ་བ༔ སྐེད་པ་མན་ཆད་དངུལ་ལས་གྲུབ་པ༔ རྭ་བར་ན་ཡིད་བཞིན་གྱི་ནོར་བུ་ཡོད་པ༔ ཟས་སུ་སྡིག་སྦལ་དང་སྦྲུལ་ཟ་བ༔ སྡེར་མོ་ཟངས་སུ་ཡོད་པ༔ ཀླུ་གདོན་གྱི་སྙིང་འདྲེན་པ༔ བསྐལ་པའི་མེ་ཕུང་གི་དབུས་ན་བཞུགས་པའི་འོད་ཟེར་གྱིས་གནོད་བྱེད་ཐམས་ཅད་རྩ་ཕུང་མེར་བསྲེགས་པ་བཞིན་དུ་བསམ་ལ༔ སྔགས་བཟླ༔ ཨོཾ་ཨག་ཙེ༔་་་རྩ་སྔགས། ཁྱུང་ཏེ་སོད༔ ཐིས་ཐུན༔་་་ལས་སྔགས་ཤམ། ཁྱུང་ཁྱུང་ཁ་ལ་རཀྴ༔ ཐུན་ཁྱུང་ནི༔ ནཱ་ག་རཱ་ཛ་ལ་ཐིས་ཐུན་སྭཱ་ཧཱ༔ འདིས་མཛེ་དང༔ སེར་བ་དང༔ ལྷོག་པ༔ ཕོ་ལོང༔ དྲེག༔ གཉན༔ ཡ་མ་སོགས་ཀུན་ལ་ཕན་ནོ༔ གང་ཞིག་སྨྱོ་འདྲེ་འདུལ་བར་འདོད་ན༔ ༼༡ གུ་གུལ༔ ༼༢ རྒྱ་སྐག༔ ༼༣ རྭ་གཞོབ༔ ༼༤ ཁྱི་ལུད༔ ༼༥ ར་སྤུ༔ ༼༦ རོའི་དྲི་ཆེན༔ ༼༧ མི་ཤ༔ ༼༨ མི་ཚིལ༔ ༼༩ རྟ་བོན་པ༔ ༼༡༠ ཡུགས་ས་མོའི་དོར་རྟ༔ ༼༡༡ ལྷྭམ་འབོག༔ ༼༡༢ དྲི་ཆུ༔ ༼༡༣ དྲི་ཆེན༔ ༼༡༤ མུ་ཟི་ནག་པོ༔ ༼༡༥ ཐང་ཕྲོམ་པ༔ ༼༡༦ བོང་ང་ནག་པོ༔ ༼༡༧ ཤ་བའི་རྭ་རྩེ༔ ༼༡༨ བྱི་ལ་ནག་པོའི་རིལ་མ༔ ༼༡༩ སྤྲེའུའི་བྲུན༔ ༼༢༠ རའི་རྨོང་ཁའི་སྤུ༔ ༼༢༡ སྲེ་མོང་གི་ཤ༔ དེ་ཀུན་བསྡོམས་པའི་རྫས་ཉི་ཤུ་རྩ་གཅིག་སྟེ༔ དེ་རྣམས་བརྡུངས་ལ་སྔགས་སྟོང་བཏབ༔ སྨྱོན་པའི་རྩར་ཕྱིན་ཏེ༔ ངག་སྨྲ་བ་བཅད་དེ༔ སྔགས་གོང་འོག་གཉིས་ཀྱི་ཤམ་བུར་སྨྱོ་འདྲེ་གནོད་བྱེད་ཨུ་ཙཊྚཱ་ཡ་ཕཊ༔ ཅེས་བཏགས་ལ་བཟླས༔ ནད་པའི་སྲིན་ལག་ནས་བཟུང་ལ་རྫས་ཀྱིས་བདུག་ཅིང་དུད་པ་ཁོང་དུ་བཏང་ལུས་ལ་ཡང་བྱུགས༔ ལྕགས་ཀྱི་རྡོ་རྗེས་བརྡུང་ཏེ་སྔགས་སྟོང་བརྗོད༔ ཏིང་འཛིན་ནི༔ བླ་མའི་བྱིན་རླབས་མེ་ལྕེ་གློག་ལྟ་བུ་དང༔ ཡི་དམ་སྤྲུལ་པ་ཁྲོ་བོ་བཅུ་གྲངས་མེད་པ་དང༔ སྤྲུལ་པའི་ཌཱ་ཀིས་ནམ་མཁའ་བར་སྣང་ནས་སྨྱོ་འདྲེ་བཀུག་ཅིང་ནད་པ་ལ་བསྟིམ་ཞིང་སྲོག་རྩ་ནས་བཟུང་བར་བསམ་ཞིང་བྲབ་བོ༔ དེ་ཁོས་མ་བཟོད་ནས་ནད་པ་དང་སྨྱོ་འདྲེ་གཉིས་ཀྱིས་སྐད་ངན་འདོན་ཅིང་ང་འགྲོ་ཟེར་ན༔ རྡོ་རྗེའི་དམྱལ་བར་ཚད་བཙུག་ནས་མནའ་བསྒར་བཏང་ན་ཕྱིས་མི་འོང་བར་འགྱུར་རོ༔ དེ་ནས་སྲུང་འཁོར་རབ་གནས་ཅན་བཏག་ལ་ནད་པ་ལ་སློབ་དཔོན་པདྨ་བསྒོམ་དུ་བཅུག༔ སློབ་དཔོན་གྱིས་བྱིན་བརླབ་དབང་བསྐུར་བྱ༔ དེས་ཅི་ལྟ་བུའི་སྨྱོ་ནད་ཀྱང་ཐུབ་པར་འགྱུར་རོ༔ དེས་ནི་གསོས་པར་མ་གྱུར་ན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གདམས་ངག་མི་ཤེས་ཁས་བླངས་ཡིན༔ པདྨ་ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་རྩལ་གྱི་སྨྱོ་འདྲེ་རབ་ཏུ་ཞི་བྱེད་གདམས་པའོ༔ མངྒ་ལཾ།། ༄༅། །ཉང་གཏེར་ནམ་མཁའ་ལྡིང་དམར་པོའི་རྗེས་གནང་གི་ཡི་གེ་གདུག་པ་ཀུན་འཇོམས་ཞེས་བྱ་བ། ས་གསུམ་གདུག་པ་ཀུན་འདུལ་བ། ཁྲག་འཐུང་ཁྲོས་པའི་རྣམ་རོལ་དེར། །བཏུད་ནས་ཉང་གཏེར་མཁའ་ལྡིང་གི །རྗེས་སུ་གནང་བའི་གསལ་བྱེད་དགོད། །སྦྱོར་བ་སྟེགས་བུའི་སྟེང་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད། གཡས་སུ་བུམ་པ་མགུལ་ཆིངས་དམར་པོ་ཉེར་ལྔའི་བཅུད་ལྡན། མདུན་དུ་འབུལ་གཏོར་དམར་པོ། གཏོར་མའི་བཀའ་བསྒོ་སྤྱི་འགྲེ་སྤྲོ་ན་གཡོན་དུ་དཔལ་གཏོར་སྐུ་རྟེན་གྱིས་བརྒྱན་པའང་བཀོད། ཕྱི་མཆོད་ཕྲེང་ཚར་དུ་བཤམ། སྐྱབས་སེམས་དང་མཆོད་པ་བྱིན་བརླབ་སྤྱི་མཐུན་སྔོན་དུ་སོང་ནས། བདག་བསྐྱེད་ནི། རང་སྐད་ཅིག་གིས་ཡེ་ཤེས་ཀྱི་ཁྱུང་དམར་པོ་སོགས་རང་གཞུང་ལྟར་བརྗོད། བཟླས་པ་ཅི་འགྲུབ་བྱ། མདུན་བསྐྱེད་ལ་ཚོམ་བུ་ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཁྱུང་དམར་པོ་ཞེས་སོགས་ནས། རྩ་ཕུང་མེར་བསྲེགས་པ་བཞིན་དུ་ཐལ་བར་བྱེད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་ཀྱི་ཁྱུང་དམར་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་ཛྙཱ་ན་ག་རུ་ཌཿས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ནས། ཤབྡའི་བར་སྦྱར་ལ་མཆོད། དྷརྨ་ར་ཎི་ཏ་སོགས་བརྗོད་ལ་རོལ་མོ་བྱ། མེ་གཤོག་བརྡབས་པས་ཀླུ་རིགས་ཟས་སུ་ཟ། །སྤུ་རྣམས་སྤྲུགས་པས་རྡོ་རྗེའི་ཐོག་སེར་འབེབ། །རི་རབ་སྙིལ་ཞིང་ཉི་ཟླ་ཚོགས་པོར་འཕེན། ཁྲོ་རྒྱལ་ཁྱུང་གི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་ཆབ་བྲན་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང་། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། ཨོཾ་ཛྙཱ་ན་ག་རུ་ཌཿས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ནས། ཕཊ་སྭཱ་ཧཱའི་བར་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་གོང་བཞིན་བྱ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་ཡེ་ཤེས་ཀྱི་ཁྱུང་དམར་པོ་སོགས་མདུན་བསྐྱེད་སྐབས་ལྟར་བསྐྱེད་བསྟིམ་མཆོད་བསྟོད་ཀྱི་བར་དུ་བྱ། རང་སྲོག་སྔགས་ཀྱི་སོགས་གསལ་བཏབ་ལ་གཟུངས་ཐག་བླངས་ལ་བཟླས་པ་བྱ། མཐར་དུང་ཞལ་གྱི་ཆུ་ཕུལ་བ་འོད་ཞུ་དང་སློབ་མ་གཞུག་པར་གནང་བ་ནོད། དངོས་གཞི་རྗེས་གནང་གི་བྱ་བ་ནི། སློབ་མ་རྣམས་ལ་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། དེའང་སྲིད་པ་གསུམ་གྱི་གདུག་པ་ཅན་ཤིན་ཏུ་མི་སྲུན་པ་སྟེང་འོག་གི་གདོན་ལ་སོགས་པ་འདུལ་བའི་ཆེད་དུ་དཔལ་ཆེན་ཧེ་རུ་ཀ་ཉིད་གཉེན་པོ་སྟོབས་ཀྱི་ལྷ། རྡོ་རྗེ་ནམ་མཁའ་ལྡིང་རབ་ཏུ་ཁྲོས་ཤིང་ཤིན་ཏུ་འབར་བ་ཆེན་པོའི་ཕྱག་རྒྱར་བཞེངས་པ་ཡེ་ཤེས་ཀྱི་བྱ་ཁྱུང་སྒྲུབ་ཆེན་སྡེ་བརྒྱད་སྤྱི་དང་བྱེ་བྲག་ཏུ་འབྲེལ་བའི་སྒྲུབ་ཐབས་ཀྱི་རིམ་པ་ཇི་སྙེད་ཅིག་མཆིས་པ་ལས། འདིར་སྤྲུལ་པའི་གཏེར་ཆེན་ཉང་རལ་པ་ཅན་གྱི་གཏེར་བྱོན་མཁའ་ལྡིང་དམར་པོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་ལ་ཁྲོ་བོའི་དབང་པོ་མཁའ་ལྡིང་གསེར་མིག་འཁྱིལ་བ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་ཁྱུང་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས་ལ། དེ་དག་གི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། འགྲུབ་པར་ཤོག །ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྡོ་རྗེ་མཁའ་ལྡིང་གི །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །གསུམ། དེ་ལྟར་སྔོན་འགྲོའི་ཆོས་རྣམས་སོང་ནས་དངོས་གཞི་ལ། སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་ཁྱེད་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ། རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་འོད་གསལ་ནམ་མཁའ་ལྟ་བུའི་ངང་ལས་སྐད་ཅིག་གིས་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ་སོགས་ནས། རྩ་ཕུང་མེར་བསྲེགས་པ་བཞིན་དུ་ཐལ་བར་བྱེད་པའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། སློབ་དཔོན་ཡང་ཁྱེད་རང་གིས་བསྒོམས་པ་དེ་ལྟ་བུ་དངོས་ཡིན་སྙམ་པའི་མོས་གུས་མཛད་པའི་རྐྱེན་གྱིས། སློབ་དཔོན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་དག་ཐམས་ཅད་ཀྱི་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་རྡོ་རྗེ་ནམ་མཁའ་ལྡིང་གི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ། ཚད་མེད། གྲངས་མེད། དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པའི་མོས་པ་མཛོད། ཅེས་རོལ་མོ་བྱ་ཞིང་གུ་གུལ་གྱིས་བདུག །སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཿཨཱཿ ཛཿཧཱུྃ་བཾ་ཧོཿ སྔགས་ལན་མང་དྲག་ཏུ་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བ་མོས་ཤིག །ཇི་ལྟར་བལྟམས་པ་སོགས་སྔགས་བཅས་བརྗོད་ལ་བུམ་དབང་བསྐུར། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པས་སྤྱི་གཙུག་རྭ་བར་དུ་བླ་མའི་ངོ་བོ་ནོར་བུ་འོད་འབར་བས་མཚན་པར་མོས་ཤིག །དེས་རྡོ་རྗེ་ནམ་མཁའ་ལྡིང་གི་སྐུའི་རྗེས་གནང་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་རྡོ་རྗེ་ཁྱུང་གི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་ཐུགས་ཀར་ཁྲོཾ་དམར་པོ་གསལ་བཏབ་སྟེ། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་སྟེ་ཞལ་ནས་འཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པར་མོས་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད་བྱས་ལ་རྩ་སྔགས་ཤམ་བུ་དང་བཅས་པའི་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་ལྟར་བྱས་པས་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པར་མོས་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སོགས་གསུམ། མེ་ཏོག་དེ་ཉིད་སླར་ཡང་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པར་མོས་ཤིག །བཅོམ་ལྡན་འདི་ལ་སོགས། རྡོ་རྗེའི་སློབ་མ་འདིའི་རྒྱུད་ལ་རྡོ་རྗེ་ཁྱུང་གི་བྱིན་རླབས་འཇུག་པར་གྱུར་ཅིག །དེས་རྡོ་རྗེ་ནམ་མཁའ་ལྡིང་གི་གསུང་གི་རྗེས་གནང་ཐོབ། ངག་གི་བར་ཆད་ཐམས་ཅད་ཞི་བར་བྱས། ངག་རྡོ་རྗེ་ཁྱུང་གི་གསུང་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། ཐུགས་ཀྱི་རྗེས་གནང་ནི། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པ་འོ། །ཞེས་གསུངས་ཏེ། དེའི་དོན་ཁྱེད་རང་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་སྣང་ཙམ། རང་བཞིན་མེད་པར་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དེ་ཉིད་ལ་ཡིད་ཆེར་གཏད་པ་ལ་བརྟེན་ནས། ལྷ་སྐུ་གདན་དང་བཅས་པ་འོད་ཟེར་འཇའ་ཚོན་ལྟ་བུའི་ཚུལ་དུ་ལྟེམ་གྱིས་ཞུ་སྟེ། ཐུགས་ཀའི་ས་བོན་ལ་ཐིམ་ཞིང་། དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་རང་ཡལ་དུ་ཡལ་གྱིས་ཡལ་བ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ནམ་མཁའི་མཚན་ཉིད་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། སྤྲོ་ན་མེ་ཏོག་འཐོར། བཅོམ་ལྡན་འདི་ལ་སོགས་དང་། རྡོ་རྗེའི་སློབ་མ་འདིའི་རྒྱུད་ལ་རྡོ་རྗེ་ཁྱུང་ཆེན་འབར་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག །ཅེས་བརྗོད། དེས་རྡོ་རྗེ་ནམ་མཁའ་ལྡིང་གི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ཡིད་རྡོ་རྗེ་ཁྱུང་གི་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གཏོར་མའི་དབང་བྱེད་པར་སྤྲོ་ན། སྤྱི་འགྲེ་ལྟར་གསལ་གདབ་དང་། བརྒྱུད་པའི་མཚན་ནས་སྨྲོས་ཏེ་འདོད་གསོལ་སྦྱར་བའི་བཀའ་བསྒོའི་མཐར་སྔགས་བརྗོད། གཏོར་མའི་ལྷ་སློབ་མ་ལ་བསྟིམ། བཀའ་སྲོལ་འདི་གསར་མའི་ཕྱོགས་སུ་བརྒྱུད་པས་རྗེས་གནང་གི་ཆིངས་དེ་ལུགས་སུ་སོང་བ་ལས་དངོས་དོན་གཏོར་མ་ལ་བརྟེན་པ་ཉིད་ཡིན་པར་མངོན་ནོ། །རྗེས་གནང་གི་མཇུག་གི་བྱ་བ་སྤྱི་ལྟར་བྱ། བདག་མདུན་ལ་མཆོད་བསྟོད་ནོངས་བཤགས་བསྡུ་རིམ་སོགས་གཞན་དང་འདྲའོ། །འདིས་ཀྱང་འགྲོ་ལ་འཚེ་བའི་གེགས། །མུན་ལ་ཉིན་བཞིན་འཇོམས་པའི་སྟོབས། །རྡོ་རྗེ་མཁའ་ལྡིང་དང་མཚུངས་པས། །སྙིགས་མའི་རྣམས་གྱུར་ཞི་བྱེད་ཤོག །ཅེས་པའང་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བརྒྱུད་པའི་ཕྱག་བཞེས་བཞིན་གསལ་བར་བྱས་པ་དགེ་ལེགས་འཕེལ།། །།

གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས༔ ཚེ་སྒྲུབ་ཡེ་ཤེས་སྙིང་པོ་ (Volume 49, Text 21)

༁ྃ༔ གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས༔ ཚེ་སྒྲུབ་ཡེ་ཤེས་སྙིང་པོ་བཞུགས༔ རང་བྱུང་ཚེ་དཔག་མེད་ལ་འདུད༔ འཆི་མེད་དངོས་གྲུབ་ཐོབ་འདོད་ན༔ རྣལ་འབྱོར་ཟབ་མོ་འདི་ལྟར་བསྒོམ༔ ཚོགས་གསག་རིམ་པ་སྔོན་སོང་ནས༔ ཨ༔ སྟོང་པའི་ངང་ལས་སྙིང་རྗེའི་རྩལ༔ ཨ་ཡིག་དཀར་པོ་འོད་འབར་ལས༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ སྟོན་ཟླའི་མདོག་ཅན་ཞི་ཞིང་འཛུམ༔ མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རྡོ་རྗེའི་དཀྱིལ་ཀྲུང་པད་ཟླར་བཞུགས༔ འོད་ཟེར་གཟི་བརྗིད་ལྷམ་མེར་གསལ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ཡིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསམ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སཏྭ་ས་མ་ཡ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ན་མོ་ན་མ་མི༔ སརྦ་པཱུ་ཛ་ཧོ༔ ཧྲཱི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ གདོད་མའི་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཟླ་སྟེང་ཨ་ཡིག་མཐར༔ གཟུངས་སྔགས་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱི༔ མཚན་བརྒྱ་བརྒྱད་པའི་གཟུངས་ཀྱང་བཟླ༔ བདུན་ཕྲག་གཅིག་ཏུ་བརྩོན་པ་ཡིས༔ སྡིག་སྒྲིབ་བྱང་ཞིང་ཚེ་འཕེལ་འགྱུར༔ གུ་ཧྱ་ས་མ་ཡ༔ སློབ་མ་རྗེས་སུ་འཛིན་འདོད་ན༔ སྟེགས་བུའི་དབུས་སུ་མེ་ཏོག་བཀྲམ༔ བུམ་པ་བཅུད་ལྡན་ཆས་སུ་གཞུག༔ ཚེ་རྫས་རིལ་བུ་བདུད་རྩི་བཤམ༔ མཆོད་པའི་ཕྲེང་བས་མཛེས་པར་བྱ༔ བདག་མདུན་ལྷར་གསལ་ཚེ་བཅུད་བསྡུ༔ བུམ་ལྷ་འོད་ཞུ་བདུད་རྩིར་བསམ༔ སློབ་མས་མཎྜལ་སྔོན་འགྲོ་བས༔ ཡེ་ཤེས་ཆེན་པོ་ཚེ་ཡི་བདག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཆི་མེད་འཐོབ་བྱའི་ཕྱིར༔ རིག་འཛིན་ཚེ་ཡི་དབང་བསྐུར་སྩོལ༔ རྒྱུད་སྦྱང་ཡེ་ཤེས་དབབ་ཅིང་བརྟན༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཨོཾ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས༔ འོད་ཞུ་བདུད་རྩིའི་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན༔ ཨཱ༔ རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་གཏམས༔ བདེ་སྟོང་རོལ་པའི་དབང་བསྐུར་བས༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་གཏུགས་ཤིང་སྦྱིན༔ ཧཱུྃ༔ འཁོར་འདས་དྭངས་མ་ཀུན་བསྡུས་པའི༔ ཡེ་ཤེས་མཆོག་གི་དམ་ཚིག་རྫས༔ ར་ས་ཡཱ་ནའི་དབང་བསྐུར་བས༔ འོད་གསལ་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་སྔགས་ཀྱིས་བརྟན་པར་བྱ༔ དེ་ལྟར་སྣོད་ལྡན་སློབ་མ་ལ༔ དབང་གི་མཆོག་འདི་སུས་བསྐུར་བ༔ བར་ཆད་ཞི་ཞིང་ཚེ་བསོད་འཕེལ༔ མཐར་ཐུག་པདྨ་ཅན་དུ་སྐྱེ༔ གུ་ཧྱ་ས་མ་ཡ༔ ཚེ་དང་བསོད་ནམས་དགུག་བྱའི་ཕྱིར༔ ཐུགས་དམ་བསྐུལ་བའི་ཕྲིན་ལས་ནི༔ སྤོས་བསྲེགས་རོལ་མོ་སྙན་པར་འཁྲོལ༔ མདའ་དར་གཡབ་ཅིང་གདུང་དབྱངས་བཅས༔ ཨ༔ གདོད་མའི་མགོན་པོ་བཅོམ་ལྡན་འདས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ དྲི་མེད་ཟླ་བ་རྒྱས་པའི་སྐུ༔ མཚན་དང་དཔེ་བྱད་དཔལ་དུ་འབར༔ ཐུགས་རྗེའི་གཟི་བརྗིད་ལྷམ་མེ་བ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཡི༔ མཁྱེན་བརྩེ་བྱིན་རླབས་གཅིག་བསྡུས་པ༔ ཚེ་ཡི་བདག་པོ་དབྱིངས་ནས་བཞེངས༔ ཀ་དག་གཉུག་མའི་ངང་ཉིད་ལས༔ ལྷུན་གྲུབ་སྣང་བ་ཕྱོགས་བརྒྱར་སྤྲོས༔ རྡོ་རྗེ་ཚེ་ཡི་ཕོ་ཉ་མོ༔ མགྱོགས་མ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཕྱི་སྣོད་འབྱུང་བའི་དྭངས་མ་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེ་ནུས་སྟོབས་ཡོན་ཏན་དཔལ༔ བདག་གི་བླ་ཚེ་ཆད་ཉམས་བཅས༔ ཡེ་ཤེས་ཆེན་པོའི་བྱིན་གྱིས་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ ཚེ་བཅུད་ཉམས་པ་གོང་དུ་གསོས༔ གནས་པ་སྤེལ་ལ་ཡར་པ་སྡུས༔ འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་སྐྱིལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ ངོ་མཚར་རྟགས་དང་ཆོ་འཕྲུལ་སྟོན༔ ཐམས་ཅད་ཆོས་ཉིད་གཅིག་གི་ངང༔ འཆི་མེད་མགོན་པོའི་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱི༔ ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོཿཏིཥྛ་བྷྲཱུྃ༔ ཞེས་བསྐུལ་བཟླས་པ་མང་དུ་བྱ༔ རྟེན་འབྲེལ་མདའ་ཡི་པྲ་ལ་བརྟགས༔ བྲི་ན་ཚེ་ཉམས་སོར་གསུམ་ལས༔ ལྷག་ན་ཚེ་ཡར་རིམ་གྲོ་བྱ༔ སོར་གཅིག་ནད་མེད་གཉིས་ཚེ་རིང༔ གསུམ་ལྷག་བསོད་ནམས་ཡེ་ཤེས་རྒྱས༔ གུ་ཧྱ་ས་མ་ཡ༔ འཕྲིན་ལས་ཁ་བསྒྱུར་རིམ་པ་ནི༔ དྲི་བཟང་བུད་ཤིང་མེ་སྦར་ལ༔ ལྷ་བསྐྱེད་དཱུརྦ་སྦྱིན་སྲེག་བྱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་སིདྡྷི་སྭཱ་ཧཱ༔ འབུམ་བཟླས་ཚེ་ཉམས་ངེས་པར་འཕེལ༔ ༈ འབྱུང་བཞིའི་དཀྱིལ་འཁོར་དབུས་གནས་པའི༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ༔ མཐའ་དང་རྭ་བཞིར་སྔགས་ཀྱིས་བསྐོར༔ ཚེ་བསོད་བརྟན་པའི་སྤེལ་ཚིག་སྦྱར༔ མུ་ཁྱུད་དབྱངས་གསལ་རྟེན་སྙིང་བསྐོར༔ དྲི་བཟང་ཚེ་རྫས་བདུད་རྩིས་བྱུགས༔ རབ་གནས་དྲོད་དང་མ་བྲལ་བཅངས༔ ཚེ་བསོད་བརྟན་ཞིང་རྒྱས་པར་འགྱུར༔ ༈ ཅོང་ཞི་བྲག་ཞུན་འབྲས་བུ་གསུམ༔ རྩ་བ་ལྔ་དང་དབང་པོ་ལག༔ རྟག་ངུ་ཕྱི་ནང་བདུད་རྩིར་བཅས༔ རིལ་བུ་ལྷར་བསྐྱེད་ཚེ་བཅུད་བསྡུ༔ དམ་ཚིག་སེམས་དཔར་ཡེ་ཤེས་པ༔ བསྟིམ་པའི་ཚུལ་དུ་བཅུད་ཀྱིས་ལེན༔ ཚེ་རིང་ནད་མེད་བདེ་ཆེན་འཕེལ༔ དེ་ལྟར་ཤིན་ཏུ་ཟབ་འདྲིལ་བའི༔ གདམས་པ་སྙིང་གི་དུམ་བུ་འདིས༔ མ་འོངས་བསྟན་འཛིན་སྐྱེས་བུ་རྣམས༔ འཆི་མེད་འཕྲིན་ལས་མཐར་ཕྱིན་ཤོག༔ གུ་ཧྱ་ས་མ་ཡ༔ ༁ྃ༔ མན་ངག་གུད་དུ་སྦས་པ་ནི༔ ནང་དང་གསང་བ་མཆོག་སྒྲུབ་སྟེ༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ བརྟན་གཡོ་སྲིད་ཞིའི་དྭངས་མའི་བཅུད༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱའི་སྐུ༔ པདྨ་རཱ་གའི་མདངས་འོད་ཅན༔ ཉི་མ་བྱེ་བའི་གཟི་བརྗིད་འབར༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ འོད་དང་འོད་ཟེར་རབ་འཕྲོ་བའི༔ པང་དུ་འཆི་མེད་གསང་བའི་ཡུམ༔ དམར་གསལ་པདྨ་ཚེ་བུམ་བསྣམས༔ གཉིས་ཀ་ཞི་འཛུམ་རྗེས་ཆགས་ཉམས༔ བཅུ་དྲུག་ལོན་པའི་ངང་ཚུལ་ཅན༔ དར་དང་རིན་ཆེན་རུས་པ་དང༔ ཨུཏྤལ་གསར་པའི་ཕྲེང་བས་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཁ་སྦྱོར་བདེ་བས་དགྱེས་པར་རོལ༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཿདམར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་སྣང་སྤྲོས་བསྡུས་ཕྱི་རོལ་དུ༔ པདྨ་འབར་བའི་གཞལ་མེད་ཁང༔ ཟླ་གམ་སྲུང་བའི་གུར་་་ཕྱི་རོལ་ནས་རྡོ་རྗེ། རིན་ཆེན། པདྨ། རལ་གྲི། འཁོར་ལོ།གྱིས་གཏམས༔ སྤྱི་བོར་བླ་མ་ཚེ་དཔག་མེད༔ རང་འདྲ་ཡབ་ཡུམ་སྙོམས་ཞུགས་པའི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ བླ་ཚེ་ཆད་ཉམས་ཡར་པ་དང༔ འཁོར་འདས་དྭངས་བཅུད་དབང་མེད་བསྡུས༔ ཕྱག་གི་བུམ་པར་ཞུགས་ཤིང་ཁོལ༔ བདུད་རྩིའི་ཆུ་རྒྱུན་ཆར་ལྟར་བབས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ཁྱབ༔ ཉོན་མོངས་དུག་ལྔ་ལ་བརྟེན་ནས༔ ཚེ་དཔལ་ཉམས་པའི་ལས་སྒྲིབ་དག༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་པའི༔ རྡོ་རྗེའི་སྲོག་བཅུད་གྲུབ་པར་བསམ༔ ཨོཾ་པདྨ་མ་ཧཱ་སུ་ཁ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ངག་དང་ཡིད་ཀྱི་བཟླས་པ་དང༔ ཁ་སྦྱོར་རླུང་བཟུང་བརྟན་པར་བྱ༔ དེ་ལྟ་བུ་ཡིས་ལམ་སྦྱངས་ནས༔ དངོས་གཞི་ཡབ་ཡུམ་གཉིས་ཀ་ཡི༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ ཚེ་བདག་རིགས་ལྔ་ཡབ་ཡུམ་གསལ༔ ཕྱི་དབྱིབས་ལྷ་སྐུ་སྙོམས་ཞུགས་པའི༔ འོད་ཀྱིས་འཁོར་འདས་དྭངས་བཅུད་བསྡུས༔ ཡུམ་གྱི་སྤྱི་གཙུག་ནས་ཞུགས་ཏེ༔ འཁོར་ལོ་ལྔ་ཡི་ལྷ་རྣམས་མཆོད༔ པདྨའི་ལམ་ནས་རིམ་པ་བཞིན༔ རྡོ་རྗེའི་སྦུབས་སུ་དྲངས་པ་ལས༔ ཡབ་ཀྱི་འཁོར་ལོའི་ལྷ་རྣམས་མཆོད༔ དེ་ཚེ་དགའ་བཞིས་དྲངས་པ་ཡི༔ འོད་གསལ་མངོན་དུ་བྱས་པ་ལས༔ འབྱུང་ལྔའི་དྭངས་མ་མི་ཤིགས་པའི༔ ཡེ་ཤེས་ལྔ་ཡི་སྲོག་འགྲུབ་བསམ༔ བར་རླུང་བཟུང་ཞིང་དབྱིངས་རིག་བསྲེ༔ ནང་ལྟར་རང་ལུས་ཐབས་ལྡན་གྱི༔ འཆི་མེད་སྒྲུབ་པའི་མན་ངག་གོ༔ ས་མ་ཡ༔ གསང་བ་གཞན་ལུས་བཅུད་ལེན་ནི༔ ཐིག་ལེ་འཛིན་འགྲེམ་དབང་ཐོབ་པས༔ ལེགས་པར་བརྟགས་པའི་ཕྱག་རྒྱ་ནི༔ པདྨ་ཅན་གྱི་རིགས་ཅན་དགུག༔ རྒྱུད་སྦྱངས་ཁམས་ཀྱི་ཟུངས་སྤེལ་ཕྱིར༔ བཅུད་ལེན་བརྟེན་ཅིང་སྤྱོད་ལམ་གཟབ༔ དེ་ནས་རང་ཉིད་ཚེ་དཔག་མེད༔ ཕྱག་རྒྱ་གསང་བའི་ཡུམ་དུ་གསལ༔ འཁོར་ལོའི་གནས་ལྔར་ཚེ་དཔག་མེད༔ དཀར་དམར་མཐིང་སེར་ལྗང་བའི་མདོག༔ རང་འདྲའི་ཡུམ་འཁྱུད་བདེ་བར་སྦྱོར༔ རྩ་འདབ་གྲངས་མཉམ་ཌཱ་ཀི་ནཱི༔ བདེ་བའི་གར་སྟབས་སྒྱུར་བར་བསྒོམ༔ གསལ་སྣང་མཆོག་ཏུ་བརྟན་པ་ན༔ རླུང་དུག་བསལ་ཞིང་བུམ་ཅན་འཆིང༔ རྡོ་རྗེ་པདྨ་བྱིན་རླབས་ཏེ༔ གཞན་དོན་འཆི་མེད་སྐུ་བསྒྲུབ་ཕྱིར༔ སྙོམས་འཇུག་བདེ་བའི་རང་སྒྲ་དང༔ བདེ་བ་ཆེན་པོའི་གཟི་བྱིན་དང༔ རླུང་སྦྱོར་རྔུབ་པའི་ལྕགས་ཀྱུ་ཡིས༔ འཁོར་དང་འདས་པའི་བརྟན་གཡོའི་ཁམས༔ རང་དབང་མེད་པར་མེར་མེར་གཡོས༔ བདེ་བའི་ངོ་བོ་འཆི་མེད་ཀྱི༔ རང་བཞིན་ལྔ་ལྡན་བདུད་རྩིའི་བཅུད༔ མཁའ་ཁྱབ་ཡུམ་གྱི་གཙུག་གཏོར་ནས༔ བརྒྱུད་དེ་གནས་ལྔའི་ཚེ་དཔག་མེད༔ ཡབ་ཡུམ་འཁོར་བཅས་ཞལ་དུ་ཞུགས༔ སྐུ་ཡི་ནང་གང་བདེ་ཆེན་བསྐྱེད༔ པདྨའི་ཟེའུ་འབྲུར་ཧྲཱིཿས་མཚན་པར༔ ཕོགས་པས་སོལ་མེར་སྣུམ་བླུགས་བཞིན༔ བདེ་བའི་རང་སྒྲ་དང་བཅས་ཁོལ༔ དེ་ཉིད་རྡོ་རྗེའི་སྦུ་གུ་ནས༔ འོད་ཟེར་ལྕགས་ཀྱུས་བཀུག་པ་ལས༔ གསང་འཁོར་ནས་བརྩམ་སྤྱི་བོའི་བར༔ འཁོར་ལོ་ལྔ་ཡི་ལྷ་རྣམས་མཆོད༔ རྗེས་ཆགས་བདེ་བས་དྲངས་པ་ཡི༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་དང༔ ཡེ་ཤེས་འོད་གསལ་བདེ་ཆེན་འཕེལ༔ རྩ་ཁམས་ཐམས་ཅད་ཁྱབ་པ་ཡིས༔ གཟུང་འཛིན་རྩ་ཡི་མདུད་པ་གྲོལ༔ རླུང་གི་རྒྱུ་བ་ཐིག་ལེར་ཐིམ༔ ཐིག་ལེ་ཇི་སྙེད་གྲངས་ལྡན་པ༔ བདེ་བའི་ངོ་བོར་སོན་པ་ཡིས༔ སྟོང་པའི་ཡེ་ཤེས་རབ་ཏུ་དྲངས༔ མི་འགྱུར་སྐུ་དང་གཞོམ་མེད་གསུང༔ འོད་གསལ་ཐུགས་ཀྱི་ཚེ་མཆོག་ཐོབ༔ ཡོན་ཏན་ཕྲིན་ལས་གཞལ་མེད་པ༔ ཚེ་བདག་རིགས་ལྔའི་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་བསམ༔ སྐབས་སུ་ཡབ་ཡུམ་གཉིས་ཀ་ཡིས༔ གསང་སྔགས་ངག་དང་ཡིད་ཀྱིས་བཟླས༔ རླུང་གི་སྦྱོར་བས་རབ་ཏུ་བརྟན༔ རིག་པ་མ་བཅོས་གཉུག་མར་བཞག༔ གསང་བ་པདྨའི་བཅུད་སྡུད་ཀྱི༔ ཚེ་སྒྲུབ་ཟབ་མོའི་མན་ངག་གོ༔ ས་མ་ཡ༔ ཡང་གསང་ལྷ་སྔགས་བདེ་ཆེན་གྱི༔ རྣམ་པ་ཇི་ལྟར་ཤར་བ་ཀུན༔ ངོ་བོ་མ་བཅོས་གཉུག་མའི་བབས༔ རང་བྱུང་རིག་པ་སྐད་ཅིག་མ༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར༔ ཆུ་བོའི་རྒྱུན་ནི་དལ་འབབ་ལྟར༔ ཡེངས་མེད་འཛིན་བྲལ་ལྷུག་པར་བཞག༔ སྐྱེ་འཆིའི་རྟོག་པ་རང་གྲོལ་ནས༔ དོན་གྱི་འཆི་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ དེ་ལྟར་བསྒོམས་པའི་ཐུན་གྱི་མཐར༔ བདུད་རྩིའི་བཅུད་དང་དྭངས་མ་ཀུན༔ སྙིང་དབུས་ཉི་ཟླའི་གྭ་འུ་རུ༔ མི་འགྱུར་ཐུགས་སྲོག་ཧྲཱིཿལ་བསྟིམ༔ སྟེང་འོག་དབུ་མའི་སྒོ་གཉིས་སུ༔ བྷྲཱུྃ་དང་ཧཱུྃ་ཡིག་ཐིག་ལེར་བཅས༔ གསལ་ཞིང་འཚེར་བས་རབ་ཏུ་བསྡམས༔ བུམ་ཅན་རླུང་གི་སྦྱོར་བས་བརྟན༔ རྡོ་རྗེ་ལྟ་བུའི་ངོ་བོ་ཉིད༔ འཇའ་ལུས་འཆི་བ་མེད་པའི་སྐུ༔ ཚེ་བདག་མགོན་པོ་དངོས་ཡིན་པའི༔ ང་རྒྱལ་བརྟན་པོ་ལ་བརྟེན་ནས༔ སྐྱེ་འཆིའི་རྟོག་པ་ཟིལ་གྱིས་མནན༔ འཆི་མེད་གཉུག་མའི་གདེང་འཆའ་འོ༔ ས་མ་ཡ༔ དེ་ལྟ་བུ་ཡི་སྣོད་རུང་ཕྱིར༔ གསང་བ་ཟབ་མོའི་དབང་བསྐུར་ནི༔ དབེན་པར་མཚན་མའི་དཀྱིལ་འཁོར་དང༔ མཆོད་པ་ཚོགས་གཏོར་བཟང་དུ་བཤམ༔ བདག་མདུན་བསྐྱེད་བཟླས་ནུས་ལྡན་བྱ༔ ཁྱད་པར་དམིགས་པ་གསལ་བར་བསྒོམ༔ སློབ་མ་གསང་བའི་སྣོད་རུང་བ༔ ཁྲུས་ནས་དབྱུང་ཞིང་བགེགས་དང་ཕྲལ༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ འཆི་མེད་བདེ་ཆེན་ཡེ་ཤེས་སྐུ༔ ཚེ་དཔག་མེད་མགོན་བླ་མ་རྗེས༔ གསང་བ་ཟབ་མོའི་དབང་བསྐུར་གྱིས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཞུ་རྒྱུད་སྦྱང་སྡོམ་པ་སྦྱིན༔ གསང་བའི་ལྷར་སྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ བཀྲ་ཤིས་རྟག་པའི་བུམ་པ་རུ༔ འཆི་མེད་བདེ་ཆེན་བདུད་རྩིས་བཀང༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་ཁམས་ལྷ་སྐུར་དག་པར་ཤོག༔ བཛྲ་ཀ་ལ་ཤ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨོཾ༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་སེམས་འཆི་མེད་བདུད་རྩི་སྦྱིན༔ ཨཱ༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ ཞུ་བདེས་དྲངས་པའི་བྱང་ཆུབ་སེམས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ལས་རླུང་དབུ་མར་ཐིམ་པར་ཤོག༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་མྲྀཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ མཚན་ལྡན་རིག་མ་བྱིན་བརླབས་སྦྱིན༔ ཧཱུྃ༔ བདེ་དང་སྟོང་པ་དབྱེར་མེད་པའི༔ འཆི་མེད་ཡེ་ཤེས་འབྱུང་བའི་གནས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ལྷན་ཅིག་སྐྱེས་དགའ་མཐར་ཕྱིན་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བརྡའ་ཡིས་དོན་མཚོན་རང་ངོ་སྤྲད༔ ཧོ༔ དབྱིངས་ཉིད་འདུས་མ་བྱས་པ་ལས༔ རིག་པ་མ་འགགས་ཅིར་ཡང་ཤར༔ ཟུང་འཇུག་དོན་གྱི་དབང་བསྐུར་བས༔ འཆི་མེད་གཉུག་མ་མངོན་གྱུར་ཤོག༔ དྷཱ་ཏུ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་ཨ་ཨ༔ སོ་སོའི་ངོ་སྤྲོད་ཐེབས་པར་གདབ༔ རྗེས་ནི་ཤིས་བརྗོད་མེ་ཏོག་འཐོར༔ དམ་ཚིག་ཁས་བླང་དགའ་སྟོན་བྱ༔ དབང་བསྐུར་ཀུན་གྱི་སྙིང་པོའི་བཅུད༔ སྣོད་ལྡན་ངེས་པ་ཅན་ལ་སྟོན༔ ཟབ་མོའི་དབང་མཆོག་འདི་བསྐུར་བས༔ ཚེ་གཅིག་འཕོ་མེད་རྟག་པའི་སྐུར༔ མངོན་པར་བྱང་ཆུབ་སྐལ་ལྡན་འགྱུར༔ ས་མ་ཡ༔ དག་སྣང་མི་ཏྲའི་ཚེ་དཀར་གྱི་མན་ངག་གསང་བའི་སྙིང་པའོ།། ༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཡང་དག་པའོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ནོར་ལ་གློ་རྩི་བླུད་ཐབས་སོགས་ཕྱུགས་ཀྱི་གསོ་སྲུང་ཉེར་མཁོ་ཁ་ཤས་ (Volume 45, Text 21)

༄༅། །ནོར་ལ་གློ་རྩི་བླུད་ཐབས་སོགས་ཕྱུགས་ཀྱི་གསོ་སྲུང་ཉེར་མཁོ་ཁ་ཤས་བཞུགས་སོ། ། སྨན་གྱི་བླ་མར་ཕྱག་འཚལ་ནས། །ནོར་ལ་གློ་རྩི་བླུད་ཐབས་བཤད། །དང་པོ་གློ་བ་བརྟག་པ་གཅེས། །སྨན་གློ་ཛཱ་ཏི་བཅད་འདྲ་བཟང་། །དུག་གློ་ནག་པོ་སོགས་སྤང་བྱ། །དེ་ནས་ནོར་ལ་གློ་བྱུང་ན། །ནོར་བརྒྱ་རེ་ལ་གློ་བ་ནི། །ར་མགོ་ཙམ་རེ་གཏང་བ་གཅེས། །གཙོ་བོ་ག་པུར་ཞོ་བརྒྱད་བསྐོར། །ག་པུར་ཞོ་ནི་གང་གི་ཚེ། །ཅུ་གང་ཞོ་དོ་གུར་གུམ་དང་། །ཛཱ་སུག་ལི་ཤི་ཀ་ཀོ་ལ། །ཙནྡན་དཀར་དམར་ཞོ་དོ་རེ། །སྔོ་བརྒྱད་སྲོ་ལོ་ཕུལ་གང་ལ། །ཨ་ཀྲོང་ཤེལ་ཐོང་ཞོ་གང་ལ། །སྤང་རྒྱན་ཏིག་ཏ་པར་པ་ཏ། །བ་ཤ་ཧོང་ལེན་རྣམས་ཞོ་རེ། །ཡང་བར་བྱེད་པ་ཨུཏྤལ་སྔོ། །མི་རུལ་བྱེད་པ་ཡུ་མོའི་གློ། །མི་འཛར་ཝ་ཡི་གློ་བ་དང་། །མི་འགག་ཕྱིར་དུ་སྤྱང་མོའི་གྲེ། །སློང་བྱེད་ཉ་རྩ་གཙོད་ཁྲག་དང་། །སྙོལ་བྱེད་ཕབས་དང་ཤ་བའི་རྭ། །ར་དཀར་འོ་མ་བྲག་ཞུན་དང་། །གང་གཱ་ཆུང་རྣམས་དཀར་རྩི་ཡིན། །ཀ་ར་རྒུ་འབྲུམ་དོམ་མཁྲིས་དང་། །རུ་རྟ་གི་ཝཾ་ཤུ་དག་དང་། །ཨ་རུ་གསེར་མདོག་སྲན་པུཥྤ། །སྟག་ཤ་གླ་རྩི་གང་མང་བསྣན། །འདི་རྣམས་བེའུ་མི་བསྐྱུར་བའི། །ཐབས་ཡིན་རྟ་ནི་གངས་ཆུས་བྱེད། །སྟེར་ལུགས་གཡག་འབྲི་ཕུལ་རེ་དང་། །ཤད་དང་གྲུས་ལ་ཕུལ་ཕྱེད་རེ། །མདུང་ལ་ཕུལ་གྱི་སུམ་ཆ་གཅིག །བེ་འུ་ལ་ནི་བཞི་ཆ་རེ། །གློ་བ་བཙིར་ལུགས་ལག་བཀྲུས་ལ། །བཙིར་བ་ཡང་དང་ཡང་དུ་ནི། །རས་དཀར་གཙང་མར་ལེགས་པར་བཙག །ཁུ་བ་ཕུལ་གསུམ་བསྣན་ལ་བསྲེ། །ཞག་གསུམ་ཚུན་དུ་ཆང་བསྲུངས་ལ། །རྐང་ལག་འཁུམས་ན་ར་རྩ་གཏར། །གཡས་འོག་བཅུག་ན་རྩེ་གཡས་གཏར། །གཡོན་འོག་བཅུག་ན་གཡོན་པ་གཏར། །ཞག་ཉེར་གཅིག་ལ་རྩེ་སྐྱོར་གཏར། །རྩི་བླུད་ཕོ་ཡི་སྣ་བུག་གཡས། །མོ་ཡི་གཡོན་དུ་བླུད་པར་བྱ། །འགགས་ན་ཨ་རུ་གསེར་མདོག་དང་། །ཇ་བཟང་ནག་པོའི་ཐང་ཡང་གཏང་། །སོལ་དོག་སྣུར་བའི་ཕྱེ་མ་ནི། །ཆུ་ལ་སྦྱངས་ནས་བླུད་པས་ཕན། །ནོར་བརྒྱར་ཆང་ཕུལ་བཅུ་བླུག་བྱ། །ྀཨཚ། དམར་རྩིའི་ལག་ལེན་ཐབས་ནི། ནོར་བརྒྱར་གློ་བ་ར་མགོ་ཙམ། །སྙིང་གི་རྩེ་དང་བྲང་གི་རྩེ། །ཉྭ་བཞིའི་རྩེ་དང་དཔྱི་གཡས་ཤ །ཆང་ཕུལ་གང་དང་གླ་རྩི་རྣམས། །སྔ་མ་བཞིན་སྦྱར་དམར་རྩི་ཡིན། །ཡང་ན་གློ་ཁམས་སྟེར་འདོད་ན། །ནོར་ཆེ་བ་ལ་ཤོ་ཁྲིད་གསུམ། །ཤད་གྲུས་ལ་གཉིས་མདུང་ལ་གཅིག །བེ་འུར་རྐང་དམར་གངས་ཆུ་ལ། །གླ་རྩི་གང་མང་བཏབ་བྱས་ལ། །ཧུབ་ནི་གསུམ་རེ་སྟེར་བ་སྟེ། །དེ་རྣམས་གློ་ཁམས་སྟེར་ལུགས་སོ། །གློ་བ་སྐམ་པོ་གཏང་ཐབས་ལ། །གློ་བ་སྐམ་པོ་ཆ་གཉིས་ལ། །ཅུ་གང་སྲོ་ལོ་ཤུ་དག་དང་། །དེ་སྟེང་གླ་གུལ་བསྣོན་པ་ཡིན། །སྦྱོར་བ་དེ་ཡི་སྟེང་དུ་ནི། །ག་པུར་ཉི་ཤུ་རྩ་ལྔ་བསྣན། །སྨན་ཐུན་ཐུར་མ་རེ་རེ་བླུད། །དེ་རྗེས་གངསཆུ་ཧུབ་རེ་བྱིན། །དེ་ཡིས་ཟླ་བ་དྲུག་རེ་ཐུབ། །སྟོད་ཀྱི་བནྡེའི་ཟབ་ཁྱད་ཡིན། །ྀཨཚ། ཡང་གཅིག་ཁ་ཚའི་རྩི་བླུད་ཐབས། །ནད་ཀྱིས་ན་བའི་ནོར་རྣམས་ལ། ཁྲག་གཏར་འབའ་ཤ་ལེགས་པར་བཏོན། །ཤུ་དག་ནག་པོ་གླ་རྩི་དང་། །ཅུ་གང་སྲོ་ལོ་བོང་ང་དཀར། །གུ་གུལ་ནག་དང་མུ་ཟི་ནག །དེ་རྣམས་རྩི་བཞིན་བཏགས་བྱས་ལ། །ཆུ་ལ་སྦྱངས་ལ་ཕོར་རེ་བླུད། །དབྱར་ཐོག་དགུན་ཐོག་རེ་རེ་ཐུབ། །ཕྱག་སྨན་མཁས་པའི་ཁྱད་ཆོས་ཡིན། །ལབ་ཆི་དཀར་མོའི་མདོ་ནས་གསུངས། ༈ གློ་བའི་སྔགས་ནི་འདི་ལྟར་ཏེ། ཨོཾ་ཐིག་སོད། ཐིག་སོད། སྦ་ལ་ཐིག་སོད། ས་ཐིག་སོད། སྐྱུགས་ན་སྐྱུགས་ན། འདྲེན་ན་འདྲེན་ན། ཤི་མ་འདྲེན་ན། ཕྱི་སོད་ཕྱི་སོད། ནད་ནད་ཞི་བར་གྱུར་ཅིག །ར་དཀར་འོ་མ་གངས་ཆུ་ལ། སྔགས་ལ་བླུད་ན་ཕན་ངེས་སོ། ༈ །ནོར་ལ་ཧོན་གྱི་ནད་བྱུང་ན། །སྨན་ནི་དཀར་རྩི་འདྲ་བ་སྟེ། །ཕྱི་ཕིག་རྒན་པོའི་མཇུག་མའི་སྤུ། །མེར་བསྲེགས་ནག་དྲི་ཕྱིར་ཕོ་ལ། །མཇུག་མ་བཀྲུས་པའི་ཁུ་བ་ལ། །རྟ་བྱས་ཧོན་གྱིས་ཤི་ཞིག་གི །བྱང་ཁོག་ཆུ་སེར་ནོར་བརྒྱ་རེར། །ཕོར་བ་གསུམ་ཙམ་གངས་ཆུ་ལ། །རྟ་བྱས་ཕོ་ཡི་སྣ་གཡས་དང་། །མོ་ཡི་གཡོན་སྟེར་གློ་རྩིར་མཚུངས། །ཕྱི་ཕིག་མ་བྱུང་ཨ་ར་ཡི། །མཇུག་མ་ལྔ་ལ་ཕྱི་ཕིག་ལྟར། །བྱས་ཀྱང་ཆོག་ཅིང་སྔོན་འགྲོ་དང་། །རྗེས་སོགས་གློ་རྩི་ཇི་བཞིན་ནོ། ༈ །བྱོལ་སོང་ཕྱུགས་ཀྱི་ནད་གཅོད་ན། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མཁས་པ་བཻ་རོ་ཙ་ནར་གནང་། །སེམས་ཅན་བུ་ནད་མང་འབྱུང་སྟེ། །དེ་ལ་ཕན་ཕྱིར་འདི་ལྟར་བསྔགས། ཨོཾ་གི་ན་ཀ་ལོ། གི་ན་ཀ་ལོ། མ་ཧཱ་གི་ན་ཀ་ལོ། མ་ཧཱ་མ་དྲེ། མ་ཧཱ་མ་དྲེ། ཧཾ་ཀ་ར་ནི་ཧཾ་ཀ་ར་ནི། ཀྵཾ་སོ་ཀྵཾ་སོ། གཉན་ལ་མཱ་ར་ཡ་ཕཊ། ཅེས་པ་ཡོས་རྔོས་ཕྱེ་ནག་ལ། །བཞི་བརྒྱ་བྱེ་མ་མ་རྔོས་པའམ། །མ་འབྱོར་བྱི་ཁུང་ཤར་བལྟས་ཀྱི། །ས་ལ་སྔགས་ནི་བཞི་བརྒྱ་དང་། །གཉིས་ཀ་བསྲེས་ལ་བཞི་བརྒྱ་བརྒྱབ། །མི་ཕྱུགས་གང་ལ་རྒྱབ་ཀྱང་ཆོག །རྫས་ལ་ར་རོག་ཁྲག་དང་ནི། །ར་དཀར་འོ་མ་གཉིས་བསྲེས་ལ། །སྔགས་ནི་བཞི་བརྒྱ་རེ་བརྒྱབས་པས། །གང་ལ་བླུད་ཀྱང་ཕན་པར་ངེས། །དམིགས་པ་རང་ཉིད་བྲམ་ཟེ་ནི། །ནག་པོ་ཁ་ནས་མེ་འབར་བ། །སྣ་ནས་དུ་བ་འཐུལ་བ་ལ། །མི་རོ་རེངས་པ་ཁར་བཅུག་པ། །བསམ་ལ་ཕྱུགས་ལ་བྲབ་དུས་སུ། །གསང་ཁ་གཉིས་ཀྱི་བར་དུ་བྲབ། །མཁས་པ་སེང་བཟང་ལེགས་བཤད་དོ། །ས་འགོ་སྲུང་བ་ལ། དང་པོ་བདེན་པ་བརྡར། རང་སྲུང་སྤུར་བ། ནན་བྱ། གསོད་པ། གཉན་ཕྱོ་བ། དང་པོ་བདེན་པ་བདར་བ་ནི། ཨོ་རྒྱན་གྱི་བདེན་པ་བདར་བཞིན། གཉན་གྱི་ཕ་རྒྱལ་པོ། །མ་རྒྱལ་བ་ཐོད་དཀར་བ་བཟའ་མི་གཉིས་ཀྱིས་ཇི་ལྟར་ཁས་བླངས་བཞིན་དྲན་པར་གྱིས་ལ། སེམས་ཅན་ལ་མ་གནོད། མ་འཚེ། ཁའི་དབུགས་མ་ལེན། མདངས་མ་ཕྲོགས། སེམས་ཅན་ལ་གནོད་ཅིང་འཚེ་བ་མ་བྱེད་པར་རང་རང་གི་གནས་སུ། ཆུ་བོའི་གཞུང་ལ། སྤང་པོའི་ངོས་ལ། ལུང་པའི་འགྲིམ་ལ། གངས་དཀར་སྟོད་ལ་སློབ་དཔོན་གྱིས་བཀའ་དང་དམ་ལ་བཞག་པ་བཞིན། རང་རང་གནས་ལ་སོང་ཞིག །དང་པོ་རང་སྲུང་ནི། ཆུ་གཙང་ལ་བོང་ང་དཀར་པོ་བཏབ། སྔགས་ནི། ཨོཾ་ཧཱུྃ་ནི་ལ་ཡ་ནི། ལ་ཡ་འབུར་ཆོམ་ཧཱུྃ་ཕཊ། སུམ་བརྒྱ་སྔགས་ལ་རང་ཡང་འཐུང་། གཞན་ལ་བླུད། ནོར་ཤི་སར་ཡང་གཏོར། སྤུར་བ་ནི། ཨོཾ་ཐོད་སྤུར། ནེར་སྤུར། ཁྱུང་སྤུར། ཁྲུད་ཀ་རུ་ནི་སྤུར་སྭཱ་ཧཱ། བྱེ་མ་དང་ཆུ་ལ་སྔགས་ནས་གཏོར། སྔགས་ཕོར་གས་ཆག་མེད་པར་བྱ། ནན་བྱ་བ་ནི། རང་ཕྱག་ན་རྡོ་རྗེ་བསྒོམས་ལ། སུམྦྷ་ནིས་བགེགས་བསྐྲད། གསོད་པ་ནི། ཨ་ཧི་མི་ཏི་འབྲུམ་ཏི་ཤི་ཨ་ལི་ནག་པོ་སྲོག་ལ་རྦད། འབྲུམ་ཏི་ནག་པོ་ཀ་ལི་ཤི །ནག་པོ་ཛ་ལི་སྲོག་ལ་རྦད། སྲོག་གི་སྙིང་པོའི་སྙིང་ལ་ཐུན། གནོད་བྱེད་ལྷོག་པ་སྤུན་དགུའི་སྲོག་རྩ་ཆོད། ཆུ་ལ་སྔགས་ལ་མི་ཕྱུགས་ལ་བླུད། རྡོ་ལ་སྔགས་ལ། ཨོཾ་འབུར་སོད། འབུར་སོད། ཅེས་ཁྲི་ཚོ་རེ་སྔགས་ལ་རྡོས་བྲབ། ཡང་གསད་སྔགས་གཅིག་ལ། ཧུར་ཐུམས་སྲོག་ལ་རྦད། སྙིང་སྲོག་དུམ་བུར་རྦད། དུག་དང་ཁ་ཚར་སོད། ནག་པོ་ཁ་ལ་རཀྴ་རྦད། ཅེས་པས་སྔགས་ཆུ་བྱས་བླུད། སྲུང་བར་བྱེད་ན། ལུག་ཐུག་སྟོད་ནག་པོའི་སོག་བལ་གཡས་དང་། མ་མོ་དཀར་མོའི་སོག་པ་གཡོན་པའི་བལ་དང་། བལ་ནག་གསུམ་ལ་སྐུད་པ་སུམ་སྒྲིལ་བྱས་ལ་གཉིས་ལྟེབ་བྱས་ལ་རྡོ་རྗེའི་མདུད་པ་གཅིག་བརྒྱབ། གླ་རྩི་བྱུག །སྔགས་གོང་བསྙེན་ཁྲི་ཚོ་གཅིག་བཏབ། ཕོའི་མཐེབ་གཡས། མོའི་གཡོན་དུ་བཏག །རྟ་སོགས་སྲོག་ཆགས་གང་ལ་ཡང་འདྲ། རིགས་གསུམ་མགོན་པོའི་སྲུང་བ་ཟབ། ཡང་གཉན་སྔགས་ཟབ་པ་གཅིག་ལ། ནག་པོ་རྦད། ཚ་བ་རྦད། དུག་མེ་རྦད། སུམ་ཧྲིལ་རྦད། ས་སྲིན་མ་རུ་ཙེ་སོད། མེ་རུ་ཙེ་སོད། ང་ར་རུ་ཙེ་སོད། ང་ར་མ་རུ་ཙེ་སོད། གོང་བསྙེན་ཁྲི་བྱ། ནད་རིགས་ཀུན་ལ་འགྲོ། ཟབ། ཡང་། ཨ་དྲི་སོད། གངས་དྲི་ཐུལ། དུག་དྲི་གློག །ཅེས་པ་གངས་ཆུ་ལ་དྲི་ཆུ་བསྲེས་པར་བཏབ་ནས་བླུད་ན་རིམས་ནད་ཐམས་ཅད་ལ་ཕན་ནོ། །ལྷོག་པ་བཤའ་བའི་སྔགས་ནི། ཨོཾ་ཆོ་མོ། །ཆོ་མོ། །དམར་མོ་སོད། ཅེས་གྲི་ལ་བཏབ་ནས་བཤའ། ལྷོག་པའི་ཨརྒྷ་སོད། ཡང་རྟ་དང་ཕྱུགས་ནད་ལ་ཕན་པའི་གདམས་པ་འདིའི་རྫས་ལ། དཀར་གོང་ནས་ཙམ་བཅོས་པ་བྲེ་གང་། རྡེའུ་ནག་པོ་ནས་ཙམ་བྲེ་གང་ལ་སྔགས་བཞི་བརྒྱ་རེ་དང་བསྲེས་ནས་བཞི་བརྒྱ། ཆུ་ཟོམ་གང་ལ་རྣམ་འཇོམས་ཀྱི་གཟུངས་སྔགས་བཏབ་ལ་སྣེ་ལ་གཟུངས་ཆུས་བྲབ། རྡེའུ་དཀར་ནག་གིས་བྲབ། རྡེའུའི་སྔགས་ནི། ཨོཾ་མ་དུར་རྦད་སྭཱ་ཧཱ། གོད་ཁ་སྲུང་བ་ནི། ལུག་གི་སྲེ་ལོང་ལ་སྔགས་བཞི་བརྒྱ་བཏབ་རྔ་མའི་གསེབ་ཏུ་བཏགས། གསང་ཁ་གཉིས་ཀྱི་བར་དུ་གོང་བཞིན་རྗེས་མའི་རྩེ་ནས་བཅད་ལ་ཐུར་ལ་སྐྱུར། སྔགས་འདི་ནི་ཞོ་ཆང་ལ་ཡང་འགྲོ །འོ་མ་འཕེལ་བ་ལ་ཟན་ལ་སྔགས་གོང་བཞིན་བྱས་ལ། ཕྱེད་ཕྱུགས་ལ་སྟེར། ཕྱེད་ནུ་མར་སྒྲིལ་ལ་ཕྱིར་སྐྱུར་བས་འོ་མ་འཕེལ་བར་འགྱུར་རོ། །ཡང་། སྤྱང་ཀིའི་ཁ་ཆིངས་བྱེད་ན་གོང་གི་སྔགས་དེ་ཀ་ཡིན། ཚར་བུའམ་བེ་དྷོ་ཤིང་ཤུན་ལྤགས་མ་བཤུས་པ་རྩེ་མོ་ནས་སོག་ལེས་སྙགས་ལ་སྤྱང་ཀིའི་ཁ་བཟོས་ཁ་དེ་ནོར་གྱི་རྔ་མས་བཀྱིགས། གཤམ་དུ་མིག་ཕུག་པ་ལ་ཡང་དེ་ཉིད་ཀྱིས་ལུང་བཏགས་ལ་རྟ་ཕྱུགས་གང་ཡིན་སྤུ་ཁ་ལེགས་པ་གཅིག་གི་ཟེ་བ་ལ་བཏགས་པས་ཐུབ་ངེས་ཅན་ཡིན། ཕ་དམ་པའི་གདམས་པའོ། །ཡང་ལྷོག་སྲུང་ལུགས་གཅིག་ལ། ཀྵ་བྷཾ་ཧཱུྃ་ཁྲོཾ། འདིའི་བྱེད་ལུགས་ལ། གླ་གུལ་བྱུག །བདེན་བདར་བྱེད། ཡེ་དྷར་གྱིས་རབ་གནས་བྱ། རང་སྔགས་བརྒྱ་རྩས་རབ་གནས་བྱ། སྐུད་པ་ལུག་དཀར་པོའི་སོག་བལ་གྱིས་བྱ། དབྱར་ཐོག་དགུན་ཐོག་རེ་ཐུབ་བོ། །ཟབ་བོ། །ཨུ་རྒྱན་གྱིས་མཛད་པའོ།། །།

གསང་བདག་དྲེགས་པ་ཀུན་འདུལ་གྱི་ཡུམ་བཀའ་མཁའ་འགྲོ་སེང་གདོང་མའི་རྗེས་གནང་གསལ་བྱེད་དངོས་གྲུབ་ལག་གཏོད་ (Volume 33, Text 21)

༄༅། །གསང་བདག་དྲེགས་པ་ཀུན་འདུལ་གྱི་ཡུམ་བཀའ་མཁའ་འགྲོ་སེང་གདོང་མའི་རྗེས་གནང་གསལ་བྱེད་དངོས་གྲུབ་ལག་གཏོད་ཅེས་བྱ་བ་བཞུགས་སོ། ། དོན་དམ་ཡེ་ཤེས་འགྱུར་མེད་ནམ་མཁའི་དངོས། །བདེ་ཆེན་ཙཎྜ་ལཱི་ཡི་རྟགས་སུ་ཤར། །ཕྱག་རྒྱའི་བརྡར་སྣང་རབ་ཁྲོས་རྣལ་འབྱོར་མས། །དགྱེས་བརྩེར་དགོངས་ལ་རྟག་ཏུ་བྱིན་གྱིས་རློབས། །ཟབ་གཏེར་གསང་མཛོད་བརྒྱ་ཕྲག་གི །སྙིང་པོ་རིན་ཐང་བྲལ་བའི་དབྱིག །ཁ་ཚང་བཅུད་དྲིལ་ཟབ་ཁྱད་ཅན། །འདིར་མོས་སྐལ་ལྡན་འཇུག་སྒོ་འོ། །འདིའི་རྗེས་གནང་སྒྲུབ་པ་ལ་སྟེགས་གཙང་མར་དཀྱིལ་འཁོར་བསྡུས་པ་མཎྜལ་ལ་རྡུལ་ཚོན་གྱིས་ཆོས་འབྱུང་དམར་པོ་བསྣོལ་མའི་དབུས་སུ་ལྷ་མཚན་གྲི་གུག་ཐོད་ཁྲག་དག་གིས་མཚན་པ། ཁུག་དྲུག་ཏུ་དགའ་འཁྱིལ་དཀར་པོ། མཚམས་སུ་གྲི་ཐོད་བྲིས་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གསེབ་ཏུ་སྐུ་ཙཀ་བཙུགས་པ་བཞག །གཡས་གཡོན་དུ་ཐོད་ཕྲེང་། ཤེལ་རྡོ། རྒྱབ་ཏུ་གྲི་ཐོད་ཁ་ཊྭཱཾ་གི་ཙཀ་ལི། མདུན་དུ་དབང་གཏོར་གདན་གའུ་ཁ་སྦྱོར་ཟླ་གམ་ནོར་གཟུགས་ཕྱི་ནང་རིམ་གཉིས་མར་གྱི་མེ་རི་དང་། ཐོད་སྐམ་བཞིས་པད་འདབ་ཀྱི་ཚུལ་བྱས་པ། མདུན་ངོས་ཆོས་འབྱུང་བསྣོལ་མའི་ལྟེ་བར་དགའ་འཁྱིལ། རྩེ་མོར་ཕྱག་མཚན་གྱིས་སྤྲས་པ་བཤམ། དེའི་གཡས་གཡོན་སྨན་རཀ །ཕྱི་མཆོད་ཕྲེང་ཚར། ལས་བུམ། བཀའ་སྲུང་གཏོར་འབུལ། ལས་བྱང་ཚོགས་གཏོར་སོགས་འདུ་བྱ། དེ་ནས་བརྒྱུད་འདེབས་དང་། ལས་བྱང་ཕྲིན་ལས་གཏེར་མཛོད་ཀྱི་སྐྱབས་སེམས། རྒྱལ་འདུས་ལྟར་དཀར་བགེགས་བསྔོས་ལ། བགེགས་བསྐྲད་ཕྱིན་རང་གཞུང་གཏང་། ལྷ་བསྐྱེད་གཙོ་མོའི་འཕྲོས་སུ་ཟུར་གསལ་ཁོང་སྙིང་ཕག་མོ་བསྐྱེད། སྤྱན་འདྲེན་གོང་དུ་དེའི་ཕྲིན་ལས་བསྡུས་པ་དང་། ཛཔ྄་ཀྱི་གོང་དུ་དེའི་བསྙེན་ཛཔ྄་སྦྱར། བདག་མདུན་དབྱེར་མེད་བྱས་ཀྱང་ཆོག་མོད། ཚིག་གཅིག་གིས་ཐ་དད་དུ་གསལ་བཏབ་ན་བློ་དམན་ལ་རྣམ་པ་གསལ་ཞིང་། བཟླས་པ་གཙོ་བོ་ཡི་གེ་བཅུ་བཞི་པ། དེའི་ཕྱེད་ཆ་དངོས་གྲུབ་ཀུན་འབྱུང་། འཁོར་སྔགས་གཙོ་མོའི་བཅུ་ཆ། ཕྲིན་ལས་སྔགས་ཅུང་ཟད་བཟླ། ཁ་སྐོང་སྟོང་ཚིགས་སྤྱི་མཐུན། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། གཏེར་སྲུང་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་གཏང་། ལས་བྱང་མཇུག་གི་དངོས་གྲུབ་ལེན་ཆོག་བརྗོད་ལ་བདག་དབང་ཞུ། དེ་ལས་སློབ་མ་ལས་ཆུས་ཁྲུས་བྱ། བགེགས་གཏོར་གཏང་། ལས་བྱང་ལྟར་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་དང་རྒྱལ་བའི་མྱུ་གུ་ཐམས་ཅད་འབྱུང་བའི་གནས། མཁའ་ཁམས་ཨེ་ཡིག་ཀུན་ཏུ་བཟང་མོ་ཆོས་དབྱིངས་བདེ་ཆེན་རྡོ་རྗེ་བཙུན་མོ་གནམ་ཞལ་དབྱིངས་ཕྱུག་མ་གང་ཉིད། རྣམ་པ་རྟགས་ཀྱི་ཕྱག་རྒྱ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་ལ་འགྲོ་བའི་རྣལ་འབྱོར་མ་རིགས་ལྔ་ཁྱབ་བྱེད་བཅས་པའི་གཟུགས་སྐུའི་རྣམ་རོལ་མཁའ་ཁྱབ་ཏུ་བསྟན་ཅིང་དཀྱིལ་འཁོར་འཁོར་ལོའི་སྤྲོ་བསྡུ་དང་། དེ་དག་ལ་བརྟེན་པའི་གསང་བ་ཟབ་མོའི་རྒྱུད་དང་སྒྲུབ་ཐབས་ཇི་སྙེད་བཞུགས་པ་རྣམས། གསང་ཆེན་ཆོས་ཀྱི་འབྱུང་གནས་ཨོ་ཌཱི་ཡ་ན་ལས་བྱོན་ཅིང་འཕགས་བོད་གཉིས་སུ་དེ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སྐྱེས་བུ་ཟམ་མ་ཆད་པར་བྱོན་པ་ལས། ལོག་འདྲེན་གདུག་པ་ཅན་གྱི་གདུལ་བྱ་འདུལ་བའི་གཉེན་པོར་རྡོ་རྗེ་རྣལ་འབྱོར་མ་ཉིད་འཇིགས་རུང་དཔའ་མོ་འཕྲོག་བྱེད་ཀྱི་དབུ་བརྙན་ཅན་དུ་བཞེངས་པ་ཡེ་ཤེས་ཌཱ་ཀི་སེང་གདོང་མ་ཉིད་ལའང་རིགས་ལྔ་ཕྲིན་ལས་དང་བཅས་པའི་དབྱེ་བ་དང་། ཆོས་ཟོར་གྱི་གཉེན་པོ་སེང་གདོང་མ། བོན་ཟོར་གྱི་གཉེན་པོ་སྟག་གདོང་མ། མུ་སྟེགས་བྱད་འཇོམས་དོམ་གདོང་མ་སྟེ་སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པའི་སྒྲུབ་ཐབས་ལས་ཚོགས་དུ་མ་མཆིས་པ་ལས། འདིར་གསང་བདག་རྡོ་རྗེ་འཛིན་པ་དང་ཐ་མི་དད་པའི་གུ་རུ་སེང་གེ་སྒྲ་སྒྲོག་གིས་བོད་ཀྱི་གདུལ་བྱ་སྐལ་ལྡན་སྤྱི་དང་། ཁྱད་པར་འཁོན་སྟོན་ཀླུའི་དབང་པོའི་སྐལ་པར་བསྩལ་པའི་གསང་བདག་དྲེགས་པ་འདུལ་བྱེད་དང་ཡུམ་བཀའ་སེང་གདོང་མའི་སྨིན་གྲོལ་བསྐྱེད་རྫོགས་ཁྱད་པར་འཕགས་པའི་གདམས་སྐོར་རྣམས། སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང་འཁོན་ཀླུ་དབང་སྲུང་བའི་རྣམ་རོལ་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྤྱན་དྲངས་པ་སྟེ། དེ་ལས་སྐབས་སུ་བབས་པ་ཡུམ་བཀའ་སེང་གདོང་སྔོན་མོའི་ཆོས་སྐོར་འདི་ལའང་སྨིན་བྱེད་རྒྱས་པ་སྟ་གོན་འཇུག་པ་དང་བཅས་པའི་དབང་ཆེན་དང། བསྡུས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་གཉིས་སུ་ཡོད་པ་ལས་འདིར་རྗེས་གནང་ཉིད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་ཡེ་ཤེས་མཁའ་འགྲོ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་མོས་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་རིན་ཆེན་དགོངས༔ བདག་ལ་མཁའ་འགྲོ་སེང་གདོང་གི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ བྱིན་གྱིས་བརླབ་པ་བསྩལ་དུ་གསོལ༔ ལན་གསུམ་ཞུས་པ་ལ་བླ་མས། འོ་དེ་ལྟར་འདོད་ན་སྐྱབས་སེམས་ཡན་ལག་བདུན་པ་དང་དམ་ཚིག་འཛིན་པ་ལ་ནན་ཏན་དགོས་པས་འདི་ལྟར་དུ་མོས་ཤིག །བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཀའ་སྲུང་བཅས་པའི་སྤྱན་སྔར་ཁྱེད་རང་རྣམས་དེང་ནས་སངས་རྒྱས་མ་ཐོབ་ཀྱི་བར་སྐྱབས་སུ་མཆི་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། གསག་སྦྱོང་སྙིང་པོ་ཡན་ལག་བདུན་པ་ལ་འབད་ཅིང་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་གཟུང་བར་བགྱིའོ་སྙམ་པས་འདིའི་ལད་མོ་གྱིས་ཤིག །ཧོ༔ མཆོག་གསུམ་རྩ་བ་གསུམ་ལ་སྐྱབས༔ འགྲོ་བ་འདུལ་བར་སེམས་བསྐྱེད་དོ༔ ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ མཆོད་ཚོགས་འབྱོར་དང་ཡིད་སྤྲུལ་འབུལ༔ ཉེས་ལྟུང་མ་ལུས་ད་ལྟ་བཤགས༔ ལེགས་ལམ་ཀུན་ལ་བདག་ཡི་རང༔ ཐེག་དགུའི་ཆོས་འཁོར་བསྐོར་བར་སྐུལ༔ སེམས་ཅན་དོན་མཛད་གསོལ་བ་འདེབས༔ དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག༔ གསང་སྔགས་དམ་ཚིག་མ་ལུས་ཀུན༔ བདག་གིས་མི་ཉམས་བསྲུང་འཚལ་ལོ༔ ལན་གསུམ། ཡེ་ཤེས་པ་དབབ་པ་ཡིན་པས་ལུས་ངག་ཡིད་གསུམ་གནད་གཅུན་ཏེ་དམིགས་པ་འདི་ལྟར་དུ་མཛོད། ལས་ཆུ་དང་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྣང་སྲིད་ཡེ་སྟོང་རྫོགས་པ་ཆེ༔ དེ་ངང་ཆོས་འབྱུང་གཞལ་ཡས་ཁང༔ མེ་རླུང་ཐོག་སེར་འཁྲུགས་པའི་དབུས༔ པད་ཉི་བཾ་སྟེང་རང་གི་སེམས༔ སྐད་ཅིག་དྲན་རྫོགས་མཁའ་འགྲོ་མ༔ མཐིང་ནག་སེང་གེའི་གདོང་པ་ཅན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད༔ ལྗགས་བསྐྱོད་གཡུ་རལ་ནམ་མཁར་གཟིངས༔ སྐམ་རློན་ཐོད་པའི་དབུ་རྒྱན་དང༔ དོ་ཤལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ གྲུ་གཡོན་ཁ་ཊྭཱཾ་རྩེ་གསུམ་བཅུག༔ ཞབས་གཉིས་བརྐྱང་བརྐུམ་གར་སྟབས་འཇིགས༔ ཐུགས་ཀར་ཉི་སྟེང་བྷྱོ་མཐིང་ལས༔ འོད་འཕྲོས་ཕྱོགས་བཅུའི་རྩ་གསུམ་དང༔ ཁྱད་པར་ཨུ་རྒྱན་དུར་ཁྲོད་ནས༔ མཁའ་འགྲོ་འཁོར་བཅས་སྤྱན་དྲངས་ཏེ༔ ཁྱེད་རང་ཉིད་ལ་ཐིམ་པར་སྒོམས༔ འབེབ་པའི་རྫས་དང་རོལ་མོའི་སྒྲ་སྦྱར་ལ། ཨེ་བཾ་ཨ་ཧ་རི་ནི་ས་སརྦ་ཌཱ་ཀི་ནཱི་པྲ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད། དམ་ཚིག་ཡེ་ཤེས་དབྱེར་མེད་བྱང་ཆུབ་བར་བརྟན་པར་གྱུར་ཅིག །ཡེ་དྷར་བརྗོད་ལ་མེ་ཏོག་འཐོར། དབང་དངོས་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡོད་པ་ལས་ཐོག་མར་སྐུ་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་གཞལ་ཡས་ནང་བཅུད་ཡི་དམ་ལྷ༔ བདུད་རྩིའི་རྒྱུན་བབས་ལུས་གང་དྲི་མ་དག༔ ཆུ་ལྷག་ཡར་ལུད་རིགས་ལྔས་དབུ་བརྒྱན་གྱུར༔ རྣམ་བུམ་སྐུ་གཟུགས་བཅས་སྤྱི་བོར་བཞག་ལ། ཨོཾ༔ བུམ་པའི་གཞལ་ཡས་ནང་དབུས་སུ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་བཞུགས༔ སློབ་མར་དབང་བསྐུར་ལུས་སྒྲིབ་དག༔ བསྐྱེད་རིམ་བསྒོམ་དབང་སྤྲུལ་སྐུར་ཤོག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་ཐོབ་ལུས་སྒྲིབ་དག །བསྐྱེད་པའི་ལམ་སྒོམ་སྤྲུལ་པའི་སྐུ་འཐོབ་འགྱུར། །གཉིས་པ་གསུང་གསང་བའི་དབང་ལ་དམིགས་པ་འདི་བཞིན་སྒོམས་ལ་སྙིང་པོའི་རྗེས་ཟློས་མཛོད། སློབ་དཔོན་ཐུགས་ཀའི་རང་སྔགས་སློབ་མར་འཕྲོས༔ ཞལ་ཞུགས་སྙིང་གའི་ས་བོན་བསྐོར་བ་ལས༔ འོད་བཞི་འཕྲོས་པས་ལས་བཞི་འགྲུབ་པར་བསམ༔ ཨེ་བཾ་ཨ་ཧ་རི་ནི་ས་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ལན་གསུམ། བགྲང་ཕྲེང་མགྲིན་པར་བཞག་ལ། ཨཱ༔ ཕྲེང་བ་མཁའ་འགྲོའི་སྔགས་ཡིག་འོད་ལས་གྲུབ༔ རང་སྒྲས་སྣང་སྲིད་ཁྱབ་འདིས་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་སྔགས་བཟླས་བྱེད་ལ་དབང༔ ལོངས་སྐུའི་གོ་འཕང་མྱུར་དུ་འགྲུབ་པར་ཤོག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཝཱ་ཀ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་གསང་བའི་དབང་ཐོབ་ངག་སྒྲིབ་དག །སྔགས་རླུང་ལམ་བསྒོམ་ལོངས་སྐུ་འཐོབ་འགྱུར་རོ། །གསུམ་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དོན་འདི་ལྟར་ཤེས་པར་གྱིས་ཤིག །རང་སེམས་རིག་པ་འདི་ལ་གཅེར་གྱིས་ལྟོས༔ དགག་སྒྲུབ་སྤང་བླང་མ་བྱེད་རང་ཐོག་ཀློད༔ སྟོང་གསལ་མ་འགགས་ངོ་བོ་སྐུ་གསུམ་དངོས༔ ཤེལ་རྡོ་བསྟན་ལ། ཧཱུྃ༔ ཤེལ་ནི་དག་ཅིང་དྲི་མ་མེད༔ ལྷང་ངེར་གསལ་འདིས་ཡེ་ཤེས་མཚོན༔ བུ་ལ་དབང་བསྐུར་ཡིད་སྒྲིབ་དག༔ དོན་སྒོམ་དབང་ནས་ཆོས་སྐུར་ཤོག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ ཞེས་ཡུད་ཙམ་ངོ་བོ་བསྐྱང་དུ་གཞུག །དེ་ལྟར་ཤེར་ཡེའི་དབང་ཐོབ་ཡིད་སྒྲིབ་དག །རྫོགས་རིམ་བསྒོམ་དབང་ཆོས་སྐུ་ཐོབ་འགྱུར་རོ། །བཞི་པ་ཡོན་ཏན་གཏོར་མའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། གཏོར་མ་ལྷ་ཡི་གཞལ་ཡས་ནང་དབུས་སུ༔ ཡེ་ཤེས་མཁའ་འགྲོར་གསལ་ལས་འོད་ལྔ་འཕྲོས༔ སློབ་མའི་སྒྲིབ་པ་ཀུན་དག་འོད་དེ་ཡིས༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ལྷར་བྱིན་བརླབས༔ འོད་ལུས་ཡེ་ཤེས་སྙིང་པོ་འགྲུབ་པར་མོས༔ དབང་གཏོར་གནས་བཞིར་བཞག་ལ། སྭཱ༔ གཏོར་མ་རྨད་བྱུང་འོད་ཀྱི་གཞལ་ཡས་སུ༔ ཡེ་ཤེས་མཁའ་འགྲོ་སེང་གདོང་ལྷ་ཚོགས་བཞུགས༔ སློབ་མར་དབང་བསྐུར་སྒྲིབ་དག་ཟུང་འཇུག་བསྒོམ༔ དབང་ནས་ལྷར་གསལ་ངོ་བོ་ཉིད་འགྲུབ་ཤོག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་གུ་ཎ་ཨ་བྷི་ཥིཉྩ་མཱཾ༔ ཡོན་ཏན་དབང་ཐོབ་ཆ་སྙོམ་སྒྲིབ་པ་དག །ཟུང་འཇུག་བསྒོམ་དབང་ངོ་བོ་ཉིད་འགྲུབ་འགྱུར། །ལྔ་པ་ཕྲིན་ལས་ཕྱག་མཚན་གྱི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། ཕྱག་མཚན་གཏད་པས་ལྷ་ཡི་དཀྱིལ་འཁོར་རྫོགས༔ སྤྲུལ་པ་བཞི་འཕྲོས་ལས་བཞི་འགྲུབ་འགྱུར་བསམ༔ གྲི་ཐོད་ཁ་ཊྭཱཾ་གཏད་ལ། ཧཱ༔ ཐབས་དང་ཟུང་འཇུག་ཤེས་རབ་རྒྱན༔ ཁ་ཊྭཱཾ་གྲི་གུག་ཐོད་པ་གཏད༔ ལྷ་ཡི་དཀྱིལ་འཁོར་ལུས་ལ་རྫོགས༔ ལས་བཞིའི་ཕྲིན་ལས་སྒྲུབ་ནུས་ཤོག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨ་བྷི་ཥིཉྩ་མཱཾ༔ ཕྲིན་ལས་དབང་ཐོབ་ཉོན་ཤེས་སྒྲིབ་པ་དག །ལས་དང་དངོས་གྲུབ་ཐོགས་མེད་འགྲུབ་འགྱུར་རོ། །དེ་ལྟར་ཕྱག་མཚན་ཕྲིན་ལས་དབང་བསྐུར་པས༔ རྣམ་བཞིའི་འགྲོ་དོན་སྒྲུབ་ལ་ཐོགས་མེད་འགྱུར༔ དེ་ནས་གཟུང་སྟེ་སློབ་མ་ཁྱོད་ཀྱིས་ཀྱང༔ སེང་གདོང་ལྷ་ཚོགས་ཡི་དམ་ལྷར་གཟུང་དགོས༔ ཇི་ལྟར་བཀའ་བསྒོས་པའི་ཐ་ཚིག་ལས་ནམ་ཡང་འདའ་བར་མི་བགྱིའོ་སྙམ་པའི་གཡར་དམ་སྙིང་ལ་བཅངས་ཏེ་འདིའི་རྗེས་ཟློས། ཧོ༔ བདག་གིས་ད་ནས་སངས་རྒྱས་ཐོབ་ཀྱི་བར༔ སེང་གདོང་ལྷ་ཚོགས་ཡི་དམ་ལྷ་རུ་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་ན༔ མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པར་ཤོག༔ ཅེས་ཞུ། དེ་ནས་གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་མཐུན་དང་། སློབ་དཔོན་གྱིས་ཚོགས་ལ་ལོངས་སྤྱོད། ལྷག་མ་གཏང་བའི་རྗེས་སྤྱང་ཞོན་མ་ལ་གཏོར་མ་འབུལ། ཆད་བརྟན་རྟ་བྲོ་གྲུབ་ནས་གཏང་རག་མཆོད་བསྟོད་མདོར་བསྡུས་འབུལ། ནོངས་བཤགས་བྱས་ལ་མདུན་བསྐྱེད་ཡེ་ཤེས་པ་རྟེན་ཡོད་ན་རབ་ཏུ་གནས། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་ཤིས་བརྗོད་བསྔོ་སྨོན་རྣམས་ལས་གཞུང་ལྟར་བྱའོ། །རྦོད་གཏོང་གཡུལ་ངོ་བདེན་སྟོབས་མཚོན་ཆས་གཞོམ། །ཐར་པའི་གྲོང་དུ་མཁའ་སྤྱོད་མཛེས་མས་བསུ། །འཕྲལ་ཡུན་ཉེས་པའི་ཕྱོགས་ལས་རྣམ་པར་རྒྱལ། །རྡོ་རྗེ་བཙུན་མོ་ཉིད་དང་སྙོམས་འཇུག་ཤོག །ཅེས་པའང་ཟབ་གསང་རིན་པོ་ཆེ་རིན་ཐང་བྲལ་བའི་གཏེར་གྱི་མཛོད་ཡོངས་སུ་གང་བའི་ཆ་རྐྱེན་དུ་པདྨ་གར་དབང་བསྟན་གཉིས་གླིང་པ་རྩལ་གྱིས། ཤྲཱི་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཌཱ་ཀི་དགྱེས་རྒུར་སྤྱོད་པའི་བསམ་གཏན་གྱི་ཁང་བུར་བགྱིས་པ་དགེ་ལེགས་འཕེལ།། །།

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་ (Volume 20, Text 21)

༄༅། །འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་བཞུགས་སོ། ། ཨོཾ་སྭསྟི། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་པ་བྱ་ཚུལ་ལ། ཐོག་མར་དཀོན་མཆོག་མཆོད་པ་དང་། གསུང་རབ་བཀླག་པ་སོགས་རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་འགྲོ་བས། དབེན་ཞིང་ཡིད་དུ་འོང་བའི་གནས་ཕྱག་དར་གྱིས་དག་པར་བྱས་ལ། དམིགས་རྟེན་གྱི་བྲིས་སྐུ་བཀྲམ་པའི་མདུན་དུ། བསྙེན་སྒྲུབ་སྦྲེལ་ནས་བྱེད་ན་ལས་བྱང་འཆི་མེད་འདོད་འཇོར་གསུངས་པ་ལྟར་དཀྱིལ་འཁོར་ཚེ་རྫས་དང་བཅས་པའི་གཤོམ་རྒྱས་པར་བྱ་བའམ། བསྙེན་རྐྱང་ཙམ་ལས་མི་བྱེད་ན་མཆོད་གཏོར་ཅི་འབྱོར་བཤམ། དེ་དང་ཁ་སྤྲོད་དུ་སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་འཁོར་དུ་བྲི། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་སོགས་བཀོད། གཞན་ཡང་མཚམས་གཡོག་སྨན་པ་འཚོ་ཆས་སོགས་མཚམས་འོག་ཏུ་ཆུད་དགོས་པ་ཐམས་ཅད་ཚོགས་པར་འདུ་བྱས་ལ། ཉི་མ་བྱང་བགྲོད་ཀྱི་དུས་ཟླ་བ་ཡར་གྱི་ངོའི་རྒྱས་པའི་ལས་ལ་ཤིས་པའི་གཟའ་སྐར་དགེ་བ་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། ཧྲཱིཿ ཀ་དག་ཆོས་སྐུའི་སོགས་ཀྱིས་རྟ་མགྲིན་གྱི་ང་རྒྱལ་མཆོག་ཏུ་བརྟན་པོས། ཧྲཱིཿཔདྨ་ཀྲོ་དྷ་ཅུང་ཟད་བཟླས་ནས། ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ལ། ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཞེས་སོགས་ཀྱིས་ཁྲོ་བོའི་སྤྲིན་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་ལ་དྲག་སྔགས་ཐུན་བྲབ་གུ་གུལ་གྱི་དུད་པས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་རྗེས། སྒོ་དྲུང་དུ་ཐོ་བརྩིགས་ལ་རྒྱལ་པོ་ཆེན་པོ་བཞི་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་བྱས་པས་འཁོར་ཡུག་ཐམས་ཅད་རྒྱལ་ཐབས་ཀྱི་གུར་གྱིས་བཅིངས་པར་བསམ་སྟེ་ཕྱི་མཚམས་བཅད། དེ་ནས་ནང་དུ་ཞུགས་ལ། ཧྲཱི༔ མི་དམིགས་གསལ་བའི་སོགས་ཤྭ་ལོ་གཅིག་གིས་ནང་མཚམས་གཅོད་པ་ནི། ཧྲཱིཿཞེས་མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ནས་མི་དམིགས་པའི་ངང་དུ་དར་གཅིག་མཉམ་པར་འཇོག །དེ་ལས་འགག་མེད་གསལ་བའི་རང་མདངས་རང་རིག་པའི་ངོ་བོ་ཧཱུྃ་ཡིག་རང་སྒྲ་སྒྲོག་པས་ནམ་མཁའ་གང་བ་ལ་སེམས་བཟུང་། ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ་བཛྲ་རཀྵ་ཧཱུྃ་ཕཊ༔ ཅེས་པའི་སྔགས་ཀྱིས་བསྲུང་སྟེ་ནང་མཚམས་སོ། །དེ་ནས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་འཛིན་མེད་ནམ་མཁའ་ལྟ་བུའི་ངང་ལ་དར་གཅིག་མཉམ་པར་འཇོག་པས་གསང་མཚམས་བཅད། དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀ་གཏོང་ལེན་མི་བྱ། སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་ཆོ་གའི་དཀྱུས་ནས་འབྱུང་བ་ལྟར་གསལ་འདེབས་བྱའོ།།དེ་ཡང་ཞག་དང་པོའི་དགོང་ཐུན་དང་། ཞག་གཉིས་པ་ཕན་གྱི་ཐོར་ཐུན་གྱི་འགོར་སྔོན་འགྲོ་སྐྱབས་སེམས་དང་མཆོད་པ་བྱིན་རླབས་ཀྱི་བར་དང་། ཐུན་གཞན་རྣམས་ལ་སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས། ཧྲཱི༔ མི་དམིགས་སོགས་སྲུང་འཁོར་ནས་བརྩམ་སྟེ་དངོས་གཞི་ལ་འཇུག་པས་ཆོག །གང་ལྟར་ངེས་འབྱུང་གི་བློས་བསྐུལ་ཏེ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་གསལ་བཏབ་ནས་རེ་ལྟོས་ལིང་སྐྱུར་གྱིས་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་འཆི་མེད་རྡོ་རྗེའི་གོ་འཕང་ལ་འགོད་པའི་ལྷག་བསམ་གྱིས་ཀུན་རྫོབ་སེམས་བསྐྱེད་ཀྱི་མཐར། ཡུལ་སེམས་ཅན་མི་དམིགས་པ་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ལ་དར་གཅིག་ཀློད་པ་དོན་དམ་བྱང་སེམས། དེའི་རང་རྩལ་འགག་པ་མེད་པ་རྟ་མགྲིན་གྱི་སྐུར་ལངས་ལ་མཚམས་བཅད་ནས། རྩ་བརྒྱུད་ཀྱི་བླ་མ་རྣམས་བསྐུལ་པས་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པར་བསམ་ལ་བྱིན་དབབ། རང་གི་ཐུགས་ཀ་ནས་སྤྲོས་པའི་ཡེ་ཤེས་ཀྱི་མེ་རླུང་ཆུས་མཆོད་རྫས་རྣམས་སྦྱངས་ཏེ་མི་དམིགས་པ་ལས་ཟག་པ་མེད་པའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་པས་བརླབ། དེ་ནས་ཧྲཱི༔ མི་དམིགས་སོགས་ཀྱིས་སྔར་ལྟར་སྲུང་འཁོར་གསལ་བཏབ། དེའི་དབུས་སུ་ཧྲཱིཿལས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་དྭངས་གསལ་སྒྲིབ་པ་མེད་པའི་རྣམ་པར་སད་པར་བསམ། དེའི་དབུས་སུ་པད་ཉིའི་གདན་ལ་རང་རིག་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་འཕྲོས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མི་ཤིགས་པའི་ལྷར་སད། ཚུར་འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ཚེ་དཔག་མེད་དུ་བསྐྱེད་པའི་ཕྱི་རོལ་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ལཱ་སྱེ་སོགས་སེམས་མ་བཞི། མཚམས་བཞིར་དྷཱུ་པེ་མ་སོགས་མགྱོགས་མ་བཞི། སྒོ་བཞིར་ལྕགས་ཀྱུ་མ་སོགས་སྒོ་མ་བཞི་གསལ་བཏབ། གཙོ་བོའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧྲཱིཿལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་བྱས་ལ། སྐབས་འདིར་གཏེར་གཞུང་རྩ་བ་ལྟར་གསོལ་འདེབས་ནི། རང་གི་སྤྱི་བོར་འཇའ་གུར་གྱི་དབུས་སུ་བླ་མ་ཚེ་དཔག་མེད་ཀྱི་རྣམ་པར་གསལ་བ་ལ་ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་སོགས་ཀྱི་གསོལ་འདེབས་དང་། བཛྲ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་གདུང་ཤུགས་དྲགས་པོས་བཟླས་པས། བླ་མའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་ལྔའི་མདངས་དང་། བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་རྣམས་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་པ་ཕྱག་གི་བུམ་པའི་ནང་དུ་ཐིམ་པའི་རྐྱེན་གྱིས། བུམ་ནང་གི་བདུད་རྩི་ཁོལ་ཞིང་ལུད་པ་རང་གི་ཚངས་བུག་ནས་ཞུགས་སྤྱི་བོ་སོགས་གནས་ལྔ་རིམ་གྱིས་གང་བའི་བདེ་བ་ལ་སེམས་བཟུང་ནས་ཡིད་བཟླས་བྱ་ཞིང་ངང་བསྐྱང་། མཐར་སྤྱི་བོའི་ལྷ་འོད་དུ་ཞུ་ནས་རང་ལ་བསྟིམས་ལ་བུམ་ཅན་དང་སྦྱར་བའི་ཡིད་བཟླས་དང་རང་ངོ་བསྐྱང་ངོ་། །དེ་ནས་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་རང་ལ་མཆོད་བསྟོད་བྱས་པར་བསམ་ལ། མེ་ཏོག་བདུག་སྤོས་སོགས་ཀྱིས་མཆོད། ཧྲཱི༔ ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། དེ་ནས་རང་གི་ཐུགས་ཀར་པད་འདབ་བརྒྱད་གྱེས་པའི་ལྟེ་བར་ཟླ་དཀྱིལ་གྱི་དབུས་སུ་ཧྲཱིཿཡིག་དམར་པོ་འབར་ཞིང་འཕྲོ་བ་ལ་སྔགས་ཕྲེང་དམར་གསལ་རང་སྒྲ་སྒྲོག་བཞིན་པར་ལྡེམ་མེ་གཡས་སུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསྡུས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ། ལྷ་སྔགས་སྤྲོ་བསྡུའི་རོལ་པ་གསལ་ལ་འཛིན་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ལ་མཉམ་པར་བཞག་ནས། ཕྲེང་བ་བྱིན་གྱིས་བརླབས་ཏེ་ངག་བཟླས་བྱ། སྤྲོ་ཞིང་ནུས་ན་རེས་རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་སྒྲ་གདངས་སུ་མོས་ལ། བུམ་པ་ཅན་དང་སྦྱར་བའི་རྡོར་བཟླས་བྱ་སྟེ། ཧཱུྃ་སྒྲས་འབྱིན་པའི་ཚེ་འོད་ཟེར་སྤྲོས། ཨོཾ་གྱིས་འཇུག་པའི་ཚེ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྡུ། ཨཱཿས་གནས་པའི་ཚེ་བསྟིམ་ལ་འཆི་མེད་རྡོ་རྗེའི་སྐུ་སྣང་སྟོང་མི་ཤིགས་པའི་ངང་ལ་བཞག་གོ །གལ་ཏེ་ཚེའི་སྒྲུབ་རྫས་རྣམས་བཤམས་ཡོད་ན་བཟླས་པའི་མཐར་ཚེ་འགུགས་རེའང་བྱ་སྟེ་ཚེའི་ལྷ་ཚོགས་རྣམས་ཀྱིས་འཁོར་འདས་ཀྱི་ཚེའི་དྭངས་མ་ཐམས་ཅད་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ལ་ཚེ་མདའ་གཡབ་ཅིང་ཐུགས་དམ་བསྐུལ་ནས་ཚེ་འགུགས། དེ་ཡང་འོད་ཀྱི་རྣམ་པར་བསྡུས་པ་རང་གི་སྙིང་གའི་ཧྲཱིཿལ་བསྟིམས་ནས་སྦ་བ་རྣམས་བྱའོ། །གང་ལྟར་ཡང་ཉལ་བའམ་ཐུན་བསྡུ་བ་ན། ཨ༔ སྐྱེ་འགག་གནས་གསུམ་སོགས་ཀྱི་མཐའི་ཚིག །སྐྱེ་མེད་ཐུགས་སྲོག་ནཱ་དའི་དབྱིངས་སུ་བསྡུ༔ ཞེས་རང་གི་ཐུགས་ཀའི་འོད་ཀྱིས་རེག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐུགས་ཀའི་ཧྲཱིཿཡི་བར་དུ་བསྡུ། དེའང་འཆི་མེད་གཉུག་མའི་ཡེ་ཤེས་མི་དམིགས་ཁྱབ་གདལ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བསྡུས་ལ་མཉམ་པར་བཞག །ཉལ་བ་ལས་ལྡང་བའམ། ཐུན་ལས་ལྡང་བའི་ཚེ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ལྷར་ལངས་ལ་བསྔོ་བ་བྱའོ། །ཚུལ་དེ་ལྟ་བུའི་ཐུན་བཞིའི་རིམ་པས་འབུམ་ཚོ་གསུམ་གྱིས་མཐའ་རྟེན་པ་བཟླ་བ་ནི་གྲངས་བསྙེན། ལོ་གཅིག་གམ། ཟླ་བ་དྲུག་གམ། གསུམ་ནི་དུས་བསྙེན། དངོས་ཉམས་རྨི་ལམ་གང་རུང་ལ་དགེ་བའི་མཚན་མ་མ་མཐོང་གི་བར་དེ་སྲིད་དུ་བཟླ་བ་ནི་མཚན་མའི་བསྙེན་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམ། མདུན་གྱི་སྒྲུབ་རྫས་སམ་གཏོར་མ་ལྷར་བསྐྱེད། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་པ་བྱ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་ལ་སྲུང་འཁོར་བརྟན་པར་བསྒོམ། བཟླས་པའི་མདུན་རྟེན་ལྷར་གསལ་བའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེ་མི་ཤིགས་པའི་དངོས་གྲུབ་ཐོབ་པར་བསམ་ལ། གསོལ་འདེབས་དང་ཛཔ྄་བཟླས་མཐར། ཨོཾ། བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །ཞེས་སོགས་ཀྱིས་དངོས་གྲུབ་བླང་ཞིང་མཇུག་ཆོག་རྣམས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་བྱེེད་ན་ཚེའི་སྒྲུབ་རྫས་རྣམས་ཚང་བར་བཤམས་ཤིང་། ཐུན་ཐམས་ཅད་ལ་བདག་བསྐྱེད་སྔོན་དུ་འགྲོ་བས་བཟླས་པ་ཅུང་ཟད་བྱས་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་རྣམས་དཀྱུས་ལྟར་དང་། བཟླས་པའི་ཚེ་བདག་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ལ་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ་བཟླས་པ་བྱ། ཡང་བདག་བསྐྱེད་ཀྱིས་སྔར་ལྟར་བསྐུལ། མདུན་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་དང་། དེ་དག་གི་རྩེ་ལས་ལྕགས་ཀྱུ་མ་སོགས་ཕྱག་རྒྱའི་ལྷ་མོ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། སྟོང་གསུམ་ཕྱི་སྣོད་འབྱུང་བ་ལྔའི་མདངས་དང་བཅུད། ནང་སྐྱེ་འགྲོའི་ཚེའི་དྭངས་མ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐུགས་སྲོག་ཧྲཱིཿལ་ཐིམ་པར་བསམ་ལ་བཟླས་པ་བྱ་སྟེ། དམིགས་པ་གཉིས་པོ་དེ་སྤེལ་བས་ཐུན་གྱི་གཞི་བཟུང་ནས་བཟླ་ཞིང་། ཐུན་མཇུག་ཏུ་བུམ་བཟླས་དང་། ཚེ་རྫས་རྣམས་ལ་དམིགས་པའི་བཟླས་པའང་ཅུང་ཟད་ཙམ་རེ་དང་། ཚེ་འགུགས་བསྟིམ་སྦ་བ་རྣམས་བྱ་ཞིང་། ཐུན་གཅོད་ཚུལ་བསྙེན་པ་དང་འདྲ། གྲོལ་རྒྱུའི་སྔ་ཐུན་ལ་སྔར་ལྟར་དངོས་གྲུབ་ལེན་ཞིང་། སྤྲོ་ན་མཐའ་རྟེན་དུ་དབང་ཆོག་ལྟར་ཚེ་དབང་བླང་ངོ་། །གང་ལྟར་ཡང་མཚམས་ཁོངས་དེར་བསྙེན་པའི་ཁ་སྐོང་དུ་བཟླས་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་དང་། ཐོ་འགྲོལ། གནས་སྲུང་སོགས་བསྙེན་སྒྲུབ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །ཞེས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་ཙམ་དུ་བཀོད་པ་འདི་ཡང་གོ་འཇོ་མཁོ་ཁྱིམ་བླ་མ་རྣམ་གྲོལ་བཟང་པོའི་གསུང་གིས་བསྐུལ་བ་ལས། གཉོས་བཙུན་དྷརྨ་ཤྲཱིས་ཆུ་སྟོད་ཟླ་བའི་ཚེས་བཅུའི་སྔ་དྲོ་ཐུན་གཅིག་ལ་ཤར་མར་སྤེལ་བའི་ཡི་གེ་པ་ནི་དགེ་སློང་ཨཱ་ནནྟ་མ་ཏིའོ།། །།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཀྱི་མཆོད་ཕྲེང་ (Volume 30, Text 21)

སྔ་འགྱུར་བཀའ་མ་ལས་འབྱུང་བའི་མཆོད་ཕྲེང་རྣམ་དབྱེ་བཅུ་དྲུག་ཡོད་པ་ལས། སྐབས་འདིར་ཉེ་བར་མཁོ་བའི་ཡན་ལག་འགའ་ཞིག་ཟུར་དུ་བཀོལ་བ་ལས། ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱཾ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། བཛྲ་དྷཱུ་པེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབ་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གྷནྡྷེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་པ་རྣམས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ༔ རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ། རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །སྨན་མཆོད་ནི། ཨོཾ་ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བདེ་གཤེགས་ཞི་བའི་ཐུགས་དམ་ཉིད། ཁྲོ་བོ་རྒྱ་མཚོའི་དངོས་གྲུབ་མཆོག །ཞི་ཁྲོ་རོལ་པའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་གྱིས་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། བརྒྱུད་མཆོད་ནི་གསོལ་འདེབས་ཀྱི་ཚིག་རྐང་བཞི་པ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཞེས་བསྒྱུར་བ་སོགས་ཇི་ལྟར་རིགས་པས་ཕུལ་ལ། གུ་ཡ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མའི་སྤྲིན་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་འབྲུ་གསུམ་བསྒོམས་ཏེ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བླངས་ཏེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་བྷཉྫར་ལན་གསུམ་དུ་སྦྲེང་ཞིང་། ཨོཾ་ཨཱཿཧཱུྃ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམ་དུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཿཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བརྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང། གསུམ་པས་རྒྱལ་སྲས་རྣམས་གཞན་དོན་ལ་བསྐུལ་བར་བསམ་མོ། །རཀྟའི་མཆོད་པ་ནི། ཨོཾ་ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། ཁམས་གསུམ་དུག་གསུམ་བསྒྲལ་པའི་རཀྟ་མཆོག །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། ཁམས་གསུམ་ཟིལ་གནོན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཨོཾ་ཧཱུྃ། ཆོས་དབྱིངས་རྣམ་དག་གཏོར་གཞོང་རྒྱ་ཆེན་དུ། །གཏོར་མ་ཡེ་ཤེས་སྣང་བ་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་ལེ་བདུད་རྩིའི་རོལ་མཚོར་སྤེལ། །འདོད་ཡོན་ལྷ་མོའི་སྤྲིན་གྱིས་བརྒྱན་པ་འདི། །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨོཾ་ཨཱཿཧཱུྃ་སུ་ར་ཏ་ཨུ་པེ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀཏ་ཀ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པ་དཀྱིལ་འཁོར་པ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་ཤིང་ཚིམས་པར་བྱས་ནས་གཉིས་མེད་དུ་གྱུར་པར་བསམ་མོ། །ཡིད་བྱུང་གི་མཆོད་པ་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་གཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམས། ཞེས་པའི་ཚིག་གིས་ཇི་ལྟར་སྟོན་པའི་མཆོད་པ་རྣམས་མཁའ་ཁྱབ་ཏུ་སྤྲུལ་ཏེ་འབུལ་ལོ། །བསྒྲལ་མཆོད་ནི། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་མཆེད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །སྦྱོར་མཆོད་ནི། རང་དང་དཀྱིལ་འཁོར་པའི་ལྷ་ཡབ་ཡུམ་ཐམས་ཅད་ཀྱི་མཁའ་གསང་། ཧཱུྃ་ཨ། བཛྲ་པདྨ། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡཱ་མྱེ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་སཾ། རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སྤྲིན་སྤྲོ་བསྡུའི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་ནས། ཨོཾ་ཧཱུྃ། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱའོ། །འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ་ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ཨོཾ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེའི་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ཨོཾ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ཨོཾ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ཨོཾ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ ཨོཾ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ཞེས་པས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་པར་བྱའོ།། །། ༈ སྨན་ཕྱེ་མར་འཐག་པའི་སྦྱོར་ཆོས་སྐབས་མཁའ་འགྲོ་དམ་ཅན་ལས་ལ་བསྐུལ་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་བཀའ་བརྒྱད་ཁྲོ་རོལ་ནས་ཟུར་བཀོལ་བྱས་པ། ཐོགས་མ་གཞུང་བསྐུལ། ཧཱུྃ། མི་མངོན་དབྱིངས་ན་སོགས་ཀྱི་རྗེས། ཧཱུྃ༔ དགོངས་ཤིག་མཁའ་འགྲོ་དམ་ཅན་རྣམས༔ སྔོན་ཚེ་ཞལ་བཞེས་མ་གཡེལ་ཞིག༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི༔ མིང་ཙམ་འཛིན་པར་བྱེད་པ་ཡང༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པར༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་སྟེ་བཀུར་བར་བགྱི༔ དེ་སྐད་ཁྱེད་ཀྱིས་དམ་བཅས་ཏེ༔ དཔལ་གྱི་བཀའ་བཞིན་བདག་བསྒྲུབས་ན༔ མ་ཐོགས་མྱུར་དུ་སྟོངས་ལ་བྱོན༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་སཏྭཾ༔ མ་ནུ་རཀྴ་སཱི་བྷྱོ༔ བྲཧྨ་ཎཱི་བྷྱོ༔ རཽ་ཏྲཱི་བྷྱོ༔ བེཥྞ་བཻ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ བཛྲ་པིངྒ་ལཾ་བྷྱོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱ་བྷྱོ༔ དཎྜ་དཾ་བྷྱོ༔ རཀྵ་སཱི་བྷྱོ༔ བྷཀྵ་སཱི་བྷྱོ༔ ར་ཏི་བཛྲ་བྷྱོ༔ རུ་དྷི་ར་མཏྟ་བྷྱོ༔ ཨེ་ཀ་ཙ་རི་ནི་བྷྱོ༔ མ་ནོ་ཧ་རཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱེ་བྷྱོ༔ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ༔ ཨགྣཱེ་བྷྱོ༔ བཱ་ར་ཧཱི་བྷྱོ༔ ཙ་མུཎྚཱི་བྷྱོ༔ སུ་ར་ནཱི་བྷྱོ༔ ཝཱ་རུ་ཎཱི་བྷྱོ༔ བཛྲ་མ་ཧཱ་ཀཱ་ལཱི་བྷྱོ༔ བཛྲ་ཙཱ་ཀ་ལཱི་བྷྱོ༔ བཛྲ་ཀུམྦྷ་ཀརྞ་བྷྱོ༔ བཛྲ་ལམ་བྷོ་དཱ་ར་བྷྱོ༔ བཛྲ་ནི་བར་ར་བྷྱོ༔ བཛྲ་ལ་བར་བྷྱོ༔ བཛྲ་དུ་ཏྲི་ཧ་ར་བྷྱོ༔ བཛྲ་ཤ་ཡེར་བྷྱོ༔ བཛྲ་དཾ་ཤིང་བྷྱོ༔ བཛྲ་དྷུ་ར་སཾ་བྷྱོ༔ བཛྲ་ལནྟེ་བྷྱོ༔ བཛྲ་མ་ཧཱ་ཏེ་བྷྱོ༔ བཛྲ་དམ་ལེ་བྷྱོ༔ བཛྲ་སུ་ཙིར་བྷྱོ༔ བཛྲ་ལི་ལི་བྷྱོ༔ བཛྲ་ར་མི་བྷྱོ༔ མ་མ་ཧྲིང་ཧྲིང་ཛཿཛ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྐུལ་ལོ།། །།་་་བསྐུལ་བྱང་འདི་སྔོན་མེད་གསར་བཞག་གིས་ལུང་རྒྱུན་ལ་ཞིབ་རྟོགས་དགོས་སོ།།

འཇམ་དཔལ་ནག་པོའི་སྐོར་ལས༔ གཤོར་དཀར་ནག་ཁྲ་གསུམ་ཞེས་བྱ་བའི་ཟབ་རྒྱ་ཅན་ (Volume 18, Text 21)

༁ྃ༔ འཇམ་དཔལ་ནག་པོའི་སྐོར་ལས༔ གཤོར་དཀར་ནག་ཁྲ་གསུམ་ཞེས་བྱ་བའི་ཟབ་རྒྱ་ཅན་བཞུགས་པའི་དབུའོ༔ ྈྈྈྈྈ དཔལ་ཡ་མཱན་ཏ་ཀ་ལ་ཕྱག་འཚལ་ལོ༔ སྲུང་ཟློག་བསད་གསུམ་གྱི་གཤོར༔ བཅས་བཅོས་མ་གསང་བ་ཡང་ཕུར་གདམས་པའོ༔ དེ་ལ་སྲུང་བ་སྐུ་གདུང་ལྔ་མ༔ ཟློག་པ་ཐོད་པ་བཞི་མ༔ བསད་པ་ཕུར་བུ་གསུམ་པའོ༔ སྲུང་བ་སྐུ་གདུང་ལྔ་མའི་གདམས་པ་ནི༔ ས་སྣ་ལྔ་ལས་བྱས་པའི་སྐུ་གདུང་ཚ་ཚཱ་ཁོང་སེང་མ་ལྔ་བཞེངས་པའི་ནང་དུ་སྨན་སྣ་དྲི་བཟང་གིས་འཇམ་དཔལ་ནག་པོའི་སྲུང་བ་ཚུལ་བཞིན་དུ་བྲིས་པའི་རྒྱབ་ཏུ༔ དབུས་ཀྱི་དེ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ བཻ་རོ་ཙ་ན་མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན༔ རཀྵ་ཀུ་རུ་སྭཱ་ཧཱ༔ ཞེས་པ་བྲི༔ ཤར་གྱི་དེ་ལ༔ གཞན་མ་དེ་འདྲ་བ་ལ༔ ཨཀྵོ་བྷྱ༔ ཞེས་པ་དང༔ སྨད་ཀྱང་གོང་གི་དེས་འགྲེའོ༔ ལྷོའི་དེ་ལ་ཡང༔ གོང་འོག་དེ་སྔར་དང་འདྲ་བ་ལ༔ རཏྣ་སཾ་བྷ་ཝ༔ ནུབ་ཀྱི་དེ་ལ་ཡང་གོང་འོག་སྔར་ལྟར་ལས༔ ཨ་མི་ཏ་བྷ་ཝ༔ དེ་བཞིན་བྱང་དུ་ཡང༔ ཨ་མོ་གྷ་སིདྡྷི༔ ཞེས་པ་རྣམས་བྲིས་པ་དང༔ འབྲུ་སྨན་རིན་ཆེན་གང་འཛོམ་དར་ཟབ་རཏྣ་ལྔས་དྲིལ་ཏེ༔ ཙཀྲ་རབ་གནས་བྱས་པ་དང་བཅས་པ་གཞུག༔ རིགས་ཀྱི་སྐུ་མདོག་དང་མཐུན་པའི་ཚོན་གྱིས་ལེགས་པར་བྱུགས་ནས༔ གདན་གཙང་མའི་སྟེང་དུ་བཞུགས་ལ༔ སྐུ་གདུང་རབ་གནས་སྤྱི་དང་མཐུན་པར་བྱ་ཞིང༔ ཚ་ཚཱ་རྣམས་ཕྱི་སྐུ་གདུང་ཚ་ཚཱའི་རྣམ་པ་ལ༔ ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ རིགས་ཀྱི་ལྷ་སོ་སོར་བསྐྱེད་དེ༔ ཤར་དུ་མི་བསྐྱོད་པ་སྔོན་པོ༔ མཉམ་གཞག་ས་གནོན་གྱི་ཕྱག་རྒྱ་ཅན༔ ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཉམ་གཞག་མཆོད་སྦྱིན་གྱི་ཕྱག་རྒྱ་ཅན༔ ནུབ་ཏུ་འོད་དཔག་མེད་དམར་པོ༔ མཉམ་གཞག་གི་ཕྱག་རྒྱ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ༔ མཉམ་གཞག་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན༔ ཐམས་ཅད་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ལ༔ སྲུང་སྐྱོབ་ཀྱི་ལས་མཛད་པའི་ཐུགས་རྗེ་ཅན་དུ་གསལ་བ་རྣམས་ཀྱི་ཐུགས་ཀར༔ ཉི་ཟླ་ལས་གྲུབ་པའི་གའུ་འོད་ཟེར་འཕྲོ་བའི་ནང་དུ་བསྲུང་བྱ་མི་ནོར་འཁོར་སྡེ་དཔུང་དང་བཅས་པ་ཚུད་པར་བསམ༔ ལྷ་ཚོགས་ལ་དགོངས་གསོལ་དང༔ བསྲུང་བྱ་ྕྑཻ་ལ་བསྲུང་བར་མཛད་དུ་གསོལ༔ ལ་སོགས་གང་འདོད་ཀྱི་ཕྲིན་ལས་གསོལ་ཚིག་བརྗོད། མཆོད་པ་འབུལ༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད༔ དེ་ལྟར་བྱས་པ་དང་ལྡན་པའི་སྐུ་གདུང་ལྔ་པོ་ཕྱོགས་མ་ལོག་པར་ཁང་པའི་དབུས་ཀ་བའི་འགྲམ་མམ་གང་འཐད་དུ༔ དར་སྣས་དྲིལ་ལ་སྟེགས་ཀྱི་ཁར༔ བསྐོར་བ་འཕེལ་བའི་གནས་སུ་བཞུགས་སུ་གསོལ༔ དེ་དག་ལ་བདུན་རྣམ་དག་བྱ༔ དུས་བཟང་གི་སྐབས་སུ་བསྐོར་བ་བརྒྱ་རྩ་རེ་མ་ཆག་པར་བྱ་ཞིང༔ དཔལ་གཤིན་རྗེ་གཤེད་དང་རིགས་ལྔ་ལ་སོགས་ཡེ་ཤེས་ཀྱི་ལྷ་ཞི་བ་དང༔ རྡོ་རྗེ་ཁྲོ་བོ་གྲངས་མེད་པར་སྤྱན་དྲངས་ལ་བསྟིམ་ཞིང༔ བསྲུང་བྱ་ཐམས་ཅད་བསྲུང་བ་དང༔ ཕ་རོལ་མི་མ་ཡིན་པའི་བྱད་དང༔ རྦོད་གཏོང་བསམ་སྦྱོར་ངན་པ་ཐམས་ཅད་ལས་སྐྱབས་སུ་གསོལ་བའི་ཐུགས་དམ་བསྐུལ་བ་དང༔ གསོལ་བ་གདབ་པ་རྣམས་བྱའོ༔ ཚུལ་དེ་ལྟ་བུ་ནི་སྲུང་བའི་མཆོག་དམ་པའོ༔ ༔གཉིས་པ་ཐོད་པ་བཞི་མའི་ཟློག་པ་ནི༔ དུས་གཟའ་དྲག་པོའི་དུས་སུ་དུག་ཁྲག་གི་ཁུ་བས་དུག་ཤོག་ལ་ཙཀྲ་རིམ་པ་དགུ་བསྐོར་བའི་དབུས་སུ༔ ཡ་མ་བྷྱོ་གསུམ་བརྩེགས་མར་བྲིས་པའི་མཐའ་སྐོར་དུ༔ ཨོཾ་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཅེས་པ་བྲི༔ དེ་རྒྱབ་རྩིབས་བཞི་བྲིས་པའི་ནང་དུ་རིམ་པ་ལྟར༔ ཤར་དུ༔ ཨོཾ་ཛི་ན་ཛིཀ྄་ཧཱུྃ་ཕཊ༔ ལྷོར༔ ཨོཾ་རཏྣ་དྷྲྀཀ྄་ཧཱུྃ་ཕཊ༔ ནུབ་ཏུ༔ ཨོཾ་ཨ་རོ་ལིཀ྄་ཧཱུྃ་ཕཊ༔ བྱང་དུ༔ ཨོཾ་པྲ་ཛྙཱ་དྷྲྀཀ྄་ཧཱུྃ་ཕཊ༔ ཅེས་པ་རྣམས་བྲི༔ མཆན་བཞི་ལ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་འབྲུ་རེ་རེ་བྲི༔ དེའི་རྒྱབ་མུ་ཁྱུད་ལ༔ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡོ༔ ཡ་མེ་དོ་རུ༔ ཎ་ཡོ་དཱ་ཡ༔ ཡ་དོ་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཉྩ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཅེས་བྲི༔ དེ་རྒྱབ་རྩིབས་བརྒྱད་ལ༔ ཕྱོགས་བཞིར༔ ཨོཾ་མོ་ཧ་ར་ཏཱི་ཧཱུྃ་ཕཊ༔ ཨོཾ་དྭེ་ཥ་ར་ཏཱི་ཧཱུྃ་ཕཊ༔ ཨོཾ་རཱ་ག་ར་ཏཱི་ཧཱུྃ༔ ཨོཾ་བཛྲ་ར་ཏཱི་ཧཱུྃ་ཕཊ༔ ཅེས་པ་དང༔ མཚམས་ཀྱི་རྩིབས་བཞིར༔ ཨོཾ་མུད་གར་དྷྲིག་ཧཱུྃ་ཕཊ༔ ཨོཾ་དཎྜ་དྷྲི་ག་ཧཱུྃ་ཕཊ༔ ཨོཾ་པདྨ་དྷྲིག་ཧཱུྃ་ཕཊ༔ ཨོཾ་ཁདྒ་དྷྲིག་ཧཱུྃ་ཕཊ༔ ཅེས་པ་རྣམས་བྲི༔ རྩིབས་མཆན་བརྒྱད་ལ༔ ཨོཾ་ཧཱུྃ་བྷྱོ་ཏྲིག་ཁྲོཾ་ཕཊ༔ ཨོཾ་ནི་མ་ར་ནི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རག་མོ་རག་ཤན་ཏིང་བྷྱོ༔ ཡ་རག་ཤ་བྷྱོ༔ མཱ་ར་ཡ་མཱ་ར་ཡ་བྷྱོ༔ ཙ་ཀི་ལ་མ་བྷྱོ༔ ཞེས་པ་རྣམས་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ཨ་ཀྲོ་རཱ་ཙ་དུ་ན་ས་དུ་སྙིང་ལ་ཕྲིལ་ཕྲིལ༔ ཨ་ཀྲོ་རཱ་ཙ་ཙི་ར་ན་ཤ་ཤ་ལ་རྦད་རྦད༔ ཡ་ཡཱ་རྣལ་མ་ཏྲི་ཙ་གནོད་བྱེད་བྱད་མའི་སྙིང་ལ་ཁ་ཐུན་མཱ་ར་ཡ་རྦད༔ ཨོཾ་ཏྲག་རག་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཀ་ཙཱ་ཏི་ཙ་པ་ལ་མི་ཤ་བྱད་མ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་བྲིའོ༔ དེའི་རྒྱབ་ཏུ་ཆ་ཆེན་གཅིག་བསྐོར་བ་ལ༔ པདྨ་ལ་གནས་ཤིང༔ དར་དཔྱང་དང་ལྡན་པའི་གྲི་གུག༔ མཚོན་རྩེ་གཅིག༔ གཏུན་ཤིང༔ ཆུ་གྲི༔ རྡོ་རྗེ་རྩེ་གཅིག༔ སཏྭ་རེ༔ མདུང་ཐུང༔ མདའ༔ ལྕགས་ཀྱུ༔ དབྱུག་པ༔ ཁ་ཊྭཱཾ་ག༔ འཁོར་ལོ༔ རྡོ་རྗེ་རྩེ་ལྔ་པ༔ རྡོ་རྗེ་ཐོ་བ༔ རལ་གྲི༔ རྔེའུ་ཆུང༔ ཁྲག་གིས་གང་བའི་ཐོད་པ༔ མགོ་ཕུབ༔ རྐང་པ༔ ཞགས་པ༔ གཞུ༔ རྒྱུ་མ༔ དྲིལ་བུ༔ ལག་པ༔ རོ་རས༔ སྐྱེས་བུ་གསལ་ཤིང་ལ་བཙུགས་པ༔ མེ་ཐབ༔ ཐོད་ཚལ༔ སྡིགས་མཛུབ༔ འཕན་རྩེ་གསུམ་པ༔ རླུང་རིས་རྣམས་བྲི་བ་ནི༔ རྩེ་མོ་ཕྱིར་ཕྱོགས་པའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཕ་རོལ་མི་དང་མི་མ་ཡིན་པའི་བྱད་ཁ་ཟློག༔ ཕུར་ཁ་ཟློག༔ ཟོར་ཁ་ཟློག༔ རྦད་འདྲེ་ཟློག༔ རྦོད་གཏོང་ཟློག༔ ཅེས་པ་ལ་སོགས་ཟློག་པའི་ཚིག་ཅི་འདོད་པ་རྣམས་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ སརྦ་བྷཱུ་ཏ་ཤ་ཏྲཱུཾ༔ བྱད་མ་གནོད་བྱེད༔ སརྦ་ཨཾ་གྷུ་ཤ༔ ཧ་ར་ས་ཧ་ར༔ ཏྲ་སཱ་ཡ༔ བེ་ག་ར་ཎ༔ བྷིན་དྷ་བྷིན་དྷ་ཏཱིཀྵྞ༔ ཙཀྲ་ཧ་ར་ཚིན་དྷ༔ མཱ་ར་ཡ༔ ནུར་ནུར༔ ཨེ་ས་ཏྲ་མ་བྷྱོ་བྷྱོ༔ ལྷའི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ ཀླུའི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ བཙན་གྱི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ བདུད་ཀྱི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ མ་མོའི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ གཤིན་རྗེའི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ གནོད་སྦྱིན་གྱི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ གཟའ་བདུད་ཀྱི་བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ ཅེས་གང་བཟློག་པར་འདོད་པ་དེའི་ཤམ་དུ༔ བྱད་ཟོར་རིག་སྔགས་སརྦ་བྷྱ་བ་ཏ་ཡཱ༔ ཞེས་བཏགས་པ་ཅན་རིགས་དང་རིགས་ཅན་བྲི་བར་བྱའོ༔ དེའི་རྒྱབ་ཏུ་འབྱུང་བ་མེ་རླུང་འཁྲུགས་པ་ཡང་བྲིའོ༔ དེ་ལྟར་བྲིས་པའི་ཙཀྲ་ལ༔ དུག་ཁྲག་དང་ཚོན་བསྲེས་པས་ཀྱང་བྱུག་པར་བྱའོ༔ དེ་གདན་གྱི་སྟེང་དུ་བཞག་ལ་རབ་གནས་ཚུལ་དང་མཐུན་པར་བྱའོ༔ འདིར་སྨྲས་པ། ༼ཧ༽ ཝྣངཝཚ་ཙྭཇཝ<!TCC Tibetan character 4,200 undefined in unicode!>ིཉ༔ གཉོག་ཉོ་ཚ་ཇྱག་ཉཇཝ<!TCC Tibetan character 4,200 undefined in unicode!>ིཉ་ཉོ༔ དེ་ལྟར་ཙཀྲ་རབ་གནས་ལྡན་པ་བཞི་བྲིས་ཏེ༔ ཤར་དུ་མིའི་ཐོད་པའི་ནང་དུ་གཅིག་གཞུག༔ ལྷོར་རྟ་ནག་གི་ཐོད་པར་གཅིག་གཞུག༔ ནུབ་ཕྱོགས་སུ་གླང་སྟག་རི་བའི་ཐོད་པར་གཅིག་གཞུག༔ བྱང་ཕྱོགས་སུ་སྤྱང་དར་མའི་ཐོད་པར་གཅིག་གཞུག་ལ་ཕྱར༔ ཐོད་པ་རྣམས་ཀྱི་ཕྱི་ལ༔ ཁྲག་དང༔ དུག་དང༔ བཙག་མཚལ་གང་རྙེད་བཏུལ་བ་སྦྱར་བས་དམར་པོར་བྱུགས་ལ༔ ཨ་ཀྲོ་རཱ་ཙའི་ཟློག་སྔགས་རིང་མོ་བྲིས་ལ་ཆུ་རྩིས་བྱུགས༔ རྒྱལ་མཚན་བཞི་པོའི་མགུལ་དུ་ཡང༔ ཤར་ཕྱོགས་རྐང་གཉིས་པའི་རྒྱལ་མཚན་གྱི་མགུལ་དུ༔ ཙནྡན་གྱི་བྱང་བུ་ཁྲུ་གང་བ་ལ༔ པཱུརྦེ་དྷེ་ཤན་ཡ་མཱན་ཏ་ཀ་ཨེ་ས་བྷྱོ་ཟློག༔ ཅེས་པ་དང༔ ལྷོ་ཕྱོགས་རྨིག་ཟླུམ་རྒྱལ་མཚན་གྱི་མགུལ་དུ་ཡང༔ སྐྱེར་པའི་བྱང་བུ་ཁྲུ་གང་བ་ལ༔ དྷ་ཁེན༔ ྦྷྑན༔ ཡ་མཱན་ཏ་ཀ་ཨེ་ས་བྷྱོ་ཟློག༔ ཅེས་པ་དང༔ ནུབ་ཕྱོགས་ར་ཅན་གྱི་རྒྱལ་མཚན་མགུལ་པར༔ སེང་ལྡེང་གི་བྱང་བུ་ཁྲུ་གང་བ་ལ༔ ཨ་ཤ་མ་ར་ཀ༔ ཡ་མཱན་ཏ་ཀ༔ ཨེ་ས་བྷྱོ་ཟློག༔ ཅེས་དང༔ བྱང་ཕྱོགས་མཆེ་བ་ཅན་གྱི་རྒྱལ་མཚན་མགུལ་པར༔ འོ་སེའི་བྱང་བུ་ཁྲུ་གང་བ་ལ༔ ཨུ་ཏ་ར་ཡ་ར་ཡཱ༔ ཡ་མཱན་ཏ་ཀ༔ ཨེ་ས་བྷྱོ་ཟློག༔ ཅེས་པ་རྣམས་བརྩེགས་མར་བྲིས་ཏེ༔ བཟོས་པའི་ནང་དུ་དུག་ཁྲག་དང་མཚལ་སྦྱར་ལ་བྱུགས༔ ཡི་གེ་ཐམས་ཅད་དབུ་ཅན་དུ་བྱས་ནས༔ ལུང་བཟང་པོ་དང་བཅས་ལ་བཏགས༔ དེ་ནས་ཐོད་པ་བཞི་པོ་ལས་ཀྱི་གཤིན་རྗེ་དམར་པོ༔ ལག་པ་གཉིས་ཀྱིས་ཉི་ཟླ་ཆ་ལང་རྡེབ་པའི་ཚུལ་དུ་གཟུང་ཞིང༔ བྱང་བུ་རླུང་གིས་བསྐྱོད་པའི་ཚེ༔ ཉི་ཟླའི་དཀྱིལ་འཁོར་བརྡབ་པ་ཙམ་གྱིས༔ གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་རྡུལ་དུ་བརླག་པར་བསམ༔ ཐོད་པ་བཞི་ཁ་ཕྱིར་བསྟན་ལ༔ ཁང་པའི་ཕྱོགས་བཞིར་གཟུག་པར་བྱའོ༔ ལས་ཀྱི་གཤིན་རྗེ་རྣམས་ཀྱང་ཞལ་ཕྱིར་གཟིགས་ཤིང༔ བྱད་དང་རྦོད་གཏོང་རིག་སྔགས་ཐམས་ཅད་བཟློག་པའི་ལས་བྱེད་པར་བསམ༔ རྒྱལ་མཚན་བཞི་པོ་རོ་རས་ལ་དུག་ཁྲག་གིས༔ ཡ་མ་བྷྱོ༔ ཡི་གེ་འབྲུ་གསུམ་པོ་ཆེར་བརྩེགས་ཏེ་བྲིས་ལ་ཅོད་པན་བཏགས་པར་བྱའོ༔ རྒྱལ་མཚན་འཕྱར་བར་ལས་ཀྱི་གཤིན་རྗེ་བསྟིམས་རབ་གནས་བྱ༔ བྱད་དང་རིག་སྔགས་བཟློག་པའི་ཕྲིན་ལས་ལ་གཞོལ་བ་རྣམས་ཀྱང་བྱའོ༔ ཐོད་པ་བཞི་པོ་དམིགས་གསལ་ཅན་མ་རྙེད་ཀྱང༔ རྐང་གཉིས༔ རྨིག་ཟླུམ༔ རྭ་ཅན༔ མཆེ་བ་ཅན་གཞན་ཡང་རུང་ཞིང་རིག་པས་དཔྱད་དེ་ཤེས་པར་བྱའོ༔ གསུམ་པ་ཕུར་པ་གསུམ་གྱིས་བསད་པའི་ལས་ནི༔ གྲི་ལྕགས༔ སེང་ལྡེང༔ དུག་ཚེར་གསུམ་ལས་བྱས་པའི་ཕུར་པ་མཐོ་གང་བ་གསུམ་བཅོས་པའི་མགུལ་དུ༔ དར་མཐིང་གི་ཅོད་པན་ལ༔ ཤྲཱི་ཡ་མཱན་ཏ་ཀ༔ ཀཱ་ལ་རཱུ་པ་གནོད་བྱེད་བྱད་མའི་སྙིང་ལ་མཱ་ར་ཡ་ཛ༔ ཞེས་པ་བྲི༔ དམིགས་བྱ་བྱད་མའི་ཟག་པའམ༔ རྐང་རྗེས་ཀྱི་ས་ལ་སོགས་པ་གང་རྙེད་དང༔ ས་བྱིངས་སྐམ་པོ་བསྲེས་པའི་རཱུ་པ་ཁྲུ་གང་ལས་མི་ཆུང་བ༔ གཟུགས་དང་སྐྱེ་མཆེད་དོད་པ༔ གན་རྐྱལ་དུ་གནས་པ་གཅིག་བཟོས་པའི་ལྟོ་བར༔ ལིང་ག་དཔེ་ཆུང་ལྟར་བྲིས་པ་གཞུག༔ རཱུ་པ་དེའི་སྤྱི་བོར་དཔྲལ་བར་ལྕགས་ཕུར་གཟུག༔ མགྲིན་པར་སེང་ལྡེང་གི་ཕུར་པ་གཟུག༔ སྙིང་གར་དུག་ཤིང་གི་ཕུར་པ་གཟུག༔ དེ་འབྲུབ་དོང་གྲུ་གསུམ་པའམ་ལྕགས་སླང་ནག་པོའི་ནང་དུ་བཞག༔ རང་ཉིད་ལས་ཀྱི་གཤིན་རྗེ་དམར་ནག་ཁྲག་གི་རལ་པ་ཅན༔ ཁྲོ་གཏུམ་ཕྱག་གཡས་པས་གནམ་ལྕགས་ཀྱི་ཕུར་པ་གདེངས་པ༔ གཡོན་ཞགས་པ་ནག་པོ་འཛིན་པ༔ དེ་ཡང་ཞགས་པས་གནོད་བྱེད་བྱད་མའི་རྐེ་ནས་གཟུང་ཞིང༔ གཡས་པས་སྤྱི་བོར་འདེབས་པ༔ བྱད་མ་གནོད་བྱེད་བཀུག་ཅིང་རཱུ་པ་ལ་བསྟིམས་ནས་ཕུར་པ་བཏབ་པ་ཙམ་གྱིས༔ དབང་པོའི་སྒོ་ཐམས་ཅད་ནས་ཁྲག་ལྷུག་ལྷུག་བྱུང་བ་རྣམས༔ དུག་གི་སྲིན་བུ་མང་པོ་ལས་གཤིན་གྱི་མཐུ་ལས་འཕྲོས་པས༔ ཧཱུྃ་སྒྲ་དང་བཅས་ནས་བྱུང་བ་ཙམ་གྱིས༔ བྱད་མ་དེ་རྣམས་ཉམ་ཐག་ཆད་ཅིང༔ མཐར་སྲིན་བུ་རྣམས་ཀྱིས་བྱད་མའི་སྲོག་གི་ཤན་པ་བྱས༔ ཁོང་པར་ཞུགས་ནས༔ ཐམས་ཅད་མ་ལུས་ཟོས་པར་བསམས་ལ༔ བསད་སྔགས་འདི་བཟླས་པར་བྱའོ༔ ༔སི་ཏ་ཡན་ཏི་ཤ་ཏྲཱུཾ་དགྲ་བོའི་ཙིཏྟ་ཁས་ཁས༔ ཨ་མུ་ཀཾ་མཱ་ར་ཡ་སྲོག་ལ་དུང་དུང༔ ཛཱི་བཾ་ད་ར་ཡ༔ ཨ་གད་ཏ་མཱ་ར་ཡ་རྦད་རྦད༔ བྱད་མ་གནོད་བྱེད་ཆེ་གེ་མོའི་ཛཱི་བཾ་མཱ་ར་ཡ་ཛ༔ ཞེས་པས༔ དགོང་མོ་གྲིབ་སོ་ནག་ངམ་གྱིས་བྱུང་ནས་བཟླས་ཤིང༔ ཕུར་པ་གསུམ་གྱི་མགོ་ལ་རྡོ་རྗེ་ཏུག་ཏུག་ལན་ཉེར་གཅིག་རེ་བྱའོ༔ ལས་ཀྱི་གཤིན་རྗེ་ལ་དམར་གཏོར་བཤམས་ལ༔ གནོད་བྱེད་བྱད་མའི་ཤ་ཁྲག་རུས་གསུམ་དུ་དམིགས་ལ་འབུལ་ཞིང༔ ཕྲིན་ལས་གཞོལ་བ་དང་བསྟབ་པ་བྱའོ༔ ལས་གྲུབ་ནས༔ རཱུ་པ་ལྷ་ཁང་གི་ཐེམ་འོག་གམ༔ མཆོད་རྟེན་གྱི་རྨང་དུ་མནན༔ ཁོང་པའི་ལིང་ག་བཏོན་ལ༔ དུག་ཤིང་གི་མེ་ལ་བསྲེག༔ རོ་མ་ཡང་རཱུ་པ་དང་མཉམ་པོར་མནན་ནོ༔ ཕུར་པ་གསུམ་པོ་དར་ནག་གིས་དྲིལ་ཏེ་སྦ༔ འདིའི་གནད་ལ༔ བཅའ་གཞི་དམིགས་ཡུལ་དེས་མི་མཐོང་བར་བྱ༔ ལས་གཤིན་ལ་གཏོར་མ་ནར་མར་འབུལ༔ འདི་ཉིད་གཤིན་རྗེ་ལ་ཡི་དམ་དུ་བྱེད་པ་ལ་ལས་སྦྱོར་མི་བྱ༔ གཞན་འདྲ༔ འདི་གཤོར་ཡིན་པས་མཚམས་བཅད་མི་དགོས༔ ལས་སྦྱོར་བྱེད་དུས་སྨྲ་བ་བཅད་ལ་བྱའོ༔ བསད་པ་ཕུར་བུ་གསུམ་མར་གྲགས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔སྲུང་བ་སྐུ་གདུང་ལྔ་མ་དང༔ ཟློག་པ་ཐོད་པ་བཞི་མ་དང༔ བསད་པ་ཕུར་བུ་གསུམ་པ་འདི༔ གཤིན་རྗེའི་གཤོར་དཀར་ནག་ཁྲ་གསུམ༔ བཅས་ཆོག་མའི་སྲུང་ཟློག་བསད་གསུམ་ཡིན་པས༔ ཤིན་ཏུ་གསང་བ་གལ་ཆེའོ༔ མན་ངག་གི་གནད་ལ༔ སྲུང་ཡིག་ཐམས་ཅད་ཀྱི་ཡིག་མགོ་ཕྱིར་བསྟན་པར་བྱའོ༔ བསད་ཟློག་གཉིས་ཀྱི་ཡིག་མགོ་ནང་དུ་བསྟན༔ སྲུང་བའི་བཟླས་བརྗོད་དུས་ཀྱི་མཆིལ་སྣབས་ཁོང་དུ་བཏང༔ ཕྲེང་བ་ནང་དུ་འདྲེན༔ བསད་ཟློག་གཉིས་ཀྱི་བཟླས་བརྗོད་ཀྱི་མཆིལ་མ་ཕྱིར་དོར༔ ཕྲེང་བ་ཡང་ཕྱིར་འདྲེན་པར་བྱའོ༔ ཨ་ཀྲོ་རཱ་ཙའི་སྔགས་རིང་སྲུང་ཟློག་གཉིས་ཡོད་པ་སྤྱི་དང་འདྲ་ཞིང༔ དག་པ་གནད་ཆེའོ༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་གཤིན་རྗེ་རྒྱལ་དོང་ཁའི་གཏེར་ནས་བཏོན་པའོ།། ༁ྃ༔ སྲུང་ཟློག་བསད་གསུམ་གྱི་གདམས་པ་གཤོར་རྟ་ཞོན་གདན་འདིངས་ཀྱི་སྐོར་རྣམས་བཞུགས་སོ༔ ༁ྃ༔ ༔ྈྈྈྈྈྈ སྲིད་པ་གསུམ་གྱི་བདག་པོ་ཟ་བྱེད་མཆེ་བ་ཅན༔ རཱ་ཧུ་ལ་ལས་ཀྱི་གཤིན་རྗེ་ནག་པོ་ལས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ་བབ་པའི་ཚེ༔ སྔགས་པ་ནང་རྒྱས་འབྱུང་ཞིང་བསྟན་པ་ཉམས་དམའ་བའི་ཚེ་ན༔ ངན་བྱེད་སྔགས་པ་རུ་ཏྲ་འདྲ་བས་སྡེ་བརྒྱད་ཀྱི་སྲོག་འཕྲོག༔ ཆོས་བྱེད་ཀྱི་བཤེས་གཉེན་ལ་སྦྱོར་བ་ངན་པ་སྣ་ཚོགས་བཏང་བ་འབྱུང་བའི་གཉེན་པོར༔ སྔགས་ཟློག་ནག་པོ༔ ཙཀྲ་གཤིན་རྗེ་རྟ་རུ་ཞོན་ཅིང་གདན་དུ་འདིངས་པའི་ཟབ་ཏིག་འདི་བསྡམས་སོ༔ འདི་ལ་སྤྱི་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ༔ རྫས་གསག་པ༔ དུས་ཚོད༔ ཚེས་གྲངས༔ ཙཀྲ་བྲི་ཐབས༔ རབ་གནས༔ ལྟེབ་ལུགས༔ བཅང་ཐབས༔ ལས་སྦྱོར་མན་ངག་ཁ་བསྒྱུར༔ ལག་ལེན་དམར་ཁྲིད་དང་བརྒྱད་དོ༔ དེ་ལ་དང་པོ་རྫས་གསག་པ་ནི༔ མུ་ཟི་ནག་པོ༔ བོང་ང་ནག་པོ༔ གུ་གུལ་ནག་པོ༔ གྲི་ཁྲག༔ ཡུགས་སའི་མངལ་ཁྲག༔ མཛེ་ཁྲག༔ བོང་བུ་ནག་པོའི་ཁྲག༔ ཤུ་དག་ནག་པོ༔ རོ་རས་ནག་པོ༔ རབས་ཆད་ནག་པོའི་སྐྲ་སྐུད་རྣམས་བསགས་པར་བྱའོ༔ གཉིས་པ་དུས་ཚོད་ཚེས་གྲངས་ནི༔ གདམས་པ་འདིའི་བྱ་བ༔ ཙཀྲ་འདི་བྲི་བ༔ རབ་གནས༔ ལས་སྦྱོར་ལ་སོགས་གང་དང་གང་བྱེད་པ༔ ཕུང་གསུམ་བདུད་ཀྱི་ཉི་མ་དྲག་ལ་རྩུབ་པ༔ ཉི་ཤུ་དགུ་ལ་སོགས་པའི་ཉི་མ་ནག་པོ༔ ཟླ་བ་ནག་པོ་ལ་སོགས་པ་རྣམས་དང་སྤྲད་པ་གལ་ཆེའོ༔ དེ་ཡང་ཉི་མ་དགོང་མོ་དང༔ ནམ་ཕྱེད་ནས་རྩོམ་པར་བྱེད་དོ༔ སྔགས་པའི་ཁ་ཡང་བྱང་ངམ་བྱང་ཤར་ཉིད་དུ་བལྟའོ༔ གསུམ་པ་ཙཀྲ་བྲི་བའི་ཐབས་ནི༔ རོ་རས་ནག་པོ་རྙེད་ན་རབ༔ དེ་མ་རྙེད་ན་དུག་ཤོག་ལ་བྲི་བར་བྱ་སྟེ༔ གོང་དུ་བསྟན་པའི་རྫས་སྣ་རྣམས་ཀྱིས་ཙཀྲ་ཕྱི་ནང་གཉིས་སུ་བྲི༔ ནང་གི་ཙཀྲ་ནི༔ མུ་ཁྱུད་རིམ་པ་ལྔ་བསྐོར་ཏེ༔ དབུས་སུ་ཙཀྲ་རྩིབས་དྲུག་རྣོ་བའི་ངར་དང་ལྡན་པ༔ རྩིབས་རྩེ་མུ་ཁྱུད་ལ་མ་རེག་པའི་ནང་དུ༔ གནོད་བྱེད་བྱད་མ་ཡན་ལག་བརྒྱངས་པ༔ ལྕེ་ཕྱིར་ཕྱོགས་པའི་རྩེ་མོ་ལྟེ་བར་སླེབ་པའི་དཀྱིལ་དུ་རྡོ་རྗེ་རྒྱ་གྲམ་རྭ་ལྔ་པ་བྲི༔ དེའི་མཐའ་མ་ལ༔ བྱད་མའི་སྙིང་ཁ་རག་དུན་ཏེ་རྦད༔ སྲོག་ལ་རྦད༔ དབུགས་ལ་རྔུབས༔ ཤ་ལ་ཆོམས༔ ཤ་རུས་ཁྲག་རྩ་ལ་ནུར་ནུར༔ ཨ་མ་ཙ་དུ་ཡ་ཏྲི་སུ་ན༔ མ་མ་ཀ་དུར་ཙ་ཨ་ཙེ་དུ་ཡ་ཏྲི་སུ་ན༔ བྱད་ཟོར་རིག་སྔགས་སརྦ་མཱ་ར་ཡ༔ གཏུབས་གཏུབས༔ ཟློག་ཟློག༔ ནན་ནན༔ ཅེས་བྲི༔ རྡོ་རྗེའི་ལྟེ་བ་ལ་ནྲྀ་བྲིས་པའི་མཐའ་སྐོར་དུ༔ ཕ་རོལ་གྱི་བྱད་བྱེད་ཀྱི་མིང་དང༔ མཱ་ར་ཡ་ཁུག་ཛ༔ ཅེས་བྲི༔ བྱད་མའི་ཡན་ལག་རྣམས་རྩིབས་དྲུག་གི་ནང་དུ་བརྒྱངས་པ་ལ་དགོད་པ་ནི༔ ལག་པ་གཡས་པ་ལ་ཧཱུྃ་ཛ༔ གཡོན་པ་ལ་རིལ་ཐུམས༔ རྐང་པ་གཡས་པ་ལ་རྦད་རྦད༔ གཡོན་པ་ལ་བྷྱོ་ཛ་ཛ༔ གསང་གནས་ལ་ཕཊ་ལཾ༔ སྤྱི་བོར་སཏྭཾ་བྷ་ཡ་ནན༔ དཔྲལ་བར་རུས༔ བརླ་ལ་བླ་དྭགས་བྲིའོ༔ རྩིབས་དྲུག་གི་མཆན་ལ༔ བྱད་མ་གནོད་བྱེད་ཆྑཻ་མོའི་སྙིང་རྩ་ལ་ཁ་རག་དུན་ཏེ་རྦད༔ བྱད་མ་ཆེ་གེ་མོའི་སྲོག་ལ་རྦད༔ དབུགས་ལ་རྦད༔ ཤ་ལ་ཆོམས༔ གནོད་བྱེད་ཆེ་གེ་མོའི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ ཅེས་བྲི༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ སྡེ་བརྒྱད་དྲེགས་པའི་སྔགས་འདི་བྲི༔ ཨ་ མ་ ཙ་ དུ་ ཡ་ ཏྲི་ སུ་ ནའོ༔ དེ་ཡི་རྩིབས་མཆན་བརྒྱད་ལ༔ སྡེ་བརྒྱད་གནད་ལ་དབབ་པའི་སྔགས་འདི་བྲི༔་་་འདི་ཕྱི་མའི་རྩིབས་མཆན་ལའོ༔ ཨ་ནན་ མ་ནན་ ཙ་ནན་ དུ་ནན་ ཡ་ནན་ ཏྲི་ནན་ སུ་ནན་ ན་ནན༔ ཅེས་པ་རེ་བཀོད༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ སྡེ་བརྒྱད་འདུས་པའི་སྲོག་ཡིག་འདི་དག་བཀོད༔ མ་ ཙ་ དུ་ ཨ་ ཡ་ ཤ་ ལ་ ན་ ཞེས་པ་འབྲུ་རེ་བཀོད་དོ༔ འདི་གོང་གི་རྩིབས་མཆན་ལ་བྲིའོ༔ ཡ་མ་ཀ་དུ་རཱ་ཙ་ཏྲི་ཕུ༔ གོང་གི་རྩིབས་མཆན་གྱི་སྔགས༔ ཨ་ནན་ཅེས་སོགས་བྲིའོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཆ་ཆེན་གཅིག་བསྐོར་བའི་ནང་དུ་མཚོན་ཆ་བཅུ་དྲུག་བྲི་བ་ནི༔ གྲི་གུག༔ ཕུར་པ༔ འཁོར་ལོ༔ རལ་གྲི༔ མདུང༔ བེ་ཅོན༔ ལྕགས་ཀྱུ༔ ཐོ་བ༔ རྡོ་རྗེ༔ ཁ་ཊྭཱཾ༔ ཞགས་པ༔ དགྲ་སྟ༔ མདའ་གཞུ༔ ཐོད་དབྱུག༔ ཏྲི་ཤཱུ་ལ་རྣམས་ཅོད་པན་དང་བཅས་པ་བཀོད་པ་རྣམས་ཀྱི་རྩེ་མོ་ཕྱིར་ཕྱོགས་པའམ༔ གསོད་པའི་ལས་ལ་རྩེ་མོ་ནང་དུ་བྱའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཕོ་སྔགས་འདི་གཡས་སུ་བསྐོར་བ་བྲི༔་་་་འདིའི་ཕོ་སྔགས་མོ་སྔགས་གཉིས་འོག་གི་བཟླ་བྱའི་སྔགས་ཀྱི་སྐབས་སུ་གསལ་བར་མཆན་བུ་ཐེབས་པ་ལྟར་བྲིའོ། །བཛྲ་ཡ་ཏྲི་ཏྲིག་མཱ་ར་ཡ༔ ཞེས་པ་ནས་གཏུབས་གཏུབས་ཞེས་པའི་བར་དུའོ༔ མོ་སྔགས་འདི་གཡོན་བསྐོར་དུ་བྲི༔ སྙིང་ཁ་རག་དུན་ཏེ་རྦད༔ ཅེས་པ་ནས་ནུར་ནུར་ཡན་ཆད་བྲིའོ༔ དེ་ལྟར་ཙཀྲ་བྲིས་པའི་ཕྱི་རོལ་དུ༔ ལས་ཀྱི་གཤིན་རྗེ་སྐུ་མདོག་དམར་པོ༔ གཡས་ལྕགས་ཀྱུ༔ གཡོན་ཞགས་པ་འཛིན་པ༔ ཞབས་གཉིས་བསྒྲད་པ༔ མཚན་མ་དམར་པོ་གྱེན་དུ་བསླངས་པ༔ དེའི་གཡས་གཡོན་གཉིས་སྟེང་འོག་གཉིས་དང་བཞི་ལ་མཆོད་རྟེན་རྩེ་མོ་ཕྱིར་བསྟན་པ་བཞི་བྲིའོ༔ དེ་ལྟར་བྲིས་པ་ལའང་རྫས་དང༔ ཚོན་བསྲེས་པ་རྣམས་ཀྱིས་གང་ལ་གང་འཐད་དུ་ཁྱབ་པར་བྱུག་གོ༔ རྒྱབ་ཕྱོགས་ཀྱི་ཙཀྲ་འདི་མུ་ཁྱུད་གཅིག་བྲིས་པའི་ནང་དུ༔ གྲུ་བཞི་བསྣོལ་མ་གཉིས་བརྩེགས་པའི་དབུས་སུ༔ རི་རབ་གྲུ་བཞི་བསྣོལ་མའི་གྲུ་ཆད་བཞི་ལ་མཆོད་རྟེན་རེ་རེ༔ ཟླ་གམ་བཞི་ལ་ཤར་ནས་བཟུང་སྟེ༔ གླིང་བཞི་གླིང་ཕྲན་དང་བཅས་པ་བཅུ་གཉིས་བྲིའོ༔ དེའི་ཕྱི་སྐོར་གྱི་མུ་ཁྱུད་གཅིག་པོ་དེ་ལ༔ ཕོ་སྔགས་མོ་སྔགས་གཡས་སྐོར་གཡོན་སྐོར་བསྣོལ་མ་བྲི༔ དེ་ཡི་ཕྱི་རོལ་གྱི་ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་བཞི༔ མཚམས་བཞིར་རྡོ་རྗེ་ཕྱེད་པ་རེ་རེ་བྲི༔ ལྟེ་བར་ལཾ་ནན་ཕྱོགས་དང་ཕྱོགས་བྲལ་དུ་བྲི༔ བསད་བཟློག་སྦྲགས་ན༔ ཕོ་སྔགས་དང་མོ་སྔགས་ཀྱི་གཞུག་ལ༔ གནོད་བྱེད་ཆེ་གེ་མོའི་ལྷ་སྲུང་གཤེད་དུ་ཕོབ་ཅིག༔ ལྷ་སྲུང་རང་བདུད་དུ་ཕོབ་ཅིག༔ ལུས་རང་གཤེད་རང་ལ་ཕོབ་ཅིག༔ ངག་རང་གཤེད་རང་ལ་ཕོབ་ཅིག༔ ཡིད་རང་གཤེད་རང་ལ་ཕོབ་ཅིག༔ ཆོས་སྐྱོང་རང་གཤེད་རང་ལ་ཕོབ་ཅིག༔ ཁོ་རང་གི་ནུས་པ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་མཚོན་རང་ལ་ཚུགས་ཤིག༔ དེ་ཉིད་ཀྱིས་བསྒྲུབས་པའི་ལྷ་དང་ཆོས་སྐྱོང་གིས་ཁོ་རང་དེ་ཉིད་ཀྱི་ཤ་ལ་ཟོ༔ ཁྲག་ལ་ཐུངས༔ དབུགས་ལ་རྔུབས༔ སྲོག་ལ་ཆོམས༔ རུས་ལ་གཏུབ་ཅིག༔ ཅེས་ཕྱི་ནང་གཉིས་ཀའི་གཤམ་དུ་བྲིའོ༔ གཤིན་རྗེ་དམར་པོར་བྱ༔ བྱད་མའི་ལིང་ག་ལ་དུག་ཁྲག་གིས་བྱུགས༔ ཟག་པའི་རྫས་རྙེད་ན་བྱུགས༔ འཁོར་ལོ་རྩིབས་དྲུག་པོ་དེ་ལ་དུག་གི་མེ་ཏོག་སྔོན་པོ་དང༔ རམ་བསྲེས་ལ་བྱུགས༔ གཞན་ཡང་གཞུང་ནས་བཤད་པའི་རྫས་དང་ཚོན་བསྲེས་པས་གང་ལ་གང་འོས་བྱུགས་པར་བྱ༔ གཤིན་རྗེའི་གཟུགས་ཀྱི་ཞབས་འོག་ཏུ་གནོད་བྱེད་བྱད་མའི་ལིང་ག་ལ༔ མིང་རུས་དང་བཅས་པ་ཟག་རྫས་ཀྱིས་བྱུགས་ཤིང་བྲི༔ དམིགས་བྱ་སྡེ་བརྒྱད་ཡིན་ན༔ སྡེ་བརྒྱད་ཕོ་ཐམས་ཅད་ཞབས་གཡས་པའི་འོག་ཏུ་བྲི༔ མོ་ཐམས་ཅད་གཡོན་པའི་འོག་ཏུ་བྲི༔ བྲི་བའི་དུས་སུ་ཡང༔ རང་གི་ཁ་རླངས་དང་ཟག་པའི་རྫས་ལ་སོགས་དྲི་མ་མ་སོང་བར་བྱ༔ གལ་ཏེ་ཤོར་ན་བྲི་ཚར་ནས༔ སྤོས་ཀྱི་དུད་པ་ཙཀྲ་བདུག་པར་བྱའོ༔ བཟློག་བསད་སྦྲགས་མར་བྱེད་ན༔ རང་ལུས་སྲུང་བའི་གདམས་པ་ནི༔ ཁྱི་དམར་པོའི་སྙིང་ཤུན་ནང་དུ༔ སེང་ལྡེང་ལས་བྱས་པའི་བེ་ཅོན་སོར་བཞི་པ་བཟོས་པ་ལ༔ ཨྱཻ་ཨ་ཀྲོ་ཏེ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཡ་མཱན་ཏ་ཀ༔ མ་མ་ཀཱ་ཡ་རཀྵྱཾ་ཀུ་རུ་ཧཱུྃ༔ མ་མ་ཝཱ་ཀ་རཀྵྱཾ་ཀུ་རུ་ཧཱུྃ༔ མ་མ་ཙིཏྟ་རཀྵྱཾ་ཀུ་རུ་ཧཱུྃ༔ ཞེས་ཡི་གེ་དབུ་ཅན་དུ་བྲིས་པས་དྲིལ་ཏེ་བཏུམས༔ དེ་དར་སྣ་ལྔས་དྲིལ་ནས་རང་གི་ལུས་ལ་བཅང་བར་བྱའོ༔ ཿབཞི་པ་རབ་གནས་བྱ་བ་ནི༔ གོང་དུ་བསྟན་པའི་དུས་གཟའ་དྲག་པོ་ལ༔ གནས་དུར་ཁྲོད་དམ༔ ཁང་སྟོང་ལ་སོགས་པ༔ ཅུང་ཞིག་འཇིགས་པའི་གནས་གཅིག་ཏུ་ཕྱིན་ལ༔ རྣལ་འབྱོར་པའི་གདོང་ལ་རོ་སོལ་དང་ཁྲག་བསྲེས་པ་བྱུགས༔ ལུས་ལ་རེ་སྣམ་ནག་པོའི་གོས་གྱོན༔ མདུན་དུ་གཞི་མ་ནག་པོ་གཅིག་གཏིང་བའི་སྟེང་དུ་ཙཀྲ་བཞག༔ དེ་ནས་རང་ཉིད་སྟོང་པའི་ངང་ལས་སྐད་ཅིག་གིས་བྱད་མ་གནོད་བྱེད་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་འཇམ་དཔལ་གཤིན་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས༔ ཕྱག་གཡས་པས་ལྕགས་ཀྱུ་དམར་པོ་བསྣམས་པས་བྱད་མ་གནོད་བྱེད་ལྷ་སྲུང་དང་བཅས་པ་བཀུག་ནས་ཙཀྲ་ལ་བསྟིམ་པ༔ གཡོན་པས་ཞགས་པ་ནག་པོ་བཟུང་བས་བྱད་མའི་རྐེ་ལ་བཟུང་སྟེ་ཙཀྲ་ལ་བསྟིམ་པ༔ ཞབས་གཉིས་བྱད་མའི་སྟེང་དུ་དོར་སྟབས་བསྒྲད་པ༔ རལ་པ་གྱེན་དུ་བརྫེས་པ་ལ༔ ཐོད་སྐམ་རིན་ཆེན་སྦྲུལ་གྱིས་བརྒྱན་པ༔ ཞལ་གདངས་མཆེ་གཙིགས་འཇིགས་པའི་ཆ་ལུགས་ལ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ༔ སྲིད་པ་གསུམ་ལ་དབང་བྱེད་པ་གཅིག་ཏུ་བསྐྱེད༔ མདུན་གྱི་ཙཀྲ་དེ་ཡང་ལྕགས་ཀྱི་འབྲུབ་ཁུང་ངམ་ནག་པོ་གཏིང་རིང་བ༔ དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབ་པ༔ ནང་དུ་གྲུ་གསུམ་གྱི་མེ་འབར་བ་ལས་ཀྱང་འབྲུབ་དོང་གི་ཁ་ནས་དྲག་པོའི་ཚྭ་ཚྭ་སི་ལི་ལི་འཕྲོ་བ༔ དེའི་ནང་དུ་བྱད་མ་དེ་ནག་ལ་སྐམ་པ་སྔོ་ལ་རིད་པ༔ ཤིན་ཏུ་ཉམ་ཐག་པ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ༔ ཁོང་རང་གི་ལྷ་སྲུང་དེ་གཤེད་དུ་བབས་ནས༔ རྐང་པ་གཡས་པས་རྐེ་མནན༔ གཡོན་པས་ལྟེ་བར་མནན༔ ལག་པ་གཡས་པས་གནམ་ལྕགས་ཀྱི་ཕུར་པ་སྤྱི་བོར་བཏབ་པ༔ གཡོན་པས་རྐང་པ་གཉིས་བཟུང་བ༔ ཤིན་ཏུ་ཁྲོས་ནས་ཁོ་པའི་གཤེད་བྱེད་པར་བསམ་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་པས་བཅད༔ དེའི་སྟེང་དུ་མཆོད་རྟེན་ལྔས་མནན་ནས་བསྐལ་པའི་མཐར་ཡང་མི་ཐར་བ༔ དེའི་སྟེང་དུ་འཇམ་དཔལ་ཚེ་བདག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་དོར་སྟབས་བསྒྲད་པ༔ ཕྱག་གཡས་ལྕགས་ཀྱུ་དམར་པོ་མེའི་ཚྭ་ཚྭ་འཕྲོ་བ༔ གཡོན་ཞགས་པ་ནག་པོ་དྲག་པོའི་རླུང་ནག་འཚུབ་པ་བསྣམས་པ༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་བ༔ སྨིན་མ་དང་ཨག་ཚོམ་བསྐལ་པའི་མེ་ལྟར་འབར་བ༔ ལྕགས་ཀྱི་རལ་པ་སྤྲུགས་པའི་གསེབ་ནས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས༔ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་ལ་ལས་རྒྱབ་ནས་དེད༔ ལ་ལས་མདུན་ནས་འདྲུད༔ ལ་ལས་སྟེང་ནས་འཇུམ་ཞིང་འགུགས་པའི་ལས་བྱེད་པ༔ སྟག་ལྤགས་ལ་སོགས་པའི་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང༔ ལྟོ་བ་ཡངས་པ༔ སྲིད་གསུམ་ཟས་སུ་ཟ་བ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ་བསྐྱེད༔ དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་བདེན་པའི་སྟོབས་བརྗོད་ཅིང༔ གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་དགུག་གཞུག་བྱ༔ གུ་གུལ༔ ཐང་ཕྲོམ༔ ཁྱི་ནག་པོའི་བྲུན་གསུམ་གྱི་དུད་པས་བདུག༔ སྐྱོབ་བྱེད་མགོན་བྱེད་ཀྱི་ལྷ་རྣམས་དང་དང་པོ་ཕྲལ༔ བར་དུ་གཤེད་དུ་དབབ༔ མཐར་སྲོག་གི་ཤན་པ་བྱེད་པར་བསམ༔ གཞན་ཡང་གདབ་ལས་དྲག་པོ་གང་ཤེས་བྱའོ༔ དེ་ནས་སྔར་གྱི་རྫས་ངན་རྣམས་དང༔ ཉུངས་དཀར་ནག༔ ཀེ་ཚེ༔ ཤང་ཚེ༔ ཟངས་ལྕགས་ཀྱི་ཕྱེ་མ་རྣམས་ལ་དྲག་པོའི་སྔགས་རྒོད་འདིས་ངར་བླུད་ལ་ཙཀྲའི་དབུས་ཀྱི་ལིང་ག་ལ་བྲབ་པར་བྱའོ༔ བྱད་མ་ཆེ་གེ་མོའི༴ འདི་ནས།་་་སྙིང་ཁ་རག་དུན་ཏེ་རྦད༔ སྲོག་ལ་རྦད༔ དབུགས་ལ་རྔུབས༔ ཤ་ལ་ཆོམས༔ ཤ་རུས་ཁྲག་རྩ་ལ་ཆོམས་ཆོམས༔ ཤ་རུས་ཁྲག་རྩ་ལ་ནུར་ནུར༔་་་འདི་བར་མོ་སྔགས་ཡིན་ནོ། ཨ་མ་ཙ་དུ༔ ཡ་ཏྲི་དུ་ན༔ ཡ་མ་ཀ་དུ༔ རཱ་ཙ་ཏྲི་ཡ༔ མ་ཙི་དུ་ཡེ༔ ཏྲི་སུ་ན༔ བྱད་མ་ཆེ་གེའི་བྱད་ཁ་ཕུར་ཁ་ཐམས་ཅད་མཱ་ར་ཡ་གཏུབས་གཏུབས༔ ཟློག་ཟློག༔ ནོན་ནོན༔ འདི་ནས།་་་བཛྲ་ཡ་ཏྲི་ཏྲིག༔ མཱ་ར་ཡ་ནི་ལཾ་དྷ་ར་རག་ཤ་བཛྲ༔ ཨ་རི་ཨ་རི་ནི༔ ནཱ་ག་ཙ་ཏྲིག་རྦད༔ ཏྲི་ཧ་རི་ཧ་རི་ཏྲི༔ བྱད་མ་ཆེ་གེ་མོའི༔ གཏུབས་གཏུབས༔་་་འདིའི་བར་ཕོ་སྔགས་ཡིན་ནོ། །མ་ཙ་དུ༔ ཨ་ཤ་མ་ལ་ན༔ སྡེ་བརྒྱད་ཀྱི་བྱད་ཁ་ཕུར་ཁ་ཐམས་ཅད་བྱད་མ་ཆེ་གེ་མོ་ལ་ཟློག་ཟློག༔ ནན་ནན༔ ཨ་ནན༔ མ་ནན༔ ཙ་ནན༔ དུ་ནན༔ ཡ་ནན༔ ཏྲི་ནན༔ སུ་ནན༔ ཙ་དུ་ཨ་ཤ་མ་ལ་ན་མ༔ ཨ་མ་ཙ་དུ་ཡ་ཏྲི་སུ་ན༔ བྱད་མ་ཆེ་གེ་མོའི་སྙིང་ཁ་རག་དུན་ཏེ་རྦད༔ སྲོག་ལ་རྦད༔ སྲོག་ལ་རྒྱུག༔ ཤ་ལ་ཆོམས༔ ཤ་རུས་ཁྲག་རྩ་ལ་ཆོམས་ཆོམས༔ ཤ་རུས་ཁྲག་རྩ་ལ་ནུར་ནུར༔ ཐུམས་རིལ་ཛ༔ བྷྱོ་བྷྱོ་ཛ༔ རྦད་རྦད༔ ཅེས་པའི་དྲིལ་སྔགས་རྣམས་དྲག་ལ་མྱུར་བ་གནམ་ལྕགས་ཀྱི་མདའ་དྲག་པོ་བབ་པ་ལྟར་བཟླས་ཤིང༔ འདི་ལ་ཐུན་གསུམ་ལ་ལྔ་བཅུ་རེ་བཟླས༔ རྒྱུན་བསྙེན་ནི༔ གནོད་བྱེད་བྱད་མ་ཆེ་གེ་མོའི་སྙིང་ཁ་རག་དུན་ཏེ་རྦད༔ ཅེས་པ་ནི་རྟག་ཏུ་བཟླས་པ་བསད་པའི་སྔགས་སོ༔ གོང་མ་ནི་ཉི་མ་ཟློག་པའི་སྔགས་སོ༔ བྱེ་བྲག་བཞི་པ་ནི་བརྒྱད་པ་ལག་ལེན་དམར་ཁྲིད་དུ་གསལ་ལོ༔ དེ་ལྟར་རབ་གནས་ཞག་ལྔའམ་བདུན་ལ་སོགས་པ་གང་འཐད་ཕ་རོལ་བྱད་མ་བྱིན་ཆེ་ཆུང་དང་སྤེལ་ལ་བྱའོ༔ དེ་ཡང་བྱད་མ་བྱིན་ཤིན་ཏུ་ཆེ་ན་ཞག་ཉེར་གཅིག་ལ་སོགས་པ་བྱས་ན་ཤིན་ཏུ་བརྟན་པར་ཤེས་པར་བྱའོ༔ ༔ལྔ་པ་ལྟེབ་ལུགས་ནི༔ དེ་ལྟར་རབ་གནས་ཚར་ནས༔ ཟུར་བཞིའི་རྡོ་རྗེ་ཕྱེད་པ་བཞི་བྱད་མའི་སྟེང་དུ་བལྟེབ༔ དེ་ནས་ལོགས་བཞིའི་རྒྱ་གྲམ་བཞི་ལ་ཟུར་རེ་རེ་ཡོང༔ དེ་ཡང་ནང་དུ་བྱད་མའི་སྟེང་དུ་བལྟེབ༔་་་ཤོག་སེར་ལ་དེ་ལྟར་འདུག་གོ །ཡང་མཆོད་རྟེན་རེ་རེ་ཡོང༔ དེ་ཡང་ནང་དུ་བལྟེབ༔ དེ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས༔ དེ་རོ་རས་ནག་པོས་བཏུམས༔ དེ་རེ་བའི་ཁུག་མར་བཅུག་ལ་ཡུགས་སའི་སྐྲ་སྐུད་ཀྱིས་བཅིང༔ དགེ་བའི་བཤེས་གཉེན་ཡིན་ན༔ ནང་དུ་དར་ནག་གིས་དྲིལ་ལ༔ ཕྱི་རོ་རས་ཁུག་མར་བཅུག༔ དེ་སྐྲ་སྐུད་ཀྱིས་འཚེམ་པ་གོང་དང་འདྲའོ༔ ༔དྲུག་པ་བཅང་ཐབས་ནི༔ བཅས་རྣམས་ལེགས་པར་གྲུབ་ནས༔ སྡོད་དུས་གདན་དུ་འདིང་བར་བྱ་བ་ནི་གཉིས༔ བསད་པའི་ལས་དང༔ ཟློག་པ་གཉིས་སོ༔ བསད་པ་ནི་མལ་འོག་ཏུ་དོང་གྲུ་གསུམ་མཐོ་གང་བྲུས་པའི་ནང་དུ༔ དུར་གཡམ་ནག་པོའི་སྒྲོམ་གྲུ་གསུམ་པ་བྱས་པའི་ནང་དུ་གཞུག༔ སྟེང་ནས་ཀྱང་དུར་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད༔ དེའི་སྟེང་དུ་མལ་བཅའ༔ དེ་ནི་ལག་ལེན་བརྒྱད་པའི་ནང་དུ་གསལ༔ ཟློག་པ་ནི༔ གདན་གྱི་བར་དུ་བཙེམ་པར་བྱ་ཞིང༔ ཡང་ན་གདན་དང་སའི་མཚམས་སུ་མནན་པར་བྱའོ༔ དེ་ཡང་ལིང་ག་འོག༔ མཆོད་རྟེན་དང་རྡོ་རྗེ་སྟེང་ཡོད་པར་བྱའོ༔ འགྲོ་ན་རྟ་ལྟར་ཞོན་པར་བྱ་བ་ནི༔ རྟ་གདན་ལ་བཙེམ་པའམ༔ ལྷྭམ་གྱི་ནང་དུ་བཅུག་པའམ༔ གོས་ཀྱི་འགབ་རས་ལ་བླན་པ་སོགས་གང་འོས་པ་བྱ༔ སྐྱེ་བོ་ཡིན་ན་དོར་རྟའི་ནང་དུ་བཅུག་པ་ལ་སོགས་མདོར་ན་རང་གི་སྒྱིད་པ་ཡན་ལ་ཙཀྲ་མི་ཁྱེར༔ རང་གི་འོག་ཏུ་འོང་བའི་བཅའ་ཁ་གང་འཐད་ཕལ་ཆེར་རིག་པས་དཔྱད་ལ་བྱའོ༔ ༔བདུན་པ་མན་ངག་ཁ་སྒྱུར་ནི༔ དེ་ལྟར་མན་ངག་གི་བཅས་ཁ་བྱས་པ་ཙམ་གྱིས༔ ཕ་རོལ་པོ་ཁོ་རང་གི་ལྷ་དང་སྲུང་མ་ཁོ་རང་ལ་ལོག་ནས་བདུད་དུ་བབ་ཅིང༔ ནུས་སྟོབས་ཇི་ལྟར་ཆེ་བ་ཙམ་གྱིས་ཁོ་རང་ལ་སྡིགས་པར་འགྱུར༔ འདི་ནི་གཤིན་རྗེ་ནག་པོའི་བཟློག་གཤོར་ཆེ་འོག་མ་ཡིན་པས་བྱད་མ་ཕུར་ཐོགས་སྟོང་གི་ནུས་པ་ཡང་འཇོམས་པར་བྱེད་ཅིང༔ ཟློག་པར་བྱེད་ནུས་པ་ཡིན་ནོ༔ གལ་ཏེ་བཟློག་པའི་རྟགས་སམ་ཆོ་འཕྲུལ་ཆེ་ན༔ ཕོ་སྔགས་བྱིངས་ཆེར་བཟླས་སོ༔ སྡེ་བརྒྱད་ལ་སོགས་མི་མ་ཡིན་པའི་བྱད་ཁ་བྱུང་ན༔ བྱད་མ་ཆེ་གེ་ཞེས་པའི་སྐབས་ཐམས་ཅད་དུ༔ སྡེ་བརྒྱད་བྱད་བྱེད་ཅེས་ཁ་བསྒྱུར་ཞིང་ཙཀྲ་ལ་ཡང་བྲི༔ ངག་ཏུ་བཟླས་སོ༔ ཕ་རོལ་བྱད་བྱེད་བོན་པོ་ཡིན་ན༔ བོན་སྲུང་གི་ལྷ་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་གདགས༔ རྟ་ཞོན་ནང་ཐུག་ན་ཁོའི་ལྷ་སྲུང་གི་ཁོང་པ་ན༔ བྱད་མ་ཁོ་རང་བསྐྱེད༔ ཁོ་རང་གི་ཁོང་པ་ན་ཡང་ཁོ་རང་གི་ལྷ་བསྐྱེད༔ དེའི་ཐུགས་ཀར་རང་ཕྱོགས་པ་བསྒོམ༔ རང་གི་ལྷ་སྲུང་དང་ཁོ་ཡི་ལྷ་སྲུང་གཅིག་ན༔ རང་མ་ཉེས་པའི་དཔང་གཟུག༔ ཁོ་དང་ལྷ་སྲུང་གི་བར་དུ་ཕྲ་མའི་ཚིག་གཞུག་པར་བྱའོ༔ རྟ་ཞོན་གནད་ལ་མ་ཐེབས་ན༔ ཙཀྲ་གསུམ་བྱ་སྟེ༔ གཅིག་མཆོད་རྟེན་བྱིན་རླབས་ཅན་གྱི་འོག་ཏུ་མནན༔ གཅིག་རང་གི་སྒོ་ཐེམ་ཞབས་སུ་མནན༔ གཅིག་སྟན་དུ་འདིང་བར་བྱ༔ དེ་ཡང་མཆོད་རྟེན་འོག་ཏུ་མནན་པ་དེ་ལ༔ བྱད་མ་གནོད་བྱེད་ཅེས་པ་ལས་མིང་མི་གཞུག༔ སྒོ་ཐེམ་འོག་ཏུ་མནན་པ་ལ༔ བྱད་མ་ཆེ་གེ་ཞེས་པ་ལས༔ ལྷ་སྲུང་དང་བཅས་པའི་མིང་སྤེལ་མི་གཞུག༔ རང་གི་འོག་ཏུ་མནན་པ་དེ་ལ༔ བྱད་མ་གནོད་བྱེད་ཆེ་གེ་ལྷ་སྲུང་དང་བཅས་པ་ཞེས་གཞུག་པར་བྱའོ༔ ཕ་རོལ་བསོད་ནམས་ཆེ་བ་དང་ཐུག་ན༔ ཡུགས་སར་ལན་གསུམ་བབ་པའི་བུད་མེད་ཀྱི་ལྷྭམ་ཀྲད་བར་དུ་བལྟེབ་པར་བྱའོ༔ ཕྱི་པ་དང་ཐུག་ན་ཙཀྲའི་དཀྱིལ་དུ་ཕ་རོལ་བྱད་མའི་རཱུ་པ་མིང་རུས་བླ་དྭགས་དང་བཅས་བདུན་བྱས་ལ་བསྟིམ༔ ཕོ་སྔགས་མོ་སྔགས་གཉིས་ཀྱི་ཤམ་བུར༔ རང་གཤེད་རང་ལ་དབབ་པའི་དམོད་མོ་གཞུག་པ་ནི་གོང་དུ་བསྟན་པ་དེ་ལྟར་རོ༔ བྱད་མ་དགེ་བཤེས་ཡིན་ན་རི་རབ་ཀྱིས་མནན༔ སྔགས་ནག༔ ཕྱི་པ༔ བོན་པོ༔ སྐྱེ་བོ་ལ་སོགས་ཡིན་ན༔ མཆོད་རྟེན་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམས་ཏེ༔ དེ་རྣམས་ཀྱི་འོག་ནས་བྱད་མ་འགུལ་མི་ནུས་པར་བསམ༔ ཕ་རོལ་བྱད་མ་སོ་སོའི་ལྷ་སྲུང་ཆོས་སྐྱོང་དང་བཅས་པ་ཐམས་ཅད་རབ་ཏུ་ཁྲོས་ནས་ཁོ་རང་གི་བདུད་དུ་བབ་པར་བསམ༔ བྱད་བྱེད་དེའི་ལྷ་སྲུང་རྣམས་འཇིག་རྟེན་པ་ཡིན་ན་རང་གི་འོག་ཏུ་མནན༔ ཡེ་ཤེས་པ་ཡིན་ན་རང་གི་ཐུགས་ཀར་བསྟིམས་ནས༔ ཁོ་དང་བྲལ་ཞིང་རང་གི་མགོན་དང་གྲོགས་སུ་གྱུར་པར་བསམ༔ རང་ལ་དམ་ཉམས་བྱས་པའི་རིགས་གང་ལ་བྱད་བྱེད་ན་དེ་ཉིད་སྲོག་ཕྲལ་ཅིང༔ ལྷ་གཤེད་ལ་དབབ་པའི་གདམས་པ་ནི༔ ྈ ༼ཀ༽ ཐོ་ཙན་དི་ཛ་ཐོ་ཙན་དིཝཇགངཝཨོཝ༔ ༼ཁ༽ ཐོ་ཙན་དི་ཐྱ་ཏ་་་བཅུས་ཆེན་་་ཐོ་ཙན་དི་ཝ་འཁུན་ཝ་ཙ་ཙ་ཇ་ཝཉ་ཉོ༔ ༼ང༽ ཟེཧ་ཕ་ཡི་ངན་ཙཧ་ག་ངཧ་ཅོ༔ ས་མ་ཡ༔ ལ་ལ་ཁོའི་སྲོག་པ་རྩར་ ཞུགས་ནས་སྲོག་གི་རྩ་རྒྱུས་ཐམས་ཅད་་་༼ཅ༽ འབི་ཇ་ཅ་ཅ་ཇཝཉ་ཉོ༔ ཕ་རོལ་གྱིས་རང་ལ་རྦད་པའི་རྟགས་བྱུང་ན༔ གང་ཡིན་པ་དེ་ཉིད་གནད་ལ་དབབ༔ བར་དུ་བྱད་མའི་མིང་རུས་དཔུང་དང་བཅས་པ་བཅུག༔ དཔོན་གཡོག་གམ་མི་ནོར་འཁོར་དང་བཅས་པ་ཞེས་སོ༔ སྡེ་བརྒྱད་མཁན་དང་འགྲས་ན༔ སྡེ་བརྒྱད་ཀྱི་རྟགས་འབྱུང་བ་ནི༔ རྦད་མཁན་མེད་པའི་སྡེ་བརྒྱད་ཀྱི་ཆོ་འཕྲུལ་འབྱུང་བ་དང༔ མ་ནོར་བར་བྱས་ཏེ་གནད་ལ་དབབ༔ སྡེ་བརྒྱད་ལ་ཡང་མ་མོ༔ བཙན༔ བདུད༔ ལྷ༔ གཤིན་རྗེ༔ གནོད་སྦྱིན༔ གཟའ༔ ཀླུ་སོགས་ཏེ༔ དེ་ལྟར་གང་ཡིན་སྤྱི་དང་བྱེ་བྲག་རྣམས་ལེགས་པར་བརྟག་པ་གལ་ཆེའོ༔ བརྟག་པ་ནི༔ ཕོ་སྔགས་མོ་སྔགས་ཀྱི་བར་དུ་སྡེ་བརྒྱད་བཅུག་ཅིང་སོ་སོར་གནད་ལ༔ མ་མོ་རང་གཤེད་རང་ལ་ཕོབ་ཅིག༔ བཙན་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་ཀུན་ལ་འགྲེས་པར་དབབ་པར་བྱའོ༔ སྤྱིར་དྲིལ་བ་ནི་ལྷ་མ་སྲིན་སྡེ་བརྒྱད་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་པའོ༔ ནང་འགྲས་ཐུག་ནས་རྦོད་པ་དྲག་པོ་བྱུང་ན་སྔགས་འདི་རྟག་པར་བཟླས་པར་བྱ༔ བཛྲ་ནུར་ནུར༔ ཤ་རུས་ཁྲག་རྩ་ལ་ཤིག་ཆོམས༔ ཤ་ལ་དབུགས་རྔུབས་སྲོག་ལ་རྦད༔ དུན་ཏེ་རྦད༔ སྙིང་ཁ་རག་རྔུབས་རྔུབས༔ ཏྲིང་ཏྲིང༔ ཧ་རི་ཧ་རི༔ ནཱ་ག་རཱ་ཙ་ཏྲིག་རྦད༔ ཨ་རི་ཨ་རི་ནི༔ ནཱི་ལཾ་དྷ་ར་རཀྴ༔ མཱ་ར་ཡ༔ ཏྲིག་ཏ་ཡ་བཛྲ༔ ཞེས་པ་བཟླས་པ་ལ་འབད་དོ༔ ༔བརྒྱད་པ་ལག་ལེན་དམར་ཁྲིད་ནི༔ ཉིན་པར་བཟློག་པའི་ལས་བྱ་སྟེ༔ རང་ཉིད་སྐུ་མདོག་དམར་པོ་རེ་བསྒོམ༔ མདུན་བསྐྱེད་ནག་པོ་བསྒོམ་པར་བྱ༔ ནུབ་མོ་བསད་པའི་ལས་བྱ་སྟེ༔ འབྲུབ་ཁུང་ནང་དུ་བྱད་མ་བཀུག༔ ལྷ་དབྱེ་གྲོགས་དང་ཕྲལ་ནས་ཀྱང༔ སྲུང་མ་དེ་ཉིད་གཤེད་དུ་དབབ༔ མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ ལས་ཀྱི་ཕོ་ཉ་བཤན་པའི་ཚོགས༔ དཔག་མེད་འཕྲོས་ཤིང་བསད་ལས་བྱ༔ ལ་ལས་བཀུག་ཅིང་ལ་ལས་བསྒྲལ༔ ལ་ལས་དབང་པོ་དོན་སྣོད་ཁྱེར༔ ལ་ལས་ཤ་ཟོས་ཁྲག་འཐུང་ཞིང༔ བསད་པའི་ཕྲིན་ལས་གྲུབ་དམིགས་ལ༔ བསད་པའི་སྔགས་ཀྱང་དྲག་ཏུ་བཟླ༔ མཐུ་བྱེད་བྱད་མའི་གཤེད་ཡིན་ཏེ༔ ཇི་ལྟར་ནུས་པ་ཆེ་ན་བཟང༔ ཞག་བདུན་དག་ནས་མངོན་སྤྱོད་འགྲུབ༔ ཉིན་པར་ཉི་མའི་ཟློག་སྔགས་ནི༔ བཛྲ་ཡ་ཏི་ཏྲིག་ཅེས་པ་ནས༔ གཏུབས་གཏུབས་བར་དུ་བཟླས་པས་བཟློག༔ མཚན་མོ་ཟླ་བ་ལ་གསོད་པ་ནི༔ བྱད་མ་སྙིང་ཁ་རག་དུན་ཏེ་རྦད༔ ནུར་ནུར་ཡན་གྱིས་གསོད་པར་བྱེད༔ དེ་ལྟར་ཟློག་བསད་གཉིས་ཀྱི་སྔགས༔ སོ་སོར་ཕྲལ་དང་དྲིལ་བ་རྣམས༔ དཀྱུས་ལ་ལེགས་པར་བཏགས་ལ་བཟླ༔ ཁྱད་པར་ཙཀྲའི་ལག་ལེན་ནི༔ ཞིབ་པར་གཞུང་ལས་གསལ་མོད་ཀྱང༔ གལ་ཆེན་དོན་དུ་བསྐྱར་ཏེ་བཀོད༔ ཙཀྲ་བྲི་བའི་གཞི་མ་ནི༔ རས་ལ་བྱེད་ནས་དུག་ཆུས་འདུལ༔ དུག་ཤོག་ལ་བྱེད་འདུལ་མི་འཚལ༔ གང་ཡིན་གྲུ་བཞི་མཉམ་པ་ཉིད༔ གྲུ་བཞི་མི་མཉམ་ལྟེབ་མི་བདེ༔ གོང་དུ་བསྟན་པའི་རྫས་རྣམས་ཀྱང༔ ཁྲམ་ཁྲུམ་བརྡུངས་ལ་རས་ཁུག་བླུགས༔ ཆུར་སྦངས་ཁུ་བ་གར་དགོས་སུ༔ སྣག་ཚྭ་ལ་སོགས་ཚོན་ལ་བསྲེ༔ མཁས་པས་ལེགས་པར་དོད་པར་བྲི༔ དབུས་སུ་བྱད་མ་དུ་ཡོད་ཀྱི༔ ལིང་ག་མིང་རུས་བཅས་པ་ཡང༔ གཅིག་ལ་ཐམས་ཅད་སྤུངས་པ་འམ༔ ཡང་ན་ལིང་ག་སོ་སོར་བྲི༔ ཙཀྲའི་དཀྱིལ་དུ་བརྩེགས་པས་ཆོག༔ ལྕེ་བརྒྱངས་གྲོད་པ་ཁེབས་པའི་སྟེང༔ རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས༔ དམིགས་བྱའི་མིང་རུས་ནྲྀ་ལ་བསྐོར༔ ཁུག་ཅིག་ལ་སོགས་གང་འོས་བྲི༔ རྡོ་རྗེའི་མཐའ་མ་སྔགས་ཀྱིས་བསྐོར༔ དེ་ཡང་བཟློག་ན་ཕོ་སྔགས་དང༔ གསོད་ན་མོ་སྔགས་བྲི་བྱ་ཞིང༔ སྔགས་ཤམ་བསད་ཟློག་གང་བྱེད་ཀྱི༔ དམོད་བཅོལ་ཁ་བསྒྱུར་སྤེལ་ཚིག་གདགས༔ གཟུགས་བཞི་མགོ་དང་མཚན་མ་དྲུག༔ ཙཀྲ་རྩིབས་དྲུག་ངོས་ལ་བརྒྱང༔ གཞུང་ལྟར་ཡན་ལག་ཡི་གེར་བཀོད༔ དེ་རྒྱབ་ཙཀྲ་རྩིབས་བརྒྱད་ལ༔ གནད་ལ་དབབ་པའི་ཡི་གེ་བྲི༔ ཨ་ མ་ ཙ་ དུ་ ཡ་ ཏྲི་ སུ་ ནའོ༔ དེ་ཡི་རྩིབས་མཆན་དག་ལ་ཡང༔ གཤིན་རྗེ་མ་མོ་ལྷ་དང་བདུད༔ སྲིན་པོ་རྒྱལ་པོ་ས་བདག་རྣམས༔ ཡ་ མ་ ཀ་ དུ་ ར་ ཙ་ ཏྲི་ ཕུ་ དེ་དག་རིམ་བཞིན་སྲོག་སྔགས་བཀོད༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ མ་མོ་བཙན་བདུད་ལྷ་དང་ནི༔ གཤིན་རྗེ་གནོད་སྦྱིན་གཟའ་དང་ཀླུ༔ མ་ ཙ་ དུ་ ཨ་ ཡ་ ཤ་ ལ་ ན་ ཞེས་པ་རིམ་བཞིན་བཀོད་པར་བྱ༔ རྩིབས་མཆན་སྡེ་བརྒྱད་གནད་དབབ་སྔགས༔ ཨ་ནན༔ མ་ནན༔ ཙ་ནན༔ དུ་ནན༔ ཡ་ནན༔ ཏྲི་ནན༔ སུ་ནན༔ ན་ནན༔ ཅེས་པ་རེ་རེ་རྫོགས་པར་བྲི༔ དེ་རྒྱབ་མཚོན་ཆ་གཞུང་ལྟར་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཕོ་སྔགས་གཡས་སུ་བསྐོར་བ་དང༔ མོ་སྔགས་གཡོན་དུ་བསྐོར་བ་བྲི༔ ཕོ་སྔགས་མོ་སྔགས་གཞུང་ལས་ཤེས༔ བར་དུ་སྡེ་བརྒྱད་གནད་འབེབས་ནི༔ རང་སྲོག་རང་ལ་དབབ་པའམ༔ བསད་བཟློག་གང་བྱེད་གོང་ལྟར་རོ༔ དེ་ལྟར་དགོས་པའི་མཚན་ཉིད་ནི༔ དབུས་སུ་བྱད་མ་དུ་ཡོད་དེ༔ གཟུགས་དང་མིང་རུས་བྲི་བ་ནི༔ རང་གཤེད་རང་ལ་དབབ་ཕྱིར་རོ༔ ཕྱི་ནང་ཙཀྲ་གཉིས་པོ་དེ༔ སྡེ་བརྒྱད་ཕྱི་ནང་གཉིས་པོ་ཡིན༔ ཕྱི་ནང་ཙཀྲ་རྩིབས་མཆན་ནི༔ སྡེ་བརྒྱད་གནད་ལ་དབབ་པ་དང༔ སྡེ་བརྒྱད་གནད་ལ་བཟློག་པ་གཉིས༔ དེ་རྒྱབ་མཚོན་ཆའི་འཁོར་ལོ་ནི༔ མཚོན་ཆ་གཤེད་དུ་དབབ་པ་ཡིན༔ དེ་རྒྱབ་སྔགས་གཉིས་བསྐོར་བ་དེ༔ ལྷ་འདྲེ་གཤེད་དུ་དབབ་པ་དང༔ བསད་བཟློག་ལས་ཀྱི་སྤུ་གྲི་ཡིན༔ དེ་རྒྱབ་གཤིན་རྗེའི་གཟུགས་བྱུང་བ༔ སྲིད་བུ་གཤེད་དུ་འབེབ་པ་ཡིན༔ མཆོད་རྟེན་བཞི་ཡིས་སྤྲས་པ་དེ༔ ཏིང་འཛིན་གཤེད་དུ་དབབ་པ་ཡིན༔ དེ་དག་ནང་གི་ཙཀྲ་ནི༔ ལག་ལེན་གཏན་ལ་ཕབ་པ་འོ༔ དེ་ནས་ཕྱི་འཁོར་ལག་ལེན་ནི༔ རི་རབ་གླིང་བཞི་རྡོ་རྗེ་དང༔ སྔགས་ཀྱིས་མུ་ཁྱུད་བསྐོར་བ་ནི༔ ནུས་པའི་དཔུང་རྣམས་བསྐྱེད་པ་ཡིན༔ རི་རབ་གདན་དུ་འདིང་བ་དང༔ གྲྭ་བཞིར་མཆོད་རྟེན་བྲིས་པ་དང༔ གླིང་བཞི་ཟླ་གམ་ཡོད་པ་དང༔ མུ་ཁྱུད་བང་རིམ་ལ་སོགས་རྣམས༔ སྡེ་བརྒྱད་ལྷ་སྲིན་དྲེགས་པ་ཅན༔ རང་དབང་མེད་པར་མནན་ཅིང་གཟིར༔ སྲིད་གསུམ་གཤེད་དུ་དབབ་པ་འོ༔ དེ་ལྟར་མན་ངག་གནད་དུ་ཆེ༔ ཙཀྲ་སྒྱིད་པ་ཡན་མི་ཁྱེར༔ ཁྱེར་ན་ནུས་པ་རང་ལ་བཟློག༔ བཅའ་གཞི་གཞན་གྱིས་མ་མཐོང་གཅེས༔ མཐོང་ན་ཞུད་པས་ལས་མི་འགྲུབ༔ འདི་དག་ཤིན་ཏུ་གསང་བ་གཅེས༔ གཞན་གྱིས་ཚོར་ན་གཡེམ་ལ་འཆོར༔ རང་གི་ཟག་རྫས་མ་སོང་གཅེས༔ སོང་ན་བསོད་ནམས་ཉམས་པར་འགྱུར༔ ཕ་རོལ་ཟག་རྫས་རྙེད་ན་བྱུགས༔ དེས་ནི་མྱུར་ཞེས་བཤད་པ་ཡིན༔ གལ་ཏེ་ཙཀྲའི་སྟེང་དུ་ནི༔ ཐེམ་འོག་མ་གཏོགས་འགྲིམ་མི་བྱ༔ འགྲིམ་ན་གནོད་པས་གཟབ་པ་གཅེས༔ གཟབ་མི་མལ་གཅིག་ཡིན་གྱུར་ན༔ སྔགས་རྣམས་བློ་ལ་ཡོད་པར་བྱ༔ དེས་ནི་མི་གནོད་ཕན་པར་འགྱུར༔ དེ་རྣམས་མན་ངག་དམ་པ་འོ༔ ས་མ་ཡ༔ སྔགས་ཟློག་གཤིན་རྗེ་རྟ་ཞོན་ཏེ༔ སྡེ་བརྒྱད་གདན་འདིང་ཞེས་ཀྱང་བྱ༔ གནད་འཁོར་ཟབ་ཏིག་ཅེས་ཀྱང་བྱ༔ དམ་ཉམས་སྲོག་གཅོད་ཅེས་ཀྱང་བྱ༔ ཤན་པ་མེ་རུ་ཙེ་ཞེས་ཀྱང་བྱ༔ རྒྱགས་བཅའ་རང་འཁོར་ནག་པོ་སྟེ༔ རྟེན་པ་ལྷ་བདུད་དུ་དབབ་པ༔ བྱད་མ་འབུམ་རྡུགས་ནག་པོ་ཞེས་བྱའོ༔ ཕྱི་རབས་བསྟན་སྲུང་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གལ་ཏེ་ཕ་རོལ་གྱི་སྔགས་པ་ཞེ་ནག་ཅན་དང་ཁ་འགྲས་ཤོར་ན༔ མལ་འོག་གི་འབྲུབ་དོང་ནང་གི་ཙཀྲ་རྩིབས་དྲུག་གི་རྩེ་ལ༔ བྱད་མ་དེ་ཉིད་ཡན་ལག་བཞི༔ མགོ་དང་གསང་གནས་བརྒྱངས་པའི་སྟེང་དུ༔ རླུང་སྤུ་གྲི་རེག་གཅོད་ལས་གྲུབ་པའི་ཙཀྲ་རྩིབས་དྲུག་པ་གཡོན་དུ་དྲག་ལ་མྱུར་བར་འཁོར་བས་བྱད་མའི་ཤ་རུས་གཟུགས་ཕུང་ཐམས་ཅད་རྡུལ་ཕྲ་རབ་ལྟར་ཐུ་ལུ་ལུ་གཏོར་བར་བསམ༔ དེ་ཡང་ཉིན་པར་གཡས་སུ་འཁོར༔ ནུབ་མོ་གཡོན་དུ་འཁོར་བའི་དམིགས་པ་བྱས་པས༔ བཟློག་པས་མི་ཚུགས་པའི་གནད་ཡོད༔ དེས་ནི་ཕ་རོལ་ཁྲག་ཏུ་སྐྱུགས་པར་འགྱུར་རོ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ ཁ་ཐཾ༔ ༈ ༁ྃ༔ མ་ཤྱསྱྃ། རྒྱ།༔ ཕ་རོལ་གང་ལ་བྱེད་པར་འདོད་པའི་རྫུ་འཕྲུལ་དང༔ སྟོབས་ནུས་པ་ལ་སོགས་ཏེ་བསོད་ནམས་ཉམས་པར་བྱེད་པའི་ངན་སྔགས་ནི༔ དུག་ཤོག་མཐོ་གང་བ་གཅིག་ལ༔ གང་ལ་བྱ་བའི་རཱུ་པ་སྐྱེ་མཆེད་དོད་པར་བྱ༔ དེའི་སྙིང་གར་ཕ་རོལ་གྱི་ཟག་པ་བསྲེས་པའི་དུག་ཁྲག་གིས༔ ནྲྀ་ཆེ་གེ་མཱ་ར་ཡ་ཐུམས་རིལ་ཛ༔ ཞེས་པ་བྲི༔ དེའི་མཐའ་མ་ལས་སྔགས་ཀྱིས་བསྐོར༔་་་འོག་ཏུ་བཤད་ཡོད་པ་ལྟར། རཱུ་པའི་ཡན་ལག་བཞི་ལ༔ ཛཿཧཱུྃ་བཾ་ཧོ༔ འདོམས་སུ་ཕཊ༔ རྐང་ཞབས་སུ་ཡཾ༔ སྤྱི་བོར་སཏྭཾ་བྷ་ཡ༔ དཔྲལ་བར་རུས༔ བརླ་ལ་བླ་དྭགས་བྲིས༔ རཱུ་པའི་མཐའ་མ་སྔགས་ཀྱིས་བསྐོར༔ དེའི་རྒྱབ་ཏུ་དུག་སྦྲུལ་བསྣོལ་མ་བྲིས༔ དེའི་ཕྱི་རིམ་ལ༔ དགྲ་བོ་ཆེ་གེ་མོ་འདིའི་ལུས་རེངས་སུ་ཆུགས༔ དབང་པོ་ཉམས་སུ་ཆུགས༔ བསོད་ནམས་དང་ལོངས་སྤྱོད་སྐམས་སུ་ཆུགས༔ སྲིད་པ་ཚེའི་བྱེད་ལས་སྟུངས་ཤིག༔ ལས་ཀྱི་རླུང་དམར་ཕོབ་ཅིག༔ ལན་ཆགས་ཀྱི་དམག་དཔུང་ལུས་སུ་ཆུགས་ཅིག༔ ཅེས་པ་དང༔ གཞན་ཡང་དམོད་མོ་ངན་པ་སྣ་ཚོགས་ཀྱིས་བསྐོར་བ་བྲིས་ཏེ༔ ཤོག་རོ་སྟོང་པ་མ་ལུས་པར་བྱ༔ དེ་ལ་དུག་ཁྲག་གིས་བྱུགས༔ དེ་ནས་རང་ཉིད་ཡི་དམ་གང་མོས་པའི་ལྷར་གསལ་བས༔ དམིགས་བྱ་བཀུག་པར་བྱ་སྟེ༔ ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་རང་ཡི་དམ་གྱི་ཐུགས་ཀ་ནས་ལྕགས་ཀྱི་བྱ་ཁྲ་མང་པོ་འཕྲོས་པས་གནོད་བྱེད་དགྲ་བོའི་བླ་ཚེ་རང་དབང་མེད་པར་བཀུག་ནས༔ མདུན་གྱི་རཱུ་པ་ལ་ཐིམ་པར་ཡང་ཡང་དམིགས་ལ༔ ལྷ་དང་ཕྲལ་ནས་ལས་སྔགས་བཟླས་ཤིང༔ གྲུ་གསུམ་བར་བལྟེབས་དུས་བཞི་ལ་དྲིལ་ནས༔ སྔགས་པ་ནག་པོའི་སྐྲ་སྐུད་ཕྲ་མོས་བཅིང༔ དེ་དར་རས་ནག་པོས་དྲིལ་ལ༔ ཞིང་ལྤགས་ཀྱི་ཁུག་མ་གྲུ་གསུམ་པར་བཅུག་ནས༔ ཕྲེང་བའི་མདོ་འཛིན་ལ་བཏགས་ཤིང༔ གུང་གཉིས་ནང་ནུབ་གཉིས་ཏེ་དུས་བཞི་ལ་སྔགས་བརྒྱ་རྩ་རེ་བཟླས་ཤིང༔ ལིང་ག་ཐལ་མོའི་བར་དུ་བརྡབས་པས༔ དམིགས་བྱ་དེའི་མངའ་ཐང་ལོངས་སྤྱོད་ཉམས་པར་བསམ༔ ཡང་སྐབས་སུ་འགུགས་འདྲེན་བྱ༔ གཞན་ཡང་ཡི་དམ་ཆོས་སྐྱོང་ལ་སོགས་པའི་བཟླས་པ་གང་བྱེད་པའི་གཤམ་དུ་ཡང་ལས་སྔགས་བརྒྱ་རྩ་རེ་བཟླས་ཏེ་དམོད་པ་བྱའོ༔ གྲུབ་པའི་རྟགས་སུ་ཕྲེང་བ་ལ་དྲོད་ཚ་ཆིལ་ཆིལ་བ་སྐྱེ་བ་འབྱུང༔ དེ་ནས་ལིངྒ་དུག་ཤིང་གི་མེ་ལ་བསྲེག༔ ཐལ་བ་དེ་ལ་ཁོའི་གཟུགས་གཅིག་བྱས་པའི་ནང་དུ༔ སྔར་གྱི་ལིང་ག་དེ་འདྲ་བྲི༔ དགུག་གཞུག་བྱས་ལ༔ དེ་དམིགས་བྱ་དེ་འགྲིམ་པའི་ལམ་དུ་དོང་གྲུ་གསུམ་པར་མནན༔ སྟེང་ནས་ཡུགས་མའི་འཕང་ཁྲོལ་གཅིག་གིས་བཀབ༔ དེའི་སྟེང་དུ་དུར་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད་དོ༔ དེ་སས་སུབ་རྡོས་སུབ་བྱ་སྟེ་ལག་ཚག་དམ་པར་བྱའོ༔ འདི་ནི་མེ་རུ་ཙེའི་གཤོར་དམར་ཆུང་བྱ་བ་རྣོ་ལ་ཟབ་པ་ཡིན་པས་ཤིན་ཏུ་གསང་ངོ༔ འདི་ལན་གསུམ་བྱས་ན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་ཡང་བསོད་ནམས་ལོངས་སྤྱོད་ཉམས་པར་འགྱུར་རོ༔ ལས་སྔགས་ནི༔ ཡ་མཱན་ཏ་ཀ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཨེར་ནྲྀ་མུག་ཐུམ༔ ཙིཏྟ་མྱོགས༔ རཱུ་པ་ཀ་བྷཱ་ངར་ཨ་ཀད་ཏ༔ མ་ཙི་ར་ན་ཤ་ཡ༔ ཨ་ཝ་ར་དུཥྞ་ཧ་རྦད་ཛ༔ ཞེས་པ་དེ་ནི་རཱུ་པ་ལ་བསྐོར་བ་དང༔ བཟླས་པ་ཐམས་ཅད་ཀྱི་སྔགས་གཅིག་དྲིལ་ཡིན་ནོ༔ ཕྱི་རབས་བསྟན་སྲུང་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ གོང་དུ་བཤད་པ་དེ་འདི་ཡིན། ྈྈྈྈྈྈ བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པའི་སྲོག་ཤིང༔ དུས་ངན་སྔགས་པའི་ལག་ཆ༔ བྱད་མ་འབུམ་ཟློག་མན་ངག་འདི་ལ་དོན་གསུམ་སྟེ༔ བཅའ་ཁ་དང༔ ཏིང་འཛིན་དང༔ སྔགས་སོ༔ དང་པོ་ནི༔ དྲག་ལ་རྩུབ་པའི་གནས་དུར་ཁྲོད་ལ་སོགས་པར༔ ཕུང་ཤུལ་གྱི་ས་སྣ་ཚོགས་ལས་བྱས་པའི་སྟེགས་མཎྜལ་མདའ་གང་གྲུ་བཞི་པ་ལ༔ དབུས་སུ་དོང་གྲུ་གསུམ་པ་བྲུས་པའི་ནང་དུ༔ དུག་ཁྲག་དང༔ རོ་སོལ་གྱིས་མདོག་ལོག་པར་བྱུགས༔ དུག་ཤོག་ལ་དུག་ཁྲག་གིས༔ སྦལ་པ་དང་སྡིག་པའི་ལིང་ག་ལ༔ མགོ་དང་ཡན་ལག་སྦྲུལ་གྱིས་ཟ་བ་བྲི༔ དམིགས་བྱ་བྱད་མ་དགུག་གཞུག་བྱ༔ དེ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ནས༔ ལ་ཆས་བྱས་པའི་སྦལ་པ་ཕོ་མོ་ལྟོ་སྦྱོར་བྱས་པའི་ཁོང་པར་གཞུག༔ དེ་བྱད་མའི་གཟུགས་བག་ཟན་ལ་བྱས་པའི་སྙིང་གར་གཏུམས་ཏེ༔ གྲུ་གསུམ་འབྲུབ་དོང་གི་ནང་དུ་གན་རྐྱལ་དུ་བཞག༔ སྡིག་པ་གསུམ་ཡང་གོང་བཞིན་བྱད་མ་དངོས་ཀྱི་གཟུགས་བྱས་པའི་སྙིང་གར་བཏུམས་ཏེ༔ ཡི་དམ་གྱི་གཟུགས་ལ་སྐྱོན་ལ་སྙིང་གར་ཕུར་པ་ཡར་བཙུགས་མར་བཙུགས་བྱེད་པ་བྱ༔ བོན་པོ་དང་ཐུག་ན་ཕག་འཁོར་བྱས་ལ༔ ཕུང་ས་སྣ་ཚོགས་ལ་མཆོད་རྟེན་བང་རིམ་དགུ་པ་བྲེ་དང་བཅས་པ༔ ཟུར་གསུམ་ནང་དུ་དུག་ཁྲག་གིས་བྱུགས༔ བང་རིམ་གསུམ་པ་ལ༔ རྩང་དམར་དུག་ཁྲག་གིས་སྟོད་ལ་བྱུགས་པ༔ སྨད་རོ་སོལ་གྱིས་བྱུགས་པ་ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས་སུ་གཟུག༔ སྔར་གྱི་གྲུ་གསུམ་སྟེང་དུ་བཞག་ལ་རླུང་གིས་མི་ཐར་བར་བྱ༔ སྐྱེར་པའི་ཕུར་པ་སོར་ལྔ་པའི་དབལ་ལ༔ ཏྲི་དུ་བྲིས་ལ་མཆོད་རྟེན་གྱི་དབུར་གཟུག༔ དུག་སྣ༔ ཁྲག་སྣ༔ ལྕགས་ཕྱེ༔ ཟངས་ཕྱེ༔ ཉུངས་དཀར༔ ཉུངས་ནག༔ སྐྱེ་ཚེ༔ ཤང་ཚེ་རྣམས་ཐུན་རུ་གཅིག་གི་ནང་དུ་གསག་གོ༔ ༔གཉིས་པ་ཏིང་ངེ་འཛིན་ཏེ༔ དགུག་པ་དང༔ བསད་པའོ༔ དང་པོ་ནི༔ སྐད་ཅིག་གིས་ཡི་དམ་གང་ལ་བྱེད་པ་གསལ་བར་བསྐྱེད༔ མདུན་གྱི་འབྲུབ་ཁུང་དེ༔ གནམ་ལྕགས་ཀྱི་ཁང་སྒྲོམ༔ ལས་ཀྱི་གཤིན་རྗེའི་མུན་ཁང༔ གཏིང་རིང་ཞིང་ཚ་ལ་རྩུབས་པའི་ནང་དུ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལ་བ༔ ཞེ་སྡང་བསྐལ་པའི་མེ་དཔུང་འབར་བ༔ གཏི་མུག་གི་མུན་ནག་རབ་ཏུ་འཁྲིགས་པ༔ ང་རྒྱལ་གྱི་བྲག་རིས་གཏམས་པ༔ ཕྲག་དོག་གི་རླུང་དམར་འཚུབ་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ༔ ནང་དུ་དུག་གི་ན་བུན་འཐིབས་པ༔ དེའི་ནང་དུ་བྱད་མའི་ཡི་དམ་གན་རྐྱལ་གྱི་སྟེང་དུ༔ གནོད་བྱེད་བྱད་མ་ནྲྀ་ལས་བསྐྱེད་པ་ནི༔ ཤིན་ཏུ་རིད་ལ་གདོང་མི་སྡུག་པ་གཅིག་བསྐྱེད༔ གཞན་ཡང་ཁོ་རང་གི་ཡི་དམ༔ ཆོས་སྐྱོང་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་བྱད་མ་ཁོ་རང་གི་གཤེད་བྱེད་པར་བསམ་མོ༔ བང་རིམ་གཉིས་པ་ལ༔ ཀླུ་དང་ས་བདག༔ གསུམ་པ་ལ༔ རྩང་དང་ཕོ་ཉ་སྣ་ཚོགས༔ བང་རིམ་བཞི་པ་ལ་སྡེ་བརྒྱད་བསྐྱེད་པ༔ དེ་རྣམས་ནང་འཁྲུགས་བྱེད་པར་བསམ་མོ༔ བུམ་སྨད་ལ་ཡུམ་ཙན་ཏི་ཀ་དམར་མོ༔ ཕྱག་ན་ཟངས་ཀྱི་ཙཀྲ་རྩིབས་བརྒྱད་པ་གཡོན་དུ་བསྐོར་བ༔ བུམ་སྟོད་ལ་དབང་ཕྱུག་ཆེན་པོ་ཐལ་བའི་མདོག་ཅན༔ གནམ་ལྕགས་ཀྱི་འཁོར་ལོ་གཡས་སུ་བསྐོར་བར་བསྐྱེད་དོ༔ དེ་ནས་སྐྱེར་ཕུར་རང་གི་ཡི་དམ་དུ་གསལ༔ ངག་ནས་ནྲྀ་མཱ་ར་ཡ་ཛ་ཞེས་བཟླས་པས༔ ཐུགས་ཀ་དང༔ ཕྱག་མཚན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ དབང་ཕྱུག་ཡབ་ཡུམ་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས༔ གཅིག་གིས་གཅིག་བསྐུལ་ཏེ༔ སྡེ་བརྒྱད་རང་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས༔ ལྕགས་ཀྱུ་ཅན་གྱིས་བྱད་མའི་སྙིང་ནས་བཟུང༔ ཞགས་པ་ཅན་གྱིས་རྐེ་ནས་བཏགས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་བཅིངས༔ དྲིལ་བུ་ཅན་གྱིས་དབང་དུ་བསྡུས༔ གཞན་ཡང་མཚོན་ཆ་སྣ་ཚོགས་ཐོགས་པས་མགོ་ལུས་ལ་བརྡེག་པ༔ ཁོ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་བཀུག་ནས་ལིང་ག་ལ་བསྟིམ་མོ༔ དེ་ནས་དབང་ཕྱུག་ཡབ་ཡུམ་གཅིག་གིས་གཅིག་བསྐུལ༔ བྱད་མ་ལྷ་སྲུང་གཟིར་བས༔ ལྷ་སྲུང་ཁྲོས་ནས་བྱད་མའི་གཤེད་མ་བྱས༔ བྱད་མའི་ཡན་ལག་སྦྲུལ་གྱིས་ཟོས་པས༔ ལྷ་དང་སྲུང་མ་ལ་ལོག་ལྟ་སྐྱེས་ཤིང༔ ལྷ་སྲུང་གིས་གཤེད་བྱས་ཏེ༔ ཕར་བསད་ཚུར་བསད་ནས་རྡུལ་དུ་བརླགས་པར་བསམ་མོ༔ ཁུག་རྟགས་ཐོན་པ་དང༔ ཐུན་འགོ་ལ་དགུག་གཞུག་ཐུན་རེ་བྱའོ༔ གཉིས་པ་བསད་པ་ནི༔ རང་དང་ཕུར་པ་ཡི་དམ་དུ་བསྒོམས་ནས༔ ནྲྀ་མཱ་ར་ཡ་རྦད༔ ཅེས་བཟླས་པས་ཐུགས་ཀ་དང༔ ཕྱག་མཚན་ལས་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ དབང་ཕྱུག་ཡབ་ཡུམ་སྡེ་བརྒྱད་ལ་ཕོག༔ གཅིག་གིས་གཅིག་བསྐུལ༔ བྱད་མའི་ཡི་དམ་ཆོས་སྐྱོང་རྣམས་ཀྱིས་གཤེད་བྱས་ནས་རྡུལ་དུ་བརླག་པར་བསམ༔ བྱད་མའི་ཡི་དམ་ཆོས་སྐྱོང་སྲུང་སྐྱོབ་ཀྱིས་བྱད་མ་ལ་ལོག་ལྟ་སྐྱེས་ནས་ཕར་བསད༔ བྱད་མ་ཡི་དམ་སྲུང་སྐྱོབ་ལ་ལོག་ལྟ་སྐྱེས་ནས༔ གཅིག་གི་གཤེད་གཅིག་གིས་བྱས་ནས༔ ཕར་བསད་ཚུར་བསད་བྱས་པས༔ ཤ་ཁྲག་དམར་མྱོགས་མྱོགས་སོང་བས༔ དབང་ཕྱུག་ཡབ་ཡུམ་སྡེ་བརྒྱད་ཐམས་ཅད་ཀྱིས་ཤ་ཟོས་ཁྲག་འཐུངས་ནས་རྡུལ་དུ་བརླག་པར་བསམ༔ ཁྱད་པར་དུ་བྱད་མ་ལྷ་དང་བཅས་པའི་སྙིང་ནང་ན༔ ཨ་མ་ཡ༴ལ་སོགས་ཀྱིས་མཚན་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པར་འཁོར་བས༔ སྙིང་བཀྲལ་སྲོག་བཅད་པའི་ཤ་ཁྲག་རྣམས༔ བྱད་མའི་སྙིང་ནང་གི་འཁོར་ལོའི་ལྟེ་བར་ཡེ་ཤེས་སེམས་དཔའ་དེ༔ ཞེ་སྡང་ཕྲག་དོག་ལྕགས་ཀྱི་སྡིག་པ་མགོ་དགུ་པ་གཅིག་ཏུ་གྱུར་ནས༔ བྱད་མའི་ཤ་ཟོས་ཁྲག་འཐུང་བར་བསམ་མོ༔ ཁོའི་ཡི་དམ་གྱི་སྙིང་ནང་དུ༔ འདོད་ཆགས་མེའི་སྦལ་པ་དང་གཅིག༔ གཏི་མུག་ཕག་པ་གཅིག་བསམས་པས༔ ཤ་ཟོས་ཁྲག་འཐུང་བར་བསམ་མོ༔ སྟེང་ནས་མཚོན་ཆ་དང་ནད་ཡམས་དུག་སྣ་ཚོགས་ཆར་ལྟར་འབབས་པས་བྱད་མ་ལྷ་དང་བཅས་པ་སྐད་ཅིག་གིས་རྡུལ་དུ་བརླག་པར་བསམ་མོ༔ གསོད་རྟགས་ཐོན་ནས༔ ལིང་ག་གཉིས་པོ་ཕོ་རོག་གི་ཐོད་པར་བཅུག་ལ༔ བྱད་མའི་ཁང་རྨངས་དང་ཚུགས་སྲང་མདོར་མནན༔ དེར་བཞག་ས་མ་རྙེད་ན༔ ཕྱོགས་ཀྱི་མཆོད་རྟེན་ཞབས་སུ་མནན་ནོ༔ རང་གི་ལུས་ལ༔ དར་ལེ་བརྒན་ནི༔ ཕོ་རྒྱུད་ཀྱི་སྒྲིབ་ཤིང་ཡིན༔ སྦྲུལ་སྔོན་གྱི་པགས་པ་ནི༔ ས་བདག་ཀླུ་གཉན་གྱི་སྒྲིབ་ཤིང་ཡིན༔ སྟག་གི་ཐོད་པ་དུམ་བུ་གཅིག་ནི་སྲིད་པ་མོ་རྒྱུད་ཀྱི་སྒྲིབ་ཤིང་ཡིན༔ སྟག་ཐོད་མ་རྙེད་ན་སྲེ་མང་ཐོད་པ་ལ་བྱ༔ རྫས་དེ་རྣམས་ཞིང་ལྤགས་ཀྱི་ཁུག་མ་ཟུར་གསུམ་པའི་ནང་དུ་བཅུག་པ་ནི༔ སྡེ་བརྒྱད་སྤྱིའི་སྒྲིབ་ཤིང་ཡིན་ཏེ་ལུས་ལ་བཅངས་པས་ནི་བླ་རྡོ་བཟུང་བའོ༔ སྔགས་ནི༔ ནྲྀ་མཱ་ར་ཡ་ཛ༔ ཨྱཻ་སྡེ་བརྒྱད་བན་དྷེ་བྱད་མའི་སྲོག་རྩ་ལ་ཏྲི་དུ་ཛ༔ ཏྲི་དུ་ཏྲི་དུ་ཛ༔ ནྲྀ་མཱ་ར་ཡ་ཛ༔ ཨྱེ་བོན་པོ་བྱད་མའི་སྲོག་རྩ་ལ་ཏྲི་དུ་ཛ༔ ཏྲི་དུ་ཏྲི་དུ་ཛ༔ བྱད་ཁ་ཕུར་ཁ་ཐམས་ཅད་ས་ཐུན་ཟློག༔ བྱད་མ་ལྷ་སྲུང་དང་བཅས་པ་ཏྲི་དུ་ཧཱུཾ་ཛ་བྷྱོ་ཟློག༔ དགྲ་བོ་ནྲྀ་མཱ་ར་ཡ་ཛ༔ ཁུག་རྟགས་ཐོན་ནས༔ ཛ་རྣམས་བསྒྱུར་ནས༔ ཛ་མལ་དུ་རྦད་གཞུག་གོ༔ ཛཿའགུགས་པའི་སྔགས༔ རྦད་བསད་པའི་སྔགས་ཡིན་པས་ཤེས་པར་བྱའོ༔ ཁུག་རྟགས་དང་གསོད་རྟགས་སྤྱི་དང་འདྲ་བར་ཤེས་པར་བྱའོ༔ བྱད་མ་རང་གཤེད་རང་ལ་དབབ་པའི་ཟློག་ཡིག་གཤོར་གྱི་གདམས་པ་སྙིང་དུ་ཆོངས་དང༔ མ་སྤེལ་གསང་བས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ། ཁ་ཅིག་རྟ་ཞོན་འདི་འཇམ་དཔལ་ནག་པོའི་སྐོར་མིན་པར་བཞེད་ཀྱང་གཏེར་ཤོག་ངོས་ལ་འཇམ་དཔལ་གསུམ་དང་རྟ་ཞོན་རྣམས་ཡིག་ཆུང་ཕྱོགས་གཅིག་ཏུ་གསུངས་པའི་ཕྱིར་རྟ་ཞོན་འཇམ་ནག་གི་ལས་མཐར་ངེས་པར་གཏོགས་སོ།། །།

དྲང་སྲོང་རིག་སྔགས་ལ་བརྟེན་ནས༔ སྨོད་པའི་མཐུ་ནུས་སྒྲུབ་པ་ (Volume 34, Text 21)

དྲང་སྲོང་རིག་སྔགས་ལ་བརྟེན་ནས༔ སྨོད་པའི་མཐུ་ནུས་སྒྲུབ་པ་བཞུགས༔ གསང་བའི་བདག་པོར་གུས་ཕྱག་འཚལ༔ དྲང་སྲོང་རིག་སྔགས་ལ་བརྟེན་ནས༔ སྨོད་པའི་མཐུ་ནུས་སྒྲུབ་པ་ནི༔ ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ༔ དང་པོ་དབེན་པར་མཚམས་བཅད་ལ༔ རྒྱུད་སྦྱང་བསྐྱེད་རིམ་བསྒོམ་པ་ནི༔ འགྱུར་མེད་རྡོ་རྗེའི་གུར་ཁང་དབུས༔ རྒྱ་གྲམ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་དྲང་སྲོང་དྲི་མེད་སྔོ༔ སྐེམ་རིད་གཟུགས་ཅན་གཟི་བརྗིད་འབར༔ དབུ་སྐྲ་སྤྱིར་བཅིང་ཨག་ཚོམ་དང༔ སྨ་ར་སྨིན་མ་རབ་ཏུ་འབར༔ བགྲང་ཕྲེང་དང་ནི་སྤྱི་བླུགས་བསྣམས༔ ཞབས་གཉིས་ཙོག་པུའི་སྟབས་ཀྱིས་བཞུགས༔ སྐུ་ལ་རས་དཀར་ན་བཟའ་གསོལ༔ བདེན་ཚིག་གྲུབ་པའི་རྒྱལ་པོར་བསམ༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ ཏྲཾ་དུའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་དྲེགས་པ་ཟིལ་གྱིས་མནན༔ བཀའ་འབངས་རྩིས་ལ་ཕབ་པར་བསམ༔ ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿ ཞེས་བཟླས་ཁྲོ་བོར་སྒྲུབ་པ་ནི༔ སྐད་ཅིག་གནས་འགྱུར་ཚུལ་གྱིས་ནི༔ ཕ་ལམ་ལས་གྲུབ་རྡོ་རྗེའི་མཁར༔ རྒྱ་གྲམ་པད་ཉི་འབར་བའི་གུར༔ ཁྲོ་བོ་ལོཀྟྲི་པཱ་ལ་ནི༔ སྔོ་ནག་རབ་ཁྲོས་འཇིགས་པའི་གཟུགས༔ རྩ་ཕྱག་གནམ་ལྕགས་ཐལ་མོ་རྡེབ༔ ཐ་གཉིས་རལ་གྲི་ཐོ་བ་འཛིན༔ རྒྱན་མེད་ཞབས་གཉིས་རོལ་པའི་སྟབས༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ ལྕེ་ནི་རྡོ་རྗེ་རྩེ་དགུ་པ༔ སྔགས་ཀྱིས་མཚན་པའི་འོད་ཟེར་གྱིས༔ སྡེ་བརྒྱད་རྣམས་ཀྱི་སྲོག་སྙིང་དྲངས༔ བཀའ་དང་དམ་ལ་འདུད་པར་བསམ༔ སྨོད་པ་སྣ་ཚོགས་བྱས་པ་ཡིས༔ གང་ལ་བསམ་པ་ཐོགས་མེད་འགྲུབ༔ དེ་ནས་ལས་ཀྱི་རིམ་པ་ལ༔ གནམ་ལྕགས་ལས་གྲུབ་པུ་རིའི་མཁར༔ དབུས་སུ་ལོཀྟྲི་པཱ་ལ་བསྒོམ༔ ཐུགས་ཀར་གནམ་ལྕགས་རྡོ་རྗེའི་སྦུབས༔ ཧཱུྃ་གི་ནང་དུ་བསྲུང་བྱ་ཚུད༔ ཐུགས་ནས་འོད་ཟེར་རབ་འཕྲོས་པས༔ ཕྱི་རོལ་རིམ་པ་གསུམ་གྱི་གུར༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་མཁར༔ སྔགས་རྒོད་ཐ་མར་སྲུང་སྔགས་བཏགས༔ སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ དགྲ་བགེགས་བཀུག་ནས་ལྷ་དང་བཅས༔ རལ་གྲིས་བཏུབས་ཤིང་ཐོ་བས་བརྡུངས༔ རྡུལ་ཕྲན་ཙམ་ཡང་མེད་པར་བྱས༔ རྣམ་ཤེས་ཀ་དག་དབྱིངས་སུ་སྦྱངས༔ སྔགས་རྒོད་ཐ་མར་སྨོད་པ་སྦྱར༔ གཙོ་བོ་སྤྲུལ་པར་བཅས་རྣམས་ཀྱི༔ རྩ་ཕྱག་གནམ་ལྕགས་ཐལ་མོའི་བར༔ བྱད་མ་སྒོང་ཀོག་བཞིན་དུ་བཙིར༔ མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར༔ མི་དམིགས་སྟོང་པ་ཆེན་པོར་བལྟ༔ ཡང་ན་སྤྲོས་བཅས་ཆས་རྣམས་བྱ༔ མན་ངག་གུད་དུ་སྦས་པ་འོ༔ ས་མ་ཡ༔ ྈ དེ་ཡི་རྗེས་སུ་གནང་བ་ནི༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་ལ༔ དངོས་གཞི་བུམ་པར་ལྷ་བསྐྱེད་བཟླས༔ བདུད་རྩིར་ཞུ་ཞིང་དེ་ཉིད་ཀྱིས༔ ཧཱུྃ༔ དྲང་སྲོང་ཆེན་པོ་དྲི་མེད་ཀྱི༔ བྱིན་རླབས་ཡེ་ཤེས་ཆུ་ཡི་དབང༔ སྐལ་ལྡན་སློབ་མར་བསྐུར་བ་ཡིས༔ སྐུ་ཡི་དབང་མཆོག་རྫོགས་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བདེན་ཚིག་གྲུབ་པའི་དྲང་སྲོང་གི༔ རིག་པ་ཏྲཾ་དུའི་སྔགས་རྒོད་ཀྱི༔ དབང་མཆོག་ངག་ལ་བསྐུར་བ་ཡིས༔ སྨོད་པ་འགྲུབ་པའི་དབང་ཐོབ་ཤོག༔ སྔགས་མཐར། ཝཱ་ཀ་སོགས༔ ཧཱུྃ༔ དོན་དམ་ཡེ་ཤེས་ཐུགས་ཆུད་ནས༔ འཁོར་འདས་ཀུན་ལ་ཁྱབ་པ་དང༔ གཞོམ་མེད་རྡོ་རྗེ་རིག་པའི་རྩལ༔ སྡེ་བརྒྱད་ཟིལ་གནོན་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་སོགས༔ གཏོར་མ་ཤིང་ཐོག་གིས་བརྒྱན་པ༔ དྲང་སྲོང་ལ་འབུལ་ལྷ་རུ་བསྒོམ༔ ཧཱུྃ༔ དང་པོ་མཆོད་པ་དྲང་སྲོང་གཏོར་མས་མཆོད༔ ད་ནི་སྣོད་བཅུད་ལྷ་དང་སྲུང་བའི་མཁར༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་བསམ་མི་ཁྱབ༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ དྲང་སྲོང་ཆེན་པོས་བྱིན་གྱིས་བརླབ་པ་དང༔ སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛད་དུ་གསོལ༔ སྔགས་མཐར། ཀཱ་ཝཱ་ཙི་ཨ་བྷི་སོགས༔ དེ་ནས་ཕྱག་མཚན་སྔགས་བྱང་ལག་ཏུ་གཏད༔ ཧཱུྃ༔ རལ་གྲི་ཐོ་བས་དགྲ་བགེགས་མ་ལུས་འཇོམས༔ སྨོད་པའི་སྔགས་རྒོད་བྱད་མ་ཐལ་བར་བརླག༔ དྲང་སྲོང་ཆེན་པོའི་མཐུ་ནུས་ཡོངས་རྫོགས་ནས༔ སྨོད་པའི་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ སྔགས་རྒོད་སྨོད་པ་དྲག་ཏུ་བརྗོད༔ དེ་ལྟར་དྲང་སྲོང་ཆེན་པོ་ཡི༔ སྒྲུབ་ཐབས་ལས་ཀྱི་རིམ་པ་ཡང༔ བསྟན་པའི་བཙས་སུ་བཞག་པ་འོ༔ ས་མ་ཡ༔ རྒྱ༔ ྈ

བཀའ་སྲུང་མཆོད་ཆོག༔ (Volume 41, Text 21)

བཀའ་སྲུང་མཆོད་ཆོག༔ རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ གཏོར་མ་གསུམ་པ་སྡེ་བརྒྱད་ཀྱིས་བསྐོར་བ་ལ༔ ཤ་ཁྲག་ཕུད་ཀྱིས་བྲན༔ ཨོཾ་ཨཱཿཧཱུྃ་གི་བྱིན་རླབས་ཉི་ཤུ་རྩ་གཅིག་བྱས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དག་པའི་ཡུམ༔ སྨུག་ནག་རལ་གཅིག་ཁྲོ་མོའི་གཟུགས༔ ཞིང་དབྱུག་ཁ་ཊྭཱཾ་ཕྱག་ན་བསྣམས༔ སྤྲིན་དང་འཇའ་འོད་ན་བཟའ་གསོལ༔ སྤྱན་གཅིག་ཚེམས་གཅིག་ནུ་མ་གཅིག༔ རལ་གཅིག་ཐིག་ལེ་གཅིག་གི་རྟགས༔ མཆོད་གཏོར་འདི་བཞེས་མངོན་གསུམ་གྱི༔ ཡེ་ཤེས་རང་ལ་གནས་པ་ལ༔ འཁྲུལ་རྟོག་རླུང་གི་སྒྲིབ་པ་སོལ༔ རྫོགས་པ་ཆེན་པོའི་བསྟན་པ་སྲུངས༔ མ་མ་ཏྲག་རཀྴ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ མགོ་དགུ་ཕྱག་བཞི་སྦྲུལ་མཇུག་ཅན༔ མིག་སྟོང་དང་ལྡན་མདའ་གཞུ་དང༔ རྒྱལ་མཚན་ཆུ་སྲིན་ཞགས་པ་འཛིན༔ རིག་པ་རང་གསལ་བསྟན་པའི་གཉེར༔ མཆོད་གཏོར་བཞེས་ལ་བར་ཆད་སྲུངས༔ རཀྴ་རཱ་ཧུ་ལ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ མདོག་དམར་རྡོ་རྗེ་ཙིཏྟ་བསྣམས༔ དར་དཀར་གོས་གསོལ་སྙུག་ཞྭ་ཅན༔ བཙན་དམག་འཁོར་དང་བཅས་པ་རྣམས༔ མཆོད་གཏོར་འདི་བཞེས་བསམ་པ་སྒྲུབས༔ རིག་པ་རང་གསལ་རྫོགས་པར་མཛོད༔ བཛྲ་སཱ་དྷུ་ས་མ་ཡ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ གཞན་ཡང་གནས་དང་རིགས་ལས་སྐྱེས༔ ལས་ལ་གྲུབ་པའི་དམ་ཚིག་ཅན༔ མཁའ་འགྲོ་དམ་ཅན་འཁོར་དང་བཅས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་དེ་ཝ་ཌཱ་ཀི་ནཱི་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ རྫོགས་པ་ཆེན་པོའི་བཀའ་སྲུང་མཆོད་པའི་ཆོ་ག་རྫོགས་སོ༔ ས་མ་ཡ༔

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་ (Volume 9, Text 21)

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་ཞེས་བྱ་བ་བཞུགས་སོ། ། དུས་གསུམ་སངས་རྒྱས་ཐམས་ཅད་དང་མི་གཉིས་པའི་མཁྱེན་བརྩེ་ནུས་པའི་བདག་ཉིད་བཀའ་དྲིན་མཉམ་མེད་གཏེར་ཆེན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་་ལོ། །གང་ཞིག་ཕན་དང་བདེ་བ་ཡི། །རྣམ་གྲོལ་མཆོག་གི་རྒྱལ་ཐབས་ལ། །འགྲོ་ཀུན་འདྲེན་མཛད་ཐུགས་རྗེ་ཅན། །གཏེར་ཆེན་བླ་མའི་ཞབས་ལ་འདུད། །ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི། །ཆོས་ཀྱི་ཕུང་པོ་མ་ལུས་པའི། །ཡང་སྙིང་ཨ་ཏིའི་ལམ་ཟབ་མོས། །སྐལ་ལྡན་ཁྲིད་ཐབས་འདིར་གསལ་བྱ། །དེ་ཡང་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་མཐར་ཐུག་ངེས་པ་དོན་གྱི་སྙིང་པོ་ཨ་ཏི་ཡོ་གའི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་ཁྲིད་པར་བྱེད་པ་ལ་དོན་གསུམ་སྟེ། ལམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། བསྐྱེད་རྫོགས་ཇི་ལྟར་སྒོམ་ཚུལ་གྱིས་ལམ་སྣ་ཁྲིད་ཐབས་དངོས་གཞིའི་ཁྲིད། གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ལ། མདོ་དང་ཐུན་མོང་བའི་སྔོན་འགྲོ་དང་། སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ཐུན་མོང་བ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། འདི་ལྟར་བསྒོམ་པར་བྱའོ། །དེ་ལ་དམིགས་སྐོར་ལྔ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཞིག་བྱ་དགོས། དེ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་མེད་ཅིང་། དམ་པའི་ཆོས་ཀྱང་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན། ཟབ་མོའི་གདམས་པ་དང་འཕྲད། ཆོས་བྱེད་པའི་དབང་ཡོད་ཅིང་བྱེད་ཐབས་ཤེས་པ་སྟེ། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་དཀའ་ཞིང་དཀོན་པའི་རྟེན་རྙེད་པའི་དུས་འདིར་མ་འབད་ན། ཕྱིས་ནས་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་འདི་ལྟ་བུའི་རྟེན་འབྲེལ་མི་འཛོམ་པས། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སངས་རྒྱས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་བའི་སྐབས་འདིར། ཚེ་འདི་སྣང་གི་བཙན་ཕྱུག་ལོངས་སྤྱོད་སོགས་བདེ་བ་ལྟར་སྣང་ལ་མ་ཆགས་པར་གཏན་གྱི་བདེ་བའི་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་དུ་བསམ་པ་སྟེ་དམིགས་སྐོར་དང་པོའོ། །ཆོས་བྱེད་པ་དེ་ཡང་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་ཕྱི་བཤོལ་དུ་མ་སོང་བ་འཕྲལ་རང་དུ་བྱེད་དགོས། དེའི་རྒྱུ་མཚན་མི་ལུས་རིན་པོ་ཆེ་འདི་ཐོབ་ཏུ་ཟིན་ཀྱང་ཡིད་བརྟན་མི་རུང་སྟེ། སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་མ་གཏོགས་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་པས་སྲིད་པ་མཐོ་དམན་གྱི་འགྲོ་བ་ཐམས་ཅད་མཐར་འཆི་ངེས་པ་ཅན་ཡིན་ལ། དེ་ཡང་ཚེ་ལ་སྣོན་པ་མེད་ཅིང་དུས་སྐད་ཅིག་མ་རེ་རེས་ཀྱང་འཆི་བ་ལ་ཇེ་ཉེར་འགྲོ་བས་འཛད་པ་དང་བཅས་པའི་ཕྱིར་མྱུར་དུ་རང་འཆི་སྟེ། རླུང་ཁྲོད་ཀྱི་མར་མེ་ལྟར་འཆི་རྐྱེན་མང་། ཆུའི་ལྦུ་བ་ལྟར་ཚེ་སྲོག་མི་བརྟན། ཤིང་རྩེར་བབས་པའི་བྱ་ནམ་འཕུར་ཆ་མེད་པ་ལྟར་རྒན་གཞོན་བར་མའི་གོ་རིམ་ངེས་པ་ཅན་དུ་འཆི་བ་མ་ཡིན་པས་རང་ཡང་ནམ་འཆི་ཆ་མེད། མདོར་ན་ཕྱེ་མ་ལེབ་མར་མེ་དང་འཕྲད་པ་ལྟར་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་ཡང་མི་འཆི་བའི་གདིང་མི་འདུག །འཆི་བའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས། ནད་པ་འཆི་ཁ་མ་སང་གི་ཚིས་མི་བྱེད་པ་ལྟར་སྐྱོ་ཤས་དྲག་པོས་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་ཏེ། སྐད་ཅིག་ཙམ་ཡང་སོས་དལ་དུ་མི་སྡོད་པར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་འབར་བ་ལྟ་བུས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བསྐུལ་བར་བྱའོ་སྙམ་དུ་ཞེ་དམ་བཅའ་སྟེ་དམིགས་སྐོར་གཉིས་པའོ། །ཤི་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། ཤི་ནས་སྐྱེ་བ་ལེན་མི་དགོས་པར་ཅང་མེད་དུ་འགྲོ་ན་དེ་ཀས་ཡོང་བ་འདུག་ཀྱང་ཅང་མེད་དུ་མི་འགྲོ་སྟེ། ས་བོན་མངར་ཁའི་འབྲས་བུ་མ་འཆོལ་བར་སོ་སོར་སྨིན་པ་ལྟར། ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་དུ་སྨིན་པར་འགྱུར་བས་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱ་དགོས། དགེ་བ་དེ་ཡང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་ན་ཟག་མེད་ཀྱི་དགེ་བའམ་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། ཐར་པའི་རྒྱུར་འགྱུར་བས་འབྲས་ལོ་ལེགས་ན་རྩྭ་ཕུབ་ཞོར་ལ་འབྱུང་བ་ལྟར་གནས་སྐབས་སྲིད་པའི་བདེ་འབྲས་རྣམས་ཀྱང་ཞར་ལ་འབྱུང་བས་བརྩོན་པས་བསྒྲུབ་པར་བྱ་ཞིང་། དེ་ལས་གཞན་དུ་ཐར་ལམ་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བས་གཉིད་ཐུན་རེའི་རྨི་ལམ་བཟང་བ་ལྟར་སྙིང་པོ་མེད། ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་ཕྱེ་མ་ལེབ་འཐོར་རླུང་གིས་དེད་པ་ལྟར་ཤི་ནས་གར་སྐྱེ་དང་གར་འགྲོ་ཆ་མེད་པས་སྤྲིན་བར་གྱི་ཉི་མ་བཞིན་དུ་འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་རེ་མོས་མ་གཏོགས། གཅིག་ཁོ་ནས་རྟག་མི་ཐུབ་པས་ཡིད་བརྟན་མི་རུང་ལ། ཁྱད་པར་ཟག་པ་དང་བཅས་པའི་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཐོས་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་བླག་མེད་པ་དང་། གལ་ཏེ་མཐོ་རིས་སུ་སྐྱེས་ནའང་དེ་དང་དེའི་སྡུག་བསྔལ་གྱི་ཆ་ཐམས་ཅད་བསྐྱེད་པར་འགྱུར་ཞིང་། རང་ཅག་རྣམས་ཀྱང་བསགས་པ་སྡིག་ལས་མེད་པས་འགྲོ་ས་འཁོར་བའི་གནས་ལས་མ་འདས། འཁོར་བ་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གསོག་འཇོག །སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་ནག་ཅན་བཙོན་དོང་ནས་བྲོས་པ་ལྟར། ད་རེས་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་བཅོས་མ་མ་ཡིན་པར་བསྐྱེད་པར་བྱ་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་མེད་པས་དཀོན་ཅོག་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་པའི་སྒོ་ནས། ས་ཕྱོགས་འདི་དག་རིན་པོ་ཆེའི་རང་བཞིན་ལག་མཐིལ་ལྟར་མཉམ་པའི་དཔག་བསམ་གྱི་ཤིང་སྡོང་པོ་རབ་ཏུ་རྒྱས་པ་དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི། དབུས་ཀྱི་སྙིང་པོ་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་ལ་རྩ་བའི་བླ་མ་བཞུགས་པའི་སྟེང་ན་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས་མདུན་མར་ཁྱད་པར་གྱི་སངས་རྒྱས་ཡི་དམ། གཡས་སུ་ཐུབ་དབང་སོགས་ཐུན་མོང་གི་སངས་རྒྱས། རྒྱབ་མར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་པར་ཐུན་མོང་གི་དགེ་འདུན་བྱང་སེམས་ཉན་རང་འཕགས་པ། དེ་དག་གི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ཞིང་། རང་གི་མཐའ་སྐོར་དུ་དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བ་རྣམས་ཀྱི་བྱང་རང་གིས་དྲངས་ཏེ་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ལ། ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་ཡིད་ཚིམ་པར་མ་གྱུར་གྱི་བར་དུ་ཡང་ཡང་བརྗོད་ཅིང་། མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ་བསྔོ་བ་བྱ། ཉལ་བའི་ཚེ་དམིགས་རྟེན་མ་བཤིགས་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་བསམས་ནས་མོས་པ་སྒོམ་བཞིན་དུ་གཉིད་དུ་འགྲོ་བར་བྱ་སྟེ། དམིགས་སྐོར་བཞི་པའོ། །མཁའ་ཁྱབ་ཀྱི་སེམས་ཅན་གྲངས་མེད་པ་འདི་རྣམས་ཀྱིས། རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་པའི་དྲིན་ཅན་ཤ་སྟག་ཡིན་ཡང་། ཁྱི་སྨྱོན་གྱིས་བདག་པོ་ངོ་མི་ཤེས་པ་ལྟར་ཕན་ཚུན་ཕ་མ་དང་བུ་ཚ་ཡིན་པར་མ་ཤེས་ཤིང་། ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་སྒྲུབ་པ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ། དེའི་ཆེད་དུ་བདག་གི་མ་ཆུས་ཁྱེར་བ་འདྲེན་པའི་ཐག་པ་འཚོལ་པ་ལྟར་ལམ་ཟབ་མོ་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ཏེ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱའོ་སྙམ་དུ་བསམས་ལ། ཧོ༔ དེང་ནས་བཟུང་སྟེ་ཞེས་སོགས་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་དང་། མཐར་མི་དམིགས་པའི་ངང་ལ་དར་ཅིག་ཀློད་ལ་བསྔོ་བ་བྱ་སྟེ། དམིགས་སྐོར་ལྔ་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་དམིགས་སྐོར་གསུམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་རང་འདྲའི་ཡུམ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པ། དེའི་ཐུགས་ཀར་པད་ཟླ་ལ་གནས་པའི་རྡོ་རྗེ་དཀར་པོ་འགྲེང་སྟབས་སུ་བསླང་བའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་སྐྱ་ཆིལ་ལི་ལི་བབས་པས་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་ཏེ། རང་ལུས་ཤེལ་སྒོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་དཀར་མེར་གྱིས་གང་བར་བསམ་ཞིང་། མཐར་གནོང་འགྱོད་དྲག་པོས། མགོན་པོ་བདག་ནི་མི་ཤེས་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་ངང་ལ་ཅི་གནས་སུ་བཞག་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་དང་པོའོ། །མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་ལྟར་གསལ་བཏབ་ལ། མཆོད་པའི་མཎྜལ་ནི་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལམ། མེད་ན་ས་གཞི་བྱི་དོར་བྱས་ལ་དྲི་དང་བ་བྱུང་གི་ཆུས་བྱུག །མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་བཀོད་ཅིང་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་མིའི་ལོངས་སྤྱོད་དང་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ། རིན་ཆེན་ས་གཞི་ཞེས་སོགས་ཀྱིས་དབུལ་བ་སྤྲུལ་སྐུའི་མཎྜལ་དང་། ཚངས་པ་རྔ་སྒྲའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེ་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པར་བསམས་ཏེ་འབུལ་བ་ལོངས་སྐུའི་མཎྜལ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དམིགས་མེད་ཀ་དག་གི་ཀློང་དུ་འབུལ་བ་ཆོས་སྐུའི་མཎྜལ་ཏེ། གཙོ་བོར་སྤྲུལ་སྐུའི་མཎྜལ་ལ་སྒྲིལ་ཞིང་། ཐུན་མཇུག་ཏུ་མཎྜལ་ཕྱི་མ་གཉིས་ཀྱང་ཇི་ལྟར་རིགས་པ་ཕུལ་བའི་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་གཉིས་པའོ། །རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐའ་སྐོར་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྐྱབས་ཡུལ་ལྟར་གསལ་གདབ། དེ་ཐམས་ཅད་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་ཤར་བའི་སྒྱུ་འཕྲུལ་གྱི་རོལ་པར་ཡང་ཡང་བསམ་པས། ཀུན་གོ་གཅིག་གིས་ཆོད་པར་བློ་ཐག་བཅད་དེ་སེམས་ཅན་ཐམས་ཅད་ཀྱི་བྱང་རང་གིས་དྲངས་པར་བསམས་ནས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ་གདུང་ཤུགས་བཟོད་མེད་ཀྱིས་ངག་ཏུ། རྒྱལ་བ་རྒྱ་མཚོའི་ཞེས་སོགས་ཀྱིས་གསོལ་བ་ཡང་ཡང་བཏབ་ཅིང་། དེ་ནས་བརྒྱུད་པའི་བླ་མ་དང་དཀོན་མཆོག་གསུམ་སོགས་རྩ་བའི་བླ་མ་ལ་བསྡུས་ནས་མོས་གུས་དྲག་པོས། སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་བཏབ་ནས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་ཞེས་སོགས་ཀྱིས་བླ་མའི་སྐུ་ལས་དབང་བཞི་བླངས་རྗེས། བླ་མ་དེ་ཉིད་དགྱེས་ཉམས་བཅས་ཏེ་རང་གི་མགོ་ཐོག་ཏུ་བྱོན་པ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་དུ་བསམས་ལ་མཉམ་པར་གཞག་ཅིང་བསྔོ་བ་བྱ་སྟེ། དམིགས་སྐོར་གསུམ་པའོ། །གཉིས་པ་དངོས་གཞི་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་ན་སྐབས་འདིར་དབང་བསྐུར་བས་རྒྱུད་སྨིན་པར་བྱས་ལ་སྒོམ་པ་ལ་འཇུག་གོ །དེ་ལ་གཉིས་ལས། ཐོག་མར་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་སྒོམ་པའི་ཚུལ་ནི་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་ལ་སོགས་པ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་པད་ཉི་ཟླ་བའི་སྟེང་དུ་རང་རིག་ཧཱུྃ་མཐིང་ག །དེ་ལས་འོད་ཟེར་འཕྲོས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོ་འཛུམ་ལང་ཚོ་རྒྱས་པའི་ཉམས་ཅན་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་དབྱིངས་ཕྱུག་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་དང་ཕན་ཚུན་འཁྲིལ་བ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་ཡིག་མཐིང་ག་རྟག་ཏུ་འཆར་བཞིན་པར་གསལ་བཏབ་ཅིང་། རྣམ་པ་མི་གསལ་ན་ཐང་སྐུ་ལྟ་བུའི་སྐུ་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་དང་དེ་ལ་རྩེ་གཅིག་ཏུ་མཉམ་པར་གཞག །དེ་ལྟར་གསལ་ཐེབས་པ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་གི་མཐའ་ཕྱིའི་དངོས་པོ་གང་རུང་ལ་རེག་པས་ཞེན་རྟོག་སྦྱངས་ནས་ལྷར་ལམ་ལམ་གྱུར་པར་བསམ་ཞིང་། རིམ་པར་ཡུལ་གྲུ་ལ་སོགས་པ་ནས་མཐར་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྲེ་བ་ཐུན་གཅིག །ལྷ་སྐུ་དེ་ཡང་རང་གི་སེམས་ཉིད་ཀྱི་རང་རྩལ་ཙམ་སྟེ་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྐུ་སྤངས་པའི་ཚུར་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པར་ཐག་བཅད་དེ་བསྲེ་བ་ལ་ཐུན་གཅིག །ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་དུ་སྣང་བ། དེ་ཡང་སྣང་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མའི་སྣང་བ་ལྟར་བདེ་གསལ་སྟོང་པ་ཉིད་དུ་བསྲེ་བ་ལ་ཐུན་གཅིག་སྟེ། སྒོམ་པས་སྐྱོ་ན། ལྷ་སྐུ་གསལ་ལ་དེར་འཛིན་མེད་པ་དེའི་ངང་ནས། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས་གྲགས་སྟོང་དུ་གསལ་བཏབ་སྟེ། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་ནས་ཨོཾ་ཨཱཿཧཱུྃ་གི་ཡིད་བཟླས་བྱ་ཞིང་། དེས་སུན་ན། འབྲུ་གསུམ་གྱི་ངག་བཟླས་དང་ལས་བྱང་ལྟར་བསྙེན་སྒྲུབ་ཀྱི་སྔགས་རྣམས་ཀྱང་ཅི་རིགས་བཟླས་ལ། ཐུན་བསྡུ་བའམ་ཉལ་བའི་ཚེ་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། དེ་ཡང་ཡུམ་ཡབ་དང་། དེ་ཐུགས་ཀའི་ཧཱུྃ་དང་། དེ་ཡང་རིམ་གྱིས་ནཱ་དའི་བར་དུ་བསྡུས་ཏེ། དེ་ཉིད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་བསྡུས་ཏེ་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག །ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་སུ་ཤེས་པས་རྒྱས་གདབ་ཅིང་བསྔོ་བར་བྱའོ། །གཉིས་པ་རྫོགས་རིམ་ལ་གསུམ་སྟེ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་སྒོམ་པའོ། །དང་པོ་ཞི་གནས་བཙལ་བ་ནི། སྐྱེ་བོའི་འདུ་འཛི་དང། ཀླག་ཅོར་ལ་སོགས་པ་མེད་པའི་གནས་དབེན་པར་སྟན་བདེ་བ་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་ཞིང་ཆ་ཆ་ནས་ཧྲིལ་གྱིས་བསྒྲིམ། ངག་གནད་རླུང་རང་སོར་བཞག །སེམས་ཀྱི་གནད་སྔར་འདི་བྱས། ཕྱིས་འདི་བྱེད། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་དུས་གསུམ་གྱི་སྤྲོས་པ་བཅད་དེ་བཟོ་མེད་ཡེངས་མེད་དུ་འཇོག །དེ་ལ་གནས་ན་དེས་ཆོག །གལ་ཏེ་མི་གནས་ན་མདུན་གྱི་ནམ་མཁར་རྡོ་རྗེ་ཐོད་ཕྲེང་རྩལ་ལྟ་བུའི་ལྷ་ཆེ་ཆུང་ཇི་ལྟར་རིགས་པ་ཞིག་བསྒོམས་ལ། གསལ་ཡེ་རེ་བྱུང་བ་དང་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ཀ་ལ་ཆེར་རེ་བལྟས་ཏེ་བཟོ་མེད་ཡེངས་མེད་དུ་ཀློད་དེ་འཇོག །དེ་ལའང་གནས་དཀའ་ན་ལྷ་སྐུའམ། ཡིག་འབྲུའམ། ཤིང་བུ་རྡེའུ་ལྟ་བུ་དངོས་པོ་ཕྲ་རགས་གང་རུང་ཞིག་མདུན་དུ་དངོས་སུ་བཞག་སྟེ། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་འཐབ་པར་ཆེ་རེ་ལྟ་སྟངས་གཏད་ནས་སེམས་ཀྱིས་ལེགས་ཉེས་སྤུ་རིས་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་། ཅི་ཡང་མི་སེམས་མི་བསྒོམ་པར་ཁྲེས་སེ་བོར་ལ་འཇོག །དེའི་ངང་ལས་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་འཐུད་དུ་མི་གཞུག་པར་རྟེན་ལ་བསླན་ཏེ་ཅི་ཡང་མི་བསྒོམ་མི་འཛིན་པར་རྟོག་མེད་སིང་ངེ་མ་ཡེངས་པར་བཟུང་ངོ་། །གལ་ཏེ་བྱིང་ན་ལྟ་སྟངས་གཏོད། ལུས་གྲིམ་ཆ་འཚོལ། ཤེས་པ་ལ་ངར་བཏགས། རིག་པ་ལ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བལྟ། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། ཞེ་གཏིང་ནས་གློད་ལ་རང་བབས་སུ་འཇོག་གོ །དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆིལ་ལེ་བ་སོགས་དང་། དབུགས་རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ལ་ཤེས་པ་གཏད་ཙམ་མ་གཏོགས་ཅི་ཡང་མི་བསམ་པར་གློད་དེ་འཇོག་པའམ། ཡང་ན་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་རུང་གཅིག་གི་སྟེང་དུ་བཞག་པས་ཆོག་ཅིང་། དེ་ལྟར་བསྒོམས་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་བ་སྙམ་བྱེད་ཀྱང་སྐྱོན་ཡོན་དུ་མ་བལྟས་པར་རྒྱུན་བསྲིངས་ལ་བསྒོམས་པས་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་བདེ་བ་སྐྱེ་ཞིང་མདོག་སྣུམ། ངག་སྨྲ་བ་ཉུང་ཞིང་ཚིག་འཇམ། གང་ལ་སེམས་བཟུང་སར་རྟོག་མེད་དུ་གནས་པ་ལས་ལྡང་མི་ནུས་ཤིང་གཡོ་མི་འདོད་པ་འདྲ་བར་ཆམ་གྱིས་འགྲོ་བས་རྩེ་གཅིག་ཏུ་གནས་པ་ཞིག་འོང་སྟེ། དེ་ཙམ་ན་ཞི་གནས་གོམས་པའི་རྟགས་ཡིན་གསུངས། །གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་གཏན་ལ་འབེབ་པ་ནི། དེ་ལྟར་སྣང་ལ་བཏགས་པའི་ཚེ་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་དག །རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་ལོགས་ན་དོན་བདེན་པར་གྲུབ་པ་ཞིག་རྡུལ་ཙམ་ཡང་མེད་དེ། སྣང་ནི་སྣང་། བདེན་ནི་མི་བདེན། འདི་དག་སྒྱུ་མའི་འཁྲུལ་འཁོར་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་དུ་སྣང་བ་སང་སེང་། འལ་འོལ་ཙམ་དུ་བལྟ་ཞིང་། དེ་ཡང་བཏགས་པ་ཙམ་ལས་རང་བཞིན་ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཀྱང། དེ་གའི་རང་ངོ་ལ་ཅེར་གྱིས་བལྟས་པས་སྣང་བ་མ་འགག་ལ། དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུར་རྗེན་སང་གིས་འཆར་བ་དེའི་ངང་ལ་རང་བབས་སུ་འཇོག་ཏུ་བཅུག་གོ །གཉིས་པ་ནང་འཛིན་སེམས་རྩ་བྲལ་དུ་གཏན་ལ་འབེབ་པ་ནི། ཁ་ནང་དུ་ཕྱོགས་ཏེ། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པ་ཁྱོད། དང་པོ་གང་ནས་འོངས། ད་ལྟ་གང་ན་གནས། ཐ་མ་གང་དུ་འགྲོ །དབྱིབས་ཅི་འདྲ། ཁ་དོག་ཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱིས་རིག་པ་རྐྱང་འདེད་དུ་བལྟར་བཅུག་པས། སེམས་མ་མཐོང་ཟེར་ན། འོ་ན་འགྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཁ་ལ་ལྟོས་དང་ཅི་འདྲ་འདུག །ལྟ་མཁན་དེ་རང་ག་སུ་ཡིན་པར་འདུག་ཅེས་རྩད་གཅོད་དུ་བཅུག་པས། དངོས་མེད་གཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟར་ཅང་མེད་ཅིག་འདུག་གམ། ཅི་འདྲ་འདུག་ཅེས་ནན་ཏན་དུ་བལྟར་བཅུག །དེ་ལྟར་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་ཅི་འདྲ་འདུག་ཞིབ་ཏུ་བལྟས་པས། བལྟ་མཁན་དང་ལྟ་རྒྱུ། མཐོང་མཁན་དང་མཐོང་རྒྱུ་སོགས་གང་ཡང་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར། གང་དུ་ཡང་ངོས་བཟུང་དཔྱད་ར་མེད་པར་ནམ་མཁའ་ལྟར་སེང་ངེ་བ། ཡངས་ཆམ་མེ་བ། བྱ་རྒྱུ་ཟད་པ། བྱ་ཐབས་རྡུགས་པས་བྱ་བྱེད་ཐམས་ཅད་དང་བྲལ་བ། གསལ་རིག་རྗེན་ནེ་བ་ཞིག་འཆར་ན། ཆད་པ་ངལ་བསོ་བ་ལྟར་དེ་ཁའི་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་འཇོག་ཏུ་བཅུག །དེ་ལྟར་བཞག་པས་དྲན་བསམ་གང་ཡང་མེད་ཅིང་མདངས་བདེ་བ་དང་བཅས་པ་མ་འགག་པར་སྣང་བ་ཐམས་ཅད་འཛིན་མེད་རང་བབས་སུ་ཁྲོལ་ལེ་ཤིག་གེ་བུན་ནེ་བའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་གོ །གསུམ་པ་ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པ་ནི། ཡུལ་ལ་བློ་སྣང་ངམ། བློ་ལ་ཡུལ་སྣང་ལྟ་བུ་གང་ཤར་ཀྱང་འདྲ་སྟེ། གང་ཤར་དེ་ཁ་ལ་ཅེར་གྱིས་བལྟས་པས། རྫིང་བུར་ཟླ་གཟུགས་ཤར་དུས་ཆུ་དང་ཟླ་གཟུགས་ཐ་མི་དད་པ་ལྟར་ཕ་གིར་སྣང་བ་མ་འགག་ལ། ཚུ་གར་དེར་འཛིན་གྱི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ་ཞིག་འཆར་བས། དེ་ཁའི་ངང་ལ་རྟོག་དཔྱོད་ཀྱི་ཚོལ་ཁྲོ་གང་ཡང་མི་བྱ་བར་རང་བབས་སུ་ཅེ་རེ་བལྟ། བདེ་ལུགས་སུ་ཤིགས་སེ་བཤིག །རྗེས་མེད་དུ་སེང་ངེ་བསྐྱུར། རྒྱ་ཡན་དུ་ཆལ་ལེ་བརྡལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་རང་སོར་ལྷོད་ཀྱིས་གློད། དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པ་རང་གསལ་རྗེན་པར་ལྷག་གེ་བ། ནང་སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པ་རང་སངས་སུ་རྗེན་ནེ་བ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཡུལ་བཟང་ངན་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་གྱི་བློ་མ་ཞུགས་པར་སལ་ལེ་སང་ངེ་བའི་རིག་པའི་ཆ་དེ་ཅར་ཕོག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་ནས་འཁོར་བ་ཆོས་སྐུར་སངས་པས་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་རིག་ཀྱང་མི་འཕྲོ། གསལ་ཡང་མི་འཛིན། མི་རྟོག་ཀྱང་རིག་པའི་གདངས་ཡུལ་སྣང་མ་འགག་པས་འདོད་གཟུགས་གཟུགས་མེད་ཀྱི་སེམས་གསུམ་ལས་གྲོལ་ཞིང་། མཉམ་པར་གཞག་དུས་སེམས་སྤྲོ་བསྡུ་མེད་པར་ལྷན་ནེར་གནས་པ་མི་རྟོག་པ་སྟོང་པའི་ཆ་དེ་ཞི་གནས་དང་། རིག་པ་གསལ་དག་རྗེན་སང་ངེ་བར་གསལ་བས་སྣང་བའི་ཆ་དེ་ལྷག་མཐོང་སྟེ། ཟུང་འཇུག་ཏུ་སྒོམ་པ་ཡིན་ནོ། །གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་ངོ་སྤྲོད་པའི་ཡི་གེ་ཞིག་སླར་ལོགས་སུ་འདྲི་བར་འདོད་པ་ལས་ཤེས་པར་བྱ་ཞིང་། གཙོ་བོར་ནི་བླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱི་ཞལ་ལས་ཉམས་མྱོང་སྐྱེས་པའི་དོན་ངོ་སྤྲོད་པ་དང་། ཉམས་མྱོང་ཇི་ལྟར་སྐྱེ་ཚུལ་དེའི་གེགས་སེལ་བོགས་འདོན་དང་བཅས་པ་ལེགས་པར་མཉན་ཏེ། ཉམས་རྟོགས་ཀྱི་འཕྲང་ལས་མ་གྲོལ་གྱི་བར་གདར་ཤ་བཅད་ལ་ཡེ་ཤེས་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་ཐབས་ལ་ཅི་ནས་ཀྱང་འབད་པར་བྱའོ། །དེ་སྐད་བཀའ་དྲིན་མཉམ་མེད་རྗེ་བླ་མའི། །བཀའ་གནང་ཐོབ་ནས་བན་ཆུང་ཆོས་དཔལ་གྱིས། །བློ་དམན་དོན་དུ་ཚིག་ཉུང་དོན་འདྲིལ་བར། །རྒྱལ་ཟླ་ཡར་ངོའི་ཚེས་བཅུར་གྲུབ་པར་སྤེལ། །ནོངས་པར་གྱུར་གང་བླ་མ་ཡི་དམ་ལྷ། །ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་བཞེས། །དགེ་འདིས་རང་རྒྱུད་གྲོལ་ནས་མཐའ་ཡས་འགྲོ །རྣམ་གྲོལ་གདོད་མའི་ས་ལ་སྒྲོལ་ནུས་ཤོག །སརྦ་མངྒ་ལཾ།། །།

དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ (Volume 53, Text 21)

དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །གཞི་དབྱིངས་ཆོས་སྐུ་ཆེན་པོའི་ཀློང་ན་རང་སྣང་མ་འགགས་ལྷུན་གྲུབ་ཀྱི་རོལ་རྩལ་ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་དཀོན་མཆོག་གསུམ་དང་། ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་རབ་འབྱམས་ཆོས་སྐྱོང་སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྙན་གསན་ཞིང་དགོངས་སུ་གསོལ་ལོ། ཁྱད་པར་དུ་སྙིགས་མ་ལྔ་བདོའི་སྐྱབས་གཅིག་སྣང་སྲིད་ཟིལ་གྱིས་གནོན་པ་༧དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ། སྤྲུལ་པའི་གུ་རུ་མཚན་བརྒྱད། རྣམ་འཕྲུལ་བཅུ་གཉིས། འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་མངའ་བདག་ཆེན་པོ། འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་དང་། རིག་འཛིན་ཧཱུྃ་ཆེན་ཀཱ་ར། གྲུབ་མཆོག་འཇམ་དཔལ་བཤེས་གཉེན། མཁས་གྲུབ་བི་མ་མི་ཏྲ། དབང་ཆེན་ནཱ་གརྫུ་ན། མཐུ་ལྡན་པྲ་བྷ་ཧསྟི། དཔའ་བོ་དྷ་ན་སཾསྐྲི། ཕུང་བྱེད་ཤཱནྟིཾ་གརྦྷ། འཇིགས་མཛད་གུ་ཧྱ་ཙནྡྲ། རྗེ་འབངས་སྙིང་གི་བུ་དགུ། བརྒྱུད་པའི་བླ་མ་དམིགས་བསལ་སྦྱར་ན་འདིར་འཛུད། ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་དམ་པ། བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལ་དགོངས་པའི་ཐུགས་བསྐྱེད་རྡོ་རྗེའི་དམ་བཅའ་དགོངས་པར་མཛོད་ལ། དེང་འདིར་རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །རང་སྣང་ཡེ་ཤེས་ཀྱི་དུར་ཁྲོད་ཆེན་པོ་ཆོས་ཀྱི་དབྱིངས་དང་མཉམ་པ་དྲག་པོའི་མེ་རི་དམར་ནག་ཏུ་འཁྲུགས་པའི་ཀློང་ན། དྲན་པ་ཙམ་གྱིས་དངོས་གྲུབ་འདོད་དགུའི་སྤྲིན་ཕུང་གཡོ་བ། དཔལ་ཆེ་མཆོག་ཧེ་རུ་ཀཿའབར་བའི་མངའ་བདག་ཆེན་པོ། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་དང་། ཡི་དམ་སྒེར་གྱི་དགོངས་གསོལ་སྦྱར་ན་སྐབས་སུ་འཛུད་ལུགས་ཤེས་པར་བྱ། རྒྱུད་སྡེ་དྲུག་གི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། དགོངས་པ་དུས་སུ་མི་གཡེལ་བའི་རྡོ་རྗེའི་དམ་ཚིག་ཆེན་པོ་ལ་གནས་པ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ས་འོག་དང་ས་སྟེང་ས་བླའི་འཇིག་རྟེན་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བཞུགས་ཤིང་རྒྱུ་བའི། དཔལ་རྡོ་རྗེ་ཁྲག་འཐུང་ཆེན་མོ་བཛྲ་བཱ་རཱ་ཧཱི། གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ། སེང་གེའི་གདོང་ཅན་ མཁའ་འགྲོ་དམིགས་བསལ་ཡོད་ན་འཛུད། སོགས་རིགས་ལྔའི་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ། ཕྲིན་ལས་རྣམ་བཞི་བསྒྲུབ་པའི་མངའ་བདག་ཆེན་པོ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ཉི་མ་བྱང་ཤར་གྱི་མཚམས་མདའ་མདུང་རལ་གྲིའི་གུར་གྱི་གཞལ་ཡས་ན་བཞུགས་པའི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་རྣམ་སྣང་ཚོགས་ཀྱི་བདག་པོ། གཏུམ་བྱེད་སྐུ་ཡི་མགོན་པོ། གསོད་བྱེད་གསུང་གི་མགོན་པོ། སྒྲོལ་བྱེད་ཐུགས་ཀྱི་མགོན་པོ། ཡུམ་ཡཀྴ་བཻ་ཏ་ལི། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། དགྲ་བླ་ཁྲི། ཤ་ཟ་འབུམ། མ་མོ་ས་ཡ། ལྷ་དམག་བྱེ་བ་དུང་ཕྱུར། སྤྲུལ་འཁོར་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གསང་ཆེན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་འཇིགས་སུ་རུང་བ་ན་དྲེགས་པ་རུ་དྲ་སྡེ་གསུམ་གྱི་གཤེད་དུ་ཁྲོས་པ། སྣང་སྲིད་དྲེགས་པ་ཀུན་གྱི་སྤྱི་རྗེ་དཔལ་འབར་མ་ནིང་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །མཚོ་མུ་ལེ་མཐིང་གི་གཞལ་ཡས་ན་བཞུགས་པའི་མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་དང་། སྔགས་སྲུང་ཨེ་ཀ་ཙཱ་ཏི། དམ་ཅན་རྡོ་རྗེ་ལེགས་པ། གཟའ་རྒོད་དུག་གི་སྤུ་གྲི། སྤྲུལ་པའི་བཙན་རྒོད་ཆེན་པོ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། ནོར་སྲུང་དུར་ཁྲོད་ལྷ་མོ། བོད་སྐྱོང་བརྟན་མ་བཅུ་གཉིས། རྣམ་སྲས་ཛམ་ལྷ་ཡབ་ཡུམ། ལས་གཤིན་འཆི་བདག་ནག་པོ། སྔགས་བདག་དྲེགས་པ་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། བཀྲ་ཤིས་ཚེ་རིང་མཆེད་ལྔ། གཏེར་སྲུང་བདུད་བཙན་ཀླུ་གསུམ། མཐུ་ཆེན་དགྲ་བླ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ་གནས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་དམ་ལྡན་གྱི་གྲོགས་མཛད་པ། ལེགས་ཉེས་སྟངས་འཛིན་ཅིང་དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་དྲག་པོ་ལ་མངའ་དབང་མཛད་པ། རྒྱུད་གསུམ་གྱི་ཆོས་སྐྱོང་དྲེགས་པའི་སྡེ་ཚོགས། བང་གློག་ལས་མྱུར་བ། བོས་ན་འདུ་ཞིང་བསྒྲུབ་ན་འགོ་བ། དམ་ཉམས་ལ་སྡང་མིག་བལྟ་ཞིང་དགྲ་བོའི་ཤ་ཁྲག་ལ་རྔམས་པ། ཁྱེད་རྣམས་རིག་འཛིན་རྩ་བརྒྱུད་བླ་མའི་སྤྱན་སྔར་དཀྱིལ་འཁོར་ཆེན་པོའི་གྲལ་དུ་བཞག་ནས། སྤྱི་བོར་དབང་རྟགས་ཀྱི་རྡོ་རྗེ་བཞག །ལྕེ་ལ་དམ་ཚིག་གི་བདུད་རྩི་བླུགས་ཏེ། མ་འོངས་དམ་ལྡན་རིག་འཛིན་གྱི་ཚོགས་ལ་སྟོངས་གྲོགས་བྱེད་ཅིང་བསྟན་དགྲ་སྡིག་ཅན་སྒྲོལ་བའི་རྡོ་རྗེའི་ཐ་ཚིག་གཉན་པོ་དགོངས་ལ། རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གཞན་ཡང་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་སྣང་སྲིད་དྲེགས་པ། སྲིད་པའི་བདེ་སྡུག་གི་སྟངས་འཛིན་ཅིང་། ལེགས་ཉེས་ཀྱི་བྱ་ར་བྱེད་པ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་གནས་ཤིང་རྒྱུ་བ། ལོ་ཟླ་ཞག་དུས་ཚེས་དང་གཟའ་སྐར་སྤར་སྨེ་རྟེན་འབྲེལ་གྱི་བདག་པོ་དང་། ཁྱད་པར་སའི་ཕྱོགས་དང་དུས་འདི་ལ་དབང་བའི་སྣང་སྲིད་ཀྱི་དྲེགས་པ་མ་ལུས་པ་ཐམས་ཅད་སྙན་གསན་ཅིང་དགོངས་པར་མཛོད་ལ། བདག་གི་བསྟན་དགྲ་སྡིག་པོ་ཆེ་འདིས་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། ལས་རྒྱུ་འབྲས་ཁྱད་དུ་བསད། སྣང་སྲིད་དྲེགས་པ་ལ་དོ་བརྡོས། རྣལ་འབྱོར་པ་བདག་ལ་ཕོད་བཙུགས། ཆོས་སྐྱོང་སྲུང་མ་ལ་འཁོན་བཏང་བའི་སྡིག་ཅན་འདི་རྣམས་བདག་གིས་སྒྲོལ་བ་ལ། རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི་ལམ་ནས་སྣང་སྲིད་དྲེགས་པ་ཡོངས་ཀྱིས་དཔང་པོ་མཛོད་ཅིག །ཧོ། རྩ་གསུམ་ཆོས་སྐྱོང་དྲེགས་པའི་ཚོགས་དང་བཅས་པ་ཁྱེད་རྣམས། ཐུགས་ཆོས་དབྱིངས་སྤྲོས་པ་མེད་པའི་ངང་ལས་སྙིང་རྗེ་དྲག་གཏུམ་མི་བཟད་པའི་རྩལ་སྣང་ཆེན་པོས། དུས་མཐའི་མེ་ལྟར་འབར་བའི་སྐུ་གར་དགུའི་ཉམས་ཀྱིས་བརྗིད་ཅིང་། འཇིགས་རུང་སྤྲིན་ནག་འཁྲིགས་པ་ལྟ་བུའི་ཁྲོ་གཉེར་གཡོ་བ་དང་། དྲག་སྔགས་ཐོག་སེར་འཁྲུགས་པའི་གད་རྒྱངས་འབྲུག་སྟོང་ལྟར་སྒྲོག་བཞིན་དུ། ལེགས་ཉེས་ཀྱི་དཔང་པོ་མཛད་པའི་སྤྱན་མིག་ཉི་ཟླ་སྟོང་གི་དཀྱིལ་འཁོར་བགྲད་ནས། དགྲ་བོའི་ཤ་ཁྲག་ལ་རྔམས་པ་འབར་བའི་ཞལ་གྱི་དཀྱིལ་འཁོར་གནམ་ས་ལྟར་གདངས་ཤིང་། སྐྱིན་ཐང་དུག་མདའ་འཕྲོ་བའི་མཆེ་བ་གངས་རི་ལྟར་གཙིགས་ཏེ། གནོད་བྱེད་དགྲ་བགེགས་རྔུབ་པའི་དྲག་པོའི་དབུགས་ཆེན་དུས་མཐའི་འཐོར་རླུང་ལྟར་གཡོ་ཞིང་། འཇིགས་པའི་གློག་ཕྲེང་དྲག་པོ་གཡོ་བ་ལྟ་བུའི་ལྗགས་བསྐྱོད་པར་མཛད་ནས། དེང་འདིར་དམ་ཉམས་པའི་དགྲ་བགེགས་བསྒྲལ་པའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། དོན་སྙིང་གི་ནགས་ཚལ། དབུགས་རླངས་ཀྱི་ན་བུན། རྐང་མར་གྱི་འདམ་རྫབ་དང་བཅས་པའི་དཔའ་སྐྱེམས་འདི་བཞེས་ལ། མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་སྤྱི་དང་། བྱེ་བྲག་དུས་གསུམ་རྒྱལ་བའི་གདུང་འཚོབ་༧དཔལ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་རིན་པོ་ཆེ་མདོ་སྔགས་བསྟན་པ་ཉི་ཟླ་ཟུང་འབྲེལ་ལ། བསམ་པ་ངན་པ། སྦྱོར་བ་རྩུབ་པ། དངོས་སུ་འཚེ་བ། ལྐོག་ན་གཤེ་བ། བསྟན་དང་བསྟན་འཛིན་གྱི་དབུ་འཕང་སྨད་པའི་དགྲ་བགེགས་སྡིག་ཅན་རྣམས། འཇིག་རྟེན་གྱི་ཁམས་གང་ན་འདུག་པ་འབར་བའི་སྤྱན་གྱིས་གཟིགས་ལ་དུས་ད་ལྟ་ཉིད་དུ་སྒྲོལ་ཅིག །དགྲ་བགེགས་དེ་དག་གི་སྡེ་དང་ཕྱོགས་སུ་གཏོགས་པ་རྣམས་ཀྱི་བསོད་ནམས་རླུང་རྟ་སྣུབས་ཤིག །ཁ་ཕུང་རྗེས་མེད་དུ་ཐོངས་ཤིག །ནམ་ཡང་ལྡང་མེད་དུ་མཛོད་ཅིག །ཁྱད་པར་དུ་བདག་ཅག་དཔོན་སློབ། སྡེ་དགོན་མི་ཕྱུགས་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ། མཐོ་ལ་ཁ་ནས་ཇག་པ་རྟ་ཁ་བསིག་མི། དམའ་ལུང་ཁུང་ནས་རྐུན་མ་ཤ་ཆིང་ཁུར་མི། རྐུན་ཁ་གཤོམ་བྱེད་མི། འཇབ་ལག་གཤོམ་བྱེད་མི། མི་མེད་དང་ལྷ་མེད་ཟེར་མི། ཁ་མཆུ་དང་རྩོད་ཡ་གཟུང་མི། ཁ་དཀར་ཞིང་སྙིང་ནག་པ། དོ་བརྡོ་ཞིང་ཕོད་བཙུགས་པ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ། ལེགས་ན་མི་དགའ་ཉེས་ན་དགའ་བ། བཟང་ན་མི་དགའ་ངན་ན་དགའ་བ། བསྟོད་ན་མི་དགའ་སྨད་ན་དགའ་བ། ཚེ་སྲོག་དབང་ཐང་ལ་འཁུ་ཞིང་། སྟོབས་དཔལ་འབྱོར་པ་ལ་འཚེ་བ། གཤེ་སྐུར་དུག་སྦྱོར་བྱེད་ཅིང་། བྱད་ཕུར་རྦོད་གཏོང་གཤོམ་པ། ལག་པ་ཚིག་ཏུ་རྔོ་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་གཤོམ་པ། ད་དགྲ་ཐད་དུ་ལངས་པ། མིང་བྱང་བུ་ལ་བཀོད་པ། མཚན་དཀར་ཆག་ལ་བཏབ་པ། ཕྲིན་ལས་ཀྱི་ཡུལ་དུ་གྱུར་པ་བསྒྲལ་བའི་ཞིང་དུ་གྱུར་པའི། འདིར་དགྲ་བགེགས་དམིགས་བསལ་ཡོད་ན་འཛུད། དགྲ་བགེགས་སྡིག་པོ་ཆེ་འདི་རྣམས་ཀྱི་སྟེང་དུ། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཁྲོས་འཁྲུགས་རྔམས་པའི་རང་བཞིན་དུས་མཐའི་མེ་རླུང་གིས་བསྐྱོད་པའམ། གནམ་ལྕགས་དྲག་པོའི་སེར་སྤྲིན་འཁྲིགས་པ་ལྟ་བུའི་དམག་དཔུང་ཆེན་པོ་དུས་ད་ལྟ་ཉིད་དུ་ཕོབ་ཅིག །དགྲ་བོ་ཆེ་རྒྱུད་ལ་བབས་ན་སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིག །འབྲིང་རྒྱུད་ལ་བབས་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོངས་ཤིག །ཆུང་རྒྱུད་ལ་བབས་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག །ཕོ་རྒྱུད་ཀྱི་རྩ་བ་ཀླུ་ལ་གཏོད་ཅིག །མོ་རྒྱུད་ཀྱི་མངལ་འཛིན་བཙན་ལ་གཏོད་ཅིག །སྐྱེས་དར་མ་གྲིར་སོད་ཅིག །མོ་དར་མ་འགགས་སུ་ཆུགས་ཤིག །བུ་ཚ་ཚངས་ཕྱིང་ནང་དུ་སོད་ཅིག །རིང་པོར་སྐྱེས་པའི་རྩ་བ་ཆོད་ཅིག །ཐུང་ངུར་སྐྱེས་པའི་རྟིང་པ་ཕུད་ཅིག །སྦོམ་པོར་སྐྱེས་པའི་ཁོག་པ་དཀྲུགས་ཤིག །གནམ་གྱི་འཇུ་ཐག་ཆོད་ཅིག །ས་ཡི་རྟེན་ཕུར་ཕྱུངས་ཤིག །དམ་ཉམས་པའི་དགྲ་བགེགས་རྣམས་ཀྱི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་དང་བཅས་པ་ཐལ་བའི་རྡུལ་དུ་རློགས་ཤིག །སོད་ཅིག །སྒྲོལ་ཅིག །ཁ་སྐོར་ཅིག །ཚངས་དཀྲུགས་ཤིག །ལིངས་ཐོབས་ཤིག །མིག་ཕྱུངས་ཤིག །སྙིང་དྲོངས་ཤིག །ཁོང་ཁྲག་ས་ལ་ཕོས་ཤིག །རོའི་ཟམ་པ་ཚུགས་ཤིག །ཁྲག་གི་ཆག་ཆག་ཐོབས་ཤིག །ངུ་འབོད་ཀྱི་ཟིང་ལོང་ཐོངས་ཤིག །ཕོ་རྒྱུད་ཤ་ལ་དགའ་བས་ཤ་ཟོ་ཞིག །མོ་རྒྱུད་ཁྲག་ལ་དགའ་བས་ཁྲག་ཐུངས་ཤིག །སྲོག་བདག་དབུགས་ལ་རྔམས་པས་དབུགས་རྔུབས་ཤིག །སྡེ་བརྒྱད་གཟན་ལ་རྔམས་པས་ཟ་ཁ་སྟོན་ཅིག །དགྲ་བོ་འདིའི་ཚེ་སྲོག་ལ་བབས་ན་མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས་ཤིག །ཁ་རྗེ་ལ་བབས་ན་བྲག་རི་ཐོག་གིས་བཤིག་པ་བཞིན་དུ་ཐོངས་ཤིག །ལུས་སྟོབས་ལ་བབས་ན་སྒོ་ང་བྲག་ལ་བཅར་པ་བཞིན་དུ་ཐོངས་ཤིག །ལྷ་སྲུང་ལ་བབས་ན་བྱ་རོག་རྡོས་བསྐྲོགས་པ་བཞིན་དུ་ཐོངས་ཤིག །མངའ་ཐང་ལ་བབས་ན་ལོ་ཏོག་སེར་བས་བཅོམ་པ་བཞིན་དུ་ཐོངས་ཤིག །འཁོར་འབངས་ལ་བབས་ན་ནགས་ཚལ་མེས་ཚིག་པ་བཞིན་དུ་ཐོངས་ཤིག །ཟས་ནོར་ལ་བབས་ན་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག །གཉེན་བཤེས་ལ་བབས་ན་ཤོག་སྐྱ་རླུང་གིས་ཁྱེར་བ་བཞིན་དུ་ཐོངས་ཤིག །ཡུལ་མཁར་ལ་བབས་ན་བྱེ་མའི་ཁང་བུ་འགྱེལ་བ་བཞིན་དུ་ཐོངས་ཤིག །ནོར་ཕྱུགས་ལ་བབས་ན་གྲོག་ཚང་ལ་རྡོ་ཕོག་པ་བཞིན་དུ་ཐོངས་ཤིག །བསོད་ནམས་ལ་བབས་ན་ནམ་ལངས་ཀྱི་སྐར་མ་ཡལ་བ་བཞིན་དུ་ཐོངས་ཤིག །རླུང་རྟ་ལ་བབས་ན་ཁང་རུལ་ལ་སྒྱོགས་རྡོ་ཕོག་པ་བཞིན་དུ་ཐོངས་ཤིག །སྟོབས་ཤུགས་ལ་བབས་ན་རི་དྭགས་རྒྱ་རུ་བཙུད་པ་བཞིན་དུ་ཐོངས་ཤིག །དཔལ་འབྱོར་ལ་བབས་ན་མེ་སྟག་ཆུ་ལ་བོར་བ་བཞིན་དུ་ཐོངས་ཤིག །ལིང་ཁུང་ཆེན་པོ་ཁ་མ་དོག་ཅིག །ཤན་པ་ལག་དམར་གྱི་སྤུ་གྲི་མ་རྟུལ་ཅིག །སྐྱེ་བ་ཕྱི་མ་ལ་དུས་མ་བཏབ་ཅིག །ལས་ཀྱི་རྣམ་པར་སྨིན་པ་ལ་ཁུངས་མ་ཕྱུང་བར། རྩ་གསུམ་དམ་ཅན་རྒྱ་མཚོའི་སྐུ་ཤུགས་དྲག་པོ་མི་བཟད་པ་མྱུར་དུ་བསྐྱེད་པར་མཛད་ནས། དུས་ད་ལྟ་ཉིད་དུ་དགྲ་བགེགས་སྡིག་ཅན་འདི་རྣམས་ལ་འཇིགས་སུ་རུང་བའི་ཆོ་འཕྲུལ་ཐོངས་ཤིག །ལྟས་ངན་གྱི་ཡོ་ལང་སློངས་ཤིག །སྐྱོབ་བྱེད་ཀྱི་ལྷ་གནོད་པའི་བདུད་དུ་ཕོབ་ཅིག །སྲུང་བའི་གུར་རྡོ་རྗེའི་མཚོན་གྱིས་ཤིགས་ཤིག །བསམ་སྦྱོར་ངན་པའི་མཚོན་ཆ་ཁོ་ཡི་གཤེད་དུ་སློངས་ཤིག །བདུན་རྒྱུད་རྩད་ནས་ཆོད་ཅིག །མིང་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་རློགས་ཤིག །མདོར་ན་བསྟན་དགྲ་སྡིག་པོ་ཆེ་རྣམས་ཀྱི་བླ་ཚེ་སྲོག་དབུགས་སྟོབས་དཔལ་འབྱོར་པ་དང་བཅས་པ། རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་འབར་བའི་ཞལ་དུ་བཞེས་ནས་དགྱེས་པའི་གང་རྒྱངས་དྲག་པོ་འབྲུག་སྒྲ་སྟོང་ལྟར་བསྒྲགས་པས། བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་མཚུངས་པ་མེད་པའི་སྒོ་ནས། དགྲ་བགེགས་འབྱུང་པོའི་ཚོགས་རྣམས་གདོད་མའི་ཆོས་སྐུ་ཆེན་པོར་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛོད། སྨྲས་པ། ཨེ་མ། དམོ༵ད་པ༵་དྲག་སྔགས་དྲ༵ག་པོ༵འི་སྤྲིན་ནག་ལས། །འཇིགས་རུང་དཔ༵འ་བོ༵འི་འབྲུ༵ག་སྒྲ༵་རྣམ་འཇིགས་པས། །དགྲ༵་བགེ༵གས་སྡིག་ཅན་དོན་སྙི༵ང་ཚལ་པ་བརྒྱར། །འགེམ༵ས་འདི་སྔ༵གས་འཆ༵ང་དཔ༵འ་བོ༵འི་གད༵་རྒྱ༵ངས་ཡིན། །ཞེས་དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་པ་འདི་ཡང་རབ་ཚེས་ས་ཡོས་ཟླ་བ་དགུ་པའི་ཚེས་ཉེར་བརྒྱད་ལ། དཔལ་མ་ཧཱ་ཀཱ་ལ་སྒྲུབ་པའི་དུས་སུ་ཟིལ་གནོན་དགྱེས་པ་རྩལ་ཞེས་འབོད་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་བསྟན་དགྲ་སྡིག་ཅན་བསྒྲལ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

དགྲ་གནན་གཤིན་རྗེ་རླུང་སྒྲུབ་ཀྱི་ལས་གཞུང་ལག་ལེན་ཞལ་ཤེས་དང་བཅས་པ་ཁྲིགས་ཆགས་སུ་བསྒྲིགས་པ་བསྟན་དགྲ་འཇོམས་བྱེད་ (Volume 54, Text 21)

༄༅། །དགྲ་གནན་གཤིན་རྗེ་རླུང་སྒྲུབ་ཀྱི་ལས་གཞུང་ལག་ལེན་ཞལ་ཤེས་དང་བཅས་པ་ཁྲིགས་ཆགས་སུ་བསྒྲིགས་པ་བསྟན་དགྲ་འཇོམས་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ། བླ་མ་དང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ལ་དགྲ་སྣ་ཟུག་པ་དང་ད་ལྟ་གསོད་རྡུང་ཟེར་བ་བྱུང་ན་གཤིན་རྗེ་རླུང་སྒྲུབ་ཟབ་མོ་འདི་ལ་ནན་ཏན་དུ་བྱའོ། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་བཅའ་གཞི་ནི། དབེན་པའི་གནས་སུ་དྲག་པོའི་ས་་་ཤྭ་འོད་བྱུང་བའི་ས། གྲོག་མ་དམར་ནག་འཐབ་པའི་ས། གནམ་ལྕགས་ཐོག་ཕོག་པའི་ས། གཡུལ་བཀྱེས་པའི་ས།ལས་བྱས་པའི་མཎྜལ་གྲུ་བཞིའི་སྟེང་དུ། བྲུབ་ཁུང་སུམ་ཐོག་མཐའ་སྐྱེར་རྩང་་་སྟོད་དམར་སྨད་ནག།དམར་ནག་ཉི་ཤུ་རྩ་གཅིག་བསྐོར་བའི་ནང་དུ་དུག་ཁྲག་དང་བཙག་གིས་དམར་པོར་བྱུག །ཕྱི་རོ་སོལ་གྱིས་ནག་པོར་བྱུག །རྐན་གཉེར་གསུམ་དང་ལྡན་པ། དེའི་ནང་དུ་ལིངྒ་དུག་ཤོག་ལ་ཁྲག་དང་སླང་ང་ལས་བྱུང་བའི་སྣག་ཚས་རང་གི་ཁ་རླངས་དང་དྲི་མ་མ་སོང་བར་བྲི། དེ་ཡང་རཱུ་པ་སྐྲ་གཟིང་པ། ལག་པ་རྒྱབ་ཏུ་བཀྱིགས་ཤིང་རྐང་པ་ལྕགས་སྒྲོག་གིས་བསྡམས་པ། སྤྱི་བོར་ལཾ་ནན། དཔྲལ་བར་རུས་མིང་། མ་ཤེས་ན་ཛ་ཛ་བྲི། སྙིང་ཁར་མིང་གི་མཐར་བླ་འགུགས་སྔགས་ཀྱིས་བསྐོར། བརླ་ལ་བླ་དྭགས་དང་མ་ཤེས་ན་བླ་ཁུག་ཅེས་པ་བྲི། རྐང་ལག་ཚིགས་ཆེན་བཞི་ལ་ཛཿཧཱུྃ་བཾ་ཧོཿབྲི། དཔུང་པ་གཉིས་ལ་ཡུམ་ཤེ་བྲི། རྐང་པའི་ངར་གདོང་ལ་ན་ཏྲི་རྦད་ནན། ཁ་ལ་བདུད་པོ་ང་ལོངས། མིག་ལ་ལོང་ལོང་། རྣ་བ་གཉིས་ལ་འོན་འོན། མགྲིན་པ་རྫི། སྣ་ལ་འཚུབས། རྐང་པའི་མཐིལ་དུ་ཡཾ་ཡཾ། འདོམས་སུ་ཕཊཿ སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཁོར་བའི་ཚུལ་དུ་བྲི། ལུས་ཀྱི་གཡས་སུ་སྦྲུལ་དཀར་པོ་ལྷན་ཅིག་སྐྱེས་པའི་ལྷ་དེ་དམ་ཉམས་ཁོའི་བདུད་དུ་བབས་ནས་སྤྱི་བོའི་ཚངས་བུག་ནས་མར་འཇིབ་སྙིང་རྩ་ཡན་དྲངས་པར་བསམ། གཡོན་དུ་སྦྲུལ་ནག་པོ་བྱུང་ནས་མཉམ་པོར་འོང་བའི་འཆི་བདག་གི་བདུད་ཡིན། ཁོའི་གཤེད་དུ་གྱུར་ནས་གསང་གནས་ནས་ཡར་མཆིན་ཁྲི་མན་ཆད་དྲངས་པར་བསམ། སྦྲུལ་གཡས་གཡོན་གཉིས་འཛིང་ནས་འཐབ་པ་དགྲ་བོའི་སྙིང་གར་ཟ་བར་ཁ་མ་མཐུན་པས་དགྲ་བོའི་གཡས་གཡོན་འཁྲིལ་ནས་མཇུག་མ་འཆོལ་བ་མེད་པ་མདུད་པ་བསྡམས་པ། མགོ་གཉིས་མདུད་པ་བྱས་ནས་རྣ་བ་གཉིས་ཐད་ཁ་གདངས་ཤིང་འདྲད་པར་བསྒོམ། དེ་ལྟར་བསྒོམས་པས། དེ་ཚེ་སྤྱི་བོའི་རྡོ་རྗེ་རྒྱ་གྲམ་དེ་སོ་རོ་རོ་འཁོར་ནས་ཀླད་ཁྲག་ཞོ་ལྟར་དཀྲུགས་ནས་སྦྲུལ་གཉིས་ཀྱིས་འཇིབ་པས་སྦྲུལ་གཉིས་ཇེ་ཆེར་སོང་ནས་སྟོབས་དང་ལྡན་པར་བསམ་མོ། །ཐུན་རྒྱབ་དུས་མི་བསྒོམ། ལིངྒའི་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཡོན་དུ་ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དུས་ཚོད་ཚེས་གྲངས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མདུན་དུ་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྤྱི་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དེ་ནས་མགོ་ནས་གཡོན་སྐོར་དུ་བྲི་སྔ་དགྲ་ལག་གིས་བདར་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ལ་ཏིལ་རྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱབ་ནས་དེད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མདུན་ན་ཁྱི་བཞིན་སྒུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགྲོ་ལམ་དུ་རྩང་འཛུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱམས་པ་གཉེན་གྱིས་བརྗོད་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ མགར་གྱི་སོལ་མལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ དགེ་འདུན་གྱི་ཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བོན་པོའི་ཚོགས་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མི་མང་གི་ཁ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕ་ཚོའི་འདུན་ཁང་ནས་མི་ཁ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གྲོས་ངན་ཤོམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ངོས་ལ་སྤྲེལ་ལྟར་འཛེག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཀེག་བདུད་གཤེད་གསུམ་ལ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱད་ཁ་དང་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྦད་འདྲེ་དང་རྦོད་གཏོང་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གནན་སྲེག་འཕང་གསུམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན་སོད༔ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཆིངས་ཤིག་མཱ་ར་ཡ་རྦད་ནན། སོད་ཅིག །བསྐལ་པ་མ་སྟོངས་ཀྱི་བར་དུ་མ་གཏང་ཞིག །མཱ་ར་ཡ་རྦད་ནན་སོད་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ འདི་བྲི་བ་དང་བརྗོད་པ་གཉིས་ཀ་བྱ། དེ་ཡི་ཐ་མ་ཛ་ཁྲམ་གྱིས་བསྐོར། བླ་མ་ཡི་དམ་གྱི་སྐུ་རྟེན་བཀྲམ། ཕྱི་ནང་གསང་མཆོད་སྨན་རག་གཏོར་ཚོགས་བཤམ། བྲུབ་ཁུང་སྟེང་དུ་མཉྫིའམ་ཤིང་གི་ཨེ་ཁྲམ་སྟེང་དུ་དམར་གཏོར་ཟུར་གསུམ་ལྕགས་སམ་བྷནྡྷའི་ནང་དུ་མཚེ་དང་ཡུངས་དཀར་སྐྱེར་རྩང་གིས་བསྐོར་བ་བཤམ། མི་བསད་ཀྱི་གྲིའམ་རལ་གྲིའི་ལུང་མཉྫིལ་བཏགས་ལ་རྩེ་མོ་ཐུར་དུ་བསྟན་ནས་བྲུབ་ཁུང་སྟེང་དུ་འོང་བར་བྱ། དེ་ན་རྔ་མ་ནག་པོའང་བཏགས། གོང་གི་ལིང་ག་ལ་འགུགས་འདྲེན་ཡིད་ཆེས་མ་བྱུང་གི་བར་དུ་བྱ་ཞིང་། མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོ༔ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ ཤ་མ་རུ་ཏི་ཐུམ་ཐུམ་ མྱོགས་མྱོགས་ ཡེད་ཡེད་ ཤ་མ་རུ་ཏི་ཁུག་ཁུག་ ལིང་མྱོགས་ ལིང་ཤ་ ལིང་ཐུམ་ ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ཞེས་དགྲ་བོའི་བླ་འགུགས་དུས་གསུམ་དུ་ཚར་ཉི་ཤུ་རྩ་གཅིག་བཟླས་ལ། འགུགས་འདྲེན་འོག་ཏུ་བསྟན་པ་བཞིན་བྱས་ཏེ་བྲུབ་ཁུང་དུ་གཞུག །དེ་ནི་བཅའ་གཞི་འོ།། །།གཉིས་པ་དངོས་གཞི་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ན་མོ། བླ་མ་རིག་འཛིན་ཡི་དམ་ལྷ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་འགྲོ་བ་ཀུན་དོན་དུ། །འཇམ་དཔལ་གཤིན་རྗེ་བསྒྲུབས་ནས་ནི། །དྲག་པོས་དགྲ་བགེགས་ཚར་བཅད་ནས། །སྐུ་གསུམ་དག་པར་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་གིས་ཡི་དམ་གཤིན་རྗེ་གཤེད་རྫུས་སྐྱེས་སུ་སྐུ་མདོག་དམར་པོ་རྒྱན་མེད་པ་དམར་ཧྲང་ངེ་བ། གཡས་ལྕགས་ཀྱུ་དང་གཡོན་ཐོ་བ་ཐོགས་པ་གཅིག་ཏུ་བསམ་ལ། མདུན་དུ་གཏོར་མ་ཡང་སྐད་ཅིག་གིས་དུར་ཁྲོད་མེ་རླུང་འཚུབས་པའི་ཕོ་བྲང་གི་དབུས་སུ། ཡཿལས་གཤིན་རྗེ་དམར་པོ་རྒྱན་མེད་པ་དམར་ཧྲིང་ངེ་བ་ཞབས་འདོར་ཐབས་སུ་བསྒྲད་པ་འཇིགས་སུ་རུང་བ། གཡས་ལྕགས་ཀྱུ་གཡོན་ལྕགས་ཀྱི་ཐོ་བ་ཐོགས་པ། རལ་པ་ཕྱེད་ཡར་བརྫེས་ཤིང་ཕྱེད་མར་བཤལ་བ། འཁོར་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་ནས། གཤིན་རྗེ་དམར་པོའི་ལྷ་ཚོགས་རྒྱ་ཁྲ་གཟན་ལ་ཞུགས་པ་ལྟར་སྐད་ཅིག་གིས་སྤྱན་དྲངས་པར་བསམ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས། །བསྟན་པ་གཉན་ལ་དགྲ་དར་ན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །ཨོཾ་ཤྲཱི་ཡ་མཱནྟ་ཀ་བཛྲ་ས་མ་ཡ་ཛ་ཛཿ ཕཻཾ་ཕཻཾ། ཧཱུྃ། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །དགྲ་བགེགས་བྱད་མ་བསྒྲལ་པའི་སྟེང་། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ཧཱུྃ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཆོས་སྐུ་སྤྲོས་བྲལ་ལོངས་སྤྱོད་རྫོགས་སྐུར་སྟོན། །སྤྲུལ་སྐུ་མངོན་སྤྱོད་དྲག་པོའི་ལས་མཛད་པ། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨོཾ་ཡ་མཱནྟ་ཀ་ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་གཏོར་བྱིན་གྱིས་བརླབ་ཅིང་གཏོར་མ་འབུལ་བ་ནི། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཀེཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཿལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །གསུར་ཆེན་ཀྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། དགྲ་བགེགས་བྱད་མའི་ཤ་ཁྲག་རུས་གསུམ་ནམ་མཁའ་དང་མཉམ་པའི་ཞལ་ཟས། ཐོད་རྔ་རྐང་གླིང་གི་རོལ་མོ། བདུད་རྩི་སྨན་རཀ་གཏོར་གསུམ་སོགས་སྣང་སྲིད་གང་བ་ལྟར་གྱུར། ཨེ་ཀ་ཧཱུྃ། ཨོཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱཱ༴ ཤབྡ༴ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཐཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཐཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་བཱ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཐཱཿ ཧཱུྃ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །འཁོར་དང་བཅས་ལ་མཆོད་པ་འབུལ་བ་ནི། །རཀྟ་དམར་གྱི་ཨརྒྷཾ་རྦ་ཀློང་འཁྲུགས། །དགྲ་བགེགས་དབང་པོ་རྣམ་ལྔའི་མེ་ཏོག་དང་། །ཤ་ཆེན་བསྲེགས་པའི་བདུག་སྤོས་སྤྲིན་ལྟར་འཁྲིགས། །ཞུན་ཆེན་མར་མེ་ཉི་ཟླ་ལྟ་བུར་གསལ། །མཁྲིས་པའི་དྲི་ཆབ་རྒྱ་མཚོ་ཆེན་པོར་བསྐྱིལ། །ཤ་ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུངས། །རྐང་གླིང་ཐོད་པའི་རྔ་སྒྲ་འབྲུག་སྒྲ་སྒྲོག །དུང་ཆེན་ནང་དུ་བདུད་རྩི་ཁོལ་ཞིང་འཁྱིལ། །ཆོས་འབྱུང་དབྱིངས་སུ་རཀྟ་ཁོལ་ཞིང་ལུད། །བྷནྡྷའི་གཞོང་པར་རོ་བདའི་གཏོར་ཚོགས་བཤམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཤིང་། །ཕྱི་ནང་གསང་གསུམ་དགྱེས་པའི་མཆོད་པ་རྣམས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་ལོ་བཞེས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ནས་ཤབྡའི་བར་འགྲེས་སོ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་འབུལ། དེ་ནས་བསྟོད་བསྐུལ་ནི། ཧཱུྃ་ཨེ་ཀ་བྷྱོཿ མཉམ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིར། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དམར་པོའི་སྐུ། །མངོན་སྤྱོད་དྲག་པོའི་ལས་མཛད་ཁྱེད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་བསྒྲད། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རྣོན་པོ་གཙིགས། །ཞབས་གཉིས་འདོར་སྟབས་གཅེར་བུ་དབང་གི་མདོག །འབར་བའི་རལ་པ་གྱེན་ཐུར་གཡོ་ལ་འདུད། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་བྱད་མ་འགུགས། །ཕྱག་གཡོན་ཐོ་བས་བསྣུན་ཏེ་ཐལ་བར་མཛད། །ཧ་ཧའི་གད་མོས་སྡེ་བརྒྱད་ལས་ལ་འགྱེད། །གཏུམ་ཆེན་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ལས་བྱེད་ཕོ་ཉ་ཕོ་ཚོགས་གཡས་ནས་རྒྱུག །ལས་བྱེད་མ་ཚོགས་ཕོ་ཉ་གཡོན་ནས་རྒྱུག །ལྕགས་ཀྱུ་ཞགས་པས་དགྲ་བགེགས་འཆིང་ཞིང་འགུགས། །འཁོར་གྱི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས། །གསོད་གཅོད་ལས་ལ་བརྩོན་ཞིང་ཕྱོགས་བཅུར་རྒྱུག །བསྟན་དགྲ་དགྲ་བགེགས་བྱད་མ་རྡུལ་དུ་རློག །མཐུ་སྟོབས་སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཅིང་བཤགས་པ་བྱ་བ་ནི། བླ་མ་འཇམ་དཔལ་ལྷ་ཚོགས་དགོངས་སུ་གསོལ། །བདག་གིས་སྡིག་པའི་ལས་རྣམས་ཅི་བགྱིས་པ། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་སོགས། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །དེ་ནས་སྔགས་བཟླ་བ་ནི། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་བྱས་ན་རུང་། རང་ཉིད་གཤིན་རྗེ་གཤེད་ཀྱི་ཐུགས་ཀར་ཉི་མའི་གདན་ལ་ཡ་ཡིག་དམར་ནག་གི་མཐའ་སྐོར་དུ་ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཛཿ ཞེས་པའི་སྔགས་ཀྱི་ཕྲེང་བའི་འཁོར་ལོ་འཁོར་བ་ལས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་ནས་གཤིན་རྗེ་དམར་པོའི་ལྷ་ཚོགས་བྱ་ཁྲ་གཟན་ལ་ཞུགས་པ་ལྟར་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསམ། ཞེས་བསྙེན་སྒྲུབ་ཅི་འགྲུབ་བཟླ་འོ། །ཟློག་པའི་སྔགས་ནི། ཨོཾ་ཀིང་ཀང་ཐུཾ་རིལ་ནྲི་མྱོགས་སྒྲིབས་ དགྲ་བོའི་ཝཱ་ཀ་སཏྭཾ་བྷ་ཡ་ནན༔ བིག་ནན༔ དགྲ་ཐུམ་དེ་ཤོ་དེ་ཤཾ་བྱུར་བྲུབས༔ བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལམ་ལམ་ཧཱུྃ་ལམ་ཐུམ་ལམ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ བརྒྱ་ཚར་རེ་བཟླས་ནས་གོང་གི་དམོད་མོ་བརྗོད། ཐུན་ལ་སྔགས། ཁུག་པའི་རྟགས་ནི། བཙོན་གཟུང་བ། ལིངས་འགྱེད་པ། དགྲ་བོ་དངོས་སུ་གཟུང་བ་བྱུང་ན་སྔགས་དང་སྔགས་རིང་སྦྲེལ་ནས་བཟླས་པར་བྱའོ། །སྐབས་སུ་ཐུན་བར་དུ་ཚོགས་འདོད་ཡོན་བཤམས་ལ་བསང་སྦྱང་བྱ་ཞིང་། ཨོཾ་སྭ་བྷཱ་ཝ་སོགས་ནས། སྟོང་པའི་ངང་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་མཆོད་པ་ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་དུ་བྱིན་བརླབས་ལ། ཧཱུྃ། རང་བྱུང་ལྷུན་གྲུབ་ཤ་ལྔ་བདུད་རྩི་ལྔ། །ཡེ་ནས་རང་བྱུང་ཆེན་པོ་ཡིན་པ་ལ། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས་བྱུང་བས། །ཡེ་ཤེས་བདུད་རྩི་ཆེན་པོར་བྱིན་བརླབས་ནས། །འདོད་ཡོན་ལྔ་ཡི་ཚོགས་མཆོད་དམ་པ་འདི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་ལ་འབུལ། །དམ་ཚིག་སྐོངས་ལ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་གྷ་ཎ་ཙཀྲ་ལ་ཁཱ་ཧི། དེ་ནས་ལིངྒ་དབང་པོ་དག་ཁྲག་གིས་སྦགས་ཤིང་སླང་ངའི་ནང་དུ་བཤམ། རེ་བའམ་སྣམ་ནག་གི་འགེབ་བྱས་ལ། རང་ཉིད་སྐད་ཅིག་རྫུས་སྐྱེས་གཤིན་རྗེ་དམར་པོར་གསལ་བའི་ངང་ནས། དེ་ནས་ལིང་ཁྲུས་ནི། ཨོཾ་མ་མ་ཀ་བྱ་ཡེ་ཧཱུྃ། འཆང་བ་པོ་ལ་ཧཱུྃ། མ་མ་ཀ་བྱ་ཡེ་སྭཱ་ཧཱ། གསུམ་བརྗོད། བྲུབ་ཁུང་བསྐྱེད་པ་ནི། ཨེ་རམ། ཞེས་བརྗོད་པས། བྲུབ་ཁུང་གྲུ་གསུམ་ལྕགས་ཁང་སུམ་བརྩེགས། ཁ་དོག་པ་གཏིང་ཡངས་པ་ནང་ནས་ཞེ་སྡང་གི་མེ་འབར་བ། ཕྱི་གཏི་མུག་གི་མུན་ནག་འཐིབ་པ། བདུད་ཀྱི་ཕོ་ཉའི་བཙོན་ཁང་། གཤིན་རྗེའི་ཕོ་བྲང་། ཤན་པའི་གྲོང་ཁྱེར། ཚེ་སྲོག་སྲེག་པའི་མེ་དཔུང་། སྤུ་གྲི་མཚོན་ཆ་མང་པོའི་འདུ་འཕྲོ་གོ་མཚམས་མེད་པར་འཁོར་བའི་དབུས་སུ། དགྲ་བགེགས་ནྲི་ཏྲི་ལས་ཧང་ཞིང་རིད་པ། མིག་ནས་མཆི་མ་འཛག་པ། མྱ་ངན་གྱི་འོ་དོད་འབོད་པ། སྐྲ་གཟིང་པ། ལག་གཉིས་བྲང་ལ་སྦྱར་བ། རྐང་པ་གཉིས་བསྣོལ་པ་གཅིག་ཏུ་བསམ་ལ། བདེན་སྟོབས་བརྗོད་པ་ནི། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ་སོགས་ཏེ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་འཁོར་དང་བཅས་པའི་བཀའ༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བཀའ༴ རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྣལ་འབྱོར་པ་བདག་གི་བསམ་པ་རྣམ་པར་དག་པའི་བྱིན་རླབས་ཀྱིས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ནས་མི་ཁ་གླེང་གཞི་བསམ་ངན་སྦྱོར་རྩུབ་གཤོམ་པའི་དགྲ་འདྲེ་གྱོད་གསུམ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་འདི་ཡི་ནང་དུ་མིང་རུས་གཟུགས་སུ་བྲིས་པའི་ལིངྒ་འདི་ལ་ཁུག་ཅིག །ནྲི་ཤ་ཀུ་རུ་ནྲི་ཤ་ཀུ་རུ་ཁ་སོ་བ་ཏི་ཁ་སོ་བ་ཏི་མང་རུ་ཏི་མང་རུ་ཏི་ཡང་སེ་ཡང་སེ། མང་ཡཾ་མཾ་ཡཾ། སྙིང་ཚལ་པ་རྦད། བཾ་རྦད། དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་ཚེ་རྟེན་སྲོག་རྟེན་རྣམས་འདིར་མྱུར་དུ་ཁུག་ཅིག །ཨོཾ་བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཡུལ་འདིར་གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས་ཉོན་ཅིག །ཁྱེད་རྣམས་ལ་ཕུར་པའི་དབལ་རྩེ་མི་བསྟན། ཡུངས་དཀར་གྱི་རྦབ་མི་བསྒྲིལ། དྲག་པོ་ཐུན་གྱི་ཕོ་ཉ་མི་འགྱེད། གནོད་པའི་སྦྱོར་བ་གང་ཡང་མི་བྱེད་པས་རང་རང་གི་སར་འདུག་ཅིག །ཅེས་བརྗོད་པས། རང་ཉིད་གཤིན་རྗེ་གཤེད་ཀྱི་ཐུགས་ཀ་ནས་རང་འདྲའི་སྤྲུལ་པ་ཡང་སྤྲུལ་གྲངས་མེད་པ་འཕྲོས། དགྲ་བོའི་རྣམ་པར་ཤེས་པ་གར་ཡོད་གར་གནས་མཐོ་སྲིད་པའི་རྩེ་མོ། དམའ་ན་རག་དམྱལ་ཁམས་ཡན་ཆད། རི་རབ་ཀྱི་ལྕོག་བར། སྤྲིན་གྱི་གོ་བར། ས་བླ་ས་འོག་ས་སྟེང་གང་ན་ཡོད་ཀྱང་ལྕགས་ཀྱུས་སྙིང་ནས་གཟུང་། ཞགས་པས་མདུན་ནས་ཁྲིད། རྒྱབ་ནས་ཐོ་བས་དེད། རང་གི་མདུན་དུ་སླེབས་ཏེ་འཁོར་རྣམས་ཀྱིས་ཀླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཁོའི་ཁོག་པའི་ནང་གི་བཅུད་ཐམས་ཅད་སྐྱུགས་ནས་བདག་ལ་ཚུར་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། ཁོ་སྒྱེ་སྟོང་པ་བཞིན་དུ་འགོ་བའི་ལྷ་ལྔ་དང་བྲལ་ཏེ། མིག་ནག་ཀེམ་ཀེམ་སོང་ནས་བྲུབ་ཁུང་ནང་དུ་དམིགས་བྱ་དང་དབྱེར་མེད་དུ་ཐིམ་པར་བསམ། གཤིན་རྗེ་ཕོ་ཚོགས་ཐམས་ཅད་ཀྱིས་བྲུབ་ཁུང་གཡས་ནས་བསྐོར། མོ་ཚོགས་ཐམས་ཅད་ཀྱིས་གཡོན་ནས་བསྐོར། ཅིས་ཀྱང་འཆོར་བ་མེད་པར་བསམ། ལྷ་དབྱེའི་རྫས་ནི། གུ་གུལ། ཚིལ་ཆེན། ཁྱི་ལུད། ཡུགས་སའི་དོར་རྟ། མཛེ་ཕོའི་ལྷྭམ་ཚངས་རྣམས་ཀྱི་དུད་པས་རང་ལ་མ་ཤོར་བ་བྱས་ནས་ལིངྒ་ལ་བདུག །ཕོ་རོག་དང་འུག་པའི་སྒྲོས་ལིང་ག་གཡབ་ཅིང་། ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སངཀུ་ཏ་ཕཊཿ ཅེས་བརྗོད་པས། དགྲ་བོའི་ལྷ་རྣམས་སྲན་ཕུང་ལ་རྡོ་བརྒྱབ་པ་བཞིན་དུ་སོང་སྟེ། དགྲ་ལྷ་སྐྱབས་རྟེན་མེད་པར་བྱིའུ་ཕྲུག་ཐང་ལ་ལྷུང་བ་ལྟར་བསམ་ལ། རོལ་མོ་སྒྲོག་ཅིང་། ཧཱུྃ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་མགོ །རྟོག་མེད་ཟས་སུ་ཤ་ཟ་ཞིང་། ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །ལུས་དང་སྲུང་མ་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག །ཕ་དང་བུ་གཉིས་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །བང་ལྷ་མཛོད་ཚང་ནང་ནས་ཕྲོལ། །ཨ་ནྲི་ཏྲི་ཏྲག་རཀྵ་མཱ་ར་ཡ་ཕྱེ་མ་མ་དྲག་ཏུ་ཕྱེས། ཞེས་བགྱིས་པས་ཤིང་ཆེན་བསྒྱེལ་བ། བྲག་ཆེན་བཤིག་པ། སེམས་ཅན་རི་དྭགས་མང་པོ་བསད་པའམ་བཙོན་དུ་བཟུང་བ། མགོ་སྙིང་ཤ་ཁྲག་ལ་སོགས་རྨིས་ན་ནང་རྟགས་ཡིན་ནོ། །ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ དགྲ་བོ་མཱ་ར་ཡ་རྦད་སོད༔ ཅེས་བརྗོད་ཅིང་། ཐུན་རྣམས་ཕུར་པ་དང་མཚོན་ཆའི་ཆར་དུ་བབ་སྟེ་དགྲ་བོའི་ལུས་ངག་ཡིད་གསུམ་ཚལ་པ་དུམ་བུར་སོང་ནས། ལས་བྱེད་ཕོ་ཉ་རྣམས་ཀྱིས་ཁྲག་ཐིགས་ཙམ་ཡང་མ་ལུས་པར་ཟོས་པར་བསམ་མོ། །ཟན་གྱི་ལིངྒ་ཉ་བོ་བསྒྲལ་བ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས། ཧཱུྃ། དྲག་གཏུམ་རྔམས་པ་ཚོགས་ཀྱི་བདག །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །སངས་རྒྱས་བསྟན་བཤིག་རྣལ་འབྱོར་པའི། །སྒོས་དགྲ་ཡིད་ལ་བརྣགས་པ་འདི། །བདུན་རྒྱུད་རྩད་ནས་གཅད་པའི་ཕྱིར། །རྣོ་ངར་ལྡན་པའི་ཕུར་པ་བཏབ། །མཚོན་ཆའི་ཚོགས་ཀྱི་ཆར་ཕབ་ནས། །ལུས་ངག་ཡིད་གསུམ་དབང་པོ་རྣམས། །དུམ་བུར་གཏུབ་སྟེ་བསྒྲལ་བར་བྱ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་དགྲ་བགེགས་ཀྱི་སྙིང་སྲོག་ལ་མཱ་ར་ཡ་རྦད། ཅེས་བསྒྲལ་ལ། གཏོར་མར་བྲན་ལ། འཇམ་དཔལ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། ཞེས་འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་པས་ཧབ་སྒྲ་དང་བཅས་དིར་རི་རི་གསོལ་བར་བསམ་མོ། །དེ་ནས་ལྷག་གཏོར་གཏང་བ་ནི། ཧཱུྃ། འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ། །དབང་ཕྱུག་གིང་དང་ལང་ཀ་བཀའ་སྡོད་ཚོགས། །དྲེགས་པ་ཕོ་མོ་དམ་ཅན་ལྷག་སྡུད་རྣམས། །ལྷག་ལ་དབང་བའི་འབྱུང་པོ་གཏོར་ལེན་ཚོགས། །ཕ་འབབ་ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཨོཾ་བྷཻ་ར་མོ་ཨུ་ཙིཥྚ་བ་ལིནྟ་ཁཱ་ཧི། ཚོགས་ཐ་མའི་ཟན་གྱི་རཱུ་པ་ལ་བདེན་བདར་དང་འགུགས་གཞུག་བྱས་རྗེས་བསྒྲལ་ལས་བྱ་བ་མ་གཏོགས་གཞན་རྣམས་སུ་བྱ་མི་དགོས། ཤོག་ལིང་ལ་ཡིད་ཆེས་དང་ལྡན་པའི་འགུགས་གཞུག་ཡིད་མ་ཆེས་བར་དུ་བྱ། དེ་ནས་འགུགས་གཞུག་གི་དུས་ཚོད་ནི། ཉི་མ་གྲིབ་སོ་བྱུང་དུས་དང་། སྲོད་འཁོར། ཐོ་རངས། རི་མགོར་ཉི་མ་རྩེ་ཤར། ཉིན་གུང་མུན་རུབ་རྣམས་ལ་བྱའོ། །རྗེས་བསྐུལ་ནི། ཧཱུྃ་ཨེ་ཀ་བྷྱོཿ གཤིན་རྗེ་རོལ་པའི་དུར་ཁྲོད་དམ་པ་ནས། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་དང་། །གཤིན་རྗེ་ཕོ་མོ་ལྷ་སྲིན་སྡེ་བརྒྱད་དང་། །བཀའ་ཉན་ལས་བྱེད་ཚོགས་ཀྱིས་བསྐོར་བ་རྣམས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་སངས་རྒྱས་བསྟན་པའི་དོན་དུ་བསྐུལ། །མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །བསྟན་པའི་དགྲ་བོ་ཞིང་བཅུ་ཚང་བ་འདི། །ས་སྟེང་འདི་རུ་བཞག་ན་བསྟན་པ་འཇིག །དེ་བས་སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །རང་རང་ཁས་བླངས་དམ་བཅས་ཇི་བཞིན་དུ། །དགྲ་བགེགས་བྱད་མ་ཐལ་བ་རྡུལ་དུ་རློགས། །དགྲ་ཡུལ་སད་དང་སེར་བ་ནད་ཡམས་ཐོངས། །མཚོན་འཁྲུག་གྲི་རྒོད་དྲག་པོ་དགྲ་ལ་ཐོངས། །ཉེ་བ་དྲུང་གསུམ་དགྲར་ལངས་ཕུང་དུ་ཆུག །མཁར་དང་གྲོང་ཁྱེར་ཆོམས་ལ་སེམས་རུལ་ཆོས། །ནོར་རྫས་དཀོར་ཆ་ཐམས་ཅད་མེད་པར་མཛོད། །སྡང་བའི་དགྲ་བོ་འཁོར་དང་བཅས་པ་རྣམས། །འཆི་བདག་གཤིན་རྗེ་ནག་པོའི་ཁ་རུ་ཐོབས། །མིང་ཙམ་མེད་པ་ཐལ་བ་བཞིན་དུ་མཛོད། །ཡ་མ་རཱ་ཙ་སརྦ་དགྲ་བོའི་སྟེང་དུ་བྷྱོ་བྷྱོཿ ཞེས་བསྐུལ་ཞིང་བསད་ནས་ལྷོ་ཕྱོགས་སུ་དུག་ཤིང་ལ་ཧོམ་ཁུང་གྲུ་གསུམ་བརྩིགས་ལ། མེ་ནང་དུ་གཤིན་རྗེ་འཁོར་དང་བཅས་པ་བསྐྱེད་ལ་གཞུང་ལྟར་སྤྱན་དྲངས་མཆོད་བསྟོད་བྱས་རྗེས་ལ། ཧཱུྃ་ཨེ་ཀ་བྷྱོཿ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །འཁོར་དང་བཅས་པ་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །ཡུལ་འཁོར་ཙམ་གྱིས་ལྗགས་རྐྱོངས་ལ། །དགྲ་བགེགས་བྱད་མ་འཁོར་བཅས་ཀྱི། །ལུས་སེམས་ཕྲོལ་ལ་ལས་མཐའ་སྟུངས། །ཤ་ཁྲག་རུས་གསུམ་བཅས་པ་རྣམས། །ཞལ་དུ་རོལ་ཅིག་ཁ་རཾ་ཁཱ་ཧི། །དབྱིངས་སུ་སྒྲོལ་ཅིག་ས་མ་ཡ། །བཅོལ་པའི་ཕྲིན་ལས་འདི་མཛོད་ཅིག །མིང་ཙམ་མེད་པར་རྡུལ་དུ་རློགས། །མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཅེས་ལིང་ག་བསྲེགས་ལ་ཐལ་བ་མཆོད་རྟེན་འོག་གམ་ཟམ་སྔས་སུ་མནན་ལ། གཏོར་མ་བསྐུལ་པ་དང་བཅས་ཏེ་དགྲ་ཕྱོགས་སུ་འཕང་། གནན་པ་བྱ་ན། ཕག་ཐོད་དམ་གླང་རུ་མེས་མ་ཕོག་པ་བརྡར་ཡག་བྱས་ནས་ནང་དུ་བཅུག །ཁར་ཐུན་རྫས་བླུགས། དེའི་ཁར་མི་ཁའི་རྫས་ཀྱིས་བཀང་། རེ་བས་བཏུམས། ཚོན་སྐུད་ཀྱིས་བཅིངས་ལ་རྡོ་རྗེ་རྒྱ་གྲམ་མམ་ཕུར་པས་ཁ་ཐེལ་རྒྱག །རྩང་བཅུ་གཉིས་ཀུ་རུ་ཁ་གཟེར་ལ་གང་ལ་བསྐྱུར་ཀྱང་ས་རྗེན་ལ་མི་རེག་པར་བྱ། གནན་སྣོད་དུ་འཇུག་གདོང་དུ་བྲུབ་ཁུང་ནང་ནས་ལིངྒ་བཏོན་ལ། སླར་ཡང་འགུགས་གཞུག་བདེན་བདར་བྱས་ལ། རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ལག་པ་གཡས་གཡོན་གྱི་ལིངྒ་སླང་ང་དང་བཅས་པ་བསྐོར་ཞིང་། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞེས་པའི་དམོད་མོ་བརྗོད་ལ་ཐུན་གྱིས་བྲབ། དེ་ནས་གླང་རུ་སོགས་སུ་གོང་དུ་བསྟན་པ་བཞིན་དུ་བཅུག་ལ་ཕད་བུ་ནག་པོའི་ནང་དུ་བཅུག །སྒྱེའུ་པུས་མོ་ཡན་མཐོ་བར་མི་ཁྱེར་བར་གང་ལ་གནན་ས་དེར། གསེར་སྐྱེམས་དང་བདེན་པ་བདར། གཙོད་རུས་ཐོག་མར་རི་མོ་གྲུ་གསུམ་བྲིས་ཤིང་བྲུས་ལ། དེ་ནས་འཇོར་སོགས་གང་བྱེད་ཀྱིས་དོང་གྲུ་གསུམ་བྲུས་ལ། རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཕྱག་གཡས་དགྲ་སཏྭ་ས་ལ་བརྒྱབས་པས་ས་དེ་གས། གཉིས་སུ་སོང་ནས་མཐའི་རྒྱ་མཚོ་སྔོ་མེ་རེ་བ་དོང་དུ་མཐོང་བར་བསམ་ལ། དེའི་ནང་དུ་ཀླུ་བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན་ཡར་ལངས་ནས་ཁ་གནམ་ས་ཙམ་བསྒྲད། མིག་ཉི་ཟླ་ཙམ་ཉིན་མཚན་མེད་པ་གསལ་བ། མཆེ་བ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུགས་པ། དེའི་ཁ་ནང་དུ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཚུད་པར་བསྒོམ། འོག་གི་ས་བདག་ཀླུ་གཉན་ཐམས་ཅད་དགའ་ནས། ས་བདག་ཕྲུ་གུ་ཐམས་ཅད་ཙི་དིར་རི་རི་ཡོད་པར་བསམ། དགྲ་བོའི་མི་ནོར་ཐམས་ཅད་བསྐལ་པ་མ་སྟོངས་ཀྱི་བར་དུ་འཆོར་བ་མེད་པའི་དམིགས་པ་དྲག་པོ་བསྐྱེད། དེ་ནས་ཆུ་སྲིན་ཁ་འཐམ་ནས་ཉི་ཟླ་གཟས་ཟིན་པ་བཞིན་དུ་མུན་ནག་ཏུ་རུམ་གྱིས་སོང་བས་ཐར་མེད་དུ་སླར་སོང་བར་དམིགས། དེ་ཡི་སྟེང་དུ་མེ་ཆུ་གོ་ལྡོག་གི་དམིགས་པ་བྱ། འབྱུང་བ་རིམ་བརྩེགས་བྱ། དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་དང་རྒྱབ་ཏུ་རི་གླིང་བྲིས་པས་ཁ་བཅད། དགྲ་བོ་བྱད་མ་འདི་ཉིད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་མི་ཚུད་པར་གྱུར་ཅིག །ཅེས་དམོད་མོ་གདབ། བསྐུལ་པ་དང་བཅས་ཏེ་གཏོར་མ་དེ་ཁོའི་སྟེང་དུ་གདབ་ལ། གཏོར་བྲོ་བརྡུང་། དེ་ནས་དམིགས་མེད་ངང་དུ་བཞག་གོ། །། ༈ དགྲ་གནན་གྱི་ཞལ་ཤེས་ནི། ལིངྒ་བྲི་བའི་དུས་ས་བདག་ཟིན་ཕུང་། གཟའ་བདུད་རྒྱུ་དུས་དེའི་ཕྱོགས་སུ་ཁ་བལྟས་ལིངྒ་དུག་ཁྲག་གིས་བྲི། ཚུར་ལོག་ནས་སྲུང་འཁོར་བསྒོམ། ཐུན་རྫས་ལ་ཡུངས་དཀར་ནག །རི་ཆེན་པོའི་རྦབ་རྡོ། །ཚྭ་དང་གཡེར་མ་རྣམས་ལ་བྱའོ། །གནན་པ་བྱེད་དུས་གཟའ་རྒྱུ་བ་དང་བསྟུན་པ་གལ་ཆེ་འོ། །སྲོག་ལས་བྱེད་ན་ཟླ་གཅིག་བསྒྲུབ། གནན་པའི་དུས་དགྲ་བོའི་ཟ་ཐོག་ལོ་ཐོག་དང་བསྟུན་པ་གལ་ཆེ་འོ། །གནན་པ་ཞག་བདུན་བསྒྲུབས་ན་ལོ་གསུམ་ཚུན་ཆད་དགྲ་མེད་པར་ཐག་ཆོད་དོ། །ཕ་རོལ་བྱད་མ་བླ་མ་ཡིན་ན་བྱ་རྒོད་ཐོད་པ། དགེ་སློང་ཡིན་ན་ངང་པའི་ཐོད་པ། སྔགས་པ་ལ་བྱ་རོག་ཐོད་པ། བོན་པོ་ལ་སྤྱང་ཟན་ནམ་འུག་པའི་ཐོད་པ། མི་དཔོན་ལ་གླང་ཐོད་དམ་གླང་རུ། མི་སྐྱ་ལ་ཕག་ཐོད་དམ་གླང་རུ། བུད་མེད་ལ་ར་ཐོད། འབྱུང་པོ་ལ་ཕག་ཐོད་བྱའོ། །གླང་རུ་མེ་དང་ཆུ་མ་ཕོག་པ་ཤིན་ཏུ་ལེགས། ལིངྒ་ཡུགས་སྐྲས་བཅིང་། མ་རྙེད་ན་བལ་ཚོན་གྱི་སྐུད་པས་བཅིང་། རབ་དགྲའི་ཟག་རྫས་ཆུ་སོགས་རྙེད་ན་ལིངྒ་ལ་བྱུགས། དགྲ་གང་ཡོད་ཀྱི་ལིང་ག་བྲིས་པས་ཆོག །ལུགས་གཅིག་ལ་མིང་རུས་མ་རྙེད་ན་དཔྲལ་བར་ཛཿབྲི་བ་ཞལ་ཤེས་ཡིན། གཤིན་རྗེ་རླུང་སྒྲུབ་དམར་ཆུང་ཁྱད་པར་ཅན་ཤིན་ཏུ་ཡིད་ཆེས་པ་ཡིན་ནོ། །འདི་ཞལ་གདམས་སྙན་བརྒྱུད་སོགས་ཀྱིས་ཁ་བསྐངས་ཡོད་པས་ཀུན་ལ་མི་སྤེལ་མན་ངག་གཞུང་ནས་གསལ། གོང་གི་རྫས་གསོག་པའི་རྗེས་ལ་ཝ་ཁྱི་ཕག་ཐོད་གང་རྙེད་གྲིས་བརྡར་ཡག་བྱས་ལ། དཔྲལ་བར་རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། བྱིས་པའི་ཆུང་སྲི་ནན། འགྲམ་པ་གཡས་ལ་ཕོའི་ཕོ་སྲི་ནན། གཡོན་ལ་མོའི་མོ་སྲི་ནན་བྱ་བ་བྲི། ཐོད་པ་ལ་བལ་ཚོན་སྣ་ལྔས་ཕྱིན་ཀ་ལོག་ལ་དཀྲིས། ཁ་ཐུར་དུ་བསྟན། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དམོད་བཅོལ་ངན་པ་རྣམས་བརྗོད། དགྲ་ཐུབ་པའི་རྟགས་ནི། རྫོང་གཟུང་བ། གོ་ཁྲབ་གྱོན་པ། མཚོན་ཐོགས་པ། ཆོ་ལོ་མིག་མང་རིས་རང་རྒྱལ་ཁ་ཐོབ་རྟགས་ཡིན། ཡ་མ་རཱ་ཛའི་བླ་འགུགས་དུས་བཞིར་བྱའོ། །གཞན་ཡང་ཆོས་སྐྱོང་གི་ཕྲིན་ལས་རྒྱབ་རྟེན་དུ་བྱའོ། །བྲུབ་ཁུང་གཏོར་མ་གཏོར་ཆས་སོགས་དང་ལིངྒའི་དཔེའུ་ཆུང་ཟུར་དུ་ཚོལ། ལས་གྲུབ་ནས་གཏང་རག་མཆོད་པ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་ཞིང་རྗེས་སྤྱོད་ཞི་ཁྲོའི་གཞུང་ལྟར་བྱའོ། །ཞེས་པ་དགྲ་གནན་གཤིན་རྗེ་རླུང་སྒྲུབ་གཞུང་དཀྱུས་མ་ནས། ཡི་དམ་ཆོས་སྐྱོང་ལ་རྒྱབ་རྟེན་བཅོལ་ལོ་ཞེས་པ་ལས་མི་འདུག །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བའི་དོན་དུ། ཆོ་གའི་ལས་འགྲིགས་ཕྱག་ལེན་གསལ་བ་ཞལ་ཤེས་དང་བཅས་པ་བཀོད་པ་འདི་འབྲུག་པ་ཞབས་དྲུང་མི་ཕམ་ཆོས་ཀྱི་རྒྱལ་པོས་བཀས་བསྐུལ་བ་ལས། འཇམ་དཔལ་གཤིན་རྗེའི་སྐོར་མཐའ་དག་ལ་མོས་པ་ལམ་དུ་བྱེད་པའི་ཤཱཀྱའི་སྔགས་འཆང་རྫོགས་ཆེན་པ་གར་གྱི་དབང་ཕྱུག་གིས། དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ། དཔལ་ར་ལུང་མཐིལ་པའི་གཟིམ་ཆུང་གཞན་འཕྲུལ་དབང་བྱེད་དུ་སྦྱར་པའི་ཡི་གེ་པ་ནི་འཚོ་བྱེད་བློ་གྲོས་བཟང་པོས་བགྱིས་པའོ། །འདིས་ཀྱང་བསྟན་པ་ལ་གནོད་པའི་ཞིང་བཅུ་ཚར་བཅད་ནས། མདོ་སྔགས་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ།། །། འདིའི་མ་དཔེ་མ་དག་ཆེ་ཞིང་བསྡུར་གཞི་གཞན་མ་རྙེད་པ་དཔེ་དག་པ་རྙེད་ན་བསྡུར་དགོས་པ་ཡོད།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཏོར་དབང་གི་མཚམས་སྦྱོར་ངག་འདོན་བདུད་རྩིའི་ཉིང་ཁུ་ (Volume 24, Text 21)

༄༅། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཏོར་དབང་གི་མཚམས་སྦྱོར་ངག་འདོན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨ་ལོ་ཀེ་ཤྭ་ར་ཡ། གར་གྱི་དབང་ཕྱུག་ཐུགས་རྗེའི་གཏེར། །དཀྱིལ་འཁོར་ལྷ་ལ་གུས་བཏུད་ནས། །བྱིན་རླབས་གཏོར་མའི་དབང་བསྐུར་གྱི། །ལག་ལེན་བདུད་རྩིའི་ཉིང་ཁུ་འགོད། །འདིར་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྙིང་པོ་དོན་གྱི་གཏོར་དབང་བསྐུར་ཚུལ་ལ་གསུམ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ནི། སྔོན་ནས་སྦྱངས་པ་དང་ལྡན་པའི་ལས་ཀྱི་འཕྲོ་སད་པའི་དབང་རྣོན་ཐུན་མོང་མིན་པ་དག་ཟབ་མོའི་མན་ངག་དོན་དུ་གཉེར་བ་ལ། སྙིང་པོ་དོན་གྱི་དབང་འདིས་སྨིན་པར་བྱས་པས་ཀྱང་རང་དོན་དུ་གདམས་པ་ཟབ་མོ་ཉམས་སུ་ལེན་པར་དབང་ཞིང་། དེ་ཡང་རྩ་དཀྱིལ་རྒྱས་པ་དང་འབྲེལ་བའམ། འདི་ཉིད་ཟུར་དུ་བྱེད་པ་གང་གི་ཚེ་ཡིན་ཡང་འདྲ་སྟེ། སྟེགས་བུ་གྲུ་བཞི་ཁྲུ་གང་པ་ཁེབས་ལྡན་ལ་མེ་ཏོག་དམར་པོའི་ཚོམ་བུ་བཀོད། དེའི་དབུས་སུ་མཉྫིའི་སྟེང་ཐོད་པའམ་རིན་པོ་ཆེའི་སྣོད་དུ་བདུད་རྩི་སྨན་དང་སྤོད་ཀྱིས་བྲན་པའི་གཏོར་མ་རི་རབ་བང་རིམ་བཞི་པའི་སྟེང་ཕྱོགས་བཞིར་པད་འདབ་ཁ་ཕྱིར་བསྟན་གྱེན་ལངས་བཞི་དང་། མཚམས་བཞིར་མཐེབ་སྐྱུ་རིལ་བུ་དང་བཅས་པ་རེ་རེས་རྩ་བ་བསྐོར་བའི་དཔལ་གཏོར་དམར་པོ་རྒྱན་ལྡན་ལ། སྐུ་ཙཀ་དང་དར་དམར་གྱི་གུར་ཕུབ་པ་བཞག །གཞན་ཡང་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམ། རྩ་དབང་དང་འབྲེལ་བ་ཡིན་ན་བསྒོམ་གཞི་རྒྱ་ཆེ་ཆུང་ཙམ་ལས་བསྒོམ་དོན་ལ་དབྱེ་བ་མེད་པས་སྒྲུབ་མཆོད་ཟུར་དུ་མི་དགོས་ཤིང་། གཏོར་དབང་ཁེར་རྐྱང་འདི་ཉིད་ཟུར་དུ་བསྐུར་ཚེ། ལས་བྱང་གི་གཞུང་བསྲངས་ནས་གཏོར་མ་ལྷར་བསྐྱེད། མཆོད་བསྟོད་ཛཔ྄་སོགས་རྫོགས་པར་བྱས་ལ་ཚོགས་མཆོད་འབུལ། དེ་ནས་སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ནས། ཆོས་བཤད་ཅི་རིགས་པ་སྔོན་དུ་བཏང་ནས། དེ་ཡང་དབང་ཆོག་རྩ་བར། སྐལ་ལྡན་སྨིན་བྱེད་མྱུར་ལམ་སྙིང་པོའི་བཅུད༔ བྱིན་རླབས་གཏོར་མའི་དབང་བསྐུར་བསྟན་པར་བྱ༔ ཞེས་གསུངས་པ་བཞིན་དུ། སྐལ་པ་དང་ལྡན་པའི་གང་ཟག་ཟབ་མོའི་དོན་ལ་བློ་མཆོག་ཏུ་གཞོལ་བའི་དབང་རྣོན་ཐུན་མོང་མ་ཡིན་པ་དག །བསྐྱེད་རྫོགས་ཀྱི་མན་ངག་ཟབ་མོ་དོན་དུ་གཉེར་ནས་ཉམས་ལེན་ལ་དབང་བར་བྱེད་པའི་བྱིན་རླབས་སྙིང་པོ་དོན་གྱི་གཏོར་དབང་འདི་ཉིད་སྐུར་བར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ནས། སློབ་མའི་བྱ་བ་མཎྜལ་ཕུལ། ཞེས་པ་ལྟ་བུས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་རྡོ་རྗེ་སློབ་དཔོན་ཉིད་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སོགས་ལན་གསུམ་གྱིས་སྐྱབས་སུ་འགྲོ། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རྒྱུ་མི་དགེ་བ་ལས་འབྲས་བུ་རིགས་དྲུག་སོ་སོའི་སྡུག་བསྔལ་ལ་རྟག་པར་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་བས་ལམ་འདི་ལ་བརྟེན་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ སོགས་ལན་གསུམ་གྱིས་སེམས་བསྐྱེད་བྱ། དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ཡིན་པས། སློབ་མ་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་གནད་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མ་ལ་ཕོག་པས་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོ་ཞི་ཁྲོ་གང་རུང་དུ་བསྐྱེད་པའི་སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་བྱུང་བ་བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གིས་གང་བས་བདེ་བ་བཟོད་མེད་དུ་འབར་བར་བསམ་ཞིང་རྩ་སྔགས་ཀྱི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླ་ཞིང་རོལ་མོ་སྣ་ཚོགས་སྒྲོག །བདུད་རྩི་ལྔ་བྱི་ལའི་བྲུན་བུད་མེད་ཀྱི་འདོམ་རས་གུ་གུལ་རྣམས་བསྲེགས་པས་བྱིན་དབབ། ཕེབས་རྟགས་བྱུང་ནས། བྱིན་ཕབ་པའི་ཡེ་ཤེས་པ་རྣམས་སློབ་མའི་རྒྱུད་ལ་རོ་གཅིག་ཏུ་བརྟན་པར་མོས་ནས་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་། ཏིཥྛ་བཛྲཿ ཞེས་བརྟན་པར་བྱའོ། །འདི་ཡན་ཆད་རྩ་དབང་དང་སྦྲེལ་ནས་བསྐུར་བའི་ཚེ་ན་ཟུར་དུ་བྱེད་མི་དགོས་སོ། །གཉིས་པ་དངོས་གཞི་ནི། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་གཤེགས་ཀུན་འདུས་སྤྱན་རས་གཟིགས༔ ཐུགས་རྗེའི་གཏེར་ཆེན་བདག་ལ་དགོངས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ སྣང་སྟོང་བདེ་ཆེན་སྦར་དུ་གསོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ གྲགས་སྟོང་ནུས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ༔ མི་རྟོག་ཡེ་ཤེས་བསྐྱེད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་དབང་བསྐུར་བ་དངོས་ནི། གཏོར་སྣོད་རང་བྱུང་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཆེན་པོར་གྱུར་པའི་ནང་ན་གཏོར་རྫས་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོ་བཞིན་དུ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ལུས་ནང་ཐམས་ཅད་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་གང་བས་ལུས་གདོས་བཅས་སུ་སྣང་བ་དག་ནས་འཆི་མེད་དྭངས་མའི་ལུས་སུ་གྱུར། ངག་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་སུ་ལྷུན་གྱིས་གྲུབ། ཡིད་གཉིས་ཆོས་སུ་འཛིན་པའི་རྟོག་པ་རྒྱུན་ཆད་དེ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ། ཧཱུྃ༔ གཏོར་སྣོད་རང་བྱུང་གཞལ་ཡས་ཁང༔ གཏོར་མ་བདེ་གཤེགས་ཐུགས་རྗེའི་ལྷ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ བྱིན་རླབས་དངོས་གྲུབ་ཆར་དུ་འབེབ༔ མ་གཡེལ་ཐུགས་རྗེས་བརྩེར་དགོངས་ནས༔ སྐལ་ལྡན་ལུས་ངག་ཡིད་གསུམ་ལ༔ བྱིན་རླབས་དབང་ཆེན་བསྐུར་དུ་གསོལ༔ ལུས་ནི་སྣང་སྟོང་འོད་སྐུར་དག༔ ངག་ནི་གཞོམ་མེད་རང་སྒྲར་ཡལ༔ སེམས་ནི་བདེ་ཆེན་ཆོས་སྐུར་གྲོལ༔ བདེ་གཤེགས་ཐུགས་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ རྩ་སྔགས་མཐར། བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་གཏོར་མ་སློབ་མའི་གནས་གསུམ་དུ་བཞག །མཐར་གཏོར་མའི་ལྷ་ཐམས་ཅད་སློབ་མ་ལ་དབྱེར་མེད་དུ་ཐིམ་པར་བསམ། ལྷ་འོད་དུ་ཞུ་བའི་གཏོར་རྫས་དངོས་གྲུབ་ཏུ་སྦྱིན་ཞིང་སློབ་མས་ལོངས་སྤྱད་ལ། སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དོ། །གསུམ་པ་རྗེས་ནི། དེ་ལྟར་དབང་བསྐུར་པ་ལ་བརྟེན་ནས་བྱིན་རླབས་ཀྱི་དྲོད་ཚད་རྣམ་པ་གསུམ་འབྱུང་སྟེ། དེ་ལྟར་དབང་བསྐུར་ཡོན་ཏན་གྱི༔ བྱིན་རླབས་མཚན་མ་དང་པོ་ནི༔ རྩོལ་མེད་མོས་གུས་རྒྱུད་ལ་སྐྱེ༔ བྱིན་རླབས་མཚན་མ་གཉིས་པ་ནི༔ གར་གཏད་དམིགས་པ་གསལ་ཞིང་བརྟན༔ བྱིན་རླབས་མཚན་མ་གསུམ་པ་ནི༔ རང་བྱུང་ཡེ་ཤེས་རྟོགས་པ་འཆར༔ ཞེས་པ་ལྟར་བྱིན་རླབས་མཚན་མ་དེ་དག་དངོས་སམ་རྗེས་མཐུན་གང་རུང་དུ་རྒྱུད་ལ་སྐྱེ་བ་ཡིན་ནོ། །དེ་དག་གིས་ནི་སྙིང་པོ་དོན་གྱི་གཏོར་དབང་བསྐུར་ཟིན་པ་ལགས་པས་གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་དུ་ཁས་བླང་། གཏང་རག་གི་དོན་དུ་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་དུ་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། །སོགས་ལན་གསུམ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་སོ། །དེ་ནས་གཏང་རག་གི་མཆོད་བསྟོད་བཟོད་གསོལ་བརྟན་བཞུགས། ཉེར་བསྡུ། བསྔོ་སྨོན། ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །རྩ་དབང་དང་སྦྲེལ་བའི་སྐབས་དམ་ཚིག་བསྒྲག་བཟུང་མན་ཆད་ཟུར་དུ་མི་དགོས་སོ། །རྣམ་འགྱུར་ཕུང་ཁམས་སྒོ་གསུམ་གྱི། །མཚན་འཛིན་ཞེན་རྟོག་བཅོམ་ལས་སླར། །རྡོ་རྗེ་གསུམ་འགྲུབ་དབང་སྐུར་ཐབས། །འདི་བྲིས་སྐལ་ལྡན་རྒྱུད་སྨིན་ཤོག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྙིང་པོ་དོན་གྱི་གཏོར་དབང་བསྐུར་བའི་གསལ་བྱེད་ལག་ལེན་བདུད་རྩིའི་ཉིང་ཁུ་འདི་ཉིད། མདོ་ཁམས་ཞེ་ཆེན་དགོན་གྱི་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་གྱི་བཀས་བསྐུལ་མ་གནང་བ་ལྟར་བཀླག་ཆོག་ནག་འགྲོས་སུ་བྱས་པ་འདི་ཡང་རྨོངས་རྟུལ་ཨོ་ཌཱི་ཡཱ་ནས་སུག་ལས་སུ་བསྟར་བའོ།། །།

རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་སྙིང་པོར་དྲིལ་བ་འཆི་མེད་གྲུབ་པའི་ནོར་བུ་ (Volume 4, Text 21)

༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་སྙིང་པོར་དྲིལ་བ་འཆི་མེད་གྲུབ་པའི་ནོར་བུ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཚེ་དབང་མདོར་བསྡུས་ཏེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་ཚེ་འབྲང་། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་སྨན་རག་གཏོར་གསུམ་ཉེར་སྤྱོད། སྲུང་མའི་གཏོར་འབུལ། སློབ་དཔོན་གྱི་མདུན་དུ་ལས་བུམ། ཚེ་མདའ། རོལ་མོའི་བྱེ་བྲག་སོགས་དང་། ཉེ་ལོགས་ཅི་བདེ་བར་སྔོན་གཏོར་དང་། ཚོགས་ཀྱི་མཆོད་པས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ནི། གསོལ་འདེབས་སྔོན་དུ་འགྲོ་བས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ཕྲིན་ལས་སྙིང་གི་ནོར་བུ་ལྟར་ལ་བསྡུ་ན་དྲིལ་སྒྲུབ་ཀྱི་བཟླས་པའི་མཇུག་ཏུ་ཚེ་སྒྲུབ་སྦྲེལ་བས་འཐུས། གང་ལྟར་ཡང་ཚེ་སྒྲུབ་ཀྱི་དམིགས་བཟླས་གཙོ་བོར་བྱ། མཐར་མཆོད་བསྟོད། ཡིག་བརྒྱ། ཚེ་འགུགས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ། གཏོར་བསྔོ་དང་། ཚོགས་སྐོང་རྣམས་ཇི་ལྟར་རིགས་པ་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་གཏོང་སྲུང་འཁོར་བསྒོམ། ཆོས་བཤད་ཇི་ལྟར་རིགས་པ་དང་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པའི་ནང་ཚན་ཉེ་བརྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་འགྲོ་འདུལ་སངས་རྒྱས་བླ་མས་གློ་བོ་དགེ་དཀར་གྱི་གཙུག་ལག་ཁང་ནས་སྤྱན་དྲངས་པར་མཛད་པའི་གུ་རུའི་ཐུགས་སྒྲུབ་ཀུན་གྱི་ཕྱི་མོ་རྩ་བ་གསུམ་གྱི་ཞལ་གདམས་གྱི་སྐོར་རྣམས། པདྨ་འོད་གསལ་མདོ་སྔགས་གླིང་པར་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་ལ་བསྩལ་ཏེ་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཆོས་སྡེ་དང་རྗེས་སུ་འབྲེལ་བར་འཆི་མེད་ཚེའི་དབང་བསྐུར་བ་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་། དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །འཆི་མེད་ཚེ་ཡི་དབང་མཆོག་སྩོལ། །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པ་མཐའ་བཞིའི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་དང་གཞལ་མེད་ཁང་ཆེན་པོ་དབྱིབས་དང་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་ལ་དམར་བའི་མདངས་ཆགས་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་སྐུ་མདོག་དཀར་དམར་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་སྡིགས་མཛུབ་དང་བཅས་པ་འཕྱར་སྟབས་སུ་འཛིན་པའི་རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀའི་སྤྲུལ་པའི་སྤྲིན་ཕུང་སྤྲོ་བ། གཡོན་པས་མཉམ་གཞག་གི་སྟེང་ན་ཐོད་པ་དང་། འཆི་མེད་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོ་བས་སྲིད་ཞིའི་ཚེ་བཅུད་འགུགས་པ། གྲུ་མོ་གཡོན་དུ་ཡུམ་མནྡྷཱ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་གའི་རྣམ་པར་འཆང་བ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག །ཆོས་གོས་རྣམ་གསུམ་དམར་སེར། ཟ་འོག་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་བ། དབུ་ལ་ཤེའུའི་སྙན་ཞུ་བརྗིད་པས་མཛེས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སྣང་སྲིད་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲུགས་པའི་ཀློང་ན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་ཐུགས་ཀར་རབ་ཏུ་རྒྱས་པའི་པད་ཉིའི་དབུས་སུ་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པ་ལ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོས་འཁྱུད་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤྱི་བོར་རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་ཏུ་མེད་པ། གཞན་ཡང་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། འདབས་འཁོར་ན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དངོས་ཡིན་སྙམས་པའི་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། དེ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཌཱ་དྲིལ་འཁྲོལ་ཞིང་སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ པདྨ་འོད་དང་དབང་དྲག་འབར་བའི་ཞིང་། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་དཀྱིལ་འཁོར་ནས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་སློབ་དཔོན་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བའི་ཕྱག་གཡོན་གྱི་བུམ་ཐོད་ལས་འོད་ཟེར་ཁ་དོག་ལྔ་ལྡན་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡོབ་ལ། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་ཆད་ཉམས་ཡར་བ་དང། །ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །གསང་བ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་སྡུས། །བདག་དང་སྒྲུབ་པའི་རྫས་ལ་སྟིམས། །རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་ཚེ་འགུགས་བསྐུལ། ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་སྐུའི་དབང་བསྐུར་བའི་སླད་དུ་ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཚེ་ལྷ་རབ་འབྱམས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། སྐུ་རྡོ་རྗེ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། ཨོཾ། བཀྲ་ཤིས་འོད་གསལ་སྙིང་པོའི་བུམ་པ་ན། །འཆི་མེད་པདྨ་ཚེ་ཡི་ལྷ་ཚོགས་བཞུགས། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །མི་ཕྱེད་རྡོ་རྗེ་སྐུ་ཡི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཚེ་ཡི་བདུད་རྩི་ཐོགས་ལ། གསུང་གི་དབང་བསྐུར་བའི་སླད་དུ་འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་པ་འདི་ཉིད་མགྲིན་པར་བཞག་ཅིང་མྱོང་བ་ལ་བརྟེན་ནས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་ཐིམ་སྟེ། གསུང་རྡོ་རྗེ་མི་ཤིགས་པ་ནཱ་དའི་སྲོག་ཏུ་གྱུར་པའི་མོས་པ་མཛོད། ཨཱཿ འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་ཀུན། །འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འགག་མེད་པདྨ་གསུང་གི་ཚེ་ཐོབ་ཤོག །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཞེས་བརྗོད་ཅིང་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། ཚེ་རིལ་ཐོགས་ལ། ཐུགས་ཀྱི་དབང་བསྐུར་བའི་སླད་དུ་སྲིད་པ་དང་ཞི་བའི་ཚེ་བཅུད་རིལ་བུའི་གཟུགས་སུ་ཤར་བ་སྙིང་གར་བཞག་ཅིང་མྱོང་བ་ལ་བརྟེན་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་འདྲེས། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། སྲིད་ཞིའི་སྙིང་པོ་མི་འགྱུར་ཚེ་ཡི་རྫས། །བྱང་ཆུབ་སེམས་ཀྱི་ཐིག་ལེར་དབྱེར་མེད་པ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འོད་གསལ་སྙིང་པོ་ཐུགས་ཀྱི་ཚེ་ཐོབ་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་སྙིང་གར་བཞག་ལ་རིལ་བུ་སྦྱིན། ཚེ་རྒྱས་གདབ་པར་བྱ་བའི་སླད་དུ་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་གྱུར་ཏེ་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པ་དང་ལྷན་ཅིག་ཏུ་འོད་གསལ་གཉུག་མ་ཁྱབ་གདལ་གྱི་དབྱིངས་སུ་མཉམ་པར་བཞག་པས་ཅིས་ཀྱང་མི་ཆོད་མི་ཤིགས་པ་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་པའི་མོས་པ་མཛོད། ཨ། སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང་། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག །ཛྙཱ་ན་བཛྲ་རཀྵ་ཨ་ཨ། ཞེས་བརྗོད་ཅིང་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྫས་རྟགས་སྣ་བདུན་བཅས་སྦྱིན། གང་ལྟར་ཡང་ཤིས་བརྗོད་རྒྱས་པར་བྱ། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་བཟུང་བཀྲ་ཤིས་ཀྱི་བར་ལས་གཞུང་ལྟར་བྱས་པས་གྲུབ་བོ། །ཚེ་དབང་བརྒྱ་རྩ་སོགས་གྲངས་གསོག་བྱེད་ན་ཅུང་ཟད་རྒྱས་པར་རིལ་བུའི་དབང་བསྐུར་བའི་མཇུག་ཏུ་བཀྲ་ཤིས་བརྗོད། སླར་ཡང་ཚེ་འགུགས་ཤིང་བཅུད་བསྡུ་བ་སོགས་ཚེ་འགུགས་ནས་རིལ་བུའི་དབང་བསྐུར་བར་བསྐྱར། དབང་ཚར་རེའི་མཇུག་ཏུ་ཤིས་བརྗོད་ཤློ་ཀ་གང་རུང་རེ་བྱ། བསྡུ་ན། སླར་ཡང་། ཚེའི་འབྲང་རྒྱས་སྤྱི་བོར་བཞག་ཅིང་འཆི་མེད་ཚེའི་བདུད་རྩི་དང་རིལ་བུ་བྱིན་པ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་། ཚེའི་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ། བཀྲ་ཤིས་འོད་གསལ་སོགས་ཚིགས་བཅད་སྔགས་བཅས་སྦྲེལ། མཐར་ཤིས་བརྗོད་གང་རུང་རེ་བྱ། གྲངས་རྫོགས་པ་ན། རྒྱས་གདབ་པ་མན་ཆད་དཀྱུས་བཞིན་བྱའོ། །ཞེས་པའང་དོན་གཉེར་ཅན་མང་པོས་གསོལ་བ་བཏབ་པའི་ངོར། གཏོར་དབང་སྐབས་ཀྱི་མཚམས་སྦྱོར་ལས་ཟུར་དུ་ཕྱུང་སྟེ་བཀླག་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་པའི་དགེ་བས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བཀའ་གཏད་བྱིན་རླབས་ལྕགས་ཀྱུ་ (Volume 37, Text 21)

༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བཀའ་གཏད་བྱིན་རླབས་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ཐུགས་རྗེའི་བདག་ཉིད་ནག་པོ་ཆེར། ཁྲོས་པའི་སྐུར་བཞེངས་དེར་བཏུད་ནས། །དེ་ཡི་བྱིན་རླབས་བཀའ་གཏད་པ། །ཉུང་ངུ་རྣམ་གསལ་འདིར་བཀོད་བྱ། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བྱིན་རླབས་ཀྱི་བཀའ་གཏད་པ་ལ། གཞུང་མཐུན་དཀྱིལ་འཁོར་རས་བྲིས་བཀྲམ། མེད་ན་མཎྜལ་ལ་མེ་ཏོག་མཐིང་ནག་གི་ཚོམ་བུ་དབུས་སུ་ཆེ་ཆུང་གཉིས། ཕྱོགས་བཞིར་བཞི་བཀོད་པའི་སྟེང་དུ་ཁྲིའུར་སྐུ་རྟེན། གཡས་གཡོན་དུ་སྔགས་བྱང་དང་ཕྱག་མཚན་ཙཀླི །མདུན་དུ་འབུལ་གཏོར་གཙོ་འཁོར་དྲུག་པ་དང་སྨན་རཀ །ཕྱི་མཆོད། ཐུན་གཏོར་བཅས་བཤམ། པདྨ་སྒྱུ་འཕྲུལ་དྲྭ་བའི་ནང་སྒྲུབ་ཀྱི་བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་འདི་ཉིད་ཀྱི་སྒྲུབ་ཐབས་དབུ་ནས་འབྱུང་བ་ལྟར་གཏོར་མ་བྱིན་རླབས་བྱས་ལ་མདུན་བསྐྱེད་ཕྲིན་ལས་བསྟོད་པའི་བར་དུ་བཏང་། བཟླས་པ་ཅི་འགྲུབ་བྱས་ལ་གནང་བ་ནོད། དེ་ནས་སློབ་མ་ལ་ཁྲུས་བྱས། བགེགས་བསྐྲད་ཅིང་སྲུང་འཁོར་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཙོ་བོ་ཀུན་ལས་ཁྱད་པར་དུ་འཕགས་ཤིང་སྐྱབས་སུ་བསྟེན་པར་འོས་པ་ནི་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཡིན་ཞིང་། དེ་ཐམས་ཅད་དཔལ་ཧེ་རུ་ཀ་ཉིད་ཀྱི་ཕྲིན་ལས་འབར་བ་ཆེན་པོའི་ཆོ་འཕྲུལ་ཤ་སྟག་ཡིན་པས་ངོ་བོ་ལ་དབྱེ་བ་མེད་ཀྱང་རྣམ་པའི་སྟོན་ཚུལ་སྣ་ཚོགས་སུ་མཛད་པ་ཡོད་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཉིད་ངོ་བོ་དང་རྣམ་པ་གཉིས་ཀར་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་གི་ཐུགས་ལས་ཆེད་དུ་སྤྲུལ་པ་ཡིན་པས་འདི་ཕྱི་གཉིས་ཀའི་བར་ཆད་སེལ་ཞིང་བདེ་བ་ཅན་དུ་ལམ་སྣ་འདྲེན། མཆོག་ཐུན་མོང་གཉིས་ཀ་ཅིག་ཅར་དུ་འགྲུབ་པ་སོགས་ཁྱད་པར་དུ་མས་འཕགས་པ་སྟེ། གཞུང་འདི་ཉིད་ལས་ཀྱང་། འདི་ཉིད་སྒྲུབ་པའི་གང་ཟག་ཚེ་འདིར་བདུད་བཞིའི་གཡུལ་ལས་རྒྱལ་ཞིང༔ ཕྲིན་ལས་རྣམ་བཞི་འགྲུབ༔ མཐར་ཐུག་བདེ་བ་ཅན་དུ་ལམ་སྣ་འདྲེན་པས་ཤིན་ཏུ་ཟབ་བོ༔ ཞེས་གསུངས། དེ་ལྟ་བུའི་སྒྲུབ་ཐབས་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་གནས་ཆེན་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི་པདྨ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྡེ་ལས་བྱོན་པ་སྟེ། དེའི་བྱིན་རླབས་ཀྱི་བཀའ་གཏད་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་འདེབས་རྗེས་ཟློས། བླ་མ་མགོན་པོ་དབྱེར་མེད་ཀྱིས༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ མགོན་པོའི་སྐུ་གསུང་ཐུགས་མཆོག་གིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། མཚམས་སྦྱོར་སྤྱི་འགྲེ་བཅས། བདག་བསྐྱེད་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས་ཀྱིས་རྒྱུད་སྦྱང་། དེ་ནས་བྱིན་རླབས་ཀྱི་གཞི་བསྒྲུབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རྟ་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མའི་གདན་ལ་ལྷ་ཆེན་ཚོགས་ཀྱི་བདག་པོ་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག །དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རྡོ་རྗེ་སྲིན་པོའི་གཟུགས་ཅན་ཁྲོ་ཞིང་གཏུམ་པ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཕྱག་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣམས་པ། བར་པས་པདྨ་དང་ཁ་ཊྭཱཾ་གསོར་བ། འོག་མས་ཐོད་རྔ་དང་རྒྱུ་ཞགས་འཕེན་པ། དུར་ཁྲོད་རོལ་པའི་ཆས་ཀྱི་བརྒྱན་ཅིང་ཞབས་གཉིས་གར་སྟབས་མེ་ཕུང་གི་ཀློང་ན་བཞེངས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་སྒོམས་ཤིག །མདུན་རྟེན་དཀྱིལ་འཁོར་ཉིད་ཀྱང་གསལ་འདེབས་འདི་བཞིན་མཛད་པར་ཞུ། མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔སོགས་མངོན་རྟོགས་ལྟར་ལ། ཧཱུྃ་ལས་དང་བྷྱོ་ལས་ཞེས་པ་དོར་ནས། ཁྲག་འཐུང་རྡོ་རྗེ་སྲིན་པོའི་སོགས། གཡོན་དུ་འདོད་ཁམས་དབང་ཕྱུག་སོགས་ནས། རྒྱལ་ཆེན་ཕྱོགས་སྐྱོང་དྲེགས་པའི་ཚོགས༔ ཆར་སྤྲིན་གཏིབས་ལྟར་བཞུགས་པ་འོ། །ཞེས་གསལ་བཏབ་ལ། དེ་ལྟར་གསལ་བའི་དཀྱིལ་འཁོར་དབུས་ཀྱི་གཙོ་བོའི་སྐུ་ལས་གཉིས་པ་འཕྲོས་ནས་སློབ་མ་ལ་ཐིམ་པས་མགོན་པོའི་སྐུ་ཡི་བྱིན་གྱིས་བརླབས་པར་བསམ་ལ་སྐུ་སྤྱི་བོར་བཞག༔ ཧཱུྃ༔ སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ རྡོ་རྗེའི་སྐུ་དང་རབ་ཏུ་ལྡན༔ སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་མགོན་པོའི་སྐུ་བསྒོམ་པ་ལ་དབང་ཞིང་སྐུའི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༔ སློབ་མའི་སྙིང་གར་ཐིམ་པར་བསམ་ལ། སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། སྔགས་བྱང་མགྲིན་པར་བཞག༔ ཧཱུྃ༔ སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ རྡོ་རྗེའི་གསུང་དང་རབ་ཏུ་ལྡན༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་སྙིང་པོ་བཟླ་བ་ལ་དབང་ཞིང༔ གསུང་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཐུགས་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་རྣམས་འཕྲོས༔ སློབ་མའི་ཐུགས་ཀར་ཐིམ་པར་བསམ་ལ་རང་སེམས་དང་མགོན་པོ་དབྱེར་མེད་དུ་མཉམ་པར་ཞོག་ཅིག༔ ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ རྡོ་རྗེའི་ཐུགས་དང་རབ་ཏུ་ལྡན༔ བདེ་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡེ་ཤེས་མགོན་པོའི་ཐུགས་རིག་སྟོང་བསྒོམ་པ་ལ་དབང་ཞིང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཞེས་དང་། ཤིས་པ་བརྗོད། དེས་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྙིང་པོ་ལེགས་པར་ཐོབ་པ་ཡིན་པས་སྤྱི་དང་བྱེ་བྲག་གི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ནས། བསྔོ་བའི་བར་སྤྱི་ལྟར་བྱས་པས་གྲུབ་བོ། །སློབ་དཔོན་གྱིས་ཐུན་གཏོར་བྱིན་རླབས་དང་སྔགས་བསྔོས་སྒྲུབ་ཐབས་ལྟར་བྱས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཕྲིན་བཅོལ་སྤྱི་མཐུན་བྱ། མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །བྱིན་རླབས་ཉི་འོད་སྟོང་འབར་བས། །བདུད་བཞིའི་སྨག་རུམ་རྩད་ནས་བཅོམ། །གྲུབ་གཉིས་སྦྲང་རྩིའི་དགའ་སྟོན་གྱིས། །སྐལ་བཟང་བུང་བ་རྟག་འཚོ་ཤོག །ཅེས་པ་འདིའང་གཏེར་ཁ་གཞན་ལ་དཀོན་ཅིང་ཁྱད་པར་དབང་དང་བྱིན་རླབས་སོགས་གཏེར་བྱོན་ཚད་ལྡན་མི་འདུག་པས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་བྱིན་རླབས་ཅན་ (Volume 23, Text 21)

༄༅། །ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་བྱིན་རླབས་ཅན་བཞུགས་སོ། ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། མགོན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མ་འགྲོ་དྲུག་དོན་དུ་བྱང་སེམས་བསྐྱེད། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དབྱིངས་ཏིང་འཛིན་གསལ་བའི་ཆོ་འཕྲུལ་ལས། །དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཡུལ་མཁའ་ཁྱབ་རྒྱུན་མི་ཆད་པར་གྱུར། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་། །གནས་ཡུལ་ཀུན་རི་བོ་པོ་ཏ་ལའི། །ཞིང་གཞལ་ཡས་ཁང་བཅས་གསལ་ལ་རྫོགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེ་དབུས་སུ་རང་ཉིད་སྤྱན་རས་གཟིགས། །སྐུ་དཀར་གསལ་འོད་ཟེར་འབུམ་ཕྲག་འཕྲོ། །མཚན་དཔེ་བྱད་ཞི་འཛུམ་སྒེག་པའི་ཉམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་འོག་མས་ཤེལ་གྱི་ཕྲེང་བ་དང་། །གཡོན་འོག་མས་པདྨ་དཀར་པོ་བསྣམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐྲ་མཐོན་མཐིང་ཐོར་ཚུགས་སྤྱི་བོར་བཅིངས། །ལྷག་མ་རྣམས་ལྕང་ལོའི་ཚུལ་དུ་འཕྱང་། །སྤྱི་གཙུག་ཏུ་ནོར་བུ་འབར་བས་མཚན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དར་སྣ་ཚོགས་ཅོད་པན་ན་བཟས་བཀླུབས། །རྒྱན་རིན་ཆེན་དུ་མས་ཀུན་ནས་མཛེས། །རི་དྭགས་ཀྱི་པགས་པས་ནུ་གཡོན་བཀབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐུ་བ་སྤུའི་ཁུང་བུ་རེ་རེ་བཞིན། །ཇི་སྙེད་ཀྱི་ཞིང་ཁམས་རབ་འབྱམས་རྫོགས། །དེ་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གསུང་ཕྱི་ནང་སྣོད་བཅུད་སྒྲ་སྐད་ཀུན། །སྔགས་ཡི་གེ་དྲུག་ཏུ་བྱིན་བརླབས་པས། །མཐོང་ཐོས་དང་དྲན་རེག་གྲོལ་བར་མཛད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་སྟོང་ཉིད་ངང་ལས་མ་གཡོས་བཞིན། །གདངས་དམིགས་མེད་སྙིང་རྗེ་ཆེན་པོ་ཡིས། །མ་འགྲོ་དྲུག་ཀུན་ལ་བུ་ལྟར་དགོངས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གདན་པད་དཀར་ཟླ་བ་རྒྱས་པའི་སྟེང་། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱོགས་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་གའི་ཡི་གེ་གསལ་ལ་འཚེར། །དོན་རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་དྭངས་མའི་སྲོག་ལས་འོད་ཟེར་འཕྲོས། །ཡེ་ཤེས་ཀྱི་སེམས་དཔའ་ཆར་ལྟར་བབས། །དམ་ཚིག་གི་ཕྱག་རྒྱར་དབྱེར་མེད་ཐིམ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སླར་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་ཅིང་སྒྲིབ་དག་ཡོན་ཏན་རྫོགས། །དཔལ་སྣང་བ་མཐའ་ཡས་དབུ་ལ་བརྒྱན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྤྱིར་འགྲོ་དྲུག་ཀུན་ལ་བུ་ལྟར་བརྩེ། །སྒོས་གངས་ཅན་འགྲོ་ལ་ལྷག་པར་དགོངས། །མགོན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱུ་དངོས་སུ་བཤམས་པས་མཚོན་བྱས་ཏེ། །རྐྱེན་ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །ཟག་མེད་ཀྱི་མཆོད་སྤྲིན་རྒྱ་མཚོ་འབུལ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐབས་ཤེས་རབ་མཆོག་ལ་མངའ་བརྙེས་ཤིང་། །དཔལ་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །མགོན་སྤྱན་རས་གཟིགས་ལ་གུས་པས་བསྟོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ འདབ་མ་རྣམས་ཡི་གེ་དྲུག་པས་མཚན། །སྔགས་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ངག་བཟླས་པའི་རྐྱེན་གྱིས་བསྐུལ་བ་ལས། །ཧྲཱིཿཡིག་གི་འོད་ཀྱིས་འཕགས་པ་མཆོད། །བྱིན་རླབས་ཀུན་ཚུར་འདུས་བདག་ལ་ཐིམ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དཀར་པོ་ལྷ་ཡི་ཡུལ་དུ་འཕྲོས། །རྒྱུད་ང་རྒྱལ་འཕོ་ལྟུང་སྡུག་བསྔལ་སྦྱངས། །དོན་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མ་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས། །རྒྱུད་ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱངས། །དོན་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཎི་སེར་པོ་མི་ཡི་ཡུལ་དུ་འཕྲོས། །རྒྱུད་ཐེ་ཚོམ་བྲེལ་ཕོངས་སྡུག་བསྔལ་སྦྱངས། །དོན་རང་བྱུང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། པད་མཐིང་ག་དུད་འགྲོའི་ཡུལ་དུ་འཕྲོས། །རྒྱུད་གཏི་མུག་བླུན་རྨོངས་སྡུག་བསྔལ་སྦྱངས། །དོན་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མེ་དམར་པོ་ཡི་དྭགས་ཡུལ་དུ་འཕྲོས། །རྒྱུད་འདོད་ཆགས་བཀྲེས་སྐོམ་སྡུག་བསྔལ་སྦྱངས། །དོན་སོར་རྟོག་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཧཱུྃ་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། །རྒྱུད་ཞེ་སྡང་ཚ་གྲང་སྡུག་བསྔལ་སྦྱངས། །དོན་མེ་ལོང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཁམས་གསུམ་གྱི་གཟུགས་སྣང་སྤྱན་རས་གཟིགས། །སྒྲ་གྲགས་ཀུན་སྔགས་ཀྱི་རང་སྒྲར་འུར། །དྲན་རྟོག་གི་གཟུང་འཛིན་འོད་གསལ་ངང་། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །བདག་གསོལ་འདེབས་བུ་ལ་བརྩེ་བས་དགོངས། །རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྣང་གྲགས་ཀུན་འོད་གསལ་དབྱིངས་སུ་ཐིམ། །གཞི་མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །ལམ་བྱར་མེད་འཕགས་པའི་རང་ཞལ་བལྟ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མཁའ་ཁྱབ་ཀྱི་སྟོང་ཉིད་ནམ་མཁའི་ངང་། །སླར་འཕགས་པའི་སྐུ་རུ་ལམ་གྱིས་ལྡངས། །བྱམས་སྙིང་རྗེས་འགྲོ་བའི་དོན་ལ་སྤྱོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། བདག་སྒོམ་བཟླས་འདི་ཡིས་མཚོན་བྱས་ཏེ། །དུས་གསུམ་དུ་བསགས་པའི་དགེ་བའི་མཐུས། །མ་འགྲོ་དྲུག་འཁོར་བ་དོང་སྤྲུགས་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ནམ་ཚེ་འདིའི་སྣང་བ་འཕོས་མ་ཐག །ནུབ་བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་། །བྱང་ཆུབ་ཀྱི་གོ་འཕང་མྱུར་ཐོབ་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །མགོན་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས། །ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེ་ལྟར་ཚིགས་བཅད་རྣམས་ཀྱི་དོན་བསྒོམ་ཞིང་། མཚམས་རྣམས་སུ་ཡི་གེ་དྲུག་པ་བརྒྱ་རྩ་སོགས་ཅི་ནུས་བཟླས་པས་ཏིང་ངེ་འཛིན་གསལ་གདབ། ཉིན་རེ་བཞིན་མ་ཆག་པར་བྱས་ན་འཆི་འཕོས་མ་ཐག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟའོ། །ཞེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་སྟོད་ཀྱི་གུ་གེ་རོང་དུ་བྱུང་བའི་སྦས་པའི་རྣལ་འབྱོར་པ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་མི་ཡུལ་དུ་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་སྐུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་མཐར་སྐུ་འོད་ཀྱི་ཕུང་པོར་ཐིམ་པ་དེ་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་བསྩལ་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་གྱི་ལེ་ཚན་ནོ།། །།འདི་ལ་རིག་པ་གཏད་པའི་རྗེས་གནང་ཡང་ཡོད། ༈ རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ། །གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་སྐྱབས་མགོན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བྱམས་མགོན་སྤྱན་རས་གཟིགས། །ཐུགས་རྗེས་ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན། །མཐའ་མེད་འཁོར་བར་གྲངས་མེད་འཁྱམས་གྱུར་ཅིང་། །བཟོད་མེད་སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གིས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་ལྐུགས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཕྲག་དོག་དབང་གིས་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང་། །གསུང་མཆོག་ཡིག་དྲུག་ཕྱོགས་བཅུར་རྒྱས་བྱེད་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་གི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན། །འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས་དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་དུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་ལགས་སོ། །མངྒ་ལཾ་བྷ་ཝ་ཏུ།། །།

ཀུན་བཟང་ཐུགས་གཏེར་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་དབང་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱུན་འབེབ་ (Volume 27, Text 21)

༄༅། །ཀུན་བཟང་ཐུགས་གཏེར་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་དབང་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱུན་འབེབ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ཡ། གདོད་ནས་རང་བྱུང་ཀུན་བཟང་ཧེ་རུ་ཀ །ཡང་དག་བདེ་ཆེན་དགྱེས་པའི་གཟི་བྱིན་གྱིས། །བྱང་ཆུབ་མཆོག་གི་ཉེ་ལམ་སྣང་མཛད་པ། །བླ་མ་ཡི་དམ་དབྱེར་མེད་ཞབས་ལ་འདུད། །རྒྱུད་ལུང་མན་ངག་ཁ་ཚང་དོན་འདྲིལ་ཞིང་། །འགྲན་བྲལ་རྡོ་རྗེའི་ཚིག་རྐང་བྱིན་གཟི་ཅན། །ཡང་དག་ཞི་ཁྲོ་ཕུར་གསུམ་དཀྱིལ་འཁོར་དུ། །འཇུག་འདོད་སྐལ་བཟང་རྣམས་ཀྱི་དགའ་སྟོན་སྤེལ། །དཔལ་ཀུན་བཟང་ཧེ་རུ་ཀ་ཡང་ཕུར་སྦྲགས་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བཀླགས་པས་གྲུབ་པ་དགོད་པ་ལ་དོན་གསུམ། སྔོན་དུ་འགྲོ་བའི་ལས་རིམ། དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར། རྗེས་མཇུག་སྡུད་པའི་བྱ་བའོ། །དང་པོ་ལའང་གསུམ། ས་ཆོག །སྟ་གོན། དཀྱིལ་འཁོར་དབང་རྫས་བཀོད་པའོ། །དང་པོ་ནི། གཏེར་གཞུང་ལས་ས་ཆོག་དང་ཐིག་ཚོན་གྱི་བྱ་བ་སོགས་རྒྱས་པར་གསུངས་ཀྱང་། འདིར་སྒྲུབ་གནས་རྙིང་པ་དང་དཀྱིལ་འཁོར་རྡུལ་ཚོན་མི་འགྲུབ་པའི་ཕྱོགས་ལ་བྱ་བའི་ཆོ་ག་བསྡུས་པའི་དབང་དུ་བྱས་ཏེ། སྟེགས་བུར་ཚོམ་བུ་གཅིག་བཀོད་པའི་མདུན་དུ་དཀར་ཟླུམ་དང་ཕྱི་མཆོད་དཀར་གཏོར་བཅས་བཤམ། བདག་བསྐྱེད་མདོར་བསྡུས་པ་ནི། ཐོག་མར་རྒྱུན་བཤགས་ཡན་ལག་བརྒྱད་པ་གཏང་། ཚད་མེད་བཞི་སྤྱི་ལྟར་གསལ་བཏབ་ལ། འཁོར་འདས་རང་རིག་དངོས་དང་བྲལ༔ རྣམ་དག་སྟོང་ཆེན་གོམས་པར་སྦྱངས༔ དེ་ལྟར་མ་རྟོགས་སྡུག་བསྔལ་གྱིས༔ རབ་གཟིར་མ་རྣམས་དྲང་བའི་ཕྱིར༔ འོད་གསལ་སྙིང་རྗེས་ཡོངས་ཁྱབ་གྱུར༔ སྟོང་ཉིད་སྙིང་རྗེ་རབ་གོམས་པས༔ ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ༔ དེ་ཉིད་ངང་ལས་ཡེ་ཤེས་ནི༔ སྐྱེ་མེད་རང་གསལ་ཡེ་གནས་ངང༔ ༈ སྤྲོས་བསྡུས་འགྲོ་བ་ཐུགས་རྗེས་བསྒྲལ༔ གསལ་འགྲིབ་བྲལ་བར་བརྟན་གྱུར་ནས༔ སྣོད་ནི་ཆོས་དབྱིངས་གཞལ་ཡས་ཁང༔ སུམ་ཅུ་རྩ་བདུན་ཆོས་རྫོགས་བསྒོམ༔ བཅུད་ནི་ཡེ་ཤེས་རང་གསལ་དུ༔ ཀུན་བཟང་རྡོ་རྗེ་འཛིན་པར་བསྒོམ༔ ཡིད་བཞིན་གཏེར་ལྡན་རིན་ཆེན་ཁྲི༔ མི་འཇིགས་སྟོབས་དང་རྫུ་འཕྲུལ་དང༔ དབང་བཅུ་ཕྲིན་ལས་ཐོགས་མེད་གདན༔ མ་ཆགས་སྐྱོན་བྲལ་པདྨ་དང༔ ཉི་ཟླ་རང་གསལ་འོད་ལྡན་བསྒོམ༔ དེ་སྟེང་སྐྱེ་མེད་ཡི་གེ་ལས༔ འགག་མེད་ཆོས་སྐུ་རྒྱལ་མཆོག་ནི༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ གཡས་དཀར་གཅིག་ཤོས་དམར་བའི་མདངས༔ རྣམ་ཐར་སྐུ་གསུམ་དབུ་གསུམ་མོ༔ ཕྱག་དྲུག་ཡེ་ཤེས་དྲུག་ལྡན་པའི༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ དྲིལ་བུ་པདྨ་རལ་གྲི་འོ༔ དང་པོ་མཉམ་གཞག་ཐབས་ཤེས་ལྡན༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང༔ ཐབས་ཤེས་ཟུང་འཇུག་དབྱེར་མེད་པའོ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ༔ ཞལ་གཅིག་ཕྱག་གཉིས་མཐིང་གའི་མདོག༔ ཡེ་ཤེས་ཡབ་དང་མཉམ་པར་སྦྱོར༔ དབྱིངས་རྟགས་དྲིལ་བུ་འཛིན་པ་འོ༔ ཞི་བའི་ཚུལ་དགུ་རབ་ལྡན་ཞིང༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཡེ་ཤེས་འོད་ཟེར་འབར་བ་བསྒོམ༔ ནང་རྟགས་ཕྱི་རུ་བརྡ་བསྟན་པས༔ ཆོས་ཉིད་རང་རྩལ་གོ་བའི་དོན༔ ཐུན་མོང་ཐུན་མོང་མ་ཡིན་པའི༔ མཚན་དཔེས་རབ་བརྒྱན་མ་འདྲེས་གསལ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རང་རྩལ་གདོད་ནས་དབང་བྱིན་ལྡན༔ བསྐུར་ཐོབ་མཚན་མའི་སྤྱོད་ཡུལ་བྲལ༔ གསལ་བར་གྱུར་ཚེ་སྤྱན་དྲངས་ཤིང༔ གཤེགས་བཞུགས་མི་མངའ་མཉམ་ཉིད་རྟོགས༔ བཞུགས་གསོལ་བརྟན་པར་གནས་ཤེས་བྱ༔ དབྱིངས་རིག་རང་གྲོལ་ཕྱག་བཙལ་ཞིང༔ འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན༔ རྒྱུན་མི་ཆད་པ་ཕྱི་མཆོད་ཡིན༔ དག་པའི་རྫས་ལྔ་དུག་གསུམ་སོགས༔ རང་སྣང་མཉམ་ཉིད་རིག་པར་གྲོལ༔ གནས་ལུགས་གཙང་སྨེ་འཛིན་རྟོག་མེད༔ རྒྱུ་ལས་བྱུང་བ་ནང་མཆོད་དོ༔ ཡོན་ཏན་རང་རྫོགས་བསྟོད་པ་ཡིན༔ རང་ལུགས་མཉམ་གཞག་བཅོས་མེད་དོ༔ བརྗོད་མེད་སྔགས་སྒྲ་ཆེན་པོར་བཤད༔ ཐུགས་ཀར་ཡེ་ཤེས་སྔགས་བཀོད་ལ༔ སྐྱོན་བཅུ་སྤངས་ལ་བཟླས་པ་བྱ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་བཟླས་པ་བརྒྱ་རྩ་ཙམ་དང་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་བྱ། ཁྲོ་བོར་གནས་བསྒྱུར་བ་ནི། བདེ་གཤེགས་རྒྱལ་བ་མ་ལུས་ཀུན༔ ཀུན་བཟང་ངང་ལས་མ་གཡོས་ཀྱང༔ ཁྲོ་བ་ཅན་ལ་ཁྲོ་བ་ཡིས༔ གདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པར༔ ཧེ་ནི་ཡེ་ཤེས་གསལ་བའི་སྒྲ༔ རུ་ནི་དབྱིངས་སུ་སྡུད་པའི་དོན༔ ཀ་ནི་བྱང་ཆུབ་སེམས་ཆེན་པོ༔ ཀུན་ཁྱབ་རང་སྣང་དཔལ་ཆེན་ཡབ་ཡུམ་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སཏྭཾ༔ རང་བྱུང་དུར་ཁྲོད་གཞལ་ཡས་སུ༔ ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་ཧེ་རུ་ཀ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ ཞབས་བཞི་དྲེགས་པ་ཕོ་མོ་མནན༔ ཁྲོ་མོ་ཡུམ་དང་གཉིས་མེད་རོལ༔ དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན༔ འབར་བའི་གར་དགུས་རབ་ཏུ་བརྗིད༔ ཁྲོ་བོའི་ཚུལ་ཅན་ཁྲོས་པ་ཡིས༔ འཇིག་རྟེན་གསུམ་དག་སྲེག་བྱེད་ན༔ སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས༔ ཁམས་གསུམ་ཡོངས་སྒྲོལ་སྨོས་ཅི་དགོས༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཡེ་ཤེས་ལྔ་ཡི་བདག༔ སྐུ་གསུང་ཐུགས་རྫོགས་བྱིན་དང་ལྡན༔ འཁོར་འདས་ཀུན་ལ་རང་དབང་སྒྱུར༔ ཆེ་བའི་ཆེ་མཆོག་ཡེ་ཤེས་སེམས༔ ཛྙཱ་ན་པཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཛྙཱ་ན་སཏྭ་ཙིཏྟ་ཧཱུྃ༔ ཨོཾ་ཨཱེ་ཧྱེ་ཧི༔ བཛྲ་ཨ་རལ་ལི༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ སརྦ་པཱུ་ཛ་ཧོ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ལས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་བསྟོད༔ ཐུགས་ཀར་སྔགས་འཁོར་དང་སྤྲོ་བསྡུའི་ཏིང་འཛིན་གསལ་གདབ་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སུམ་བརྒྱ་ཙམ་བཟླས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ཐུན་མཚམས་ཀྱི་ལྷར་ལྡང་། དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ས་བདག་ལྷ་ཀླུ་འཁོར་དང་བཅས༔ གཏོར་མ་དམ་པ་འདི་བཞེས་ལ༔ བདག་གིས་བསྒྲུབ་པ་མ་ཐོན་བར༔ ཁྱེད་ལ་གནས་འདི་བདག་འཚལ་གྱིས༔ ཅི་བདེ་བར་ནི་གཞན་དུ་ཟུར༔ ཅེས་ཕྲིན་ལས་བཅོལ་ལ་དཀར་གཏོར་ཕྱི་རོལ་དུ་འབུལ། བསྡུ་ན་ས་ཆོག་དེ་ཙམ་གྱིས་འཐུས། ཅུང་ཟད་སྤྲོ་ན། ས་ལྷའི་གཏོར་མཆོད་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨར་གྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ༔ གསུམ་གྱིས་བྱིན་བརླབ། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་ཏེ་མཚན་འཛིན་གྱི་དངོས་པོ་ཐམས་ཅད་སྦྱངས་ནས་ཆོས་ཉིད་དག་པ་ཆེན་པོར་གྱུར༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་སའི་ལྷ་མོ་གསེར་མདོག་བུམ་པ་བསྣམས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་མདུན་དུ་སྤྱན་དྲངས༔ སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱོད་པའི་ཚུལ་དང་ཁྱད་པར་དང༔ ས་དང་ཕ་རོལ་ཕྱིན་པ་ལ༔ ལྷ་མོ་ཁྱེད་ནི་དཔང་གྱུར་གཤེགས༔ ཞེས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བརྡབ་པས་ས་གས་ནས་ལྷ་མོ་འཛུམ་མདངས་བཅས་བྱོན་པར་བསམས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་པྲྀ་ཐཱི་བཱི་དེ་བཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ སྔགས་ཐོག་མཐའ་དེས་འགྲེས་ཏེ། ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས་ཤབྡའི་བར་སྦྱར་བ་དང་། ཨོཾ༔ ཡེ་ཤེས་རིན་ཆེན་ས་ཡི་ལྷ༔ གསེར་མདོག་གསེར་གྱི་བུམ་པ་བསྣམས༔ རྒྱན་རྣམས་ཀུན་གྱིས་རབ་བརྒྱན་པའི༔ ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད་པས་དགྱེས་ནས་སྒྲུབ་པ་པོ་ཅི་བགྱིའི་བཀའ་སྩོལ་ཅིག་ཅེས་བརྗོད་པར་བསམ་ལ། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས༔ དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས༔ རྒྱལ་སྲིད་ཆོས་ཀྱི་དཔུང་ཚུགས་པ༔ ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི༔ དེ་ཕྱིར་དཔང་གྱུར་ལྷ་མོས་ཀྱང༔ ས་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་བརྗོད་པས་ལྷ་མོས་ཀྱང་། ཁྱོད་ནི་སློབ་དཔོན་དམ་པ་ཡིན༔ སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས༔ ཞེས་གནང་བ་བསྩལ་ནས་འོད་དུ་གྱུར་ཏེ་ས་ལ་ཐིམ་པས་ས་གཞི་བདེ་ལེགས་དང་ལྡན་པར་གྱུར༔ ཨོཾ་རཏྣ་མཎྜ་ལ་སིདྡྷི་ཀུ་རུ་ས་མ་ཡ་སཏྭཾ༔ ཟངས་སམ་སེང་ལྡེང་གི་ཕུར་བུ་ཟླ་གམ་ཐོགས་ལ། ཕུར་བུ་དབང་ཆེན་རྟ་མགྲིན་སྐུ་སྨད་ཕུར་པའི་དབལ་ཅན་དུ་གྱུར༔ ཧྲཱིཿཧཱུྃ་བ་ཤང་ཀུ་རུ་ཧོ༔ ཞེས་སྟེགས་བུའི་དབུས་སུ་གདབ། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་པས་དབང་དུ་གྱུར༔ ཅེས་མོས། ལག་པ་རྡོ་རྗེ་ཐོགས་པ་ཧཱུྃ་གིས་མཚན་པར་མོས་པ་ས་ལ་བསྣུན་ཏེ། ཨོཾ་བཛྲ་ཧ་ན་ཧ་ན་ཀྲོ་ཏ་ཧཱུྃ་ཕཊ༔ སྔགས་ལན་གསུམ། ཐུགས་ཀ་ནས་འོད་ཟེར་འཕྲོས༔ དངོས་འཛིན་ཐམས་ཅད་ཆོས་ཉིད་སྟོང་པའི་ངང་དུ་སྦྱང་བར་གྱུར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ལན་གསུམ་བརྗོད་པས་སྦྱང་ངོ་། །གཉིས་པ་སྟ་གོན་ལ་བཞི། ལྷ། བུམ་པ། ཡོ་བྱད། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་དྲི་བཟང་དང་བདུད་རྩི་ལྔ་སྦྱར་བས་དབུས་སུ་ཐིག་ལེ་གྲུ་བཞི་ཆེ་བ་གཅིག །དེ་མདུན་དེ་ལས་ཆུང་ཙམ་གཅིག་བཀོད་པའི་སྟེང་དུ། རུ་ལུ་དང་། ཀཱི་ལ་ཡ་བརྗོད་ལ་མེ་ཏོག་གི་ཚོམ་བུ་ཆེ་ཆུང་གཉིས་བཀོད། ཕྱི་མཆོད་གཡས་སྐོར་དང་། རྒྱབ་མདུན་སྨན་གཏོར་རཀྟ་བཤམ། ལས་བྱང་ལྟར་མཆོད་པ་རྣམས་བྱིན་བརླབ། དཀྱིལ་འཁོར་གྱི་ས་གཞི་དྭངས་ཤིང་ཐོགས་པ་མེད་པའི་དབུས་དང་མདུན་དུ་པདྨ་ཉི་མ་དྲེགས་པ་ཕོ་མོའི་གདན་རྣམས་གྲུབ་པར་གྱུར། ཧེ་ནི་ཡེ་ཤེས་གསལ་བའི་སྒྲ༔ རུ་ནི་དབྱིངས་སུ་སྡུད་པའི་དོན༔ ཀ་ནི་བྱང་ཆུབ་སེམས་ཆེན་པོ༔ ཀུན་ཁྱབ་རང་སྣང་དཔལ་ཆེན་ཡབ་ཡུམ་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སཏྭཾ༔ རང་བྱུང་དུར་ཁྲོད་གཞལ་ཡས་སུ༔ ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་ཧེ་རུ་ཀ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ ཞབས་བཞི་དྲེགས་པ་ཕོ་མོ་མནན༔ ཁྲོ་མོ་ཡུམ་དང་གཉིས་མེད་རོལ༔ དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན༔ འབར་བའི་གར་དགུས་རབ་ཏུ་བརྗིད༔ མདུན་དུ་རྡོ་རྗེ་གཞོན་ནུ་ནི༔ བརྗིད་གསལ་ཚམ་རྔམ་འབར་བའི་སྐུ༔ གཡས་དཀར་གཡོན་དམར་དབུས་མཐིང་ག༔ རྩེ་དགུ་རྡོ་རྗེ་རྩེ་ལྔ་དང༔ མེ་དཔུང་འབར་བ་ཁ་ཊྭཱཾ་འཛིན༔ ཕུར་བུ་རབ་ཏུ་དྲིལ་ཞིང་འདེབས༔ སྐུ་སྨད་ཕུར་བུ་དྲག་པོའི་དབལ༔ རབ་འབར་གནམ་ལྕགས་ངར་ལྡན་རྣོ༔ རྐེད་པ་རྒྱ་མདུད་ཆུ་སྲིན་ཁ༔ ཁམས་གསུམ་ཟིལ་གནོན་དབང་དུ་བྱེད༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ དཔལ་གྱི་ཆས་བརྒྱད་གར་དགུས་བརྗིད༔ རལ་པ་མེ་དཔུང་རྒྱ་མདུད་འཁྱིལ༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་དང༔ ཕོ་ཉ་མང་པོ་སྐུ་ལ་འཕྲོ༔ དུག་གསུམ་བསྒྲལ་བའི་ཨེ་དཀྱིལ་དུ༔ བཟོད་པར་དཀའ་བའི་སྐུ་མཆོག་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་འཁོར་ལོར་བཞེངས་ཏེ་བྱོན་པར་གྱུར། ཅེས་གསལ་བཏབ་ལ་ལས་བྱང་ལྟར་སྤྱན་འདྲེན། བཞུགས་གསོལ། བརྟན་པར་བྱ་བ། ཕྱག་དང་། མཆོད་པ་རྒྱས་བསྡུས་གང་རུང་། བསྟོད་པའི་བར་གྲུབ་ནས་སྙན་གསན་དབབ་པ་ནི། སྤོས་དང་རྡོར་དྲིལ་ཐོགས་ལ། མགོན་པོ་ཀུན་མཁྱེན་བདག་ཉིད་ཅན༔ གཅིག་དང་དུ་མ་ཡོངས་བྲལ་ཕྱིར༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་རྣམས་ལ་ནི་མཆོད་པ་དང༔ ཁམས་གསུམ་ཡོངས་སུ་བཟུང་བྱ་ཞིང༔ རང་བཞིན་མཉམ་པར་སྦྱར་བའི་ཕྱིར༔ རྡོ་རྗེ་ཅན་བདག་དཀྱིལ་འཁོར་གྱི༔ ལས་རྣམས་ཡོངས་སུ་རྫོགས་པར་བགྱིད༔ ཐུགས་རྗེས་ཉེ་བར་དགོངས་མཛད་དེ༔ དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི༔ ས་གཞི་ཡོངས་སུ་བཟུང་བར་མཛོད༔ ཨོཾ་བཛྲ་ས་མ་ཡ་སཏྭམ༔ ཞེས་གསོལ་བ་བཏབ་པས་རྗེས་སུ་གནང་བར་མོས། གཉིས་པ་བུམ་པ་ནི། རྩ་གཞུང་དུ་སློབ་མ་སྟ་གོན་གྱི་རྗེས་སུ་བཤད་ཀྱང་དོན་ལ་ཁྱད་པར་མེད་ཅིང་སྤྱི་ལྟར་འདིར་བླང་ན་སྟབས་བདེ་བས་རྣམ་རྒྱལ་མགུལ་ཆིངས་མཐིང་ག །ལས་བུམ་ལྗང་གུ་བུམ་མཚན་རྡོར་དྲིལ་དང་རྒྱ་གྲམ་ལྡན་པ། བུམ་རྫས་སོ་ལྔའི་བཅུད་ལྡན། ཁ་རྒྱན་གཟུངས་ཐག་དང་བཅས་པ། མཆོད་གཏོར་རྣམས་ལེགས་པར་བཤམས་ལ་མཆོད་པ་བྱིན་རླབས་བྱ། བུམ་པ་བསང་སྦྱང་། ཆོས་རྣམས་མི་དམིགས་སྟོང་པའི་ངང་། །བྷྲཱུྃ་ལས་བྱུང་བའི་བུམ་པ་ནི། །རང་བྱུང་དུར་ཁྲོད་གཞལ་ཡས་སུ༔ སོགས་ལྷ་བསྐྱེད་གོང་གསལ་ལྷ་སྟ་གོན་སྐབས་ལྟར་ལ། བཟོད་པར་དཀའ་བའི་སྐུ་མཆོག་གསལ༔ ལས་བུམ་ནང་དུ་པད་ཉིའི་སྟེང༔ ལས་བྱེད་བདུད་རྩི་འཁྱིལ་པ་ནི༔ ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན༔ ཁྲོ་བོའི་ཆ་ལུགས་རྫོགས་པར་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་ཡང་དག་ཧེ་རུ་ཀ་སྲས་མཆོག་རྡོ་རྗེ་གཞོན་ནུ་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་དང་བཅས་པ་སྤྱན་དྲངས། ཧཱུྃ༔ ཡེ་ཤེས་སྤྱན་གྱིས་སོགས་སྤྱན་འདྲེན། བཞུགས་གསོལ། བརྟན་པར་བྱ་བ། ཕྱག་འཚལ། མཆོད་པ་སྤྲུལ་པ་རྒྱན། སྨན་གཏོར་རཀྟ་སྔགས་ཙམ། བསྟོད་པ་ཤྭ་ལོ་ཀ་གསུམ་བཅས་ལས་བྱང་ལྟར། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་སོགས་བྱས་ལ་གཟུངས་ཐག་བླངས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱི་ཏིང་འཛིན་དང་ལྡན་པས། ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་པ་ཅི་འགྲུབ་དང་། ལས་བུམ་ལ་དམིགས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླས་ལ་སྔགས་ཙམ་གྱིས་མཆོད། བུམ་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། གསུམ་པ་ཡོ་བྱད་ནི། འོག་ནས་འབྱུང་བའི་དབང་རྫས་ཚང་བ་འདུ་བྱས་ལ་སྟེགས་བུར་བཀོད། དབང་རྫས་མི་དམིགས་སྟོང་པའི་ངང༔ སྐུ་གཟུགས་ལ་སོགས་ཕན་ནུས་ཆས༔ ཀུན་བཟང་རྡོར་སེམས་ཡབ་ཡུམ་དང༔ རང་འོད་ཞི་བའི་ལྷ་ཚོགས་རྣམས༔ མཚན་རྫོགས་དར་དང་རིན་ཆེན་བརྒྱན༔ ཐོད་སྐུ་ལ་སོགས་ཁྲོ་དབང་ཆས། །དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་དང་། །རང་མདངས་གནས་ཡུལ་སྒོ་སྐྱོང་སོགས། །ཕུར་བུ་བཛྲ་ཀཱི་ལ་ཡ། །ཀུན་ཀྱང་གར་དགུའི་ཉམས་དང་ལྡན། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཞེས་པ་ཙམ་གྱིས་གསལ་གདབ། སྤྱན་འདྲེན་ནས་བསྟོད་པའི་བར་བུམ་བསྐྱེད་ལྟར་བྱས་ལ། ཞི་བ་སྤྱི་སྔགས། རུ་ལུ། ཀཱི་ལ་འབྲུ་དགུ་རྣམས་ཉེར་གཅིག་ཙམ་རེ་བཟླས་པའི་མཐར། ལྷ་རྣམས་འོད་དུ་ཞུ་ནས་དབང་རྫས་སོ་སོའི་རྣམ་པར་གྱུར། ཅེས་མོས་ལ་མེ་ཏོག་འཐོར་ཏེ། སུ་པྲ་ཏིཥྛས་རབ་གནས་བྱའོ། །བཞི་པ་སློབ་མ་ནི། སྟ་གོན་རྫས་བཞི་བཞི་བསྣོལ་རྣམས་འདུ་བྱས་ལ་དབང་བསྐུར་བར་འོས་པའི་སློབ་མ་རྣམས་བོས། ལས་བུམ་གྱི་ཆུས་སྒོ་དྲུང་དུ་ཁྲུས་བྱ། ལས་བྱང་ལྟར་བཀའ་བསྒོ་ཞིང་བགེགས་བསྐྲད། ཀུན་རྫོབ་དང་དོན་དམ་གྱི་སྲུང་འཁོར་གྱིས་བཅིངས་ནས་མདུན་དུ་འཁོད་པ་ལ་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། བློ་བཅོས་པའི་ཆོས་བཤད་རྒྱས་བསྡུས་ཇི་ལྟར་འོས་པ་སྔོན་དུ་སོང་ནས། དེ་ལ་འདིར་གསན་པར་བྱ་བ་སྐབས་སུ་བབས་པ་ནི། བདག་ཅག་གི་སྟོན་པ་བླ་ན་མེད་པའི་རྒྱལ་བ་མཆོག་དེས་ཆོས་སྐུ་དགོངས་པའི་ངང་། ལོངས་སྐུ་བརྡའི་ཚུལ། སྤྲུལ་སྐུ་སྒྲ་ཚིག་ཐ་སྙད་ཀྱི་སྒོ་ནས། གདུལ་བྱ་འཕགས་པ་དང་སོ་སྐྱེའི་དབང་པོ་དང་འཚམ་པར་ཆོས་སྒོ་རབ་འབྱམས་རྒྱ་མཚོ་ཚད་མེད་པ་གསུངས་པ་ཐམས་ཅད་ཀྱང་གདུལ་ཡུལ་དབང་པོའི་རིམ་པའི་རིགས་སུ་བསྡུ་ན། ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་རིམ་དགུར་གྲགས་པ་ལས། འདིར་རྣལ་འབྱོར་ཆེན་པོ་དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་སྟོན་པའི་རྒྱུད་ལུང་མན་ངག་གཙོ་བོར་གྱུར་པ་གསུམ་དུ་བཞུགས་པའི་དང་པོ་བསྐྱེད་པ་མ་ཧཱ་ཡོ་གར་གྲགས་པ་ཡིན། དེ་ལའང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་བཞུགས་པའི་ནང་ཚན་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔའི་བྱེ་བྲག་ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད། དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་སོགས་ལས་བསྟན་པ་དཔལ་ཡང་དག་ཧེ་རུ་ཀ་དང་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་ལས་བསྟན་པ་བཛྲ་ཀཱི་ལ་ཡ་སྦྲགས་ཏེ་སྒྲུབ་པའི་སྨིན་བྱེད་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེའང་ཧེ་རུ་ཀའི་གལ་པོ་ལས་སློབ་མ་མཆོག་གི་རིགས་ཅན་ལ་ཡེ་ཤེས། འབྲིང་ལ་ཏིང་ངེ་འཛིན། ཐ་མའི་རིགས་ཅན་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་བ་དང་འཚམ་པའི་དབང་བསྐུར་ནས་དེ་དང་དེའི་མན་ངག་རྣམས་སྟོན་པར་གསུངས་པ་ལས། དེང་སང་ཁྱབ་ཆེ་བ་ཕྱི་མའི་དབང་དུ་བྱས་ནས་བསྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྐབས་འདིར་སྦྱོར་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བགྱི་བ་ཡིན་པས་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་འཚལ། ཅེས་མཎྜལ་འབུལ་དུ་གཞུག །དེ་ལ་ཐོག་མར་ཐེག་པ་ཆེན་པོའི་བློ་མ་སྐྱེས་ན་རྡོ་རྗེ་ཐེག་པའི་སྣོད་དུ་མི་རུང་བས་འདི་ལྟར་རང་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཏུ་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་ལ་བྱམས་པ་དང་སྙིང་རྗེ་ཚད་མེད་པས་ཁྱབ་པར་བྱས་ལ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་སོགས་ལས་བྱང་ལྟར་ལན་གསུམ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཟོད་མ་ཉིད་ནས་སྐྱེ་འགག་གནས་གསུམ་དམིགས་བསམ་འགྲོ་འོང་གི་སྤྲོས་པ་ཀུན་དང་བྲལ་བའི་དོན་ལ་བློ་བཞག་སྟེ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མའོ་ངོ་མཚར་རྨད་སོགས་ལན་གསུམ། དེ་ལྟར་སངས་རྒྱས་ཀྱི་ས་བོན་གྲུང་པོ་ཐེབས་པར་གྱུར་པ་ལ་གནང་བ་སྦྱིན་པ་ཡིན་པས་འདི་ལ་སྙན་གཏོད་འཚལ། ཨེ་མ་བདེ་གཤེགས་སྙིང་པོ་ལས༔ རང་གིས་རྣམ་རྟོག་ལས་ཀྱིས་འཁྲུལ༔ སྣ་ཚོགས་ལུས་དང་ལོངས་སྤྱོད་དང༔ གནས་དང་སྡུག་བསྔལ་ལ་སོགས་པ༔ བདག་དང་བདག་གིར་སོ་སོར་འཛིན༔ སུས་ཀྱང་མ་བཅིངས་བཅིང་མེད་དེ༔ བཅིང་བར་བྱ་བ་ཡོད་མ་ཡིན༔ བཅིངས་མེད་རྣམ་པར་གྲོལ་མེད་པའི༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ ཁྱེད་ལ་རབ་ཏུ་བསྟན་པར་བྱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ འགྲོ་ལ་ཕན་ཕྱིར་མཛད་པའི་ཚུལ༔ བུ་ཡིས་བློ་གྲོས་འདི་གྱིས་ཤིག༔ ཅེས་གདམས། དེ་ནས་རྒྱུད་རྣམ་པར་དག་པའི་སླད་དུ། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་དཔལ་ཆེན་པོ་ཞི་བ་དང་ཁྲོ་བོ་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པ་དང་སློབ་དཔོན་ལྷན་ཅིག་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆི་ཞིང་སྡོམ་པ་མཐའ་དག་ཡང་དག་པར་བཟུང་བ་དང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་གི་ཚོགས་རྣམས་སྙིང་ནས་བཤགས་ཤིང་རང་གཞན་གྱི་དགེ་བའི་རྩ་བ་ཅི་མཆིས་པ་ལ་རྗེས་སུ་ཡི་རང་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཡུལ་དང་བསམ་པ་ལ་སྐྱབས་སུ་འགྲོ་ཞིང་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། སངས་རྒྱས་ཆོས་དང་དགེ་འདུན་ལ༔ རྟག་ཏུ་བདག་ནི་སྐྱབས་སུ་མཆི༔ རྣལ་འབྱོར་སྔགས་བདག་ཧེ་རུ་ཀ༔ འཁོར་ལོར་བཞུགས་པའི་བདག་ཉིད་ཅན༔ དེ་རྣམས་ལ་ཡང་སྐྱབས་སུ་མཆི༔ དཀྱིལ་འཁོར་བདག་པོར་གྱུར་པ་ནི༔ བྱང་ཆུབ་སེམས་ཀྱི་དངོས་པོ་མཆོག༔ ཁྱད་པར་དུ་ཡང་སློབ་དཔོན་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ གཙོ་བོ་འཁོར་དང་བཅས་པ་ཡི༔ རྣལ་འབྱོར་འཁོར་བཅས་ཐམས་ཅད་ཀྱང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ནི༔ བདག་ལ་ཡང་དག་དགོངས་སུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ བདག་གིས་སྡིག་པ་ཅི་བགྱིས་པ༔ བགྱིད་དུ་ཡང་ནི་བསྩལ་པ་དང༔ རྗེས་སུ་ཡི་རང་གང་ལགས་པ༔ བདེ་གཤེགས་སྤྱན་སྔར་མཆིས་ནས་གང༔ དུས་གསུམ་སྡིག་པ་བགྱིས་པ་རྣམས༔ ཁྱེད་ལ་མ་ལུས་སོ་སོར་བཤགས༔ སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ སོ་སོ་སྐྱེ་བོ་ལ་སོགས་པའི༔ དགེ་བ་བགྱིས་དང་བགྱིད་སྩལ་བ༔ ཐམས་ཅད་ལ་ཡང་རྗེས་ཡི་རང༔ སངས་རྒྱས་རྣམས་དང་ཐེག་ཆེན་ཆོས༔ བྱང་སེམས་འཕགས་པའི་དགེ་འདུན་ལ༔ དད་པས་བདག་ནི་སྐྱབས་སུ་མཆི༔ སེམས་ཅན་མ་ལུས་སྲིད་པར་ལྷུང༔ འགྲོ་བ་རྣམས་ལ་ཕན་བྱའི་ཕྱིར༔ བདག་གིས་དེ་རིང་ཉིད་དུ་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་ཀྱི་མ་དག་པའི་ཕུང་པོ་སྦྱང་ཞིང་ཡེ་ཤེས་ཀྱི་ཕྱག་རྒྱར་བསྒྲུབས་ནས་སྲུང་བའི་གོ་ཆ་བགོ་བ་ཡིན་པས་དམིགས་པ་འདི་ལྟར་མཛོད་ཅིག །སློབ་དཔོན་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་མེ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་གདོས་བཅས་མ་དག་པའི་དངོས་པོ་བསྲེགས། རླུང་བྱུང་སྟེ་གཏོར། ཆུ་བོའི་རྒྱུན་གྱིས་བཀྲུས་ཏེ་སྟོང་པར་གྱུར་པའི་ངང་ལས་རྣམ་པར་ཤེས་པ་ཧཱུྃ་ཡིག་དཀར་གསལ་དུ་གྱུར། དེ་ལས་སྐད་ཅིག་གིས་ཁྱེད་རང་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་འབྲུ་གསུམ་དཀར་དམར་མཐིང་གས་མཚན་པ་དང་ལུས་ལ་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པས་ཚེ་བསྲུང་ཞིང་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་རཀྵཱ་ཧཾ༔ ཨོཾ་བྷྲཱུྃ༔ ཞེས་བརྗོད་ལ་གནས་གསུམ་དང་སྤྱི་བོར་རྡོ་རྗེས་རེག་ལ་མེ་ཏོག་འཐོར། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་ལ་ཕྱི་ནང་གི་མཆོད་པ་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། འགོ་འདྲེན་དེས་འགྲེས་ཏེ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་བཞི་བསྣོལ་གྱིས་མཆོད། དངོས་གྲུབ་ཀྱི་མཚན་མ་བརྟག་པའི་སླད་དུ་སོ་ཤིང་མཚན་ཉིད་དང་ལྡན་པ་འདི་ཉིད་ཁྱེད་རང་རྣམས་ཀྱིས་སོ་ལ་འདྲུད་པའི་ཚུལ་གྱིས་ལ། མཎྜལ་ཉིད་གདོད་ནས་གྲུབ་པའི་རིགས་ལྔའི་དཀྱིལ་འཁོར་དུ་མོས་པ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་དོར་ཅིག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་སྟེང་དུ་བསྟན་ན་དངོས་གྲུབ་རབ། ཕྱོགས་བཞིར་བསྟན་ན་འབྲིང་། འོག་ཏུ་བསྟན་ན་ས་འོག་སྤྱོད། མཚམས་བཞིར་དངོས་གྲུབ་ཐ་མ་འགྲུབ་པར་གསུངས་སོ། །རྨི་ལམ་གསལ་ཞིང་ཕྱི་ནང་གི་དྲི་མ་དག་པར་བྱེད་པའི་ཆུ་འདིས་ཁ་ལན་གསུམ་དུ་བཤལ་ཏེ་ལྷག་མ་རྒྱབ་ཏུ་དོར་བས་ཉེས་པའི་སྐྱོན་རྣམས་སང་གིས་དག་པར་མོས་ཤིག །ཙན་དན་གྱི་ཕྱེ་མ་སྦྱར་བའི་དུང་ཆུ་ལ། ཨོཾ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླས་པ་སྦྱིན། གསང་བ་ཟབ་མོའི་གནས་ལས་ཕྱིར་མི་ལྡོག་ཅིང་སྤྲོ་བ་སྐྱེད་པ་འདི་ལ་གསན་འཚལ། ཚེ་རབས་ཐོག་མ་མེད་པ་རུ༔ བསགས་པའི་སྡིག་སྒྲིབ་མང་པོ་ཀུན༔ ཟབ་མོ་དཀྱིལ་འཁོར་མཐོང་ཙམ་གྱིས༔ དག་པར་ཐེ་ཚོམ་མེད་པར་གསུངས༔ དེས་ན་སྐལ་པ་བཟང་པོ་ཡིན༔ བཟང་ངན་གྱི་ལྟས་རྨི་ལམ་གྱི་སྒོ་ནས་སྟོན་པར་བྱེད་དགོས་པས་དེ་ཉིད་མི་འཁྲུགས་པར་བྱ་བའི་སླད་དུ་དག་བྱེད་རྩྭ་མཆོག་ཀུ་ཤའི་ཕོན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །ཧྲཱིཿཧཱྃ༔ ཞེས་པས་ཀུ་ཤ་ལག་པ་གཡོན་དུ་སྦྱིན། སྐུད་པ་སྔོན་པོ་སུམ་བསྒྲིལ་མདུད་པ་གསུམ་བཏབ་པ་ལ་ལྷ་སྔགས་རྣམས་དང་འབྲུ་གསུམ་གྱིས་སྔགས་ལ། སྲུང་བའི་སྐུད་པ་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན་དང་བུད་མེད་རྣམས་ཀྱི་གཡས་སུ་བཅིངས་པས་ཁམས་ཉམས་པ་སོགས་སྒོ་གསུམ་གྱི་བར་ཆད་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་གྱིས་ཤིག །ལྷ་སྔགས་རྣམས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་རཀྵ༔ ཞེས་བཟླ་ཞིང་མཆོད། བུ་ཀྱེ་ཀུ་ཤའི་སྟན་དག་ལ༔ སེང་གེའི་སྟབས་ཀྱིས་ཉལ་བར་བྱོས༔ རྨི་ལམ་མཚན་མ་གང་མཐོང་བ༔ བུ་ཁྱོད་ནངས་པར་འདྲི་བྱེད་པས༔ ཁྱེད་ཀྱིས་ང་ལ་གསལ་པོར་ཤོད༔ དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་སྟ་གོན་ལྷ་ལ་མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་བརྗོད། རྡོར་དྲིལ་དང་སྤོས་ཐོགས་ལ། མགོན་པོ་ཀུན་མཁྱེན་བརྩེ་ལྡན་དགོངས༔ ཁྱེད་རྣམས་ལ་ནི་མཆོད་པ་དང༔ འདི་ཞེས་བྱ་བ་རྗེས་བཟུང་ཕྱིར༔ དཀྱིལ་འཁོར་ནངས་པར་འབྲི་བར་འཚལ༔ ཡེ་ཤེས་ཅན་གྱིས་རྗེས་བཟུང་ནས༔ བྱིན་རླབས་དམ་པ་མཛད་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ། མཎྜ་ལ་ཨུཏྟིཥྛ༔ ཞེས་པའི་སྔགས་རྒྱས་ནམ་མཁར་བཏེགས། བསྔོ་སྨོན་རྒྱས་པས་གྲུབ་བོ། །ནངས་པར་སློབ་མ་རྣམས་རྨི་ལམ་གྱི་མཚན་མ་ངན་ན། རྡོ་རྗེ་གནོད་སྦྱིན་གྱི་རྒྱ་དང་། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་དྷི་སཏྭམ་ཧཱུྃ་ཕཊ༔ ཅེས་པས་བསྲུང་བར་བཤད་དོ། །གསུམ་པ་དཀྱིལ་འཁོར་དང་དབང་རྫས་བཀོད་པ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མེད་ན་སྟ་གོན་སྐབས་ལྟར་ཚོམ་བུ་གཉིས་བཀོད་པའི་མཎྜལ་གྱི་སྟེང་རྐང་གསུམ་ཁར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་དབུས་སུ་དཔལ་ཆེན་པོའི་ཐོད་སྐུ །གཡས་གཡོན་དུ་སྔགས་བྱང་དང་མར་མེ། དེ་སྟེང་འཕྲུལ་སྟེགས་ལ་རྣམ་རྒྱལ་བུམ་པ། ཞི་བའི་ཕན་དབང་ཆས། ཀུན་བཟང་ཡབ་ཡུམ། ཞི་ལྷ་ཚང་བའམ་རིགས་ལྔ་ཡབ་ཡུམ་གྱི་སྐུ་ཙཀ །དཔའ་བོ་འབྲུ་ལྔ། དབུ་རྒྱན། རིན་ཆེན་ཕྲེང་བ། ཅོད་པན། རྡོ་རྗེའི་གོ་ཁྲབ། རྒྱལ་མཚན། གདུགས། བཟའ་བཅའ་བཏུང་བ་རྣམས་དང་། ནུས་དབང་ཆས། གླེགས་བམ། ཕྲེང་བ། རྒྱ་གྲམ། དུང་ཕྱག་ཤིང་འཁོར་ལོ། རིགས་ལྔའི་ཕྱག་མཚན་ཕྱོགས་བསྡུས་རྣམས་དངོས་སམ་ཙཀ་ལི་གང་འབྱོར་སྟེང་འོག་གང་བདེར་བཀོད། དེ་བཞིན་དུ་ཁྲོ་དབང་གི་ཆས། ཐོད་སྐམ་དབུ་རྒྱན། རྡོར་དྲིལ། ཁ་ཊྭཱཾ། རྔེའུ་ཆུང་། ཐོད་ཁྲག །རྒྱུ་ཞགས། ཁྱུང་། ཁྲག་ཞག་ཐལ་གསུམ། ཐོད་པ་ཚར་གསུམ། སྦྲུལ་ཆུན། གླང་ཞིང་སྟག་ཤམ། རྡོ་རྗེའི་གཤོག་པ། ཁྲོ་ཆུང་། རལ་པ་མཐིང་ནག །མེ་ཕུང་། ཁྲག་འཐུང་རིགས་ལྔའི་སྐུ་ཙཀ །ཐོད་པ་བདུད་རྩི་ལྔས་བཀང་བ་རྣམས་དང་། མདུན་དུ་སྲས་མཆོག་ཕུར་བུ་དར་ནག་གི་ཅོད་པན་ཅན། ཉུངས་གུལ་རཀྟ། ཕྲེང་བ་དང་འདོད་ཡོན་ལྔ། ལྕགས་ཀྱུ་ཞགས་པ་རལ་གྲི་མནན་སྲེག་འཕང་གསུམ་ཆས། རིགས་ལྔའི་ཕྱག་མཚན་དྲིལ་བུ་བཅས་ཕྱོགས་བསྡུས། རྒྱབ་ངོས་སུ་གསང་དབང་ཐོད་ཆང་བདུད་རྩི་ལྔའི་སྣོད། རིག་ཙཀ །ཟངས་ལྕགས་སྣོད་དུ་མགོན་པོའི་གཏོར་མ་དཔུང་རོང་མཐེབ་ཀྱུས་བསྐོར་བ་དང་། མ་མོའི་གཏོར་མ་གྲུ་གསུམ་གཅིག་ལ་འཁོར་རང་འདྲ་གསུམ་དང་མཐེབ་ཀྱུས་བསྐོར་བ། གཉིས་ཀ་ཤ་ཁྲག་གི་རྒྱན་དང་དར་གདུགས་མཐིང་ནག་གིས་སྤྲས་པ་བཅས་གོ་རིམ་ལེགས་པར་བཀོད། ཞི་དྲག་གི་མཆོད་པ་བསྐོར་བཤམ། སྨན་གཏོར་རཀྟ། དཀྱིལ་འཁོར་རྒྱན་རྫས་རྣམས་ཀྱང་མཛེས་ཤིང་བརྗིད་པར་བཤམ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཆས་རྣམས་ཚོགས་པར་བྱའོ། །རྩ་བའི་གཉིས་པ་དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར་ལ་གཉིས། དབང་དོན་དཀྱིལ་འཁོར་སྒྲུབ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། གསོལ་འདེབས་ཀྱིས་ཐོག་དྲངས་ལ། ལས་བྱང་ལྟར་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད། བགེགས་གཏོར་སྤྱི་འགྲོ་བཏང་ལ་ལས་བྱང་ལྟར་བགེགས་བསྐྲད་ཅིང་མཚམས་བཅད། དེ་ནས་སྤོས་བཏུལ་ཞིང་རོལ་མོ་དབྱངས་བཅས་ཏེ་བྱིན་དབབ་པ་ནི། ཧཱུྃ༔ ཆོས་སྐུ་དག་པའི་ངོ་བོ་ལས༔ སྐུ་གཉིས་རྣམ་པར་སྤྲུལ་ནས་ནི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ ད་ལ་འདི་ལ་བྱིན་གྱིས་རློབས༔ དུས་གསུམ་བདེ་བར་གཤེགས་པ་རྣམས༔ ངོ་བོ་ཉིད་ཀྱིས་རྣམ་དག་ཀྱང༔ བདག་གི་སློབ་མར་དབང་བསྐུར་ཕྱིར༔ དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ ཞེས་བརྗོད་ལ་སྔར་ནམ་མཁར་བཏེགས་པའི་སྟ་གོན་གྱི་ལྷ་རྣམས་དཀྱིལ་འཁོར་དང་དབང་རྫས་ལ་བསྟིམ། དེ་ནས་ལས་བྱང་གི་ཚོགས་ཞིང་སྤྱན་དྲང་པ་ནས་བརྩམ་སྟེ་མཆོད་པ་བྱིན་རླབས་བར་བཏང་ལ་ཚད་མེད་བཞི་བསྒོམ། དངོས་གཞི་བདག་མདུན་དབྱེར་མེད་ཀྱི་དགོངས་པས་ཐོག་མར་ཞི་བའི་ཕྲིན་ལས་བཏང་ལ་ཞི་སྔགས་ཅི་འགྲུབ་བཟླ། དེ་ཉིད་ཁྲོ་བོར་གནས་བསྒྱུར་བའི་བསྐྱེད་ཆོག་དྲང་བསྟིམ་མཆོད་བསྟོད་སྨོན་ལམ་བཤགས་པ་དང་བཅས་པ་སོང་ནས། ཛཔ྄་ཁང་ཕྱེས་ལ་ཆུན་དྲིལ་དུ་བཟླས་པ་ཉིད་ཇི་ཙམ་ནུས་པ་བྱས་ལ་མཆོད་བསྟོད་མདོར་བསྡུས་འབུལ། ཆོས་སྲུང་གཏོར་འབུལ་སྤྱི་དང་། ཁྱད་པར་རཀྴ་མ་ཧཱ་ཀཱ་ལ་དང་ལྷ་མོ་རང་བྱུང་རྒྱལ་མོའི་ཕྲིན་ལས་བཏང་སྟེ་མཆོད་བསྟོད་བཟླས་པས་ཐུགས་རྒྱུད་བསྐུལ། དེ་ནས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྟབ་པའི་བར་དུ་གཏང་། དེ་ནས་རིག་པའི་མེ་ཏོག་དོར་བ་ནི། རྡོར་དྲིལ་འཛིན་ཞིང་འབྲུ་འཐོར་བཞིན་པས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བས༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཨོཾ་བཛྲ་ས་མ་ཡ་སཏྭཾ་ཧཱུྃ་ཧོ༔ བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར༔ གནང་བ་ཞུ་བ་ནི་ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་སྙིང་པོ་དཀྱིལ་འཁོར་འདིར༔ བདག་གི་སློབ་མ་གཞུག་པར་བགྱི༔ བཟོད་པར་མཛད་དེ་དགོངས་སུ་གསོལ༔ ཞེས་གསོལ་བ་བཏབ་པས་ལྷ་རྣམས་དགྱེས་ཤིང་འཛུམ་པ་དང་བཅས་པས། ཀྱེ་ཧོ་འགྲོ་བའི་དཔལ་མགོན་གྱིས༔ བདེ་དགའ་རྒྱ་ཆེན་དཀྱིལ་འཁོར་དུ༔ འགྲོ་ཀུན་མྱུར་དུ་དྲོངས་ཤིག་བུ༔ ཞེས་གནང་བ་བསྩལ་བར་གྱུར༔ ཅེས་མོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ལ་གསུམ། འཇུག་པའི་ཆོ་ག །དབང་གི་དངོས་གཞི། རྗེས་ཕན་ཡོན་བརྗོད་པ་ལ་སོགས་པའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། ཕྱག་བཅས་གྲལ་ལ་འཁོད་དེ་མེ་ཏོག་བཀྱེ་བསྡུ་བྱས་ལ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་རིགས་པ་དང་། བྱེ་བྲག་ཏུ། འདིར་སྐབས་སུ་བབས་པ་སྔ་འགྱུར་གསང་སྔགས་རྙིང་མ་ཟབ་མོ་གཏེར་གྱི་ཕྱོགས་ལ་ཡི་དམ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ནང་ཚན་ཡང་དག་ཐུགས་ཀྱི་སྒྲུབ་པ་ཡིན། འདི་ཉིད་ཡོ་ག་རྣམ་པ་གསུམ་ལས་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་རྣལ་འབྱོར་ཤས་ཆེ་ཆུང་གི་དབང་ལས་ནང་གསེས་རྣམ་པ་གསུམ་དུ་དབྱེ་བའི་ནང་ཚན། བསྐྱེད་རིམ་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་ཐིག་ལེ་བྱང་ཆུབ་ཀྱི་སེམས་གཙོར་བྱེད་ཅིང་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་ཡིན་ཞིང་། སྔགས་གསར་མ་ལ་ཡོངས་སུ་གྲགས་པའི་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དགྱེས་རྡོར་སོགས་དང་ངོ་བོ་གཅིག་ཅིང་། རྒྱ་བོད་མཁས་གྲུབ་ཀུན་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་པའི་ཐུགས་དམ་གསང་བའི་ལྷ་མཆོག་ཉི་ཟླ་ལྟར་གྲགས་པ་འདི་ལ། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ། ལྔ་བཅུ་ང་བརྒྱད་པ། བཅོ་བརྒྱད་པ། དགུ་མ། གཅིག་མ་སོགས་སྒྲུབ་ཐབས་རྒྱས་བསྡུས་ཀྱི་བཀའ་སྲོལ་མང་དུ་མཆིས་ཤིང་། བོད་ཀྱི་ལྗོངས་འདིར་ཡང་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ལས་གནུབས་ནམ་མཁའི་སྙིང་པོས་ཞུས་ཏེ་མཆོག་གི་གྲུབ་པ་བརྙེས། དེ་ནས་བརྩམས་ཏེ་བཀའ་མའི་རིང་སྲོལ་བར་མ་ཆད་དུ་བྱོན་པ་དང་། གཏེར་མའི་ཕྱོགས་སུའང་རྣམ་གྲངས་འགའ་ཞིག་མཆིས་པ་ལས། འདི་ནི་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་ཐ་དད་མེད་པ་ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེས་རྗེ་མངའ་བདག་ཁྲི་སྲོང་། གྲོགས་མཁའ་འགྲོ་མཚོ་རྒྱལ། འབངས་དགེ་སློང་ནམ་མཁའི་སྙིང་པོ་གསུམ་ལ་ཐུན་མོང་མ་ཡིན་པའི་ཐུགས་དམ་ལྷག་པའི་ལྷར་བསྩལ། མཚོ་རྒྱལ་དང་ནམ་སྙིང་གཉིས་ཀྱིས་མ་འོངས་པའི་གདུལ་བྱའི་དོན་དུ་གུ་རུ་རིན་པོ་ཆེའི་བཀའ་བཞིན། ལ་སྟོད་དཔལ་མོ་དཔལ་ཐང་གི་ལྷ་མཚོ་སྲིན་མཚོའི་ནུབ་ཕྱོགས་བྱ་མང་པོའི་ཕུག་པར་གུ་རུའི་ཕྱག་མཚན་མཐོང་གྲོལ་གནམ་ལྕགས་རྡོ་རྗེ་དང་ལྷན་ཅིག་གསང་བའི་གཏེར་དུ་སྦས་པ། ཕྱིས་འདུལ་བའི་དུས་སུ་སོན་པ་ན་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་མང་པོ་བྱང་ཆུབ་གླིང་གི་གཏེར་སྟོན་ཆེན་པོ་དཔལ་གྱི་རྒྱལ་མཚན་གྱིས་སྤྱན་དྲངས་པའི་ཟབ་ཆོས་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་དུ་གྲགས་པ་འདི་ལ་སྐོར་ཚོ་ཆེན་པོ་ལྔར་བཞུགས་པ་ལས། འདིར་ནང་གཏེར་ར་སྐོར་ལ་དམ་ཆོས་སྒྲོན་མ་རྣམ་དྲུག་ཏུ་མཆིས་པའི་ནང་ནས་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ་ཞེས་ཡང་ཕུར་སྦྲགས་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན། དེའང་ཟབ་ཆོས་འདི་ཉིད་སྔོན་དུས་ཡོངས་སུ་གྲགས་ཤིང་དར་རྒྱས་སུ་གྱུར་མོད། དེང་སང་དུས་ཀྱི་དབང་གིས་གཏེར་རྙིང་ཕལ་མོ་ཆེའི་རྒྱུན་ཆད་ཅིང་དཔེ་ཙམ་ཡང་ཤིན་ཏུ་དཀོན་པར་གྱུར་པ་ལ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་ལུང་བསྟན་པའི་བཅུ་གསུམ་གྱི་རྩེ་མོར་ཕེབས་པ། བཀའ་བབས་ངོ་མཚར་བདུན་གྱི་མངའ་བདག་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དག་སྣང་ཉེ་བརྒྱུད་ཀྱི་བཀའ་བབས་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྤེལ་ནས། བསྟན་པའི་མེ་རོ་སླར་ཡང་གསོ་བར་མཛད་པའི་སྨིན་བྱེད་ཁྱད་པར་ཅན་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །རིགས་དང་སྐལ་པ་བརྟག་པའི་སླད་དུ། བུ་ཁྱོད་འདིར་འོང་ཅི་ལ་དགའ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་བཟང་ཐེག་ཆེན་ལའོ༔ དེ་ནས་མཚམས་སྦྱོར་སྤྱི་མཐུན་བྱས་ལ། དར་རས་དམར་པོའི་མིག་དར། ཨོཾ་ཨཱཿཧཱུྃ་གིས་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ༔ གིས་མེ་ཏོག་གཏད། ལས་ཀྱི་རྡོ་རྗེས་ཕྱག་གི་རྡོ་རྗེས་དྲངས་ཏེ་དཀྱིལ་འཁོར་གཉན་པོའི་སྒོ་དྲུང་དུ་ཁྲིད་པར་མོས་ཤིག །སྔོན་ལས་མ་རིག་མི་དགེ་བས༔ འཁོར་བར་ལྟུང་གྱུར་སེམས་ཅན་དག༔ ལས་དང་ཐུགས་རྗེས་རྗེས་བཟུང་ནས༔ བླ་མེད་གནས་སུ་དྲང་བར་བྱ༔ ས་མ་ཡ་ཛཿཛ༔ བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ཆེན་པོས་ཁྱེད་རང་རྣམས་གཙོ་བོའི་མདུན་དུ་དྲངས་ནས་འཁོད་པར་མོས་ལ་ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད༔ ཐར་པ་ཆེན་པོ་བདག་འདོད་དེ༔ དེ་ཉིད་དབང་དང་དངོས་གྲུབ་དང༔ མགོན་པོ་དཔའ་བོར་སྐྱབས་སོང་ཞིང༔ ཐེག་ཆེན་ཁང་པར་གཞུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེའི་ཕྱེད་གཏད་ལ། བུ་འདིར་ཤོག་ཅིག་ཅི་བདེ་བའི༔ ལས་སྤྱོད་ཁྱད་པར་འགྲོ་བ་དང༔ སྐུ་གསུང་ཐུགས་ནི་རྫོགས་བྱའི་ཕྱིར༔ ཐེག་མཆོག་བླ་མེད་དབང་བསྐུར་སྦྱིན༔ ཞེས་རང་གི་མདུན་དུ་དྲང་། ལུས་འབུལ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། འདས་པའི་སངས་རྒྱས་རྟོགས་པ་མངོན་གྱུར། ད་ལྟའི་སངས་རྒྱས་དཔལ་ལྡན་བླ་མ། མ་འོངས་པའི་སངས་རྒྱས་འཕགས་སྐྱེའི་དགེ་འདུན་རྣམས་ལ་ལུས་འབུལ་བའི་མོས་པས་ཐལ་མོ་སྤྱི་བོ་སྨིན་མཚམས་སྙིང་ག་རྣམས་སུ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་པཱུ་ཙ་སྡྱཱ་ནཱ་ཡ༔ གུ་རུ་པཱུ་ཙ་སྡྱཱ་ནཱ་ཡ༔ སཾ་གྷཱ་ཡ་པཱུ་ཙ་སྡྱཱ་ནཱ་ཡ༔ ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི༔ བར་གཅོད་ཀྱི་བགེགས་བསྐྲད་པའི་སྔོན་འགྲོ་ཚེ་མི་ཡར་བར་སྲུང་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་ཡི་གེ་བྷྲཱུྃ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཞུགས་པས་དུང་ཁང་ཟླ་གམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་གཅིག་པར་གྱུར་པའི་ནང་དུ་ཧཱུྃ་ཡིག་ལ་ཚེའི་དངོས་པོ་ཐམས་ཅད་འདུས་ཏེ་ཧཱུྃ་ཀར་སྔོན་པོ་ཚེའི་བུམ་པ་བསྣམས་པར་གྱུར། གནམ་སྒོ་ལ་ཁྲོ་བོ་མི་གཡོ་བ་ལྗང་ནག་རལ་གྲི་དང་སྡིག་མཛུབ་ཅན་གྱིས་བསྲུང་བར་གྱུར། བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛ༔ བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ ཧྲཱིཿབཛྲ་རཀྵ༔ བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ༔ ཅེས་པས་ཚེ་སྲུང་། བགེགས་བསྐྲད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་བྷི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ཅེས་པས་སྤྲུལ་པའི་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་སྡིགས་བསྐྲད་བརླག་པར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། འདིར་འདུས་པའི་སློབ་བུ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཅེས་དང་། ཧཱུྃ་བཞི་པའི་དྲག་སྔགས་རོལ་མོ་གུ་གུལ་ཡུངས་ཐུན་གྱིས་བསྐྲད། སྒྲིབ་པ་དྲལ་བ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ། མ་སུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ གཡོན་གྱི་སོར་མོ་ལྔ་ལ། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། སུ་ར་ཏ་སཏྭཾ༔ ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོ༔ སོར་མོ་བསྣོལ། བཛྲ་བྷནྡྷ་བཾ༔ ཕྱག་རྒྱ་བསྡམས་པས། རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ། གོང་བཞིན་བདེན་སྟོབས་བརྗོད་པའི་མཐར། སློབ་བུ་འདི་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དང་། ལྟ་བ་དམན་པ་དང་། ཆོས་ཀྱིས་ཕོངས་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་ཕྱག་རྒྱའི་འོད་ཟེར་འདིས་དྲལ་བར་གྱུར་ཅིག །བཛྲ་བནྡྷ་ཏྲ་ཐཱ༔ ཞེས་པའི་སྔགས་ལན་མང་དུ་བརྗོད་ཅིང་ཐལ་མོ་སྤྲུགས་པས། རིགས་ལྔའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་སློབ་བུའི་སྒྲིབ་པ་མཐའ་དག་བསྲེགས་ཤིང་སྦྱངས། དུང་ཁང་གི་ཁྲོ་བོ་གཉིས་ཀྱང་ཞུ་ལུགས་སུ་ཐིམ་པའི་རྐྱེན་གྱིས་སློབ་མའི་ལུས་འོད་དུ་ཞུ་ནས་གསེར་ཞུན་ལྟ་བུའི་འོད་ཕུང་དུ་གྱུར། དེ་ནས་ལྷར་བསྐྱེད་ཅིང་བརླབ་པ་ནི། ཨ་ཞེས་བརྗོད་པས་འོད་དེ་ཨ་ཡིག་མཐིང་གར་གྱུར། དེ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས་ཏེ་འདུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར། སླར་ཡང་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཀུན་བཟང་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཕྱག་དྲུག་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་འོག་མ་གཉིས་ཀྱིས་འཁོར་ལོ་དང་རིན་པོ་ཆེ། གཡོན་འོག་མས་པདྨ་དང་རལ་གྲི་བསྣམས་པ། ཡུམ་ཀུན་ཏུ་བཟང་མོ་མཐིང་སྔོན་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། ཞི་བའི་ཚུལ་དགུ་དང་ལྡན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྤྱི་བོར་བཞག་ལ། བཛྲ་ཀ་བ་ཙི་རཀྵཱ་ཧཾ༔ ཞེས་གོ་བགོ །མཛུབ་མོ་གཡས་སུ་ཏྲུཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་མཆེ་བ་དང་སྡིགས་མཛུབ། གཡོན་དུ་ཨོཾ་ལས་ཁྲོ་བོ་མི་འཆི་ཐབ་སྦྱོར་དམར་པོ་རྒྱ་གྲམ་དང་སྡིགས་མཛུབ་ཅན་དུ་གསལ། ཨོཾ་ཏྲུཾ༔ ཞེས་ལྟེ་བ། སྙིང་ཁ། ལྟག་པ། དཔྲལ་བ། སྤྱི་བོ་རྣམས་སུ་མཛུབ་མོ་བསྣོལ་བས་རེག་ལ། གནས་རྣམས་སུ་ཁྲོ་བོ་གཉིས་པོ་ཟུང་རེ་ཞབས་བསྣོལ་ནས་ཕྱིར་གཟིགས་ཏེ་སྲུང་བའི་ལས་མཛད་པའི་ཐུགས་ཀ་ནས་རྡོ་རྗེ་ལུ་གུ་རྒྱུད་བྱུང་བས་བསྲུང་ཞིང་བརྟན་པར་གྱུར། ཅེས་ལུས་བསྲུང་། དེ་ནས་དམ་ཚིག་སྦྱིན་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཆེན་ཇི་ལྟར་མཛད་པ་ལྟར༔ བདག་ཀྱང་རབ་ཏུ་བསྒྲལ་སླད་དུ༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ གསུམ། ཐོད་པར་བདུད་རྩི་ལྔ་ཆང་དང་སྦྱར་བ་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་གྱི་རྣམ་པར་གསལ་བར་གྱུར། སངས་རྒྱས་དག་ནི་ཐམས་ཅད་ཀྱི༔ གསང་བ་རྡོ་རྗེ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱི་ཕྱག་བྱས་པ༔ དབང་བསྐུར་གནང་བ་ཆེན་པོ་སྦྱིན༔ ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད་ལ། ས་མ་ཡ་ཨོཾ་ཨཱཿཧཱུྃ༔ གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཐིམ་པ་ལས་དཔྲལ་བར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པས་རྡོ་རྗེ་གསུམ་གྱི་དམ་ཚིག་ཐོབ་པར་གྱུར། དམ་ཚིག་དབབ་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི༔ དམ་ཉམས་དམ་འདྲེས་མེད་པ་ལ༔ ནམ་ཡང་སྨྲ་བར་མ་བྱེད་ཅིག༔ ཐེག་པ་ཆེན་པོ་སྟོན་བྱེད་པ༔ ང་ལ་བརྙས་དང་སྨད་མི་རུང༔ སྐུ་གསུང་ཐུགས་ལ་རྟག་གནས་ཤིང༔ མ་ལུས་སེམས་ཅན་དོན་གྱིས་ཤིག༔ ཆུ་ནན་བྱ་བ་ནི། དུང་ཞལ་དུ་ཙན་དན་དཀར་དམར་སྦྱར་བའི་ཆུ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་དུང་ཆུ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར། ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བཟླ། ལྷ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར༔ རྡོ་རྗེའི་ཆུ་འདི་བཏུང་བར་གྱིས༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་རྡོ་རྗེས་ལྕེ་ལ་ལན་གསུམ་བཞག །ཐོད་པའི་བདུད་རྩི་ལ་དམིགས་ཏེ། བདུད་རྩི་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཨོཾ་བཛྲ་སཏྭ་ཨཱ༔ གསུམ། ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར། དེ་ལྟ་བས་ན་བུ་ཁྱེད་ཀྱིས༔ དམ་ཚིག་འདི་དག་བསྲུང་བར་གྱིས༔ དམ་ཚིག་བསྲུང་ན་དངོས་གྲུབ་པས༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཐཱ༔ དེ་ལྟར་དམ་ཚིག་གི་ཆུ་ནན་སྙིང་གི་དཀྱིལ་དུ་བབས་ནས་དམ་ཚིག་མ་བསྲུང་ན་ལྕགས་སྡིག་མགོ་དགུ་པར་གྱུར་ཏེ། སྙིང་ཁྲག་འཇིབས་ནས་དམྱལ་བར་སྐྱེ་ལ། བསྲུངས་ན་རྡོ་རྗེ་སེམས་དཔར་གྱུར་ནས་བྱིན་གྱིས་རློབ་ཅིང་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དམ་ཚིག་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཕྱག་གཡས་སློབ་མའི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས༔ རྟག་ཏུ་དོག་པ་མེད་གྱིས་ལ༔ འདོད་པ་ལྔ་ཡི་ཡོན་ཏན་སྤྱོད༔ གཞན་ཡང་སྟོང་ཁམས་ཐམས་ཅད་ན༔ ཤེས་རབ་དབྱིངས་དང་འདོད་ཡོན་གཞན༔ རབ་འབྲིང་ཐ་མ་ཐམས་ཅད་སྤྱོད༔ གཞན་ཡང་དམ་ཚིག་ཉམས་པ་དང༔ སྐྱེ་བོ་གང་ཞིག་དམ་ལ་གནོད༔ བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ༔ སྙིང་གི་ཁྲག་ཆེན་བཏུང་བར་གྱིས༔ འདི་ལ་མི་བྱ་ཅི་ཡང་མེད༔ སེམས་ཉིད་ཐེག་པར་རབ་ངེས་ན༔ ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང༔ པདྨ་ལ་ནི་འདམ་བཞིན་ཏེ༔ བྱས་ལ་མི་སོག་ཚོགས་གྱུར་ཏེ༔ ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས༔ ཞེས་བསྒྲག །མེ་ཏོག་དོར་བ་ནི། མཎྜལ་རིགས་ལྔའི་ཕྱག་མཚན་ཅན་བཀོད་ལ། རིགས་བརྟག་པའི་སླད་དུ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ། ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་རིགས་ལྔའི་ལྷ་བཞུགས་པ་ལ་དམིགས་ཏེ་འབུལ་བར་ཞུ། མེ་ཏོག་དབྱིབས་མཛེས་ཕྲེང་བ་འདི༔ སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ༔ ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང༔ འབྲེལ་པ་བཞིན་དུ་འབབ་པར་ཤོག༔ ཨོཾ་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་བས། དབུས་སུ་བབས་ན་རྡོ་རྗེ། ཤར་བདེ་གཤེགས། ལྷོ་རིན་ཆེན། ནུབ་པདྨ། བྱང་ལས་ཀྱི་རིགས་སུ་ངོ་སྤྲད། སྐབས་འདིར་ཡེ་ཤེས་པ་དབབ་པ་གཞུང་གི་དགོངས་པ་དངོས་ནི། མེ་ཏོག་ཕོག་པའི་ལྷ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་སྤྲོས་ཏེ་སློབ་མ་ལ་བསྟིམ་ཞིང་འབེབ་སྔགས་བརྗོད་ལ་བརྟན་པར་བྱས་པ་ཙམ་གྱིས་འཐུས་པས་དེ་ལྟར་རམ། སྤྲོས་པ་ལ་དགའ་ན་བཀའ་མ་སྤྱི་ལུགས་ལྟར་བྱས་ཀྱང་འགལ་བ་མེད་ཅིང་རྣམ་པ་གསལ་བས་དེ་ལྟར་ན། དེ་ནས་ལྷ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། རླུང་ཁ་སྦྱོར་དུ་འཆིང་། སེམས་གཞན་དུ་མ་ཡེངས་པར་སྔར་ཆུ་ནན་གྱི་ཡེ་ཤེས་པ་སྙིང་གི་ནང་དུ་རྡོ་རྗེ་སེམས་དཔའ་དཀར་པོ་རྒྱན་ཆ་ལུགས་ཕྱག་མཚན་བཅས་གསལ་ཞིང་འོད་འཕྲོ་བར་བཞུགས་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་པ་དང་འོག་མིན་གྱི་དབྱིངས་ནས་དཔལ་ཆེན་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་ཙམ་དུ་སྤྱན་དྲངས། སྤྲོ་ན་བབ་དྲུག་འདས་བཞིའི་སྐུལ་ཚིག་སྦྱར། གང་ལྟར་སྤོས་དང་རོལ་མོ་འཁྲོལ་ལ། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ༔ ཨེ་ཧྱེ་ཧི་བྷ་ག་ཝཱན༔ མ་ཧཱ་ཀ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧཱུྃ་ཛཿཛ༔ ཞེས་དྲག་ཏུ་བརྗོད། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་སློབ་མའི་སྤྱི་བོ་ནས་ཞུགས་སྙིང་གའི་རྡོ་རྗེ་སེམས་དཔའ་ལ་སིབ་སིབ་ཐིམ་པར་གྱུར། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད། སྔར་ཕུལ་བའི་མེ་ཏོག་མགོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱའོ། །མིག་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་འདྲ་བ་འཕྲོས། སློབ་བུའི་མ་རིག་པའི་ལིང་ཐོག་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་མོས་ཤིག །གསེར་ཐུར་ཐོགས་ལ། དེ་རིང་དད་པའི་ཤུགས་ཀྱིས་ནི༔ དཀྱིལ་འཁོར་ཏིང་འཛིན་ལྡན་པར་བྱ༔ སངས་རྒྱས་ཀུན་གྱི་རིགས་སུ་འཁྲུངས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས༔ དམ་ཚིག་མཆོག་ཏུ་གྱུར་པར་བྱེད༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། དཀྱིལ་འཁོར་བསྟན་པ་ནི། ཕྱག་ཤིང་གིས་མཚོན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཤེས་རབ་རྣམ་གསུམ་རབ་ཏུ་སྐྱེད༔ ཁྱོད་ཀྱི་ཐུགས་ནི་རབ་ཏུ་སྐྱེ༔ བདེ་བར་གཤེགས་པས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་མངོན་དུ་གྱུར༔ འགྲོ་བ་རིགས་དྲུག་ཐམས་ཅད་ལ༔ བུ་བཞིན་སྙིང་རྗེ་ཀུན་ལ་སྐྱེད༔ གསང་བའི་ཆོས་ལ་དད་པར་གྱིས༔ ཞེས་ལྟ་བར་བསྐུལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་བཞུགས་ཚུལ་དང་རྣམ་པར་དག་པ་འདི་ལྟ་སྟེ། གཞལ་ཡས་གྲུ་བཞིར་བྱུང་བ་ནི༔ ཚད་མེད་བཞི་དག་རྣམ་དག་རྟགས༔ སྒོ་བཞི་དྲན་པ་ཉེར་བཞག་བཞི༔ རྟ་བབས་ཡང་དག་སྤོང་བ་བཞི༔ དྲྭ་བ་ཕྱེད་འཕྱང་དྲྭ་བས་སྤྲས༔ ཉོན་མོངས་ཆེ་ཆུང་དག་པ་འོ༔ ཀ་བ་འཕགས་ལམ་རྣམ་པ་བརྒྱད༔ ཕ་གུ་ལ་སོགས་ཚུལ་ཁྲིམས་སོ༔ འོད་ལྔ་རྣམ་དག་ལྷ་མོ་དང༔ རྒྱལ་མཚན་ཕྱོགས་མཚམས་བརྒྱད་ལྡན་པ༔ ཕྱི་ནང་བདུད་ལས་རྒྱལ་བ་འོ༔ བུམ་པ་དཔག་བསམ་ཤིང་བརྒྱད་ལྡན༔ བྱང་སེམས་ཐུགས་རྗེ་ཡོངས་ཁྱབ་རྟགས༔ དུར་ཁྲོད་འཇིགས་སུ་རུང་བས་བསྐོར༔ བདག་འཛིན་དངོས་པོ་འཇོམས་ཕྱིར་རོ༔ རྡོ་རྗེ་ར་བས་ཡོངས་སུ་བསྐོར༔ རྡོ་རྗེ་ཐེག་པའི་འཁོར་ལོ་བསྐོར༔ ཡེ་ཤེས་མེ་འོད་འབར་བ་ནི༔ འཁོར་བའི་ཉེས་རྒྱུ་སྲེག་པའི་རྟགས༔ ཕོ་བྲང་ཟླ་གམ་བྱུང་བ་ནི༔ སྣང་སེམས་དབང་དུ་བྱེད་པ་འོ༔ གཙོ་བོ་ཀུན་བཟང་ཡབ་ཡུམ་ནི༔ དབྱིངས་དང་ཡེ་ཤེས་ལ་སོགས་པའི༔ ཐ་སྙད་གཉིས་བསྡུས་དག་པའི་བརྡ༔ ལྷ་གཅིག་པར་ནི་བསྟན་པ་ཡང༔ ཆོས་རྣམས་ངོ་བོ་གཅིག་པ་ཡིན༔ ཞི་ཁྲོ་སྤྲུལ་གར་སྣང་བ་ནི༔ རྟོག་འདུལ་གཉེན་པོ་འགག་མེད་འཆར༔ འགྲོ་དོན་རྒྱུན་ཆད་མེད་པ་འོ༔ ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག༔ མཚན་ཉིད་ཡོངས་སུ་ཤེས་པར་གྱིས༔ དེ་ལྟར་ན་ཞི་བ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དང་ཁྲོ་བོ་ཡང་དག་ཧེ་རུ་ཀ །སྲས་མཆོག་བཛྲ་ཀཱི་ལ་ཡའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །སྐབས་འདིར་སྒྱུ་འཕྲུལ་པ་རྣམས་ཀྱིས་རིགས་གང་ལ་བབས་པའི་གསང་མཚན་གདགས་པར་སྣང་བས། དབུས་སུ་བབས་ན། རྡོ་རྗེ་སྙིང་པོ་རྩལ། དེ་བཞིན་དུ་སྦྱར་ཏེ། ཡང་དག །ཐུགས་མཆོག །འགྱུར་མེད། དྲག་པོ་སོགས་དང་། ཤར་དུ་སྐུ་མཆོག །བདེ་གཤེགས། ལྷུན་གྲུབ། བཻ་རོ་ཙ་ན། ལྷོར་ཡོན་ཏན་གཏེར་འབྱུང་། དཔལ་མཆོག །རིན་ཆེན་སྙིང་པོ། ནུབ་ཏུ་གསུང་མཆོག །མྱུ་གུ །དབང་ཕྱུག །མ་ཆགས་པདྨ། དྲི་མེད། བྱང་དུ། ལས་རབ། ཁྱུང་གཤོག །ཐོགས་མེད། བདུད་འཇོམས་སོགས་དང་། མོ་རྣམས་ལ་དབུས་སུ་རྡོ་རྗེ་དབྱིངས་ཕྱུག་རྩལ། ཞེས་པས་མཚོན་ནས་གདགས་ཏེ། གསང་བའི་མཚན་འདི་ཉིད་མ་བརྗེད་པར་གྱིས་ཤིག །མ་འོངས་པར་རིགས་དེ་རྣམས་སུ་འཚང་རྒྱ་བའི་ཚེ་སྲིད་པ་གསུམ་དུ་མངོན་པར་གྲགས་ཤིང་གདུལ་བྱ་རིགས་ཅན་སོ་སོའི་དོན་བྱེད་པར་འགྱུར་རོ། །དེ་ནས་ལྷ་བསྒོམ་པར་ནན་ཏན་དུ་གདམས་པ་འདི་ལ་གསན་འཚལ། རང་གི་ལྷ་ནི་འབྲས་བུ་ཡི༔ གཞི་ཡི་མཆོག་ཏུ་ནན་ཏན་བྱ༔ སྐལ་པ་མཉམ་པའི་ཡེ་ཤེས་ནི༔ གཉེར་ན་ངེས་པར་འབྱུང་བ་ཡི༔ ཡ་མཚན་ཆེན་པོ་འབྱུང་བར་ངེས༔ དད་མེད་ཉམས་ན་ཕུང་འགྱུར་བས༔ དད་པས་བསྒྲིམས་ཏེ་ལྷ་མཆོག་གཉེར༔ བདག་ཉིད་ལྷ་དང་མཉམ་སྦྱོར་བས༔ ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར༔ ཅེས་གསུངས་པའི་དོན་བཞིན་ཉམས་སུ་ལེན་པ་གལ་ཆེ། ཡོན་འབུལ་བའང་གཞུང་ལས། དེ་ནས་དད་ལྡན་སློབ་བུ་ཡིས༔ དབང་ཕྱུག་མཉེས་པར་མཆོད་པ་བྱ༔ དབང་དང་དངོས་གྲུབ་འདོད་པ་ཡིས༔ འདི་ལ་ཤིན་ཏུ་ནན་ཏན་བྱ་འོ༔ ཞེས་གསུངས་པས་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་འབུལ་བའི་མོས་པས་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ཀྱང་། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས༔ ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི༔ དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན༔ ཅེས་དང་། དེ་ལྟར་གསང་སྔགས་དམ་ཐོབ་པས༔ ཚོགས་ཀྱི་ལམ་པ་ཞེས་ཀྱང་བྱ༔ ཞེས་གསུངས་ཏེ་དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོས་ལགས་སོ། །གཉིས་པ་ཞུགས་པ་ལ་མངོན་པར་དབང་བསྐུར་བ་ལ་བཞི། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་། བཀའ་སྲུང་གི་སྲོག་ཆུ་བསྲེ་བ་རྣམས་སུ་ཡོད་པ་ལས། ཐོག་མར་ཕྱི་དབང་ལའང་གསུམ། ཞི་བའི་ཕན་དབང་བཅུ། ཁྲོ་བོ་རོལ་པའི་དབང་། སྲས་མཆོག་ཕུར་བུའི་དབང་གསུམ་རིམ་པར་འབྱུང་བ་ལས། དང་པོ་ཞི་བའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། བརྩེ་བར་དགོངས་ནས་བདག་ལ་ཡང༔ དབང་བསྐུར་གནང་བ་ཆེན་པོ་ཉིད༔ དེ་རིང་རབ་གནས་མཛད་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ལྷོ་སྒོའི་ནང་ངོས་སུ་དབང་སྟེགས་པདྨ་འདབ་མ་བརྒྱད་པའི་སྟེང་ཀུན་བཟང་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པར་གྱུར་པ་ལ། དབང་གི་ལས་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་པར་མོས་ཤིག །རོལ་མོ་ཡུངས་ཐུན། བི་ཤྭ་བཛྲ༴ སུམ་བྷ་ནིའི་སྔགས་བརྗོད། དབང་རྫས་རྣམས་བཀུར་སྟི་དང་བཅས་རིམ་པར་གདན་དྲངས་ཏེ། དེའང་བདེ་གཤེགས་ཞི་བའི་སྒོ་ནས་ཕན་ནུས་ཀྱི་དབང་བསྐུར་བའི་ཐོག་མར་ཕྱི་ཕན་པའི་དབང་བཅུ་ལས་དང་པོ་སྐུ་ཕྱག་རྒྱའི་དབང་གི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ཡིད་ཆོས་དང་རྟོག་ཚོགས་རྣམས་ལ་ཐིམ་པས། དེ་རྣམས་རང་གར་འཛིན་པའི་དྲི་མ་དག་ནས་སྐུ་དང་ཡེ་ཤེས་རང་སྣང་བའི་ནུས་པ་དངོས་སུ་ཐོབ་པར་མོས་ཤིག །གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཡིད་ཆོས་རང་རིག་མ་སྐྱེས་པ༔ ཀུན་བཟང་ཡབ་ཡུམ་རང་བཞིན་པས༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ རིགས་རྣམས་ཀུན་གྱི་བྱེད་པོར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཨ་ཨཱ༔ འཁོར་ལྷ་གཞན་རྣམས་མགོར་བཞག་ལ། རྟོག་ཚོགས་སེམས་ཕྱིར་མ་སྐྱེས་པས༔ ཐབས་དང་ཤེས་རབ་རང་བཞིན་ལ༔ ཏིང་འཛིན་ཕྱག་རྒྱས་དབང་བསྐུར་བས༔ ལས་རྣམས་བྱེད་པར་དབང་བསྐུར་རོ༔ རྡོ་རྗེ་ཕུང་པོའི་ཡན་ལག་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ སྐྱེ་མཆེད་ཁམས་ནི་མང་པོ་ཀུན༔ བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང༔ ཁྲོ་བོ་ཁྲོ་མོ་སྤྲུལ་པའི་ཚོགས༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་སྒྲོལ་མ་སྟེ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ ཐམས་ཅད་མ་ལུས་རྒྱལ་བའི་ཞིང༔ ཡེ་ནས་རང་ལ་གནས་པ་ཡིས༔ འགྲོ་དོན་བྱེད་པར་དབང་བསྐུར་རོ༔ ཧཱུྃ་བཛྲ་དྷྲྀཀ྄་མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་སྔ་མའང་བརྗོད། གཉིས་པ་སྙིང་པོ་ལྔ་གནས་ལྔར་བཞག་པས་ཁམས་བདུད་རྩི་ལྔའི་དྲི་མ་དག་ནས་མི་ཟད་རྒྱན་འཁོར་ལྔ་མངོན་དུ་བྱེད་པའི་ནུས་པ་ཐོབ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ༔ བདེ་གཤེགས་མ་ལུས་རྒྱལ་བ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་མཆོག༔ ཕྲིན་ལས་ཐུགས་རྗེ་ལྡན་པའི་ཕྱིར༔ སྙིང་པོ་ལྔ་ལྡན་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་པཱུ་ཛ་ཨ་ནུ་རཱ་ག་ཎ་བཛྲ་ཨཱཏྨ་ཀོ྅་ཧཾ༔ གསུམ་པ་དབུ་རྒྱན་མགོར་བསྐོན་པས་རིན་པོ་ཆེའི་ཁང་བུ་ལྔ་ལྡན་དུ་གྱུར་པར་མོས་ཤིག །ཚོགས་བརྒྱད་རྣམ་དག་ཡེ་ཤེས་ལྔ༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས༔ སྐུ་ལྔ་ལྷུན་གྲུབ་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཏ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ༔ བཞི་པ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མགོ་བོའི་གནས་ལྔར་གཏིགས་པས་རྩ་གནས་ཐིག་ལེས་གང་བ་ལ་ཐིམ་སྟེ་ཉོན་མོངས་པ་ལྔའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་མོས་ཤིག །ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང༔ བྱང་ཆུབ་སེམས་ཆུས་རབ་གང་བའི༔ ཆོས་དབྱིངས་དག་པའི་བུམ་པ་འདིས༔ གཟུང་འཛིན་དག་པར་དབང་བསྐུར་རོ༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་འགྲེས་ཏེ། བུདྡྷ་ རཏྣ་ པདྨ་ ཀརྨ་རྣམས་ལ་སྦྱར། ཐལ་མོ་བསྣོལ་ཏེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སློབ་དཔོན་གྱི་ལག་པ་གཡས་གཡོན་གྱི་སོར་མོ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་མཐིང་དཀར་སེར་དམར་ལྗང་གུའི་རྒྱུན་རིམ་པར་བབས། མགོ་བོའི་གནས་ལྔར་ཐིམ་པས་རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་སྟེ་ཡེ་ཤེས་ལྔའི་ནུས་པ་དངོས་སུ་ཐོབ་པའི་རྟགས་སུ་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་དབུ་རྒྱན་རིན་པོ་ཆེའི་ཁང་བུའི་སྙིང་པོ་ལ་བཞུགས་པར་མོས་ཤིག །ལག་པའི་ཕྱག་རྒྱ་མགོ་བོའི་གནས་ལྔར་རིམ་པར་བཞག་ལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་འགྲེས་ཏེ། ཤཱུནྱ་ཏཱའི་གནས་སུ། ཨཱ་དརྴ་ ས་མཱ་ཏཱ་ པྲ་ཏྱ་བེཀྵེ་ཎ་ ཀྲྀ་ཏྱ་ནུཥྛ་ན་རྣམས་སྦྱར་ལ་དབང་བསྐུར། ལྔ་པ་ཕྲེང་བ་དྲྭ་མིག་ཅན་མགོར་བཅིངས་པ་ཐིག་ལེ་སོ་གཉིས་ལ་ཐིམ་སྟེ་གཟུངས་དང་ཏིང་ངེ་འཛིན་སོགས་འབྲས་བུའི་ཆོས་རྣམས་ལ་མངའ་བརྙེས་པའི་ནུས་པ་དངོས་སུ་ཐོབ་པར་མོས། ཏྲཱཾ༔ གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས༔ བྱང་ཆུབ་ཕྱོགས་རྣམས་ཤེས་རབ་རྒྱན༔ མི་འཇིགས་སྟོབས་དང་དབང་ཕྱུག་དང༔ འབྲས་བུ་རྫོགས་པར་དབང་བསྐུར་རོ༔ ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ༔ དྲུག་པ་དར་དམར་མཐིང་གི་ཅོད་པན་མགོ་བོའི་གཡས་གཡོན་དུ་འཕུར་ཅིང་དཔྱང་པ་རྩ་རོ་རྐྱང་གཉིས་ལ་ཐིམ་སྟེ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཆོས་ཀྱི་རྒྱལ་སྲིད་ལ་དབང་བྱེད་པའི་ནུས་པ་དངོས་སུ་སྐྱེས་པར་མོས་ཤིག །ཧྲཱིཿཧཱུྃ༔ ཅོད་པན་ཐབས་དང་ཤེས་རབ་མཆོག༔ ཆོས་ཀྱི་རྒྱལ་སྲིད་མངའ་བརྙེས་ཤིང༔ ཁམས་གསུམ་གདུག་པ་འདུལ་བ་དང༔ དོན་གཉིས་བྱེད་པར་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཡ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུན་པ་གོ་ཆ་ལུས་ལ་བསྐོན་པས་ལུས་རྩ་དྲྭ་བས་ཁེབས་པ་ལ་ཐིམ་སྟེ་བདུད་བཞི་ལ་སོགས་ཕས་རྒོལ་གང་གིས་ཀྱང་མི་ཚུགས་པའི་ནུས་པ་དངོས་སུ་ཐོབ་པར་མོས་ཤིག༔ ཧཱུྃ༔ མི་ཤིགས་རྡོ་རྗེ་ཡེ་ཤེས་ནི༔ སངས་རྒྱས་ཀུན་གྱི་ཡ་ལད་དེ༔ ཁྱབ་པའི་ཚུལ་གྱིས་དྲན་པ་ཉིད༔ དབང་མཆོག་དམ་པ་སྦྱིན་པར་བྱ༔ ཨོཾ་བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱད་པ་རྒྱལ་མཚན་ལག་ཏུ་གཏད་པ་གསང་བའི་དབང་པོ་ལ་ཐིམ་པས་ལོག་པར་ལྟ་བ་ཟིལ་གྱིས་གནོན་ཅིང་མཐའ་གཉིས་རྒྱལ་བའི་ནུས་པ་དངོས་སུ་སྐྱེས་པར་མོས། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ ལོག་པར་ལྟ་བ་ཟིལ་གནོན་མཚན༔ ཐམས་ཅད་ཚར་གཅོད་ཡེ་ཤེས་རྒྱལ༔ ཡོན་ཏན་མངོན་གྱུར་དབང་བསྐུར་རོ༔ ཨོཾ་བཛྲ་ཀེ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དགུ་པ་གདུགས་སྤྱི་བོར་ཕུབ་པ་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ལ་ཐིམ་སྟེ་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་ནུས་པ་དངོས་སུ་སྐྱེད་པར་མོས། ཧཱུྃ༔ གཉིས་མེད་ཡེ་ཤེས་རྟོག་བྲལ་བ༔ རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང༔ ལོག་ཤེས་རྒྱུ་འབྲས་མེས་གདུངས་ལ༔ ཐུགས་རྗེས་སྐྱོབ་པའི་དབང་བསྐུར་རོ༔ ཨོཾ་རཏྣ་ཚཱ་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་པ་བཟའ་བཏུང་ཁར་བྱིན་པ་ལྕེ་ལ་གནས་པའི་རོ་འབབས་པ་ལ་ཐིམ་སྟེ་འདོད་ཡོན་རྣམ་ལྔ་ཆོས་ཉིད་ཀྱི་རྒྱན་དུ་རིག་ནས་མ་སྤངས་པར་སྤྱོད་པའི་ནུས་པ་དངོས་སུ་ཐོབ་པར་མོས། ཨོཾ༔ བཟའ་དང་བཅའ་དང་བཏུང་ལ་སོགས༔ རང་སེམས་རྣམ་དག་རྒྱན་ཡིན་ཕྱིར༔ གཉིས་མེད་རོལ་པར་དབང་བསྐུར་རོ༔ བདུད་རྩི་ཡིད་བཞིན་སྐུ་འགྲུབ་ཤོག༔ ཨོཾ་བཛྲ་ཀ་མ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་བདེ་གཤེགས་ཞི་བའི་དཀྱིལ་འཁོར་དུ་ཕན་པའི་དབང་བཅུ་གྲུབ་ནས། གཉིས་པ་ཁྲོ་བོ་རོལ་པའི་ཕན་དབང་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས༔ འབར་བའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་བདག་ལ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ༔ ཅེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་ཕཊ་ཡིག་གི་རྣམ་པ་དཔག་ཏུ་མེད་པ་འཕྲོས། སློབ་མའི་ལུས་ངག་གི་སྒྲིབ་པ་རྣམས་དག་པར་བྱས། སླར་ཡང་དང་བའི་དད་པས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ འཇིག་རྟེན་འབྱམས་ཀླས་མ་ལུས་ཀུན༔ རྒྱལ་བའི་ཞིང་དུ་སྦྱོར་མཛད་པས༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ཅེས་གསོལ་བ་བཏབ་པས་སློབ་དཔོན་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མ་ལ་ཕོག་པས་གདོས་བཅས་འོད་ཕུང་དུ་སྦྱངས། དེ་ཉིད་ཧཱུྃ་ཡིག་མཐིང་ནག་ཏུ་གྱུར། ཧཱུྃ༔ ང་ནི་སྙིང་རྗེའི་བདག་ཉིད་དེ༔ འགྲོ་ཀུན་ཐར་པའི་ཞིང་དུ་དྲངས༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་བསྟན༔ སཾ་ཧ་ར་ཎ་ཧཱུྃ༔ སློབ་མ་ཧཱུྃ་དུ་གྱུར་པ་དེ་ཉིད་སློབ་དཔོན་གྱི་སྣ་བུག་གཡོན་ནས་དྲངས་ཏེ་ནང་དུ་ཞུགས་པས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཐོང་། ལྷན་སྐྱེས་སོགས་ཀྱི་སྒྲིབ་པ་དག །ཡུམ་གྱི་མཁར་བབས། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་གྱུར། ཧཱུྃ༔ གཉིས་མེད་དབྱིངས་ལས་བྷ་གར་གསལ༔ ཡུམ་གྱི་མཁའ་ལ་གནས་པ་ལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་དབང་བསྐུར་བ་ཙམ་གྱིས་མ་རིག་པའི་སྒྲིབ་གཡོགས་བྲལ། དག་པ་ཡེ་ཤེས་ཀྱི་རང་གནས་མཐོང་། མཁའ་གསང་གི་སྦུབས་ནས་ཕྱིར་ཐོན་པར་མོས་ཤིག །ཧཱུྃ་ཕཊ་ཛ༔ ཧཱུྃ་ཡིག་དེ་ཉིད་སྐད་ཅིག་གིས་དཔལ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་འབར་བ་ཆེན་པོ། གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་དྲེགས་པ་ཕོ་མོ་དང་པད་ཉིའི་གདན་ལ་འགྱིང་ཞིང་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ༔ ཡི་གེ་འབྲུ་གསུམ་བྱིན་རླབས་ལས༔ རིགས་ངེས་རྒྱལ་བའི་སྲས་ཞེས་བྱ༔ ཕྱིན་ཆད་འགྲོ་བའི་དོན་བྱའི་ཕྱིར༔ བསྐུལ་བའི་ས་ལ་བཞག་པར་བྱའོ༔ འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་འཕྲོས། གདོད་ནས་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་གནས་གསུམ་འབྲུ་གསུམ་ལ་ཐིམ། དེ་ལས་བྱུང་བའི་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་བྱང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མི་ཕྱེད་པའི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་གྱུར་པའི་ང་རྒྱལ་བརྟན་པོ་བསྐྱེད་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་དུ་གཞུག །གནས་གསུམ་དུ་རྡོ་རྗེ་བཞག་ལ། ཡོངས་ལ་དབང་བསྐུར་དབང་གི་མཆོག༔ གང་ལ་མ་ཆགས་འདོད་རྒུར་སྒྱུར༔ གཉིས་སུ་མེད་པའི་ཕོ་བྲང་དུ༔ སྤང་ལེན་མེད་པར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཏིཥྛ་བཛྲ༔ དེ་ལྟར་ཁྱེད་རང་དཔལ་ཆེན་ཡང་དག་ཧེ་རུ་ཀ་རྒྱུ་འབྲས་གཉིས་སུ་མི་ཕྱེད་པ་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་གྲུབ་པ་ལ་མཚན་མ་རྫས་ཀྱི་དབང་བསྐུར་རྣམས་རིམ་པར་སྦྱིན་པའི་ཐོག་མར། བནྡྷ་སྐུ་བརྙན་གྱིས་སྤྲས་པ་འདི་ཉིད་དཔལ་ཆེན་པོ་ཡང་དག་གྲུབ་པ་གཅིག་པུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་ཙམ་གྱིས་སྐུའི་དབང་ཐོབ། ལུས་སྣང་སྟོང་ཆུ་ཟླ་ལྟ་བུ་ཡེ་ཤེས་ཀྱི་སྐུ་དངོས་སུ་གྱུར་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ མཚན་མ་སྤྲོས་བྲལ་བྷནྡྷའི་རྫས་མཆོག་འདི༔ སྐྱེས་མཆོག་སྒྲུབ་པ་པོ་ཡི་རྫས་ཡིན་ཏེ༔ བཅོམ་ལྡན་དཔལ་ཆེན་སྐུ་རུ་བསྒོམས་བྱས་ནས༔ སྐུ་མཆོག་རྣམ་དག་ཕྱག་རྒྱའི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཙིཏྟ་རིན་ཆེན་ཟུར་བརྒྱད་ལ་ས་བོན་སྔགས་ཕྲེང་གིས་བསྐོར་བ་རང་བྱུང་རྡོ་རྗེའི་སྔགས་སུ་གསལ་བ་མགྲིན་པར་བཞག་པས་གསུང་གི་དབང་ཐོབ། ངག་གྲགས་སྟོང་གཞོམ་མེད་ནཱ་དའི་རང་སྒྲར་གྱུར་པར་མོས། སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་གསང་ཆེན་མཆོག༔ དེ་ལ་རིན་ཆེན་ཟུར་བརྒྱད་གསལ༔ འབྲུ་བརྒྱད་འོད་ཟེར་སྔགས་སྒྲར་ལྡན༔ གསུང་མཆོག་གསང་སྔགས་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རཏྣ་ཨཥྚ་ཛྙཱ་ན་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དྭངས་གསལ་མར་མེ་ཡེ་ཤེས་རྣམ་ལྔའི་རང་བཞིན་སྙིང་གར་བཞག་པས་ཐུགས་ཀྱི་དབང་ཐོབ༔ ཡིད་རིག་སྟོང་རྡོ་རྗེ་ལྟ་བུའི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །མར་མེ་སྦར་བ་སྙིང་གར་གཏུགས་ལ། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་གསང་བའི་ཡེ་ཤེས་དབྱིངས༔ མ་འགགས་རང་གསལ་ཡེ་ཤེས་བདེ་སྟོང་འབར༔ ཀུན་གཞི་གནས་འགྱུར་ཡེ་ཤེས་གསལ་བའི་སྤྱན༔ ཐུགས་མཆོག་སྤྲོས་བྲལ་ཆོས་སྐུར་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་སྐམ་དབུ་རྒྱན་གསོལ་བས་ཐོད་པའི་ཁང་བུར་བཞུགས་པའི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། དུག་ལྔ་དང་ཕུང་པོ་ལྔའི་དྲི་མ་སྦྱངས། ཡེ་ཤེས་ལྔ་མངོན་དུ་བྱས། ཆུ་ཞབས་ཡར་འཁྱིལ་བས་རིགས་ལྔ་ཡབ་ཡུམ་སྔར་ལས་ལྷག་པའི་གཟི་བརྗིད་འབར་བར་མོས་ཤིག །ཐོད་སྐམ་དབུ་རྒྱན་བཀོན་ལ། དབུ་རྒྱན་མི་འགྱུར་ཡེ་ཤེས་ལྔ༔ དུག་ལྔ་རྣམ་དག་སྐུ་ལྔར་གསལ༔ རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས༔ འཁོར་འདས་བདག་པོར་དབང་བསྐུར་རོ༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བས་ཟླ་བ་ལ་གནས་པའི་སངས་རྒྱས་རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པའི་མེས་ཞུ་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཐོགས་ཏེ་ཁྱེད་རང་གི་སྤྱི་བོ་ནས་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་ཀྱིས་ལུས་ཐམས་ཅད་གང་། ཟག་པ་དང་བཅས་པའི་ཕུང་པོ་གནས་གྱུར། ཟག་མེད་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། བུམ་པས་དབང་བསྐུར་ཡེ་ཤེས་ལྔ༔ དུག་ལྔའི་བག་ཆགས་སྦྱང་བྱ་ཞིང༔ ཚོགས་བརྒྱད་རང་གནས་ཐོབ་བྱའི་ཕྱིར༔ བྱང་ཆུབ་སེམས་ཆུས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཡས་དང་གཡོན་གྱི་ཕྱག་དྲུག་ལ་ཡེ་ཤེས་སྤྲུལ་པའི་ཕྱག་མཚན་རྣམས་རིམ་པར་གཏད་ཅིང་མངའ་གསོལ་བས་དོན་རྟགས་ཟུང་དུ་འབྲེལ་བའི་ཕྲིན་ལས་རྨད་པོ་ཆེས་གདུལ་བྱ་ཕྱོགས་མེད་དུ་འདུལ་བའི་དབང་ཐོབ་པར་མོས་ཤིག །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་རྣམས་ལག་གཡས་དང་། དྲིལ་བུ་སོགས་གཡོན་དུ་རིམ་པར་གཏད་ལ། རྡོ་རྗེ་དྲིལ་བུ་རིག་པ་འཛིན༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ལས༔ ཐུགས་མཆོག་རྟོགས་པ་རིག་པའི་དབང༔ འདུ་འབྲལ་མེད་པར་དབང་བསྐུར་རོ༔ ཨོཾ་པྲ་ཛྙཱ་ས་མ་ཡོ་ག་བཛྲ་ཏིཥྛ་གནྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ ཁ་ཊྭཱཾ་དུག་གསུམ་འཇོམས་པའི་རྟགས༔ རྩེ་གསུམ་སྐུ་གསུང་ཐུགས་སུ་གསལ༔ རྣམ་ཐར་གསུམ་དང་ལྡན་པའི་ཕྱིར༔ སྐུ་གསུམ་འགྲོ་དོན་བྱེད་པར་ཤོག༔ ཨོཾ་བཛྲ་ཁ་ཊྭཱཾ་ག་ཨ་བྷི་ཥིཉྩ་ཧཱུྃ༔ རྔེའུ་ཆུང་ཐབས་ཤེས་ལྡན་པའི་རྫས༔ སྟོང་ཉིད་གསང་བའི་སྔགས་སྒྲ་ཡིས༔ སྟོང་ཁམས་སྐྱེ་མེད་དོན་ལ་སྦྱོར༔ མཁའ་འགྲོ་མ་ལུས་དབང་སྡུད་ཤོག༔ ཨོཾ་བཛྲ་གཱིརྟི་མུ་ར་ཙེ་ཨ་བྷི་ཥིཉྩ་ཧཱུྃ༔ དུང་ཆེན་བདག་འཛིན་རྩད་ནས་བཅད༔ རཀྟ་ཆགས་བྲལ་བདེ་སྟོང་དོན༔ མ་ཚོགས་དམ་ལ་སྡུད་པའི་རྫས༔ འདོད་སྲེད་ཞེན་པ་རང་དག་ཤོག༔ བྷནྡྷ་ཨ་མྲྀཏ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱུ་ཕྲེང་ཐུགས་རྗེ་ཐབས་ཀྱི་རྒྱུན༔ རྗེས་ཆགས་འཁོར་བ་མ་ལུས་འདྲེན༔ སྣ་ཚོགས་ཆོས་ཀུན་རོ་གཅིག་འཆིང༔ རྒྱུ་འབྲས་ཆོས་ལ་དབང་སྒྱུར་ཤོག༔ ཨོཾ་བཛྲ་བ་སུ་ཏ་མཱ་ལ་པཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱུང་ཆེན་སྤྲུལ་པའི་ཁྲ་ཐབས་ཀྱིས༔ ཉོན་མོངས་འཁྲུལ་པ་དབྱིངས་སུ་སྒྲོལ༔ ཆོས་ཉིད་ལྟ་བའི་མཁའ་ལ་ལྡིང༔ ཐོགས་མེད་སྤྲུལ་པས་འགྲོ་འདུལ་ཤོག༔ ཨོཾ་བཛྲ་ག་རུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ དུར་ཁྲོད་ཀྱི་ཆས་བརྒྱད་གནས་སོ་སོར་བགོས་པས་དུག་ལྔ་མ་སྤངས་གནས་སུ་དག །ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཆམ་ལ་འབེབ་པའི་མཐུ་སྟོབས་རྫོགས་པར་མོས་ཤིག །ཐལ་རཀ་ཞག་གསུམ་གྱི་རྟགས་གདབ་ལ། ཞག་གི་ཟོ་རིས་དོན་དམ་བཅུད་ཀྱི་རྟགས༔ རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས༔ ཐལ་ཆེན་ཚོམ་བུ་དོན་དམ་སྤྲོས་བྲལ་རྟགས༔ གིང་དང་མ་མོ་དབང་སྡུད་དོན་རྟོགས་ཤོག༔ མ་ཧཱ་ཏིག་ན་རཀྟ་ཀིཾ་ནི་རི་ཏི༔ ཐོད་པ་ཚར་གསུམ་ཕྲེང་བ་བསྐོན་ལ། ཐོད་སྐམ་ཆོས་སྐུ་ར་རི་ལོངས་སྤྱོད་རྫོགས༔ རློན་པ་སྤྲུལ་སྐུས་བཅོམ་ལྡན་འདས༔ དུས་གསུམ་སངས་རྒྱས་ཀུན་གྱིས་བརྒྱན༔ སྐུ་གསུམ་ངོ་བོར་འགྱུར་བར་ཤོག༔ མ་ཧཱ་ཀ་པཱ་ལ་བྷནྡྷ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ སྦྲུལ་རིགས་བཞིའི་ཆུན་པོ་ཡན་ལག་རྣམས་སུ་བརྒྱན་ལ། སྦྲུལ་ཆེན་རིགས་བཞིའི་ཆུན་འཁོར་འདིས༔ ཞེ་སྡང་གདུག་པ་འདུལ་ཕྱིར་དུ༔ མཉེན་ལྕུགས་འཁྲིལ་པ་སྐུ་ཡི་རྒྱན༔ ཀླུ་རིགས་གདུག་པ་འདུལ་བྱེད་ཤོག༔ མ་ཧཱ་ནཱ་ག་ཧུ་ལུ་ཧཱུྃ༔ ཞིང་གླང་སྟོད་དང་སྟག་ལྤགས་སྨད་དུ་བགོས་ལ། གཏི་མུག་ཟིལ་གནོན་གླང་ཆེན་ཀོ་བ་དང༔ འདོད་ཆགས་རྣམ་དག་ཞིང་གི་ཡ་བ་ཀོར༔ དཔའ་གཏུམ་ཚམ་རྔམ་སྟག་གི་ཤམ་ཐབས་ཀྱིས༔ དུག་གསུམ་དབང་སྡུད་ཟིལ་གནོན་ཤོག༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེའི་གཤོག་པས་དཔུང་པ་གཡས་གཡོན་དུ་བརྒྱན་པས་ཐབས་ཤེས་ཟུང་དུ་འབྲེལ་བས་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པར་མོས་ཤིག །འདི་ཕྱིན་གྱི་དབང་རྫས་རྣམས་ཚིག་དང་མཐུན་པར་སྦྱིན་ལ། ཧཱུྃ༔ ཁམས་གསུམ་ཟིལ་གནོན་རྡོ་རྗེའི་གཤོག་པ་འདི༔ ཐབས་ཤེས་ཟུང་འབྲེལ་ལྟ་བའི་གནམ་འཕང་བཅད༔ སྲིད་གསུམ་སྐྱོང་བྱེད་རླུང་གི་རང་བཞིན་འདིས༔ མ་ལུས་ཟིལ་གྱིས་གནོན་པའི་དབང་ལྡན་ཤོག །ཡེ་ཤེས་སེམས་དཔའ་ཁྲོ་ཆུང་ཚོན་གང་བ་ཐུགས་ཀར་བཀོད་པས་སྟོང་སྲོག་རང་རིག་ཆོས་སྐུའི་དབྱིངས་སུ་བཅད་དེ་བརྗིད་པའི་བཀའ་ནན་ཆེན་པོས་འགྲོ་བ་འདུལ་བའི་དབང་ཆེན་ཐོབ་པར་མོས་ཤིག །ཡེ་ཤེས་གཅིག་གི་ངང་ལས་མ་གཡོས་ཀྱང༔ འདུལ་ཐབས་བྱེ་བྲག་ཐ་དད་བསྟན་པའི་ཕྱིར༔ རྟགས་ཀྱི་ཁྲོ་ཆུང་ཚོན་གང་རབ་འབར་བས༔ བཀའ་ནན་ཆེན་པོས་འགྲོ་བ་འདུལ་བྱེད་ཤོག༔ མཐིང་ནག་རལ་པའི་ཆུན་འཕྱང་སྤྱི་བོར་བཅིངས་པས་བདུད་བཞིའི་དཔུང་ཚོགས་ཟིལ་གྱིས་གནོན་པའི་དབང་ཐོབ་པར་མོས། ཧཱུྃ༔ མཐིང་ནག་རལ་པའི་ཆུན་འཕྱང་ལྡན༔ ཁྱུང་གི་གཤོག་པས་ཀླུ་རྣམས་ཟིལ་གནོན་ལྟར༔ སྲིད་གསུམ་ཡོན་ཏན་རྫོགས་པའི་ཅོད་པན་མཆོག༔ ཆེ་མཆོག་བདུད་བཞི་ཟིལ་གནོན་དབང་ཐོབ་ཤོག༔ ཧྲཱིཿཧཱུྃ༔ འབར་བ་མེའི་ཆས་ཀྱིས་བརྒྱན་པས་ཡེ་ཤེས་ཀྱི་མེ་ཕུང་ཆེན་པོས་གཟུང་འཛིན་གྱི་བག་ཆགས་ཐམས་ཅད་བསྲེག་པར་མོས། ཧཱུྃ༔ རབ་འབར་འོད་ཟེར་ཕྱོགས་བཅུར་འཕྲོ༔ འཁྱིལ་ཞིང་དུག་ལྔའི་རྒྱ་མཚོ་སྐེམ༔ ཀློང་ཡངས་ཡེ་ཤེས་བསྐལ་པའི་མེ༔ རྡོ་རྗེ་མེ་ཡི་དབང་ལྡན་ཤོག༔ ཛྭ་ལ་རཾ༔ དཔལ་ཆེན་ཧེ་རུ་ཀའི་གར་གྱི་ཉམས་དགུ་ཁྱེད་རང་ལ་འཕོས་ཏེ། དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་མཐའ་དག་ལྷུན་གྱིས་རྫོགས་པར་མོས་ཤིག །འདི་ལ་དམིགས་པ་མ་གཏོགས་དབང་རྫས་མི་དགོས། དཔའ་སྒེག་འཇིགས་སུ་རུང་བའི་སྐུ་མངའ་ཞིང༔ དགོད་གཤེ་འཇིགས་བྱེད་གསུང་དང་ལྡན༔ སྙིང་རྗེ་རྔམས་དང་ཞི་བྱེད་ཐུགས་ཀྱི་མཆོག༔ གར་དགུ་དཔལ་གྱི་སྐུ་ཐོབ་ཤོག༔ དཔལ་ཆེན་པོའི་སྐུ་ལས་གཙོ་འཁོར་རྣམས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྐར་མདའ་མཆེད་པ་ལྟར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །སྐུ་ཙཀ་རྣམས་སྤྱི་བོར་བཞག་ལ། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་དང༔ སྲས་དང་སྤྲུལ་པ་ལས་བྱེད་མ་མོའི་ཚོགས༔ ཀུན་ཀྱང་དཔལ་ཆེན་ཧེ་རུ་ཀ༔ ཕྱག་རྒྱ་མ་བཀོད་རྫོགས་པའི་དབང་ཐོབ་ཤོག༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ༔ ཨེ་ཨ་རལླི་ཛཿཨ་བྷི་ཥིཉྩ་ཧཱུྃ༔ གཞུང་ལས་གསང་སྔགས་རྒྱས་འབྲིང་གང་མོས་བརྗོད་པར་གསུངས་པས་སྤྲོ་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྔགས་དང་། བསྡུ་ན་ལས་བྱང་གི་སྙིང་པོའི་མཐར། ཨེ་ཨ་རལླི་སོགས་བཏགས་པ་བརྗོད། བདུད་རྩི་ལྔ་ལག་ཏུ་གཏད་པ་ལ་ལོངས་སྤྱད་པས་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་སྦྱངས། ཐུན་མོང་དང་མཆོག་གིས་བསྡུས་པའི་དངོས་གྲུབ་མཐའ་དག་བདེ་བླག་ཏུ་འགྲུབ་པར་མོས་ཤིག །གདོད་ནས་དབང་བའི་དམ་རྫས་རྣམ་པ་ལྔ༔ བྱང་སེམས་ཚད་ནད་སེལ་ཅིང་བློ་གསལ་བྱེད༔ དྲི་ཆེན་དུག་ནད་སེལ་ཅིང་ཚེ་རིང་འགྱུར༔ མཱཾ་ས་ཀླུ་ནད་སེལ་ཅིང་མཐུ་སྟོབས་ཆེ༔ རཀྟ་མདངས་ལེགས་གྲང་བ་སེལ༔ དྲི་ཆུས་གཉན་ནད་སེལ་ཅིང་དབྱངས་སྙན་བྱེད༔ དུག་ལྔ་འཇོམས་ཕྱིར་སྐུ་ལྔ་ལྷུན་གྱིས་གྲུབ༔ ཡེ་ཤེས་ལྔ་ལྡན་རྫས་ཀྱི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨ་མྲྀཏ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་ཁྲོ་བོ་རོལ་པའི་ཕན་དབང་གྲུབ་ནས། གསུམ་པ་སྲས་མཆོག་ཕུར་བུའི་དབང་བསྐུར་བ་ལ། ཕུར་པ་བྱིན་གྱིས་རླབས་ཤིང་ལག་ཏུ་གཏད་པ་ཙམ་གྱིས་དཀྱིལ་འཁོར་གྱི་བདུད་འདུལ་ཀཱི་ལ་ཡ་ཆེན་པོ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ། སྣང་སྲིད་རྡོ་རྗེ་ཕུར་བུའི་རང་བཞིན་དུ་རྟོགས། རྫས་ཀྱི་ཕུར་པ་ཡེ་ཤེས་ཁྲོ་བོ་ཆེན་པོར་བྱིན་གྱིས་རློབས་པའི་མཐུ་སྟོབས་རྫོགས། ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་མཆོག་ཐོབ་པར་མོས་ཤིག །སྲས་ཕུར་མགོར་བཞག་ཅིང་ཐལ་མོའི་བར་དུ་གཏད་ལ། ཧཱུྃ༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་དངོས༔ གདུག་པ་འདུལ་ཕྱིར་སྐུ་སྤྲུལ་པ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ དབུ་གསུམ་ཕྱག་དྲུག་མཚོན་ཆ་འཛིན༔ རྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ རྩེ་མོ་ཟུར་གསུམ་དབལ་དང་ལྡན༔ བདུད་འདུལ་ཕུར་བུའི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་ཆེན་པོའི་སྐུ་ལས་སྤྲུལ་པའི་ཁྲོ་བཅུ་ཁྲ་ཐབས་ལས་བྱེད་དང་བཅས་པ་སྤྲོས་ཏེ་ལུས་ཀྱི་གནས་རྣམས་སུ་ཐིམ་པས་ཕྲིན་ལས་རྣམ་བཞི་ཇི་ལྟར་བརྩམས་པ་ཐོགས་མེད་དུ་འགྲུབ་པའི་དབང་ཐོབ་པར་མོས་ཤིག །སྦམ་ཕུར་འཛོམ་ན་དང་མེད་ན་གཙོ་ཕུར་ཉིད་གཏད་ལ། ཧཱུྃ༔ སྐུ་ལས་བསྐྱེད་པའི་ཁྲོ་རྒྱལ་བཅུ༔ ཡུམ་དང་སྤྲུལ་པ་ཡང་སྤྲུལ་དང༔ ཕོ་ཉ་ཕྱག་བརྙན་ལས་བྱེད་ཚོགས༔ སྤྲུལ་པའི་དཀྱིལ་འཁོར་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿམོ་ཧཱ་གྷཱ་ཏ་ཡ་སརྦ་བིགྷྣཱན་གརྫ་གརྫ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བནྡྷ་བནྡྷ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་ཚིནྡ་ཚིནྡ་བྷིནྡ་བྷིནྡ་སྥོ་ཊ་སྥོ་ཊ་མཱ་ར་སེ་ན་པྲ་མཱརྡྷ་ན་ཧཱུྃ་ཕཊ༔ བྱུག་བདུག་བྲབ་གསུམ་གྱི་རྫས་རྣམས་གཏད་པས་མཚན་མ་རྫས་ཀྱི་ཕུར་བུ་གཟི་བྱིན་བསྐྱེད་པ་ལ་བརྟེན་ནས་དགྲ་བགེགས་གདུག་པ་ཅན་འདུལ་བའི་དབང་ཐོབ་པར་མོས། ཡུངས་གུལ་རཀྟ་རྣམས་གཏད་ལ། ཡུངས་དཀར་རྒྱལ་པོ་གུ་གུལ་སྦྱར་མ་དང༔ རཀྟ་དམ་རྫས་འདི་དག་གིས༔ ཐུགས་དམ་སྐུལ་དང་གཟི་བྱིན་བསྐྱེད་པ་དང༔ དགྲ་བགེགས་གདུག་པ་འདུལ་བའི་དབང་ཐོབ་ཤོག༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱོད་ཡུལ་ལ་མངའ་དབང་བསྐུར་བས་བསྙེན་སྒྲུབ་སྔགས་བཟླས་སོགས་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སྤྱོད་པ་ལ་འཇིགས་པ་མེད་པའི་རྩལ་རྫོགས་པར་མོས། ཕྲེང་བ་དང་བཟའ་བཏུང་སོགས་མཚོན་བྱེད་གཏད་ལ། བསྙེན་ཅིང་སྒྲུབ་དང་ཨཱ་ལི་ཀཱ་ལི་དང༔ བྲོ་གར་བཟའ་བཏུང་གོས་རྒྱན་སོགས༔ འཕགས་པ་མཆོད་དང་འགྲོ་ཀུན་བསྒྲལ་བའི་ཕྱིར༔ བརྟུལ་ཞུགས་སྤྱོད་ཡུལ་ཀུན་གྱི་དབང་ཐོབ་ཤོག༔ ཨ་བྷི་ཙརྱ་ཨ་བྷི་ཥིཉྩ་ཧཱུྃ༔ མངོན་སྤྱོད་ཀྱི་རྗེས་གནང་བྱིན་པས་དྲག་ཤུལ་གྱི་ལས་རབ་འབྱམས་ཀྱིས་གདུག་པ་ཅན་ཚར་གཅོད་པའི་མཐུ་ཐོགས་པ་མེད་པ་ཐོབ་པར་མོས། ལྕགས་ཀྱུ་ཞགས་པ་རལ་གྲི་དཔལ་འབར་ཟོར་གཏོར་རྣམས་གཏད་ལ། ཧཱུྃ༔ ཁྱོད་ནི་དྲག་པོའི་བུ་མཆོག་སྟེ༔ མཐུ་སྟོབས་ཕུན་སུམ་ཚོགས་པ་ཡིས༔ དགུག་དང་བཅིངས་གཟིར་བསྐྲད་པ་དང༔ རྨུགས་རེངས་རྨོངས་དང་མནན་པ་དང༔ སྲེག་བསད་འཕང་བའི་སྦྱོར་བ་ཡིས༔ ཁྱོད་ཀྱིས་མངོན་སྤྱོད་ལས་གྱིས་ཤིག༔ ཨ་མུ་ཀ་མཱ་ར་ཡ༔ དེ་ལྟ་བུའི་དབང་བསྐུར་རྫོགས་པ་ལ་དོན་གཉིས་སྒྲུབ་པར་རྗེས་སུ་གནང་བ་དང་མཐར་ཐུག་བྱང་ཆུབ་ཆེན་པོར་ལུང་བསྟན་བསྩལ་བར་མོས། གཞན་ཡང་ཆོས་ཉིད་གདིང་ལྡན་པས༔ ཏིང་འཛིན་ལས་སུ་རུང་གྱིས་ལ༔ མི་བྱ་བ་ནི་གང་ཡང་མེད༔ མཐའ་ཡས་འགྲོ་བའི་དཔལ་མགོན་གྱིས༔ རྫོགས་སངས་རྒྱས་སུ་ངས་ལུང་བསྟན༔ དེ་ལྟར་ཕྱི་ཕན་པའི་དབང་རྣམས་རྫོགས་པས་ཁྱེད་རང་སངས་རྒྱས་ཀྱི་གདུང་འཛིན་པར་གྱུར་པ་ལ་མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་ཅིང་མངའ་གསོལ་བར་མོས་ཤིག །བཞི་བསྣོལ་དང་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་མཆོད། ཡེ་དྷར་དང་ཤིས་བརྗོད་ཤློ་ཀ་གཅིག་ཙམ་བྱས་ལ་མེ་ཏོག་འཐོར། གཉིས་པ་ནང་ནུས་པ་འཇུག་པའི་དབང་ལྔ་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་སྐད་ཅིག་གིས་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་རྣ་བ་གཉིས་སུ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པད་ཟླའི་གདན་དང་བཅས་པའི་སྟེང་དུ། རིན་ཆེན་འབྱུང་གནས་ཡབ་ཡུམ་ལ་རིན་ཆེན་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བ་གསལ་ཐོབ། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་ཁྱེད་རང་རིན་ཆེན་འབྱུང་གནས་ཀྱི་སྐུར་ལམ་གྱིས་གྱུར་པ་ལ་རྒྱུད་ཀྱི་གླེགས་བམ་གཏད་པས་ཉན་ཅིང་ཐོས་པའི་སྐལ་བ་ཅན་དུ་གྱུར་པར་མོས་ཤིག །གླེགས་བམ་སྦྱིན་ལ། ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་གང༔ གསང་བ་ཀུན་ལ་མཉན་པར་བྱ༔ གསང་བའི་དོན་ཉིད་རྟོགས་པ་ལས༔ གཞན་དུ་སྨྲ་བར་བྱ་བ་མིན༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ ཁྱེད་རང་གི་སྙིང་གི་ནང་དུ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པད་ཟླའི་གདན་དང་བཅས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བ་གསལ་ཐོབ། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་ཁྱེད་རང་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་གྱུར་པ་ལ་ཕྲེང་བ་གཏད་པས་ཡི་དམ་གྱི་ལྷ་བསྒྲུབས་པས་འགྲུབ་པའི་སྐལ་བ་ཅན་དུ་གྱུར་པར་མོས། ཕྲེང་བ་སྦྱིན་ལ། ཨོཾ༔ དུས་གསུམ་རྒྱལ་བའི་སྲས་ཆེན་པོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས༔ རྒྱལ་བ་ཐམས་ཅད་མཉེས་མཆོད་ལ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཨོཾ་ཨཱཿཧཱུྃ༔ ཞི་ཁྲོ་གཉིས་དང་སྤྱི་བསྡུས་ཀྱི་སྔགས་བརྗོད། ཁྱེད་རང་གི་ལག་པའི་མཐིལ་དུ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པད་ཟླའི་གདན་དང་བཅས་པའི་སྟེང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བ་གསལ་ཐོབ། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་ཁྱེད་རང་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་སྐུར་ལམ་གྱིས་གྱུར་པ་ལ་རྒྱ་གྲམ་གཏད་པས་སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྣམ་བཞི་སྒྲུབ་པའི་སྐལ་བ་ཅན་དུ་གྱུར་པར་མོས། སྣ་ཚོགས་རྡོ་རྗེ་གཏད་ལ། ཨོཾ༔ ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཕོ་ཉ་མང་པོའི་འདུ་འཕྲོ་ཀུན༔ ཁྱོད་ཀྱི་དགོས་པ་བྱེད་པ་ཡིན༔ བཛྲ་ཀརྨ་ཨ་མོ་གྷ་ཧཱ༔ ཁྱེད་རང་གི་ལྕེའི་སྟེང་དུ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པད་ཟླའི་གདན་དང་བཅས་པའི་སྟེང་དུ་སྣང་བ་མཐའ་ཡས་ཡབ་ཡུམ་ལ་པདྨ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བ་གསལ་ཐོབ། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་ཁྱེད་རང་སྣང་བ་མཐའ་ཡས་ཀྱི་སྐུར་ལམ་གྱིས་གྱུར་པ་ལ་འཆད་པའི་ཆས་རྣམས་བྱིན་པས་ཐེག་པ་མཐའ་དག་འཆད་ཅིང་སྤེལ་བའི་སྐལ་བ་ཅན་དུ་གྱུར་པར་མོས། དུང་། ཕྱག་ཤིང་། འཁོར་ལོ་རྣམས་གཏད་ལ། ཨོཾ༔ ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས༔ དད་ལྡན་སྐྱེས་བུ་ངོམས་པར་བྱོས༔ རབ་འབྲིང་ཐ་མའི་བློ་ཅན་ལ༔ མཐུན་པར་གསང་སྒྲོགས་གཞན་དུ་མིན༔ བཛྲ་དྷརྨ་ཧྲཱི༔ ཁྱེད་རང་གི་མགོ་བོ་ལ་སོགས་པའི་ཡན་ལག་ལྔ་ལ་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་པད་ཟླའི་གདན་དང་བཅས་པའི་སྟེང་དུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་སོ་སོའི་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བ་གསལ་ཐོབ། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་ཁྱེད་རང་རིགས་ཀྱི་བདག་པོའི་སྐུར་གྱུར་པ་ཉིད་རིན་པོ་ཆེའི་ཁྲི་ལ་བཞུགས་སུ་གསོལ། སྟེང་དུ་གདུགས་ཕུབ་གཡས་གཡོན་དུ་རྒྱལ་མཚན་བ་དན་བསྒྲེང་། མེ་ཏོག་གི་ཆར་འབེབས་ཤིང་རོལ་མོ་བསྒྲག །ཤིས་པ་བརྗོད་ཅིང་སྐུ་ཁྲུས་གསོལ་བར་མོས་ཤིག །ཨོཾ་ཕུན་སུམ་ཚོགས་པ་སོགས་ཀྱིས་ཤིས་པ་བརྗོད། ཨ་བྷི་ཥེ་ཀ་ཏའི་སྔགས་ཀྱིས་རྣམ་བུམ་ཆུ་འཐོར། ཐབས་ཤེས་ཟུང་འཇུག་གི་རང་བཞིན་རྡོ་རྗེ་དང་དྲིལ་བུ་ཕྱག་ཏུ་གཏད་པས་རྡོ་རྗེ་རྒྱལ་པོའི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །བཛྲ་གྷཱཎྚ་དྷ་ར་ཨ་ཨཱ༔ ཞེས་རྡོར་དྲིལ་ལག་ཏུ་སྦྱིན། ཁྱེད་རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཏྲཱཾ་སེར་པོ། གསང་བར་ཧཱ་ལྗང་གུ་རྣམས་འོད་འབར་བས་མཚན་པར་གྱུར། ཨོཾ༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་རབ་འབྱམས་སྤྲོ་ཞིང་སྡུད་པའི་ཁྱབ་བདག་ཆེན་པོར་གྱུར་པའི་སྐལ་པ་དང་ལྡན་པར་མོས་ཤིག །དེ་ནས་ཞི་བའི་རྩ་སྔགས་བརྗོད་དེ། ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཞེས་བརྗོད་པ་ཙམ་གྱིས་ཁྱེད་རང་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀུན་བཟང་རྡོ་རྗེ་སེམས་དཔའ་མཐིང་མདོག་ཞལ་གསུམ་ཕྱག་དྲུག་པ་ཞི་བའི་ཚུལ་དགུ་དང་ལྡན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འོད་ཕུང་འབར་བའི་ཀློང་ན་བཞུགས་ཤིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པ་ལ་ཡེ་ཤེས་དྲུག་གི་ཕྱག་མཚན་རྣམས་གཏད་ཅིང་མངའ་གསོལ་བར་མོས་ཤིག །ཞི་བའི་ཕྱག་མཚན་དྲུག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ མི་འགྱུར་རྡོ་རྗེ་མི་གནས་དྲིལ་བུ་དང༔ ཡིད་བཞིན་རིན་ཆེན་མ་གོས་པདྨ་དང༔ དབང་སྒྱུར་འཁོར་ལོ་ཐོགས་མེད་རལ་གྲི་ཡིས༔ སྐུ་ལྔ་མངོན་གྱུར་དབྱིངས་སུ་རང་གྲོལ་ཤོག༔ བཛྲ་གྷཱཎྚ་ཙཀྲ་རཏྣ་པདྨ་ཁཌྒ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བསྣོལ་དང་སྨན་རཀ་གཏོར་སྔགས་ཀྱིས་མཆོད། དེ་ལྟར་དད་པ་ཅན་ལ་ཕན་པའི་དབང་དང་། བརྩོན་འགྲུས་ཅན་ལ་ནུས་པའི་དབང་རྣམས་རིམ་བཞིན་བསྐུར་པའི་ཕན་ཡོན་ཀྱང་གཞུང་ཉིད་ལས། དེ་ལྟར་ཕན་པའི་དབང་བསྐུར་བས༔ དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ངན་སོང་ཐམས་ཅད་མེད་པ་དང༔ ཚེ་རིང་བདེ་བ་ཕུན་སུམ་ཚོགས༔ མཐོ་རིས་ཐར་པའི་བདག་པོར་འགྱུར༔ ནུས་པ་ལྔ་དང་རོལ་པ་ཡི༔ དབང་མཆོག་ཐོབ་པའི་བུ་དེ་ཉིད༔ ཐམས་ཅད་ལས་ཀུན་ཐོགས་མེད་ཅིང༔ དངོས་གྲུབ་ཀུན་ལ་དབང་བྱེད་པའི༔ དབང་ཕྱུག་ཆེན་པོ་ཉིད་དུ་ངེས༔ ལྷ་མིག་ལ་སོགས་མངོན་བྱས་ནས༔ ལུས་དང་ལོངས་སྤྱོད་བཅས་པ་ཡི༔ རིག་འཛིན་ས་ལ་རབ་གནས་ནས༔ འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར༔ ཞེས་གསུངས་པ་ཡིན་ལ། དབང་གི་རྟོགས་པ་བརྗོད་པའང་འདི་ལ་གསན་པས་ཁྱབ་སྟེ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དེར༔ ཕན་པའི་དབང་བཅུས་ལས་སྒྲིབ་སྦྱངས༔ ཕུང་ཁམས་ལྷ་ཡི་དལ་དུ་བྱས༔ རྩ་ཁམས་ལས་བྱེད་དཀྱིལ་འཁོར་དུ༔ ནུས་པའི་དབང་ཐོབ་འཇུག་པའི་ལས༔ ཐོགས་མེད་དོན་གཉིས་ནུས་པར་བྱས༔ སྦྱོར་བའི་ལམ་ལ་མཐར་ཕྱིན་ནས༔ བསྐྱེད་རིམ་བྱ་བ་ཀུན་ལ་དབང༔ སྤྲུལ་སྐུ་ཐོབ་པའི་རྒྱུ་ཡིན་ནོ༔ གསུམ་པ་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་རྗེས་སུ་བཟུང་བ་ཟབ་མོའི་དབང་ལའང་གསུམ་དུ་ཡོད་པའི་དང་པོ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཚན་ལྡན་གྱི་རིག་མ་དང་ཞིང་ཁམས་འབུལ་བར་མོས་ལ་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དམ་པ་ཧེ་རུ་ཀ༔ རྒྱལ་བ་འཁོར་དང་བཅས་པ་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ གསང་གསུམ་དམ་པའི་དབང་མཆོག་དག༔ དེ་རིང་བདག་ལ་བསྩལ་བར་མཛོད༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས༔ དོན་ཆེན་ཟབ་མོ་ཉོན་མོངས་འཇོམས༔ དེ་རིང་བདག་ལ་དབབ་པར་ཞུ༔ ལན་གསུམ། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བརྡར་གདོང་གཡོགས་བཅིང་མཛོད། ཨོཾ་ཨཱཿཧཱུྃ༔ སློབ་དཔོན་དཔལ་ཧེ་རུ་ཀ་དང་གཟུངས་མ་ཡུམ་ཀྲོ་དྷཱི་ཤྭ་རཱི་མའི་སྐུར་གྱུར། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཉི་མ་ལ་ཨོཾ་དཀར་པོ་ཡུམ་གྱི་མཁའ་ཟླ་གམ་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཟླ་བ་ལ་ཨཱཾཿདམར་པོས་མཚན་པར་གྱུར། ཧཱུྃ་བཛྲ་ཨོཾ་ཕཊ༔ ཨེ་པདྨ་མཎྜ་ལ་ཨཱཾ༔ སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ། ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡཱ་མི༔ ཨ་ནུ་རཱ་ག་ཡ་ཨ་ཧཾ༔ ཕྱག་རྒྱ་བཞིས་དྲང་འཁྱུད་སྤྲད་ནས་སྙོམས་པར་ཞུགས། ཛཿཧཱུྃ་བཾ་ཧོ༔ བསྐྱོད་ཅིང་བསྐྱོད་པས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས། ཧཱུྃ་ཧཱུྃ་ཧཱུྃ་བོ་དྷི་ཙིཏྟ་པཱུ་ཛ་བཛྲ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བྱང་སེམས་ཨཱཾཿགིས་བསྡུས་ཤིང་ཧཱུྃ་གིས་བསྐུལ་ནས་ཕཊ་ཀྱིས་ཡུམ་གྱི་གསང་བར་ཕབ། མཁའ་ནང་སངས་རྒྱས་ཐམས་ཅད་འདུས་པའི་བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་པ་ལ་མཉེས་པའི་མཆོད་པ་ཕུལ་བས་ཚིམས་པར་གྱུར། ཧཱུྃ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་པ་དང་ནི་སྒྲུབ་ཆེན་པོས༔ ཡུམ་གྱི་པདྨའི་ད་ལ་རུ༔ བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ༔ སངས་རྒྱས་ད་ལ་མ་ལུས་ལ༔ དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ༔ ཌཱ་ཀི་པཱུ་ཙ་ཧོ༔ བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་བསྡུས་ཏེ་མཁའ་ནང་གི་བྱང་སེམས་ལ་ཐིམ་པས་རྡོ་རྗེའི་འོད་ཟེར་འབར་བར་གྱུར་པ་དེ་ཉིད་ཐོད་པའི་བདུད་རྩི་དང་སྦྱར་ཏེ་མཐེབ་སྲིན་གྱིས་ཁྱེད་རང་གི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ༔ རྡོ་རྗེའི་ལམ་ནས་པདྨོར་འཁྱིལ༔ ཁྱོད་ཀྱི་ལྕེ་ལ་བཞག་པར་བྱ༔ སྙིང་གི་དཀྱིལ་དུ་བཟུང་བར་གྱིས༔ བོ་དྷི་ཙིཏྟ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པའི་བདུད་རྩི་མཐེབ་སྲིན་གྱིས་བྱིན་ལ་མྱང་དུ་གཞུག །དེ་ལ་དམིགས་པ་འདི་ལྟར་དུ་མཛོད། བྱང་སེམས་རྡོ་རྗེའི་འོད་ཟེར་ཅན༔ སློབ་བུའི་ལྕེ་ལ་བྱིན་པ་ཡིས༔ ངག་གི་ཉེས་པ་ཐམས་ཅད་དག༔ སྙིང་གར་བབས་པས་འདབ་བཞི་ལ༔ གནས་པའི་འགྲོ་དྲུག་སྙིང་པོ་སྦྱངས༔ ཡེ་ཤེས་སེམས་དཔའི་སྐུ་རུ་གྱུར༔ ཐུགས་ཀའི་འོད་ཟེར་ལྟེ་བར་འཕྲོས༔ སྲིད་རྩའི་མ་རིག་བག་ཆགས་སྦྱངས༔ དབུ་མའི་ལམ་ཞུགས་གྱེན་དུ་འཕྲོས༔ ཀླད་པའི་ཧཾ་ལ་ཕོག་པས་ཞུ༔ དེས་སྦྱངས་ལུས་ཀྱང་ཞུ་གྱུར་ཏེ༔ ཟླ་འོད་ལྟ་བུར་གནས་པ་དེ༔ ཧཱུྃ་ཞེས་བརྗོད་པས་ཧེ་རུ་ཀར་གྱུར་པར་མོས་ལ་ང་རྒྱལ་བརྟན་པོ་བསྐྱེད་དེ་སྔགས་འདིའི་རྗེས་ཟློས། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྤྲོ་ན་དོན་དེ་ཚིག་ལྷུག་པས་བཀྲོལ་ལ་བརྡ་སྤྲད། ལུས་དཀྱིལ་མཐོང་བའི་བརྡར་གདོང་གཡོགས་སོལ། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སླར་ཡང་བདུད་རྩི་ལྔ་ཆང་དང་སྦྱར་བ་བྱིན་ལ། རྡོ་རྗེ་བདུད་རྩིའི་དམ་རྫས་མཆོག༔ ཡེ་ཤེས་ལྔ་ཡི་རང་བཞིན་ཕྱིར༔ དེ་ནས་སྤང་དང་བླང་མེད་པར༔ རིགས་ལྔའི་དངོས་གྲུབ་བསྒྲུབ་ཕྱིར་རོལ༔ ཨོཾ་བོ་དྷི་ཙིཏྟ་ཨ་ཡུཿཛྙཱ་ན་མཱཾ་ས་རཀྟ་ཀུ་ཀུ་སིདྡྷི་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་བླང་དོར་མེད་པ་མཉམ་པ་ཆེན་པོའི་བརྟུལ་ཞུགས་ཀྱིས་བདུད་རྩི་ལྔ་ལ་རྟག་ཏུ་བརྟེན་པར་བྱོས་ཤིག །གསང་དབང་གི་རྟོགས་པ་བརྗོད་པའང་འདི་ལྟ་སྟེ། སྟེང་སྒོའི་གདམས་ངག་སྤྱོད་པར་དབང༔ བྱང་སེམས་བདེ་བའི་ད་ལ་མཐོང༔ ཤེས་བྱའི་སྒྲིབ་པ་སྲབ་པར་བྱས༔ མཐོང་བའི་ལམ་ཞེས་བྱ་བ་འོ༔ དང་པོའི་ས་ལ་མཐར་ཕྱིན་ཏོ༔ སློབ་དཔོན་ཉིད་མཆོག་གི་སྤྲུལ་པའི་སྐུར་གནས་གྱུར་པ་དང་སངས་རྒྱས་ཐམས་ཅད་མགྲིན་གཅིག་པས་ལུང་བསྟན་སྩོལ་བར་མོས་ཤིག །ཆོས་གོས་ཕྱག་རྒྱ་སོགས་སྤྱི་མཚུངས་བྱས་ལ། འདི་ལྟར་ངས་ལུང་བསྟན་པ་སྟེ༔ བཅོམ་ལྡན་ཀུན་ཏུ་བཟང་པོ་དང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲིད་པའི་ངན་འགྲོ་རྣམས་ལས་བཏོན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུར་བྷུ་ཝ་སྭ༔ རྣམ་གསུམ་སངས་རྒྱས་རྣམས་ཀྱིས་གསུངས༔ དེས་ནི་ལུང་བསྟན་ཐོབ་པ་འོ༔ དེ་ནས་མི་འཇིགས་པའི་རྒྱ་བཅས་དབུགས་དབྱུང་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་ཉིད་དུ་ཁྱོད་གྱུར་ཏོ༔ ཁམས་གསུམ་བདག་པོར་ཁྱོད་གྱུར་ཏོ༔ བྱང་ཆུབ་སེམས་དཔར་ཁྱོད་གྱུར་ཏོ༔ བདུད་དང་མུ་སྟེགས་ཐམས་ཅད་ལས༔ རྒྱལ་བར་གྱུར་པ་ཁྱོད་ཡིན་ནོ༔ གྲོང་ཁྱེར་ལས་ཀྱང་གྲོང་ཁྱེར་ཏེ༔ མྱ་ངན་འདས་པའི་གྲོང་ཁྱེར་དུ༔ རྣལ་འབྱོར་སྣོད་ལྡན་ཁྱོད་ཞུགས་སོ༔ སངས་རྒྱས་འགྲུབ་པའི་རྒྱུ་འདི་ཡིན༔ འདི་ལ་ཐེ་ཚོམ་མ་བྱེད་ཅིག༔ དེས་གསང་བའི་དབང་བསྐུར་ལུང་བསྟན་དབུགས་དབྱུང་བཅས་འགྲུབ་པ་ལགས། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས༔ ཇི་ལྟར་མཁྱེན་ཅིང་ཐུགས་ཆུད་པ༔ དེ་ཡི་རྗེས་སུ་བདག་དད་ན༔ ཤེས་རབ་ཡེ་ཤེས་བདག་ལ་སྩོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་རིགས་ནས་མཚན་ཉིད་ལྡན་པའི་རིག་མ་སྦྱིན་ཅིང་གནང་བ་སྩོལ་བར་མོས། ཀྱེ་ཧོ༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང༔ ཤེས་རབ་མ་ནི་བསྟེན་པས་གྲུབ༔ རིགས་ཀྱི་བུ་མཆོག་ཁྱོད་ཀྱིས་ཀྱང༔ ཤེས་རབ་སྤང་དུ་མི་རུང་སྟེ༔ ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པས༔ ཁྱོད་ཀྱིས་འདོད་ཆགས་མ་སྤོངས་ཤིག༔ རིག་མས་དྲི་བ་འདི་ལྟར་བྱས་པར་མོས་ཤིག །བུ་ཁྱོད་ཚུར་ཤོག་རྡོ་རྗེ་ཅན༔ དྲི་ཆེན་དྲི་ཆུ་ཟ་ནུས་སམ༔ རཀྟ་ག་པུར་མཱཾ་ས་དང༔ བུད་མེད་དད་པས་བསྟེན་ནུས་སམ༔ པདྨར་འོ་བྱེད་མི་གོམ་མམ༔ སྨྲོས་ཤིག་སྣོད་ལྡན་ངང་ཚུལ་ཅན༔ ཞེས་དྲིས་པ་ན། སྤྲོ་བ་ཆེན་པོས་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཤེས་རབ་དད་པས་བདག་བསྟེན་ནོ༔ དྲི་ཆེན་ལ་སོགས་བདུད་རྩི་ལྔ༔ རྟག་པར་དད་པས་བདག་བསྟེན་བགྱིད༔ ཅེས་ལན་བཏབ་པ་ལ་དགྱེས་ནས་ལུས་གཅེར་བུར་ཕྱུངས་ཏེ་གསང་བའི་ཆུ་སྐྱེས་ངོམ་བཞིན་དུ་འདི་ལྟར་རྗེས་སུ་གདམས་པར་མོས་ཤིག །རྨད་བྱུང་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་ཡང་དག་ལྡན༔ རྟག་ཏུ་རིམ་བཞིན་འདི་ལ་སྤྱོད༔ འདི་དང་ནམ་ཡང་མི་འབྲལ་ལོ༔ པདྨ་འདི་ནི་ཆོས་དབྱིངས་ཡིན༔ སངས་རྒྱས་ཐམས་ཅད་འདི་ལས་བྱུང༔ སེམས་ཅན་ཁམས་ནི་རྣམ་པར་གྲོལ༔ ནང་གི་རྩ་ཡི་འཁོར་ལོ་ལ༔ པདྨ་ཞེས་ནི་རབ་ཏུ་གསུངས༔ པདྨ་ནང་གི་ནམ་མཁའ་ཞེས༔ འབྱུང་བ་ལྔ་པོ་རང་བཞིན་གནས༔ ལྟེ་བ་དང་ནི་གེ་སར་བྱས༔ པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན༔ ཟེའུ་འབྲུ་དབུས་ནས་འབྱུང་བ་ཡིན༔ དེ་ཉིད་བདུད་རྩི་དམ་པ་སྟེ༔ སངས་རྒྱས་ཀུན་གྱི་སྙིང་པོ་འོ༔ ཞེས་གསུངས་པ་ལ་བལྟས་པའི་བདེ་བ་སྐྱེས། དེ་ནས་ཁྱེད་རང་དང་ཤེས་རབ་མའི་ལག་གཡས་གཡོན་གཉིས་བསྣོལ་མར་འཇུས་ཤིང་བཅངས་པར་མོས་ཤིག །གཟུགས་བརྙན་སོགས་ལག་ཏུ་གཏད་ལ། ཤེས་རབ་དམ་པ་འདི་ཡིས་ནི༔ ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པས༔ དད་པས་རྟག་ཏུ་བསྟེན་པར་གྱིས༔ འདི་དང་རྟག་ཏུ་རོལ་མོ་གྱིས༔ དེ་ནི་ཤེར་དབང་བསྐུར་བ་འོ༔ སྒོམ་པའི་ལམ་ཞེས་བྱ་བ་ཡིན༔ ས་བཅུ་པ་ལ་གནས་པ་འོ༔ དེ་ནས་ཡས་བབ་ཀྱི་དགའ་བ་སྐྱེད་ཅིང་དཔེའི་ཡེ་ཤེས་ངོས་བཟུང་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་དཔལ་ཧེ་རུ་ཀ་དང་གཟུངས་མ་ཡུམ་ཀྲོ་དྷཱི་ཤྭ་རཱི་མའི་སྐུར་གྱུར་སོགས་གོང་གསང་དབང་སྐབས་ལྟར་ལ། ཛཿཧཱུྃ་བཾ་ཧོ༔ འདུ་ཤེས་གསུམ་ལྡན་དལ་བུ་ཡིས༔ རོལ་པས་བྱང་སེམས་སྤྱི་བོ་ནས༔ གཡོ་བ་དགའ་བ་ཞེས་བྱ་ནས༔ གསང་བར་ཕྱིན་པ་མཆོག་དགའ་འོ༔ དེ་ནས་རྡོ་རྗེར་ཕྱིན་གྱུར་དུས༔ དགུག་དང་བསྡམ་པའི་སྦྱོར་བ་ཡིས༔ ཡེ་ཤེས་གསལ་བར་བསྐྱེད་པ་དེ༔ རང་བཞིན་དག་པའི་ཡེ་ཤེས་སོ༔ ཇི་ཙམ་གནས་པར་བསྒོམས་བྱས་པས༔ དངོས་པོར་གནས་པ་འདི་དག་ཀུན༔ ནོར་བུ་ཀུན་ད་ལྟར་དཀར་ཞིང༔ ཡུལ་ལ་དངོས་པོར་མི་འཛིན་པའོ༔ གལ་ཏེ་མཁའ་རུ་ལྷུང་གྱུར་ན༔ བྲལ་བའི་དགའ་བ་ཞེས་བྱ་འོ༔ བདུད་རྩི་ཐིག་ལེ་རབ་མཆོག་དེ༔ རྡོ་རྗེ་ལྕེ་ཡིས་བླང་བར་བྱ༔ དེ་ཟོས་དབང་མཆོག་ཐོབ་གྱུར་པ༔ རྒྱུ་ཡི་མཐར་ཕྱིན་ལམ་ཡིན་ཅིང༔ བཅུ་གཅིག་ས་ལ་ཕྱིན་ཞེས་བྱ༔ ཡིད་ཀྱི་ཉེས་པ་དག་བྱས་ཏེ༔ ཟུང་འཇུག་ཡེ་ཤེས་རྟོགས་པར་འགྱུར༔ ཇི་སྐད་གསུངས་པའི་དབང་དོན་རྣམས་ཉམས་སུ་བསྟར་ཏེ་ཡུམ་ལ་ཅི་འབྱོར་གྱི་གཏང་རག་ཕུལ་ཏེ་ཕྱག་བྱས་ཞབས་ལ་གཏུགས་པར་མོས་ལ་འདིའི་རྗེས་ཟློས། ཨེ་མ་ཤེས་རབ་ཡུམ་མཆོག་མ༔ བདེ་མཆོག་ཡེ་ཤེས་སྐྱེད་བྱེད་མ༔ གཡོ་བ་ལྔ་ལ་ཡེ་ཤེས་ལྔ༔ འཛིན་བཞི་བཅུ་དྲུག་རྟོགས་པའི་ཐབས༔ ཡུམ་མཆོག་མ་ཡིས་གནང་བར་མཛོད༔ རང་རིག་གསལ་བའི་ཡེ་ཤེས་ནི༔ སྐད་ཅིག་རྟོགས་པའི་ཐབས་མཆོག་དག༔ སྐྱེད་བཞི་ཡུམ་དང་རྒྱལ་པོ་ཡབ༔ བདག་ལ་སྨན་པ་འོད་གསལ་བ༔ རྒྱལ་བའི་སྐུ་དང་བཀའ་དྲིན་གཅིག༔ ཧོ༔ དབང་གི་རྟོགས་པ་བརྗོད་པའང་འདི་ལྟ་སྟེ། བྷ་ག་ཡུམ་གྱི་དཀྱིལ་འཁོར་མཐོང༔ དབྱིངས་དང་ཡེ་ཤེས་གཉིས་མེད་རྟོགས༔ འོག་སྒོའི་དབང་དང་གདམས་ངག་དབང༔ ཤེས་རབ་དང་ནི་ཡེ་ཤེས་ཀྱི༔ ཤེས་སྒྲིབ་གཏན་ནས་དག་པའི་རྒྱུ༔ བརྟུལ་ཞུགས་ཤེས་རབ་ལྡན་ལ་བསྐུར༔ ཞེས་གསུངས་པ་ལགས་སོ། །གསུམ་པ་མཐར་ཕྱིན་བདེ་བ་ཆེན་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས༔ ཇི་ལྟར་མཁྱེན་ཅིང་ཐུགས་ཆུད་པ༔ དེ་ཡི་རྗེས་སུ་བདག་དད་ན༔ བདེ་ཆེན་མཐར་ཐུག་དབང་བསྐུར་སྩོལ༔ གསུམ། ཞེས་གསོལ་བ་བཏབ་པས་སོགས་གོང་ཤེར་དབང་གི་སྐབས་ལྟར་གནང་བ་སྦྱིན་ནས། འདི་དང་རྟག་ཏུ་རོལ་མོ་གྱིས༔ ཞེས་པའི་བར་བསྐྱར་ནས་བཏང་། སྔོན་ཆད་བདེ་བ་ཆེན་པོའི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། འབྲུ་གསུམ། དེ་ནས་མས་བརྟན་གྱི་དགའ་བ་བཞིའི་མཐར་དོན་གྱི་ལྷན་སྐྱེས་ཡེ་ཤེས་ངོ་སྤྲད་པ་ཡིན་པས་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་དཔལ་ཧེ་རུ་ཀ་སོགས་བྱིན་རླབས་གསང་དབང་སྐབས་ལྟར་ལ། ཛཿཧཱུྃ་བཾ་ཧོ༔ འདུ་ཤེས་གསུམ་ལྡན་དལ་བུ་ཡིས༔ དབང་པོ་གཉིས་སྦྱར་བདེ་བ་སྐྱེད༔ དེ་ཉིད་རོ་ལ་མ་ཆགས་པར༔ སྒོ་གསུམ་འཁྲུལ་འཁོར་བལྟེམས་བྱས་ཏེ༔ བྱང་སེམས་རང་གི་གནས་སུ་ཟློག༔ གླིང་བཞི་རི་རབ་བཞི་ལ་བསྡུ༔ རྒྱ་མཚོ་བྲག་ཆེན་ངོས་ལ་སྦྱར༔ དར་ཆེན་ནམ་མཁའི་དཀྱིལ་དུ་ཕྱར༔ ཉི་ཟླ་འགྱུར་མེད་གཏོད་ལ་མནན༔ གྱི་ལིང་མགྱོགས་པ་བཙོན་དུ་བཟུང༔ ཧིཀ་ཅེས་རྩེ་ནས་སྤྲུལ་པར་དྲངས༔ ནམ་ལངས་ཉམས་དག་འབྱུང་བ་ཡིན༔ ཧཱུྃ་ཞེས་ཆོས་ཀྱི་འཁོར་ལོར་དྲངས༔ ཉི་ཤར་བདེ་གསལ་འོད་ཟེར་འབྱུང༔ ཧིཀ་གིས་ལོངས་སྤྱོད་འཁོར་ལོར་དྲངས༔ རོ་བརྒྱའི་ཟས་ཀྱིས་ཚིམས་པ་འདྲ༔ སིབ་ཅེས་བདེ་ཆེན་ཧཾ་ལ་དབུལ༔ རི་བོ་རྩེར་ཕྱིན་ཞེས་པ་འོ༔ ཡུམ་དང་ཕྲལ་ལ་རྣམ་གྲོལ་གྱིས༔ རྩ་རྣམས་ཡོངས་སུ་ཁྱབ་པར་བྱ༔ བུམ་པའི་འཁོར་ལོས་བརྟན་པར་བྱ༔ ཞེས་གསུངས་པ་ལྟར་མཉམ་སྦྱོར་ལས་སྐྱེས་པའི་ཐིག་ལེའི་བདེ་བ་མ་ཉམས་པར་རླུང་དང་འཁྲུལ་འཁོར་གྱི་སྟོབས་ཀྱིས་གྱེན་དུ་ལྡོག་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་། དགྲམ་པའི་འཁྲུལ་འཁོར་གྱིས་རྩ་གནས་ཀུན་ལ་ཁྱབ་པས་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་གྱུར་པ་ལ་རྡོ་རྗེའི་ཚིག་གིས་ངོ་སྤྲོད་སྩོལ་བར་མོས་ཤིག །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས༔ བདེ་བའི་ཡེ་ཤེས་ཐིག་ལེའི་དབྱིངས༔ བུ་ཡིས་སྨྲོས་ཤིག་ཇི་ལྟ་བ༔ བདེ་བའི་ངོ་བོ་ཇི་ལྟ་བུ༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ བསམ་མི་ཁྱབ་པའི་ཡེ་ཤེས་འདི༔ བསམ་རྒྱུ་བྲལ་ཕྱིར་རྟོགས་པར་དཀའ༔ ཤེས་རབ་ཐབས་ལ་བརྟེན་པས་འགྲུབ༔ བདེ་བ་མེད་ལས་ཡོངས་སུ་བདེ༔ བདེ་ཆེན་ཉིད་ནས་སྨྲ་བསམ་བྲལ༔ སྟོང་ཉིད་ཡེ་ཤེས་སྙིང་པོ་ཅན༔ བདེ་ལ་མ་ཞེན་བདེ་མ་བྲལ༔ བློ་འདས་བསམ་བརྗོད་བྲལ་བ་དེ༔ མཐར་ཕྱིན་ཆོས་སྐུ་ཞེས་སུ་བརྗོད༔ དེ་ཡི་ངང་ལས་མ་ཡེངས་པར༔ འཛིན་པས་མ་བཅིང་གསལ་བར་བསྒོམ༔ གང་སྤྱོད་དེ་ལས་མ་འདས་པར༔ བློ་བྲལ་སྐྱོངས་ཤིག་སྐལ་བ་ཅན༔ དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ། གོང་ལྟར་སྔགས་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད། དེའི་རྟོགས་པ་བརྗོད་པའང་འདི་ལྟ་སྟེ། སྐུ་དང་ཡེ་ཤེས་དཀྱིལ་འཁོར་མཆོག༔ མཐར་ཕྱིན་ལམ་ཞེས་དེ་ལ་བརྗོད༔ སྒྲིབ་པ་ཀུན་བྲལ་བདེ་ཆེན་ལམ༔ ཨ་ཏི་ཡོ་གའི་ལྟ་སྒོམ་དབང༔ རྡོ་རྗེ་འཛིན་པའི་ས་ཞེས་བྱ༔ རིགས་ཅན་བློ་རབ་མཆོག་ལ་བསྐུར༔ བདེ་ཆེན་སྐུ་ཡི་དབང་ཞེས་བྱ༔ ཤེས་རབ་ཐུགས་ལ་གསང་དབང་གསུང༔ ཕན་དབང་ཡོན་ཏན་ནུས་དབང་ཕྲིན་ལས་སོ༔ ཞེས་གསུངས་པ་ལྟར་ལགས་སོ། །འདི་ལྟ་བུའི་ཟབ་མོའི་དབང་བསྐུར་ཐོབ་པའི་བླ་མ་དང་ཕྱག་རྒྱ་ལ་ཇི་ལྟར་བཀུར་བའི་ཚུལ་ཡང་གཞུང་ཉིད་ལས། དེ་ལྟའི་དབང་མཆོག་བླ་མ་ལས༔ བྱུང་ཕྱིར་རྒྱལ་སྲས་མཛེས་པ་དེས༔ ལུས་ཀྱིས་ཕུན་སུམ་ཚོགས་པར་བཀུར༔ ངག་གིས་སྐྱོན་སྦ་ཡོན་ཏན་བསྒྲག༔ སེམས་ནི་རྟག་ཏུ་དུལ་བྱས་ལ༔ ཡུམ་དང་རྒྱལ་པོ་ཐུན་མོང་བསྐུར༔ སྲོག་ལུས་མན་ཆད་རྫས་རྣམས་ཀྱིས༔ རྒྱལ་པོ་མཆོད་པས་སངས་རྒྱས་མཉེས༔ ཞེས་གསུངས་པ་ལྟར་ཅིས་ཀྱང་བསྒྲུབ་དགོས་སོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ང་ཡིན་པས༔ ང་ཡིས་ཇི་སྐད་བསྒོ་བ་བཞིན༔ ཁྱོད་ཀྱིས་ངེས་པར་བྱ་དགོས་སོ༔ དེ་ལྟར་བསྒོས་པའི་བཀའ་ཚུལ་བཞིན་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་འདི་དག་ལེགས་པར་ཐོབ་པའི་ཕན་ཡོན་ཀྱང་རྡོ་རྗེའི་གསུང་ལས། ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི༔ སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས༔ མ་ལུས་བདག་ཉིད་ཞལ་མཐོང་བ༔ དབང་བསྐུར་མཆོག་ཉིད་དམ་པ་ཡི༔ སེམས་ཉིད་སངས་རྒྱས་ངོ་བོའི་ཕྱིར༔ ལམ་དག་གཞན་ན་ཡོད་མ་ཡིན༔ རྨོངས་པས་གཞན་ནས་རྙེད་མི་འགྱུར༔ འདི་ལྟར་ངེས་པའི་བུ་དག་གིས༔ ཡུམ་དང་སྒེག་མོ་ལ་སོགས་པ༔ དེ་ཉིད་བྱིན་གྱིས་རློབས་པར་འགྱུར༔ ཐམས་ཅད་མཁྱེན་པའི་རང་རིག་གིས༔ སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག༔ དེ་ལ་སོགས་པ་བསམ་མི་ཁྱབ༔ ཡོན་ཏན་དཔག་གིས་ལང་མི་འགྱུར༔ ཞེས་གསུངས་པ་ལྟར་ལགས་པས་ཐུགས་ལ་གཅག་པར་ཞུ། དེ་ལྟར་རྩ་བའི་དབང་བསྐུར་ལེགས་པར་གྲུབ་ནས། བཞི་པ་ཟབ་ཆོས་འདི་ཉིད་ཀྱི་སྲུང་མ་ཁྱད་པར་ཅན་རཀྴ་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་སྲོག་ཆུ་བསྲེ་བ་ལ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་སྲུང་བ་དང༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ སྲོག་གི་དབང་མཆོག་བསྩལ་དུ་གསོལ། །ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་སྤྱི་ལྟར་གྱིས་རྒྱུད་སྦྱང་། དེ་ནས་གཉེན་པོ་སྟོབས་ཀྱི་ལྷ་འདི་ལྟར་གསལ་ཐོབ། སློབ་དཔོན་དང་ཁྱེད་རང་གཉིས་ཀ་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་འབར་བ་ཆེན་པོའི་གཟི་བརྗིད་ཅན་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་ཁ་ཊྭཱཾ་ཐོད་ཁྲག་འཛིན་པ་ལ་འཁྱུད་པ། གར་དགུའི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་ཀྱིས་དྲེགས་པ་ཕོ་མོ་དང་པད་ཉིའི་གདན་ལ་འགྱིང་པ། ཡེ་ཤེས་མེ་འབར་བའི་དབུས་ན་གསལ་བར་གྱུར་པའི་ང་རྒྱལ་བརྟན་པོ་སྐྱེད་ཅིག །མདུན་གྱི་གཏོར་མ་སྔར་བསྒྲུབས་ཟིན་པ་ཉིད་སླར་གསལ་འདེབས་བསྐྱར་ནས་བྱ་བ་ལགས་པས་འདུན་པ་འདི་ལྟར་དུ་མཛོད། གཏོར་མ་མ་ཧཱ་ཀཱ་ལ་ནི༔ ནག་པོ་ཆེན་པོ་གཟི་བརྗིད་ཅན༔ སོགས་གཏོར་ཆོག་ལྟར་གསལ་འདེབས། དྲང་བསྟིམ་རྒྱས་གདབ་རྒྱུད་བསྐུལ་བར་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་རྒྱུད་བསྐུལ། དེ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པས་ལུས་ཀྱི་གཟི་བརྗིད་བཟོད་པར་དཀའ་བ་ཉི་མ་འབུམ་གྱི་འོད་ལྟར་འབར་བར་མོས། གཏོར་མ་ལག་ཏུ་གཏད་ལ། སངས་རྒྱས་བསྟན་པ་སྲུང་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །རཀྴ་མ་ཧཱ་ཀཱ་ལ་ཡི། །སྐུ་ཡི་དབང་མཆོག་ཐོབ་པར་ཤོག །སྔགས་གུ་ཎ་ཧྲྀ་དའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་བཏགས་པ་བརྗོད། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་རྒྱུད་བསྐུལ། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབས། སློབ་མའི་ཁར་ཞུགས་ནས་སྙིང་གའི་ཧཱུྃ་ལ་ཐིམ་པས་ངག་ལ་ནུས་པ་དང་མཐུ་སྟོབས་བསྐལ་པའི་མེ་ལྟར་འབར་བར་མོས། གཏོར་མར་བདུད་རྩི་བླུགས་པའི་ཞམ་ཆུ་སྦྱིན། བསྐུར་ཚིག་སྔ་མ་ལྟར་ལས། སྐུ་ཡི་ཞེས་པ་གསུང་གི་དང་། ཀཱ་ཡ་ལ་ཝཱ་ཀ༴ཨཱཿཞེས་བསྒྱུར། སླར་མོས་གུས་བྱས་པས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ཐུགས་སྲོག་ཧཱུྃ་ཡིག་གི་ཞབས་ཀྱུ་ལ་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་མགོན་པོའི་སྙིང་པོ་རྗེས་ཟློས་གསུམ་བྱར་གཞུག །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་གྱི་རྣམ་པ་ཁ་ཊྭཱཾ་ག་དང་ཐོད་ཁྲག་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་ཐུགས་སྲོག་ལ་ཐིམ་པས་བདེ་སྟོང་ཟུང་དུ་འཇུག་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ཤིག །གཏོར་མ་ལག་ཏུ་གཏད། བསྐུར་ཚིག་དང་སྔགས་སྔར་ལྟར་ལས། ཐུགས་ཀྱི་ཞེས་པ་དང་ཙིཏྟ༴ཧཱུྃ་ཞེས་བསྒྱུར། དེས་དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྲོག་གཏད་པ་གྲུབ་ནས། དཔལ་ལྷ་མོ་ནག་མོའི་སྲོག་ཆུ་བསྲེ་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་དཔལ་ཆེན་ཧེ་རུ་ཀའི་གསལ་སྣང་དང་ང་རྒྱལ་བརྟན་པོས་འཁོད་པའི་མདུན་དུ་གཏོར་སྣོད་ར་ལས་ཁྲག་གི་རྒྱ་མཚོ་སོགས་ནས། བཀྲམ་པའི་སྟེང་དུ་གཏོར་མ་ཉིད། མ་ལས་ལྷ་མོ་ནག་མོ་སོགས་ནས་བསྐྱེད་བསྟིམ་དམ་བཞག་གི་བར་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་མོའི་ཐུགས་རྒྱུད་བསྐུལ། ཅེས་སོགས་དང་། རཀྴ་མ་ཧཱ་ཀཱ་ལ་ཞེས་པར། དཔལ་ལྡན་རང་བྱུང་རྒྱལ་མོ་ཡི། །སྐུ་ཡི་དབང་མཆོག་སོགས་དང་། སྔགས་ཀྱང་ལྷ་མོའི་སྔགས་སུ་བསྒྱུར་ཅིང་། ཕྱག་མཚན་གྲི་གུག་དང་ནེའུ་ལེའི་རྐྱལ་པའི་ཚོགས་ཞེས་བསྒྱུར་བ་མ་གཏོགས་སྐུ་གསུང་ཐུགས་དབང་རྣམས་གོང་མགོན་པོའི་སྐབས་ལྟར་བྱས་གྲུབ་ནས། གཏོར་མ་གཉིས་ཁ་གསོས་ལ། དེ་ནས་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་གསོལ་བ་རྣམས་དཔོན་སློབ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། གཏོར་མ་བྱིན་བརླབ། སྔགས་བསྔོས་ལན་གསུམ་རེ་མཆོད་སྔགས་ཕྱི་ནང་སྨན་རཀ་སྤྱི་འགྲོ་དང་། བསྟོད་པ་ཤོ་ལོ་ཀ་གཅིག་ཙམ་གྱིས་བསྟོད། དཔལ་རཀྴ་མ་ཧཱ་ཀཱ་ལ། ལྷ་མོ་རང་བྱུང་རྒྱལ་མོ། འཁོར་གཡོག་སྤྲུལ་པའི་ཚོགས་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཕྲིན་བཅོལ་སྤྱི་འགྲོ་བྱ། གཏོར་མ་ལ་དཔལ་འབར་བཙུགས་པ་ཐོགས་ནས་བཀའ་བསྒོ་བ་ནི། དཔལ་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་རཀྴ་མ་ཧཱ་ཀཱ་ལ། ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལྕམ་དྲལ་སྤྲུལ་པ་བཀའ་སྡོད་བྲན་གཡོག་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། དཔལ་ཆེན་རྡོ་རྗེ་གཞོན་ནུ། མཁའ་འགྲོ་བདེ་བའི་འཁོར་ལོ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བའི་བློ་གྲོས། སློབ་དཔོན་སངས་རྒྱས་གསང་བ། རྡོ་རྗེ་ཧཱུྃ་ཆེན་ཀཱ་ར། རིག་འཛིན་པྲ་བྷ་ཧསྟི། ཨོ་རྒྱན་པདྨ་ཐོད་ཕྲེང་། དགེ་སློང་ནམ་མཁའི་སྙིང་པོ། གཏེར་སྟོན་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན། པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པའི་ཐ་ཚིག་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་རིག་པ་འཛིན་པ་འདི་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཐར་པ་དང་བྱང་ཆུབ་སྒྲུབ་པའི་གེགས་དང་བར་ཆད་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པ་དང་། ཇི་ལྟར་འདོད་པའི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་སྡོངས་གྲོགས་གཡེལ་བ་མེད་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་གཏོར་མ་ལག་ཏུ་གཏད། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲང་། ལས་བྱང་ལས་འབྱུང་བ་སོགས་ཤིས་བརྗོད་རྒྱས་པ་བྱས་ལ་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དབང་དང་ཆོ་གའི་མཇུག་དོན་གཉིས་ལས། དང་པོ་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་མངའ་རི་ལ་སྟོད་ཀྱི་གཏེར་སྟོན་ཆེན་པོ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ལས་བྱོན་པའི། ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ནང་གཏེར་རྭ་སྐོར་སྒྲོན་མ་རྣམ་པ་དྲུག་གི་གཉིས་པ་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མེ་ལས། ཡང་དག་ཞི་ཁྲོ་ཕུར་གསུམ་གཅིག་ཏུ་སྦྲགས་པའི་དབང་བསྐུར་ངོ་མཚར་བྱིན་རླབས་ཀྱི་གཟི་བྱིན་ཆེན་པོ་དང་ལྡན་པ་ཉིད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། དེ་ནས་གཞུང་ཉིད་ལས། ཇི་སྐད་དུ། དེ་ནས་རིགས་ཀྱི་བུ་མཆོག་དེས༔ རྒྱལ་སྲིད་དང་ནི་རང་གི་ལུས༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན༔ དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན༔ ཉེ་བའི་ད་ལ་སྨོས་ཅི་དགོས༔ ཉེས་པ་ཐམས་ཅད་དག་པར་འགྱུར༔ དེས་ན་སློབ་དཔོན་མཆོད་པ་བརྩམ༔ སློབ་དཔོན་མཉེས་པར་མ་བྱས་ཤིང༔ དབང་རྣམས་ཐོབ་པར་མ་བྱས་ན༔ ཉན་པ་ལ་སོགས་རྩོམ་པ་རྣམས༔ འབྲས་བུ་མེད་ཅིང་བརླག་པར་འགྱུར༔ དེས་ན་དབང་མཆོག་ཐོབ་པར་བྱ༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པས་དབང་བསྐུར་ཐོབ་པའི་གཏང་རག་ཇི་སྐད་བཤད་པའི་ཡོན་རྣམས་འབུལ་བའི་འདུན་པས་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །སླར་ལུས་ལོངས་སྤྱོད་འབུལ་ཞིང་དགེ་བསྔོ་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གཉིས་པ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་ཆོག་བཏང་། ཆོས་སྐྱོང་གཏོར་འབུལ་དང་གཏང་རཀ་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་བསྟིམ་གང་འོས། དཀྱིལ་འཁོར་བསྡུ། བདག་བསྐྱེད་བསྡུ་ལྡང་གོ་བསྒོ། ལུས་སྲུང་། བསྔོ་སྨོན་ཐུན་མོང་མ་ཡིན་པ་དང་། ཤིས་བརྗོད་རྣམས་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཕན་ནུས་རོལ་པ་ཟབ་མོའི་དབང་གིས་སྨིན། །རྒྱུ་ལམ་འབྲས་བུའི་རྣལ་འབྱོར་མཐའ་རུ་ཕྱིན། །སངས་རྒྱས་བདེ་ཆེན་ཀུན་འདུས་རང་རིག་པ། །ཡང་དག་གྲུབ་པ་གཅིག་པུ་མངོན་གྱུར་ཅིག །མཆོག་སྒྲུབ་གཙོར་བཏོན་བདུད་འདུལ་ཀཱི་ལ་ཡའི། །ཕྲིན་ལས་ཞར་བྱུང་གྲུབ་པའི་ངོ་མཚར་ཅན། །ལམ་སྲོལ་མཆོག་འདི་རྣམ་འདྲེན་ལྔ་པ་ཡིས། །ཆོས་རྔ་སྒྲོག་པ་དེ་སྲིད་དར་རྒྱས་ཤོག །ཅེས་པའང་ཁྱབ་བདག་ཀུན་མཁྱེན་བླ་མ་དཔལ་ཆེན་པོ་དང་དབྱེར་མ་མཆིས་པ་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་ཉེ་བརྒྱུད་བྱིན་རླབས་ངད་ལྡན་གྱིས་རྗེས་སུ་བཟུང་ཞིང་བཀའི་གནང་བ་བསྩལ་པ་ལྟར། དུས་ཞབས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་དཔལ་ཆེན་རྣམ་པར་རོལ་པའི་ཕོ་བྲང་དུ་གཏེར་གཞུང་རྡོ་རྗེའི་གསུང་བཅོས་བསླད་མེད་པ་ལ་རྣམ་གསལ་མཚམས་སྦྱོར་གྱིས་ལེགས་པར་བརྒྱན་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་པདྨའི་འཛུམ་ཟེར་ (Volume 48, Text 21)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་པདྨའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སེམས་དཔའ་ཐུགས་རྗེའི་མཐུ་ལྡན་པ། །རྒྱལ་ཀུན་ཕྲིན་ལས་སྒྲུབ་མཛད་དེར། །དངོས་པོ་ཀུན་གྱིས་གུས་བཏུད་ནས། །ཕྲིན་ལས་བྱང་བུ་ཁྱེར་བདེར་བཀོད། །དེ་ལ་གཏེར་གཞུང་དུ་ཕྱི་ནང་གསང་སྒྲུབ་སོ་སོ་དང་ཚོགས་མཆོད་ཕྲིན་ལས་ཙམ་གསུངས་ཤིང་། ཚོགས་ཕྲིན་ཡང་ནང་གསང་གི་སྒྲུབ་པ་དང་འབྲེལ་བར་སྣང་ཡང་། སྔོན་རབས་ཁ་ཅིག་གིས་ཚོགས་ཕྲིན་གསུམ་ཀའི་ལས་བྱང་སྤྱི་འགྲོར་སྦྱར་པ་འགལ་བ་ཆེར་མེད་ཅིང་དབང་སྒྲུབ་སོགས་ལ་འཇུག་བདེ་བར་སྣང་བས་དེ་ལྟར་ན། སྦྱོར་བ་རྟེན་དང་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱས་ནས། ཕྲིན་ལས་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། དང་པོ་ལ་བརྒྱུད་པའི་གསོལ་འདེབས་ནི། སྣང་བ་མཐའ་ཡས་ཌཱ་ཀི་གར་དབང་མོ། །པདྨ་སཾ་བྷ་ཡེ་ཤེས་མཚོ་རྒྱལ་མ། །ཆོས་ཀྱི་དབང་ཕྱུག་པདྨ་དབང་ཆེན་དང་། །སངས་རྒྱས་ཀུན་གྲོལ་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་རང་གྲོལ་སངས་རྒྱས་ལྷུན་དབང་དང་། །རྡོ་རྗེ་གཞོན་ནུ་དཀོན་མཆོག་དཔལ་བཟང་པོ། །གནུབས་སྟོན་རིན་དཔལ་རྒྱལ་སྲས་པདྨའི་མཚན། །བཀྲ་ཤིས་དཔལ་བ་རྣམས་ལ་གསོལ་བ་འདེབས། །སྨོན་ལམ་རྒྱལ་མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་། །བྱམས་པ་སྐལ་བཟང་དབང་ཕྱུག་རབ་བརྟན་དང་། །ངག་དབང་ཕུན་ཚོགས་བློ་མཆོག་རྡོ་རྗེའི་ཞབས། །ལེགས་བཤད་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །དབང་ཕྱུག་གྲགས་པ་གསང་བདག་རྡོ་རྗེ་འཛིན། །པདྨ་ཚེ་དབང་འཇམ་དབྱངས་ཆོས་རྒྱལ་མཚན། །ཐུགས་རྗེ་ཆེ་དངོས་མཁྱེན་བརྩེའི་དབང་པོ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །འཁོར་བ་དོང་ནས་སྤྲུགས་མཛད་སྤྱན་རས་གཟིགས། །རྒྱལ་བ་སྲས་དང་བཅས་ལ་གསོལ་བཏབ་མཐུས། །བྱང་ཆུབ་སེམས་གཉིས་རྩོལ་མེད་རྒྱུད་ལ་སྐྱེས། །མཁའ་ཁྱབ་འགྲོ་བའི་འདྲེན་པ་མཆོག་གྱུར་ཤོག །སྐྱབས་འགྲོ་ནི། ན་མོ༔ སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ དུས་འདི་ནས་གཟུང་ཇི་སྲིད་བྱང་ཆེན་མ་ཐོབ་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་གཏིང་ནས་འཆའ་ལགས་སོ། །ལན་གསུམ། སེམས་བསྐྱེད་པ་ནི། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ་ལོ་བཞེས༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སོ་སོར་བཤགས༔ གསང་སྔགས་སྒྲུབ་པར་བྱེད་ལ་རྗེས་ཡི་རང༔ ཕྱི་ནང་ཐེག་པའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གཞན་སེམས་ཅན་ཀུན་གྱི་དགེ་བ་རྣམས༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་ཕྱིར་བསྔོ༔ སྔོན་འགྲོ་བགེགས་གཏོར་དགོས་པའི་སྐབས་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་པདྨོ་རྣམ་པར་སྣང་བའི་རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ཆོས་དབྱིངས་རྒྱས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ། ཞེས་རོལ་མོ་བྱ། བཤགས་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ གཉིས་པ་དངོས་གཞི་ལ་ཐོག་མར་དམ་ཚིག་གི་འཁོར་ལོ་གསལ་འདེབས་པ་ཕྱི་སྒྲུབ་ལྟར་ན། རང་གི་སེམས་ཉིད་དུས་གསུམ་གྱི་རྟོག་པ་དང་ཕྲལ་ནས༔ རྣམ་པར་མི་རྟོག་པའི་ངང་ལས༔ སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་རིག་པ་མ་འགགས་པའི་ངོ་བོ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་གྱི་མཐར་ཨོཾ་མ་ཎི་པདྨེ་ཧཱུྃ་དཀར་ལ་དམར་བའི་མདངས་ཅན་གྱིས་བསྐོར་བ༔ དེ་རྣམས་འོད་དམར་པོ་འཁྱིལ་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང༔ གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ༔ ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུར་གྱུར༔ ནང་གསང་གཉིས་ཀྱི་སྐབས་སོ་སོའི་མངོན་རྟོགས་གཏེར་གཞུང་ལྟར་སྦྱོར་ཚུལ་སྐབས་ཕྱེད་པར་བྱ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་འཕྲོས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་བསྐུལ་བས་ཡེ་ཤེས་པ་ནམ་མཁའ་གང་བ་སྤྱན་དྲངས་པར་གྱུར། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་དགོངས་འཕགས་པ་སྤྱན་རས་གཟིགས། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཕྱི་སྒྲུབ་སྐབས་དེ་ཙམ་ལ་སྔགས་མན་ཆད་སྦྱར་བས་འཐུས་ཤིང་སྤྱན་འདྲེན་འོག་མ་སྦྲེལ་ནའང་འགལ་བ་ནི་མེད། ནང་གསང་གཉིས་ལ་དེའི་ཚབ་ཏུ། ཧྲཱི༔ ལྷོ་ནུབ་ཨོ་རྒྱན་དུར་ཁྲོད་ནས༔ རིག་འཛིན་བྱེ་བ་འབུམ་གྱི་དབུས༔ སློབ་དཔོན་པདྨ་གཤེགས་སུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ གསུང་མཆོག་པདྨ་རིགས་ཀྱི་གཙོ༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ རི་བོ་ཏ་ལའི་རྩེ་མོ་ནས༔ འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ མཁའ་དབྱིངས་རྣམ་དག་དུར་ཁྲོད་ནས༔ དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ འགྱུར་བ་མེད་པའི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ དགོས་འདོད་འབྱུང་བའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ ཆགས་པ་བྲལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ ཕྲིན་ལས་སྒྲུབ་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ རོ་ལངས་འཁྲུགས་པའི་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ༔ ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར། བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྣ་ཚོགས་རིན་ཆེན་ཕོ་བྲང་འདིར༔ གདུགས་དང་བླ་རེ་བ་དན་བརྒྱན༔ ཉི་ཟླ་པདྨའི་གདན་ཁྲི་ལ༔ གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ལ༔ དགའ་སྤྲོ་མོས་ཤིང་དང་བས་ཕྱག་འཚལ་ན༔ ཐུགས་རྗེ་བརྩེ་བའི་ཚུལ་གྱིས་བཞེས་སུ་གསོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱི་མཆོད་ནི། ཧྲཱི༔ ཡན་ལག་བརྒྱད་ལྡན་ཡོན་ཆབ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ཁ་དོག་དབྱིབས་ལེགས་མེ་ཏོག་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ལྷན་སྐྱེས་སྦྱར་བའི་བདུག་སྤོས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ མ་རིག་མུན་སེལ་སྣང་གསལ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ སྤོས་དང་སྨན་སྦྱར་དྲི་ཆབ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ སིལ་སྙན་རོལ་མོ་སྣ་ཚོགས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ནང་མཆོད་ནི། ཧྲཱི༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཐབས་ཀྱི་ཤ་ཆེན་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཤེས་རབ་བདུད་རྩི་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཐབས་ཀྱི་ཕུང་པོ་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ དྲན་རྟོག་དབང་པོ་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ གསང་བའི་མཆོད་པ་ནི༔ ཧཱུྃ༔ ཐབས་ཀྱི་རང་བཞིན་ཡབ་རྣམས་ལ༔ ཤེས་རབ་ཡུམ་གྱི་མཆོད་པ་འབུལ༔ ཤེས་རབ་རང་བཞིན་ཡུམ་རྣམས་ལ༔ ཐབས་ཆེན་ཡབ་ཀྱི་མཆོད་པ་འབུལ༔ ཐབས་དང་ཤེས་རབ་ཡབ་ཡུམ་གཉིས༔ མཁའ་གསང་བྱིན་རླབས་རོལ་པ་ལས༔ བསྲུབ་དང་བསྐྱོད་པའི་སྦྱོར་བ་ཡིས༔ དགའ་བ་བཞི་དང་བདེ་བ་བརྒྱད༔ སྐད་ཅིག་བཞི་དང་ཡེ་ཤེས་ལྔ༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ གསང་བའི་མཆོད་པར་བཞེས་སུ་གསོལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧྲཱི༔ གཏི་མུག་ཆོས་དབྱིངས་མཆོད་པ་འདི༔ སངས་རྒྱས་རིགས་ཀྱིས་བཞེས་སུ་གསོལ༔ ཞེ་སྡང་ཡེ་ཤེས་མཆོད་པ་འདི༔ རྡོ་རྗེ་རིགས་ཀྱིས་བཞེས་སུ་གསོལ༔ ང་རྒྱལ་མཉམ་ཉིད་མཆོད་པ་འདི༔ རིན་ཆེན་རིགས་ཀྱིས་བཞེས་སུ་གསོལ༔ འདོད་ཆགས་བདེ་བའི་མཆོད་པ་འདི༔ པདྨ་རིགས་ཀྱིས་བཞེས་སུ་གསོལ༔ ཕྲག་དོག་ནན་ཏན་མཆོད་པ་འདི༔ ལས་ཀྱི་རིགས་ཀྱིས་བཞེས་སུ་གསོལ༔ འཁོར་བ་མྱང་འདས་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ བསྟོད་པ་ཕྱི་སྒྲུབ་ལྟར་ན། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ རྒྱན་མེད་གཅེར་བུ་མཛུམ་མདངས་ལྡན༔ འཁོར་བ་དོང་ནས་སྤྲུག་མཛད་པའི། །རང་བྱུང་ཐུགས་རྗེའི་དཔལ་ལ་བསྟོད། །ཅེས་པ་ཙམ་མམ། རྟགས་བསྟོད་སྤྲོ་ན། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ནི༔ སྤྲོས་བྲལ་ཆོས་སྐུར་སངས་པའི་རྟགས༔ རང་བྱུང་ཐུགས་རྗེ་ཆེན་པོ་ནི༔ མ་འགགས་ལོངས་སྤྱོད་རྫོགས་པའི་རྟགས༔ རྩོལ་མེད་འགྲོ་བ་འདུལ་བ་ནི༔ བྱིན་རླབས་སྤྲུལ་པའི་སྐུར་རྫོགས་རྟགས༔ ཐུགས་ཀར་ཡིག་བདུན་གསལ་བ་ནི༔ དོན་གྱི་སྙིང་པོ་གསལ་བའི་རྟགས༔ ཞལ་གཅིག་ཕྱག་གཉིས་སྐུ་དམར་བ༔ གཉིས་མེད་ཐུགས་རྗེས་དབང་བསྐུར་རྟགས༔ དབུ་གཙུག་མཐའ་ཡས་བཞུགས་པ་ནི༔ མཐའ་བྲལ་ཡོན་ཏན་རྒྱས་པའི་རྟགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན་པ་ནི༔ ཐབས་ཀྱིས་འགྲོ་བ་མ་ལུས་འདྲེན་པའི་རྟགས༔ ཕྱག་གཡོན་བདུད་རྩིའི་བུམ་པ་འཛིན་པ་ནི༔ ཤེས་རབ་བདུད་རྩིས་གཟུང་འཛིན་ནད་འཇོམས་རྟགས༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས་པ་ནི༔ གཉིས་མེད་སྦྱོར་བའི་བདེ་བ་རྒྱས་པའི་རྟགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི༔ བདེ་གསལ་མི་རྟོག་རྣམ་པར་བཞུགས་པའི་རྟགས༔ རྒྱན་མེད་གཅེར་བུ་གཟི་མདངས་ལྡན་པ་ནི༔ རང་རིག་དྲི་མེད་སྟོང་གསལ་མདངས་ལྡན་རྟགས༔ འཁོར་བ་དོང་སྤྲུགས་དྲི་མེད་མདངས་དང་ལྡན༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པའི་སྐུ༔ མཁའ་གསལ་འོད་ཀྱི་དཀྱིལ་འཁོར་རྟགས་ཆེན་བཅུ་གཉིས་རྫོགས༔ ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཁྱེད་ལ་ཕྱག་འཚལ་བསྟོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནང་གསང་གཉིས་ལ་སོ་སོའི་བསྟོད་པ་གཏེར་གཞུང་ལྟར་བྱ། ཐམས་ཅད་ལ་དོན་བསྟོད་འདི་ལྟར་བྱ་སྟེ། ཧྲཱི༔ སྣང་ཞིང་སྲིད་པའི་གཟུགས་རྣམས་ཀུན༔ ཐུགས་རྗེ་ཆེན་པོའི་སྐུ་རུ་གཅིག༔ སྣང་བ་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྟོང་ཞིང་གྲགས་པའི་སྒྲ་རྣམས་ཀུན༔ ཐུགས་རྗེ་ཆེན་པོའི་གསུང་དུ་གཅིག༔ སྒྲ་གྲགས་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འགྱུ་ཞིང་དྲན་པའི་རྟོག་ཚོགས་ཀུན༔ ཐུགས་རྗེ་ཆེན་པོའི་ཐུགས་སུ་གཅིག༔ དྲན་རྟོག་ཐུགས་ལ་ཕྱག་འཚལ་བསྟོད༔ དེ་དག་གིས་ལུས་ལྷའི་འཁོར་ལོ་སྒོམ་པ་རྫོགས་བྱེད་ཀྱི་ཡན་ལག་བཅས་སོང་། དེ་ནས་ངག་སྔགས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་དང་བཟླས་པ་སྒྲུབ་ཚུལ་གསུམ་པོ་སྐབས་བསྟུན་སྦྱོར་དགོས་པ་ལས། འདིར་ཕྱི་སྒྲུབ་ལྟར་ན། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་མཐར༔ ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར་བར་གྱུར༔ ཐུགས་ཀའི་ཡི་གེ་བདུན་པ་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས༔ ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ སྣོད་ཐམས་ཅད་གཞལ་ཡས་ཁང་དང༔ བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན༔ ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོག་པར་གྱུར༔ ཅེས་པའི་ཏིང་འཛིན་གསལ་བཏབ་ལ་ཡིག་བདུན་ཆུ་བོའི་རྒྱུན་བཞིན་དུ་བཟླ་འོ། །གསུམ་པ་རྗེས་གཏོར་མ་འབུལ་བའང་ཕྱི་ནང་གསང་བ་སོ་སོ་གཞུང་ལྟར་བྱ་དགོས་པ་ལས་འདིར་ཕྱི་སྒྲུབ་ལྟར་ན། རིན་པོ་ཆེའི་སྣོད་དུ་ཟས་སྣ་ཞིམ་དགུ་མངར་བཅུ་གཙང་མ་བཤམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་གསུམ་གྱིས་གཏོར་མའི་དངོས་འཛིན་ཐམས་ཅད་སྦྱངས༔ ཡང་ཡིག་བདུན་ལན་གསུམ་གྱིས༔ སྣོད་བཅུད་འཇིག་རྟེན་དང་མཉམ་པར་སྤེལ༔ ཡང་ཡིག་བདུན་ལན་བདུན་གྱིས་ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མདུན་དུ་བཀུག༔ ཧྲཱི༔ སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ ཀུན་གྱིས་གཏོར་མ་གསོལ་བར་བསམས་ལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། འགྲོ་བ་རྣམས་ཀྱི་དབང་པོ་ལྔའི་སྒོ་རུ་འདོད་ཡོན་ལྔའི་མཆོད་པས་ཚིམས་པར་གྱུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ༔ བདག་མཆོད་ཀུན་མཉེས་དངོས་གྲུབ་ཡ་མཚན་ཆེན་པོར་གྱུར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཁྱབ་པར་གཏོར་མས་ཚིམས་ཏེ༔ བདག་མེད་སྤྲོས་བྲལ་ཀུན་ཁྱབ་མ་བཅོས་རང་མདངས་སུ་ས་ལེ་བཞག་པས༔ སྒོ་གསུམ་གཏོར་མ་ཆོས་ཀྱི་དབྱིངས་སུ་ཐེངས་པར་གྱུར་ཅིག༔ ཕྱི་སྒྲུབ་ལ་འདི་མཚམས་རྗེས་ཀྱི་མཆོད་བསྟོད་སོགས་ལ་འཇུག་པས་ཆོག་ཅིང་། ཚོགས་བྱས་ཀྱང་འགལ་བ་མེད་ཅིང་ནང་གསང་ལ་ངེས་པར་དགོས་པས་བ་ལ་མ་ད་ན་མཱཾ་ས་གཙོ་བོར་གྱུར་པའི་ཚོགས་རྫས་ཅི་འབྱོར་པ་འདུ་བྱས་ལ། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར། ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རོལ་པ་འདོད་ཡོན་གྱི་སྤྲིན་ཕུང་མཐའ་ཡས་པ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཚོགས་མགྲོན་དྲང་ཞིང་མཆོད་པ་ནི། ཧྲཱི༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ བརྒྱུད་པའི་བླ་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ སྣང་བ་མཐའ་ཡས་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ ཐུགས་རྗེ་ཆེན་པོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ གསང་བ་ཡེ་ཤེས་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ འཇིག་རྟེན་མཁའ་འགྲོ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོག་ཅིང༔ མཁའ་ལ་སྤྲིན་ལྟར་གཏིབ་པ་དེ༔ ཆོས་སྐྱོང་སྲུང་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བྱེ་བྲག་ཏུ་དང་པོས་མཆོད་པ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ལྡན་ལྷ་ཚོགས་རྣམས༔ གཙོ་འཁོར་བྲན་དང་བཅས་པ་ཡིས༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ ཞེས་དང་། སྙིང་པོའི་མཐར། ག་ཎ་ཙཀྲ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ། བར་པས་བཤགས་པ་ནི། ཧྲཱི༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ འབྱོར་ཚོགས་ཆུང་བས་སྐུ་མ་བསྐང༔ བསྙེན་སྒྲུབ་ཡུན་ཐུང་རྟགས་མ་ཐོན༔ རྟོགས་པའི་རྩལ་ཆུང་ཐུགས་མ་རྟོགས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཧོ༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཚོགས་ཐ་མ་ལ་རྟེན་བྱས་ཏེ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧྲཱིཿཧཱུྃ༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ རི་རབ་ཕུར་པ་དགྲ་ལ་གཟིར༔ གདུག་པའི་ཚོགས་བསྒྲལ་ཞལ་དུ་སྟོབ༔ ཧ་ཧ་ཁཱ་ཧི་ཁཱ་ཧི༔ ཧྲཱིཿཔདྨཱནྟ་ཀྲྀཏ་དགྲ་བགེགས་མཱ་ར་ཡ་ཛཿརྦད༔ དེ་ནས་བརྡའི་འབུལ་ལེན་བཅས་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་རྣམས། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཧྲཱི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོ། དེ་ནས་ཕྱི་ནང་གསང་སྒྲུབ་གང་ཡིན་གྱི་བསྟོད་པས་བསྟོད་ཅིང་། བསྐུལ་བ་ནི། ཧྲཱི༔ མ་བཅོས་ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས༔ རང་བྱུང་ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་རྣམས༔ མ་འགགས་འགྲོ་བ་འདུལ་བར་ཐུགས་དམ་སྐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཆད་མདོའི་གཏོར་སྐྱོང་ནི། ཧྲཱི༔ དཔལ་གྱི་གཏོར་ལེན་དམ་ཚིག་ཅན༔ མཁའ་འགྲོ་ཤུགས་འགྲོ་མ་མོའི་ཚོགས༔ དང་པོར་ཞལ་བཞེས་དམ་མ་འདའ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མི་མཐུན་རྐྱེན་རྣམས་ཟློག་ཏུ་གསོལ༔ བཛྲ་པྲ་མོ་ཧ་ཟློག་བྷྱོ༔ བརྟན་མ་ནི། ཧྲཱིཿཧཱུྃ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་སྲུངས་རྐྱེན་ཟློགས་ཤིག༔ ཅེས་འབུལ། དེ་ནས་སྔགས་ཙམ་གྱིས་མཆོད། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཚོགས་མགྲོན་བརྟན་བཞུགས་སྤྱི་མཐུན་བྱ། དེ་ནས་དྲན་རྟོག་ཐུགས་ཀྱི་འཁོར་ལོ་ནི། རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུ་ཡང་མི་དམིགས་པར་གྱུར༔ ཅེས་མཉམ་པར་གཞག །དེའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར༔ ཅེས་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། བསྔོ་སྨོན་ནི། ཅི་བྱས་དགེ་བའི་རྩ་བ་འདིས༔ འགྲོ་དྲུག་བདེ་བ་ཐོབ་པར་ཤོག༔ འགྲོ་རྣམས་བདེ་ཆེན་སར་གནས་ཤོག༔ འཁོར་བ་དོང་ནས་སྤྲུག་པར་ཤོག༔ ཤིས་བརྗོད་སྤྱི་མཐུན་ཅི་རིགས་པ་བརྗོད་པས་གྲུབ་བོ། །འདིར་འབྲེལ་དགེ་བས་མཁའ་ཁྱབ་ཀྱི། །འགྲོ་བའི་ལས་ཉོན་སྒྲིབ་བསལ་ཏེ། །ཐུགས་རྗེ་ཆེན་པོའི་གོ་འཕང་ལ། །བདག་ཉིད་ཁོ་ནས་སྦྱོར་ནུས་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་དང་ཉེར་མཁོའི་ཆ་རྐྱེན་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་གིས་མཚན་པའི་རི་བོ་གླང་ཆེན་འགྱིང་འདྲའི་མགུལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་ (Volume 10, Text 21)

༁ྃ༔ ༔བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ རྒྱུན་གྱི་རྣལ་འབྱོར་བཀོལ་བྱང་བཞུགས་སོ༔ སྤྲོས་མེད་དོན་གྱི་རྣལ་འབྱོར་པས༔ རྒྱུན་གྱི་རྣལ་འབྱོར་སྙིང་པོ་ནི༔ དབེན་པར་བསམ་གཏན་སྣོད་རུང་བའི༔ ཡན་ལག་ཐམས་ཅད་ཚོགས་པར་བྱ༔ དེ་ནས་རྩེ་གཅིག་ཏིང་འཛིན་གྱིས༔ ལྷ་སྔགས་ཡེ་ཤེས་དོན་ལ་འཇུག༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཡེ་ཤེས་ཀུན་ཏུ་སྣང༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿལས་འོད་འཕྲོས་པས༔ སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང༔ ངོ་མཚར་བཀོད་པ་བསམ་ཡས་དཀྱིལ་འཁོར་དབུས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་བདག་ཉིད་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་དཀར་དམར་ཞི་ཁྲོའི་ཉམས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་མཁའ་ལ་འཕྱར༔ གཡོན་པས་མཉམ་གཞག་བདེ་སྐྱོང་ཚེ་བུམ་བསྣམས༔ གསང་ཡུམ་སྦས་ཚུལ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ པད་ཞྭ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཞབས་གཉིས་རོལ་སྟབས་འཇའ་ཟེར་ཀློང་ན་འགྱིང༔ སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དང༔ རིགས་ཀྱི་བདག་པོ་ཚེ་དཔག་མེད་མགོན་བཞུགས༔ སྟེང་འོག་ཕྱོགས་མཚམས་རྣམ་འཕྲུལ་བཅུ་གཉིས་དང༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས༔ དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྲུབ་པའི༔ རིགས་བདག་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་ཞིའི་ཚེ་བཅུད་ཀུན་འདུས་རང་ལ་ཐིམ༔ འཕགས་མཆོག་འགྲོ་འདུལ་ཐུགས་རྗེའི་ཆོ་འཕྲུལ་གྱིས༔ རིགས་དྲུག་འགྲོ་བའི་སྡུག་བསྔལ་རྒྱུ་བཅས་སྦྱངས༔ རང་ཉིད་རིགས་འདུས་བླ་མའི་ཐུགས་ཀ་རུ༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས༔ ཕྱི་སྣོད་དག་པ་རབ་འབྱམས་འོག་མིན་ཞིང༔ ནང་བཅུད་སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་ལྷ༔ སྒྲར་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ ཐུན་མོང་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་ངང༔ འཆི་མེད་སྐུ་གསུམ་གོ་འཕང་ཐོབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབྲུ་གསུམ་སྐུ་གསུམ་དབྱེར་མེད་ལ༔ བཛྲ་གུ་རུ་རིགས་ཀྱི་གཙོ༔ པདྨ་དཀྱིལ་འཁོར་འཁོར་ལོར་སྣང༔ སིདྡྷི་ཧཱུྃ་ཞེས་དངོས་གྲུབ་བསྐུལ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ རྡོ་རྗེའི་སྔགས་འདིས་ལས་ཀུན་བྱེད༔ ཐུན་མཐར་རིགས་འདུས་བླ་མ་ལ༔ གསོལ་བ་གདབ་ཅིང་ཐུགས་ཡིད་བསྲེ༔ དགེ་ཚོགས་བསྔོ་སྨོན་རྒྱ་ཡིས་གདབ༔ ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ གོང་གི་སྐྱབས་སེམས་དང་བསྔོ་སྨོན་ཤིས་བརྗོད་འདི་དག་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ནས་ཁ་བསྐང་བའོ། །མཆན། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ དུས་ཀུན་རྩ་བའི་བླ་མ་དང༔ བདག་ཉིད་ཆེན་པོ་པདྨ་ལ༔ དབྱེར་མེད་གསོལ་འདེབས་མོས་གུས་ཀྱིས༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ཡང་དག་པའོ།། །།

འཆི་མེད་འཕགས་མ་སྙིང་ཏིག་གི་ཚོགས་བསྡུས་ (Volume 36, Text 21)

ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། འཆི་མེད་འཕགས་མའི་སྙིང་ཐིག་གི་སྒོ་ནས་ཚོགས་མཆོད་ཁྲི་འབུམ་ལྟ་བུ་ཕུལ་བའི་ཚེ། སྣོད་གཅིག་ཏུ་ཚོགས་གཏོར་གཅིག་དང་རིལ་བུ་བརྒྱ། ཚོགས་རྫས་ཅི་འབྱོར་བཞག །དེ་འདྲ་ཚོ་བཅུ་ལ་སྟོང་ཕྲག་གཅིག་ཏུ་འོང་བས་གྲངས་མང་པོ་ལ་དེས་མཚོན། ཚོགས་ཆང་བདུད་རྩི་བཅས་བཀོད་པའི་སྣོད་གཅིག་ལ། ཆུ་ཆང་ནང་གསུམ་བྲན་ཏེ། ཕྲིན་ལས་གཞུང་གི་ཚོགས་རྒྱས་པ་ཚར་གཅིག་བཏང་། བར་པ་བདུད་རྩིར་བྱིན་རླབས་སྐབས་འདིར་མི་དགོས་པས་བཞག་ལ་ལྷག་མ་སྨོན་ལམ་ཡན་བཏང། དེ་ནས་སླར་ཡང་བདུད་རྩི་བྲན་ཏེ། རཾ་ཡཾ་ཁཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧ་ཧོཿཧྲཱི༔ ཞེས་བྱིན་གྱིས་བརླབ། ཧྲཱི༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ རྗེ་བཙུན་འཁོར་བ་སྒྲོལ་མཛད་ཡུམ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་ས་མ་ཡ་ཛཿཛ༔ ཞེས་པས་སྤྱན་དྲང་། ཨོཾ་ཨཱཿཧཱུྃ་ཧོ༔ རང་བྱུང་བྷཉྫ་སྣང་བ་སྣོད༔ རྩ་འཁོར་དབྱིངས་ཀྱི་ཀ་པཱ་ལར༔ བཟའ་བཏུང་སྲིད་བཅུད་བྱང་ཆུབ་སེམས༔ རིག་པ་རང་གསལ་ཚོགས་གཏོར་བཤམས༔ ཕྱི་ནང་གསང་བ་བླ་མེད་པའི༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་ཚེ་དབང་སྩོལ༔ ས་མ་ཡ་པཉྩ་ཀཱ་མ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་མཆོད་བཤགས་བསྒྲལ་བ་ཕྱོགས་འཐུས་སུ་འབུལ། ཧྲཱིཿཕཻཾ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཚོགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བར་ཆད་ཀུན་སོལ་ཚེ་དཔལ་སྐྱེད༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ལྷག་མ་བསྔོ། སྤྲོ་ན། བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས༔ ཚོགས་ཀྱི་མཆོད་པ་བླ་ན་མེད༔ དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས༔ འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་སྨོན་ལམ་ཡང་གདབ། དེ་ལྟར་ཚར་དགུ་བྱས། སླར་རྒྱས་པ་ཚར་གཅིག་དང། བསྡུས་པ་དགུ་རེ་སྟེ། རྒྱས་བསྡུས་སྤེལ་བས་བརྒྱ་རྩ་གཅིག་གྲུབ་ནས། མཆོད་བཤགས་བསྒྲལ་བ་ཡན་སོང་བ་དང་། རྒྱས་པ་ལྟར་བར་བ་བདུད་རྩིར་བྱིན་རླབས་ཀྱི་སྔགས་བཟླ་ཞིང་རོལ་ལ། ལྷག་ཆོག་རྒྱས་པར་བྱ་ཞིང་སྨོན་ལམ་གདབ་བོ། །འདིའང་གཏེར་ཆེན་བླ་མ་ཉིད་ཀྱི་སྤྱན་སྔར་བཀའ་ལུང་གི་རྗེས་གནང་ཇི་བཞིན་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།

རིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ (Volume 60, Text 21)

༄༅། །རིན་ཆེན་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ། ། རབ་འབྱམས་ཞིང་ཀུན་ཆོས་འཁོར་རྒྱ་མཚོ་རྟག་གནས་པའི། །རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་གཅིག་ཉིད་དུ། །ལྗོངས་འདིར་རྡོ་རྗེ་སློབ་དཔོན་མཆོག་གི་གར་རོལ་པ། །གངས་ཅན་མགོན་པོ་མཚོ་སྐྱེས་བླ་མས་འགྲོ་འདི་སྲུངས། ༡ །གསུང་གི་རྡོ་རྗེ་རྒྱལ་བ་གཉིས་པ་དེས། །འཕགས་བོད་འཛམ་གླིང་ཀུན་ཏུ་ཆོས་ཀྱི་སྒོ། །དུས་གསུམ་རྒྱུན་དུ་བསྟན་པས་སྐྱེ་རྒུ་ཀུན། །གདོད་མའི་གྲུབ་མཐའ་ཆེན་པོར་དབུགས་དབྱིན་མཛད། ༢ ཁྱད་པར་གདོང་དམར་མུན་པའི་གླིང་ཆེན་འདིར། །རིགས་གསུམ་རྣམ་འཕྲུལ་ཆོས་རྒྱལ་ཆེན་པོ་ཡི། །ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་མདུན་བསུས་པས། །དམ་ཆོས་ཁྲི་གདུགས་ཁོར་ཡུག་བར་དུ་བརྡལ། ༣ །སྤྲུལ་པའི་ལོ་པན་བརྒྱ་རྩའི་གཙོར་གྱུར་པ། །མཁན་ཆེན་ཞི་འཚོ་པན་ཆེན་བི་མ་ལ། ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པ་ཡི། །བཀའ་དྲིན་སྲིད་པའི་མཐར་ཡང་རྫོགས་མ་གྱུར། ༤ །དེ་ཚེ་མདོ་སྔགས་སྤྱི་དང་ཁྱད་པར་དུ། །འོད་གསལ་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི། །བསྟན་པ་འཕགས་ཡུལ་ལས་ཀྱང་གསལ་ལོ་ཞེས། །མཉམ་མེད་ཨ་ཏི་ཤ་སོགས་བསྔགས་པར་མཛད། ༥ །མདོ་སྒྱུ་སེམས་ཕྱོགས་སྒྲུབ་ཆེན་སྡེ་དྲུག་སོགས། །རྨ་གཉགས་གནུབས་སོ་ཟུར་གྱི་སྐྱེས་མཆོག་ལས། །སྨིན་གྲོལ་མཁའ་མཐར་བརྡལ་བའི་བསྟན་པའི་གཞུག །འགྱུར་མེད་རྡོ་རྗེའི་རྩལ་འཆང་དེ་ཡིས་བསྐྱངས། ༦ །དེ་དུས་སྤེལ་བའི་སྐབས་སུ་མ་བབས་ཤིང་། །མ་འོངས་སྐལ་ལྡན་དོན་དུ་དགོངས་པ་ཡི། །པདྨའི་ཐུགས་ཀྱི་གཅེས་མཛོད་མཐར་ཐུག་རྣམས། །ཕྱོགས་བཞི་དབུས་ལྔའི་གཏེར་ཁར་ཕྱག་རྒྱས་བཏབ། ༧ །དུས་ལ་བབས་ཚེ་པདྨའི་ཞལ་སློབ་ཀྱི། །རྣམ་པར་འཕྲུལ་པ་ལ་ལས་གཏེར་འབྱིན་ཅིང་། །ལ་ལས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བརྩོན། །ཀུན་ཀྱང་བསྟན་འགྲོ་སྐྱོབ་པའི་དཔལ་མགོན་ཉིད། ༨ །སྔོན་ཆད་གཏེར་ཆེན་གཏེར་ཕྲན་དུ་མ་བྱོན། །ད་དུང་བྱམས་མགོན་བསྟན་པ་མ་ཤར་བར། །ཡུལ་ཆེན་གཏེར་ཆེན་ཡུལ་ཕྲན་གཏེར་ཕྲན་རེས། །གསང་སྔགས་སྟོན་ཅེས་ལུང་མང་རྣམས་སུ་འབྱུང་། ༩ །འོན་ཀྱང་བོད་འགྲོ་གསར་ངས་ཆེ་བ་དང་། །རྟེན་འབྱུང་དབང་གིས་གསར་ཆོས་བརྡོལ་ཙམ་ནས། ཁུངས་བཙུན་བྱིན་རླབས་གཟི་ལྡན་གཏེར་རྙིང་སོགས། །ཕལ་ཆེར་ཞི་བའི་དབྱིངས་སུ་མནལ་བར་གྱུར། ༡༠ །སྐྱེས་མཆོག་རིག་འཛིན་རྩལ་འཆང་དེ་རྣམས་ཀྱི། །མཚན་ཙམ་ཐོས་ཀྱང་འཁོར་བ་དོང་སྤྲུགས་ན། །གཏེར་ཆོས་རེ་རེའི་སྨིན་གྲོལ་རྒྱུན་གནས་ཀྱང་། །བསྟན་འགྲོར་ཕན་བདེ་སྐྱེད་པ་སྨྲོས་ཅི་དགོས། ༡༡ །དེང་སང་དུས་ཀྱིས་ཕལ་ཆེར་སྡིག་ལ་བརྩོན་འགྲུས་སྤྱོད། །གལ་ཆུང་ཆོས་ལ་བྱེད་ཅིང་འདུན་མ་ཚེ་འདི་གཉེར། །བླུན་རྣམས་སྐྱོ་མ་སྔས་བཙན་ཕ་ཕོར་གཙང་ལ་ཞེན། །ཟབ་ཆོས་བཤད་སྒྲུབ་ཀ་དག་ཟད་སར་འཁྱོལ་ལ་ཉེ། ༡༢ །འདི་འདྲའི་དུས་སུ་བསྟན་ལ་སེམས་ཁྲལ་དང་། །དམ་ཆོས་འཛིན་ལ་སྐྱོ་བ་མི་མངའ་ཞིང་། །ལོག་སྒྲུབ་བཟོད་པའི་གོ་ཆ་གྱོན་པ་གང་། །རྒྱལ་བའི་སྲས་སུ་རྒྱལ་བས་ལུང་བསྟན་ཏོ། ༡༣ །ཟབ་པའི་གསང་མཛོད་མཐའ་དག་བསྡུ་བ་ནི། །རྡོ་རྗེ་ཆོས་སོགས་ས་བཅུའི་དབང་ཕྱུག་གི །སྤྱོད་ཡུལ་ཡིན་མོད་ནུས་པ་དང་འཚམ་པར། །གསང་བ་འཛིན་པའི་གསང་ཆེན་བསྟན་པའི་བཙས། ༡༤ །དེ་ཕྱིར་རྡོར་འབུམ་ཆོས་ཀྱི་གྲགས་པ་ནས། །མཆོག་གྱུར་བདེ་ཆེན་གླིང་པའི་བར་བྱོན་པའི། །མཆོག་ཆེན་རྣམ་གསུམ་གླིང་པ་ཉི་ཤུ་དང་། །དྲི་མེད་སྡེ་ལྔ་ནུས་ལྡན་ཉི་ཤུ་གཅིག ༡༥ །གཙོར་གྱུར་གསར་རྙིང་ཀུན་ལ་ཚད་ཐུབ་ཏུ། །གྲགས་པའི་གཏེར་ཆོས་རྣམས་ཀྱི་སྨིན་གྲོལ་དང་། །གདམས་ངག་ཉེར་མཁོའི་ཡིག་སྣ་ཚང་བ་བཅས། །རིན་ཆེན་རིགས་འདུས་གཏེར་གྱི་མཛོད་འདི་གྲུབ། ༡༦ །ཨོ་རྒྱན་ཆེས་བསྟན་ཟབ་མོའི་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཀུན་གྱིས་བཀུར་སྟི་ཕུ་དུད་བྱ་བའི་ཡུལ། །ང་སྤྲུལ་ཡིན་ཅེས་ཚད་མའི་ལུང་ལས་འབྱུང་། ༡༧ །པདྨའི་ཆོས་ལ་མོས་ཀུན་གུ་རུ་ཡི། །ཞལ་མཇལ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན། །འབྲེལ་ཚད་དོན་ལྡན་ཡིན་ཅེས་ཡེ་ཤེས་ཀྱི། །མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཞལ་ནས་གདམས། ༡༨ ཁྱད་པར་གསང་མཛོད་འདི་བསྐྲུན་རིག་པ་འཛིན། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པ། །པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། ༡༩ །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ཀྱིས། །སྡོམ་པ་གསུམ་ལྡན་མཚན་གྱིས་དབང་བསྐུར་ཏེ། །འགྱུར་མེད་རྡོ་རྗེའི་རྣམ་རོལ་ཞལ་གྱིས་བཞེས། །སྐྱེས་ཆེན་མཆོག་གཟིགས་གཞན་ཡང་དགོངས་པ་མཐུན། ༢༠ །དེ་མཚུངས་ཤེལ་ཕུག་གསང་བའི་ལུང་བྱང་ལས། །ཕན་ཚུན་གབ་སྤྲད་བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོ་སྤྲོད༔ ཞེས་སོགས་གཏེར་གསར་ཤོག་སེར་ཕལ་མོ་ཆེར། ༢༡ །བཻ་རོའི་རྣམ་འཕྲུལ་འཆད་རྩོམ་བཀའ་བབས་པར། །ལུང་བསྟན་གཏེར་ཆེན་རྗེ་ཡིས་བླ་མར་བཀུར། །ཟབ་ཆོས་ཆོག་བསྒྲིག་དབང་བར་རྗེས་སུ་གནང་། ཁོ་བོས་ཀྱང་ནི་དེ་མཚུངས་གཟེངས་བསྟོད་བྱས། ༢༢ །ཐུན་མོང་རྣམས་ཀྱི་མཐུན་སྣང་གྲུབ་པར་ཡང་། །བསྟན་བཅོས་རྩོམ་ལ་དབང་བའི་མཚན་ཉིད་ཚང་། །ལྷག་པར་དད་ལྡན་རེ་མདུན་པད་འབྱུང་རེ། །དངོས་སུ་བཞུགས་ཞེས་ལུང་ཉིད་མི་བསླུ་བས། ༢༣ །རྩོད་བྲལ་དུས་བབས་སྤྲུལ་པའི་གཏེར་སྟོན་ཆེ། །མཆོག་གྱུར་བདེ་ཆེན་གླིང་པ་གམ་ཉིད་དུ། །བྱོན་ནས་གང་གིས་སྔར་ཕན་མ་སྙེད་པའི། །གཏེར་རྙིང་མང་པོའི་ཉེ་བརྒྱུད་ཐོས་པ་དང་། ༢༤ །སྔོན་ཆད་གཏེར་ཁ་ཀུན་ལ་མ་གྲགས་པའི། །མདོ་སྒྱུ་སེམས་ཀློང་རྒྱུད་སྡེའི་སྐོར་ལ་སོགས། །སོ་ཟུར་གནུབས་རྣམས་སླར་ཡང་བྱོན་འདྲ་བའི། །ངོ་མཚར་གཞུང་གདམས་མང་པོའི་མཛོད་སྒོ་འབྱེད། ༢༥ །གཏེར་ཆེན་གང་གིས་ཚོགས་མཆོད་རྒྱ་ཆེར་བཅས། །ཨོ་རྒྱན་དངོས་ལ་གནང་བ་ཞུས་པར་ཡང་། །ལས་འཕྲོ་སྐལ་ལྡན་སྨོན་ལམ་ཤུགས་ཡིན་པས། །ཅི་འདོད་བསྡུ་བར་རུང་བའི་བཀའ་ལུང་ཐོབ། ༢༦ །དེ་ཕྱིར་དབང་རབ་སྐལ་ལྡན་རྣམས་ཀྱི་ངོར། །རིན་ཆེན་གཏེར་མཛོད་འདི་རུ་གང་བཞུགས་པ། །ཨོ་རྒྱན་དངོས་ལ་ཉེ་བརྒྱུད་འདེད་རུང་བས། །བརྒྱུད་ཚུལ་སོགས་ཀྱི་བརྟག་དཔྱད་མ་དགོས་མོད། ༢༧ །སྣང་ཚུལ་དུ་ཡང་བརྒྱུད་པ་ཡོད་ངེས་ཤིང་། །དམ་སེལ་བསླད་མེད་ཁུངས་བཙུན་ལེགས་བསྡུས་པ། །འདི་ནི་རྫོགས་ཆེན་བསྟན་པའི་བཙས་གསུམ་བཞིན། །ཟབ་གཏེར་བསྟན་པའི་བཙས་སུ་ཤེས་པར་གྱིས། ༢༨ །དེ་ཕྱིར་ཨོ་རྒྱན་རྗེས་འཇུག་སྐལ་བཟང་རྣམས། །འདི་ཉིད་འབྲི་དང་འཆད་ཉན་སྒོམ་སྒྲུབ་སོགས། །བློ་ནུས་འཚམ་པར་འཛིན་སྐྱོང་བྱེད་པ་ལ། །ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་དགྱེས་པར་ངེས། ༢༩ །དུས་མཐར་བསྟན་ལ་ཕན་པའི་གཞུང་ལུགས་དང་། །ལེགས་བཤད་འབྱུང་ཀུན་སངས་རྒྱས་མཐུ་ཡིན་ཕྱིར། །ངོ་མཚར་གཏེར་མཛོད་འདི་ཡང་བསྐལ་པ་བརྒྱར། །འཚོ་གཞེས་འཇིག་རྟེན་ཀུན་ཏུ་དར་རྒྱས་ཤོག ༣༠ །འདི་མཛད་པོ་ཡང་སྐུ་ཚེ་རྡོ་རྗེར་བརྟན། །ཆོས་མཐུན་མཛད་པའི་ཚོགས་ཀུན་མཐའ་རུ་ཕྱིན། །འོད་གསལ་རྡོ་རྗེ་ཐེག་ལ་དབང་སྒྱུར་བའི། །འགྱུར་མེད་རིག་འཛིན་རྩལ་འཆང་ཉིད་གྱུར་ཅིག ༣༡ །ཟབ་ཆོས་འདི་ལ་སྣ་གཅིག་འབྲེལ་རྣམས་ཀྱང་། །ཚེ་དབང་འཆི་མེད་པདྨས་རྗེས་བཟུང་སྟེ། །གནས་སྐབས་ཚེ་བསོད་ཉམས་རྟོགས་དཔལ་གྱིས་འབྱོར། །བདེ་ཆེན་ཞིང་སྐྱེས་རིགས་ཀྱི་བདག་པོ་མཇལ། ༣༢ །མཐར་ཐུག་གློ་བུར་འཁྲུལ་པ་བཙན་ཐབས་སུ། །སད་ནས་གདོད་མའི་གྲོལ་ས་ཆེན་པོ་རུ། །ནང་གསལ་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ། །ནམ་མཁའ་ཇི་སྲིད་གཞན་དོན་ལྷུན་གྲུབ་ཤོག ༣༣ །ཅེས་པའང་རིན་པོ་ཆེ་གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཞེས་བྱ་བ་འདི་ནི། དཔལ་རྒྱལ་དབང་ཀརྨ་པའི་སྐྱེས་རབས་ཀྱི་ཕྲེང་བ་བཅུ་བཞི་པའི་མཚན་འཛིན་ཐེག་པ་མཆོག་གི་རྡོ་རྗེས། མདོ་ཁམས་ཀརྨ་དགོན་གྱི་ཆོས་གྲྭ་ཆེན་པོར་ལྕོགས་པར་བྲིས་པ་དགེ་ལེགས་ཀྱིས་ས་ཆེན་ཁྱབ་པར་གྱུར་ཅིག། །། ༄༅། །ཨོཾ་སྭསྟི་སརྦ་སིདྡྷི། འོད་དཔག་མེད་མགོན་གང་འདུལ་རོལ་རྩེད་ལས། །རྡོ་རྗེ་སློབ་དཔོན་གར་དུ་སྐུར་བསྟན་པ། །གངས་ཅན་སྟོན་པ་པདྨ་ཀཱ་ར་རྗེ། །ཡབ་ཡུམ་སྤྲུལ་པར་བཅས་ལ་གུས་ཕྱག་འཚལ། །ཟབ་གསང་ཐེག་པའི་ཀླུང་ཆེན་བདུད་རྩིའི་དཔལ། །གངས་ལྗོངས་བསྟན་འགྲོའི་གསོས་སུ་མགོན་དེ་ཡི། །རྨད་བྱུང་མཁྱེན་བརྩེའི་མ་དྲོས་ལས་འོངས་པ། །དབྱིངས་ཀྱི་མཁའ་འགྲོའི་ཕྱག་རྒྱའི་ཡོལ་གོར་གཏམས། །འགྲོ་འདུལ་དུས་བབས་སྤྲུལ་པའི་སྐྱེས་མཆོག་རྣམས། །སྨོན་ལམ་སྟོབས་ཀྱི་ཁོ་ལག་རྫོགས་པ་ལས། །ངོ་མཚར་སྒྱུ་འཕྲུལ་རོལ་པས་མངོན་སུམ་དུ། །སྣང་མཛད་ཚད་མ་ཚར་དུ་དངར་བྱོན་པའི། །ཟབ་གཏེར་ཚད་མ་མཆིས་སོ་ཅོག་ཀུན་གྱི། །རིན་ཆེན་དབྱིག་གི་མཆོག་རྣམས་གཅིག་བསྡུས་པ། །སྔ་འགྱུར་པདྨའི་རིང་ལུགས་སྐྱོང་རྣམས་ཀྱི། །དགོས་འདོད་འཇོ་བའི་གཏེར་མཛོད་ཆེན་པོར་བསྐྲུན། །པདྨའི་མཆོག་བསྟན་རྒྱས་པའི་གྲིབ་བསིལ་དུ། །འགྲོ་མང་ངལ་འཚོ་སྟེར་ལ་མཐུ་ཐོབ་པ། །འཇམ་མགོན་མཆེད་ཞལ་མཆོག་གྱུར་གླིང་པ་སྟེ། །གང་དག་ཕྲིན་ལས་འདི་ལ་སུ་མི་རངས། །གསང་བ་ལས་ཀྱང་གསང་བ་ཟབ་མོའི་ཆོས། །ཡོ་ག་རྣམ་གསུམ་དགོངས་པའི་ཆུ་ཀླུང་ཀུན། །ཆོས་མཛོད་རྒྱ་མཚོ་འདིར་འདུས་འདིར་ཚང་བ། །སྔ་འགྱུར་སྐྱེས་མཆོག་ཀུན་མཐུ་བཟླུམས་པ་བཞིན། །པདྨའི་ཞལ་སྐྱིན་ཟབ་ཆོས་ནོར་བུའི་མཛོད། །འདི་ལ་སྔ་འགྱུར་སྐྱེས་བུ་ཀུན་ཞུགས་ཏེ། །ཟབ་གསང་བསྟན་པའི་ནོར་གྱིས་ཕོངས་མེད་དུ། །ཕྱོགས་མཐས་གཏུགས་པའི་འགྲོ་ལ་བརྡལ་གྱུར་ཅིག །འདི་ལ་རང་བློའི་སྐྱོན་གྱིས་བསླད་པ་ཡིས། །མི་གུས་བློ་གྲོས་དྲི་མ་དང་བཅས་པ། །སྨུག་ནག་ཁྲོས་མས་དོན་སྙིང་ལོས་ཀྱང་ལེན། །དེ་ཕྱིར་རྩོད་མེད་ས་གསུམ་ཀུན་ཁྱབ་ཤོག །གངས་ཅན་བསྟན་དང་འགྲོ་ལ་རྣམ་འཚེ་བའི། །ནག་ཕྱོགས་ཀླ་ཀློའི་འཚུབས་འགྱུར་གྱིས་མཚོན་པའི། །མི་མཐུན་འགལ་རྐྱེན་མུན་པའི་ཕྲེང་བ་ཡང་། །ལེགས་བྱས་ཉི་མའི་མཐུ་འདིས་འཇོམས་གྱུར་ཅིག །ཨོ་རྒྱན་དངོས་བྱོན་སྤྲུལ་པའི་སྐྱེས་བུ་མཆོག །འཇམ་མགོན་བླ་མ་རྣམ་གཉིས་ཀྱིས་མཚོན་པའི། །བསྟན་འཛིན་སྐྱེས་ཆེན་གང་ན་སུ་བཞུགས་པ། །ཞབས་བརྟན་མཛད་ཕྲིན་ལྷུན་གྱིས་གྲུབ་གྱུར་ཅིག །འདིར་འབྲེལ་ཀུན་ཀྱང་རྒྱལ་དབང་ཐོད་ཕྲེང་གིས། །རྗེས་གཟུང་བྱིན་རླབས་ཞུགས་པའི་སྣོད་འགྱུར་སོགས། །ཀུན་མཁྱེན་བླ་མ་རྣམ་གཉིས་བདེན་ཚིག་གི །གངྒཱར་བདག་སྨོན་ཟེེགས་མའང་སིམ་གྱུར་ཅིག །ཅེས་པའི་ཆེད་དུ་བརྗོད་པའི་སྨོན་ཚིག་གི་ཕྲེང་བ་ཉུང་ཟད་བསྟར་བ་འདིའང་རྩོད་དུས་ཀྱི་ཐུབ་དབང་གཉིས་པ་འཇམ་མགོན་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་ཞལ་སྔ་ནས་གཙོ་བོར་སྨྲོས་པའི། དཔལ་ལྡན་བླ་མ་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མའི་བཀའ་དྲིན་གྱིས་མདོ་སྔགས་རིག་གནས་དང་བཅས་ལ་ཅུང་ཟད་བལྟ་བའི་བློ་གྲོས་ཡངས་པ་ཀརྨ་བཀྲ་ཤིས་ཆོས་འཕེལ་ལམ། མིང་གཞན་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་འཇམ་དཔལ་དགྱེས་པའི་བློ་ལྡན་ཞེས་བྱ་བས་ཆོས་མཛོད་ཆེན་མོ་འདི་སྤར་ལ་འཁོད་པར་ཉེ་བའི་སྐབས་༧་འཇམ་མགོན་ཆོས་རྗེའི་བཀའ་བཞིན་འབྲུ་དག་གི་སྲི་ཞུ་ཕུལ་བའི་བྱེད་པོར་མཆིས་པའི་སྐབས་ཤིག་ཏུ་གུས་པས་བརྗོད་པ་ཡཱ་ཐ་སིདྡྷི་རསྟུ།། །།

བཀའ་བརྒྱད་བདེ་གསང་ཕྱག་རྒྱ་རྐྱང་པ་དང་དྲིལ་སྒྲུབ་རྒྱུན་གྱི་རྣལ་འབྱོར་ (Volume 14, Text 21)

༄༅། །བཀའ་བརྒྱད་བདེ་གསང་ཕྱག་རྒྱ་རྐྱང་པ་དང་དྲིལ་སྒྲུབ་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། སྭསྟི། ཧེ་རུ་ཀ་དཔལ་ཆེ་བའི་མཆོག །དཀྱིལ་འཁོར་རྒྱ་མཚོ་འདུས་པའི་རྩལ། །དྲིན་ཅན་བླ་མའི་སྐུར་ཤར་དེར། །བཏུད་ནས་དེ་སྒྲུབ་སྙིང་པོར་སྤེལ། །འདིར་ཆེ་མཆོག་ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་སེམས་རྣལ་དུ་ཕབ་པས་འདུག་སྟེ། རང་ཉིད་སྐད་ཅིག་གིས་ལྷར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་རྒྱལ་བ་རབ་འབྱམས་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ཚོགས་ཞིང་དུ་བཞུགས་པ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཡན་ལག་བཅུ་པ་དང་ཚད་མེད་བཞིས་རྒྱུད་སྦྱངས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་ཅིང་སྟོང་པ་ཉིད་ལ་ཅུང་ཟད་བློ་བཞག །དེའི་རང་རྩལ་རིག་པ་ཧཱུྃ་ལས་དཔལ་ཆེན་པོའི་སྐུར་གྱུར་པའི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་བཅུ་སྤྲོས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། ཅེས་བསྐུལ་བས་བགེགས་རྣམས་ཚར་བཅད་བསྲུང་བའི་ལས་མཛད་པའི་ཕྱིར་ཁྲོ་བོ་དང་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་དོན་བསམ་མོ། །དེ་ནས་སྲུང་འཁོར་གྱི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འཁོད། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། རལ་པ་དམར་སེར་འབར་བ། ཞབས་གཉིས་དོར་སྟབས་སུ་བགྲད་པས་ལྷ་ཆེན་ཕོ་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་པ་དུར་ཁྲོད་རོལ་པའི་ཆས་ཅན། ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་པ་ཁྲོ་མོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། །གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས་ཅུང་ཟད་མཉམ་པར་གཞག་པའི་ངང་ལ་གནས་བཞིན་པས་ཨོཾ་ཨཱཿཧཱུྃ་ཞེས་ངག་གི་བཟླས་པ་དང་། འབྲུ་གསུམ་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བ་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བཟླས་པའང་ཅི་ནུས་བྱས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཅེས་པ་ཆེ་མཆོག་རྩ་བའི་སྙིང་པོ་ཡིག་འབྲུ་བཅུ་གཉིས་པ་ཉིད་ཀྱང་སྔར་ལྟར་བཟླས་པའི་མཐར། སྣོད་བཅུད་འོད་གསལ་དུ་བསྡུས་ནས་དེའི་རང་རྩལ་ལྷ་སྐུར་ཤར་བ་གསལ་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུའི་ངང་ནས་དགེ་བ་བསྔོས་ཏེ་ཐུན་མཚམས་ལ་འཇུག་གོ །དེ་ལྟར་ཡང་། ལྷ་ཉིད་སེམས་སུ་ཤེས་པར་བྱ། །རང་ཉིད་ལྷ་ཡི་རང་བཞིན་ཏེ། །བསྐྱེད་རྫོགས་གསུམ་གྱིས་གསལ་གདབ་བྱ། །རྣལ་འབྱོར་རྒྱུན་གྱི་འབྲས་བུའི་དོན། །ཞེས་གསུངས་པས་ངོ་བོ་རང་སེམས་ཡེ་ནས་ལྷ་ཡིན་པ་ལ་ཡིན་པར་ངེས་པའི་རང་བཞིན་ལྷ་སྐུར་ཤར་བའི་གསལ་སྣང་དང་ལྡན་པས་བཟླ་བ་དང་། ཡང་སྟོང་པ་ཉིད་ལ་ཅུང་ཟད་མཉམ་པར་གཞག་པའི་ངང་ལས་སྙིང་རྗེ་ཆེན་པོའི་འཕེན་ཤུགས་ཀྱིས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བསྒོམས་ནས་བཟླ་བ་དང་། ཡང་ས་བོན་ཕྱག་མཚན་སོགས་ལས་རིམ་གྱིས་སྒོམ་པ་དཀྱུས་སུ་བཀོད་པ་བཞིན་གྱིས་བཟླ་བ་སྟེ། བསྐྱེད་རྫོགས་གསུམ་གྱི་རྣལ་འབྱོར་དང་སྦྱར་བ་རང་གི་མོས་བློ་དང་འཚམ་པར་བསྒོམ་པས་ཀྱང་ཆོག་གོ །ཡང་གསལ་སྣང་ཐོན་དཀའ་ན་བསྒོམ་བྱའི་ལྷ་བྲིས་སྐུ་རྣམ་པ་འཆར་བདེ་བ་ཞིག་མདུན་དུ་བཀྲམ། དེ་ལ་མིག་མ་ཡེངས་པར་བལྟས་པས་རྣམ་པ་བློ་ལ་གསལ་ཐེབས་པ་ན་དེ་ཉིད་ལྷ་སྐུ་དངོས་སུ་མོས་ནས་དབུགས་རྔུབ་པའི་ཚེ་བདག་ཉིད་ལྷ་སྐུ་དང་མི་གཉིས་པ་ལ་བློ་གཞག་ནས་བཟླ། དབུགས་དབྱུང་བའི་ཚེ་མདུན་ན་གསལ། ལྷ་ལ་དམིགས་ནས་བཟླས་པས་བོགས་ཐོན་ཅིང་། དེ་ཡང་དཀའ་ན་བསྒྲུབ་བྱའི་ལྷ་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་འགྲུབ་པར་འདོད་པའི་དད་པ་རྩེ་གཅིག་པས་བཟླས་ན་ཡང་དོན་ཆེན་པོར་འགྱུར་རོ། གཞུང་ཐ་དད་ནས་གསུངས་པའི་ཚུལ་མི་འདྲ་བ་རྣམས་ཕན་ཚུན་སུན་དབྱུང་བར་མི་ནུས་ཏེ། འདུལ་བའི་དབང་གིས་མོས་པ་དང་བློ་ནུས་ཀྱི་ཁྱད་པར་དུ་གསུངས་པའི་ཕྱིར་རོ། དེ་བས་ན་ལྷ་མྱུར་དུ་འགྲུབ་པའི་བསམ་པ་བརྟན་པོ་རྩེ་གཅིག་པས་བཟླས་ན་ཡང་ནུས་པ་ཚད་མེད་པར་ཐོབ་པ་ཡིན་ཏེ། སྨྲ་བ་ཐམས་ཅད་སྤངས་ནས་སུ། །གསང་སྔགས་སྨྲ་བ་བརྩམ་པར་བྱ། །བདེ་བས་ལྷ་ཡང་འགྲུབ་པས་ན། །སྔགས་ཀྱི་མཐུ་ནི་ཤིན་ཏུ་ཆེ། །ཞེས་དང་། རྩ་རྒྱུད་ལས་ཀྱང་། སྐུ་གསལ་འོད་གསལ་འཕྲོ་འདུ་བྱ། །དེ་ཉིད་སེམས་ཉིད་ཡིན་ཤེས་ན། །ལོགས་ན་ཆེ་མཆོག་བསྒྲུབ་ཏུ་མེད། །ཡོན་ཏན་རིག་འཛིན་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པའི་ཕྱིར་སྔགས་ཀྱི་རྣལ་འབྱོར་ལ་ཞུགས་པ་རྣམས་ཀྱིས་ནན་ཏན་སྙིང་པོར་བྱ་བའི་གནས་ཡིན་ནོ། །ཚུལ་འདི་ནི་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་གསང་རྫོགས་ཧེ་རུ་ཀའི་དྲིལ་སྒྲུབ་ཀྱི་དགོངས་པ་བཞིན་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པ་བདེ་བའི་དབང་དུ་བྱས་པ་ཡིན་ནོ། །བཟླ་ཚུལ་ནི་སྤྱིར་སྐྱོན་དྲུག་དང་བྲལ་བར་བཟླ་བར་བྱ་དགོས་པ་ལས་ཁྱད་པར་བསྙེན་པ་ལ་ཤུབ་བཟླས། ལས་སྒྲུབ་པ་ལ་ངག་བཟླས། དངོས་གྲུབ་མཆོག་གི་དོན་ལ་འགོག་བཟླས་གཙོ་ཆེ་བར་གསུངས་སོ། །ཅེས་པའང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུས་སྡེའི་བང་མཛོད་འཛིན་པ་བློ་བཟང་དོན་ཡོད་གྲུབ་པའི་གསུང་གིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་བཀོད་པའོ།། །།

ཆོས་དབང་ཕུར་པ་སྤུ་གྲིའི་སྔགས་བྱང་སོགས་ཉེར་མཁོ་ (Volume 31, Text 21)

ཆོས་དབང་ཕུར་པ་སྤུ་གྲིའི་སྔགས་བྱང་སོགས་ཉེར་མཁོ་ནི། གཙོ་བོའི་བསྙེན་པ་འབྲུ་བཅུ་བདུན་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ནི། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། སྲས་མཆོག་ཉེར་གཅིག་ནི། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། སྒོ་བཞི་སྲུང་མར་བཅས་པ་ནི། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ། སྤུ་གྲིའི་དྲག་སྔགས་འདུས་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱ༔ མ་རག་མོ་ཡག་མོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ ཌཱ་ཀི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་ཧཱུྃ་ཕཊ༔ ༈ ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ནི། སྨན་གཏོར་རཀྟའི་མཆོད་པ་གཞུང་བཞིན་ཕུལ་ནས། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་དངོས་གྲུབ་བླང་ངོ་།། ༈ །།རྟགས་གདབ་པ་ནི། མོ་མོ་དང་མཁའ་འགྲོ་རྣམས་ཀྱི་རང་གི་སྡེ་ཚན་དུ་ངོ་ཤེས་པར་བྱ་བའི་ཕྱིར་གདབ་སྟེ། རྩི་འདུ་བྱས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་། །སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར། །ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཅེས་པས་ལྐོག་མར་ཞག་གི་ཟོ་རིས་ཟླ་གམ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་། །སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར། །དཔྲལ་བར་ཐལ་ཆེན་ཚོམ་བུའི་མཚན་མས་གདབ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། དཔྲ་བར་ཐལ་ཆེན་རྩེ་གསུམ་རིས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་། །སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར། །ཤངས་དང་མཁུར་ཚོས་རཀྟའི་མཚན་མས་གདབ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། འབུར་གསུམ་ལ་ཁྲག་གི་ཐིག་ལེ་རྣམས་མ་འཆོལ་བར་གདབ་ཅིང་། སྤྲོ་ན་རྟགས་གསུམ་གྱི་གོང་དུ། བགོ་བའི་གོས་གསུམ་དང་། གདགས་པའི་རྒྱན་གཉིས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀ་ཚང་བའི་ཆས་སུ་འཇུག་ཚུལ་ཀྱང་འབྱུང་ངོ་།། ༈ །།འདུན་པ་རྩེ་གཅིག་པས། གསང་རྒྱུད་ལས།་་་ཧོཿ བསྐལ་པ་དཔག་ཏུ་མེད་པ་ཚུན་ཆོད་ནས། །ད་ལྟའི་དུས་འདི་བསྐྱེད་པ་ཕན་ཆད་དུ། །ལྷ་མཆོག་ཁྱེད་དང་སྨོན་ལམ་མཐུ་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །དུས་ཚིགས་འདི་ནས་བཟུང་ནས་ཡི་དམ་ལྷ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚུན། །ཚེ་རབས་འཁོར་བ་གར་བྱུང་གར་སྐྱེས་ཀྱང་། །གསང་བའི་ལྷ་མཆོག་ཁྱེད་དང་མི་འབྲལ་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །མི་འདའ་བ་དང་ཡུན་དུ་བདག་བསྲུང་གིས། །ཆད་ལྷག་འགལ་འཁྲུལ་མཆིས་ན་མཐོལ་ལོ་བཤགས། །བར་ཆོད་རྐྱེན་གྱིས་རྣམ་སྨིན་ཅི་བྱུང་ཡང་། །དཔལ་ཆེན་ཁྱོད་ཀྱིས་མོད་ལ་ཟིལ་གྱིས་གནོན། །དངོས་གྲུབ་མཆོག་སྩོལ་ཤེས་རབ་ལྷ་མོའི་ཚོགས། །ཞེས་དང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བརྗོད་ལ་བཤགས་སོ།། །།

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་སྣང་བ་ (Volume 22, Text 21)

༄༅། །བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བྱང་ཆུབ་སེམས་ཀྱི་གཟི་འོད་སྟོན་ཟླའི་མདངས། །འཁོར་བའི་མུན་ཁང་སྲིད་དུ་རྟག་འཆར་བས། །སྡུག་བསྔལ་རྒྱུ་འབྲས་དཔྱིས་འབྱིན་མཛད་པའི་མགོན། །སྙིང་གི་ཟེའུ་འབྲུར་བསྟེན་ནོ་དབུགས་འབྱིན་མཛོད། །བོད་ཁམས་སྐྱོབ་བྱེད་མཛོད་ལྔ་ལས། །ཕྱོགས་མེད་འགྲོ་འདུལ་དབང་གི་ཆོས། །ཡིད་བཞིན་ནོར་བུའི་སྨིན་ལམ་འདིར། །ཞུགས་ནས་གཏན་བདེར་ངལ་སོས་ཤིག །བྱང་གཏེར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་གྱི་མདུན་སྟེགས་བུའི་ཁར་ཞི་དཀྱིལ་སྒོ་རྫོགས་ཅན་གྱི་དབུས་སུ་པདྨ་འདབ་མ་དྲུག་པའི་ལྟེ་བར་གཙོ་བོའི་སྐུའམ་ཕྱག་མཚན་ཤེལ་ཕྲེང་དང་པད་དཀར། འདབ་མ་དྲུག་ལ་མདུན་ནས་གཡས་སྐོར་དུ། ཐིག་ལེ་དཀར་ལྗང་སེར་མཐིང་དམར་ནག །སྒོ་བཞིར་ཕྱོགས་མདོག་བྲིས་པ་འམ། མ་འབྱོར་ན་དེ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་ཆིངས་དཀར་ཁ་རྒྱན་གྱིས་སྤྲས་པ་བཀོད། དེ་མཉམ་ལྷ་གྲངས་ཀྱི་སྐུ་ཡོངས་རྫོགས་དང་ཡི་གེ་བཅུ་པའི་ཙཀ་ལི། དེའི་ཤར་དུ་རྡོར་དྲིལ་ཟུང་། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མདུན་དུ་དབང་གཏོར་དཀར་ཟླུམ་པད་འདབ་ཅན་ནམ་རིན་ཆེན་འབར་བ་ཨོ་རྒྱན་གྱི་སྐུ་ཙག་ངེས་པར་བཙུག་པ། སློབ་དཔོན་གྱི་དབང་བསྐུར་བྱེད་ན་རྡོར་དྲིལ་ཆོས་དུང་གླེགས་བམ་རྣམས་དང་། སྣ་བདུན་རྟགས་བརྒྱད་རྫས་བརྒྱད་བཅས་བཤམས་པའི་མཐར་འབུལ་གཏོར་དཀར་ཟླུམ། ཕྱི་མཆོད་བདུན་གྱིས་བསྐོར། གཞན་ཡང་ལས་བུམ། མིག་དར་མེ་ཏོག་དམ་ཆུ་སོགས་དགོས་པའི་ཡོ་བྱད་དང་སྲུང་མའི་གཏོར་འབུལ་སོགས་ཚོགས་པར་བྱའོ། །གཉིས་པ་ལ། དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། ཕྲིན་ལས་ལྟར་བདག་མདུན་བུམ་གསུམ་བསྐྱེད་བཟླས། ལས་བུམ་དུ་རྟ་མགྲིན་སྒོམ་བཟླས་བྱས་ལ་བུམ་ལྷ་འོད་ཞུ་དང་འདས་གཏོར་འབུལ། མ་བདུན་ཐང་ལྷ་སོགས་བཀའ་གཏེར་སྲུང་མའི་གཏོར་ཆོག་དང་ཚོགས་མཆོད་ཕུལ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་བསྐུར་བ་དངོས་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། མེ་ཏོག་བཀྲམ་བསྡུ་བྱས་ཏེ་སེམས་བསྐྱེད་གསལ་གདབ། ལོ་རྒྱུས་ཅི་རིགས་བཤད་ཅིང་། ཁྱད་པར། དེ་ཡང་བདེ་ལྡན་ཞིང་གི་མགོན་པོ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་འདུལ་ཕྱིར་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་སྤྲུལ་ཞིང་། དེས་ཀྱང་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་དཔག་ཏུ་མེད་པ་སྤྲུལ་པས་ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་མཛད། ཁྱད་པར་དུ་སྣང་བ་མཐའ་ཡས་དང་སྤྱན་རས་གཟིགས་དབྱེར་མེད་གཅིག་ཏུ་བསྡུས་པའི་སྤྲུལ་པ་སློབ་དཔོན་པདྨ་འབྱུང་གནས་སུ་སྣང་བར་མཛད་ནས། རྣམ་འཕྲུལ་དང་ཕྲིན་ལས་མཐའ་ཡས་པས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ཚུལ་མཐའ་དག་རྣམས་རྡོ་རྗེའི་ལྗགས་ཀྱིས་བརྗོད་ཀྱང་ཟད་པར་མི་ནུས་མོད། ཟབ་ཆོས་འདི་དང་འབྲེལ་བའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་ས་བཅུའི་དབང་ཕྱུག་འཇམ་དཔལ་དབྱངས་ཀྱིས་འགྲོ་བ་ཀུན་གྲོལ་དང་། སྤྱན་རས་གཟིགས་ཀྱིས་ཉོན་མོངས་རང་གྲོལ་དང་། ཕྱག་ན་རྡོ་རྗེས་ཆོས་ཉིད་རང་གྲོལ་ཏེ་ཐུགས་རྗེ་ཆེན་པོའི་རྒྱུད་གསུམ་སྒྲུབ་ཐབས་དང་བཅས་པ་ཞུས་པ། འོད་དཔག་མེད་ཉིད་ཀྱིས་དེང་ནས་བཟུང་སྟེ་བསྐལ་པ་འབུམ་ཕྲག་དྲུག་ཅུའི་བར་དུ་འགྲོ་དོན་མཛད་པ་དང་། སེམས་ཅན་དཔག་ཏུ་མེད་པ་འཁོར་བ་དང་ངན་སོང་ནས་ཐར་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུད་བྱིན་གྱིས་བརླབས་ཤིང་སྨོན་ལམ་གནང་པ་ལྟར་འགྱུར་བས་ན་འགྲོ་བ་ཀུན་གྲོལ་དུ་གྲགས་པར་གསུངས་ལ། དེ་ལྟ་བུའི་རྒྱུད་གསུམ་སྒྲུབ་ཐབས་དང་བཅས་པ་གླེགས་བམ་དུ་བཀོད་ནས་གསེར་གྱི་ཟ་མ་ཏོག་ཏུ་བཅུག་སྟེ་རི་བོ་པོ་ཊ་ལའི་ལྷོ་ནུབ་བྲག་ཕུག་མཱ་ར་ཏི་ཀར་གཏེར་དུ་སྦས་པ། ནམ་ཞིག་དུས་ལ་བབས་པ་ན་སངས་རྒྱས་འོད་དཔག་ཏུ་མེད་པ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་བཀས་བསྐུལ་ཞིང་གནང་བ་ཐོབ་པ་ལ་བརྟེན་ནས་རྒྱུད་གསུམ་པོ། དཔལ་ཨོ་རྒྱན་ཆེན་པོས་གཏེར་ནས་བཞེས་ཏེ་གདུལ་བྱའི་དོན་དུ་རྒྱུད་དེ་རྣམས་ལ་བརྟེན་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འབུམ་ཕྲག་ལྔ་མཛད་དེ་འཇིག་རྟེན་དུ་ཁྱབ་པར་སྦས་ཤིང་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། ཁྱད་པར་གངས་ཅན་གྱི་ལྗོངས་འདི་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་གྱུར་པའི་དོན་གྱིས་རྒྱུད་དང་སྒྲུབ་ཐབས་ཀྱི་རིགས་མི་འདྲ་བ་དཔག་ཏུ་མེད་པ་བསྟན་ཅིང་ཕྱི་རབས་ཀྱི་དོན་དུ་གཏེར་ཁ་བྱེ་བ་ས་ཡར་སྦས་པའི་ནང་ནས། འགྲོ་བ་སྒྲོལ་བའི་རྒྱུད་གསུམ་སྒྲུབ་སྐོར་དང་བཅས་པ་བྱང་ཟང་ཟང་ལྷ་བྲག་གི་བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བར་སྦས་པ། གུང་ཐང་གི་ཆོས་རྒྱལ་གདུང་རྒྱུད་སྐྱོབ་པའི་དུས་སུ་བབས་པ་ན་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་སྤྱན་དྲངས་པའི། མཛོད་ལྔའི་ཆོས་སྡེ་ཆེན་པོ་ལྔ་བརྒྱ་ཕྲག་གཅིག་ལས་ནུབ་ཟངས་མཛོད་དམར་པོ་ལས་བྱོན་པའི་འགྲོ་འདུལ་རྟེན་འབྲེལ་དབང་གི་ཆོས་བདུན་གྱི་ནང་ཚན། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་དད་པའི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་འཕགས་པ་སྤྱན་རས་གཟིགས༔ བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་ལྟར༔ བདག་ཅག་འཁོར་བའི་གནས་ནས་དྲོངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ལན་གསུམ། གནང་བ་སྦྱིན་པ་ལགས་པས་སྙན་གཏོད་འཚལ། ཀྱེ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཐར་པ་འདོད་པ་ཤིན་ཏུ་ལེགས༔ སྡིག་བཤགས་སྡོམ་པ་བཟུང་བ་དང༔ དད་དང་འདུན་ཅིང་དགའ་བར་གྱིས༔ དབང་བསྐུར་མཆོག་ཀྱང་སྦྱིན་པར་བྱ༔ དེ་ནས་སྤྱི་འགྲོའི་མཚམས་སྦྱོར་བཅས། ཨོཾ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་ཡ་སྭཱ་ཧཱ། ཞེས་གདོང་གཡོགས། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་མེ་ཏོག་སྦྱིན། ཁྱོར་ཆུ་བྱིན་པས་སྡིག་སྒྲིབ་མཐའ་དག་སངས་ཀྱིས་དག་པར་མོས་ཤིག །དུང་ཆུ་སྦྱིན་ལ། ཨོཾ་ཧྲཱིཿབཾ་ཤུདྡྷེ་ཧཱུྃ་ཕཊ༔ ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ལ། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བར་གྱུར་པའི་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བོ་དྷི་ཙིཏྟ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡཱ་མི༔ ས་མ་ཡ་ཨཱ༔ སུ་ར་ཏི་ས་མ་ཡ་སཏྭམ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཞེས་བརྗོད། དེ་ནས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་གསལ་གདབ་པའི་སླད་དུ། སྙིང་གའི་ཆ་སྟོད་དུ་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿས་མཚན་པ། དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་མཛོད། དེ་ནས་ཚོགས་གསག་ཡན་ལག་བདུན་པའི་དོན་གསལ་གདབ་བཞིན་པས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ མཆོད་པ་ཀུན་གྱིས་རབ་ཏུ་མཆོད༔ སྡིག་པ་ཐམས་ཅད་བཤགས་ཤིང་བསྡམ༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་འཁོར་བསྐོར་ཞིང་བཞུགས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ལན་གསུམ། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི་སློབ་དཔོན་གྱིས། ཧོ༔ ཡེ་ཤེས་བདག་ཉིད་སྒོ་བཞི་ནི༔ སྔོན་ཆད་མ་རིག་རྟོག་པས་བསྒྲིབས༔ ཚད་མེད་བཞི་ཡི་རང་བཞིན་དང༔ ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ རང་བྱུང་ཡེ་ཤེས་སྒོ་ཕྱེ་ཞིག༔ ཛཿཧཱུྃ་བཾ་ཧོ༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་བྱེ་བར་གྱུར་པ་ལ་ཕྱི་རོལ་ནས་བསྐོར་བ་ལན་གསུམ་བྱས་ཏེ་ལྷ་སྣམ་དུ་འཁོད་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བར་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་མ་ཎི་པདྨེ་ཧཱུྃ། ན་མ་སྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ལན་གསུམ། དམ་ཆུ་བླུད་པ་ནི། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཡེ་ཤེས་མ་སྤངས་མྱུར་དུ་བགྲོད༔ དམ་ཚིག་ཉམས་ན་ན་རག་གནས༔ དམ་ཚིག་སྙིང་གི་དཀྱིལ་དུ་ཟུངས༔ ས་མ་ཡ་ན་ར་ཀན༔ ཇི་སྐད་བཤད་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་ཁས་བླང་བ་འདིའི་རྗེས་ཟློས། གུ་རུ་ཐུགས་རྗེ་ཆེན་པོའི་ཚོགས༔ ཁྱེད་ཀྱི་སྤྱོད་ཡུལ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་སྒྲུབ་ན༔ ཁྱེད་ཀྱི་དམ་ཚིག་བདག་བསྲུང་ཞིང༔ ཐུགས་དམ་གསེར་ཕྲེང་བསྡུ་བར་བྱ༔ ས་མ་ཡ་ཨ་ལ་ལ་ཧོ༔ དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དབབ་པར་མཛད་དུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཡས་ཤེལ་ཕྲེང་དང་གཡོན་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་ཐོབ། སློབ་དཔོན་ལ་གུས་འདུད་དྲག་ཏུ་བྱས་པས༔ དཔོན་སློབ་གཉིས་ཀའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པའི་སྐུའི་རྣམ་པ༔ གསུང་རྣམས་ཀྱང་ཡི་གེ་དྲུག་པའི་རང་བཞིན༔ ཐུགས་ཕྱག་མཚན་རྣམས་ཀྱང་པདྨ་དང་ཕྲེང་བ་རྡོ་རྗེ་ལ་སོགས་པའི་རྣམ་པར་བྱོན་ནས་ཐམས་ཅད་ཆར་བཞིན་བབས༔ ལུས་ལ་སིབ་སིབ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་ཉི་མ་ཤར་བའི་མུན་པ་ལྟར་དྭངས༔ སྨིན་དབྲག་ཏུ་ཡི་གེ་བཅུ་པའི་འཁོར་ལོ་ཉི་ཟླའི་འོད་ལྟར་འཁྱིལ་བ་ལ༔ དམིགས་པ་རྩེ་གཅིག་ཏུ་གཅུན་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བརྗོད། གུ་གུལ་བདུག །རོལ་མོ་བསྒྲགས་ལ་དབབ། རྡོ་རྗེ་སྤྱི་བོར་བཞག་ལ། ཨོཾ་ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཐལ་མོ་སྦྱར་བའི་བར་དུ་ཐོགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། བསྐལ་པ་གོང་ནས་ལས་ཀྱི་འཕྲོ་ལྡན་པའི༔ ཡི་དམ་རྒྱལ་བའི་གཙོ་མཆོག་སྤྱན་རས་གཟིགས༔ ལྷ་མཆོག་ཁྱེད་ལ་རིག་པའི་མེ་ཏོག་འབུལ༔ གཉིས་མེད་ངང་དུ་ཐུགས་རྗེས་བཞེས་སུ་གསོལ༔ པྲ་ཏཱིཙྪ་ཧོ༔ མེ་ཏོག་གཙོ་བོ་ལ་བབས་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་སུ་ལས་ཕྲན་ཚེགས་འགྲུབ་ཅིང་། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་སྐོང་བཤགས་བྱ་དགོས་པར་གསུངས་སོ། །དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོས་ཕྱག་གིས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ་པྲ་ཏི་གྲྀ་ཧ་ཎ་སཏྭཾ༔ སུ་མི་མཾ༔ སཏྭཱ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས། གསེང་ཐུར་གྱིས་གདོང་གཡོགས་བསལ་ལ། ལེགས་འོང་བུ་ཁྱོད་སྐལ་པར་ལྡན༔ མ་རིག་ལིང་ཐོག་ང་ཡིས་བསལ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་བསྟན༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་བསྟན་པ་ནི་ཕྱག་ཤིང་གིས་མཚོན་ཏེ། ཧོ༔ ད་ནི་ཡེ་ཤེས་མིག་ལྡན་པས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྟོས༔ བྱིན་རླབས་སློབ་དཔོན་ཉིད་ལ་ལྟོས༔ དངོས་གྲུབ་ཡི་དམ་ལྷ་ལ་ལྟོས༔ ཐུབ་དྲུག་སྒོ་བ་བཞི་ལ་ལྟོས༔ མཐོང་བས་སངས་རྒྱས་ཉིད་འགྲུབ་ཕྱིར༔ བདེ་ཆེན་དཀྱིལ་འཁོར་འདི་ལ་ལྟོས༔ ལྟོས་ཤིག་ལྟོས་ཤིག་དད་པ་བསྐྱེད༔ ཁྱེད་ནི་པདྨའི་རིགས་སུ་འཁྲུངས༔ དངོས་གྲུབ་བུ་ཁྱོད་སྐལ་པར་ལྡན༔ འདི་ལྟར་དམིགས་ཀྱང་རང་ཉིད་ལས༔ གུད་ན་མེད་དོ་ཤེས་པར་གྱིས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དེའང་ཡེ་ཤེས་རང་སྣང་ལས་གྲུབ་པའི་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སྲུང་འཁོར་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་འདབ་མ་དྲུག་པའི་ལྟེ་བར། བརྟེན་པའི་ལྷ་ནི་གཙོ་བོ་ཐུགས་རྗེ་ཆེན་པོ། དེའི་མདུན་དུ་སྲས་མཆོག་པདྨ་འབྱུང་གནས། འདབ་མ་དྲུག་ལ་ཐུབ་པ་དྲུག །སྒོ་བཞིར་སྒོ་མ་བཞི། ཕྱི་རོལ་གྱི་འཁོར་ཡུག་ལ་འཇིག་རྟེན་པའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་མཐོང་བའི་མོས་པ་མཛོད་ཅིག །དེ་དག་གིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ལན་གསུམ། དབང་དངོས་ལ་རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་གཉིས། དང་པོ་ལ་རིག་པའི་དབང་ལྔ། སྐུ་གསུང་ཐུགས་དབང་། རིག་པའི་རྩལ་དབང་གསུམ་དུ་ཡོད་པ་ལས། ཐོག་མར་རིག་པའི་དབང་ལྔ་རིམ་བཞིན་བསྐུར་བ་ཡིན་པས་དམིགས་པའི་རིམ་པ་རྣམས་གསལ་ཐོབ་ཅིག །རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླའི་གདན་ལ། དབང་རྫས་དང་སློབ་མ་གཉིས་ཀ །ཧཱུྃ་ལས་མི་བསྐྱོད་སྤྱན་རས་གཟིགས་སྔོན་པོ་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། རྒྱན་རྣམས་རྫོགས་ཏེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ མི་བསྐྱོད་པ་འོད་དུ་ཞུ་དབང་རྫས་ཀྱི་བུམ་པའི་ཆུར་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར། དབང་ཡུལ་གྱི་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད་ཅིང་མཆོད། ལས་དབང་གི་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། སངས་རྒྱས་རྣམས་ནི་རབ་སྒྲུབ་ཕྱིར། །བུམ་པའི་དབང་བསྐུར་ཁྱོད་ལ་སྦྱིན། །བུམ་པ་ལྷ་ཡི་གཞལ་ཡས་ཁང༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལས་ཀྱི་སྒྲིབ་པ་ཀུན་དག་ནས༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པས་དབང་བསྐུར་བུམ་ཆུ་སྦྱིན། དེས་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་། །བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ། ཏྲཱཾ་ལས་རིན་འབྱུང་སྤྱན་རས་གཟིགས་སེར་པོ་རིན་པོ་ཆེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ་རྒྱན་རྣམས་རྫོགས་ཏེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ རིན་འབྱུང་འོད་དུ་ཞུ་བ་ལས་དབུ་རྒྱན་ཅོད་པན་དུ་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་སོགས་ནས། མོས་པ་མཛོད། སངས་རྒྱས་ཀུན་གྱི་ཅོད་པན་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་སྒྲུབ་ཕྱིར༔ ཅོད་པན་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ དབུ་རྒྱན་ཅོད་པན་མགོ་ལ་བཀོན། དེས་རིན་ཆེན་འབྱུང་གནས་ཀྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་། །བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ། ཧྲཱིཿལས་སྣང་མཐའ་སྤྱན་རས་གཟིགས་དམར་པོ་པདྨ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། རྒྱན་རྣམས་རྫོགས་ཏེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ སྣང་མཐའ་འོད་དུ་ཞུ་བ་རྡོ་རྗེར་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་སོགས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་ལག་པ་གཡས་སུ་གཏད། དེས་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། པདྨ་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་། །བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ། ཨཱཿལས་དོན་གྲུབ་སྤྱན་རས་གཟིགས་ལྗང་གུ་རྒྱ་གྲམ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། རྒྱན་རྣམས་རྫོགས་ཏེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དོན་གྲུབ་འོད་དུ་ཞུ་བ་དྲིལ་བུར་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་སོགས། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་སྒྲུབ་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་ཨཱ༔ དྲིལ་བུ་ལག་པ་གཡོན་དུ་གཏད། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་དག །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ལས་ཀྱི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་། །བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ། ཨོཾ་ལས་རྣམ་སྣང་སྤྱན་རས་གཟིགས་དཀར་པོ་འཁོར་ལོ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། རྒྱན་རྣམས་རྫོགས་ཏེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ རྣམ་སྣང་འོད་དུ་ཞུ་བ་རྡོ་རྗེ་དྲིལ་བུ་ཟུང་དུ་གྱུར། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་སོགས། སངས་རྒྱས་ཀུན་གྱི་མིང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་སྒྲུབ་ཕྱིར༔ མིང་གི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་བུདྡྷ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ ཀྱེ་དཔལ་ཕོ་ལ། བྱང་ཆུབ་སེམས་དཔའ་མྱུ་གུ་རྩལ༔ ཞེས་དང་མོ་ལ། པདྨ་བདེ་ཆེན་རྩལ༔ ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་གསང་མཚན་གདགས། དེས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། བུདྡྷ་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་། །གཉིས་པ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། སྤྱི་བོར་ལྷ་སྐུ །མགྲིན་པར་སྔགས་ཕྲེང་། སྙིང་གར་ཡེ་ཤེས་འོད་ཟེར་རྣམས་རིམ་པར་ཐིམ་ནས་བྱིན་གྱིས་རློབ་པར་མོས་ཤིག །འཕགས་པའི་སྐུ་འབག་སྤྱི་བོར་བཞག །ཧཱུྃ༔ ཡི་གེ་འདི་ལས་འཕགས་པའི་སྐུ་འབྱུང་ནས༔ ཐུགས་རྗེ་ཀུན་ལ་སྙོམས་པའི་སྤྱན་རས་གཟིགས༔ འགྲོ་བ་ཀུན་ལ་ཐུགས་རྗེས་བརྩེར་དགོངས་ལ༔ བདག་གཞན་དབྱེར་མེད་མཆོག་གི་དབང་སྩོལ་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་ཐིམ། སྤྲོས་བཅས་ཀྱི་དབང་ཐོབ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡི་དམ་གྱི་ལྷར་གྱུར་ཅིང་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར། དེའི་དམ་ཚིག་ཏུ་རང་གི་ལུས་དང་གཟུགས་ཀྱི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་ཤེས་པར་བྱ་སྟེ་སྣང་བ་སྐུའི་ཁྱེར་སོ་དང་མ་བྲལ་བར་གྱིས་ཤིག །སྤྲུལ་སྐུ་འགྲུབ་པའི་སྐལ་པ་བྱས་པ་ཡིན་ནོ། །གསུང་དབང་ངག་ལ་བསྐུར་བ་ནི། ཡི་གེ་བཅུ་པ་མགྲིན་པར་བཞག །ཨཱ༔ ཡི་གེ་འདི་ལས་འཕགས་པའི་གསུང་འབྱུང་བས༔ རང་བྱུང་རིག་པའི་མདངས་ལས་འབྲུ་བཅུར་ཤར༔ འདི་ཉིད་མཐོང་ཐོས་དྲན་པས་སྡིག་སྒྲིབ་དག༔ འཕགས་པའི་གསུང་མཆོག་འདི་དང་མི་འབྲལ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་ཐིམ། སྤྲོས་མེད་ཀྱི་དབང་ཐོབ། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ངོ་བོར་གྱུར། རང་གི་སྨྲ་བརྗོད་དང་སྒྲ་རུ་གྲགས་པ་ཇི་སྙེད་པ་ཡི་གེ་དྲུག་པའི་སྒྲར་ཤེས་པར་གྱིས་ཤིག །ལོངས་སྐུ་ཐོབ་པའི་སྐལ་པ་བྱས་པ་ཡིན་ནོ། །ཆོས་དབང་སེམས་ལ་བསྐུར་བ་ནི། ལྷའི་བུམ་པ་སྙིང་གར་བཞག །ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ལ་ཕྱོགས་རིས་མེད༔ རྣམ་པར་རྒྱལ་མཆོག་བུམ་པའི་དབྱིབས་ལྟ་བུ༔ ཀུན་ཁྱབ་ཡོངས་སུ་འཁྱིལ་བས་ཟླུམ་ཞིང་བརྗིད༔ ཡོན་ཏན་ཀུན་རྫོགས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་ཐིམ། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཐོབ། དྲན་རྟོག་དབྱིངས་སུ་ཐིམ། ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོར་གྱུར། དེང་ཕྱིན་ཆད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་བློ་སྦྱོང་བར་གྱིས་ཤིག །ཆོས་སྐུ་ཐོབ་པའི་སྐལ་པ་བྱས་པ་ཡིན་ནོ། །དེ་ནས་ཐུབ་པ་དྲུག་གི་དབང་རང་རང་སྐུ་ཐོགས་དབང་བསྐུར་བྱ། ཧཱུྃ༔ ཞེ་སྡང་དྲག་པོས་གསོད་པའི་ལས་བྱས་པས༔ དམྱལ་སྲུང་འཇིགས་པའི་ལག་ཏུ་འགྲོ་དགོས་ན༔ འཕགས་པ་ཆོས་ཀྱི་རྒྱལ་པོའི་སྐུར་བཞེངས་ལ༔ ཞེ་སྡང་དམྱལ་བའི་སྡུག་བསྔལ་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་རྣམས་ཀྱི་དམྱལ་བར་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་ནས། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་ཞེ་སྡང་གི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། ཧཱུྃ༔ སེར་སྣ་འདོད་པའི་གདུང་བའི་ལས་བྱས་པས༔ བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ་དགོས་ན༔ འཕགས་པ་ནམ་མཁའ་མཛོད་ཀྱི་སྐུར་བཞེངས་ལ༔ སེར་སྣ་འཇུར་བགེགས་ལས་ངན་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་རྣམས་ཀྱི་ཡི་དྭགས་སུ་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་སྟེ། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སེར་སྣའི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། ཧཱུྃ༔ ལས་ཀྱི་མུན་པས་བསྒྲིབས་པའི་གཏི་མུག་གིས༔ འཐོམ་པས་བྱོལ་སོང་གནས་སུ་སྐྱེ་དགོས་ན༔ འཕགས་པ་སེང་གེ་རབ་བརྟན་སྐུར་བཞེངས་ལ༔ གཏི་མུག་ལས་ཀྱི་རྣམ་སྨིན་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་རྣམས་ཀྱི་བྱོལ་སོང་དུ་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་སྟེ། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་གཏི་མུག་གི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། ཧཱུྃ༔ འདོད་ཆགས་སྦྱོར་བའི་ལས་ཀྱི་རྣམ་སྨིན་གྱིས༔ ཆགས་སྡང་མི་ཡི་གནས་སུ་སྐྱེ་དགོས་ན༔ འཕགས་པ་ཤཱཀྱ་སེངྒེའི་སྐུར་བཞེངས་ལ༔ འདོད་ཆགས་ལས་ཀྱི་རྣམ་སྨིན་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཎི་ཤ་མུ་ལ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་ཐམས་ཅད་མིར་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་ནས། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་འདོད་ཆགས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། ཧཱུྃ༔ ཕྲག་དོག་ཟུག་རྔུའི་ལས་ཀྱི་རྣམ་སྨིན་གྱིས༔ ལྷ་མིན་འཐབ་རྩོད་གནས་སུ་སྐྱེ་དགོས་ན༔ འཕགས་པ་ཐགས་བཟང་རིས་ཀྱི་སྐུར་བཞེངས་ལ༔ ཕྲག་དོག་ལས་ཀྱི་རྣམ་སྨིན་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སརྦ་སུ་ཁ་སརྦ་ཀརྨ་ཀླེ་ཤ་ཁཌྒ་པར་བི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་ཐམས་ཅད་ལྷ་མིན་དུ་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་སྟེ། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་ཕྲག་དོག་གི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། ཧཱུྃ༔ ང་རྒྱལ་ཁེངས་པའི་ལས་ཀྱི་རྣམ་སྨིན་གྱིས༔ ལྷ་དབང་བརྒྱ་བྱིན་གནས་སུ་སྐྱེ་དགོས་ན༔ འཕགས་པ་ལྷ་དབང་བརྒྱ་བྱིན་སྐུར་བཞེངས་ལ༔ ང་རྒྱལ་ལེ་ལོའི་རྣམ་སྨིན་སྦྱང་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སརྦ་སུ་ཁ་ཀརྨ་ཀླེ་ཤ་ཁཌྒ་པར་བི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལྷར་སྐྱེ་བའི་ལས་དང་སྡུག་བསྔལ་ཐམས་ཅད་དག་ནས། འཕགས་པའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་ང་རྒྱལ་གྱི་རྣམ་པར་སྨིན་པ་ཐམས་ཅད་དག་གོ༔ ཞེས་གནང་བ་ཐོབ་པར་བསམ་པའི་མོས་པ་མཛོད། དེ་ནས་ལྷ་མོ་བཞི་ཡི་དབང་། ཧཱུྃ༔ རིགས་ཀྱི་བུ་ཁྱོད་བྱམས་དང་སྙིང་རྗེ་དང༔ དགའ་དང་བཏང་སྙོམས་ཚད་མེད་བཞི་ལ་སྤྱོད༔ ཕྱོགས་ལྷུང་མེད་པར་ཀུན་ལ་སྙོམས་པ་ཡི༔ ལམ་ལ་སྤྱད་པས་བདུད་བཞིའི་འཇིགས་དང་བྲལ༔ སྒོ་སྐྱོང་ལྷ་མོ་བཞི་ཡིས་དབང་བསྐུར་བས༔ བདུད་བཞིའི་འཇིགས་པ་དག་ལས་གྲོལ་བར་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཚད་མེད་བཞི་ལ་རྒྱུན་དུ་སྤྱོད་གྱུར་ཅིག༔ གསུམ་པ་དབང་གི་མཐར་ཐུག་ཡིད་བཞིན་ནོར་བུ་བླ་མ་ལ་བསྟེན་ཏེ་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། རྗེ་བཙུན་ཨོ་རྒྱན་པདྨ་ལ༔ རྣལ་འབྱོར་བདག་ཅག་མོས་གུས་བསྐྱེད༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ ངོ་བོའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དེ་ལ་དམིགས་པ་འདི་ལྟར་དུ་མཛོད། སྐད་ཅིག་གིས་གུ་རུ་ཨ་ཙརྱའི་ཆ་བྱད་ལོ་བརྒྱད་ལོན་པའི་ཚུལ་དཀར་ལ་དམར་བའི་མདངས་ཆགས་པ༔ དབུ་ལ་པད་ཞྭ་རིན་པོ་ཆེའི་སྙན་རྒྱན་མགུལ་རྒྱན་དང༔ ཕྱི་ནང་ཡོན་ཏན་རྫོགས་པའི་རྟགས་སུ་སྐུ་ལ་ཕོད་ཀ་དང༔ ཆོས་གོས་ཟབ་བེར་གསོལ་བ༔ ཕྱག་ན་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་བསྒྲེངས་ནས་དུག་གསུམ་རྩད་ནས་གཅོད་པའི་རྟགས་སུ་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ་རྩེ་གསུམ་ཐོགས་པ༔ དེ་ལ་རྩ་བ་གསུམ་གྱིས་སྤྲིན་གཏིབས་པ་ལྟར་བསྐོར་བ་ལྷོ་ནུབ་རྔ་ཡབ་པདྨ་འོད་ནས་བར་སྣང་ཁེངས་པར་བྱོན་ནས་སྤྱི་བོར་ཐིམ་པས་གདོད་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་ལ་ཐག་ཆོད་ཅིག༔ གཏོར་མ་བླ་མའི་སྐུ་ཙཀ་ཅན་སྤྱི་བོར་བཞག་ལ། ཧཱུྃ༔ སྐྱེ་མེད་དབྱིངས་ནས་འགྲོ་བའི་དོན་ལ་དགོངས༔ བདེ་གཤེགས་ཀུན་འདུས་བླ་མའི་སྐུ་རུ་བྱོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་བྱུང་རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་སྨོན་ལམ་སྟོབས་ཀྱི་མཐུས༔ པད་འབྱུང་ཐུགས་རྗེ་བྱིན་རླབས་རྣམས༔ དད་ལྡན་རྣམས་ལ་འབབ་པར་འགྱུར༔ ཞེས་གསུངས་སོ། །དེ་ནས་ངོ་སྤྲད་པ་ནི། རིགས་ཀྱི་བུ་ལུས་མཉམ་པར་བཞག་ལ༔ ངག་སྨྲ་བ་བཅད་ནས༔ ཡེ་ཤེས་དང་མ་རིག་པའི་ཁྱད་པར་དབྱེ་བར་གྱིས་ཤིག༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རང་གི་རིག་པ་ཡེ་ནས་མ་བཅོས་པ་བདེ་བ་ཆེན་པོར་ངོ་ཤེས་པས་ཆོས་ཀྱི་སྐུ་མངོན་དུ་གྱུར་ཏོ༔ དེའི་ངང་ལས་མ་བཅོས་པར༔ ཐུགས་རྗེ་བྱིན་རླབས་འགྲོ་བའི་དོན་ལ་དགོངས་ཏེ༔ རྒྱུ་དང་རྐྱེན་མེད་པར་ཐབས་དང་བརྡའི་ཚུལ་དུ་རྒྱ་མཚོ་རོལ་པའི་ཀློང་ནས་པདྨ་འབྱུང་གནས་ང་ཉིད་སྐྱེ་ཚུལ་བསྟན་ནོ༔ དེ་ལྟར་ཤཱཀྱ་ཐུབ་པའི་བསྟན་པ་འདི་མ་ནུབ་བར་དུ་རྔ་ཡབ་གླིང་དུ་སྐུ་བཞུགས་ཏེ༔ ཐུགས་རྗེ་ཆེན་པོས་སྤྲུལ་པ་ཕྱོགས་བཅུར་འགྱེད་དོ༔ འགྲོ་བ་གང་ལ་གང་འདུལ་གྱི་བརྡ་སྣ་ཚོགས་སྟོན་ནོ༔ བསྟན་པ་འདིའི་ཐ་མ་ལ་ང་ཉིད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་དང་དབྱེར་མེད་པར་ཉི་ཟླ་ལ་ཟེར་ཐིམ་པ་ལྟར་འགྱུར་རོ༔ བྱིན་རླབས་ཀྱི་འོད་ཟེར་རྒྱུན་ཆད་མེད་པར་འཕྲོ་ཞིང་འགྲོ་དྲུག་འདྲེན་པའི་ཐབས་ལ་སྤྲུལ་པ་ཕྱོགས་བཅུར་འགྱེད་དོ༔ སེམས་ཅན་མ་རིག་པའི་ལུས་འདི་དང་པོ་ཅི་ཡང་མ་ཡིན་པ་ལ༔ རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པའི་འཛིན་པ་ཞུགས༔ དེ་ལ་སྟོང་པ་ལ་རྟག་པར་བཟུང་བས་གདོས་བཅས་ཀྱི་ལུས་བླངས༔ ལུས་ལ་འཛིན་པ་ཞུགས་ནས་ཉོན་མོངས་པ་འཇོལ་ཉོག་ཏུ་སྤྱོད༔ དེའི་རྣམ་པར་སྨིན་པས་སྡུག་བསྔལ་བསྐལ་པ་གྲངས་མེད་པར་མྱོང་བར་འགྱུར་རོ༔ པདྨ་འབྱུང་གནས་བདག་གི་བཀའ་བཞིན་དུ་བསྒྲུབ་ཅིང་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ནི་དུས་ཕྱི་མའི་ཚེ་རང་གི་སེམས་ཉིད་མ་བཅོས་པར་རང་སར་བཞག་པས་འཛིན་མེད་རང་གསལ་ཆོས་སྐུར་རྟོགས་ཏེ་ཕྱིར་མི་ལྡོག་པར་འགྱུར་རོ༔ མདོར་ན་ཆོས་ཟད་སྒོམ་མེད་ཀྱི་དོན་ལ་འཇོག་པར་བྱ༔ དེས་རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་པ་ཡོངས་རྫོགས་ཐོབ། ལུས་ངག་ཡིད་གསུམ་དབྱེར་མེད་གདོད་མའི་མགོན་པོར་གྱུར། ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་རིན་པོ་ཆེའི་གདན་ལ་གུ་རུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཤེལ་ཕྲེང་དང་། གཡོན་པདྨ་བསྣམས་པ། ཞི་བའི་རྒྱན་རྣམས་ཀྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར་པའི་མོས་པ་མཛོད། རྡོར་དྲིལ་ཆོས་དུང་པོ་ཏི་གཏད། འགྲོ་བའི་སྡུག་བསྔལ་སྐྱོབ་པའི་ཕྱིར༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ཤོག༔ རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ལྷ་བསྒོམ་པ་སྐུའི་དམ་ཚིག་སྟེ། དམ་ཚིག་གསུམ་དང་མི་འབྲལ་བའི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེ་ཏོག་གཏོར་ལ་མངའ་གསོལ་བར་བྱའོ། །སློབ་དཔོན་ཉིད་སངས་རྒྱས་སྤྲུལ་པའི་སྐུར་གནས་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་ཤིག །ཕྱག་རྒྱ་སོགས་མཐོང་རྒྱུད་ལྟར་བྱས་ལ། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ དབང་རྣམས་ཡོངས་སུ་རྫོགས་པ་ཡིས༔ སྲིད་ཞི་ངན་འགྲོ་རྣམས་ལས་བཏོན༔ པད་མའི་བདེ་གཤེགས་ཉིད་དུ་འགྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སཏྭཾ་བྷུར་བྷུ་བ་སྭཱ་ཧཱ༔ དེ་ལྟར་ངས་ལུང་བསྟན་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར་རོ༔ ཞེས་པས་ལུང་བསྟན་དབུགས་དབྱུང་ཞིང་གཟེངས་བསྟོད། དེ་ནས་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་མདུན་བརྡར་ཏེ་མངའ་གསོལ་བར་མོས་མཛོད། འདི་གཉིས་ལས་བྱང་མཆོད་ཕྲེང་སྐབས་སུ་འབྱུང་བ་ལྟར་ལ། མཆོད་པ་འབུལ། ཞེས་པ། དབང་བསྐུར་རོ། །ཞེས་བསྒྱུར། གསུམ་པ་རྗེས་རིམ་ལ་དབང་རྗེས་ནི། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་ནས་དབང་སྲོག་དམ་ཚིག་བསྲུང་དགོས་པས། དམ་ཚིག་ལ་བསམ་གྱིས་མི་ཁྱབ་ཀྱང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག༔ དེ་ཡང་ལུས་ཐུགས་རྗེ་ཆེན་པོར་གསལ་བ༔ ངག་ཡི་གེ་བཅུ་པ་བཟླ་བ༔ ཡིད་སེམས་ཅན་ཀུན་ལ་སྙིང་རྗེ་ཚད་མེད་པ་བསྐྱེད་པའོ༔ ཡང་སྣང་བ་ཐམས་ཅད་སྐུའི་ཁྱེར་སོ༔ གྲགས་པ་ཐམས་ཅད་གསུང་གི་ཁྱེར་སོ༔ དྲན་ཚད་ཐམས་ཅད་ཐུགས་ཀྱི་ཁྱེར་སོ་དང་མ་བྲལ་བར་བྱའོ༔ ཁྱད་པར་ལྷ་བསྒོམ་པ་ཡང་སྣང་སྟོང༔ སྔགས་བཟླ་བ་ཡང་གྲགས་སྟོང༔ ཏིང་ངེ་འཛིན་བསྒོམ་པའང་དྲན་སྟོང༔ མདོར་ན་ཆོས་ཉིད་ཟད་པའི་དོན་ལ་འཇོག་པ་ནི་དམ་ཚིག་གི་མཐར་ཐུག་པའོ༔ དེ་ལྟ་བུའི་དམ་ཚིག་གི་གནས་ལས་ནམ་ཡང་འདའ་བར་མི་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག །ལུས་དབུལ། དགེ་བསྔོ་བྱས་ལ་སློབ་མ་རང་གནས་སུ་གཏང་། ཚོགས་ལ་ལོངས་སྤྱོད་ཅིང་ལྷག་མ་གཏོང་བ་ཕྱིན་དཀྱིལ་འཁོར་རྗེས་ཆོག་རྣམས་ལས་བྱང་ལྟར་ཚང་བར་གཏང་བས་འགྲུབ་བོ། །སྲིད་ལམ་དུབ་པའི་འགྲོ་བ་ཀུན། །ཐུགས་རྗེའི་སྟོབས་ཀྱིས་རང་གྲོལ་ནས། །བྱང་ཆུབ་སྙིང་པོར་སྲིད་གསུམ་གྱི། །ས་བོན་རྩད་ནས་དག་པར་ཤོག །ཚུལ་འདིར་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཆོག་ཁྲིགས་དང་། རིག་འཛིན་པདྨ་ཕྲིན་ལས་ཀྱིས་གཏེར་གཞུང་དཀྱུས་སུ་བཀོད་ཅིང་མཚམས་སྦྱོར་ཕྲན་བུས་བརྒྱན་པ་དག་བཞུགས་ཀྱང་། བློ་དམན་ལ་ཕན་པར་བསམས་ནས་ཡིག་ཆ་དེ་དག་གི་དགོངས་པ་སོར་བཞག་ལ་བརྗོད་བདེའི་མཚམས་སྦྱོར་སོགས་བཀླགས་པས་ཆོག་པར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ།། །།

མཛད་བཅུ་དབང་བཞི་དང་སྦྱར་བ་ (Volume 52, Text 21)

མཛད་བཅུ་དབང་བཞི་དང་སྦྱར་བ་བཞུགས། དབང་ཕྱུག་ལུས་དཀྱིལ་དགའ་བ་བརྒྱ་ལྡན་ནས། །གདན་གསུམ་གཉིས་འཐུང་འཕོས་ཏེ་རིག་པའི་དབང་། །ལྷུམས་ཞུགས་མངོན་བྱང་ལྔ་ཡིས་སྤྲུལ་པའི་སྐུར། །བཟོ་སྦྱངས་རྣམ་སྨིན་རིག་འཛིན་ཐོབ་བྱིན་རློབས། །གསང་བའི་དབང་གི་བདག་ཉིད་གྲགས་འཛིན་མ། །ཡིད་ཀྱི་ཆོ་གར་བཀོད་པས་རླུང་ཁམས་དག །ཤེས་རབ་ཡེ་ཤེས་བཙུན་མོའི་སྒྱུ་མ་ལས། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ཐོབ་བྱིན་རློབས། །སྲིད་པ་བཤིག་པའི་ངེས་འབྱུང་དཀའ་སྤྱད་ཀྱིས། །སྙོམས་འཇུག་བསམ་གཏན་ལ་གོམས་ལས་རླུང་བདུད། །དྷཱུ་ཏིར་བཅོམ་ནས་བྱང་ཆུབ་ཞི་བ་ཆེ། །ལྷུན་གྲུབ་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །རིམ་དང་ཅིག་ཅར་སྒྲ་ཚིག་རང་མཚན་ལས། །འདས་པའི་ཆོས་འཁོར་རིག་པའི་རྩལ་དབང་མཐར། །ཆོ་འཕྲུལ་ཆེ་བསྟན་ཉེ་བར་ཞི་བ་ལྟར། །རྫོགས་སྨིན་སྦྱངས་པའི་ཡོན་ཏན་ཐོབ་པར་ཤོག །ཅེས་པའང་ལྷོ་རྒྱུད་ནགས་མའི་ལྗོངས་ཀྱི་བུ་སློབ་རྣམ་པའི་སྣང་ངོ་དང་བསྟུན་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །། ༄༅། །ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་དབང་བཞི་ལེན་ཚུལ་བཞུགས། རྒྱལ་བ་ཐུབ་དབང་ཉིན་བྱེད་ནི། །མི་མཇེད་ཞིང་གི་སྒྲོན་མ་སྟེ། །སྤྲུལ་པས་འཛམ་བུའི་གླིང་འདུལ་བ། །གང་ལ་སྙིང་ནས་སྐྱབས་སུ་མཆི། ཁྱོད་སྐུ་རིག་གྲོལ་ཉིས་ལྡན་ཏེ། །གསུང་ནི་འགོག་ལམ་བདེན་གཉིས་ཆོས། །ཐུགས་ནི་བླ་མ་ཆོས་སྐུའི་ཞལ། །དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ལ། །རྣམ་དག་བདུན་དང་ཆབས་ཅིག་ཏུ། །ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ། །ལས་ཀྱི་གཞན་དབང་ཅི་མཐོང་ཡང་། ཁྱེད་ཤེས་དམ་བཅའ་བརྟན་པོ་འཛིན། ཁྱོད་ཞལ་མཐོང་བའི་མོད་ཉིད་ལ། །མོས་གུས་བཟོད་གླགས་མེད་པ་དེ། །བུམ་པའི་དབང་གི་ངོ་བོ་ཉིད། །ལུས་སྒྲིབ་དག་ནས་སྐུ་རྡོ་རྗེ། །ད་ལྟ་ཉིད་དུ་ཐོབ་བྱིན་རློབས། ཁྱོད་གསུང་སྒྲ་ཚིག་རང་མཚན་ལས། །འདས་པ་གསང་བ་དམ་པའི་དབང་། །བདག་གི་ངག་ལ་ཞུགས་པའི་མོད། །གསུང་གི་རྡོ་རྗེའི་དངོས་གྲུབ་སྩོལ། །ཐུགས་ནི་ཟབ་ཞི་སྤྲོས་དང་བྲལ། །བདེ་ཆེན་བྱང་ཆུབ་ཤེས་རབ་དབང་། །བདག་གི་རྣམ་ཤེས་ཚོགས་བརྒྱད་ལ། །འདྲེས་ནས་ཐུགས་ཀྱི་རྡོ་རྗེ་སྩོལ། །རྒྱལ་བའི་མཛོད་སྤུ་ལས་སྐྱེས་པའི། །འོད་ཟེར་ཆེན་པོའི་དབང་མཆོག་གིས། །ཤེས་བྱའི་སྒྲིབ་པ་རབ་སྤངས་ནས། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །བདག་ལ་སྨོད་དམ་གཤེ་ཡང་རུང་། །སེམས་ཅན་ཕ་མའི་རང་བཞིན་ལ། །བྱས་པ་གཟོ་བའི་སྙིང་རྗེ་ཡིས། །འཁོར་བ་དོང་ནས་སྤྲུག་པར་ཤོག །ཅེས་པའང་དད་ལྡན་གྱི་སློབ་མ་ཆོས་ཀྱི་གྲགས་པ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྨོན་ལམ་གསོག་པའི་ཚེ་བསྐུལ་བ་བཞིན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །། ༄༅། །རྫོགས་སྨིན་སྦྱོང་བའི་སྨོན་ལམ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །འཕགས་པ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་མི་ལུས་ཐོབ་སྙམ་ཡང་། །ལོག་ལྟས་མི་ཁོམ་གནས་སུ་བསྐྱལ། ཁ་ལྟས་རྒྱུ་འབྲས་ཁྱད་དུ་བསད། །ལས་མཐའ་ལོག་པས་རང་འབྱོར་ཉམས། །དམ་པས་མ་ཟིན་གཞན་འབྱོར་སྤངས། །འཇིགས་སྐྱོབ་ལེགས་སྨོན་ཆོས་སུ་འཁྲུལ། །དཀོར་དང་ལོག་འཚོར་བག་མེད་སྤྱད། །ཆོས་ཀྱི་གཟུགས་ལ་ཆོས་མིན་སེམས། །ཤི་མ་ཐག་ཏུ་ངན་སོང་ལས། །འགྲོ་ས་མེད་པ་བདག་གི་བློ། །སྙིང་ནས་ཆོས་ལ་འགྱུར་བར་ཤོག །དེ་ཡང་བླ་མ་དམ་པས་ཟིན། །ངེས་འབྱུང་སྐྱོ་ཤས་མོས་གུས་དང་། །སྙིང་རྗེ་བྱང་ཆུབ་དམ་པའི་སེམས། །རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེ། །སེམས་ཅན་ཀུན་ལ་ཕན་སེམས་དང་། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །བདུད་ཀྱི་བར་གཅོད་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཉམ་པ་ཡིས། །གྲངས་མེད་དང་པོའི་ཚོགས་སྦྱོར་ལམ། །ཐབས་ལ་མཁས་པས་འདུམ་པར་ཤོག །རྡོ་རྗེའི་ལམ་ལ་རྣལ་འབྱོར་བའི། །མཐོང་ལམ་བདེན་པས་མ་དག་ས། །བདུན་གྱིས་གྲངས་མེད་གཉིས་རྫོགས་ཤིང་། །དག་ས་གསུམ་གྱིས་གྲངས་མེད་མཐའ། །མཆོག་དབང་ལྷན་སྐྱེས་ཡེ་ཤེས་དབྱིངས། །མངོན་སུམ་རྫོགས་ཀྱང་ཡང་དག་མཐའ། །མངོན་དུ་མི་བྱེད་སྨོན་ལམ་རྫོགས། །སེམས་ཅན་ཡོངས་སུ་སྨིན་བྱེད་ཅིང་། །སྣོད་དང་བཅུད་ཀྱིས་བསྡུས་པ་ཡིས། །སངས་རྒྱས་ཞིང་ཁམས་སྦྱོང་བ་སྟེ། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཤོག །ཅེས་པའང་དགེ་འདུན་དོན་གྲུབ་ཀྱི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ་ (Volume 35, Text 21)

༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་དྭངས་མའི་ཙཎྜ་ལཱིས། །འཁོར་ལོ་བཞི་ཡི་སྙིགས་མ་འོད་གསལ་དུ། །སྦྱངས་པའི་མི་ཤིགས་ཐིག་ལེ་ལྷན་སྐྱེས་སྐུ །ཟུང་འཇུག་ཕྱག་རྒྱར་སྣང་དེས་བྱིན་རླབས་སྩོལ། །ཡབ་ཡུམ་གཉིས་ཀའི་རྫོགས་རིམ་གྱི། །སྨིན་བྱེད་ཡུམ་བཀའི་དཀྱིལ་འཁོར་དང་། །འབྲེལ་བའི་རྡོ་རྗེའི་གསང་ལམ་ནི། །གྲུབ་པ་བྱེ་བའི་འཇུག་ངོགས་སོ། །རིག་འཛིན་རྩ་བའི་དཀྱིལ་འཁོར་དུ་དབང་དང་དམ་ཚིག་ལེགས་པར་བཟུང་ཞིང་བསྐྱེད་བཟླས་ཀྱི་རྣལ་འབྱོར་སྔོན་དུ་སོང་བས་གཏུམ་མོ་དང་གཅོད་ཁྲིད་ལ་བསླབ་པར་འདོད་པས། དེ་དག་གི་སྨིན་བྱེད་བྱིན་རླབས་ཀྱི་སྒོ་འབྱེད་དུས་ཀྱི་བཀའ་རྒྱ་བཀྲོལ་པ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་དབང་བཞི་ཆ་ལག་བཅས་ནོད་པར་བྱ་དགོས་པས། དེ་ལ་གསུམ། སྔོན་དངོས་རྗེས་སོ། །དང་པོ་སྔོན་དུ་བྱ་བ་དུར་ཁྲོད་སོགས་དབེན་པའི་གནས་སུ། དུས་ཡར་མར་གྱི་ཚེས་བཅུ་ལྟ་བུར། དབང་སྟེགས་འཇམ་ཞིང་ཁོད་སྙོམས་པར་ཆང་དང་བདུད་རྩི་ལྔས་ཆག་ཆག་བཏབ་ལ་དཀྱིལ་འཁོར་ཆོས་འབྱུང་དམར་པོ་བསྣོལ་མ། མཐའ་སྐོར་འོད་ལྔའི་མུ་ཁྱུད་དང་། ཐོད་ར། རྡོར་ཕྲེང་། མེ་རི་རྣམས་ཀྱིས་རིམ་པ་ལྟར་བསྐོར་བའི་དབུས་སུ་དགའ་འཁྱིལ་དང་ཟླ་ཉིའི་གདན་ལ་རྡོ་རྗེ་གྲི་གུག་ཧྲཱིཿཡིག་གིས་མཚན་པ། དེའི་དབུས་སུ་ལྡིང་ཁྲིའི་ཁར་བུམ་པ་མགུལ་ཆིངས་དམར་པོ་བཅུད་ཀྱིས་བལྟམས་པ། ཁ་རྒྱན་ཀུ་ཤ་དང་རྨ་བྱའི་སྒྲོ་མདོངས་ཤེལ་རྡོ་སོགས་བཀོད་པའི་འོག་ཏུ་མར་མེ་སྦར་ཞིང་། དེ་དག་གི་མདུན་ནམ་ཇི་ལྟར་བདེ་བར་ཐོད་པ་བཅུད་ཀྱིས་བཀང་བ་དར་དམར་གྱི་ཁེབས་ཅན། སྟེང་དུ་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་དབུས་སུ་པདྨ་འདབ་བཞི་ལྟེ་བར་དགའ་འཁྱིལ་ཧྲཱིཿས་མཚན་པ། འདབ་བཞིར་ཧ་རི་ནི་ས་བྲིས་པ་བཞག་ལ་དར་དམར་གྱི་གུར་ཕུབ། མེ་ལོང་གཡའ་དག་དང་རིག་མའི་ཙཀ་ལི། དཔལ་འབར་མཐོ་གང་ལས་མི་ཐུང་བ་ལྔ། བམ་གཟུགས་བདུད་རྩི་ལྔ་དང་བཅས་པ། བྱུག་རྫས་རོ་སོལ། ཐོད་རྔ་རྐང་གླིང་རྣམས་བཀོད། མཐའ་སྐོར་དུ་ཕྱི་ནང་གསང་བའི་མཆོད་རྫས་ཚོགས་ཀྱི་འཁོར་ལོ་དང་བཅས་པ་མ་ཚང་བ་མེད་པ་དང་། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་བཀོད་ལེགས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐོག་མར་དཀྱིལ་འཁོར་སྒྲུབ་པ་ནི། སློབ་དཔོན་སྒོམ་ཐག་ཨང་རག་རས་གོས་བཞེས་ཤིང་། སློབ་མ་རྣམས་ཀྱང་དེ་ལྟར་མཛད་པ་འབྲས་ལྗོངས་རྫོགས་ཆེན་པའི་ཕྱག་བཞེས་ཡིན་པར་སྣང་ཡང་དཀྱུས་འགྲེ་ཙམ་ལ་ཇི་ལྟར་འོས་པས་འཁོད་ནས། རིག་འཛིན་ཡབ་བཀའི་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། ཕག་མོའི་ལས་གཞུང་ཚོགས་ཀྱི་མཐར་ཐུག་པ་བདག་མདུན་བུམ་གསུམ་དབྱེར་མེད་ངོ་བོ་གཅིག་མའི་དགོངས་པ་ལས་མི་འདའ་བའི་ངང་ནས་བྱ་ཞིང་། ལས་བུམ་རྩ་དབང་ལྟར་བསྒྲུབ། དེ་ནས་བཀའ་སྲུང་གི་སྐོང་གསོ་དང་། བདག་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པ་ཡང་དབང་ཆོག་སྤྱིའི་འགྲོས་ལྟར་བླང་བར་བྱའོ། །གཉིས་པ་དབང་བསྐུར་བའི་རིམ་པ་དངོས་ནི། སློབ་མ་རྣམས་རས་རྐྱང་མ་འགྲུབ་ན་རྟེན་འབྲེལ་མཚོན་བྱེད་སྟོད་གཡོགས་རས་དཀར་སོགས་བགོས། ཕྱི་རོལ་དུ་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་ལས་བྱང་ལྟར་བྱས་ལ། སེམས་བསྐྱེད་གསལ་གདབ། སྤྲོ་ན་ཆོས་བཤད་སྤྱི་ལྟར་བྱས་ལ། འདིར་ཡེ་ཤེས་མཁའ་འགྲོ་པདྨ་མདངས་གསལ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས། རིག་འཛིན་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་ཧེ་རུ་ཀ་ཆེན་པོ། ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ནམ་མཁའ་འཇིགས་མེད་ཀྱི་དག་པའི་གཟིགས་སྣང་དུ་ཤར་བའི་ཟབ་ལམ་རིག་འཛིན་སྲོག་སྒྲུབ་ཅེས་རིག་འཛིན་ཌཱ་ཀིའི་བླ་རྡོ་དོ་ཟླ་དང་བྲལ་བ་དེ་ཉིད་ལ་ཡབ་བཀའ་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་བསྐྱེད་རྫོགས་དང་། ཡུམ་བཀའ་རྡོ་རྗེ་ཕག་མོའི་བསྐྱེད་རྫོགས་ཀྱི་སྐོར་སོ་སོར་བཞུགས་པ་ལས། འདིར་ནི་གཉིས་ཀའི་རྫོགས་རིམ་ཟབ་པའི་མཐར་ཐུག་རྨད་དུ་བྱུང་བ་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཞེས་གྲགས་པ་དེ་ཉིད་ཀྱི་སྨིན་བྱེད་མེ་དབང་དང་འབྲེལ་བ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་སྨིན་གྲོལ་གྱི་སྣོད་རུང་དུ་བསྒྲུབ་པའི་ཆོས་རྒྱུད་དག་པར་བྱེད་པ་ལ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་སྲིད་པ་གསུམ་གྱི་དཔའ་བོ་རྣལ་འབྱོར་མ་དང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་གསལ་བཏབ་སྟེ། ཚེ་རབས་ཀྱི་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་དབང་ནོད་པ་ལ་སྒྲིབ་བྱེད་ཀྱི་འགལ་རྐྱེན་དུ་གྱུར་པའི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་བསམ་ལ། བཤགས་པའི་ཚིག་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་བྱས་ལ་བཤགས་རྒྱུད་ལས་འབྱུང་བའི་ཡེ་ཤེས་མཁའ་འགྲོའི་བཤགས་ལེའམ། དགོངས་འདུས་དང་འཇའ་ཚོན་ཟབ་གཏེར་ལས་འབྱུང་བ་ལྟ་བུའི་མཁའ་འགྲོའི་སྨྲེ་བཤགས་ཀྱི་རིམ་པ་གང་འགྲུབ་བྱར་གཞུག །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་ཀུན་འདུས་པ་སྐྱབས་ཀྱི་མཆོག །འགྲོ་ཀུན་ཐར་པའི་ལམ་སྟོན་རིན་པོ་ཆེ། །མགོན་མེད་བདག་ལ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ལུས་ངག་ཡིད་ལ་གཏུམ་མོའི་དབང་བཞི་སྐུར། །ཅེས་ལན་གསུམ་བྱ། སླར་ཡང་སྐྱབས་ཡུལ་རྣམས་ལམ་གྱིས་གསལ་བའི་སྤྱན་སྔར་དད་གདུང་ཆེན་པོས་སྡོམ་པ་ཐོབ་འདོད་དང་བསླབ་བྱ་ལ་བསླབ་འདོད་ཀྱི་བསམ་པ་ཞེ་ཐག་པ་ནས་བྱས་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐུན་མོང་དུ་བྱ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྲིད་ཞིའི་དྭངས་བཅུད་ཆོས་དབྱིངས་ཐིག་ལེའི་ངང༔ རྒྱལ་ཀུན་དགོངས་གསང་འོད་གསལ་སྙིང་པོའི་བཅུད༔ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམ་ཆེན་ལ༔ སྐྱབས་སུ་མཆི་འོ་སྨོན་འཇུག་མཆོག་སེམས་བསྐྱེད༔ ལན་གསུམ། དེ་ནས་དབང་གི་སྔོན་འགྲོ་དང་དངོས་གཞིའི་སྐབས་སུ་ཐོབ་པ་དང་འཐོབ་འགྱུར་གྱི་སྡོམ་པ་ཐམས་ཅད་སྐད་ཅིག་ཙམ་ཡང་མི་ཉམས་པར་བསྲུང་བར་བགྱིད། བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་མཛད་དུ་གསོལ་སྙམ་པས་སྡོམ་པ་གཟུང་བ་འདིའི་རྗེས་ཟློས་མཛོད། ཡང་དག་སྡོམ་དང་དམ་ཚིག་ཚུལ་བཞིན་བསྲུང་། །དྭངས་མ་འཇའ་ལུས་མེ་ཡི་དབང་མཆོག་དེ། །བདག་གི་རྒྱུད་ལ་ད་ལྟ་བསྐུར་དུ་གསོལ། །ལན་གསུམ། དེ་ལྟར་ཁས་བླངས་པའི་རྗེས་ཐོབ་ཏུ་ཡང་དམ་ཚིག་གི་གལ་མདོ་བསྒྲག་པ་ཡིན་པས་དམ་སྡོམ་གྱི་རིམ་པ་རྣམས་སྲོག་ལ་བབ་ཀྱང་མི་ཉམས་པར་བསྲུང་དགོས་ཤིང་། དམ་ལས་འདས་ན་དམ་ཚིག་གི་མནའ་ཆུ་ལྕེ་ལ་བླུད་པ་འདི་ཉིད་སྙིང་དབུས་སུ་བརྟན་པར་བྱས་པ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ཁྲག་རྔུབ་ཅིང་ན་རག་གི་གནས་སུ་འཚེད་པར་གདོན་མི་ཟ་ལ། མ་ཉམས་པར་ཚུལ་བཞིན་དུ་བསྲུངས་པར་གྱུར་ན་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་ངེས་པར་མཛོད། ཅེས་དམ་ཆུ་བླུད་ཅིང་རྡོ་རྗེ་སྙིང་གར་གཏུགས་ལ། ང་ནི་དེང་ནས་ཁྱོད་ཀྱི་རིགས་བདག་ཆེ། །དཀྱིལ་འཁོར་དམ་པའི་དབང་བཞི་བསྐུར་བར་བྱ། །ཕྱི་ནང་གསང་བ་དཀྱིལ་འཁོར་བླ་མེད་ཀྱི། །དམ་ཚིག་སྡོམ་པ་སྲོག་ལ་བབ་ཀྱང་སྲུངས། །གལ་ཏེ་ཉམས་ན་མནར་མེད་སྐྱེ་འགྱུར་ཞིང་། །ཐར་པའི་ས་བོན་རྩ་བ་རུལ་བར་འགྱུར། །དེ་ཕྱིར་ཁྱོད་ཀྱིས་མ་ཉམས་ཡོན་ཏན་མཆོག །བསམ་གྱིས་མི་ཁྱབ་སྲོག་གི་ཆུ་འདི་ཐུངས། །ས་མ་ཡ། ཨི་དན་ན་ར་ཀན། ཞེས་བརྗོད། དེ་ནས་དབང་གི་གཞི་སྒྲུབ་པ་ལ་ཁྱེད་རང་རྣམས་ལུས་གནད་གཅུན་ཅིང་རླུང་རོ་བསལ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ལས་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་ཀ་དག་དེ་བཞིན་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལས། ས་ཕྱོགས་འདི་ཉིད་དག་པ་ཡེ་ཤེས་ཀྱི་རང་རྩལ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་བསྣོལ་མ་ཕྱི་དཀར་ལ་ནང་དམར་བ་དེའི་ཁོངས་སུ་དགའ་བ་འཁྱིལ་བ་པདྨ་ཟླ་ཉི་བམ་རོ་དང་བཅས་པའི་གདན་ལ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ། དེ་ཉིད་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་འོད་འཚེར་བ། གཅེར་བུ་ནུ་མ་དང་བྷ་གའི་འཁོར་ལོ་རབ་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞབས་གཡས་བསྐུམ་པའི་རྟིང་པ་གསང་གནས་སུ་གཏད་པ། གཡོན་བརྐྱང་པས་བམ་རོའི་སྙིང་གར་བརྫིས་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། དབུ་སྐྲ་ཁམ་སེར་གཙུག་ཏུ་བཅིངས་པའི་ལྷག་མ་ཐུར་དུ་གྲོལ་བ། སྤྱི་ལྟག་གཡས་ནས་ཕག་ཞལ་ནག་མོ་ངུར་སྒྲ་འབྱིན་པ། མཆན་ཁུང་གཡོན་དུ་ཡབ་དཔའ་བོ་རྟ་མགྲིན་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་བསྒྲེང་པ། རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་དར་དཔྱང་དྲིལ་གཡེར་སོགས་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་དཀར་མོ། མགྲིན་པར་རིན་ཆེན་མཁའ་འགྲོ་སེར་མོ། སྙིང་གར་སངས་རྒྱས་མཁའ་འགྲོ་མཐིང་ག །ལྟེ་བར་པདྨ་མཁའ་འགྲོ་དམར་མོ། གསང་བར་ལས་ཀྱི་མཁའ་འགྲོ་ལྗང་གུ་རྣམས་ཆ་ལུགས་གཙོ་མོ་དང་མཚུངས་པ། དེ་རྣམས་ཀྱི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རྣམས་དང་། ཁྱད་པར་དུ་ཡང་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་ལ་སོགས་པར་བཞུགས་པའི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་དཔའ་བོ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་བ་ལས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད། རྡོ་རྗེ་ཕག་མོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་ལ་སོགས་པའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་སྩོལ་མེད་དུ་སྐྱེས་པའི་མོས་པ་མ་ཡེངས་པར་མཛོད། ཅེས་ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་པོའི་སྤོས་བཏུལ་ཞིང་རོལ་མོའི་འགྱུར་བ་དང་བཅས་སྔོན་བསྐལ་མ་དང་། ཧྲཱི༔ དམ་ཚིག་དེ་ལྟར་གསལ་བའི་གནས་ལྔ་ནས༔ སོགས་ལས་གཞུང་གི་སྤྱན་འདྲེན་དང་རྩ་སྔགས་ཀྱི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་པས་བྱིན་ཕབ། དེ་ལྟར་ཡེ་ཤེས་ཕེབ་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ཐུགས་རྒྱུད་ལ་བརྟན་པར་བྱས་བྱུང་སྙམ་པའི་མོས་པ་མཛོད་བྱས་ལ་རྡོ་རྗེ་སྤྱི་བོར་བཞག་ཅིང་། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་དབང་དངོས་གཞི་གསན་པའི་སླད་དུ་ཞིང་ཁམས་འབུལ་བར་ཞུ་ཞེས་མཎྜལ་འབུལ། བུམ་དབང་ནི། བུམ་པ་བཏེགས་ལ། བུམ་པ་འདི་ཕྱི་བུམ་པའི་རྣམ་པ་ལ་ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱ་ཁྱོན་མཐའ་ལས་འདས་པ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་བསྣོལ་མའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཏིལ་གྱི་ཕུང་པོ་ཁ་བྱེ་བ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོའི་རྒྱུན་སྐྱ་ནར་གྱིས་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས་དཀར་མེར་གྱིས་གང་། བཅོམ་ལྡན་འདས་མའི་ལྷ་ཚོགས་དཔག་ཏུ་མེད་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཡང་རང་ལུས་དང་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བྱས་ལ་བུམ་པ་སྤྱི་བོར་བཞག་ཅིང་། ཧྲཱིཿ ཆོས་དབྱིངས་གཞོན་ནུ་བུམ་པའི་འཇའ་གུར་ཀློང་། །འོད་ཟེར་དྲྭ་བ་འཁྲིགས་པའི་དུར་ཁྲོད་ནས། །ཉེར་བཞིའི་རིགས་ལྔ་ཌཱ་ཀི་འབུམ་ཕྲག་གཙོ། །ཀུན་བཟང་རྡོ་རྗེ་བཙུན་མོའི་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་བླུད་དོ། །དེས་ལུས་ཀྱི་སྒྲིབ་པ་སྦྱངས། བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ་ཤིས་པ་བརྗོད། གསང་དབང་ནི། ཐོད་པ་བཏེགས་ལ། རང་བྱུང་གི་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་འདི་ཉིད་ཀྱི་ནང་དུ་བཅོམ་ལྡན་འདས་མའི་གསུང་གསང་མགུལ་གྱི་བུམ་པ་ལས་ཨཱཿཡིག་པདྨ་རཱ་གའི་མདངས་དང་ལྡན་པ་ཞིག་འཕྲོས། དེའི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་ཕྱི་ནང་སྣོད་བཅུད་འབྱུང་ལྔའི་དྭངས་བཅུད་ཐམས་ཅད་འུབ་ཀྱིས་བསྡུས་པ། ཨཱ་ལི་ཀཱ་ལི་དང་དཔའ་བོ་ཌཱ་ཀིའི་སྲོག་ཡིག་གི་རྣམ་པར་ལྟེམ་མེར་གྱིས་གྱུར་པ་འོད་དུ་ཞུ་བའི་བདུད་རྩི་འདི་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པས་རྡོ་རྗེའི་ཕུང་ཁམས་ཐམས་ཅད་འོད་ཟེར་དམར་པོས་ལྟེམ་གྱིས་གང། གསུང་གསང་འགག་པ་མེད་པའི་སྒྲ་དབྱངས་དང་ལྡན་པར་གྱུར་སྙམ་པ་མཛོད། ཅེས་མགྲིན་པར་གཏད། ཧྲཱིཿ ཐོད་པ་མཚན་ལྡན་ཆོས་དབྱིངས་ཡངས་པའི་ཀློང་། །ཟག་མེད་བདུད་རྩི་པདྨ་རཱ་གའི་མདོག །གྲགས་སྟོང་རྡོ་རྗེ་རྒྱལ་ཀུན་གསུང་གསང་བའི། །དོན་ལ་དབང་སྒྱུར་ལོངས་སྐུར་སངས་རྒྱས་ཤོག །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཝཱ་ཀ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བདུད་རྩི་བླུད། དེས་ངག་གི་སྒྲིབ་པ་སྦྱངས། གསང་བའི་དབང་ཐོབ། ལམ་རླུང་སྔགས་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་དུ་གྱུར་སྙམ་པ་མཛོད། ཅེས་དང་ཤིས་པ་བརྗོད། ཤེར་དབང་ནི། རིག་མའི་ཙཀླི་ཐོགས་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་གྱི་སྐུར་གནས་གྱུར་པ་ལ་ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པ་འདོད་པའི་སྒྱུ་ཐབས་ལ་མཁས་པ་ཞིག་ཕུལ་བས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་ཏེ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པ་གཉུག་མ་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟོགས་པར་གྱུར་པའི་མོས་པ་མཛོད། ཅེས་ལག་གཡོན་དུ་གཏད་ལ། ཧྲཱིཿ འདི་ནི་དེ་བཞིན་གཤེགས་པ་ཡི། །བདག་མེད་སྟོང་པའི་ཡུམ་ཆེན་མཆོག །རིགས་ལྔ་ཌཱ་ཀི་མཚན་ལྡན་མ། །བདེ་ཆེན་ཡུམ་དུ་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་མ་མ་སིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དར་གཅིག་དབང་དོན་བསྒོམ་བཅུག་གོ །དེས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བདེ་སྟོང་དགའ་བཞིའི་ཉམས་ལེན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར་སྙམ་པ་མཛོད། ཅེས་ཤིས་པ་བརྗོད། ཚིག་དབང་ནི། དེ་ཡང་ཁྱེད་རང་རྣམས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་རླུང་རྩོལ་མེད་དུ་བཞག །ཡིད་སྔ་ཕྱིའི་འགྱུ་འཕྲོ་ཐམས་ཅད་དང་བྲལ་བའི་ད་ལྟར་གྱི་ཤེས་པ་བཟོ་བཅོས་མེད་པ་སྟོན་གནམ་གཡའ་དག་པ་ལྟ་བུའི་ངང་དུ་ཧྲིག་གེ་མ་ཡེངས་པར་མཉམ་པར་ཞོག་མཛོད། བྱས་ལ་ཤེལ་རྡོ་དང་མེ་ལོང་རྨ་བྱའི་མདོངས་རྣམས་ཕྱར་ཏེ། ཧྲཱིཿ ཆོས་སྐུ་མན་ཤེལ་དག་པ་ལ། །ལོངས་སྐུ་འགག་མེད་མེ་ལོང་གཟུགས། །སྤྲུལ་སྐུ་རྨ་བྱའི་མདོངས་འོད་ལྟར། །གཉིས་མེད་དྭངས་པའི་རྣམ་རོལ་ཀུན། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་དཔེ། །ནམ་མཁའི་ཀློང་དུ་རོ་གཅིག་པས། །སྣང་སྲིད་དབྱིངས་རིག་དྭངས་མའི་ངང་། །སྐྱེ་འགག་བྲལ་བའི་དབང་བསྐུར་རོ། །ངོ་སྤྲོད་པ་ནི། དེའང་རང་བྱུང་གི་ཤེལ་དྲི་མ་མེད་པ་འོད་ལྔ་གཏིང་གསལ་དུ་སྣང་བ་འདི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་སྐུ་དྲི་མ་མེད་པ་མཚོན་བྱེད་ཡིན་ནོ། །མེ་ལོང་གཡའ་དང་བྲལ་བ་ནི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང། རྨ་བྱའི་མདོངས་ནི་གསལ་སྟོང་དབྱེར་མེད་ཀྱི་རང་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ་མཚོན་པ་སྟེ། དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། ད་ལྟ་མཉམ་པར་བཞག་པའི་རང་དུས་ན་སེམས་ཀྱི་ངོ་བོ་སྟོང་སང་ངེ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ངོ་བོ་སྟོང་པ་ཞེས་བྱ། དེའི་མདངས་མ་འགགས་པར་གསལ་ལྷག་གེར་འདུག་པ་རང་བཞིན་གསལ་བ་དང་། དེ་ལས་རང་བྱུང་གི་རིག་མདངས་མ་འགགས་པའི་མཁྱེན་ཆ་ལ་ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་རང་ཆས་ལྷུན་གྲུབ་ཏུ་ཚང་བ་འདི་ཡིན་ནོ། །ཡང་མཉམ་བཞག་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་མིག་དང་སེམས་གཉིས་ཀ་འཇུག་པ་མཚུངས་པར་ཤར་ལྷོ་ནུབ་བྱང་སྟེང་ཕྱོགས་བཞིའི་ནམ་མཁའ་ལ་རིམ་པ་བཞིན་དུ་མ་ཡེངས་པར་ལྟོས་ཤིག །ཅེས་བྱས་ལ་ཕྱོགས་བཞིར་སྡིགས་མཛུབ་གཏོད་པ་དང་ལྷན་ཏུ་ཕཊ྄ཿདྲག་ཏུ་བརྗོད་ཅིང་། དེ་ལྟར་ཕྱོགས་བཞིར་གཏོད་པར་སེམས་ས་དང་གཏོད་ས་གཏོད་མཁན་ཐམས་ཅད་དོན་དུ་རང་གི་སེམས་ཁོ་ན་ཡིན་ཏེ། སེམས་ཉིད་རང་ཤར་རང་གྲོལ་རྟོག་པ་དགག་སྒྲུབ་མེད་པའི་ཐ་མལ་ཤེས་པ་སོ་ཡག་གེ་བ་འདི་རང་བྱུང་གི་རིག་པ་ཡིན་པར་ཤེས་པར་གྱིས་ལ་བརྗོད་བྲལ་གྱི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཞེས་དར་གཅིག་མཉམ་པར་འཇོག་བཅུག་གོ །དེས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱངས། ཚིག་དབང་རིན་པོ་ཆེ་ཐོབ། ལམ་བློ་འདས་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་དུ་གྱུར་སྙམ་པ་མཛོད་བྱས་ལ་ཤིས་པ་བརྗོད། དེས་རྩ་བའི་དབང་བཞི་ལེགས་པར་གྲུབ་ནས། ཡན་ལག་གཏུམ་མོའི་མེ་དབང་གསན་པའི་སླད་དུ་ཞིང་ཁམས་འབུལ་བར་ཞུ། ཁྱེད་རང་རྣམས་ལུས་གནད་མེ་ཐབ་དྲུག་བཅིངས་ཀྱི་འདུག་སྟངས་དང་ལྡན་པས་གཞི་ལུས་འདི་ཉིད་རྡོ་རྗེ་ཕག་མོ་སྔར་སྨྲོས་པའི་མཚན་ཉིད་ཅན་དུ་གསལ་བའི་སྨིན་མཚམས་སུ་གཡུང་དྲུང་དམར་པོ་གཅིག་གཡོན་དུ་སྒ་ར་ར་འཁོར་བར་བསམས་ཏེ། བདག་སློབ་དཔོན་དང་དཀྱིལ་འཁོར་གཙོ་བོ་གཉིས་སུ་མེད་པ་ལ་མོས་གུས་དུང་དུང་བ་ཞིག་མཛད་པའི་རྐྱེན་གྱིས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་མུ་མཐའ་མེད་པ་མཁའ་ཁྱབ་ཏུ་འཕྲོས་པས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་གསང་བ་གསུམ་གྱི་བྱིན་རླབས་མ་ལུས་པ་འོད་དང་འོད་ཟེར་དཔའ་བོ་རྣལ་འབྱོར་མའི་རྣལ་པར་ཆར་བཞིན་བབས་པ་ལུས་ཀྱི་གནས་རྣམས་སུ་སིབ་སིབ་ཐིམ་པས། ལུས་ལ་བདེ་དྲོད། ངག་ལ་ནུས་པ། སེམས་ལ་ཉམས་རྟོགས་སོགས་རྩོལ་མེད་དུ་སྐྱེས་པའི་མོས་པ་མཛོད། སྦྱར་སྤོས་རོལ་མོ་དབྱངས་བཅས། ཨོཾ་བཛྲ་གུ་རུ་བཻ་རོ་ཙ་ནི་ཡཻ་སརྦ་ན་མོཿ དྭངས་མའི་ཆོས་དབྱིངས་ཕ་མཐའ་སྲིད་པའི་ཁམས༔ ཀུན་བཟང་སྣང་བ་མཐའ་ཡས་འོད་དཔག་མེད༔ རིག་འཛིན་དཔའ་བོ་ཌཱ་ཀི་སྡེ་ལྔའི་ཚོགས༔ གཅིག་ཆར་བྱིན་རླབས་འོད་ཕུང་ཆི་ལི་ལི༔ དགོངས་བརྡ་སྙན་བརྒྱུད་ཕྱོགས་དུས་རྒྱལ་བ་དང༔ བཀའ་གཏེར་མན་ངག་ཆུ་བོའི་མགོ་འཛིན་པའི༔ རྩ་བརྒྱུད་བླ་མ་ཡི་དམ་ཌཱ་ཀི་རྣམས༔ བྱིན་རླབས་སྣང་སྲིད་འོད་སྐུར་ཐོ་ལོ་ལོ༔ འོད་ལྔ་འཁྲུགས་པའི་དབྱིངས་ཀུན་སྐུ་དང་གསུང༔ ཐུགས་མཆོག་འོད་ཟེར་འབར་བའི་ཕྱག་མཚན་དཀྱིལ༔ དཔའ་བོའི་ཧཱུྃ་སྒྲ་དཔའ་མོའི་བཤུག་གླུ་དང༔ ཁྲོ་རྒྱལ་ཕོ་མོའི་གད་རྒྱངས་ཡ་ལ་ལ༔ མཐུ་ལྡན་ཆོས་སྲུང་འབུམ་ཕྲག་དྷཱ་ཀི་འཁྲིགས༔ སྤོས་སྤྲིན་འཇའ་ཟེར་དྭངས་མའི་རང་འོད་དང༔ སྲིད་ཞིའི་ཁམས་ཀུན་སྙན་པའི་རོལ་མོར་བཅས༔ རྡོ་རྗེ་ཕག་མོས་དབྱིངས་ནས་བྱིན་ཕོབ་ཅིག༔ ཕུང་ཁམས་ཁ་དོག་ལྔ་ཡི་འོད་ཟེར་གྱིས༔ དྭངས་མར་སྦྱངས་པའི་འཇའ་ལུས་རྡོ་རྗེའི་སྐུ༔ དབང་བཞིའི་བཅུད་ཀྱིས་མཁའ་འགྲོ་སྡེ་ལྔར་གྲོལ༔ བདེ་ཆེན་ཟག་མེད་ཆོས་ཉིད་ཟད་སར་ཨ༔ ཨོཾ་བཛྲ་བཻ་རོ་ཙ་ནི་ཡཻ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་བརྗོད། དེས་བྱིན་རླབས་འབེབ་པ་སྔོན་དུ་སོང་ནས། དངོས་གཞི་ལ་སྤྱན་དམིགས་འདི་བཞིན་དུ་མཛད་འཚལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། དཀྱིལ་འཁོར་དབུས་ཀྱི་མར་མེ་འདི་ཉིད་ཕག་མོའི་ལྷ་ཚོགས་སུ་གསལ་བའི་ལྟེ་བའི་ཨ་ཤད་ལས་མེ་འབར་ཏེ་སྐུའི་གནས་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་གྱིས་ལྟེམ་མེར་གྱིས་ཡོངས་སུ་གང་བར་གྱུར་པའི་སྤྱི་བོ་ལས་མེའི་དྭངས་མ་ཨོཾ་དཀར་པོ། མགྲིན་པ་ནས་མེའི་དྭངས་མ་ཨཱཿདམར་པོ། ཐུགས་ཀ་ནས་མེའི་དྭངས་མ་ཧཱུྃ་སྔོན་པོ། ལྟེ་བ་ནས་མེའི་དྭངས་མ་རཾ་སེར་པོ། གསང་གནས་ནས་མེའི་དྭངས་མ་ས་ལྗང་གུ་རྣམས་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་ལྔ་སོ་སོར་ཐིམ་པའི་མོས་པ་མཛོད། བྱས་ལ་རོལ་མོ་བྱ། དེ་ནས་དཔལ་འབར་ལ་བསང་ཆུ་འཐོར་ལ་མེ་སྦར་བ་བཟུང་སྟེ། དཔལ་འབར་གྱི་མེ་ཡེ་ཤེས་ལྔ་ལྡན་གྱི་མཚོན་བྱེད་བྱས་པ་འདི་གདེངས་ཤིང་བསྐོར་བའི་ཚེ། དཀྱིལ་འཁོར་གྱི་གཙོ་མོ་ཉིད་དང་། གཞན་ཡང་སྣང་སྲིད་ཐམས་ཅད་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་གྱུར་པ་རྣམས་ཀྱི་གནས་ལྔ་ལས་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་གྱི་འཇའ་ཕུང་དྲྭ་བར་འཁྲིགས་པས་མ་དག་པའི་དངོས་འཛིན་སྒྲིབ་གསུམ་ཕྲ་རགས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ཏེ། མེ་དཔུང་རྣམས་ཁྱེད་རང་གི་ལྟེ་བའི་ཨ་ཤད་ལ་ཕོག་པས། བདེ་དྲོད་ཀྱི་མེ་དཔུང་ཆེས་ཆེར་དུ་འབར་ཏེ་ངོ་བོ་བཅོམ་ལྡན་འདས་མ་ལ་རྣམ་པ་སྣང་སྲིད་ཐམས་ཅད་མེ་དཔུང་ཁ་དོག་ལྔ་ལྡན་དུ་གྱུར་པའི་མོས་པ་མཛོད། ཅེས་དཔལ་འབར་གདེངས་བསྐོར་བྱ་ཞིང་། ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། ཧྲཱིཿ མེ་དཔུང་འོད་སྣང་དུར་ཁྲོད་གཞལ་ཡས་ནས། །བདེ་སྟོང་རྡོ་རྗེ་གཙོ་མོ་རིགས་ལྔའི་གཙོ། །དཔའ་བོ་ཌཱ་ཀི་གནས་ལྔའི་འོད་ཟེར་གྱིས། །སྐལ་ལྡན་རྣམས་ལ་དབང་སྐུར་བྱིན་ཕོབ་ཅིག །ཅེས་བརྗོད། དེས་བདེ་སྟོང་གཏུམ་མོའི་མེ་དབང་གྲུབ་པ་ཡིན་ཞིང་། འདིའི་དམ་ཚིག་ཏུ་རས་རྐྱང་ལོ་གསུམ་གྱི་དམ་བཅའ་དང་རྟག་ཏུ་གྲང་བ་ཡིད་ལ་མི་བྱ་ཞིང་གཏུམ་མོ་བདེ་ཆེན་གྱི་ཉམས་ལེན་ལ་ལྟེམ་རྐྱང་མེད་པར་མཛད་དགོས་པ་ལགས། དེའི་མཐའ་རྟེན་དུ་སྤྱོད་པའི་ཆས་དབང་བསྐུར་བའི་དམ་རྫས་བདུད་རྩི་དང་བམ་ཆེན་བྱུག་རྫས་རྐང་གླིང་ཐོད་རྔ་ཐོགས་ལ། བརྟུལ་ཞུགས་སྤྱོད་པའི་རྫས་འདི་དག་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་ཕུལ་ཞིང་ལོངས་སྤྱོད་པའི་གནས་སྐབས་ན། དཔའ་བོ་དང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་མངའ་གསོལ་ཞིང་དབུགས་དབྱུང་བར་མཛད་བྱུང་སྙམ་པའི་མོས་པ་མཛོད། དཔའ་བོ་ཁྱོད་ཀྱིས་འདི་ཟུངས་ལ། །མ་ཚོགས་དབང་དུ་བསྡུ་བ་དང་། །ཟག་མེད་བདེ་ཆེན་རོལ་པའི་ཕྱིར། །དབང་ཕྱུག་བརྟུལ་ཞུགས་མཆོག་བརྟེན་ནས། །ཟག་མེད་རྡོ་རྗེའི་སྲོག་ལམ་ལས། །འཕོ་མེད་འོད་སྐུར་ལ་ཟློས་ཤིག །འབར་བའི་བདེ་དྲོད་འཇའ་གུར་འཁྱིལ་པ་ཡིས། །སྣང་སྲིད་ཐམས་ཅད་ཆུ་ཟླ་སྤྲུལ་པ་དང་། །ཟག་མེད་སྒྱུ་འཕྲུལ་མཁའ་སྤྱོད་རྡོ་རྗེའི་ཞིང་། །དཔའ་བོའི་དབང་ཕྱུག་ཆེན་པོར་དབུགས་དབྱུང་ངོ་། །ཞེས་བརྗོད་ཅིང་བམ་དང་བདུད་རྩི་བཟར་གཞུག །རོ་སོལ་བྱུག །རྐང་གླིང་སོགས་ལག་ཏུ་གཏད་དོ། །དེས་སྤྱོད་པའི་དབང་བསྐུར་ཐོབ་པས་དམ་ཚིག་ཏུ་རྣལ་འབྱོར་པའི་ཆས་གོས་སྤྱི་བྱེ་བྲག་རྣམས་མི་འབྲལ་བར་བཅང་བ་དང་། གོང་དུ་བསྟན་པའི་བསྐྱེད་རྫོགས་རྣམས་ལ་རིམ་གྱིས་ཉམས་མྱོང་གིས་དྲོད་རྟགས་ཐོན་པར་བྱས་ཏེ། དབང་བསྒྱུར་གྱི་སྤྱོད་པས་དུར་ཁྲོད་དང་ཡུལ་གྲུ་མ་ངེས་པ་དུ་མར་དཔའ་བོ་རྣལ་འབྱོར་མ་རྣམས་དང་སྤྱོད་ཡུལ་མཉམ་པར་རྒྱུ་ཞིང་གང་ལའང་འཇིགས་པ་མེད་པས་སྲིད་པ་ཟིལ་གྱིས་གནོན་པའི་བརྟུལ་ཞུགས་ལ་བསླབ་དགོས་པ་ལགས། ཞེས་དང་ཤིས་པ་བརྗོད། སྨིན་སློབ་ཏུ་བྱེད་ན་བུམ་དབང་གི་ཐོག་མར་བྱིན་འབེབ་སྐབས་སུ་གཏུམ་མོ་པདྨའི་གྲུ་གཟིངས་ནས་གསུངས་པའི་དམིགས་པ་ཚང་བ་འབོགས་པ་ནས། སྐབས་འདིར་ཕག་མོའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་རྣམས་སྐབས་ཇི་ལྟར་རིགས་པར་སྦྲེལ་བར་བྱའོ། །དེ་དག་རྣམས་ཀྱིས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་ལེགས་པར་ཕུལ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་ཁས་བླང་མན་ཆད་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་དང་། ཆད་ཐོ་བརྟན་སྐྱོང་སོགས་ཕག་མོའི་ལས་བྱང་གི་དཀྱུས་ལྟར་བྱ་ཞིང་། འགྲུབ་ན་སྐོང་བཤགས་ཚོགས་མཆོད་སོགས་ལྡབ་འཕར་དུ་བྱ་བར་བཤད་དོ། །མཆོག་གི་གཏུམ་མོ་ལྷན་སྐྱེས་མེས། །ཕུང་ཁམས་དྭངས་མའི་འོད་སྐུར་སྦྱངས། །སྲིད་གསུམ་འཇའ་འོད་ཐིག་ལེར་དྭངས། །ལྷུན་གྲུབ་སྦུབས་སུ་བརྟན་ཐོབ་ཤོག །ཅེས་རང་འདྲའི་བློ་དམན་འདོད་ཅན་པ་རྣམས་ཀྱི་ཉམས་ལ་ཕན་པའི་ཆེད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ལམ་སྲོལ་འདི་འཛིན་པའི་མཁས་པ་དག་གི་གསུང་ངག་བཅུད་དུ་དྲིལ་ཏེ། ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་གསང་བ་དགྱེས་པར་འདུ་བྱས་པ་དགེ་ལེགས་འཕེལ།། །།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསང་སྒྲུབ་་་ཁྲོ་ནག།ཀྱི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ (Volume 47, Text 21)

༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། རྣམ་འཇོམས་གསང་སྒྲུབ་་་ཁྲོ་ནག།ཀྱི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་བི་དཱ་ར་ཎ་ཡ། རྒྱལ་ཀུན་གསང་བའི་རྡོ་རྗེ་ཡེ་ཤེས་དབྱིངས། །རྡོ་རྗེ་རིགས་ཀྱི་ཁྲོ་བོའི་སྐུར་བསྟན་ནས། །མཐུ་སྟོབས་རྡོ་རྗེས་བདུད་བགེགས་འཇོམས་དེ་ལ། །ཕྱག་བྱས་དབང་གི་ཆོ་ག་བལྟ་བདེར་འགོད། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་དཀྱིལ་འཁོར་དང་དབང་རྫས་སོགས་ལས་བྱང་དུ་སྨྲོས་པ་ལྟར་ཚོགས་པར་བྱས་ལ། བདག་མདུན་བུམ་སྒྲུབ་བཟླས་པ་ཅི་འགྲུབ་དང་གཏོར་འབུལ་ཡན་ཆད་ལྷག་མེད་པར་གཏང་། གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེའང་སྟོན་པ་ཐམས་ཅད་མཁྱེན་པས་འཕགས་ཡུལ་དུ་སྡིག་སྤྱོད་ཀྱི་རྒྱལ་པོ་ལོག་པའི་སྙིང་པོ་རྣམ་སྨིན་གྱི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་དཔལ་གསང་བའི་བདག་པོ་ལ་བྱིན་གྱིས་བརླབས་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་མདོ་གསུངས་ཤིང་། དེ་ལ་བརྟེན་ནས་གྲུབ་བརྙེས་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་སྒྲུབ་ཐབས་ཀྱི་བཀའ་སྲོལ་མང་དུ་མཛད་ཅིང་སྐྱེ་དགུ་མཐའ་ཡས་པ་གནས་སྐབས་དང་མཐར་ཐུག་གི་འཇིགས་དང་སྡུག་བསྔལ་ལས་སྐྱོབ་པར་མཛད་པ་རྣམས་ཀྱི་ནང་ནས། བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བ་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེས་ཚ་བ་སྒྲོ་བྲག་པདྨ་འོད་ནས་སྤྱན་དྲངས་པའི། དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆ་ལག་སངས་རྒྱས་གཉིས་པ་གུ་རུ་པདྨའི་ཞལ་ལུང་རྣམ་འཇོམས་སྐོར་གསུམ་ལས། གསང་སྒྲུབ་ཁྲོ་ནག་ལྷ་བཅུ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་སྤྱི་འགྲེ་བརྗོད་ནས་མཎྜལ་འབུལ་དུ་གཞུག །ཨཱོྃ་ཙཀྵུརྦནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་བཅིང་། ཨཱོྃ་ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད་ལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ གྲངས་མེད་སྡིག་སྒྲིབ་མ་ལུས་ཀུན་སྦྱང་ཕྱིར༔ ཡང་གསང་རྡོ་རྗེ་འཛིན་རྒྱལ་དཀྱིལ་འཁོར་དུ༔ ཀུན་མཁྱེན་བླ་མས་གཞུག་པར་མཛད་དུ་གསོལ༔ ལན་གསུམ། དེ་ནས་བླ་མས་འདྲི་བ་ནི། བུ་ཁྱོད་སུ་ཡིན་ཅི་ཞིག་བྱ། །གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར། །འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན། །བརྒྱ་ལམ་ནས་ནི་རེ་འགའ་ཙམ། །རྩ་གསུམ་དམ་ཚིག་སྲུང་ནུས་སམ། །འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ། །ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས་མཛོད། བདག་ནི་རིགས་ཀྱི་བུ་གཅིག་པོ། །སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ། །རྩ་བའི་དམ་ཚིག་བདག་གིས་བསྲུང་། །ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྐྱབས་སེམས་སྡོམ་གཟུང་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ་སྐྱབས་གྱུར་མ་ལུས་པས་བསྐོར་ནས་བཞུགས་པར་མོས་ལ། ཚིག་རྗེས་སུ་དོན་བསམ་པའི་སྒོ་ནས་རྒྱུན་བཤགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛད་པར་ཞུ། ན་མོ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་པར་བསམ་ལ། ཨཱོྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་རྡོ་རྗེ་ཧཱུྃ་ཡིག་མཐིང་ཁས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས། ཡོངས་སུ་གྱུར་པ་ལས་གསང་བདག་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཞབས་འདོར་ཐབས་སུ་བཞུགས་པ། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་ཅིང་རབ་ཁྲོས་མེ་ཕུང་འབར་བའི་དབུས་སུ་བཞུགས་པའི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་འཕྲོས་པས་སངས་རྒྱས་བྱང་སེམས་རྩ་གསུམ་ལྷ་ཚོགས་ཐམས་ཅད། རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་བོ་ནག་པོའི་ལྷ་ཚོགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་གཟི་བྱིན་འོད་ཕུང་གི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །རོལ་མོའི་སྒྲ་དང་བཅས་སྤོས་བསྲེག །ཨཱོྃ་བཛྲ་བྷི་དཱ་ར་ཎ་ཨེ་ཧྱེ་ཧི་སརྦ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨཱོྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལན་གསུམ་སོགས་བརྗོད་ཅིང་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །བྱས་ལ། ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ལན་གསུམ་རྡོ་རྗེ་དང་བཅས་མེ་ཏོག་འཐོར་ལ་རབ་ཏུ་གནས། དེ་ནས་མེ་ཏོག་དོར་བ་འདིའི་རྗེས་ཟློས་མཛོད། ཨེ་མ། རྡོ་རྗེ་རྣམ་འཇོམས་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་འདི་དོར་བས། །སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབ་པར་ཤོག །ཨཱོྃ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ནས་ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་འདོར་གཞུག་ལ་གར་བབ་དང་མཐུན་པའི་གསང་མཚན་གདགས་པ་ནི། དབུས་སུ་རྡོ་རྗེ་འདུས་པ་རྩལ༔ ཤར་དུ་རྡོ་རྗེ་གཏུམ་པོ་རྩལ༔ ལྷོ་རུ་རཏྣ་གཏུམ་པོ་རྩལ༔ ནུབ་ཏུ་པདྨ་གཏུམ་པོ་རྩལ༔ བྱང་དུ་ཀརྨ་གཏུམ་པོ་རྩལ༔ ཞེས་བཏགས། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སློབ་མའི་མགོ་བོར་བཅིང་། དེ་ནས་མིག་འབྱེད་པ་ནི། ཧོ༔ ཇི་ལྟར་མིག་མཁན་མིག་འབྱེད་ལྟར༔ བུ་ཁྱོད་མ་རིག་ལིང་ཏོག་ནི༔ རིག་པའི་ངང་དུ་ད་དབྱེ་བས༔ ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨཱོྃ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ་ལ་དཀྱིལ་འཁོར་བསྟན་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དཔལ་ཆེན་ཀུན་འདུས་གསང་བདག་གི །དཀྱིལ་འཁོར་མཐོང་བ་ཤིན་ཏུ་ལེགས། ཁྱོད་ལ་བདག་གིས་དབང་བསྐུར་བས། །དགའ་དང་སྤྲོ་དང་འདུན་པར་གྱིས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ཁྱོད་ཀྱི་ལྷ་ནི་འདི་ཡིན་ནོ། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །མཚམས་མེད་སྡིག་པ་བྱས་པ་ཀུན། །དེ་དག་ཟད་པར་གདོན་མི་ཟ། །སྡིག་པ་ཕལ་རྣམས་སྨྲོས་ཅི་དགོས། །ཚེ་འདིར་དངོས་གྲུབ་ཐོབ་པར་འགྱུར། །འོ། རིགས་ཀྱི་བུ་ཁྱོད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་ཞེས་བྱ་བར་འགྱུར་རོ། །ཞེས་ཞིང་ཁམས་དང་སངས་རྒྱས་སུ་ལུང་བསྟན། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ དུས་གསུམ་བླ་མ་དགོངས་སུ་གསོལ༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། དེ་ནས་ལས་བུམ་སྤྱི་བོར་བཞག་ཅིང་ཁྲུས་བྱས་ལ། ཧཱུྃ༔ བུམ་པ་བདུད་རྩིའི་བཅུད་མཆོག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་མོངས་ནད་གདོན་མ་ལུས་ཀུན་བྱང་ནས༔ ཆོས་ཉིད་དོན་གྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་བུམ་པའི་ཆུའི་དབང་བསྐུར་པས་ཉོན་མོངས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ འདི་སྐབས་སློབ་མ་རྣམས་ཀྱིས་ཀྱང་། གྱུར་ཅིག༔ ཅེས་པའི་མཐུན་འགྱུར་བརྗོད་སྲོལ་ཡོད་འདུག །དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་སྐྱེ་མེད་ལྷ་ཡི་གཞལ་ཡང་ཁང༔ བཅུད་མཆོག་རྣམ་པར་འཇོམས་པའི་ལྷ་ཚོགས་བཞུགས༔ དབང་བཞི་ཀུན་ཐོབ་སྒྲིབ་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་རྣམས་ལ་བསྩལ་དུ་གསོལ༔ ཨཱོྃ་བཛྲ་བི་དྷ་དཱ་ར་ཎ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་བུམ་པས་དབང་བསྐུར་པས༔ ལུས་ཀྱི་སྡིག་སྒྲིབ་དག༔ ལུས་ལྷ་སྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ དེ་ནས་ཁྲོ་ནག་གི་སྐུ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ངང་ལས་མ་གཡོས་ཀྱང༔ བགེགས་དཔུང་འཇོམས་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ གསང་བདག་རྡོ་རྗེ་རྣམ་པར་འཇོམས་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་རིག་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་བྷི་དཱ་ར་ཎ་ཀྲོ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་རྡོ་རྗེ་ཁྲོ་བོ་ནག་པོའི་དབང་བསྐུར་པས༔ མ་རིག་སྒྲིབ་ལྔ་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔར་འགྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ དེ་ནས་རིམ་པར་གཏུམ་པོ་རིགས་བཞིའི་སྐུ་ཐོགས་ལ། ཧཱུྃ༔ ཁྲོ་མཆོག་རྡོ་རྗེ་གཏུམ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉོན་མོངས་ནད་གདོན་མ་ལུས་ཀུན་ཞི་ནས༔ དབྱེར་མེད་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་ཀྲོ་ཏ་ཧྲྀ་ད་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་རྡོ་རྗེ་གཏུམ་པོའི་དབང་བསྐུར་པས༔ ཉོན་མོངས་ནད་གདོན་མ་ལུས་ཞི་བའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ ཧཱུྃ༔ ཁྲོ་མཆོག་རཏྣ་གཏུམ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པ་དང༔ མཉམ་ཉིད་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨཱོྃ་རཏྣ་ཀྲོ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་རཏྣ་གཏུམ་པོའི་དབང་བསྐུར་པས༔ ང་རྒྱལ་རྣམ་པར་དག་ནས་ཡོན་ཏན་ཐམས་ཅད་རྒྱས་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ ཧཱུྃ༔ ཁྲོ་མཆོག་པདྨ་གཏུམ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྲིད་མ་ལུས་དབང་དུ་སྡུད་པ་དང༔ རང་གྲོལ་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨཱོྃ་པདྨ་ཀྲོ་ཏ་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་པདྨ་གཏུམ་པོའི་དབང་བསྐུར་པས༔ ཉོན་མོངས་འདོད་ཆགས་མ་ལུས་ཀུན་བྱང་ནས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ ཧཱུྃ༔ ཁྲོ་མཆོག་ཀརྨ་གཏུམ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མ་ལུས་མྱུར་འགྲུབ་ནས༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨཱོྃ་ཀརྨ་ཀྲོ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་ཀརྨ་གཏུམ་པོའི་དབང་བསྐུར་པས༔ ཉོན་མོངས་ཕྲག་དོག་རྣམ་པར་དག་ནས༔ ཕྲིན་ལས་གང་བརྩམ་པ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ དེ་ནས་ཁྲོ་བཅུའི་སྐུ་ཐོགས་ལ༔ ཧཱུྃ༔ དྲི་ཟ་འདུལ་མཛད་རྣམ་པར་རྒྱལ་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞེ་སྡང་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཤིན་རྗེ་འདུལ་མཛད་གཤིན་རྗེ་གཤེད་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ང་རྒྱལ་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀླུ་གདོན་འདུལ་མཛད་རྟ་མཆོག་རྒྱལ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཆགས་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་དྷུ་ན་དྷུ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་འདུལ་མཛད་བདུད་རྩི་འཁྱིལ་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲག་དོག་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་ད་ཧ་ད་ཧ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལྷ་འདུལ་མཛད་དབྱུག་པ་སྔོན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉོན་མོངས་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་པ་ཙ་པ་ཙ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིན་པོ་འདུལ་མཛད་མི་གཡོ་མགོན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་དྷ་ར་དྷ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རླུང་ལྷ་འདུལ་མཛད་གཞན་གྱིས་མི་ཐུབ་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སེར་སྣའི་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་དྷཱ་ར་ཡ་དྷཱ་ར་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབང་ལྡན་འདུལ་མཛད་ཁམས་གསུམ་རྣམ་རྒྱལ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བག་ཆགས་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་དཱ་རུ་ཎ་དཱ་རུ་ཎ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་གདོན་འདུལ་མཛད་ཁྲོ་རྒྱལ་ཧཱུྃ་ཀཱ་རས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁྲུལ་རྟོག་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་ཚིནྡྷ་ཚིནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ས་བདག་ཀླུ་གཉན་འདུལ་མཛད་སྟོབས་ཆེན་རྒྱལ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་རིག་སྡུག་བསྔལ་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་བྷིནྡྷ་བྷིནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་ཁྲོ་རྒྱལ་བཅུའི་དབང་བསྐུར་པས༔ སྟེང་འོག་ཕྱོགས་བཅུའི་བར་ཆད་ཐམས་ཅད་རང་སར་དག་ནས༔ སྟོབས་བཅུ་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ དེ་ནས་སྒོ་མ་བཞིའི་དབང་ནི༔ ཧཱུྃ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ ཕྲིན་ལས་བཞི་སྒྲུབ་སྒོ་མ་རྣམ་བཞི་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དབང་ཐོབ་ཤོག༔ ཨཱོྃ་ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ་སྒོ་མ་བཞིས་དབང་བསྐུར་པས༔ ཚད་མེད་པ་བཞི་རྒྱུད་ལ་སྐྱེས་ནས༔ ཕྲིན་ལས་རྣམ་བཞིས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དབང་མཆོག་དམ་པ་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་རང་བྱུང་རྡོ་རྗེའི་ཕོ་བྲང་དུ་གཏོར་མ་ཁྲོ་རྒྱལ་རྣམ་པར་འཇོམས་པ་འཁོར་གཏུམ་པོ་རིགས་བཞི་ཡེ་ཤེས་ཁྲོ་བཅུ་སྒོ་མ་བཞི་བཀའ་སྡོད་ཕྱག་བརྙན་དང་བཅས་པ་དངོས་སུ་གསལ་བ་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ལས་བྱིན་རླབས་འོད་ཟེར་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་ནད་གདོན་བར་ཆད་ཐམས་ཅད་བསལ། རྡོ་རྗེ་གསུམ་གྱི་རང་བཞིན་དང་དབྱེར་མི་ཕྱེད་པར་གྱུར་པར་མོས་ཤིག །དཔལ་གཏོར་ཐོགས་ལ། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཨཱོྃ་ཨཱཿཧཱུྃ། ཀ་དག་ཆོས་སྐུ་སོགས་བརྒྱུད་འདེབས་འདོན་སྲོལ་ལྟར་སྦྱར། དེ་ནས་གཏོར་མ་མགོར་བཞག་ལ། ཧཱུྃ༔ དཔལ་གཏོར་སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ འགག་མེད་གསལ་འཚེར་ཐིག་ལེ་འོད་ཀྱི་སྐུ༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་མ་ལུས་བཞུགས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་རྒྱུད་སྐུལ་ན༔ སྐལ་ལྡན་རིགས་ཀྱི་བུ་ལ་བརྟན་པར་མཛོད༔ རྡོ་རྗེ་རྣམ་འཇོམས་སྐུ་དང་དབྱེར་མེད་ནས༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱེད་ཤོག༔ ཨཱོྃ་བཛྲ་བྷི་དཱ་ར་ཎ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད་ལ༔ རྡོ་རྗེ་རྣམ་པར་འཇོམས་པའི་གཏོར་མས་དབང་བསྐུར་པས༔ བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཐམས་ཅད་སྤྱི་གཙུག་ནས་མར་རང་གི་སྙིང་དབུས་སུ་ཞུགས་ནས༔ མེ་ལོང་ལ་ཧས་བཏབ་པ་བཞིན༔ བླ་མ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་དང༔ རང་གི་ལུས་ངག་ཡིད་གསུམ་ཡི་དམ་གྱི་ལྷ་དང་གཉིས་མེད་དུ་འགྲུབ་པར་བསམ་ལ༔ དམིགས་མེད་ཁྱབ་གདལ་ཆེན་པོའི་ངང་དུ་གཞག་པར་བྱའོ༔ ཞེས་དང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། གསུམ་པ་རྗེས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་འགྲེ་དང་། མཆོད་ཁ་གསོས་ལ་རྗེས་ཆོག་མཆོད་བསྟོད་ནོངས་བཤགས་སོགས་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱས་པས་འགྲུབ་བོ། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་སྟོབས་སུ་གྱུར། །ལུས་ཅན་ཀུན་གྱི་གདོན་བགེགས་རྩད་ནས་གཞོམ། །དབྱིངས་ཀྱི་ངང་དུ་ཡེ་ཤེས་རིག་པའི་སྐུ །སངས་རྒྱས་ཀུན་དང་མཉམ་པ་ཉིད་བརྙེས་ཤོག །ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བར་གྲགས་པས་རིན་པོ་ཆེ་གཏེར་ཆེན་པོའི་མཛོད་ཡོངས་སུ་གང་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དབེན་གནས་དེ་བཱི་ཀོ་ཊིའི་སྙིང་པོར་གཏེར་གཞུང་ལ་ཕྱག་ལེན་བདེ་བར་བསྡེབས་པ་དགེ་ལེགས་འཕེལ།། །།

ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་ (Volume 40, Text 21)

༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་བཞུགས༔ རྡོ་རྗེ་སྙིང་པོ་ལས༔ ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་པ་ནི༔ ྈྈྈྈ སེམས་བསྐྱེད་བརྩོན་པའི་རྣལ་འབྱོར་ཞིག༔ འཇུག་པ་གང་ལ་བརྩོན་གྱུར་ཀྱང༔ ཁྲོ་བོ་བདུད་རྩི་འཁྱིལ་བ་བསྒྲུབ༔ གཅེས་པ་མཆོག་གི་ལམ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་བུམ་པ་སྐུ་རྟེན་མཆོད་པར་བཅས༔ འབྱོར་ཚོགས་སྤྲོས་པར་བཅས་ཏེ་ཚུལ་ལྡན་བཤམ༔ རང་ཉིད་བདེ་ལྡན་སྐྱབས་ཡུལ་སྔོན་སོང་ནས༔ བདག་གི་མདུན་བུམ་གང་བསྐྱེད་བློ་ཡིས་འགྲོས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མཚན་རྫོགས་དཀྱིལ་འཁོར་དབུས་སུ་པད་ཟླའི་སྟེང༔ སྟོང་ཉིད་སྙིང་རྗེ་ཧཱུྃ་ཡིག་ལྗང་གུར་ཤར༔ ལས་བསྐྱེད་ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ལྗང༔ ཞལ་གཅིག་ཕྱག་གཉིས་དར་དང་རིན་ཆེན་བརྒྱན༔ ཤེས་རབ་ཐོགས་མེད་གཅོད་པའི་རལ་གྲི་ཡི༔ ཕྲིན་ལས་རྣམ་བཞིའི་སྣ་ཚོགས་རྡོ་རྗེ་འཛིན༔ ཁྲོ་ལ་གཤེ་ཞིང་འཛུམ་པའི་སྙིང་རྗེར་ལྡན༔ འབར་བའི་གར་སོགས་དུར་ཁྲོད་དཔལ་ཆས་ལྡན༔ ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་སྔགས་ཀྱིས་བསྐོར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དང༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ་ཕཊ༔ བསྐོར་བའི་སྔགས་ལ་འཁོར་བའི་འོད་ཟེར་གྱིས༔ རྒྱལ་བའི་རྒྱུད་བསྐུལ་གསང་སྔགས་བཅུད་བླངས་ཏེ༔ དམ་ཚིག་སྔགས་ལ་ཡེ་ཤེས་བཅུད་དབབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་པ་སྤྱན་དྲང་བ་ནི༔ ཧཱུྃ༔ རྒྱལ་བ་རྣམས་ནི་གང་ལ་གང་འདུལ་གྱིས༔ ཞི་དང་ཁྲོ་བོར་གར་བསྒྱུར་ཕྲིན་ལས་བདག༔ མཐུ་སྟོབས་ནུས་པའི་མཛད་པ་ཕྲིན་ལས་ཀྱིས༔ བདུད་རྩི་འཁྱིལ་པའི་རྣམ་པར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་གདུལ་བྱ་འདུལ་བྱེད་ཀྱིས༔ དཀྱིལ་འཁོར་གསུམ་དང་དབྱེར་མེད་བཞུགས་པར་འཚལ༔ དམ་ཚིག་ལྷ་ལ་ཡེ་ཤེས་དབང་བསྐུར་ནས༔ གཉིས་མེད་མཉམ་པར་རོལ་པའི་རྒྱས་གདབ་བོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དད་པ་མཆོག་གི་རང་བཞིན་གྱི༔ སྒོ་གསུམ་དད་པས་ཕྱག་བགྱིས་ནས༔ ཐུགས་རྗེ་རོལ་པ་མཁྱེན་བརྩེའི་རླབས༔ དངོས་གྲུབ་བདག་ལ་དབབ་པར་མཛོད༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི༔ ཧཱུྃ༔ རྒྱལ་བ་རྣམས་ནི་འདོད་པའི་སྐྱོན་བྲལ་ཡང༔ བདག་སོགས་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་ཕྱིར༔ དངོས་འབྱོར་བློ་ཡིས་བགྱིས་པའི་ཚུལ་བཞིན་བསྒྲུབས༔ ཚོགས་གཉིས་མྱུར་རྫོགས་བསོད་ནམས་མཆོག་ཐོབ་ཤོག༔ ཨོཾ་ཨཱཿབཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤུབྡ༔ རཱུ་པ་ཤབྡ་གནྡྷེ་ར་སྱ་སྤརྴེ་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་སྒྲུབ་པའི་ཨ་མྲྀཏ༔ དུག་ལྔ་འཁོར་བ་བསྒྲལ་པའི་ཁྲག་ཆེན་དང༔ རབ་མཛེས་དཔལ་གྱི་གཏོར་མ་བརྗིད་ལྡན་འབུལ༔ བསོད་ནམས་ཡེ་ཤེས་འབྲས་བུ་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ དྲག་པོ་རྔམ་པའི་སྐུར་གྱུར་པའི༔ མཐུ་རྩལ་རྫོགས་པའི་ཕྲིན་ལས་རྔམ་པའི་སྐུ༔ ཆེ་མཆོག་ཀུན་གྱི་ཕྲིན་ལས་འདུས་པའི་དཔལ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླས་ནི༔ ཧཱུྃ༔ ཁྲོ་རྒྱལ་སྐུ་ཡི་ཐུགས་ཀའི་ཉི་གདན་དབུས༔ གསང་སྔགས་འདུ་འཕྲོའི་གསང་ཆེན་བཅུད་བླངས་ཏེ༔ སྐུ་གསུང་ཐུགས་བཅུད་མཚོན་བྱེད་ཞུ་བའི་རྒྱུན༔ དཀྱིལ་འཁོར་གསུམ་གྱི་སྣོད་བཅུད་འཛིན་པར་གྱུར༔ ཞེས་བསྙེན་པ་ལ་འབད༔ ཁྲུས་ཀྱི་ལུང་ནི༔ ཧཱུྃ༔ ཁྲོ་བོ་ཀུན་གྱི་ཕྲིན་ལས་སྐུ༔ བདུད་རྩི་འཁྱིལ་པའི་ཐུགས་རྗེའི་ཆུས༔ ཆེ་གེ་འདི་ལ་ཁྲུས་བགྱིས་པས༔ ཉེས་གྲིབ་དྲི་མ་དག་གྱུར་ཅིག༔ རྩ་སྔགས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་སློབ་དཔོན་བྱ་བའི་ལས༔ ཀུན་ལ་གཅེས་པའི་མན་ངག་འདི༔ སློབ་མ་སྣོད་ལྡན་གང་འཇུག་པ༔ དེ་ལ་རྗེས་སུ་གནང་བ་སྦྱིན༔ དེ་ནས་ཅི་མཁོའི་ལོངས་སྤྱོད་དོ༔ ས་མ་ཡ༔ མཎྜལ་གསོལ་བ་འདེབས་པ་ནི༔ ཨེ་མ་བླ་མ་དགོངས་སུ་གསོལ༔ དབང་དང་རབ་གནས་སྦྱང་བ་སོགས༔ ཉེས་པའི་དྲི་སྦྱོང་ཅི་ལྟར་བྱ༔ བཅོམ་ལྡན་མགོན་པོས་བཤད་དུ་གསོལ༔ ཞུས་པས༔ སློབ་དཔོན་གྱིས༔ ཧོ༔ རྡོ་རྗེ་སློབ་དཔོན་བྱ་བའི་ལས༔ གང་ལ་གང་དགོས་འབྲས་བུ་ཅན༔ ནུས་པའི་རྩལ་འབྱིན་བདུད་རྩི་འཁྱིལ༔ དཀྱིལ་འཁོར་རྗེས་གཞུག་འབྲས་བུ་ལོངས༔ ཞེས་གནང་བ་སྦྱིན་ནས༔ ཏིང་ངེ་འཛིན་གྱི་ཡེ་ཤེས་དབབ༔ བུམ་པ་ཐོགས་ལ༔ ཧཱུྃ་ཧྲཱི༔ བུམ་པའི་སྣོད་དུ་ལྷ་ཡི་བདུད་རྩི་འཁྱིལ༔ བསྐྱེད་པའི་རིམ་པ་ལྷ་ཡི་ས་བོན་གྱིས༔ སྐལ་ལྡན་ལུས་ཀྱི་རྒྱུད་ལ་འབྲས་བུ་སྦྱིན༔ སྤྲུལ་སྐུས་འགྲོ་དོན་ནུས་པའི་རྒྱུར་གྱུར་ཅིག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚིག་གི་ཕྲེང་བའི་བཟླས་ལུང་ནི༔ མཆོག་གི་ལམ་ནས་ངག་གི་བདུད་རྩི་འཁྱིལ༔ བཟླས་པའི་རིམ་པ་སྔགས་ཀྱི་ས་བོན་གྱིས༔ སྐལ་ལྡན་ངག་གི་རྒྱུད་ལ་འབྲས་བུ་སྨིན༔ ལོངས་སྐུ་མཚན་དཔེའི་དགོངས་པ་མངོན་གྱུར་ཅིག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་དང་ཤེལ་གཏད་ལ༔ དབང་པོའི་ཡུལ་དུ་གོ་བའི་བདུད་རྩི་འཁྱིལ༔ རྟོགས་པའི་ཀློང་གྲོལ་གོ་བའི་ས་བོན་གྱིས༔ སྐལ་ལྡན་སེམས་ཉིད་རྒྱུད་ལ་འབྲས་བུ་སྨིན༔ ཆོས་སྐུ་མཉམ་ཉིད་མི་གཡོ་ཐོབ་པར་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཏད་ལ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་ཡི༔ སྐུ་གསུང་ཐུགས་ཀྱི་མཐུ་སྟོབས་ནུས་པ་དང༔ ཡོན་ཏན་སྟོབས་ལས་བྱུང་བའི་ཕྲིན་ལས་ཀྱི༔ གོ་འཕང་དེ་བཞིན་སློབ་མར་ཡོངས་རྫོགས་ཤོག༔ རྩ་སྔགས༔ སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གཏད་ལ༔ ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཡི༔ ཞི་དང་རྒྱས་དང་དབང་དང་དྲག༔ དྲག་པོའི་ཕྲིན་ལས་གང་འདུལ་བའི༔ མཐུ་སྟོབས་ཡོངས་སུ་རྫོགས་པའི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར༔ དབང་གི་དགའ་སྟོན་དམ་ཚིག་ཟུངས༔ ཡན་ལག་རྗེས་ཀྱི་བྱ་བ་བྱོས༔ འབྲས་བུ་འབྱུང་འགྱུར་འབེན་གྱིས་འབྱིན༔ འཚོ་སྐྱོང་དྲག་པོ་སྲུང་མས་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་ཤོག་སེར་ལས་གུ་རུས་བསྔགས་པའི་རོལ་པ་བདེ་ཆེན་ཁང་ཞེས་ཡེ་ཤེས་འདུ་བ་དོན་གྱི་ཕོ་བྲང་དེར་ཀློང་གསལ་སྙིང་པོས་ཞལ་བཤུས་པའོ། །ཡི་གེ་པ་ནི་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བྱས་པའོ།། །།

རྒྱལ་པོ་ཆེན་པོ་སྡེ་ལྔའི་བསྐང་གསོ་ (Volume 39, Text 21)

རྒྱལ་པོ་ཆེན་པོ་སྡེ་ལྔའི་བསྐང་གསོ་ནི། བསྐང་རྫས་བྱིན་གྱིས་བརླབས་ཏེ། ཧཱུྃ། རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །བསྟན་སྲུང་སྤྲུལ་པའི་རྒྱལ་པོ་འཁོར་བཅས་ལ། །ཕྱི་ནང་གསང་བའི་དམ་རྫས་ཀྱིས་སྐོང་ན། །དགྱེས་དགུར་སྤྱོད་ལ་བཅོལ་བའི་འཕྲིན་ལས་མཛོད། ཁྲག་གི་ཨརྒྷཾ་རྦ་རླབས་སྲིད་རྩེར་འཁྲིགས། །གདུག་ཅན་བསྒྲལ་པའི་དབང་པོའི་མེ་ཏོག་གཡོ། །ཤ་ཆེན་སྤོས་དཀར་བསྲེགས་པའི་དུད་སྤྲིན་འཐུལ། །ཚིལ་ཆེན་སྒྲོན་མེ་ཚར་དུ་དངར་བ་འདིས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཐུགས་དམ་བསྐང་། །གསང་བའི་ཡུམ་ཆེན་རྣམ་ལྔའི་ཐུགས་དམ་བསྐང་། །འཇིགས་རུང་སྤྲུལ་པ་ལྔ་ཡི་ཐུགས་དམ་བསྐང། །བཀའ་ཉན་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བཤད་སྒྲུབ་འདུས་སྡེའི་མངའ་ཐང་རྒྱས་པ་དང། །བདག་སོགས་བསམ་པའི་དོན་རྣམས་འགྲུབ་པར་མཛོད། ཁྲག་ཞག་འཁྱིལ་བའི་ངད་ལྡན་དྲི་ཆབ་དང་། །ཤ་ཁྲག་དོན་སྙིང་སྤུངས་པའི་ཞལ་ཟས་ཚོགས། །རྐང་གླིང་དུང་ཆེན་སིལ་སྙན་ཐོད་རྔ་སོགས། །སྙན་བརྗིད་རོལ་མོའི་བྱེ་བྲག་མཐའ་ཡས་པས། །ཆོས་སྐྱོང་རྒྱལ་པོ་སོགས་ཚིག་རྐང་བརྒྱད་པོ་ཀུན་ལ་འགྲེ། རིན་ཆེན་སྒ་སྲབ་ལྡན་པའི་ཅང་ཤེས་རྟ། །འཇིགས་རུང་རྡོ་རྗེའི་རྭ་གདེངས་གཡག་རོག་ཚོགས། །འདོད་འཇོའི་བ་དང་ར་ལུག་འཕུར་ལྡིང་བྱ། །སེང་གེ་གླང་ཆེན་ཁྱི་སྤྱང་སྤྲ་སྤྲེལ་གྱིས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཐུགས་དམ་བསྐང་། །གསང་བའི་ཡུམ་ཆེན་རྣམ་ལྔའི་ཐུགས་དམ་བསྐང་། །འཇིགས་རུང་སྤྲུལ་པ་ལྔ་ཡི་ཐུགས་དམ་བསྐང། །བཀའ་ཉན་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བཤད་སྒྲུབ་འདུས་སྡེའི་མངའ་ཐང་རྒྱས་པ་དང། །བདག་སོགས་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །འཇའ་ཚོན་ལྟ་བུར་བཀྲ་བའི་ཁྱིམ་བྱ་དང་། །མོན་ནག་ཨ་ཙ་ར་ཡི་དགའ་བའི་གར། །རུ་འདྲེན་སྤྲུལ་པའི་སྣང་བརྙན་འདྲེན་བྱེད་དུ། །ངོ་མཚར་གཟིགས་མོར་མཚར་བའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ༴ པད་རཱཀ་མདངས་ལ་འཁུ་བའི་སག་ཐེབས་ལ། །གསེར་སྦྱངས་མཛེས་པའི་རི་མོ་ཅི་ཡང་བཀྲ། །མིག་སྨན་ཁུ་བས་བྱུགས་འདྲའི་ཞྭ་ཕོད་དང་། །དར་ནག་ལས་གྲུབ་ཐེབ་ཞུའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ༴ ཁ་དོག་སྣ་ལྔའི་ཟ་འོག་འཇོལ་བེར་དང་། །དགྲ་བཅོམ་ཆས་ཀྱི་སྣམ་སྦྱར་རུང་མཐུན་གོས། །གཉིས་འཐུང་ལྤགས་པ་སྟག་གི་ཤམ་ཐབས་དང། །ཞིང་ཆེན་དར་གྱི་སྟོད་གཡོགས་ལ་སོགས་ཀྱིས། །ཆོས་སྐྱོང་རྒྱལ་པོ༴ སྲ་བརྟན་ཁྲབ་རྨོག་ལ་སོགས་གོ་ཆའི་རིགས། །གསལ་འཚེར་འོད་ཀྱིས་ཕྱོགས་ཀུན་ཅི་ཡང་འགེངས། །མདའ་མདུང་རལ་གྲི་དགྲ་སཏྭ་སྤུ་གྲི་སོགས། །དགྲ་བགེགས་ཕྱེ་མར་འཐག་པའི་མཚོན་ཆ་ཡིས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཐུགས་དམ་བསྐང་། །གསང་བའི་ཡུམ་ཆེན་རྣམ་ལྔའི་ཐུགས་དམ་བསྐང་། །འཇིགས་རུང་སྤྲུལ་པ་ལྔ་ཡི་ཐུགས་དམ་བསྐང། །བཀའ་ཉན་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བཤད་སྒྲུབ་འདུས་སྡེའི་མངའ་ཐང་རྒྱས་པ་དང། །བདག་སོགས་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །དབང་སྔོན་ལས་གྲུབ་ཏོག་གིས་རབ་མཛེས་ཤིང་། །གསེར་སྦྱངས་རྩིབས་ལ་དར་གྱི་ཤམ་བུ་ཅན། །གདུགས་དང་རྨ་བྱ་སེང་གེ་སྟག་དང་དོམ། །དྲེད་གཟིག་གཅན་གཟན་ལྤགས་པའི་རྒྱལ་མཚན་གྱིས། །ཆོས་སྐྱོང་རྒྱལ་པོ༴ རྣོ་ངར་སྤུ་གྲི་རྡོ་རྗེ་གསེག་ཤང་དང་། །དམ་ཤིང་དགྲ་སྟ་ཞགས་པ་ཀ་པཱ་ལ། །གྲི་གུག་ཙན་བེང་མདའ་གཞུ་ལྕགས་ཀྱུ་དང་། །དར་ནག་རུ་མཚོན་ཤག་ཏི་ཏྲི་ཤུལ་མདས། །ཆོས་སྐྱོང་རྒྱལ་པོ༴ ཐོད་པ་སྦྲུལ་ནག་གསེར་སོགས་རིན་ཆེན་རྒྱན། །ངོ་མཚར་ཡིད་དུ་འོང་བའི་བཀོད་མཛེས་དང་། །གླང་སེང་དྲེལ་རྟ་རྔ་མོ་བོང་བུ་སོགས། །སྟོང་གསུམ་སྐད་ཅིག་མྱུལ་བའི་བཞོན་པ་ཡིས། །ཆོས་སྐྱོང་རྒྱལ་པོ༴ སྣ་ཚོགས་འབྲུ་སྣ་ཁྲག་ཆང་གིས་བྲན་པར། །དམ་རྫས་བདུད་རྩིར་ལྡན་པའི་གཏོར་ཚོགས་དང་། ཁང་མཛེས་གསེར་གྱི་རྒྱ་ཕིབས་ཀྱིས་མཛེས་པའི། །སྒྲུབ་དང་མཆོད་པའི་གཏོར་མའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ༴ ཉི་མ་ཟླ་བ་རྒྱལ་སྲིད་རིན་ཆེན་བདུན། །རི་རབ་གླིང་བཞི་གླིང་ཕྲན་དཔག་བསམ་ཤིང་། །ཡན་ལག་བརྒྱད་ལྡན་རྫིང་བུ་ཡིད་བཞིན་ནོར། །དགྱེས་པ་སྐྱེད་པའི་མཆོད་པའི་ཚོགས་རྣམས་ཀྱིས། །ཆོས་སྐྱོང་རྒྱལ་པོ༴ གདོད་ནས་ལྷུན་གྲུབ་དཔལ་ལྡན་ཀུན་ཏུ་བཟང་། །དཀྱིལ་འཁོར་འཁོར་ལོར་ཤར་པ་བཀའ་བརྒྱད་ལྷ། །དབྱེར་མེད་སོ་སོར་སྣང་བའི་བསྟན་སྲུང་ཆེར། །ཡིད་ཆེས་མོས་པའི་རྟེན་མཆོག་དམ་པ་འདིས། །ཆོས་སྐྱོང་རྒྱལ་པོ་སྡེ་ལྔའི་ཐུགས་དམ་བསྐང་། །གསང་བའི་ཡུམ་ཆེན་རྣམ་ལྔའི་ཐུགས་དམ་བསྐང་། །འཇིགས་རུང་སྤྲུལ་པ་ལྔ་ཡི་ཐུགས་དམ་བསྐང་། །བཀའ་ཉན་བློན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བསྟན་འགྲོའི་ཕན་བདེ་བླ་མའི་སྐུ་ཚེ་སྤེལ། །བཤད་སྒྲུབ་འདུས་སྡེའི་མངའ་ཐང་རྒྱས་པ་དང་། །བདག་སོགས་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་པ་ཙམ་མམ། ༈ ཡང་བསྐང་བ་གཞན་ནི། ཀྱཻ། དམ་ཅན་སྲུང་མ་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་བའི་རྟེན་དང་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའི་ཁྱོན་རྣམས་ཀུན། །ཡོངས་སུ་བཀང་སྟེ་འབུལ་གྱིས་དགྱེས་པར་རོལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན། །དམར་ཆེན་ཁྲག་གི་རྒྱ་མཚོའི་བཏུང་བ་དང་། །གསང་འཕྱིས་ལེགས་བརྒྱན་གཏོར་ཚོགས་རི་ལྟར་སྤུངས། །རྒྱ་ཕིབས་ལྕོག་གིས་མཛེས་པའི་སྐུ་མཁར་གྱིས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། །སྣང་སྲིད་དྲེགས་པ་རུ་འདྲེན་སྡེ་བཞི་ཡི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། །བཤོས་བུ་འབྲུ་སྣ་ཤིང་ཏོག་བུ་རམ་སྦྲང་། །སྔོ་རིགས་ཤ་སྣ་བཟའ་དང་བཅའ་བ་སྤུངས། །འབྲས་ཆང་རྒུན་ཆང་ཇ་དཀར་བཏུང་བ་སོགས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོའི་མཆོད་པ་འདིས། །སྤྲུལ་པའི་ཆོས་རྒྱལ་སོགས་ཤླཽ་ཀ་གཅིག་པོ་འགྲེ། རབ་མཛེས་སྲོག་ཆགས་དཀར་པོ་ཕྱི་ཡི་རྟེན། །སྨྱུག་རྒོད་རྔ་མ་དར་ཚོན་ནང་གི་རྟེན། །གསང་རྟེན་སྐུ་འབག་བླ་རྡོ་སྲོག་འཁོར་བཅས། །འཇའ་ཚོན་ལྟར་བཀྲ་སྣ་ཚོགས་མདོས་རིགས་ཀྱིས། །སྤྲུལ་པའི་ཆོས་རྒྱལ༴ རྙོག་བྲལ་ཆུ་ཀླུང་འཁྱིལ་བའི་མཆོད་ཡོན་དང་། །པདྨ་ཨུཏྤལ་ལ་སོགས་མེ་ཏོག་ཚོགས། །སྨན་སྣ་སྟོང་དང་སྦྱར་བའི་བདུག་པའི་སྤོས། །མེ་ཤེལ་ཉི་ཟླའི་སྣང་བའི་གསལ་བྱེད་ཀྱིས། །སྤྲུལ་པའི་ཆོས་རྒྱལ༴ མངར་བའི་ངད་དང་ལྡན་པའི་དྲི་ཆབ་དང་། །ལྷ་མིའི་ཟས་ཀུན་སྤུངས་པའི་ཞལ་ཟས་ཚོགས། །པི་ཝང་གླིང་བུ་ལ་སོགས་སྙན་པའི་སྒྲ །ལུས་ཀྱི་རྣམ་འགྱུར་གར་འཆམ་སྟངས་སྟབས་ཀྱིས། །སྤྲུལ་པའི་ཆོས་རྒྱལ༴ ཁྲག་མཚོའི་ཨརྒྷཾ་རྦ་རླབས་མཁའ་ལ་འཕྱོ། །མིག་ལྕེ་རྣ་བ་སྣ་སྙིང་མེ་ཏོག་བཀྲ །ཤ་ཆེན་སྤོས་དཀར་དུད་སྤྲིན་ལང་ལོང་གཡོ། །ཚིལ་ཆེན་ཞུན་མར་གསལ་བྱེད་སྒྲོན་མེ་ཡིས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། །སྣང་སྲིད་དྲེགས་པ་རུ་འདྲེན་སྡེ་བཞི་ཡི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། ཁྲག་ཞག་མཁྲིས་པ་འཁྱིལ་བའི་དྲི་ཆབ་དང་། །ཤ་རུས་ནང་ཁྲོལ་སྤུངས་པའི་བཤོས་བུའི་ཚོགས། །ཐོད་པའི་རྔ་ཆུང་མི་རྐང་གླིང་བུའི་སྒྲ །ཛོ་ཀི་མོན་པ་སྤྲ་སྤྲེལ་ཟློས་གར་གྱིས། །སྤྲུལ་པའི་ཆོས་རྒྱལ༴ རྒྱ་གླིང་དུང་ཆེན་རྔ་དང་སིལ་སྙན་སོགས། །སྣ་ཚོགས་རོལ་མོས་གནམ་ས་དུས་གཅིག་སྦིར། ཁྲག་ཆང་འཐོར་ཞིང་སྦྱར་བའི་བདུག་སྤོས་སྦྲེང་། །གཡོབ་བྱེད་གཡང་གཞི་མ་ལག་དར་ཚོན་གྱིས། །སྤྲུལ་པའི་ཆོས་རྒྱལ༴ རིན་ཆེན་ཏོག་གིས་མཛེས་པའི་གདུགས་དཀར་པོ། །བཀྲ་ཤིས་གསེར་མིག་རྣམ་པར་འཁྱིལ་བའི་ཉ། །འདབ་སྟོང་ཕང་ཕུང་གཡོ་བའི་པདྨ་དཀར། །ངོ་མཚར་ཕུན་ཚོགས་གཡས་སུ་འཁྱིལ་བའི་དུང་། །སྤྲུལ་པའི་ཆོས་རྒྱལ༴ འཆི་མེད་བདུད་རྩིས་གཏམས་པའི་བུམ་པ་བཟང་། །དགེ་ལེགས་རི་མོ་རྣམ་བཀྲའི་དཔལ་བེ་འུ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། །རྩིབས་སྟོང་ལྡན་པའི་རིན་ཆེན་འཁོར་ལོ་ཡིས། །སྤྲུལ་པའི་ཆོས་རྒྱལ༴ གླིང་བཞིར་དབང་སྒྱུར་གསེར་གྱི་འཁོར་ལོ་དང་། །འདོད་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །འཆི་མེད་ལུས་ཕྲའི་ཁེངས་འཕྲོག་བཙུན་མོ་དང་། །དཔའ་མཛངས་རྟུལ་ཕོད་བློན་པོ་རིན་ཆེན་གྱིས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། །སྣང་སྲིད་དྲེགས་པ་རུ་འདྲེན་སྡེ་བཞི་ཡི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། །གླང་ཆེན་དབང་པོ་མཆེ་བ་དྲུག་དང་ལྡན། །གླིང་བཞི་སྐད་ཅིག་ཙམ་གྱིས་བསྐོར་བའི་རྟ། །དགྲ་དཔུང་ཐལ་བར་རློག་པའི་དམག་དཔོན་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས། །སྤྲུལ་པའི་ཆོས་རྒྱལ༴ དར་ནག་དར་དཀར་ཟ་འོག་འཇོལ་བེར་དང་། །དོམ་གྱི་སློག་པ་ཞིང་ཆེན་སྟག་གླང་ལྤགས། །དར་དང་སྨྱུག་མའི་ཐེབ་ཞུ་སག་ཐེབས་ཞྭ། །རུས་པ་རིན་ཆེན་སྦྲུལ་གྱི་རྒྱན་ཆ་ཡིས། །སྤྲུལ་པའི་ཆོས་རྒྱལ༴ ཞགས་པ་སྤུ་གྲི་རྡོ་རྗེ་གསེག་ཤང་དང་། །དགྲ་སཏྭ་སྦ་འཁར་བེང་ཆེན་ལྕགས་ཀྱུ་མདའ། །རལ་གྲི་གཞུ་དང་བནྡྷ་ཤེལ་དཀར་ཕྲེང་། །དམ་ཤིང་རྒྱལ་མཚན་རུ་མཚོན་ལ་སོགས་པས། །སྤྲུལ་པའི་ཆོས་རྒྱལ༴ སྲ་བརྟན་བསེ་ལྕགས་ལས་གྲུབ་ཁྲབ་རྨོག་ཚོགས། །འཇའ་རིས་རྔ་ཆས་སྤྲས་པའི་ཞོལ་བཏགས་ཕུབ། །ལྕགས་གཞིབས་ལྕགས་འབག་གཞོམ་མེད་གོ་ཆ་སོགས། །རང་སྲིད་བསྲུང་བའི་ཁྱད་པར་ཇི་སྙེད་པས། །སྤྲུལ་པའི་ཆོས་རྒྱལ༴ དཔག་ཆེན་མདའ་མདུང་རལ་གྲི་དགྲ་སཏྭ་དང་། ཁྲི་སྒྱོགས་རྨ་བྱ་སྟག་མོ་མེ་མདའ་སོགས། །ཕ་རོལ་དགྲ་དཔུང་ཕྱེ་མར་འཐག་ནུས་པའི། །སྣ་ཚོགས་མཚོན་ཆའི་འཕྲུལ་འཁོར་ཇི་སྙེད་པས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། །སྣང་སྲིད་དྲེགས་པ་རུ་འདྲེན་སྡེ་བཞི་ཡི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། །ཞྭ་ནག་ཕོད་ཀ་ཕུར་ཐུན་སྒྲོལ་བའི་གྲི །དམ་ཉམས་དགྲ་བགེགས་དམིགས་རྟེན་ལིངྒ་དང་། །ཐར་མེད་བཙོན་ཁང་འབྲུབ་ཁུང་ལ་སོགས་པ། །དྲག་པོ་མཐུ་ཡི་ལས་སྦྱོར་རྫས་རྣམས་ཀྱིས། །སྤྲུལ་པའི་ཆོས་རྒྱལ༴ སྟག་དོམ་དྲེད་གཟིག་སེང་གེ་ཅེ་སྤྱང་དང་། །བྱ་རྒོད་རྨ་བྱ་ལས་གྲུབ་རྒྱལ་མཚན་འཕྱར། །འཕན་གདུགས་བླ་བྲེ་བ་དན་ལྡ་ལྡི་བྲེས། །ལྷབ་ལྷུབ་མདུང་དར་ནམ་མཁའི་ཁྱོན་གང་བས། །སྤྲུལ་པའི་ཆོས་རྒྱལ༴ རླུང་གི་ཤུགས་ལྡན་རྟ་མཆོག་ཚོགས་རྣམས་རྒྱུག །འཇིགས་རུང་འབྲོང་གཡག་རྡོ་རྗེའི་རྭ་ཆེན་གདེངས། །འོ་མའི་བཅུད་ལྡན་འདོད་པ་འཇོ་བའི་བ། །དཀར་འཇམ་སྤུ་ལྡན་རྭ་རྣོན་འཁྱིལ་བའི་ལུག །སྤྲུལ་པའི་ཆོས་རྒྱལ༴ གངས་རིའི་དུམ་བུ་ཆད་འདྲའི་གཉིས་འཐུང་དབང་། །རྩལ་གསུམ་ལུས་ལ་རྫོགས་པའི་གདོང་ལྔ་པ། །སྤྲ་དང་སྤྲེ་འུ་འཕྱི་པ་ཁྱིམ་གྱི་བྱ། །རྔ་མོ་བོང་བུ་དྲེལ་ནག་ལ་སོགས་པས། །སྤྲུལ་པའི་ཆོས་རྒྱལ༴ ས་ལ་འཛུལ་དགུ་གནམ་ལ་འཕུར་དགུ་སོགས། །སྣ་ཚོགས་སྲོག་ཆགས་ཁྱད་པར་ཇི་སྙེད་དང་། །དར་ཟབ་རས་དང་ར་བ་ལས་གྲུབ་གོས། །ལྷུང་བཟེད་པར་བུ་སྣོད་ཀྱི་བྱེ་བྲག་གིས། །སྤྲུལ་པའི་ཆོས་རྒྱལ༴ རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་། །ཡོངས་འདུའི་ཤིང་དང་ལྷ་མིའི་འབྱོར་པ་རྣམས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་རབ་སྤྲོས་པས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྡེ་ལྔ་དང་། །གསང་ཡུམ་སྤྲུལ་པ་བློན་པོ་བཀའ་སྡོད་ཚོགས། །སྣང་སྲིད་དྲེགས་པ་རུ་འདྲེན་སྡེ་བཞི་ཡི། །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་སོ། ༈ །བཤགས་པ་བྱ་བ་ནི། ཧཱུྃ། ཀུན་ཏུ་བཟང་པོ་རིག་འཛིན་པདྨ་འབྱུང་། །རྩ་བརྒྱུད་བླ་མ་རྟ་མགྲིན་དབང་གི་ལྷ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་དེང་འདིར་དགོངས་སུ་གསོལ། །བདག་ཅག་མ་རིག་སྒྲིབ་པའི་དབང་གྱུར་ཏེ། །དངོས་གྲུབ་རྩ་བ་བླ་མར་དམོད་པ་དང་། །ཡི་དམ་ལྷ་ལ་སྤོང་ལེན་བགྱིས་པ་དང་། །གསང་བ་སྔགས་ཀྱི་དམ་ཚིག་ཉམས་པ་བཤགས། ཁྱད་པར་སྤྲུལ་པའི་རྒྱལ་པོ་འཁོར་བཅས་ལ། །བསྙེན་སྒྲུབ་མཆོད་གཏོར་བསྐང་བ་ཆག་པ་དང་། །གཏང་རག་ལེ་ལོའི་དབང་གྱུར་དུས་ལས་ཡོལ། །མཆོད་རྫས་མི་གཙང་སྦགས་སོགས་མཐོལ་ལོ་བཤགས། །གདུག་ཅན་དགྲ་དང་ཟས་གཏམ་འདྲེས་པ་དང་། །འཕྲིན་ལས་རྣམ་བཞིའི་བྱ་བ་ཉེ་བར་བོར། །འགྲོ་ལ་བརྩེ་བའི་སྙིང་རྗེ་བཏང་བ་སོགས། །ཐེག་ཆེན་ཚུལ་དང་འགལ་རྣམས་མཐོལ་ལོ་བཤགས། །ཆོས་ཀུན་གདོད་ནས་སྟོང་པའི་རང་བཞིན་ལ། །ཀུན་རྫོབ་འཁྲུལ་ངོར་བགྱིས་པའི་ཉེས་པ་རྣམས། །གསལ་སྟོང་འཛིན་པ་མེད་པ་རིག་པའི་གཤིས། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་དག་པར་མཛོད། །ཅེས་དང་ཡིག་བརྒྱ་བརྗོད། ༈ མངའ་གསོལ་ནི། དབང་བསྐུར་རྒྱུད་དང་མན་ངག་གདམས་པའི་མཛོད། །ཇི་བཞིན་སྟེར་མཛད་རྒྱལ་བ་ཀུན་འདུས་པ། དངོས་དང་བརྒྱུད་པའི་རྡོ་རྗེ་སློབ་དཔོན་ཚོགས། །དྲིན་ཅན་བླ་མའི་ངོ་བོར་མངའ་གསོལ་ལོ། །སྐྱོན་བྲལ་སངས་རྒྱས་ཡང་གསང་ལྷ་ཡི་ཚོགས། །དེ་དོན་རྒྱུད་སྡེ་རྒྱ་མཚོ་དམ་པའི་ཆོས། །ཚུལ་བཞིན་སྒྲུབ་པའི་རིག་འཛིན་དགེ་འདུན་ཏེ། །སྐྱབས་གནས་དཀོན་ཅོག་གསུམ་དུ་མངའ་གསོལ་ལོ། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །སྤྲུལ་པའི་བསྟན་སྲུང་རྒྱལ་པོ་སྐུ་ལྔ་པོ། །རིག་འཛིན་དགྲ་བླའི་གཙོ་བོར་མངའ་གསོལ་ལོ། །མཆོད་ཅིང་བསྟོད་ན་སྲིད་ཞིའི་དགེ་ལེགས་ཀུན། །འབད་མེད་ལག་རྩེར་སྩོལ་བའི་དབང་གི་རྒྱལ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །སྐོང་མཛད་རྒྱལ་པོ་ཆེན་པོར་མངའ་གསོལ་ལོ། །བདག་ཅག་མི་ནོར་བྲན་གཡོག་དགོན་གནས་སྡེ། །མཐུ་ལྡན་སྲུང་མ་ཁྱོད་ལ་གཉེར་གཏད་ན། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་རབ་ཞི་ནས། །བསམ་དོན་ལྷུན་གྱིས་འགྲུབ་པའི་དགེ་ལེགས་མཛོད། །ཅེས་དང་། ༈ རྒྱལ་པོ་སྐུ་ལྔའི་གསེར་སྐྱེམས་ནི། ཨོཾ་ཨཱཿཧཱུྃ། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ནུབ་ཕྱོགས་གསུང་གི་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །བྱང་ཕྱོགས་ཕྲིན་ལས་རྒྱལ་པོ་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །རྒྱ་ཆེན་སྐུ་ལྔ་ཡུམ་དང་བློན་པོར་བཅས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོའི་ཚོགས། །གདོན་བགེགས་ལན་ཆགས་འགོ་བའི་ལྷ་ལྔ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་སོ། །སྐོང་བཤགས་སོགས་འདི་རྣམས་རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་ལས་ཟུར་འདོན་གྱིས་སྐོང་བའི་འགྲེས་ཚིག་སྤྱི་འགྲོར་ཅུང་ཟད་ཟུར་བསྒྱུར་ཞུས་པ་ལས་གཞན་ནི་བཅོས་ལྷད་མེད་པའི་གསུང་རྣམ་པར་དག་པའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསང་བདག་དྲེགས་པ་ཀུན་འདུལ་གྱི་བསྙེན་ཡིག་རིན་ཆེན་བཻ་ཌཱུརྱ་སྔོན་པོའི་ཕྲེང་བ་ (Volume 28, Text 21)

༄༅། །གསང་བདག་དྲེགས་པ་ཀུན་འདུལ་གྱི་བསྙེན་ཡིག་རིན་ཆེན་བཻ་ཌཱུརྱ་སྔོན་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། མི་ཕྱེད་ཐུགས་གསང་ཡེ་ཤེས་རྡོ་རྗེ་ནི། །བདུད་འཇོམས་སྙིང་རྗེའི་སྟོབས་སུ་གྱུར་པ་ལས། །འབར་བའི་སྐུར་སྣང་གསང་བ་ཀུན་གྱི་བདག །འཁོར་ལོའི་མགོན་པོར་བཞེངས་ལ་གུས་ཕྱག་འཚལ། །ལས་འབྲེལ་ཆོས་མཛོད་དབྱིག་གི་སྙིང་། །ཤར་གཏེར་བྱིན་རླབས་གཟི་བརྗིད་ཅན། །རིག་འཛིན་བརྒྱུད་པས་རབ་བསྔགས་པ། །བསྙེན་ཐབས་ཉུང་ངུ་རྣམ་གསལ་དགོད། །དེ་ལ་འདི་ཉིད་གང་དུ་སྒྲུབ་པའི་གནས་རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པའམ་དབེན་ཞིང་ཉམས་དགའ་ལ་མཐུན་རྐྱེན་ཚོགས་པར། སྒྲུབ་པ་པོ་འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། ཇི་ལྟར་སྒྲུབ་པའི་ཚུལ་ལ་དོན་གསུམ། སྦྱོར་བ་སྔོན་འགྲོ །དངོས་གཞི་བསྙེན་སྒྲུབ། རྗེས་ཀྱི་རིམ་པ་ཇི་ལྟར་བྱ་བའོ། །དང་པོ་ལ། རྒྱས་པར་སྤྲོ་ན་ས་ཆོག །ཕྱི་ནང་བར་གྱི་མཚམས་གཅོད། ཐིག་ཚོན། རྒྱན་དགོད། གཟི་བྱིན་བསྐྱེད་པ་སོགས་འདི་ཉིད་ཀྱི་སྒྲུབ་ཁོག་དང་སྦྱར་བའི་ཚུལ་ནི་རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་བསྙེན་ཡིག་ལྟར་བྱ་དགོས་ལ། འདིར་འཇུག་པ་བདེ་ཕྱིར་སྤྱི་འགྲོའི་ལག་ལེན་མདོར་བསྡུས་ཀྱི་དབང་དུ་བྱས་ན། བསྙེན་སྒྲུབ་ཀྱི་བར་གཅོད་སེལ་ཞིང་དགེ་བའི་དཔུང་བསྐྱེད་པའི་གསག་སྦྱོང་ཅི་འགྲུབ་བྱས་ནས་དུས་བཟང་པོར་སྒྲུབ་ཁང་བྱི་དོར་དང་རྒྱན་གྱི་བཀོད་པ་ཅི་འབྱོར་བཤམ། རྩ་བ་གསུམ་གྱི་རྟེན་དང་འདི་ཉིད་ཀྱི་སྐུ་རྟེན་སོགས་བཀྲམ། རང་སྐད་ཅིག་གིས་རྡོ་རྗེ་གཏུམ་པོར་གསལ། གཏོར་མ་ཆ་གསུམ་གཏོང་གྲུབ་ན་ལེགས། ས་བདག་དང་གནས་བདག་ལ་དཀར་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ། བགེགས་རིགས་ལ་གཏོར་མ་སྦྱིན། བདེན་སྟོབས་ཡུངས་ཐུན་གུ་གུལ་དུད་པས་བསྐྲད། སྒོ་དྲུང་དུ་རྒྱལ་ཐོ་གཟུག་པ་ལ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་ལས་བཅོལ་བ་སྤྱི་ལྟར་བྱ། ལས་བྱང་ལྟར་མཚམས་བཅད་ལ་སྲུང་འཁོར་གསལ་ཞིང་བརྟན་པར་བསྒོམ་པ་ཉིད་མཚམས་མ་གྲོལ་བར་མི་བསྡུ་ཞིང་ཐུན་མགོ་རྣམས་སུ་གསལ་འདེབས་བསྐྱར་བར་བྱ། གཟུངས་སྔགས་བཟླས་པའི་ཁྲུས་ཆབ་ཀྱིས་གནས་ལུས་ཡོ་བྱད་བསང་། སྟེགས་བུ་བདུད་རྩི་ལྔས་བྱུགས་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའང་ལྟེ་བ་གྲུ་གསུམ་མཐིང་ནག་ལ་རྡོ་རྗེ། ཟླ་གམ་གསུམ་དམར་པོ། མུ་ཁྱུད་ཐོད་རས་བསྐོར་བའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་སེར་པོ་ལ་ཧཱུྃ་བཅུ། དེ་རྒྱབ་པདྨ་འདབ་བརྒྱད་ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཛེས་ཚོན་ལ་ཕུཿབརྒྱད་བཀོད། སྒོ་བཞི་པདྨ། དུར་ཁྲོད། རྡོར་ར། མེ་རི་རྣམས་སྤྱི་དང་མཚུངས་པའོ། །ཐོག་མར་ཕྱི་སྒྲུབ་རྟེན་དེའི་དབུས་སུ་གདན་གྲུ་གསུམ་ལ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཟུག །དེ་སྟེང་ཁྲིའུ་ལ་སྒྲུབ་གཏོར་སྙིང་གཟུགས་དམར་པོ་པད་འདབ་བཞི་ལྡན་རྡོ་རྗེ་མེ་རི་སོགས་རྒྱན་སྤྲོས་ཅན། སྐུ་ཙཀ་དང་དར་གདུགས་མཐིང་ནག་གིས་སྤྲས་པ་བཀོད། རྒྱབ་མདུན་གཉིས་སུ་རྩ་གསུམ་ཆོས་སྲུང་གི་གཏོར་མ་དང་། ཁྱད་པར་གཏེར་བདག་ལྡང་ལྷར་ཟངས་གཞོང་གི་ནང་དུ་བཙན་བཤོས་དམར་པོར་ཁྲག་གིས་བྱུགས་པ་དཀར་རྒྱན་དང་ར་ཤའི་དམར་རྒྱན་མཐེབ་ཀྱུ་བདུན་གྱིས་བསྐོར་བ་བཤམ། གཡས་གཡོན་དུ་སྨན་རཀ །མཚམས་འཛིན་ནས་གཟུང་གཡས་སྐོར་གྱིས་མེ་ཏོག་སྔོན་པོ་ལ་སོགས་པའི་ཉེར་སྤྱོད་རྣམས་ཀྱང་རྒྱས་པར་བཤམ། འབྱོར་ན་འཕན་དང་རལ་གྲི་ཕུར་པ་མདའ་དར་སོགས་དཀྱིལ་འཁོར་གྱི་རྒྱན་རྫས་སྤྱི་ལྟར་བཀྲམ། རང་ཉིད་དཀྱིལ་འཁོར་ལ་ཕྱོགས་ཏེ་འོག་ཏུ་ས་དཀར་གྱིས་གཡུང་དྲུང་བྲིས་པའི་སྟན་བདེ་བ་ལ་འཁོད། མདུན་དུ་རྡོར་དྲིལ་ཌཱ་མ་རུ་གདབ་ཕུར་འཐོར་ནས་ནང་མཆོད་སོགས་བཀོད། གཏོར་འབུལ་རིགས་དང་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞིའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ་བཞི། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། མཁའ་འགྲོའི་ལས་སྦྱོར་རྣམས་སོ། །དང་པོ་ནི། དགོང་མོ་ནས་དབུ་བརྩམ་སྟེ་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྤྱི་བྱེ་བྲག་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྐྱབས་སེམས་ཚོགས་གསག་ནས་མཆོད་པ་བྱིན་རླབས་བར་སྔོན་འགྲོ་རྣམ་བཅུ་ཚང་བ་བཏང་། བགེགས་གཏོར་སྔོན་དུ་སོང་བས་འདི་ཕྱིན་མི་དགོས། བྱིན་འབེབ་སྐབས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་རླབས་དབབ་པས་གཟི་བྱིན་སྐྱེད་པའི་དོན་ཚང་བའོ། །དངོས་གཞི་ལྷ་བསྐྱེད་པ་ནི་རྩ་གཞུང་གི་དགོངས་པར་ཐོག་མར་མདུན་བསྐྱེད་དང་དེ་ནས་བདག་བསྐྱེད་གསལ་གདབ་པར་གསུངས་པ་ལྟར་བྱ་སྟེ། ཨོཾ་ཨཱཿཧཱུྃ༔ དག་པ་གསུམ་གྱི་སྔགས་བརྗོད་པས༔ ཉེས་སྒྲིབ་ཀུན་དག་སྟོང་པར་བསྒོམ༔ དེ་ནས་ཏིང་འཛིན་སྒོམ་པ་ནི༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་སྣང་ཏིང་འཛིན་ནི༔ ཀུན་ཁྱབ་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་འཛིན་ནི༔ སེམས་ཉིད་ཡི་གེ་ཧཱུྃ་དུ་བསྒོམ༔ ཧཱུྃ་ལས་རཾ་འཕྲོས་མེ་ཡིས་བསྲེགས༔ ཡཾ་འཕྲོས་ཐམས་ཅད་རླུང་གིས་གཏོར༔ ཁཾ་འཕྲོས་ཐམས་ཅད་ཆུ་ཡིས་བཤལ༔ ཐམས་ཅད་སྟོང་པར་གྱུར་པ་ལ༔ ཧཱུྃ་ལས་ཨེ་འཕྲོས་ནམ་མཁར་གྱུར༔ ཡཾ་འཕྲོས་རླུང་གི་ད་ལར་གྱུར༔ ར་འཕྲོས་རཀྟའི་རྒྱ་མཚོར་གྱུར༔ སུཾ་འཕྲོས་ཞིང་ཆེན་ས་གཞིར་གྱུར༔ ཀིཾ་འཕྲོས་རུས་པའི་རི་རབ་གྱུར༔ བྷྲཱུྃ་འཕྲོས་རཏྣའི་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་སྣ་ལྔ་ལ༔ ནང་ནི་ཐོད་མཁར་གཞལ་ཡས་ཁང༔ ཕྱི་ནང་སྟོང་གསལ་འོད་ཟེར་འཕྲོ༔ སྒོ་བཞི་སྒོ་རབ་ཆུ་སྲིན་དང༔ ལྷ་སྲིན་སྦལ་པའི་རླིད་བུས་བྲེས༔ སྦྲུལ་གྱི་ཟར་མ་རིན་ཆེན་ཡོལ༔ ལྷ་ཀླུའི་ཀ་གདུང་གཟའ་བརྒྱད་ཕྱམ༔ རྒྱུ་སྐར་གྲལ་མ་ཞིང་ཆེན་ཡོལ༔ ཙིཏྟའི་ཆུན་འཕྱང་རཀྟས་སྦྱར༔ མེ་རི་རྡོ་རྗེའི་ཀློང་དཀྱིལ་དེར༔ ཨེ་དབུས་མ་ལས་ཉི་མ་དང༔ ཨཿལས་ཟླ་བ་པདྨའི་སྟེང༔ དྲེགས་པ་ཕོ་མོའི་གདན་སྟེང་དུ༔ ནམ་མཁའི་མཐོངས་ནས་ཧཱུྃ་བབས་ཏེ༔ དེ་ཉིད་རྡོ་རྗེ་རྩེ་ལྔར་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྗོད་རྡོ་རྗེ་གཏུམ་པོ་ནི༔ འཇིག་རྟེན་གསུམ་ལས་རྒྱལ་བའི་སྐུ༔ སྐུ་ཆེ་ཡན་ལག་རགས་པ་ལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་བརྟེན༔ རྩེ་ལ་ཁྱུང་གི་བྱ་ཁྲ་འགྱེད༔ དྲེགས་པ་ཕོ་མོའི་གདན་ལ་བཞུགས༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞལ་གདངས་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྤྱན་རྩ་ཤིན་ཏུ་དམར༔ སྙན་ཆ་དང་ནི་དོ་ཤལ་དང༔ ཕྱག་དང་ཞབས་ཀྱི་གདུ་བུ་བསྣམས༔ ཞེ་སྡང་སྦྲུལ་གྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་དཔུང་ནང་ན་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས༔ ཞེས་གནས་གསུམ་དུ་འབྲུ་གསུམ་གསལ་འདེབས་ཤིང༔ མདུན་བསྐྱེད་ཀྱི་ཡེ་ཤེས་པ་དགུག་བསྟིམ་དང་དབང་བསྐུར་ལྷན་ཅིག་ཏུ་བྱ་བ་ནི༔ ཧཱུྃ་ལས་འོད་འཕྲོས་འཕགས་པ་མཆོད༔ དུས་གསུམ་སངས་རྒྱས་གཏུམ་པོར་གྱུར༔ ཚུར་འདུས་སྤྱི་བོར་ཐིམ་པ་ལས༔ དབང་བསྐུར་ཆུ་ལྷག་དབུ་བརྒྱན་བསམ༔ ཞེས་པ་འདི་ཡན་གྱིས་མདུན་བསྐྱེད་གསལ་འདེབས་ཡེ་ཤེས་པ་བསྟིམ་པ་དང་། དབང་བསྐུར་ཞིང་དབུ་བརྒྱན་བསྒོམ་པ་རྣམས་ཚར་ནས་བདག་བསྐྱེད་གསལ་འདེབས་པ་ནི། བསྐྱེད་པའི་གཏུམ་པོའི་སྤྱི་བོ་ནས༔ ཨོཾ་འཕྲོས་བདག་གི་ལུས་ལ་ཕོག༔ ལུས་ཀྱི་སྒྲིབ་པ་དག་ནས་ནི༔ བདག་ཉིད་གཏུམ་པོར་གྱུར་པར་བསྒོམ༔ ཞེས་པས་བདག་ཉིད་མདུན་བསྐྱེད་ཇི་ལྟ་བའི་ལྷ་མངོན་རྟོགས་ལྟར་ལམ་གྱིས་གྱུར་པར་གསལ་འདེབས། ཨཱ་ལས་འོད་འཕྲོས་ངག་ལ་ཕོག༔ ངག་གི་སྒྲིབ་པ་ཀུན་དག་ནས༔ ངག་སྒྲ་སྔགས་སུ་གྱུར་པར་བསྒོམ༔ ཧཱུྃ་ལས་འོད་འཕྲོས་ཐུགས་ཀར་ཕོག༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཆོས་ཉིད་དོན་ལ་གནས་པར་བསྒོམ༔ བདག་གི་གནས་གསུམ་ཡིག་འབྲུ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས༔ ཡེ་ཤེས་གཏུམ་པོའི་རྣམ་པར་བྱོན༔ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་གྱུར༔ དབང་བསྐུར་རིགས་ཀྱི་བདག་པོས་མཚན༔ སླར་ཡང་འོད་འཕྲོས་ཚུར་འདུས་པས༔ རྡོ་རྗེའི་གོ་ཁྲབ་གྱོན་པར་གྱུར༔ དེ་ལས་འོད་འཕྲོས་སྣོད་བཅུད་རྣམས༔ གཞལ་ཡས་ཁང་དང་ལྷ་རུ་བསྐྱེད༔ ཅེས་གཙོ་བོ་བསྐྱེད་ཟིན་ནས་དབང་ཆོག་གི་དགོངས་པ་ལྟར་བྲིས་པའི་དཀྱིལ་འཁོར་ལ་འཁོར་གསལ་གདབ་པ་ནི། བདག་ཉིད་ཆེན་པོའི་ཐུགས་ཀ་ནས༔ ཕྱོགས་མཚམས་ཀུན་ཏུ་ཡི་གེ་འཕྲོས༔ ཡཀྴ་རཀྴ་ཏི་ར་བཾ༔ སཱུརྱ་ཙཎྜ་པདྨ་མཎྜ་ལ༔ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ་ ཧཱུྃ་ཧཱུྃ༔ ཞེས་དང་རང་སྔགས། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་། ཧཱུྃ༔ སྟེང་དུ་ཁྲོ་བོ་ཧཱུྃ་ཀཱར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ༔ རྡོ་རྗེ་ཐོ་བ་རྡོ་རྗེ་གཡས༔ དུང་ཆེན་ཞགས་པ་དྲིལ་བུ་གཡོན༔ ཡུམ་ཆེན་སྒྲ་འབྱིན་མ་དང་སྦྱོར༔ ཞེས་ལས་བྱང་ལྟར་བརྗོད་པ་ལས་ལུས་དཀྱིལ་གྱི་འདོན་པ་བསྒྱུར་ཏེ། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་དུ་ཁྲོ་བོ་རྣམ་པར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ལྗང་གཡོན་སྔོ་དབུས་དཀར་ཞལ༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་དྲིལ་བུ་གཡོན༔ ཡུམ་ཆེན་མདའ་སྙེམས་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོར་ཁྲོ་བོ་དབྱུག་སྔོན་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་སྐྱའི་ཞལ༔ མེ་དབལ་དབྱུག་པ་རྡོ་རྗེ་གཡས༔ དབྱུག་ཏོ་ཐོ་བ་དྲིལ་བུ་གཡོན༔ ཡུམ་ཆེན་སྡེར་མོ་ཉིད་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྔོ་ཞལ༔ རྡོ་རྗེ་བེ་ཅོན་རྡོ་རྗེ་གཡས༔ སྡིགས་མཛུབ་དགྲ་སཏྭ་དྲིལ་བུ་གཡོན༔ ཡུམ་ཆེན་དུར་ཁྲོད་བདག་མོར་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དམར་དབུས་ལྗང་ཞལ༔ རལ་གྲི་ཁ་ཊྭཱཾ་རྡོ་རྗེ་གཡས༔ ཞགས་པ་ཙིཏྟ་དྲིལ་བུ་གཡོན༔ ཡུམ་ཆེན་གཏུན་ཁུང་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དམར་ཞལ༔ སྦྲུལ་ཞགས་མདའ་དང་རྡོ་རྗེ་གཡས༔ སྤུ་གྲི་གཞུ་དང་དྲིལ་བུ་གཡོན༔ ཡུམ་ཆེན་གཏུམ་མོ་ཉིད་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་གཞན་གྱིས་མི་ཐུབ་པ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སེར་དབུས་ལྗང་ཞལ༔ བྷནྡྷ་མེ་དང་རྡོ་རྗེ་གཡས༔ རྔ་ཡབ་ཐོད་དབྱུག་དྲིལ་བུ་གཡོན༔ ཡུམ་ཆེན་མདའ་སྙེམས་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལི་ཧཱུྃ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དམར་གཡོན་དཀར་དབུས་ལྗང་ཞལ༔ མེ་དཔུང་དབྱུག་ཏོ་རྡོ་རྗེ་གཡས༔ ཞགས་པ་རྒྱ་གྲམ་དྲིལ་བུ་གཡོན༔ ཡུམ་ཆེན་རླུང་འབྱིན་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དུད་ཀ༔ གྲི་གུག་ཏྲི་ཤུལ་རྡོ་རྗེ་གཡས༔ མདུང་དང་མདའ་གཞུ་དྲིལ་བུ་གཡོན༔ ཡུམ་ཆེན་གསོད་བྱེད་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་དུད་ཀ༔ ལྕགས་ཀྱུ་ཙིཏྟ་རྡོ་རྗེ་གཡས༔ དུང་དམར་ཞགས་པ་དྲིལ་བུ་གཡོན༔ ཡུམ་ཆེན་སྐྱོད་བྱེད་མ་དང་སྦྱོར༔ ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས༔ གཡས་པ་དུང་དམར་གཙོ་ལ་སྟོབ༔ གཡོན་པ་དྲིལ་བུ་དཀུ་ལ་བསྟེན༔ དུར་ཁྲོད་ཆས་ཀུན་ཡོངས་སུ་རྫོགས༔ སྤྲུལ་འཁོར་གཟའ་དང་རྒྱུ་སྐར་བཅས༔ ཀླུ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར༔ ཧཱུྃ་ལ་རང་སྔགས་སྙིང་པོས་བསྐོར༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྐྱེད༔ ཅེས་པའི་བར་བརྗོད། དེ་ཡང་དབང་ཆོག་ལྟར་པད་འདབ་བརྒྱད་ལ་ཀླུ་བརྒྱད། བར་ཁྱམས་ལ་གཟའ་བརྒྱད། ཕྱིའི་ལྕགས་རི་སྟེ་རྡོར་རའི་ནང་ཙམ་དུ་ཕྱོགས་སྐྱོང་བཅུ་རྣམས་མོས་བསྐྱེད་བྱ། སྒོ་མ་ལས་བྱང་དུ་མི་གསལ་ཡང་དབང་ཆོག་ཏུ་ཡོད་པས་སྤྱི་ལྟར་ཁྲོ་མོ་དཀར་སེར་དམར་ལྗང་ལྕགས་ཀྱུ་ཞགས་སྒྲོག་དྲིལ་འཛིན་དུ་བསྒོམ། དེ་ནས་དབང་བསྐུར་ཡེ་ཤེས་པ་སྤྱན་དྲང་བ། བཞུགས་གསོལ། ཕྱག་མཆོད་བསྟོད་པའི་བར་ལས་བྱང་བསྟར་ཆགས་སུ་གཏང་། ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱ། བཟླས་དམིགས་ནི། བདག་མདུན་གཉིས་ཀའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཉི་གདན་ལ་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་སེན་གང་བའི་ལྟེ་བར་ཟླ་གདན་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་ནས་འབྲུ་གྱེན་དུ་ལངས་པ་ཙམ་གྱི་མཐར། རྩ་སྔགས་ཀྱི་ཕྲེང་བ་སྔོན་པོ་ཡིག་འབྲུ་རྣམས་གྱེན་དུ་ལངས་པ་གཡས་སྐོར་དུ་སྒོ་རོ་རོ་འཁོར་བ་དེ་ལ་སེམས་གཏད་དེ་སྔགས་བཟླས་པས། སྔགས་ཕྲེང་ལས་འོད་ཟེར་སྔོན་པོ་དང་། ཁྲོ་ཆུང་དང་མཚོན་ཆ་མེ་དཔུང་དང་བཅས་པ་འབར་ཞིང་ཕྱོགས་བཅུར་འཕྲོས་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པར་བསམ་ཞིང་བཟླ་བ་ནི་ཕྱི་སྒྲུབ་རྩ་བའི་དགོངས་པ་དང་། ཐུགས་སྒྲུབ་ལས་བྱང་ལས། ཕྱི་སྣོད་དག་པ་གཞལ་ཡས་ཁང༔ ནང་བཅུད་དུ་གྱུར་པ་ལྷའི་རྣལ་འབྱོར༔ སྒྲར་གྲགས་པ་སྔགས་ཀྱི་རང་སྒྲར་བསམ་ལ༔ ཞེས་གསུངས་པ་ལྟར་ཁྱེར་སོ་གསུམ་ལྡན་དུ་བྱ་བ་དང་། གཞན་ཡང་གཙོ་བོར་ལྟ་བའི་ངང་ནས་ལྷ་སྐུ་སྣང་སྟོང་འཛིན་མེད་གསལ་སྟོང་བདེ་བ་ཆེན་པོའི་ངང་ནས་བཟླ་བ་དང་། རྣམ་རྟོག་འཕྲོ་ན་གོང་གི་འཕྲོ་འདུ་རྣམས་དང་། གཞན་ཡང་སྔ་འགྱུར་སྤྱི་གཞུང་ལྟར་བདག་བྱིན་རླབས་སོགས་བསྙེན་སྒྲུབ་ཡན་ལག་བཞིའི་དམིགས་པའི་འཕྲོ་འདུ་སྦྱར་ཏེ་བཟླ་བ་དང་། ལྷ་དང་སྔགས་ལ་སེམས་བཟུང་སྟེ་བཟླ་བ་དང་། སྤྱིར་བློ་འདས་ཀྱི་ངང་ནས་བཟླ་བ་སོགས་གལ་ཆེ་བས་རྒྱུད་ཚོད་དང་བསྟུན་ཏེ་ཉམས་སུ་བླང་ངོ། །དེ་ལ་ཐུན་དང་པོ་འདིར་བཟླས་པ་ཇི་ལྟར་འོས་པ་བྱས་ལ་སྟོང་ཚིགས་མཆོད་བསྟོད་རྒྱས་བསྡུས་གང་འོས་འབུལ། སྤྱི་སྒོས་ཀྱི་ཆོས་སྲུང་རྣམས་དང་བྱེ་བྲག་ལྡང་ལྷའི་གཏོར་འབུལ་གཏེར་ཆེན་རིན་པོ་ཆེས་མཛད་པ་ལྟར་བྱ། དེ་ནས་ཚོགས་འཁོར་བཤམ། ལས་བྱང་ལྟར་བྱིན་རླབས། སྤྱན་འདྲེན། དང་པོ་བར་ཐས་འབུལ། རྩ་གསུམ་སྤྱི་སྐོང་བཏང་ལ་གནམ་ཕུད་འཐོར། ལྷག་མ་བྱང་ཤར་དུ་བསགས་ལ་ལྷག་ཆོག་གཏོང་ཡང་ཕྱིར་མི་འབུལ་བ་དང་། ལྷག་མ་བསགས་ཤིང་ལྷག་ཆོག་མི་གཏོང་བའི་ལུགས་གཉིས་ཡོད་པས་གང་བདེ་བྱ། ཆད་ཐོ་ཕུལ་ཞིང་བཤལ་ཆུས་བརྟན་མ་བསྐྱངས་ལ་བྲོ་བརྡུང་། བདག་མདུན་ལ་མཆོད་བསྟོད་མདོར་བསྡུས་དང་བཟོད་གསོལ་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ལྷར་ལྡང་། མདུན་བསྐྱེད་བརྟན་བཞུགས་བསྔོ་སྨོན་བཀྲ་ཤིས་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག །ནངས་པར་ཐོར་ཐུན་ལ་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་ངག་བྱིན་རླབས་བྱེད་ནས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ༔ དག་པ་གསུམ་གྱི་སྔགས་བརྗོད་པས༔ ཞེས་སོགས་ནས། དབང་བསྐུར་ཆུ་ལྷག་དབུ་རྒྱན་བསམ༔ ཞེས་པའི་བར་གྱིས་མདུན་བསྐྱེད་དང་། བསྐྱེད་པའི་གཏུམ་པོའི་སྤྱི་བོ་ནས༔ ཞེས་པ་ནས། གཞལ་ཡས་ཁང་དང་ལྷ་རུ་བསྐྱེད༔ ཅེས་པའི་བར་གྱིས་བདག་བསྐྱེད་རྣམས་གསལ་གདབ། ལས་བྱང་ལྟར། ཧཱུྃ༔ སྲིད་པ་རྡོ་རྗེར་སྒྲུབ་པ་དང༔ ཞེས་སོགས་ཀྱིས་སྤྱན་འདྲེན་ནས་ཕྱི་མཆོད་འབུལ་བ་ཡན་དང་། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་ཕུལ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད། རྒྱས་པར་སྤྲོ་ན། རྒྱུད་ཀྱི་ལེའུ་བཅུ་པ་བསྐུལ་བྱང་བསྟོད་པ་ལྟར་གྲུབ་ན་ལེགས། བཟླས་དམིགས་ཕྱི་སྒྲུབ་རྩ་བར། བདག་དང་མདུན་དུ་བཞུགས་པ་ཡི༔ གཏུམ་པོ་ཉིད་ཀྱི་ཐུགས་ཀ་རུ༔ རྡོ་རྗེ་མཐིང་ནག་སེན་གང་ཙམ༔ དེ་དཀྱིལ་ཟླ་བའི་གདན་ལ་ནི༔ མཐིང་ནག་ཧཱུྃ་ནི་ནས་ཙམ་པ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ བདག་བསྐྱེད་མདུན་བསྐྱེད་ཧཱུྃ་གཉིས་ལ༔ བསྐོར་བར་བསམ་ལ་བཟླས་པ་བྱ༔ བཟླས་པའི་འོད་ཟེར་ཁྲོ་ཆུང་ཁྱུང༔ མཚོན་ཆ་མེ་རི་འཕྲོས་པ་ཡིས༔ སྟོང་གསུམ་ཁམས་གང་དགྲ་བགེགས་བསྲེགས༔ སྣང་སྲིད་ལྷ་སྔགས་ཆོས་སྐུའི་ངང༔ དེ་ལྟར་གསལ་བསྐྱེད་སྔགས་འདི་བཟླས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ཅེས་པས་གསལ་བཏབ་ཅིང་བཟླས་པ་ལ་འཇུག །ཐུན་མཐར་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་གོང་ལྟར་བསྟོད་ལ། མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བྱས་ཏེ་ཐུན་མཚམས་ལ་འཇུག །སྔ་ཐུན་ལ་དེ་ཁོ་ན་ལྟར་དང་། དགོང་ཐུན་ལ་ལས་གཞུང་བསྲང་། ཐུན་མཚམས་གཏེར་སྲུང་གཏོར་བསྔོ། གྲུབ་ན་ཚོགས་འཁོར་སྔར་ལྟར་བྱ། སྲོད་ཐུན་སྔ་ཐུན་དང་འདྲ། དེ་ལྟ་བུའི་ཐུན་བཞིའི་རིམ་པས་གྲངས་ཚད་འབུམ་ཕྲག་གསུམ་དང་ཉེར་གཅིག་ཡིན་པའི་ཤུགས་ལས་དུས་བསྙེན་རྟོགས་སླ། ཁ་སྐོང་ཁྲི་གསུམ་ཙམ་གྲུབ་ན་ལེགས། རྟགས་བསྙེན་ནི། རྩ་བར། གཏུམ་པོའི་རྟགས་བརྒྱད་གཞན་དང་མཐུན༔ ཞེས་གསུངས་པས་ཕྱག་རྡོར་སྤྱི་དང་ཁྱད་པར་ནང་སྒྲུབ་སོགས་ལས་ཤེས་སོ། །དེ་ལྟར་བསྙེན་ཚད་རྫོགས་ནས། ཞར་བྱུང་སྒྲུབ་པ་བྱ་བ་ནི། རྩ་བར། དེ་ནས་སྒྲུབ་པ་བྱ་བ་ནི། ཐོག་མར་བདག་མདུན་སྔར་བཞིན་བསྒོམས་ལ་རྩ་སྔགས་བརྒྱ་རྩ་ཙམ་བཟླས་མཐར་མདུན་བསྐྱེད་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་སྤྲོ་བསྡུ་སྔར་ལྟར་བྱ་ཞིང་ཁྱད་པར་རང་ལ་གནོད་པའི་ཀླུ་གདོན་རྣམས་ཚར་བཅད་པར་དམིགས་ལ། ཨོཾ་ཉི་མ་པཱ་ལ་ནན༔ ཡཀྴ་ཙིཏྟ་མུ་ཏྲ་ཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་ཟློག༔ ནཱ་ག་བྱེར༔ ནཱ་ག་སྙིང་ལ་ནན༔ ནཱ་ག་མགོ་ལ་ནན༔ ཨཱོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཛ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སོགས་བཟླ་ཞིང་ཀླུ་གདོན་གྱི་གནོད་པ་དམིགས་བསལ་ཡོད་ན་རྟགས་མ་བྱུང་བར་བཟླས་ན་ལེགས་ཤིང་གཞན་དུ་ཞག་གཅིག་ཙམ་ཐུན་བཞིར་བགྲངས་པས་ས་བཅད་ཚང་། འདིའི་རྟགས་དང་ལས་སྦྱོར་སོགས་གཞུང་དུ་གསལ། ཕན་ཡོན་ནི་རྩ་བར། འདི་ནི་ཕྱི་ལྟར་སྒྲུབ་པ་སྟེ༔ སྤྲོས་ལ་དགའ་བས་ཉམས་སུ་ལོང༔ འདི་ལ་ཡོན་ཏན་བརྗོད་མི་ལང༔ དྲེགས་པ་ཅན་རྣམས་དབང་དུ་འགྱུར༔ ས་བདག་ཀླུ་གཉན་གཟའ་བདུད་དང༔ རྒྱལ་པོ་ལ་སོགས་སྡེ་བརྒྱད་ཚོགས༔ གནོད་པར་མི་འགྱུར་བྲན་བཞིན་འགྱུར༔ ཞེས་གསུངས་སོ། །ཕྱི་སྒྲུབ་ཁོ་ན་བྱེད་ན་འོག་ཏུ་འཆད་འགྱུར་གྱི་དངོས་གྲུབ་བླང་བ་སོགས་རྗེས་ཆོག་རྣམས་བྱ་དགོས་ཀྱང་། ཕྱག་བཞེས་སུ་ཕྱི་ནང་གསང་སྒྲུབ་གསུམ་སྦྲེལ་མར་མཛད་པ་ལྟར་བྱའོ། ༈ །གཉིས་པ་ནང་སྒྲུབ་ཀྱི་རིམ་པ་ནི། བཅས་རྣམས་སྔར་ཡོད་ལྟར་ལ་སྒྲུབ་རྟེན་རྡོ་རྗེ་ཕྱི་སྒྲུབ་ཁོ་ནའི་ཡིན་པས་བསྡུས་ཀྱང་ཆོག །སྒྲུབ་གཏོར་གྱི་ཙཀ་ལི་རྣམས་ནང་སྒྲུབ་ཀྱི་ལྷ་དང་བརྗེ། ཐུན་བཞིར་གཅོད་པ་དང་ལས་བྱང་གཏོང་ཚུལ་སོགས་ཐམས་ཅད་གོང་དང་འདྲ་ལ། ལྷ་ནང་སྒྲུབ་ཏུ་བསྒྱུར་དགོས་པས་ལས་བྱང་གི་སྔོན་འགྲོ་རྣམས་དང་། དངོས་གཞིའི་ཏིང་འཛིན་རྣམ་གསུམ་ནས་གཞལ་ཡས་ཁང་བསྐྱེད། རྡོ་རྗེའི་ཀློང་ཆེན་ཉིད་དུ་གསལ་བའི་དབུས༔ ཞེས་པའི་མཚམས་འོག་ནས་བཤད་པའི་ནང་སྒྲུབ་མངོན་རྟོགས། ཉི་ཟླ་པདྨའི་གདན་སྟེང་སོགས་ནས། ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ཅེས་གསལ་བཏབ། སྤྲུལ་འཁོར་གཟའ་དང་རྒྱུ་སྐར་བཅས༔ མན་ཆད་ཕྱི་སྒྲུབ་སྐབས་ལྟར་ཚང་བ་བཏང་། ནང་སྒྲུབ་འདིར་བདག་བསྐྱེད་ཁོ་ན་ལས་མདུན་བསྐྱེད་མ་བཤད་ཀྱང་། ལས་བྱང་སྐབས་རིག་པའི་རང་རྩལ་ལས་བདག་མདུན་གཉིས་ཀ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་དུས་གཅིག་ཏུ་ལམ་གྱིས་གསལ་འདེབས་པ་དང་། ཚོགས་འཁོར་སྐབས་སུ་གཏོར་མ་ལྷར་བསྐྱེད་པ་སོགས་སྔ་འགྱུར་སྤྱི་ལྟར་བྱ་བ་སྤྲོས་པའི་ཡན་ལག་ཏུ་འགྱུར་བས་དོན་དང་མི་འགལ། བཟླས་དམིགས་ནི། ཐུགས་ཀར་ཉི་གདན་ལ་རྡོ་རྗེ་ནས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ག་ལ་སྔགས་ཕྲེང་སྔོན་པོ་གཡས་སྐོར་དུ་འཁོར་བ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ཞལ་ནས་ཐོན། འོད་ཟེར་གྱི་རྩེ་ལས་མཆོད་ལྷ་སྤྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལ་མཆོད་པ་ཕུལ། འོད་ཟེར་དེས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ཐུགས་ཀའི་སྔགས་ཕྲེང་དང་བཅས་པར་ཐིམ་པར་བསམ་པ་གཞུང་དོན་གྱི་དམིགས་པའི་གཙོ་བོ་དང་། གཞན་ཡང་ཕྱི་སྒྲུབ་སྐབས་སུ་བཤད་པ་ལྟར་གྱི་འཕྲོ་འདུ་དང་། མཉམ་པར་འཇོག་ཚུལ་སོགས་རིག་པས་བསྒྲེས་ལ་ཉམས་སུ་བླང་། ཐུན་མཚམས་ཀྱི་བྱ་བ་དང་ཐུན་བཞིར་གཅོད་ཚུལ་སོགས་སྔར་དང་འདྲ། ཐོར་ཐུན་སོགས་ཐུན་གཞན་རྣམས་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། ནང་སྒྲུབ་རྩ་བ་ཉིད་ཀྱིས་འཐུས་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུྃ་ལས་བདག་ཉིད་གཏུམ་པོ་ནི༔ ཤིན་ཏུ་ཁྲོས་པ་གཤིན་རྗེའི་གཟུགས༔ གདུག་པའི་སྟེང་ན་བརྐྱང་བསྐུམ་བཞུགས༔ མཐིང་ནག་རྔམ་པ་ཕྱག་གཡས་རྡོ་རྗེ་འཕྱར༔ གཡོན་པ་སྡིགས་མཛུབ་རྩེ་ལ་ཁྱུང་གི་བྱ་ཁྲ་འགྱེད༔ ཟླ་རྒྱས་ཞལ་ལ་རྔམས་པའི་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་བསྐལ་པའི་མེ་ལྟར་འབར༔ སྨ་ར་ཨག་ཚོམ་སྨིན་མ་ཤིན་ཏུ་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་རབ་ཏུ་གཙིགས༔ དབུ་སྐྲ་ཁམས་ནག་གྱེན་བརྫེས་སྦྲུལ་གྱིས་བརྒྱན༔ རིགས་ལྔས་དབུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ མེ་དཔུང་དཀྱིལ་བཞུགས་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེའི་ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ གཡས་སུ་འཁོར་བར་བསམ་ཞིང་སྔགས་འདི་བཟླས༔ ཞེས་གསུངས་པ་ལྟར་གསལ་བཏབ། རིག་པ་ལྷ་སྐུར་ལྡང་བ་ལས་དགུག་བསྟིམ་སོགས་མི་དགོས། གདན་པདྨ་ཉི་ཟླ་རུ་ཏྲ་དང་། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ། གཡོན་ཁྱུང་གི་བྱ་ཁྲ་ཁྱུང་ཆེན་ཁྲ་བོ་འབྱུང་ལྔའི་མདོག་ཅན་ཡིན་པར་བཞེད། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་པའོ། །བསྙེན་ཚད་འབུམ་ཕྲག་གཅིག་གཞུང་ལས་གསུངས་ཤིང་ཁ་སྐོང་ཁྲི་བཅས་བཟླ། རྟགས་ཚད་གཞུང་ལས། དེ་ལ་རྟགས་ཀྱི་རིམ་པ་འབྱུང་བ་ནི༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ གཏུམ་པོ་དང་ནི་ཁྱུང་ཉིད་ཞལ་མཐོང་དང༔ རི་བོ་པང་འདེགས་ཉི་ཟླ་རྐེད་ལ་འཁོར༔ མེ་འབར་མཚོ་སྐེམ་ཀླུ་ཚོགས་བསད་པ་དང༔ གདུག་པ་བཏུལ་ནས་བདག་ཉིད་རྒྱལ་བ་དང༔ དང་པོ་ཆོ་འཕྲུལ་ཆེ་ཞིང་དེ་ནས་ཞི་བ་དང༔ ཁྱུང་ལ་རྟ་བྱས་མཁའ་ལ་འཕུར་བ་དང༔ ཉམས་དགའ་རིག་པ་དྭངས་ཤིང་ངར་སྐྱེ་དང༔ ཤ་ཁྲག་དམར་ཉོག་མི་རྟ་བསད་པ་འབྱུང༔ ཞེས་གསུངས་པ་ལྟར་རོ། །རྟགས་ཐོན་ནས་ལས་སྦྱོར་ཕྲིན་ལས་ཀྱི་སྒྲུབ་པ་ནས་ཁ་སྐོང་བར་བཤད་ཅིང་། དེའང་བསྙེན་རྟགས་ཐོན་ནས་དགྲ་གདོན་དམིགས་བསལ་ཡོད་ན་ཐོད་པ་འཁོར་ལོའི་བཅས་ཚད་ལྡན་བྱ། ཀླུ་དང་རྒྱལ་པོ་སོགས་སོ་སོའི་ཁ་བསྒྱུར་ཞག་གྲངས་ཉེར་གཅིག་ལ་རྟགས་ཐོན་པར་བསྒྲུབས་ནས་མཐར་མནན་སྲེག་སོགས་ཀྱིས་མཐའ་སྡུད་དགོས་ཀྱང་། འདིར་ས་བཅད་ཙམ་དུ་གྲངས་བསྙེན་ཐེམས་ནས་སྤྲོས་མེད་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ལ་སྦྱོར་བ་ནི། ནང་སྒྲུབ་ཀྱི་བཟླས་པའི་མཐར་དམིགས་པ། ཕྱག་གཡས་པའི་གནམ་ལྕགས་ཀྱི་རྡོ་རྗེ་དེ་གཡོན་པའི་ཁྱུང་གི་སྤྱི་བོར་བཞག །སྙིང་གའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྔོན་པོ་བྱུང་། གཡས་ཀྱི་རྡོ་རྗེའི་ལྟེ་བར་ཕོག །དེ་ལས་འོད་འཕྲོས་ཁྱུང་གི་སྤྱི་བོར་ཐིམ། དེ་ལས་འོད་ཟེར་དང་ཁྲོ་ཚོགས་བྱ་ཁྱུང་དཔག་མེད་འཕྲོས་ཏེ་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུག་སྟེ་མདུན་དུ་གནམ་ལྕགས་འབྲུབ་ཁུང་ནང་དུ་བཙུད། ཁྲོ་ཚོགས་བྱ་ཁྱུང་རྣམས་ཀྱིས་དུག་ཁྲག་དང་མཚོན་ཆའི་ཆར་ཕབ། བསད་བཅད་གཏུབས་ཤིང་ཟོས་ཏེ་རྡུལ་ཙམ་ཡང་མ་ལུས་པར་བསམ་ལ། ནང་སྒྲུབ་ཀྱི་སྔགས་ཤམ་དུ། ཧཱུྃ་ཕཊ་ཥ་ན་རོ་མ་ཧཱ་ཙཎྜ་ག་རུ་ཌ་དྷེ་བ་ཐོན་ཕྱུང༔ ནཱ་ག་སྙིང་ལ་གཟིར༔ གནོད་བྱེད་འབྱུང་པོ་ཐུམས་རི་ལི་ལི་རྦད༔ ཅེས་བཏགས་པ་ཁྲི་ཙམ་བཟླ། ཐུན་བསྡུ་བའི་སྐབས་རྣམས་སུ་མཆོད་བསྟོད་ཕྱི་སྒྲུབ་ལྟར་ལ། ཁྱད་པར་རྒྱུད་ལས་བྱུང་བའི་གཏོར་སྔགས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་བ་ལིཾ་ཏ་ཨི་དཾ་གྲྀཧྞ་ཁཱ་ཧི་ཙཀྲ་ནི་སྭཱ་ཧཱ༔ ཞེས་པ་ལྔ་གསུམ་བདུན་གང་རིགས་ཀྱིས་གཏོར་མ་འབུལ། ཉེར་བསྡུའི་སྐབས་སུའང་གཞུང་ལས། རྫོགས་རིམ་རང་དང་ལྷ་གཉིས་དབྱེར་མེད་དེ༔ གདོད་ནས་ལྷན་སྐྱེས་འཇའ་ཚོན་ལྟ་བུར་ཤེས་པར་བྱ༔ མཆོད་བསྟོད་མི་དགོས་རང་དང་ལྷན་ཅིག་སྐྱེས༔ ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པར་གནས༔ ཞེས་གསུངས་པ་ལྟར་ཤེས་པ་དང་བསྔོ་སྨོན་ཤིས་བརྗོད་བྱ། ཕན་ཡོན་ནི། གང་བསམ་དོན་ཀུན་འགྲུབ་པར་ཐེ་ཚོམ་མེད༔ ཅེས་མདོར་བསྡུས་ཏེ་བསྟན་ཏོ། །སྤྲོས་འབྱོར་ཆུང་ནས་ནང་སྒྲུབ་ཁོ་ན་བསྙེན་ན་བདག་བསྐྱེད་དང་སྨན་གཏོར་རཀྟ་ཉེར་སྤྱོད་ཙམ་ལ་བརྟེན་ཏེ་བགྱིས་ན་ཁྱེར་བདེ་བས་ལེགས་སོ། །ལས་སྦྱོར་དམིགས་བཟླས་ཁོ་ནས་འགྲུབ་པར་སྨོས་མ་དགོས་སོ། ༈ །གསུམ་པ་གསང་སྒྲུབ་ཀྱི་རིམ་པ་ནི། དཀྱིལ་འཁོར་གཏོར་མ་སོགས་ཀྱི་བཅའ་གཞི་གོང་ལྟར་ལ། སྒྲུབ་གཏོར་གྱི་ཙཀ་ལི་གསང་སྒྲུབ་ཡབ་ཡུམ་ཀྱི་སྐུ་གཟུགས། ལས་བྱང་གཏོང་ཚུལ་སོགས་གང་གིས་རིགས་འགྲེ་སྦྱོར། འོན་ཀྱང་གསང་སྒྲུབ་འདི་དཀྱིལ་འཁོར་དང་མདུན་བསྐྱེད་ལ་མ་བརྟེན་པར་བདག་བསྐྱེད་ཁོ་ནར་བརྟེན་པ་ཡིན་ཡང་། ཕྱི་ནང་གསང་གསུམ་སྦྲེལ་མར་བྱས་ཕྱིན་ལས་བྱང་རེ་གཏོང་ཞིང་། དེ་སྐབས་སུ་བདག་མདུན་མེ་རི་འདབས་འབྲེལ་དུ་གྱེར་སྒོམ་བྱེད་ཅིང་གཙོ་བོ་གོ་འཕོ་བ་དང་། ཐུན་ཐུན་མཚམས་ཀྱི་བྱ་བ་སྤྱི་ནང་སྒྲུབ་ཀྱིས་འགྲེ་ཤེས་པར་བྱ། སྒྲུབ་པ་དངོས་ལ་རྩ་བ་ལས། ལྷའི་རྣལ་འབྱོར་དང་། སྔགས་ཀྱི་རྣལ་འབྱོར་དང་། རྫོགས་རིམ་གྱི་རྣལ་འབྱོར་གསུམ་དུ་གསུངས་པའི་དང་པོ་ལྷའི་རྣལ་འབྱོར་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས༔ རང་ཐ་མལ་པའི་ཐུགས་ཀར་ཧཱུྃ་མཐིང་ནག་གམ་སྨུག་ནག་ལས་འོད་ཟེར་འཕྲོས་པས་མེ་འབར༔ ལུས་མགོ་མཇུག་ཏུ་ཁྱབ་པས་བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དུ་གྱུར་ཏེ༔ པདྨ་ཉི་ཟླ་དྲེགས་པའི་གདན་ལ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ དབུ་སྐྲ་ཁམས་ནག་གྱེན་དུ་འབར་བ༔ སྤྱན་གསུམ་སྡང་མིག་དམར་ཟླུམ་འཁྲུགས་པ༔ ཞལ་གདངས་ལྗགས་འདྲིལ་བ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དཔྲལ་བར་བསྡུས་པ༔ སྨ་ར་སྨིན་མ་ཨག་ཚོམ་སེར་བ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཡུམ་ལ་འཁྱུད་པ༔ མི་མགོའི་ཕྲེང་བ༔ སྟག་ལྤགས་ཀྱི་ཤམ་ཐབས༔ མི་ལྤགས་ཀྱི་གཡང་གཞི་སྐུ་ལ་གསོལ་བ༔ གླང་ཆེན་གྱི་ཀོ་རློན་སྟོད་ན་གཡོགས་པ༔ ཐལ་ཆེན་གྱི་ཚོམ་བུ༔ རཀྟའི་ཐིག་ལེ༔ ཞག་གི་ཟོ་རིས༔ སྐུ་ཁྲོ་ཞིང་སྒེག་པ༔ གསང་བའི་ཡུམ་དབྱིངས་ཕྱུག་མ་ལྗང་དམར་ཞལ་གཅིག་ཕྱག་གཉིས་མ་གཡས་བྷནྡྷ་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ ཞབས་གཉིས་ཡབ་ཀྱི་དཀུ་ལ་འཁྲིལ་བ༔ ཁྲོ་མོ་སྤྱན་གསུམ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཡབ་ཡུམ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དམ་ཚིག་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒོམ་མོ༔ ཞེས་གསུངས་པ་ལྟར་གསལ་གདབ་བོ། །གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི། ཡབ་ཀྱི་ཐུགས་ཀར་ཧཱུྃ་དང་ཡུམ་གྱི་ཐུགས་ཀར་མ་ལ་སྔགས་ཕྲེང་གིས་བསྐོར་བ་ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། དབུ་མའི་ནང་བརྒྱུད་ཡུམ་གྱི་མཁའ་གསང་ནས་ཡབ་ཀྱི་རྡོ་རྗེ་ལ་ཞུགས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་འཁོར། སླར་ཡང་ཡབ་ཞལ་ནས་འཐོན་པ་སོགས་དོ་ལིའི་དམིགས་པ་བར་མ་ཆད་པ་དང་། དེ་ལྟར་འཁོར་བ་ལས་འོད་ཟེར་འཕྲོས་པས་སྡིག་སྒྲིབ་སྦྱོང་བ་དང་དགྲ་བགེགས་ཚར་གཅོད་པ་སོགས་ཀྱི་དམིགས་པའི་འཕྲོ་འདུའང་སྦྱོར་དུ་རུང་ཞིང་། གཙོ་ཆེར་བདེ་སྟོང་གི་ཏིང་ངེ་འཛིན་ལ་བློ་བཞག་སྟེ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་སིདྡྷི་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླ༔ ཐུན་མཐར་སྔགས་མཆོད་ཙམ་བྱ། སྒོས་བསྟོད་ནི། ཧཱུྃ༔ དམར་ནག་གྲུ་གསུམ་པད་ཉིའི་གདན་སྟེང་དུ༔ བདུད་འདུལ་གཏུམ་པོ་མཐིང་ནག་འཇིགས་པའི་སྐུ༔ དུར་ཁྲོད་ཆས་བརྒྱད་དཔའ་བོ་ཁྲོས་པའི་སྐུ༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་མཆེ་བ་གཙིགས༔ སྤྱན་གསུམ་དམར་འཁྲུགས་དབུ་སྐྲ་སྨ་ར་སེར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་བརྐྱང་བསྐུམ་བདུད་བཞི་ཀླུ་གཉན་བརྫིས༔ བདུད་འདུལ་གཏུམ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུམ་ཆེན་གསང་བའི་དབྱིངས་ཕྱུག་ཁྲོ་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་དུར་ཁྲོད་རུས་པས་བརྒྱན༔ ཕྱག་གཉིས་ཐོད་པ་དྲིལ་བུ་འཁྱུད་ཅིང་བསྟེན༔ གཅེར་བུ་སྐྲ་གྲོལ་སྤྱན་དམར་ཁྲོ་གཉེར་བསྡུས༔ ཞབས་གཉིས་རྐེད་འཁྱུད་བདེ་ཆེན་ཡབ་ལ་འཁྲིལ༔ གཉིས་མེད་གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏུམ་པོ་ཡབ་ཡུམ༔ སྣང་གྲགས་ཐམས་ཅད་བདེ་སྟོང་ གསལ་སྟོང་ རིག་སྟོང་ གྲགས་སྟོང་ མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་ལ་བཞག་གོ༔ ཞེས་གཞུང་ཚིག་གིས་གསལ་བཏབ་ལ་མཉམ་པར་བཞག །བསྔོ་སྨོན་དང་ཤིས་པ་བརྗོད། གྲངས་ནི་འབུམ་ཕྲག་གསུམ་དང་ཉེར་གཅིག་ཏུ་གསུངས་པ་ལྟར་ལ་ཁ་སྐོང་ཁྲི་གསུམ་ཙམ་བཟླས་ན་ལེགས། དེ་ནས་རྟགས་ཀྱི་རིམ་པ་ནི་གོང་ལྟར་བསྒྲུབས་པར་བྱས་པས་རྟགས་ནི་རྩ་བར། རྟགས་ནི་ལུས་བདེ་ངག་ནུས་པ་དང་ལྡན༔ སེམས་ལ་བདེ་གསལ་གྱི་ས་མཱ་དྷི་སྐྱེ༔ ཞལ་སྟོན་ལུང་བསྟན་ཆོས་འཆད་མངོན་པར་ཤེས་པ་འཆར༔ ནུས་པ་དང་གྲགས་པའི་དངོས་གྲུབ་ཐོབ༔ ཚེ་གཅིག་གིས་གཏུམ་པོའི་གོ་འཕང་ལ་གནས༔ ཤི་དུས་འཇའ་དང་རིང་བསྲེལ་དང་སྐུ་གདུང་འབྱུང་ངོ༔ ཞེས་པ་ལྟར་རོ། །བཞི་པ་མཁའ་འགྲོའི་སྒྲུབ་པ་ནི་གསང་སྒྲུབ་ཀྱི་ལས་སྦྱོར་ལྟ་བུ་ཡིན་པས། གསང་སྒྲུབ་ཀྱི་བསྙེན་གྲངས་ཐེམས་པ་དང་། ཐུན་བཞི་ཀར་ལྷའི་རྣལ་འབྱོར་གྱིས། དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་བསྒོམ་མོ། །ཞེས་པའི་མཚམས་སུ། རང་གཏུམ་པོར་གསལ་བའི་སྤྱི་བོར་ཨོ་རྒྱན་མཐིང་ནག་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས་ཅན། ཡུམ་གྱི་སྤྱི་བོར་ཡུམ་བུདྡྷ་རིགས་ཀྱི་མཁའ་འགྲོ་མ་མཐིང་ག་ཕྱག་ན་འདོད་ཡོན་ལྔ་དང་ཡིད་བཞིན་གཏེར་གྱིས་གང་བའི་བྷནྡྷ་བསྣམས་པ། རང་གི་མགྲིན་པར་རྡོ་རྗེ་མཁའ་འགྲོ་ཡབ་དང་ཡུམ་གྱི་མགྲིན་པར་རྡོ་རྗེ་མཁའ་འགྲོ་མ་གཉིས་ཀ་དཀར་པོ་ཕྱག་གཉིས་རྡོ་རྗེ་དང་བྷནྡྷ། དེ་བཞིན་དུ་ཡབ་ཡུམ་སོ་སོའི་ཐུགས་ཀར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་རིན་པོ་ཆེ་དང་བྷནྡྷ། ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་པདྨའི་སྡོང་པོ་དང་བྷནྡྷ། གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ་རྡོ་རྗེ་རྒྱ་གྲམ་དང་བྷནྡྷ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་ཅན་བརྐྱང་བསྐུམ་གར་སྟབས་ལམ་མེར་བཞུགས་པ། ཨོ་རྒྱན་ཐུགས་ཀར་ཧྲཱིཿ ཡུམ་གྱི་ཐུགས་ཀར་མ། མཁའ་འགྲོ་རིགས་བཞི་ཡབ་ཀྱི་ཐུགས་ཀར་ར་ཙ་ཧྲི་ཡ། ཡུམ་བཞིའི་ཐུགས་ཀར་ཧ་རི་ནི་ས་དཀར་སེར་དམར་ལྗང་གསལ་གདབ། བཟླས་དམིགས་ནི། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་སྲོག་གི་ས་བོན་འོད་ཟེར་དཀར་པོའི་འཕྲོ་འདུས་བདག་གཞན་གྱི་ནད་གདོན་ཞི་བ་དང་། རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་སྲོག་ལས་འོད་ཟེར་སེར་པོའི་འཕྲོ་འདུས་ཚེ་སོགས་འབྱོར་དྲུག་རྒྱས་པ་དང་། པདྨ་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་སྲོག་གི་འོད་ཟེར་དམར་པོའི་འཕྲོ་འདུས་འཁོར་འདས་དབང་དུ་བསྡུ་བ་དང་། ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་སྲོག་གི་འོད་ཟེར་ལྗང་གུའི་འཕྲོ་འདུས་དགྲ་བགེགས་ཚར་གཅོད་པར་དམིགས། བཟླ་བྱའི་སྔགས་ནི། གསང་སྒྲུབ་སྔགས་ཤམ་དུ། ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾཿཧྲཱིཾཿཛཿཛ༔ ཤཱིནྟཾ་ཀུ་རུ་སིདྡྷི་ཧཱུྃ༔ པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ པཱ་ཤཾ་ཀུ་རུ་སིདྡྷི་ཧཱུྃ༔ མ་རཱ་ཡ་སིདྡྷི་ཧཱུྃ༔ ཞེས་བཏགས་པ་བཟླ། ལས་བཞི་སོ་སོར་ཞག་རེ་རེར་བྱས་པའི་ཞག་བཞི་ཙམ་དང་། རྟགས་གཞུང་ལས། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་སྟོན༔ ཆོས་འཆད༔ ལེགས་ཉེས་སྨྲ༔ ཕྲིན་ལས་ཀུན་སྒྲུབ་ལུས་དང་གྲིབ་མ་ལྟར་ཐུན་མོང་མཆོག་ལ་སྦྱོར་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཁའ་འགྲོའི་སྒྲུབ་པ་སོང་ནས་ཕྲིན་ལས་མྱུར་དུ་འགྲུབ་པའི་སྦྱིན་སྲེག་ནི་གཞུང་ལས། དེ་ནས་ཕྲིན་ལས་སྒྲུབ་པ་ནི༔ ཞི་རྒྱས་དབང་དྲག་གི་མཎྜལ་བྲིས་པར་སོ་སོ་དང་མཐུན་པའི་ཤིང་བསགས༔ ཚོགས་གཏོར་མཆོད་པ་ཞི་རྒྱས་དབང་དྲག་སོ་སོར་བཤམས༔ མེ་ནང་དུ་གཏུམ་པོ་ཡབ་ཡུམ་འཁོར་དང་བཅས་པ་བསྐྱེད༔ བསྲེག་རྫས་བདུད་རྩིར་བསམ་ལ་འབུལ༔ གང་འདོད་པའི་གསོལ་བ་གདབས༔ ཕྲིན་ལས་བཞི་གང་སྒྲུབ་ལྷའི་མདོག་ལྟར་བསྐྱེད༔ སྤྱིར་ལས་ཚོགས་མང་ན་ཡང་གསང་སྒྲུབ་འདིའི་ལས་ཚོགས་མེ་མཆོད་འདི་ཟབ་པས་འདི་ལས་གཞན་དུ་མ་བསྟན་ནོ༔ འདིས་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་བོ༔ ཞེས་དང་། ཞལ་གདམས་ལས། ཤར་དུ་སྲེག་རྫས་གསེར་དངུལ་ཟངས་ལྕགས་དར་ཟབ་མེ་ཏོག༔ མར་མེ་ཞལ་ཟས་མཆོད༔ ནད་གདོན་སྡིག་སྒྲིབ་ཞི་བར་གསོལ་བ་གདབ༔ ལྷོ་རུ་མི་ནོར་ཟས་གསུམ་ཕུད་དང་གཟུགས་དང་དངོས་འབྱོར་འབུལ༔ མི་ནོར་ཟས་གསུམ་མཐུ་དང་གྲགས་པ་བསོད་ནམས་ཐམས་ཅད་རྒྱས་པར་གསོལ་བ་གདབ༔ ནུབ་ཏུ་ལྷ་མི་གང་ཡིན་རཱུ་པ་མིང་བྱང་བསྲེག༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་བསྡུ་བར་གསོལ་བ་གདབ༔ བྱང་དུ་དུག་སྣ་ཁྲག་སྣ་དགྲ་བགེགས་ལིངྒ་བསྲེག༔ དྲེགས་པ་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་གཅོད་པར་གསོལ་བ་གདབ༔ ལས་ཚོགས་གཞན་ནས་ཁ་སྐོང་དགོས་པ་མེད༔ བསྙེན་པ་ཐེམས་ནས་མཆོག་ཐུན་མོང་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མེད་དོ༔ ཞེས་གསུངས་པ་ལྟར་གྲངས་བསྙེན་པའི་བཅུ་ཆ་དགོས་པས་རྫས་དང་ལྷ་བསྒོམ་ཚུལ་སོགས་འདི་ལྟར་ལ་འདོན་ཆ་ལག་ལེན་གསང་བ་སྤྱི་ཆོག་སྦྱོར་བས་འཐུས་སོ། །དེ་ལྟར་ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་ཉེ་བསྙེན། གསང་སྒྲུབ་སྒྲུབ་པ། མཁའ་འགྲོ་སྒྲུབ་ཆེན་གྱི་དོན་ཡིན་པར་ཡང་བཤད་དོ། །གསུམ་པ་རྗེས་གྱི་རིམ་པ་ནི། བསྙེན་སྒྲུབ་ལེགས་པར་གྲུབ་པའི་སྔ་དྲོའི་ཆར་གཞི་མདུན་སྟེགས་དཀར་པོ་ལ། ཕྱེ་མར་སྨན་དང་མངར་གསུམ་གྱིས་སྦྲུས་པའི་དཔལ་བཤོས་དང་ཚེ་རིལ། ལས་བཞིའི་རྫས་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་གྱི་དབྱིབས་སོགས་བཟོས་པ་དང་། ཛ་གད་དང་བུ་རམ་ཆོས་སྨན་སྦྱར་བའི་བཏུང་བ། གཞན་ཡང་ཤ་མར་ཐུད་ཁུར་བ་ཟས་སྣའི་རིགས་ཤིང་ཏོག་སོགས་དངོས་གྲུབ་ཀྱི་རྫས་ཅི་འབྱོར་དུ་བསགས་ལ། ལས་གཞུང་དུ་གསང་སྒྲུབ་ཀྱི་མངོན་རྟོགས་སྦྱར་བའི་གཞུང་བསྲང་དང་ཛཔ྄་ཀྱི་དུས་གསང་སྒྲུབ་ཀྱི་སྔགས་དང་མཁའ་འགྲོའི་སྔགས་ཤམས་སྦྲེལ་བ་བརྒྱ་སྟོང་དུ་བཟླ་ཞིང་། འཁོར་འདས་སྣོད་བཅུད་ཀྱི་ལེགས་ཚོགས་ཡོན་ཏན་ཐམས་ཅད་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་པའི་འཕྲོ་འདུ་བྱ། ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམས་ཏེ་རྩ་གསུམ་སྐོང་གསོའི་བར་དཀྱུས་བཞིན་བཏང་། ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་རྫས་ལོངས་སྤྱོད་དེ་སྨོན་ལམ་གདབ། སྒྲུབ་པའི་རིང་བསགས་པའི་གཙང་བཙོག་གི་ལྷག་གཏོར་བསྲེས་པ་བདུད་རྩིའི་ཁ་ཕྲུས་བཏབ་སྨན་རཀ་བྲན་ལ་ལྷག་ཆོག་བཅས་ཕྱི་རོལ་དུ་བསྐྱལ། བཀའ་གཏེར་སྲུང་མའི་གཏོར་བསྔོ་དང་ཆད་བརྟན་རྟ་བྲོ་བཅས་ཚང་བ་བྱ། དངོས་གྲུབ་སྐུལ་ཚིག་གཏེར་ཁ་འདིར་དམིགས་བསལ་མ་བྱུང་བས་སྤྲོ་ན་རིགས་མཐུན་གཞན་ནས་བླང་ཆོག །བསྡུ་ན། སྒྲུབ་གཏོར་སྐུ་རྟེན་དང་བཅས་ལྷར་གསལ་བ་སྤྱི་མགྲིན་སྙིང་ལྟེར་གཏུག་ཅིང་། ཨཱོཾ་བཛྲ་པཱ་ཎི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གནས་རྣམས་ནས་སྐུ་དང་འོད་ཟེར་སོགས་སྤྲོས་བསྟིམ་གྱིས་དབང་བཞི་ལེན་པའི་དམིགས་པ་བྱེད། མཐར་གཏོར་མའི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བདུད་རྩིར་གྱུར་པར་མོས་ཏེ་གཏོར་ཟན་ཅུང་ཟད་མྱང་ཞིང་དངོས་གྲུབ་ཀྱི་རྫས་རྣམས་རོལ། བདག་མདུན་གྱི་ལྷ་ཚོགས་གསལ་བཏབ་སྟེ་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་དང་། ཡིག་བརྒྱ་མང་དུ་བཟླས་པས་ལྷག་ཆད་ཁ་བསྐངས་ལ་བཟོད་གསོལ་སྤྱི་ལྟར་བྱ། མདུན་བསྐྱེད་ཡེ་ཤེས་པ་རས་བྲིས་དང་སྐུ་རྟེན་ལ་དམིགས་ཏེ། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་རྫོགས་རིམ་དུ་བསྡུས་ཏེ་བློ་བྲལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག །སླར་ཡང་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་ལྡང་ཞིང་སྣང་སྲིད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱས་ལ་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པ་བྱ། རྒྱལ་ཐོ་ལ་གཏང་རག་གི་མཆོད་བསྟོད་ཕུལ་ལ་གཤེགས་བསྡུ་བྱས་ཏེ་མཚམས་རིམ་གྱིས་གྲོལ། འདིར་བསྙེན་སྒྲུབ་དངོས་གཞིའི་ལག་ལེན་དང་དམིགས་རིམ་རྩ་བ་ཙམ་སྨོས་པ་ཡིན་གྱི་སྤང་བླང་གི་རིམ་པ་རྣམས་སྤྱིའི་བསྙེན་ཡིག་དང་བརྒྱུད་པའི་ཕྱག་བཞེས་སོགས་ལས་རྟོགས་པར་བྱའོ། །རྣལ་འབྱོར་ཅན་ལ་སྣང་བའི་ཞུགས་འདིས་ཀྱང་། །རིམ་པ་དང་པོའི་གསང་ལམ་ལེགས་བགྲོད་ནས། །རང་རིག་རྡོ་རྗེ་འཛིན་པའི་ཕྱག་རྒྱ་རུ། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་གྱུར་ཅིག །ཅེས་བློ་གྲོས་དང་སྤྲོས་འབྱོར་དམན་པའི་ཀུ་སཱ་ལི་ཉམས་ལེན་འདོད་པ་ལ་ཁྱེར་བདེ་བའི་སླད་དུ་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་མཛད་པའི་བསྙེན་ཡིག་རྡོ་རྗེའི་མཚོན་ཆ་ལས། སྙིང་པོ་བསྡུས་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།། །།

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་ (Volume 12, Text 21)

༄༅། །བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་བཞུགས་སོ། ། སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང་། །ཆོས་ལོངས་སྤྲུལ་པའི་སྐུར་བཞེངས་གྲགས་པའི་གཞིའི། །ཞབས་ཟུང་བྱང་ཆུབ་སྙིང་པོ་དེ་ཚུན་དུ། །བདག་གི་སྤྱི་བོའི་ནོར་བུ་ཉིད་གྱུར་ཅིག །དེ་ཡང་གཉལ་ཡངས་པ་ཅན་ཞེས་པའི་གྲོང་ཁྱེར་ཆེན་པོའི་དབུས་དཔལ་གྱི་རི་བོའི་ངོགས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ཁོ་བོ་སླེབས་པའི་སྐབས་ཤིག །མཚན་མོའི་ཐུན་ཐ་མ་རྫོགས། སྐྱ་རེངས་འཆར་ཀ་ཙམ་ལ་གཉིད་ཐུམ་དུ་སོང་བའི་རྨི་ལམ་དུ་སྲིན་ཡུལ་རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བརྫངས་པའི་ཕོ་ཉ་བ་སྲིན་པོ་གདོང་གཅིག་པ། མདོག་སྨུག་ནག་ན་རའི་གཡང་གཞིས་སྨད་དཀྲིས་ཤིང་། མི་མགོ་ཡ་མགལ་གཅིག་ཐོད་དུ་བཅིངས་པ་གཉིས་བྱུང་ནས་སློབ་དཔོན་ཆེན་པོའི་བཀའ་ལས། ཁྱེད་ལ་ད་ལོ་དམ་སྲི་སྤུན་དགུའི་བར་ཆད་ཆེ་བར་འདུག་པས། གདམས་པ་འདི་ཉམས་སུ་ལོངས། དེས་བཟློག་པར་འགྱུར་ལ། ཕྱིས་ཀྱང་དེ་བཞིན་བྱས་ན་བར་ཆད་ལས་རྒྱལ་བར་འགྱུར་རོ། །ཞེས་བཀའ་བསྩལ་བསྒྱུར་ཏེ་ལོག་གོ་སྙམ་སེམས་པའི་མོད་དེ་ཁར། རང་གི་མདུན་གྱི་ནམ་མཁའི་སྣམ་ལོག་གཡོན་དུ་ཉེ་བའི་ཐད་ན་རིག་འཛིན་ཆེན་པོ་དྲག་པོ་རྩལ་སྟོད་ཁྲོ་རྒྱལ་སྨད་ཕུར་པའི་དབྱིབས་འཆད་པར་འགྱུར་བ་ཇི་ལྟ་བ། སྐུའི་རྒྱན་དང་སྔགས་ཕྱག་རྒྱ་མི་སྒྲིབ་ཅིང་དྲག་པོའི་སྔགས་སྒྲ་དང་བཅས་པ་མཐོང་བའི་མོད་ལ་ཟིལ་གྱིས་བརྒྱལ་བ་སྙམ་བྱེད་པ་ཞིག་བྱུང་སྟེ་མཐར་རང་ཡལ་ལོ། །སད་ནས་རིག་འཛིན་ཆེན་པོས་བདག་ལ་བྱིན་རླབས་འཕོ་བའི་དབང་བསྐུར་བ་ཡིན་ནོ་སྙམ་དགའ་མགུ་རངས་པ་བསམ་གྱིས་མ་ཁྱབ་བོ། །བཀའ་བསྩལ་ཇི་ལྟར་བསྒྱུར་བའི་སྙིང་པོ་ནི་འདིའོ། །རྫོགས་པ་ཆེན་པོའི་ཀློང་ཉིད་ལས། །དྲན་རིག་འདི་ཀ་དྲག་པོའི་སྐུ །རྡོ་རྗེ་ཕུར་པའི་གཟུགས་སུ་ནི། །ཆུ་ལས་ཆུ་བུར་རྡོལ་ལྟར་བསྐྱེད། །རྒྱན་དང་སྤྲུལ་པ་ཇི་ལྟ་བ། །ཡས་ལ་ཀཱ་སྟེ་མས་ལ་ཨཱཿ དམོད་པའི་མཚོན་ཆ་བར་དུ་ལྟེམ། །ཙིཏྟའི་གུར་ཁྱིམ་ཕྱག་རྒྱ་བཅའ། །ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་བསྟིམ། །རེ་རེས་གཟི་བརྗིད་འབུམ་དུ་གྱུར། །རིགས་ལྔར་གསོལ་གདབ་དབང་བསྐུར་བླང་། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བཟླས་དགུག་གཞུག་ཡང་ཡང་བྱ། །སྟོད་ལས་སོ། ཁྲོ་བཅུའི་དྲེགས་པ་དེས་གནོད་བྱེད། །བཅིང་པ་ལྔས་བཅིངས་བྲུབ་ཁུང་བཅུག །ཡེ་ཤེས་རང་བསྟིམ་འཇིག་རྟེན་པ། །གཟིར་བས་ལྷ་ཕྲལ་ཕུར་པས་བསྒྲལ། ཆེ་གེ་མོ་ཏྲིག་ནན། ཆེ་གེ་མོའི་སྙིང་ལ་ཧུར་ཐུམ་ཛཿ གཟིར་བའོ། །བསྒྲལ་བ་ནི། གནོད་བྱེད་དགྲའམ་བགེགས་ཐམས་ཅད་མཱ་ར་ཡ་སྟེ། གཉིས་ཀར་སྔགས་ཀྱི་ཤམ་བུར་བྱའོ། །པདྨ་ང་ཡི་སྙིང་ཐིག་སྟེ། །བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་ཡིན། །སྲུང་ཟློག་བསད་ལས་མཐར་ཐུག་པས། །སྐལ་ལྡན་སྙིང་གི་དཀྱིལ་དུ་སྦོས། ས་མ་ཡ། དམ་ཚིག་གི་རྒྱའོ། ༈ །ད་ནི་དེའི་དོན་སློབ་དཔོན་ཉིད་ཀྱི་བྱིན་རླབས་ཀྱིས་རྙེད་པ་ནི། བདེ་བའི་སྟན་ལ་འདུག་སྟེ། རྣལ་འབྱོར་གྱི་ཡོ་བྱད་མདུན་དུ་བཤམས་ཏེ། བར་ཆད་ཀྱི་གདོན་བགེགས་དགྲ་བོ་ཐམས་ཅད་བསྒྲལ་ཏེ་བྱང་ཆུབ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པས། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱེད་ལ་སྐྱབས། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་དུ་གཟིགས་པ་དང་། ཁྱོད་ཀྱི་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱི། །ཞེས་པས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷོཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཡེ་དག་ཡེ་རྫོགས་ཆེན་པོའི་ཀློང་། དྲན་རིག་ཡེ་ཤེས་ཀྱི་ཆ། རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་བསྐལ་པའི་མེའི་འོད་དང་མདངས་དང་གཟི་བརྗིད་འཛིན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགས་པ། མིད་པ་སྟོང་གསུམ་ཙམ་བརྐྱངས་པའི་ཡ་རྐན་ལ་ཉི་མ་ཀཱ་ལིས་མཚན་པ། མ་མགལ་ལ་ཟླ་བ་ཨཱ་ལིས་མཚན་པ། ལྗགས་ཀྱི་རྩེ་རྟ་གདོང་གི་མེ་ལྕེ་ལྟ་བུར་བསྐྱོད་པའི་རྩ་བར་ཧཱུྃ་ལ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་པའི་ཡིག་འབྲུ་དམར་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གྲགས་བཞིན་པས་བསྐོར་བ། དམར་བའི་སྤྱན་གསུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་བསྣམས་པས་གདུག་པ་ཅན་ཐམས་ཅད་གཟིར་བ། དཔལ་གྱི་ཆས་ཀྱིས་ལེགས་པར་བརྒྱན་པ། སྐུ་སྨད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་བུ་དབལ་གསུམ་རྩེ་མོ་གཅིག་ཏུ་རྣོ་བ། ནང་ཁོང་སེང་ཅན། དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་གསེར་མདོག་ཅན་གཡས་རལ་གྲི་འཕྱར་བ། མགྲིན་པར་རྟ་མགྲིན་དམར་པོ་གཡས་དབྱུག་ཐོ་འཕྱར་བ། བྲང་དབུས་ཀྱི་ཐད་ཀྱི་ནང་དུ་དྲེགས་པ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་འཕྱར་བ། གསང་གནས་སུ་ཁྲོ་བོ་ཡཀྴ་མེ་དབལ་སྨུག་ནག་གཡས་ཐོ་བ་འཕྱར་བ། དེ་ཐམས་ཅད་གཡོན་ཐུགས་ཀར་སྡིགས་མཛུབ། ཤིན་ཏུ་ཁྲོ་ལ་དཔལ་གྱི་ཆས་ཀྱིས་བརྒྱན་ཅིང་། གཡོན་བརྐྱང་གིས་གནས་པ། ལྟེ་བར་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐུགས་ཀར་ཐོད་ཁྲག་འཛིན་པ་གཅེར་མོ་ཆགས་པ་རྒྱས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། ཐོད་ཀྱི་མགོ་བོ་རྣམས་ཀྱི་དབུས་མ་ལ་བུདྡྷ་ཐོད་ཕྲེང་རྩལ། གཡས་སུ་རྡོ་རྗེ་ཐོད་ཕྲེང་རྩལ་དང་རཏྣ་ཐོད་ཕྲེང་རྩལ། གཡོན་དུ་པདྨ་ཐོད་ཕྲེང་རྩལ་དང་ཀརྨ་ཐོད་ཕྲེང་རྩལ། དཀར་སྔོ་སེར་དམར་ལྗང་བ། ཐམས་ཅད་ཞི་མ་ཁྲོ་ཟ་འོག་སྨུག་པོའི་བེར་ལྷུབ་གྱོན་དུ་མཛད་ཅིང་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དབུ་ལ་ཤེའུའི་སྙན་ཞུ་རྒོད་ཀྱི་རྩེ་འཕྲུ་དར་གྱི་ཅོད་པན་འཕུར་བ་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཐོད་ཁྲག་དཀུར་བརྟེན་པས་རང་རིགས་ཀྱི་ཡུམ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ་ལ་འཁྱུད་དེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བ། མཚོག་མར་སྤྲུལ་པའི་ཁྱུང་མཐིང་ནག་གདུག་པ་ཅན་གྱིས་ཀླུ་ཟས་སུ་ཟ་བ། སྤྱི་བོའི་བུ་གར་གཙུག་ཏོར་འཁོར་ལོས་སྒྱུར་བ། མིག་སྣ་རྣ་བ་ཁ་ལྟེ་བརྒྱད་དུ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བགེགས་མཐར་བྱེད། དབྱུག་སྔོན་ཅན། མི་གཡོ་བ། འདོད་རྒྱལ། སྟོབས་པོ་ཆེ། ཕུར་པའི་དབལ་གྱི་ནང་རྩེར་གནོད་མཛེས། ཐམས་ཅད་ཁྲོ་བོའི་ཆས་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡོན་བརྐྱང་ཐམས་ཅད་མཐིང་ག །ཙིཏྟ་རིན་པོ་ཆེའི་གུར་ཁྱིམ་དུ་ཟླ་བ་ལ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཇའ་འོད་སྣ་ལྔའི་དབུས་ན་གནས་པ། དེའི་གནས་སོ་སོའི་ལྷ་ལས་འོད་འཕྲོས་རྔ་ཡབ་གླིང་གི་པདྨ་འོད་ཀྱི་གཞལ་མེད་ཁང་སོགས་ཕྱོགས་བཅུའི་འཇིག་རྟེན་ན་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀོན་མཆོག་གསུམ་དུ་རྣམ་པར་རོལ་པ་ཐམས་ཅད་སྤྱན་དྲངས་པར་བསམས་ཏེ། ཧཱུྃ། འདི་ནས་ཉི་མ་ལྷོ་ནུབ་ཕྱོགས་ཤེད་ན། །ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་རྔ་ཡབ་གླིང་། །རཀྴ་མི་ཟན་རྣམས་ཀྱི་རྒྱལ་པོའི་ཁབ། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དང་། །ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མི་ཟད་པའི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ། །གསང་བའི་མཚན་གསོལ་གུ་རུ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །རྣལ་འབྱོར་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །དད་ལྡན་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། སློབ་དཔོན་ཆེན་པོ་སྐུ་ཞི་ཁྲོའི་སངས་རྒྱས་ཐམས་ཅད་དུ་སྣང་བ། གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་དུ་གྲགས་པའི་ཡིག་འབྲུ། ཐུགས་ཏིང་ངེ་འཛིན་ཕྱག་རྒྱ་ཐམས་ཅད་དུ་འཆར་བ། སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས་བདག་གི་ལུས་ལྷར་གསལ་བ་དང་། ངག་སྔགས་སུ་གསལ་བ་དང་། ཡིད་ཕྱག་རྒྱར་གསལ་བ་ལ་རིམ་རིམ་ཐིམ་པར་བསམས་ཏེ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་འཛབ་ཉེར་གཅིག་གམ་བདུན་ཅིས་ཀྱང་བཟླའོ། །དེ་ནས་དབང་སྒྲུབ་ལྷ་ལྔ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་སྟེ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྗེ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡི་སྐུ །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །དེ་བཞིན་ཚིག་རྐང་དང་པོ་དང་། བཞི་པ་འདོན་པ་ཅུང་ཟད་བསྒྱུར་བ་རིགས་ལྔ་ལ་ཤེས་པར་བྱ་སྟེ། སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་བུདྡྷ་ཧེ་རུ་ཀ །ཞེས་དང་། གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ། །དང་། པདྨ་ཧེ་རུ་ཀ །ཐུགས་མཆོག་དྲི་མེད་བཛྲ་ཐོད་ཕྲེང་རྩལ། །དང་། བཛྲ་ཧེ་རུ་ཀ །ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་རྩལ། །དང་། རིན་ཆེན་ཧེ་རུ་ཀ །ཕྲིན་ལས་ཐོགས་མེད་ཀརྨ་ཐོད་ཕྲེང་རྩལ། །དང་། ཀརྨ་ཧེ་རུ་ཀ །དེ་ནས་དབང་སྒྲུབ་ཀྱི་ལྷ་ཚོགས་སྙོམས་པར་ཞུགས་པས་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོར་བྱེ་མར་ཆུ་བཏབ་པ་ལྟ་བུར་ཞུགས། སྤྱི་བོ་གང། ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། མགྲིན་པ་གང་། ངག་གི་དྲི་མ་དག །གསང་དབང་ཐོབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག །དབང་གསུམ་པ་ཐོབ། ལྟེ་བ་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །དབང་བཞི་པ་ཐོབ། ལུས་ཐམས་ཅད་གང་བའི་རྒྱུན་སྤྱི་བོར་ལུད་པས་རལ་པ་གྱེན་དུ་བརྫེས་པའི་དབུས་སུ་སྣང་བ་མཐའ་ཡས་སྤྲུལ་པ་སྐུའི་ཆ་ལུགས་ཅན་དུ་གྱུར་པར་བསམས་ཏེ་བསྐྱེད་རིམ་ལ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ། སྐྱོ་ན། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་པ་བཟླ། དེ་ལས་སྐྱོ་ན་སྔར་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས་ཤིང་བསྟིམ་པ་ཡང་ཡང་བྱ། བསྟིམ་ཐེབས་རེ་ལ་ལུས་གཟི་བརྗིད། ངག་ནུས་པ། སེམས་ཏིང་ངེ་འཛིན་རྩལ་ཇེ་ཆེར་འགྲོ་བར་བསམ་མོ། །འདི་ནི་སྟོད་ལས་སུ་བཞག་སྟེ་བྱང་ཆུབ་སྒྲུབ་པའི་ལམ་ངོ་མའོ། །དེ་ནས་རང་གི་འོག་ཏུ་བྲུབ་ཁུང་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་རིང་བ་ཞིག་བསམ། ཁྲོ་བོ་བཅུས་དྲེགས་པ་བཀུག །དེ་དག་གཟིར་བས་བདག་གི་བྲན་དུ་ཁས་བླངས། ཡིད་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕྱུང་སྟེ་ཕྲལ། ལུས་བདག་གིས་ཅི་བསྒོ་བའི་ལས་བྱེད་པར་བསམས་ལ། དེ་ནས་དེ་དག་གིས་བདག་ལ་སྔ་དགྲ་ལག་ལ་བདར་བ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ་ཐོག་ཏུ་འགེལ་ནུས་པའི་གནོད་བྱེད་གདོན་བགེགས་དགྲ་ཅི་ཡོད་པ་ཐམས་ཅད་ལྕགས་ཀྱུས་རང་དབང་བྲལ་བར་བཀུག །ཞགས་པས་ལུས་བཅིང་། ནུས་པས་ངག །ཏིང་ངེ་འཛིན་གྱིས་སེམས། མཐུ་རྩལ་གྱིས་སྐྱོབ་བྱེད་ལྷ་ཐམས་ཅད་བཅིངས་ནས་གཤེད་མས་བཙོན་ཁྲིད་པ་བཞིན་བྲུབ་ཁུང་དུ་བཅུག །དེ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྲུང་བ་དྲལ། འདས་པའི་སྐྱོབ་བྱེད་བསྡུས་ནས་བདག་ལ་བསྟིམ། འཇིག་རྟེན་པའི་ལྷ་སྙིང་པོའི་མཐར་ངོས་ཟིན་ན་དེ་ཁའི་མིང་ངམ་གནས་སྲོག །མ་ཟིན་ན་ཏྲིག་ནན་སྙིང་ལ་ཧུར་ཐུམ་ཛཿ ཞེས་གཟིར་བས་སྐྱོབ་བྱེད་དེ་བརྒྱལ་ཞིང་འབོག་ནས་དྲན་པ་ཉམས། དེ་ནས་རྩ་བའི་ཤམ་བུར་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཞེས་བཅུག་པས། བདག་ཉིད་རྡོ་རྗེ་ཕུར་པར་གསལ་བ་དེ་ནམ་མཁའ་ལ་འགྱིང་ཞིང་བསྒྲིལ་ནས་ཉམས་པ་དེ་གཟིར་བས་ཁབ་ལེན་དང་འཕྲད་པའི་ལྕགས་བཞིན། ཚེ་རྟེན་འབྱུང་བའི་དྭངས་མ་ཨ། སྲོག་རྟེན་རྣམས་ཤེས་ནྲྀའི་རྣམ་པར་གནས་པ་དེ་སོ་སོའི་སྤྱི་བོ་ནས་འཐོན་ཕུར་པའི་དབལ་དུ་ཞུགས་པས་ཚེ་རྟེན་བདག་ལ་ཐིམ། སྲོག་རྟེན་རྡོ་རྗེ་ཕག་མོའི་བྷ་གའི་རྡུལ་གྱིས་དུག་གསུམ་བཀྲུས་པ་ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་བྷ་གར་སངས་རྒྱས། རྡོ་རྗེ་ཕུར་པ་དྲག་པོའི་ཐོག་ལྷུང་བ་ལྟར་དེ་དག་གི་སྙིང་གར་བབས་པས། མར་ལ་ལྕགས་བསྲེགས་ཕུར་པ་ལྟ་བུར་ཚིར་ཚིར་ཞུ་ཞིང་ཁོལ། གཞོབ་ཏུ་ཐུ་ལུ་ལུ་ཚིག་པའི་མཐར་རྡུལ་ཙམ་ཡང་མི་དམིགས་པར་བསམས་ཏེ། རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་བཞག །ལངས་པའི་དུས་དགེ་བ་བསྔོ། ཚེས་བཅུ་ལ་སོགས་པའི་ཚེ་མཆོད་པ་དང་། གཞན་རྗེས་སུ་འཛིན་ན། གཏོར་མ་ཙཀླི་བཙུག་པ་སྐུ་རྟེན། ཐོད་པ་བདུད་རྩི་ཨ་མྲྀ་ཏ་གསུང་རྟེན། རྡོ་རྗེ་རྩེ་དགུ་ཐུགས་རྟེན། བུམ་པ་ཡོན་ཏན། ཉ་བོ་སྡེ་བརྒྱད་ཀྱི་གཏོར་མ། རྡོ་རྗེ་ཕུར་པ་དང་བཅས་པ་ཕྲིན་ལས་ཀྱི་རྟེན་དུ་བཤམ། མཆོད་རྫས་ཚོགས་གཏོར་གྱིས་མཐའ་བསྐོར། བདག་བསྐྱེད་བྱས་ནས་མདུན་བསྐྱེད། སྐུ་རྟེན་དྲག་པོ་རྒྱན་བཅས། གསུང་རྟེན་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཕྲེང་། ཐུགས་རྟེན་རྡོ་རྗེ་ཟླ་བ་རྡོ་རྗེ། བུམ་པར་དབང་སྒྲུབ་ལྷ་ལྔ། ཕུར་པ་ཡང་དྲག་པོ་རྒྱན་ཅན་དུ་བསྐྱེད། སྤྱན་དྲངས་སོ་སོར་བསྟིམ། ལྷ་རྫས་མེ་ཏོག་ཀུན་གྱིས་ནམ་མཁའ་བཀབ། །དྲི་ཞིམ་བདུག་སྤོས་བསྲེགས་པས་ས་གཞི་བཀང་། །སྣང་གསལ་འོད་ཟེར་ཕྱོགས་བཅུའི་མཐར་འབྲེལ་བ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །སིམ་སྐྱེད་བདུད་རྩི་བྱུགས་པའི་ཆུ་འཛིན་གཡོས། །བདའ་དགུའི་ཞལ་ཟས་ཐམས་ཅད་ཆར་དུ་བབས། །སྙན་པའི་འབྲུག་སྒྲ་འུར་འུར་སྒྲོག་པ་རྣམས། །རིག་འཛིནྎ །མཛེས་མ་བྲོ་བརྡུང་སྙན་པའི་གླུ་བླངས་མཐར། །དྲི་ཞིམ་ངད་འགྱེད་མ་མཆུའི་སྦྲང་སྦྱིན་ནས། །རེག་མཐར་བདེ་བ་བྷ་གས་སྟེན་པ་རྣམས། །རིག་འཛིནྎ །མྱོས་བྱེད་དཔའ་བོའི་དམ་རྫས་ཕུད་ཆེན་འཐོར། །སྣང་སྲིད་མ་མོའི་མཆོད་རྫས་རཀྟ་སྦྲེང་། །ཐུན་མོང་མཉེས་པའི་བ་ལིཾ་ཆེར་བཤམས་པ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །དེ་ནས་བསྟོད་པ་ནི། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། ཁྱོད་ལ་བསྟོད་དོ་ལུས་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །གསང་བ་འདུས་པའི་སྔགས་རྒོད་དམོད་པའི་མཚོན། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ངག་ལ་བསྟོད་དོ་ལུས་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །སོར་རྟོག་ཡེ་ཤེས་རྫོགས་པ་ཆེན་པོའི་ཀློང་། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། ཁྱོད་ལ་བསྟོད་དོ་ཡིད་ལ་བྱིན་གྱིས་རློབས། །དེ་ནས་བཟླས་པས་མདུན་བསྐྱེད་བསྐུལ། དེ་ནས་ཚོགས། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། དང་པོ་ཕུད་ཀྱིས་མི་མཆོད་དུ། །རིག་འཛིན་ལྷ་ཚོགས་ཕུད་ལ་མཉེས། །དེས་ན་ཕུད་ཀྱི་མཆོད་པ་འདི། །ཟག་མེད་བདུད་རྩིར་བསམས་ནས་འབུལ། །བར་དུ་ཚོགས་ཀྱིས་མི་མཆོད་དུ། །མ་དང་མཁའ་འགྲོ་ཚོགས་ལ་མཉེས། །དེས་ན་ཚོགས་ཀྱི་མཆོད་པ་འདི། །བཤགས་ཤིང་སྐོང་བའི་རྟེན་དུ་འབུལ། །མཐའ་མར་བསྒྲལ་བས་མི་མཆོད་དུ། །ཆོས་སྐྱོང་སྲུང་མ་བཾ་ལ་མཉེས། །དེས་ན་ཚོགས་ཀྱི་ཐ་མ་འདི། །དགྲ་བགེགས་བསྒྲལ་བའི་རྫས་སུ་འབུལ། །རྒྱས་པར་སྤྲོ་ན་གསོལ་འདེབས་ཀྱི་མཐར། ཚོགས་རྫས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བཟླ། དེ་ནས་གཞན་ལ་བྱིན་རླབས་བྱེད་ན། ཁྲུས་བྱ། བགེགས་གཏོར་བཏང་། མཎྜལ་ཕུལ། བླ་མ་རིག་འཛིན་ཆེན་པོ་དྲག་པོ་རྩལ་དུ་མོས་ལ། ལུས་ལ་བརྟུལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མས་སློབ་མའི་ལུས་ལྷ། ངག་སྔགས། ཡིད་ཕྱག་རྒྱ་བཅའ་བ་རྣམས་གོང་བཞིན་བརྗོད། སྤྱན་དྲངས་ནམ་མཁར་བཞུགས་པ་ལ་བསྟོད་པའི་ཐ་མ། སྐལ་ལྡན་ལུས་ལ་གཉིས་མེད་ཐིམ་གྱུར་ཅིག །གཏོར་ཙག་གི་དབང་། དྲག་པོ་རྩལ་སློབ་མ་ལ་བསྟིམ། ལུས་བརྟུལ་ཞུགས་ཀྱི་གཟི་བརྗིད་རྒྱས། དེ་ནས་གཞན་འདྲ། སྐལ་ལྡན་ངག་ལ་གཉིས་མེད་ཐིམ་གྱུར་ཅིག །ཐོད་པས་བསྐུར། གསུང་སྔགས་ཀྱི་ཚོགས་མགྲིན་པའི་སྔགས་ལ་བསྟིམ། ངག་ལ་ནུས་པ་འབར། དེ་ནས། སྐལ་ལྡན་ཡིད་ལ་གཉིས་མེད་ཐིམ་གྱུར་ཅིག །རྡོ་རྗེ་རྩེ་དགུས། ཐུགས་ཕྱག་མཚན་ལ་བསྟིམ་པས། སེམས་རྟོགས་པའི་ཡེ་ཤེས་སྐྱེས། དེ་ནས་སྤོས་དང་རོལ་མོ་གདུང་ཤུགས་དྲག་པོས་གསོལ་བ་གདབ། བུམ་པས་དབང་བསྐུར། ཐོད་ཕྲེང་རིགས་ལྔ་སྙོམས་པར་ཞུགས་པ་ལས། །བདེ་བ་རྒྱས་པའི་བྱང་སེམས་སྦྱོར་མཚམས་ལྷུང་། །སྤྱི་བོ་གང་བས་ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་འགྲུབ། །མགྲིན་པ་གང་བས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་འགྲུབ། །སྙིང་ག་གང་བས་ཡིད་ཀྱི་དྲི་མ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་འགྲུབ། །ལྟེ་བ་གང་བས་ཐ་དད་དྲི་མ་དག །བཞི་པའི་དབང་ཐོབ་རྫོགས་པའི་སངས་རྒྱས་འགྲུབ། །གུ་རུ་དྲག་པོ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་བསམ། དེ་ནས་བྲུབ་ཁུང་མདུན་དུ་བཀོད། དཔོན་སློབ་གཉིས་ཀས། ཁྲོ་བོ་བཅུས་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཀུག །བྲུབ་ཁུང་དུ་བཅུག་པའི་ཁར། དེ་ནས། སྣང་བ་མཐའ་ཡས་ཐུགས་རྗེའི་འཕྲོ་འདུ་ལས། །པདྨ་དབང་གི་ཁྲོ་བོའི་རྒྱལ་པོ་ནི། །བར་ཆད་བགེགས་འདུལ་བཛྲ་ཀཱི་ལ་ཡ། །གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བར་གྱིས། །དྲག་སྔགས་འཛབ་ཏུ་བཟླ། ཕུར་བསྐོར་བྱེད་དུས་དམིགས་པ་ལྷག་མ་བསྟན། དམིགས་མེད་དུ་མི་བཏང་བར་ཤ་ཁྲག་དུམ་བུར་གཏུབ། ཉ་བོ་གཏུབས་ནས་གཏོར་མར་བྲན་ཏེ། དེ་ལག་ཏུ་ཐོགས་ནས། རིག་འཛིན་བླ་མའི་ལྷ་ཚོགས་དང་། བཀའ་སྲུང་ལས་བྱེད་ཤན་པ་རྣམས། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་རྐྱོངས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་གདོངས། །དགྲ་བགེགས་གདུག་པ་བསྒྲལ་པའི་རྫས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཞེས་བརྗོད་ལིང་རོ་ནས་དུམ་བུ་རེ་བྱིན་ལ་སྡེ་བརྒྱད་གཙྪས་གཤེགས། ཚོགས་ལ་རོལ། ལྷག་མ། ལྷག་མའི་བཤལ་ཆུས་མི་མཆོད་དུ། །མ་སྲིང་མ་མོ་ལྷག་མ་དགྱེས། ཁ་ཕྲུས་བྲན་པའི་མཆོད་པ་འདི། །མཐུན་པའི་རྫས་སུ་བསྔོས་ནས་འབུལ། །ཞེས་ཕྱིར་དོར་རོ། །འདི་ནི་ལྷ་རྩེར་བླ་མ་དགེ་འདུན་གྱིས་བསྐུལ་བའི་ངོར་དང་། གཞན་མང་པོ་ལ་ཕན་པའི་དོན་དུ་བྲི་འོས་པའི་མཚན་མ་མཐོང་ནས། སློབ་དཔོན་པདྨ་ཉིད་ཀྱི་བྱིན་གྱིས་བརླབས་པའི་སྔགས་པ་ནག་པོ་ངག་དབང་ནོར་བུས་སྦྱར་བའོ། །མངྒ་ལཾ།། །།

དབང་ལ་ཕྱག་ལེན་རྒྱས་པའི་སྐབས་ཚེ་བདག་རྣོན་པོ་ནང་གཅོད་གཞུང་གི་བསྟོད་རིང་སྦྱོར་ལུགས (Volume 61, Text 21)

དབང་ལ་ཕྱག་ལེན་རྒྱས་པའི་སྐབས་ཚེ་བདག་རྣོན་པོ་ནང་གཅོད་གཞུང་གི་བསྟོད་རིང་སྦྱོར་ལུགས་ནི། གཏོར་མ་སྤྱི་བོར་འཇོག་དུས། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་ཀླུ་འབུམ་གསོལ༔ གཡོན་ཞལ་དམར་ལ་གདངས་པས་གཉན་ཁྲི་གསོལ༔ དབུས་ཞལ་མཐིང་ལ་རྔམས་པས་ས་བདག་གསོལ༔ ཕྱག་གཡས་དང་པོ་འཁོར་ལོས་དགྲ་བགེགས་གཏུབ༔ བར་པ་རལ་གྲིས་དགྲ་བགེགས་སྲོག་རྩ་གཅོད༔ ཐ་མ་རྡོ་རྗེས་དགྲ་བགེགས་རྡུལ་དུ་རློག༔ ཕྱག་གཡོན་དང་པོ་ལྕགས་ཀྱུས་དགྲ་བགེགས་འགུག༔ བར་པ་གཏུན་ཤིང་དགྲ་བགེགས་རྣམས་ལ་བརྡེག༔ ཐ་མ་སྡིགས་མཛུབ་དགྲ་བགེགས་རྣམས་ལ་གཟིར༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དགྲ་བགེགས་བརྫིས༔ ཐོད་སྐམ་ར་རི་ཐོད་རློན་ཕྲེང་བ་ཡིས༔ དབུ་རྒྱན་མགུལ་རྒྱན་དོ་ཤལ་མཛེས་པར་བརྒྱན༔ གླང་ཆེན་ཞིང་དང་སྟག་ལྤགས་སྐུ་ལ་གསོལ༔ རྒྱལ་རིགས་བྲམ་ཟེ་དམངས་རིགས་རྗེ་རིགས་དང༔ གདོལ་པའི་རིགས་མཚོན་སྦྲུལ་ལྔས་དབུ་ཞབས་བརྒྱན༔ རཀྟ་སོར་རིས་ཐལ་ཆེན་གསུམ་གྱིས་སྤྲས༔ བསྐལ་པའི་མེ་དཔུང་དབུས་ན་འགྱིང་པར་བཞུགས༔ སྤྱན་བགྲད་ཤངས་གཉེར་ཞལ་གདངས་ལྗགས་འདྲིལ་ཞིང༔ མཆེ་བ་རབ་གཙིགས་དགྲ་བོའི་དོན་སྙིང་ཟ༔ སྤྱི་གཙུག་ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་དང་མཆུ་སྡེར་གནམ་ལྕགས་འབར་བ་ཡིས༔ ཀླུ་གཉན་ས་བདག་མ་ལུས་གསོད་ཅིང་གནོན༔ བ་སྤུ་ཁྱུང་དང་རྡོ་རྗེས་རབ་ཏུ་གཏམས༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉ་དགྲ་ལ་འགྱེད༔ དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག༔ ཅེས་པའི་མཐར། ཁྲོ་རྒྱལ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་རོ། །འཁོར་གྱི་གཤིན་རྗེ་བྱེ་བའི་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་སྐུ་སོགས། ࿊ མགྲིན་པར། ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ གསོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཅེར་བུ་རྒྱན་མེད་གཟིག་ཤམ་སྤྱན་བགྲད་ཁྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་བརྡབ༔ ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་དབང་མེད་འགུག༔ ཕྱག་གཡོན་ཉམས་པའི་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཞེས་པའི་མཐར། ཡུམ་མཆོག་ཨེ་ཀ་ཛཱ་ཊིའི་དབང་བསྐུར་རོ། །འཁོར་གྱི་མ་མོའི་དམག་ཚོགས་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་གསུང་སོགས། ࿊ སྙིང་གར། ཧཱུྃ༔ གཡས་ན་སྲས་མཆོག་ཡ་མ་རཱ་ཛ་ནི༔ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ རབ་འཇིགས་གཅེར་བུ་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ མི་ལྤགས་གཡང་གཞི་སྟག་ལྤགས་སྐུ་ལ་གསོལ༔ ཕྱག་གཡས་བཤན་གྲིས་དགྲ་བགེགས་མ་ལུས་གཏུབ༔ ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད༔ ཅེས་པའི་མཐར། གསོད་བྱེད་ཡ་མ་རཱ་ཛས་དབང་བསྐུར་རོ། །འཁོར་གྱི་ལས་མཁན་སྡེ་བརྒྱད་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་ཐུགས་སོགས། ࿊ ལག་ཏུ་གཏོད་དུས། ཨེ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ལ༔ ཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་སྨོད་པ་དང༔ ཡི་དམ་སྨོད་ཅིང་བརྙས་པར་བྱེད་པ་དང༔ དཀོན་མཆོག་གསུམ་ལ་སྨོད་ཅིང་ཆོས་སྐྱོང་སྨོད༔ བསྙེན་སྒྲུབ་ཟབ་མོའི་བར་ཆད་བྱེད་པ་དང༔ མཆེད་ལ་འཁུ་ཞིང་དམ་ལས་ལྡོག་པ་དང༔ དམ་ཚིག་ཅན་ལ་གནོད་པ་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རིངས་པར་ཁུག་ལ་སྲོག་དང་ད་ཕྲོལ་ཅིག༔ དབང་དུ་སྡུས་ལ་རྡུལ་དུ་ད་རློགས་ཤིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ དཔལ་ལྡན་རྡོ་རྗེ་གསུམ་སོགས་དབང་ཆོག་སྡེབ་ནས་བསྐུར། བཟླས་ལུང་གི་ཟློག་སྔགས་རྗེས་ཟློས་སྐབས། སྔགས་ཕྲེང་གཡོན་སྐོར་ཡི་གེ་ཁ་ཕྱིར་བལྟ་ཡིན།།

ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ མན་ངག་གདམས་པ་མ་བུ་ (Volume 62, Text 21)

སྡེ་གསུམ་སྤྱི་སྐོར།་་་ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ མན་ངག་གདམས་པ་མ་བུ་བཞུགས༔ གུ་རུ་རྗེ་ལ་གུས་ཕྱག་འཚལ༔ ད་ནི་གདམས་པ་མ་བུ་བསྟན༔ དཀྱིལ་འཁོར་པད་བུམ་སྙིང་ཨ་དེ༔ ཡུལ་དབང་ཤེས་གསུམ་ཀུན་གཞི་མཚོན༔ སྣང་སྟོང་བདེ་སྟོང་བདེ་བ་ཆེ༔ ཡུལ་སྟོང་དབང་དག་རྣམ་ཤེས་འགྱུར༔ ཀུན་གཞི་བྱ་བྱེད་བྲལ་བ་འོ༔ ས་མ་ཡ་རྒྱ༔ ལོ་ཆེན་བཻ་རོས་འདི་སྐད་བཞེད༔ ངོ་བོ་ཀུན་གཞི་རང་བཞིན་རྣམ་ཤེས་ཐུགས་རྗེའི་རྩལ་ལས་དབང་པོ་དང་ཡུལ་ལ༔ འགྱུ་བ་རོལ་རྩེར་བ་ཤར་བའི་ཚེ༔ འགྱུ་བྱེད་དེ་ཉིད་ཤེས་པས་དུག་ལྔ་རྣམས༔ གང་འགྱུས་པ་ལ་བལྟས་པས་ཅིར་ཡང་མི་དམིགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང༔ཆེན་པོ་འོ༔ ཡུལ་དངོས་མེད་ཟང་ཐལ་ཅིར་ཡང་སྣང་བ་མེ་ལོང་ཡེ་ཤེས་ཀྱི་ཀློང༔ དྭངས་གསལ་རིག་པ་དངོས་མེད་ཟང་ཐལ་དངོས་མེད་དུ་ཤར་བ་རང་བཞིན་འོད་གསལ་བ་མཉམ་ཉིད་ཡེ་ཤེས་ཀྱི་ཀློང༔ཆེན་པོ་འོ༔ སངས་པ་སྣང་བ་ཡུལ་ངོ་བོ་མེད་ཅིང་རྣམ་པ་མ་འདྲེས་ཡོངས་གསལ་སོར་རྟོག་ཀློང༔ གྲོལ་བ་ཟང་ཐལ་ཡུལ་མེད་དུ་གྲོལ་བས་བློ་འདས་བྱ་རྩོལ་མེད་པ་བྱ་བྲལ་ནན་ཏན་གྱི་ཡེ་ཤེས་ཀློང༔ཆེན་པོ་འོ༔ ཀློང་ཆེན་ལྔ་ཡི་བྱིན་གྱིས་བརླབས༔ ཀློང་ཆེན་ལྔ་རུ་ཉམས་སུ་བླངས༔ ཀློང་ཆེན་མངོན་པར་རྫོགས་པ་འོ༔ ས་མ་ཡ་རྒྱ༔ སེམས་དང་རིག་པའི་དབྱེ་འབྱེད་བྱ༔ འབྱེད་པར་བྱེད་པ་སེམས་སྡེ་ཡིན༔ ཆོས་ཉིད་ཀློང་དུ་ཆུབ་པ་ན༔ ཀློང་ཡངས་ལྟ་བ་ཀློང་སྡེ་ཡིན༔ དབྱིངས་རིག་གཉིས་མེད་ལྟ་བ་དེ༔ མན་ངག་སྡེ་རུ་ཤེས་པར་བྱ༔ ས་མ་ཡ་རྒྱ༔ ཕྱོགས་བཅས་ལྟ་བས་དོན་མི་མཐོང༔ ཕྱོགས་མེད་ཉིད་དུ་བལྟ་བར་བྱ༔ ཕྱོགས་རིས་མེད་པར་ལ་བཟླས་ན༔ ལ་ཤན་འཕྲང་ལས་ཐར་བར་འགྱུར༔ ས་མ་ཡ་རྒྱ༔ སློབ་དཔོན་སྒོམ་འདོད་རང་རིག་འདི༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ འོད་དང་འོད་ཟེར་འབར་བར་བསྒོམ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ གདམས་པའི་མཐར་ཐུག་སྙིང་ལ་ཕུར༔ ལྷ་སྲས་རཏྣ་མཆོག་གི་མིང༔ མེ་སྒྲོན་རྟ་ལོ་བདེ་ཆེན་མིང༔ ཁམས་ཕྱོགས་ལྷོ་རྒྱུད་ཕྱོགས་སུ་སྐྱེ༔ ཐབས་ཤེས་རྟེན་འབྲེལ་ལེགས་པའི་ཚེ༔ དེ་ཉིད་འཕྲད་འགྱུར་ངོ་མཚར་ཆེ༔ ཁོ་མོས་བྱིན་བརླབ་ཞལ་ཕྱེ་ངེས༔ དེ་ལྟར་སྙིང་ཐིག་མ་བུ་དང༔ ཤྲཱི་སིཾ་ཧའི་ཆོས་སྨན་བཅས༔ བཀའ་སྲུང་རྣམས་ཀྱིས་ཐུབ་པར་སྲུངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ རང་གི་སྐྲ་དང་བཻ་རོ་ཙ་ནའི་ལྕང་ལོ་དང་བཅས་སྦས་པའོ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ཞུས་སོ།། །།

དཔལ་བཀའ་འདུས་ཀྱི་བཀའ་སྲུང་མཆོད་ཐབས་ཤིན་ཏུ་བསྡུས་པ་ (Volume 15, Text 21)

དཔལ་བཀའ་འདུས་ཀྱི་བཀའ་སྲུང་མཆོད་ཐབས་ཤིན་ཏུ་བསྡུས་པ་བཞུགས་སོ༔ ༔ ྈྈྈྈྈ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ བཀའི་སྲུང་མ་མཆོད་པ་ནི༔ དྲག་པོའི་སྣོད་དུ་ཤ་ཁྲག་གི་གཏོར་མ་བཤམ༔ འབྲུ་བཅུད་ཀྱི་སྐྱེམས་བླུགས༔ གཙང་མ་ཕུད་ཀྱིས་བྲན་ལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབས་ནས༔ རང་སྤྱི་དཔལ་ཆེན་པོའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་འདུས་པའི་ལྷ་ཚོགས་གཙོ་འཁོར་བྲན་དང་ཕོ་ཉ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྤྱན་དྲངས་པར་བསམས་ལ༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ སྤྲིན་ནག་འདུས་པའི་དུར་ཁྲོད་ནས༔ ལྷ་ཡི་དེད་དཔོན་ནག་པོ་ཆེ༔ སྲིང་མོ་ལྷ་མོ་དུང་སྐྱོང་མ༔ དཔལ་མགོན་འདུས་པའི་འཁོར་དང་བཅས༔ ཧེ་རུ་ཀ་དཔལ་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་གཡར་དམ་དགོངས༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་སརྦ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲངས༔ ན་མོ་ན་མཱ་མི༔ ཞེས་ཕྱག་འཚལ༔ སརྦ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ སརྦ་ས་མ་ཡ་ཧོ༔ ཞེས་དམ་ལ་བཞག༔ ཧཱུྃ༔ མགོན་པོ་ཡབ་ཡུམ་འཁོར་བཅས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དགྱེས་པའི་ཐུགས་ཀྱིས་བཞེས་ནས་ཀྱང༔ ལས་ཀྱི་དངོས་གྲུབ་མཆིས་པར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་པཱུ་ཛ་ཧོ༔ ཞེས་དང་ཁྱད་པར་གཏོར་མས་མཆོད་ཅིང༔ ཧཱུྃ༔ བྷནྡྷ་རིན་ཆེན་སྣོད་ཡངས་སུ༔ འབྲུ་སྣ་ལྔ་སྦྱར་གཏོར་མ་ནི༔ ཤ་ཁྲག་ཕུད་ཀྱིས་རབ་བརྒྱན་ཏེ༔ ནམ་མཁའ་མཉམ་པས་རབ་ཏུ་མཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ རཀྟ་པཱི་པ་ཧོ༔ ཧ་ཧ་ཧེ་ཧེ་ཧོ་ཧོ༔ ས་མ་ཡ་སརྦ་ཀརྨ་སིདྡྷི་ཀུ་རུ་སྭཱ་ཧཱ༔ དེ་ནས་བསྟོད་པ་ནི༔ རྔ་བརྡུང་ཞིང་དབྱངས་དང་བཅས་པས༔ ཧཱུྃ༔ བཅོམ་ལྡན་སྤྱི་དཔལ་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ནག་པོ་ཆེ༔ མགོན་པོ་ཀུན་འདུས་དྲེགས་པའི་རྗེ༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ཕྱག༔ གཡས་ཀྱི་དང་པོས་རུ་མཚོན་འཕྱར༔ ཡེ་ཤེས་ལྷ་ནི་རྟགས་སུ་བརྗིད༔ གཡོན་གྱི་དང་པོས་མེ་ལོང་སྟོན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་རྫོགས༔ དེ་འོག་གཉིས་ཀྱིས་མདའ་གཞུ་འགེངས༔ དགྲ་བོའི་སྙིང་ནས་འབིགས་པར་བྱེད༔ ལྷག་མ་ལྕགས་ཀྱུ་རྒྱུ་ཞགས་དང༔ ཆུ་གྲི་གྲི་གུག་སཏྭ་རེ་འབར༔ ཐོ་བ་ཐོད་པ་གཡས་ན་བསྣམས༔ གཡོན་པས་དབལ་མདུང་རལ་གྲི་དང༔ ལྕགས་སྒྲོག་སྦར་ཤད་རྩེ་ལྔ་པ༔ མེ་ཐབས་ཐོག་མདེལ་སྟེང་དུ་གདེངས༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ ཁྱུང་སེང་སྟག་དོམ་འབྲུག་རྣམས་བརྫིས༔ སྤྲེ་འུ་སྲིན་པོའི་པགས་པ་དང༔ དར་ནག་འཇོལ་བེར་སྟོད་གཡོགས་ཤིང༔ དོམ་དང་སྟག་ལྤགས་སྨད་དཀྲིས་མཛད༔ རིན་ཆེན་སྦྲུལ་གྱིས་རབ་ཏུ་བརྒྱན༔ ཁམས་གསུམ་དྲེགས་པ་ཟིལ་གནོན་པར༔ གནམ་ལྕགས་མེ་འབར་མཚན་ཡང་གསོལ༔ གཉིས་མེད་མ་ནིང་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲག་མོའི་གཟུགས་ཅན་ཤངྐ་རི༔ སྔགས་ཀྱི་སྲུང་མ་རལ་གཅིག་མ༔ མོ་རྒྱུད་ཤ་ཟ་ཀུན་གྱི་གཙོ༔ དུང་སྐྱོང་ལྷ་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་ཕྱོགས་མགོན་པོ་སྟག་ཞོན་ཆེ༔ ཙནྡན་བེང་ཆེན་ལྕགས་པར་བསྣམས༔ སྟག་ལ་ཞོན་ནས་དགྲ་བགེགས་འདུལ༔ ཞེ་སྡང་བདུད་འཇོམས་ཁྱེད་ལ་བསྟོད༔ ཧཱུྃ༔ ལྷོ་ཕྱོགས་མགོན་པོ་གླང་ཞོན་ནག༔ རྩེ་གསུམ་བྷནྡྷ་ཁྲག་བཀང་བསྣམས༔ གླང་ལ་ཞོན་ནས་དགྲ་བགེགས་འདུལ༔ ང་རྒྱལ་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ནུབ་ཕྱོགས་མགོན་པོ་སེང་ཞོན་དམར༔ ཕྱག་གཉིས་ཟངས་གཞུ་ལྕགས་མདའ་འགེངས༔ སེང་གེ་ཞོན་ནས་དགྲ་བགེགས་འདུལ༔ འདོད་ཆགས་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ བྱང་ཕྱོགས་མགོན་པོ་རྟ་ཞོན་མཐིང༔ རུ་དར་གཡོབ་ཅིང་ཐོད་ཁྲག་འཐུང༔ རྟ་ལ་ཞོན་ནས་དགྲ་བགེགས་འདུལ༔ ཕྲག་དོག་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ཤར་ལྷོའི་མགོན་པོ་ཕྱག་བཞི་མཐིང༔ གྲི་ཐོད་སྙིང་དང་ཁ་ཊྭཱཾ་བསྣམས༔ སྒེག་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ དྲེགས་པའི་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ལྷོ་ནུབ་མགོན་པོ་གྲི་གུག་ནག༔ གྲི་གུག་གདེངས་ཤིང་བྷན་ཁྲག་འཐུང༔ རྔམས་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ ལོག་འདྲེན་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ནུབ་བྱང་མགོན་པོ་ཏྲཀྴད་མཐིང༔ ཙནྡན་བིང་ཆེན་རུ་མཚོན་འཕྱར༔ ཁྲོས་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ དྲག་ཤུལ་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ བྱང་ཤར་མགོན་པོ་ཞང་བློན་ནག༔ ཁ་ཊྭཱཾ་རྩེ་གསུམ་ཐོད་ཁྲག་བསྣམས༔ གཏུམ་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ ལོག་ལྟའི་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ གཞན་ཡང་མགོན་པོའི་བཀའ་འཁོར་ན༔ ཕོ་རྒྱུད་མོ་རྒྱུད་མ་ནིང་གི༔ རྒྱུད་གསུམ་དྲེགས་པའི་སྡེ་དང་དཔུང༔ བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད༔ ཞེས་བསྟོད་ཅིང་ཐུགས་དམ་བསྐུལ་བ་ལ་དམིགས་ནས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དུཥྚཱན་ཨེ་ཛ་བྷྱོ༔ ཞེས་བཟླའོ༔ དེ་ནས་ཚོགས་དང་ཡོ་བྱད་ཆེན་པོས་ཐུགས་དམ་བསྐང་ཞིང་བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་ལས་གྲུབ་དཔལ་ལྡན་མགོན་པོའི་ཚོགས༔ མ་ཧཱ་ཀཱ་ལ་སྤྱི་དཔལ་ཁྲོ་བོའི་རྗེ༔ མ་མགོན་འདུས་པའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་དམ་བསྐང་ཕྱིར་དབྱིངས་ནས་གཟི་བྱིན་བསྐྱེད༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་ཆེན་པོར༔ དགྲ་བགེགས་བསྒྲལ་པའི་འདོད་ཡོན་ཕུང་པོར་སྤུངས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མགོན་པོ་ཀུན་འདུས་ལྷ་ཚོགས་ཐུགས་དམ་བསྐང༔ བདུད་རྩི་སྨན་གྱི་མཆོད་པ་སྦྲེང་བ་ནི༔ ལྷ་ཡི་ཞལ་ཟས་བས་ཀྱང་བཅུད་རེ་ཆེ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང༔ རཀྟ་དམར་གྱི་ཨརྒྷཾ་འཁྱིལ་བ་ནི༔ ཕྱི་ཡི་རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང༔ ཚོགས་དང་གཏོར་མའི་ཕུང་པོ་བཤམས་པ་ནི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང༔ ཤེས་རབ་རིག་མས་བདེ་བའི་པདྨོ་སྦྱོར༔ ཐབས་ཀྱི་དཔའ་བོས་ཞིང་བཅུའི་སྲོག་རྩ་སྒྲོལ༔ ཐབས་ཤེས་དབྱེར་མེད་བྱང་ཆུབ་སེམས་ཆེན་པོས༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང༔ རྟེན་རྫས་མི་གཡོ་སྐོང་རྫས་སྐར་ལྟར་འཁྲུགས༔ སྒྲུབ་རྫས་མངའ་གསོལ་མཐུན་རྫས་ཚར་དུ་དངར༔ མཆོད་རྫས་སྤྲིན་གཏིབས་ལས་ཀྱི་དམ་རྫས་ཀྱིས༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་ནད་གདོན་བར་ཆད་སོལ༔ དགྲ་བགེགས་ཚར་ཆོད་ཁམས་གསུམ་དབང་དུ་སྡུས༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ༔ ལྟ་བ་འཕང་དམའ་སྒོམ་པ་ལེ་ལོས་བསྒྲིབས༔ སྤྱོད་པ་རྩལ་ཆུང་འབྲས་བུ་རིང་དུ་གཡེལ༔ གསང་བའི་མན་ངག་ཟབ་མོའི་དོན་མ་རྟོགས༔ མ་མགོན་དམ་ཅན་ཐུགས་དང་འགལ་བ་ཀུན༔ བླ་མ་ཡི་དམ་སྤྱན་སྔར་མཐོལ་ལོ་བཤགས༔ བཀའ་སྲུང་འཁོར་དང་བཅས་ལ་བཟོད་པར་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་དེང་འདིར་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་ཡི་གེ་བརྒྱ་པས་བཤགས་པ་བྱ༔ ཐུན་གཏོར་དང་ཕུད་སྐྱེམས་འབུལ་ཞིང༔ ཧཱུྃ༔ ཕུད་ཀྱིས་གསོལ་ལོ་ཆོས་སྐྱོང་ཚོགས༔ གཏོར་མས་མཆོད་དོ་དྲེགས་པའི་གཙོ༔ རྔམས་ཤིང་དགྱེས་པས་འདི་བཞེས་ལ༔ གསོལ་མཆོད་བཅོལ་པའི་ཕྲིན་ལས་མཛོད༔ སྔོན་ཚེ་བཀོད་པ་ལྷུན་གྲུབ་ཏུ༔ རྡོ་རྗེ་འདུས་པས་དམ་ལ་བཞག༔ བར་དུ་སྤྲིན་ནག་འདུས་པའི་ཁྲོད༔ རིག་འཛིན་གཙོ་བོས་ཕྲིན་ལས་བསྐུལ༔ ཐ་མ་ཟ་ཧོར་བོད་ཡུལ་དུ༔ ཨོ་རྒྱན་ཆེན་པོས་གཉེར་གཏད་བཞིན༔ མ་མགོན་དམ་ཅན་འདུས་པའི་ཚོགས༔ ཐ་ཚིག་གཉན་པོ་དེང་འདིར་དགོངས༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསྟན་ལ་འཚེ་བྱེད་ཞིང་བཅུ་ཡི༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་དྲོངས༔ རིག་འཛིན་བདག་ཅག་དཔོན་སློབ་དང༔ བསྟན་པ་མཆོད་པའི་སྦྱིན་བདག་གི༔ ཚེ་བསོད་དཔལ་འབྱོར་གཟི་བྱིན་སྐྱེད༔ ནད་གདོན་བར་ཆད་ཐམས་ཅད་ཟློག༔ ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ ཡིད་མཐུན་མཁོ་དགུ་དབང་དུ་སྡུས༔ བསམ་པའི་དོན་ཀུན་འབད་མེད་སྒྲུབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལས་ཀྱི་གཉེར་གཏད་དོ༔ མགོན་པོ་གནམ་ལྕགས་མེ་འབར་དམ་ཅན་འདུས་པའི་མཆོད་གསོལ་རྒྱུན་དུ་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཨོ་རྒྱན་གླིང་པའི་གཏེར་མའོ།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས་གསལ་བར་བཀོད་པ་ཐེ་ཚོམ་རང་གྲོལ་ (Volume 3, Text 21)

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས་གསལ་བར་བཀོད་པ་ཐེ་ཚོམ་རང་གྲོལ་ཞེས་བྱ་བ་བཞུགས་སོ།། ཐེག་དགུའི་རྩེ་རྒྱལ་ཨ་ཏི་ཞི་ཁྲོའི་ལྷ། །རང་རིག་བླ་མའི་རྩལ་དུ་ཤར་བ་ལ། །གནས་ལུགས་ལྟ་བ་མཇལ་བས་ཕྱག་བྱས་ཏེ། །དབང་བསྐུར་སྔོན་འགྲོའི་ལྷན་ཐབས་འདིར་གསལ་བྱ། །ཚུལ་འདི་གཞུང་རྣམས་ཀྱི་དགོངས་པ་སྒྲུབ་པ་ཆེན་པོ་དང་སྦྱོར་བ་ཡིན་ཡང་དེང་སང་ཡུལ་དུས་དང་འཚམས་པར་དབང་རྐྱང་ཙམ་ལ་སྦྱོར་བའི་དབང་དུ་བྱས་ཏེ་འཇུག་བདེར་བསྡེབ་པ་ལ་བཞི། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ལ་གསུམ། ས་སློང་བ། སྦྱོང་བ། བཟུང་བའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཀྱི་གུང་དུ་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། དཀྱིལ་འཁོར་བཞེངས་པའི་ས་བྱི་དོར་བྱས་པར་ས་བདག་དཀར་ཟླུམ། གསེར་སྐྱེམས། ཕྱི་མཆོད་བཅས་བཤམས་ལ། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་སམ། ལས་བྱང་ཆུང་བ་ལྟ་བུའི་བདག་གི་རྣལ་འབྱོར་མདོར་བསྡུས་པ་བཟླས་པ་ཅི་རིགས་མཐར་བསྡུ་ལྡང་བཅས་བྱའོ། །དེ་ནས་ས་བདག་གཏོར་མཆོད་ལ་བསང་ཆུ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་མཆོད་རྣམས། །ཨོཾ་ལས་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་ཞུ་ལྷ་རྫས་ཀྱི། །མཆོད་སྤྲིན་ཟག་མེད་བདེ་སྐྱེད་གྱུར། །ཨོཾ་ཨཱཿཧཱུྃ། གསུམ་དང་། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་ཨཱཿཧཱུྃ། ཞེས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ འཛམ་བུ་གླིང་བཞི་གྲུབ་པའི་ས་སློང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཞེས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་། གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། གཉིས་པ་ནི། བ་བྱུང་ལྔ་དྲི་བཟང་དང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞི་ལ་དབང་ལྡན་ནས་བརྩམ་སྟེ་ཁྱབ་པར་བྱུགས་ནས། ས་གཞི་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དོ། །ཞེས་མོས་ལ། སྭ་བྷཱ་བའི་སྔགས་ལན་བདུན་བརྗོད། གསུམ་པ་ནི། ས་འདིར་དཀྱིལ་འཁོར་བྲི་བར་བྱའོ་སྙམ་པའི་བློས། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཅེས་གསལ་བཏབ་ལ། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ ཚེ་སྲོག་བར་དུ་གཅོད་པའི་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དང་ས་རྫིའི་བདུག་པ་ཡུངས་ཐུན་འཐོར་བའི་ཚམ་རྔམ་བཅས་སྟེགས་བུ་ལ་ལན་གསུམ་བསྐོར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། གསུམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཁྲོ་ཆུང་མཚོན་ཆ་མེ་ཕུང་འབར་བའི་འཁོར་ལོས་བཅིངས་ཏེ་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པར་གྱུར། ཅེས་སྲུང་འཁོར་བསྒོམ་མོ། །གཉིས་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུར་དྲི་བཟང་གི་ཆུས་གཙོ་བོའི་གནས་སུ་ཐིག་ལེ་གྲུ་བཞི་དང་། འཁོར་རྣམས་ལ་ཟླུམ་པོ། དེ་སྟེང་སོ་སོའི་སྔགས་བརྗོད་དེ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱས་ལ། ལས་བྱང་ཆུང་བའི་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་དུ་བཏང་ལ་མདུན་བསྐྱེད་བསྒྲུབ། བཟླས་པ་སྤྱི་དྲིལ་ཉིད་ཅི་ནུས་མཐར་མཆོད་བསྟོད་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྔ། ལས་བུམ་དང་དྲུག །དེ་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གུ་གུལ་བདུག །ཡུངས་ཀར་བྲབས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ རཾ་རཾ་གནོད་བྱེད་འབྱུང་པོ་ཕཊ༔ རྒྱུན་འབབ་ཀྱི་ཆུ་གཙང་དྲི་བཟང་སྦྱར་བས་སུམ་གཉིས་བཀང་ལ། ཨོཾ་ཨ་མྲྀཏ་ཧཱུྃ༔ དབང་འབྲིང་པོའི་སྐབས་དབུས་བུམ་དུ་སྨན་ལྔ། ཤར་དུ་འབྲུ་ལྔ། ལྷོར་རིན་ཆེན་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་རྣམས་དང་། འཕྲད་ཚད་རང་གྲོལ་སྐབས་དབུས་བུམ་དུ་རིན་ཆེན་ལྔ། ཤར་དུ་སྨན་ལྔ། ལྷོར་སྙིང་པོ་ལྔ། ནུབ་ཏུ་འབྲུ་ལྔ། བྱང་དུ་དྲི་ལྔ། ལས་བུམ་དུ་ལྔ་ཚན་ལྔ་ཀ་བླུགས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ་སྭཱ་ཧཱ༔ དར་གྱི་མགུལ་ཆིངས་དབུས་མཐིང་དཀར་བརྩེགས་མ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ལས་བུམ་ལ་དཀར་པོ་བཅིངས་ལ། ཨོཾ་བཛྲ་བསཏྲ་ཨཱ་བེ་ཤ་ཡ༔ ཁ་རྒྱན་གཟུག་ལ། ཨོཾ་བཛྲ་མངྒ་ལཾ་སྭ་སྟི༔ གཟུངས་ཐག་བཏགས་ལ། ཨོཾ་བཛྲ་ས་ཏི་ཀ་པ་ར་ལི་སི་ཏི་ཨོཾ་ཨཱཿཧཱུྃ༔ ཞེས་པ་རྣམས་སོ་སོར་ལན་གསུམ་རེ་བརྗོད་ལ། ཨོཾ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་ལྔར་ཁྲིའུ་ལྟ་བུར་ཕྱོགས་མ་ནོར་བར་བཀོད། ལས་བུམ་བྱང་ཤར་དུ་བཞག །གཏོར་མཆོད་སྔར་ལྟར་བཤམས་ལ། ལས་བྱང་ཆུང་བ་ལྟར་མཆོད་པ་བྱིན་བརླབ། ལྷ་བསྐྱེད་པ་དེ་ཉིད་དམ་སྒོམ་རིམ་ཆེན་མོ་ལ་ཁ་བསྒྱུར། སྤྱན་འདྲེན་སོགས་ལས་བྱང་ལྟར་བྱ་བར་གསུངས་ཀྱང་། བླ་མ་གོང་མ་རྣམས་ཀྱིས་རྣམ་པ་གསལ་ཞིང་ཟོར་ཡང་བའི་སྐབས་དོན་གཙོར་མཛད་པ་ལྟར་ན། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱིས་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཀུན་བཟང་དང་རིགས་ལྔ་ཡབ་ཡུམ་ལ། རང་རང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་བའི་ཕྱི་རོལ་དུ་ཐུབ་པ་དྲུག་གིས་བསྐོར་བ། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བའི་ལྷ་ཚོགས་རྣམས་འཇའ་འོད་ཀྱི་ཀློང་ན་ཞི་བའི་ཚུལ་དགུ་དང་ལྡན་པ། དྲེགས་པ་ཅན་དང་བྱོལ་སོང་པད་ཉིའི་གདན་ལ་དབུས་སུ་ཆེ་མཆོག་ཡབ་ཡུམ། ཧེ་རུ་ཀ་རིགས་ལྔ། དེ་རྒྱབ་ཀེའུ་རི་མ་བརྒྱད། སིཾ་ཧ་མ་བརྒྱད། རྟ་གདོང་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ་ཁྲོ་བོའི་ལྷ་ཚོགས་རྣམས་མེ་ཕུང་ཟེར་ཐིག་གི་ཀློང་ན་འབར་བའི་གར་དགུ་དང་ལྡན་པ། དཀྱིལ་འཁོར་གཉིས་པོ་སྟེང་དང་འོག་ཏུ་བརྩེགས་མར་བཞུགས་པའོ། །ལས་བུམ་གྱི་ནང་དུ་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་རྣམས་སྣང་ལ་རང་བཞིན་མེད་པར་གསལ་བ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པའི༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷནཿ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེ༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧིཿ ཧཱུྃ། ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བུམ་བཟླས་ནི་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་འཕྲོ་འདུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བོ་དྷི་ཙིཏྟ་སོགས་སྙིང་པོ་རྣམས་ཅི་རིགས་བཟླ། ལས་བུམ་ལ་ཡིག་བརྒྱ་དང་ཉེ་སྙིང་གིས་ནུས་ལྡན་དུ་བསྒྲུབས། མཐར་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད་ནས། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། རྫས་བཞི་སོགས་ཉེ་བར་བསྡོགས། དཀྱིལ་འཁོར་ཡོལ་བས་བསྒྲིབ། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ཅིང་ཐུན་མོང་ཆོས་བཤད་ཅི་རིགས་པ་བྱ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་སྐབས་འདིར་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལས་ཟབ་མོ་གཏེར་གྱི་ཕྱོགས། དེའི་རྣམ་གྲངས་དབྱེ་བསྡུ་མཐའ་ཡས་པ་ཞིག་བཞུགས་པ་ལས་ཤར་གཏེར་ཟུག་པ་རྩ་བ་ལྟ་བུའི་ཕྱོགས་སུ་གཏོགས་པ། གཏེར་སྟོན་གྲུབ་ཐོབ་ཆེན་པོ་མཆོག་གི་གླིང་པ་ལྔའི་ཡ་གྱལ་དུ་རྩོད་མེད་གྲགས་པ། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་མཐའ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ། གྲོལ་བ་བཞི་ལྡན་ཁྱད་པར་དུ་འཕགས་ཤིང་འགྲོ་དོན་ཉི་ཟླ་དང་མཉམ་པ་འདིའི་སྨིན་བྱེད་ཀྱི་དབང་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། ད་ལམ། རྒྱས་པ་འཕྲད་ཚད་རང་གྲོལ་ལམ། འབྲིང་པོ་འགྲོ་དྲུག་རང་གྲོལ། གང་ཡིན་སྨོས་ལ། གྱི་དབང་བསྐུར་བསྒྲུབ་པ་ལའང་སྔོན་འགྲོ་དངོས་གཞི་གཉིས་སུ་ཡོད་པའི་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམས་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་བསྟན་པའི༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ལན་གསུམ། ཞེས་ཞུས་པའི་ལན་དུ་གནང་བ་སྦྱིན་པ་འདི་ལ་གསན་འཚལ། འོ་ དེ་རིང་དེ་རིང་ཁྱེད་སོགས་རིག་མ་ཡང༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བརྩམ༔ ཞེས་གནང་བ་ཐོབ་པས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས། མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ་རྩེ་གཅིག་པའི་ཡིད་ཀྱིས་གསན་འཚལ། འོ་ རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་འབྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནམ༔ བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ དེ་ཕྱིར་མི་ལྡོག་པའི་བློ་ཡོད་དམ༔ ཞེས་དྲིས་པ་ལ་ལན་འདེབས་པ་འདིའི་རྗེས་ཟློས། བཀའ་བཞིན་དུ་བསྒྲུབ་བོ༔ གསུངས་བཞིན་དུ་བྱེད་དོ༔ དེང་བདག་ཅག་རྣམས་ལ་གནང་དུ་གསོལ༔ ཞེས་ཞུ། དེ་ལ་ཐོག་མར་ཆོས་ཐམས་ཅད་ཀྱི་འཇུག་སྒོ །ཐེག་པ་ཡོངས་རྫོགས་ཀྱི་གཞི་རྟེན། ལམ་སྒྲུབ་པའི་རྨངས་རྡོ་སྐྱབས་སུ་འགྲོ་བའི་བསླབ་སྡོམ་འབོགས་དགོས་པས། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ་ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་སྟོན་དཀོན་མཆོག་གསུམ༔ མུན་པ་བདག་ལ་སྐྱོབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ མ་རིག་བདག་ལ་ཐུགས་རྗེས་ཟུང༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ཀྱི་བར་ཆད་སོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་པ་ལ། སྐྱབས་འགྲོའི་བསླབ་པ་དངོས་གཞི་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཀྱཻ་ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། དེ་ལྟར་ཐུན་མོང་ཐུན་མིན་ཁྱད་པར་གྱི་གནས་གསུམ་ལ་སྐྱབས་སུ་སོང་ནས་སོ་སོའི་བསླབ་བྱ་རྣམས་སྲོག་བཞིན་དུ་བསྲུང་དགོས་སོ། །དེ་ནས་སྡོམ་གསུམ་རིམ་པར་བླང་བའི་ཐོག་མར་གཞན་གནོད་གཞི་དང་བཅས་པ་སྤངས་ཏེ་ཕྱི་སོ་སོ་ཐར་པའི་སྡོམ་པ་ལ་བརྩོན་པར་མོས་པས་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤངས་ཤིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། གཞན་ཕན་གཞི་དང་བཅས་པ་བསྒྲུབ་སྟེ་ནང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་མོས་པས་གཞན་དོན་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་པ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བྱང་ཆུབ་ཆེན་པོའི་སྤྱོད་པ་སྤྱད་པ་ལ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་སོགས་གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བླངས་ནས་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས་མཛོད། ཧོཿ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་བཙུག༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྐྱབས་ཆེན་དཀོན་མཆོག་གསུམ་རྣམས་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ རྩ་བཞི་ལ་སོགས་དམ་ཚིག་ལས༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ལན་གསུམ། དེ་ནས་དབང་ཆེན་འཕྲད་ཚད་རང་གྲོལ་ཡིན་ན་སྐབས་འདིར་ཡེ་ཤེས་དབབ་པར་གསུངས་པས། དེ་ལྟར་རྒྱུད་སྡོམ་པ་གསུམ་དང་ལྡན་པ་ལ་དབང་གི་སྣོད་རུང་ཁྱད་པར་དུ་བྱ་བའི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ་མཛོད། བདུད་རྩི་བཟང་པོ་ཨ་མྲྀཏའི་ཁ་ཚར་བཏབ་ལ་སྦྱིན། ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་གྱི་སྤོས་ཀྱིས་བདུག །བླ་མས་ཏིང་ངེ་འཛིན་དང་རོལ་མོའི་སྒྲ་བྱ་ཞིང་། ཁྱེད་རང་རྣམས་ལངས་ལ་ལག་པ་སྙིང་གར་ཐལ་མོ་སྦྱར། མིག་བཙུམ་ལ་ཡིད་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ༔ ནུ་མ་དང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོར་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ༔ གཡོན་དྲིལ་བུ་འཛིན་པ༔ སྐུ་གར་ཐབས་ཁྱུག་ཁྱུག་ཞིག་བསྒོམ༔ གཞན་ཡང་མདུན་གྱི་ནམ་མཁའ་ནས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས༔ མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་སྒོམས༔ ངོ་ཚ་གཅེས་འཛིན་ཕྲོལ༔ སེམས་གཏད་མེད་དུ་ཞོག་ལ་སྙིང་པོ་འདི་དྲག་ཏུ་ཟློས་ཤིག༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ༔ ཞེས་དང་། བོ་དྷི་ཙིཏྟ་དྲག་ཏུ་བརྗོད་ཅིང་སྤོས་རོལ་བྱ། བླ་མ་དང་དཀྱིལ་འཁོར་པ་ལས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཐིམ་པའི་དམིགས་པ་བྱས་པས་ལུས་ངག་ཡིད་ལ་ཡེ་ཤེས་པ་ཕེབ་པའི་ཉམས་གསུམ་མ་བྱུང་བར་བསྐྱར་ཞིང་དབབ་པར་གསུངས་སོ། །དེ་ནས་ཁྱེད་རང་རྣམས་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློང་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ཅེས་དར་ཅིག་བསྐྱང་དུ་གཞུག །དབང་འབྲིང་པོ་ལ་འདི་མི་དགོས་པས་སྡོམ་བཟུང་རྗེས་སོ་ཤིང་ལ་འཇུག་གོ །དེ་ནས་སོ་ཤིང་འདོར་བ་ནི། ཀ་ཊོ་ར་ལ་སོགས་པའི་སྣོད་དུ་ནས་ཀྱི་ཚོམ་བུ་དང་རིགས་ལྔའི་སྐུ་ཕྱོགས་བཞི་དབུས་ལྔར་བཀྲམ་ལ། ཚོམ་བུ་ལྷ་སྐུ་དང་བཅས་པ་སྐད་ཅིག་གིས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གསལ་བར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་ཁྱེད་རང་རྣམས་དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་དྲི་བཟང་པོའི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པན་དང་བཅས་པ་རྡོ་རྗེ་ཐལ་མོས་བཟུང་ལ། བདག་ལ་རིགས་དང་མཐུན་པའི་དངོས་གྲུབ་ཀྱི་སྐལ་པ་གང་ཡོད་བསྟན་དུ་གསོལ་སྙམ་པའི་མོས་པས་ཚིགས་བཅད་འདིའི་རྗེས་ཟློས་དང་བཅས་རིགས་ལྔའི་ཕོ་བྲང་དུ་འདོར་བར་ཞུ། ཧོཿ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས༔ བདག་གིས་རིགས་ལྔའི་དངོས་གྲུབ་ལྔ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧཱ་ས་ཧ༔ ཞེས་བརྗོད་ཅིང་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་དཀྱིལ་འཁོར་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་འཐོབ༔ ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་འཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་འཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་འཐོབ༔ བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་འཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་རེ་འཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་ཞིང་འགྱེལ་ན༔ བར་ཆད་འབྱུང་བས་བཟློག་པ་དྲག་པོ་བྱ་དགོས་པར་གསུངས་སོ༔ ཁྱོར་ཆུ་བླུད་པ་ནི། ལས་ཐམས་ཅད་པའི་ཆུ་དུང་ཞལ་དུ་བླུགས་ཏེ། བཾ་ལས་བྱུང་བའི་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར། བཾ་ལན་བདུན། ཁྱོར་ཆུ་བྱིན་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་ཁྱད་པར་ངག་གི་ཉེས་སྐྱོན་དག་ནས་དངོས་གྲུབ་ཀྱི་ལྟས་གསལ་བའི་མཐུ་ཐོབ་པར་མོས་ལ་ལན་གསུམ་འཐུང་བའི་ལྷག་མ་རྒྱབ་ཏུ་དོར་མཛོད། ཨོཾ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙརྻ་སརྦ་སཾ་ཤོ་དྷ་ནི་སརྦ་བྷི་ཀ་ལ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ལན་གསུམ་སྦྱིན། སྲུང་སྐུད་གདགས་པ་ནི། སྲུང་སྐུད་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་དང་ལྡན་པ་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། རྩ་སྔགས་ཤམ་དུ། བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་གདབ་ལ་འདོགས་པ་ནི། ཧཱུྃ་ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བགོས་པས༔ རླུང་མཁྲིས་བད་ཀན་འདུ་བ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ དྲི་ཟ་གཤིན་རྗེ་ལ་སོགས་པའི༔ གདོན་གྱི་ཚོགས་རྣམས་བསྲུང་བར་བྱ༔ མེ་དང་ལྕེབ་གྲི་ལ་སོགས་པ༔ གློ་བུར་ཡེ་འབྲོག་བསྲུང་བར་བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨིས་ལྟས་ངན་པ་སོགས༔ སྒྲུབ་ལ་བར་ཆད་ཐམས་ཅད་སྲུངས༔ སྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་མཐར། བཛྲ་རཀྵའི་གཤམ་དུ། ཕོ་གཡོན། མོ་གཡས་སུ་བཏགས་ཤིང་། རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཀུ་ཤ་གཏད་པ་ནི། ཀུ་ཤ་སྤོས་ཆུས་བསང་སྟེ། སྭ་བྷཱ་བའི་སྔགས་བརྗོད། སྟོང་པའི་ངང་ལས་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངོས་གྲུབ་ཀྱི་ལྟས་མི་འཁྲུགས་ཤིང་དག་བྱེད་མཆོག་ཏུ་དགེ་བར་བྱེད་པའི་ནུས་པ་ཅན་དུ་གྱུར། ཨོཾ་ཨཱཿཧཱུྃ་དང་། ཨོཾ་བཛྲ་ཎི་ཏྲི་དྷི་ཤ་ཀེ་དུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་ཅི་འགྲུབ་བཟླས། ཁྱེད་རང་རྣམས་དོ་ནུབ་ལེགས་ཉེས་ཀྱི་ལྟས་མི་འཁྲུགས་པའི་ཕྱིར་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུང་ཞིག །ཅེས་ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསྣོལ་མར་བྱིན་ལ། ཧཱུྃ་ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ ཨོཾ་བཛྲ་ཏིག་ན་རཀྵ་བཾ༔ ཞེས་སྦྱིན། དམོད་བོར་བ་འདིའི་རྗེས་ཟློས། ཧཱུྃ་ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཅེས་དང་། དོ་ནུབ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་གཏད་ལ། སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག་པར་གྱིས་ལ་བཟང་ན་དངོས་གྲུབ་ཀྱི་ལྟས་སུ་ཤེས་པས་སྤྲོ་བ་སྐྱེད། ངན་ན་རྨི་ལམ་བདེན་པར་མ་གྲུབ་པས་སྙིང་པོ་མེད་པར་སོམས། བཟང་ངན་གཉིས་ཀར་ཡང་རེ་དོགས་མེད་པའི་ངང་ལ་ཞོག་ཅིག །དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་རྒྱས་གདབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་འདེགས་པའི་རྒྱ་བཅས། ཨོཾ་བཛྲ་ཨུཏྟིཥྛ། སྟ་གོན་གྱི་ལྷ་རྣམས་ནམ་མཁར་འོད་ཀྱི་དྲྭ་གུར་དུ་བཞུགས་པར་གྱུར་པར་བསམས་ལ། སླར་ཡང་མཆོད་བསྟོད་བསྡུས་ཙམ་བྱེད། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། རྣམ་རྒྱལ་བུམ་པ་གཙང་སར་སྟེགས་ལ་བཞག །དགེ་བསྔོ་ཤིས་བརྗོད་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །དབང་ཆེན་ཟོང་དུ་བཙོང་ལ་མི་མཁོ་ཡང་། །དད་བརྩོན་སྣོད་བཅུད་འཛོམ་ལ་མེད་ཐབས་མེད། །དེ་ཕྱིར་ལག་ལེན་གསལ་བར་བཀོད་པའི་དགེས། །སྐྱེ་ཀུན་དཀྱིལ་འཁོར་འདིར་ཞུགས་སྨིན་གྲོལ་ཤོག །ཅེས་ཞི་ཁྲོའི་སྨིན་དབང་རྒྱས་འབྲིང་གཉིས་ཀར་སྦྱོར་བདེ་བའི་ཕྱིར་ཟུར་ཕྱུང་བཀླགས་པས་གྲུབ་པར་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་རྒྱལ་དབང་པདྨའི་རྗེས་འཇུག་དུས་ཞབས་ཀྱི་རྣལ་འབྱོར་ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་སྦྱར་བ་དགེ་ལེགས་འཕེལ།། །།

བྱང་གཏེར་སྤྱན་རས་གཟིགས་ཀྱི་བསྙེན་ཡིག་ཟླ་བའི་འོད་ཟེར་ (Volume 22, Text 22)

༄༅། །བྱང་གཏེར་སྤྱན་རས་གཟིགས་ཀྱི་བསྙེན་ཡིག་ཟླ་བའི་འོད་ཟེར་བཞུགས་སོ། ། གུ་རུ་པདྨ་ལོ་ཀེ་ཤྭ་ར་སིདྡྷི་ཡེ། རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་ནི། །གཅིག་ཏུ་བསྡུས་པའི་འཇིག་རྟེན་དབང་། །བླ་མ་སྤྱན་རས་གཟིགས་མགོན་ལ། །རབ་དད་གུས་པས་ཕྱག་བགྱི་འོ། །འདིར་བྱང་གཏེར་སྤྱན་རས་གཟིགས་ཀྱི་བསྙེན་པའི་ཚུལ་ཇི་ལྟར་བྱ་བ་ལ། གཏེར་གཞུང་ཕྲིན་ལས་ཀྱི་མདུན་བསྐྱེད་སྐབས། དེ་ལྟར་ཆོ་ག་རྣམ་དག་གིས༔ མཆོད་པ་འབུལ་ཞིང་བསྙེན་པ་བྱ༔ ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། ཐུན་བཞིའི་ཆོ་ག་དང་འབྲེལ་བའི་ལུགས་དང་། རྒྱུད་ཀྱི་དགོངས་པ་ལྟར་བསྙེན་རྐྱང་ལ། བདག་བསྐྱེད་ཁོ་ན་དང་འབྲེལ་བ་དང་། སྒྲུབ་པ་ཆེན་པོའི་དཀྱིལ་འཁོར་དང་འབྲེལ་བ་སྟེ་བསྙེན་སྒྲུབ་ཐད་སོར་ཉམས་སུ་ལེན་པའི་ལུགས་གཉིས་ལས་དང་པོ་འདི། རིག་འཛིན་ཡོལ་མོ་བ་སོགས་བཞེད་ལ། ཕྱི་མ་ལེགས་ལྡན་རྗེས་བཞེད་པས། འདིར་ཕྱི་མ་ལྟར་བཤད་ན་རྒྱུད་དང་འབྲེལ་ཞིང་འཇུག་པ་བདེ་བས་དེ་ལྟར་ཉམས་སུ་བླང་བར་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། སྔོན་འགྲོའི་ཆོས་རྣམས་སྒྲུབ་པ་སྤྱི་ཁོག་སོགས་ལས་བཤད་པ་ལྟར་གྲུབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། འོན་ཀྱང་བསྙེན་པ་ཁོ་ན་ལ་མ་བྱས་ཀྱང་ཆད་པའི་སྐྱོན་མེད་པས། གནས་ཁང་ཕྱགས་དར་བྱས་ལ་བྲིས་འབུར་གྱི་དམིགས་རྟེན་སོགས་བཤམ། བསྙེན་སྒྲུབ་ཟུང་འབྲེལ་དུ་འགྱུར་ཕྱིར། རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་དང་མཆོད་གཏོར་རྣམས་བཤམ། རང་ཉིད་ཤར་དུ་བལྟས་ལ་པགས་གདན་ཐུལ་པ་སོགས་སྤངས་ཏེ། སྡོར་དཀར་གཙང་སྦྲ་དང་ལྡན་པས་ཕྱི་མཚམས་བཅད། དངོས་གཞི་ལ་ཐོ་རངས་ཀྱི་ཐུན་ལ་ལས་བྱང་ཚར་རེ་གྲུབ་ཚེ་ལེགས་ཤིང་བསྙེན་སྒྲུབ་ཟུང་འབྲེལ་དུ་འགྱུར་བས་ལས་བྱང་གི་རྟགས་བསྟོད་ཡན་ཆད་གྲུབ་པ་དང་། སླར་བདག་བསྐྱེད་གསལ་བཏབ་སྟེ་བཟླས་པ་ལ་འཇུག །ཐུན་བསྡུ་ཁར་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། རྫོགས་རིམ་བསྒོམ། ལྷར་ལྡང་། རྒྱུན་སྤྱོད་ལ་འཇུག །བསྔོ་སྨོན་བྱ། དེ་བཞིན་དུ་ཞོགས་ཐུན། དགོང་ཐུན། སྲོད་ཐུན་བཞིར་སྐྱབས་སེམས་མདོར་བསྡུས་དང་བདག་བསྐྱེད་བླང་། ཐུན་ལ་འཇུག །མཆོད་བསྟོད་རྫོགས་རིམ་བསྔོ་སྨོན་སོགས་གོང་ལྟར་རོ། །དེ་ལྟར་ཡང་། རབ་ཀྱིས་ཟླ་གཅིག་འབུམ་ཕྲག་དྲུག༔ འབྲིང་གིས་ཞག་བདུན་འབུམ་དང་ཁྲི་ཚོ་བཞི༔ ཐ་མས་ཞག་གཅིག་ཁྲི་ཕྲག་གཅིག༔ ཅེས་གསུངས་པས། དུས་གྲངས་གཉིས་ལ་རབ་འབྲིང་ཐ་གསུམ་དུ་བཤད་ཅིང་། མཚན་མའི་རྟགས་ཀྱིས་བསྙེན་པ་རྒྱུད་དང་མན་ངག་ལྟར་ངེས་པ་རྙེད་པར་བྱའོ། །དེ་ལྟར་ཐུན་བཞིར་བཟླ་ཚུལ་ཡང་། སྔ་དྲོ་དགོང་དུས་སྲོད་དང་གསུམ༔ ཐོ་རངས་ཐུན་བཞིར་བཟླས་པ་ནི༔ སྟོང་ཕྲག་ལྔ་ལྔ་བཟླས་པར་བྱ། ཞེས་གསུངས་པས། ཐུན་བཞིར་སྟོང་ཕྲག་ལྔ་རེ་བཟླས་པས་ཉིན་ཁྲི་མཚན་ཁྲི་འགྲོས་བརྩིས་པས་ཟླ་གཅིག་ལ་འབུམ་དྲུག་འགྲོ་བར་བཤད་ཀྱང་། ཟླ་རེ་ལ་བྱེ་བ་རེ་ཙམ་འགྲོ་བ་མྱོང་བས་གྲུབ་པས་དེ་ལྟར་དངོས་གཞིའི་ཁྲིགས་མདོ་ཙམ་སྨོས་ན། བསྙེན་པའི་དམིགས་པ་ལག་ཏུ་བླང་བ་ནི། རྒྱུད་ལས། ཕྱི་ལྟར་འཕགས་པ་མཁའ་ལ་བྱོན༔ རང་གི་སྤྱི་བོར་ཐིམ་པ་ཡིས༔ ཐུགས་ཀའི་སྙིང་པོའི་འོད་ཟེར་འཕྲོས༔ བདག་ལུས་སྒྲིབ་པ་སྦྱང་བར་བསམ༔ ཞེས་དང་། བདག་དང་མདུན་བསྐྱེད་བསྟོད་པའི་སྐབས། ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྙིང་པོ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ཐིམ༔ བདེ་གཤེགས་ཐུགས་ཀྱི་བཅུད་བསྡུས་ཡི་གེར་བྱོན༔ ཞེས་སོགས་དང་། བདག་བསྐྱེད་ལས། དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔ ཞེས་སོགས་ཁྱེར་སོ་གསུམ་བཤད་པ་རྣམས་ལག་ལེན་དགོས་པས། ཐོག་མར་མངོན་བྱང་ལྔས་བདག་བསྐྱེད་བླངས་རྗེས་བདག་དམ་ཚིག་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། རི་བོ་ཏ་ལ་སོགས་ནས་ཡེ་ཤེས་སེམས་དཔའ་ནམ་མཁར་སྤྱན་དྲངས་བདག་གི་སྤྱི་བོར་ཐིམ་དམ་ཡེ་གཉིས་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་སྔགས་འཁོར་ལས་འོད་འཕྲོས། བདག་གི་སྒོ་གསུམ་གྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་སྦྱངས་པ་དང་། ཡང་འོད་ཟེར་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ། འོད་ཟེར་ཚུར་འདུས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་སྐུ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པར་བྱོན། གསུང་ཡིག་འབྲུའི་རྣམ་པར་རང་སྒྲ་དང་བཅས་ཏེ་བྱོན། ཐུགས་ཕྱག་མཚན་པད་ཕྲེང་སོགས་ཀྱི་རྣམ་པར་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཡང་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་། བཅུད་འཕགས་པའི་སྐུ །སྒྲ་ཐམས་ཅད་ཡིག་དྲུག །སེམས་སྐྱེ་འགག་གནས་གསུམ་མཐའ་བྲལ་གནས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་མཉམ་གཞག་ལས་མ་ཡེངས་པར་བྱའོ། །དེ་ལྟར་རྒྱུད་དང་འདྲེས་ངེས་པའི་ཉམས་ལེན་བར་མ་ཆད་པའི་ཚུལ་གྱིས་ཉམས་སུ་ལེན་དགོས་ཤིང་། བཟླས་པའི་སྔགས་ཀྱང་གཏེར་གཞུང་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ ནང་ནི་སྐུ་གསུང་ཐུགས་དང་ལྡན༔ བདེ་གཤེགས་ཀུན་འདུས་ཡི་གེ་བཅུ༔ གསང་བ་སྲོག་གི་མཐའ་རྟེན་ཅན༔ སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཞེས་གསུངས་པས། ཡི་གེ་དྲུག་པ། བཅུ་པ། བདུན་པ་གསུམ་ཕྱི་ནང་གསང་གསུམ་གྱི་བཟླ་ཚུལ་དུ་བཤད་ལ། དེ་ཡང་མདོ་ཟ་མ་ཏོག་དང་པདྨ་ཅོད་པན་གྱི་རྒྱུད་གཉིས་ལས་ཡི་གེ་དྲུག་པ་ཁོ་ན་བཤད་ཀྱང་སྔ་འགྱུར་གྱི་ལུགས་ཕལ་ཆེར་དུ་ཡི་གེ་བདུན་མ་བཤད་པ་མང་ཞིང་། ཁྱད་པར་རང་ལུགས་ལས་རྣམ་དབྱེ་དེ་ལྟར་བཤད་མོད་ཀྱང་། སྙིགས་མའི་དུས་སུ་སྲོག་མཐར་རྟེན༔ ཅེས་བཤད་པ་ལྟར། བསྙེན་པ་ལ་ཡིག་བདུན་ཁོ་ན་མཛད་པ་སྣང་ལ། བདག་བསྐྱེད་སྐབས། ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་གནས༔ ཞེས་གསུངས་པ་དང་མཐུན་པར་གོ །དེ་ལྟར་བཟླ་ཚུལ་ཡང་། གསང་སྔགས་ལམ་རིམ་ལས། སྔགས་ནི་སྒྲ་ཆེ་བ་མ་ཡིན། ཆུང་བ་མ་ཡིན། མྱུར་བ་མ་ཡིན། བུལ་བ་མ་ཡིན། ནོར་བ་ཞ་བ་ཆད་པ་མ་ཡིན་ཏེ། ཞེས་དང་། སྔགས་ཀྱི་འོད་ཟེར་རམ། འཕྲོ་འདུ་འམ། ཕྲེང་བ་ལ་རིག་པ་གཏད་དེ་བཟླ། ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཚུལ་གྱིས་དུས་གྲངས་རྟགས་གསུམ་གྱི་བསྙེན་པ་མཐར་ཕྱིན་པར་བྱས་རྗེས། གསུམ་པ་རྗེས་ཀྱི་ཆོ་ག་ལ། སྒྲུབ་པ་ཆེན་པོ་གཞུང་ལྟར་བྱེད་པར་སྤྲོ་ན། དབང་ཆོག་སོགས་ལས་ཤེས་ཤིང་། གཞན་དུ་བསྙེན་སྒྲུབ་ཟུང་འབྲེལ་གྱི་གོ་ཡང་འདིས་ཆོད་པས་ཁ་སྐོང་དུ་བཅུ་ཆའི་སྦྱིན་སྲེག་སོགས་མན་ངག་ལྟར་བྱའོ། །ནངས་རེ་བཞིན་ཆོ་ག་ཚར་རེ་བགྱིས་པའི་ཐོར་ཐུན་ཐ་མའི་ཚེ། པཎ་ཆེན་པདྨ་དབང་རྒྱལ་གྱི་གསུང་དབང་ཆོག་མ་ནོར་ལམ་སྟོན་བཞིན་བདག་འཇུག་བླང་བ་དང་དཀྱིལ་འཁོར་བསྡུ་ཆོོག་བསྔོ་སྨོན་བགྱིས་ཏེ་མཚམས་བཀྲོལ་ལོ། །དེ་ལྟར་ཕྱག་ན་པདྨའི་བསྙེན་པའི་ཐབས། །ཚིག་ཉུང་དོན་ཚང་རྒྱུད་དོན་ཇི་བཞིན་ལ། །བླ་མའི་མན་ངག་བརྒྱན་ནས་ལེགས་བཤད་པའི། །དགེ་འདིས་འགྲོ་ཀུན་འཕགས་པ་ཉིད་འགྲུབ་ཤོག །ཚུལ་འདི་རང་སློབ་དགེ་སློང་རྡོ་རྗེ་འཛིན། །ལ་སྟོད་དོན་གྲུབ་གླིང་གི་གདན་ས་པ། །བསྟན་འཛིན་ཆོས་འཕེལ་བསྐུལ་བའི་བཞེད་པ་ལྟར། །ཤཱཀྱའི་དགེ་སློང་པད་ཕྲིན་མ་ཎི་པས། །གངས་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེ། །རྡོ་རྗེ་འཛིན་པའི་འདུས་སྡེ་རྒྱ་མཚོའི་དབུས། །ལེགས་པར་སྦྱར་བས་སྔ་འགྱུར་ཆོས་ཚུལ་གྱི། །རིང་ལུགས་ཕྱོགས་བརྒྱར་འཕེལ་བའི་དགེ་ལེགས་ཤོག། །།

རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ་ (Volume 52, Text 22)

༄༅། །རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ་བཞུགས་སོ། ། ཨོཾ་སྭསྟི། བསོད་ནམས་ཡེ་ཤེས་ཆུ་གཏེར་ལས་བལྟམས་ཤིང་། །རྣམ་དག་སྐུ་བཞིའི་བདག་ཉིད་བང་རིམ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་ལྷམ་མེ་བ། །མཚུངས་མེད་བླ་མ་དམ་པའི་ཞབས་ལ་འདུད། །འདིར་ཇི་སྐད་དུ་ཧེ་རུ་ཀ་གལྤོ་ལས། ཐང་སྐུའི་རྒྱབ་ཏུ་སྐུ་གསུམ་གྱི། །བྱིན་རླབས་སྔགས་ཀྱང་བྲི་བར་བྱ། །ཞེས་དང་། དཔུང་བཟང་ལས་ཀྱང་། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་བྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་པས། རྟེན་ལ་ནང་གཟུངས་རིང་བསྲེལ་གཞུག་དགོས་པར་གསུངས་ཤིང་། རིང་བསྲེལ་ནི་བཞི་སྟེ། ཆོས་སྐུའི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྣམས་ཇི་ལྟར་གཞུག་པའི་ལག་ལེན་གནད་མདོར་བསྡུས་ནས་བརྗོད་པ་ནི་འདི་ལྟ་སྟེ། དེ་ལ་ཐོག་མར་ཆོས་སྐུའི་རིང་བསྲེལ་གཟུངས་སྔགས་རྣམས་བྲི་གཞི་དར་རམ་ཤོག་བུ་གཙང་མ་ལ་གསེར་དངུལ་ལམ་། མཚལ་དང་། སྣག་ཚ་ལྟ་བུས་གཟུངས་སྔགས་རྣམས་ཕྲེང་རེ་ལ་རྫོགས་པར་བྲིས་ལ་དྲི་བཟང་པོ་སྦྱར་བའི་ཆུས་བྱུགས་ཤིང་ཞལ་ནང་བསྟན་དུ་དབུ་ནས་མར་དྲིལ་ལ་དར་རས་ཀྱི་སྲད་བུས་བསྡམ། གཟུངས་སོ་སོའི་ཁ་བྱང་དང་མགོ་མཇུག་མི་ནོར་བའི་མཚན་མ་བཏབ། གཞན་ཡང་སངས་རྒྱས་བྱང་སེམས་ཀྱི་གདུང་རུས་སོགས་སྐུ་གདུང་གི་རིང་བསྲེལ་དང་། དབུ་ལོ་སེན་མོ་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རཱི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་རྣམས་ཀྱང་གོས་དར་ལ་སོགས་པས་སོ་སོར་སྒྲིལ། རིན་པོ་ཆེ་དང་། དར་སྣ་དང་། རས་སྣ་དང་། དུག་རིགས་མིན་པའི་སྨན་སྣ་དང་། ལ་ཕུག་ཤ་ཆང་སྒོག་ཙོང་སོགས་མིན་པའི་ཟས་སྣ། བྲ་ཡུངས་སོགས་མིན་པའི་འབྲུ་སྣ། ཤིང་ཐོག་གི་རིགས་སོགས་འབྱོར་ན་དར་རས་སེར་པོས་མ་འདྲེས་པར་ཐུམ་བུར་བྱ་ཞིང་། དྲི་བཟང་གི་ཕུར་མའི་ཐུམ་བུ་ཆུང་ངུའང་མང་དུ་བཅོས། གནོད་སྦྱིན་འཁོར་ལོ་ཡང་རབ་གནས་བྱས་པ་མར་དང་ཀ་ར་སྦྲང་རྩིའི་ཆུས་མཐའ་རྣམས་སུ་ཅུང་ཟད་བྱུགས་པས་ཁ་སྦྱར་ནས་སྲད་བུ་སེར་པོས་བཅིངས་ཏེ་བཞག །སྲོག་ཤིང་ནི་ཙན་དན་ནམ། ཤུག་པ། སྟར་ཁ་སོགས་རྒྱུ་བཟང་པོ་ལ་རྩ་རྩེ་མ་ལོག་ཅིང་ཅུང་ཟད་གྲུ་བཞི་པ། རིང་ཐུང་སྐུ་ཚད་དང་མཉམ་པར་བྱས་པའི་མདུན་ངོས་ཀྱི་གཙུག་གཏོར་གྱི་ཐད་དུ་ཧཾ། དཔྲལ་བའི་ཐད་དུ་ཨོཾ། མགྲིན་པའི་ཐད་དུ་ཨཱཿ ཐུགས་ཀའི་ཐད་དུ་ཧཱུྃ། ལྟེ་བའི་ཐད་དུ་སྭཱ། གསང་བའི་ཐད་དུ་ཧཱ་རྣམས་བྲིས་པའི་ཨོཾ་གྱི་འོག་ཏུ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཨཱཿཡི་འོག་ཏུ་དབྱངས་གསལ། ཧཱུྃ་གི་འོག་ཏུ་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་དང་། ལྷ་རྣམས་གང་ཡིན་དེའི་སྙིང་པོ། སྭཱའི་འོག་གི་ཕྱོགས་སོ་སོར་གཙུག་གཏོར་དྲི་མེད། རྣམ་རྒྱལ། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་གཟུངས་ཐུང་དང་། དེ་དང་གཤམ་འབྲེལ་བར་ཕྱོགས་སོ་སོར་རམ་མདུན་དུ་རྟེན་འབྲེལ་སྙིང་པོ། ཧཱའི་འོག་ཏུ་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་བྲི་ཞིང་དྲི་བཟང་པོས་བྱུག །སྤྲོ་ན་རྩེར་མཆོད་རྟེན་དང་། རྩ་བར་རྡོ་རྗེ་ཕྱེད་པ་འབྲི་བའང་ཕྱག་ལེན་ལ་སྣང་། དེ་ལྟར་སྟ་གོན་རྣམས་གྲུབ་པ་དང་། གཟུངས་རྣམས་ལ་སྦྱོང་བ་དང་། ཁྲུས་གསོལ་སྔོན་དུ་འགྲོ་བས་རྟེན་འབྲེལ་སྙིང་པོ་ཅི་འགྲུབ་དང་། ཕུན་སུམ་ཚོགས་པ་སོགས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། རྟེན་གྱི་ནང་རྣམས་ཀྱང་བཀྲུ་གཤལ་ཕྱི་བརྡར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུགས་ཤིང་གུ་གུལ་གྱིས་བདུག་པར་བྱའོ།། ༈ །།དེ་ནས་གཟུངས་ཇི་ལྟར་འབུལ་བའི་ཚུལ་ནི། འབུལ་མི་རྣམས་ཤ་ཆང་སྒོག་ཙོང་སོགས་ཟས་མི་རུང་བ་སྤངས་ཤིང་ཁྲུས་དང་གཙང་སྦྲ་ལ་གནས་པ་དང་། ལྷའི་ང་རྒྱལ་དང་ལྡན་པས་གཞན་དང་སྨྲ་བ་བཅད། བདག་སྐྱེད་སྒོམ་ཞིང་གཟུངས་སྒྲུབ་བསྡུས་པ་རེ་བྱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད་ནས་སྲོག་ཤིང་འབུལ། གྲུབ་ན་སྲོག་ཤིང་བརྟན་པའི་ཙཀྲའང་གཞུག །ཨོཾ་མནྟྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་དང་། རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་གསོ་སྦྱོང་གི་ཚིགས་གཅད་དང་། བཀྲ་ཤིས་ཀྱི་ཚིགས་གཅད། རིག་པ་ཕུག་རོན་གྱི་གཟུངས། ན་མཿས་མཱནྟ་བུདྡྷཱ་ནཱཾ། ཨ་ཙིནྟྱ་ཏ་བྷཱུ་ཏ་རུ་པི་ནི། ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་པ་རྣམས་བཟླ་བཞིན་སྨོན་ལམ་དང་བཀྲ་ཤིས་སོགས་བརྗོད་བཞིན་ལས་བྱེད། སྲོག་ཤིང་གི་རྩེ་མོ་གཙུག་ཏོར་དང་དབུའི་ཐད་དུ་སངས་རྒྱས་བྱང་སེམས་སོགས་གང་ཟག་མཆོག་རྣམས་ཀྱི་རིང་བསྲེལ་དང་། དབུ་ལོ་རྣམས་བསྡམས་པའི་མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ལོ་པཎ་གྲུབ་ཐོབ་རྣམས་ཀྱི་མཚན་སྔགས་དང་། གཙུག་ཏོར་རྣམ་རྒྱལ་དང་། གཙུག་ཏོར་དྲི་མེད་རྣམས་ཀྱི་གཟུངས་དང་། བླ་མ་རྣམས་ཀྱི་སྐུ་གཟུགས་བྲིས་འབུར་རྣམས་འབུལ། དེ་ནས་མགྲིན་པའི་ཐད་དུ་དབྱངས་གསལ་མང་པོ་དང་བྱིན་རྟེན་དམངས་འབུལ། དེ་ནས་ཐུགས་ཀའི་ཐད་དུ་སྲོག་ཤིང་བརྟན་པ་དང་། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་བླ་མེད་ཀྱི་གཟུངས་རྣམས་དང་དེ་དག་གི་སྐུ་བརྙན་བྲིས་འབུར། དེའི་འོག་ཏུ་ཡོ་གའི་གཟུངས་དང་བྲིས་འབུར། དེའི་འོག་ཏུ་སྤྱོད་རྒྱུད་ཀྱི་གཟུངས་དང་བྲིས་འབུར། དེའི་འོག་ཏུ་བྱ་རྒྱུད་ཀྱི་གཟུངས་དང་བྲིས་འབུར། དེའི་འོག་ཏུ་མདོའི་གཟུངས་དང་བྲིས་འབུར། དེ་ཡང་གཟུངས་སྒྲིལ་རྣམས་དང་སྐུ་རྣམས་དབུ་ཞབས་མ་ལོག་པར་བསྡམས་ཤིང་། གཟུངས་སྒྲིལ་ཞེང་ཆེན་པོའི་རིགས་རྟེན་ཆུང་ངུ་ལ་མ་ཤོང་ན་གཟུངས་ཀྱི་དབུ་གཡས་ཕྱོགས་སུ་བསྟན་ནས་ཕྲེད་ལ་བསྡམས་ཀྱང་འགལ་བ་མེད་གསུངས། རྟེན་ཆེན་པོའི་རིགས་ལ་མ་ཁེངས་ན་མདོ་རྒྱུད་ཀྱི་གླེགས་བམ་ཡང་སྟོད་སྨད་བར་གསུམ་གྱི་ཆ་རྣམས་སུ་སྔར་གྱི་གོ་རིམ་ལྟར་སོ་སོར་བཞུགས་སུ་གསོལ། དེ་རྣམས་ཀྱི་བར་ཐམས་ཅད་དྲི་བཟང་ཕུར་མའི་ཐུམ་བུ་སོགས་ཀྱིས་ཚགས་དམ་པར་གཅེར་ཞིང་། གཟུངས་སྡེ་ཚན་སོ་སོའི་མཚམས་སུ་དར་སེར་པོས་གཅད། དེ་ཡན་ཆད་སྐུ་ངོ་བོའི་ཆ་ལ་རྫོགས་པར་གཞུག །དེ་ནས་པད་གདན་གྱི་དབུས་སུ་ཤིས་བརྗོད། དེའི་མཐར་ཆོས་སྐྱོང་གཙོ་འཁོར་དང་ནོར་ལྷ་ལ་སོགས་པའི་གཟུངས་སྔགས་རྣམས་དང་། འབྱོར་ན་སོ་སོའི་སྲོག་འཁོར་བླ་རྡོ་དང་། ཁྱད་པར་དུའང་གནོད་སྦྱིན་འཁོར་ལོ་ན་བཟའ་སེར་པོས་དྲིལ་ལ་མོ་འཁོར་སྟེང་དང་ཕོ་འཁོར་འོག་ཏུ་བྱས་པའི་གཙོ་བོའི་དབུ་མདུན་ཕྱོགས་སུ་ཡོང་བར་བྱས་ལ། རིན་པོ་ཆེ་འབྲུ་སྨན་དར་ཟབ་སོགས་དཀོར་ཆ་ཇི་སྙེད་པ་དང་བཅས་ཏེ་གཞུག །གཞན་ཡང་གཟུངས་འཁྲུགས་པ་སོགས་ཀྱི་ཉེས་པ་སེལ་ཕྱིར་རིགས་པ་ཕུག་རོན་གྱི་གཟུངས་དང་རྟེན་འབྲེལ་སྙིང་པོ་གཉིས་ནི་སྟོད་སྨད་ཀྱི་ཆ་ཐམས་ཅད་དུ་གཞུག་ཏུ་རུང་གསུང་། བྱ་རྒྱུད་བུམ་རྫས་ཁྲོལ་བུ་ཕྱེ་མ་རིལ་བུ་གང་འོས་སྟོད་སྨད་ཐམས་ཅད་དུ་གཞུག་ཅིང་། གནས་ཆེན་གྱི་ཤིང་སྣ་སྟོད། ས་སྣ་ཆུ་རྒྱུན་སོགས་སྨད་དུ་གཞུག །དེ་ནས་མཚམས་དར་བཏང་སྟེ། ཨོཾ་དྷཱ་ཏུ་གརྦྷཱེ་སྭཱ་ཧཱ། ཞེས་ཞབས་སྡོམ་བསྒྲིགས་པའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་བྲི་བར་བྱ། དེ་ལྟར་གཟུངས་འབུལ་གྲུབ་པ་དང་། གུ་གུལ་གྱིས་བདུག་ལ་རབ་གནས་མ་གྲུབ་བར་དར་དམར་སེར་གང་རིགས་ཀྱི་ཞལ་ཁེབས་གཡོགས་ཤིང་འཁྲིས་སུ་བཟོ་བོའི་ལག་ཆ་ཅི་རིགས་པའང་འཇོག་སྟེ་གེགས་མི་འཇུག་པའི་དགོས་པ་ཡོད་དོ།། ༈ །།ཡང་མཆོད་རྟེན་ལ་ནི། སྔར་གྱི་སྐུའི་གཙུག་ཏོར་དང་དབུ་གཟུངས་རྣམས་ཆོས་འཁོར་དང་བྲེའི་ནང་དུ་འབུལ། བུམ་པ་མན་ཆད་ནས་རྨང་དགེ་ཡན་ཆད་ཀྱི་བར་བླ་མེད་དང་། ཡོ་ག །སྤྱོད་རྒྱུད། བྱ་རྒྱུད། མདོ་གཟུངས་རྣམས་སྔར་ལྟར་རིམ་པར་ཕུལ། པད་གཟུངས་རྣམས་ཁྲིར་གཞུག་གོ །མཆོད་རྟེན་ཆེན་པོ་བཞེངས་པའི་ཚེ་ལག་ལེན་རྒྱས་པར་སྤྲོ་ན། བང་རིམ་མན་ཆད་དུ་སྨད་ཀྱི་གཟུངས་སྐབས་ཐོབ་ཇི་ལྟར་རིགས་པ་ཕུལ། བང་རིམ་རྫོགས་ནས་བུམ་སྟན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞུགས་སུ་གསོལ། དེ་ལ་དར་རམ་རས་གཙང་མའི་ཞལ་ཁེབས་བཀབ་ལ། སྲོག་ཤིང་གི་ལྕིད་ཐེག་པའི་རྡོ་ལེབ་ལྟ་བུས་བཀབ། དེའི་ཁར་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་གས་སྲོག་ཤིང་འཛུགས། སྲོག་ཤིང་ནི་སྔར་ལྟར་འདུ་བྱས་ལ། བྱ་སྤྱོད་ཀྱི་གཟུངས་དཀྲི་སའི་ཐད་ཀའི་ཕྱོགས་བཞིར་གཟུངས་ཁུང་བྲུས་ལ། སྲོག་ཤིང་གི་སྔགས་དང་སྒྲིབ་སེལ་གྱི་གཟུངས་གཉིས་རེ་རེའང་དགུ་ཅུ་རྩ་དགུ་རེ་བྲིས་ལ་གཞུག །རྩེ་མོར་འོད་ཟེར་དྲི་མེད་དང་རྣམ་རྒྱལ་གྱི་གཟུངས། རྩ་བར་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་རྟེན་འབྲེལ་སྙིང་པོ་གཞུག་པ་རྣམས་བྱ་བ་ཁྱད་པར་ཏེ། ཡང་མཆོད་རྟེན་ཆུང་བས་བུམ་པར་དཀྱིལ་འཁོར་མི་ཤོང་བའི་རིགས་ལ། དེའི་ཉེ་ལོགས་སུ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་ག་མཛད་དེ། དེ་དག་གི་ཚུལ་ནི་ཁོ་བོས་སྔར་བྱས་པའི་ཡི་གེ་བཀླགས་པས་གྲུབ་པ་ལས་ཤེས་པར་བྱའོ།། ༈ །།ཡང་བྲིས་སྐུ་ལྟ་བུ་ལ་རྒྱབ་ཏུ་སྐུ་གཟུགས་ཀྱི་གནས་གསུམ་སོགས་སོ་སོའི་ཐད་དུ་འབྲུ་གསུམ་དང་སྐྱེ་མཆེད་བྱིན་རླབས། ལྷ་དེ་དང་དེའི་མཚན་སྔགས་དང་གཟུངས་སྔགས། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། རྟེན་འབྲེལ་སྙིང་པོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཐུབ་པའི་གསོ་སྦྱོང་དང་ཤིས་བརྗོད་སོགས་ཇི་ལྟར་རིགས་པ་བྲི། བསྡུ་ན་སྤྱིར་ཨོཾ་གྱི་ཤམ་དུ་གལྤོ་ལས་གསུངས་པའི་ཆོས་སྐུར་བྱིན་གྱིས་རློབ་པའི་སྔགས།་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། མགྲིན་པར་ཨཱཿཡི་འོག་ཏུ་ལོངས་སྐུར་བྱིན་རློབ་སྔགས།་་་ཨོཾ་བཛྲ་ཀུ་ཤ་མྲི་ཏི་ཨུ་ཏ་ས་སཾམྱཀ་ཨ་རི་ཏི་ཨི་ཏྲ་པ་ཡཱ་བོ་ད་ཨང་ག་ར་ཏྱ་ཨ་ཏྱ་བ་ཏི་ཨུརྣ་མ་རུ་ཕྱེ་ཏི་ཀུ་རུ་སྭཱ་ཧཱ། ཐུགས་ཀར་ཧཱུྃ་གི་འོག་ཏུ་སྤྲུལ་སྐུར་བྱིན་གྱིས་རློབ་པའི་སྔགས།་་་ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ་གུ་ཎ་གརྦྷ་བུ་མི་ཏྲ་ཤ་ཀྲ་ནི་ཀ་རུ་སྭཱ་བྷཱ་བ་ཛྙཱ་ན་ཝཱ་ག་ས་མནྟ་ཨ་མོ་གྷ་ཡ་སྭཱ་ཧཱ།ཙམ་བྲིས་པས་ཀྱང་ཆོག་གོ། ༈ །།གསུང་རྟེན་གླེགས་བམ་ལ་ནི། དེ་ཉིད་ཀྱི་ཐ་མར་བྲི་བ་ནི་ཕྱག་ལེན་ནོ།། ༈ །།ཡང་རང་གི་དམ་ཚིག་སྐུ་རྟེན་ལྟ་བུ་ཡི་དམ་གྱི་ལྷའི་སྐུ་བརྙན་ལ། རྒྱུད་སྡེ་གང་ཡིན་དང་མཐུན་པའི་སྐྱེ་མཆེད་བྱིན་རླབས། དབུར་རང་གི་དབང་བཤད་མན་ངག་གི་བཀའི་བརྒྱུད་པའི་བླ་མའི་མཚན་སྔགས་དང་བྱིན་རྟེན། ཐུགས་ཀར་ཡི་དམ་རང་གི་བསྙེན་སྒྲུབ་ཀྱི་སྔགས་སོགས་གཙོ་བོར་བྱས་ཏེ་འབུལ་ལོ།། ༈ །།ཡང་ཆོས་སྐྱོང་གི་རིགས་ལ་དབུར་རང་དང་འབྲེལ་བའི་བླ་བརྒྱུད་མཚན་སྔགས་དང་། གཉེན་པོའི་ལྷ་གང་ཡིན་གྱི་ཡི་དམ་གྱི་གཟུངས་སོགས། ཐུགས་ཀར་རང་གི་སྔགས་དང་སྲོག་འཁོར་བླ་རྡོ་སོགས་སོ་སོའི་མན་ངག་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་གནད་མ་འཆུགས་པར་དབུལ་བར་བྱའོ།། ༈ །།ཡང་སྐྱེ་བོ་ཐ་མལ་པའི་རུས་པ་གཟུངས་སུ་འཇུག་ན་ནི། རུས་ཆོག་ཚུལ་བཞིན་བྱས་ལ་སཱཙྪ་ཆོ་ག་བཞིན་དུ་བཏབ་ཅིང་རབ་གནས་བྱས་ཏེ་གཟུངས་སུ་འབུལ་བ་ཕྱག་ལེན་ཏེ། ཆོས་སྐུའི་རྟེན་མང་པོ་བཏབ་པས་ཚོགས་རྒྱ་ཆེན་པོར་འགྱུར་བ་སོགས་ཀྱི་ཕན་ཡོན་མཐའ་ཡས་སོ། །དེ་ལ་འདིར་བླ་མ་ཕལ་ཆེར་སཱཙྪ་མ་བཏབ་པའི་རུས་པ་བཅུག་ན་དུར་ཁྲོད་ལྟ་བུར་འགྱུར་བར་ཇོ་བོའི་གསུང་རྒྱུན་གྱི་ཡི་གེར་གྲགས་པ་ལས་བཤད་ཅིང་། མཆོད་འོས་སུ་མི་འགྱུར་བར་མ་ཟད་གང་ཟག་དེ་ཉིད་ལའང་གནོད་པས་སྤང་བར་བྱའོ། །ཞེས་གསུངས་མོད། ཞིབ་པ་དེ་རིགས་ལ་ནི་ད་དུང་དོགས་པ་འདི་སྐྱེ་སྟེ། བྱིན་གྱིས་མ་བརླབ་པའི་རུས་པ་བཅུག་ན་དེ་ལྟར་འབྱུང་བ་སྲིད་ཅིང་། དེ་ལ་ནི་སཱཙྪ་ཡང་གདབ་ཏུ་མི་རུང་བར་མཚུངས་ལ། གཞན་དུ་ན་ཆོ་ག་བཞིན་དུ་བརླབས་པའི་རུས་པར་སཱཙྪ་བཏབ་ཆོག་ན། དེ་རྟེན་གཞན་གྱི་གཟུངས་སུའང་ཅིའི་ཕྱིར་གཞུག་ཏུ་མི་རུང་སྟེ། དེ་གཉིས་གནད་གཅིག་པའི་ཕྱིར་སྙམ་མོ། །དེ་ཡང་སྦྱོང་རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་བྱིན་གྱིས་བརླབས་ནས་མཆོད་རྟེན་དུ་གཞུག་པར་བཤད་ཅིང་། དེ་ཉིད་མདོར་སོ་སྐྱེའི་མཆོད་རྟེན་ལས་དེ་བཞིན་གཤེགས་པའི་མཆོད་རྟེན་དུ་མི་འགྱུར་བ་ལྟ་བུ་གསུངས་པ་མང་ཡང་། འདིར་སྦྱོང་རྒྱུད་ལྟར་རྟེན་གྱི་གང་ཟག་དེ་ལ་དབང་བསྐུར་ཞིང་ལྷའི་རང་བཞིན་དུ་གནས་སྤར་ནས་རུས་པའང་དཀྱིལ་འཁོར་གྱི་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབས་ནས་བཅུག་པས་ན། དོན་ལ་གཟུངས་སྔགས་ཀྱི་རིང་བསྲེལ་དང་ཡི་དམ་གྱི་ལྷ་བཅུག་པར་སོང་བས། སྔགས་རང་ལུགས་ཀྱི་མཆོད་རྟེན་དུ་འགྱུར་རམ་སྙམ་སྟེ། དཔེར་ན་རྟེན་གྱི་རྒྱུ་ས་ལ་སོགས་པ་མཆོད་པའི་འོས་སུ་གྱུར་པ་མ་ཡིན་ནའང་། དེ་ལས་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཏེ་བྱིན་གྱིས་བརླབས་ན་མཆོད་འོས་སུ་འགྱུར་བ་བཞིན་ནོ། །དེ་ལྟ་ནའང་བྱིན་གྱིས་རློབས་པའི་གང་ཟག་ཚད་ལྡན་མེད་པར་ཆོ་གའི་གཟུགས་བརྙན་ཙམ་ལ་བརྟེན་པ་དང་། ཞེན་ཕྱོགས་ཀྱིས་གང་ཟག་ཕལ་པའི་རུས་པ་གཟུངས་སུ་གཞུག་པ་ལ་ནི་སྙིང་པོ་མེད་དོ། །དེ་ལྟར་གཟུངས་འབུལ་གྱི་གནད་མདོར་བསྡུས་པ་འདི་ཡང་དྷརྨ་ཤྲཱིས་གསར་བུའི་དོན་དུ་གོ་བདེར་སྦྱར་པའི་ཡེ་གེ་པ་ནི་ཨཱ་ནནྟ་མ་ཏིའོ། །དགེ་ལེགས་འཕེལ་བར་གྱུར་ཅིག། །།

སྲོག་སྒྲུབ་སྙིང་གི་ཐིག་ལེ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ (Volume 35, Text 22)

༄ཿ སྲོག་སྒྲུབ་སྙིང་གི་ཐིག་ལེ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །ཨེ་ཝཾ་ཧོཿ ྈ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཚེ་ཟབ་མོ་རླུང་དུ་སྒྲུབ་པའི་འབར་འཛག་ཟབ་ཁྱད་ཀྱི་གཏུམ་མོ་གསང་བའི་རྫོགས་རིམ་བསྐྱེད་རྫོགས་ཐམས་ཅད་ཀྱི་ཡང་སྙིང་ཟབ་པ་ལས་ཀྱང་ཆེས་ཆེར་ཟབ་པའི་རིམ་པ་ཡང་དག་པ་སྐལ་པ་དང་ལྡན་པ་རྣམས་ལ་བསྟན་པ་ནི། ཕྱི་ལྟར་བསྐྱེད་རིམ་ལྷའི་རྣམ་པར་གསལ་བ། ནང་ལྟར་གཏུམ་མོ་ཙཎྜ་ལཱི་སྒོམ་པ། གསང་བ་རྫོགས་རིམ་འོད་གསལ་གྱི་ཐིག་ལེ་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པ་དང་གསུམ་ལས། དང་པོ་བསྐྱེད་པའི་རིམ་པ་ནི། རྣམ་སྣང་ཆོས་བདུན་གྱི་ངང་ནས། རྟོག་མེད་དུ་དར་གཅིག་བཞག་སྟེ། ཉོན་མོངས་རྣམ་རྟོག་གི་དྲི་མས་མ་གོས་པའི་རང་བབས་ཀྱི་ཤེས་པ་རྗེན་པ། ལྷིང་པ་མ་བཅོས་པར་བཞག །རླུང་རོ་ལན་དགུ་འབུད། སྐད་ཅིག་དྲན་རྫོགས་སུ་འབྱུང་བ་ལྔའི་དྭངས་མ་ལས་གྲུབ་པའི་ཡེ་ཤེས་ལྷ་ཡི་གཞལ་ཡས་འཆི་མེད་ཚེའི་སྒྲུབ་གཞུང་ལས་བྱུང་བ་ལྟར་བསྐྱེད་པའི། ཕྱི་འཁོར་སྡིག་པ་དམར་ནག་གི་ཁ་ནས་མེ་ལྕེ་དམར་ནག་ཏུ་འཁྲུགས་པའི་མཐའ་མ་ལྕགས་ཀྱི་ཕོ་བྲང་། དེའི་མཐའ་སྐོར་དུ་ལྕགས་འཁོར་ནག་པོ་རྩིབས་སྟོང་དུ་འཁོར་ཞིང་། སྡིག་པའི་མེ་དཔུང་གི་ལྕགས་ཁང་དང་ལྕགས་འཁོར་ཚ་བའི་ངར་དང་ལྡན་པས། མེ་སྟག་དང་མཚོན་ཆ་མང་པོ་བུ་ཡུག་ལྟར་འུར་འུར་ཆེམ་ཆེམ་དུ་འཕྲོ་བ། གནམ་ལྕགས་ལས་གྲུབ་པའི་ཁྲོ་བཅུས་རང་རང་གི་གདོན་ཚོགས་ལས་ཀྱི་ཕྱག་མཚན་དང་ལྡན་པས་ཐལ་བའི་རྡུལ་དུ་རློག་ཅིང་ཚེའི་བར་ཆད་འབྱུང་པོ་གང་གིས་གླགས་མི་རྙེད་པར་བསྒོམ་ཞིང་། དེ་ཉིད་ཀྱི་ནང་ཡེ་ཤེས་ལྔ་ལྡན་གྱི་འཇའ་ཟེར་རབ་ཏུ་འཁྱིལ་བའི་ཀློང་དུ་ངོ་བོ་ཚེ་དཔག་མེད་ཡིན་པ་ལ། སྣང་ཆ་སྒྱུ་མའི་རོལ་པ་ཙམ་དུ། སྤྲུལ་པའི་དུར་ཁྲོད་ཆེན་པོ་བརྒྱད། དེ་ལ་གནས་པའི་དཔའ་བོ་མཁའ་འགྲོ་རྣལ་འབྱོར་གྲུབ་ཐོབ་ཞིང་སྐྱོང་ལ་སོགས་པ་དང་། དེའི་ནང་འཁོར་དུ་པདྨ་འདབ་མ་སྟོང་དང་ལྡན་པ་ལ། མཆོད་པའི་ལྷ་མོ་དང་། ཚེ་འགུགས་པར་བྱེད་པའི་རྡོ་རྗེའི་ཕོ་ཉ་མོ་རིགས་ལྔའི་ཕྱོགས་མདོག་དང་མཐུན་པས། ཚེ་བུམ་མདའ་དར་འཛིན་པ་དཔག་ཏུ་མེད་པ་བཞུགས་ཤིང་། འདོད་པའི་སྣམ་བུ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་མཆོད་པའི་སྤྲིན་ཕུང་དུ་མ་འབུལ་ཞིང་ཚེ་རྒྱས་པར་བྱེད་པ། དེའི་ནང་དུ་ཕོ་བྲང་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་གི་བཀོད་སྤྲིན་ཕུན་སུམ་ཚོགས་པ། དབུས་ཕྱུར་བུར་པདྨ་རཱ་གའི་འཁོར་ལོ་འབར་བའི་གཙུག་ཏུ་རྒྱུ་དེ་ཉིད་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་སྟོང་གསུམ་ཀུན་ཏུ་འཕྲོ་བ། དེ་ཉིད་མཛེས་པར་བྱེད་པའི་རྒྱན་ཆ་སྲིད་པ་གསུམ་ན་ཕུལ་དུ་གྱུར་པའི་ནོར་བུའི་རིགས་དང་། མཆོད་པའི་བྱེ་བྲག་ཕུན་སུམ་ཚོགས་པས་ཀུན་ནས་གཟི་བརྗིད་དུ་འབར་བ། དེའི་ནང་པདྨ་འདབ་མ་སྟོང་དང་རྩ་གཉིས་ལ་བསྐལ་བཟང་གི་སངས་རྒྱས་སྟོང་དང་རྩ་གཉིས། དེའི་ནང་པདྨ་འདབ་མ་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། དེའི་ནང་པདྨ་འདབ་མ་བཞི་ལ། མགོན་པོ་ཚེ་དཔག་མེད་རིགས་བཞི། དེའི་དབུས་སུ་པདྨ་ཉི་ཟླའི་གདན་ལ། ཚེ་དཔག་མེད་ཡབ་ཡུམ། སྒོ་བཞི་ལ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་བ། ཡུམ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་དང་སྦྱོར་ཞིང་། ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་གཙོ་བོའི་རང་མདངས་ལས་རྨི་ལམ་སྒྱུ་མ་ཐུགས་རྗེའི་རོལ་པའི་རྟེན་འབྲེལ་ཙམ་དུ། ཤར་གྱི་ལྷ་ཚོགས་ཐམས་ཅད་མེ་ལོང་ཡེ་ཤེས་ཀྱི་རང་མདངས་སྐུ་མདོག་དཀར་པོ། ལྷོ་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་སེར། ནུབ་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་དམར། བྱང་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་ལྗང་། མཚམས་རྣམས་སུ་ཡེ་ཤེས་ལྔ་ལྡན་གྱི་རང་འོད་འཁྲུགས་པ། ཚེ་དཔག་མེད་རིགས་ལྔ་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས། སྤྲུལ་པ་མཚན་བརྒྱད་ཀྱི་ལྷ་ཚོགས་རྣམས་སྒྲུབ་གཞུང་སྤྱི་དང་མཐུན་ཞིང་། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ནི་དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས་སྤྲུལ་པ་སྐུའི་ཆ་བྱད་ན་བཟའ་ཆོས་གོས་གསུམ་དང་ལྡན་ཞིང་། གཙོ་བོའི་རང་མདངས་འོད་ལྔའི་སྐུ་མདོག་ཅན། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཕྱག་གཡོན་བུམ་པ། གཡས་མདའ་དར་འཛིན་པས་སྲིད་པའི་ཚེ་ཡི་བཅུད་ཐམས་ཅད་འགུགས་པ། སྣང་ཆ་མ་འགགས་པ་ལྷ་དང་སྐུ་མདོག་སོ་སོར་གསལ་ཙམ། འཛིན་ཆ་མ་གྲུབ་པ། གཙོ་འཁོར་གཉིས་སུ་མེད་པ། སྣང་སྟོང་སྐྱེ་མེད་བརྗོད་བྲལ་གྱི་རང་བཞིན། ཡེ་ཤེས་འོད་ལྔའི་མེ་དཔུང་ལས་གྲུབ་པའི་དབུས་ཀྱི་མགོན་པོ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། དེའི་རྩ་འཁོར་ལོ་བཞི་དང་གཙོ་བོ་གསུམ་བསྐྱེད་པའི་གཡས་རོ་མ་དཀར་བ། གཡོན་རྐྱང་མ་དམར་བ། དབུས་དབུ་མ་མཐིང་བ། དེའི་སྤྱི་བོར་ལྔ་ལྡན་ཡེ་ཤེས་ཀྱི་འོད་ཟེར་གྱི་སྦུབས་ན། རྡོ་རྗེ་དཔའ་བོ་དང་མཁའ་འགྲོ་ཡབ་ཡུམ། སྙིང་ཁར་སངས་རྒྱས་དཔའ་བོ་དང་མཁའ་འགྲོ་ཡབ་ཡུམ། དབུ་མའི་མར་སྣ་ལ་པདྨ་དཔའ་བོ་ཡབ་ཡུམ་སྐུ་མདོག་དམར་བ། ཡབ་ཡུམ་ཀུན་ཀྱང་ཕྱག་མཚན་གྲི་ཐོད་འཛིན་པ། བདེ་དྲོད་མེ་དཔུང་འབར་བ་ཞིག་ཏུ་བསྒོམས་ལ། རླུང་རོ་ཕྱིར་འཕུལ་བས་ཕྱིའི་ལྷ་ཚོགས་ཐམས་ཅད་དྭངས་མ་མེ་དཔུང་དུ་འུར་འུར་སོང་བར་བསྒོམ། ནང་དུ་རྔུབས་པས་དབུ་མའི་མར་སྣ་ན་བཞུགས་པའི་པདྨ་དཔའ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་དྲོད་ཀྱིས་ཐུགས་ཀ་དང་། ཡར་སྣ་སྤྱི་བོའི་ལྷ་ཚོགས་གཉིས་ཀྱི་བདེ་སྟོང་གི་རྒྱུད་བསྐུལ་རླངས་པ་འོད་ཟེར་གྱི་ཚུལ་དུ་སྤྱི་བོ་ལ་ཡར་འཕྲོས། རིག་འཛིན་ཆེན་པོ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འདུས་པར་བསྒོམས་ལ། རླུང་བུམ་པ་ཅན་གང་མང་གཟུང་། ཕོ་བསྐོར་བརྡབ་ཆུང་ཧ་སྤྲུག་སོགས་བྱ། ཁྲིད་གཞུང་གི་མཎྜལ་ཕུལ། གསོལ་འདེབས་དབང་བླང་། སྤྱི་བོའི་བླ་མ་ཡབ་ཡུམ་སྦྱོར་བ་མཛད་དེ། བདེ་དྲོད་ཀྱིས་འོད་ཕུང་དུ་ཞུ། དབུ་མའི་ཡར་སྣའི་རྡོ་རྗེ་དཔའ་བོ་ཡབ་ཡུམ་ལ་ཐིམ། ཡང་བུམ་ཅན་ཉེར་གཅིག་གཟུང་། སྙིང་ཁར་སངས་རྒྱས་དཔའ་བོ་ཡབ་ཡུམ་གྱི་སྐུར་ཐིམ། ཡང་ཉེར་གཅིག་གཟུང་། ལྟེ་འོག་སོར་བཞིའི་པདྨ་དཔའ་བོ་ཡབ་ཡུམ་ལ་ཐིམ། དེ་དག་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་ཀུན་མཆོག་དང་ལྡན་པའི་སྟོང་པ་ཉིད་རོ་གཅིག་ཏུ་གྱུར་པའི་ངོ་བོ་སྨྲ་བསམ་བརྗོད་བྲལ་ཀ་དག་རྫོགས་པ་ཆེན་པོའི་ངང་དུ་ཅི་གནས་སུ་བཞག །ཕྱི་ནང་རླུང་གི་རྒྱུ་བ་རང་འགགས་སུ་བཏང་། འཕྲུལ་འཁོར་རྡོ་རྗེའི་ཆིག་རྫོགས་གསང་བ་གནད་ཀྱི་གལ་མདོ་ལ་འབད། སླར་ཡང་སྐད་ཅིག་དྲན་རྫོགས་སུ་པདྨ་ཉི་མ་རོ་ཡི་སྟེང་དུ། མཁའ་སྤྱོད་རྒྱལ་བ་འདུས་པའི་ཡུམ་ཆེན་རྡོ་རྗེ་ཕག་མོ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་བསྐྱེད། དེ་ཉིད་ཀྱི་རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པའི། ལྟེ་འོག་སོར་བཞི་ན་ཨ་ཤད་མེའི་དབྱིབས་ཅན། ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ། སྙིང་ག་ན་ཚེ་དཔག་མེད་ཀྱི་ཐུགས་སྲོག་ཧྲཱིཿདམར་པོ་འཆི་མེད་ཚེའི་བདུད་རྩི་ཕྲོམ་ཕྲོམ་འབབ་པ་ཞིག་ཏུ་སྒོམས། ཨཿཤད་ལས་མེ་འབར་སྙིང་ཁའི་ཧྲཱིཿལ་ཕོག་ཡིད་ཀྱིས་ཧྲཱིཿཧྲཱིཿཞེས་བཟླས་པ་དང་། དྭངས་མའི་འོད་ཟེར་སྤྱི་བོའི་ཧཾ་ལ་ཕོག་པས་ཧཾ་ལས་ཟག་མེད་བྱང་ཆུབ་སེམས་ཀྱི་རྒྱུན་བབས། བྱང་སེམས་དཀར་དམར་ཧྲཱིཿཡིག་གི་དྭངས་མར་འདྲེས་ཏེ། དབུ་མའི་ནང་ཐམས་ཅད་འཇའ་འོད་ཀྱིས་སི་ལི་ལི་གང་བར་བསྒོམ། དེ་ཉིད་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་ཆུང་བ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་རེས་མོས་སུ་སྒོམས། བསྐྱེད་རིམ་ཡང་ལྷ་དང་དཀྱིལ་འཁོར་ནམ་མཁའི་ཁམས་གང་བའི་དམིགས་པའི་འཕྲོ་འདུ་དང་། ཐིག་ལེ་ནཱ་ད་ཙམ་ཕྲ་མོ་ཞིག་བསྒོམ་པ་རེས་མོས་བྱ། དོན་གཉིས་རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། དག་པ་རབ་འབྱམས་ཆེན་པོ་འདི་ཉིད་ཀྱིས་གཟུང་འཛིན་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཙམ་སྦྱོང་བའི་རྟེན་འབྲེལ་སྒྱུ་མ་ཙམ་དུ་བསྟན་པ་ལས། ལྷ་དང་འདྲེ་ཞེས་རྟག་བརྟན་ཐེར་ཟུག་ཆེ་ཆུང་། མང་ཉུང་། སྐུ་མདོག་ཕྱག་མཚན་སོགས་དུ་མར་བསྟན་པ་ནི། ཞེན་པ་སྦྱོང་བྱེད་དུ་གསུངས་ལ། ཞེན་ཕྱིར་གསུངས་པ་མ་ཡིན་པས། ཞེན་པར་གྱུར་ན་གཟུགས་དང་གཟུགས་མེད་འདོད་པའི་ཁམས་སུ་གོལ་བ་ལས། སྲིད་པ་ལས་གྲོལ་བར་དཀའ། སྐྱེ་མཆེད་རྣམ་པ་བཞི་སོགས་སྲིད་པའི་འཕྲང་ལས་ཐར་བར་འདོད་པ་དག་གིས་རྫོགས་པར་བསྒོམས་ཀྱང་སྤྲུལ་པའི་བསྐྱེད་རིམ་གྱི་མཐར་ཐུག་ཡང་དག་པའི་གནས་ལུགས་ཡིན། གནས་ལུགས་དེའི་རང་ངོ་མ་འགགས་ལྷུན་གྱིས་གྲུབ་པ་བསྐྱེད་རིམ་ཡིན། སྟོང་པ་ཉིད་གཟུགས་སུ་ཤར་བ་ལ་མི་ཆགས། གཟུགས་སྟོང་པ་ཉིད་དུ་གྲོལ་བ་ལ་མི་སྡང་། དོན་སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་ཆེན་པོ་གཉིས་མེད་ཀྱི་རང་བཞིན་ལ་མི་རྨོངས་པར། མ་ལུས་མཐའ་བྲལ་ཀློང་ཡངས། བབས་སམ་གཤིས་ཀྱི་གནས་ལུགས་སུ། ཆོས་ཐམས་ཅད་ཆོས་ཉིད་ཡངས་པ་ཆེན་པོའི་ཀློང་འབྱམས་སུ། ཡེ་གྲོལ་ཡོངས་དག །ངང་ཡིན་ཡེ་ཡིན་གྱི་རིག་པ་བཅོས་བསྒྱུར་གྱིས་ལྷད་མ་ཞུགས་པ་ནི། གཉིས་མེད་དོན་དམ་རྡོ་རྗེའི་གཏུམ་མོ་ཞེས། འབུམ་ཕྲག་ཌཱ་ཀིའི་ཟབ་གསང་དགོངས་བཅུད་ཀྱི་ཡང་སྙིང་། རྡོ་རྗེ་བཙུན་མོའི་ཐུགས་ཀྱི་སྤྱོད་ཡུལ་ཡིན་པས་ཡེ་བབས་རང་བཞིན་རྫོགས་པ་ཆེན་པོའི་ཀློང་དུ་བཞག་པ་དང་། ལྷུན་གྲུབ་ཡེ་ཤེས་འཁོར་ལོའི་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ་གསལ་བ། གཉིས་མེད་ཀྱི་ངང་དབྱིངས་སུ་འཇོག་པ་ནི་རྗེས་ཀྱི་བསྡུ་ཆོག་གོ །དེ་ནས་རང་ལུས་རྩ་གཙོ་འཁོར་ཐམས་ཅད་དཔའ་བོ་ཌཱ་ཀི་ཡབ་ཡུམ་དུ་གསལ་བ་སོགས། གཞན་ལུས་སུ་རྒྱ་ཆེར་བསྟན་པ་བཞིན་ཉམས་སུ་བླང་བར་བྱའོ། །གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིང་ཞེས་བྱ་བ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། བཀའི་སྲུང་མ་དྲག་པོ་སྡེ་ལྔ་དང་། དགེ་བསྙེན་ཆེན་པོ་ཐང་ལྷས་བཀའི་བྱ་ར་མཛོད་ཅིག །ཟབ་ཆོས་འདི་ལ་ལོག་པར་ལྟ་ཞིང་ཁྱད་གསོད་བྱེད་པ་རྣམས་ཀྱི་སྙིང་ཁྲག་དགའ་སྟོན་དུ་རོལ་ཅིག །འབྲས་གཤོང་ལྷ་རི་རོལ་པའི་དག་སྣང་མའོ། ༈ །ཚུལ་འདིས་འཆི་མེད་ཚེ་ཡི་རིག་འཛིན་འགྲུབ། བསྐྱེད་རྫོགས་ཀྱི་སྒྱུ་འཕྲུལ་ལ་བརྟན་པ་ཐོབ། ལུས་ལ་བདེ་དྲོད། ངག་ལ་ནུས་པ། སེམས་ལ་ཏིང་ངེ་འཛིན་འཕེལ་བ་དང་། སྣང་བ་དབང་དུ་འདུས། དམ་སྲི་དང་རྒྱལ་འགོང་གི་སྲུང་འཁོར་གྱི་མཆོག་ཡིན། དམ་ཚིག་ཏུ་དཔའ་བོའི་ཆས་དང་། རས་རྐྱང་དང་མི་འབྲལ་བ་གལ་ཆེ། ༈ འདི་ཡི་བྱིན་བརླབ་མེ་དབང་གི་རིམ་པ་ནི། ཚེ་སྒྲུབ་ཀྱི་སྒྲུབ་ཁོག་ནས་བྱུང་བ་ལྟར་གྱི་བཅས་གཤོམ་བཞིན་དབང་བསྐུར། འདི་ཉིད་ཀྱི་དཀྱིལ་འཁོར་ཆོས་འབྱུང་དམར་པོ་སྣོལ་མ། དེའི་མཐའ་སྐོར་དུ་འོད་ལྔའི་མུ་ཁྱུད། དེའི་མཐའ་སྐོར་དུ་ཐོད་རྭ། རྡོ་རྗེའི་ཕྲེང་བ་དང་མེ་རིས་ཀྱིས་མཚན་པ། དབུས་སུ་དགའ་འཁྱིལ་དང་། ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿཡིག་གིས་མཚན་པ། དེའི་སྟེང་དུ། སྐུ་བུམ་པ། གསུང་ཐོད་པ། ཐུགས་མར་མེ། དེ་ཁོ་ན་ཉིད་ཤེལ་དང་རྨ་བྱའི་མདོངས་ལ་སོགས་པའི་རྫས་བཤམས་པ་ནི། བུམ་པ་དབུས། ཐོད་པ་མདུན་མེ་ལོང་དེའི་སྟེང་དར་དམར་གྱི་གུར་ཕུབ། བུམ་པའི་འོག་ཏུ་མར་མེ། བུམ་པའི་ཁར་རྨ་བྱའི་མདོངས་དང་ཤེལ་རྡོ། མཐའ་སྐོར་དུ་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་བ། དཔལ་འབར་གང་མང་སོགས། རྒྱན་བཀོད་རྣམས་མཛེས་པར་བཀོད་ཅིང་། བག་དྲོ་བྱིན་ཆགས་པར་བཤམ། ཕག་མོའི་ལས་བྱང་དང་། གཏུམ་མོའི་དམིགས་རིམ་རྣམས་རྫོགས་པར་བསྒོམ་པ་ནི་བདག་འཇུག་ཡིན་ལ། དངོས་གཞི་དབང་བསྐུར་བ་ནི། རས་ཁྲུས་རྒྱས་པར་བྱས། གཞུང་བཞིན་བགེགས་བསྐྲད། རས་དཀར་དྲི་མ་མེད་པ་གྱོན་ཅིང་གྲལ་དུ་འཁོད། བཤགས་པའི་རིམ་པ་མཁའ་འགྲོ་སྨྲེ་བཤགས་རྒྱས་པར་བྱ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལས་བྱང་གཞུང་ནས་ལེན། མེ་དམིགས་ཀྱི་རིམ་པ་རྣམས་རྫོགས་པར་བསྒོམ། ཕག་མོའི་ལས་བྱང་གི་བདག་བསྐྱེད་བཏང་། སྤྱན་འདྲེན་བྱིན་འབེབ་རྒྱས་པར་བྱ། ལག་མཆོད་འབུལ། དངོས་གཞིའི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་གྱི་བུམ་པ་བསྣམས་ལ། བུམ་པ་འདི་ཕྱི་བུམ་པ། ནང་རང་བྱུང་ལྷའི་གཞལ་མེད། གསང་བ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་ཕག་མོ་ལ་རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་གིས་བསྐོར་བ་སྤྱི་བོར་བྱོན་པས། ལྷ་རྣམས་ཀྱི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་གྱི་རྒྱུན་བབ་པས་ལུས་དཀར་མེར་གྱིས་གང་མཐར་བཅོམ་ལྡན་འདས་མའི་ལྷ་ཚོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐིམ་བྱུང་བསམ་པའི་མོས་པ་མཛོད། ཧྲཱིཿ ཆོས་དབྱིངས་གཞོན་ནུ་བུམ་པའི་འཇའ་གུར་ཀློང་། །འོད་ཟེར་དྲྭ་བ་འཁྲིགས་པའི་དུར་ཁྲོད་ནས། །ཉེར་བཞིའི་རིགས་ལྔ་འབུམ་ཕྲག་ཌཱ་ཀིའི་གཙོ། །ཀུན་བཟང་རྡོ་རྗེ་བཙུན་མོའི་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་ལུས་ལྷ་བསྒོམ་པའི་སྐལ་བ་དང་ལྡན། སྤྲུལ་པའི་སྐུ་ཡི་གོ་འཕང་བརྙེས་བྱུང་བསམ་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད། སླར་ཡང་ཕག་མོའི་ལྷ་ཚོགས་ཀྱི་མགྲིན་པ་ནས། ཨཱཿདམར་པོ་པདྨ་རཱ་གའི་མདངས་དང་ལྡན་པ་ཞིག་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། ཨཱཿདེ་ཉིད་ཀྱིས་ཕྱི་ནང་འབྱུང་ལྔའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དཔའ་བོ་ཌཱ་ཀིའི་སྲོག་གི་སྙིང་པོ་ཐམས་ཅད་འོད་དུ་ཞུ་སྟེ་བདུད་རྩི་མཚལ་བཏུལ་མའི་ཁུ་བ་ལྟ་བུ་འདི་མགྲིན་པའི་གནས་སུ་བཞག་པས་གསང་བའི་དབང་ཐོབ་པར་གྱུར། ཧྲཱིཿ ཐོད་པ་མཚན་ལྡན་ཆོས་དབྱིངས་ཡངས་པའི་ཀློང་། །ཟག་མེད་བདུད་རྩི་པདྨ་རཱ་གའི་མདོག །གྲགས་སྟོང་རྡོ་རྗེ་རྒྱལ་ཀུན་གསུང་གསང་བའི། །དོན་ལ་དབང་ཐོབ་ལོངས་སྐུར་སངས་རྒྱས་ཤོག །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཝཱ་ཀ་སིདྡྷི་ཕ་ལ་ཧཱུྃ། དེས་ངག་གི་སྒྲིབ་པ་དག་ལོངས་སྐུར་སངས་རྒྱས། ངག་སྔགས་འདྲེན་པ་དང་། མཐུ་སྟོབས་ནུས་པའི་དབང་ཐོབ། རྡོ་རྗེའི་ཕུང་ཁམས་ཐམས་ཅད་འོད་ཟེར་དམར་པོས་ལྟེམས་སེ་གང་བྱུང་བསམ་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ལྡན་གྱི་རིག་མ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྟགས་རྫོགས་ཤིང་། བདེ་སྟོང་ཟག་པ་མེད་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ། ཏིང་འཛིན་རྒྱུད་ལ་སྐྱེ་ཞིང་། དབང་གསུམ་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མས་བྱིན་བརླབས་པའི་ཕྱག་རྒྱ་མ་བྷ་ག་དང་ནུ་མ་རྒྱས་པ་སྦྱོར་བའི་སྟངས་སྟབས་དང་ལྡན་པ་ཞིག་ལག་ཏུ་གཏད་ལ། ཧྲཱིཿ འདི་ནི་དེ་བཞིན་གཤེགས་པ་ཡི། །བདག་མེད་སྟོང་པའི་ཡུམ་ཆེན་མཆོག །རིགས་ལྔ་ཌཱ་ཀི་མཚན་ལྡན་མ། །བདེ་ཆེན་ཡུམ་དུ་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་མ་མ་སིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཡབ་ཡུམ་ལྷར་གསལ་བས་སྙོམས་པར་ཞུགས། དགའ་བ་བཞིའི་མཐར་ཐུག་བརྗོད་བྲལ་ལྷན་ཅིག་སྐྱེས་པ་གཉུག་མ་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟོགས་པར་གྱུར་བྱུང་བསམ་པའི་མོས་པ་མཛོད། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་འདག །གཏུམ་མོ་ཙཎྜ་ལཱི་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུར་སངས་རྒྱས་པའི་སྐལ་བ་དང་ལྡན་པར་གྱུར། ཅེས་ཤིས་པ་བརྗོད། སྐུ་གསུང་ཐུགས་ཐ་མི་དད་པའི་སྙིང་པོ་དོན་གྱི་ཚིག་དབང་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་ཏིང་འཛིན་འོད་གསལ་རྫོགས་པ་ཆེན་པོ་མཆོག་གི་དགོངས་པར་བཞུགས་ནས། ཤེལ་དང་མེ་ལོང་རྨ་བྱའི་མདོངས་རྣམས་བསྟན་ལ། ཧྲཱིཿ ཆོས་སྐུ་མན་ཤེལ་དག་པ་ལ། །ལོངས་སྐུ་འགགས་མེད་མེ་ལོང་གཟུགས། །སྤྲུལ་སྐུ་རྨ་བྱའི་མདོངས་འོད་ལྟར། །གཉིས་མེད་དྭངས་པའི་རྣམ་རོལ་ཀུན། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་དཔེ། །ནམ་མཁའི་ཀློང་དུ་རོ་གཅིག་པས། །སྣང་སྲིད་དབྱིངས་རིག་དྭངས་མའི་ངང་། །སྐྱེ་འགག་བྲལ་བའི་དབང་བསྐུར་རོ། །ཞེས་སྡིགས་མཛུབ་ཕྱོགས་བཞིར་གཏད་ཕཊཿདྲག་པོ་བརྒྱབ། རོལ་མོ་སྦིར། སེམས་ཉིད་རང་ཤར་རང་གྲོལ་གྱི་རྟོག་པ་དགག་སྒྲུབ་མེད་པའི་ཐ་མལ་གྱི་ཤེས་པ་སོ་ཡག་གེ་བ་དེ་རང་བྱུང་གི་ཡེ་ཤེས་ཡིན་པར་ངོ་སྤྲད། དེས་སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་སྟེ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ། ཆོས་ཀྱི་སྐུར་སངས་རྒྱས་བྱུང་བསམ་པའི་མོས་པ་མཛོད། ཤིས་པ་བརྗོད། དེ་ནས་མེ་དབང་བསྐུར་བ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས་ནས། མར་མེ་འདི་ཉིད་ཕག་མོའི་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་ཐོབ། དེ་ཉིད་ཀྱི་ལྟེ་བའི་ཨ་ཤད་ལས་མེ་འབར། སྐུའི་གནས་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་གིས་ཡོངས་སུ་གང་། སྤྱི་བོ་ནས་མེ་ཡི་དྭངས་མ་ཨོཾ་དཀར་པོ། མགྲིན་པ་ནས་མེ་ཡི་དྭངས་མ་ཨཱཿདམར་པོ། ཐུགས་ཀ་ནས་མེ་ཡི་དྭངས་མ་ཧཱུྃ་སྔོན་པོ། ལྟེ་བ་ནས་མེ་ཡི་དྭངས་མ་རཾ་སེར་པོ། གསང་གནས་ནས་མེ་ཡི་དྭངས་མ་ས་ལྗང་ཁུ། གཞན་ཡང་སྣང་སྲིད་ཐམས་ཅད་དཔའ་བོ་མཁའ་འགྲོར་གཡོ་ཞིང་། རང་རང་གི་གནས་ལྔ་ལས་མེའི་འོད་ཟེར་འཇའ་ཕུང་ཁ་དོག་ལྔ་ལྡན་དུ་འཁྲིགས་ཤིང་འབར་བས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དངོས་པོར་འཛིན་པའི་བག་ཆགས་སྒྲིབ་གསུམ་ཕྲ་རགས་ཐམས་ཅད་མེས་ཐུལ་གྱིས་བསྲེགས་ཏེ། སྐད་ཅིག་གིས་ཡེ་ཤེས་ལྔའི་མེ་འོད་ཀྱི་དབང་རྫོགས་པར་ཐོབ། ལུས་ངག་ཡིད་གསུམ་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྲོལ་ཏེ། ངོ་བོ་ཉིད་ཀྱི་སྐུར་སངས་རྒྱས། དཔའ་བོ་དང་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཐམས་ཅད་ཀྱི་ཟས་རྒྱན་བྱུག་པ། བརྟུལ་ཞུགས་སྤྱོད་པའི་རྫས་མཆོག་ཐམས་ཅད་ཀྱིས་མངའ་གསོལ་ཞིང་དབུགས་དབྱུང་བྱུང་བསམ་པའི་མོས་པ་མ་ཡེངས་པ་མཛོད། དཔལ་འབར་ལྔ་ལ་མེ་སྦར་ལ་ལག་ཏུ་ཐོགས་ལ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་བསྐོར་ཞིང་། ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཧྲཱིཿ དུར་ཁྲོད་མེ་དཔུང་འོད་སྣང་གཞལ་ཡས་ནས། །བདེ་སྟོང་རྡོ་རྗེ་བཙུན་མོ་རིགས་ལྔའི་གཙོ། །དཔའ་བོ་ཌཱ་ཀིའི་གནས་ལྔའི་མེ་ཟེར་གྱིས། །སྐལ་ལྡན་རྣམས་ལ་དབང་སྐུར་བྱིན་ཕོབ་ཅིག །འབར་བའི་བདེ་དྲོད་འཇའ་གུར་འཁྱིལ་པ་ཡིས། །སྣང་སྲིད་ཐམས་ཅད་ཆུ་ཟླ་སྤྲུལ་པ་དང་། །ཟག་མེད་རྡོ་རྗེའི་སྒྱུ་འཕྲུལ་མཁའ་སྤྱོད་གཞིར། །དཔའ་བོའི་དབང་ཕྱུག་ཆེན་པོར་དབུགས་དབྱུང་ངོ་། །དཔའ་བོ་ཁྱོད་ཀྱིས་འདི་ཟུངས་ལ། །མ་ཚོགས་དབང་དུ་བསྡུ་བ་དང་། །ཟག་མེད་བདེ་ཆེན་རོལ་པའི་ཕྱིར། །དབང་ཕྱུག་བརྟུལ་ཞུགས་མཆོག་བརྟེན་ནས། །ཟག་མེད་རྡོ་རྗེའི་སྲོག་ལམ་ལས། །འཕོ་མེད་འོད་སྐུར་ལ་ཟློས་ཤིག །ཅེས་དམ་རྫས་བདུད་རྩི་རྐང་གླིང་ཐོད་རྔ་སོགས། དཔལ་ཆེན་ཧེ་རུ་ཀའི་རྒྱན་ཆས་མ་ལུས་པའི་དབང་བསྐུར་ཞིང་ལག་ཏུ་གཏད། རྔ་བརྡུང་རོལ་མོ་དང་བཅས་པས་བྱིན་འབེབ། ཚོགས་འཁོར་དང་བཀྲ་ཤིས་པའི་མགུར་གླུ་བྲོ་ཤོན་ལ་སོགས་པ་བྱ། འདི་ཉིད་རབ་ཚེ་བློས་བཏང་སྟེ་མི་ཚེ་རི་ལ་སྐྱེལ་བ། འབྲིང་དམ་བཅའ་ལོ་གསུམ་ཡན་གྱི་རས་རྐྱང་དང་། དབེན་པར་གནས་པ་ཐམས་ཅད་ལ་ལྷག་ཆད་མེད་པར་བསྟན་ཞིང་། གཞན་དག་ལ་རླུང་ཕྱོགས་སུ་ཡང་བརྗོད་པར་མི་བྱའོ། །བཀའ་འདི་ཡི་སྲུང་མ། མ་མོ་ཁྲག་རལ་ནག་མོ་དང་། བཤན་པ་སྤུ་གྲི་དམར་པོ་ཡིན་པས། བཟོ་བཅོས་དང་བཀའ་རྐུན་མ་བྱེད་ཅིག །ས་མ་ཡཱ། རྒྱ་རྒྱ་རྒྱ། དགེའོ། །འོད་གསལ་སྙིང་པོའི་འཕྲུལ་འཁོར། ཕྱག་རྒྱ་བརྟག་པ་འོད་གསལ་རབ་འབྱམས། དབང་སྡུད་བདེ་ཆེན་སེམས་ཀྱི་མྱུ་གུ །འཕྲུལ་འཁོར་རྡོ་རྗེའི་ཆིག་རྫོགས་རྣམས་ནི་འདི་ཡི་ཆ་ལག་ཏུ་འོས་སོ། །ཞིབ་པར་དེར་གཟིགས་པར་ཞུ། དགེ་བས་གཏུམ་མོའི་བདེ་དྲོད་འབར་གྱུར་ཅིག །བཀྲ་ཤིས་དགེའོ།། །།

རྫོགས་པ་ཆེན་པོ་རྩོལ་བྲལ་རང་བྱུང་ཉག་གཅིག་ལས༔ གསང་བའི་བདག་པོ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་པ་ (Volume 47, Text 22)

༁ྃ༔ རྫོགས་པ་ཆེན་པོ་རྩོལ་བྲལ་རང་བྱུང་ཉག་གཅིག་ལས༔ གསང་བའི་བདག་པོ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈ རྒྱུད་སྡེ་བཞི་ཡི་དང་པོ་འམ༔ བྱ་བའི་རྒྱུད་དུ་གྲགས་པ་ཡི༔ རྡོ་རྗེ་རྣམ་པར་འཇོམས་པ་ནི༔ དུས་ནི་བསྐལ་པ་རྫོགས་ལྡན་ནས༔ རིམ་བཞིན་མི་རིགས་བྲམ་ཟེ་དང༔ རྗེའུ་རིགས་རྒྱལ་རིགས་གདོལ་པ་བཞི༔ བྱ་བ་སྤྱོད་དང་རྣལ་འབྱོར་རྒྱུད༔ བླ་མེད་ཉན་པར་དབང་བར་བྱེད༔ འོན་ཀྱང་སྟོན་པ་ཐབས་མཁས་ཀྱིས༔ ཏིང་འཛིན་རྣམ་གསུམ་དག་པའི་ཆ༔ དེ་བཞིན་ཉིད་ལས་གང་བྱུང་བ༔ ཀུན་ཏུ་སྣང་བར་གང་བཞེངས་པ༔ ཐམས་ཅད་སྔགས་ཀྱི་རྣལ་འབྱོར་ཡིན༔ ལྷ་ལ་ཁྱད་པར་མེད་མོད་ཀྱང༔ གང་འདུལ་ཕྱིར་དུ་མངོན་པར་བལྟ༔ དེ་ཕྱིར་ཐབས་ཀྱི་ལམ་དུ་བསྟན༔ ཉོན་མོངས་བཀྲུ་བའི་ཆུ་རྒྱུན་དང༔ སྡིག་སྒྲིབ་འདེད་པའི་ཕྱགས་ཤིང་དང༔ བྱིན་གྱིས་རློབ་པའི་བདུད་རྩི་སྟེ༔ ལྔ་བརྒྱ་ཐ་མའི་དུག་བཅོམ་སླད༔ ཤིན་ཏུ་ཟབ་པའི་གདམས་པ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་དང་ནི་བུམ་པ་དང༔ ཆུ་བཞི་ཉེར་སྤྱོད་ལྔ་ལ་སོགས༔ མཆོད་པའི་ཡོ་བྱད་གཙང་མར་བཤམ༔ རང་ཉིད་ཁྲུས་དང་གཙང་སྦྲ་ཡིས༔ སྐྱབས་སུ་འགྲོ་དང་སེམས་མཆོག་བསྐྱེད༔ སྲུང་བ་རྡོ་རྗེའི་བླ་གུར་དང༔ ར་བ་ས་གཞི་བཅས་པ་བསྒོམ༔ དེ་དབུས་བདག་ཉིད་དམ་ཚིག་པ༔ རྡོ་རྗེ་འཛིན་པ་སྐུ་མདོག་དཀར༔ རིན་ཆེན་དར་བརྒྱན་རྡོར་དྲིལ་འཛིན༔ སེམས་དཔའི་སྐྱིལ་མོ་ཀྲུང་བཅས་བཞུགས༔ ཡེ་ཤེས་སེམས་དཔས་དབང་བསྐུར་ཞིང༔ དབང་ལྷ་རིགས་ཀྱི་བདག་པོས་བརྒྱན༔ དེ་ནས་རིགས་འདུས་རྩ་བའི་སྔགས༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ནུས་པ་ཐོན་པར་རབ་ཏུ་བསྒྲུབ༔ བུམ་མདུན་རང་འདྲའི་ལྷ་བསྐྱེད་ཅིང༔ དེ་ལ་ཡེ་ཤེས་སེམས་དཔའ་བསྟིམ༔ ཨཱོྃ་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས་ཀྱིས་མཆོད༔ བསྟོད་པ་ནི༔ ཧཱུྃ༔ གསང་ཆེན་རིགས་རྣམས་ཡོངས་འདུས་ཀྱི༔ བཅོམ་ལྡན་རྡོ་རྗེ་འཛིན་པ་ལ༔ མཆོད་དོ་བསྟོད་དོ་བྱིན་གྱིས་རློབས༔ མཆོག་ཐུན་གྲུབ་པའི་དངོས་གྲུབ་སྩོལ༔ ཉོན་མོངས་བཀྲུ་བའི་ཆུ་རྒྱུན་ནི༔ ལས་ཀྱི་བུམ་པར་རབ་གཡོས་ཏེ༔ ཧཱུྃ༔ གསང་ཆེན་རིགས་རྣམས་འདུས་པ་ཡི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ དྲི་མ་དྲི་མེད་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ༔ ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེ་ཤེས་ཐུགས་རྗེའི་རང་བཞིན་ནི༔ འགྲོ་བའི་དོན་ལ་རྗེས་ཆགས་ནས༔ ཡེ་ཤེས་བདུད་རྩི་དབབ་མཛད་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ༔ ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཐུགས་རྗེས་རྣམ་པར་གྲོལ་བ་ཡི༔ བྱང་ཆུབ་ལམ་བཟང་སྟོན་མཛད་ཅིང༔ ཡང་དག་སྨིན་པར་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ༔ ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཡེ་ཤེས་ཆེན་པོའི་རང་བཞིན་གྱི༔ བྱམས་པའི་རང་བཞིན་ཐུགས་རྗེའི་ཆུ༔ མཁྱེན་བརྩེའི་མཛད་པ་ཕྲིན་ལས་ཀྱིས༔ རྣམ་པར་གྲོལ་བར་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ༔ ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ལ༔ སངས་རྒྱས་བསོད་ནམས་མཐུ་དག་དང༔ ལྷ་རྣམས་ཀུན་གྱི་བདེན་པ་ཡིས༔ ཁྱོད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ སྡིག་སྒྲིབ་འདག་པའི་ཕྱགས་ཤིང་ནི༔ རྨ་བྱའི་མདོངས་ཀྱིས་བྱབས་ནས་ནི༔ ཨ་པ་ན་ཡེ་སྭཱ་ཧཱ༔ ཅེས་པ་ཚིག་གཞུག་ཤམ་བུ་གདགས༔ བྱིན་གྱིས་བརླབས་པའི་བདུད་རྩི་ནི༔ བུམ་པ་སྤྱི་བོའི་གཙུག་བཞག་སྟེ༔ ཧཱུྃ༔ མཚན་བཟང་ལུས་ཀྱི་བུམ་པ་ལས༔ ལེགས་བཤད་སྔགས་ཀྱི་རྒྱུན་མྱོང་བའི༔ རྣམ་པར་གྲོལ་བའི་ལམ་ཇི་བཞིན༔ མཚོན་པ་བུམ་པའི་བདུད་རྩི་འདིས༔ བྱིན་རླབས་མྱུར་དུ་སྨིན་གྱུར་ཅིག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ལྗགས་ཀྱི་པདྨའི་སྣོད་ཀྱི་བཅུད༔ ལེགས་པར་བཤད་པའི་བདུད་རྩི་ཡིས༔ དོན་གྱི་མྱོང་བ་གྲུབ་པ་ཡི༔ བྱིན་རླབས་ནུས་པའི་བདེན་གྲུབ་ཤོག༔ རྩ་སྔགས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡེ་ཤེས་དཔལ་གྱི་བེ་འུ་ལས༔ ཏིང་ངེ་འཛིན་གྱི་བཅུད་ཕྱུང་སྟེ༔ དགོངས་པས་བྱིན་གྱིས་བརླབས་པ་ཡིས༔ བྱིན་རླབས་མངོན་དུ་གྱུར་པར་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྤྱི་བོར་འཛིན་ཏེ༔ ཧཱུྃ༔ བྱ་བའི་རྒྱུད་དུ་གང་གྲགས་པའི༔ དབྱངས་དང་གསལ་བྱེད་ལས་བྱུང་བའི༔ ཆོས་རྣམས་ཀུན་གྱི་བཀའ་གཏད་ལུང༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱེ༔ ཨོ་ཨཱོ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ མཎྜལ་འབུལ༔ རྗེས་ཀྱི་བྱ་བ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་སྔགས་ཀྱི་བདག་མོས་སྲུངས་ཤིག༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་ནང་འོད་གསལ་འཇའ་ལུས་གསང་ཕུག་དང་ཉེ་བ་ནས༔ ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་སྟོབས་ཆེན་གྱིས་བྱས་སོ།། །།

གནམ་ཆོས་ཐུགས་གཏེར་ལས་བདུད་རྩི་འཁྱིལ་པའི་སྒྲུབ་པ་ (Volume 40, Text 22)

གནམ་ཆོས་ཐུགས་གཏེར་ལས་བདུད་རྩི་འཁྱིལ་པའི་སྒྲུབ་པ་བཞུགས་སོ༔ ྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བདུད་རྩི་འཁྱིལ་པའི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་ལ་དམར་བའི་མདངས༔ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་སྡིགས་མཛུབ་མེ་འབར་མཛད༔ ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན༔ དེ་ནས་སྔགས་ནི་འདི་ཉིད་བརྗོད༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་ཡིས་བདུད་རྩི་འཁྱིལ་པ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ ཆུ་ནས་ས་གསུམ་བསྔག་པ་སྟེ༔ དང་པོ་ཆུ་སྔགས་རིམ་པ་ནི༔ ཆུ་ནི་རྩ་སྔགས་རབ་ཏུ་བསྔགས༔ སྔགས་ཀྱི་ཤམ་བུ་མེད་ལགས་སོ༔ དེ་ཉིད་ནད་པའི་ལྟོར་བཏང་ངམ༔ ཁྱིམ་དུ་གཏོར་བའི་ཕན་ཡོན་ནི༔ གདོན་བགེགས་གང་གིས་མི་ཚུགས་ཤིང༔ གྲིབ་སོགས་གནོད་པ་གང་གིས་ཀྱང༔ མི་ཚུགས་འདི་ལས་ཟབ་པ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ས་སྔགས་རིམ་པ་ནི༔ ས་ནི་རབ་གཙང་ཕྱེ་མ་ལ༔ ཤམ་མེད་རྩ་སྔགས་རབ་ཏུ་བསྔགས༔ དེ་ཉིད་ནད་པར་གཏོར་བ་འམ༔ ཁྱིམ་དུ་གཏོར་བའི་ཕན་ཡོན་ནི༔ གདོན་སོགས་གནོད་པ་གང་གིས་ཀྱང༔ མི་ཚུགས་འདི་ལས་ཟབ་པ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ནས་སྔགས་རིམ་པ་ནི༔ རྩ་སྔགས་ཤམ་མེད་རབ་ཏུ་བསྔགས༔ ནས་དེ་ནད་པའི་ལྟོར་བཏང་ངམ༔ ཁྱིམ་དུ་གཏོར་བའི་ཕན་ཡོན་ནི༔ གདོན་སོགས་གནོད་པ་གང་གིས་ཀྱང༔ མི་ཚུགས་འདི་ལས་ཟབ་པ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྔགས་ཀྱི་སྲུང་བ་ནི༔ སྔགས་འདི་བཟླས་པའི་ཕན་ཡོན་ནི༔ གདོན་སོགས་གནོད་པ་གང་གིས་ཀྱང༔ མི་ཚུགས་འདི་ལས་ཟབ་པ་མེད༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆང་སྲུང་རིམ་པ་ནི༔ རྡེལ་བུ་དཀར་ནག་ཡིག་དྲུག་རྩ་སྔགས་བསྔགས༔ ཞོ་ཆང་གང་འཕང་ཞིམ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱི་ཡི་དམིགས་པ་ནི༔ རྡེལ་སམ་ས་ནས་ཆུ་རང་རྣམས༔ བདུད་རྩི་འཁྱིལ་པ་གོང་ལྟར་བསྐྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྣྲོན་ཟླ་བའི་གནམ་གང་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ཉིད་ཀྱིས་དངོས་སུ་གསུངས་སོ༔ འདིའི་དབང་གཟུངས་དབང་ལྟར་རོ།། །།

སྤུ་གྲི་དམར་པོ་སྙིང་གི་རྒྱུད་ལེའུ་བདུན་པ་ (Volume 39, Text 22)

༄༅། །སྤུ་གྲི་དམར་པོ་སྙིང་གི་ ྈྈྈྈ རྒྱུད་ལེའུ་བདུན་པ། རྒྱ་གར་སྐད་དུ༔་་་ཁུངས་བཙུན་པའི་ཕྱིར། ཡཀྴ་རཱ་ཙ་སི་རི་གྷྲི་བ་ཙིཏྟ་ཏན་ཏྲ༔་་་གསང་བའི་རྟགས་དང་བཅས། བོད་སྐད་དུ༔ གནོད་སྦྱིན་གྱི་རྒྱལ་པོ་སྤུ་གྲི་དམར་པོ་སྙིང་གི་རྒྱུད༔ སྟོན་པ།་་་དཔལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་ཞུ་བ་པོ།་་་བདག་གིས་ཐོས་པའི་དུས་གཅིག་ན༔ གདུལ་བྱ་ལ།་་་འོག་མིན་ཆོ་འཕྲུལ་བསྟན་པའི་ཞིང་ཁམས་ན༔ ཞེ་སྡང་གདུག་པ་མེ་དཔུང་འབར་བའི་ཀློང༔ རཀྟ་ཆགས་པའི་རྦ་ཀློང་འཁྲུགས་པའི་དཀྱིལ༔ དམར་ནག་གྲུ་གསུམ་འབར་བའི་དབང་གི།་་་དཀྱིལ་འཁོར་ན༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་རྒྱལ་པོ་ཉིད༔་་་རྟའི་དབུ་སྟེང་ཁྱུང་ཡོད་པའི། ཁམས་གསུམ་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ཉོན་མོངས་དུག་ལྔ་ཆོས་ཉིད་ངང་ལས་རོལ་པའི་འཁོར༔ དྲེགས་པ་ཅན་གྱི་ཚོགས་ནི༔ བདུད་་་ཧཱ་ནུ་བག་ཤུ།དང་དམུ་་་ལེགས་པ།དང་བཙན་་་ཡ་བ་རྐྱ་བདུན།དང་རྒྱལ་པོ་དང༔ གིང་དང་གནོད་སྦྱིན་་་ཏིལ་གྱི་གོང་བུ་བཞིན།གདུག་ཅན་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་ལས༔ དེ་རྣམས་ཀྱི་གདུག་རྩུབ་དང༔ མཚོན་ཆ་དང་ཁ་རླངས་ལ་སོགས་པས་ནད་རྣམ་པ་སྣ་ཚོགས་པ་བྱུང་སྟེ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་མདའ་དང་མཚོན་ཆ་ཡིས།་་་བརླག་ལ་ཁད་པ་ལས༔ འཁོར་གྱི་ནང་ནས་མཁའ་འགྲོ་རྡོ་རྗེ་བདེ་བྱེད་མ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས༔ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཧོ༔ བཅོམ་ལྡན་འདས་དབང་གི་རྒྱལ་པོ༔ གདུག་སེམས་དྲེགས་པའི་རྫུ་འཕྲུལ་གྱིས༔ སྲིད་པ་གསུམ་ཡང་བརླག་བྱེད་ན༔ ཐུགས་རྗེའི་བདག་པོས་་་་འདུལ་བའི་དུས་ལ་བབས་ནས།བཀའ་གནང་མཛོད༔ ཅེས་བསྐུལ་བས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ འཇིག་རྟེན་དྲེགས་པའི་ལྷ་སྲིན་རྣམས༔ རང་རིག་་་གི་དོན་དམ་པ།ཡེ་ཤེས་མ་ཤར་བའི༔ མ་རིག་ཉོན་མོངས་་་རང་སྣང་ལོག།འཁྲུལ་པའི་རྒྱུ༔ ས་བོན་རྩུབ་མོའི་རྐྱེན་གྱིས་འཕངས༔ འཇིག་རྟེན་དྲེགས་པ་་་དྲེགས་པ་གདུག་སེམས་ཅན།སྔགས་ཀྱི་བདག་གི་དབང་དུ་བསྡུ༔ གཏུམ་པོའི་རྩ་སྔགས།་་་ཧྲཱིཿཔདྨ་ཙན་དྷ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་པས་དྲེགས་པ་ཅན་རབ་ཏུ།་་་དྲེད་དངངས་ཏེ༔ རོལ་པ་རྐྱ་བདུན་གྱིས།་་་རང་རང་གི་སྲོག་གི་སྙིང་པོ་ཕུལ་ཏེ༔ བསྟན་པའི་སྲུང་མར་ཁས་བླངས་སོ༔ བཅོམ་ལྡན་འདས་ཀྱི་སྲོག་གི་སྙིང་པོ་དུག་གི་སྤུ་གྲི་གདུག་པ་ཅན་རེག་ཆོད་ཀྱི་དབལ་དུ་བྱིན་གྱིས་བརླབས་སོ༔ གནོད་སྦྱིན་གྱི་རྒྱལ་པོ་སྤུ་གྲི་དམར་པོ་སྙིང་གི་རྒྱུད་་་དོན་དུ་གསང་བ་ཅན་གྱི་རྒྱུད་ཡིན།ལས་གླེང་གཞིའི་ལེའུ་སྟེ་དང་པོའོ༔ དེ་ནས་མཁའ་འགྲོ་མ་རྡོ་རྗེ་བདེ་བྱེད་མས༔ བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྐུལ་ལོ༔ ཞུས་དོན།་་་ཨེ་མ་དཔལ་ཆེན་དབང་གི་སྐུ༔ གདོང་དྲག་མཐུ་རྩལ་ལྡན་པ་ཡི༔ གནོད་སྦྱིན་གདུག་པ་བཙན་རོལ་པ།་་་རྐྱ་བདུན་འདི༔ དང་པོ་ལས་དབང་རྒྱུ་རྐྱེན་གང༔ གཉེན་པོ་གང་གིས་འདུལ་བ་ལགས༔ ཞེས་ཞུས་པས༔ དཔལ་ཆེན་ལྷ་ཡིས་བཀའ་བསྩལ་པ༔ གདུག་པ་གནོད་སྦྱིན་བཙན་རོལ་པ།་་་རྐྱ་བདུན་འདི༔ སྔོན་ཚེ་འདས་པའི།་་་བསྐལ་པ་རྫོགས་ལྡན་ལ༔ འོད་སྲུངས་བསྟན་པ་ནུབ་ཁ་རུ༔ ལྷོ་ཡི་འཛམ་གླིང་བྱང་ཕྱོགས་སུ༔ བདེ་སྐྱིད་ནོར་བུའི་ཞིང་ཁམས་ན༔་་་ལི་ཡུལ་ལྕང་ར་སྨུག་པོ་ན། ཕ་ནི་ལི་རྗེ་གསང་བ་ཡིན༔་་་་ལི་ཡུལ་གྱི་རྗེ་བོ། མ་ནི་ཨུཏྤལ་རྒྱན་ཞེས་བྱ༔ སྲས་ནི་ལི་སྲས་འཕྱོར་བ་བྱ༔ སྲས་དེ་ཆོས་བྱ་བསམ།་་་དད་པའི་སེམས་གཡོས་ནས༔ དགེ་སློང་ཙནྡྲ་བྷ་དྲ་་་ཟླ་བ་བཟང་པོ།ལ༔ སོ་སོ་ཐར་པའི་སྡོམ་པ་ཞུས༔ ནགས་ཚལ་གཅིག་ན་་་མཆོད་སྦྱིན་བྱེད་ཅིང་།གནས་པ་ལས༔ ཡུལ་ཕྱོགས་དེ་ཡི་གྲོང་ཁྱེར་ན༔ རྒྱལ་པོ་དྷརྨ་ཤྲཱིའི་་་ཆོས་ཀྱི་དཔལ་ཞེས་བྱ་བ།སྲས་མོ་སྟེ༔ ལྷ་ལྕམ་དེ་མ་བྱིན་ཞེས་བྱ༔་་་གཟུགས་སྡུག་དང་ལྡན་པ། ཁྲུས་རྫིང་དེ་ལ་གནས་པ་་་ཁྲུས་བྱེད་པ།ལ༔ ནགས་ཀྱི་གསེབ་ནས།་་་དུག་སྦྲུལ་གདུག་པས་བྱུང་ནས།་་་བདས་པ་ལས༔ དགེ་སློང་སྤྱན་གྱིས་དེ་གཟིགས་ནས༔་་་ར་ཟླ་བྱས། དུག་སྦྲུལ་གྱི་གཉེན་པོ་གླ་བའི་རྩིའི།་་་སྤོས་ཀྱི་ལྡེ་གུ་འཐོར་ཞིང་བསྐྱབས༔ མི་གཉན་ལུས་ལ་་་ཕྱིས་འབྱུང་དུ་དོགས་པ་ལ།བྱུག་པ་བྱས༔ དེ་ལ་གཡམ་ཁ་དགའ་བ་ཡི༔ བློན་པོ་གདུག་ཅན་གཉིས་ཀྱིས་མཐོང༔ ཁ་ན་མ་ཐོ་་་དགེ་སློང་ཕྲག་དོག་གི་དམོད་པ་རྩུབ་པོ་དེས་རྒྱལ་པོའི་སྲས་མོ་ལ་ཆགས་པ་སྤྱོད་ཅིང་འདུག་ཅེས།རྗེ་ལ་བསྒྲགས༔ རྒྱལ་པོ་ཐུགས་ཁྲོས་གཡོག་འཁོར་སྦྲན༔ དགེ་སློང་གསོད་དུ་དམག་རྣམས།་་་ཆས་པ་ལས༔ ལྷ་ལྕམ་དེ་ཡིས་་་ཕ་ལ་དུག་སྦྲུལ་བྱུང་ལ་གླ་རྩི་བཀུས་པའི།ལོ་རྒྱུས་བསྙད༔ རྒྱལ་པོའི།་་་བཀའ་ཆབ་བློན་འཁོར་མ་ཉན་པས༔ གདུག་སེམས་སྨོན་ལམ་ངན་པ་་་ང་དང་ལི་སྲས་འཕྱོར་བ་ལྕམ་སྲིང་དུ་སྐྱེས་ལ་ཁྱེད་ཀྱི་གཤེད་མར་འགྱུར།་་་བཏབ༔ བྲག་ལ་མཆོང་།་་་གཡང་ལ་ལྷུང་སྟེ་ལྕེབས་པ་ལས༔ གྲོགས་པོ་གཅིག་གིས།་་་དགེ་སློང་སྙན་དུ་དེ་བསྐྱལ་བས༔ རྟ།་་་ཤུགས་ཅན་གསེར་ལྡན་ཞོན་ཏེ་བྲོས༔ གདུག་བསམ་ངན་པས་བཙུན་པ།་་་སྦྱོར་བ་ལོག༔ ཁ་བ་ཅན་གྱི་རི་་་མ་དྲོས་པའི་རྩ་བ།ལ་གཏད༔ རྒྱལ་པོ་་་དྷརྨ་ཤྲཱི།དེ་ཡི་ཡུལ་ཁམས་སུ༔ ཕོ་རིགས་དུག་བཏང་ཞིང་།་་་གསད་ཅིང་མོ་རིགས་སྦྱོར༔ དེ་ནས་ནམ་ཞིག་དུས་ཀྱི་ཚེ༔་་་ལི་སྲས་ལ་གནོད་པ་ཡོང་སྙམ་སྟེ་བྲོས་པས། རྒྱལ་པོའི་དམག་གིས་གྱད་བསྐུལ་ཏེ༔་་་དུ་མས་རི་བཤུ་བྱས། ལི་སྲས་འཕྱོར་བ་་་མཚོན་མང་པོས།གྲི་རུ་བཀྲོངས༔ འཆི་ཁ་ཞེ་སྡང་དྲག་པོ་སྐྱེས་ནས།་་་ལོག་པའི་སེམས་ཀྱིས་སྨོན་ལམ་བཏབ༔ ཤཱཀྱ་ཐུབ་བསྟན་པ་ཁོ་ན་ལ།་་་བསྐལ་པ་འདི་ཡི་ཕྱི་མ་ལ༔ གདུག་པའི་གནོད་སྦྱིན་རྔམ་པར་གྱུར༔ སྐྱེ་འགྲོ་རྒྱལ་པོ་རྗེ་བློན།་་་ཡོངས་ཀྱི་གཤེད་མར་ཤོག༔ དེ་བརྗོད་དེ་ཉིད་སྐད་ཅིག་ལ༔ ནུབ་ཕྱོགས་མཆོང་རི་ཟངས་མཚོ་ལ༔ གདུང་དྲག་དམུ་རྗེ་ལེགས་པ་ལས༔ བཙན་ཐམས་ཅད་ཀྱི་མེས་པོ།་་་བཙན་རྗེ་ཟླ་བ་ཐོད་དཀར་གྱི༔ སྲས་མོ་གནོད་སྦྱིན་གདོང་དམར་མ༔ ཆགས་པས་གདུང་ནས།་་་གདུག་སེམས་དྲག་པོས་ཚོགས་པ་ལས༔ ཁྲག་གི་སྒོ་ང་དམར་པོ་སྐྱེས༔ སྒོ་ང་བརྡོལ་བའི་ནང་ཤེད་ནས༔་་་སྲིན་མཚོ་མེར་བའི་ནང་ཤེད་ན། གདུག་པའི་གནོད་སྦྱིན་རྗེ་བཙན།་་་ཙིའུ་དམར་བྱུང༔ དང་པོ་ཞེ་སྡང་སྨོན་ལམ་གྱིས།་་་ཆགས་སྡང་གདུག་སེམས་ཆེ་བ་ཡིས༔ ལུས་ལ་གདུག་པའི་བཙན་དྲུག་བྱུང༔ མགོ་ལ་ཀཾ་ཀ་ཐོད་ནག་གི།་་་བདུད་བཙན་ནག་པོ་བྱུང༔ རུས་པ་དཀར་ལ་སྐུ་ལྷ་ཞལ་གྱི།་་་ལྷ་བཙན་བྱུང༔ དྲོད་དང་མདངས་ལ་སྒང་དམག་གི།་་་བྲག་བཙན་བྱུང༔ ཁྲག་ལས་མ་ཐོག།་་་གྲི་བཙན་རྩལ་ཐོག་བྱུང༔ ཆུ་སེར་དག་ལ་རཱ་ཙ་གོང་སྔོན་གྱི།་་་ཀླུ་བཙན་བྱུང༔ ཤ་ཡི་རས་རུས་ཉལ་ཉོལ་ལ༔ ཀྱར་རྟགས་ཀྱི།་་་གྲིབ་བཙན་དམར་པོ་དག་ཏུ་བྱུང༔ གྲི་ཐང་དམར་པོར་གནས་བཅས་ནས༔་་་སེམས་ཅན་ཐམས་ཅད་འདི་ཡིས་འདུལ། ལོ་ཀ་ཀུན་ལ་ཁྱབ་པར་རང་རང་གནས། གྲི་ཐང་རྔམས་སུ་ཐམས་ཅད་གསོད༔ སྲིད་གསུམ་སེམས་ཅན་ཐམས་ཅད།་་་ཚེ་སྲོག་ཟས་སུ་ཟ༔ སྲིད་གསུམ་ཕུང་བར་བྱེད་པ་ལ༔ སྔོན་གྱི་ཐུགས་རྗེས་འབྲེལ་བའི་སྟབས༔་་་ཀྱི། དགེ་སློང་སློབ་དཔོན་དེ་སྤྱན་རས་གཟིགས་ཡིན་པས།་་་སྤྱན་རས་གཟིགས་སྤྲུལ་དབང་གི་སྐུ༔ ཁྲོས་པའི་སྡང་མིག་རྔམ་སྒྲ་སྒྲོག༔ དྲེགས་པ་་་རྐྱ་བདུན།འཁོར་བཅས་མདུན་དུ་ལྷགས༔ ཨེ་མ་དཔལ་ཆེན་ལྷ་ཡི་ལྷ༔ བདག་ཅག་འཁོར་དང་བཅས་པ་རྣམས༔ མ་གསད་དཔའ་བོའི་བཀའ་བསྩལ་ཉན༔ རང་རང་གི།་་་སྲོག་གི་སྙིང་པོ་འདི་འབུལ་གྱིས༔ ལས་དང་ཟས་སྐལ་བདག་ལ་སྟོན༔ རཀྴ་རཀྴ་ཅེས་སྲོག་སྙིང་ཕུལ་ལོ༔ ལས་སྐལ་སངས་རྒྱས་བསྟན་པ་བསྲུང་བར་གཏད༔ ཟས་སྐལ་བསྟན་པ་བཤིགས་པའི།་་་ཤ་ཁྲག་སྲོག་དབུགས་བྱིན༔ སྔོན་གྱི་་་དང་པོར་རྒྱལ་པོས་བསད་པའི།ལས་དང་བག་ཆགས་ཀྱིས༔ རྒྱལ་རིགས་ཀུན་གྱི་བདུད་དུ་ཆེ༔ ཡ་བ་རྐྱ་བདུན་ལྕམ་མོ་ནི༔ དང་པོ་ལྷ་ལྕམ་གྱི་སྨོན་ལམ་གྱིས།་་་ལྷ་མོ་སྲིང་མོ་སྤྱན་གཅིག་མ༔ ཞེས་གསུངས་སོ༔ གནོད་སྦྱིན་དམར་པོའི་སྙིང་གི་རྒྱུད་ལས་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཡང་མཁའ་འགྲོ་མས་འདི་སྐད་ཅེས་བསྐུལ་ལོ༔ ཨེ་མ་དཔལ་ཆེན་དབང་གི་སྐུ༔ གདུག་པའི་ཡ་བ་རྐྱ་བདུན་ནི༔ རྣལ་འབྱོར་ཡོངས་ཀྱི་དགྲ་བླ་འདི༔ སྒྲུབ་པའི་རིམ་པ་ཇི་ལྟར་ལགས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ གནོད་སྦྱིན་གདུག་པའི་སྒྲུབ་ཐབས་ལ༔ ལྟ་སྤྱོད་ལྡན་པའི་སྔགས་པ་ཡིས༔ རྟ་མགྲིན་དབང་གི་བསྙེན་པ་བྱ༔ གནས་བསྟན་པ་ནི།་་་བྲག་དམར་བཙན་གདོན་གནས་སུ་རུང༔ གཟའ་་་མིག་དམར་དར་བ།སྐར་དྲག་པོ་ཐ་ཆུང་ལ༔ བཙན་གནས་་་པའི།ས་ལ་མཎྜལ་བྱ༔ བྲུབ་ཁུང་སྟེགས་བུ་ཁྲག་གིས་བྱུག༔ མི་རྟ་གྲིར་ཤིའི་སྙིང་ཁྲག་ལ༔ དྲི་མ་སྦྱར་ལ་ལིང་ག་བྱ༔ གྲི་ཁྲག་གིས།་་་མིང་རུས་ལོ་ཁམས་གནག་པ་ལིངྒའི་ཁོང་པར།་་་གཞུག༔ བཙན་གྱི་བྱད་ཐག་་་བལ་ཚོན་གྱི་སྐུད་པ།དམར་པོས་བཅིང༔ གོང་གསུམ་ས་དམར་་་རྡུལ་ཚོན་གྱིས་བྱུག།བག་ཕྱེ་ལ༔ བཙན་གྱི་རྟ་པ་དམར་པོ་བྱ།་་་འཛིན་དང་མཚོན་གྱིས།་་་གསོད་པའི་ཚུལ་ཅན་ཡིན༔ བཙན་མཁར་དམར་པོ་མཐོ་གང་ལ༔ བཙན་མདའ་དམར་པོ་མདའ་དམར་གཟུགས༔ དར་དམར་ལྤགས་གཤག་སྟག་རས་གདགས༔ རིན་ཆེན་འབྲུ་སྣ་སྨན་སྤོས་རྣམས༔ ཟ་འོག་ཁུག་མར་བླུགས་ལ་གདགས༔ བསེ་འམ་ཟངས་ཀྱི་སྣོད་ནང་དུ༔ བྷེ་དྷེའི་་་དམར་སེར་གྲོ་དམར་དང་ཤ།དམར་སེར་རྡོ་དམར་གྲི་བོ་བྱ།ཁྲག་ལ་བག་ཕྱེ་སྦྱར༔ ལུག་གི།་་་གཟུགས་བྱ་སྙིང་གསུམ་བཟང་དྲུག་བླུག༔ རྒྱ་ཕོར་དམར་པོ་མཚན་ལྡན་་་ཟུར་གསུམ།དུ༔ འབྲུ་སྣའི་ཟན་ལ་རིན་ཆེན་བརྡར༔་་་རིན་པོ་ཆེ་སྣ་ལྔ། བཙན་བཤོས་དམར་པོ་བདུན་བྱས་ལ༔ ཤ་ཁྲག་བསམ་པས་བརྒྱན་པར་བྱ༔ དམར་བསེའི་སྙིང་དང་སོག་པ་ལ༔ མནན་ལིང་།་་་མནན་དང་བསྟབ་ལིང་།་་་བསྟབ་པའི་ལིང་ག་བྱ༔ བསྒྲུབ་པ་མཁར་གྱི་ཡང་ཐོག་ཏུ༔ ཤ་རུ་་་དར་དམར་པོ་བཏགས་པ།ཟང་ཡག་མཚལ་གྱིས་བྱུག༔ གནོད་་་བསྙེན་པ་རང་ནས་ལིངྒ་དགོས་ཏེ་བསྙེན་པ་ནས་སྟོན་པའོ།སྦྱིན་གདུག་པའི་ཕྱི་རྟེན་ཡིན༔ ཞེས་གསུངས་སོ༔ གནོད་སྦྱིན་གྱི་རྒྱལ་པོ་སྤུ་གྲི་དམར་པོའི་སྙིང་རྒྱུད་ལས༔ རྫས་དང་བཅའ་གཞི་བསྟན་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་ཡང་གསང་སྔགས་ཀྱི་རིམ་པ་འདི་གསུངས་སོ༔ ལྷ་བསྙེན་ཡིན།་་་ཨོཾ་པདྨ་ཙན་དྷ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གཙོ་བོ་ཡིན།་་་ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ འཁོར་ལ་སོགས་པའི་བཙན་དམར་ཞེས་བྱའོ།་་་ཤུ་ལ་གྷྲི་བ་ཏྲི་ཤུ་ལ་ཧྲིང་ཧྲིང་ཛཿཛ༔ སྒྲུབ་པ།་་་ཨོཾ་མུག་ཤ་མུག་ཤ༔ ཛ་ཙིཏྟ་ཙིཏྟ་སོད༔ ལྕེབས་འཐིབས་སོད༔ སྙིང་ཁྲག་དུན་དུན༔ བཙན་ཛ་ལ་ཡ༔ སྲོག་ཛ་ལ་ཡ༔ ཤ་ཏྲཱུཾ་སྲོག་ལ་ཡ༔ ཤ་ཏྲཱུཾ་དབུགས་ལ་ཡ༔ མྱུར་ཏྲི་ལ་བྷྱོ་བྷྱོ༔ གསད་པ།་་་ཡ་ཏྲི་ཡ་ཏྲི་ཐུམས་ཐུམས་རྦད༔ ཙ་ཏྲི་ཙ་ཏྲི་རྦད༔ ཙ་ལ་ཡཾ་ཙ་ལ་ཡཾ་རྦད༔ ཛ་ལ་ཡ་ཛ་ལ་ཡ་རྦད༔ ཡཾ་ཡཾ་རཾ་རཾ་ཁཾ་ཁཾ་ལཾ་ལཾཿ ཏྲི་ཡ་ཏྲི་ཡ་ཤ་ལ་ཛ་ཡ༔ སྙིང་ལ་བྷྱོ་ཐུན་བྷྱོ༔ འདི་བླ་འགུགས་པའི་སྔགས་ཡིན་པས་ནངས་ནུབ་སྒྲུབ་སྔགས་ལ་བརྒྱ་བརྒྱ་བཏགས་སོ།་་་ཨོཾ་སྲོག་རུ་ལུ་རུ་ལུ་ཤ༔ བླ་ཤ་བླ་ཤ་ཕཊ༔ བླབས་ཧབས་མུགས་ཡ་རྦད༔ ཨོཾ་ཀཱ་ཡ་བཛྲ་ཙ་ར་ཐང་བཱཀ་བཛྲ་ཙ་ར་ཐང་ཙིཏྟ་བཛྲ་ཙ་ར་ཐང༔་་་འདི་ཕུར་པ་སྤུ་གྲིའི་གནད་གཅོད། ལམ་ལམ་སྲོག་རྩ་ལ་ཁྲག་ཐིབས༔་་་འདི་འབྱུང་བ་ས་ཡི་སྤུ་གྲིའི་གནད་གཅོད། ཆུའི།་་་ཁཾ་ཁཾ་སྙིང་ལ་ཐུམས་རིལ༔ མེའི།་་་རཾ་རཾ་ཤག་རྦད༔ རླུང་གི།་་་ཡཾ་ཡཾ་ནྲྀ་སྲོག་བྲིང་བྲིང་མཱ་ར་ཡ་རྦད༔ ནང་དུ་རྔུབ་ན་རང་སྲོག་ཆད༔ ཕྱིར་དབྱུང་སྲོག་ཆགས་ཡོངས་ལ་གནོད༔ དེ་བས་་་བསྙེན་པ་གཉིས་ནས་བསྒོས་ཏེ།ལིངྒའི་གནས་སུ་བཏབ༔ ཅེས་གསུངས་སོ༔ གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་སྤུ་གྲི་དམར་པོའི་རྒྱུད་ལས༔ སྔགས་ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་པ་དང་སྒྲུབ་པའི་རིམ་པ་དང༔ རྟགས་ཀྱི་རིམ་པ་འདི་གསུངས་སོ༔ རྣལ་འབྱོར་དམ་ཅན་སྒྲུབ་པ་པོས༔ དང་པོར་ལྷ་ཡི་དྲོད་ཐོབ་ནས༔ ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ༔ བདུན་ཚོ་གསུམ་དུ་ཕྱེ་ལ་བཟླ༔ དང་པོ་བསྙེན་པའི་དུས་དག་ཏུ༔ ཉིན་མོ་དབང་ཆེན་ལྷ་བསྙེན་བྱ༔ ནུབ་མོ་བཙན་གྱི་སྲོག་ནས་དྲངས༔ སྐབས་སུ་མཆོད་ལ་ལིངྒ་སྟོབ༔ དེ་ནས་སྒྲུབ་པའི་དུས་དག་ཏུ༔ ཉིན་མོ་བསྙེན་སྒྲུབ་དྲིལ་ལ་བགྲང༔ ནུབ་མོ་སྒྲུབ་པ་རྐྱང་པ་་་ཨོཾ་མུག་ཤ་མུག་ཤ།ལ༔ བླ་སྔགས་་་ཨོཾ་སྲོག་རུ་ལུ།བཏགས་ལ་དགུག་པར་བྱ༔ གསད་ལ་་་བསྙེན་སྒྲུབ་གསད་པ་གསུམ།ཉིན་བདུན་དྲིལ་ལ་བགྲང༔ ནུབ་ཀྱང་འབྱུང་བའི་ཨོཾ་ཀཱ་ཡ་བཛྲ་སོགས།་་་གནད་གཅོད་གསད་པ་ལ་ཐུན་གྱི།་་་བཟླ༔ རྫོགས་ནས་ཐུན་ཁྲག་ཟོར་དུ་འཕང༔ བཙན་གཟུགས་ལིངྒ་གོང་གསུམ་་་མི་མི་འགྲིམ་པའི་ས་རུ།བསྐྱལ༔ དེ་ནས་རྟགས་ཀྱི་རིམ་པ་ལ༔ ཞང་བློན་བཙད་པོ་་་རྗེའུ།སྐྱེས་པ་དང༔ རྟ་པ་བསེ་ཕུབ་སིལ་ཁྲོག་སྒྲ༔ བྲག་དམར་རྩེར་ཕྱིན་ཉི་ཟླ་་་དམར་པོ།ཤར༔ སྤྱང་ཀི་སྔོན་པོ་འགྲིམ་པ་རྣམས༔ ལྷ་ཡི་རྟགས་སུ་ཤེས་པར་བྱ༔ དམག་འདྲེན་གཅན་གཟན་རི་ཐག་འགྲིམ༔ དགྲ་ཡི་མཁར་བཤིགས་ཁོ་རང་གིས།་་་བཙོན་་་དུ་ལྷུངས་བ།བཟུང་དང༔ གོས་དང་རྒྱན་ཕྲོགས་སྲོག་ཆགས་བསད༔ དགྲ་ཡི་རྟགས་སུ་ཤེས་པར་བྱ༔ འོད་དང་སྒྲ་དང་གཡོ་བ་་་འགུལ་བ།དང༔ སྒོ་བརྡུང་ཁང་པ་ཚེག་པ་དང༔ ལིངྒ་འགུལ་དང་འབྲོས་པ་དང༔ རྟའི།་་་སྲབ་སྒྲ་རྨིག་སྒྲ་བཤུགས་པ་འོང༔ ནང་རྟགས་ཡིན་པར་ཤེས་པར་བྱ༔ རང་ལ་མཚོན་བསྣུན་ཁྱི་སྤྱང་རྨུགས༔ ལྡོག་རྟགས་ཡིན་པས་བསྙེན་པ་བཟླ༔ ཞེས་གསུངས་སོ༔ གནོད་སྦྱིན་གྱི་རྒྱལ་པོ་སྤུ་གྲི་དམར་པོའི་སྙིང་གི་རྒྱུད་ལས་བསྙེན་སྒྲུབ་རྟགས་དང་རིམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཡང་དག་ངེས་བཤད་པ༔ གནོད་སྦྱིན་རང་ལ་ལྡོག་པ་ན༔ རས་སམ་གྲོ་ག་ཤོག་བུ་ལ༔ མཚལ་དང་རྒྱ་སྐྱེགས་དུག་ཁྲག་གིས༔ འཁོར་ལོ་རིམ་གསུམ་རྩིབས་བརྒྱད་བྲི༔ ལྟེ་བར་འབྲུ་ལྔ་་་ཨོཾ་ཏྲི་ཧཱུྃ་ཕཊ་ཕཊཿགོ་ཆར་ལྡན༔ རྩིབས་ལ་གཏུམ་པོའི་ཡི་གེ་བརྒྱད༔་་་ཨོཾ་པདྨ་ཙཎྜ་མ་ཧཱ་ཀྲོ་དྷ། ཐ་མ་སྐུ་གསུམ་གོ་ཆ་་་བཛྲ་ཙ་ར་ཐང་།དང༔ དམ་ཚིག་གནད་ཀྱི་སྙིང་པོ་བྲི༔ སེང་ལྡེང་ཕུར་པ་རྟ་མགྲིན་་་གྱི།སྔགས༔་་་བྲིས་ལ། དར་དམར་དྲིལ་ལ་ལུས་ལ་བཅང༔ དེས་ཀྱང་ཐེབས་པར་མ་གྱུར་ན༔ གནད་ཀྱི་ཡི་གེ་་་གཉེན་པོའི་ཡི་གེ།མགོ་མཇུག་ལྡོག༔ ལྟ་བས།་་་བཙན་བདུད་རོལ་པ་རྐྱ་བདུན་ཡང༔ རང་ལས་བྱུང་བའི་སྤྲུལ་པར་སྣང༔་་་ལོག་ན་མེད་པར་ཤེས་པར་བྱ། གཉིས་མེད་དོན་དམ་གཅིག་ཏུ་རྫོགས༔ རང་གི་སེམས་སུ་ཤེས་པར་བྱ༔ སྤྱོད་དང་དམ་ཚིག་རིམ་པ་ནི༔ རྫུ་འཕྲུལ་ཤུགས་་་རྟ་དམར་དང་ཤུལ་ཆགས་རྐྱང་ཤ།ཀྱི་མཱཾ་ས་སྤང༔ སྔོན་བཙུན་པ་བསད་པའི།་་་གོ་ལོག་གཙོ་བོ་མི་བགོ་སྟེ༔ དྲེད་སྟག་སྟན་དུ་མི་འདིང་་་ཡུགས་ས་མོ་དང་བུ་སྲིང་ལ་ཆགས་པ་སྤང་།ངོ༔ རྣོ་དབལ་སྔགས་ཀྱི་ངར་་་མཚོན་ཆ་མི་འགོང་།མི་གསད༔ རང་གིས་ཞེ་སྡང་ལམ་་་བཙན་གནོད་པའི་སར་བཙན་ཐག་མི་བཅད།མི་དགག༔ གཡུ་ཡི་ཚེ་ལོང་མདའ་་་ཅེ་སྤྱང་མི་གསད།མི་བཅག༔ བརྡ་ཡི་སོལ་བ་རླུང་མི་བསྐུར༔་་་བྱ་རོག་མི་འདེད། ན་བུན་རླངས་པ་་་ཐབ་མི་བཏང་།སྔོ་མི་གཏང༔ ཁས་བླངས་དུས་ལས་ཡོལ་མི་བྱ༔ རྟ་མེད་ན་ནི་བཀོལ་མི་བཏུབ༔་་་རང་གི་སེམས་སུ་ཤེས་དགོས། དམ་ཚིག་མི་བསྲུང་བྱིན་རླབས་རྡུགས༔ ལྷ་བསྙེན་མ་བྱས་རང་ལ་ལྡོག༔ ཅེས་གསུངས་སོ༔ གནོད་སྦྱིན་གྱི་རྒྱལ་པོ་ལྷ་བཙན་བཤན་པ་སྤུ་གྲི་དམར་པོ་སྙིང་གི་འཁོར་ལོའི་རྒྱུད་ལས༔ ལྟ་སྤྱོད་གནད་ཀྱི་ལེའུ་སྟེ་དྲུག་པའོ༔ དེ་ནས་རྒྱུད་གཏད་པ་འདི་གསུངས་སོ༔ རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་མ༔ འཇིག་རྟེན་དྲེགས་པའི་ལྷ་སྲིན་རྣམས༔ ང་ཡི་འཁོར་དུ་འདུས་པ་རྣམས༔ ལྟ་བ།་་་སྣང་སྟོང་སྒྱུ་མ་ལྷབ་ལྷུབ་ལ༔ མ་རིག་དྲེགས་པའི་རྟོག་པས་བསྒྲིབས༔ ཆགས་སྡང་་་ལྔ་པོ།རང་གར་ཤོར་པ་ཡི༔ གདུག་པ་གནོད་སྦྱིན་རྐྱ་བདུན་འདི༔ བསྟན་པ་བསྲུང་ཕྱིར་བསྒྲུབ་འདོད་ན༔ ལྟ་བའི་གདིང་སྟོབས་ལྡན་པ་ཡིས༔ སྙིང་རྗེ་རབ་ཏུ་སྤོངས་ལ་སྒྲུབས༔ སྤོང་ལེན་བྱས་ན་་་བསྒྲུབས་ནས་བོར་ན།རང་སྲོག་ཆད༔ སྒྲུབ་དུས་སུ་ཉ་སྟོང་ལ་བཤོས་བུ་བསྔོ།་་་མཆོད་པ་ཡོལ་ན་གོད་ཁ་གཏོང༔ ལིངྒ་མ་བཅས་པར།་་་འབེན་མེད་མདའ་འཕང་འཁོར་ལ་གནོད༔ གསང་རྒྱུད་བསྟན་པའི་སྲུང་མར་ལོངས༔ ངེས་ཚིག།་་་གནོད་པ་སྦྱིན་པར་མཆོད་པ་ཡིན༔ རང་ལ་་་སྟོངས་གྲོགས།ལེགས་པར་སྟེར་བས་ལྷ༔ སྟོང་ཕྲག་མྱུར་མགྱོགས་ལྡན་པས་བཙན༔ ཚེ་སྲོག་ལེན་པའི་བཤན་པ་ཡིན༔ ཀུན་ཚང་འབྲེལ་བས་རྒྱུད་ཅེས་བྱ༔ གར་བབས་གཅོད་པས་སྤུ་གྲི་སྟེ༔ གསད་ལས་བསྟན་པས་དམར་པོ་ལ༔ རབ་ཏུ་གནག་པས་སྙིང་ཞེས་བྱ༔ བསྟན་སྲུང་བཀའ་ཡི་འཁོར་འདི་ལ༔ འཁོར་དུ་འདུས་པ་ཁྱེད་ལ་གཏད༔ གསུངས་པ་ལས་འཁོར་ཐམས་ཅད་ཀྱིས་བསྐོར་བ་ལན་དུ་མར་བྱས་ཏེ་བསྟོད་པ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་མཆོག་པདྨའི་གདུང༔ གང་ལས་སྤྲུལ་ན།་་་ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔་་་རྣམ་པ་བཞི། སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་པའི་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ནས་ཀུན་གྱི་དགོངས་པ་ཆོས་ཉིད་ལ་གནས་སོ༔ རྒྱུད་ཀྱི་དངོས་པོ་འདི་ཉིད་ལ༔ མཁའ་འགྲོ་མའི་འཕྲུལ་གྱི་ཡི་གེ་ལ་བཏབ་སྟེ་བསྟན་པའི་སྲུང་མར་དམོད་བོར་ནས༔ དྲེགས་པ་རྐྱ་བདུན་རང་གི་གནས་སུ་གཏད་དོ༔ གནོད་སྦྱིན་ལྷ་བཙན་བཤན་པ་སྤུ་གྲི་དམར་པོ་སྙིང་གི་འཁོར་ལོའི་རྒྱུད་ལས༔ གཏད་པའི་ལེའུ་སྟེ་བདུན་པའོ༔ གནོད་སྦྱིན་གྱི་རྒྱལ་པོ་ཙིའུ་དམར་་་དོན་དུ་ན་གསང་མཚན་ཡིན་ནོ།གྱི་རྒྱུད་བཙན་རོལ་པ་རྐྱ་བདུན་གྱི་རྟོག་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེ་བཙུན་མངའ་རིས་པཎ་ཆེན་གྱིས་གཏེར་ནས་སྤྱན་དྲངས་པའོ། །དགེའོ།། ྈྈྈ ༄༅། །བཙན་ཡ་བ་རྐྱ་བདུན་གྱི་ཁྱི་འགྱེད་བཞུགས་སོ།། ྈྈྈ བྷྱོ། ཁྱི་མོ་དུང་མདོག་མཚལ་མིག་མ། ཁ་ནས་གཟའ་ཡི་དུག་རླངས་གཏོང་། །མི་ཤ་ཁྲག་གི་དྲི་ཚོར་རྒྱུག །ཐོ་རངས་དགྲ་བོའི་དབུགས་ལེན་མ། །དགྲ་བོའི་སྲོག་དབུགས་ཧུབ་ཀྱིས་འདེབས། །ལྷ་བཙན་དཀར་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་ལ་སྨྱོ་འབོག་ཐོངས། །གློག་ལྕམ་འབར་བའི་དུས་ལ་བབ། །བྷྱོ། ཁྱི་མོ་དམར་མོ་མཚལ་མིག་མ། ཁ་གདངས་ཟངས་ཀྱི་མཆེ་བ་གཙིགས། ཁ་ནས་ནད་ཀྱི་ན་བུན་འཚུབས། །དགྲ་བོའི་སྔོན་བསུ་དབུགས་ལེན་མ། །ཉམས་པའི་ཀླད་ཁྲག་དྲོན་མོ་འཐུང་། །བྲག་བཙན་དམར་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་བོའི་ཀླད་པ་ཐུངས། །ཟངས་སྤྱང་དམར་པོའི་དུས་ལ་བབ། །བྷྱོ། ཁྱི་མོ་དམར་ནག་ཁྲག་མིག་མ། །དུག་གི་ཁ་རླངས་སྤྲིན་ལྟར་གཏིབས། །ལྕགས་ཀྱི་མཆེ་སྡེར་མཚོན་ལྟར་གཟིངས། །ནམ་ཕྱེད་དགྲ་བོའི་བླ་ཚེ་རྐུ །དམ་ཉམས་བླ་ཚེ་ཧུབ་ཀྱིས་འདེབས། །ཀླུ་བཙན་དམར་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །ཁྲག་གི་སྤྱང་མོ་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་བོའི་སྲོག་རྩ་ཆོད། ཁྲག་སྤྱང་དམར་པོའི་དུས་ལ་བབ། །བྷྱོ། ཁྱི་མོ་དམར་མོ་མཐིང་མིག་མ། ཁ་གདངས་མཆེ་གཙིགས་ཁྲག་དྲོན་སྐྱུག །ཁྲག་གི་དྲི་ཚོར་དཔག་ཚད་དུ། །དགྲ་བོའི་རྗེས་གཅོད་དབུགས་ལེན་མ། །སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འདེབས། །གྲི་བཙན་དམར་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །ཁྲག་འཛག་དམར་མོ་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་ཁྲག་དྲོན་མོ་ཐུངས། །དམར་མོ་ཁྲག་འཛག་དུས་ལ་བབ། །བྷྱོ། ཁྱི་མོ་ནག་མོ་གཟི་མིག་མ། ཁ་གདངས་འོ་དོད་ཕྱོགས་བཅུར་འབོད། །ནད་ཀྱི་རྐྱལ་པ་མགུལ་དུ་ཐོགས། །སྲོད་ལ་དགྲ་བོའི་དབུགས་ལེན་མ། །དམ་ཉམས་དགྲ་ལ་རིམས་ནད་གཏོང་། །བདུད་བཙན་ནག་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །ལྕགས་སྤྱང་ཆེན་མོ་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་ལ་རིམས་ནད་ཐོངས། །ལྕགས་སྤྱང་འབར་བའི་དུས་ལ་བབ། །བྷྱོ། ཁྱི་མོ་དམར་མོ་གཟི་མིག་མ། ཁ་གདངས་མཆེ་གཙིགས་ཁྲག་དྲི་སྣོམ། ཁྲག་གི་རལ་པ་སྤྲིན་ལྟར་གཏིབས། །དགྲ་བོའི་གཉའ་གཅོད་དབུགས་ལེན་མ། །ཉམས་པའི་སྙིང་ཁྲག་ཧུབ་ཀྱིས་འདེབས། །གྲིབ་བཙན་དམར་པོའི་རྗེས་འབྲང་མ། །རྒྱུགས་ཤིག་རྒྱུགས་ཤིག་ད་རྒྱུགས་ཤིག །འབར་མ་ཆེན་མོ་ད་རྒྱུགས་ཤིག །ཕྱོ་ཕྱོ་དགྲ་བོའི་སྙིང་ལ་འཇུས། །དམར་མོ་འབར་བའི་དུས་ལ་བབ། །ཕྱོ་ཕྱོ་ཕྱོ་ཕྱོ་ཕྱོ་ཕྱོ། ཞེས་ཉི་ཤུ་རྩ་གཅིག་བརྗོད། ཤུ་བྷཾ། ༈ འཁོར་ལོ་བྲི་བ་སྐོར་ལུགས་དཔེ་བྲིས་འདི་ག་ལྟར་ལ། ལྟེ་བའི་ཙ་ར་ཐང་གི་ཤམ་དུ་ས་མ་ཡ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ། གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ་ཁྱོད་ཀྱིས་སློབ་དཔོན་པདྨའི་བཀའ་ལས་མ་འདའ་བར་རྟེན་འདིར་བརྟན་པར་བཞུགས་ནས་བདག་རྣལ་འབྱོར་པའི་འདི་ཕྱི་ཐམས་ཅད་ཀྱི་ལེགས་ཚོགས་ཐམས་ཅད་ཁྱོད་ཀྱིས་སྒྲུབས་ཤིག །ཕྱི་ནང་གསང་བའི་རྟེན་འབྲེལ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་སྒྲིགས་ཤིག །འགལ་རྐྱེན་སོལ་ཅིག །མཐུན་རྐྱེན་སྒྲུབས་ཤིག །སྡང་བའི་དགྲ་ལ་མཐུ་མ་ཆུང་། གནོད་པའི་བགེགས་ལ་རྩལ་མ་ཞན། ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ཤིག །ཅེས་པ་དང་། རྩིབས་མཆན་ལ། གནོད་སྦྱིན་ཆེན་པོ་སློབ་དཔོན་པདྨའི་བཀའ་ལ་མ་འདའ་ཞིག །ཅེས་པ་དང་། མུ་ཁྱུད་ལ། ཛ་ཛཿའི་ཤམ་དུ་ཀཱ་ཡ་བཛྲ་ཙ་ར་ཐང་སོགས་ལྟེ་བར་བྲིས་པའི་སྔགས་སྤེལ་ཚིག་དང་བཅས་པ་བྲི། ཡི་གེ་རྫོང་གང་ངམ་དང་མ་ཁེངས་པ་རྣམས་སྟོང་པར་འཇོག་གནང་ཆོག །ཤུ་བྷཾ། གནོད་སྦྱིན་ཆེན་པོ་ཕྱི་གསོལ་ཀ་ལ་བསྟེན་ཏེ་སྒྲུབ་པ་བཞུགསོ༔ སྱ་མྱ་ཡྱ༔ ༄༅། །ྈྈྈ དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་རོལ་པ་རྐྱ་མདུན་གྱིས་རང་གི་སྲོག་སྙིང་མདོངས་གསོལ་དུ་ཕུལ་ཏེ༔ ཕྱི་གསོལ་ཀ་ལ་བརྟེན་ནས་དམ་ཅན་སྤྲིན་ལྟར་འདུ་བ་དང༔ ནང་སྦ་ལྕག་ལ་བརྟེན་ནས་དམ་ཅན་ཁྱི་ལྟར་འབྲེང་བ་དང༔ གསང་བ་བླ་རྡོ་སྲོག་འཁོར་ལ་བརྟེན་ནས་དམ་ཅན་ཕྲུ་ལྟར་ཆགས་པ་དང༔ དེ་ཁོ་ན་ཉིད་མདུང་ཞགས་དམར་པོ་ལ་བརྟེན་ནས་དགྲ་བགེགས་ཆམ་ལ་འབེབ་པ་དང༔ ཤོག་དྲིལ་བཞི་ཡོད་པ་ནི༔ ཟབ་མོ་སྙིང་གི་དུམ་བུའོ༔ དང་པོ་གསོལ་ཀ་ལ་བརྟེན་པ་ནི༔ གསེར་སྐྱེམས་གཡུ་སྐྱེམས་གཙང་མ་དང༔ བཤོས་གཙང་ལྡེམ་པ་ལ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཏེ༔ དྲེགས་པ་སྤྱན་དྲངས་ཤིང་མཆོད་ན་ལས་ཐམས་ཅད་ཅི་དགོས་པ་འགྲུབ་ཅིང༔ ལྷ་དང་འཁོན་ཡུགས་བྱུང་ན་ཡང་དག་ཅིང༔ སྙིང་ཉེ་བར་འགྱུར་རོ༔ ཐུན་མོང་དུ་སྒྲུབ་པ་ལ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གཉིས་པ་ནི་སྦ་ལྕག་ཚིགས་གསུམ་པའམ༔ བདུན་པ་བསྐྱེད་པར་དར་དམར་པོའམ༔ གྲོ་ག་དམར་པོ་ལ་ཙན་དན་དམར་པོའི་ཆུས་བྱུགས་ཏེ༔ སྐྱེས་པ་དར་མ་གྲིར་ཤི་བའི་ཁྲག་གིས་སྲོག་འཁོར་ལེགས་པར་བྲིས་ཏེ༔ རྡོ་ཕ་ཝཾ་ལོང་བུ་ལ་མཚལ་གྱིས་ཏྲི་བྲིས་པ་དང་བཅས་པ་གཤོང་ནང་དུ་བཅུག་ཅིང༔ ལ་ཆས་སྒོ་དམ་དུ་བསྡམས་ལ༔ དར་སྣ་ལྔའི་ལྕག་འབྲས་ཟངས་ཀྱི་ཨ་ལུང་ལ་གདགས་ཤིང༔ དེ་ཉིད་སྔས་སུ་བཙུགས་ཏེ་གནོད་སྦྱིན་སྤྱན་དྲངས་ལ་ཡང་ཡང་དུ་བསྟིམས་ལ༔ ཕུད་དང་མཆོད་གཏོར་བྱས་ཏེ༔ གང་འགྲོར་བཅངས་ན་དམ་ཅན་ཁྱི་ལྟར་འབྲང་ཞིང་ལས་གང་བཅོལ་བ་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ༔ ཞེས་རང་གི་སྲོག་སྙིང་དུ་གདམས་པའི་ལས་རིམ་གཉིས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གསུམ་པ་ནི།་་་དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ༔ གསང་བ་བླ་རྡོ་ལ་བརྟེན་ནས་དམ་ཅན་ཕྲུ་ལྟར་ཆགས་པའི་གནད་ནི༔ རང་གི་སྒྲུབ་ཁང་གི་ནུབ་ཕྱོགས་སུ༔ བཙན་གནས་པའི་ས་ནས་བླངས་པའི་ས་དམར་པོ་དང༔ ཆུ་མིག་ཁ་ལྷོར་བསྟན་པ་མདོག་དམར་བའི་ཆུས་འཇིམ་པ་སྦྲུས་ཏེ༔ རིན་ཆེན་སྣ་ལྔའི་ཕྱེ་མ་དང་སྤོས་དྲི་ཞིམ་པོ་བཏབ་ཅིང༔ ཤུག་པའམ་སྐྱེར་པའི་སྲོག་ཤིང་ལ་བརྟེན་པའི་བཙན་མཁར་མདའ་གང་བ་རྩེ་ལ་རུ་མཚོན་དམར་པོ་དང་བཅས་པའི་སྲོག་ཤིང་ལ་གསང་རྒྱུད་ལྟར་གྱི་བླ་རྡོ་སྔགས་འཁོར་དར་དམར་རམ་གྲོ་ག་དམར་པོ་ལ་གྲི་ཁྲག་དང་མཚལ་དང་ཙན་དན་དམར་པོའི་ཆུས་སྦྱར་ལ་བྲི༔ ཕ་ཝཾ་ལོང་བུ་དང་གསེར་ས་བྱུང་མའི་ཐིགས་པོ་དང༔ གཡུ་མིག་མེད་པ་རྣམས་ལ་མཚལ་གྱིས་ཏྲི་བདུན་བྲིས་པ་དར་སྣས་དྲིལ་ལ་སྦ༔ དེ་ལ་དམ་ཅན་དགུག་གཞུག་མཆོད་པ་བྱས་ཏེ་སྲོག་སྙིང་མང་དུ་བཟླ་ཞིང་རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ཏེ༔ བསྒྲུབས་ན་ཁྱི་ཕྲུ་མ་ལ་ཆགས་པ་ལྟར་རྟག་ཏུ་ཕོ་བྲང་གཙུག་ལག་ཁང་དང༔ ཡུལ་ཕྱོགས་སྐྱོང་བར་བྱེད་དོ༔ ཞེས་རང་དམ་སྲོག་གི་སྙིང་པོ་ཕུལ་བ་མན་ངག་གི་གནད་ཀྱི་ལས་རིམ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཞི་པ་ནི།་་་དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ༔ མདུང་ཞགས་དམར་པོ་ལ་བརྟེན་ནས་དམ་ཉམས་དགྲ་བགེགས་ཆམ་ལ་འབེབ་པའི་ཐབས་ནི༔ བྲག་དམར་པོ་ལ་སྐྱེས་པའི་སྨྱུག་མའམ་ཐང་ཤིང་ངམ༔ སྦ་ལྕག་འདོམ་གང་བ་གཅིག་ལ་གྲི་ལྕགས་ཀྱི་མདེའུ་དང་མཇུག་མདེ་བཅས་ལ༔ ཟངས་མའི་གཟེར་གྱིས་བསྡམས་ཏེ་གྲི་ཁྲག་དང་མཚལ་གྱིས་དམར་པོར་བྱས་ལ༔ སྤྲ་རྩི་བཟང་པོ་གདབ༔ དེའི་ནང་དུ་སྲོག་སྔགས་རྒྱུད་ལས་བྱུང་བ་གྲི་ཁྲག་དང་མཚལ་གྱིས་བྲིས་ལ༔ བདག་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་མཛད་དུ་གསོལ༔ བདག་ལ་སྡང་བའི་དགྲ་བོ་ཆམ་ལ་ཕོབ་ཅིག༔ ས་མ་ཡ༔ ཞེས་པ་དང༔ མདུང་གི་སྟོད་དུ་དཔལ་རྟ་མགྲིན་གྱི་སྔགས་དང༔ མདུང་སྨད་དུ་འབོད་རྦད་གསད་གསུམ་དང༔ མདུང་ལྕགས་ཀྱི་ནང་དུ་རྡོ་ཕ་ཝཾ་གི་ལོགས་ལ་ཏྲི་བྲིས་པ་དང་བླ་རྡོའི་འཁོར་ལོ་དྲིལ་ལ་མི་ལྤགས་ཀྱིས་གཏུམས་པ་ལ༔ དར་དམར་པོའི་བ་དན་ལ་སྲོག་འཁོར་བྲིས་ཏེ༔ དེའི་སྟེང་དུ་རྟ་མགྲིན་གྱི་སྐུ་དང་འོག་ཏུ་དམ་ཅན་གྱི་སྐུ་སྡེ་བརྒྱད་ཀྱིས་བསྐོར་བ་ལ༔ མངའ་གསོལ་གྲུབ་པ་ཐོབ་པའམ༔ དཔལ་རྟ་མགྲིན་གྱི་བསྙེན་པ་བྱེ་བ་ཐེམས་པ་གཅིག་གིས་བྱས་ཏེ༔ དེ་དང་དཔའ་བོ་གཡུལ་དུ་ཤི་བའི་སྐྲ་ལས་བྱས་པའི་ཞགས་པ་ཁྲག་དང་མཚལ་གྱིས་བྱུག་པ་ལ༔ རབ་གནས་ལྷན་ཅིག་ཏུ་བྱས་ཏེ་སྐོང་གསོལ་འབད་ཅིང་གར་འདུག་གི་སར་ཁྱེར་ན༔ གཡུལ་ཐམས་ཅད་ལས་རྒྱལ་བར་འགྱུར་ཞིང༔ ཕས་རྒོལ་གྱི་སྡེ་ཕམ་པར་བྱེད་དོ༔ འདི་ནི་ཤིན་ཏུ་གསང་སྟེ༔ ཨུ་རྒྱན་པདྨའི་བསྟན་པ་ཚུལ་བཞིན་དུ་སྐྱོང་བ་དང༔ ཁྲི་སྲོང་ལྡེའུ་བཙན་གྱི་རྗེ་རིགས་མ་ཡིན་པ་གང་གི་ལག་ཏུ་ཡང་གཏད་པར་མི་བྱ་སྟེ༔ སླར་རང་ལ་བཟློག་པར་འགྱུར་བའི་ཕྱིར་རོ༔ གལ་ཏེ་གཞན་གྱིས་བསྟེན་ན་ཡང༔ གནས་སྐབས་སུ་བུ་ནོར་འཕེལ་བར་བྱེད་ཀྱང༔ མཐར་འཐབ་གྲི་སོགས་སུ་ཕུང་ཐལ་དུ་འགྲོ་བར་འགྱུར་བས་གསང་བར་བྱའོ༔ ཤོག་དྲིལ་འདི་ནི་ཨོ་རྒྱན་བདག་གིས་རྒྱལ་པོའི་གདུང་རྒྱུད་སྐྱོབ་པར་བྱ་བའི་ཕྱིར༔ བསེའི་ལས་རིམ་དུ་བཅུག་སྟེ༔ དཔལ་རྟ་མགྲིན་གྱི་བཀའ་སྲུང་དུ༔ བསམ་ཡས་མཆིམས་ཕུའི་ལྷ་ཁང་གི་རྣམ་པར་སྣང་མཛད་ཀྱི་སྤྱན་ལ་སྦས་པའོ༔ དུས་ཀྱི་ཐ་མ་ལ་ཆོས་རྒྱལ་དམངས་སུ་འབེབ་པའི་དུས་གཅིག་འབྱུང་གིས༔ དེའི་དུས་སུ་གནོད་སྦྱིན་གྱི་དྲེགས་པ་སྡེ་བརྒྱད་ཀྱིས་མངོན་སུམ་དུ་ཕྱུང་སྟེ༔ པདྨ་རིགས་ཀྱི་རིག་འཛིན་མདོག་དམར་ཞིང་རྟ་སྐད་སྨྲ་བ༔ གཏུམ་སྐད་སྒྲོག་པ༔ མ་ངེས་པའི་རྣམ་འགྱུར་བྱེད་པ༔ པདྨ་བདག་གི་ཐུགས་རྗེའི་ཡེ་ཤེས་ལས་གྲུབ་པ་གཅིག་གིས་ལོན་པར་འགྱུར་རོ༔ དེ་ལྟར་ཚུལ་བཞིན་བསྒྲུབས་ན་ཆོས་རྒྱལ་འཁོར་བཅས་སྲུང་ཞིང༔ གཙུག་ལག་ཉམས་པ་སོས་པར་འགྱུར་རོ༔ ཞེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ ངན་ལམ་རྒྱལ་བ་མཆོག་དབྱངས་གཉིས་ལ་དུས་མཚུངས་པར་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྡེ་བརྒྱད་དྲེགས་པའི་གཉན་རྒྱར་གདབ་བོ༔ འདི་ནི་གནོད་སྦྱིན་གྱིས་མཆིམས་ཕུ་རྟ་མགྲིན་ཕུག་པའི་ནང་དུ་རྟ་མགྲིན་བསྒྲུབས་དུས་དངོས་སུ་བྱིན་པ། གླང་ལོ་ཐུག་པར་གསང་རྒྱར་སྦས་པ། གླང་ལོ་ཟླ་བ་ལྔ་པའི་ཉི་ཤུ་དགུའི་སྲོད་ཆེན་ནས་ནམ་ཕྱེད་བར་དུ། བསམ་ཡས་བུ་ཚལ་གྱི་སྒོ་སྤེ་ཤར་དུ་སྐུ་དངོས་སུ་བསྟན་ནས་མི་བཞིན་སྨྲས་ཏེ། བྲི་བར་གནང་བ་བཞིན་ཟླ་བ་དྲུག་པའི་ཚེས་གཅིག་ལ་བརྟགས་པར་བྱས་ཏེ། གཉིས་པ་ལ་ཁོ་རང་གི་ལུང་བཞིན་བྲིས་པ་ཡིད་ཆེས་ཀྱི་གནས་སུ་རིག་གོ །གསང་བར་བྱའོ། །མངའ་རིས་པཎ་ཆེན་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་གྱིས་གཏེར་ནས་སྤྱན་དྲངས་པའོ།། ྈྈྈྈྈ ༈ གནོད་སྦྱིན་གྱི་གསོལ་ཀའི་ྈྈྈསྒྲུབ་ཐབས་བཞུགས་སོ༔ ༄༅། །ྈྈྈྈྈྈྈ ཧྲཱིཿཔདྨ་ཙཎྜ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཆོད་གཏོར་ལེགས་པར་བཤམས་ལ༔ བྱིན་གྱིས་བརླབས་ཏེ༔ རོལ་པ་རྐྱ་བདུན་གྱི་ལས་བྱང་ནི༔ དྲེགས་པ་རང་རྒྱུད་པ་ཡིན་ཏེ༔ བསྐྱེད་མི་དགོས་ལ༔ བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ་སོ་སོའི་གནས་ནས་སྤྱན་དྲང་བ་ནི༔ སྤོས་དང་ཕྱེ་མར་བསྲེག་ཅིང་དར་དམར་པོས་གཡབ་ལ༔ གདུང་བའི་ང་རོས་འབོད་པ་ནི༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་གཤེགས་ཚུར་བྱོན་གནས་འདིར་སྤྱོན༔ ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛཿཛ༔ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ཤུ་ལ་ཏྲི་ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ སྐྱེས་བུ་རོལ་པ་རྐྱ་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པའི༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧོ༔ ཀྱཻ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱོད་ལ་དགྱེས་པའི་དམ་རྫས་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྡོང་ཟླའི་ཐུགསྎ དཀོར་སྲུང་དམ་ལྡན་ཐུགསྎ ལས་བཞིའི་ཕོ་ཉའི་ཐུགས་དམ་བསྐང༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་ཤན་པ་རོལ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི༔ བྷྱོ༔ ཆེ་བཙན་བདག་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་ལ༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་བདུད་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་བཀྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་ཅན༔ ཡལ་ཡོལ་བྲི་གང་མ་མཛད་ཅིག༔ ངོ་གཟུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་ཕུད་གཙང་ཕྱོགས་སུ་འཐོར་ཞིང་བསྐུལ་བར་བྱའོ༔ བྲག་བཙན་མཆེད་བདུན་གྱི་གསོལ་ཁའི་ལས་བྱང་པདྨ་ཐོད་ཕྲེང་རྩལ་གྱིས་མཛད་པ༔ ས་མ་ཡཱ༔ པདྨ་དབང་ཆེན་གྱི་བཀའ་སྲུང་ངོ༔ ཁ་ཐཾ༔ པདྨ་རྒྱལ་པོ་རོལ་པ་རྩལ་གྱིས་མཆིམས་ཕུ་བྷེ་ཚའི་གླིང་ནས་གདན་དྲངས་པའོ།། ༄༅། །གནོད་སྦྱིན་བསྐུལ་དང་ྈྈྈལོ་རྒྱུས་བཞུགས་སོ༔ བྷྱོ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་བྲག་གནམ་དུ་ཟངས་སེ་ཟང༔ རྩེ་ལ་རྒོད་སྨུག་ལིངས་སེ་ལིང༔ ལོགས་ལ་བཙན་རྐྱ་ཤ་ར་ར༔ རྐེད་ནས་སྤྱང་ཟན་ངུ་ཞིང་ཟུག༔ རྩ་བར་དུག་ཆུ་ཟུ་ལུ་ལུ༔ ཟངས་བྲག་དམར་པོའི་ནང་ཤེད་ན༔ ཁྲག་མཚོ་ཁོལ་མ་མེ་རེ་རེ༔ བསེ་མཁར་སྨུག་པོ་ལྡེམས་སེ་ལྡེམ༔ ཟངས་ཀྱི་སྒོ་ལྕགས་ཁྲིགས་སེ་ཁྲིག༔ འཇིགས་པའི་བཙན་མཁར་ནང་ཤེད་ན༔ ཀླུ་བཙན་ཚོགས་པའི་རོལ་པ་ནི༔ སྐུ་མདོག་དམར་ལྗང་བརྗིད་པ་ལ༔ རལ་པ་དམར་པོ་མེ་འོད་འཁྲིགས༔ སྤྱན་ནས་མེ་ཡི་སྐར་མདའ་འཁྲུགས༔ ཞལ་ནས་ཁྲག་གི་སེར་ཆེན་འབེབ༔ སྐུ་ལ་དར་དམར་བེར་ཆེན་གསོལ༔ ཟ་འོག་སྔོ་ཁྲའི་གོང་ལག་ཅན༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ རིན་ཆེན་གསེར་གྱི་སྐ་རགས་ཅན༔ ཆིབས་སུ་སྔོན་པོ་སྒབ་ནག་འཆིབ༔ དར་སྟན་དམར་པོ་ལྷུབས་སེ་ལྷུབ༔ རྟ་སྒ་ཁྲ་བོ་ཝངས་སེ་ཝང༔ དངུལ་གྱི་གོང་ཐག་ཁྱུགས་སེ་ཁྱུག༔ ཟངས་ཀྱི་ཡོབ་ཆེན་ཁྲོ་ལོ་ལོ༔ གསེར་སྲབ་གཡུ་མཐུར་ཤ་ར་ར༔ དར་དམར་སྲབ་སྐྱོགས་པུ་རུ་རུ༔ སྦྲུལ་ནག་གོང་སྨེད་ཁྱུགས་སེ་ཁྱུག༔ སྟག་དོང་གཡས་ན་ཝལ་ལེ་ཝལ༔ གཟིག་ཤུབས་གཡོན་ན་ཁྱུགས་སེ་ཁྱུག༔ བཙན་གྱི་གཟེར་ནད་དགྲ་ལ་འཕེན༔ བསེ་ཕུབ་དམར་པོ་ཀྱི་ལི་ལི༔ གཡས་པས་བཙན་ཞགས་དགྲ་ལ་འཕེན༔ དམིགས་པའི་དམ་ཉམས་ལུག་ལྟར་འཛིན༔ གཡོན་པའི་བསེ་མདུང་དམར་པོ་ལ༔ དར་དམར་རུ་མཚོན་པུ་རུ་རུ༔ བཙན་གྱི་ཇག་པ་དགྲ་ལ་འགྱེད༔ ཟངས་ཀྱི་འཚུབ་མ་རྗེས་སུ་ཁྲིད༔ བཤུགས་པའི་གླུ་ལེན་ཆེན་པོ་རུ༔ རྒྱ་གར་སྐད་དུ་མཚན་གསོལ་བ༔ གནོད་སྦྱིན་ཆེན་པོ་ཙིའུ་དམར་ཡིན༔ ཆོས་རྒྱལ་བོད་དུ་མཚན་བཏགས་པ༔ ལྷ་བཙན་དགྲ་བླའི་རྒྱལ་པོ་བྱ༔ ཆོས་འཁོར་གཉན་པོ་སྐྱོང་བའི་ཚེ༔ ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ༔ མི་བསྲུན་གཏུམ་པོ་གྲི་འཐབ་གཏོང༔ མི་གཅིག་པོ་ལ་མིང་མང་པོ༔ དམར་སེར་གྲོ་དམར་རྟ་རུ་གཟུག༔ ལུག་སྨུག་བྱ་དམར་འབེན་དུ་འཆའ༔ ཤ་ཁྲག་གཏོར་མ་མཆོད་པ་འབུལ༔ སྡང་བའི་དམ་ཉམས་དགྲ་བོ་ལ༔ ཁྲག་སྐྱུག་གྲི་འཐབ་མྱུར་དུ་ཐོངས༔ བཅོལ་པའི་ལས་རྣམས་གྲུབ་པར་མཛོད༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ སྐུ་ལ་ཞལ་གྱི་ལྷ་བཙན་ནི༔ སྐུ་མདོག་དཀར་སེར་མདངས་དང་ལྡན༔ སྐུ་ལ་ཟ་འོག་དམར་ཁྲ་གསོལ༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་སྨུག་པོ་ཤ་གདོང་འཆིབ༔ ཕྱག་ན་གསེར་མདའ་གསེར་གཞུ་བསྣམས༔ འགེངས་ཤིང་དགྲ་བོའི་སྙིང་ལ་བརྡེག༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ གྲོ་ཤོད་བོད་ཀྱི་སྒང་དམག་རྗེ༔ ཟངས་བྲག་དམར་པོའི་མངའ་བདག་པོ༔ སྐུ་མདོག་དམར་པོ་མེ་འོད་འབར༔ སྐུ་ལ་ལེ་བརྒན་འཇོལ་བེར་གསོལ༔ ཆིབས་སུ་མཚའ་ལུ་རྟིང་དཀར་འཆིབ༔ གཡས་ན་གསོད་པའི་ཤང་ལང་ཐོགས༔ གཡོན་པས་ཟངས་ཞགས་དགྲ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ རྭ་བ་གོང་གི་ཀླུ་བཙན་ནི༔ སྐུ་མདོག་དམར་ནག་འཇིགས་པ་ལ༔ སྐུ་ལ་ཆུ་དར་རལ་ག་གསོལ༔ གདུག་པ་སྦྲུལ་གྱི་སྐ་རགས་བཅིངས༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་སེར་པོ་སྟག་ལ་འཆིབ༔ གཡས་པས་ལྕགས་མདུང་ནག་པོ་བསྣམས༔ གཡོན་པས་དུག་སྦྲུལ་ཞགས་པ་ཐོགས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ རྡོ་རིང་དམར་པོའི་གྲིབ་བཙན་ནི༔ སྐུ་ནི་དམར་པོ་འཇིགས་པ་ལ༔ སྐུ་ལ་བེར་དམར་སློག་པ་གསོལ༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ གཡས་ན་བསེ་མདུང་དམར་པོ་བསྣམས༔ གཡོན་ན་བཙན་གྱི་རྒྱུ་ཞགས་བསྣམས༔ ཆིབས་སུ་རྐྱང་དམར་སྦོ་དཀར་འཆིབ༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ ཀང་ཀ་ཐོད་ནག་བདུད་བཙན་ནི༔ སྐུ་མདོག་ལྗང་སྔོན་ཤིན་ཏུ་འཇིགས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་བདུད་དར་ནག་པོ་བཅིངས༔ ཆིབས་སུ་རག་པ་གཞུང་ནག་འཆིབ༔ གཡས་ན་དར་ནག་རུ་མཚོན་བསྣམས༔ གཡོན་ན་འབྲེང་ཞགས་བླ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ བྷྱོ༔ ཡང་གཅིག་བཙན་གྱི་ཇག་པ་ནི༔ རྩལ་ཐོག་རྒྱུག་གི་གྲི་བཙན་ནི༔ སྐུ་ནི་ཁྲག་མདོག་དམར་པོ་ལ༔ ཟངས་ཁྲབ་དམར་པོ་སྐུ་ལ་གསོལ༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་དམར་པོ་མེ་འོད་ལྡན༔ ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག༔ དར་དམར་རུ་མཚོན་རླུང་ལྟར་འཚུབས༔ བཙན་རྟ་དམར་ཞུར་གློག་ལྟར་འཁྱུག༔ རི་ཁྱི་སྤྱང་ཁྱི་རོལ་དུ་ཁྲིད༔ རི་བྱ་ཕོ་རོག་སྟེང་ན་ལྡིང༔ གྲི་རྔམས་བླ་ཚེ་སྟེང་ནས་འདེད༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོངས༔ ཆོ་དགུ་གཡང་དགུ་དགྲ་ལ་ཐོངས༔ བཙན་གྱི་ཇག་པ་རྐྱ་བདུན་པོ༔ ང་རྒྱལ་ཁྲོ་གཏུམ་བཙན་གྱི་སྡེ༔ སྡང་བའི་དགྲ་ལ་བཙན་དམག་དྲོངས༔ མཚོན་གྲི་གཡང་གྲི་དགྲ་ལ་ཐོངས༔ གཏིབ་གྲི་ཆུ་གྲི་དགྲ་ལ་ཐོངས༔ རྦབ་གྲི་གཡང་གྲི་དགྲ་ལ་ཐོངས༔ ལྕེབ་གྲི་དྲག་པོ་དགྲ་ལ་ཐོངས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་སྒྲུབ་པ་དང་གསད་པའི་དུས་སུ་བསྐུལ་ལོ༔ བཙན་གྱི་ཇག་པ་རྟ་རྒྱུག་གི་བསྐུལ༔ རོལ་པ་རྐྱ་བདུན་གྱི་སྒྲུབ་ཐབས༔ སློབ་དཔོན་པདྨའི་ཅོག་བརྡུང་ཨི་ཐི༔ འདི་ཡི་ལོ་རྒྱུས་ལ༔ སྔོན་རྒྱ་གར་གྱི་ཡུལ་དུར་ཁྲོད་མེ་རི་འབར་བའི་གནས༔ ཟངས་རི་དམར་ནག་གི་མདུན༔ སྲིན་མོའི་ཁོལ་མ་མེ་ལྕེ་རིས་ཀྱི་བཙན་བྲག་དམར་པོ་སྲིན་མོ་ལངས་པ་འདྲ་བ་བཅུ་གཅིག་ཡོད༔ དེ་རུ་པདྨ་འབྱུང་གནས་བཞུགས་པས༔ ནམ་གྱི་གུང་ལ་སྤྱང་ཁྱི་ཁྲག་གི་རལ་པ་ཅན་བདུན་ངུ་ཞིང་གུ་རུ་ལ་བར་ཆད་བྱེད་དུ་བྱུང་བའི་ཚེ༔ སློབ་དཔོན་གྱིས་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་རྡོ་རྗེ་འཕྱར་པས༔ རྟ་པ་བདུན་དུ་སོང་ནས་ཕྱག་འཚལ་དུ་བྱུང་ངོ༔ ཁྱོད་སུ་ཡིན་བྱས་པས་བདག་ནི་གནོད་སྦྱིན་གྱི་གཙོ་བོ་ཙིའུ་དམར་བྱ་བ་ལགས༔ བདག་སྔོན་དཔལ་རྟ་མགྲིན་གྱིས་དབང་བསྐུར་ཅིང༔ དམ་ཚིག་ཕོག་པ་ལས་བསྟན་པའི་སྲུང་མར་ཁས་བླངས་པ་ལགས་སོ༔ ཟེར་བ་ལས༔ གུ་རུས་ཁྱེད་ཀྱི་གནས་གང་ཡིན༔ ཕ་མ་གང་ཡིན༔ སྲོག་སྙིང་གང་ཡིན༔ སྨྲོས་ཤིག་ཅེས་གསུངས་པས༔ བདག་གི་གནས་རྒྱ་གར་འདི་ཉིད་ལགས༔ གཙང་ན་གད་ཀྱི་ཕུག་པ་བྱ་བ་ལགས༔ ཕ་ནི་དམུ་རྗེ་ལེགས་པ་ལགས༔ མ་ནི་གནོད་སྦྱིན་ཟངས་མགྲིན་མ་བྱ་བ་ཡིན༔ སྲོག་གི་སྙིང་པོ་ནི་དཔལ་རྟ་མགྲིན་གྱིས་གསུངས་པའི་རྒྱུད་གཅིག་ན་གནས་པ༔ བྲག་གི་སེར་ཁ་མ་གི་ན་བསེ་ཡི་གྭའུ་སེན་གང་མ་གཅིག་གི་ནང་ན་ཡོད་ཀྱི་ལོངས་སྤྱོད་ཅིག༔ བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བགྱིའོ༔ ཞེས་ཞལ་གྱིས་བཞེས་སོ༔ གུ་རུས་ཀྱང་དབང་བསྐུར་ནས༔ གསང་བའི་མཚན་བཏགས་པ་ནི༔ ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ༔ ཞེས་བྱའོ༔ སློབ་དཔོན་གྱིས་རྒྱུད་བྲག་ལས་བཏོན་པས་སྲུང་མར་བྱས་སོ༔ དེ་ནས་པདྨ་བོད་དུ་བྱོན་སྐབས༔ རྟ་པ་བདུན་གྱིས་བསུས་པ༔ གནོད་སྦྱིན་ཙིའུ་དམར་གྱི་ཡུལ་དེ་ཡོད་དམ་གསུངས༔ སྒྲུབ་ཐབས་འདི་སུ་ལའང་མ་གནང་བར༔ རྩེ་བདུན་གྱི་རྒྱལ་པོ་སྤྱན་མི་བཟང་གི་མགུལ་དུ་སྦས་སོ༔ གཅིག་བསམ་ཡས་མཆིམས་ཕུ་བེ་ཙ་གླིང་གི་རྣམ་སྣང་ཅན་ལ་སྦས་པ༔ རིག་འཛིན་མངའ་རིས་པཎ་ཆེན་གྱིས་གཏེར་ནས་གདན་དྲངས་པའོ། །པདྨ་བཞིའི་སྐོར་ནི་རྐང་མཐིལ་སྦྱར་ལ་ཁ་འབད་གང་ཐུབ་བྱ༔ ཁུ་ཚུར་པུས་སྟེང་དུ་མནན༔ ལག་གཉིས་རྡོ་རྗེ་རྩེ་གཅིག་པས་པདྨའི་ཐད་དུ་ཁུ་ཚུར་བྱས་ནས་རྡོ་རྗེ་འཆང་གི་ཕྱག་རྒྱ་བྱ༔ ལྷུང་ན་མདུན་ཐེན་རྒྱབ་ལྷོད་ཕན་ཏོང་། ྈྈྈ ཤུ་བྷཾ། ༄༅༔ དམག་དཔོན་གྱི་སྲོག་གཏད་པདྨ་ྈྈྈདབང་གི་གཏེར་མའོ༔ དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ རྟ་མགྲིན་གྱི་བསྙེན་པ་སོང་བའི་དུས་སུ༔ གནོད་སྦྱིན་མཆེད་བདུན་དངོས་སུ་འབྱུང་བར་ངེས་སོ༔ དེ་ལ་མ་སྐྲག་པར་མཆོད་བསྟོད་ལ་བརྩོན་པར་བྱའོ༔ ཆོས་བཀའ་གཏད་པའི་དུས་སུ་གཏོར་མ་མཁར་ཐབས་དམར་པོ་ཆེ་བར་བྱས་ཏེ༔ རྩེ་ལ་བཙན་བཤོས་གཙང་མ་བདུན༔ རུ་མཚོན་དམར་པོས་བརྒྱན་པར་བཤམ་ཏེ༔ གཙང་མའི་ཕུད་དང་གསེར་སྐྱེམས་གཏོར་ཞིང་ལས་ལ་བཅོལ་ལོ༔ སློབ་མས་བླ་མ་ལ་དབང་གི་ལས་འགྲུབ་པར་འདོད་པས་དར་དམར་པོ་དང༔ རྒྱས་པས་གསེར༔ རིགས་རྒྱུད་ལ་གཡུ་དང་དུང༔ ནོར་ལ་འབྲུ༔ མཐུ་ལ་མཚོན་གྱི་ཡོན་འབུལ་ཏེ༔ ཀྱཻ༔ བླ་མ་རྗེ་བཙུན་ཁྲོ་བོའི་རྒྱལ༔ དྲེགས་པ་ལས་ལ་ཉེ་བའི་ཕྱིར༔ དམ་ཚིག་བཀའ་ཡིས་བཅིངས་མཛད་ནས༔ དྲེགས་པའི་དམ་ཚིག་གཉེར་དུ་ཞུ༔ ཞེས་ཞུ་ཞིང༔ གཏོར་མ་རྟ་མགྲིན་དུ་བསྐྱེད༔ དེའི་སྟེང་དུ་ཨོ་རྒྱན་བདག་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཅན༔ རྟ་སྐད་རྔམ་པར་བསྒོམས་ལ༔ ཡན་ལག་བཅུསཚོགས་བསགས་ལ༔ སྐྱབས་འགྲོ་སེམས་བསྐྱེད་བྱས༔ སློབ་བུ་དཔལ་ཆེན་པོར་བསྐྱེད་ལ༔ དེ་ལ་ཡེ་ཤེས་པ་བསྟིམ༔ སྤོས་དང་རོལ་མོ་ཆེན་པོ་བྱ༔ སྤྱི་བོར་གཏོར་མ་བཞག་སྟེ༔ ཧྲཱི༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུ༔ ཁྲོ་ཞལ་རྔམ་པ་དྲེགས་པའི་བདག་པོ་སྟེ༔ རྟ་སྐད་རྔམ་སྒྲོག་བདུད་དང་དམ་སྲི་འདུལ༔ ཧ་ཡ་གྷྲི་བའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མེ་ཏོག་དམར་པོ་ལ་བསྔགས་ཏེ་གཏོར་ཞིང༔ ཧྲཱི༔ གསང་སྔགས་རྒྱལ་པོ་ཧུ་ལུའི་སྒྲ་དང་ལྡན༔ འབད་པར་ཞུགས་ན་དངོས་གྲུབ་མྱུར་དུ་སྟེར༔ སངས་རྒྱས་གསུང་མཆོག་འདུས་པ་དཔལ་ཀྱི་ཐུགས༔ ཡང་དག་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་བཟླས་ལ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕུར་བུའམ་དབྱུག་ཏོ་ལག་ཏུ་གཏད༔ སྙིང་གར་གཏུགས་ལ༔ ཧྲཱི༔ ཡེ་ཤེས་རིག་པ་བྱང་ཆུབ་སེམས་ཀྱི་དབང༔ ཉོན་མོངས་མཐར་བྱེད་རྟ་མཆོག་འགྲོ་བའི་ཤུགས༔ རང་བཞིན་ཡོན་ཏན་འབུམ་གྱིས་གཏེར་མངའ་བ༔ མི་གནས་ཐུགས་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་དེ་གཉེན་པོ་ལྷའི་ངར་དབང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དྲེགས་པའི་རྟེན་སྦྱིན་ནི༔ ཀྱཻ༔ སྐུ་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྩེ་ལ་འུག་པ་ལྡིངས་སེ་ལྡིང༔ བཞུགས་པའི་རྟེན་དུ་བུ་ལ་གཏད༔ དྲེགས་པ་རྟག་ཏུ་གནས་པར་ཤོག༔ རཀྴ་མ་དྷ་ལ་ཧཱུྃ་སྭཱ་ཧཱ༔ བླ་རྡོ་སྲོག་འཁོར་གསང་བའི་སྔགས༔ མདའ་ཡི་ཤུགས་དང་ཐོག་ལྟར་མྱུར༔ འབོད་རྦད་རྟེན་དུ་བུ་ལ་གཏད༔ རྟག་ཏུ་སྲོག་རྒྱུད་འབྲེལ་བར་ཤོག༔ ཅེས་བླ་རྡོ་སྔགས་དང་འཁོར་ལོ་གཏད་དོ༔ དེ་ནས་མདུང་ཞགས་དམར་པོ་ལ་བསྟིམ་ཞིང་ལག་ཏུ་གཏད་དོ༔ མི་འབྲལ་སྲོག་གི་དམ་ཚིག་ནི༔ མདུང་དམར་ཞགས་པ་བཙན་གྱི་ཆས༔ པདྨ་དབང་ཆེན་དམ་ཚིག་ལྡན༔ ཕྲིན་ལས་རྟེན་དུ་བུ་ལ་གཏད༔ རཀྴ་ཀརྨ་ཛཿབྷྱོ་རྦད༔ དེ་ནས་རྔ་གླིང་རོལ་མོ་སྒྲོགས༔ དར་དམར་མདུང་ཞགས་གཡབ་བྱ་ཞིང༔ གསེར་སྐྱེམས་ཕུད་གཏོར་བསྐུལ་རྦད་བྱ༔ རྟག་ཏུ་མཆོད་གསོལ་ལས་ལ་འབད༔ རྒྱུད་དང་བསྒྲུབ་རྫས་བུ་ལ་སྦྱིན༔ འདི་ནི་ཤཱཀྱའི་བསྟན་སྲུང་སྟེ༔ མཐུ་རྩལ་བཙན་ཕྱུགས་སྙན་གྲགས་དང༔ དབང་ཐང་ཆེ་ཞིང་དགྲ་བགེགས་སྒྲོལ༔ དྲེགས་པའི་སྲོག་གི་དབང་ཡིན་ཕྱིར༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ རྗེ་རིགས་བརྒྱུད་པའི་བུ་ལ་གཏད༔ གཞན་དུ་དམ་ཚིག་ཉམས་པར་འགྱུར༔ རྒྱུད་གཉིས་བླ་རྡོ་ཆོ་འཕྲུལ་དང༔ ཅོག་བརྡུང་གསོལ་ཀ་ལས་མདེར་བཅས༔ མ་བུ་ཚང་བ་སྤྲ་དུན་རྩེར༔ མིག་མི་བཟང་གི་ཐུགས་ཀར་སྦས༔ གཅིག་ནི་བསམ་ཡས་རྟ་མགྲིན་གྱི༔ ཐུགས་གསང་ལྕགས་ཀྱི་གྭའུ་རུ༔ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི༔ ཆོས་བདག་བཀའ་ཡི་སྲུང་མར་སྦས༔ དེ་ཡི་བུ་ཡིག་སྲོག་མདའ་ཡི༔ ཤོག་དྲིལ་ལས་རིམ་གསུམ་པ་ནི༔ མཆིམས་ཕུ་རྣམ་སྣང་ཅན་ལ་སྦས༔ དུས་ཀྱི་སྙིགས་མ་ཤར་དུས་སུ༔ རྒྱལ་རྒྱུད་དམངས་སུ་འབེབ་པའི་དུས༔ འདི་ཉིད་ལེན་པའི་སྐྱེས་བུ་གཅིག༔ དྲག་པོ་ཐོག་གི་ཚུལ་དུ་འབྱུང༔ པདྨའི་རིག་སྔགས་གྲུབ་པ་ཡིས༔ དྲེགས་པ་རང་དབང་མེད་པར་འདུ༔ བཙན་ཡུལ་ཟངས་ཐང་ཕྱོགས་ནས་འབྱུང༔ དེ་དུས་འདི་བསྒྲུབ་རྒྱལ་རྒྱུད་སྐྱོབས༔ འདོད་དོན་འབྲས་བུ་སྟེར་བར་བྱེད༔ དམ་མེད་ལག་ཏུ་ཤོར་ར་རེ༔ ཞེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ དགེ་སློང་རྒྱལ་བ་མཆོག་དབྱངས་གཉིས་ལ་སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་ཕེབས་པའི་དུས་སུ་གདམས་ཤིང་གཏེར་ཁ་གསུམ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ།། །།

ཀླུ་ཆོག་གདེངས་ཅན་བདུད་རྩི་ (Volume 28, Text 22)

༄༅། །ཀླུ་ཆོག་གདེངས་ཅན་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དབྱིངས་རི༵ག་ཟུང་འཇུག་གཟུང་འཛི༵ན་བྲལ་བའི་དངོས། །འ༵གྱུར་མེ༵ད་དོན་དམ་སྙིང་པོ་གདོད་མའི་གཤིས། །མི་ཤིགས་རྡོ༵་རྗེ༵འི་རང་རྟགས་ཕྱག་རྒྱའི་སྐུར། །ཡོངས་ཤར་གསང་བདག་དཔའ་བོ་དེར་ཕྱག་འཚལ། །མན་ངག་ངེས་གསང་སྙིང་པོའི་གནད་ཐིག་བཞིན། །གདེངས་ཅན་ཚོགས་ལ་རབ་སྨན་ཀུན་དགའི་སྐྱེས། །ལུས་ཅན་བསོད་ནམས་ཞིང་དུ་སྤེལ་བའི་ཚུལ། །སྟོན་བྱེད་བདུད་རྩིའི་དགའ་སྟོན་སྙིང་གི་དཔྱིད། །འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་སྒྲུབ་ཐབས་དང་འབྲེལ་བར་ཀླུ་ཆོག་ཇི་ལྟར་བྱ་བའི་རིམ་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབ་པ་ལ། གོང་གནོན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ། ཀླུ་གཏེར་གཞུག་པ། ཀླུ་གཏའ་བསྡམ་པ། ཀླུ་རྟེན་སྤོ་བ། ཀླུའི་བྱད་གདོན་འགྲོལ་བ། ཆར་འབེབ་དང་དྲུག་གོ །དང་པོ་ནི། གསང་བདག་གི་སྒྲུབ་ཐབས་གང་ཡང་རུང་བས་མཚོན་ཏེ་ཇི་ལྟར་རིགས་པར་ཉམས་སུ་བླངས་པས་ཆོག་མོད་འདིར་དྲེགས་འདུལ་སྐུ་སྒྲུབ་ཉིད་སྙིང་པོར་དྲིལ་བའི་དབང་དུ་བྱས་ན། རྡོ་རྗེ་སློབ་དཔོན་གསང་བའི་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཞེས་པའི་རྒྱུན་བཤགས་སྔོན་དུ་འགྲོ་བས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ་གིས་མཆོད་རྫས་རྣམས་མཁའ་ཁྱབ་ཏུ་སྤེལ། དངོས་གཞི་ལས། ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དེ་བཞིན་ཉིད༔ ཁྱབ་པའི་སྙིང་རྗེ་ཀུན་ཏུ་སྣང༔ ཧཱུྃ་ཉིད་སེམས་ཀྱི་རང་བཞིན་རྒྱུ༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་དྷརྨ་དྷཱ་ཏུ་ཙིཏྟ་ཧཱུྃ༔ ཨེ་ལས་མཐིང་ནག་ནམ་མཁའ་ཆེ༔ ཡཾ་ལས་ལྗང་ནག་རླུང་དུ་ཆགས༔ བཾ་ལས་ཆུ་ཡི་རྒྱ་མཚོ་ཆགས༔ སུཾ་ལས་གསེར་གྱི་ས་གཞི་ཆགས༔ རཾ་ལས་དྲོད་སྙོམ་མེ་དཔུང་འབར༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ གྲུ་གསུམ་མུ་ཁྱུད་པདྨ་བརྒྱད༔ གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན༔ སྦྲུལ་དང་བྱ་ཁྱུང་སྒོ་རྒྱན་བཅས༔ ཀླུ་དང་ཉི་ཟླ་པདྨའི་གདན༔ ཨེ་ཡཾ་བཾ་སུཾ་རཾ་བྷྲཱུྃ༔ ནཱ་ག་སཱུརྱ་ཙནྡྲ་མཎྜ་ལ༔ རྒྱུ་ཡི་ཡི་གེ་ཧཱུྃ་ལས་ནི༔ སྤྲོ་བསྡུའི་སྦྱོར་བས་གཏུམ་པོའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སྐུ་མདོག་མཐིང་ནག་ཁྲོས་པ་ལ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཁྲོ་གཉེར་མཆེ་གཙིགས་སྤྱན་གསུམ་བགྲད༔ སྨ་ར་ཨག་ཚོམ་སྨིན་མ་སེར༔ རལ་པ་སེར་ནག་སྦྲུལ་གྱིས་བརྒྱན༔ རལ་པའི་གསེབ་ནས་རྟ་སྐད་འཚེར༔ གཡས་གསུམ་དང་པོ་རྡོ་རྗེ་ལ༔ བར་མ་དབྱུག་ཏོ་འོག་མ་མེ༔ གཡོན་གསུམ་དང་པོ་དྲིལ་བུ་ལ༔ བར་མ་པདྨ་འོག་མ་མདའ་གཞུ་འཛིན༔ དུར་ཁྲོད་ཆས་བརྒྱད་སྦྲུལ་རིགས་ལྔ་ཡིས་སྤྲས༔ མེ་དཔུང་ནང་བཞུགས་ཀླུ་རྣམས་དབང་དུ་སྡུད༔ འཁོར་ལོ་ལྔ་རུ་བྱ་ཁྱུང་རིགས་ལྔས་མཚན༔ དེ་ལྟར་བདག་གིས་གསལ་བར་བསྒོམ༔ དེ་ནས་འཁོར་གྱི་ཀླུ་བསྐྱེད་པ། །ཕུཿདགུ་དབུས་དང་པདྨ་ལ༔ སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་ཆུ་བདག་བ་རུ་ཎ༔ སེར་པོ་སྦྲུལ་མགོ་དགུ་པ་འོ༔ ཤར་དཀར་མཐའ་ཡས་འཇོག་པོ་གཉིས༔ ལྷོ་སེར་ནོར་རྒྱས་དུང་སྐྱོང་གཉིས༔ ནུབ་དམར་པདྨ་ཆུ་ལྷ་གཉིས༔ བྱང་ལྗང་རིགས་ལྡན་སྟོབས་ཀྱིས་རྒྱུ༔ རིགས་དང་མཐུན་པའི་ཁ་དོག་ལ༔ ཀུན་ཀྱང་སྦྲུལ་མགོ་དགུ་པ་ལ༔ ཕྱག་གཡས་ནོར་བུ་རིན་ཆེན་བསྣམས༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ སྐུ་སྨད་སྦྲུལ་དུ་འཁྱིལ་པ་ལ༔ གསེར་གྱི་རུས་སྦལ་གདན་ལ་བཞུགས༔ བཙུན་མོ་སྲས་དང་བློན་འཁོར་བཅས༔ བཀའ་ཉན་གསུང་སྡོད་དངོས་གྲུབ་སྟེར༔ ཅི་བཅོལ་ལས་རྣམས་བྱེད་པར་བསམ༔ དེ་ནས་སྤྱན་དྲང་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཀླུ་རྒྱལ་དབང་སྡུད་གཉེན་པོ་ཡེ་ཤེས་ལྷ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཀླུ་བདུད་སྦྲུལ་འཛིན་རྒྱལ་ཐབས་རྡོ་རྗེ་ཅན༔ རྡོ་རྗེ་རྩེ་བྲན་འབུམ་བརྒྱན་ཁྲོ་བོའི་རྗེ༔ རྡོ་རྗེ་ཀླུ་འཇོམས་དྲག་པོ་གཤེགས་སུ་གསོལ༔ བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོ༔ དཔག་བསམ་རྩེ་ཡི་འདབ་བཟང་གསེར་མིག་འཁྱིལ༔ ཁྲི་ཕྱེད་རྒྱ་མཚོའི་གཏིང་ནས་འཁྲུག་པར་བྱེད༔ རྡོ་རྗེ་རྩེ་དགུའི་ཐེབ་གཤོག་ལྕགས་ཀྱུ་ཅན༔ དམ་ཚིག་སྒྲུབ་པའི་བྱ་ཁྱུང་གཤེགས་སུ་གསོལ༔ ག་རུ་ཌ་ཛཿཧཱུྃ་བཾ་ཧོ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ ཆུ་བདག་རྒྱལ་པོ་བ་རུ་ཎ༔ ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས༔ ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ནཱ་ག་རཱ་ཛ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཀླུ་གཉན་པདྨ་ཉི་ཟླའི་གདན་སྟེང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་བཞུགས་སུ་གསོལ༔ འཁོར་ལོ་པདྨ་ལྔ་ཡི་གདན་སྟེང་དུ༔ མཁའ་ལྡིང་བྱ་ཁྱུང་ཀླུ་འདུལ་བཞུགས་སུ་གསོལ༔ བཛྲ་པཱ་ཎི་གྷ་རུ་ཊ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བཀའ་ཉན་ཀླུ་དགུ་འཁོར་བཅས་རྣམས༔ སོ་སོའི་གནས་སུ་བཞུགས་སུ་གསོལ༔ ནཱ་ག་རཱ་ཙ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ གདུག་པ་འདུལ་མཛད་རྡོ་རྗེ་ཅན་གྱི་སྐུ༔ མཐིང་ནག་འཇིགས་པ་རྡོ་རྗེའི་གར་སྟབས་ཅན༔ གདུག་པ་ཀླུ་འདུལ་བྱ་ཁྱུང་རིགས་ལྔས་བརྒྱན༔ གཉེན་པོར་གྱུར་པའི་ལྷ་ལ་ཕྱག་འཚལ་ལོ༔ བཛྲ་པཱ་ཎི་ག་རུ་ཊ་ན་མོ༔ བ་རུ་ཎ་སོགས་ཀླུ་རྒྱལ་འཁོར་དང་བཅས༔ སངས་རྒྱས་ཞལ་མཐོང་ལྷག་པའི་གཞི་འཛིན་ཅིང༔ བྱང་ཆུབ་སེམས་ཀྱིས་ཀླུ་ཡི་གནོད་པ་སེལ༔ ཀླུ་ཆེན་དགུ་ཡི་སྐུ་ལ་ཕྱག་འཚལ་ལོ༔ ནཱ་ག་རཱ་ཙ་ས་མ་ཡ་ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ ཀླུ་འདུལ་གཉེན་པོ་ཡེ་ཤེས་ལྷ༔ རྡོ་རྗེ་གཏུམ་པོ་བྱ་ཁྱུང་ཚོགས༔ ཀླུ་རྒྱལ་དགུ་པོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་ཡོན་ཆབ་དང༔ ཞལ་ཟས་མར་མེ་རོལ་མོ་དང༔ སྨན་རཀ་གཏོར་མ་ཀླུ་སྨན་དང༔ མཆོད་པའི་རྣམ་པར་གྱུར་པ་ཀུན༔ རབ་ཏུ་དད་པས་འབུལ་བར་བགྱི༔ བཛྲ་པཱ་ཎི་ག་རུ་ཊ་ནཱ་ག་རཱ་ཙ་དྷཱུ་པེ་ པུཥྤེ་ གནྡྷེ་ ཨཱ་ལོ་ཀེ་ ནཻ་ཝིདྱཱ་ ཤབྡ་ ཨ་མྲྀཏ་ རཀྟ་ བྷ་ལིཾ་ཏ་ ག་ཏ་པི་པ་ཡིད་ཏོ་ད་ཏྲ༔ སརྦ་པཱུ་ཙ་མེ་གྷ་ཁཱ་ཧི༔ བསྟོད་པ་བྱ་བ་ནི། ཧཱུྃ་ལས་སྐུར་བསྐྱེད་གསང་བདག་རྡོ་རྗེ་འཛིན༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་གར་གསལ༔ སྐུ་གསུམ་ལྡན་ཕྱིར་ཞལ་གསུམ་ཤིན་ཏུ་ཁྲོས༔ ཐེག་པ་དགུ་རྫོགས་སྤྱན་དགུ་སྡང་མིག་བགྲད༔ ཀླུ་རྣམས་ཞལ་གསོལ་མཆེ་བ་ཟུར་གསུམ་གཙིགས༔ རལ་པ་གྱེན་འབར་སྲིད་གསུམ་དབྱིངས་སུ་འདྲེན༔ ཐམས་ཅད་ཟིལ་གནོན་སྐུ་ནི་རབ་ཏུ་ཁྲོས༔ ཀླུ་རྣམས་དབང་སྡུད་ཕྱག་ཞབས་སྦྲུལ་གྱིས་བརྒྱན༔ སྡེ་བརྒྱད་བྲན་འཁོལ་དུར་ཁྲོད་ཆས་བརྒྱད་གསོལ༔ ཞབས་བཞི་བགྲད་པས་ས་བདག་གདན་དུ་བཏིང༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་གཡས་ན་འཕྱར༔ བར་མ་དབྱུག་ཐོས་གདུག་པ་ཐམས་ཅད་འཇོམས༔ མ་རིག་སྲེག་མཛད་ཐ་མ་མེ་དཔུང་འཛིན༔ ཆོས་ཀྱི་སྒྲ་སྒྲོག་གཡོན་པས་དྲིལ་བུ་བསྣམས༔ ཐམས་ཅད་དབང་སྡུད་བར་པས་པདྨ་བསྣམས༔ སྙིང་ཁྲག་འཐུང་ཕྱིར་ཐ་མས་ཐོད་པ་འཛིན༔ ཡེ་ཤེས་མེ་དཔུང་གདུག་པའི་ཚོགས་རྣམས་སྲེག༔ གདུག་པའི་ཀླུ་འདུལ་བྱ་ཁྱུང་རིགས་ལྔས་བརྒྱན༔ དྲེགས་པ་ཀུན་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ བདུད་འདུལ་གཏུམ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་ཆེན་ཁྲོས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་དྲེགས་པ་འཇོམས་ལ་ཕྱག་འཚལ་བསྟོད༔ ཀླུ་ཡི་རྒྱལ་པོ་ཆུ་བདག་བ་རུ་ཎ༔ གསེར་མདོག་འོད་ལྡན་སྦྲུལ་གྱི་གདེངས་ཀ་ཅན༔ མཐའ་ཡས་འཇོག་པོ་རྒྱལ་རིགས་ཀུན་གྱི་རྗེ༔ ཤེལ་མདོག་འོད་ལྡན་སྦྲུལ་གྱི་གདེངས་ཀ་ཅན༔ ནོར་རྒྱས་དུང་སྐྱོང་རྗེ་རིགས་ཀུན་གྱི་རྒྱལ༔ གསེར་མདོག་འོད་ལྡན་སྦྲུལ་གྱི་གདེངས་ཀ་ཅན༔ པདྨ་ཆུ་ལྷ་བྲམ་ཟེའི་རིགས་ཀྱི་རྒྱལ༔ དམར་མདོག་འོད་ལྡན་སྦྲུལ་གྱི་གདེངས་ཀ་ཅན༔ རིགས་ལྡན་སྟོབས་རྒྱུ་དམངས་རིགས་ཀུན་གྱི་རྒྱལ༔ རིན་ཆེན་གཡུ་མདོག་སྦྲུལ་གྱི་གདེངས་ཀ་ཅན༔ རིན་ཆེན་འབར་བ་བདུད་རྩིའི་བུམ་པ་བསྣམས༔ སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་ཁྲི་ལ་བཞུགས༔ འགྲོ་བའི་ཀླུ་ནད་བདུད་རྩིའི་ཆུ་ཡིས་གསོ༔ ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས༔ ཕྱག་ན་རྡོ་རྗེའི་བཀའ་ལས་མ་འདའ་བར༔ འགྲོ་བའི་ཀླུ་ནད་སེལ་བའི་ལས་མཛོད་ཅིག༔ བཟླས་པ་བྱ་བ་ནི། རང་ཉིད་གསང་བའི་བདག་པོ་རུ༔ གསལ་བའི་ཞལ་ནས་སྔགས་བཟླས་པས༔ ཀླུ་རྣམས་དབང་དུ་བསྡུས་ནས་ནི༔ བྲན་དང་གཡོག་ཏུ་བྱེད་པར་བསམ༔ ཨོཾ་བཛྲ་པཱ་ཎི་གྷ་རུ་ཊ་ཧཱུྃ་ཕཊ༔ ཅེས་ཅི་ནུས་དང་། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཧཱུྃ་ཛ༔ ཞེས་པའང་ཅི་རིགས་བཟླ། ཐུན་མཐར་དངོས་གྲུབ་བླང་བ་ནི། ཧཱུྃ༔ བཅོམ་ལྡན་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས༔ ཀླུ་རྣམས་དབང་འདུས་དམ་ལ་ཐོགས་པ་དང༔ ཟིལ་གནོན་དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ དམ་ལ་གནས་པའི་ཡེ་ཤེས་ཀླུ་དགུ་ཡིས༔ ཞི་རྒྱས་དབང་དྲག་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་པཱ་ཎི་གྷ་རུ་ཊ་ནཱ་ག་རཱ་ཙ་ས་མ་ཡ་ཧཱུྃ་ཛཿསིདྡྷི་ས་མ་ཡ་ཧཱུྃ༔ སི་ཏི་སི་ཏི་ཕ་ལ་ཧོ༔ ཉེར་བསྡུ་ནི། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤར༔ འགག་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ སླར་ཡང་སྐད་ཅིག་གིས་ལྷའི་སྐུར་བསྐྱེད་པའི་གནས་གསུམ་དུ་འབྲུ་གསུམ་གྱི་རྒྱས་བཏབ་པས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམ་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ།། ༈ །།གཉིས་པ་ཀླུ་གཏེར་གཞུག་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཆོ་ག་གཉིས། དང་པོ་ནི། གང་དུ་བྱ་བའི་གཞི་དེར་ཀླུ་མཁར་སོགས་གསར་དུ་འཆའ་བས་མཚོན་མ་དུལ་བའི་ཕྱོགས་སུ་གཞི་བདག་ལ་གཏོར་མ་བཏང་ཞིང་སའི་ཆོ་ག་བྱ་བ་སྤྱི་དང་མཐུན། གཞན་དུ་དེ་ལྟ་བུའི་པར་བཀབ་མི་དགོས། གང་ལྟར་ཡང་བའི་རྣམ་ལྔ་དང་སྤོས་ཆུས་ཆག་ཆག་བཏབ་པའི་དབུས་སུ་ནེའུ་གསིང་གི་བཀོད་པ་ཡིད་དུ་འོང་བའི་དཀྱིལ་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟངས་སམ་ཁམ་ས་ལས་གླང་དམར་གྱི་གཟུགས་བྱས་པའི་ཁོང་པར་རིན་ཆེན་སྣ་ཚོགས། ཀླུ་སྨན། དར་ཟབ། དཀར་མངར། འབྲུ་དང་ཤིང་ཏོག་སོགས་ཀླུའི་མཐུན་རྫས་ཀྱི་དཀོར་ཆ་སྣ་ཚོགས་པ་དང་། ཁྱད་པར་གྲོ་གའམ་ཤོག་བུ་ལ། ཏ་ལ་མ་ཐ་གཉན་ལ་ཐ༔ མི་འཛད་ཡུན་གྱི་གཏེར་མཛོད་ཅིག༔ ཅེས་བྲིས་པ་བཅུག །པད་འདབ་བརྒྱད་ལ་བུམ་པ་བརྒྱད་དུ་ཀླུ་ཆེན་དགུའི་གཟུངས་འདོད་གསོལ་དང་བཅས་པ་གོང་དུ་བཤད་པའི་དཀོར་ཆ་སྣ་ཚོགས་དང་བཅས་པས་བཀང་བ་བཞག །མཐའ་སྐོར་དུ་ཤིང་སྣ་དང་། གཏོར་མ་དཀར་ཟླུམ་འཁོར་བརྒྱད་པ། ས་བདག་གི་གཏོར་མ་དཀར་ཟླུམ། ར་དཀར་པོའམ་བ་དམར་གྱི་དཀར་གསུམ་དང་། ཙནྡན་དམར་པོའི་ཡོན་ཆབ་སོགས་མཆོད་རྫས་ཅི་འབྱོར་པ་བཤམ། བུམ་གཏེར་རྣམས་དང་ཇི་ལྟར་རིགས་པར་སྦྲུལ་དང་། སྦལ་པ་དང། ལྕོང་མོ་དང་། ཉ་དང་། རྨིགས་བུ་དང་། རྩངས་པ་དང་། དུང་དང་། ཆུ་སྲིན་དང་། རུས་སྦལ་དང་། སྡོམ་དང་། སྡིག་པ་དང་། རྟ་བླ་དང་། འགྲོན་བུ་དང་། ཉ་ལྕིབས་དང་། ཆུ་རྟ་དང་། ཆུ་ལུག་དང་། ཆུ་ར་དང་། སྲོ་མ་དང་། ཆུ་བྱ་དང། ཆུ་སྲེག་དང་། ཆུ་བྱི་སྟེ་ཀླུ་ནོར་ཉེར་གཅིག་ཀྱང་བཞག་ཅིང་བཤམས་ན་ལེགས། སྟེང་ནས་དར་དམར་པོའི་གདུགས་འབུབས། ཕྱོགས་མཚམས་སུ་རས་དམར་གྱི་འཕན་དང་། རས་སྦྱང་དམར་པོས་མཐའ་བསྐོར་བའི་ཕྱི་ངོས་ནས་སྐུད་པ་སྣ་ལྔས་བཅིང་། སྤྲོ་ན་མདའ་དར་མེ་ལོང་རལ་གྲི་སོགས་ཀྱིས་ཀྱང་བརྒྱན། ཕྱོགས་ཇི་ལྟར་རིགས་པར་བུམ་པ་གསུམ་དུ་རྒྱུན་འབབ་ཀྱི་ཆུ། དཀར་གསུམ། མངར་གསུམ། ཀླུ་སྨན་རྣམས་དང་སྦྱར་བས་བཀང་བ་ཆས་ལྡན། དེའི་མདུན་དུ་ཉེར་སྤྱོད་ཚང་བ་དང་། ཡང་ཕྱོགས་གཞན་ཞིག་ཏུ་བདག་བསྐྱེད་ཀྱི་གཏོར་མ་སྨན་རཀ་མཆོད་གཏོར་དང་བཅས་པ་ཡང་བཤམས། མདུན་དུ་རྡོར་དྲིལ། མེ་ཏོག་གི་སྣོད་སོགས་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་ཆོག་ལས། དང་པོ་བདག་བསྐྱེད་བྱ་ཞིང་བུམ་པ་སྒྲུབ་པ་ནི། གཙང་སྦྲ་དང་ལྡན་པས་རྒྱུན་བཤགས་ནས་ལྷ་བསྐྱེད་བར་དཀྱུས་ལྟར་གྱི་རྗེས་སུ། ལྷ་བུམ་ལ་དམིགས་ཏེ། བྷྲཱུྃ་ཡིག་ལས་བྱུང་བུམ་པ་གཞལ་ཡས་ཁང༔ དེ་ནང་བཾ་ལས་འོ་མའི་རྒྱ་མཚོའི་ནང༔ པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད་སྟེང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་གཏུམ་པོའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཅེས་པ་ནས། དེ་ལྟར་བདག་གིས་གསལ་བར་བསྒོམ༔ མདུན་དུ་ཆུ་བདག་བ་རུ་ཎ༔ སེར་པོ་སྦྲུལ་མགོ་དགུ་པ་ལ༔ ཐལ་སྦྱར་ཆུ་སྲིན་ཞོན་པ་འོ༔ ཤར་དཀར་མཐའ་ཡས་འཇོག་པོ་གཉིས༔ ཞེས་པ་ནས། ཅི་བཅོལ་ལས་རྣམས་བྱེད་པར་བསམ༔ ཞེས་གསལ་བཏབ་ལ་སྤྱན་འདྲེན་ནས་བཟུང་བསྟོད་པའི་བར་བདག་མདུན་ལྷན་ཅིག་ཏུ་བྱ། དེ་ནས་བཟླས་པ་དཀྱུས་ལྟར་བྱས་རྗེས་བུམ་པ་དང་པོ་ལ་གཟུངས་ཐག་གཏད་དེ། བུམ་ལྷའི་ཐུགས་ཀར་ཧཱུྃ་ཡིག་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར༔ བཟླས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་ནང་ལྷ་ལ་ཕོག་ནས་གཏུམ་པོ་ཡི༔ བ་སྤུ་ཀུན་ནས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་པ་གང་བས་བདུད་རྩིའི་རྒྱ་མཚོར་བསམ༔ ཨོཾ་བཛྲ་པཱ་ཎི་གྷ་རུ་ཊ་ཧཱུྃ་ཕཊ༔ ཅེས་སུམ་སྟོང་སོགས་ཅི་ནུས་དང་། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་པའི་ཀླུར་ཕོག་བ་སྤུའི་བུ་ག་ནས༔ བདུད་རྩིའི་ཆུ་བབས་བུམ་པ་གང་བར་བསམ༔ ཨོཾ་བ་རུ་ཎ་ཡེ༔ ཨོཾ་ཨ་ནནྟ་ཡེ༔ ཨོཾ་ཏཀྵ་ཀ་ཡེ༔ ཨོཾ་བ་སུ་ཀཱི་ཡེ༔ ཨོཾ་ཤངྑ་པཱ་ལ་ཡེ༔ ཨོཾ་པདྨ་ཡེ༔ ཨོཾ་མ་ཧཱ་པདྨ་ཡེ༔ ཨོཾ་ཀུ་ལུ་ཀ་ཡེ༔ ཨོཾ་ཀརྐོ་ཊ་ཡེ༔ ཞེས་པའང་སྟོང་ཚོ་རེས་མཚོན་ཅི་རིགས་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ་རྒྱས་བཏབ་ཀྱི་བར་བྱ། དེ་ནས་བུམ་པ་གཉིས་པ་ལ་དམིགས་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཀླུ་ཉིད་སྡུག་བསྔལ་ཕྲལ་བའི་བུམ་པ་རུ། །སྤྱན་མ་གསེར་བུམ་བདུད་རྩིས་བཀང་བ་བསྣམས། །སྐུ་མདོག་སེར་མོ་དར་གྱི་ན་བཟའ་ཅན། །རིན་ཆེན་རྒྱན་སྤྲས་སེམས་དཔའི་སྐྱིལ་ཀྲུང་བཞུགས། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བུདྡྷ་ལོ་ཙ་ནི་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་ལྷ་ལ་ཕོག་ནས། བུམ་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས། ཀླུའི་སྡུག་བསྔལ་ཐམས་ཅད་སེལ་བའི་བདུད་རྩིར་བསམ་པས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཨོཾ་པྲ་བྷ་བ་དྷྱ་བྷུ༔ པྲ་བྷ་བ་དྷྱ་བྷུར་བྷུ་བ་སྭ༔ པྲ་བྷ་བ་དྷྱ་པ་པིཏྟྲ་པྲ་བྷ་བ་དྷྱ་སརྦ་ནཱ་ག་དུཿཁ་པྲ་ཤ་མ་ན་ཡེ་སྭཱ་ཧཱ༔་་་འདི་ལ་མ་ཕྱིར། ཨོཾ་པྲ་བད་ད༔ པཱུ་པྲ་བད་དེ༔ བྷ་ར་ནུས་ས་པྲ་བད་དེ༔ ཨོཾ་ས་མི་ཏྲ་པྲེ་བད་དེ༔ སརྦ་ནཱ་ག་དུ་གོ་པྲ་ཤ་མ་ན་ཡེ་སྭཱ་ཧཱ༔ ཞེས་སྣང་ནའང་དཀྱུས་སུ་བཀོད་པ་ལྟར་དག་པར་སེམས་མོད་འོན་ཀྱང་དཔེ་ཁུངས་ཐུབ་སྙེད་ན་དཔྱད་པར་བྱའོ། །མཆན། ཞེས་ཅི་ནུས་བཟླས་མཐར་མཆོད་ཅིང་བསྟོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་བུམ་ཆུར་བསམ། བུམ་པ་གསུམ་པ་ཀླུ་གསོ་བའི་བུམ་པར་ཀླུ་སྨན་བདུད་རྩིར་བསྒྱུར་བའི་སྔགས་ནི། བསང་སྦྱང་། སྟོང་པའི་ངང་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པར་ཀླུའི་ནད་ཐམས་ཅད་གསོ་བའི་བདུད་རྩིས་གང་བར་བསམ་ལ། གཟུངས་ཐག་གཏད་དེ། ཨོཾ་དི་བྱ་ཨ་མྲྀཏེ་སན་ཏ་ར་པ་ཤེ་མི་ཏ་པྲ་ཏཱིཙྪ་ཐ་པ་ས་ནན་ན་མ་སྭཱ་ཧཱ༔ ཞེས་བཟླས་པས་ནུས་ལྡན་དུ་བྱའོ། །གཉིས་པ་རྫས་རྣམས་བྱིན་གྱིས་རླབས་པ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་དངོས་པོ་མཁོ་དགུ་ཚང་ཞིང་བཟང་དགུས་འབྱོར་པ་དགྱེས་དགུར་སྤེལ་བའི་མཐུན་རྫས་ཀྱི་ཚོགས་དང་བཅས་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་། དུས་འཁོར་བ་རྒྱུན་ཆད་མེད་པར་འབྱུང་བ། ངོ་བོ་འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་སྤྱིར་བྱིན་གྱིས་བརླབས་ནས། ཁྱད་པར་དུ་ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལན་གསུམ་བརྗོད་པས། རྫས་རྣམས་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པ་ཚིག་ཟུར་བཅགས་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཐལ་མོ་སྦྱར་བ་ཕྱིར་བསྐྱེད་མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་འཇོག་པ་བདུད་རྩི་ཐབ་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཡོ་བྱད་བདུད་རྩིའི་རྒྱ་མཚོར་གྱུར། གཡས་རྡོ་རྗེ་ཁུ་ཚུར་བཅིངས་པའི་མཛུབ་མོ་སྒྲེང་། གཡོན་ས་གནོན་བྱ་བ་རྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃཿ ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅས། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་ཚུལ་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་སྤྱོད་པར་གྱུར། ལག་གཉིས་སོར་མོ་ནང་དུ་བསྡམས་པའི་མཁྲིག་མ་སྦྱར་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བ་སྤྱི་བོར་འཇོག་པ་དབང་བསྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རཱི་པྲ་བྷཉྫྱོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་གྱུར་པར་བསམ་ཞིང་སྔགས་རྣམས་ལན་བདུན་བརྗོད་ཅིང་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱའོ། །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །གསུམ་པ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། མདུན་རྟེན་བསང་སྦྱང་། མི་དམིགས་སྤྲོས་མེད་སྟོང་པའི་ངང་ཉིད་ལས༔ ཧཱུྃ་ལས་རྡུལ་ཚོན་གཞལ་ཡས་ཁང་དུ་བསྐྱེད༔ པདྨ་འདབ་བརྒྱད་གྲུ་ཆད་ཁྱམས་སྒོ་བཞི༔ སྦྲུལ་སྦལ་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན༔ ཕྱི་ཡི་རྒྱ་མཚོ་དང་ནི་ལྡན་པར་བསྒོམ༔ དེ་ནས་གཞལ་ཡས་ཁང་དེར་ཀླུ་བསྐྱེད་པ༔ བདག་ཉིད་གཏུམ་པོའི་ཐུགས་ཀ་ནས༔ སྦྲུལ་ཞགས་ནཱཾ་གྱིས་མཚན་པ་དགུ༔ པདྨ་འདབ་བརྒྱད་སྟེང་དུ་འཕྲོས༔ དབུས་སུ་སྦྲུལ་ཞགས་ནཱཾ་གྱིས་མཚན་པ་ལས༔ ཨོཾ་བ་རུ་ཎ་ཡེ་ནཱཾ༔ ཞེས་པས་ཀླུ་རྒྱལ་ཆུ་བདག་བ་རུ་ཎ༔ སྐུ་མདོག་སེར་པོ་སྦྲུལ་མགོ་དགུ་པ་ལ༔ རུས་སྦལ་པདྨའི་གདན་ལ་སྙོམས་པར་བཞུགས༔ ཕྱག་ན་སྦྲུལ་ཞགས་བསྣམས་པ་བསྐྱེད༔ ཤར་གྱི་པདྨར་ཀླུ་རྒྱལ་མཐའ་ཡས་ནི༔ སྐུ་མདོག་དཀར་པོ་སྦྲུལ་མགོ་དགུ་པ་ལ༔ ཕྱག་ན་རིན་ཆེན་འབར་བ་བསྣམས༔ ཆུ་སྲིན་དཀར་པོའི་ཁྲི་ལ་བཞུགས་པའོ༔ ཨོཾ་ཨ་ནནྟ་ཡེ་ནཱཾ༔ ལྷོ་རུ་ནོར་རྒྱས་སྐུ་མདོག་སེར༔ སྦྲུལ་མགོ་དགུ་པ་ཕྱག་ན་བུམ་པ་བསྣམས༔ ཆུ་སྲིན་དམར་པོའི་ཁྲི་ལ་བཞུགས་པའོ༔ ཨོཾ་བ་སུ་ཀཱི་ཡེ་ནཱཾ༔ ནུབ་ཏུ་ཀླུ་རྒྱལ་པདྨ་སྐུ་མདོག་དམར༔ སྦྲུལ་མགོ་དགུ་པ་ཕྱག་ན་སྦྲུལ་ཞགས་བསྣམས༔ རྨ་བྱ་བསྣོལ་བའི་ཁྲི་ལ་བཞུགས་པའོ༔ ཨོཾ་པདྨ་ཡེ་ནཱཾ༔ བྱང་དུ་ཀླུ་རྒྱལ་རིགས་ལྡན་སྐུ་མདོག་ལྗང༔ སྦྲུལ་མགོ་དགུ་པ་ཕྱག་ན་ཆུ་སྲིན་བསྣམས༔ གླང་དམར་ཁྲི་ལ་བཞུགས་པ་འོ༔ ཨོཾ་ཀུ་ལུ་ཀ་ཡེ་ནཱཾ༔ ཤར་ལྷོར་འཇོག་པོ་སྐུ་མདོག་དཀར་སེར་ལ༔ སྦྲུལ་མགོ་དགུ་པ་ཕྱག་ན་དབྱུག་ཏོ་བསྣམས༔ སྦྲུལ་དཀར་ཁྲི་ལ་བཞུགས་པ་འོ༔ ཨོཾ་ཏཀྵ་ཀ་ཡེ་ནཱཾ༔ ལྷོ་ནུབ་དུང་སྐྱོང་སྐུ་མདོག་དམར་སེར་ལ༔ སྦྲུལ་མགོ་དགུ་པ་ཕྱག་ན་བུམ་པ་བསྣམས༔ ཆུ་སྲིན་དམར་པོའི་ཁྲི་ལ་བཞུགས་པའོ༔ ཨོཾ་ཤངྑ་པཱ་ལ་ཡེ་ནཱཾ༔ ནུབ་བྱང་ཆུ་ལྷ་སྐུ་མདོག་དམར་སྐྱ་ལ༔ སྦྲུལ་མགོ་དགུ་པ་ཕྱག་ན་སྦྲུལ་ཞགས་བསྣམས༔ སྦྲུལ་ཞགས་བདུན་གྱི་ཁྲི་ལ་བཞུགས་པའོ༔ ཨོཾ་མ་ཧཱ་པདྨ་ཡེ་ནཱཾ༔ བྱང་ཤར་སྟོབས་རྒྱུ་སྐུ་མདོག་ནག་པོ་ལ༔ སྦྲུལ་མགོ་དགུ་པ་ཕྱག་ན་ཀླུ་ཤིང་བསྣམས༔ རུས་རྐང་གཤིབས་པའི་ཁྲི་ལ་བཞུགས་པའོ༔ ཨོཾ་ཀརྐོ་ཊ་ཡེ་ནཱཾ༔ དེ་དག་མདུན་དུ་ཕུཿལས་ཀླུ་གདོན་དགུ༔ བ་རུ་ཎ་ཡི་གདོན་ནི་ར་མགོ་ཅན༔ མཐའ་ཡས་རྟ་མགོ་འཇོག་པོ་ཁྱི་ཡི་མགོ༔ ནོར་རྒྱས་ཝ་མགོ་དུང་སྐྱོང་ཕ་ཝང་མགོ༔ པདྨ་སྦྲུལ་མགོ་ཆུ་ལྷ་པུ་ཤུད་མགོ༔ རིགས་ལྡན་གླང་མགོ་སྟོབས་རྒྱུ་ཕག་གི་མགོ༔ སྐུ་མདོག་རང་རང་གཙོ་བོ་མཐུན་པ་ལ༔ ཐལ་མོ་སྦྱར་ནས་བཀའ་ཉན་པ་འོ༔ ཁྱམས་ལ་ཀླུ་བཞི་གནས་པར་སྒོམ༔ ཕྱི་རོལ་ས་བདག་ཚོགས་རྣམས་གནས་པར་སྒོམ༔ ཨོཾ་བ་རུ་ཎ་ཡེ་ནཱཾ༔ ཨ་ནནྟ་ཡེ་ནཱཾ༔ ཏཀྵ་ཀ་ཡེ་ནཱཾ༔ བ་སུ་ཀཱི་ཡེ་ནཱཾ༔ ཤངྑ་པཱ་ལ་ཡེ་ནཱཾ༔ པདྨ་ཡེ་ནཱཾ༔ མ་ཧཱ་པདྨ་ཡེ་ནཱཾ༔ ཀུ་ལུ་ཀ་ཡེ་ནཱཾ༔ ཀརྐོ་ཊ་ཡེ་ནཱཾ༔ རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས༔ རིགས་བཞིའི་ཀླུ་རྣམས་འཁོར་བཅས་གསལ༔ སརྦ་ནཱ་ག་ནན༔ སརྦ་ནཱ་ག་ནི་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནི་ནན༔ གྱོང་པོ་ཁྲ་བོ་འཛིན་པོ་དང༔ རྒུར་པོ་ལ་སོགས་འཁོར་བཅས་གསལ༔ སརྦ་བྷཱུ་མི་པ་ཏི་ནན༔ སརྦ་བྷཱུ་མི་པ་ཏི་ནི་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ཡ་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ བཞི་པ་སྤྱན་འདྲེན་ལ། རང་བཞིན་གྱི་ཀླུ་སྤྱན་འདྲེན་པ་ནི། ལག་གཡོན་ཁུ་ཚུར་ལས་མཐེ་བོང་དང་མཐེའུ་ཆུང་སྒྲེང་བའི་མགོར་གཡས་ཀྱི་ཐལ་མོ་བཀབ་པ་གདེངས་ཀའི་ཕྱག་རྒྱ་བཅིངས་ལ། ཧཱུྃ༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་གཞལ་ཡས་ནས༔ བཅོམ་ལྡན་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས༔ ཀླུ་གདོན་ཚུར་བཞེངས་བཀའ་ལ་ཉོན༔ ཀླུ་རྣམས་ཀུན་གྱི་རྒྱལ་པོ་བ་རུ་ཎ༔ ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར༔ འབྱུང་བ་ལྔ་ལས་ཀུན་ཏུ་བསྐྱེད༔ བཙུན་མོ་སྲས་འཁོར་བཅས་པ་རྣམས༔ ཕྱག་རྡོར་བཀའ་ཉོན་གནས་འདིར་གཤེགས༔ ཨོཾ་ཨེ་ཧྱེ་ཧི་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཨཱ་གཙྪ་ཡ་སྭཱ་ཧཱ༔ ཨོཾ་པཱ་པི་ཏི་པྲ་བྷ་ཏེ་ཨཱ་གཙྪ་སྭཱ་ཧཱ༔ བ་རུ་ཎ་ཡེ༔ ཨ་ནན་ཏ་ཡེ༔ ཏཀྵ་ཀ་ཡེ༔ བ་སུ་ཀཱི་ཡེ༔ ཤངྑ་པཱ་ལ་ཡེ༔ པདྨ་ཡེ༔ མ་ཧཱ་པདྨ་ཡེ༔ ཀུ་ལུ་ཀ་ཡེ༔ ཀརྐོ་ཊ་ཡེ༔ ཨཱ་གཙྪ་སྭཱ་ཧཱ༔ ཀླུ་ཕལ་པ་སྤྱན་དྲང་བ་ནི། ཕྱོགས་བཞིར་བལྟས་པའི་ཆུ་མིག་ནས༔ རིགས་བཞིའི་ཀླུ་རྣམས་གཤེགས་སུ་གསོལ༔ ས་བདག་ཐམས་ཅད་གཤེགས་སུ་གསོལ༔ གཉན་གཟེར་སྡེ་བརྒྱད་གཤེགས་སུ་གསོལ༔ ལན་ཆགས་གདོན་རྣམས་གཤེགས་སུ་གསོལ༔ ཕྱག་རྡོར་བཀའ་ཉོན་གནས་འདིར་བྱོན༔ གལ་ཏེ་མ་ཁུག་དོགས་པ་ན་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། ཧཱུྃ༔ ཀླུ་ཡི་གདོན་དུ་གྱུར་པ་ཀུན༔ རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ སྙིང་ནས་དྲངས་ཏེ་དགུག་པར་བྱ༔ ཨོཾ་ཙུ་རུ་ཀུན་དྷ་ཙུ་རུ་ཀུན་དྷ་ཨཱ་ཀརྵ་ཡ་ཛཿཧཱུྃ་ཛ༔ འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ གནོད་པར་བྱེད་པའི་ཀླུ་རྣམས་ཀུན༔ སྙིང་ནས་དྲོངས་ལ་དབང་དུ་སྡུས༔ བཀའ་དང་དམ་ལ་གནས་པར་མཛོད༔ ཊཀྐི་རཱ་ཙ་ཧཱུྃ༔ ཨཱ་ཀརྵ་ཡ་ཧཱུྃ་ཛ༔ ཞེས་བརྗོད་པས་ཀླུ་དང་ས་བདག་གནོད་བྱེད་ཐམས་ཅད་དཀྱིལ་འཁོར་དུ་བྱུང་བར་བསམ་མོ། །ལྔ་པ་བཞུགས་སུ་གསོལ་བ་ནི། དཀྱིལ་འཁོར་ཕོ་བྲང་འདོད་པའི་གཞལ་ཡས་སུ༔ ཀླུ་རྒྱལ་འཁོར་དང་བཅས་རྣམས་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། འཛམ་གླིང་ཀུན་ན་བཞུགས་པ་ཀུན༔ ཀླུ་ཡི་རྒྱལ་པོ་འཁོར་དང་བཅས༔ རྒྱུ་སྦྱོར་མོས་པས་ཕྱག་འཚལ་ལོ༔ ནཱ་ག་ས་མ་ཡ་ན་མོ༔ བདུན་པ་མཆོད་པ་འབུལ་བ་ནི། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ཀླུ་ཆེན་བརྒྱད༔ ས་བདག་ཀླུ་གཉན་འཁོར་དང་བཅས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས༔ བཙུན་མོ་སྲས་འཁོར་གཡོག་དང་བཅས༔ མ་ལུས་འཁོར་དང་བཅས་པ་ལ༔ ཡོན་ཆབ་མེ་ཏོག་དྲི་ཆབ་དང༔ བདུག་སྤོས་མར་མེ་བཤོས་གཙང་དང༔ གཏོར་མ་རྒྱ་ཆེན་རོལ་མོའི་སྒྲ༔ གདུགས་དང་འཕན་དང་རས་སྐུད་རྣམས༔ བདག་ཅག་དད་པས་འབུལ་ལགས་ན༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ ནཱ་ག་ཨརྒྷཾ་ གྷནྡྷེ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ ནཻ་ཝིདྱཱ་ བ་ལིཾ་ཏཿ ཙྪཏྲ་ པ་ཏཱཾ་ཀ་ ཡརྫྶ་ས་ སི་ཏཱ་ནཱཾ་པཱུ་ཛ་མེ་གྷ་སྭཱ་ཧཱ༔ སྐབས་འདིར་བཟླས་པ་བྱེད་ན། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཀླུའི་ཕོ་བྲང་ལ་ཕོག །ཇི་ལྟར་འདོད་པའི་ལས་རབ་འབྱམས་བསྒྲུབས་པར་བསམ་ལ། གོང་གི་ཀླུ་དགུའི་བསྐྱེད་སྔགས་ཅི་ནུས་བཟླ། སྤྲོ་ན་བདེ་བ་སྦྱིན་པའི་གཟུངས། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། ས་མ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་པ་ཏི། ཨུད་པ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་པཱ་ལ་ན། བཱ་ཧ་ཧ་ར། ཀླེ་ཤཱ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨ་ཏཱ་ཤུདྡྷ་ལོ་ཀ་བི་ཏི་མ་རི་རཱ་ཛ་ས་དུ་ཁཿཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་ཀྱང་བཟླས་པས་ཆོག་གོ །ཀྱེ༔ ཕོ་བྲང་མཚན་གསོལ་བ༔ ཟིན་དུ་ཟུང་ལེ་བབ༔ གནམ་ཀླུ་ཐོག་པ་དང༔ ས་ཀླུ་གྲུམ་པ་དང༔ ཀླུ་བུ་རིན་ཆེན་ལ༔ བསྙུང་བ་སྨན་གྱིས་གསོ༔ ནོངས་པ་ཚིག་གིས་བཤགས༔ འགལ་བ་བཟོད་པར་གསོལ༔ ཀླུ་ཆེན་རྒྱལ་པོ་བ་རུ་ཎ༔ ཀླུ་རྒྱལ་ཆེན་པོ་བརྒྱད༔ འཁོར་དུ་གཏོགས་པའི་ཀླུ་ཕྲན་ཚོགས༔ རྒྱུ་སྦྱོར་འདི་ཞེས་བགྱི་བ་ཡིས༔ ཁྱེད་ཀྱི་ཕོ་བྲང་གནས་མཆོག་ཏུ༔ ཐུགས་དང་འགལ་བ་ཅི་བགྱིས་པ༔ གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ དག་པར་གྱུར་ཅིག་དངོས་གྲུབ་སྩོལ༔ དགེ་བསྙེན་ཀླུ་རྒྱལ་སྟོང༔ ཀླུ་འབྲུག་དཔོན་གཅིག་པོ༔ ཕོ་བྲང་མཚན་གསོལ་བ༔ རི་རབ་གླིང་བཞི་དང༔ རྒྱ་མཚོའི་གླིང་དགུ་དང༔ མཚོ་མོ་དར་ཆེན་དང༔ ནེའུ་གསིང་བཟང་མཛེས་ལ༔ རིན་ཆེན་མཚལ་གྱི་ཐིག་ཕྲན་བཀྱེ༔ མུ་ཏིག་ཁུ་འཕངས་ཤ་ར་ར༔ གཡུ་ཡི་ན་བུན་ཐུ་ལུ་ལུ༔ ཀླུ་ཆེན་བརྒྱད་དང་རིགས་བཞིའི་ཀླུ༔ ཀླུ་དང་ས་བདག་འཁོར་བཅས་རྣམས༔ ཡོན་བདག་མཆོད་པ་འདི་བཞེས་ལ༔ ཀླུ་སྨན་མཆོད་པ་འདི་ན་མཆིས༔ ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས༔ ཀླུ་ཡི་ཚོགས་ལ་མཆོད་པར་འབུལ༔ ཡོན་བདག་འཁོར་བཅས་ཀྱི༔ ནོངས་འགལ་ཅི་མཆིས་པ༔ མཐོལ་བཤགས་བཟོད་པར་གསོལ༔ ཀླུ་རྒྱལ་བཙུན་མོ་སྲས་འཁོར་ལ༔ བདག་དང་ཡོན་བདག་འཁོར་བཅས་ཀྱིས༔ གུ་ལང་གསེར་དང་ཞལ་ཟས་དང༔ སྨན་སྣ་བདུད་རྩིས་མཆོད༔ འཇམ་པ་སྟན་དུ་བཏིང༔ རྒོད་ཀྱི་ཐེ་གོང་དུ༔ རྨ་བྱའི་མདོངས་ཀྱིས་བརྒྱན༔ ཀླུ་ལ་མཆོད་པར་འབུལ༔ མི་གླུད་ཀླུ་ལ་འབུལ༔ ཀླུ་ཡོན་མི་ལ་གསོ༔ ཅི་དང་ཅི་རུ་མཇལ༔ མི་དང་ཀླུ་རུ་མཇལ༔ དགྱེས་ཤིང་དགའ་བ་འོ༔ ཉིན་དང་གདུགས་སུ་མཇལ༔ བྲོ་ལ་འཇམ་པ་འོ༔ ད་ལྟ་ཀླུ་ལ་སྐྱབས་སུ་འཚལ༔ ཀླུ་བདུད་མི་ལ་མ་འབེབ་ཅིག༔ ད་ལྟ་ཀླུ་ལ་མཆོད་པ་འབུལ༔ ཕོ་བྲང་རྒྱན་དང་ལྡན་པ་འདིར༔ བ་དམར་དི་རི་རི༔ ངང་ངུར་ཅོངས་སེ་ཅོང༔ རྨ་བྱའི་སྤུ་སྡུག་ལྷུབས་སེ་ལྷུབ༔ སྐྱེས་ལྕང་མང་པོ་ལྡེམས་སེ་ལྡེམ༔ གསིང་མ་སྔོ་དྭངས་ཡ་ལ་ལ༔ གཡུ་མཚོ་སྔོན་མོ་ལྟེངས་སེ་ལྟེང༔ ཀླུ་ཡི་ཕོ་བྲང་ཉམས་རེ་དགའ༔ མི་ཡིས་ཀླུ་ལ་མཆོད་པར་འབུལ༔ དགྱེས་ཤིང་མཉེས་པར་བཞེས་སུ་གསོལ༔ ནཱ་ག་རཱ་ཙ་བྷ་ཧུ་ཏ་ཨ་མྲྀ་ཏ་བྷ་ར་སི་ཏ་སྭཱ་ཧཱ༔ བརྒྱད་པ་བསྟོད་པ་བྱ་བ་ནི། བུམ་པ་གསུམ་པ་ནས་ཀླུའི་ཕོ་བྲང་ལ་རྩི་སྨན་འཐོར་བཞིན་དུ། ཀླུ་ཡི་རྒྱལ་པོ་ཆུ་བདག་བ་རུ་ཎ༔ ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས༔ བྱང་ཆུབ་སེམས་ལྡན་ཡིད་འོང་མཛེས་པའི་སྐུ༔ སྦྲུལ་གྱི་གདེངས་ཀ་ཡིད་བཞིན་ནོར་བུས་བརྒྱན༔ རིགས་ཀྱི་སྐུ་མདོག་ཕྱག་མཚན་འགྲོ་བ་འདུལ༔ འགྲོ་བ་ཀུན་གྱི་དོན་མཛད་ཐུགས་རྗེ་ཅན༔ ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱང་ཆུབ་སེམས་ལྡན་ཀླུ་རྣམས་བྲན་དུ་ཁོལ༔ ཀླུ་རྣམས་ཀུན་ལ་དབང་བསྒྱུར་མཐུ་རྩལ་ཅན༔ ཀླུ་གདོན་མ་ལུས་འདུལ་བའི་ཕྲིན་ལས་མཛོད༔ རྒྱུ་སྦྱོར་ཡོན་བདག་བདེ་ལ་འགོད་པ་དང༔ ནད་རྣམས་མ་ལུས་ཞི་བའི་ཕྲིན་ལས་མཛོད༔ བ་རུ་ཎ་ཡེ༔ ཨ་ནན་ཏ་ཡེ༔ ཏཀྵ་ཀ་ཡེ༔ བ་སུ་ཀཱི་ཡེ༔ ཤངྑ་པཱ་ལ་ཡེ༔ པདྨ་ཡེ༔ མ་ཧཱ་པདྨ་ཡེ༔ ཀུ་ལུ་ཀ་ཡེ༔ ཀརྐོ་ཊ་ཡེ༔ གདོན་ཁྲོལ་གདོན་ཁྲོལ་སྭཱ་ཧཱ༔ དགུ་པ་གདོན་འགྲོལ་བ་ནི། ཀླུ་ཡི་ཕོ་བྲང་ལ་བདུད་རྩིའི་ཆར་བབས་པས་ཀླུ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་སྟེ་གནོད་འཚེའི་བསམ་སྦྱོར་ཀུན་དང་བྲལ་བར་བསམ་ལ། རྩི་སྨན་འཐོར་བཞིན་དུ། བ་རུ་ཎ་ལས་གདོན་གྱུར་པ༔ ཞེ་སྡང་སེམས་འཆང་ར་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ མཐའ་ཡས་ལས་ནི་གདོན་གྱུར་པ༔ ང་རྒྱལ་སེམས་འཆང་རྟ་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ འཇོག་པོ་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་ཁྱི་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ ནོར་རྒྱས་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་ཝ་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ དུང་སྐྱོང་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་ཕ་ཝང་མགོ༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ པདྨ་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་སྦྲུལ་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ ཆུ་ལྷ་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་པུ་ཤུད་མགོ༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ རིགས་ལྡན་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་གླང་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ སྟོབས་རྒྱུ་ལས་ནི་གདོན་གྱུར་པ༔ གདུག་པའི་སེམས་འཆང་ཕག་མགོ་ཅན༔ སྤྲུལ་པས་སེམས་ཅན་ཡོངས་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ གནོད་པར་བྱེད་པའི་ཀླུ་གདོན་རྣམས༔ གདུག་པའི་སེམས་ཀྱིས་ཀུན་ལ་གནོད༔ སྤྲུལ་པ་དཔག་ཏུ་མེད་པ་འགྱེད༔ གནོད་བྱེད་གདོན་རྣམས་མ་ལུས་ཀུན༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ ཨོཾ་ནཱ་ག་ལེ་ནཱ་ག་ལེ་སྭཱ་ཧཱ༔ ཨོཾ་དུ་ག་ལེ་དུ་ག་ལེ་སྭཱ་ཧཱ༔ ཨོཾ་བ་རུ་ཎ་ཡེ་བ་རུ་ཎ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཛ་ཡེ་མ་ཧཱ་ཛ་ཡ་སྭཱ་ཧཱ༔ གདོན་ཁྲོལ་གདོན་ཁྲོལ་སྭཱ་ཧཱ༔ ཕྱོགས་བཞིར་བལྟ་བའི་ཆུ་མིག་ནས༔ རིགས་བཞིར་གཏོགས་པའི་ཀླུ་ཡི་ཚོགས༔ སྐུ་མདོག་ཕྱོགས་མཐུན་འཁོར་གྱིས་བསྐོར༔ གདུག་པའི་སེམས་འཆང་མི་ལ་གནོད༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ རྒྱུ་སྦྱོར་ཀླུ་ཡི་གདོན་ལས་ཁྲོལ༔ སརྦ་ནཱ་ག་ནན༔ སརྦ་ནཱ་ག་ནི་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནི་ནན༔ གདོན་ཁྲོལ་གདོན་ཁྲོལ་སྭཱ་ཧཱ༔ འཛམ་གླིང་སྲིད་པ་ལ་གནས་པའི༔ ས་བདག་གདོན་རྣམས་མ་ལུས་དང༔ གདོན་གཉན་གཟེར་དང་སྡེ་བརྒྱད་དང༔ སྔོན་དང་འཕྲལ་གྱི་ལན་ཆགས་དང༔ དེ་རྣམས་ཀུན་ལ་རྒྱུ་སྦྱོར་གྱིས༔ ཐུགས་དང་འགལ་བ་ཅི་བགྱིས་པ༔ ཁྱོད་ལ་གནོད་པར་གྱུར་པ་ཀུན༔ མཆོད་པ་ཀུན་གྱིས་ཡོངས་སུ་མཆོད༔ རྒྱུ་སྦྱོར་ནད་དང་གནོད་པ་ཀུན༔ མ་ལུས་ཞི་དང་ཁྲོལ་གྱུར་ཅིག༔ སརྦ་བྷཱུ་མི་པ་ཏི་ནན༔ སརྦ་བྷཱུ་མི་པ་ཏི་ནི་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་རཱི་ནན༔ གདོན་ཁྲོལ་གདོན་ཁྲོལ་སྭཱ་ཧཱ༔ ནཱ་ག་ཡུ་ཡུ་བད༔ ནཱ་ག་ཀན་ཙ་ཡུ་ཡུ༔ ནཱ་ག་རཀྵ་ཡུ་ཡུ༔ ཤིག་ཤིག་ཁྲོལ་ཁྲོལ་སྭཱ་ཧཱ༔ མཆོད་ཡོན་བཞེས་ལ་གནོད་མ་བྱེད༔ ཀླུ་གདོན་ནད་ཀྱིས་ཟིན་པ་རྣམས༔ ཞི་ཞིང་བྱང་བར་མ་བྱས་ན༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ཡིས༔ ཆད་པས་རྡུལ་དུ་བརླག་ཏ་རེ༔ དེས་ན་གནོད་པའི་དུག་རྣམས་སྡུས༔ ཕྱིས་ནས་མི་བྱེད་དམ་ཆོས་ཤིག༔ ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ་ཛ༔ འདྲེད་དེ་འདྲེད་དེ༔ ཙུབ་ཕྱི་ཙུབ་ཕྱི་ཧཱུྃ་ཛ༔ སྲི་ཡཾ་སྲི་ཡཾ་ཧཱུྃ་ཛ༔ འདྲེ་ནན་འདྲེ་ནན་ཧཱུྃ་ཛ༔ འདྲ་སུཾ་འདྲ་སུཾ་ཧཱུྃ་ཛ༔ བཅུ་པ་ཀླུ་གསོ་བ་ནི། སླར་ཡང་བུམ་པ་གསུམ་པ་ནས་འཐོར་ཡབ་ཀྱིས་རྩི་སྨན་འཐོར་བཞིན་དུ། ཀླུ་ཡི་རྒྱལ་པོ་བ་རུ་ཎ༔ མ་ལུས་འཁོར་བཅས་ཐམས་ཅད་ལ༔ བསྙུང་ནད་ཅི་མཆིས་པ༔ མཆོད་པ་སྣ་ཚོགས་དང༔ ཀླུ་སྨན་སྣ་ཚོགས་ཀྱིས༔ ཀླུ་རྣམས་སོས་གྱུར་ཅིག༔ ནད་དང་ཉམས་པ་ཅི་མཆིས་པའི༔ ཀླུ་རྣམས་སོས་གྱུར་ཅིག༔ ཀླུ་ཡི་ནད་སོས་པས༔ རྒྱུ་སྦྱོར་ཡོན་བདག་གི༔ ནད་གདོན་སོས་གྱུར་ཅིག༔ བཀྲ་ཤིས་བསམ་འགྲུབ་ཤོག༔ ཨོཾ་དི་བྱ་ཨ་མྲྀཏེ་སན་ཏ་ར་པ་ཤི་མི་ཏ་པྲ་ཏཱིཙྪ་ཐ་པ་ས་ནན་ན་མ་སྭཱ་ཧཱ༔ ཀླུའི་ནད་ཐམས་ཅད་བདུད་རྩིས་གསོས་ནས་ཀླུ་དང་ཡོན་བདག་གཉིས་ཀ་ནད་ལས་ཐར་བར་བསམ་མོ། །བཅུ་གཅིག་པ་མི་ལྡོག་པའི་ཕྱིར་དབང་བསྐུར་བ་ནི། སླར་ཡང་བུམ་ནང་དུ་ཡུམ་སངས་རྒྱས་སྤྱན་མ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བར་མོས་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཨོཾ་པྲ་བྷ་བ་དྷྱ་བྷུ༔ པྲ་བྷ་བ་དྷྱ་བྷུར་བྷུ་བ་སྭཱ༔ པྲ་བྷ་བ་དྷྱ་པ་པིཏྟྲ་པྲ་བྷ་བ་དྷྱ་སརྦ་ནཱ་ག་དུཿཁ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་བཟླས་ལ་བུམ་པ་གཉིས་པ་ནས་བུམ་ཆུ་འཐོར་ཞིང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང༔ སྐྱབས་འོས་རྣམས་ཀྱི་མཐུ་སྟོབས་དང༔ བདག་དང་ཏིང་འཛིན་སྨོན་ལམ་གྱིས༔ སྨན་ཆུ་སྔགས་ཀྱི་བདུད་རྩི་འདི༔ འདོད་པའི་ཡོན་ཏན་སྣ་ཚོགས་ལྡན༔ ཆོས་ཀྱི་བདུད་རྩི་ཚིམ་བྱེད་འདིས༔ ཀླུ་རྣམས་ཀུན་ལ་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་ཡོན་ཏན་ལྔ༔ ཅི་བསམ་འགྲུབ་པའི་ཡོན་ཏན་ཐོབ་གྱུར་ཅིག༔ ཡོན་བདག་མི་མཁས་མ་རིག་དབང་གིས་ནི༔ ཀླུ་ཡི་མི་མཐུན་ནད་དང་གནོད་པ་ཀུན༔ མ་ལུས་གསོས་ནས་བདེ་ཆེན་ཐོབ་གྱུར་ཅིག༔ དེ་ལྟར་གསོས་པའི་བསོད་ནམས་ཀྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ནད་གདོན་ཐམས་ཅད་ཞི་གྱུར་ཅིག༔ ཀླུ་ཡི་འཇིགས་པ་ཀུན་གྲོལ་ནས༔ སངས་རྒྱས་ས་ལ་འཁོད་པར་ཤོག༔ གཏུམ་པོའི་སྤྱན་སྔར་ཁས་བླངས་པའི༔ འགྲོ་བ་མ་ལུས་ཐམས་ཅད་ཀྱི༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ བཅུ་གཉིས་པ་བུམ་ཆུས་ཀླུ་གཟུགས་ལ་བླུག་ཅིང་དུག་སྦྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་མ་རིག་དུག༔ དཀོན་མཆོག་གསུམ་ལ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ ཏདྱ་ཐཱ༔ ཨོཾ་ཡ་བ་ཏི༔ དུ་ས་ཏི༔ དུ་ས་ཀུ་ལུ་དུ་མི་སྭཱ་ཧཱ༔ རྡུལ་དང་བྲལ་བར་དབང་བསྐུར་རོ༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ སརྦ་བྷཱུ་མི་པ་ཏི་ནཱ་ག་དུཿཁ་པྲ་ཤ་མ་ན་ཨ་བྷི་ཥིཉྩ་མཾ༔ ཨོཾ་པྲ་བྷ་བ་དྷྱ་བྷུ༔ པྲ་བྷ་བ་དྷྱ་བྷུར་བྷུ་བ་སྭཱ༔ པྲ་བྷ་བ་དྷྱ་པ་པིཏྟྲ་པྲ་བྷ་བ་དྷྱ་སརྦ་བྷཱུ་མི་པ་ཏི་ནཱ་ག་དུཿཁ་པྲ་ཤ་མ་ན་ཡེ་ཨ་བྷི་ཥིཉྩ་མཾ༔ ཞེས་བདུན་ནམ་ཉེར་གཅིག་གིས་སྡུག་བསྔལ་དང་བྲལ་བར་བསམ་མོ། །བཅུ་གསུམ་པ་ལྷ་བུམ་གྱིས་ཁྲུས་བྱ་ཞིང་སྨོན་ལམ་གདབ་པ་ནི། ལྷ་བུམ་ལས་འཐོར་ཡབ་ཀྱིས་འཐོར་ཞིང་། ཧཱུྃ༔ ཀླུ་ཆེན་བརྒྱད་པོ་ཚུར་ཉོན་ཅིག༔ དང་པོ་རང་བྱུང་རྒྱལ་བའི་བཀའ༔ ད་ལྟར་རིག་འཛིན་བདག་གི་བཀའ༔ རིག་འཛིན་ང་ཡི་བཀའ་མ་བཅག༔ ང་ནི་ཕྱག་ན་རྡོ་རྗེ་ཡིན༔ ང་ནི་དྲེགས་པ་ཀུན་འདུལ་ཡིན༔ ང་ནི་ཀླུ་ཡི་གཤེད་པོ་ཡིན༔ ཀླུ་བརྒྱ་ཟས་སུ་ཟ་བ་ཡིན༔ ཀླུ་འབུམ་གདན་དུ་འདིང་བ་ཡིན༔ ཀླུ་རྣམས་དབང་དུ་སྡུད་པ་ཡིན༔ ཀླུ་རྒྱལ་ལུས་ལ་བརྒྱན་པ་ཡིན༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ཀླུ་ཆེན་རྣམས་ཀྱི་གདུག་རྩུབ་ཕྱུངས༔ ཀླུ་ཡི་ནད་གདོན་དུག་རྣམས་ཕྱུངས༔ རིགས་བཞི་ཀླུ་ཡི་དུག་རྣམས་ཕྱུངས༔ ས་བདག་གདོན་གྱི་དུག་རྣམས་ཕྱུངས༔ ཀླུ་རྣམས་ལན་ཆགས་གདུག་རྩུབ་ཕྱུངས༔ ཀླུ་ཡི་ནད་གདོན་དུག་རྣམས་ཕྱུངས༔ ཧཱུྃ༔ ཀླུ་ཚོགས་མ་ལུས་ཚུར་ཉོན་ཅིག༔ དེ་རིང་མི་འདི་མི་གཏོང་ཞིང༔ གདུག་རྩུབ་མི་གཏོང་བཀའ་གཅོག་ན༔ ཁྱེད་རྣམས་བརླག་པར་འགྱུར་ཏ་རེ༔ དམ་ཚིག་སྔགས་ཀྱི་བྱིན་རླབས་དང༔ ཁྲོ་རྒྱལ་ཁྱུང་གི་བྱིན་རླབས་ཀྱིས༔ སྡུག་བསྔལ་ནད་ཀྱིས་ཚིག་ཅིང་འཆི༔ བྱང་ཆུབ་མི་ཐོབ་དམྱལ་བར་ལྟུང༔ འོ་ན་དེ་ལ་མ་ཐུག་གོང༔ མཛེ་ནད་གདོན་ཚོགས་མ་ལུས་ཐོན༔ ཀླུ་གདོན་སྤྲུལ་པ་འདི་ལས་ཐོན༔ ཀླུ་ཡི་ནད་རྣམས་ཐམས་ཅད་ཐོན༔ གནོད་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ བ་རུ་ཎ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་ནན་ཏ་ཡེ་ཤཱནྟིཾ༴ ཏཀྵ་ཀ་ཡེ་ཤཱནྟིཾ༴ བ་སུ་ཀཱི་ཡེ༴ ཤངྑ་པཱ་ལ་ཡེ༴ པདྨ་ཡེ༴ མ་ཧཱ་པདྨ་ཡེ༴ ཀུ་ལུ་ཀ་ཡེ༴ ཀརྐོ་ཊ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཀླུ་གདོན་ཐམས་ཅད་བིགྷྣཱཾ་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་ནཱ་ག་ནན༔ སརྦ་ནཱ་ག་ནི་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནི་ནན༔ ཀླུ་གདོན་སརྦ་བིགྷྣཱན་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་བྷཱུ་མི་པ་ཏི་ནན༔ སརྦ་བྷཱུ་མི་པ་ཏི་ནི་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ས་བདག་གི་གདོན་སརྦ་བིགྷྣཱན་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། ས་བདག་ཀླུ་གཉན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་ཐམས་ཅད་ཤཱནྟིཾ༴ ཡན་ལག་ཉམས་པ་ཐམས་ཅད༴ དབང་པོ་ཉམས་པ་ཐམས་ཅད༴ ལོངས་སྤྱོད་ཉམས་པ་ཐམས་ཅད༴ གནས་ཁང་ཉམས་པ་ཐམས་ཅད༴ འཁོར་གཡོག་དང་ནོར་ཉམས་པ་ཐམས་ཅད༴ གནད་དུ་ཕོག་པ་ཐམས་ཅད༴ ལུས་སེམས་ལ་སྡུག་བསྔལ་བར་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་ནས་ཀླུ་དགུ་སོ་སོའི་སྔགས་མཐར། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། གཞན་ཡང་། ཕྱོགས་ཉེ་བ་འདི་དག་ན་ཐང་བུ་ཀར་ཀོར་རློན་པ་ཙག་ཙོག་ཡུར་ཚིག་བྲང་བྲེང་ཟུག་རྡོ་ཉག་ཉུག་གད་པ་ལང་ལིང་རྩི་ཤིང་སྤན་སྤུན་ལྗོན་པ་དང་ངོགས་ལ་གནས་པ། ཁོ་ར་ཆུང་ངུ་ལ་བདག་གིར་བྱེད་ཅིང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་རུ་ང་དང་ཕྲག་དོག་བྱེད་པ། ཆེ་བ་ལུས་ཉམས་པར་བྱེད་པ། ཆུང་བ་རྒྱུད་ཉམས་པར་བྱེད་པ། ས་བདག་དང་ས་སྲིན་གཉན་ཕོ་མོ། ས་བསེན་ཤིང་བསེན་ཐམས་ཅད་དང་། ཁྱད་པར་བདག་ཅག་དཔོན་སློབ་སྡེ་དང་བཅས་པ་རྣམས་ཀྱིས་མ་ཤེས་པ་དང་། མ་མཐོང་བའི་དབང་གིས་ཐུགས་དང་འགལ་པ་ཐམས་ཅད་གསོལ་ཞིང་མཆོད་དོ། །འདོན་ཅིང་མགྲོན་ཏོ། །སོ་སོའི་རྒྱུད་ཚིམས་པར་གྱུར་ཅིག །ལོངས་སྤྱོད་ཀྱི་རྐྱེན་འབྱོར་པར་གྱུར་ཅིག །བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ལ་རུ་ང་དང་ཕྲག་དོག་མ་མཛད་ཅིག །བདག་ཅག་ནི་ས་ལ་དབང་མི་བྱེད་དོ། །སའི་མངའ་བདག་ཁྱེད་རང་མཛོད་ཅིག །ཞིང་ཤས་ཀྱི་གླུད་དུ་འབུལ་ལོ། །འདུག་བརྔན་གྱི་གླུད་དུ་འབུལ་ལོ། །ལམ་བརྔན་གྱི་གླུད་དུ་འབུལ་ལོ། །གལ་ཏེ་དེས་ཀྱང་མི་ལོ་པར་རུ་ཐུར་ཆེར་སྐྱེས་པ་ལགས་ན་བདག་ཅག་ནི་ཤ་མིག་གདོས་པ་ཅན་ལགས། ཁྱོད་ནི་མངོན་ཤེས་དང་རྫུ་འཕྲུལ་ཆེན་པོ་ཐོབ་པ་ལགས་པས་བདག་ཅག་ལ་ཡང་ནས་ཡང་དུ་སྟོན་ལ་བདག་ཅག་ལ་ཡིད་ཆེས་བསྐྱེད་དུ་གསོལ་ཅིག །ཁྱེད་བཞུགས་པའི་གནས་ས་གཉན་རིས་སུ་བཞག་པའམ་ཡང་ན་གཞན་དུ་སྤོ་བར་བགྱིའོ། ཁྱིམ་མཚེས་སྤྱང་ཀིས་ཀྱང་ངོ་ཤེས་པ་ལགས་པས་ཕུད་འདི་གསོལ་ལ་གནོད་འགལ་ནི་མ་མཛད་ཅིག །དེ་བས་ན་བདག་ཅག་ནི་བསམ་པ་བཟང་པོ་དེ་ལྟ་བུ་དང་ལྡན་པ་ལགས་པས་ཁྱེད་ཀྱང་ཐུགས་ལ་རུ་ཐུར་མ་ལྡང་ཞིག །སེམས་ཤོང་ན་ལུས་ཤོང་བ་ལགས་སོ། །སེམས་ལ་རུ་བྱུང་ན་གཡང་མོ་སྟོང་ཁྱུ་ན་རུ་བཟང་གཉིས་མི་མཛའ། སེམས་ལ་རུ་མེད་ན་རྡེའུ་གཅིག་འོག་ན་ས་བདག་གྲོང་ཁྱིམ་བརྒྱ། རྡེའུ་གཅིག་སྟེང་ན་གཟའ་སྐར་གྲོང་ཁྱིམ་སྟོང་དོག་པ་མ་མཆིས་སོ། །བྲག་དམར་ཟུང་གཅིག་ལྷུན་ལ་བྱ་གནས་ཀྱང་། སྐྱབས་ཆེན་མིའི་གནས། སྐྱབས་ཆུང་བྱ་ཡི་གནས། དོག་པ་མ་མཆིས་སོ། །དེ་བས་ན་བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ལྷག་པའི་བསམ་པ་དགེ་བ་འཁོར་བཅས་ལ་གནོད་པ་མ་མཛད་པར་ཕན་པ་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་གསོལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བ་རུ་ཎ་སོགས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས། རཏྣའི་ཕོ་བྲང་ལོངས་སྤྱོད་འཛད་པ་མེད་པའི་རྟེན་འདི་ལ་དགྱེས་པར་བཞུགས་ཏེ་སའི་ཕྱོགས་འདིར་འདོད་པའི་དངོས་གྲུབ་མཐའ་དག་བསྩལ་བ་དང་། ཀོ་ལོང་དང་རུ་ང་ཕྲག་དོག་མ་མཛད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་རྟེན་སྙིང་མང་དུ་བཟླ་བས་བརྟན་བཞུགས་བྱ། ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ༔ ཞེས་པས་མགྲོན་ཐབས་ཀྱི་ཀླུ་རྣམས་རང་གནས་སུ་བཏང་། ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཞེས་ནག་ཕྱོགས་རྣམས་བསྐྲད། ཆས་རྣམས་མི་མངོན་པར་རྒྱས་བཏབ་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ།། ༈ །།གསུམ་པ་ཀླུ་གཏའ་བསྡམ་པ་ནི། བཅས་བཤམ་གྱི་ཁྱད་པར་གོང་བཞིན་ལས། གླང་གཟུགས་དང་བུམ་པ་བརྒྱད་ཀྱི་ཚབ་ཏུ་གྲོ་གའམ་ཤོག་བུ་ལ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པའི་དབུས་སུ་འདོད་གསོལ་གྱི་སྤེལ་ཚིག་དང་། རྩིབས་བརྒྱད་པོ་སོ་སོར། ནཱ་ག་རཱ་ཛ་ས་མ་ཡ༔ ཞེས་བྲི། ཇི་ལྟར་རིགས་པའི་ཚོན་གྱིས་བསྒྱུར། ཀླུའི་མཐུན་རྫས་སུ་གྱུར་པའི་དྲི་བཟང་དང་སྨན་གྱིས་བྱུག །དེ་ནས་ཁམ་སའི་གྭའུ་གྲུ་བཞི་པ་ཁ་སྦྱོར་སོས་སྨིན་པར་བྱས་པའི་ནང་དུ། རིན་ཆེན། འབྲུ། སྨན། དར། གོས་སོགས་ཀླུ་ལ་མི་གནོད་པའི་དཀོར་ཆ་སྣ་ཚོགས་དང་། ཀླུ་སྨན། དཀར་མངར་སྣ་ཚོགས་སྔར་གྱི་འཁོར་ལོས་བསྟུམས་ཏེ་བཅུག་པ་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཀོད། འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་གཟུགས་སམ་ཚོམ་བུ་བཀོད་པས་ཀྱང་རུང་། ཡང་གོང་གི་ཀླུ་གཏེར་གཞུག་པ་དང་ཀླུ་གཏའ་བསྡམ་པ་ལྷན་ཅིག་ཏུ་བྱེད་ན། གྭའུ་ཁ་སྦྱོར་ཤར་བུམ་ལྟ་བུ་བུམ་གཏེར་གང་རུང་གི་སྟེང་དུ་འཇོག་པ་ཕྱག་ལེན་ཡིན་ཞིང་། ཀླུ་གཟུགས་སོགས་ཟུར་དུ་བཅའ་མི་དགོས། ཆོ་གའི་ཁྱད་པར་མཐའ་དག་གོང་བཞིན་དུ་བྱས་པས་འགྲུབ་བོ།། ༈ །།བཞི་པ་ཀླུ་རྟེན་སྤོ་བ་ནི། ཐོག་མར་གང་སྤོ་རྒྱུའི་ཀླུའི་གནས་དེར་སྔོན་ཀླུ་གཏའ་བསྡམས་པ་དང་ཀླུ་གཏེར་བཅུག་པ་སོགས་ཚུལ་བཞིན་དུ་བསྒྲུབས་པའི་ཆས་ཡོད་ན་ཀླུའི་དཀྱིལ་འཁོར་ཟུར་དུ་མ་བཤམས་ཀྱང་ཆོག །གཞན་དུ་ཀླུ་གཏེར་གཞུག་པའི་སྐབས་བཞིན་རྒྱས་པར་བཤམས་པའམ། མ་འགྲུབ་ན་པདྨ་འདབ་བརྒྱད་ཀྱི་དབུས་སུ་གླང་དམར་རྫས་ལྡན་དང་། པད་འདབ་བརྒྱད་ལ་ཀླུ་གཟུགས་སམ་ཚོམ་བུ་བཀོད། གང་ལྟར་ཡང་བུམ་པ་མཆོད་རྫས་སོགས་གོང་ལྟར་བཤམ། བདག་བསྐྱེད་ནས་བཟུང་གཏོར་འབུལ་གྱི་བར་དཀྱུས་ལྟར་བྱེད་པའམ། བསྡུ་ན་བསྟོད་པ་ཡན་ཆད་ཀྱིས་ཀྱང་ཆོག །དེ་ནས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ས་བདག་ལྷ་ཀླུ་འཁོར་དང་བཅས་པ་རྣམས་ཡུལ་ཕྱོགས་འདི་ནས་ཇི་ལྟར་འདོད་པའི་གནས་སུ་གཤེགས་ཏེ་ཕུན་སུམ་ཚོགས་པའི་དཔལ་ལ་མངའ་དབང་འབྱོར་པར་གྱུར་ཅིག །ཅེས་བརྗོད་ལ་རིག་སྔགས་ཀྱི་བྱིན་རླབས་དང་ཀླུ་རྣམས་སོ་སོའི་རྫུ་འཕྲུལ་གྱི་མཐུས་གནས་དང་ཕོ་བྲང་མཁོ་དགུའི་འབྱོར་པ་དང་བཅས་ཏེ་གང་དུ་སྤོ་རྒྱུའི་སར་སོང་བར་བསམ་ལ། ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛ༔ ནཱ་ག་ཨུ་ཙ་ཏ་ཡ༔ ཞེས་མང་དུ་བཟླས་རྗེས། སྔགས་དང་སྨན་སོགས་བྱིན་རླབས་ཀྱིས༔ ནད་དང་ཉེར་འཚེ་ཀུན་སྤངས་ནས༔ དྲིན་ལན་དམ་ཚིག་དྲན་གྱིས་ལ༔ མཐུན་པའི་གནས་སུ་འགྲོ་བར་གྱིས༔ ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ༔ ཞེས་དང་སྔར་གྱི་སྔགས་བཟླ་བཞིན་དུ་རྟེན་གྱི་རྫས་གསར་རྙིང་མཆོད་རྫས་དང་བཅས་པ་གང་དུ་སྤོ་རྒྱུའི་གནས་སུ་བསྐྱལ་ལ་ཚུལ་བཞིན་དུ་བསྒྲིག །ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་གྲུབ་ན་བདག་བསྐྱེད་བུམ་སྒྲུབ་སོགས་མི་དགོས། གང་ལྟར་ཡང་རྫས་བྱིན་རླབས་ནས་བཟུང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཀླུ་གཏེར་གཞུག་པའི་ཆོ་ག་བཞིན་རྫོགས་པར་བྱས་ལ་ཆས་རྣམས་མི་མངོན་པར་རྒྱས་གདབ། ཀླུ་ཆོག་སྒྲུབ་པའི་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་གྲུབ་པར་སོར་བཞག་ལ་བསྡུ་ན་སྤོས་པའི་གནས་སུ་མཆོད་བསྟོད་མན་ཆད་བྱས་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ།། ༈ །།ལྔ་པ་ཀླུའི་བྱད་གདོན་འགྲོལ་བ་ལ། བཅས་བཤམ་ནི། བུམ་པ་མཆོད་རྫས་སོགས་བཤམ་ཚུལ་སྔར་ལྟར་ལས་ཁྱད་པར་ཀླུའི་དཀྱིལ་འཁོར་གྱི་དབུས་སུ་ཟངས་གཞོང་ལ་སོགས་པར་བ་རུ་ཎ་ཀླུ་ཆེན་བརྒྱད་དང་བཅས་པ་གཟུགས་བརྙན་སྐྱེ་མཆེད་དོད་པར་བྱ་ཞིང་སྤྲོ་ན་བྱད་འགྲོལ་དུ་བཤད་པ་བཞིན་ཀླུ་མོ་བརྒྱད་ཀྱི་གཟུགས་ཀྱང་བཤམ། དེ་དག་སོ་སོའི་མདུན་དུ་ཀླུ་གདོན་དགུ །དེའི་མཐའ་སྐོར་དང་གཞན་ཡང་འཁར་གཞོང་སོགས་ཇི་ལྟར་རིགས་པར། དེ་ནས་ཀླུ་ཉིད་ཕལ་པའི་གཟུགས༔ ཆུ་རྟ་ཆུ་ལུག་ཆུ་གླང་སྦྲུལ༔ སྦལ་པ་ལྕོང་མོ་ལ་སོགས་དང༔ ས་བདག་གཟུགས་ནི་སྡོམ་དང་སྡིག༔ རྟ་བླ་རུས་སྦལ་བ་གླང་སོགས༔ སོ་སོའི་སྣོད་དུ་གསག་པར་བྱ༔ ཞེས་གསུངས་པ་བཞིན་འགོད། ནེའུ་གསིང་བཀོད་པ་སོགས་གཞན་ཐམས་ཅད་སྔར་བཤད་པ་ལྟར་བྱ། དེ་ནས་བདག་གི་རྣལ་འབྱོར་བུམ་སྒྲུབ་དང་བཅས་པ་སྔར་བཞིན་སོང་ནས། བསྒྲུབ་བྱ་མདུན་དུ་བཀུག་པའི་ཡན་ལག་དང་ཉིང་ལག་རྣམས་བྱད་ཐག་སྔོ་དམར་གྱིས་བཅིངས། སྣེ་མོ་ཀླུའི་ཕོ་བྲང་དུ་གཏད་ལ་གཞག །རྫས་བྱིན་རླབས་ནས་བཟུང་སྟེ། བཅུ་པ་ཀླུ་གསོ་བའི་བར་སྔར་བཞིན་བྱས་རྗེས། རང་ཉིད་གསང་བདག་ཏུ་གསལ་བའི་ཕྱག་ན་ཡེ་ཤེས་ཀྱི་རལ་གྲིས་བྱད་ཐག་རྣམས་དུམ་བུར་གཏུབས་པས་བསྒྲུབ་བྱ་ཀླུའི་གདོན་ལས་ཐར་བར་བསམ་ཞིང་། ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛ༔ ཤིག་ཤིག་ཁྲོལ་ཁྲོལ་སྭཱ་ཧཱ༔ ཆོད་ཆོད་བྱད་ཁྲོལ༔ ཞེས་བཟླ་ཞིང་ཚོན་སྐུད་དུམ་བུར་གཏུབས་པ། ནཱ་ག་རཱ་ཛ་བྱད་ཁྲོལ་ཁྲོལ༔ ཞེས་ཀླུའི་ཕོ་བྲང་དུ་དོར། བཅུ་གཅིག་པ་དབང་བསྐུར་གྱི་སྐབས་བུམ་ཆུ་ནས་བསྒྲུབ་བྱ་ལ་བླུད་ཅིང་ཀླུའི་ཕོ་བྲང་དང་བསྒྲུབ་བྱ་གཉིས་ཀར་གཏོར། བཅུ་གཉིས་པ་དུག་སྦྱོང་དཀྱུས་བཞིན་ལ། བཅུ་གསུམ་པ་ཀླུས་བསྒྲུབ་བྱའི་སྡུག་བསྔལ་བསལ་བ་ནི། གཏུམ་པོའི་ཏིང་ངེ་འཛིན་གསལ་བར་བསྐྱེད་ལ་རྨ་བྱའི་མདོངས་ཐོགས་ཏེ་བསྒྲུབ་བྱ་ལ་བྱབ་ཅིང་། ཧཱུྃ༔ ཀླུ་ཆེན་བརྒྱད་པོ་ཚུར་ཉོན་ཅིག༔ ཅེས་པ་ནས། གནོད་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ བ་རུ་ཎ་ཡེ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཨ་ནནྟ་ཡེ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཏཀྵ་ཀ་ཡེ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་ཀཱི་ཡེ༴ ཨོཾ་ཤངྑ་པཱ་ལ་ཡེ༴ ཨོཾ་པདྨ་ཡེ༴ ཨོཾ་མ་ཧཱ་པདྨ་ཡེ༴ ཨོཾ་ཀུ་ལུ་ཀ་ཡེ༴ ཨོཾ་ཀརྐོ་ཊ་ཡེ༴ ཀླུ་གདོན་ཐམས་ཅད་བིགྷྣཱན་བྷ་ཡ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་གོང་གི་ཤཱནྟིཾ་ཀུ་རུ་རྣམས་ཨ་པ་ན་ཡེ་ཞེས་བསྒྱུར་པས་བྱབ། སླར་ཡང་་་ཤཱནྟིཾ་ཀུ་རུ་བཏགས་པས་ལྷ་བུམ་གྱིས་ཁྲུས་བྱ། ཤཱནྟིཾ་གི་ཚབ་ཏུ་རཀྵ་བཏགས་པ་བརྗོད་ཅིང་སྤྱི་བོར་རྡོ་རྗེ་གཞག་ལ་བསྲུང་བར་བྱས་རྗེས། སརྦ་ནཱ་ག་ནན༔ སརྦ་ནཱ་ག་ནི་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནན༔ སརྦ་ནཱ་ག་ཀུ་མཱ་ར་ནི་ནན༔ ཀླུ་གདོན་སརྦ་བིགྷྣཱན་བྷ་ཡ་ཨ་པ་ན་ཡེ་སྭཱ་ཧཱ༔ སརྦ་བྷཱུ་མི་པ་ཏི་ནན༔ སརྦ་བྷཱུ་མི་པ་ཏི་ནི་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནན༔ སརྦ་བྷཱུ་མི་པ་ཏི་ཀུ་མཱ་ར་ནི་ནན༔ ས་བདག་གི་གདོན་སརྦ་བིགྷྣཱཾན་བྷ་ཡ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བརྒྱ་དང་བརྒྱད་ཚང་བར་བཟླ། རྨ་བྱའི་མདོངས་དང་སྨྱག་ཤད་དང་། ཀུ་ཤས་བསྒྲུབ་བྱ་ལ་བྱབས་པས་ཀླུའི་ཕོ་བྲང་གི་ཕྱོགས་སུ་སྤྲུག་ཚུལ་བྱ་ཞིང་། ཧཱུྃ༔ ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས༔ ཀླུ་ཡི་གདོན་ཚོགས་ཚུར་ཉོན་དང༔ བལ་བུ་སེའུའི་ལྕུག་མ་ལ༔ སྤུ་སྡུག་རྨ་བྱས་བརྒྱན༔ རིན་ཆེན་ཀུ་ཤས་བྱབ༔ ཀླུ་གདོན་དུག་རྣམས་ཕྱིར་ཕྱུངས་ཤིག༔ ནད་གདོན་རྐྱེན་རྣམས་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་དང་རེག་པའི་དུག༔ ཁ་རླངས་དུག་དང་སྦྱོར་བའི་དུག༔ བསམ་པའི་དུག་ལ་སོགས་པ་ཡི༔ ཀླུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག༔ སྔ་ཕྱིར་གནོད་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དེ་ནས་གནོད་པ་སླར་བརྟུལ་ལ༔ ཕྱིན་ཆད་གནོད་པ་མ་མཛད་ཅིག༔ ཕྱིན་ཆད་མི་གནོད་དམ་ཆོས་ཤིག༔ ནཱ་ག་པྲ་ཏི་རཾ་སྭཱ་ཧཱ༔ ནཱ་ག་ལེ་རཾ་སྭཱ་ཧཱ༔ ཕྱི་ནཱ་ག་ལེ་རཾ་སྭཱ་ཧཱ༔ ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ མཐོང་བའི་དུག་རྣམས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེས་འགྲེ །བསམ་པའི་དུག༴ རེག་པའི་དུག༴ ཁ་རླངས་དུག༴ སྦྱོར་བའི་དུག༴ འབྱུང་བའི་དུག༴ ཀླུའི་དུག་ཐམས་ཅད་ཤཱནྟིཾ༴ ས་བདག་གི་དུག་ཐམས་ཅད༴ གཉན་གྱི་དུག༴ སྡེ་བརྒྱད་ཀྱི༴ ཀླུ་བཙན་གྱི༴ གཟའ་ཀླུའི༴ རྒྱལ་བསེན་གྱི༴ ཀླུ་བདུད་ཀྱི༴ ཀླུ་སྨན་གྱི༴ ཀླུ་སྲིན་གྱི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་སྐད་བཟླ་ཞིང་བསྒྲུབ་བྱ་ལ་བྱབས་ནས་ཀླུའི་གཟུགས་ལ་བསྟིམ་མོ། །མི་དེའི་ནད་ཀླུ་གཟུགས་ལ་བསྟིམ་མོ། །དེས་མི་ནད་ཐམས་ཅད་སང་སོང་བར་བསམ་མོ། །དེ་ལྟར་ཞག་རེ་ལ་དུས་གསུམ་དུ་བྱ་ཞིང་། ཉིན་རེ་བཞིན་ཐུན་རྗེས་མའི་མཇུག་ཏུ་སྔར་བཤད་པ་ལྟར་གཏོར་མ་བསྔོ་ཞིང་དཀར་ཕྱོགས་ཀྱི་ཀླུ་རྣམས་གཤེགས་གསོལ་དང་ནག་ཕྱོགས་རྣམས་བསྐྲད། དགེ་བསྔོ་ཤིས་བརྗོད་ཀྱིས་མཐའ་བརྒྱན། གདོན་ལས་གྲོལ་བའི་རྟགས་བྱུང་བ་ན་གཤེགས་གསོལ་དང་འབྲེལ་བར་བདེན་སྟོབས་བརྗོད་ཅིང་དྲག་སྔགས་སྤོས་རོལ་དང་བཅས་ཡས་སྟགས་རྣམས་ཀླུ་གནས་པའི་སར་བསྐྱལ་ནས། བསྒྲུབ་བྱ། ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང། སྟོང་པའི་ངང་ལས་བསྒྲུབ་བྱ་ཉིད་གསང་བའི་བདག་པོའི་སྐུར་གྱུར་པ་ནི། ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཅེས་པ་ནས། འཁོར་ལོ་ལྔ་རུ་བྱ་ཁྱུང་རིགས་ལྔས་མཚན༔ ཞེས་པའི་བར་གྱིས་གསལ་གདབ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་ལྷ་སྔགས་ཀྱི་རྗེས་སུ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པས་ལྷ་བུམ་གྱིས་དབང་བསྐུར། བསྒྲུབ་བྱའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། ལུས་ངག་ཡིད་གསུམ་གཞོམ་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་ཀྱིས་བཅིངས་པར་བསམ་ལ། བཛྲ་རཀྵ་རཀྵ་ཧཱུྃ་གིས་རྡོ་རྗེ་གནས་གསུམ་དུ་བཞག །སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་གསང་བའི་བདག་པོའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་དང་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱ། སྤྲོ་ཞིང་ནུས་ན་འཁོར་ལོ་དང་སྲུང་སྐུད་ལ་སོགས་པས་ཀྱང་བསྲུང་བར་བྱའོ།། ༈ །།དྲུག་པ་ཆར་འབེབ་ལ། དངོས་དང་ཞར་བྱུང་གཉིས་ཀྱི། དང་པོ་ནི། ཀླུ་གནས་པའི་ཆུ་མིག་སོགས་གང་དུ་བྱ་བའི་གནས་སུ་ཤ་ཆང་སྒོག་ཙོང་སོགས་སྤངས་ཏེ་གཙང་སྦྲ་དང་ལྡན་པས་མཎྜལ་གྲུ་བཞི་ཁོད་སྙོམས་བ་བྱུང་གིས་བྱུགས་པ་ལ་དཀྱིལ་འཁོར་པདྨ་འདབ་བརྒྱད་བྲི། དབུས་སུ་བ་རུ་ཎའི་གཟུགས་སམ་ཚོམ་བུ། བ་རུ་ཎ་ཀླུ་བརྒྱད་དང་བཅས་པའི་དཀར་གཏོར་དང་། འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་གཟུགས་སམ་ཚོམ་བུ་བཀོད། དེའི་མཐར་ཀླུ་ནོར་ཉེར་གཅིག་སོགས་ཀླུ་ཕལ་པའི་གཟུགས་བརྙན་སྣ་ཚོགས་པས་བསྐོར་བའི་ཕྱི་རོལ་ཤིང་སྣ་དང་ནེའུ་གསིང་གི་བཀོད་པས་མཛེས་པར་བྱ། ཉེར་སྤྱོད་སོགས་མཐུན་རྫས་སྣ་ཚོགས་དང་། ཁྱད་པར་ཟངས་དམར་སོགས་རུང་བའི་སྣོད་རིན་པོ་ཆེ་ལས་གྲུབ་པར། དཀར་གསུམ། མངར་གསུམ། ཀླུ་སྨན་རྣམས་བག་ཕྱེ་དང་སྦྱར་བའི་རིལ་བུ་བརྒྱ་དང་བརྒྱད་བྱས་པ་མདུན་དུ་འགོད། གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རྫས་བྱིན་རླབས་ནས་བཟུང་། སི་ཏཱ་ནཱཾ་པཱུ་ཛ་མེ་གྷ་སྭཱ་ཧཱ༔ ཞེས་པའི་བར་དཀྱུས་ལྟར་བྱ། བསྟོད་པ་བྱ་བ། ཀླུ་ཡི་རྒྱལ་པོ་ཆུ་བདག་བ་རུ་ཎ༔ ཞེས་པ་ནས། ནད་རྣམས་མ་ལུས་ཞི་བའི་ཕྲིན་ལས་མཛོད༔ ཅེས་བསྟོད། ཀླུ་དགུ་སོ་སོའི་སྔགས་མཐར། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་སྤྱིར་བཅོལ། དེ་ནས་རྫས་རྣམས་ཀླུའི་རེ་བ་ཡིད་བཞིན་དུ་སྐོང་བའི་བདུད་རྩིའི་རང་བཞིན་ཅན་དུ་འབབ་པས་ཀླུའི་སྡུག་བསྔལ་ཐམས་ཅད་བསལ། ཕན་བདེའི་དཔལ་ལ་བཀོད། མཉེས་ཤིང་ཚིམས་ནས་འཇིག་རྟེན་ཁམས་ཀྱི་སྤྲིན་རྣམས་བསྡུས། ཆར་གྱི་རྒྱུན་ཆེན་པོ་འབབ་པར་བསམ་ལ། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ ཅེས་བརྒྱ་དང་བརྒྱད་བཟླས་ལ་རིལ་བུ་གཅིག་ཆུ་མིག་ཏུ་སྐྱུར། དེ་བཞིན་དུ་རིལ་བུ་རེ་རེ་ལ་སྔགས་བརྒྱ་དང་བརྒྱད་རེ་ལོངས་པར་བཏབ་ནས་ཆུ་མིག་ཏུ་སྐྱུར་ལུགས་སྔར་བཞིན་བྱ། རིལ་བུ་རྫོགས་པ་དང་། མཆོད་བསྟོད་ནོངས་བཤགས་མགྲོན་ཐབས་ཀྱི་ཀླུ་རང་གནས་སུ་བཏང་བ་རྣམས་སྤྱི་ལྟར་བྱ་སྟེ་ཞི་བའི་དབབ་ལུགས་སོ། །དེ་དག་གི་ཚེ་རང་ཉིད་གཅིག་པུ་ལས་མེད་ན་མཆོད་བསྟོད་རྫོགས་པའི་བར་མཚམས་དང་། སྒྲུབ་གྲོགས་གཞན་ཡོད་ན་ཆོ་ག་དང་ལྷན་ཅིག་ཀླུའི་སྤང་ཀོང་བཀླག །སྤྲིན་ཆེན་འདོན། ཆབ་གཏོར་མང་དུ་གཏོང་བ་གལ་ཆེ་ཞིང་། སྤྲོ་ཞིང་ནུས་ན་འོག་གི་འབྲུག་བསྐུལ་སྤྲིན་སྡུད་རླུང་གནོན་རྣམས་ཀྱང་བྱ་བ་གནད་ཡིན་ནོ། །དེ་ལྟར་ཉིན་རེ་བཞིན་ཆོ་ག་རྫོགས་པ་ཞག་བདུན་གྱི་བར་བསྒྲུབས་ཀྱང་མ་ཕེབ་ན་དྲག་འབེབ་བྱ་སྟེ། གླ་རྩི་གཙོད་ཁྲག །ཡུགས་སའི་མངལ་ཁྲག །བཙན་དུག །གྭ་དོར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་རིལ་ལུ་བྱས་པ་སྨྱུག་ཚིགས་ཀྱི་ནང་དུ་གཞུག །ཁ་ལ་ཆས་བསྡམས་ཏེ་ཆུ་མི་འཆོར་བར་བྱ། གཡག་རོག་གི་རྩིད་པས་རྒྱ་གྲམ་དུ་བཅིངས་ནས་ཆུ་མིག་གི་ནང་དུ་དོང་ཅུང་ཟད་བྲུས་པར་བཅུག་པ་ཚོན་སྐུད་སྔོ་དམར་ལ་བཏགས་པའི་སྣེ་སྐྱེར་པའི་རྩང་ཕུར་ལ་གཏད་དེ་ཆུ་མིག་གི་སྟོད་ངོས་ཆུས་མི་ཁྱེར་བའི་སར་གཟུག །དོང་གི་སྟེང་གཡམ་པའི་ཕྱི་ནང་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་གླིང་བཞི་སོ་སོར་བྲིས་པའི་རྒྱ་གྲམ་འོག་ཏུ་བསྟན་པས་བཀབ་སྟེ་བཞག །བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་དེ་ཉིད་ན་གནས་པའི་ཀླུ་རྣམས་ལ་ཕོག་པས་དབང་དུ་བསྡུས། བརྟན་པ་ཐམས་ཅད་དང་བྲལ་བར་བྱས། བཀའ་ཉན་གསུང་སྡོད་ཀྱི་སྒོ་ནས་ཆར་གྱི་རྒྱུན་ཆེན་པོ་འབེབ་པར་བསམ་ལ། ཐུཾ་ཐུཾ་ཆེམ་ཆེམ༔ བཛྲ་ཁ་ཕྱིར་ཆད༔ ཅེས་ཏིང་ངེ་འཛིན་ངར་དང་ལྡན་པས་བརྩོན་འགྲུས་བསྐྱེད་དེ་དྲག་ཏུ་བཟླ། ཞག་གསུམ་ཚུན་ཆད་ཀྱིས་ཆར་གྱི་རྒྱུན་ཆེན་པོ་འབེབ་པར་འགྱུར་རོ། །དེ་ནས་འདོད་དོན་གྲུབ་པ་དང་། གཡམ་པ་སྨྱུག་ཚིགས་དང་བཅས་པ་བཏོན་ལ་རྗེ་བླ་མས་མཛད་པའི་ཀླུ་གཏོར་གདེངས་ཅན་འདོད་འཇོ་བཞིན་ཆབ་གཏོར་མང་དུ་བཏང་། ཁྱད་པར་བ་དམར་རམ་ར་དཀར་གྱི་འོ་མར་ཀླུ་སྨན་བཏབ་པ་ལ། ཨོཾ་ནཱ་ག་དེ་ཝ་སྭཱ་ཧཱ༔ ཞེས་ཁྲི་ཚོ་སོགས་མང་དུ་བཏབ་སྟེ་ཆུ་མིག་གི་ནང་སྤྱི་དང། བྱེ་བྲག་ཏུ་སྔར་གྱི་དྲག་རྫས་བཏོན་སར་བླུགས་ལ་ཀླུ་རྣམས་གསོ་བར་བྱའོ། །གཉིས་པ་ཞར་བྱུང་ལ་འབྲུག་བསྐུལ་བ་ནི། རང་ཉིད་གཡུ་འབྲུག་སྔོན་པོ་འབྲུག་སྒྲས་ནམ་མཁའ་འགེང་བར་བསྐྱེད་ལ། ཨོཾ་ཏྲ་ཞི་ཞིམ་གྱི་ཆི་བར་ན་ལོ་བྷི་ཤ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླའོ། །སྤྲིན་སྡུད་པ་ནི། རང་ཉིད་ལྷར་གསལ་བའི་ཞལ་གྱི་རླངས་པ་ནམ་མཁའི་ཁམས་སུ་སྤྲིན་དུ་འཁྲིགས་པར་བསམ་ལ། ཧཱུྃ་སབ་སབ་ཧཱུྃ༔ ཧཱུྃ་སོབ་སོབ༔ ཅེས་བཟླའོ། །རླུང་གནོན་ནི། བག་ཟན་ལ་རླུང་ལྷ་ཤ་བ་ལ་ཞོན་པ་ལག་ན་བ་དན་ལྗང་གུ་བསྙལ་ཐབས་སུ་འཛིན་ཅིང་མྱོས་པའི་རྣམ་པ་ཅན་དུ་བྱས་ལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དགུག་གཞུག་དྲག་ཏུ་བྱ། ནུབ་བྱང་གི་ཕྱོགས་སུ་རྫ་གསར་ཁ་གཅོད་འགྲིག་པར་བཅུག་པའི་སྟེང་ནས་རྡོ་རྗེ་རྒྱ་གྲམ་བྲི། སཱཙྪ་སེར་པོས་མནན་ཏེ། རླུང་ལྷའི་སྟོབས་དང་ནུས་པ་ཐམས་ཅད་བཅོམ་པར་བསམ་ལ། ཆར་ཡ་ཆུར་ཡ་ཏི་ཏི་ལཾ་ཡཾ་ནན༔ ཞེས་བཟླ་ཞིང་བྲོ་བརྡུང་བྱས་པས་ཁྱབ་ལ། གཞན་དུ་གཞུང་གིས་དངོས་བསྟན་ལྟར་རྫ་གསར་ཁ་གཅོད་ཅན་དུ་བཅུག་ལ་དོང་གྲུ་གསུམ་གྱི་ནང་མགོ་མཇུག་བཟློག་སྟེ་འཇུག་པར་གསུངས་པ་གང་ལྟར་ཡང་། འདོད་དོན་གྲུབ་པ་དང་རླུང་ལྷའི་གཟུགས་འོ་མས་བཀྲུ་ཞིང་སྤྱན་མའི་གཟུངས་མང་དུ་བཟླས་པས་གསོ་བར་བྱའོ། །ཡང་གོང་གི་ཞི་འབེབ་དེ་ཉིད་དགུན་སྒྲུབ་ཀྱིས་མཚོན་ཐོག་མ་ནས་བསྒྲུབས་ན་རྒྱལ་ཟླའམ་དེ་མིན་རྒྱལ་གྱི་ཉི་མ་ལ་གཙང་ཞིང་དགེ་བའི་གནས་ཇི་ལྟར་རིགས་པར་ཆར་ཆོག་ཚུལ་བཞིན་དུ་སྒྲུབ་པས་གཞུང་བསྲང་ཞིང་། རིལ་བུ་མང་ཉུང་ཇི་ཙམ་ཡོད་པ་སོ་སོར་སྔགས་གྲངས་ཐེམས་པར་བསྐྱལ་ནས་རྫ་གསར་གྱི་སྣོད་གཙང་མར་བླུག་སྟེ་བཞག །ནམ་དགོས་དུས་སྔར་བཤད་པ་ལྟར་སྒྲུབ་པས་ཁ་གསོས་ཏེ་ཕབ་ན་འབེབ་ཚན་ཆེ་ཞིང་མྱུར་བར་གསུངས་སོ། །པ༵དྨ་འབྱུང་གནས་དགོངས་གཏེར་བདུད་རྩིའི་ཆབ། །འ༵གྱུར་མེ༵ད་ཆོག་བསྒྲིགས་འཇུག་ངོགས་བདེ་བ་ལས། །ཤེས་ལྡན་ཡིད་ཀྱི་རྒྱ༵་མཚོ༵ར་དལ་འབབ་པས། །འདོད་དོན་རིན་ཆེན་སྙིང་པོ་ཅི་ཡང་ལོངས། །དགེ་ཚོགས་ཉིན་བྱེད་སྣང་བ་རབ་འབར་བས། །འོག་གདོན་མུན་པའི་སྨག་རུམ་དྲུང་ཕྱུང་སྟེ། །རྫོགས་ལྡན་སྣང་བའི་ངོ་མཚར་དཔལ་འབར་མཐུས། །དོན་གཉིས་ཕན་བདེའི་འབྲས་བུར་སྨིན་གྱུར་ཅིག །ཅེས་གསང་བདག་དྲེགས་པ་ཀུན་འདུལ་སྐུའི་སྒྲུབ་ཐབས་དང་རྗེས་སུ་འབྲེལ་བར་ཀླུ་ཆོག་གི་རིམ་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡམས་པ་གདེངས་ཅན་བདུད་རྩི་ཞེས་བྱ་བ་འདི་ནི། སྡོམ་བརྩོན་རིག་སྔགས་འཆང་བ་བློ་གསལ་རྒྱ་མཚོས་མེ་ཏོག་གི་སྐྱེས་དང་བཅས་ནན་ཏན་ཆེན་པོས་ཇི་ལྟར་བསྐུལ་བ་བཞིན། དྲིན་ཅན་བླ་མ་༧གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་བཀའ་དྲིན་ལས་ཚུལ་འདི་ཕྱོགས་ཙམ་རིག་པ་ཤཱཀྱའི་དགེ་སློང་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོའི་སྡེས། རང་ལོ་སུམ་ཅུ་པ་ཤིང་ལུག་སྣྲོན་ཟླའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

དག་སྣང་བླ་མ་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཀྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཕྲེང་བ་ (Volume 12, Text 22)

༄༅། །དག་སྣང་བླ་མ་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཀྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། སྲིད་པ་ཕུར་བུས་གདུག་ཅན་དཔུང་། །ཐལ་བར་འབྱིན་ལ་ཡེ་ཤེས་ཀྱི། །བླ་མ་དྲག་པོའི་སྲོག་ཞུགས་པ། །བླ་མེད་སྟོབས་འཆང་དེར་བཏུད་ནས། །འཇིག་རྟེན་དབང་ཕྱུག་པདྨ་དཀར། །དག་པའི་གཟིགས་མོར་འབྱམས་ཀླས་ཚེ། །མ་ཧཱ་གུ་རུས་གདམས་པའི་བཅུད། །སྨིན་བྱེད་ལག་ལེན་ཉུང་ངུར་བསྡེབ། །བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་ཐུགས་སྒྲུབ་འདིའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་ལ་སྦྱོར་བ་དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཉྫིའི་ཁར་སྐུ་རྟེན་ཐོད་པའམ་རིན་པོ་ཆེའི་སྣོད་དུ་སྨན་སྤོས་ལ་ཨ་མྲྀཏ་བསྲེས་པའི་ཕྱེ་ལ་དབལ་གཏོར་དཔལ་ཅན་པད་འདབ་བཞི་པ་རྒྱན་ལྡན་ལ་སྐུ་ཙཀ་དང་དར་གདུགས་དམར་པོས་མཚན་པ། གཡས་སུ་གསུང་རྟེན་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དར་གྱི་ཁ་ཆོད་བཀབ་པ། གཡོན་དུ་ཐུགས་རྟེན་གསེར་གྱི་རྡོ་རྗེ་རྩེ་དགུ་པ། མདུན་དུ་ཡོན་ཏན་རྟེན་བུམ་པ་རྫས་དང་བཅུད་ལྡན་མགུལ་ཆིངས་སྣ་ལྔ་ཁ་རྒྱན་གསེབ་ཏུ་ཐོད་ཕྲེང་རིགས་ལྔའི་སྐུ་ཙཀ་བཙུགས་པ། རྒྱབ་ཏུ་ཕྲིན་ལས་རྟེན་ལྕགས་ཕུར་དར་མཐིང་ནག་གི་ཅོད་པན་ཅན་ཕུར་གདན་ལ་བཙུགས་པ། གཡོན་མདུན་སྡེ་བརྒྱད་གཏོར་མ་ཤ་ཁྲག་མཚེ་ཡུངས་རྩང་གིས་བརྒྱན་པ། དེ་དག་གི་མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཤམ། ལས་བུམ་མགུལ་ཆིངས་དམར་པོ་ཅན། བྲུབ་ཁུང་། ཉ་བོ། ཕྲིན་ལས་ལ་མཁོ་བའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་བདག་མདུན་སྒྲུབ་པ་ནི། བརྒྱུད་འདེབས། སྔོན་གཏོར། བགེགས་བསྐྲད། སྲུང་འཁོར། སྐྱབས་སེམས། ལྷ་བསྐྱེད་སྤྱན་འདྲེན་མཚམས་བྱིན་རླབས་བསྡུ་བའི་དམིགས་པ་བཅས་ཛཔ྄་ལན་བདུན་ནམ་ཉེར་གཅིག་བརྗོད། དེ་ནས་གསོལ་གདབ་བཅས་ཐོད་ཕྲེང་རིགས་ལྔ་ལས་དབང་ལེན་བྱ། བསྙེན་ཡིག་ལྟར་བཟླས་དམིགས་རྣམས་གསལ་བཏབ་ལ་ཛཔ྄་ཅི་ནུས་བཟླ། དེ་ནས་མཆོད་གཏོར་བྱིན་བརླབ། མདུན་གྱི་སྐུ་རྟེན་གཏོར་མ་དྲག་པོར་གསལ། གསུང་རྟེན་ཐོད་པའི་ནང་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཀྱི་ཕྲེང་བ་གསལ། ཐུགས་རྟེན་ཟླ་སྟེང་རྡོ་རྗེ་རྩེ་དགུར་གསལ། བུམ་ནང་ཐོད་ཕྲེང་རིགས་ལྔ་བཞུགས་པར་བསྒོམ། ཕུར་པ་ཡང་རིག་འཛིན་དྲག་པོར་གསལ་ཏེ་མངོན་རྟོགས་ནས་སྤྱན་འདྲེན། མཆོད་པ་བསྟོད་པའི་བར་སོང་རྗེས། བདག་མདུན་གྱི་འོད་ཟེར་སྤྲོ་བསྡུ་བཅས་བཟླས་པ་ཅི་ནུས་སྤྱིར་བྱ། བྱེ་བྲག་རྟེན་ལྔ་པོ་རེ་རེ་བཞིན་དམིགས་པ་གཏད་ལ་བཟླས་པས་བྱིན་བརླབ། དེ་ནས་ཚོགས་བསང་སྦྱང་བྱིན་བརླབ། བྱིན་འབེབ། ཚོགས་འབུལ་རིམ་གསུམ་གྲུབ་ནས། ཆོས་སྲུང་སྤྱི་སྒོས་ཀྱི་གཏོར་འབུལ། གཞི་བདག་ལ་གཏོར་མ་འབུལ་བ་རྣམས་བྱ། ལས་བུམ་བསང་སྦྱང་། བུམ་པ་མི་དམིགས་སྟོང་པར་གྱུར། སྟོང་པའི་ངང་ལས་ཕྱི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། པད་ཉི་ལ་ཁྲོ་བོ་ཡཀྴ་མེ་དབལ་སྨུག་ནག་གཡས་ཐོ་བ་ཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་གནས་པར་གྱུར་པའི་ཐུགས་ཀ་ནས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་བསྟིམ། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཨ་བྷི་ཥིཉྩ་མཱཾ༔ རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས། །གཅིག་བསྡུས་མ་རུངས་གདུག་པ་འདུལ། །ལས་ཀྱི་ཁྲོ་ཆེན་འབར་བའི་སྐུ །ཡཀྴ་མེ་དབལ་ཕྱག་འཚལ་བསྟོད། ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་གནས་པ་ལ་སྔགས་ཀྱི་ཕྲེང་བ་བཀོད་ལ། ཨོཾ་བཛྲ་ཡཀྴ་ཧཱུྃ། ཞེས་བཟླས་ལ་བཞག །ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་བ་གང་རུང་བྱའོ། །དེ་ནས་སློབ་མ་རྗེས་སུ་བཟུང་བ་ནི། ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་། དམིགས་བསལ་དུ། དེ་ལ་འདིར་གསང་སྔགས་སྔ་འགྱུར་བ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་བཞུགས་ཤིང་། དེ་གསུམ་ཡང་སྔ་མ་ལས་ཕྱི་མ་རིམ་གྱིས་ཟབ་པར་བཞེད་པ་ལས་འདིར་ཟབ་མོ་དག་སྣང་གི་ཆོས་སྡེ་ཡིན་ལ། དེ་ལའང་གཏན་ལ་དབབ་བྱའི་ཆོས་དང་། འབེབ་པ་པོ་གང་ཟག་གི་དབྱེ་བས་རྣམ་གྲངས་མཐའ་ཡས་པར་བཞུགས་པ་ལས་འདིར་ཆོས་ནི། གུ་རུ་རིན་པོ་ཆེའི་ཞལ་ནས། པདྨ་ང་བསྒོམ་མཆོད་དང་སུས་སྒྲུབ་པ། །རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང་། །དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབ། །སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་སྒྲུབ། །ཅེས་སོགས་རྡོ་རྗེའི་གསུང་གིས་ཡང་ཡང་བསྔགས་པ་བྱིན་རླབས་ཀུན་གྱི་རྒྱལ་པོ་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་ཡིན་ལ་དེ་ལ་ཞི་དྲག་གཉིས་ལས་འདིར་ནི། ཇི་སྐད་དུ། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་སྒོམས། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །ཞེས་ཞལ་གྱིས་བཞེས་པ་པདྨ་དྲག་པོར་སྒྲུབ་པའི་སྐོར་ཡིན། དེ་ལའང་དཀྱིལ་འཁོར་དང་། དཔའ་བོ་གཅིག་པ་དང་། དེ་རེ་རེ་ལའང་རིགས་ལྔའི་དབྱེ་བ་ཅན་དང་། བླ་ཕུར་སྦྲགས་མར་སྒྲུབ་པའི་སྐོར་སོགས་མང་དུ་མཆིས་པ་ལས། འདིར་སྙིགས་དུས་ཀྱི་དམ་སྲི་འབྱུང་པོ་མཐུ་བོ་ཆེ་རྣམས་ཀྱི་གཉེན་པོར་ཆེད་དུ་བསྔགས་པ་བླ་ཕུར་སྦྲགས་མ་སྤུ་གྲི་གཅིག་ཤུར་གྱི་ཚུལ་དུ་སྒྲུབ་པ་ཡིན། དག་སྣང་འབེབ་པ་པོ་ནི། ཆོས་དབང་རིན་པོ་ཆེའི་གཏེར་ལུང་ལས། ས་རལ་ཞེས་པའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་འབྱུང་། །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ། །ཞེས་དང་། ནཱ་རོ་པཎ་ཆེན་སྒྱུ་མའི་གར་བསྒྱུར་བ། །གཙང་པ་རྒྱ་རས་འབྲུག་དང་ར་ལུང་འབྱོན། །ཞེས་དང་། གནོན་སྦྱིན་གང་བ་བཟང་པོའི་ཞོལ། །ང་ཉིད་རྒྱ་ཡི་མིང་དུ་སྤྲུལ། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་འཛུགས། །ཞེས་གུ་རུ་རིན་པོ་ཆེ་རང་ཉིད་དུའང་ཞལ་གྱིས་བཞེས་ཤིང་། གཏེར་ལུང་གཞན་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བར་ལུང་བསྟན་པ་འགྲོ་མགོན་གཙང་པ་རྒྱ་རས་ཉིད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསྒྱུར་བའི་སྐུ་ཕྲེང་བཞི་པ། ཕྲེང་པོ་གཏེར་ཆེན་གྱི་ལུང་བྱང་དུ། ཤར་གྱི་ཕྱོགས་ནས་ངག་དབང་ཀུན་དགའི་མིང་། །ལུས་ལ་དཔའ་བོ་སྟག་ཤམ་སྨད་དཀྲིས་ཅན། །མཁའ་འགྲོའི་གསང་ལམ་རྩ་འཁོར་ཕྱི་རུ་གསལ། །ལྟོ་བ་བུམ་པའི་ཕྱག་རྒྱས་མཚན་པ་ཞིག །མ་ངེས་ཐོགས་མེད་རླུང་ལྟར་རྒྱུ་བའི་ཚེ། །སོགས་དང་། དེ་དང་སུ་འཕྲད་དཔའ་བོ་མཁའ་འགྲོའི་ཞིང་། །སྔགས་ལ་སྤྱོད་པའི་ས་སྤྱོད་ལ་ཁྲིད་ནས། །ཅེས་སོགས་འབྲེལ་ཚད་དོན་ལྡན་གྱི་སྤྲུལ་པའི་སྐུར་བསྔགས་པ། མཁས་ཤིང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོའམ། ངག་དབང་ནོར་བུ་ཉིད་གཉལ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་དབུས། དཔལ་གྱི་རི་བོའི་ངོགས། རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་བཞུགས་པའི་ཚེ་སློབ་དཔོན་ཆེན་པོས་སྲིན་པོའི་གཟུགས་ཅན་གྱི་རིག་པ་འཛིན་པ་གཉིས་ལ་གདམས་ངག་བཀའ་ཕྲིན་གྱི་ཚུལ་དུ་བརྫངས་པ་སྙན་ལ་གསན་པའི་མཐར། མདུན་གྱི་ནམ་མཁར་དྲག་པོ་ཀཱི་ལ་ཡ་གཞུང་དང་མཐུན་པས་དངོས་སུ་བྱིན་གྱིས་བརླབས། དེ་ནས་བརྩམས་ད་ལྟའི་བར་བྱིན་རླབས་ཀྱི་གཟི་བརྗིད་མ་ཡལ་ཅིང་བརྒྱུད་འཛིན་དང་བཅས་པ་ལྷ་འདི་ཉིད་ཀྱི་སྒོ་ནས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་པའི་གདམས་ཟབ་ཁྱད་པར་ཅན་འདི་ཉིད་ཀྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་རིག་འཛིན་ཆེན་པོ་དྲག་པོ་རྩལ་དངོས་སུ་གསལ་བ་ལ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ལུས་ལ་བརྟུལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་ལན་གསུམ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་དྲག་པོ་རྩལ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་མཆི་ན་འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་མ་འདོར་ཅིག་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་པདྨ་དྲག་པོའི་དགོངས་སྤྱོད་མཛད་པ་ཐམས་ཅད་ལ་སློབ་པར་བགྱིའོ་སྙམ་དུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་འདིའི་རྗེས་ཟློས། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱེད་ལ་བསྐྱབ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་པ་དང་། ཁྱོད་ཀྱི་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱི། གསག་སྦྱོང་ཐམས་ཅད་ཀྱི་གནད་དམ་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་ལ། གཏོར་མ་སྐུ །བདུད་རྩི་གསུང་། ཕྱག་མཚན་ཐུགས། བུམ་པ་ཡོན་ཏན། ཕུར་པ་ཕྲིན་ལས་ཀྱི་དབང་བསྐུར་བ་སྟེ་རྣམ་པ་ལྔར་ཡོད་པ་ལས་དང་པོ་སྐུའི་དབང་བསྐུར་བྱིན་རླབས་གསན་པའི་དོན་དུ་ཁྱེད་རང་རྣམས་པདྨ་དྲག་པོའི་སྐུ་འདི་བཞིན་དུ་གསལ་ཐོབ་མཛོད། ཨོཾ་སྭ་བྷཱ་བ་སོགས་གཏེར་གཞུང་ལྟར་ལྷ་བསྐྱེད། སྤྱན་འདྲེན་ཚིག་ལྷུག་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས་གཏོར་མ་སྐུ་རྟེན་བཅས་པ་དང་དབྱེར་མེད་པར་མདུན་གྱི་ནམ་མཁར་བཞུགས་པར་མོས་མཛོད། གཏོར་མ་སྐུ་ཙཀ་བཅས་ཐོགས་ལ། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ལུས་ལ་གཉིས་མེད་ཐིམ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། བཏགས་པ་བརྗོད་ལ་གཏོར་མ་སྤྱི་བོར་བཞག །ནམ་མཁའ་གང་བར་བཞུགས་པའི་རྡོ་རྗེ་དྲག་པོ་རྩལ་ཁྱེད་རང་ལ་ཐིམ། ལུས་ལ་དབང་དྲག་འབར་བའི་བརྟུལ་ཞུགས་ཀྱི་གཟི་བརྗིད་རྒྱས་པར་མོས་མཛོད། གཉིས་པ་གསུང་གི་དབང་བསྐུར་བྱིན་རླབས་སྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བནྡྷ་ཐོགས་ལ། ཐོད་པའི་བདུད་རྩིའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྔགས་ཀྱི་ཕྲེང་བ་གསལ་འཚེར་འབར་བའི་རང་བཞིན་ཅན་མགྲིན་པར་བཞག་པར་མོས་ཤིག །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ངག་ལ་གཉིས་མེད་ཐིམ་གྱུར་ཅིག །སྔགས་མཐར། ཝཱ་ཀ་སིདྡྷི་ཨཱཿབརྗོད་ལ་བནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་བླུད། གསུང་སྔགས་ཀྱི་ཚོགས་ཁྱེད་རང་གི་མགྲིན་པར་ཐིམ། ངག་ལ་གསང་བ་སྔགས་ཀྱི་ནུས་པའི་སྟོབས་རྩལ་ཆེར་འབར་བའི་མོས་པ་མཛོད། གསུམ་པ་ཐུགས་ཀྱི་བྱིན་རླབས་དབང་བསྐུར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཐུགས་རྟེན་ཕྱག་མཚན་ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འབར་བར་གྱུར། རྡོ་རྗེ་ཐོགས་ལ། སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ཡིད་ལ་གཉིས་མེད་ཐིམ་གྱུར་ཅིག །སྔགས་མཐར། ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ལ་སྙིང་གར་བཞག །ཟླ་བ་རྡོ་རྗེ་དང་བཅས་པ་ཐུགས་ཀའི་ཕྱག་མཚན་ལ་ཐིམ། སེམས་ལ་རྟོགས་པའི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བའི་འོད་གསལ་མཐའ་དབུས་མེད་པ་ཀ་དག་ཀུན་བཟང་གི་དགོངས་པ་རྩོལ་བྲལ་ལྷུན་གྲུབ་ཏུ་སྐྱེས་པར་མོས་མཛོད། བཞི་པ་ཡོན་ཏན་གྱི་དབང་བསྐུར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བུམ་པ་གཞལ་ཡས་ཁང་དུ་གྱུར་པའི་ནང་པད་ཟླའི་གདན་ལྔ་ཚོམ་གྱི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་བཛྲ་ཐོད་ཕྲེང་རྩལ། ལྷོར་རཏྣ་ཐོད་ཕྲེང་རྩལ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་སོ་སོའི་ཡུམ་དང་བཅས་ཤིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སློབ་དཔོན་གྱི་རྗེས་སུ་གསོལ་བ་འདེབས་པའི་འདུན་པ་མཛོད། བུམ་པ་ཐོགས། ཀྱཻ། དུས་གསུམ་སངས་རྒྱས་སོགས་གཏེར་གཞུང་ལྟར་གསོལ་འདེབས་འགྲེས་བཤང་རྒྱས་པ་ནུས་ན་རྗེས་ཟློས་བྱ། མི་ནུས་ན་སློབ་དཔོན་གྱིས་དལ་བུས་དབྱངས་སྙན་བཅས་བརྗོད་ལ། ཚིག་མཐར། བདག་ལ་ཞེས་པ་འདི་ལ་ཞེས་བསྒྱུར། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྒྱུད་བསྐུལ། །ཐོད་ཕྲེང་རིགས་ལྔ་སྙོམས་པར་ཞུགས་པ་ལས། །བདེ་བ་རྒྱས་པའི་བྱང་སེམས་སྦྱོར་མཚམས་ལྷུང་། །སྤྱི་བོ་གང་བས་ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་འགྲུབ། །མགྲིན་པ་གང་བས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་འགྲུབ། །སྙིང་ག་གང་བས་ཡིད་ཀྱི་དྲི་མ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་འགྲུབ། །ལྟེ་བ་གང་བས་ཐ་དད་དྲི་མ་དག །བཞི་པའི་དབང་ཐོབ་རྫོགས་པའི་སངས་རྒྱས་འགྲུབ། །ཅེས་དང་། རྩ་སྔགས་ཤམ་བུར་གོང་གི་སྔགས་གསུམ་ཀ་བཏགས་པ་བརྗོད་ཅིང་བུམ་པ་གནས་བཞིར་བཞག །བུམ་ཆུ་བླུད། ཐོད་ཕྲེང་སྡེ་ལྔ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་གུ་རུ་དྲག་པོ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་གྱུར་པའི་མོས་པ་མཛོད། ལྔ་པ་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་སྒྲུབ་པ་སོགས། བྲུབ་ཁུང་དང་ཉ་བོ་མདུན་དུ་བཀོད་ལ། མདུན་དུ་བྲུབ་ཁུང་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་རིང་བ་ཞིག་ཏུ་གྱུར། སློབ་དཔོན་དང་ཁྱེད་རང་གཉིས་ཀ་གུ་རུ་དྲག་པོ་ཀཱི་ལ་ཡར་གསལ་བའི་སྐུའི་གནས་རྣམས་སུ་བཞུགས་པའི་ཁྲོ་བོ་བཅུ་ལས་རང་འདྲའི་ཁྲོ་བོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། སྡེ་བརྒྱད་དྲེགས་པ་ཅན་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་དུ་བཅུག་པ་ལ་ཕུར་པ་པདྨ་དྲག་པོ་རྩལ་དངོས་སུ་གསལ་བ་འགྱིང་ཞིང་བསྒྲིལ་ཏེ་གནད་ལ་བཀར་ནས་གཟིར་བར་མོས་ཤིག །ཕུར་བུ་གཏད་ལ། སྣང་བ་མཐའ་ཡས་ཐུགས་རྗེའི་འཕྲོ་འདུ་ལས། །པདྨ་དབང་གི་ཁྲོ་བོའི་རྒྱལ་པོ་ནི། །བར་ཆད་བགེགས་འདུལ་བཛྲ་ཀཱི་ལ་ཡ། །གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བར་གྱིས། ཕུར་བསྐོར་དང་ཚམ་རྔམ་ཚུལ་བཞིན་དུ་གྱིས་ལ་དྲག་སྔགས་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་ཕུར་སྐོར་ལག་ལེན་ལྟར་བྱ་བ་དང་། སྔགས་དབྱངས་མཉམ་དུ་བྱར་གཞུག །མཐར། དེ་ལྟར་ཁྱེད་རང་པདྨ་དྲག་པོའི་ང་རྒྱལ་གྱིས་སྡེ་བརྒྱད་དྲེགས་པའི་ཚོགས་དེ་དག་གཟིར་བས་བདག་གི་བྲན་དུ་ཁས་བླངས། ཡིད་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕྱུང་སྟེ་ཕྲལ། ལུས་བདག་གིས་ཅི་བསྒོ་བའི་ལས་བྱེད་པའི་མོས་པ་གྱིས་ཤིག །དེ་ནས་སྡེ་བརྒྱད་དྲེགས་པ་ཅན་དེ་དག་གིས་བདག་ལ་སྔ་དགྲ་ལག་ལ་བརྡར་བ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ་ཐོག་ཏུ་འགེལ་ནུས་པའི་གནོད་བྱེད་གདོན་བགེགས་དགྲ་ཅི་ཡོད་པ་ཐམས་ཅད་ལྕགས་ཀྱུས་རང་དབང་བྲལ་བར་བཀུག །ཞགས་པས་ལུས་བཅིངས། ནུས་པས་ངག་བཅིངས། ཏིང་ངེ་འཛིན་གྱིས་སེམས་བཅིངས། དྲག་རྩལ་གྱིས་སྐྱོབ་བྱེད་ལྷ་ཐམས་ཅད་བཅིངས་ནས་གཤེད་མས་བཙོན་ཁྲིད་པ་བཞིན་བྲུབ་ཁུང་དུ་བཅུག །དེ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྲུང་བ་དྲལ། འདས་པའི་སྐྱོབ་བྱེད་བསྡུས་ནས་བདག་ལ་བསྟིམ། འཇིག་རྟེན་པའི་ལྷ་མགོན་སྐྱོབ་བྱེད་པ་ཐམས་ཅད། ཨོཾ་ཨཱ་ཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཐར། ཏྲིག་ནན་སྙིང་ལ་ཧུར་ཐུམ་ཛཿ ཞེས་གཟིར་བས་སྐྱོབ་བྱེད་དེ་བརྒྱལ་ཞིང་འབོག་ནས་དྲན་པ་ཉམས་པར་གྱུར། ཡང་རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ། ཞེས་བརྗོད་ཅིང། ཁྱེད་རང་དྲག་པོའི་ང་རྒྱལ་ཆེན་པོས་ཕྱག་གི་ཕུར་བུ་རྡོ་རྗེ་ཕུར་པ་དངོས་སུ་གསལ་བ་དེ་ནམ་མཁའ་ལ་འགྱིང་ཞིང་བསྒྲིལ་ནས་ཉམས་པ་དེ་གཟིར་པས་ཁབ་ལེན་དང་འཕྲད་པའི་ལྕགས་བཞིན་ཚེ་རྟེན་འབྱུང་བའི་དྭངས་མ་ཨ། སྲོག་རྟེན་རྣམ་ཤེས་ནྲྀའི་རྣམ་པར་གནས་པ་དེ་སོ་སོའི་སྤྱི་བོ་ནས་འཐོན་ཕུར་པའི་དབལ་དུ་ཞུགས་པས་ཚེ་རྟེན་བདག་ལ་ཐིམ། སྲོག་རྟེན་རྡོ་རྗེ་ཕག་མོའི་བྷ་གའི་རྡུལ་གྱིས་དུག་གསུམ་བཀྲུས་པ་ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་བྷ་གར་སངས་རྒྱས། རྡོ་རྗེ་ཕུར་པ་དྲག་པོའི་ཐོག་ལྷུང་བ་ལྟར་དེ་དག་གི་སྙིང་གར་བབས་པས། མར་ལ་ལྕགས་བསྲེགས་ཕུར་པ་ལྟ་བུར་ཚིར་ཚིར་ཞུ་ཞིང་ཁོལ། གཞོབ་ཐུ་ལུ་ལུ་ཚིག་པར་མོས་ཤིག་བྱས་ལ་སྔགས་བརྗོད་ཅིང་ཕུར་པ་ཉ་བོ་ལ་གདབ། སྒྲོལ་གྲིས་དུམ་བུར་གཏུབས་པ་དཔལ་གཏོར་དང་སྡེ་བརྒྱད་གཏོར་མར་བསྟབ། དེ་ལག་ཏུ་ཐོགས་ལ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་བླ་མ་དྲག་པོའི་ལྷ་ཚོགས། དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ལ་བསྟབས་པས་བཞེས་ནས་དགྱེས་པ་ཆེན་པོས་བདག་གི་ཕྲིན་ལས་སྒྲུབ་པར་མོས་ཤིག །རིག་འཛིན་བླ་མའི་ལྷ་ཚོགས་དང་། །བཀའ་སྲུང་ལས་བྱེད་ཤན་པ་རྣམས། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་རྐྱོངས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་གདོངས། །དགྲ་བགེགས་གདུག་པ་བསྒྲལ་པའི་རྫས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཞེས་བསྟབས་ལ་སྡེ་བརྒྱད་གཏོར་མ་ཕྱི་རོལ་དུ་འབུལ། སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་རང་གནས་སུ་གཤེགས་པར་གྱུར། སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད། དེ་དག་གིས་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་དག་སྣང་སྙན་བརྒྱུད་དྲག་པོ་ཀཱི་ལ་ཡ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་བྱིན་རླབས་དབང་བསྐུར་རྫོགས་པར་གསན་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བཟུང་བ། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །དྲན་པ་ཙམ་གྱིས་བར་ཆད་སེལ། །བསྒོམས་པས་དངོས་གྲུབ་རྣམ་གཉིས་སྩོལ། །ཆོས་མཛད་སྤྱི་དང་ལྷག་པར་ཡང་། །དེང་དུས་བྱང་ཆུབ་སྒྲུབ་ལ་གཅེས། །འདིས་ཀྱང་ཐར་པའི་གེགས་ཞི་ཞིང་། །སྐྱེ་ཀུན་པདྨ་དྲག་པོ་ཡིས། །རྗེས་བཟུང་ཁམས་གསུམ་གཡུལ་ངོ་ལས། །རྣམ་རྒྱལ་སྟོབས་བཅུའི་གཟི་ལྡན་ཤོག །ཚུལ་འདིའི་ཕྱག་ལེན་ཡིག་ཆ་རྒྱས་བསྡུས་འཚམ་ཞིང་ལུང་རྒྱུན་ཅན་མ་འབྱོར་བས་རིན་ཆེན་གཏེར་མཛོད་ཀྱི་ཁྱད་ནོར་དུ་རང་ཉིད་ཀྱི་འདོད་པ་འཇོ་ཞིང་གཞན་དག་ལའང་འཕེལ་བའི་སྒོར་དམིགས་ནས་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།

རྟ་མགྲིན་གསང་སྒྲུབ་ཤངས་ལུགས་ཀྱི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 22)

ཨཱོྃ་སྭསྟི། ཡེ་ཤེས་བསྐལ་མེ་འབར་བའི་གཟིས། །བདུད་སྡེའི་བུད་ཤིང་ཀུན་བསྲེགས་ནས། ཁམས་གསུམ་དབང་མཛད་རྟ་མཆོག་ལྷར། །བཏུད་ནས་དེ་སྒྲུབ་སྙིང་པོར་སྤེལ། །འདིར་སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་སྟེང་དུ་ཆོས་འབྱུང་དམར་པོ་གྲུ་གསུམ། གྲུ་ཆད་ལྗང་ཁུ། མཐའ་ཟླུམ་སྐོར་མེ་རི་དང་བཅས་པའི་དབུས་སུ་ཉི་གདན་ལ་ས་བོན་ནམ་ཚོམ་བུ། དེའི་སྟེང་དུ་མཉྫི་ལ་དཔལ་གཏོར་རྟ་མགོ་ཅན་སྐུ་རྟེན་བཙུགས་པ་བཀོད། མདུན་དུ་བླ་མ་ཡི་དམ་ཆོས་སྐྱོང་གཞི་བདག་དང་བཅས་པའི་གཏོར་མ་བཞི་ཚར་རམ་གསུམ་ཚར། སྨན་དང་རཀྟ། ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམ། རྡོར་དྲིལ་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་གཏོར་བཏང་། མཚམས་བཅད། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་རྣམས་སྔོན་དུ་འགྲོ་བས། དངོས་གཞི་ནི། སྭ་བྷཱ་བས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་ལ་རང་སེམས་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དམར་པོ། གཡས་ལྗང་གཡོན་དཀར་བ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་པ། ཞལ་གདངས་པ་མཆེ་བ་གཙིགས་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་བ། དབུ་གསུམ་གྱི་གཙུག་ན་རྟ་མགོ་ལྗང་གུ་གསུམ་ཁ་གདངས་ཤིང་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོ་བས་སྟོང་གསུམ་གང་བ། ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཁ་ཊྭཱཾ་ག །གསུམ་པ་ན་རལ་གྲི། གཡོན་གྱི་དང་པོ་སྡིགས་མཛུབ། གཉིས་པས་མདུང་ཐུང་། གསུམ་པས་རྒྱུ་ཞགས་བསྣམས་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་སྐྲའི་ཚངས་སྐུད། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་གྱི་ཆུན་པོ་རྣམས་ཀྱིས་བརྒྱན་པ། ཞབས་བརྒྱད་ཀྱིས་ཀླུ་ཆེན་བརྒྱད་སྦྲུལ་གྱི་རྣམ་པར་བརྫིས་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། མགྲིན་པ་ནས་ལོང་བུ་ཡན་ཆད་དུ་རང་འདྲའི་ཁྲོ་བོ་སྔགས་སྒྲ་སྒྲོག་པས་གོ་མཚམས་མེད་པར་གཏམས་པས་བགེགས་དཔུང་ཚར་གཅོད་པ། དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་སྟོད་དུ་ཉི་མ་ལ་ཧྲཱིཿ ཕྱི་ནང་ཐམས་ཅད་དུ་སྤྲུལ་པའི་ཕོ་ཉ་དང་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཁྲུགས་པས་ཡོངས་སུ་ཁྱབ་པར་བསམ་ལ། ཨཱོྃ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ཅི་མང་བཟླས་པའི་མཐར། ཨཱོྃ་བཛྲ་དུན་བྷྱོ་ཏིག་ནན་ཛཿཛ༔ ས་མ་ཡ་སཏྭཾ༔ ཞེས་དབང་སྡུད་ཀྱི་སྔགས་དང་། ཁཾ་རཀྴ་ས་མ་ཡ་ཛ༔ ཁཾ་རཀྴ་ས་མ་ཡ་བྷྱོ༔ ཁཾ་རཀྴ་ས་མ་ཡ་ཟློག༔ ཁཾ་རཀྴ་ས་མ་ཡ་གཏུབས༔ ཁཾ་རཀྴ་ས་མ་ཡ་བྱེར༔ ཁཾ་རཀྴ་ས་མ་ཡ་རྦད༔ ཁཾ་རཀྴ་ས་མ་ཡ་རྦུད༔ ཁཾ་རཀྴ་ས་མ་ཡ་རྦད་རྦུད་ཕཊ་ཡ༔ འབྱུང་པོ་མཱ་ར་ཡ་ཛཿཛ༔ སྔགས་ཚན་ཕྱི་མ་བདུན་པོའི་ཁཾ་རཀྴ་ཞེས་པ་རྣམས་མེད་ཀྱང་ཆོག་གོ །ཞེས་དྲག་སྔགས་ཏེ་མང་ཉུང་ཅི་རིགས་པ་བཏགས་ལ་བཟླ་འོ། །མཐར་མི་དམིགས་པར་བསྡུས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ་འོ། །ཐུན་མཚམས་སུ་གཏོར་མ་འབུལ་ན་བསང་སྦྱང་། སྟོང་པའི་ངང་ལས་སྣོད་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། གཏོར་མ་དང་པོ་བླ་མ་ལ་འབུལ། གཉིས་པ་ཡི་དམ་ལ་འབུལ་ཏེ། རྩ་སྔགས་ཀྱི་མཐར་ཨི་དམ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གྷྲྀཧྞ་གྷྲྀཧྞ་བྷུཉྫ་ཧོ༔ རཀྟ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ༔ ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ་ནས། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པ་དང་། བདུད་རྩིས་ཀྱང་མཆོད་ལ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨོའི་གདུང༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ༔ ཞེས་བསྟོད། གཏོར་མ་གསུམ་པ་ཆོས་སྐྱོང་དང་གཞི་བདག་ལ་ཕུལ་ནས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། རྗེས་གཞན་དང་འདྲ་འོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་ཕྱོགས་གཅིག་ཏུ་བསྒྲུབས་ཀྱང་རུང་མོད། གོང་མའི་ཕྱག་ལེན་ལྟར་ན། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། མཆོད་པ་སྤྱི་དང་ཁྱད་པར་སྨན་རཀ་གཏོར་མ་རྣམས་བྱིན་རླབས་སྤྱི་ལྟར་བྱས་ནས། མཎྜལ་གཏོར་མ་དང་བཅས་པ་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་ལ་ཧྲཱིཿལས་ཞེས་དང་། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞེས་སོགས་ནས་ཧཱུྃ་གི་སྟོད་དུ་ཉི་མ་ལ་ཧྲཱིཿཞེས་པ་ཡན་ཆད་གོང་བཞིན་མདུན་དུ་བསྐྱེད། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཕྱི་མཆོད་རྣམས་དང་། སྨན་རཀ་གཏོར་མ་རྣམས་ཀྱི་འབུལ་ཚིག་འབྲེལ་ཆགས་ནས་བླང་བས་མཆོད་དེ། ཞེས་པས་མདོར་བསྡུས་ཡང་གསང་ལྟར་ན། མེ་ཏོག་བདུག་སྤོས་སྣང་གསལ་སྒྲ༔ ཞལ་ཟས་དྲི་ཆབ་གཙང་མ་འདི༔ པདྨ་དབང་ཆེན་དཀྱིལ་འཁོར་ལ༔ འབུལ་གྱིས་ཡང་དག་བཞེས་སུ་གསོལ༔ ཨཱོྃ་པདྨེ་ཤྭ་ར་ཧྱ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ རྣམ་དག་རང་བྱུང་ལྷུན་གྲུབ་སྨན་མཆོག་འདི༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་འཁོར་བཅས་ལ༔ གུས་པས་མཆོད་པ་འབུལ་ལོ་ཁ་རཾ་ཁཱ་ཧི༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཁྱད་པར་འདོད་ཡོན་མཆོད་པའི་མཆོག༔ ཤ་ཁྲག་ཀེང་རུས་རྒྱ་མཚོ་ཡི༔ གཏོར་མའི་མཆོད་པ་དམ་པ་འདིའི༔ རྟ་མགྲིན་འཁོར་བཅས་མཉེས་གྱུར་ཅིག༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པ་ཙམ་གྱིས་མཆོད། བསྟོད་པ་སྔར་གྱི་ཤྭ་ལོ་ཀ་གཅིག་པོའི་རྗེས་སུ། དབང་ཆེན་ཀུན་འདུལ་དབང་གི་རྒྱལ་པོ་སྟེ༔ དབང་གི་མདོག་དམར་བསྐལ་པའི་མེ་འདྲ་ལ༔ དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་གཟི༔ དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང༔ ལས་ངན་གདུག་པའི་སེམས་ཅན་སྒྲོལ་མཛད་པ༔ ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར༔ རྔམ་བརྗིད་འགྱིང་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། འདོད་དོན་གསོལ་བ་བཏབ་ནས། བཟླས་པ་ཅི་འགྲུབ་དང་། སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཚུལ་དུ་བླང་ངོ་། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་གསང་ཆེན་མ་ཧཱ་ཡོ་ག་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཡོད་པ་ལས། པདྨ་གསུང་གི་སྒྲུབ་སྐོར་རྟ་མཆོག་རོལ་པའི་རྒྱུད་ལས་བྱུང་བའི་གསང་སྒྲུབ་ཟབ་མོ་འདི་ཉིད། ཤངས་པ་བཀའ་བརྒྱུད་པའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་ནང་ཚན། ལྔ་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དབོན་སྟོན་སྐྱེར་སྒང་པ་ཆེན་པོས་འོད་གསལ་དག་པའི་སྣང་བ་ལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཇལ་ནས་གསོལ་བ་བཏབ་པས། སློབ་དཔོན་ཉིད་རྟ་མགྲིན་གྱི་སྐུར་བཞེངས་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ། རྟ་མགྲིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གསང་སྒྲུབ་ཤིན་ཏུ་ཟབ་པ་ཞིག་གཏེར་དུ་སྦས་པ་སྙེ་མོ་ན་སྔགས་པ་ཞིག་གིས་ཐོན་ཡོད་པས་དེར་ཞུས་ཤིག །སྡེ་བརྒྱད་འབྱུང་པོ་ཐམས་ཅད་དེས་ཐུལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་དུ་སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་ལ་གདམས་པ་འདི་ཉིད་ཞུས་ཤིང་། སླར་ཡང་མནལ་ལམ་བཟུང་ནས་སློབ་དཔོན་ལ་ཞུས་པས་ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་བསྐྱར་ནས་ཞུས་ཤིག་གསུངས་པ་ལྟར། སླར་ཡང་འབུལ་བ་དང་བཅས་ཏེ་ཞུས་པས་རྫོགས་པར་གནང་ནས་འདི་ཉིད་བསྒྲུབས་པས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་ཕན་རྒྱ་ཆེར་བྱུང་བས། རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཕྱོགས་ཀུན་ཏུ་གྲགས་པའི་བརྒྱུད་པའི་ཁྱད་པར་གཉིས་ལྡན་འདི་ཉིད། གཉན་སྟོན་སྦས་པའི་རྣལ་འབྱོར་དང་། སངས་རྒྱས་སྟོན་པ་སོགས་རིམ་གྱིས་བརྒྱུད་ནས་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བྱོན་པ་ཡིན་པས། འདིའི་བྱིན་རླབས་དབང་བསྐུར་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་ཞེས་བརྡ་སྤྲད། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། ཐམས་ཅད་མཁྱེན་པའི་སྟོན་པ་པོ། །འཇིག་རྟེན་གསུམ་གྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །རྡོ་རྗེའི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་རྒྱུན་བཤགས་བྱ། བྱིན་རླབས་ཀྱི་དངོས་གཞི་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བསྲེགས། སྟོང་ཉིད་དུ་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་སོགས་ནས། ཐུགས་ཀར་ཧཱུྃ་གི་བར་མངོན་རྟོགས་བཞིན་ཕོག་ནས། ཡེ་ཤེས་པ་བསྟིམས་ནས་སྔགས་དང་རོལ་མོའི་སྒྲ་སྦྱར། དེ་ནས་སློབ་དཔོན་དང་ཡི་དམ་དབྱེར་མེད་པ་ལ་ཁྱེད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་ལུས་ལ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་རྟ་མགྲིན་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཁྱེད་རང་གི་དཔྲལ་བར་ཐིམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་བསྐུར་བ་ཐོབ་པའི་མོས་པ་གྱིས། ཞེས་བརྡ་སྦྱར་ལ། སྔགས་དང་སྤོས་རོལ་བྱ། དེ་བཞིན་དུ་དེ་ནས་ཡང་སློབ་དཔོན་དང་ཡི་དམ་དབྱེར་མེད་པ་ལ་ཁྱེད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། གསུང་གི་བྱིན་རླབས་ངག་ལ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་མགྲིན་པའི་ཨཱཿལས་རྟ་མགྲིན་དམར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཁྱེད་རང་གི་མགྲིན་པར་ཐིམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་བསྐུར་བ་ཐོབ་པའི་མོས་པ་གྱིས། སྔགས་དང་སྤོས་རོལ་བྱ། དེ་ནས་སློབ་དཔོན་དང་ཡི་དམ་དབྱེར་མེད་པ་ལ་ཁྱེད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀྱི་བྱིན་རླབས་ཡིད་ལ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་རྟ་མགྲིན་སྔོན་པོ་སྐུ་ཆུང་ལ་ཡན་ལག་དོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཁྱེད་རང་གི་སྙིང་གར་ཐིམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པའི་མོས་པ་གྱིས། སྔགས་དང་སྤོས་རོལ་བྱ། དེ་ནས་སློབ་དཔོན་དང་ཡི་དམ་དབྱེར་མེད་པ་ལ་ཁྱེད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ལྟེ་བ་ནས་རྟ་མགྲིན་དཀར་དམར་མཐིང་གསུམ་སྐུ་ཆུང་ལ་ཡན་ལག་དོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཁྱེད་རང་གི་ལྟེ་བར་ཐིམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་ཐོབ་པར་བསམ་ལ་སྔགས་དང་སྤོས་རོལ་བྱའོ། །སྔགས་ཀྱི་བཟླས་ལུང་ནི། སློབ་མ་དང་མདུན་གྱི་རྟ་མགྲིན་གཉིས་ཀའི་ཐུགས་ཀར་ཧཱུྃ་གི་སྟོད་དུ་ཉི་མ་ལ་ཧྲཱིཿདམར་པོ་རེ་རེ། མདུན་གྱི་ཧྲཱིཿལ་རྩ་བའི་སྔགས་ཀྱིས་བསྐོར་བ་གསལ་ཐོབས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ། སློབ་དཔོན་གྱིས་ཡི་དམ་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བས་མདུན་གྱི་རྟ་མགྲིན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སློབ་དཔོན་གྱི་ཕྲེང་བ་འཇུས་ཏེ་རྩ་སྔགས་ལན་གསུམ་དང་། དབང་སྡུད་དང་ལས་སྦྱོར་གྱི་སྔགས་ཚར་རེའི་རྗེས་ཟློས་བྱས་ལ། སློབ་དཔོན་གྱིས་ཕྲེང་བའམ་མེ་ཏོག་སྤྱི་བོར་བཞག་སྟེ། དཔལ་རྟ་མགྲིན་གྱི་ཐུགས་རྗེའི་ནུས་པ་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་རྣམས་ཀྱི་རྒྱུད་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། གཏོར་མའི་དབང་ནི། གཏོར་མ་འདི་ཉིད་དཔལ་རྟ་མགྲིན་དངོས་སུ་མོས། དེ་ལ་མོས་གུས་དུང་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན་རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་གྱིས། གཏོར་མ་སྤྱི་བོར་བཞག་ལ། བཀའ་བསྒོ་ཞིང་རོལ་མོའི་སྒྲ་དང་བཅས་པས་སྔགས་དྲག་ཏུ་བརྗོད། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཐིམ་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་རྟ་མགྲིན་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་སྙམ་པའི་ང་རྒྱལ་ལ་ཅི་གནས་སུ་ཞོག་མཛོད་བྱས་ལ་མངའ་གསོལ་ཤིས་བརྗོད་བྱ། མཐར་གཙོ་བོས་ཇི་ལྟར་སོགས་དང་། མཎྜལ། དེང་ནས་བརྩམ་སྟེ་སོགས་སྤྱི་དང་འདྲ། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །གནས་ལུགས་མི་འ༵གྱུར་དེ་བཞིན་ཉིད། །ཐོགས་མེ༵ད་རྡོ༵་རྗེ༵འི་མཐུ་ལྡན་ལྷར། །རྣམ་རོལ་རྟ་མཆོག་གསང་སྒྲུབ་ཀྱི། །སྒྲུབ་ཐབས་ཟབ་མོའི་སྙིང་པོ་ལགས། །རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་ལེ་ཚན་ནོ།། །།

སྡེ་གསུམ་སྤྱི་སྐོར། ཤྲཱི་སིཾ་ཧའི་བླ་སྒྲུབ (Volume 62, Text 22)

སྡེ་གསུམ་སྤྱི་སྐོར། ཤྲཱི་སིཾ་ཧའི་བླ་སྒྲུབ་བཞུགས། དོན་དམ་སྐྱབས་སེམས་ཡན་བདུན་འབུལ༔ ཏིང་གསུམ་བསྒོམ་པའི་ཧྲཱིཿཡིག་ལས༔ འབྱུང་བཞི་གཞལ་ཡས་ཁྲི་གདན་བསྐྱེད༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ དབང་བསྐུར་དགུག་བསྟིམ་བཞུགས་ཕྱག་མཆོད༔ བསྟོད་ལ་ཐུགས་དབུས་ཟླ་ཧྲཱིཿའི་མཐར༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཚོགས་འཁོར་རྗེས་བསྡུ་རྒྱུན་སྤྱོད་བྱ༔ འདི་ནི་མན་ངག་སྤྱི་ལ་གཅེས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འོ༔ བྱང་བུ་རྣམས་ཀྱིས་བརྒྱན་བྱས་ཏེ༔ ཕྲིན་ལས་ནར་མར་བརྩོན་པར་བྱ༔ བསྐྱེད་རིམ་སྤྱི་ལ་གཅེས་པ་འོ༔ ས་མ་སྟསཧྱ༔ ཤྲཱི་སིཾ་ཧའི་སྙིང་ཐིག་འདི༔ གུ་རུ་རྗེ་ལ་ལུང་ཞུས་ཏེ༔ ལས་ཅན་དོན་དུ་ཁོ་མོས་བརྗོད༔ ཟུར་མཁར་མེ་ཏོག་སྒྲོན་གྱིས་བྲིས༔ ལ་བསྭེའི་སྒྲོམ་དུ་བཞག་ནས་སུ༔ བོད་ཀྱི་ཤོད་བཞིའི་ཡ་གྱལ་སྟོད༔ གུ་རུ་པདྨའི་སྒྲུབ་གནས་མཆོག༔ འཛོམ་གྱི་བྲག་ལ་ཨ་ཐཾ་རྒྱ༔ ལྷ་སྲས་ཡེ་ཤེས་རྩལ་ལ་སྤྲོད༔ ྈྈྈྈ ཞུས་སོ།། །།

དཔལ་བཀའ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ (Volume 15, Text 22)

དཔལ་བཀའ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་བཞུགས་སོ༔ ྈྈྈྈྈ ཞི་ཁྲོ་ཡོངས་རྫོགས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པས་རྒྱུན་གྱི་ལས་སྒྲུབ་པའི་རིམ་པ་ནི༔ བཀའ་འདུས་རྩ་བའི་རྒྱུད་ལས༔ བར་ཆད་སེལ་དང་དངོས་གྲུབ་མཆོག་སྒྲུབ་དང༔ ཕྲིན་ལས་མྱུར་འགྲུབ་ཚེ་དང་བཀྲ་ཤིས་སྒྲུབ༔ སྒྲུབ་པ་རྣམ་ལྔས་རྒྱུན་གྱི་ཕྲིན་ལས་བཙལ༔ ཞེས་གསུངས་པས༔ དང་པོ་བར་ཆད་གཏོར་མས་ཟློག་པའི་ལས་ནི༔ ཨེ་ཁྲོམ་ཉེར་གཅིག་ལ་དམར་གཏོར་ཤ་ཁྲག་ཟོར་རྫས་ཀྱིས་བརྒྱན་པ་བཤམ༔ མ་ཊཱཾ་རུ་དྲ་ཛ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨ༔ མ་ཊཱཾ་གི་ཁོག་པ་དུར་ཁྲོད་ཆེན་པོའི་ཕོ་བྲང་གི་དབུས་སུ་དཔལ་བཀའ་འདུས་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དྲག་ཤུལ་ཁྲོས་པའི་ཉམས་འགྱུར་མི་བཟད་པ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་བསྐྱེད་ལ༔ སྤྱན་འདྲེན་སོགས་ལས་རིམ་བསྟོད་པ་བཅས་བྱ༔ དགྲ་བགེགས་ཚོགས་སུ་བསྒྲལ་པའི་ཤ་ཁྲག་དང་དམར་གཏོར་ཐུན་རྫས་བཅས་ཕུལ་ལ༔ ཧཱུྃ་བྷྱོ༔ དབུས་ཕྱོགས་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ སྤྱི་དཔལ་ཆེན་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕྲེང་བའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ཤར་དབུས་དགའ་བ་ཆེན་པོའི་དཀྱིལ་འཁོར་ནས༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་རྩལ་རྫོགས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ལྷོ་སྟོད་སྦྱིན་པས་བསྡུ་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཐོད་ཕྲེང་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ནས༔ བདེ་མཆོག་འཁོར་ལོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ལྷོ་དཀྱིལ་དོན་མཐུན་འཇུག་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ལྷོ་སྨད་དོན་སྤྱོད་བསྡུ་བའི་དཀྱིལ་འཁོར་ནས༔ རཏྣ་རྩལ་རྫོགས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ནས༔ དགྱེས་པ་རྡོ་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ནས༔ གསང་བ་འདུས་པའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ནུབ་སྨད་ལྟ་བ་ཟག་མེད་དཀྱིལ་འཁོར་ནས༔ པདྨ་རྩལ་རྫོགས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ནས༔ དུས་ཀྱི་འཁོར་ལོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ནས༔ མཁའ་ཀློང་འཁྱིལ་བའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ནས༔ ཀརྨ་རྩལ་རྫོགས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས༴ བཟློག་བསྒྱུར༴ ཧཱུྃ་བྷྱོ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ གཞན་ཡང་ཕྱི་ནང་བར་ཁྱམས་ཐམས་ཅད་ནས༔ རྩ་གསུམ་ཆོས་སྲུང་རྒྱ་མཚོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ་བྷྱོ༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དགྲ་ལ༴ གློ་བུར་དགུ་བཅུ་རྩ་གཅིག་དགྲ་ལ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གཤིས་ངན་གུམ་པ་བཅུ་གསུམ༴ དུས་མིན་འཆི་བ་བཅོ་བརྒྱད༴ འཇིགས་པ་ཆེན་པོ་བཅུ་དྲུག༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལངས་པ༴ ལྟག་པའི་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཁོར་བ༴ ནང་པ་ཆོས་ཀྱི་བདེན་ཚིག༴ ཕྱི་པ་མུ་སྟེགས་ངན་སྔགས༴ བར་པ་བོན་གྱི་གསེར་ཛོ༴ ཀླ་ཀློ་གདུག་པའི་དམོད་མོ༴ བཙུན་པས་པར་བུ་སྦུབས་པ༴ སྔགས་པས་ཕུར་ཐུན་གཟིར་བ༴ འཇིག་རྟེན་ཕལ་པའི་དམོད་མཐུ༴ ཕོ་བརྒྱས་མདའ་ལྟར་བསོར་བ༴ མོ་བརྒྱས་བལ་ལྟར་གཡེང་བ༴ མི་ཁ་བྲ་མཆུ་རྣོན་པོ༴ ཤར་ཕྱོགས་ཇིང་དུར་གཡོ་འཁྲུགས༴ ལྷོ་ཕྱོགས་ལྷ་མིན་དཔུང་ཆེན༴ ནུབ་ཕྱོགས་གདོལ་པའི་རྩུབ་འགྱུར༴ བྱང་ཕྱོགས་ཧོར་སོག་འཇིགས་པ༴ ས་ལ་གཏད་ཁྲམ་མནན་པ༴ ཆུ་ལ་ཀླུ་གཏད་བསྒྱུར་བ༴ མེ་ལ་སྦྱིན་སྲེག་བགྱིས་པ༴ རླུང་ལ་འཁོར་ལོ་བསྐོར་བ༴ ལྷ་ཡི་སྐོས་སུ་བཏབ་པ༴ རྒྱལ་པོའི་སྨྱོ་འབོག་ཆོ་འཕྲུལ༴ གཤིན་རྗེའི་ཁྲམ་ལ་ཐེབས་པ༴ མ་མོའི་ནད་རྐྱལ་འགྱེད་པ༴ བདུད་ཀྱི་ཞགས་པས་འཆིང་བ༴ གཟའ་ཡིས་ཧུར་ཐུམ་གཏོང་བ༴ བཙན་གྱིས་གློ་བུར་གཟེར་ཐབས༴ གནོད་སྦྱིན་གདུག་པའི་ཐིབ་གནོན༴ ཀླུ་ཡི་ཁ་རླངས་དུག་སྦྱོར༴ ཐེའུ་རང་ཐིག་ལེ་བརྐུ་བ༴ དམ་སྲི་འབྱུང་པོའི་གཡོ་འཁྲུགས༴ གནམ་གྱི་འཇུ་ཐག་ཆད་པ༴ ས་ཡི་རྟེན་ཕུར་བུད་པ༴ ཕྱི་རོལ་དུས་ཀྱི་འཁྲུགས་པ༴ སྣོད་ཀྱི་འཇིག་རྟེན་རྒུད་པ༴ ནང་དུ་ཁ་སྨྲས་འཁོན་འཛིང༴ བཅུད་ཀྱི་དབང་ཐང་ཉམས་པ༴ གསང་བ་ཏིང་འཛིན་གཡེལ་བ༴ གཟུང་འཛིན་རྣམ་རྟོག་ཐམས་ཅད་དགྲ་ལ་ཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་ཧཱ་ཤ་རཱི་རཾ་བྷྱོ་ཟློག༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུཾ་དུཾ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཨཿདེ་བ་རཱ་ཛ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཡཿཡ་མ་རཱ་ཙ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ མཿམ་མ་རུ་རུ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ དུཿདུ་ན་རུ་དྲ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ རུཿརཱ་ཧུ་ལ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཙཿཙནྟྲི་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཤཿཡཀྵ་རཱ་ཛ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ནཿནཱ་ག་ཕུཿཏྲི་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་རོ་ག་བྷྱོ་བྷྱོ་ཟློག་ཟློག༔ སརྦ་གྲ་ཧ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་བིགྷྣཱན་བྷྱོ་བྷྱོ་ཟློག་ཟློག༔ སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ སརྦ་བྷཱི་མ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་ཨ་པ་ཀཱ་ར་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བརྗོད་ཅིང་ཐལ་མོ་བརྡབ༔ གཏོར་མ་དགྲ་ཕྱོགས་སུ་འཕང༔ དེས་ནི་ནད་གདོན་བྱད་ཕུར་རྦོད་གཏོང་ཟུག་པ་སོགས་མི་མཐུན་པའི་རྐྱེན་དང་བར་ཆད་ཐམས་ཅད་འཕྲལ་དུ་བཟློག་པར་ཐེ་ཚོམ་མེད་དོ༔ ༈ གཉིས་པ་མཆོག་གི་དངོས་གྲུབ་སྒྲུབ་པའི་ལས་ཀྱི་ཁྱད་པར་བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ རྒྱས་པར་སྨན་འབུམ་ཆེན་མོ་སྦྱོར་བ་བརྒྱ་རྩ་དང༔ འབྲིང་དུ་ལས་བྱང་ལག་ཁྲིད་དང་བཅས་པ་ལྟར་བྱ༔ འདིར་རྣལ་འབྱོར་པ་ཆིག་སྒྲུབ་བྱེད་དམ༔ ནུས་པ་ཐོབ་པ་ཚོགས་ཀྱང་རུང༔ ཕྱི་ནང་གསང་བའི་མཚམས་བཅད༔ ཤ་ལྔ༔ བདུད་རྩི་ལྔ༔ རྩ་བ་དང་ཡན་ལག་གི་སྨན་སྐྱོབས་ཁྲོལ་བུ་རྣམས་རིགས་ལྔར་ཕྱེ་བའམ་གཅིག་ཏུ་སྤུངས་ཏེ་དལ་གྱི་དབུས་སུ་བཞག༔ ཀུཎྜ་ལཱིས་ཁྲུས་ཆུ་འཐོར༔ དཀྱིལ་འཁོར་ཡོངས་རྫོགས་ཀྱི་གཞུང་བསྲང་ལ༔ སྨན་སྤྱི་དཔལ་ཁྲོ་བོ་རིགས་གཅིག་བདུད་རྩི་འཁྱིལ་པ་ལྗང་གུ་ཁྲོ་བ་དང་ཆགས་པའི་ཉམས་རྒྱས་པ༔ སྣ་ཚོགས་རྡོ་རྗེ་དང་བདུད་རྩིའི་བྷནྡྷ་བསྣམས་པས་ཡུམ་རང་འདྲ་ལ་འཁྲིལ་ཞིང་དུར་ཁྲོད་འཇིགས་པའི་ཆས་ཅན་པད་ཉི་དྲེགས་པའི་གདན་ལ་བཞེངས་ཤིང་ཡེ་ཤེས་ཀྱི་མེ་འོད་འཕྲོ་བར་བསམས་ལ༔ ཨོཾ་བཛྲ་ཙཎྜ་ཨ་མྲྀཏ་ཀུཎྜ་ལཱི་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས་སྦྱང༔ ཡབ་ཡུམ་རྗེས་སུ་ཆགས་པའི་སྒྲ་དང་འོད་དང་གཟི་བརྗིད་ཀྱིས་འཁོར་འདས་ཀྱི་སྨན་བཅུད་ཐམས་ཅད་འདུས་པར་བསམས་ལ༔ ཨོཾ་བཛྲ་ཙཎྜ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་བཟླས་པས་བྱིན་གྱིས་བརླབ༔ སྐབས་སུ་སྨན་སྲུང་སྤྱན་དྲང༔ དམ་བཅོལ༔ བར་ཆད་ཀྱི་བགེགས་ཚར་ཐག་བཅད༔ བྱིན་དབབ་བོ༔ རྟགས་བྱུང་ནས་དངོས་གྲུབ་བླངས་ལ་ཡེ་ཤེས་ཀྱི་ལྷ་སྨན་གྱི་གོང་བུར་གྱུར་པར་བསམ༔ སླར་ཡང་སྨན་གྱི་གོང་བུ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་རྡུལ་ཕྲ་རབ་ཏུ་འགྲོ་བས་འགྲོ་དོན་བྱེད་པར་བསམས་ལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་བཏགས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧོ་ས་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཙག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཛ་གད་པྲ་བ་ས་ཧཱུྃ༔ ཞེས་རིན་ཆེན་ཆང་ཆུས་སྦོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་བི་ཤུདྡྷེ་ཧཱུྃ་ཕཊ༔ ཆུ་སྣས་སྦོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་སཾ་ཤོ་དྷ་ཡ་ཧཱུྃ་ཕཊ༔ མདངས་ཕྱུངས༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱ༔ རིན་ཆེན་སྣ་ཚོགས་བརྡར༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་པྲ་བརྡྷ་ཡ་ཧཱུྃ་ཧྲཱིཿཋཱ༔ སྣོད་དུ་གཞལ་ལ་བླུགས༔ ཐོད་པ་ཁ་སྦྱོར་གྱི་བུམ་པར་བཅལ༔ དལ་གྱི་དབུས་སུ་མངའ་དབུལ༔ བཀའ་འདུས་ཡོངས་རྫོགས་ཀྱི་གཞུང་བསྲངས་ལ༔ བསྙེན་པའི་སྐབས་སུ་བབས་པ་ན༔ ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ནི༔ གཏུམ་མོའི་མེ་འབར་ཡེ་ཤེས་འོད་རླུང་འཁྲུགས༔ བདེ་སྟོང་བྷནྡྷ་རབ་ཏུ་རྒྱ་ཆེ་བར༔ ཤ་ལྔའི་རི་བོ་བདུད་རྩིའི་རྒྱ་མཚོ་ནི༔ རྒྱ་ཁྱོན་དབྱིངས་མཉམ་ཞུ་ཞིང་ཁོལ་བའི་ཀློང༔ ཁྲག་འཐུང་ཉེར་གཅིག་རྗེས་ཆགས་དཀྱིལ་འཁོར་འབར༔ སྤྱི་དཔལ་ཆེན་པོ་རིགས་རྣམས་ཀུན་གྱི་བདག༔ བདུད་རྩི་བདེ་ཆེན་དགྱེས་པའི་སྐུ་རུ་བཞེངས༔ སྐུ་མདོག་ལྗང་ནག་འོད་ཟེར་བྱེ་བ་འཕྲོ༔ ཕྱག་མཚན་སངས་རྒྱས་བྱང་སེམས་ཡབ་དང་ཡུམ༔ ཐམས་ཅད་ཁྲོ་ཞིང་རྗེས་ཆགས་ཧེ་རུ་ཀ༔ ཐབས་དང་ཤེས་རབ་རོལ་པའི་འོད་ཟེར་གྱིས༔ འཁོར་དང་མྱ་ངན་འདས་པའི་བདུད་རྩིའི་བཅུད༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་ཇི་བཞིན་དུ༔ རང་དབང་མེད་པར་བདུད་རྩིའི་སྤྲིན་ཆེན་པོ༔ ལྔ་ལྡན་འོད་ཟེར་འབར་བའི་རྣམ་པར་བསྡུས༔ ཡབ་ཀྱི་ཞལ་ཞུགས་ཡུམ་གྱི་མཁའ་ལ་འཁྱིལ༔ དྭངས་མ་བདེ་ཆེན་ཡེ་ཤེས་སྲོག་ཏུ་རྫོགས༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་སུ་ཁ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླ༔ སྟོང་ཕྲག་གི་མཚམས་སུ་མཆོད་པ་སོགས་བྱ༔ ཀུཎྜ་ལཱིའི་སྔགས་ཆུས་ཁྲུས་བྱ༔ སྨན་གྱི་རིག་འཛིན་བསྐུལ་བ་ནི༔ ཧཱུྃ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན༔ སྡོང་བུ་དུར་ཁྲོད་རས་ལས་གཏམས༔ ཚིལ་ཆེན་མར་ཁུ་རྒྱ་མཚོར་བསྐྱིལ༔ བླ་མེད་དོན་རྫོགས་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ དམ་ཅན་མ་གཡེལ་དམ་ལ་འདུས༔ སྨན་གྱི་སྲུང་མ་དམ་ཚིག་ཅན༔ བདུད་རྩི་སྨན་གྱི་དྲིས་མཚོན་ཏེ༔ ལེ་བརྒན་དར་གྱིས་གཡབ་འདོར་ན༔ ལས་ལ་མ་གཡེལ་ད་ཚུར་སྤྱོན༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག༔ གཙང་དང་སྨེ་བའི་རྟོག་པ་ཀུན༔ བདེ་བ་ཆེན་པོར་རྣམ་དག་པའི༔ གཟི་བྱིན་སྐྱེད་ལ་འོད་ཟེར་སྤྲོས༔ བདུད་རྩི་སྨན་གྱི་ནུས་པ་སྡུས༔ རྟགས་དང་མཚན་མ་མངོན་དུ་སྟོན༔ སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད༔ ཨོཾ་སརྦ་ཨ་མྲྀཏ་བིདྱཱ་དྷཱ་ར་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ དྲི་དང་འོད་སོགས་རྟགས་བྱུང་ནས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཡབ་ཡུམ་གསང་སྒོར་རབ་ཏུ་བསྐྱིལ༔ རྟགས་མཚན་ཆེས་ཆེར་གསལ་བ་ན༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་པྲ་བེ་ཤ་ཡ་ཕཊ་ཨཱ་བེ་ཤ་ཡ་ཧཱུྃ་ཧྲཱིཿཋཱ༔ གསང་སྒོ་དབྱེ་ཞིང་དབབ་པ་ཡིས༔ དམ་ཚིག་རྫས་དང་འདྲེས་པ་ལས༔ སྲིད་པ་གསུམ་པོ་ཐམས་ཅད་ཀུན༔ བདུད་རྩིའི་དྲི་རོ་ནུས་པས་ཁྱབ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ བདེ་བ་ཆེན་པོ་བདུད་རྩིའི་བདག༔ དཔལ་ཆེན་ཁྲག་འཐུང་སྐུ་རུ་བསམ༔ ཕོ་བྲང་རང་གི་སྤྱི་བོར་བླང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་ཨ་མྲྀཏ་མཎྜ་ལ་ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་འོད་ཟེར་རང་ལ་ཐིམ༔ ལྷ་ཚོགས་བདུད་རྩིར་འཁྱིལ་བར་བསམ༔ དེ་ནས་སློབ་མའི་གནས་གསུམ་བཞག༔ ཧཱུྃ༔ བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་དུ༔ སྣང་སྲིད་འཁོར་འདས་ཐམས་ཅད་བསྡུས་པའི་བཅུད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་དབང༔ སྐལ་ལྡན་ལུས་ངག་ཡིད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ རྒྱ་འགྲོལ་ལ༔ ཨོཾ་བི་ཤུདྡྷེ་ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཁ་ཕྱེ་ལ༔ ཨོཾ་སརྦ་པཉྩ་མ་ཧཱ་སུ་ཁ་ཧོ༔ ཕུད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་མཆོད༔ དེ་ནས་རྣལ་འབྱོར་པས་མྱང༔ སློབ་མ་ལ་སྦྱིན༔ སླར་ཡང་དལ་གྱི་དབུས་སུ་བཞག་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་མཆོད་པ་དང༔ འགྲོ་བའི་ཉོན་མོངས་གདུང་བ་ཞི་བ་དང༔ རྣལ་འབྱོར་གྲུབ་པའི་རྩལ་ཆེན་རྫོགས་སླད་དུ༔ བདེ་ཆེན་བདུད་རྩིའི་ཡེ་ཤེས་རབ་ཏུ་གྲུབ༔ དཔལ་ཆེན་ཁྲག་འཐུང་དགྱེས་པའི་གཟི་བྱིན་སྐྱེད༔ མ་མོ་མཁའ་འགྲོ་ཆོས་སྐྱོང་དམ་ལ་འདུས༔ དྲེགས་པའི་ལྷ་སྲིན་ཚོགས་རྣམས་བཀའ་ལ་ཉོན༔ ཐམས་ཅད་བདུད་རྩིའི་རྫས་ལ་བཀྲ་ཤིས་སྩོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཡེ་ཤེས་སྟིམས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབས་མཐུ་ནུས་སྤོར༔ དངོས་གྲུབ་མཆོག་སྩོལ་གྲུབ་པའི་རྟགས་མཚན་སྟོན༔ ཐམས་ཅད་དགེ་ཞིང་བཀྲ་ཤིས་བདེ་ལེགས་མཛོད༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨཱ་ཡུར་པུཎྱེ་ཏིཥྛ་ཨོཾ༔ ཞེས་གླུ་གར་རོལ་མོས་མངའ་གསོལ་ཞིང་རིན་པོ་ཆེའི་སྣོད་དུ་བཅལ་ལ་མཐོང་ཐོས་དྲན་རེག་ཐམས་ཅད་བདེ་ཆེན་གྱི་དངོས་གྲུབ་རྒྱས་པར་བྱའོ༔ ཁ་དོག་མཐོང་བས་ལུས་སྒྲིབ་དག༔ ཚེ་དང་བསོད་ནམས་ལང་ཚོ་རྒྱས༔ དྲི་ལ་བསྣོམས་པས་ངག་སྒྲིབ་དག༔ ནུས་པ་འབར་ཞིང་དབང་དུ་འདུ༔ རོ་ལ་མྱང་བས་ཡིད་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འཆར༔ དཔལ་ཆེན་ཧེ་རུ་ཀ་དང་མཉམ༔ མཆོག་ཐུན་ཕྲིན་ལས་ཐམས་ཅད་འགྲུབ༔ ཅེས་གསུངས་སོ༔ ༈ གསུམ་པ་ཕྲིན་ལས་མྱུར་དུ་འགྲུབ་པ་རྒྱུན་གྱི་མེ་མཆོད་ནི༔ ལས་དང་མཐུན་པའི་ས་ལ་སྟེགས་བུ་བྱ༔ ཐབ་དང་བུད་ཤིང་བརྩིག༔ མཆོད་རྫས་དང་བསྲེག་རྫས་རྣམས་ལ་ཀུཎྜ་ལཱིའི་ཁྲུས་ཆུ་གཏོར༔ ཧཱུྃ༔ རིན་པོ་ཆེ་དང་ཐོད་པའི་སྣོད་ཡངས་སུ༔ མཆོད་རྫས་བསྲེག་རྫས་ཡེ་ཤེས་འོད་ཟེར་འཕྲོ༔ སྤྱི་དཔལ་ལྷ་ཚོགས་ཐུགས་དམ་བསྐུལ་བ་དང༔ ཕྲིན་ལས་མྱུར་དུ་འགྲུབ་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་ཀུ་རུ་ཀུ་རུ་ཧཱུྃ༔ ཞེས་བརྗོད༔ ཐབ་ཏུ་མེ་སྦར་ཞིང་རླུང་གཡབ་ལ༔ ཧཱུྃ༔ ཤར་ལྷོ་མཚམས་ལ་མངའ་མཛད་པའི༔ ཨགྣི་རཱ་ཛས་མེ་སྦོར་ལ༔ ནུབ་བྱང་རླུང་ལྷའི་མཁའ་འགྲོ་མས༔ ཡེ་ཤེས་ཆེན་པོའི་རླུང་གཡོབས་ཤིག༔ ཛྭ་ལ་རཾ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་འབར་བའི་དབུས་སུ་དཀྱིལ་འཁོར་ཡོངས་རྫོགས་ཕྲིན་ལས་དང་མཐུན་པའི་འོད་ཟེར་འཕྲོ་བར་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བྱ༔ དགང་བླུགས་སྦྱར་ཞིང་མར་ཁུ་ཕུལ༔ ཧཱུྃ༔ ཐབས་ཀྱི་དགང་གཟར་བདེ་བ་ཆེ༔ ཤེས་རབ་སྟོང་ཉིད་བླུགས་གཟར་གྱིས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ སྔགས་ཀྱི་མཐར༔ ཨོཾ་ཨགྣ་ཡེ་ཛྙཱ་ན་ཨ་མྲྀཏ་ཧཱུྃ༔ ཞེས་བརྗོད༔ ཨོཾ་ཛྙཱ་ན་ཛྭ་ལ་ན་ཧཱུྃ༔ ཞེས་པས་ཡམ་ཤིང་ཕུལ༔ དེ་ནས་ཞི་བ་ལ་ཏིལ་དང༔ མེ་ཏོག་དཀར་པོ་དང༔ ཡུངས་ཀར་སོགས་ཕུལ་ལ༔ ཨོཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ནད་གདོན་སྡིག་སྒྲིབ་གདོན་བགེགས་སོགས༔ མི་མཐུན་ཕྱོགས་ཀུན་ཞི་མཛད་གསོལ༔ ཞེས་འདོད་དོན་ལ་གསོལ་བ་གདབ་བོ༔ རྒྱས་པ་ལ་རིན་ཆེན༔ འབྲུ་སྣ༔ དར་ཟབ༔ ཟས་མཆོག་སོགས་ཕུལ་ལ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས༔ མཐུན་རྐྱེན་ལེགས་ཚོགས་རྒྱས་པར་མཛོད༔ དབང་ལ་རྡོ་ཁབ་ལེན༔ ལན་ཚྭ༔ མེ་ཏོག་དམར་པོ༔ སེ་འབྲུ༔ ཆང་སོགས་ཕུལ༔ ཧྲཱིཿབཱ་ཤཾ་ཀུ་རུ་ཧོ༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀུན༔ དབང་འདུས་ཕྲིན་ལས་མཛད་དུ་གསོལ༔ དྲག་པོར་དུག་ཁྲག་དང་ཐུན་རྫས་སྣ་ཚོགས་ཕུལ༔ ཧཱུྃ་མཱ་ར་ཡ་ཕཊ༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ དགྲ་བགེགས་ནད་གདོན་བར་ཆད་ཀུན༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ བརྒྱ་སྟོང་སོགས་ཕུལ་ལ་ལས་མཛད་པར་བསམ༔ གཏང་རག་དང་ཚོགས་ཀྱིས་མཆོད༔ ཡི་གེ་བརྒྱ་པ་བརྗོད༔ གསང་བ་ཟབ་མོའི་ཆོ་ག་ལ༔ ལྷག་ཆད་འགལ་འཁྲུལ་བཟོད་པར་བཞེས༔ ཡེ་ཤེས་ཆོས་ཀྱི་དབྱིངས་སུ་གཤེགས༔ སླར་ཡང་དུས་སུ་འབྱོན་མཛད་གསོལ༔ བཛྲ་མུ༔ ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་འབར་བར་བསམས་ལ༔ ཤྲཱི་ཧེ་རུ་ཀ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད༔ སྨོན་ལམ་དང་བཀྲ་ཤིས་བྱའོ༔ དེས་ནི་ལས་གང་བརྩམ་པ་མྱུར་དུ་འགྲུབ་བོ༔ རྒྱས་པར་སྲིད་པ་མེའི་ལས་རྒྱུད་དང་ལས་ཆེན་ཉེར་ལྔའི་གཟེར་ཁ་ལྟར་བྱའོ༔ ༈ བཞི་པ་སྣོད་བཅུད་བཀྲ་ཤིས་ཤིང་བྱིན་ཆགས་པར་བྱེད་པ་རབ་ཏུ་གནས་པ་ནི༔ རྒྱ་ཆེར་ལས་རིམ་ཞེ་བདུན་པ་དང༔ ཁ་བསྒྱུར་ཉེར་ལྔ་ལྟར་རོ༔ འདིར་མདོར་བསྡུས་པ་ནི༔ བདག་ཉིད་སྤྱི་དཔལ་ཆེན་པོའི་ཏིང་ངེ་འཛིན་གྱིས་བུམ་པར་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད༔ ཁྲུས་ཀྱི་བུམ་པར་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་ཞགས་པ་འཛིན་པ་བསྐྱེད་ལ་སྔགས་བཟླ༔ དེ་ནས་རྟེན་གྱི་མདུན་དུ་གཏོར་མ་བཤམས་ལ་བགེགས་ལ་སྦྱིན་ཞིང་བསྐྲད༔ སྲུང་འཁོར་གྱིས་མཚམས་བཅད༔ ཁྲུས་གསོལ་ཏེ༔ ཨོཾ༔ ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་བུམ་པ་ནི༔ དྲི་མེད་ཡིད་འོང་བདུད་རྩིའི་རྒྱུན་གྱིས་རབ་གང་བས༔ རྒྱལ་བའི་རྟེན་ལ་དག་བྱེད་ཁྲུས་ཆབ་འདི་གསོལ་བས༔ འགྲོ་ཀུན་ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ རས་དཀར་འཇམ་ཞིང་དྲི་བཟང་ལྡན་པ་ཡིས༔ རྒྱལ་བ་རྣམས་ཀྱི་རྟེན་མཆོག་ཕྱི་བར་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ཡ་སྭཱ་ཧཱ༔ བཀྲ་ཤིས་བརྗོད༔ དེ་ནས་རྟེན་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་དཀྱིལ་འཁོར་ཉེར་གཅིག་གི༔ འབར་བ་ཆེན་པོ་ཐུགས་ཀྱི་ཆོ་འཕྲུལ་ལས༔ ཡེ་ཤེས་འོད་འཕྲོས་རྟེན་རྣམས་ཧཱུྃ་དུ་གྱུར༔ ཞལ་དུ་ཞུགས་ནས་སྐུ་བརྒྱུད་ཡུམ་གྱི་མཁར༔ བྱང་ཆུབ་སེམས་སྤྲིན་ཧཱུྃ་ཡིག་རང་གནས་སྤྲོས༔ ཡོངས་གྱུར་པདྨ་ཉི་མ་དྲེགས་པའི་སྟེང༔ སྤྱི་དཔལ་ཆེན་པོ་ཁྲག་འཐུང་རྩ་བའི་ལྷ༔ མཐིང་ནག་རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་ཅན་ཁྲོ་ཞིང་རྗེས་སུ་ཆགས༔ འབར་བའི་གར་དགུས་ཚར་གཅོད་རྗེས་སུ་འཛིན༔ བདེ་ཆེན་ཉམས་རྒྱས་ཡེ་ཤེས་མེ་ཕུང་ཀློང༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྲིན་ཕུང་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ནམ་མཁའ་གང་བའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ བདེ་གཤེགས་རྡོ་རྗེ་རིན་ཆེན་པདྨ་ལས༔ མ་ལུས་རྒྱལ་བ་སྲས་བཅས་ཡི་དམ་ལྷ༔ རྟེན་མཆོག་འདི་ལ་དགོངས་ཏེ་མྱུར་དུ་གཤེགས༔ ཡེ་ཤེས་ཆེན་པོས་བྱིན་རློབས་གཟི་བྱིན་སྐྱེད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི༔ དགའ་བའི་ལྕགས་ཀྱུས་ཨཾ་ཀུ་ཤ་ཡ་ཛ༔ ཡེ་ཤེས་ཆེན་པོའི་ཞགས་པས་པཱ་ཤ་ཧཱུྃ༔ ཟུང་འཇུག་ཏིང་འཛིན་སྒྲོག་གིས་སྥོ་ཊ་བཾ༔ འོད་གསལ་དྲི་མེད་དྲིལ་བུས་གྷཱཎྜེ་ཧོ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེས༔ མི་ཕྱེད་རྡོ་རྗེ་གསུམ་དུ་རྒྱས་གདབ་བོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛཿཧཱུྃ་བཾ་ཧོ༔ ཞེས་ཡེ་ཤེས་པ་དང་དབྱེར་མེད་པ་ལ་ཧེ་རུ་ཀ་འདུས་པས་དབང་བསྐུར་བར་བསམས་ལ༔ ཨོཾ༔ བྱང་ཆུབ་སེམས་ཀྱི་རང་བཞིན་ནི༔ དྲི་མེད་དག་པའི་བདུད་རྩི་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ༔ བཀྲ་ཤིས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ༔ སྤྱན་དབྱེ་བ་ནི༔ ཧཱུྃ༔ རྒྱལ་བའི་རྟེན་ལ་སྒྲིབ་པ་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ གསེར་གྱི་ཐུར་མས་རྒྱལ་བའི་སྤྱན་དབྱེ་བས༔ འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུཿབི་ཤོ་དྷ་ཡ་སྭཱ་ཧཱ༔ མཆོད་ཅིང་བསྟོད་ལ༔ དཔལ་ཧེ་རུ་ཀ་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ་པ་སླར་ཡང་རྟེན་གྱི་རྣམ་པར་བཞེངས་པ་ལ་བདེ་བར་གཤེགས་པ་དང༔ བྱང་ཆུབ་སེམས་དཔའ་སེམས་མ་དང༔ སེམས་ཅན་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པས་མངའ་གསོལ་བར་བསམས་ལ༔ ཨོཾ༔ རྒྱལ་བའི་རྟེན་ལ་ཉོན་མོངས་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ ཀུན་བཟང་མཆོད་པས་མཆོད་ཅིང་བསྟོད་པའི་མཐུས༔ འགྲོ་རྣམས་བདེ་སྐྱིད་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་སརྦ་པཱུ་ཛ་ན་མོ༔ ཨོཾ༔ རྒྱལ་བའི་རྟེན་ལ་གཟུང་འཛིན་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ ཇི་ལྟར་འོས་པའི་ཡོ་བྱད་ཕུལ་བ་ཡིས༔ འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་སརྦ་བི་ཤྭ་པཱུ་ཛ་ཧོ༔ ཨོཾ༔ རྒྱལ་བའི་རྟེན་ལ་སྲེད་པ་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ སྭསྟི་ཀ་ཡི་ཞལ་ཟས་ཕུལ་བ་ཡིས༔ འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག༔ ཨོཾ་སྭསྟི་ཀ་ན་བིདྱཱ་པཱུ་ཛ་ཧོཿ ཨོཾ༔ རྒྱལ་བའི་རྟེན་ལ་སྐྱེ་འཇིག་མི་མངའ་ཡང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དོན་སླད་དུ༔ བརྟན་པར་བཞུགས་པའི་གསང་སྔགས་ཕུལ་བ་ཡིས༔ འགྲོ་ཀུན་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ རྟེན་འབྲེལ་སྙིང་པོ་དང་བཀྲ་ཤིས་རྒྱ་ཆེན་པོ་བྱ༔ དགའ་སྟོན་ལ་ལོངས་སྤྱོད༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ་བོ༔ ཁྱད་པར་དུ༔ ཨོཾ༔ རྟེན་མཆོག་འདི་རྣམས་དཔལ་ཆེན་ཧེ་རུ་ཀའི༔ ཡེ་ཤེས་ཆེན་པོས་རབ་ཏུ་གནས་པ་ཡིས༔ ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ ཅེས་བྱའོ༔ གང་ཞིག་རྟེན་ལ་ཡེ་ཤེས་པ༔ རབ་ཏུ་བསྟིམས་ཤིང་རབ་གནས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ འགྲོ་ལ་མངོན་སུམ་སྦྱིན་པར་འགྱུར༔ ཞེས་སོ༔ ༈ ལྔ་པ་རྡོ་རྗེའི་ཚེ་སྒྲུབ་པ་ནི་ལས་ཐམས་ཅད་ལ་སྦྱོར་བ་ལས༔ ཁྱད་པར་གྱི་ཏིང་འཛིན་ནི༔ ཧཱུྃ༔ སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ ཚེ་ཡི་སྙིང་པོས་བསྐོར་བ་ལས༔ འོད་ཟེར་དྲྭ་བ་རབ་ཏུ་འཕྲོས༔ ཕར་སྤྲོས་རྒྱལ་བ་མཉེས་མཆོད་ཕུལ༔ ཚུར་འདུས་འཁོར་འདས་ཚེ་བཅུད་ཐིམ༔ རྡོ་རྗེའི་ཚེ་དབང་གྲུབ་པར་གྱུར༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ སྐབས་སུ་ཚེ་འབྲང་དང༔ ཚེ་ཆང་དང༔ ཚེའི་རིལ་བུ་བཤམས་ལ་ཕོ་ཉ་གཏང་བ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ སྤྲུལ་པ་སྤྲོ་བའི་དུས་ལ་བབས༔ མཐུ་རྩལ་འབྱུང་བའི་དུས་ལ་བབས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དཔལ་ཆེན་ཁྲག་འཐུང་ཉེར་གཅིག་གི༔ ཐུགས་ནས་སྤྲོས་པའི་ཕོ་ཉ་ནི༔ དཀར་སེར་དམར་ལྗང་མགྱོགས་མའི་ཚོགས༔ ལྕགས་ཀྱུ་ཚེ་བུམ་འཛིན་པ་ཡིས༔ ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ༔ བདེ་གཤེགས་སྲས་བཅས་ཐུགས་དམ་བསྐུལ༔ འབྱུང་བའི་ཁམས་ནས་དྭངས་བཅུད་སྡུས༔ ཕྱོགས་སྐྱོང་ལག་ནས་ཚེ་ཁུག་ལ༔ འཆི་མེད་སྒྲུབ་པའི་རྫས་ལ་སྟིམས༔ རྣལ་འབྱོར་སྒྲུབ་མཆོག་ལུས་ལ་སྟིམས༔ སྙིང་པོ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷུ་བྷྲཱུྃ་ཚེ་ནྲྀ་ཁུག་ཛཿཛ༔ རྟགས་བྱུང་ན༔ ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཚེའི་འོད་ཟེར་འབྲུ་གསུམ་གྱི་རྣམ་པས་རང་ལ་ཐིམ་པས་དཔལ་ཆེན་པོའི་རྡོ་རྗེའི་ཚེ་ཐོབ་པར་བསམས་ལ༔ ཨོཾ༔ སྐུ་ཡི་སྙིང་པོ་བདེ་གཤེགས་ཚེ༔ དཀར་ལ་འཚེར་བའི་ཨོཾ་དུ་འདུས༔ སྤྱི་བོར་ཐིམ་པས་ལུས་སྒྲིབ་དག༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུར་སིདྡྷི་ཨོཾ༔ ཨཱ༔ གསུང་གི་སྙིང་པོ་པདྨའི་ཚེ༔ དམར་ལ་དྭངས་པའི་ཨཱཿརུ་འདུས༔ མགྲིན་པར་ཐིམ་པས་ངག་སྒྲིབ་དག༔ འགག་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཝཱ་ཀ་ཨཱ་ཡུར་སིདྡྷི་ཨཱ༔ ཧཱུྃ༔ ཐུགས་ཀྱི་སྙིང་པོ་རྡོ་རྗེའི་ཚེ༔ མཐིང་ལ་འདྲིལ་བའི་ཧཱུྃ་དུ་འདུས༔ སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ སྐྱེ་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུར་སིདྡྷི་ཧཱུྃ༔ ཚེ་འབྲང་སྤྱི་བོར་བཞག་ཅིང་དངོས་གྲུབ་ཚེ་རྫས་རོལ་པས་ཚེའི་གེགས་དང་བར་ཆད་ཐམས་ཅད་ཞི༔ ཧེ་རུ་ཀའི་རྡོ་རྗེའི་ཚེ་ཐོབ་པར་འགྱུར་རོ༔ ༈ དེ་ལྟ་བུའི་ཕྲིན་ལས་འདི་ནི་རྣལ་འབྱོར་པས་རྒྱུན་དུ་བརྩམ་པར་བྱ་བ་སྟེ༔ བཀའ་འདུས་རྩ་བའི་རྒྱུད་དང༔ ཕྲིན་ལས་ཀྱི་ལུང་ལྔ་ལས་པདྨས་བཏུས་ཏེ་ཤིན་ཏུ་བསྡུས་པ་ཟ་ཧོར་གྱི་ཡུལ་དུ་བཤད༔ བོད་དུ་བསྒྱུར་ནས་ཇོ་མོ་མཚོ་རྒྱལ་ལ་གཏད་དེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ མ་འོངས་སྐལ་ལྡན་སྤྲུལ་སྐུའི་དོན་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པའི་ཕུག་པ་ནས་སྤྱན་དྲངས་པའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། སྨིན་བྱེད་སྒོ་འབྱེད་དབང་སྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པ་འབྲེལ་ཚད་རང་གྲོལ་ (Volume 3, Text 22)

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། སྨིན་བྱེད་སྒོ་འབྱེད་དབང་སྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པ་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཛ་ཡ་དེ་བ་ཀྲོ་དྷ་བྷྱཿ གཞོན་ནུ་བུམ་སྐུའི་ཚུལ་བཞུགས་ཞི་བའི་ལྷ། །རྩལ་མདངས་ཧེ་རུ་ཀ་དཔལ་འཁོར་ལོ་དང་། །དེ་ཡི་མགོན་གྱུར་བླ་མ་ཀུན་ཏུ་བཟང་། །རིག་སྟོང་འབྲལ་མེད་ཀློང་དུ་གུས་པས་བསྙེན། །གྲོལ་བ་བཞི་ལྡན་ཟབ་ཆོས་འདིའི་ཕྲིན་ལས། ཁྱབ་པར་བརྡལ་བས་ཕྱག་ལེན་ཆུ་སྲོལ་སྟོང་། །མཆོག་དམན་དུ་མས་དྲངས་ཕྱིར་ཡིད་བརྟེན་དཀའ། །དེ་ཕྱིར་གཞུང་དོན་འཁྲུལ་མེད་བསྙད་ལ་སྤྲོ། །ཐོས་གྲོལ་ཆེན་མོར་གྲགས་ཤིང་མཚན་མཆོག་དོན་དང་ལྡན་པའི་ཟབ་ཆོས་འདིའི་སྨིན་བྱེད་བཀའ་རྫོགས་སུ་བསྐུར་བ་དང་། རྒྱས་འབྲིང་བསྡུས་གསུམ་གང་འདོད་ཁོལ་འདོན་དུ་བྱ་བའི་ཚུལ་གཉིས་ལས། དང་པོ་ལྟར་ན། བདག་བསྐྱེད་སྔོན་དུ་འགྲོ་བས། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་རྣམས་སྔོན་འགྲོ་རིན་ཆེན་སྒྲོན་མེ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཁྲིགས་སུ་མཛད་པ་ལྟར་སྔོན་དུ་སོང་ནས། སྔགས་ཀྱི་སྣོད་རུང་དུ་བྱ་བ་འགྲོ་དྲུག་རང་གྲོལ་གྱི་དབང་བསྐུར། དེ་ནས་དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་མཆོག་དབང་གོང་མ་གསུམ་དང་བཅས་པ། མཐའ་རྟེན་གཏོར་དབང་རྒྱལ་སྲིད་རྟགས་བརྒྱད་དབང་རྣམས་རྫོགས་པར་བྱ་བ་ཡིན་ལ། གཉིས་པ་ལྟར་ན། རྒྱས་པ་འཕྲད་ཚད་རང་གྲོལ་ལ་སྨིན་དབང་སྐབས་སྟ་གོན་དང་དབང་གོང་མ་སྦྱར་བ་དང་། ཁྲོམ་དབང་ལྟ་བུར་སྟ་གོན་མེད་པའི་འཇུག་པ་དང་བུམ་དབང་ཚང་པ་ལ་མཐའ་རྟེན་གཏོར་དབང་སོགས་སྦྱར། འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་སྟ་གོན་སྦྱོར་མིན་སྐབས་དང་བསྟུན། དངོས་གཞིའི་དབང་བཞི་རྒྱས་པ་ནས་སྙིང་པོར་བསྡུས་ཏེ་སྦྱར། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་རྒྱ་བཙུན་པ་དང་ཆགས་མེད་རིན་པོ་ཆེའི་བསྒྲིགས་ཆོག་སོགས་དང་བསྟུན་ནས་བསྐུར་བའི་ཕྱག་རྒྱུན་མཆིས་པ། དེ་དག་ཐམས་ཅད་གཞུང་གི་དགོངས་པ་མ་འཁྲུལ་ཞིང་རྣམ་པར་དག་པའི་ཕྱག་ལེན་ཡིན་ནོ། །འདིར་དབང་བསྐུར་འབྲིང་པོ་ཉིད་བཀླག་ཆོག་ཏུ་འགོད་པར་བྱ་སྟེ། དེའང་དབང་རྒྱུན་ལ་མཁོ་བའམ་སྤྲོས་པ་ལ་དགའ་ན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ཆོག་ཁྲིགས་ཟུར་གསལ་ལྟར་སྔོན་དུ་སྦྱར་ནས་འདིར་འཇུག །དཀྱུས་ཙམ་དུ་དེ་དག་མ་སྦྱར་ཡང་ཆོག་པས་ལག་ལེན་དངོས་བཤད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། དང་པོ་ལ་གཉིས། དཀྱིལ་འཁོར་བཤམ་བཀོད། སྒྲུབ་པའི་ཕྲིན་ལས་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་ཁང་རྒྱན་གྱིས་སྤྲས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་བང་རིམ་དང་ལྡན་པའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀོད། དེ་སྟེང་མཉྫི་ལྟ་བུའི་ཁྲིའུ་ལྔའི་དབུས་སུ་བུམ་པ་མགུལ་ཆིངས་མཐིང་ཁ་ཅན་ལ་ནང་བཅུད་སྨན་ལྔ། ཤར་བུམ་དཀར་པོ་དང་འབྲུ་ལྔ། ལྷོ་བུམ་སེར་པོ་དང་རིན་ཆེན་ལྔ། ནུབ་བུམ་དམར་པོ་དང་དྲི་ལྔ། བྱང་བུམ་ལྗང་གུ་དང་སྙིང་པོ་ལྔ། ཐམས་ཅད་དྲི་བཟང་གི་ཆུས་སུམ་ཆ་བཀང་ཞིང་ཁ་རྒྱན་གཟུངས་རྡོར་དང་བཅས་པའི་མདུན་དུ་དུང་ཞལ། དབུས་བུམ་སྟེང་འཕྲུལ་སྟེགས་ལ་དཔལ་གཏོར་རི་རབ་མར་གྲགས་པའམ། གཞུང་གསལ་གཏོར་མ་ཟླུམ་པོ་པདྨ་འདབ་བརྒྱད་ཀྱིས་བསྐོར་ཞིང་རྩེར་རྡོ་རྗེ་ཕྱེད་པ། གཡས་གཡོན་དུ་ཉི་ཟླས་བརྒྱན་ཅིང་དཀར་ཐིག་དམར་གུར་གྱིས་སྤྲས་པ་ལ་སྐུ་ཙཀ་དར་གདུགས་ཁ་ཟས་བཟང་དགུ་དང་བཅས་པ་བཀོད། དབུས་བུམ་མདུན་དུ་ལྷ་དབང་ཙཀ་ལི་ཚང་བ། གཞན་ཡང་གནས་སྤར་དབང་ཙཀ །དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་། གསང་ཐོད་བདུད་རྩི་མངར་གསུམ་ཆོས་སྨན་སྦྱར་བ། རིག་ཙཀ །ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས་ཐིག །ངོ་སྤྲོད་ཆས། རྒྱལ་སྲིད་རྟགས་བརྒྱད་རྣམས་ཀྱང་ཕྱག་ལེན་བཞིན་ཕྱོགས་ཕྱོགས་སུ་བཀོད། བྱང་ཤར་དུ་ལས་བུམ་མགུལ་ཆིངས་དཀར་པོ་ཅན་དྲི་བཟང་དང་ཉེར་ལྔའི་བཅུད་ལྡན། མདུན་ངོས་དམ་ཅན་སྡེ་བདུན་གཏོར་འབུལ་དང་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བསྐོར་བཤམ། མཐའ་སྐོར་དུ་འབྱོར་པས་ལྕོགས་ན་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་རྣམ་བདུན་རེ་རེ་བཞིན་བརྒྱ་རྩ་བརྒྱད་རེ། མ་ལྕོགས་ན་སྨན་རཀ་གཏོར་གསུམ་མར་མེ་བཅས་བརྒྱ་རྩ་གལ་ཆེ་བས་བང་རིམ་རྣམས་ལ་བཀོད། ཕུར་པ་རལ་གྲི་རྒྱལ་མཚན་སོགས་རྒྱན་རྫས་རྣམས་ཀྱང་ཕྱོགས་ཕྱོགས་བཀྲམ། སྤྲོས་པ་བསྡུ་ཞིང་འབྱོར་པ་དང་ལོངས་ཁྱབ་དམན་ན་བུམ་པ་ལྔ་པོ་གཅིག་ལ་བསྡུ་བ་དང་བརྒྱ་རྩ་རྣམས་མི་བཤམ་པའི་ཕྱག་ལེན་ཡང་སྣང་། གང་ལྟར་སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། བསྐུལ་གཏོར། ཆད་བརྟན། གུལ་ཡུངས། སྤོས་རོལ་སོགས་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་ཉེར་བསྡོགས་སུ་བྱའོ། །གཉིས་པ་ནི། ཚིགས་བདུན་གསོལ་འདེབས། བརྒྱུད་འདེབས། སྐྱབས་སེམས། རྡོར་དྲིལ་བསང་ཆུ་སོགས་བྱིན་བརླབ། དཀར་བགེགས་བསྔོ་བ་རྣམས་སྤྱི་ལྟར་བྱས་ནས། ལས་བྱང་ཆེ་ཆུང་གང་ཡང་རུང་བའི་མཚམས་གཅོད་ནས་བརྩམ་སྟེ་རིམ་པར་བཏང་། བསྐྱེད་རིམ་དངོས་གཞིར་བདག་མདུན་དབྱེར་མེད་སྣང་སྲིད་གཞིང་བཞེངས་དག་པ་རབ་འབྱམས་སུ་བསྒོམ། བཟླས་པའི་སྐབས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་ཛཔ྄་བསྙེན་རྒྱས་པའམ་སྤྱི་དྲིལ་བོ་དྷི་ཙིཏྟ་ཅི་ནུས་བཟླས་གྲུབ་ནས། བུམ་པ་ལྔ་ཡོད་ན་ཕྱོགས་སོ་སོར་རིགས་ལྔ་སོ་སོའི་ཞི་ཁྲོའི་ཚོམ་བུ་གསལ་གདབ་སྟེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་བླངས་ལ་བུམ་བཟླས་སྤྱི་དྲིལ་ཅི་ནུས་བྱ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གྱིས་ཁ་སྐོང་དང་མཆོད་བསྟོད་ཕུལ། རྟོགས་པ་དམན་ན་ཛཔ྄་ཁང་སྐབས་འདིར་མི་བསྡུ་བར་མདུན་དཀྱིལ་དབང་ལེན་པའི་རྟེན་ཏུ་འཇོག །དུང་ཞལ་གྱི་ཆུ་བུམ་པར་ཕུལ་ལ། ཨོཾ་ཨཱཿཧཱུྃ། བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས། ལས་ཀྱི་བུམ་པ་མཚན་ཉིད་ཕུན་སུམ་ཚོགས་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་གནས་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་གྱུར། ཡིག་བརྒྱ་ཉེར་གཅིག་ཙམ་བཟླས་རྗེས། ཨརྒྷཾ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་མཆོད་བསྟོད་བྱ། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུས་བུམ་པ་གང་བར་གྱུར། དེ་ནས་བཀའ་སྲུང་སྡེ་བདུན་ལས་བྱང་དང་གཏོར་འབུལ་བསྡུས་པ་གང་འགྲུབ་བྱ། ཆོ་ག་རྒྱས་པའི་སྐབས་བརྒྱ་ཕྱག །ཡིག་བརྒྱའི་སྒོམ་བཟླས། ཀློང་བཤགས་བཅས་བཏང་། བསྡུ་ན་ཡེ་ཤེས་སྐུ་མཆོག་ཙམ་བརྗོད། དེ་ནས་སྐོང་ཆོག་རྒྱས་བསྡུས་གང་རུང་ཕྱག་རྒྱུན་ལྟར་སྤྲད་ལ་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང། སྤྱི་རྒྱུག་རིག་པའི་མེ་ཏོག་དོར་བའམ། ཀུན་བཟང་དགོངས་འདུས་ལས་འབྱུང་བའི་ཞི་ཁྲོའི་བདག་དབང་བླང་བ་གང་རུང་དང་། སློབ་མ་འཇུག་པར་གནང་བ་ཞུ་བ་རྣམས་བྱའོ། །གཉིས་པ་དངོས་གཞི་དབང་གི་རིམ་པ་ལ་ལྔ། འཇུག་པའི་ཆོ་ག །སྔོན་འགྲོ་སྣོད་རུང་གི་དབང། དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ། མཆོག་དབང་གོང་མ། མཐའ་རྟེན་གཏོར་དབང་ལ་སོགས་པའོ། །དང་པོ་ནི། ཐོག་མར་ལས་ཀྱི་སློབ་དཔོན་གྱིས་ལས་བུམ་ཐོགས། སློབ་མ་རྣམས་སྒོའི་ཕྱི་རོལ་དུ་འཁོད་ལ་ཁྲུས་བྱ་ཞིང་། ཧཱུྃ་ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཀྲུའོ། །གླུད་གཏོར་བྲན་ལ་ལས་བྱང་གི་སྔོན་འགྲོའི་སྐབས་ལྟར་བྱིན་བརླབས་ནས་བསྔོ། ནང་དུ་ཞུགས་པ་དང་སློབ་དཔོན་གྱིས་ལས་བྱང་ལྟར་བགེགས་བསྐྲད་འདོན། གུ་གུལ་བདུག །ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་འདོན་བསྒོམ་བྱ། ཕྱག་བྱས་གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། སྐལ་པ་དང་ལྡན་པའི་མཆེད་ལྕམ་རྣམས་གསོན་ཅིག །འདི་ལྟར་ནམ་མཁའི་ཁམས་ལ་ཚད་དང་མཐའ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲ། དེ་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ་ཐམས་ཅད་ཀྱང་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པར་སྡུག་བསྔལ་གྱི་རྒྱུ་འབྲས་ཤ་སྟག་ལ་འཁོར་མོ་ཡུག་ཏུ་སྤྱོད་ཅིང་ཐར་པའི་དུས་མེད་པ་ལ་མི་བཟོད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་སྔོན་དུ་འགྲོ་བས། དེ་རྣམས་བདག་ཁོ་ནས་འཁོར་བ་དང་ངན་སོང་ལས་བསྒྲལ་ཏེ་ཐར་པ་བླ་ན་མེད་པ་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་བྱེད་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས། དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཇི་སྐད་དུ། གང་གིས་གསོལ་བ་མ་བཏབ་པར། །དེ་ཡི་རིགས་སུ་སྐྱེ་བ་མེད། །ཅེས་གསུངས་པས་ཁྱེད་རང་རྣམས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གུས་པའི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ། སྐབས་འདིར་ཤེས་ཤིང་སྤྲོ་ན་གཞུང་ལས་དངོས་སུ་གསུངས་པ་ལྟར་དལ་འབྱོར་རྙེད་དཀའ། ཆོས་ཀྱི་ཆེ་བ་སོགས་དྲང་དོན་ངེས་དོན་གྱི་ཆོས་བཤད་ཅི་རིགས་བྱ། མདོར་བསྡུ་ན། དེའང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལ་མ་བརྟེན་པར་ཐབས་གཞན་གྱིས་བསྒྲུབ་མི་ནུས་ཤིང་། ལུས་རྟེན་འདིའང་རྙེད་པར་དཀའ། འཇིག་པར་སླ། དམ་པའི་ཆོས་དང་འཕྲད་པ་ནི་དེ་བས་ཀྱང་དཀའ་ཞིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་བ་ནི་ཨུ་དུམྦ་རའི་མེ་ཏོག་ལྟར་ཆེས་རྙེད་པར་དཀའ་བ་ཡིན་ལ། ད་རེས་ངེས་པའི་ཐེག་པ་གསང་ཆེན་བླ་ན་མེད་པ་འདི་ལྟ་བུའི་སྒོར་ཞུགས་སུ་ཡོད་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན་པས་དགའ་སྤྲོ་དད་གུས་ཚད་མེད་པ་བསྐྱེད་ལ་རྩེ་གཅིག་པའི་ཡིད་ཀྱིས་གསན་འཚལ། གསན་བྱའི་ཆོས་གསང་སྔགས་སྔ་འགྱུར་བའི་རང་སྐད་ཐེག་དགུའི་རྩེ་རྒྱལ་ཡོ་ག་རྣམ་པ་གསུམ་དུ་གྲགས་པ་ལས། འདིར་རྒྱུད་ལུང་མན་ངག་གསུམ་ཀའི་དགོངས་བཅུད་གཅིག་ཏུ་དྲིལ་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་དང་། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྦྲུགས་མཚམས་མེད་ལྔ་སྦྱོང་གི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེའང་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཉིད་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན། ད་ནི་ངའི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་ཉིད་གོང་དུ་མི་གཏོང་སྙམ་དུ་བསམས་ནས་སློབ་དཔོན་ལ་མི་འཚམས་པའི་ལས་རྔམས་པོ་ཆེས་ཐོ་བརྩམས་ཤིང་། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་རྒྱལ་པོའི་ཕྲུ་གུ་དེས་ཕྲག་དོག་གིས་སྦྱོར་བ་བྱས་པར་ཤེས་ཏེ་ཞེ་སྡང་གིས་དམོད་བོར་བས་ལས་དེས་གཉིས་ཀ་ངན་སོང་དུ་ལྟུང་ནས་སྡུག་བསྔལ་དྲག་པོས་ཉམ་ཐག་པར་གྱུར་ཏོ། དེའི་ཚེ་རྒྱལ་བ་རྣམས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། ཀུན་ཏུ་བཟང་པོའི་བྱིན་རླབས་ལས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས་དེ་ལ་འགྱོད་ཚངས་ཀྱི་བཤགས་པ་དང་ཡི་གེ་བརྒྱ་པའི་སྔགས་བསྟན་པས་སྔོན་གྱི་བག་ཆགས་དང་རྣམ་སྨིན་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཀྱིས་བཅོམ་ལྡན་འདས་གསང་བའི་བདག་པོ་མངོན་པར་སྤྲུལ་ནས་ཕྱི་ནང་གསང་བའི་དབང་བསྐུར་བས། བྲམ་ཟེ་དང་རྒྱལ་བུ་དེའི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་སླར་ཡང་གསོས་ནས་ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་འཕྲད་དེ་འབད་པས་རིག་འཛིན་གྱི་ས་ལ་རིམ་གྱིས་གནས་པར་གྱུར་ཏོ། །ཆོས་ཚུལ་ཟབ་མོ་དེ་ཉིད་མིའི་ཡུལ་དུ་བྱུང་བའི་ཚུལ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་གསང་བདག་གིས་རི་མ་ཡའི་རྩེར་རིགས་ཅན་དྲྭ་མ་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨིས་ལྟས་བདུན་མངོན་དུ་སྣང་བ་ལས་དངོས་སུ་ཏནྟྲ་སྡེ་བཅོ་བརྒྱད་དང་ཀལྤ་དུམ་བུའི་རྒྱུད་སོགས་ཀྱི་གླེགས་བམ་ཆར་དུ་བབས། དེས་ཀུ་ཀུ་རཱ་ཛ་སོགས་ལ་བཤད་ཅིང་རིམ་པར་བརྒྱུད་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ་ཨ་ཏི་ཡོ་གའི་སྐོར་རྣམས་གནང་། དེས་ཤྲཱི་སིཾ་ཧ་ལ་བརྒྱུད། སྔ་ཕྱི་ཐམས་ཅད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་སྐུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་བཀའ་བབས། དེ་ཉིད་གདོང་དམར་བོད་ཀྱི་མགོན་དུ་བྱོན་ནས་གསང་ཆེན་ཐེག་པའི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བའི་ཚེ་སྐལ་ལྡན་རྗེ་འབངས་རྣམས་ལ་སོ་སོའི་སྐལ་པ་དང་འཚམས་པའི་ཞི་ཁྲོའི་བསྐྱེད་རྫོགས་མང་དུ་བསྟན་ཅིང་ཕལ་ཆེར་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་དུ་སྦས་པ་ལས། འདི་ནི་བོད་ཡུལ་ལ་སྐུ་དངོས་ཀྱིས་འདུལ་བའི་མཛད་པ་མཐར་ཕྱིན་དུ་ཉེ་བའི་སྐབས་ཤིག །མངའ་བདག་ཡབ་སྲས་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་གསེར་གཡུའི་མཎྜལ་ཕུལ་ནས་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་དུས་སྐབས་མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་། ད་རུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་མ་འོངས་སྙིགས་དུས་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས། ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱི་འབད་རྩོལ་ལ་མ་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་བསྩལ་དུ་གསོལ། ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས། ཀྱེ་མ་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར། དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་པ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོང་ནས་སླར་སྐུར་པ་འདེབས་པས་ངན་སོང་དུ་འཕེན་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་གཞན་ལ་མ་བསྒྲག་ཅིག །མ་འོངས་སྙིགས་དུས་ཀྱི་དོན་དུ་གཏེར་ལ་སྦ་བར་བྱའོ་ཞེས་གསུངས་ནས། ཆོས་ཐམས་ཅད་ཀྱི་མདོ་འགག་དྲིལ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བར་མཚན་གསོལ་ཏེ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐལ་པར་གནང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ལ་དགོངས་ཏེ། དྭགས་ལ་སྒམ་པོའི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གནས་སུ་གཏེར་དུ་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ལོ་ཙཱ་བ་ཉིད་ཀྱི་སྐྱེ་མཐའ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་ཆོས་སྐོར་དང་ལྷན་ཅིག་སྤྱན་དྲངས་ཏེ་སྐུའི་སྲས་ཉི་ཟླ་ཆོས་རྗེ་སོགས་ལུང་ཟིན་གྱི་གཏེར་སློབ་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་དང་། ཐུན་མོང་གི་རྫོགས་རིམ་བར་དོ་ཁྲིད་དྲུག་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས་སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཚང་བ་དང་། ལུང་ཟིན་གྱི་སློབ་མ་མཆོག་གྱུར་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ལ་དབང་བཞི་ཡོངས་རྫོགས། འོག་སྒོ་བདེ་ཆེན་རང་གྲོལ་རྫོགས་པར་གནང་། གཉིས་ཀ་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་མི་སྤེལ་བའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་རྩི་དཀར་དྲུང་པ་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང་། དེས་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབ་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་སྐོར་གནང་བས་ཁོང་ལ་ཆོས་བཀའ་འདིའི་བཀའ་བབས་ཤིང་བརྒྱུད་པ་གསུམ་པའང་ཡིན་པས་ཀུན་ལ་སྤེལ་བའི་བྱེད་པོར་ལུང་བསྟན་པ་ལྟར། སྐུ་ཚེའི་སྟོད་ལ་གཏོར་དབང་དང་ཆོ་གའི་ཕྱག་ལེན་བསྡུས་པ་སྤེལ་བ་རཏྣ་གླིང་པའི་གཏེར་སློབ་དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན་ནས་བྱ་བཏང་བློ་གྲོས་རྒྱ་མཚོ་ལ་བརྒྱུད་དེ་ཟུར་མང་ལུགས་བྱུང་། བར་དུ་དབང་དང་ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་རིག་འཛིན་སངས་རྒྱས་བཀྲ་ཤིས་ནས་བརྒྱུད་དེ་སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་དང་ཧེ་པ་ཆོས་འབྱུང་སོགས་ཀྱི་བཀའ་སྲོལ་ཀཿཐོག་ལུགས་བྱུང་། སྐུ་ཚེའི་སྨད་ལ་ཆོས་བཀའ་ཡོངས་རྫོགས་གསན་པས་དབང་བཞི་ཁྲིད་དང་སྦྲེལ་ཞིང་ཆོ་གའི་ཕྱག་ལེན་རྒྱས་པ་མཛད་པ་ཉིད་ཀྱི་གདན་ས་བ་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ནས་བརྒྱུད་དེ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བཀའ་སྲོལ་གནས་མདོ་ལུགས་བྱུང་ཞིང་བརྒྱུད་པ་དེ་གསུམ་ཀའང་ལུགས་སྲོལ་འདིར་འདུ་བ་ལགས། ཟབ་ཆོས་འདིའི་གདམས་སྐོར་ལ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྐོར་གྲོལ་བ་བཞི་ལྡན་གྱི་ཆ་ལག་དང་བཅས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། བསྐྱེད་པའི་ཕྱོགས་རྣམས་ཡོ་ག་རྣམ་པ་གསུམ་ཀའི་དགོངས་བཅུད་དྲིལ་བའི་ཆོས་སྐད་གསལ་བར་བཞུགས་ཀྱང་གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་ཀལྤ་དུམ་བུར་བཀོལ་བ་དྲི་མེད་བཤགས་པའི་རྒྱུད་ཀྱིས་ཁ་བསྐངས་ཏེ་ཞི་ཁྲོ་རབ་འབྱམས་ན་རཀ་དོང་སྤྲུགས་ཀྱི་དཀྱིལ་འཁོར་ཨ་ཏིའམ་མ་ཧཱ་ལྟར་ཉམས་སུ་ལེན་པ་དང་། ལུས་དཀྱིལ་དང་བདེ་ཆེན་རང་གྲོལ་གྱི་ཆོས་སྐོར་རྣམས་ལུང་ཨ་ནུ་ཡོ་ག །བར་དོ་དྲུག་དང་སྒྲོན་མ་དྲུག་གི་ཁྲིད་ཡན་ལག་དང་བཅས་པ་ཨ་ཏི་ཡོ་གའི་རྒྱུད་ལུང་མན་ངག་རྣམས་ཀྱི་ཟབ་དོན་དྲིལ་བ་སྟེ། དེ་དག་ཐམས་ཅད་ཀྱང་བླ་མ་བརྒྱུད་པའི་ཟམ་མ་ཆད་ཅིང་། བྱིན་རླབས་ཀྱི་སྤྲིན་ཕུང་ལ་དམ་སེལ་རླུང་གིས་མ་གཏོར་བ། བཀའ་རྟགས་ཕྱག་རྒྱ་མ་ཞིག་པ། ཟབ་དོན་གྱི་གནད་མ་འཆུག་པ། ཕྱི་བཤད་པའི་ཁོག་ཚང་བ། ནང་ལག་ལེན་གྱི་གཞུང་ཚུགས་པ། གསང་བ་དོན་ཐོག་ཏུ་ཕེབས་པ། དེ་ཁོ་ན་ཉིད་འགགས་དོན་ཟིན་པ། ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། ཉམས་སུ་བླངས་པ་རྣམས་རིག་འཛིན་གྱི་ས་ལ་འགོད་པ། འབྲེལ་ཚད་དོན་དང་ལྡན་པ། ཐོས་ཚད་སྡུག་བསྔལ་ལས་གྲོལ་བ། རེག་ཚད་འབད་མེད་དུ་གྲོལ་བ། མཐོང་ཚད་རྩོལ་མེད་དུ་གྲོལ་བ། དཀར་པོ་ཆིག་ཐུབ་ཀྱི་གདམས་པ། གཞན་ལ་མ་ལྟོས་པ། མང་ཉུང་རན་པ། གོ་བདེ་བ། གབ་སྦས་མེད་པར་ཞལ་གསལ་བ། བསྒྲུབ་ན་འགྲུབ་མྱུར་ཞིང་ཞེ་བློ་བདེ་བ། བཅངས་པ་ཙམ་གྱིས་གྲོལ་བ། མཚན་ཐོས་པ་ཙམ་གྱིས་གུས་པ་སྐྱེ་བ་སྟེ། དེ་ལྟ་བུའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདིའི་སྨིན་གྲོལ་གྱི་རིམ་པ་གཉིས་ལས། འདིར་སྨིན་བྱེད་ཀྱི་དབང་བསྐུར་བའི་སྐབས་ཡིན། དེ་ལའང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་དང་གསུམ་དུ་བཞུགས་པ་ལས། འདིར་དབང་བསྐུར་འབྲིང་པོ་ཁ་སྐོང་ཅན་མཐའ་རྟེན་གཏོར་དབང་དང་བཅས་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་བྱ་བའི་ཐོག་མ་གསོལ་བ་གདབ་དགོས་པས། རང་རེ་རྣམས་གནས་པའི་གནས་ཁང་འདིའང་ཐ་མལ་པ་མ་ཡིན་པར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དངོས་ཡིན་སྙམ་པ་དང་། སློབ་དཔོན་ཡང་ཐ་མལ་པའི་ལུས་ཅན་མ་ཡིན་པར་ཁྱབ་བདག་གདོད་མའི་མགོན་པོ་དངོས་ཡིན་སྙམ་དུ་མོས་གུས་བསྐྱེད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེས་བཟུང་སྟེ་གནང་བ་སྦྱིན་པར་མོས་ཤིག །ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམ་སྟེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ནས་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱི༔ ཞེས་གནང་བསྩལ་ལ་ཆས་སུ་འཇུག་པ་ནི། སྔོན་ཆད་མ་རིག་པས་རིག་པ་ཡེ་ཤེས་མིག་ལྡོངས་ཤིང་སྒྲིབ་པ་བཅས་པ་མཚོན་པའི་བརྡར་རས་ཡུག་ཁ་ཚར་མ་ཉམས་པས་གདོང་གཡོགས་འཚལ། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་མིག་དར་སྦྱིན། སླད་ནས་དཀྱིལ་འཁོར་ཆེན་པོ་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་ཏུ་ཨུ་དུམྦ་ར་ལ་སོགས་པ་མཆོག་གི་མེ་ཏོག་རྣམ་པ་ལྔའི་ཆུན་པོ་ཡང་ཞིང་མ་ཉམས་པ་རེ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་གཏད། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པ་ཞིག་དགོས་ཤིང་། དེའང་ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་གསུམ་ལ་སྐྱབས་སུ་འགྲོ་དགོས་པས་དེའི་སླད་དུ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ལན་གསུམ་བྱ། དེ་ནས་སྡོམ་གསུམ་རིམ་པར་བཟུང་བའི་དང་པོ་ཕྱི་སོ་སོ་ཐར་པའི་སྡོམ་པ་བླངས་ལ་གཞན་གནོད་གཞི་དང་བཅས་པ་སྤང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པའི་ལས་བཟློག་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོར་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒོམ༔ སྡོམ་པ་ཡོངས་སུ་བཟུང་བར་བགྱི༔ ལན་གསུམ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བསྒྲུབ་པར་བྱ་སྙམ་དུ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་ཧོཿབླ་མ་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་གྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ་བླངས་ལ་གཞན་ཕན་གཞི་དང་བཅས་པ་བསྒྲུབ་པར་བགྱིའོ་སྙམ་དུ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དེ་བཞིན་བདག་གིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ བདག་གིས་སེམས་བསྐྱེད་སྡོམ་པ་བཟུང༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ་བྱ། རིགས་ལྔའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་མཆོག་གསང་བླ་ན་མེད་པ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་གཟུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ནི་མི་སྤང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་། དེ་ནས་དམ་ཚིག་རྡོ་རྗེ་མགོར་བཞག་སྟེ། ཧཱུྃ་ འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ སྐུ་ཡི་དམ་ཚིག་ལུས་ཀྱིས་བསྲུང༔ ཉམས་ན་ན་རཀ་དམྱལ་བར་ལྟུང༔ བསྲུང་ན་སྤྲུལ་སྐུའི་འགྲོ་དོན་ནུས༔ དམ་ཚིག་བདུད་རྩི་དང་ཆོས་སྨན་སྦྱར་བ་ལྕེ་ལ་བཞག་སྟེ། ཧཱུྃ་ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་བསྲུང༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ གཙོ་བོའི་སྐུ་མེ་ལོང་དུ་བསྟན་པ་སྙིང་གར་བཞག་ལ། ཧཱུྃ་ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་བསྲུང༔ ཉམས་ན་སྨྱོ་འབོགས་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་འཐོབ༔ འོ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལུས་ངག་ཡིད་གསུམ་གྱིས་སྲུངས་ཤིག །རྡོ་རྗེ་སློབ་དཔོན་ལ་སྲོག་གི་དྭངས་མར་ལྟོས་ཤིག །ཡི་དམ་གྱི་ལྷ་བསྒོམ་པ་དང་སྔགས་བཟླ་བ་དང་རྫོགས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །ཅེས་བསྒོ། དེ་ནས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་རིམ་པར་གཡས་བསྐོར་དུ་ཕྱིན་ཏེ་སྒོ་སྲུང་རྣམས་ལ་གསོལ་བ་གདབ་ཅིང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་བར་མོས་ཤིག །གོ་སྐབས་ཡངས་ཤིང་མི་འཚོགས་ཉུང་ན་སློབ་བུ་དཀྱིལ་འཁོར་གྱི་ཕྱོགས་བཞིར་ཚིག་དང་བསྟུན། ལས་རྡོར་གྱིས་རིམ་པར་ཁྲིད་ལ་སློབ་དཔོན་གྱི་རྗེས་སུ་ཟློས་ཏེ་དངོས་སུ་ཕྱག་བྱར་གཞུག །མི་འགྲུབ་ན་སློབ་བུ་རྣམས་ཐལ་མོ་སྦྱར་ལ་ཕྱག་སོགས་མོས་པས་ཆོག །གང་ལྟར་སློབ་དཔོན་གྱིས། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ ཞེ་སྡང་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སྒོ་མ་ལྷ་མོ་ལྕགས་ཀྱུ་མ༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ་ དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་སྒོ༔ ང་རྒྱལ་སྒྲིབ་པས་བཅད་ལགས་ན༔ བྱམས་པའི་སྒོ་མ་ཕག་གདོང་མ༔ སྒོ་བ་ཁྲོ་བོ་གཤིན་རྗེའི་གཤེད༔ སྒོ་མ་ལྷ་མོ་ཞགས་པ་མ༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ་ དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་སྒོ༔ འདོད་ཆགས་སྒྲིབ་པས་བཅད་ལགས་ན༔ དགའ་བའི་སྒོ་མ་སེང་གདོང་མ༔ སྒོ་བ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྒོ་མ་ལྷ་མོ་ལྕགས་སྒྲོག་མ༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ་ དཀྱིལ་འཁོར་ཆེན་པོའི་བྱང་གི་སྒོ༔ ཕྲག་དོག་སྒྲིབ་པས་བཅད་ལགས་ན༔ བཏང་སྙོམས་སྒོ་མ་སྦྲུལ་གདོང་མ༔ སྒོ་བ་ཁྲོ་བོ་བདུད་རྩི་འཁྱིལ༔ སྒོ་མ་ཁྲོ་མོ་དྲིལ་བུ་མ༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེས་ནས་སླར་ཤར་གྱི་སྒོ་དྲུང་དུ་འཁོད་དེ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་ཞིང་ལས་ཀྱི་འཕྲོ་གང་ལ་ཡོད་པའི་ལྷ་དེ་ལ་ཕོག་པར་ཤོག་ཅིག་སྙམ་དུ་མེ་ཏོག་འདོར་བ་དང་ལྷན་ཅིག་ཚིག་འདིའི་རྗེས་ཟློས། ཀྱེ་ ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་སྒྲུབ་བསྒོམས་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་མེ་ཏོག་ཕོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དཀྱིལ་འཁོར་དངོས་སམ། མི་བདེ་ན་ཚོམ་བུའམ་རིགས་ལྔའི་ཕྱག་མཚན་གྱི་དཀྱིལ་འཁོར་དུ་འདོར་གཞུག །དབུས་སུ་བབ་ན། དུ་མ་རང་གྲོལ༔ ཆོས་དབྱིངས་རང་གྲོལ༔ དྲི་མེད་ཀུན་ཁྱབ༔ རྒྱལ་བ་སྤྱི་བླུགས༔ རིག་པ་ཡེ་ཤེས༔ ཐིག་ལེ་འགྱུར་མེད༔ ཀུན་བཟང་རྒྱལ་པོ་ལ་སོགས་པ་དང་། ཤར་དུ་བབས་ན། གདོད་མའི་རང་མདངས༔ རྡོ་རྗེ་རང་གྲོལ༔ རྡོ་རྗེ་སེམས་དཔའ་འམ༔ འགྱུར་མེད་རྡོ་རྗེ༔ རྡོ་རྗེ་སྙིང་པོ༔ འོད་གསལ་རྡོ་རྗེ་ལ་སོགས་པ་དང་། ལྷོར་བབས་ན། རིན་ཆེན་རྒྱལ་པོ༔ རིན་ཆེན་འབྱུང་གནས༔ གཉིས་མེད་ལྷུན་གྲུབ༔ འདོད་ཡོན་རང་གྲོལ༔ ཚོགས་གཉིས་རྒྱལ་པོ༔ ཡིད་བཞིན་རྩེ་མོ༔ ཡེ་ཤེས་རང་གསལ༔ ཡོན་ཏན་རྒྱལ་པོ་ལ་སོགས་པ་དང་། ནུབ་ཏུ་བབས་ན། པདྨ་ཀུན་འབྱུང༔ པདྨ་དྲི་མེད༔ པདྨ་འོད་གསལ༔ པདྨ་ཀློང་ཆེན༔ བདེ་ཆེན་རྒྱལ་པོ༔ བདེ་ཆེན་ལྷུན་གྲུབ༔ ཀློང་གསལ་དྲི་མེད་ལ་སོགས་པ་དང་། བྱང་དུ་བབས་ན། ཚོགས་དྲུག་རང་གྲོལ༔ ཀརྨ་དོན་གྲུབ༔ ཕྲིན་ལས་ཐོགས་མེད༔ གང་ཤར་ལྷུན་གྲུབ༔ བདག་གཞན་དོན་གྲུབ༔ སྣ་ཚོགས་རང་གྲོལ་ལ་སོགས་པ་ལྷའི་རིགས་དང་མཐུན་པར་ཕོ་མོ་གང་འོས་སུ་བཏགས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཐོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ཉོན་མོངས་དྲུག་གིས་བསྒྲིབས་པ་ཡི༔ མ་རིག་ལིང་ཐོག་བསལ་བར་བྱ༔ པྲེ་ཏ་ཀ༔ ཏིརཡ་ཀ༔ དྷེ་ཝ་ཨ་ལི༔ དྷེ་ཝ་མ་ནུ་ཤ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། སྔར་ཕུལ་པའི་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་མཛོད། ཅོད་པན་སྤྱི་བོར་གདགས་ལ། ཧོཿ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེང་ནས་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་བརྗོད་ལ༔ འོ་རིགས་ཀྱི་བུ་དང་བུ་མོ་ཆེ་གེ་མོ་ཁྱེད་རྣམས་མེ་ཏོག་ཅོད་པན་ཕྱོགས་བཞི་དབུས་དང་ལྔ་གང་དུ་ཕོག་པའི་ཕྱག་མཚན༔ དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་པོ་ཆེ༔ ནུབ་ཏུ་པདྨ༔ བྱང་དུ་རྒྱ་གྲམ༔ ལྷ་མདོག་ཀྱང་དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ རིགས་བུདྡྷ༔ རྡོ་རྗེ༔ རིན་ཆེན༔ པདྨ༔ ལས་ཀྱི་རིགས་གང་རུང་ལས་མ་གཡོས་པས་ཕྱོགས་དང་མཐུན་པའི་ལྷ་གང་ཡིན་སྒོམས༔ སྙིང་པོ་ཡང་ཐ་དད་དམ༔ ཞི་ཁྲོ་རིགས་འདུས་བོ་དྷི་ཙིཏྟའམ་ཡི་གེ་བརྒྱ་པ༔ ཧཱུྃ་བསྒྲུབ་ལྟ་བུ་ཟློས་ཤིག༔ འདི་ནས་གལ་ཏེ་ཚེ་འཕོས་ན་ཡང༔ དབུས་སྟུག་པོ་བཀོད་པ༔ ཤར་མངོན་པར་དགའ་བ༔ ལྷོ་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ལས་རབ་བཀོད་པ་ཞེས་བྱ་བ་རིགས་དང་མཐུན་པའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས༔ འཁོར་བ་མ་སྟོངས་ཀྱི་བར་དུ༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་ལུང་བསྟན་བརྗོད་དོ། །སྐབས་འདིར་སྤྲོ་ཞིང་ནུས་ན་དཀྱིལ་འཁོར་རྣམ་དག་མཐོང་བ་རང་གྲོལ་ལྟར་རྟེན་བརྟེན་པ་རྒྱན་བཀོད་དང་བཅས་པ་བསྟན་ཅིང་བརྡ་དོན་རྒྱས་པར་ངོ་སྤྲད། མི་ལྕོགས་ན་གཞུང་ལས། རྒྱས་བསྡུས་འགྲོ་བའི་བློ་དང་སྦྱར༔ ཞེས་གསུངས་པས་མདོར་བསྡུ་བ་ནི། དེ་ལྟར་ཡེ་ཤེས་ཀྱི་མིག་ཐོབ་པས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་མཛོད། དེའང་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་ནང་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁང་རྟ་བབས་ཐོག་ཕུབ་མཆོད་རྟེན་གྱི་དབྱིབས་ཅན་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་རྡོར་ར་མེ་རི་དང་བཅས་པས་བསྐོར་བ། གཞི་ལམ་འབྲས་བུའི་སྐུ་གསུམ་གྱི་ཡོན་ཏན་དང་ཡེ་ཤེས་ཀྱི་རོལ་པ་རྣམ་པར་ཐར་པའི་ཆོས་རྣམས་མཚོན་པའི་ནང་རོལ་དུ། སོ་སོའི་གདན་ལ་ཡིད་ཆོས་གནས་སུ་དག་པ་ཁྱབ་བདག་ཀུན་བཟང་ཡབ་ཡུམ། ཕུང་ལྔ་ཁམས་ལྔ་དག་པ་རིགས་ལྔ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་དག་པ་སེམས་དཔའ་སེམས་མ་བཅུ་དྲུག །ཉོན་མོངས་དྲུག་དག་པ་ཐུབ་པ་ཆེན་པོ་དྲུག །རྟག་ཆད་མུ་བཞི་དག་པ་སྒོ་བ་ཡབ་ཡུམ་བརྒྱད་དེ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས། བདག་འཛིན་མ་རིག་པའི་ངོ་བོ་གནས་གྱུར་པ་ཁྱབ་བྱེད་གཙོ་བོ་ཆེ་མཆོག་ཡབ་ཡུམ། དུག་ལྔ་ཡུལ་ལྔ་གནས་གྱུར་པ་ཧེ་རུ་ཀ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་གནས་གྱུར་པ་ཀཻ་རི་མ་བརྒྱད་དང་སིཾ་ཧ་མ་བརྒྱད། སྐྱེ་གནས་བཞི་གནས་གྱུར་པ་རྟ་གདོང་སྒོ་མ་བཞི། ཉོན་མོངས་པའི་རྟོག་ཚོགས་གནས་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། གཞན་ཡང་བར་ཁྱམས་སུ་ཐུབ་དྲུག་ཁྲོས་པའི་སྤོར་བྱེད་ཆེན་མོ་བརྒྱད། ལྔ་ཚན་གྱི་ཆོས་རྣམ་པར་དག་པ་རིག་འཛིན་ཡབ་ཡུམ་བཅུའི་ཚོམ་བུ་སྟེ་ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་སྒྱུ་མ་ཆུ་ཟླ་འཇའ་ཚོན་གྱི་ཚུལ་ཅན། ཡེ་ཤེས་ཀྱི་རྒྱན་དང་བཀོད་པའི་གཟི་བྱིན་ཚད་མེད་པ་དང་ལྡན་པ། རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་འཇའ་འོད་ཟེར་ཐག་ཐིག་ལེ་ཐིག་ཕྲན་མེར་མེར་ཤིག་ཤིག་ཏུ་གཡོ་ཞིང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །བུམ་པ་ལ་སོགས་པའི་རྒྱན་དང་བཀོད་པ་ཐམས་ཅད་ཀྱང་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་བརྡ་དོན་རྟགས་གསུམ་མཚོན་པར་བྱེད་པ་ཡིན་ནོ། །འོ་ ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱིས༔ ཁར་སང་ཕན་ཤིན་ཏུ་ཅོལ་ཆུང༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དེ་ཙམ་བྱས༔ ད་ནི་དཀྱིལ་འཁོར་འདི་ལྟ་བུར་ཚུད་ཅིང་མཇལ་བས༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས༔ སྤྲོ་བ་སྒོམས་ཤིག༔ ཅེས་པ་ཙམ་བརྗོད། གཉིས་པ་ནི། དེ་ནས་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར༔ ཉོན་མོངས་ཀྱི་རྒྱུ་དྲུག་སྦྱངས་ནས་རིགས་དྲུག་གི་གནས་ནས་སྤར་ཏེ༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །དེ་ལ་དང་པོ་ན་རཀ་དམྱལ་བའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་ཐལ་མོ་སྦྱོར་ལ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ལན་གསུམ། བླ་མས་དཀྱིལ་འཁོར་དབུས་ཀྱི་བུམ་པ་ཐོགས་ལ། འོ་རིགས་ཀྱི་བུ་དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ནི་སྨན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཞེ་སྡང་དམྱལ་བའི་གནས་ནས་ཐར་ཏེ༔ ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ བུམ་པ་མགོར་བཞག །མེ་ཆུའི་ཙཀླི་ལག་ཏུ་གཏད་ལ། ཧཱུྃ་ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ བུམ་ཆུ་བླུད་ལ། ཧཱུྃ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླས་པའི་མཐར། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང༔ མེ་ཆུས་དབང་བསྐུར་པས་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཧཱུྃ་ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་ཞིང་རྡོ་རྗེ་ལག་ཏུ་གཏད། ཧཱུྃ་ དབུས་ནས་བཀྲ་ཤིས་གང་ལགས་པ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་ལྷ༔ ཞི་བ་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བསྒྲག་པ་འོག་མ་རྣམས་ལའང་འགྲེའོ། །གཉིས་པ་ཡི་དྭགས་ཀྱི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས་གོང་ལྟར། ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ ཐུགས་རྗེས་ཟུང་ལ་བདག་སྐྱོབས་ཤིག༔ བདག་ལུས་སྒྲོལ་ལ་བདེ་ལ་འཁོད༔ མགོན་པོས་མྱུར་དུ་བསྐྱབ་ཏུ་གསོལ༔ ལན་གསུམ། ནུབ་ཀྱི་བུམ་པ་ཐོགས་ལ། འོ་རིགས་ཀྱི་བུ་ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ནས་ཐར་ཏེ༔ གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །རིན་ཆེན་སྒྲོམ་བུ་ལག་ཏུ་གཏད་ལ། ཨཱཿ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན། ཨཱཾཿཔདྨ་སཏྭ་ས་མ་ཡ་སོགས། པདྨ་མཱ་མེ་མུཉྩཿ པདྨཱི་བྷ་ཝཿ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་པོ་ཆེའི་སྒྲོམ་བུའི་དབང་བསྐུར་པས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ དུག་ལྔའི་ཉེས་པ་ལས་གྲོལ་ནས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་གསུང་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་སྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཧཱུྃ་ ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོར་རྟོག་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་ཞིང་ལག་ཏུ་པདྨ་གཏད། ཧཱུྃ་ ནུབ་ནས་བཀྲ་ཤིས་གང་ལགས་པ༔ སྣང་བ་མཐའ་ཡས་བཀྲ་ཤིས་ལྷ༔ དབང་སྡུད་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་ཀྱི་ཧུད་བདག་འདྲ་སོགས༔ ལས་ཀྱི་རྣམ་སྨིན་རང་ལ་སྨིན༔ མགོན་པོ་ཐུགས་རྗེ་ཆེན་པོ་ཡིས༔ གནས་ངན་འདི་ལས་བདག་སྒྲོལ་ཅིག༔ ལན་གསུམ། ཤར་གྱི་བུམ་པ་ཐོགས་ལ། འོ་རིགས་ཀྱི་བུ་ཤར་གྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས༔ སྐུ་བདེར་གཤེགས་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །པུསྟི་ལག་ཏུ་གཏད་ལ། ཨོཾ་ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན། ཨོཾ་བུདྡྷ་སཏྭ་ས་མ་ཡ་སོགས། བུདྡྷ་མཱ་མེ་མུཉྩཿ བུདྡྷི་བྷ་ཝཿ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང༔ པོ་ཏིའི་དབང་བསྐུར་པས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་བདེར་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཧཱུྃ་ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་ཞིང་འཁོར་ལོ་ལག་ཏུ་གཏད། ཧཱུྃ་ ཤར་ནས་བཀྲ་ཤིས་གང་ལགས་པ༔ རྣམ་པར་སྣང་མཛད་བཀྲ་ཤིས་ལྷ༔ ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ བཞི་པ་ལྷ་མིན་གྱི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་བདག་འདྲའི་སེམས་ཅན་རྣམས༔ སྔོན་གྱི་ལས་ངན་དབང་གྱུར་པས༔ ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ བདག་ལུས་ངན་པ་བསྒྲལ་དུ་གསོལ༔ ལན་གསུམ། བྱང་གི་བུམ་པ་ཐོགས་ལ། འོ་རིགས་ཀྱི་བུ་བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མིན་གྱི་གནས་ལས་ཐར་ནས༔ ཕྲིན་ལས་ཀརྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེར་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །གོ་མཚོན་ལག་ཏུ་གཏད་ལ། ཧཱ་ ཤེས་རབ་དོན་མཚོན་རལ་གྲི་དང༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། ཧཱ་ཀརྨ་སཏྭ་ས་མ་ཡ་སོགས། ཀརྨ་མཱ་མེ་མུཉྩཿ ཀརྨཱི་བྷ་ཝཿ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་གོ་མཚོན་གྱི་དབང་བསྐུར་པས༔ ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ༔ ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཤིང༔ དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཧཱུྃ་ བྱང་ཕྱོགས་ལས་རབ་གྲུབ་པ་ཡི༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་ཞིང་ལག་ཏུ་རྒྱ་གྲམ་གཏད། ཧཱུྃ་ བྱང་ནས་བཀྲ་ཤིས་གང་ལགས་པ༔ དོན་ཡོད་གྲུབ་པ་བཀྲ་ཤིས་ལྷ༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ལྔ་པ་ལྷའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན༔ བདག་འདྲ་རྨོངས་པའི་འཛིན་པ་ཅན༔ དམ་ཚིག་རྩ་བ་ཉམས་པའི་སྐྱོན༔ ངན་སོང་མཐོ་རིས་གནས་ན་འཁོར༔ མི་འཆབ་མཐོལ་བཤགས་མེ་ཏོག་བཞེས༔ དབང་བསྐུར་ལྷ་ཡི་གནས་ནས་དྲོངས༔ ལན་གསུམ། ལྷོའི་བུམ་པ་ཐོགས་ལ། འོ་རིགས་ཀྱི་བུ་ལྷོའི་བུམ་པ་འདི་ནི་རིན་ཆེན་སྣ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ནས་ཐར་ཏེ༔ ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེར་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ རིན་ཆེན་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །པི་ཝཾ་ལག་ཏུ་གཏད་ལ། སྭཱ་ ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ ཨཱཿསརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན། སྭཱ་རཏྣ་སཏྭ་ས་མ་ཡ་སོགས། རཏྣ་མཱ་མེ་མུཉྩཿ རཏྣཱི་བྷ་ཝཿ མ་ཧཱ་ས་མ་ཡ་སཏྭ་ཨཱཿ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་རིན་ཆེན་ལྔའི་བུམ་པ་དང༔ པི་ཝཾ་གི་དབང་བསྐུར་པས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས༔ ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ བྱམས་པ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཧཱུྃ་ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱི༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་ཞིང་ལག་ཏུ་རིན་པོ་ཆེ་གཏད། ཧཱུྃ་ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལྷ༔ ཡོན་ཏན་འགྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ དྲུག་པ་མིའི་གནས་ནས་སྤར་ཞིང་ཉམས་ཆག་སྐོང་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིག་ཉམས་ཆག་དཔག་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམ་ཀུན་དུས་འདིར་སྐུར༔ ལན་གསུམ། ཁྱེད་རང་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་སྦྱོང་ཞིང་གསོ་བའི་སླད་དུ་མདུན་བསྐྱེད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བླ་མ་བརྒྱུད་པ་དང་བཅས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་གནོང་འགྱོད་དྲག་པོ་དང་བཅས་སྒོ་གསུམ་གུས་པས་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་མ་ལུས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ཕྱག་བྱར་འོས་པ་སོགས་བརྗོད་ལ་ཉུང་ན་དངོས་སུ་ཕྱག་འཚལ་དུ་གཞུག །ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར་བ་ལ་མོས་གུས་བྱས་པས་ས་བོན་སྔགས་འཁོར་དང་བཅས་པ་ལས་བདུད་རྩིའི་རྒྱུན་བྱུང་། སྐུ་ལུས་ཀྱི་ནང་གང་། ཞབས་གཡས་པའི་མཐེ་བོང་ནས་བརྡོལ་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་དག་པར་མོས་ལ་ཡིག་བརྒྱ་དང་ཡང་སྙིང་བཟླ་བར་ཞུ། ཞེས་བརྡ་སྦྱར་ལ། ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླས་པའི་མཐར། མགོན་པོ་བདག་ནི་སོགས་རྗེས་ཟློས་བྱར་གཞུག །དེ་ལྟར་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བསྩལ་ཏེ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པའི་ངེས་ཤེས་སྐྱེད་ལ་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དར་ཅིག་དགོངས་པ་བསྐྱང་། དེ་ནས་ཕྱོགས་བཞིའི་བུམ་ཆུ་གཙོ་བུམ་དུ་བསྡུས་པ་ཐོགས་ཏེ། འོ་རིགས་ཀྱི་བུ་རྣམས་བུམ་པ་འདི་སྤྱི་བོར་བཞག་ནས་བྱུང་བའི་དུས་སུ༔ རྫའམ་ཤིང་གི་རང་བཞིན་དུ་མ་བསྒོམ་པར༔ ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྲ་དཔུང་ངེ་འོད་ཐིབས་སེ་བྱོན་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆག་བསྐངས་ཤིང་བུམ་པ་ལྷའི་དབང་ཐོབ་པ་ཡིན་ཨང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ་ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་མགོ་བོའི་གནས་ལྔར་བསྐུར་ཞིང་བུམ་ཆུ་བླུད། དེ་ནས་པར་བུ་གསེག་ཤང་ལག་ཏུ་གཏད་ལ། ཧཱུྃ་ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཨ་ཝ་དྷཱུ་ཏིའི་དབང་ཐོབ་ཤོག༔ ནྲྀ་ཙྪིནྡ་ཙྪིནྡ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ དེ་ནས་རིགས་ལྔའི་ཕྱག་མཚན་དང་། དྲིལ་བུ་མགོ་ཐོག་ཏུ་བཞག །ལག་ཏུ་གཏད་ལ། ཧཱུྃ་ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁད་ག་ཨ་བྷི་ཥིཉྩ་ཨཱ༔ འོ་རིགས་ཀྱི་བུ་རྣམས་ལ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་པས༔ བུམ་པ་འདིའི་ནང་ན་སྨན་ལྔའི་དབང་བསྐུར་པས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔའི་དབང་བསྐུར་པས༔ དུག་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔའི་དབང་བསྐུར་བས༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔའི་དབང་བསྐུར་པས༔ དུག་ལྔའི་ཉེས་པ་སེལ༔ དགའ་བ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔའི་དབང་བསྐུར་པས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་དགོས་པ་ཡོད་དོ༔ དེ་དག་ནི་ཉོན་མོངས་པ་རྒྱུ་དྲུག་སྦྱངས་ཤིང་རིགས་དྲུག་གི་གནས་ནས་སྤར་ཏེ་གསང་སྔགས་ཀྱི་སྣོད་རུང་དུ་བྱ་བའི་དབང་ངོ་༔ གསུམ་པ་ནི། གཞུང་ལས། ཞིབ་པར་དབང་བཞི་འཕྲད་ཚད་རང་གྲོལ་ལྟར་ཤེས་པར་བྱའོ༔ ཞེས་གསུངས་པ་ལྟར་དེའི་སྤྲོས་བཅས་བུམ་དབང་ཆེན་མོ་དང་ལྷ་དབང་སོགས་མདོར་བསྡུས་ཏེ་བསྐུར་བ་ཕྱག་ལེན་དུ་མཛད་ཅིང་། འགྲོ་དྲུག་རང་གྲོལ་དབུའི་ས་བཅད་ལས་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་གསུངས་པའི་དངོས་གཞིའང་འདི་ཡིན་ལ། དེའི་གོ་རིམ་གནས་འདྲེན་དབང་གི་ཐོ་ཡིག་ལས། ཐོག་མར་སྐུ་གསུང་ཐུགས་ཀྱི་དབང་གསུམ་བསྐུར༔ དེ་རྗེས་ཆུ་དང་དབུ་རྒྱན་རྡོར་དྲིལ་མིང༔ ཞེས་སོགས་འབྱུང་བའི་སྐུ་གསུང་ཐུགས་དབང་ནི་གཙོ་བུམ་ལ་ངོས་འཛིན་པ་ལེགས་ཏེ་དངོས་བསྟན་གྱི་ཚིག་དོན་དང་འབྱོར་བའི་ཕྱིར་རོ། །དེས་ན་དེ་ལྟར་བསྒྲུབ་པའི་ཐོག་མར་ཆོ་ག་གཞན་གྱི་འགྲོས་ལྟར་ཡེ་ཤེས་པ་དབབ་པའང་ཕྱག་ལེན་དུ་འབྱུང་བས། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ལས་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨུཙྪཱ་ཏ་ཡ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས་བརྗོད་ལ་བསང་སྦྱང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གིས་མཚོན་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ། ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད་པ། ཕྱག་གཉིས་ཀྱི་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན་པ། རིགས་ལྔའི་དབུ་རྒྱན་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པའི། ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློང་དུ༔ རང་སེམས་ཀ་དག་གི་རིག་མདངས་ཞལ་ཕྱག་གི་རྣམ་པ་ཀུན་བཟང་ཡབ་ཡུམ་ལ་འཁོར་ཡེ་ཤེས་ལྔའི་རང་འོད་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་བརྒྱད་སེམས་མ་བརྒྱད༔ ཐུབ་པ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་རྩལ་མདངས་ལས༔ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་འཇའ་འོད་མེ་དཔུང་ཐིག་ལེའི་ཀློང་དུ་ཆེ་མཆོག་ཡབ་ཡུམ་ལ་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ༔ ཀེའུ་རི་མ་བརྒྱད༔ སིཾ་ཧ་མ་བརྒྱད༔ སྒོ་མ་བཞི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱ་དང༔ མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་རྣམས་གསལ་བའི་སྐུའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རང་བཞིན་གྱི་གནས་ནས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་དཀོན་མཆོག་རྩ་གསུམ་ཐམས་ཅད་ཆར་སྤྲིན་གཏིབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ སྤོས་དང་གུ་གུལ་ཚིལ་ཆེན་སོགས་འབེབ་རྫས་བསྲེག །རོལ་མོ་དབྱངས་བཅས། ཧཱུྃ་ ཕྱི་ནང་སྣོད་བཅུད་གཟུང་འཛིན་ནི༔ རྟོག་ཚོགས་རང་གྲོལ་བྱིན་ཕོབ་ཅིག༔ ཉོན་མོངས་ཡུལ་དྲུག་འཛིན་པ་ལ༔ གཞི་མེད་རྩ་བྲལ་བྱིན་ཕོབ་ཅིག༔ སྐུ་ལྔ་ཡེ་ཤེས་རིག་རྩལ་ལ༔ སྣང་སྟོང་དག་པས་བྱིན་ཕོབ་ཅིག༔ དབྱིངས་རིག་ངར་འཛིན་དང་བ་ལ༔ རྟོག་གསུམ་བྲལ་བས་བྱིན་ཕོབ་ཅིག༔ སྐུ་གསུམ་དག་པའི་སྣང་བ་ལ༔ རིག་པ་ལུག་རྒྱུད་བྱིན་ཕོབ་ཅིག༔ ཐབས་ཤེས་རང་རྩལ་རོལ་པ་ལས༔ མ་འགག་ཤུགས་འབྱུང་བྱིན་ཕོབ་ཅིག༔ བདག་གཞན་རྟོགས་པའི་ལྟ་སྒོམ་ལ༔ གནས་ལུགས་རང་བབ་བྱིན་ཕོབ་ཅིག༔ མ་འགག་སྣ་ཚོགས་ཆོ་འཕྲུལ་འདི༔ རིག་རྩལ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ༔ ར་རཱ༔ ར་རཱ༔ ཙཱ་ལ་ཡ་ཧཱུྃ་ཨ་ཛྷཻཾ་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་ལ་དབབ་པས་སྒོ་གསུམ་ལ་ཉམས་གསུམ་སྐྱེས་པ་དང་། ཁྱེད་རང་རྣམས་ཀྱི་སེམས་མ་བཅོས་པར་རང་ལུགས་སུ་ཀློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ལ་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་དྲིལ་བུ་གནས་གསུམ་དུ་བཞག་ལ། ཛྙཱ་ན་སཏྭ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །དེ་ནས་སྨིན་བྱེད་ཀྱི་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་སོ་སོའི་ཕྲིན་ལས་ཚུལ་བཞིན་དུ་མཛད་དེ་རྣམ་རྒྱལ་བུམ་པའི་དབང་བསྐུར་བསྩལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ་ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱེད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་མགོར་བཞག་ལ་བུམ་ཆུ་འཐོར་འཐུང་བྱ། འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་འདིའི་དབང་བསྐུར་པས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུའི་དབང་བསྐུར་པས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕྱག་མཚན་ལྔའི་དབང་བསྐུར་པས༔ བདུད་བཞི་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཁ་རྒྱན་གྱི་དབང་བསྐུར་པས༔ འབྲས་བུ་མྱུར་དུ་སྨིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱི་དབང་བསྐུར་པས༔ གཞན་དོན་འབད་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྡོ་རྗེས་དབང་བསྐུར་པས༔ སྡོམ་པ་གསུམ་དང་དམ་ཚིག་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུའི་དབང་བསྐུར་པས༔ རྩ་ཐིག་རླུང་གསུམ་གྱི་ཁམས་དག་ནས་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་མ་བུམ་རྫས་དང་བཅས་པས་དབང་བསྐུར་པས༔ རང་དོན་མཐར་ཕྱིན་ནས་གཟུགས་སྐུ་རྣམ་གཉིས་ཀྱིས་བསྐལ་པ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ གཟུངས་ཐག་རྣམ་ལྔའི་དབང་བསྐུར་པས༔ སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག༔ བུམ་ཆུ་གཙང་མའི་དབང་བསྐུར་པས༔ ཐུགས་རྗེས་འཛིན་པའི་ཆུ་རྒྱུན་མི་ཆད་ཅིང༔ སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པ་རྒྱན་བཀོད་པ་གཟི་བྱིན་ཅན༔ བླ་མ་ཡབ་ཡུམ་རོལ་མོ་རྒྱན་དང་བཅས་པས་དབང་བསྐུར་པ་ལ་བརྟེན་ནས༔ ཞི་རྒྱས་དབང་དྲག་བཞིའི་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དབང་བར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་གྲོལ་རེག་ཅིང་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག༔ ཅེས་སྨོན་ལམ་དང་བཀྲ་ཤིས་བརྗོད། མེ་ཏོག་འཐོར། དེ་ནས་ཐུན་མོང་རིག་པའི་དབང་ལྔ་ལས་དང་པོ་མི་བསྐྱོད་པའི་ངོ་བོ་ཆུའི་དབང་བསྐུར་བ་མོས་ཤིག༔ བུམ་པ་གཙུག་ཏུ་བཞག་ལ། བུམ་ཆུ་སྤྱི་བོར་གཏིགས་ཤིང་། ཧཱུྃ་ སྐུ་གསུམ་དམ་ཚིག་ལས་བྱུང་བའི༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་སྤྱི་བོར་བཅིངས་པར་མོས་ཤིག༔ དབུ་རྒྱན་བསྐོན། རྣ་ལྟག་གཡས་སུ་བུམ་པ་བཞག་ལ། ཧཱུྃ་ སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་མགོར་བཞག་ཅིང་ལག་གཡས་སུ་སྦྱིན་པར་མོས་ཤིག༔ རྡོ་རྗེ་སྦྱིན། བུམ་པ་ལྟག་པར་བཞག་ལ། ཧཱུྃ་ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཱཾཿཔདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད་པར་མོས་ཤིག༔ དྲིལ་བུ་གཏད། བུམ་པ་རྣ་ལྟག་གཡོན་དུ་བཞག་ལ། ཧཱུྃ་ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛྙཱ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔ ལྔ་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བར་མོས་ལ་སྔར་བཏགས་པའི་གསང་མཚན་ཡིད་ལ་གྱིས་ཤིག༔ རྣམ་སྣང་གི་སྐུ་བསྟན། བུམ་པ་དཔྲལ་བར་བཞག་ལ། ཧཱུྃ་ རྡོ་རྗེ་མིང་གིས་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་དུ་རབ་གྲགས་སོ༔ ཨོཾ་ཏྲཻ་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར་ཞིང་། འོ་རིགས་ཀྱི་བུ་དང་བུ་མོ་སྐལ་པ་དང་ལྡན་པ་ཁྱེད་རྣམས་ལ་འདི་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་པས༔ ཉོན་མོངས་པ་དུག་ལྔ་དང༔ ཕུང་པོ་ལྔ་པོ་གཏན་ནས་དག་ནས༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་སྟེ་ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས༔ སེམས་ཅན་ཐམས་ཅད་ལ་འགྲོ་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ། དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་དུ་བཞུགས་པའི་ཞི་བ་བཞི་བཅུ་རྩ་གཉིས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ག་དྭངས་མ་ལྔ་འདུས་འོད་ཀྱི་ཐིག་ལེའི་ཀློང་དུ་བཞུགས་པ་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལས་གཉིས་པ་འཕྲོས་ཏེ་ཀླད་པ་དུང་ཁང་འཇའ་ཟེར་མེ་དཔུང་གི་ཀློང་ན་བཞུགས་པར་གྱུར་པའི་མོས་པ་མཛོད་ཅིག །ཙཀ་ལི་རྣམས་གོ་རིམ་ལྟར་སྤྱི་བོར་བཞག་སྟེ། གཙོ་བོ་ཡབ་ཡུམ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེ་ནས་སྨོན་ལམ་ནི། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་པས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ་ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ངོ་སྤྲོད་ནི། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེའང་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས༔ ཡིད་བྱེད་པ་པོ་ད་ལྟའི་ཤེས་རིག་མ་འགགས་པར་ས་ལེ་ཧྲིག་གེ་བ་འདི་ཀ་ཆོས་སྐུ་ཀུན་ཏུ་བཟང་པོའམ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དེ་འདི་ཉིད་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ་གདོས་ཅན་དུ་གྲུབ་པ་མེད་པ༔ ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཀ་ཡུམ་ཀུན་ཏུ་བཟང་མོ་ཡིན་ནོ༔ འདིའི་རང་རྩལ་འགག་མེད་དུ་ཆོས་བྱེད་པ་པོ་སྣ་ཚོགས་སུ་ཤར་བ་འདི་ཉིད་ཀྱང་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད། དེས་འགྲེས་ཏེ་རིགས་ལྔ་ཡབ་ལྔ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་གནས་སུ་དག་ནས་ལོངས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་ཉིད་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔ་མ་སྤངས་གནས་སུ་དག་པ་དེ་ཉིད་རྒྱལ་བ་རིགས་ལྔར་སྣང་བ་སྟེ༔ དེ་ཡང་གཟུགས་མ་འགགས་པར་གསལ་བ་འདི་ཀ་རྣམ་པར་སྣང་མཛད་དོ༔ ཚོར་བ་འགག་མེད་དུ་གསལ་བ་འདི་ཀ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་ཏུང་ངེ་བ་འདི་ཀ་སྣང་བ་མཐའ་ཡས་སོ༔ འདུ་བྱེད་ཁྱུག་གེ་བ་འདི་ཀ་དོན་ཡོད་གྲུབ་པའོ༔ རྣམ་པར་ཤེས་པ་འགག་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཡུམ་ལྔ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔས་དབང་བསྐུར་བས༔ ཡུལ་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་ཡུམ་ལྔའི་དབང་བསྐུར་པས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས་རྒྱལ་བ་ཐམས་ཅད་སྐྱེད་པའི་དབང་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཡུམ་ལྔ་ཞེས་བྱ་བ་ནི་གཞན་ན་མེད་དེ༔ ཕྱི་ནང་གི་འབྱུང་བ་ལྔ་མ་འགག་པར་སྣང་བ་འདི་ཀ་ཡུམ་ལྔའི་རང་བཞིན་ཡིན་ནོ༔ དེ་ཡང་སར་སྣང་བ་ནི་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མཱ་མ་ཀིའོ༔ མེར་སྣང་བ་ནི་གོས་དཀར་མོའོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མའོ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུག་མའི་རང་བཞིན་ཡིན་པས་ངོ་ཤེས་པར་མཛོད་ཅིག༔ སེམས་དཔའ་བརྒྱད་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་པས༔ རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགག་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་གཟུགས་འགག་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགག་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགག་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགག་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགག་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་ཐོགས་མེད་དུ་གསལ་བའི་ཡིད་ཤེས་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་བདལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ སེམས་མ་བརྒྱད་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་པས༔ ཡུལ་བརྒྱད་མ་སྤངས་གནས་སུ་དག་ནས༔ བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་སེམས་མ་ལཱ་སེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་མཱ་ལེ་སེར་མོའོ༔ སྣའི་ཡུལ་དུ་དྲི་རྣམ་པར་དག་པ་གཱིརྟཱི་དམར་མོའོ༔ ལྕེའི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོའོ༔ ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷཱུ་པེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བར་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ལྷ་མོ་གནྡྷེ་ལྗང་མོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཐུབ་པ་དྲུག་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨཱ་ཀ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་པས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས༔ སྤྲུལ་སྐུ་རབ་འབྱམས་ཀྱིས་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཐུབ་པ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས༔ འདོད་ཆགས་རྣམ་པར་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ སྒོ་བ་བཞི་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟིཾ་ པུཥྚིཾ་ ཝ་ཤཾ་ མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་སྒོ་བ་བཞིའི་དབང་བསྐུར་པས༔ རྟག་ཆད་མུ་བཞི་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་རྣམ་པར་རྒྱལ་བ༔ ཆད་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་པོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན༔ མཚན་མར་ལྟ་བ་གནས་སུ་དག་པ་སྒོ་བ་བདུད་རྩི་འཁྱིལ་པའི་རང་བཞིན་ཡིན་པས་ངོ་ཤེས་པར་མཛོད་ཅིག༔ སྒོ་མ་བཞི་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛ༔ པ་ཤཾ༔ སྥོ་ཊ༔ གཱཎྜེ༔ ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་རྣམས་ལ་སྒོ་མ་བཞིའི་དབང་བསྐུར་པས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་སྒོ་མ་བཞིའི་རང་བཞིན་ཏེ༔ རྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་ཀྱུ་མ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོག་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡེ་ནས་ཀྱང་ཡིན་ཏེ༔ སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཁྲོ་བོ་ཆེ་མཆོག་ཡབ་ཡུམ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་པས༔ ཉོན་མོངས་པ་མ་སྤངས་རང་སར་དག་ནས༔ ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་ཐམས་ཅད་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ཁྲག་འཐུང་ཡབ་ལྔ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་པས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་སུ་དག་ནས༔ ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཡུམ་ལྔ་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་པས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་ཏཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་ཏཱི་ཤྭ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཀྲོ་ཏི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ མ་མོ་བརྒྱད་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་མ་མོ་ཀཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ཕྲ་མེན་བརྒྱད་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སིཾ་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་ཕྲ་མེན་སིཾ་ཧ་བརྒྱད་ཀྱི་དབང་བསྐུར་པས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ སྒོ་མ་བཞི་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་པས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ དབང་ཕྱུག་ནི། ཧཱུྃ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་པས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་ནས༔ མ་མོ་དང་དམ་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ཐུན་མོང་དུ་ངོ་སྤྲད་པ་ནི། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ རང་བཞིན་མེད་པར་ཤེས་པ་ཉིད་ཁྲག་འཐུང་དྲུག་ཅུའི་སྐུར་སྣང་བ་ཡིན༔ དེ་མཚོན་པའི་བརྡར༔ རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་འོད་ཀྱི་སྐུ་ཚོམ་བུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་ཚོམ་བུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན་དུ་གནས་སོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡབ་ཀྱི་ཚུལ་དུ་གནས་སོ༔ རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་ལ་བརྙས་པ་དང༔ བསད་པ་དང༔ བརྡུང་བ་དང༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར་བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས༔ མ་སྔངས༔ མ་སྐྲག་པར་ད་ལྟ་དབང་བསྐུར་པའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་དུས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་ངོ་སྤྲད་དོ། དེ་ལྟར་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཕྲིན་ལས་ཞི་བ་འགྲུབ། ས་བརྒྱད་པ་མན་ཆད་ནོན། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་གང་རུང་བྱ། ཁྲོམ་དབང་ལྟ་བུ་ལ་མཆོག་དབང་གསུམ་པོ་བསྐུར་དུ་མི་རུང་བས་འདི་འཕྲོས་འོག་གི་གཏོར་དབང་དང་མཐའ་རྟེན་སྦྱར་རོ། །བཞི་པ་ནི། དེ་ནས་དབང་གོང་མ་གསུམ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། བནྡྷའི་གཞལ་ཡས་ཁང་དུ་ཀུན་བཟང་ཞི་བ་རིགས་ལྔ་ཆེ་མཆོག་ཁྲག་འཐུང་རིགས་དྲུག་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཁྱེད་རང་གི་སྤྱི་བོར་བཞག་པས་ཐོད་པའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་འཁོར་ལྔ་གང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་བསྐྱེད་པར་སྒོམས་ཤིག །ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་པས༔ ཐིག་ལེ་རང་དབང་ཐོབ་པ་དང༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱཾཿ ཐོད་པ་སྤྱི་བོར་བཞག །བདུད་རྩི་ངག་ཏུ་བླུད། དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ལམ་རང་ལུས་ཐབས་ལྡན་སྒོམ་པ་ལ་དབང་། དབང་གི་ཕྲིན་ལས་འགྲུབ། ས་དགུ་པ་མན་ཆད་ནོན། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཚན་ཉིད་དང་ལྡན་པའི་རིག་མ་སྦྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧོ༔ བདེ་ལ་སེམས་ཟུངས་སྟོང་པ་སྐྱོང༔ འབེབ་འདྲེན་བཀྲམ་བཟློག་བཞི་ཡིས་ཟླུམ༔ འདི་ཉིད་བདེ་གཤེགས་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཁྱེད་རང་རྣམས་སྐད་ཅིག་གིས་རྟ་ཕག་ཡབ་ཡུམ་དུ་གྱུར་པ་འཁྲིལ་ཞིང་སྦྱོར་བས་སྤྱི་བོའི་ཧཾ་ལས་བྱང་སེམས་བབས་པས་རྩ་འཁོར་ལོ་བཞི་རིམ་པར་གང་སྟེ། སྤྱི་བོ་དང་མགྲིན་པར་བབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས། གྱེན་དུ་བཟློག་ནས་ལུས་ཀུན་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་སྒོམས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉ་བསྟེན་པ་ལ་དབང་། ཕྲིན་ལས་རྒྱས་པ་འགྲུབ། ས་བཅུ་པ་ནོན། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཁྱེད་རང་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་གཏད་དེ་ངོ་སྤྲད་པའི་དོན་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཕྱར་ལ། བུ་ཁྱོད་ཐེག་པ་ཆེན་པོའི་སྣོད༔ འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་དོན་ལ་ད་ཞུགས་ཤིག༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་ལུས་བྱ་བ་དང་བྲལ་ལོ༔ ངག་བརྗོད་པ་དང་བྲལ་ལོ༔ སེམས་རྟོག་པ་དང་བྲལ་ལོ༔ རང་གི་རིག་པའི་གཤིས་ཀྱི་འདུག་ཚུལ་འདི་ཤེལ་འདི་དང་འདྲ་སྟེ༔ ཤེལ་ཕྱི་ནང་མ་བསྒྲིབས་པ་ལྟར་སེམས་ཉིད་ངོ་བོ་སྟོང་པ་ཉིད་དོ༔ ཤེལ་གདན་གང་བཞག་གི་ཁ་དོག་ཏུ་འགྱུར་བ་ལྟར༔ སེམས་ལ་ཅིར་ཡང་འཆར་རོ༔ ཤེལ་ཁ་དོག་སྣ་ཚོགས་སུ་འགྱུར་ཡང་ཤེལ་དང་དབྱེར་མེད་པ་ལྟར༔ སེམས་ལ་ཅི་ཤར་ཡང་སྟོང་པ་ཉིད་དང་དབྱེར་མེད་དོ༔ ཤེལ་འདི་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་ལས་བྱུང་བའི་ལོ་རྒྱུས་ལྟར༔ སེམས་ཉིད་འདི་ཡེ་ནས་ཆོས་སྐུའི་ངོ་བོར་གནས་སོ༔ རང་གི་སེམས་ཉིད་མ་ཡེངས་ཙམ་དུ་མ་བཅོས་རང་བབས་སུ་བཞག་པ་ནི་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན་པས་དེང་ཕྱིན་ཆད་དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་སྒོམས་ཤིག༔ ཤེལ་སྤྱི་བོར་བཞག །ད་ཁྱེད་རང་རྣམས་ལུས་གནད་ཙོག་པུར་སྡོད་ཅིག༔ སློབ་དཔོན་གྱིས་ཤར་ཕྱོགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་ལུ་གུ་རྒྱུད་བྲིས་པ་བསྟན༔ ལྷོ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཔེ་རྨ་བྱའི་མདོངས་བསྟན༔ ནུབ་ནས་མེ་ལོང་ལ་དཀྱིལ་འཁོར་འཆར་བ་བསྟན་པ་ལྷ་སྐུ་འཆར་བའི་དཔེ༔ བྱང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྔའི་གཟུགས་བརྙན་བསྟན་པས་རྫོགས་པ་ཆེན་པོའི་དོན་རྟོགས་པའི་མོས་པ་མཛོད༔ ཅེས་བྱས་ལ་དེ་དག་དངོས་སམ་བྲིས་པའི་ཙཀླི་དུས་གཅིག་བསྟན་ལ། ཧོ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་རྩལ་དབང་ཐོབ་པར་ཤོག༔ བོ་དྷིའི་མཐར། དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ འོ་རིགས་ཀྱི་བུ་དག་ཙིཏྟ་ཤའི་སྒྲོན་མ་ན༔ ཞི་བའི་ལྷ་ཚོགས་བཞུགས་པའི་འོད༔ དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད་དེ༔ རྒྱང་ཞགས་ཆུའི་སྒྲོན་མ་ལས་བྱུང་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མེ་ནམ་མཁའ་ལ་གསལ་ཞིང༔ དེ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ཉམས་སུ་བླངས་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར་བར་འགྱུར་རོ༔ དེ་ལྟར་ཡང་གསང་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། ལྷན་སྐྱེས་ཀྱི་སྒྲིབ་པ་དག །ལམ་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པ་ལ་དབང་། ཕྲིན་ལས་བཞི་ཀ་འགྲུབ། བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་རྟོགས་ཤིང་སྣང་བ་བཞི་མཐར་ཕྱིན་ནས་གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་བར་འགྱུར་རོ། །ལྔ་པ་ནི། གཏོར་ཆེན་བཏེགས་ལ། འོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ གཏོར་མའི་སྣོད་གཞལ་ཡས་ཁང་སུམ་ཐོག་གི་ནང་དུ༔ རྩེ་མོ་ན་བླ་མ་རྣམས་བཞུགས་པ༔ བར་མ་ན་ཡི་དམ་ལྷ་ཚོགས་རྣམས་བཞུགས་པ༔ འོག་མ་ན་མ་དང་མཁའ་འགྲོ་རྣམས་བཞུགས་པ༔ འདབས་འཁོར་ན་ཆོས་སྐྱོང་རྣམས་ཁྲོམ་ཚོགས་པ་བཞིན་དུ་བཞུགས་པར་བསམ༔ ལྷ་ཚོགས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་ནས༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་མར་ལན་གསུམ་བབས་པས༔ དང་པོས་སྡིག་སྒྲིབ་རྣམས་དག༔ གཉིས་པས་ལུས་ཁེངས༔ གསུམ་པས་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་སྒོམས་ལ༔ མོས་གུས་དྲག་པོ་སྐྱེད་ཅིག༔ ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགག་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཡི་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོར་གྲོལ་བར་ཤོག༔ རྨི་ལམ་བར་དོར་ངོ་ཤེས་ཤོག༔ བསམ་གཏན་བར་དོར་གདིང་ཐོབ་ཤོག༔ འཆི་ཁ་བར་དོར་རང་གྲོལ་ཤོག༔ ཆོས་ཉིད་བར་དོར་འོད་གསལ་ཤོག༔ སྲིད་པ་བར་དོར་དབུགས་དབྱུང་ཤོག༔ གཞན་དོན་དཔག་མེད་འགྲུབ་པ་དང༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ འདིར་སྤྲོ་ན་གཞན་དུ་གསལ་བ་ལྟར་བླ་མ་བརྒྱུད་པ་དང་དམ་པ་རིགས་བརྒྱའི་མཚན་ནས་བརྗོད་དེ་བར་དོ་དྲུག་གི་སྨོན་ལམ་སྦྱར་བའི་ཕྱག་སྲོལ་ཡོད་ཀྱང་བསྡུ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིཾ་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་གྲུབ་ཐོབ་ཡབ་སྲས། རིག་འཛིན་བརྒྱུད་པའི་བླ་མ། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཉམས་རྟོགས་ཡོན་ཏན་ཐམས་ཅད་འཕེལ་བར་མཛད་དུ་གསོལ། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། ཚེ་འདིར་སྣང་བ་བཞི་མཐར་ཕྱིན་ནས་གདོད་མའི་གྲོལ་སར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་གཏོར་མ་སྤྱི་བོ་སོགས་གནས་གསུམ་དུ་བཞག་ལ། ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་པ་དེ་ཉིད། ཁྱེད་རང་ལུས་ཡི་དམ། མགྲིན་པར་བླ་མ། ལྟེ་བར་མཁའ་འགྲོའི་ཚོགས་རྣམས་གསལ་བཏབ་སྟེ་རོལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ལག་གཡས་སུ་གཏོར་ཟན། གཡོན་དུ་བདུད་རྩི་སྦྱིན་ལ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད། དེ་ལྟར་དབང་རྫོགས་པར་ཐོབ་པའི་མཐའ་རྟེན་ཏུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་པའི་རྟགས་བརྒྱད་རེ་རེ་ནས་ཕུལ་ཏེ་མངའ་གསོལ་བར་མོས་ཤིག །རྒྱལ་སྲིད་རྣམས་ལག་ཏུ་གཏད་ལ། ཧཱུྃ་ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ འཁོར་བའི་འཁོར་ཚོགས་རྒྱུན་བཅད་ནས༔ ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ བཙུན་མོ་རིན་ཆེན་བསོད་ནམས་གཏེར༔ ཕ་རོལ་ཕྱིན་བཅུ་གཟུགས་དང་ལྡན༔ ཚེ་དང་བསོད་ནམས་རྒྱས་པ་དང༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ ནོར་བུ་རིན་ཆེན་མཆོག་གསུམ་ལྡན༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང༔ དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ ཨོཾ་མ་ཧཱ་ཏཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ གང་ལ་ཅི་འདོད་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་བྱེད༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་འཁོར་བ་འཇོམས༔ ཐབས་ལྡན་སྐྱབས་མཆོག་དབང་ཐོབ་ནས༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ ཨོཾ་མ་ཏི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་རྒྱ་མཚོ་སྤྲིན་ཤུགས་འཆང༔ བདེ་ཆེན་ཐར་ལམ་ཞིང་དུ་ཕྱིན༔ རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ གླང་པོ་རིན་ཆེན་ཐེག་པ་ཆེ༔ བདུད་སྡེ་འཇོམས་པ་གཅིག་ཏུ་ལྡན༔ སྟོབས་བཅུས་བདག་གཞན་དོན་བྱེད་ཅིང༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཨཱཿ འོ་རིགས་ཀྱི་བུ་རྣམས་ལ་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་པས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང༔ འཕགས་པའི་ནོར་བདུན་དང་ལྡན་ནས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྟགས་བརྒྱད་རྒྱས་པ་རང་གཞུང་ལྟར་ལ་བསྡུ་ན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་འབྱུང་བ་ནི། ཧཱུྃ་ སྐྱོབ་པ་གསེར་གདུགས་བླ་ན་མེད༔ འགྲོ་དྲུག་ཚ་གདུང་སེལ་བར་ཤོག༔ ཧཱུྃ་ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཧཱུྃ་ དུང་དཀར་གསུང་དབྱངས་ང་རོ་ལྡན༔ ཆོས་ཀྱི་སྒྲ་ཡིས་ཀུན་ཁྱབ་ཤོག༔ ཧཱུྃ་ པདྨ་དྲི་མེད་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ ཧཱུྃ་ བུམ་པ་དགོས་འདོད་ཀུན་འབྱུང་བས༔ སེམས་ཅན་སྨིན་ཅིང་གྲོལ་བར་ཤོག༔ ཧཱུྃ་ དཔལ་བེའུ་ཇི་ལྟ་ཇི་སྙེད་མཁྱེན༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག༔ ཧཱུྃ་ རྒྱལ་མཚན་ཐེག་ཆེན་རྩེ་མོ་སྟོན༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ ཧཱུྃ་ འཁོར་ལོ་འགྲོ་དྲུག་སྡུག་བསྔལ་སྐྱོབ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་བསྐུར་པས་རྒྱལ་བུ་རྒྱལ་སར་བཏོན་པས༔ རྒྱལ་ཕྲན་འབངས་འཁོར་རྣམས་མངའ་འོག་ཏུ་ཚུད་པ་ལྟར་དབང་བཞི་ཡོངས་རྫོགས་ཐོབ་པས༔ གཞན་དོན་དཔག་ཏུ་མེད་པ་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཤིས་པ་བརྗོད་པ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ནམ་མཁའི་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་རྒྱས་བརྟན་པར་གྱུར་པར་མོས་མཛོད། །ཅེས་བྱས་ལ་ལས་བྱང་ཆེ་ཆུང་གང་ཡིན་གྱི་བཀྲ་ཤིས་དང་གཞན་ཡང་སྐབས་དང་བསྟུན་པའི་ཤིས་བརྗོད་དབྱངས་དང་བཅས་པ་བྱས་ལ་འབྲུ་འཐོར་ཞིང་རོལ་མོ་རྒྱ་ཆེར་བསྒྲག་གོ །གསུམ་པ་རྗེས་ཀྱི་བྱ་བ་ལ་དབང་དང་དཀྱིལ་འཁོར་གཉིས་ལས། དང་པོ་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་མཆོག་གི་གླིང་པ་ལྔའི་ཡ་གྱལ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་བརྒྱུད་པའི་ཕྱག་བཞེས་ཀྱིས་ཁ་བསྐངས་ཏེ་དབང་བཞི་ཡོངས་རྫོགས་མཐའ་རྟེན་གཏོར་དབང་དང་བཅས་ལེགས་པར་གྲུབ་པ་ཡིན་པས་དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་བསྲུང་སྡོམ་ཚུལ་བཞིན་དུ་བགྱི་ཞིང་འདི་ཉིད་ཡི་དམ་དུ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཞེས་སོགས་མཚམས་སྦྱོར་སྤྱི་འགྲེ་བྱས་ལ། གཙོ་བོས་ཇི་ལྟར༴ གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ནས་སློབ་མ་གྱེས། གཉིས་པ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ལས་བྱང་ཆེ་ཆུང་གང་ཡིན་ལྟར་མཐར་དབྱུང་བ་ལས། རྟ་བྲོའི་རྗེས་སུ་དཀྱིལ་འཁོར་ལ་དམིགས་ཏེ་མཆོད་བསྟོད་མདོར་བསྡུས་པ་དང་ནོངས་བཤགས་ཡིག་བརྒྱ་བརྗོད་པ་གྲུབ་ནས་བཀྲ་ཤིས་ལ་འཇུག །རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་དང་། ཚོམ་བུ་ལ་གཤེགས་གསོལ་བྱ་ཞིང་དེའང་སྐུ་གསུང་ཐུགས་རྟེན་ཡོད་ན་དེ་ལ་དམིགས་ཏེ་སླར་བརྟན་བཞུགས་བྱ། དམ་ཚིག་པ་བསྡུ་ལྡང་དགེ་བསྔོ་སོགས་མཐའ་རྒྱས་སུ་བྱའོ། །ལུང་བསྟན་ཇི་བཞིན་ཕྱོགས་འདིར་ཟབ་ཆོས་འདི། །དར་ཡང་ཕལ་ཆེར་གྲོང་ཆོག་དོན་གཉེར་ཙམ། །དེ་ཡང་རང་འདོད་དུ་མས་ཕྱོགས་བསླད་པས། །གཞུང་དོན་ཚུལ་བཞིན་སྐྱོང་བ་དཀོན་མཐོང་ནས། །སྤྲིན་བྲལ་ཟླ་ལྟར་དཀར་བའི་ལྷག་བསམ་གྱིས། །འདི་བྱས་དགེ་བས་འདི་བསྟན་མི་ནུབ་རྒྱས། །འབྲེལ་ཚད་འགྲོ་ཀུན་འཁོར་བ་དོང་ནས་སྤྲུགས། །གདོད་མའི་གྲོལ་སར་མངོན་བྱང་ཆུབ་པར་ཤོག །ཅེས་ལུགས་འདིའི་ཡིག་རྙིང་རིགས་ཅུང་ཉོག་ཅིང་ཕྱག་ལེན་ལ་ལྟོས་དགོས་པས་མི་གསལ་བ་དང་། མཁས་པ་རྣམས་ཀྱིས་བྱ་སླའི་གནས་སུ་དོར་བས། རང་འདྲའི་དཔེ་ཆོག་མཁན་རྣམས་ལ་ཕན་དུ་རེ་ནས། སངས་རྒྱས་པདྨའི་སྣང་བརྙན་གྱིས་རྗེས་སུ་བཟུང་བའི་དུས་ཞབས་ཀྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཆ་ལག་ཐུན་མོང་གི་སྔོན་འགྲོ་ (Volume 8, Text 22)

༁ྃ༔ ༔བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཆ་ལག་ཐུན་མོང་གི་སྔོན་འགྲོ་ཞེས་བྱ་བ་བཞུགས་སོ༔ སྔོན་འགྲོ་བཞི་སྦྱོར་ནི༔ དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ ལས་རྒྱུ་འབྲས༔ འཁོར་བའི་སྡུག་བསྔལ་རྣམས་བསམ་པ་ཡིན་ཏེ༔ དེ་ལ་ཐོག་མར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི༔ ཤིན་ཏུ་རྙེད་པར་དཀའ་སྟེ༔ ཞི་བ་ལྷའི་ཞལ་ནས༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ༔ གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན༔ ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར༔ ཞེས་གསུངས༔ དེ་ཡང་དལ་བ་བརྒྱད་ནི། སྡུད་པ་ལས༔ མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད༔ ཅེས་གསུངས༔ མདོ་དྲན་པ་ཉེར་གཞག་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང༔ ཀླ་ཀློ་ཚེ་རིང་ལྷ་དང་ནི༔ ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ༔ ལྐུགས་པ་འདི་དག་མི་ཁོམ་བརྒྱད༔ ཅེས་གསུངས༔ འདི་དག་ཇི་ལྟར་མི་ཁོམ་པ་ཡིན་ཞེ་ན༔ དམྱལ་བ་ནི་རྟག་ཏུ་སྡུག་བསྔལ་བའི་རང་བཞིན་ཡིན་པའི་ཕྱིར་དང༔ ཡི་དྭགས་ནི་སེམས་ཚིག་པའི་རང་བཞིན་ཡིན་པའི་ཕྱིར་དང༔ དུད་འགྲོ་ནི་ཀུན་ཏུ་རྨོངས་པ་ཆེ་བའི་ཕྱིར་དང༔ དེ་དག་གསུམ་ཆར་ཡང་ངོ་ཚ་མེད་པ་དང༔ ཁྲེལ་མེད་པས་རྒྱུད་མ་རུངས་པར་གྱུར་པའི་ཕྱིར༔ ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པ་ཡིན་ནོ༔ ལྷ་ཚེ་རིང་པོ་ཞེས་བྱ་བ་ནི༔ གནས་ཀྱི་བདེ་བ་ལ་ཆགས་ནས་དགེ་བ་ལ་འབད་མི་ཁོམ་པའོ༔ དེ་ལྟར་འགྲོ་བ་རིགས་དྲུག་ལ་དལ་བ་མེད་པར་བཤད་པ་ཡིན་ནོ༔ མི་ཡིན་དུ་ཟིན་ཀྱང༔ ཀླ་ཀློ་ནི་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་བའི་ཕྱིར་རོ༔ ལོག་ལྟ་ཅན་ནི༔ དགེ་བ་མཐོ་རིས་དང་ཐར་པའི་རྒྱུར་མ་མཐོང་བའི་ཕྱིར་རོ༔ སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་དུ་སྐྱེས་པ་ནི༔ བྱ་བ་དང་བྱ་བ་མ་ཡིན་པ་སྟོན་པ་མེད་པའི་ཕྱིར་རོ༔ ལྐུགས་པ་ནི་ལེགས་པར་བཤད་པ་དང་ཉེས་པར་བཤད་པའི་ཆོས་རང་ཉིད་ཀྱིས་ཤེས་པར་མི་ནུས་པའི་ཕྱིར་རོ༔ དེ་ལྟར་བརྒྱད་པོ་དེ་དག་དང་བྲལ་བ་ནི༔ དལ་བ་ཕུན་སུམ་ཚོགས་པ་ཞེས་བྱའོ༔ འབྱོར་པ་ནི་རང་གི་འབྱོར་པ་ལྔ༔ གཞན་གྱི་འབྱོར་པ་ལྔ་སྟེ་བཅུའོ༔ དེ་ལ་རང་གི་འབྱོར་པ་ལྔ་ནི༔ ཇི་སྐད་དུ༔ མི་ཉིད་དབུས་སྐྱེས་དབང་པོ་ཚང༔ ལས་མཐའ་མ་ལོག་གནས་ལ་དད༔ ཅེས་པ་རྣམས་སོ༔ དེ་ལ་མི་ཉིད་ནི༔ མི་རྣམས་དང་སྐལ་པ་མཉམ་པ༔ སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པའོ༔ ཡུལ་དབུས་སུ་སྐྱེས་པ་ནི༔ སྐྱེས་བུ་དམ་པ་རྣམས་ལ་བརྟེན་དུ་ཡོད་པའི་སར་སྐྱེས་པའོ༔ དབང་པོ་ཚང་བ་ནི༔ གླེན་པ་དང་ལྐུགས་པ་མ་ཡིན་པ་སྟེ༔ དགེ་བའི་ཆོས་སྒྲུབ་པའི་སྐལ་པ་ཡོད་པའོ༔ གནས་ལ་དད་པ་ནི༔ སྟོན་པས་གསུངས་པའི་དམ་པའི་ཆོས་འདུལ་བ་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ལ་དད་པའོ༔ ལས་ཀྱི་མཐའ་མ་ལོག་པ་ནི༔ ཚེ་འདི་ལ་མཚམས་མེད་པའི་ལས་མ་བྱས་པའོ༔ གཞན་གྱི་འབྱོར་པ་ལྔ་ནི༔ སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང༔ དམ་པའི་ཆོས་བསྟན་པ་དང༔ ཆོས་བསྟན་པ་རྣམས་གནས་པ་དང༔ ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང༔ གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའོ༔ དེ་ལྟར་རང་གཞན་གཉིས་ཀྱི་བཅུ་པོ་དེ་དག་དང་ལྡན་པ་ནི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱའོ༔ དེ་ལྟར་དལ་འབྱོར་རྣམ་གཉིས་འཛོམ་པ་དེ་མི་ལུས་རིན་པོ་ཆེ་ཡིན་ནོ༔ ཅིའི་ཕྱིར་དེ་ལ་རིན་པོ་ཆེ་ཞེས་བྱ་ཞེ་ན༔ ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པ་སྟེ༔ རྙེད་པར་དཀའ་བས་ན་རིན་པོ་ཆེ་ཞེས་བྱ༔ ཕན་འདོགས་ཆེ་བས་ན་རིན་པོ་ཆེ་ཞེས་བྱའོ༔ དེ་ལ་རྙེད་པར་དཀའ་བ་ནི༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ མི་འགྱུར་བ་ནི་དཀའ་བ་སྟེ༔ མི་སྲོག་ཐོབ་པའང་དཀའ་བ་ཡིན༔ དམ་པའི་ཆོས་ཐོབ་དཀའ་བ་སྟེ༔ སངས་རྒྱས་འབྱུང་བའང་དཀའ་བ་ཡིན༔ ཞེས་གསུངས༔ དཔེ་ཇི་ལྟར་རྙེད་པར་དཀའ་ན༔ སྤྱོད་འཇུག་ལས༔ དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས༔ རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི༔ བུ་གར་རུ་སྦལ་མགྲིན་ཆུད་ལྟར༔ མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས༔ ཞེས་པ་ལྟར་རོ༔ གང་ཟག་ནི༔ ངན་སོང་གསུམ་དུ་སྐྱེས་པ་རྣམས་ཀྱིས་རྙེད་པར་དཀའ་བ་ཡིན་ནོ༔ ཕན་འདོགས་ཆེ་བ་ནི༔ སློབ་དཔོན་ཙནྡྲ་གོ་མཱིའི་ཞལ་ནས༔ གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང༔ བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ༔ ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི༔ མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད༔ བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༔ སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི༔ ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༔ མཁའ་ལྡིང་ཤ་ཟ་མིའམ་ཅི་དང་ལྟོ་འཕྱེས་མིན༔ ཞེས་གསུངས་པས༔ དལ་འབྱོར་གྱི་མི་ལུས་འདིས༔ མི་དགེ་བ་སྤང་ནུས་པ༔ དགེ་བ་སྒྲུབ་ནུས་པ༔ འཁོར་བའི་རྒྱ་མཚོ་ལས་བརྒལ་ནུས་པ༔ བྱང་ཆུབ་ཀྱི་ལམ་བགྲོད་ནུས་པ༔ རྫོགས་པའི་སངས་རྒྱས་ཐོབ་ནུས་པ་ཡིན་ནོ༔ ཞི་བ་ལྷས༔ མི་ཡི་གྲུ་ལ་བརྟེན་ནས་ནི༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ༔ ཅེས་གསུངས་པས༔ དལ་འབྱོར་ཐོབ་པ་དོན་དང་ལྡན་པ་ཞིག་བྱེད་དགོས་ཏེ༔ དེ་ཉིད་ལས༔ གྲུ་འདི་ཕྱིས་ནས་རྙེད་དཀའ་བས༔ རྨོངས་པ་དུས་སུ་གཉིད་མ་ལོག༔ ཅེས་པ་དང༔ འདི་འདྲའི་དལ་བ་རྙེད་ནས་ནི༔ བདག་གིས་དགེ་གོམས་མ་བྱས་ན༔ འདི་ལས་བསླུས་པ་གཞན་མེད་དེ༔ འདི་ལས་བླུན་པའང་གཞན་མེད་དོ༔ ཞེས་པ་དང༔ མདོ་ལས༔ ཤིན་ཏུ་རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར༔ གཏན་གྱི་བདེ་བ་སྒྲུབ་ལ་མི་སྒྲིམ་པར༔ སྙོམ་ལས་དོན་མེད་བྱ་བས་གཡེང་བྱེད་ན༔ དེ་ནི་སྐྱེས་བུ་སྙིང་ཡོད་ཇི་ལྟར་ཡིན༔ དུས་འདིར་འབད་ན་གཏན་གྱི་བདེ་ཐོབ་ཅིང༔ མ་འབད་སྡུག་བསྔལ་འཁོར་བའི་རྒྱ་མཚོར་འཁྱམས༔ གཏན་གྱི་བདེ་སྡུག་གདམ་དུ་ཡོད་དུས་འདིར༔ མི་ཉིད་ཡིན་ན་དུས་འདིར་འབད་པར་རིགས༔ ཞེས་གསུངས༔ དེ་ལྟར་རྙེད་པར་དཀའ་ཞིང་ཕན་འདོགས་ཆེ་ཡང༔ འཇིག་པར་ཤིན་ཏུ་སླ་སྟེ༔ ཚེ་སྲོག་ལ་གསོས་འདེབས་མཁན་ནི་མེད༔ འཆི་བའི་རྐྱེན་ནི་མང༔ དུས་སྐད་ཅིག་མ་ནི་མི་སྡོད་པའི་ཕྱིར་རོ༔ དེ་ལྟར་ཡང་སྤྱོད་འཇུག་ལས༔ དེ་རིང་ཁོ་ན་མི་འཆི་ཞེས༔ བདེ་བར་སྡོད་པ་རིགས་མ་ཡིན༔ བདག་ནི་མེད་པར་འགྱུར་བའི་དུས༔ དེ་ནི་གདོན་མི་ཟ་བར་འབྱུང༔ ཞེས་གསུངས༔ དེ་ཡང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཏེ༔ སངས་རྒྱས་ཀྱི་ཞལ་ནས་དགེ་སློང་དག་འདུས་བྱས་ཐམས་ཅད་མི་རྟག་པའོ༔ ཇི་ལྟར་མི་རྟག་པ་ནི༔ ཆེད་དུ་བརྗོད་པའི་ཚོམས་ལས༔ བསགས་པ་ཀུན་གྱི་མཐའ་འཛད་ཅིང༔ བསླང་བའི་མཐའ་མ་འགྱེལ་བར་འགྱུར༔ འཕྲད་པའི་ཐ་མ་འབྲལ་བ་སྟེ༔ གསོན་པའི་ཐ་མ་འཆི་བར་འགྱུར༔ ཞེས་གསུངས་སོ༔ དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་སྟེ༔ ཆགས་འཇིག་སྣ་ཚོགས་བྱེད༔ ནམ་ཟླ་དུས་བཞིར་འགྱུར་ཞིང་གནས་སྐབས་མི་གཅིག་པར་འགྲོ༔ ཉི་ཟླ་འཆར་ནུབ་སོགས་སྐད་ཅིག་ཀྱང་མི་རྟག༔ ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱང་མི་རྟག་སྟེ༔ འཕགས་པ་རྒྱ་ཆེར་རོལ་པ་ལས༔ སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས༔ ཞེས་གསུངས༔ དེ་ཡང་འཇིག་རྟེན་འདིར་ཡུན་རིང་པོར་མི་སྡོད༔ ནམས་ཀྱང་འཆི་དགོས་ཤིང༔ མི་འཆི་བའི་རྐྱེན་དུ་གྱུར་པ་ནི་གང་ཡང་མེད༔ ཁ་ཟས་ལ་སོགས་པ་མི་འཆི་བའི་རྐྱེན་ཡིན་ཡང་བརྣང་སྟེ་འཆི་བ་ཡོད༔ རྫས་དང་ཡོ་བྱད་ལ་སོགས་པ་རང་འཚོ་བར་བྱེད་པའི་མཐུན་རྐྱེན་ཡིན་ཡང༔ དེ་བསྒྲུབ་པའི་ཐོབ་ཤ་ལ་འཆི་བ་དཔག་ཏུ་མེད་པ་ཡོད༔ ཚེ་མི་སྡོད་པ་ནི༔ ཆུ་བོའི་རྒྱུན་ནམ་སྤོས་རྒྱའི་ཚིགས་པ་དང་འདྲ་སྟེ༔ སྤྱོད་འཇུག་ལས༔ ཉིན་མཚན་སྡོད་པ་ཡོང་མེད་པར༔ ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༔ སྣོན་པ་གུད་ནས་ཡོང་མེད་ན༔ བདག་ལྟ་འཆི་བར་ཅིས་མི་འགྱུར༔ ཞེས་གསུངས༔ ཤི་བའི་དུས་སུ་ཉེ་འབྲེལ་དང་ནོར་རྫས་དང་ལུས་ལ་སོགས་རྩིས་པོ་ཆེ་རྣམས་དང་འགྲོགས་དབང་མི་ཡོང་སྟེ་མྱུར་དུ་བྲལ་བ་ཡིན་ནོ༔ སྤྱོད་འཇུག་ལས༔ ཐམས་ཅད་བོར་ཏེ་འཆི་དགོས་པར༔ བདག་གིས་དེ་ལྟར་མ་ཤེས་ནས༔ ཞེས་སོགས་གསུངས་སོ༔ དེ་ཡང་འཆི་སྟེ་ངེས་པར་འཆི༔ ནམ་འཆི་ཆ་མེད༔ དུས་ལ་བབ་པའི་འཆི་བ་ལ༔ ཅིས་ཀྱང་མི་སྟོངས་བར་འཆི་སྟེ༔ རྒན་པ་འཆི་བ་ཡོལ་རྒྱུ་མེད༔ གཞོན་པ་ལ་མ་རན་བྱ་བ་མེད༔ དར་བབ་པ་ལ་འཆི་བས་མི་ཚུགས་བྱ་བ་མེད༔ ཁམས་ཆེ་ཆུང་དྲག་ཞན་མེད་པར་འཆི་བའི་རྒྱ་ལས་མ་འདས་ཏེ༔ སློབ་དཔོན་དཔའ་བོས༔ ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི༔ རྡོ་རྗེའི་སྐུ་ཡང་མི་རྟག་ན༔ ཆུ་ཤིང་སྙིང་པོ་འདྲ་བ་ཡི༔ ལུས་ཅན་རྣམས་ལ་སྨོས་ཅི་དགོས༔ ཞེས་གསུངས༔ བསགས་པའི་ནོར་གྱིས་ཀྱང་མི་སྟོངས་ཏེ༔ ཡང་དེ་ཉིད་ལས༔ རྙེད་པ་མང་པོ་ཐོབ་གྱུར་ནས༔ ཡུན་རིང་དུས་སུ་བདེ་སྤྱད་ཀྱང༔ ཆོམ་པོས་འཕྲོག་པ་ཇི་བཞིན་དུ༔ སྒྲེན་མོ་ལག་པ་སྟོང་པར་འགྲོ༔ ཞེས་གསུངས༔ དེ་བས་རང་གི་ལུས་ཀྱིས་ཀྱང་མི་སྟོངས་ཏེ༔ སྤྱོད་འཇུག་ལས༔ དཀའ་བ་མང་པོས་བསྒྲུབས་པ་ཡི༔ ཟས་དང་སྐོམ་གྱིས་བསྐྱངས་པའི་ལུས༔ རང་དང་མི་འགྲོགས་བྱ་ཁྱིས་ཟ༔ ཡང་ན་འབར་བའི་མེ་ཡིས་ཚིག༔ ཡང་ན་ཆུ་ཡི་ནང་དུ་འབྲུལ༔ ཡང་ན་ས་ཡི་དོང་དུ་སྦ༔ ཞེས་གསུངས་སོ༔ དེ་ལྟར་འཆི་བ་ནམ་ཡོང་ཆ་མེད་དེ༔ མདོ་ལས༔ སང་དང་འཇིག་རྟེན་ཕྱི་མ་གཉིས༔ སྔོན་དུ་གང་འོང་གཏོལ་མེད་པས༔ སང་གི་ཚེས་ལ་མ་འབད་པར༔ ཕྱི་མའི་དོན་ལ་འབད་པར་རིགས༔ ཞེས་གསུངས༔ ད་ལྟ་ལུས་ནི་སྟོབས་དང་ལྡན༔ བྱད་བཞིན་མདངས་དང་ལྡན་པ༔ ཚོར་བ་ནི་བདེ་བ་དང་ལྡན་པ༔ འཆི་བ་ཡིད་ཀྱི་དགུ་ལ་མི་བྱེད་པ་གཅིག༔ དེ་རིང་ལྟ་བུར་འཆི་ནད་ཀྱིས་བཏབ་ནས༔ ལུས་ཀྱི་སྟོབས་ཤོར་ནས་ཙོག་པུ་ཡང་མི་ནུས༔ བྱད་ཀྱི་བཀྲག་ཤོར་ཏེ༔ འོམ་པོ་བཀྲག་མེད་དུ་སོང༔ ཚོར་བ་སྡུག་བསྔལ་ཏེ་ན་ཚ་ལ་ཚུགས་ཐབས་མེད༔ ཟུག་གཟེར་ལ་ཆོག་པ་མེད༔ སྨན་དང་དཔྱད་ཀྱང་མ་ཟུག༔ ཆོ་ག་དང་རིམ་གྲོས་ཀྱང་མ་ཕན༔ འཆི་བར་ནི་ཤེས༔ བྱ་ཐབས་ནི་མེད༔ གཉེན་གྱི་མཐའ་མས་ནི་བསྐོར༔ ཟས་ཀྱི་ཐ་མ་ནི་ཟ༔ གཏམ་གྱི་ཐ་མ་ནི་ཟློ༔ དེ་ནས་དབུགས་དེ་ཆད་ནས་དེ་རིང་ཕན་ཆད་ཇི་ལྟར་གཅེས་པས་ཁྱིམ་དེར་མེད་དུ་མི་བཏུབ་པ་གཅིག་ཡིན་ཡང༔ རོ་དེ་ཁྱིམ་དུ་ཞག་མང་དུ་བཞག་མ་འོས་པར༔ མལ་དུ་ཁུར་ཐག་ཤར་གྱིས་བྲེས་ནས་རོ་ཁུར་གྱིས་རོ་ཁུར་ཏེ་ཕྱིར་འདོན་ཏེ༔ ལ་ལས་ནི་རོ་དེ་ལ་འཇུས་ཤིང་མཆོང་བ་ལྟར་བྱེད༔ ཁ་ཅིག་ནི་ངུ་ཞིང་གམ་པ་ལྟར་བྱེད༔ ལ་ལ་ནི་འབོག་ཅིང་བརྒྱལ་བ་ལྟར་བྱེད༔ གཞན་ཁ་ཅིག་ན་རེ༔ འདི་ནི་ས་ཡིན༔ འདི་ནི་རྡོ་ཡིན༔ ཁྱོད་དེ་ལྟར་མ་བྱེད་ཅོལ་ཆུང་བ་སྐད་ཟེར༔ དེ་ཐེམ་པ་ཐལ་གྱིས་བརྒལ་ནས༔ རྣམ་པ་ཐམས་ཅད་དུ་ནང་དུ་མི་ལྡོག་ཅིང་དུར་ཁྲོད་དུ་བསྐྱལ་ནས༔ འབུས་ཞིག་པའམ༔ ཁྱི་ཅེ་སྤྱང་ལ་སོགས་པས་ཟོས་པ་ཀེང་རུས་འཐོར་བ་དང༔ སྐྲ་རྣམས་ཀྱང་ཕྱོགས་སུ་འཐོར་ཞིང༔ ཤ་ལ་སོགས་པ་བྱ་རོག་གིས་ཁྱེར་ནས༔ གོག་གོག་ཟེར་བ་མཐོང་བ་དང༔ ཆེ་གེ་མོ་ཤི་ལོ༔ རོ་གཅིག་འདུག་གོ་ཟེར་ནས་གཞན་གླེང་བར་འགྱུར་ཏེ༔ མདོ་ལས༔ བདག་ནི་གདོན་མི་ཟ་བར་འཆི་འགྱུར་ཏེ༔ ཤི་ནས་གཞན་གྱི་གཏམ་དུ་འགྱུར་ཏེ་འོང༔ ཞེས་གསུངས༔ དེ་ལྟར་ཤི་བས་མི་ཆོག་ལས་རྗེས་སུ་འབྲངས་ཏེ༔ བསགས་པའི་ནོར་རྫས་ཞིང་ཁང་དང་ཆུང་མ་ལ་སོགས་གཞན་གྱིས་ལོངས་སྤྱོད་དོ༔ དེ་ཡི་ཆེད་དུ་བསགས་པའི་སྡིག་པ་མི་དགེ་བ་རང་རང་གི་རྗེས་སུ་འབྲངས་ཏེ༔ རྒྱལ་པོ་ལ་གདམས་པ་ལས༔ དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་གྱུར་ན༔ ལོངས་སྤྱོད་རྫས་དང་ཉེ་དུ་རྗེས་མི་འབྲང༔ སྐྱེས་བུ་དེ་ནི་གར་གནས་གར་འགྲོ་ཡང༔ ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༔ ཞེས་དང༔ མདོ་ལས༔ ལུས་ནི་འཇིགས་རུང་ཉིད་དུ་འགྱུར་ངེས་ཏེ༔ སེམས་ནི་དབང་མེད་ལས་ཀྱིས་ཁྲིད་པར་བྱེད༔ ཅེས་གསུངས༔ དེ་ཡང་ལས་དཀར་ནག་གི་འབྲས་བུ་ནམ་ཡང་ཆུད་མི་ཟ་བར་སྨིན་ཏེ༔ ལས་བརྒྱ་པ་ལས༔ ལུས་ཅན་དག་གི་ལས་རྣམས་ནི༔ བསྐལ་པ་བརྒྱར་ཡང་ཆུད་མི་ཟ༔ ཚོགས་ཤིང་དུས་ལ་བབ་པ་ན༔ འབྲས་བུ་ཉིད་དུ་སྨིན་པར་འགྱུར༔ ཞེས་གསུངས་སོ༔ དེ་ཡང་ལས་འབྲས་ཀྱི་དབྱེ་བ་ནི༔ བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས༔ བསོད་ནམས་ཀྱི་ལས་འབྲས་དང༔ མི་གཡོ་བའི་ལས་འབྲས་སོ༔ དང་པོ་ནི༔ སྤྱིར་མང་ཡང༔ ལས་ཀྱི་ལམ་བསྡུས་པ་མི་དགེ་བཅུ་སྟེ༔ ལུས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་གསུམ༔ ངག་གི་སྒོ་ནས་རྫུན་ལ་སོགས་པ་བཞི༔ ཡིད་ཀྱི་སྒོ་ནས་བརྣབ་སེམས་ལ་སོགས་པ་གསུམ་མོ༔ དེ་རེ་རེ་ལ་ཡང་དོན་གསུམ་གསུམ་སྟེ༔ དབྱེ་བ་དང༔ འབྲས་བུ་དང༔ ཁྱད་པར་སོགས་རྒྱས་པར་ཤེས་པར་བྱའོ༔ དེ་དག་ཐམས་ཅད་ལ་ཡང་ཉོན་མོངས་པའི་སྒོ་ནས་རྣམ་པར་གཞག་པ་དང༔ གྲངས་ཀྱི་སྒོ་ནས་རྣམ་པར་གཞག་པ་དང༔ ཡུལ་གྱི་སྒོ་ནས་རྣམ་པར་གཞག་པའོ༔ དེ་ལ་དང་པོ་ནི༔ ཞེ་སྡང་གི་སྒོ་ནས་མི་དགེ་བ་དེ་དག་སྤྱད་ན་དམྱལ་བར་སྐྱེ་བར་འགྱུར་རོ༔ འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས་སུ་འགྱུར་རོ༔ གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ༔ ཇི་སྐད་དུ༔ ཆགས་པས་ཡི་དྭགས་འགྲོ་བར་འགྱུར༔ ཞེ་སྡང་གིས་ནི་དམྱལ་བར་འཕེན༔ རྨོངས་པ་ཕལ་ཆེར་དུད་འགྲོར་འགྱུར༔ ཞེས་པ་དང༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དེས་བསྐྱེད་ལས་ནི་མི་དགེ་བ༔ མི་དགེ་བ་ལས་སྡུག་བསྔལ་དང༔ དེ་བཞིན་ངན་འགྲོ་ཐམས་ཅད་དོ༔ ཞེས་གསུངས༔ སྤྱོད་འཇུག་ལས༔ མི་དགེ་བ་ལས་སྡུག་བསྔལ་འབྱུང༔ འདི་ལས་ཇི་ལྟར་ངེས་ཐར་ཞེས༔ ཉིན་མཚན་རྟག་ཏུ་བདག་གིས་ནི༔ འདི་ཉིད་འབའ་ཞིག་བསམ་པར་རིགས༔ ཞེས་གསུངས་སོ༔ བསོད་ནམས་ཀྱི་ལས་རྒྱུ་འབྲས་ལ༔ ལས་ནི་མི་དགེ་བ་བཅུ་སྤངས་པ་ནི་དགེ་བ་བཅུ་ཡིན་ལ༔ གཞན་ཡང་འཇུག་པའི་ལས་དང་བསྟུན་ན༔ གཞན་གྱི་སྲོག་འདོན་པ་དང༔ སྦྱིན་པ་རྒྱ་ཆེན་གཏོང་བ་དང༔ ཚངས་པར་སྤྱོད་པ་ལ་གནས་པ་དང༔ བདེན་པ་དྲང་པོར་སྨྲ་བ་དང༔ གཞན་མི་མཛའ་བ་རྣམས་བསྡུམ་པ་དང༔ ཞི་དེས་དང་གསོང་པོར་བཤད་པ་དང༔ དོན་དང་ལྡན་པའི་ཚིག་སྨྲ་བ་དང༔ ཆགས་པ་ཆུང་ཞིང་ཆོག་ཤེས་པ་དང༔ བྱམས་པ་ལ་སོགས་པ་བསྒོམ་པ་དང༔ ཡང་དག་པའི་དོན་ལ་འཇུག་པའོ༔ དེའི་འབྲས་བུ་ལ་ཡང༔ རྣམ་པར་སྨིན་པའི་འབྲས་བུ༔ རྒྱུ་མཐུན་པའི་འབྲས་བུ༔ དབང་གི་འབྲས་བུ་སོགས་རྒྱ་ཆེར་གསུངས་ཤིང༔ དེ་ཡང་དགེ་བ་ང་རྒྱལ་དང་འདྲེས་པས་ལྷར་སྐྱེ༔ དགེ་བ་ཕྲག་དོག་དང་འདྲེས་པས་ལྷ་མ་ཡིན་དུ་སྐྱེ༔ དགེ་བ་འདོད་ཆགས་དང་འདྲེས་པས་མིར་སྐྱེ་བར་གསུངས༔ དེ་བས་ན་ལས་ཕྲ་མོ་དག་ལའང་སྤང་བླང་བྱ་དགོས་ཏེ༔ དེ་ཡང་ཚོམ་ལས༔ སྡིག་པ་ཆུང་ངུ་བྱས་པས་ཀྱང༔ འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༔ ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ༔ ཁོང་པར་སོང་བའི་དུག་བཞིན་ནོ༔ ཞེས་གསུངས༔ དགེ་བའི་ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འབྱིན་ཏེ༔ ཚོམ་ལས༔ བསོད་ནམས་ཆུང་ངུ་བྱས་པས་ཀྱང༔ འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན༔ དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ༔ འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན༔ ཞེས་གསུངས་སོ༔ ལས་ཀྱི་རྣམ་པར་སྨིན་པ་ནམ་ཡང་ཆུད་མི་ཟ་བར་སྨིན་པར་ངེས་ཏེ༔ དྲན་པ་ཉེར་གཞག་ཆུང་བ་ལས༔ མེ་ནི་གྲང་བར་འགྱུར་ཡང་སྲིད༔ རླུང་ནི་ཞགས་པས་ཟིན་ཡང་སྲིད༔ ཉི་ཟླ་ཐང་ལ་ལྷུང་ཡང་སྲིད༔ ལས་ཀྱི་རྣམ་སྨིན་བསླུ་མི་སྲིད༔ ཅེས་གསུངས༔ དེ་ལྟར་ལས་བཟང་ངན་གྱིས་འཁོར་བའི་བདེ་སྡུག་སྣ་ཚོགས་སྐྱེད་པར་བྱེད་དེ༔ ལས་བརྒྱ་པ་ལས༔ ལས་རྣམས་ཀྱང་ནི་སྣ་ཚོགས་པས༔ དེ་ཡིས་འགྲོ་འདི་སྣ་ཚོགས་བྱས༔ ཞེས་གསུངས༔ དེ་ཡང་འཁོར་བའི་མཐོ་དམན་གར་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ༔ གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས༔ གང་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས༔ གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་མ་གཏོགས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད༔ དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དྲག་ལ་རྒྱུན་རིང་བ་ཡོད་དེ༔ བཤེས་སྤྲིང་ལས༔ འདི་ན་མི་གཅིག་མདུང་ཐུང་སུམ་བརྒྱ་ཡིས༔ རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ༔ དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༔ འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ༔ ཞེས་གསུངས༔ ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་བསྲན་མི་བཟོད་པ་ཡོད་དེ༔ ཇི་སྐད་དུ༔ ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ༔ ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉན༔ མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ༔ འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ༔ ཞེས་གསུངས༔ དུད་འགྲོ་ལ་གླེན་ཞིང་གཏི་མུག་པ་དང༔ བཀོལ་སྤྱོད་ཀྱི་སྡུག་བསྔལ་མི་བཟད་པ་ཡོད་དེ༔ ཇི་སྐད་དུ༔ དབང་མེད་གཞན་དག་རྡོག་པ་ལག་པ་དང༔ ལྕགས་དང་ལྕགས་ཀྱུ་གདབ་པས་འདེབས་ཏེ་བཀོལ༔ ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག༔ ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར༔ ཞེས་གསུངས༔ དེ་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་བྱ་བ་ཡིན༔ བདེ་འགྲོ་ལྷ་མིར་སྐྱེས་ཀྱང་སྡུག་བསྔལ་ལས་མི་འདའ་སྟེ༔ འགྱུར་བའི་སྡུག་བསྔལ་ཞེས་བྱ་བ་མི་ཡི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུའི་སྤྱོད་ཡུལ་ཐོབ་ཀྱང༔ མཐར་སྡུག་བསྔལ་དུ་འགྱུར་ཏེ༔ ཇི་སྐད་དུ༔ འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༔ འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར༔ ཞེས་གསུངས༔ དེར་མ་ཟད་ལྷ་ཡི་དབང་པོ་ལྟ་བུའི་ལུས་དང་ལོངས་སྤྱོད་ཐོབ་ཀྱང༔ མཐར་འཆི་འཕོ་ཞིང་ལྟུང་བ་ཡིན་ཏེ༔ ཇི་སྐད་དུ༔ བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༔ ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང༔ ཞེས་གསུངས་སོ༔ དེར་མ་ཟད་ལྷ་ཡི་རྒྱལ་པོ་ཚངས་པ་ལྟ་བུ་འདོད་ཆགས་དང་བྲལ་ནས༔ བསམ་གཏན་སྙོམས་འཇུག་གི་བདེ་བ་ཐོབ་ཀྱང་མཐར་ལྷུང་བ་ཡང་ཡིན་ཏེ༔ ཇི་སྐད་དུ༔ ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར༔ མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི༔ སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ༔ ཞེས་གསུངས་སོ༔ དེ་ལ་མི་ཡི་སྡུག་བསྔལ་གྱི་དབང་དུ་བགྱིས་ན༔ སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་ཐོག་དྲངས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ༔ ཇི་སྐད་དུ༔ མངལ་འཇུག་གི་མདོ་ལས༔ དེ་བཞིན་སྐྱེ་བ་ཡང་སྡུག་བསྔལ་ལོ༔ རྒས་པ་ཡང་སྡུག་བསྔལ་ཡིན་ནོ༔ ན་བ་ཡང་སྡུག་བསྔལ་ཡིན་ནོ༔ འཆི་བ་ཡང་སྡུག་བསྔལ་ཡིན་ནོ༔ སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ༔ མི་སྡུག་པ་དང་འཕྲད་པ་ཡང་སྡུག་བསྔལ་ཡིན་ནོ༔ གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ༔ ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ལ་དང་པོ་ནི་སྐྱེ་བ་གཞན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ལ༔ དེ་ལ་སྐྱེ་གནས་བཞིར་གསུངས་ཀྱང༔ ཕལ་ཆེར་མངལ་ནས་སྐྱེའོ༔ འདིའི་དབང་དུ་བྱས་ན༔ དང་པོ་སྲིད་པ་བར་དོ་ནས་མངལ་དུ་འཇུག་ཁར་ཡང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང༔ མངལ་དུ་ཞུགས་ནས་ཀྱང༔ ཚ་གྲང་ནད་དང་སྡུག་བསྔལ་དཔག་མེད་ཡོད་དོ༔ གཞན་ཡང་མི་གཙང་བའི་འདུ་ཤེས་དང༔ དྲི་མི་ཞིམ་པའི་འདུ་ཤེས་དང༔ མུན་ནག་གི་འདུ་ཤེས་དང༔ བཙོན་རའི་འདུ་ཤེས་དང༔ ཡོངས་སུ་སྐྱེས་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བར་འགྱུར་རོ༔ མངལ་ནས་ཕྱིར་བྱུང་བའི་དུས་སུ་པགས་པ་བཤུས་ནས་རྩིག་ཟུར་ལ་བྲད་པ་ཙམ་གྱི་སྡུག་བསྔལ་ཡོད་དེ༔ སློབ་སྤྲིང་ལས༔ ཤིན་ཏུ་མི་གཙང་དྲི་ང་གཙེ་བས་འགག༔ རབ་ཏུ་དོག་པ་མུན་ནག་འཐིབ་པོར་འདུག་པ་ཡི༔ མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས༔ ལུས་ཀྱང་བསྐུམས་ལ་སྡུག་བསྔལ་ཆེན་པོར་གནས་དགོས་སོ༔ ཞེས་གསུངས༔ རྒས་པའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ༔ མདོར་ན་བཅུའོ༔ དེ་ཡང་གཟུགས་ཡོངས་སུ་འགྱུར་བ་དང༔ དེ་བཞིན་དུ་སྐྲ་དང༔ པགས་པ་དང༔ ཁ་དོག་དང༔ མཐུ་སྟོབས་དང༔ གཟི་བརྗིད་དང༔ བསོད་ནམས་དང༔ ནོར་མེད་པ་དང༔ སེམས་ཡོངས་སུ་འགྱུར་བ་དང༔ གནས་སྐབས་འདས་ཤིང་ཚེའི་འཇུག་བསྡུ་བས་སོ༔ དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས༔ རྒས་པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད༔ རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས༔ རྒས་པས་བདེ་བ་འཕྲོག་ཅིང་སྡུག་བསྔལ་བསྐྱེད༔ རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག༔ ཅེས་གསུངས་སོ༔ ན་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ༔ མདོར་ན་བདུན་ཏེ༔ དེ་ཡང་ན་ཟུག་དྲག་པོས་བཏབ་པའི་སྡུག་བསྔལ་དང༔ དཔྱད་རྩུབ་མོ་བྱེད་པ་དང༔ སྨན་ཚ་བ་བསྟེན་པ༔ བཟའ་བཏུང་འདོད་པ་འགོག་པ༔ སྨན་པའི་ངོ་བསྲུང་བ༔ ཡོ་བྱད་ཟད་པ༔ ཤི་དོགས་པའི་སྡུག་བསྔལ་རྣམས་ཡོད་དོ༔ དེ་ཡང་རྒྱ་ཆེ་རོལ་པ་ལས༔ ནད་བརྒྱ་མ་སྤངས་ནད་འཐིབས་སྡུག་བསྔལ་གྱིས༔ འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན༔ ཞེས་གསུངས་སོ༔ འཆི་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ༔ རྒྱལ་པོ་ལ་གདམས་པའི་མདོ་ལས༔ རྒྱལ་པོ་ཆེན་པོ༔ དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུགས་ཏེ༔ རྒྱགས་པ་དང་ནི་བྲལ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ནད་ཀྱིས་ནི་གདུང༔ ཁ་ནི་སྐམ༔ བཞིན་འགྱུར༔ རྐང་ལག་ནི་གཡོབ༔ ལས་ནི་མི་ནུས༔ ཁ་ཆུ་འོང༔ སྣབས་དང༔ གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས༔ སྒྲ་ངར་ངར་པོ་ནི་འདོན༔ སྨན་པས་ནི་བོར༔ མལ་གྱི་ཐ་མར་ནི་ཉལ༔ འཁོར་བའི་ཆུ་རྒྱུན་དུ་ནི་ནུབ༔ གཤིན་རྗེའི་མིས་ནི་འཇིགས་ཤིང་སྐྲག༔ དབུགས་རྒྱུ་བ་ནི་ཆད༔ ཁ་དང་སྣ་ནི་གདངས༔ འཇིག་རྟེན་འདི་ནི་འདོར༔ འཇིག་རྟེན་ཕ་རོལ་དུ་ནི་འགྲོ༔ སྐྱས་ཆེན་པོ་ནི་འདེགས༔ མུན་ནག་ཆེན་པོར་ནི་ཞུགས༔ གཡང་ས་ཆེན་པོར་ནི་ལྷུང༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འཁྱམས༔ ནོར་བགོ་བཤའ་བྱ་བ་ནི་མེད༔ ཀྱི་ཧུད་ཕ༔ ཀྱི་ཧུད་མ༔ ཀྱི་ཧུད་བུ༔ ཞེས་ནི་ཟེར་ཏེ༔ དེ་ཡི་ཚེ་རྒྱལ་པོ་ཆེན་པོ་ཆོས་མ་གཏོགས་པ་སྐྱབས་དང་མགོན་དང་དཔུང་གཉེན་ནི་གཞན་མེད་དོ༔ ཞེས་གསུངས༔ སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི༔ ཕ་མ་བུ་ཚ་ལ་སོགས་པ་ཡིད་ལ་གཅགས་པ་ཤི་བའི་ཚེ༔ མྱ་ངན་དང༔ གདུང་བ་དང༔ སྨྲེ་ངག་དང༔ ངུ་འབོད་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ནི༔ དགྲ་སྡང་བས་ཉེན་པའི་ཚེ་འཐབ་རྩོད་དང༔ བརྡེག་བཙོག་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ༔ སྡུག་བསྔལ་ཕྱི་མ་གཉིས་ནི་གོ་སླའོ༔ ལྷ་མིན་ལ་ལྷའི་སྡུག་བསྔལ་དང་ཆ་མཚུངས་པའི་སྟེང་དུ་ང་རྒྱལ་དང་ཕྲག་དོག་དང༔ འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ༔ དེ་ལྟར་ཡང༔ ལྷ་མིན་དག་ནི་རང་བཞིན་གྱིས་ལྷ་ཡི༔ དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ༔ ཞེས་གསུངས༔ འདོད་ཁམས་ཀྱི་ལྷ་ལ་ཡང་ལྷ་མིན་དང་འཐབ་པའི་སྡུག་བསྔལ་དང༔ འདོད་པས་མ་ངོམས་པའི་སྡུག་བསྔལ་དང༔ སྤ་བཀོང་བའི་སྡུག་བསྔལ་དང༔ བཅད་པ་དང་འབྲལ་བ་དང༔ གསོད་པ་དང༔ སྤྱུགས་པ་དང༔ འཆི་འཕོ་བ་དང༔ དེ་ལྟ་བུའི་སྡུག་བསྔལ་མྱང་བར་འགྱུར་ཏེ༔ ཇི་སྐད་དུ༔ ལྷའི་བུ་འཆི་བ་ན་ལྟས་ལྔ་འབྱུང་བར་འགྱུར་ཏེ༔ གོས་དྲི་མ་ཅན་དུ་འགྱུར༔ མེ་ཏོག་གི་ཕྲེང་བ་རྙིང་པར་འགྱུར༔ མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར༔ ལུས་ལ་དྲི་ང་བ་འབྱུང་བར་འགྱུར༔ རང་གི་སྟན་ལ་མི་དགའ་བར་འགྱུར༔ ཞེས་གསུངས༔ བསམ་གཏན་པ་རྣམས་ཏིང་འཛིན་གྱིས་མྱོས་པ་ལ་སོགས་པ་གནས་ངན་ལེན་གྱི་སྡུག་བསྔལ་དཔག་ཏུ་མེད་དེ༔ དེས་ན་འཁོར་བའི་གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན་མེ་འབར་བའི་ཁང་པ་ལྟ་བུ་ཡིན་ནོ༔ དཔལ་མགོན་བྱམས་པའི་ཞལ་ནས༔ སེམས་ཅན་དམྱལ་བ་དམྱལ་མེས་ཉམས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས༔ དུད་འགྲོ་གཅིག་ལ་གཅིག་ཟས་ཉམས༔ མི་དག་འཚོ་བ་ཐུང་བས་ཉམས༔ ལྷ་དག་བག་མེད་པ་ཡིས་ཉམས༔ འཁོར་བ་ཁབ་ཀྱི་རྩེ་ཙམ་ལ༔ བདེ་བ་ནམ་ཡང་ཡོད་མ་ཡིན༔ ཞེས་གསུངས༔ ཞེས་པ་འདི་ཡང་རིག་འཛིན་ཆེན་པོ་སངས་རྒྱས་གླིང་པས་གཏེར་ཚབ་ཏུ་སྦས་པ་ཡིན་ནམ་བསམ། རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོའི་གཡོན་ཟུར་ནས་རིག་འཛིན་འཇའ་ཚོན་སྙིང་པོས་འཕྲལ་དུ་གདན་དྲངས་པའོ།། །།

རྟ་གླུད་གཏང་བ་བསྡུས་པ་ (Volume 51, Text 22)

རྟ་གླུད་གཏང་བ་བསྡུས་པ་བཞུགས་སོ། །ན་མོ་ཨཱརྻ་རེ་མནྟ་ཡེ། རྟ་གླུད་ཟན་ནམ་རྩྭ་ལ་རྟ་གཟུགས་བྱ། །གླུད་དང་ཆངས་བུ་ཏིང་ལོ་སྤུ་གླུད་བྲན། །རང་ཉིད་ལྷར་གསལ་འདི་སྐད་བརྗོད་པར་བྱ། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། བྷྲཱུྃ་ལས་རིན་ཆེན་སྣོད་དུ་ཏི་ཡིག་ལས། །རྟ་གླུད་རྟ་མཆོག་རིན་ཆེན་དཔག་མེད་དང་། །གཡུང་དྲེལ་རླུང་གི་བོང་བུ་གྭ་པ་སོགས། །རླུང་གཤོག་རྫུ་འཕྲུལ་རྐང་པ་མྱུར་མགྱོགས་ལྡན། །མིག་ལ་ཉི་ཟླའི་འོད་ཟེར་རབ་འཕྲོ་ཞིང་། །སྤུ་ལས་འདོད་ཡོན་སྣ་ལྔའི་འོད་ཟེར་འཕྲོ། ཁ་རླངས་དྲི་བཟང་ན་བུན་ཕྱོགས་བཅུར་འཕྲོ། །གཅིག་ལས་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་འཕྲོ། །གླུད་དང་ཆངས་བུ་བདུད་རྩིའི་ཞལ་ཟས་མཆོག །རང་རང་ཡིད་མཐུན་ཟད་མེད་ལོངས་སྤྱོད་གྱུར། །ཨོཾ་ཨ་ཀཱ་རོ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། ཧཱུྃ། ཕྱོགས་མཚམས་སྟེང་འོག་ཀུན་ན་གནས་པ་ཡི། །རྟ་དྲེལ་རྔོག་ཆགས་རྣམས་ལ་གནོད་བྱེད་པའི། །བགེགས་དང་ལོག་འདྲེན་བཙན་སྲི་འབྱུང་པོའི་ཚོགས། །ལན་ཆགས་གླུད་གཏོར་ལེན་ཕྱིར་འདིར་འདུས་ཤིག །གང་དག་མྱུར་དུ་འོང་བར་མི་བྱེད་རྣམས། །དཀོན་མཆོག་གསུམ་དང་ཁྲོ་རྒྱལ་རྟ་མགྲིན་གྱི། །བདེན་པའི་སྟོབས་ཀྱིས་རང་དབང་མེད་པར་ཁུག །ཊཱ་ཀི་ཧཱུྃ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་བྱ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །རྟ་གླུད་འདོད་ཡོན་ཟད་མེད་ལོངས་སྤྱོད་འདི། །གནོད་བྱེད་གདོན་བགེགས་ལོག་འདྲེན་ཀུན་ལ་སྦྱིན། །རྡོ་རྗེ་མཆུ་ཅན་སྤྲིན་གྱི་སྒྲོན་མེ་དང་། ཁམས་གསུམ་བདག་པོ་བྱི་ན་ཡ་ཀ་དང་། །གདོན་ཆེན་བཅོ་བརྒྱད་སྟོང་ཕྲག་བརྒྱད་ཅུའི་བགེགས། །ཐམས་ཅད་མཆོད་སྦྱིན་གླུད་འདིས་ཚིམས་པར་མཛོད། །གཟའ་སྲིན་ཀླུ་སྲིན་འགོང་པོ་དམ་སྲིའི་ཚོགས། །ས་སྲིན་ཡུལ་འདྲེ་གྲི་བོ་གྲི་མོ་དང་། །མི་ལ་བསེ་རག་འབྱུང་པོ་ཐེའུ་རང་སོགས། །གླུད་ལ་དབང་བ་ཐམས་ཅད་གླུད་འདི་ལོངས། །ཤི་འདྲེ་དུར་སྲི་དྲི་ཟ་དབུགས་ལེན་ཚོགས། །ཟ་འདྲེ་གཤེད་འཁྱམས་ལམ་འདྲེ་སྒབ་འདྲེ་དང་། །ཤི་འདྲེ་གསོན་འདྲེ་མི་ཁ་བྲ་མཆུའི་ཚོགས། །ཐམས་ཅད་གླུད་ཀྱིས་ངོམས་ཤིང་ཚིམས་པར་མཛོད། །ཆུ་བཙན་ཤིང་བཙན་ལ་བཙན་ལ་སོགས་པ། །རྟ་དྲེལ་རྔོག་ཆགས་ལ་གནོད་བཙན་སྲི་རྣམས། །རྟ་དྲེལ་རྔོག་ཆགས་སྟོང་བས་ལྷག་པ་ཡི། །རྟ་གླུད་རྒྱན་དང་ལྡན་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་ཚེ་རབས་ཐོག་མེད་ནས། །བཞོན་པ་རྔོག་ཆགས་བརྐུས་ཕྲོགས་བརྡུངས་བསད་ཀྱི། །ལན་ཆགས་བུ་ལོན་བདག་པོ་ཐམས་ཅད་ལ། །རྔོག་ཆགས་གླུད་བཟང་རྒྱ་ཆེན་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ་བདུན་བརྗོད། ཧཱུྃ། བགེགས་དང་ལན་ཆགས་བཙན་སྲི་གླུད་བདག་རྣམས། །གླུད་གཏོར་བདུད་རྩིའི་ལོངས་སྤྱོད་འདི་ཕུལ་བས། །ཐམས་ཅད་མ་ལུས་ངོམས་ཤིང་ཚིམས་གྱུར་ནས། །ཕྱིན་ཆད་གནོད་ཅིང་འཚེ་བ་མ་བྱེད་ཅིག །ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། །རང་ལ་དཔེ་ལོངས་གཞན་ལ་གནོད་འཚེ་སྤོངས། །ས་བོན་ཁ་མངར་འབྲས་བུ་མི་བསླུ་བཞིན། །དགེ་སྡིག་གང་བྱས་རང་ལ་ངེས་པར་སྨིན། །དེ་ཕྱིར་ཁྱེད་རྣམས་རྒྱལ་བའི་བཀའ་ལ་ཉོན། །གླུད་འདི་ཁྱེར་ལ་ཕྱིན་ཆད་མ་གནོད་ཅིག །གལ་ཏེ་བསྔོས་པའི་གླུད་གཏོར་མི་ལེན་ནམ། །བླངས་ཀྱང་ད་རུང་གནོད་པ་བྱེད་གྱུར་ན། །དཀོན་མཆོག་གསུམ་དང་ཆོས་ཉིད་རྣམ་དག་དང་། །རྒྱུ་འབྲས་བསླུ་བ་མེད་པ་བདེན་པའི་སྟོབས། །རྟ་མཆོག་ཧེ་རུ་ཀ་དང་གསང་བའི་བདག །གུ་རུ་རྡོ་རྗེ་གྲོ་ལོད་མཐུ་སྟོབས་ཀྱིས། ཁྱེད་ཀྱི་ལུས་སྲོག་རྡུལ་དུ་བརླག་པར་འགྱུར། །ཚར་མང་པོ་གཏོང་ན་འདི་ཡན་ཝིག །དེ་བས་གླུད་གཏོར་ཁྱེར་ལ་གཞན་དུ་དེངས། །ཕྱིན་ཆད་ནམ་ཡང་གནོད་པར་མ་བྱེད་ཅིག །ཅེས་བརྗོད། ཨོཾ་སུམྦྷ་ནི་སོགས་མཚམས་བཅད་སྲུང་འཁོར་བསྒོམ་པར་བྱའོ། །ཞེས་རང་ལ་མཁོ་བ་བྱུང་དུས་རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བ་ལ་ཉེས་པ་གང་མཆིས་བཤགས་ཤིང་སེམས་ཅན་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། །།

བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ (Volume 21, Text 22)

༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། གང་མཚན་དྲི་མེད་ནོར་བུའི་དོ་ཤལ་ནི། །རྣ་ལུང་དཔྱང་པའི་མོད་ནས་ཡིད་ཅན་ཀུན། །བྱང་ཆུབ་སྤྱོད་པའི་གྲོང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་པས་དགེ་ལེགས་མཛོད། །རིན་ཆེན་ཐེམ་སྐས་ལ་བརྟེན་ནས། །གཞལ་མེད་ཁང་བཟང་འཇུག་པ་ལྟར། །སངས་རྒྱས་ཞིང་ཁམས་ཡོངས་སྦྱོང་བའི། །ཆོ་ག་བདེ་ཅན་ཤིང་རྟ་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གཏེར་གཞུང་རྩ་བའི་རྡོ་རྗེའི་གསུང་ལས། སྣང་བ་མཐའ་ཡས་ལ་བསྟེན་ནས༔ སངས་རྒྱས་ཞིང་ཁམས་སྦྱོང་བ་ནི༔ རང་གི་མདུན་དུ་འོད་དཔག་མེད༔ འཁོར་དང་བཅས་པའི་ཞིང་བཀོད་དང༔ ཇི་ལྟར་འབྱོར་པའི་མཆོད་པ་བཤམ༔ ཞེས་གསུངས་པ་ལྟར། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་དར་དང་བརྐྱང་ནུལ་ལེགས་པར་བསྟར། གནས་ཁང་གི་སྟབས་བདེ་ན་ནུབ་ཕྱོགས་སམ། དེ་མིན་གུང་གི་ཆར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་འོད་དཔག་མེད་པའི་ཞིང་བཀོད་མཚན་ཉིད་དང་ལྡན་པ་དགྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། བྱེ་བྲག་ཏུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་མཛེས་སུ་བཤམ། ཉེ་ལོགས་ཅི་བདེ་བར་གཟུངས་བུམ་དང་། ཁྲུས་བུམ། མེ་ལོང་། སྐུ་ཕྱིས། གོས་ཟུང་། མཎྜལ། རོལ་མོའི་བྱེ་བྲག་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱ། གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། གཞུང་ལས། སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྐྱེད༔ ཅེས་པ་ལྟར་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཞར་བྱུང་གནས་ཡོ་བྱིན་གྱིས་བརླབ་པའོ། །དང་པོ་ནི། སྒྲུབ་པ་པོ་རྣམས་ཁྲུས་བྱས་གོས་གཙང་མ་གྱོན། རྟེན་ལ་ཞལ་ཕྱོགས་ཏེ། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། གང་ལྟར་ཡང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་ངེས་འབྱུང་གི་བློ་བཅོས་པ་དང་། སྙིང་རྗེ་ཆེན་པོའི་ཡིད་ཀྱིས་མཚམས་སྦྱར་ཏེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་འོད་དཔག་ཏུ་མེད་པ་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་མོས་ཏེ། ན་མོ༔ བླ་མ་མགོན་པོ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ་ལ་སོགས་པས་སྐྱབས་སུ་འགྲོ །གཉིས་པ་སེམས་བསྐྱེད་པ་ནི། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞིས་བློ་སྦྱང་། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་གནས་ཡོ་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟེ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨ་བཱ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་སྒྲུབ་པ། ཚོགས་གསག་པ། སྨོན་ལམ་གདབ་པའོ། །དང་པོ་ནི། སྦྱོར་བ་སྐྱབས་སེམས་བྱས་པས་བསོད་ནམས་ཀྱི་ཚོགས་དང་། འོག་ཏུ་འབྱུང་བ་བཞིན་སྭ་བྷཱ་བའི་སྔགས་ཀྱིས་གཟུང་འཛིན་ལྟར་སྣང་བའི་ཆོས་ཀུན་འོད་གསལ་དུ་སྦྱངས་པས་ཡེ་ཤེས་ཀྱི་ཚོགས་བསགས་ནས། ཚོགས་གཉིས་རང་འབྲས་སྒྱུ་མ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དང་བདག་མདུན་ལྷའི་སྐུར་ལྡང་བའི་ཕྱིར་གཏེར་གཞུང་རྡོ་རྗེའི་གསུང་གིས་འདི་ལྟར་དུ་གསལ་གདབ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ས་ཕྱོགས་ཀུན༔ དག་པའི་ཞིང་ཁམས་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་དབུས༔ པདྨ་ཟླ་བའི་སྙིང་པོ་ལ༔ རང་ཉིད་འཕགས་པ་སྤྱན་རས་གཟིགས༔ དཀར་དམར་མདངས་ལྡན་ཐལ་མོ་སྦྱར༔ བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མདུན་དུ་རྨ་བྱས་བཏེག་པ་ཡི༔ རིན་ཆེན་མཛེས་ཁྲིར་པད་ཟླའི་སྟེང༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་ཆོས་གོས་གསོལ༔ བྱང་ཆུབ་ཤིང་ཆེན་རབ་རྒྱས་པ༔ ཡིད་འཕྲོག་གྲིབ་བསིལ་ལ་བརྟེན་ནས༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཡས་སུ་འཕགས་པ་སྤྱན་རས་གཟིགས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ པད་དཀར་རྒྱས་པའི་སྡོང་བུ་བསྣམས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ མཐིང་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་དྲིལ་བུ་འཛིན༔ མདུན་དུ་འཕགས་ཚོགས་འདུས་པ་དང༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔ ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོག་ཅིང༔ ཐེག་མཆོག་བདུད་རྩིས་དགྱེས་པ་ཅན༔ མངོན་སུམ་བཞིན་དུ་གསལ་བར་གྱུར༔ ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ་པ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་སྤྱན་འདྲེན་སོགས་ཀྱི་ངལ་བ་ལ་མི་ལྟོས་པ་གཞུང་རྩ་བར་མ་གསུངས་ཀྱང་། ལས་དང་པོ་པའི་རིགས་ཅན་རྣམས་སྤྲོས་པ་ལ་དགའ་བས་བགྱིད་པར་སྤྲོ་ན། རང་གི་མོས་འདུན་རྩེ་གཅིག་པ་དང་། མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀའི་དཔལ་བེའུ་དང་། སྨིན་མཚམས་ཀྱི་མཛོད་སྤུ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པ་ཆོས་སྐྱོང་བའི་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྤོས་བཏུལ་ཞིང་དབྱངས་སྙན་པོ་དང་བཅས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་གསོལ་བས། བདེ་བ་ཅན་གྱི་ཞིང་ནས་སྔོན་གྱི་ཐུགས་དམ་ལས་བརྩམ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ནས་མངོན་པར་གཤེགས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་གསོལ། དེ་ནས་སྐུ་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསཏྲ་ཨཱ་ལཾ་ཀཱ་ར་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །རཏྣ་ཨཱ་ས་ན་པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་གདན་ཕུལ་བས། ནོར་བུའི་གཞལ་མེད་ཁང་ཆེན་པོའི་དབུས་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱས་པའི་གྲིབ་བསིལ་དུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་མདུན་གྱི་ཚོགས་ཞིང་གསལ་གདབ་པ་རྣམས་དང་དབྱེར་མེད་པར་སངས་རྒྱས་འཁོར་དང་བཅས་ཏེ་བཞུགས་པར་བསམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་དོ། །གཉིས་པ་ཚོགས་གསག་པ་ལ་གསུམ། ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བ། ཞིང་སྦྱོང་གི་དམིགས་པ་ལ་བསླབ་པའོ། །དང་པོ་ནི། གཞུང་ལས། ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་པ་ལྟར། ཐོག་མར་ཕྱག་འཚལ་བ་ནི། མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། འོད་དཔག་མེད་བཀོད་པའི་མདོ་ལས་གསུངས་པ་ལྟར། ལངས་ནས་ནུབ་ཀྱི་ཕྱོགས་སུ་གདོང་ཕྱོགས་པའམ་ཕྱོགས་པར་མོས་པས་མེ་ཏོག་འཐོར་བ་དང་བཅས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་བདུན་བཟླ། དེ་ནས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོད་མདོ་ལྟར་རོ།་་་འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་པ། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་པ། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་པའི། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འོད་ནི་དཔག་མེད་བློ་ནི་མཐའ་ཡས་མཚུངས། །གཞན་གྱི་འོད་ནི་གང་ཡང་མི་གསལ་ཏེ། །ཉི་ཟླ་ནོར་བུའི་ཚོགས་ཀྱི་འོད་རྣམས་ནི། །འཇིག་རྟེན་ཀུན་ན་ལྷམ་མེ་ལྷན་མ་ལགས། །སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། །དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང་། །ཡེ་ཤེས་དཔག་མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་རྣམས་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབ་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། གཉིས་པ་མཆོད་པ་འབུལ་བ་ལ། སྤྱིར་འབུལ་བ་ནི། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་སྔགས་ཀྱང་བརྗོད། བྱེ་བྲག་ཏུ་ཉེར་སྤྱོད་སོགས་འབུལ་བ་ནི། དངོས་སུ་བཤམས་པའི་མཆོད་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་མཐའ་ཡས་པས་མཆོད་པར་བསམ་ལ། བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་གནྡྷཻ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ འདོད་ཡོན་འབུལ་བ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། རྟགས་བརྒྱད་འབུལ་བ་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་མཆོག་ལས། །རང་བྱུང་བཀྲ་ཤིས་རྟགས་ཀྱིས་ཕྱག་བརྒྱན་པ། །ཡིད་འོང་ལྷ་མོ་བརྒྱད་ཀྱིས་ནམ་མཁའི་ཁམས། །བཀང་སྟེ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཏྣ་པྲ་ཏཱིཙྪ་སྭཱ་ཧཱ། རྫས་བརྒྱད་ནི། སངས་རྒྱས་བསོད་ནམས་ཆེན་པོའི་གཟི་བརྗིད་ལས། །ལྷུན་གྲུབ་དགེ་ལེགས་བྱེད་པའི་རྫས་མཆོག་བརྒྱད། །བདེ་གཤེགས་སྲས་དང་བཅས་ལ་འབུལ་བར་བགྱི། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་སྩོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱལ་སྲིད་ནི། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་ཀྱི་བཅུད། །རྣམ་དཀར་བྱེ་བས་བསྐྲུན་པའི་རིན་ཆེན་བདུན། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་བཀང་སྟེ་འབུལ། །འགྲོ་ཀུན་ཐར་པའི་རྒྱལ་སྲིད་ལ་སྤྱོད་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཙཱ་རུའི་བཟའ་བའི་ཞལ་ཟས་འབུལ་བ་ནི། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་ལོ། །མཎྜལ་འབུལ་བ་ནི། རིན་པོ་ཆེའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་གི་རླན་དང་བཅས་པ་ལ་རིན་པོ་ཆེ་དང་སྨན་དང་འབྲུ་སོགས་ཀྱི་ཚོམ་བུ་འགོད་ཅིང་། ཚོམ་བུ་སོ་བདུན་མ་སོགས་རྒྱས་པར་འབུལ་བའམ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ བླ་མ་མགོན་པོ་འོད་དཔག་མེད༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་བརྒྱ་སྟོང་སོགས་ཅི་ནུས་འབུལ། སྤྲོ་ན་སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨོ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་ཚིག་དོན་ཡིད་ལ་དྲན་བཞིན་པས་ཕུལ་བའི་མཐར། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱེ༔ ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་པ་དང་བསྙེན་བཀུར་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་ནི་སྤྱོད་འཇུག་སོགས་ཀྱི་ཚིགས་བཅད་དང་སྤེལ་ཏེ་རྒྱས་པར་བྱ་བའམ། བསྡུ་ན། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་བརྗོད། དེ་ནས་སྐབས་འདིར་འོད་དཔག་མེད་བཀོད་པའི་མདོ་ལས། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ན་ང་ཅི་མ་རུང་སྙམ་དུ་སེམས་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་རྒྱུའི་གཙོ་བོར་ངེས་པས་ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱེ་རྒུ་རྒ་དང་འཆི་ལས་རབ་ཐར་བགྱི། །སྦྱིན་དང་དུལ་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཏིང་འཛིན་དེ་བཞིན་ཤེས་རབ་མཆོག །བརྟུལ་ཞུགས་འདི་དག་བདག་གིས་ཡང་དག་བླང་། །སེམས་ཅན་ཀུན་སྐྱོབ་སངས་རྒྱས་འགྱུར་བར་བགྱི། །བྱང་ཆུབ་ཞིང་མཆོག་མཚུངས་མེད་ཚོལ་བགྱིད་ཅིང་། །སངས་རྒྱས་བྱེ་བ་བརྒྱ་སྟོང་དུ་མ་ཕྲག །གངྒཱའི་བྱེ་མ་ལྟ་བུར་མཐའ་ཡས་པ། །མགོན་པོ་དེ་ཀུན་བདག་གིས་མཆོད་པར་བགྱི། །གངྒཱའི་རྡུལ་དང་མཉམ་པའི་འཇིག་རྟེན་ཁམས། །དེ་བས་གོང་དུ་མཐའ་ཡས་ཞིང་གི་ཁམས། །དེ་དག་ཀུན་ཏུ་འོད་ནི་རབ་འབྱིན་པ། །འདི་འདྲའི་བརྩོན་འགྲུས་སྟོབས་ནི་བརྩམ་པར་བགྱི། །བདག་གིས་ཞིང་ཡང་གཙོ་བོ་དམ་པ་མཆོག །འདུས་བྱས་འདིར་ནི་བརྒྱན་པ་བགྱིས་ནས་སུ། །མཚུངས་པ་མ་མཆིས་མྱ་ངན་འདས་དབྱིངས་བདེ། །དེ་ཡང་མ་མཆིས་པས་ནི་རྣམ་པར་སྦྱང་། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་དམ་བཅའ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་གྱུར། །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས་སྤྲོ་ན་འདོད་པའི་དོན་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ། དག་པའི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་རྫུས་ཏེ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བརྗོད། གཉིས་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཐོག་མར་བཟླས་པའི་ཕྲིན་ལས་མཛད་པའི་སླད་དུ། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱི་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། མཆོད་པའི་ཚོགས་སྦྱར་བའི་གནས་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་ནས། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པ་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་ནི་བྲལ་ཏེ། ཆོས་ཀྱི་སྣོད་དུ་རུང་བར་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིག །ཅེས་བདེན་པའི་ཚིག་གིས་བསྔོས་པས་འཕགས་པ་རྣམས་ཀྱིས་གནང་བ་བསྩལ་ཞིང་ཇི་ལྟར་བསྔོས་པ་བཞིན་མངོན་དུ་བྱུང་བར་བསམ་ལ། བཟླས་པའི་དམིགས་པ་ནི། གཞུང་ལས། རང་གི་ཐུགས་ནས་འོད་འཕྲོས་པས༔ སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔ བདེ་ཅན་ཞིང་དུ་སྐྱེ་བ་ཡི༔ རྒྱུ་འབྲས་སྣོད་དང་ལྡན་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་ཅི་ནུས་དང་། སྣང་མཐའ་རྗེས་དྲན་གཟུངས་ཀྱང་བཟླ༔ ཞེས་གསུངས་པས། ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པ་འདི་ཅི་རིགས་པར་བཟླ། ཁྱད་པར་གཟུངས་བུམ་ལ་དམིགས་ཏེ། སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་སྐུའི་ཆ་ཐམས་ཅད་ལས་བྱུང་བའི་འོད་ཟེར་གྱིས་བུམ་ཆུ་ལ་ཁྱབ་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྙིང་པོ་དང་གཟུངས་ཅི་ནུས་སུ་བཟླའོ། །གསུམ་པ་ཞིང་སྦྱོང་གི་དམིགས་པ་ལ་བསླབ་པ་ནི། ཁྱད་པར་ཞིང་གི་བཀོད་པ་ལ༔ རྩེ་གཅིག་ཡིད་བཟུང་མོས་གུས་བསྐྱེད༔ ཅེས་དང་། མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས་དེ་བཞིན་གཤེགས་པ་དེ་རྣམས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་འདི་དག་འཆི་བའི་དུས་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། སྤྲོ་ཞིང་ནུས་ན་འོད་དཔག་མེད་ཀྱི་ཞིང་བཀོད་བསྟན་པའི་མདོ་གསལ་དག་སྙན་གསུམ་དང་ལྡན་པས་བཀླག་ཅིང་དོན་རྩེ་གཅིག་ཏུ་ཡིད་ལ་བྱ། གང་ལྟར་ཡང་བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ངོ་མཚར། མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་བསྐྱེད་དང་སྨོན་ལམ། འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཀྱི་རྣམ་ཐར་ལ་དྲན་པ་ཉེ་བར་བཞག་པས་ལུས་ཀྱི་བ་སྤུ་གཟིང་བ་དང་། མིག་ནས་མཆི་མ་འཁྲུགས་པ་སོགས་མོས་གུས་ཉམས་སྐྱེ་བ་ནི་དང་བའི་དད་པ། དེ་ལྟ་བུའི་ཞིང་ཁམས་དེར་རང་དང་སེམས་ཅན་ཐམས་ཅད་སྐྱེ་བར་འདོད་པ་འདོད་པའི་དད་པ། དེ་ལ་བློ་གཞན་ནམ་ཡང་མི་འགྱུར་བས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བ་ནི་ཕྱིར་མི་ལྡོག་པའི་དད་པ་སྟེ། དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ལ་རྩེ་གཅིག་ཏུ་སེམས་བཟུང་བ་ལ་བསླབ་པ་ནི་ཞིང་སྦྱང་གི་དམིགས་པ་དངོས་གཞི་ཡིན་པས་བག་ཆགས་བརྟན་པོ་བཞག་པ་ཤིན་ཏུ་གལ་ཆེའོ། །གསུམ་པ་སྨོན་ལམ་གདབ་པ་ནི། གཞུང་ལས། དགེ་བའི་རྩ་བ་ཐམས་ཅད་ཀུན༔ ཞིང་དེར་སྐྱེ་བའི་རྒྱུ་རུ་བསྔོ༔ རྣམ་དག་སྨོན་ལམ་རྒྱ་ཆེར་གདབ༔ ཞེས་གསུངས་པས་སྟན་ཐོག་གཅིག་ཏུ་གསག་སྦྱོང་སྤེལ་གསུམ་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བདག་གཞན་ཡིད་ཅན་མཐའ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་སླར་ཡང་ཕྱག་མཆོད་སོགས་ཀྱིས་མཚམས་སྦྱར་ནས་སྨོན་ལམ་གདབ་པར་བྱ་སྟེ། ཡོངས་སུ་བསྔོ་བའི་མདོ་ལས།་་་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྙེད་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྙོག་མ་ཡིད་གཉིས་བསལ་ནས་དང་པོར་ནི། །ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད། །བླ་མ་ལ་ཡང་དགའ་དང་གུས་པས་བཏུད་པར་བགྱི། གང་ཞིག་ཕྱོགས་ཀུན་དག་ན་ད་ལྟ་བྱུང་བ་ཡི། །འགྲོ་ལ་བྱམས་པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང་། །འདས་དང་ཕྱིས་འབྱུང་བ་ཡི་རྒྱལ་བ་ཐམས་ཅད་ལ། །བདག་གི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་དབུལ། ཐལ་མོ་སྦྱར་བ་དང་བཅས་ཏེ། ཡོན་ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེ་ནི་གཏན་དུ་བྲལ་བ་དག །ཐམས་ཅད་ཉེ་བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིང་། །ཟླ་ཉི་ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། །དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །རབ་བྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱི་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང་། །ལུས་དང་སྲོག་ལ་དགའ་མེད་ཤོག །བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང་། །ས་བཅུ་ཐོབ་ནས་དེ་དག་གི །རྣམ་པར་དགེ་བའི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག །སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེ་ལྡན་ནས་སུ། །འགྲོ་བ་རྣམས་ལ་སྨན་དང་བདེ་བར་བགྱི། །དགེ་བའི་རྩ་བ་དེས་སེམས་ཅན་འགྲོ་བ་དྲུག་ལ་བརྟེན་པ་གང་ལགས་པ་དེ་དག་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ས་རབ་ཏུ་དགའ་བ་དང་། །དེ་བཞིན་དུ་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ས་བཅུ་ཆོས་ཀྱི་སྤྲིན་ལ་དགོད་པར་བགྱིའོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་བརྟན་པར་གནས་པའི་ཐབས་ལ་མངོན་པར་བརྩོན་པ་མངོན་དུ་འགྲོ་བ་ཡོངས་སུ་བསགས་པའི་ཏིང་ངེ་འཛིན་དང་། ངེས་པར་འབྱུང་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཏོག་གི་ཏིང་ངེ་འཛིན་དང་། རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་ཏོག་གི་ཏིང་ངེ་འཛིན་དང་། སྙིང་རྗེ་བསགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པའི་ཏིང་ངེ་འཛིན་ལ་དགོད་པར་བགྱིའོ། །དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་མི་ཟད་པར་སྒྲུབ་པའི་གཟུངས་དང་། དེ་བཞིན་དུ་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པའི་གཟུངས་དང་། ཉི་མའི་ཏོག་སྣང་བ་མཐའ་ཡས་པའི་གཟུངས་དང་། ཟླ་བ་དྲི་མ་མེད་པའི་གཟི་བརྗིད་མངོན་པར་འཕགས་པའི་གཟུངས་དང་། ཀུན་ནས་དཀྲིས་པ་ཐམས་ཅད་རྣམ་པར་སེལ་བ་དང་། རྡོ་རྗེའི་སྙིང་པོ་བསྟན་པས་ཉོན་མོངས་པ་མཐའ་ཡས་པ་རྣམ་པར་འཐོར་བ་དང་། བརྗོད་དུ་མེད་པའི་དོན་དམ་པར་ཡང་དག་པར་འདུ་བ་དང་། ལྡེམ་པོའི་ཚིག་ཏུ་སྨྲ་བའི་སྒྲ་འཇུག་པ་དང་། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པར་སྒྲུབ་པ་དང་། ཟད་མི་ཤེས་པའི་ཕྱག་རྒྱས་བཏབ་པ་དང་། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ལ་དགོད་པར་བགྱིའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་ནས་གཟུངས་ཀྱི་སྒོ་བཅུའི་བར་དག་ལ་བཀོད་ནས་དེ་རྣམས་དང་ལྷན་ཅིག་འདི་ནས་འགུམ་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞིང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དེ་དང་། བཅོམ་ལྡན་འདས་མཐུ་ཆེན་ཐོབ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་འཁོར་དེ་རྣམས་མཉེས་པར་བྱེད་པར་གྱུར་ཅིག །བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་དག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པདྨེ་པདྨེ་ནི། པདྨ་ལོ་ཙ་ནི། པདྨ་སཾ་བྷ་བེ་སྭཱ་ཧཱ། ཅི་ནུས་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏ། ཨུདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ། བི་ཀྲཱནྟེ། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའང་བཟླས་མཐར། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ་ཅིང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། ཚར་གྲངས་གསོག་ན། མཆོད་པ་གསར་དུ་བཤམ་པའམ་ཞལ་གསོ་ཞིང་མཆོད་པའི་སྤྲིན་གྱི་སྔགས་བརྗོད་པས་གཟི་བྱིན་བསྐྱེད་ལ། སླར་ཡང་མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་ཞེས་སོགས། ཕྱག་འཚལ་ནས་གཟུང་འདི་ཡན་རྒྱས་བསྡུས་ཇི་ལྟར་རིགས་པ་བསྐྱར་ལ་གྲངས་བཟུང་ངོ་། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཉེར་བསྡུའི་རྣལ་འབྱོར། བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་གསར་དུ་བཤམ་པའམ་ཞལ་གསོས་ལ། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་རྒྱས་པར་སྤེལ་ནས། ཇི་སྙེད་སུ་དག་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་གྱི་ཡན་ལག་བདུན་པ་ཚང་བར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་འཛོམས་པའི་སྤྱན་སྔར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་གཙང་སྦྲས་མ་ཕྱེད་པ་དང་། མདོ་དང་རྒྱུད་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པར་གྱུར་པ་ཐམས་ཅད། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པ་ཅི་གནང་། ཞེས་ནོངས་པ་བཟོད་པར་གསོལ། གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། གཞུང་ལས། མདུན་གྱི་སྣང་བ་མཐའ་ཡས་ཀྱི༔ ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང༔ ཤངས་བུག་གཡས་ནས་རང་ཉིད་ཀྱི༔ སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔ འོད་ཟེར་སྣང་བ་རབ་འཕྲོས་པས༔ སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ རླུང་ཕྱིར་སོང་དང་ལྷན་ཅིག་ཏུ༔ སྣ་བུག་གཡས་ནས་བཅོམ་ལྡན་གྱི༔ ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔ རྒྱལ་བའི་ཐུགས་དང་རང་གི་སེམས༔ དབྱེར་མེད་བློ་འདས་ངང་དུ་གྱུར༔ ཞེས་བརྗོད་ཅིང་བསམ་ལ། སླར་ཡང་དབུགས་ཀྱི་འགྲོ་འོང་དང༔ དམིགས་པ་ཡང་ཡང་སྤེལ་བའི་མཐར༔ ཞེས་གསུངས་པ་ལྟར་དམིགས་པའི་རྟེན་གོམས་ལན་མང་དུ་བསྐྱར་བའི་རྗེས་སུ། བླ་མ་འོད་དཔག་མེད་པ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཉིད་སངས་རྒྱས་སྐུར་གྱུར་ཏེ༔ འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་གྱུར༔ ཞེས་བརྗོད་ཅིང་། ཞིང་གི་དམིགས་པ་ཁོ་ན་ལ༔ ཡང་དང་ཡང་དུ་བློ་བཞག་སྟེ༔ ཞེས་གསུངས་པ་ལྟར་དམིགས་པའི་རྩལ་སྦྱང་ངོ་། །གསུམ་པ་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་ནི། སྤྲོ་ཞིང་ནུས་ན། རང་གཞན་གྱི་བླ་མ་གོང་མ་དག་གིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་མདོ་རྒྱུད་ལས་འབྱུང་བའི་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་མེ་ཏོག་གི་ཆར་ཕབ། སླར་ཡང་གཏེར་ཁ་འདི་ཉིད་ལས་གསུངས་པའི། ཕྱོགས་བཅུ་དུས་བཞིའི་སོགས་ཀྱི་སྨོན་ལམ་དང་བདེན་པའི་སྟོབས་བརྗོད་པས་ཀྱང་དགེ་ལེགས་སུ་བྱའོ། །དེ་ལྟར་ཉིན་པར་གྱི་དུས་སུ་ཆོ་ག་ཅི་ལྕོགས་སུ་འབད་ཅིང་། ནུབ་མོ་ཉལ་བའི་སྐབས་གོང་དུ་བཤད་པའི་ཉེར་བསྡུའི་མཐར་རྣམ་པར་མི་རྟོག་པའི་ངང་དུ་ཁམས་གསོ་བར་བྱ་སྟེ། གཞུང་ལས། མཐར་ནི་མི་རྟོག་བདེ་བའི་ངང༔ ཉལ་བས་ཁམས་བདེ་རིག་པ་དྭངས༔ རྨི་ལམ་ཞིང་ཁམས་བགྲོད་པ་སོགས༔ དགེ་བའི་མཚན་མ་ཅི་ཡང་འབྱུང༔ ཞེས་པའི་རྟགས་མཐོང་བའི་བར་གྱིས་མཚོན་དུས་དང་རྒྱུན་དུ་བརྩོན་པའི་ཕན་ཡོན་ནི། འོད་དཔག་མེད་བཀོད་པའི་མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས་བཅོམ་ལྡན་འདས་དེའི་མཚན་ཐོས་ལ། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་བསྐྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་དང་། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་ནས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག །ཞེས་སོགས་འོད་དཔག་མེད་ཀྱི་མཚན་ཐོས་ཤིང་དད་པ་བསྐྱེད་པ་ཙམ་ཡང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་བདེན་ཚིག་གིས་བཀའ་བསྩལ་ན། ཆོ་ག་རྣམ་པར་དག་པས་ཚུལ་བཞིན་དུ་བསྒྲུབས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། གཞུང་ལས། དེ་ལྟར་ཐུན་རེ་མ་ཆགས་པར༔ བསྒོམས་ན་འཆི་བའི་དུས་ཀྱི་ཚེ༔ སངས་རྒྱས་མཐུ་ཡིས་སྒྲིབ་དག་ནས༔ བདེ་ཅན་ཞིང་དུ་ངེས་པར་སྐྱེ༔ ཞེས་གསུངས་པས་མཚོན་ཏེ་ཤེས་པར་བྱའོ། །འདིའི་བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་བཅས་གོང་དུ་བཤད་པའི་རིམ་པ་ཐུན་བཞིའམ་གསུམ་སོགས་བཅད་ལ། སྙིང་པོ་འབུམ་ཕྲག་དང་། གཟུངས་འབུམ་ཕྲག་བཞིའམ་གཅིག་སོགས་བཟླ། ཞིང་སྦྱོང་གི་དམིགས་པ་ལ་རྩེ་གཅིག་ཏུ་འབད་པས་གཞུང་ལས་གསུངས་པའི་རྟགས་རྣམས་ངེས་པར་མཐོང་བར་འགྱུར་རོ། །ཡང་འདིའི་སྒོ་ནས་སྨྱུང་བར་གནས་པ་བྱེད་ན། དུས་བཟང་སྤྱི་དང་། ཁྱད་པར་ཟླ་བ་གང་ཡང་རུང་བའི་ཚེས་བཅོ་ལྔ་ལ་ལྷག་པར་བསྔགས་པས། དོན་ཞགས་དང་བཅུ་གཅིག་ཞལ་གྱི་སྨྱུང་ཆོག་སོགས་ལས་འབྱུང་བ་ལྟར་གསོ་སྦྱོང་གི་སྡོམ་པ་བླངས་ཏེ། ཚེས་བཅུ་བཞི་ལ་རྐྱང་། བཅོ་ལྔ་ལ་ཁུག །བཅུ་དྲུག་ལ་རྗེས་ཆོག་བྱ། གཞན་སྤང་བླང་གི་བྱ་བ་ཐམས་ཅད་སྤྱི་ལྟར་ཉམས་སུ་བླངས་པས་ཕན་ཡོན་ལྷག་པར་ཆེའོ། །གཞན་ཡང་གཟུངས་བུམ་གྱི་ཆུས་རང་གཞན་ལ་ཁྲུས་བྱ་བ་དང་། གཤིན་པོའི་རུས་བུ་དང་། དུར་ཁྲོད་ཀྱི་ས་གཞིར་གཏོར་བས་ཀྱང་དམིགས་ཡུལ་གྱི་སྡིག་སྒྲིབ་བྱང་ཞིང་། དག་པའི་ཞིང་དུ་དབུགས་འབྱིན་པ་སོགས་ཀྱིས་ཕན་ཡོན་དང་ལྡན་པ་ཉིད་དོ། །ཞར་བྱུང་ཆོ་ག་མདོར་བསྡུས་ཏེ་བྱ་བའི་ཚུལ་ནི། འདི་ཉིད་གཙོ་བོར་བཟང་པོ་སྤྱོད་པའི་སྨོན་ལམ་དང་རྗེས་སུ་འབྲེལ་བས་ན། ཡན་ལག་བདུན་པ་བཟང་སྤྱོད་ཁོ་ན་ལྟར་བགྱིས་ཀྱང་རུང་བས། དེའི་ཚེ་མཆོད་པའི་ཡན་ལག་གི་རྗེས་སུ་མཆོད་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་བྱ། མཎྜལ་རྒྱས་བསྡུས་གང་རུང་འབུལ། སེམས་བསྐྱེད་བླངས་གྲུབ་ན་ལེགས། འདོད་གསོལ་དང་། གཟུངས་ཀྱི་ཕྲིན་ལས་ལ་བསྐུལ་བ་རྣམས་མ་བགྱིས་ཀྱང་རུང་། སྨོན་ལམ་བཟང་པོ་སྤྱོད་པ་ཁོ་ནས་འཐུས་པ་སོགས་སྐབས་ཕྱེད་པར་བྱས་ལ་ཉམས་སུ་བླང་ངོ་། །དེ་ལྟར་ན་གཙོ་བོར་འོད་དཔག་མེད་བཀོད་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་ཅིང་། ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་པའི་རྒྱུད་སོགས་དང་མཐུན་པར་བཀྲལ་བའི་གཞུང་དོན་ཇི་ལྟ་བར་ལེགས་པར་བཤད་ཟིན་ཏོ། །འཕགས་རྣམས་ཡེ་ཤེས་གཟིགས་པ་ནི། །དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །སངས་རྒྱས་བྱིན་རླབས་མཐུ་སྣང་བས། །བདག་གིས་འདི་ལྟར་བརྗོད་པ་སྙམས། །དེ་ལས་བྱུང་བའི་དགེ་བས་ཡིད་ཅན་ཀུན། །ཚེ་འདིར་མི་མཐུན་ཀུན་ཞི་ལེགས་ཚོགས་རྒྱས། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །སངས་རྒྱས་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཅེས་པའང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཐུགས་བཅུད་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་ཆ་ལག་འོད་དཔག་མེད་ཀྱི་ཞིང་སྦྱོང་གི་ཆོ་ག་ཉུང་གསལ་སྙིང་པོར་དྲིལ་བ་འདི་ཡང་། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་ཀྱིས་བསྐྱེད་ཡུམ་དམ་པ་སྐུ་གཤེགས་པའི་སྐབས། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བ་དང་སེམས་ཅན་རྒྱ་མཚོ་སྨིན་པར་མཛད་པའི་ཆ་རྐྱེན་དུ་གཙོ་བོར་དམིགས་ཤིང་། རང་གཞན་ལ་ཉེ་བར་མཁོ་བས་ཀྱང་མཚམས་སྦྱར་ཏེ། ཟབ་མོའི་ཆོས་ཚུལ་འདི་ཉིད་ལ་མཚོ་སྐྱེས་བླ་མ་ཡབ་སྲས་དགྱེས་པའི་ཐུགས་རྗེས་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ།། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མྱུར་ལམ་ (Volume 58, Text 22)

༄༅། །དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། རྡོ་རྗེ་གདོད་ནས་རྣམ་དག་དབྱིངས། །སེམས་དཔའ་ཡེ་ཤེས་ཆེན་པོར་ཤར། །ཟུང་འཇུག་གཉུག་མའི་བླ་མ་ལྷར། །བཏུད་ནས་དེ་ཡི་ཕྲིན་ལས་དབྱེ། །དེ་ལ་འདིར་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བྱེ་བྲག །སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བ་དཔལ་རྡོ་རྗེ་སེམས་དཔའ་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་སྡེབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་གནས་དབེན་ཞིང་ཡིད་དང་རྗེས་སུ་མཐུན་པར་སྟེགས་བུའི་དབུས་སུ་རྡུལ་ཚོན་ནམ་རས་བྲིས་ཀྱི་ཞི་དཀྱིལ་རྟ་བབས་སྣམ་བུ་བཞི་མ་སྤྱི་དང་མཐུན་པའི་ལྟེ་བར་སྐུའམ་ཕྱག་མཚན་གང་རིགས་བྲིས་པ་དགྲམ་པའམ། དེ་ཙམ་མ་གྲུབ་ན་མཎྜ་ལར་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་དང་། ཐོད་པ་བདུད་རྩིས་གང་བ། མེ་ལོང་ཤེལ་རྡོ་དང་བཅས་པ་རྣམས་བརྩེགས་མར་བཤམས་པའི། མཐའ་སྐོར་དུ་སྨན་རཀ་གཏོར་གསུམ་དང་། ཉེར་སྤྱོད། ཚོགས་གཏོར། ཉེ་ལོགས་ཅི་བདེ་བར་སྔོན་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། བསྙེན་རྐྱང་ཙམ་གྱི་སྐབས་སུ་སྨན་གཏོར་རཀྟ་ཉེར་སྤྱོད་བཅས་བཤམས་པས་ཀྱང་འཐུས། རྒྱུན་གྱི་རྣལ་འབྱོར་ལ་ནི་མཆོད་གཏོར་སོགས་ཀྱི་སྤྲོས་པ་མེད་ཀྱང་ཆོག་གོ །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ལ། མཚམས་གཅོད་སྐྱབས་སེམས་ཚོགས་གསག་བཤགས། །དམ་བཅའ་བྱིན་དབབ་མཆོད་པ་བརླབ། །ཅེས་བརྒྱད་ལས། དང་པོ་ནི། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་ལ་གནས་པས་འཁོད་དེ། ཚིག་བདུན་གསོལ་འདེབས་ཀྱིས་ཐོག་དྲང་། བླ་མ་སྐུ་གསུམ་དང་། སྤྲོས་བྲལ་བདེ་ཆེན་མ་སོགས་གསོལ་འདེབས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམ་ལ། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཅེས་པས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱ། སྔོན་གཏོར། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། གཏོར་མ་དང་པོ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གསོལ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རྒྱལ་བ་རྟག་པ་རྡོ་རྗེ་འཛིན༔ ཧེ་རུ་ཀ་དང་གར་དབང་ཆེ༔ ཉི་མ་རྟ་མཆོག་སྣང་མཛད་པའི༔ ཁྲོ་བོའི་རྒྱལ་པོ་ང་ཡིན་གྱི༔ ང་ཡི་བཀའ་ལས་འདའ་མ་བྱེད༔ དངོས་གྲུབ་ཆུ་ལ་རྡུལ་འཇུག་པའི༔ ལོག་འདྲེན་བདུད་རྣམས་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་ཅིང་དྲག་པོའི་ཚམ་རྔམ་དང་བཅས་པས་བགེགས་བསྐྲད་དེ་གཏོར་མ་ཕྱི་རོལ་དུ་དོར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་དུ༔ དཔལ་ཆེན་དཔལ་འབར་ཁྲོ་བོའི་རྒྱལ༔ གཉིས་མེད་ཡུམ་དང་རོལ་པ་ཡི༔ རྡོ་རྗེའི་ཞུགས་ནི་ཕྱོགས་བཅུར་འཕྲོ༔ མཚོན་ཆ་མེ་ཕུང་གུར་དུ་འཁྲིགས༔ ལས་ཀྱི་ཁྲོ་བོའི་དམག་དཔུང་གིས༔ ཕྱོགས་བཅུའི་འབྱུང་པོ་རྡུལ་དུ་རློགས༔ ཧཱུྃ་ཧཱུྃ་བཛྲ་ཏཱིཀྵྞ་ཛྭ་ལ་རཾ་རཀྵ་རཀྵ༔ ཞེས་སྲུང་བའི་འཁོར་ལོས་མཚམས་བཅད། གཉིས་པ་སྐྱབས་འགྲོ་ནི། ཞིང་ཁམས་ཡོངས་སུ་དག་པ་འོག་མིན་སྟུག་པོ་བཀོད་པ་དང་དབྱེར་མི་ཕྱེད་པར་གྱུར་པའི་མདུན་གྱི་ནམ་མཁར། བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ་སོགས་ཇི་ལྟར་རིགས་པ་བྱ། གསུམ་པ་སེམས་སྐྱེད་ནི། ཀུན་རྫོབ་སྨོན་འཇུག་གཉིས་གསལ་བཏབ་ལ། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ཞེས་བརྗོད་ཅིང་དོན་དམ་བྱང་སེམས་རང་བཞིན་གཉུག་མའི་ངང་དུ་ངལ་གསོ། བཞི་པ་ཚོགས་གསག་ནི། ཀུན་རྫོབ་དང་དོན་དམ་པའི་ཡན་ལག་བདུན་པ་ཟུང་དུ་འབྲེལ་བའི་དམིགས་འདོན་རྩེ་གཅིག་པས། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ ཅེས་བརྗོད། ལྔ་པ་བཤགས་པ་ནི། ཐལ་མོ་སྦྱར་ཏེ་སྟོབས་བཞིའི་དམིགས་གནད་དང་ལྡན་པས། ཧཱུྃ༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ མ་རིག་དབང་གིས་རྨོངས་པའི་ལས་བགྱིས་པ༔ གཉིས་མེད་མཉམ་པའི་ངང་དུ་བཤགས་པར་བགྱི༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད། དྲུག་པ་དམ་བཅའ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་དང་བཅས་ལྷག་པའི་བསམ་པ་བརྟན་པོས། ཧཱུྃ༔ དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བླ་མ་མཆོག་དང་རྡོ་རྗེ་སེམས་དཔའ་ཡུམ༔ བྱང་ཆུབ་སེམས་མཆོག་སངས་རྒྱས་མཉམ་སྦྱོར་བ༔ རྣམ་པ་ཀུན་ཏུ་མི་འབྲལ་བསྒྲུབ་པར་བགྱི༔ ཞེས་དམ་བཅའ། བདུན་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཧཱུྃ༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས༔ འགྲོ་བའི་མགོན་པོ་གང་ན་སུ་བཞུགས་པ༔ གསང་བའི་དཀྱིལ་འཁོར་ཆེན་པོར་སྤྱན་འདྲེན་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་མེད་མཉམ་པར་རོལ་པའི་སྐུ་གསུང་ཐུགས༔ ལུས་ངག་ཡིད་ལ་རབ་ཏུ་བརྟན་པར་མཛོད༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ཞེས་སྤོས་དང་རོལ་མོའི་མཚོན་པས་བྱིན་དབབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུས་ལ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་མོ། །བརྒྱད་པ་མཆོད་བརླབ་ནི། མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་སྨན་གཏོར་རཀྟ་དང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་སོ་སོའི་ཕྱག་རྒྱ་དང་བཅས་བརྗོད་ཅིང་ཉེར་སྤྱོད་བྱིན་གྱིས་བརླབས་ལ་རོལ་མོས་བྱིན་དབབ། ཨོཾ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ ཞེས་པས་ནང་མཆོད་དང་གསང་མཆོད་བྱིན་གྱིས་བརླབ་བོ།། །།གཉིས་པ་དངོས་གཞི་ལ། དམ་ཚིག་དཀྱིལ་འཁོར་གསལ་བཏབ་ཅིང་། །དབང་བསྐུར་དགུག་བསྟིམ་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཞེས་བརྒྱད་ལས། དང་པོ་ནི། ཏིང་འཛིན་གསུམ་གྱིས་ཁོག་དབུབ་ཅིང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཚུལ་དམིགས་འདོན་ཟུང་དུ་འཇུག་པས། ཨ༔ ཀ་དག་གཏིང་གསལ་དབྱིངས་ཀྱི་ངང༔ ལྷུན་གྲུབ་ཀུན་སྣང་རིག་པའི་རྩལ༔ རྒྱུ་ཡི་ཡི་གེ་ཨ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་རང་བྱུང་ཐུགས་རྗེའི་རྩལ༔ ཡེ་ཤེས་རིག་གདངས་མེ་རླུང་ཆུས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་སུ༔ མི་འགྱུར་རྡོ་རྗེའི་ས་གཞི་ལ༔ བདེ་ཆེན་ཐིག་ལེར་འཁྱིལ་བ་ཡི༔ ཕོ་བྲང་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་པད་ཉི་ཟླ་བའི་སྟེང༔ ཨ་ལས་རང་རིག་གདོད་མ་ནས༔ ཆོས་ཀྱི་སྐུ་རུ་རྣམ་དག་པ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ རང་བཞིན་ཡོངས་གྲུབ་ཕྱག་རྒྱའི་ལྷ༔ གཟུགས་སྐུ་ཡེ་ཤེས་སྒྱུ་མའི་ཚུལ༔ སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ དཀར་གསལ་དྲི་མེད་སྟོན་ཟླའི་མདངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས༔ མཚན་དཔེའི་གཟི་བྱིན་ལྷམ་མེ་བ༔ རང་འོད་རིག་མའི་བདེ་བས་དགྱེས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རྡོ་རྗེ་ཉི་མ་འོ༔ འདུ་ཤེས་པདྨ་གར་གྱི་དབང༔ འདུ་བྱེད་བཅོམ་ལྡན་རྟ་མཆོག་དཔལ༔ རྣམ་པར་ཤེས་པ་ཧེ་རུ་ཀ༔ ཡེ་ཤེས་བཛྲ་སཏྭ་ལས༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཆེ༔ བསམ་ཡས་ཞི་དང་ཁྲོ་བོའི་ལྷ༔ སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ ཞེས་བརྗོད་ཅིང་གསལ་གདབ། གཉིས་པ་དབང་བསྐུར་ནི། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་རློབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གནས་གསུམ་དུ་རེག་པས་རྒྱས་གདབ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བརྗོད་ཅིང་རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་བཞག་པས་དབང་བསྐུར་རོ། །གསུམ་པ་དགུག་བསྟིམ་ནི། སྤོས་དང་རོལ་མོའི་སྒྲས་མཚོན་ཏེ་འདུན་པ་རྩེ་གཅིག་པས། ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཡེ་ཤེས་པ་སྤྱན་དྲང་། བཞི་པ་བཞུགས་གསོལ་ནི། ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དམ་ཡེ་དབྱེར་མེད་བཞུགས་སུ་གསོལ། ལྔ་པ་ཕྱག་འཚལ་ནི། ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་པ་ལ་བཞི་ལས། དང་པོ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ནི། ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ནང་འདོད་ཡོན་གྱི་མཆོད་པ་ནི། ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསུམ་པ་གསང་བ་ཟབ་མོའི་མཆོད་པ་ནི། གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ བཞི་པ་རྨད་དུ་བྱུང་བའི་མཆོད་པ་ནི། དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིནྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྤྲོ་ན། རིགས་ཀུན་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ། །སྤྲུལ་པའི་གར་མཛད་དགའ་རབ་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྩ་གསུམ་ཀུན་འདུས་པདྨ་སམྦྷ་ཝ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་ལ། །སྨན་མཆོད་འབུལ་ལོ་མཆོག༴ ཨོཾ་སརྦ་པཉྩ་ཨ་མྲྀཏ༴ འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ཞབས། །ཟབ་གཏེར་མཛོད་འཛིན་མཆོག་གྱུར་བདེ་ཆེན་གླིང་། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཆོག༴ ཨོཾ་སརྦ་པཉྩ་ཨ་མྲྀཏ༴ སྟོང་ཉིད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །དཀྱིལ་འཁོར་གཙོ་མཆོག་དཔལ་ལྡན་རྡོ་རྗེ་སེམས། །རིགས་དྲུག་ཞི་ཁྲོ་འདུས་པའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག༴ ཨོཾ་སརྦ་པཉྩ་ཨ་མྲྀཏ༴ སྣོད་བཅུད་ཡོངས་རྫོགས་རྡོ་རྗེ་དབྱིངས་ཀྱི་ལྷ། །སྣང་གྲགས་རྟོག་ཚོགས་སྐུ་དང་ཡེ་ཤེས་སྤྲིན། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་བརྗོད་ཅིང་བདུད་རྩི་ཐིགས་གཏོར་བྱ། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥྭ་མེ། ཞེས་བདུད་རྩི་ལྕེ་ལ་བཞག་ཅིང་དངོས་གྲུབ་བླང་། བདུན་པ་བསྟོད་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བརྒྱད་པ་བཟླས་པ་ལ་གཉིས་ལས། དང་པོ་ཛཔ྄་ཀྱི་ཕྲིན་ལས་སྐུལ་བ་ནི། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འོད་གསལ་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་དགོངས་པའི་སྲོག་ཏུ་གཟུང་ལ། གཉིས་པ་ཛཔ྄་དགོངས་དངོས་ནི། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང༔ ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར༔ བདེ་ཆེན་ཡེ་ཤེས་སྣང་བ་ཡིས༔ འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས༔ ཉམས་ཆག་སྡིག་སྒྲིབ་རིག་ངོར་དག༔ བསོད་ནམས་ཚོགས་ཆེན་གཞི་ལ་རྫོགས༔ ཡེ་ཤེས་འབྲས་བུར་ལྷུན་གྱིས་གྲུབ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༔ གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ༔ ཞེས་གསལ་བཏབ་ལ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་རྩ་བའི་བསྙེན་སྔགས་ཡང་སྙིང་འབྲུ་དྲུག་དང་། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུྃ་བཾ་ཧོཿསུ་ར་ཏ་སཏྭཾ་ཨོཾ་ཏྲཱཾ་ཧྲཱིཿཧཾ་ཧཱུྃ༔ ཞེས་སྒྲུབ་པའི་སྔགས་རྡོ་རྗེ་སེམས་དཔའ་འཁོར་ལོས་སྒྱུར་བ་དྲུག་དང་བཅས་པའི་ཉེ་སྙིང་འབྲུ་ཉེར་གསུམ་པ་དང་། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ སྒྲུབ་པ་ཆེན་པོ་ལས་སྦྱོར་ཡི་གེ་བརྒྱ་པ་སྟེ། དེའང་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་ཡང་སྙིང་འབྲུ་དྲུག་པ་ཇི་ཙམ་བཟླས་པའི་ཕྱེད་ཉེ་སྙིང་དང་། དེའི་ཕྱེད་ལས་སྦྱོར་གྱི་བཟླས་པ་བྱ་ཞིང་། བསྙེན་སྒྲུབ་ཀྱི་སྐབས་རབ་རྟགས་ཀྱི་བསྙེན་པ། སྡིག་སྒྲིབ་ཞི་དང་ཡེ་ཤེས་རྒྱས༔ གཟུངས་དྲན་མངོན་ཤེས་མཚན་མ་འབྱུང༔ ཞེས་པའི་མཚན་མ་ཐོབ་པ་དང་། འབྲིང་གྲངས་བསྙེན་བསྙེན་སྔགས་འབུམ་ཕྲག་དྲུག །སྒྲུབ་སྔགས་འབུམ་ཕྲག་བཞི། ལས་སྦྱོར་གྱི་བཟླས་པ་འབུམ་ཕྲག་གཅིག་གིས་མཐའ་རྟེན་པ་བཟླ། ཐ་མ་དུས་བསྙེན་ནི་དེ་རྣམས་བདུན་ཕྲག་རེར་བཟླས་པ་བྱ་ལ། བཟླས་དམིགས་ཀྱང་བསྙེན་པ་ལ་བཀོད་པའི་བཟླས་པ། སྒྲུབ་པ་ལ་དོ་ལིའི་བཟླས་པ། ལས་སྦྱོར་ལ་སྤྲོ་བསྡུའི་བཟླས་པ་གཙོ་བོར་བྱ་བ་ཡིན་ཞིང་། སྤྱིར་དེ་གསུམ་ཀ་བསྙེན་སྒྲུབ་ལས་གསུམ་ཀར་ཡང་སྦྱར་དུ་རུང་བས་མཚོན། ཞིབ་པར་བསྙེན་ཡིག་དང་བླ་མའི་ཞལ་ལས་རྟོགས་པར་བྱའོ། །གང་ལྟར་ཡང་ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། ཨོཾ་གུ་རུ་ཤྲཱི་བཛྲ་སཏྭ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ཡི་གེ་བརྒྱ་པ་བརྗོད་དོ།། །།གསུམ་པ་རྗེས་ལ། ཚོགས་མཆོད་བྱ་ཞིང་དངོས་གྲུབ་བསྐུལ། །གཏང་རག་ནོངས་བཤགས་བརྟན་བཞུགས་བྱ། །ཉེར་བསྡུ་བསྔོ་སྨོན་ཤིས་པ་བརྗོད། །ཅེས་བརྒྱད་ལས་དང་པོ་ནི། ཐབས་ཤེས་སུ་འོས་པའི་དམ་ཚིག་གི་རྫས་བཤམས་ལ་བསང་ཆུ་དང་བདུད་རྩིས་བྲན་ཏེ་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཞེས་མང་དུ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོཿ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་མཆོད་ནི། ཧཱུྃ། ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྐབས་འདིར་སྤྲོ་ཞིང་ནུས་ན་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ་ཇི་ལྟར་རིགས་པའང་བྱ། སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་ལ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཞེས་དམ་ཚིག་གི་རྫས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམས་པར་རོལ། ལྷག་མ་བདུད་རྩིས་བྲན་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪི་ཊ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོས་ལ་ཕྱི་རོལ་དུ་དོར། གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སྲིད་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་བཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཅེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པས་སྨོན་ལམ་གདབ་བོ། །གཉིས་པ་དངོས་གྲུབ་ནི། ཧོཿ ཀ་དག་རང་བྱུང་དབྱིངས་ཀྱི་ལྷ༔ ལྷུན་གྲུབ་རིག་པའི་ངང་དུ་བསྒྲུབས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ མཆོག་ཐུན་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་སིདྡྷི་ཕ་ལ་ཧོ༔ ཞེས་རྒྱུན་དང་དུས་ཀྱི་དངོས་གྲུབ་གསོལ། གསུམ་པ་གཏང་རག་ནི། སྔགས་ཙམ་གྱིས་མཆོད་པ་དང་། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཞི་པ་ནོངས་བཤགས་ནི། ཨ༔ གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ རང་བཞིན་སྐྱེ་མེད་ངང་ཉིད་དུ༔ འཁོར་གསུམ་མཚན་མ་བྲལ་བར་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ལྔ་པ་བརྟན་བཞུགས་ནི། མདུན་བསྐྱེད་ཀྱི་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། མེད་ན་བཛྲ་མུཿས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། སྒྲུབ་པའི་དཀྱིལ་འཁོར་རང་ལ་གཉིསསུ་མེད་པར་བསམ། དྲུག་པ་ཉེར་བསྡུ་ནི། དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ཞེས་ལྷར་སྣང་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་སྦྱངས་ཏེ་མཉམ་པར་གཞག །རྗེས་ཐོབ་ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་རང་ཤར་བའི་ཚུལ་ལ་བསླབ། བདུན་པ་བསྔོན་སྨོན་ནི། ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ ཞེས་འཁོར་གསུམ་སྤྲོས་པ་དང་བྲལ་བས་རྒྱས་གདབ། བརྒྱད་པ་ཤིས་བརྗོད་ནི། བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་དང་། སྤྲོ་ན། ཧོ༔ ལྟ་བ་ངང་བཞག་བློ་ལས་འདས༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འབྲས་བུ་གཞི་སྣང་ཐིག་ལེ་ཆེར༔ དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་གཅད་པ་ཅི་ལྟར་རིགས་པ་བརྗོད། མེ་ཏོག་གི་ཆར་དབབ་རོལ་མོའི་སྒྲ་དལ་ཞིང་སྙན་པར་སྦྱར་བས་དགེ་ལེགས་སུ་བྱའོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཕྲིན་ལས་ཁྲིགས་སུ་བསྡེབས་པའི་དགེས། །སེམས་ཅན་ཁམས་ཀུན་སངས་རྒྱས་སར། །མཉམ་པར་སྦྱོར་བ་ཉིད་གྱུར་ཅིག །ཅེས་དགེ་སློང་སྡེ་སྣོད་འཛིན་པ་པདྨ་བྷ་དྲ་སོགས་དོན་གཉེར་ཅན་རྣམས་ཀྱིས་སྔ་ཕྱིར་ལན་མང་དུ་བསྐུལ་པ་ལས། རང་གཞུང་རྩ་བའི་སྒྲུབ་ཐབས་དང་བྱང་བུ་ཁྲིགས་སུ་བསྡེབས་ཤིང་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་སོགས་ཀྱི་ཕྲིན་ལས་ནས་ཀྱང་ཅུང་ཟད་ཟུར་བརྒྱན་ཏེ་བཀླགས་པས་གྲུབ་པར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྡེབ་ལེགས་པར་སྦྱར་པའི་ཡི་གེ་པ་ནི། ནང་རིག་པའི་སྡེ་སྣོད་ཁྱད་པར་དུ་སྨྲ་བ་དགེ་སློང་དགེ་བའི་བཤེས་གཉེན་ལུང་རྟོགས་བསྟན་པའི་ཉི་མས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།

བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན་ (Volume 67, Text 22)

༄༅། །བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། ཇི་སྙེད་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བདག །རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་ཐོད་ཕྲེང་རྩལ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཁན་ཁྱོད་ཞབས་གང་། །བདག་སྙིང་པདྨོའི་ཟེའུ་འབྲུར་མི་འབྲལ་བསྟི། །ཐུགས་སྒྲུབ་བྱེ་བའི་ཡང་བཅུད་ལྷོ་གཏེར་གྱི། །ཟབ་བཅུད་མཐར་ཐུག་གསང་འདུས་ནོར་རྒྱམ་སྲོལ། །གཏེར་གཞུང་རྩ་བའི་དགོངས་དོན་མ་འཁྲུལ་བར། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབ་ལ་སྤྲོ། །དེའང་བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་སྟེ། ཐོག་མར་སྦྱོར་བའི་ཆོས་ལའང་རྣམ་གྲངས་བཅུ་གཅིག་ཏུ་ངེས་པ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་ཟླ་བ་ཡར་གྱི་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་སྒྲུབ་པའི་ཁང་པ་བྱི་དོར་བྱས་པར་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། དམ་ཚིག་གི་སྣང་བརྙན་སོགས་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་ལེགས་པར་བཀྲམ་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་ཁ་ཟས་བཟང་རྒུས་བྲན་པ་དང་། བདུད་རྩི་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཕྱི་ནང་གི་མཆོད་པར་འོས་པའི་ཡོ་བྱད་རྣམས་བཟང་ཞིང་ཕུན་སུམ་ཚོགས་པ་བཀོད་པས་མཛེས་པར་བཤམ། གཞན་ཡང་ཚོགས་དང་གཏོར་མ་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚང་བར་འདུ་བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་དཔའ་བོ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད། རིག་འཛིན་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་མོས་ལ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་སོགས་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། ན་མོ༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། གསུམ་པ་ཚོགས་གསག་པ་ནི། སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རང༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་འཐོབ་ཕྱིར་བསྔོ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། བཞི་པ་བཀའ་བསྒོ་བ་ནི། བགེགས་ཀྱི་གཏོར་མ་བཤམ་ལ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབས། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་རྣམས་བཀུག་པ་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་སྡོད་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བཛྲ་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཅེས་བསྐྲད། ལྔ་པ་མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི། ཧྲཱི༔ སྣང་སྲིད་འཁོར་འདས་གཞལ་ཡས་ཁང༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ༔ གཉིས་འཛིན་ལོག་ལྟ་སྒོ་བཅད་ཅིང༔ རང་གསལ་སྙིང་པོའི་བརྡ་སྒོ་ཕྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བདུན་པ་བརྡ་ཕྱག་འཚལ་བ་ནི། ཧྲཱི༔ རིག་པ་རང་བྱུང་ཡེ་ཤེས་ལྷ༔ མ་རིག་རྟོག་པའི་རྐྱེན་དབང་གིས༔ ཡེ་ནས་རང་དང་གཉིས་མེད་པ༔ རང་ངོ་ཤེས་པའི་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བརྒྱད་པ་དམ་བཅའ་བ་ནི། ཧྲཱི༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདིར༔ བདག་དང་གཉིས་མེད་ཡོངས་རྫོགས་ལྷ༔ སྲོག་གི་ཕྱིར་ཡང་མི་སྤོང་བསྒྲུབ༔ བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ དགུ་པ་བྱིན་དབབ་པ་ནི། བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་དང་བྲལ༔ ཐུགས་རྗེ་དམ་བཅའ་མི་གཡེལ་བར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བྷ་ག་ཝཱན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་བོ། །བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿགིས་མཆོད་རྫས་ཐམས་ཅད་སྟོང་པར་སྦྱངས། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་རྒྱ་ཆེར་སྤེལ། བྷནྡྷ་གཞལ་ཡས་ཁང་ནང་དུ༔ བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་བཟླ། གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། རཀྟ་བྱང་སེམས་དམར་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ བཅུ་གཅིག་པ་བཤགས་པ་བྱ་ཞིང་རང་གསལ་གདབ་པ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧྲཱི༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐྱེ་མེད་ངང་ལས་ཐུགས་རྗེའི་ཟེར༔ བདག་དང་དབྱེར་མེད་དཀྱིལ་འཁོར་འདིར༔ རྩ་གསུམ་བླ་མ་གཙོ་འཁོར་བཅས༔ ཡེ་ནས་རང་བྱུང་རང་གསལ་ཤར༔ སྟོང་པའི་ངང་དུ་མ་འདྲེས་གསལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་མ་ཡ་སྟྭཾ༔ དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་གཅིག་ལས། དང་པོ་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཨོཾ༔ ཆོས་རྣམས་དམིགས་མེད་སྨྲ་བརྗོད་བྲལ༔ བློ་འདས་ཆོས་སྐུ་དེ་བཞིན་ཉིད༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་འགྲོ་དོན་མཛད༔ རང་རིག་ཧྲཱིཿལས་རྡོ་རྗེར་གསལ༔ འོད་འཕྲོས་འབྱུང་ལྔའི་བསྐལ་པ་སྟོངས༔ གཉིས་པ་འབྱུང་རིམ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། ཧྲཱི༔ སྟོང་ཉིད་ནམ་མཁའ་ལྟ་བུ་ལ༔ རང་བྱུང་སྐྱེ་རྒྱུའི་ཡི་གེ་བདུན༔ ཨེཿཡཾཿརཾཿསུཾཿརཿཀེཾཿབྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་བྲལ༔ ཡཾ་ལས་རླུང་གཡོས་རཾ་མེ་འབར༔ སུཾ་ལས་ཆུ་བྱུང་ས་གཞི་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཀེཾ་ལས་རུས་པའི་རི་རབ་དཀར༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ པད་འདབ་ཕྱི་ནང་མུ་ཁྱུད་མཛེས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་རྫོགས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་གྲལ་ཕྱམ་ཀ་བ་དང༔ རྡོ་རྗེ་ཐེམ་པ་ཀ་ཞུ་རྣམས༔ གནམ་ལྕགས་ཁྲོ་ཆུའི་གཟེར་གྱིས་བསྡམས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་མེད་པ་འོད་ཀྱི་ཀློང༔ གསུམ་པ་བརྟེན་པ་ལྷ་བསྒོམ་པ་ནི། ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ནས༔ དུར་ཁྲོད་རུས་བརྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང༔ གུ་རུ་པདྨ་ཐོད་ཕྲེང་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོན༔ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཛིན༔ ཟ་འོག་སྨུག་བེར་ཆོས་གོས་དམར༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ ཧྲཱི༔ སྙིང་གར་པདྨ་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐྱིལ་ཀྲུང་རྡོར་དྲིལ་རུས་རྒྱན་ཅན༔ པང་གཡོན་མཚོ་རྒྱལ་དཀར་མོ་འཁྲིལ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གཡས་པས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ གསལ་འཚེར་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རོལ་པད་འདབ་བཞིར༔ ཤར་དུ་བཛྲ་ཐོད་ཕྲེང་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྱུད༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ལྷོ་རུ་རཏྣ་ཐོད་ཕྲེང་ནི༔ སེར་པོ་རིན་ཆེན་དྲིལ་བུ་བསྣམས༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ནུབ་ཏུ་པདྨ་ཐོད་ཕྲེང་ནི༔ དམར་པོ་པདྨ་དྲིལ་བུ་བསྣམས༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ བྱང་དུ་ཀརྨ་ཐོད་ཕྲེང་ནི༔ ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་མཛེས༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཐོད་རྔ་གཡས་ལ་པད་ཕོར་གཡོན༔ སྐྱིལ་ཀྲུང་དར་དཀར་ན་བཟའ་གསོལ༔ དར་ཐོད་རིན་ཆེན་དབུར་བརྒྱན་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ གཡས་པས་ཁ་ཊྭཱཾ་གཡོན་སྡིགས་མཛུབ༔ ཉི་ཟེར་ཞགས་པ་སྟག་ཤམ་ཅན༔ རུས་པའི་རྒྱན་དྲུག་ལྡན་པར་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང༔ གཡས་པས་ལྕགས་རྡོར་གཡོན་སྡིགས་མཛུབ༔ སེང་གླང་སྟོད་གཡོགས་ཅོད་པན་ཅན༔ སྟག་ཤམ་ཞབས་གཉིས་དོར་སྟབས་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ གཡས་པས་པད་ཕོར་གཡོན་སྐྱབས་སྦྱིན༔ དར་དམར་ཤམ་ཐབས་ཆོས་གོས་སེར༔ གཞོན་ཚུལ་དགེ་སློང་ཆས་ལྡན་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་མེ་ལོང་གཡོན༔ དར་དམར་ཤམ་ཐབས་སྐུ་ལ་གསོལ༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ གཡས་པ་ས་གནོན་ལྷུང་བཟེད་གཡོན༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ སྤྱན་གསུམ་སྟག་གི་སྟེང་ན་འགྱིང༔ གཏུམ་དྲག་རྔམ་ཞིང་བརྗིད་པར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ རིགས་བཞི་མཁའ་འགྲོ་དཔའ་བོ་དང༔ ཕྱོགས་བཞི་ཤུགས་འགྲོ་འཁོར་དང་བཅས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་བསྣམས༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ༔ རིག་འཛིན་ཆོས་སྐྱོང་དམ་ཅན་ཚོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་གཏིབས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཆར་སྤྲིན་ལྟ་བུར་འཐིབས་པར་བསམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ བཞི་པ་ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ་ནི། སྤོས་དང་རོལ་མོ་དབྱངས་དང་བཅས་པས། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ ཨོ་རྒྱན་ནུབ་བྱང་དྷ་ནའི་མཚོ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ངོས༔ ཕོ་བྲང་རི་བོ་ཏ་ལ་རུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧྲཱི༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ལྔ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གནས་མཆོག་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་མཆོག་དང་རེ་སྤྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བཀྲོལ་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ ཡིད་བཞིན་དངོས་གྲུབ་ཆེར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ དྲག་པོའི་ཚུལ་གྱིས་དགྲ་བགེགས་སྒྲོལ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདུན་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་འདིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་དང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ༴ མངའ་བདག་ཆོས་རྒྱལ་ཡབ་སྲས་ཞལ་དུ་སརྦ༴ གཏེར་ཆེན་པདྨ་གླིང་པའི་ཞལ་དུ་སརྦ༴ སྔགས་འཆང་ཆོས་རྗེ་རྣམ་གཉིས་ཞལ་དུ་སརྦ༴ རྒྱལ་དབང་བསྟན་འཛིན་གྲགས་པའི་ཞལ་དུ་སརྦ༴ རྒྱལ་སྲས་པདྨ་ཕྲིན་ལས་ཞལ་དུ་སརྦ༴ ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞལ་དུ་སརྦ༴ བསྟན་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ་སརྦ༴ ངག་དབང་ཀུན་བཟང་རྡོ་རྗེའི་ཞལ་དུ་སརྦ༴ འགྱུར་མེད་མཆོག་གྲུབ་དཔལ་འབར་ཞལ་དུ་སརྦ༴ བསྟན་འཛིན་གྲུབ་མཆོག་རྡོ་རྗེའི་ཞལ་དུ་སརྦ༴ འགྱུར་མེད་པདྨ་ཁྱབ་བདག་ཞལ་དུ་སརྦ༴ བསྟན་འཛིན་སྲིད་ཞི་རྣམ་རྒྱལ་ཞལ་དུ་སརྦ༴ ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་ཞལ་དུ་སརྦ༴ ཀུན་བཟང་རིག་འཛིན་རྡོ་རྗེའི་ཞལ་དུ་སརྦ༴ ཀུན་བཟང་བསྟན་པའི་ཉི་མའི་ཞལ་དུ་སརྦ༴ འཇིགས་མེད་ཚེ་དབང་ནོར་བུའི་ཞལ་དུ་སརྦ༴ མཚུངས་མེད་དགེ་འདུན་རྒྱ་མཚོའི་ཞལ་དུ་སརྦ༴ འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་དུ་སརྦ༴ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ༴ བླ་མ་རིག་འཛིན་རྒྱ་མཚོའི་ཞལ་དུ་སརྦ༴ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ་སརྦ༴ རིགས་ལྔ་མཁའ་འགྲོ་ཡབ་ཡུམ་ཞལ་དུ་སརྦ༴ མ་མགོན་དམ་ཅན་གཏེར་སྲུང་ཞལ་དུ་སརྦ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧྲཱི༔ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིང་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ ཧྲཱི༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བྲན་པ་འདི༔ རྒྱ་མཚོ་ཆེན་པོ་བས་ཀྱང་རྒྱ་རེ་ཆེ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་རྣམ་ལྔའི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཤིང༔ བདུད་རྩིར་བསྒྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོའི་ཚོགས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བརྒྱད་པ་བསྟོད་པ་བྱ་བ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཡུམ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ མ་ཧཱ་ཧྲྀ་ད་ཡ་ཨོཾ༔ དགུ་པ་བཤགས་པ་བྱ་བ་ནི། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་གུ་རུ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་གུ་རུ་མཱ་མེ་མུཉྩ༔ བཛྲི་གུ་རུ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ བཅུ་པ་ཛཔ྄་བཟླ་བ་ནི། ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཕོ་བྲང་མཐའ་དབུས་མེད་པ་ཡི༔ བདེ་ཆེན་འོད་ཀྱི་གཞལ་ཡས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ མཁའ་འགྲོ་སྡེ་བཞི་ཤུགས་འགྲོ་དང༔ དཔའ་བོ་དཔའ་མོ་གིང་ལངྐ༔ དམ་ཅན་བཀའ་སྡོད་སྲུང་མའི་ཚོགས༔ སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ ཛཔ྄་ཀྱིས་སྐུ་གསུམ་གནད་ནས་བསྐུལ༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ཞེས་ཛཔ྄་བསྐུལ་སྔོན་དུ་འགྲོ་བས། བདག་ཉིད་རྟ་མགྲིན་སྤྱི་བོ་རུ། །བླ་མ་པད་འབྱུང་སྤྲུལ་པ་སྐུའི། །ཐུགས་ཀའི་ཧྲཱིཿཡི་འོད་ཟེར་གྱིས། །འཕགས་མཆོད་བྱིན་བསྡུས་དེ་ཉིད་ལ། །མོས་གུས་གདུང་བས་གསོལ་བཏབ་པས། །སྐུ་གསུང་ཐུགས་བྱིན་བདག་ལ་ཐིམ། །ཞེས་དམིགས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ་བ་བསྙེན་པའི་ཚུལ་དང་། བདག་ཉིད་རྟ་མགྲིན་སྙིང་ག་རུ། །བླ་མ་ཐོད་ཕྲེང་ཡབ་ཡུམ་གསལ། །ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་གི །འོད་ཀྱིས་རྩ་གསུམ་སྤྱན་དྲངས་ཐིམ། །མཆོད་བསྟོད་དགྱེས་བསྐྱེད་བྱིན་རླབས་ཀྱིས། །སྒྲིབ་སྦྱངས་སྐུ་བཞིའི་བདག་ཉིད་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གཙོ་བོར་བཟླ་བ་སྒྲུབ་པའི་ཚུལ་དང་། བདག་ཉིད་རྟ་ཕག་འཁོར་ལོ་བཞིར། །རིགས་བཞིའི་དཔའ་བོ་ཡབ་ཡུམ་གྱི། །ཐུགས་སྲོག་ར་ཧ་ཙ་རི་དང་། །ཧྲི་ནི་ཡ་སའི་འོད་ཟེར་གྱིས། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིས། །སྣང་སྲིད་དབང་བསྡུས་བདག་ལ་ཐིམ། །སྒྲུབ་སྔགས་ཤམ་དུ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྙེན་པའི་བཞི་ཆ་ཙམ་བཟླ་བ་ལས་སྦྱོར་གྱི་ཚུལ་ལོ། །བཅུ་གཅིག་པ་རྫོགས་རིམ་ནི། ཧཱུྃ༔ འཛིན་མེད་རང་གསལ་པདྨ་འབྱུང༔ རང་རིག་རྣམ་དག་ཐོད་ཕྲེང་རྩལ༔ སྣང་སྟོང་ཟུང་འཇུག་རྟ་ཕག་སྐུ༔ ཡེ་ཤེས་ལྔ་ལྡན་རིགས་ལྔའི་ལྷ༔ རྣམ་ཤེས་བརྒྱད་དག་གུ་རུ་བརྒྱད༔ འབྱུང་ཁམས་རྣམ་དག་མཁའ་འགྲོའི་ཚོགས༔ སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཐམས་ཅད་རང་བྱུང་རང་ལ་རྫོགས༔ རང་བྱུང་རང་གསལ་ངང་ལ་ལྟོས༔ བལྟ་བྱེད་རྟོག་པ་རང་སར་གྲོལ༔ རེ་དོགས་བལྟས་པས་ལྷ་མི་མཐོང༔ མ་བལྟས་བཞག་པས་ལྷ་དང་མཇལ༔ མ་བསྒྲུབ་བཞག་པས་གསང་སྔགས་འགྲུབ༔ མ་ཡེངས་མི་བསྒོམ་གཟེར་གྱིས་ཐོབས༔ རང་བྱུང་ཛཔ྄་ཀྱི་སྔགས་སྒྲ་སྒྲོག༔ ཅེས་ཐོད་ཕྲེང་རྩལ་གྱི་བཟླས་པ་བྱ་བ་རྫོགས་རིམ་མོ། །བཟླས་པའི་མཐར་ཛཔ྄་བསྟོད་སྟོང་ཚིགས་ནི། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿས་མཆོད་ཅིང་། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཅེས་སོགས་ཀྱིས་བསྟོད། དེ་དག་ནི་དངོས་གཞིའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བཅུ་གཅིག་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མ་ད་ན་དང་མཱཾ་ས་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་པ་རྣམས་ལེགས་པར་བཤམས་ལ་བདུད་རྩིས་བྲན་ཅིང་། ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང་། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱོང་ཕྱིར་ཡི་གེ་སྤྲོ༔ རཾ་ཡཾ་ཁཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ཕྱིར་རཾ་ཡཾ་ཁཾ་ཞེས་བྱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿཡིས་ལྷ་ཚོགས་དགྱེས་པར་བསམ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་དང་གསུང་དང་ཐུགས་སུ་བསྐང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ ཐུགས་དམ་སྐོང་བ་ལས། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་སྤྱི་དང་ཁྱད་པར་བདུད་རྩི་དང་མར་མེ་ཐོགས་ལ་འཆམས་སྟབས་ཀྱིས་དཀྱིལ་འཁོར་བསྐོར་བའོ། །བཤགས་ཚིག་གིས་གསུང་ལ་བསྐང་བ་ནི། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྟ་བས་ཐུགས་ལ་བསྐང་བ་ནི། ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་ཉམས་པ་མེད༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ རྣལ་འབྱོར་བདག་གི་གཡར་དམ་སྩོལ༔ ཅེས་དང་། དེའི་མཐར་སླར་ཡང་ཐུན་མོང་དུ་མཆོད་ཅིང་བསྐང་བ་ནི། དམ་རྫས་གཏོར་ཆེན་བཤམས་པ་དང༔ བདུད་རྩི་སྨན་མཆོད་སྦྲེང་བ་དང༔ བྷནྡྷ་རཀྟས་བཀང་བ་དང༔ དུར་ཁྲོད་རྫས་བརྒྱད་བཤམས་པ་དང༔ རྐང་གླིང་ཐོད་རྔ་སྒྲོག་པ་དང༔ ཞུན་ཆེན་སྣང་གསལ་མར་མེ་དང༔ མཱཾ་སའི་གསུར་དུད་གཏོང་བ་དང༔ འདོད་ཡོན་ལོངས་སྤྱོད་སྤུངས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ ཞེས་ཐུགས་དམ་སྐོང་བའི་རིམ་པ་སྔོན་དུ་འགྲོ་བས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཨོ་རྒྱན་པདྨ་འབྱུང་གནས་དང༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི། སྔོན་བྱུང་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་དགུག་བསྟིམ་བྱས་པར་ཕུར་པ་ཡཀྴ་ཀྲོ་དྷར་གསལ་བས་གཟིར་ཞིང་། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་བསྒྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་ཤ་ཁྲག་གི་ཕུང་པོ་བདུད་རྩིའི་རང་བཞིན་དུ་སྤར་ཏེ། བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ ཟ་བྱེད་མི་འགྱུར་ཆོས་ཀྱི་དབྱིངས་སུ་རོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་པས་དགྱེས་ཤིང་ཚིམས་པར་བསམ། སླར་ཡང་ཛ་གད་གསང་ནན་དུ་འབུལ་ཞིང་། འཆི་མེད་སརྦ་པཉྩ་ཨ་མྲྀ་ཏ༔ རོ་ཡི་ཁམས་ནི་སློང་བར་བྱེད༔ དུག་གི་ཕུང་པོ་འཇོམས་པར་བྱེད༔ རྩི་ཐོག་སྨན་གྱི་མཆོད་པ་བཞེས༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དེ་ནས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་ཕག་རྗེ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲངས། ལེན་པ་པོས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་། ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཞེས་བླང་། འདུས་པ་རྣམ་ལའང་བྲིམ་སྟེ། ཧོ༔ ཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་ནང་གི་སྦྱིན་སྲེག་མངོན་དུ་བྱས་ནས་ཚིམས་པར་ལོངས་སྤྱད་པའི་མཐར། ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ ཅེས་སྨོན་ལམ་གདབ། ལྷག་མ་གཏོང་བ་ནི། ལྷག་མ་བསྡུས་པའི་རྨེ་གཏོར་དང་ཕུད་ལྷག་བསྲེས་པར་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཞེས་དང་། བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ དཔལ་གྱི་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ ཞེས་ཕྱི་རོལ་གྱི་ཟ་ལམ་དུ་བསྐྱལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། མོས་ཤིང་གདུང་བའི་ཤུགས་ཀྱིས་བསྐུལ་བས་ལྷ་རྣམས་སྔོན་གྱི་ཐུགས་དམ་དགོངས་པ་དབྱིངས་ནས་བསྐྱོད་པར་བསམ་ཞིང་། ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་བོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེས་འཇུག་བྱིན་གྱིས་བརླབ་པའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་འབྱུང་གནས་ཐུགས་དམ་བསྐུལ༔ སྡེ་སྣོད་ཐུགས་ཀྱི་ཀློང་ན་གསལ༔ པདྨ་སཾ་བྷའི་ཐུགས་དམ་བསྐུལ༔ ཐོས་བསམ་ལྡན་པས་འགྲོ་བ་འདུལ༔ བློ་ལྡན་མཆོག་སྲེད་ཐུགས་དམ་བསྐུལ༔ འཁོར་བར་མ་ཆགས་རོལ་རྩེད་མཛད༔ པདྨ་རྒྱལ་པོའི་ཐུགས་དམ་བསྐུལ༔ གཞན་དོན་ཕྲིན་ལས་ལོ་འདབ་རྒྱས༔ ཉི་མ་འོད་ཟེར་ཐུགས་དམ་བསྐུལ༔ འདུལ་ཁྲིམས་ལྡན་པས་དགེ་སློང་མཛད༔ ཤཱཀྱ་སེང་གེའི་ཐུགས་དམ་བསྐུལ༔ གནོད་སྦྱིན་རྫོང་དུ་དམ་སྲི་བཏུལ༔ སེང་གེ་སྒྲ་སྒྲོག་ཐུགས་དམ་བསྐུལ༔ སྙན་པའི་སྒྲ་ཡིས་ཀུན་ལ་ཁྱབ༔ རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐུལ༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐུལ༔ བདེ་ཆེན་དབང་གི་གཞལ་ཡས་ནས༔ རྟ་ཕག་ཡབ་ཡུམ་ཐུགས་དམ་བསྐུལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་དང་རིགས་བཞིའི་མཁའ་འགྲོ་ནི༔ ཡབ་ཡུམ་སྲས་འཁོར་བཅས་པ་རྣམས༔ ལས་བཞི་བསྒྲུབ་ཕྱིར་ཐུགས་དམ་བསྐུལ༔ གིང་དང་ཤུགས་འགྲོ་དམ་ཅན་བཅས༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ ཅོད་པན་དར་དཔྱང་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་རྣམ་བཞི་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་ཐུལ༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཅེས་བསྐུལ། གསུམ་པ་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་ཛཔ྄་ཀྱིས་ཐུགས་དམ་བསྐུལ་ཏེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱི༔ ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཡུམ་དང་གཉིས་མེད་བདེ་བར་རོལ༔ རིགས་བཞི་སྤྲུལ་པའི་མཚན་བརྒྱད་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པདྨ་དབང་ཆེན་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་ཡུམ༔ གཉིས་མེད་ཐབས་ཤེས་རོལ་པ་ལས༔ ཟུང་འཇུག་བདེ་ཆེན་དངོས་གྲུབ་སྩོལ༔ ཆོས་རྣམས་ཀུན་གཞི་ཡངས་པའི་ཀློང༔ སྐུ་གསུམ་བླ་མ་འཁོར་དང་བཅས༔ སྐུ་གསུམ་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས༴ ཕྲིན་ལས་རྣམ་བཞིའི་དངོས༴ འཆི་མེད་ཚེ་ཡི་དངོས༴ འཛད་མེད་ནོར་གྱི་དངོས༴ བརྒྱུད་འཛིན་གྲོགས་ཀྱི་དངོས༴ པུ་ཏྲ་མི་ཡི་དངོས༴ འཇམ་འཁྲིལ་གོས་ཀྱི་དངོས༴ ཞིམ་མངར་ཟས་ཀྱི་དངོས༴ དྲག་པོ་མཐུ་ཡི་དངོས༴ དམ་པ་ཆོས་ཀྱི་དངོས༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་ཐོད་ཕྲེང་རྩལ་གྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་འདོད་ཡོན་བདུད་རྩིར་ཞུ་བར་བསམ་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ། དབང་བསྐུར་གཙོ་བོར་བྱེད་ན་ཚོགས་ལ་རོལ་པའི་སྔོན་དུ་བྱེད་པ་ཕྱག་ལེན་ནོ། །བཞི་པ་ཆད་མདོ་གཏོང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་ལ་སྨན་དང་རཀྟས་བྲན་པ་ཨོཾ་ཨཱཿཧཱུྃ་གིས་བརླབས་ནས། ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱརྻ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དམ་པ་རྗེ་འབངས་གྲོགས་གསུམ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྔགས་བདག་དྲེགས་པ་ཆོས་སྐྱོང་གཏེར་བདག་གིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །ལྔ་པ་བརྟན་མ་སྐྱོང་བ་ནི། བཤལ་ཆུའི་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ་བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྒྲོན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྩལ༔ གནོད་སྦྱིན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རག་མོ་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས༔ མི་མཐུན་ཕྱོགས་རྣམས་ཞི་དང་བཟློག་པ་དང༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ མ་མ༔ ཧྲཱིང་ཧྲཱིང༔ བ་ལིཾ་ཏ་ཁཱ་ཧི༔ ཞེས་གཙང་སར་འབུལ་ལོ། །དྲུག་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་རྣམས་བཀུག་ཅིང་མནན་པར་བསམ་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོར་དགོངས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ལྟ་ངན་འཇོམས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རུ་ཏྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་སྟྭཾ་བྷ་ཡ་རཀྵ་མཱ་ར་ཡ་ནན༔ ཞེས་བྲོ་བརྡུང་། བདུན་པ་ནོངས་པ་བཤགས་པ་ནི། གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས། གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་གྱུར་པ་དང༔ མ་འབྱོར་པ་དང་ཉམས་པ་སོགས༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཞེས་ཡི་གེ་བརྒྱ་པ་དང་ཨཱ་ལི་ཀཱ་ལི་བཟླའོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགགས་མེད་རང་གསལ་སྐུ་གསུམ་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ སླར་ཡང་སྐྱེ་མེད་ངང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ། ཧཱུྃ༔ སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་ངང་ཉིད་ལས༔ ཐུགས་རྗེ་རང་བཞིན་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱ༔ ཞེས་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་། དགུ་པ་དགེ་བ་བསྔོ་བ་ནི། ན་མོ༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་བླ་མེད་རབ་ཐོབ་ཤོག༔ བཅུ་པ་སྨོན་ལམ་གདབ་པ་ནི། རྩ་གསུམ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་གང་བསགས་རྣམས༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ བདག་གཞན་ཆོས་སྐུ་ཐོབ་པར་ཤོག༔ བཅུ་གཅིག་པ་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ། ཧྲཱི༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ རྡོ་རྗེ་མི་འགྱུར་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔག་མེད་འབྱོར་རྒྱས་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་བཀྲ་ཤིས་བླ་མའི་ཡང་སྙིང་མཛོད༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ གདོང་མའི་ས་ལ་ཕྱིན་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །རྒྱས་འགེབ་སྤྲོས་པའི་མཐའ་རུ་མ་ལྷུང་ཞིང་། །བསྡུས་དྲགས་གཏེར་གཞུང་རས་སུ་བོར་མིན་པར། །མ་འཁྲུལ་འཇུག་བདེའི་ཁྲིགས་སུ་བསྡེབས་འདི་ཀོ །རིག་འཛིན་པདྨའི་དགོངས་རྒྱན་ཉིད་དུ་མཚོན། །འདིར་འབད་བསོད་ནམས་གང་དེས་ལམ་མཆོག་འདི། །ས་དང་ལྷུན་པོ་ཇི་སྲིད་གནས་ཀྱི་བར། །མི་ཉམས་རྟག་ཁྱབ་འཕེལ་བའི་བཙས་གྱུར་ནས། །ཕན་བདེའི་འདོད་རྒུ་འཇོ་བའི་གཞིར་གྱུར་ཅིག །ཅེས་བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། ཚུལ་འདིར་གཏེར་སྟོན་ཆོས་བདག་རིམ་བྱོན་བཅས་པའི་ཞལ་སྐོང་ལྷན་ཐབས་སོགས་རྒྱས་འགེབས་ཀྱི་སྤྲོས་པ་ཤིན་ཏུ་མང་ཞིང་། ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོའི་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་སོགས་ལ་བརྟེན་ནས། དེང་དུས་ཀྱི་གདུལ་བྱའི་བློ་དང་འཚམ་པར་པད་གླིང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་གཏེར་གཞུང་ངག་འདོན་འཇུག་བདེ་བཀླག་ཆོག་མ་ཞིག་བགྱིད་པར་ཡང་དང་ཡང་དུ་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། སྙོམས་ལས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་ལྕགས་ཕག་ས་ཟླའི་ཡར་ཚེས་བཅོ་ལྔ་ལ་གྲུབ་པར་བསྡེབས་པ་ལས་ཐོག་མའི་ཡི་གེ་པའང་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའོ། །འདིས་ཀྱང་ལམ་འདིའི་རིང་ལུགས་མི་ནུབ་དར་ཞིང་རྒྱས་པའི་གཞིར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་ཟུང་འཇུག་ཨོ་རྒྱན་ཛཾ་དཀར་མཁའ་འགྲོ་ནོར་ལྷའི་སྔོན་འགྲོའི་ཟུར་རྒྱན་ (Volume 50, Text 22)

རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་ཟུང་འཇུག་ཨོ་རྒྱན་ཛཾ་དཀར་མཁའ་འགྲོ་ནོར་ལྷའི་སྔོན་འགྲོའི་ཟུར་རྒྱན་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་འགྲོས། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས༔ མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཞེས་སྐྱབས་ཡུལ་གསལ་བཏབ་ལ། སྐྱབས་འགྲོ་ནི། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་གསུང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འདུས་པའི་ཐུགས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཧོ༔ སེམས་བསྐྱེད་འགྲོ་བ་བདག་གཞན་ཀུན་དོན་དུ༔ གང་འདུལ་ཐབས་ཀྱིས་གདུལ་དཀའ་འདུལ་མཛད་པའི༔ བླ་མ་ཡི་དམ་ནོར་ལྷ་བསྒྲུབས་ནས་ནི༔ མཐའ་ཡས་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བརྒྱད་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་གྱིས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཛཿཧཱུྃ་བཾ་ཧོཿས། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས། གཏེར་གཞུང་སྒྲུབ་ཐབས་འདོད་རྒུའི་ཆར་འབེབ་གཞི་བགེགས་ལ་གཏོར་མ་བསྔོ་བ་སོགས་དཀྱུས་བཞིན་ནོ།། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཕྲིན་ལས་རྒྱུན་ཁྱེར་ལས་བྱང་བསྡུས་པ་ནོར་བུ་པདྨའི་ཕྲེང་བ་ (Volume 26, Text 22)

ྈ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཕྲིན་ལས་རྒྱུན་ཁྱེར་ལས་བྱང་བསྡུས་པ་ནོར་བུ་པདྨའི་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ རྒྱུན་ཁྱེར་ལས་བྱང་བསྡུས་པ་ནོར་བུ་པདྨའི་ཕྲེང་བ་བསྟན༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ སཱ་མཱ་ཡཱ༔ རྒྱཿཆཧྲཐ༔ སྔོན་འགྲོ་དང་པོ་བགེགས་གཏོར་གཏང༔ གཉིས་པ་མཚམས་གཅད་སྲུང་འཁོར་བསྒོམ༔ གསུམ་པ་སྐྱབས་འགྲོ་སེམས་བསྐྱེད་དང༔ བཞི་པ་ཚོགས་གསག་ཡན་ལག་འབུལ༔ ལྔ་པ་མཆོད་རྫས་བྱིན་གྱིས་བརླབ༔ དྲུག་པ་བཤགས་པ་བྱ་བ་འོ༔ དང་པོ་སྔོན་འགྲོ་རྩ་བའི་ཐོ་ཡིག་རྫོགས་སོ༔ །ྀཨཚ།༔ དེ་ལ་དང་པོ་བགེགས་བསྐྲད་པ༔ བགེགས་གཏོར་ཕྱིར་བསྒྱུར་འདི་སྐད་གྱེར༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དངོས་གྲུབ་སྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ བདུད་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ ཆེ་མཆོག་པདྨ་དབང་ཆེན་རྟ་མགྲིན་གྱིས༔ བསྐྲད་གཟིར་མནན་ནས་མིང་ཡང་མེད་པར་བྱེད༔ དེ་བས་གནས་འདིར་མ་འདུག་གཞན་དུ་དེངས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱཱ་རཱ་ཛཱ་ཡ་གནོད་བྱེད་འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ དེ་ནས་མཚམས་གཅད་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དབང་ཆེན་རབ་འཇིགས་མེ་དཔུང་འབར༔ ཐུགས་ཀའི་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འཕྲོས༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་པ་ལས༔ འཁོར་ལོ་རྡོ་རྗེ་པདྨ་རལ་གྲི་དང༔ རིན་ཆེན་འབར་བ་ཁ་ཊྭཱཾ་བེ་ཅོན་བཅས༔ གཏུན་ཤིང་མདའ་དང་ཆུ་གྲི་ཐོ་བའི་ཚོགས༔ ས་ཆུ་མེ་རླུང་སྤུ་གྲི་རེག་ཆོད་དང༔ ནམ་མཁའ་སྔོ་སངས་གདོད་ནས་དག་པའི་གུར༔ ཁྲོ་ཚོགས་དཔག་མེད་སྲུང་བའི་གུར་ཁང་འཁྲིགས༔ རླུང་ཡང་འགྱུ་བའི་སྐབས་ནི་མ་མཆིས་ན༔ བགེགས་དང་ལོག་འདྲེན་བདུད་ཀྱིས་གླགས་མེད་དོ༔ ཨོཾ་བཛྲ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི༔ མདུན་གྱི་ནམ་མཁར་བླ་མ་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གསལ༔ ཀྱཻ༔ དུས་གསུམ་སངས་རྒྱས་བླ་མ་ཨོ་རྒྱན་རྗེ༔ དངོས་གྲུབ་གཏེར་འབྱུང་ཡི་དམ་ཞི་ཁྲོ་དང༔ བར་ཆད་བགེགས་འདུལ་མཁའ་འགྲོ་ཆོས་སྐྱོང་བཅས༔ འགྲོ་བ་སེམས་ཅན་ཡོངས་ཀྱི་གཉེན་གཅིག་པུ༔ མགོན་པོ་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ འགྱུར་མེད་རྗེ་བཙུན་པདྨ་སཾ་བྷ་བ༔ ཡི་དམ་རྟ་མགྲིན་མཁའ་འགྲོར་བཅས་པ་ལ༔ བདག་གི་སྒོ་གསུམ་གུས་པས་བྲན་དུ་འབུལ༔ གནས་སྐབས་མཐར་ཐུག་བྱེ་བྲག་ཐམས་ཅད་ཀྱི༔ བདེ་སྡུག་རེ་ལྟོས་འདུན་གཏད་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ་བ་དང༔ དབང་བསྐུར་བྱིན་རླབས་དེང་འདིར་བསྩལ་དུ་གསོལ༔ དེ་ནས་མཆོག་སེམས་བསྐྱེད་པ་ནི༔ ཧོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་བརྡ་སྒོ་དབྱེ་ཞིང་ཚོགས་གཉིས་གསག་པ་ནི༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་དུ་རྟ་མགྲིན་དབང་གི་ལྷ་ཚོགས༔ སྐུ་འོད་དང་གཟི་བརྗིད་དུ་འབར་བ༔ གསུང་རྔམ་ལ་དབང་དྲག་དང་ལྡན་པ༔ ཐུགས་ཞི་ཞིང་ངོ་མཚར་བ་དང་བཅས་ཏེ་སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ནང་གི་ཟླ་བ་ལྟ་བུ༔ གསལ་ལ་འཛིན་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བཞུགས་པའི་ཐུགས་ཀར་པདྨ་འདབ་མ་བརྒྱད་དང་ལྡན་པ་ལ༔ ཉི་མ་ལ་གནས་པའི་དབུས་སུ་ཧྲཱིཿཡིག་གི་མཐའ་མར་ཁ་ཊྭཱཾ་ལཱཾ་མཱཾ་པཱཾ་ཨཱཾཿཏཱཾ་ཨོཾ་གནས་པ་ལས་འོད་ཟེར་འཕྲོས་ཏེ་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིག་པ་ལྟ་བུར་སྤྱན་དྲངས་ལ༔ པྲ་བེ་ཤ་ཡ་ཧོ༔ ས་མ་ཡ་ཛཿཛ༔ བརྡ་ཕྱག་འཚལ་བ་ནི་རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ཏེ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཚོགས་གཉིས་གསག་པ་ནི༔ རང་གི་ཐུགས་ཀ་ནས་ཨརྒྷཾ་སོགས་ཀྱིས་མཆོད་ནས༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཅེས་པའི་རྗེས་སུ་ཡན་ལག་བདུན་པ་འདི་ཡིས་གསལ་གདབ་བོ༔ ཧྲཱི༔ བླ་མ་སངས་རྒྱས་བྱང་ཆུབ་སེམས༔ རྒྱལ་སྲས་རང་རྒྱལ་མཁའ་འགྲོ་དང༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྣམས༔ འདིར་གཤེགས་བཞུགས་ལ་བྱིན་གྱིས་རློབས༔ རྡུལ་སྙེད་སྤྲུལ་པའི་ལུས་ཀྱིས་སུ༔ ཕྱག་འཚལ་མཆོད་པའི་བྱེ་བྲག་རྣམས༔ ནམ་མཁའི་མཐའ་ཀླས་རབ་བཀང་སྟེ༔ སོ་སོར་དཔག་མེད་དམིགས་ཏེ་འབུལ༔ སྒོ་གསུམ་སྡིག་པའི་ལས་ལ་སོགས༔ རིག་དང་མ་རིག་ཉམས་ཆག་བཤགས༔ མྱ་ངན་འདའ་བཞེད་དམ་པ་རྣམས༔ སེམས་ཅན་མ་ལུས་ཀུན་དོན་དུ༔ ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས༔ སེམས་ཅན་དོན་མཛད་མགོན་པོ་རྣམས༔ རྗེས་སུ་ཡི་རང་མངོན་པར་བསྟོད༔ དུས་གསུམ་ཚོགས་གཉིས་གང་བསགས་པ༔ མ་གྱུར་སེམས་ཅན་དོན་དུ་བསྔོ༔ ཡེ་ཤེས་ཀྱི་ཚོགས་ནི༔ འཛིན་བྱ་འཛིན་བྱེད་ཕྱི་ནང་གང་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་ནས་ཕྱི་ནང་གསང་མཆོད་ཐམས་ཅད་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ་གིས་བསྲེག༔ སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས་མཆོད་རྫས་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ༔ ལྷ་མི་ལས་འདས་པའི་མཆོད་སྤྲིན༔ ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བ༔ ནམ་མཁའ་དང་མཉམ་ཞིང་དུས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ཟད་མི་ཤེས་པ་དབང་ཆེན་གསང་བའི་མཆོད་སྤྲིན་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་དྷརྨ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་གུ་ཧྱ་ཤུ་ཀྲང་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ སརྦ་པཱུ་ཛ་ཨཱོཾ་ཨཱཿཧཱུྃ་ཧྲཱིཿཋཱ༔ ཞེས་མཆོད་སྤྲིན་འབུལ་ཞིང་བཤགས་པ་ནི༔ ཧྲཱི༔ དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ དག་པ་རྣམ་དག་ཡིད་ཀྱིས་མཆོད་སྤྲིན་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་འབུལ་གྱིས་བཞེས༔ མ་རིག་བདག་གིས་ལུས་ངག་ཡིད་གསུམ་གྱི༔ རྩ་བ་ཡན་ལག་དམ་ཚིག་འགལ་འཁྲུལ་རྣམས༔ ཡེ་ཤེས་ཀློང་ཡངས་ངང་དུ་བཤགས་པར་བགྱི༔ ཡི་གེ་བརྒྱ་པ་བརྗོད་དོ༔ ས་མ་ཡ༔ གུ་ཧྱ༔ ྈྈྈ གཉིས་པ་དངོས་གཞིའི་རིམ་པ་ནི༔ དང་པོ་ཏིང་འཛིན་རྣམ་པ་གསུམ༔ གཉིས་པ་འབྱུང་རིམ་རི་རབ་བསྐྱེད༔ གསུམ་པ་གཞལ་ཡས་གདན་བཅས་གསལ༔ བཞི་པ་ཡེ་ཤེས་ལྷ་ཚོགས་སྤྱོན༔ ལྔ་པ་བཞུགས་ཤིང་དྲུག་པ་ཕྱག༔ བདུན་པ་ཕྱི་ནང་གསང་མཆོད་འབུལ༔ བརྒྱད་པ་བསྟོད་པ་གསལ་གདབ་ཅིང༔ དགུ་པ་ཛཔ྄་བསྙེན་རིམ་པ་སྟེ༔ དངོས་གཞི་རྩ་ཐོར་བསྡེབས་པ་འོ༔ ས་མ་ཡ༔ རྡ་ཐིམ༔ ྈྈྈྈ དེ་ནས་དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔་་་གིས། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངོ་བོ་ལས༔ དེ་བཞིན་ཉིད་དོ༔ ལམ་ལས་མ་གྲོལ་བའི་སེམས་ཅན་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམ༔ ཨ་སརྦ་དྷརྨ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཀུན་ཏུ་སྣང་ངོ༔ སྙིང་རྗེ་ཆེན་པོ་དེའི་ངང་དུ་འགྲོ་ཀུན་བདེ་བ་ལ་བཀོད་ཅིང་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དུ༔ རྒྱུ་ཡི་ཏིང་ངེ་འཛིན་ནི༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་ལས་འོད་ཟེར་ཡི་གེ་བདུན་དུ་ཤར་ཏེ༔ འབྱུང་བ་རིམ་བརྩེགས་ནི༔ ཨེ་ཡཾ་རཾ་ར་ལཾ་ཀིཾ་བྷྲཱུྃ་འཕྲོས་པས༔ ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་གདེངས་ཀ་གྱེན་དུ་ཕྱོགས་པ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་གཞུ་དབྱིབས་རྒྱ་གྲམ་དུ་འདུག་པ༔ རཾ་ལས་མེ་རི་དམར་ནག་གྲུ་གསུམ་དུ་འབར་བ༔ ར་ལས་ཁྲག་གི་རྒྱ་མཚོ་དམར་པོ་ཟླུམ་པོར་འཁྱིལ་ཞིང་མི་རོ་དང་རྟ་རོ་ལང་ལིང་ལྦུ་བ་འཁྲུགས་པ༔ ལཾ་ལས་དབང་ཆེན་གསེར་གྱི་ས་གཞི་གྲུ་བཞིར་གདལ་བ་ལ་དུར་ཁྲོད་ཀྱི་བཀོད་པ་རྫ་ལྟར་ཉིལ་བ༔ ཀིཾ་ལས་ཀེང་རུས་ཀྱི་རི་རབ་གྲུ་བཞི་བང་རིམ་བཞི་དང་ལྡན་པ་ལ་བྱ་ཤ་ཟན༔ གཅན་གཟན་ཁྲག་འཐུང་མང་པོའི་ཚང་འཆའ་བ༔ དཀྱིལ་འཁོར་བསྐྱེད་པ༔ དེའི་སྟེང་དུ་བྷྲཱུྃ་ལས་དབང་ཆེན་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ་སྟེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧཱུྃ༔ ཞེས་བརྗོད་པས་བྷྲཱུྃ་སྨུག་ནག་ལས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་པ༔ དབུས་གྲུ་གསུམ་དམར་ནག་ལ༔ ཟླ་གམ་ཁ་སྤྲོད་དུ་འདུག་པ་ལ་པདྨ་འདབ་མ་བཞི་ཡིས་མཚན་པ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅུ༔ བར་ཁྱམས་སྒོ་དང་སྒོ་ཁྱུད་ལྡན་པའི་རྩིག་པ་རིམ་པ་ལྔ༔ ཐོད་པ་སྐམ་རློན་ར་རིས་བརྩིགས་ཤིང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ༔ ཉི་མ་དང་ཟླ་བའི་མཐོངས་ཁུང་དང༔ ཞིང་ཆུང་གི་དྲལ་དྲབ་དང༔ ཞིང་ཆེན་གྱི་ཀ་གདུང་དང༔ ཞིང་རློན་པའི་རྒྱལ་མཚན་དང༔ ཞིང་ལྤགས་ཀྱི་བླ་རེ་དང༔ རྐང་ཆེན་གྱི་རྟ་བབས་དང༔ ཐོད་རློན་གྱི་ཁ་བད་དང༔ ཞག་ཆེན་གྱི་ཆུ་རིས་དང༔ ཁྲག་ཆེན་གྱི་རྒྱ་མཚོ་དང༔ ཙིཏྟའི་གུར་ཆེན་པོ་དང༔ ཚིལ་ཆེན་གྱི་དུད་པ་དང༔ གོ་རོ་ཙ་ནའི་ཞ་ལ་ཆེན་པོ་དང༔ བ་སུ་ཏའི་དྲ་བ་རིས་དང༔ མཁལ་མའི་ཕོ་ཏོ་དང༔ མིག་གི་ཕྲེང་བ་དང༔ ཡན་ལག་གི་འཕན་གྱིས་བརྒྱན་ཅིང་ཞིང་གི་ལྷུ་དུམ་གྱི་ག་ཏ་རུ་བཅས་པའོ༔ དེའི་ཕྱི་རོལ་ཐམས་ཅད་རྡོ་རྗེ་རྒྱ་གྲམ་དང༔ རྡོ་རྗེ་རྩེ་གཅིག་དང༔ རྡོ་རྗེ་རྩེ་ལྔ་པ་དང༔ རྡོ་རྗེ་རྩེ་གསུམ་པ་དང༔ རྡོ་རྗེ་རྩེ་དགུ་པ་ལ་སོགས་མེ་དང་བཅས་པའི་དྲ་གུར་བར་མཚམས་མེད་པར་གཏམས་ཤིང་འཁྲིགས་པའོ༔ དེ་དག་གི་ནང་ངོས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་འཁོར་ཡུག་དང་པདྨའི་ཕྲེང་བས་འཁོར་མར་བསྐོར་བའོ༔ དེ་ནས་གདན་བསྐྱེད་པ་ནི༔ དེ་ལྟར་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ༔ རིན་པོ་ཆེ་སྣ་ལྔའི་ཁྲི་དང༔ ཨིནྡྲ་གར་བྷའི་མགོ་བོ་འཁྲིགས་པའི་དབུས་སུ་རཀྟའི་མཚོ་ལས་པདྨའི་སྡོང་པོ་གེ་སར་དང་བཅས་པའི་སྟེང་དུ་ཉི་མ་ཟླ་བ་བམ་རོ་རཀྟའི་ཀློང་དུ་ཀླུ་བརྒྱད་དང་པདྨའི་གེ་སར་ལ་ལྷ་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད༔ ནོར་སྲུང་ཆེན་པོ་བརྒྱད་ཀྱི་ཁྲི་འདེགས་དང་བཅས་པ་གསལ༔ དབུས་སུ་ ལྷ་བསྐྱེད་པ་ནི༔ བདག་ཉིད་ཡེ་ནས་མ་བཅོས་རྫོགས་པའི་བཅོམ་ལྡན་འདས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་ལ་རྔམ་པ༔ ཞལ་ལྔ་ཕྱག་བཅུ་དྲུག༔ ཞབས་བརྒྱད་དང་ལྡན་པ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ དབུ་ལ་རྟ་དབུ་ལྔ་དང་ལྡན་པ༔ ཞལ་ལྔ་ནི༔ རྩ་ཞལ་དམར་པོ་རྔམ་ཞིང་བཞད་པ༔ ཤར་གྱི་ཞལ་མདོག་དཀར་ལ་ཞི་བ༔ ལྷོ་ཞལ་སེར་པོ་སེར་ལ་འཚེར་བ༔ ནུབ་ཞལ་མཐིང་ནག་བརྗིད་ལ་འབར་བ༔ བྱང་ཞལ་ལྗང་ནག་དྲག་ལ་ཁྲོས་པའོ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ༔ མཆེ་བ་བཞི་བཞི་གཙིགས་པ༔ སྙན་བཅུ་གསང་ལ་མ་འགགས་པ༔ ཤངས་ལྔ་ནས་ཡེ་ཤེས་ཀྱི་རླུང་ལྔ་ལྔ་ཕོ་རླུང་མོ་རླུང་ཟུང་འཇུག་ཏུ་རྒྱུ་བ༔ སྨ་ར་དང་སྨིན་མ་མེ་ལྟར་འབར་བ༔ དབུ་སྐྲ་སྤྲིན་ལྟར་གཏིབས་པ་ལ་ཐོད་སྐམ་སྦྲུལ་དཀར་གྱིས་དཔྲལ་བར་བཅིངས་པ༔ ཐོད་རློན་ལྔ་བཅུའི་དོ་ཤལ་དང༔ ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ཀྱིས་རིམ་པ་བཞིན་དུ་རྡོ་རྗེ་རྩེ་དགུ་པ༔ རྩེ་ལྔ༔ ལྕགས་ཀྱུ༔ རལ་གྲི༔ ནམ་མཁའ་ལྡིང༔ གསལ་ཤིང༔ མེ་དཔུང༔ ཞིང་སྙིང་དང་བཅས་པ་འཛིན་པའོ༔ གཡོན་པ་བརྒྱད་དུ༔ ཐོད་པ་ཁྲག་གིས་བཀང་བ༔ ཆུ་སྐྱེས༔ ཚེའི་གའུ༔ གཤོལ་མདའ༔ སྦྲུལ་ཞགས༔ དབང་གི་ཕྱག་རྒྱ༔ གསེར་གྱི་འཁོར་ལོ༔ རྡོ་རྗེ་རྒྱ་གྲམ་བསྣམས་པའོ༔ ཞབས་བརྒྱད་ཀྱིས་འདོར་ཐབས་སུ་ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་བརྒྱད་བརྫིས་པའོ༔ གཡས་སུ་རྡོ་རྗེ་འབར་བའི་གཤོག་པ་ལ༔ ཀེའུ་རཱི་མ་སོགས་མ་མོ་བརྒྱད་འགྱེད་པའོ༔ གཡོན་དུ་རལ་གྲིའི་གཤོག་པ་ལ་སིཾ་ཧ་མ་སོགས་ཕྲ་མེན་མ་བརྒྱད་འགྱེད་པ༔ ནོར་བུ་འབར་བའི་ཐིལ་ཕྲན་ལ་གནོད་སྦྱིན་ནོར་བདག་བརྒྱད་འགྱེད་པའོ༔ གཞན་ཡང་དུར་ཁྲོད་ཀྱི་ཆས་བརྒྱད༔ དཔལ་གྱི་ཆས་དགུ་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་གྲི་གུག༔ གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྲིལ་བ༔ སྐུ་ལ་དུར་ཁྲོད་དུ་མས་བརྒྱན་ཅིང་སྤྱི་བོར་ཕག་ཞལ་ངུར་བའོ༔ དེ་ལྟར་ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་བདེ་སྟོང་དབྱེར་མེད་དུ་བཞུགས་པའི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་གུ་རུ་པདྨ་ཡིད་བཞིན་གྱི་ནོར་བུ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ༔ ཡུམ་མཚོ་རྒྱལ་དཀར་མོ་ནོར་བུ་དང་ཐོད་པ་བསྣམས་ནས་ཡབ་ལ་འཁྱུད་པར་གསལ་བའོ༔ རང་གི་ཐུགས་ཀ་མེ་དཔུང་ཁྲག་མཚོ་པདྨ་ཐབས་ཤེས་དབྱེར་མེད་ཉི་ཟླ་བམ་རོའི་གདན་དང་ཀླུ་བརྒྱད་བརྩེགས་པའི་ཁྲི་ལ༔ རང་སེམས་ཀྱི་ངོ་བོ་ཧྲཱིཿཡིག་དེ་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཁྲོ་བོ་ཆེན་པོ་རྟ་མགྲིན་དབང་གི་སྐུ་མདོག་དམར་ནག་འབར་བ་ལ༔ རྣམ་པར་ཐར་པའི་ཞལ་གསུམ་དང༔ ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་དྲུག་དང༔ ཚད་མེད་པ་བཞི་ཡི་མཆེ་བ་བཞི་བཞི་དང༔ རྫུ་འཕྲུལ་གྱི་ཞབས་བཞི་དང༔ ས་དགུ་ནོན་པའི་སྤྱན་དགུ་དང༔ གཞན་ཡང་གླང་པོ་ཆེ་དང༔ སྟག་ཤམ་དང༔ ཞིང་ལྤགས་དང༔ ཐལ་ཆེན་དང༔ ཁྲག་ཞག་དང༔ ཐོད་པའི་ཕྲེང་བས་སྒེག་པ་དང༔ ཞེ་སྡང་གི་སྦྲུལ་དང༔ པདྨའི་ཆུན་པོ་དང༔ རྡོ་རྗེའི་ཐོད་ཕྲེང་དང༔ ཀེང་རུས་ཀྱི་ཀ་མ་ཧ་དང༔ འཁོར་ལོའི་ཀ་ཏ་ཧ་དང༔ རིན་པོ་ཆེའི་ན་རོ་ཧ་དང༔ ཁྱད་པར་རྡོ་རྗེ་དང༔ པདྨ་དང༔ རལ་གྲིའི་གཤོག་པ་དང༔ ང་རྒྱལ་དྲག་པོ་ཧ་ཧའི་སྒྲ་དང༔ ཞེ་སྡང་དྲག་པོ་རུ་ལུའི་གདངས་དང༔ གསོད་བྱེད་རྔམས་པ་ཧུ་ལུའི་ང་རོ་དང༔ ཚམ་རྔམ་དྲག་པོ་ཧཱུྃ་ཕཊ་ཀྱི་སྒྲས་ཀླུ་བདུད་མ་རུངས་པ་ཐམས་ཅད་དབང་དུ་སྡུད་པའོ༔ ཐུགས་ཡེ་ཤེས་ཀྱི་འཁོར་ལོ་ལ་རང་སྙིང་ཉི་མ་དང་བཅས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་འདོད་ཁམས་ཡོངས་ཀྱི་གཟི་བྱིན་སྐྱེད་ཅིང་སྐུ་ཡི་འཁོར་ལོ་གསལ་བའི་ཕྱག་དྲུག་ཏུ༔ རྡོ་རྗེ་རྩེ་དགུ་དང༔ རལ་གྲི་དང༔ རོ་དང༔ ཐོད་པ་བདུད་རྩིས་བཀང་བ་དང༔ རྒྱུ་མའི་ཞགས་པ་དང༔ ནམ་མཁའ་ལྡིང་གི་གཟུགས་བསྣམས་པའོ༔ དེ་ལྟར་དུ་གྱུར་པའི་པང་དུ་རང་གི་རིག་པའི་སྣང་བ་ལས༔ ཡུམ་གཟི་ལྡན་པདྨ་ཅན་སྐུ་མདོག་དམར་གསལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔ ཕྱག་ཏུ་མདུང་རྩེ་གསུམ་དང༔ ཀ་པཱ་ལ་སྟོབ་ཅིང་འཁྲིལ་བར་གྱུར༔ གཡོན་དུ་ཐུགས་ཡེ་ནས་དག་ཅིང་གསལ་བ་ལས༔ སྒྲོལ་བའི་ཡུམ་སྒེག་མོ་རལ་གཅིག་མ་སྐུ་མདོག་སྨུག་ནག་ཕྱག་ཏུ་གྲི་དང་སྙིང་བཟུང་བའོ༔ ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས༔ སྤྲུལ་པའི་ཕྲ་མེན་མ་བྱི་ལ་དང་པུ་ཤུད་ཀྱི་མགོ་ཅན༔ སྐུ་མདོག་དམར་ནག་ལ་ཞིང་གི་ལྤགས་རློན་ཁུར་ཞིང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་གཉིས་ཡབ་ཡུམ་གྱི་གཡས་གཡོན་འགྱེད་པའོ༔ ཡབ་ཡུམ་གྱི་མདུན་དུ་སྐུའི་སྤྲུལ་པ་ལས༔ ཁྲོ་བོ་ཆེན་པོ་གཏུམ་དྲག་ཅེས་བྱ་བ༔ སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ༔ གཡས་ཀྱི་དང་པོས་པདྨ་དང༔ གཡོན་པས་རལ་གྲི་བསྣམས་ཤིང༔ འོག་མ་གཉིས་ཀྱིས་མདའ་གཞུ་འགེངས་པའོ༔ སྐུ་ལ་རིན་པོ་ཆེས་བརྒྱན་ཏེ༔ པང་དུ་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཕྱག་ན་འཁོར་ལོ་གྲི་དང་ཀ་པཱ་ལ་སྟོབ་པའོ༔ ཕྱོགས་བཞིའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཕྱག་ན་དྲིལ་བུ་དང་ཀ་པཱ་ལ་བསྣམས་པའོ༔ ལྷོར་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ་གྲི་དང་ཀ་པཱ་ལ་བསྣམས་པའོ༔ ནུབ་ཏུ་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཕྱག་ཏུ་པདྨ་དང་ཀ་པཱ་ལ་བསྣམས་པའོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་རྒྱ་གྲམ་དང་ཀ་པཱ་ལ་བསྣམས་པའོ༔ གསུང་གི་སྤྲུལ་པ་ལས་ཁྲོ་བོ་ཀླུ་ལས་རྒྱལ་བྱེད་ཅེས་བྱ་བ་སྐུ་མདོག་དམར་ནག་ཞལ་གཡས་དཀར་ཞིང་གཡོན་ཨིནྡྲ་ནཱི་ལ་ལྟར་ལྗང་ཞིང་དབུས་དམར་འཚེར་དུ་འབར་བའི༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པས་བརྒྱན་པ༔ ཕྱག་ཏུ་པདྨའི་སྡོང་བུ་དང༔ རལ་གྲི་དང༔ མེ་ཡི་མཎྜལ་དང༔ ནམ་མཁའ་ལྡིང་དང༔ ཕྱག་ལྷག་མ་གཉིས་ཀྱིས་སྦྲུལ་རིགས་ལྔ་ཞལ་དུ་ཟ་བའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ་རིམ་པ་བཞིན་དུ་ཐུགས་ཀྱི་སྤྲུལ་པ་ལས༔ ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར་དང༔ རྣམ་པར་རྒྱལ་བ་དང༔ དབྱུག་སྔོན་ཅན་དང༔ གཤིན་རྗེའི་གཤེད་དང༔ མགོན་པོ་མི་གཡོ་བ་དང༔ པདྨའི་རྒྱལ་པོ་དང༔ གཞན་ལས་རྒྱལ་བ་དང༔ བདུད་རྩི་འཁྱིལ་པ་དང༔ ཁམས་གསུམ་རྒྱལ་བྱེད་དང༔ སྟོབས་པོ་ཆེ་ལ་སོགས་པ་ཐམས་ཅད་རང་རང་གི་ཡུམ་དང་ཕྱག་མཚན་ཆ་ལུགས་ཕྲ་མེན་བཅས་རྫོགས་པར་བཞུགས་པའོ༔ དེའི་ཕྱི་རིམ་གྱི་འཁོར་ཡུག་ཏུ་མ་མོ་བརྒྱད༔ ཕྲ་མེན་མ་བརྒྱད༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད༔ བསེ་ཡི་ལྷ་མོ་བཞི་དང༔ ཁྱམས་ལ་ཕྱོགས་སྐྱོང་བཅུ༔ ལྷ་བརྒྱད༔ ཀླུ་བརྒྱད༔ གཟའ་བརྒྱད༔ གནོད་སྦྱིན་ནོར་བདག་བརྒྱད༔ དྲེགས་པའི་སྡེ་དཔོན་བཞི་སོགས་དབང་ཆེན་གསང་བའི་ལྷ་ཚོགས་མ་མོ་མཁའ་འགྲོ་བཅས་གསལ་བར་བསྐྱེད་པའི་ལྷ་རྣམས་དང༔ གཙོ་བོའི་ཐུགས་ཀའི་ས་བོན་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་ཆེན་གསང་བའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་དམ་ཚིག་གི་ལྷ་རྣམས་དང་གཉིས་སུ་མེད་པར་གྱུར་པར་བསམ་ལ༔ བཛྲ་ས་མ་ཡ་ཛཿཛ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཨོ་རྒྱན་བདེ་ཆེན་མཁའ་སྤྱོད་ཕོ་བྲང་ནས༔ བླ་མ་བདེ་གཤེགས་ཀུན་བཟང་ཧེ་རུ་ཀ༔ རིགས་འདུས་བདག་ཉིད་མགོན་པོ་འོད་དཔག་མེད༔ མཚན་དཔེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔ སྐུ་གསུམ་ལྷུན་གྲུབ་གུ་རུ་པདྨ་འབྱུང༔ བྱིན་རླབས་རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ ཧྲཱི༔ བདེ་ཆེན་ཆོས་ཉིད་འདུ་འབྲལ་མེད་པའི་ཀློང༔ ཐུགས་རྗེའི་ཐབས་ཀྱིས་ཁྲོ་བོའི་སྐུར་བསྟན་པ༔ རང་བཞིན་གནས་ནས་གནས་འདིར་སྤྱན་འདྲེན་ན༔ དབང་མཆོག་རིགས་ཀྱི་ཁྲོ་རྒྱལ་གཤེགས་སུ་གསོལ༔ རཀྟ་མཚོ་ལྟར་འཁྱིལ་བའི་གནས་མཆོག་ནས༔ གཟི་ལྡན་པདྨ་སྤྱན་འདྲེན་གཤེགས་སུ་གསོལ༔ རུས་ཆེན་རྫ་ལྟར་ལྷགས་པའི་གནས་རབ་ནས༔ སྒེག་མོ་རལ་གཅིག་སྤྱན་འདྲེན་གཤེགས་སུ་གསོལ༔ ཙིཏྟ་གདན་དུ་བཀོད་པའི་གནས་མཆོག་ནས༔ སྤྲུལ་པའི་ཕྲ་མེན་སྤྱན་འདྲེན་གཤེགས་སུ་གསོལ༔ ཚིལ་ཆེན་སྤྲིན་དུ་གཏིབས་པའི་གནས་མཆོག་ནས༔ སྐུ་སྤྲུལ་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་པའི་ཕོ་བྲང་ནས༔ གསུང་སྤྲུལ་དབང་ཆེན་ཀླུ་གཤེད་གཤེགས་སུ་གསོལ༔ ཕྱོགས་སྐྱོང་དྲེགས་པ་བརྫིས་པའི་གདན་སྟེང་ནས༔ ཐུགས་སྤྲུལ་ཁྲོ་རྒྱལ་བཅུ་རྣམས་གཤེགས་སུ་གསོལ༔ རང་བཞིན་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དབང་གི་མ་མོ་བརྒྱད་རྣམས་གཤེགས་སུ་གསོལ༔ སིཾ་ཧ་རྔམས་ཆེན་རོལ་པའི་ཡུལ་བརྒྱད་ནས༔ ཡུལ་གྱི་ཕྲ་མེན་བརྒྱད་རྣམས་གཤེགས་སུ་གསོལ༔ སྒལ་ཚིགས་རི་ལྟར་སྤུངས་པའི་གནས་མཆོག་ནས༔ དབང་ཕྱུག་ཉི་ཤུ་བརྒྱད་རྣམས་གཤེགས་སུ་གསོལ༔ མཚོ་བཞི་ཕོ་བྲང་གཏམས་པའི་མཎྜལ་ནས༔ དབང་གི་བསེ་མོ་མ་བཞི་གཤེགས་སུ་གསོལ༔ སྟེང་འོག་ཕྱོགས་བཅུ་ཞིང་གི་བཀོད་པ་ནས༔ ཕྱོགས་སྐྱོང་དྲེགས་པའི་སྡེ་ཚོགས་གཤེགས་སུ་གསོལ༔ ཕྱོགས་བཞི་རབ་འཇིགས་དྲེགས་པའི་ཕོ་བྲང་ནས༔ ལྷ་ཀླུ་གཟའ་དང་གནོད་སྦྱིན་གཤེགས་སུ་གསོལ༔ ཕོ་བྲང་ཕྱོགས་བཞི་དྲེགས་པའི་དམག་དཔོན་ཆེ༔ འཇིགས་བྱེད་སྡེ་དཔོན་བཞི་བཅས་གཤེགས་སུ་གསོལ༔ དུར་ཁྲོད་གསར་རྙིང་གཏམས་པའི་གནས་ཆེན་ནས༔ མ་སྲིང་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ རྣལ་འབྱོར་ལོངས་སྤྱོད་བཀོད་པའི་གནས་འདི་རུ༔ དབང་མཆོག་རྟ་མགྲིན་དཀྱིལ་འཁོར་མ་ལུས་པ༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི་བྷ་ག་བཱན་པདྨ་མནྡྷཱ་ར་སརྦ་ས་ཀྲོ་དྷ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ ཧྲཱི༔ དབང་ཆེན་ཡངས་པའི་གཞལ་ཡས་སུ༔ པདྨ་ཉི་ཟླ་ཐབས་ཤེས་གདན༔ རྟོག་མེད་རོ་དང་དྲེགས་པའི་ཁྲི༔ བདེ་ཞིང་ཡངས་པ་འབུལ་ལགས་པས༔ འགྲོ་བའི་དོན་དུ་བཞུགས་པར་མཛོད༔ པཾ་པདྨ༔ ཨ་ཙནྡྲ༔ མ་སཱུརྱ༔ བཾ་ཏཱིཀྵྞ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱི༔ དུས་གསུམ་བདེ་གཤེགས་རྩ་བརྒྱུད་གུ་རུ་རྗེ༔ མན་ངག་ལུང་དང་དབང་བསྐུར་བརྒྱུད་པ་ལ༔ རྩེ་གཅིག་ཡིད་ཀྱིས་དད་པས་ཕྱག་འཚལ་ལོ༔ དབང་མཆོག་རྔམ་བརྗིད་རྟ་མགྲིན་རྟ་སྐད་བཞད༔ འགྲོ་དོན་མཛད་ཕྱིར་དྲག་པོའི་སྐུར་བསྟན་པ༔ བདག་དང་མི་འབྲལ་དམ་ཚིག་གཅིག་པའི་ལྷ༔ ཀླུ་བདུད་འབྱུང་པོ་དབང་དུ་སྡུད་པའི་ཕྱིར༔ སྒོ་གསུམ་དང་བས་གུས་པས་ཕྱག་འཚལ་ལོ༔ དབང་མཆོག་སྐུ་ལ་འཁྲིལ་བའི་མཁའ་འགྲོ་མ༔ གཟི་ལྡན་རལ་གཅིག་མ་མོ་འབུམ་གྱི་རྗེ༔ དུས་གསུམ་བདེ་གཤེགས་ཁྲོ་བོའི་ཕོ་བྲང་མཆོག༔ ཁམས་གསུམ་སྲིད་པའི་ཡུམ་ལ་ཕྱག་འཚལ་ལོ༔ ཡབ་ཡུམ་རོལ་པ་ཆེན་པོའི་བདེ་ཀློང་ན༔ ཕྲ་མེན་རྒྱ་མཚོ་ཁྲོ་བོ་འབུམ་གྱི་ཚོགས༔ མ་མོ་མཁའ་འགྲོ་ལ་སོགས་བཀའ་འཁོར་ལ༔ དད་པའི་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ༔ པདྨ་མནྡྷཱ་ར༔ ཧྲཱིཿཔདྨ་ས་མནྟ་ན་མོ་ན་མཱ་མི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་ཕྱི་ནང་གསང་མཆོད་རྣམས་འབུལ་བ་ནི༔ དང་པོ་ཨརྒྷཾ་འབུལ་ཏེ༔ མཆོད་ཕྲེང་འདི་རྣམས་ཨོ་རྒྱན་ཡུལ་གྱི་ནུབ་བྱང་གི་མཁའ་འགྲོ་མ་རྣམས་ཀྱི་ལུགས་ཡང་དག་པ་ཡིན་ནོ༔ ཨེ་མ་བདེ་གཤེགས་བཅོམ་ལྡན་འདས༔ སྐུ་གསུང་ཐུགས་ཀྱི་བྱང་ཆུབ་སེམས༔ ཆུ་ཡི་ཚུལ་དུ་སྤྲུལ་པ་འདི༔ འགྲོ་བ་རྣམས་ཀྱི་དོན་མཛད་ཕྱིར༔ ལྷ་ཚོགས་ལ་ནི་མཆོད་པར་བྱ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དེ་ནས་རང་གི་ཐུགས་ཀ་ནས་འདོད་ཡོན་སྣ་ཚོགས་སུ་སྤྲུལ་ནས་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ ཀུན་བཟང་ཐུགས་ལས་སྤྲུལ་པའི་མཆོད་སྤྲིན་ཆེ༔ འདོད་དགུའི་རེ་སྐོང་དཔག་བསམ་ཤིང༔ འདོད་པའི་གོས་དང་ཟས་སུ་ལྡན༔ རིན་ཆེན་ཁང་བཟང་གཏེར་ཆེན་མཛོད༔ བླ་རེ་རྒྱལ་མཚན་ཡོལ་བ་མཛེས༔ རྒྱན་དང་དཔག་ཡས་རོལ་མོ་བྲོ༔ གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ༔ སིལ་སྙན་གླིང་བུ་འཁར་རྔ་དང༔ གཟུགས་མཛེས་བྲོ་མཆོག་བདུད་རྩིའི་ཁྲོན༔ དབང་ཆེན་གསང་བའི་ཚོགས་ལ་འབུལ༔ ཧཱུྃ༔ མེ་ལོང་འཛིན་པ་གཟུགས་ལྷ་མོ༔ སྒྲ་ནི་ལག་གཉིས་པི་ཝཾ་འཛིན༔ དྲི་ནི་སྣོད་མཆོག་སྤོས་ཕོར་འཛིན༔ རོ་ནི་རྡོ་རྗེ་པདྨའི་སྣོད༔ གཟུགས་མཛེས་རྒྱན་ལྡན་རེག་བྱ་མ༔ ཆོས་ཀྱི་ལྷ་མོ་གླེགས་བམ་ཐོགས༔ འདོད་ཡོན་དྲུག་པོ་སོ་སོར་སྤྲུལ༔ བདེ་གཤེགས་ཐུགས་ལས་འོད་ཟེར་བཀྱེ༔ དབང་ཆེན་བདེ་གཤེགས་བཅོམ་ལྡན་འདས༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་ཐིམ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་དུག་ལྔའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཟླ་གམ་དམར་ནག་དབང་གི་དཀྱིལ་འཁོར་ནས༔ ཡེ་ཤེས་མེ་རི་སྨུག་ནག་འཁྱིལ་པའི་ཀློང༔ དུར་ཁྲོད་ཚོགས་རིས་བལྟམས་པའི་གཞལ་ཡས་ནས༔ དབང་མཆོག་ཁྲོ་རྒྱལ་བདུད་འཇོམས་རྟ་མགྲིན་ལ༔ ཤ་ཁྲག་ཀིང་རུས་དུག་ལྔ་འབུལ་ལགས་ཀྱིས༔ ཐུགས་རྗེ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་ལ་རོལ་པའི་གཟི་ལྡན་པདྨ་དང༔ དགྲ་བགེགས་འདུལ་མཛད་སྒེག་མོ་རལ་གཅིག་ལ༔ ཤ་ཁྲག་ཀིང་རུས་དུག་ལྔ་འབུལ་ལགས་ཀྱིས༔ ཐུགས་རྗེ་རོལ་པ་བདེ་ཆེན་དངོས་གྲུབ་སྩོལ༔ ཡབ་ཡུམ་བདེ་ཆེན་གཉིས་མེད་མཁའ་ཀློང་ནས༔ སྤྲུལ་པའི་ཁྲོ་བོ་ཕྲ་མེན་ཚོགས་བཅས་ལ༔ ཤ་ཁྲག་ཀིང་རུས་དུག་ལྔའི་མཆོད་པ་འབུལ༔ མཐུ་སྟོབས་གཟི་བྱིན་སྔགས་ཀྱི་དངོས་གྲུབ་སྩོལ༔ བསྟན་པ་སྲུང་བའི་མ་མོ་མཁའ་འགྲོ་དང༔ དམ་ཚིག་སྲུང་བའི་བཀའ་འཁོར་ཚོགས་བཅས་ལ༔ ཤ་ཁྲག་ཀིང་རུས་དུག་ལྔའི་མཆོད་པ་འབུལ༔ བསྟན་པ་སྲུང་བའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏཱི་ཤྭ་རཱི་སཏྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏཱི་ཤྭ་རཱི་སཏྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏཱི་ཤྭ་རཱི་སཏྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ་ཧ་ཧེ་ཕཊ༔ བྷྱོ་ཁ་ཁ་ཁཱ་ཧི༔ ཁ་རཾ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ གལ་ཆེ་བ་ལ་སྔགས་ལྔ་དང་སྤྲད་ནས་ལན་གསུམ་གྱིས་ཕུལ་བས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད་ཅིང་ཕྱི་ནང་གི་བར་ཆད་ཞི་བར་འགྱུར་རོ༔ དེ་ནས་གསང་མཆོད་སྨན་རག་གཏོར་གསུམ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་དུག་ལྔ་སྨན་དུ་བསྒྱུར༔ སྐྱེ་ཤི་མེད་པའི་བདུད་རྩི་ཨ་མྲྀ་ཏ༔ དག་པ་ཆེན་པོ་རྨད་བྱུང་དམ་རྫས་འདི༔ རྒྱལ་བ་རྒྱ་མཚོ་བསྙེལ་བ་མི་མངའ་ཡང༔ རྣལ་འབྱོར་ལོག་རྟོག་གཏན་ནས་བཅོམ་པ་དང༔ མ་སྲིང་རྒྱ་མཚོ་ཐུགས་དམ་བསྐང་བའི་ཕྱིར༔ སྨན་མཆོག་བདུད་རྩི་ལྔ་ཡི་དམ་རྫས་འདི༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་འཁོར་བཅས་ལ༔ མཆོད་ཅིང་འབུལ་ལོ་མཉེས་ཏེ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྟོང་གསུམ་འཁོར་འདས་མཉམ་པའི་བྷནྡྷ་རུ༔ རྒྱུ་རྐྱེན་ཡོན་ཏན་བླ་མེད་བཅུད་གཏོར་ཆེ༔ ཤ་ལྔ་དཀར་ཐིག་དམར་གྱི་གུར་ཕུབ་ནས༔ སྨན་གྱི་ནུས་པ་ཡོན་ཏན་ཀུན་ལྡན་ཅིང༔ འབྱོར་ལྡན་བཅུད་འདི་དབང་ཆེན་ལྷ་ཚོགས་ལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་འབུལ་གྱིས་བཞེས༔ ཨི་དཾ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དུང་ཆེན་སྣོད་དུ་དམར་ཆེན་མདངས་ཀྱིས་བཀང༔ རྟེན་འབྲེལ་བཅུ་གཉིས་མཱུ་ལ་སྲིད་པའི་རྫས༔ མཱཾ་ས་པདྨ་རུ་དྲའི་སྙིང་ཁྲག་བཅས༔ དབང་དུ་སྡུད་དང་དམ་ཉམས་བསྒྲལ་བ་དང༔ ཁམས་གསུམ་འཁོར་བ་སྟོངས་ཕྱིར་བཞེས་སུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཅེས་པས་མཆོད༔ དེ་ནས་བསྟོད་པ་ནི༔ དང་པོ་བདག་བསྐྱེད་དབུ་ལྔ་ལ་རྒྱུད་དགོངས་སྐུ་གསུང་ཐུགས་ཀྱི་བསྟོད་པ་ལ༔ ཧཱུྃ༔ འགྲོ་བའི་མགོན་པོ་རྡོ་རྗེ་ལྟ་བུར་ཆོས་ཉིད་ཁོང་ཆུད་ནམ་མཁའ་དང་འདྲ་དབྱེར་མི་ཕྱེད༔ གསུང་གི་བདག་ཉིད་པདྨའི་རིགས་མཆོག་སིནྡྷུ་ར་ཡི་མདོག་ཅན་བདེ་བར་གཤེགས༔ དབང་ཆེན་ཁྲོ་རྔམ་དུག་ལྔ་རྩད་གཅོད་འཁོར་ལོ་དང་མཚུངས་བདེ་བ་ཆེན་པོའི་སྐུ༔ འགྲོ་བའི་དོན་བརྩོན་བྱང་ཆུབ་སེམས་ལྡན་ཡིད་བཞིན་ནོར་འདྲའི་ཐུགས༔ བདུད་དཔུང་འཇོམས་མཛད་སྒྱུ་མའི་གར་མཁན་རྟ་མཆོག་རྒྱལ་པོ་སྟེ༔ དབང་བསྐུར་མཆོག་སྩོལ་གསང་བ་ཆེན་པོ་རྒྱན་གྱི་རྒྱ་མཚོར་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ དེ་ནས་རྩ་ལྷ་མདུན་དཀྱིལ་ལ་རིམ་པར་ཚིགས་བཅད་ཐུང་དུས་བསྟོད་པ་ནི༔ ཧཱུྃ༔ དབང་མཆོག་རྔམས་བརྗིད་ཁྲོ་རྒྱལ་རྟ་མགྲིན་སྐུ༔ དྲེགས་པ་འདུལ་ཕྱིར་ཁྲོ་བོར་སྐུ་སྤྲུལ་ཞིང༔ སྐུ་ལྔ་ཡེ་ཤེས་ལྔ་བདག་རྟ་དབུ་ལྔ༔ ཞལ་གསུམ་སྲིད་གསུམ་རབ་ཏུ་ཟ་བར་བྱེད༔ སྤྱན་དགུ་ས་གནོན་སྤྱན་རྩ་དམར་པོར་ཟློག༔ སྙན་ནས་འབྲུག་སྟོང་སྒྲོག་ཅིང་སེར་ཆེན་འདྲིལ༔ ཤངས་ནས་རླུང་འཚུབས་ཁྲོ་ཆུང་ས་མ་ཡ༔ ཨག་ཚོམ་དམར་སེར་དབང་དྲག་འདུས་པའི་ཚུལ༔ མཆེ་གཙིགས་ཟླ་ཚེས་བདུད་བཞི་ཟིལ་གྱིས་གནོན༔ ལྗགས་འདྲིལ་བདུད་རིགས་རབ་ཏུ་སྔངས་པར་བྱེད༔ གཏི་མུག་བདུད་དཔུང་འཇོམས་བྱེད་གླང་པོ་ཆེ༔ ཟ་བྱེད་ཞེ་སྡང་འདུལ་ཕྱིར་སྟག་ལྤགས་ཤམ༔ ང་རྒྱལ་དྲེགས་འཇོམས་གཡང་གཞི་གོས་སུ་གྱོན༔ ཕྲག་དོག་སྦྲུལ་ནག་ཆུན་པོ་རྒྱན་དུ་བཞེས༔ ཐོད་རློན་ལྔ་བཅུས་འདོད་ཆགས་ཞེན་པ་ཟློག༔ བྲང་འགྲོའི་རྒྱན་བྱས་རིགས་བཞི་བྱོལ་སོང་འདུལ༔ ཞབས་བཞི་ཚད་མེད་བཞི་ལྡན་དྲེགས་པ་གནོན༔ ཕྱག་དྲུག་ཕ་རོལ་ཕྱིན་དྲུག་ཕྱག་མཚན་དྲུག༔ གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་ཡིས༔ ཉོན་མོངས་མ་ལུས་གཏན་ནས་འཇོམས་པར་བྱེད༔ བར་མས་གཅོད་པའི་རལ་གྲི་འབར་བ་ཡིས༔ ཉོན་མོངས་འཁོར་བ་རྩད་ནས་གཅོད་པར་བྱེད༔ ཐ་མ་ཏི་ར་ཆེན་པོའི་དབྱུག་པ་ཡིས༔ འཁོར་བ་མ་ལུས་ཞེན་པ་ཟློག་པར་བྱེད༔ གཡོན་པས་ཐོད་ཁྲག་ཡུམ་ལ་འཁྱུད་པ་ནི༔ ཐབས་ཤེས་གཉིས་ལྡན་འགྲོ་ལ་ཆགས་པའི་རྟགས༔ བར་མས་སྡིགས་མཛུབ་རྒྱུ་ཞགས་བསྣམས་པ་ནི༔ རིགས་དྲུག་སེམས་ཅན་ཐུགས་རྗེའི་ཞགས་པས་བཟུང༔ ཐ་མས་མཁའ་ལྡིང་རྒྱལ་པོ་ཕྱར་བ་ནི༔ རིགས་བཞི་ཀླུ་རྣམས་དབང་དུ་སྡུད་པར་བྱེད༔ གཤོག་པ་ཚར་གསུམ་ནམ་མཁར་ལྡིང་པ་ནི༔ ཕྲ་མེན་མང་པོ་ཐབས་ཀྱིས་འདུལ་བར་བྱེད༔ རལ་པ་དམར་ནག་སྲིད་རྩེར་གཡེང་བ་ནི༔ སྲིད་གསུམ་མ་ལུས་དབང་དུ་སྡུད་པར་བྱེད༔ ཞལ་ནས་ཧཱུྃ་ཕཊ་ཧུ་ལུ་དྲག་པོའི་སྒྲས༔ སྣང་སྲིད་ཐམས་ཅད་ཁྲག་ཏུ་སྐྱུགས་པར་མཛད༔ བ་སྤུའི་གསེབ་ནས་ཁྲོ་ཆུང་གཏམས་པ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པར་བྱེད༔ དབང་ཆེན་ཡེ་ཤེས་ལྷ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་དཔག་མེད་རྒྱས་པའི་ཁྲོ་རྒྱལ་གྱིས༔ ང་རྒྱལ་དྲག་པོའི་ཀླུ་རྣམས་གསོད་པ་དང༔ ཡིད་ཀྱི་རེ་འདོད་སྐོང་བའི་ལས་མཛོད་ཅིག༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་ཁྲོ་རྒྱལ་གཏུམ་དྲག་ནི༔ སྐུ་མདོག་དམར་སེར་ནུབ་ཁའི་ཉི་ཟེར་བཞིན༔ སྣ་ཚོགས་རྟ་དབུ་ལྔ་ཡིས་དབུ་བརྒྱན་པ༔ ཞལ་གཅིག་ཕྱག་བཞི་རྔམ་པའི་ཚུལ་འཆང་ཞིང༔ དྲི་མའི་སྐྱོན་སྤང་རིན་ཆེན་དུ་མ་གསོལ༔ གཡས་ཀྱི་དང་པོས་རང་རྟགས་པདྨ་བསྣམས༔ གཡོན་པས་དེ་བཞིན་རལ་གྲི་གདུག་པའི་མཚོན༔ འོག་གཉིས་ཐབས་ཤེས་འབྲེལ་བའི་མདའ་གཞུ་འགེངས༔ རིགས་ཀྱི་མཁའ་འགྲོ་ཁྲག་འཐུང་ལྔ་དང་རོལ༔ གར་དབང་སྐུ་ཡི་སྲས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ཐུགས་རྗེས་འགྲོ་བའི་དོན་མཛོད་ཅིག༔ ཧཱུྃ༔ གསུང་གི་སྤྲུལ་པ་ཁྲོ་ཆེན་ཀླུ་ལས་རྒྱལ༔ སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་བརྗིད༔ དུག་གསུམ་སྒྲོལ་བྱེད་ཞལ་གསུམ་ཁྲོ་བོའི་ཞལ༔ ཕྱག་དྲུག་རྒྱུད་དྲུག་བསྒྲལ་བའི་ཕྱག་ཆ་ནི༔ འདམ་སྐྱེས་སྐྱོན་བྲལ་རང་གི་རྟགས་སུ་བསྣམས༔ ཉོན་མོངས་འཆིང་གཅོད་རལ་གྲི་ཐ་མས་རྡེག༔ སྲིད་གསུམ་སྲེག་བྱེད་མེ་ཐབ་དམར་ནག་དང༔ དུག་ཆེན་ཀླུ་འདུལ་དཔའ་བོ་ཁྱུང་གི་ཁྲ༔ བྲང་འགྲོ་ཞལ་གསོལ་ཟ་བྱེད་མཆེ་བ་གཙིགས༔ དུར་ཁྲོད་དུ་མ་སྐུ་ལ་བརྒྱན་བྱས་ནས༔ རྟ་སྐད་བསྒྲགས་པས་བདུད་ཚོགས་སྟོང་པར་བྱེད༔ དབང་ཆེན་གསུང་སྤྲུལ་ཀླུ་འདུལ་ཁྱོད་ལ་བསྟོད༔ ཀླུ་བདུད་གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་ཆེན་ཐུགས་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ འཇིགས་པའི་ཁ་དོག་གདུག་པའི་རྒྱན་གྱིས་བརྒྱན༔ དྲག་པོའི་ཕྱག་གིས་མཆོད་ཆ་ཅིར་ཡང་བསྣམས༔ འདོད་པའི་རེ་སྐོང་ཡུམ་ལ་ཐབས་ཀྱིས་འཁྱུད༔ སྤྲུལ་པའི་ཕོ་ཉ་ཡང་སྤྲུལ་བྱེ་བས་བསྐོར༔ འཇིགས་བྱེད་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་སྐྱོང་དྲེགས་པ་འདུལ་བའི་ལས་མཛོད་ཅིག༔ བྷྱོ༔ དབང་ཆེན་སྐུ་ལ་འཁྲིལ་པའི་ཡུམ་ཆེན་མོ༔ གཟི་ལྡན་པདྨ་ཁྲོ་བོ་ཀུན་གྱི་ཡུམ༔ ཨེ་ཡི་ངང་ནས་སྲིད་གསུམ་འཆར་བྱེད་མ༔ དབང་གི་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཡས་པས་ཏྲི་ཤུལ་རྩེ་གསུམ་བདུད་དཔུང་འཇོམས༔ གཡོན་པས་དམར་ཆེན་ཐོད་པ་ཡབ་ལ་སྟོབ༔ སྦྲུལ་དང་ཐལ་ཁྲག་རུས་པ་དུ་མས་བརྒྱན༔ དབུ་ཡི་རལ་པས་འཇིག་རྟེན་སྨན་མོ་འདུལ༔ སྲིད་གསུམ་འདུལ་བྱེད་གསེར་དང་བཻ་ཌཱུརྻ༔ དབུ་ཡི་རྒྱན་བྱས་ཐམས་ཅད་ཟིལ་གྱིས་གནོན༔ ཡུམ་ཆེན་གཟི་ལྡན་པདྨ་ཅན་ལ་བསྟོད༔ འདོད་ཆགས་ཆེན་པོས་བདུད་དཔུང་རྡུལ་དུ་རློགས༔ བྷྱོ༔ སྒྲོལ་ཡུམ་ཆེན་མོ་སྒེག་མོ་རལ་གཅིག་མ༔ སྨུག་ནག་དུག་གྱོན་ཁྲག་གི་རལ་པ་ཅན༔ མཛེས་པའི་མཆེ་བས་སྣང་སྲིད་དབང་སྡུད་མ༔ གདུག་པའི་ཞལ་གྱིས་སྐྱེ་འགྲོ་སྒྲོལ་བྱེད་མ༔ གཡས་པས་སྤུ་གྲིས་སྒྲོལ་བའི་ལས་བྱེད་མ༔ གཡོན་པས་ཙིཏྟ་འབར་བ་གསོལ་ནས་ཀྱང༔ རུས་ཆེན་ཞལ་དུ་གསོལ་བའི་ཞེ་སྡང་ཅན༔ སྦྲུལ་ནག་གོས་གྱོན་བདུད་མོ་བྱེ་བའི་བདག༔ སྒྲོལ་ཡུམ་ཆེན་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་སྒྲོལ་བའི་མ་མོ་ཆེན་མོ་ཁྱོད༔ ཞེ་སྡང་དྲག་པོས་སྐྱེ་འགྲོ་དབང་དུ་སྡུས༔ བྷྱོ་ཛ༔ ཡབ་ཡུམ་གཉིས་མེད་བྱང་སེམས་འཕྲོ་འདུ་ལས༔ ལོག་ལྟ་སྒྲོལ་བྱེད་སྤྲུལ་པའི་ཕྲ་མེན་མ༔ ཐབས་ལས་མཆོག་གྱུར་དབུ་བརྙན་དུར་ཁྲོད་བདག༔ རང་བཞིན་གཅིག་གྱུར་ཁམས་གསུམ་སྒྲོལ་ལ་མཁས༔ སྐྱེ་འགྲོ་མ་ལུས་བཀྲག་དང་མདངས་འཕྲོག་ཅིང༔ འགུགས་པའི་ལྕགས་ཀྱུས་དོན་སྙིང་ཁོང་ནས་འབྱིན༔ འཆིང་བའི་ཞགས་པས་གདུག་པའི་ཡན་ལག་སྡོམ༔ འདེབས་པའི་ཕུར་བུས་རྣམ་ཤེས་ཐང་ལ་ལྡོག༔ ཞིང་ཆེན་གཡང་གཞི་སྟོང་གསུམ་དབང་དུ་སྡུད༔ རེས་འགའ་སྤྲུལ་ཙ་ལྟས་ངན་ཝ་སྤྱང་བཏང༔ འཇབ་པའི་སྟོབས་ཀྱིས་ལོག་ལྟ་རྡུལ་དུ་རློག༔ ཕྲ་མེན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ དབང་ཕྱུག་ཆེན་མོ་ཀུན་གྱི་སྟོངས་གྲོགས་མཛོད༔ ཤ་ཆེན་ཁྲག་ལ་རོལ་ཞིང་མ་མོ་སྡུད༔ དབང་ཆེན་ཕོ་ཉར་བཏང་བའི་ཕྲ་མེན་མ༔ ཕྲིན་ལས་མཛད་པའི་ཐུགས་དམ་གཡར་དགོངས་ཤིག༔ གདུག་པ་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ ཧཱུྃ་བྷྱོ༔ གཞན་ཡང་ཡང་སྤྲུལ་གནས་ཀྱི་མ་མོ་བརྒྱད༔ ཡུལ་བདག་ཕྲ་མེན་ཆེན་མོ་བརྒྱད་རྣམས་དང༔ དབང་གི་མཁའ་འགྲོ་སྒོ་མ་བསེ་མོ་བཞི༔ དབང་ཕྱུག་མཁའ་འགྲོ་ཉི་ཤུ་བརྒྱད་ལ་སོགས༔ མ་སྲིང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དབང་ཆེན་གསང་བ་དུར་ཁྲོད་མཆོག་གི་བདག༔ བཀའ་ཡི་ལས་བྱེད་ཕྱོགས་སྐྱོང་དམ་ཅན་ཚོགས༔ ལྷ་བརྒྱད་ཀླུ་བརྒྱད་བར་སྣང་གཟའ་ཆེན་བརྒྱད༔ ནོར་བདག་རྟ་བརྒྱད་སྡེ་དཔོན་ཆེན་པོ་བཞི༔ དབང་ཆེན་སྤྲུལ་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་བའི་དོན་དགོངས་ཤིང༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་དུས་ལ་བབ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པ་དང༔ སྲིད་གསུམ་ཟིལ་གནོན་སྣང་སྲིད་བྲན་དུ་ཁོལ༔ ཟིལ་གནོན་རྣམ་གཉིས་མཆོག་གི་དངོས་གྲུབ་སྩོལ༔ དེ་ནས་ཛཔ྄་བསྐུལ་ཞིང་བསྙེན་པའི་རིམ་པ་ནི༔ ཧཱུྃ༔ དབང་ཆེན་དམར་ནག་མེ་ཡི་དཀྱིལ་འཁོར་དུ༔ ཟླ་གམ་པདྨ་ཉི་ཟླའི་གདན་སྟེང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་པདྨ་གཟི་ལྡན་སྒྲོལ་ཡུམ་བཅས༔ སྐུ་གསུང་ཐུགས་སྤྲུལ་ཁྲོ་བོ་ཁྲོ་མོའི་ཚོགས༔ བྱི་ལ་པུ་ཤུད་མ་མོ་ཕྲ་མེན་དང༔ སྤྲུལ་པ་ཡང་སྤྲུལ་བཀའ་ཡི་འཁོར་ཚོགས་བཅས༔ སྐུ་ནི་རྔམ་བརྗིད་གསུང་ནི་སྔགས་སྒྲ་སྒྲོག༔ ཐུགས་ནི་འདུ་འཕྲོ་སྔགས་ཀྱི་འོད་ཟེར་འགྱེད༔ དབང་ཆེན་ལྷ་ཚོགས་ཐུགས་དམ་གནད་ནས་བསྐུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་དང་པོ་རིག་སྔགས་ལྟར་བཟླས་པ་ནི༔ ཨོཾ་པདྨ་དྷ་ར་ཧྲཱིཿསྭཱ་ཧཱ༔ གཉིས་པ་གསང་སྔགས་ལྟར་བཟླས་པ་ནི༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ༔ གསུམ་པ་བླ་མེད་ལྟར་བཟླས་པ་ནི༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྷྱོ་དི་མ་ད་རི་ཨེ་ཀ་ཙཱ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཞི་པ་གཟུངས་སྔགས་ལྟར་བཟླས་པ་ནི༔ རྟ་མཆོག་ཡིད་བཞིན་ནོར་བུའི་གཟུངས་ལྟར་རོ༔ དེ་ནས་ལས་སྦྱོར་ཁྲོ་འདུས་ནི༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནཱ་ག་ཛྭ་ལ་རཾ་ཕཊ་རཾ་ཧེ་རཾ་ཛྭ་ལ་ཛྭ་ལ༔ གརྫ་གརྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚིནྡྷ་ཚིནྡྷ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ སྥོ་ཊ་སྥོ་ཊ༔ པ་ཙ་པ་ཙ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡུམ་ལ་བརྟེན་པའི་ལས་སྦྱོར༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ༔ བྷྱོ་དི་མ་ད་རི་ཨེ་ཀ་ཙཱ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་དུན་ཏིང་ས་མ་ཡ༔ མ་མ་རུ་ལུ་བཾ་ནན༔ རུ་རུ་ཙ་པ་ལ༔ ཏྲག་རཀྴ་ཏྲག་རཀྵ་བཾ་ཡཾ་ཐུཾ་རི་ལི་ལི་མ་མོ་ནག་མོ་ཁ་འདར་ཤ་ཡ༔ ཙི་བཾ༔ རུ་ཏི་ཙི་པ་ཐུན་བྷྱོ༔ རཀྟ་ཀུ་མུན་ཏ་ཐུན་བྷྱོ༔ བྷུར་བྷྱོ༔ ཤ་ལ་ཁཾ༔ སྲོག་ལ་རྦད༔ ཅེས་གསང་སྔགས་རིག་སྔགས་གཟུངས་སྔགས་འདུས་པའི་ལས་སྦྱོར་ཏེ༔ མདོར་ན་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་འདི་རྣམས་སུ་མ་འདུས་པ་མེད་དོ༔ གསང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་འབུལ་སོགས་གཞུང་གོང་འོག་ཁྱད་པར་རྫོགས་ཆེན་ཡི་དམ་སྒྲུབ་སྐོར་ལྟར་བྱ༔ །ྀཨཚ།༔ གུ་ཧྱ༔ ྈྈྈྈྈྈྈྈྈ གསུམ་པ་རྗེས་ཀྱི་རིམ་པ་ཚོགས་བྱ་བ་ནི༔ དང་པོ་གསག་ཅིང་ཞུ་བ༔ བསྐྲད་ཅིང་བྱིན་རླབས་པ༔ གཉིས་པ་སྤྱན་འདྲེན་པ༔ གསུམ་པ་ཚོགས་མཆོད་པ༔ བཞི་པ་ཚོགས་འབུལ་བ་ལ་རིམ་པ་གསུམ༔ ལྔ་པ་ལྷག་མ་བྱ་བ༔ དྲུག་པ་བསྐུལ་བ༔ བདུན་པ་ཆད་ཐོ༔ བརྒྱད་པ་བརྟན་མ༔ དགུ་པ་གཏོར་བྲོ༔ བཅུ་པ་དངོས་གྲུབ་བླང་བ༔ བཅུ་གཅིག་པ་བཤགས་པ༔ བཅུ་གཉིས་པ་སྨོན་ལམ༔ བཅུ་གསུམ་པ་བཀྲ་ཤིས༔ བཅུ་བཞི་པ་དཀྱིལ་འཁོར་བསྡུ་བ༔ བཅོ་ལྔ་པ་རྒྱུན་ཁྱེར་ལམ་དུ་བསླང་བའོ༔ རྗེས་ཀྱི་རྩ་ཐོ་རྒྱས་པ་རྫོགས་སོ༔ །ྀཨཚ།༔ དེ་ལ་དང་པོ་གསག་པ་ནི༔ ཚོགས་ཀྱི་ཡོ་བྱད་འབྲུ་སྣ་ཤིང་ཐོག་གལ་ཕྱེ་ཆང་སྣ་མངར་གསུམ་གྱིས་སྦྲུས་ལ༔ ཟླ་གམ་བཞི་ཡི་ལྟེ་བར་ཟུར་བརྒྱད་བྱ༔ དེའི་སྟེང་དུ་ཚོགས་ལྷ་ཆེན་ཙིཏྟ་ལྟར་བྱ༔ དེའི་མཐའ་སྐོར་དུ་ཞལ་ཟས་འབྱོར་ཚོགས་ལྡེ་གུ༔ སུ་ར༔ ཤ་ཚོད༔ དཀར་མངར༔ ཤིང་ཐོག༔ ཙཱ་རུ༔ ཆང་ཚོགས་ཚད༔ ཤ་བཅས་བཤམས་ནས་སློབ་བུས་ཞུ་བ༔ ཧོ༔ བླ་མ་རྡོ་རྗེ་འཛིན་པ་ལ་སོགས་འདུས་པ་རྒྱ་མཚོ་རྣམས་དགོངས་འཚལ༔ ངེད་ཚོ་བླ་མེད་ཧེ་རུ་ཀ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བཤམས་པ་ལགས་པས་བྱིན་གྱིས་བརླབ་ཅིང་ཚོགས་གཉིས་མྱུར་དུ་རྫོགས་པའི་ཕྲིན་ལས་གནང་འཚལ༔ ཅེས་ཞུ༔ དེ་ནས་བསང་ཆུ་འཐོར་ཞིང༔ རཾ་ཡཾ་ཁཾ་དང༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནེ་ཧཱུྃ༔ ཅེས་ལན་གསུམ་གྱིས་སྦྱངས་ཤིང་བསྲེགས་ནས༔ སྐུ་གསུང་ཐུགས་འབྲུ་གསུམ་འཁོར་ལོ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི༔ ཐོད་རྔ་དྲིལ་བུ་དང་བཅས་ལ༔ ཨོཾ༔ བདེ་བར་གཤེགས་པ་སྐུ་ཡི་བྱིན་རླབས་ལས༔ དཀར་པོ་ཨོཾ་གྱི་འོད་ཟེར་འཕྲོ་འདུ་ཡིས༔ ཚོགས་གཞོང་པདྨ་བྷནྡྷའི་དཀྱིལ་འཁོར་དུ༔ ཞེ་སྡང་ལས་བྱུང་ཚོགས་ཀྱི་ཞལ་ཟས་ཀུན༔ དཀར་ལ་མདངས་ཆགས་ཡེ་ཤེས་བདུད་རྩིར་གྱུར༔ འཛད་མེད་བདུད་རྩིའི་འོད་ཟེར་ཆེན་པོ་ལ༔ འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས་གྱུར་ནས༔ བདག་ཅག་འདིར་འཚོགས་རྣལ་འབྱོར་ཐམས་ཅད་ཀྱི༔ རྒྱུད་ལ་གནས་པའི་ཉོན་མོངས་ཞེ་སྡང་ཀུན༔ ཐུགས་རྗེ་བྱམས་པ་ཆེན་པོར་གནས་བསྒྱུར་ནས༔ བདག་གི་ལུས་འདི་བདེ་གཤེགས་རྒྱལ་བའི་སྐུ༔ མཚན་དང་དཔེ་བྱད་ལྡན་པར་བྱིན་གྱིས་རློབས༔ ཨཱ༔ བདེ་བར་བཤེགས་པ་གསུང་གི་བྱིན་རླབས་ལས༔ དམར་པོ་ཨཱཿཡི་འོད་ཟེར་འཕྲོ་འདུ་ཡིས༔ ཚོགས་གཞོང་པདྨ་བྷནྡྷའི་དཀྱིལ་འཁོར་དུ༔ འདོད་ཆགས་ལས་བྱུང་ཚོགས་ཀྱི་ཞལ་ཟས་ཀུན༔ དམར་ལ་མདངས་ཆགས་ཡེ་ཤེས་བདུད་རྩིར་གྱུར༔ ཟག་མེད་བདུད་རྩིའི་འོད་ཟེར་ཆེན་པོ་ལ༔ འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས་གྱུར་ནས༔ བདག་ཅག་རྣལ་འབྱོར་འདིར་འཚོགས་ཐམས་ཅད་ཀྱི༔ རྒྱུད་ལ་གནས་པའི་ཉོན་མོངས་འདོད་ཆགས་ཀུན༔ ཟག་མེད་བདེ་བ་ཆེན་པོར་གནས་བསྒྱུར་ཏེ༔ བདག་གི་ངག་འདི་བདེ་གཤེགས་རྒྱལ་བའི་གསུང༔ གསུང་དབྱངས་ཡན་ལག་དྲུག་ཅུར་བྱིན་གྱིས་རློབས༔ ཧཱུྃ༔ བདེ་བར་གཤེགས་པ་ཐུགས་ཀྱི་བྱིན་རླབས་ལས༔ མཐིང་ཀ་ཧཱུྃ་གི་འོད་ཟེར་འཕྲོ་འདུ་ཡིས༔ ཚོགས་གཞོང་པདྨ་བྷནྡྷའི་དཀྱིལ་འཁོར་དུ༔ གཏི་མུག་ལས་བྱུང་ཚོགས་ཀྱི་ཞལ་ཟས་ཀུན༔ མཐིང་ལ་མདངས་ཆགས་ཡེ་ཤེས་བདུད་རྩིར་གྱུར༔ ཟག་མེད་བདུད་རྩིའི་འོད་ཟེར་ཆེན་པོ་ལ༔ འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས་གྱུར་ནས༔ བདག་ཅག་རྣལ་འབྱོར་འདིར་འཚོགས་ཐམས་ཅད་ཀྱི༔ རྒྱུད་ལ་གནས་པའི་ཉོན་མོངས་གཏི་མུག་ཀུན༔ ཆོས་དབྱིངས་ཡེ་ཤེས་ཆེན་པོར་གནས་བསྒྱུར་ནས༔ བདག་གི་སེམས་འདི་བདེ་གཤེགས་རྒྱལ་བའི་ཐུགས༔ ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་གུ་ཎ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཨོ་རྒྱན་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཚོགས་བཅས་རྣམས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ ཟླ་གམ་དབང་ཆེན་རོལ་པའི་ཕོ་བྲང་ནས༔ ཕ་རྒྱུད་གཡོ་བ་རླུང་གི་ཧེ་རུ་ཀ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་དབང་གི་ལྷ༔ སྐུ་གསུང་ཐུགས་སྤྲུལ་ཁྲོ་བོ་ཁྲོ་མོ་དང༔ དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ གསང་ཆེན་རོལ་པ་ཆོས་འབྱུང་དཀྱིལ་འཁོར་ནས༔ མ་རྒྱུད་བདེ་བ་ཉམས་ཀྱི་རྣལ་འབྱོར་མ༔ རྡོ་རྗེ་ཕག་མོ་སངས་རྒྱས་ཀུན་གྱི་ཡུམ༔ གསང་བ་ཡེ་ཤེས་སྒྲོལ་ཡུམ་རལ་གཅིག་བཅས༔ དཔའ་མོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ ཐར་པའི་གྲོང་མཆོག་ཉི་ཤུ་རྩ་བཞི་ནས༔ མ་མོ་ཕྲ་མེན་དབང་ཕྱུག་སྒོ་མ་དང༔ ཡེ་ཤེས་ལས་ལ་གྲུབ་པའི་བཀའ་འཁོར་ཚོགས༔ གནས་གསུམ་དཔའ་བོ་མཁའ་འགྲོ་འཁོར་དང་བཅས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ འཇིག་རྟེན་ལས་ཀྱིས་སྤྲུལ་པའི་དུར་ཁྲོད་ནས༔ མྱུར་མགྱོགས་རྫུ་འཕྲུལ་མཐུ་སྟོབས་ནུས་པ་ཅན༔ བཀའ་ཡི་ཕོ་ཉ་ཕྱོགས་སྐྱོང་ལྷ་སྲིན་ཚོགས༔ ཞིང་སྐྱོང་འཇིག་རྟེན་མཁའ་འགྲོ་འཁོར་བཅས་རྣམས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བཀའ་དང་དམ་ཚིག་ཆེན་པོའི་ཕོ་བྲང་ནས༔ བསྟན་པ་སྲུང་ཞིང་བར་ཆད་སེལ་མཛད་པ༔ མ་མགོན་ལྕམ་དྲལ་ནོར་ལྷ་དམ་ཅན་ཚོགས༔ ཆོས་སྐྱོང་སྲུང་མ་གཏེར་བདག་མ་ལུས་རྣམས༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔ ཕྱི་ནང་བར་ཆད་མ་ལུས་བསལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་བི་ཤྭ་ལོ་ཀ་ས་མ་ཡ༔ ག་ཎ་ཙཀྲ་པཱུ་ཛ་ཨ་མྲྀཏ་ལ་ཁཱ་ཧི༔ དེ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས་ཚོགས་ཀྱིས་མཆོད་པ་ནི༔ གར་རུས་རྒྱན་དང་བཅས་ནས་ཚོགས་རྫས་ཐོགས་ཏེ༔ ཨོཾ་ཨཱཿཧཱུྃ༔ པདྨ་བྷནྡྷ་མཚན་ལྡན་སྣོད་ཀྱི་མཆོག༔ ཆོས་དབྱིངས་ནམ་མཁའ་མཉམ་པའི་སྣོད་ནང་དུ༔ རྡོ་རྗེ་མེ་རླུང་ཐོད་པར་སྦྱོར་བ་ཡིས༔ ཚོགས་ཀྱི་ཞལ་ཟས་བདུད་རྩིར་བྱིན་གྱིས་བརླབས༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་འོད་ཟེར་ལས༔ འདོད་པའི་ཡོན་ཏན་རྣམ་པ་ལྔ་རུ་འཕྲོས༔ ལོངས་སྤྱོད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གཏིབས༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ གཟུགས་ཀྱི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ གཟུགས་མཛེས་མེ་ཏོག་སྤྱན་གྱི་མཆོད་པ་རྣམས༔ རྡོ་རྗེ་གཟུགས་ཀྱི་ལྷ་མོས་ཐོགས་ནས་ཀྱང༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ཏེ༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒྲ་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ རོལ་མོ་སིལ་སྙན་སྙན་གྱི་མཆོད་པའི་ཚོགས༔ རྡོ་རྗེ་སྒྲ་ཡི་ལྷ་མོས་ཐོགས་ནས་སུ༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ཏེ༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ དྲི་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ དྲི་མཆོག་བདུག་སྤོས་ཤངས་ཀྱི་མཆོད་པ་རྣམས༔ རྡོ་རྗེ་དྲི་ཡི་ལྷ་མོས་ཐོགས་ནས་ཀྱང༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ཏེ༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ རོ་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ རོ་མཆོག་ཞལ་ཟས་ལྗགས་ཀྱི་མཆོད་པ་རྣམས༔ རྡོ་རྗེ་རོ་ཡི་ལྷ་མོས་ཐོགས་ནས་ཀྱང༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ཏེ༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ རེག་བྱ་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ རེག་བྱ་བདེ་འཇམ་སྐུ་ཡི་མཆོད་པ་རྣམས༔ རྡོ་རྗེ་རེག་བྱ་ལྷ་མོས་ཐོགས་ནས་ཀྱང༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ཏེ༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཆོས་ཀྱི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔ བདེ་སྟོང་གཉིས་མེད་ཐུགས་ཀྱི་མཆོད་པ་རྣམས༔ རྡོ་རྗེ་ཆོས་ཀྱི་ལྷ་མོས་ཐོགས་ནས་ཀྱང༔ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ག་ཎ་ཙཀྲ་སརྦ་པཱུ་ཛ་བ་ལིཾ་ཏ་སུ་ར་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ དང་པོ་དཀྱིལ་འཁོར་གྱི་ལྷ་ལ་འབུལ༔ གཉིས་པ་འཁོར་ལ་ཚོགས་འབུལ་ཞིང་བཤགས༔ གསུམ་པ་ཉ་བོ་བྱས་ནས་བསྒྲལ་བའོ༔ དང་པོ་ནི༔ ཧཱུྃ༔ བླ་མེད་ཚོགས་ཀྱི་མཆོད་པ་དམ་པ་འདི༔ བདེ་གཤེགས་རྒྱལ་བ་རྣམས་ལ་མཆོད་པར་འབུལ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ འདུས་པའི་མཆེད་ལྕམ་རྣམས་ཀྱིས་དགྱེས་པར་རོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ག་ཎ་ཙཀྲ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བར་པ་བཤགས་ཤིང་བསྐང་བ་ནི༔ ཧོ༔ ཡི་དམ་དགོངས་འདུས་ལྷ་ཚོགས་དགོངས་སུ་གསོལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང༔ ཉེས་ཚོགས་འགལ་འཁྲུལ་གྱུར་པ་ཅི་མཆིས་པ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བཤགས༔ མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་ཐུགས་དམ་གཉན་པོ་བསྐང༔ ལྟ་བ་ཤེས་རབ་གསལ་བས་ཐུགས་དམ་བསྐང༔ སྒོམ་པ་ཡེངས་འཁྲུལ་བྲལ་བས་ཐུགས་དམ་བསྐང༔ སྤྱོད་པ་བརྟུལ་ཞུགས་ཀློང་དུ་གྱུར་པས་བསྐང༔ འབྲས་བུ་བདེ་གཤེགས་དགོངས་རྟོགས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་ཚངས་པའི་དངོས་གྲུབ་སྩོལ༔ ཐ་མ་བསྒྲལ་བསྟབ་ནི༔ དང་པོ་དགུག་གཞུག་བྱས་ནས་བསྒྲལ་བ་ནི༔ ཧཱུྃ༔ བདག་ནི་དབང་དྲག་པདྨ་ཧེ་རུ་ཀ༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་ཕྱོགས་བཅུར་གདེངས༔ གཡོན་པས་བསྒྲལ་བའི་ཕུར་བུས་དགྲ་སྙིང་གཟིར༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ བར་ཆད་བྱེད་པའི་དམ་སྲི་འབྱུང་པོ་རྣམས༔ རྡུལ་དུ་རློགས་ལ་དབྱིངས་སུ་ད་སྒྲོལ་ཅིག༔ རུ་དྲ་དུག་ལྔའི་ལྔ་ཕུང་རྩད་ནས་ཆོད༔ དགྲ་བགེགས་དམ་སྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ལས་སྔགས་བཅས་ཀྱིས་བསྒྲལ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ བཞེངས་ཤིག་པདྨ་ཧེ་རུ་ཀ༔ དབང་དྲག་ཞི་ཁྲོའི་ལྷ་ཚོགས་ལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྟིམས་ཤིག་ཨཱ་རལླི༔ ཆོས་ཀྱི་དབྱིངས་སུ་བཞེས་སུ་གསོལ༔ མཉམ་ཉིད་རིག་པའི་ངང་དུ་སྒྲོལ༔ མ་རིག་ཉོན་མོངས་མེད་པར་མཛོད༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་དམ་ཉམས་རྣམས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་དྲག་ཏུ་བསྟབ་བོ༔ དེ་ནས་ལྷག་མ་བྱ་བ་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གསུམ་གྱིས་སྦྱང༔ དེ་ནས༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཡེ་སྭཱ་ཧཱ༔ གསུམ་གྱིས་བསྔོ༔ དེ་ནས་ཕུད་ལྷག་བསྲེས་ནས་ཆབ་བྲན་ཏེ༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ དེ་ནས་ལྷག་ལེན་གྱིས་ལྷག་མ་འགྱོག་ནས༔ ཧཱུྃ༔ དབང་ཆེན་ཞི་ཁྲོའི་ཚོགས་ཀྱི་ལྷག་སྡུད་ནི༔ ཕྱི་རོལ་དུར་ཁྲོད་བརྒྱད་ན་གནས་པ་ཡི༔ མཁའ་འགྲོ་ཤུགས་འགྲོ་ཞིང་སྐྱོང་ཕྲ་མེན་མ༔ ལྷ་ཆེན་ཀུན་གྱི་ཆུང་མ་ཉི་ཤུ་བརྒྱད༔ གདུག་པའི་ཚོགས་འཇོམས་མཁའ་འགྲོ་སུམ་ཅུ་གཉིས༔ ཞིང་ཆེན་བསྒྲལ་མཛད་གིང་ཆེན་བཅོ་བརྒྱད་དང༔ དབང་ཆེན་དྲེགས་པའི་མ་མོ་བདུན་རྣམས་དང༔ ཏི་ར་ཟ་བར་བྱེད་པའི་སྲིང་མོ་བཞི༔ ཁམ་རྒྱ་དམུས་ལོང་ཕོ་ཉ་སྤྲུལ་པའི་ཚོགས༔ གིང་དང་ལངྐ་དུར་ཁྲོད་བདག་མོ་དང༔ གནོད་བྱེད་སྙིང་ནས་འདྲེན་པའི་འབར་མ་བརྒྱད༔ བཀའ་ཡི་སྲུང་མ་མགོན་པོ་བདུན་ཅུ་གཉིས༔ ཕྱི་ནང་ལས་བྱེད་ཕོ་ཉ་དྲུག་ཅུ་བཞི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་བྱེ་བའི་ཚོགས༔ མ་མོ་ཕྲ་མེན་འབྱུང་པོ་ཤ་ཟའི་རིགས༔ གཤིན་རྗེ་སྲིན་པོ་ཡི་དྭགས་སྡེ་བརྒྱད་ཚོགས༔ ཕྱི་འཁོར་སྲུང་མ་བཀའ་ཡི་ཕོ་ཉ་རྣམས༔ རང་རང་འཁོར་གཡོག་བྲན་དང་ཕོ་ཉའི་ཚོགས༔ ཕུད་ལ་གྲུབ་པའི་ལྷག་མ་འདུད་རྩིའི་ཚོགས༔ དམ་ཚིག་སྲོག་དང་འབྲེལ་བའི་ཞལ་ཆབ་བཏབ༔ མནའ་ཚིག་དམ་བཅའ་བཞག་པའི་ཐ་ཚིག་བསྒྲགས༔ སྲུང་མ་ཕོ་ཉ་ཚུར་བྱོན་ཚུར་ལ་བྱོན༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ༔ ཇི་ལྟར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ལོ་ཀ་ཨུཙྪིཥྚ་བཛྲ་སཾ་བུ་ཧུར་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕུལ༔ དེ་ནས་བསྐུལ་པ་ནི༔ ཧཱུྃ་བྷྱོ༔ རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཞིང་འདི་རུ༔ དམར་ནག་ཟླ་གམ་གདན་གྱི་བཀོད་པ་ལ༔ ཤ་ཆེན་ལང་ལིང་ཇི་ལྟར་སྤུངས་པ་དང༔ རཀྟ་ཁྲག་ཆེན་མཚོ་ལྟར་བསྐྱིལ་བ་དང༔ ཀིང་རུས་གསར་རྙིང་རྫ་ལྟར་ལྷགས་པ་དང༔ བྷནྡྷ་མང་པོ་བྲུང་ལྟར་བརྩེགས་པ་ལ༔ ཙིཏྟ་ཆེན་པོ་རིན་ཆེན་སྒོང་ལྟར་འགྲིལ༔ ཚིལ་ཆེན་གསུར་གྱི་དུད་པ་ངད་གསང་འཁྲིགས༔ གོ་རོ་ཙ་ནའི་སྤྲིན་ཆེན་རབ་ཏུ་གཏིབས༔ དྲི་ཆུ་དྲི་ཆེན་རླུང་ལྟར་འཕྱོ་བ་ལ༔ བ་སུ་རྒྱུ་ཞགས་རྒྱ་གྲམ་དྲ་བ་རིས༔ རྩ་ཆེན་ཐིག་གདབ་རྩ་ཕྲན་རྒྱ་གྲམ་འབར༔ སོར་ཚིགས་ལྷུ་ཡི་རྩིག་པ་ཕྱོགས་བཅུར་འགེབས༔ ཉི་ཟླ་འོད་འབར་ཕྱོགས་བཅུར་གསལ་བཀོད་ཅིང༔ ཤ་ཆེན་སྒྲོན་མེས་མ་རིག་མུན་པ་སེལ༔ དེ་འདྲའི་དུར་ཁྲོད་འབར་བའི་གནས་མཆོག་འདིར༔ དབང་ཆེན་རྟ་མགྲིན་དཀྱིལ་འཁོར་མ་ལུས་པ༔ དགྲ་བགེགས་འབྱུང་པོ་འདུལ་ཕྱིར་སྤྱན་འདྲེན་ན༔ ཐུགས་རྗེ་ཆེན་པོས་དགོངས་ལ་འདིར་གཤེགས་ཤིག༔ བདུད་དཔུང་དབང་དུ་སྡུད་པའི་གར་གྱིས་ལ༔ སྲིད་གསུམ་ཐལ་བར་བརླག་པའི་སྐད་ཕྱུངས་ཤིག༔ དབང་མཆོག་ཁྲོ་རྒྱལ་ཁྱོད་ཀྱི་དུས་ལ་བབ༔ དགྲ་བགེགས་མ་ལུས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ འདོད་ཆགས་ཆེན་པོ་ཡེ་ནས་དག་པའི་སྐུ༔ པདྨ་གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དུ༔ རྔམས་ཆེན་ཧེ་རུ་ཀ་ཡི་སྐུར་བཞེངས་ནས༔ རིག་པ་བྱང་ཆུབ་སེམས་ཀྱི་ཆུ་བོ་ཡིས༔ པདྨ་དབང་ཆེན་ཐུགས་དམ་བསྐུལ་བ་དང༔ ལྷ་ཚོགས་རྣམས་ཀྱི་ང་རྒྱལ་སྐྱེད་པ་དང༔ རྣལ་འབྱོར་ཕོ་མོ་བསོད་ནམས་གསོག་པ་དང༔ ལྷ་ཀླུ་གདུག་པ་དབང་དུ་སྡུད་པའི་ཕྱིར༔ ཞེ་སྡང་ཆེན་པོས་བསྟན་པའི་དགྲ་སྒྲོལ་ཅིག༔ བྷྱོ༔ སྲིད་གསུམ་སྒྲོལ་བའི་སྒེག་མོ་རལ་གཅིག་མ༔ ཨེ་ཡི་ཀློང་དུ་འཁོར་འདས་ཟླུམ་མཛད་པའི༔ སྒྲོལ་བའི་མ་མོ་ཁྱོད་ཀྱི་དུས་ལ་བབ༔ རྣལ་འབྱོར་བསྟན་པའི་དགྲ་བགེགས་བསྒྲལ་བ་དང༔ འཁོར་བ་ཀ་ནས་དག་པའི་ལས་མཛོད་ཅིག༔ ཧཱུྃ༔ དབང་ཆེན་སྐུ་སྤྲུལ་ཁྲོ་རྒྱལ་གཏུམ་དྲག་གིས༔ སྣང་སྲིད་དབང་དུ་སྡུད་པའི་ལས་མཛོད་ཅིག༔ གསུང་སྤྲུལ་ཁྲོ་བོ་ཀླུ་འདུལ་ཆེན་པོ་ཡིས༔ ཀླུ་བདུད་གདུག་པ་འདུལ་བའི་དུས་ལ་བབ༔ ཐབས་ཤེས་གཉིས་ཀྱི་སྤྲུལ་པ་ཆེན་པོ་ཡིས༔ དགྲ་བགེགས་དགུག་ཅིང་སྡོམ་པའི་ལས་མཛོད་ཅིག༔ ཐུགས་སྤྲུལ་ཁྲོ་རྒྱལ་ཡབ་ཡུམ་བཅུ་རྣམས་དང༔ ཀེ་རི་སིཾ་ཧ་དབང་ཕྱུག་ཕྲ་མེན་དང༔ བསེ་མོ་བཞི་དང་ཕྱོགས་སྐྱོང་ལྷ་ཆེན་བརྒྱད༔ ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་ནོར་བདག་བརྒྱད༔ རཱ་ཧུ་རེ་ཏི་བདུད་ནག་ཀླུ་བདུད་སོགས༔ ཕོ་ཉ་ཡང་སྤྲུལ་དབང་ཆེན་བཀའ་སྡོད་ཚོགས༔ ཐུགས་དམ་ཐུགས་བསྐྱེད་ཆེན་པོའི་དུས་ལ་བབ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཐུ་མ་ཆུང༔ ཕྱི་ནང་བར་ཆད་ཟློག་ཅིང་བསྟན་དགྲ་སོད༔ གང་ལ་བྱ་བའི་དམིགས་བྱ་མ་གཏང་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་མཛོད༔ ཧྲཱིཿཔདྨཱནྟ་ཀྲྀཏ་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ ཧེ་ཧེ་ད་རི་ཧུ་ལུ་ཧུ་ལུ་ཧི་ཧི༔ ཞེས་བསྐུལ༔ དེ་ནས་ཆད་ཐོ་གྱེར་བ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་ཐོག་མ་དང་པོ་ལ༔ རང་བཞིན་རྣམ་དག་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྲོ་འདུལ་སྤྲུལ་པའི་ཆོ་འཕྲུལ་བསྟན་པ་ཡིས༔ ཅིར་སྣང་རང་གྲོལ་གཏོར་མ་བླང་བ་དང༔ དུག་ལྔའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ འཁོར་འདས་དབྱེར་མེད་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་དུས་ཚིགས་བསྐལ་པའི་དབུས་མ་ལ༔ དྲན་པ་ཡེངས་མེད་ཏིང་འཛིན་རྒྱལ་པོ་ཡིས༔ དྲན་ཤེས་བག་ཡོད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་ཕྲ་རགས་རང་གཟུགས་བསྟན་པ་ཡིས༔ གཉེན་པོ་རང་གྲོལ་གཏོར་མ་བླང་བ་དང༔ རྣམ་རྟོག་རྐུན་བུ་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཅིར་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པའི་བར་མ་ལ༔ རྒྱུ་རྐྱེན་མ་གྲུབ་པདྨ་འབྱུང་གནས་ཀྱིས༔ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སེམས་ཉིད་ཆོ་འཕྲུལ་རང་གཟུགས་བསྟན་པ་ཡིས༔ སྣང་སྲིད་ཡེ་གྲོལ་གཏོར་མ་བླང་བ་དང༔ རྣམ་གཡེང་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དྲན་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ ཙ་རི་གསང་སྔགས་མཁའ་འགྲོའི་ཕོ་བྲང་དུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང༔ ཤེས་རབ་གསང་ཡུམ་མཁའ་འགྲོ་མཚོ་རྒྱལ་གྱིས༔ མ་ཧཱ་གུ་རུའི་ཐུགས་ཀྱི་དཀྱིལ་འཁོར་དུ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་དང༔ བླ་མ་མཆོག་སྒྲུབ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མཁའ་འགྲོ་དམ་ཅན་མ་མགོན་ཞིང་སྐྱོང་གིས༔ དགྱེས་་ཤིང་རང་རང་ཕྱེད་གཟུགས་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ སྒྲུབ་མཆོག་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པས༔ རིག་འཛིན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཡོ་གི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ དེ་ནས་བརྟན་སྐྱོང་མཆོད་པ་ནི༔ ཧཱུྃ༔ རྩ་གསུམ་རིགས་འདུས་ཨོ་རྒྱན་བཀའ་ཉན་པའི༔ བརྟན་མ་སྐྱོང་མ་མ་སྲིང་རྒྱ་མཚོའི་ཚོགས༔ དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྣམས༔ སྤྲུལ་པ་ཡང་སྤྲུལ་རྫུ་འཕྲུལ་བསམ་མི་ཁྱབ༔ འདོད་དགུར་བསྒྱུར་བས་ཆ་ལུགས་ཅིར་ཡང་སྟོན༔ ཟས་སུ་ཤ་དང་ཁྲག་ལ་རྔམས་ཞིང་དགྱེས༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ དམ་ཚིག་ཅན་རྣམས་སྲུང་ཞིང་སྡོངས་གྲོགས་མཛད༔ དཔལ་ཆེན་བཀའ་ཡི་གཏོར་མ་འདི་བཞེས་ཤིག༔ བསྟན་པའི་རྒྱུད་སྲུངས་སྒྲུབ་པའི་ཕྲིན་ལས་མཛོད༔ བརྟན་མ་བཅུ་གཉིས་སྐྱོང་མ་ཁྱེད་རྣམས་ཀྱིས༔ སྔོན་ཚེ་པདྨའི་བཀའ་བཞིན་མཆོད་གཏོར་ལོངས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ པྲ་མོ་ཧཱ་མ་མ་ལ་ལཱ་ལེ་ལཻ་སྲིང་འགྲོ་མ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་བྲོ་རྒྱས་བཏབ་པ་ནི༔ ཧཱུྃ༔ བཞེངས་ཤིག་དཔའ་བོ་མཁའ་འགྲོ་རྣམས༔ དཔའ་བོ་ཡབ་ཡུམ་གཉིས་མེད་སྦྱོར༔ གཉིས་མེད་སྦྱོར་བའི་བྱིན་རླབས་ལས༔ བདེ་བ་ཆེན་པོའི་བྲོ་ཞིག་བརྡུང༔ གནོད་བྱེད་དགྲ་བགེགས་མ་ལུས་ནོན༔ བྲོ་ནི་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ནི་ཐེག་པ་ཆེན་པོའི་གླུ༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་གཤེད་ཕྱེ་མར་འཐག་པའི་བྲོ༔ གཟུང་འཛིན་ཞེན་པ་རྡུལ་དུ་བརླག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ ཨཱཿལཾ༔ སཏྭཾ་བྷ་ཡ༔ ནཱ་ཤ་ཡ༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱིཿཧོ༔ རྩ་གསུམ་རྒྱལ་བ་འདུས་པའི་དཀྱིལ་འཁོར་འདིར༔ སྒྲུབ་མཆོག་སྐལ་ལྡན་མཆེད་ལྕམ་ཐམས་ཅད་ལ༔ བླ་མ་རིག་འཛིན་ཀུན་འདུས་ཨོ་རྒྱན་གྱིས༔ བྱིན་རླབས་མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ཡི་དམ་ཀུན་འདུས་རྟ་མཆོག་དབང་གི་ལྷས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ མཁའ་འགྲོ་ཀུན་འདུས་གསང་སྔགས་ཐེག་པའི་བདག༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཆོས་སྐྱོང་ཀུན་འདུས་མ་མགོན་དམ་ཅན་ཚོགས༔ མཐུ་རྩལ་མྱུར་མགྱོགས་ཐོགས་མེད་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཀཱ་ཡ་སིདྡྷི་ཨཱོཾ༔ ཨཱཿབཱ་ཀ་སིདྡྷི་ཨཱ༔ ཧཱུྃ་ཙིཏྟ་སིདྡྷི་ཧཱུྃ༔ ཧྲཱིཿསརྦ་སིདྡྷི་ཧྲཱི༔ ཞེས་དངོས་གྲུབ་བླང༔ དེ་ནས་བཤགས་པ་བྱ་བ་ནི༔ ཨེ་མ་ཧོ༔ དབང་ཆེན་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ མ་རིག་བདག་གི་ལུས་ངག་ཡིད་གསུམ་གྱིས༔ ལེགས་བྱས་འདི་ལ་ཉེས་ཤིང་འགལ་གྱུར་པ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཡན་ལག་ཉེར་ལྔའི་དམ་ཚིག་ཉམས་གྱུར་པ༔ ཆོ་ག་ཆད་ལྷག་ཏིང་འཛིན་མ་གསལ་ཞིང༔ སྔགས་དང་སྙིང་པོ་མཆོད་རྫས་མ་ཚང་ཉམས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་འགལ་གྱུར་ཀུན༔ ཀློང་ཡངས་ཆེན་པོའི་ངང་དུ་མཐོལ་ལོ་བཤགས༔ རྣམ་དག་ཆོས་ཉིད་ངང་དུ་དག་གྱུར་ཅིག༔ ཅེས་ཧེ་རུ་ཀའི་ཡིག་བརྒྱ༔ དབྱངས་གསལ༔ རྟེན་འབྲེལ་སྙིང་པོ་རྣམས་ཚར་གང་མང་བརྗོད༔ དེ་ནས་བཀྲ་ཤིས་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཐུགས་རྗེས་བྱིན་རླབས་བདུད་རྩིའི་ཆོས་ཆར་འབེབ༔ ཐུགས་དགོངས་རྣམ་དག་མཆོག་གྱུར་བཀྲ་ཤིས་ཤོག༔ དཀྱིལ་འཁོར་རྣམ་དག་ཕོ་བྲང་མེ་དཔུང་དབུས༔ ཡི་དམ་ཀུན་འདུས་གཙོ་མཆོག་རྟ་མགྲིན་ཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་མཛོད༔ སྒྲུབ་པ་རྣམ་དག་མཆོག་གྱུར་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་གསུམ་རྣམ་དག་ཕོ་བྲང་ནས༔ མཁའ་འགྲོ་ཀུན་གྱི་གཙོ་མོ་ཕག་གདོང་མ༔ བསྙེན་སྒྲུབ་ལས་བཞི་ཕྲིན་ལས་ཡོངས་ཀྱི་བདག༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་བཀྲ་ཤིས་ཤོག༔ དུར་ཁྲོད་གསང་ཆེན་གནས་གསུམ་ཕོ་བྲང་ནས༔ ཆོས་སྐྱོང་དམ་ཅན་མ་མགོན་ཕོ་ཉའི་ཚོགས༔ ཕྲིན་ལས་མཐུ་སྟོབས་ཞི་དྲག་ལས་མཛད་པའི༔ སངས་རྒྱས་བསྟན་སྲུང་མཐའ་རྒྱས་བཀྲ་ཤིས་ཤོག༔ ཐེག་ཆེན་གསང་སྔགས་ཟབ་མོའི་ཕོ་བྲང་ནས༔ གསང་སྔགས་ཟབ་མོས་བདུད་རྩིའི་ཡོན་ཏན་རྒྱས༔ ཐེག་དགུའི་འབྲུག་སྒྲ་ཕྱོགས་བཅུར་ཁྱབ་པ་ཡི༔ བདེ་གཤེགས་དགོངས་པ་འདུས་པའི་བཀྲ་ཤིས་ཤོག༔ སྐྱོ་ཤས་མོས་གུས་དམ་ཚིག་ཕོ་བྲང་ནས༔ གྲོགས་མཆོག་རྡོ་རྗེ་སྤུན་གྱི་དད་གུས་སྟོབས༔ བསྐྱེད་རྫོགས་ཟབ་མོས་འབྲས་བུའི་རོ་མྱོང་བས༔ ཏིང་འཛིན་ཉམས་ལེན་གོང་འཕེལ་བཀྲ་ཤིས་ཤོག༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཨོཾ་ཨཱཿཧཱུྃ༔ མཁའ་ཁྱབ་བྱང་ཆུབ་སེམས་ཀྱི་གཞལ་ཡས་སུ༔ སྲིད་པར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་དུས་མིན་བསགས་པའི་དགེ་བ་རྣམས༔ གཞོན་ནུ་བུམ་པ་སྐུ་ཡི་ལྷུམས་སུ་རྫོགས༔ ཚོགས་གཉིས་མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ སྨོན་ལམ་ནི༔ ཧོ༔ བདག་ཅག་དཀྱིལ་འཁོར་བསྙེན་སྒྲུབ་མཐུས༔ སེམས་ཅན་ཇི་སྲིད་གནས་ཀྱི་བར༔ བདག་གིས་བརྩོན་པས་དོན་བྱེད་ཅིང༔ ཐམས་ཅད་འཁོར་བ་ལས་སྒྲོལ་བས༔ བདག་ཅག་བྱང་ཆུབ་ཐོབ་བྱེད་ཤོག༔ འོད་གསལ་རྡོ་རྗེ་སྙིང་པོའི་ལམ༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ འཕོ་བ་ཆེན་པོའི་ལུས་བཟུང་སྟེ༔ གཞན་དོན་མཐའ་ཡས་སྤྱོད་པར་ཤོག༔ དེ་ནས་དཀྱིལ་འཁོར་བསྡུ་བ་ནི༔ ཧོ༔ འགྲོ་འདུལ་ཡི་དམ་དཀྱིལ་འཁོར་ལྷ༔ རང་གསལ་རང་རྫོགས་ཐིག་ལེ་ཟླུམ༔ དབུས་མཐའ་བྲལ་ཞིང་ཉག་གཅིག་གྱུར༔ སྐྱེ་མེད་ངང་དུ་བཛྲ་མུ༔ དམིགས་མེད་རྒྱས་གདབ་བོ༔ སྟོང་པའི་ངང་ལས་སླར་ཡང་རང་ཉིད་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ རྒྱན་ཐམས་ཅད་ཀྱིས་སྒེག་པའི་དཔའ་བོ་གཅིག་པར་གྱུར༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ༔ ཞེས་ཆད་མཐའ་བསལ་ཕྱིར་ལམ་ཁྱེར་བྱའོ༔ ཡུལ་སྣང་ཐམས་ཅད་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་ཡི་དམ་ལྷ༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཐམས་ཅད་ཐུགས་ཀྱི་ངང༔ བཅས་བཅོས་མེད་པའི་ངང་དུ་བཞག༔ ཅེས་བྱ་བས་ལས་རྗེས་སྤྱི་ལྟར་བྱ༔ སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ལས་བྱང་ཆེ་བ་ལྟར་དུ་ཤེས་སོ༔ སྤྲོས་པ་ཆེ་བ་མི་དགའ་བ་རྣམས་ཀྱིས་གཞུང་འདི་ལྟར་སྤྱོད་པར་བྱོས་ཤིག༔ ཅེས་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ལས་བྱང་བསྡུས་པ་ནོར་བུ་པདྨའི་ཕྲེང་བ་ཞེས་བྱ་བ་མཚོ་རྒྱལ་མ་དང་ནམ་མཁའི་སྙིང་པོ་གཉིས་ཀྱི་དོན་ལ་ཙ་རི་ཏྲ་ཟིལ་ཆེན་རྡོ་རྗེ་གསང་བའི་ཕུག་ཏུ་ཨོ་རྒྱན་ཆེན་པོ་པདྨ་སཾ་བྷ་བས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ དམ་རྒྱ༔ ཟབ་རྒྱ༔ ྈྈྈ ྈྈྈྈྈྈྈྈྈྈ བདག་སྟག་ཤམ་པས་གཏེར་ནས་སྤྱན་དྲངས་ཤིང་། རང་གི་ཐུགས་དམ་བྱེད་རྒྱུར་བསམས་ནས་སྙིང་རུས་ཨུ་ཚུག་གིས་ཤོག་སེར་ལས་ཕབ་པ་ཡིན། གཞན་ལས་བྱང་མང་ཉུང་ཤིན་ཏུ་མང་པོ་འདུག་པས་ཅི་བྱེད། ཐུགས་དམ་ནི་བྱེད་མཁན་མེད། ཆོས་ལ་སུས་རྩི། རྒྱ་མཚོའི་འགྲམ་དུ་ཆུ་ལ་རྩིས་ཆེ་བ་ག་ལ་བྱེད། གཞན་ནི་རང་རང་གི་གྲུབ་མཐས་བསྒྱུར། གྲྭ་པ་རྣམས་ཀྱི་ཁ་སྟབས་མོ་གཤམ་གྱི་བུ་ལ་རེ་ཚེ་སྐྱོ་བ་ལས་མ་མཆིས་ཨང་། ཅེས་འབྲུག་ལོ་ཟླ་བ་དྲུག་པའི་བཅུ་བདུན་ཉིན་མོ་བྲིས་སོ། །དགེ་བར་གྱུར་ཅིག། །།

རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་དབང་བསྐུར་ཤིན་ཏུ་བསྡུས་པ་གཏོར་དབང་ཕྲ་ཐིག་སྒྲུབ་ཐབས་བཅས་གཞན་ཕན་ཀློང་ཡངས་ (Volume 56, Text 22)

༄༅། །རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་ལས། ཞི་ཁྲོའི་དབང་བསྐུར་ཤིན་ཏུ་བསྡུས་པ་གཏོར་དབང་ཕྲ་ཐིག་སྒྲུབ་ཐབས་བཅས་གཞན་ཕན་ཀློང་ཡངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། ཞི་བ་དབྱིངས་ཀྱི་རྒྱན་དུ་རྫོགས། ཁྲག་འཐུང་རིག་པའི་རྩལ་དུ་ཤར། །ཟུང་འཇུག་བླ་མའི་ཞབས་ལ་བདུད། །སྨིན་བྱེད་སྙིང་པོ་ཁོལ་ཕྱུང་དགོད། །དེའང་ལུགས་འདིའི་ཞི་ཁྲོའི་དབང་ཆེན་གཤམ་དུ་གཏོར་དབང་ཉིད་སྦྱོར་བ་དབང་སྤྱིའི་འགྲོས་དང་། ཕྲིན་ལས་ཀྱི་གཞུང་སྲོང་བའི་ཞར་བྱུང་དབང་ཆེན་མི་འགྲུབ་ན་འདི་ཉིད་ཁོལ་འདོན་དུ་བྱ་བའི་ཚུལ་གཉིས་སུ་བཤད་དེ། རང་གཞུང་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཇུག༔ གསང་སྔགས་དབང་གི་ཁྱད་ཆེ་བས༔ དབང་ཆེན་སྤྱི་ལྟར་མི་འགྲུབ་ན༔ ཀུན་ལ་གཏོར་དབང་འབྲེལ་པ་གཞག༔ ཅེས་གསུངས་པ་ལྟར་ལག་ཏུ་ལེན་པ་ལའང་རང་གཞུང་ལས་བྱང་གསལ་བྱེད་ཕྲེང་བ་ལྟ་བུ་དང་འབྲེལ་ན་ལེགས་ཀྱང་ཡིག་ཚོགས་ཆེ་བས་དཀྱུས་ལ་མི་འགྲུབ། ཨ་ཏི་ཞི་ཁྲོའི་ལས་བྱང་རྣམས་དོན་གནད་གཅིག་པས་པད་གླིང་ལུགས་ལྟ་བུ་དང་སྦྲེལ་ན་མི་རུང་བ་མེད་ཀྱང་། འདིར་རང་ལུགས་མདོར་བསྡུས་འགོད་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པ་དང་དབང་བསྐུར། རྗེས་བྱ་བའི་རིམ་པའོ། །དང་པོ་ནི། སྟེགས་གཙང་མའི་སྟེང་མཎྜལ་འབྲུའི་ཚོམ་བུ་ལྷ་གྲངས་སམ་གཙོ་འཁོར་ལྔ་ཙམ་བཀོད་པའི་ཁར། ཁྲིའུར་པད་སྣོད་དུ་གཏོར་མ་བང་རིམ་བཞི་བརྩེགས་སྟེང་དཔལ་གཏོར་རིན་ཆེན་འབར་བ་བརྗིད་ལྡན་པད་འདབ་ཀྱུ་གུ་རྒྱན་གྱིས་སྤྲས་ཤིང་དར་གདུགས་ཕུབ་པ་བཀོད། ཕྱི་ནང་གི་གཏོར་མཆོད་ཐམས་ཅད་སྤྱི་ལྟར་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་དབང་དོན་སྒྲུབ་མཆོད་མདོར་བསྡུས་པ་ལ། སྔོན་འགྲོ་བགེགས་བསྐྲད་པ་ནི། ཨེ་ཨེ་ཨེ༔ ཡུལ་དང་ཡུལ་ཅན་གཉིས་འཛིན་བགེགས༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས༔ དབང་དུ་སྡུས་ལ་དབྱིངས་སུ་སྒྲོལ༔ འཁོར་འདས་ཡུལ་ཕྱུངས་རང་སར་དེངས༔ ཨཱོྃ་ཨཱཿཧཱུྃ་སྥ་ར་ཎ་ཕཊ༔ མཚམས་གཅོད་ནི། ཧཱུྃ༔ ཕྱི་དང་ནང་མེད་གཞལ་ཡས་འདིར༔ ཞི་ཁྲོ་རང་སྣང་ལྷ་ཚོགས་ཤར༔ ཉོན་མོངས་དུག་ལྔ་དུག་གསུམ་རྣམས༔ རང་བྱུང་རིག་པའི་དབྱིངས་སུ་བསྒྲལ༔ ཕྱི་ནང་གསང་བའི་མཚམས་ཆོད་ཅིག༔ སུམྦྷ་ནི་དང་ཧཱུྃ་མང་དུ་བརྗོད། སྐྱབས་སུ་འགྲོ་བ་ནི། ན་མོ༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཐིག་ལེ་རང་གསལ་ཚོམ་བུར་རྒྱས༔ ཡེ་ཤེས་རིག་པ་ཟང་ཐལ་སྐུར༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། ན་མོ༔ རྒྱ་ཆེ་ཀློང་ཡངས་དག་པའི་ཞིང༔ ཡེ་ཤེས་རོལ་པ་བྱང་ཆུབ་ལམ༔ སེམས་ཅན་སངས་རྒྱས་སྙིང་པོ་ཅན༔ མ་སྐྱེས་རང་བྱུང་རིག་པ་ཆེ༔ འཁོར་འདས་ཀུན་གྱི་གཞི་དང་ལམ༔ སྐུ་གསུམ་ལྷུན་གྲུབ་རྫོགས་སངས་རྒྱས༔ ཁམས་གསུམ་ཡོངས་སྒྲོལ་བྱང་ཆུབ་སེམས༔ ཞིང་མཆོག་དག་པར་སེམས་བསྐྱེད་དོ༔ ལན་གསུམ་རེ་བརྗོད། མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིན་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཞེས་སྔགས་གསུམ་གསུམ་བརྗོད། བཤགས་པ་ནི། ཧོ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ངང༔ སྣང་བ་དག་པའི་ལྷ་ཚོགས་མ་ལུས་དགོངས༔ བྱ་བྱེད་བྲལ་བའི་རིག་སྐུ་རང་གསལ་ལ༔ བྱས་ཆོས་དངོས་པོར་བཟུང་བས་བདག་རེ་འཁྲུལ༔ གཉིས་འཛིན་དབང་གིས་བདག་སོགས་འཁོར་བར་འཁྱམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བརྗོད། དངོས་གཞི་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ སྣང་སྟོང་བརྡལ་བ་ཆེན་པོའི་ངང༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ སྟོང་པའི་ངང་ལས་གསལ་མདངས་ཤར༔ རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི༔ ཡེ་ཤེས་རང་གསལ་དཀྱིལ་འཁོར་ཆེ༔ མུ་ཁྱུད་ལྔ་ལྡན་ཚོམ་བུར་བཅས༔ སངས་རྒྱས་ཞིང་ཁམས་དཔག་ཏུ་མེད༔ མཐའ་དབུས་རྒྱ་ཁྱོན་བསམ་ལས་འདས༔ དེ་དབུས་ཧཱུྃ་ལས་བདག་ཉིད་ནི༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར༔ ལོངས་སྐུའི་ཆ་ལུགས་མཛེས་ཚུལ་ཅན༔ པད་སྡོང་མཛེས་པའི་དབུས་སུ་བཞུགས༔ ཐུགས་ནང་རིན་ཆེན་གཞལ་ཡས་ཁང༔ ཡེ་ཤེས་རང་འོད་འབར་བའི་དལ༔ བྱས་པ་མེད་པར་རང་བྱུང་ཆེ༔ བརྡལ་བ་ཆེན་པོའི་ཕོ་བྲང་དུ༔ ཏོལ་སྐྱེས་རིག་པ་ཧར་སང་འདི༔ ལྷ་དང་དཀྱིལ་འཁོར་བདག་དང་གསུམ༔ དབྱེར་མེད་ཞལ་ཕྱག་རྒྱན་ཆ་རྫོགས༔ ཆོས་དབྱིངས་དག་པའི་ངང་ཉིད་ཀློང༔ ཡེ་ཤེས་གསལ་བའི་རང་མདངས་ལས༔ འོད་ཚོགས་འདུས་པའི་ཐིག་ལེའི་སྐུ༔ རང་སྣང་དག་པའི་དཀྱིལ་འཁོར་དབུས༔ འོད་ཁྱིམ་ལྔ་ཡི་ནང་ཉིད་དུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ རྒྱན་མེད་གཅེར་བུ་འཛུམ་པའི་ཞལ༔ ཡེ་ཤེས་རིན་ཆེན་སྣ་ཚོགས་པད༔ ཉི་མ་ཟླ་བའི་གདན་སྟེང་དུ༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ གཡོན་དུ་རྣམ་སྣང་ཡབ་ཡུམ་གསལ། །ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་ལ། །སེམས་དཔའ་སེམས་མའི་ཚོམ་བུས་བསྐོར། །སྟེང་འོག་མཚམས་བཞིར་ཐུབ་པ་དྲུག །སྒོ་བཞིར་ཁྲོ་རྒྱལ་ཡབ་ཡུམ་རྣམས། །རྒྱ་མཚོ་ནང་གི་གཟའ་སྐར་ལྟར༔ སྟོང་གསལ་མདངས་ལྔ་ལྡན་པར་བཞུགས༔ བདག་ཉིིད་ཙིཏྟའི་ལྷ་ཚོགས་ལས༔ འོད་ཟེར་ཉི་མའི་ཟེར་ལྟར་འཕྲོས༔ ཞི་བའི་མདངས་ལས་རིག་པའི་སྐུ༔ ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ཤར༔ རང་རིག་རྣམ་དག་གཞལ་ཡས་ཁང༔ དུར་ཁྲོད་རོལ་པའི་ཕོ་བྲང་དུ། །དུག་ལྔ་དག་པའི་གདན་ཁྲི་བརྩེགས། །ཧཱུྃ་ཡིག་སྤྲོ་བསྡུའི་ཆོ་འཕྲུལ་ལས། །རང་བཞིན་དག་པ་ཆེན་པོའི་སྐུ༔ དཀྱིལ་འཁོར་གཅིག་རྫོགས་ཚོམ་བུའི་དབུས༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ ཕྱོགས་བཞིར་ཁྲག་འཐུང་རིགས་བཞི་རྣམས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རང་འདྲའི་ཡུམ་འཁྱུད་ཁྲོ་ཆས་རྫོགས། །དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ༔ ཀེའུ་རི་གནས་ཀྱི་མ་མོ་བརྒྱད༔ དེ་རྒྱབ་ཕྱོགས་མཚམས་བརྒྱད་པོ་རུ༔ སིཾ་ཧ་ཡུལ་གྱི་ཕྲ་མེན་བརྒྱད༔ སྒོ་བཞིར་སྲུང་མ་ཕྲ་མེན་བཞི༔ བར་ཁྱམས་དབང་ཕྱུག་ཉེར་བརྒྱད་བཅས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔ སྣང་ལ་རང་བཞིན་མ་གྲུབ་པ༔ སྒྱུ་མ་ཟང་ཐལ་འོད་ཀྱི་ལུས༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་སུ་མེད་པ་སྟོང་གསལ་སྐུ༔ འོད་ཟེར་ཡེ་ཤེས་ལྔ་ལྡན་མདངས༔ ཁ་དོག་གསལ་འཚེར་ལྷུན་སྡུག་བསྒོམ༔ ཞེས་གསལ་སྣང་ང་རྒྱལ་བརྟན་པོའི་ངང་། འོད་ཟེར་འཕྲོས་པས་སྣང་སྲིད་སྣོད་བཅུད་གཞལ་ཡས་ཁང་དང་ཞི་ཁྲོའི་ལྷ། འབྱུང་བའི་སྒྲ་སོགས་གྲགས་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་འོད་གསལ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བལྟས་ལ། ཞི་ཁྲོའི་སྤྱི་དྲིལ་སྙིང་པོ། ཨཱོྃ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ༔ སཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧྲཱིཿསྭཱ་ཧཱ༔ ཞེས་དང་། ཧཱུྃ་རིང་ཧཱུྃ་ཐུང་གི་བཟླས་པ་ཇི་ལྟར་རིགས་པ་བྱ། དེ་ནས་ཕྲིན་ལས་ཀྱི་ཐོག་མར་ཡེ་ཤེས་རང་གསལ་སྒོ་དབྱེ་བ་ནི། ཧཱུྃ༔ རང་རིག་ཡེ་ཤེས་འཆར་བའི་གཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞིར་ལྡན༔ རིག་པ་ཡེ་ཤེས་སྒོ་ཕྱེ་བས༔ མ་བསྐྱེད་ཐིག་ལེའི་ལྷ་ཚོགས་ཤར༔ ལྷ་དང་དཀྱིལ་འཁོར་གཉིས་མེད་གཅིག༔ ཟང་ཐལ་ཆེན་པོ་རང་གསལ་ཉིད༔ དཀྱིལ་འཁོར་ཆེན་པོར་རྫོགས་གྱུར་ཅིག༔ སྤྱན་འདྲེན་པ་ནི། ཧཱུྃ༔ མི་དམིགས་ཆོས་སྐུའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་བྱོན༔ གསལ་དག་ཐིག་ལེའི་ཀློང་ཡངས་ནས༔ ལོངས་སྤྱོད་རྫོགས་སྐུ་ཞི་ཁྲོ་བྱོན༔ ཀུན་ཁྱབ་བརྡལ་བའི་ཕོ་བྲང་ནས༔ སྤྲུལ་སྐུ་རིག་འཛིན་བླ་མ་བྱོན༔ ཆོས་ཉིད་བརྡལ་བ་ཆེན་པོ་ལ༔ དག་དང་མ་དག་གཉིས་མེད་པ༔ ཐམས་ཅད་ཡེ་ཤེས་ལྷ་ཡི་ཚོགས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བྱོན༔ མཆོད་པ་ཆེན་པོའི་དཀྱིལ་འཁོར་འདིར༔ ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས༔ བཟང་ངན་མེད་པ་སྲིད་པའི་ཞིང༔ ལྷུན་གྲུབ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི༔ ས་མ་ཡ་མུ་དྲ་སཏྭཾ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཡེ་ནས་རང་བྱུང་བརྡལ་བའི་གནས༔ ཡེ་ཤེས་ལྔ་རྫོགས་དཀྱིལ་འཁོར་ཆེ༔ སྣང་ཡུལ་དག་པའི་ལྷ་ཚོགས་རྣམས༔ གཟུང་ཡུལ་དག་པའི་གནས་འདིར་བཞུགས༔ ས་མ་ཡ་ཏིཥྛ་ལྷན་མུ་དྲ་སཏྭཾ༔ ཕྱག་འཚལ་བ་ནི། ཧཱུྃ༔ བརྗོད་མེད་བསམ་བྲལ་འགྱུར་མེད་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣ་ཚོགས་དོན་མཛད་སྤྲུལ་པ་སྐུ་ཡི་ཚུལ༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་དབྱིངས་ཀྱི་རང་རྩལ་རྫོགས་པའི་ཚུལ༔ ལོངས་སྤྱོད་རྫོགས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱས༔ སྤྲུལ་སྐུ་ཉི་མའི་འོད་སྟོང་ཀུན་ལ་ཁྱབ༔ ཁྲག་འཐུང་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ། །བཛྲ་ས་མ་ཡ་ཧོ༔ མཆོད་པ་ལ། ཕྱག་རྒྱའི་མཆོད་པ་ནི། ཧཱུྃ༔ འཇིག་རྟེན་ཁམས་རྣམས་ཐམས་ཅད་ན༔ སྐུ་གསུང་ཐུགས་དང་ཕྲིན་ལས་བཞི༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ངང༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ ཐུགས་རྗེས་བཞེས་ལ་དགོངས་པར་མཛོད༔ ཕྱི་མཆོད་ནི། ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས༔ ཕྱོགས་བཅུ་ཐམས་ཅད་རྒྱལ་བའི་ཞིང༔ མེ་ཏོག་བདུག་སྤོས་ཞལ་ཟས་དང༔ སྣང་གསལ་ཞབས་བསིལ་དྲི་ཡི་ཆུ༔ མཉེན་འཇམ་རེག་བྱ་བདེ་བས་མཆོད༔ ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧཱུྃ༔ ནང་གི་མཆོད་པའི་ཕྱག་རྒྱ་ནི༔ བདུད་རྩི་ལྔ་དང་དུར་ཁྲོད་རྫས། །དུག་གསུམ་སྐུ་གསུམ་དབྱིངས་སུ་མཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །གསང་མཆོད་ནི། ཧཱུྃ༔ སྣང་སྟོང་དག་པའི་སྦྱོར་མཚམས་ནས༔ བདེ་སྟོང་གཉིས་མེད་བྱང་ཆུབ་སེམས༔ གསལ་སྟོང་དག་པའི་ལྷ་ལ་འབུལ༔ རིག་སྟོང་རོལ་པར་བཞེས་སུ་གསོལ༔ སྨན་རག་གཏོར་མཆོད་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཡི་དམ་རྒྱལ་བའི་ཚོགས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡིད་འོང་རྣམ་དག་བྷནྡྷ་རུ༔ འདོད་ཆགས་དག་པའི་རཀྟས་བཀང༔ སོར་རྟོག་རང་བཞིན་བདེ་སྟོང་ཆེ༔ ཡི་དམ་རྒྱལ་བའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཨཱོྃ༔ གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ཡེ་ཤེས་རྒྱ་མཚོའི་ཚོགས༔ འབུལ་ནི་ཡི་དམ་ལྷ་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ རྗེས་འབྲེལ་བཤགས་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བ་རྒྱ་མཚོ་དང༔ བླ་མ་ཞི་ཁྲོ་ལོངས་སྤྱོད་རྫོགས༔ དབང་ཕྱུག་རྡོ་རྗེ་དམ་ཅན་དགོངས༔ ཞི་ཁྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ ཡེ་ནས་བདག་དང་དབྱེར་མེད་ཀྱང༔ མ་རིག་རྟོག་པའི་ལས་དབང་གིས༔ སྣང་སྟོང་གཉིས་སུ་ཨ་འཐས་ནས༔ གཉིས་འཛིན་ལོག་ལྟས་ཐེ་ཚོམ་པ༔ རང་མདངས་རིག་པའི་ཀློང་དུ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱ་བརྗོད། གཏོར་དབང་སྐབས་དགོངས་པ་གསལ་བཏབ་ལ། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བ་ལིན་ཏ་ཨ་བྷི་ཥིཉྩ་སིདྡྷ་ཧཱུྃ༔ ཞེས་ཅི་འགྲུབ་བཟླའོ། །རྗེས་ཀྱི་དང་པོ་བསྟོད་པ་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཡེ་ཤེས་སྐུ༔ བྱ་བ་རྫོགས་པའི་འགྱུར་མེད་ས་ལ་གནས༔ ཚོམ་བུ་ལྔ་ལྡན་གཙོ་བོའི་དཀྱིལ་འཁོར་སྟོན༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་བ་ཀུན་ལ་སྙོམས༔ ཡེ་ཤེས་དོན་ལྡན་རྡོ་རྗེ་སྙིང་པོའི་སྐུ༔ མ་རིག་དབྱིངས་སུ་སྒྲོལ་མཛད་ཐུགས་རྗེ་ཅན༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་ཡི༔ ཕྱོགས་དང་རིགས་ཀྱི་ཁ་དོག་ཕྱག་རྒྱ་འཛིན༔ ས་ལམ་དག་པའི་སངས་རྒྱས་ཐམས་ཅད་ནི༔ དཀྱིལ་འཁོར་གཅིག་རྫོགས་ཚོམ་བུ་ཆེན་པོའི་ངང༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་འབར་བ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཡིད་འོང་སྐུ༔ རིན་ཆེན་པདྨ་རབ་ཏུ་འབར་བའི་གདན༔ མ་བསྐྱེད་རྫོགས་ལྡན་གཞོན་ནུ་བུམ་པའི་སྐུ༔ ཀ་དག་ལྷུན་གྲུབ་ཡེ་ཤེས་ཟང་ཐལ་ཉིད༔ ཞི་བ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས༔ མཐར་ཕྱིན་དག་པ་དབྱིངས་ཀྱི་ལྷ་ཚོགས་ཤར༔ ཐམས་ཅད་ཐིག་ལེ་ཉག་གཅིག་རིག་པའི་སྐུ༔ ཞི་བ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་རྗེའི་ཉི་ཤར་སྟོང་ཁམས་ཁྱབ་མཛད་ཅིང༔ འོད་ཟེར་སྟོང་ལྡན་མ་རིག་མུན་ཁང་འཇོམས༔ རུ་ལུའི་སྒྲ་ལྡན་གདུག་པ་ཐབས་ཀྱིས་འདུལ༔ རྣམ་དག་དྲི་མེད་ཡེ་ཤེས་འབར་བའི་སྐུ༔ འོད་ཟེར་ཕྲེང་བས་འགྲོ་ལ་སྣང་བ་སྟོན༔ ཞི་བའི་ངང་ལས་ཁྲོ་བོའི་ཆ་བྱད་ཅན༔ འཁོར་བ་ཟིལ་གནོན་ཐུགས་རྗེ་སྟོབས་པོ་ཆེ༔ སྣ་ཚོགས་གཉིས་མེད་བདེ་ཆེན་གཡུང་དྲུང་ལྷ༔ སྣང་བ་འདུལ་ཕྱིར་སྒྱུ་མའི་སྐུ་སྤྲུལ་ནས༔ ཕྱོགས་དང་རིགས་ཀྱི་དཀྱིལ་འཁོར་ཚུལ་འཛིན་ཅིང༔ ངོ་བོ་རྫོགས་ལྡན་དཀྱིལ་འཁོར་སྤྲུལ་པ་རྣམས༔ ཁྲོ་བོའི་རང་བཞིན་དཔལ་ཆེན་སྐུ་ལ་རྫོགས༔ མ་བསྐྱེད་རྫོགས་ལྡན་ཁྲོ་མོ་ཆེན་མོའི་སྐུ༔ རང་བྱུང་རང་ཤར་རང་སྣང་དཔལ་ཆེན་སྐུ༔ སྣ་ཚོགས་སྤྲུལ་པས་རབ་སྤྲོས་སྤྲུལ་པའི་སྐུ༔ སྐུ་གསུམ་རབ་རྫོགས་ཁྲོ་བོའི་ལྷ་ལ་བསྟོད༔ ཚོགས་ཀྱི་མཆོད་པ་ནི། དམ་ཚིག་གི་རྫས་བཤམས་ལ་བྱིན་བརླབ་པ། རཾ་ཡཾ་ཁཾ༔ ཨཱོྃ་གྱིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་གིས་རྒྱུད་དྲུག་དག་པར་སྦྱངས༔ ཚོགས་ཀྱི་དངོས་པོ་ཐམས་ཅད་རྣམས༔ འདོད་པའི་ཡོན་ཏན་ལྔ་ལྡན་གྱུར༔ ཨཱོྃ་ཨཱཿཧཱུྃ༔ སྤྱན་འདྲེན་ནི། ཧཱུྃ༔ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ནས༔ ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ ཁྲོ་རྒྱལ་ཁྲག་འཐུང་ཐམས་ཅད་དང༔ སྤྲུལ་པ་ཡང་སྤྲུལ་ཕྲ་མེན་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དང་པོས་མཆོད་པ་ནི། ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ སྣ་ཚོགས་ཚོགས་ཀྱི་ལོངས་སྤྱོད་རྣམས༔ སངས་རྒྱས་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ཁྲོ་བོའི་ཚོགས་ལ་འབུལ། །ཐུགས་དམ་སྐོངས་ལ་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ག་ཎ་ཙཀྲ་ཁ་རཾ་ཁཱ་ཧི༔ བར་པས་བཤགས་པ་ནི། ཨཱོྃ་ཨཱཿཧཱུྃ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ནྲྀ་ཏྲིཿབཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་སྐུ༔ གཟུང་འཛིན་རྐང་ལག་བསྣོལ་མ་འདི༔ གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ༔ གསལ་སྟོང་ཆེན་པོར་མཱ་ར་ཡ༔ ཧཱུྃ༔ དུག་ལྔ་བསྒྲལ་པའི་གཟུགས་ཕུང་ལྔ༔ ཡེ་ཤེས་ལྔ་ཡི་རང་བཞིན་དུ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་ལ་རོལ་ཅིང་སྨོན་ལམ་ནི། ཧོ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རབ་གསལ་ནས༔ དག་པ་ཆེན་པོའི་ས་ཐོབ་ཤོག༔ ཅེས་བརྗོད། ལས་བྱང་ཁོ་ན་གཏོང་བའི་སྐབས་འདི་ནས་རྗེས་ཀྱི་རིམ་པ་ལྷག་གཏོར་གཏང་བ་སོགས་ལ་འཇུག་གོ། །།གཉིས་པ་དབང་གི་བྱ་བ་ལ། ལས་བུམ་དུ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གསལ་ལ། ཨཱོྃ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ༔ ཨཱོྃ་ཨ་མྲྀཏ་ཀུནྜ་ལཱི་ཧཱུྃ༔ ཞེས་པ་ཅི་འགྲུབ་བཟླས་ལ་འོད་ཞུ་བྱ༔ ལྷ་རྟོག་དབྱེར་མེད་ཀྱིས་བདག་ཉིད་འཇུག །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་མཚམས་གཅད། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་རྣམ་པར་བསྟན་པ་གུ་རུ་རིན་པོ་ཆེ་པདྨཱཀ་རས། གངས་ཅན་གྱི་གདུལ་བྱ་རྣམས་ལ་ཐུགས་རྗེའི་རྩལ་སྤྲུགས་ཏེ་གྲོལ་བ་དྲུག་གི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པར་མཛད་པ་རྣམས་ཀྱི་ནང་ནས་ཕུལ་དུ་གྱུར་པ། ཐེག་པ་རིམ་དགུའི་རྩེ་རྒྱལ་རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་འབུལ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པའི་བཅུད་ཕྱུང་སྟེ། རྫོགས་པ་ཆེན་པོ་གསང་བ་དང་ཡང་གསང་ཐིག་ལེའི་རྒྱུད་དང་གདམས་སྐོར་མཐའ་ཡས་པ་ཞིག་སྐལ་ལྡན་རྗེ་འབངས་འདུས་པ་སྔ་ཕྱི་རྣམས་ལ་བསྩལ་ཅིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དགོངས་ཏེ་གཏེར་ཁ་དུ་མར་སྦས་པ་ལས། འདིར་ལོ་ཆེན་བཻ་རོ་ཙ་ནའི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧ཨོ་རྒྱན་རྡོ་རྗེ་གླིང་པས་ཟབ་གཏེར་ཆེ་ཆུང་བརྒྱ་རྩ་བརྒྱད་སྤྱན་དྲངས་པར་གྲགས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོ་ཕ་མ་གཉིས་མེད་ཀྱི་གདམས་སྐོར་རྣམས་ལས། ངམ་ཤོད་གནམ་ལྕགས་བྲག་ནས་གུ་རུ་རིན་པོ་ཆེས་འདུས་པ་སྐོར་བཞི་སོགས་ཀྱི་བླ་དཔེའི་ཐོག་དྲངས་ཆོས་དང་རྫས་གཏེར་བསམ་ལས་ཡས་པ་དངོས་སུ་གནང་བའི་ཡ་གྱལ། རྫོགས་པ་ཆེན་པོ་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་གཏོར་དབང་གནད་ཀྱི་ཕྲ་ཐིག་རིག་པ་མདུང་ཚུགས་སུ་ངོ་སྤྲད་པ་འདི་ནི། རང་གཞུང་ལས། དབང་པོ་ཡང་རབ་སྐད་ཅིག་དེར་གྲོལ་ཞིང༔ འབྲིང་ཡང་སྐད་ཅིག་བདེན་པ་མཐོང་བར་འགྱུར༔ ཐ་མ་དབང་ཐོབ་རེས་ཀྱང་ས་རེ་ནོན༔ འབྲེལ་པ་ཐོབ་པའི་བྱོལ་སོང་ཙམ་ཞིག་ཀྱང༔ སྤྲུལ་སྐུར་དབུགས་དབྱུང་བར་དོར་གྲོལ་བར་འགྱུར༔ ཞེས་གསུངས་པ་ལྟར་ཕན་ཡོན་དགོས་པ་ཆེན་པོ་དང་ལྡན་ཞིང་དབང་བསྐུར་ཀུན་གྱི་སྙིང་པོར་གྱུར་པ་ཉིད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཀྱེ་ཧོཿདབང་ལྡན་རྡོ་རྗེ་འཛིན༔ དུག་ལྔ་ཡེ་ཤེས་ལྔ་ལྡན་པའི༔ དབང་བཞིའི་གདམས་པ་འཐོབ་བྱའི་ཕྱིར༔ ཞི་ཁྲོའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། འདིར་སློབ་མ་ཁྱད་པར་བ་ལ་ལས་བྱང་གི་དབུར་བཀོད་པའི་ཐུན་མིན་སྐྱབས་སེམས་འབོགས་པ་སྟབས་བདེའང་འདིར་ཐུན་མོང་བའི་དབང་དུ་བྱས་ཏེ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་རྩ་གསུམ་སྲུང་མའི་ཚོགས་དང་བཅས་ཏེ་མངོན་སུམ་དུ་བཞུགས་པ་ལ། བདག་གཞན་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད། དེང་ནས་སྙིང་པོ་བྱང་ཆུབ་མངོན་དུ་མ་བྱས་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་བཀའ་སྲུང་ཚོགས༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ། ནམ་མཁས་ཁྱབ་པའི་ཕ་མ་སེམས་ཅན་མཐའ་དག་མ་རིག་པའི་གཞན་དབང་ཁོ་ནས་ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱ་མཚོ་ཆེན་པོར་སྡུག་བསྔལ་གསུམ་གྱིས་རྟག་ཏུ་གདུང་བ་ལ་བྱམས་པ་དང་སྙིང་རྗེ་ཚད་མེད་པའི་བློས་བླངས་ཏེ། མཐར་ཐུག་རྣམ་གྲོལ་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་ཉིད་ཁོ་ནས་བསྒྲལ་ཞིང་དབུགས་དབྱུང་བར་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ འདི་གཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། དེ་ལྟ་བུའི་དོན་མཆོག་རྗེས་སུ་བསྒྲུབ་པའི་སླད་དུ། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རང་རྒྱུད་ཀྱི་ཉེས་སྤྱོད་མཐའ་དག་སྡོམ་ཞིང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལྟར་བདག་གིས་ཀྱང་འཇུག་པའི་སྤྱོད་པ་དེ་དག་ལ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ དེང་ནས་འཁོར་བ་མ་སྟོང་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་རྣམ་གསུམ་གཟུང༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། ཁྱད་པར་དུའང་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་གཟུང་བའི་བློས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༔ སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་པ་ལྟར༔ དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ༔ འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི༔ གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་མ་ཡེངས་པར་རྩེ་གཅིག་ཏུ་གསལ་ཐོབས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་པད་ཉིའི་གདན་ལ་དཔའ་བོ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་དབང་སྡུད་ཀྱི་ཕྱག་རྒྱས་གྲི་ཐོད་འཛིན་ཅིང་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཕུང་དམར་པོའི་ཀློང་ན་ཞབས་བརྐྱང་བསྐུམ་ཚུལ་གྱིས་འགྱིང་བར་སྒོམས་ལ་མོས་གུས་དྲག་པོས་རིག་པའི་རྩལ་ངར་བསྐྱེད་པ་ཙམ་གྱིས། རང་བཞིན་ཆོས་ཀྱི་དབྱིངས་ནས་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན། ཡི་དམ་རྒྱལ་བ་ཞི་ཁྲོ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་གཏེར་བདག་གི་ཚོགས་ཐམས་ཅད་ནམ་མཁའ་བར་སྣང་ས་གཞིའི་ཁྱོན་གང་བ་བྱིན་ཐིབས་ཐིབས་ཁྲ་སྤུངས་སྤུངས་འོད་ལམ་ལམ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་སྒོམས་ཤིག །འབེབ་པའི་རྫས་བསྲེག །དབྱངས་རོལ་བཅས། ཧཱུྃ༔ ཆོས་དབྱིངས་ཀ་དག་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་བྱིན་གྱིས་རློབས༔ འོག་མིན་སྤྲོས་བྲལ་ཕོ་བྲང་ནས༔ རྡོ་རྗེ་སེམས་དཔས་བྱིན་གྱིས་རློབས༔ སྣང་ཤར་མཛེས་པའི་ཕོ་བྲང་ནས༔ དགའ་རབ་རྡོ་རྗེས་བྱིན་གྱིས་རློབས༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་པདྨས་བྱིན༴ མཆིམས་ཕུ་དགེ་འུའི་བྲག་དམར་ནས༔ མཁའ་འགྲོ་མཚོ་རྒྱལ་བྱིན༴ གར་བཞུགས་ཆོས་ཀྱི་ཕོ་བྲང་ནས༔ རྩ་བརྒྱུད་བླ་མས་བྱིན༴ རང་སྣང་རྩ་ཡི་ཕོ་བྲང་ནས༔ རྒྱལ་བ་ཞི་ཁྲོས་བྱིན༴ མཁའ་སྤྱོད་རྣམ་དག་ཕོ་བྲང་ནས༔ དཔའ་བོ་མཁའ་འགྲོས་བྱིན༴ གདུག་པ་འདུལ་བའི་ཕོ་བྲང་ནས༔ ཆོས་སྐྱོང་དམ་ཅན་བྱིན༴ གནམ་ལྕགས་བྲག་གི་གཏེར་གནས་ནས༔ གཏེར་བདག་གཏེར་སྲུང་བྱིན༴ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ བྱིན་རླབས་ན་བུན་ཡ་ལ་ལ༔ དངོས་གྲུབ་ཆར་ལྟར་སི་ལི་ལི༔ ཉམས་དང་རྟོགས་པ་པུ་རུ་རུ༔ སྣང་བ་ཤེས་པ་བན་མ་བུན༔ རིག་པ་ཡེ་ཤེས་ཤ་ར་ར༔ གནས་ལུགས་རྟོགས་པ་ཤིགས་སེ་ཤིག༔ ཀ་དག་ཆེན་པོར་བྱིན་གྱིས་རློབས༔ ཞེས་དང་སྙིང་པོའི་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་དང་མེ་ཏོག་མགོ་བོར་བཞག །དེ་ནས་ལས་རྡོར་གྱིས་གཏོར་ཆེན་བཏེག་ལ་སྤོས་བཏུལ། སློབ་དཔོན་རྡོར་དྲིལ་བཅས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག །གཏོར་མ་འདི་ཉིད་སྣང་ལ་རང་བཞིན་མ་གྲུབ་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་འཇའ་འོད་ཟེར་ཐིག་འཁྲིགས་པའི་ནང་དུ༔ རྩེ་མོ་ན་བླ་མ་བརྒྱུད་པ་དང་བཅས་པ་སྤྲིན་འཐིབས་པ་ལྟར་བཞུགས་པ༔ བར་ན་ཡི་དམ་ཞི་ཁྲོ་རིགས་བརྒྱ་ཁྲ་མེ་རེ་འཇའ་ཤར་བ་ལྟ་བུ༔ ཞབས་འཁོར་ལ་ཌཱ་ཀི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ས་གཞི་ལ་རྩི་ཤིང་བཀོད་པ་ལྟར་འཁྲབ་ལྡིང་བྱིན་གྱིས་རློབ་པའི་ཚུལ་དུ་ཡོད་པ༔ དེ་རྣམས་ལ་མོས་གུས་བསྐྱེད་ཅིང་ཐུགས་རྒྱུད་བསྐུལ་པས་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་ལན་གསུམ་དུ་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ཁྱབ་ཅིང་གང་བས། དང་པོས་རྟོག་སྒྲིབ་བག་ཆགས་དང་བཅས་པ་དག །གཉིས་པས་དབང་བཞིའི་ཡེ་ཤེས་རྩལ་རྫོགས་སུ་བསྐྱེད། གསུམ་པས་ལྷ་ཚོགས་རྣམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་ཛཔ྄་དབྱངས་ལྷན་ཅིག་ཏུ་མཛད་པར་ཞུ། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། གཏོར་ཆེན་སྤྱི་བོར་བཞག་ལ། ཨཱོྃ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ༔ མ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས༔ རིག་རྩལ་ཐོགས་མེད་གཏོར་རྒྱན་སྤྲས༔ བླ་མ་རྒྱལ་བ་ཞི་ཁྲོ་དང༔ དྷཱ་ཀི་བདེ་གཤེགས་ཐམས་ཅད་ཀྱི༔ དབང་མཆོག་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཐོབ་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོ་འདི་ཉིད་དུ༔ སྣང་བཞི་གདོད་མར་ཕྱིན་པར་ཤོག༔ འཆི་ཁ་སྡུག་བསྔལ་བར་དོ་རུ༔ སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག༔ ཆོས་ཉིད་ཞི་ཁྲོའི་བར་དོ་རུ༔ རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག༔ སྲིད་པ་ལས་ཀྱི་བར་དོ་རུ༔ སྤྲུལ་སྐུའི་ཞིང་དུ་རྫུས་སྐྱེས་ནས༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ སྤྲོ་ན་སྤྱི་མཐུན་བརྒྱུད་པའི་གཤར་འདེབས་བྱ་སྟེ། ཨཱོྃ་ཨཱཿཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ལ་སོགས་པ་བླ་མ་རིག་འཛིན་བརྒྱུད་པ་དགུ་ལྡན་གྱི་ཚོགས་མ་ལུས་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་གཏེར་བདག་སྲུང་མ་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱིས་སྐལ་ལྡན་རིགས་ཀྱི་བུ་འདི་ཉིད་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཐར་པ་དམ་པའི་བྱང་ཆུབ་སྒྲུབ་པ་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཚོགས་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས་ཐི་བྱ་ཚང་དུ་འཇུག་པ་ལྟར་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ལ་ཡིད་ཆེས་གདིང་དུ་ཁེལ་ནས་བརྟན་པ་མཐར་ཕྱིན་པར་མཛད་དུ་གསོལ། འཆི་ཁའི་བར་དོ་ལ་སྔར་འདྲིས་ཀྱི་གདམས་ངག་ཐམས་ཅད་སེམས་ལ་གསལ་ཐེབས་ནས་ཆུ་ལ་ཆུ་བཞག་པ་ལྟར་གཞི་དང་ལམ་གྱི་འོད་གསལ་མ་བུ་འདྲེས་ཏེ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་མཛད་དུ་གསོལ། ཆོས་ཉིད་ཀྱི་བར་དོ་ལ་སྒྲ་འོད་ཟེར་གསུམ་གྱི་འཆར་སྒོ་ཐམས་ཅད་རང་སྣང་དུ་ངོ་ཤེས་ནས་མ་པང་དུ་བུ་འཇུག་པ་ལྟར་འོད་གསལ་ཡེ་ཤེས་ཀྱི་སྦུབས་སུ་ཞུགས་ཏེ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་མཛད་དུ་གསོལ། སྲིད་པ་བར་དོ་ལ་རྗེས་སུ་དྲན་པ་དྲུག་གི་འདུ་ཤེས་དང་མ་བྲལ་བས་རིགས་དྲུག་འཁོར་བའི་སྐྱེ་སྒོ་ཁེགས་ནས་ཡུར་བ་རྐང་ཆད་ལ་ཝ་བཙུད་པ་ལྟར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཆེན་ཕྱིན་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། མདོར་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཏེ་ཚེ་གཅིག་ལུས་གཅིག་གིས་གཞོན་ནུ་བུམ་པ་སྐུའི་ཀློང་དུ་བྱང་ཆུབ་པར་གྱུར་ཅིག །ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱི༔ ཞེས་སྔགས་ལན་གསུམ་དུ་བརྗོད་ལ་གཏོར་ཆེན་གནས་གསུམ་དུ་གཏུགས། དེ་ནས་རིག་པ་མདུང་ཚུགས་སུ་ངོ་སྤྲད་པ་ནི། ཨེ་མ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ ལུས་བྱ་བ་ཐམས་ཅད་དང་ཕྲོལ༔ དུར་ཁྲོད་ཀྱི་མི་རོ་བཞིན་དུ་ཁྲེས་སེ་ཞོག༔ བདག་འཛིན་མེད་པར་གང་འདོད་ལ་སྐྱུར་ཅིག༔ ངག་སྨྲ་བརྗོད་ཐམས་ཅད་དང་ཕྲོལ༔ རླུང་གི་འཕྲོ་འདུ་ཡང་མི་ཚོར་བར་རང་ལུགས་ལ་ཞོག་ཅིག༔ སེམས་གསལ་ལ་རྟོག་འཛིན་མེད་པ་རླུང་ཅན་ཆང་གིས་ར་རོ་བ་ལྟར་ཞོག་ཅིག༔ མིག་ལྷ་ཁང་གི་ལྡེར་ཚོ་ལྟར་གསལ་ཡང་ཆགས་གཟུང་མེད་པར་ཞོག་ཅིག༔ རིག་པ་དབྱར་མ་སྟོན་གྱི་ནམ་མཁའ་ལྟར་སིང་ངེ་ཕྱམ་མེར་ཞོག་ཅིག༔ ཅི་ཡང་ཡིད་ལ་མི་བྱེད་པ་སྐྱེས་བུ་སྙིང་བཏོན་པ་ལྟར་ཞོག་ཅིག༔ རྣམ་རྟོག་གི་ཟེར་མ་མེད་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟར་ཞོག་ཅིག༔ སྣ་ཚོགས་སུ་སྣང་བ་ཡང་གསལ་ལ་སྟོང་པ་འཇའ་ལྟར་ཞོག་ཅིག༔ ཚོགས་དྲུག་བཀྲ་བཞིན་བདེན་དངོས་མ་གྲུབ་པ་རྒྱ་མཚོར་གཟའ་སྐར་ཤར་བ་ལྟར་ཞོག༔ སེམས་ངོ་བོ་སྟོང་པ་ནམ་མཁའ་ལ་རླུང་དེངས་པ་ལྟར་ཞོག༔ བདག་འཛིན་རྩ་བ་ཆོད་པ་ཤིང་སྡོང་རྨང་ནས་འགྱེལ་བ་ལྟར་ཞོག༔ ལྟ་བ་བལྟ་བྱེད་དང་བྲལ་བ༔ སྒོམ་པ་བློ་བཟོ་དང་བྲལ་བ༔ སྤྱོད་པ་ཆགས་ཞེན་དང་བྲལ་བ༔ འབྲས་བུ་རེ་དོགས་དང་བྲལ་བ༔ བློ་འདས༔ ཁོང་དལ༔ གཤིས་ལུགས༔ ཨ་ཕྱམ༔ ཡེ་བབ༔ ལྷུན་གྲུབ༔ ཟང་ཀ༔ རིས་མེད༔ འབོལ་ལེ༔ ལྷང་ངེ༔ ཧྲིག་གེ༔ ཕཊ་ཕཊ༔ ཅེས་བརྗོད་ལ་དར་ཅིག་མཉམ་པར་བཞག །དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་སྤེལ། དེས་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་དབང་བསྐུར་གྱི་སྙིང་པོ་གཏོར་མ་ལ་བརྟེན་པའི་སྨིན་བྱེད་ངོ་སྤྲོད་དང་བཅས་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་པས་དངོས་གཞི་གྲུབ་བོ།། །།གསུམ་པ་རྗེས་ཚོགས་ཀྱི་ལྷག་མ་གཏང་བ་ནི། བྱིན་རླབས་སྤྱི་ལྟར་བྱས་ལ། བྷྱོ༔ ལྷག་ལ་དབང་བའི་དམ་ཚིག་ཅན། །མ་མོ་དབང་ཕྱུག་ཉེར་བརྒྱད་དང་། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་སུམ་ཅུ་རྩ་བཞི་དང་། །ལངྐ་དུར་ཁྲོད་བདག་པོ་སོགས། །ལས་དང་འཇིག་རྟེན་ཤ་ཟ་ཡི། ཁྲོ་ཚོགས་ཡང་སྤྲུལ་ཕོ་ཉར་བཅས། །ལྷག་མའི་གཏོར་མ་འདི་བཞེས་ལ༔ དྲག་པོའི་ལས་མཛོད་བསྟན་པ་སྲུངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གཏེར་སྲུང་གཏོར་མ་སྤྱི་འགྲེ་འབུལ། གཏོར་སྐྱོང་ནི། ཧཱུྃ༔ ཕྱོགས་མེད་མཐའ་དང་བྲལ་བའི་ཕྱོགས་ལྔ་རུ༔ ཁ་དོག་ལྔ་ལྡན་གར་བསྒྱུར་སྒེག་པ་མོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ རིགས་ལྔའི་ལས་ལས་གྲུབ་པའི་མཁའ་འགྲོ་འབུམ༔ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དགྲ་སོད་རྐྱེན་ཟློགས་བགེགས་དཔུང་ཐུལ་བར་གྱིས༔ བྷྱོ༔ དཔལ་གྱི་བཀའ་ཉན་དབང་ཕྱུག་ཉི་ཤུ་བརྒྱད༔ བརྟན་མ་བཅུ་གཉིས་མཁའ་འགྲོ་སུམ་ཅུ་གཉིས༔ གིང་དང་ལངྐ་དུར་ཁྲོད་འབར་མའི་ཚོགས༔ མ་བདུན་སྲིང་བཞི་ཉུལ་ལེའི་ཚོགས་བཅས་རྣམས༔ དགའ་རབ་ཤྲཱི་སིང་ལོ་པན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཀའ་ཡི་གཏོར་མ་ལོངས༔ ཞི་རྒྱས་དབང་དྲག་འགུགས་བསྐྲད་གནན་གཟིར་སོགས༔ བཅོལ་བའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ གཏོར་མ་གཏང་ངོ་། །གཏོར་བྲོ་ནི། ཧཱུྃ༔ བདག་ཉིད་རིགས་ལྔའི་ཧེ་རུ་ཀ༔ ཞབས་ཀྱིས་བྲོ་བརྡུང་དུག་ལྔ་འཇོམས༔ རོལ་པའི་བྲོ་བརྡུང་ཆེམས་སེ་ཆེམ༔ འཁོར་བའི་གཅོང་ནད་བརླག་པར་མཛོད༔ ཨཱོྃ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ དཀྱིལ་འཁོར་དང་འབྲེལ་བ་སོགས་སམ་ཚོགས་མཆོད་སྐབས་གཏང་རག་མཆོད་བསྟོད་མདོར་བསྡུས་ཕུལ། ནོངས་པ་བཤགས་ལ་ཡིག་བརྒྱ་བརྗོད། བདག་བསྐྱེད་ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ། ཕཊཿགསུམ་གྱིས་ཟུང་འཇུག་གི་སྐུར་ལྡངས་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། ཤིས་བརྗོད་ནི། ཧོ༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ ཆོས་དབྱིངས་ཡེ་ཤེས་ཀློང་ལ་མངའ་བརྙེས་པའི༔ བླ་མ་ཡི་དམ་མཁའ་འགྲོའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་སོགས་བརྗོད། བསྔོ་བ་ནི། ཧོ༔ ཀུན་བཟང་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ༔ སྲིད་པར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་དུས་མེད་བསགས་པའི་དགེ་བ་རྣམས༔ གཞོན་ནུ་བུམ་པའི་སྐུ་ཡི་ལྷུམས་སུ་རྫོགས༔ གཉིས་མེད་མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ སྨོན་ལམ་ནི། ཧོ༔ སྒོ་གསུམ་ཡོངས་སུ་བསགས་པའི་དགེ་བ་འདིས༔ སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག༔ འཁོར་གསུམ་ཡོངས་དག་དགེ་བ་གང་སྤྱད་རྣམས༔ སྲིད་གསུམ་དག་པའི་ཡེ་ཤེས་ཆེན་པོར་བསྔོ༔ སྐུ་གསུམ་མཐར་ཕྱིན་ཆེན་པོའི་ས་ཐོབ་ཤོག༔ ཅེས་སོགས་རྒྱས་པར་གདབ་བོ། །འདིས་ཀྱང་ཡིད་ཅན་ཐར་འདོད་ཀུན། །གློ་བུར་སྒྲིབ་པའི་སྦུབས་མཐུག་བརྟོལ། །སྐུ་དང་ཡེ་ཤེས་རང་སྣང་ལ། །འབད་རྩོལ་མེད་པར་སྤྱོད་ནུས་ཤོག །སྤྲུལ་པའི་གཏེར་ཆེན་འདི་ཉིད་ཀྱི་ཟབ་ཆོས་སྨིན་གྲོལ་གྱི་རྒྱུན་སོགས་ཤིན་ཏུ་དཀོན་པས་གཅེས་པར་སྤྲས་པའི་འདུན་པས། ལུགས་འདིའི་རིང་བརྒྱུད་དང་ཉེ་བརྒྱུད་ཁྱད་པར་ཅན་ཐོབ་པའི་སྐལ་པ་བཟང་པོས་ངལ་འཚོ་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

བྱང་གཏེར་ཚེ་དཔག་མེད་ལོངས་སྐུར་སྒྲུབ་པ་འཆི་མེད་འོད་སྣང་གི་དབང་ཆོག་འདུས་གསལ་དུ་བཀོད་པ་འཆི་མེད་བཅུད་ཐིག་ (Volume 6, Text 22)

༄༅། །བྱང་གཏེར་ཚེ་དཔག་མེད་ལོངས་སྐུར་སྒྲུབ་པ་འཆི་མེད་འོད་སྣང་གི་དབང་ཆོག་འདུས་གསལ་དུ་བཀོད་པ་འཆི་མེད་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡ། འཆི་མེད་ཚེ་ཡི་དབང་མཆོག་སྦྱིན་པའི་སྟོབས། །སྟོབས་བཅུ་མངའ་བ་ཀུན་ལས་རྨད་བྱུང་གང་། །སྤྲུལ་པའི་རིག་འཛིན་སྐུར་སྣང་པདྨ་རྒྱལ། །འགྲོ་ངོར་བླ་མའི་རྣམ་པར་སྟོན་ལ་འདུད། །དེ་སྒྲུབ་ཀུན་གྱི་ཡང་ཟབ་རྡོ་རྗེའི་ཚེའི། །དངོས་གྲུབ་བརྒྱུད་མར་སྩོལ་བའི་བྱིན་ནུས་ཅན། །བྱང་གཏེར་ཆོས་བཀའ་གསུམ་གྱི་བཅུད་འདུས་པ། །སྐལ་བཟང་རིང་འཚོར་སྒྲུབ་པའི་དབྱིག་འདི་འོ། །ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆོས་སྡེ་ལས་གཙོ་བོར་བྱོན་པ་སྙན་བརྒྱུད་ཚེ་དཔག་མེད་ལོངས་སྐུའི་སྨིན་བྱེད་བགྱི་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། བཀྲ་ཤིས་པའི་དུས་ཚེས་བཟང་པོ་ལ་སྟེགས་བུའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་ཞི་དཀྱིལ་སྒོ་རྫོགས་ཅན་དབུས་ལྟེ་དམར་སྨུག །པདྨ་འདབ་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་ཅན་གྱི་དབུས་སུ་ཁྲིའུ་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ། བདུད་རྩི་བཅུད་ལེན་གྱི་རིལ་བུ་སློབ་མའི་གྲངས་མཉམ་དར་དམར་གྱིས་བསྟུམས་ལ་མགུལ་དུ་བཏགས་པའི་ཁར་མེ་ལོང་ལ་ཚེའི་སྙིང་པོ་མཚལ་གྱིས་བྲིས་པས་བཀབ། དེའི་སྟེང་དུ། འབྲུ་ཟན་ལ་སྨན་སྤོས་དྲི་བཟང་ཅན་གང་འཛོམ་བསྲེས་པས་ཚེ་གཏོར་དབྱིབས་ཟླུམ་ཞིང་བརྗིད་ཆགས་པ་པད་འདབ་བཞིས་བསྐོར་ཅིང་རྩེ་ལ་མར་གྱི་རྡོ་རྗེ་རྩེ་ལྔ་པའི་ཏོག་དང་ཕྱོགས་བཞིར་རིགས་ལྔའི་ཕྱག་རྒྱ། ལྷ་གྲངས་བཅུ་གསུམ་དང་མཉམ་པའི་མར་གྱི་ཐིག་ལེས་བརྒྱན་པ་བཀོད་པའི་སྟེང་དུ་དར་དམར་གྱི་གུར་དབུབ། གཡས་སུ་ཚེའི་རིལ་བུ་ཕབ་ལྡན། གཡོན་དུ་ཀ་པཱ་ལ་མཚན་ལྡན་ཆོས་སྨན་དང་མངར་གསུམ་སྦྱར་བའི་ཆང་གིས་བཀང་བ། རྒྱབ་ཏུ་མདའ་རྒོད་སྒྲོ་མ་སྐྱོན་མེད་དར་སྣ་མེ་ལོང་བླ་གཡུས་བརྒྱན་པ། མཚམས་སུ་མེ་ལོང་ལི་ཁྲིའི་ཚོམ་བུ་ཅན། རྫས་ཀྱི་སྙིང་པོ་ལྔ་དང་འབྲུ་ལྔ་བྲིས་པའི་ཙཀླི །མདུན་དུ་མཆོད་གཏོར་ཟླུམ་བརྗིད་པད་འདབ་བཞི་པ་རྒྱན་ལྡན་དང་སྨན་རཀ །ཕྱི་མཆོད། ཕྱོགས་གང་བདེར་ལས་བུམ་དང་། བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་ཙཀླི། གཞན་ཡང་བཀའ་སྲུང་གཏོར་འབུལ་སྔོན་གཏོར། ཚོགས་རྫས་སོགས་ཉེ་བར་མཁོ་བ་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་དབང་དོན་སྒྲུབ་མཆོད་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། བྱང་ལུགས་གཞུང་མའི་ཕྱག་ལེན་ནི། ཐུགས་སྒྲུབ་དྲག་པོ་རྩལ་གྱི་གཞུང་བསྲང་དོན་བསྟོད་ཀྱི་གོང་དུ་འདི་ཉིད་ཀྱི་མངོན་དཀྱིལ་སྦྱར་བའི་ཚེ་འགུགས་རྗེས་དོན་བསྟོད་ནས་བརྩམ་ཚོགས་སྐོང་བར་ཐུགས་སྒྲུབ་ལྟར་མཛད་སྲོལ་ཡོད་འདུག་ཀྱང་། སྤྱི་འགྲོ་ཙམ་དུ་དེ་ལྟར་དགོས་པའི་ངེས་པ་མེད་པས། ཚིག་བདུན་སྔོན་དུ་འགྲོ་བས་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་མཛད་པའི། མི་འགྱུར་རྡོ་རྗེའི་རྒྱ་མདུད་ལྟར། བརྒྱུད་འདེབས། སྐྱབས་སེམས། བགེགས་གཏོར་སྤྱི་ལྟར་བཏང་ཞིང་བགེགས་བསྐྲད། སྲུང་འཁོར། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས། མདུན་བསྐྱེད་མཆོད་བསྟོད་བཟླས་པ་ཅི་ལྕོགས་མཐར་ཚེ་འགུགས་མགྱོགས་མ་བཞི་ཡན་སོང་རྗེས། བྱང་ལུགས་བཀའ་སྲུང་བསྡུས་མཆོད་ཙམ་གཏང་ལ། ལས་བྱང་ལྟར་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཡན་དང་རྩ་གསུམ་སྤྱི་སྐོང་ཉུང་འདུས་སྦྱར། ལས་བུམ་དུ་རྟ་མགྲིན་བསྐྱེད་ལ་བཟླས་པ་ཅུང་ཟད་བྱ། རྒྱས་པར་གྲུབ་ན་བདག་འཇུག་ལེན། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ལའང་གཉིས། སྔོན་འགྲོ་དང་། དངོས་གཞི་མཐའ་རྟེན་དང་བཅས་པའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ་ཞིང། ཇི་ལྟར་བལྟམས་པ་སོགས་བརྗོད། བགེགས་གཏོར་བཤམས་ལ། ལས་བྱང་ལྟར། བདག་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ༔སོགས་ཀྱིས་བདག་ཉིད་རྟ་མགྲིན་གྱི་ང་རྒྱལ་བསྐྱེད། ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཞུ་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨ་ཀཱ་རོ་མུ་ཁཾ་བདུན་གྱིས་བསྔོ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྱད་པར་འཆི་མེད་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། རིག་འཛིན་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ལ་བརྟེན་ནས་དེང་འདིར་སློབ་མ་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ཞིང་བར་དུ་གཅོད་པ་རྣམས་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀའི༔ སོགས་ལས་བྱང་ལྟར་བརྗོད་ཅིང་གུ་གུལ་ཡུངས་ཐུན་རོལ་མོར་བཅས་བགེགས་བསྐྲད། དབང་ཆེན་གྱི་སྐུ་ལས་སོགས་ནས། རྡོ་རྗེ་མེ་རིའི་གུར་ཁང་དུ་གྱུར། རྒྱ་གྲམ་དང་མེའི་རྒྱ་བྱས་ལ། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ༔ ལན་གསུམ། སེམས་བསྐྱེད་གསལ་གདབ་སྟེ། དེ་ལ་རང་ཅག་རྣམས་དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་གྱི་མི་ལུས་རིན་པོ་ཆེ་ལྷ་བས་ལྷག་པའི་ལུས་རྟེན་འདི་ལྟ་བུ་ཐོབ་ཀྱང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང་སྒོས་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད། ཁྱད་པར་དེང་སང་སྙིགས་མ་ལྔ་ཆེར་བདོ་བས་ཚེ་ལོ་ཉི་ཤུ་ཁ་རལ་གྱི་དུས་སུ་སོན་པས་འགྲོ་བའི་ཚེ་སྲོག་ཆུའི་ཆུ་བུར་ལས་ཀྱང་འཇིག་སླ་ཞིང་མྱུར་དུ་འཆི་ངེས་པ་མ་ཟད་དེ་རིང་སང་ཙམ་ལའང་མི་འཆི་བའི་གདིང་མེད་པས་མཐོ་རིས་ཡོན་ཏན་བདུན་གྱི་མཆོག་ཚེ་རིང་དུ་བསྲིང་བའི་ཐབས་ནི་དོན་དུ་གཉེར་བྱའི་གཙོ་བོ་ཡིན། ལྷག་པར་ཆོས་ལྡན་གྱི་སྐྱེས་བུ་རྣམས་ནི་རིང་པོར་འཚོ་བ་ཁོ་ན་གལ་ཆེ་བས་རྒྱལ་བ་རྣམས་ཐུགས་བསྐྱེད་སྨོན་ལམ་ཚད་མེད་པའི་སྟོབས་ལས་ཚེ་སྒྲུབ་པའི་ཐབས་ཀྱང་རབ་འཆི་མེད་གྲུབ་པ། འབྲིང་ལོ་གྲངས་སྟོང་ཕྲག་ལ་སོགས་པར་འཚོ་བ། ཐ་མ་རྣམས་ཚེ་རིང་དུ་སྲིང་བར་བྱེད་པའི་ཐབས་ཕྱི་རྫས་སྔགས་སྨན་གྱི་བཅུད་ལེན། ནང་རྟེན་འབྲེལ་རྩ་རླུང་གི་སྦྱོར་བ། གསང་བ་བསྐྱེད་རྫོགས་ཟབ་མོའི་རིམ་པ་མཐའ་ཡས་པ་ཞིག་བསྟན་པ་ཐམས་ཅད་ཀྱི་ནང་ནས་འཕྲལ་དང་ཡུན་དུ་བདེ་ཞིང་རང་གཞན་དོན་གཉིས་བདེ་བླག་འགྲུབ་པར་བྱེད་པ་ནི་རྡོ་རྗེ་ཐེག་པ་ལས་འབྱུང་བའི་རིམ་པ་གཉིས་དང་། དེ་ཐམས་ཅད་ཀྱི་ནང་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བསྟེན་ཏེ་འཆི་མེད་སྒྲུབ་པའི་ཐབས་རྣམས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལའང་གསང་སྔགས་གསར་རྙིང་གཉིས་སུ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ལས་རབ་དང་ཕུལ་དུ་གྱུར་པའི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ཉིད་འཆི་མེད་རྡོ་རྗེའི་རིག་འཛིན་གྱི་སྐུར་བཞེངས་པ་བདེ་བ་ཆེན་པོ་པདྨ་སམ་བྷ་བའི་གསུང་རབ་རྣམས་ཡིན་ཏེ། དེ་ཉིད་ཀྱིས་གདུལ་བྱ་ཐུན་མོང་བའི་སྣང་ངོར་ཚེ་ལམ་གྱི་ཕྱག་རྒྱ་མནྡཱ་ར་བ་དང་ལྷན་ཅིག་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་རིག་འཛིན་སྒྲུབ་པའི་སྐབས་སུ། སངས་རྒྱས་འོད་མི་འགྱུར་བ་སོགས་རྒྱལ་བ་དགོངས་པ་དང་རིག་འཛིན་བརྡའི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་དབང་བསྐུར་ཅིང་ལུང་བསྟན་ཏེ་དགོངས་པ་དབྱེར་མེད་དུ་གྱུར། ཁྱད་པར་མགོན་པོ་ཚེ་དཔག་ཏུ་མེད་པས་རྡོ་རྗེ་ཚེའི་དབང་བསྐུར་ཅིང་འཁོར་བ་མ་སྟོང་གི་བར་དུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་བྱིན་གྱིས་བརླབས། འཆི་མེད་ཚེའི་ཏནྟྲ་བྱེ་བ་ཕྲག་བརྒྱ་བསྩལ་པའི་རྒྱུད་ཐམས་ཅད་ལུང་གི་ངེས་པས་གཏན་ལ་ཕབ། དེ་ལས་ཉམས་ལེན་གྱི་མན་ངག་གནད་དུ་དྲིལ། དེའང་སྒྲུབ་ཐབས་ལག་ལེན་གྱི་རིམ་པ་དུ་མར་ཕྱེས་ཏེ་གདུལ་བྱའི་ཁམས་དབང་གི་རིམ་པ་དང་འཚམ་པར་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཚུལ་མཐའ་ཡས་པ་བསྟན་པར་མཛད་དེ། རྡོ་རྗེའི་གསུང་ལས། པདྨ་འབྱུང་གནས་བདག་ཉིད་ནི༔ སྣང་བ་མཐའ་ཡས་ཐུགས་ཀ་ནས༔ འོད་ཀྱི་ཁྱེ་འུ་ཚོན་གང་བ༔ རྒྱ་མཚོ་རོལ་པའི་གླིང་དུ་བབ༔ ཕ་དང་མ་མེད་སྤྲུལ་པའི་སྐུ༔ ང་ལ་སྐྱེ་འཆིའི་སྡུག་བསྔལ་མེད༔ སེམས་ཀྱི་འཁྲུལ་པ་ཡོད་མ་ཡིན༔ དེ་ཕྱིར་མགོན་པོ་ཚེ་དཔག་མེད༔ ང་དང་དབྱེར་མེད་གཅིག་པའི་ཕྱིར༔ ཚེ་ལ་དབང་བའི་རིག་འཛིན་ངས༔ མ་འོངས་ཕྱི་མའི་དོན་ཆེད་དུ༔ ཚེ་སྒྲུབ་ཟབ་མོ་བསྟན་པར་བྱ༔ ཞེས་དང་། འོག་མིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔ ཀུན་བཟང་རྡོ་རྗེ་འཆང་དང་རིགས་ལྔ་དང༔ གསང་བའི་བདག་པོའི་ཐུགས་ཀྱི་བཅུད་བླངས་པས༔ མི་ཤིགས་རྡོ་རྗེ་ཚེ་ཡི་སྒྲུབ་པ་འདི༔ ཕྱི་རབས་རྗེས་འཇུག་རྣམས་ཀྱི་དོན་དུ་བཞག༔ སྐལ་ལྡན་མང་པོ་བདུད་ལས་རྒྱལ་བར་ཤོག༔ ཅེས་གསུངས་སོ། །དེ་ལྟ་བུའི་ཚེའི་རྒྱུད་ལུང་མན་ངག་གི་རིམ་པ་བོད་ཡུལ་སྐལ་ལྡན་རྗེ་འབངས་སོ་སོའི་ངོ་སྐལ་དུ་བསྩལ་ཅིང་ཕྱི་རབས་ཀྱི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ་གངས་ཅན་མཐའ་དབུས་ཀུན་ཏུ་གཏེར་ཁ་གྲངས་མེད་སྦ་བར་མཛད་པ་རྣམས་ཀྱི་ནང་ནས་བོད་ཁམས་སྤྱི་ལ་གཅེས་པ་བློན་པོ་ལྟ་བུའི་གཏེར་གཅིག །བྱང་ཟང་ཟང་ལྷ་བྲག་གི་མཛོད་ལྔ་འདུས་པའི་ཐུགས་གཏེར་ཆེན་པོ་དེ་ཉིད་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པར་མཛད་པའི་ཆོས་སྡེ་ཆེན་པོ་ལས། དབུས་སྙིང་མཛོད་སྨུག་པོ་ལས་བྱོན་པའི་ཀུན་བཟང་དགོངས་པ་ཟང་ཐལ་གྱི་སྡེ་ཚན་ཚེ་དཔག་མེད་ནང་ལོངས་སྤྱོད་རྫོགས་སྐུར་སྒྲུབ་པ་འདི་ལའང་ཐུན་མོང་མ་ཡིན་པའི་དབང་བསྐུར་བ། རླུང་ལ་བརྟེན་ནས་ཚེ་སྒྲུབ་པ། རྫས་དང་ཆོ་གས་འཆི་བདག་གི་བདུད་ཟློག་ཐབས། མི་འགྱུར་སྲོག་གིས་འཆི་མེད་དུ་སྒྲུབ་པ། ཡ་མཚན་ཁ་སྐོང་ཕྲན་ཚེགས་ཀྱི་མན་ངག་བདུན་དང་བཅས་པ་རྣམས་སུ་བཞུགས་པ་སྟེ་སློབ་དཔོན་ཆེན་པོ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་བཅུད་དུ་བསྔགས་ཤིང་བྱིན་རླབས་ཀྱི་བབས་ཆེན་པོ་དང་ལྡན་པས་ཇི་བཞིན་ཉམས་སུ་བཞེས་པ་རྣམས་སྐུ་ཚེའི་དངོས་གྲུབ་བརྙེས་པ་ཤ་སྟགས་སུ་བྱོན་པ་དེ་ཉིད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་སྔོན་དུ་སོང་གྲུབ། སློབ་མའི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་དང་ཐ་མི་དད་པའི་སྤྱན་ལམ་དུ་འཆི་མེད་ཡེ་ཤེས་རྡོ་རྗེ་ཚེའི་དབང་ཞུ་བའི་ཡོན་དུ་ཞིང་ཁམས་དབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་བཅུག །དེ་ལྟར་མཎྜལ་ཕུལ་བ་སྔོན་ཏུ་སོང་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ༔ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་དང་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་དང་བཅས་པས་བདག་ལ་འཆི་མེད་ཚེའི་དབང་བསྐུར་དུ་གསོལ༔ ལན་གསུམ་གྱི་མཐར་མེ་ཏོག་འཐོར། དེ་ནས་ཡོན་ཏན་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། དེ་ཡང་མདུན་གྱི་ནམ་མཁའ་ཀློང་ཡངས་པར་བྱིན་རླབས་ཀྱི་རྩ་བ་བླ་མ༔ དངོས་གྲུབ་ཀྱི་འབྱུང་གནས་ཡི་དམ༔ བར་ཆད་སེལ་བའི་མཁའ་འགྲོ་དམ་ཅན༔ ཁྱད་པར་རིགས་འདུས་གར་གྱི་དབང་ཕྱུག་ཚེའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་རང་དང་ཁམས་གསུམ་གྱི་སེམས་ཅན་མ་ལུས་ཀྱང་འཁོད་པ་རྣམས་ཀྱིས་སོ་སོའི་ཉེས་བྱས་དང་འཁོར་བའི་སྡུག་བསྔལ་དྲན་ཏེ་སྙིང་ནས་སྐྱབས་སུ་འགྲོ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས་འཚལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཞེས་སོགས་ལས་བྱང་ལྟར་ལ། མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། འདི་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་རང་ཉིད་ཀྱི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ཅིང་དེ་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་པ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོས་དེ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་པ་དང་། དེའི་ཕྱིར་དུ་བདག་ཉིད་ཀྱིས་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་འཐོབ་པར་བྱ་བའི་སླད་དུ་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་ཚེ་སྲོག་འགྱུར་མེད་དུ་བརྟན་པའི་དངོས་གྲུབ་བསྒྲུབས་ཏེ་གཞན་དག་ཀྱང་དེ་ལྟ་བུའི་ལམ་ལ་དགོད་པར་བགྱིའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འགྲོ་བའི་དོན་བྱའི་ཕྱིར༔ སོགས་ལན་གསུམ། དེ་རྣམས་ཀྱིས་སྔོན་དུ་འགྲོ་བའི་ཆོས་རྣམས་སོང་ནས། དངོས་གཞི་དབང་གི་གཞི་འགོད་པ་ཡེ་ཤེས་པའི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གནད་གཅུན་ཏེ་དམིགས་པ་འདི་རྩེ་གཅིག་ཏུ་བསྒོམ་མཛོད། ལས་བུམ་ཆུ་དང་། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། དེའི་ངང་གདངས་ལས་རང་ཅག་རྣམས་ཀྱི་གནས་ཁང་འདི་ཉིད་འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་དེ་ཡང་ས་གཞི་ཐམས་ཅད་ལག་མཐིལ་ལྟར་མཉམ་ཞིང་། རིན་པོ་ཆེ་དུ་མ་ལས་གྲུབ་པའི་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་གེ་སར་ཉི་མ་དང་ཟླ་བ་བརྩེགས་པའི་གདན་ལ་ཁྱེད་རང་རྣམས་ཀྱི་རྣམ་ཤེས་ཡི་གེ་ཧྲཱིཿཡིག་དཀར་པོ་གཅིག་ཏུ་གྱུར་པ་འོད་དུ་ཞུ་བ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་སྟོན་མཚན་དག་པའི་ཟླ་བ་ལྟར་གསལ་ཞིང་འོད་ཟེར་རྣམ་པ་མང་དུ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ་ཡུམ་གོས་དཀར་མོ་དམར་གསལ་པདྨ་བུམ་པ་འཛིན་པ་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་ཞིང་། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་སྦྱོར་གྱི་སྟབས་སུ་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཀྱི་ལྷག་མ་ལྕང་ལོའི་ཚུལ་དུ་བྲེས་ཤིང་། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས། ཤམ་ཐབས། གསང་ཁེབས། སྐ་རགས། ཟི་ལྡིར་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། ཅོད་པན། སྙན་ཆ། མགུར་ཆུ། དོ་ཤལ། ཕྲེང་བ། དཔུང་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་བརྒྱད་ཀྱིས་བརྒྱན་པ་ཤིན་ཏུ་ལྷན་ནེ། ལྷང་ངེ་ལྷམ་མེ་ཞི་བའི་ཉམས་དགུ་ལྡན་ཅིང་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བ་སྣང་ལ་རང་བཞིན་མ་གྲུབ་པ་ཞིག་ཏུ་སྒོམས། དེ་ལྟར་གསལ་བའི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ། དེའི་དབུ་གཙུག་ནས་རིམ་བཞིན་རིག་འཛིན་བརྒྱུད་པ་ཐམས་ཅད་སྐུ་གསུམ་སྟོན་པའི་བར་ཐོ་བརྩེགས་སུ་བཞུགས་ཤིང་ཕྱག་ན་ཚེའི་བུམ་པ་བསྣམས་པ། མཐའ་སྐོར་དུ་ཕྱོགས་དུས་རྒྱལ་བ་གྲངས་མེད་པ་ཏིལ་གང་ཕྱུར་བ་ལྟར་གཏམས་ཤིང་། ཁྱད་པར་མཁའ་འགྲོ་མང་པོ་གར་དང་འཛབ་དབྱངས་དིར་དིར་སྒྲོག་པ། དེ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྐྱེན་གྱིས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བདེ་བ་ཅན་ན་བཞུགས་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཁོར་ཚོགས་རྒྱ་མཚོས་བསྐོར་བ། ལྷོ་ནུབ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས་འཆི་མེད་པདྨ་ཐོད་ཕྲེང་ཚེའི་ལྷ་དྲང་སྲོང་རིག་འཛིན་དུ་མའི་ཚོགས་དང་བཅས་པ། གཞན་ཡང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པའི་གསང་བ་གསུམ་གྱི་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ནམ་མཁའ་བར་སྣང་ཐམས་ཅད་གང་བ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཡེ་ཤེས་འཁོར་ལོ་དེ་ཐམས་ཅད་ཁྱེད་རང་དམ་ཚིག་སེམས་དཔའ་ལ་རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སིབ་སིབ་ཐིམ་ཞིང་། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་དགོངས་པ་རྩེ་གཅིག་ཏུ་རང་ལ་བྱིན་གྱིས་རློབས་པའི་མོས་པས་དད་གུས་དྲག་ཏུ་སྐྱེད་པར་མཛོད་ཅིག །ཅེས་བརྡ་སྤྲད། བྱིན་འབེབ་ཀྱི་རྫས་སྦྱོར་རམ་སྤོས་གུ་གུལ་གྱིས་བདུག །སྤྲོ་ན་ཆོག་རོགས་ཀྱིས་དབྱངས་རོལ་བཅས་པའམ་ཡང་ན་ཐོད་རྔ་དང་དྲིལ་བུའི་སྒྲ་མྱུར་དལ་འཚམ་པས་སྣ་དྲངས་རྒྱུད་འཁུལ་བའི་གདངས་དབྱངས་སྙན་འགྱུར་ལྡན་པས་རིག་འཛིན་བརྒྱུད་པའི་བྱིན་འབེབ་པ་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཛྙཱ་ན་སོགས་བརྒྱུད་པ་རྣམས་ཀྱི་བསྐུལ་དང་སྔགས་བརྗོད་པ་ལས་བྱང་ལྟར་ཚང་བར་བྱ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ལན་གཉིས་ཀྱིས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་འཇོག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་འོད་ཟེར་དང་ཚེ་མདའ་འདི་ཉིད་ལས་ཀྱང་ཚེ་བདག་ལྷ་མོ་བཞི་ཡུམ་བཞི། མགྱོགས་མ་བཞི་ཐམས་ཅད་ཀྱང་གཡས་མདའ་དར་དང་གཡོན་བུམ་པ་འཛིན་པ་དཔག་ཏུ་མེད་པ་བྱུང་སྟེ་སྣང་སྲིད་སྣོད་བཅུད་ཀུན་ཏུ་ཁྱབ། ཚེ་བདག་མ་བཞིས་ཕྱོགས་བཞིའི་ཚེ་བཅུད་དང་། ཡུམ་བཞིས་ཤ་ཁྲག་དྲོད་དབུགས་ཀྱི་བཅུད། མགྱོགས་མ་བཞིས་འབྱུང་ལྔའི་ཁམས་ཀྱི་ཚེ་བཅུད་རྣམས་དང་། ལྷ་སྲིན་དྲེགས་པ་ཅན་རྣམས་དང་བན་བོན་མཐུ་བོ་ཆེའི་རྫས་སྔགས་ཏིང་འཛིན་གྱིས་ཚེ་སྲོག་བརྐུས་འཕྲོག་སྦས་གཞོམ་འཐོར་ཡར་གས་ཉམས་སུ་གྱུར་པ་རྣམས་བཀུག །གཞན་ཡང་སྐྱེ་འགྲོའི་ཚེ་བསོད་རྒྱལ་བ་སྲས་བཅས་ཀྱི་མཐུ་བྱིན་ཚེ་ལ་དབང་བའི་ནུས་པ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་རིགས་ལྔའི་ཕྱག་མཚན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན། སྐུ་གསུང་ཐུགས་སྲོག །བླ་གཟུགས་ཨ་ནྲྀ་བྷྲཱུྃ་ལ་སོགས་པ་མ་ངེས་པ་དཔག་ཏུ་མེད་པ་དྭངས་མའི་འོད་ཕུང་གི་རྣམ་པར་བསྡུས་ནས་སོ་སོའི་སྙིང་གའི་ཚེ་རྟེན་དང་འབྱུང་ལྔའི་རྟེན་གནས་སོགས་ལ་སིབ་སིབ་ཐིམ་པའི་རྐྱེན་གྱིས་སྐྱེ་འཆི་རྒས་རྒུད་དང་བྲལ་བ་རིག་འཛིན་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། དབྱངས་རོལ་ལམ་དྲིལ་གདངས་སྙན་པ་དང་བཅས་ཚེའི་མདའ་དར་གཡབ་ཅིང་ལྷ་ཚོགས་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སོགས་ནས། མགྱོགས་མ་བཞི་བསྐུལ་རྫོགས་ཀྱི་བར་ལས་བྱང་ལྟར་བཏང་། དེ་དག་གིས་དབང་གི་གཞི་འགོད་པ་སོང་ནས་དབང་དངོས་གཞི་ཞུ་བའི་དོན་དུ་སློབ་དཔོན་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་སྲས༔ ཡུམ་ཆེན་ལྷ་མོ་གོས་དཀར་མོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། རྣམ་བུམ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་རང་བྱུང་བདེ་ཆེན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པའི་དབུས་སུ། བུམ་བཅུད་བཅོམ་ལྡན་འདས་འཆི་མེད་ཚེའི་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བས་ཁྱེད་རང་རྣམས་ལ་མགོ་བོའི་གནས་ལྔར་བཞག་ཅིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས། ཉོན་མོངས་པ་ལྔ་དང་དེར་བརྟེན་པའི་ཕུང་པོ་ལྔའི་ཉོན་སྒྲིབ་སྦྱངས་རིགས་ལྔ་ཡེ་ཤེས་ལྔའི་གོ་འཕང་མངོན་དུ་བྱེད་པའི་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་བུམ་པ་སྤྱི་གཙུག་ཏུ་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ནི་སྐྱེ་ཤི་འདུ་འབྲལ་མེད༔ མི་འགྱུར་མི་ཤིགས་ཡེ་ཤེས་སྐུ༔ སངས་རྒྱས་སྐུ་ཡི་ཚེ་དབང་འདི༔ རིགས་ཀྱི་བུ་ལ་བསྐུར་བར་བྱ༔ ཧཱུྃ་བུདྡྷ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་དཔྲལ་བར་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ནི་མི་གཡོ་གསལ་ལ་དྭངས༔ རང་སྣང་ཡེ་ཤེས་ཆེན་པོའི་ངང༔ རང་གྲོལ་ཐུགས་ཀྱི་དགོངས་པ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་རྣ་ལྟག་གཡས་སུ་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་ནོར་བུ་རིན་པོ་ཆེ༔ དགོས་འདོད་ཐམས་ཅད་འབྱུང་བའི་གནས༔ ཡེ་ཤེས་རྒྱས་པའི་དབང་མཆོག་འདི༔ རིགས་ཀྱི་བུ་ལ་བསྐུར་བར་བྱ༔ ཏྲཱཾ་རཏྣ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཏྲཱཾ༔ བུམ་པ་ལྟག་པར་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་ནི་མི་འགག་སྙན་གདངས་ཆེ༔ འཛིན་མེད་མ་ཆགས་པདྨའི་སྒྲ༔ བདེ་གཤེགས་གསུང་གི་ངོ་བོ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧྲཱིཿཔདྨ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧྲཱི༔ བུམ་པ་རྣ་ལྟག་གཡོན་དུ་གཏུགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ ཡེ་ཤེས་འཕྲིན་ལས་གྲུབ་པའི་རྩལ༔ ཐུགས་རྗེས་སྤྲུལ་པའི་མཛད་པ་འདི༔ རིགས་ཀྱི་བུ་ལ་བསྐུར་བར་བྱ༔ ཧཱཿཀརྨ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱ༔ ཞེས་མགོ་བོའི་གནས་ལྔར་དབང་བསྐུར་བས་སྤྱི་གཙུག་ཚངས་པའི་བུ་ག་ན་མར་ལྷ་རྣམས་ཀྱི་བྱང་ཆུབ་སེམས་དང་འོད་ཟེར་ལྔའི་ཆུ་རྒྱུན་བབས་ཏེ༔ རང་གི་སྙིང་གའི་ནང་དུ་ཐིམ་པར་མོས་ཤིག༔ ཚེ་འབྲང་ཐོགས་ལ། འདི་ལྟར་ཚེའི་འབྲང་རྒྱས་ལྷའི་རང་བཞིན་གསལ་བ་སྤྱི་བོ་སོགས་གནས་རྣམས་སུ་བཞག་པས་ཚེ་ལྷ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་དཀར་དམར་བྱང་སེམས་མདངས་དང་ལྡན་པ་བབས་ཏེ་ཚེ་ཟན་དང་འདྲེས་པ་མཐར་རོལ་པས་ལུས་ཀྱི་ནང་ཐམས་ཅད་བཅུད་ལེན་རྫས་ཀྱིས་གང་བས་འབྱུང་བཞིའི་ངོ་བོ་ཤ་ཁྲག་དྲོད་དབུགས་སོགས་ཀྱི་ཚེ་ཉམས་པ་གསོས། དེ་བཞིའང་རིམ་བཞིན་ལྷ་མོ་བཞིའི་ངོ་བོར་བྱུང་སྙམ་པ་མཛོད། ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ ཅི་འདོད་རྩོལ་བ་མེད་པ་བཞིན༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཡི་ལོངས་སྤྱོད་འདི་བྱིན་པས༔ ཕུན་སུམ་ཚོགས་པའི་དངོས་གྲུབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་བཞག་མཐར་དངོས་གྲུབ་ཏུ་སྦྱིན་ནོ། །ཚེ་ཆང་ཐོགས་ལ། ཚེ་ལྷ་ཡབ་ཡུམ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྗེས་སུ་ཆགས་པའི་མེས་ཞུ་བ་སོ་སོའི་མཁའ་གསང་ལས་ཐོན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་སྦྱིན་པས་མགྲིན་པ་ནས་བརྒྱུད་རྩ་ཁམས་བདེ་བས་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ ཡིད་བཞིན་ནོར་བུ་རིན་ཆེན་ལས༔ ལོངས་སྤྱོད་ངང་གིས་འབྱུང་བ་བཞིན༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་བཅུད་དངོས་གྲུབ་འདི་སྦྱིན་པས༔ རྩོལ་བ་མེད་པའི་དངོས་གྲུབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ཞེས་སོགས་ཀྱི་སྔགས་དང་བཅས་ཚེ་ཆང་སྦྱིན། ཚེ་རིལ་ཐོགས་ལ། འཆི་མེད་གྲུབ་པའི་བཅུད་ལེན་གྱི་རིལ་བུ་འདི་ཉིད་བྱིན་པས་འདུ་བའི་ནད་དང་། ཉེར་འཚེ་ལས་གྱུར་པའི་གདོན་བགེགས་སོགས་རྩ་ཁམས་རླུང་གསུམ་ལ་བརྟེན་པའི་ཚེ་ཉམས་པའི་རྐྱེན་དུ་གྱུར་པ་ཐམས་ཅད་བསལ། རྒས་རྒུད་ན་བ་ལ་སོགས་མེད་པ་གཞོམ་བྲལ་ཚེའི་དངོས་གྲུབ་འཛད་པ་མེད་པའི་གཏེར་ལ་ངང་གིས་སྤྱོད་པར་མོས་མཛོད༔ ཧཱུྃ༔ དམག་དཔོན་ནོར་བུ་རིན་ཆེན་གྱིས༔ ཕས་ཀྱི་དགྲ་དཔུང་འཇོམས་པ་བཞིན༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཡི་རིལ་བུ་འདི་བྱིན་པས༔ དགྲ་བགེགས་དཔུང་འཇོམས་དངོས་གྲུབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སོགས་སྔགས་དང་བཅས་ཚེ་རིལ་སྦྱིན། རྫས་ཀྱི་སྙིང་པོ་ལྔ་དང་དཔའ་བོ་འབྲུ་ལྔ་ཐོགས་ལ། སྲིད་པ་གསུམ་གྱི་བརྟན་དང་གཡོ་བའི་ཚེ་བཅུད་བཀྲག་མདངས་ཐམས་ཅད་འདུས་པ་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་དུ་གྱུར། དེ་ཉིད་བུམ་པའི་ལྷ་ཚོགས་ལ་ཐིམ་པ་དེ་ལས་དྭངས་མའི་འོད་ཟེར་དཔག་ཏུ་མེད་པ་བྱུང་བ་འབྱུང་བའི་སྙིང་པོ་ལྔ་ལ་ཐིམ། དེའང་ལྷའི་སྙིང་པོ་འབྲུ་ལྔ་ལ་ཐིམ། དཔའ་བོ་འབྲུ་ལྔ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས་སྙིང་དབུས་གཞོམ་དུ་མེད་པའི་འོད་ལྔའི་གོང་བུར་གྱུར་པར་མོས་ཤིག །ཧཱུྃ༔ སྲིད་པ་གསུམ་གྱི་ཚེ་བཀྲག་རྣམས༔ ཡི་གེ་བྷྲཱུྃ་ལ་བསྟིམ་པར་བྱ༔ བྷྲཱུྃ་དེ་འོད་དུ་ཞུ་བ་ལས༔ ཚེ་ཡི་བུམ་པ་ཉིད་ལ་བསྟིམ༔ བུམ་པའི་ནང་གི་འོད་ཟེར་རྣམས༔ འབྱུང་བའི་སྙིང་པོ་ལྔ་ལ་བསྟིམ༔ སྙིང་པོ་ལྔ་ཡི་བཀྲག་མདངས་ཀྱང༔ ལྷ་ཡི་སྙིང་པོ་ལྔ་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡི་གེ་དཔའ་བོ་འབྲུ་ལྔ་པོ༔ སྐལ་ལྡན་སྙིང་ཁར་ཐིམ་པ་ཡིས༔ སྙིང་ནང་འོད་ཀྱི་གོང་བུར་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ས་མ་ཡ་ཏིཥྛ་ལྷན༔ ཅེས་སྙིང་གར་གཏུག་གོ །དེ་ནས་ཚེའི་རང་བཞིན་སྦ་ཞིང་རྒྱས་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་ཚེ་སྙིང་གི་དཀྱིལ་དབུ་མའི་ལྟེ་བར་གནས་པའི་དབུ་མའི་ཡར་སྣེ་སྨིན་ཕྲག་ཏུ་ཟུག་པའི་རྩ་སྒོར་རྟ་མགྲིན་དམར་པོ་ཁྲོ་ཆས་རྟ་ཞལ་ཅན། ཙན་དན་གྱི་བེ་ཅོན་དང་སྡིགས་མཛུབ་སྒྲེང་བས་བསྲུང་བར་གྱུར། ལི་ཁྲིའི་ཐིག་ལེ་སྨིན་མཚམས་སུ་བཀོད་ལ། ཧཱུྃ༔ ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་སྲུང་བར་མཛོད༔ འཆི་བདག་བདུད་བཞིའི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲཱི་ཝ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་ནང་གི་རྩ་སྒོ་བསྲུང་། ཕྱིའི་ལུས་མགོ་མཇུག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་གྱུར་པར་བསྒོམ་ལ་རྒྱ་གྲམ་གནས་བདུན་དུ་བཞག །དེ་ནས་གསང་བའི་རྒྱས་འདེབས་སྟོང་ཉིད་དུ་སྦ་བ་ནི། གཞུང་ལས། ཕྱི་སྣོད་ཀྱི་འཇིག་རྟེན་སྣང་བའི་ཡུལ་ཐམས་ཅད་ཀྱང་འོད་ཀྱི་ཚུལ་དུ་ལམ་མེ༔ ནང་ལུས་ཀྱང་བེམ་པོ་མ་ཡིན་པའི་ཡེ་ཤེས་ཀྱི་སྐུ་རུ་ལམ་མེ༔ སྙིང་ཁ་ནས་ཡེ་ཤེས་སེམས་དཔའི་ཚུལ་སྲོག་གི་ཡི་གེ་ཡང་འོད་ལྔའི་ཚུལ་དུ་ལམ་མེ༔ དེའི་ངང་ལ་མ་ཡེངས་པར་བཞག་པས༔ ཕྱོགས་ལྷུང་མེད་པའི་རྩོལ་བྲལ་སྐྱེ་མེད་ཀྱི་ཐུགས༔ འགག་མེད་ཀྱི་གསུང༔ སྐྱེ་འཆི་མེད་པའི་སྐུ༔ སྐྱེ་ཤི་འཁོར་བའི་སྡུག་བསྔལ་དང་བྲལ་བ་ཞེས་བྱའོ༔ ཞེས་གསུངས་པའི་དོན་ལ་མཉམ་པར་ཞོག་ཅིག །ཚེ་མདའ་གནས་གསུམ་དང་ཡན་ལག་བཞིར་གཏུགས་ཏེ། ཧཱུྃ༔ འཆི་མེད་ཚེ་ཡི་རང་བཞིན་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་སྟེ༔ འོད་ལྔ་གསལ་ལ་མདངས་དང་བཅས༔ མི་ཡི་ཚེ་ནི་སྣུམ་ལ་འདྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀྱི་ཀློང་དུ་སྦ་བར་བྱ༔ མི་དམིགས་སྟོང་པའི་གོ་ཆ་ལ༔ སུས་ཀྱང་གནོད་པར་བྱ་བ་མིན༔ ཨཿཨཿ ཁྱེད་རང་ལྷ་སྐུར་གསལ་བ་རིམ་གྱིས་འདུས་ཏེ་ནཱ་ད་ཤིན་ཏུ་ཕྲ་བ་ལ་བློ་བཞག །དེའང་སྟོང་ཉིད་དུ་ཡལ་བར་བསམ་ལ་འཆི་མེད་གཉུག་མའི་དེ་ཁོ་ན་ཉིད་ཀྱི་ངང་དུ་དར་ཅིག་མཉམ་པར་འཇོག་པར་ཞུ། ཞེས་ངོ་བོ་བསྐྱང་དུ་གཞུག །དེའང་གཞུང་ལས། སེམས་སྐྱེ་བ་མེད་པའི་དགོངས་པ༔ རིག་པ་ཡེ་ཤེས་དབྱིངས་ཀྱི་ངང་ལ་ལྷན་ཕབ་པས༔ མི་འགྱུར་བ་རྡོ་རྗེའི་ཚེ་ཐོབ་པར་འགྱུར་རོ༔ ཞེས་པའི་དགོངས་པ་ལྟར་རང་གི་རིག་པ་འདི་གདོད་ནས་དག་པའི་སངས་རྒྱས་ཏེ་སྐྱོན་དང་སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་པས་ངོ་བོ་འགྱུར་བ་མེད་པས་ཀ་དག །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ལྷུན་གྱིས་གྲུབ་པས་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་གསུམ་ལྡན་གྱི་རང་གཤིས་སུ་འཁོར་འདས་ཀྱི་བདེ་སྡུག་བཟང་ངན། ལམ་གྱི་རྩོལ་རྟོག་ཐམས་ཅད་སེམས་ཀྱི་རང་གདངས་མ་འགགས་པའི་ཆ་ཙམ་དུ་ཤར་བ་ཆུ་ལྦུར་ལྟ་བུ་དང༔ སྟོང་ཉིད་དེ་ལས་འཁོར་འདས་རྟོག་ཚོགས་སྣང་བ་ངོ་བོ་ཆོས་སྐུ། སྣང་བ་ལ་གང་ཤར་བའི་ངོ་བོ་སྟོང་ཉིད་དང་ནམ་ཡང་འདུ་འབྲལ་མེད་པ་ཐབས་ཤེས་ཟུང་དུ་འབྲེལ་བ། ངོ་བོ་གདོད་མ་ནས་དྲི་མ་ལས་འདས་པའི་ཕྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ལས་ཀ་ནས་དག་པས་ཉི་མའི་སྙིང་པོ་ལ་མུན་པ་མེད་པ་ལྟ་བུའི་གཉིས་མེད་རང་གྲོལ་ཀུན་བཟང་འཆི་བ་མེད་པའི་དགོངས་པ་དེ་ལྟར་དུ་སྐྱོང་བ་ནི་དབང་གི་དོན་ཁོ་ནའོ། །སླར་ཡང་ཁྱེད་རང་རྣམས་ཆུ་ལ་ཆུ་ལྦུར་བརྡོལ་བ་བཞིན་སྐད་ཅིག་གིས་མགོན་པོ་ཚེ་དཔག་མེད་པའི་སྐུར་གསལ་བ་ལ་བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་རིན་ཆེན་རྣམ་པ་བདུན་གྱིས་མངའ་གསོལ་བར་མོས་ཤིག །ཅེས་བྱས་ལ། རྒྱས་པར་བྱེད་ན་གཏོང་ཐུན་ཚིག་ལྷུག་དང་སྦྲགས་པས་ཚིགས་བཅད་ཤིས་བརྗོད་རེ་རེ་ནས་གཏད་པ་དང་། བསྡུ་ན་ཤྭ་ལོ་ཀ་སྤྱི་འགྲོ་རེ་ཙམ་བརྗོད་ལ་སྦྱིན་ནོ། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འཕེལ་བར་མོས་ཤིག །མེ་ཏོག་འཐོར་ཞིང་ཤིས་བརྗོད་ཇི་ལྟར་འོས་པ་དང་། བྱེ་བྲག་ཏུ། ན་མོ་རྡོ་རྗེའི་སློབ་བུ་འདི་རྣམས་ཀྱི་ཚེ་ལ་བར་ཆད་མེད་པར་གྱུར་ཅིག༔ འཆི་བདག་གི་བདུད་ལས་ཐར་བར་གྱུར་ཅིག༔ ཚེ་རྒྱས་པར་གྱུར་ཅིག༔ ཚེ་འཕེལ་བར་གྱུར་ཅིག༔ ཚེའི་བསམ་པ་མཐར་ཕྱིན་པར་གྱུར་ཅིག༔ ཚེ་མཐར་ཕྱིན་པའི་ལུས་འདིས་ཀྱང་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་གྱུར་ཅིག༔ མཐར་བདུད་བཞིའི་འཇིགས་པ་ལས་ཐར་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ་ཅིང་རོལ་མོའི་སྒྲ་ལེགས་པར་བསྒྲག །དེ་ལྟར་ན་བྱང་གཏེར་ལོངས་སྐུ་འཆི་མེད་འོད་སྣང་གི་དབང་བསྐུར་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་པ་ཡིན་པས། དེའི་ཕན་ཡོན་ཀྱང་གཞུང་ལས། ཚེ་ཟད་པའི་མི་གཅིག་ཡིན་ཡང་འདིའི་དབང་བསྐུར་ལན་གཅིག་ཐོབ་ན་ལོ་ཟླ་མང་པོར་ཚེ་སྲིང་བར་འགྱུར་རོ༔ རྒྱུན་དུ་ཉམས་སུ་བླངས་ཏེ་ནར་མར་བསྒོམ་ན་ཚེ་སྲོག་འབྲལ་བར་མི་འགྱུར་ཏེ༔ ཕུང་པོ་འཇའ་ཚོན་ལྟ་བུར་གྱུར་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྤྲུལ་པའི་སྐུར་བཞུགས་པར་འགྱུར༔ ཞེས་གསུངས་པ་ལ་ངེས་ཤེས་བསྐྱེད་དེ་ཉམས་ལེན་གྱི་སྙིང་པོར་བྱ་བས་མཚོན་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་སྤྱི་དང་བྱེ་བྲག་སྲོག་ཆེ་ཕྲ་གང་ཡང་མི་གཅོད་ཅིང་སྲོག་བསླུ་ཚེ་ཐར་སཱཙྪ་སོགས་ཚེ་རིང་དུ་འཕེལ་བར་བྱེད་པའི་གནད་ཀྱི་དམ་ཚིག་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་གྲུབ་བོ། །གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་དང་ཆད་ཐོ་ཐུགས་སྒྲུབ་དྲག་པོ་རྩལ་ལྟར་བྱ། སྔགས་ཙམ་གྱིས་དངོས་གྲུབ་བླང་། གཏོང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །འཆི་མེད་མགོན་པོའི་བྱིན་རླབས་སོས་ཀའི་སྟོབས། །འཕེལ་ལས་སྲོག་འཚོའི་དཔག་བསམ་ཡུན་རིང་རྒྱས། །བསོད་ནམས་ལོ་འདབ་ཤིན་ཏུ་དར་བའི་རྩེར། །ཆོས་ནོར་འདོད་ཐར་འབྲས་བུས་ལྕི་བར་ཤོག །ཚེ་དབང་གྲུབ་པའི་ཉིན་བྱེད་ཤར་ནས་བལྟ། །འཆི་བདག་འཇིགས་པའི་མུན་པ་ནུབ་རིར་དེངས། །སྡེ་བཞིའི་དགའ་ཚལ་དབུས་སུ་བཞད་པ་སྟེ། །རྣམ་གསུམ་བཀྲ་ཤིས་ལྷན་ཅིག་འབར་གྱུར་ཅིག །ཤིན་ཏུ་ཟབ་ཅིང་འདྲིལ་ལ་བྱིན་རླབས་ཀྱི་ཆུ་རྒྱུན་མ་ཉམས་པ་འདི་ཉིད་ཀྱང་ཚེ་མཐའ་ཡས་དངོས། ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དགྱེས་པས་བསྩལ་ཅིང་བཀའ་ལུང་གིས་རྗེས་སུ་གནང་བ་ལྟར། བརྒྱུད་པ་གོང་མའི་གསུང་རྒྱུན་སོར་བཞག་པ་ཁྱེར་བདེ་རྣམ་གསལ་གྱི་ཁྲིགས་རིམ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་སྐུར་ཡན་ལག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གུར་གུམ་སྒྲོམ་བུ་ (Volume 25, Text 22)

༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་སྐུར་ཡན་ལག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གུར་གུམ་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །པདྨའི་བདེ་ཀློང་འཁྱིལ་པ་འབར་བའི་སྐུ །ཡེ་ཤེས་བདུད་རྩིའི་རྒྱུན་འབེབ་དབང་མཆོག་ལྷ། ཁྱབ་བདག་བླ་མ་མགོན་པོ་བདེ་བ་ཆེ། །སྙིང་གི་ཐིག་ལེར་བཞུགས་ལ་རྗེས་འཛིན་མཛོད། །རྟ་མཆོག་དཔལ་གྱི་སྨིན་བྱེད་ནི། །རྩ་བ་ཡན་ལག་དང་བཅས་པ། །མཐོང་བས་ཆོག་པའི་བཞིན་གྱི་སྣོད། །ལེགས་བཤད་ནོར་བུའི་དཔལ་ལས་བསྐྲུན། །རྟ་མགྲིན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ལས་ཁྲིགས་ལ་གསུམ། དབང་བསྐུར་བའི་ཡོ་བྱད་ཉེ་བར་བསྡོག་པ། དབང་དོན་དུ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། དབང་བསྐུར་རྩ་བ་དང་ཡན་ལག་མཐར་ཆགས་སུ་བཤད་པའོ། །དང་པོ་ནི། བསྐུར་གཞིའི་དཀྱིལ་འཁོར་རྡུལ་ཚོན་མི་འགྲུབ་པའི་དབང་དུ་བྱས་ནས། སྟེགས་ཀྱི་ཁར་རས་བྲིས་བཀྲམ་པའམ་དེའང་མ་འཛོམ་ན་མཎྜལ་ཁྲག་དང་བདུད་རྩིས་བྱུགས་པ་ལ་འབྲུའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ། རྐང་གསུམ་གྱི་ཁར་རྣམ་རྒྱལ་བུམ་པ་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །མདུན་ཕྱོགས་སུ་གུ་རུ་རིན་པོ་ཆེ་དང་ལྷ་དགུའི་ཙཀ་ལི། ཞུན་ཆེན་མར་མེ་འབྲི་མོག་གིས་ཁ་བསྒྱུར་བ། པད་སྣོད་དུ་དཔལ་གཏོར་སྙིང་གཟུགས་གཙོ་འཁོར་དགུ་པའམ། ཡང་ན་གཙོ་འཁོར་ལ་མཐེབ་སྐྱུ་བཅད་ཁ་ཕྱིར་བསྟན་མང་པོས་བསྐོར་ཀྱང་རུང་ལ། གང་ལྟར་སྐུ་ཙཀ་དར་གདུགས་ཤ་དར་སོགས་རྒྱན་དང་ལྡན་པ། གཡས་ངོས་སུ་སྨན། གཡོན་ངོས་སུ་རཀྟ། རྒྱབ་ཏུ་ཆུ་དང་མངར་གསུམ་སྦྱར་བའི་མཆོད་ཡོན་ལྔ་པོའང་འཛོམ་ན་སོ་སོར་མཉྫི་ལ་འགོད་པ་ཕྱག་ལེན་དུ་མཛད། གཞན་ཡང་དུར་ཁྲོད་ཆས་བརྒྱད་སོ་སོ་བའི་ཙཀ་ལི། གསང་ཐོད་བདུད་རྩི། རིག་ཙཀ །མེ་ལོང་རྣམས་དང་། ཚེ་དབང་སྦྲེལ་བའི་སྐབས་དཀྱིལ་འཁོར་རྒྱབ་མདུན་གང་བདེར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བུམ་པ་སྙིང་པོ་ལྔ་དང་ཆང་གིས་བཀང་བའི་ཁར། ཚེ་འབྲང་སྒོང་གཟུགས་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་སྟོད་སྨད་ཕྱེད་དཀར་ཕྱེད་དམར་ལ་རྒྱ་གྲམ་གྱི་ལྟེ་བར་གཡུང་དྲུང་གིས་མཚན་པས་བཀབ་ཅིང་རྡོ་རྗེ་ཕྱེད་པའི་ཏོག་ཅན་གྱི་མཐའ་མར་ཚེ་རིལ་མི་གྲངས་དང་མཉམ་པས་བསྐོར་བ་དང་། ཚེའི་མདའ་དར་བཀོད། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་གིང་ལྔའི་གཏོར་མ་མཁར་ཐབས་གྲུ་བཞི་བ་གམ་དང་བཅས་པའི་དབུས་སུ་བཤོས་བུ་གྲུ་གསུམ། མདུན་རྒྱབ་གཡས་གསུམ་དུ་གྲུ་བཞི་རེ། གཡོན་དུ་གྲུ་གསུམ་རྣམས་རྒྱན་ལྡན། གཡོན་ཕྱོགས་སུ་གཟའ་གདོང་གཏོར་མ་སུམ་གཉིས་མན་གྲུ་བཞི། ཡན་ཆད་གྲུ་གསུམ་གཡས་དཀྱུས་ལ། ཕྱོགས་བཞིར་གྲུ་གསུམ་གཡས་དཀྱུས་རེ་རེས་བསྐོར་བ། མདུན་ཕྱོགས་སུ་གནོད་སྦྱིན་གཏོར་མ་གྲུ་གསུམ་གཙོ་འཁོར་གསུམ་ལ་རྒྱས་ན་ཟུར་གསུམ་བདུན་དང་ཉེར་གཅིག །བསྡུ་ན་མཐེབ་སྐྱུས་བསྐོར་བ་བཤམས་ཤིང་། དེ་གསུམ་ཤ་ཁྲག་གིས་བརྒྱན། མཐའ་སྐོར་དུ་ཕྱི་མཆོད་གཡས་སུ་འཁོར་བར་བཤམ། སྒྲུབ་མཆོད་ལ་མཁོ་བའི་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་གྱི་གཏོར་མ་སོགས་དང་། དབང་ལ་དགོས་པ་ལས་བུམ། མིག་དར། མེ་ཏོག །དུང་ཆུ་ལ་སོགས་པ་མ་ཚང་བ་མེད་པར་དུ་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། ལས་བྱང་ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམས་མཆོད་བསྟོད་བྱས་ལ། དབང་དོན་དུ་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་སོ་སོར་སྤྲོ་བསྡུ་བྱ། བུམ་བསྐྱེད་ནི། དངོས་གཞིའི་བཟླས་པ་ཛཔ྄་བསྟོད་ཡན་གྲུབ་པ་དང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། བྷྲཱུྃ་ལས་བྱུང་བའི་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་ལྷའི་གདན་དང་བཅས་པར་གསལ་བར་གྱུར། ཧྲཱིཿབཛྲ་ཀྲོ་དྷ་ནས། བཛྲ་གྷཱཎྜེ་ཧོཿའི་བར་སྔགས་རྣམས་ཚར་གཅིག་བརྗོད། དཔལ་པདྨ་དབང་ཆེན་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་གསལ་བའི་ལྷ་རྣམས་ཀྱི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ལྷ་རང་རང་གི་ས་བོན་གྱི་ཕྱི་རོལ་དུ། རང་རང་གི་སྙིང་པོས་བསྐོར་བ་ཀློག་པའི་ཚུལ་གྱིས་བཟླས་པས། སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་འོད་ཟེར་དམར་པོའི་རྣམ་པ་ཅན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་གཙོ་འཁོར་གྱི་སྔགས་བཟླ། སྔགས་ཙམ་གྱིས་མཆོད། ཡེ་ཤེས་ཧ་ཡ་གྲཱི་བ་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། དུང་ཆོས་ཀྱི་དྲི་ཆབ་ཕུལ་ལ། ཨོཾ་བཛྲ་མུཿ བུམ་པའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་འོད་དུ་ཞུ་བ་རྡོ་རྗེ་བདུད་རྩིའི་ཆུར་གྱུར། ལས་བུམ་ལ་དམིགས་ཏེ། ལས་ཐམས་ཅད་པའི་བུམ་པར་པཾ་པདྨ་མཎྜ་ལ། ཨ་ཙཎྡྲ་མཎྜ་ལ། མ་སཱུརྱ་མཎྜ་ལ། རུ་དྲ་བཾ། ཧྲཱིཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་བསྐལ་པའི་མེ་ལྟར་འབར་བ། སྤྱི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བ། དུར་ཁྲོད་ཀྱི་ཆས་བརྒྱད་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་གཤོག་པ་ཅན། མི་མགོ་སྐམ་པོའི་དབུ་རྒྱན་དང་། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཧེ་རུ་ཀས་དབུ་བརྒྱན་པར་གྱུར། མཆོད་བསྟོད་མདོར་བསྡུས་བྱ། ཐུགས་ཀར་པདྨ་ལ་གནས་པའི་ཧྲཱིཿཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་བར་གྱུར། ཧྲཱིཿབཛྲ་ཀྲོ་དྷ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་པའང་ཅི་འགྲུབ་བཟླས་ལ་གཤེགས་ཞུ་གོང་བཞིན་བྱའོ། །གཏོར་མ་བསྒྲུབ་པ་ནི། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བདེ་བར་གཤེགས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས། གཏོར་མ་ལ་བབས་པས་དམ་ཚིག་པ་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། ཨོཾ་པདྨཱནྟ་ཀྲྀཏ་པདྨེ་ཤྭ་ར་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་རཀྨོ་དུནྟིཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛཿ པདྨ་ཀྲོ་དྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཉེར་གཅིག་གམ་བདུན་གྱིས་བདུད་རྩིར་བསྒྲུབ་བོ། །གཉིས་པ་ཞར་བྱུང་ཚེའི་དབང་བསྐུར་ན་འདིའི་རྗེས་འབྲེལ་དུ་ཚེ་རྫས་སྒྲུབ་པ་ནི། ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིགྣ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། ཞེས་པས་བགེགས་བསྐྲད། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཚེ་རྟེན་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང་ལྡན་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་ཆེན་པོ་འཆི་མེད་ཀྱི་བདུད་རྩིས་གང་བ། དེའི་དབུས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ་པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ཨཱཾཿཔཱཾ་དམར་པོ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འོད་ཟེར་འཕྲོས་འདུས། པདྨ་གྷཱཎྜེ་ས་མ་ཡ་སཏྭཾ། པདྨ་དམར་པོ་འདབ་མ་བརྒྱད་པ་དང་། དེ་ཡིས་ཡུ་བ་བྱས་པའི་དྲིལ་བུ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འོད་ཟེར་འཕྲོས་འདུས། ཨཱཾཿཨ་རོ་ལྀཀ྄ །པཱཾ་རཱ་ག་ར་ཏི་སཏྭཾ། རྩ་བའི་བླ་མ་དང་དབྱེར་མེད་པ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་རིན་པོ་ཆེའི་བུམ་པ་འཆི་མེད་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་ཚེའི་ལྷ་མོ་གོས་དཀར་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་བཀྲ་ཤིས་མདའ་དར་དམར་པོ་གཡབས་སུ་འདོར་བ། གཡོན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པས་སྐུ་རྐེད་ཡན་ཆད་ཁེབས་པ། ཡབ་ཡུམ་གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་རང་བཞིན། ཞི་བ་འཛུམ་པ་སྒེག་པའི་ཉམས་དང་ལྡན་པ། དེ་གཉིས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དབུའི་གནས་ལྔར་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་པས་རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན༴ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན༴ ཨོཾ་མ་ཧཱ་ཀྲྀཏྱ་ཨ་ནུཥྛ་ན་ཛྙཱ་ན༴ ཞེས་བརྗོད་ནས། དབུའི་གནས་ལྔར་རྒྱལ་བ་རིགས་ལྔས་དབུ་བརྒྱན། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་མེད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཧྲཱིཿ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་རབ་བསྐྱོད་དེ། །འདིར་གཤེགས་བཞུགས་ཤིག་རྣམ་གྲོལ་དགྱེས་པར་མཛོད། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། དེའི་སྟེང་གི་ནམ་མཁའ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་ལ་སོགས་པ་ཚེའི་རིག་འཛིན་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ། ལྷ་དང་སྲུང་མའི་ཚོགས་ཐམས་ཅད་ཕྱག་ན་བུམ་པ་དང་ཐོད་པ་ལ་སོགས་པ་ཚེའི་བདུད་རྩིས་གང་བ་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་འཐིབ་པ་ལྟར་བཞུགས་པ་རྣམས་ཀྱིས་ཛཔ྄་དབྱངས་དང་ཤིས་བརྗོད་ཀྱི་སྒྲ་སྒྲོག །བདུད་རྩི་དང་མེ་ཏོག་གི་ཆར་འབེབ་པར་བསམ་མོ། །ཕྱི་ནང་གི་མཆོད་པ་འབུལ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ལས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་ས་མ་ཡ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུ་དྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཧྲཱིཿརཱ་ག་བཛྲ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་སྣེ་ལ་སྒོ་མ་བཞི་ལ་སོགས་པ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་དག་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚེ་དང་བསོད་ནམས་ལ་སོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པར་གྱུར། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མཆོག་མཚན་དཔེས་བརྒྱན་པའི་སྐུ །གསུང་མཆོག་ཡན་ལག་དྲུག་ཅུའི་གསུང་། །ཐུགས་མཆོག་མི་རྟོག་པ་ཡི་ཐུགས། །མཁའ་འདྲའི་སྐུ་གསུང་ཐུགས་མངའ་བ། །ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱཿ ཞེས་ལན་བདུན་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུར་ཛྙཱ་ན་སིདྡྷི་བྷྲཱུྃ། སྔགས་ཐུང་གཉིས་པོ་འདི་སྤེལ་བ་ཉེར་གཅིག་བརྗོད། ཚེ་མདའ་ཐོགས་ལ། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དཔག་ཏུ་མེད་པ་འཕྲོས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སོང་བས། ཕྱོགས་སྐྱོང་སྡེ་བརྒྱད་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལག་ནས་བསྲུང་བྱའི་ཚེ་འཕྲོག་པ་དང་འཐོར་བ་དང་། ཡར་བ་ལ་སོགས་པ་ཇི་སྙེད་ཡོད་པ་དང་། ཕྱོགས་བཅུའི་འབྱུང་བའི་རྩི་བཅུད་སོགས། གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་མདུན་གྱི་ཚེ་རྟེན་རྣམས་ལ་ཐིམ་པར་གྱུར། ཧཱུྃ། འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །དཀར་མོ་མཛེས་མ་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །གཟུངས་རིང་ཐུང་གྲངས་གོང་མཚུངས་སམ་ཚར་རེ་བརྗོད། ཧཱུྃ། འཆིང་བྱེད་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་བསྣམས། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །གཟུངས་སྔགས། ཧཱུྃ། སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ལྕགས་སྒྲོག་བསྣམས། །ཀླུ་དབང་ལག་ནས་ཚེ་ཁུག་ལ། །རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །གཟུངས་སྔགས། ཧཱུྃ། འབེབ་བྱེད་ལྷ་མོ་དྲིལ་བུ་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །འབྱུང་པོའི་ལག་ནས་དཔལ་སྐྱོབས་ཤིག །སྔགས་བརྗོད། སླར་ལྷ་མོ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཁར་ཐིམ་པར་བསམ། བདེན་པ་བརྡར་ཏེ་ཚེ་འགུགས་པ་ནི། མདུན་བསྐྱེད་འཁོར་བཅས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ནམ་མཁའི་ཁམས་ཁྱབ་པར་སྤྲོས་ཏེ། དེ་དག་ན་ཡོད་པའི་ལྷ་སྲིན་མཐུ་བོ་ཆེ་རྣམས་ཀྱིས་རང་གི་ཚེ་སྲོག་འཕྲོག་པ་སོགས་དང་། གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ནུས་པ་མཐུ་སྟོབས་ལ་སོགས་པ་ཐམས་ཅད་སྐད་ཅིག་ཉིད་ལ་བསྡུས་ཏེ་རང་དང་ཚེ་རྟེན་ལ་ཐིམ་པར་གྱུར། ཅེས་དང་། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང། བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུ་འཁོར་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། བསྲུང་བྱའི་ཚེ་སྡེ་བརྒྱད་རིགས་དྲུག་གི་ལག་ན་གནས་ཀྱང་ཁུག་ཅིག །རྡོ་རྗེའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་། བསྲུང་བྱའི་ཚེ་ཐོར་པ་དང་། ཡར་བ་དང་། ཕྲོགས་པ་དང་། ལྡེགས་པ་ཐམས་ཅད་ཁུག་ཅིག །གཞན་ཡང་འབྱུང་བའི་རྩི་བཅུད། སེམས་ཅན་གྱི་ཚེ་དང་བསོད་ནམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཀྱི་ཚེ། ཚེའི་རིག་པ་འཛིན་པ་རྣམས་ཀྱི་རིག་པའི་ཚེ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལས་ཀྱི་ཚེ་ལ་སོགས་པ་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཁུག་ཅིག །དྲོངས་ཤིག །ཕོབ་ཅིག །སྟིམས་ཤིག །ཨོཾ་ཨཱ་ཡུར་ཛྙཱ་ན་ཧཱུྃ་ཛཿཛཿ ཞེས་ལན་གསུམ་བརྗོད། ཚེ་བསྡུ་བ་ནི། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་བས་བུམ་པའི་ནང་གི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་ཟག་མེད་བདེ་ཆེན་གྱིས་མཉེས། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་ཐམས་ཅད་བསྡུས་ནས་བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པའི་ནང་དུ་ཐིམ་པར་གྱུར། འཕྲོ་འདུའི་འོད་ཀྱིས་བཀུག་ནས་ཀྱང་། །མ་ལུས་བུམ་པའི་བཅུད་ལ་བསྡུས། །འཆི་བ་མེད་པའི་ཚེ་ཐོབ་ནས། །བླ་ན་མེད་པའི་མཆོག་ཐོབ་ཤོག །གཟུངས་རིང་ལན་གསུམ་དང་། སྙིང་པོ་གཉིས་སྦྲེལ་བརྒྱ་རྩ་ལ་སོགས་པ་བཟླའོ། །དེ་ནས་ཧཱུྃ། ཁྲོ་རྒྱལ་རྔམ་པ་སོགས་བརྗོད་ལ་དངོས་གྲུབ་བླང་། བཀའ་སྲུང་རྣམས་ཀྱི་གཏོར་མ་འབུལ། རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པའི་གནང་བ་ནོད་དོ། །གསུམ་པ་དབང་བསྐུར་ལ་གསུམ། རྩ་བའི་དབང་བསྐུར། ཡན་ལག་ཚེ་དབང་དང་། གིང་ལྔ་གཟའ་གདོང་གི་བཀའ་གཏད་དོ། །དང་པོ་ནི། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་བཀྲམ་བསྡུ་བྱས་ཤིང་བསྐུལ་ཏེ། མཎྜལ་ཚོམ་བུ་བདུན་མའི་ཚིག་མཐའ། བླ་མ་དང་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ཐ་མི་དད་པའི་དྲུང་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ། ཞེས་བསྒྱུར་ལ་འབུལ། སློབ་དཔོན་གྱིས། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྟ་མཆོག་ཡང་གསང་ཁྲོས་པའི་སྨིན་བྱེད་ཟབ་མོ་གསན་ལ། གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་བླངས་ཏེ་ཚེ་འདི་ཉིད་ལ་མཆོག་གི་གོ་འཕང་འཐོབ་པར་བྱའོ་སྙམ་དུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་སྤྱོད་རྣམ་པར་དག་པ་དང་ལྡན་པས་གསན་འཚལ། དེའང་སྟོན་པ་ཤཱཀྱའི་དབང་པོའི་ཐུགས་བསྐྱེད་ཁྱད་པར་དུ་འཕགས་པའི་མཐུ་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་འབྱོན་པར་དཀའ་བའི་གསང་བ་རྨད་དུ་བྱུང་བ། ཆོས་ཉིད་རྡོ་རྗེའི་རང་སྒྲ་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་གདོད་མའི་མགོན་པོའི་ཡེ་ཤེས་ཀྱི་རང་མདངས་སྟོན་པ་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང་། དགོངས་བརྡ་སྙན་ཁུངས་ཀྱི་བརྒྱུད་པ་རིམ་པར་བྱོན་པ་རྣམས་ཀྱི་ཡང་རྩེ། གསང་ཆེན་རྣལ་འབྱོར་བླ་ན་མེད་པ་ཡོ་ག་རྣམ་པ་གསུམ་གྱི་རྩ་བ། བསྐྱེད་པ་མ་ཧཱ་ཡོ་ག་ལ་གྲུབ་པའི་རིག་འཛིན་རྣམས་ཀྱིས་རྒྱུད་སྡེ་དང་སྒྲུབ་སྡེའི་བཀའ་སྲོལ་གཉིས་སུ་དབྱེ་བར་མཛད་པ་ལས། འདིར་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བྱེ་བྲག་པདྨ་གསུང་སྒྲུབ་ཀྱི་སྐོར་ཏེ། དེའང་རྒྱུད་ཆེན་རྟ་མཆོག་རོལ་པ། རྔོག་མ་ལེ་བརྒན། དབང་ཆེན་འདུས་པ། སྤུ་གྲི་གསང་བ་ལ་སོགས་པ་རྩ་བཤད་མན་ངག་བཀོལ་བ་དུམ་བུའི་རྒྱུད་རྣམས་ལ་བརྟེན་ཏེ་གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨཱ་ཀ་རས་སྒྲུབ་ཐབས་རྒྱས་བསྡུས་བསམ་ལས་འདས་པ་མཛད་ཅིང་། རྒྱ་བོད་འགྲོ་ལྡིང་རྔ་ཡབ་གླིང་ལ་སོགས་པར་སྤེལ་བ་ལས། བོད་ཀྱི་ཆོས་རྒྱལ་རྗེ་འབངས་རྣམས་ལ་མནོག་ཆོས་སུ་བསྩལ་ཞིང་། སློབ་དཔོན་ཆེན་པོ་དང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་ཟུང་གི་དགོངས་བཅུད་གཅིག་ཏུ་དྲིལ་བ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་ཡེར་པ་སེ་བ་ལུང་དུ་རིན་པོ་ཆེའི་གཏེར་དུ་གཏམས་པ། ཕྱིས་དུས་ལ་བབས་པའི་ཚེ་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་བན་ཤེས་རབ་བླ་མ་གསུམ་འཚོགས་ཀྱིས་སྤྱན་དྲངས་ཤིང་འབྲུ་ཚང་གི་གཉགས་སྟོན་ལ་ཆོས་རྒྱུན་སྤེལ། དེས་རྟ་ནག་གི་བླ་མ་རྒྱ་ལ་གནང་བ་དང་། ས་དང་པོའི་རྟོགས་པ་མངོན་དུ་གྱུར་པ་གྲུབ་པའི་དབང་ཕྱུག་འདར་འཕྱར་རིན་ཆེན་བཟང་པོ་གཙང་གི་ཇོ་མོ་ནག་རྒྱལ་དུ་བཞུགས་པའི་ཚེ། གུ་རུ་རིན་པོ་ཆེ་ཞང་ཆེ་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་སྨིན་གྲོལ་གྱི་གདམས་སྐོར་རྫོགས་པར་གནང་ཞིང་། བླ་མ་རྒྱ་ལས་གཏེར་བརྒྱུད་ཀྱང་གསན་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར། དེ་ལས་བོ་དོང་པ་བརྩོན་འགྲུས་རྡོ་རྗེས་ཞུས་ཏེ་རིམ་པར་བརྒྱུད་པའི་བཀའ་སྲོལ་ཟམ་མ་ཆད་ཅིང་། གངས་ལྗོངས་ཙམ་ན་ཆེ་བའི་ཆོས་གྲྭ་ཆེན་པོ་རྣམས་སུ་གཡེར་པོ་ཆེར་གྲགས་པའི་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བར་བགྱིད་པ་ལ། སྔོན་འགྲོ་འཇུག་པའི་ཆོས་དང་དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པའི། དང་པོ་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཇུག་པ་གཉིས་ལས། ཐུན་མོང་འཇུག་ཆོས་གསུམ་གྱི་དང་པོ་ལམ་ལོག་པ་ཕྱི་རོལ་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བའི་སླད་དུ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མདུན་མཁར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་དད་མོས་དྲག་པོས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ༴ ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ༴ ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ལན་གསུམ། ལམ་དམན་པ་ཉན་རང་ལས་ཁྱད་པར་དུ་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་སླད་དུ་སྐྱབས་ཡུལ་དེ་དག་གི་སྤྱན་སྔར་ཚོགས་གསག་ཡན་ལག་བདུན་ཚུལ་བཞིན་དུ་བྱའོ་སྙམ་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་རྗེས་སུ་སློབ་སྟེ་གཞན་གྱི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པ་སངས་རྒྱས་དོན་གཉེར་གྱི་འདུན་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱ་བའི་ཕྱིར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱ་བའི་ཕྱིར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་བསླབ་པར་བགྱིའོ། །ལན་གསུམ། ལམ་མ་རྫོགས་པ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར། རིགས་ལྔའི་སྡོམ་པ་བཟུང་བ་ནི། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རིགས་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་གཏིབ་པ་ལྟར་དུ་མོས་པ་མཛོད་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་རྣམས་ཀྱིས་ཐུན་མོང་གི་འཇུག་པ་སྔོན་དུ་སོང་ནས། གཉིས་པ་ཐུན་མོང་མ་ཡིན་པའི་འཇུག་པ་ལ་ཕྱི་འཇུག་དང་ནང་འཇུག་གཉིས་ལས་དང་པོ་དཀྱིལ་འཁོར་ཕྱི་འཇུག་གི་བྱ་བ་རྣམས་བསྒྲུབ་པའི་ཐོག་མར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དངོས་གྲུབ་རྣམས། །མགོན་པོ་དཔའ་བོར་སྐྱབས་གསོལ་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །གསུམ། སྔོན་ཆད་ཡི་དམ་གྱི་དཀྱིལ་འཁོར་མ་མཐོང་བའམ་མཐོང་ཡང་བསྐྱར་ནས་མཐོང་བའི་བརྡར། རས་དམར་པོས་གདོང་གཡོགས་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་དར་རས་དམར་པོས་གདོང་བཅིང་། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་ལྷ་དང་མིའི་མེ་ཏོག་མཆོག་རྣམས་ཀྱི་ཕོན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨུ་དུམྦ་དང་མན་དཱ་ར། །ཡོངས་འདུ་དང་ནི་ཀར་ཎི་ཀ །མཱ་ལི་ཀ་ཡི་ཕྲེང་བ་འདི། །ལེགས་པར་ནོད་ལ་བུས་ཟུངས་ཤིག །ཅེས་ཅོད་པན་སྲིན་ལག་གཡོན་པ་ལ་དཀྲི །བདུད་རྩི་བྱིན་པས་ནང་གི་བར་ཆད་བསྲུང་བར་མོས་ཤིག །ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ། ཞེས་ནང་མཆོད་སྦྱིན། ཕྱིའི་བར་ཆད་བདེན་སྟོབས་ཀྱིས་བསྐྲད་པར་མོས་ཤིག །ན་མོ་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས། དཀོན་མཆོག་རིན་ཆེན་རྣམ་པ་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རིག་པའི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། རྣལ་འབྱོར་ཆེན་པོའི་གྲལ་དུ་འགོད་པ་དང་། བྱིན་རླབས་ནོད་པར་བྱེད་པ་ལ། བར་དུ་གཅོད་པའི་གདོན་བགེགས་ལོག་པར་འདྲེན་པ་ལུས་དང་གྲིབ་མའམ། ཤ་དང་རུས་པ་བཞིན་དུ་གནས་པ་རྣམས་སྐད་ཅིག་ཡུད་ཙམ་ལ་འདིར་མ་གནས་པར་དེངས་ཤིག །གལ་ཏེ་མི་འགྲོ་བ་རྣམས་ཡེ་ཤེས་ཀྱི་ཁྲོ་བོ། འབར་བའི་མཚོན་ཆ་སྣ་ཚོགས་འཛིན་པས་ལུས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིཀྜྷ་་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ་ཞེས་མཚམས་སྔགས་བརྗོད་ལ། ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲ་དྲག་ཏུ་བྱའོ། །རིགས་ངེས་པར་བྱ་བའི་ཕྱིར། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་པ་བཟང་པོ་སྟེ། །བདེ་བ་ཆེ་ལ་བདག་དགའ་འོ། །འདུན་པ་ངེས་པར་བྱ་བའི་ཕྱིར། དེས་ནི་ཁྱོད་ལ་ཅི་ཞིག་བྱ། །ཞེས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་རྣལ་འབྱོར་རོ། །དེ་དག་གིས་ཕྱིའི་འཇུག་པ་ཡན་ལག་དང་བཅས་པ་སོང་ནས། །གཉིས་པ་ནང་དུ་འཇུག་པ་ནི། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་ཕྱེ་བའི་ལས་ཀྱི་སེམས་དཔས་ཁྱེད་རང་རྣམས་ཤར་སྒོ་ནས་ནང་དུ་བཅུག་པར་མོས་ལ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་པ་རེ་མཛོད། ལག་པ་གཡས་པའི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཡོལ་བ་བསལ་ལ། བུ་ཁྱོད་ཚུར་ཤོག་ཅི་བདེ་བར། །ལས་སྤྱོད་རིམ་པ་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་ངང་ཉིད་དུ། །སྟོང་ཉིད་རང་སེམས་བརྟན་པོར་བཟུང་། །པདྨའི་རིགས་ཀྱི་དབང་སོགས་སྦྱིན། །ཚད་མེད་པ་བཞིའི་རང་བཞིན་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས་གཡས་སྐོར་གྱིས་ཕྱག་བྱས་ཤིང་སླར་ཤར་གྱི་ལྷ་སྣམ་ལ་གནས་པར་མོས་ལ། དགོས་པ་གསུམ་གྱི་ཕྱིར་ལུས་དབུལ་བ་ནི། སངས་རྒྱས་ལ་ལུས་ཕུལ་བས་གཞན་དོན་དུ་སངས་རྒྱས་ཐོབ་པའི་དགོས་པ་ཡོད་པས་ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་པཱུ་ཛ་ཨུ་པ་སྡྱཱན་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། བླ་མ་ལ་ལུས་ཕུལ་བས་རང་གིས་དབང་ཐོབ་ཅིང་གཞན་ལ་དབང་བསྐུར་བས་ཆོག་པའི་དགོས་པ་ཡོད་པས་འདིའི་རྗེས་ཟློས་མཛོད། ཨོཾ་གུ་རུ་བཛྲ་ཨ་ཙརྻ་པཱུ་ཛ་ཨུ་པ་སྡྱཱན་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སེམས་ཅན་ལ་ལུས་སྦྱིན་པས་གདུལ་བྱ་སྦྱངས་པ་ཅན་དང་འཕྲད་པའི་དགོས་པ་ཡོད་པས་འདིའི་རྗེས་ཟློས། ཨོཾ་ཏྲི་ཀཱ་ལ་སཏྭ་པཱུ་ཛ་ཨུ་པ་སྡྱཱན་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། དེ་ནས་གནས་གསུམ་རྡོ་རྗེའི་དམ་ཚིག་གི་དབང་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་སྒོམས་མཛོད། སློབ་དཔོན་ལྷར་གསལ་བའི་གནས་གསུམ་ནས་འོད་འཕྲོས་པས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཕོག་པས་སྒོ་གསུམ་གྱི་དྲི་མ་དག་སྟེ་འོད་དུ་ཞུ། ཧྲཱིཿཞེས་བརྗོད་པས། ཁྱེད་རང་རྣམས་པདྨ་དབང་ཆེན་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ཙན་དན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཞིང་ཁྲོས་པའི་ཚུལ་ཅན་སྨར་སྨིན་ཨག་ཚོམ་མེ་ལྟར་འབར་བ། སྤྱི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོག་བཞིན་པ་དང་བཅས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར་པའི་དཔྲལ་བར་ཟླ་བ། མགྲིན་པར་པདྨ། སྙིང་གར་ཉི་མའི་དཀྱིལ་འཁོར་རྣམས་དང་། སྤྱི་བོར་ཧཾ་ལྗང་གུ་འོད་ཟེར་འཕྲོ་བ། ཧཾ་དེ་ཉིད་ཞུ་ཞིང་ལུས་ལ་ཐིམ་པས་ལུས་རྡོ་རྗེའི་ཞུན་ཁྲབ་ཀྱིས་གཏམས་པའི་མོས་པ་མཛོད། ཧྲཱིཿཀཱ་བཱ་ཙི་བཛྲ་རཀྵ་ཞེས་བརྗོད་ཅིང་མགོ་བོར་རྡོ་རྗེ་བཞག་པས་བསྲུང་། སྐུའི་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་སྐུ་རྡོ་རྗེ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་ཞིག་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཟླ་གདན་གྱི་སྟེང་དུ་བྱོན་པའི་མོས་པ་མཛོད། དཔྲལ་བར་རྡོ་རྗེ་བཞག་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་སྐུར་བསྒོམས་པས། །དེང་འདིར་བྱིན་གྱིས་བརླབས་ནས་ཀྱང་། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཀཱ་ཡ་སིདྡྷི་ཨོཾ། གསུང་གི་དབང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །བླ་མའི་མགྲིན་པའི་གསུང་རྡོ་རྗེ་ལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཞིག་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པའི་པདྨའི་སྟེང་དུ་བྱོན་པའི་མོས་པ་མཛོད། མགྲིན་པར་རྡོ་རྗེ་བཞག་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུང་བསྒོམས་པས། །དེང་འདིར་བྱིན་གྱིས་བརླབས་ནས་ཀྱང་། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །ཝཱ་ཀ་སིདྡྷི་ཨཱཿ ཐུགས་ཀྱི་དབང་གི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། བླ་མའི་ཐུགས་རྡོ་རྗེ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞིག་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཉི་མའི་སྟེང་དུ་བྱོན་པའི་མོས་པ་མཛོད། སྙིང་གར་རྡོ་རྗེ་བཞག་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་འདིར་བྱིན་གྱིས་བརླབས་ནས་ཀྱང་། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཙིཏྟ་སིདྡྷི་ཧཱུྃ། དེ་དག་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། དམ་ཚིག་ཏུ་རང་དང་སྣང་བ་ཐམས་ཅད་ལྷ། སྒྲ་གྲགས་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་ལམ་དུ་ཁྱེར་དགོས་པ་ཡིན་ནོ། །དེ་ལྟར་ཐ་མལ་གྱི་ལུས་ངག་ཡིད་གསུམ་དག་ནས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པ་དེ་ཉིད་ལ་མཆོད་པའི་བྱེ་བྲག་དུ་མས་མཆོད་པ་བྱས་པར་མོས་མཛོད། མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་མཆོག་འདི་རྣམས་ཀྱིས། །སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ། མཆོད་པ་བཏེགས་ཤིང་རོལ་མོ་བྱའོ།། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་དུ་འགྲོ་བ་ཉེས་དམིགས་དང་ཕན་ཡོན་བསྟན་ཅིང་གསང་བར་གདམས་པ་དང་བླ་མའི་བཀའ་གཉན་པར་བསྟན་པའི་སྒོ་ནས་དམ་ལ་བཞག་པ་བཞི་རིམ་བཞིན་འབྱུང་བས་སྙན་གཏོད་པར་ཞུ། ལས་བུམ་གྱི་ཆུ་བྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། དེ་རིང་ཕྱིན་ཆད་དམ་ཚིག་མ་ཉམས་པར་གྱིས་ཤིག །གལ་ཏེ་ཉམས་ན་ཆུ་འདི་ཉིད་དམྱལ་བའི་ཁྲོ་ཆུར་འགྱུར་བ་ཡིན་ནོ། །བདུད་རྩི་བྱིན་ཏེ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་བྱ། །དམ་ཚིག་བསྲུངས་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ། དམ་ཚིག་བསྲུང་བར་གྱུར་ན། བདུད་རྩི་འདི་ཉིད་ཡེ་ཤེས་ཀྱི་ཁྲོ་བོ་དབང་ཆེན་དུ་གྱུར་ནས་འདི་དང་ཕྱི་མའི་འདྲེན་པ་བྱེད་པར་འགྱུར་ཞིང་རིག་འཛིན་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་གར་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་སྟེ། །དམ་ཉམས་དམ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མི་བྱ་འོ། །བག་མེད་སྨྲས་ན་ཉམས་པར་འགྱུར། །ཨོཾ་བཛྲ་སཏྭ་ཧཱུྃ། སྤྱི་བོར་བཞག་ལ། ཐེག་པ་ཆེན་པོ་སྟོན་བྱེད་ལ། །ང་ལ་བརྙས་དང་སྨད་མི་བྱ། །སྐུ་གསུང་ཐུགས་སུ་རྟག་གནས་སུ། །མ་ལུས་སེམས་ཅན་དོན་གྱིས་ཤིག །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་པདྨ་དབང་ཆེན་བདག་ལ་དབབ་ཏུ་གསོལ། ལན་གསུམ། ཁྱེད་རང་རྣམས་འགྲེངས་ཏེ་ཐལ་མོ་སྤྱི་བོར་སྦྱར། རྟིང་པ་བཏེགས་ཏེ་རྐང་པའི་བྲང་ལ་ལུས་ཀྱི་ལྕིད་བཀལ་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་སྐད་ཅིག་གིས་པདྨ་དབང་ཆེན་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་ཞིང་། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཞིང་ཁྲོས་པའི་ཚུལ་ཅན་སྨར་སྨིན་ཨག་ཚོམ་མེ་ལྟར་འབར་བ། སྤྱི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོག་བཞིན་པ་དང་བཅས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། གནས་གསུམ་རྡོ་རྗེ་གསུམ་དང་བཅས་པའི་སྐུར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་མཛད་པས་དེ་དག་གིས་ཐུགས་རྗེའི་འོད་ཟེར་མུ་མེད་པས་བསྐུལ་ཏེ། འོག་མིན་དང་བདེ་བ་ཅན་ནས། ཁྲོ་བོ་དབང་ཆེན་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ་སྟེང་ནས་ཆར་དུ་བབས། འོག་ནས་ན་བུན་ལྟར་འཁྲིགས། ཕྱོགས་བཅུ་ནས་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ཏེ། ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད། ཡང་འོག་མིན་དང་བདེ་བ་ཅན་གྱི་ཞིང་ནས་གསུང་སྔགས་ཀྱི་ཡིག་འབྲུ་སྒྲ་དང་བཅས་པ་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པའི་གནས་སུ་ཐིམ་པའི་དམིགས་པ་མཛོད་ཅིག །ཅེས་བརྗོད་ལ་སྔར་ལྟར་རོལ་མོ་བྱའོ། །ཡང་ཕྱི་ནང་གི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་དང་བྲལ་བའི་ངང་ལས་རྨི་ལམ་སྒྱུ་མ་ལྟ་བུ་རང་བཞིན་མེད་པར་ཤེས་པའི་རྟོགས་པ་བརྟན་པོར་སྐྱེད་ལ། བློ་ལྷོད་ཀློད་ལ་མ་ཡེངས་པའི་ངང་དུ་ཅུང་ཟད་མཉམ་པར་འཇོག་པར་ཞུ། ཞེས་བརྡ་སྦྱར་ལ་ཅུང་ཟད་མཉམ་པར་བཞག །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་པ་དབབ་པ་དེ་དག་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་རྡོ་རྗེ་རྒྱ་གྲམ་དུ་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དབུའི་གཙུག་ཏུ་ཕུལ་བར་མོས་པ་མཛོད་ལ་འདིའི་རྗེས་ཟློས་མཛོད། མེ་ཏོག་ལ་སོགས་ཡེ་ཤེས་ཕྲེང་། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །ཐུགས་ཀྱིས་གནང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་དབབ་ཏུ་གསོལ། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡེ་ཤེས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་ཁྱེད་རང་གི་སྤྱི་གཙུག་ཏུ་བཅིངས་པར་མོས་ཤིག །ཨི་མཾ་སཏྭ་མ་ཧཱ་བ་ལ་ཧྲཱིཿབཛྲ་ཀྲོ་ཏ། མེ་ཏོག་གང་དུ་ཕོག་ཀྱང་གཙོ་བོ་དབང་ཆེན་ཡབ་ཡུམ་གྱི་ཡེ་ཤེས་ཀྱི་རང་སྣང་ཁོ་ན་ལས་གུད་དུ་མ་གྲུབ་པས། ཁྱེད་རང་གི་གསང་བའི་མཚན་པདྨ་དབང་ཆེན་རོལ་པ་རྩལ་ཞེས་བྱ་བ་ཡིན་ནོ། །བུད་མེད་ལ། པདྨ་དབྱིངས་ཕྱུག་རྩལ། ཞེས་བསྒྱུར། མིག་གཉིས་སུ་ཨོཾ་རེ་རེ་སྒོམས་མཛོད། ཨོཾ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། ཁྱེད་ཀྱི་མིག་འབྱེད་རྩོམ་པར་མཛད། །མ་རིག་སྒྲིབ་པ་བསལ་བྱས་ནས། །པདྨའི་སྤྱན་ཟུང་དྲི་མ་མེད། །ཨོཾ་པདྨ་ཙཀྵུཿཛྙཱ་ན་པྲ་བེ་ཤ་ཡ་ཕཊ། མིག་དར་བསལ། གདོང་གཡོགས་དང་ལྷན་སྐྱེས་སྒྲིབ་པའི་མུན་པ་ཆབས་ཅིག་ཏུ་བསལ་བས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་སྐྱེད་ཅིག །རྡོ་རྗེའི་དབྱུག་པས་མཚོན་ཏེ། ལེགས་པར་ལྟོས་ཤིག་བློ་གྲོས་ཆེ། །སྔོན་གྱི་རྒྱལ་བ་ལ་སོགས་པས། །གསང་སྔགས་གསུངས་པའི་དཀྱིལ་འཁོར་འདིར། །ལེགས་པར་ཞུགས་ཏེ་གྲུབ་པ་ཡིན། །མེ་ཏོག་གང་ལ་ཕོག་པ་ཡི། །ལྷ་དེ་རིགས་ཀྱི་ཡི་དམ་ཡིན། །དེ་ལྟར་མཇལ་བའི་དཀྱིལ་འཁོར་ཆེན་པོའི་རྟེན་གཞལ་ཡས་ཁང་གི་རྣམ་པར་དག་པའང་འདི་ལྟ་སྟེ། གཞལ་ཡས་གྲུ་བཞིར་འབྱུང་བ་ནི། །ཚད་མེད་བཞི་རྣམས་དག་པའི་རྟགས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་པར་དག་པའི་རྟགས་ཡིན་ནོ། །དྲྭ་བ་དྲྭ་ཕྱེད་བརྒྱན་པ་ནི། །ཉོན་མོངས་ཆེ་ཆུང་རྣམ་དག་གོ །ཀ་བ་བརྒྱད་ཀྱིས་དབུས་བརྒྱན་པ། །འཕགས་ལམ་བརྒྱད་པོ་རྣམ་དག་རྟགས། །རིན་ཆེན་ཕ་གུ་ལ་སོགས་བརྒྱན། །ཚུལ་ཁྲིམས་རྣམ་པར་དག་པའི་རྟགས། །འདོད་པའི་ལྷ་མོས་བརྒྱན་པ་ནི། །གཟུགས་སྒྲ་དྲི་རོ་རྣམ་དག་རྟགས། །རྡོ་རྗེ་ར་བས་བསྐོར་བ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །རི་དྭགས་ཤ་རས་བརྒྱན་པ་ནི། །བྱང་ཆུབ་སེམས་དཔས་བསྐོར་བའི་རྟགས། །རིན་ཆེན་ལྔ་ལས་གྲུབ་པ་ནི། །ཉོན་མོངས་ལྔ་རྣམས་དག་པ་དང་། །ཡེ་ཤེས་ལྔ་ལས་གྲུབ་པའི་རྟགས། །ཐོད་པའི་ཕྲེང་བས་བསྐོར་བ་ནི། །ང་དང་བདག་འཛིན་བྲལ་བའི་རྟགས། །བརྟེན་པ་ལྷའི་རྣམ་དག་ཀྱང་འདི་ལྟ་སྟེ། ས་ཆུ་མེ་རླུང་གི་ཁམས་རྣམ་པར་དག་ཅིང་ཚད་མེད་པ་བཞིའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ལས་མཛད་པ་ནི་སྒོ་མ་ཆེན་མོ་བཞི། གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་བཞི་གནས་སུ་དག་ཅིང་ཡེ་ཤེས་རྣམ་པ་བཞིའི་ངོ་བོ་རྩིབས་བཞིར་དབང་ཆེན་རིགས་བཞི། ཤེས་རབ་སྟོང་པ་ཉིད་དང་དགའ་བ་བཞིའི་ཡེ་ཤེས་ཀྱི་ངོ་བོ་སངས་རྒྱས་ཐམས་ཅད་བསྐྱེད་པ་ནི་ཡུམ་པདྨ་གར་གྱི་དབང་ཕྱུག་མ། རྣམ་ཤེས་ཀྱི་ཕུང་པོ་དང་ཉོན་མོངས་པ་ཞེ་སྡང་གནས་སུ་དག་ཅིང་། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་གཙོ་བོ་བཅོམ་ལྡན་འདས་པདྨ་རྟ་མཆོག་དབང་གི་རྒྱལ་པོ་ཞེས་བྱ་བ་ཡིན་ནོ། །སྤྲོས་པ་ལ་དགའ་ན་མེ་ཏོག་ཕོག་པའི་ལྷའི་རིགས་དང་མཐུན་པའི་མིང་བཏགས་ཤིང་སྐབས་འདིར་ཁྱེད་ཀྱི་ལྷ་འདི་ཞེས་དམིགས་སུ་བསྟན་པ་སོགས་སྤྱི་ལྟར་བྱའོ། །དེ་ནས་ལྷ་སྒོམ་པ་དང་སྔགས་བཟླ་བར་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། ཁྱེད་རང་རྣམས་དབང་ཆེན་དུ་གསལ་བའི་སྙིང་ཁར་འཁོད་པའི་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་སོགས་གཙོ་འཁོར་གྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་བྱར་གཞུག །ཟབ་མོའི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ཕྱིན་ཆད་བདག་དོན་དུ་གསང་བ་བསྲུང་ཞིང་། གཞན་དོན་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གནས་དགོས་ཏེ། ཇི་སྐད་དུ། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་གསུངས་པ་ལྟར་སྣོད་མ་ཡིན་པ་རྣམས་ལ་ལྷ་དང་སྔགས་ཀྱི་མཚན་ཙམ་ཡང་གསང་བར་བྱ་དགོས་ཤིང་། །རྒྱུད་རྒྱལ་གསང་བ་སྙིང་པོ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་སོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་མ་བྲལ་བས་འདོད་ཡོན་ལྔ་ལ་ཆགས་སྡང་བླང་དོར་དང་བྲལ་བར་སྤྱོད་པ་རྗེས་སུ་གནང་བ་སྟེ། དེ་དག་གིས་ཕྱི་ནང་གི་འཇུག་པའི་ཆོས་ཡན་ལག་དང་བཅས་པ་གྲུབ་པ་ཡིན་ནོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨ་ལ་ལ་སྟེ་དམ་ཚིག་བསྐང་། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དབང་བསྐུར་དངོས་ལ་བུམ་དབང་ལུས་ལ་བསྐུར་བ་ལྷ་ཡི་དབང་། གསང་དབང་ངག་ལ་བསྐུར་བ་སྔགས་ཀྱི་དབང་། ཤེས་རབ་ཡེ་ཤེས་སེམས་ལ་བསྐུར་བ་ཆོས་ཀྱི་དབང་། །བཞི་པ་ལུས་ངག་ཡིད་གསུམ་ལ་བསྐུར་བ་བདེ་བ་ཆེན་པོའི་དབང་དང་བཞིར་ཡོད་ཅིང་། དེའི་དང་པོ་ལའང་། ཇི་སྐད་དུ། ཁྲག་འཐུང་ལྷ་ལྔའི་བུམ་དབང་སྦྱིན། །མཐུ་རྩལ་བསྐྱེད་ཕྱིར་ལྷ་དབང་བསྐུར། །རྗེས་གནང་དུར་ཁྲོད་ཆས་བརྒྱད་སྦྱིན། །བརྟན་བྱེད་གཏོར་མའི་དབང་དང་བཞི། །ཞེས་པ་ལྟར་རྣམ་གྲངས་བཞིར་ཡོད་པའི་དང་པོ་བུམ་དབང་དངོས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས། ཁྲག་འཐུང་ལྷ་དགུ་ཞུ་བ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང་བའི་བུམ་པ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གནས་ལྔར་རིམ་པར་བཞག་སྟེ་དབང་བསྐུར་ཕྲིན་ལས་མཛད་པར་མོས་ཤིག །བུམ་པ་སྤྱི་གཙུག་ཏུ་བཞག་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་འཐོར་བ་ཕྱི་མ་རྣམས་ལ་འགྲེ། ཟག་མེད་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ཞེ་སྡང་གི་དྲི་མ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་སྤྱི་བོར་འཁྱིལ་པ་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། དཔྲལ་བར་བཞག་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །འཁོར་ལོ་གསང་བ་གསུམ་ལས་བྱུང་། །འཁོར་ལོ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །ཨོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཟག་མེད་བདུད་རྩིའི་ཆུ་རྒྱུན་དཔྲལ་བ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། གཏི་མུག་གི་དྲི་མ་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་དཔྲལ་བར་འཁྱིལ་པ་ལས་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། རྣ་ལྟག་གཡས་སུ་བཞག་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རིན་ཆེན་གསང་བ་གསུམ་ལས་བྱུང་། །རིན་ཆེན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཟག་མེད་བདུད་རྩིའི་ཆུ་རྒྱུན་རྣ་ལྟག་གཡས་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ང་རྒྱལ་གྱི་དྲི་མ་དག །ཚོར་བའི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་རྣ་ལྟག་གཡས་སུ་འཁྱིལ་པ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། ལྟག་པར་བཞག་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །ཨོཾ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཟག་མེད་བདུད་རྩིའི་ཆུ་རྒྱུན་ལྟག་པ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། འདོད་ཆགས་ཀྱི་དྲི་མ་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་ལྟག་པར་འཁྱིལ་བ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། རྣ་ལྟག་གཡོན་དུ་བཞག་སྟེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ལས་ཀྱི་གསང་བ་གསུམ་ལས་བྱུང་། །ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །ཧཱ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཟག་མེད་བདུད་རྩིའི་ཆུ་རྒྱུན་རྣ་ལྟག་གཡོན་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ཕྲག་དོག་གི་དྲི་མ་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་རྣ་ལྟག་གཡོན་དུ་འཁྱིལ་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཧེ་རུ་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། གཉིས་པ་མཐུ་རྩལ་སྐྱེད་ཕྱིར་ལྷ་དབང་ལུས་ལ་བསྐུར་བའི་ཐོག་མར་བླ་མའི་སྐུ་སྤྱི་བོར་བཞག་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཐོབ་པའི་མོས་པ་མཛོད། གུ་རུའི་སྐུ་ཐོགས་ལ། ཧཱུྃ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་འཛིན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །སྐུ་གསུམ་བདག་ཉིད་གུ་རུའི་དབང་བསྐུར་རོ། །ཨོཾ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་བླ་མའི་དབང་བསྐུར་པས། སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་པ་སོ་སོའི་སྐུ་ལས་རང་འདྲའི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ། ལུས་སྣང་སྟོང་ལྷའི་སྐུར་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་པར་མོས་མཛོད། གཙོ་འཁོར་གྱི་ཙཀླི་རིམ་པར་ཐོགས་ལ། ཧཱུྃ། དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། །ཡབ་ཡུམ་གཉིས་མེད་རོལ་པའི་དབང་བསྐུར་རོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་དཔལ་ཆེན་ཡབ་ཡུམ་གྱི་དབང་བསྐུར་པས་ཞེ་སྡང་དང་འདོད་ཆགས་རྣམ་པར་དག་ནས་བདེ་སྟོང་ཟུང་དུ་འཇུག་པ་དཔལ་ཆེན་ཡབ་ཡུམ་གྱི་དབང་ཐོབ་པར་གྱུར་ཅིག །ཧཱུྃ། ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །རྡོ་རྗེ་དབང་ཆེན་དཀར་པོ་ཁྲོ་བོའི་སྐུ །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །ཞེ་སྡང་འདུལ་ཕྱིར་མེ་ལོང་དབང་བསྐུར་རོ། །ཨོཾ་བཛྲེ་ཤྭ་ར་ཀྲོ་ཏ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་རྡོ་རྗེ་དབང་ཆེན་གྱི་དབང་བསྐུར་པས་ཞེ་སྡང་རྣམ་པར་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཧཱུྃ། ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །རིན་ཆེན་དབང་ཆེན་སེར་ནག་ཁྲོ་བོའི་སྐུ །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །ང་རྒྱལ་འདུལ་ཕྱིར་མཉམ་ཉིད་དབང་བསྐུར་རོ། །ཨོཾ་རཏྣེ་ཤྭ་ར་ཀྲོ་ཏ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་རིན་ཆེན་དབང་ཆེན་གྱི་དབང་བསྐུར་པས་ང་རྒྱལ་རྣམ་པར་དག་ནས་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཧཱུྃ། ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །པདྨ་དབང་ཆེན་དམར་སྨུག་ཁྲོ་བོའི་སྐུ །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །འདོད་ཆགས་འཇོམས་ཕྱིར་སོར་རྟོག་དབང་བསྐུར་རོ། །ཨོཾ་པདྨེ་ཤྭ་ར་ཀྲོ་ཏ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་པདྨ་དབང་ཆེན་གྱི་དབང་བསྐུར་པས་འདོད་ཆགས་རྣམ་པར་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཧཱུྃ། བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །ཕྲིན་ལས་དབང་ཆེན་ལྗང་ནག་ཁྲོ་བོའི་སྐུ །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །ཕྲག་དོག་འཇོམས་ཕྱིར་བྱ་གྲུབ་དབང་བསྐུར་རོ། །ཨོཾ་ཀརྨེ་ཤྭ་ར་ཀྲོ་ཏ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་ཕྲིན་ལས་དབང་ཆེན་གྱི་དབང་བསྐུར་པས་ཕྲག་དོག་རྣམ་པར་དག་ནས་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཧཱུྃ། ཤར་ཕྱོགས་དུང་གི་སྒོ་ཁྱུད་ནས། །སྒོ་མ་དཀར་མོ་ལྕགས་ཀྱུ་འཛིན། །རྐྱེན་དང་བར་ཆད་ཞི་བའི་ལྷ། །བྱམས་པ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྒོ་མ་ལྕགས་ཀྱུ་མའི་དབང་བསྐུར་པས་བྱམས་པ་ཚད་མེད་པ་མངོན་དུ་གྱུར་ནས་རྐྱེན་དང་བར་ཆད་ཐམས་ཅད་ཞི་བའི་དབང་ཐོབ་པར་གྱུར་ཅིག །ཧཱུྃ། ལྷོ་ཕྱོགས་གསེར་གྱི་སྒོ་ཁྱུད་ནས། །སྒོ་མ་སེར་མོ་ཞགས་པ་འཛིན། །ཚེ་དང་བསོད་ནམས་རྒྱས་པའི་ལྷ། །སྙིང་རྗེ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྒོ་མ་ཞགས་པ་མའི་དབང་བསྐུར་པས་སྙིང་རྗེ་ཚད་མེད་པ་མངོན་དུ་གྱུར་ནས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པའི་དབང་ཐོབ་པར་གྱུར་ཅིག །ཧཱུྃ། ནུབ་ཕྱོགས་ཟངས་ཀྱི་སྒོ་ཁྱུད་ནས། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །ཐམས་ཅད་དབང་དུ་སྡུད་པའི་ལྷ། །དགའ་བ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྒོ་མ་ལྕགས་སྒྲོག་མའི་དབང་བསྐུར་པས་དགའ་བ་ཚད་མེད་པ་མངོན་དུ་གྱུར་ནས་སྣང་སྲིད་ཐམས་ཅད་དབང་དུ་འདུས་པའི་དབང་ཐོབ་པར་གྱུར་ཅིག །ཧཱུྃ། བྱང་ཕྱོགས་གཡུ་ཡི་སྒོ་ཁྱུད་ནས། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །དགྲ་བགེགས་དབྱིངས་སུ་སྒྲོལ་བའི་ལྷ། །བཏང་སྙོམས་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་གྷཱཎྜེ་ཧོཿཨ་བྷི་ཥིཉྩ་མཱཾ། བླ་མ་དང་ཡི་དམ་གྱི་ལྷས་སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྒོ་མ་དྲིལ་བུ་མའི་དབང་བསྐུར་པས་བཏང་སྙོམས་ཚད་མེད་པ་མངོན་དུ་གྱུར་ནས་དགྲ་བགེགས་ཐམས་ཅད་དབྱིངས་སུ་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །གསུམ་པ་རྗེས་གནང་དུར་ཁྲོད་ཀྱི་ཆས་ཆེན་བརྒྱད་བླ་མས་རིམ་བཞིན་གནང་བ། ཁྱེད་རང་རྣམས་དབང་ཆེན་དུ་གསལ་བའི་སྐུ་ལ་བསྣམས་ཤིང་མངའ་གསོལ་བར་མོས་ཤིག །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཕོ་ཉ་ཀུན་དང་མཉམ་པའི་ཕྱིར། །ཐལ་ཆེན་ཚོམ་བུས་བརྒྱན་པ་ཡང་། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང་། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཐལ་ཆེན་ཚོམ་བུས་སློབ་མའི་དཔྲལ་བར་ཁ་ཊྭཱཾ་གའི་དབྱིབས་བྲི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མ་མོ་ཀུན་དང་མཉམ་པའི་ཕྱིར། །རཀྟའི་ཐིག་ལེས་བརྒྱན་པ་ཡང་། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང་། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སློབ་མའི་མཁུར་ཚོས་གཡས་གཡོན་གཉིས་དང་སྣ་རྩེ་གསུམ་ལ་རཀྟའི་ཐིག་ལེ་ཐོད་ཚལ་གྱི་དབྱིབས་སུ་བྲི། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །གིང་ཆེན་ཀུན་དང་མཉམ་པའི་ཕྱིར། །ཞག་གི་ཟོ་རིས་བརྒྱན་པ་ཡང་། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང་། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སློབ་མའི་སྙིང་ཁར་ཞག་གི་ཟོ་རིས་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་བྲི། བགོ་བའི་གོས་གསུམ་བཀོན་པའི་ཚུལ་བྱས་ལ། ཞིང་ལྤགས་སྐུ་ལ་གསོལ་བ་དུར་ཁྲོད་རྒྱན། །གཡང་གཞི་ཚེ་འུ་སུག་སྡོམ་སྐུ་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡིས། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཁྱེད་ལ་དབང་བསྐུར་བས། །ཞིང་རློན་ཐབས་ལ་མཁས་པ་འདི་ཉིད་ཀྱིས། །འཁོར་བའི་གནས་ལས་ཐར་བའི་དབང་ཐོབ་ཤོག །ཨོཾ་ན་ར་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ཡིས། །གཏི་མུག་མ་སྤངས་གནས་སུ་དག་པའི་རྒྱན། །ན་བཟའ་རྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་། །ཐབས་ཀྱི་ཀོ་རློན་རྒྱན་གྱི་དམ་པ་ཡིས། །གང་ལ་དམིགས་པའི་དབང་ཆེན་འདི་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ཨོཾ་མ་ཧཱ་ཏི་ར་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་འདི། །སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡིན། །སུག་པ་འདེམས་བསྣོལ་ཕྱི་ནང་གསང་བར་བཅིངས། །ཕྲག་དོག་འཇོམས་པ་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་ཀུན་རྒྱལ་བའི། །དབང་མཆོག་དམ་པ་གནས་འདིར་ཐོབ་པར་ཤོག །ཨོཾ་བྱཱ་གྷྲི་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་སྦྲུལ་བཅིངས་པའི་ཚུལ་བྱས་ཏེ། དུང་ཆེན་ཁོང་སེང་དབང་པོ་ལྔ་དང་ལྡན། །སྐུ་གསུམ་ཚུལ་འཆང་སྐམ་རློན་རིད་པའི་ཚུལ། །འཁོར་བ་གནས་སུ་སྡུད་པ་ཕྲེང་བའི་རྒྱན། ཁམས་གསུམ་ཐོགས་མེད་ཕྲེང་བའི་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་བནྡྷ་ཀ་པཱ་ལ་དྷ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་སྦྲུལ་གཉེན་ལྕུགས་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམ་བརྗིད་ཅན། །སྐུ་ལ་མཆོད་ཕྱིར་སྐུ་ཡི་རྒྱན་དུ་འཁྱིལ། །དུག་ལྔ་མ་སྤངས་དབང་གི་ཐབས་སུ་བསྟན། །མཉེན་ལྕུགས་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་བརྒྱད་དབང་དུ་སྡུད། །ཞེ་སྡང་འདུལ་བའི་དབང་ཕྱུག་ཡིན་པའི་ཕྱིར། །སྦྲུལ་ནག་ཆུན་པོས་ཁྱོད་ལ་དབང་བསྐུར་བས། །ཞེ་སྡང་དྲག་པོ་འབར་བ་གནས་དག་ནས། །ཐབས་མཁས་རྒྱལ་པོ་མཉེས་པའི་དབང་ཐོབ་ཤོག །ཨོཾ་ནཱ་ག་རཱ་ཛ་མཱ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་དཔལ་གྱི་ཆས་སུ་ཞུགས་པ་ལ་དགོས་པ་གསུམ་ཡོད་དེ། བགེགས་ཟིལ་གྱིས་གནོན་ཅིང་ཚར་གཅོད་པ་དང་། མ་མོ་མཁའ་འགྲོས་ཇོ་བོ་ལྟར་ངོ་ཤེས་པ་དང་། བདུད་དང་སྲིན་པོ་ལ་སོགས་པ་ཟིལ་གྱིས་ནོན་ཅིང་བར་དུ་གཅོད་མི་ནུས་ལ། མདོར་ན་ཐ་མལ་གྱི་རྟོག་པ་བརྟུལ་ནས་ཁྲག་འཐུང་རིགས་ལྔའི་ང་རྒྱལ་ལ་ཞུགས་ཤིང་། དབང་ཆེན་གྱི་ཁྱེར་སོ་གསུམ་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་བྱིན་རླབས་བརྟན་བྱེད་གཏོར་མའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྲོ་རྒྱལ་རྔམ་ཆེན་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ལན་གསུམ། གཏོར་མ་ལ་ཤེས་པ་དྲུག་ལྡན་དུ་གསུངས་པ་ལས་ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་ལྷ་དང་བྱིན་རླབས་སུ་ཤེས་དགོས་པས། སྣོད་དབང་དྲག་རོལ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་བཅུད་ཁྲག་འཐུང་ལྷ་དགུ་སྤྲུལ་པ་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བར་མོས་མཛོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཨོཾ་བཛྲེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་རཏྣེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་པདྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཀརྨེ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ དཔལ་གྱི་གཏོར་མ་རྟ་མགྲིན་དབང་ཆེན་རྟེན་དང་བརྟེན་པར་བཅས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། རྨད་དུ་བྱུང་བ་དཔལ་གྱི་གཏོར་མ་འདི། །དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐང་བ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར། །སྐལ་ལྡན་སློབ་མ་རིགས་ཀྱི་བུ་ཁྱོད་ལ། །རྨད་བྱུང་མཆོད་པའི་གཏོར་མས་དབང་བསྐུར་བས། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བར་ཤོག །མ་ཧཱ་བ་ལིཾ་ཏ་ཧཱུྃ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུྃ། ལྷ་ཚོགས་གཞལ་ཡས་ཁང་དང་བཅས་པ་ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། རང་རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་དམར་ཀྲོང་ངེ་ཡོད་པའི་དབུས་སུ་བྱོན། ལུས་ཐམས་ཅད་འོད་དམར་པོས་ཁེངས་མཐུ་དང་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། སླར་ཡང་སྙིང་གའི་ལྷ་དགུ་པོ་འོད་ཀྱི་རྣམ་པར་ཞུ་སྟེ་མེ་ལོང་ལ་ཧས་བཏབ་པ་ལྟར་འདུས་ཏེ་སྙིང་གའི་ཡེ་ཤེས་སེམས་དཔའ་ཧྲཱིཿདམར་པོ་རེ་ཡོད་པ་ལ་ཐིམ། དེའི་མཐར་གཙོ་བོའི་སྔགས་ཕྲེང་ལུ་གུ་རྒྱུད་ཀྱིས་གཏམས་ཏེ་བསྐལ་པ་དུས་མཐའི་མེས་ཀྱང་མི་ཚུགས་པའི་མོས་པ་མཛོད་ཅིག །བྱས་ལ་གཙོ་སྔགས་བརྗོད་དོ། །དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་ནས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། ས་ཀུན་ཏུ་འོད་དང་སྟུག་པོ་བཀོད། བདེ་བ་དགའ་བའི་ཡེ་ཤེས། ལྟ་བ་སྣང་སྟོང་དབྱེར་མེད། འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཉིས་པ་གསང་དབང་ངག་ལ་བསྐུར་བ་སྔགས་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས་ལན་གསུམ། རྡོ་རྗེ་སློབ་དཔོན་པདྨ་དབང་ཆེན་དུ་གསལ་བའི་པང་དུ་ཡུམ་པདྨ་གར་གྱི་དབང་ཕྱུག་མ་གནས་པ། ཧཱུྃ་པཾ། ཡབ་ཀྱི་གསང་བའི་གནས་མི་དམིགས་པ་ལས། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་བཛྲ། ཡུམ་གྱི་མཁའ་མི་དམིགས་པ་ལས་པཾ་ལས་པདྨ་དམར་མོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཨེ་ཨཾ། ཨ་ནུ་རཱ་གོ྅་ཧཾ། ཨ་ནུ་རཱ་ག་ཡཱ་མི། བོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཧཱུྃ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི་བྱང་ཆུབ་ཀྱི་སེམས་དཀར་པོ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་སྦྱིན་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་ལྕེ་ཐོག་སྦྱིན་ལ། གསང་བ་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱོར་བས། །དགྱེས་པ་ཆེན་པོའི་བདེ་ཆེན་དང་། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །པདྨ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པས་ངག་གི་དྲི་མ་དག་ཅིང་། ལམ་གཏུམ་མོ་བསྒོམ་པ་ལ་དབང་། ས་པདྨ་ཅན། བདེ་བ་མཆོག་དགའི་ཡེ་ཤེས། ལྟ་བ་གསལ་སྟོང་དབྱེར་མེད། འབྲས་བུ་ལོངས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་སེམས་ལ་བསྐུར་བའི་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས་གསུམ། རིག་མའི་གཟུགས་བརྙན་ནམ། དྲིལ་བུ་ལག་ཏུ་གཏད་ལ། བླ་མས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་རྒྱན་གྱིས་བརྒྱན་པ་གཅིག་ཁྱེད་རང་རྣམས་ཀྱི་ལག་པར་གཏད་པའི་མོས་པ་མཛོད། གཟུངས་མ་འདི་ནི་ཡིད་འོང་མ། །བསྟེན་བྱར་རྒྱལ་བ་རྣམས་ཀྱིས་གསུངས། ཁྲོ་མོ་ཡུམ་དུ་དྲན་བྱས་ནས། །འཁོར་ལོ་རིམ་པའི་བདེ་བ་མྱོངས། །ཞེས་བྱིན་པ་དེས་ཁྱེད་རང་རྣམས་ལ་དྲི་བ་བྱས་པའི་མོས་པ་མཛོད། ཤ་ཆེན་བཤང་གཅི་སོགས་དང་ནི། །བཙོག་ཟ་ལ་སོགས་པདྨར་འོ། །བུ་ཁྱོད་སྤྲོ་ན་ཕྱག་རྒྱ་ཡི། །དངོས་གྲུབ་དམ་པ་བདག་ལས་འབྱུང་། །དེ་ལྟར་དྲིས་པ་ལ་ཁྱེད་རང་རྣམས་ཀྱིས་ལན་བཏབ་པའི་མོས་པས་ཟློས་མཛོད། གསང་སྔགས་དངོས་གྲུབ་མཉམ་མེད་པ། །ཤེས་རབ་ཐབས་ཀྱི་སྦྱོར་ལས་བྱུང། །ཇི་ལྟར་ཆོ་ག་བཞིན་གསུངས་པ། །ཐམས་ཅད་སྤྲོ་འོ་ལྷ་མོ་ཆེ། །ཞེས་ལན་བཏབ་པས་པང་དུ་བྱོན་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་པདྨ་དབང་ཆེན་དང་། ཡུམ་པདྨ་གར་གྱི་དབང་ཕྱུག་མར་གསལ་བ་ལ། ཧཱུྃ་པཾ། ཡབ་ཀྱི་གསང་བའི་གནས་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་བཛྲ། ཡུམ་གྱི་མཁའ་མི་དམིགས་པ་ལས་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པ། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་བསྲུབས་པ་དང་སྲུབ་པའི་སྦྱོར་བས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང་། རླུང་འཛག་མེད་དུ་འཆིང་བས་སླར་ཡས་བརྟན་གྱི་དགའ་བ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་ཆེན་འགྱུར་བ་མེད་པ་མངོན་དུ་བྱས་པར་མོས་མཛོད། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་དྲི་མ་དག་ནས། ལམ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ས་རྡོ་རྗེ་འཛིན་པ། བདེ་བ་དགའ་བྲལ་གྱི་ཡེ་ཤེས། ལྟ་བ་བདེ་སྟོང་དབྱེར་མེད། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་བཞི་པ་སྒོ་གསུམ་མཐའ་དག་ལ་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས་གསུམ། མེ་ལོང་དྲི་མ་མེད་པ་བསྟན་ལ། མུ་ཏིག་དཀར་དང་ཙནྡན་སྨུག །ནམ་མཁའི་ཁམས་སུ་འདྲེས་པ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ །གཟུང་དུ་མེད་པ་འཇའ་ཚོན་འདྲ། །མེད་པ་མ་ཡིན་སྙིང་པོའི་དོན། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །རྫོགས་པ་ཆེན་པོའི་མན་ངག་ཡིན། །ཞེས་གསུངས་པའི་དོན་སྔར་ཡུམ་གྱི་མཁའ་དབྱིངས་སྟོང་པ་ཆེན་པོར་བདེ་བའི་ཁམས་དཀར་དམར་གཅིག་ཏུ་འདྲེས་པ་ལ་བརྟེན་ནས་བློ་འདས་རྟོག་མེད་བརྗོད་བྲལ་གྱི་དོན་ཉམས་སུ་མྱོང་བ་དེ་མཚོན་བྱེད་དཔེའི་ཡེ་ཤེས་བྱ་བ་ཡིན་ལ། དེའང་མེ་ལོང་ནང་དུ་ཤར་བའི་གཟུགས་བརྙན་འདི་ལ་བརྟགས་ན་ཕྱི་ནང་གང་དུའང་མ་གྲུབ། སྣང་བའི་ཕྱིར་མེད་པ་མ་ཡིན་བཙལ་ན་གང་ནའང་མེད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་ཐམས་ཅད་དང་བྲལ་བ་བཞིན་དུ། མཚོན་བྱ་དོན་གྱི་ཡེ་ཤེས་རང་རིག་འོད་གསལ་རང་བྱུང་མཐའ་བྲལ་ཀློང་ཡངས་ཆེན་པོ་ཉིད་ཀྱང་བརྡ་དང་དཔེ་ཡིས་མཚོན་ནས་རང་ངོ་ཤེས་པར་བྱས་ལ་ཀ་དག་གི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་ངོ་སྤྲད། དེ་ལྟར་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་བསྐུར་པས་ཡེ་ཤེས་ཀྱི་དྲི་མ་དག་ནས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ས་ཡེ་ཤེས་བླ་མ། བདེ་བ་ལྷན་སྐྱེས་ཀྱི་ཡེ་ཤེས། ལྟ་བ་རིག་སྟོང་དབྱེར་མེད། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་རྟོགས་པ་བརྗོད། དབང་འདི་གསུམ་གྱི་དངོས་བཞི་སོང་མཚམས་རྟོགས་པ་མ་བརྗོད་པའི་གོང་དུ་གཙོ་སྔགས་བརྗོད་ཅིང་གཏོར་མ་མགྲིན་པ་སྙིང་ག་ལྟེ་བར་བཞག་པའི་ཕྱག་ལེན་འདུག་པ། གཏོར་དབང་ཁོལ་འདོན་དུ་བྱེད་ན་ལས་དབང་བཞི་ཡོངས་རྫོགས་ཀྱི་སྐབས་འདིར་དགོས་པར་མ་མངོན་ཀྱང་གོང་མའི་ཕྱག་ལེན་ཡིན་པས་སྤྲོ་ན་དེ་ལྟར་བྱ་ཆོག་གོ །གཉིས་པ་ཞར་བྱུང་རྫོང་ཆུང་ཚེ་དབང་བསྐུར་ན། རྒྱས་པར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡིག་ཆ་ལྟར་ལག་ཏུ་བླང་བར་བྱ་ཞིང་། ཅུང་ཟད་བསྡུ་ན། དབང་ཆེན་ཡང་གསང་ཁྲོས་པའི་ཟབ་བཅུད་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། སློབ་དཔོན་ཡང་གསང་ཁྲོས་པར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁྲོ་བོ་མཚོན་ཆ་ཐོགས་ཤིང་སྔགས་ཀྱི་སྒྲ་སྒྲོག་པ། མེ་དཔུང་འབར་ཞིང་འཁྲུགས་པ་དཔག་ཏུ་མེད་པས། ཁྱེད་རང་རྣམས་ལ་ཚེའི་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་ཚར་བཅད་པའི་མོས་པ་མཛོད། ཨོཾ་རཾ་ཀྲོ་དྷ་སོགས་མཚམས་སྔགས་བརྗོད་ལ་རོལ་མོ་སྒྲོག །ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཚེ་རྟེན་ལྷར་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད། མདུན་གྱི་ཚེ་རྟེན་ཚེ་བུམ་དང་བཅས་པ་འོད་གསལ་གྱི་སྣང་བ་ལས་གྲུབ་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ་སོགས་གོང་གི་ཚེ་རྟེན་སྒྲུབ་པའི་སྐབས་ལྟར། བདུད་རྩིའི་མཆོད་པ་སོང་ནས་ཚེ་འགུགས་ཀྱི་དམིགས་པའི་སྐབས། རང་དབང་མེད་པར་བསྡུས་ནས་མདུན་གྱི་ཚེ་རྟེན་རྣམས་དང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་ན་ཚེའི་རྟེན་འོད་དཀར་པོ་མཐེབ་སོར་གྱི་ཚད་ཙམ་དཀར་ལ་འཚེར་བའི་དབུས་ན། རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ནྲྀ་ལྗང་གུ་སྣུམ་ལ་འདྲིལ་བ་དྭངས་ཤིང་གསལ་བ་ཞིག་ཡོད་པ་ལ་ཐིམ་པར་མོས་ཤིག །ཅེས་བྱས་ལ། བཅོམ་ལྡན་མགོན་པོ་སོགས་བརྗོད་པ་དང་། དེ་འཕྲོས་འགུགས་དམིགས་ཀྱི་གཤམ་དུའང་། མདུན་གྱི་ཚེ་རྟེན་རྣམས་དང་ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་ལ་ཐིམ་པར་མོས། ཞེས་སྦྱར། བདེན་སྟོབས་ཀྱིས་འགུགས་པའི་རྗེས་སུ། དེ་ལྟར་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ནས་ཚེ་བཅིང་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཉི་ཟླའི་གའུའི་སྟེང་འོག་གཉིས་སུ་རྡོ་རྗེ་རྒྱ་གྲམ་རེ་རེས་རྒྱས་གདབ་པའི་རྭ་རྣམས་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བསྡམས་པར་མོས་ཤིག །སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སོགས་ནས་ཚིགས་བཅད་སྔགས་བཟླ་བའི་བར་བྱས་ལ། ལྷ་དང་བླ་མ་ཐ་དད་མེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། ལན་གསུམ། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་ཚེའི་རྟེན་ལ་ཐིམ། དེ་ཉིད་བུམ་པའི་ལྷ་ལ་ཐིམ། བུམ་པའི་ལྷ་འོད་དུ་ཞུ་ནས་བུམ་ནང་གི་སྙིང་པོ་ལྔ་ལ་ཐིམ། དེ་རྣམས་ཞུ་བ་ལས་དཔའ་བོ་འབྲུ་ལྔར་གྱུར་པ་ནི། ཨཱཾཿདམར་པོ། ཧཱུྃ་སྔོན་པོ། སྭཱ་སེར་པོ། ཨོཾ་དཀར་པོ། ཧཱ་ལྗང་གུ་རྣམས་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གྱུར། དེ་ལས་དེ་འདྲ་བའི་ཡིག་འབྲུ་ལྔ་པོ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་མཆེད་ནས། ཁྱེད་རང་རྣམས་པའི་སྤྱི་གཙུག་ལ་སོགས་པ་མགོ་བོའི་གནས་ལྔར་ཐིམ་པའི་མོས་པ་མཛོད། ཚེ་བུམ་དང་ཚེ་འབྲང་ལྷན་ཅིག་སློབ་མའི་མགོ་བོའི་གནས་ལྔར་བཞག་ལ། ཧཱུྃ། ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ལྔ་ནི་ཚེ་ཡི་བདག །འབྲུ་ལྔ་རིགས་ལྔའི་རང་བཞིན་ཏེ། །སངས་རྒྱས་ལྔ་ཡི་དབང་ཐོབ་ཤོག །ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱཾཿ བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཀརྨ་ཨ་བྷི་ཥིཉྩ་ཧཱཿ ཧོཿ ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །བདུད་ལས་རྒྱལ་བར་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཅེས་བརྗོད། སྙིང་གའི་ཉི་ཟླའི་གའུའི་རྡོ་རྗེ་ལུ་གུ་རྒྱུད་གྲོལ་ནས། ཉི་ཟླའི་གའུ་ཁ་བྱེ་བའི་ནང་དུ་ཞུགས། ཡི་གེ་འབྲུ་ལྔ་ལས་འཆི་མེད་བདུད་རྩིའི་རྒྱུན་འབབ་བཞིན་པ་ཚེ་དང་རྣམ་ཤེས་ཀྱི་རྟེན་ལ་ཐིམ་པས། དེ་ཉིད་འོད་དང་འོད་ཟེར་གྱི་རང་བཞིན་དུ་གསལ་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་སྐད་ཅིག་དེ་ཉིད་ལ་དག །འཆི་མེད་ཚེའི་དབང་བསྐུར་བ་ཐོབ་པའི་མོས་པ་མཛོད། དེ་ནས་ཚེ་སྦ་བ་ནི་ཚེ་འགུགས་ཀྱི་མདའ་དར་དེའི་ལྟོང་ལ་དར་དཀྲིས་པ་སློབ་མའི་སྙིང་གར་བཞག་ཅིང་། སྙིང་ཁ་ནས་འོད་ཟེར་འཕྲོས་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། དེ་ཉི་ཟླའི་གའུ་ཁ་སྦྱོར་ལ་ཐིམ། དེ་ཚེའི་རྟེན་འོད་དཀར་པོ་ལ་ཐིམ། དེ་རྣམ་པར་ཤེས་པའི་རྟེན་ནྲྀ་ཡིག་ལ་ཐིམ། དེ་ཉིད་ཨ་དཀར་པོ་འོད་ཀྱི་རང་བཞིན་དུ་གྱུར། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ་ཡུན་རིང་དུ་མཉམ་པར་ཞོག་མཛོད། ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཞེས་བརྗོད། དེ་ནས་ཚེ་བརྟན་པར་བྱ་བ་ནི། འོད་གསལ་གྱི་ངང་ལས་ཁྱེད་རང་རྣམས་སྔར་ལྟར་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱི་རྒྱས་བཏབ་པས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཞུགས། ཚེའི་དངོས་གྲུབ་བརྟན་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། དེ་ནང་ནས་ཚེ་སྤེལ་བ་ནི། མདུན་གྱི་ནམ་མཁའི་གནས་ན་བླ་མ་དང་ཐ་མི་དད་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ། བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཚེའི་ལྷ་དང་དྲང་སྲོང་གི་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པ་རྣམས་དང་། གཞན་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་བཅས། པདྨ་དབང་གི་ཞིང་ཁམས་ནས་ཁྲོ་རྒྱལ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས། ལྷོ་ནུབ་རྔ་ཡབ་དཔལ་རིའི་གནས་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འཆི་མེད་ཚེའི་ལྷ་མོ་ཙནྡྷ་ལཱི་ལ་སོགས་པ་དཔའ་བོ་མཁའ་འགྲོས་བསྐོར་བ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཕྱོགས་བཅུའི་ཞིང་ཁམས་ནས། སྤྲིན་གྱི་ཕུང་པོ་འཐིབས་པའམ། བྱའི་ཁྱུ་ཆེན་པོ་འཕུར་བ་བཞིན་དུ་མདུན་གྱི་ནམ་མཁའི་གནས་སུ་བྱོན་ནས་དེ་དག་གིས་ཤིས་བརྗོད་དང་ཛཔ྄་དབྱངས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་། མེ་ཏོག་དང་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི་ཆར་ཆེན་པོ་འབེབ་པར་བསྒོམ་མཛོད། ཅེས་བརྗོད་ལ། ཨོཾ་ཨཱཿཧཱུྃ། འདིར་འཚོགས་སྐལ་ལྡན་རྡོ་རྗེའི་བུ། །སྙིང་གི་ཟེའུ་འབྲུ་དད་པས་ཕྱེས། །མིག་གི་པདྨོ་མཁའ་དབྱིངས་ལྟོས། །ཡིད་ལ་བདེ་ཆེན་དགའ་བ་སྐྱོངས། །མདུན་ཕྱོགས་དག་པའི་མཁའ་དབྱིངས་ནས། །རྗེ་བཙུན་བླ་མ་ཚེ་དཔག་མེད། །འཆི་མེད་རིག་འཛིན་བྱེ་བས་བསྐོར། །ལྷ་དང་མཁའ་འགྲོ་སྲུང་མར་བཅས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་གཏིབས། །ཛཔ྄་དབྱངས་རྡོ་རྗེའི་འབྲུག་སྟོང་ལྡིར། །འཆི་མེད་བདུད་རྩིའི་ཆར་རྒྱུན་འབེབ། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །བདེ་ལྡན་ཡངས་པའི་ཞིང་ཁམས་ནས། །འཆི་མེད་རྒྱལ་བ་ཚེ་དཔག་མེད། །ཚེ་ཡི་ལྷ་དང་ལྷ་མོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །པདྨ་དབང་གི་ཕོ་བྲང་ནས། ཁྲོ་རྒྱལ་པདྨ་ཧེ་རུ་ཀ །ཚེ་ཡི་ཁྲོ་བོ་ཁྲོ་མོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །རྔ་ཡབ་དཔལ་རིའི་རྩེ་མོ་ནས། །རིག་འཛིན་པདྨ་འབྱུང་གནས་དེ། །ཚེ་ཡི་རིག་འཛིན་མཁའ་འགྲོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །རྒྱ་བོད་ཕྱོགས་བཅུའི་གནས་ཆེན་ནས། །ཚེ་ཡི་བརྒྱུད་ལྡན་བླ་མ་ལ། །མཆེད་ལྕམ་དག་པའི་འཁོར་གྱིས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །ཞེས་བརྗོད་ཅིང་ཤོ་ལོ་ཀ་རེའི་མཚམས་སུ་ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱཿ ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུར་ཛྙཱ་ན་སིདྡྷི་བྷྲཱུྃ། ཞེས་བརྗོད་ལ་དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར། དེ་ནས་སློབ་མ་རྣམས་ལག་པ་བསྣོལ་བའི་གཡས་སུ་ཚེ་འབྲང་དང་གཡོན་དུ་ཚེ་བུམ་བཞག་ལ། ལག་གཉིས་པད་དཀར་བཞད་པའི་རྩེར། །འཆི་མེད་དངོས་གྲུབ་ཚེ་ཡི་རྫས། །ལོངས་ཤིག་སྐལ་ལྡན་སློབ་བུ་རྣམས། །ལོ་བརྒྱ་འཚོ་བའི་བཀྲ་ཤིས་ཤོག །དེ་བཞིན་དུ། ཚེའི་རིལ་བུ་བྱིན་ལ། དཔལ་གྱི་ཟས་མཆོག་རིལ་བུ་འདི། །འཁོར་འདས་ཚེ་བཅུད་བསྡུས་པའི་སྨན། །ཟོས་པས་འཆི་བདག་བདུད་བཅོམ་ནས། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །ཛཔ྄་བྱ། ཚེ་ཆང་བྱིན་ལ། སྙིང་པོ་ལྔ་ལྡན་རིགས་ལྔའི་བཅུད། །ཡེ་ཤེས་ལྔ་ལྡན་བདུད་རྩིའི་རྒྱུན། །མྱངས་པས་རྡོ་རྗེའི་ལུས་ཁེངས་ནས། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །ཅེས་དང་ཛཔ྄་བཟླ། དེ་ནས་ཚེ་བསྲུང་བ་ནི། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཚེའི་རྟེན་ཡོད་པའི་རྩ་སྒོ་སྨིན་མཚམས་སུ་ཟླ་གམ་དམར་པོ་མེ་འབར་བའི་ཀློང་དཀྱིལ་དུ། དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ཙནྡན་གྱི་བེ་ཅོན་དང་། གཡོན་སྡིགས་མཛུབ་མཛད་པ། དབུ་གཙུག་ན་རྟ་མགོ་ལྗང་གུ་འཚེར་བ། ཁྲོ་བོའི་ཉམས་ཐམས་ཅད་རྫོགས་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གྱད་ཀྱི་དོར་ཐབས་ཅན་གཅིག་བཞུགས་པས་ཚེའི་བར་ཆད་ཐམས་ཅད་སྲུང་བའི་མོས་པ་མཛོད། ཨ་ཝ་དྷཱུ་ཏིའི་སྒོ་འཕར་ན། །ཟླ་གམ་དམར་པོའི་ཀློང་དཀྱིལ་དུ། །ཚེ་ཡི་སྒོ་སྲུང་རྟ་མགྲིན་དབང་། །བར་ཆད་བདུད་འཇོམས་བཀྲ་ཤིས་ཤོག །ཛཔ྄་དང་བཅས་པ་བརྗོད་ཅིིང་། སིནྡྷུ་རས་སྨིན་མཚམས་སུ་ཐིག་ལེ་བྱའོ། །གསུམ་པ་བཀའ་གཏད་ནི། སློབ་མ་སྤྱི་ལ་ཚེ་དབང་ཙམ་གྱིས་ཆོག་ཅིང་། ཐུན་མོང་མ་ཡིན་པ་ཆོས་འདི་ཉིད་ཉམས་ལེན་དུ་བྱེད་པ་སོགས་ལ་བཀའ་སྲུང་གི་བཀའ་གཏད་དགོས་པ་བྱུང་ན། གོང་གི་རྗེས་འབྲེལ་དུ། དཔལ་ཆེན་པདྨ་དབང་གི་བཀའ་སྡོད་གིང་ལྔ་གཟའ་གདོང་རྣམས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དབང་ཆེན་ཧེ་རུ་ཀའི། །ཞབས་ལ་སྤྱི་བོ་གུས་པས་འདུད། །བཅོམ་ལྡན་པདྨ་དབང་ཆེན་གྱི། །བཀའ་ཉན་བཀའ་བསྒོའི་རྗེས་གནང་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིའོ་སྙམ་པ་མཛད་ནས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་པདྨ་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ཕྱི་རིམ་ནས་གིང་ལྔ་གཟའ་གདོང་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་གཡོན་ཕྱོགས་སུ་བཀའ་སྡོད་ཀྱི་ཚུལ་དུ་འཁོད་པ་ནི། དབུས་སུ་དབང་ཆེན་ཐུགས་ཀྱི་སྤྲུལ་པ་སྲོག་བདག་འོད་ཀྱི་རྒྱལ་པོ། འོད་ཀྱི་མི་བོ་ཆེ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སོགས་ལས་བྱང་གི་གཏོར་ཆོག་ལྟར་ལས། ཤར་དུ་ཚངས་པ༴ ལྷོར་དམ་ཅན༴ ནུབ་ཏུ་བདུད་པོ༴ བྱང་དུ་སྲོག་བདག༴ ཅེས་སྦྱར་ལ་ས་བོན་ལས་བསྐྱེད་པའི་ཚིག་དོར་ཏེ། ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ་གིང་ཆེན་སྡེ་ལྔ་དང་། རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་དབུས་སོགས་ནས། ཆ་ལང་རྡེབ་པ་ལྟ་བུའི་ཀློང་དཀྱིལ་དུ། ཁྲོ་རྒྱལ་པདྨ་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་སོགས་ནས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། པདྨ་དབང་གི་ཞིང་ཁམས་ནས་སྲོག་བདག་འོད་ཀྱི་རྒྱལ་པོ་སོགས་ནས། ཡམ་ཤུད་དམར་པོ། ལྷོ་ནུབ་མཚམས་ཀྱི་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནས་དྲེགས་པ་གཟའ་གདོང་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། རཱ་ཙ་ཏྲི་ཧྲི་ཤུ་རཱ་ཧུ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་སཏྭཾ། ཞེས་པས་དམ་ལ་བཞག །གཏོར་ཆོག་ལྟར་སོ་སོའི་སྔགས་བསྔོས་ལན་གསུམ་གསུམ་བྱ། དབང་དྲག་དཀྱིལ་འཁོར་ཕྱི་ཡི་བཀའ་སྡོད་ནི། །སྲོག་ལ་དབང་སྒྱུར་གིང་ཆེན་ལྔ་རྣམས་དང་། །ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་རྣམས། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་བསྩལ་དུ་གསོལ། །གིང་ལྔ་གཟའ་གདོང་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་སྒོ་ནས་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །དེ་ལྟར་རྗེས་གནང་གི་གཞི་ལུས་བསྒྲུབས་ནས་རྗེས་གནང་དངོས་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་གཡོན་ཕྱོགས་ན་བཞུགས་པའི་གིང་ལྔ་གཟའ་གདོང་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་སྐུ་ལས་སྐུ་དང་། མགྲིན་པ་ནས་སྔགས་དང་། ཐུགས་ཀ་ནས་རལ་གྲི་ལ་སོགས་པ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་སྐུ་དང་སྔགས་རྣམས་ངོ་བོ་དང་། ཕྱག་མཚན་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད། བཀའ་བསྒོ་བ་ནི་དཔལ་གཏོར་སྤྱི་བོར་བཞག །གིང་ལྔ་གཟའ་གདོང་གི་གཏོར་མ་ལག་ཏུ་གཏད་ལ། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁར་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲིན་འཐིབས་པར་བཞུགས་ཏེ་བྱིན་གྱིས་བརླབས་ཤིང་བཀའ་བསྒོས་པས། གིང་ལྔ་གཟའ་གདོང་འཁོར་དང་བཅས་པས་སྡོངས་གྲོགས་མཛད་པའི་བཀའ་སྡོད་དུ་ཞལ་གྱིས་བཞེས་པར་མོས་ཤིག །ཧྲཱིཿབཛྲ་ཀྲོ་དྷ་སོགས་གཙོ་བོ་ཡབ་ཡུམ་གྱི་སྔགས་དང་། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿདབང་། པདྨ་བྷནྡྷ་ཧྲཱིཿདབང་། བ་མོ་བནྡྷ་ཧྲཱིཿདབང་། ཙཀྲ་ཨ་སི་ཧྲཱིཿདབང་། པཱ་ཤཾ་ཀུ་རུ་ཧྲཱིཿཛཿ རཱ་ཛ་སྲོག་ལ་ཧྲཱིཿ ཨ་ཤུགྨ་ཏྲི་སྲོག་ལ་ཛཿ ཏྲི་དུན་དུན་བཛྲ་པ་ཤ་ཏྲི། ཤུ་ལ་གྲཱི་བ་ཙ་མ་ཨ་ཤུག་ཏྲི་ཏྲི་ལིཾ་ཛཿ ཨ་མུ་ཀ་ཙིཏྟ་རྦད་བྷྱོཿ ཧྲཱིཿརཾ་པཱ་ཤཾ་ཀུ་རུ། པདྨ་བནྡྷ། བ་མོ་དྷ་ཡ། ཙནྡྷ་རཀྐ །པདྨཱནྟ་ཀྲྀཏ་ཛྭ་ལ་རཾ། མ་མ་ཤ་རི། ཏྲག་རཀྴ། རཀྟ་རྔུབས། ཛྭ་ལ་རཾ། རཱ་ཧུ་ལ་སི་སེ། བཛྲ་ཡཀྴ་ཛྭ་ལ་རཾ། མ་མ་རཀྟ། ཛྭ་མུ་ཁ་ཡཱ་ཡ་བྷྱོཿ ཙ་ར་ཡཀྴ་ཛྭ་ལ་རཾ། བཛྲ་ཤད་ཤད། དགྲ་བགེགས་སྲོག་ལ་རྦད་བྷྱོཿ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ། འབྲུ་ཚར་གྱི་ཞང་སྟོན་གཟི་བརྗིད་འབར། རྟ་ནག་གི་བླ་མ་རྒྱ། དཔལ་ལྡན་གྲུབ་ཐོབ་འདར་འཕྱར་རུ་བ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། འགོ་བའི་ཕྲིན་ལས་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཕ་རོལ་གྱི་རྦད་འདྲེ་རྦོད་གཏོང་བྱད་ཟོར་གཏད་ཁྲམ་ཆག་ཆེ་ཉམ་ང་ལ་སོགས་པ་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཚེ་དང་བསོད་ནམས་ནང་གི་རྟོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་དབང་དུ་འདུ་བ་དང་། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན་གང་ལ་གང་འཚམ་པའི་ཆད་པས་བཅད་དེ་ལོག་སྒྲུབ་མཐའ་དག་མྱུར་དུ་ཚར་གཅོད་ཅིང་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་ཚེ་རབས་ཐམས་ཅད་དུ་ལུས་དང་གྲིབ་མའི་ཚུལ་གྱིས་མི་འབྲལ་བར་འགྲོགས་ལ་བྱང་ཆུབ་མཆོག་བསྒྲུབ་པའི་སྡོངས་གྲོགས་དང་ཆོས་ལྡན་གྱི་ཕྲིན་ལས་ཅི་བཅོལ་གཡེལ་བ་མེད་པར་བསྒྲུབ་པར་མཛད་དུ་གསོལ། སླར་གོང་གི་སྔགས་བརྗོད་ཅིང་རོལ་ཆེན་བྱའོ། །བཀའ་སྡོད་འཁོར་དང་བཅས་པས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པའི་མོས་པ་མཛོད། དེ་རྣམས་ཀྱི་སྒོ་ནས་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བ་དང། དེ་དང་རྗེས་འབྲེལ་ལུགས་འདིའི་འཆི་མེད་ཚེའི་དབང་བསྐུར། བཀའ་སྡོད་དམ་ཅན་རྒྱ་མཚོའི་བཀའ་གཏད་དང་བཅས་པ་ལེགས་པར་གསན་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ལ་བསྲུང་སྡོམ་ཚུལ་བཞིན་དུ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། ཚོགས་ཀྱི་མཆོད་པ་ཕྱིན་ཆད་ཕྲིན་ལས་ཀྱི་གཞུང་ལྟར་མཐའ་རྒྱས་སུ་བསྒྲུབ་པར་བྱའོ། །སློབ་དཔོན་གཉིས་ཀྱི་དགོངས་བཅུད་གངྒཱའི་ཀླུང་། །འདར་ཆེན་ཛཧྣུའི་ཞལ་སྒོར་འགྲིམ་ཙམ་གྱིས། །གངས་ཅན་སྙེམས་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་། །སྐོམ་པས་ཆུ་བཞིན་དག་བྱེད་ཚད་མར་བསྟེན། །གསར་མས་མ་སླད་རྙིང་མས་མ་རྙོགས་པར། །བརྒྱུད་པའི་རང་ལུགས་གཙང་མར་སྦྱར་བའི་དགེས། །དབང་ཆེན་རོལ་པའི་ཡེ་ཤེས་གཏོར་བླུགས་ཀྱིས། །རྫོགས་སྨིན་སྦྱངས་པའི་ཆུ་སྐྱེས་བཞད་གྱུར་ཅིག །ཅེས་པ་འདིའང་ཁྱབ་བདག་བླ་མ་ཀུན་མཁྱེན་པདྨ་དགྱེས་པའི་ཞལ་སྔ་ནས་སྨིན་གྲོལ་གྱི་གདམས་པ་དང་བཀའི་གནང་བ་ཆབས་ཅིག་ཏུ་ཐོབ་པ་རྒྱུར་བྱས་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་དང་འདབས་འབྱོར་བ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཡང་ཟློག་མེའི་སྤུ་གྲིའི་ལག་ལེན་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ (Volume 17, Text 22)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལག་ལེན་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཞེས་བྱ་བ་བཞུགས་སོ། །གམྦྷཱི་རཾ།། ན་མོ་གུ་རུ་ཡ་མཱནྟ་ཀཱ་ཡ། རྟག་བརྟན་འ༵གྱུར་མེད༵་དངོས་པོ་ཀུན་གྱི་གཞི། །ཐོག་མཐའ་མེད་པའི་རྡོ༵་རྗེ༵་སེམས་ཀྱི་གཤིས། །གདོད་ནས་ཞི་ཁྲོའི་དཀྱིལ་འཁོར་ལྷུན་གྲུབ་ཏུ། །ཤར་བའི་ཁྱབ་བདག་གཏེར༵་ཆེ༵ན་བླ༵་མ༵་རྒྱལ། །ཞི་བའི་དབྱིངས་ནས་བརྩེ་བའི་ཐུགས་རྗེ་ཡིས། །སྒྱུ་འཕྲུལ་ཕྱ༵ག་རྒྱ༵་ཟི༵ལ་གནོ༵ན་ཁྲོ་བོའི་སྐུར། །ཡོངས་བཞེངས་གདུག་ཅན་བསད་པའི་ཁྲག་འཐུང་ཞིང་། །གཏུམ་དྲག་གར་གྱིས་ས་གསུམ་གནོན་ལ་འདུད། །རྒྱལ་བའི་འཕྲིན་ལས་ལས་བཞིའི་སྦྱོར་བ་ཡིས། །གདུལ་བྱ་ཀུན་འདུལ་འདུལ་བྱེད་ཐབས་ཀྱི་སྒོ། །རྣོ་མྱུར་ཤུགས་དྲག་དྲག་སྔགས་མེའི་སྤུ་གྲི། །གནུབས་ཀྱི་ཟབ་ཁྱད་ཁྱད་པར་འདི་རྨད་བྱུང་། །མཚུངས་མེད་བླ་མའི་བཀའ་དྲིན་གདམས་ངག་གིས། །ལྷག་པའི་ལྷ་མཆོག་འཇམ་དཔལ་ཞི་ཁྲོ་དང་། །འཁྲུལ་ངོར་ཤར་བའི་ལོག་འདྲེན་གདུག་པའི་དགྲ །ཡང་དག་དོན་ལ་བླང་དོར་མེད་པར་གོ །འོན་ཏེ་རྒྱལ་བསྟན་སྙིང་པོའི་དོ་ར་རུ། །དགའ་སྟོན་ཆོས་བཞིན་སྤྱོད་པའི་བདེ་སྐྱིད་གྲོགས། །སྲུང་བྱེད་ནག་པོའི་ལྕགས་རི་མངོན་སྤྱོད་ཀྱི། །འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་འདི་རུ་བཅའ། །དེ་ལ་འདིར་གཤེད་སྐོར་རྒྱུད་ལུང་ཀུན་གྱི་ཉིང་ཁུ། དྲག་སྔགས་ཀྱི་བདག་པོ་གནུབས་ཀྱི་ཁྱད་ཆོས། ཆོས་ཀྱི་རྒྱལ་པོ་འབྲི་ཁུང་པ་ཡབ་སྲས་ཀྱི་གཅེས་ནོར། ཐུབ་པའི་བསྟན་པ་བསྲུང་བའི་ལྕགས་རི། དྲག་སྔགས་གཟའ་གདོང་དམར་ནག་གམ་ཡང་ཟློག་མེའི་སྤུ་གྲིའི་ཟབ་གནད་ལག་ཏུ་བླང་བའི་རིམ་པ་ལ་ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་དངོས་གཉིས་ཀྱི། དང་པོ་ནི། སློབ་དཔོན་གཙུག་ལག་དཔལ་དགེས་ཚེ་བདག་ནག་པོའི་རྒྱུད་ནས་བཏུས། དེས་ཨོ་རྒྱན་ཆེན་པོ་ལ་གནང་། དེས་བལ་པོ་བ་སུ་དྷ་ར་ལ་གནང་། སློབ་དཔོན་བལ་པོའི་རྒྱལ་པོས་གནུབས་སངས་རྒྱས་ཡེ་ཤེས་བལ་ཡུལ་དུ་ལན་བདུན་བྱོན་པའི་ཐ་མ་ལ་གདམས་པ་འདི་གཞན་ལ་མི་སྤེལ་བའི་མནའ་བསྒགས་ཏེ་བཀའ་རྒྱ་དང་བཅས་ཏེ་གནང་། གནུབས་ཆེན་གྱིས་སྙིགས་དུས་སུ་སྔགས་པ་ནང་རྒྱས་བྱེད་དུས་གདམས་པ་འདི་དང་ཕྲད་པར་ཤོག་ཅིག་ཅེས་གཅེས་པ་བརྒྱད་ཀྱི་ཞལ་གདམས་དང་བཅས་ཏེ་ཆུ་དར་སྔོན་པོ་ལ་དངུལ་གྱི་ཡི་གེ་བྲིས་ཤེལ་གྱི་པར་བུར་བཅུག་བསེ་སྒྲོམ་སྨུག་པོར་གཏམས་ཏེ་ཕུང་པོ་རི་བོ་ཆེ་དང་ལྷོ་བྲག་མཁོ་མཐིང་གཉིས་སུ་སྦས། ཕུང་པོ་རི་བོ་ཆེའི་གཏེར་ཁ་རྒྱ་ཞང་ཁྲོམ་ཀྱིས་སྤྱན་དྲངས། ཁོང་ལ་ལྷ་རྗེ་གནུབས་ཆུང་གིས་ཞུས། གནུབས་ཆུང་གིས་ཀྱང་མཁོ་མཐིང་གི་གཏེར་ཁ་སྤྱན་དྲངས། ཁོང་ལ་ཚུར་སྟོན་རིན་ཆེན་རྡོ་རྗེས་ཞུས་ཚུལ་ནི། ཚུར་སྟོན་རིན་རྡོར་གྱིས། དཔོན་གཞོན་སྟོན་ཆུང་བུ་བདུན། མེས་སྤུན་ཚུན། ཕོ་ངོ་དྲུག་ཅུ་ལིངྒ་ལ་བཏབ་སྟེ་མཐུ་བྱས་པས། དོལ་པོ་མེས་སྟོན་གྱིས་ཟློག་པ་བྱས་ཏེ་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་། དེ་ནས་ཁ་རག་ཏུ་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེའི་དྲུང་དུ་ཕྱིན་ནས་ལོ་རྒྱུས་ཞུས་པས་ཁོང་གི་ཞལ་ནས། མེས་སྟོན་པ་ཞེས་བྱ་བ་གཙང་གི་རྒྱལ་ཁམས་ན་ཟློག་པ་ལ་ཁོང་ལས་མཁས་པ་མེད། ང་ལ་ཡང་ཟློག་པ་ཡང་ཞུན་ལ་སོགས་པ་ཡོད་དེ། དེས་ཀྱང་མི་ཡོང་། ཁྱོད་རང་ཡང་ཕྱག་ཆ་དང་ཨུརྨོ་ལ་མཁས་ཏེ། ཡང་ཟློག་ཟབ་པ་གཅིག་དགོས་པ་ཡིན་པས། དེ་གཙང་གི་ལྷ་རྗེ་གནུབས་ཆུང་ལ་ཡོད་གསུང་། དེ་ནས་སྣམ་བུ་ཚོས་མ་བུབ་བདུན་ཁྱེར་ནས་གཙང་རོང་དུ་ཕྱིན་ལྷ་རྗེ་གནུབས་ཆུང་ལ་ཕུལ་ནས་ཞུས། ཚུར་ལོག་སྔགས་རྒྱུན་བཅས་པས་ཆོ་འཕྲུལ་ཆེར་སོང་བས། དེ་ནས་ཡང་རྟ་ཕོ་ངང་ཞུར་གཅིག་གསེར་ཞོ་འགའ་ཁྱེར་ནས་སྐུ་མདུན་དུ་ཕུལ། གདམས་ངག་འདི་ཆ་ལག་མ་ཚང་བ་འདྲ་བས་ཚང་བ་གཅིག་ཞུ། དེ་མིན་ང་རང་གི་འབུལ་བ་ཚུར་ཁྱེར་དགོས། འདིའི་བཅའ་ག་བྱས་པས་ཆོ་འཕྲུལ་ཆེར་སོང་ཞུས་པས། དེར་ཁོང་གིས་སྔགས་ཀྱི་ཤམ་འདོགས་དང་། ལྷའི་སྒོམ་ཐབས་གཉིས་ཀ་ཚང་བར་གནང་ནས་ལྷག་མ་ཡོད་རེའི་དབུ་སྙུང་བཞེས། ཚུར་སྟོན་གྱིས་རང་གི་བུ་རྒྱུད་མིན་པ་གཞན་ལ་མི་སྟོན་པའི་མནའ་བསྐྱལ། དེ་ནས་བུ་ཆེ་བ་འཇམ་དཔལ་ལོ་བཅོ་བརྒྱད་ལོན་པ་དང་། ཚུར་སྟོན་དབང་ངེས་ལོ་བཅོ་ལྔ་ལོན་པ་སྟེ་ཁོང་གསུམ་གྱིས་སྔགས་རྒྱུན་བྱས་པས། མེས་སྟོན་དཔོན་གཡོག་བཞི་ཁྲག་ཏུ་སྐྱུགས་ནས་ཤིའོ། །དེ་ནས་དཔོན་གཞོན་པར་མཐུ་ཁ་ཟུག་ནས་ལོ་གསུམ་གྱི་ཁོང་ལ་ཕོ་ངོ་དྲུག་ཅུ་ཁ་དག་ལ་སོང་བ་ཡིན་ནོ། །དེ་ནས་རིམ་བཞིན་བརྒྱུད་དེ་ཆོས་ཀྱི་རྒྱལ་པོ་འབྲི་ཁུང་པ་ཡབ་སྲས་ཀྱིས་ཉམས་སུ་བཞེས་ཏེ་ལྷག་པའི་ལྷ་འདི་ལ་མཛད། ལས་ཀྱི་སྦྱོར་བས་འགལ་བྱེད་དུ་མ་ཆམ་ལ་ཕབ། དེ་ནས་བཤེས་གཉེན་དུ་མ་ལ་བརྒྱུད་དེ་གངས་ཅན་འགྲོ་བའི་བླ་མ་ཟིལ་གནོན་དྲག་པོ་རྩལ་གྱིས་ཀྱང་ལྷ་མཆོག་འཇམ་དཔལ་གཤིན་རྗེ་ཁོ་ན་ལ་ཡི་དམ་མཛད། གདམས་པ་འདི་ལ་བརྟེན་ཏེ་ཕས་ཀྱི་རྦོད་གཏོང་ཐམས་ཅད་རང་གཤེད་རང་ལ་ཕབ། མཐའ་བཞིའི་དགྲ་ལས་རྒྱལ་ཞིང་ཐུབ་བསྟན་གྱི་ཉི་མ་ཤར་བས་བདེ་སྐྱེད་ཀྱི་སྣང་བས་གངས་ལྗོངས་ཁེངས་པར་མཛད་དོ། །དེ་ནས་ཁོ་བོའི་དྲིན་ཅན་རྩ་བའི་བླ་མ་ཆོས་རྒྱལ་གཏེར་བདག་གླིང་པས་ཀྱང་ཡོངས་འཛིན་དུ་མའི་ཞབས་ལ་བཏུད་དེ་གདམས་པ་འདི་ཉིད་ཀྱི་ཟབ་གནད་རྣམས་ཕུ་ཐག་ཆོད་པར་མཛད་ཅིང་ཐུགས་ཉམས་སུ་བཞེས། སྐལ་ལྡན་མང་པོའི་རྒྱུད་ལ་གཏམས་ཤིང་ལས་ཀྱི་སྦྱོར་བས་མཐའི་དམག་དཔུང་གདུག་པ་ཅན་སོགས་མ་རུངས་པའི་དགྲ་བགེགས་ཐམས་ཅད་ཚར་བཅད། བསམ་སྦྱོར་ངན་པའི་རྦོད་གཏོང་ཐམས་ཅད་རང་གཤེད་རང་ལ་བཟློག །མདོར་ན་བདུད་སྡེའི་མུན་པ་དབྱིངས་སུ་བཅོམ་ནས་ཕན་བདེའི་སྣང་བས་ཁེངས་པར་མཛད་པ་ནི་གང་ལས་བྱུང་བའི་གདམས་པའི་ལོ་རྒྱུས་མདོར་བསྡུས་པའོ། །གཉིས་པ་གདམས་པ་དངོས་ལ་གཞུང་རྩ་བར། སྐོར་གསུམ། མཚན་བཞི། གནད་གསུམ་སྟེ་དོན་བཅུར་གསུངས་པ་ལྟར། འདིར་ཡང་མཚན་བཞིས་ངོས་བཟུང་། གནད་གསུམ་གྱིས་གཏན་ལ་ཕབ། སྐོར་གསུམ་གྱིས་ཉམས་སུ་ལེན་ཚུལ་སྟོན་པའོ། །དང་པོ་ནི། རྫས་ལ་མཚན་གསོལ་བ་པུ་རི་དཀར་ནག །ལྷ་ལ་མཚན་གསོལ་བ་གཤིན་རྗེ་ཚེ་བདག །སྔགས་ལ་མཚན་གསོལ་བ་ཨེ་ཀ་ཡ་མ་ཤམ་འདོགས་དང་བཅས་པ། དཔེ་ལས་མཚན་གསོལ་བ་རྣོ་ཞིང་མྱུར་བས་ཡང་ཟློག་ནག་པོ་མེའི་སྤུ་གྲིའོ། །གཉིས་པ་གནད་གསུམ་གྱིས་གཏན་ལ་ཕབ་པ་ལ། བཅའ་བ་རྫས་ཀྱི་གནད། སྒོམ་པ་ལྷའི་གནད། བཟླས་པ་སྔགས་ཀྱི་གནད་དང་གསུམ་གྱི་དང་པོ་ལ། པུ་རི་དཀར་ནག་བཅའ་བ། འཁོར་ལོ་བྲི་བ། ཡོངས་རྫོགས་ལས་སྦྱོར་གྱི་བཅའ་གཞི། འདིར་དགོས་པའི་རྫས་ཕྲན་ཚེགས་བཤད་པ་དང་བཞིའི་དང་པོ་ནི། གནས་བཀྲ་ཤིས་ཤིང་བྱིན་ཆགས་པའི་ས། གཙུག་ལག་ཁང་དང་མཆོད་རྟེན་བྱིན་ཅན་གྱི་ས། རི་དཔྱད་ལེགས་པའི་ས། མི་འཕེན་དར་འཛོམ་པའི་ཁང་ས། གཞན་ཡང་བཀྲ་ཤིས་ཤིང་བྱིན་ཆགས་པའི་ས་སྣ་གང་འཛོམ་དྲི་བཟང་གི་ཆུས་སྦྲུས་ལ། གཟའ་སྐར་ཚེས་གྲངས་བཟང་བ་ལ་སྔགས་པ་དམ་ལྡན་ནམ། དགེ་སློང་ཁྲིམས་ལྡན་གྱིས་ལས་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཚན་ཉིད་དང་ལྡན་པ་རྨང་དགེའི་སྟེང་ནས་ཐུན་ལམ་ཡོད་པ་བཞེངས་ན་ནང་གཟུངས་ཀྱི་རིམ་པ་སྤྱི་ལྟར་གཞུག་ཅིང་། ཁྱད་པར་བུམ་པའི་ནང་དུ་སྲུང་ཟློག་གི་འཁོར་ལོ་མདུན་རྒྱབ་མ་ནོར་བར་སྲོག་ཤིང་ལ་བརྟེན་ཏེ་བཅུག །ན་བཟའ་དཀར་པོ་གསོལ། རབ་གནས་ཚུལ་ལྡན་སྤྱི་ལྟར་རམ། ཡང་ན་གཞི་མ་དཀར་པོའི་སྟེང་དུ་འབྲས་སམ་ནས་མེ་ཏོག་དཀར་པོའི་ཚོམ་བུ་དགུ་བཀོད་པའི་དབུས་སུ་པུ་རི་བཞུགས། ཕྱོགས་མཚམས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་གི་གཏོར་མ་དང་། ཕ་རོལ་གྱི་ལྷ་སྲུང་གི་གཏོར་མ་རྣམས་བཤམས་མཐར་མཆོད་པས་བསྐོར། རང་གཤིན་རྗེར་གསལ་བཏབ་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་མཆོད་གཏོར་ཕུལ་ལ་བདག་མི་ནོར་འཁོར་དང་བཅས་པ་རྣམས་བསྲུང་བའི་གསོལ་གདབ་དང་ཕྲིན་ལས་གསོལ། ཁོའི་ལྷ་སྲུང་དང་སྡེ་བརྒྱད་བཅས་པ་ལ་གཏོར་བསྔོ་དང་བཀའ་བསྒོ་བྱ། དེ་ནས་སྲུང་སྔགས་དཔུང་བསྐྱེད་དེ་རྟགས་མ་བྱུང་བར་བཟླས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་དང་བརྟན་བཞུགས་བྱ། ཆོས་བསྐོར་བདུན་བྱས་ལ་བཀྲ་ཤིས་བརྗོད། དེ་ཉིད་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་འདུས་པའི་མཆོད་སྡོང་འགྲོ་བ་གང་གིས་མཐོང་རེག་ཏུ་གྱུར་པ་ཐམས་ཅད་ཀྱང་ཕ་རོལ་གྱི་བྱད་དང་རྦོད་གཏོང་མི་དང་མི་མ་ཡིན་པའི་གནོད་པ་ལས་བསྲུང་ནུས་པར་བསམ་མོ། །ནག་པོ་ནི་དུར་ཁྲོད་ཀྱི་ས་ནག་དང་འཕུང་ས་གསུམ་སོགས་བཀྲ་མི་ཤིས་ཤིང་གདུག་པའི་ས་སྣ་རྣམས་ཡུགས་སའི་གཅིན་དང་རྨེ་ཁྲག་དུག་ཆུས་སྦྲུས། ཕུང་གསུམ་བདུད་ཉི་ཟིན་ཕུང་སོགས་གཟའ་སྐར་ངན་པ་ལ་གདོལ་བཤན་རྨེ་ཡུགས་སམ་རབས་ཆད་དམ་ཉམས་སོགས་ཀྱི་ས་ལས་བྱས་པ་མཆོད་རྟེན་ནག་པོ་བང་རིམ་དགུ་པ་ནང་གྲུ་གསུམ་མམ་སྟོང་པར་བྲུས་པའི་རྩེ་མོ་ནས་ཐུན་ལམ་ཡོད་པ། རོ་སོལ་དང་དུག་ཁྲག་གིས་ཕྱི་ནང་ཀུན་དམར་ནག་ཏུ་བྱུགས་ལ་བཞག །དེ་དང་ཟློག་བསད་ཀྱི་ཙཀྲ་རྣམས་གཞི་མ་ནག་པོའི་་་རེ་ནག་གམ་དར། སྟེང་དུ་འབྲུ་ནག་གི་ཚོམ་བུ་བཀོད་པའི་དབུས་སུ་བཞག །མཆོད་གཏོར་བཤམས་ལ་གསོལ་གདབ་བཀའ་བསྒོ་རྣམས་གོང་བཞིན་བྱ། དེ་ནས་པུ་རི་དེ་ཁཾ་ལས་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བ་ལས་བྱེད་ཕོ་ཉའི་བཤན་ར། མདོར་ན་དགྲ་བགེགས་རྣམས་དེར་སླེབ་པ་ཙམ་གྱིས་བརླག་པར་བསམ། འཁོར་ལིང་ལ་དགུག་གཞུག་དྲག་ཏུ་བྱས་ལ་ལྷ་དང་དབྱེ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ཟློག་བསད་མནན་པའི་སྔགས་ཅི་མང་བཟླས་ལ་བོན་བསྐོར་བདུན་བྱས་རྗེས། ༈ ན་མོ་བླ་མའི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། འཁོར་འདས་ཟིལ་གྱིས་གནོན་པ་ཚེ་བདག་ནག་པོའི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་ངན་སྔགས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་གིས་ཇི་ལྟར་བསམ་པའི་དྲག་པོ་མངོན་སྤྱོད་ཀྱི་ལས་འདི་འགྲུབ་པར་གྱུར་ཅིག །མྱུར་དུ་འགྲུབ་པར་གྱུར་ཅིག ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབ། འདི་ཉིད་པུ་རི་རྙིང་པ་ཡིན་ན་ལས་སྦྱོར་གྱི་སྔོན་དུ་བྱས་ན་ལེགས་ཤིང་དེ་མཐུན་བཤན་པ་ཞིག་གིས་རྨེ་ཁྲག་དང་དུག་ཁྲག་སོགས་ཀྱང་བྱུགས། གཞུང་རྩ་བར་གཉིས་ཀ་ཚ་ཚས་རུང་བར་གསུངས་ཤིང་དེས་ན་ནག་པོར་ཡེ་དྷརྨཱ་མེད་པར་བྱའོ། །རྒྱུན་དུ་སྲུང་ཟློག་གི་ཆེད་དུ་པུ་རི་དཀར་པོ་ཡ་ཐེམ་མམ་སྒྲུབ་ཁང་སྟེང་དུ་གཞུགས་ཤིང་ནག་པོ་ཟློག་པའི་ཙཀྲ་དང་ལྷན་དུ་ཐེམ་འོག་ཏུ་འཛུད་པར་བཤད་ཅིང་ད་ལྟའི་ལག་ལེན་ལྟར་ན་གཉིས་ཀ་གནས་དབེན་པར་བཞུགས་སུ་གསོལ། གཉིས་པ་འཁོར་ལོ་བྲི་བ་ལ། སྲུང་བ། ཟློག་པ། བསད་པ། མནན་པ་དང་བཞིའི་དང་པོ་ནི། རས་དར་དཀར་རམ་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བ་ལ་ཨོཾ་ཨཱཿཧཱུྃ་བརྩེགས་མའི་མགོ་ནས་ཡིག་མགོ་ཕྱིར་བསྟན་དུ་སཾ་གྷྲི་བ་རི་ནྲི་བྷྲཱུྃ་ཧཱུྃ་ཛཿའི་མཐར་བསྲུང་བྱའི་མིང་དང་འདོད་གསོལ་སྲུང་བའི་ཤམ་བུ་བཅས་བྲི། དེའི་ཕྱིའི་མུ་ཁྱུད་ལ་ཨ་ཀྲོ་བཅུ་གཅིག་པ་དང་། རྩིབས་བཞིའི་སྟེང་མ་ལ་ཨེ་ཀ་ཡ་མ། གཡས་གྷྲི་མ། གཡོན་ཧེ་ཀ །འོག་སརྦ། མཆན་རྣམས་ལ་བསྲུང་བྱའི་མིང་རྣམས་སོ་སོར་ཤམ་བུ་དང་བཅས་བྲི། དེའི་ཕྱིའི་མུ་ཁྱུད་ལ་དབྱངས་གསལ། དེའི་ཕྱིའི་མུ་ཁྱུད་ལ་ཡེ་དྷརྨཱ་ཤམ་བུ་དང་བཅས་བྲི་བའི་དབྱངས་མ་གཏོགས་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ནོ། །དེའི་ཕྱི་རྡོར་ར་མེ་རི་རྣམས་བྲིས་པའི་ལྟེ་བ་མཐིང་། མཛེས་པའི་མུ་ཁྱུད་སེར། མུ་ཁྱུད་དམར། རྩིབས་སྔོ། །མཆན་སེར་ལ་མདངས་དམར། མུ་ཁྱུད་གཉིས་སྔོ་དམར། རྡོར་ར་གཞི་སེར་པོ་ལ་རྡོ་རྗེ་ལི། མཛེས་པའི་མུ་ཁྱུད་སྔོན་པོ་ལ་མེ་དམར་སེར་རོ། །ཡང་འཁོར་ལོ་གོང་ལྟར་བསྐོར་ལ་ལྟེ་བ་མུ་ཁྱུད་སོགས་གོང་མ་ལྟར་ལ། རྩིབས་གཡས་ལ་ཧེ་ཀ་གཡོན་ལ་གྷྲི་མ་བཀོད་པ་དང་མེ་གཡོན་སྐོར་དུ་བྲི་བ་ཁྱད་པར་རོ། །གསལ་བྱེད་དང་ཡེ་དྷརྨཱ་མ་གཏོགས་ཡིག་མགོ་ཐམས་ཅད་ནང་བསྟན་ནོ། །གཉིས་ཀའི་རྟེན་འབྲེལ་སྙིང་པོ་མགོ་ཕྱི་བསྟན་བྱེད་པ་རྗེ་རཏྣའི་ཕྱག་ལེན་སྣང་ཞིང་། དབྱངས་གསལ་སྤེལ་མར་བྲི་བ་དང་གཡས་གཡོན་དུ་བྲི་བ་འདམ་ཀ་ཅན་ནོ། །གང་ལྟར་ཡང་དྲི་བཟང་དང་ཆོས་སྨན་གྱིས་བྱུགས། ལྟེ་བར་གསེར་གྱི་ཡིག་འབྲུ་གསུམ་དང་གདུང་ཤ་རཱི་རམ་བཅུག་སྟེ་ཁ་སྦྱར་ལ་སྲུང་ལྟེབ་སྤྱི་ལྟར་བྱས་རབ་གནས་དང་ལྡན་པས་ལུས་ལ་བཅང་། པུ་རི་དཀར་པོར་གཞུག་ཚེ་སྲོག་ཤིང་གི་མདུན་ནས་ཚུར་བསྟན་ལ་དབུ་ཞབས་མ་ལོག་པར་བཞུགས་སོ། །གཞུང་གི་བཤད་ཚོད་བླ་མ་གཞན་གྱི་ཕྱག་ལེན་ལྟར་ན་འཁོར་ལོ་ཆིག་རྐྱང་ལ་རྩིབས་གཡས་ཧེ་ཀ་དང་གཡོན་གྷྲི་མ་དབྱངས་མ་གཏོགས་ཡིག་མགོ་ཕྱི་བསྟན་དུ་མཛད་པའང་སྣང་ངོ་། །གཉིས་པ་ཟློག་པ་ལ་བརྐྱང་པ་དང་དྲག་པོ་དང་ཉིང་ཟློག་གསུམ་གྱི་དང་པོ་ནི། ལྟེ་བར་ཧཱུྃ་དང་ཤམ་བུ་ཟློག་ཏུ་བསྒྱུར་བ་མ་གཏོགས་གཞན་ཐམས་ཅད་སྲུང་འཁོར་དང་འདྲ་བ་ལས་རྟེན་འབྲེལ་སྙིང་པོ་རྩིབས་སྔགས་དང་བསྟུན་པ་ཁྱད་པར་རོ། །གཉིས་པ་དྲག་པོ་ནི། ལིངྒའི་ཁོག་པར་འཁོར་ལོ་རྩིབས་བཞི་མུ་ཁྱུད་གཉིས་བྱས་པའི་ལྟེ་བར་ས་བོན་ཛཿཡིས་ལྟེམས་པའི་བར་མིང་རུས་ཟློག་ཤམ་དམོད་པ་དང་། རྩིབས་བཞིའི་སྟེང་མར་ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་དགྲ་བགེགས་ཆེ་གེ་མོ་ཟློག་སོགས། གཡས་ཧེ་ཀ །གཡོན་གྷྲི་མ། འོག་སརྦ། མཆན་རྣམས་ལ་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་སོགས། དེའི་ཕྱི་རིམ་མུ་ཁྱུད་ལ་ཟློག་སྔགས་ལྷག་མ་ཤམ་བུ་བཅས་པ། དེའི་ཕྱིའི་མུ་ཁྱུད་ལིང་ཚེ་བཅུ་གཉིས་སུ་བཅད་པའི་ནང་དུ་སྟེང་ནས་བརྩམ་སྟེ་འགྲོ་ཕྱོགས་སུ། དགྲ་བོ་ཆེ་གེ་མོའི་མ་རིག་པ་མུན་པའི་སྨག་རུམ་དུ་ཕོབ་ཅིག་སོགས་རྟེན་འབྲེལ་བཅུ་གཉིས་བྲི། ཡིག་མགོ་ཐམས་ཅད་ནང་བསྟན་ནོ། །ལིངྒའི་ཚིགས་ཆེན་བཞིར་རྡོ་རྗེས་གཟིར་ཞིང་ཉམ་ཐག་པའི་རྣམ་འགྱུར་ཅན་གྱི་ཕྱིར་ཛ་ཁྲམ་བྲིའོ། །གསུམ་པ་ཉིང་ཟློག་ནི་གོང་ལྟར་གྱི་ཕྱིར་མུ་ཁྱུད་གཅིག་བསྣན་ལ་དུ་ན་བདུན་པ་ཤམ་བུ་དང་བཅས་པ་བྲི་བའོ། །ལྟེ་བ་སྔོ། རྩིབས་སེར་མདངས་དམར། མཆན་སྔོ་མདངས་དམར་སེར། མུ་ཁྱུད་སྔོ། ལིང་ཚེ་སྔོ་མདངས་སེར་དམར། ལིངྒ་ཤ་མདོག་ལ་རྡོ་རྗེ་དང་མཚོན་ཆ་རྣམས་སྔོན་པོའོ། །གསུམ་པ་བསད་པ་ནི། ཟློག་པ་དྲག་པོ་ལྟར་ལས་ཤམ་བུ་མཱ་ར་ཡ་སོད་ཅེས་སྒྱུར་ལ་མུ་ཁྱུད་ལ་བསད་སྔགས་ལྷག་མ་དང་ལིངྒའི་རྣམ་འགྱུར་མགོ་བོར་རྡོ་རྗེ་དང་། ལག་གཡས་ཕུར་པ་དང་གཡོན་རལ་གྲི་བྲང་ལ་བཙུག་པ་ཁྱད་པར་རོ། །འདི་དང་ལྷན་དུ་ལིང་རྐྱང་རེ་བྲི་བ་ནི། ལིངྒ་ཉམ་ཐག་པའི་རྣམ་འགྱུར་ཡན་ལག་སྒྲོག་ཏུ་བཅུག་པའི་སྙིང་གར་ས་བོན་ཛས་ལྟེམས་པའི་མཐར་མིང་རུས་དམོད་མོ་དང་བཅས་པ་མགོ་ཕྱིར་བསྟན་དུ་བྲི། ཕྱིར་བསད་སྔགས་མགོ་ནང་བསྟན་དུ་བྲིས་པའི་མཐར་ཛ་ཁྲམ་བྲིའོ། །བཞི་པ་མནན་པ་ལ་ལུས་ངག་ཡིད་གསུམ་པོ་སོ་སོར་དང་ཆམ་གཅིག་ཏུ་མནན་པ་གཉིས་ལས། དང་པོ་ནི། ལུས་མནན་སྤྱི་བོར་འཁོར་ལོ་བྲིས་ལ་ཁོག་པ་ལིང་རྐྱང་ལྟར་དང་། ཤམ་བུར་ལུས་སཏྭམ་བྷ་ཡ་ནན་ཅེས་བྲིས། ངག་མནན་ལྕེ་བྲང་སྟེང་དུ་ཕྱུངས་པའི་ཁར་བྲི། ཡིད་མནན་སྙིང་གར་བྲི། ཤམ་བུ་ཡང་སོ་སོར་སྒྱུར་ཞིང་སྤྱི་བོར་རི་རབ་དང་ཕུར་བུ་བྲི། འཁོར་ལོ་གོང་ལྟར་བསྐོར་བའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་གི་དབུས་སུ་ཛའི་བར་དུ་ས་བོན་དང་མཚམས་བཞིར་ལམ་བྲིས་པའི་མཐར་མིང་རུས་དམོད་པ་མནན་ཤམ་བཏགས་པ་བྲི། རྩིབས་གཡས་གྷྲི་མ་དང་གཡོན་ཧེ་ཀ །མུ་ཁྱུད་ལ་མནན་སྔགས་ལྷག་མ་དང་ལིང་ཚེར་མ་རིག་པ་ནན་སོགས་དང་རྩིབས་མཆན་ཡང་གོང་གིས་འགྲེ། ཕྱིར་ཛ་ཁྲམ་དང་ནན་བྲི། ཡིག་མགོ་ཐམས་ཅད་ཕྱིར་བསྟན་ནོ། །གཉིས་པ་ཆམས་གཅིག་ཏུ་མནན་པ་ནི། ལིངྒ་ཆེ་བ་གཅིག་གི་སྤྱི་བོར་ལུས་མནན། སྙིང་གར་ཡིད་མནན། ཤོག་ཐེབ་ལྕེ་བཟོ་བྱས་པ་གཅིག་ལ་ངག་མནན་འཁོར་ལོ་བྲིས་ལ་ཁ་ནང་དུ་སྦྱར། འཁོར་ལོ་སོ་སོར་བཤད་པ་དང་ཁྱད་པར་མེད། མནན་འཁོར་ཐམས་ཅད་ཡི་གེ་བཤུར་མ་བྲི། དེ་ལྟར་དྲག་པོ་ལས་སྦྱོར་གྱི་འཁོར་ལིང་ཐམས་ཅད་རབ་ཞིང་ལྤགས་འབྲིང་རོ་རས་ཐ་མ་དུག་ཤོག་ལ་བྲི། བྲིས་ཚར་ནས་འབྱུང་བ་བཞིས་ཁྲུས་བྱ། དགྲ་བོའི་དྲི་མ་དྲུག་གང་འཛོམ་དང་དུག་ཁྲག་གིས་བྱུགས། གནས་ཡིག་དང་སྤྱོད་ལམ་རྣམས་རྗེ་འབྲི་ཁུང་པའི་ལེགས་བཤད་མུརྡྷ་སྤྱིའི་གནས་ཡིག་ཏུ་བཤད་པ་ལྟར་བྱའོ། །གསུམ་པ་ཡོངས་རྫོགས་ལས་སྦྱོར་གྱི་བཅའ་གཞི་ནི། གནས་དབེན་པར་གདུག་པའི་ས་ལ་སྟེགས་བུ་རྒྱར་མདའ་གང་དཔངས་སུ་ཁྲུ་གང་པ་བརྩིགས་པའི་དབུས་གྲུ་གསུམ་པར་གྲི་ལྕགས་ཀྱི་བྲུབ་ཁུང་བང་རིམ་གསུམ་ལྡན་རྩེ་རང་ལ་བསྟན་པའི་ཁ་ཁྱེར་ལ། རྩང་དམར་སྐེད་པ་རོ་སོལ་གྱིས་ནག་པོར་བྱུགས་ཤིང་སྡེ་བརྒྱད་ཀྱི་སྲོག་སྙིང་བྲིས་པ་དང་རྩེ་མོར་ཤ་དུམ་བསྐྱོན་པ་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས། རོ་སོལ་དང་གྲི་ཁྲག་གིས་སྟེགས་བུ་དང་བྲུབ་ཁུང་དམར་ནག་ཏུ་བྱུགས། དེ་ནང་དུ་མནན་འཁོར་གན་རྐྱལ་དུ་བཞག་པའི་སྙིང་གར་ཐུན་ལམ་ཡོད་པ་བྱས་ལ་པུ་རི་ནག་པོ་མགོ་མཇུག་ལྡོག་པའི་ནང་དུ་བསད་འཁོར་བསད་པའི་ལིང་རྐྱང་དགྲ་དུ་ཡོད་ཀྱི་གྲངས་དང་མཉམ་པ། ཟློག་འཁོར་རྣམས་སོ་སོར་གཤིན་ལྟེབ་བྱས་པའམ་བརྩེགས་མ་མཐའ་ནས་རིམ་བཞིན་བལྟེབས་པ་འཇུག །གང་བྱེད་ཀྱང་ས་བོན་མ་འཆོལ་བར་བརྩེགས་པའི་ནྲྀ་མིག་ཏུ་གྲི་ལྕགས་ལས་བྱས་པའི་ཕུར་པ་སོར་བཞི་པ་གྲི་ཁྲག་དང་བྷི་ཤཀ་ཡུགས་སྐྲ་རྣམས་ཀྱིས་ངར་བླུད་ལ་མ་བུག་ཙམ་བཏབ། བདུད་དང་གནོད་སྦྱིན་གྱི་ཞགས་པས་་་བདུད་གནོད་སྦྱིན་གྱི་ཞགས་པ་ཞེས་པ་བྱད་ཐག་སྔོ་དམར་ཡིན་ཞིང་། ཐུན་ཐག་ཀྱང་བྱད་ཐག་སྔོ་དམར་གྱིས་མཛད། མཆན། བཅིངས། དེའི་སྟེང་དུ་དབྱེ་རྫས་ཀྱི་ཐུམ་བུ་བཞག །ཚོན་སྐུད་དང་ཡུགས་སྐྲའི་ཐུན་ཐག་བཏགས། ཁ་རོ་གཡམ་ལ་སྟེང་རི་རབ་དང་འོག་རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས་སུ་ཐུན་ལམ་ཡོད་པས་བཅད། དེའི་སྟེང་དུ་པུ་རི་དཀར་པོ་བཞུགས། ཐུན་ལམ་ནས་ཐུན་ཐག་དྲངས་པ་གཏོར་མར་གཏད་ཅིང་སྣེ་ཕུར་བུར་བཏགས། བྲུབ་ཁུང་ལ་ཕུང་རེའི་གུར་ཕུབ་ཅིང་ཐུན་ལམ་ཡང་ཕུར་བུ་སོར་བཞི་པས་བཀག་ལ། བཅས་ཀྱི་ནང་དུ་རླུང་ཡང་མི་ཐར་བར་བྱའོ། །དེའི་སྟེང་དུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་ལ་སྔར་གྱི་གཏོར་ཟན་རྙིང་པ་དང་བཙན་དུག་ཆོས་སྨན་ཤ་ཆེན་རྣམས་བསྲེས་པ་ཁྲག་ཆེན་དང་ཆང་གིས་སྦྲུས་ལ་་་གལ་ཆེ་ན་ཤོག་བུ་ལ་ཟློག་སྔགས་བྲིས་པའི་ཤམ་བུར་འདོད་གསོལ་བྲིས་པ་གཤམ་ནས་དྲིལ་ཏེ་གཏོར་མའི་ནང་དུ་འཇུག་གོ །མཆན། གཏོར་མ་བྲ་བོའི་འབྲུ་ལྟ་བུ་འཁོར་གྲུ་གསུམ་བཞི་དང་མཚམས་བཞིར་བཅད་ཁ་ཕྱིར་བསྟན་གྱི་ཨོང་ཀྱུ་རྣམས་ཁྲག་གིས་བྱུགས། གཙོ་འཁོར་ལ་ཁྲམ་རིས་དང་མཚེ་ཡུངས་རྒྱན་དཀར་དམར་གྱིས་བརྒྱན་པ་མཐའ་སྐོར་དུ་རྩང་ཕུར་སྟོད་སྨད་གྲི་ཁྲག་དང་སྐེད་པ་རོ་སོལ་གྱིས་བྱུགས་ཤིང་རྩེ་མོར་ཤ་དུམ་བསྐྱོན་པ་སྲིན་མོ་འགྲོས་སུ་བཙུགས། རྒྱུ་རློན་གྱི་ལྡ་ལྡིས་བརྒྱན་པའི་རྩེ་མོར་གཙོ་འཁོར་རྣམས་ཀྱི་སྐུ་རྟེན་དར་ནག་གི་གདུགས་དང་བཅས་པ་བཀོད། ལས་གལ་ཆེ་ན་སྲུང་འཁོར་མདུན་དང་ཟློག་འཁོར་རྒྱབ་ཏུ་འོང་བར་བྱས་ལ་གཏོར་གདུགས་འོག་ཏུ་འདོགས་ཤིང་ཟློག་པའི་དུས་གཏོར་མ་ཞལ་ཕྱིར་བསྒྱུར་དུས་སྲུང་བ་གཏོར་མའི་རྒྱབ་རང་ངོས་དང་ཟློག་པ་མདུན་ངོས་ཕྱིར་ཡོང་བ་བྱའོ། །གཞན་ཡང་རྟགས་གཏོར་གཙོ་འཁོར་ལྔ་པ་དང་ཟོར་གཏོར་ཨོང་ཀྱུ་ཅན་ཐུན་གཏོར་ལོགས་གསུམ་དུ་ཨོང་ཀྱུ་སྦྱར་བ་རྣམས་དབྱིབས་དང་རྒྱན་གཏོར་ཆེན་ལྟ་བུ་སྟེགས་བུའི་གྲྭ་རྣམས་ལ་བཀོད། དེའི་མཐའ་སྐོར་མདུན་དུ་དྲག་པོའི་ཉེར་སྤྱོད་བཤམ། ཕྱོགས་བདེ་བར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་བླ་མ་ཡི་དམ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་དང་། དེ་ལས་དམའ་བར་ལས་གཤིན་གྱི་གཏོར་མ་དང་སྡེ་བརྒྱད་ཀྱི་གཏོར་མ་གྲུ་གསུམ་འཁོར་བརྒྱད་པ་ཤ་ཁྲག་གིས་བརྒྱན་པ་དང་། གཏེར་སྲུང་གི་གཏོར་མ་རྣམས་བཤམས་ཤིང་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཤམ། བམ་ཆེན་སོགས་གཞན་ཡང་སྐོང་རྫས་དང་། ཁྲག་གཙང་གསེར་སྐྱེམས་ཚོགས་འཁོར་སོགས་མཆོད་པར་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམ་མོ། །ཉིང་ཟློག་གི་འཁོར་ལོ་སྨྱུག་ཚིགས་སུ་བཅུག་ལ་་་བསད་པའི་ལིང་རྐྱང་ཞིག་དང་མཉམ་དུ། མཆན། དཀྱིལ་འཁོར་བཅས་ཀྱི་འོག་གམ་མལ་འོག་ཏུ་མནན་ནོ། །བཞི་པ་དགོས་པའི་རྫས་ཕྲན་བཤད་པ་ནི། དབྱེ་རྫས་བྱ་རོག་གི་དང་རུ་གཡས་པར་ཡུགས་སའི་མངལ་ཁྲག་གིས་ནྲྀ་བྲིས་པ་དང་འུག་པའི་དང་རུ་གཡོན་པར་མཛེ་ཁྲག་གིས་ཨ་བྲིས་པ་སྟེགས་བུའི་སྟེང་གཡས་གཡོན་དུ་བཙུགས། བདུག་པའི་རྫས་གུ་གུལ། མུ་ཟི། ཚིལ་ཆེན། ཡུགས་དོར། རྟ་བོན། རྭ་གཞོབ། རྨེ་ཡུགས་དང་མཛེ་ཕོའི་འབོག །རྒྱ་ཚིལ་རྣམས་སྦྱར་བ། ཐུན་རྫས་འབྲུ་གསུམ།་་་སྐྱེ་ཚེ་ཤང་ཚེ་ཡུངས་དཀར་ནག ངན་གསུམ།་་་བྲ་བོ་སྦང་མ་སྲན་མ། སྣ་གསུམ།་་་དུག་སྣ་ཁྲག་སྣ་བཀྲ་མི་ཤིས་པའི་ས་སྣ། ཕྱེ་གསུམ་་་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ། རྣམས་སྔགས་ཀྱིས་ངར་བླུད་པ་ཐོད་ངན་ནམ་གཡག་རྒོད་ཀྱི་རར་བླུགས་པ། མིག་རྫས་ཤ་དམར་བཙན་དུག་དང་དགྲ་བོའི་དྲི་མས་སྦགས་པའི་རིལ་བུ། ཞུར་རྫས་སྒྱེད་བུ་གསུམ་ཀྱི་དྲེག་པ་ཁྲག་ཆང་ལ་སྦྱར་བ། གདབ་ལས་སྙིང་ཕུར་སྔགས་ཀྱི་དམ་ཚིག་རྟེན་དུ་བཅང་བའམ་ཁྲོ་ཞལ་ཅན་ནམ་ཡང་ན་སེང་ལྡེང་ལས་བྱས་པའི་སོར་བཞི་པ། སྲོག་ཕུར་གྲི་ལྕགས་ལས་བྱས་པ། བླ་ཕུར་གྲི་རྐང་ལས་བྱས་པ། སྒྲོལ་གྲི་ཐོ་བ་ཧོམ་གཟར་རྣམས། མནན་རྫས་རོ་གཡམ། སྤྱིའི་མནན་སྣོད་དགྲ་ལ་གླང་རུ་དང་། བགེགས་ལ་ཝ་ཐོད་ཙམ་དང་དམིགས་བསལ་སོ་སོར་བཤད་པ་ལྟར་དང། བྱ་རོག་མི་ཁྱིའི་རྟུག་སྐམ། སྐྱ་ཚེར་མ། བལ་ནག །སཱཙྪ། ཕུང་རེ། ཚོན་སྐུད། ཤོག་བུར་སྣ་ཚོགས་རྡོ་རྗེ་བྲིས་པ་དུག་ཁྲག་གིས་ངར་བཏགས་པ། རྒྱ་སྐྱེགས་ཀྱི་ཚིག་མ་རྣམས་དང་། བསྲེག་རྫས་ནི་ཆོ་ག་གང་ལ་བརྟེན་ཏེ་བྱ་བ་དེ་ལས་ཤེས་པར་བྱའོ། །གཉིས་པ་སྒོམ་པ་ལྷའི་གནད་ལ། སྤྱིར་ལྷ་སྒོམ་པ། བྱེ་བྲག་གི་དམིགས་པ། ཞར་བྱུང་ཡན་ལག་གི་དམིགས་པ་བཤད་པ་དང་གསུམ་གྱི་དང་པོ་ནི། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་བདག་དང་བསྲུང་བྱའི་བར་ཆད་ཞི་བའི་ཕྱིར། ཚེ་བདག་ནག་པོའི་སྲུང་འཁོར་བསྒོམ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་རང་བཞིན་དག་པའི་སྔགས་བརྗོད་ལ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གནས་ལུགས་དེ་བཞིན་ཉིད་དུ་མཉམ་པར་འཇོག །གནས་ལུགས་དེ་ལྟ་བུ་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ། སྟོང་ཉིད་སྙིང་རྗེའི་རང་རྩལ་འགག་པ་མེད་པ་རང་གི་རིག་པ་ཡི་གེ་ཧཱུྃ་མཐིང་ནག་འབར་བར་བསྒོམ་མོ། །ཧཱུྃ་དེ་ལས་འོད་ཟེར་མཐའ་མེད་དུ་འཕྲོས་པའི་རྩེ་ལས་བྱུང་བའི་ཡི་གེ་གསུམ་སྤྲོས་གཟུང་འཛིན་དངོས་པོར་སྣང་བའི་བག་ཆགས་ཐམས་ཅད་བསྲེགས་གཏོར་བཀྲུས། སླར་ཡང་ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་རྣམས་རིམ་པར་ཆད་པ་ལས་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རྣམས་རིམ་པར་བརྩེགས་པའི་སྟེང་དུ། ཧཱུྃ་ལས་བྷྲཱུྃ་ཆད་པས་མཆོད་རྟེན་དཀར་པོ་འོད་ལྔ་འཕྲོ་བ། དེ་ཡང་ཐབས་ཤེས་གཉིས་སུ་མེད་པའི་རྒྱུ་ཨཱ་ལི་ཀཱ་ལི་ལས་གྲུབ་པ། ངོ་བོ་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེ་ཕ་ལམ། རྣམ་པ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གདན་ཁྲི་བང་རིམ་གསུམ་པ། སྟེང་དུ་རི་རབ་བང་རིམ་བཞི་པ། བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས་པ་དྭངས་མའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཕྱོགས་བཅུར་འཕྲོ་བར་བསམ། བུམ་ནང་དུ་རྒྱུ་ལས་ཧཱུྃ་ཆད་པ་ཡོངས་སུ་གྱུར་པ་ལས། གསེར་གྱི་རྒྱ་གྲམ་རྭ་ཕྲག་རྣམས་སུ་རྡོ་རྗེའི་ཚྭ་ཚྭ་འཕྲོ་ཞིང་ཆི་ལི་ལི་ཁོལ་བའི་ལྟེ་བ་གའུ་ཁ་སྦྱོར་གྱི་དབྱིབས་ཡངས་པའི་ནང་དུ། པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་ལྟེ་བར་ཧཱུྃ་གིས་མཚན་པ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་ཡ་མ་ཏི་ར་བམ་ཞེས་ཚུར་བྱུང་བ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ཕོ་མོ་ཁ་སྦུབས་དང་གན་རྐྱལ་དུ་བསྣོལ་བའི་གདན་སྟེང་དུ། མ་ཧེ་དང་གླང་རྒོད་ཟུང་གིས་བཏེགས་པའི་སྟེང་དུ་པད་ཟླ་ཉི་མའི་སྟེང་དུ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་འོད་ཟེར་ལྔ་དང་ལྡན་པ་བབས། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་དྲེགས་པ་ཅན་ཐམས་ཅད་ཚར་བཅད། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་མཐུ་སྟོབས་ནུས་པ་དང་ལྷན་ཅིག་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར། སྔར་བཞིན་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ལ་རྔམ་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྙན་གོང་གཡས་གཡོན་ལ་སྦྲུལ་ནག་རེ་རེས་བརྒྱན་པ། ཁྲོ་གཉེར་སྨིན་མཚམས་སུ་བསྡུས་པ། ཤངས་གཉེར་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་བཞི་བཞི་གཙིགས་པ། ཨཱ་རལླིའི་སྒྲ་སྒྲོག་པ། སྨིན་མ་དམར་སེར་འཁྱུག་པ། དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོས་འཁོར་ལོ་རྩིབས་བརྒྱད་པ་རྣོ་ངར་ཅན། བར་པས་རལ་གྲི །ཐ་མས་རྡོ་རྗེ་རྩེ་དགུ །གཡོན་དང་པོས་ལྕགས་ཀྱུ། བར་པས་གཏུན་ཤིང་། འོག་མ་སྡིགས་མཛུབ་ཀྱི་རྩེ་ལས་མེ་འབར་བ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་ལྔའི་དབུ་རྒྱན་གྱི་ནང་ན་ཁྲག་འཐུང་རིགས་ལྔས་མཚན་པ། དེའི་སྤྱི་གཙུག་ཏུ་བྱ་ཁྱུང་ནག་པོ་ཁྲོ་ཞལ་ཅན། རྡོ་རྗེའི་མཆུ་དང་ཉི་ཟླའི་སྤྱན་གསུམ་བསྒྲད་པ། སྐྲ་ཁམས་ནག་འཁྱིལ་བ་གནམ་ལྕགས་ཀྱི་རྭ་ཕྲག་ནོར་བུས་མཚན་པ། རྐང་ལག་གནམ་ལྕགས་ཀྱི་སྡེར་མོས་སྦྲུལ་དཀར་ནག་གཉིས་བཟུང་ནས་མགོ་བོ་ཞལ་དུ་གསོལ་བ། སྒྲོ་གཤོག་སྤུ་གྲི་ལས་བསྐལ་པའི་མེ་འབར་བ་བརྡེབ་པ། ཐོད་པ་ར་རི་ཉེར་གཅིག་གིས་མགུལ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་སེ་རལ་ཁ་བྱས་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན། ཞིང་ལྤགས་ཀྱི་སྐེད་བཅིང་། སྐུ་སྨད་ལ་སྟག་ཤམ་དཀྲིས་པ། སྦྲུལ་དཀར་ཁྲས་དབུ་སྐྲ་བཅིངས་པ། སེར་ཁྲས་ཕྱག་གདུབ། དམར་ཁྲས་སྐ་རགས། ལྗང་ཁྲས་ཞབས་གདུབ། ནག་ཁྲས་སེ་རལ་ཁ་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུས་སྨིན་མཚམས་དང་སྐུའི་སུལ་བྱུགས་པ། རཀྟའི་ཐིག་ལེས་མཁུར་ཚོས་དང་དཔྲལ་བར་བྱུགས་ཤིང་། ཞག་གི་ཟོ་རིས་ལྐོག་མ་དང་བྲང་ལ་བཤལ་བ། བ་སྤུའི་བུ་ག་ཐམས་ཅད་དུ་ཁྱུང་ནག་མེའི་གཤོག་པ་ཅན་དང་རྡོ་རྗེ་རྩེ་ལྔས་གཏམས་པ་ལས་མེ་སྟག་འཕྲོ་བ། སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོ་ཞིང་འཁོར་ལས་ཀྱི་གཤིན་རྗེ་བསམ་གྱིས་མི་ཁྱབ་པས་བསྐོར་བ། རང་ལུས་ལས་འཕྲོས་པའི་མེ་དང་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་དམར་ཆི་ལི་ལི་འཕྲོ་བའི་ནང་ན་བཞུགས་པ། དེའི་ཐུགས་ཀར་གསེར་འཁོར་རྩིབས་བཞི་པའི་སྟེང་དུ་སྲུང་བའི་དུས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་ཤེས་རབ་ཀྱི་རལ་གྲི་དང་གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་གྱི་ཡུ་བ་ཐུགས་ཀར་འཛིན་ཅིང་འདབ་མ་སྙན་ཐད་དུ་བྱེ་བའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་གྱིས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ་ཞི་ཞིང་འཛུམ་པའི་མདངས་ཅན་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ་དང་། ཟློག་བསད་མནན་པའི་དུས་སུ་སྐུ་མདོག་དམར་ནག་གཡས་རལ་གྲི་མེ་འབར་བ་དང་གཡོན་རྡོ་རྗེས་མཚན་པའི་ཞགས་པ་འཕེན་པ། རབ་ཏུ་ཁྲོས་ཤིང་ཆེས་ཆེར་འབར་བ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞེངས་པ་ཞལ་ཕྱིར་གཟིགས་ནས་ཟློག་བསད་ཀྱི་ལས་མཛད་པར་བསམ། འཁོར་ལོའི་ལྟེ་བར་པདྨ་ཉི་ཟླའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་འོད་ཟེར་སྣ་ལྔ་འཕྲོ་བ། དེའི་བུམ་ནང་དུ་པདྨ་ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནག་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་ཡར་མར་གྱི་རྭ་ལྔ་ལ་རིགས་ལྔ་ཡབ་ཡུམ་གྱིས་མཚན་པའི་ལྟེ་བར། རྒྱུ་ཨཱ་ལི་ཀཱ་ལི་ཞུ་བ་ལས་བྱུང་བའི་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་མཐིང་ནག་འབར་བར་བསམ། དེའི་མཐར་ཨེ་ཀ་ཡ་མ་དང་དབྱངས་གསལ་གྱིས་བསྐོར་བ། ཧཱུྃ་གི་ཀླད་སྐོར་ནང་དུ་བླ་མ་སློབ་དཔོན། ཁོག་པར་རང་གཞན་བསྲུང་བྱའི་མིང་ཡིག་དང་པོས་ནྲྀ་ལ་བསྐོར་བ། ཞབས་ཀྱུའི་ནང་དུ་འཁོར་དང་ནོར་རྫས་རྣམས་གསལ་གདབ། གཞན་ཡང་སྡེ་བརྒྱད་ཀྱི་སྲོག་སྙིང་ཡང་བསྒོམ་སྟེ་ཕ་རོལ་པོའི་སྲུང་མ་བཙོན་དུ་ཟིན་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེ་ནས་རང་གི་ཐུགས་ལས་འོད་ཟེར་དམར་ནག་འཕྲོས་པའི་རྩེ་ལ་བྷྱོ་སྨུག་ནག་འོད་དང་བཅས་པ་མཆེད། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཡུམ་མ་མོ་ཁྲག་མིག་མ་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཅེར་བུ་རྒྱན་མེད་ཤིན་ཏུ་འཇིགས་པ། གཡས་ལྕགས་ཀྱུ་ནམ་མཁར་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། ཞབས་དོར་སྟབས་སུ་བཞུགས་པ་འཁོར་མ་མོ་བྱེ་བ་ས་ཡས་བསྐོར་བ། རང་ལུས་ལས་འཕྲོས་པའི་མེ་རི་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་བྷྱོ་སྨུག་ནག་གི་མཐར་ཧེ་ཀ་ཡ་མས་བསྐོར་བ། ཡང་ཐུགས་ལས་འོད་ཟེར་དམར་ནག་གཡས་སུ་འཕྲོས་པའི་རྩེ་ལས་ཡ་དམར་ནག་གོང་བཞིན་ཡོངས་སུ་གྱུར་པ་ལས། སྲས་མཆོག་ཡ་མ་རཱ་ཛ་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་བཤན་གྲི་དམར་པོ་ནམ་མཁར་འཕྱར་ཞིང་གཡོན་དགྲ་བོའི་དོན་སྙིང་དམར་ཙེ་རེ་བ་འདྲད་པ། མི་ལྤགས་ཀྱི་གཡང་གཞི་ཁྲག་འཛག་པ་སྐུ་ལ་གསོལ་ཞིང་སྟག་ཤམ་ཅན་ཞབས་ས་ལ་བརྟེན་པ། འཁོར་སྡེ་བརྒྱད་ཡོངས་ཀྱིས་བསྐོར་བ། ལུས་ལས་འཕྲོས་པའི་མེ་དཔུང་ནང་ན་བཞུགས་པའི་ཐུགས་ཀར་ཡ་དམར་ནག་གི་མཐར་གྷྲི་མ་ཡ་མས་བསྐོར་བར་བསམ། ཨ། དེ་ལྟར་གསལ་བའི་སྟེང་དུ་བླ་མ་སློབ་དཔོན། གཡས་སུ་ཕོ་རྒྱུད་ཁྲོ་བོ། གཡོན་དུ་མོ་རྒྱུད་ཁྲོ་མོ། རྒྱབ་ཏུ་ནོར་ཕྱུགས། མདུན་དུ་གང་གཅེས། འོག་ཏུ་ཡུལ་གཞིས་བང་མཛོད། མཚམས་སུ་དཀོར་ནོར་རྣམས་ཀྱང་གསལ་གདབ། སླར་ཡང་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་འཛིན་པ་གཡས་སྐོར་དང་གཡོན་སྐོར་དུ་ཐོན་ཏེ། ཕྱི་ནང་ཕྱོགས་མཚམས་ཐམས་ཅད་གཏམས་ཏེ་ཞལ་ཕྱི་ནང་དུ་གཟིགས་པས་སྲུང་ཟློག་གི་ལས་མཛད་པར་བསམ། མཆོད་རྟེན་གྱི་ཕྱི་རོལ་དུ་གུར་རིམ་པ་བཅུ་གསུམ་གསལ་གདབ་པ་ནི། བྷྲཱུྃ་ལས་གསེར་གྱི་གའུ་ཁ་སྦྱོར་གྱི་གུར་ཁང་། དེའི་ཕྱིར་རིགས་ལྔ་ཡབ་ལྔའི་རང་བཞིན་གྱི་གུར་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿརྣམས་སོ་སོར་སྥ་ར་ཎ་ཕཊ་ཅེས་འཕྲོས་པས། ཁྲོ་བོ་སྔོན་པོ་རང་མདོག་གི་རྡོ་རྗེ་ཐོགས་པའི་གུར་བར་མཚམས་མེད་པ་རྡོ་རྗེས་གཏམས་པས་རླུང་སེར་བུ་ཙམ་ཡང་མི་ཐར་བ། དེ་བཞིན་དུ་དཀར་པོ་འཁོར་ལོ། སེར་པོ་ནོར་བུ། དམར་པོ་པདྨ། ལྗང་གུ་སྣ་ཚོགས་རྡོ་རྗེ་ཐོགས་པ་རྣམས་དང་། དེའི་ཕྱིར་ཏཱིཀྵན་མཎྜལ་ལས་རལ་གྲི་ངར་མའི་འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་ཐམས་ཅད་ཉལ་ཉལ་གཅོད་པའི་གུར་ཁང་། དེའི་ཕྱིར་རིགས་ལྔ་ཡུམ་ལྔའི་རང་བཞིན་གྱི་གུར། ཡཾ་རཾ་བཾ་ལཾ་ཨེ་རྣམས་གོང་བཞིན་འཕྲོས་པ་ལས་རླུང་ནག་འཚུབ་མའི་གུར་ནང་དུ་ཁྲོ་བོ་ཁམ་ནག་རླུང་གཡབ་དང་མཚོན་ཆ་ཐོགས་པ། མེ་དཔུང་འབར་བའི་གུར་ནང་དུ་ཁྲོ་བོ་དམར་ནག་མེ་དཔུང་ཐོགས་པ། ཆུ་བོ་རྦ་ཀློང་འཁྱིལ་བའི་གུར་ནང་དུ་ཁྲོ་བོ་དཀར་པོ་ཆུ་ཞགས་ཐོགས་པ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་གུར་ནང་དུ་ཁྲོ་བོ་སེར་པོ་རི་རབ་ཐོགས་པ། ནམ་མཁའི་ལྕགས་ཀྱི་གུར་ནང་དུ་ཁྲོ་བོ་ནག་པོ་མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབ་པ་རྣམས་ཀྱིས་རིམ་པར་གཏམས་པ། དེ་ཐམས་ཅད་ཀྱང་སྲ་ཞིང་མཁྲེགས་པའི་ར་བར་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་། ནམ་མཁའི་རྡོ་རྗེ་ཕྲ་མོ་དང་རླུང་སྤུ་གྲི་རེག་གཅོད། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆུ་གྲི་དང་མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་མང་པོ་འཚུབ་པ། ཤིན་ཏུ་དྲག་པོའི་འོད་ཟེར་འཕྲོས་པས་དགྲ་བགེགས་ཐམས་ཅད་མཐའི་རྒྱ་མཚོའི་ཕ་མཐར་བསྐྲད་ཅིང་། མ་སོང་བ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དེའི་ཕྱིར་རང་སྔགས་ཨེ་ཀ་ཡ་མ་སོགས་དང་ངོ་བོ་སྟོང་ཉིད་སྙིང་རྗེ་ལས་བྱུང་བའི་ཨཱ་ལི་ཀཱ་ལི་དཀར་དམར་ཐབས་ཤེས་ཉི་ཟླའི་གའུའི་རྣམ་པ་ཅན་དུ་འཁྲིགས་པ་ལས། དགྲ་བགེགས་ཐམས་ཅད་སོད་ཅེས་སྟོང་ཉིད་ཀྱི་རང་སྒྲ་སྐྲག་ཆེམ་ཆེམ་སྒྲོག་པའི་གུར་རྣམས་གསལ་གདབ་བོ། །དྲག་པོའི་ལས་སྦྱོར་གྱི་སྐབས་སུ་ཐུན་ཕུར་དེ་ཉིད་ལས་གཤིན་དམར་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་བེ་ཅོན་དང་གཡོན་སྡིགས་མཛུབ་དང་བཅས་པས་དགྲ་བགེགས་ཀྱི་དོན་སྙིང་འདྲད་ཚུལ་གྱིས་ཐུན་ཐག་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་གར་འཁོར་ལོ་པདྨ་རྡོ་རྗེ་དཀར་དམར་སྔོ་བ་འབྲུ་གསུམ་གྱིས་མཚན་པ་གསལ་གདབ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པའི་གནས་འཁོར་འདས་ཀ་ནས་དག་པ་རང་བཞིན་གདོད་མའི་གནས་ནས་རྟེན་བརྟེན་པ་སྲུང་བའི་གུར་དང་བཅས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། ཕྱག་མཆོད་བསྟོད་པ་ཉམས་ཆག་བཤགས་ཤིང་ཡིག་བརྒྱ་བཟླ་བ་རྣམས་འཕྲིན་ལས་ལྟར་བྱས་རྗེས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་ཀྱི་ལྷ་ཚོགས་འོད་ཀྱི་ཚུལ་དུ་དམ་ཡེ་བསྲེ། སྡེ་བརྒྱད་བྲན་དུ་ཁོལ་ཞིང་སྙིང་རྗེས་གདུག་པ་ཅན་ཐམས་ཅད་དུས་གཅིག་བརླག་ནུས་པ་དང་གཞན་གྱིས་བྱད་སྟེམས་རིག་སྔགས་སྦྱོར་ངན་གྱིས་ཚུགས་པར་མི་ནུས་པའི་མཐུ་རྩལ་དང་ལྡན་པའི་ང་རྒྱལ་བཟུང་། རང་རིག་གདོད་ནས་དག་པ་ཆོས་སྐུ་འགྱུར་བ་མེད་པ་སྤྲོས་བྲལ་འདུས་མ་བྱས་པའི་འཇམ་དཔལ་གཤིན་རྗེ། སྣང་སྲིད་འཁོར་འདས་ཀྱི་གཞི། སངས་རྒྱས་སེམས་ཅན་གྱི་འབྱུང་ཁུངས། ཞི་དང་ཁྲོ་བོ་ཐམས་ཅད་ཀྱི་འཆར་གཞི། མདོར་ན་དག་མ་དག་གང་དུ་སྣང་ཡང་ཐམས་ཅད་རང་རིག་གི་རོལ་པ་ཡིན་སྙམ་པའི་དག་པ་དྲན་པར་བྱ། དེ་ནས་ཁམས་གསུམ་ཐམས་ཅད་ལྷའི་གཞལ་ཡས་ཁང་། གཟུགས་སྣང་མ་ལུས་པ་ཁྲག་འཐུང་ཁྲོ་བོའི་སྐུ །སྒྲ་གྲགས་སྔགས་ཀྱི་རང་སྒྲ་འུར་ཆེམས་སྒྲོག་པ། དུག་གསུམ་དུག་ལྔ་སོགས་སེམས་ཀྱི་ངན་རྟོག་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོ། མདོར་ན་སེམས་ཉིད་ཀྱི་འགྱུ་རྟོག་ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོའི་ངང་དུ་འབོལ་ཤིག་གེ་བཞག་ལ་སོ་སོའི་དགོས་དམིགས་ལ་འཇུག་ཅིང་སྔགས་བཟླ་བ་ཡིན་ནོ། །ཟློག་བསད་ཀྱི་དུས་རང་ཉིད་སྲུང་འཁོར་གྱི་རང་བཞིན་གསལ་བའི་མདུན་དུ་སྟོང་པའི་ངང་ལས་བྲུབ་ཁུང་དེ་ཉིད་ཁཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བ། ལས་བྱེད་ཕོ་ཉའི་བཤན་ར། གཤིན་རྗེའི་བཤས་ཁང་། གསོད་གཅོད་ཀྱི་ལས་བྱེད་པའི་ནང་དུ་ནྲྀ་ལས་དམིགས་བྱ་གང་ཡིན་པ་དེ་ཉིད་གཅེར་བུ་སྐྱབས་དང་བྲལ་བ་ཉམ་ཐག་པ་གཅིག་བསམ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ཁྲོ་མོའི་ཚོགས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་རྣམས་ཀྱིས་དམིགས་བྱ་བཟུང་ཞིང་བསྡམས། མྱོས་སུ་བཅུག་ནས་དེད་བྲུབ་ཁུང་གི་གཟུགས་ལ་བྱེ་མ་ལ་མར་ཐིམ་པའམ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་བསྟིམ། སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ། ཁོ་ཡང་ཉེས་གནོང་འགྱོད་པ་ཆེན་པོ་སྐྱེས་ནས་ཡོད་པར་བསམ། ཉེས་པ་བསྒྲག་ཅིང་དཔང་གཟུག་ཕོ་ཉ་བསྐུལ་བ་རྣམས་བྱའོ། །ཐུན་མཚམས་སུ་གཏོར་བསྔོ་བསྟོད་བསྐུལ་རྣམས་བྱས་རྗེས་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ། ཉལ་དུས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྲུང་འཁོར་མཐའ་ནས་རིམ་བཞིན་བསྡུས་ལ་ལྷ་ཚོགས་ལ་བསྡུ། འཁོར་རྣམས་གཙོ་བོ། དེ་བསྲུང་བྱ་རྣམས་ལ། དེ་ཧཱུྃ་ལ། ཧཱུྃ་ཐིག་ལེ་ལ། དེ་རང་གི་མིང་ཡིག་དང་པོར་བསྡུས་པའི་མཐར་འཇའ་ལྟར་ཡལ་ནས་ཆོས་ཉིད་ངང་ལ་ཉལ་ལོ། །གཉིད་སད་པ་དང་སྔར་བཞིན་གསལ་འདེབས་སོ། །རྒྱུན་གྱི་ཉམས་ལེན་ཙམ་ལ་པུ་རི་དཀར་པོ་ཨེ་ལས་ལྕགས་ཀྱི་གུར། ལཾ་ལས་རྡོ་རྗེ། རཾ་ལས་མེའི་གུར་ནང་དུ་མཆོད་རྟེན་གྱི་བུམ་པའམ་གནམ་ལྕགས་ཀྱི་སྤྱིལ་པོའི་ནང་དུ་རང་གཤིན་རྗེ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུ་དང་ཞགས་པ་འཛིན་པར་བསྒོམས་ཀྱང་ཁྱབ་བོ། །དེ་ལྟར་སྤྱིའི་སྒོམ་གནད་རྣམས་སུ་པུ་རི་དཀར་པོ་སྲུང་བའི་བྱིན་རྟེན་དུ་བཞུགས་སུ་གསོལ་ལ་བདག་དང་མདུན་གྱི་གཏོར་མ་ལས་བྱང་འཇུག་པ་གཅིག་གིས་ལྷར་བསྒོམས་ལ། པུ་རི་ནག་པོ་དང་བྲུབ་ཁུང་ལས་བྱེད་ཀྱི་བཤན་རར་བསྒོམ་པ་སོགས་བདག་མདུན་ཐ་དད་དུ་མཛད་པ་དང་། བདག་དང་གཏོར་མ་པུ་རི་དཀར་པོ་སྟེ་གསུམ་ཀ་ཐ་མི་དད་དུ་སྒོམ་པར་མཛད་པ་ཡང་ཡོད་དེ། མདུན་གྱི་གཏོར་མ་དང་པུ་རིས་མཚོན་རྟེན་བྱས་ཏེ་བདག་གི་འབྱུང་བཞིའི་ཕུང་པོ་སོགས་ཕྱི་རོལ་གྱི་རིག་པའི་དངོས་པོ་ཐམས་ཅད་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྲུང་བའི་གུར་ཁང་དང་བཅས་པ། སེམས་ཉིད་གདོད་ནས་དྲི་བྲལ་རྩལ་མདངས་འགག་མེད་དུ་འཆར་བ་བརྟེན་པ་ལྷའི་གཙོ་འཁོར་དུ་བསྒོམ་ཞིང་། པུ་རི་ནག་པོ་དང་བྲུབ་ཁུང་ལས་ཁུང་མཚན་ཉིད་དང་ལྡན་པར་དམིགས་བྱ་གསལ་བ་དགུག་དབྱེའི་སྐབས་མདུན་དང་སྔགས་བཟླ་རིང་འོག་ཏུ་བསྒོམ་པ་ཡིན་ཏེ། འོག་ཏུ་སྲུང་ཟློག་སྒོས་དམིགས་ཀྱི་སྐབས་མན་ངག་རྩ་བའི་ཁུངས་དང་བཅས་ཏེ་སྟོན་པ་ཡིན་ནོ། །དེ་ཡང་གཞི་ཆོས་སྐུ་གཅིག་གི་རོལ་པ་ལས་མདངས་འགག་པ་མེད་པ་སྒྱུ་མ་ལྟ་བུར་འཆར་བ་དག་པ་ཡེ་ཤེས་ཀྱི་ཆ་རྟེན་བརྟེན་པ་སྲུང་བའི་གུར་དང། མ་དག་པ་འཁོར་བའི་ཆ་པུ་རི་ནག་པོ་དང་བྲུབ་ཁུང་བཅས་པ་ལས་བྱེད་གཤིན་རྗེའི་བཤན་རའི་ནང་དུ་རང་གི་གཟུང་འཛིན་རྣམ་རྟོག་གིས་བསྐྱེད་པའི་དུག་ལྔ་དུག་གསུམ་གྱི་རང་མདངས་ཕྱི་རོལ་དགྲ་བགེགས་ཀྱི་རྣམ་པར་ཤར་བ། ལམ་དྲག་པོ་སྔགས་ཀྱི་སྦྱོར་བས་ལུས་སྲོག་དྭངས་སྙིགས་ཕྱེ་ལ་སྙིགས་མའི་ཕུང་པོ་བདུད་རྩིར་སྦར་ཏེ་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། རྣམ་ཤེས་དྭངས་མའི་ཐིག་ལེ་སྐྱེ་མེད་དབྱིངས་སུ་སྤར་བས་འབྲས་བུ་ཡེ་དག་ཆོས་ཀྱི་སྐུར་སངས་རྒྱས་ནས། སྒྱུ་འཕྲུལ་འགག་མེད་ཀྱི་གཟུགས་སྐུ་འཇམ་དཔལ་གཤིན་རྗེའི་གཤེད་དུ་འགྱུར་བའི་གཞི་འབྲས་དབྱེར་མེད་བྱང་ཆུབ་མཆོག་གི་གོ་འཕང་དུ་འཚང་་རྒྱ་བ་ཡིན་ནོ། །ཚུལ་འདི་ལ་རྫོང་འཕྲང་སྲོག་གསུམ་གྱི་དོན་ཡང་ཚང་ཞིང་དེ་ལྟ་བུའི་བདེན་གཉིས་ཟུང་འཇུག་གི་དོན་ལ་ཐག་ཆོད་པ་ལྟ་བ་གྱད་ཀྱི་ལྷ་ཡང་ཡིན། སྣང་སྲིད་གཞིར་བཞེངས་རྒྱལ་བའི་དཀྱིལ་འཁོར་དུ་སྒྲུབ་པ་དང་ཕྱོགས་མཐུན་པས་མན་ངག་རྫོགས་པ་ཆེན་པོ་དང་ཡང་མི་འགལ། དྲག་སྔགས་གནམ་ཐོག་ཆེན་མོའི་ལུགས་ལྟར་ཡེ་ནས་རང་ཆས་ཀྱི་གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས། སྔགས་ཐུག་ཕྲད་ལ་དོན་འབྱོར་ཞིང་བབས་འབྲེལ་བས་ལུང་ཨ་ནུ་དང་ཡང་མཐུན། སྒྲུབ་པ་འཕྲིན་ལས་མ་ཧཱ་ལུགས་སུ་ཡོད་པས་དེས་ན་འདི་ཉིད་ཡོ་ག་གསུམ་གྱི་སྙིང་པོར་གྱུར་པ་ཡིན་ནོ། །ལུགས་གཉིས་ཀ་འགལ་བ་མིན་ཏེ་སྦྱོར་བ་རང་གི་བློ་ལ་འཆར་བདེ་ཞིང་ཡིད་ལ་བབས་པ་ཞིག་གི་རྗེས་སུ་འབྲངས་ཏེ་ཐེ་ཚོམ་མེད་པར་བསྒྲུབས་པས་འབྲས་བུ་འབྱིན་པ་ལ་ཁྱད་པར་མེད་དོ། །བློ་ཁ་ཞན་པས་སྒོམ་དོན་ཆེ་བ་བློར་མ་ཆུད་ན་རང་གཤིན་རྗེ་དངོས་ཡིན་སྙམ་པའི་དཔའ་གདེངས་བརྟུལ་ཤུགས་ཀྱི་ང་རྒྱལ་དང་དམིགས་བྱར་ཞེ་སྡང་དྲག་པོས་སྔགས་བཟླས་པས་ཀྱང་ལས་འགྲུབ་སྟེ། ཞེ་སྡང་མ་ཡལ་མཐུ་ཡི་མཆོག །ཅེས་སོ། །ཡང་ན་ཐུགས་རྗེ་བྱིན་རླབས་ཆེ་ཞིང་མཐུ་སྟོབས་ནུས་པར་ལྡན་པའི་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཁྱེད་ཀྱིས་བདག་གི་སྲུང་ཟློག་གི་ཕྲིན་ལས་མཛོད་ཅིག་སྙམ་པའི་དད་པས་བསྒྲུབས་ཀྱང་འགྲུབ་སྟེ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཡོད། །ཅེས་དང་། དད་པ་བརྟན་པོས་བསྒྲུབས་གྱུར་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ཅེས་འབྱུང་བས་སོ། །གང་ལྟར་སྒྲུབ་ཀྱང་འདིའི་མན་ངག་སྟོན་པའི་བླ་མ་ལ་མི་ཕྱེད་པའི་དད་པ་དགོས་པ་ནི་ལས་སྒྲུབ་པའི་མན་ངག་ཟབ་གནད་ཁྱད་པར་ཅན་ཡིན་ནོ། །གཉིས་པ་བྱེ་བྲག་གི་དམིགས་པ་ལ་སྲུང་ཟློག་བསད་མནན་བཞིའི་དང་པོ་ནི། མཚོན་ཆ་རྩ་བའི་གཞུང་ལས་ཚ་ཚྭ་དཀར་པོ་གསེར་གྱི་མཆོད་རྟེན་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དུ་རང་གཤིན་རྗེར་བསྒོམ་པར་གསུངས་པ་ལྟར། སྲུང་བའི་པུ་རི་དཀར་པོས་མཚོན་བྱེད་བྱས་ཏེ་རྟེན་བརྟེན་པ་དང་བཅས་པ་གསལ་བར་བསྒོམ་པའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པའི་རྩེ་མོ་ལ་ལས་བྱེད་ཀྱི་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་གྱི་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་མེད་འཕྲོས་པས། རང་གཞན་བསྲུང་བྱ་ཐམས་ཅད་ཀྱི་ཚེ་སྲོག་གི་ངོ་བོ་ནྲྀའི་རྣམ་པ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་འཕྲོགས་ནས་མཐོ་ནམ་མཁའ། དམའ་དམྱལ་བ། ཉི་ཟླའི་ཐེམ་བར། སྤྲིན་གྱི་གོ་བར། རི་རབ་ཀྱི་ལྕོག་བར། འཛམ་གླིང་གི་ཡུལ་གྲུ་སོགས་ས་འོག་ས་སྟེང་ས་བླ་གར་ཁྱེར་ཅིང་སྦས་ཤིང་བསྐུངས་ནས་ཡོད་པ་དེ་ཉིད། སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནོད་བྱེད་ཐམས་ཅད་ཐལ་བའི་རྡུལ་དུ་བརླག །ཚེ་སྲོག་གི་ངོ་བོ་དེ་འཕྲོག་ནས་ཧཱུྃ་གི་རྣམ་པར་བྱས་ཏེ། རང་གཞན་བསྲུང་བྱ་རྣམས་ཀྱི་ཐུགས་ཀར་བསྟིམས་པས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བྱིན་རླབས། ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་། ལྷ་མི་རྣམས་ཀྱི་ཚེ་དང་བསོད་ནམས། འབྱུང་བ་ལྔའི་བཅུད་ཐམས་ཅད་རང་དབང་མེད་པར་བཀུག་ལ་རང་གཞན་བསྲུང་བྱར་ཐིམ་པས་བཀྲག་མདངས་མཐུ་སྟོབས་དང་ལྡན་པར་བསམ་ལ་སྔགས་བཟླ་ཞིང་། སྔགས་ཕྲེང་ལས་དྭངས་མའི་འོད་ཟེར་རང་ལྷར་གསལ་བའི་ཕྱི་རིམ་གཡས་སྐོར་དུ་བུན་ཆིལ་ལི་ལི་འཕྲོ་བ་དང་། ལྷ་ཚོགས་ཐམས་ཅད་ཞལ་ནང་དུ་གཟིགས་ནས་སྲུང་སྔགས་དི་རི་རི་བཟླ་བ་དང་། སྲུང་བའི་གུར་ཁང་རྣམས་ལས་ཀྱང་སྔགས་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་བསྒྲགས་པས་སྲིད་པ་གསུམ་ཁྱབ། བདག་གཞན་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ལས་སྲུང་ཞིང་སྐྱོབ་པར་བསྒོམ་མོ། །མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རལ་གྲིའི་འཁོར་ལོ་བསྐོར་བས་དགྲ་བགེགས་བྱད་མ་ལྷ་སྲུང་དུམ་བུར་གཏུབ་ཅིང་། གཡོན་གསེར་འཁོར་རྩིབས་སྟོང་ཕུབ་ལྟ་བུ་འཛིན་པས་བདག་གཞན་བསྲུང་བྱ་ཐམས་ཅད་སྐྱོབ་པར་བསམ་མོ། །ལྷ་དེ་དམིགས་རྟེན་ཐུན་གཏོར་ལ་བྱས་ཏེ་གུར་གྱི་ནང་མཆོད་རྟེན་གྱི་ཕྱིར་སྒོམ་པ་ཡིན་ནོ། །གཉིས་པ་ཟློག་པ་ནི། བྱད་མའི་ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྣོ་གཅོད་ཀྱི་ངར་ལྡན་གཅིག་གིས་བརྒྱངས་པས་གཡོ་འགུལ་མི་ནུས་ཤིང་། སྤྱི་བོར་ལཾ་ལས་པུ་རི་ནག་ཅིང་འཚེར་བ་བང་རིམ་དགུ་པ་རི་རབ་ཙམ་གྱིས་མནན་པའི་སྟེང་དུ་སྲུང་བའི་པུ་རི་དཀར་པོ་ལྷ་དང་བསྲུང་བྱ་གུར་ཁང་རྣམས་གསལ་གདབ། རང་གི་རྩ་ཕྱག་གཡས་གཡོན་གྱི་མཐིལ་ལ་ཟླ་ཉི་བསྒོམ། ལྷ་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པའི་ཐུགས་ཀ་དང་བ་སྤུའི་བུ་ག་རྣམས་ནས་ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་ཐོགས་པ། སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས་ཀྱིས་བྱད་མ་ལྷ་སྲུང་དང་བཅས་པ་ཕར་བཟློག་ཅིང་ཐལ་བར་བུན་བུན་བཏང་། མེས་བསྲེགས། རླུང་གིས་གཏོར། ཆུས་བཤལ། སས་མནན་པའི་ལས་བྱས། ལྷག་མ་སྟོབས་ཆེན་ཚུར་བྱུང་བ་རྣམས་མཚོན་ཆའི་འཁོར་ལོས་གཏུབས་པས་ཉེ་བར་མ་ནུས་པར། བྲུབ་ཁུང་དུ་བྱད་མའི་སྟེང་དུ་བབས་ནས་རང་གཤེད་རང་ལ་འབེབ་པའི་ལས་བྱེད་པར་བསམ་ལ་དྲག་སྔགས་ངར་ལྡན་ཐོག་ལྟར་བཟླ་ཞིང་ཕྲེང་བ་ཕྱིར་བསྒྱུར་རོ། །ཐུན་མཐར་ཐལ་མོ་ཉི་ཟླ་ཆ་ལང་བརྡབས་པའི་བར་དུ་བྱད་མ་ལྷ་སྲུང་དང་བཅས་པ་གཅར་བས་ཤ་ཁྲག་དམར་ཉོག་ཉོག་བྱུང་བ་ལས་བྱེད་ཕོ་ཉས་ཧབ་དིར་ཟོས་པར་བསམ་མོ། །མདུན་དུ་ཁྲོ་བོ་རབ་ཏུ་འཇིགས་པ་སྐུ་དང་ཡན་ལག་རགས་པ་སྤུ་གྲི་དང་ཞགས་པ་འཛིན་པ་དེའི་ཐུགས་ཀ་ནས་དེ་འདྲ་བའི་སྤྲུལ་པ་གྲངས་མེད་སྤྲོས་ནས་ལས་བྱེད་པར་བསམ་མོ། །འདི་དང་ཐུན་ཕུར་ཕྱི་མའི་ལྷ་ཡང་བསྒོམ་པ་ལས་གཤིན་དང་འདྲ། ལྷ་དེ་དག་འཁོར་འདས་གཉིས་ཀའི་ལས་བྱེད་པས་སོ་མཚམས། ཐུན་ཕུར་ནང་མ་གཤིན་རྗེའི་གནས་དགྲ་བགེགས་ཀྱི་བཙོན་རྫིའི་ཚུལ་ལམ་སྲིད་པ་འདིའི་འོག་ན་ལས་ཀྱི་ཚེ་བདག་ནག་པོའི་གནས་ཡོད་པ་དེ་ཀ་དངོས་སུ་བསྒོམས་ཀྱང་རུང་ངོ་། །གསུམ་པ་བསད་པ་ནི། བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་བྱད་མ་གསལ་བའི་སྙིང་གའི་ནྲྀ་ནས་རང་གི་ཕྱག་གཡོན་གྱི་ཕྱག་མཚན་ལྕགས་ཀྱུས་བཟུང་། གཡས་ཀྱི་འཁོར་ལོས་གཏུབས་ཤིང་ཤ་ཁྲག་རྣམས་གཏོར། ཁོ་སྐྱོབ་བྱེད་ཀྱི་སྲུང་མ་དང་བྲལ་ཞིང་ཉམ་ཐག་སྟེ་གནས་པ་ལ་ཁོ་རང་གི་ལྷ་སྲུང་རྣམས་ཀྱང་ཁྲོས་ཤིང་ལོག་ལྟ་སྐྱེས་ནས་ཁོ་རང་གི་གཤེད་དུ་གྱུར་ཏེ་མཚོན་ཆའི་ཆར་འབེབ་ཅིང་སྲོག་གཅོད་པའི་ལས་བྱེད་ཅིང་། ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་རྣོ་གཅོད་ཀྱི་ངར་ལྡན་གྱིས་སྲོག་རྩ་ཁྲག་རྩ་སྙིང་རྩ་རྣམས་རྦད་རྦད་གཅོད་ཅིང་ཤ་ཁྲག་རུས་པ་ཐམས་ཅད་དམར་ཐོར་ཐོར་གཏོང་བ། ལྷ་ཚོགས་དང་སྤྲུལ་པའི་དམག་ཚོགས་རྣམས་ཀྱིས་བསད་སྔགས་དྲག་པོ་འབྲུག་ལྟར་སྒྲོག་ཅིང་ཤ་ཟ་ཁྲག་འཐུང་རུས་པ་མུར་ཞིང་བསད་པའི་ལས་བྱེད་པར་བསམ་མོ།། ༼ཨ༽ བཞི་པ་མནན་པ་ནི། བྱད་མའི་སྤྱི་བོ་ནས་པུ་རི་ནག་པོ་དང་རི་རབ་གླིང་བཞིས་མནན་ཅིང་ཡན་ལག་གི་ཚིགས་བཞིར་རྡོ་རྗེས་གཟིར་བས་ལུས་ཀྱི་དབང་པོ་འོན་ལོང་ཞ་ཞིང་བཀྲག་དང་གཟི་མདངས་སྟོབས་དང་ནུས་པ་ཐམས་ཅད་ཉམས་པ་དང་། ལྕེ་ཐོག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ངག་གི་དབང་པོ་དིག་ལྐུགས་སྨྲ་མི་ཤེས་པ་དང་། སྙིང་གར་འཁོར་ལོ་རྩིབས་བཞི་པ་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ཡིད་ཀྱི་དབང་པོ་མྱོས་ཤིང་རྨོངས་ལ་བརྒྱལ་བ་དང་མདོར་ན་ལུས་ངག་ཡིད་གསུམ་འཁྱོག་འགུལ་མེད་པར་མནན་པར་བསམ་མོ། །སོ་སོར་བྱེད་ན་གང་བྱེད་དེ་དང་ཆམས་གཅིག་གནོན་ན་གསུམ་ཀ་བསྒོམ་པ་ཡིན་ནོ། །ཟློག་བསད་མནན་གསུམ་ལ་ཐུན་གཏོར་སྔགས་བཟླ་རིང་ལས་གཤིན་དུ་བསྐྱེད། འགུག་གཞུག་གཏོར་བསྔོ་སོགས་ཀྱི་སྐབས་སྟོད་ལས་གཤིན་ལ་སྨད་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ་འབུལ། སླར་ལས་ཀྱི་གཤིན་རྗེ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་གནམ་ས་བར་སྣང་ཁེངས་པ་ནད་མཚོན་དུག་གི་ཆར་འབེབ་པས། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཕར་བཟློག་ཅིང་བསད་བཅད་གཏུབས་ཏེ་ཤ་ཁྲག་རྣམས་ཟོས་དགྲ་ཡུལ་དྲེགས་པའི་དམག་གིས་ཁེངས་ཐན་དང་ལྟས་ངན་གྱི་ཆར་ཕབ། དགྲ་བོ་ཁྱེར་ནས་བྲུབ་ཁུང་གི་ལིངྒར་བསྟིམས་པར་བསམ་པ་དང་། དེ་ལྟ་བུའི་དམག་བྲུབ་ཁུང་ནང་དུ་སོང་ནས་བསད་ལས་བྱེད་པ་དང། དགྲ་ཡུལ་དུ་སོང་ནས་མནན་པའི་ལས་དང་དགྲ་བོའི་སྙིང་ནང་དྲེགས་པའི་ཕོ་བྲང་བཅས་པར་བསམ་པ་རྣམས་སོ་སོའི་སྐབས་ཐོབ་བྱའོ། །གསུམ་པ་ཞར་བྱུང་གི་དམིགས་པ་བཤད་པ་ནི། བླ་འགུག་པ་དང་དགུག་གཞུག་གི་སྐབས་བདག་ལྷར་གསལ་བའི་སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཁྲོ་ཆུང་མཚོན་གང་བ་ཡུངས་ཀར་ཙམ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་སྤུ་གྲི་དང་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་འཛིན་པ་སྤྲོས། དམིགས་བྱའི་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབ་པ་དང་ལྷན་དུ་ཞུགས་ནས་ཁོའི་སྙིང་དཀར་ནག་མཚམས་ནས་སྤུ་གྲིས་བཅད་སྙིང་གའི་ས་བོན་ལྕགས་ཀྱུའི་ཛཿདམར་པོ་དེས་འུབ་ཀྱིས་བླངས་ནས། སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཐོན་ནས་ས་བོན་ལིངྒར་བསྟིམ་ཁོའི་ལུས་སོལ་སྡོང་འགྱེལ་བ་ལྟར་སོང་བར་བསམ་མོ། །ལྷ་དབྱེའི་སྐབས་བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་རྣམས་དང་རྫས་ཀྱི་དུད་སྤྲིན་གསེབས་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་འཕྲོས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བའམ་བྱ་རོག་རྡོས་བརྡས་པ་བཞིན་ཕྱིར་བསྐྲད་པར་བསམ། སྒྲོ་གཉིས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་ཞབས་ཅན་དབུ་བྱ་རོག་དང་འུག་པའི་ཚུལ་ཅན་སྤུ་གྲིའི་སྒྲོ་གཤོག་འཕུར་ལྡིང་འཛིངས་ཐབས་སུ་བརྡབས་པས། སྐྱོབ་བྱེད་ཀྱི་ལྷ་སྲུང་རྣམས་ཀྱིས་མ་བཟོད་པར་དགྲ་བོ་བྱིའུ་ཕྲུག་ཐང་ལ་བོར་བ་བཞིན་བསྐྱུར་ནས་རང་རང་གི་གནས་ལ་བྲོས་པར་བསམ་མོ། །ཐུན་བརྡེག་དུས་ཐུན་རྣམས་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབས་པས་དགྲ་བོའི་ལུས་ཐལ་ཐལ་ཕུག་སྟེ་ཁྲོལ་མ་ལྟར་གྱུར། ནང་གི་དོན་སྣོད་དང་ནང་ཁྲོལ་རྣམས་རུལ་ཞིང་མྱགས། དུག་རླངས་སྔོ་དམར་གྱིས་རྩ་རྒྱུས་རྣམས་ཁེངས་ཤིང་ཁྱབ་པས་གཏན་བརླག་ཏུ་སོང་བའི་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཀ་མར་མེ་འཆི་ཁ་ལྟ་བུ་དེའང་ནག་སྐེམ་གྱིས་བསད་པར་བསམ་མོ། །དགུག་གཞུག་གི་ཐུན་ནི་ཐུན་རྫས་སྤྲུལ་པའི་ཕོ་ཉར་གསལ་བས་དགུག་བསྟིམ་གྱི་ལས་བྱ་བ་ཡིན་ནོ། །གཉིས་འཛིན་དང་རང་ཐ་མལ་གྱི་རྣམ་རྟོག་འགྱུ་སྐབས་རང་གི་ནད་གདོན་བར་ཆད་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་ཕྱིར་ཐོན་ཐུན་ཐག་བརྒྱུད་དགྲ་བགེགས་ཀྱི་སྟེང་དུ་བབས་པས་ཉམས་ཤིང་འབོག །ཁོའི་མཐུ་སྟོབས་གཟི་བརྗིད་ཚེ་བསོད་དཔལ་འབྱོར་དབང་ཐང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་ཐུན་ཐག་བརྒྱུད་ནས་ཚུར་བྱུང་བདག་ལ་ཐིམ་པས་ཡོན་ཏན་དེ་དག་ཆེས་ཆེར་འཕེལ་བར་བསམ་མོ། །ཕུར་གདབ་ཀྱི་སྐབས་སུ་ཕུར་པ་ཐལ་མོའི་བར་དུ་བཟུང་སྟེ་ལག་པ་གཡས་གཡོན་ཉི་ཟླར་གྱུར་པའི་སོར་མོ་རྣམས་ས་བོན་སོ་སོ་ལས་བྱུང་བའི་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ཧཱུྃ་ནག་པོ་ལས་སྲས་མཆོག་ཀཱི་ལ་ཡ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རལ་གྲི་འཁོར་ལོ་རྡོ་རྗེ་གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་ཀྱི་ཐ་མ་གཉིས་ཕུར་བུ་བསྒྲིལ་བ། དུར་ཁྲོད་ཆས་ཀྱིས་བརྒྱན་པ་སྐུ་སྨད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་ཀྱི་ཕུར་པ་མེའི་ཚྭ་ཚྭ་འཕྲོ་བ་འཆང་བཟུང་རྡོ་རྗེའི་ལྟེ་བར་འཇམ་དཔལ་ཞི་བ་ཡབ་ཡུམ། ཡར་མར་གྱི་རྭ་ལྔ་ལ་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མར་ཡི་དམ། འོག་མར་བཀའ་སྲུང་། དབལ་ལ་གཤིན་རྗེ་དྲེགས་པའི་དམག་ཚོགས། རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ་པ་སྒྲིལ་ཞིང་འཕྱར་བས་ཁམས་གསུམ་སྲིད་པ་དངངས་ཤིང་འདར་བ། དགྲ་བགེགས་གང་ལ་བཏབ་ཀྱང་བརླག་ནུས་པར་བསྒོམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་བསྡུས་ནས་ཐིམ་པས་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར། སྐུ་གསུང་ཐུགས་འགྱིང་བཀྲག་གཡོས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་དབང་དང་ལྡན་པར་བསམ་མོ། །དེ་ལྟ་བུའི་ཕུར་པ་དེ་དམིགས་བྱའི་སྙིང་གར་བཏབ་པས་ཡིད་ཀྱི་རྟེན་རླུང་གི་དྭངས་མ་སྔོ་སྐྱ་བྱིའུའི་མགོ་ཙམ་གྱི་དབུས་སྲོག་གི་རྟེན་ཁྲག་གི་དྭངས་མ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱི་དབུས་སུ་སྲོག་གི་ངོ་བོ་ནྲྀ་རང་རང་གི་མདོག་ཅན་གྱི་ལྟེ་བར། བན་དགྲ་ཡིན་ན་ཁོ་ལ་སྔར་བླ་མས་དབང་བསྐུར་དུས་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་ཉིད་དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའ་ཡིན་ལ་དམ་ཉམས་ན་ལས་ཀྱི་གཤེད་པོ་ཡིན་པས། དེ་ལྕགས་སྡིག་མགོ་བོ་དགུ་པར་གྱུར་ཏེ་སྙིང་རྩ་བརྒྱད་ནས་ཟ་ཞིང་སྙིང་ཁྲག་འཐུང། ཕུར་རྩེ་ལས་འོད་འཕྲོས་རླུང་གི་དྭངས་མ་གཏོར། ཁྲག་གི་དྭངས་མ་ཉམས། འབྱུང་བཞི་རིམ་གྱིས་ཐིམ། ནྲྀ་ཕུར་རྩེར་འདུས་པ་ཁོང་སེང་བརྒྱུད་འཆང་བཟུང་གི་འཇམ་དཔལ་ཡབ་ཡུམ་གྱི་ཐུགས་ཀར་ཨ་དཀར་གྱི་རྣམ་པར་བསྟིམས་པས་ཆོས་སྐུར་སངས་རྒྱས། སླར་ཡབ་ཡུམ་སྦྱོར་བ་མཛད་པས་ཨ་དེ་དབུ་མ་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་ཡེ་ཤེས་སེམས་དཔའི་སྲས་སུ་གྱུར་ཏེ་ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པའི་ཞིང་དུ་ལོངས་སྐུར་སངས་རྒྱས། དེ་ལས་གང་འདུལ་སྤྲུལ་སྐུ་འགྲོ་བའི་དོན་དུ་འབྱུང་བ་སྤྲུལ་སྐུར་སངས་རྒྱས་པར་བསམ་མོ། །ཡང་ཕུར་བུ་སྙིང་གར་བཏབ་པས་ཁོའི་ཚེ་བསོད་དཔལ་འབྱོར་སྟོབས་ནུས་གཟི་བརྗིད་རྒྱས་པར་བསྒོམ། ཁོའི་སྙིང་ནང་གི་ཡེ་ཤེས་སེམས་དཔའ་ཡང་ཕུར་བུའི་ཁོང་སེང་ནས་བརྒྱུད་འཆང་བཟུང་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔར་བསྟིམ་པར་བསམ་མོ། །ཡང་ན་དྭངས་མ་གནས་ཚུལ་གོང་ལྟར་ལ་ཚེ་རྟེན་ཨ་དང་སྲོག་རྟེན་ནྲྀའི་རྣམ་པར་བྱས་ཏེ་སྔོན་ལ་ཨ་དཀར་ཕུར་རྩེས་བླངས་ཏེ་བདག་ལ་བསྟིམ། ནྲྀ་ཕུར་པའི་ཁོང་སེང་དུ་ཧཱུྃ་གི་རྣམ་པར་བསྒྱུར་ནས་སྐྱེ་མེད་དབྱིངས་སམ་ཡུམ་གྱི་མཁའ་ལ་འཕང་བ་སོགས་བྱའོ། །གནས་སོ་སོར་བཏབ་མཐར་ཁོའི་རྣམ་ཤེས་ཚོགས་བརྒྱད་ཕུར་བུ་ལ་ཐིམ། ཕུར་བུ་ལྷ་རྣམས་ལ། ལྷ་རྣམས་ཡེ་ཤེས་སེམས་དཔར། ཡེ་ཤེས་སེམས་དཔའ་བདག་ལ་བསྡུ་བ་རྣམས་འོད་ཀྱི་རྣམ་པར་རིམ་བཞིན་ཡིན་ནོ། །གསོ་བ་གསུམ་གྱི་བདག་གསོ་བ་ནི། ཡ་མཱནྟ་ཀ་དང་ཧཱུྃ་བརྒྱ་ཕྲག་བཟླས་པས་ཁམས་གསུམ་ཧཱུྃ་གིས་གང་ཧཱུྃ་རྣམས་རང་ལ་ཐིམ་པས་རང་ཟིལ་གནོན་སྐུ་ཆེ་ཞིང་ཡན་ལག་རགས་པས་སྟོང་གསུམ་གང་བར་བསམ་མོ། །ཕུར་བུ་གསོ་བ་ནི། ཡ་མཱནྟ་ཀ་བརྗོད་པས་ཕུར་བུ་གྲངས་མེད་འཕྲོས་ཁམས་གསུམ་ཕུར་བུས་གང་དགྲ་བགེགས་ཚར་བཅད་ཚུར་འདུས་ཕུར་བུ་ལ་ཐིམ་པས་ཕུར་བུ་མཐུ་སྟོབས་གཟི་བརྗིད་ནུས་པར་ལྡན་པར་བསམ་མོ། །དགྲ་གསོ་བ་ནི། ཡ་མཱནྟ་ཀ་བཟླས་པས་སྔགས་ཀྱི་འོད་ཟེར་ལིདྒའི་སྙིང་གར་ཕོག་པས་ཚོགས་བརྒྱད་ཀྱི་སྒྲིབ་པ་ཉེས་ལྟུང་ཐམས་ཅད་སྦྱངས་ནས་ཁོ་འཇམ་དཔལ་གཤིན་རྗེ་གཤེད་དུ་གྱུར་མ་ཐག །རླུང་རྡོ་རྗེ་རྒྱ་གྲམ་གྱིས་གཏོར་ནས་ལྷོ་ཕྱོགས་རྡུལ་བྲལ་གྱི་ཞིང་དུ་འཇམ་དཔལ་ཡབ་ཡུམ་གྱི་སྲས་སུ་གྱུར་པར་བསམ་ལ་ཨོཾ་ཨཱཿཧཱུྃ་བརྒྱ་ཕྲག་བཟླས་པས་སྐུ་གསུང་ཐུགས་སུ་དབང་ཐོབ་པར་བསམ་མོ། །འདི་ཡན་སྨད་ལས་གྲུ་གུ་འཐུལ་པ་ལྟ་བུ་བསྒྲལ་འདྲེན་མཐར་ཐུག་པ་ཡིན་ལ་འདི་ཕྱིན་ཁོའི་རྣམ་སྨིན་གྱི་ལུས་སྒྱུ་མ་ལྟ་བུ་བག་ཆགས་དང་བཅས་པ་རོ་ཚབ་བྱེད་པ་དང་འདྲ་ཞིང་དོན་མེད་པ་མིན་ཏེ་ཕུང་པོའི་ཞེན་པ་ཆོད་པ་དང་འཁོར་བར་འཆིང་བྱེད་ཀྱི་བག་ཆགས་འཇོམས་པའི་དགོས་པ་ཡོད་དེ། སྙིང་རྗེས་ཀུན་ནས་བསླངས་པའི་ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས་མ་རིག་འཁོར་བའི་ས་བོན་གྱི་རྩ་བ་ཆོད་པ། གཏུན་ཁུང་ཤེས་རབ་ཀྱི་བྷ་གར་ཐོ་བ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་ཉོན་མོངས་བག་ཆགས་དང་བཅས་པ་བཅོམ་ཞིང་སྙིགས་མའི་ཤ་ཁྲག་ཟག་མེད་ཀྱི་བདུད་རྩིར་སྦར་ཏེ་ལྷ་ཚོགས་ལ་ཕུལ་ཏེ་དགྱེས་ཤིང་མཉེས་པར་བསྒོམ། མཐར་འཁོར་གསུམ་མི་རྟོག་པའི་མཉམ་གཞག་བྱའོ། །གསུམ་པ་བཟླས་པ་སྔགས་ཀྱི་གནད་ལ། རྩ་བ་ཡན་ལག་གནད་དབབ་གསུམ་གྱི་དང་པོ་ནི། ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ འཇམ་དཔལ་ཞི་བའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྙིང་པོའོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ཧཱུྃ་ཕཊ༔ ལས་སྦྱོར་རྩ་བའི་བསྙེན་པའོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝཱ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ༔ སྲུང་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཟློག་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དམ་ཉམས་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་སྙིང་ལ་མཱ་ར་ཡ་རྦད་སོད༔ དེ་ཀའི་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཧཱུྃ་ཕཊ༔ ཡཾ་ཡཾ་བྷྱོ་བྷྱོ༔ དགྲ་ལ་བྷྱོ༔ ཨེ་ཀ་དུ་ན་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ས་ག་དུ་ན་ཤ་ཏྲཱུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ རཱ་ཙ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ཏ་ཀོར་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ མ་ཧཱ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ནཱ་ག་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ མ་མོ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ཤ་ཏྲཱུཾ་མཱ་ར་ཡ་དགྲ་བོའི་གཤེད་དུ་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཙིཏྟ་དཀྲུགས་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ མཐུ་བྱེད་བསམ་སྦྱོར་ངན་པ་ཐམས་ཅད་ཀྱི་གཤེད་དུ་མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ ནན་ནན༔ ཉིང་ཟློག་གི་སྔགས་སོ། །ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་སོད༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་སོད༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་སོད་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔ ནྲྀ་མཱ་ར་ཡ་རྦད་ཡ༔ ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ༔ ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད༔ བསད་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ནན༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ནན་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་ནན༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་ནན༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་ནན་ཧཱུྃ་ཕཊ༔ བྱད་མ་ལྷ་སྲུང་དང་བཅས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ མནན་སྔགས་ཏེ་སོ་སོར་བྱེད་ན་ཀཱ་ཡ་སཏྭཾ་བྷ་ཡ་ནན་ཞེས་དེས་འགྲེའོ། །གཉིས་པ་ཡན་ལག་གི་སྔགས་ནི། ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ་རུ་ཏི་ཡཾ་སན་ཡཾ་སན༔ མན་ཡཾ་སྙིང་ཚལ་པར་རྦད་བཾ་རིལ་རྦད༔ དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་དགྲ་བོ་ནྲྀ་ཨངྐུ་ཤ་ཛཿཛ༔ བླ་འགུགས་སོ། །ཆེ་གེ་མོ་ཨཱ་ཀརྴ་ཡ་ཧཱུྃ་ཛ༔ སྲོག་འགུགས་པའོ། །ཨ་ཡུརྫྙཱ་ན་ཨཱ་ཀརྴ་ཡ་ཧཱུྃ་ཛ༔ ཚེ་འགུགས་པའོ། །ཏྲི་ཡཾ་ནི་ཨཱ་ཀརྴ་ཡ་ཧཱུྃ་ཛཿཛ༔ ཡིད་འགུགས་པའོ། །རཱུ་པ་ཀནྟ་ཨཱ་ཀརྴ་ཡ་ཧཱུྃ་ཛཿཛ༔ གཟུགས་འགུགས་པའོ། །དེ་རྣམས་སྒྲུབ་སྔགས་ཀྱི་ཤམ་བུར་འདོགས་སོ། །ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སང་ཀུ་ཏ་ཧཱུྃ་ཕཊ༔ ལྷ་དབྱེའི་སྔགས་ཏེ་འདི་ཉིད་རྩ་བ་ཡིན་ལ་སྐྱོབ་རྟགས་ཆེ་ན་གཞན་ནས་དཔུང་བསྐྱེད་པ་ནི། ཆེ་གེ་མོའི་དྷེ་བ་ཀ་ས་ཡ་ཨེ་ཛ་ལ་ཛ་ལ་རཱ་ཙ་ཕྱེ་རཱ་ཙ་ཕྱེ་ཨ་ཤག་ཤག༔ ཡམ་ཕྱེ་ཡམ་ཕྱེ་ཡ་སྤུ་ཏ་སྤུ་ཏ་ཕུས་ཕུས་ལང་ལང་སེང་སེང་ཕུས་ཕུས་ཆེར་ཆེར་ཡུལ་ལྷ་དང་ཕྱེ༔ དགྲ་བླ་དང་ཕྱེ༔ སྲོག་ལྷ་དང་ཕྱེ༔ ཕོ་ལྷ་དང་ཕྱེ༔ མོ་ལྷ་དང་ཕྱེ༔ ཞེས་སྒྲུབ་སྔགས་ཤམ་བུར་འདོགས་ཤིང་། ལྷ་ལྔ་སོ་སོར་འབྱེད་པའི་སྔགས་ནི། ཨོཾ་དགྲ་བོ་ཡུལ་ཤ་ཕཊ༔ ཨོཾ་དགྲ་བོ་དགྲ་ཤ་ཕཊ༔ ཨོཾ་དགྲ་བོ་མོ་ཤ་ཕཊ༔ ཨོཾ་དགྲ་བོ་སྲོག་ཤ་ཕཊ༔ ཨོཾ་དགྲ་བོ་སྙིང་ཤ་ཕཊ༔ ཨོཾ་དགྲ་བོ་ལྷ་ཤ་ཕཊ༔ སོ་སོར་བརྒྱ་བརྒྱས་འབྱེད་པའོ། །ཨོཾ་ཨེ་ཀ་ཡ་མ་དགྲ་སྙིང་ལ་བྷྱོ་ཟློག་དགྲ་སོད་རྦད༔ ཧེ་ཀ་ཡ་མྎ གྷྲི་མ་ཡ་མྎ ཡ་མ་སརྦ་དུསྟན་ཨེ་ཏྲི་ཛ་ཡ་བྷྱོ༔ སརྦ་རུ་དྲའི་ཙིཏྟ་གཟིར་ཐུམ་ཨ་མུ་ཀ་ཏྲིག་ནན་རྦོད་གཏོང་རྦད་ནན་དགྲ་སྲོག་ལ་མྱགས་རྦད་སོད་ཡ་དགྲ་སྙིང་ཕྱུངས་ཡ་ནྲྀ་མཱ་ར་ཡ་ནྲྀ་ཧུར་ཐུཾ་རྦད་ཁཾ་ཨ་མུ་ཀའི་སྙིང་སྲོག་དམར་པོ་ཧུར་ཐུཾ་མཱ་ར་ཡ་ཛཿརྦད༔ བནྡྷེ་ཤ་ཡ་རྦད༔ ནུ་ལོ་ཀ་ཤ་རྦད༔ བནྡྷེ་བྲག་ཚལ་རྦད༔ སྙིང་སྒོ་ཆོད༔ རྩད་ནས་ཆོད༔ དམ་ཉམས་བནྡྷེ་ཕྱེ་མར་ཕུར་ཡ༔ བྱད་མ་རང་གཤེད་དུ་བསྐོར་བའི་སྔགས་སོ། །གསུམ་པ་གནད་དབབ་སྔགས་ནི། ནན་ནན༔ སྒྱུར་སྒྱུར༔ ཟློག་ཟློག༔ བྷྱོ་བྷྱོ༔ རྦད་རྦད༔ མཐུ་བྱེད་བསམ་སྦྱོར་ངན་པ་ཐམས་ཅད་ཀྱི་གཤེད་དུ་མཱ་ར་ཡ་རྦད་རྦད༔ མ་མོ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ནཱ་ག་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ མ་ཧཱ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཏ་ཀོར་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ རཱ་ཙ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཙ་དུར་སྙིང་ལ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ས་ག་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཨེ་ཀ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ བྷྱོ་བྷྱོ༔ ཡཾ་ཡཾ༔ དེའི་བཀའ་སྲུང་ལྷ་དང་བཅས་པ་མཱ་ར་ཡ་སོད་ཡ༔ སྲུང་མ་ཡུལ་ལྷ་ཕར་ཟློག་དུས་དགྲ་བོ་བྱད་མའི་སྙིང་ལ་མཱ་ར་ཡ་སོད་ཡ༔ སྤྱི་དྲིལ་ཚེ་བདག་གྷྲི་མ། སྤྱི་མཐུན་ཚེ་བདག་ཧེ་ཀ །ཐུན་མོང་ཚེ་བདག་ཨེ་ཀ །དེ་ཤད་ཟློག་གོ༔ ནན་ནན༔ སྒྱུར་སྒྱུར༔ ཟློག་ཟློག༔ བྷྱོ་བྷྱོ༔ རྦད་རྦད༔ རྦད་རྦད་ཡ་ར་མཱ་དུ་གཤེད་ཀྱི་ཅད་ཐམས་པ་ངན་སྦྱོར་བསམ་བྱེད་མཐུ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་མོ་མ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ག་ནཱ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ཧཱ་མ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ཀོ་ར་ཏ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་སན་དུ་ཙ་རཱ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་ལ་སྙིང་དུར་ཙ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་སན་དུ་ག་ས༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་དུ་ས་ན་དུ་ཀ་ཨེ༔ བྷྱོ་བྷྱོ༔ ཡཾ་ཡཾ༔ ཡ་སོད་ཡ་ར་མཱ་པ་བཅས་དང་ལྷ་སྲུང་བཀའ་དེའི༔ ཡ་སོད་ཡ་ར་མཱ་ལ་སྙིང་མའི་བྱད་དུ་ས་བོ་དགྲ་དུས་ཟློག་ཕར་ལྷ་ཡུལ་མ་སྲུང༔ མ་གྷྲི་བདག་ཚེ་དྲིལ་སྤྱི༔ ཀ་ཧེ་བདག་ཚེ་མཐུན་སྤྱི༔ ཀ་ཨེ་བདག་ཚེ་མོང་ཐུན༔ དེ་ཚེག་ཟློག་གོ༔ ནན་ནན༔ ར་སྒྱུ་ར་སྒྱུ༔ ག་ཟློ་ག་ཟློ༔ བྷྱོ་བྷྱོ༔ ད་རྦ་ད་རྦ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་ཀྱི་ད་ཅ་ས་མ་ཐ་པ་ན་ང་ར་སྦྱོ་མ་ས་བ་ད་བྱེ་ཐུ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་མོ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ག་ནཱ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཧཱ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ར་ཀོ་ཏ། ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཙ་རཱ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་ལ་ང་སྙི་ར་དུ་ཙ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ག་ས༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཀ་ཨེ༔ བྷྱོ་བྷྱོ༔ ཡ་མ་ཡ་མ༔ ཡ་ད་སོ་ཡ་ར་མཱ་པ་ས་ཅ་བ་ང་ད་ལྷ་ང་སྲུ་འ་ཀ་བ་འི་དེ་ས་དུ་ག་ཟློ་ར་ཕ་ལྷ་ལ་ཡུ་མ་ང་སྲུ་ཡ་ད་སོ་ཡ་ར་མཱ་ལ་ང་སྙི་འི་མ་ད་བྱ་རྦ་ས་བོ་གྲ་ད༔ མ་གྷྲི་ག་ད་བ་ཚེ་ལ་དྲི་སྤྱི༔ ཀ་ཧེ་ག་ད་བ་ཚེ་ན་ཐུ་མ་སྤྱི༔ ཀ་ཨེ་ག་ད་བ་ཚེ་ང་མོ་ན་ཐུ༔ དེ་འབྲུ་ཟློག་གོ༔ ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ་ཟློག༔ ཙཀྲ་དུ་རུ་མ་ཡ་མ་གྷྲི༔ ནན་བྷིག་ཐུམ་གཟེར་ཙིཏྟ་སརྦ་ཡ་ཟློག༔ ཡ་རྦད་ནན་ཏྲིག༔ དེ་ཤ་ཟློག༔ ཡ་ཟློག་ཡ་རྦད་ནན་ཏྲིག་ནན་བྷིག་ཐུམ་གཟེར་ཏྟ་ཙི་སརྦ་ཟློག༔ ཙཀྲ་རུ་དུ་མ་ཡ་མ་གྷྲི་ཟློག༔ ཙཀྲ་རུ་དུ་མ་ཡ་ཀ་ཧེ་ཟློག༔ ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ་ཟློག༔ འདི་འབྲུ་ཟློག་གོ༔ ཨོཾ་ཧེ་ཨེ་ཀ་ཀ་ཡ་ཡ་མ་མ་དུ་དུ་རུ་རུ་ཙཀྲ་ཙཀྲ་ཟློག་ཟློག༔ གྷྲི་སརྦ་མ་ཙིཏྟ་ཡ་མ་གཟེར་དུ་ཐུམ་རུ་བྷིག་ཙཀྲ་ནན་ཟློག༔ ཏྲིག་ཡ་ནན་ཟློག་རྦད་ཡ༔ དེ་ཚག་ཟློག་ཡིན། དེ་ལྟར་གནད་དབབ་རྣམས་ལས་མ་འགྲུབ་མཐར་ཐུག་ན་མ་གཏོགས་བཟླ་བ་མ་ཡིན་ནོ། །ཉིང་ཟློག་ཀྱང་བརྒྱའམ་སུམ་བརྒྱ་ལས་མང་ན་སྡེ་བརྒྱད་རང་ལ་བཟློག་ནས་འཆི་བས་ཚད་དང་ལྡན་པར་བྱའོ། །གཞན་ཡང་ལོག་རྡུགས་འབྱམས་པ་རྣམས་ལ་ཟློག་དཀྲུག་སྡེབ་སོགས་མན་ངག་གནད་དུ་འཕྲོད་པར་བྱ་ཞིང་བཟླ་ལུགས་ཀྱང་དྲག་པོའི་སྔགས་རྒོད་གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ་པའི་ཚུལ་གྱི་ངར་ལྡན་དུ་བཟླའོ། །ཐུན་སྔགས་འུར་བ་ལེན་པའི་སྔགས་བྱང་ཟུར་དུ་ཤེས་པར་བྱའོ། །སྔགས་ཀྱི་མགོ་ནས་མཇུག་ཏུ་མ་འཁྱོལ་བར་དབུགས་བསུ་བ། སྦྲིད་པ་གྲུལ་བ། གློ་ལུ་བ་ཙམ་ཡང་མེད་པ་དང་། སྐྱོན་བཅུ་སྤང་སྟེ་བཟླས་པར་བྱའོ། །གསུམ་པ་སྐོར་གསུམ་གྱིས་ཉམས་སུ་ལེན་ཚུལ་ལ་སྤྱིའི་སྔོན་འགྲོ །དངོས་གཞི་སྐོར་གསུམ། སྒྲུབ་པའི་དུས་ཀྱི་སྤང་བླང་། རྟགས་ཚད། མཐའ་སྡུད་དེ་ལྔའི་དང་པོ་ནི། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཆེན་པོ་གང་ཡང་རུང་བའམ། ཚེ་བདག་ལུགས་གཉིས་འཇོམས་བྱེད་སོགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། འདིའི་སྒོས་ཆོས་རྣོན་པོ་ནང་གཅོད་ཀྱི་བྱིན་རླབས་ཐོབ་ནས་ཚེ་བདག་གི་བསྙེན་ཆེན་ཐེམས་པའམ་འདི་ཁའི་ལུགས་ཀྱི་ཞི་དྲག་གི་བསྙེན་པ་ཐེམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། འོན་ཀྱང་འདི་ཉིད་མཐུ་ཁ་དྲག་སྔགས་སུ་སྒྲུབ་པ་ལས་ཀྱི་མདེའུ་ཡིན་པས་བསྙེན་པ་མེད་ཀ་མེད་ཡིན་ནོ། །གང་ལྟར་ཡང་དམ་ཚིག་དང་ལྡན་ཞིང་འདིའི་ལག་ལེན་ལ་བྱང་བའི་སྔགས་པས་དུར་ཁྲོད་དང་སྡེ་བརྒྱད་གནས་པ་གཤིན་རྗེ་སྒྲུབ་པའི་གནས་མཚན་ཉིད་ཚང་བ་སོགས་དབེན་ཞིང་འཚེ་བ་མེད་པར་སོང་སྟེ་གཞི་བདག་ལ་གཏོར་མ་བྱིན། སྡེ་བརྒྱད་ཕུད་ཀྱིས་བརྔན་ལ་བཀའ་བསྒོ་བྱ། ཆ་གསུམ་གཏང་། བཀའ་སྒྲོག །སཱཙྪ་འདེབས་པ་སོགས་རྒྱབ་དཔུང་ཡང་བྱ་ཞིང་ཁྱད་པར་དགྲ་བགེགས་ཀྱི་ལན་ཆགས་སྦྱོང་ཕྱིར་ཆུ་གཏོར་དང་ལན་ཆགས་གཏོར་མ་གཏོང་། བཅའ་གཞི་རྣམས་ལེགས་པར་བྱས། གཤིན་རྗེའི་ང་རྒྱལ་གྱིས་སྒྲུབ་ཁང་གི་སྒོ་དྲུང་ཐོ་དཀར་པོ་ཞིག་བརྩིགས་ཏེ་གཞི་བདག་ལ་གཏོར་མ་བྱིན། ལས་མཐར་མ་ཕྱིན་བར་དུ་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ་མཚམས་བཅད་དོ། །གཉིས་པ་དངོས་གཞི་ལ་སྐོར་གསུམ་གྱི་དང་པོ་སྲུང་བ་ནི། བརྒྱུད་འདེབས་ནས་བཟུང་ལས་བྱང་གཞུང་སྲོང་བམ་སྐོང་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་སྐོང་གསོ་གཏེར་སྲུང་མཆོད་པ་རྣམས་དང་ཚོགས་ཐ་མའི་བར་བྱས་རྗེས། སྔགས་འབྲུ་དྲུག་པ་བཅུ་གཅིག་པ་རྩ་བསྙེན་རྣམས་སྟོང་ཕྲག་དང་སྲུང་སྔགས་བརྒྱ་རྩ་ཙམ་བཟླས་རྗེས་སྨན་མཆོད་ཕུལ། དམ་ཅན་གྱི་གཏོར་འབུལ་དང་མཇུག་བསྡུ་རྣམས་བྱས་རྗེས་འོད་གསལ་གྱི་ངང་དུ་ཉལ་ལོ། །ཡང་ན་ཉེར་བསྡུའི་བར་དཀྱུས་བཞིན་བྱས་ནས། སླར་རྟེན་བརྟེན་པའི་དཀྱིལ་འཁོར་ནམ་མཁའི་འཇའ་ཚོན་ལྟར་གསལ་བཏབ་ལ་བྱིན་ཕབ། གོང་གི་སྔགས་རྣམས་བཟླས་དཀྱིལ་འཁོར་པ་བདུད་རྩི་སྨན་གྱི་མཆོད་པས་མཉེས་པར་བྱས་ཤིང་རང་གིས་མྱང་བས་རྩ་ཁམས་བདེ་བས་ཁྱབ་སྟེ་བདེ་གསལ་མི་རྟོག་པའི་ངང་དུ་ཉལ་ལོ། །ནངས་པར་ལས་གཞུང་དཀྱུས་ལྟར་གྱེར་སྲུང་དམིགས་ཀྱི་མཇུག་དུ། མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སོགས་བརྗོད། དེ་ནས་ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་བལྟ།སོགས་བརྗོད་ནས་སྔགས་བཟླས།་་་འདིར་སློབ་དཔོན་ལ་ཐུན་ཐག་ཕུལ། འདི་ནས་བཟུང་སྔགས་འདི་རྒྱུན་མ་ཆད་པར་བྱེད། མཆན། དེ་ནས་སྲུང་བའི་རྟགས་གཏོར་ཕུལ་ཞིང་དབྱངས་གསལ་ཡིག་བརྒྱ་བཟླས་པའི་བར་ངག་དམ་པོར་བཅད། སྒྲུབ་གྲོགས་ཡོད་ན། སྔགས་སྒྲ་མ་ཆད་པར་གལ་ཆེའོ། །ཐུན་མཚམས་སུ། ནམ་མཁའ་མེད་པར་གྱུར་ན་ཡང་སོགས་བདེན་ཚིག་བརྗོད། གཏོར་ཆེན་ལ་ཤ་ཟན་སྨན་རཀ་དང་ཐུན་གཏོར་ལ་རཀྟ་བྲན། དགུག་གཞུག་ཚར་གཅིག་བྱས་སྨན་རཀ་བྲན། གཏོར་མའི་དངོས་འཛིན་རཾ་ལས་སོགས་བྱིན་གྱིས་བརླབ། སྒྲུབ་སྔགས་ལ་ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་སོགས་གཏོར་སྔགས་བཏགས་པ་གསུམ་གྱིས་བསྔོས་ལ། ཆོས་སྐུ་ཞི་བ་མའི་རྗེས་ལ་སྲུང་ཤམ་དང་། རྣལ་འབྱོར་བདག་ཅག་སོགས་བཏགས་ལ་གཏོར་ཆེན་ལ་བཏབ་ཅིང་སྨན་རཀ་སྒྲོན། གསར་པ་གཅིག་བཤམས་པ་རཀྟ་སྒྲོན་ལ་གོང་བཞིན་བྱིན་རླབས་བྱས། ཚོགས་མཆོད་བྱས་ལྷག་མ་བཙོན་དུ་འཛིན། དེ་སྣོད་གཅིག་ཏུ་བསགས་ནས་སྨན་རཀ་སྒྲོན་པ་ཡིན་ནོ། །བཟོད་གསོལ་དང་ཉེར་བསྡུ་བྱ། དགོང་ཐུན་ཚོགས་མཆོད་གོང་དུ་དམ་ཅན་སྤྱི་དགོས་ཀྱི་གཏོར་བསྔོས་སྐོང་གསོ་བྱ། ཚུལ་དེ་ལྟ་བུས་ཐུན་དྲུག་ཏུ་བཅད་ལ་ཉམས་སུ་བླངས། རྟགས་མཐོང་ནས་རྟགས་གཏོར་ལ་དགུག་གཞུག་གསུམ་བྱས་ཐུན་གཏོར་བཞིན་ལས་སྒྲུབ་ཁང་ཐོག་ཏུ་འབུལ། གཏོར་ཆེན་གསོས་ཏེ་རྟགས་གཏོར་གསར་པ་བཤམས་པ་བྱིན་གྱིས་བརླབ། ཚོགས་ཐ་མའི་རྗེས་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་སོགས་འདོད་གསོལ་ལེ་ཚན་རྣམས་དང་དབྱངས་གསལ་ཡིག་བརྒྱ་བཟླས་ནས་ངག་འགྲོལ། ནམ་མཁའ་མེད་པར་གྱུར་ན་ཡང་སོགས་བརྗོད། བཟོད་གསོལ་ཉེར་བསྡུ་བྱ་བ་བཙན་མཁར་སྲུང་བའི་མན་ངག་གོ །གཉིས་པ་ཟློག་པ་ལ་རྐྱང་པ་དང་དྲག་པོ་གཉིས་ཀྱི་དང་པོ་ནི། སྟན་ཁ་སྦུབས་གོས་མགོ་མཇུག་ཟློག་་་གོང་དུ་བཤད་པའི་སྒྱེད་བུ་གསུམ་གྱི་དྲེག་པ་དང་ཁྲག་ཆང་སྦྱར་བས་་་སྣ་ཞུད་འཐེན་ལས་གཞུང་གྱེར། ཛཔ྄་དམིགས་ཀྱི་གོང་ཤ་དམར་ལ་དགུག་གཞུག་བྱས་ནས་མིད། གཙོ་འཁོར་རྣམས་ཀྱི་སོགས་དམིགས་པ་གསལ་བཏབ་ལ་ལས་གཤིན་ནག་པོ་སོགས་ཀྱིས་ཐུན་གཏོར་ལས་གཤིན་དུ་བསྐྱེད་ལ་སྔགས་བཟླ། ཐུན་མཚམས་སུ་གཡས་གཡོན་ཕྱག་མཐིལ་ཟླ་ཉིའི་དཀྱིལ་འཁོར་སོགས་དང་། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་བརྡར་ཐལ་བརྡེབ་བྱའོ། །ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། ཐུན་གཏོར་གོང་བཞིན་ལས་དགུག་གཞུག་གསུམ་དང་བསྟོད་རིང་རྗེས་ལ། ཆག་ཆེ་ཉམ་ང་ཟློག་པའི་འཕྲིན་ལས་མཛོད་སོགས་ཀྱི་ཤམ་བུ་འདོགས་འཕྲིན་བཅོལ་དྲག་བསྐུལ་བསྐུལ་ཐུང་རྣམས་ཀྱི་རྗེས་ལ། ལྕགས་སམ་བྷནྡྷའི་བསྐུལ་དང་ཟློག་སྔགས་བཅས་པས་དགྲ་ཕྱོགས་སམ་ཐེབས་ཕྱོགས་ལ་འཕེན་ནས་གསར་པ་ལྷར་བསྐྱེད་པ་རྣམས་ཁྱད་པར་རོ། །རྟགས་གཏོར་ཡང་ཐུན་གཏོར་དང་འགྲེའོ། །གཞན་མཐུན་གཅོད་པ་ངག་འགྲོལ་བ་ལ་སོགས་ཐམས་ཅད་སྲུང་བས་འགྲེའོ། །གཉིས་པ་དྲག་པོ་ནི། སྲུང་བ་སྔ་དྲོ་གྲོལ་བའི་དགོང་ཐུན་ནས་སྟན་གོས་ཁྱད་ཆོས་གོང་བཞིན་བསྒྱུར། སྒྲུབ་པ་པོ་རྣམས་ཀྱི་སྟན་འོག་ཏུ་ཆོས་འབྱུང་བྲིས་པའམ་བྲུས་པར་ལིང་རྐྱང་ཤི་ལྟེབ་བྱས་པ་དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན་པ་རེ་བཅུག །ལས་གཞུང་ང་རྒྱལ་བཟུང་བའི་བར་ལས་སྲས་ཀྱི་རྗེས་སུ་སྦས་ལྷའི་ལྷ་བསྐྱེད་སྤྱན་འདྲེན་ཕྱག་འཚལ་དྲག་བསྟོད་རྣམས་འཇུག་ཅིང་། གནས་གསུམ་བྱིན་རླབས་ཀྱི་འགོར། ཐུན་ཕུར་ལས་ཀྱི་གཤིན་རྗེ་དམར་ནག་སོགས་འཇུག །གཏོར་ཆེན་གསོས་ལ་འཁོར་ལིང་རྣམས་མདུན་དུ་ལྕགས་སྣོད་ནང་དུ་གཅེར། བདག་གཞན་གྱི་སྲུང་མ་དང་སྡེ་དཔོན་སུམ་ཅུ་མཆོད། སྙིང་གཟེར་གྱི་སྡེ་བརྒྱད་བསྐུལ། གསེར་སྐྱེམས། མཁྱེན་དགོངས་བྲུབ་ལིང་བསྐྱེད། དགུག་གཞུག་བརྒྱ་རྩ་ཙམ་ཅི་མང་བྱ། དམོད་མོ་གཟུ་དཔང་བྱད་མ་གཤེད་སྐོར་རྣམས་དང་། ཉེས་བྱས་དྲག་བསྐུལ། མོན་པ་བཞིའི་བསྐུལ། སྡེ་བརྒྱད་བྱུང་ཚུལ་གྱི་བསྐུལ། བླ་འགུག །སྤྲུལ་པ་འགྱེད་པ། བླ་འགུག་གི་སྔགས། ལྷ་དབྱེའི་བསྐུལ་དང་སྔགས་རྫས་སྦྱར་བ། དྲེགས་བསྐུལ་དང་ཐུན་བསྐུལ། རྗེས་ལ་དུ་ན་བདུན་པས་དགུག་ཐུན་བྲབ། ནམ་མཁའ་མེད་པར་བརྗོད། བཅས་རྣམས་སྒྲིབ། ནངས་པར་ལས་གཞུང་གོང་བཞིན་བསྲང་། གསེར་སྐྱེམས། བྲུབ་ཁུང་ལིངྒ་བསྐྱེད་པ་དགུག་གཞུག་ཚེ་སྲོག་ཡིད་གཟུགས་འགུག་པའི་སྔགས། བླ་འགུགས་ཀྱི་སྔགས་དང་ལྷ་དབྱེ། ཐུན་གཏོར་ལས་གཤིན་དུ་བསྐྱེད། ཤ་དམར་མིད། སྤྱི་བོར་ལམ་ལས་པུ་རི་ནག་པོ་སོགས་ཀྱི་རྗེས་ལ། རྩ་ཕྱག་མཐིལ་གཉིས་ཟླ་ཉིའི་དཀྱིལ་འཁོར་སོགས་ཚིག་དྲུག་སོང་མཚམས། རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་སོགས་དང་ཟློག་དམིགས་ལྷག་མ་དང་སྔགས་བཟླ། འཇོག་མཚམས་སུ་དུ་ན་བདུན་པ་བཟླ་ཞིང་སྨྱུག་ཚིགས་ཐལ་མོའི་བར་དུ་དྲིལ་ལོ། །ཐུན་མཚམས་སུ་ཐལ་མོ་བྱིན་རླབས། ན་མོ། སངས་རྒྱས་ཀྱི་བདེན་བརྡར་ལན་གསུམ་ཐལ་བརྡེབ་རྣམས་དང་། ནམ་མཁའ་མེད་པར་བརྗོད། གཏོར་ཆེན་གསོ། ཐུན་གཏོར་ལ་རཀྟ་བྲན། དགུག་གཞུག་ཉེར་ལྔ་ཙམ་བྱ། བདུད་རྩི་སྒྲོན་བྱིན་རླབས་སོགས། བསྟོད་རིང་ཟློག་ཤམ་བཏགས་པ་བསྐུལ་ཐུང་གི་བར་དང་། ཉེས་བྱས་དྲག་བསྐུལ། ལས་གཤིན་བསྐུལ། མོན་བཞིའི་བསྐུལ། སྡེ་བརྒྱད་བསྐུལ་རྣམས། བླ་འགུགས་སྔགས་དང་ལྷ་དབྱེའི་བསྐུལ་བྱ། ལྕགས་སམ་བྷནྡྷས་འཕེན། བསྐུལ་རྣམས་ཐུན་དྲུག་ཀར་མ་ལྕོགས་ན་ཉིན་ཞག་རེར་ཚར་རེ་འགྲོ་བར་བྱའོ། །ཐུན་གཏོར་གསར་པ་བཤམས་བསྐྱེད་གཏོར་ཆེན་ལ་བསྔོ། སྲོད་ཐུན་ལ་ལྷ་དབྱེའི་མཇུག་ཏུ་དུ་ན་བདུན་པས་དགུག་ཐུན་རྡེབ་བོ། ཁུག་རྟགས་མཐོང་ནས་མཐར་རྟགས་གཏོར་འབུལ་བ་ཐུན་གཏོར་དང་གོང་བཞིན་འགྲེའོ། །གསུམ་པ་བསད་པ་ལ། བསད་མནན་གཉིས་ཀྱི་དང་པོ་ནི། འཁོར་ལིང་རྣམས་ཚུར་བཏོན། ལྕགས་སྣོད་དུ་གཅེར། ལས་གཞུང་ནས་བཟུང་དགུག་ཐུན་བར་གོང་བཞིན་དང་། གཏོར་ཟོར་རྡེབ། ཕུར་གསུམ་སྒྲིལ། འདི་དུས་ཕུར་པ་བརྡེག་ཚུལ་ཙམ་གྱིས་སྒྲིལ་ཞིང་གནས་སྦར་གསོ་བ་གསུམ་སོགས་ཕུར་གདབ་རྒྱས་པ་མི་དགོས། ལྷ་དབྱེའི་སྐབས་འཁོར་ལིང་ཕྱིར་ཁྱེར་རྫས་དུད་བདུག་པའི་ལག་ལེན་མཐོང་བརྒྱུད་བཞིན་བྱ་བ་བསད་པའི་མཇུག་ལ་མཛད་ཀྱང་འདིར་མཛད་ན་བབས་འབྲེལ་ལོ། །དེ་ནས་བཅས་རྣམས་སྔར་བཞིན་བསྒྲིགས། ནངས་པར་ལས་གཞུང་དང་། གསེར་སྐྱེམས་དང་། ཤ་དམར་མིད་པའི་བར་ཟློག་པ་དྲག་པོ་དང་འདྲ། དེ་ནས། རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་པ་སོགས་ཀྱི་རྗེས་ལ། ཕྱག་གཡོན་དང་པོ་ལྕགས་ཀྱུ་སོགས་བསད་དམིགས་གསལ་བཏབ་ནས་སྔགས་བཟླའོ། །ཐལ་མོ་བྱིན་རླབས་བྱས། ལན་གསུམ་བརྡབ། དེ་ནས་ཟོར་བསྐུལ་བར་འདྲ་ཞིང་ཐུན་གཏོར་བྲུབ་ཁུང་དུ་བརྡེབ། ཁྱད་པར་ལས་བྱེད་དམག་མི་སྦྲན་པ་སྟེ། སྙིང་གཟེར་གྱི་སྡེ་བརྒྱད་བསྐུལ་ཆག་མེད་གཏོང་ངོ་། །དྲེགས་བསྐུལ་དང་། ཐུན་བསྐུལ་བྱས་རྗེས་བསད་སྔགས་སོགས་བཟླ་ཞིང་ཐུན་བརྡེག་གོ །དེ་ཡང་དགྲ་ཕལ་པ་ལ་བསད་སྔགས་གཅིག་པོས་ཆོག་ཅིང་བན་དགྲ་དང་ནང་རྒྱས་ལ་གཞན་རྣམས་བཟླ་ཞིང་མཐར། ན་མོ། སངས་རྒྱས་ཀྱི་བཀའ་སོགས་དམོད་མོ་ཐལ་བརྡེབ་བྱ། ནམ་མཁའ་མེད་པར་གྱུར་ན་བརྗོད། ཐུན་གཏོར་ལྷར་བསྐྱེད་གཏོར་ཆེན་གསོ་ཞིང་དེ་མན་རྟགས་གཏོར་ངག་འགྲོལ་རྣམས་འགྲེ །བསད་རྟགས་མཐོང་ནས་འཁོར་ལིང་རྣམས་ཚུར་བཏོན་ལ་སྔར་བཞིན་ལས་གཞུང་ནས་གཏོར་ཟོར་བརྡེབས་པའི་བར་འདྲ། དེ་ནས་མནན་གཏད་ཀྱི་འཁོར་ལིང་རྣམས་ཕྱིར་ལ་པུ་རི་ནག་པོར་བཅུག །ཟློག་བསད་ཀྱི་འཁོར་ལིང་ལ་ཕུར་གདབ་མཚོན་ཆས་བསྒྲལ་བ་གཏུན་དུ་བརྡུང་བ་རྣམས་ཀྱི་རྗེས་ལ་ལིང་རོར་སྨན་རཀ་སྒྲོན་ཏེ་དུག་གསུམ་དགྲ་བགེགས་ལྟ་བུའི་སྟོབ་ཚིག་གང་ཡང་རུང་བས་གཏོར་མར་འབུལ། ལིང་རོ་དམངས་སྲེག་པའི་ཆེད་དུ་ལྕགས་སྣོད་དུ་ཕུང་རེས་བཀབ་ལ་འཇོག་གོ །དེ་དུས་ཟན་ལིང་རེ་ལའང་གདབ་ལས་མཉམ་དུ་མཛད་པ་ཕྱག་ལེན་ལ་འདུག །བླ་ཕུར་བླ་གནས་སར་གདབ། དེ་ཡང་བླ་འགྱུ་བའམ་སྲོག་འགྱུ་བ་དང་འགྲིག་ན་ལེགས་སོ། །གཉིས་པ་མནན་པ་ནི། ལས་གཞུང་ནས་བཟུང་ཤ་དམར་མིད་པའི་བར་གོང་བཞིན་དང་། དེ་ནས་པུ་རི་ནག་པོ་རི་རབ་གླིང་བཞི་ཡིས་སོགས་མནན་དམིགས་གསལ་བཏབ། མནན་སྔགས་བཟླ། དེ་ནས་ཐལ་མོ་བརྡེབ་པ་ཐུན་གཏོར་སོགས་མནན་ཤམ་དང་ཕྱིར་འཕང་བ་མ་གཏོགས་བསད་པ་སོར་བཞག་ལྟར་བྱའོ། །རྟགས་གཏོར་ངག་འགྲོལ་རྣམས་ཀྱང་འགྲེ། དེ་ནས་འཁོར་ལིང་གཅེར་ཞིང་གསེར་སྐྱེམས་ནས་ཐོ་བརྡུང་བར་གོང་བཞིན་ལས་རྡེག་ཚུལ་མ་གཏོགས་མ་བུག་པ་བྱ། དེ་ནས་མནན་ཆས་བྱས་ལ་ལྕགས་སྣོད་དུ་འཇོག་གོ །གསུམ་པ་སྒྲུབ་པའི་དུས་ཀྱི་སྤང་བླང་ནི། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱིར་གནས་པའི་སྟེང་དུ་བསྙེན་སྒྲུབ་སྤྱིའི་བསྲུང་བྱ་དང་། ཁྱད་པར་སྲུང་བའི་དུས་མཆོད་པ་རྣམས་ནངས་རེ་བཞིན་ཁ་གསོ་ཞིང་མི་བརྗེ། སྟན་མི་སྤྲུགས། སྒྲུབ་ཁང་ལ་གད་བརྡར་མི་བྱ། གཞན་ལ་ཕྱག་མི་འཚལ། གོས་མགོ་མཇུག་དང་ཕྱི་ནང་མི་བསྒྱུར། ཁ་ལག་མི་འཁྲུ། སྐྲ་སེན་འབྲེག་པ་སོགས་ལུས་ལ་མཚོན་ཁ་མི་གཏོད་པའོ། །ཟློག་བསད་མནན་པའི་དུས་མཆོད་པ་རྣམས་བརྗེ། ཕྱག་གད་བྱ། འཁོར་ལིང་ལ་མར་མེ་དང་ཉི་ཟླའི་འོད་ཟེར། བདུད་རྩི་རྣམས་མ་ཕོག་པ་དང་། ལྷ་དབྱེའི་དུས་སུ་སྒྲོ་གཉིས་པུ་རི་དཀར་པོ་ལ་མ་རེག་པར་བྱའོ། །ཐུན་གཏོར་ལ་དགུག་གཞུག་གི་སྐབས། སྒྲུབ་རྫས་ཀྱི་རཀྟ་མི་སྒྲོན་པར་ཁྲག་གཙང་མ་བྲན་པ་ད་ལྟའི་ལག་ལེན་ལ་བྱ་ཡང་། སྒྲུབ་རྫས་ནས་སྒྲོན་ཀྱང་འགལ་བ་མ་མཐོང་སྟེ་ཁམས་གསུམ་ཆགས་པས་དགུག་པ་རཀྟའི་ཡོན་ཏན་ཡིན་ཕྱིར་དང་། འོན་ཏེ་རཀྟའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུ་བ་གནད་དམ་པའོ། །བསད་པའི་དུས་བྲུབ་ཁུང་དུ་འཕེན་པའི་དབང་གིས་བདུད་རྩི་མི་བྲན་ཡང་། དེ་ཡང་བདུད་རྩིའི་ཡོན་ཏན་ལྟར་ནའང་མི་འགལ་ཞིང་ལག་ལེན་ལ་ཡང་འདོད་ཡོན་བདུད་རྩིར་སྦར་ནས་བསྔོས་རྗེས་སླར་དྲག་པོ་གཤིན་རྗེའི་དམག་ཏུ་བསྒྱུར་བ་དམིགས་པའི་བྱེད་ལས་གཙོ་བའི་ཕྱིར་རོ། །འཁོར་ལིང་རྣམས་ལ་རང་དང་སྒྲུབ་གྲོགས་རྣམས་ཀྱི་དྲི་མ་མ་སོང་བ་དང་། ཐུན་ལ་སྔགས་འདེབས་དུས་ཀྱང་མཆིལ་མ་དང་ཁ་རླངས་མ་ཤོར་བར་བྱའོ། །ཐུན་ཐག་རྣམས་ཀྱང་མ་ཡན་པ་དང་། སྒྲུབ་གྲོགས་ཡོད་ཕྱིན་སྔགས་སྒྲ་མ་ཆད་པ་ངག་མ་ཤོར་བ་མཁོན་རྩོད་མེད་པ་རྣམས་གལ་ཆེ་ཞིང་སྤྱོད་ལམ་ཀུན་ཏུ་ལྷ་སྔགས་ཀྱི་གསལ་སྣང་དང་། དམིགས་བྱར་སྙིང་རྗེས་བསྐྱེད་པའི་ཞེ་སྡང་དྲག་པོ་དང་མ་བྲལ་བར་བྱ། ཕྱི་རྟགས་མ་ཐོན་པར་ཐུན་གཏོར་རྒྱུན་མི་གཅོད་ཅིང་སྙིང་རྗེ་སྐད་ཅིག་ཙམ་ཡང་སྐྱེ་མི་རུང་ངོ་། །ཕྱི་རྟགས་མཐོང་ནས་རང་གཞན་གྱི་སྒྲིབ་སྦྱོང་ཚ་ཚཱ་ཡིག་བརྒྱ་སོགས་ལ་འབད་དོ། །སྒྲུབ་པ་ལ་འཇུག་དུས་ཀྱང་སྲུང་བ་ཡར་ངོའི་ཚེས་གྲངས་བཟང་ཞིང་གཟའ་སྐར་ལེགས་པ་ལ་འཇུག་ཅིང་ཐོན་པ་ཡང་དེ་དང་འདྲ། ལས་སྦྱོར་མར་ངོ་གཟའ་སྐར་འཕྲོད་སྦྱོར་ངན་པ་ཟིན་ཕུང་ནག་པོ་རྒྱུ་བ་དང་། ལོ་ཟླ་ཞག་དུས་དགྲ་བོའི་ཁམས་ཀྱི་གཤེད་དུ་འགྲོ་བ་ལ་བྱ་ཞིང་ཐོན་པ་ཡང་དེ་དང་འདྲ། གཞན་ཡང་ཐུན་ཟོར་དགུག་གཟིར་སོགས་ཀྱི་དུས་ཀྱང་དགྲ་བོའི་ལོའི་བདུན་ཟུར་བཞི་གཤེད་རྣམས་ལ་གནད་འཕྲོད་པར་བྱའོ། །བཞི་པ་རྟགས་ཚད་ནི། མཁར་བཙན་པོར་ཞུགས་པ། གོ་གྱོན་མཚོན་ཆ་བཟུང་བ། ཉི་མ་ཤར་བ། རི་རྩེར་ཕྱིན་པ། རྟ་རྒྱུག་པ། དར་ཕྱར་བ། དུང་འབུད་པ། དམག་ལས་རྒྱལ་བ། རྩོད་པ་ལས་རྒྱལ་བ། ཆུ་ལས་ཟིན་ནས་སྐམ་སར་ཐོན་པ་རྣམས་ནི་སྲུང་བའི་རྟགས་སོ། །དམག་ཆེན་པོ་ཟློག་པ། སེར་བ་ཟློག་པ། ཆུ་སྒྱུར་བ། བྲག་བཤིག་པ། རྫིང་རྟོལ་བ། རྡོ་ཟློག་པ་སོགས་ནི་ཟློག་པའི་རྟགས་སོ། །སེམས་ཅན་གྱི་རིགས་མང་པོ་བསད་པ། སྙིང་སྟེར་བ། ཤིང་བཅད་པ། རི་བསྙིལ་བ། ཤ་རློན་དང་ཁྲག་སྟེར་བ་རྣམས་ནི་བསད་པའི་རྟགས་སོ། །སེམས་ཅན་གྱི་རིགས་བཅིངས་པ་དང་། བཀྱིག་པ་དང་། དོང་ནང་དུ་བཅུག་པ་དང་། བཙོན་དུ་བཟུང་བ་རྣམས་མནན་པའི་རྟགས་སོ། །དེ་རྣམས་ལས་ཟློག་པ་དང་གཞན་ཡང་ངན་པའི་རྟགས་རྣམས་ལ་ཏིང་ངེ་འཛིན་གྱི་ངར་བསྐྱེད། དུ་ན་བདུན་པ་མང་བར་བཟླ་ཞིང་། རང་གི་སྲུང་མ་ལ་མཆོད་གཏོར་སྐོང་བཤགས་བྱ། ལྟ་བ་གྱད་ཀྱི་ལྷ་ལ་རྩལ་འདོན་ནོ། །བཟང་ངན་གྱི་རྟགས་རྣམས་ཉམས་དངོས་རྨི་ལམ་གང་རུང་ལ་རིག་པའི་བབས་དང་བསྟུན་ནས་དཔྱད་ཤེས་པར་བྱའོ། །ལྔ་པ་མཐའ་སྡུད་ལ་མནན་བསྲེག་འཕང་གསུམ་གྱི་དང་པོ་ནི། གང་དུ་གནོན་པའི་ས་ནི་ལམ་རྒྱ་གྲམ། མཆོད་རྟེན་གྱི་རྨང་། ལྷ་ཁང་གི་ཐེམ་འོག །རྟེན་བྱིན་ཅན་གྱི་འོག་གམ། སུམ་ཟུར་བྱད་མའི་ཁང་རྩ། སྡེ་བརྒྱད་དྲག་པོ་གནས་པའི་ས་སོགས་གང་རུང་སྐབས་ཐོབ་ཀྱི་གནས་སུ་ས་གཞིའི་བདག་པོ་ལ་གཏོར་མ་སྦྱིན། མར་དཀར་གྱི་གསུར་དུད་བཏང་ལ། རྩོད་རུས་ས་དྲས། རིག་བྱེད་ཀྱིས་གཏན་ལ་ཕབ་པའི་ལྟོ་འཕྱེ་བརྟགས་པའང་ཚུལ་མཐུན་བྱའོ། །ཡང་ན་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་གསལ་ཞིང་བརྟན་ན་སྣང་སྲིད་འཁོར་འདས་ཀྱི་བདག་པོ་ཡིན་པས་ཚུལ་དེ་རྣམས་ལ་རག་མ་ལུས། གང་ལྟར་དོང་བྲུ་བའི་ཚད་ནི། ཁྲུ་གང་ཡན་ཆད་ཕན་མེད་གནོད་མེད་ཀྱི་ས་རོ་ཡིན། །དེ་ནས་སོར་དགུ་མ་མོའི་གནས་ཡིན་པས་འགོང་ཆོག་མནན་པར་བཟང་། དེ་ནས་སོར་བཅུ་པའི་ས་ལྷ་མོ་བརྟན་མའི་གནས་ཡིན་པས་མནན་པ་ཐམས་ཅད་ལ་བཟང་ངོ་། །དེ་ནས་སོར་ཉི་ཤུ་རྩ་བཞི་པ་ཀླུའི་གནས་ཡིན་པས་སྐམ་གཏད་བྱེད་པར་བཟང་ངོ་། དེ་ནས་དགྲ་བོའི་གཤེད་དུ་འགྲོ་བའི་དུས་ལ་གང་དུ་བྱ་བའི་ས་དེར་མནན་ཆས་རྣམས་ཐོགས་ཏེ་འགྲོའོ། །དོང་མེ་རླུང་གིས་བཀྲུས། གསེར་སྐྱེམས་བཏང་ངོ་། །རང་ཉིད་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་སོགས་བརྗོད། བེ་ཅོན་གྱི་ཕྱག་རྒྱའམ་མི་བསད་ཀྱི་གྲིས་ས་གཞི་གཤགས་པའི་དམིགས་པ་བྱེད། ཛཿ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་ཡི་འོག་སོགས་བརྗོད་ཅིང་ཚིལ་ཆེན་གྱི་གསུར་བཏང་། དར་ནག་གཡབ་ཅིང་རྐང་གླིང་འབུད། བཤུག་གླུ་ལེན་ཅིང་དོང་ནང་དུ་ལས་གཤིན་བོས། དམར་ཆེན་ཁྲག་གི་ཨརྒྷཾ་སོགས་ཀྱིས་དོང་ནང་དུ་ཁྲག་ཆང་སྦྲེང་། དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་སོགས་ཀྱིས་དམར་གཏོར་འབུལ། ལས་གཤིན་བསྐུལ། མནན་ཆས་ལ་དགུག་གཞུག་དྲག་པོ་བྱས། ལྷ་དང་དབྱེས་ལ། ཧཱུྃ། ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲིའི་མར་འདས་ན། །སོགས་ཀྱི་མཐར་དོང་ནང་དུ་ཚེར་མ་རྒྱ་གྲམ་བཏིང་བའི་ཁར་བསྐྱུར། ཐོད་པ་ཡིན་ན་ཨག་ཚེ་གནམ་ལ་བསྟན་ནོ། །ཧོཿ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས་དམོད་བཅོལ་དང་། འབྱུང་བ་གདན་བཞིའི་རྔམས་འོག་ན་སོགས་བརྗོད། དམིགས་བྱ་ཁོང་ཆུད་གཤིན་རྗེ་སྡེ་བརྒྱད་ཀུན་སོགས་ཀྱང་བརྗོད་ཅིང་འབྱུང་བ་ལྔའི་ལག་ལེན་དཀྱུས་བཞིན་ནམ། ཡང་ན་དགྲ་གཤེད་རྩིས་ནས་བྱ། དེ་ནས་དུར་རྡོ་རི་རབ་དང་རྒྱ་གྲམ་བྲིས་པ་རི་རབ་སྟེང་དུ་བསྟན་ལ་མནན་ཅིང་སློབ་དཔོན་གྱིས་མནན་སྔགས་མཐར། སརྦ་ཏྲིག་ནན་རྦད་ནན་བྷིནྡྷ་ཙིཏྟ་རྦད་ནན་ལམ་ནན་ནན་ཞེས་ཅི་མང་བཟླའོ། །དེ་ནས་ཚ་ཚཱ་རབ་གནས་ཅན་བཞུགས། དེའི་སྟེང་བལ་ནག་དང་ཚེར་མས་བཀབ་པ་རྡོས་ལག་ཚགས་དམ་པར་བྲུབས། ན་མོ་སངས་རྒྱས་ཀྱི་སོགས་དམོད་མོ་ཐལ་བརྡེབ་དང་། ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། ལས་བཞིའི་བྲོ་བརྡུང་ཕྱི་མིག་མི་བལྟ་བར་ནང་དུ་ལོག་གོ །གཉིས་པ་སྲེག་པ་ནི་བསད་པ་རྫོགས་པའི་ནུབ་མོའམ་ཕྱིས་ཉིན་སྦྱིན་སྲེག་རྒྱས་པའི་ལག་ལེན་ལྟར་ན་དུས་ཀྱི་བྱིན་ཟའི་ཕུང་པོའམ། ཟླ་གསང་གི་གདུག་པ་མེའི་ལས་སྦྱོར་རམ། འཇོམས་བྱེད་ཀྱི་དུས་མཐའི་མེ་ཆེན་ལ་ལྷ་སྔགས་ཀྱི་འབྱིན་འཇུག་བྱས་པ་རྣམས་གང་བདེར་བྱ་ཞིང་། བྱ་ཚུལ་དང་རྫས་སོགས་དེ་དག་གང་བྱེད་ཀྱི་གཞུང་ལས་ཤེས་པར་བྱའོ། །དེ་ཙམ་ཡང་མི་ནུས་ན་ལྕགས་སྣོད་སོགས་སུ་རྡུལ་ཚོན་ནམ་དུག་ཁྲག་གང་རུང་གིས་དྲག་པོའི་ཐབ་མཐིང་ནག་ཆོས་འབྱུང་རིམ་གསུམ་མཆུ་དང་ཁ་ཁྱེར་ཅན་མེ་རིས་བསྐོར་བའི་ནང་དུ། འཁོར་ལོ་རྩིབས་བཞི་ཡབ་ཡུམ་དང་སྦས་ལྷའི་ས་བོན་བྲིས་པ་ལྟེ་བ་གྲུ་གསུམ་ཅན་བྲིས་པའི་སྟེང་དུ་སྐྱེར་པ་གྲུ་གསུམ་དུ་བརྩིགས་ལ་མེ་སྦར་བ་དུག་ཁྲག་གིས་བྲན་ཏེ། སངས་རྒྱས་བསྟན་པ་རྒྱས་པར་བྱ་བ་དང་ནས་བཤགས་པའི་བར་བཏོན་ལ་མེ་གཤིན་རྗེར་བསྐྱེད། དགུག་གཞུག་བྱ། དྲག་བསྐུལ་གྱི་རྗེས་སུ་བསད་སྔགས་ལ། དགྲ་བགེགས་སརྦ་ནྲྀ་ཏྲི་ཛྭ་ལ་རཾ་རཾ་ཁཱ་ཧི་ཁཱ་ཧི་ཞེས་དང་དམོད་མོ་འདོད་གསོལ་བཅས་འཁོར་ལིང་རྣམས་མཚོན་ཆས་བཏུབས་ལ་བསྲེག་ཅིང་དགྲ་བགེགས་ཀྱི་ཤ་ཁྲག་གཤིན་རྗེའི་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་བར་བསམ་མོ། །དེ་ནས་ཟན་ལིང་ཤ་ཆེན་བསྲེས་པ་དང་། དྲག་གཏོར་ཆུང་ངུ་ཞིག་ལ་འགུག་འདྲེན་བྱས། གཏོར་བསྔོའི་རྗེས་སུ་ཕུལ། སྨན་རག་གིས་མཆོད་ཅིང་བསྟོད། གཤེགས་སུ་གསོལ། མེ་དུག་ཁྲག་གིས་གཞིལ་ཐབ་སོལ་རྣམས་ལྕགས་སྣོད་དུ་མནན་པའི་ཆེད་དུ་འཇོག་ལ། མནན་པ་དང་མ་འབྲེལ་ན་ཐོད་ངན། ཁྱི་ཐོད་གླང་རུ་སོགས་སུ་བླུགས་ལ་ལམ་རྒྱ་གྲམ་མམ་ཐེམ་འོག་ཏུ་མནན་སྔགས་བརྗོད་ལ་མནན་ནོ། །ཤིན་ཏུ་བསྡུས་པར་དགའ་ན་གཏོར་མའི་སྟེང་དུ་དཔལ་འབར་ལ་དམིགས་པ་སྔར་ལྟ་བུས་བསྲེགས་ཀྱང་རུང་ངོ་། །གསུམ་པ་འཕང་བ་ནི་སྒྲུབ་ཁང་གི་སྟེང་ནས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན་སོགས་ཀྱི་གསེར་སྐྱེམས་ཕུལ། སྔར་གྱི་ཟོར་གཏོར་ལ། ལྕགས་སམ་བྷནྡྷས་བསྐུལ་ལ་དགྲ་ཕྱོགས་སམ་ཐེབས་ཕྱོགས་ལ་འཕང་ཞིང་སྒོ་དབྱེའོ། །མར་ལོག་སྟེ་གཏོར་ཆེན་ལ་ཤ་ཟན་རཀྟ་བྲན། དགུག་གཞུག་གསུམ་བྱས་ནས་སྨན་རཀ་སྦྲེང་ངོ། །བྱིན་རླབས་བསྔོས་རྗེས། བསྐུལ་ཐུང་། གྲུ་གསུམ་མཐིང་ནག་འབར་བའི་སོགས་རྗེས་ལ། ཆག་ཆེ་ཉམ་ང་ཟློག་པའི་ལས་མཛོད་ཅིག་སོགས་ཤམ་བུ་འདོགས། ཡིག་བརྒྱ་དང་བཟོད་གསོལ་བྱས། ལྷག་པའི་ལྷ་མཆོག་སོགས་འདོད་གསོལ་སྨོན་ལམ་ལེ་ཚན་རྣམས་བྱ། ནམ་མཁའ་མེད་པར་བརྗོད། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་སོགས་བརྗོད། ཞལ་ཕྱིར་བསྒྱུར། ཤ་ཟན་དང་རཀྟ་བྲན། དཔལ་འབར་བཙུགས། གཏོར་ཆུང་ལ་དགུག་གཞུག་གསུམ་བྱེད། སྨན་རཀ་སྦྲེང་། བྱིན་བརླབས་དམག་ལྟོའི་ཚུལ་དུ་བསྔོ་ཞིང་གཏོར་ཆེན་ལ་སྟོབ། བསྟོད་རིང་གིས་ཕྱིར་སྤགས། ཟློག་གཞུང་གྱེར། གཞན་ཡང་ཁྲོ་རྒྱལ་ཆེན་པོ་སོགས་འཕྲིན་བཅོལ་བྱ་ཞིང་གདན་འོག་གི་ཤོག་ལིང་རྣམས་བཞེས་སྒྲ་དྲག་པོས་མེར་བསྲེག །ཚོགས་ལྷག་དང་ཆད་ཐོ་གཏོང། ཤ་ཟན་མཐེབ་སྐྱུ་ཕུལ། རཀྟ་བྲན། དགུག་གཞུག་ཚར་གཅིག་དང་བདུད་རྩི་བྲན་ནས་བྱིན་རླབས་བྱ། གཤེགས་སྐྱེམས་ཀྱི་ཚུལ་དུ་འབུལ། སྤྲོས་པ་ལ་དགའ་ན་ཟློག་གཞུང་རྗེས་སུ། བདེ་ཡངས་ལྟ་བུར་ཁྱེར་ལ། གསེར་སྐྱེམས། མཁྱེན་དགོངས། དགུག་གཞུག །དམོད་བཅོལ་བཞེས་སྒྲ་དང་བཅས། གདན་འོག་གི་ལིངྒ་རྣམས་གཏོར་ཆེན་མདུན་དུ་ཧོཾ་ལ་བསྲེག་ཅིང་དེ་མན་འགྲེའོ། །དེ་ནས་གང་དུ་འཕེན་སར་ཁྱེར་ལ། གསེར་སྐྱེམས་དང་དྲག་བསྐུལ་བཏང་། ལྕགས་སམ་བྷནྡྷས་འཕེན་ཞིང་ཟློག་སྔགས་དམོད་དང་དྲག་པོ་ཟོར་འཕེན་པའི་སྔགས་སྡེབ་དང་བཅས་པས་འཕེན། ཐལ་མོ་དང་དུལ་མོ་བརྡབ། རལ་པ་སྤྲུགས་བྲིས་སྐུ་དང་ཕྱར་དར་རྡེབ་པ་སོགས་བྱ། དེ་ནས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་སོགས་དམོད་མོ་ཐལ་རྡེབ་བྱ། ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། མེ་ཆུས་རྒྱས་འདེབས་ཤིང་སྲུང་འཁོར་བསྒོམས་ལ་སྲུང་སྔགས་བཟླ་ཞིང་ལོག །སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་སྣོད་ཀྱི་བཤལ་ཆུས་བརྟན་མ་སྐྱོང་། དོང་གྲུ་གསུམ་བྲུས་པར་སྔར་གྱི་གདན་འོག་ཏུ་བཅུག་པའི་དུར་རྡོ་དང་ལིངྒ་བསྲེགས་པའི་ཐལ་སོལ་རྣམས་བླུགས་ཤིང་དགུག་གཞུག་བྱ། མནན་སྔགས་བཟླ་ཞིང་ས་རྡོས་གཡོགས་པའི་སྟེང་དུ་གཏོར་གཞོང་ཁ་སྦུབས་མེ་དགྲ་ཆུས་བསད་ཅིང་བྲོ་བརྡུང་། དེ་ནས་གཏོར་གཞོང་ཁ་ཕྱེས་ལ་འབྲུ་སྨན་བླུགས། ཤུལ་དུ་ཐོ་བརྩིགས་ལ་གཤིན་རྗེར་བསྐྱེད། ཨྱཻ་རིང་བྱས་པ་བཤིག་པའི་སྤྱང་མོ་བཏགས་པ་བཟླ་ཞིང་བན་སྐོར་དགུ །བོན་བསྐོར་དགུ་བྱས། བྱེ་མའི་ལ་དགུ་ལ་གོམ་པ་དགུ་སྤོས་ཕྱི་མིག་མི་བལྟ་བར་ནང་དུ་ལོག །དེ་ནས་ཚེ་འགུག་དང་། དམ་ཅན་གྱི་གཏོར་འབུལ་བྱ། ལོང་མེད་ན་ཕུག་གཏོར་སོགས་ཐམས་ཅད་འབུལ། གཏང་རག་གི་མཆོད་བསྟོད་བྱས་པ་དང་། ལྷག་པའི་ལྷ་མཆོག་བཅོམ་ལྡན་གཤིན་རྗེ་ལ་སོགས་སྨོན་ལམ་ལེ་ཚན་དང་ཡི་གེ་བརྒྱ་པ་དང་དབྱངས་གསལ་ཅི་མང་བཟླ་ཞིང་བཟོད་གསོལ་བྱ། ཡེ་ཤེས་པ་པུ་རི་དཀར་པོར་བརྟན་བཞུགས་དང་། དམ་ཚིག་པ་ཉེར་བསྡུས་བདག་ལ་བསྟིམ། སྐྱེ་མེད་ཀྱི་ངང་ལ་དར་གཅིག་བཞག །ཐུན་མཚམས་ཀྱི་ང་རྒྱལ་གྱིས་སྲུང་སྔགས་བཟླའོ། །ནམ་མཁའ་མེད་པར་བརྗོད། དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ལོང་ཡོད་ན་ནངས་པར་ལས་གཞུང་གྱེར་ནས་ཆོས་སྐྱོང་གི་སྐོང་གསོ་ཚོགས་མཆོད་སྐོང་བ། ཚོགས་ལྷག་རྣམས་གཏང། དེ་ནས་གཏོར་མ་རྣམས་ལ་རཀྟ་སྒྲོན། དགུག་གཞུག་བྱས་ནས་བདུད་རྩི་བྲན་ཏེ་འབྲུ་གསུམ་གྱིས་བྱིན་རླབས་བྱ། ཨ་ཀྲོ་ཏེ་ཀ་ལ་གཏོར་སྔགས་བཏགས་པ་དང་། མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་བརྗོད་ལ་བསྔོས། བསྐུལ་ཐུང་ཆོས་སྐུ་ཞི་བ་ལ་སྲུང་ཤམ་བཏགས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་སོགས་ཀྱིས་སྒྲུབ་ཁང་ཐོག་ཏུ་འབུལ། དེ་མན་གོང་ལྟར་བྱའོ། །མཐའ་སྡུད་གསུམ་ཀར་སྔགས་པ་བདུད་ཆས་སུ་ཞུགས། ལྟ་སྒོམ་གྱིས་ལྷ་ལ་རྩལ་འདོན་ཞིང་སྤྱོད་པ་ཞེ་སྡང་དྲག་པོས་ལས་བྱེད་ཕོ་ཉའི་དམག་ཚོགས་ལས་ལ་རྦད་པ་ཡིན་ནོ། །དེ་ལྟར་སྐོར་གསུམ་མཐའ་སྡུད་དང་བཅས་པའི་གྱེར་ཚིག་རྣམས་ལས་བྱང་རྡོ་རྗེ་ཐོག་མདེའུ་མ་བུ་རྣམས་བསྲེ་ཞིང་། སྔོན་འགྲོ་སོགས་གཞན་ལ་ཁ་འཕངས་པ་རྣམས་ཚེ་བདག་ཁྲོ་ཆུ། འཇོམས་བྱེད་སོགས་གང་བྱེད་དེ་དག་ལས་ཤེས་པར་བྱ་ཞིང་། ལག་ལེན་རྣམས་གཙོ་བོར་གཞུང་རྩ་བའི་ཡིག་ཆ་དང་། ཆོས་རྒྱལ་འབྲི་ཁུང་པའི་ཕྱག་བཞེས་དང་། གོང་མ་མཆོག་གི་དགོངས་བཞེད་རྣམས་མན་ངག་ལུགས་ཀྱི་ཚུལ་ལ་འགྲན་གྱི་ཟླ་མེད་པ་དྲིན་ཅན་རྩ་བའི་བླ་མའི་ཕྱག་བཞེས་རྣམས་ངོ་མཚར་རྒྱན་གྱི་ཕྲེང་བར་བྱས་ཏེ་བཀོད་པའོ། །འདིར་སྨྲས་པ། གཤེད་སྐོར་རྒྱུད་ལུང་མཁའ་ལ་མན་ངག་སྤྲིན། །དྲག་པོར་འཁྲིགས་ལས་ཕྲིན་ལས་རྡོ་རྗེའི་ཆར། །དམོད་པའི་གད་རྒྱངས་ཐོག་དང་ལྷན་ཅིག་ཏུ། །འབེབས་པས་མི་སྲུན་བདུད་སྡེའི་ཀླད་པ་འགེམས། །གནུབས་ཆེན་བརྒྱུད་པའི་ཕྱག་བཞེས་ཟབ་གནད་ཀྱི། །ཞལ་ཤེས་བདུད་རྩི་ཆོས་རྒྱལ་འབྲི་ཁུང་པའི། །ཐུགས་ཀྱི་བུམ་པར་གཏམས་པའི་བཞེད་གཞུང་རྣམས། །བླ་མའི་དྲིན་ལས་རྙེད་གང་འདི་རུ་བྲིས། །ཟླ་གསང་རྒྱུད་སྡེའི་དགོངས་པ་ཟབ་ཅིང་བརླིང་། །པཎ་གྲུབ་ཐུགས་ཀྱི་བརྣོག་ཆོས་རྟོགས་དཀའ་ཞིང་། །བདག་གི་བློ་གྲོས་སྦྱངས་པའི་མཐུ་ཆུང་བས། །ནོངས་པར་གྱུར་རྣམས་ལྷ་དང་བླ་མར་བཤགས། །མཁས་པ་བྱིས་པའི་ལེགས་བཤད་མི་འཚོལ་ཞིང་། །བླུན་པོ་ཕལ་ཆེར་ཆོས་ཀྱི་དོན་ལ་རྨོངས། །ལ་ལ་ཕྱོགས་འཛིན་ཁེ་གྲགས་རྗེས་འབྲང་བས། །འདི་བརྗོད་འབྲས་བུ་བྱེ་མའི་མར་དང་མཚུངས། །འོན་ཏེ་མཁའ་ལྟར་ཡངས་པའི་གདུལ་བྱ་ལ། །ཉི་ལྟར་གསལ་བའི་རྒྱལ་བའི་ཐུགས་རྗེ་འཇུག །རྟེན་ཅིང་འབྲེལ་འབྱུང་འགོག་པ་མེད་པའི་མཐུས། །འདི་ཡིས་ཐུབ་པའི་བསྟན་པ་བསྲུང་བར་ཤོག །ལྷག་བསམ་བྱང་ཆུབ་སེམས་ཀྱི་བཙན་མཁར་ནས། །སྲུང་བའི་གོ་བསྒོས་ཟློག་བསད་དཔུང་བཤམས་པས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དཔའ་རྟགས་ཀྱི། །རུ་མཚོན་འཇིག་རྟེན་མེས་པོའི་གནས་སུ་སྒྲེང་། །བདེ་སྐྱིད་ཆོས་བཞིན་སྤྱོད་པའི་དཀར་པོའི་གྲོང། །སྲུང་བྱེད་དྲག་སྔགས་ལྕགས་རི་ནག་པོའི་གཟི། །གདུག་ཅན་དཔུང་གིས་མ་བཟོད་རང་རྟགས་ཀྱི། །མཚོན་ཆའི་འཁོར་ལོ་བོར་ནས་འབྲོས་པ་མཐོང་། །དེས་ན་མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གནད། ཁ་བཤད་གྲགས་སྐམ་ཙམ་དུ་མ་ལུས་པར། །འགལ་བྱེད་ཆམ་ལ་ཕབ་པའི་ལག་རྗེས་ནི། །མངོན་སུམ་དབང་པོའི་ཡུལ་དུ་གྱུར་པ་མང་། །དེ་ལས་ཁྱད་པར་རྨད་བྱུང་ལམ་གྱི་མཆོག །བསྐྱེད་རྫོགས་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས། །དྭངས་མ་སྟོབས་གྱུར་སྙིགས་མ་འོད་སྐུར་གྲོལ། །ཚེ་གཅིག་འཇམ་དཔལ་རྡོ་རྗེའི་ས་ལ་འགྲོ །ཆོས་ཀུན་སྒྱུ་མ་མཁན་གྱི་རོལ་རྩེད་བཞིན། །སྣ་ཚོགས་སྣང་ཡང་ཀུན་བཟང་གདོད་མའི་གཞིར། །རོ་གཅིག་ངང་དུ་མངོན་པར་བྱང་ཆུབ་ནས། །རྣམ་མང་འགྲོ་བའི་འདྲེན་པར་བདག་འགྱུར་ཤོག །དེ་ལྟར་དྲག་སྔགས་གཟའ་གདོང་དམར་ནག་གི་ཟབ་གནད་ལག་ཏུ་བླང་བའི་ཡི་གེ་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཆོག་གི་བཀའ་ལས་ཡང་ཟློག་གི་ལག་ལེན་རྣམས་ཕྱོགས་གཅིག་ཏུ་བྲིས་ན། ཁྱོད་དང་ཁྱོད་འདྲ་བར་ཕན་པར་འགྱུར་ཞེས་ཟབ་མོའི་བཀའ་རྒྱས་ཁྲོལ་ཞིང་། ལུགས་གཉིས་ལ་རྣམ་དཔྱོད་ཀྱི་མཁྱེན་སྤྱན་ཡངས་པ་དབོན་རིན་པོ་ཆེ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་ཀྱང་། འདབ་ལྡན་ཁུ་བཅུད་ཀྱིས་གཏམས་པ་རྩི་མར་གྱི་སྐྱེས་དང་བཅས་བཀའ་དྲིན་དུ་བསྩལ་ཞིང་དེ་ལྟར་བགྱི་བ་ལ་བརྩོན་པ་དགོས་པའི་བཀའ་ནན་ཕེབས་པ་གཙུག་ཏུ་བཅིངས་ཏེ། མཚུངས་མེད་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས་གཤེད་སྐོར་གྱི་གདམས་པར་གོམས་འདྲིས་ཅུང་ཟད་རྙེད་པའི་སྔགས་བན་ཨོ་རྒྱན་སྐལ་བཟང་གིས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་ཁང་དུ་བྲིས་པའོ། །བཀྲ་ཤིས་པར་གྱུར་ཅིག། །།

དཔལ་ལྡན་སྟག་ལུང་པའི་ཟབ་ཆོས་གཏེར་གྱི་སྲུང་མ་བཛྲ་ཀ་ཤའི་མཆོད་སྤྲིན་ (Volume 63, Text 22)

དཔལ་ལྡན་སྟག་ལུང་པའི་ཟབ་ཆོས་གཏེར་གྱི་སྲུང་མ་བཛྲ་ཀ་ཤའི་མཆོད་སྤྲིན་བཞུགས་སོ། །ཧཱུྃ། གྲུབ་གནས་ཆེ་དང་ཉེ་བའི་ས། །སྤྲག་ལུང་ཝ་རཱ་ཎ་སིའི་མདོ། །འཕྲང་ཀ་སྲིན་མོ་རི་ཡི་རྒྱུད། །རྒྱབ་རི་དཔངས་མཐོ་རྒྱུད་བཟང་ཞིང་། །གཡས་རི་ཁྲོ་ལ་གཏུམ་དྲག་རྔམ། །གཡོན་རི་སྐྱེ་མེད་ཟངས་ཀྱི་མདོག །མདུན་རི་རིན་ཆེན་སྤུངས་པ་འདྲ། ཁྲི་གདུགས་ཉི་མ་འོད་གསལ་ལ། །དགུང་སྔོན་རྒྱ་ཆེ་དཔངས་མཐོ་བ། །གཙང་ཆབ་ཆེ་ཞིང་རྒྱུན་རིང་འབབ། །ས་གཞི་གཤིན་ལ་ཁྱབ་ཆེ་བ། །མི་མིན་མཚན་མོ་རྒྱུ་བའི་སྲང་། །སྐད་རིགས་མི་གཅིག་སྐྱེ་བོའི་ལམ། །རྟ་མཆོག་རྒྱལ་པོའི་དཀྱིལ་འཁོར་ནི། །སྲུང་བྱེད་མ་མོ་རྡོ་རྗེ་གསལ། ཁྱོད་སྔོན་པདྨ་སཾ་བྷ་ཝས། །ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན། །བཀའ་འབངས་བགྱིས་པར་རྩིས་ལ་ཕབ། །ཟབ་མོ་ཆོས་ཀྱི་སྲུང་མར་བསྐོས། །དགྱེས་མཛད་གྲགས་པ་དཔལ་ཞབས་ལ། །ཆོས་སྒོ་བཅུ་ཕྲག་གཅིག་དང་བདུན། །ཉམས་པ་མེད་པར་ཕྱག་ཏུ་གཏད། །སླད་ནས་དགྲ་རྒྱུད་ལ་སོགས་པའི། །ཟབ་གཏེར་འཛིན་པའི་གཉེར་ཁ་བཅོལ། ཁས་བླངས་དམ་བཅས་དྲན་མཛོད་ལ། །བདག་གི་མཆོད་སྦྱིན་གཏོར་མ་བཞེས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །ཨ་བ་དྷཱུ་ཏིའི་གསུང་རབ་རྣམས། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །དེ་ལ་འཚེ་བའི་དགྲ་འདྲེ་སོད། །ཆོས་དེར་མོས་པའི་སྡོང་གྲོགས་མཛོད། །མི་བསྲུན་མཐའ་ཡི་དམག་དཔུང་ཟློགས། །དཔལ་ལྡན་སྟག་ལུང་བཀའ་བརྒྱུད་ཀྱི། །ངེས་དོན་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རྒྱ་ཆེན་མཛད་པ་དང་། །འགྲོ་ཀུན་བདེ་བའི་ལས་མཛོད་ཅིག །ཅེས་པའང་སྟག་ལུང་པ་དགེ་སློང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱིས་བྲིས་པའོ། །མངྒ་ལཾ།། །།

སྨིན་གླིང་གུར་དྲག་གི་ལས་བུམ་སྒྲུབ་ཆོག་ (Volume 13, Text 22)

སྨིན་གླིང་གུར་དྲག་གི་ལས་བུམ་སྒྲུབ་ཆོག་བཞུགས་སོ། །ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་ནི། །མཚན་ཉིད་ཡོངས་སུ་རྫོགས་པའི་ནང་། །བདུད་རྩིའི་མཚོ་དབུས་པད་ཉི་དང་། །བཾ་རོའི་གདན་ལ་ཀྵ་ཡིག་ལས། ཁྲོ་བོ་ཡཀྴ་མེ་དབལ་ནི། །སྨུག་ནག་ཐོ་བ་ལྕགས་ཀྱུ་འཛིན། །རྔམ་བརྗིད་ཁྲོ་བོའི་ཆ་བྱད་ཅན། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །དེ་ཡི་གནས་གསུམ་ཡི་གེ་གསུམ། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་ནང་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ། བརྒྱ་སོགས་བཟླ། དུང་ཆོས་ཀྱི་ཆུ་ཨོཾ་ཨཱཿཧཱུྃ་གིས་འབུལ། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུརཔར་བསམས། ཞེས་པའང་འགྱུར་མེད་རྡོ་རྗེས་སོ།། །།

ཕུད་སྐོང་འགྲེས་བྱང་ (Volume 43, Text 22)

ཕུད་སྐོང་འགྲེས་བྱང་། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཐུགས་དམ་གཉན་པོ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་གནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་དཔུང་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། སྤྱི་དང་ཁྱད་པར་གྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ༈ ཕུད་སྐོང་འགྲེས་བྱང་། དཔལ་གྱི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་པ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཐུགས་དམ་གཉན་པོ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་གནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་དཔུང་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། སྤྱི་དང་ཁྱད་པར་གྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ།

ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་པོ་རབ་ཚེ་འདིར་གྲོལ་བྱེད་འདའ་ཀའི་མན་ངག་ཟབ་མོ་ (Volume 57, Text 22)

ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་པོ་རབ་ཚེ་འདིར་གྲོལ་བྱེད་འདའ་ཀའི་མན་ངག་ཟབ་མོ་བཞུགས་སོ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ འདའ་ཀའི་མན་ངག་ཟབ་མོ༔ ྈྈ ཨེ་མ་གསང་ཆེན་ཐེག་པའི་ཡང་རྩེ་རྫོགས་པ་ཆེ༔ ཉི་ཟླ་ནོར་བུ་ལྟ་བུའི་སྙན་བརྒྱུད་འདི༔ སྐལ་པ་རབ་ཀྱི་སྤྱོད་ཡུལ་དཔག་ཏུ་མེད༔ དབང་པོ་རབ་རྣམས་བག་ཆགས་སྒྱུ་མའི་ལུས༔ འོད་གསལ་རྡོ་རྗེའི་སྙིང་པོ་མངོན་དུ་གསལ༔ དབང་པོ་འབྲིང་གི་སྒྱུ་ལུས་བོར་བ་ཡིན༔ དབུགས་མ་ཆད་པར་བརྟན་པ་ཐོབ་པའི་གནད༔ རི་རྒྱལ་ཉི་ཟླའི་ཆོས་འདི་མངོན་དུ་ཤར༔ དེ་ཡང་ད་ནས་ཁྲེགས་ཆོད་ཐོད་རྒལ་ལ༔ ཡང་ཡང་རྩལ་སྦྱང་བརྟན་པ་ཐོབ་པའི་གནད༔ གནད་འདི་མ་བོར་རྟག་ཏུ་འཆང་བ་གཅེས༔ ཡང་ཡང་སྦྱངས་པས་ས་བོན་སྐྱེད་བྱེད་ནི༔ རང་མདངས་ཙིཏྟའི་གཞལ་ཡས་ལ་བཞུགས་པའི༔ ཀ་ཏིའི་ལམ་ནས་བ་མན་རྭ་ལ་བརྒྱུད༔ ཕྱི་ནང་དབྱིངས་ཀྱི་ཕོ་བྲང་གཞལ་ཡས་ནང༔ སྣ་ཚོགས་བཀོད་པ་འོད་ཀྱི་གདན་ཁྲི་ལ༔ མངོན་སུམ་རྡོ་རྗེ་སེམས་མཆོག་ཞལ་མཇལ་བའི༔ གཞི་ལམ་སྒོ་དང་རྐྱེན་གྱིས་བསྐྱེད་པའོ༔ ནམ་ཞིག་འབྱུང་བ་རིམ་གྱིས་ཐིམ་པའི་ཚེ༔ མཆོག་གསང་འདི་ཡིས་མངོན་དུ་གནད་གཟིར་ན༔ རྡོར་སེམས་ཁོང་སེང་ལམ་ནས་བདག་ལ་གཟིགས༔ བདག་གིས་མངོན་སུམ་རང་ཞལ་མཇལ་བའི་ཚེ༔ རིག་པ་མ་ཡེངས་རྡོ་རྗེ་སེམས་དཔར་གཏོད༔ དོན་འདི་སྒོ་གསུམ་གནད་ཀྱི་ཚོད་ཟིན་མཛོད༔ འདི་ལ་དེ་ལྟར་གོམས་པའི་འབྲས་བུ་ནི༔ གལ་ཆེན་འགགས་ལ་ཐུག་པའི་དུས་ཀྱི་ཚེ༔ དབུགས་མ་ཆད་པར་བརྟན་པ་ཐོབ་པ་ཡིན༔ དབུགས་མ་ཆད་པར་བརྟན་པ་ཐོབ་པའི་ཆོས༔ མཆོག་ལམ་སྙན་བརྒྱུད་ཟབ་མོའི་ཁྱད་ཆོས་ཏེ༔ དང་པོ་སྔོན་འགྲོ་མངོན་སུམ་གོམས་པ་གཅེས༔ སྣང་རིག་རྒྱང་ཞགས་ཆུ་ཡི་སྒྲོན་མ་ནས༔ རྡོར་སེམས་ཁོང་སེང་ལམ་ནས་བགྲོད་གྱུར་ནས༔ སེམས་དཔའ་གང་དེ་མངོན་དུ་ཤར་བའི་ཚེ༔ དབྱེར་མེད་བདེ་ཀློང་འཁྱིལ་པར་གྲུབ་པའི་གནད༔ རྡོ་རྗེ་སེམས་དཔའ་མངོན་སུམ་བྱོན་པ་དང༔ སྣང་རིག་རྒྱལ་པོ་གྱེན་ལ་འཕྲོས་པ་གཉིས༔ སྐད་ཅིག་གཅིག་གིས་ཐུགས་འཕྲད་ཡེ་གྲུབ་སྟེ༔ འདི་ལ་ཆེད་དུ་སྒྲུབ་དང་རྩོལ་མི་དགོས༔ མ་བྱས་ལྷུན་གྱིས་གྲུབ་པའི་འདུ་འཕྲོ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ས་མ་ཡཱ༔ བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། ༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་འབྲིང་འཆི་ཁ་བར་དོའི་ངོ་སྤྲོད་མ་པང་བུ་འཇུག་བཞུགས་སོ༔ དབང་པོ་འབྲིང་གི་འདའ་ཀའི་མན་ངག་ཟབ་མོ་ནི༔ ཀྱཻ༔ ཉོན་ཅིག་སོམས་ཤིག་ཡིད་ལ་ཞོག་ཅིག་བུ༔ ཉོན་ཅིག་ཀློང་གསལ་སྙིང་པོའི་སྲས་པོ་ཉོན༔ ཀློང་གསལ་རྡོ་རྗེ་སྙིང་པོ་སྒོམ་པའི་བུ༔ བརྩོན་འགྲུས་ཞན་རྣམས་འོད་ལུས་མ་གྲུབ་ན༔ ཐིམ་རིམ་འབྱུང་བའི་རྟགས་རྣམས་གོམས་པ་གཅེས༔ དང་པོ་ས་ཁམས་ཐིམ་པའི་རྟགས་བྱུང་ཚེ༔ ས་ཁམས་ནང་རྟགས་སྨིག་རྒྱུ་ལྟ་བུ་འབྱུང༔ དེ་དུས་རྡོ་རྗེ་རིགས་ཀྱི་ཉམས་ལེན་གཅེས༔ གཉིས་པ་ཆུ་ཁམས་ཐིམ་པའི་རྟགས་བྱུང་ཚེ༔ ཆུ་ཁམས་ནང་རྟགས་དུ་བ་ལྟ་བུ་འབྱུང༔ སྐབས་འདིར་རིན་ཆེན་རིགས་ཀྱི་ཉམས་ལེན་གཅེས༔ གསུམ་པ་མེ་ཁམས་ཐིམ་པའི་རྟགས་བྱུང་ཚེ༔ མེ་ཁམས་ནང་རྟགས་མར་མེ་ལྟ་བུ་འབྱུང༔ དེ་དུས་པདྨ་རིགས་ཀྱི་ཉམས་ལེན་གཅེས༔ བཞི་པ་རླུང་ཁམས་ཐིམ་པའི་རྟགས་བྱུང་ཚེ༔ རླུང་ཁམས་ནང་རྟགས་མེ་སྟག་འཕྲོ་འདྲ་འབྱུང༔ དེ་དུས་ལས་ཀྱི་རིགས་ཀྱི་ཉམས་ལེན་གཅེས༔ འདི་ཡི་སྐབས་སུ་འབྱུང་བའི་ཁྱད་པར་ལས༔ ཐིམ་ལུགས་གཉིས་པོ་མ་ནོར་ཤིན་ཏུ་གཅེས༔ ཅིའི་ཕྱིར་འབྱུང་བ་འབྱུང་བར་ཐིམ་པ་དང༔ འབྱུང་བ་རང་སར་ཐིམ་པའི་ཁྱད་པར་ལས༔ སྐྱེས་བུའི་རྩ་ཁམས་རིགས་ཀྱི་ཁྱད་པར་གྱིས༔ འཆི་ལུགས་རྣམ་པ་གཉིས་སུ་འབྱུང་བ་ཡིན༔ ཟུག་གཟེར་མེད་པ་ཀུན་ཏུ་བཟང་མོར་འཆི༔ ཟུག་གཟེར་བཅས་པ་ཀུན་ཏུ་བཟང་པོར་འཆི༔ འདི་གཉིས་རྟགས་མཚན་མ་ནོར་གཅེས་པར་ཟུངས༔ ཅིའི་ཕྱིར་སྐྱེ་བོའི་སྣང་ངོར་ཐུགས་དམ་ལ༔ རང་དབང་ཆེ་ཕྱིར་གནད་འདིར་འཇུག་པ་ཡིན༔ ཐུགས་དམ་སྨྲ་བའི་ཙོག་པོར་འདུག་པ་ལ༔ རང་ཉིད་གང་ལ་མོས་པ་དེ་ལྟར་ཞོག༔ ཡང་ན་ཕུང་པོ་རིགས་ཀྱི་ཡབ་ལ་གཞག༔ ཡང་ན་འབྱུང་བ་རིགས་ཀྱི་ཡུམ་ལ་གཞག༔ དེ་ལྟའི་རིགས་བྱེད་གང་ལ་གང་འདོད་ན༔ མཆོག་གསང་རྡོ་རྗེ་རྩེ་མོར་ལྷུན་གྱིས་གྲུབ༔ ཉི་ཟླ་ནོར་བུའི་ཆོས་འདི་འབད་མེད་འབྱུང༔ དངོས་གྲུབ་ཡལ་བར་མ་དོར་དོན་ལ་རོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། ༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་ཐ་ཆོས་ཉིད་བར་དོའི་ངོ་སྤྲོད་སྒེག་མོ་མེ་ལོང་བཞུགས་སོ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་ཐ་འདའ་ཀ་ནི༔ ཀྱཻ་མ༔ ཉོན་ཅིག་སྐལ་བར་ལྡན་པའི་རྗེས་འཇུག་རྣམས༔ སྙིང་ཐིག་ཆོས་ལ་ཆོས་འབྲེལ་ཙམ་ཞུས་ཤིང༔ བརྩོན་འགྲུས་ཞན་པས་ཡལ་བར་དོར་བ་ཡི༔ བག་ཆགས་ལུས་རྒྱ་བྲལ་དུས་ཁྱེར་སོ་བཤད༔ དབང་པོ་ཐ་མས་རླུང་ཁམས་ཐིམ་པའི་དུས༔ སྣང་བ་མཆེད་པ་ཐོབ་དང་ཉེར་ཐོབ་དང༔ ཉེར་ཐོབ་འོད་གསལ་ཉིད་ལ་ཐིམ་པའི་ཚེ༔ རྟགས་དང་མཚན་མ་འདི་ལྟར་འབྱུང་བ་ཡིན༔ དང་པོ་མཁའ་ལ་ཟླ་འོད་ཁྱབ་བཞིན་འབྱུང༔ རླུང་ཁམས་སྣང་བར་ཐིམ་པས་ཞེ་སྡང་འགག༔ གཉིས་པ་མཁའ་ལ་ཉི་འོད་ཁྱབ་བཞིན་འབྱུང༔ སྣང་བ་མཆེད་པ་ཐིམ་པས་འདོད་ཆགས་འགག༔ གསུམ་པ་མཁའ་ལ་སྨག་གིས་ཁྱབ་བཞིན་འབྱུང༔ མཆེད་པ་ཉེར་ཐོབ་ཐིམ་པས་གཏི་མུག་འགག༔ དེ་དུས་ཕ་ལས་ཐོབ་པའི་ཟླ་བ་དང༔ མ་ལས་ཐོབ་པའི་ཉི་མ་ཁ་སྦྱར་བ༔ དབང་པོ་སྐད་ཅིག་གཞི་ལ་ཐིམ་པ་ཡིན༔ ཡུན་གྱི་རིང་ཐུང་ཁྱད་པར་མ་ངེས་ཤིང༔ རྩ་དང་རིགས་ཀྱི་ཁྱད་ལས་ངེས་པ་མེད༔ འགའ་ཞིག་ཕྱེད་དང་བཞི་ཡི་ཞག་ལ་གནས༔ ཕལ་ཆེར་སྐད་ཅིག་དེ་ལ་སངས་པ་ཡིན༔ རྣམ་པར་བཞེངས་ནས་ཆོས་ཉིད་བར་དོ་འཆར༔ དང་པོ་དབུས་ཕྱོགས་ཆོས་དབྱིངས་ཕོ་བྲང་ནས༔ རྣམ་སྣང་ཐུགས་རྗེའི་འོད་ཟེར་དཀར་པོ་དང༔ ཆོས་དབྱིངས་ཡེ་ཤེས་ཐིག་ལེ་ཐིག་ཕྲན་འཆར༔ དེ་དང་མཉམ་དུ་དུད་འགྲོའི་འོད་ལྗང་འཆར༔ གཉིས་པ་མངོན་པར་དགའ་ནས་རྡོརསེམས་ཀྱི༔ ཐུགས་རྗེའི་འོད་ཟེར་མཐིང་ག་ཐིག་ལེས་བརྒྱན༔ དེ་དང་མཉམ་དུ་དམྱལ་བའི་འོད་སྨུག་འབྱུང༔ གསུམ་པ་རིན་ཆེན་འབྱུང་ལྡན་ཐུགས་རྗེ་ཡི༔ འོད་ཟེར་སེར་པོ་ཐིག་ལེས་བརྒྱན་པ་ཤར༔ དེ་དང་མཉམ་དུ་ལྷ་ཡི་འོད་དཀར་ཤར༔ བཞི་པ་བདེ་བ་ཅན་ནས་སྣང་མཐའ་ཡི༔ འོད་ཟེར་དམར་པོ་ཐིག་ལེས་བརྒྱན་པ་ཤར༔ དེ་དང་མཉམ་དུ་ཡི་དྭགས་འོད་དམར་འབྱུང༔ ལྔ་པ་དོན་གྲུབ་ཐུགས་རྗེའི་འོད་ཟེར་ལྗང༔ ཐིག་ལེ་ཐིག་ཕྲན་ལྗང་གུས་བརྒྱན་པ་ཤར༔ དེ་དང་མཉམ་དུ་ལྷ་མིན་འོད་ལྗང་འབྱུང༔ འོད་ཟེར་སྣ་ལྔ་རིགས་ལྔ་ཡབ་ཡུམ་བཅུ༔ ཚེ་འདས་ཐུགས་རྗེས་འཛིན་ཕྱིར་མངོན་དུ་ཤར༔ གསལ་འཚེར་ལྷུན་སྡུག་ལྷ་ཡི་འོད་ཟེར་ལ༔ མོས་པས་གསོལ་བ་འདེབས་པ་ཤིན་ཏུ་གཅེས༔ རིགས་དྲུག་འོད་ལ་མ་ཆགས་མ་ཞེན་ཅིག༔ འདི་གཉིས་ཁྱད་པར་མ་ནོར་ཡིད་ཀྱིས་ཟུངས༔ དྲུག་པ་རྡོ་རྗེ་སེམས་དཔའི་ཁོང་སེང་དུ༔ ཡེ་ཤེས་བཞི་སྦྱོར་རིགས་བཞིའི་འོད་ཟེར་བཞི༔ དེ་དང་མཉམ་དུ་རིགས་དྲུག་འོད་དྲུག་འཆར༔ རིགས་དྲུག་འོད་ལ་ཟེར་མདངས་ཡོད་པ་མིན༔ ཡེ་ཤེས་ཟེར་ལྡན་ཐིག་ལེ་ཐིག་ཕྲན་བཅས༔ བདུན་པ་རིག་འཛིན་ཡབ་ཡུམ་འོད་ཟེར་འབྱུང༔ དེ་དང་མཉམ་དུ་དུད་འགྲོའི་འོད་ལྗང་འབྱུང༔ བརྒྱད་པ་ཁྲག་འཐུང་སྐུ་ཡི་ལྷ་རྣམས་འབྱུང༔ ཡི་དམ་ལྷ་རུ་མོས་པས་གསོལ་བ་ཐོབས༔ དགུ་པ་ཁྲག་འཐུང་རྡོ་རྗེའི་ལྷ་རྣམས་འབྱུང༔ བཅུ་པ་ཁྲག་འཐུང་རིན་ཆེན་རིགས་རྣམས་འབྱུང༔ བཅུ་གཅིག་ཁྲག་འཐུང་པདྨའི་རིགས་རྣམས་འབྱུང༔ བཅུ་གཉིས་ལས་ཀྱི་རིགས་ཀྱི་ཁྲག་འཐུང་དང༔ བཅུ་གསུམ་ཀོའུ་རི་མ་བརྒྱད་ཤར་བ་དང༔ བཅུ་བཞི་སེང་ཧ་མ་བརྒྱད་ཤར་བ་རྣམས༔ འོད་ཟེར་མེ་རི་ཁྲོ་ཚོགས་འཁོར་བཅས་འཇིགས༔ སྒྲ་དང་ཟེར་དང་འོད་ཀྱིས་ཚིག་པ་འབྱུང༔ ཡི་དམ་ལྷ་ལ་གསོལ་བ་འདེབས་པ་གཅེས༔ འདི་ནི་ཆོས་ཉིད་བར་དོ་ཞེས་བྱ་སྟེ༔ རྡོ་རྗེ་སྙིང་པོ་བསྒོམ་པའི་དབང་ཐ་རྣམས༔ མངོན་སུམ་སྣང་བ་མཐོང་བ་ཙམ་གྱི་བུ༔ སྐབས་འདིར་མ་གྲོལ་བ་ནི་གཅིག་ཀྱང་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ས་མ་ཡཱ༔ བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། ༁ྃ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ སྐྱེ་བོ་སྲིད་པ་བར་དོའི་ངོ་སྤྲོད་ཡུར་བ་འཕྲོ་མཐུད་བཞུགས་སོ༔ ཀློང་གསལ་རྡོ་རྗེ་སྙིང་པོ་ལས༔ དབང་པོ་ཐ་མ་སྲིད་པ་བར་དོའི་ངོ་སྤྲོད་ནི༔ ཀྱཻ་རིགས་ཀྱི་བུ༔ དབང་པོ་དམན་པ་ཆོས་ཉིད་བར་དོར་མ་གྲོལ་ན༔ སྲིད་པ་བར་དོ་ཞེས་ཡིད་ཀྱི་ལུས་ལ་སྔོན་ལུས་དེ་ཡོད་སྙམ་པར་བྱེད་པ༔ དབང་པོ་ཀུན་ཚང་བས་ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་དུ་འགྲོ་ནུས་པ་གཅིག་འོང༔ དེ་འཆི་བའི་ལྟས་ཡིན་པས༔ བླ་མ་ལ་གསོལ་བ་ཐོབ་མཛོད༔ སྐབས་སུ་རི་ཉིལ་བའི་སྒྲ་དང༔ མཚོ་ལུད་པའི་སྒྲ་དང༔ མེ་མཆེད་པའི་སྒྲ་དང༔ རླུང་འུར་བའི་སྒྲ་དང༔ འབྱུང་བཞི་རང་གི་ལས་ཀྱི་ཤུགས་ཀྱི་སྒྲ་ལས་ཕ་རོལ་ནས་འོང་བ་མ་ཡིན་ནོ༔ འོད་དཀར་པོ་དང་དམར་པོ་དང་ནག་པོས་བསླུས་ཤིང་དེད་པ་ལ་སོགས་པ་ཡང་ཕ་རོལ་ནས་འོང་བ་མ་ཡིན་ཞིང༔ རང་གི་འདོད་ཆགས་དང༔ ཞེ་སྡང༔ གཏི་མུག་གི་མདངས་ཡིན་ནོ༔ གར་བསམ་ཕྱོགས་སུ་འགྲོ་ནུས་ཤིང༔ སྐད་ཅིག་གིས་སླེབ་པས་རྫུ་འཕྲུལ་ཡ་མ་ཟུང་ཡོད་པ་ཞིག་ཡིན་ནོ༔ ཟག་བཅས་ཀྱི་མངོན་ཤེས་ཕྲ་མོ་ཞིག་འབྱུང་བས༔ ཟས་ནོར་གཏང་འདོད་པ་དང༔ འཛིན་ནུས་པ་ཅི་བྱུང་ཡང་ཆགས་ཞེན་མི་བྱ༔ འདྲེན་ཆོག་གི་སེམས་རྒྱུད་བཟང་ངན་སོགས་དང༔ ཁ་འདོན་བརྗོད་པ་དག་མི་དག་གང་ཤེས་རྣམས་ལ་དག་སྣང་སྦྱངས་བ་ལས་དད་ལོག་མ་བྱེད༔ དད་ལོག་བྱས་ན་ངན་སོང་དུ་འགྲོ་བའི་རྒྱུ་ཡིན་ནོ༔ ཡང་སྙིང་རླུང་ལང་ཤིང་འགྲོ་སྙིང་འདོད་པ་དང༔ གར་འགྲོ་ཡང་འོད་ཤར་བ་ལ་སོགས་པ་གང་བྱུང་ཡང༔ འོད་ནི་རང་གི་རིག་པའི་འོད་ཡིན་ནོ༔ ཉེ་དུ་སོགས་ཀྱི་འདིར་ཤོག་དང་སྐྱིད་དགའ་ཡོད་ཟེར་བ་སོགས་ཐར་པའི་གེགས་ཡིན་ནོ༔ བླ་མ་དང་ཡི་དམ་ལ་གསོལ་བ་འདེབས་པ་གལ་ཆེ་འོ༔ ལུས་ཚོལ་བའི་འདུན་པ་སྐྱེས་ནས་འོང་ངོ༔ གང་སྣང་ཡི་དམ་གྱི་ལྷ་བསྒོམ་པ་གལ་ཆེའོ༔ མུན་ནག་ཏུ་ཐུར་དུ་འགྲོ་ན་དམྱལ་བའི་ལམ་སྟེ༔ ཚ་གྲང་གི་སྡུག་བསྔལ་མྱང་བས་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེའོ༔ ས་ཕུག་དང་གད་ཕུག་ནི་ཡི་དྭགས་སུ་སྐྱེ་བའི་ལྟས་ཡིན་ནོ༔ མུན་ནག་དང་མུན་ཁང་ནང་དུ་འགྲོ་བ་བྱོལ་སོང༔ ན་བུན་ནང་དུ་ཕྱིན་སྙམ་ན་ལྷ་མ་ཡིན༔ ལྷ་ཁང་ནང་དུ་ཕྱིན་སྙམ་ན་ལྷར་སྐྱེ༔ དེ་རྣམས་གང་ལ་ཡང་མི་འཇུག་ཅིང༔ ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེའོ༔ ཁང་པའི་ནང་དུ་ཕྱིན་ན་མིར་སྐྱེ༔ ཁང་པ་ལ་ཞིག་རལ་ཡོད་ན་དབང་པོ་མ་ཚང༔ སྐར་ཁུང་མེད་ན་ལྐུགས་པར་སྐྱེ༔ ཁང་པའི་ནང་དུ་ཡི་གེ་ཡོད་ན་ཆོས་པར་སྐྱེ༔ ཁྲི་ཡོད་ན་རྒྱལ་པོར་སྐྱེ༔ རྡོ་རྗེ་དྲིལ་བུ་ཡོད་ན་སློབ་དཔོན་དུ་སྐྱེ༔ དེ་ལྟར་བདག་ཉིད་པདྨ་འབྱུང་གནས་ཀྱི་བསྐྱེད་རིམ་དང་ལྡན་པས༔ སྣང་སྲིད་དབང་དུ་བསྡུས་ཤིང་གང་ལ་གང་འདུལ་གྱིས༔ འགྲོ་བའི་སྤྱི་དཔལ་སྤྲུལ་པའི་སྐུར་གྱུར་པས༔ དེ་ལྟར་དུ་འདུན་པ་གཏད་པ་ལ་བརྩོན་པར་བྱའོ༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

མ་མོ་སྔགས་ཀྱི་སྲུང་མའི་རྗེས་གནང་གི་ཆོ་ག་བཀླག་ཆོག་མ་ (Volume 38, Text 22)

༄༅། །མ་མོ་སྔགས་ཀྱི་སྲུང་མའི་རྗེས་གནང་གི་ཆོ་ག་བཀླག་ཆོག་མ་བཞུགས་སོ། ། ཨོཾ་སྭསྟི། བདེ་ཆེན་རྒྱལ་བ་སྐྱེད་མཛད་ཡུམ། །སྔགས་སྲུང་མ་མོ་རལ་གཅིག་མར། །བཏུད་ནས་རྗེས་གནང་ཆོ་གའི་ཁྲིགས། །མདོ་ཙམ་འདིར་ནི་གསལ་བར་བྱ། །འདིར་མ་མོ་སྔགས་ཀྱི་སྲུང་མའི་རྗེས་གནང་གི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ་སྟེགས་གྲུ་བཞི་པའི་ཁར་རོ་སོལ་གྱི་ཆོས་འབྱུང་ནག་པོའི་དབུས་སུ་པདྨ་འདབ་བཞི་ཚོམ་བུ་དང་བཅས་པ་ཞིག་བྱ། དེར་མཉྫིའི་ཁར་ཐོད་པའི་ནང་དུ་གཏོར་མ་ཤ་ཆེན་སྙིང་སྣ་གྲི་ཁྲག་སོགས་དམ་རྫས་ཀྱིས་བརྒྱན་པ་ལ་ཙཀ་ལི་དང་མདའ་དར་ནག་པོ་བཙུགས་པ་བཀོད། དེའི་མདུན་དུ་སྲོག་རྟེན་བླ་རྡོ། གཡས་སུ་སྔགས་བྱང་། གཡོན་དུ་ཕྱག་མཚན། རྒྱབ་ཏུ་འབུལ་གཏོར། དེ་དག་གི་གཡས་གཡོན་དུ་སྨན་རཀ་དང་མཆོད་པ་རྣམས་བསྐོར་ཐབས་སམ་བྲེང་ཚར་དུ་བཤམ། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་ཡི་དམ་ཞི་ཁྲོ་གང་འོས་ཀྱི་སྒྲུབ་མཆོད་དང་འབྲེལ་ཆགས་སུ་སྒྲུབ་པའམ། རྡོར་སེམས་ཐུགས་སྒྲུབ་ལྟ་བུའི་སྒོམ་བཟླས་སྔོན་དུ་འགྲོ་བས་སྤྱི་དང་ཁྱད་པར་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབ། རྟེན་སྭ་བྷཱ་བས་སྦྱངས་ལ། མདུན་དུ་ཁྲག་མཚོ་ཀེང་རུས་ཁྲིར༔ པད་ཉིའི་གདན་ལ་ཏྲག་ཡིག་ལས༔ ཨེ་ཀ་ཙཱ་ཏི་སྨུག་ནག་མདོག༔ འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་མ༔ རལ་གཅིག་སྤྱན་གཅིག་ནུ་གཅིག་མ༔ མཆེ་གཙིགས་མི་བཟད་ཁྲོ་ཚུལ་ཅན༔ ཕྱག་གཡས་ཞིང་གི་དབྱུག་པ་ཕྱར༔ གཡོན་པས་ཙིཏྟ་ལྕགས་སྤྱང་འགྱེད༔ གཅེར་བུ་དུར་ཁྲོད་རྒྱན་ཆ་དང༔ འཇའ་ཚོན་བེར་དང་སྤྲིན་དཀར་གསོལ༔ བརྐྱང་བསྐུམ་སྟབས་ཀྱིས་གནས་པར་གྱུར༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ འོད་འཕྲོས་མ་མོ་སྤྱན་དྲངས་གྱུར༔ ཨོཾ་རོ་རུ་ཨེ་ཀ་ཛཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཞེས་དང་། བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་ཁྲོ་མོ་རག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཞེས་དང་སྦྱར་སྤོས་ཀྱི་དུད་པ་གཡབ་དར་རོལ་མོ་དང་བཅས་པས་སྤྱན་དྲངས་ལ། ཏྲག་རཀྴ་ས་མ་ཡ་ཏིཥྛ་ལྷན་ཞེས་པས་གཉིས་སུ་མེད་པར་བཞུགས་སུ་གསོལ། ཨོཾ་ཨེ་ཀ་ཙཱ་ཏི་ན་མོ་ཞེས་ཕྱག་བྱ། སྤོས་དང་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །དཔལ་གྱི་གཏོར་མ་ཛ་གད་ཆང་། །རཀྟ་ཤ་སྣ་སྙིང་སྣ་སོགས། །དགྱེས་པའི་དམ་རྫས་སྣ་ཚོགས་པ། །མ་མོ་འཁོར་དང་བཅས་ལ་འབུལ། །མིང་སྔགས་ཀྱི་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་རཀྟ་འབུལ། རྩ་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། བསྟོད་པ་ནི། བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུང་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཞེས་བསྟོད། བཟླས་པ་ནི། མ་མོའི་ཐུགས་ཀར་ཉི་མ་ལ་ཏྲག་ཡིག་སྨུག་ནག་སྔགས་ཀྱི་ཕྲེང་བས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ་སྔར་གྱི་འབོད་སྔགས་ཉིད་ཅི་ནུས་སུ་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་སྤྲོ་ནའང་འདིར་བྱ། ཐུན་མཐར་གཏོར་མ་བསྟབ་པ་དང་། མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པའི་བཟླས་པ་སོང་རྗེས་སློབ་མ་རྗེས་སུ་འཛིན་པའི་གསོལ་གདབ་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ་བགེགས་བསྐྲད་པ་རྣམས་སོང་ནས་མཚམས་སྦྱོར་བཤད་པ་ཅི་རིགས་བྱས་ལ་སློབ་མས་མཎྜལ་ཕུལ། ཀྱེ་ཧོཿ བླ་མ་རྡོ་རྗེ་འཛིན་པ་ཆེ། །སྔགས་སྲུང་ཁྲོ་མོ་རག་གདོང་མའི། །བྱིན་རླབས་སྲོག་གི་ཡེ་ཤེས་ཟུངས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱིས། འདི་ནི་མཐུ་སྟོབས་བདག་མོ་སྟེ། །དམ་འདས་འཇིག་ཅིང་དམ་ལྡན་སྐྱོབ། །སྔགས་ཀྱི་བསྟན་པ་བསྲུང་འདོད་ན། །བྱིན་པར་བྱ་ཡི་གཞན་དུ་མིན། །ཞེས་བསྒྲག །དེས་ཀྱང་། སྔགས་ཀྱི་བསྟན་པ་བསྲུང་བའི་ཕྱིར། །ཇི་ལྟར་བསྒོ་བ་བསྒྲུབ་བགྱི་འོ། །ཞེས་ཁས་བླང་། ཨོཾ་བཛྲ་ས་མ་ཡ་ཨ་མྲྀཏ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་མནའ་ཆུ་བླུད། དེ་ནས་རྒྱུད་དག་པའི་ཆེད་དུ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཞེས་ལན་གསུམ་གྱིས་ཚོགས་བསགས། དེ་རྣམས་སྔོན་འགྲོ་འོ། །དངོས་གཞི་ནི། སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་དྲི་མ་དང་བྲལ་བའི་རང་བཞིན་དུ་གྱུར། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སློབ་མ་མ་མོའི་སྐུར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སློབ་དཔོན་དང་སློབ་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མ་མོ་ཡེ་ཤེས་པའི་རྣམ་པར་སྤྱན་དྲངས་པ་བསྟིམ་སྟེ་རྩ་སྔགས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོས་བྱིན་དབབ། གཏོར་མ་མདུན་བསྐྱེད་ཀྱི་བཞུགས་ཚུལ་དང་མཐུན་པར་བརྡ་སྤྲད་ལ། དེ་ནས་མ་མོའི་སྐུ་གཉིས་པ་ཞིག་འཕྲོས་ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་མཛོད་བྱས་ལ་གཏོར་མ་མགོ་བོར་བཞག །ཞིང་དབྱུག་དང་ཙིཏྟ་ལག་ཏུ་གཏད་ལ། བྷྱོ། ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་ཀྱི་སྲུང་མ་དམ་ཚིག་ཅན། །འདིར་དགོངས་སྐུ་ཡི་བྱིན་རླབས་དབང་། །སྐལ་ལྡན་བུ་ལ་བསྩལ་དུ་གསོལ། །རྩ་སྔགས་མཐར་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ་བརྟན་པར་བྱ། སྐུའི་རྗེས་གནང་ངོ་། །མ་མོའི་མགྲིན་པ་ནས་གསུང་ཡིག་འབྲུ་དཔག་མེད་འཕྲོས་མགྲིན་པར་ཐིམ་པར་བསམ་ཞིང་གཏོར་མ་མགྲིན་པར་བཞག །སྔགས་བྱང་ལག་ཏུ་གཏད་ལ། བྷྱོ། ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་ཀྱི་སྲུང་མ་དམ་ཚིག་ཅན། །འདིར་དགོངས་གསུང་གི་བྱིན་རླབས་དབང་། །སྐལ་ལྡན་བུ་ལ་བསྩལ་དུ་གསོལ། །སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་མའི་ཁར་ཞུགས། སྙིང་གའི་ས་བོན་ལ་ཐིམ་པར་བསམ་སྟེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། གསུང་གི་རྗེས་གནང་ངོ་། །མ་མོའི་ཐུགས་ཀ་ནས་ཕྱག་མཚན་དཔག་མེད་འཕྲོས་སྙིང་གར་ཐིམ་པར་བསམ་ཞིང་གཏོར་མ་སྙིང་གར་བཞག །སྲོག་རྟེན་ལག་ཏུ་གཏད་ལ། བྷྱོ། ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་ཀྱི་སྲུང་མ་དམ་ཚིག་ཅན། །འདིར་དགོངས་ཐུགས་ཀྱི་བྱིན་རླབས་དབང་། །སྐལ་ལྡན་བུ་ལ་བསྩལ་དུ་གསོལ། །རྩ་སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཀྱི་རྗེས་གནང་ངོ་། །བཀའ་བསྒོ་བ་ནི། སློབ་དཔོན་ཡི་དམ་གྱི་ང་རྒྱལ་གྱིས་གཏོར་མ་སློབ་མའི་ལག་ཏུ་གཏད་ལ། སྔགས་སྲུང་ཁྲོ་མོ་དྲག་རྩལ་ཅན། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །སྐལ་ལྡན་འདི་ལ་སྲུང་སྐྱོབ་མཛོད། །ཟབ་མོའི་བསྟན་པ་ཁྱོད་ཀྱིས་སྲུངས། །བཀའ་འདས་དམ་ཉམས་དབྱིངས་སུ་སྒྲོལ། །རིག་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོངས། །བཅོལ་པའི་ཕྲིན་ལས་གང་ཡིན་པ། །དེ་ཀུན་ཐོགས་མེད་སྒྲུབ་པར་མཛོད། །ཅེས་དང་བཀའ་བསྒོའི་ཕྲིན་བཅོལ་ཅི་རིགས་པ་བྱ་ལ། སློབ་མ་ལ་ནང་མཆོད་སྦྱིན། དེ་ཉིད་ཀྱིས་གཏོར་མ་ལ་བྲན་ཏེ་སློབ་དཔོན་གྱིས་ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བརྗོད། ཡང་གཏོར་མའི་ནང་མཆོད་ནས་ཅུང་ཟད་གཅིག་བླངས་སློབ་མ་ལ་བྱིན་ཏེ། ཨོཾ་བཛྲ་ས་མ་ཡ་ཨ་མྲྀཏ་སོགས་བརྗོད་པས་དམ་བསྲེ། མཐར་གཏོར་མའི་ལྷ་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུས་ནས་སློབ་མའི་སྙིང་གར་ཐིམ་པས་གཉིས་མེད་དུ་གྱུར་པར་བསམ་མོ། །དེ་ནས་མཆོད་གཏོར་ལ་བརྩོན་པ་སོགས་དམ་ཚིག་བཤད། སློབ་མས་ཀྱང་ཁས་བླངས་ལ་མཎྜལ་ཕུལ། གསེར་ལ་སོགས་པའི་ཡོན་བཟང་པོ་དང་ཚོགས་འཁོར་མེད་ན་བར་ཆད་ལྡང་བས་སློབ་མས་ཡོན་ཚོགས་འཁོར་འབུལ་བ་ལ་ནན་ཏན་བྱ་ཞིང་། མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་ནི་སྤྱི་དང་འདྲའོ། །འདི་ནི་ཤིན་ཏུ་བཀའ་གཉན་པས་སློབ་མ་ཐུན་མོང་མ་ཡིན་པ་རེ་རེ་ཙམ་ལས་བཀའ་དོག་པར་བྱའོ། །མི་འ༵གྱུར་དབྱིངས་ལས་འགག་མེ༵ད་རྩལ། །རྡོ༵་རྗེ༵་ཁྲོས་མའི་སྐུར་བཞེངས་པ། །གང་གི་སྒྲུབ་ཐབས་རྗེས་གནང་གི །ཆོ་ག་སྙིང་པོའི་བཅུད་དུ་དྲིལ། །མ་མོ་སྔགས་ཀྱི་སྲུང་མའི་རྗེས་གནང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་འདི་ནི་ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་བ་ལས་རྗེས་འཇུག་ཡོངས་ལ་ཕན་ཕྱིར་འགྱུར་མེད་རྡོ་རྗེས་བྲིས་པའོ།། །།

གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཀླུ་ཆོག་ནོར་བུ་བསམ་འཕེལ་ (Volume 44, Text 22)

ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཀླུ་ཆོག་ནོར་བུ་བསམ་འཕེལ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ ཐུགས་མཆོག་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ ཀླུ་རྣམས་དགྱེས་པའི་ཆོ་ག་བྱ་བ་ནི༔ ཀླུ་ཐེབས་པའི་དུས་སོགས་སུ༔ འབབ་ཆུ་ཆུ་མིག་འགྲམ་མམ༔ ཡང་ན་གནས་ཤིན་ཏུ་གཙང་སར་དྲག་པོ་མ་ཡིན་པའི་སྣོད་དུ༔ བྱེ་མ་ལ་མཎྜལ་བྱས་ནས༔ ཆུ་རིས་ལེགས་པར་བྲི༔ དེར་ཀླུ་སྨན་བསྲེས་པའི་ཀླུ་བཤོས་བཅུ་གསུམ༔ ཀླུ་སྨན་བསྲེས་པའི་ཟན་རིལ་བཅུ་གསུམ༔ ཟན་ཀོང་ཟླུམ་པོར་བ་ར་དཀར་མོའི་འོ་མ་བླུགས་པ་བཅུ་གསུམ༔ དཀར་མངར་དྲུག་ཚན་གཉིས་བྱས་ནས་བཤམས་པ་བཅུ་གསུམ་རེ༔ མེ་ཏོག་དང༔ ཀླུ་དང་མཐུན་པའི་དྲི་བཟང་སྤོས༔ རིན་པོ་ཆེ་འོད་འབར་བའི་གཟུགས༔ ཆུ་སྣ་ཚོགས་ཀྱི་དྲི་ཆབ་གུར་གུམ་བསྲེས་པ༔ དཀར་གཏོར༔ དེ་རྣམས་བཅུ་གསུམ་རེ་དང༔ བ་གླང་ཕོ་མོ་བཅུ་གསུམ་དང༔ ཁྱུང་སོགས་ཀླུ་དང་མི་མཐུན་པ་མ་གཏོགས་པའི་གཟུགས་འགྲོས་སྣ་ཚོགས༔ དར་ཚོན་སྣ་ལྔ༔ དྲག་པོ་མིན་པའི་འབྲུ་དང་རིན་ཆེན་སྣ་ཚོགས༔ དེ་རྣམས་ཀྱིས་ལེགས་པར་བསྐོར་ལ་བརྒྱན༔ མཐར་ལྕགས་རི་ལ་ཀླུ་ཡི་སྤྱན་གཟིགས་མཐུན་རྫས་སྣ་ཚོགས་བྲིས་པའི་བྱང་བུ༔ དྲག་པོ་མིན་པའི་ཤིང་རྣམས་ཀྱིས་བསྐོར་ནས༔ བལ་ཚོན་གྱིས་བརྒྱན༔ དེ་ནས་རྫས་དང་རང་བཅས་ཤ་ཆང་སྒོག་ཙོང་སོགས་ཀླུས་མི་འདོད་པའི་དྲི་མ་མེད་པར་བྱས་ལ༔ གསང་སྒྲུབ་ཞི་བ་ལྟར་རང་ཉིད་བསམ་ནས༔ བྱིན་རླབས་སོགས་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་སྭ་བྷཱ་ཝ་སོགས༔ མདུན་རྟེན་མ་དག་སྟོང་ལས་སྟོང་ཁམས་སོགས༔ སྣོད་བཅུད་བཀོད་པ་ལེགས་གསལ་དབུས་ཉིད་དུ༔ མཚོ་ནང་ཀླུ་རིགས་ཐམས་ཅད་ཅི་དགྱེས་པའི༔ འདོད་ཡོན་ལོངས་སྤྱོད་སྤྱན་གཟིགས་དཀོར་ཆ་ནོར༔ འཛད་མེད་འབྱུང་ལྔས་གར་ཁྱབ་ལེགས་པར་ཁེངས༔ ཀླུ་རྣམས་ཕམ་རྒྱལ་རྩོད་མེད་སོ་སོར་ཚིམས༔ ཁྱད་པར་བདུད་རྩི་སྨན་ཆར་རྒྱུན་བབས་པས༔ ཀླུ་ཡི་ནད་རིགས་སྡུག་བསྔལ་ཀུན་བསལ་གྱུར༔ ཨོཾ་དཀོན་མཆོག་གསུམ་དང་ཏིང་འཛིན་ལྷ་སྔགས་རྒྱུ་འབྲས་བསླུ་མེད་བདེན་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ ཧཱུྃ༔ རང་ཉིད་ཕྱག་རྡོར་འོད་ཟེར་དང༔ དཀོན་མཆོག་གསུམ་སོགས་བདེན་པའི་མཐུས༔ ཀླུ་རྒྱལ་ཀླུ་ཆེན་བརྒྱད་ལ་སོགས༔ འོག་ཕྱོགས་ཀླུ་རིགས་སྲིད་དོ་ཅོག༔ རང་རང་ཆ་ལུགས་སོགས་བཅས་ནས༔ སྐད་ཅིག་འདིར་འདུས་སྟོང་ཁམས་ཀྱི༔ བཀོད་གསལ་མཚོ་དབུས་དགྱེས་བཞུགས་གྱུར༔ མཆོད་འབུལ་གུས་བསྟོད་ཉེས་འགལ་བཤགས༔ ཧཱུྃ༔ ཀླུ་རྒྱལ་ཀླུ་རིགས་བརྒྱད་ལ་སོགས༔ ཀླུ་རྣམས་ཕོ་མོ་སྲིད་ཚད་ལ༔ མཐུན་རྫས་ཀླུ་བཤོས་རྒྱན་ལྡན་འབུལ༔  རང་རང་སོ་སོར་ཅི་དགྱེས་ཚིམས༔ ཀླུ་ཡི་ནད་དང་སྡུག་བསྔལ་ཞི༔ འཇིགས་ཀུན་ལས་གྲོལ་བདེ་སྐྱིད་ལྡན༔ རྩོད་མེད་ཕམ་རྒྱལ་མེད་ཐོབ་ནས༔ བདག་ཅག་ཉེས་བཤགས་སོར་ཆུད་དེ༔ ཀླུ་ལས་བྱུང་བའི་ནད་ཀུན་ཞི༔ ཡུལ་ཁམས་འགྲོ་བའི་ནད་མུག་མཚོན༔ མི་དགེ་ཀུན་བྲལ་ཆར་དུས་འབེབ༔ ལོ་ཏོག་ཕུན་ཚོགས་དཀར་ཕྱོགས་འཕེལ༔ ནག་ཕྱོགས་ཀུན་ཕམ་ཆོས་ལྟར་སྤྱོད༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་བདེན་པས་དེ་དེ་བཞིན༔ ད་ལྟ་ཉིད་དུ་འགྲུབ་པར་ཤོག༔༽ ཀླུ་སྨན་རྣམ་པ་སྣ་ཚོགས་འབུལ༔ རང་རང་སོ་སོར་སོགས་གོང་གིས་འགྲེ །བ་ར་དཀར་མོའི་འོ་མ་འབུལ༔ རང་རང་སོ་སོར༴ གཞན་ཡང་དཀར་གསུམ་མཆོད་པ་འབུལ༔  རང་རང་སོ་སོར་ཅི་དགྱེས་ཚིམས༔ ཀླུ་ཡི་ནད་དང་སྡུག་བསྔལ་ཞི༔ འཇིགས་ཀུན་ལས་གྲོལ་བདེ་སྐྱིད་ལྡན༔ རྩོད་མེད་ཕམ་རྒྱལ་མེད་ཐོབ་ནས༔ བདག་ཅག་ཉེས་བཤགས་སོར་ཆུད་དེ༔ ཀླུ་ལས་བྱུང་བའི་ནད་ཀུན་ཞི༔ ཡུལ་ཁམས་འགྲོ་བའི་ནད་མུག་མཚོན༔ མི་དགེ་ཀུན་བྲལ་ཆར་དུས་འབེབ༔ ལོ་ཏོག་ཕུན་ཚོགས་དཀར་ཕྱོགས་འཕེལ༔ ནག་ཕྱོགས་ཀུན་ཕམ་ཆོས་ལྟར་སྤྱོད༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་བདེན་པས་དེ་དེ་བཞིན༔ ད་ལྟ་ཉིད་དུ་འགྲུབ་པར་ཤོག༔༽ མངར་གསུམ་མཆོད་པ་དམ་པ་འབུལ༔ རང་རང་སོ་སོར་སོགས་འགྲེ། དུག་མིན་མེ་ཏོག་སྣ་ཚོགས་འབུལ༔ རང་རང་སོ་སོར༴ ཀླུ་དང་མཐུན་པའི་བདུག་སྤོས་འབུལ༔ རང་རང་སོ་སོར༴ རིན་ཆེན་འོད་འབར་སྣང་གསལ་འབུལ༔ རང་རང་སོ་སོར༴ ཆུ་སྣ་ཚོགས་ལ་དྲི་སྦྱར་འབུལ༔ རང་རང་སོ་སོར༴ ཞལ་ཟས་འདོད་ཡོན་ལོངས་སྤྱོད་འབུལ༔ རང་རང་སོ་སོར༴ འདོད་འཇོའི་བ་མོ་གླང་བཅས་འབུལ༔ རང་རང་སོ་སོར༴ ཀླུ་མཐུན་གཟུགས་འགྲོས་སྤྱན་གཟིགས་འབུལ༔ རང་རང་སོ་སོར༴ དར་འབྲུ་རིན་ཆེན་སྣ་ཚོགས་འབུལ༔ རང་རང་སོ་སོར་ཅི་དགྱེས་ཚིམས༔ ཀླུ་ཡི་ནད་དང་སྡུག་བསྔལ་ཞི༔ འཇིགས་ཀུན་ལས་གྲོལ་བདེ་སྐྱིད་ལྡན༔ རྩོད་མེད་ཕམ་རྒྱལ་མེད་ཐོབ་ནས༔ བདག་ཅག་ཉེས་བཤགས་སོར་ཆུད་དེ༔ ཀླུ་ལས་བྱུང་བའི་ནད་ཀུན་ཞི༔ ཡུལ་ཁམས་འགྲོ་བའི་ནད་མུག་མཚོན༔ མི་དགེ་ཀུན་བྲལ་ཆར་དུས་འབེབ༔ ལོ་ཏོག་ཕུན་ཚོགས་དཀར་ཕྱོགས་འཕེལ༔ ནག་ཕྱོགས་ཀུན་ཕམ་ཆོས་ལྟར་སྤྱོད༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་བདེན་པས་དེ་དེ་བཞིན༔ ད་ལྟ་ཉིད་དུ་མྱུར་འགྲུབ་ཤོག༔ ཅེས་སྤྱི་མཐུན་དུ་ཕུལ་ནས༔ ཁྱད་པར་སྤོགས་པའི་མཆོད་རྫས་སོ་སོར་བརྒྱ་རྩ་རེ་གལ་ཆེ་བས༔ རྟེན་མདུན་དུ་སྣོད་གཅིག་བཞག་པ་དེར་ཚིགས་བཅད་དང་བཅས་རེ་རེ་བཞིན་འབུལ་ལོ༔ ཨོཾ་ཨཱཿཧཱུྃ༔ ཀླུ་སྨན་བདུད་རྩིའི་དགྱེས་མཆོད་འདི༔  ཀླུ་རྒྱལ་ཀླུ་ཆེན་བརྒྱད་ལ་སོགས༔ ཀླུ་རིགས་ཕོ་མོ་ཀུན་ལ་འབུལ༔ མཆོག་དམན་བར་སོགས་སོ་སོར་ཚིམས༔ ཕམ་རྒྱལ་རྩོད་མེད་རང་རང་གི༔ ནད་དང་སྡུག་བསྔལ་གྲོལ་གྱུར་ཅིག༔ དེ་མཐུས་བདག་སོགས་འགྲོ་ཀུན་གྱི༔ མི་ནད་ཕྱུགས་ནད་མུ་གེ་འཁྲུག༔ མི་མཐུན་ཀླུས་བྱས་ནད་སོགས་ཞི༔ ཆར་འབེབ་ལོ་ལེགས་ཡུལ་ཀུན་བདེ༔ ཆོས་ལྡན་ལོག་སྤྱོད་མཐའ་དག་བྲལ༔ བདག་ཅག་ཀླུ་དང་འགལ་ཀུན་དག༔ དཀོན་མཆོག་གསུམ་དང་རྡོ་རྗེ་འཛིན༔ རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས༔ སྨོན་པ་དེ་བཞིན་འགྲུབ་གྱུར་ནས༔ བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤོག༔༽ ཨོཾ་ཨཱཿཧཱུྃ༔ མེ་ཏོག་ཡིད་འོང་དམ་པ་འདི༔ ཀླུ་རྒྱལ་ཀླུ་ཆེན་སོགས་གོང་གིས་འགྲེ །ཨོཾ་ཨཱཿཧཱུྃ༔ དྲི་ཞིམ་སྤོས་མཆོག་དམ་པ་འདི༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ ནོར་བུ་རིན་ཆེན་གསལ་བའི་འོད༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ དྲི་ཆབ་ཡན་ལག་བརྒྱད་དང་ལྡན༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ ཅི་དགྱེས་འདོད་ཡོན་ལོངས་སྤྱོད་ཟས༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ ཏིང་ཏིང་ཤག་དང་རོལ་མོ་སྙན༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ དཀར་མངར་དར་འབྲུ་རིན་ཆེན་ཚོགས༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ འདོད་འཇོའི་བ་མོ་གླང་དང་བཅས༔ ཀླུ་རྒྱལ་ཀླུ་ཆེན༴ ཨོཾ་ཨཱཿཧཱུྃ༔ མི་ཟད་རིན་ཆེན་གཏེར་གྱི་བུམ༔ ཀླུ་རྒྱལ་ཀླུ་ཆེན་བརྒྱད་ལ་སོགས༔ ཀླུ་རིགས་ཕོ་མོ་ཀུན་ལ་འབུལ༔ མཆོག་དམན་བར་སོགས་སོ་སོར་ཚིམས༔ ཕམ་རྒྱལ་རྩོད་མེད་རང་རང་གི༔ ནད་དང་སྡུག་བསྔལ་གྲོལ་གྱུར་ཅིག༔ དེ་མཐུས་བདག་སོགས་འགྲོ་ཀུན་གྱི༔ མི་ནད་ཕྱུགས་ནད་མུ་གེ་འཁྲུག༔ མི་མཐུན་ཀླུས་བྱས་ནད་སོགས་ཞི༔ ཆར་འབེབ་ལོ་ལེགས་ཡུལ་ཀུན་བདེ༔ ཆོས་ལྡན་ལོག་སྤྱོད་མཐའ་དག་བྲལ༔ བདག་ཅག་ཀླུ་དང་འགལ་ཀུན་དག༔ དཀོན་མཆོག་གསུམ་དང་རྡོ་རྗེ་འཛིན༔ རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས༔ སྨོན་པ་དེ་བཞིན་འགྲུབ་གྱུར་ནས༔ བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤོག༔ རྫས་ཇི་ལྟ་བ་བཞིན་དངོས་དང་གཟུགས་བརྙན་ཕུལ་ནས་ཕྲིན་ལས་བཅོལ༔ རྗེས་ལས་བྱ་ཞིང་རྟེན་སོགས་ཆུ་མིག་ཏུ་བསྐྱལ་ཀླུ་ཡི་ཕོ་བྲང་བརྩིགས་ལ་བཞག་ཅིང་གཟུག་གོ༔ ཚར་ནས་ཕོ་བྲང་སྔར་བྱིན་བརླབས་སྐབས་ལྟར་བསྒོམས་ནས་འདི་ལ་བརྒྱ་རྩ་བཟླའོ༔ སངས་རྒྱས་ལ་ཕྱག་འཚལ་ལོ༔ ཆོས་ལ་ཕྱག་འཚལ་ལོ༔ དགེ་འདུན་ལ་ཕྱག་འཚལ་ལོ༔ བླ་མ་ལ་ཕྱག་འཚལ་ལོ༔ ཡི་དམ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཆོས་སྐྱོང་ལ་ཕྱག་འཚལ་ལོ༔ ཕྱག་བྱར་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དེ་ལྟར་ཕྱག་འཚལ་བ་དང༔ དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་དང༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས༔ བདག་གི་ལས་འདི་འགྲུབ་ནས༔ ཕོ་བྲང་ཀླུ་ཡི་བཞུགས་གནས༔ རྫས་རྣམས་ཀླུ་ཡི་དགྱེས་རྫས༔ གང་འདོད་ཡིད་བཞིན་ནོར་བུའི་གཏེར་ཆེན༔ ཡུལ་འཁོར་བ་མ་སྟོང་གི་བར་དུ་ཟད་མི་ཤེས་པ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར་ནས༔ ཀླུ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་ནས་འཇིགས་པ་ཀུན་དང་བྲལ་བར་གྱུར་ཅིག༔ དེ་ཡི་མཐུས་བདག་སོགས་འགྲོ་བ་ཀུན་གྱི་ནད་མུག་མཚོན་གསུམ་མི་དགེ་བ་ཐམས་ཅད་ཞི་ནས༔ མཐར་གཏན་བདེ་བླ་མེད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ འདི་ལ་འབད་ན་ཀླུ་ཡི་ནད་གདོན་ཞི་ཞིང༔ ཆར་ཆུ་དུས་འབེབ་ལོ་ཐོག་སོགས་བཀྲ་ཤིས་བདེ་ལེགས་འབྱུང་བས་ཤེས་པར་གྱིས༔ གསང་བདག་གི་ལས་ཚོགས་ཀླུ་ཆོག་ནོར་བུ་བསམ་འཕེལ༔ ྀཨཚ། རྒྱཿརྒྱཿརྒྱ༔ བདག་ཉིད་གཏེར་སྟོན་པ་རོལ་པའི་རྡོ་རྗེས་གདན་དྲངས་པས་འགྲོ་བ་བདེ་སྐྱིད་དང་ལྡན་པར་གྱུར་ཅིག། །།

རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབ་ (Volume 5, Text 22)

༄༅། །རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། རྩ་གསུམ་ཀུན་འདུས་ཧེ་རུ་ཀ །ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་སྙིང་པོའི་ཚུལ། །སྐལ་བཟང་རྣམ་གྲོལ་དོན་དུ་དབྱེ། །དེ་ལ་འདིར་རྟེན་གྱི་གང་ཟག་ངེས་པར་འབྱུང་བ་དང་། སྙིང་རྗེ་ཆེན་པོས་ཡིད་ཉེ་བར་དྲངས་ཏེ་མཐའ་ཀླས་པའི་སེམས་ཅན་རྣམས་མི་གནས་པའི་བྱང་ཆུབ་ལ་འགོད་པའི་སླད་དུ་ཟུང་འཇུག་མཚོ་སྐྱེས་རྡོ་རྗེའི་གོ་འཕང་རིང་པོར་མི་ཐོགས་པར་འགྲུབ་པར་འདོད་པས། སྔོན་དུ་རྡོ་རྗེའི་བླ་མ་མཚན་ཉིད་དང་ལྡན་པ་བརྒྱུད་པ་རྣམ་པར་དག་པ་ལས་འོངས་བའི་བྱིན་རླབས་དབང་བཞིའི་རིམ་པ་རྒྱུད་སྨིན་པར་བླངས་ནས། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ཡང་དག་པར་བསླབས་པས་བློ་ཅུང་ཟད་འབྱོངས་པ་ན། ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་རི་སུལ་ལམ། ནགས་འདབས་སམ། གྲུབ་པའི་སྐྱེ་བོས་བསྟེན་པའི་སྨན་ལྗོངས་སོགས་བཀྲ་ཤིས་ཤིང་ཡིད་དང་མཐུན་པའི་གནས་སུ། ནང་དུ་རྩ་རླུང་ཐིག་ལེ་དྷཱུ་ཏིའི་ཕྱག་རྒྱར་ཐིམ་དང་ལོངས་སྤྱོད་པ་དང་པོའི་འགྲོས་ཀྱིས་འདུ་བ་རྩོམ་པའི་རྟེན་འབྲེལ་ལས་ཕྱི་རོལ་དུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་རང་བཞིན་གྱིས་འདུ་བ་ཡར་མར་གྱི་ཚེས་བཅུ་དང་། ཁྱད་པར་གྲུབ་པའི་སློབ་དཔོན་ཆེན་པོ་ཉིད་ཀྱི་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་པའི་དཀར་ཕྱོགས་ཀྱི་ཚེས་བཅུ་སོགས་དུས་མཆོག་ཏུ་དགེ་བར། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པས་མཚོན་དཀོན་མཆོག་གི་རྟེན་རྒྱ་ཆེར་བཤམས་པའི་སྤྱན་སྔར། ཕྱི་ནང་གི་མཆོད་སྤྲིན་དང་ཚོགས་ཀྱི་ཡོ་བྱད་གཙང་ཞིང་བཀོད་པས་མཛེས་པ་དུ་མས་མདུན་བདར་ཏེ། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱའོ། །དེ་ལའང་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལའང་གསུམ་ལས། དང་པོ་རྒྱུད་དག་པར་བྱ་བའི་སླད་དུ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་བདེར་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ལན་གསུམ་གྱི་མཐར། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་ཕྱི་རོལ་པ་ལ་གཏོར་མ་སྦྱིན་ཞིང་མཚམས་གཅོད་པ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས་ལ། སྔོན་གཏོར་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་གཞི་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ་བ་དང་ཆབས་ཅིག །ལས་སྔགས་དང་། སུཾ་བྷའི་མཐར། ཐུགས་ཀ་ནས་སྤྲོས་པའི་སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་པས་གསང་སྤྱོད་ལ་བལྟ་བར་མི་དབང་བའི་འབྱུང་པོ་གདུག་པ་ཅན་རྣམས་མཐའི་རྒྱ་མཚོའི་ཕ་མཐར་ཕྱིར་བསྐྲད། འོད་ཟེར་ཚུར་འདུས་པ་ལས་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ལན་གསུམ། གསུམ་པ་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཨོཾ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད། གཉིས་པ་དངོས་གཞི་ལའང་། སྐུ་ཕྱག་རྒྱ། གསུང་བཟླས་པ། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དང་པོ་ལའང་གསུམ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྣམ་རོལ་འོད་གསལ་ལྷན་ཅིག་སྐྱེས་པའི་རང་མདངས་ལས་བྱུང་བའི་སྣོད་བཅུད་འོག་མིན་པདྨ་འོད་ཀྱི་ཞིང་ཁམས་གཞི་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་རང་རིག་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་ཡབ་ཡུམ་གྱི་སྤྱི་བོར་རྟ་གདོང་དང་ཕག་ཞལ་བཞད་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་བརྐྱང་བསྐུམ་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་རྣམས་སོ་སོའི་རིགས་ཀྱི་ཁ་དོག་ཅན། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། སྤྱི་བོར་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་བདེར་གཤེགས་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པས་ཡུམ་མཚོ་རྒྱལ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཁྲོ་བ་དང་འཛུམ་པ་དང་སྒེག་པའི་ཉམས་ཅན། འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བར་གསལ་བའི་ཕྱི་རོལ་དུ་པདྨའི་སྙིང་པོ་རབ་ཏུ་རྒྱས་པའི་ཕྱོགས་བཞིར་ཐོད་ཕྲེང་རིགས་བཞི་དང་། དེའི་ཕྱི་རོལ་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། གཞན་ཡང་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཡེ་ཤེས་དང་ལས་ལས་གྲུབ་པའི་གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་ཏེ། མདོར་ན་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་སྣང་སྟོང་ཟུང་འཇུག་རང་བཞིན་ཡོངས་གྲུབ་ཆེན་པོར་སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར། དེ་ལྟར་དུ་གསལ་བའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་། འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས་ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚིམས། རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཨཱ་དརྴ། ས་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ན་རྣམས་སྦྱར། ཞེས་དབང་བསྐུར་པས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་ཀྱིས་རྒྱས་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱ་ཀ་དང་། ཙིཏྟ་ལའང་སྦྱར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་བཛྲ་ས་མཱ་ཛཿ ཞེས་པས་སྙན་གསན་དབབ། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་པར་བྱ་བ་ནི། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཧཱུྃ། ཛཿཧཱུྃ་བཾ་ཧོཿས་སྤྱན་དྲང་། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱཿ ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་པས་རིག་པའི་མེ་ཏོག་དོར་བ་དང་དངོས་གྲུབ་གསོལ་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲས་དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པས་དམ་ཚིག་གི་འཁོར་ལོ་དང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པར་གྱུར་པར་བསམ། གསུམ་པ་མཆོད་ཅིང་བསྟོད་པ་ནི། ཧོཿ བདེ་ཆེན་ཡེ་ཤེས་གཅིག་པུ་ནི། །དུ་མའི་གཟུགས་སུ་རྣམ་རོལ་པ། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །མི་ཕྱེད་གུས་པའི་ཕྱག་གིས་འདུད། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ། སྣང་སྲིད་ཐམས་ཅད་གཉུག་མའི་ཡུལ། །མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས། །རྡོ་རྗེའི་དབང་པོའི་དམ་ཚིག་གིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། སྤྲོ་ན། ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཞེས་པའི་གླུ་ལྔ་སྔོན་དུ་འགྲོ་བས། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། སྟ་ན་ག་ཎ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ། མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ །བདེ་ཆེན་འོད་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་སྤྲུལ་པའི་སྐུ། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་བསྟོད། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལའང་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། ཕྱི་སྣོད་པདྨོ་བཀོད་པའི་ཞིང་། །ནང་བཅུད་འཆི་མེད་ཐོད་ཕྲེང་རྩལ། །སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་སྒྲ །དྲན་རྟོག་འོད་གསལ་འཁོར་ལོར་རོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བཟླ། གཉིས་པ་ནི། རིགས་འདུས་རྡོ་རྗེ་ཐོད་ཕྲེང་གི །གསང་གསུམ་བྱིན་རླབས་བདག་ལ་ཐིམ། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །རང་སེམས་བླ་མའི་ངོ་བོར་ཤར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ གསུམ་པ་ནི། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཞིའི་ཐོད་ཕྲེང་རིགས་བཞི་བསྐུལ། །བདེ་སྟོང་རོལ་པའི་སྒྱུ་འཕྲུལ་གྱིས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ སརྦ་སིདྡྷི་ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མ་ར་ཡ་རྦད། ཅེས་ཅི་ལྟར་རིགས་པ་བཟླའོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། སྣང་སྟོང་ཟུང་འཇུག་ཆེན་པོའི་ངང་། །ལྷ་དང་སྔགས་ཀྱི་དཀྱིལ་འཁོར་ཤར། །ཐམས་ཅད་རང་བྱུང་རིག་པའི་ཀློང་། །གདོད་ནས་འདུ་འབྲལ་མེད་པར་རྫོགས། །ཞེས་བསྐྱེད་རྫོགས་དབྱེར་མེད་ཀྱི་དོན་ལ་མཉམ་པར་གཞག་གོ །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལའང་གསུམ་ལས། དང་པོ་ཚོགས་ཀྱི་མཆོད་པ་རྗེས་འབྲེལ་དང་བཅས་པ་ནི། ཡོ་བྱད་རྣམས་ལ་དམིགས་ཏེ། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བའི་སྣོད་དུ་བཅུད་ཐམས་ཅད་ཡེ་ཤེས་ལྔའི་བདུད་རྩིའི་རང་བཞིན་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །བདེར་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །འདིར་གཤེགས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲང་། ཨོཾ་ཨཱཿཧཱུྃ། སྣང་སྲིད་ཐམས་ཅད་གཉུག་མའི་ཡུལ། །ཞེས་སོགས་དང་། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་སོགས་བཞི་བསྣོས་མཐར། ལཱ་སྱེ་ཧཱུྃ། མཱ་ལེ་ཏྲཱཾ། གཱིརྟི་ཧྲཱིཿ ནཱིརྟེ་ཨཱཿ ཞེས་སྦྱར་བས་མཆོད་སྤྲིན་སྤྱིར་སྤྲོས་ནས། བྱེ་བྲག་ཚོགས་ཕུད་ཆ་གསུམ་གྱི། དང་པོ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། བདེ་ཆེན་རྡོ་རྗེའི་ཀ་པཱ་ལར། །སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི། །ཡེ་ཤེས་འདོད་ཡོན་རྒྱ་མཚོའི་སྤྲིན། །མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར། །བཅས་དང་རང་བཞིན་ཉམས་པ་ཀུན། །ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ཀྱིས། །ཐུགས་དམ་བསྐང་ཞིང་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་ཛཿ ཧཱུྃ། གཉིས་སུ་མེད་པའི་དགྲ་དང་བགེགས། །གཉིས་མེད་ཡེ་ཤེས་མཚོན་གྱིས་བསྒྲལ། །ཕུང་ཁམས་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་ལྷ་ཚོགས་ཞལ་དུ་སྦྱོར། །རུ་དྲ་སརྦ་པཉྩ་པཱུ་ཛ་ཁཱ་ཧི། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །སོགས་ཀྱིས་སྨོན་ལམ་གདབ། ལྷག་གཏོར། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་བྱིན་གྱིས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་གྱིས་མགྲོན་དགུག །ཧཱུྃ། དཀྱིལ་འཁོར་མུ་རན་སྐྱོང་བ་ཡི། །མཁའ་འགྲོ་གིང་དང་ལངྐའི་ཚོགས། །དཔལ་གྱི་ཕམ་ཕབ་འདི་ལོངས་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི། ཞེས་པས་ཕྱི་རོལ་དུ་དོར། ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱལ་བ་རྒྱ་མཚོར་བཅས། །ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤོར། ཁམས་གསུམ་རླུང་སེམས་དབང་དུ་སྡུས། །གཟུང་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀ་ཌཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་བཛྲ་ས་མ་ཡ་ཀརྨ་སིདྡྷི་ཧོཿ ཆད་ཐོ་བསྒྲག་པ་ནི། གཏོར་མར་དམིགས་བྱ་དགུག་བསྟིམ་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ་བྷྱོཿ དབྱིངས་ཀྱི་སྐུར་བཞེངས་ཨེ་ཀ་ཛཿ རིག་པའི་ཡེ་ཤེས་མ་ནིང་ནག །ཟུང་འཇུག་བཛྲ་ཐིག་ལེ་སོགས། །རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ཀུན། །དཔལ་ཆེན་པདྨ་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །འདིར་གཤེགས་དམ་རྫས་གཏོར་མ་ལོངས། །རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་བ་ལིཾ་ཏ་བྷུཉྫ་ཧོཿ ཞེས་པས་སྐལ་དུ་བསྔོ། བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཧཱུྃ། བདེན་དོན་ཡན་ལག་བཅུ་གཉིས་ཀྱི། །རང་གཟུགས་བོད་སྐྱོང་བརྟན་མའི་ཚོགས། །བཤལ་ཆུའི་བདུད་རྩི་འདི་གསོལ་ལ། །གངས་ཅན་བསྟན་འགྲོའི་ཕན་བདེ་སྤེལ། །མ་མ། ཏ་ཏ། ཏེ་ཏེ། ཏཾ་ཏཾ། ལ་ལ། ལེ་ལེ། ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། གཏོར་གཞོང་རི་རབ་ཏུ་གསལ་བར་དམ་སྲིའི་ཚོགས་རྣམས་བཀུག་ལ། ཧཱུྃ། སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་དུ། །དག་པ་རབ་འབྱམས་རྡོ་རྗེའི་བྲོས། །གློ་བུར་འཁྲུལ་པའི་དམ་སྲི་ཀུན། །ལྷ་སྔགས་ཆོས་སྐུའི་ཀློང་དུ་མནན། །ཧཱུྃ་ཧཱུྃ་ལཾ་ལཾ་སྟཾ་བྷ་ཡ་ནན། སླར་ཡང་སྨན་ཕུད་དང་མེ་ཏོག་གིས་བཀང་ལ་རྟེན་འབྲེལ་སྙིང་པོས་ཤིས་པར་བྱ། མཆོད་ཅིང་བསྟོད་ནས་དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ། སྐུ་གསུམ་དབྱེར་མེད་ཕོ་བྲང་ནས། །པདྨ་ཐོད་ཕྲེང་ལྷ་ཚོགས་ཀྱིས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱང་། སྐལ་བ་དང་ལྡན་པ་གཞན་དག་ལའང་དངོས་གྲུབ་ཀྱི་ཆ་ཤས་ཅི་རིགས་པར་སྦྱིན། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། མདུན་བསྐྱེད་ཀྱི་རྟེན་བྲིས་སྐུ་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གདོད་མའི་ཀློང་དུ་གཤེགས་སུ་གསོལ་བ་དང་ཆབས་ཅིག་པར། སྣོད་བཅུད་འོད་ཞུ་བླ་མ་དང་། །དེ་ཉིད་རང་ལ་གཉིས་མེད་ཐིམ། །འོད་གསལ་སྤྲོས་པ་བྲལ་བའི་ངང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཅེས་པས་མཚམས་སྦྱར་ཏེ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །གསུམ་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། གྲུབ་པའི་སློབ་དཔོན་ཆེན་པོ་འདི་ཉིད་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཡེ་ཤེས་གཅིག་ཏུ་འདུས་པའི་ངོ་བོར་བཞུགས་པའི་ཕྱིར། དེ་ཉིད་བསྒྲུབ་ཅིང་མཆོད་པས་སངས་རྒྱས་ཐམས་ཅད་བསྒྲུབ་ཅིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་བ་དང་། དེ་ལ་བརྟེན་ནས་གནས་སྐབས་སུ་གྲུབ་པ་བརྒྱད་ཕྲིན་ལས་བཞི་དབང་བཅུའི་ཡོན་ཏན་སོགས་ཕྱི་ནང་གི་དངོས་གྲུབ་རྒྱ་མཚོར་དབང་འབྱོར་པས་རང་གཞན་གྱི་དོན་གཉིས་འབད་མེད་དུ་འབྱུང་བ་དང་ཆབས་ཅིག་པར། མཐར་ཐུག་རིག་འཛིན་རྣམ་པ་བཞིའི་གསེང་ལམ་ལ་བརྟེན་ནས་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་ཚུལ། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེར་གཤེགས་འདུས་པ་ཡིན༔ ས་ནི་བཅུ་དྲུག་ལམ་ལྔ་ཡང༔ ང་བསྒྲུབས་ཐོད་ཕྲེང་བཟླས་པས་བགྲོད༔ ཅེས་དང་། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལ་ངེས་ཤེས་བསྐྱེད་ནས་ལམ་འདི་ཁོ་ན་ལ་མཆོག་ཏུ་བརྩོན་པར་བྱའོ། །པདྨོ་བཀོད་པའི་གྲོང་ཁྱེར་དུ། །འཇུག་པའི་ཐེམ་སྐས་འདི་བགྱིས་པས། །རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །མཚོ་སྐྱེས་རྡོ་རྗེ་ཉིད་གྱུར་ཅིག །དེ་ལྟར་ན་བླ་མ་རྩ་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་འདིའང་སངས་རྒྱས་གཉིས་པའི་ཕྲིན་ལས་སྒོ་དུ་མ་ནས་རྒྱས་པར་བྱ་བའི་སླད་དུ། བཀའ་གཏེར་ཟུང་དུ་འཇུག་པའི་ཆོ་གའི་ཡན་ལག་གིས་མཛེས་པར་བྱས་ཏེ་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་ནགས་ཚལ་དྲྭ་བ་ཅན་གྱི་བསྟི་གནས་སུ་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཀྱི་མཆོད་པ་ཆེན་པོའི་ཉིན་ཤར་མར་སྦྱར་བ་ཛ་ཡནྟུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་བླ་མ་རྩ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པར་འདོད་པས། སྐབས་སུ་བབས་པ་ན་སྐོང་རྫས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་རོལ་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ཕྱི་ནང་གསང་བའི་སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་པ་སྔོན་དུ་འགྲོ་བས། ཧྲཱིཿ ཀ་དག་གཞི་དབྱིངས་གཉུག་མའི་གཤིས། །ལྷུན་གྲུབ་གཞི་སྣང་རིག་པའི་རྩལ། །ཟུང་འཇུག་ཀུན་བཟང་པདྨ་འབྱུང་། །ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །བདེ་ཆེན་ཡེ་ཤེས་རྡོ་རྗེ་སེམས། །སྟོང་ཉིད་ཤེས་རབ་སྙེམས་མ་ཡུམ། །དབྱེར་མེད་འོད་གསལ་ཐོད་ཕྲེང་ལྔ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །གང་འདུལ་སྤྲུལ་པའི་མཚན་བརྒྱད་དང་། ཁྲག་འཐུང་རྡོ་རྗེ་དྲག་པོ་སོགས། །སྣ་ཚོགས་གཟུགས་ཀྱི་རྣམ་རོལ་ཅན། །སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་། །བླ་མ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །འཆི་མེད་རིག་འཛིན་ཐུགས་དམ་བསྐང་། །མི་གནས་ཡེ་ཤེས་ཀློང་དགུའི་གར། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ལ་སོགས། །ཡི་དམ་ཞི་ཁྲོའི་བདག་ཉིད་ཆེ། །འཁོར་ལོའི་དབང་ཕྱུག་ཐུགས་དམ་བསྐང་། །གནས་གསུམ་དཔའ་བོ་རྣལ་འབྱོར་མའི། །བརྟུལ་ཞུགས་སྤྱོད་པའི་ཚོགས་ཀྱི་རྗེ། །བདེ་སྟོང་ཉེ་རྒྱུའི་མཐར་སོན་པ། །མཚོ་སྐྱེས་བླ་མའི་ཐུགས་དམ་བསྐང་། །དབྱིངས་རིག་མི་འགྱུར་ཐིག་ལེ་ཆེ། །འབར་བའི་སྐུར་བཞེངས་དམ་ཚིག་ཅན། །རྒྱུད་གསུམ་དྲེགས་པའི་འཁོར་ལོས་སྒྱུར། །རྡོ་རྗེ་སྲིན་པོའི་ཐུགས་དམ་བསྐང་། །སྣང་སྲིད་གདོད་ནས་པདྨ་འོད། །སྣོད་བཅུད་ཀུན་ཁྱབ་ཐོད་ཕྲེང་རྩལ། །དག་པ་རབ་འབྱམས་སྐུ་ཡི་གནས། །འདུ་འབྲལ་མེད་པའི་ཐུགས་དམ་བསྐང་། །ཧྲཱིཿ ཐུགས་དམ་སྐོང་བའི་དམ་རྫས་ནི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །མེ་ཏོག་བདུག་སྤོས་མར་མེ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་བསྐང་། །རླུང་སེམས་དབུ་མར་ཕྱགསབྱས་པའི། །རྣམ་འཕྲུལ་ཕ་མཐའ་ཡས་པའི་དཔྱིད། །རྡོ་རྗེའི་རིག་མ་བཅུ་དྲུག་སོགས། །རང་བྱུང་ནང་གི་མཆོད་པས་བསྐང། །འཁོར་ལོ་བཞི་ཡི་བྷནྡྷ་རུ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེས། །བདེ་བ་ཆེན་པོར་ཐུགས་དམ་བསྐང་། །འོད་གསལ་དྷཱུ་ཏིའི་ཀ་པཱ་ལར། །གཉིས་སྣང་དབྱིངས་སུ་བསྒྲལ་པ་ཡི། །རྣམ་ཀུན་མཆོག་ལྡན་དམར་ཆེན་པོས། །གཟུང་འཛིན་བྲལ་བར་ཐུགས་དམ་བསྐང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །དྭངས་མ་ཡེ་ཤེས་ལྔ་ཡི་དངོས། །ཚོགས་དང་གཏོར་མའི་ལོངས་སྤྱོད་ཀྱིས། །གཉིས་སུ་མེད་པར་ཐུགས་དམ་བསྐང་། །བདེ་སྟོང་ཐིག་ལེར་མཉམ་སྦྱོར་བས། །གློ་བུར་རྟོག་ཚོགས་དབུ་མར་བསྒྲལ། །སྲིད་ཞིར་མི་གནས་ཕྱག་རྒྱ་ཆེ། །ལྷན་སྐྱེས་གསང་བའི་མཆོད་པས་བསྐང་། །ཀ་དག་རིག་པ་བུམ་སྐུར་སྨིན། །ལྷུན་གྲུབ་སྣང་བཞིའི་ཕ་མཐར་སོན། །ཟུང་འཇུག་རྡོ་རྗེའི་ཡེ་ཤེས་དབྱིངས། །བླ་མེད་མཆོག་གི་མཆོད་པས་བསྐང་། །ཡོངས་གྲུབ་གཉུག་མའི་གཤིས་ལུགས་ལས། །ཀུན་བརྟགས་འཁྲུལ་པའི་གཞན་དབང་གིས། །བཅས་དང་རང་བཞིན་ཉམས་པའི་སྒྲིབ། །འཁོར་གསུམ་ལས་འདས་ངང་དུ་བཤགས། །ཧྲཱིཿ དེ་ལྟར་བསྐངས་ཤིང་བཤགས་པའི་མཐུས། །རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་ལྷས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་པ་མཆོག་གིས་རྗེས་བཟུང་ཤོག །ངེས་འབྱུང་སྙིང་རྗེ་མོས་གུས་ཀྱིས། །ཟབ་མོའི་ལམ་གྱི་སྣོད་གྱུར་ནས། །སྨིན་དང་གྲོལ་བའི་བདུད་རྩི་ཡིས། །སྐུ་བཞིའི་ངལ་འཚོ་བསྟན་གྱུར་ཅིག །བསྐྱེད་རིམ་བསྙེན་སྒྲུབ་མཐར་ཕྱིན་པས། །སེམས་ཉིད་ལྷ་ཡི་སྐུར་བཞེངས་ནས། །དངོས་གྲུབ་རྒྱ་མཚོར་དབང་བསྒྱུར་པའི། །རྣམ་སྨིན་རིག་འཛིན་ཐོབ་པར་ཤོག །རྩ་རླུང་ཐིག་ལེའི་འདུ་བ་དང། །ཞུ་བདེ་དབུ་མར་སྨིན་པ་ལས། །འཆི་མེད་འཇའ་ལུས་གཟུགས་འཆང་བ། །ཚེ་དབང་རིག་འཛིན་འགྲུབ་གྱུར་ཅིག །འོད་གསལ་རྣམ་ཀུན་མཆོག་ལྡན་ངང་། །ཟུང་འཇུག་རིགས་ལྔའི་སྤྲིན་འཕྲོ་བ། །སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ཕྱག་རྒྱའི་རིག་འཛིན་མངོན་གྱུར་ཤོག །མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ལ། །ཕྲིན་ལས་རྒྱལ་བ་ཉིད་ཀྱི་ཚུལ། །ཟག་མེད་ཡོན་ཏན་ཀུན་གྱི་གནས། །ལྷུན་གྲུབ་རིག་འཛིན་ཉིད་གྱུར་ཅིག །མཐར་ཐུག་ཀ་དག་ཆོས་དབྱིངས་ངང་། ཁ་སྦྱོར་ལོངས་སྤྱོད་རྫོགས་སྐུ་དང་། །གང་འདུལ་སྤྲུལ་པའི་སྐུར་སྣང་བས། །དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །མདོར་ན་བདག་གཞན་འགྲོ་བ་ཀུན། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་དངོས། །འཆི་མེད་པདྨ་འོད་འབར་གྱི། །གོ་འཕང་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་བྱིན་རླབས་ཟླ་ཤེལ་གྱི་བདུད་རྩིས་རེག་པ་ལས་བྱུང་བའི་ཚིག་གི་ཀུ་མུད་འདིས་ཀྱང་དངོས་གྲུབ་རྣམ་པ་གཉིས་ཀྱི་ཟིལ་དངར་ཅིར་ཡང་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཤུ་བྷཾ།། ༈ །།པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །འོད་གསལ་གཉུག་མའི་མཁའ་དབྱིངས་དྭངས་པའི་ངོས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་བའི། །རང་བཞིན་སྤྲུལ་པའི་ཞིང་མཆོག་པདྨ་འོད། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང་། །ཉམས་སྣང་གོང་འཕེལ་གཞལ་མེད་ཁང་ཆེན་པོར། །རིག་པ་ཚད་ཕེབས་དཔའ་པོ་ཌཱ་ཀིའི་ཚོགས། །ཆོས་ཟད་བློ་འདས་རྡོ་རྗེའི་གླུ་གར་སྒྱུར། །དེ་དབུས་གདོད་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་དང་། །སྐུ་གསུམ་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །གང་འདུལ་སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས། །མཚན་དང་སྐུ་ཡི་རྣམ་རོལ་མཐའ་ཀླས་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འདུན་ས་དེར། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེར་ཡང་རིག་འཛིན་རྣམ་བཞིའི་གསེང་ལམ་ལ། །བརྟེན་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །མཚོ་སྐྱེས་བླ་མའི་གོ་འཕང་མྱུར་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་སྡེས་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་གང་ཤར་སྐད་ཅིག་ལ་བརྗོད་པ་སིདྡྷི་རསྟུ།། ༈ །།རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །བཀྲ་ཤིས་གང་ཞིག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །གཟོད་ནས་རབ་ཞི་རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས། །གདོད་མའི་མགོན་པོ་ཀུན་བཟང་ཆོས་སྐུ་མཚོ་སྐྱེས་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣང་ཆ་བདེ་ཆེན་ཐོད་ཕྲེང་རྩལ། །སྟོང་ཉིད་ཤེས་རབ་མནྡཱ་ར་བར་མཉམ་སྦྱོར་བའི། །བརྟན་གཡོ་ཀུན་ཁྱབ་ལོངས་སྤྱོད་ཡོངས་རྫོགས་ཧེ་རུ་ཀའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །སྣ་ཚོགས་ཞིང་དུ་སྤྲུལ་པའི་བཀོད་པ་མཐའ་ཀླས་པའི། །བདེན་པདེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བླ་མ་ཀུན་འདུས་པདྨ་འབྱུང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲངས་མེད་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཁྱོད་དུ་མཐོང་བས་མཆོག་དངོས་འགྲུབ། །མཚན་ཙམ་འཛིན་པས་ཐུན་མོང་དངོས་གྲུབ་ཆར་བཞིན་འབེབ། །དྲན་པ་ཡིས་ཀྱང་མི་མཐུན་རྒུད་པ་འཕྲོག་མཛད་པའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཁའ་དབྱིངས་ཁྱབ་པའི་མཆོད་སྤྲིན་དབུས། །མཚོ་སྐྱེས་བླ་མ་རིག་འཛིན་ཌཱ་ཀིའི་ཚོགས་བཅས་ཀྱིས། །མེ་ཏོག་ཆར་འབེབ་ཤིས་པའི་ཚིག་གིས་དབུགས་དབྱུང་བའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས། །བདག་གཞན་འགྲོ་ཀུན་ཕན་བདེའི་འབྱོར་པ་རབ་རྒྱས་ཤིང་། །མཐར་ཐུག་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་སུ། །འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་ལས་བྱུང་བའི་ཚིག་གི་སྣང་བ་སྟེ། འདིས་ཀྱང་དགེ་ལེགས་ཤིས་པའི་པདྨོ་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།རྩ་གསུམ་བདེར་གཤེགས་འདུས་པའི་བདག་འཇུག་གི་ཆོ་ག་ཡེ་ཤེས་ཆར་འབེབ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ རིག་སྟོང་ཟུང་འཇུག་མཚོ་སྐྱེས་རྗེར། །རང་གསལ་རིག་པའི་ཕྱག་བགྱིས་ནས། །རྣམ་ཀུན་མཆོག་ལྡན་དཀྱིལ་འཁོར་དུ། །འཇུག་པའི་ལམ་བཟང་ཅུང་ཟད་དབྱེ། །དེ་ལ་འདིར་དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་གསུངས་པའི་དོན། རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་མཆོག་ཏུ་གཞོལ་བས་རྟོགས་པའི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་རྡོ་རྗེ་སློབ་དཔོན་དངོས་གྲུབ་བརྙེས་པ་དག་གིས་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་ནས་འཇུག་པའི་ཚུལ་ཙམ་གྱིས་ཀྱང་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཐམས་ཅད་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རིམ་གྱིས་ཞུགས་པའི་ངལ་བ་ལ་མ་ལྟོས་ཀྱང་། དང་པོའི་ལས་ཅན་རྣམས་ཀྱི་དམ་ཚིག་ཉམས་ཆག་འདག་པ་དང་རྒྱུད་ལ་བྱིན་རླབས་འཇུག་པ་སོགས་དགོས་པ་ཆེས་མང་བས་འདུན་པ་དང་དད་པས་བདེར་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། གཞི་མ་དུལ་བ་ཡིན་ན་ས་ཆོག་སྔོན་དུ་འགྲོ་བས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དུ་འདུ་བྱ་བའམ། མ་གྲུབ་ན་སྟེགས་ཀྱི་དབུས་སུ་མཎྜལ་པདྨ་འདབ་མ་བརྒྱད་པའི་སྙིང་པོར་རྣམ་བུམ་བཅུད་ལྡན་གྱི་ཁར་བྷནྡྷ་བདུད་རྩིས་བཀང་བའི་ནང་དུ་དམ་ཚིག་གི་བྲིས་སྐུ་འཛུགས་ཤིང་། སྟེང་ནས་དར་དམར་པོའི་ལྡིང་གུར་དབུབ། མདུན་དུ་སྨན་གཏོར་རཀྟ་དང་། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་ཚོགས་ཀྱི་ཡོ་བྱད་དང་། ལས་ཐམས་ཅད་པའི་བུམ་པ་སོགས་ཀྱང་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་དཀྱིལ་འཁོར་སྒྲུབ་པ་ནི། གཟུང་འཛིན་ལྟར་སྣང་བའི་ཡུལ་དང་ཡུལ་ཅན་ཐམས་ཅད་གཟོད་མ་ནས་སེམས་ཀྱི་རྡོ་རྗེ་རྩ་གསུམ་པདྨ་ཐོད་ཕྲེང་གི་དཀྱིལ་འཁོར་ཆེན་པོར་རྣམ་པར་དག་པའི་ཆོས་ཉིད་ཁོང་དུ་ཆུད་པས་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་ལ་དབང་འབྱོར་པ་དག་གིས་ནི་བདག་མདུན་གྱི་ཀུན་ཏུ་བརྟགས་པའི་གཞན་དབང་ལ་མི་ལྟོས་མོད། དེ་ཙམ་རྟོགས་པའི་ལྟ་བ་དང་མི་ལྡན་པ་རྣམས་ཀྱིས་ཕྲིན་ལས་ཀྱི་ཆོ་ག་དངོས་གྲུབ་ཆར་འབེབས་ལྟར་གཞུང་བསྲངས་ནས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་མཇུག་ཏུ། རྩ་སྔགས་ལ་ཕཊ་ཛཿབཏགས་པའི་སྒྲ་གདངས་ཀྱིས་བདག་མདུན་ཐ་དད་དུ་ཕྱེས་ནས་དོ་ལའི་བཟླས་པ་དང་། དེ་བཞིན་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་ཆེན་པོར་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་བཏབ་ནས། རྣམ་བུམ་ལ་དམིགས་ཀྱིས་བསལ་བའི་བཟླས་པ་དང་། ལས་བུམ་སྒྲུབ་པ་བཅས་སྔོན་དུ་འགྲོ་བས། མཆོད་བསྟོད་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་གྱི་ཚུལ་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་ནས་བུམ་པའི་བདུད་རྩི་དང་དབྱེར་མེད་པར་བསམ། ནང་དུ་ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་། ཕྱི་རོལ་པ་ལ་གཏོར་མས་མཉེས་པ་རྣམས་བྱའོ། །གཉིས་པ་བདག་འཇུག་དངོས་ནི། གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས། རང་ཉིད་དབང་ལེན་བླ་མ་ཡིས༔ ལས་ཀྱི་སློབ་དཔོན་བྱེད་པར་བསམ༔ ཞེས་གསུངས་པ་ལྟར་སེམས་ཀྱི་ཆོས་ཉིད་གདོད་མ་ནས་རྣམ་པར་དག་པའི་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་མདུན་བསྐྱེད་ཀྱི་གཙོ་བོ་དང་བླ་མ་དབྱེར་མེད་པས་དབང་བསྐུར་བའི་དགོངས་པ་མཛད་ཅིང་། དེའི་ཐུགས་ཀ་ནས་བྱེ་བའི་ཡེ་ཤེས་ཀྱི་རྣམ་རོལ་ལས་ཀྱི་སློབ་དཔོན་གྱིས་དབང་རྫས་འགྲིམ་པ་སོགས་བྱ་བ་བྱེད་པར་བསམ་ལ། རང་གི་ཚོགས་བརྒྱད་གློ་བུར་བའི་རྟེན་སློབ་མའི་ཚུལ་དུ་བྱས་ནས་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞིའི་དབང་བླང་བ་གཉིས་ལས། དང་པོ་ནི། ཐོག་མར། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་ཁྲོ་ཚོགས་གྲངས་མེད་པས་བདག་ཉིད་འཇུག་ཅིང་དབང་བླང་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་མཐའི་རྒྱ་མཚོའི་ཕ་མཐར་ཕྱིར་བསྐྲད་པར་བསམ་ལ། ཧཱུྃ་བཞིའི་སྔགས་བརྗོད། འོད་ཟེར་ཚུར་འདུས་པ་ལས་རྡོ་རྗེ་སྲུང་བའི་གུར་ཁང་དུ་རོ་གཅིག་ཏུ་འདྲེས་ནས་ཅིས་ཀྱང་མི་ཆོད་མི་ཤིགས་པར་མོས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ལན་གསུམ་གྱིས་བརྟན་པར་བྱ། ཨོཾ་ཨཱཿཧཱུྃ་གིས་མིག་རས་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཟུང་། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཐལ་མོ་སྦྱར་བས་བཏུད་དེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །རྩ་བ་གསུམ་གྱི་དཀྱིལ་འཁོར་དུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་ལན་གསུམ་གྱིས་ཚོགས་གསག །བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་འགྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །ལན་གསུམ་གྱིས་སྡོམ་པ་བཟུང་རྗེས་ཕྱི་ལྟར་འཇུག་པ་ནི། ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་བསམ། ལས་ཀྱི་རྡོ་རྗེས་ཤར་སྒོ་ནས་རིམ་པར་འཁྲིད་པར་མོས་ལ། སྒོ་སོ་སོར་ཐལ་མོ་གནས་གསུམ་དུ་སྦྱར་བ་དང་བསྟུན་ནས། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞིར་བརྗོད་པས་སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་བསམ་ལ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ། རང་ཉིད་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པར་གསལ་བཞིན་པའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་། འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པར་མོས་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་མང་དུ་བརྗོད་པས་བྱིན་དབབ། བརྟན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་ཞེས་བརྗོད། ཨོཾ་པྲ་ཏིཙྪ་བཛྲ་ཧོཿས་དཀྱིལ་འཁོར་གྱི་གཙོ་བོའི་དབུ་ལ་མེ་ཏོག་ཕུལ་བ། སླར་ཡང་ལྷག་པའི་ལྷས་སྤྱི་བོར་བཅིངས་པར་མོས་ལ། པྲ་ཏི་གྲྀཧྞ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཞེས་དང་། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་པས་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་བསམ་མོ། །གཉིས་པ་ཞུགས་ནས་མངོན་པར་དབང་བླང་བ་ནི། མཎྜལ་སྔོན་དུ་འགྲོ་བས། ཐལ་མོ་སྦྱར་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དབང་གི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་བདག་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་ཀུན་ཀྱང་དབང་གི་བྱ་བ་ལ་ཐུགས་དགྱེས་པར་བསམ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་ཤིས་པར་བྱ་བ་སྔོན་དུ་འགྲོ་བས། ཐོག་མར་བུམ་དབང་ནི། རྣམ་བུམ་བཟུང་ལ། ཧཱུྃ། རྡོ་རྗེ་བཀོད་པའི་རྒྱུད་ལས། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་ཁྱོད་ལ་སྦྱིན། །རྩ་སྔགས་མཐར། བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམས་ལ། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་བསམ། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ལྟར་ན་ཕྱི་བསྐྱེད་པ་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། རགས་པ་ལུས་ཀྱི་ལས་དང་ཕྲ་བ་རྩའི་སྒྲིབ་པ་སྦྱངས། ལམ་སྣང་སྟོང་ཟུང་འཇུག་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དག་པ་བརྗོད། གསང་དབང་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བབས་པ་དང་ཐོད་པའི་བདུད་རྩི་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པར་མོས་ལ། ཧཱུྃ། རྡོ་རྗེ་བཀོད་པ་ལས། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །རྩ་སྔགས་མཐར། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ཞེས་བྷནྡྷ་མགྲིན་པར་བཞག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་པས་བདུད་རྩི་དེ་ཉིད་མྱངས་པ་ལ་བརྟེན་ནས་རྩ་ཁམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིས་ཁྱབ་སྟེ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ། རྗེས་འབྲེལ་དུ་བཟླས་ལུང་བླང་བར་མོས་ན། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། རང་ཉིད་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀའི་ས་བོན་གྱི་མཐར་གཡས་བསྐོར་དུ་འཁོར་བས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་ངོ་བོར་དག་པར་བསམ་ལ། སྔགས་ལན་གསུམ་བརྗོད། དེ་ལྟར་ན་ནང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། རགས་པ་ངག་གི་ལས་དང་ཕྲ་བ་རླུང་གི་སྒྲིབ་པ་སྦྱངས། ལམ་གསལ་སྟོང་ཟུང་འཇུག་རླུང་དང་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤེར་དབང་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཐར་པ་བསྟེན་པ་ལ་བསྐུལ་བའི་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་བྱོན་པར་བསམས་ནས་དངོས་སུ་རིག་ཙཀ་གམ་དྲིལ་བུ་བླངས་ལ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱར་ལོངས། །བུ་ཡིས་བླ་མེད་མཆོད་པར་གྱིས། །རྩ་སྔགས་མཐར། ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱིན་པའི་རིག་མ་དང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱངས་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ན་གསང་བ་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རགས་པ་ཡིད་ཀྱི་ལས་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་སྦྱངས། བདེ་སྟོང་ཟུང་འཇུག་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་བསྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་འོད་གསལ་གཉུག་མའི་ཡེ་ཤེས་མཚོན་པའི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཞལ་ནས་རྡོ་རྗེའི་ཚིག་གིས་དབུགས་ཕྱུང་བར་བསམ་ལ། རྟ་མཆོག་རོལ་པའི་རྒྱུད་ལས། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་བར་ནི་ཞི་བའི་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །རྩ་སྔགས་མཐར། དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་ཅིང་རང་བཞིན་མེད་པའི་ཆོས་ཉིད་ལ་མཉམ་པར་བཞག་པས། དཔེའི་ཐབས་ལ་བརྟེན་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྗོད་བྲལ་གྱི་གནས་ལུགས་ཉམས་སུ་མྱངས་པར་བསམ། དེ་ལྟར་ན་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། རགས་པ་ཀུན་གཞིའི་ལས་དང་ཕྲ་བ་ཤེས་བྱའི་སྒྲིབ་པ་སྦྱངས། ལམ་རིག་སྟོང་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དག་པ་དྲན་པར་བྱའོ། །གསུམ་པ་རྗེས་ནི། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ཀྱིས་དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། སློབ་མ་རྗེས་སུ་འཛིན་ན། སློབ་དཔོན་གྱིས་དཀྱིལ་འཁོར་པ་རྣམས་ལ། ཨོཾ། རྡོ་རྗེའི་ཡེ་ཤེས་འཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་འཚལ། །ཞེས་པས་སློབ་མ་འཇུག་པར་གནང་བ་ནོད་ཅིང་། དམ་ཚིག་བསྲུང་བར་ནུས་པ་རྣམས་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་སོགས་སྔོན་དུ་འགྲོ་བས་སྦྱོར་དངོས་ཀྱི་ཆོ་ག་རྣམས་བདག་འཇུག་ཇི་ལྟ་བ་ལ་སྐབས་སུ་བབས་པའི་མཚམས་སྦྱོར་དང་། དབང་བཞི་པའི་མཐར་བྱིན་རླབས་གཏོར་མའི་དབང་བསྐུར་བ་དང་། ཤིས་པ་བརྗོད་པས་མངའ་གསོལ། དམ་ཚིག་ཁས་བླང་ནས་དགེ་བ་བསྔོ་བའི་བར་སྤྱི་ལྟར་སྦྱར། ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སྤྱད། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་རྣམས་ལས་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །རྩ་གསུམ་བདེ་གཤེགས་ཀུན་འདུས་པའི། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །འཇུག་ཅིང་སྨིན་པའི་སྐལ་བཟང་གིས། །སྐུ་བཞིར་ངལ་འཚོ་ཐོབ་གྱུར་ཅིག །ཅེས་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་དག་གི་ཞལ་གྱི་བདུད་རྩིས་མཛེས་པར་བྱས་ཏེ་རིག་པ་འཛིན་པའི་སྡེ་སྣོད་བླ་ན་མེད་པའི་ངེས་གསང་དབང་བཞིའི་ལམ་གྱི་སྙིང་པོར་དྲིལ་བ་འདིའང་། ཐེག་པ་མཆོག་གི་རྣལ་འབྱོར་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་ནགས་ཚལ་དྲྭ་བ་ཅན་གྱི་བསྟི་གནས་སུ་སྦྱར་བ་ཛ་ཡནྟུ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་པར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་ཁོ་བོ་སི་ཏུ་པདྨ་དབང་མཆོག་གིས་ཆེད་དུ་གདམས་པའོ།། །།

ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པའི༔ ༔ལས་སྦྱོར་པདྨའི་དགའ་ཚལ་ (Volume 11, Text 22)

༁ྃ༔ ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པའི༔ ༔ལས་སྦྱོར་པདྨའི་དགའ་ཚལ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རྡོ་རྗེའི་ཚིག་རྐང་བདུན་པོ་ཡིས༔ རྩ་གསུམ་བྱིན་རླབས་བསྐུལ་བ་ཉིད༔ རྩ་བར་བྱས་ཏེ་དབྱིངས་གཅིག་ལས༔ རྣམ་འགྱུར་ཐ་དད་སྒྲུབ་པའི་ཐབས༔ གདུལ་བྱའི་ཁམས་དབང་མོས་པ་དང༔ འཚམ་པར་ཤར་བའི་བྱེ་བྲག་གི༔ ཁ་བསྒྱུར་ལས་ཀྱི་རིམ་པ་ཡང༔ མདོར་བསྡུས་སྙིང་པོའི་བཅུད་དྲིལ་ནས༔ སྐལ་ལྡན་གདུལ་བྱའི་དཔལ་དུ་བསྟན༔ ས་མ་ཡ༔ བླ་མ་ཆོས་སྐུའི་ལས་སྦྱོར་ནི༔ རྡོ་རྗེའི་ཡེ་ཤེས་འབེབ་པ་སྟེ༔ གསང་སྔགས་བླ་མའི་ལམ་ལ་བསྟེན༔ སྨིན་གྲོལ་ལམ་གྱི་སྲོག་རྩ་ཡིན༔ བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་སེམས་ཅན་གང་ཡིན་ཡང༔ ཆོས་སྐུ་དངོས་སུ་ཐག་བཅད་དེ༔ ཐ་མལ་སྐད་ཅིག་བསམ་མི་བྱ༔ རང་ཉིད་འཁོར་བའི་འདམ་ནས་བཏོན༔ ཐར་པའི་ལམ་དུ་ཁྲིད་པ་ཡི༔ བཀའ་དྲིན་བསམ་མི་ཁྱབ་པ་དྲན༔ མོས་གུས་དྲག་པོའི་ངར་བཏགས་ཏེ༔ པདྨ་ཀུན་ཏུ་འཆང་བ་དང༔ དབྱེར་མེད་སྙིང་གི་དཀྱིལ་དུ་བསྒོམ༔ ཀྱཻ༔ རྗེ་བཙུན་བླ་མ་ཀུན་ཏུ་འཆང༔ དུས་གསུམ་སངས་རྒྱས་མ་ལུས་པ༔ ཐམས་ཅད་འདུས་པ་རིན་པོ་ཆེ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཕོབས༔ རྟོགས་པས་བདག་རྒྱུད་གྲོལ་བ་དང༔ ཐུགས་རྗེས་གཞན་རྒྱུད་སྨིན་པར་མཛོད༔ ཅེས་པས་གསོལ་གདབ་ཐུགས་ཡིད་བསྲེ༔ ལན་རེ་མདུན་གྱི་མཁའ་ལ་བསྒོམ༔ ཧྲཱི༔ རང་རིག་གདོད་མའི་སངས་རྒྱས་པདྨ་འབྱུང༔ འཁོར་འདས་ཀུན་གྱི་ཁྱབ་བདག་ཀུན་ཏུ་འཆང༔ དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས༔ དབང་བསྐུར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡང་ཡང་གསོལ་འདེབས་དབང་བཞི་བླང༔ སྐབས་སུ་སྤྱི་བོའི་གཙུག་ཏུ་བསྒོམ༔ ཧྲཱི༔ དཔལ་ལྡན་བླ་མ་བདེ་ཆེན་རྡོ་རྗེ་སེམས༔ སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་མོའི་དབང་གི་ཆུ་རྒྱུན་བསྩལ་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བདག་སྒྲུབས་ཤིག༔ གསོལ་གདབ་གསང་བའི་དབང་བཞི་ཞུ༔ རྣམ་ཀུན་བླ་མའི་སྣང་བ་དང༔ འབྲལ་མེད་བཅོས་མིན་མོས་གུས་ཀྱིས༔ འོ་དོད་འབོད་ཅིང་གསོལ་བ་གདབ༔ སྣང་བ་བཙན་ཐབས་འགྱུར་བ་ན༔ ངེས་པར་བྱིན་རླབས་རྒྱུད་ལ་ཞུགས༔ དེ་ཚེ་གང་ཤར་ཤེས་པ་ཉིད༔ དགག་བསྒྲུབ་མི་བྱ་ལྷུག་པར་བསྐྱང༔ བླ་མ་ཆོས་སྐུའི་རང་ཞལ་མཇལ༔ ཕྱི་ནང་དངོས་དང་དངོས་མེད་པ༔ ཅིར་སྣང་བླ་མའི་རོལ་པར་བསྒོམ༔ ཕན་འདོགས་དགྱེས་པའི་བྱིན་རླབས་ཏེ༔ གནོད་འཚེ་དགེ་ལ་སྐུལ་མ་མཛད༔ ལུས་སེམས་བདེ་བ་ཐུགས་རྗེའི་མཐུ༔ ན་ཚ་སྡུག་བསྔལ་སྒྲིབ་སྦྱོང་གྲོགས༔ གང་ཡང་བླང་དོར་བྱར་མེད་པ༔ མོས་གུས་ལམ་དུ་ལོངས་པར་བྱ༔ འདི་ནི་ལས་སྦྱོར་ཐམས་ཅད་ཀྱི༔ རྩ་བ་སྙིང་ངམ་སྲོག་དང་མཚུངས༔ གཞན་ཡང་བླ་མའི་སྐུ་འབག་དང༔ ཕྱག་ཞབས་རྗེས་སོགས་བཀྲམ་པ་འམ༔ དབུ་ལོ་ན་བཟའ་རིང་བསྲེལ་རིགས༔ རཏྣའི་ཟ་མ་ཏོག་ཏུ་བཅུག༔ མདུན་བཤམ་བླ་མ་དངོས་སུ་བསམ༔ རང་བྱུང་གསེར་གྱི་ཐིགས་པོ་འམ༔ མ་འབྱོར་རིན་ཆེན་འབྲུ་སྣ་ལ༔ ཆོས་སྐུའི་སྔགས་ཀྱི་ཤམ་བུ་རུ༔ ན་མོ་གུ་རུ་བཱི་ར་ཧྲིཾ་སྭཱ་ཧཱ༔ བཏགས་པ་མང་བཏབ་མཎྜལ་བཀོད༔ ཨོཾ་ཨཱཿཧཱུྃ༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ རྒྱུན་མི་འཆད་པ་སྤྲུལ་ཏེ་འབུལ༔ དགྱེས་བཞེས་བྱིན་གྱིས་བརླབ་ཏུ་གསོལ༔ སྔགས་བཅས་མང་དུ་ཕུལ་བ་ཡིས༔ མཉེས་ནས་ཐུགས་རྗེས་བཟུང་བར་བསམ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ རྗེས་འཛིན་རྟེན་འབྲེལ་འགྲིགས་པར་འགྱུར༔ ཁྱད་པར་བཤད་སྒྲུབ་གང་བྱེད་ཀྱང༔ ཕྱག་མཆོད་འབུལ་ལ་གསོལ་བ་གདབ༔ ཨོཾ་ན་མོ་གུ་རུ་རཏྣ་སརྦ་སིདྡྷིརྨ་སྥོ་ཊ་བརྡྷ་ནཾ་བིསྟཱ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་རྟེན་སྙིང་བརྒྱ་རྩ་བཟླ༔ བླ་མའི་སྐུ་ལས་བྱིན་རླབས་བཅུད༔ བདུད་རྩི་དམར་སེར་བདེ་བའི་རྒྱུན༔ ཚངས་བུག་ནས་བབས་སྙིང་ནང་གང༔ བདེ་བས་ལུས་ཀུན་ཁྱབ་པར་དམིགས༔ རྟེན་ཉིད་བླངས་ལ་སྤྱི་བོར་བཞག༔ བུམ་ཅན་རླུང་གིས་བརྟན་པར་བྱ༔ བཤད་ན་གཞན་ལ་ཕན་པ་ཐོགས༔ བསྒོམ་ན་ཏིང་འཛིན་འཕེལ་བར་འགྱུར༔ ས་མ་ཡ༔ བླ་མ་ལོངས་སྐུ་ལ་བསྟེན་ནས༔ འཆི་མེད་ཚེ་རྟེན་བཅའ་བ་ནི༔ ཚེ་རིང་དགེ་བའི་ལག་བརྒྱུད་པའི༔ རས་ལ་སྐུ་གཟུགས་སོར་བཞི་པ༔ ཆགས་ཚད་ལྡན་པའི་གནས་གསུམ་དུ༔ འབྲུ་གསུམ་ཐུགས་ཀར་ས་བོན་སྔགས༔ རྒྱབ་ཏུ་འདོད་གསོལ་དང་བཅས་པ༔ གསེར་གྱིས་བྲིས་ལ་རབ་ཏུ་གནས༔ དར་དམར་གྲོ་ཤོག་གང་རུང་ལ༔ རྒྱ་གྲམ་ལྟོ་བ་ཡངས་པའི་ནང༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཚེ་བུམ་རྒྱན་ལྡན་ལྟོར༔ ཧྲཱིཿཡིག་ཁོག་པར་ནྲྀ་ཡི་ཡིག༔ ཨས་མཚན་བུམ་པའི་མཐའ་སྐོར་དུ༔ འཆང་བ་པོ་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པའི་སྐྱེ་འཆི་གཞོམ་གཞིག་བྲལ་བ་རྡོ་རྗེའི་ཚེ་ཐོབ་པར་གྱུར་ཅིག༔ གོང་རས་ལོངས་སྐུའི་སྙིང་པོའི་མཐར༔ འཆང་བ་པོ་ལ་འཆི་མེད་རྡོ་རྗེའི་ཚེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ༔ དེ་རྒྱབ་རྩིབ་བརྒྱད་རེ་རེ་བཞིན༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་བསོད་རྒྱས་པའི་སྤེལ་ཚིག་སྦྱར༔ དེ་རྒྱབ་མཚན་བརྒྱ་རྩ་བརྒྱད་གཟུངས༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་རྣམས༔ ཡིག་མགོ་ཕྱིར་བསྟན་གཡས་སྐོར་བྲི༔ དེ་རྒྱབ་རྡོར་རྭ་འོད་ཕྲེང་བསྐོར༔ མཚམས་ཀྱི་རྒྱ་གྲམ་རྭ་བཞིར་བྷྲཱུྃ༔ དེ་འོག་ཤར་ལྷོ་ནས་རིམ་བཞིན༔ སྲོག་འཆི་མེད་དུ་བརྟན་པར་གྱུར་ཅིག༔ ལུས་རྒུད་མེད་དུ་བརྟན་པར་གྱུར་ཅིག༔ དབང་ཐང་གོང་འཕེལ་དུ་གྱུར་ཅིག༔ ཀླུང་རྟ་དར་རྒྱས་སུ་གྱུར་ཅིག༔ ཅེས་པ་ཚན་བཞི་ལ་བརྩེགས་མར་བྲི༔ ཤར་དུ་རྡོ་རྗེ་ལྷོར་རྒྱལ་མཚན༔ ནུབ་ཏུ་གཡུང་དྲུང་བྱང་མདའ་དར༔ ལྟེ་བ་སོགས་ལ་རིམ་བཞིན་དུ༔ སྲོག་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག༔ བླ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག༔ བསོད་ནམས་དཔག་བསམ་ཤིང་ལྟར་རྒྱས་པར་གྱུར་ཅིག༔ ཕྲེད་དམ་བརྩེགས་མ་ཅི་བདེར་བཀོད༔ སེལ་མེད་ཚེ་ཡི་སྒྲུབ་རྫས་དང༔ དྲི་བཟང་སྨན་གྱི་ཁུ་བས་བྱུགས༔ དུང་ཆུང་བྱེ་རུ་གཡུ་གསེར་ཐིག༔ མུ་མེན་ཁྲབ་བྱང་མིག་དགུ་པ༔ ཕ་ལམ་དར་སྣ་ལྔ་དང་བཅས༔ ལྷ་བསྐྱེད་ཡེ་ཤེས་བཀུག་ལ་བསྟིམས༔ མཆོད་ཅིང་བསྟོད་ནས་བཟླས་པ་བྱ༔ བྱིན་རླབས་ཚེ་བཅུད་ཡང་ཡང་བསྡུ༔ འོད་ཞུ་ཙཀྲའི་རྣམ་པར་བསམ༔ བརྟན་བཞུགས་ཤིས་བརྗོད་མེ་ཏོག་འཐོར༔ སྐུ་རྟེན་ས་བོན་ཞལ་སྦྱར་ལ༔ ལྟེ་བ་མ་ཉམས་གྲུ་བཞིར་བལྟེབ༔ སྐུ་ཚེ་རིང་བཞུགས་དབུ་སྐྲ་སོགས༔ གོང་གི་རྫས་དང་ལྷན་ཅིག་ཏུ༔ མི་འབྲལ་མགུལ་དུ་བཅང་བ་ཡིས༔ ཚེ་ཡི་བར་ཆད་མཐའ་དག་ཞི༔ གནས་སྐབས་རིང་དུ་འཚོ་བ་དང༔ མཐར་ཐུག་འཆི་མེད་མགོན་འགྲུབ་འགྱུར༔ རྒྱ་ཤོག་ངོས་སུ་རྒྱ་མཚལ་གྱིས༔ དག་པར་བྲིས་ལ་ཚེ་རྫས་བྱུག༔ ལྷ་ཡི་ངོ་བོར་རབ་ཏུ་གནས༔ སྲོག་གཟའ་དར་བའི་ཉི་ཤར་ལ༔ མགོ་བརྩམ་ནངས་རེ་བཞིན་ཟོས་པས༔ ཚེ་བསོད་འཕེལ་རྒྱས་བརྟན་པར་འགྱུར༔ མི་འགྱུར་ཚེ་ཡི་རྟེན་འབྲེལ་དུ༔ ལྕགས་ཀྱི་རྡོ་རྗེའི་ལྟེ་བ་རུ༔ དར་ལ་ཧྲཱི་ནྲྀ་ཨ་གསུམ་བྲི༔ གཡུ་དང་རྡོ་རྗེ་ཕ་ལམ་དྲིལ༔ དེ་རྒྱབ་སྙིང་པོའི་སྔགས་ཀྱི་མཐར༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཞེས་དང་སུ་པྲ་ཏིཥྛའི་སྔགས༔ སྤེལ་ཚིག་བྲིས་པས་བཏུམས་ལ་བཅུག༔ མ་འགྲུབ་རིས་སུ་བྲིས་ཀྱང་རུང༔ སྒོམ་བཟླས་རབ་ཏུ་གནས་པ་དེ༔ མགུལ་དུ་དྲོད་མ་བྲལ་བར་བཅངས༔ ཚེ་སྲོག་རྡོ་རྗེ་ལྟར་བརྟན་འགྱུར༔ དར་དམར་རྡོ་རྗེའི་མདུད་པ་ཅན༔ སྙིང་པོ་གོང་སྔགས་བཏབ་པ་ཡང༔ བཏགས་པས་ཚེ་ཡི་བར་ཆད་སྲུང༔ ཁྱད་པར་ཤར་སོགས་ཕྱོགས་བཞི་ནས༔ རང་མདོག་ཅན་གྱི་ས་གཙང་བླངས༔ ཡང་ན་སྲོག་སྐྱོབ་ཤིས་པ་ནས༔ ས་བླངས་རིན་ཆེན་སྨན་ཕྱེ་སྦྱར༔ བྱིན་རླབས་བསྒྲུབས་པའི་བུམ་ཆུས་སྦྲུ༔ སཱཙྪ་བདུན་ནམ་ལོ་གྲངས་སམ༔ བརྒྱ་རྩ་བརྒྱད་སོགས་ཅི་འགྲུབ་པ༔ སྙིང་པོ་ལ་སོགས་འདོན་ཅིང་གདབ༔ དཀར་སེར་དམར་ལྗང་ཚོན་གྱིས་བསྒྱུར༔ རྒྱ་ཤོག་མཚལ་དང་དྲི་བཟང་གིས༔ སྙིང་པོའི་སྔགས་ཀྱི་ཤམ་བུ་རུ༔ བསྒྲུབ་བྱའི་ཚེ་སྲོག་བསོད་ནམས་ལ་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲིས་ལས་མཐུན་སྲོག་ཤིང་ལ༔ དྲིལ་ཏེ་སཱཙྪ་དཀར་པོར་བཅུག༔ དེ་བཞིན་སེར་པོ་ལ་སོགས་པར༔ སྒྲུབ་བྱའི་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ བསྒྲུབ་བྱའི་འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོ༔ བསྒྲུབ་བྱའི་ཚེ་བསོད་ལ་གནོད་པར་བྱེད་པའི་བདུད་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་པའི་ནང་གཞུག་སོ་སོར་བཅུག༔ རང་རང་ཁ་དོག་དང་མཚུངས་པའི༔ གདུགས་སྦྱར་མེ་ཏོག་དག་ཀྱང་གསག༔ སྟེགས་བུར་མཆོད་པ་དང་བཅས་བསྒྲིག༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ མཚན་རྫོགས་མཆོད་རྟེན་བུམ་པ་རུ༔ ཚེ་དཔག་མེད་མགོན་ཡབ་ཡུམ་བཅས༔ ལས་བཞི་སོ་སོའི་སྐུ་མདོག་ཅན༔ རྒྱལ་བ་སྲས་དང་བཅས་པར་གསལ༔ ཕྲིན་ལས་གཞུང་བསྲང་བཟླས་པ་བྱ༔ ལས་སྒྲུབ་དམིགས་པའི་འཕྲོ་འདུ་དང༔ སྤེལ་ཚིག་སྦྱར་ལ་གསོལ་བ་གདབ༔ ཨོཾ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བདག་སོགས་ཚེ་ལ་བར་གཅོད་པའི༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ བླ་སྲོག་རྡོ་རྗེ་ལྟར་བརྟན་ཅིང༔ ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད༔ འཁོར་འདས་བརྟན་གཡོའི་དྭངས་མ་དང༔ ཚེ་བཅུད་དབང་དུ་འདུ་བར་མཛོད༔ འཆི་བདག་ལ་སོགས་བདུད་དང་བགེགས༔ ཚེ་ལ་གནོད་བྱེད་བརླག་པར་མཛོད༔ མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་དང༔ བདག་གི་བསོད་ནམས་འདི་ཡི་མཐུས༔ བླ་མའི་སྐུ་ཚེ་བརྟན་པ་དང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས༔ འགྲོ་དྲུག་སེམས་ཅན་སྒྲིབ་པ་བྱང༔ ཀུན་ཀྱང་ཚེ་དཔག་མེད་ཐོབ་ཤོག༔ དེང་ནས་ཚེ་རབས་ཐམས་ཅད་དུ༔ སྐྱེ་འཆིའི་འཇིགས་པ་ལས་གྲོལ་ཏེ༔ བླ་མ་ཚེ་མཐའ་ཡས་པ་དང༔ དབྱེར་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཅེས་པའི་གསོལ་བྱང་ཚང་བ་འམ༔ ལས་བཞི་ཕྱེ་ན་གང་འདོད་སྦྱར༔ མེ་ཏོག་ལས་མཐུན་མདོག་ཏུ་འབུལ༔ མཆོད་བསྟོད་བརྟན་བཞུགས་ཤིས་པ་བརྗོད༔ ཕྱོགས་བཞིར་ཆུད་མི་ཟ་བར་བཞག༔ འདི་ཡི་ཕན་ཡོན་བསམ་ལས་འདས༔ འཆི་བ་བསླུ་ཞིང་ཚོགས་ཆེན་རྫོགས༔ ཚེ་ཡི་དངོས་གྲུབ་འགྲུབ་པར་འགྱུར༔ གཞན་ཡང་རང་ཉིད་སྲོག་གཅོད་སྤང༔ གཞན་དག་གསོད་པ་ལས་ལྡོག་ནས༔ སྲོག་ཆགས་ཚེ་ཡི་འཇིགས་ལས་བསྐྱབ༔ བསྒྲུབ་བྱའི་བློ་དང་མཐུན་པ་འམ༔ གང་ཡང་རུང་བའི་སྲོག་ཆགས་ཀྱི༔ དཔྲལ་བར་ཉི་ཟླའི་མཚན་མ་གདབ༔ ཅོད་པན་ལ་སོགས་དར་གྱིས་བརྒྱན༔ མདུན་གྱི་ནམ་མཁར་ཚེ་དཔག་མེད༔ སྲས་བཅས་རྒྱལ་བས་བསྐོར་བ་གསལ༔ སྟོང་པའི་ངང་ལས་ཏི་ཡིག་ལས༔ རིན་ཆེན་ལས་གྲུབ་སྲོག་ཆགས་ནི༔ ཁམས་ལྔ་ཡུམ་གྱི་རང་བཞིན་ལ༔ གླིང་བཞི་རི་རབ་བཀོད་པ་རྫོགས༔ མིག་གཉིས་ཉི་ཟླ་ནང་ཁྲོལ་སོགས༔ ལྷ་མིའི་དཔལ་འབྱོར་ལྷུན་གྱིས་གྲུབ༔ སྤུ་ལས་མཆོད་པའི་སྤྲིན་ཕུང་འཕྲོ༔ གཅིག་ལས་བྱེ་བ་བརྒྱ་སྟོང་སྤྲུལ༔ བླ་མ་བཅོམ་ལྡན་ཚེ་དཔག་མེད༔ རབ་འབྱམས་རྒྱལ་བ་སྲས་བཅས་ལ༔ གུས་པས་འབུལ་ལོ་དགྱེས་བཞེས་ཏེ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མགོན་པོ་ཁྱོད་ནི་འགྲོ་ལ་བྱམས༔ སྲོག་སྐྱོབ་མཆོད་པས་ཤིན་ཏུ་མཉེས༔ དེ་ཕྱིར་བདག་ལ་བརྩེ་བས་དགོངས༔ འཆི་བདག་འཇིགས་ལས་སྐྱོབ་པ་དང༔ འཆི་མེད་ཚེ་དབང་ཐོབ་པར་མཛོད༔ ལས་ཀྱི་འབྲེལ་བའི་འགྲོ་འདི་ཡང༔ གནས་སྐབས་ངན་སོང་སྡུག་བསྔལ་སྤང༔ མཐར་ཐུག་བདེ་ཅན་ཞིང་ཁམས་སུ༔ སྐྱེས་ནས་དོན་གཉིས་འགྲུབ་པར་མཛོད༔ ཅེས་དང་ནམ་མཁའ་མཛོད་ཀྱིས་འབུལ༔ སྙིང་པོ་བགྲང་ཞིང་གཟུངས་སྔགས་བཟླ༔ སྐུ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྲོག་ཆགས་སྒྲིབ་སྦྱངས་བསྲུང་བྱའི་ཚེ༔ ལོ་བརྒྱ་ཐུབ་པར་བྱིན་བརླབས་བསམ༔ དམིགས་མེད་ངང་བཞག་བསྔོ་སྨོན་བྱ༔ རྟེན་དེ་ལས་ཀྱིས་ཤི་བའི་བར༔ ནམ་ཡང་མི་བཀོལ་ཅི་བདེར་བསྐྱང༔ རྒྱུ་འབྲས་རྟེན་འབྲེལ་ཁྱད་པར་གྱིས༔ ཀུན་ལ་ཟབ་པའི་ཚེ་སྒྲུབ་བོ༔ མངོན་སུམ་གནད་ལ་གཟིར་བའི་ཚེ༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི༔ སྐྱོན་མེད་གསལ་བར་བྱེད་པའི་ཐབས༔ དུས་གཉན་རྣམས་སུ་མིག་ལ་ཟན༔ དྲུད་པའི་གླུད་གཏོར་བརྒྱ་རྩ་བཏབ༔ ཨོཾ་ཨཱཿརུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཆུ་བསྔགས་མིག་བཀྲུ་ནད་སྐྱོན་སེལ༔ ཨོཾ་ཀྵི་ཀྵི་ས་མ་ཀྵི་ཡེ་སྭཱ་ཧཱ༔ མང་བཟླས་སྣ་བུག་ཕུ་ཡིས་བཏབ༔ པུ་ཛཿཧཱུྃ༔ ཟླ་མཐོང་ངོ་བཞིན་སུམ་སྟོང་རེ༔ བཟླས་པས་མིག་འགྲིབ་འབྱུང་མི་སྲིད༔ ཡེ་ཤེས་སྤྱན་འབྱེད་གདམས་པ་འོ༔ ས་མ་ཡ༔ བླ་མ་སྤྲུལ་སྐུ་ལ་བསྟེན་པའི༔ ཕྱི་ནང་གསང་བའི་བཅུད་ལེན་ནི༔ ཕྱི་ལ་འབྱུང་བཞི་རྩི་སྨན་དང༔ སྦྱར་བའི་གདམས་པ་གྲངས་མང་ཡང༔ ཟབ་ཅིང་ལག་ཏུ་བླང་བདེ་བ༔ ཅོང་ཞི་བྲག་ཞུན་བསླད་མེད་པ༔ བྲེ་གང་ཕུལ་གང་གཞི་བྱས་ལ༔ རྩི་མར་སྲང་ནི་སུམ་ཅུ་དང༔ སྦྲང་རྩི་བྲེ་གང་བུ་རམ་གསུམ༔ ཤུག་པ་བ་ལུ་མཁན་པ་འཚེ༔ ལོ་མ་མེ་ཏོག་བཅུད་དུ་གསག༔ སྨན་མར་ལག་ལེན་བཞིན་དུ་སྦྱར༔ ཁ་ཚར་གང་དགོས་རིག་པས་དཔྱད༔ གཙང་མའི་སྣོད་དུ་བཞག་ནས་ཀྱང༔ བགེགས་བསྐྲད་ཁྲུས་ཀྱིས་དག་པར་སྦྱངས༔ སྟེང་དུ་བླ་མ་སྤྲུལ་སྐུ་བསྐྱེད༔ མཆོད་བསྟོད་ཛཔ྄་ཀྱི་ཤམ་བུ་རུ༔ མ་ཧཱ་ཨ་མྲིཏ་ར་ས་ཡ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་བཟླས་པས་རྒྱུད་བསྐུལ་བས༔ ཐུགས་ལས་འོད་འཕྲོས་འཁོར་འདས་ཀྱི༔ དྭངས་བཅུད་བསྡུས་ཏེ་ཐིམ་པ་ཡིས༔ སྐུ་ལས་བདུད་རྩིའི་རྒྱུན་ཆེན་བབས༔ རྫས་ལ་ཐིམ་པས་འཆི་མེད་ཀྱི༔ བཅུད་ལེན་ཆེན་པོར་གྲུབ་པར་བསམ༔ ལྷ་ཡང་འོད་ཞུ་རྫས་ལ་བསྟིམ༔ དགོང་དང་ཐོ་རངས་ཆགས་མེད་བརྟེན༔ རྒྱུ་གཉིས་སྨན་གྱི་ཤ་རུས་རྒྱས༔ རྐྱེན་གསུམ་སྟོབས་བཅུད་བཀྲག་མདངས་རྒྱས༔ རྩི་བཞིས་ཚེ་རིང་འབྱུང་བ་སྙོམས༔ ཡོན་ཏན་བརྗོད་ལས་འདས་པ་སྐྱེད༔ ཡང་ན་ཅོང་ཞི་ཕྲམ་ཕྲུམ་བརྡུང༔ གངས་ཆུས་བཤལ་ལ་རྡོ་དུག་བསལ༔ ཨོཾ་ཐུད་དེ་ཐུད་དེ་མ་ཧཱ་ཐུད་དེ་ཕཊ༔ སྟོང་ཕྲག་བཏབ་པ་སྲང་གང་ལ༔ འབྲི་འོ་ཕུལ་དགུས་འདམ་འཐག་བྱ༔ རྟག་ངུ་རིག་གསུམ་དབང་པོ་ལག༔ ཤིང་ཚ་པི་ལིང་ཨ་རུ་ར༔ སྙིང་པོ་ལྔ་རྣམས་ཅོང་ཞིའི་ཕྱེད༔ སྦྱར་ལ་ཤ་བའི་རིལ་མ་ཙམ༔ དྲིལ་ཏེ་མཚན་ལྡན་ཐོད་པར་བླུགས༔ རླུང་མེའི་སྟེང་དུ་ཀ་པཱ་ལར༔ དམ་ཡེ་གཉིས་མེད་བདུད་རྩིའི་མཚོ༔ འཁྱིལ་དབུས་བསྐྱེད་བཟླས་གོང་བཞིན་བསྒྲུབ༔ དངོས་ཉམས་དགེ་བའི་ལྟས་བྱུང་ན༔ ཁ་ཟས་སྤངས་ལ་ཉིན་བཞིན་བརྟེན༔ ལྷ་ཡི་རྣལ་འབྱོར་རླུང་སྦྱོར་སྦྲགས༔ རབ་ཀྱི་ཚུལ་ཏེ་མཆོག་དངོས་འགྲུབ༔ གནོད་པའི་ཟས་སྤངས་བརྟེན་པ་ནི༔ འབྲིང་སྟེ་ཚེ་དང་ཡེ་ཤེས་འགྲུབ༔ ཐོ་རངས་རིལ་བུ་རེ་རེ་བཟའ༔ ཐ་མའང་རྒས་སྲ་ཚེ་རིང་འགྱུར༔ ནང་ལྟར་པདྨ་བཅུད་སྡུད་ནི༔ རང་ཉིད་མཚོ་སྐྱེས་རྡོ་རྗེར་གསལ༔ མཛེས་ལྡན་ཡིད་དུ་འོང་བ་ཡི༔ བུ་མོ་མདུན་དུ་འཁོད་པར་བསམ༔ སྤྱི་བོར་བླ་མ་ཡབ་ཡུམ་ནི༔ འདོད་ཆགས་རྡོ་རྗེའི་རྣམ་པར་བསྒོམ༔ ཀྱཻ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྗེ་བཙུན་གུ་རུ་བདེ་བ་ཆེན་པོ་ལ༔ སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་མོའི་ལམ་ལ་བར་ཆད་མེད་པ་དང༔ བརྟན་གཡོའི་བཅུད་ཀྱིས་རགས་ལུས་དྭངས་མར་སྨིན༔ འཆི་མེད་འོད་སྐུར་འགྲུབ་པར་མཛད་དུ་གསོལ༔ མོས་གུས་གདུང་བས་གསོལ་བཏབ་པས༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་མཚམས་སྲུང་བའི་གུར་གྱིས་བཅིངས༔ བདག་དང་གནས་གྲོགས་བྱིན་རླབས་བསམ༔ འགྲོ་ཀུན་འཆི་མེད་རྡོ་རྗེའི་སར༔ འགོད་ཕྱིར་བཅུད་སྡུད་སེམས་བསྐྱེད་ལ༔ ལྟ་དགོད་ལག་བཅང་འོ་བྱེད་སོགས༔ འདོད་ཆགས་སྒྱུ་རྩལ་སྦྱོང་བར་མོས༔ བུ་མོ་ཡེ་ཤེས་མཁའ་འགྲོ་མ༔ དཀར་དམར་མདངས་ལྡན་བརྐྱངས་ཏེ་འཁོད༔ རང་དང་རིག་མའི་གནས་གསུམ་དུ༔ ཡིག་འབྲུ་གསུམ་མཚན་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཡབ་རྣམས་ཡབ་དང་ཡུམ་ཐམས་ཅད༔ ཡེ་ཤེས་མཁའ་འགྲོའི་རྣམ་པར་བྱོན༔ སོ་སོར་ཐིམ་ནས་དབྱེར་མེད་བསམ༔ རང་གི་ལུས་ནང་རྩ་དབུ་མ༔ ཤེལ་སྦུབས་ལྟ་བུའི་ཡར་རྩེ་རུ༔ ཨོཾ་ཡིག་དཀར་པོ་འོད་ཟེར་འབར༔ ཧཱུྃ་ལས་བྱུང་བའི་རྡོ་རྗེའི་རྩེར༔ ཧཱུྃ་སྔོན་གྱེན་བསྟན་ཕྱག་རྒྱའི་མཁའ༔ ཨཱཿལས་པདྨར་ཨཱཿདམར་པོ༔ རྒྱལ་ཀུན་རྡོ་རྗེ་གསུམ་དངོས་བསམ༔ རླུང་རོ་བསལ་ཅིང་རྔུབ་པའི་ཚེ༔ ཧཱུྃ་ཡིག་ཕྱིར་སོང་ཨཱཿདང་འཕྲད༔ རིག་མ་འདོད་ཆགས་རྒྱས་པའི་འོད༔ འཁོར་འདས་བརྟན་གཡོ་ཀུན་ལ་ཕོག༔ དྭངས་བཅུད་འོད་ལྔའི་རྣམ་པར་བསྡུས༔ ལུས་ཐིམ་ཨཱཿཡིག་དཀར་པོས་གང༔ དམར་ཆའི་བཅུད་དང་དབྱེར་མེད་པར༔ ཨཱཿདམར་ལ་འཁྲིལ་ཧཱུྃ་ཡིག་གི༔ ཞབས་ཀྱུས་ཨཱཿདཀར་འུབ་བསྡུས་དྲངས༔ འོག་རླུང་འཐེན་པས་ཧཱུྃ་ཡིག་ཉིད༔ ཚུར་ལོག་ཨ་དཀར་ཕྲེང་བ་བཅས༔ ཤུགས་དྲག་རྡོ་རྗེའི་དབུ་མར་བརྒྱུད༔ སྤྱི་བོའི་ཨོཾ་ལ་སིབ་སིབ་ཐིམ༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་བསམ༔ ཡང་ཡང་བསྐྱར་ནས་འབྱོངས་པའི་ཚེ༔ ཤེས་རབ་ཆགས་པ་རིམ་གྱིས་རྒྱས༔ འོད་ཀྱིས་འཁོར་འདས་གཡོ་བ་དང༔ རིམ་པར་འོད་དུ་ཞུ་ནས་བསྡུ༔ ཐུན་མཐར་པདྨའི་ཨཱཿདམར་ཡང༔ ཧྲིལ་གྱིས་དྲངས་ནས་ལྟེ་བར་གནས༔ ཕྱག་རྒྱ་ཤིན་ཏུ་ཆགས་པ་སྐྱེས༔ རང་ལ་ཁྲིལ་གྱིས་འཁྱུད་པ་ལས༔ བདེ་བའི་སྒྲ་དང་མདངས་འོད་ཀྱིས༔ སྤྱི་བོའི་བླ་མ་ཡབ་ཡུམ་བསྐུལ༔ འདོད་ཆགས་ཆེན་པོས་སྦྱོར་བ་མཛད༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ སྒྲིབ་དག་དབང་དང་བྱིན་རླབས་ཐོབ༔ ཨོཾ་ལས་ཐིག་ལེ་ཡུངས་འབྲུ་ཙམ༔ བརྒྱད་སྤྲོས་ཡུམ་གྱི་མཁའ་ལ་ཞུགས༔ དཀར་དམར་འདྲེས་པའི་བདེ་ཆེན་གྱིས༔ ལུས་ཀྱི་ལྷ་རྣམས་ཤིན་ཏུ་མཉེས༔ རིག་མ་ཆགས་པས་འོད་དུ་ཞུ༔ རྡོ་རྗེའི་སྦུབས་ནས་ལྟེ་བར་ཞུགས༔ ཨཱཿབཅས་སྤྱི་བོའི་ཨོཾ་ལ་ཐིམ༔ དེ་ལས་བདེ་བའི་འོད་ཟེར་གྱིས༔ རང་ལུས་འོད་ཞུ་ཨོཾ་དང་བཅས༔ ཐིག་ལེ་དཀར་ལ་འཚེར་བར་གྱུར༔ བླ་མ་ཡབ་ཡུམ་མཁའ་གསང་ནས༔ ཐུགས་ཀར་ཐིམ་པས་ཡབ་ཡུམ་གཉིས༔ དགྱེས་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ དབྱིངས་རིག་དབྱེར་མེད་ཆེན་པོར་འདྲེས༔ ཡེ་ཤེས་སྐུ་དངོས་འགྲུབ་པར་བསམ༔ གོམས་ནས་པད་ཅན་ལ་སོགས་པ༔ མཚན་ལྡན་བཙལ་ནས་རྒྱུད་སྦྱངས་ཏེ༔ ཡིད་རིག་བཞིན་དུ་མཐར་ཕྱིན་སྦྱང༔ འཁོར་ལོའི་དབུས་སུ་དྭངས་མ་སྨིན༔ ཕུང་པོ་ཟག་མེད་གྲོལ་བར་འགྱུར༔ གཞན་ཡང་མཚན་ལྡན་མཐོང་བའི་ཚེ༔ ཡིད་ཀྱིས་སྦྱོར་བས་བཅུད་བསྡུས་པས༔ ཚེ་ཡི་བར་ཆད་སེལ་བ་དང༔ ལུས་སེམས་དྭངས་བཅུད་འཕེལ་བར་འགྱུར༔ གསང་བ་རླུང་སེམས་དབྱེར་མེད་ཀྱི༔ བཅུད་ལེན་རྡོ་རྗེའི་སྲོག་སྒྲུབ་ནི༔ ར་བ་བཞི་ཡི་ཚེས་གཅིག་གི༔ ནམ་ལངས་ཤར་ཐག་རིང་བའི་སར༔ ལུས་གནད་བཅས་ལ་རླུང་རོ་བསལ༔ རང་ཉིད་མཚོ་སྐྱེས་རྡོ་རྗེ་ཡི༔ ལུས་ནང་དབུ་མ་ཧྲཱིཿབཅས་བསམ༔ བཟླས་པ་བྱས་པས་ཐུགས་སྲོག་ལས༔ འོད་འཕྲོས་འཁོར་འདས་ཀུན་ལ་ཁྱབ༔ འོད་ཟེར་སྔོན་པོའི་རྣམ་པར་ཞུ༔ འུབ་བསྡུས་མདུན་གྱི་ནམ་མཁར་འདྲེས༔ བདུད་རྩི་འོད་སྔོན་འཁྱིལ་བའི་རྒྱུན༔ ཁ་གདངས་ཧུབ་ཧུབ་ཅེས་རྔུབས་པས༔ སིབ་སིབ་ཁར་ཞུགས་དབུ་མའི་ནང༔ སྔོ་མེར་གང་བའི་དྭངས་བཅུད་རྣམས༔ ཐུགས་སྲོག་ཧྲཱིཿལ་ཐིམ་པར་བསམ༔ བུམ་ཅན་འཇམ་རླུང་གང་ཐུབ་བཟུང༔ གཏང་དུས་རིག་པ་མིག་ལ་གཏད༔ མིག་གཉིས་མཁར་གཏད་རོ་གཅིག་བསྲེ༔ རྩོལ་བྲལ་ཀ་དག་ངང་དུ་བཞག༔ དེ་ལྟར་སྤེལ་ལ་ཡུན་རིང་སྦྱངས༔ གོམས་ནས་གནས་དུས་ཅི་བདེ་བར༔ མདུན་གྱི་ནམ་མཁའི་དྭངས་ཆ་ཙམ༔ རྟེན་དུ་བྱས་ལ་ཉམས་སུ་བླང༔ འདི་ལ་གནད་དུ་བསྣུན་པ་ན༔ རླུང་སེམས་རིག་པའི་དབྱིངས་སུ་ཐིམ༔ རིག་པ་མཚན་མའི་གོས་དང་བྲལ༔ ནམ་མཁའ་ལྟ་བུའི་སྐུ་འགྲུབ་འགྱུར༔ ས་མ་ཡཱ༔ ༔

བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་དམར་ཁྲིད་རིགས་ལྔའི་རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་ཆོག་ཏུ་བཀོད་པ་ (Volume 7, Text 22)

༄༅། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་དམར་ཁྲིད་རིགས་ལྔའི་རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། གཞི་དབྱིངས་ལྷུན་གྲུབ་རྒྱལ་བའི་ཕོ་བྲང་དུ། །རིགས་ཀུན་ཁྱབ་བདག་རྒྱལ་དབང་པདྨ་འབྱུང་། །ཞེ་སྡང་རྣམ་དག་རྡོ་རྗེ་ཐོད་ཕྲེང་རྩལ། །མ་ལུས་འདུས་གཟུགས་བླ་མ་མཆོག་ལ་འདུད། །བླ་མ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་ཅུང་ཟད་སྨྲ་བ་ནི། ཐོག་མར་མ་དག་པའི་སྒྱུ་ལུས་སྦྱོང་བ། དབེན་གནས་མི་མེད་ཉམས་དགའ་བ་ནམ་མཁའ་རྒྱ་ཆེར་མཐོང་བའི་སར་གཅིག་པུར་སྡོད་ལ་དངོས་པོ་གང་མཐོང་བ་ཐམས་ཅད་སྒྱུ་མ་ཡིན་རང་སྣང་སྟོང་པ་ཡིན་སྙམ་དུ་སེམས་ཀྱི་རང་རྩལ་ཅི་ཤར་གསལ་སྟོང་བརྗོད་མེད་དུ་བཞག །ཡང་རང་གི་མཐོང་སྣང་གནམ་ས་ཉི་ཟླ་འབྱུང་བཞི་སོགས་སྒྱུ་ལུས་སྦྱོང་ཚུལ་གཏེར་གཞུང་དུ་ཞིབ་པར་འདུག་པས་བླ་མའི་མན་ངག་ལྟར་ལེགས་པར་བསྒོམ། ཅུང་ཟད་སྤྲོས་པ་ནི་ཕྱི་རོལ་གྱི་སྣང་བ་ཅི་ཤར་བ་ཐམས་ཅད་སྒྱུ་མ་ཡིན་རང་སྣང་སྟོང་པ་ཡིན་སྙམས་ལ་སྦྱང། རང་གི་ཕ་མ་ཉེ་དུ་སེམས་ལ་བརྩེ་བའི་གཉེན་འདུན་སོགས་ཤི་ནས་རོ་རུལ་འབུ་ཡིས་ཟིང་ངེ་བར་ཡོད་པར་བསྒོམས་ལ། སེམས་སྡུག་པ་དང་སྙིང་རྗེ་བ་སོགས་བྱུང་ན་འདི་ཡང་རང་སྣང་སྟོང་པ་ཡིན་སྒྱུ་མ་ཡིན་སྙམས་ལ་སྦྱང་། ཡང་རང་གི་གནས་མལ་ནོར་ལོངས་སྤྱོད་ཐམས་ཅད་དགྲ་ཡིས་ཁྱེར་ཏེ་གཅིག་ཀྱང་མེད་པར་གནས་མལ་ཀྱང་དགྲ་བོས་བཤིགས་ནས་ཤུལ་མེད་དུ་བཏང་བར་བསམ་ལ་རང་གཅིག་པུར་སྡུག་བསྔལ་བར་ཡོད་པ་དེ་ཡི་ངོ་བོ་ལ་བལྟས་པས་རང་སྣང་སྟོང་པ་ཡིན་སྒྱུ་མ་ཡིན་སྙམས་ལ་རང་སྣང་དུ་སྦྱང་། ཡང་རང་འཁོར་དང་ལོངས་སྤྱོད་སྡོད་གནས་སོགས་ཕུན་སུམ་ཚོགས་པ་འཁོར་ལོས་བསྒྱུར་རྒྱལ་ལྟ་བུར་བསྒོམས་ལ་འདི་ལྟའི་ལོངས་སྤྱོད་མངའ་ཐང་ཡང་སྒྱུ་མ་རྨི་ལམ་རང་སྣང་སྟོང་པ་ཡིན་པར་གོང་བཞིན་དུ་སྦྱང་། ཡང་རང་ཉིད་ལ་ཕྱོགས་ཐམས་ཅད་ནས་བསྙེན་བཀུར་བསྔགས་བརྗོད་དཔག་མེད་བྱེད་པ་འདི་ཡང་གྲགས་སྟོང་རང་སྣང་སྟོང་པ་རང་སེམས་འཁྲུལ་པ་ཡིན་སྙམས་ལ་སྦྱང་། དེ་ལྟར་གནས་སྐབས་རང་གི་གྲོགས་ལོངས་སྤྱོད་འགྲོ་འདུག་སྤྱོད་ལམ་བཟང་ངན་བདེ་སྡུག་སྒྲ་སྐད་སྣ་ཚོགས་ཅི་ཤར་བ་ཐམས་ཅད་རང་སྣང་སྟོང་པ་སྒྱུ་མ་རྨི་ལམ་ཡིན་སྙམས་ལ་གོང་བཞིན་དུ་སེམས་སྟོང་ཉིད་དུ་བཞག་ལ་བསྒོམ། སྔོན་རྣམ་རྟོག་སྐྱེས་ཀྱང་མི་རྟག་ཡལ་ནས་སྟོང་པར་སོང་། ད་ལྟར་ཤར་བའི་རྟོག་ཚོགས་ཀྱང་སྟོང་པ་སྒྱུ་མར་སྦྱང་། མ་འོངས་པ་ཅི་ཤར་ཡང་སྒྱུ་མ་སྟོང་པར་སྦྱང་། འདི་ལྟར་དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་མེད་བཞིན་དུ་སྣང་བ་རྟག་ཐུབ་མེད་དེ་སྒྱུ་མ་ཁོ་ན་ཡིན་སྙམས་ལ་སྦྱང་། གཉིས་པ་དག་པའི་སྒྱུ་ལུས་སྦྱོང་བ་ལ། བདེ་བ་ཅན་སོགས་རིགས་ལྔའི་ཞིང་ཁམས་སོ་སོར་ཕྱིན་ནས་རྒྱལ་བ་རྣམས་ལ་ཆོས་ཞུ་བ་དང་མཆོད་པ་འབུལ་བ་དང་། བསྟོད་དབྱངས་བརྗོད་པ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེར་བྱོན་ནས་བདག་ལ་དབང་བསྐུར་བ་དང་། བྱིན་གྱིས་བརླབས་པར་བསྒོམས་ལ། ཡང་འདི་རྣམས་ཀྱང་རང་སྣང་སྟོང་པ་སྒྱུ་མ་ལྟ་བུ་ཡིན། དངོས་སུ་གྲུབ་པ་མེད་སྙམས་ལ་རང་སེམས་གསལ་སྟོང་དུ་སྦྱང་། དེ་ནས་རང་ཉིད་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་ཕྱག་མཚན་རྒྱན་ཆ་གཞུང་བཞིན་གསལ་བཏབ་ལ་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བདག་དམ་ཚིག་པ་ལ་ཐིམ་པར་བསམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བསྡུས་ནས་རང་ལ་བསྐོར་བ་ལན་གསུམ་རྒྱབ་དེར་འཁོད་པས། རང་གི་གནས་གསུམ་ནས་ཡིག་འབྲུ་གསུམ་སྤྲོས་པར་བྱས་ལ་ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་ལ་དེ་རྣམས་ལ་ཡིག་འབྲུ་གསུམ་ཕོག་པས་དེ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམས་ལ་ཅུང་ཟད་བཞག །འདི་ཐམས་ཅད་ཀྱང་དངོས་སུ་གྲུབ་པ་མེད། སྣང་བཞིན་སྟོང་པ་གསལ་སྟོང་སྒྱུ་མའི་རང་བཞིན་ཡིན་སྙམས་ལ་སྦྱང་། དེ་ནས་ལུས་ཆོས་བདུན་དང་ལྡན་པས་ཕཊཿདྲག་པོ་བརྗོད་ལ་དེ་ཐམས་ཅད་སྟོང་པ་རྗེས་མེད་དུ་ཡལ་བར་བསམས་ལ་རང་སེམས་ནམ་མཁའི་དབྱིངས་སུ་དབྱིངས་རིག་དབྱེར་མེད་དུ་མཉམ་པར་གཞག །འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མའི་རང་བཞིན་ཁོ་ན་སྟེ་རྟག་བརྟན་མེད་སྙམས་ལ་སྦྱང་ངོ་། །ཡང་བར་དོ་སྒྱུ་ལུས་ལ་ཡང་གཉིས་ཏེ། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོའོ། །དང་པོ་གནས་མལ་དུ་རང་ཉིད་འཆི་བར་བསམས་ལ་ལུས་ལ་ན་ཚ་དྲག་པོ་བཟོད་མེད་ཤོར་བར་བསམ་གཉེན་འདུན་དང་མཆེད་གྲོགས་རྣམས་ཀྱིས་ཀྱང་མཐའ་སྐོར་ནས་མོ་རྩིས་སྨན་དཔྱད་བྱེད་ཅིང་སྲུང་བཟློག་རིམ་གྲོ་རྣམས་ཀྱིས་ཀྱང་མ་ཕན་པར་རང་ཤི་བར་གདའ་བསམ་ཞིང་བསྒོམ། ཤི་བ་ཡང་རང་སྣང་སྟོང་པ་སྒྱུ་མ་འཁྲུལ་རྟོག་ཡིན་སྙམས་ལ་སྟོང་པར་སྦྱང་། སེམས་སྟོང་ཉིད་ལ་ཐུན་རེ་བཞག །དེ་ནས་རང་ཉིད་ཤི་བ་ན་ལུས་ཀྱི་ཟུངས་ཤོར་ཏེ་དབང་པོ་རྣམས་རིམ་གྱིས་འགགས་ནས་སྣང་མཆེད་ཐོབ་གསུམ་རྣམས་ཤར་ཚུལ་རྒྱས་པ་ཐོས་གྲོལ་ནང་ལྟར་བསྒོམ་ཞིང་ཅུང་ཟད་སྨྲ་བ་ནི། བར་དོ་དང་པོ་ཆོས་སྐུའི་ལམ་ཁྱེར་ནི། དེ་ནས་མིག་སོགས་དབང་པོ་ལྔ་ཡི་སྣང་བ་རིམ་བཞིན་འགགས་ནས་གཟུགས་སྣང་བ་ནུབ། སྣང་བ་ཐིམ་ཞིང་དེ་ནས་ས་ཆུ་ལ་ཐིམ་པས་ལུས་འགུལ་སྐྱོད་མི་ནུས་ཤིང་ཟུངས་ཤོར། ཆུ་མེ་ལ་ཐིམ་པས་སྐོམ་དད་ཆེ་ཞིང་ཁ་ཆུ་མིག་ཆུ་སོགས་སྐམ་ཞིང་ལུས་ཀྱི་བཀྲག་མདངས་ཤོར། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་རིམ་པར་ཡལ་དབུགས་ཐུང་དུ་སོང་། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རོལ་གྱི་སྣང་བ་འགགས། དེ་ཡི་ཚེ་སྡིག་ཅན་རྣམས་ལ་གནད་གཅོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་། སྡོམ་པ་གསུམ་དང་ལྡན་ཞིང་དགེ་བའི་ལས་སྤྱོད་པ་རྣམས་ལ། བླ་མ་དང་ཡི་དམ་གྱི་ལྷ་ཌཱ་ཀི་རྣམས་དང་ཡེ་ཤེས་ཀྱི་ས་ལ་གནས་པའི་ཆོས་སྐྱོང་སྲུང་མ་རྣམས་དང་བཅས་པས་བསུ་བའོ། །དེ་ནས་ཕྱི་དབུགས་ཆད་དེ་དངོས་ཞེན་རག་པའི་སྣང་བ་ཐམས་ཅད་འགགས་ཤིང་། དེ་ནས་ནང་དབུགས་གནས་པའི་དང་པོ་རྟོག་པ་ཐིམ་པས་ཕྱི་རྟགས་སུ་ཟླ་བ་ཤར་བ་ལྟ་བུ་དང་། ནང་རྟགས་སུ་དུ་བ་དང་སྨྲིག་རྒྱུ་སྒྱུ་མ་ལྟ་བུ་ཡོང་། སྣང་བ་ཉེར་ཐོབ་ཀྱི་སྐབས་དེ་མཆེད་པ་ལ་ཐིམ་ཞེ་སྡང་གི་རྟོག་པ་ཐམས་ཅད་འགགས། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས་དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་འགགས། ཕྱི་རྟགས་ནག་ལམ་དང་སྒྲ་གཅན་གྱི་སྣང་བ་འབྱུང་། ནང་གི་རྟགས་སུ་བུམ་ནང་དུ་མར་མེ་སྦར་བ་ལྟ་བུར་གསལ། སྣང་བ་ཉེར་ཐོབ་འོད་གསལ་ལ་ཐིམ་པས་གཏི་མུག་གི་རྟོག་པ་ཐམས་ཅད་འགགས། ཤིན་ཏུ་ཕྲ་བ་ལ་ཐིམ་པས་ཕྱིའི་རྟགས་སུ་སྐྱ་རེངས་དང་པོ་ཤར་བ་ལྟ་བུ་འབྱུང་། ནང་གི་རྟགས་སུ་སྟོན་གནམ་སྤྲིན་མེད་པ་ལྟ་བུ་གསལ་དྭངས་སུ་འཆར། བཞི་པ་འོད་གསལ་ཆེན་པོ་ཤར་བའི་སྐབས་འཆི་སྲིད་དངོས་གཞིའི་སྐབས་སུ་བར་དོ་དང་པོ་ཤར་བའི་སྐབས་ཡིན་པས་གདམས་ངག་ཡོད་པ་རྣམས་ཀྱིས་བར་དོ་དང་པོར་ཆགས་སྡང་གི་འཁྲི་བ་བཅད་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་མཎྜལ་དུ་འབུལ། གང་ཤར་ཐམས་ཅད་རང་སྣང་དུ་སྦྱངས། ཐིམ་རིམ་རྣམས་ཤར་བའི་སྟེང་དུ་མ་བཅོས་ལྷུག་པར་བཞག་པས་ཤར་གྲོལ་དུ་སོང་བ་ལ་མའི་འོད་གསལ། མ་བསྒོམས་པར་སྟོང་ཉིད་འོད་གསལ་ཚུར་ལ་ཤར་བས་གཞིའི་འོད་གསལ་ཞེས། དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ངོས་ཟིན་པས་གཞི་ལམ་འོད་གསལ་གཅིག་ཏུ་གྱུར། དབང་པོ་རབ་དེར་སྐད་ཅིག་ཏུ་འཕོས་ཏེ་ཞིང་གང་འདོད་དུ་སངས་རྒྱས། འབྲིང་ཞག་གསུམ་བདུན་སོགས་གང་འདོད་དུ་འོད་གསལ་དུ་གནས། དེ་ནས་ལུགས་ལྡོག་གི་སྣང་བའི་སྟེང་དུ་ཟུང་འཇུག་གི་སྐུར་ལངས་ནས་སྤྱི་བོ་ནས་འཕོས་པས་བདེ་བ་ཅན་སོགས་དག་པའི་ཞིང་གང་འདོད་དུ་རིག་པ་གཏད་པས་འཕོ། སྦྱངས་པ་ཅུང་ཟད་དམན་པ་རྣམས་ཀྱང་ས་ལམ་རྣམས་རིམ་གྱིས་ངོ་འཕྲོད་ནས་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་ལྟ་བུ་གོང་དུ་སྨྲས་པ་རྣམས་ཀྱང་རང་ཤི་སྟེ་ཤར་བར་བསམ་ཞིང་འདི་ལྟ་བུ་རང་ལ་ཤར་བ་ཡང་སྒྱུ་མ་རྨི་ལམ་རང་སྣང་སྟོང་པ་འཁྲུལ་པ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་། བླ་མའི་མན་ངག་ལྟར་ཉམས་སུ་བླངས་ཤིང་འདི་ལྟར་ཤི་བའི་སྣང་བ་ཡང་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་ཞིང་བསྒོམ། དེ་ནས་ཕྱི་ནང་སྣོད་བཅུད་གཟུགས་སྒྲ་དྲི་རོ་རེག་བྱ་བྱེད་སྤྱོད་གྲོགས་དང་ཡུལ་ནོར་དངོས་པོའི་སྣང་བ་ཅི་ཤར་བ་ཐམས་ཅད་བར་དོའི་སྣང་བ་ཡིན། རང་སྣང་སྟོང་པ་སྒྱུ་མ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་། ལུས་འདི་ཡང་བར་དོ་རང་སྣང་གི་ཡིད་ལུས་རང་སྣང་སྟོང་པ་རྨི་ལམ་སྒྱུ་མ་ཡིན་སྙམས་ལ་སྦྱང་། རྣ་བར་སྒྲ་ཐོས་ཀྱང་རང་སྣང་སྟོང་པའི་རང་སྒྲ །དེ་བཞིན་གཟུགས་སྣང་དྲན་རྟོག་ཅི་ཤར་ཡང་བར་དོ་རང་སྣང་སྟོང་པར་བདེན་མེད་ནམ་མཁའ་ལྟ་བུར་བསམས་ལ་སྟོང་ཉིད་དུ་སྦྱང་། དེ་ནས་རང་ཉིད་ཤི་ནས་བར་དོའི་རྣམ་ཤེས་གཏད་མེད་དུ་སོང་བ་གཡང་སར་ལྷུང་བ་དང་། ཁ་ཆར་རླུང་ནག་གིས་དེང་པ་དང་གཅོང་རོང་མུན་པའི་སྨག་ཏུ་གཅན་གཟན་དང་། མི་སྲུན་དྲག་པོའི་ང་རོ་སྒྲོག་ཅིང་འཇིགས་ཤིང་ཡ་ང་བ་བསམ་པ་དང་མེ་དང་ཆུར་བྱིང་བ་དང་སྲོག་གཅོད་ཀྱི་གཤེད་མས་འདོད་པ་དང་མཚོན་ཆ་རྒྱབ་པ་སོགས་རང་ཤི་ནས་བར་དོའི་འཇིགས་པ་མི་བཟོད་པ་སྣ་ཚོགས་བྱུང་བར་བསམ་ཞིང་འདི་ཡང་སྒྱུ་མ་བར་དོ་རང་སྣང་སྟོང་པ་འཁྲུལ་པ་ཡིན་སྙམས་ལ་རང་སེམས་སྐྱེ་མེད་སྟོང་པ་ཡིན་སྙམས་ལ་གསལ་སྟོང་བརྗོད་མེད་བློ་འདས་རྫོགས་པ་ཆེན་པོའི་ངང་ལ་མཉམ་་་པར་གཞག་ཅིང་གོང་བཞིན་དུ་སྦྱང་། དེ་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྒྲ་འོད་ཟེར་གསུམ་གྱིས་གང་ཞིང་སྐུ་ཞི་དྲག་བཀྲག་ལ་ཉམ་ང་བ་འོད་ལྔའི་རང་བཞིན་འཕྲོ་བ་དུ་མ་སྣ་ཚོགས་ཤར་བར་བསམ་ཞིང་འདི་ཡང་བར་དོའི་སྣང་བ་ཡིན་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོག་པ་ཡང་མ་གྲུབ་བཞིན་དུ་སྣང་བ་བདེན་མེད་སྒྲ་རྣམས་སྟོང་པའི་རང་སྒྲ །འོད་རྣམས་ཡེ་ཤེས་ཀྱི་རང་འོད་ཟེར་རྣམས་ཆོས་ཉིད་ཀྱི་རང་ཟེར། སྐུ་རྣམས་རང་བྱུང་རང་ཤར་གྱི་དམ་པ་རིགས་བརྒྱ་དོན་ལ་གང་ཡང་གྲུབ་པ་མེད་པ་རང་སེམས་སྟོང་པ་སྒྱུ་མ་རྨི་ལམ་བར་དོ་ཡིན་སྙམས་ལ་གོང་བཞིན་དུ་སྟོང་ཉིད་རང་སྣང་དུ་སྦྱང་ངོ་། །དེ་ནས་རང་ཉིད་བར་དོའི་སྐབས་སུ་གཤིན་རྗེས་དགེ་སྡིག་ལེགས་ཉེས་ཀྱི་སྟངས་འཛིན་ཞིང་དགེ་སྡིག་གི་ལེགས་ཉེས་དབྱེ་ཞིང་གཤིན་རྗེའི་རྒྱལ་པོ་དང་ལས་མཁན་མགོ་བསྙན་སྣ་ཚོགས་རྣམས་ཀྱིས་འཇིགས་པའི་སྒྲ་སྒྲོག་ཅིང་རྡེག་འཚོག་བྱེད་ཅིང་མཚོན་ཆ་སྣ་ཚོགས་པས་བརྡུང་བར་བསམ་ཞིང་འདི་ཡང་རང་སྣང་སྟོང་པ་ཡིན། རྨི་ལམ་སྒྱུ་མ་ཡིན་དོན་ལ་གྲུབ་པ་མེད་སྙམས་ལ་གོང་བཞིན་སྟོང་ཉིད་དུ་སྦྱང་ཞིང་བསྒོམ། དེ་ནས་རང་ཉིད་སྐྱེ་གནས་ཚོལ་དུ་ཡོད་པ་ལ་དབང་མེད་དུ་གསོད་གཅོད་ཀྱི་གཤེད་མས་དེད་ཅིང་ལྕགས་ཀྱི་ཁང་པར་ཚུད་པ་དང་། མེ་དཔུང་དུ་འཇུག་པ་དང་། ཅུང་ཟད་མུན་པའི་སྨག་ཏུ་འཇུག་པར་བསམ་པ་སོགས་དམྱལ་བར་སྐྱེ་བའི་མཚན་མའོ། །སྡོང་དུམ་དང་བྱ་སྐྱིབས་ཕུག་པ་སྟོང་པ་སོགས་སུ་འཇུག་པ་ནི་ཡི་དྭཱགས་སུ་སྐྱེ་བའོ། །མུན་ནག་འཐུག་པོ་དང་ཐུར་དུ་འགྲོ་བ་དུད་འགྲོར་སྐྱེ་བའི་མཚན་མའོ། །ངང་པས་བརྒྱན་པའི་མཚོ་ཤར་གླིང་། བ་གླང་གིས་བརྒྱན་པ་ནུབ་གླིང་། རྟ་ཡིས་བརྒྱན་པ་བྱང་གླིང་། ཁང་བཟང་ལོངས་སྤྱོད་སྣ་ཚོགས་དང་ཕ་མའི་འདུ་འཕྲོད་མཐོང་བ་ནི་ལྷོ་འཛམ་བུ་གླིང་། ཁང་བཟང་རིན་པོ་ཆེའི་ཐེམ་སྐས་ལྷ་ཡི་ལོངས་སྤྱོད་སྣ་ཚོགས་དེ་རྣམས་ཀྱི་ནང་དུ་ཚུད་པ་ནི་ལྷར་སྐྱེ་བའི་མཚན་མའོ། །དེ་ལྟར་འཁྲུལ་ཞིང་དྲི་ཟ་མངལ་ཚོལ་བའི་འཁྲུལ་སྣང་ཡིན་སྙམས་ལ་རིགས་དྲུག་ཀྱང་སྒྱུ་མ་ཡིན། རྨི་ལམ་རང་སྣང་སྟོང་པ་ཡིན་སྙམས་ལ་སྐྱེ་གནས་ངན་པ་རྣམས་སུ་མི་འགྲོ །བདེན་མེད་ཡིན་དོན་ལ་གྲུབ་པ་མེད་སྒྱུ་མ་ཡིན་བསམ་ཞིང་སེམས་སྐྱེ་མེད་ཡིན་སྙམས་ལ་མ་བཅོས་པའི་ངང་དུ་མཉམ་པར་གཞག་ལ་གོང་བཞིན་སྦྱང་ངོ་། །དེ་ནས་རང་ཉིད་བདེ་བ་ཅན་ནམ་མངོན་དགའི་ཞིང་སོགས་རིགས་ལྔའི་ཞིང་ཁམས་གང་འདོད་དུ་ཤེས་པ་གཏད་དེ། ཡང་ཞིང་དེར་ཕྱིན་ཞིང་རྒྱལ་བ་འཁོར་བཅས་ཞལ་མཇལ་ཞིང། མཆོད་པ་འབུལ་བ་དང་། ཆོས་གསུང་པར་བསམ་ཞིང་སེམས་སྐྱེ་མེད་དུ་བཞག་ལ་རང་སྣང་དུ་སྦྱང་བ་གོང་བཞིན་སྦྱང་། དེ་ནས་སྐྱེ་བ་སྤྲུལ་པའི་སྐུར་སྦྱང་བ་ནི། མངལ་ངན་པ་གོང་དུ་བཤད་པ་དེ་རྣམས་སུ་མི་འགྲོ་ཞིང་བཀག་ལ་འཛམ་བུའི་གླིང་ཆོས་དར་བའི་ཡུལ་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་མཇལ་བའི་ཕྱོགས་སུ། ཕ་མ་གྲུབ་ཐོབ་ཡབ་ཡུམ་མམ་རིགས་ཆེ་ཞིང་འབྱོར་པ་དང་ལྡན་པ་ཆོས་སྤྱོད་པའི་སྐལ་པ་ཡོད་པར་བསམ་བཞིན་དུ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ལ། མངལ་ངན་པ་རྣམས་བཀག་བཟང་པོ་དེ་ལྟ་བུ་ལ་ཆགས་སྡང་མི་སེར་སོགས་སྤངས་ལ་ཕ་མ་རྟ་ཕག་ཡབ་ཡུམ་དུ་བསྒོམ། རང་ཉིད་པདྨ་འབྱུང་གནས་ཐུགས་རྗེ་ཆེན་པོ་ཚེ་དཔག་མེད་གསང་བའི་བདག་པོ་རྫོགས་པའི་སངས་རྒྱས་སོགས་གང་འདོད་དུ་བསྒོམས་ལ་ཡི་དམ་ཡབ་ཡུམ་སྦྱོར་མཚམས་སུ་འཇུག་ལ་ཟླ་དགུ་ཞག་བཅུ་ཡི་བར་དུ་ཏིང་ངེ་འཛིན་བསྒོམ་ཞིང་། དེ་ནས་སྐྱེ་བ་སྤྲུལ་སྐུ་དེ་ཉིད་སེམས་ཅན་ཀུན་གྱི་དོན་དུ་སྐུ་ཚེ་རྫུ་འཕྲུལ་མཛད་སྤྱོད་ཐམས་ཅད་པདྨ་འབྱུང་གནས་ལྟ་བུར་གྱུར་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ་ཞིང་སྦྱངས་ལ། དེ་ནས་འདི་ལྟར་སྣང་བ་རྣམས་ཀྱང་བར་དོ་རང་སྣང་སྒྱུ་མ་ཡིན་སྙམས་ལ་གོང་བཞིན་དུ་ཡང་ཡང་དུ་སྦྱང་ངོ་། །དེ་ལྟར་སྦྱངས་པའི་ཕན་ཡོན་ཀྱང་། གཏེར་གཞུང་དུ། རྡོ་རྗེའི་གསུང་ལས། དེས་ནི་གཏད་མེད་སྒྱུ་ལུས་ཀྱི་སྣང་བ་སྦྱངས་ཏེ༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ༔ ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ༔ འདི་ལྟར་སྒྱུ་ལུས་དང་བར་དོ་སྦྱོང་ཚུལ་གཏེར་གཞུང་དུ༔ དབང་པོ་ཡང་རབ་མ་གཏོགས་གོ་དཀའ་བར་འདུག་པས་བློ་དམན་རྣམས་ཀྱིས་ཀྱང་གོ་བདེ་བར་ངག་ཁྲིད་ལྟར། བླ་མའི་མན་ངག་གིས་བརྒྱན་པ་དགོས་ཞེས་རྣམ་འདྲེན་བླ་མ་ལྷོ་ལོང་དཀར་སྤྲུལ་སྐུ་རིན་པོ་ཆེའི་གཙོས་རང་སློབ་དམ་ལྡན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ཞལ་ངོ་མ་ལྡོག་པར་གཏེར་གཞུང་སོར་བཞག་དང་། བླ་མ་དམ་པ་རྣམས་མདུན་ནས་སྒྱུ་ལུས་དང་། བར་དོའི་སྦྱོང་ཚུལ་ཞལ་ཁྲིད་ཐོབ་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། ག་ཎའི་མིང་གིས་ཐུན་བར་དུ་གང་དྲན་སྨྲས། ཡི་གེ་པ་ནི་དད་དམ་མཚུངས་བྲལ་དགེ་སློང་རྟོགས་ལྡན་ཡོན་ཏན་རྒྱ་མཚོས་བྲིས།། །།

ཟབ་བདུན་དབང་ཟབ་རྟ་མགྲིན་ལས༔ རྟ་མགྲིན་སྙིང་པོ་དོན་འདུས་ (Volume 55, Text 22)

༁ྃ༔ ཟབ་བདུན་དབང་ཟབ་རྟ་མགྲིན་ལས༔ རྟ་མགྲིན་སྙིང་པོ་དོན་འདུས་བཞུགས༔ དབང་ཆེན་ཧེ་རུ་ཀ་ལ་འདུད༔ དེ་ཉིད་སྒྲུབ་པའི་ཕྲིན་ལས་ནི༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ མཐུན་རྐྱེན་ཐམས་ཅད་རབ་ཚོགས་ནས༔ དབེན་པར་བདེ་བའི་སྟན་ལ་འདུག༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཧཱུྃ༔ སྣང་སྲིད་དབང་གི་དཀྱིལ་འཁོར་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ ཆོས་རྣམས་རང་བཞིན་རྣམ་པར་དག༔ བདུད་རྩི་རཀྟ་གཏོར་མ་དང༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ཡེ་ཤེས་རོལ་པར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔ ཐུགས་རྗེའི་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་དངོས་འཛིན་ཐམས་ཅད་སྦྱང༔ ཨེ་ཡཾ་ར་སཾུ་ཡུམ་ལྔའི་མཁའ༔ རཾ་ལས་རྡོ་རྗེ་མེ་ཡི་གུར༔ བྷྲཱུྃ་ལས་དབང་གི་གཞལ་ཡས་ཁང༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང༔ ཧཱུྃ་ལས་དཔལ་ཆེན་རྟ་མཆོག་དཔལ༔ དམར་རྔམ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔ རྟ་གདོང་ལྗང་གུ་མེ་འབར་བཞད༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཁ་ཊྭཱཾ་སྦྲུལ་ཕྱར་ཐོད་ཁྲག་རོལ༔ རལ་གྲི་མེ་འབར་ལྕགས་སྒྲོག་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད༔ ཕྱོགས་བཞིར་འཁོར་ལོ་དྲེགས་པའི་སྟེང༔ དབང་ཆེན་ཡབ་ཡུམ་རིགས་ཀྱི་མདོག༔ རང་རྟགས་ཕྱག་མཚན་རྒྱན་རྣམས་རྫོགས༔ སྒོ་བཞིར་དབང་གི་ཁྲོ་མོ་བཞི༔ ཁོར་ཡུག་སྤྲུལ་པའི་དམ་ཅན་ཚོགས༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ ལོངས་སྤྱོད་རབ་རྫོགས་དཔལ་ཆེན་པོ༔ དབང་ཆེན་སྤྲུལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ དབང་ཆེན་རོལ་པའི་ལྷ་ལ་འབུལ༔ བདེ་བ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ༔ ངོ་བོ་འགྱུར་བ་མེད་པའི་སྐུ༔ རང་གསལ་བདེ་ཆེན་དབང་སྐད་འཚེར༔ ཐུགས་རྗེ་མྱུར་བའི་འགྲོས་དང་ལྡན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བསྙེན་སྒྲུབ་ལས་གསུམ་རྫོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་དུ༔ རྟ་ཡི་འགྲོས་སྐད་སྦྱར་བས་བཟླ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྐབས་སུ་དམ་ལྡན་ཕོ་མོ་ཚོགས༔ དམ་རྫས་ཐམས་ཅད་ཚང་བར་བཤམས༔ རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་འོད་ཞུ་བདེ་ཆེན་འཁྱིལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་འདོད་ཡོན་སྤྲོ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ གནས་མཆོག་ཚོགས་ཁང་དུར་ཁྲོད་རྒྱན་དང་ལྡན༔ འདིར་འཚོགས་རྣལ་འབྱོར་བརྟུལ་ཞུགས་ནུས་པར་ལྡན༔ བམ་ཆེན་གསང་བ་ལས་བྱུང་བཅུད་དང་ལྡན༔ དཔལ་ཆེན་འཁོར་བཅས་དགྱེས་ཤིང་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་མཆོག་གི་མཆོད་པ་བླ་ན་མེད༔ བདེ་ཆེན་བསྐྱེད་པ་འདོད་ཡོན་སྤྲིན་དུ་འཁྲིགས༔ དཔལ་ཆེན་རྟ་མགྲིན་ལྷ་ཚོགས་འཁོར་བཅས་ལ༔ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ མ་རིག་ལུས་ངག་ཡིད་གསུམ་འཁྲུལ་པ་ཡིས༔ རྒྱལ་བའི་བཀའ་དང་དམ་ལས་འདས་གྱུར་པ༔ ཡེ་ཤེས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བྱང་ཞིང་དག་ནས་ཚངས་པ་བསྩལ་དུ་གསོལ༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ གཏུམ་དྲག་མི་བཟད་དབང་ཆེན་ཁྲོ་བོའི་ཚོགས༔ ཡེ་ཤེས་རྣོ་དབལ་མཚོན་ཆའི་སེར་ཆེན་འབེབ༔ གཟུང་འཛིན་དགྲ་བགེགས་ལུས་སྲོག་དབྱིངས་སུ་སྒྲོལ༔ ནྲྀ་ཏྲི་མཱ་ར་ཡ༔ ཧཱུྃ༔ ཁྲོ་རྒྱལ་རྣམས་ཀྱང་འདིར་བྱོན་ཤ་ལ་རོལ༔ མ་མོ་རྣམས་ཀྱང་འདིར་བྱོན་ཁྲག་ལ་རོལ༔ གིང་ཆེན་རྣམས་ཀྱང་འདིར་བྱོན་རུས་ལ་རོལ༔ དུག་གསུམ་མཆོད་བཞེས་འཁོར་བ་སྟོངས་པར་མཛོད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ བདེ་ཆེན་ཉམས་བསྐྱང་གླུ་གར་སོགས༔ སྦྱོར་སྒྲོལ་ཚོགས་ལ་རོལ་བར་བྱ༔ ལྷག་མ་བསྡུས་ནས་ཁ་ཕྲུ་བཏབ༔ ཨོཾ་ཨཱཿཧཱུྃ༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕོ་ཉ་ནི༔ ཁམས་རྒྱ་མ་དྲུག་དམུས་ལོང་བཞི༔ ཁྱི་སྤྱང་འབྲུག་སེང་ངུར་མོའི་ཚོགས༔ མཆེ་གཤོག་དབང་གི་མ་མོའི་ཚོགས༔ བཀའ་སྡོད་སུམ་བརྒྱ་དྲུག་ཅུ་རྣམས༔ ཤ་ཁྲག་ལྷག་གཏོར་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ མ་མ་ཧྲཱིང་ཧྲཱིང་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷག་གེར་གསལ༔ ཨོཾ་ཨཱཿཧཱུྃ་གིས་གོ་བགོས་ནས༔ དག་པའི་སྣང་བས་སྤྱོད་པ་བསྐྱང༔ ཧཱུྃ༔ བླ་ན་མེད་པ་གསུང་གི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་ནས་ཀྱང༔ དབང་ཆེན་རྟ་མགྲིན་ཧེ་རུ་ཀ་དཔལ་ཐོབ༔ འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག༔ གསུང་གི་རིག་འཛིན་བརྒྱུད་གསུམ་བྱིན་རླབས་ལྡན༔ ཡི་དམ་དབང་ཆེན་བསྐྱེད་རྫོགས་དངོས་གྲུབ་མྱུར༔ རྟ་སྐད་བཞད་པས་མཁའ་འགྲོ་དམ་ཅན་འདུས༔ དབང་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ སྒྲུབ་རྫས་མི་མངོན་རྒྱ་ཡིས་གདབ༔ འདི་ལྟར་ཉམས་སུ་བླངས་པ་ཡིས༔ དབང་ཆེན་རྒྱལ་པོ་ཚེ་འདིར་འགྲུབ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་དངུལ་བྱང་ལས་ཞལ་བཤུས་པ་དགེ། །།

སྙན་བརྒྱུད་ཕུར་པའི་སྐོང་བ་བདུད་ལས་རྣམ་རྒྱལ་ (Volume 32, Text 22)

སྙན་བརྒྱུད་ཕུར་པའི་སྐོང་བ་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱི་ནང་གསང་བའི་མཆོད་གཏོར་སྐོང་རྫས་རྣམས་རྒྱ་ཆེ་བག་དྲོ་གཟི་བྱིན་དང་ལྡན་པར་བཤམས་ལ་བདུད་རྩིས་བྲན། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་རྒྱས་པར་སྤེལ་ཞིང་བྱིན་གྱིས་བརླབས་ལ། སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརྗོད་ལ། ཧཱུྃ་ཧྲཱིཿ འོག་མིན་གསང་ཆེན་རྡོ་རྗེའི་ཞིང་ཁམས་ཆེ། །ཕྲིན་ལས་རང་བྱུང་གྲུབ་པའི་གཞལ་མེད་ཁང་། །དུར་ཁྲོད་དྲག་པོའི་རྒྱན་བཀོད་འཇིགས་སུ་རུང་། །རྔམ་བརྗིད་ལྷུན་སྟུག་གཟི་བརྗིད་བསྐལ་མེ་འབར། །དཔལ་ཆེན་བདུད་འདུལ་ཕུར་པའི་རིག་པ་འཛིན། །རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་དངོས་གྲུབ་སྦྲང་ཆར་སི་ལི་ལི། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་ཐོགས་མེད་སྒྲུབ། །རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ དཀྱིལ་འཁོར་གཙོ་མཆོག་དཔལ་ཆེན་ཧེ་རུ་ཀ །བདུད་ཀྱི་དགྲ་ཆེན་བཛྲ་ཀུ་མཱ་ར། །གར་དགུའི་ཉམས་ལྡན་འབར་བའི་ཁྲོ་བོ་ཆེ། །ཕྲིན་ལས་སྟོབས་འདུས་རྡོ་རྗེ་སྲིན་པོ་དང་། །གཉིས་མེད་སྐུ་ལ་དགྱེས་པར་འཁྲིལ་བ་ཡི། ཁྲོ་མོ་དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་ལྷ། །སྙིང་རྗེ་ཁྲོས་པའི་མཚོན་གྱིས་སྲིད་གསུམ་སྒྲོལ། །སྣང་སྲིད་ཐམས་ཅད་ཕུར་བུས་གདབ་པའི་ཕྱིར། །སངས་རྒྱས་ཀུན་གྱི་ཕྲིན་ལས་འདུས་པའི་རྗེ། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། །རྡོ་རྗེ་སྐུ་ཡི་དབྱིབས་ཀྱི་གནས་ལྔ་རུ། །བུདྡྷ་པདྨ་བཛྲ་རཏྣ་དང་། །ཀརྨ་ཀཱི་ལ་ཡ་ཡི་ལྷ་ཚོགས་རྣམས། །ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ། །མ་བསྐྱེད་རང་བྱུང་ལྷུན་གྱིས་གྲུབ་པ་ཡི། །དཀྱིལ་འཁོར་ལྔ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །འདོད་པའི་སྐྱོན་སྤངས་ཁྲོ་ཆེན་ཧཱུྃ་ཀཱ་ར། །ངག་འཁྱལ་རྣམ་དག་ཁྲོ་ཆེན་རྣམ་པར་རྒྱལ། །རྫུན་གྱི་སྐྱོན་སྤངས་ཁྲོ་རྒྱལ་དབྱུག་སྔོན་ཅན། །སྲོག་གཅོད་དག་པའི་གཤིན་རྗེ་གཤེད་ཆེན་པོ། །ལོག་ལྟ་རྩད་གཅོད་ཁྲོ་བོ་མི་གཡོ་མགོན། །ཕྲ་མ་གནས་དག་ཁྲོ་ཆེན་རྟ་མགྲིན་རྒྱལ། །མ་བྱིན་ལེན་སྤངས་གཞན་གྱིས་མི་ཐུབ་པ། །ཚིག་རྩུབ་སྐྱོན་སྤངས་ཁྲོ་ཆེན་བདུད་རྩི་འཁྱིལ། །གནོད་སེམས་རང་དག་ཁམས་གསུམ་རྣམ་པར་རྒྱལ། །བརྣབ་སེམས་སྐྱོན་སྤངས་ཁྲོ་རྒྱལ་སྟོབས་པོ་ཆེ། །དབང་བཅུ་རྫོགས་པའི་ཁྲོ་ཆེན་ཡབ་རྣམས་དང་། །ཕ་རོལ་ཕྱིན་བཅུ་ཁྲོ་མོ་ཡུམ་བཅུ་སྟེ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཐུགས་དམ་བསྐང་། །ཟ་གསོད་ཉི་ཤུ་ཚད་མེད་བཞིའི་ངོ་བོ། །ཕྲ་མེན་སྒོ་མ་བཞི་དང་དབང་ཕྱུག་མ། །ཕུར་སྲུང་དམ་ཅན་དགེ་བསྙེན་ཉེར་གཅིག་སོགས། །ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །དྲག་པོའི་ཨེ་ཁྲོམ་རྫས་ཀྱི་ད་ལ་རུ། །དཔལ་ཆེན་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྲས་མཆོག་སྐུ་སྨད་གནམ་ལྕགས་ཕུར་བུ་འབར། །དགྲ་བགེགས་སྙིང་ལ་འདེབས་མཛད་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །སྲིད་དང་ཞི་བའི་ལོངས་སྤྱོད་ཅི་མཆིས་པ། །ཀུན་ཏུ་བཟང་པོའི་རྣམ་རོལ་ལས་བྱུང་བའི། །ཏིང་འཛིན་སྒྱུ་འཕྲུལ་ཟག་མེད་རོལ་པ་ཆེས། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་ཉེར་སྤྱོད་འཕན་གདུགས་ལྡ་ལྡི་དང་། །གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ལྔ། ཁང་བཟང་གཏེར་བུམ་དཔག་བསམ་ལྗོན་ཤིང་ཆེ། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོ་རུ། །ཞིང་གི་གདུགས་འཕན་རྒྱལ་མཚན་བླ་བྲེ་དང་། །དགྲ་བགེགས་བསྒྲལ་པའི་ཁྲག་གི་ཨརྒྷཾ་དང་། །དབང་ལྔའི་མེ་ཏོག་ཚིལ་ཆེན་དུད་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཡི་ཆབ། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔས་མཆོད། །རབ་དམར་གཏུམ་མོའི་གཟུགས་དང་ཨ་ཧཾ་སྒྲ །རྗེས་ཆགས་ཟག་མེད་དྲི་དང་བདེ་བའི་རོ། །བདེ་སྟོང་རེག་བྱ་ལས་བྱུང་འདོད་ཡོན་དང་། །བཅུ་དྲུག་རིག་མས་བདེ་བའི་གར་སྟབས་བསྒྱུར། །དུར་ཁྲོད་དཔལ་ཆས་རུས་པའི་རྒྱན་དྲུག་སོགས། །ནང་གི་མཆོད་པ་ཀུན་བཟང་སྤྲིན་ཆེན་གྱིས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཆེན་པོ། །རྒྱུད་དྲུག་བསྒྲལ་པའི་དམར་ཆེན་རཀྟ་འཁྲུགས། །བཟའ་བཅའ་བཏུང་བ་ལྡག་གཞིབ་རི་མཚོར་བསྐྱིལ། །དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་ཆེན་པོ། །ཤ་སྣ་སྙིང་སྣའི་འདོད་ཡོན་བསམ་མི་ཁྱབ། ཁྱད་པར་རྨད་དུ་བྱུང་བའི་བམ་ཆེན་བརྗིད། །ཐབས་ཤེས་ག་ཎ་ཙཀྲའི་ལོངས་སྤྱོད་སོགས། །གསང་བའི་མཆོད་པ་ཆེན་པོས་ཐུགས་དམ་བསྐང་། །འཁྲིལ་པའི་མཆོད་ཆེན་བདེ་སྟོང་མཉམ་པར་སྦྱོར། །ཟག་བྲལ་བདེ་ཆེན་དགའ་བཞིའི་མཆོད་པའི་སྤྲིན། །ཨེ་སྒྲོམ་འབར་བའི་མཁའ་ཀློང་ཡངས་པ་རུ། །བདུད་དམ་བཀུག་ནས་རྡོ་རྗེའི་མཚོན་ཆས་གཟིར། །ཀུན་གཞི་རྩད་གཅོད་ཆོས་ཀྱི་དབྱིངས་སུ་སྒྲོལ། །དགྲ་བགེགས་ལྔ་ཕུང་རྔམས་པའི་ཞལ་དུ་བསྟབ། །སྦྱོར་སྒྲོལ་མཆོག་གི་མཆོད་པས་ཐུགས་དམ་བསྐང་། །ཆོས་ཀུན་རང་བྱུང་གདོད་ནས་མཉམ་པ་ཉིད། །སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་ངང་། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ཆེན་པོར་ཤར། །མཆོད་བྱ་མཆོད་ཡུལ་གཉིས་མེད་ཆེན་པོར་མཆོད། །ཟུང་འཇུག་བློ་འདས་ཆེན་པོས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་དམ་ཚིག་ཉམས་ཆག་བཤགས། །བཟོད་པར་བཞེས་ལ་ཚངས་པ་བསྩལ་དུ་གསོལ། །གཡར་དམ་གཉན་པོ་རྗེས་སུ་དགོངས་ནས་ཀྱང་། །ནད་གདོན་རིམས་དང་དགྲ་བགེགས་བྱད་ཕུར་ཟློག །མཐའ་དམག་དུས་འཁྲུག་འབྱུང་བཞིའི་གཡོ་འཁྲུག་ཟློག །སད་སེར་བཙའ་ཐན་མུ་གེའི་གནོད་པ་ཟློག །ཕྱི་ནང་གསང་བའི་བདུད་དང་དམ་སྲི་ཟློག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སྣང་སྲིད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་བགྲོད་པ་ཡིས། །རིག་པ་ཡེ་ཤེས་ཕུར་བུའི་རྩལ་རྫོགས་ཏེ། །རྫས་ཀྱི་ཕུར་བུའི་ནུས་པ་འབར་བ་དང་། །ཐལ་འབྱིན་རྣམ་བཞིའི་ཕྲིན་ལས་ཡོངས་རྫོགས་ཏེ། ཁམས་གསུམ་རྡོ་རྗེ་གཞོན་ནུ་མཆོག་གྲུབ་ཤོག །ཅེས་སྙན་བརྒྱུད་ཕུར་པར་སྦྱོར་རྒྱུའི་བསྐང་བ་འདིའང་དཔལ་རིག་མཆོག་གྲུབ་པའི་རྡོ་རྗེ་ཕྲིན་ལས་འདུས་པ་རྩལ་གྱིས་ཁྲུམས་ཟླའི་ཚེས་ཉི་ཤུ་ལ་བྲིས་པ་འདི་ཡང་བྱང་ཆུབ་སྒྲུབ་པའི་བར་ཆད་ཀྱི་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ལུང་གི་ཚིག་འགྲེལ་མདོར་བསྡུས་པ་ལེགས་བཤད་སྒོ་འབྱེད་ (Volume 16, Text 22)

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ལུང་གི་ཚིག་འགྲེལ་མདོར་བསྡུས་པ་ལེགས་བཤད་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཕྱོགས་དུས་བདེ་གཤེགས་ཞི་དང་ཁྲོ །དཀྱིལ་འཁོར་གཅིག་ཏུ་ཡོངས་རྫོགས་པ། །གང་དེའི་བྱིན་རླབས་ཉི་གཞོན་གྱིས། །བདག་བློའི་པདྨོ་བཞད་མཛད་གསོལ། །གྲུབ་པའི་དབང་ཕྱུག་ཆེན་པོ་མཚན་མཆོག་ལྔ་ལྡན་ཐང་སྟོང་རྒྱལ་པོས་གུ་རུ་་་་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་ལས་དངོས་སུ་གསན་པ་སྒྲུབ་ཆེན་སྡེ་བརྒྱད་ཀྱི་་་་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཆོས་སྐོར་གྱི་རྩ་བར་གྱུར་པའི་རྒྱུད་ལུང་ཉིད་འཆད་པར་བྱ་བ་ལ་གསུམ། གང་ལས་བརྒྱུད་པའི་ཁུངས་སྨོས། དེ་ལས་བརྒྱུད་པའི་གཞུང་འཆད། དེ་དག་གི་བཀའ་བབས་པའི་ཚུལ་བསྟན་པའོ། །དང་པོ་ནི། སྒྱུ་འཕྲུལ་བཤད་རྒྱུད་རྒྱ་མཚོ་་ལས། །རྒྱལ་བ་སེམས་དཔའ་རྣལ་འབྱོར་མ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པས། འོག་མིན་ཆོས་དབྱིངས་ཆེན་པོར་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་གདུལ་བྱའི་དབང་དུ་དགོངས་ནས་དཔལ་ཆེན་པོ་ཧེ་རུ་ཀའི་རྣམ་པར་བཞེངས་ཏེ། ཡེ་ཤེས་རང་སྣང་གི་འཁོར་རྣམས་ལ་དགོངས་པའི་རྩལ་ལས་ཆོས་ཉིད་ཀྱི་རང་སྒྲར་སྣང་བ་རྒྱལ་བ་དགོངས་བརྒྱུད། དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཉིད་རིག་འཛིན་རྡོ་རྗེ་ཆོས་སུ་སྣང་བས་བརྗོད་བྱར་བསྡུས་ཤིང་གསང་བའི་བདག་པོ་དང་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་སོགས་ལ་བརྡ་དང་རྟགས་ཀྱི་རྣམ་འགྱུར་གྱིས་གོ་བར་མཛད་པ་རིག་འཛིན་བརྡ་བརྒྱུད། གསང་བདག་ལ་སོགས་པས་འཇིག་རྟེན་ཁམས་འདིར་སྐལ་ལྡན་རིག་པ་འཛིན་པ་རྣམས་ལ་རྡོ་རྗེའི་ཚིག་དང་ཚངས་པའི་དབྱངས་ཀྱིས་ལེགས་པར་བསྟན་པ་གང་ཟག་སྙན་ཁུངས་བཅས་བརྒྱུད་པ་གསུམ་ལྡན་དུ་བྱོན་པ་འདིར་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་ར་ཉིད་ངོ་བོ་དཔལ་ཆེན་ཧེ་རུ་ཀ་དང་རྣམ་དབྱེར་མེད་ཀྱང་གདུལ་བྱའི་སྣང་ཚུལ་དུ་མཆོག་གི་རིག་པ་འཛིན་པའི་སྐུར་བསྟན་ཏེ་གསང་བའི་བདག་པོ་སོགས་ལས་རྒྱུད་ལུང་མཐའ་དག་གསན་པའི་ཚུལ་མཛད། དེ་དག་ལས་ཟབ་ཅིང་གནད་དུ་འདྲིལ་བའི་མན་ངག་གི་རིམ་པ་མཐའ་ཡས་པ་གང་ལ་གང་འདུལ་དུ་མཛད་ཅིང་སྐལ་ལྡན་དུ་མ་གྲུབ་པའི་གོ་འཕང་ལ་བཞག །གདམས་ངག་འགའ་ཞིག་མ་འོངས་པའི་གདུལ་བྱ་རྣམས་ལ་དགོངས་ཏེ་གཏེར་རིགས་གྲངས་མེད་པ་སྦས་ཤིང་མཁའ་འགྲོ་ཆོས་སྲུང་ལ་གཉེར་དུ་གཏད་པ་ཕྱི་རབས་དུས་ལ་བབས་པའི་ཚེ་ལས་འཕྲོ་སད་པའི་སྐྱེས་ཆེན་རྣམས་ཀྱིས་རིམ་པར་བཏོན་ཅིང་སྤེལ་བས་མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར། ལས་འཕྲོ་གཏེར་བརྒྱུད་བཅས་བརྒྱུད་པ་དྲུག་དང་ལྡན་ཅིང་དོན་ལ་འགྱུར་བ་མེད་པ། ཚིག་ལ་རྟོག་གེའི་བསླད་མ་ཞུགས་པ། མཁའ་འགྲོའི་ཁ་རླངས་ཀྱི་ངད་པ་མ་ཡལ་བའི་ཟབ་ཆོས་ཁྱད་པར་འཕགས་པ་ཉིད་དོ། །གཉིས་པ་གཞུང་དངོས་འཆད་པ་ལ་གཉིས། སྤྱི་དོན་མདོར་བསྡུ་བ། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། གསང་སྔགས་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་ལ་རྒྱུད་ལུང་མན་ངག་གསུམ་རེ་བཞུགས་པ་ལས། རྒྱུད་ཀྱི་མཚན་ཉིད་ནི། ཧེ་རུ་ཀ་གལ་པོ་ཆེའི་རྒྱུད་ལས། རྒྱུད་ཅེས་བྱ་བ་རྒྱལ་བའི་བཀའ། །ཞུས་ལན་ཕྲ་མོས་འཕེལ་ཅིང་རྒྱས། །རྒྱལ་བའི་དགོངས་པ་མ་ལ་འབྲེལ། །ཐམས་ཅད་མཁྱེན་པའི་ངོ་བོར་གསལ། །འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོགས་ཀྱིས་བསྟན་ཏེ། རྒྱུད་ཀྱི་ངོ་བོ་སངས་རྒྱས་ཀྱི་བཀའ། རང་བཞིན་ཞུས་པ་དང་ལན་གྱིས་རྒྱལ་བའི་དགོངས་པ་མ་བཅོས་པར་རྩ་བ་མ་ལ་རྒྱས་བཤད་བུ་དང་འབྲེལ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གསལ་བ་ཉིད། ངེས་ཚིག་གོང་འོག་འབྲེལ་ཞིང་རྒྱུན་ཆགས་ལ་ལྟ་སྤྱོད་དབང་དམ་ཚིག་ཕྲིན་ལས་སྒྲུབ་མཆོད་སྔགས་རྒྱ་ཏིང་ངེ་འཛིན་རྣམས་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བྱུང་བའོ། །དེ་ལ་དབྱེ་ན་རྩ་རྒྱུད་བཤད་རྒྱུད་ཕྱི་མ་མ་ཚང་བ་ཁ་སྐོང་བ་དཀའ་བ་གཅོད་པའི་རྒྱུད་ལ་སོགས་པ་དང་། རྟོག་པ་དུམ་བུའི་རྒྱུད་སོགས་མང་དུ་མཆིས་པ་ལས་འདིར་ནི་རྒྱུད་དེ་དག་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཕྱུང་བའི་བསྡུས་རྒྱུད་དོ། །ལུང་གི་མཚན་ཉིད་ནི། སྔ་མ་ལས། ལུང་ཞེས་བྱ་བ་ངེས་པའི་དོན། །གསུང་ཉིད་འགྱུར་བས་བཟུང་བདེར་མཚོན། །བདེ་གཤེགས་གསུང་གི་དགོངས་པ་ཡང་། །ངོ་བོ་ཇི་ལྟ་ཇི་སྙེད་གཉིས། །རྫུན་བྲལ་བཟུང་བར་བདེ་བ་དང་། །ཉེས་པ་ཟད་པ་ལུང་གི་ཚིག །ཅེས་སོགས་གསུངས་ཏེ། ལུང་གི་རང་བཞིན་དབང་པོ་ཐ་མས་ཀྱང་རྟོགས་སླ་བའི་ཕྱིར་ཐམས་ཅད་ངེས་དོན་དུ་བཤད་ཅིང་སྟོན་པའི་དགོངས་པ་རྟོགས་དཀའ་བའང་གསུང་བཤད་ཀྱིས་གོ་བདེ་བར་མཛད་པ་དང་། ངོ་བོ་མཁྱེན་པ་གཉིས་ལྡན་གྱི་གསུང་ཇི་བཞིན་མི་ཤེས་པ་ཐམས་ཅད་བདེན་པ་གཉིས་སུ་ཕྱེས་ནས་བཤད་པས་ཡིད་ཆེས་སུ་བྱེད་པ་དང་། ངེས་ཚིག་སངས་རྒྱས་ཀྱིས་གསུངས་པའི་དོན་ལས་ཕྱིན་ཅི་ལོག་པའི་རྫུན་དང་བྲལ་ཞིང་ཚིག་དོན་གསལ་བས་བཟུང་བདེ་བ་དང་བཀས་རྗེས་སུ་གནང་ཞིང་དགོངས་པས་བྱིན་གྱིས་བརླབས་པས་ཉེས་པ་ཟད་པ་སྟེ། དབྱེ་ན། དྲང་དོན་མཚན་ཉིད་ཀྱི་ལུང་། ངེས་དོན་སྔགས་ཕྱི་པའི་ལུང་། འདྲེས་མ་མདོ་སྡེའི་ལུང་། མངོན་དུ་ཕྱུང་བ་བསྐྱེད་རྫོགས་ལུང་། རྣ་བརྒྱུད་མན་ངག་གི་ལུང་། འཆུས་པ་སྲོང་བའི་ལུང་རྣམས་སུ་མཆིས་པ་ལས་འདིར་ནི་ཕྱུང་བའི་ལུང་ཉིད་འཆུས་པ་སྲོང་བའོ། །མན་ངག་གི་མཚན་ཉིད་ནི། སྔ་མ་ལས། མན་ངག་ཅེས་པ་ལ་བཟླ་བ། །སྐྱེས་བུའི་ཐུགས་ལ་བརྣག་པ་འོ། །སྙིང་པོ་བཅུད་ཀྱི་མཆོག་ཉིད་ནི། །ཐུགས་ལ་རབ་ཏུ་སྦས་ནས་བཞུགས། །ཚེགས་ཆུང་མྱུར་དུ་འགྲུབ་པར་བྱེད། །བྱ་བར་སླ་བས་ངེས་པའི་ཚིག །ཅེས་སོགས་འབྱུང་སྟེ། མན་ངག་གི་རང་བཞིན་ནི་དགོངས་པ་གང་དུ་ལ་བཟླ་ཞིང་སྐྱེལ་བའི་ས་སྔོན་བྱུང་སྟོན་པ་དང་རྗེས་འཇུག་རིག་འཛིན་གྱི་ཐུགས་ལ་གཅེས་པའི་ཟབ་དོན་ཡིན་ལ། ངོ་བོ་རྒྱུད་ལུང་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཀྱི་མཆོག་ཐུགས་ལ་སྦས་ཤིང་གསང་བ། ངེས་ཚིག་ཚེགས་ཆུང་ཞིང་བྱ་ཐབས་སླ་བས་དཔག་པར་དཀའ་བའི་དོན་མྱུར་དུ་འགྲུབ་པར་བྱེད་པའི་རྫས་སྔགས་ཏིང་ངེ་འཛིན་སོགས་ལ་ཨུ་པ་དེ་ཤ་ཞེས་བྱའོ། །དབྱེ་བ་གཙོ་བོ་ཡེ་ཤེས་པ་དང་། འཁོར་འཇིག་རྟེན་པའི་མན་ངག་གཉིས་སམ། འདས་པ་སངས་རྒྱས་དང་འཁོར་བ་འཇིག་རྟེན་གྱི་བྱ་བ་སྒྲུབ་པ། དེ་དག་ལ་ནང་གསེས་ཀྱི་དབྱེ་བས་རྣམ་གྲངས་མཐའ་ཡས་པ་འབྱུང་བ་ལས་འདིར་ནི་མཆོག་ཐུན་གཉིས་ཀ་སྒྲུབ་པའི་ལམ་རིམ་ཟབ་རྒྱས་ཀུན་གྱི་སྙིང་པོ་སྤྱི་དོན་ལྔས་བསྟན་པ་རྣམས་སོ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གཉིས། གཞི་དང་རྩ་བར་གྱུར་པའི་རྒྱུད་བཤད་པ། རྒྱུད་དོན་ཉམས་སུ་ལེན་པའི་ལུང་བཤད་པའོ། །དང་པོ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ། འགྱུར་གྱི་ཕྱག་བྱ་བའོ། །དང་པོ་ནི། རྒྱ་གར་སྐད་དུ༔ ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་སཾ་གྲ་ཧ་ཏནྟྲ་པྲ་གརྦྷ༔ བོད་སྐད་དུ༔ ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ཀྱི་ཡང་སྙིང༔ ཞེས་འབྱུང་སྟེ་སྐད་གཉིས་ཤན་སྦྱར་ཚུལ་ནི། ཧེ་རུ་ཀ ཁྲག་འཐུང་། སརྦ་ཏ་ཐཱ་ག་ཏ་སཾ་གྲ་ཧ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ། ཏནྟྲ། རྒྱུད། པྲ་གརྦྷ། ཡང་སྙིང་། ཞེས་པའོ། །འདིའི་དོན་རྒྱས་པར་ཚུལ་བཞི་དང་སྦྱར་ནས་འཆད་དགོས་ཀྱང་འདིར་ཚིག་གམ་ཡི་གེའི་དོན་ཙམ་སྨོས་ན། ཁྲག་འཐུང་གི་སྐད་དོད་ཧེ་རུ་ཀ་ཞེས་པ་ཧེ་ལ་ནི་རོལ་པ། རུ་དྷི་ར་ནི་ཁྲག །ཀ་ནི་བདག་པོའི་སྒྲ་རྣམས་བསྡུས་པ་སྟེ། ཀུན་བཟང་གདོད་མའི་མགོན་པོ་ཉིད་འབར་བ་ཆེན་པོ་གར་དགུའི་ཉམས་ཀྱིས་རོལ་པའི་སྐུར་བསྟན་ནས། ཕྱི་ལྟར་འཇིགས་པའི་བདུད་བཞི་བསྒྲལ་བའི་ཁྲག །ནང་དུག་གསུམ་གྱི་རྩ་བ་འདོད་ཆགས་རཀྟའི་རྒྱ་མཚོ། གསང་བ་ཁམས་གསུམ་འཁོར་བའི་རྩ་བ་གཉིས་རྟོག་ཞེན་སྣང་གི་བཅུད་ཐམས་ཅད་དམིགས་མེད་ཆོས་ཉིད་ཀྱི་ངང་དུ་རོལ་པར་མཛད་པ་འཇིགས་བྱེད་ཁྲོ་བོ་ཆེན་པོ་ཡིན་ལ། ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་རིགས་དང་ཡེ་ཤེས་ཀྱི་དབྱེ་བས་སྣང་བ་ཇི་སྙེད་པ་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འདུས་པ་སྒྲུབ་ཆེན་བཀའ་བརྒྱད་དུ་གྲགས་པ་ལ།སྤྱི་དང་བྱེ་བྲག་གི་རྒྱུད་ཀྱི་རྣམ་གྲངས་མཐའ་ཡས་པ་བཞུགས་པ་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་སྟེ། བརྗོད་བྱ་དོན་གྱི་གནད་འདུས་ཤིང་རྗོད་བྱེད་ཚིག་ཚོགས་ཉུང་ངུར་སྟོན་པ་འོ་མ་ལས་རྩི་མར་ཕྱུང་པ་ལྟ་བུའོ། །གཉིས་པ་འགྱུར་ཕྱག་ནི། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞེས་སྡུད་པ་པོས་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྟེ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཧེ་ནི་དགོངས་ཤིང་བཞད་པའི་གསུངས། །རུ་ནི་ཀུན་ལ་ཆགས་པའི་ཐུགས། །ཀ་ནི་མཉམ་ཉིད་ཡེ་ཤེས་སྐུ །ཤྲཱི་ནི་སྙིང་རྗེ་བདག་གཞན་རྟོགས། །ཞེས་གསུངས་པའི་དོན་རྟགས་དང་ལྡན་པ་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེན་པོ་ལ་བརྡ་དང་དོན་གྱི་སྒོ་ནས་ཕྱག་འཚལ་བའོ། །གཉིས་པ་གཞུང་གི་དོན་ལ། སྤྱིར་མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་གྱིས་འཆད་པ་ཧེ་རུ་ཀ་གལ་པོ་ལས་གསུངས་ཀྱང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་པཎ་ཆེན་བི་མ་ལའི་བཤད་སྲོལ་དང་སྦྱར་ན་ལྔར་འདུས་ཏེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པའོ། །དང་པོ་ནི། ཆོས་ཀུན་གདོད་ནས་དག་པའི་མཁའ༔ ཀློང་དགུའི་དབྱིངས་ཀྱི་ཕོ་བྲང་ཆེར༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཉིད་ལས་མི་གཞན་འཁོར་རྣམས་ལ༔ རྡོ་རྗེའི་སྔགས་རྒྱུད་རྟག་ཏུ་གསུངས༔ ཞེས་པས་བསྟན་ཏེ། གནས་ཕུན་སུམ་ཚོགས་པ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་པ་རྣམ་པར་དག་པའི་ཆོས་ཉིད་ཀྱི་མཁའ་ལ། རང་སྣང་ཡེ་ཤེས་ཀློང་དགུའི་དབྱིངས་ཀྱི་རང་བཞིན་དུ་འཁྱིལ་པའི་ཕོ་བྲང་གཞལ་མེད་ཁང་རྒྱ་ཚད་བཀོད་པ་བསམ་ལས་འདས་པའི་དབུས་སུ། སྟོན་པ་ཕུན་སུམ་ཚོགས་པ་གདོད་ནས་རང་རིག་ཡེ་སངས་རྒྱས་པའི་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཞི་བའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱ་མི་སྲུན་གདུག་པ་ཅན་རྣམས་འདུལ་བའི་སླད་དུ་སྲིད་ཞིའི་ཁམས་ན་ཆེ་བའི་མཆོག་དཔལ་ཆེན་ཧེ་རུ་ཀའི་ཕྱག་རྒྱར་བཞེངས་པ་སྟེ། ཁྲག་འཐུང་རྩ་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེ་ཁྲོས་པས་ནི། །གདུག་པ་མ་ལུས་འདུལ་བར་བྱེད། །ཐམས་ཅད་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ཉན་བྲན་བཞིན་གནས། །ཞེས་དགོས་པའི་དོན་དང་ལྡན་པ་ཉིད་དང་། འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་བས་གཞན་རྒྱུད་ཀྱིས་བསྡུས་པ་མ་ཡིན་པའི་རྒྱལ་བ་སེམས་དཔའ་རྣལ་འབྱོར་མ་གཟུགས་དང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ཅིས་ཀྱང་མི་ཕྱེད་པ་རྡོ་རྗེ་དང་མཚུངས་པའི་སྔགས་ཀྱི་རྒྱུད་ཐུན་མོང་ཁྱད་པར་མཆོག་ཏུ་གྱུར་པའི་གསང་བ་གསང་ཆེན་གསང་མཆོག་གི་རིམ་པ་རྣམས། དུས་ཕུན་སུམ་ཚོགས་པ་ལན་གཅིག་ཙམ་མ་ཡིན་པར་དུས་བཞི་མཉམ་པ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་ཤིང་གསུང་བར་འགྱུར་བའོ། །གཉིས་པ་རྐྱེན་གླེང་སློང་བ་ནི། དེ་ཚེ་གནམ་ཞལ་ཙཎྜ་ལཱིས༔ དགྱེས་པ་བསྐྱེད་ནས་སླར་ཡང་ཞུས༔ ཨེ་མ་ཁྱབ་བདག་དཔལ་ཆེན་པོ༔ རྒྱུད་དོན་སྙིང་པོ་ཇི་ལྟར་ལགས༔ དེ་སྐད་གསོལ་བའི་དོན་དགོངས་ནས༔ ཆོས་ཉིད་རང་སྒྲས་བཀའ་བསྩལ་པ༔ ཞེས་གསུངས་ཏེ། དེའི་ཚེ་ཆོས་ཐམས་ཅད་འབྱུང་བའི་གནས་ཤེས་རབ་སྟོང་པ་ཉིད་ནམ་མཁའི་རང་བཞིན་གྱི་ཞལ་ཅན། ཐབས་བདེ་བ་ཆེན་པོ་རབ་ཏུ་སྐུལ་བའི་གཏུམ་མོ་ཙཎྜ་ལཱིའི་རང་བཞིན་ཅན་གྱིས་ཡབ་ལ་སྙོམས་པར་ཞུགས་པས། དགྱེས་པ་བསྐྱེད་ནས་རྒྱུད་རྒྱས་པར་བསྟན་པའི་རྗེས་སུ་སླར་ཡང་ཞུས་པ་ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་མདུན་བསུས་ཏེ། འཁོར་འདས་ཀུན་གྱི་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཞེས་སྙན་བརྡབ་ནས། སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་ཀྱི་རྒྱུད་རྒྱ་ཆེ་ལ་གཏིང་ཟབ་པ་དེ་དག་གི་དོན་གྱི་སྙིང་པོ་ཇི་ལྟ་བུ་ལགས། ཞེས་དེ་སྐད་དུ་གསོལ་བ་བཏབ་པའི་ཞུ་དོན་ལ་དགྱེས་པའི་དགོངས་པས་ཆོས་ཉིད་ཀྱི་རང་སྒྲས་མདོར་བསྡུས་དྲིལ་ཏེ་བཀའ་བསྩལ་བ་ནི་འདི་ལྟར་རོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་ལ་གསུམ། རྒྱུད་གསུམ་སྤྱིར་བཤད་པ། ལམ་བྱེ་བྲག་ཏུ་བཤད་པ། ལམ་གྱུར་གྱི་འབྲས་བུ་བསྟན་པའོ། །དང་པོ་ནི། ངོ་བོས་དག་པ་གཞི་ཡི་རྒྱུད༔ གློ་བུར་དག་བྱེད་ལམ་གྱི་རྒྱུད༔ དག་པ་མཐར་ཕྱིན་འབྲས་བུའི་རྒྱུད༔ གསུམ་གྱིས་རྒྱུད་དོན་ཐམས་ཅད་བསྡུས༔ ཞེས་གསུངས་ཏེ། དེ་ལ་རྒྱུད་ཅེས་པ་ནི། བརྗོད་བྱ་གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པ་དང་། རྗོད་བྱེད་ཚིག་དབུ་ཞབས་ཡོངས་རྫོགས་སུ་རྒྱུན་ཆགས་པར་གནས་པས་ཏེ། གསང་སྙིང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུ་འོ། །ཞེས་སོ། །རྒྱུད་དེ་ལ་དབྱེ་ན་གསུམ། གདོད་མ་ནས་ངོ་བོ་ཉིད་དམ་རང་བཞིན་གྱིས་རྣམ་པར་དག་པས་ཀ་དག་ཅེས་གྲགས་པ་བདེ་གཤེགས་སྙིང་པོ་དང་། རང་བཞིན་གནས་རིགས། ཀུན་གཞིའི་ཡེ་ཤེས། སེམས་ཀྱི་ངོ་བོ་ཉིད། དྲི་བཅས་དེ་བཞིན་ཉིད། རྒྱུའི་རྒྱུད་སོགས་རྣམ་གྲངས་དུ་མས་བསྟན་པ། ཐབས་ཀྱི་རྐྱེན་གྱིས་མ་ཟིན་པས་འཁོར་བ་དང་། ཟིན་ན་མྱང་འདས་སུ་འགྲུབ་པར་བྱེད་པ། སེམས་ཅན་ནས་སངས་རྒྱས་ཀྱི་བར་པི་ཝཾ་གི་རྒྱུད་ལྟར་བྲེང་ཆགས་སུ་གནས་པས་འཁོར་འདས་གཉིས་ཀའི་རྒྱུར་གྱུར་པ་ལ་གཞིའི་རྒྱུད་ཅེས་བྱ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། བི་མ་ལའི་རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལའང་གནས་ལུགས་ངོ་བོ་ཉིད་འཆིང་གྲོལ་མེད་ཅིང་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་བདེ་བར་གཤེགས་པའི་སྙིང་པོ་ནི་དྲི་མ་སྦྱང་བའི་གཞི་ནོར་བུ་ལྟ་བུ་དང་། འཁྲུལ་པ་བཏགས་པའི་གཞི་མེད་སྣང་གློ་བུར་པ་ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། ཕྱི་མ་འདི་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་རྣམ་ཤེས་ཡུལ་ལ་འཇུག་པ་དེ་སྲིད་དུ་རྒྱུན་ཆགས་པ་ཡིན་པས་གཞི་ཞེས་བཏགས་པ་ཙམ་ལས་འབྲས་བུའི་ཉེར་ལེན་དུ་མི་འགྱུར་བས་རྒྱུ་རྒྱུད་དངོས་མ་ཡིན་མོད། གནས་ལུགས་ལ་འཁོར་འདས་ཀྱི་ཐ་སྙད་ལས་འདས་ཀྱང་སྣང་ལུགས་ལ་ཐ་སྙད་སོ་སོར་བྱུང་བའོ། །རྒྱུ་རྒྱུད་ལ་སྒྲིབ་པའི་མེད་སྣང་གློ་བུར་འཁྲུལ་པའི་དྲི་མ་བག་ཆགས་དང་བཅས་པ་སྦྱོང་ཞིང་དག་པར་བྱེད་པ་ནི་ཐབས་སམ་ལམ་གྱི་རྒྱུད་དེ། འཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ་ཞེས་གྲགས་ཏེ། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་སོ། །དེའང་གཞི་ཤེས་པར་བྱ་བ་དང་མར་འབྲེལ་ལ་འབྲས་བུ་འཐོབ་པར་བྱ་བ་དང་ཡར་འབྲེལ་བས་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་པ་ཅན་དུ་བར་མ་ཆད་པའི་ཕྱིར་རྒྱུད་དུ་བཞག །དེ་ལའང་ཉེ་རིང་གཉིས་ལས་ཐུན་མོང་གི་ལམ་ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་སྟེ་ངེས་འབྱུང་གི་ཐེག་པ་བཞི་དང་། སྔགས་ཀྱི་རྒྱུད་སྡེ་གསུམ་ནི་སངས་རྒྱས་གཞན་དུ་བཙལ་ཏེ་དུས་རིང་པོར་བསྒྲུབ་དགོས་པས་རིང་བའི་ལམ་ཡིན་ལ་བླ་མེད་ནི་ཉེ་བའི་ལམ་སྟེ། གཞི་རྒྱུད་དེ་བཞིན་ཉིད་དེའང་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་ཉིད་ཐབས་གྲོལ་གྱི་མྱུར་ལམ་ལ་བརྟེན་ནས་འབྲས་བུ་གཞན་ནས་མི་འཚོལ་བར་རང་གནས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པས། དད་བརྩོན་དང་ལྡན་པས་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ལ་སྦྱོར་བ་ཉེ་བའི་ལམ་དུ་རྒྱུད་སྡེ་རྣམས་ལས་ཡང་ཡང་གསུངས་ཤིང་སྡོམ་གསུམ་རབ་དབྱེ་ལས་ཀྱང་། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པ་བཞིན་ནོ། །སྦྱང་གཞི་རྒྱུ་རྒྱུད་བདེ་གཤེགས་སྙིང་པོ་ལ་སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་སྒྲིབ་པ་གསུམ་བག་ཆགས་དང་བཅས་པ་སྦྱོང་བྱེད་རིམ་པ་གཉིས་ཀྱིས་བསྡུས་པའི་ལམ་གྱིས་རྩ་བ་ནས་སྦྱངས་པས་དག་པ་གཉིས་ལྡན་མཐར་ཕྱིན་ཏེ་གཞི་ལ་བཞུགས་པའི་ཡོན་ཏན་ཇི་ལྟ་བ་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་གསུངས། དེ་ཉིད་ནམ་ཡང་རྒྱུན་ཆད་མི་མངའ་བས་རྒྱུད་ཅེས་བྱ་བའོ། །དེ་ལའང་སྔ་མ་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་ལྔ་ལྔའི་རྣམ་དབྱེ་ཅན་དུ་བཞུགས་པས་འབྲས་ཆོས་ཉི་ཤུ་རྩ་ལྔར་གྲགས། དེ་རྣམས་ཀྱང་བསྡུ་ན་རྟེན་སྐུ །བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་འདུ་བ་ལས། དང་པོ་ནི། དབྱིངས་ཀྱི་ངང་དུ་རིག་པའི་ཡེ་ཤེས་ཟུང་འཇུག་ཏུ་གྲོལ་བ་ཆོས་སྐུ །དེ་ལས་ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ །གདུལ་བྱ་སོ་སྐྱེ་རྣམས་ཀྱི་མོས་པ་དང་མཐུན་པར་སྣང་བ་སྤྲུལ་པའི་སྐུ་སྟེ་གསུམ་མམ། སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་དང་། དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་གཉིས་བསྣན་པས་སྐུ་ལྔའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། ཚོགས་བརྒྱད་གནས་སུ་དག་པས་ཡེ་ཤེས་ལྔ་སྟེ་ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཡེ་ཤེས་ལྔ། དེ་རྣམས་ལས་ཆོས་དབྱིངས་ནི་ཇི་ལྟ་བ་མཁྱེན་པ་དང་། གཞན་བཞི་པོ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་འདུ་བས་བསྡུ་ན་གཉིས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། སྤང་རྟོགས་མཐར་ཕྱིན་པའི་སྟོབས་ཀྱིས་འབད་རྩོལ་མེད་པར་གང་ལ་གང་འདུལ་གྱི་ཕྲིན་ལས་གདུལ་བྱའི་དུས་ལས་མི་ཡོལ་བར་ནམ་མཁའ་ཇི་སྲིད་དུ་རྒྱུན་ཆད་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་ནམ་མཁའ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །དེ་ལྟར་ན་གཞི་ལམ་འབྲས་བུ་གསུམ་གྱིས་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་རྒྱུད་ཇི་སྙེད་པ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་བསྡུས་པའོ། །གཉིས་པ་ལམ་བྱེ་བྲག་ཏུ་བཤད་པ་ལ་གསང་སྙིང་ལས་རྒྱུད་ཀྱི་དངོས་པོ་བཅུར་གྲགས་ཏེ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་རྒྱུད་སྡེ་སྤྱི་ཁྱབ་ཏུ་གྲགས་ཤིང་། སྒྲུབ་སྡེའི་སྐབས་འདིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། བསྟན་རིམ་ཐེག་པའི་རྣམ་གཞག་དང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །བསྙེན་དང་སྒྲུབ་པ་ཆེན་པོ་དང་། །དབང་བསྐུར་དམ་ཚིག་མཐའ་རྒྱས་སུ། །རྒྱུད་རྣམས་ཀུན་གྱི་གསང་བ་འདུས། །ཞེས་པས་མཚོན་དངོས་བཅུའི་ངོ་བོ་གོ་རིམ་ཐ་དད་པ་དང་གྲངས་ཀྱང་བཅུ་ཁོ་ནར་ངེས་མ་ངེས་ཅི་རིགས་བཞུགས་པ་ལས་འདིར་ལམ་གྱི་ཆ་རྐྱེན་དངོས་པོ་བཅུ་གཅིག་སྟེ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་བ་དམ་ཚིག །དེ་ཁོ་ན་ཉིད་ལྟ་བ། མི་གཡོ་བ་ཏིང་ངེ་འཛིན། ལ་དོར་བ་སྤྱོད་པ། དོན་དུ་གཉེར་བ་སྒྲུབ་པ། འཆིང་བ་ཕྱག་རྒྱ། གནས་སུ་སྟོབ་པ་མཆོད་པ། ཟློས་པ་སྔགས། རོལ་པ་ཕྲིན་ལས་རྣམས་སོ། །འདིར་ཡང་འཆིང་ཟློས་གཅིག་ཏུ་བགྲང་ན་དངོས་པོ་བཅུ་ལས་མ་འདས་སོ། །དེ་ལ་དང་པོ་བཀོད་པ་དཀྱིལ་འཁོར་ནི། དེ་ལས་རྟོགས་ཤིང་གོམས་པའི་ལམ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་ཆེན་པོ་རྣམ་པ་བཞིར༔ ཞེས་གསུངས་ཏེ་བཤད་མ་ཐག་པའི་རྒྱུད་གསུམ་པོ་དེ་ལས་ལམ་ཞུགས་རྣལ་འབྱོར་པས་ཉམས་སུ་ལེན་བྱ་ཐོས་པས་བསྒོམ་བྱའི་དོན་རྟོགས་ཤིང་སྒོམ་པས་གོམས་པར་བྱེད་པའི་ལམ་གྱི་རིམ་པ་བཤད་པ་ལ། ཇི་སྐད་དུ། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །གསང་སྔགས་ཀུན་གྱི་གཞུང་ཤིང་ཡིན། །ཞེས་པ་ལྟར་དེ་དག་ཐོག་མར་བསྟན་པ་ལ། དཀྱིལ་འཁོར་གྱི་ངོ་བོ་ནི་བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ། ངེས་ཚིག་མཎྜལ་ཞེས་དབུས་དཀྱིལ་གཙོ་བོ་ལ་འཁོར་གྱིས་བསྐོར་བའམ་སྙིང་པོའི་གཞི་འཛིན་པ། དབྱེ་བ་རྒྱུད་ལུང་མན་ངག་སོ་སོའི་ལུགས་སྲོལ་མང་ཡང་འདིར་མ་ཧཱ་ཡོ་ག་སྤྱིར་གྲགས་པ་ལྟར། ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ་བུ། ནང་ལུས་ཀྱི་དཀྱིལ་འཁོར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ། གསང་བ་བྷ་གའི་དཀྱིལ་འཁོར་ཤེས་རབ་མའི་ཆོས་འབྱུང་། དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་དམ་བྱང་ཆུབ་སེམས་ཏེ་དེ་ལྟར་དཀྱིལ་འཁོར་ཆེན་པོ་རྣམ་པ་བཞི་རུ་སྒོ་གསུམ་སྨིན་པར་བྱའོ། །གཉིས་པ་རིམ་པར་བགྲོད་པ་དབང་ནི། ཕན་པའི་དབང་དང་ནུས་པའི་དབང༔ ཟབ་མོའི་དབང་བཞི་རིམ་པར་བླང༔ ཞེས་གསུངས་ཏེ། དབང་གི་ངོ་བོ་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པས་བྱང་ཆུབ་ཀྱི་ས་བོན་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ངེས་ཚིག་ཨ་བྷི་ཥིཉྩ་ཞེས་མངོན་པར་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་དྲི་མ་འཁྲུད་ཅིང་གཏོར། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་ཅིང་བླུགས་པ། དབྱེ་བ་ནི། གང་ཟག་དད་པ་ཅན་ལ་ཕྱི་ཕན་པའི་དབང་། ནུས་པ་ཅན་ལ་ནང་ནུས་པའི་དབང་། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་བསྐུར་བ་སྟེ་དེ་དག་ལ་ནང་གསེས་ཀྱི་དབྱེ་བསྡུ་མང་ཡང་གཞུང་འདིར་ཕན་པ་ལ་རིག་པའི་དབང་ལྔ། ནུས་དབང་ལ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྩ་བའི་དབང་ལྔས་ནུས་བྱིན་སྐྱེད༔ ཉན་སྒོམ་འཆད་ཕྲིན་བདག་པོ་ཆེ༔ ཁྱད་པར་དབང་ལྔས་དོན་གཉིས་སྤྱོད༔ ཉམས་སྐོང་དངོས་གྲུབ་མངོན་སྤྱོད་ཚེ༔ འོད་གསལ་མར་མེ་ལས་ཀུན་འགྲུབ༔ ཅེས་པ་ལྟར་རྣམ་གྲངས་བཅོ་ལྔ། ཟབ་མོ་ལ་གསང་བ་ཤེས་རབ་མཐར་ཐུག་དོན་དབང་དང་གསུམ་དུ་འབྱུང་སྟེ། ཕན་དབང་གིས་ས་བོན་འཛིན། ནུས་དབང་གིས་ས་བོན་ནུས་ལྡན་དུ་སྨིན། གསང་དབང་གིས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་མྱོང་། ཤེར་དབང་གིས་ཉམས་དེ་ཁོ་ན་ཉིད་རྒྱུད་ལ་བརྟེན་པར་བྱེད། བདེ་ཆེན་དོན་གྱི་དབང་གིས་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་སློབ་དཔོན་གྱི་དབང་ལ་ཕན་ནུས་གཉིས་བསྡོམས་པ་དབང་བཞི་པོ་རིམ་པ་བཞིན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ལ་སློབ་མ་རྗེས་སུ་བཟུང་བར་བྱའོ། །གསུམ་པ་མི་འདའ་བ་དམ་ཚིག་ནི། སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་དག་པས་གཞི་བཟུང་སྟེ༔ ཞེས་གསུངས་ཏེ། དམ་ཚིག་གི་ངོ་བོ་ཁྱད་པར་ཅན་གྱི་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་བྱེད་ཀྱི་སེམས་པ་རྒྱུན་ཆགས་པ་དང་། གཉིད་ལ་སོགས་པའི་སྐབས་སུའང་སྲུང་སེམས་ཀྱི་ས་བོན་དང་བཅས་པའོ། །ངེས་ཚིག་ས་མ་ཡ་ཞེས་དངོས་སུ་དམ་བཅའ་བའི་ཐ་ཚིག་ལ་འཇུག་པས་སློབ་དཔོན་དང་དཀྱིལ་འཁོར་པའི་སྤྱན་སྔར་རང་གིས་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ །འདིའང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དོན་འགྱུར་དུ་མཛད་པ་སྟེ། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་ལ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོགས་སྔ་འགྱུར་གྱི་རྒྱུད་མང་པོ་ལས་འབྱུང་སྟེ། དབྱེ་བ་རྒྱས་པར་ས་མ་ཡ་འབུམ་སྡེ་སོགས་མང་དུ་བཤད་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། སྤྱིའི་དམ་ཚིག་སོ་ཐར་བྱང་སེམས་སྔགས་ཕྱི་རྒྱུད་སྡེ་གསུམ་གྱིས་བསྡུས་པ། ཁྱད་པར་དམ་ཚིག་ནང་རྒྱུད་ཡོ་ག་རྣམ་གསུམ་ལས་གསུངས་པ། ལྷག་པའི་དམ་ཚིག་སྒྲུབ་པ་ཁྱད་པར་གྱི་ཉི་ཤུ་རྣམས་ཅི་ནུས་ཀྱིས་བསྲུང་། ཁྱད་པར་མ་ཧཱ་ཡོ་ག་ལས་གསུངས་པའི་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ་པོ་རྣམས་ལྟུང་བའི་སྒོ་བཞི་དང་བྲལ་བའི་བག་ཡོད་དྲན་ཤེས་ལྡན་པས་སྲོག་བཞིན་དུ་བསྲུང་། ཉམས་ན་ཕྱིར་བཅོས་ཤིང་སྟོབས་བཞིའི་བཤགས་པ་ཚད་དུ་ཕྱིན་པས་རྒྱུད་རྣམ་པར་དག་པས་གཞི་བཟུང་སྟེ་ཉམས་སུ་ལེན་པ་ལ་འཇུག་པར་བྱའོ། །བཞི་པ་དེ་ཁོ་ན་ཉིད་ལྟ་བ་ནི། འཁོར་འདས་ཆོས་ཀུན་བདེན་པ་གཉིས༔ དབྱེར་མེད་ཆེན་པོར་གཏན་ལ་དབབ༔ ཅེས་གསུངས་ཏེ། ལྟ་བའི་ངོ་བོ་ནི། སེམས་ཉིད་གདོད་མའི་གཤིས་ལུགས། སངས་རྒྱས་ཀྱིས་མ་བཅོས། སེམས་ཅན་གྱིས་མ་བསླད། ཞེན་སྣང་འཁོར་འདས་སུ་བཏགས་པའི་ཆོས་བདེན་པ་གཉིས་ཀྱིས་བསྡུས་པ་ཐམས་ཅད་གདོད་ནས་དབྱེར་མེད་དག་མཉམ་ཆེན་པོ་ཆོས་ཀྱི་སྐུར་ལྟ་བ་སྟེ། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །ཡེ་ནས་མ་བཅོས་ཆོས་ཀྱི་སྐུ །དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི། །ཐུགས་དགོངས་ལྟ་བ་མཐར་ཐུག་པ། །སྣང་སྲིད་གཞིར་བཞེངས་ལྟ་བ་རུ། །འཁོར་འདས་གཉིས་མེད་ཡོངས་སུ་རྫོགས། །ཧེ་རུ་ཀ་ལས་གཞན་མ་ཡིན། །ཞེས་གསུངས་སོ། །ངེས་ཚིག་དྲྀཥྚཱིའི་སྒྲ་ལས། མ་འཁྲུལ་བའི་གནས་ལུགས་ལ་ཤེས་རབ་ཀྱི་མིག་གིས་རྗེས་སུ་བལྟ་ཞིང་སྒྲོ་འདོགས་གཅོད་པའོ། །དབྱེ་ན། དབང་པོ་ཡང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པ། དབང་པོ་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པ། དབང་པོ་ཐ་མ་ལ་ཐབས་ཀྱིས་རྟོགས་པར་བྱ་བ་ཉེ་རིང་གཉིས་རྣམས་སུ་ཡོད་པར་བཤད་ལ། རྟོགས་བྱ་ནི། མ་ཧཱ་ཡོ་གའི་སྐབས་འདིར། མཐའ་ཐམས་ཅད་དང་བྲལ་བའི་སེམས་ཉིད་གདོད་མ་ནས་དབྱིངས་དང་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པ་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་རེར་ལྷུང་བ་མ་ཡིན་པར་ངོ་བོ་དབྱེར་མི་ཕྱེད་པ་མཉམ་པ་ཉིད་དུ་གནས་ཤིང་དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་མིང་དུ་བཏགས་ལ། ལྷག་པ་ཞེས་པའི་དོན་ཡང་། ཕར་ཕྱིན་ཐེག་པར་དོན་དམ་བདེན་ངོར་འཁོར་འདས་མཉམ་ཉིད་དུ་བཞེད་པ་དང་། འདིར་ནི་དེ་ལས་ལྷག་པའི་དོན་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པའི་དོན་ཏེ། ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ལྔ་པ་མི་གཡོ་བ་ཏིང་འཛིན་ནི། སྣང་དང་ཞེན་པ་སྦྱང་བའི་ཕྱིར༔ རིམ་གཉིས་ཏིང་འཛིན་རྩེ་གཅིག་བསྒོམ༔ ཞེས་གསུངས་ཏེ། ཏིང་འཛིན་གྱི་ངོ་བོ་ནི། བསྒོམ་བྱའི་དོན་ཁྱད་པར་ཅན་རིམ་གཉིས་ཀྱི་དོན་ལས་མི་གཡོ་བའི་སེམས་རྩེ་གཅིག་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ནི་ཏིང་འཛིན་ཏེ། །ཞེས་སོ། །ངེས་ཚིག་ས་མཱ་ཏི་ཞེས་བསྒོམ་བྱའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་གནས་པའི་སེམས་ཏིང་ངེར་འཛིན་པའོ། །དབྱེ་ན། ཐ་མལ་གྱི་སྣང་བ་སྦྱོང་བྱེད་ཀུན་བརྟགས་བསྐྱེད་པའི་རིམ་པ་དང་། གྱ་ནོམ་ལྷར་ཞེན་སྦྱང་བའི་ཕྱིར་ཡོངས་གྲུབ་རྫོགས་པའི་རིམ་པ་སྟེ་རིམ་པ་གཉིས་སུ་གྲགས་པའི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་དགོས་ཤིང་། བསྐྱེད་རིམ་ལ་སྐྱེ་གནས་བཞིའི་བག་ཆགས་སྦྱང་བ་དང་བསྟུན། རྒྱས་པ་སྒོང་སྐྱེས་ལ་མངོན་བྱང་ལྔ་བསྐྱེད་དང་རྡོ་རྗེ་བཞི་བསྐྱེད། འབྲིང་པོ་མངལ་སྐྱེས་ལ་ཆོ་ག་གསུམ་བསྐྱེད་རྣམས་མ་ཧཱ་ཡོ་གའི་ལུགས། བསྡུས་པ་དྲོད་གཤེར་སྐྱེས་ལ་ས་བོན་ནམ་སྔགས་བརྗོད་པས་བསྐྱེད་པ་ཨ་ནུ་ཡོ་གའི་ལུགས། ཤིན་ཏུ་བསྡུས་པ་བརྫུས་སྐྱེས་ལ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཨ་ཏི་ཡོ་གའི་ལུགས་རྣམས་སུ་ཡོད་པ་ལས། གཞུང་འདིར་ཕྱི་དཀྱིལ་ནི། གཙོ་བོ་དཔལ་ཆེན་པོ་ས་བོན། ཕྱག་མཚན། སྐུ་ཡོངས་རྫོགས་ཏེ་རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་པ་དང་། གཙོ་བོ་བརྒྱད་ས་བོན་འཁོར་རྣམས་དྲན་རྫོགས་སུ་བསྐྱེད། ནང་ལུས་དཀྱིལ་ནི། ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྐད་ཅིག་གིས་བསྐྱེད་པར་བསྟན། བསྒོམ་ཚུལ་ཡང་། གཞུང་ལས། ཁྱད་པར་རིག་འཛིན་སྒྲུབ་པ་ནི༔ བསྐྱེད་པའི་རིམ་པའི་ཏིང་འཛིན་ལ༔ གསལ་བརྟན་དག་པའི་གཟེར་བཏབ་ནས༔ རྩེ་གཅིག་མཉམ་གཞག་སེམས་བརྟན་པས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས༔ ཡིད་དང་དབང་པོ་ལུས་ཀྱི་ཡུལ༔ གསལ་བ་གསུམ་ལྡན་དྲོད་རྟགས་འབྱུང༔ ཐ་མལ་སྣང་ཞེན་ལྷ་སྐུར་དག༔ རླུང་སེམས་ཟུང་འཇུག་སྐུར་ལྡང་པའི༔ རྣམ་སྨིན་ལ་སོགས་རིག་འཛིན་ཐོབ༔ སྐུ་ཡི་རྣལ་འབྱོར་གྲུབ་པ་འོ༔ ཞེས་འབྲས་བུ་བཅས་བསྟན་ཏོ། །རྫོགས་རིམ་ལ། སྤྱིར་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་དང་གཅིག་ཆར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སོགས་དབྱེ་བསྡུ་མང་དུ་མཆིས་པ་ལས། འདིར་ནི། གསང་རྫོགས་རྒྱུད་ལས། རྫོགས་པའི་རིམ་ལྔ་གདན་གཅིག་ལ། །བསྒོམ་པའི་དོན་རབ་འདི་ལྟ་སྟེ། །སྔགས་སེམས་ལུས་དང་འོད་གསལ་དང་། །ཟུང་འཇུག་དག་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རིམ་པ་ལྔ་པོ་བསྐྱེད་རིམ་ལ་རྟེན་བྱས་ཏེ་ཇི་སྐད་བཤད་པ་བཞིན་ཉམས་སུ་བླངས་པས་འབྲས་བུའང་། བསྐྱེད་པས་སྔགས་ཀྱི་ཚོགས་ལམ་བགྲོད༔ དབེན་པ་གསུམ་གྱིས་དྲོད་རྩེ་དང༔ སྒྱུ་མས་བཟོད་ཆོས་མཐར་ཕྱིན་ནས༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ གོ་འཕང་མཆོག་ཏུ་འགྲུབ་པར་འགྱུར༔ ཅེས་གསུངས་པ་ལྟར་རོ། །དྲུག་པ་ལ་དོར་བ་སྤྱོད་པ་ནི། ཉམས་དང་དྲོད་དང་རྟགས་རྣམས་ནི༔ སྤྱོད་པ་གསུམ་གྱིས་བསྟན་པར་བྱ༔ ཞེས་གསུངས་ཏེ་སྤྱོད་པའི་ངོ་བོ་ནི། ལམ་ཞུགས་ཀྱི་གང་ཟག་ལ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་གསུམ་གྱི་བྱ་བ་རྣམས་ཏེ། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་སོ། །ངེས་ཚིག་ཙརྻ་ཞེས་སྤྱད་བྱ་ལ་ཚུལ་བཞིན་སྤྱོད་པའོ། །དབྱེ་བ་སོ་སོའི་ལུགས་ཀྱི་རྣམ་གྲངས་མང་ཡང་འདིར་གསུམ་དུ་བསྡུས་སོ། །སྤྱོད་ཚུལ་ནི། ལྟ་བ་བདག་མེད་པས་ཟིན་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་དུས་ཚོད་དང་འབྲེལ་བར་ཚུལ་བཞིན་སྤྱད་པས་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་འགྱུར་བའོ། །དེའང་གོང་དུ་སྨོས་པའི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པས་ཐོག་མར་ཉམས་འཇམ་རྩུབ་མཐོ་དམན་ཅི་རིགས་པ་སྐྱེ། བར་དུ་དྲོད་ཐོབ། མཐར་ཚད་དུ་ཕྱིན་པའི་རྟགས་མཐོང་བར་འགྱུར་བ་དེ་རྣམས་རིམ་པར་སྤྱོད་པ་གསུམ་གྱིས་བརྟན་པར་བྱ་སྟེ། ལས་དང་པོ་པའི་དུས་སུ་བག་དང་ལྡན་པས་གཟབ་པ་ལྷུར་ལེན་པ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ། ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་ནུས་པ་ན། རྟོགས་པ་རྐྱེན་ཐུབ་ཏུ་སྤྱོད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། བརྟན་པ་ཆེར་ཐོབ་ནས་རྟོགས་པ་ལ་འཕེལ་འགྲིབ་མེད་པ་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་ལྟ་བུའི་སྤྱོད་པ་དང་གསུམ་མོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ནིི། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས༔ ཐུན་མོང་མཆོག་གི་དངོས་གྲུབ་ལེན༔ ཞེས་གསུངས་ཏེ། སྒྲུབ་པའི་ངོ་བོ་ནི། སྒྲུབ་བྱེད་ཐབས་ཁྱད་པར་ཅན་གྱིས་བསྒྲུབ་བྱ་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་བའོ། །ངེས་ཚིག་སིདྡྷི་དངོས་གྲུབ་ཅེས་བསྒྲུབ་བྱ་དང་། སཱདྷན་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའི་དོན་ནོ། །དབྱེ་བ་ནི། ཐུན་མོང་དང་མཆོག་སྒྲུབ་པ་གཉིས། ཐུན་མོང་ལ་གྲུབ་པ་བརྒྱད། ལས་ཆེན་པོ་བརྒྱད་སོགས་ཤིན་ཏུ་མང་ཞིང་། མཆོག་སྒྲུབ་པའི་ཐབས་ཀྱང་མང་དུ་འབྱུང་མོད། གཙོ་བོ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ་དེའང་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་། གྲུབ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་ལེན་པ་རྣམས་ནི་གཞུང་འདི་ཉིད་ལས་ཀྱང་ས་བཅད་རྒྱས་པར་བསྟན་པའི་མཐར། དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱིས་རིག་འཛིན་མཆོག་དངོས་འགྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་ཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་འབྱུང་ངོ་། །བརྒྱད་པ་འཆིང་བ་ཕྱག་རྒྱ་ནི། དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེས༔ འདའ་དཀའི་ཐུགས་དམ་བརྟན་ཅིང་བསྐུལ༔ ཅེས་གསུངས་ཏེ། ཕྱག་རྒྱའི་ངོ་བོ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ། ངེས་ཚིག་མུ་དྲ་ཞེས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་མཚན་མའི་དོན་གྱིས་སོ། །དབྱེ་ན་རང་བཞིན་གྱི་ཕྱག་རྒྱ། ལྟ་བའི་ཕྱག་རྒྱ། འབྲས་བུའི་ཕྱག་རྒྱ་སོགས་སུ་མཆིས་པ་ལས་འདིར་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་གསུངས་པ་ལྟར་ལག་པའི་ཕྱག་རྒྱ་བཅིངས་པ་དམ་ཚིག་གི་རྒྱ་བཅས་ནས་མདུན་དུ་བཀྲོལ་ཏེ་ཕྲིན་ལས་བཅོལ་བ་ལས་རྒྱ། ཐུགས་ཀར་རང་རང་གི་ས་བོན་གསལ་བཏབ་སྟེ་ངག་ནས་སྔགས་ཚིག་བརྗོད་པ་ཆོས་རྒྱ། ལྷ་སྐུའི་སྣང་བ་གསལ་བ་ཕྱག་རྒྱ་ཆེན་པོ་སྟེ། དེ་དག་ཚུལ་བཞིན་སྦྱར་བས་ཡེ་ཤེས་ལྷ་ཚོགས་རྣམས་ཀྱིས་འདའ་དཀའི་ཐུགས་དམ་བཅས་པ་ལས་མི་འགྱུར་བར་བརྟན་པ་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་བསྐུལ་བར་བྱ་བའོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ནི། གླུ་གར་ཕྱི་ནང་གསང་རྨད་བྱུང༔ བསྟོད་པའི་མཆོད་པས་དགྱེས་པ་བསྐྱེད༔ ཅེས་གསུངས་ཏེ། མཆོད་པའི་ངོ་བོ་ནི། བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཐམས་ཅད་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པ་དང་ཡོ་བྱད་སྟོབ་པའི་སྒོ་ནས་མཉེས་པ་སྒྲུབ་པའོ། །ངེས་ཚིག་པཱུ་ཛ་ཞེས་བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་རོ། །དབྱེ་ན། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། གཉིས་ཀ་ལའང་དམིགས་ཡུལ་ཞིང་དང་འབྲས་བུ། ཡོངས་སུ་བསྔོ་བ། མཆོད་རྫས་དངོས་པོའི་ཁྱད་པར་བཞིར་ཡོད་ཅིང་། བྱེ་བྲག་སྔགས་བླ་མེད་ཀྱི་སྐབས་སུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་གཙོ་བོ་དང་། དེ་ལའང་སྔོན་རྗེས་ཀྱི་དབང་དུ་བྱས་ཏེ་རྣམ་གྲངས་མང་དུ་འབྱུང་བ་ལས། གཞུང་འདིར་མཚོན་ན། སྔོན་འགྲོ་ཐུན་མོང་ཕྱག་རྒྱ་གར། གླུ་ཡེ་ཤེས་ཀྱི་སྒྲ་བརྙན། དངོས་གཞི་ཕྱི་ཉེར་སྤྱོད་ལྔ། ནང་སྨན་གཏོར་རཀྟ། གསང་བ་བྱང་སེམས་ཛ་གད། རྨད་བྱུང་སྦྱོར་སྒྲོལ་ཟུང་འཇུག་རྣམས་ཀྱིས་མཆོད། མཐར་ཆེ་བའི་ཡོན་ཏན་ལ་བསྟོད་པའི་གླུ་ཡིས་དགྱེས་པ་བསྐྱེད་ཅིང་ཐུགས་དམ་བསྐང་བར་གསུངས་སོ། །བཅུ་པ་ཟློས་པ་སྔགས་ནི། བཀོད་པ་སྤྲོ་བསྡུ་མཁའ་མཉམ་པའི༔ བསྙེན་སྒྲུབ་ལས་ཀྱི་བཟླས་པར་བརྩོན༔ ཞེས་གསུངས་ཏེ། བཟླས་པ་སྔགས་ཀྱི་ངོ་བོ་ནི་ཐབས་ཤེས་ཀྱི་ཡི་གེ་དབྱངས་གསལ་གཉིས་འདུས་ཤིང་གྲུབ་པ་བཞིས་བྱིན་གྱིས་བརླབས་པས་ནུས་མཐུ་ཅན་དུ་གྱུར་པའོ། །ངེས་ཚིག་མནྟྲ་ཞེས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་ཏེ། གསང་སྙིང་ལས། བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །དབྱེ་ན་སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ། བྱེ་བྲག་དེ་དག་གི་སྒོར་གྱུར་པ་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་དུ་ཡོད་ཅིང་། དེ་དག་གི་དགོངས་པའི་ཏིང་ངེ་འཛིན་ལ་འཇུག་པ་ན། ཐོག་མར་ལྷའི་ཐུགས་སྲོག་གི་མཐར་སྔགས་ཕྲེང་བཀོད་དེ་བཟླས་པ་ཟླ་བ་སྐར་ཕྲེང་ལྟ་བུ་ཞེས་བསྙེན་པ། སྔགས་ཕྲེང་ཡབ་ཡུམ་ཞལ་ནས་ཞལ་དུ་བརྒྱུད་དེ་འཁོར་བ་འགལ་མེ་ཀླད་བསྐོར་ལྟ་བུ་ཞེས་ཉེ་བསྙེན། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུ་ཞེས་སྒྲུབ་པ། ནམ་མཁའ་དང་མཉམ་པའི་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་སུ་གསལ་བས་བཟླས་པ་བུང་བ་ཚང་ཞིག་གི་ཚུལ་སྒྲུབ་པ་ཆེན་པོ་ལས་ལ་སྦྱོར་བའི་བཟླས་པ་རྣམས་ལ་བརྩོན་པའི་དགོས་པའང། གཞུང་ལས། དེ་ལྟར་བཀོད་པའི་བཟླས་པ་ལ༔ སེམས་བཟུང་སྔགས་ཀྱི་གསལ་སྣང་བསྒྲུབ༔ བདེ་ཆེན་འཁོར་བའི་ཏིང་འཛིན་གྱིས༔ བཟླས་པ་སྔགས་ཀྱི་གཟེར་གདབ་ཅིང༔ འཕྲོ་འདུ་འཕྲོ་འདུ་ཆེན་པོ་ཡིས༔ དག་པ་རབ་འབྱམས་གཟེར་བཏབ་པས༔ ཐ་མལ་སྒྲར་སྣང་སྔགས་སུ་དག༔ དངོས་གྲུབ་རྣམ་གཉིས་ཉེར་རྒྱུར་སྨིན༔ ངག་ལ་ནུས་པའི་རྩལ་རྫོགས་པས༔ གསུང་གི་རྣལ་འབྱོར་གྲུབ་པ་འོ༔ ཞེས་འབྱུང་ངོ་། །བཅུ་གཅིག་པ་རོལ་པ་ཕྲིན་ལས་ནི། གྲུབ་པ་ཞི་རྒྱས་དབང་དྲག་དང༔ མཆོག་གི་ཕྲིན་ལས་དོན་ལ་སྦྱར༔ ཞེས་གསུངས་ཏེ། ཕྲིན་ལས་ཀྱི་ངོ་བོ་ནི་བྱང་ཆུབ་སེམས་དང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ཀརྨ་ཞེས་སྒོ་གསུམ་གྱིས་བསྡུས་པའི་བྱ་བའི་ལས་བྱེད་པ་པོའི་འདོད་པ་ལས་བྱུང་བའོ། །དབྱེ་བ་རྣམ་གྲངས་མང་དུ་མཆིས་ཀྱང་བསྙེན་སྒྲུབ་ཡན་ལག་བཞིས་དོན་དུ་གཉེར་བའི་དངོས་གྲུབ་བརྙེས་པ་དེ་ཉིད་ལས་ལ་སྦྱོར་བའི་གཙོ་བོའི་དབང་དུ་བྱས་ཏེ། ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བ་དང་། འབྱོར་པ་དྲུག་རྒྱས་པ་དང་། མོས་ཚུལ་བཞིས་དབང་དུ་སྡུད་པ་དང་། དགྲ་བགེགས་རྣམས་ལས་ཆེན་བརྒྱད་ཀྱིས་ཚར་གཅོད་པ་དྲག་པོ་དང་། ཡོན་ཏན་དང་ཡེ་ཤེས་བསྐྱེད་པ་མཆོག་གི་ཕྲིན་ལས་ཏེ་རྣམ་པ་ལྔ་ཡི་དོན་ལ་སྦྱར་བར་བྱ་སྟེ། གསང་སྙིང་རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བ། །ལས་ནི་རྣམ་པ་བཞིར་གསུངས་སོ། །ཞེས་ལས་བཞི་ཀུན་ལ་གྲགས་པ་ལྟར་རོ། །དེ་དག་གང་གིས་སྒྲུབ་པའི་ཐབས་ཀྱི་རིམ་པ་ནི། མེའི་ལས་སྦྱིན་སྲེག་སོགས་མང་དུ་འབྱུང་བ་རྣམས་སོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་བསྟན་པ་ནི། དེ་ལྟར་ཤེས་པའི་རྣལ་འབྱོར་པ༔ ཧེ་རུ་ཀ་ཡི་གདུང་འཛིན་ཏོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ་རྣམས་ནི། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་འགྲུབ་པས་དཔལ་ཧེ་རུ་ཀའི་གདུང་རྒྱུད་འཛིན་པ་པོར་འགྱུར་ཞིང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་དངོས་སུ་འགྲུབ་པར་འགྱུར་ཏེ། རྒྱུད་ལས། མཐར་ཕྱིན་སྐུ་དང་ཡེ་ཤེས་ཚོགས། །ཐམས་ཅད་ཡོངས་རྫོགས་འཁྲུལ་པ་མེད། །ཧེ་རུ་ཀ་ཡི་འབྲས་བུ་ཡིན། །ཞེས་སོ། །བཞི་པ་དགོས་འབྲེལ་ནི། བརྗོད་འབྲེལ་དགོས་པ་ཕུན་ཚོགས་པའི༔ རྒྱུད་ཀྱི་སྙིང་པོ་འདི་ཁོ་ན༔ ཞེས་གསུངས་ཏེ། རྒྱུད་ཐམས་ཅད་དགོས་སོགས་ཆོས་བཞི་དང་ལྡན་པས་འདིར་ཡང་བརྗོད་བྱ་གནས་ལུགས་དེ་བཞིན་ཉིད་རང་བཞིན་གྱི་རྒྱུད། རྗོད་བྱེད་ཡི་གེའི་རྒྱུད་སྒྲའི་གཟུགས་སུ་སྣང་ཞིང་གྲགས་པ། རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་གོ་བ་ནི་དགོས་པ། དེ་ལྟར་གོ་ཞིང་ཤེས་པའི་དོན་ཉམས་སུ་བླངས་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ནི་ཉིང་དགོས་སོ། །དེ་ལྟ་བུའི་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དུ་འབྲེལ། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བས་ཕུན་སུམ་ཚོགས་པའི་རྒྱུད་ཀྱི་སྙིང་པོ་ནི་འདི་ཁོ་ན་ལས་གཞན་དུ་མ་བསྟན་པས་རྙེད་པར་དཀའ་བའོ། །ལྔ་པ་གདམས་ཤིང་གཏད་པ་ནི། རང་ཤར་རོལ་པའི་འཁོར་གྱིས་ཟུངས༔ མ་འོངས་དོན་དུ་སྣང་བར་གྱིས༔ ཞེས་གསུངས་ཏེ། བཤད་མ་ཐག་པ་སྒྲུབ་སྡེའི་གསང་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་འདི་ཉིད་ད་ལྟ་དཔལ་ཆེན་པོ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་རང་ཤར་རྣམ་པར་རོལ་པའི་འཁོར་རྣམས་ཀྱིས་ཡིད་ལ་མ་བརྗེད་པར་ཟུངས་ལ། མ་འོངས་སྙིགས་མའི་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་དོན་དུ་སྔོན་སྦྱངས་སྨོན་ལམ་ལས་འཕྲོ་སད་པའི་གང་ཟག་ཆོས་མིག་དང་ལྡན་པ་ལ་སྣང་བར་གྱིས་ཤིག །ཅེས་ཆོས་ཉིད་ཀྱི་རང་སྒྲས་བཀའ་བསྩལ་ཏེ་ཆོས་ཀྱི་དབྱིངས་ཐིག་ལེ་ཆེན་པོ་འོད་གསལ་བའི་ངང་དུ་ཐིམ་ཞིང་འཁྱིལ་བར་གྱུར་ཏོ། །དཔལ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཡང་སྙིང་གི་རྒྱུད་རྫོགས་སོ༔ ས་མ་ཡ༔ ཞེས་པ་ནི་རེ་ཞིག་སྙིང་པོའི་རྒྱུད་འདི་ཉིད་བསྟན་ནས་རྫོགས་པའི་ཐ་ཚིག་གོ །གཉིས་པ་རྒྱུད་དོན་ཉམས་སུ་ལེན་ཚུལ་གྱི་ལུང་བཤད་པ་ལ་གསུམ། འཆད་བྱེད་ཀྱིས་གསུང་ཚུལ། འཆད་བྱའི་ལུང་དངོས། འཆད་ཟིན་པའི་བྱ་བའོ། །དང་པོ་ནི། དེ་ནས་གསང་ཆེན་བཤད་བྱ་བ༔ རིག་འཛིན་བཛྲ་པྲ་དྷརྨཱས༔ རྒྱུད་དོན་ཉམས་སུ་ལེན་པའི་ལུང༔ དགྱེས་པ་ཆེན་པོས་འདི་སྐད་གསུང༔ ཞེས་པ་སྟེ། སྟོན་པ་ཧེ་རུ་ཀས་རྒྱུད་གསུངས་ཟིན་པའི་རྗེས་དེ་ནས་གསང་བ་ཆེན་པོ་བཤད་པར་བྱ་བ་འདི་ནི། རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ་རྒྱུད་འཆད་པ་པོ་དང་ཐུགས་གཉིས་སུ་མེད་ཀྱང་སྡུད་པ་པོའི་རྣམ་པར་བསྟན་པ་བཛྲ་པྲ་དྷརྨཱ་སྟེ་རྡོ་རྗེ་ཆོས་རབ་ཀྱིས། རྒྱུད་ཀྱི་སྙིང་པོའི་དོན་དེ་ཕྱི་རབས་རྣལ་འབྱོར་པས་ཉམས་སུ་ལེན་པའི་ཚུལ་གསལ་བར་བསྟན་པའི་ལུང་འདི་ཉིད་དགྱེས་པ་ཆེན་པོའི་ངང་ནས་འདི་སྐད་དུ་གསུངས་སོ། །གཉིས་པ་འཆད་བྱའི་ལུང་དངོས་ལ་བཞི། ཉམས་སུ་ལེན་ཚུལ་སྤྱིར་གདམས་པ། བསྒྲུབ་བྱའི་གཞི། སྒྲུབ་བྱེད་ཀྱི་ཐབས། བསྒྲུབས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ སྨིན་ཅིང་དག་པའི་རྣལ་འབྱོར་པས༔ དཔལ་མཆོག་བདེ་ཆེན་རྡོ་རྗེའི་ཚིག༔ རྒྱུད་གསུམ་ཡན་ལག་དང་བཅས་པ༔ རྣལ་འབྱོར་ལྔ་ཡིས་བསྒྲུབ་པར་བྱ༔ ཞེས་གསུངས་ཏེ། ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་མདུན་བསུས་ཏེ། འཁོར་དུ་འདུས་པའི་རིག་འཛིན་ཕོ་མོའི་ཚོགས་རྣམས་ཉོན་ཅིག་པར་བསྐུལ་ནས། མ་འོངས་པའི་དུས་ཕྱི་མ། རྩོད་པའི་དུས་ཀྱིའང་ཕྱི་མ་མཐར་ཐུག་སྙིགས་མ་ལྔ་བདོ་བའི་དུས་སུ་སྔོན་སྦྱང་ཅན་གྱི་གང་ཟག་རྒྱུད་སྨིན་ཅིང་དག་པའི་རྣལ་འབྱོར་པ་འགའ་ཞིག་འབྱུང་བར་འགྱུར་བ་རྣམས་ཀྱིས་དཔལ་ཆེ་བའི་མཆོག་བདེ་ཆེན་ཧེ་རུ་ཀས་རྡོ་རྗེའི་ཚིག་ཏུ་གསུངས་པའི་རྒྱུད་གསུམ་ཡན་ལག་དངོས་བཅུ་དང་བཅས་པ་ཉམས་སུ་ལེན་པ་ན་རྣལ་འབྱོར་རྣམ་པ་ལྔ་ཡི་སྒོ་ནས་ཚུལ་བཞིན་བསྒྲུབ་པར་བྱའོ། །གཉིས་པ་བསྒྲུབ་བྱའི་གཞི་ནི། བསྒྲུབ་བྱའི་ལྷ་ནི་སེམས་ཡིན་ཏེ༔ སེམས་ཉིད་དོན་གྱི་ལྷ་སྐུར་བཞུགས༔ ཞེས་གསུངས་ཏེ། གང་བསྒྲུབ་པར་བྱ་བའི་ཡི་དམ་གྱི་ལྷ་ཞེས་བྱ་བ་ནི་རང་གི་སེམས་ཉིད་ཡིན་པས་དེ་ལས་གཞན་དུ་ཚོལ་ཞིང་བསྒྲུབ་པར་བྱ་བ་མ་མཆིས་ཏེ། སེམས་ཀྱི་གནས་ལུགས་རང་བཞིན་འོད་གསལ་བ་ཉིད་ཡེ་གདོད་མ་ནས་རང་བྱུང་རང་ཤར་དོན་དམ་པའི་ལྷ་སྐུ་བདེ་སྟོང་ཕྱག་རྒྱ་ཆེན་པོར་བཞུགས་པ་སྟེ། རྒྱུད་ལས། སེམས་ལ་ཀུན་འབྱུང་བདེ་གཤེགས་སེམས། །རང་ལས་སངས་རྒྱས་གཞན་ན་མེད། །ཅེས་སོ། །གཉིས་པ་སྒྲུབ་བྱེད་ཀྱི་ཐབས་ལམ་བསྟན་པ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་སྒྲུབ་པའོ། །དང་པོ་སྐུ་ནི། དེ་ཉིད་ལམ་དུ་བསླང་བའི་ཕྱིར༔ རྟགས་ཀྱི་ཕྱག་རྒྱ་གསལ་གདབ་ཅིང༔ ཏིང་འཛིན་རྩེ་གཅིག་གཟེར་ཆེན་གདབ༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ། གདོད་མའི་རང་གནས་ཀྱི་ལྷ་དཔལ་ཆེན་པོ་དེ་ཉིད་ལམ་དུ་བསླངས་ནས་མངོན་དུ་བྱ་བའི་ཕྱིར༔ བསྐྱེད་པའི་རིམ་པ་ཚུལ་བཞིན་ལྡན་པས་བརྡ་དོན་རྟགས་གསུམ་དང་ལྡན་པའི་ལྷའི་ཕྱག་རྒྱ་གསལ་གདབ་ཅིང་ཡིད་གཞན་དུ་མ་ཡེངས་པར་ཏིང་འཛིན་རྩེ་གཅིག་པས་དམིགས་པའི་གཟེར་ཆེན་གདབ་དགོས་པ་ནི། རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་བསྒྲུབ་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ཞེས་སོགས་དང་གཟེར་བཞི་འདེབས་ཚུལ་དང་དགོས་དོན་རྒྱས་པར་གསུངས་ཏེ། བསྐྱེད་རིམ་སྐབས། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཡུལ་གསུམ་གྱད་དུ་གྱུར་པ་དང་། །དཔལ་ཆེན་ཧེ་རུ་དངོས་དང་མཇལ། །ཞེས་སོགས་གསུངས་ཏེ། དེ་ལྟ་བུས་སྒོམ་པས་ལྷར་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་དང་ལྡན་པས་རིམ་པ་དང་ཡན་ལག་རྫོགས་ཏེ་སྐུ་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གཉིས་པ་གསུང་ནི། སྒྲུབ་པའི་གཞུང་བསྲང་བཀོད་དང་ཁྱོགས༔ སྤྲོ་བསྡུས་ལས་སྦྱར་ཅིར་སྣང་ཀུན༔ ལྷ་དང་སྔགས་ཀྱི་རྒྱས་བཏབ་པས༔ གསུང་གི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཅེས་གསུངས་ཏེ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བསྐྱེད་པའི་རིམ་པ་གྲུབ་ནས། གསུང་བཟླས་པའི་རྣལ་འབྱོར་བཀོད་པ་དང་ཁྱོགས་སམ་དོ་ལིའི་བཟླས་པ་དང་། སྤྲོ་བསྡུའི་དམིགས་པས་ལས་ཀྱི་རིམ་པར་སྦྱར། ཅིར་སྣང་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་ཤེས་པའི་རྒྱས་སྙིང་པོའི་གཟེར་གདབ་དགོས་ཏེ། རྒྱུད་ལས། སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླ། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་བསྐོར། །གསལ་བའི་འཕྲོ་འདུ་སྲོག་སྔགས་བགྲང་། །དེ་ཚེ་དཔལ་བྱོན་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོར། །ཞེས་བཟླས་པ་སྔགས་ཀྱི་གཟེར་དང་། འཕྲོ་འདུའི་གཟེར་ནི་དམིགས་པ་ཡི། །བསྒྱུར་ཁ་ཤེས་ན་འདོད་དགུར་བསྒྱུར། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །ཞེས་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གདབ་པས་གསུང་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་དག་ཐམས་ཅད་དུའང་། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་གྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་དྲར་གོལ། །ཅེས་པས་དགོངས་པ་མི་འགྱུར་བའི་གཟེར་གདབ་པ་ཤིན་ཏུ་གལ་ཆེ་སྟེ། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་དྲ་ཡང་། །ལོགས་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ །གསལ་ལ་མ་འགག་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ །ཞེས་སོགས་ལྷ་ཚོགས་གཙོ་འཁོར་སེམས་ལས་བྱུང་ཞིང་སེམས་ཉིད་ཡེ་ནས་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་ལས་གང་དུ་གཡོས་པ་མེད་པའི་དོན་དྲན་པར་བྱའོ། །གསུམ་པ་ཐུགས་ནི། རྡོ་རྗེའི་རླུང་བཟླས་སེམས་ལ་དམིགས༔ སྒྱུ་མར་བལྟ་ཞིང་འོད་གསལ་བསྡུ༔ ཟུང་འཇུག་ཆེན་པོའི་རྩལ་སྦྱངས་པས༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་བརྟེན་ནས་ལུས་དབེན་དང་། རྡོ་རྗེའི་རླུང་གི་བཟླས་པས་ངག་དབེན་སྒྲུབ་པ་སྔགས་ཀྱི་རིམ་པ། སེམས་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་སེམས་དབེན་སྒྲུབ་པ་སེམས་ཀྱི་རིམ་པ། དག་པ་དང་མ་དག་པའི་སྣང་བ་ཐམས་ཅད་ཉིན་དང་མཚན་དུ་སྒྱུ་མར་བལྟ་ཞིང་སྦྱོང་བ་སྒྱུ་ལུས་ཀྱི་རིམ་པ། ཉམས་དང་རྟོགས་པའི་འོད་གསལ་སྦྱང་ཞིང་དངོས་དང་ཡིད་རིག་གིས་བོགས་དབྱུང་བ་འོད་གསལ་གྱི་རིམ་པ། སྟོང་པའི་དབྱིངས་སུ་བསྡུ་ཞིང་སྣང་བའི་ངང་དུ་ལྡང་བས་རྣམ་པ་ལྷ་སྐུ་ངོ་བོ་རྟོག་མེད་འོད་གསལ་ངང་གིས་ཤར་བ་ཟུང་འཇུག་གི་རིམ་པ་བཅས་རྫོགས་པའི་རིམ་པ་ལྔ་པོས་ཐུགས་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཞི་པ་ཡོན་ཏན་ནི། དད་དང་བརྩོན་འགྲུས་བརྟུལ་ཞུགས་ཅན༔ ཕན་ནུས་ཟབ་མོའི་དབང་གི་ཆུས༔ སྦྱངས་ཤིང་སྨིན་པའི་ཐབས་ཆེན་པོས༔ ཡོན་ཏན་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་རྣལ་འབྱོར་དེ་དག་རྣམས་ལ་འཇུག་པའི་ཐོག་མར་དབང་བསྐུར་བས་རྒྱུད་སྨིན་པར་བྱ་དགོས་ཏེ། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །ཟབ་མོའི་རིམ་པ་བསྐུར་བར་བྱ། །ཞེས་འབྱུང་བ་ལྟར། སློབ་མ་དད་པ་དང་བརྩོན་འགྲུས་དང་བརྟུལ་ཞུགས་ཅན་ལ་རིམ་པར་བདག་དོན་དུ་ཕན་པའི་དབང་། བདག་གཞན་གཉིས་ཀའི་དོན་དུ་ནུས་པའི་དབང་། གོང་མའི་ཡེ་ཤེས་སྐྱེད་པའི་དོན་དུ་ཟབ་མོའི་དབང་སྨིན་པ་བར་མ་ཆད་པའི་ཆུ་བོས་རྒྱུད་སྦྱོང་ཞིང་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་ཆེན་པོ་དང་ལྡན་པས་ཡོན་ཏན་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལྔ་པ་ཕྲིན་ལས་ནི། ཞི་རྒྱས་དབང་གི་སྦྱོར་བ་དང༔ ཁྱད་པར་གདུག་ཅིང་གཏུམ་པའི་ཡུལ༔ ལས་དྲུག་སྒོ་ནས་ཚར་བཅད་པས༔ ཕྲིན་ལས་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ། གོང་དུ་བསྟན་པའི་དོན་རྣམས་རྟོགས་ཤིང་གོམས་པའི་སྦྱོར་བས་རྣལ་འབྱོར་གྲུབ་པ་ན་བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པས་ལས་ལ་སྦྱོར་བ་ནི། མི་མཐུན་ཉེས་པའི་ཚོགས་ཞི་བ་དང། མཐུན་རྐྱེན་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། འདོད་པའི་དོན་བདེ་བླག་ཏུ་བྱེད་པ་དབང་གི་སྦྱོར་བ་དང་། ཁྱད་པར་ཞི་བ་སོགས་ཀྱིས་མི་ཐུལ་བ་ཞིང་བཅུ་ཚང་བའི་དགྲ་བགེགས་གདུག་པའི་བསམ་པ་དང་གཏུམ་པའི་སྦྱོར་བ་རྩུབ་མོ་འཆང་བ་བསྒྲལ་བའི་ཡུལ་དུ་གྱུར་པ་རྣམས་དྲག་པོའི་ལས་དྲུག་གིས་ཚར་བཅད་པ་སྟེ་ཕྲིན་ལས་རྣམ་པ་བཞི་གང་ལ་གང་འདུལ་གྱི་འཁོར་ལོ་བསྐོར་བས་ཕྲིན་ལས་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གསུམ་པ་བསྒྲུབས་འབྲས་ནི། དེ་ཡིས་ཐུན་མོང་ལས་ཀུན་འགྲུབ༔ མཆོག་ཏུ་རིག་འཛིན་རྣམ་པ་བཞིས༔ སློབ་པའི་ཟུང་འཇུག་མཐར་ཕྱིན་ནས༔ མི་འགྱུར་རྟག་པའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་ཇི་སྐད་བཤད་པ་དེ་རྣམས་འབད་པས་ཉམས་སུ་བླངས་པས་གནས་སྐབས་ཐུན་མོང་གི་ཕྲིན་ལས་ཇི་ལྟར་འདོད་པ་ཀུན་འགྲུབ་ཅིང་། མཐར་ཐུག་མཆོག་གི་དངོས་གྲུབ་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་བཅས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞིས་སློབ་པའི་ཟུང་འཇུག་མཐར་ཕྱིན་ནས།མི་སློབ་པའི་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདུས་མ་བྱས་རྟག་པ་དམ་པ་གཉིས་སུ་མེད་པའི་གོ་འཕང་མཐར་ཐུག་འགྲུབ་པར་འགྱུར་རོ། །གསུམ་པ་འཆད་ཟིན་མཇུག་གི་བྱ་བ་ནི། དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ནར་སྒྲུབ་པར་གྱིས༔ ཞེས་གསུངས་རིག་འཛིན་འདུས་པའི་འཁོར༔ ཤིན་ཏུ་དགྱེས་པས་ཡི་རང་ངོ་༔ ས་མ་ཡ༔ ཞེས་གསུངས་ཏེ། རྒྱུད་དོན་ཉམས་སུ་བླངས་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པ་དེའི་ཕྱིར་ན་མ་འོངས་ཕྱི་རབས་སུ་རིམ་པར་འབྱུང་བའི་སྐལ་ལྡན་སྒྲུབ་པ་པོ་རྣམས་ཀྱིས་རྒྱུ་མཚན་ཤེས་པས་བློ་སྣ་རྩེ་གཅིག་ཏུ་དྲིལ་ནས་སྒྲུབ་སྡེའི་ཡང་སྙིང་གཅིག་དྲིལ་འདི་ཉིད་ཁོ་ན་སྒྲུབ་ཅིང་ཉམས་སུ་ལོན་པར་གྱིས་ཤིག །ཅེས་རྗེས་སུ་གདམས་པ་གསུངས་པ་ལ་རིག་པ་འཛིན་པ་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་འདུས་པའི་འཁོར་རྣམས་ཤིན་ཏུ་དགྱེས་པས་འདོད་པའི་དོན་འབྲས་མཐར་ཕྱིན་པས་ཡིད་ཚིམས་ཤིང་ངོམས་པར་གྱུར་པའི་དོན་དང་། ས་མ་ཡ༔ ཞེས་སྐལ་མེད་ལ་མི་སྤེལ་པའི་དམ་ཚིག་གི་རྒྱས་བཏབ་པའོ། །རྩ་བའི་གསུམ་པ་བཀའ་བབས་པའི་ཚུལ་ནི། དེ་ལྟར་ཟབ་རྒྱས་རྒྱུད་ཀུན་དང༔ ཁྱད་པར་སྙིང་པོའི་རྒྱུད་ལུང་འདི༔ དཔལ་ཆེན་དགྱེས་པས་བྱིན་བརླབས་ཤིང༔ ཀུན་འདུས་རིག་འཛིན་པདྨ་ལས༔ བོད་ཀྱི་རྣལ་འབྱོར་བདག་གིས་ཐོབ༔ དཔེ་རྒྱུད་རྒྱས་པར་བྲིས་པའི་གཞུང༔ གཞན་དུ་སྤེལ་བར་བློས་མ་ཐོངས༔ སྒྲུབ་སྡེ་སྙིང་པོའི་བསྟན་པའི་བཙས༔ ལྷ་རྩེའི་བྲག་ལ་གཏེར་དུ་གཏམས༔ སྙན་བརྒྱུད་སྙིང་པོའི་མན་ངག་འདི༔ ང་སྤྲུལ་སྒྱུ་མའི་སྐྱེས་བུའི་དོན༔ ཀློང་གསལ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ དགོངས་པས་བྱིན་བརླབས་གཏེར་དུ་བརྡོལ༔ རྩོལ་བ་མེད་པར་གཏན་ཕབ་ནས༔ རང་གཞན་དོན་གཉིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་འབྱུང་བའི་དོན་ནི་གོ་སླ་ལ། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་བཅོ་ལྔ་པར་གྲུབ་ཐོབ་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་ཤིང་ཐུགས་ཏིག་གི་ཆོས་སྐོར་ཡོངས་རྫོགས་དགོངས་པའི་ཀློང་དུ་བརྡོལ་ཀྱང་རིང་དུ་གསང་བ་མཐར་ཕྱིན་པར་མཛད་ནས་ཕྱིས་དགུང་གྲངས་ཞེ་བརྒྱད་པར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ་རྩ་བའི་ཆོས་སྐོར་སྤེལ། རིམ་པར་ཡན་ལག་གི་ཆོས་སྡེ་རྣམས་གཏན་ལ་ཕབ་ནས་རྒྱུད་བཤད་ཁྲིད་ཡིག་སོགས་ཡིག་ཆའི་ཞབས་འདེགས་ཞུ་དགོས་པ་རྡོ་རྗེའི་གསུང་གིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བཤད་རྒྱུན་ལ་ཕན་པར་འགྱུར་བའི་ལྷག་བསམ་གྱིས། འབྲུ་འགྲེལ་མདོར་བསྡུས་ཙམ་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པའོ། །སྙིགས་དུས་སྐལ་དམན་འདམ་གྱི་ཁྲོད་སྐྱེས་ཀྱང་། །སངས་རྒྱས་པདྨའི་ཞལ་སྐྱིན་ཉི་ཟེར་གྱིས། །སྨིན་པའི་ཡུལ་གྱུར་པདྨོའི་དཔལ་མཚུངས་པ། །འདི་ཀོ་སྔོན་དགེའི་རྩ་བ་བརྟན་པར་ངེས། །ས་བོན་འདི་ལས་འབྲས་བུ་ཆེར་རྒྱས་ནས། །སྒྲུབ་སྡེའི་རྒྱུད་བཤད་ཆུ་རྒྱུན་ཉག་ཕྲ་བ། །ཆར་ཆེན་གྱིས་གསོས་དབྱར་དུས་ཆུ་ཀླུང་ལྟར། །འཕེལ་ཞིང་རྒྱས་པས་གསང་བསྟན་རབ་གསལ་ཤོག །དགེ་ལེགས་འཕེལ།། །།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་སྐོར་ལས་བྱུང་བའི་དྲང་སྲོང་མེ་ལྷའི་བཀའ་གཏད་ཕྱག་ལེན་གྱིས་བརྒྱན་པ་ (Volume 42, Text 22)

༄༅། །དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་སྐོར་ལས་བྱུང་བའི་དྲང་སྲོང་མེ་ལྷའི་བཀའ་གཏད་ཕྱག་ལེན་གྱིས་བརྒྱན་པ་བཞུགས། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། འོད་གསལ་མེ་ལྕེས་སྒྲིབ་ཚོགས་ཀྱི། །བུད་ཤིང་ཟ་བའི་མདངས་འོད་ནི། །ཕྲིན་ལས་མྱུར་སྒྲུབ་དྲང་སྲོང་གི །སྲེག་བླུགས་ལས་ལ་དབང་བྱེད་བཤད། །ལས་བཞིའི་སྦྱིན་སྲེག་བྱེད་པ་ལ་མེད་དུ་མི་རུང་ཡང་ཀུན་ལ་དཀོན་པ་དྲང་སྲོང་མེ་ལྷའི་བཀའ་གཏད་རིག་འཛིན་མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་བྱོན་པ་འདི་ལ་གཞུང་གི་དགོངས་པ་ལྟར་ན། མདུན་བསྐྱེད་སྒྲུབ་ཅིང་སྲེག་རྫས་འབུལ་དུ་གཞུག་པ་ཁོ་ན་ཙམ་ཡིན་ཡང་། བླ་མའི་ཕྱག་བཞེས་སུ་གནམ་ཆོས་བཀའ་གཏད་སྤྱི་འགྲོའི་མཐར་སྲེག་བླུགས་ཀྱི་རྗེས་གནང་མཛད་པས་དེ་ལྟར་ན། མཎྜལ་ཚོམ་བུ་བཞི་བཀོད་པའི་སྟེང་དུ་ལས་བཞིའི་གཏོར་མའམ་གཏོར་མ་གཅིག་ལ་མཐེབ་ཀྱུས་བསྐོར་བ། སྐུ་ཙཀ །ཕྱག་མཚན་གྱི་ཙཀླི །ནས་ཐེབ་གང་། མཆོད་པ་བཅས་བཤམས་ལ། བདག་ཉིད་ཡི་དམ་གྱི་ལྷར་གསལ། སྤྲོ་ན་ཆོས་སྐྱོང་སྤྱིའི་ལས་བྱང་ནང་དུ་མངོན་རྟོགས་བཙུད། བསྡུ་ན། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་མདུན་དུ་མེ་ལྷ་ལས་བཞིའི་མདོག་ཅན། ཞི་རྒྱས་དབང་དྲག་གི་ཉམས་ཅན། གཡས་རིལ་བ་དང་གཡོན་མེ་ཐབ་འཛིན་པ། ར་སྐྱེས་ཁམ་པ་ལ་ཞོན་པར་གྱུར། ཅེས་སྐད་ཅིག་གིས་དམ་ཡེ་དབྱེར་མེད་དུ་བསྐྱེད་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་སློབ་མར་ཁྲུས་དང་མཎྜལ་ཕུལ་བ་ནས་བརྩམ། ཕྱག་མཚན་གཏད་པའི་བར་དྷེ་རུ་པ་ནས་བྱུང་བའི་ཆོས་སྐྱོང་སྤྱིའི་སྲོག་གཏད་ཁ་བསྒྱུར་ཏེ་བྱས་པའི་མཐར། མེ་ཐབ་ཚོམ་བུ་བཞིའི་ཁར། བུད་ཤིང་འཛོམས་ན་ལས་བཞི་སོ་སོའི་རྒྱུ་དང་དབྱིབས་སུ་བརྩིགས་པ། མི་འགྲུབ་ན་ཤིང་སྐམ་ཟླུམ་པོར་བརྩིགས་པ་དང་། ཕྱེ་མར་སློབ་མའི་མདུན་དུ་བཞག་ལ་མེ་སྦར། སྟོང་པའི་ངང་ལས་ཧཱུྃ་ལས་ཐབ་ཁུང་ནི། །ཕྲིན་ལས་བཞི་ཡི་མཚན་ཉིད་ཡོངས་རྫོགས་དབུས། །པདྨ་ར་སྐྱེས་གདན་ལ་རཾ་ཡིག་ལས། །མེ་ལྷ་ལས་བཞིའི་མདོག་ཅན་ཞལ་གཅིག་པ། །ཕྱག་གཉིས་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །གཡས་པས་རིལ་བ་གཡོན་པས་མེ་ཐབ་འཛིན། །མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བ། །དམ་ཚིག་ཡེ་ཤེས་དབྱེར་མེད་གསལ་བར་གྱུར། །བསྲེག་རྫས། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། བསྲེག་རྫས་བདུད་རྩིའི་རང་བཞིན་ཕུལ་བས་མེ་ལྷ་མཉེས་ནས་ཁྱེད་རང་རྣམས་ལ་ཕྲིན་ལས་བཞིའི་དངོས་གྲུབ་སྟེར་ཞིང་ཁོལ་པོ་བྱེད་པར་མོས་ཤིག །ཨོཾ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འབར་བཅས་སྐུ་ནི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཅན་ལས་ལ་བརྩོན། །སྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཕྱེ་མར་མེ་ནང་དུ་ཕུལ་གཞུག་ལ་སྔགས་ལྷན་ཅིག་བརྗོད། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་གསུམ། ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་སྭཱ་ཧཱ། ལས་བཞིའི་མེ་ལྷས་སློབ་མ་འདི་ལ་བསྲུང་བ་དང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། བཛྲ་མུཿ མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། དམ་ཚིག་ཁས་བླང་དང་མཎྜལ་སོགས་སྤྱི་ལྟར་བྱ། མདུན་བསྐྱེད་མི་དམིགས་པར་བཞག་ཅིང་དགེ་བསྔོ་བྱ་བ་ལས་རྗེས་ཆོག་གཞན་མི་དགོས་སོ། །གྲུབ་རྟགས་འཕྲལ་དུ་འདོད་ན་ཡང་། །སྒྲུབ་ཐབས་ཚུལ་བཞིན་མི་བྱེད་པ། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །ཀུན་གྱིས་བརྟེན་ནས་ལས་འགྲུབ་ཤོག །ཅེས་པའང་པདྨ་གར་དབང་རྩལ་གྱིས་ཉེར་མཁོའི་བཙས་སུ་ལག་ལེན་གསལ་བར་བྲིས་པ་དགེ་ལེགས་འཕེལ།། །།

གཏེར་ཁ་བཞི་འདུས་ཀྱི་ཚེ་སྒྲུབ་བདུད་རྩི་བུམ་ཆུང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ (Volume 19, Text 22)

༄༅། །གཏེར་ཁ་བཞི་འདུས་ཀྱི་ཚེ་སྒྲུབ་བདུད་རྩི་བུམ་ཆུང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བཞུགས་སོ། །ཚེ་སྒྲུབ་བདུད་རྩི་བུམ་ཆུང་བཞུགས་སོ།། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཚེ་སྒྲུབ་ཟབ་མོ་བརྒྱ་སྟོང་ལས༔ ཚེགས་ཆུང་དོན་ཆེའི་མན་ངག་བསྡུས༔ ཡང་ཟབ་འགྲུབ་མྱུར་དོན་འདྲིལ་བ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དམ་ཆོས་སྒྲུབ་པའི་གང་ཟག་གིས༔ ཚེ་ཡི་བར་ཆད་བསལ་བའི་ཕྱིར༔ སྒྲུབ་པ་འདི་ལ་འཇུག་པར་གྱིས༔ ཧྲཱི༔ སྟོང་པའི་ངང་ལས་རང་ཉིད་ནི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་རྒྱབ་ཡོལ་ཅན༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འོད་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི༔ ཚེ་ཡི་དངོས་གྲུབ་ཐམས་ཅད་བསྡུས༔ རང་གི་ལུས་ལ་ཐིམ་པར་གྱུར༔ ཚེ་ཡི་སྙིང་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞག་རེ་ལ་ནི་བརྒྱ་བརྒྱད་བཟླ༔ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ ཚེ་སྲོག་ཡུན་དུ་བརྟན་པར་འགྱུར༔ འདས་ཚེ་ནུབ་ཕྱོགས་བདེ་ཅན་དུ༔ འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ མི་བསྟན་སྙིང་གི་དཀྱིལ་དུ་བཅང༔ དེ་ནས་དམིགས་པ་འདི་བསྒོམ་སྟེ༔ རང་གི་སྙིང་གི་དཀྱིལ་དུ་ནི༔ ཚེ་ཡི་བདག་པོ་ཤེལ་འདྲ་བ༔ ཡབ་ཡུམ་སྦྱོར་བ་བྱས་པ་ཡིས༔ དྭངས་མ་དཀར་དམར་རྒྱུན་བབས་ནས༔ སྙིང་དཀྱིལ་ལུས་ནི་གང་བ་ཡིས༔ ཚེ་དང་བཀྲག་མདངས་རྒྱས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ སླར་ཡང་སྔགས་ནི་ཅུང་ཟད་བཟླ༔ རྗེས་སུ་མི་དམིགས་རྒྱ་ཡིས་གདབ༔ ཞག་རེར་ཐུན་རེ་ངེས་པར་ཆོག༔ ནད་གདོན་ཚེ་ཡི་བར་ཆད་ནི༔ དུས་རྣམས་ཀུན་ཏུ་འབྱུང་མི་འགྱུར༔ དུས་མིན་ཚེ་ཡི་བར་ཆད་ནི༔ འབྱུང་བའི་དྭངས་མ་འཁྲུགས་པ་ཡིས༔ ཚེ་ཡི་བར་ཆད་བྱེད་པ་ཡིན༔ དེས་ན་དམིགས་པ་འདི་བསྒོམས་ན༔ རྒྱུན་དུ་འབྱུང་བ་མི་འཁྲུགས་པས༔ ལོ་བརྒྱའི་བར་དུ་འཆི་མི་འགྱུར༔ བསྐལ་པ་དུས་ཀྱི་ཐ་མ་ལ༔ མི་རྣམས་ཚེ་ཐུང་སྙིང་རུས་ཆུང༔ དེ་དུས་ཚེགས་ཆུང་བསྒྲུབ་སླ་མྱུར༔ བྱ་སླ་དོན་ཆེའི་གདམས་པ་འདི༔ ཚེ་སྒྲུབ་ཀུན་གྱི་དོན་བསྡུས་པས༔ བདག་འདྲ་པདྨས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཚེ་སྒྲུབ་བདུད་རྩི་བུམ་ཆུང་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་གཏེར་ཁ་བཞི་ནས་ཚིག་དོན་མཐུན་པར་བྱོན་པས་རྒྱུན་ཁྱེར་ཉམས་སུ་བླང་ན་ཤིན་ཏུ་ཟབ་ཅིང་ཁྱེར་བདེ་ལ། མགོ་མཇུག་ཏུ་སྐྱབས་སེམས་དང་སྨོན་ལམ་སྤྱི་ལྟར་བྱའོ། །མདུན་བུམ་སྒྲུབ་པ་དང་དབང་ཆོག་སངས་གླིང་གཏེར་ཁ་ནས་འབྱུང་བ་ལྟར་ལག་ཏུ་ལེན་པར་འདོད་ན། སྟེགས་ཀྱི་ཁར་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་ལྷ་མཚན་ཅན་ནམ། ཚོམ་བུ་གཅིག་བཀོད་པའི་ཁར་བུམ་པ་ཉེར་ལྔའི་བཅུད་དང་ཆས་ཀྱིས་སྤྲས་པ་བཀོད་པའི་མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར། མཐར་ཕྱི་ནང་གི་མཆོད་པས་བསྐོར། ཐོག་མར་སྐྱབས་སེམས། བགེགས་བསྐྲད། སྲུང་འཁོར། མཆོད་པ་བྱིན་རླབས་བཅས་སྤྱི་འགྲོ་བཏང་ལ་གོང་སྨོས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་མདུན་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཿདམར་པོ་ལས༔ མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་འཛིན་པ༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པའི་གནས་གསུམ་ཡི་གེ་གསུམ་དང༔ སྤྱི་གཙུག་འོད་དཔག་མེད་བཞུགས་པར་གྱུར༔ སྤྱན་འདྲེན་པ་ནི། ཧྲཱི༔ ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ༔ གཟུགས་སྐུ་མཛེས་ཞལ་འཇའ་ཚོན་ལྟ་བུའི་སྐུ༔ དཔག་མེད་ཚེ་ཡི་མགོན་པོ་དབྱིངས་ནས་བཞེངས༔ ཐུགས་རྗེ་ཆེན་པོས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཧཱུྃ༔ ཞེས་སྤྱན་དྲངས་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ་ས་མ་ཡེ་ཧཱུྃ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཕྱག་འཚལ་བ་ནི། སངས་རྒྱས་བྱེ་བ་དུ་མ་ཡི༔ གསུང་མཐར་སྙིང་པོ་ལྟར་གྱུར་ཏེ༔ དཔག་མེད་ཚེ་ཡི་བཅུད་མངའ་བའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷཱ་ཡ༔ མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པ་ནས། ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པའི་བར་དང། ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མཆོག་དྲི་མ་མེད་པའི་སྐུ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསུང་མཆོག་དྲི་མ་མེད་པའི་གསུང༔ མཁའ་དང་མཉམ་པའི་གསུང་མངའ་བ༔ མཉམ་ཉིད་གསུང་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཐུགས་མཆོག་དྲི་མ་མེད་པའི་ཐུགས༔ མཁའ་དང་མཉམ་པའི་ཐུགས་མངའ་བ༔ མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༔ རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས༔ དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ༔ ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཡན་ལག་བདུན་པ་བྱ། སྤྲོ་ན་བཟང་སྤྱོད་ཡན་ལག་བདུན་པ་ཚང་བར་བྱ། གསོལ་བ་འདེབས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ མགོན་པོ་ཚེ་དཔག་ཏུ་མེད་པས་བདག་གི་ཚེ་བྱིན་གྱིས་བརླབ་ཏུ་གསོལ༔ བདག་གི་ཚེ་བསྲིང་བར་མཛད་དུ་གསོལ༔ བདག་ལ་ཚེའི་དབང་བསྐུར་དུ་གསོལ༔ བདག་ལ་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། བཟླས་པ་ནི། རང་དང་མདུན་གྱི་མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་ཨཿདམར་པོ་ལ་གཟུངས་སྔགས་ཀྱིས་བསྐོར་བར་གྱུར༔ སྔགས་ཀྱི་འོད་ཟེར་བདག་གི་ཞལ་ནས་ཐོན་ཅིང་མདུན་གྱི་མགོན་པོའི་ཞལ་དུ་ཞུགས༔ མགོན་པོའི་ཐུགས་ཀར་འཁོར༔ སྐུ་ལ་བདེ་བའི་མཆོད་པ་ཕུལ༔ སླར་འོད་ཟེར་ཚུར་བྱུང་རང་གི་་སྙིང་གར་ཐིམ༔ བདག་གི་ཚེ་ལ་གནོད་པའི་གདོན་བགེགས་དང་སྡིག་སྒྲིབ་ཐམས་ཅད་དག་ནས་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ ཅེས་མོས་ཤིང་བདག་བསྐྱེད་སྐབས་ཀྱི་སྔགས་དང་ཚེ་གཟུངས་ཨོཾ་གསུམ་མ་ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ནས་མཆོད་བསྟོད་མདོར་བསྡུས་བྱའོ། །བུམ་པ་བསྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཏྲཱཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པར་བཾ་ལས་བདུད་རྩིའི་རྒྱ་མཚོའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཿདམར་པོ་ལས༔ ཞེས་པ་ནས་བཟླས་པའི་བར་མདུན་བསྐྱེད་ལྟར་ལ། བཟླས་པའི་འགོར་གཟུངས་ཐག་ལེན། སྔགས་ཚེ་གཟུངས་ཨོཾ་གསུམ་མ་ཁོ་ན་ལས་བདག་བསྐྱེད་བསྙེན་པ་བཟླ་མི་དགོས། མཐར་བྱང་གཏེར་ལྕགས་སྡོང་མ་ལྟར། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབས་བདག་ལ་དངོས་གྲུབ་སྩོལ༔ འབྱུང་བ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཅེས་དང་མཆོད་བསྟོད་སྔར་ལྟར་བྱ། དབང་བསྐུར་སྐབས་བུམ་ལྷ་འོད་ཞུ་མི་བྱེད་པར་ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་ཏིང་འཛིན་གྱི་དབང་བླངས་ནས་དབང་བསྐུར་ལ་འཇུག །འདི་ཉིད་ཆེད་དུ་བསྒྲུབ་པའི་སྐབས་བུམ་བཟླས་གྲུབ་ནས། བུམ་པའི་ལྷ་བདུད་རྩི་དཀར་པོར་ཞུ་ནས་བུམ་པ་གང་བུམ་པའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྟ་མགྲིན་བཞུགས་པས་སྲུང་བར་གྱུར་པར་བསམ་ལ་རྗེས་ཀྱི་རིམ་པ་གསང་བ་སྤྱི་ལྟར་བྱའོ། །འདིའི་སྒོ་ནས་དབང་བསྐུར་ན། སློབ་མ་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས། སེམས་བསྐྱེད་གསལ་གདབ། དེའང་མགོན་པོ་ཚེ་དཔག་མེད་དང་དབྱེར་མི་ཕྱེད་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་སྔོན་དུས་བོད་ཡུལ་ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོ་དང་། མ་འོངས་སྙིགས་མའི་འགྲོ་ལ་བརྩེ་བས་དགོངས་ཏེ་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསུངས་ཤིང་། གཏེར་གནས་རྣམས་སུ་སྦས་པར་མཛད་པ་ལས། ཆེས་མཆོག་ཏུ་གྱུར་པ་འགའ་ཞིག་དགོས་པ་ཁྱད་པར་ཅན་ལ་གཟིགས་ནས་གཏེར་ཁ་མང་དུ་སྦས་པར་མཛད་པའི་ནང་ནས། ཚེ་སྒྲུབ་ཟབ་པའི་ཡང་སྙིང་འདི་ཉིད་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་དྲངས་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆ་ལག་ཡོངས་རྫོགས་རྣམ་པ་གསུམ་གྱི་ནང་ཚན་ཚེ་ལྷ་ཡོངས་རྫོགས་ཀྱི་ནང་སྒྲུབ་དང་། པདྨ་ལས་འབྲེལ་རྩལ་གྱི་དྭགས་ལུང་ཁྲ་མོ་བྲག་ནས་དྲངས་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་གི་ཚེ་སྒྲུབ་དང་། རིག་འཛིན་པདྨ་གླིང་པའི་གཏེར་བྱོན་རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཆ་ལག་ཚེ་སྒྲུབ་གསང་འདུས་རིན་པོ་ཆེ་དང་། ཨོ་རྒྱན་སངས་རྒྱས་གླིང་པས་དབུ་རི་ནག་པོའི་གདོང་པུ་རི་ཕུག་མོ་ཆེ་ནས་བཞེས་པའི་ཐུགས་རྗེ་ཆེན་པོ་ནང་ནོར་བུ་ལུགས་ཀྱི་ཆ་ལག་གི་ཚེ་སྒྲུབ་བདུད་རྩི་བུམ་ཆུང་དང་བཞི་པོ་ཚིག་གཅིག་ཀྱང་ཁྱད་མེད་པར་བྱུང་བའི་ཟབ་ཆོས་ཤིན་ཏུ་ངོ་མཚར་ཅན་ལས་སྔ་མ་གསུམ་ལ་སྒྲུབ་ཐབས་ཁོ་ན་དང་། སངས་རྒྱས་གླིང་པའི་གཏེར་བྱོན་དུ་བུམ་སྒྲུབ་དང་དབང་བཅས་བྱུང་བས་དེ་ལྟར་དབང་བསྐུར་བ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་སོགས་ཅི་རིགས་བརྗོད་པས་མཚམས་སྦྱར་ཏེ་མཎྜལ་དབུལ་དུ་གཞུག །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ༔ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ ལན་གསུམ། སྐྱབས་སེམས་རྒྱུན་བཤགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་སྟེ་རྒྱུན་བཤགས་གང་རུང་སྤྱི་ལྟར་བྱ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཨཿཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ལོངས་སྤྱོད་རྫོགས་སྐུའི་རྣམ་པའི་གནས་གསུམ་ཡི་གེ་གསུམ་དང་། སྤྱི་གཙུག་ན་འོད་དཔག་མེད་བཞུགས་པ་དེའི་ཐུགས་ཀར་ཚེ་དཔག་མེད་དཀར་པོ་ཤེལ་འདྲ་བ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་དྭངས་མ་དཀར་དམར་བབས་པས་ལུས་ཐམས་ཅད་གང་བས་ཚེ་དང་བཀྲག་མདངས་རྒྱས་པར་གསལ་བའི་ཐུགས་སྲོག་ཧྲཱིཿདང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་པ་དང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྗོད་ལ་སྤོས་རོལ་དང་བཅས་སྒྲུབ་ཐབས་ཀྱི་སྤྱན་འདྲེན་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩ་སྔགས་དང་། ཨོཾ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བཟླས་པས་བྱིན་དབབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱས་ཏེ། ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་ཚེ་འགུགས་པའི་དམིགས་པ་སྤྱི་ལྟར་གསལ་བཏབ་སྟེ་བྱང་གཏེར་ལྕགས་སྡོང་མའི། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སོགས་བརྗོད། བུམ་པ་ཐོགས་ལ། དེ་ནས་ཚེ་དབང་དངོས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བུམ་ནང་གི་ཚེ་དཔག་མེད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་གི་ལུས་ཀྱི་ནང་དཀར་ལྟེམས་ཀྱིས་གང་། ཚེ་ལ་གནོད་པ་ཐམས་ཅད་བསལ་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་དང༔ ཐེག་ཆེན་སྔགས་ཀྱི་བྱིན་རླབས་ཀྱིས༔ མི་མཐུན་དྲི་མ་སེལ་བྱེད་དུ༔ བདུད་རྩིའི་བུམ་པས་དབང་བསྐུར་བས༔ ཉེས་པའི་སྐྱོན་དང་ཡོངས་བྲལ་ཏེ༔ བདེ་ཆེན་ཕུན་སུམ་ཚོགས་པར་ཤོག༔ སྐལ་ལྡན་འདི་ལ་བཀྲ་ཤིས་པས༔ སྙིང་པོ་ཚེ་ཡི་བཀྲ་ཤིས་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་མི༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་གཟུངས་བརྗོད་ཅིང་བུམ་པ་མགོར་བཞག་སྟེ་བུམ་ཆུ་བླུད་པར་བྱའོ། །ཚེ་འབྲང་ཐོགས་ལ། ཁྱེད་རང་གི་སྤྱི་གཙུག་ཏུ་ཚེ་འབྲང་དང་གཉིས་སུ་མེད་པའི་ཚེ་དཔག་མེད་དཀར་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་ཞིང་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་འདི༔ ཚེ་དཔག་མེད་ཀྱི་དཔལ་ལས་བྱུང༔ བཀྲ་ཤིས་འཆི་མེད་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་ལ་སྤྱི་བོར་བཞག །ཚེ་རིལ་དང་ཚེ་ཆང་སྤྲོ་ན་སོ་སོའི་ཚིགས་བཅད་སྤྱི་ལྟར་དང་བསྡུ་ན་རྩ་སྔགས་བཟླ་བཞིན་དུ་བྱིན་ནས་རྒྱས་གདབ་པ་ནི། དེ་ལྟར་ཚེ་དབང་བསྐུར་པས་ལུས་ཀྱི་ནང་འཆི་མེད་བདུད་རྩིས་གང་བའི་བཅུད་དང་དྭངས་མ་ཐམས་ཅད་སྙིང་གའི་ཧྲཱིཿཡིག་ལ་སིབ་ཀྱིས་ཐིམ། ལུས་ཀྱི་ཕྱི་ནས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བ་ཆེན་པོར་གྱུར་པར་མོས་ཤིག །ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་རེག་ལ། ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཚད་མེད་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་རྟ་མགྲིན་དབང་གི་རྒྱ༔ བདུན་པ་རྩེ་གཅིག་སེམས་ཀྱི་རྒྱ༔ རྒྱ་བདུན་རིམ་གྱིས་བཏབ་པ་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་རཀྵ་ཧཱུྃ༔ ཞེས་བརྗོད། དེ་ནས་སྤྲོ་ན་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བཅས་སྤྱི་ལྟར་བསྐུར་ཞིང་ཤིས་པ་བརྗོད། མཇུག་ཏུ་དམ་ཚིག་ཁས་ལེན་མཎྜལ་ཡོན་འབུལ་རྣམས་དང་སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ཀྱང་གོང་སྨོས་ལྟར་བྱས་པས་འགྲུབ་བོ། །ཞེས་པའང་ཤིན་ཏུ་ཟབ་ཅིང་ཉམས་སུ་བླང་བདེ་བས་རང་གཞན་ལ་ཕན་བདེ་འབྱུང་བའི་བཙས་སུ་མཐོང་ནས་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་འཆི་མེད་གྲུབ་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འགྲོ་འདུལ་ཕྲིན་ལས་ཀྱི་སྐབས་སུ་མཁོ་བའི་སྨྲེ་བཤགས་དང་ཀློང་བཤགས་ (Volume 59, Text 22)

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འགྲོ་འདུལ་ཕྲིན་ལས་ཀྱི་སྐབས་སུ་མཁོ་བའི་སྨྲེ་བཤགས་དང་ཀློང་བཤགས་བཞུགས་སོ། །ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་འཇམ་པའི་དབྱངས༔ དྲི་མེད་གསེར་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས༔ ཇི་ལྟར་མཁའ་ལ་ཉི་འོད་འབུམ་བརྡལ་བཞིན༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལྷམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས༔ སྡིག་པའི་ལས་རྣམས་ཅི་བྱས་རང་གནོང་འགྱོད༔ དར་ཞིང་དྲགས་པའི་ལས་དབང་དེ་བཙན་པས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་པ་འཐིབས་པས་ཤེས་རབ་ལྡོངས༔ འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང༔ ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རཱུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས༔ ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ༔ ཉེ་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔོན་གང་ན་བཞུགས༔ ལས་དབང་དྲག་པོ་རབ་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྱམས༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན༔ གང་གིས་ཕྱི་བཤོལ་དུས་ལས་མ་བཞེངས་པར༔ ད་ལྟ་ཉིད་དུ་བརྟུན་ཏེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་པའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་གྱི༔ སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད༔ དོན་གྱིས་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཆུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ སྡིག་པའི་ལས་རྣམས་བྱམས་མགོན་ཁྱེད་ལ་བཤགས༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་ཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ ༄། དེ་ནས་ཆོས་ཉིད་ཀློང་བཤགས་ནི། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་བལྟ་བ་ཡོངས་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་བལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་ཉོན་རེ་མོངས༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་བལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་བལྟ་བ་ཐང་རེ་ཆད༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་བལྟ་བ་ཡོང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་བཤགས༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་བལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རྩོལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ༔ ཡོད་དང་མེད་པར་བལྟ་བ་ཉོན་རེ་མོངས༔ རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་བལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམའ་མེད་པ་ལ༔ སྟེང་འོག་གཉིས་སུ་བལྟ་བ་སྙིང་རེ་རྗེ༔ མཐོ་དམའ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་བལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན༔ མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ནི་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་ཆོས་ཉིད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཅན་རྣམས༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ མངྒ་ལཾ།། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ་ (Volume 29, Text 22)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ་བཞུགས་སོ།། ཚད་མེད་ཐུགས་རྗེའི་གཟི་བྱིན་གྱིས། །སྡིག་ལྟུང་མུན་པའི་དཔུང་འཇོམས་པ། །རྩ་གསུམ་འདུས་ཞལ་བླ་མ་རྗེར། །བཏུད་ནས་བཤགས་སྐོང་གསལ་བྱེད་དགོད། །དགོངས་གཏེར་འཕགས་མའི་སྙིང་ཐིག་གི་སྒོས་སྒྲུབ་ཀྱི་བྱེ་བྲག་འཆི་མེད་རིག་འཛིན་རྣམ་གསུམ་གྱི་ཕྲིན་ལས་དང་འབྲེལ་བར་བཤགས་སྐོང་བགྱིད་པར་སྐབས་སུ་བབས་པ་ན། སྦྱོར་བ་རིག་འཛིན་བླ་མའི་སྣང་བརྙན་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུའི་སྟེང་། དཀྱིལ་འཁོར་གཞི་མཐིང་ག་ལ་པདྨ་འདབ་བརྒྱད་ལྟེ་བར་གཙོ་བོའི་སྐུའམ་ཕྱག་མཚན་བྲི། མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་གང་རུང་བཀྲམ་པའི་དབུས་སུ། འཕྲུལ་སྟེགས་ལ་ཀ་པཱ་ལ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བའི་ལྟེ་བར་ཨཿ དེ་རྒྱབ་སྔགས་འཁོར་བྲིས་པས་བཀབ་པའི་སྟེང་དུ་ཤེལ་རྡོོ་བཞག་པ་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྟེན་དུ་མཚོན་པའོ། །དེ་རྒྱབ་འབྱོར་ན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། སྨན། དཔལ་གཏོར། རཀྟ་རྣམས་རེ་རེ་བཞིན་བརྒྱ་རྩས་བསྐོར་ཏེ་བཤམ། མ་འབྱོར་ན། མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྲུང་མའི་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པ་རྣམས་དང་། ཚོགས་ཀྱི་ཡོ་བྱད་ཇི་ལྟར་འབྱོར་པ་རྒྱ་ཆེར་འདུ་བྱའོ། །དངོས་གཞི་ལ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔོན་འགྲོ་ནས་བརྩམ་བསྟོད་པའི་བར་དུ་བཏང་། དེ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སརྦ་གུ་རུ་མཎྜ་ལ་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་པར༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཛཔ྄་ལ་བསྐུལ་པ་ནི། ཨོཾ༔ བློ་འདས་འོད་གསལ་དབྱིངས་ཀྱི་གཞལ་ཡས་སུ༔ རིག་པ་ཚད་ཕེབས་བླ་མའི་དཀྱིལ་འཁོར་ཤར༔ ཉམས་སྣང་གོང་འཕེལ་སྤྲུལ་པའི་ཚོགས་དང་བཅས༔ ཆོས་ཉིད་མངོན་སུམ་གྲགས་སྟོང་སྔགས་ཀྱི་སྒྲ༔ རང་བྱུང་ཛཔ྄་ཀྱིས་རྡོ་རྗེའི་ཡེ་ཤེས་བསྐུལ༔ ཏིང་འཛིན་དགོངས་པ་མཉམ་ཉིད་ཕྲིན་ལས་ཀྱིས༔ ཉམས་ཆག་རྟོག་སྒྲིབ་ཀ་དག་དབྱིངས་སུ་ཞི༔ ལྷུན་གྲུབ་རིག་རྩལ་རྒྱས་པར་མཛད་དུ་གསོལ༔ བཟླས་དམིགས། ཨོཾ་ཨཱཿཧཱུྃ་བཛྲ་སོགས་ལས་བྱང་ལྟར། ངང་ནས་བཟླ༔ བར་གྱིས་གསལ་བཏབ་ལ་རྩ་བའི་བཟླས་པ་ཅི་ནུས་དང་མཐར་རུ་ལུ་བཏགས་པའང་ཅི་རིགས་བཟླ། ཤེས་ཤིང་སྤྲོ་ན་རུ་ལུ་ཕྲ་འགྱུར་སོགས་ཀྱི་ཛཔ྄་དབྱངས་བླང་། སྟོང་ཚིགས་མཆོད་བསྟོད་བྱ། སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བཅས་གྲུབ་ནས། བཤགས་ཡུལ་གསལ་གདབ་པ་ནི། སྙིང་ཁའི་འོད་དང་རྡོ་རྗེའི་གླུས༔ ནམ་མཁའ་གང་བའི་རྒྱལ་བ་རྣམས༔ རྩ་གསུམ་ཞི་ཁྲོའི་རྣམ་པར་བཞེངས༔ མདུན་གྱི་རྟེན་དང་དབྱེར་མེད་གྱུར༔ སྤྱན་དྲང་ཞིང་སྙན་གསན་དབབ་པ་ནི། ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཚང་བ་བརྗོད། ཆོ་གའི་དངོས་གཞི་ལ་གཉིས། བཤགས་པ་དང་། སྐོང་བའོ། །དང་པོ་ལ། ལུས་དང་ལོངས་སྤྱོད་ངག་ཡིད་དང༔ ཐུན་མོང་ཉམས་ཆག་བཤགས་ཤིང་སྐོང༔ ཞེས་ལྔ་ལས། དང་པོ་ལུས་ཀྱི་སྒོ་ནས་ཕྱག་འཚལ་ནས་ཉམས་ཆག་བཤགས་པ་ནི། ཨོཾ་ཨཱཿཧཱུྃ། ཡིད་དང་ཆོས་སུ་འཛིན་པའི་སེམས། །ནང་གསལ་ཆེན་པོར་ཐིམ་པ་ལས། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་བདག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །གདོད་ནས་ཡོངས་གྲུབ་གཉུག་མའི་སྐུ། ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་མཚན་དཔེའི་རྣམ་རོལ་ཅན། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །གང་གི་རང་བཞིན་ནམ་མཁའ་ལྟར། །ཟབ་ཞི་སྤྲོས་པ་ལས་འདས་ཀྱང་། །སྙིང་རྗེས་གཟུགས་ཀྱི་སྐུར་བཞེངས་པ། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །འོད་གསལ་སྣང་བཞི་མཐར་སོན་པས། །སྙིང་པོའི་བསྟན་པའི་ཉི་མ་ཆེ། །གནས་ལྔ་རིག་པའི་པཎྜི་ཏ། །འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ། །གཟུང་འཛིན་དབུ་མར་ཐིམ་པའི་རྩལ། །ཚོགས་བརྒྱད་དག་པའི་དུར་ཁྲོད་དུ། །རང་གྲོལ་བརྟུལ་ཞུགས་སྤྱོད་པ་མཛད། །ཤྲཱི་སིཾ་ཧ་ལ་ཕྱག་འཚལ། །ཤེས་བྱ་རབ་འབྱམས་ཀུན་མཁྱེན་ཅིང་། །ཟབ་མོའི་དོན་ལ་མཉམ་བཞག་པས། །སྡེ་གསུམ་ཀློང་དགུའི་དེ་ཉིད་གཟིགས། །ཛྙཱ་ན་སུ་ཏྲ་ལ་ཕྱག་འཚལ། །རགས་པའི་ཕུང་ཁམས་སྐྱེ་མཆེད་ཀུན། །ཆོས་ཉིད་དབྱིངས་སུ་ཟད་ནས་སླར། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་པ། །བི་མ་མུ་ཏྲ་ལ་ཕྱག་འཚལ། །གདོད་མའི་མགོན་པོ་འོད་མཐའ་ཡས། །སིནྡྷུའི་དྭངས་མཚོར་མངོན་སྣང་བ། །དུས་གསུམ་རྒྱལ་བའི་ཕྲིན་ལས་པ། །པདྨ་ཐོད་ཕྲེང་ལ་ཕྱག་འཚལ། །གཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །གྲུབ་རིགས་རྒྱ་མཚོའི་སྤྱི་མེས་ཆེ། །རྗེ་འབངས་འདུས་པ་ལ་ཕྱག་འཚལ། །གནས་བརྟན་ལྡང་མ་ལྕེ་བཙུན་ཆེ། །པདྨ་ལས་འབྲེལ་རྩལ་ལ་སོགས། །བཀའ་གཏེར་སྙིང་ཐིག་བསྟན་པའི་བདག །རིག་འཛིན་བརྒྱུད་པ་ལ་ཕྱག་འཚལ། །ཕྱི་ནང་གྲུབ་མཐའ་རྒྱ་མཚོ་དང་། །ཟབ་མོའི་གནས་ལུགས་མངོན་གྱུར་པ། །ཡོངས་རྫོགས་བསྟན་པའི་ཤིང་རྟ་མཆོག །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །ཆེས་ཆེར་སྙིགས་མའི་དུས་སུ་ཡང་། །འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་ཉི་བཞིན་གསལ་མཛད་པ། །རྩ་བརྒྱུད་བླ་མ་ལ་ཕྱག་འཚལ། །གདོད་ནས་མངོན་པར་སངས་རྒྱས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་སླད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་དཀྱིལ་འཁོར་ཆེན་པོ་སྟེ། །དེ་སླད་ཞི་ཁྲོ་རབ་འབྱམས་ཀྱི། །བདག་ཉིད་གཅིག་ཏུ་གྱུར་ལ་འདུད། །འཇུག་དང་ལྡང་བའི་སྲོག་རྩོལ་རླུང་། །མི་ཤིགས་ནཱ་དར་དེངས་པ་ལས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་སྤྲིན། །བསམ་མི་ཁྱབ་པར་སྤྲོ་ལ་འདུད། །མཁྱེན་པས་ཤེས་བྱའི་མཐར་ཁྱབ་ཅིང་། །དམིགས་མེད་བརྩེ་བའི་གཞན་དབང་གི །ནུས་པས་འགྲོ་ཀུན་སྒྲོལ་མཛད་པའི། །ཐུགས་རྗེ་བསམ་མི་ཁྱབ་ལ་འདུད། །གང་མཚན་ལན་གཅིག་དྲན་པས་ཀྱང་། །སྲིད་ཞིའི་འཇིགས་པ་ཀུན་འཕྲོག་ཅིང་། །ཕན་བདེའི་འདོད་དགུ་སྦྱིན་མཛད་པའི། །ཡོན་ཏན་ལྷུན་གྱིས་གྲུབ་ལ་འདུད། །སེམས་ཅན་རྣམས་ཀྱི་ཁམས་དབང་དང། །བསམ་པའི་ཁྱད་པར་ལེགས་གཟིགས་ནས། །ཇི་བཞིན་གཞན་གྱི་དོན་མཛད་པའི། །ཕྲིན་ལས་ཕ་མཐའ་ཡས་ལ་འདུད། །ཧཱུྃ༔ རང་རིག་རང་ཤེས་འཁྲུལ་པ་བྲལ༔ མཉམ་ཉིད་ངང་ལས་ཡེ་ཤེས་ཤར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ༔ མི་རྟོག་དབྱེར་མེད་དགོངས་པ་ལ༔ ཡེ་ཤེས་ལྔ་ཡི་འོད་མདངས་གསལ༔ རིགས་ལྔ་བདེ་བར་གཤེགས་པ་ལ༔ ཉོན་མོངས་དག་ཕྱིར་ཕྱག་འཚལ་ལོ༔ དབྱིངས་ཀྱི་ངང་ལས་བསྐྱེད་པའི་རྒྱུ༔ ཡེ་ཤེས་ལྔ་ཡི་གྲོགས་སུ་ཤར༔ དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ༔ འབྱུང་བ་དག་ཕྱིར་ཕྱག་འཚལ་ལོ༔ ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས༔ འགྲོ་བའི་དོན་དུ་རང་ཤར་བའི༔ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ༔ རྣམ་ཤེས་དག་ཕྱིར་ཕྱག་འཚལ་ལོ༔ ཡེ་ཤེས་ངང་ལས་ཡོན་ཏན་རྫོགས༔ ཅི་འདོད་དངོས་གྲུབ་ཆར་ལྟར་འབེབ༔ མཆོད་པའི་ལྷ་མོ་བརྒྱད་རྣམས་ལ༔ ཡུལ་དུས་དག་ཕྱིར་ཕྱག་འཚལ་ལོ༔ གདུག་པ་འདུལ་མཛད་དཔའ་བོའི་སྐུ༔ བདག་ཏུ་འཛིན་པའི་སྐྱོན་དང་བྲལ༔ ཏ་ཀྲྀཏ་སྒོ་བ་བཞི་རྣམས་ལ༔ ལོག་ལྟ་དག་ཕྱིར་ཕྱག་འཚལ་ལོ༔ བྱམས་དང་སྙིང་རྗེ་དགའ་བ་དང༔ བཏང་སྙོམས་བཞི་ཡིས་འགྲོ་དོན་མཛད༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་ལ༔ རྟག་ཆད་དག་ཕྱིར་ཕྱག་འཚལ་ལོ༔ རྟོག་པ་དྲུག་ལས་འཁོར་བ་དྲུག༔ མ་རིག་དབང་གིས་བྱུང་བ་རྣམས༔ ཐུགས་རྗེས་འདུལ་མཛད་ཐུབ་དྲུག་ལ༔ འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ༔ ཧཱུྃ༔ ཀུན་ཏུ་བཟང་པོ་རིག་པའི་རྩལ༔ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ༔ དུག་ལྔ་མ་སྤང་མཐར་ཕྱིན་པའི༔ ཧེ་རུ་ཀ་ལ་ཕྱག༴ དབྱིངས་ལས་སྐུར་བཞེངས་ཐབས་ཤེས་སྦྱོར༔ ཁྲོ་མོ་ཡུམ་ལ་ཕྱག༴ ཐུགས་ལས་སྤྲུལ་པའི་གསང་ཆེན་མོ༔ ཁྲོ་མོ་བརྒྱད་ལ་ཕྱག༴ ཟ་བྱེད་མཆེ་གཤོག་ཕོ་ཉ་མོ༔ ཕྲ་མེན་བརྒྱད་ལ་ཕྱག༴ འགུག་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་མ་བཞི་ལ་ཕྱག༴ འཇིག་རྟེན་ཆ་ལུགས་སྤྲུལ་པ་མོ༔ དབང་ཕྱུག་མ་ལ་ཕྱག་འཚལ་ལོ༔ གཞན་ཡང་ཕྱོགས་བཅུ་དུས་བཞི་ཡི། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །ཡི་དམ་ཌཱ་ཀིའི་ཚོགས་བཅས་ལ། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །དངོས་དང་ཡིད་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །སྲིད་པ་མཐར་བྱས་དེ་སྲིད་དུ། །དཔལ་མགོན་བླ་མ་མཉེས་པར་བགྱི། །འཁོར་བ་ཐོག་མ་མེད་པ་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །རང་བཞིན་མཚན་མ་མ་དམིགས་པའི། །འོད་གསལ་གཉུག་མའི་ངང་དུ་བཤགས། །འཕགས་དང་སོ་སོ་སྐྱེ་བོ་ཡི། །རྣམ་དཀར་དགེ་བ་ཇི་སྙེད་པར། །མི་ཕྱེད་མཆོག་ཏུ་དང་བའི་བློས། །དགའ་ཞིང་རྗེས་སུ་ཡི་རང་ངོ་། །འགྲོ་བའི་སྒྲོན་མེ་ཐམས་ཅད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ལུང་དང་རྟོགས་པར་འབྲེལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཐོག་མར་སྐྱེ་བ་མ་མཆིས་པས། །མཐར་གྱིས་གང་དུ་འགག་པར་འགྱུར། །དེ་སླད་ཕྱོགས་བཅུའི་འདྲེན་པ་ཀུན། །རྟག་པ་རྒྱུན་དུ་བཞུགས་གསོལ་འདེབས། །དེ་ལྟར་བསགས་ལས་བྱུང་བས་མཚོན། །བསོད་ནམས་ཇི་སྙེད་མཆིས་པ་ཀུན། །འཁོར་གསུམ་མཚན་མ་ལས་འདས་ངང་། །ཟག་མེད་ཆོས་དབྱིངས་ཆེན་པོར་བསྔོ། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཀུན། །ཐེག་མཆོག་ལམ་བཟང་སྟོན་མཁས་པའི། །དཔལ་ལྡན་བླ་མའི་ཞབས་པདྨོ། །མཉེས་པ་གསུམ་གྱིས་བསྙེན་ནུས་ཤོག །དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་འཆི་བ་རྗེས་དྲན་ཞིང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །ལས་འབྲས་བླང་དོར་བརྩོན་པར་ཤོག །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །སྒྲིབ་སྦྱོང་ཚོགས་གཉིས་རྫོགས་བྱེད་པའི། །ཟབ་མོའི་རྣལ་འབྱོར་མཐར་ཕྱིན་ཤོག །ཁྱད་པར་མོས་གུས་བླ་མའི་ལམ། །རྟག་ཏུ་རྩེ་གཅིག་བསྒོམ་པ་དང་། ཁྱེད་ཤེས་དད་པས་གསོལ་བཏབ་མཐུས། །ཐུགས་རྒྱུད་བྱིན་རླབས་འཕོ་བར་ཤོག །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བཞི། །དབང་བཞིའི་བདུད་རྩིས་རབ་སྨིན་ཅིང་། །སྡོམ་པ་གསུམ་གྱི་བསླབ་བྱ་ལས། །ནམ་ཡང་ཉམས་མེད་སྲུང་ནུས་ཤོག །སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་དག །སྒྲར་གྲག་རྡོ་རྗེའི་སྔགས་སུ་རྫོགས། །རྟོག་ཚོགས་བདེ་སྟོང་ཟུང་འཇུག་པའི། །ཡེ་ཤེས་ཆེན་པོར་སྨིན་པར་ཤོག །འཁོར་དང་མྱ་ངན་འདས་པ་ཡི། །རུ་ཤན་ཕྱི་ནང་ལེགས་ཕྱེ་ནས། །སྒོ་གསུམ་རྣལ་དབབ་སོར་གཞུག་པའི། །སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་ཤོག །ཀ་དག་མངོན་སུམ་རིག་པའི་ངང་། །ལྷུན་གྲུབ་སྣང་བཞིའི་རྣལ་འབྱོར་གྱིས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གྲོང་། །གདོད་མའི་བཙན་ས་ཟིན་པར་ཤོག །གཞན་ཡང་ཕྱི་ནང་མི་མཐུན་པའི། །འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །ཆོས་མཐུན་བསམ་སྦྱོར་འགྲུབ་པར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །འགྲོ་རྣམས་གནས་སྐབས་མཐར་ཐུག་ཀུན། །ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །ཚེ་ཡི་མཐར་ཡང་རིག་འཛིན་དང་། །ཌཱ་ཀིའི་ཚོགས་ཀྱིས་མདུན་བདར་ནས། །དག་པའི་ཞིང་དུ་དབུགས་དབྱུང་ཞིང་། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །མདོར་ན་ས་བཅུ་ལམ་ལྔ་ཀུན། །བླ་མའི་དྲིན་གྱིས་མྱུར་ཐོབ་ནས། །མི་གནས་མྱ་ངན་འདས་པའི་སར། །ཡིད་ཅན་རྒྱ་མཚོ་འགོད་པར་ཤོག །ཅེས་བླ་མ་ཡི་དམ་ལ་ཕྱག་འཚལ་ཡན་ལག་བདུན་པ་སྨོན་ལམ་བཅས་བྱ། གཉིས་པ་ལོངས་སྤྱོད་མཆོད་སྤྲིན་གྱི་སྒོ་ནས་བཤགས་པ་ནི། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་དག་ཅིང་གཙང་ལྡན་ཡེ་ཤེས་ཀྱི་རོལ་པ་མཁའ་ཁྱབ་ཏུ་འཆར་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་རིགས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པ་ཙམ་མམ། རྒྱས་པར་སྤྲོ་ན། མཆོད་རྫས་ཞེས་པའི་མལ་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་སོ་སོར་སྦྱར་བ་དང་། སྔགས་རྣམས་ཀྱང་སོ་སོར་ཕྲལ་ལ་འབུལ། གསུམ་པ་ངག་གི་སྒོ་ནས་བཟླས་པས་བཤགས་པ་ནི། ཨ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ དཔལ་ལྡན་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གིས་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་ལས་མི་ཉུང་བ་བཟླ། མཇུག་ཏུ་བཤགས་སྡོམ་རྒྱས་པར་སྤྲོ་ན། ཨོཾ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །སོགས་རུ་ཏྲའི་སྨྲེ་བཤགས་བརྗོད། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྤྱི་ལྟར་རྗེས། བླ་མ་རྡོ་རྗེ་སེམས་དཔས་དགྱེས་བཞིན་འཛུམ་པ་དང་བཅས་སྡིག་ལྟུང་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པས་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་བརྗོད་ཅིང་བསམ། བཞི་པ་ཡིད་ཀྱི་སྒོ་ནས་ལྟ་བས་བཤགས་པ་ལ་གཉིས། ཆོས་ཉིད་ཀློང་བཤགས་བྱ་བ་དང་དགོངས་པ་བསྐྱང་བའོ། །དང་པོ་ནི། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ལས་འབྱུང་བ་ནི། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་པ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡིན༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་གྲོལ་ཁོར་ཡུག་འདི༔ ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་སྒོམ་པ་མཐོལ་ལོ་བཤགས༔ ཆོས་དབྱིངས་བརྡལ་བའི་ཡོ་ལང་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིང་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ འཐོབ་བྱ་འཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང༔ ཁྱབ་བདལ་ནམ་མཁའི་ཁོར་ཡུག་ལ༔ དྲན་པས་བཟུང་དང་མ་བཟུང་མེད༔ དྲན་པའི་སྒྲོག་བཅིངས་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་ཀློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་ཀློད་མཐོལ་ལོ་བཤགས༔ རིས་མེད་སྟོང་པ་ནམ་མཁའི་སྲང༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་རྩོལ་སྡུག་བཙིར་མཐོལ་ལོ་བཤགས༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་ཀློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང༔ སྨིག་རྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་བཤགས༔ མི་རྟོག་གནས་པའི་འཁོར་ཡུག་ངང༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ སྟོང་ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ་བཤགས༔ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱི་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ་བཤགས༔ ཐོས་བསམ་འབད་རྩོལ་སྒོམ་པ་དང༔ མི་སྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ གཏོང་གཞིག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་ཀློད་ངོ་བལྟ་ལ་སོགས་དང༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལམ༔ བྱར་མེད་ཀ་དག་ཀློང་དུ་བཤགས༔ མ་བྱས་དགེ་ལ་རྗེས་ཡི་རང༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་བར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ གཉིས་པ་ནི། གྲུབ་ཆེན་མེ་ལོང་རྡོ་རྗེའི་སྙིང་ཐིག་སོགས་ལས་འབྱུང་བ་ནི། ཨ༔ འཁོར་འདས་དབྱེར་མེད་བྱང་ཆུབ་སེམས༔ གཞི་མེད་རྩ་བྲལ་རྫོགས་ཆེན་དོན༔ བརྗོད་བྲལ་བློ་འདས་ཆེན་པོ་ལ༔ ཉམས་དང་བཤགས་པའི་མཁན་པོ་མེད༔ ཡེ་སྲུང་ཐིག་ལེ་ཉག་གཅིག་པུ༔ སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ༔ རང་ཤར་ལྷུན་གྲུབ་ཆོས་ཉིད་སྐུ༔ དེ་ལྟར་རྟོགས་ན་བཤགས་པའི་རྒྱལ༔ ཞེས་ཐེག་མཆོག་རྫོགས་པ་ཆེན་པོའི་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞིའི་ངེས་དོན་གྱི་དགོངས་པ་བསྐྱང་ཞིང་། འཿཨཿཤཿསཿམཿཧ༔ ཞེས་རྡོ་རྗེའི་སྔགས་ཚིག་ཅི་རིགས་བཟླ། ལྔ་པ་ཐུན་མོང་ཉམས་ཆག་ཐམས་ཅད་བཤགས་པ་ནི། ཨོཾ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་པས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་བས་དམ་ཚིག་འདྲེས༔ གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་བཤགས༔ ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཞེས་སྤྱི་བཤགས་ཀྱི་ཐུན་མོང་དུ་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་པས་ཤིན་ཏུ་དག་པའི་ངེས་ཤེས་བསྐྱེད་དོ། །གཉིས་པ་སྐོང་གི་ཆོ་ག་ལ། སྨན་གཏོར་རཀྟ་མར་མེ་དང༔ རྨད་བྱུང་ཚོགས་ཀྱིས་སྐོང་བ་འོ༔ ཞེས་ལྔ་ལས་དང་པོ་བདུད་རྩི་སྨན་གྱིས་སྐོང་བ་ནི། ཨ༔ ཐ་མལ་རྟོག་པའི་བྷཉྫ་རུ༔ ལྷར་སྣང་ཕྱག་རྒྱའི་བདུད་རྩིས་གཏམས༔ སྣང་སྟོང་དབྱེར་མེད་དམ་ཚིག་གིས༔ སྐུ་ཡི་རྡོ་རྗེའི་ཐུགས་དམ་བསྐང༔ འགྲོ་འོང་རླུང་གི་བྷཉྫ་རུ༔ བཟླས་པ་སྔགས་ཀྱི་བདུད་རྩིས་གཏམས༔ གྲགས་སྟོང་དབྱེར་མེད་དམ་ཚིག་གིས༔ གསུང་གི་རྡོ་རྗེའི་ཐུགས་དམ་བསྐང༔ དྲན་བསམ་འཁྲུལ་པའི་བྷཉྫ་རུ༔ མ་འཁྲུལ་གཉུག་མའི་བདུད་རྩིས་གཏམས༔ རིག་སྟོང་དབྱེར་མེད་དམ་ཚིག་གིས༔ ཐུགས་ཀྱི་རྡོ་རྗེའི་ཐུགས་དམ་བསྐང༔ རང་སྣང་བདུད་རྩིའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་ཨ་མྲྀཏ་ཁཱ་ཧི༔ གཉིས་པ་དམར་ཆེན་རཀྟས་བསྐང་བ་ནི། ཨ༔ ལུས་ཁམས་རྩ་ཡི་ཀ་པཱ་ལར༔ བྱེད་རྩོལ་བསྒྲལ་པའི་རཀྟས་གཏམས༔ གསལ་སྟོང་ཆེན་པོའི་དམ་ཚིག་གིས༔ སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང༔ སྲོག་རྩོལ་རླུང་གི་ཀ་པཱ་ལར༔ འབྱུང་འཇུག་བསྒྲལ་པའི་རཀྟས་གཏམས༔ མི་ཤིགས་ནཱ་དའི་དམ་ཚིག་གིས༔ ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ དཀར་དམར་ཐིག་ལེའི་ཀ་པཱ་ལར༔ འཕོ་ཆགས་བསྒྲལ་པའི་རཀྟས་གཏམས༔ བདེ་བ་ཆེན་པོའི་དམ་ཚིག་གིས༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༔ རང་གསལ་རཀྟའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་རཀྟ་ཁཱ་ཧི༔ གསུམ་པ་ལོངས་སྤྱོད་གཏོར་མས་བསྐང་བ་ནི། ཨ༔ ལུགས་འབྱུང་ཐིག་ལེའི་གཏོར་གཞོང་དུ༔ ཟག་བཅས་དགའ་བཞིའི་གཏོར་ཚོགས་བཤམས༔ བརྟུལ་ཞུགས་རོལ་པའི་དམ་ཚིག་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ལུགས་ལྡོག་ཐིག་ལེའི་གཏོར་གཞོང་དུ༔ ཟག་མེད་དགའ་བཞིའི་གཏོར་ཚོགས་བཤམས༔ ལྷན་ཅིག་སྐྱེས་པའི་དམ་ཚིག་གིས༔ ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང༔ མི་ཤིགས་ཐིག་ལེའི་གཏོར་གཞོང་དུ༔ བྱར་མེད་བློ་འདས་གཏོར་ཚོགས་བཤམས༔ བླ་མེད་མཆོག་གི་དམ་ཚིག་གིས༔ བླ་མ་རྒྱ་མཚོའི་ཐུགས་དམ་བསྐང༔ རང་བྱུང་གཏོར་མའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་བ་ལིཾ་ཏ་ཁཱ་ཧི༔ བཞི་པ་སྣང་གསལ་མར་མེས་བསྐང་བ་ནི། ཨ༔ ཀ་ཏི་ཤེལ་ཀྱི་ཀོང་བུ་རུ༔ སྟོང་པའི་ཡེ་ཤེས་མར་མེ་སྦར༔ མངོན་སུམ་ཉམས་སྣང་དམ་ཚིག་གིས༔ གཞི་གྲོལ་སྤྲུལ་སྐུའི་ཐུགས་དམ་བསྐང༔ བརྡལ་ཁྱབ་འོད་ཀྱི་ཀོང་བུ་རུ༔ གསལ་བའི་ཡེ་ཤེས་མར་མེ་སྦར༔ ཚད་ཕེབས་ཆེན་པོའི་དམ་ཚིག་གིས༔ གཞི་སྣང་ལོངས་སྐུའི་ཐུགས་དམ་བསྐང༔ བྱ་རྩོལ་བྲལ་བའི་ཀོང་བུ་རུ༔ ཟུང་འཇུག་ཡེ་ཤེས་མར་མེ་སྦར༔ ཆོས་ཟད་གདོད་མའི་དམ་ཚིག་གིས༔ གཞི་དབྱིངས་ཆོས་སྐུའི་ཐུགས་དམ་བསྐང༔ རང་གྲོལ་མར་མེའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་དཱི་པཾ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ དེ་ལྟར་དབང་བཞིའི་དམ་ཚིག་དང་འབྲེལ་བའི་སྐོང་བ་ཐུན་མོང་མ་ཡིན་པ་སོང་ནས། ལྔ་པ་རྨད་བྱུང་ཚོགས་ཀྱིས་སྐོང་བ་ནི། ཚོགས་དང་པོ་མཆོད་པའི་རྗེས་བཤགས་པ་སྤྲོ་ན། རིག་འཛིན་བརྒྱུད་པའི་བསྐང་བཤགས་ཌཱ་ཀིའི་ཐོལ་གླུའམ། གཞན་ཡང་རྩ་གསུམ་སྤྱི་སྐོང་སོགས་ཇི་ལྟར་རིགས་པ་བྱ། ཚོགས་ལ་རོལ་ཅིང་ལྷག་མ་བཏང་། གོང་གི་མར་མེའི་སྐོང་བའི་རྗེས་འབྲེལ་ལམ། སྐབས་འདིར་ཁྱད་པར་གྱི་སྨོན་ལམ་གདབ་པ་ནི། ཧོ༔ བརྡལ་ཁྱབ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ༔ རང་བཞིན་འོད་གསལ་རྡོ་རྗེ་སློབ་དཔོན་དང༔ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམས༔ བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་ཤོག༔ ངེས་འབྱུང་ཆེན་པོས་འཁོར་བའི་འཁྲུལ་པ་མཐོང༔ སྙིང་རྗེ་ཆེན་པོས་འགྲོ་ཀུན་ཕ་མར་རྟོགས༔ མོས་གུས་ཆེན་པོས་བླ་མའི་བྱིན་རླབས་ཞུགས༔ རྣལ་འབྱོར་ཆེན་པོའི་དམ་ཚིག་མཐར་ཕྱིན་ཤོག༔ ལྟ་བ་བྱར་མེད་གནས་ལུགས་མངོན་དུ་གྱུར༔ སྒོམ་པ་བློ་འདས་འོད་གསལ་ལྷུམས་སུ་ཞུགས༔ སྤྱོད་པ་རང་གྲོལ་ཁྱབ་བརྡལ་གཉུག་མའི་ངང༔ སྤང་ཐོབ་བྲལ་བའི་འབྲས་བུར་རོ་གཅིག་ཤོག༔ རིག་གདངས་ཆོས་ཉིད་མངོན་སུམ་ལྷུག་པར་མཐོང༔ རིག་རྩལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབས་སྐུ་དང་ཡེ་ཤེས་རྫོགས༔ རིག་སྟོང་ཆོས་ཟད་ཆེན་པོ་མངོན་གྱུར་ཤོག༔ གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན༔ འཆི་འཕོའི་རྟོག་པ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཆོས་ཉིད་རང་གདངས་ལོངས་སྤྱོད་རྫོགས་སྐུར་གྲོལ༔ སྲིད་པའི་འཁྲུལ་སྣང་སྤྲུལ་སྐུར་ལྷུན་རྫོགས་ཤོག༔ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མངོན་གྱུར་ནས༔ གཞི་སྣང་གཟུགས་སྐུའི་རྣམ་རོལ་མཐའ་ཀླས་ཀྱིས༔ ཁམས་གསུམ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ༔ རང་བཞིན་གདོད་མའི་དབྱིངས་སུ་སྒྲོལ་བར་ཤོག༔ ཅེས་གདུང་ཤུགས་དྲག་པོས་སྨོན་ལམ་རྩེ་གཅིག་ཏུ་གདབ། ཨོཾ༔ བཀྲ་ཤིས་གང་ཞིག་སོགས་ཤིས་བརྗོད་བྱ། དེ་ནས་གཏོར་མ་བསྐྱང་བ་ཕྱིན་ཆད་ཕྲིན་ལས་གཞུང་ལྟར་ཚང་བར་བྱས་པས་གྲུབ་བོ། །ངོ་མཚར་རྨད་བྱུང་ཐབས་ཆེན་འདིས། །སྔགས་ཀྱི་སྒོར་ཞུགས་རྣལ་འབྱོར་ཀུན། །རྒྱུད་དག་རང་རིག་ཐོག་མའི་མགོན། །སྒྲིབ་མེད་མངོན་སུམ་མཐོང་བར་ཤོག །ཅེས་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་ཕྱག་བཞེས་ཇི་བཞིན་པར་བློ་གྲོས་མཐའ་ཡས་པའི་སྡེས་རང་གཞན་ལ་ཕན་པའི་བློས་ནག་འགྲོས་སུ་བཀོད་པ་དགེ་ལེགས་འཕེལ།། །།

ཁྱུང་གི་སྒྲུབ་ཐབས་ཟབ་མོ་ (Volume 46, Text 22)

༄༅༔ ཁྱུང་གི་སྒྲུབ་ཐབས་ཟབ་མོ་བཞུགས་སོ༔ བཀའ་བརྒྱད་རང་ཤར་ལས་སོ། ། ཁྱུང་ཆེན་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་ལོ༔ སྒྲུབ་ཆེན་བཀའ་བརྒྱད་ཡོངས་རྫོགས་ཀྱི་བཀའ་སྡོད༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་བསྐུལ་བར་འདོད་པས༔ མཆོད་རྫས་བཤམ་ཞིང་ཁྱད་པར་དུ་གཏོར་མ་ལ་ཉ་སྦལ་སྦྲུལ་ཤས་བརྒྱན་པ་བཤམ༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ༔ ཧཱུྃ་རཾ་ལས་བསྐལ་པའི་མེ་དཔུང་འབར་བའི་དབུས༔ ཁྲོཾ་ལས་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ནི༔ དཀར་སེར་དམར་ལྗང་མཐིང་ནག་རྔམ་པའི་སྐུ༔ རྡོ་རྗེའི་རྭ་གདེངས་གནམ་ལྕགས་མཆུ་སྡེར་ཅན༔ གསེར་མིག་གཤོག་སྒྲོ་རལ་གྲི་སྤུ་གྲིས་གཏམས༔ ཕྱག་གཉིས་སྦྲུལ་རིགས་ནག་པོ་ཞལ་དུ་འདྲེན༔ སྤྲུལ་པ་ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ༔ ཀུན་ཀྱང་འགྲོ་དོན་མཛད་ཕྱིར་ལས་ལ་ཆས༔ སྤྲིན་ཕུང་ལྟ་བུར་གཏིབས་ཤིང་མཆུ་སྡེར་བགྲད༔ ས་བདག་ཀླུ་གཉན་ཐམས་ཅད་བསྒྲལ་ཞིང་གསོལ༔ ཁྲོཾ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་སྙན་གསོན་ཅིག༔ ས་བདག་ཀླུ་གཉན་འདུལ་ཕྱིར་སྤྱན་འདྲེན་གྱིས༔ རིངས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ༔ ཁྲོཾ་བཛྲ་གྷ་རུ་ཌཿས་མ་ཡ་ཛཿཛ༔ ཁྲོཾ༔ རབ་འཇིགས་དྲག་པོ་འབར་བའི་གཞལ་ཡས་འདིར༔ ས་བདག་ཀླུ་གཉན་མ་ལུས་བསྒྲལ་བའི་ཕྱིར༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་འཁོར་བཅས་རྣམས༔ གཉིས་མེད་བརྟན་པར་བཞུགས་ལ་འཕྲིན་ལས་མཛོད༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཁྲོཾ༔ དྲི་མེད་ཡིད་འོང་གཙང་མར་སྦྱར་པ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བདུད་རྩི་སྨན་དང་རཀྟ་བྷ་ལིང་རྒྱན༔ ས་བདག་ཀླུ་གཉན་ཤ་ཁྲག་རུས་ལ་སོགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཁྲོཾ་བཛྲ་གྷ་རུ་ཌཿཧཱུྃ་ཕཊ༔ ཨོཾ་བཛྲ་ག་རུ་ཎ་ཙ་ལེ་ནཱ་ག་མཱ་ར་ཡ་ཧཱུྃ་ཕཊ༔ བསྙེན་པའོ༔ དེ་ནས་སྒྲུབ་པའི་སྔགས་ནི༔ ཨོཾ་ན་མོ་བྷ་ག་ཝ་ཏེ་བྷུནྡྷེ་བྷེ་ར་ཡཱ༔ ཏདྱ་ཐཱ༔ སྤུ་ཏ་སྤུ་ཏ༔ བྷེ་ར་བྷེ་ར༔ མི་ལི་མི་ལི༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་ནཱ་ག་ལི་དུཾ་པ་ཡ༔ པ་སྟོཾ་པ་སྟོཾ༔ ཏི་ཀུ་རུ་ཧཱུྃ་ཧཱུྃ་ཛཿཛཿབྷྱོ་བྷྱོ༔ དེ་ནས་ལས་སྦྱོར་སྔགས་ནི༔ ཨོཾ་གྷུ་རོ་བྷོ་ཧ་ཡ་ཛ༔ ཨེ་མཱ་ར་ཡ་ཛ༔ ནཱ་ག་མཱ་ར་ཡ་སོད༔ ནཱ་ག་མཱ་ར་ཡ་བྱིང༔ ནཱ་ག་མཱ་ར་ཡ་རྨུགས༔ ནཱ་ག་མཱ་ར་ཡ་མྱོགས༔ ནཱ་ག་མཱ་ར་ཡ་དུ༔ ནཱ་ག་མཱ་ར་ཡ་བྱིང༔ ཐུཾ་རིལ་ཛ༔ བཛྲ་གྷ་རུ་ཌཿཡ་ཛ༔ ཅེས་བཟླས་ན་ཀླུ་ཐམས་ཅད་ཀྱི་སྙིང་དུས་གཅིག་ལ་འབྱིན་ངེས་སོ༔ དོན་མེད་པར་ཀླུ་གཟིར་ན་སྡིག་ཆེའོ༔ ཐབས་གཞན་གྱིས་མ་ཕན་ན་འདི་བསྒྲུབ་བོ༔ ཞག་ཉེར་གཅིག་གིས་ཚོ་འོ༔ འདི་ནི་མེ་དང་འདྲ་འོ༔ ས་བདག་ཀླུ་གཉན་གསོད་པར་འགྱུར་རོ༔ སྔགས་འདི་ནི་བཟླ་མི་དགོས་ཏེ༔ བློ་ལ་ཡོད་པས་ཀྱང་ཀླུ་ཐམས་ཅད་སྐྲག་པ་ཡིན་ནོ༔ ཀླུ་ལ་ཟ་རེས་འབེབ་པའི་ལས་སོ༔ དེ་ནས་སྐབས་སུ་གཏོར་མ་འབུལ་ཞིང་བསྟོད་བསྐུལ་བྱའོ༔ ནཱ་ག་ཤ་ཏྲཱུཾ་ཁཱ་ཧི༔ ཧཱུྃ་ཁྲོཾ༔ རི་རབ་རྩེ་ལ་གནས་པ་ཡི༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ནི༔ སྐུ་མདོག་སྣ་ཚོགས་འོད་ཟེར་འབར༔ རང་བཞིན་ཁྱུང་ནི་མཁའ་ལྟར་ཁྱབ༔ ཡེ་ཤེས་ཁྱུང་ནི་སྤྲིན་ལྟར་གཏིབས༔ སྤྲུལ་པའི་ཁྱུང་ནི་ཆར་ལྟར་འབེབ༔ ཡང་སྤྲུལ་ཁྱུང་ནི་ཐོག་ལྟར་འཕྲོ༔ ཁྱུང་གཤོག་འབར་བས་བར་སྣང་ཁེངས༔ ཁྱུང་རུ་མི་མངོན་དབྱིངས་སུ་གསིགས༔ སུམ་ཅུ་རྩ་གསུམ་ལྷ་གནས་འདུལ༔ སྡེར་མོས་ཀླུ་གཉན་ས་བདག་འདྲེན༔ ཞལ་ནས་མེ་འབར་ཀླུ་གཉན་སྲེག༔ ཤངས་ནས་དུད་འཐུལ་འབྱུང་པོ་བརྒྱལ༔ སྤྱན་མིག་བགྲད་ནས་ཀླུ་གཉན་སྡིགས༔ ལྗགས་ཀྱི་རྐན་སྒྲས་ཀླུ་གཉན་སྐྲག༔ གསུང་གི་ང་རོས་ཀླུ་གཉན་འདར༔ སྟོབས་ཆེན་རྒྱལ་པོ་ཁྱུང་གི་ཚོགས༔ སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཕྲོ༔ ཀླུ་གཉན་ས་བདག་འདུལ་ལ་བརྩོན༔ ཟས་སུ་ཀླུ་གཉན་ཤ་ལ་ཟ༔ སྐོམ་དུ་ཀླུ་གཉན་ཁྲག་ལ་འཐུང༔ ཁྱེད་རྣམས་ཁྲོས་ཤིང་གསིགས་པའི་ཚེ༔ སྤྲུལ་པ་གྲངས་མེད་ཕྱོགས་བཅུར་འགྱེད༔ ཀླུ་གཉན་ས་བདག་རྡུལ་དུ་རློག༔ དགྲ་བགེགས་སྟེང་དུ་བབ་པའི་ཚེ༔ ལ་ལ་ལྡིང་ཞིང་ལ་ལ་འཕུར༔ འཕུར་བའི་གཤོག་སྒྲ་འུ་རུ་རུ༔ སྒྲོལ་བའི་རྔམས་སྒྲ་དི་རི་རི༔ གནམ་ལྕགས་འབར་བའི་མཆུ་སྡེར་གྱིས༔ ས་བདག་ཀླུ་གཉན་སྙིང་རྩ་དྲོངས༔ གནོད་བྱེད་ཐམས་ཅད་ཟས་སུ་ཟོ༔ ཁྲོ་ཆུང་འབར་བའི་སྤྱན་མིག་གིས༔ ནད་གདོན་ལྟེམས་སེ་བཞུ་ནས་གསོལ༔ གནམ་ལྕགས་འབར་བའི་རྭ་གདེངས་ནས༔ བསྐལ་པའི་མེ་འབར་འུར་སྒྲ་འབྱིན༔ སྟེང་གི་ལྷ་སྲིན་གདུག་པ་སྒྲོལ༔ སྤྱི་གཙུག་ཡིད་བཞིན་ནོར་བུས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ གནོད་བྱེད་ཀླུ་གཉན་ས་བདག་འདི༔ དབང་དུ་སྡུས་ལ་མྱུར་དུ་སྒྲོལ༔ རིངས་པར་ཁུག་ལ་ཟས་སུ་གསོལ༔ སྲོག་གཅོད་སྙིང་ཕྱུངས་ཤ་རུས་གཏུབས༔ རྔམས་ཟས་ཁྱུར་མིད་ཧབ་ཤ་རོལ༔ ཕྱོ་ཕྱོ་ཀླུ་གཉན་སྙིང་རྩར་ཕྱོ༔ བདག་ལ་གནོད་པའི་ཀླུ་གཉན་ལ༔ གཤོག་སྒྲ་ཅན་གྱིས་སྙིང་ནས་ཕྱུངས༔ སྡེར་མོ་ཅན་གྱིས་སྙིང་ནས་དྲོངས༔ རྐན་སྒྲ་ཅན་གྱིས་ཞལ་དུ་གསོལ༔ རྡུལ་ཕྲན་ཙམ་ཡང་མེད་པར་རོལ༔ དུས་ལ་བབ་པོ་ས་མ་ཡ༔ དམ་རྫས་མཆོད་གཏོར་འདི་འབུལ་གྱིས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ལ༔ བདག་ནི་རྟག་ཏུ་གུས་ཕྱག་འཚལ༔ ཁྱེད་ཀྱི་ཐུགས་རྗེས་ཀླུ་གཉན་སྒྲོལ༔ དམ་ལས་མ་འདའ་ཕྲིན་ལས་མཛོད༔ ནཱ་ག་སོད་ནཱ་ག་གཏུབས༔ ནཱ་ག་མཱ་ར་ཡ་རྦད་རྦད༔ ཅེས་བསྐུལ་ལོ༔ འདི་ལ་ཡི་དམ་བྱས་ན་ཀླུ་ལ་ཟ་རེས་འབེབ་ངེས་སོ༔ མཛེ་འཇོམས་ཀླུ་འདུལ་རྒྱུད་ལས༔ ཁོལ་དུ་ཨོ་རྒྱན་པདྨས་ཕྱུང་བ་འོ༔ ཀླུ་ས་བདག་ཉེ་མི་ནུས་སོ༔ ཐབས་གཞན་རྡུགས་ན་འདི་བྱའོ༔ ཁྱུང་གི་སྒྲུབ་ཐབས་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའོ།། །། ༄༅༔ ཁྱུང་ཆེན་ཡོངས་རྫོགས་དབང་བསྐུར་བཞུགས་སོ༔ རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ༔ ཁྱུང་ཆེན་རིགས་ལྔའི་དབང་ལྔ་ནི༔ བུམ་ཆུ་དབུ་རྒྱན་རྡོ་རྗེ་དང༔ དྲིལ་བུ་མིང་གི་དབང་བསྐུར་བྱ༔ རྩ་བའི་དཀྱིལ་འཁོར་ཆེན་པོ་འདིར༔ བསྙེན་པའི་དབང་བསྐུར་ཐོབ་པ་ཡིས༔ ས་ཕྱོགས་དབེན་ཞིང་ཉམས་དགའ་བར༔ དཀྱིལ་འཁོར་རྒྱན་ལྡན་དམ་རྫས་བཤམ༔ བསྙེན་སྒྲུབ་རྟགས་རྣམས་རབ་རྫོགས་ནས༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་བྱ༔ མཎྜལ་དབུལ་ཞིང་གསོལ་བ་གདབ༔ ཧོ༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གཙོ༔ ཡེ་ཤེས་ཁྱུང་ཆེན་ཟིལ་གནོན་གྱི༔ བྱིན་རླབས་དབང་བསྐུར་ཚུལ་བཞིན་དུ༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ དཔོན་སློབ་གཉིས་ཀ་ཁྱུང་དུ་བསྒོམ༔ ས་མ་ཡ་སཏྭཾ༔ ཞེས་མེ་ཏོག་དོར༔ ཧཱུྃ་དང་ཕཊ་ཀྱིས་དཀྱིལ་འཁོར་བསྟན༔ ཁྱུང་ཆེན་ལྔ་ཡི་ཕྱག་རྒྱ་ཡིས༔ གནས་ལྔར་གཏུག་ཅིང་དམ་ཆུར་གྱུར༔ ས་མ་ཡ་ཡི་དམ་ཚིག་བསྒྲག༔ ཨོཾ་བྷུདྡྷ༔ བཛྲ༔ རཏྣ༔ པདྨ༔ ཀརྨ༔ ས་མ་ཡ་ཨ་ཨཱ༔ དེ་ནས་བུམ་པ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ཁྱུང་ཆེན་རིགས་ལྔས་བྱིན་བརླབས་པ༔ སྡུག་བསྔལ་ཐམས་ཅད་སེལ་བྱེད་པའི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་རོ༔ ཨོཾ་བྷུདྡྷ་ག་རུ་ཌཿཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ག་རུ་ཌཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ག་རུ་ཌཿཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་པདྨ་ག་རུ་ཌཿཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་ཀརྨ་ག་རུ་ཌཿཨ་བྷི་ཥིཉྩ་ཨཱ༔ དབུ་རྒྱན་གཏད་དེ༔ ཧཱུྃ༔ དབུ་རྒྱན་རིགས་ལྔས་དབང་བསྐུར་བས༔ བསམ་པ་ཡིད་བཞིན་འགྲུབ་བྱེད་པའི༔ ཁྱུང་ཆེན་རིགས་ལྔའི་དབང་ཡིན་ཏེ༔ སྡུག་བསྔལ་སེལ་བར་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྡོ་རྗེ་གཏད་དེ༔ རྡོ་རྗེ་ཐབས་མཆོག་དབང་བསྐུར་བས༔ མཚན་མའི་རྣམ་རྟོག་ཀུན་འཇོམས་པ༔ ཆགས་པ་དག་དང་བྲལ་བར་བྱེད༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་གཏད་དེ༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་འགྲུབ་བྱེད་པའི༔ དངོས་གྲུབ་ཐམས་ཅད་ཐོབ་བྱེད་པ༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་ཀརྨ་ཤབྡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱུང་སྐུའི་དབང༔ ཧཱུྃ༔ རྒྱལ་སྲས་མཚན་མས་དབང་བསྐུར་བས༔ ཐེ་ཚོམ་རྟོག་པ་སྤངས་པ་སྟེ༔ ཉོན་མོངས་ཐམས་ཅད་འདུལ་བའི་གཙོ༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་བྷུདྡྷ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཁྱུང་ཆེན་རྣམས་ཀྱི་དབང་བསྐུར་བས༔ ཀླུ་དང་གནོད་སྦྱིན་དྲི་ཟ་དང༔ ས་བདག་གཉན་དང་འབྱུང་པོ་དང༔ བདུག་པའི་གནོད་པས་མི་ཚུགས་འགྱུར༔ ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ དབང་བསྐུར་གདུག་པའི་ནད་ལས་གྲོལ༔ ཁྱུང་ཆེན་དབང་འདི་རབ་ཏུ་སྐུར༔ ཅེས་བསྐུར་རོ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱའོ༔ རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་གདུག་པ་འདུལ་དོན་དུ༔ ཟང་ཟང་ལྷ་བྲག་རྐེད་ལ་སྦས༔ སྨུག་ནག་ཁྲོས་པ་ཁྲོ་བོའི་རིགས༔ རྒོད་ཀྱི་ལྡེམ་འཕྲུ་ཅན་དང་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་ནས་རིག་འཛིན་རྒོད་ལྡེམ་གྱིས་བཏོན་པའོ། །མངྒ་ལཾ།། །།

མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན་ (Volume 49, Text 22)

མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །སྲིད་ཞི་ཀུན་ཁྱབ་འོད་མི་འགྱུར་བའི་སྐུ །ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་བདག །ཐུགས་རྗེ་གང་འདུལ་སྤྲུལ་སྐུ་ཚེ་དཔག་མེད། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བདེ་བའི་བདག་ཉིད་སྣ་ཚོགས་སྒྱུ་མའི་སྐུ །ཤེས་རབ་སྟོང་ཉིད་རྣམ་བཅས་ལྷ་མོར་བཞེངས། །འཕོ་མེད་ཚེ་ཡི་ཡུམ་མཆོག་ཙཎྜ་ལིར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་རིག་པ་འཛིན། །ཟུང་འཇུག་ཡེ་ཤེས་དྭངས་མའི་འོད་སྐུར་བཞེངས། །གྲུབ་བརྒྱའི་གཙུག་རྒྱན་མི་ཏྲ་ཛྭ་ཀི་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འོད་གསལ་ཀློང་ནས་སྤྲུལ་པའི་རྡོ་རྗེར་ཤར། །དྲི་མེད་ཡེ་ཤེས་འོད་བརྒྱའི་གཟི་བརྗིད་འཕྲོ། །འགྲོ་བའི་མུན་སེལ་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཐུགས་ཏིག་བཀའ་བབས་གདམས་པའི་སྙན་བརྒྱུད་འཛིན། །གནས་ལྔ་རིག་པའི་པཎ་ཆེན་ཆོས་རྒྱ་མཚོ། །འཁོར་འདས་ཆོས་ཀུན་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །གཞི་ཡི་རིགས་སད་རིམ་གཉིས་རྣལ་འབྱོར་གྱིས། །རྩ་རླུང་ཐིག་ལེའི་སྙིགས་མ་ཀུན་སེལ་ཞིང་། །འཕོ་མེད་རྡོ་རྗེའི་སྲོག་གི་ཀ་བ་བརྟན། །ཚེ་དཔག་མེད་མགོན་གསང་གསུམ་མྱུར་འགྲུབ་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༄༅། །མི་ཏྲའི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཡེ་ཤེས་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་པ་རི་མི་ཏ་ཡེ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་མི་ཏྲའི་ཚེ་དཀར་ཉམས་སུ་བླང་བར་འདོད་པས། དབང་བསྐུར་ནོས་ཏེ་དམ་ཚིག་རྣམ་པར་དག་པས་བདེ་བའི་སྟན་ལ་འདུག་སྟེ། སྔོན་དུ་འགྲོ་བ་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིད་ལ་བྱས་ནས། མདུན་མཁར་སྐྱབས་ཡུལ་གསལ་བཏབ་སྟེ། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །ཚེ་དཔག་མེད་མགོན་བསྒོམ་པར་བགྱི། །ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དངོས་གཞི་བསྐྱེད་བཟླས་ནི། ཨ༔ སྟོང་པའི་ངང་ལས་སྙིང་རྗེའི་རྩལ༔ ཨ་ཡིག་དཀར་པོ་འོད་འབར་ལས༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ སྟོན་ཟླའི་མདོག་ཅན་ཞི་ཞིང་འཛུམ༔ མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་ཟེར་གཟི་བརྗིད་ལམ་མེར་གསལ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ཡིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སཏྭ་ས་མ་ཡ་ཨེ་ཧྱེ་ཧི༔ ཛ་ཧཱུྃ་བཾ་ཧོ༔ ན་མོ་ན་མ་མི༔ སརྦ་པཱུ་ཛ་ཧོ༔ ཧྲཱི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ གདོད་མའི་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཨ་ཡིག་མཐར༔ གཟུངས་སྔགས་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་བཟླ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་དཔག་མེད་ཀྱི་གཟུངས་རིང་ཡང་ཅི་ནུས་དང་། བསྙེན་སྒྲུབ་བྱེད་ན་རྩ་སྔགས་འབུམ་ཕྲག་བཞི་དང་། གཟུངས་རིང་འབུམ་ཕྲག་གཅིག་ཏུ་བཟླ་འོ། །བསྙེན་སྒྲུབ་སྐབས་ཚེ་འགུགས་ཟུར་གསལ་ལྟར་སྦྱར། ཐུན་མཐར་དབྱངས་གསལ་ཡེ་དྷར་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་། མཆོད་བསྟོད་དང་། རྗེས་བསྡུ་ལྡང་ནི། ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་། འཆི་མེད་རྡོ་རྗེ་མི་ཏྲ་དང་། །པད་འབྱུང་ཚེ་དཔག་མེད་པ་ཡིས། །བྱིན་གྱིས་བརླབས་པས་སྐྱེ་འཆི་མེད། །རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་སྤྱོད་ལམ་ལ་འཇུག་པར་བྱའོ།། །། ༈ འདི་ཡི་བསྙེན་སྒྲུབ་སྐབས་མཎྜལ་སྟེང་ཚོམ་བུ་བཀོད། དེ་སྟེང་མཉྫིའི་ཁར་བུམ་པ་ཚེ་རྫས་བཏབ་པ་ཆུ་བོ་རྒྱུན་འབབ་ཀྱིས་བཀང་བ་དང་། གཡས་སུ་ཅོང་ཞི། བྲག་ཞུན། འབྲས་བུ་གསུམ། རྩ་བ་ལྔ། དབང་ལག་སོར་མོ་ལྔ་པ། རྟག་ངུ་། བླ་མ་གྲུབ་ཐོབ་ཚེའི་རིག་འཛིན་བརྙེས་པའི་དྲི་ཆེན་དྲི་ཆུ་རྙེད་ན་དང་། མ་འབྱོར་ཚེ་བདུད་རྩི་ཆོས་སྨན་བཏབ་པའི་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་སོར་ཚད་ཀྱིས་གཞལ་བ་བཀོད། སྨན་ཀར་མཆོད་གཏོར་སོགས་བཤམས། དཀར་བགེགས་བསྔོ་བ་སྤྱི་འགྲེ་སྦྱོར་བ་དང་། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། ཐུན་རེའི་མཐར་ཚེ་འགུགས་སྦྱར། ཚོགས་མཆོད་བྱ་ན་འཆི་མེད་འཕགས་མའི་ཚོགས་བསྡུས་ལ་ཁ་སྒྱུར་ཕྲན་བུ་བྱའོ། །བསྙེན་ཚད་གྲུབ་པའི་ཐུན་མཐར། བུམ་ལྷ་དང་། རིལ་བུའི་ལྷ་འོད་དུ་ཞུ་བ་བདུད་རྩིར་གྱུར།། །། ༈ བདག་འཇུག་བླང་བ་ལ། བསང་ཆུ་རྟ་སྔགས་ཀྱིས་བརླབས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། སུམྦྷ་ནིས་བགེགས་བསྐྲད། མཎྜལ་དང་། ཡེ་ཤེས་ཆེན་པོ་ཚེ་ཡི་བདག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཆི་མེད་འཐོབ་བྱའི་ཕྱིར༔ རིག་འཛིན་ཚེ་ཡི་དབང་བསྐུར་སྩོལ༔ ཅེས་ལན་གསུམ། རྡོ་རྗེ་སློབ་དཔོན་སོགས་དང་། ཨ༔ སྟོང་པའི་ངང་ལས་སོགས་ནས། ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་དབབ་བསྟིམ། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་འཇོག །ཚེ་འགུགས་འདོན། དེ་ནས་བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས༔ འོད་ཞུ་བདུད་རྩིའི་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན། ཨཱ༔ རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་གཏམས༔ བདེ་སྟོང་རོལ་པའི་དབང་བསྐུར་བས༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཝ་ཀཱ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་གཏུག་ཅིང་སྦྱིན། ཧཱུྃ༔ འཁོར་འདས་དྭངས་མ་ཀུན་བསྡུས་པའི༔ ཡེ་ཤེས་མཆོག་གི་དམ་ཚིག་རྫས༔ ར་ས་ཡཱ་ནའི་དབང་བསྐུར་བས༔ འོད་གསལ་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཚེ་འགུགས་དང་བཟླས་པ་མང་དུ་བྱ། ཚེ་པྲ་བརྟག་ལ། ཨ༔ སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པའི་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྵ་རཀྵ༔ ཞེས་བརྗོད་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་འཇོག་ལ་ཤིས་བརྗོད་ཅི་རིགས་དང་། གཙོ་བོས་ཇི་ལྟར་སོགས་དབང་རྗེས་རྣམས་བྱའོ།། །། ༈ མེ་མཆོད་བྱ་བར་སྤྲོ་ན། རྒྱས་ཐབས་སྤྱི་ལྟར་ལ་ལྟེ་བར་པདྨ་འདབ་བཞིར་ལྷ་ཚོམ་དཀར་པོ་བཀོད། བུད་ཤིང་དང་། བསྲེག་རྫས་སྤྱི་དང་ཁྱད་པར་དུ་དཱུརྦ་སྦྲང་རྩིས་བསྒོས་པ་བྱས་ལ། འདོན་ཆ་འཕགས་མའི་སྙིང་ཐིག་གི་རྒྱས་སྦྱིན་ལ་ལྷ་བསྐྱེད་སོགས་ཁ་བསྒྱུར་དང་། སྔགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་པས་བསྲེག་རྫས་དང་། དཱུརྦ་འབུལ་བས་གྲངས་གཟུང་ངོ་། །ཞེས་པའང་སྟག་ཚང་གི་སྒྲུབ་གྲྭ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ནས། ཆོས་ཀྱི་བློ་གྲོས་པས་བགྱིས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་རྒྱུར་གྱུར་ཅིག། །། ༄༅། །ཚེ་དང་བསོད་ནམས་དགུག་བྱའི་ཕྱིར༔ ཐུགས་དམ་བསྐུལ་བའི་ཕྲིན་ལས་ནི༔ སྤོས་བསྲེགས་རོལ་མོ་སྙན་པར་འཁྲོལ༔ མདའ་དར་གཡབ་ཅིང་གདུང་དབྱངས་བཅས༔ ཨ༔ གདོད་མའི་མགོན་པོ་བཅོམ་ལྡན་འདས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ དྲི་མེད་ཟླ་བ་རྒྱས་པའི་སྐུ༔ མཚན་དང་དཔེ་བྱད་དཔལ་དུ་འབར༔ ཐུགས་རྗེའི་གཟི་བརྗིད་ལྷམ་མེ་བ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཡི༔ མཁྱེན་བརྩེ་བྱིན་རླབས་གཅིག་བསྡུས་པ༔ ཚེ་ཡི་བདག་པོ་དབྱིངས་ནས་བཞེངས༔ ཀ་དག་གཉུག་མའི་ངང་ཉིད་ལས༔ ལྷུན་གྲུབ་སྣང་བ་ཕྱོགས་བརྒྱར་སྤྲོས༔ རྡོ་རྗེ་ཚེ་ཡི་ཕོ་ཉ་མོ༔ མགྱོགས་མ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཕྱི་སྣོད་འབྱུང་བའི་དྭངས་མ་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེ་ནུས་སྟོབས་ཡོན་ཏན་དཔལ༔ བདག་གི་བླ་ཚེ་ཆད་ཉམས་བཅས༔ ཡེ་ཤེས་ཆེན་པོའི་བྱིན་གྱིས་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ ཚེ་བཅུད་ཉམས་པ་གོང་དུ་གསོས༔ གནས་པ་སྤེལ་ལ་ཡར་པ་སྡུས༔ འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་སྐྱིལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ ངོ་མཚར་རྟགས་དང་ཆོ་འཕྲུལ་སྟོན༔ ཐམས་ཅད་ཆོས་ཉིད་གཅིག་གི་ངང༔ འཆི་མེད་མགོན་པོའི་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱི༔ ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོཿཏིཥྛ་བྷྲཱུྃ༔ ཞེས་བསྐུལ་བཟླས་པ་མང་དུ་བྱ༔ རྟེན་འབྲེལ་མདའ་ཡི་པྲ་ལ་བརྟགས༔ བྲི་ན་ཚེ་ཉམས་སོར་གསུམ་ལས༔ ལྷག་ན་ཚེ་ཡར་རིམ་གྲོ་བྱ༔ སོར་གཅིག་ནད་མེད་གཉིས་ཚེ་རིང༔ གསུམ་ལྷག་བསོད་ནམས་ཡེ་ཤེས་རྒྱས༔ གུ་ཧྱ་ས་མ་ཡ༔ ཉེར་མཁོའི་ཆེད་གཏེར་གཞུང་ནས་ཟུར་དུ་བཀོལ་བའོ།། །། ༄༅། །མི་ཏྲའི་ཚེ་སྒྲུབ་ཚོགས་མཆོད་བཞུགས། ཚོགས་སྣོད་བྷཉྫ་སོགས་ཡངས་ཤིང་རྒྱ་ཆེ་བའི་ནང་ཐབས་ཤེས་ཀྱི་རྫས་ཅི་འབྱོར་པ་བཤམས་ལ། ཨཱཿ ཚོགས་སྣོད་དབྱིངས་ཀྱི་ཀ་པཱ་ལར། །ཐབས་ཤེས་བཟའ་བཅའ་དམ་ཚིག་རྫས། །རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས། ཧྲཱིཿ སྐུ་གསུམ་ཞིང་ཁམས་ཕོ་བྲང་ནས། །བཅོམ་ལྡན་མགོན་པོ་ཚེ་ཡི་བདག །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་། །ཡི་དམ་དཔའ་བོ་མཁའ་འགྲོར་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །བཛྲ་ས་མཱ་ཛཿ ཚོགས་ཕུད་རིམ་གསུམ་དུ་སྤྲོས་ལ། ཨོཾ་ཨཱཿཧཱུྃ། ཚོགས་མཆོད་འོད་ཕུང་འབར་བ་འདི། །རྩ་གསུམ་ཚེ་ལྷ་རབ་འབྱམས་ལ། །འདོད་ཡོན་ལྔ་ལྡན་མཆོད་པ་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཡིག་བརྒྱ་བརྗོད། ཚོགས་བར་པ་བརྡའ་དང་བརྡའ་ལེན་གྱིས་ཚིམ་པར་རོལ། ལྷག་མ་བསྡུས་ལ་ཁ་ཆུས་བྲན་ཏེ། ཨོཾ་ཨ་ཀཱ་རོས་བརླབས། ཧྲཱིཾ་ཕཻ། སྔོན་ཚེ་གྲུབ་པའི་ཧེ་རུ་ཀའི། །བཀའ་ཉན་ཕོ་ཉ་ལྷག་སྡུད་སོགས། །འདིར་བྱོན་ཚོགས་ལྷག་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཨུ་ཙིཥྚ་བྷ་ལིཾ་ཏ་ཁཱ་ཧི། ཚེ་དཔག་མེད་མགོན་དཀྱིལ་འཁོར་དུ། །སོགས་ཀྱི་སྨོན་ལམ་གདབ་བོ། །ཞེས་རྗེ་བླ་མའི་དག་སྣང་མི་ཏྲའི་ཚེ་དཀར་གྱི་ཚོགས་མཆོད་འདིའང་ཆོས་ཀྱི་བློ་གྲོས་པས་སྦྱར་བའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་གཏེར་བྱོན་དུག་དབང་རྡོ་རྗེ་ཕ་ལམ་གྱི་སྙན་བརྒྱུད་རྩ་བ་ (Volume 45, Text 22)

༄༅༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་གཏེར་བྱོན་དུག་དབང་རྡོ་རྗེ་ཕ་ལམ་གྱི་སྙན་བརྒྱུད་རྩ་བ་བཞུགས་སོ༔ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ༔ དུག་དབང་རྡོ་རྗེའི་ཕ་ལམ་ཞེས་བྱ་བའི༔ དབང་གི་ཆོ་ག་ལག་ཏུ་བླང་བའི་རིམ་པ་འདི་རྣམས་བྲི་བར་བྱའོ༔ དེ་ལ་ལྔ་སྟེ་ཕན་ཡོན་དང༔ སྨན་སྦྱིན་པ་དང༔ ཡོན་བླང་བ་དང༔ ཆོ་ག་དངོས་དང༔ དབང་སྐུར་བའོ༔ དང་པོ་ནི༔ ཕ་ལམ་འདྲ་བའི་དབང་ཐོབ་ནས༔ རྨ་བྱའི་རྒྱལ་པོ་དང་འདྲ་བར༔ ཉམ་ང་མེད་པར་སྤྱད་པར་བྱའོ༔ རཏྣ་སྦྱར་བའི་དབྱིག་དུག་དང༔ གཅིག་དུག་བཙན་དུག་ནག་པོ་དང༔ ཤ་དུག་ཟས་དུག་མ་ལུས་ཐུབ༔ གག་པ་ལྷོག་གཟེར་མཛེ་ནད་དང༔ གཉན་རིགས་མ་ལུས་འཇོམས་པར་བྱེད༔ རིམས་དང་འགོ་བག་ཐམས་ཅད་ལ༔ སྲུང་བའི་རྒྱལ་པོ་འདི་ཡིན་ནོ༔ འདི་བརྟེན་མཛེ་ནད་རྩད་འབྱིན་འགྱུར༔ ས་བདག་ཀླུ་དང་དམུ་བདུད་དང༔ གཉན་དང་རྒྱལ་པོ་བདུད་བཙན་དང༔ གནོད་སེམས་འཆང་བའི་རིགས་དག་གིས༔ དུག་གི་སྡོང་པོ་ལྟ་བུར་མཐོང༔ གཏད་དང་མནན་དང་ཤིང་གཉན་གཅོད༔ རྡོ་གཉན་ས་བདག་མཚན་མོ་རྒྱུ༔ རོ་ཁུར་ལ་སོགས་ཉམ་ངའི་གནས༔ འཇིགས་མེད་སེང་གེ་ལྟ་བུར་སྤྱོད༔ བར་གཅོད་ཟློག་པའི་དམག་དཔུང་ཡིན༔ རིན་ཆེན་སྲོག་གི་མཐུད་མ་ཡིན༔ རིམས་ནད་གསོ་བའི་བདུད་རྩི་ཡིན༔ ཁྱད་པར་ཤ་ཡི་བི་ཥ་འཇོམས༔ འདྲ་མིན་གཞན་ལ་འདི་མེད་པས༔ གཅེས་པར་ཟུངས་ལ་འགྲོ་དོན་གྱིས༔ གཉིས་པ་སྨན་སྦྱིན་པ་ནི༔ ནད་ལ་བི་ཥ་སྦྱིན་པ་ནི༔ སྙིང་རླུང་མ་ཞུ་གྲང་བ་ལ༔ བི་ཥ་སྲན་ཙམ་བཏང་བས་སེལ༔ འདི་ཡི་དབང་སྐུར་ཐོབ་ནས་ནི༔ དུས་ཚོད་དང་ནི་བཅའ་གཞི་དང༔ སློབ་དཔོན་དང་ནི་དཀྱིལ་འཁོར་དང༔ བུམ་པ་ལ་སོགས་དྲན་བྱས་ལ༔ ཤ་ནི་ལག་པར་བླངས་ནས་ནི༔ དེ་རྣམས་དྲན་པས་བཟའ་བར་བྱ༔ གཞན་ལ་ཤ་སྟེར་བསྒོམས་ལ་སྦྱིན༔ དེ་ཡིས་ཤ་ཡི་བི་ཥ་ཐུབ༔ རང་གིས་དུག་དབང་ཐེངས་གསུམ་ཐོབ༔ དེ་ཡིས་གཞན་ལ་སྦྱིན་ན་ཐུབ༔ ཐེངས་གཅིག་རང་ཉིད་སྲུང་བ་ལས༔ གཞན་ལ་བྱིན་པ་ནུས་པ་མེད༔ གསུམ་པ་དབང་ཡོན་བླང་བ་ནི༔ ཆོས་བདག་མཉེས་ན་བྱིན་རླབས་འབྱུང༔ སློབ་དཔོན་མཉེས་པར་མ་བྱས་ན༔ བྱིན་རླབས་རི་བོང་རྭ་དང་འདྲ༔ ཡོན་མེད་ན་ནི་མགོ་འགས་འགྱུར༔ དེ་ཕྱིར་ཡོན་ལ་འབད་པར་བྱ༔ བཞི་པ་ཆོ་ག་དངོས་ལ་གཉིས་ཏེ༔ བཅའ་གཞི་དང༔ བསྐྱེད་རིམ་གཉིས་ལས༔ དང་པོ་ནི༔ སློབ་དཔོན་ཞལ་ལྷོ༔ སློབ་མ་བྱང་དུ་བསྟན༔ མདུན་དུ་རས་དཀར་མ་ཉམས་སྟེང༔ གྲུ་གསུམ་རྩེ་མོ་ལྷོར་བསྟན་པའི༔ ནས་དཀྱིལ་ལྷོར་རྩེར་སྲན་མ་བླུགས༔ ལྷོར་རྩེར་གུ་ལང་གཟུགས་བརྙན་བཞག༔ ནུབ་བྱང་རྩེ་ལ་མདའ་འགེང་མི༔ བྱང་ཤར་རྩེ་མོར་དབང་ཕྱུག་སྐུ༔ དཀྱིལ་དུ་བུམ་པ་ཆུས་ཕྱེད་བཀང༔ དྲི་བཟང་འོ་མ་བླུགས་པའི་སེང༔ རིན་ཆེན་སྣོད་བཞག་དེ་ཡི་ནང༔ གསེར་དང་སྨན་ཆེན་རྨ་བྱའི་སྒྲོ༔ དེ་རྣམས་རིན་ཆེན་སྣོད་དུ་བཞག༔ དཀར་དམར་བརྒྱན་པའི་གཏོར་གསུམ་དང༔ ཚོགས་ཀྱི་ཡོ་བྱད་ཅི་འབྱོར་དང༔ བཤོས་བུ་ཟུར་གསུམ་དཀར་དམར་བརྒྱན༔ ལུག་དཀར་བར་ལྷུ་བྱང་དུ་བཞག༔ ཤར་དུ་དཔྱི་ལྷུ་ནུབ་ཏུ་ཏོག་རྩེ་ལྟ་བུ༔ གཞན་ཡང་ཟས་སྣ་གང་འཛོམ་བསགས༔ དེ་དག་ཀུན་ལ་སྦྱར་བས་ཐུབ༔ གཉིས་པ་བསྐྱེད་པའི་རིམ་པ་ནི༔ སློབ་དཔོན་དབང་ཕྱུག་ཆེན་པོར་བསྒོམ༔ བུམ་པའི་གཟུངས་ཐག་ལག་པས་བཟུང༔ ཧ་ས་ཧ་ས༔ ཀི་ལི་ཧ་ས༔ ཤོ་ཏྲི་ཕོ་ཕེང༔ ཙེ་ན་ཙ་ད་དྷ་ཤ་དྷ་ཤ་་་དཔེ་གཅིག་ཏུ་ཧ་ས་ཧ་ས་སྣང་བ་དག།ཧཱུྃ༔ ཞེས་པ་བརྒྱ་རྩ་གཅིག་སློབ་དཔོན་གྱིས་བཟླས་པས་བུམ་པའི་ཆུ་དེ་བདུད་རྩིར་གྱུར་པར་བསམ༔ དེ་འདོད་པས་ཧབ་ཤ་བྱེད་པ་ནི༔ སྲིད་པའི་མེས་པོ་དབང་ཕྱུག་ཆེན་པོ༔ རྒྱུ་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་འཛིན་ཏེ༔ དེས་བུམ་པ་གཅོག་གིན་བདུད་རྩི་འདོད་པར་བསམ༔ མུ་སྟེགས་ཤྲཱི་རལ་པ་ཅན་ལག་ན་ལྕགས་ཀྱི་མདའ་གཞུ་ཐོགས་པ༔ བུམ་པའི་ཕྱེད་ཙམ་ནས་ཕར་མདའ་བརྒྱབས་ནས་བདུད་རྩི་འདོད་པར་བསམ༔ མུ་སྟེགས་གུ་ལང་ནག་པོ་རྒྱུ་ལྕགས་ལས་གྲུབ་པ་དེས་རྭ་རྩེས་བུག་པ་ཕུག་ནས་བདུད་རྩི་འདོད་པར་བསམ་མོ༔ ལྔ་པ་དབང་བསྐུར་བ་ནི༔ སློབ་དཔོན་ལ་སློབ་མས༔ དམ་ཚིག་ཏུ་ཕྱག་གསུམ་ལས་མང་བ་མི་འཚལ༔ ཡོན་ཅི་འབྱོར་པ་དབུལ་ལ༔ གཙོ་བོ་ཁྱོད་ཀྱི་བཀའ་དྲིན་གྱིས༔ འཆི་མེད་གྲུབ་པའི་དབང་སྩོལ་ཅིག༔ ཅེས་ཞུའོ༔ དེ་ནས་སློབ་དཔོན་གྱིས་གཏོར་མ་གསུམ་བསང་སྦྱང་བྱས་ཤིང༔ རྩ་སྔགས་ཤམ་བུར་བ་ལིཾ་ཏ་བཏགས་ལ༔ དབང་ཕྱུག༔ གུ་ལང༔ ཤྲཱི་རལ་པ་ཅན་གསུམ་ལ་དབུལ་ཞིང༔ རིགས་ཀྱི་བུ་འདི་རྣམས་ལ་དུག་སྲུངས་ཤིག་པའི་ཕྲིན་ལས་བཅོལ༔ དེ་ནས་སློབ་དཔོན་གྱིས༔ རིགས་མཆོག་རིགས་ལས་སྐྱེས་བའི་བུ༔ འཆི་མེད་གྲུབ་པའི་དབང་སྦྱིན་གྱིས༔ ཚུལ་འདི་གཞན་ལ་མ་སྨྲ་ཞིག༔ གཞན་ལ་སྨྲས་ན་མགོ་འགས་འགྱུར༔ གོང་གི་སྔགས་གསུམ་བཟླས་ལ༔ ཆང་གིས་སློབ་མ་ལ་གཏོར་ཞིང༔ སློབ་དཔོན་གྱིས་སློབ་མ་ལ་ལག་པ་གཡོན་པའི་མཐེབ་སྲིན་ལྷོར་བསྟན༔ སྡིགས་མཛུབ་གཏད༔ སློབ་མས་སྡིགས་མཛུབ་གྱེན་བསྟན༔ བར་དུ་ཕྲེང་བ་རེག་པར་བཟུང༔ གོང་གི་སྔགས་ཀྱི་རྗེས་ཟློས་ནི༔ དཔོན་སློབ་མཉམ་དུ་འགྲིག་པ་གཅེས༔ མ་འགྲིག་ན་ནི་བསྐྱར་བར་བྱ༔ སློབ་དཔོན་ཕྲེང་བ་ཕྱི་ལ་བསྐྱུར༔ སློབ་མས་ཕྲེང་བ་ནང་དུ་བསྐྱུར༔ སྔགས་དང་ཕྲེང་བ་ཉེར་གཅིག་ཚད༔ དེ་ནས་བུམ་པའི་ཆུ་བླུད་ཅིང༔ སྨན་ཆེན་ནས་ཕྱེད་གྱུར་མིད་བྱ༔ དེ་ནས་མིའུ་ཐུང་གླང་ཆེན་དང༔ མེས་པོ་རྣམས་ཀྱིས་རིམ་བཞིན་དུ་དབང་སྐུར་བྱིན་ཕོབ་བྱ༔ ཞལ་ཟས་རྣམས་ཚོགས་སུ་རོལ༔ བཅའ་གཞི་རྫས་ལ་སོགས་པ་རྣམས་སློབ་དཔོན་ལ་ཕུལ༔ སྙན་བརྒྱུད་ཡི་གེ་མེད་པ་ལ། བྱང་རི་ཁྲོད་དགོན་པར་ཞང་ཤེས་རབ་འབུམ་གྱིས་ཡི་གེར་བཏབ་པ་རྫོགས་སོ། །བསམ་ཡས་རྟ་མགྲིན་ཞབས་འོག་ནས། རིག་འཛིན་རྒོད་ལྡེམ་ཅན་གྱིས་སྤྱན་དྲངས་པའོ། །སེར་རུས་ནི་ཁྱི་ལ་སྤང༔ གསང་དབང་མ་གི་བདུད་རྩི་དང༔ ཤེར་དབང་ཅུ་གང་ལི་ཁྲི་དང༔ བཞི་པ་ཆོས་འབྱུང་གཏོར་མ་འོ༔ ཟབ་ཆོས་ཡིན་པས་ཀུན་ལ་གསང༔ ྀཨཚ༔ ༄༅། །དུག་དབང་རྡོ་རྗེ་ཕ་ལམ་གྱི་ཕྱག་ལེན་ཉེ་བར་བསྡུས་པ་གོ་བདེར་བཀོད་པ་བཞུགས་སོ། །གུ་རུ་པདྨ་བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ། །འདིར་དུག་གི་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར། དུག་དབང་རྡོ་རྗེ་ཕ་ལམ་གྱི་ཕྱག་ལེན་ཉེ་བར་བསྡུས་པ་གོ་བདེ་བར་བཀོད་པ་ལ། ཇི་ལྟར་བྱུང་བ་བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི། འགྲོ་བ་མཐའ་དག་བི་ཥའི་གནོད་པ་ལས་བསྐྱབ་པའི་ཕྱིར་དུ་མ་ཧཱ་གུ་རུ་པདྨ་འབྱུང་གནས། མུ་སྟེགས་ཤྲཱི་རལ་པ་ཅན་གྱི་སྤྱན་སྔར་རྫུ་འཕྲུལ་གྱིས་བྱོན་ནས། བི་ཥ་ལ་བརྟེན་པའི་ཕན་གནོད་ཀྱི་ལས་རབ་འབྱམས་ནོད་པའི་ཚུལ་མཛད་པ་ལས། ཕན་བྱེད་དབང་གི་སྐོར་རྣམས་སྙིང་པོར་དྲིལ་ཏེ་སྙིགས་དུས་འགྲོ་བའི་དོན་དུ་དཔལ་བསམ་ཡས་རྟ་མགྲིན་གྱི་ཞབས་འོག་ཏུ་གཏེར་དུ་བསྡམས་པ་དེ་ཉིད། སྤྲུལ་པའི་སྐུ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ཤིང་གདམས་པ་འདི་ཉིད་ཆེད་དུ་བཀའ་བབས་པ་སྐལ་ལྡན་གྱི་སློབ་བུ་ཞང་སྟོན་ཤེས་རབ་འབུམ་ལ་སྙན་བརྒྱུད་དུ་གནང་བ་ནས་རིམ་པར་རྩ་བའི་བླ་མའི་བར་དུ་ཕྱག་ལེན་གྱི་བཀའ་སྲོལ་མ་ཉམས་པའོ། །དེ་ལས་བྱུང་བའི་གདམས་པའི་སྐོར་ལ་དོན་གཉིས་ཏེ། དབང་དང་བཅུད་ལེན་དུ་བརྟེན་པའི་ཚུལ་ལོ། །ཕྱི་མ་ནི་གཞན་དུ་གསལ་བས་དང་པོ་དབང་ལ་དོན་གསུམ་སྟེ། ཡོ་བྱད་བཤམ་ཞིང་སྒྲུབ་པ། དབང་སྐུར་ཞིང་དམ་ཚིག་བླང་བ། རྗེས་ཡོན་བླང་ཞིང་ཕན་ཡོན་བསྟན་པའོ། །དང་པོ་ནི། གནས་དབེན་པར་སློབ་དཔོན་ཁ་ལྷོར་བལྟས་པའི་མདུན་དུ་རས་དཀར་ཁ་ཚར་མ་ཉམས་པ་གྲུ་བཞིར་བལྟབ་པའི་སྟེང་དུ། དཀྱིལ་འཁོར་ཆོས་འབྱུང་གྲུ་གསུམ་པའི་དབྱིབས་ཅན། དེ་ཡང་གསུམ་གཉིས་ནས་དཀར་དང་ཆ་གཅིག་སྲན་མ་ནག་པོ་ལས་བྱས་པའི་ལྷོར་བསྟན་པའི་དབུས་མན་ཛིའི་ཁར་བུམ་པ་འོ་མར་བཅས་པའི་དྲི་བཟང་གིས་ཕྱེད་གང་བའི་སྟེང་དུ། རིན་པོ་ཆེའི་སྣོད་དུ། གསེར་ཐིག་པོ་དང་སྨན་ཆེན་རྨ་བྱའི་མདོངས། ཟུར་གསུམ་ལྷོ་རྩེར་གུ་ལང་ནག་པོ་ལྕགས་ཀྱུ་འཕྱར་བ། ནུབ་བྱང་རྩེ་ལ་ཤྲཱི་རལ་པ་ཅན་མདའ་གཞུ་འགེངས་པ། བྱང་ཤར་རྩེ་མོར་དབང་ཕྱུག་ཆེན་པོ་ཏྲི་ཤཱུ་ལ་འགེངས་པ། གསུམ་ཀ་ཡང་གཅེར་བུ་ལིངྒ་གྱེན་དུ་སྒྲེང་བ་ཉམས་དོད་པར་འབུར་དུ་གྲུབ་པ། བུམ་པར་ཞལ་བསྟན་པའི་ཆོས་འབྱུང་གི་ལེབ་གསུམ་གྱི་ཤར་དུ་ལུག་ནག་འོག་ཅན་གྱི་རྐང་པ་གཡས་པའི།་་་དཔྱི་ལྷུ། བྱང་དུ་བར་ལྷུ། ནུབ་ཏུ་ཏོག་རྩེ་ལྟ་བུ། གསུམ་ཀ་ཡང་ཤ་ནང་གྱེན་བསྟན་གྱི་བཅད་ཁ་ཕྱིར་བསྟན་པ། སློབ་དཔོན་གྱི་མདུན་གཡས་སུ། ནུབ་ངོས་ན་ཚུར་ཟླུམ་གཏོར་གསུམ་དང་། ཤེར་དབང་གི་རྫས་ཆུ་གཙང་ལ་ཅུ་གང་དང་ལི་ཁྲི་བཏབ་པ། བཞི་པའི་རྟེན་ཆོས་འབྱུང་གཏོར་མ་ཞེས་པ་སྟེ། དེ་ཡང་འོག་ནས་རིམ་པར་ཞི་རྒྱས་དབང་དྲག་གི་དབྱིབས་ཁ་དོག་སོ་སོར་བསྒྱུར་བ་ལས། སྟེང་གི་དྲག་པོ་ཐོག་གི་མདེའུ་ལྟ་བུ་སྟེ། གཏོར་མ་བཞི་ཀ་ཡང་དཀར་དམར་གྱིས་བརྒྱན། མཐའ་སྐོར་མཆོད་པ་གཡོན་སྐོར་བཀོད་པའི་ཤར་དུ་བཟའ་བཅའ་གང་ཡང་རུང་བའི་ཚོགས་ གང་འཛོམ་མངོན་པར་འདུ་བྱས་ཏེ། གུ་རུ་དབང་ཕྱུག་ཆེན་པོར་བསྒོམས་པའི་ངང་ནས། བུམ་པའི་རྫས་དང་གཟུངས་ཐག་སྦྲེལ་བ་ལག་པས་བཟུང་ནས་ལུང་ཐང་གི་ཕྲེང་བ་ལ། ཧ་ས་ཧ་ས༔ ཀི་ལི་ཧ་ས༔ ཤོ་ཏྲི་ཕོ་ཕེང༔ ཙི་ན་ཙ་ད་ཧ་ས་ཧ་ས་ཧཱུྃ༔ ཞེས་བརྒྱ་རྩ་གཅིག་བཟླས་པས་བུམ་ཆུ་བདུད་རྩིར་གྱུར་པར་བསམ། དེ་འདོད་པས་ཧབ་ཤ་བྱེད་པ་ནི། སྲིད་པའི་མེས་པོ་དབང་ཕྱུག་ཆེན་པོ་དེས་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་དེས་བུམ་པ་བཅགས་ཏེ་བདུད་རྩི་འདོད་པ་དང་། དེ་བཞིན་དུ་མུ་སྟེགས་ཤྲཱི་རལ་པ་ཅན་དེས་བུམ་པའི་བུམ་ཕྱེད་ཙམ་ན་ཕར་མདའ་བརྒྱབས་ནས་བདུད་རྩི་འདོད་པ་དང་། མུ་སྟེགས་གུ་ལང་ནག་པོ་དེས་ལྕགས་ལས་གྲུབ་པའི་རྭ་རྩེས་བུམ་པ་ཕུག་ནས་བདུད་རྩི་འདོད་པར་བསམ་བཞིན་པའི་ངང་ནས། དེའི་ཉིན་དམ་ཚིག་ཏུ་བླ་མ་ལ་ཕྱག་གསུམ་ལས་མི་འཚལ་བར་བསླབས་ནས་སློབ་བུས་མཎྜལ་འབུལ་ཞིང་མདུན་དུ་ཁ་བྱང་དུ་བསྟན་པར་འཁོད་ནས། ཚིག་འདིའི་རྗེས་ཟློས་གསོལ་བ་ལན་གསུམ་བཏབ། གཙོ་བོ་ཁྱོད་ཀྱི་བཀའ་དྲིན་གྱིས༔ འཆི་མེད་གྲུབ་པའི་དབང་སྩོལ་ཅིག༔ ཅེས་ཞུ། དེ་ནས་གུ་རུས་དཀར་གཏོར་རཾ་ཡཾ་ཁཾ་གིས་མ་དག་པ་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས་ཨོཾ་ཧ་ས་ཞེས་སོགས་གོང་གི་རྩ་བའི་སྔགས་ཀྱི་མཇུག་ཏུ། ཨོཾ་མ་ཧཱ་བྷིས༔ ཨོཾ་ཀ་རོ་ཙ་ན་བྷིས༔ ཏེ་ཀུ་ལུ་ན་བྷིས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་གསོལ་བར་བསམ་ལ། མུ་སྟེགས་དབང་ཕྱུག་ཆེན་པོ། མུ་སྟེགས་ཤྲཱི་རལ་པ་ཅན། མུ་སྟེགས་གུ་ལང་གསུམ་གྱིས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སློབ་མ་འདི་ལ་དུས་ད་ནས་གཟུང་སྟེ། སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུག་གི་གནོད་པ་ལས་བསྲུང་བར་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ནས་སློབ་མ་ལ་བདུད་རྩི་འཐོར་ཞིང་འདི་སྐད་བརྗོད། རིགས་མཆོག་རིགས་ལས་སྐྱེས་པའི་བུ༔ འཆི་མེད་གྲུབ་པའི་དབང་སྦྱིན་གྱིས༔ ཚུལ་འདི་གཞན་ལ་མ་སྨྲ་ཞིག༔ གཞན་ལ་སྨྲས་ན་མགོ་འགས་འགྱུར༔ ཞེས་སྔགས་བཞི་སྦྲེལ་བཟླས་ཤིང་གནང་བ་སྦྱིན་ཅིང་དམ་ལ་བཞག །བུམ་པའི་སྟེང་གི་ཆར་སློབ་དཔོན་གྱིས་ལག་གཡོན་པའི་མཐེབ་སྲིན་བར་དུ་ཕྲེང་བ་ཁ་སྦུབ་ཀྱིས་ཕྱིར་བསྐྱུར་བ་དང་། སློབ་མས་ལག་པ་གཡོན་མཐེབ་སྲིན་ཁ་གྱེན་བསྟན་གྱིས་ནང་དུ་འདྲེན་ཞིང་། སྔགས་དཔོན་སློབ་མཆུ་དྲིལ་དུ་འགྲིག་པར་ཉེར་གཅིག་བཟླས། རྗེས་ཕྲེང་བ་ལ་ཡང་སློབ་མས་ཐོབ་ཤའི་ཚུལ་བྱེད་ཅིང་། སློབ་དཔོན་གྱིས་བུམ་པ་རྫས་བཅས་ལ་ཧ་གདབ་ཅིང་། བུམ་པ་རྫས་བཅས་མགོ་ཐོག་ཏུ་བཞག་ནས་འདི་སྐད་བརྗོད། མིའུ་ཐུང་མེས་པོ་ཚངས་པ། མུ་སྟེགས་དབང་ཕྱུག་ཆེན་པོ། མུ་སྟེགས་ཤྲཱི་རལ་པ་ཅན། མུ་སྟེགས་ཤྲཱི་གུ་ལང་གསུམ། རིགས་ཀྱི་བུ་འདི་ལ་དབང་སྐུར་བྱིན་ཕོབ། ཨོཾ་ཧ་ས་སོགས་རྩ་སྔགས་ལ་ལས་སྔགས་གསུམ་བཏགས་པ་བཟླ་ཞིང་བུམ་ཆུ་བླུད་པ་བུམ་དབང་། ཡང་གོང་ལྟར་མིའུ་ཐུང་སོགས་སྔགས་བཅས་བརྗོད་ནས། སྨན་ཆེན་ནས་ཕྱེད་ཙམ་སོགས་སྦྱིན་ཅིང་གྱུར་མིད་བྱེད་དུ་བཅུག་པ་གསང་དབང་། ཡང་གོང་ལྟར་མིའུ་ཐུང་སོགས་སྔགས་བཅས་བརྗོད་ནས། ཅུ་གང་ལི་ཁྲི་ཆུར་བཏབ་པ་སྦྱིན་པ་ཤེར་དབང་། མིའུ་ཐུང་ཞེས་སོགས་སྔགས་བཅས་བརྗོད་ཅིང་ཆོས་འབྱུང་གཏོར་མའི་དབང་སྦྱིན་པ་དབང་བཞི་པའོ། །སྦྲེལ་མར་བསྐུར་ནའང་། གཏོར་མ་དང་མཆོད་པ་ཁ་གསོས་རྗེས་གསོལ་གདབ་ནས་གཟུང་བཞི་པའི་བར་སྔར་བཞིན་བྱས་རྗེས། ཤ་སྣ་གསུམ་སོགས་ཚོགས་རྫས་ཀུན་ནས་སྣ་ཚང་བར་དཔོན་སློབ་ཀུན་གྱིས་རོལ་པས། དེར་ཚོགས་ལ་ཡོད་པ་ཀུན་ལ་དུག་གི་གནོད་པ་མི་འབྱུང་ཞིང་། ལྷག་མ་རྣམས་སྒོ་ཁྱིའི་བར་དུ་སྦྱིན་ནོ། །དེ་ལྟར་དབང་ཐོབ་ནས་ཕྱིན་ཆད་དམ་ཚིག་ཏུ། གཞུང་ལས། སློབ་དཔོན་གནས་དང་དཀྱིལ་འཁོར་དང༔ ལོ་ཟླ་དུས་ཚོད་དྲན་པར་བྱ༔ སྔགས་བཟླས་སྔགས་བཏབ་ཟ་ཞིང་སྦྱིན༔ ཁྱད་པར་དམ་ཚིག་ཞལ་ལས་ཤེས༔ གསེར་སོགས་རྫས་དང་ཡོན་ཡང་བླང༔ ཞེས་སོ། །དབང་དེ་ཐོབ་པའི་ཕན་ཡོན་ནི། གཞུང་ལས། ཕ་ལམ་འདྲ་བའི་དབང་ཐོབ་ནས༔ རྨ་བྱའི་རྒྱལ་པོ་དང་འདྲ་བར༔ ཉམ་ང་མེད་པར་སྤྱད་པར་བྱའོ༔ རཏྣ་སྦྱར་བའི་དབྱིག་དུག་དང༔ ཆིག་དུག་བཙན་དུག་ནག་པོ་དང༔ ཤ་དུག་ཟས་དུག་མ་ལུས་ཐུབ༔ གག་པ་ལྷོག་གཟེར་མཛེ་ནད་དང༔ གཉན་རིགས་མ་ལུས་འཇོམས་པར་བྱེད༔ རིམས་དང་འགོ་བག་ཐམས་ཅད་ལ༔ སྲུང་བའི་རྒྱལ་པོ་འདི་ཡིན་ནོ༔ འདི་བརྟེན་མཛེ་ནད་རྩད་འབྱིན་འགྱུར༔ ས་བདག་ཀླུ་དང་དམུ་བདུད་དང༔ གཉན་དང་རྒྱལ་པོ་བདུད་བཙན་དང༔ གནོད་སེམས་འཆང་བའི་རིགས་དག་གིས༔ དུག་གི་སྡོང་པོ་ལྟ་བུར་མཐོང༔ གཏད་དང་མནན་དང་ཤིང་གཉན་གཅོད༔ རྡོ་གཉན་ས་བདག་མཚན་མོ་རྒྱུ༔ རོ་ཁུར་ལ་སོགས་ཉམ་ངའི་གནས༔ འཇིགས་མེད་སེང་གེ་ལྟ་བུར་སྤྱོད༔ བར་གཅོད་ཟློག་པའི་དམག་དཔུང་ཡིན༔ རིན་ཆེན་སྲོག་གི་མཐུད་མ་ཡིན༔ རིམས་ནད་གསོ་བའི་བདུད་རྩི་ཡིན༔ ཁྱད་པར་ཤ་ཡི་བི་ཥ་འཇོམས༔ འདྲ་མིན་གཞན་ལ་འདི་མེད་པས༔ གཅེས་པར་ཟུངས་ལ་འགྲོ་དོན་གྱིས༔ ཞེས་སོ། །དེ་ལྟར་ལག་ལེན་གོ་བདེ་བར་བསྡུས་པའི་ཚུལ་འདི་ནི། སྙིགས་དུས་སུ་སྐྱེས་པའི་སྔགས་འཆང་དབང་པོའི་སྡེས། ཡོངས་འཛིན་ཆོས་ཀྱི་དབང་ཕྱུག་གི་དབོན་རིགས་དམ་པས་བཀས་བསྐུལ་ལས། རིང་པོར་བསྐྱོད་པས་བྲེལ་ཏེ་ཧ་ཅང་ལེགས་པར་མ་མངོན་ཀྱང་། དོན་གྱི་བརྗོད་དོན་འཆུགས་མེད་པར་ཟིན་ཐོར་བཀོད་པས་འགྲོ་ཀུན་བི་ཥའི་འཇིགས་ལས་ཐར་བར་ཤོག །དགེའོ། །ལམ་འཕྲང་ཆེ་སར་མི་སྡོད། རོག་པོ་ཆོས་ལེགས་ཁྱི་ལ་མི་སྟེར། བྱའི་ཉི་མར་དུག་གི་ལས་མི་བྱ། ཧ་ལའི་ཁོག་ཏུ་རྟ་རྔ་འདྲའི་ནག་པོ་ཡོང་བ་དེ་སྤང་། གནད་ཀྱི་དམ་ཚིག་བླ་མ་དང་དཀྱིལ་འཁོར། དབང་ཞུ་དུས་གང་བྱས་དྲན་པར་བྱའོ། །ཞེས་པའང་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་དཔེ་ལས་བཤུས་པའོ། །སརྦ་དཱ་མངྒ་ལཾ།། །།

བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོ་ལས། ཡང་གསང་མཁའ་འགྲོའི་གཏོར་ཟློག་གི་ཕྲིན་ལས་རྡོ་རྗེའི་མེ་ཆར་ (Volume 33, Text 22)

༄༅། །བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོ་ལས། ཡང་གསང་མཁའ་འགྲོའི་གཏོར་ཟློག་གི་ཕྲིན་ལས་རྡོ་རྗེའི་མེ་ཆར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། གཞི་དབྱིངས་མཚན་བྲལ་ནམ་མཁའ་དྭངས་པའི་མདོག །ལྷུན་གྲུབ་འབར་བའི་གར་གྱིས་བདུད་སྡེའི་དཔུང་། །འཇོམས་བྱེད་དཔའ་མོ་འཕྲོག་བྱེད་ཞལ་ཅན་ལ། །བཏུད་ནས་ཕྱིར་ཟློག་ལས་རིམ་ཁྱེར་བདེར་དགོད། །མཆོག་གླིང་དག་སྣང་བི་མ་ལའི་བླ་སྒྲུབ་ཡང་གསང་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་མྱུར་མགྱོགས་གཏོར་མས་ཟློག་པའི་ལས་ཀྱི་རིམ་པར་འཇུག་པ་ལ་དོན་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་ལས་ཁྲིགས་ཀྱི་རིམ་པའོ། །དང་པོ་ནི། འཛོམ་ན་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་ངོས་སུ་སྟེགས་མཐོ་བར་བདག་བསྐྱེད་གང་ལ་བརྟེན་པའི་གཏོར་མ་སྨན་རཀ་ཕྱི་མཆོད་སོགས་བཤམས་པའི་མདུན་སྟེགས་ཅུང་ཟད་དམའ་བར། ཟློག་དཀྱིལ་མ་ཏྲཾ་སྔོ་སྐྱའི་ལྟེ་བར་ཐོད་རྭ་དང་ཁྲག་མཚོ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་དབུས་སུ་དྲག་པོའི་འཁོར་ལོ་མཐིང་ནག་རྩིབས་བཞི་ལྟེ་བ་དང་བཅས་པ་བྲི། མགྱོགས་ཁྱད་རྡུལ་ཚོན་མི་འགྲུབ་ན་ཤོག་བུ་ལ་ཆུ་ཚོན་གྱིས་བྲིས་པའམ་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་ཀྱང་རུང་། དེའི་སྟེང་ལྕགས་སྣོད་དུ་དུག་ཁྲག་ཆང་གིས་སྦྲུས་པའི་ཟན་ལ་འཁོར་ལོ་རྩིབས་བཞིའི་ལྟེ་བར་དྲག་གཏོར་ཕུར་གཟུགས་ཁྲུ་གང་ལས་མི་ཆུང་བ། ཕྱོགས་བཞིར་དམར་གཏོར་བཞི། མཐར་དམར་གཏོར་ཆུང་ངུ་མང་པོ་དང་ཁྲག་ཀོང་། གཙོ་བོ་ལ་སྐུ་གཟུགས་དང་དར་གདུགས་མཐིང་ནག །ཐམས་ཅད་ལ་མཚེ་ཡུངས་སྐྱེར་རྩང་ཤ་དར་སོགས་ཀྱིས་བརྒྱན་པ་བཞག །མཐའ་སྐོར་དུ་ཀོང་ཟོར། རྡོ་ཟོར། ཁྲག་ཟོར། དུག་ཟོར། མདའ་ཟོར། ཉུངས་ཟོར་རྣམས་བཀོད། དྲག་པོའི་ཉེར་སྤྱོད་སོགས་ཕྱི་ནང་གི་མཆོད་པས་མཐའ་བསྐོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱ། ལས་དཀྱིལ་གྱི་འོག་ཏུ་ཧོམ་ཁུང་ནང་དུག་ཤོག་ལ་དགྲ་བགེགས་ལིངྒ་སྤྱི་ལྟར་བྲིས་པའམ་ཟན་ལིང་སྐྱེ་མཆེད་ཚང་བ་བཅུག་ལ་བཞག །བྱ་འུག་སྒྲོ །ཕུར་བུ། གྲི་གུག་རྣམས་དང་། སྤྲོ་ན་ཐུན་བདུན་གྱི་རྫས་རྣམས་ཀྱང་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞིའི་ལས་ཁྲིགས་ལ་གཉིས། བདག་བསྐྱེད་ཀྱི་ལས་ཁྲིགས། མདུན་བསྐྱེད་ཀྱི་ལས་ཁྲིགས་སོ། །དང་པོ་ལའང་། དགོངས་གཏེར་བི་མ་ལའི་བླ་སྒྲུབ་རང་རྐང་ཚུགས་པའི་དབང་དུ་བྱེད་ན་གཏེར་གཞུང་དང་ཆོག་ཁྲིགས་ལྟར་ཕྱི་ནང་གསང་བ་ཡང་གསང་གི་བདག་བསྐྱེད་བཟླས་པ་བཅས་གྲུབ་ནས། འོག་ཏུ་འབྱུང་བའི་མདུན་བསྐྱེད་ལ་འཇུག་པ་ཡིན་ཡང་། སེང་གདོང་མའི་ཟློག་པ་ཁོ་ན་ཙམ་དོན་དུ་གཉེར་བ་ལ་དེ་ལྟའི་ཁྲིགས་ཆགས་དགོས་པའི་ངེས་པ་མེད་པས། དཀོན་མཆོག་སྤྱི་འདུས་ལྟ་བུ་ཞི་དྲག་གང་རུང་གི་བསྐྱེད་བཟླས་བྱས་ནས་འདིའི་མདུན་བསྐྱེད་ལ་འཇུག་ཀྱང་ཆོག་ལ། འདི་ཉིད་ཁོ་ནས་བདག་མདུན་གཉིས་ཆར་སྒྲུབ་པའང་སྟབས་བདེ་ཞིང་དོན་དང་མི་འགལ་བས་དེ་ལྟར་ན་གཉིས། སྔོན་འགྲོ །དངོས་གཞིའོ། །དང་པོ་ལ། དཀར་གཏོར་སྤྱི་ལྟར་གཏང་། རྒྱུད་སྦྱོང་བ་ནི། མདུན་གྱི་ནམ་མཁར་ཚོགས་རྟེན་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུན་བཤགས་ཡན་ལག་བརྒྱད་པ་ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ། བགེགས་གཏོར་བཤམ། རང་ཉིད་སྐད་ཅིག་གིས་བདུད་འདུལ་ལས་ཀྱི་མཁའ་འགྲོའི་སྐུར་གྱུར། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བགེགས་བསྐྲད་པ་ནི། ཧཱུྃ༔ རང་རིག་ལྷ་ཡི་དཀྱིལ་འཁོར་དུ༔ གཉིས་འཛིན་འཁྲུལ་པའི་བདུད་དང་བགེགས༔ རང་སྣང་འདོད་ཡོན་གཏོར་མ་ལོངས༔ མཐའ་བྲལ་གཉིས་མེད་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ སྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ མི་འགྱུར་རྡོ་རྗེའི་སྐུ་གསུང་ཐུགས༔ ཡེ་ནས་ཡེ་ཤེས་རྩལ་རྫོགས་པའི༔ སྣོད་བཅུད་གཞལ་ཡས་ལྷ་དང་སྔགས༔ རྡོ་རྗེའི་གུར་ཁང་མེ་དཔུང་འབར༔ ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བརྡ་སྒོ་དབྱེ་ཕྱག་དང་བཤགས་ཤིང་དམ་བཅའ་བ་ནི། ཡེ་ནས་སྣང་སྲིད་ལྷ་རུ་དག༔ དཀྱིལ་འཁོར་ཆེན་པོར་མཐོང་ཕྱག་འཚལ༔ སྔོན་ནས་མ་རིག་བསྒྲིབས་པ་བཤགས༔ ད་ནི་རང་རིག་ལས་མི་འདའ༔ ན་མོ་པྲ་བེ་ཤ་ཡ་ཤུདྡྷེ་ཨ༔ ས་མ་ཡ་ཧཱུྃ༔ སྣོད་བཅུད་བྱིན་དབབ་ནི། ཧཱུྃ་ཧྲཱི༔ རང་བཞིན་དབྱིངས་ན་བཞུགས་པའི་ལྷ་ཚོགས་རྣམས༔ ཡེ་ཤེས་རང་རྩལ་གཟུགས་ཀྱི་སྐུར་བཞེངས་ནས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ སྣང་སྲིད་གཞིར་བཞེངས་རང་གསལ་དུས་ལ་བབ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ མཆོད་རྫས་བྱིན་བརླབ་ནི། ཧཱུྃ༔ ཡེ་ཤེས་རཾ་ཡཾ་ཁཾ་གིས་བག་ཆགས་སྦྱངས༔ ལྷུན་གྲུབ་བདེ་ཆེན་བྷྲཱུྃ་ལས་བྷཉྫའི་སྣོད༔ ཧཱུྃ་ལས་ཡེ་ཤེས་ལྔ་ཡི་བདུད་རྩིར་འཁྱིལ༔ ཨཱ་ལས་འཁོར་བ་རང་གྲོལ་རཀྟའི་མཚོ༔ ཨོཾ་ལས་དབྱིངས་ཡེ་ཟུང་འཇུག་གཏོར་མའི་སྤྲིན༔ སྣང་བ་མ་འགགས་མཆོད་རྫས་ཅིར་ཡང་འཆར༔ ཨོཾ་མ་ཧཱ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ་བསྐྱེད་བཟླས་གཉིས་ལས་དང་པོ་ནི། ཧཱུྃ་བྷྱོ༔ མ་སྐྱེས་རང་བྱུང་འོད་གསལ་དབྱིངས་ཀྱི་ངང༔ དེ་ལྟར་མ་རྟོགས་འགྲོ་བ་བསྒྲལ་བའི་ཕྱིར༔ སྟོང་ཉིད་རྩལ་ལས་མཚོན་ཆེན་ཧཱུྃ་སྔོན་འབར༔ འོད་འཕྲོས་སྲུང་བའི་འཁོར་ལོའི་གུར་གྱི་དབུས༔ དུར་ཁྲོད་རོལ་པའི་གཞལ་ཡས་ཆེན་པོའི་ནང༔ རིག་པ་ཡེ་ཤེས་ཀུན་བཟང་གནམ་ཞལ་མ༔ དྲག་ཏུ་ཁྲོས་པ་བདུད་འདུལ་སེང་གེའི་གདོང༔ ནམ་མཁའི་མདོག་ཅན་གར་དགུའི་ཉམས་དང་ལྡན༔ ཕྱག་གཡས་གྲི་གུག་གཟུང་འཛིན་དྲྭ་བ་གཅོད༔ གཡོན་པས་ཐོད་ཁྲག་བདེ་ཆེན་ཡེ་ཤེས་འབར༔ ཧེ་རུ་ཀ་དཔལ་ཁ་ཊྭཱཾ་མཆན་གཡོན་བཟུང༔ རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པན་འཕུར༔ སྐུ་སྨད་གནམ་ལྕགས་ཕུར་བུ་མེ་འབར་བས༔ པདྨ་ཉི་ཟླ་བདུད་བཞིའི་སྙིང་གར་གཟིར༔ ཕུར་པའི་དབལ་ལས་མེ་རླུང་འཁྲུགས་པའི་ཀློང༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ དཀར་སེར་དམར་ལྗང་རིགས་ཀྱི་གཙོ་མོར་བཞེངས༔ དེ་ལས་ཕྲ་མེན་དབང་ཕྱུག་སྒོ་མའི་ཚོགས༔ བསམ་གྱིས་མི་ཁྱབ་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣོད་བཅུད་དག་པ་སེང་གདོང་མཁའ་འགྲོའི་དལ༔ སྐུ་གསུང་ཐུགས་མཆོག་གདོད་ནས་རྡོ་རྗེ་གསུམ༔ དུག་ལྔ་གནས་གྱུར་ཡེ་ཤེས་རྣམ་པ་ལྔ༔ སྐུ་ལྔ་ཡེ་རྫོགས་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ འབུམ་ཕྲག་མཁའ་འགྲོ་ཕྲ་མེན་ཚོགས་དང་བཅས༔ བར་ཆད་བདུད་ཚོགས་འདུལ་ཕྱིར་དབྱིངས་ནས་བཞེངས༔ ཨོཾ་བཛྲ་དྷཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྣམ་དག་ཕྱི་ཡི་མཆོད་པ་དང༔ ཕུང་ཁམས་རྣམ་དག་ནང་གི་མཆོད་པ་འབུལ༔ བདེ་ཆེན་ཡེ་ཤེས་གསང་བའི་མཆོད་པ་མཆོག༔ ཀ་དག་དེ་ཁོ་ན་ཉིད་མཆོད་པ་འབུལ༔ དུག་ལྔ་རྣམ་དག་བདུད་རྩི་སྨན་ཆེན་པོ༔ ཉོན་མོངས་འཁོར་བ་བསྒྲལ་པའི་རཀྟ་འབུལ༔ འཇིག་རྟེན་ཕུང་པོ་དབྱིངས་ཀྱི་བྷནྡྷ་རུ༔ ཕྱི་ནང་གསང་བའི་དཔལ་གྱི་གཏོར་ཆེན་བཤམས༔ འདོད་ཡོན་ལྔ་ཡི་ལྷ་མོས་རབ་བརྒྱན་ཏེ༔ གུས་པས་འབུལ་ལོ་དགྱེས་པས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་བྷྱོ༔ གནམ་ཞལ་དབྱིངས་ཕྱུག་རབ་ཁྲོས་སེང་གེའི་གདོང༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཀཱི་ལ་ཡ༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ མ་མོ་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ གཉིས་པ་བཟླས་པ་ལ་བསྙེན་སྒྲུབ་གཉིས་ལས། དང་པོ་ནི། ཐུགས་ཀར་སྦས་པའི་ཡབ་ཡ་མ་རཱ་ཙའི་ངོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རྭ་གདེངས་ཤིང་མེ་འབར་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་ཚུར་འདུས་ཤིང་ཐིམ་པས་ལྷ་སྔགས་ཡེ་ཤེས་ཀྱི་གཟི་བྱིན་ཆེས་ཆེར་འབར་བར་བསམ་ལ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ བསྙེན་པའི་སྐབས་འདི་ཉིད་གྲངས་ཐེམས་པར་བཟླ། ཧཱུྃ་ཡིག་གི་མཐར་སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཀྱི་དངོས་འཛིན་ཐམས་ཅད་བསྲེགས་ཤིང་སྦྱངས༔ སྣང་གྲགས་རྟོག་ཚོགས་དབྱིངས་ཕྱུག་དྷཱ་ཀི་སེང་གདོང་མའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད་པར་བསམ་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ སྒྲུབ་པ་ལ་འདི་བཟླ་དགོས་པས་ཟློག་རྐྱང་སྐབས་སུའང་བདག་བསྐྱེད་ལ་བསྙེན་སྔགས་དང་མདུན་བསྐྱེད་ལ་སྒྲུབ་སྔགས་གཙོ་བོར་བཟླས་ན་སྐབས་སུ་བབ་བོ། །གཉིས་པ་མདུན་བསྐྱེད་ལའང་བཞི། མདུན་རྟེན་བསྐྱེད་ཅིང་མཆོད་བསྟོད་བཟླས་པ་སོགས་བྱ་བ། གདབ་ཁའི་ལས་བྱ་བ། ཟློག་པའི་ལས་བཅོལ་བ། ལས་མཇུག་འཕང་བས་བསྡུ་བའོ། །དང་པོ་ནི། ཧཱུྃ་བྷྱོ༔ མ་སྐྱེས་རང་བྱུང་འོད་གསལ་དབྱིངས་ཀྱི་ངང༔ དེ་ལྟར་མ་རྟོགས་འགྲོ་བ་བསྒྲལ་བའི་ཕྱིར༔ སྟོང་ཉིད་རྩལ་ལས་མཚོན་ཆེན་ཧཱུྃ་སྔོན་འབར༔ འོད་འཕྲོས་སྲུང་བའི་འཁོར་ལོའི་གུར་གྱི་དབུས༔ རང་མདུན་དུར་ཁྲོད་གཞལ་ཡས་ཆེན་པོའི་ནང༔ རིག་པ་ཡེ་ཤེས་ཀུན་བཟང་གནམ་ཞལ་མ༔ ཞེས་པ་ནས་སྒྲུབ་པའི་བཟླས་པ་རྫོགས་ཀྱི་བར་བདག་བསྐྱེད་ཉིད་བསྐྱར་ལ་གཏང་། དེ་ནས་སྲུང་བའི་དམིགས་པ་ནི། བདག་མདུན་གྱི་ཐུགས་སྲོག་ལས་བཾ་ཧ་རི་ནི་ས་བྷྱོ་ཞེས་པའི་སྔགས་ཀྱི་ཡི་གེ་སྒྲ་དང་བཅས་པ་འཕྲོས༔ ཕྱི་རོལ་དུ་སེང་གདོང་རིགས་ལྔ་དང་ཕྲ་མེན་བརྒྱད་ཀྱི་ངོ་བོ་རྡོ་རྗེ༔ འཁོར་ལོ༔ རིན་ཆེན༔ པདྨ༔ རལ་གྲི༔ གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་པ་དང་བཅས་པའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་སྲ་ཞིང་བརྟན་པ༔ འཁོར་ལོའི་རྩིབས་རྩེར་ཕྲ་མེན་གྱི་དྷཱ་ཀི་བརྒྱད་འཁོར་དབང་ཕྱུག་མ་མོ་འབུམ་གྱི་ཚོགས་དང་བཅས་ཏེ་ཞལ་ནང་དུ་གཟིགས་ནས་སྲུང་བའི་སྔགས་འབྲུག་སྟོང་ལྟར་སྒྲོག་ཅིང་མཚམས་ཀྱི་ལས་མཛད་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་ཆུ་རླུང་གི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བྱད་ཕུར་གདོན་བགེགས་ཐམས་ཅད་ཕྱོགས་སུ་ཉེ་མི་ནུས་པར་བསམ༔ ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་ཉི་ཟླ་ཁ་སྦྱོར་སྲུབས་མེད་པའི་ནང་དུ་ཚུད་ཅིང་ཧཱུྃ་གི་ཁོག་པར་རང་དང་བསྲུང་བྱའི་གཙོ་བོའི་རླུང་སེམས་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་འཚེར་སྣུམ་ལ་འདྲིལ་བ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང༔ མཐའ་སྐོར་དུ་བསྲུང་བྱ་གཞན་རྣམས་དངོས་སམ་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའི་རྣམ་པར་གསལ་བར་བསམས་ཏེ༔ སྒྲུབ་སྔགས་ཤམ་དུ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་སྲུངས༔ ཞེས་གཙོ་བོར་བཟླ་ཞིང་ཐུན་མཐར༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲཱུྃ༔ ཞེས་པའང་ཉེར་གཅིག་ལས་མི་ཉུང་བར་བཟླས་ལ་མཆོད་བསྟོད་བྱ། འདིར་བཀའ་གཏེར་སྲུང་མའི་གཏོར་འབུལ་རྒྱས་བསྡུས་ཇི་ལྟར་རིགས་པ་གཏང་། དེ་ནས་ཚོགས་ཀྱི་ཡོ་བྱད་འདུ་བྱས་ལ། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ དུར་ཁྲོད་དྲག་པོའི་གནས་མཆོག་ནས༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ རིགས་ལྔ་སྤྲུལ་པ་ཡང་སྤྲུལ་དང༔ ཕྲ་མེན་མ་མོ་འབུམ་སྡེའི་ཚོགས༔ ལོངས་སྤྱོད་ཚོགས་ཀྱི་འདུ་བར་གཤེགས༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ བླ་མེད་མཆོག་གི་དམ་ཚིག་རྫས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཡེ་ཤེས་དྷཱ་ཀིའི་ལྷ་ཚོགས་ཀྱི༔ ཐུགས་དང་འགལ་བའི་ཉེས་ལྟུང་ཀུན༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། འདིར་སྤྲོ་ན་སྤྱི་དང་བྱེ་བྲག་གི་སྐོང་བ་གཏང་། དེ་ལྟར་མཆོད་བཤགས་སྔོན་དུ་འགྲོ་བས། གཉིས་པ་ཚོགས་ཐ་མ་དང་འབྲེལ་བར་གདབ་ཁའི་ལས་བྱ་བ་ནི། ལིངྒ་བསྒྲལ་ཆས་སོགས་མདུན་དུ་བཀོད་ལ་ཐོག་མར་ཐུགས་དམ་བསྐུལ་བ་ནི། ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ སྐྱེ་བའི་ཆོ་འཕྲུལ་ཀུན་བཟང་གནམ་ཞལ་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ རིགས་ལྔ་ཕྲ་མེན་མ་མོ་འབུམ་གྱི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་སྐྱེད༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བོ་དང༔ བསྟན་པ་བཤིག་པའི་ནག་ཕྱོགས་བགེགས་རིགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཞེས་བསྐུལ། གསེར་སྐྱེམས་བྲན་ལ། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧཱུྃ༔ རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ༔ གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་དྲེགས་པའི་སྡེ༔ གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ ཕྱོགས་སྐྱོང་ལྷ་ཀླུ་ས་བདག་འབྱུང་པོའི་ཚོགས༔ གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ དེ་ནས་བྲུབ་ཁུང་བསྐྱེད་ཅིང་ལིངྒ་དམིགས་བྱ་དངོས་སུ་གསལ་འདེབས་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ༔ དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུགས་ཤིང་ཕྱི་ནང་དུ་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པ་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་འཇིགས་སུ་རུང་བ༔ དེའི་ནང་དུ་དགྲ་བགེགས་དེ་ཉིད་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་པ་གཅིག་ཏུ་གྱུར༔ བདེན་སྟོབས་བརྗོད་པ་ནི། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ གསང་སྔགས་རིག་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ ཆོས་ཉིད་གདོད་ནས་དག་པའི་བདེན་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༔ ཁྱད་པར་དུ་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་རིགས་ལྔ་འཁོར་ཚོགས་དམ་ཅན་བཀའ་སྡོད་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ་དང༔ ཡུན་གྱི་བྱང་ཆུབ་ལ་བར་དུ་གཅོད་པ༔ མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ ལན་གསུམ་སོགས་ཅི་རིགས་དང་སྒྲུབ་སྔགས་མཐར། ནྲྀ་ཏྲི་སརྦ་ཤ་ཏྲཱུན་ཨཱ་ཀརྵ་ཡ་ཡཾ་ཡཾ་ཛཿཛ༔ ཞེས་པས་དགུག །བདག་མདུན་འཁོར་གྱི་ཕྲ་མེན་དབང་ཕྱུག་མ་མོའི་ཚོགས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་བསྟིམ་ལྷ་དང་ཕྲལ་བར་བསམ་ལ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ཞེས་པས་རྟེན་ལ་བཅིང༔ གུ་གུལ་གྱིས་བདུག༔ བྱ་རོག་འུག་པའི་སྒྲོས་དབྱེ་རྒྱ་དང་བཅས༔ ཧཱུྃ༔ ཀ་ཀ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ ཕྲ་མེན་རྣམ་གཉིས་དུས་ལ་བབ༔ ལྷ་དང་དགྲ་གཉིས་སོ་སོར་ཕྲོལ༔ ནྲྀ་ཏྲི་ཤ་ཏྲཱུན་སརྦ་དེ་བ་ཤག་ཤག་ཕྱེ་ཕྱེ་ཨུཙྪ་ཊ་ཡ་ཕཊ༔ ཅེས་ལྷ་དང་དབྱེ༔ ཕྱག་གཡོན་ཐོད་ཁྲག་ལས་ནད་མཚོན་དུག་ཁྲག་གི་ཆར་ཆེན་པོ་ཕབས་པར་བསམ་ལ༔ སྒྲུབ་སྔགས་ཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་རྦད༔ ཅེས་དང་། ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སོད༔ དགྲ་བགེགས་བྱད་མ་མཱ་ར་ཡ་ཐུམ་རིལ་རྦད༔ ཅེས་བཟླ་ཞིང་ཐུན་བརྡེག །སྐུ་སྨད་ཕུར་པའི་དབལ་ལས་གནམ་ལྕགས་ཀྱི་ལས་ཕུར་མཚན་ཉིད་རྫོགས་པ་ཆར་ལྟར་བབས་པས་ཚེ་བསོད་རང་ལ་འདུས༔ རྣམ་ཤེས་དབྱིངས་སུ་སྤར༔ གཙོ་མོའི་ཐུགས་ཀའི་ཧཱུྃ་ལས་ཤ་ཟ་ཕྲ་མེན་མ་མོའི་ཚོགས་ཀྱི་ངོ་བོ་བྷྱོ་དམར་ནག་གཉིས་སྤྲོས་པ་ཁ་དང་བཤང་ལམ་ནས་ཞུགས༔ སྙིང་གར་སླེབས་མ་ཐག་ཟངས་ལྕགས་ཀྱི་འཁོར་ལོར་གྱུར་ཏེ་གཡས་གཡོན་དུ་ཤུགས་དྲག་པོར་འཁོར་བས་ཤ་ཁྲག་རུས་གསུམ་དམར་མྱོག་མྱོག་ཏུ་གཏུབ་ཅིང་ལུས་ཀྱི་གནད་ཐམས་ཅད་བཅད་པར་བསམ་ལ་ཕུར་པ་འདྲིལ་ཞིང༔ ཧཱུྃ་བྷྱོ༔ བདུད་འདུལ་དྷཱ་ཀི་སེང་གདོང་འཁོར་བཅས་ཀྱི༔ ཕྲིན་ལས་ཡོངས་རྫོགས་བཛྲ་ཀཱི་ལ་ཡས༔ དགྲ་བགེགས་གནོད་བྱེད་བྱད་མའི་ཚོགས་རྣམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྒྲུབ་སྔགས་དང༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཡཾ་མཱ་ར་ཡ་རྦད༔ ཅེས་གདབ༔ ཕྱག་གཡས་ཀྱི་གྲི་གུག་ལས་གྲི་གུག་གི་ཆར་བབས་པས་སྙིགས་མའི་ཕུང་པོ་དུམ་བུར་གཏུབས་པར་བསམ་ལ༔ སྒྲུབ་སྔགས་དང༔ ཙྪིནྡ་ཙྪིནྡ་བྷིནྡ་བྷིནྡ་ཧ་ཧེ་ཕཊ༔ ཅེས་བརྗོད༔ སླར་ཡང་སྐུ་སྨད་ཕུར་པའི་དབལ་དང་ཕྱག་མཚན་གྲི་གུག་ལས་ཐུན་རྫས་ཀྱི་ཆར་ཕབ་པས་རྡུལ་དུ་བརླགས་པར་བསམ་ལ། ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཤ་རཱི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཡུངས་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཁྲག་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ འབྱུང་བའི་དུག་ཐུན་རླུང་ལྟར་འཚུབས༔ ཀླུ་བདུད་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ དུག་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ བདུད་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ མཚེ་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ དྲག་པོའི་མདའ་ཐུན་ཐོག་ལྟར་ལྷུང༔ གཟའ་རྒོད་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ མདའ་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ རྡོ་ཐུན་དྲག་པོ་རྦབ་ལྟར་འགྲིལ༔ བཙན་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ རྡོ་ཐུན་དགྲ་བགེགས་སྟེང་དུ་ཡ༔ ཧཱུྃ༔ ཕུར་ཐུན་ཕྱག་མཚན་ཡོངས་རྫོགས་ཐུན༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ བཏབ་པས་འཁོར་འདས་མཐའ་གཉིས་བསྒྲལ༔ དགྲ་བགེགས་སྟེང་དུ་ཕུར་ཐུན་ཡ༔ ཞེས་དང་། སྒྲུབ་སྔགས་ཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་རྦད༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སོད༔ དགྲ་བགེགས་བྱད་མ་མཱ་ར་ཡ་ཐུམ་རིལ་རྦད༔ ཅེས་བརྗོད། ཟན་ལིང་གི་ཆ་ཤས་གཏོར་མར་འབུལ་ཞིང༔ གཙོ་འཁོར་ཐམས་ཅད་ཀྱིས་དགྲ་བགེགས་བྱད་མའི་ཤ་ཁྲག་རུས་གསུམ་ཧབ་ཐོབ་ཏུ་གསོལ་བར་བསམ་ལ། ཧཱུྃ་བྷྱོ༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ བདུད་འདུལ་སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྱེས་པའི་གད་མོ་དང་བཅས་བཞེས་ཏེ་མངོན་སྤྱོད་ཀྱི་ལས་ལ་སླར་ཡང་སྤྲོ་བའི་ཚུལ་གྱིས་བཞུགས་པར་བསམ་མོ༔ གསུམ་པ་ཟློག་པ་ལ། ཏིང་ངེ་འཛིན་ནི༔ ཟློག་པའི་ཕྲིན་ལས་བཅོལ་ཞིང་ཟློག་སྔགས་བཟླས་པས་ཕྱི་རོལ་གྱི་མ་མོ་འབུམ་སྡེའི་ཚོགས་རྣམས་ཞལ་ཕྱིར་གཟིགས་ཏེ་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་སྒྲོག་ཅིང༔ སྐུ་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་དང་མཚོན་ཆའི་ཚོགས་སྤྲོས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་ཟློག་པར་བསམ་ལ༔ ལིང་རོ་དང་གཏོར་ཆུང་ཁྲག་སྐྱེམས་བྲན་པ་འབུལ་ཞིང་བསྐུལ་བ་སྔོན་དུ་འགྲོ་བས༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོ༔ དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མེ་ལོང་ཡེ་ཤེས་རྡོ་རྗེ་རིགས་ཀྱི་ཡུམ༔ ཞེ་སྡང་བདུད་འདུལ་བཛྲ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་དགྲ་ལ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དགྲ་ལ་ཟློག༔ སངས་རྒྱས་ཆོས་ཀྱི་བདེན་ཚིག་དགྲ་ལ་ཟློག༔ མུ་སྟེགས་གདུག་པའི་ངན་སྔགས་དགྲ་ལ་ཟློག༔ བན་བོན་སྔགས་པའི་བྱད་ཕུར་དགྲ་ལ་ཟློག༔ མནན་སྲེག་འཕང་པའི་འཕྲུལ་འཁོར་དགྲ་ལ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་དགྲ་ལ་ཟློག༔ ས་ཡི་རྟེན་ཕུར་བུད་པ་དགྲ་ལ་ཟློག༔ བར་གྱི་མཚན་ལྟས་ངན་པ་དགྲ་ལ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ལོ་ཀག་ཟླ་གཤེད་ཐམས་ཅད་དགྲ་ལ་ཟློག༔ མི་མཐུན་མི་འདོད་ཕྱོགས་ངན་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་བྱད་ཕུར་རྦོད་གཏོང་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་ཁྲག་འཐུང་རོལ་པའི་དུར་ཁྲོད་ནས༔ ཆོས་དབྱིངས་ཡེ་ཤེས་བདེ་གཤེགས་རིགས་ཀྱི་ཡུམ༔ གཏི་མུག་བདུད་འདུལ་བུདྡྷ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ ལྷོ་ཕྱོགས་གཤིན་རྗེ་རོལ་པའི་དུར་ཁྲོད་ནས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་ཀྱི་ཡུམ༔ ང་རྒྱལ་བདུད་འདུལ་རཏྣ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ ནུབ་ཕྱོགས་དབང་ཆེན་རོལ་པའི་དུར་ཁྲོད་ནས༔ སོར་རྟོག་ཡེ་ཤེས་པདྨ་རིགས་ཀྱི་ཡུམ༔ འདོད་ཆགས་བདུད་འདུལ་པདྨ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ བྱང་ཕྱོགས་ཕྲིན་ལས་རོལ་པའི་དུར་ཁྲོད་ནས༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་ཀྱི་ཡུམ༔ ཕྲག་དོག་བདུད་འདུལ་ཀརྨ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ རིགས་ལྔ་དྷཱ་ཀིའི་བཀའ་ཉན་ལས་བྱེད་གཙོ༔ བར་ཆད་བདུད་འདུལ་ཕྲ་མེན་ཆེན་མོ་བརྒྱད༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ འབར་བའི་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང༔ མ་མོ་འབུམ་གྱི་ཚོགས་རྣམས་ལས་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ཟློག་བྱང་འགྲེས། ཧཱུྃ་བྷྱོ༔ གཞན་ཡང་དཔལ་ཆེན་ཡབ་ཡུམ་བཀའ་སྡོད་ཅིང༔ དྲག་རྩལ་ཐོགས་མེད་ཞིང་བཅུའི་དགྲ་བགེགས་སྒྲོལ༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་སོགས༔ སྡེ་བརྒྱད་གདུག་པའི་དམག་དཔུང་ལས་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་དགྲ་ལ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དགྲ་ལ་ཟློག༔ སངས་རྒྱས་ཆོས་ཀྱི་བདེན་ཚིག་དགྲ་ལ་ཟློག༔ མུ་སྟེགས་གདུག་པའི་ངན་སྔགས་དགྲ་ལ་ཟློག༔ བན་བོན་སྔགས་པའི་བྱད་ཕུར་དགྲ་ལ་ཟློག༔ མནན་སྲེག་འཕང་པའི་འཕྲུལ་འཁོར་དགྲ་ལ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་དགྲ་ལ་ཟློག༔ ས་ཡི་རྟེན་ཕུར་བུད་པ་དགྲ་ལ་ཟློག༔ བར་གྱི་མཚན་ལྟས་ངན་པ་དགྲ་ལ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ལོ་ཀག་ཟླ་གཤེད་ཐམས་ཅད་དགྲ་ལ་ཟློག༔ མི་མཐུན་མི་འདོད་ཕྱོགས་ངན་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་བྱད་ཕུར་རྦོད་གཏོང་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཟློག་གཞུང་ཉིད་ཚར་གྲངས་གང་དགོས་བསགས་པའི་མཐར་སྒྲུབ་སྔགས་ཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་ཟློག༔ ཅེས་དང་། ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་ཟློག༔ ཨཿཡཿམཿདུཿརུཿཙཿཤཿནཿབྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བཟླ༔ མཐར། བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཉིས་ཀྱི་མཐིལ་དུ་ཉི་ཟླའི་དཀྱིལ་འཁོར་འོད་འབར་བ་གསལ་བཏབ་ནས་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་ལ༔ ན་མོ༔ བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་བཀའ་བདེན་པ་དང༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་འཁོར་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས་བདག་ཅག་འཁོར་དང་བཅས་པའི་ནད་གདོན་བར་ཆད་བྱད་ཕུར་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་ཟློག་ཅིག༔ སྒྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ རབ་ཏུ་ཞི་བར་གྱུར་ཅིག༔ ཅེས་དང༔ གོང་གི་སྔགས་དང༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀ་ཤན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ ཡ་མ་རཱ་ཙ་བྷྱོ༔ མཱ་ར་ཡ་ཀཱི་ལ་བྷྱོ༔ ཞེས་བཟླས་ཤིང་ཐལ་མོ་བརྡབ༔ ཐུན་གཏོར་འཕང་ངོ་། །དེ་ནས་ཚོགས་ལ་རོལ། ལྷག་མ་བྱིན་གྱིས་བརླབས་ལ། ཧཱུྃ་བྷྱོ༔ ལྷག་ལ་དབང་བའི་དྲེགས་ཚོགས་ཀུན༔ ཤ་ཁྲག་བདུད་རྩིར་བཅས་པ་ཡི༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་བསྔོ་ཞིང་སྨོན་ལམ་གདབ༔ ཞག་གྲངས་མང་དུ་བྱེད་ན་ཉིན་སྔ་མ་རྣམས་སུ་འདི་ནས་གཏོར་སྐྱོང་སོགས་རྗེས་ཀྱི་བྱ་བ་ལ་འཇུག་གོ༔ གསུམ་པ་ལས་ཀྱི་མཇུག་འཕང་བས་བསྡུ་བ་ནི༔ ཚོགས་ལྷག་ཡན་གྲུབ་པ་དང་། མདུན་བསྐྱེད་གཏོར་མའི་ལྷ་ལ་མཆོད་ཅིང་བསྟོད་ནས་བཟོད་གསོལ་རྗེས༔ གཏོར་མའི་ཡེ་ཤེས་ལྷ་ཚོགས་ནམ་མཁར་བཞུགས༔ དམ་ཚིག་པ་རྣམས་རང་ལ་དབྱེར་མེད་ཐིམ༔ སླར་ཡང་གཏོར་རྫས་བདུད་འདུལ་སེང་གེའི་གདོང༔ འཁོར་བཅས་དུག་མཚོན་ཆར་པ་འབེབ་པར་གྱུར༔ ཟློག་སྔགས་མང་དུ་བཟླས་པས་བསྒྲུབ་ཅིང་ཟློག་པའི་ལས་བཅོལ༔ སྒོ་དབྱེ་བའི་ཕྱིར་གསེར་སྐྱེམས་མཆོད་ཅིང༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཁྱད་པར་བདུད་འདུལ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང༔ སྒོ་སྐྱོང་ཕྲ་མེན་ཚོགས་བཅས་ཀུན༔ གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས༔ གཏོར་མའི་ཟོར་སྒོ་དགྲ་ལ་ཕྱེས༔ ལྷ་ཀླུ་ས་བདག་ཕྱོགས་སྐྱོང་ཚོགས༔ གསེར་སྐྱེམས་བདུད་རྩི་འདི་གསོལ་ལ༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ཤིག༔ བདག་གི་གྲོགས་དང་དཔུང་ལ་གཤེགས༔ ཟོར་སྣ་དགྲ་དང་བགེགས་ལ་དྲོངས༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ སརྦ་བྷཱུཏ་ས་མ་ཡ་སྨ་ར་རཀྵནྟུ༔ ཞེས་དམ་བསྒྲག༔ གཏོར་མ་སྟེགས་ལས་ཕབ་སྟེ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་མེད་སོགས་ཀྱིས་བསྐུལ་བ་བྱ། ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ དུས་བཞིའི་བདེ་གཤེགས་རིག་འཛིན་ཐམས་ཅད་ཀྱི༔ སྤྱན་སྔར་ཁས་བླངས་དམ་ཅན་སྲུང་མའི་ཚོགས༔ སྔོན་ཚེ་ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་སྲུངས་ཕྲིན་ལས་མྱུར་དུ་སྒྲུབ་པ་དང༔ བར་ཆད་དགྲ་བགེགས་ཐམས་ཅད་ཟློག་པར་མཛོད༔ ཅེས་གཏོར་མ་ཕུལ་ལ། གང་དུ་འཕེན་པའི་ཕྱོགས་སུ་རོལ་མོ་དང་དྲག་སྔགས་བརྗོད་བཞིན་ཁྱེར་ལ་གསེར་སྐྱེམས་གོང་ལྟར་མཆོད། གཏོར་མ་ཕྱིར་བསྐྱེལ་བའི་སྐབས་འདིར་སྲིན་མོའི་ཟ་ལམ་བསྐུལ་ན་སྤྱི་མཐུན་འདིར་བླང་། ཤོག་ལིང་སོགས་དམིགས་པའི་འབེན་ཡོད་ན་འགུགས་གཞུག་བྱས་ལ་ཟོར་འཕེན་པ་ནི། ཐོག་མར་ཀོང་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་བྱེད་བགེགས་ཚོགས་ལ༔ སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་ཀོང་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཅེས་དང་། སྒྲུབ་སྔགས་ཤམ་དུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་ཟློག༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་ཟློག༔ ཨཿཡཿམཿདུཿརུཿཙཿཤཿནཿབྷྱོཿབྷྱོཿཟློག་ཟློག་བྷྱོ་ཟློག་ཅིག༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀ་ཤན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ ཡ་མ་རཱ་ཙ་བྷྱོ༔ མཱ་ར་ཡ་ཀཱི་ལ་བྷྱོ༔ ཞེས་བཟླས་ཤིང་འཕང་ངོ་། །དེ་ནས་རྡོ་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ལ༔ ལྷ་ཀླུ་ས་བདག་ཚོགས་ཀྱིས་རྡོ་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ གོང་ལྟར་ཟློག་སྔགས་ཚང་བར་བརྗོད། ཁྲག་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ལ༔ མ་མོ་འབུམ་སྡེའི་ཚོགས་ཀྱིས་ཁྲག་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད། དུག་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ལ༔ དབང་ཕྱུག་སྒོ་མའི་ཚོགས་ཀྱིས་དུག་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད། མདའ་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ལ༔ ཕྲ་མེན་ཆེན་མོ་བརྒྱད་ཀྱིས་མདའ་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད། ཉུངས་ཟོར་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་ལ༔ རིགས་བཞིའི་སེང་གདོང་དྷཱ་ཀིས་ཉུངས་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད། གཏོར་ཆེན་ཐོགས་ལ། ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་བྱེད་བགེགས་ཚོགས་ལ༔ གཙོ་འཁོར་སྤྲུལ་པར་བཅས་པས་གཏོར་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད་ཅིང་འཕངས་པས་སྤྲུལ་པའི་དམག་ཚོགས་རྣམས་ཀྱིས་དགྲ་བགེགས་ཚར་བཅད་པར་བསམ༔ ཤོག་ལིང་ཡོད་ན་ཧོམ་དུ་བསྲེག༔ ཐལ་མོ་བརྡབ། དེ་ནས་ཅུང་ཟད་ཕྱིར་ཤིག་ལ་ལས་བྱང་ལྟར་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་བརྗོད། ཕྱི་འབྲང་གཅོད་པའི་སྔགས་དམིགས་བཅས་སྒོ་དྲུང་དུ་སླེབ་པ་དང་། བརྟན་གཏོར་བཤལ་ཆུ་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཧཱུྃ༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཞག་པ་ཡི༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས༔ བཤལ་ཆུ་བདུད་རྩི་འདི་གསོལ་ལ༔ རྣལ་འབྱོར་བདག་གི་སྡོངས་གྲོགས་དང༔ ཟབ་གཏེར་བསྟན་པ་རྒྱས་པར་མཛོད༔ པདྨ་དྷཱ་ཀི་ནཱི་བྷྱོ་བ་ལིཾ་ཏ་ཨ་མྲྀཏ་ཁཱ་ཧི༔ གཏོར་སྣོད་སྦུབས་པའི་འོག་ཏུ་དམིགས་བྱ་འགུགས་བསྟིམ་བྱས་ལ། ཧཱུྃ་བྷྱོ༔ བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ༔ དབྱིངས་ཕྱུག་ཁྲོས་མའི་རྡོ་རྗེའི་བྲོས༔ བར་ཆད་དམ་སྲི་འབྱུང་པོ་ཀུན༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་མནན༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ལཾ་ནན༔ ཞེས་བྲོ་བརྡུངས་ལ་ཤིས་པ་བརྗོད། ནང་དུ་ཕྱིན་ནས་ཚེ་འགུགས་པ་ནི་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་སྐྱེད༔ འཁོར་འདས་ཚེ་ཡི་དཔལ་རྣམས་དེང་འདིར་སྡུས༔ བར་ཆད་ཀུན་སོལ་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུཿཥེ་ཧཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་ལ། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ བྱིན་རླབས་གཏེར་ཆེན་དངོས་གྲུབ་མཛོད༔ ཕྲིན་ལས་ཆར་འབེབ་ལྷག་པའི་ལྷ༔ རྩ་གསུམ་ཀུན་འདུས་ལྷ་ཚོགས་རྣམས༔ དེང་འདིར་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ ནུས་པ་སྔགས་དང་ཏིང་འཛིན་སྒོ༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་བཞི་དང་དབང་བཅུའི་དཔལ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ ཐུན་མོང་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བསྩལ་ནས་ཀྱང༔ དོན་གཉིས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དམ་ཅན་རྗེས་ཆོག་ཡོད་ན་སྐབས་འདིར་བྱ། མདུན་བསྐྱེད་ལ་མཆོད་བསྟོད་གོང་གསལ་ཕྲིན་ལས་ལྟར་བྱ། ནོངས་བཤགས་ནི། ཧོ༔ དོན་དམ་གཟོད་ནས་སྤྲོས་བྲལ་ལ༔ གཟུང་འཛིན་མཚན་མ་ལས་འདས་ཀྱང༔ ཀུན་རྫོབ་གློ་བུར་འཁྲུལ་པའི་ཚོགས༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ། མདུན་མཁར་ཡེ་ཤེས་སེམས་དཔའ་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་ནི། ཨ༔ སེམས་ཉིད་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ལྷ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་གཉུག་མའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་བཞིན་ཀ་དག་ངང་ལ་གནས༔ བདག་ཉིད་གཉུག་མའི་ཧེ་རུ་ཀ༔ སྣང་སྲིད་ཞིང་ཁམས་ཆེན་པོར་བལྟ༔ བསྔོ་སྨོན་ནི། བདག་གིས་ལྷ་མཆོག་བསྒྲུབས་པ་ཡི༔ བསོད་ནམས་འགྲོ་བ་ཡོངས་ལ་བསྔོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བར་ཆད་ཀུན་ཞི་མཐུན་རྐྱེན་འབྱོར༔ ས་བཅུ་ལམ་ལྔ་མཐར་ཕྱིན་ནས༔ ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཤིས་བརྗོད་ནི། བྱིན་རླབས་རྩ་བ་དཀྱིལ་འཁོར་གཙོ༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཀུན་བདག་ཞི་དང་ཁྲོ༔ ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྲིན་ལས་ཀུན་སྒྲུབ་བདེ་ཆེན་དབྱིངས༔ མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ས་ལམ་འབྲས་བུ་དུས་གཅིག་རྫོགས༔ རྡོ་རྗེ་ཐེག་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར་ལ་དགེ་ལེགས་སུ་བྱའོ། །འདིར་བསྟན་སྲུང་ཟློག་བསད་པའི་ལས་ཆེན་གསུམ་པོ་བསྒྲུབ་བྱའི་གཙོ་བོ་ཡིན་པས་སོ་སོའི་ལས་མཐར་ཕྱིན་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ནན་ཏན་བྱ་དགོས་ལ། གཞན་འཁོར་ལོས་སྲུང་བ་དང་དུག་ཁྲག་རྫས་སྲུང་གི་ལས་ཕྲན་སོགས་གཏེར་གཞུང་ལས་ཤེས་པར་བྱའོ། །ལོག་པའི་སེམས་ལྡན་ཕྱིར་རྒོལ་གླང་པོའི་ཁྱུ། །སྟོབས་ལྡན་རིག་སྔགས་གདོང་པ་ལྔས་བཅོམ་ནས། །བསྟན་འཛིན་དབུ་འཕང་དགུང་དུ་བསྟོད་པ་ཡི། །ཕན་བདེའི་དཔུང་གཉེན་མཆོག་ཏུ་འདི་གྱུར་ཅིག །ཅེས་ཀུན་མཁྱེན་བླ་མ་རིན་པོ་ཆེས་རྗེས་སུ་གནང་བ་ལྟར་ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བདུད་རྩི་ཐོག་མར་ཐོབ་པའི་སྣོད་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།

རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྡེ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་བཅས་སྙིང་པོར་དྲིལ་བ་མི་ཤིགས་སྲོག་གི་རྒྱ་མདུད་ (Volume 20, Text 22)

༄༅། །རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྡེ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་བཅས་སྙིང་པོར་དྲིལ་བ་མི་ཤིགས་སྲོག་གི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྡེ་བཱ་ཡ། དྲན་པས་འཆི་བདག་མུན་པ་འཇོམས། །བསྟེན་པས་ཚེ་དབང་ཡར་ཟླ་སྤེལ། །འཆི་མེད་མགོན་པོར་གུས་བཏུད་ནས། །གདམས་ཟབ་སྨིན་གྲོལ་མདོར་བསྡུས་དགོད། །འཆི་མེད་རྡོ་རྗེའི་ཚེ་དབང་སྒྲུབ་པའི་རྣལ་འབྱོར་པས་ཚུལ་འདི་ཉམས་སུ་ལེན་པའི་ཚེ་གནས་དབེན་པར་དཀྱིལ་འཁོར་བུམ་པ་ཚེ་རིལ་ཚེ་ཆང་གཏོར་མཆོད་ཙམ་ཚོགས་པར་བྱས་ལ། སྔོན་འགྲོ་སྐྱབས་སེམས་ནི། ན་མོ། མཆོད་འོས་ཀུན་འདུས་དྲིན་ཆེན་ཆོས་ཀྱི་རྗེ། །བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆི། ཁ་སྦྱོར་བདུན་ལྡན་དོན་གྱི་ཧེ་རུ་ཀ །ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །ཕྲིན་ལས་རྣམ་བཞིས་རྣལ་འབྱོར་བུ་བཞིན་སྐྱོང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི། །དབྱིངས་རིག་སྟོང་གསལ་འགག་མེད་ཆོས་ཀྱི་སྐུ །རང་རིག་བྱང་ཆུབ་སེམས་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ། ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན་དོན་དུ། །སྐྱེ་འཆི་མི་མཐུན་བར་ཆད་སེལ་བྱའི་ཕྱིར། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་བསྒྲུབ་ནས་ནི། །ཚེ་ཡི་རིག་འཛིན་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ། བགེགས་བསྐྲད་པ་ནི། བགེགས་གཏོར་བསང་སྦྱང་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ། ཧཱུྃ། ང་ནི་རྒྱལ་ཀུན་གསུང་གི་རྡོ་རྗེ་སྟེ། །རབ་འཇིགས་རྟ་སྐད་དྲག་པོས་སྲིད་གསུམ་དངངས། །འཇིགས་བྱེད་ཀུན་ཀྱང་འཇིགས་ཤིང་སྐྲག་བྱེད་ན། །གདོན་བགེགས་བར་ཆད་འབྱུང་པོ་སྨོས་ཅི་འཚལ། །དེ་བས་མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ། །གནས་འདིར་མ་འདུག་གཞན་དུ་འགྲོ་བར་གྱིས། །བཀའ་ལ་འདས་ན་རྡུལ་ཕྲན་བཞིན་དུ་བརླག །ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ་དང་ཧཱུྃ་བཞི་བརྗོད། མཚམས་བཅད་ནི། ཧྲཱིཿ ང་ནི་ཡེ་ནས་ཁྲོ་རྒྱལ་འདུས་པའི་གཙོ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་བོས་གང་། །འོད་ཟེར་མེ་རི་དམར་ནག་མེ་སྟག་འཕྲོ། །ཡེ་སྟོང་ལྷུན་གྲུབ་ཆེན་པོར་མཚམས་བཅད་དོ། །བཛྲ་རཀྵ་ཏིཥྛ་ཧཱུྃ། མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་ཧོཿམ་ཧཱ་སརྦ་པཱུ་ཛ་ཧོཿ བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལོ། །བྱིན་འབེབ་ནི། ཧྲཱིཿ ཞི་ཁྲོ་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་སྤྲིན། །གློག་ལྟར་མྱུར་བས་འདིར་གཤེགས་འགལ་རྐྱེན་སོལ། །དབང་སྐུར་བྱིན་རློབས་རྟགས་དང་མཚན་མ་སྟོན། །མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་བཅས་པ་ནི། ཧྲཱིཿ ཆོས་རྣམས་ཡེ་སྟོང་ཁྱབ་བརྡལ་ལྷུན་གྱིས་གྲུབ། །མ་རྟོགས་འགྲོ་ལ་སྙིང་རྗེ་མཁའ་མཉམ་བརྡལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཧྲཱིཿདམར་གསལ། །འོད་འཕྲོས་རྡོ་རྗེའི་སྲུང་འཁོར་མེ་ཕུང་དཀྲིག །དེ་དབུས་འབྱུང་བཞི་རིམ་བརྩེགས་རི་རབ་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ཡིག་ལས། །རིན་ཆེན་རང་བཞིན་གཞལ་ཡས་ཆེན་པོའི་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲིར། །རང་སེམས་ཧྲཱིཿབབ་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་གྱུར་བཅོམ་ལྡན་ཚེ་དཔག་མེད། །པདྨ་རཱ་གའི་མདངས་ལྡན་སྐྱིལ་ཀྲུང་བཞུགས། །ཞལ་འཛུམ་འོད་འཕྲོ་རལ་པའི་ཟུར་ཕུད་ཅན། །དར་ལྗང་སྟོད་གཡོགས་རིན་ཆེན་རྒྱན་གྱིས་སྤྲས། །སྣ་ཚོགས་དར་གྱི་ཤམ་ཐབས་ལྷབ་ལྷུབ་གསོལ། །མཉམ་གཞག་ཕྱག་རྒྱས་ཚེ་བུམ་བཅུད་བཀང་འཛིན། །ཡུམ་མཆོག་གོས་དཀར་དམར་མོ་སྐུ་ལ་འཁྲིལ། །ཕྱག་གཉིས་མེ་ལོང་ཚེ་བུམ་ཡབ་ལ་འཁྱུད། །རིན་ཆེན་རྒྱན་དང་སྣ་ཚོགས་དར་གྱིས་བརྒྱན། །འོད་ཁྱིམ་འཇའ་འོད་ལྔ་ལྡན་ཀློང་ན་བཞུགས། །སྤྱི་གཙུག་འོད་ཀློང་འཇའ་གུར་པདྨའི་སྟེང་། །སྐྱེ་ཤི་གཉིས་སྤངས་གུ་རུ་པདྨ་འབྱུང། །སྐུ་མདོག་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆ་ལུགས་རྫོགས། །འོད་ལྔ་ཚོམ་བུའི་ཀློང་ན་ལྷམ་མེར་བཞུགས། །གནས་གསུམ་འོད་ཀྱི་མུ་ཁྱུད་དཀར་དམར་མཐིང་། །སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་གསལ། །ཕྱོགས་མཚམས་རིགས་ལྔ་ལྷ་མོ་བརྒྱད་ལ་སོགས། །སྣང་སྲིད་ཁྱབ་བརྡལ་ཆེན་པོའི་དཀྱིལ་འཁོར་འདིར། །ཐམས་ཅད་འཆི་མེད་ཚེ་ཡི་རང་བཞིན་ཏེ། །དབྱིངས་རིག་ངོ་བོ་འདུ་འབྲལ་མེད་པ་ལ། །བདག་མདུན་དབྱེར་མེད་མཁའ་དབྱིངས་ཀློང་ཡངས་གསལ། །སྤྱན་འདྲེན་པ་ནི། ཧྲཱིཿ ཀ་དག་འཆི་མེད་ཚེ་ཡི་དཀྱིལ་འཁོར་ནས། །རང་བྱུང་རང་ཤར་མགོན་པོ་ཚེ་དཔག་མེད། །མཁྱེན་བརྩེས་འགྲོ་བའི་དོན་ལ་རབ་དགོངས་ནས། །གནས་འདིར་འགྲོ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧྲཱིཿ སྐྱོན་མེད་རྣམ་དག་ཐིག་ལེ་ཉག་གཅིག་ངང་། །ཐུགས་རྗེ་འོད་ལྔ་ཚོམ་བུའི་སྐུར་བཞེངས་ནས། །གཉིས་མེད་ཡེ་ཤེས་དངོས་གྲུབ་སྩོལ་བའི་ཕྱིར། །ཐུགས་རྗེའི་དབང་གིས་འབྱོན་པར་མཛད་དུ་གསོལ། །ཨོཾ་བྷ་ག་ཝཱན་ཨཱ་ཡུརྫྙཱ་ན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སཏྭཾ། ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་འཚལ། མཆོད་པ་ནི། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ །ཀུན་བཟང་སྨོན་ལམ་ལས་བྱུང་མཆོད་པའི་སྤྲིན། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་པོ། །རབ་མཛེས་ལྷ་མོའི་ཕྱག་རྒྱ་ལས་བྱུང་བ། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བཛྲ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤར་ཤེ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ། ཧྲཱིཿ ཐབས་ཤེས་གཉིས་མེད་བདེ་སྟོང་ལྷན་ཅིག་སྐྱེས། །དགའ་བཞི་མཉམ་སྦྱོར་ཡབ་ཡུམ་གསང་མཆོད་དང་། །དུག་ལྔ་རྣམ་དག་ཡེ་ཤེས་བསྒྲལ་མཆོད་འདི། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །མ་ཧཱ་སུ་ཁ་སརྦ་ཁཊྚ་པཱུ་ཛ་ཧོཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །འདོད་པའི་ཡོན་ཏན་ཀུན་རྫོགས་བ་ལིཾ་ཏ། །ཉོན་མོངས་འཁོར་བ་བསྒྲལ་པའི་རུ་དྷི་ར། །འཆི་མེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་ཧི། ཞེས་པ་རྣམས་དང་། དྷརྨ་དྷཱ་ཏུ་ཨཱཿ ཞེས་པས་དོན་མཆོད་ཀྱི་རྒྱས་གདབ། བསྟོད་པ་ནི། ཧྲཱིཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས། །མ་འགགས་རང་གསལ་ལོངས་སྤྱོད་རྫོགས་སྐུར་སྟོན། །གང་འདུལ་དེར་སྟོན་སྤྲུལ་སྐུས་འགྲོ་དོན་མཛད། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ཉིན་མོའི་དཀྱིལ་འཁོར་ཤར་བ་ལས། །སྣང་བའི་འོད་ཟེར་ཀུན་ཏུ་འབར་བ་ལྟར། །དངོས་གཅིག་ཆུ་ཟླའི་རོལ་གར་འཆི་མེད་ལྷ། །མཁའ་ཁྱབ་སྒྱུ་འཕྲུལ་རྡོ་རྗེའི་གར་དེར་བསྟོད། །ཛཔ྄་བཟླ་བ་ནི། བདག་ཐུགས་པདྨ་ཟླ་སྟེང་ཧྲཱིཿདམར་པོར། །སྔགས་ཕྲེང་དམར་པོ་གཡས་སྐོར་རང་སྒྲ་ལྡིར། །དེ་ལས་འོད་འཕྲོས་སྤྱི་བོའི་བླ་མ་བསྐུལ། །འོད་ཟེར་རབ་འཕྲོས་ཁམས་གསུམ་ཐམས་ཅད་གང་། །འཁོར་འདས་བརྟན་གཡོའི་ཚེ་བཅུད་ཀུན་བསྡུས་ནས། །བདག་ལ་ཐིམ་པས་ཚེ་བསོད་ཉམས་པ་གསོས། །མི་འགྱུར་འཆི་མེད་དངོས་གྲུབ་ཐོབ་པར་གྱུར། །ཞེས་ནན་ཏན་དུ་བསྒོམ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཅི་རིགས་བཟླ། ཐུགས་དམ་བསྐུལ་ཞིང་ཚེ་འགུགས་པ་ནི། ཧཱུྃ། རང་བཞིན་ཀློང་ནས་འདིར་བྱོན་པའི། །རང་རྩལ་བཅོམ་ལྡན་ཚེ་དཔག་མེད། །རང་བྱུང་ཐུགས་རྗེའི་སྐུ་སྐྱོད་ལ། །བདག་ལ་འཆི་མེད་དངོས་གྲུབ་སྩོལ། །ཤ་ཁྲག་དྲོད་དབུགས་ཁམས་ཉམས་གསོས། །བླ་ཚེ་སྲོག་ཚེ་ཡར་ཆད་པ། ཁུག་ལ་འཆི་མེད་དངོས་གྲུབ་སྩོལ། །འཕོ་མེད་ཐིག་ལེ་ཆེན་པོའི་སྐུ །འགྱུར་མེད་ཨཱ་ཡུཿསིདྡྷི་སྩོལ། །ཅེས་བཀུག་ནས་སྦ་བ་ནི། ཧྲཱིཿ འཁོར་འདས་ཚེ་བཅུད་ལྷ་དང་རྫས་ལ་ཐིམ། །དེ་དག་ནྲྀར་གྱུར་བདག་ཐུགས་ཧྲཱིཿལ་ཐིམ། །འོད་ཞུ་སྙིང་དབུས་ཉི་ཟླའི་གྭ་འུར་སྦ། །མི་འགྱུར་མི་ཤིགས་རྡོ་རྗེའི་རང་བཞིན་གྱུར། །ཅེས་རྒྱས་གདབ། རྗེས་ཀྱི་རིམ་པ་ཚོགས་མཆོད་ནི། རཾ་ཡཾ་ཁཾ། མེ་རླུང་ཆུ་ཡིས་དངོས་འཛིན་སྦྱང་། །ཟག་མེད་འདོད་ཡོན་བདུད་རྩིར་སྤེལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿ ཆོས་དབྱིངས་སྤྲོས་དང་བྲལ་བའི་གནས་མཆོག་ནས། །མི་འགྱུར་རྣམ་དག་ཚེ་ལྷའི་ལྷ་ཚོགས་རྣམས། །ཚེ་དབང་ཡེ་ཤེས་དངོས་གྲུབ་སྩོལ་བའི་ཕྱིར། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། འཆི་མེད་བདུད་རྩི་ཚོགས་ཀྱི་མཆོད་པ་ནི། །བཅོམ་ལྡན་འཆི་མེད་ཚེ་ལྷའི་ཚོགས་ལ་འབུལ། །དམ་ཚིག་ཉམས་ཆག་སྐོངས་ལ་བར་ཆད་སོལ། །ང་བདག་གཉིས་སྣང་གཟུང་འཛིན་དབྱིངས་སུ་བསྒྲལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ལ་རོལ་ཞིང་ལྷག་མ་འབྲུ་གསུམ་གྱིས་བྱིན་བརླབ། ཕེཾ། ཧྲཱིཿ ལྷག་ལ་དབང་བའི་འབྱུང་པོ་སྡེ་བརྒྱད་ཚོགས། །ཤ་ཁྲག་གཏོར་མའི་ཚོགས་ལྷག་འདི་བཞེས་ལ། །གསང་སྔགས་བསྟན་སྲུངས་བདག་གི་ཕྲིན་ལས་མཛོད། །བ་ལིཾ་ཏ་ཁཱ་ཧི། གཏང་རག་མཆོད་བསྟོད་དང་ནོངས་བཤགས་ཡིག་བརྒྱ་བཟླ། མདུན་རྟེན་གཤེགས་བསྟིམ་གང་འོས་སྤྱི་ལྟར་བྱ། བདག་བསྐྱེད་བསྡུ་བ་ནི། ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །ཉག་གཅིག་ཡེ་དབྱིངས་ཀློང་ནས་རང་བྱོན་ལྷ། །སྤྲོ་བསྡུ་མེད་པར་ལྷན་ཅིག་ངོ་བོར་བཞུགས། །དོན་དང་འབྲལ་བ་མེད་པར་དབྱིངས་སུ་བསྡུ། །ཨ། བསྔོ་སྨོན་ཤིས་བརྗོད་ནི། དགེ་བ་འདིས་མཚོན་དུས་གསུམ་བསགས་པའི་འབྲས། །ཚོགས་གཉིས་དྲོད་གཤེར་གྱིས་བསྐྱེད་སྨིན་གྲོལ་ལྗོན། །བསམ་དོན་ལྷུན་གྱིས་གྲུབ་པའི་འབྲས་བུ་ཅན། །མཁའ་ཁྱབ་མ་གྱུར་འགྲོ་བའི་ཚོགས་ལ་བསྔོ། །ཧྲཱིཿ འབྱུང་བ་ལྔ་ལས་གྲུབ་པའི་སྒྱུ་ལུས་འདི། །སྐྱེ་རྒ་ན་འཆིའི་འཇིགས་པ་ཀུན་བྲལ་ཏེ། །སྲ་བརྟན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ནས། །མི་འགྱུར་གཡུང་དྲུང་རྡོ་རྗེ་འགྲུབ་པར་ཤོག །རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་ཆེ། །བཅོམ་ལྡན་མགོན་པོ་འཆི་མེད་ཡབ་ཡུམ་དང་། །ཐོད་ཕྲེང་རྩལ་སོགས་དཀྱིལ་འཁོར་འཁོར་ལོའི་ལྷས། །རྟག་ཏུ་མངོན་པར་དགེ་བའི་བཀྲ་ཤིས་སྩོལ། །ཅེས་པ་རྣམས་ཀྱིས་ལས་གཞུང་གྲུབ་བོ། །འདིའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ལ་སྨིན་སློབ་དབང་བཞི་ཡོངས་རྫོགས་བདག་དོན་གལ་བྱང་གུད་ཕྱུང་གཞན་དོན་ཚེ་དབང་གསུམ་དུ་དབྱེ་བའི་ཕྱག་སྲོལ་མཆིས་པ་ལས་ཡོངས་རྫོགས་ཐོབ་ན་གཞན་རྣམས་དེའི་བྱེ་བྲག་ཡིན་པས་དེ་ལྟར་འཆད་ན། སྦྱོར་བ་སྟེགས་བུ་ཁེབས་ལྡན་སྟེང་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དམར་སེར་སྒོ་རྫོགས་ཞི་དཀྱིལ་སྤྱི་འགྲེའམ་འབྲུ་ཚོམ་གཅིག་བཀོད་པའི་དབུས། མཉྫིའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་མེ་ལོང་མན་ཤེལ་གཟུངས་རྡོར་དང་བཅས་པ་བཀོད། ཤར་དུ་ཐོད་པ་མཚན་ལྡན་ཛ་གད་ཀྱིས་བཀང་བའི་ཁ་སིནྡྷུ་རའི་མེ་ལོང་གིས་བཅད་པའི་སྟེང་དུ་ཚེའི་འབྲང་རྒྱས། ལྷོར་ཚེ་རིལ། ནུབ་ཏུ་ཚེ་མདའ། བྱང་དུ་ཚེ་ཆང་། བར་མཚམས་ཇི་ལྟར་རིགས་པར་སྣང་མཐའི་སྐུ །དབུ་རྒྱན། ཞི་ཆས། སློབ་དཔོན་མངའ་གསོལ་གྱི་ཆས་ཙཀ་གམ་བསྡུ་ན་རྡོར་དྲིལ་རྣམས་བཀོད། སྨན་རཀ །ཕྱི་མཆོད། གཏོར་ཚོགས་སྤྱི་ལྟར་བཤམ། ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་ལས་གཞུང་ཚང་བར་གཏང་ཞིང་བཟླས་པ་ཚེ་འགུགས་ཡན་བྱས་ལ་ནུས་ལྡན་དུ་བསྒྲུབ། ལས་བུམ་བསྐྱེད་བཟླས། ཏིང་ངེ་འཛིན་གྱི་དབང་ལེན་བཅས་གྲུབ་ནས། སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད་བྱ། ཆོས་བཤད་ཅི་རིགས་པ་ལས། ཁྱད་པར་དུ། དེའང་རང་ཅག་རྣམས་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་རྟེན་རྣམ་པར་དག་པ་འདི་ཐོབ་ཀྱང་མི་བརྟན་འགྱུར་བའི་རང་བཞིན་གློག་འགྱུ་བ་དང་མཚུངས་པ་ཡིན་ལ། དེའི་ཕྱིར་རིང་པོར་འཚོ་བའི་ཐབས་ལ་འབད་པ་ཆེ་ཐང་དུ་བྱ་དགོས་པ་ནི། ཇི་སྐད་དུ། བདག་གི་ནོར་རྣམས་བཏང་ནས་ལུས་བསྲུང་ལ། །ལུས་དང་ནོར་རྣམས་བཏང་ནས་སྲོག་བསྲུང་ངོ་། །ཞེས་སོགས་ལུང་རིག་གིས་དངོས་སུ་གྲུབ་པ་ལས། ཚེ་ཉམས་པ་གསོ་ཞིང་། རིང་དུ་འཚོ་བའི་ཐབས་མང་དུ་འབྱུང་བ་ལས་ཁྱད་པར་དུ་འཕགས་པ་ནི་རྡོ་རྗེ་ཐེག་པའི་ཐབས་མཆོག་ཟབ་མོ་རྣམས་ཡིན་ཞིང་། དེ་ལས་འདིར་འཆད་པར་བྱ་བ། རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་འདུས་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞེས་ཁྱད་པར་གྱི་སྟོན་པ་བླ་ན་མེད་པ་དེར། མཚོ་རྒྱལ་དང་རྡོ་རྗེ་བདུད་འཇོམས་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་བསྟན་པའི་ཉིང་ཁུ་རྡོར་སེམས་ཐུགས་ཀྱི་མེ་ལོང་ཞེས་ཀློང་ཆེན་དགོངས་པ་རང་ཤར་གྱི་མན་ངག་ཏུ་གཏན་ལ་ཕབ་པའི་ནང་ཚན། དུས་མིན་འཆི་བ་བཟློག་པའི་ཕྱིར༔ ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཡོད༔ ཅེས་པ་ཉིད་ཡིན། དེ་ཡང་ཤིན་ཏུ་ཟབ་པའི་ཕྱིར་དུས་དེར་བཀའ་རྒྱས་བཏབ་པ་སྟེ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་འགྲོ་བ་སྤྱི་དང་། ལྷ་སྲས་ཀྱི་གདུང་རབས་ཁ་བ་ཅན་གྱི་ཕན་བདེའི་ཆེད་བར་ཆོད་ཀྱིས་མི་རྫི་བའི་ཡི་དམ་གྱི་སྙིང་པོར་བསྔགས་ནས་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་སྟེ། སྙན་བརྒྱུད་ཡེ་ཤེས་རྒྱ་མདུད་འདི༔ ལྷ་སྲས་ཉིད་ལ་བརྩེ་བས་གདམས༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་ཁྱོད་ཀྱི་གདུང་རྒྱུད་དོན༔ ལྟོ་འཕྱེ་དཔུང་འདྲར་གཏེར་དུ་སྦོས༔ ཞེས་གསུངས་པ་ལྟར། ཟང་ཟང་ལྷ་བྲག་གི་མཛོད་ལྔའི་གཏེར་ལས་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ཏེ། སླར་ཡང་སྦས་ཡུལ་སྐྱིད་མོ་ལུང་དུ་ཡང་གཏེར་དུ་སྦས་པ་ཉིད་མངའ་རིས་གཏེར་སྟོན་ཆེན་པོ་གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱིས་སྤྱན་དྲངས་པ་སྟེ། ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཐིག་རྨད་དུ་བྱུང་བ་འདི་ཡིན་ཏེ། ཇི་སྐད་དུ། ཚེ་སྒྲུབ་བསམ་གྱིས་མི་ཁྱབ་སྟེ༔ སྙིང་ཁྲག་དྭངས་མ་ལྟ་བུ་འདི༔ ཞེས་གསུངས་པའི་གདམས་སྐོར་ལས་སྐབས་འདིར་ནུས་སློབ་ཀྱི་ཕྱིར་དུ་དབང་བཞི་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་གྲུབ། དབང་གི་ཐོག་མར་འཇུག་པའི་བྱ་བ་ལ་སྣོད་བརྟག་ཅིང་སྐལ་ལྡན་དུ་སྒྲུབ་པའི་རྟེན་འབྲེལ་དུ་ཁྱེད་རང་རྣམས་དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་གནས་པར་ཕོ་བྲང་ནང་ནས་འདི་ལྟར་བསྒོ་བའི་མོས་པ་མཛོད། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཡི་དོན༔ གང་ཡིན་གང་མིན་ང་ལ་སྨྲོས༔ ཞེས་བསྒོས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་སྐལ་བཟང་དད་པ་ཅན༔ འཆི་བདག་བདུད་ལས་རྒྱལ་བའི་ཕྱིར༔ བཅོམ་ལྡན་ཚེ་ཡི་དཀྱིལ་འཁོར་དུ༔ ཚེ་དབང་ཟབ་མོ་བསྐུར་དུ་གསོལ༔ ཞེས་ཞུ་ཞིང་། སླར་ཡང་། ཧོ༔ སྐལ་ལྡན་བུ་རྣམས་ང་ལ་ཉོན༔ ཚེ་ཡི་དབང་མཆོག་ཞུ་འདོད་ན༔ སྐལ་ལྡན་སྣོད་རུང་དམ་ཚིག་རྣམས༔ བླ་མའི་བཀའ་བཞིན་བསྒྲུབ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་གསན་དུ་གསོལ༔ ཡང་གསང་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ བདག་ནི་འཇུག་སྤྲོ་དམ་ཚིག་སྡོམ་ལ་གནས༔ སློབ་དཔོན་བཀའ་ལས་འདའ་རེ་ན་ར་ཀན༔ ཞེས་དམ་ཚིག་བསྲུང་བར་གཉེར་བླངས་ཏེ་དབང་ཁང་དུ་གྲལ་ལ་འཁོད་པར་བསམ་ལ་མཎྜལ་ཕུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་སྣོད་རུང་དུ་བྱ་བའི་ཕྱིར། ཁྱེད་རང་རྣམས་ཀྱི་མདུན་མཁར་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཡོངས་སུ་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་མངོན་པར་གསལ་བའི་དྲུང་དུ། བདག་སོགས་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་ཤེས་ཀྱི་འདུན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ། མཆོད་འོས་ཀུན་འདུས་སོགས་ལས་བྱང་ལྟར་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཆི་བདག་ལ་སོགས་པའི་བདུད་བཞི་དབྱིངས་སུ་བཅོམ་སྟེ་མི་འགྱུར་བའི་བདེ་ཆེན་མཆོག་ལ་འགོད་པར་བྱ་བའི་སླད་དུ་འཆི་མེད་ཚེའི་ལྷ་ཚོགས་བསྒྲུབས་ནས་དངོས་གྲུབ་འདོད་དགུར་སྩོལ་བའི་མོས་པས་རྗེས་ཟློས། ཁམས་གསུམ་རིགས་དྲུག་སོགས་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་སོགས་བདུན་རྣམ་དག་མཛད་པའི་མོས་པས་རྗེས་ཟློས། བདེ་ལྡན་ཞིང་མགོན་འཁོར་བཅས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་ཚོགས་བསྔོ། །སྐབས་འདིར་མིག་དར་འཆིང་། མེ་ཏོག་སྦྱིན། དམ་ཆུ་བླུད་ལ། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ན་རག་དམྱལ་བའི་རྒྱུ༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ས་མ་ཡ་ན་ར་ཀན༔ ཞེས་དམ་བསྒྲག །དེ་ནས་དབང་གི་གཞི་བསྒྲུབ་པར་བྱ་བའི་ཕྱིར་དུ་ཡེ་ཤེས་དབབ་པའི་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བདེ་བ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་གསལ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ལུས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་སྟོང་པར་སྦྱང་། རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་ཟེར་འཕྲོས། འཆི་བདག་གི་བདུད་བཅོམ་ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དམར་གསལ་མཚན་དཔེའི་དཔལ་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཐམས་ཅད་ཀུན་ནས་བཀླུབས་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་བཟང་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གོས་དཀར་ཅན་དམར་མོ་མེ་ལོང་དང་མདའ་དར་ལྷན་ཅིག་པ་གཡས་དང་གཡོན་ཚེ་བུམ་འཛིན་པས་མཉམ་པར་སྦྱོར་བ། ཡབ་ཀྱི་གནས་གསུམ་དུ་དཀར་དམར་མཐིང་བའི་འོད་ཁྱིམ་གྱི་དབུས་སུ་ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཐུགས་ཀའི་ཧཱུྃ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའི་ལྷ་ཚོགས་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་འབེབ་རྫས་ཌཱ་དྲིལ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་པས་བྱིན་དབབ། རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དབྱེ། ཀྱེ༔ བུ་ཁྱོད་དཀྱིལ་འཁོར་དམ་པར་ལྟོས༔ འདི་ཉིད་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར༔ སྣོད་རྣམས་ཡེ་ཤེས་དབྱིངས་དག་པའི༔ གཞལ་ཡས་ཁང་ཆེན་མཚན་ཉིད་རྫོགས༔ བཅུད་དག་ཡེ་ཤེས་ལྷ་ཡི་གཙོ༔ ཚེ་མགོན་ཡབ་ཡུམ་སྤྲུལ་པར་བཅས༔ རྒྱལ་བ་ཞི་ཁྲོ་ཀུན་འདུས་པའི༔ གསང་ཆེན་སྙིང་པོའི་དཀྱིལ་འཁོར་ཆེ༔ སྔོན་དགེའི་བསོད་ནམས་མི་ཟད་པའི༔ མཐུ་ལས་མཇལ་འདི་རྨད་དུ་བྱུང༔ ཞེས་མཐོང་བ་བསྟན། མེ་ཏོག་གཙོ་བོ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས། ཧྲཱི༔ བདག་གི་ཡང་དག་རིག་པའི་མེ་ཏོག་འདི༔ བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས༔ ལས་འཕྲོ་གང་ཡིན་ལྷ་དང་འཕྲད་པར་ཤོག༔ པུཥྤེ་སྭཱ་ཧཱ༔ ཞེས་དོར་བ་གཙོ་བོའི་ཐུགས་ཀར་ཕོག་པ་ཉིད་སླར་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་སླར་སྤྱི་བོར་བཅིངས་ཏེ་འཆི་མེད་རིག་འཛིན་དུ་གསང་མཚན་གདགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ མགོན་ཁྱོད་གཙུག་གི་རྒྱན་དུ་ལེགས་བཟུང་སྟེ༔ འཆི་མེད་ཡེ་ཤེས་ཨཱ་ཡུཿཚེ་དབང་ཞུ༔ ཐར་པའི་གྲོང་དུ་བདག་ཉིད་རབ་ཞུགས་ནས༔ ཟླ་གསང་དམར་པོ་ཛྙཱ་ན་སིདྡྷི་ཧོ༔ ཞེས་ཞུ། དབང་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་མཐའ་རྟེན་ལྔར་ཡོད་པ་ལས་དང་པོ་བུམ་དབང་རྗེས་འབྲེལ་བཅས་བསྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། བུམ་པ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བས་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་བསྐུར་བས། ལྷ་རྣམས་འོད་ཟེར་ལྔའི་རང་བཞིན་དུ་འབར་ཞིང་ཞུ་བ་ཚངས་བུག་ནས་ཐིམ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛད་འཚལ། ཧྲཱི༔ ཕྱི་ལྟར་རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་ན་འབྲུ་སྤོས་སྨན་སྣའི་བཅུད་ཀྱིས་གཏམས༔ གསང་བར་བཅོམ་ལྡན་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་འཆི་མེད་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ་ཛ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ། དེ་ལྟར་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་རིགས་བདག་བླ་མ་ཡབ་ཡུམ་རྣམས་འོད་དཔག་མེད་ཀྱི་ཆ་བྱད་ཅན་དུ་གསལ་བའི་མོས་པ་མཛོད། ཧྲཱི༔ ཚེ་ཆུ་བདུད་རྩི་ལྔ་ལྡན་འོད་ཟེར་འཕྲོ༔ སྤྱི་གཙུག་བུ་གར་ལུས་ལ་སིབ་སིབ་ཐིམ༔ ལུས་ཀྱི་སྒྲིབ་དག་རྡོ་རྗེའི་སྐུར་གྱུར་ཏེ༔ དྭངས་མ་ཡར་ལུད་རིགས་བདག་གསལ་བར་གྱུར༔ ཨ་མི་དྷེ་བ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྣང་མཐའི་སྐུ་གཟུགས་ཀྱི་དབང་སྦྱིན། སླར་ཡང་རིགས་ལྔ་ཅོད་པན་དང་བཅས་པས་དབང་བསྐུར་བ་ལས། དེ་བཞིན་གཤེགས་པ་རིགས་ལྔའི་སངས་རྒྱས་ཀྱིས་དབུ་བརྒྱན་པའི་མོས་པ་མཛོད། ཧྲཱི༔ རལ་པའི་ཅོད་པན་གྱེན་བརྫེས་སྤྲུལ་སྐུའི་ཆས༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་སྐུ་ལ་བརྒྱན༔ སྐུ་ཐིག་འོད་ཀློང་ཡེ་ཤེས་ཆེན་པོའི་དབང༔ རིགས་ཀྱི་བུ་ལ་གཉིས་མེད་བསྩལ་དུ་གསོལ༔ རཏྣ་མུ་ཛཱི་ཨ་བྷི་ཥིཉྩ་ཧཱུྃ༔ དར་དང་རིན་པོ་ཆེའི་ཆས་རྣམས་བྱིན་པས་ལོངས་སྤྱོད་ཡོངས་རྫོགས་རྒྱན་ཆས་བཀླུབས་ཏེ་ཡན་ལག་བདུན་ལྡན་གྱི་འཆི་མེད་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་བསམ་ལ། ཧྲཱི༔ པྲོག་ཞུ་དོ་ཤལ་རིན་ཆེན་མགུལ་ཆུ་དང༔ ཕྱག་ཞབས་གདུ་བུ་དར་གྱི་སྟོད་གཡོགས་སོགས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་དབང་འདི་བསྐུར་བས༔ ཡན་ལག་བདུན་ལྡན་ཚེ་དབང་ཐོབ་པར་ཤོག༔ རཏྣ་སུ་སྤེ་སིདྡྷི་ཕ་ལ་སྭཱ་ཧཱ༔ བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་གསལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་འོད་ཟེར་ཕྱོགས་བཅུར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་སྣ་ལྔའི་རང་བཞིན་དུ་བཀུག་སྟེ་ཚེ་རྫས་རྣམས་དང་བདག་ཐུགས་སྔགས་ཕྲེང་དང་བཅས་པ་ལ་བསྟིམ་པར་མོས་ཤིག །ཚེ་མདའ་གཡབ་ལ་ལས་གཞུང་ལྟར་ཚེ་འགུགས་གྱེར། ཚེ་འབྲང་ཐོགས་ལ། ཚེ་གཏོར་གར་དབང་འཆི་མེད་ཀྱི་མགོན་པོ་རིགས་བདག་བླ་མ་དང་བཅས་པ་རྩ་གསུམ་ཡོངས་འདུས་སུ་གསལ་བ་ལས་ལྷ་མོ་བརྒྱད་དང་། ཛཿཧཱུྃ་བཾ་ཧོཿལྕགས་ཀྱུ་ཞགས་དྲིལ་ལྕགས་སྒྲོག་རྣམས་འོད་ཟེར་ལྔའི་ཐིག་ཕྲེང་དང་བཅས་པ་མཁའ་ཁྱབ་ཏུ་སྤྲོས་པས། རྟེན་འབྱུང་བ་ལྔའི་བཅུད་དང་། བརྟེན་པ་སྐྱེ་འགྲོ་ཀུན་གྱི་ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་དང་བཅས་པ་ཟག་བྲལ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྡོ་རྗེའི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་འོད་ལྔའི་ཚུལ་དུ་བསྡུས་ཏེ་ཕྱག་གི་བུམ་པར་བཀུག །བུམ་པ་ཁོལ་ཞིང་ལུད་པའི་འོད་ཟེར་སྣུམ་ཞིང་འདྲིལ་བ་ཚངས་བུག་ནས་ཞུགས། ཁྱེད་རང་རྣམས་ཀྱི་སྙིང་དབུས་ཚེ་རྟེན་ནྲྀ་ཡིག་ལྗང་གུ་གསལ་བ་ལ་ཐིམ། ལུས་སྟོབས་བཀྲག་མདངས་གཟི་བྱིན་རྣམས་ཆེར་རྒྱས་འཆི་མེད་དྭངས་མའི་ལུས་རྡོ་རྗེ་ཚེའི་དངོས་པོ་གྲུབ་པའི་མོས་པ་མཛོད། ཧྲཱི༔ ཕྱི་ནི་རིན་ཆེན་བྱེ་རུའི་བུམ་པ་ལ༔ ནང་ན་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ འཇའ་འོད་སྐུ་ཐིག་ཡིག་འབྲུ་ཕྱག་མཚན་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ཟེར་ཐག་འཕྲོས༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ནས༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་དང༔ ཚངས་པ་བརྒྱ་བྱིན་སྡེ་བརྒྱད་ཚོགས་རྣམས་ཀྱིས༔ བླ་ཚེ་བརྐུས་ཕྲོགས་གཞོམ་ནས་ཁྱེར་བ་རྣམས༔ འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་བསྡུས༔ དྭངས་མ་གཞོམ་གཞིག་མེད་པའི་འོད་ཟེར་དེ༔ སྣུམ་འདྲིལ་འཚེར་ཞིང་ལུས་ལ་ཐིམ་གྱུར་པས༔ ལུས་སྟོབས་བཀྲག་མདངས་གཟི་བརྗིད་རབ་རྒྱས་ཏེ༔ བཅོམ་ལྡན་འཆི་མེད་ཚེ་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་སྤྱི་བོར་གཏུགས། ཧྲཱི༔ བུམ་པའི་ངོ་བོ་བཅོམ་ལྡན་ཚེ་དཔག་མེད༔ འོད་ཟེར་སྲད་བུ་ལྔ་ལྡན་ཚུལ་དུ་འཕྲོས༔ འཇིག་རྟེན་ཁམས་ན་ཚེ་བསོད་དཔལ་འབྱོར་ཅན༔ རྒྱལ་བློན་ཁྱིམ་བདག་བྲམ་ཟེ་དམངས་ཕལ་རིགས༔ སྐྱེ་འགྲོའི་སྲོག་ལུས་དབང་ཐང་ཐམས་ཅད་ཀུན༔ བཅུད་བསྡུས་སྐལ་ལྡན་ལུས་ལ་དབྱེར་མེད་གྱུར༔ སྔགས་སོགས་གོང་ལྟར། ཧྲཱི༔ བུམ་པའི་རང་བཞིན་བཅོམ་ལྡན་ཚེ་དཔག་མེད༔ འོད་ཟེར་ཕྱག་མཚན་ཡིག་འབྲུའི་སྐར་མདའ་ཆད༔ ནམ་མཁའ་ས་ཆུ་མེ་རླུང་འབྱུང་བ་ལྔའི༔ སྔོ་སེར་དམར་ལྗང་དཀར་མཐིང་བཅུད་བསྡུས་ཏེ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ཉམས་གསོས༔ སླར་ཡང་ལྕུག་ཕྲན་དྲོད་གཤེར་འཛོམ་པ་ལྟར༔ སྟོབས་བརྗིད་རྩལ་དབང་འཆི་མེད་ཐོབ་པར་ཤོག༔ སྔགས་སོགས་གོང་བཞིན། ཧྲཱི༔ བུམ་པའི་ཐུགས་རྗེ་བཅོམ་ལྡན་ཚེ་དཔག་མེད༔ མ་ལུས་འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ སྐུ་གསུམ་ལྷ་ཚོགས་རིགས་གསུམ་མགོན་པོ་དང༔ གྲུབ་ཐོབ་པཎ་ཆེན་ཚེ་ཡི་རིག་འཛིན་གྱི༔ ཐུགས་རྗེའི་བྱིན་རླབས་མཁྱེན་བརྩེའི་ནུས་མཐུ་རྣམས༔ འོད་ཀྱི་གོང་བུར་བསྡུས་ལ་ལུས་ལ་ཐིམ༔ མི་ཤིགས་སྲ་བརྟན་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་སོགས་གོང་བཞིན། བསྡུ་ན་འདི་ཁོ་ནས་བསྐུར་ཡང་ཆོག །ཧྲཱི༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ་བསོད་དང༔ རྒྱལ་བའི་བྱིན་རླབས་མི་ཤིགས་ཚེ་དབང་འདི༔ སྒོ་གསུམ་དག་ལ་ཐིམ་པས་འོད་ལུས་གྱུར༔ འཇིགས་བྲལ་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་དབང་སྦྱིན་ནོ། །ཚེ་མདའ་ཡེ་ཤེས་ལྔའི་རང་བཞིན་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ཐམས་ཅད་འོད་ལྔའི་དྲྭ་བ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རྡོ་རྗེ་ལྟ་བུས་ཅིས་ཀྱང་མི་ཕྱེད་པར་ལུ་གུ་རྒྱུད་དུ་བཅིངས་པའི་མོས་པ་མཛོད་ཅིག །ཧྲཱི༔ ཡེ་ཤེས་ལྔ་ལྡན་ཕྲིན་ལས་བཞི་སྒྲུབ་པའི༔ འོད་ལྔའི་དྲྭ་བ་ཡེ་ཤེས་ལུ་གུ་རྒྱུད༔ སྒོ་གསུམ་སྐྱེ་འཆི་མེད་པ་དབྱིངས་རིག་ཀློང༔ འགྱུར་མེད་རྣམ་དག་རང་བྱུང་རྒྱས་གདབ་བོ༔ སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་ལག་ཏུ་གཏད། དེ་ནས་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་ཚེའི་རིལ་བུ་ཐབས་ཀྱི་རང་བཞིན་གཏད་ཅིང་ཟོས་པས་ཚེ་མི་ཤིགས་པ་རྡོ་རྗེ་ལྟར་བརྟན་པའི་མོས་པ་མཛོད། ཧྲཱི༔ རུ་རྟ་སྦྲང་རྩི་དབང་ལག་རྟག་ཏུ་ངུ༔ ཁ་མངར་ཚ་སྐྱུར་སྨན་ནུས་བདུད་རྩིར་བསྒྱུར༔ འབྲུ་བཅུད་རིལ་བུ་བཅོམ་ལྡན་ཚེ་ལྷ་སྟེ༔ ཟོས་པས་འཆི་བདག་བདུད་ལས་རྒྱལ་བར་ཤོག༔ ཡང་ལག་གཡོན་དུ་ཤེས་རབ་ཀྱི་རང་བཞིན་ཚེ་ཆང་གཏད་པ་མྱང་བས་ཚེ་མི་འགྱུར་བ་གཡུང་དྲུང་དུ་བྱས་པའི་མོས་པ་མཛོད། ཧྲཱི༔ ཙནྡན་ཨ་ཀ་རུ་དང་ག་པུར་དང༔ སི་ཧླ་ཤ་ལྔ་བདུད་རྩིའི་ངོ་བོ་ལྔ༔ རྩ་བརྒྱད་ནུས་ལྡན་ཆང་དང་སྦྱར་བ་འདི༔ རྩ་ཐིག་སེམས་གསུམ་དྭངས་མའི་ངོ་བོར་གསལ༔ བདེ་དྲོད་ཡེ་ཤེས་ཚེ་དབང་ཐོབ་པར་ཤོག༔ བླ་རྡོ་འོད་དཔག་མེད་པའི་རང་བཞིན་དར་སྣས་དྲིལ་བ་སྤྱི་བོར་བཞག་ལ། ཧྲཱི༔ ཀུན་གཞིའི་ངོ་བོ་རང་རིག་ཚེ་དཔག་མེད༔ གློ་བུར་ཀུན་རྟོག་འཆི་བདག་བདུད་ལས་རྒྱལ༔ ཉག་གཅིག་གདོད་མ་ཡེ་ཡིན་ཕྱག་རྒྱ་འདིས༔ འགྱུར་མེད་ལྷུན་གྲུབ་ཀློང་དུ་རྒྱས་བཏབ་བོ༔ ཞེས་རྟེན་འབྲེལ་སྙིང་པོ་བཅས་རྒྱས་བཏབ་པས་འགྱུར་མེད་ལྷུན་གྲུབ་ཀྱི་ཀློང་དུ་ཚེ་སྦས་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ། ཧྲཱི༔ འབྲུ་ལྔས་མུ་གེའི་ནད་སེལ་ལོངས་སྤྱོད་འཕེལ༔ སྨན་ལྔས་ཉོན་མོངས་ནད་འཇོམས་ཡེ་ཤེས་གཏེར༔ སྤོས་ལྔས་ཚུལ་ལྡན་ཕུང་པོའི་འཇིགས་ལས་གྲོལ༔ སྙིང་པོ་ལྔ་ཡིས་སྐུ་ལྔ་ཡེ་ཤེས་ཐོབ༔ དྲི་ལྔས་འཇའ་ལུས་རྡོ་རྗེ་འཛིན་ཐོབ་ཤོག༔ བུམ་རྫས་ཉེར་ལྔ་བདུད་རྩིར་སྦྱངས་ནས་ནས་ལ་སྦགས་པ་འཐོར་ཞིང་རྟེན་སྙིང་བཟླ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་གསང་དབང་ཞུ་བའི་དོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ ཐུགས་རྗེ་ཆེན་པོ་རྨད་བྱུང་བ༔ དངོས་སྤྲུལ་མཆོད་སྤྲིན་ཡོངས་བཞེས་ནས༔ ངག་ལ་འཆི་མེད་དངོས་གྲུབ་སྩོལ༔ སློབ་དཔོན་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན་སློབ་བུའི་ལྕེ་ཐོག་ཏུ་བཞག་པར་མོས། ཧྲཱི༔ བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད༔ གཉིས་མེད་གསང་བའི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་ཀྱི་ཁུ་འཕང་བབས༔ མྱང་ནས་བདུད་བཞིའི་དཔུང་བཅོམ་སྟེ༔ འཆི་མེད་ཚེ་དབང་ཐོབ་པར་ཤོག༔ གཟུངས་སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གསང་རྫས་བནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་མཆེད་པའི་སྔགས་འཁོར། སློབ་མ་རྣམས་ཚེ་དཔག་མེད་མགོན་དུ་གསལ་བའི་ཐུགས་ཀར་པད་ཟླའི་ལྟེ་བར་ཧྲཱིཿདམར་གསལ་བའི་ཞལ་དུ་ཞུགས་སྙིང་གར་འཁོད་གསལ་བརྟན་འབར་བའི་འོད་ཀྱིས་དངོས་གྲུབ་ཐམས་ཅད་བསྡུས་ཤིང་བསྟིམ་པར་བསམ་སྟེ་གཟུངས་དང་སྔགས་ཀྱི་བཟླས་ལུང་སྦྱིན་ཞིང་དབྱངས་གསལ་ཀྱང་བརྗོད་དོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་སྦྱངས། བསྙེན་སྒྲུབ་བཟླས་པ་བྱེད་པ་ལ་དབང་། ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །གསུམ་པ་ཤེར་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ བཤམས་ཤིང་སྤྲུལ་པའི་མཎྜལ་ལ༔ ཡིད་འོང་བདེ་སྦྱིན་བཅས་ཏེ་འབུལ༔ ཡིད་ལ་འཆི་མེད་དངོས་གྲུབ་སྩོལ༔ སིནྡྷུ་རའི་མེ་ལོང་ལག་ཏུ་གཏད་ལ། ཧྲཱི༔ སྣང་སྲིད་སྲིད་ཞི་མཉམ་སྦྱོར་ཞིང༔ བདེ་དང་སྟོང་པ་མཉམ་པའི་སྐུ༔ རྡོ་རྗེ་བཙུན་མོ་ཤེས་རབ་དབང༔ བསྐུར་བས་བགྲེས་རྒུད་བྲལ་བར་ཤོག༔ མ་ཧཱ་མུ་དྲ་ཧོ༔ མེ་ལོང་ལས་ཡེ་ཤེས་རིག་མ་པང་དུ་བྱོན་པ་ལ་རྗེས་ཆགས་ཀྱི་རོལ་རྩེད་བྱས་པར་མོས་ལ་འདིའི་རྗེས་ཟློས། ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་གོ་ཧཾ༔ ཨ་ནུ་རཱ་ག་ཡ་མྱེ༔ ཛཿཧཱུྃ་བཾ་ཧོ༔ ཞེས་འཁྱུད་རྒྱ་བྱར་གཞུག །འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱངས་པའི་མཐར་འགྱུར་མེད་ལྷན་ཅིག་སྐྱེས་དགའ་འཕོ་བྲལ་དུ་བརྟན་པར་མོས་ཤིག །དེས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། རྩ་ཐིག་རླུང་གསུམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །བཞི་པ་རྩལ་དབང་ཞུ་བའི་སླད་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས༔ ནམ་མཁའ་གང་བར་སྤྲོས་ཏེ་འབུལ༔ ཐུགས་རྗེ་བརྩེ་བས་ཚིག་དབང་སྩོལ༔ སློབ་མ་རྣམས་བསམ་གཏན་འདུག་སྟངས་བཅས་ཏེ་མཉམ་པར་གཞག་ལ། སློབ་དཔོན་གྱིས་རྨ་བྱའི་མདོངས་དང་མན་ཤེལ་མིག་ངོར་བསྟན་ཏེ། ཧོ༔ བུ་ཉོན་དེ་བཞིན་ཉིད་ཀྱི་ཀློང༔ ཀུན་ཁྱབ་རང་རིག་འདུས་མ་བྱས༔ ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ༔ རིག་སྟོང་སྣང་མཐའ་འོད་དཔག་མེད༔ སྐྱེ་འཆི་མེད་པའི་ངོ་བོ་ལྟོས༔ ཨ་ཨ་ཨ༔ ཞེས་སྙིང་གར་གཏད། ཤེལ་འོད་རྐྱེན་གསལ་དང་མདོངས་སྒྲོའི་བཀྲག་མདངས་འདི་ལྟ་བུ། རང་རིག་གཏིང་གསལ་ལས་རྩལ་སྣང་སྣ་ཚོགས་སུ་ཤར་ཡང་གདོད་ནས་འཕོ་འགྱུར་མེད་པ་རིག་སྟོང་འཆི་མེད་འོད་མཐའ་ཡས་པའི་ངོ་བོ་སྐྱེ་ཤི་ལས་འདས་པའི་རྟག་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། ཤེས་བྱའི་དྲི་མ་སྦྱངས། བློ་འདས་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ལྔ་པ་མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་སྦྱིན་པ་ལ། སློབ་མ་རྣམས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་གདན་ཕུལ་དུ་བྱུང་བར་འཁོད་ཅིང་གནས་པར་བསམ་ལ། སློབ་དཔོན་གྱི་ཆས་རྟགས་དངོས་སམ་རི་མོར་བྲིས་པ་སྦྱིན། བསྡུ་ན་རྡོར་དྲིལ་ལག་ཏུ་གཏད་ལ། ཧྲཱི༔ རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ༔ དྲིལ་བུ་ཤེས་རབ་སྒྲ་དབྱངས་སྒྲོག༔ ཐབས་ཤེས་གཉིས་སུ་མི་ཕྱེད་པའི༔ རྡོ་རྗེ་རྒྱལ་པོར་དབང་བསྐུར་རོ༔ ཞེས་དང་སྤྲོ་ན་བཀྲ་ཤིས་རྫས་རྟགས་རྣམས་ཀྱང་སྦྱིན་ལ་ཤིས་བརྗོད་རྒྱས་པར་བྱ། མཇུག་གི་བྱ་བ་དམ་ཚིག་བསྒྲག་བཟུང་གཏང་རག་འབུལ་བ་སོགས་སྤྱི་དང་མཐུན། ལས་བྱང་གི་ཚོགས་མཆོད་ཕྱིན་ཆད་ཀྱང་དཀྱུས་སུ་བསྟན་པ་ལྟར་བྱའོ། །ཚེ་དབང་དཀྱུས་འགྲོ་བསྐུར་ན། མཎྜལ་ཡན་ཆད་སྔར་ལྟར་སོང་རྗེས། གསོལ་གདབ། སྐྱབས་སེམས། བྱིན་འབེབ། ཚེ་འགུགས། རྣམ་བུམ། ཚེ་འབྲང་ཕྱོགས་བསྡུས། ཧྲཱི༔ འབྱུང་བའི་བཅུད་སོགས། ཚེ་རིལ་ཆང་རྗེས་སུ་གཏོར་མ་མགོར་བཞག་ནས་རྒྱས་གདབ། ཧྲཱི༔ ཀུན་གཞིའི་ངོ་བོ་སོགས་ཀྱི་རྐང་པ་གསུམ་པར། བར་ཆད་ཀུན་སེལ་རྟ་ཕག་ཡབ་ཡུམ་གྱིས༔ ཞེས་བསྒྱུར་བ་དང་། ཚེ་མདའ་རྒྱས་གདབ། སྨོན་ལམ། ཤིས་བརྗོད་སོགས་ཀྱིས་འགྲུབ་བོ། །འདི་དག་གི་ཕྱག་ལེན་ཆོ་ག་རྒྱས་པར་འདོད་ན་གཏེར་སྟོན་ཉིད་ཀྱི་ཐུགས་སྲས་ཆོས་དབང་རྡོ་རྗེ་འཛིན་པའི་གསུང་ལས་བཙལ་བར་བྱའོ། །འཆི་མེད་མགོན་པོའི་ཐུགས་རྗེའི་ཟིལ་མངར་གྱིས། །གཞོམ་བྲལ་ཚེ་ཡི་ལང་ཚོ་མི་རྙིང་བར། །འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ་དེ་སྲིད། །རིང་འཚོའི་གྲུབ་པ་རྩོལ་མེད་སྦྱིན་ནུས་ཤོག །ཅེས་པའང་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་ཆ་ཤས་ནས་ཡོངས་སུ་གང་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྟག་བརྟན་དགའ་བའི་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཀྱི་སྔགས་བྱང་ (Volume 30, Text 22)

ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒོས་ཛཔ྄་ལས། གཙོ་བོ་ཡབ་ཡུམ་ནི། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། རིགས་བཞི་ཡབ་ཡུམ་ནི། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ །པཱཾ་རཱ་གཱ་ར་ཏི། ཧཱ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། སེམས་དཔའ་ཡབ་ཡུམ་བརྒྱད་ནི། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལ་སཻ་ས་མ་ཡ་སཏྭཾ། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱི་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱིརྟི་རཱ་གོ་ཧཾ། ཛྲིཾ་ཀུ་རུ་པཱ་ཎི། ཨཱ་ནཱིརྟི་རཱ་ག་ཡ་མྱེ། མཻ་དྷཱ་ར་ཎེ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ། ཐིཾལྷ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ །ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། མཱུཾ་ཤྲཱི་ཨཱ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱ་བྱེད་ཡབ་ཡུམ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱཿ ཐུབ་པ་དྲུག་ནི། ཨོཾ་མུ་ནི་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། སྒོ་བ་ཡབ་ཡུམ་ནི། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཅེས་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་ལྟར་བྲིས་པའོ། ༈ ཁྲག་འཐུང་ང་བརྒྱད་ཀྱི་སྒོས་ཛཔ྄་ལས། གཙོ་བོ་ཡབ་ཡུམ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷེ་ཤྭ་རཱི་སཏྭཾ། ཁྲག་འཐུང་རིགས་བཞི་ཡབ་ཡུམ་ནི། ཨོཾ་བུད་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བུད་དྷ་ཀྲོ་དྷི་ཤྭ་རཱི་སཏྭཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་དྷི་ཤྭ་རཱི་སཏྭཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་དྷི་ཤྭ་རཱི་སཏྭཾ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་དྷི་ཤྭ་རཱི་སཏྭཾ། གནས་མ་བརྒྱད་ནི། ཨོཾ་བཛྲ་གཽ་རཱི་ཧཿ ཨོཾ་བཛྲ་ཙཽ་རཱི་ཧཿ ཨོཾ་བཛྲ་པྲ་མོ་ཧེ་ཧཿ ཨོཾ་བཛྲ་བེ་ཏཱ་ལཱི་ཧཿ ཨོཾ་བཛྲ་པུཀྐ་སཱི་ཧཿ ཨོཾ་བཛྲ་གྷསྨ་རཱི་ཧཿ ཨོཾ་བཛྲ་སྨེ་ཤ་ནཱི་ཧཿ ཨོཾ་བཛྲ་ཙཎྜ་ལཱི་ཧཿ ཡུལ་མ་བརྒྱད་ནི། ཨོཾ་བཛྲ་སིཾ་ཧ་མུ་ཁཱི་ཧེ། ཨོཾ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ཨོཾ་བཛྲ་ཤྲི་གཱ་ལ་མུ་ཁཱི་ཧེ། ཨོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨོཾ་བཛྲ་གྲི་དྷཱ་མུ་ཁཱི་ཧེ། ཨོཾ་བཛྲ་ཀངྐ་མུ་ཁཱི་ཧེ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། སྒོ་མ་བཞི་ནི། ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཨོཾ་བཛྲ་ཨ་མུ་ཁཱི་ཧཱུྃ། ཨོཾ་བཛྲ་ལོ་ཀ་བཾ། ཨོཾ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ དབང་མོ་ཉེར་བརྒྱད་ནི། མ་ནུ་རཀྴ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རཽ་ཏྲཱི་བྷྱོ། བེཥྞ་བཻ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། བཛྲ་པིངྒ་ལཱི་བྷྱོ། ཨ་མྲྀཏཾ་བྷྱོ། སཽ་མྱ་བྷྱོ། དཎྜ་དེ་བྷྱོ། རཀྵ་སཱི་བྷྱོ། བཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མཱཏྟ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་ར་བྷྱོ། སིདྡྷི་ཀཾ་བྷྱོ། བཱ་ཡ་བེ་བྷྱོ། མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣཱི་བྷྱོ། བ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ར་ནཱི་བྷྱོ། ཝ་རུ་ཎཱི་བྷྱོ། བཛྲ་མ་ཧཱ་ཀཱ་ལཱི་བྷྱོ། བཛྲ་ཙཱ་ཀ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦྷོ་དཱ་ར་བྷྱོ། ཞེས་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ལྟར་རོ།།

དྲག་པོ་མེའི་ལས་མཐའ༔ སྤྱི་གཤོར་ནག་པོ་འགྱུར་མེད༔ (Volume 18, Text 22)

༄༅༔ དྲག་པོ་མེའི་ལས་མཐའ༔ སྤྱི་གཤོར་ནག་པོ་འགྱུར་མེད༔ རྡ་ཐིམ༔ ྈྈྈྈྈ ཤྲཱི་ཡ་མཱན་ཏ་ཀ༔ དྲག་པོ་མེ་ཡི་ལས་མཐའ་ནི༔ ཕུང་གསུམ་ནག་པོའི་ཉི་མ་ལ༔ རབ་ཏུ་འཇིགས་པའི་དབེན་གནས་སུ༔ གྲིབ་སོ་ས་ལ་ཕེབས་པའི་ཚེ༔ ཁྲུ་གང་གྲུ་གསུམ་དོང་དུ་བྲུ༔ དུག་ཁྲག་རོ་སོལ་དག་གིས་བྱུག༔ དེ་སྟེང་གདུག་པ་ཅན་གྱི་ཤིང༔ དུག་དང་ཚེར་མ་ཅན་གྱིས་བརྩིག༔ གོང་ལྟར་ཧོཾ་ཁུང་དབྱིབས་ཅན་ལ༔ དུག་དང་ཚེར་མའི་ཁ་བད་བྱ༔ དམིགས་བྱའི་རཱུ་པ་ཆེ་བ་ཞིག༔ ལིང་ཕྲན་བརྒྱ་རྩ་ལྔ་བཅུ་འམ༔ ཉི་ཤུ་རྩ་གཅིག་འདི་ལྟར་བསྐོར༔ ཡན་ལག་གཟུགས་བཞི་བརྒྱངས་པ་ཅན༔ སྙིང་གར་ནྲྀ་དང་མིང་རུས་བྲི༔ ཡན་ལག་མཐིལ་བཞིར་འགུགས་པའི་སྔགས༔ ཛཿཧཱུྃ་བཾ་ཧོཿརྣམ་བཞི་བྲི༔ མཐའ་མར་དམོད་མོ་ལས་སྔགས་བྲི༔ རྫས་སྣ་དགུ་བྱུག་དགུག་གཞུག་བྱ༔ བཙན་དུག་མི་རྟ་ཁྱི་གསུམ་ཁྲག༔ གླང་ཁྲག་ཞ་ཉེ་མུ་ཟི་ནག༔ རོ་སོལ་ཐང་ཕྲོམ་དགུ་པོ་དང༔ དམིགས་བྱའི་ཟག་རྫས་བསྲེས་པ་རྣམས༔ ལིང་གའི་གྲངས་དང་མཉམ་པ་ཡི༔ གཏོར་མ་ཤ་ཁྲག་བརྒྱན་པ་ཡང༔ ཆེ་བ་བཞི་དང་བཅས་པ་བཤམ༔ བཤམ་དང་བསྔོ་བ་ཟུང་དུ་སྤྲད༔ སྣོད་སྟོང་མི་བཞག་དམ་ཚིག་ཡིན༔ དེ་ནས་གདུག་པའི་ལས་ལ་འཇུག༔ རང་བསྲུང་རང་བཅས་གང་ཡོད་རྣམས༔ བདུད་རྩི་ཆོས་སྨན་བྱིན་བརླབས་རྫས༔ ཆང་དང་སྦྱར་ལ་ཁོང་དུ་འཐུང༔ བདག་ཉིད་ཡ་མཱན་ཏ་ཀའི་སྐུ༔ མཐིང་ནག་མཚོན་ཆའི་རལ་པ་ཅན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ ལག་གཡོན་ཕྲེང་བ་ནག་པོ་འམ༔ རག་ཤའི་ཕྲེང་བ་གང་འཛོམ་ཞིག༔ བཟུང་ལ་དགྲ་བོ་དངོས་སུ་དམིགས༔ མཐེབ་མོ་གསེར་གྱི་སཏྭ་རེ་འཕྱར༔ མཛུབ་མོ་དངུལ་གྱི་གཏན་པའི་ཁར༔ དགྲ་བོའི་མགོ་ལུས་གཏུབས་ནས་ཀྱང༔ བསད་བཅད་གཏུབས་དམིགས་ཕྲེང་བ་ཡི༔ རྡོག་མ་རེ་དང་སྤྲད་ནས་ཀྱང༔ ཕྱིར་སྐྱུར་འོག་ལྟར་དམིགས་པ་སྤྲད༔ ཕྱག་གཡས་ལྕགས་ཀྱུ་རྣོན་པོ་ཡིས༔ དགྲ་བགེགས་ཐམས་ཅད་བཀུག་པར་བསམ༔ རལ་པ་མཚོན་ཆའི་གུར་དུ་ཕུབ༔ བདག་ཉིད་དེ་ལྟར་བསྒོམས་ནས་ཀྱང༔ མདུན་དུ་ཧོམ་ལས་མེ་སྦར་ཞིང༔ དུག་གི་རྒྱ་མཚོ་འཁྱིལ་བའི་དབུས༔ མེ་ལྷ་ལས་ཀྱི་གཤིན་རྗེའི་གཟུགས༔ དམར་ནག་གཅེར་བུ་རལ་པ་ཅན༔ ལྟེ་བ་ཡན་ཆད་མཚོ་སྟེང་ཐོན༔ ལག་གཉིས་ཉི་ཟླ་ཆ་ལང་བརྡེབ༔ ཁ་ནི་རབ་ཏུ་གདངས་དམིགས་ལ༔ སྔགས་བཟླས་ཕྲེང་བ་ཕྱིར་སྐྱུར་བས༔ གནོད་བྱེད་མགོ་ལུས་དུམ་བུ་རྣམས༔ བཏང་ཞིང་ཞལ་དུ་གསོལ་བར་བསམ༔ ཨྱཻ་ས་བྷྱོ་ཟློག་རྦད༔ ཅེས་པ་བརྒྱ་རྩ་བཟླས་ནས་ཀྱང༔ རང་གི་མདུན་དུ་སྟེགས་ཀྱི་ཁར༔ ལིང་ག་གཏོར་མ་ཤ་ཁྲག་བསམ༔ དགྲ་བཀུག་ལིང་ག་དག་ལ་ཐིམ༔ དགྲ་བོ་དངོས་བསམ་མེ་ལྷར་འབུལ༔ དེ་ཚེ་འདི་ལྟར་བསམ་རྒྱུད་དུ༔ དགྲ་བོའི་ཚེ་དང་བསོད་ནམས་དང༔ འཁོར་དང་ལོངས་སྤྱོད་ལ་སོགས་པ༔ ཁོ་ཡི་དངོས་འབྱོར་མ་ལུས་པ༔ ལས་གཤིན་ཞལ་དུ་བསྟིམས་དམིགས་ཤིང༔ ལན་བདུན་ཐིམ་ནས་ཕྲིན་ལས་གཞོལ༔ དགྲ་བོ་ཆེ་གེ་མི་ནོར་དང་བཅས་པ་ཐམས་ཅད༔ ལས་ཀྱི་གཤིན་རྗེ་ཁྱོད་ལ་ཟས་སྐལ་དུ་གཏད་པ་ཡིན་པས༔ འདི་ཡི་ཚེ་སྲོག་དཔལ་འབྱོར་དབང་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ཤིག༔ ཅེས་པ་ལན་གསུམ་བརྗོད་བྱས་ཏེ༔ ཐལ་མོ་བརྡབ་ཅིང་བཞེས་སྒྲ་བསྒྲག༔ དགྲ་བོ་གཏན་བརླག་གྱུར་པར་དམིགས༔ འདི་ཡི་ལས་སྦྱོར་གཏོར་མ་འབུལ༔ མེ་སྦར་ལ་སོགས་བྱ་བ་རྣམས༔ ཤ་ཟ་ལས་ཀྱི་མཁའ་འགྲོ་འམ༔ གདོང་གཅིག་ཁ་རལ་ཤན་པས་བྱ༔ ལན་གསུམ་ལྔ་འམ་བདུན་གྱིས་ནི༔ ལོ་དུས་མི་འགྱང་དམིགས་བྱ་འགུམ༔ ཁྱད་པར་བྱད་མ་ཡིན་གྱུར་ན༔ ཁོ་ཡི་ལྷ་དང་སྲུང་མ་རྣམས༔ རང་གཤེད་རང་ལ་དབབ་བྱས་ལ༔ ཐ་མ་ལྷ་སྲུང་བཅས་པ་རྣམས༔ མདུན་གྱི་ལས་ཀྱི་གཤིན་རྗེ་དང༔ བདག་ཉིད་གཤིན་རྗེའི་ཐུགས་ཀར་བསྟིམ༔ དེས་ནི་ཁོ་དང་བྲལ་ནས་ཀྱང༔ བདག་ཉིད་མཐུ་དཔུང་སྟོངས་གྲོགས་འགྱུར༔ བྱད་མའི་ནུས་པ་རང་ལ་ལྡོག༔ ཇི་ལྟར་ནུས་པ་ཆེ་ན་མྱུར༔ གནོད་བྱེད་བགེགས་ལ་བྱེད་ན་ཡང༔ མིང་བསྒྱུར་མིན་པ་གཞན་རྣམས་མཐུན༔ ལན་གྲངས་བརྒྱ་རྩ་ལ་སོགས་པ༔ ཐེབས་པའི་རྗེས་ལ་དམིགས་བྱ་ཡི༔ རཱུ་པ་ཆེ་བ་དུམ་བུར་གཏུབས༔ སྔགས་དང་བཅས་ཏེ་མེ་ལྷར་འབུལ༔ ལྷག་མ་མེད་པར་བཞེས་བསམས་ལ༔ ལས་གཤིན་མི་དམིགས་རྒྱ་ཡིས་གདབ༔ སྦྱིན་སྲེག་མེ་རོ་མ་ལུས་པ༔ ཐལ་བར་མ་གྱུར་བར་དུ་བསྲེག༔ ཐལ་བར་གྱུར་ནས་གཏོར་ཆེན་དང༔ ལྷན་ཅིག་དུར་ཁྲོད་གནས་སུ་བསྐྱལ༔ ཡང་ན་ཁྲི་ལམ་བཞི་མདོར་འཕང༔ ཡང་ན་འགྱུ་སྲང་དོང་བྲུས་མནན༔ རྣལ་འབྱོར་བདུད་ཀྱི་ཆས་སུ་ཞུགས༔ གང་འཚོགས་ཀུན་ཀྱང་ལས་སྔགས་བཟླ༔ ལས་ཟིན་རང་ཉིད་སྲུང་འཁོར་བསྒོམ༔ ཡང་ན་དམིགས་མེད་རྒྱ་ཡིས་གདབ༔ དེ་ལྟར་ལས་མཐའ་ཞག་བདུན་ནམ༔ ཉེར་གཅིག་ཐ་མ་ཞག་གསུམ་འབད༔ མ་གྲུབ་སྤོགས་ཆོག་སྦྱར་ལ་བྱ༔ བགེགས་ལ་གསུམ་ལས་མང་མི་འཚལ༔ དགྲ་ལ་བསོད་ནམས་ཆེ་ཆུང་སྦྱར༔ བྱད་མ་ནུས་པ་ཆེ་ན་བཟང༔ སྔགས་བཟླས་མཆིལ་སྣབས་ཕྱིར་དོར་གནད༔ དམིགས་བྱའི་ཟག་རྫས་མ་གཏོགས་པ༔ རང་གི་ཟག་རྫས་མ་འདྲེས་གནད༔ ཤིན་ཏུ་གསང་ན་ལས་མྱུར་ཞིང༔ འཆལ་ན་མི་འགྲུབ་སྤང་བ་གནད༔ གཞན་ཡང་བསྲེག་རྫས་ཤ་ཁྲག་དང༔ དྲག་པོའི་མཐུན་རྫས་སྣ་ཚོགས་འབུལ༔ མེ་ལ་རོ་སོལ་བྲོ་བ་དང༔ དམིགས་པ་གསལ་ཞིང་རིག་པ་འུར༔ དངོས་ཉམས་རྨི་ལམ་ལ་སོགས་ལ༔ ལས་གྲུབ་ལྟས་འབྱུང་སྤྱི་དང་མཐུན༔ འདི་ནི་ལས་ཀྱི་གཤིན་རྗེ་ཡི༔ བསད་ཟློག་མེ་ཡི་ལས་མཐའ་སྟེ༔ སྤྱི་གཤོར་ནག་པོ་འགྱུར་མེད་ཡིན༔ འདི་ལ་ལོག་རྡུགས་འབྱམས་མི་སྲིད༔ མ་སྤེལ་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ་དམར༔ སོ་ཕག་ཤི་ཐཾ༔ ཡ་རོག་ཀྵ༔ ལས་སྦྱོར་གྱི་མགོ་བཙུགས་ནས་མ་ཚར་གྱི་བར་དུ་སྨྲ་བ་བཅད་པ་གལ་ཆེ༔ ཞེས་སྤྱིའི་གདམས་པ་ཡིན་པར་ཤེས་པར་བྱའོ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་བྱ་རྒོད་གཤོངས་ནས་བཏོན་པའོ།། །།

ཟབ་པ་སྐོར་བདུན་ལས། དྲང་སྲོང་དྲི་མེད་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་དང་བཅས་བཀླག་ཆོག་ཏུ་བཀོད་པ་རིག་སྔགས་བཅུད་ཀྱི་ཞུན་ཐིགས་ (Volume 34, Text 22)

༄༅། །ཟབ་པ་སྐོར་བདུན་ལས། དྲང་སྲོང་དྲི་མེད་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་དང་བཅས་བཀླག་ཆོག་ཏུ་བཀོད་པ་རིག་སྔགས་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་འཛིན་པ་དྲང་སྲོང་ཚུལ། །བདེན་ཚིག་གྲུབ་པས་ཚར་གཅོད་དང་། །རྗེས་འཛིན་མཐུ་སྟོབས་འགྲན་བྲལ་བ། །དེར་བཏུད་དེ་སྒྲུབ་གསལ་བྱེད་འགོད། །དྲག་པོའི་སྔགས་རྒོད་འབུམ་གྱི་ཡང་བཅུད་ལོཀྟྲི་པཱ་ལའི་ཕྲིན་ལས་སྙིང་པོ་བརྩམ་པར་འདོད་པས། རྟེན་ཇི་ལྟར་ཚོགས་པ་དང་གཏོར་མ་དཀར་གསུམ་ཁ་ཟས་བཟང་དགུས་བརྒྱན། ཕྱི་མཆོད་སོགས་འདུ་བྱས་ལ། ཆོ་གའི་སྔོན་འགྲོ་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །སྔགས་རྒོད་ལོཀྟྲི་བསྒྲུབ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་མཆོད་པ་བྱིན་བརླབ། དངོས་གཞི་ལ་ཐོག་མར་ཞི་བར་བསྙེན་པ་ནི། འགྱུར་མེད་རྡོ་རྗེའི་གུར་ཁང་དབུས༔ རྒྱ་གྲམ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་དྲང་སྲོང་དྲི་མེད་སྔོ༔ སྐེམ་རིད་གཟུགས་ཅན་གཟི་བརྗིད་འབར༔ དབུ་སྐྲ་སྤྱིར་བཅིང་ཨག་ཚོམ་དང༔ སྨ་ར་སྨིན་མ་རབ་ཏུ་འབར༔ བགྲང་ཕྲེང་དང་ནི་སྤྱི་བླུགས་བསྣམས༔ ཞབས་གཉིས་ཙོག་པུའི་སྟབས་ཀྱིས་བཞུགས༔ སྐུ་ལ་རས་དཀར་ན་བཟའ་གསོལ༔ བདེན་ཚིག་གྲུབ་པའི་རྒྱལ་པོར་བསམ༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ ཏྲཾ་དུའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་དྲེགས་པ་ཟིལ་གྱིས་མནན༔ བཀའ་འབངས་རྩིས་ལ་ཕབ་པར་བསམ༔ ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ༔ ཞེས་གོང་བསྙེན་གྱི་གྲངས་ཚད་འབུམ་ཕྲག་གཅིག་སྔོན་དུ་བཟླ། ལས་སྒྲུབ་ཀྱི་སྔོན་དུའང་ཁྲི་ཚོ་རེ་བཟླ་བར་བཤད། དཀྱུས་ལ་ཅི་འགྲུབ་བྱའོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། སྐད་ཅིག་གནས་འགྱུར་ཚུལ་གྱིས་ནི༔ ཕ་ལམ་ལས་གྲུབ་རྡོ་རྗེའི་མཁར༔ རྒྱ་གྲམ་པད་ཉི་འབར་བའི་གུར༔ ཁྲོ་བོ་ལོཀྟྲི་པཱ་ལ་ནི༔ སྔོ་ནག་རབ་ཁྲོས་འཇིགས་པའི་གཟུགས༔ རྩ་ཕྱག་གནམ་ལྕགས་ཐལ་མོ་རྡེབ༔ ཐ་གཉིས་རལ་གྲི་ཐོ་བ་འཛིན༔ རྒྱན་མེད་ཞབས་གཉིས་རོལ་པའི་སྟབས༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ སྤྱི་བོར་དྲང་སྲོང་དྲི་མེད་དང་། །སྙིང་གར་བཛྲ་པཱ་ཎི་གསལ། །ཐུགས་ཀར་གནམ་ལྕགས་རྡོ་རྗེའི་སྦུབས། །མཐིང་ནག་ཧཱུྃ་ཡིག་འབར་བས་མཚན། །དེ་ལས་འོད་ཟེར་རབ་འཕྲོས་པས། །རི་བོ་ཀུན་འདུས་རྩེ་མོ་ནས། །དྲང་སྲོང་འཁོར་བཅས་སྤྱན་དྲངས་བསམ། །ཞེས་པས་གསལ་བཏབ་ལ། སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་གནས་འདིར་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་ངོས། །ཡུལ་ནི་རྒྱ་གར་ཨིནྡྲའི་ཡུལ། །རི་བོ་ཀུན་འདུས་རྩེ་མོ་ནས། །ནགས་ཚལ་དྲྭ་བའི་ཀློང་དཀྱིལ་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །སློབ་དཔོན་དྲང་སྲོང་དྲི་མེད་ནི། །དྲང་སྲོང་འབུམ་གྱི་འཁོར་གྱིས་བསྐོར། །མ་ལུས་འཁོར་དང་བཅས་པ་རྣམས། །སེམས་ཅན་དོན་ལ་གཤེགས་སུ་གསོལ། །སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ། །བྱད་མ་ཟློག་ཕྱིར་གཤེགས་སུ་གསོལ། །འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ། །རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ། །དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿ ཛཿཧཱུྃ་བཾ་ཧོཿ བཞུགས་གསོལ་ནི། ཧཱུྃ། བདག་ཅག་བསོད་ནམས་སྐལ་བར་ལྡན། །དྲང་སྲོང་འཁོར་བཅས་བྱོན་པ་ལེགས། །ཇི་སྲིད་བརྟན་པར་བཞུགས་ནས་ཀྱང་། །ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །ཕྱག་འཚལ་བ་ནི། ཧཱུྃ། སློབ་དཔོན་དྲི་མེད་འཁོར་བཅས་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །མཐུ་རྩལ་དབང་གི་དངོས་གྲུབ་སྩོལ། །མཆོད་པ་ནི། ཨོཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །དྲང་སྲོང་རྒྱལ་པོ་རིག་སྔགས་བདག །སྡེ་བརྒྱད་འདུལ་བའི་དྲག་ཤུལ་ཅན། ཁྱེད་ལ་མཆོད་པ་འབུལ་བ་ནི། །སྣང་གསལ་སྒྲོན་མེ་བདུད་རྩིའི་ཁྲུས། །དྲི་ལྡན་སྤོས་ངད་རོ་མཆོག་ཟས། །སྒྲ་སྙན་རྒྱུན་རྣམས་ཐམས་ཅད་ཀུན། །དྲང་སྲོང་ཁྱེད་ལ་འབུལ་ལགས་ན། །ཐུགས་རྗེ་དང་ནི་དམ་ཚིག་དང་། །གཉིས་མེད་དོན་གྱིས་བཞེས་སུ་གསོལ། །ཨོཾ་བཛྲ་ཨཱ་ལོ་ཀེ་གནྡྷེ་དྷཱུ་པེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ། བསྟོད་པ་ནི། ཧཱུྃ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །སངས་རྒྱས་ཀུན་གྱི་སྤྲུལ་པ་ཡི། །དྲང་སྲོང་ཆེན་པོ་དྲི་མེད་ནི། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །རི་བོ་ཀུན་འདུས་རྩེ་མོ་དང་། །ནགས་ཚལ་དྲྭ་བའི་ཕུག་ན་བཞུགས། །སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ །དྲང་སྲོང་ཁྱེད་ལ་གུས་ཕྱག་འཚལ། །འགྲོ་བ་གདུལ་དཀའ་འདུལ་བའི་ཕྱིར། །དྲག་པོའི་སྐུར་སྟོན་ཁྲོ་བོའི་རྒྱལ། །ཞེ་སྡང་རྡོ་རྗེ་གསང་བའི་བདག །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱིས་བདག་ལ་དངོས་གྲུབ་སྩོལ། །སྡེ་བརྒྱད་དབང་དུ་བསྡུ་བའི་ཕྱིར། །མཐུ་དང་རྫུ་འཕྲུལ་བདག་ལ་སྩོལ། །ཆེ་བ་བསྐྱེད་པ་ནི། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་སྡེ་བརྒྱད་ཀྱི་སྙིང་ནས་དྲངས་ཏེ་མདུན་དུ་བཀུག་པའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རེ་བཞག་པས་འགུལ་མི་ཤེས་པར་བསམ་ལ། ཧཱུྃ། ང་ནི་སྲིད་པ་གསུམ་གྱི་རྗེ། །ང་ནི་སྐྱེ་འགྲོ་ཡོངས་ཀྱི་ཡབ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་སྲོག་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཞེས་བརྗོད་ཅིང་ང་རྒྱལ་བྱ། བཟླས་པ་ནི། ལྕེ་ནི་རྡོ་རྗེ་རྩེ་དགུ་པ༔ སྔགས་ཀྱིས་མཚན་པའི་འོད་ཟེར་གྱིས༔ སྡེ་བརྒྱད་རྣམས་ཀྱི་སྲོག་སྙིང་དྲངས༔ བཀའ་དང་དམ་ལ་འདུད་པར་གྱུར༔ ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པཱ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་ཆེ་གེའི་ཀཱ་ཝཱ་ཙི་བརླག་བརླག །ཅེས་རྩ་སྔགས་ཏེ་ཞག་ཉེར་གཅིག་ཏུ་འབུམ་ཕྲག་གསུམ་བཟླ་བར་བཤད་ཀྱང་དེ་ལས་ཉིས་འགྱུར་རམ་སུམ་འགྱུར་དུ་བཟླ་དགོས་པར་གསུངས་སོ། །སྲུང་བ་དང་སྤུ་གྲིའི་དྲག་སྔགས་སྦྱོར་བར་འདོད་ན་གཏེར་གཞུང་དང་ཡིག་རྙིང་གུང་བསྡེབ། ཐུན་མཐར་དྲང་སྲོང་དམོད་པ་དང་ཐལ་རྡེབ་ནི། གཙོ་བོ་སྤྲུལ་པར་བཅས་རྣམས་ཀྱི༔ རྩ་ཕྱག་གནམ་ལྕགས་ཐལ་མོའི་བར༔ བྱད་མ་སྒོང་ཀོག་བཞིན་དུ་བཙིར༔ མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར༔ མི་དམིགས་སྟོང་པ་ཆེན་པོར་གྱུར༔ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིགས་ཤིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བའི་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེ་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག །སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་བརྗོད། ཐུན་མཚམས་གཏོར་མ་འབུལ་ན། ཨོཾ་ཨཱཿཧཱུྃ། ལན་གསུམ། སྦྱངས་སྤེལ་བསྒྱུར་ནས་བདུད་རྩིར་བྱས། གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས། ཞི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ། སྔགས་ཙམ་གྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཏོར་མགྲོན། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། བདག་བསྐྱེད། སྣོད་བཅུད་འོད་ཞུ་རང་ལ་བསྡུ། །རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། །དེ་ཡང་རིམ་འདུས་ཀ་དག་ཀློང་། །སླར་ཡང་གཉུག་མའི་ལྷ་སྐུར་ཤར། །ཞེས་བསྡུ་ལྡང་བྱ་ཞིང་། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བསྲུང་། ཧོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ བསོད་ནམས་ཡེ་ཤེས་གང་བསྒྲུབས་པའི༔ འབྲས་བུ་དུས་འདིར་མྱུར་དུ་སྨིན༔ གསང་བདག་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ༔ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་གྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་ཤིས་བརྗོད་བྱའོ། ༈ །འདིའི་སྨིན་བྱེད་སྒྲུབ་ན། སྟེགས་བུའི་ཁར་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་དང་ལྡན་པ། མདུན་དུ་རིན་པོ་ཆེའི་སྣོད་དུ་དཀར་གཏོར་མངར་གསུམ་ཤིང་ཐོག་སྐུ་ཙཀ་གིས་བརྒྱན་པ། གཡས་གཡོན་རྣམས་སུ་ཞི་དྲག་གི་སྔགས་བྱང་གཉིས། རྡོ་རྗེ་རལ་གྲི་ཐོ་བ་རྣམས་བཀོད། ཕྱི་མཆོད་བསྐོར་བཤམ། ལས་བུམ་སོགས་འདུ་བྱས་ལ་གོང་གསལ་ཕྲིན་ལས་སྐྱབས་སེམས་ནས་ཁྲོ་བོའི་བཟླས་པ་ཡན་བཏང་ལ། གྱེར་ཚིག་གཅིག་གིས་བདག་མདུན་གཉིས་མཉམ་སྒྲུབ་བྱ། བུམ་པར་དྲང་སྲོང་ཞི་བའི་བསྐྱེད་བཟླས་དམིགས་གཏད་སྤྱི་མཐུན་མར་འོད་ཞུ་དང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། གཏོར་མ་འབུལ་ཞིང་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། གོས་མགོ་མཇུག་ལྡོག་ལ་གྱོན། སེམས་བསྐྱེད་གསལ་བཏབ། མཚམས་སྦྱོར་ཁྱད་པར། དེ་ལ་འདིར་ཕྱོགས་དུས་ཀྱི་སངས་རྒྱས་སྲས་དང་བཅས་པའི་གསང་བ་གསུམ་གྱི་མཛོད་འཛིན་པ་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཉིད་གང་འདུལ་ཡེ་ཤེས་ཀྱི་རོལ་པའི་ཆོ་འཕྲུལ་བསམ་ལས་འདས་པར་སྟོན་པ་ལས། ལྷ་སྲིན་སྡེ་བརྒྱད་ཀྱི་གཉེན་པོར་ཁྱད་པར་དུ་བསྔགས་ཤིང་རིག་སྔགས་རྦོད་གཏོང་བྱད་ཕུར་ཀྱི་སྦྱོར་བ་ཟློག་པ་ལ་འགྲན་གྱི་ཟླ་དང་བྲལ་བ་འཆི་མེད་གྲུབ་པའི་དྲང་སྲོང་དྲི་མ་མེད་པ་ཞི་བ་དང་ཁྲོ་བོའི་སྐུར་བཞེངས་ནས། འགྲོ་བའི་དོན་མཐའ་ཡས་པར་མཛད་པ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་མན་ངག་གི་སྐོར་རྣམས་དྲང་སྲོང་ཆེན་པོ་ཉིད་ཀྱིས་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ལ་གནང་བས་སྡེ་བརྒྱད་ཀྱི་ཆད་པ་ལས་གྲོལ། དེ་ནས་རིམ་པར་བྲམ་ཟེ་ལེགས་གྲུབ། བྲམ་ཟེ་པྲ་ཧསྟི། སློབ་དཔོན་ཤཱནྟིཾ་གརྦྷ། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་བརྒྱུད། སློབ་དཔོན་ཆེན་པོས་བོད་དུ་མངའ་བདག་ཡབ་སྲས་ལོ་ཆེན་བཻ་རོ་སོགས་ལ་གདུག་པའི་སྡེ་བརྒྱད་འདུལ་བའི་གཉེན་པོར་ཆེད་དུ་བསྩལ། དེ་དག་གིས་ཀྱང་སྙིགས་དུས་ཀྱི་གདུལ་བྱའི་དོན་དུ་ཟབ་མོའི་གཏེར་མཛོད་རྣམས་སུ་རྒྱས་བཏབ་པ་ཕྱིས་གཏེར་ཁ་གོང་འོག་སོགས་ཀྱིས་རིམ་པར་བཏོན་ཅིང་སྤེལ་པས་སྲུང་ཟློག་གི་མཐར་ཐུག་དྲང་སྲོང་ལོཀྟྲི་ཞེས་ཡོངས་སུ་གྲགས་ལ། འདིར་ནི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆ་ལག་དམོད་པ་དྲག་སྔགས་ཀྱི་ཆོས་སྡེ་ལས་བྱོན་པ། དྲང་སྲོང་རིག་སྔགས་ལ་བརྟེན་ནས་དམོད་པའི་མཐུ་ནུས་ཟབ་མོ་སྒྲུབ་པའི་སྨིན་བྱེད་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་རྟེན་འབྲེལ་གྱི་རྫས་གྲི་སོགས་མཚོན་ཆའི་རིགས་དང་བཅས་པའི་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་ནས་ཀྱང༔ ཐུགས་རྗེས་ལྷ་ཞལ་བསྟན་པ་དང༔ ཐར་པའི་གནས་ལ་འགོད་དུ་གསོལ༔ ལན་གསུམ། བླ་མས་གནང་བ་སྦྱིན་པ་ནི། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ སྐལ་པ་ལྡན་པ་ཁྱོད་གཞུག་པས༔ བདེ་བ་བླ་ན་མེད་པ་ཐོབ༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཇི་ལྟར་བསྒོ་བའི་དམ་ཚིག་མཐའ་དག་བླངས་ནས་ཚུལ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞུགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དམ་ཚིག་རྡོ་རྗེའི་ཆུ་ཧཱུྃ་ཡིག་ཏུ་གྱུར་པ་མགྲིན་པ་ནས་བརྒྱུད་སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས་ཤིག །དུང་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བ་ཆེན་པོར་ལྟུང༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཐ་ཚིག་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད། བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་དམིགས་པ་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །མ་དག་པའི་སྣང་བ་ཐམས་ཅད་སྦྱངས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱ་གྲམ་དང་ཉི་ཟླའི་གདན་ལ་ཧཱུྃ་ལས་ཁྱེད་རང་དྲང་སྲོང་དྲི་མེད་སྔོ་སྐྱ་སྐེམ་ཞིང་རིད་ལ་གཟི་བརྗིད་འབར་བ། དབུ་སྐྲ་སྤྱི་བོར་བཅིང་ཞིང་སྨར་སྨིན་ཨག་ཚོམ་གྱིས་བརྒྱན་པ། རས་དཀར་གྱི་ན་བཟའ་ཅན་བགྲང་ཕྲེང་དང་སྤྱི་བླུགས་བསྣམས་ཤིང་ཞབས་ཙོག་པུའི་སྟབས་ཀྱིས་བཞུགས་པའི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་ཏྲཾ་དུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ནགས་ཚལ་དྲྭ་བ་ཅན་གྱི་རིའི་ཕུག་ནས་ལྷའི་དྲང་སྲོང་དྲི་མེད་འོད་ཟེར་འཁོར་དྲང་སྲོང་འབུམ་ཕྲག་དུ་མའི་ཚོགས་ཀྱིས་བསྐོར་བ། སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད་བྱས་ལ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། ཨོཾ་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧེ་ཧེ་དྲུང་དྲུང་ཛཿཛཿབྷྱོ་བྷྱོ་ཟློག་ཟློག །ཅེས་དང་ཏྲཾ་དུ་ཉེར་གཅིག་བརྗོད། དེ་ལྟར་ཐིམ་པའི་རྐྱེན་གྱིས་ཁྱེད་རང་སྐད་ཅིག་གིས་ཞེ་སྡང་རྡོ་རྗེའི་སྐུར་གྱུར་པ་ནི། སྐུ་མདོག་སྔོ་ནག་ཤིན་ཏུ་ཁྲོས་ཤིང་བརྗིད་པའི་སྐུ་ཅན། རྩ་བའི་ཕྱག་གཉིས་གནམ་ལྕགས་ཀྱི་ཐལ་མོ་རྡེབ་ཅིང་འོག་མ་གཉིས་རལ་གྲི་དང་ཐོ་བ་ཕྱར་བ། རྒྱན་མེད་གཅེར་བུ་ཞབས་རོལ་སྟབས་པད་ཉི་དང་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་རྣམ་པ་རབ་ཏུ་གསལ་བ་དང་། ང་རྒྱལ་བརྟན་པོར་སྒོམས་ལ་ཞི་ཁྲོའི་རྩ་སྔགས་དང་ཆེ་བ་བསྐྱེད་པའི་རྗེས་ཟློས་མཛོད་ཅིག་བྱས་ལ་དེ་རྣམས་ལས་བྱང་ལྟར་བརྗོད་དུ་གཞུག །དེ་ནས་དབང་དངོས་གཞི་རྣམས་རིམ་པར་བསྐུར་བའི་ཐོག་མར་སྐུ་བུམ་པའི་དབང་ལ་འདུན་པ་འདི་ལྟར་མཛོད། བུམ་པ་གཞལ་ཡས་ཁང་གི་ནང་དུ་དྲང་སྲོང་དྲི་མེད་དངོས་སུ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཀྱི་དྲི་མ་སྦྱངས། འཆི་མེད་རིག་འཛིན་ཆེན་པོ་དང་དབྱེར་མེད་འཇའ་ལུས་རྡོ་རྗེའི་སྐུར་གྱུར་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ དྲང་སྲོང་ཆེན་པོ་དྲི་མེད་ཀྱི༔ བྱིན་རླབས་ཡེ་ཤེས་ཆུ་ཡི་དབང༔ སྐལ་ལྡན་སློབ་མར་བསྐུར་བ་ཡིས༔ སྐུ་ཡི་དབང་མཆོག་རྫོགས་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་རིག་སྔགས་ཀྱི་དབང་བསྐུར་བ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པའི་མགྲིན་པ་ནས་ཏྲཾ་དུའི་སྔགས་ཀྱི་ཕྲེང་བ་འཕྲོས། མགྲིན་པར་ཞུགས་པས་ངག་གི་དྲི་མ་སྦྱངས། དྲང་སྲོང་ཆེན་པོའི་གསུང་དང་དབྱེར་མེད་པ་བདེན་ཚིག་རིག་སྔགས་ཀྱི་ནུས་པ་གྲུབ་པར་མོས་ཤིག །ཞི་བའི་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ བདེན་ཚིག་གྲུབ་པའི་དྲང་སྲོང་གི༔ རིག་པ་ཏྲཾ་དུའི་སྔགས་རྒོད་ཀྱི༔ དབང་མཆོག་ངག་ལ་བསྐུར་བ་ཡིས༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཐུགས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པའི་ཐུགས་ཀ་ནས་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་འཕྲོས། སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་སྦྱངས། དོན་དམ་འཁོར་འདས་དབྱེར་མེད་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ དོན་དམ་ཡེ་ཤེས་ཐུགས་ཆུད་ནས༔ འཁོར་འདས་ཀུན་ལ་ཁྱབ་པ་དང༔ གཞོམ་མེད་རྡོ་རྗེ་རིག་པའི་རྩལ༔ སྡེ་བརྒྱད་ཟིལ་གནོན་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་རྡོ་རྗེའི་གུར་ཁང་གི་ནང་དུ་གཏོར་མ་དྲང་སྲོང་ཞི་ཁྲོའི་སྐུར་གསལ་བ་ལ་མོས་གུས་བྱས་པས་བྱིན་རླབས་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་ལ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་དྲི་མ་སྦྱངས། དྲང་སྲོང་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་པའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །གཏོར་མ་གནས་གསུམ་བཞག་ལ། ཧཱུྃ༔ དང་པོ་མཆོད་པ་དྲང་སྲོང་གཏོར་མས་མཆོད༔ ད་ནི་སྣོད་བཅུད་ལྷ་དང་སྲུང་བའི་མཁར༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་བསམ་མི་ཁྱབ༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ དྲང་སྲོང་ཆེན་པོས་བྱིན་གྱིས་བརླབ་པ་དང༔ སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛད་དུ་གསོལ༔ སྔགས་མཐར། ཀཱ་ཝཱ་ཙི་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཕྱག་མཚན་དང་དམོད་སྔགས་ཀྱི་དབང་བསྐུར་བ་ནི། ཁྱེད་རང་ཁྲོ་རྒྱལ་ལོཀྟྲི་པཱ་ལ་དངོས་སུ་གསལ་བའི་ཕྱག་གཡས་སུ་རལ་གྲི་འབར་བ་དང་གཡོན་དུ་གནམ་ལྕགས་ཀྱི་ཐོ་ཆེན་གཏད་ཅིང་དྲག་པོའི་དམོད་སྔགས་ཀྱིས་མངའ་གསོལ་བས། དམོད་པའི་མཐུ་ནུས་ཀྱིས་ཁམས་གསུམ་སྡེ་བརྒྱད་ཐལ་བར་བརླག་པའི་ནུས་མཐུ་ཡོངས་རྫོགས་ཐོབ་པར་མོས་ཤིག །ཕྱག་མཚན་གཉིས་དང་དྲག་པོའི་སྔགས་བྱང་གཏད་ལ། ཧཱུྃ༔ རལ་གྲི་ཐོ་བས་དགྲ་བགེགས་མ་ལུས་འཇོམས༔ དམོད་པའི་སྔགས་རྒོད་བྱད་མ་ཐལ་བར་བརླག༔ དྲང་སྲོང་ཆེན་པོའི་མཐུ་ནུས་ཡོངས་རྫོགས་ནས༔ དམོད་པའི་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོད། སྒྲུབ་ཐབས་ལྟར་དམིགས་པ་དང་བཅས་དམོད་པ་དང་ཐལ་རྡེབ་བྱར་གཞུག །དེས་དྲང་སྲོང་ལོཀྟྲི་ཞི་དྲག་གི་དབང་དང་རྗེས་གནང་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱ། གཏོར་མ་ཁ་གསོས་ལ། སླར་ཡང་གཏོར་འབུལ་དང་། མཆོད་བསྟོད་ནོངས་བཤགས། བསྡུ་ལྡང་དགེ་བསྔོ། ཤིས་བརྗོད་ཀྱི་བར་སྒྲུབ་ཐབས་ལྟར་བྱས་པས་གྲུབ་བོ། །དྲག་སྔགས་འབུམ་གྱི་མཐར་ཐུག་འདི། །བསྟན་འཛིན་སྐྱེས་བུས་བདེ་བླག་འགྲུབ། །ནག་ཕྱོགས་ཚ་ངར་འཇོམས་པ་དང་། །དཀར་ཕྱོགས་དབུ་འཕང་དགུང་སྙེགས་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡི་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྐོང་བ་དང་། ཟབ་ཆོས་ཁྱད་པར་དུ་འཕགས་པ་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། གཏེར་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བར་ཤྲཱི་དེ་བཱི་ཀོ་ཊིའི་ཡང་སྙིང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

དམ་ཅན་སྡེ་བདུན་གྱི་སྐོང་གསོལ་རིན་ཆེན་ཕྲེང་བ་ (Volume 41, Text 22)

༁ྃ༔ དམ་ཅན་སྡེ་བདུན་གྱི་སྐོང་གསོལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། རཏྣ་གླིང་པའི་ལུགས་ཤིན་ཏུ་ཟབ་པའོ། ། ཨོཾ་སྭསྟི། དངོས་གྲུབ་ཀུན་འབྱུང་འདོད་དགུ་རིན་ཆེན་གཏེར། །རྟག་ཏུ་སྐྱོང་མཛད་ཕྲིན་ལས་བར་ཆད་སེལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས། །མཆོད་འོས་རྣམས་ལ་གུས་པར་རབ་བཏུད་ནས། །དམ་ཅན་ཕོ་མོ་མཆོད་ཅིང་སྐོང་བའི་ཚུལ། །དེ་ཡི་ལས་བྱང་ལག་ལེན་རིམ་པ་ཉིད། །རང་གཞན་ཀུན་ལ་ཕན་ཕྱིར་གཏེར་སྟོན་གྱིས། །ལེགས་པར་ཆོ་གའི་རིམ་པ་འདི་ཉིད་བཀོད། །གནས་གཙང་སྟེགས་བུ་ག་དར་ལེགས་བྱས་ཏེ། །གཙང་ཕྱེ་མ་ཉམས་པ་ལ་རིན་ཆེན་བདར་བྱས་ལ། །མགོན་པོ་མ་ནིང་བཤོས་བུ་ཟུར་གསུམ་ཁྲུ་གང་ལ། །དཔལ་གཏོར་བརྒྱད་གསུམ་གང་རུང་ཀྱུ་གུ་དགུ་ཡིས་བསྐོར། །སྔགས་སྲུང་ལ་ནི་དཔལ་བཤོས་སྙིང་གིས་མཚན། །ལྷ་མོ་ལ་ནི་དཔལ་བཤོས་ལིངྒས་མཚན། །སྲོག་སྒྲུབ་ལ་ནི་དཔལ་གཏོར་ཀྱུ་གུ་བདུན་གྱིས་བསྐོར། །གཟའ་ཡི་བཤོས་བུ་མཐེབ་ཀྱུ་དགུ་ཡིས་བསྐོར། །གནོད་སྦྱིན་ལ་ནི་བཤོས་བུ་ཏེལ་པས་མཚན། །དམ་ཅན་བཤོས་བུ་མཁར་ཐབས་ར་ཡིས་མཚན། །སྡེ་དཔོན་བརྟན་མ་དགེ་བསྙེན་གཞི་བདག་ལ། །ཟླུམ་གཏོར་ལ་སོགས་གང་ཡང་རུང་བ་བཤམ། །སྨན་གཏོར་རཀྟ་ཞུན་ཆེན་གསུར་དུད་དང་། །རྐང་གླིང་ཐོད་རྔ་རྔ་ཆེན་དུང་དང་ནི། །ཕྱར་དར་གཡབ་དར་སྤྱན་གཟིགས་དཀོར་ཆ་བསགས། །མཆོད་གཡོག་པས་ནི་སྨན་ཕུད་རཀྟ་སྦྲེང་། །རལ་ནག་ཐོད་བཅིངས་གོས་ནག་གོན་ནས་ནི། །དར་ནག་གཡབ་ཅིང་རོལ་མོའི་བྱིན་ཡང་དབབ། །དང་པོ་སྙན་གསན་དབབ་པ་འདི་སྐད་དོ། །ཀྱེ༔ དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས༔ སྲུང་མ་དམ་ལ་མི་དགོངས་ཅི་ལ་དགོངས༔ སྐྱེ་འགྲོ་གླིང་བཞིར་མི་གནས་ཅི་ལ་གནས༔ སྲིད་པ་རླུང་གིས་མི་འདེགས་ཅི་ཡིས་འདེགས༔ རྒྱ་མཚོའི་ཆུ་ལ་མི་འཐུང་ཅི་ལ་འཐུང༔ རྒྱལ་བའི་བཀའ་ལ་མི་ཉན་ཅི་ལ་ཉན༔ བདེན་པའི་ཚིག་ལ་མི་གསན་ཅི་ལ་གསན༔ མཆོད་པའི་རྫས་ལ་མི་དགྱེས་ཅི་ལ་དགྱེས༔ དམ་ཅན་ཕོ་མོ་མཆོད་ཅིང་སྐོང་བའི་རྫས༔ རྟ་ནག་བྱ་ནག་ཁྱི་ནག་གཡག་ནག་ལུག༔ སྨན་གཏོར་རཀྟ་འདོད་ཡོན་རྒྱ་མཚོའི་ཚོགས༔ མཐུན་པའི་དམ་རྫས་རྒྱས་པར་བཤམས་ནས་ཀྱང༔ ད་ལྟ་མཐིང་ནག་འབར་བས་གཡབ་འདོར་ན༔ མ་གདུང་བུ་ལ་བརྩེ་བའི་ཚུལ་བཞིན་དུ༔ ལྷ་སྲིན་དམག་ཚོགས་མང་པོའི་ཁྲོམ་དང་བཅས༔ དམ་ཅན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཞེས་གཡབ་དར་ཐོགས་ཤིང་སྐབས་སུ་རོལ་མོའི་བྱིན་དབབ་བོ། །དེ་ནས་དུར་ཁྲོད་གཞལ་ཡས་ཆེན་པོ་བསྐྱེད། །བམ་དང་རྟ་རོ་ཞིང་ལྤགས་ཉི་ཟླའི་སྟེང་། །གཙོ་དང་འཁོར་ལ་མཐུན་པའི་གདན་བསྐྱེད་དེ། །དབུས་སུ་དཔལ་མགོན་མ་ནིང་ནག་པོ་ལ། །གཡས་སུ་སྔགས་སྲུང་གཡོན་དུ་དཔལ་འབར་མ། །ཤར་དུ་སྲོག་སྒྲུབ་ལྷོ་རུ་གཟའ་བདུད་དང་། །ནུབ་ཏུ་རྡོར་ལེགས་བྱང་དུ་གནོད་སྦྱིན་ཏེ། །སྡེ་དཔོན་བརྟན་མ་དགེ་བསྙེན་གཞི་བདག་སོགས། །གཙོ་དང་འཁོར་གཡོག་ལྷ་མིའི་ཁྲོམ་ལྟར་བསྐྱེད། །རང་ཉིད་ལྷ་ཡི་ང་རྒྱལ་བརྟན་པོས་ནི། །ཐུགས་སྲོག་ཧཱུྃ་ལས་དམ་ཚིག་ལྷ་རྣམས་ཀྱི། །ལྕགས་ཀྱུའི་ཚུལ་གྱི་འོད་ཟེར་དཔག་མེད་འཕྲོས། །རང་བཞིན་གནས་ནས་སྤྱན་འདྲེན་རོལ་མོ་བསྒྲག །ཧཱུྃ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང༔ ཁྱེད་རྣམས་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དེ༔ ད་ལྟར་སྔགས་འཆང་རྗེས་སུ་བསྐུལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ བསྒྲུབ་ཕྱིར་བསྐུལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་མཐུ་བོ་ཆེ༔ འོག་མིན་གནས་མཆོག་དམ་པ་དང༔ གསང་ཆེན་ལྷུན་གྲུབ་གཞལ་ཡས་ཁང༔ དུར་ཁྲོད་ཐོད་མཁར་བརྩེགས་པ་ཡི༔ བསྐལ་པའི་མེ་རླུང་འཚུབས་དཀྱིལ་ནས༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ གཏེར་བདག་ཆེན་པོ་གཤེགས་སུ་གསོལ༔ མ་ནིང་ནག་པོ་གཤེགས་སུ་གསོལ༔ བདུད་རྒྱལ་ཐོད་ཕྲེང་གཤེགས་སུ་གསོལ༔ གནམ་ལྕགས་སྤུ་གྲི་གཤེགས་སུ་གསོལ༔ ཚོགས་བདག་ཆེན་པོ་གཤེགས༴ སྲོག་སྒྲུབ་ནག་མོ་གཤེགས༴ ཡང་འཁོར་སྡེ་བརྒྱད་གཤེགས༴ ལྷ་བརྒྱད་གཤིན་རྗེ་གནོད་སྦྱིན་དང༔ ཀླུ་བརྒྱད་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང༔ རང་བཞིན་དབྱིངས་ཀྱི་གཞལ་ཡས་ནས༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྒེག་མོ་རལ་གཅིག་མཐུ་མོ་ཆེ༔ ཁྲོས་པའི་རྒྱལ་མོ་གཤེགས་སུ་གསོལ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ ཡུམ་མཆོག་ཨེ་ཀ་ཙཱ་ཏི་མ༔ ཡེ་ཤེས་མ་མོ་ལྔ་དང་བཅས༔ དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ ཉི་མ་བྱང་ཤར་མཚམས་དཀྱིལ་ནས༔ གཡུ་མཚོ་མེར་མེར་མཐིང་གི་གུར༔ བམ་རིལ་ཐོད་མཁར་གཞལ་ཡས་ནས༔ ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ ལྕམ་གཅིག་ལྷ་མོ་གཤེགས་སུ་གསོལ༔ འཇིག་རྟེན་ཁམས་ཀྱི་དབང་ཕྱུག་མ༔ ནད་རིམས་ལ་སོགས་དལ་བདག་མོ༔ མ་མོ་བྱེ་བའི་ཚོགས་དང་བཅས༔ དཔལ་འབར་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་གདན་གྱི་བྱང་ཤར་མཚམས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་གནས༔ རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས༔ སྲོག་སྒྲུབ་ནག་མོ་གཤེགས་སུ་གསོལ༔ ཤན་པ་མི་བསྲུན་ནམ་མཁའི་མདོག༔ སྲོག་གཅོད་ཤན་པ་སྡེ་བཞིས་བསྐོར༔ ངན་སྔགས་དུག་གི་མདའ་ལྟར་འཕེན༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ ལྷ་སྲིན་འཁྲུགས་པའི་གཞལ་ཡས་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ སྡེ་བརྒྱད་ཀུན་གྱི་གཙོ་བོ་སྟེ༔ དྲང་སྲོང་ཆེན་པོ་གཤེགས་སུ་གསོལ༔ གདོང་མོ་མཆེད་བཞི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས༔ ནམ་མཁའི་ཁམས་ལས་སྐུ་སྐྱོད་ལ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག་སྤྱན་འདྲེན་ནོ༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་འཁོར་དང་བཅས༔ དམར་པོ་མི་ཟན་དགྲ་བོའི་གཤེད༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ འཛམ་གླིང་ཉི་མ་ནུབ་ཕྱོགས་ནས༔ ཕོ་བྲང་རྟག་ཆགས་རྟེན་མཁར་ནས༔ འཛམ་བུ་གླིང་གི་སྐྱེས་གཅིག་པོ༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ དགེ་བསྙེན་ཆེན་པོ་མཐུ་རྩལ་ཅན༔ འཛིན་གིང་བརྟན་མའི་ཚོགས་དང་བཅས༔ བཙན་རྒོད་དྲག་པོ་སྟོང་གིས་བསྐོར༔ དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ གཞན་ཡང་འཛམ་གླིང་བོད་ཁམས་ནས༔ སློབ་དཔོན་པདྨའི་དགེ་བསྙེན་ཚོགས༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ སྔགས་བདག་སྡེ་དཔོན་སུམ་ཅུ་དང༔ བརྟན་མ་བཅུ་གཉིས་དཔོན་དང་གཡོག༔ དགེ་བསྙེན་ཉེར་གཅིག་གནས་སྲུང་དང༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་རྣམས༔ ཐམས་ཅད་མ་ལུས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་འདྲེན་ནོ། །བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་ལ༔ གཏེར་བདག་ཆེན་པོ་མ་ནིང་གཙོ་དང་འཁོར༔ དཔལ་ལྡན་གཙོ་མོ་ཨེ་ཀ་ཙཱ་ཏི་མ༔ ཡུམ་མཆོག་དཔལ་འབར་ཤན་པ་སྲོག་སྒྲུབ་དང༔ གཟའ་བདུད་ཆེན་པོ་གནོད་སྦྱིན་དམར་ནག་དང༔ དགེ་བསྙེན་རྡོར་ལེགས་དྲེགས་པ་ཕོ་མོའི་ཚོགས༔ གསང་ཆེན་དོན་གྱི་གནས་མཆོག་དམ་པ་འདིར༔ གཙོ་འཁོར་དཔག་མེད་འཇིགས་པའི་གད་རྒྱངས་སྒྲོག༔ བསྐལ་པ་ཞིང་གི་རྡུལ་སྙེད་བཅས་པ་རྣམས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ ཡེ་ཤེས་དང་ནི་ལས་ལས་གྲུབ་པ་ཡི༔ དམ་ཅན་རྒྱ་མཚོ་བཀའ་ཡི་སྲུང་མ་རྣམས༔ སྤྲུལ་འཁོར་ཕོ་ཉ་ཡང་སྤྲུལ་གཡོག་དང་བཅས༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་སྒྲ༔ སྨན་གཏོར་རཀྟ་གསང་བའི་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉན་པོ་བསྐང་བའི་ཕྱིར༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ བཤགས་པ་བྱ་བ་ནི། ཨོཾ༔ ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་འཕྲུལ་ཅན༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ༔ བདག་ནི་གསང་སྔགས་རྣལ་འབྱོར་སྒྲུབ་པ་པོ༔ གསང་སྔགས་རྡོ་རྗེ་ཐེག་པའི་དམ་བླངས་ནས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་རྣམས༔ ཚུལ་བཞིན་བསྒྲུབ་པར་ཁས་བླངས་དམ་བཅས་པས༔ མ་རིག་དབང་གིས་དེ་ལྟར་རྔོ་མ་ཐོགས༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་དམ་ཅན་སྒོས་སུ་བསྐང་བ་དང་། སྤྱིར་མཆོད་པ་གཉིས་ལས། དང་པོ་སྒོས་སུ་བསྐང་བ་ནི། ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ བཤོས་ནག་འབར་བ་ཁྲག་གིས་བྱུག༔ ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས༔ གཡག་ལུག་ནག་པོ་ཁྱི་ཡིས་མཚན༔ དགྲ་བོའི་ཤ་རུས་ཐོད་ཚལ་སྤུངས༔ རཀྟ་ཁྲག་གི་ཞམ་ཆུ་འབབ༔ དམ་རྫས་གཏོར་ཆེན་འབར་བ་འདིས༔ དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང༔ གཞན་ཡང་ཐུགས་དམ་བསྐང་བ་ནི༔ བདུད་རྩི་སྨན་གཏོར་རཀྟ་དང༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང༔ ཆིབས་རྟ་འགེལ་གཡག་རྟེན་ལུག་དང༔ བེང་དང་རུ་མཚོན་གསང་བའི་རྫས༔ མཐུན་རྫས་དུ་མས་ཐུགས་དམ་བསྐང༔ མ་ནིང་ནག་པོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ལ༔ མཐུན་པའི་རྫས་ཀྱིས་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་དང༔ བདུད་རྩི་སྨན་གྱི་མཆོད་པ་དང༔ རཀྟ་དམར་གྱི་ཨརྒྷཾ་དང༔ ཞུན་ཆེན་མར་མེ་གསུར་དུད་དང༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ཡིས༔ སྨུག་ནག་འཁོར་བཅས་ཐུགས་དམ་བསྐང༔ ཧཱུྃ༔ ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་གཏོར་རཀྟ་དང༔ ཁྱད་པར་མཐུན་པ་ནལ་བུའི་རྫས༔ མཐིང་གི་གུར་དང་རཀྟའི་མཚོ༔ མི་རྟའི་ཤ་ཁྲག་དྲོན་མོ་ཡིས༔ ཡུམ་མཆོག་ལྷ་མོ་འཁོར་དང་བཅས༔ མ་མོ་ཡོངས་ཀྱི་ཐུགས་དམ་བསྐང༔ ཧཱུྃ༔ ཤན་པ་སྲོག་སྒྲུབ་འཁོར་དང་བཅས༔ ཁྱོད་ལ་མཐུན་པའི་དམ་རྫས་ནི༔ དཔལ་གཏོར་ཤ་ཁྲག་དམར་གྱིས་བརྒྱན༔ སྤོས་དང་མེ་ཏོག་མར་མེ་དང༔ དགྲ་བོའི་ཤ་ཁྲག་གློ་སྙིང་ནི༔ ཁྲག་འཛག་དྲོན་མོ་རླངས་པ་འཐུལ༔ ཀླད་ཁྲག་རུས་པར་བཅས་པ་ཡིས༔ སྲོག་སྒྲུབ་འཁོར་བཅས་ཐུགས་དམ་བསྐང༔ ཧཱུྃ༔ གཟའ་བདུད་ཆེན་པོ་འཁོར་བཅས་ལ༔ དམར་གཏོར་བཤོས་བུ་དགུས་བསྐོར་དང༔ དགྲ་བོའི་ཤ་ཁྲག་རུས་པ་དང༔ མེ་ཏོག་སྟོང་དང་ཆུ་སྣ་སྟོང༔ སྨན་སྣ་སྟོང་དང་ཤ་སྣ་སྟོང༔ སྙིང་སྣ་སྟོང་དང་ཁྲག་སྣ་སྟོང༔ གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས༔ དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ མཐུན་པའི་དམ་རྫས་བཤོས་བུ་དང༔ ཕྱི་མཆོད་རིན་ཆེན་སྣ་ལྔ་དང༔ ནང་མཆོད་བདུད་རྩི་རྣམ་ལྔས་བསྐང༔ གསང་མཆོད་སྨན་གཏོར་རཀྟ་དང༔ ཤ་ཁྲག་འདོད་ཡོན་རྣམ་ལྔ་དང༔ སིལ་སྙན་གླུ་གར་རོལ་མོ་དང༔ སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ མཁར་ཐབས་བཤོས་བུ་ར་ཡིས་མཚན༔ ཤ་ཁྲག་དམར་གཏོར་རཀྟ་དང༔ མཱཾ་ས་ར་ཡི་གསུར་དུད་དང༔ སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང༔ མཛེས་པའི་སྒྲ་དབྱངས་རོལ་མོའི་སྒྲ༔ མཐུན་རྫས་དུ་མས་ཐུགས་དམ་བསྐང༔ ཧཱུྃ༔ གཞན་ཡང་དམ་ཅན་རྒྱ་མཚོའི་ཚོགས༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ གཏེར་སྲུང་བརྟན་མ་བཅུ་གཉིས་དང༔ དགེ་བསྙེན་ཉེར་གཅིག་གཞི་བདག་དང༔ སློབ་དཔོན་པདྨའི་བཀའ་ཉན་ཚོགས༔ ཆོས་སྐྱོང་དམ་ཅན་ཐམས་ཅད་ལ༔ སྤོས་དང་མར་མེས་ཐུགས་དམ་བསྐང༔ སྨན་གཏོར་རཀྟས་ཐུགས་དམ་བསྐང༔ དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི༔ མཐུན་རྫས་དུ་མས་ཐུགས་དམ་བསྐང༔ བསྐངས་ནས་འཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་དམ་ཅན་སྤྱིའི་བསྐང་བ་ནི། ཀྱཻ༔ དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགས༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ མེ་དབལ་ནག་པོ་དགོངས་སུ་གསོལ༔ དཔལ་ལྡན་སྔགས་སྲུང་དགོངས༴ ཡུམ་མཆོག་ལྷ་མོ་དགོངས༴ ཤན་པ་སྲོག་སྒྲུབ་དགོངས༴ གཟའ་བདུད་ཆེན་པོ་དགོངས༴ གནོད་སྦྱིན་དམར་ནག་དགོངས༴ རྡོ་རྗེ་ལེགས་པ་དགོངས༴ སྔགས་བདག་སྡེ་དཔོན་ལ་སོགས་པ༔ དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཀྱཻ༔ དོ་ནུབ་དཔལ་གྱི་དམ་ཞིག་བསྲེ༔ དོ་ནུབ་སྔ་མའི་གཏང་རག་གཏོང༔ དོ་ནུབ་ཕྱི་མའི་ཞུ་དོན་འབུལ༔ དོ་ནུབ་ལས་ཀྱི་གཉེར་ཅིག་བསྐོས༔ དོ་ནུབ་ཉམས་ཆག་ཞིག་རལ་གསོ༔ དོ་ནུབ་ཐུགས་དམ་གཉན་པོ་བསྐང༔ དོ་ནུབ་མཉེས་པའི་ཟས་ཤིག་འདྲེན༔ ཟས་ཀྱི་ངོ་ཞིག་ཁྱོད་ཀྱིས་མཛོད༔ ཆད་པའི་གཞུང་ནི་བདག་གིས་བསྲུང༔ བཅོལ་བའི་འཕྲིན་ལས་ཁྱོད་ཀྱིས་མཛོད༔ གཉིས་ཀ་ལས་ཀྱི་གཉེར་ལེན་འཚལ༔ སྲུང་མ་དམ་ཅན་ཁྱེད་རྣམས་ཀྱིས༔ རྒྱང་ངེ་གཡེལ་ལེ་མ་མཛད་པར༔ བརྩེ་གདུང་གདུང་སེམས་ཅི་ཆེར་མཛོད༔ ལྟོས་སོ་གཉེར་རོ་ཐུགས་དམ་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ འཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཧཱུྃ༔ ཡང་ཅིག་དཔལ་གྱི་ཐུགས་དམ་བསྐང༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ དྲེགས་པ་ཕོ་མོའི་ཐུགས་དམ་བསྐང༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང༔ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ཕྱར་དར་ནག་པོས་ཐུགས་དམ་བསྐང༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ ཉི་ཟླ་པདྨས་ཐུགས་དམ་བསྐང༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་ཆེན་གཏོར་མས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཤ་སྣ་སྙིང་སྣས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ རྐང་གླིང་ཐོད་རྔས་ཐུགས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་ཁྲག་སྣས་ཐུགས༴ བགོ་བའི་དམ་རྫས་ཡིན་པའི་ཕྱིར༔ ཞིང་ཆེན་གཡང་གཞིས་ཐུགས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར༔ ཐོད་ཕྲེང་མི་མགོས་ཐུགས༴ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ ཐུན་དང་ཟོར་གྱིས་ཐུགས༴ ཁྱད་པར་དམ་རྫས་ཡིན་པའི་ཕྱིར༔ གྲི་རྒོད་སྙིང་གིས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར༔ བདུད་རྩི་སྨན་གྱིས་ཐུགས༴ ཤངས་ཀྱི་མཆོད་པ་ཡིན་པའི་ཕྱིར༔ གསུར་ཆེན་དུད་པས་ཐུགས༴ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱིས་ཐུགས༴ རྣལ་འབྱོར་རྗེས་སུ་སྐྱོང་བའི་ཕྱིར༔ འདོད་ཡོན་རྣམ་ལྔས་ཐུགས༴ དུག་ལྔ་གནས་སུ་གཞོམ་པའི་ཕྱིར༔ སུ་རཱ་ཆང་གིས་ཐུགས༴ སྤྱན་གྱི་མཆོད་པ་ཡིན་པའི་ཕྱིར༔ སྤྱན་གཟིགས་དཀོར་ཆས་ཐུགས༴ སྙན་གྱི་དབང་པོ་ཚིམ་པའི་ཕྱིར༔ རོལ་མོ་སྒྲ་ཡིས་ཐུགས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟེན་གཏོར་ཆེན་པོས་ཐུགས༴ རྒྱུན་དུ་འཕྲིན་ལས་བཅོལ་བའི་ཕྱིར༔ རྒྱུན་གཏོར་ནར་མས་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐང༔ དེ་ནས་བསྟོད་པས་མངའ་གསོལ་བ་ནི། མགོན་པོ་ལ་བསྟོད་པ་ནི། ཧཱུྃ༔ དཔལ་ཆེན་ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་ལས་སྤྲུལ༔ བཅོལ་བའི་ལས་བྱེད་དཔལ་མགོན་མ་ནིང་སྐུ༔ དར་ནག་བེར་གསོལ་རུ་མཚོན་སྙིང་ཞགས་བསྣམས༔ གཏེར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྙིང་སྦྲུལ་ཐོད་ཕྲེང་འབར་བའི་རྒྱན་གྱིས་བཀླུབས༔ ཙནྡན་བེང་བཙུགས་སྲིད་པའི་ལྷ་དམག་ཟློག༔ ཡང་འཁོར་སྡེ་བརྒྱད་འཁོར་གྱི་དམག་ཚོགས་བཅས༔ བསྟན་པ་སྲུང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད༔ དེ་ནས་ཨེ་ཀ་ཙཱ་ཏིའི་བསྟོད་པ་ནི། ཧཱུྃ༔ དཔལ་ལྡན་གཙོ་མོ་ཨེ་ཀཱ་ཙཱ་ཏི་མ༔ བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོག༔ ཡེ་ཤེས་ལས་ཀྱི་གཙོ་མོ་ཁྱེད་ལ་བསྟོད༔ སྨུག་ནག་ཁྲོས་མ་ཞལ་གཅིག་ཕྱག་གཉིས་མ༔ རལ་པ་གཅིག་འཕྱངས་མིག་གཅིག་སྟོང་ཁམས་གཟིགས༔ ཚེམས་གཅིག་ནུ་གཅིག་ཞིང་དབྱུག་སྙིང་ཞགས་བསྣམས༔ སྔགས་ཀྱི་བདག་མོ་ཁྱེད་ལ་ཕྱག་འཚལ་བསྟོད༔ དེ་ནས་དཔལ་འབར་མ་ལ་བསྟོད་པ་ནི༔ ཧཱུྃ༔ མགོན་པོའི་ལྕམ་གཅིག་ལྷ་མོ་དཔལ་འབར་མ༔ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ༔ རྣལ་འབྱོར་དབང་ཕྱུག་མ་ལ་ཕྱག་འཚལ་བསྟོད༔ ཕྱག་ན་རལ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ བྱང་ཤར་མཚམས་ཀྱི་དཔལ་ལྡན་རེ་མ་ཏི༔ སྤྲུལ་པ་སྣ་ཚོགས་རྫུ་འཕྲུལ་ཅིར་ཡང་སྟོན༔ མ་གཅིག་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ སྲོག་སྒྲུབ་བསྟོད་པ་ནི། ཧཱུྃ༔ ཤན་པ་ནག་མོ་གཅེར་བུ་མི་ལྤགས་གསོལ༔ ཕྱག་ན་རལ་གྲི་སྙིང་དང་ནད་རྐྱལ་ཐོགས༔ སྲོག་གཅོད་སྡེ་བཞི་ལས་ཀྱི་མ་མོས་བསྐོར༔ ནམ་གྲུ་ནག་མོ་འཇིགས་པའི་ཚོགས་ལ་བསྟོད༔ དཔལ་གྱི་འཁོར་ཚོགས་མ་མོ་དབང་ཕྱུག་མ༔ སྐུ་མདོག་ཕྱག་མཚན་ཅིར་ཡང་སྟོན་ཅིང་སྤྲུལ༔ མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ གཟའི་བསྟོད་པ་ནི། ཧཱུྃ༔ དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར༔ ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས༔ བསྐལ་པའི་མེ་འབར་ཁྱེད་ལ་ཕྱག་འཚལ་བསྟོད༔ དཔའ་བོ་ཁྱོད་ཀྱི་སྲིང་མོ་གདོང་མོ་བཞི༔ གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ ཁྱི་དང་ཅེ་སྤྱང་བདུད་བྱ་ལ་སོགས་པ༔ ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་དམར་ནག་གི་བསྟོད་པ་ནི། ཧཱུྃ༔ གནོད་སྦྱིན་དྲག་པོ་ཤན་པ་དམར་ནག་ནི༔ ཆིབས་སུ་ཟངས་ཀྱི་ཁྱུང་དམར་འཇིགས་ལ་འཆིབ༔ ཕྱག་བཞི་འབར་བའི་རལ་གྲི་གྲི་གུག་དང༔ སྙིང་དང་ཞགས་པ་བནྡྷ་ཐོད་ཕྲེང་བསྣམས༔ དམར་ནག་ཁྲག་གི་རལ་པ་རབ་ཏུ་གཟེངས༔ ཞིང་གི་སྟོད་གཡོགས་སྟག་པགས་ཤམ་ཐབས་གསོལ༔ ཞལ་གདངས་མཆེ་གཙིགས་དྲག་པོའི་ཧ་ཧ་སྒྲོག༔ འཇིགས་བྱེད་དམར་པོ་མི་ཟན་ཁྱེད་ལ་བསྟོད༔ དམ་ཅན་བསྟོད་པ་ནི། ཧཱུྃ༔ དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ ལྷ་མིའི་འཇིག་རྟེན་ཁམས་ན་དབང་ཕྱུག་བཙན༔ དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས༔ དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སེང་གེ་དང་ནི་ར་སྐྱེས་འཆིབ་ནས་སུ༔ དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད༔ བཙན་དང་བརྟན་མ་དགེ་བསྙེན་བསམ་མི་ཁྱབ༔ མཐུ་སྟོབས་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད༔ བཀའ་སྲུང་སྤྱིའི་བསྟོད་པ་ནི། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་འཇིག་རྟེན་སྐྱོང༔ སྡེ་དཔོན་བརྟན་མ་དགེ་བསྙེན་དང༔ གཏེར་སྲུང་དམ་ཅན་རྫུ་འཕྲུལ་ཅན༔ ཡུལ་ལྷ་གཞི་བདག་སྲུང་མའི་ཚོགས༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཐ་ཚིག་གནད་ནས་བསྐུལ་བ་ནི། ཧཱུྃ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་མ་ཆད་དམ༔ རྗེས་འཇུག་རྣལ་འབྱོར་སྒྲུབ་པ་པོའི༔ བཀའ་བཞིན་བསྒྲུབ་པར་མ་ཆད་དམ༔ དམ་ཚིག་གཉན་ལ་མི་སེམས་མེད༔ བསྐུལ་ནས་མ་གཡེལ་ལས་འདི་མཛོད༔ གྲོགས་ལ་གཞུང་མེད་མི་སྲིད་དོ༔ མཛའ་ལ་གདུང་མེད་མི་སྲིད་དོ༔ ཆོས་སྐྱོང་མཐུ་མེད་མི་སྲིད་དོ༔ རྣལ་འབྱོར་དམ་མེད་མི་སྲིད་དོ༔ ཆད་པའི་གཞུང་ནི་བདག་གིས་བསྲུང༔ སྨྲ་བའི་ཚིག་ནི་ཁྱོད་ཀྱིས་ཉོན༔ ཁྱེད་དང་མཐུན་པའི་དམ་རྫས་ནི༔ རྒྱ་མཚོའི་གཏིང་ནས་ཡོད་ཀྱང་བླང༔ བསྐུལ་བའི་གཉེར་འདི་བདག་ལ་ཡོད༔ བཅོལ་པའི་ལས་འདི་ཁྱེད་ཀྱིས་མཛོད༔ གཉིས་ཀ་ཆད་པའི་གཞུང་བསྲང་འཚལ༔ དེ་ཙམ་གནད་ནས་མ་བསྐུལ་ན༔ མི་ཤེས་སྙམས་ནས་སྙོམ་ལས་བྱེད༔ སྨྲས་སོ་ཆད་དོ་དམ་ཅན་རྣམས༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྔ་དགྲ་བསྡོས་པ་རྡུལ་དུ་རློགས༔ ད་དགྲ་སེམས་པ་རྩད་ནས་ཆོད༔ ཕྱི་དགྲ་སེམས་པ་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པ་དང༔ བླ་མའི་སྐུ་ལ་བསྡོ་བ་དང༔ རྣལ་འབྱོར་བདག་ལ་དགྲ་བྱུང་ན༔ ཕ་ཁུར་འདུག་ཀྱང་སྒྲོལ་ལ་ཤོག༔ བདག་ཀྱང་དམ་ལས་འདའ་རེ་ཀན༔ ཁྱེད་ཀྱང་དམ་ལས་མི་འདའ་བར༔ ལྷ་དང་བླ་མ་དཔང་དུ་བཙུགས༔ བཅོལ་པའི་ལས་འདི་མ་མཛད་ན༔ དང་པོ་ཆད་པའི་མནའ་ཡང་ཟོས༔ གལ་ཏེ་མནའ་དང་དམ་འདས་ན༔ རང་གཤེད་དྲག་པོ་རང་ལ་སྡིགས༔ བཀའ་ཡི་ཆད་པ་གཅོད་པར་མཆིས༔ དེ་བས་དམ་ལས་མ་འདའ་བར༔ རྣལ་འབྱོར་བདག་གི་བཀའ་བཞིན་དུ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ དཔལ་མགོན་མ་ནིང་གཙོ་འཁོར་དང༔ དཔལ་ལྡན་སྔགས་སྲུང་ཡུམ་མཆོག་མ༔ ཤན་པ་སྲོག་སྒྲུབ་འཁོར་དང་བཅས༔ གཟའ་བདུད་གནོད་སྦྱིན་དམར་ནག་དང༔ རྡོ་རྗེ་ལེགས་པ་གཏེར་སྲུང་སོགས༔ དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐངས་ལགས་སོ༔ གཡར་དམ་གཉན་པོ་ཁྱེད་ཀྱིས་སྩོལ༔ གལ་ཏེ་དམ་ཅན་ཁྱེད་རྣམས་ཀྱི༔ ཐུགས་དང་འགལ་བར་གྱུར་པ་སོགས༔ སྐུ་གསུང་ཐུགས་དང་ཡན་ལག་གི༔ དམ་ཚིག་ཉམས་ཆག་བྱུང་བ་དང༔ སྒྲུབ་ལ་བར་ཆད་བྱུང་བ་དང༔ དུས་སུ་མ་བསྐང་འབྱོར་ཚོགས་ཆུང༔ བསྙེན་སྒྲུབ་མ་ཐེམས་རྫས་མ་ཚང༔ ལྟ་བས་མ་ཆུན་ལས་ལ་བསྐུལ༔ སྔགས་དང་ཕྱག་རྒྱ་ནོར་ལ་སོགས༔ ཁྱེད་ཀྱི་ཐུགས་དང་འགལ་བ་རྣམས༔ དོ་ནུབ་བསྐང་ཞིང་བཤགས་པར་བགྱི༔ མཐོལ་བཤགས་དང་དུ་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཁྱེད་ཀྱིས་ཟློག༔ སྲུང་མ་དམ་ཅན་ཁྱེད་རྣམས་དང༔ སྔགས་འཆང་བདག་གི་དམ་ཚིག་ནི༔ སྲོག་ལ་བབས་ཀྱང་མི་འབྲལ་ལོ༔ ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ མཐུ་སྟོབས་རྫུ་འཕྲུལ་ཇི་ལྟ་བར༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ ཚེ་རིང་དཔལ་འབྱོར་ལྡན་པ་དང༔ འཁོར་དང་གདུལ་བྱ་ཕྲིན་ལས་རྒྱས༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ རྒྱལ་བའི་བཀའ་གསང་བླ་མེད་སྙིང་པོ་མཆོག༔ བདེ་ལེགས་ཀུན་འབྱུང་བཀའ་ཡི་སྲུང་མ་རྣམས༔ དགྱེས་བསྐངས་ཕྲིན་ལས་ཀུན་འགྲུབ་བདུད་ལས་རྒྱལ༔ ཟབ་གཏེར་བསྟན་པ་ཡུན་དུ་རྒྱས་པ་དང༔ འདི་ཡིས་དམ་ཅན་ཀུན་ཀྱང་དགྱེས་གྱུར་ཏེ༔ བཀྲ་ཤིས་བདེ་ལེགས་ཡུན་རིང་གནས་པར་ཤོག༔ དམ་ཅན་སྡེ་བདུན་གྱི་སྐོང་གསོལ་རིན་ཆེན་ཕྲེང་བ་ཞེས་བྱ་བ། སྔར་སོ་སོར་སྦྱར་བ་ལ་རྗེས་སུ་འཁྲུགས་པ་བཅོས་ནས་དག་ཐེར་དུ་ལེགས་པར་གཏན་ལ་ཕབ་པའོ། །འདིའི་གཏེར་གྱི་རང་གཞུང་སོ་སོ་ནི་ཅུང་ཟད་སྤྲོས་པ་ཆེ་བས་མི་འགྲུབ་ཅིང་། ཕྱོགས་གཅིག་ཏུ་དྲིལ་བའི་ལས་བྱང་སྐོང་གསོའི་རིམ་པ་ཚང་ཞིང་དྲིལ་བ་འདི་ནི། ཨོ་རྒྱན་པདྨ་སཾ་བྷ་ཝའི་གསུང་འཛིན་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གཏེར་སྟོན་རཏྣ་གླིང་པས། བདེ་ཆེན་གཡུ་མཚོའི་འགྲམ་ཆོས་འབྱུང་གི་དབེན་གནས་སུ་ལོ་རབ་བྱི་བའི་ལོ་ཟླ་བ་གསུམ་པའི་ཉ་ལ་ཡི་གེར་བཀོད་པའོ། །དེ་ཡིས་དམ་ཅན་ཚོགས་རྣམས་དགྱེས་པ་དང་། །བརྒྱུད་འཛིན་བུ་བཞིན་རྟག་ཏུ་ལེགས་སྐྱོང་ཞིང་། །སངས་རྒྱས་བསྟན་པ་ཡུན་རིང་སྲུང་བར་ཤོག །འདིའི་ཞལ་ཤེས་ལ། བླ་མ་ཡི་དམ་མཁའ་འགྲོའི་གཏོར་ཚོགས་གཞུང་བཞིན་བཤམ། ཕྲིན་ལས་གཞུང་ཚོགས་ཡན་ཆད་བསྲང་། སྐབས་འདིར་ཚོགས་བསང་སྦྱང་སྤེལ། བྱིན་གྱིས་བརླབས་ལ། སྐོང་གསོལ་བྱའོ། །གཏོར་མ་ལག་ལེན་ལ་སོགས་ཞིབ་ཏུ་བླ་མའི་ཞལ་ལས་ཤེས་སོ། །སྐོང་བའི་ཚད་ནི། རབ་ཆུ་བོའི་རྒྱུན་ལྟར་ནར་མ། འབྲིང་ཉ་སྟོང་བརྒྱད་གསུམ། ཐ་མ་ཡང་ལོ་གཏོར་མི་ཆག་པར་བྱའོ། །ྀཨཚ། ས་མ་ཡ།

ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱེད་པ་ཆ་གཉིས་ཀྱི་གཏོར་མ་ (Volume 9, Text 22)

ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱེད་པ་ཆ་གཉིས་ཀྱི་གཏོར་མ་ནི༔ དང་པོ་རིན་པོ་ཆེའི་སྣོད་དུ་དཀར་གསུམ་འབྲུ་སྣ་ཕྱེ་གཙང་ལ་དཀར་གཏོར་པད་འདབ་བཞི༔ གསོས་རིལ་བུ་འབྲུ་སྣ་བཅས་བཤམ༔ སྣོད་གཅིག་ཏུ་འབྲུ་སྣ་ཤ་ཁྲག་གི་གཏོར་མ་ཞལ་འདྲ་མཐེབ་ཀྱུ་ཆང་བུ་བཅས་ཤ་སོགས་བཤམས་ལ༔ དེ་གཉིས་དང་པོ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ་གིས་བསྲེག །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་བ་ཤུདྡྷ྅་ཧཾ༔ གིས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གཏོར་མ་ཟག་པ་མེད་པའི་བཅུད་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་བདེ་བ་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭོ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ དེ་བཞིན་གཤེགས་པ་བཞིའི་མཚན་དང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ་སོགས་ཀྱི་ཕྱག་རྒྱ་དང་བཅས་པ་ལན་གསུམ་གྱི་བྱིན་གྱིས་བརླབ་བོ༔ ན་མོ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ༔ བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད༔ འཆི་བའི་སྲོག་ལ་མི་འཛེམ་གང་ཡང་མེད༔ སྐྱེ་འགྲོ་རླུང་ལ་མི་བརྟེན་གང་ཡང་མེད༔ འཚོ་བའི་ཟས་ལ་མི་ཆགས་གང་ཡང་མེད༔ སྨྲ་བའི་ཚིག་ལ་མི་ཉན་གང་ཡང་མེད༔ ཟབ་མོའི་དོན་ལ་མི་སེམས་གང་ཡང་མེད༔ མ་ལུས་ཐམས་ཅད་བདག་གིས་བཀའ་ལ་ཉོན༔ ཧཱུྃ་ཧྲཱི༔ ང་ནི་དུས་གསུམ་དཔལ་ལྡན་རྡོ་རྗེ་འཆང༔ ང་ནི་ཆེ་མཆོག་ཁྲོ་བོ་དབང་ཆེན་རྒྱལ༔ ང་ནི་མ་མོ་མཁའ་འགྲོ་ཀུན་གྱི་ཡབ༔ ང་ནི་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ ང་ནི་དགྲ་བགེགས་འབྱུང་པོ་ཀུན་གྱི་གཤེད༔ ང་ནི་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ༔ ང་ཡི་བཀའ་ལ་ཐམས་ཅད་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་ལ་འདས་གྱུར་ན༔ ཆེ་མཆོག་དབང་ཆེན་ཐོད་ཕྲེང་ཁྲོས་ནས་ནི༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ དེ་བས་ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཧཱུྃ་ཧྲཱི༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང༔ དྲི་ཟ་གྲུལ་བུམ་མི་འམ་ཅི་ལ་སོགས༔ བདུད་དང་སྲིན་པོ་མ་མོ་གཟེད་སྨན་དང༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྡོང་གྲོགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་གིས་བླ་མེད་བྱང་ཆུབ་མཆོག་སྒྲུབ་ཅིང༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་སྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་རྣམས༔ ས་བདག་རྗེ་བློན་འཁོར་དང་བཅས་པ་ལ༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ བདག་གི་བསམ་པའི་དོན་འདི་མ་འགྲུབ་བར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བྷྲཱུྃ་ས་པ་རི་ཝཱ་ར༔ པྲྀ་ཐཱི་དེ་ཝཱི༔ ལོ་ཀ་ཏ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ༔ པཱ་དྱཾ༴ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་སྭཱ་ཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ འདོད་གསོལ་བྱ། ཆ་གཉིས་པ་བགེགས་གཏོར་གཏང་ཞིང་བསྐྲད་པ་ནི༔ དང་པོ་དགུག་པ་ནི༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དང༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གི༔ སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཊཱ་ཀི་རཱ་ཙ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཛ༔ དེ་ནས་བགེགས་ཐམས་ཅད་གཏོར་རྫས་ལ་བཀུག་ནས་དབང་ཆེན་གྱི་བཀའ་ལ་ལྡོག་པ་མེད་པར་དེངས་པར་བསམས་ལ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་དང༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བར་ཆོད་ཚོགས༔ འདོད་ཡོན་གླུད་དང་གཏོར་མ་ཚིམས་པར་སྤྱོད༔ གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས༔ གཏོར་ཀྱུ་ཆང་བུ་མར་མེ་ཞལ་ཟས་དང༔ འབྲས་ཟན་འབྲས་བུ་ཤ་ཆང་ལ་སོགས་པས༔ ཚིམས་པར་གྱིས་ལ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན༔ ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རབ་ཁྲོས་པས༔ རྡུལ་ཆ་ཕྲ་མོ་བཞིན་དུ་བརླག་པར་བྱེད༔ སརྦ་བིགྣན་གཙྪ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨ་ན་ཡ་ཧོ༔ བྷ་ག་ཝན་བཛྲ་བིདྱ་རཱ་ཛ་གནོད་བྱེད་འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བགེགས་གཏོར་བཏང་ལ། སྦྱིན་པ་རྒྱ་ཆེན་གྱུར་པ་སོགས་བརྗོད་པར་བྱའོ། །ཅེས་བགེགས་བསྐྲད། མཚམས་བཅད། སྲུང་འཁོར་བྱའོ། །ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཆ་གཉིས་ཀྱི་གཏོར་མ་རྫོགས་སོ། །ྀཨཚ། ས་མ་ཡ། རྒྱ་རྒྱ་རྒྱ།། །།

ཆོས་དབང་རིན་པོ་ཆེའི་དག་སྣང་སྤྱི་སྲུང་བྱད་མ་འབུམ་རྡུགས་ (Volume 53, Text 22)

ཆོས་དབང་རིན་པོ་ཆེའི་དག་སྣང་སྤྱི་སྲུང་བྱད་མ་འབུམ་རྡུགས་བཞུགས་སོ༔ ཤྲཱི་མ་ཧཱ་གུ་རུ༔ གུ་རུ་ཆོས་ཀྱི་དབང་ཕྱུག་བདག་གིས༔ ཤམ་པོའི་གངས་ལ་སྒོམ་ཙ་ན༔ མཐོ་བ་ནམ་མཁའི་དབྱིངས་རུམ་ནས༔ ཡེ་ཤེས་ལྔའི་གུར་གཅིག་སྣང༔ དེའི་ནང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་སྨུག་མོ་ནམ་མཁའི་གཟི་མདངས་ཅན༔ སྐུ་ལ་རྨ་བྱའི་ཐུལ་པ་གསོལ་བ་གཅིག་གིས་བདག་ལ་འདི་སྐད་གསུང༔ ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔ མུ་སྟེགས་ནག་པོ་དགྲ་རུ་ལངས༔ མུ་སྟེགས་མཐུ་དང་ཀླུ་བདུད་དར་བའི་དུས༔ ཡེ་ཤེས་པ་ལ་དགྲ་རུ་བལྟ༔ དགྲ་གནན་བྱེད་ཅིང་སྡེ་བརྒྱད་ཀླུ་ལ་གཏད༔ དེའི་དུས་སུ་འཁོར་ལོ་བཏགས་ཆོག་གཏད་སྤྲུག་ཆེན་མོ་འདི༔ གཟའ་སྐར་བཟང་པོའི་དུས་སུ་བྲི༔ དྲི་བཟང་སྨན་དང་རྒྱ་སྣག་མཚལ་དཀར་བསྲེས་ལ་བྲི༔ བྱ་ཁྱུང་དམར་པོའི་ལྟོ་བ་རུ༔ འཁོར་ལོ་མུ་ཁྱུད་བཅུ་བཞི་བསྐོར༔ ཡིག་མགོ་ཐམས་ཅད་ཕྱི་ལ་བལྟ༔ དབུས་ཀྱི་ལྟེ་བར་ཨོཾ་ཨཱཿཧཱུྃ་ཁྲོཾ་བྷྲཱུྃ་ལྔ་ཁོང་གསེང་མ་བྱ༔ ཁོང་གསེང་ནང་དུ་བདག་འཆང་བ་པོ་ལ་སྲུངས་ཤིག་བྱ་བ་བྲི༔ དེའི་ཕྱི་ལ་སྔགས་འདི་བྲི༔ མ་མ་གེར་རྒྱ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ས་བདག་ཀླུ་གཉན་གྱི་གདུག་པ་ལས་སྲུངས་ཤིག༔ ཀླུ་བདུད་ནག་པོའི་གདུག་པས་མི་ཚུགས་པར་སྲུངས་ཤིག་སྐྱོབས་ཤིག་ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བདག་འཆང་བ་པོ་ལ་སྲུངས་ཤིག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འཆང་བ་པོའི་ལུས་ངག་ཡིད་ལ་བྱད་ཁ་དང་ཕུར་ཁ་ས་བདག་ཀླུ་གཉན་གྱི་གདུག་པ་ལས་སྲུངས་ཤིག༔ རཀྵ་རཀྵ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿདང༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ དང༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དང༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ལྷ་དང་ལྷ་མ་ཡིན་གྱི་བྱད་དང༔ སྡེ་བརྒྱད་དྲེགས་པ་ཅན་གྱི་བྱད་དང༔ རྦོད་གཏོང་གཏད་ཁ་བྱད་དུ་བཅུག་པ་རྣམས་ལས་སྲུངས་ཤིག༔ རཀྵ༔ དེའི་ཕྱི་རིམ་ལ༔ ཨོཾ་བུདྡྷ་ག་རུ་ཌཿཧཱུྃ༔ འཆང་བ་པོའི༴ ཨོཾ་པདྨ་ག་རུ་ཌཿཧཱུྃ༔ འཆང་བ་པོའི༴ ཨོཾ་སརྦ་ག་རུ་ཌཿཧཱུྃ༔ འཆང་བ་པོ་ལ་གེར་རྒྱའོ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ འཆང་བ༴ དེའི་ཕྱི་པདྨ་འདབ་བརྒྱད་ལ༔ སྔགས་ཀྱི་སྡེ་ཚན་སོ་སོར་བཀོད་པ་ལ༔ ཝ་ཏི་འུར་བ་ནན་ཁྲོལ༔ ལྕེ་ཏི་འུར་བ་ནན་ཁྲོལ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ངག་མནན་པ་ཁྲོལ་ཅིག་རཀྵ་རཀྵ༔ མཱ་ར་ཡ་ཕྱེས༔ ཙིཏྟ་ཕྱེས༔ ཙོ་ཏི་ཏ་ན་ཕྱེས༔ ལྷས་བདག་འཆང་བ༴ ཕྱེས་ཤིག་རཀྵ་རཀྵ༔ འཆང་བ་པོའི༴ ཨོཾ་ཤེ་སངས་སངས་སལ་སལ་སྲོ་མ་ཕྱེས་སྭཱ་ཧཱ༔ བདག་འཆང་བ་པོའི༴ ལྷ་མ་ཡིན་གྱིས་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ ཨོཾ་ཨཱཿཧཱུྃ་མཱ་ར་ཡ་ཕྱེས༔ ཙིཏྟ་ཕྱེས་བདག་འཆང་བ་ལ་དྲང་སྲོང་གིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ ལྷ་སྲིན་སྡེ་བརྒྱད་ཀྱིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ བན་གྱིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ མུ་སྟེགས་ཕྲ་མེན་ཕྱིན་ཅི་ལོག་གིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ བོན་གྱིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ ཨོཾ་བཛྲ་ཤནྟི་དྷ་རི་དྷ་རི་རཾ་པ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཝཱ་ཀ་རཀྵ༔ བདག་ལྷ་མ་ཡིན་གྱིས་ངག་མནན་པ་ཕྱེས་ཤིག་ཁྲོལ་ཅིག་རཀྵ་རཀྵ༔ ཨོཾ་མ་ཎི་ཕྱེས་རི་ནི་ཁྲོལ་མ་ཏི་འུར་མནན་ཕྱེས་ཤིག་ཁྲོལ་ཅིག་བདག་འཆང་བ་པོ་ངག་མནན་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཀཱ་ཡ་ཀཱ་ཡ་ཛ་ཇི་ཧན་ཤཱནྟིཾ་ཤཱནྟིཾ་ཤཱག་བྱེར༔ ཡར་མར་བྱེར༔ ཏ་བ་བ་ནེ་མོ་ཧ་བྱེར༔ ཤག་ཡ་ཟློག་ཟློག་བྱེར་བྷྱོ༔ ཨོཾ་བ་ཤ་ཡ་ནན༔ ཨོཾ་བ་ཤ་ཡ་ནན༔ ཛ་ཧི་ཧ་ན་ཙ་ཤན་ཏིཾ་ཤག་བྱེར་ཤག་བྱེར༔ སཏྭཾ་པ་བྱེར༔ མོ་ཧ་བྱེར་མ་ཇི་མ་བྱེར་ཟློག༔ ས་མ་ཡ་བྷྱོ༔ ཨོཾ་ཙིཏྟ་ཏ་ཨ་བཛྲ་ཤཱནྟིཾ་བཛྲ་ཙནྡྷ་ཤཱནྟིཾ་ཤག་བྱེར༔ མ་ཧེ་མཱ་ར་ཡ་བྷྱོ་ཟློག༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་རྩིབས་བརྒྱད་སོ་སོ་ལ་སྔགས་བཀོད་པ་ནི༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ཨེ་ཀ་ཤིག་ཤིག་ཨེ་ཀ་ཁྲོལ་ཁྲོལ་མ་མ་ཏྲི་ཁྲོལ་ཁྲོལ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་རཀྵ་རཀྵ༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ཨེ་ཀ་ཤིག་ཤིག་ཨེ་ཀ་ཁྲོལ་ཁྲོལ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་རཀྵ་རཀྵ༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ མ་མ་ཤིག་ཤིག་མ་མ་ཁྲོལ་ཁྲོལ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་རཀྵ་རཀྵ༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ནཱ་ག་ཤིག་ཤིག་ནཱ་ག་ཁྲོལ་ཁྲོལ༔ བདག་འཆང་བ༴སོགས༔ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ས་ཡ་ཤིག་ཤིག༔ ས་ཡ་ཁྲོལ་ཁྲོལ༔ བདག༴ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ རཀྨོ་ཤིག་ཤིག༔ རཀྨོ་ཁྲོལ་ཁྲོལ༔ བདག༴ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ས་མ་ཡ་ཤིག་ཤིག༔ ས་མ་ཡ་ཁྲོལ་ཁྲོལ༔ བདག༴ ཨོཾ་ཨཱཿཧཱུྃ་ཁྲོཾ་ཁྲོཾ་ཁྲོཾ༔ ར་ཙཱ་ཤིག་ཤིག༔ ར་ཙཱ་ཁྲོལ་ཁྲོལ༔ བདག༴ མཆན་ལྕེ་བར། ཧཱུྃ་ཌྷཱུྃ་བདག་འཆང་བ༴ དབལ་ཁ་བརྒྱད་ལ༔་་་དཔེའུ་རིས་ལ་རྩིབས་རྩེ་བྲིས་ལུགས། ཨཿཡཿམཿདུཿརུཿཙཿཤཿནཿ འབྲུ་རེ་བྲི༔ དེའི་ཕྱིའི་མུ་ཁྱུད་ལ༔ དབུས་ཀྱི་གཙུག་ན་རིན་ཆེན་ལ་གཏད་པ་ཁྲོལ་ཅིག༔ ཤར་གྱི་ཀླུ་མི་མགོན་དཀར་པོ་ལ་གཏད་པ་ཁྲོལ་ཅིག༔ ལྷོའི་འཇོག་པོ་སྔོན་པོ་ལ༴ ནུབ་ཀྱི་བྲམ་ཟེ་དམར་པོ་ལ༴ བྱང་གི་གདོལ་པ་ནག་པོ་ལ༴ གདོལ་པ་ནག་པོ་མགོ་བཏུམ་ལ༴ བྲམ་ཟེ་དམར་པོ་ལ༴ ཀླུ་སྲིན་མགོ་བཏུམ་ལ༴ རྒྱ་མཚོ་དུག་རི་ལ༴ ནག་པོ་བཞི་དཔལ་ལ༴ མཛེ་ནད་ལས་ཀྱི་འཁོར་ལོ་ལ༴ མཛེ་ནད་རླུང་གི་འཁོར་ལོ་ལ༴ མཛེ་དམར་མེའི་འཁོར་ལོ་ལ༴ ས་བདག་སྲོག་གི་འཁོར་ལོ་ལ༴ ཐོད་རི་སྐྱ་བོ་རྡོ་ལ༴ སྙིང་ཁྲག་དམར་པོ་ཆུ་ལ༴ སྲོག་རྩ་དམར་པོ་མེ་ལ༴ བདག་འཆང་བ་ལ་གཏད་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ལས་སྲུངས་ཤིག༔ སྐྱོབས་ཤིག་རཀྵ་རཀྵ༔ དེའི་ཕྱིའི་མུ་ཁྱུད་ལ༔ གཟའ་བདུད་མགོ་དགུ་རྟ་རུ་ཞོན་པ་ལ་གཏད་པ་སྲུངས་ཤིག་སྐྱོབས་ཤིག་རཀྵ་རཀྵ༔ སྦྲུལ་ནག་མགོ་དགུ་རོལ་དུ་ཁྲིད་པ་ལ༴ སྲིན་པོ་མགོ་དགུ་རོལ་དུ་ཁྲིད་པ་ལ༴ གདུག་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག༔ བསད་པ་སྔགས་ཀྱིས་བཅིངས་པ་ཁྲོལ་ཅིག༔ གཤིན་རྗེ་ནག་པོ་རྟ་མགོ་ཅན་ལ་གཏད་པ༴ ཀླུ་བདུད་ནག་པོ་སྦྲུལ་གྱི་མཇུག་མ་ཅན་ལ༴ ཀླུ་བཙན་ཞགས་པས་བཅིངས་པ་ལ༴ ཀླུ་བདུད་ནག་པོ་མཛེའི་སོ་ཅན་ལ༴ ཀླུ་བདུད་ནག་པོ་མེ་འབར་བ་མེའི་ཚྭ་ཚྭ་འཕྲོ་བ་ཅན་ལ༴ ཀླུ་བདུད་ནག་པོ་གངས་ཅན་མཚོ་ལ༴ བདག་འཆང་བའི་ལུས་ངག་ཡིད་གསུམ་དབང་པོ་སྒོ་ལྔའི་གཏད་པ་ཁྲོལ་ཅིག༔ བདག་འཆང་བའི་ལུས་ངག་ཡིད་གསུམ་ལ་ས་བདག་ཀླུ་གཉན་དང་ཀླུ་བདུད་ནག་པོའི་གདུག་རྩུབ་ཀྱིས་མི་ཚུགས་པར་སྲུངས་ཤིག་སྐྱོབས་ཤིག་རཀྵ་རཀྵ༔ ཕྱི་རྩིབས་དྲུག་ཅུ་རྩ་གཅིག་ལ༔ རྩིབས་ལ་ཁྲོཾ་རེ་དང་མཆན་ལ་ནཱ་ག་རེ་བྲི༔ དེའི་ཕྱི་མུ་ཁྱུད་ལ༔ ཀླུའི་རྒྱལ་པོ་ཚངས་པ་ལ་གཏད་པ་ཁྲོལ་ཅིག༔་་་ཐོག་མཐའ་གཉིས་འགྲེ། ཚངས་པ་ཆེ་ལ་གཏད་པ༔ དབང་པོ་ལ༔ ཉི་མའི་དབང་པོ་ལ༔ ཟླ་བའི་དབང་པོ་ལ༔ རྒྱ་མཚོའི་བུ་ལ༔ དུག་མེ་ལ༔ མཚོ་ཆེན་ལ༔ མཚོ་ཆེན་གྱི་བུ་ལ༔ ཆུ་སྲིན་ལ༔ ཉེ་དགའ་ལ༔ མི་ཞུམ་པ་ལ༔ མ་ར་ཏ་ན་མཛེས་པ་ལ༔ གཏད་རིགས་སུམ་བརྒྱ་དྲུག་ཅུ་ལ་གཏད་པ་ཁྲོལ་ཅིག༔ སྲུངས་ཤིག༔ སྐྱོབས་ཤིག༔ སྟེང་ལྷའི་བྱད་ཁ་དང་ཕུར་ཁ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ འོག་ཀླུའི་བྱད༔ བར་མིའི་བྱད༔ དེའི་ཕྱི་མུ་ཁྱུད་ལ༔ ཁྲོཾ་ཏདྱ་ཐཱ་བཛྲ་ག་རུ་ཌཿབུདྡྷ་བྷིནྡྷ་བྷིནྡྷ་བྷཱུ་ཡ་ཏི༔ ཏྲི་པ་ཏི་པ་ཏྲ་ཏི༔ བཛྲ་ཀུ་ན་ཏ་རི་ཏ༔ སཏྭཾ་པ་ལི་སྭཱ་ཧཱ༔ ཝཱ་ག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ག་རུ་ཌཿཁྲོཾ་ཡ་ཁུ་ཡེ་བཛྲ་ག་རུ་ཌཿཨོག་ཁད༔ རྦ་ཡ་རྦ་ཡ༔ ཁྲ་ཐང་ཁྲ་ཐང༔ ཐི་ར་ཐི་ར་སྭཱ་ཧཱ༔ བཛྲ་ག་རུ་ཌ༔ ནཱ་ག་ཙུ་ལུ་ཙུ་ལུ་སྭཱ་ཧཱ༔ བཛྲ་ག་རུ་ཌ༔ ཀཱ་ག་ཀཱི་ལི་མི་ལི་སྭཱ་ཧཱ༔ བཛྲ་ག་རུ་ཌ༔ རུཾ་རུཾ་རུཾ་རུཾ་ཙི་རི་ཙི་རི་པྲེ་མ་མ་སྭཱ་ཧཱ༔ ཨོཾ་བཛྲ་ག་རུ་ཌ༔ ཛ་ལ་ཛ་ལ་ག་རུ་ས་མ་དཾ༴ ཨོཾ་བཛྲ༴ སརྦ་གབྲྶ་ག་རུ་ཌཿན་ཙ་ན་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་གོ་ལོ་ན་ཙིན་ཏ་ཧ་ག་སིན་དྷ་ཡེ་སྭཱ་ཧཱ༔ ནཱ་ག་དུ་མི་སྭཱ་ཧཱ༔ ནཱ་ག་པ་ཏ་ཡེ་སྭཱ་ཧཱ༔ ནཱ་ག་ར་ཤེ་ཡེ་སྭཱ་ཧཱ༔ ནཱ་ག་ཚིནྡྷ་ཚིནྡྷ་ཡེ་སྭཱ་ཧཱ༔ ནཱ་ག་དྷ་ན་དྷ་ན་ཡེ་སྭཱ་ཧཱ༔ ནཱ་ག་པ་ཏ་པྲ་ཏ་ཡེ་སྭཱ་ཧཱ༔ ནཱ་ག་ཏྲི་ཏཾ་ཁ་ལ་ཡེ་སྭཱ་ཧཱ༔ མ་ན་ཙ་ར་ཙ་ཡེ་སྭཱ་ཧཱ༔ མ་ན་ཚིནྡྷ་ཚིནྡྷ་ཡེ་སྭཱ་ཧཱ༔ ནཱ་ག་རཀྴ་སརྦ་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་རཀྴ་མ་ཤི་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་རཀྴ་གྲཾ་ཀུ་རུ་ཡེ་ནཱ་ག་སརྦ་སྭཱ་ཧཱ༔ བདག་འཆང་བའི་ལུས་ངག་ཡིད་གསུམ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཏད་ལས་སྲུངས་ཤིག༔ ཁྲོལ་ཅིག་རཀྵ་རཀྵ༔ བྲིས་ཟིན་པ་དང་དང་པོ་གཞི་བཅའ་བླ་མའི་གཏོར་ལྕོག་གཅིག་བྱས་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན༔ རང་གང་མོས་ཀྱི་ཡི་དམ་གྱི་ལྷར་སྒོམ༔ མཚམས་གཅོད་དྲག་ཏུ་བྱ༔ རབ་གནས་ཀྱང་ཡི་དམ་སྙིང་པོ་དང་རྟེན་འབྲེལ་སྙིང་པོས་བྱེད༔ འཕྲལ་དུ་བྲིས་ནས་བཏགས་པས་ཆོག༔ འདིའི་ཕན་ཡོན༔ འདི་བཏགས་པའི་རྣལ་འབྱོར་འདི་ལ༔ བན་བོན་སྟོང་དང་འགྲས་ཀྱང་ཉལ་བས་ཆོག༔ མཛེ་ནད་ཀླུ་ནད་ཀུན་གྱིས་མི་ཚུགས༔ གཏད་སྤྲུག་ཡང་ཞུན་ཞེས་ཀྱང་བྱ༔ འཁོར་ལོ་འདི་ལུས་ལ་བཏགས་པས་ས་བདག་ཀླུའི་གྲོང་ཁྱེར་འབུམ་ཚོ་འཚིག་པར་འགྱུར་རོ༔ གཞན་ལ་མ་སྤེལ་རང་གི་ཡི་དམ་མཛོད༔ དམ་མེད་ལ་གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རང་ཉིད་ཕྱག་ན་རྡོ་རྗེ་མཆོད་རྟེན་རྩེ་མོ་བཟློག་པའི་ནང་ན་བཞུགས་པར་བསྒོམ༔ རྩེ་མོའི་འོག་ན་རཱ་ཧུ་ལ་དུད་ཀ་གཡས་སྦྲུལ་ཞགས་དང་གཡོན་མདའ་གཞུ་འཛིན་པ་རང་ལ་མོས་གུས་བྱེད་པར་བསྒོམ༔ བགེགས་བསྐྲད༔ རབ་གནས་རང་སྔགས་ཡེ་དྷར་ཚར་གསུམ་བྱེད༔ འཁོར་ལོའི་དབང་བསྐུར༔ འཁོར་ལོ་འཇའ་ཚོན་སྣ་ལྔས་དཀྲི༔ དར་སྐུད་ལྔའོ༔ དཀར་ཕྲ་མེན༔ གཟུག་མོ་བྱི་ཐུར༔ རིན་པོ་ཆེ་སྣ་ལྔ་ནང་དུ་བཏུམ་མོ༔ འདིས་སྟེང་གདོན་འོག་གདོན༔ ངག་མནན་བྱད་ཀ་རྦོད་གཏོང་ཕྱོགས་ངན་ཉམས་གྲིབ་ལ་སོགས་པ་ཐམས་ཅད་ཐུབ་བོ༔ མང་པོ་ལ་བཏགས་ན་རང་གི་སྲོག་གི་གཤེད་མར་ཡོང་ངོ༔ གཞན་ལ་མ་སྤེལ་ས་མ་ཡ༔ རྒྱ་རྒྱ༔ ༔

ཞིག་གླིང་གསུང་དགྲ་གནན་གཤིན་རྗེ་རླུང་སྒྲུབ་ཀྱི་ལས་གཞུང་ལག་ལེན་ཞལ་ཤེས་མཐོང་བརྒྱུད་དང་བཅས་པ་ཁྲིགས་ཆགས་སུ་བསྒྲིགས་པ་བསྟན་དགྲ་འཇོམས་བྱེད་ (Volume 54, Text 22)

༄༅། །ཞིག་གླིང་གསུང་དགྲ་གནན་གཤིན་རྗེ་རླུང་སྒྲུབ་ཀྱི་ལས་གཞུང་ལག་ལེན་ཞལ་ཤེས་མཐོང་བརྒྱུད་དང་བཅས་པ་ཁྲིགས་ཆགས་སུ་བསྒྲིགས་པ་བསྟན་དགྲ་འཇོམས་བྱེད་ཅེས་བྱ་བ་བཞུགས། ། ཕྱོགས་བཅུ་དུས་གསུམ་རྒྱལ་བའི་སྐུ་ལས་སྤྲུལ་ཅིང་ཕྲིན་ལས་འགྲོ་མགོན་འཇམ་དཔལ་དབྱངས། །དེ་ཉིད་ཆེར་ཁྲོས་བསྟན་དགྲའི་གདུག་པ་འདུལ་བྱེད་གཤིན་རྗེ་གཤེད། །འཇམ་དཔལ་སྐུ་ཡི་རྒྱུད་ལས་བྱུང་བ་རྒྱ་བོད་གྲུབ་ཐོབ་གཤིན་རྗེ་བཀའ་བབས་པའི། །ཞང་ཁྲོམ་གཏེར་ཁ་ནས་བྱུང་ཀིང་ཀང་དགྲ་གནན་མན་ངག་སྟོན་མཛད་བླ་མར་འདུད། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །བསྟན་དགྲ་གདུག་པའི་དམག་དཔུང་བཟློག་ཕྱིར་དུ། །གཤིན་རྗེ་དམར་ཆུང་ལག་ལེན་བྱས་པ་ཡིས། །ཀརྨ་བཀའ་རྒྱུད་སྒྲུབ་བརྒྱུད་རྒྱས་པར་མཛོད། །གང་ཞིག་སྐལ་ལྡན་སྐྱེས་བུ་རྣམས། །མན་ངག་འདི་ལ་བརྟེན་བྱས་ནས། །དགྲ་བགེགས་དམ་སྲི་འདུལ་བ་དང་། །གསང་སྤྱོད་ཟབ་མོར་གནས་པར་གྱིས། །དེ་ནས་འཇིག་རྟེན་འདིར་རླུང་སྒྲུབ་ཀྱི་ལག་ལེན་གཞུང་དུ་ཡོད་པ་བཞིན་ཇི་ལྟ་བ་ཡིན་པས་ཁ་བསྐང་མི་དགོས་ཀྱང་། དུས་རྒྱུན་པར་འདི་ཉིད་ཀྱི་ལས་བརྩམ་དགོས་པའི་ཚེ། རྩིས་མཁན་ཡིན་ན་དུས་སྦྱོར་དང་བསྟུན་ན་ལས་གྲུབ། དགྲ་བགེགས་གང་ལ་བྱ་བའི་ལིངྒ་བྲིས་ནས་ལིང་ཁྲུས་བྱ། གཡང་གཞིའམ་ལྕགས་སླང་དུ་ལིངྒ་གན་རྐྱལ་དུ་བཞག །དེ་ནས་བླ་མ་ཡི་དམ་དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་གནས་བདག་གཞི་བདག་ལ་གསེར་སྐྱེམས་ཆ་གསུམ་སོགས་འབུལ། མཆོད་ཡུལ་བཀའ་ཡི་གནང་བ་ཞུ་ཞིང་ལས་འགྲུབ་པར་གསོལ་བ་བཏབ། ལས་དང་འཇིག་རྟེན་སྐྱོང་བ་རྣམས་ལ་བདག་གི་ཕྲིན་ལས་མྱུར་དུ་སྒྲུབས་ལ་བགེགས་དང་བར་ཆད་མ་བྱེད་པར་གྲོགས་གྱིས་ཤིག་སོགས་བརྗོད། ལིངྒ་ལ་བཀུག་གཞུག་བདེན་བདར་བྱས་ཏེ་དགྲ་བགེགས་དངོས་སུ་དམིགས། ས་སྟེགས་ཀྱི་བྲུབ་ཁུང་ངམ་མེད་ན་ལྕགས་ཁང་ངམ་ལྕགས་སླང་སོགས་སུ་བཞག་ལ་མཐར་རྩང་ཕུར་བཙུགས། དེའི་སྟེང་ཤིང་གི་ར་རིས་ཨེ་ཁྲོམ་རལ་གྲིས་ཡུ་བ་རྔ་མ་ནག་པོ་་་ཁལ་མགོ་འཁོར་རྔ་མ་དགོས།མཆན།བྱས་པ་དཔྱངས་པའི་ཁར་གཤིན་རྗེའི་སྒྲུབ་གཏོར་བཞག །སྤྲོ་ན་བླ་འགུགས་ཀིང་ཀང་སྔགས་མཐར་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སོགས་དམོད་མོ་བརྗོད་ཅིང་ཐལ་མོ་བརྡབ། གོང་དུ་ཕུགས་གཏོར་དང་། འོག་ཏུ་དཀྱིལ་འཁོར་མཐར་མཆོད་པ་བཤམ་པ་སོགས་གཞུང་དུ་གསལ་བ་ལྟར་དང་། དེ་ནས་སྒྲུབ་པ་པོ་རང་ཉིད་བཀའ་གཏེར་གསར་རྙིང་གང་ཡིན་གྱི་ཡི་དམ་གྱི་གཞུང་བསྲངས་ལ་ཚོགས་གཏོར་འབུལ་བ་སོགས་སྟོད་ལས་བྱང་ཆུབ་སྒྲུབ་པ་སྤྱི་འགྲོ་ལྟར་བྱའོ། །ངག་རྒྱུན་ཡི་དམ་ཁྲོ་ཆུ་བསྒོམ་ན་གཤིན་རྗེ་དམར་པོའི་ལས་འགྲུབ་པར་སྐད། དེ་ནས་གཤིན་རྗེ་དམར་པོའི་མགོ་བརྩམ་ཞིང་སྐྱབས་འགྲོ་སེམས་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ། མཆོད་པའི་སྔགས་ཕྲེང་གི་སྐབས་སུ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་འགྲེས་སོ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ནས། རཀྟ། བྷ་ལིཾ་ཏ་སོགས་འགྲེས། བསྟོད་པ་བཤགས་པ་རྣམས་ཚར་བ་དང་། ཚོགས་ཐ་མའི་བསྒྲལ་ལས་བྲུབ་ཁུང་བསྐྱེད་ཆོག་གིས་བསྒྲུབ་པའི་དམིགས་རྟེན་གྱི་ལྕགས་ཁང་ལིངྒ་གནོད་བྱེད་དགྲ་བགེགས་ཇི་ལྟ་བ་བསྐྱེད་བཞིན་ལ། བཀུག་གཞུག་དམིགས་པ་ཡང་ཡང་གསལ་ཞིང་། དགྲ་བགེགས་བླ་འགུགས་སྔགས་ལ། མཉྫུ་ཤྲཱི་ཡ་མཱནྟ་ཀ་སོགས་བརྒྱ་རེ་ཚར་བ་དང་། བཀུག་གཞུག་བདེན་སྟོབས་བརྗོད་ལ། ཁུག་རྟགས་ནམ་བྱུང་བ་དང་ཐུན་མགོར་བླ་འགུགས་ཉེར་གཅིག་དང་། བཀུག་གཞུག་བདེན་སྟོབས་ཚར་གཅིག་བྱས་པས་ཆོག །མཐར་རང་ཉིད་གཤིན་རྗེ་གཤེད་ཀྱི་ཐུགས་ཀ་ནས་སོགས་ནས། ཅིས་ཀྱང་འཆོར་བ་མེད་པར་གྱུར་གྱི་བར་བརྗོད་ལ། དེ་ནས་ལིངྒ་དང་དགྲ་བགེགས་གཉིས་སུ་མེད་པའི་གཡོན་དུ་ལྷན་ཅིག་སྐྱེས་པའི་ལྷ་བདུད་དུ་བབས། མཉམ་པོར་འོང་བའི་བདུད་གཤེད་དུ་བབས་ཏེ་སྦྲུལ་དཀར་ནག་གི་རྣམ་པར་བྱུང་བ་དང་། དགྲ་བོའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ་གཡས་སུ་འཁོར་བར་དམིགས་ལ། བདག་མདུན་གཤིན་རྗེའི་ང་རྒྱལ་དང་ལྡན་པའི། ཨོཾ་ཀིང་ཀང་ཐུཾ་རིལ་སོགས་སྔགས་བརྒྱ་རེའི་མཐར། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་སོགས་ཀྱི་དམོད་མོ་བརྗོད་བཞིན་པས་ཐལ་མོ་བརྡབ། དགྲ་བགེགས་ཐུལ་རྟགས་མ་བྱུང་གི་བར་དུ་ཐུན་གྱི་གཙོ་བོ་དེ་ལ་བྱའོ། །ཐུན་བསྡུ་བ་ནི། ཧཱུྃ། བླ་མ་འཇམ་དཔལ་གཞོན་ནུ་དང་། །ཡི་དམ་གཤིན་རྗེ་དམར་པོ་དང་། །ཆོས་སྐྱོང་ལས་གཤིན་ལ་སོགས་པའི། །རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་ཚོགས་ཀྱིས་མཆོད། །སྨན་རག་གཏོར་མའི་དམ་རྫས་འབུལ། །དགྲ་བགེགས་བཞེས་ཤིག་ཁ་རཾ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས། །བདག་གིས་འཇམ་དཔལ་གཤིན་རྗེ་སྒྲུབ། །དེང་འདིར་དངོས་གྲུབ་རྣམ་གཉིས་སྩོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། དེ་ནས་ཐུན་མཚམས་ཀྱི་ལས་བྱའོ། །དེ་ནས་མཆོད་གཏོར་ཁ་གསོ་སྐྱབས་འགྲོ་ནས་རིམ་པར་གོང་བཞིན་ཐུན་འཛིན་པར་བྱ། དེ་ལྟ་བུའི་ཉིན་གསུམ་མཚན་གསུམ་གྱི་ཐུན་ནམ། ཉིན་ཐུན་མཚན་ཐུན་གཅིག་གམ། ཉིན་ཐུན་གཉིས་མཚན་ཐུན་གཉིས་སོགས་ཐུན་མང་ཉུང་ཅི་བྱེད་རང་གི་དགོས་པ་བསྟུན། དགོང་མོའི་ཐུན་མཚམས་སུ་ཚོགས་ཀྱི་འཁོར་ལོ་བྱ་བའི། ཚོགས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། ཧཱུྃ། རང་བྱུང་ལྷུན་གྲུབ་སོགས་ཀྱིས་ཚོགས་དང་པོ་ཕུལ། བར་པ་ཕུལ་བའམ་མ་བྱས་ཀྱང་རུང་། བསྐང་བ་བཤགས་པ་གང་འོས་བྱ། ཚོགས་ཐ་མ་དང་ཟན་ལིང་མཉམ་པོར་བསྒྲལ་ལས་བྱས་པའི་དུམ་བུ་མཆོད། ཞལ་བསྟབ་བྱ། དེ་ནས་སྒྲུབ་པ་པོ་རྣམས་ཚོགས་ལ་ལོངས་སྤྱོད་རྗེས། ཚོགས་ཀྱི་ལྷག་གཏོར་གཏང་། རྗེས་བསྐུལ་དམར་གཏོར་བཤམས་ལ། བཀུག་གཞུག་བྱས་ཏེ། གཏོར་སྣོད་བྷནྡྷར་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་སོགས་བདུད་རྩིར་དམིགས་ལ། མ་ཧཱ་བ་ལིཾ་ཏ་སོགས་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། ཙིཏྟ་ རཀྟ་ གོ་རོ་ཙ་ན་ བ་སུ་ཏ་ ཀིང་ནི་རི་ཏི་སོགས་འགྲེས་བརྗོད་པས། གཤིན་རྗེ་འཁོར་བཅས་ཀྱིས་གསོལ་བས་དགྱེས་བཞིན་ཕྲིན་ལས་མཛད་པར་བསམ་ལ། ཧཱུྃ་ཨེ་ཀ་བྷྱོཿ གཤིན་རྗེ་རོལ་པའི་དུར་ཁྲོད་སོགས་བསྐུལ་གྱིས་དམར་གཏོར་འབུལ་རྗེས་རང་གི་ཡི་དམ་གང་ཡིན་པའི་རྗེས་ཆོག་བྱའོ། །དེ་ནས་མཚན་ཐུན་བཟུང་ལ་ཐུན་བསྡུ་འོ། །དེའི་འགྲིགས་ཀྱི་ཞག་བདུན་གསུམ་བདུན་གཉིས་བདུན་གཅིག་གང་བྱེད་གལ་ཆེ་ཆུང་དང་བསྟུན་མཐར། སྒྲུབ་པ་གྲོལ་ཁ་ལས་སྦྱོར་ནི། ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སངཀུ་ཏ་ཕཊཿ བརྒྱ་རྩ་བརྗོད་ཅིང་། སྒྲོ་གཡབ། གུ་གུལ་བདུག །ཧཱུྃ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །སོགས་ཀྱི་མཐར་དགྲ་བགེགས་ལྷ་དང་ཕྱེ་ནས་སྦྲུལ་སོགས་མེད་པར་བསྒོམ་ཞིང་། ཀིང་ཀང་མཐར་སྔགས་ཀྱི་གསད་སྔགས། ཏདྱ་ཐཱ༔ དུ་ཤན་དུ་ཤན་དང་སྦྲེལ་བ་བརྒྱ་རྩ་རེའི་མཐར་བྲུབ་ཁུང་ནང་གི་ལིངྒ་ལ་ཐུན་བརྒྱབ་གསད་པའི་དམིགས་པ་དང་། ཐལ་མོ་བརྡབ་ཅིང་། ལོ་དང་ཟླ་བ་ལ་དགྲ་དར་བ་སོགས་ཀྱི་དམོད་མོ་བྱ། སླར་ཡང་ཐུན་གཟུང་བ་སོགས་གོང་གི་སྒྲུབ་པ་དང་ཁྱད་པར་མེད། དེ་ལ་ཞག་ཅི་བྱེད་དགྲ་བགེགས་སོད་རྟགས་ངེས་པ་ཅན་འོང་དགོས། སྒྲུབ་པ་གྲོལ་ཁ། ཧཱུྃ། དྲག་གཏུམ་རྔམ་པ་ཚོགས་ཀྱི་བདག །སོགས་ཟན་ལིང་གཏུབ་ལ་གཏོར་མ་རྣམས་ལ་བྲན་ལ། འཇམ་དཔལ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་སོགས་ཞབས་བསྟབ་བྱ། ཤོག་ལིང་མང་པོ་ཡོད་ན་གཅིག་ཙམ་ལས་གཞུང་ལྟར་སྦྱིན་སྲེག་བྱས་ཏེ། ཐལ་སོལ་ཆ་གཅིག་ལིངྒ་མཉམ་དུ་གནན། ཆ་གཅིག་གཏོར་མ་དང་མཉམ་དུ་ཟོར་འཕང་། ད་གནན་པ་བྱ་བ་ནི། བྲུབ་ཁུང་གི་ལིངྒ་བཏོན་ནས་ལྕགས་སླང་དུ་གན་རྐྱལ་དུ་བཞག །བཀུག་གཞུག་བདེན་བདར་ཐུན་བྲབ། ཐལ་བརྡབ་དམོད་བྱང་བྱས། ལིངྒ་བལྟེབས་ལ་ཡུགས་ས་མའི་སྤུའམ་བལ་ཚོན་སྣ་ལྔའི་སྐུད་པས་བཅིངས། ཐོད་པའམ་རྭ་ཅོ་སོགས་གནན་པའི་སྣོད་གང་ཡིན་པ་དེའི་ནང་དུ་བརྫང་། དེའི་སྟེང་དུ་ཐུན་རྫས་ཀྱིས་བརྫབ་ལ་ཁ་དམ་པོར་བཅད་ནས་ཕུར་པས་ཁ་ཐེལ་བརྒྱག །བལ་ཚོན་སྣ་ལྔས་ཕྱིན་ཀ་ལོག་ཏུ་དཀྲི། རེ་བ་ནག་པོའི་སྣོད་དུ་བཅུག་པ་རྩང་བཅུ་གཉིས་སྟེང་འོག་ཕྱོགས་བཞི་ལོགས་སུ་བསྣོལ་མར་འཛེར། གནན་པའི་ས་ནི། དགྲ་སྲི་ལ་བཙས་འོག །ཕུང་སྲི་མཁར་གྱི་འོག །དུར་སྲི་དུར་གྱི་འོག །ཆུང་སྲི་མལ་གྱི་འོག །གོད་སྲི་ར་བའི་ནང་འོག་སོགས་དང་། དགྲ་ལ་གཏད་གནན་ཡིན་ན་དྲག་པོའི་ལྷ་འདྲེ་འགྱུ་སྲང་སྡེ་བརྒྱད་ཀྱིས་དགྲ་གཏད་མྱུར་དུ་ལེན་པའི་ས་གནད་སོགས་གང་དུ་གནན་པའི་ས་དེར་ཅི་དགོས་པའི་ཡོ་བྱད་གཏོར་མ་ལིངྒ་རྫས་ཆ་རྣམས་བསྒྲིགས་ལ་འགྲོ། དེའི་དུས་སུ་བདག་གི་དཔུང་དང་རྒྱབ་རྟེན་དུ་ཡེ་ཤེས་པ་དང་འཇིག་རྟེན་པའི་ལྷ་རྣམས་གྲོགས་སུ་ཆས་པར་བསྒོམ། སྒྲུབ་པའི་དཀྱིལ་འཁོར་གྱི་སྒོ་ཕྱེ་ལ་ལྷ་ཚོགས་སྐུ་བཞེངས་ནས་ཇི་ལྟར་དགོས་པའི་ལས་མཛད། རང་ཉིད་གཤིན་རྗེའི་ཏིང་འཛིན་ལས་སེམས་གཞན་དུ་མ་ཡེངས་པར་བྱ། དགྲ་གནན་ཡིན་ན་ཆས་པའི་དུས་སུ་ཟིལ་གནོན་གྱི་དམིགས་པ་བྱ། དེ་ནས་གང་དུ་གནན་ས་དེར་གསེར་སྐྱེམས་མཆོད། གཟུ་དཔང་གསོལ། རང་མ་ཉེས་པའི་དོན་ཡིན་ཚུལ་དང་། དགྲ་ལ་ཉེས་པའི་དམ་ཉམས་བྱས་ཚུལ་བསྒྲགས། གཏོར་མ་ལིངྒ་རྣམས་ལ་བཀུག་གཞུག་བྱ། རྒྱལ་བ་ཞི་ཁྲོ་སྤྱི་དང་ཁྱད་པར་གཤིན་རྗེའི་ལྷ་ཚོགས་བཀའ་སྲུང་སྡེ་བརྒྱད་ཐུགས་དམ་གནད་ནས་བསྐུལ། གནན་ས་དེར་ས་བདག་གི་གདོང་ཁ་ཕྱོགས་རྩིས་ལ་གཙོད་རུས་རི་མོ་གྲུ་གསུམ་བྲིས་ལ་འཇོར་སོགས་གང་འོས་ཀྱིས་ཁྲུ་ཕྱེད་དོ་ཙམ་བརྐོས་ལ། ས་གནད་དེར་གནས་པའི་སྣང་སྲིད་མི་མ་ཡིན་རྣམས་ལ་དཀར་གཏོར་གཅིག་བསྔོས་ལ་འབུལ། བདག་ཅག་དཔོན་སློབ་བསྲུང་བ་དང་། ཕ་རོལ་གནོད་བྱེད་ཚར་གཅོད་ཟློག་པའི་ཕྲིན་ལས་བཅོལ། དེ་ནས་རང་གིས་གཤིན་རྗེའི་སྒྲུབ་གཏོར་འོག་གི་རལ་གྲིས་གནན་ས་བརྐོས་པའི་སར་བརྒྱབས་པས་གས་ནས་གཉིས་སུ་སོང་། རིམ་དགུའི་ས་འོག་ནས་མཐའ་མེད་རྒྱ་མཚོའི་གླིང་དུ་ཀླུ་བདུད་དམ། ལས་ཀྱི་གཤིན་རྗེ་ཆུ་སྲིན་གདོང་ཅན་ཁ་གདངས་པ་ལ་དགྲ་བགེགས་ཀྱི་ལིངྒ་གཏད། རོ་གཡམ་རྡོ་རྗེ་རྒྱ་གྲམ་དང་རི་རབ་གླིང་བཞི་བྲིས་པས་ཁ་བཅད། དེའི་སྟེང་ས་རིམ་པ་གཅིག །དེའི་སྟེང་མེ་རིམ་པ་གཅིག །དེའི་སྟེང་ས་རིམ་པ་གཅིག །དེའི་སྟེང་ཆུ་རིམ་པ་གཅིག །དེའི་སྟེང་ས་རིམ་པ་གཅིག་བྱས་ལ་བཅགས་བརྡུང་ལེགས་པར་བྱས། དེའི་སྟེང་གཏོར་ཟོར་བརྒྱབ་གནོད་བྱེད་དགྲ་ལ་ཟ་ལམ་བསྟན་པར་བྱའོ། །དེ་ནས་གཏོར་གཞོང་སྦུབས་ལ་རྟ་བྲོ་བརྡུང་། སྒྲུབ་གཏོར་འོག་གི་རྔ་མ་ནག་པོ་གཡབ། ལོ་དང་ཟླ་བ་ལ་དགྲ་དར་བ་སོགས་དགྲ་བོ་སྐྱབས་འོག་ཏུ་མི་ཚུད་པར་བྱ། མེ་ཆུ་གོ་ལྡོག་དགྲ་གཤེད་དམིགས་པ་ཤེས་ཤིང་གལ་ཆེ་ན་བྱ། འབྱུང་བ་རིམ་བརྩེགས་ཀྱི་དམིགས་པ་དང་བཅས་དམིགས་མེད་སྟོང་པར་ཡེ་ཤེས་ཀྱི་རྒྱས་གདབ་བོ། །དེ་ནས་གཏོར་སྣོད་ཁ་ཕྱེ་ནས་འབྲུ་བླུགས་ནས་བཀྲ་ཤིས་དགེ་ལེགས་ཀྱི་ཚིག་བརྗོད།་་་རྟགས་ལས་ངེས་པ་ཅན་ཡིན་ན།མཆན། བགེགས་ཀྱི་ཕྱི་ལམ་བཅད་ལ་ཐོ་བརྩིག །ཟློག་པ་དང་ཡང་ཟློག་མགོ་བསྐོར་རྒྱུག་ལོག་ཟློག་པ་རྣམས་བྱ། ནང་དུ་ལོག་ནས་སྲུང་འཁོར་དང་ཚེ་སྲོག་རྒྱས་པའི་རྟེན་འབྲེལ་དང་དགའ་སྟོན། ཚོགས་འཁོར་རྗེས་ཆོག་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ།། ༈ །།དེ་ནས་རང་ཉིད་གཤིན་རྗེའི་སྒྲུབ་པ་སྔོན་དུ་སོང་བའི་སྒྲུབ་པ་པོས་རྒྱུན་ཁྱེར་བྱེད་དགོས་བྱུང་ན་བཅའ་ཆོག་གཞུང་ལྟར་ནས། ལས་བྱང་ཚར་བ་དང་བདག་མདུན་གཤིན་རྗེ་ལིངྒ་དགྲ་བགེགས་སུ་གསལ་བའི་ཀིང་ཀང་གི་སྔགས་རིང་བརྒྱ་སོང་བ་དང་། ལོ་དང་ཟླ་བ་སོགས་ཀྱི་ཐལ་བརྡེབ་དམོད་མོ་བྱ། དགྲ་ཇག་ཆོམ་རྐུན་གནོད་པ་ཆེ་ན་ལིངྒར་བཀུག་གཞུག་བདེན་བདར་དང་འགུགས་གཞུག་བྱ། མཉྫུ་ཤྲཱི་སོགས་ཉེར་གཅིག་གིས་འགུགས་པའི་དམིགས་པ་བྱས་ལ་གོང་ལྟར་གྱི་སྔགས་ཐལ་རྡེབ་བྱ། གཏོར་མ་མེད་ན་རང་ཉིད་གཤིན་རྗེ་གཤེད་དམར་ཆུང་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ལ། ཀིང་ཀང་བརྒྱ་ཡི་མཐར་ཐལ་རྡེབ་དམོད་མོ་བྱ། སྒྲུབ་པ་དང་པོར་བརྩམ་པའི་དུས་དང་། སྒྲུབ་པའི་དུས་དང་། ལས་སྦྱོར་དུས་གཟུ་དཔང་གསོལ། རང་ཉིད་མ་ཉེས་པའི་ཤག་བཏབ། དགྲ་ལ་ཉེས་པའི་སྒོ་བསྒྲགས། བླ་འགུག་དུས་སུ་བླ་འགུགས་སྐུལ་གཏང་ན་ལེགས། ལིངྒ་བྲི་ཚར་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་དང་། འཇམ་དཔལ་མཚན་བརྗོད་འདོན་བཞིན་པས་ལིངྒ་དྲིལ་ལ་རང་གི་བརླ་གཡས་སུ་ལན་གསུམ་བསྐོར། རང་ལ་མི་ལྡོག །རང་འཐག་གི་མིག་ལ་ལན་གསུམ་བསྐོར་དགྲ་ལ་ཐེབ། གཡག་ཤིང་བུ་གར་ལན་གསུམ་བསྐོར་གཞན་ལ་མི་འཆོར། སྒོ་ཐེམ་ལ་ལན་གསུམ་བསྐོར་རང་གི་འཁོར་ལ་མི་གནོད། དགྲ་ཁ་དང་གྱོད་ཁ་ཆེན་པོ་ཐུག་པ་ལ་འདི་མིན་པས་གཞན་གྱིས་མི་ཐུབ་གསུངས་སོ། །དེ་ལྟར་རྒྱ་ཞང་ཁྲོམ་གྱི་གཏེར་ཁ་ལས་བྱུང་བའི་གཤིན་རྗེ་ཀིང་ཀང་དམར་ཆུང་ཞིག་པོ་གླིང་པས་བསྒྲིགས་པ་འདིའི་བཀའ་ལུང་། ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་རིག་འཛིན་ཀློང་གསལ་སྙིང་པོའི་ཞལ་སྔ་ནས་ཐོས་པ་ཨ་ལོ་བླ་མ་ཀརྨ་ཀུན་མཁྱེན་བདག་གི་ཡིད་ཀྱི་པདྨར་གསལ་བའི། འཇམ་དཔལ་གཤིན་རྗེ་གཤེད་སྒྲུབ་པའི་རྣལ་འབྱོར་པ་བདག་ལྷོ་སྨར་ཁམས་སྒང་དུལ་མོ་བླ་མ་ཀརྨ་དར་རྒྱས་ཀྱི་སྒར་ཁྲོད་གཡུ་ལོ་ཐོག་ཏུ་གནས་པའི་ཚེ། རིན་ཆེན་ཀརྨ་དར་རྒྱས་ཀྱི་བཀའ་ཡིས་བསྐུལ་ནས་འབྲོག་དགོན་དེ་དག་ཏུ་ཉི་མ་གཉིས་ཀྱི་ཐུན་མཚམས་སུ་ཡི་གེར་བཀོད་པའོ། །དགེ་ཚོགས་འདི་ཡིས་བདག་སོགས་འགྲོ་བ་ཀུན། །དམ་ཆོས་སྒྲུབ་པའི་བར་ཆད་སེལ་བ་དང་། །འཇམ་དཔལ་གཤིན་རྗེའི་ཐུགས་རྗེས་རྗེས་བཟུང་ཞིང་། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པར་ཤོག །མངྒ་ལཾ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྤྱིའི་སྔོན་འགྲོའི་ཁྲིད་ཡིག་ (Volume 24, Text 22)

༄༅། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྤྱིའི་སྔོན་འགྲོའི་ཁྲིད་ཡིག་བཞུགས་སོ།། ན་མོ྅་ཀྵ་ར་བཛྲཱ་ཡ་ཤ་ར་ཎཾ་གཙྪཱ་མི། གང་གི་མཚན་ཙམ་ཐོས་པས་ཀྱང་། །སྲིད་ཞིའི་འཆིང་བ་གཅོད་མཛད་པ། །འགྱུར་མེད་བདེ་ཆེན་གར་གྱི་བདག །རྗེ་བཙུན་བླ་མ་ལ་བཏུད་ནས། །བླ་ན་མེད་པའི་རྒྱུད་ཀུན་གྱི། །བསྐྱེད་རྫོགས་རིམ་པ་མཐར་ཐུག་པ། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི། ཁྲིད་དམིགས་ཟིན་ཐུན་དྲན་ཐོ་རུ། །སྤེལ་འདི་གོ་རྟོགས་ཉམས་མྱོང་དང་། །ལྡན་པ་མིན་ཀྱང་ལམ་མཆོག་འདིར། །མོས་པ་ཁོ་ནས་འབྲི་འདོད་ན། །བླ་མ་མཁའ་འགྲོས་གནང་བ་སྩོལ། །འདིར་སྐལ་པ་དང་ལྡན་པའི་གང་ཟག་ཚེ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས། ལམ་འདི་ལ་ཞུགས་ནས་རྣམ་གཡེང་སྤངས་ཏེ་བརྩོན་པས་ཉམས་སུ་བླང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བསྟན་པ་ཐམས་ཅད་ཀྱི་འབྲས་བུའི་ཐུག་ས་དང་། འཕྲོ་བའི་གཞིའམ་བཅུད་འདུས་པའི་སྙིང་པོར་གྱུར་པས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག་ཏུ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ། རྩ་བའི་མན་ངག་རྡོ་རྗེའི་ཚིག་རྐང་ལས། །སྐལ་ལྡན་ཚེ་གཅིག་བྱང་ཆུབ་ཀྱི༔ གོ་འཕང་མཆོག་ལ་གནས་འདོད་ན༔ ཐབས་འདི་དེ་ཉིད་རྟོགས་པས་སྟོན༔ རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང༔ འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབ༔ དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་ངེས་པ་འོ༔ ཞེས་དང་། རྒྱལ་བ་ཀུན་གྱི་དགོངས་ཉམས་བཅུད༔ རྣལ་འབྱོར་མཐར་ཐུག་ཟབ་མོའི་དོན༔ བསྐྱེད་རྫོགས་ཀུན་གྱི་བཅུད་དུ་དྲིལ༔ འདི་ནི་རྩ་བའི་མན་ངག་སྟེ༔ རྡོ་རྗེའི་ཚིག་གིས་ཡང་དག་བཤད༔ ཅེས་གསུངས་པ་ཡིན་ནོ། །འདི་ལྟ་བུའི་ཐབས་ཀྱིས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་ཁྲིད་པ་ལ། རྩ་བར། དེ་ལ་རྣམ་པ་གསུམ་ཡིན་ཏེ༔ ཞེས་པས། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། དེ་ནི་བཅུད་བླུགས་པའི་སྔ་ལོགས་སུ་སྣོད་ལ་བཀྲུ་བཤལ་བྱེད་པ་དང་འདྲ་གསུང་། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་གདབ། དེ་རྣམས་ཐུན་སྒོམ་རེས་བཞིན་འགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ། །གཉིས་པ་རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ལ། སྤྱིའི་སྔོན་འགྲོ་དང་། བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་ཁྱད་པར་ཅན་གྱི་སྔོན་འགྲོའོ། །དང་པོ་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྩ་བར། དང་པོ་དལ་འབྱོར་རྙེད་དཀའ་དང༔ མི་རྟག་འཆི་བ་ནན་ཏན་བསྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ ལོག་པའི་ལམ་ལས་ལྡོག་བྱའི་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ མཁའ་མཉམ་འགྲོ་ལ་ཚད་མེད་པའི༔ སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་པའི་དོན་སྒོམ་པ་ལ་དམིགས་སྐོར་དྲུག་སྟེ། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་ལ་བསམ་པ། འཁོར་བའི་ཉེས་དམིགས་ལ་བསམ་པ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་རྣམས་སོ། །དང་པོ་ནི། སྔོན་འགྲོ་གནད་ཐེམས་ལས། དང་པོ་དལ་འབྱོར་རྙེད་དཀའི་ཚུལ༔ ལེགས་པར་བསམས་ནས་ངེས་ཤེས་བསྐྱེད༔ ཅེས་གསུངས་པས་འདི་ལྟར་བསམ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་གྲུ་ཆེན་རྙེད་པའི་དུས་འདིར་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་ཐར་བ་ཞིག་བྱ་དགོས། དེའི་རྒྱུ་མཚན་། ད་རེས་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་གཤའ་མ་ཞིག་མ་བྱས་ན། ཕྱིས་འདི་ལྟ་བུའི་རྟེན་རྙེད་པར་དཀའ་ཞིང་། ཆོས་དང་འཕྲད་པ་ཡང་ཤིན་ཏུ་དཀོན་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས། ཅིའི་ཕྱིར་དལ་འབྱོར་ཞེས་བྱ་ཞེ་ན། མི་ཁོམ་པའི་གནས་རྣམས་སུ་སྐྱེས་ན་རང་རང་གི་ལས་ངན་གྱིས་བྲེལ་ནས་ཆོས་བྱེད་མི་ཁོམ་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་རྟག་ཏུ་སྡུག་བསྔལ་གྱིས་མནར་བས་བྲེལ། ལྷ་ཚེ་རིང་པོ་ནི། ཆོས་བྱེད་པའི་འདུ་ཤེས་མེད་པས་ཐོས་བསམ་གྱི་རྟེན་འགགས་པ་སྟེ་ཕྱིའི་མི་ཁོམ་པ་བཞི། གལ་ཏེ་མིར་སྐྱེས་ཀྱང་བསྟན་པ་ལ་འཇུག་པའི་བློ་མེད་པ་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པས་སྒྲོ་སྐུར་གྱི་མཐར་ལྷུངས་པའི་ལོག་ལྟ་ཅན་དང། ཚིག་དོན་གྱི་བརྡ་འཕྲོད་པའི་ནུས་པ་མེད་པ་ལྐུགས་པ་དང་། སངས་རྒྱས་ཀྱིས་སྟོངས་པ་ཞེས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་བཞི་ནི་ནང་གི་མི་ཁོམ་པ་སྟེ། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་པ་འདི་རེ་འཚེངས་སྙམ་དུ་དལ་བ་བརྒྱད་ཐོབ་པ་ལ་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ། །དེར་མ་ཟད་ཆོས་ལ་སྤྱོད་པའི་འབྱོར་པ་བཅུ་ཡང་ལེགས་པར་ཚང་སྟེ། བདག་ལྷ་ཆོས་ཀྱི་རྟེན་མི་ལུས་ནི་ཐོབ། ཐོས་བསམ་གྱི་རྟེན་དབང་པོ་སྒོ་ལྔ་ཚང་། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས། འཇུག་པའི་སྒོ་དད་པའི་གནས་སུ་འོས་པ་ལ་དད་པས་མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས། ལས་མཐའ་མ་ལོག་པས་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚང་བ་སྟེ་རང་འབྱོར་ལྔ་དང་། འཇིག་རྟེན་དུ་སངས་རྒྱས་འབྱོན་པ་ཨུ་དུམྦཱ་རའི་མེ་ཏོག་ལས་ཀྱང་དཀོན་ན་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་ཅིང། དེས་ལམ་ཐར་པ་དམ་པའི་ཆོས་གསུངས། དེའི་བསྟན་པ་མ་ནུབ་ཙམ་དུ་གནས་པས། དེའི་རྗེས་སུ་སྒྲུབ་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པར་འདུག་པ་གཞན་འབྱོར་ལྔ་སྟེ། དེ་ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་རྟེན་གཙང་མ་འདི་ནི། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ༔ ཞེས་གསུངས་པ་ལྟར་ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་ན་འདི་ལས་ལྷག་པའི་ཆོས་སྒྲུབ་པའི་རྟེན་གཞན་མེད་པས་དོན་ཆེན་པོ་དང་ལྡན་པ་སྟེ། ཙནྡྲ་གོ་མཱིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པས་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་མི་ལུས་རིན་པོ་ཆེ་ཐོབ་ཅིང་། བླ་མ་དམ་པ་ལ་བརྟེན་ནས་ཟབ་མོའི་གདམས་པ་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམ་ལ། ཚེ་འདིའི་སྣང་བ་འཁོར་འདབས་གཉེན་འདུན་ལོངས་སྤྱོད་སོགས་ལ་མ་ཆགས་པར། ད་རེས་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོ་ནས་སྟོང་ལོག་བྱེད་པ་ལས་ཀྱང་བླུན་ཏེ། སྲོག་མ་ཆད་ཀྱང་རོ། །འདྲེས་མ་ཁྱེར་ཡང་སྨྱོན་པ། དབུགས་དང་མ་བྲལ་ཡང་བེམ་པོ་ཡིན། དེས་ན་སློབ་དཔོན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར༔ བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད༔ ཅེས་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་དུས་དགྲ་འདུལ་བ་དང་། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་བཞིན་དུ་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ། རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་གཅིག་རང་མི་ཕྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ཚེ་འདི་དོན་གཉེར་ལྡོག་བྱའི་ཕྱིར༔ མི་རྟག་འཆི་བ་ཡང་དག་བསམ༔ ཞེས་པས་འདི་ལྟར་བསམ་སྟེ། དལ་འབྱོར་ལ་སྙིང་པོ་ལེན་པ་དེ་ཡང་། སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་སང་བྱེད་གནངས་བྱེད་ཀྱི་ཕྱི་བཤོལ་དུ་མ་སོང་བར་འཕྲལ་རང་དུ་བླང་དགོས། དེའི་རྒྱུ་མཚན། རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་ཡུན་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ། ཡོད་དམ་མེད་དམ་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བ་འམ། ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པས་ངེས་པར་འཆི་དགོས་པ་ཡིན། དེ་ཡང་མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །བསྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་པས་ཚེ་ལ་གུད་ནས་བསྣོན་པ་མེད་ཅིང་འབྲིད་པ་ཡོད་པས་མྱུར་དུ་རང་འཆི་སྟེ། ལྟག་ཆུ་བཅད་པའི་རྫིང་བུ་མཐིལ་བརྡོལ་ལྟར་ཚེ་འཛད། ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། །གསོད་སར་ཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེངས་ཐུབ་པ་མ་ཡིན་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་པས་རྟ་འདྲོགས་པའམ་ཕྱེ་ལེབ་མར་མེ་དང་འཕྲད་པ་ལྟར། ད་ལྟ་རང་གཟའ་གདོང་ཐུག་ལྟ་བུས་འཆི་བ་ཐོག་རྒྱགས་སུ་མི་ཡོང་བའི་གདེངས་ཅུང་ཟད་ཀྱང་མེད་དོ། །མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་ལས་ཀྱང་གྱེས་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཀའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་བས་ཞེ་རེ་འཇིགས་ཏེ། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ༔ འཆི་བདག་བདུད་ནི་དགོང་ཀའི་གྲིབ་སོ་འདྲ༔ འཇིག་རྟེན་ཕྱི་མ་སོས་ཀའི་ཉ་བརྡོས་འདྲ༔ ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ༔ དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ༔ ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ༔ འདུས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན༔ བསགས་པ་འཛད་ཅིང་འབྱོར་པ་གུད་པའི་རྒྱུ༔ ཞེས་གསུངས་པས་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས་པས་སྔར་ཕན་ཆད་མ་བསམ་པས་ལེན། ད་བསམ་ན་རང་གི་ལུས་ཆུའི་ལྦུ་བ་ལྟ་བུ་འདི་ངེས་པར་འཇིག་ལ། དེའི་ཚེ་འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ །ཞེས་པས་རང་གི་བརྩིགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས། ཐམས་ཅད་ཆམས་ཀྱིས་བསྐྱུར་ནས་རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་དུ་ནམ་འགྲོ་ཆ་མི་འདུག་པས་ཚེ་མཇུག་སྤྲིན་བར་གྱི་ཉི་ཤར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་རིགས་ཏེ། ཁྱོད་ཀྱི་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །གང་ཞིག་སྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་བརྟུན་ལ་གྱིས། །ཞེས་དང་། སློབ་དཔོན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད༔ ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ༔ སུམ་ཆ་གཅིག་ལའང་བར་ཆད་རྐྱེན་དབང་མང༔ དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ༔ ཚེ་སྲོག་ནམ་མཁའི་གློག་ལྟར་མི་བརྟན་ཅིང༔ ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༔ ལང་ཚོ་ལྡན་པའི་ལུས་ཀྱང་མྱུར་དུ་འཇིག༔ དེ་ཚེ་ཕན་པའི་ཐབས་ལ་བརྩོན་པ་གཅེས༔ ཞེས་པས་འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་འཐོན་འཐོན་བསྒོམ་པར་བྱའོ། །གསུམ་པ་ལས་འབྲས་སྨིན་ཚུལ་ལ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ལས་འབྲས་བསླུ་མེད་ངེས་བྱས་ནས༔ ཞེས་པས་འདི་ལྟར་བསམ་སྟེ། འཆི་བ་བདེན་མོད། འོན་ཀྱང་། མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་པ་ལྟར་ཡིན་པས་ཆོས་རང་བྱ་མི་དགོས་སོ་སྙམ་ན། དེ་ལྟར་ཤི་ནས་སེམས་ཅང་མེད་དུ་འགྲོ་བ་བདེན་ན་འཚེར་རྒྱུ་མེད་ཀྱང་། ཅང་མེད་དུ་མི་འགྲོ་སྟེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་དག་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པས་ས་བོན་མངར་ཁ་ལས་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས་པ་བཞིན་ནོ། །དེ་ལ་བཞི་སྟེ། དགེ་མི་དགེའི་དབྱེ་བ། ས་མཚམས། ལྕི་ཡང་། འབྲས་བུའོ། །དང་པོ་དབྱེ་བ་ལ། དགེ་བ་ནི། བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་སྟེ། སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། ཞི་ཞིང་དེས་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་བསླབ་བྱ་སློབ་ཚུལ་ལ་ལྟོས་ནས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །ཐུན་མོང་རྒྱུད་ལ་བསྐུར་ཚུལ་ལ་ལྟོས་ནས་སྦྱིན་སོགས་ཕར་ཕྱིན་བཅུའོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླང་བར་བྱ་སྟེ་ཆུང་ངུ་བསགས་པས་ཀྱང་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་ཏེ། ཆུའི་ཐིགས་པས་བུམ་པ་རིམ་གྱིས་འགེང་བ་བཞིན་ནོ། །དེ་ཡང་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །དེ་བཞིན་དུ་དགེ་བའི་མི་མཐུན་ཕྱོགས་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་མི་དགེ་བ་ནི། བྱེད་པ་པོ་ལ་ལྟོས་ནས་ལུས་ངག་ཡིད་གསུམ་གྱི་དབྱེ་གཞི་ལས་བཅུ་སྟེ། བསམ་བཞིན་དུ་མ་ནོར་པར་སེམས་ཅན་གསོད་པ། གཞན་གྱི་ནོར་རྐུ་འཕྲོག་གི་སྒོ་ནས་མ་བྱིན་པར་ལེན་པ། ཡུལ་མ་ཡིན་པ་ལ་འཁྲིག་པ་སྤྱོད་པ་འདོད་ལོག་སྟེ་ལུས་ཀྱི་ལས་གསུམ། བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན་སྨྲ་བ། གཞན་གྱི་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་འབྱེད་པའི་ཕྲ་མ། དེ་གསུམ་མ་ཡིན་པའི་ཉོན་མོངས་པ་ཅན་གྱི་ཚིག་སྨྲ་བ་ཐམས་ཅད་ངག་འཁྱལ་ཏེ་ངག་གི་ལས་བཞི། གཞན་གྱི་ནོར་ཁོ་ལ་མེད་ཀྱང་རུང་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས། གཞན་ལ་ཞེ་སྡང་བའི་གནོད་སེམས། དགེ་མི་དགེའི་ལས་ཀུན་རྫོབ་ཏུའང་མེད་པར་ལྟ་བ་སོགས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། མཚམས་མེད་ལྔ་དང་། མཆོད་རྟེན་འཇིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་དབྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔའོ། ཡང་ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་བཞི་ལོག་པ་དང་བཅས་པའི་ཁ་ན་མ་ཐོ་བ་བཅུ་གཉིས་ཏེ། དེ་ལ་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་ནོར་རྣམས་ཏེ་ལོག་པའི་ལྕི་བ་བཞི་ཞེས་བྱ་ལ། དེའི་སྟེང་དུ་ཉམས་པ་དང་སྨད་པ་དང་སྐུར་བའི་ལྕི་བ་བཞི་བཞི་སྟེ་བཅུ་གཉིས་བསྣན་པས་ལས་བཅུ་དྲུག་ཏུའང་འགྱུར་རོ། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤང་། །དཀྱིལ་འཁོར་གཉན་པོ་དྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། ཞེས་སོ། །དེ་ལྟ་བུའི་མི་དགེ་བའི་ལས་དེ་དག་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་དུ་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་བ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །དེའང་མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །འཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང། སློབ་དཔོན་ཆེན་པོས། ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ༔ དགེ་སྡིག་ཆེན་པོ་བསགས་ལ་སྨོས་ཅི་དགོས༔ ཞེས་སོ། །གཉིས་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་བསླང་ཞིང་གཞན་ལ་གནོད་པ་གཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླང་ཞིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་ཀྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། །གསུམ་པ་ལྕི་ཡང་ནི། ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱིས། མི་དགེ་བ་ལྕི་ཡང་བར་མ་གསུམ་དང་དགེ་བའི་ལས་ཀྱང་ཆེ་འབྲིང་ཆུང་གསུམ་མོ། །བཞི་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་ལ་སོགས་པ་མི་དགེ་བ་གང་བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་བཅད་པས་ཚེ་ཐུང་ཞིང་ནང་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ་ཡུལ་ཚེར་མ་ཅན་དང་ལོ་འབྲས་མི་སྨིན་པ་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་དབང་གི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་བདེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །དེ་ཡང་སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་དགེ་སེམས་དང་བཅས་ན་མཐའ་གཅིག་ཏུ་དགེ་བའི་ལས་ཁོ་ན་ཡིན་པས་རྣམ་སྨིན་ཡང་བདེ་བ་ཁོ་ན་སྟེར་མོད། གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་། ཕན་འདོད་ཀྱིས་བརྡེག་བརྡུང་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ། དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་སྐྱེད་པར་བཤད་པས་མཐའ་གཅིག་ཏུ་དཀར་བའི་ལས་ཁོ་ན་སྒྲུབ་པ་ལ་སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམ་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པ་འགལ་མེའི་འཁོར་ལོ་བསྐོར་བ་ལྟར་བསླབ་པར་བྱའོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། གནད་ཐེམས་ལས། འཁོར་བའི་སྡུག་བསྔལ་རང་རྒྱུད་འགེལ༔ ཞེས་པས་འདི་ལྟར་བསམ་སྟེ། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ཀྱང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། བློ་རྒོད་དེ་འདྲ་བ་ད་ལྟ་མ་བསམ་པས་ཡིན། བསམས་ན་སྡུག་བསྔལ་ཉམས་སུ་མྱོང་བ་ལྟ་ཅི་སྨོས། སྡུག་བསྔལ་ཐོས་སམ། གཟུགས་བརྙན་རི་མོར་བྲིས་པ་མཐོང་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་པའི་ཐབས་མེད། དེའི་རྒྱུ་མཚན། དམྱལ་བར་སྐྱེས་ན་ཚ་དམྱལ་རྣམས་ནི་སྡུག་བསྔལ་གྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་དང་། མེ་འོབས་མེ་ལྕེ་རབ་ཏུ་འབར་བའི་གནས་དེ་ལྟ་བུར་ཡང་། ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་བསྣུན་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་འབར་བས་ཀླད་ཁྲག་འཐོར་བཞིན་དུ་གཤོག་ཅིང་འབྱར་ལ་ཡང་གཤོག་པ་དང་། བསྡུས་འཇོམས་ནི་ལྕགས་བསྲེགས་ཀྱི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་མར་ལྟར་དམར་འདག་འདག་འཚིར་ཞིང་གྱེས་པ་ན། སོས་ཏེ་ཡང་འཚིར་བ་དང་། ངུ་འབོད་ནི་ཉམས་ཐག་ནས་ཡིབ་པའི་གནས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་སྒོ་ཟུམ་ནས་སྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་སྒོ་མེད་ཉིས་རིམ་མེ་འབར་བར་སྲེག་ཅིང་སྒོ་ནང་མ་ནས་བརྒྱ་ལ་ཐར་ཡང་ཕྱི་མ་ནས་ཡུན་རིང་མི་ཐར་བ་དང་། ཚ་བ་ནི་ལྕགས་ཀྱི་ཕྲུ་བ་མེ་འབར་བའི་ནང་དུ་སྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་འདག་མེ་འབར་བའི་ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁོལ་མར་སྲེག་པ་ན་ཁར་ལོང་གིས་འོང་བ་ན་ཤ་སྐྱེ་ཞིང་གཏིང་དུ་སོང་བ་ན་རུས་པར་འགྲོ་བ་དང་། གློ་སྙིང་ལ་སོགས་པ་ཕྱི་ནང་ཐམས་ཅད་མེས་སྲེག་ཅིང་ཟངས་ཞུན་སྐོལ་མ་བླུད་པས་ལུས་བུན་གྱིས་སྲེག་པ་དང་། མནར་མེད་ནི་ས་གཞི་ཆེན་པོ་མེ་འབར་བར་སོང་ནས་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པས་སྡུག་སྐད་ཐོས་པ་ཙམ་ལས་མེ་དང་སེམས་ཅན་སོ་སོར་མི་མཐོང་བ་དང་ཕྱེ་མར་འཐག་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །གལ་ཏེ་དེ་དག་ལས་ཐོན་ཏེ་བྲོས་པ་ན་ཕྱོགས་བཞིར་འདག་མེ་འབར་བའི་འོབས་པུས་ནུབ་ཙམ་ལ་ཚུད་དེ་རྐང་པ་བཞག་ན་གཞོབ་འཐུལ་ཏེ་ཚིག་ཅིང་བཏེག་ན་སོས་པ་དང་། དེ་ལས་ཐར་ནས་རོ་མྱགས་འཕྱི་སའི་འདམ་ལ་ཚུད་དེ་སྲིན་བུ་ལྕགས་ཟངས་ཀྱི་མཆུ་ཁབ་འདྲ་བས་འབིགས་པ་དང་། དེ་ལས་ཐར་ཡང་མཚོན་ཆའི་ཐང་ལ་རྐང་པ་བཞག་དུས་འབིགས་ཤིང་བཏེག་ན་འཚོ་བ་དང་། ཤིང་ལོ་བབས་པ་རལ་གྲིར་གྱུར་ནས་གཅོད་པ་དང་། ཤལ་མ་ལི་ལྕགས་ཀྱི་ཐུར་མ་གྱེན་ཐུར་དུ་བལྟ་བ་ལ་འབབ་འཛེག་བྱས་པས་ཉམ་ཐག་ཅིང་བྱ་ཁྱིས་ཟ་བ་དང་། དེ་ལས་ཐར་ནས་བསྐོམས་པས་ཆུ་ཀླུང་གི་འགྲམ་དུ་བརྒྱུགས་པ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུངས་ཏེ་ཤ་རུས་ཚིག་པས་མནར་བར་འགྱུར་རོ། །ཆེ་ཚད་ཡང་སོས་ནས་ཚ་བའི་བར་དྲུག་ནི་རྒྱལ་ཆེན་རིས་བཞི་སོགས་འདོད་ལྷ་དྲུག་གི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ནས་ཁྲི་དྲུག་སྟོང་གི་བར་ཉིས་འགྱུར་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་པ་ཡིན་ནོ། །མདོར་ན་བསྐལ་པ་འཇིག་པའི་མེ་ལས་ཡང་སོས་ཀྱི་མེ་ཚ་ཞིང་། དེ་ལས་ཀྱང་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བས་བཟོད་བླགས་མེད་དོ། །གྲང་དམྱལ་རྣམས་ནི། གནས་ཀྱི་ཁྱད་པར་སྣང་བ་མེད་པའི་མུན་ཁྲོད། གངས་བར་དང་། ཁ་བའི་བུ་ཡུག་དང་། འཁྱག་སྦུབས་དང་། འཁྱག་པའི་འོབས་དང་། འཁྱག་པའི་གཅོང་རོང་ཆེན་པོའི་ཁྲོད་དུ་གྲང་བས་ཉེན་ནས། འདར་བའི་སྐད་ངན་ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་སྡུག་སྐད་འདོན་པ་དང་། སོ་ཐམ་ཐམ་པ་ལས་སྐད་མི་ཐོན་པ་དང་། གྲང་བའི་རེག་བྱས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་པས་གང་བ་དང་། དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་ནས་རྨར་སོང་བ་དང་། ཧ་ཅང་གྲང་དྲགས་པས་པདྨ་ལྟར་ལུས་ཚལ་པ་བཞིར་གས་པ་དང་། གས་པའི་རྨ་ཕྱི་ནང་ལོག་ནས་ཆུ་རྒྱུས་ཕྲ་མོས་འབྲེལ་བ་ཨུཏྤལ་ལྟར་གས་པ་དང་། ཚལ་པ་བརྒྱ་སྟོང་ལ་སོགས་པར་གས་ཤིང་དུམ་བུར་འཐོར་བ་པདྨ་ཆེན་པོ་ལྟར་གས་པ་སྟེ་སྡུག་བསྔལ་བཟོད་ཐབས་མེད་དོ། །ཚེ་ཚད་ནི་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་པ་ལྟར་ཏེ་ཆུ་བུར་ཅན་སྔོན་ལ་འདྲེན་པའི་ལུགས་སོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ཡང་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཕྱོགས་ཀུན་ཏུ་རྒྱུག་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུངས་ཏེ་སྤྱད་དབང་མེད་པ་དང་། བལྟས་པ་ཙམ་གྱིས་ཆུ་ཀླུང་ཆེན་པོ་ཡང་བསྐམས་ཏེ་གྲམ་པར་སྐྱ་ཁྲོལ་གྱིས་འགྲོ་བ་དང་། སྨན་ཤིང་ནགས་ཚལ་སོགས་ཀྱང་སོལ་བའི་ཕུང་པོ་དང་འགལ་དུམ་རད་རོད་ཅན་དུ་འགྱུར་བ་དང་། ཡུལ་ཡིད་དུ་འོང་བའང་མི་འོང་བར་འགྱུར་བ་དང་། དུས་ཚིགས་ཕྱིན་ཅི་ལོག་ཏུ་གྱུར་པས་སོས་དུས་ཟླ་བས་ཀྱང་སྲེག་ཅིང་དགུན་ཉི་མའང་བསིལ་བས་གྲང་རེག་མི་བཟོད་པ་སོགས་སྡུག་བསྔལ་བཟོད་བླགས་མེད་དོ། །ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་ཁོང་དུ་སླེབས་མ་ཐག་མེར་གྱུར་ནས་ནང་ཁྲོལ་ཀུན་གཞོབ་ཐུལ་གྱིས་སྲེག་ཅིང་། ཁ་སྣ་གསུས་པ་སོགས་ནས་མེ་ལྕེ་དུད་པར་བཅས་པ་འཐུལ་བ་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། ཟས་སྐོམ་མ་མྱོང་བས་ཁ་ལུས་ཐམས་ཅད་བསྐམས་ཤིང་། རྒྱུ་མ་རྒལ་ཚིགས་ལ་འབྱར་བ། སྐྲ་ཟིང་ཟིང་པོར་འཛིངས་པ། མགྲིན་པ་གཞུ་རྒྱུད་ལྟ་བུ་དང་། རྐང་ལག་འཇག་མ་ལྟར་གྱུར་པ། ཚ་གྲང་གིས་གདུངས་པས་ཁ་དོག་ནི་སྔོ་ལ་ཧམ་པ། བཟའ་བཏུང་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ཙམ་དང་མིད་པ་རྟ་རྔ་ལྟར་ཕྲ་བས་དང་པོར་མི་འདྲོངས་ཤིང་ཁོང་དུ་སླེབ་པ་ན་ཁོག་པ་ཡུལ་ལྗོངས་ལྟར་ཆེ་བས་མི་ཁེངས། ཁ་ཅིག་ཁ་བྱིལ་བྱིལ་པོས་བཟའ་བཏུང་ཁོག་པར་འགྲོ་ས་མེད་པ་དང་། ཁའི་དུག་གིས་ཆུ་ཀླུང་ཡང་སྐེམ་པར་བྱེད། རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ཏེ། སློབ་སྤྲིང་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པ། ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་བསྐམས་པར་འགྱུར། །ཞེས་གསུངས་ཤིང་། ཚེ་ཚད་ནི་མི་ལོ་ཁྲི་དང་ལྔ་སྟོང་གི་བར་ཐུབ་བོ། །ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་ཡང་བྱིངས་ན་གནས་པ་ནི། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོ་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་ཟ་བ། ཀླུ་རྣམས་ལ་ཉིན་རེ་ཞིང་བྱེ་ཚན་གྱིས་སྲེག་ཅིང་མཁའ་ལྡིང་གི་འཇིགས་པ་དང་། ཁ་འཐོར་བ་ས་གཞི་རི་ཀླུང་ཀུན་ན་ཡོད་པའི་བྱ་དང་རི་དྭགས་ཕྱུགས་ལུག་ལ་སོགས་པ་འདི་དག་ཀྱང་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། ཤ་ལྤགས་རུས་པའི་ཆེད་དུ་མི་རྣམས་ཀྱིས་རང་དབང་མེད་པར་གསོད་པ་དང་། གཞན་ཡང་ཁལ་མི་ཐེག་བཞིན་དུ་འགེལ་བ། རྨོས་རྨོ་བ། ཞོ་བཞོ་བ། བལ་འཐོག་པ། སྤུ་འབྲེག་པ། འདེད་པ། བརྡུང་བ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། ཚེ་ནི་རིང་ཐུང་མཐའ་གཅིག་ཏུ་མ་ངེས་ཤིང་། རིང་ཤོས་ཁ་ཅིག་བསྐལ་པའི་བར་དུ་སྡུག་བསྔལ་མྱོང་བའང་ཡོད་དོ། །དེ་ཡང་རང་ཅག་རྣམས་སྔར་ཡང་ངན་སོང་གི་གནས་གསུམ་པོ་འདིར་ལན་གྲངས་དུ་མ་སྐྱེས་ཏེ་སྡུག་བསྔལ་འདི་མ་མྱོང་བྱ་བ་གཅིག་མེད་དེ་མྱོང་། ད་ལན་ཡང་སྔར་གྱི་ལས་ངན་རྒྱུད་ལ་ཡོད་པའི་སྟེང་དུ་ཚེ་འདི་བློས་མ་ཐོངས་པས་འདིའི་ཆེད་དུ་མི་བྱ་བ་མེད་པ་གཅིག་བྱས་པས་ཕྱིས་ཀྱང་འགྲོ་ས་ཐུར་ལས་མེད། མྱོང་རྒྱུ་སྡུག་བསྔལ་ལས་མེད་པས། ད་ལྟ་ཉིན་གཅིག་གི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་རེ་ཡང་མི་བཟོད་ན། དམྱལ་བའི་ཚ་གྲང་དང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་ཡུན་རིང་ལ་བཟོད་བླགས་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །ཡང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེ་ན་མཐོ་རིས་ཀྱི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པའི་ཕྱིར་དེ་ཙམ་གྱིས་ཆོག་གམ་སྙམས་ན། མེ་ཆེ་ཆུང་གང་གིས་ཀྱང་སྲེག་པ་ལས་མ་འདས་པ་བཞིན་དུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས། ངན་སོང་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ་མེའི་འོབས་ལྟར་བཟོད་དཀའ་བར་མ་ཟད་མཐོ་རིས་ན་ཡང་བདེ་བ་མེད་དེ། འདི་ལྟར་མིའི་གནས་ནའང་། ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་སྡུག་བསྔལ་རེ་སོ་སོར་ཡོད་ཅིང་ཁྱད་པར་སྤྱི་མཐུན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དབུལ་ཕོངས་འབྱོར་གུད། འདུ་འབྲལ། བརྡེག་བརྡུང་། གསོད་གཅོད་སོགས་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་རྣམས་ལའང། གཞན་གྱི་དཔལ་ལ་ཕྲག་དོག་པས་རྟག་ཏུ་ཕན་ཚུན་རྩོད་པ་དང་། འཁྲུག་པ་དང་། ལུས་རྨས་པ་དང་། ཡན་ལག་ཆད་པ་དང་། གསོད་པ་དང་། གཡུལ་ཉེས་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །འདོད་པའི་ལྷ་ལའང་འདོད་པས་མྱོས་ཤིང་བག་མེད་པས་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་དགོས་པ་དང་། འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཡང་ཡོད་དོ། ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་དྲག་པོས་གཟིར་བ་མེད་ཀྱང་འགྱུར་བའི་སྡུག་བསྔལ་བྱ་ནམ་མཁའ་ལ་འཕུར་བ་ཅིས་ཀྱང་ས་ལ་འབབ་པ་བཞིན་དུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་ནས་སླར་ངན་འགྲོར་ལྷུང་ནས་སྡུག་བསྔལ་དྲག་པོ་མྱོང་དགོས་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་སོ། །གཞན་ཡང་སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱད་ཀྱི་སྒྱུ་རྩལ་ལམ་དུག་ཅན་གྱི་ཟས་ལ་སྤྱོད་པ་ལྟ་བུ་འདུ་བྱེད་ཐམས་ཅད་རྐྱེན་ཁར་ལས་པས་རྟག་ཏུ་རང་དབང་དང་བྲལ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཏེ། བཞི་བརྒྱ་པ་ལས། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །ཅེས་གསུངས་སོ། །དེས་ན་ཁམས་གསུམ་འཁོར་བའི་གནས་འདི་ན་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས། ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འདི་ནས་ངེས་པར་ཐར་པ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ནས་སྐྱོ་བ་བསྐྱེད་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཡང་ཟིན་པ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་འཕུང༔ དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་ཕྱིས༔ མགོ་བོ་ཆད་ལ་སྨན་གྱིས་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས༔ ཞི་བའི་ལམ་ལ་ཡང་དག་འཛེག་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་པར་མཛོད༔ ཅེས་དང་། གྲུབ་ཆེན་མེ་ལོང་གི་ཞལ་ནས། འཁོར་བའི་སྡུག་བསྔལ་སོམས་མཛོད་ལ། །འབུངས་གསུམ་དམ་པའི་ཆོས་ལ་ཐོན། །མི་ལུས་དོན་ཅན་འོང་སྟེ་མཆི། །ཞེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་ནས་བྱ་བ་བཏང་སྟེ་དམ་པའི་ཆོས་ལ་ཉམས་ལེན་བྱའོ། །ལྔ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་འགྲོའི་ཁྲིད་ནི། གནད་ཐེམས་ལས། སྡུག་བསྔལ་དེ་ལས་མཁའ་མཉམ་འགྲོ༔ ཐར་ཕྱིར་ལོག་པའི་ལམ་སྤངས་ནས༔ དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན༔ དབེན་པར་བདེ་བའི་སྟན་ལ་འདུག༔ རང་སེམས་རྣལ་ཕབ་འདི་ལྟར་བསམ༔ མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ མདུན་དུ་ཡི་དམ་དཀྱིལ་འཁོར་ལྷ༔ གཡས་སུ་སངས་རྒྱས་དཀོན་མཆོག་སྟེ༔ རྒྱབ་ཏུ་དམ་ཆོས་དགེ་འདུན་གཡོན༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་སོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ མ་གྱུར་འགྲོ་དང་ལྷན་ཅིག་ཏུ༔ གུས་པའི་ཡིད་ཀྱིས་སྐྱབས་འགྲོ་བྱ༔ ཞེས་གསུངས་ཏེ། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན་གང་ལའང་སྐྱབས་འཚོལ་མི་དགོས་ནའང་། རང་ཅག་རྣམས་དེ་ལྟར་མ་ཡིན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་མུན་པ་འཐིབ་པོས་ནོན་ཏེ་འཇིགས་རུང་འཁོར་བའི་བཙོན་དོང་དུ་ལྷུངས། སྒོ་གསུམ་འདོད་པའི་ཞགས་པས་ནི་བཅིངས། བདག་ཏུ་འཛིན་པའི་ལྕགས་སྒྲོག་གིས་བསྡམས། ལས་ཉོན་གྱི་མཚོན་ཆས་ནི་བསྣུན། རྒ་ན་དང་འབྱོར་གུད་ཀྱི་ཆད་པས་ནི་གཅོད། མཐར་འཆི་བདག་གི་ཁྲིམས་རར་དབང་མེད་དུ་ཁྲིད་ནས་ངན་སོང་གི་གཤེད་མ་ལ་གཏོད་པར་འདུག་པས། འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་པས་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་དུ་ངེས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡང་བསླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་གསུངས་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ་སྐྱབས་སུ་འགྲོ་སྟེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བདེ་ལུགས་སུ་བསྲང་། སེམས་རྣལ་དུ་ཕབ་སྟེ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ལག་མཐིལ་ལྟར་མཉམ་ཞིང་འཇམ་ལ་ཡིད་དུ་འོང་བའི་ཞིང་ཁམས་རྣམ་པར་དག་པ། ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པ་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་ཡངས་པའི་དབུས་སུ། རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། ཕྱོགས་བཞིར་གྱེས་པའི་ཡལ་ག་བཞི་ལ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། བླ་མའི་མདུན་ཕྱོགས་ཀྱི་གདན་སྟེངས་སུ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཡས་ཀྱི་གདན་ལ་སྤྱི་ཁྱབ་ཀྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་དང་། རྒྱབ་ཀྱི་གདན་ལ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་གྱི་གདན་ལ་སྤྱི་ཁྱབ་ཀྱི་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་རྣམས་དང་། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བདག་ལ་སྐྱོབ་པའི་ཚུལ་དུ་བཞུགས་པར་བསམ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་སོགས་ས་གཞི་ཐམས་ཅད་དགྲ་གཉེན་ཕྱོགས་རིས་མེད་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམས་ནས། རང་གིས་བྱང་དྲངས་ཏེ། ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིང་དིང་འདོན། ཡིད་གུས་པས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་མ་གཏོགས་གཞན་མེད་སྙམ་དུ་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་ལིང་གིས་བཀལ་ཏེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་བསམ་ཞིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འདི་རྣམས་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ་སྙམ་པས་ངག་ཏུ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་བློ་དང་འདྲེ་ངེས་སུ་འབད་ནས། ཐུན་བསྡུ་བ་ན་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་འུར་དིང་གིས་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཇི་ལྟར་རིགས་པས་དགེ་བ་བསྔོའོ། །ཉལ་བའི་ཚེ་ན་དམིགས་པའི་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ། མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །སྐྱབས་འགྲོའི་གོ་དོན་དང་སོང་བའི་ཕན་ཡོན་བསླབ་བྱ་དང་བཅས་པ་རྣམས་ཀྱང་སྤྲོ་ན་ཇི་ལྟར་རིགས་པ་བཤད་དོ། །དྲུག་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་ནི། གནད་ཐེམས་ལས། སྐྱབས་སོང་དམན་པའི་ལམ་ཉིད་ལས༔ ལྡོག་ཕྱིར་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་གསུངས་ཏེ། དེ་ཡང་ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་པ་བཏགས་ཤིང་། གནོད་པ་ཚད་མེད་པ་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས་སྒྲུབ་པ་སྡུག་བསྔལ་ཁོ་ན་སྒྲུབ་སྟེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་སུ་སྡོད་མི་ཟུག་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། ད་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་འདུན་པ་བརྐམ་བརྐམ་པ་བསྐྱེད་ནས་ངག་ཏུ། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག །ཅེས་སྨོན་ལམ་རྒྱ་ཆེར་གདབ་སྟེ་སྙིང་རྗེའི་རྩལ་འདོན་ནོ། །དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དར་དྲགས་ལ་ཡུན་རིང་བ་བསྒོམས་ནས་མཐར་མི་དམིགས་པའི་ངང་ལ་དར་གཅིག་གློད་ལ་དགེ་བ་བསྔོའོ། །འདིར་ཡང་སྤྲོ་ན་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གོ་དོན་དང་ཕན་ཡོན་བསླབ་བྱ་རྣམས་ལུང་དང་སྦྱར་ནས་རྒྱ་ཆེར་བཤད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རྩ་བར། སྒྲིབ་སྦྱོང་རྡོར་སེམས་བསྙེན་པ་དང༔ ཚོགས་གསག་བླ་མའི་རྣལ་འབྱོར་བསྒོམ༔ དབང་བླང་རྒྱུད་སྦྱངས་ཟབ་མོའི་གནད༔ ཅེས་པའི་དོན་ལ་དམིགས་སྐོར་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། ཚོགས་གསག་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་སོ། །དང་པོ་ནི། གནད་ཐེམས་ལས། སྡིག་སྦྱོང་ཕྱིར་དུ་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ཆེ༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་པར་བསམས་ནས་བཟླས་པ་བྱ༔ ཞེས་གསུངས་ཏེ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པར་འཁྱུད་པ། ཞབས་སེམས་སྐྱིལ་ཅན། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་བསམ། དེ་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དཀར་ཞིང་གསལ་བ་འགྲེང་སྟབས་སུ་བསླང་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་རྟག་ཏུ་འཆར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་སྐྱ་ཁྲོམ་ཁྲོམ་གཡས་བསྐོར་དུ་འཁོད་པར་བསམ་ལ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་གནོང་ཞིང་འགྱོད། ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པའི་སྒོ་ནས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟས་ལ། མོས་གུས་ཚད་མེད་པ་མཆི་མ་འབྲུལ་པ་ཙམ་བསྐྱེད་ནས། ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་གྱིས་དམིགས་པ་གཏད་དེ། གཙོ་བོར་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་གསོལ་འདེབས་ཀྱི་ཚུལ་དུ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ་ ཨ་ནུ་རཀྟོ་མེ་བྷ་བ་ སུ་པོ་ཥྱོ་མེ་བྷ་བ་ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ་ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས་ཏེ། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་དང་སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཐོན་པར་བསམ་ལ། བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་ལུས་དྲི་མ་མེད་པ་ཤེལ་སྒོང་ལྟར་གྱུར་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་པ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་ཞིང་རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་བ་རང་ལ་བསྟིམ་སྟེ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་གློད་ནས་བཞག་ཅིང་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་དགེ་བ་བསྔོ། འདི་ཉིད་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་སེམས་ཤིན་ཏུ་འཇུར་པས་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པས་དམིགས་པ་གཅུན་ལ་མ་ཡེངས་པ་གལ་ཆེའོ། །རྟགས་ནི་དངོས་སུ་རིག་པ་དྭངས་པ། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་དང་། ཉམས་སམ་རྨི་ལམ་ཅི་རིགས་པར་འཁྲུ་སྐྱུགས་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང། ཆུ་ཆེན་བརྒལ་བ་དང་། མཁའ་ལ་འཕུར་བ་དང་། ཉི་ཟླ་ཤར་བ་སོགས་སྡིག་པ་འདག་པའི་རྟགས་དང་། ལུས་ལས་རྔུལ་དང་རྣག་ཁྲག་ཆུ་སེར་འཐོན་པ་སོགས་ནད་དོན་པའི་རྟགས་དང་། གྲོག་སྦུར་སོགས་སྲོག་ཆགས་ཕྲ་མོ་འཐོན་པ་བྱུང་ན་གདོན་དོན་པའི་རྟགས་སོ། །སྐབས་འདི་དག་ཏུའང་སྤྲོ་ན་སྡིག་པའི་ཉེས་དམིགས་དང་སྟོབས་བཞིའི་གོ་དོན་སོགས་ཀྱང་བཤད་པར་བྱའོ། །གཉིས་པ་ཚོགས་གསག་པ་མཎྜལ་གྱི་ཁྲིད་ནི། གནད་ཐེམས་ལས། ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་བསྒོམ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་རྣམས༔ གུས་པའི་བློ་ཡིས་དབུལ་བར་བྱ༔ ཞེས་གསུངས་ཏེ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་བཏབ་ནས། དངོས་སུ་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལེགས་པར་ཕྱིས་ལ་དྲི་བཟང་དང་བ་བྱུང་གི་ཆུས་བྱུག །མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་ལག་ལེན་ལྟར་བཀོད་བཞིན་པར། ཡིད་ཀྱིས་དབང་ཆེན་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་གླིང་བཞི་རི་མཚོ་ཁོར་ཡུག་དང་བཅས་པ། གླིང་རྣམས་ཀྱི་སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། རང་གིས་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་གཡོག་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་ལྟོས་མེད་དུ་འབུལ་བ་ནི་ནང་གི་མཎྜལ། རང་གི་ལུས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་སུ་དམིགས་ཏེ་ཞེན་པ་མེད་པར་འབུལ་བ་གསང་བའི་མཎྜལ་ཏེ་ཐམས་ཅད་ཀྱང་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ལ་ངག་ཏུ། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་འབུལ༔ སརྦ་པཱུ་ཛ་རཏྣ་མ་དྷ་ལ་ཧཱུྃ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སྙིང་ཐག་པ་ནས་ཕུལ་ལ་མྱུར་དུ་སངས་རྒྱས་ཐོབ་པ་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་མཐར། ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་དགེ་བ་བསྔོའོ། །རྟགས་སེང་ཁྲི་ལ་འདུག་པ་དང་། ཅོད་པན་བཅིངས་པ། སྐྱེ་བོ་མང་པོས་ཕྱག་འབུལ་བ་སོགས་ཉམས་སམ་རྨི་ལམ་དུ་ཅི་རིགས་མ་བྱུང་གི་བར་དུ་འབད་ཅིང་ཐུན་མཚམས་སུ་ཕྱག་དང་མཆོད་པ་སོགས་སྒོ་དུ་མ་ནས་བསོད་ནམས་ཀྱི་ཚོགས་གསག །སྤྲོ་ན་སྣོད་བཅུད་ཀྱི་བཀོད་པ་དང་མཎྜལ་གྱི་ཕན་ཡོན་སོགས་བཤད་པར་བྱའོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ མཚན་དཔེའི་གཟི་བྱིན་རབ་ཏུ་འབར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བཞུགས༔ མཐའ་སྐོར་བརྒྱུད་པའི་བླ་མ་དང༔ ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ འཕགས་པ་ཉན་རང་ཆོས་སྲུང་ཚོགས༔ མངོན་སུམ་ལྟ་བུར་བཞུགས་པར་བསམ༔ ཤིན་ཏུ་དད་ཅིང་གུས་པ་ཡིས༔ ཡན་ལག་བདུན་པོ་རྣམ་དག་བྱ༔ ཞེས་གསུངས་ཏེ། རང་གནས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་རྣམ་དག་ཏུ་གྱུར་པའི་མདུན་གྱི་ནམ་མཁའི་གནས་སུ། དྲི་མ་མེད་པས་དག་ཅིང་མི་སྒྲིབ་པར་གསལ་བའི་ཡེ་ཤེས་ལྔའི་རང་མདངས་འོད་ལྔ་འཁྲུགས་པའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ། རང་ལ་དགྱེས་པའི་ཞལ་འཛུམ་མདངས་དང་ལྡན་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་སྤྲོ་བ། སྒྱུ་མ་ལྟ་བུའི་སྐུ་ཅན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ལྷམ་མེར་བཞུགས་པ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་མངོན་སུམ་པ་ལྟ་བུར་བཀྲ་ལམ་གྱིས་བཞུགས་པར་བསམ་མོ། །དེ་ནས་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས་པ་ལྟར་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སངས་རྒྱས་རྣམས་ཀྱི་ཞལ་མཇལ་བ་དང་གསུང་དངོས་སུ་ཐོས་པའི་སྐལ་པ་མེད་པའི་དུས་འདིར། དེ་རྣམས་ཀྱིས་མཛད་རྒྱུ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར། རང་རེའི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ཏེ། ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ནས་སེམས་ཅན་རྣམས་དང་ལྷན་ཅིག་པས་ཕྱག་འཚལ་བ་དང་། མཆོད་སྤྲིན་མཐའ་ཡས་པ་སྤྲོས་ཏེ་འབུལ་བ། ཉེས་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་སྡོམ་གྱིས་མཐོལ་བཤགས། རྨད་དུ་བྱུང་བའི་མཛད་པ་ལ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། འདིས་མཚོན་པའི་བདག་གཞན་གྱི་དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། དོན་བསམ་བཞིན་པར་ངག་ཏུ། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཅི་ནུས་བརྗོད། དེ་ནས་ལྕེ་བཙུན་ཆེན་པོའི་མགུར་ལས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་སུ་ཤེས་པའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་ཀྱིས་ཕྲོགས་པའི་གདུང་ཤུགས་སྙིང་གི་དཀྱིལ་རྐང་གི་ཁོང་། རུས་པའི་གཏིང་ནས་རྐམ་རྐམ་པ་བསྐྱེད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་པའི་སེམས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ངག་ཏུ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ རང་བཞིན་རྣམ་དག་གདོད་མའི་མགོན་པོ་མཆོག༔ ཀུན་བཟང་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསལ་མདངས་འགག་མེད་རྡོ་རྗེ་དབྱིངས་ཀྱི་ཞིང༔ ལྷུན་གྲུབ་འོད་གསལ་བདེ་ཆེན་སྒྱུ་མའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གང་འདུལ་དེར་སྣང་ཐུགས་རྗེའི་ཕོ་བྲང་དུ༔ མ་འགགས་རང་ཤར་འགྲོ་འདུལ་སྤྲུལ་པའི་སྐུ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་ཅིང་གཟིགས༔ སྒྲ་བསྒྱུར་ལོ་ཆེན་བཻ་རོ་ཙ་ན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཟག་མེད་བདེ་ཆེན་རྡོ་རྗེའི་ཕོ་བྲང་དུ༔ མཆོག་གི་ས་བརྙེས་མཁར་ཆེན་མཚོ་རྒྱལ་དང༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསང་ཆེན་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་མཛད་པ༔ རིག་འཛིན་བླ་མ་འགྱུར་མེད་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་བདེ་ཆེན་ཆོས་སྐུའི་ཀློང༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་ཅི་ཙམ་ནུས་ནུས་བསྐྱར་གྱིན་གསོལ་བ་དྲག་ཏུ་བཏབ་ལ། མཐར་དབང་བླང་བ་ནི། ཞེས་པས་གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་གནས་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་གྱུར་པར་བསམ༔ ཞེས་པས་བླ་མའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་པས། ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གོ་འཕང་མངོན་དུ་བྱས། ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས། ངག་སྒྲིབ་སྦྱངས། གསང་དབང་ཐོབ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས། ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་མོ། །སླར་ཡང་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས། བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་སོགས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མ་ཉིད་ཀྱི་སྐུར་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་སེམས་བླ་མ་དང་དབྱེར་མེད་པའི་ངང་ལ་དར་གཅིག་མཉམ་པར་གཞག་རྗེས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱི་བསྔོ་བ་དང་ཤིས་བརྗོད་ཀྱང་བྱའོ། །འདི་ནི་བྱིན་རླབས་དངོས་སུ་འབེབ་པ་དང་རྟོགས་པ་ཤུགས་ལ་འཆར་ཞིང་། ལམ་གྱི་བར་ཆད་སེལ་བ་གེགས་དང་གོལ་ས་ཆོད་པ་སོགས་བྱིན་རླབས་དངོས་གྲུབ་ཀྱི་གནད་དམ་པ་ཡིན་པས་བརྩོན་པ་ཆེན་པོས་ཉམས་སུ་བླང་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པའི་བྱིན་རླབས་ཁོ་ན་ལ་རག་ལུས་པའི་ཕྱིར་རོ། །དེས་ན་འདིར་ཡང་བླ་མའི་མོས་གུས་ལམ་དུ་ཁྱེར་ཚུལ་དང་། མོས་གུས་ཀྱི་ཕན་ཡོན། བླ་མ་ཇི་ལྟར་བསྟེན་ཚུལ་སོགས་ཀྱང་ཟབ་མོའི་ལུང་དང་སྦྱར་ཏེ་ཞིབ་ཏུ་བཤད་པས་ངེས་ཤེས་བསྐྱེད་པར་བྱའོ། །དེ་དག་ནི་སྤྱིའི་སྔོན་འགྲོའོ། །བདེ་གཤེགས་ཀུན་འདུས་ཟབ་ལམ་གྱི། །སྒོ་འབྱེད་སྔོན་འགྲོའི་ཟིན་ཐུན་འདི། །དྷརྨ་ཤྲཱིས་སྤེལ་བའི་དགེས། །འགྲོ་ཀུན་ལམ་འདིའི་སྣོད་རུང་ཤོག། །།

ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར་ (Volume 4, Text 22)

༄༅། །ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཟིན་བྲིས་ནོར་བུའི་འོད་ཟེར་བཞུགས། ། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞཱ་ཡ། འདིར་གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་འགྲོ་འདུལ་སངས་རྒྱས་བླ་མའི་ཟབ་གཏེར་གྱི་སྙིང་པོ་བདག་ཅག་གི་འདྲེན་མཆོག་མཚུངས་མེད་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་ལ་ཡང་གཏེར་དུ་བཀའ་བབས་པའི་རྩ་གསུམ་དྲིལ་སྒྲུབ་ཀྱི་ཁྲིད་རིམ་མདོར་བསྡུས་ཏེ་སྒོམ་པའི་ཚུལ་འཇམ་མགོན་བླ་མ་རང་ཉིད་ཀྱི་གསུང་རྒྱུན་ལྟར་རང་བཟོ་སྤངས་ཏེ་ཟིན་བྲིས་སུ་བཀོད་པ་འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་གཞུང་ལས། སྟན་བདེ་བ་ལ་ལུས་དྲང་པོར་བསྲང་། རླུང་རོ་དགུ་ཕྲུགས་སུ་བསལ་སོགས་གསུངས་པ་ལྟར། ལུས་གནད། ངག་གནད། དམིགས་གནད་གསུམ་ལས། དང་པོ་དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་ལུས་གནད་རྣམ་སྣང་ཆོས་བདུན་ནམ། མིན་ཡང་ལུས་དྲང་པོར་བསྲངས་ཏེ། ངག་གནད་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུང་ནས་དུད་པ་ཡལ་བ་ལྟར་སོང་བར་བསམ། སེམས་རྣལ་དུ་ཕབ་སྟེ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་པ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་བསྒོམས་ཏེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་ལྟོས་ལིང་བསྐྱུར་གྱི་གསོལ་བ་བཏབ་རྗེས། བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་པར་མོས་ཏེ། འོག་གི་དམིགས་པ་གང་བསྒོམ་ཡང་ཐུན་གྱི་སྔོན་དུ་འདི་ལེགས་པར་གཏང་ངོ་། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གསུམ། ངེས་འབྱུང་གིས་རྒྱུད་བསྐུལ་བ། སྐྱབས་འགྲོས་མཚམས་སྦྱར་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་བློ་ལྡོག་རྣམ་པ་བཞིའི་སྒོ་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་ཁྲིད་རིམ་རྣམས་རྒྱས་པར་གཞན་དུ་གསལ་བ་ལྟར་མྱོང་བ་ཐོན་ཐོན་གྱི་བར་དུ་འཇུག་དགོས་ནའང་། འདིར་བློ་འབྱོངས་ཟིན་གྱི་དབང་དུ་བྱས་ཏེ་ཅུང་ཟད་གསལ་འདེབས་པའི་ཚུལ་དུ་བྱས་ནས་དམིགས་པ་དེ་རྣམས་གཅིག་ཏུ་དྲིལ་ན། དལ་འབྱོར་ཚང་བའི་རྟེན་འདི་ཉིད་རྒྱུ་དང་ངོ་བོ་གྲངས་དང་དཔེ་ལ་སོགས་པའི་ཚུལ་གང་ལ་བརྟགས་ཀྱང་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ལྟ་བུ་རྙེད་པའི་དུས་འདིར་གཏན་བདེའི་འདུན་མ་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་པར་འདུག་ཅིང་། དེ་ལྟར་རྙེད་པ་དེ་ཡང་ཡུན་དུ་མི་གནས་པར་བར་སྣང་གི་གློག་ལྟར་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་ཆུ་ཡི་ཆུ་བུར་ལྟར་ནམ་ཡལ་བའི་ཆ་མེད་ཅིང་ནམ་འགྱུར་ངེས་པ་མེད་པས་རྐྱེན་གློ་བུར་བ་བྱུང་ན་དོ་ནུབ་ཙམ་ཡང་འཆི་ཆོག་པ་དང་མི་འཆི་བའི་གདིང་སྤུ་ཙམ་མེད་པས་ཆོས་དེ་ཡང་ཕྱི་བཤོལ་དུ་མ་སོང་བར་ད་ལྟ་ཉིད་ནས་བསྒྲུབ་པར་ཐག་བཅད། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་གཉེན་འདུན་མངའ་ཐང་སོགས་ལྟ་ཅི། རང་གི་ལུས་འདི་ཡང་བོར་ཏེ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་བའི་ཚེ་ལས་འབའ་ཞིག་གི་རྗེས་སུ་འབྲང་སྟེ། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པ་ཁྱེར་རྒྱུ་ནི་མེད་དོ། ལས་བྱས་པ་ཆུད་མི་ཟ་བ་མ་བྱས་པ་དང་མི་འཕྲད་པས། རང་དབང་མེད་པར་ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་གང་ཞིག་ཏུ་སྐྱེ་བར་འགྱུར། ངན་སོང་གསུམ་དུ་སྐྱེས་ན་ཅི་བྱེད། མི་སྐྱེ་བའི་གདིང་ནི་མེད། ད་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ལ་ནན་ཏན་དུ་བསླབ་པར་བྱ་སྙམ་པས་ཆོས་དེ་ཡང་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཕན་ངེས་པའི་རྒྱུ་འབྲས་ཀྱི་བླང་དོར་མ་ནོར་བར་བྱའོ་སྙམ་དུ་ཐག་བཅད། དེ་ཡང་ལས་ཀྱི་དབང་གིས་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཏེ། ངན་སོང་གི་འགྲོ་བ་རྣམས་ནི་མྱོང་བ་ལྟ་ཅི། དྲན་པ་ཙམ་ན་ཡང་མི་བདེ་བའི་ཚོར་བ་སྟོན་པའི་ཡ་ང་བ་ཡིན་ལ། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ནས་འཕྲལ་བདེ་བ་ལྟར་སྣང་བ་རྣམས་ཀྱང་གཉིད་ཐུན་རེའི་རྨི་ལམ་བཟང་བ་དང་འདྲ་སྟེ་འགྱུར་ཞིང་འགྲོ །འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་རེས་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་པས་བདེ་འབྱོར་ཅི་ལྟར་བཟང་ཡང་སྙིང་པོ་མེད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད། སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས་ཕྱི་མར་ཕན་ངེས་ཀྱི་ཆོས་དེ་ཡང་ཁམས་གསུམ་འཁོར་བ་ལས་ངེས་པར་འབྱིན་པའི་ཆོས་རྣམ་པར་དག་པ་ཞིག་བྱ་སྙམ་དུ་བསམ་པའོ། །དེ་ལྟར་ཁམས་གསུམ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། གཉིས་པ་སྐྱབས་སུ་འགྲོ་བ་ནི། འཇིགས་རུང་འཁོར་བའི་སྡུག་བསྔལ་མེ་ཡི་འོབས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་དཔུང་གཉེན་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས། མདུན་མཁར་སྐྱབས་ཡུལ་རྩ་བ་གསུམ་མཁའ་ཁྱབ་ཏུ་གསལ་གདབ་པའམ། ཡང་ན་རང་གི་མདུན་དུ་སེང་ཁྲི་པད་ཟླ་ཉི་མའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྣང་སྲིད་ཟིལ་གནོན་གྱི་ཆ་ལུགས་ཅན་དུ་བསྒོམ་པ་དེ་ཉིད། ཕྱི་ལྟར་དཀོན་མཆོག་ཀུན་འདུས། ནང་ལྟར་རྩ་གསུམ་ཀུན་འདུས། གསང་བ་སྐུ་གསུམ་ཀུན་འདུས་ཏེ་སྐྱབས་གནས་གཅིག་ཆོག་ཀུན་འདུས་ནོར་བུ་ལུགས་སུ་གསལ་བཏབ་ལ། དེ་དག་གི་མདུན་དུ་གཡས་སུ་རང་གི་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་གནོད་བྱེད། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་འཚོགས་པ་བཞིན་འདུས་པ་དེ་ཐམས་ཅད་ཀྱི་བྱང་འདྲེན་པ་ལྟ་བུ་བདག་གིས་བྱས་ཏེ། ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད། སེམས་གུས་པའི་སྒོ་ནས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་མོས་ནས། ན་མོ། བདག་སོགས་འགྲོ་ཀུན་མ་བརྗོད། ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱང། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་བསྟིམ་པའམ། གདན་ཐོག་གཅིག་ཏུ་ཉམས་ལེན་བྱེད་པ་ལྟ་བུའི་ཚེ་སྐྱབས་ཡུལ་མ་བསྡུས་པར་སེམས་བསྐྱེད་ཀྱི་དཔང་པོའི་ཚུལ་དུ་བྱས་ཀྱང་རུང་ངོ་། །གསུམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱིས་ཁྱབ། ལས་ངན་སྡུག་བསྔལ་གྱིས་ཁྱབ་པའི་སེམས་ཅན་དེ་དག་ཐམས་ཅད་ཡང་ནས་ཡང་དུ་ཕ་མར་བྱས་པའི་དྲིན་ཅན་ཤ་སྟག་ཡིན། ཕ་མར་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་བཞིན་ཕན་ཚད་མེད་པར་བཏགས། གནོད་པའི་སྒོ་དུ་མ་ནས་བསྐྱབས་ཏེ་རང་གི་སྲོག་ལྟར་ལེགས་པར་བསྐྱངས་པའི་དྲིན་ཅན་མ་རྒན་འགྲོ་བ་འདི་དག །བདེ་བ་འདོད་ཀྱང་སྡུག་བསྔལ་བསྒྲུབས་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། སྙིང་རྗེ་ནས་བཞག་པས་མི་ཕན་པས། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་མྱུར་དུ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་རྩ་བ་གསུམ་གཅིག་ཏུ་དྲིལ་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། གཞན་དོན་རྫོགས་པའི་སངས་རྒྱས་སོགས་བརྗོད། མཐར་ཚོགས་ཞིང་ཐམས་ཅད་རང་ལ་ཐིམ་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་རྫོགས་རིམ་གྱི་ཁྲིད་དོ། །དང་པོ་ལ་གཉིས། བསྒྲུབ་གཞི་བཀོད་པ་དཀྱིལ་འཁོར་གསལ་གདབ་པ་དང་། སྒྲུབ་ཆོས་མི་གཡོ་བ་ཏིང་ངེ་འཛིན་གྱི་གསལ་སྣང་ལ་བསླབ་པའོ། །དང་པོ་ལ་གསུམ། གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། ལམ་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ། འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་དབྱེར་མེད་དུ་བྱ་བའོ། །དང་པོ་ལ་གསུམ། སྟོང་ཆེན། ཀུན་སྣང་། རྒྱུ་ཏིང་གསུམ་ལས། དང་པོ་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་དབྱིངས་སྟོང་པ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ནི་དེ་བཞིན་ཉིད་དམ་སྟོང་ཆེན་གྱི་ཏིང་ངེ་འཛིན་ཏེ། འདིས་མར་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་བསྒྲིག །བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ན་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །འདིར་ཡང་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་ཞེས་གཞི་འབྲས་སྦྲེལ་མའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། ཆུ་ལས་རླབས་གཡོས་པ་ལྟར་དེ་བཞིན་ཉིད་ཀྱི་ངང་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་པའི་ཆོས་སྐུ་ཆེན་པོར་གནས་པ་ལ་དེ་ལྟར་མ་རྟོགས་པའི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་སར་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པའམ་ཀུན་ཏུ་སྣང་བའོ། །འདིས་བར་དོ་སྦྱོང་ཞིང་། འབྲས་བུ་ལོངས་སྐུ་རྫོགས་པའི་རྟེན་འབྲེལ་བསྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་ངོ་། །གསུམ་པ་ནི། སྟོང་ཆེན་དེ་བཞིན་ཉིད་ལས་སྙིང་རྗེའི་མཚམས་སྦྱར་ཏེ་རིག་པའི་གདངས་ཕྱག་རྒྱ་གཅིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿདཀར་པོ་སྤྲིན་བྲལ་གྱི་མཁའ་ལ་ཟླ་བ་ལྟར་དཀར་ཐོལ་གྱིས་གསལ་བ་དེ་ལས་འོད་ཟེར་ལྔ་ལྡན་དུ་འབར་བ་ནམ་མཁའ་ལས་འཇའ་ཤར་བ་ལྟར་བསྒོམ་མོ། །འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་བསྒྲིག །རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེངས་པའི་གཞི་འདིང་ངོ་། །གཉིས་པ་ལམ་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་རྒྱུའི་ས་བོན་ལས་འོད་ཟེར་འཕྲོས་པས་མ་དག་སྣོད་བཅུད་ཀྱི་སྣང་ཞེན་ཐམས་ཅད་སྦྱངས་ཏེ་འོད་གསལ་གཉུག་མའི་ངང་ལས། དག་པ་ཡེ་ཤེས་ཀྱི་རང་སྣང་འབའ་ཞིག་ལས་གྲུབ་པའི་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྡོ་རྗེ་སྲུང་བའི་འཁོར་ལོ་དང་བཅས་པ་ཐམས་ཅད་གསལ་བཏབ། གཞལ་ཡས་ཁང་དེའི་དབུས་སུ་པདྨ་དང་ཉི་མ་ཟླ་བའི་གདན་དང་བཅས་པ་བསྒོམ་པའོ། །གཉིས་པ་ལྷ་བསྒོམ་པ་ལ། ལྷ་བསྐྱེད་པ་དངོས་དང་། གནས་གསུམ་བྱིན་གྱིས་བརླབ་པའོ། །དང་པོ་གདན་གྱི་སྟེང་དུ་ཧྲཱིཿཡིག་བབས་པ་ལས་འོད་འཕྲོས། འཕགས་པ་མཆོད། བྱིན་རླབས་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱང་། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བླ་མ་ཀུན་འདུས་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་པ། ཞལ་ཞི་བ་ལ་སྤྱན་ཧུར་བག་ཏུ་གཟིགས་པ་སོགས་ཅུང་ཟད་ཁྲོ་བའི་ཉམས་དང་ལྡན་ཅིང་མཛེས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། དེའི་སྟེང་དུ་ཕོད་ཆེན་ནམ་སྔགས་བེར་མཐིང་ག །དེའི་སྟེང་དུ་ཆོས་གོས་རྣམ་གསུམ། དེའི་སྟེང་དུ་ཟ་འོག་བེར་ཕྱམ་དབང་གི་མདོག་ཅན་གསོལ་བ། དབུ་ལ་རབ་མཛེས་ཤ་བའི་སྙན་ཞུས་བརྗིད་པ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་གསེར་གྱི་རྡོ་རྗེ་ནམ་མཁར་འཕྱར་ཐབས་སུ་འཛིན་པ། སྡིགས་མཛུབ་ཀྱི་རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀ་སྐུ་མདོག་དམར་པོ་སྐུ་ལ་ཡེ་ཤེས་ཀྱི་མེ་ལྕེའི་ཕྲེང་བ་རབ་ཏུ་འཁྲུགས་པ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་དང་། གཡོན་པས་སྡིག་པའི་མགུལ་ནས་སྡོམ་པ་ཁྲོ་བོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པ། འཁོར་དྲག་པོ་རིགས་བཞི་དང་བཅས་པ་ལས་སྤྲུལ་པའི་སྤྲིན་ཕུང་རབ་འབྱམས་མུ་མེད་དུ་འཕྲོ་བ་གསལ་བཏབ། དེ་ལྟར་སྐུ་བརྡ་རྟགས་ཀྱི་རྣམ་པ་སྤྱི་དང་། ཁྱད་པར་དྲག་པོ་སྡེ་ལྔ་འཕྲོ་བ་ནི་བུམ་པའི་དབང་རྫོགས་པའི་བརྡ་དང་། གསང་བའི་དབང་རྫོགས་པའི་བརྡར། ཕྱག་གཡོན་པ་མཉམ་གཞག་གི་སྟེང་ན་མཚན་ལྡན་གྱི་ཀ་པཱ་ལ་བདུད་རྩིས་གང་བའི་ནང་ན་འཆི་བ་མེད་པའི་མཆོག་སྩོལ་བའི་ཚེ་བུམ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་གཏམས་པ། དེ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ག་ལྔ་ལྡན་དུ་འཕྲོ་ཞིང་། དེ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོ་ཞིང་སྡུད་པས་སྲིད་དང་ཞི་བའི་ཚེ་བཅུད་འགུགས་པ། ཤེར་དབང་རྫོགས་པའི་བརྡར་གྲུ་མོར་གསང་ཡུམ་མནྡ་ར་བ་ཁ་ཊཱཾ་གི་རྣམ་པར་སྦས་པའི་བརྡ་ཐབས་ཀྱིས་དགའ་བཞིའི་ཡེ་ཤེས་རྩོལ་བ་མེད་པར་འདྲེན་པ། དབང་བཞི་པའི་ཡེ་ཤེས་རྫོགས་པའི་བརྡར་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར་ཞིང་སྤྱན་ཧུར་བག་གཟིགས་པ། ཐབས་ཤེས་ཀྱི་ཞབས་གཉིས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། འཇའ་ཟེར་ཐིག་ལེའི་འོད་ཕུང་ཆེན་པོ་འཁྱིལ་བའི་ཀློང་ན། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་ཅིང་། འཁོར་འདས་ཡོངས་ཀྱི་བདག་ཉིད་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲོ་ཞིང་སྡུད་པའི་སྤྱི་དཔལ་ཆེན་པོར་གསལ་བའི་དབུ་གཙུག་ཏུ། རིགས་བདག་མགོན་པོ་འོད་དཔག་ཏུ་མེད་པ། སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་མཉམ་གཞག་གི་སྟེང་ན་བཻཌཱུརྻའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པར་བསྒོམ། བདག་ཉིད་ཀྱི་ཐུགས་ཀར་རབ་ཏུ་རྒྱས་པའི་པདྨ་དང་ཉི་མའི་དབུས་སུ་ཡི་དམ་མ་ལུས་པ་ཡོངས་སུ་འདུས་པའི་བདག་ཉིད་དབང་ཆེན་རྟ་མཆོག་སྐུ་མདོག་དམར་སྨུག་གར་དགུའི་ཉམས་ཀྱིས་བརྗིད་པ། ཕྱག་གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། མེ་དཔུང་འབར་བའི་དབུས་ན་བདུད་བཞིའི་གདན་ལ་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། དེའི་པང་དུ་སྦྱོར་བའི་ཡུམ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་འདུས་པའི་གཙོ་མོ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ་བདེ་བའི་ལང་ཚོ་རྒྱས་པ་ཡབ་ཀྱི་སྤྱི་བོར་རྟ་གདོང་དང་ཡུམ་གྱི་སྤྱི་བོར་ཕག་ཞལ་བཞད་པ་གསལ་བཏབ། བདག་ཉིད་ཀྱི་སྐུ་ལས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་ཞིང་། ཆོས་སྲུང་ནོར་ལྷ་གཏེར་བདག་ཐམས་ཅད་བྲན་བཞིན་དུ་འདུ་བ་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་གདོད་ནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པ་ཉེ་བར་སད་པས་སྣང་སྲིད་གཞིར་བཞེངས་ཀྱི་ལྷར་གསལ་བའོ། །དེ་ལྟར་རྟེན་དང་བརྟེན་པའི་འཁོར་ལོ་གསལ་གདབ་པ་དེས་སྦྱང་བྱ་སྣོད་བཅུད་ཀྱི་སྣང་ཞེན་མ་དག་པ་དག་པར་བྱེད་ཅིང་། འབྲས་དུས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པར་འགྲུབ་པ་དང་། ལམ་དུས་སུ་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ལ་རྒྱས་པར་སྦྱོར་འདོད་ན་གཞན་དུ་ཤེས་པར་བྱའོ། །གཉིས་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སྐུ་ཕྱག་རྒྱ་ཆེན་པོའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོས་མཚན་པ་གསལ་བཏབ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་བཏབ་པར་བསམ། གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་འཁོར་ལོ་དབྱེར་མེད་དུ་བྱ་བ་ལ་དངོས་དང་། ཞར་བྱུང་ངོ་། །དང་པོ་ཏིང་འཛིན་སྔགས་ཕྱག་རྒྱ་བསྐུལ་ཚིག་དང་བཅས་པ་སྟེ་གསང་སྔགས་ལུང་གི་སྒོ་བཞིས་སྤྱན་དྲང་ཞིང་བསྟིམས་ནས་བཞུགས་སུ་གསོལ་བའོ། །དེ་ལ་གསང་སྔགས་ལུང་གི་སྒོ་བཞི་ནི། ཇི་སྐད་དུ། མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ །དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ །ཞེས་གསུངས་པ་ལྟར། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་མདུན་གྱི་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿཞེས་བརྗོད་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་ཐུགས་དམ་བསྐུལ་བའི་ཚིག་ཧཱུྃ་ཧྲཱིཿ པདྨ་འོད་དང་སོགས་སྔགས་བཅས་པས་སྤྱན་དྲང་བ། ཛཿཞེས་པས་མདུན་དུ་འདུས། ཧཱུྃ་ཞེས་པས་རང་དང་ཐིམ་ལ་ཁད་དུ་གྱུར། བཾ་ཞེས་པས་རང་དང་རོ་གཅིག་ཏུ་ཞུགས། ཧོཿཞེས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་དབྱེར་མེད་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་བྱ། དེ་ལྟར་དམ་ཡེ་དབྱེར་མེད་དུ་བྱས་པ་མི་འབྲལ་བར་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ ཕྱི་སྣོད་དག་པ་རབ་འབྱམས་སོགས་ཀྱི་ཚིག་གིས་གསལ་བཏབ་བོ། །གཉིས་པ་ཞར་བྱུང་དུ་སྤྲོ་ན། ཕྱག་འཚལ་བའི་བསྙེན་བཀུར་སྔོན་དུ་འགྲོ་བས། མཆོད་པ་གནས་སུ་སྟོབ་ཅིང་། ཆེ་བའི་ཡོན་ཏན་བསྟོད་པས་མཇུག་བསྡུ་བ་གསུམ་བྱ་སྟེ། དང་པོ་རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བརྡ་ཡིས་ཕྱག་ཨ་ཏི་པཱུ་ཧོཿཞེས་འཚལ་ཞིང་པྲ་ཏི་ཙྪ་ཧོཿཞེས་པའི་དོན་གྱི་ཕྱག་ལེན་བཏབ་སྟེ་ལྷ་མོ་རྣམས་རང་ལ་ཐིམ་པར་བསམ། དངོས་སུ་འབྱོར་པ་དང་ཡིད་སྤྲུལ་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ་སྨན་རག་གཏོར་མ་དང་། ཡུམ་ཕྱག་རྒྱ་མ་དང་གསང་བའི་དབང་པོ་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོས་མཆོད་པས་དགྱེས་པ་བསྐྱེད་ཅིང་ལྷ་མོ་རྣམས་གནས་སོ་སོར་ཐིམ་པར་བསམ། ཡི་དམ་རྩ་བ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་བཞིན་རྡོ་རྗེའི་གླུ་ཡིས་བསྟོད་པར་བྱའོ། །དེ་དག་རྣམས་ཀྱང་སོ་སོར་དག་རྫོགས་སྨིན་པའི་ཚུལ་སྦྱར་ཏེ་ཉམས་སུ་བླང་བར་བྱའོ། །གཉིས་པ་སྒྲུབ་ཆོས་མི་གཡོ་བ་ཏིང་ངེ་འཛིན་གྱི་གསལ་སྣང་ལ་བསླབ་པ་ལ་གསུམ། རྣམ་པ་གསལ་བ་ལ་བསླབ་པ། ང་རྒྱལ་ལ་བསླབ་པ། དག་དྲན་ལ་བསླབ་པའོ། །དང་པོ་ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་ལྷ་སྐུའི་སྣང་ཞེན་ལ་བསླབ་པའི་ཚུལ་ནི། རྫིང་བུ་གསལ་དྭངས་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་སྐུ་ཡོངས་རྫོགས་ལམ་ཙམ་གསལ་བ་དམིགས་ཡུལ་དུ་བྱིང་རྒོད་ཀྱི་སྐྱོན་མེད་པར་རྩེ་གཅིག་ཏུ་བསྒོམས་པས་སྤྱི་རྣམ་རིག་པའི་གསལ་སྣང་བྱུང་ན། སྤྱིའི་གསལ་སྣང་མ་ཤོར་བའི་ངང་ནས་སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། དབུ་ཞྭའི་རྒོད་ལྡེམ་ནས་གདན་ཁྲིའི་བར་རྒྱན་གྱི་ཆ་ཤས་རེ་རེ་ཞིང་གསལ་བཏབ་ཀྱིན་བསྒོམས་པས་དེ་དང་དེ་རེ་རེ་ལའང་སེམས་ཟིན་ཏེ་སོ་སོའི་གསལ་སྣང་ཁྱད་པར་ཅན་མ་འདྲེས་པར་ཕྲ་ཞིབ་མ་སྐྱེས་ཀྱི་བར་དུ་འབད་པས་བསྒོམ་ཞིང་། སོ་སོའི་གསལ་སྣང་སྐྱེས་པ་དང་། མེ་ལོང་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་གཅིག་ཅར་དུ་གསལ་ཞིང་། དེར་སེམས་ཟིན་པ་ན་སྤྱི་བོའི་བླ་མ། ཡི་དམ་ཞི་དྲག་སོགས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་ལ་མ་འདྲེས་པ་སྐད་ཅིག་གཅིག་ཅར་དུ་སྤྱན་གྱི་དཀར་ནག་དང་བ་སྤུའི་བུ་ག་ཚུན་ཆོད་ཀྱང་མ་འདྲེས་པར་གསལ་ཐེབས་ཤིང་། དེ་ཡང་ཅི་ཙམ་གྱི་བར་དུ་འཇོག་ནུས་པ་བྱུང་ན་གསལ་བ་ཐ་མ་ཡིད་ཀྱི་ཡུལ་དུ་གསལ་བ་ཞེས་བྱ་ལ། དེ་ཡང་ཆེར་གོམས་པ་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་ནང་དུ་རླུང་ཟིན་པ་ན་ཕྱི་རོལ་དུ་རྟགས་བཅུ་འཆར་བ་ལྟ་བུའི་ཚུལ་དུ་ཕྱི་རོལ་དབང་པོའི་ཡུལ་དུ་ལྷ་སྐུ་ཕྱག་རྒྱའི་རྣམ་པར་ཤར་བ་ནི་གསལ་བ་འབྲིང་དབང་པོའི་ཡུལ་དུ་ཤར་བ་ཞེས་བྱའོ། །དེ་ལས་ཀྱང་གོམས་པ་ན་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པའི་ཚེ། གཞན་ཕལ་གྱིས་ཀྱང་ལྷར་མཐོང་ནུས་པ་གསལ་བ་རབ་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་བྱའོ། །གཉིས་པ་ང་རྒྱལ་ལ་བསླབ་པ་ནི། ཐ་མལ་གྱི་ཞེན་པ་ལྡོག་པའི་ཕྱིར་ཏེ། བསྐྱེད་པའི་གནས་སྐབས་དེ་དག་ཐམས་ཅད་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་གུ་རུ་རྡོ་རྗེ་ཐོད་ཕྲེང་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་ལྷ་སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་བ་ཡིན་ནོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། ལྷ་སྐུའི་གསལ་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་བསླབ་པ་སྟེ། དེའང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ལ་གཟུང་འཛིན་གྱི་མཚན་མ་མི་སྣང་ཡང་འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་ཕྱག་རྒྱའི་རྣམ་པ་སྒྱུ་མ་ལྟ་བུར་མ་འགགས་པར་སྟོན་པ་སྟེ། གཞི་དུས་སུ་གདོད་མ་རང་བྱུང་གི་ཡེ་ཤེས་ལ་ཉེས་སྐྱོན་གྱིས་གོས་མ་མྱོང་བ་དང་། འབྲས་དུས་སུ་རང་བྱུང་གི་ཡེ་ཤེས་དེ་རྣམ་འགྱུར་གློ་བུར་གྱི་སྒྲིབ་པ་ཀུན་ལས་གྲོལ་བའི་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ལ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པའི་ཡོན་ཏན་རྣམས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་ཤར་བ་ལས། ཐ་མལ་གྱི་སྣང་ཞེན་རང་མཚན་པ་རྡུལ་ཙམ་མེད་པའི་གཞི་འབྲས་སྦྲེལ་བའི་དག་པ་ཁྱད་པར་ཅན་ལ་མོས་པ་ཤུགས་དྲག་ཏུ་བཞག་པར་བྱ་བ་དང་། བྱེ་བྲག་ཏུ་གཞི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། འབྲས་དུས་སུ་སྐུ་དང་ཡེ་ཤེས་རོ་གཅིག་པས་ཞལ་གཅིག །གཞི་དུས་སུ་གདོད་མའི་ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང་ལྡོག་ཆ་ནས་བདེན་པ་གཉིས་དང། འབྲས་དུས་སུ་ཚོགས་གཉིས་མཐར་ཕྱིན་པའམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངའ་བའི་ཕྱག་གཉིས་ལ་སོགས་པས་མཚོན་ནས་ལྷ་སྐུ་རྒྱན་ཆས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་དག་པ་དྲན་པར་བྱའོ། །དེ་ལྟ་བུའི་ཚུལ་དུ་གསལ་གདབ་ཅིང་ཏིང་ངེ་འཛིན་གྱི་རྩལ་སྦྱང་ཕྱིར་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་ལྷ་སྟོང་གསུམ་གྱི་ཚད་ཙམ་བསྒོམ་པ་དང་། དེ་ལས་གོ་ལྡོག་པ་སོགས་ཆེ་ཆུང་མ་ངེས་པ་ལ་རྩལ་སྦྱངས་པས་གཞལ་ཡས་ཡུངས་འབྲུ་ཙམ་པ་ཆེར་མ་སོང་ཞིང་། ལྷ་སྟོང་གསུམ་ཙམ་བསྒོམ་པ་ཆུང་དུ་མ་སོང་ཡང་དོག་པ་དང་མི་འཚམ་བའི་སྐྱོན་མེད་པ་སོགས། ཅི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྣང་བ་ཐམས་ཅད་ལྷ་སྐུའི་རོལ་པར་སྤྲོ་བ་སོགས་རྩལ་སྣང་གོང་འཕེལ་གྱི་བོགས་དབྱུང་བས། མ་དག་པའི་ལས་སྣང་འདི་ཐམས་ཅད་དག་པ་ལྷ་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ལ་འབད་པར་བྱའོ། །དེ་ལྟར་ལྷར་གསལ་བའི་ཏིང་ངེ་འཛིན་དེ་དག་བྱིང་རྒོད་ཀྱི་གེགས་བསལ་ཏེ་ལེགས་པར་བསྒྲུབས་པའི་ལྷར་སྣང་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་སྤངས་པའི་ཕ་རོལ་ན་ལྷ་མེད་པས་ལྷར་སྣང་དང་རླུང་སེམས་དབྱེར་མེད་ཀྱི་ངང་ནས་སྐྱོང་ལ་ཐབས་དེ་ཁོ་ན་ཉིད་དང་གསལ་བ་སྐུ་ཡི་རྣམ་པ་གཉིས་སུ་མེད་པའི་སྐུ་ཐུགས་ཟུང་འཇུག་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་པའི་ཚུལ་ལ་མཁས་པར་བྱའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ་གཉིས། རྩ་གསུམ་སྤྱི་དྲིལ་དང་སོ་སོའི་ཛཔ྄་དགོངས་སོ། །དང་པོ་རྟ་མགྲིན་གྱི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་བ། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བསྣམས་པའི་འདབ་མ་སྙན་གྱི་ཐད་སོར་ཁ་ཕྱེ་བ། དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེ་ཡི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ཀློང་དུ་ཐུགས་སྲོག་ཏིང་འཛིན་སེམས་དཔའ་འམ་ཧྲཱིཿདཀར་པོའི་མཐར་རྩ་གསུམ་སྤྱི་དྲིལ་གྱི་སྔགས་ཉེར་གཅིག་པ་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་འབུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་རང་ལ་བསྡུས། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། འོད་ཟེར་རྣམས་ཚུར་འདུས་བདག་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་ཐོབ། སྣང་སྲིད་ཐམས་ཅད་སྣང་བ་ལྷའི་སྐུ། གྲགས་པ་སྔགས། དྲན་རྟོག་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་དམིགས་ནས་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་སོགས་བཟླའོ། །དེ་ལ་སྐབས་འདིར་བསྒྲུབ་བྱའི་ལྷ་རྩ་གསུམ་སྤྱི་ལ་དམིགས་པ་དང་། བསྒོམ་བྱའི་ཏིང་འཛིན་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་དང་། བཟླ་བྱའི་སྔགས་ཀྱང་སྤྱི་དྲིལ་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་ཡིན་ཏེ། ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་ཀྱི་ཡི་གེས་དབུ་དྲངས་ཏེ། བཛྲ་རྡོ་རྗེ། གུ་རུ་བླ་མ། པདྨ་ཞེས་རྒྱ་སྐད་སོར་བཞག་གི་མཚན། དེ་རྣམས་ཀྱི་བླ་མ་དང་། དེ་ཝ་ཞེས་ལྷ་ཡི་དམ་ལ་འཇུག་པ། ཨོ་རྒྱན་མཁའ་འགྲོའི་བརྡར་དྷེ་ཝ་ཞེས་ཡི་དམ། ཌཱ་ཀི་ནཱི་ཞེས་པ་མཁའ་འགྲོ་སྟེ། དེ་ཡང་མཁའ་འགྲོའི་བརྡར་དྷཱ་ཀི་ནཱི་ཞེས་སུ་སོང་བའོ། །དེ་ལྟར་རྩ་བ་གསུམ་ལ་བོས་ཤིང་ཐུགས་དམ་བསྐུལ་ནས་དོན་དུ་གང་གཉེར་ན། སརྦ་སིདྡྷི་ཞེས་དངོས་གྲུབ་ཐམས་ཅད། ཕ་ལ་དོན་འགྱུར་གྱི་བཟང་པོ། དེ་དག་སྩོལ་ཅིག་ཅེས་བསྐུལ་བའི་དོན་དུ་ཧཱུྃ་སྦྱར་བའོ། །དེ་བསྙེན་སྒྲུབ་ལས་གསུམ་དང་སྦྱར་ན། བླ་མ་ཡན་ཆོད་བསྙེན་པ། ཡི་དམ་མཁའ་འགྲོ་སྒྲུབ་པ། དངོས་གྲུབ་བསྐུལ་བ་ལས་སྔགས་སོ། །གཉིས་པ་བྱེ་བྲག་གི་བཟླས་པ་ལའང་། བསྙེན་སྒྲུབ་གཉིས་ལས་དང་པོ་ལ། རིགས་བདག་ལ་བསྟེན་ནས་བདག་དོན་བྱིན་རླབས་བསྡུ་བ། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྟེན་ནས་གཞན་དོན་ཕྲིན་ལས་མཁའ་ཁྱབ་ཀྱི་བཟླས་པ་གཉིས། དང་པོ་ལའང་བསྒོམ་དོན་དང་། སྔགས་དོན་གཉིས་ལས། དང་པོ་རིགས་བདག་གི་ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་པོའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་དང་ཞི་བའི་ཚེ་བཅུད་དང་དཔལ་ཡོན་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བཀུག་ནས་ཕྱག་གི་ཚེ་བུམ་དུ་ཞུགས་པ་གང་བའི་ཚུལ་གྱིས་ལུད་དེ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བའི་ཚུལ་གྱིས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་བཟླའོ། །གཉིས་པ་ནི། ཨོཾ་ཞེས་བཀྲ་ཤིས་ཤིང་བདེ་ལེགས་སུ་བྱེད་པའི་ཡི་གེས་གོ་དྲངས་ཏེ། ཨ་མཱ་ར་ཎི་ཞེས་ཨ་ཐུང་དགག་པའི་སྒྲ་ཡིན་ཞིང་། མཱ་ར་ཡ་འཆི་བ་ལ་འཇུག་པས་སྒྲ་སྦྱར་ན་མི་འཆི་བའམ། འཆི་མེད་ཅེས་བཅོམ་ལྡན་འདས་ཉིད་ལ་བོས་ནས། ཛཱི་ཝནྟི། འཚོ་བ། སྭཱ་ཧཱ། གཞི་ཚུགས། ཞེས་སམ། སུ་ལེགས་པ་ནི་སྦྱིན་པའི་སྒྲར་སོང་ན་ལེགས་པ་བྱིན་ཅིག་ཅེས་བྱ་བར་འགྱུར་རོ། །གཉིས་པ་ལའང་བསྒོམ་དོན་དང་སྔགས་དོན་གཉིས་ལས། དང་པོ། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྤྱི་དྲིལ་གྱི་སྔགས་མི་དམིགས་པར་བྱས་པའི་ཚབ་ཏུ་ཡི་གེ་དྲུག་པས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། དེ་དག་ཐམས་ཅད་མ་ལུས་པ་རྒྱལ་བ་རིགས་དྲུག་སོ་སོའི་ངོ་བོར་གནས་གྱུར་པར་བསམ་ལ་བཟླའོ། །གཉིས་པ་སྔགས་དོན། ཨོཾ་འགོ་འདྲེན། མ་ཎི་ནོར་བུ། པདྨེ། པདྨ་ཅན། ཧཱུྃ་ཐུགས་དམ་བསྐུལ་བ་སྟེ། དེ་ཡང་ནོར་བུ་པདྨ་ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་། པདྨ་དཀར་པོའི་ཕྱག་མཚན་ཅན་ཞེས་དྲང་དོན་ནམ། ངེས་དོན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་སོགས་བཤད་པ་མང་པོ་གཞུང་གཞན་ནས་འབྱུང་བ་ལྟར་རོ། །གཉིས་པ་སྒྲུབ་པ་ལ་ཞི་བ་དང་ཁྲོ་བོ་གཉིས་ལས། དང་པོ་ལ་བསྒོམ་དོན་དང་སྔགས་དོན་གཉིས། དང་པོ། ཡེ་ཤེས་སེམས་དཔའི་ཐུགས་ཀར་མ་ཎིའི་ཚབ་ཏུ་བཛྲ་གུ་རུ་གསལ་བཏབ་པ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། བྱིན་རླབས་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱངས་ནས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་བསམས་ལ་སྔགས་བཟླ། གཉིས་པ་སྔགས་དོན། ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་སམ་སྐུ་གསུམ་གྱི་ས་བོན་གྱིས་དབུ་དྲངས་ནས། བཛྲ་ནི་རྡོ་རྗེ་ཞེས་ཆོས་སྐུ་གསང་བ་འདུས་པ་སྟེ། རྡོ་རྗེ་མི་ཕྱེད་པའི་དོན་ཡིན་པས་ཆོས་སྐུ་སྤྲོས་བྲལ་མཚན་རྟོག་གིས་མི་ཕྱེད་པ་བསྟན་ནོ། །གུ་རུ་ནི་བླ་མ་སྟེ། གུ་རུའི་སྒྲ་ལྕི་བ་ལ་འཇུག་པས། ཁ་སྦྱོར་བདུན་ལྡན་ཡོན་ཏན་བླ་ན་མེད་པས་ཡོངས་སུ་གང་བ་ལྟར་ལྕི་བ་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ་བསྟན། པདྨ་ནི། རྒྱ་སྐད་བོད་དུའང་སོར་བཞག་པ་སྟེ། གསུང་རྡོ་རྗེ་མ་ཆགས་པ་སྐྱོན་བྲལ་པདྨའི་རིགས་སུ་སྟོན་པའི་སྤྲུལ་སྐུ་པདྨ་འབྱུང་གནས་སོ། །དེ་ལྟ་བུའི་སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོ་རང་བྱུང་པདྨ་ཐོད་ཕྲེང་དེ་ལ་བོས་ནས་ཅི་ཞིག་དོན་དུ་གཉེར་ན། སིདྡྷི་ཞེས་མཆོག་ཐུན་གྱི་དངོས་གྲུབ། ཧཱུྃ་ཞེས་པ་བསྐུལ་བའི་སྔགས་ཡིན་པས་དོན་གྱིས་སྩོལ་ཅིག་ཅེས་པར་འགྱུར་རོ། །རྡོ་རྗེའི་སྔགས་འདི་ནི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་སྟེ་འདིར་སྒྲ་ཐད་དྲངས་ཙམ་དུ་བཤད་པ་ལས། གཞན་དུ་ཕྱི་ནང་གསང་བ་དེ་ཁོ་ནའི་བཤད་ཚུལ་མཐའ་དག་པ་སོ་སོའི་སྐྱེ་བོའི་བློའི་ར་བ་ལས་བརྒལ་བའོ། །གཉིས་པ་དྲག་པོ་ལ་ཡང་། བསྒོམ་དོན་དང་གོ་དོན་གཉིས། དང་པོ། རང་གིས་སྔགས་བཟླས་པའི་རྐྱེན་གྱིས་དྲག་པོ་སྡེ་ལྔའི་ཐུགས་དམ་བསྐུལ། སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་མཚོན་ཆས་བར་ཆད་དགྲ་བགེགས་དམ་སྲི་གདུག་པ་ཅན་ཐམས་ཅད་ཚར་བཅད། སྲོག་སྙིང་འཕྲོག །དབང་དུ་བསྡུས། བྲན་དུ་བཀོལ། ཞི་བས་གདུལ་དུ་མི་འཚལ་བ་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་བསྲེགས་པར་བསམས་ལ་བཟླའོ། །གཉིས་པ། འབྲུ་གསུམ་གྱིས་ཐོག་དྲངས་ནས། ཨར྄་ཙིག་ཁྲོས་པ། ནིར྄་ཙིག་ཤིན་ཏུ་ཁྲོས་པ་སྟེ། དེ་བཞིན་གཤེགས་པའི་བརྡའོ། །སྒྲ་པ་ཁ་ཅིག་སྒྲ་བསྒྲུབས་ནས་འོད་ཟེར་མེ་ལྕེའི་ཕྲེང་བ་ཅན་དུའང་བསྒྱུར། བྷ་ག་ཝ་ཏེ། བཅོམ་ལྡན་འདས། ན་མོ་ཕྱག་འཚལ་བ་སྟེ། སྒྲ་བསྡོམསན་ཁྲོས་པ་ཤིན་ཏུ་ཁྲོས་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའོ། །ཧཱུྃ་ཧཱུྃ་ཞེས་ཐུགས་དམ་དྲག་ཏུ་བསྐུལ་བ་དང་། ཕཊ྄་ཅེས་ལས་ལ་བསྐུལ་བའོ། །གསུམ་པ་ལས་སྦྱོར་ལའང་མཆོག་གི་ལས་སྦྱོར་དང་ཕལ་པ་གཉིས། དང་པོ་ལ་བསྒོམ་དོན་དང་སྔགས་དོན་གཉིས། དང་པོ། ཡུམ་གྱིས་ཡབ་བསྐུལ་བ་ཞེས་བྱ་བ་སྦྱོར་ཡུམ་རྡོ་རྗེ་ཕག་མོའི་ཐུགས་སྲོག་བཾཿལས་ཡབ་ཀྱི་སྔགས་ཕྲེང་བྱུང་། ཡུམ་གྱི་ཞལ་ནས་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ཤིང་ཐུགས་སྲོག་ལ་ཐིམ་པས། བདེ་བ་ཆེན་པོའི་ཡེ་ཤེས་བཟོད་དུ་མེད་པར་འབར། སླར་ཡང་ཡབ་ཀྱི་ཐུགས་སྲོག་ལས་བརྡོལ་བའི་ཚུལ་གྱིས་བྱུང་། ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་བརྒྱུད་དེ་ཐུགས་སྲོག་ལ་ཐིམ། དེ་ལྟར་བར་མ་ཆད་པ་མགལ་མེ་ལྟར་འཁོར་བའི་འོད་དང་བདེ་བའི་རྩལ་གྱིས་སྣང་སྲིད་ཐམས་ཅད་རྡོ་རྗེ་གསུམ་གྱི་རོལ་པ་དེ་ཡང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འབའ་ཞིག་གི་རང་བཞིན་དུ་ཤེས་པར་བསམས་ལ་བཟླ། གཉིས་པ་བཟླ་བྱའི་སྔགས། ཨོཾ་ཞེས་འགོ་འདྲེན་པའི་སྔགས། ཧྲཱིཿརྒྱུ་མ་ནོར་བ་རྩ་བའི་སྔགས། བཛྲ་ཀྲོ་དྷ་ཁྲོ་བོ། ཧ་ཡ་རྟ། གྲཱྀ་ཝ་མགྲིན་པ་སྟེ། རྡོ་རྗེ་ཁྲོ་བོ་རྟ་མགྲིན་ཞེས་བསྐྱེད་པ་རྐྱེན་གྱི་སྔགས། དེའི་ཐ་མར་ཐུགས་དམ་བསྐུལ་ཞིང་དྲག་ཏུ་བསྐུལ་བའི་ཕྱིར་ཧཱུྃ་ཕཊ྄་ཅེས་སྦྱར་བས་བཟླས་པ་ལས་ཀྱི་སྔགས་སུའང་གྲུབ་པའོ། །དེའི་གཤམ་དུ་ར་ཙ་ཧྲི་ཡ། དཔའ་བོ་སྡེ་བཞིའི་སྲོག །སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། ཧཱུྃ་ཐུགས་དམ་བསྐུལ་ཕྱིར་དོན་དུ་སྩོལ་ཅེས་པར་འགྱུར་རོ། །གཉིས་པ་ཕལ་པའི་ལས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ལས་བཞི་ཐུན་མོང་དུ་བསྒྲུབ་པ་ཡབ་ཀྱིས་ཡུམ་བསྐུལ་བ་ལ། བསྒོམ་དོན་དང་སྔགས་དོན་གཉིས་ལས། དང་པོ། ཡབ་རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿལས་ཡུམ་གྱི་སྔགས་ཕྲེང་རྒྱུད་མར་བྱུང་། མཁའ་གསང་གི་ལམ་བརྒྱུད་དེ་ཡུམ་གྱི་ཐུགས་སྲོག་ལ་ཐིམ་པས་དགྱེས་པ་བསྐྱེད། སླར་ཡང་ཡུམ་གྱི་ཐུགས་སྲོག་ལས་བྱུང་ནས་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ལ་ཐིམ། དེ་ལྟར་བར་མེད་དུ་འཁོར་བའི་སྦྱོར་མཚམས་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིས་སྲིད་གསུམ་གང་། དཀར་མོས་ཞི་བ་སོགས་ལས་བཞི་རྩོལ་མེད་དུ་བསྒྲུབ་པར་བསམ། གཉིས་པ་བཟླ་བྱའི་སྔགས། ཨོཾ་ཞེས་པས་ཐོག་དྲངས། བཾ་རྒྱུའི་སྔགས། བཛྲ་བྷ་ར་ཧཱེ་རྡོ་རྗེ་ཕག་མོ། ཀྲོ་དྷི་ཀཱ་ལི་ཁྲོ་མོ་ནག་མོ་ཞེས་དང་། དེའི་མཐར་ཐུགས་དམ་བསྐུལ་བའི་སྔགས་ཧཱུྃ་ཕཊ་དང་། ཧ་རི་ནི་ས་རིགས་བཞིའི་མཁའ་འགྲོའི་སྲོག་སྔགས། སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། ཧཱུྃ་སྩོལ་བར་བསྐུལ་བའོ། །གཉིས་པ་ལ། ཚར་གཅོད་པ་དང་། རྗེས་སུ་འཛིན་པ་གཉིས། དང་པོ་ལ། བསྒོམ་དོན་དང་། སྔགས་དོན་གཉིས། དང་པོ། རྒྱལ་པོ་ཆེན་པོས་ལས་བྱེད་རྣམས་ལ་བཀའ་བསྒོ་བ་ལྟར། རང་ཉིད་གཙོ་བོའི་ཞལ་ནས་ཤཱ་ས་ནའི་སྒྲ་བསྒྲགས་པས། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་རབ་འབྱམས་ཁྲོམ་ཚོགས་པ་ལྟ་བུ་རྣམས་ཀྱིས་དམིགས་བྱ་འགུགས་བསྒྲལ་བརླག་པའི་ཕྲིན་ལས་མཛད་པར་བསམ། སྔགས་དོན། ཨོཾ་གྱིས་འགོ་དྲངས་ནས། མ་ཧཱ་ཀཱ་ལ་ནག་པོ་ཆེན་པོ་སོགས་གཞུང་གཞན་ལྟར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་གི་ལས་ཐམས་ཅད་ཀྱི་གཙོ་བོའམ་རྟེན་དུ་གྱུར་པ་ཚེ་སྒྲུབ་པའི་སྒོ་ནས་རང་ངམ་གཞན་ལ་ཕན་འདོགས་པར་བྱེད་པ་ལ། བསྒོམ་བྱའི་དམིགས་པ་བསྟན་པ་དང་། བཟླ་བྱའི་སྔགས་དོན་བཤད་པ་གཉིས། དང་པོ་རང་ཉིད་ཀྱི་ཕྱག་གི་ཐོད་པ་ཚེ་ལྷ་ཡུམ་གྱི་ངོ་བོ། བུམ་པ་ཡབ་ཀྱི་ངོ་བོ། དེ་གཉིས་ལས་ལྷ་མོ་མགྱོགས་མ་སེར་དཀར་དམར་ལྗང་མཐིང་ག་ཕྱག་གཡས་མདའ་དར་གཡོན་བུམ་པ་ཅན། ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། དང་པོ། རང་གི་ཚེ་ཆད་ཉམས་ཡར་བརྐུས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ལྟར་བསྡུས་ཏེ་སྤྱི་བོ་ནས་ལུས་ལ་བསྟིམ། གཉིས་པ་ཁྱབ་བྱ་ས་ཆུ་མེ་རླུང་བཞི་དང་། ཁྱབ་བྱེད་ནམ་མཁའ་སྟེ་ཕྱི་སྣོད་འབྱུང་བའི་བཅུད་དང་དཔལ་ཡོན་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་བསྡུས་ཏེ་ལུས་ལ་གཞུག །གསུམ་པ་ནང་བཅུད་འགྲོ་བའི་ཚེ་དཔལ་འོད་ཟེར་གྱི་རྣམ་པར་བསྡུ་ཞིང་བསྟིམ། བཞི་པ་སྲས་བཅས་རྒྱལ་བའི་བྱིན་རླབས་འཇའ་འོད་ཐིག་ལེ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པས་རང་ལ་དབྱེར་མེད་པར་སིབ་སིབ་ཏུ་ཐིམ་པས་རྡོ་རྗེའི་ཚེ་ལ་དབང་འབྱོར་བར་བསམས་ལ་བཟླའོ། །གཉིས་པ་སྔགས་དོན། ཨོཾ་གྱིས་འགོ་དྲངས་ནས། བཛྲ་གུ་རུ་པདྨ་རྡོ་རྗེའི་བླ་མ་པདྨ་ཞེས་དང་། སིདྡྷི་དངོས་གྲུབ། ཨཱ་ཡུ་ཥེ་ཚེ། ཧཱུྃ་ཡེ་ཤེས་ཀྱི་ཚེ་ཡི་ས་བོན། ནྲྀ་འཇིག་རྟེན་པའི་ཚེ་སྲོག་རྟེན། ཛཿཞེས་ཚེ་བཅུད་དེ་རྣམས་འགུགས་པའོ། །དེ་ལྟར་བཟླས་དམིགས་ཀྱི་རིམ་པ་ཅུང་ཟད་བཤད་ནས། གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། མཚན་བཅས་མཚན་མེད་གཉིས། དང་པོ། གཞུང་ལས། ལུས་གནད་བསྲངས་སོགས་གསུངས་པ་ལྟར། རང་རྡོ་རྗེ་ཐོད་ཕྲེང་གི་སྐུ་རྐྱང་པ་ཙམ་དུ་གསལ་བའི་སྟོང་ར་འོད་ཀྱི་རང་བཞིན་གྱི་དབུས་སུ། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བཏབ་ལ་རླུང་རོ་བསལ། གྲུ་གཡོན་གྱི་ཁ་ཊྭཱཾ་མནྡཱ་རའི་ངོ་བོ་ལས་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པར་བྱུང་། རང་གི་སྣ་བུག་ནས་ཞུགས། ལྟེ་བའི་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་ཅན་ལ་རེག་པས་མེ་འབར། མེ་ལྕེ་ཇེ་ཆེར་སོང་བས་སྤྱི་བོའི་ཧཾ་ཞུ་བའི་འབར་འཛག་གིས་དྲངས་པའི་བདེ་བ་ལ་སེམས་གཏད་ནས་དམིགས་པ་དང་སྦྱར་བའི་བུམ་ཅན་ཇི་ནུས་སུ་འཛིན་པའོ། །གཉིས་པ་མཚན་མེད་ནི། གཞུང་ལས། རིག་པ་འཛིན་མེད་དུ་འཇོག་ཞེས་པས་སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རིག་སྟོང་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་གཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ལ། ལྷ་སྐུ་འོད་གསལ་དུ་བསྡུ་བ་དང་། དེ་ལས་ལྡང་བའི་རྣལ་འབྱོར་གཉིས། དང་པོ། ཐུན་མཐར་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་རང་ལ། རང་ཡེ་ཤེས་སེམས་དཔའ། ཡེ་ཤེས་སེམས་དཔའ་འམ་ཐུགས་སྲོག །ཐུགས་སྲོག །ཐིག་ལེ། ཐིག་ལེ་ནཱ་ད་ཤིན་ཏུ་ཕྲ་བ་སུམ་འཁྱོག་ལ་ཐིམ། མཐར་ནཱ་ད་ཡང་ནམ་མཁའ་ལ་གློག་ཡལ་བ་ལྟར་སྐྱེ་མེད་ཀྱི་ངང་དུ་ཐིམ། དེ་ལྟར་བློས་གསར་དུ་བྱས་པའི་སྟོང་པ་དང་། རང་གི་སེམས་གདོད་མའི་སྟོང་པ་ཆེན་པོ་སྐྱེ་འགག་གནས་གསུམ་དང་བྲལ་བ་གཅིག་ཏུ་བསྲེས་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཟུང་འཇུག་གི་དབྱིངས་ལས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་བཞེངས་ནས་སྣང་གྲགས་རྟོག་ཚོགས་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ལ། དགེ་བསྔོ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །དེ་ལྟར་བརྩོན་པས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ནི་ངེས་པའོ། །འདིར་སྨྲས་པ། གཏེར་འབྱིན་རྒྱུ་སྐར་ཕྲེང་བ་ཡི། །དང་པོར་གྱུར་པའི་ཟབ་གཏེར་གཟུགས། །སླར་ཡང་དུས་ཀྱི་ཐ་མར་ནི། །འདྲེན་མཆོག་ཐུགས་ཀྱི་རྒྱ་མཚོར་གསལ། །ཚུལ་དེའི་རྨད་བྱུང་རྟེན་འབྱུང་གིས། །བསྟན་དང་འགྲོ་བའི་མངའ་ཐང་དཔལ། །རྫོགས་ལྡན་སླར་ཡང་བོས་པ་བཞིན། །སྐལ་བཟང་རྣམས་ཀྱི་དཔྱིད་དུ་གནས། །ཞེས་ཟབ་གསང་རྩ་བ་གསུམ་དྲིལ་ཏེ་སྒྲུབ་པའི་ཟབ་ཁྲིད་སྙིང་པོར་བསྡུས་པ་འདིའང་༧ཁྱབ་བདག་རྡོ་རྗེ་འཆང་ཉིད་ཀྱིས་ཞལ་ཁྲིད་གནད་སྨིན་དུ་བསྩལ་ཅིང་། དཀྱུས་ཀྱི་ས་བཅད་པའི་དཔེ་ཐོ་གནང་ནས་ཟིན་བྲིས་གྱིས་ཤིག་པའི་བཀའ་ཡི་གནང་བ་རྗེས་སུ་ཐོབ་པ་ལ་བརྟེན་ནས་ཞལ་གྱི་བདུད་རྩིས་འཚོ་བའི་སྐལ་བཟང་ཐོབ་པ་མི་ཕམ་འཇམ་དབྱངས་རྒྱ་མཚོས་རང་བཟོ་སྤངས་ཏེ་བྲིས་པས་ལམ་དོན་གཉེར་གྱི་སྐལ་ལྡན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དགེའོ།། །།

ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་སྒྲུབ་གསོལ་མཆོད་སྐོང་བཤགས་བཅས་ (Volume 37, Text 22)

༄༅། །ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་སྒྲུབ་གསོལ་མཆོད་སྐོང་བཤགས་བཅས་བཞུགས་སོ། ། ྈྈྈྈྈྈ བླ་མ་མགོན་པོ་དབྱེར་མེད་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ གུ་རུ་པདྨ་འབྱུང་གནས་ལ༔ གསེར་གྱི་མཎྜལ་ཕུལ་ནས་སུ༔ ཟབ་པའི་ཆོས་སྐྱོང་ཡང་ཞུན་ཞུས༔ དེ་ཉིད་སྒྲུབ་པའི་ཚུལ་བཤད་དེ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ༔ རང་ཉིད་རྟ་མཆོག་རྒྱལ་པོར་བསྒོམ༔ མཆོད་པ་ཐམས་ཅད་བྱིན་གྱིས་བརླབ༔ ཆོས་རྣམས་དམིགས་མེད་མཐའ་བྲལ་བསྒོམ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཧཱུྃ༔ འཕྲོ་འདུས་སྲུང་འཁོར་དུར་ཁྲོད་གནས༔ རབ་འཇིགས་ཕོ་བྲང་ཨེ་ཡི་ཀློང༔ འཁོར་ལོ་བྲག་ཆེན་པད་ཉིའི་སྟེང༔ ཡེ་ཤེས་མགོན་པོ་མཐིང་ནག་འབར༔ དབུ་གསུམ་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་རབ་བགྲད་ཁྲོ་གཉེར་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཀྵིཾ་སྒྲ་སྒྲོག༔ མཆེ་གཙིགས་སྨར་སྨིན་དབུ་སྐྲ་འབར༔ ཕྱག་དྲུག་དང་པོ་གྲི་ཐོད་དང༔ བར་པས་མདུང་དང་རྩེ་གསུམ་ཕྱར༔ ཐ་མ་རྔེའུ་ཆུང་ཞགས་པ་འཛིན༔ ཞབས་བཞི་འདོར་ཐབས་བགེགས་རྒྱལ་མནན༔ གཤོག་པ་རབ་གདེངས་དུར་ཁྲོད་ཆས༔ ཁྱུང་དང་སྟག་གཟིག་དོམ་ནག་འཕྲོ༔ རེ་ཏཱི་མཐིང་ནག་གྲི་ཐོད་ཅན༔ མཉམ་སྦྱོར་མེ་ཡི་ཀློང་ན་བཞུགས༔ ཕྱོགས་བཞིར་དགྲ་བགེགས་བསྒྱེལ་བའི་སྟེང༔ དབང་ཕྱུག་ཛི་ན་མི་ཏྲ་དང༔ གཤིན་རྗེ་ཊཱ་ཀི་རཱ་ཛ་དང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༔ བདུད་མགོན་ཏྲག་ཤད་ནག་པོ་རྣམས༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེར་གསོལ་གསང་བའི་ཡུམ་དང་སྦྱོར༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང༔ མེ་རི་འབར་བའི་དུར་ཁྲོད་ནས༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ དྲག་ཏུ་ཁྲོས་པ་ཁྲོ་བོའི་རྒྱལ༔ ཡེ་ཤེས་མགོན་པོ་ཡུམ་དང་བཅས༔ བཀའ་སྡོད་བཞི་དང་དྲེགས་པའི་འཁོར༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲཱིཾ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་གི་དབྱིངས་ལས་རིག་པའི་རྩལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྔོན་གྱི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་ཆེན་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང༔ ཐོད་རྔ་དུང་ཆེན་སྒྲོག་པས་མཆོད༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ ཁམས་གསུམ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་རྣམ་ལྔ་གཏོར་མ་སོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾཿ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ སྐུ་གསུམ་ཡེ་ཤེས་དྲུག་སོགས་ལས༔ སྐུ་ཡི་རྣམ་འགྱུར་ཅིར་ཡང་སྟོན༔ མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་གྲགས་པའི་གསུང༔ ཡན་ལག་དྲུག་ཅུ་འདུས་པའི་དཔྱིད༔ ཀྵིཾ་ཀྵིཾ་སྒྲ་སྒྲོག་ས་གསུམ་གཡོ༔ མགོན་པོའི་གསུང་ལ་ཕྱག་འཚལ་བསྟོད༔ མི་གཡོ་མཉམ་པའི་ངང་ཉིད་ལས༔ ཐུགས་རྗེ་གཏུམ་པའི་ཡེ་ཤེས་ཐུགས༔ སངས་རྒྱས་ཀུན་དང་དབྱིངས་གཅིག་པ༔ མགོན་པོའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་མཁའ་དབྱིངས་རེ་མ་ཏཱི༔ ཛི་ན་མི་ཏྲ་སྐུ་ཡི་འཕྲུལ༔ ཊཱ་ཀི་རཱ་ཛ་གསུང་གི་མདངས༔ ཀྵེ་ཏྲ་པཱ་ལ་ཐུགས་སྤྲུལ་འགྱེད༔ ཏྲཀྵད་གཉིས་མེད་ཡེ་ཤེས་རྩལ༔ བྲན་དུ་འདུས་པ་དྲེགས་པའི་ཚོགས༔ ཡེ་ཤེས་རྣམ་པར་རོལ་པ་ཡི༔ མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་ཅིང་སྒྲུབ་པ་ནི༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པད་ཉིར་ཡེ་ཤེས་སེམས་དཔའ་དམར༔ འཇིག་རྟེན་དབང་ཕྱུག་ཞི་མ་ཁྲོ༔ རྡོར་དྲིལ་འཛིན་ཅིང་ཡུམ་དང་འཁྲིལ༔ དབང་གི་རྟ་སྐད་ཧི་ཧིར་བཞད༔ སྲོག་གོར་ཉི་སྟེང་རྡོ་རྗེ་མཐིང༔ ལྟེ་བ་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྟོབས་དང་གཟི་བརྗིད་འབར་བ་ཡིས༔ དྲེགས་པ་ལས་ལ་བཀོལ་བར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཧཱུྃ་ཕཊ༔ འབུམ་ཕྲག་བཞི་ཡིས་ལས་རྣམས་འགྲུབ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་རྣམས་ལས་ལ་བསྐུལ་བར་བསམ༔ སྒོས་སྒྲུབ་བཞིན་དུ་སྔགས་རྣམས་བཟླ༔ མཐིང་ག་ཕྱི་སྒྲུབ་སྐོར་འདི་ཟབ༔ ས་མ་ཡ༔ གལ་ཆེན་ཕྲིན་ལས་དགོས་པའི་ཚེ༔ གསོལ་མཆོད་གཏོར་མ་འབུལ་བ་ནི༔ ཟས་སྣ་སྤོད་དང་ཤ་སྣའི་ཚོགས༔ ཁྲག་དང་ཆང་གིས་སྦྲུས་པའི་བཤོས༔ ལྷ་གྲངས་དཀོར་ཆ་དུ་མས་བརྒྱན༔ རཾ་ཡཾ་ཁཾ་གིས་བསང་སྦྱང་ལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ ཡེ་ཤེས་ལྔ་ཡི་དམ་རྫས་རྣམས༔ བདེ་བ་ཆེན་པོར་ཞུ་བའི་བཅུད༔ འདོད་ཡོན་རྒྱ་མཚོར་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་དབྱིངས་ནས་བཞེངས་བདེ་བ་ཆེ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ ཆོས་ཀྱི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ མ་ཧཱ་ཀཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཡབ་གཅིག་དེ་ཡི་ཡུམ་མཆོག་ནི༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མུ་ལེའི་མཚོ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ དཔལ་ལྡན་ལྷ་མོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ཤར་གྱི་ཕོ་ཉ་ཆེན་པོ་ནི༔ དབང་ཕྱུག་ཛི་ན་མི་ཏྲ་ནི༔ ནམ་མཁའི་དབྱིངས་ནས་འདི་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཛི་ན་མི་ཏྲ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ཡང༔ ལྷོ་ཕྱོགས་གཤིན་རྗེའི་གནས་ནས་གཤེགས༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཊཱ་ཀི་རཱ་ཛ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ཡང༔ མཁའ་སྤྱོད་ཞིང་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་གཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ཀྵེ་ཏྲ་པཱ་ལ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་བ༔ བདུད་མགོན་ཏྲཀྵད་ནག་པོ་ཡང༔ བསིལ་བའི་ཚལ་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ ལས་མགོན་ནག་པོ་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཧཱུྃ༔ གཞན་ཡང་གསང་བའི་སྦས་ཡུམ་བཞི༔ གབ་པའི་ལས་ཀྱི་ཤན་པ་དང༔ ཕྱོགས་སྐྱོང་རྒྱལ་ཆེན་དྲེགས་པའི་ཚོགས༔ རང་རང་གནས་ནས་འདིར་གཤེགས་ལ༔ ཡེ་ཤེས་ལྔ་ཡི་ཨ་མྲྀ་ཏ༔ བདེ་བ་ཆེན་པོའི་རཀྟ་དང༔ བདེ་སྟོང་ཟུང་འཇུག་འདོད་ཡོན་ལྔ༔ ཡེ་ཤེས་འབར་བའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ གཞན་ཡང་ཤ་ཆེན་སྙིང་སྣ་ཚོགས༔ འབྲས་ཆན་ཁུར་བ་སྒོག་ཙོང་དང༔ ཤ་སྣ་སྤོད་ཀྱི་བྱེ་བྲག་དང༔ ཛམྦུ་ཏྲི་ཤའི་ཞལ་ཟས་མཆོག༔ ཛ་གད་དཔའ་བོའི་ཕུད་ལ་སོགས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི༔ བཀའ་སྡོད་འཁོར་བཅས་མཉེས་ཕྱིར་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ ནད་གདོན་དགྲ་བགེགས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་དམ་སྲི་ཐལ་བར་རློགས༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་པ་དང༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ དབེན་གནས་གཉན་པོ་སྲུང་བ་དང༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ དེ་ཡིས་འདོད་དོན་ཐམས་ཅད་འགྲུབ༔ ས་མ་ཡ༔ ཉམས་ཆག་བྱུང་ན་སྐོང་བ་ནི༔ སྤྱན་གཟིགས་སྣ་ཚོགས་རྒྱན་གྱིས་བརྒྱན༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྣ་ཚོགས་ཅི་ཡང་སྤྲུལ༔ སྣང་སྟོང་སྐུ་ཡི་རྣམ་འགྱུར་ཚུལ་བཞིན་སྒོམ༔ དེ་ཉིད་མཚོན་པའི་སྐུ་འབག་རིས་སུ་བྲིས༔ བཟོ་དབྱིབས་ངོ་མཚར་སྐུ་ཡི་ཐུགས་དམ་བསྐང༔ གྲགས་པ་རྩ་རླུང་ཐིག་ལེའི་གནད་བཅིངས་ཏེ༔ མདངས་སུ་ཤར་ཀུན་རྒྱལ་བའི་གསུང་གི་དབྱིངས༔ དེ་དང་མཚུངས་པའི་སྲོག་སྔགས་དབྱངས་སུ་བཟླས༔ སྲོག་གི་འཁོར་ལོ་གསུང་གི་ཐུགས་དམ་བསྐང༔ མ་བཅོས་དབྱིངས་ལས་བདེ་ཆེན་ཡེ་ཤེས་ངང༔ ལྷ་དང་བདག་ཉིད་གཉིས་སུ་མེད་པར་རྟོགས༔ སྣང་སྲིད་ཐམས་ཅད་མགོན་པོའི་དཀྱིལ་འཁོར་ངང༔ རྫོགས་པ་ཆེན་པོ་ཐུགས་ཀྱི་ཐུགས་དམ་བསྐང༔ མི་ཟད་ཡོན་ཏན་གཏེར་གྱི་མཛོད་འཆང་བ༔ ཡེ་ཤེས་རོལ་པའི་ཆ་ལུགས་མ་ངེས་ཀྱང༔ གནས་སྐབས་འདིར་སྣང་དུར་ཁྲོད་དཔལ་གྱི་ཆས༔ གནག་པའི་ཞྭ་གོས་རྣམས་ཀྱིས་ཐུགས་དམ་བསྐང༔ ཕྲིན་ལས་མི་བཟད་འབར་བའི་ཆོ་འཕྲུལ་སྟོན༔ ཡེ་ཤེས་རོལ་པའི་ཕྱག་མཚན་མ་ངེས་ཀྱང༔ གསེར་དངུལ་ཟངས་དང་གྲི་ལྕགས་ལ་སོགས་པའི༔ སྒྲོལ་བའི་ཕྲིན་ལས་མཚོན་ཆས་ཐུགས་དམ་བསྐང༔ ཤ་ཆེན་སྤོས་དང་ཚིལ་ཆེན་དུད་པའི་སྤྲིན༔ གཡབ་དར་སྣ་ཚོགས་ཞིང་ཆེན་གཡབ་པའི་བརྡ༔ རྐང་གླིང་རོལ་མོ་དུང་ཆེན་གདུང་བའི་དབྱངས༔ འབོད་པའི་དམ་རྫས་རྣམས་ཀྱིས་ཐུགས་དམ་བསྐང༔ རྟེན་གཏོར་སྒྲུབ་པའི་རྫས་དང་བླ་རྡོ་དང༔ རྟེན་པའི་མཁར་དང་སྲོག་རྟེན་དར་ནག་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་ཡས་སོགས༔ འདུ་བའི་དམ་རྫས་རྣམས་ཀྱིས་ཐུགས་དམ་བསྐང༔ ཁམས་གསུམ་དབང་སྡུད་རུ་མཚོན་སྲིད་རྩེར་སྒྲེང༔ ཆས་ཞུགས་འཆམ་དང་ཟློས་གར་དམག་གི་དཔུང༔ བྱ་གཅན་གཡག་ལུག་རྟ་དྲེལ་ནག་པོའི་ཚོགས༔ སྤྱན་གཟིགས་བསམ་མི་ཁྱབ་པས་ཐུགས་དམ་བསྐང༔ བསྐྱེད་པའི་རིམ་གསལ་སྔགས་ཀྱི་འཕྲུལ་འཁོར་དང༔ གང་ཤར་བདེ་སྟོང་ཐུགས་ཀྱི་ཀློང་དུ་གྲོལ༔ སྦྱོར་བ་ཚད་ཕེབས་སྒྲོལ་བ་གནས་སུ་སྟོབ༔ བླ་མེད་བྱང་ཆུབ་སྒྲུབ་པས་ཐུགས་དམ་བསྐང༔ སྲུང་བའི་གོ་བགོས་བདུད་ཀྱི་སྦྱོར་བ་བཤིགས༔ ཟློག་པའི་བཀོད་བཤམས་རྔམ་བརྗིད་དྲག་པོའི་འཕྲུལ༔ བསད་པའི་མནན་སྲེག་འཕང་གསུམ་ཡོ་ལང་གིས༔ གདུག་པའི་དགྲ་བགེགས་བསྒྲལ་པས་ཐུགས་དམ་བསྐང༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་ཡས་ཀྱིས༔ ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༔ ཡུམ་མཆོག་རེ་མ་ཏཱི་ཡི་ཐུགས་དམ་བསྐང༔ དབང་ཕྱུག་ཛི་ན་མི་ཏྲའི་ཐུགས་དམ་བསྐང༔ གཤིན་རྗེ་ཊཱ་ཀི་རཱ་ཛའི་ཐུགས་དམ་བསྐང༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཐུགས་དམ་བསྐང༔ བདུད་མགོན་ཏྲཀྴད་ནག་པོའི་ཐུགས་དམ་བསྐང༔ གསང་བའི་ཡུམ་དང་ལས་བྱེད་ཐུགས་དམ་བསྐང༔ ཕྱོགས་སྐྱོང་རྒྱལ་ཆེན་རྣམས་ཀྱི་ཐུགས་དམ་བསྐང༔ དྲེགས་པ་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་ལ་ཉམས་ཆག་ཚངས་གྱུར་ཅིག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་རྣམས༔ རང་དང་གཉིས་མེད་བྱང་ཆུབ་སེམས་ཀྱི་ངང༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ རྡོ་རྗེ་སྲིན་པོའི་ཚོགས་ལ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ དེ་ཡིས་ཉམས་ཆག་ཐམས་ཅད་ཚངས་པར་འགྱུར༔ ས་མ་ཡ༔ ༈ འཁོར་སྔགས་སྒོས་སྒྲུབ་ལས་འབྱུང་བ་ནི། ཨོཾ་ཤྲཱི་དེ་བཱི་རེ་མ་ཏཱི་ཏྲག་རཀྴ་ཧཱུྃ་ཕཊ༔ རེ་ཏཱིའོ། །ཨོཾ་ཛི་ན་མི་ཏྲ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཛི་ན་མི་ཏྲའོ། །ཨོཾ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཊཱ་ཀཱི་རཱ་ཛའོ། །ཨོཾ་ཀྵེ་ཏྲ་པཱ་ལ་ཛ༔ ཀྵེ་ཏྲ་པཱ་ལའོ། །ཨོཾ་ཀརྨ་མ་ཧཱ་ཀཱ་ལཱ་ཏྲཀྴད་ཛ༔ ཨོཾ་དེ་བཱི་ཤངྑ་པཱ་ལ་ཏྲག་རཀྴ་བྷྱོ་ཛ༔ ཏྲག་ཤད་ཡུམ་བཅས་སོ།། །།

ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི་ (Volume 23, Text 22)

༄༅། །ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། གང་གི་མཚན་དང་རིག་སྔགས་ཀྱིས། །འཁོར་བ་དོང་སྤྲུགས་གངས་ཅན་མགོན། །མི་ཕྱེད་དད་པས་གཙུག་བཀོད་དེ། །རིག་གཏད་ཆོ་ག་རྣམ་གསལ་བྱ། །མཆོག་དམན་ཀུན་ལ་ཉམས་ལེན་བདེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་གྲོལ་བ་བཞི་ལྡན་འདིའི་རིག་པ་གཏད་པའི་རྗེས་གནང་ལ་རྒྱས་བསྡུས་གཉིས་ཕྱག་བཞེས་སུ་མཛད་པ་ལས། རྒྱས་པར་སྤྲོ་ན། སྟེགས་བུའི་དབུས་སུ་པདྨ་འདབ་མ་དྲུག་པ། དེའི་ལྟེ་བར་ཐུགས་རྗེ་ཆེན་པོའི་སྐུ །གཡས་སུ་སྔགས་བྱང་། གཡོན་དུ་མེ་ལོང་། འདབ་མ་དྲུག་ལ་ཡི་གེ་དྲུག་རེ་རེ་བྲིས་པའི་ཙཀླི །མདུན་སོགས་གང་བདེར་བུམ་པ་བཅུད་ལྡན། ཉེར་སྤྱོད་ཀྱི་མཆོད་པ་ཅི་འབྱོར་བཅས་བཤམ། བདག་མདུན་སོ་སོར་གསལ་བཏབ་ལ་བཟླས་པ་གསོལ་འདེབས་བར་བྱ། དེའང་བརྗོད་ཚིག་གཅིག་གིས་བསྒོམ་པའམ་ཐ་དད་དུ་བསྒྲུབས་ཀྱང་ལེགས། དེ་ནས་མདུན་གྱི་ལྷའི་སྐུ་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་། བུམ་པའི་གཟུངས་ཆབ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ་ཡིག་དྲུག་ཅི་རིགས་པ་ཟླ་བ་རྣམས་སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ། ཁྲུས། སྔོན་གཏོར་སྲུང་འཁོར་བཅས་སྤྱི་ལྟར་རམ། སྒོ་དྲུང་དུ་ཆབ་ཀྱིས་ཁ་བཤལ་བ་ཙམ་བྱ། གྲལ་ལ་འཁོད་ནས་སེམས་བསྐྱེད་སོགས་གསལ་བཏབ་ལ། དེའང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་རང་གཟུགས་སུ་བསྟན་ནས་སྲིད་པའི་རྒྱ་མཚོ་གཏིང་ནས་སྤྲུགས་པའི་ཕྲིན་ལས་རྒྱུན་ཆད་མི་མངའ་ཞིང་རྒྱལ་བ་རྒྱ་མཚོའི་ཡབ་ཏུ་གྱུར་པ། ཁྱད་པར་གདོང་དམར་ཤ་ཟ་བོད་ཡུལ་མུན་པའི་གླིང་འདིར་ཐུགས་རྗེའི་ཉི་འོད་ལྷག་པར་བརྡལ་བས་ཐར་པའི་ལམ་མཁན་གཅིག་པུར་གྱུར་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་སྔ་ན་མེད་པའི་གྲོལ་བ་བཞི་ལྡན་གྱི་ངོ་མཚར་ཅན་འདི་ནི། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་སྟོད་ཀྱི་གུ་གེ་རོང་དུ་བྱུང་བའི་སྦས་པའི་རྣལ་འབྱོར་པ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་མི་ཡུལ་དུ་དགུང་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་། སྐུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་མཐར་སྐུ་འོད་ཀྱི་ཕུང་པོར་ཐིམ་པ་དེ་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་བསྩལ་པའི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་སྟེ། དེ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་འདིའང་། འཕགས་པ་འཇིག་རྟེན་དབང་ཕྱུག་དང་ཐ་དད་མེད་པའི་གྲོལ་བ་བཞིའི་ཕྲིན་ལས་མངའ་བ། མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་རྒྱལ་པོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་མངའ་རིས་གྲུབ་ཆེན་ཉིད་ཀྱིས་དངོས་སུ་བསྩལ་བ་སྟེ། དེ་ཉིད་ཀྱི་རིག་པ་གཏད་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། གངས་རིའི་མགོན་པོ་སྤྱན་རས་གཟིགས། །བདག་གསོལ་འདེབས་བུ་ལ་བརྩེ་བས་དགོངས། །རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གསུམ། བདག་སོགས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ། སྒོ་གསུམ་རྩེ་གཅིག་གུས་པས་དུས་རྟག་པར་སྐྱབས་སུ་མཆིའོ་སྙམ་དུ་སྐྱབས་འགྲོའི་སྡོམ་པས་གཞི་བཏིང་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་དང་མི་འབྲལ་བའི་དགའ་བ། ཕྱོགས་རིས་མེད་པའི་བཏང་སྙོམས་ཏེ་ཚད་མེད་བཞིའི་སྒོམ་རིམ་གསལ་ཐོབ་ལ་འདིའི་རྗེས་ཟློས། མགོན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མ་འགྲོ་དྲུག་དོན་དུ་བྱང་སེམས་བསྐྱེད། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གསུམ། དེ་ནས་ཐོག་མར་སྐུའི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཁྱེད་རང་རྣམས་བརྗོད་ཚིག་དང་མཐུན་པར་སྤྱན་རས་གཟིགས་ཀྱི་སྐུ་རྟེན་དང་བརྟེན་པར་བཅས་པ་གསལ་འདེབས་བཞིན་པའི་ངང་། ཚིག་འདི་རྣམས་ཀྱང་རྗེས་ཟློས་མཛོད་ཅིག །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་། །གནས་ཡུལ་ཀུན་རི་བོ་པོ་ཏ་ལའི། །ཞིང་གཞལ་ཡས་ཁང་བཅས་གསལ་ལ་རྫོགས། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེ་དབུས་སུ་རང་ཉིད་སྤྱན་རས་གཟིགས། །སྐུ་དཀར་གསལ་འོད་ཟེར་འབུམ་ཕྲག་འཕྲོ། །མཚན་དཔེ་བྱད་ཞི་འཛུམ་སྒེག་པའི་ཉམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་འོག་མས་ཤེལ་གྱི་ཕྲེང་བ་དང་། །གཡོན་འོག་མས་པདྨ་དཀར་པོ་བསྣམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐྲ་མཐོན་མཐིང་ཐོར་ཚུགས་སྤྱི་བོར་བཅིངས། །ལྷག་མ་རྣམས་ལྕང་ལོའི་ཚུལ་དུ་འཕྱང་། །སྤྱི་གཙུག་ཏུ་ནོར་བུ་འབར་བས་མཚན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དར་སྣ་ཚོགས་ཅོད་པན་ན་བཟས་བཀླུབས། །རྒྱན་རིན་ཆེན་དུ་མས་ཀུན་ནས་མཛེས། །རི་དྭགས་ཀྱི་པགས་པས་ནུ་གཡོན་བཀབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐུ་བ་སྤུའི་ཁུང་བུ་རེ་རེ་བཞིན། །ཇི་སྙེད་ཀྱི་ཞིང་ཁམས་རབ་འབྱམས་རྫོགས། །དེ་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གསུང་ཕྱི་ནང་སྣོད་བཅུད་སྒྲ་སྐད་ཀུན། །སྔགས་ཡི་གེ་དྲུག་ཏུ་བྱིན་བརླབས་པས། །མཐོང་ཐོས་དང་དྲན་རེག་གྲོལ་བར་མཛད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་སྟོང་ཉིད་ངང་ལས་མ་གཡོས་བཞིན། །གདངས་དམིགས་མེད་སྙིང་རྗེ་ཆེན་པོ་ཡིས། །མ་འགྲོ་དྲུག་ཀུན་ལ་བུ་ལྟར་དགོངས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གདན་པད་དཀར་ཟླ་བ་རྒྱས་པའི་སྟེང། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱོགས་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་གའི་ཡི་གེ་གསལ་ལ་འཚེར། །དོན་རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་དྭངས་མའི་སྲོག་ལས་འོད་ཟེར་འཕྲོས། །ཡེ་ཤེས་ཀྱི་སེམས་དཔའ་ཆར་ལྟར་བབས། །དམ་ཚིག་གི་ཕྱག་རྒྱར་དབྱེར་མེད་ཐིམ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། སློབ་དཔོན་གྱིས་དྲིལ་གསིལ་དང་། སྤོས་བདུག་ལ་ཡིག་དྲུག་འུར་འདོན་མང་དུ་བྱ། བུམ་དབང་བསྐུར་ལ། སླར་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་ཞིང་སྒྲིབ་དག་ཡོན་ཏན་རྫོགས། །དཔལ་སྣང་བ་མཐའ་ཡས་དབུ་ལ་བརྒྱན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེ་རྣམས་ཀྱིས་ཡན་ལག་བཞི་རྫོགས་པའི་བསྐྱེད་རིམ་མཚན་ཉིད་ལྡན་པ་སོང་ནས་རྗེས་འབྲེལ་དུ་ཕྱག་མཆོད་བསྟོད་པ་རྣམས་ཀྱང་སོ་སོའི་བསྒོམ་བྱ་གསལ་ཐོབ་ལ་རྗེས་ཟློས། སྤྱིར་འགྲོ་དྲུག་ཀུན་ལ་བུ་ལྟར་བརྩེ། །སྒོས་གངས་ཅན་འགྲོ་ལ་ལྷག་པར་དགོངས། །མགོན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱུ་དངོས་སུ་བཤམས་པས་མཚོན་བྱས་ཏེ། །རྐྱེན་ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །ཟག་མེད་ཀྱི་མཆོད་སྤྲིན་རྒྱ་མཚོ་འབུལ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐབས་ཤེས་རབ་མཆོག་ལ་མངའ་བརྙེས་ཤིང་། །དཔལ་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །མགོན་སྤྱན་རས་གཟིགས་ལ་གུས་པས་བསྟོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་སྐུ་ལྷ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ནས་འཕགས་པའི་སྐུ་སྣང་སྟོང་ཆུ་ཟླ་ལྟ་བུ་བསྒོམ་པ་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །གཉིས་པ་གསུང་གི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཐུགས་སྲོག་སྔགས་ཕྲེང་བཅས་གསལ་འདེབས་པ་དང་། སྤྲོ་བསྡུ་དང་པོས་བྱིན་རླབས་བསྡུ་བ། བར་པས་རིགས་དྲུག་གནས་སྦྱོང་། ཐ་མས་དག་སྣང་ལམ་ཁྱེར་གྱི་ཏིང་ངེ་འཛིན་རིམ་པར་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཐུགས་པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ འདབ་མ་རྣམས་ཡི་གེ་དྲུག་པས་མཚན། །སྔགས་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ངག་བཟླས་པའི་རྐྱེན་གྱིས་བསྐུལ་བ་ལས། །ཧྲཱིཿཡིག་གི་འོད་ཀྱིས་འཕགས་པ་མཆོད། །བྱིན་རླབས་ཀུན་ཚུར་འདུས་བདག་ལ་ཐིམ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། འདིར་ཡིག་དྲུག་བརྒྱ་རྩ་འུར་འདོན་བྱ། དེ་ནས་ཨོཾ་སོགས་ཡིག་དྲུག་ཙཀླི་སོ་སོར་སྤྱི་བོར་བཞག་ལ། ཨོཾ་དཀར་པོ་ལྷ་ཡི་ཡུལ་དུ་འཕྲོས། །རྒྱུད་ང་རྒྱལ་འཕོ་ལྟུང་སྡུག་བསྔལ་སྦྱངས། །དོན་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མ་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས། །རྒྱུད་ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱངས། །དོན་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཎི་སེར་པོ་མི་ཡི་ཡུལ་དུ་འཕྲོས། །རྒྱུད་ཐེ་ཚོམ་བྲེལ་ཕོངས་སྡུག་བསྔལ་སྦྱངས། །དོན་རང་བྱུང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། པད་མཐིང་ག་དུད་འགྲོའི་ཡུལ་དུ་འཕྲོས། །རྒྱུད་གཏི་མུག་བླུན་རྨོངས་སྡུག་སྦྱངས། །དོན་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མེ་དམར་པོ་ཡི་དྭགས་ཡུལ་འཕྲོས། །རྒྱུད་འདོད་ཆགས་བཀྲེས་སྐོམ་སྡུག་སྦྱངས། །དོན་སོར་རྟོག་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཧཱུྃ་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། །རྒྱུད་ཞེ་སྡང་ཚ་གྲང་སྡུག་བསྔལ་སྦྱངས། །དོན་མེ་ལོང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། སྐུ་དང་སྔགས་བྱང་མེ་ལོང་རྣམས་གནས་གསུམ་དུ་བཞག་ལ། ཁམས་གསུམ་གྱི་གཟུགས་སྣང་སྤྱན་རས་གཟིགས། །སྒྲ་གྲགས་ཀུན་སྔགས་ཀྱི་རང་སྒྲར་འུར། །དྲན་རྟོག་གི་གཟུང་འཛིན་འོད་གསལ་ངང་། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་གསུང་སྙིང་པོ་བཟླ་བ་ལ་དབང་བ་ཡིན་པས། རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་མའི་བཟླས་པ་ཆུ་བོའི་རྒྱུན་ལྟ་བུར་མི་ཆད་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཚིག་དོན་སྒོམ་ལ་མཉམ་པར་འཇོག་བཞིན་པས་རྗེས་ཟློས་མཛོད། སྣང་གྲགས་ཀུན་འོད་གསལ་དབྱིངས་སུ་ཐིམ། །གཞི་མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །ལམ་བྱར་མེད་འཕགས་པའི་རང་ཞལ་བལྟ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དལ་གཅིག་བཞག །མཁའ་ཁྱབ་ཀྱི་སྟོང་ཉིད་ནམ་མཁའི་ངང་། །སླར་འཕགས་པའི་སྐུ་རུ་ལམ་གྱིས་ལྡངས། །བྱམས་སྙིང་རྗེས་འགྲོ་བའི་དོན་ལ་སྤྱོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་སེམས་ཆོས་ཉིད་ཀྱི་གནས་ལུགས་བསྒོམ་པ་ལ་དབང་བ་ཡིན་པས། །དེང་ནས་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་དང་མ་བྲལ་བར་གྱིས་ཤིག །དེ་ནས་མེ་ཏོག་འཐོར་ལ། སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །མགོན་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས། །ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དང་གཞན་ཡང་བཀྲ་ཤིས་རྒྱས་པར་བརྗོད་པས་མངའ་དབུལ། དེ་ལྟ་བུའི་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས། བདག་སྒོམ་བཟླས་འདི་ཡིས་མཚོན་བྱས་ཏེ། །དུས་གསུམ་དུ་བསགས་པའི་དགེ་བའི་མཐུས། །མ་འགྲོ་དྲུག་འཁོར་བ་དོང་སྤྲུགས་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ནམ་ཚེ་འདིའི་སྣང་བ་འཕོས་མ་ཐག །ནུབ་བདེ་ཅན་ཞིང་དུ་སྐྱེས་ནས་ཀྱང་། །བྱང་ཆུབ་ཀྱི་གོ་འཕང་མྱུར་ཐོབ་ཤོག །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེས་ཡི་གེ་དྲུག་པ་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པའི་རིག་གཏད་རྒྱས་པ་ཐོབ་པ་ཡིན་པས། རྩ་བ་རྡོ་རྗེའི་གསུང་ལས། ཉིན་རེ་བཞིན་མ་ཆག་པར་བྱས་ན་འཆི་འཕོས་མ་ཐག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟའོ། །ཞེས་གསུངས་པ་ལགས་པས་འཕགས་པ་སྤྱན་རས་གཟིགས་ཡི་དམ་གྱི་ལྷར་འཛིན་ཅིང་འདིའི་སྒོམ་བཟླས་མ་ཆག་པར་བྱ་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཆོག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་ཤིས་སོགས་མཐར་དབྱུང་ངོ་། །དེ་ནི་རིག་གཏད་རྗེས་གནང་གཞན་དང་སྒོ་བསྟུན་ཏེ་ཅུང་ཟད་རྒྱས་པར་བྱ་བའི་ཚུལ་ཡིན། བསྡུ་ན་གྲུབ་ཆེན་རང་གི་ཕྱག་བཞེས་ལྟར། སྐྱབས་སེམས་ནས་བཀྲ་ཤིས་ཀྱི་བར་སློབ་དཔོན་གྱི་ངག་ནས་བརྗོད་རིམ་བཞིན་སློབ་མས་རྗེས་ཟློས་དང་དམིགས་པ་སྤོད་སྒོམ་བྱས་པས་གྲུབ་པ་ཡིན་ལ། རྒྱས་བསྡུས་གང་ལྟར་ཡང་མཚམས་རྣམས་སུ་ཡིག་དྲུག་ཅི་རིགས་འུར་འདོན་ལྷན་ཅིག་བྱ་བ་ཡིན་ནོ། །འབྲེལ་བཅས་ལས་ཉོན་དྲི་བྲལ་ནས། །འཕགས་པའི་ཞིང་ཁམས་ཉམས་དགའ་བ། །པདྨ་བཀོད་པར་བརྫུས་ཏེ་སྐྱེས། །རྒྱལ་ལས་ལུང་བསྟན་མཆོག་ཐོབ་ཤོག །ཅེས་རང་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་གྱིས་ཉེ་བར་དྲངས་ཏེ། ༧ཀུན་མཁྱེན་བླ་མ་འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་ཀྱི་ཞལ་ལུང་ཇི་ལྟར་གནང་བ་བཞིན། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཆེན་ལྔ་འདུས་སྒྲུབ་ཆེན་རྣམ་དགུའི་ཕོ་བྲང་གི་བྱེ་བྲག་གསུང་མཆོག་འཆི་མེད་པདྨའི་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཀུན་བཟང་ཐུགས་གཏེར་ལས་ཡང་དག་གི་ཆ་ལག་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་བཅུད་ལྡན་ (Volume 27, Text 22)

༄༅། །ཀུན་བཟང་ཐུགས་གཏེར་ལས་ཡང་དག་གི་ཆ་ལག་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་བཅུད་ལྡན་ཞེས་བྱ་བ་བཞུགས་སོ། ། གདོད་ནས་མ་སྐྱེས་འཆི་བདུད་དབྱིངས་སུ་བཅོམ། །འཁྲུལ་པས་གཡོ་བ་སྒྱུ་མའི་ལུས་ཅན་རྣམས། །ཕྱག་རྒྱས་རྡོ་རྗེའི་སྲོག་ཏུ་སྒྲུབ་མཛད་པ། །སྙིང་རྗེའི་རོལ་པ་དེ་ཡིས་རྗེས་སུ་སྐྱོངས། །ཀུན་བཟང་ཐུགས་གཏེར་སྒྲོན་མ་རྣམ་དྲུག་གི་ནང་ཚན་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མ་ལས་འབྱུང་བའི་ཚེ་སྒྲུབ་སྨན་མར་བཅུད་ལེན་གྱི་དངོས་གྲུབ་སྦྱིན་པ་དང་འབྲེལ་བའི་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ཡོ་བྱད་གཤོམ་ནི། ཚེ་སྒྲུབ་ཆེད་དུ་བྱེད་ན། དང་པོ། ཅོང་ཞི་དང་བྲག་ཞུན་ཏེ་རྒྱུ་གཉིས། རྩི་མར་བུ་རམ་སྦྲང་རྩི་སྟེ་རྐྱེན་གསུམ། ཤུག་འབྲུ་བ་ལུའི་མེ་ཏོག་མཚེ་མཁན་དཀར་ཏེ་བདུད་རྩི་བཞི་རྣམས་ཀྱི་སྨན་མར་ལ་འབྲས་བུ་གསུམ། བཟང་པོ་དྲུག །ཚ་བ་གསུམ། རྡོ་ཁབ་ལེན། ཆོས་སྨན་བཅས་ཁ་ཚར་བཏབ་ནས་ལག་ལེན་གཞུང་གསལ་ཚུལ་བཞིན་སྦྱར་བ་དང་། བུམ་རྫས་དམིགས་སུ་བཤད་པ་སོགས་ཚགས་སུ་ཚུད་པར་བྱས་ལ་བཤམ་བཀོད་གཏེར་གཞུང་ལྟར་བྱ་དགོས་ལ། འདིར་དབང་རྒྱུན་ཙམ་སྒྲུབ་པ་ལ་དཀྱིལ་འཁོར་རས་བྲིས་སམ་མེད་ན་མཎྜལ་ལ་འབྲུ་ཚོམ་དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་གཉིས། དེ་རྒྱབ་ཕྱོགས་བཞིར་བཞི་བཅས་ཉེར་གཅིག་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོས་སྤྲས་པའི་ཁར། རིན་པོ་ཆེའམ་བནྡྷ་མཚན་བཟང་དུ་གོང་སྨོས་བཅུད་ལེན་རྫས་སྦྱར་གྱི་རིལ་བུས་བཀང་བ་བཞག་ལ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ། སྨན་གཏོར་རཀྟ་ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། ཉེ་བར་མཁོ་བའི་ཡོ་བྱད་གཞན་ཡང་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་སྒྲུབ་མཆོད་ནི། རྒྱས་པར་སྤྲོ་ན་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ལས་བྱང་ཚང་བ་བཏང་ནས་བདག་བསྐྱེད་བཟླས་པའི་བར་དུ་སོང་བ་དང་འདིའི་མདུན་བསྐྱེད་ལ་འཇུག །དེ་ཙམ་མི་ལྕོགས་ན་ཞི་བར་བསྙེན་པ་མ་བྱས་ཀྱང་ཆོག་པས་མདོར་བསྡུས་པ་ནི། ལས་བྱང་ལྟར། བདག་དང་མཐའ་ཡས་སོགས་ཤོ་ལོ་ཀ་གཅིག་གིས་སེམས་བསྐྱེད། བགེགས་བསྐྲད་ཅིང་མཚམས་བཅད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་སྤྱི་ལྟར་བྱ། ལས་བྱང་གི་སྨན་རག་གཏོར་གསུམ་ཕྱི་མཆོད་བྱིན་བརླབ་བཅས་གྲུབ་ནས། སེམས་ཅན་བདེ་དང་སོགས་ཚད་མེད་བཞི་བསྒོམ། བདེ་གཤེགས་རྒྱལ་བ་མ་ལུས་ཀུན༔ སོགས་ནས། ཛྙཱ་ན་སཏྭ་ཙིཏྟ་ཧཱུྃ༔ བར་གྱིས་ཁྲོ་བོ་དམ་ཚིག་པ་བསྐྱེད། ཧཱུྃ༔ ཡེ་ཤེས་སྤྱན་གྱི་སོགས་ཤོ་ལོ་ཀ་གཅིག་གིས་ཡེ་ཤེས་པ་སྤྱན་དྲང་། ཆེ་མཆོག་མཉམ་སྦྱོར་སོགས་བཞུགས་གསོལ། བརྟན་བྱེད། ཟིལ་གནོན། ཕྱག་བཅས་ཤློ་ཀ་རེ་རེ། སྣང་ཞིང་སྲིད་པའི་སོགས་སྤྲུལ་པ་རྒྱན་དང་། ཧཱུྃ༔ རྨད་དུ་བྱུང་བའི་སོགས་གཏོར་མ། ཧཱུྃ༔ ཁྱད་པར་ཆེན་པོ་སོགས་གསང་ནན་རྣམས་ཀྱིས་མཆོད། བསྟོད་པ་ཡབ་ཡུམ་གྱི་ཤོ་ལོ་ཀ་གཉིས་བྱས་ལ། བསྙེན་སྒྲུབ་ཀྱི་དམིགས་པ་བཅས་རུ་ལུ་ཅི་འགྲུབ་བཟླས་ལ་སྟོང་ཚིགས་ཕུལ། མདུན་བསྐྱེད་རྟེན་དང་དཀྱིལ་འཁོར་བཅས་བསང་སྦྱང་། མི་དམིགས་ངང་ལས་སྐད་ཅིག་གིས། །རང་བྱུང་དུར་ཁྲོད་གཞལ་ཡས་ཁང་། །རྒྱན་དང་མཚན་ཉིད་ཡོངས་རྫོགས་དབུས། །དཔལ་ཆེན་བཛྲ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཁྲོས་པའི་ཚུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ ཞབས་བཞི་དྲེགས་པ་ཕོ་མོ་མནན༔ ཁྲོ་མོ་ཡུམ་དང་གཉིས་མེད་རོལ༔ དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན༔ འབར་བའི་གར་དགུས་རབ་ཏུ་བརྗིད༔ ཙིཏྟ་ཉི་ཟླའི་ག་འུའི་ནང༔ ཚེ་བདག་རྡོ་རྗེ་སེམས་དཔའ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ གཡས་པ་སྐྱབས་སྦྱིན་རྡོ་རྗེ་བསྣམས༔ གཡོན་པ་ཚེ་ཡི་བུམ་པ་འཛིན༔ ཡུམ་ཡང་དབྱིངས་ཕྱུག་ཚེ་འཛིན་མ༔ མཉམ་སྦྱོར་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ མཚན་དང་དཔེ་བྱད་ལྡན་པར་བསྒོམ༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླའི་ག་འུའི་ནང༔ ཨ་ནྲྀ་ཧཱུྃ་གསུམ་ཚེ་ཡི་དངོས༔ གསལ་དྭངས་འོད་དང་བཅས་པ་བསྒོམ༔ ཕྱོགས་བཞིར་རིགས་བཞིའི་ཚེ་དཔག་མེད༔ དཀར་སེར་དམར་ལྗང་ཁ་དོག་ལྡན༔ འཁོར་ལོ་རིན་ཆེན་པདྨ་དང༔ རྒྱ་གྲམ་གཡས་རྣམས་རིམ་བཞིན་འཛིན༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས༔ སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་མོ་དང་དམ་ཚིག་སྒྲོལ༔ ཡུམ་བཞི་གཙོ་དང་མཉམ་པར་སྦྱོར༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ མཚམས་ཀྱི་ལིང་ཚེ་བཞི་དག་ལ༔ ཤར་ལྷོར་རྣམ་པར་རྒྱལ་བ་ནི༔ དཀར་པོ་འཁོར་ལོ་བུམ་པ་འཛིན༔ ལྷོ་ནུབ་གཤིན་རྗེ་གཤེད་པོ་ནི༔ མཐིང་ནག་བེ་ཅོན་བུམ་པ་འཛིན༔ ནུབ་བྱང་དབང་གི་རྒྱལ་པོ་སྟེ༔ སྤྱི་བོར་རྟ་མགོ་ལྗང་གུར་བཞད༔ གཡས་པ་དབྱུག་ཏོ་གཡོན་པ་ན༔ བུམ་པ་འཛིན་པ་གསལ་བར་བསྐྱེད༔ བྱང་ཤར་བདུད་རྩི་འཁྱིལ་པ་ནི༔ ལྗང་ནག་རྡོ་རྗེ་རྒྱ་གྲམ་འཛིན༔ ཚེ་ཡི་བུམ་པ་གཡོན་ན་འོ༔ ཕྱི་རོལ་གྲུ་ཆད་བཞི་དག་ལ༔ ཤར་ལྷོར་ནཱི་ལ་དཎྜ་ནི༔ སྔོན་པོ་དབྱུག་པ་བུམ་པ་འཛིན༔ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་བ༔ མཐིང་ནག་རལ་གྲི་བུམ་པ་འཛིན༔ ནུབ་བྱང་འདོད་པའི་རྒྱལ་པོ་ནི༔ དམར་པོ་ལྕགས་ཀྱུ་བུམ་པ་བསྣམས༔ བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ༔ སེར་པོ་རྡོ་རྗེ་རྩེ་གསུམ་དང༔ ཚེ་ཡི་བུམ་པ་འཛིན་པ་འོ༔ གློ་འབུར་ཤར་དུ་ཧཱུྃ་མཛད་མཐིང༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ ནུབ་ཏུ་སྟོབས་ཆེན་ཐོ་བ་དང༔ བུམ་པ་འཛིན་པ་ཁ་དོག་ནག༔ ཀུན་ཀྱང་དུར་ཁྲོད་རྒྱན་གྱིས་སྤྲས༔ སྐྲ་དང་སྨ་ར་སྨིན་མ་སེར༔ མེ་ཕུང་ཀློང་ན་འགྱིངས་པས་བཞུགས༔ ལྷོ་རུ་ཉི་ཟླ་ཐོད་ཕྲེང་མ༔ དཀར་མོ་ཉི་ཟླའི་ཞགས་པ་དང༔ ཚེ་ཡི་བུམ་པ་ཕྱག་ན་བསྣམས༔ ན་བཟའ་ཞིང་གི་གཡང་གཞི་དང༔ འཇའ་ཚོན་སྣ་ལྔའི་གོ་ཟུ་ལ༔ གཟའ་སྐར་མང་པོའི་མཐའ་ཆག་བཏབ༔ ཉི་ཟླ་སྟོང་གི་ཐོད་ཀོར་ཅན༔ ཚེ་དཔལ་འགུགས་པའི་ཕོ་ཉ་བསྒོམ༔ བྱང་དུ་ལྷ་མོ་ཙཎྜ་ལཱི༔ དཀར་སེར་ཉི་མའི་འོད་ཟེར་ཅན༔ གཡས་པ་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་པ་ཚེ་ཡི་བུམ་པ་འཛིན༔ དུར་ཁྲོད་རྒྱན་ལྡན་མཁའ་འགྲོ་མང་པོས་བསྐོར༔ ཚེ་བདག་ཚེ་ཡི་ལས་མཛད་བསྒོམ༔ ལྷ་སྣམ་དྲང་སྲོང་གྲུབ་པ་དང༔ ཤིང་རྩི་སྨན་དང་ནགས་ལ་སོགས༔ འབྱུང་བའི་བཅུད་འཛིན་ལྷ་རྣམས་དང༔ རིག་འཛིན་ཚེ་ལ་དབང་རྣམས་བསམ༔ སྒོ་བཞིར་སྤྲུལ་པ་སྒོ་མ་བཞི༔ ཤར་སྒོར་དཀར་མོ་རྟ་གདོང་ཅན༔ མགྱོགས་མ་འགུགས་བྱེད་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སེར་མོ་ཕག་གདོང་མ༔ འཆིང་བྱེད་ཞགས་པ་འཛིན་པར་བསམ༔ ནུབ་སྒོར་དམར་མོ་དྲེད་གདོང་ཅན༔ ལི་དྲི་ལྕགས་སྒྲོག་འཛིན་པར་བསྒོམ༔ བྱང་སྒོར་ལྗང་མོ་སྤྱང་ཁྱིའི་གདོང༔ དྲིལ་བུ་འཛིན་ཅིང་གཡོན་པ་རྣམས༔ ཚེ་ཡི་བུམ་པ་འཛིན་པར་གསལ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རང་རྩལ་གདོད་ནས་དབང་བྱིན་ལྡན༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨོཾ་ཨཱཿཧཱུྃ༔ སྤྱན་དྲང་པ་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་དྲང་གཤེགས་སུ་གསོལ་བ་མི་མངའ་ཡང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན༔ མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། གཉིས་མེད་དོན་གྱི་ངོ་བོ་ལ༔ སྤྲོས་པའི་མཚན་མ་མི་མངའ་ཡང༔ བདེ་མཆོག་ཡེ་ཤེས་རོལ་པར་བསྒྲུབ་སླད་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ལ༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ འདུ་འབྲལ་མེད་པའི་ཀློང་དུ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པུ་ཧོ༔ མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཕྱི་ནང་དངོས་འབྱོར་ཡིད་ལས་བྱུང༔ ཀུན་བཟང་མཆོད་སྤྲིན་རབ་འབྱམས་ཀྱིས༔ དུས་གསུམ་འདུ་འབྲལ་མེད་པར་མཆོད༔ ཤྲཱི་ཧེ་རུ་ཀ་པྲ་ཏཱིཙྪ་དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ བཛྲ་པཉྩ་ཨ་མྲྀཏ་པཱུ་ཙ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ བཛྲ་བོ་དྷི་ཙིཏྟ་པཱུ་ཙ་ཨཱཿཧཱུྃ༔ བསྟོད་པ་ནི། ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས༔ གཟུགས་སྐུ་སྒྱུ་མ་སྐྱེ་བའི་སྐུར་སྟོན་ཅིང༔ ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་པའི༔ ཡི་དམ་ཞི་ཁྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་བཟླ་བ་ནི། གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྲོག་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་སྟེ། སྲོག་རྟེན་སྒྲུབ་རྫས་བུམ་པ་རྣམས་ལ་ཐིམ་པར་གྱུར་པར་བསམ་ལ། ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ༔ ཨཱ་ཡུཿཛྙཱ་ན༔ སརྦ་རོ་པ་ཙིཏྟ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་པའི་སྙིང་པོ་ཅི་འགྲུབ་བཟླས་པའི་མཐར་ཁ་སྐོང་སྟོང་ཚིགས་སྤྱི་ལྟར་འབུལ། ཚེ་འགུགས་པ་ནི། ལྷ་ཚོགས་གཙོ་འཁོར་རང་རང་གི༔ ཐུགས་ལས་སྤྲུལ་པ་དཔག་མེད་འཕྲོས༔ རྒྱལ་བ་སྲས་བཅས་ཐུགས་དམ་བསྐུལ༔ ཚེ་ཡི་དངོས་གྲུབ་འོད་དུ་བསྡུས༔ ལྷ་སྲིན་གདུག་པའི་ལག་ནས་འཕྲོག༔ འགྲོ་བ་དྲུག་གི་ཚེ་དཔལ་བསྡུས༔ འབྱུང་བཞིའི་རྩི་བཅུད་བཀྲག་མདངས་ཀུན༔ འོད་ཀྱིས་བསྡུས་ནས་བུམ་པར་བསྟིམ༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ མདུན་གྱི་ལྷ་ཡི་ཐུགས་དམ་བསྐུལ༔ ལྷ་ལས་འོད་འཕྲོས་སྣོད་བཅུད་རྫས༔ ཐམས་ཅད་ཚེ་དཔག་མེད་དུ་གྱུར༔ མཐར་ནི་ཚེ་བཅུད་འོད་དུ་གྱུར༔ ཚུར་འདུས་ཨ་ནྲྀཿཧཱུྃ་ལ་ཐིམ༔ གསལ་འཚེར་དྭངས་མའི་འོད་ལྔར་ལྡན༔ བདུད་རྩི་ཚེ་ཡི་རྒྱུན་བརྟན་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་པའི་དམིགས་པ་གསལ་བར་བསྒོམས་ལ་དབྱངས་དང་བཅས་ཏེ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཐུགས་མཆོག་མི་འགྱུར་རྡོ་རྗེ་རིགས་ཀྱི་སྐུ༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུར་སྟོན་པ༔ དུར་ཁྲོད་རྒྱན་ལྡན་འབར་བའི་མཚོན་ཆ་བསྣམས༔ ཁྲག་འཐུང་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕོ་ཉའི་ཚོགས༔ དཔའ་རྟགས་ཕྱག་རྒྱར་ལྡན་པ་བསམ་ཡས་ཀྱིས༔ ཁམས་གསུམ་སྲིད་པའི་ཚེ་དཔལ་འདིར་ཁུག་ལ༔ སྔོན་གྱི་ཐུགས་དམ་བཞིན་དུ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨཱ་ཡུ་ཥེ་ཧཱུྃ་ཛ༔ འདིས་མཚོན་བར་གྱི་སྔགས་རྣམས་ཅི་འགྲུབ་རེ་བཟླ། རྡོ་རྗེ་སེམས་དཔའ་མི་འགྱུར་བརྟན་པའི་སྐུ༔ ཆོས་དབྱིངས་ནམ་མཁའ་དབང་སྒྱུར་དབྱིངས་ཕྱུག་མ༔ ཐབས་ཤེས་དབྱེར་མེད་ཚེ་ལ་དབང་བའི་སྐུ༔ མི་འགྱུར་རྣམ་དག་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཧཱུྃ༔ བཛྲ་མུ་དྲ་ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ རྣམ་པར་སྣང་མཛད་ཡེ་ཤེས་གསལ་བའི་སྐུ༔ སྲ་བརྟན་ནོར་འཛིན་དབང་སྒྱུར་སངས་རྒྱས་སྤྱན༔ ཐབས་ཤེས་དབྱེར་མེད་ཚེ་ལ་དབང་བའི་ལྷ༔ མི་འགགས་རང་གསལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཻ་རོ་ཙ་ན་ཨོཾ༔ བུདྡྷ་མུ་དྲ་ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ རིན་ཆེན་ཏོག་ནི་ཡིད་བཞིན་གཏེར་ལྡན་སྐུ༔ མཉེན་འཁྲིལ་ཆུ་ལ་དབང་སྒྱུར་མཱ་མ་ཀཱི༔ ཐབས་ཤེས་དབྱེར་མེད་ཚེ་ལ་དབང་བའི་ལྷ༔ མི་གཡོ་མཉམ་ཉིད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་རཏྣ་སྭ་བྷཱ་ཝ་ཏྲཱཾ༔ རཏྣ་མུ་དྲ་ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ ཚེ་དཔག་མེད་ནི་མ་ཆགས་སྐྱོན་བྲལ་སྐུ༔ གསལ་འབར་དྲོད་ལ་དབང་སྒྱུར་ན་བཟའ་དཀར༔ ཐབས་ཤེས་དབྱེར་མེད་ཚེ་ལ་དབང་བའི་སྐུ༔ མ་འདྲེས་རྟོག་བྲལ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཧྲཱི༔ པདྨ་མུ་དྲ་ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ རྔ་སྒྲའི་དབྱངས་ནི་ཕྲིན་ལས་ཐོགས་མེད་སྐུ༔ ཡང་གསལ་རླུང་ལ་དབང་སྒྱུར་དམ་ཚིག་སྒྲོལ༔ ཐབས་ཤེས་གཉིས་མེད་ཚེ་ལ་དབང་བའི་ལྷ༔ མ་བཙལ་ལྷུན་གྲུབ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཨ་མོ་གྷ་སིདྡྷི་ཨཱ༔ ཀརྨ་མུ་དྲ་ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ མི་རྟོག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང༔ སྤྲུལ་པའི་སྐུར་བསྟན་འཇིགས་མཛད་ཁྲོ་རྒྱལ་བཅུ༔ མི་དགེ་བཅུ་འདུལ་དབང་བཅུ་མཐར་ཕྱིན་ཅིང༔ ཕ་རོལ་ཕྱིན་བཅུར་སྐྱེ་ཤི་བྲལ་བར་སྦྱོར༔ ཕྱོགས་མཚམས་སྟེང་འོག་གདུག་པ་འདུལ་བར་མཛད༔ འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ནས༔ ཚེ་དང་དཔལ་འབྱོར་ཡེ་ཤེས་ཀུན་སྡུས་ལ༔ ཐུགས་དམ་བཞིན་དུ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་ཀྲོ་དྷ༔ ཨཱ་ཡུཿཛྙཱ་ན་ཧཱུྃ་ཧྲཱིཿཋཱ༔ འདིར་སྤྱི་དང་མཐུན་པའི་ཁྲོ་བཅུའི་སྔགས་སོ་སོ་ལ། ཨཱ་ཡུ་ཥེ་ཧཱུྃ་ཛ༔ བཏགས་པའང་བཟླ། ཧཱུྃ༔ ཚེ་བདག་མ་ཚོགས་ཙཎྜ་ལཱི༔ སྐུ་ཡི་ཆ་བྱད་ཉི་མའི་འོད༔ ཁྲག་དང་ཞག་གི་ཐིག་ལེས་བརྒྱན༔ སྐེ་རགས་ཞིང་ཆེན་བ་སུ་ཏ༔ དུར་ཁྲོད་ཀུན་ཉུལ་ཚེ་རྣམས་འཕྲོག༔ ཞིང་ལ་སྟོབ་ཅིང་འཐབ་ཚུལ་སྟོན༔ ཚེ་བཅུད་འཛིན་བྱེད་བུམ་པ་བསྣམས༔ ཐུགས་དམ་བཞིན་དུ་ཚེ་ཁུག་ལ༔ སྐྱེ་ཤི་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙནྡྷ་ལཱི་ཧ༔ ཨཱ་ཡུ་ཥེ་ཧཱུྃ་ཛ༔ ནྲྀ་བྷྲཱུྃ་སིདྡྷི་ཧཱུྃ༔ ཧཱུྃ༔ ཆེ་ཞེ་ཆེན་མོ་གསང་བའི་གཟུངས༔ ཐིག་ལེ་གསང་བའི་ཡུམ་གཅིག་མ༔ དཀར་མོ་ཉི་མའི་ཐོད་ཕྲེང་ཅན༔ གྲུ་གསུམ་འབར་བའི་མིག་གཅིག་མ༔ གཡུ་ཡི་རལ་པས་སྲིད་པ་སྒྲོལ༔ ཆགས་པའི་ཕྱག་གིས་པདྨ་འཛིན༔ བདུད་རྩིའི་མཆི་མས་སྐྱེ་འགྲོ་གསོ༔ ཙིཏྟའི་ཞགས་པས་མུ་སྟེགས་སྒྲོལ༔ རྫུ་འཕྲུལ་ཤུགས་ཀྱིས་ཚེ་དྲོངས་ལ༔ ཐུགས་དམ་བཞིན་དུ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ༔ ཨཱ་ཡུ་ཥེ་ཧཱུྃ་ཛ་ཛ༔ ཧཱུྃ༔ འགུགས་བྱེད་དཀར་མོ་ལྕགས་ཀྱུ་ཅན༔ འདྲེན་བྱེད་སེར་མོ་ཞགས་པ་མ༔ སྡོམ་བྱེད་དམར་མོ་ལྕགས་སྒྲོག་ཅན༔ འབེབ་བྱེད་སྔོ་ལྗང་དྲིལ་བུ་མ༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ སྣོད་ཀྱི་འཇིག་རྟེན་འབྱུང་བའི་བཅུད་སྡུས་ཤིག༔ བཅུད་ཀྱི་སེམས་ཅན་སྐྱེ་འགྲོའི་ཚེ་ཁུག་ཅིག༔ དྲང་སྲོང་རིག་འཛིན་གྲུབ་པའི་བཅུད་སྡུས་ཤིག༔ འཆི་བདག་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ལྷ་ཀླུ་སྡེ་བརྒྱད་དྲེགས་པའི་ལག་ནས་ཚེ་ཁུག་ཅིག༔ ཕྱོགས་བཅུའི་འཇིག་རྟེན་ཁམས་ནས་ཚེ་ཁུག་ལ༔ ཚེ་བུམ་བདུད་རྩིའི་བཅུད་ཀྱིས་གང་བར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་ཛ་ཛ༔ ཞེས་བརྗོད། འོག་ནས་འབྱུང་བ་ལྟར་དངོས་གྲུབ་བསྐུལ་བའི་ཚིག་རྣམས་བརྗོད་པ་དང་དབང་ལེན་ཡང་བྱའོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་ནས་ཕྱུང་། བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གནུབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མངའ་རི་ལ་སྟོད་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས། དཔལ་མོ་དཔལ་ཐང་གི་ལྷ་མཚོ་སྲིན་མཚོའི་ནུབ་འགྲམ་བྱ་མང་པོའི་ཕུག་པ་ནས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་སྒྲོན་མེ་སྐོར་དྲུག་གི་ནང་ཚན་ཐུགས་དམ་ཡང་གསང་གསལ་བའི་སྒྲོན་མེ་ཞེས། ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ཆོས་བཀའ་ཁྱད་པར་དུ་འཕགས་པ་དེའི་ཆ་ལག་ཚེ་སྒྲུབ་ཡང་གསང་འཆི་མེད་གྲུབ་པའི་ཕྱི་དཀྱིལ་ལ་བརྟེན་ཏེ། རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི་དང་སྦྱར་བའི་བཅུད་ལེན་སྨན་མར་གྱི་སྒྲུབ་པའི་དངོས་གྲུབ་སྦྱིན་པ་དང་རྗེས་སུ་འབྲེལ་བར་དབང་བསྐུར་བར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན༔ སྐུ་གསུང་ཐུགས་མཉམ་གཉིས་མེད་དངོས་གྲུབ་མཆོག༔ ཚེ་ཆོས་སྣ་ཚོགས་ཅི་འདོད་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་ཐ་དད་མེད་པ་སངས་རྒྱས་ཀུན་འདུས་དཔལ་ཧེ་རུ་ཀ་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། སྡིག་པ་བཤགས་ཤིང་དགེ་བ་ལ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དམ་ཚིག་དང་སྡོམ་པ་མཐའ་དག་ཡོངས་སུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་མ་ལུས་དགོངས༔ བདག་གིས་ཐོག་དྲངས་འགྲོ་བ་མ་ལུས་པས༔ སྡིག་པ་མི་དགེ་གང་བགྱིས་པ༔ གནོང་ཞིང་འགྱོད་པས་སོ་སོར་བཤགས༔ སླན་ཆད་བདག་གིས་བསྡམ་པར་བགྱི༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ དགེ་བའི་རྩ་བ་རྒྱ་ཆེན་ལ༔ ལྷག་པར་རབ་དགའ་རྗེས་ཡི་རང༔ མྱ་ངན་མི་འདའ་ཐུགས་རྗེ་ཡིས༔ སེམས་ཅན་དོན་མཛད་བརྟན་པར་བཞུགས༔ ཕྱོགས་བཅུ་དུས་བཞིར་ཐེག་ཆེན་གྱི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བླ་མ་རྒྱལ་བ་སྲས་བཅས་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་སྲས་བཅས་མ་ལུས་པའི༔ བསླབ་བྱ་གང་ཡིན་བདག་སློབ་ཅིང༔ སྤང་བྱ་གང་ཡིན་སྤང་བར་བགྱི༔ བྱང་ཆུབ་སེམས་མཆོག་དམ་པ་དག༔ བརྟན་པར་བདག་གིས་རབ་ཏུ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཕྱི་ནང་གསང་བའི་སྡོམ་པ་རྣམས༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་ཕྱིར་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་སྔོ་བ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས་པ། ཞབས་བཞི་དྲེགས་པ་ཕོ་མོ་པད་ཉིའི་གདན་ལ་འགྱིང་ཞིང་རང་འོད་ཀྱི་ཡུམ་དང་འཁྲིལ་བ། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་གར་གྱི་ཉམས་དགུ་དང་ལྡན་པའི་ཙིཏྟ་ཉི་ཟླའི་ཀློང་ན་ཚེ་བདག་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་འཛུམ་མཚན་དཔེས་སྤྲས་པ། ཕྱག་གཡས་སྐྱབས་སྦྱིན་དང་བཅས་པའི་རྡོ་རྗེ་འཛིན་ཅིང་གཡོན་ཚེ་བུམ་བསྣམས་པ། ཡུམ་དབྱིངས་ཕྱུག་ཚེ་འཛིན་མ་ཚེའི་བུམ་པ་བསྣམས་པས་འཁྱུད་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཚེ་སྲོག་གི་རང་བཞིན་ཡི་གེ་ཨ་ནྲྀ་ཧཱུྃ་གསུམ་གསལ་དྭངས་འོད་ཟེར་དང་བཅས་པ་སྒོམས་ཤིག །སློབ་དཔོན་ལ་མོས་གུས་བྱས་པས་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ནམ་མཁའི་དབྱིངས་ཁྱབ་པ་འཕྲོས། རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་འོག་མིན་གསང་བ་མཆོག་གི་དུར་ཁྲོད་ནས་དཔལ་ཆེན་ཧེ་རུ་ཀ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་རྣམ་པ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པར་མོས་ཤིག །རུ་ལུ་སོགས་གཙོ་སྔགས་དང་། བཟླ་སྔགས་པུཎྱེའི་གཤམ་དུ། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ཅིང་རོལ་མོའི་གཟི་བྱིན་སོགས་ཀྱིས་དབབ། ཏིཥྛ་བཛྲས་བརྟན། དེ་ནས་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་ལྟར་མཛོད་ཅིག །ལྷ་ཚོགས་གཙོ་འཁོར་རང་རང་གི༔ སོགས་གོང་ལྟར་དམིགས་པ་ཕོག །ཚེ་འགུགས་སྔགས་རྣམས་དང་བཅས་ཚང་བ་བཏང་། གཟུངས་སྔགས་ལན་གསུམ། དེ་ལྟར་སྔོན་དུ་འགྲོ་བ་རྣམས་སོང་ནས་དངོས་གཞིའི་ཐོག་མར་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་དངོས་གྲུབ་གསོལ་བའི་ཚེ་ཁྱེད་རང་རྣམས་ཀྱིས་ཀྱང་དེ་ལྟར་སྩོལ་བའི་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པ་བྱུང་སྟེ། རང་རང་གི་གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ དུར་ཁྲོད་ཆེན་པོ་རབ་འཇིགས་པའི༔ ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ༔ ཀེཾ་རུས་ཆེན་པོའི་རི་རབ་ཀྱི༔ སྟེང་གི་འབར་བའི་དཀྱིལ་འཁོར་ན༔ ཡེ་ཤེས་འབར་བའི་གཞལ་ཡས་ཁང༔ ཕྱི་དང་ནང་མེད་ཀུན་ཏུ་ནང༔ ཟླ་གམ་དབང་གི་དཀྱིལ་འཁོར་ན༔ དྲེགས་པ་ཉི་ཟླ་པདྨའི་སྟེང༔ བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་བཅས༔ སྐྱེ་ཤི་མེད་པའི་དོན་ལ་དགོངས༔ ཚེ་སྩོལ་དབང་སྩོལ་དངོས་གྲུབ་སྩོལ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡབ་ལྔ་ཡུམ་ལྔ་གཉིས་སུ་མེད༔ ཚེ་ལ་མངའ་བརྙེས་ཡེ་ཤེས་ལྔ་དང་ལྡན༔ ཕུང་པོ་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་རྣམ་པ་ལྔ༔ སྐྱེ་ཤི་གཉིས་སྤངས་མི་འགྱུར་རྡོ་རྗེའི་སྐུ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ནམ་མཁའི་དབྱིངས་ཕྱུག་སྨྲ་བསམ་བརྗོད་ལས་འདས༔ རྣམ་དག་མཁའ་ལྟར་དོན་རྟོགས་དངོས་གྲུབ་སྩོལ༔ རྡོ་རྗེ་དབྱིངས་ཕྱུག་ཡེ་ནས་སྐྱེ་ཤི་མེད༔ མི་འགྱུར་གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ༔ རིན་ཆེན་དབྱིངས་ཕྱུག་མི་ཟད་གཏེར་དང་ལྡན༔ མི་ཟད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ༔ པདྨའི་དབྱིངས་ཕྱུག་ཆགས་མེད་སྐྱོན་དང་བྲལ༔ སྐྱོན་བྲལ་དྲི་མེད་དག་པའི་དངོས་གྲུབ་སྩོལ༔ ལས་ཀྱི་དབྱིངས་ཕྱུག་ཕྲིན་ལས་སྣ་ཚོགས་མཛད༔ རྣམ་བཞི་ལྷུན་གྲུབ་ཕྲིན་ལས་དངོས་གྲུབ་སྩོལ༔ དཔལ་ལྡན་མ་མོ་མཁའ་འགྲོ་ཡིས༔ མཐུ་སྟོབས་གཟི་བྱིན་དངོས་གྲུབ་སྩོལ༔ སྟོང་གསུམ་འཇིག་རྟེན་གྲགས་པའི་མཐུ་སྩོལ་ཅིག༔ སྲིད་གསུམ་ཟིལ་གྱིས་ནོན་པའི་གཟི་བྱིན་སྩོལ༔ རྣམ་རྟོག་སྐྱེ་ཤི་མེད་པའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ར་ས་ཡ་ན་སྨན་གྱི་ལྷ༔ དྲང་སྲོང་སྨན་གྱི་རིག་འཛིན་དང༔ ཤིང་རྩི་སྨན་ནགས་ལྷ་མོ་རྣམས༔ སྣང་སྲིད་སྨན་རྩིའི་བཅུད་བསྡུས་ནས༔ བདུད་རྩི་འདི་ལ་བྱིན་ཕོབ་ཅིག༔ ཚེ་དབང་མཆོག་གི་དངོས་གྲུབ་སྩོལ༔ ཨ་མྲྀཏ་ཨཱ་ཡུཿསིདྡྷི་ཧཱུྃ༔ དེ་ལྟར་བསྐུལ་ཞིང་གསོལ་བ་བཏབ་པས་བུམ་པ་དང་ཐོད་པའི་ལྷ་རྣམས་འོད་དུ་ཞུ་སྟེ་འཆི་བ་མེད་པའི་དངོས་གྲུབ་སྟེར་བའི་བདུད་རྩིའི་ཆུ་རྒྱུན་དང་། གྲུབ་པའི་རྫས་ཀྱི་བཅུད་ལེན་ཆེན་པོར་གྱུར་པས་དབང་བསྐུར་སྩོལ་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཨོཾ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད༔ ཡོན་ཏན་ཕྲིན་ལས་མ་ལུས་པའི༔ དབང་མཆོག་དམ་པ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨཱ༔ བཅུད་ལེན་རྫས་ཀྱི་ཐོད་པ་སྤྱི་བོར་བཞག་ལ་ཚིགས་བཅད་སྔགས་བཅས་སྔར་ལྟར་དང་། ཚེ་གཟུངས་པུཎྱེ། ཚེ་འགུགས་སྐབས་སུ་འབྱུང་བའི་སྔགས་རྣམས་རེ་རེ་བཞིན་གྱི་མཐར། ཨ་བྷི་ཥིཉྩ་ཨཱ༔བཏགས་པ་བརྗོད་མཐར། སྐུ་སྐྱེ་ཤི་མེད་པའི་དབང་སྩོལ་ཅིག༔ གསུང་འགག་པ་མེད་པའི་དབང༴ ཐུགས་འཁྲུལ་པ་མེད་པའི་དབང༴ ཡོན་ཏན་ལྷུན་གྲུབ་ཅི་བསམ་འགྲུབ་པ་དང༔ ཕྲིན་ལས་ཐོགས་མེད་འགྲོ་དོན་མཐར་ཕྱིན་དབང༔ ད་ལྟ་ཉིད་དུ་འདི་ལ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་རྫས་བྱིན་ལ། སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མྱོང་བར་ཞུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་མྲྀཏ་ཨཱ་ཡུཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རོལ་དུ་གཞུག །དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད་པས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་ལྟེམས་ཀྱིས་གང་། སྐྱེ་ཤི་འཕོ་འགྱུར་དང་བྲལ་བ་རྟག་བརྟན་རྡོ་རྗེའི་ཚེ་ལ་དབང་ཐོབ། ཁྱེད་རང་རྣམས་དཔལ་ཧེ་རུ་ཀ་སྲོག་རྟེན་དང་བཅས་པ་གསལ་འཚེར་འོད་འབར་གཟི་བྱིན་དང་ལྡན་པར་གྱུར་པ་ལ། ཧྲཱིཿ ཞེས་བརྗོད་པས་དབང་ཆེན་རྟ་མགྲིན་བཅུས་ཚངས་བུག་ལ་སོགས་པའི་དབང་པོའི་སྒོ་ཐམས་ཅད་སྲུང་། ལུས་ཀྱི་ཆ་ཐམས་ཅད་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པར་བསམ་ལ། གོ་ཆའི་རྒྱ་བཅིངས་ཏེ། ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང། །ཐམས་ཅད་མྱུར་དུ་རྒྱལ་བར་གནས། །ཨོཾ་བཛྲ་ཀཱ་ཝཱ་ཙི་ཡ་མནྡྷཾ། ཞེས་པས་གནས་ལྔར་རྒྱས་གདབ། ཨོཾ་ཧཱུྃ་སུ་ར་ཏ་རཀྵཱ་ཧཾ། ཞེས་པས་བརྟན་པར་བྱས་ལ། མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལོ། །གསུམ་པ་དབང་གི་རྗེས་ནི། དེ་ལྟར་ན་དེ་དག་གིས་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ཡན་ལག་ཚེ་སྒྲུབ་གསང་བ་ཡང་ཁོལ་བཅུད་ལེན་དངོས་གྲུབ་སྦྱིན་པ་དང་། རྗེས་སུ་འབྲེལ་བའི་དབང་བསྐུར་བླ་མའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་དམ་ཚིག་ཕྱིན་ཆད་སྤྱི་ལྟར་བྱ། ཕྲིན་ལས་ཀྱི་རྗེས་རིམ་དཀྱིལ་འཁོར་པ་ལ་གཏང་རག་མཆོད་བསྟོད་ནོངས་བཤགས། གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་གོ་བགོ་ལུས་སྲུང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཇི་ལྟར་རིགས་པ་ལས་བྱང་གསར་བསྒྲིགས་ནས་ཇི་ལྟར་འོས་པ་ལེན་པའམ། སྤྱི་མཐུན་ཙམ་གྱིས་འགྲུབ་བོ། །བཅུད་ལེན་གྲུབ་པས་གཞོན་ནུའི་ལང་ཚོ་བརྙེས། །ནང་གི་སྒོམ་པས་ཕུང་ཁམས་ལྷ་སྐུར་ཤར། །སྒྲོལ་མ་རླུང་གིས་རྡོ་རྗེའི་སྲོག་གྲུབ་སྟེ། །འཆི་མེད་ཚེ་དབང་རིག་འཛིན་མྱུར་ཐོབ་ཤོག །ཅེས་པའང་འདི་རྒྱུན་ཤིན་ཏུ་དཀོན་ཅིང་རྙེད་པར་དཀའ་བས་ཞབས་ཏོག་ཏུ་དམིགས་པའི་ལྷག་བསམ་བཟང་པོས། རྗེ་བླ་མའི་ཕྱག་བཞེས་མ་འཁྲུལ་བར་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུན་གྱི་རྣལ་འབྱོར་གོང་མའི་ཕྱག་བཞེས་ཟླ་བའི་འཛུམ་ཟེར་ (Volume 48, Text 22)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུན་གྱི་རྣལ་འབྱོར་གོང་མའི་ཕྱག་བཞེས་ཟླ་བའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཁོར་བ་དོང་སྤྲུག་གི་སྒོམ་བཟླས་ལམ་དུས་ཀྱི་དབང་ལེན་པ་དང་དཀྱུས་གཅིག་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་བར་འདོད་པས། རྒྱུན་ཁྱེར་ལ་ཤ་ཆང་སོགས་མ་འབགས་པའི་ནངས་མོའི་ཆ་དང་། ཆེད་དུ་བསྙེན་ན་ཤ་ཆང་སྒོག་ཙོང་འཁྲིག་པ་སྤོང་བ་སོགས་གཙང་སྦྲའི་བརྟུལ་ཞུགས་ལ་གནས་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ༔ སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང་། སེམས་བསྐྱེད་ནི། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ༔ ལན་གསུམ། བདག་བསྐྱེད་ནི། ཧྲཱི༔ རྟོག་མེད་ངང་ལས་རང་རིག་ཧྲཱི༔ དཀར་དམར་འོད་ལྡན་གདན་སྟེང་དུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ ལམ་དུས་ཀྱི་དབང་ལེན་པའི་ཕྱིར་མདུན་བསྐྱེད་ནི། མདུན་གྱི་ནམ་མཁར་གདན་པདྨ་ཉི་ཟླའི་སྟེང་དུ་བླ་མ་དང་དབྱེར་མི་ཕྱེད་པའི་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཨོ་རྒྱན་ནས་སློབ་དཔོན་པདྨ་འབྱུང་གནས་ལ། འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཛྲ་ས་མཱ་ཛཿ ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་པས་སྤྱན་དྲངས་པ་མདུན་གྱི་བླ་མ་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་བཞུགས་པར་བསམ༔ ཐུགས་རྗེ་ཆེན་པོ་དང་སློབ་དཔོན་པདྨའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧྲཱིཿགསལ་ལ། མཎྜལ་འབུལ་བ་ནི། ན་མོ། བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན། །རིན་ཆེན་རྣམ་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས། །དཀོན་མཆོག་བླ་མ་ཡི་དམ་ལྷ་ཚོགས་མཆོད། །བདག་དང་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ། །ཞེས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ། ན་མོ། ཐུགས་རྗེའི་བདག་པོ་དགོངས་སུ་གསོལ། །བདག་སོགས་འཁོར་བའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡི་དམ་དུ་ཡང་ཞུ་བར་བགྱི། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་དཀར་ནར་གྱིས་བྱུང་། བདག་གི་སྨིན་མཚམས་སུ་ཕོག །ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་བསམ། མགྲིན་པའི་ཨཱཿལས་འོད་དམར་ནར་གྱིས་བྱུང་། བདག་གི་མགྲིན་པར་ཕོག །ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །གསུང་གི་བྱིན་རླབས་ཞུགས། ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་བསམ། གསང་བའི་དབང་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་། བདག་གི་སྙིང་གར་ཕོག །ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལུས་ཐམས་ཅད་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་བསམ། དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུང་བར་བསམ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ། དབང་བརྟན་པར་ཞུ་བ་ནི། ཨོ་རྒྱན་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་དབྱེར་མེད་དུ་འདྲེས་པའི་ངང་ལ་ཅི་གནས་སུ་བཞག །དེའི་ངང་ལས་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སེམས་ཅན་གྱི་དོན་ཡིད་བཞིན་ནོར་བུ་ལྟར་གྱིས་ཤིག །ཅེས་གསུངས་པར་བསམ། དེ་ནས་བཟླས་པ་བྱ་བ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རང་སྒྲ་སྒྲོག་པར་བསམ། དེའི་མཐའ་སྐོར་དུ་ཡི་གེ་བདུན་མ། དེའི་མཐར་གཟུངས་རིང་གིས་བསྐོར་བར་བསམ། སྔགས་ཀྱི་ཕྲེང་བ་དམར་པོ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་བས་ཚོགས་རྫོགས། གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་འོད་ཟེར་གྱི་ཚུལ་དུ་རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སླར་ཡང་སངས་རྒྱས་རྣམས་ཀྱི་སྐུའི་བྱིན་རླབས་ཐུགས་རྗེ་ཆེན་པོ། གསུང་གི་བྱིན་རླབས་གཟུངས་སྔགས་ཀྱི་རྣམ་པ། ཐུགས་ཀྱི་བྱིན་རླབས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། ཡང་འོད་ཟེར་འཕྲོས། འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་ནས་ཡི་གེ་བདུན་པའི་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟ་བུ་འུར་དི་རི་རི་སྒྲོག་པར་བསམ་ལ་ཡི་གེ་བདུན་པ་ཆུ་བོའི་རྒྱུན་ལྟར་བཟླ་བར་བྱའོ། །དེ་ནས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་བར་འདོད་ན། སླར་ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། རང་གི་ལུས་ཐམས་ཅད་གང་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པ་དེ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ནས་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ཤ་སྟག་ཏུ་གྱུར་པར་བསམ་ལ། ཐོག་མར། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ སངས་རྒྱས་མ་ཆགས་པདྨ་ཅན་ལ་ཕྱག་འཚལ་ལོ། །ཨོཾ་ཨཱ་ཡུར་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སངས་རྒྱས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ༔ རྣམས་དང་། ཧྲཱི༔འི་བཟླས་པ་སྔོན་དུ་སོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་གི་རིག་སྔགས་འདི་འགྲུབ་པར་གྱུར་ཅིག༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་བཟླས་རྗེས། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང༔ སྒྲིབ་པ་དང༔ ལས་ངན་པའི་རྣམ་པར་སྨིན་པ་དང༔ ཉོན་མོངས་པ་དང༔ སྡུག་བསྔལ་བ་དང༔ བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས༔ སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ༔ ཐུགས་ཀར་ཡི་གེ་བདུན་པ་གསལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་ལ་བཞུགས༔ ཕྱག་གཡས་པད་ཕྲེང་དམར་པོ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་མེད་གཅེར་བུ་མདངས་དང་ལྡན༔ འཁོར་བ་དོང་ནས་སྤྲུགས་མཛད་པའི། །རང་བྱུང་ཐུགས་རྗེའི་དཔལ་ལ་བསྟོད། །དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་བསྐང་། ཐུགས་ཀའི་ཡིག་བདུན་ལས་མང་པོ་སྤྲོས་ཏེ་རིགས་དྲུག་གནས་འགྱུར་གྱི་ལྷ་ཐམས་ཅད་ཡི་གེ་བདུན་པ་འབའ་ཞིག་ཏུ་གྱུར་ནས་བདག་གི་བ་སྤུའི་བུ་གར་འདུས། བདག་ཀྱང་རིམ་བཞིན་སྙིང་ཁའི་སྔགས་ལ་འདུས། དེ་ཧྲཱིཿལ་འདུས། ཧྲཱིཿཡང་གྱེན་རྫོགས་སུ་འདུས་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཅེས་ལྷ་སྣང་ཆོས་ཉིད་དུ་བསྡུ། སླར་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྣང་གྲགས་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ་འོ། །ཞེས་མོས་ལ་དགེ་བསྔོ་བྱ། ༈ འདི་ལས་འཁོར་བ་དོང་སྤྲུག་རྩ་བའི་རྒྱུན་ཁྱེར་ཁོ་ན་བྱ་བར་འདོད་ན། དབང་ལེན་ཕྱིན་ཆད་མི་དགོས་པས། སྐྱབས་སེམས་མངོན་རྟོགས་ཙམ་བརྗོད་ནས་ཡིག་བདུན་བཟླ་ཞིང་། མཇུག་ཏུའང་བསྟོད་པ་ཁོ་ན་དང་བསྡུ་ལྡང་དགེ་བསྔོ་བྱས་པས་འགྲུབ་བོ། ༈ །འདི་ལ་བརྟེན་ནས་སྡིག་སྒྲིབ་ཀུན་འཇོམས་ཀྱི་བསྙེན་པ་བྱ་བར་འདོད་ན། སངས་རྒྱས་གསུམ་གྱི་མཚན་ཉེར་གཅིག་གམ་བདུན་རེ་དང་། སྙིང་པོ་གོང་མ་གཉིས་འབུམ་ཐེར་རེ། ཡིག་དྲུག་བྱེ་བ། ཧྲཱིཿཁོ་ན་ས་ཡ། གཟུངས་རིང་འབུམ་ཕྲག་གཅིག་བཟླ་བ་ནི་རབ་ཡིན་ལ། སངས་རྒྱས་གསུམ་གྱི་སྙིང་པོ་ཅི་འགྲུབ་དང་གཟུངས་རིང་ཁྲི་ཚོ་ཙམ་བཟླས་ཀྱང་ཕན་ཡོན་ཤིན་ཏུ་ཆེ་ལ། ཡང་ནངས་རེ་བརྒྱ་རྩ་བརྒྱད་རེ་མ་ཆག་པ་དང་། དུས་བཟང་རྣམས་སུ་བསྙེན་གནས་སམ་སྨྱུང་བར་གནས་པ་གང་རུང་དང་འབྲེལ་བར་གཟུངས་སྟོང་རྩ་བརྒྱད་བཟླས་ནའང་སྡིག་པ་ཚད་མེད་པ་འཇོམས་པར་གསུངས་ལ། མདོར་ན་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང་ཕན་ཡོན་བཅུ་གསུམ་ཐོབ་པ་དང་། གཟུངས་འབུམ་ཐེར་སོང་བ་དེ་ལུས་མིར་འདུག་ཀྱང་སྤྱན་རས་གཟིགས་དངོས་ཡིན་པ་དང་། གཟུངས་འདིས་ཤི་བའི་རུས་པ་ལ་བཏབ་ན་སེམས་ཅན་དེ་ངན་སོང་ལས་ཐར་བ་དང་། འཆི་ཀ་མའི་རྣ་ལམ་དུ་ལན་བདུན་བརྗོད་ན་ངན་སོང་གསུམ་དུ་མི་ལྟུང་བ་སོགས་ཕན་ཡོན་ཚད་མེད་པར་གསུངས་པས། རྒྱུ་སྡིག་སྒྲིབ་དང་འབྲས་བུ་འཁོར་བ་ངན་སོང་ལས་ཐར་བར་འདོད་པའི་བློ་ཅན་མཆིས་ན་འདི་ཁོ་ན་ལ་གཡར་དམ་དུ་བྱ་བར་རིགས་སོ། །སྟོང་གསུམ་མེ་འོབས་ཀྱིས་གང་ཡང་། །བརྒལ་ནས་བཙལ་བྱ་ཟབ་མོའི་ཆོས། །དབུལ་པོས་ནོར་རྙེད་ཇི་བཞིན་དུ། །སྙིང་གི་ཐིག་ལེར་འཛིན་པར་རིགས། །ཞེས་པའང་བློ་གྲོས་མཐའ་ཡས་པའི་སྡེས་གསལ་བར་བགྱིས་པ་དགེ་ལེགས་འཕེལ།། །།

གསོལ་འདེབས་བར་ཆད་ལམ་སེལ་ (Volume 10, Text 22)

༁ྃ༔ ༔གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱ་ཧཱུྃ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙན་དན་ནགས་སུ་འཕངས༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་བླའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་དབུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུར་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སཾ་བྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ། འདིས་ཀྱང་བསྟན་འགྲོའི་བར་ཆད་དང་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་། རང་གཞན་གྱི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

འཆི་མེད་འཕགས་མའི་སྙིང་ཏིག་གི་བདག་འཇུག་ངག་འདོན་ཡེ་ཤེས་དྭངས་བཅུད་ (Volume 36, Text 22)

༄༅། །འཆི་མེད་འཕགས་མའི་སྙིང་ཏིག་གི་བདག་འཇུག་ངག་འདོན་ཡེ་ཤེས་དྭངས་བཅུད་ཅེས་བྱ་བ་བཞུགས་སོ། ། གང་སྐུའི་དཀྱིལ་འཁོར་ཡིད་ལ་ཤར་ཙམ་གྱིས། །གྲུབ་གཉིས་ཟིལ་དངར་བདེ་བླག་སྩོལ་མཛད་པ། །བླ་མ་ཡིད་བཞིན་འཁོར་ལོར་གུས་བཏུད་ན། །དབང་བཞིའི་ཡེ་ཤེས་ཟབ་མོས་རྒྱུད་སྨིན་མཛོད། །དེའང་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཡེ་ཤེས་སྤེལ་བ་ལ་ཤིན་ཏུ་གལ་ཆེ་ཞིང། སྒྲུབ་མཆོད་སོགས་ཀྱི་སྐབས་སུའང་ཉེ་བར་མཁོ་བ། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །ཡང་ཟབ་དགོངས་པའི་གཏེར་ཁ་རྒྱ་མཚོའི་ཡང་བཅུད་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་དྲིལ་སྒྲུབ། སྒྲོལ་དཀར་འཕགས་མའི་སྙིང་ཏིག་གི་བདག་འཇུག་མདོར་བསྡུས་ཏེ་བླང་བའི་ཚུལ་ནི། ལས་བྱང་གི་གཞུང་བསྲངས་ནས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་མཇུག་ཏུ་དབང་དོན་དུ་རྣམ་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ རིན་ཆེན་གཞལ་མེད་ཁང་ཆེན་པོར༔ གཙོ་འཁོར་སྤྲུལ་པར་བཅས་པ་ཡི༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀུན༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ ཀུན་ཀྱང་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ ཞེས་སོགས་གནས་གསུམ་བྱིན་བརླབ་ནས་གཟུང་། མཆོད་བསྟོད་ཀྱི་བར་ལས་རིམ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་གསལ་བཏབ་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་མཐར་དབྱངས་གསལ་རྟེན་སྙིང་། མཆོད་བསྟོད། ཡིག་བརྒྱ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ། བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེའི་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱན་ཏ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅི་རིགས་བཟླས་མཐར་ཁ་རྒྱན་གྱིས་བུམ་ཆུ་བླངས་ཏེ་འཐོར་ཞིང་། ཧཱུྃ། ཁྲོ་བོ་ཆེན་པོས་དབང་གི་བྱ་བ་མ་གྲུབ་བར་བགེགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་གསོལ་བས་ཞལ་གྱིས་བཞེས་ཏེ་ལྷ་འོད་དུ་ཞུ་བ་ལས་ཆུ་དབང་དྲག་གི་ནུས་པ་དང་ལྡན་པར་གྱུར། དེ་ནས་ཚེ་འགུགས་སོགས་ནས་ཚོགས་མཆོད་བར་དཀྱུས་ལྟར་བྱ། བདག་འཇུག་དངོས་ལ། ལས་བུམ་གྱི་ཆུས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཞེས་གུ་གུལ་ཡུངས་དཀར་རོལ་མོའི་ཚམ་རྔམ་དང་བཅས་བགེགས་བསྐྲད། བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ་གིས་སྲུང་འཁོར་གསལ་གདབ། མཎྜལ་ཕུལ་ལ། ཨོཾ་ཙཀྵུཿབྷནྡྷ་བ་ར་མ་ཎཱ་ཡ་སྭཱ་ཧཱ་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་འཆིང་ཚུལ་དང་མེ་ཏོག་བླང་། ཧོ༔ བདེ་ཆེན་དགྱེས་པའི་ཡེ་ཤེས་སྐུ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ ཐར་པ་མཆོག་གི་གྲོང་ཁྱེར་དུ༔ སློབ་དཔོན་ཆེན་པོས་བདག་གཞུག་གསོལ༔ ལན་གསུམ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་ཡིད་བཞིན་འཁོར་ལོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ཞེས་དང་། ཧོ༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་རྣལ་འབྱོར་གྱིས༔ འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ༔ ཞེས་དང་། ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཡུམ་གྱུར་སྒྲོལ་མའི་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ལན་གསུམ་གསུམ་གྱིས་སྐྱབས་སེམས་ཚོགས་གསག་བྱ། པདྨའི་རིགས་མཆོག་བླ་མ་དང༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་དུས་འདི་ནས་གཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་ཀུན་སྒྲོལ་བའི་ཕྱིར༔ གཞན་གནོད་གཞིར་བཅས་ཡོངས་སུ་སྤང༔ གཞན་ཕན་བྱང་ཆུབ་སེམས་མཆོག་བསྐྱེད༔ གཉིས་ཀ་མཉམ་པ་ཆེན་པོ་ཡི༔ ཐབས་ཆེན་གསང་བ་སྔགས་ཀྱི་སྲོག༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རིག་པ་འཛིན་པའི་དམ་ཚིག་དང༔ སྡོམ་པ་མ་ལུས་ཡོངས་སུ་གཟུང༔ ཚུལ་བཞིན་དུ་ནི་བསླབ་པར་བགྱི༔ ལན་གསུམ་གྱིས་སྡོམ་གཟུང་བྱ། བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ་ཀྱིས་སྒོ་དབྱེ། ཛཿཧཱུྃ་བཾ་ཧོཿས་ནང་དུ་གཞུག །ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་གིས་ཕྱག་གསུམ་བྱ། ཧཱུྃ༔ ཐུངས་ཤིག་རྡོ་རྗེའི་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ མ་བསྲུང་འདོད་པའི་དངོས་གྲུབ་ཉམས༔ བསྲུངས་ན་ཡེ་ཤེས་ཚེ་འདིར་རྙེད༔ ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔གིས་དམ་ཆུ་མྱང་། ཡེ་ཤེས་དབབ་པ་ནི། སྣོད་ནི་པདྨ་བཀོད་པའི་ཞིང༔ བཅུད་ཀྱི་རྟོག་པ་འཕགས་མའི་སྐུ༔ རང་འོད་ཡབ་དང་མཉམ་སྦྱོར་བའི༔ ཐུགས་སྲོག་ཏཱཾ་ལ་སེམས་བཟུང་ཞིང༔ སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན༔ གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ ཆར་ལྟར་བབས་ཏེ་དབྱེར་མེད་ཐིམ༔ ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར༔ སྤོས་རོལ་བཅས། ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔སོགས་ལས་བྱང་ལྟར་དབབ། རྡོ་རྗེ་སྤྱི་བོར་བཞག །ཨོཾ་བཛྲ་ཛྙཱ་ན་ཏིཥྛ་བྷྲཱུྃ༔གྱིས་བརྟན། ཨོཾ་རཏྣ་པུཥྤེ་པྲ་ཏཱིཙྪ་ཧོ༔ས་མེ་ཏོག་དོར་ཞིང་། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ༔གྱིས་འཆིང་། ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ཀྱིས་མིག་དར་བསལ། འཆི་མེད་འཕགས་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། དངོས་གཞིའི་སླད་དུ་མཎྜལ་ཕུལ། ཧོ༔ རིགས་རྣམས་ཀུན་བདག་སློབ་དཔོན་གྱིས༔ ཐུགས་རྗེས་བརྩེ་བས་ཉེར་བཟུང་ནས༔ གོ་འཕང་མཆོག་ཏུ་དབུགས་དབྱུང་ཕྱིར༔ ཡེ་ཤེས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་དགྱེས་བཞིན་དུ་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བླངས་ལ། ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩིའི་བཅུད་ལྡན་པའི༔ བཀྲ་ཤིས་བུམ་པས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏཱ་སྟཱཾ་ཨ་ཧཾ༔ སྐུ་གང་སྒྲིབ་དག་ནུས་པ་བཞག༔ ཆུ་ལྷག་གྱེན་དུ་འཁྱིལ་བ་ལས༔ རྡོ་རྗེ་སེམས་དཔས་དབུར་བརྒྱན་གྱུར༔ ཛཿཧཱུྃ་བཾ་ཧོཿ ནམ་མཁར་བཞུགས་པའི་དབང་ལྷ་རྣམས་རང་ལ་ཐིམ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་མེ་ཏོག་སྤྱི་བོར་བཞག་ཅིང་བརྟན། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཤིས་བརྗོད་གང་རིགས་བྱ། དེ་ལྟར་ན་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་སྒོམ་པ་ལ་དབང། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་རང་འོད་ཀྱི་ཡབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། ཐོད་པའི་བདུད་རྩི་ཐོགས་ལ། ཨཱ༔ དགའ་བ་མཆོག་གིས་དྲངས་པའི་བཅུད༔ བྱང་ཆུབ་སེམས་ཀྱི་དམ་ཚིག་གིས༔ རྩ་ཁམས་རླུང་ལ་དབང་བསྐུར་བས༔ གསལ་སྟོང་ཟུང་འཇུག་ཉམས་མྱོང་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་མྱང་། དེ་ལྟར་ན་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཉེ་བསྙེན་རྩ་རླུང་གཏུམ་མོ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། རང་ཉིད་སྐད་ཅིག་གིས་དཔལ་གར་གྱི་དབང་ཕྱུག་ཏུ་གསལ་བ་ལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་རྫོགས་པའི་རིག་མ་འཆི་མེད་འཕགས་མའི་ངོ་བོ་ཅན་རེ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། རིག་ཙག་གམ་དྲིལ་བུ་བླངས་ལ། ཧཱུྃ༔ རྣམ་པ་ཀུན་ལྡན་ཡེ་ཤེས་ནི༔ རིག་མའི་བརྟུལ་ཞུགས་བླ་ན་མེད༔ འདུ་ཤེས་གསུམ་གྱིས་མཉམ་སྦྱར་བས༔ དཔེ་ཡི་ལྷན་སྐྱེས་རྟོགས་པར་ཤོག༔ ཨོཾ་ཀརྨ་མུ་དྲཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རང་དང་རིག་མ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། འཁྱུད་རྒྱ་བྱ། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་འཇའ་ཤེལ་བཟུང་ལ། ཧོ༔ དབྱིངས་ནི་རྣམ་དག་ཤེལ་ལྟ་བུ༔ རིག་པ་ཡེ་ཤེས་འཇའ་ལྟར་ཤར༔ ཟུང་འཇུག་འདུས་མ་བྱས་པའི་ངང༔ དོན་གྱི་དགོངས་པ་མངོན་འགྱུར་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་དཔེའི་བརྡ་ཐབས་ཀྱིས་མཚོན་ཏེ། ཨ༔ ལྟ་བ་བློ་འདས་གདོད་མའི་བབས༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང་། དེ་ལྟར་ན་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རྗེས། གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམ་སྟེ་སོགས་སྤྱི་ལྟར་དང་། ཚོགས་རྫས་འཆི་མེད་ཀྱི་བདུད་རྩིར་བརླབས་ཤིང་རོལ་པ་དང་ལྷག་མ་སོགས་བཀྲ་ཤིས་བར་ཕྲིན་ལས་ལྟར་མཐར་དབྱུང་ངོ་། །འདིའི་སྒོ་ནས་སློབ་མ་རྗེས་སུ་བཟུང་ན་སྔ་འགྱུར་སྤྱིའི་བཞེད་སྲོལ་ལྟར་དོན་དབང་གི་སྨིན་བྱེད་དུ་འགྱུར་བས་མཚམས་སྦྱོར་ཇི་ལྟར་རིགས་པ་དང་བཅས་འདི་ཁོ་ན་ལྟར་བསྒྲུབས་པས་ཆོག་ཅིང་། ཅུང་ཟད་སྤྲོ་ན་བུམ་དབང་གི་རྗེས། ནང་ནུས་པ་འཇུག་པའི་སྐུ་གསུང་ཐུགས་ཀྱི་དབང་དང་། དབང་བཞི་པའི་མཐར་མཎྜལ་གསོལ་གདབ་ནས་གཟུང་ཐུན་མོང་ཚེའི་རྗེས་གནང་རྒྱས་གདབ་དང་བཅས་པ་བགྱིས་ན་སྐབས་སུ་བབ་ཅིང་ལེགས་པར་འགྱུར་ལ། མཐར་བཀྲ་ཤིས་རྫས་རྟགས་སྣ་བདུན་བཅས་སྦྱིན་པ་དང་། ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །ལྷག་པའི་ལྷ་གང་ལ་བསྟེན་ཀྱང་རིམ་པ་གཉིས་ཉམས་སུ་ལེན་པའི་ཆ་རྐྱེན་ལམ་དུས་ཀྱི་དབང་ལེན་པ་འདི་ཉིད་མེད་དུ་མི་རུང་བ་ཡིན་ཡང་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ཕྱིས་བྱོན་ཕལ་མོ་ཆེ་སླ་ཆོས་ཁོ་ནའི་དབང་དུ་སོང་བ་ལ། སྔ་འགྱུར་བསྟན་པའི་ཉི་མ་གཏེར་ཆེན་འགྱུར་མེད་རྡོ་རྗེས་ལམ་སྲོལ་གསར་དུ་སྣང་བར་མཛད་པ་ལྟར་འདིར་ཡང་ཤིན་ཏུ་གལ་པོ་ཆེའི་གནད་གསང་ཇི་བཞིན་གཟིགས་ནས་ཟབ་གཏེར་འདི་ཉིད་ཀྱི་མངའ་བདག་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པ་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀས་གནང་བའི་ཞལ་ལུང་གཙང་མ་ཡིད་བརྟན་ཏུ་རུང་བའོ། །བཅོམ་ལྡན་འདས་མའི་རྡོ་རྗེའི་ཡེ་ཤེས་བཞིའི། །བྱིན་རླབས་སྒོ་གསུམ་ཐིག་ལེར་འབད་མེད་ཞུགས། །འཆི་མེད་རྟག་བརྟན་གཡུང་དྲུང་དཔལ་བརྙེས་ཏེ། །སྲིད་ཞིའི་ཁྱབ་བདག་འཁོར་ལོའི་མགོན་གྱུར་ཅིག །ཅེས་པའང་རྗེ་བཙུན་བླ་མ་གང་གི་གསང་གསུམ་ཡེ་ཤེས་སྣང་བས་བྱིན་གྱིས་བརླབས་པའི་གཞལ་མེད་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།

བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཆུང་བའི་མདངས་སྐོང་ (Volume 14, Text 22)

༁ྃ༔ བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཆུང་བའི་མདངས་སྐོང་བཞུགས་སོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡང་ནས་ཡང་དུ་སྙན་དུ་བརྒྱུད༔ གསང་སྔགས་མཆོག་གི་སྒྲུབ་པ་འདིར༔ མདངས་ལ་སོགས་པའི་རྫས་རྣམས་ཀྱིས༔ རིག་འཛིན་སོ་སོའི་ཐུགས་དམ་བསྐང༔ རྫས་ནི་རིན་ཆེན་སྣ་ལྔ་དང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ རང་བྱུང་དམ་རྫས་བདུད་རྩི་དང༔ རྨད་དུ་བྱུང་བའི་གཏོར་མ་དང༔ རཀྟ་དམར་གྱི་རྒྱ་མཚོ་དང༔ ཤ་ཆེན་སྤོས་ཀྱི་དུད་པ་དང༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང༔ སྣང་གསལ་ཞུན་མར་མདངས་དང་ནི༔ མཁའ་ལྡིང་བྱ་དང་ཤེལ་སྒོང་ལུག༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང༔ རོལ་མོ་སིལ་སྙན་སྒྲ་དང་བཅས༔ སྐོང་བའི་ཆོ་ག་འདི་སྐད་དོ༔ ཧཱུྃ༔ ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ལྷོ་ནས་རཏྣ་སཾ་བྷ་ཏྲཱཾ༔ རིན་ཆེན་རིགས་ཀྱི་ཐུགས་དམ་ལས༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ནུབ་ནས་པདྨ་དྷཱ་ར་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལས༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ བྱང་ནས་ཨ་མོ་སིདྡྷི་ཧཱ༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ དབུས་ནས་བཻ་རོ་ཙ་ན་ཨོཾ༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལས༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ རྩ་བའི་དམ་ཚིག་གསོ་བའི་ཕྱིར༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ མི་སྤང་དམ་ཚིག་གསོ་བའི་ཕྱིར༔ མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང༔ དང་བླང་དམ་ཚིག་གསོ་བའི་ཕྱིར༔ གཟུང་མ་རྣམ་རོལ་ཐུགས་དམ་བསྐང༔ སྤྱད་བྱའི་དམ་ཚིག་གསོ་བའི་ཕྱིར༔ དམ་རྫས་ལྔ་ཡིས་ཐུགས་དམ་བསྐང༔ ཤེས་བྱའི་དམ་ཚིག་གསོ་བའི་ཕྱིར༔ ལྟ་སྒོམ་སྤྱོད་པས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ རྣམ་རྟོག་བག་ཆགས་སྦྱོང་བའི་ཕྱིར༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༔ དུག་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི་ཐུགས༴ འབྱུང་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི་ཐུགས༴ རྣམ་ཤེས་བརྒྱད་པོ་གནས་དག་ཕྱིར༔ སེམས་དཔའ་བརྒྱད་ཀྱི་ཐུགས༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སེམས་མ་བརྒྱད་ཀྱི་ཐུགས༴ ཉོན་མོངས་དྲུག་པོ་འཇོམས་པའི་ཕྱིར༔ ཐུབ་པ་དྲུག་གི་ཐུགས༴ ཡིད་དང་ཆོས་གཉིས་གནས་དག་པའི༔ ཀུན་བཟང་ཡབ་ཡུམ་ཐུགས༴ སྒོ་བཞི་བསྲུང་བར་བྱ་བའི་ཕྱིར༔ སྒོ་བ་ཡབ་ཡུམ་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁྲོ་བོ་ཀུན་གྱི་ཆེ་བཙན་མཆོག༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང༔ ཁྲོ་ཚོགས་གདུག་པ་འདུལ་བའི་ཕྱིར༔ ཆེ་མཆོག་ཡབ་ཡུམ་ཐུགས༴ ཕྲིན་ལས་བཞི་ཡིས་དོན་མཛད་པའི༔ རིགས་བཞི་ཧེ་རུ་ཀ་ཡི་ཐུགས༴ དེ་ཡི་ཐུགས་དམ་སྐུལ་བའི་ཕྱིར༔ ཀྲོ་ཏཱི་རིགས་བཞིའི་ཐུགས༴ ཕྱོགས་བཅུའི་གདོན་རྣམས་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ་ཐུགས༴ དགྲ་བགེགས་མ་ལུས་འདུལ་བའི་ཕྱིར༔ སྒོ་བ་བཞི་ཡི་ཐུགས༴ བསྟན་པའི་དགྲ་བགེགས་འདུལ་བའི་ཕྱིར༔ ཅེ་སྤྱང་མ་བརྒྱད་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ མཉམ་ཉིད་ངང་ལས་རོལ་པའི་སྐུ༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐང༔ དུག་ལྔ་རྩད་ནས་གཅོད་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི་ཐུགས༴ འབྱུང་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི་ཐུགས༴ རྣམ་ཤེས་བརྒྱད་པོ་འཇོམས་པའི་ཕྱིར༔ ཀེའུ་རི་མ་བརྒྱད་ཐུགས༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སིཾ་ཧ་བརྒྱད་ཀྱི་ཐུགས༴ ཚད་མེད་ངོ་བོ་ཡིན་པའི་ཕྱིར༔ སྒོ་བ་བཞི་ཡི་ཐུགས༴ བསྟན་པ་སྲུང་ཞིང་ལས་ལ་མྱུར༔ དབང་ཕྱུག་ཉེར་བརྒྱད་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དྲག་པོས་གདུག་པ་འདུལ་བའི་ཕྱིར༔ གཤིན་རྗེའི་ལྷ་ཚོགས་ཐུགས་དམ་བསྐང༔ བདེ་གཤེགས་རྣམས་ཀྱི་སྤྲུལ་པའི་སྐུ༔ གཤིན་རྗེ་ཡབ་ཡུམ་ཐུགས༴ དེ་ཡིས་ལས་ལ་འགྱེད་པའི་ཕྱིར༔ གཤེད་བཞི་ཡབ་ཡུམ་ཐུགས༴ ཕྱོགས་བཅུའི་འབྱུང་པོ་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ་ཐུགས༴ སྒོ་བཞི་སྲུང་ཞིང་ལས་ལ་མྱུར༔ སྒོ་བ་བཞི་ཡི་ཐུགས༴ དམ་ཉམས་ཁྲམ་ལ་འདེབས་པའི་ཕྱིར༔ ཁྲམ་ཐོགས་བདུད་ཀྱི་ཐུགས༴ སྲོག་ལ་གཤེད་མ་བསྐོ་བའི་ཕྱིར༔ གྲི་ཐོག་གིང་གི་ཐུགས༴ དགྲ་བོ་རྩིས་ལ་གདབ་པའི་ཕྱིར༔ ཤོ་ཐོག་རྩིས་པའི་ཐུགས༴ དགྲ་སྙིང་མངོན་དུ་ཕྱུང་བའི་ཕྱིར༔ ཤན་པ་བཞི་ཡི་ཐུགས༴ ལས་རྣམས་མ་ལུས་སྒྲུབ་པའི་ཕྱིར༔ ལས་མཁན་མོན་པའི་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང༔ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ རྟ་མགྲིན་ཡབ་ཡུམ་ཐུགས༴ དྲེགས་པ་མ་ལུས་བསྒྲལ་བའི་ཕྱིར༔ བྱི་ལ་པུ་ཤུད་ཐུགས༴ འབྱུང་པོ་ཐམས་ཅད་ཟིལ་གནོན་ཕྱིར༔ ཟིལ་གནོན་ཁྲོ་བརྒྱད་ཐུགས༴ དེ་ཡི་ཐུགས་དམ་བསྐུལ་བའི་ཕྱིར༔ ཟིལ་གནོན་ཡུམ་གྱི་ཐུགས༴ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ སྒོ་བ་བཞི་ཡི་ཐུགས༴ སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཕྱིར༔ དཔལ་གྱི་བཀའ་ཉན་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དམ་སྲི་གདུག་པ་འདུལ་བའི་ཕྱིར༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང༔ སྣང་སྲིད་ཕུར་པས་འདེབས་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས༴ གཙོ་བོའི་ཐུགས་དམ་སྐུལ་བའི་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས༴ དུག་ལྔའི་བདུད་འདུལ་ཁྲོ་བོའི་རྒྱལ༔ རིགས་ལྔ་ཀཱི་ལ་ཡའི་ཐུགས༴ ཐུགས་རྗེའི་ཐབས་ཀྱིས་ཐམས་ཅད་འདུལ༔ ཏ་ཀྲྀཏ་ཁྲོ་བཅུའི་ཐུགས༴ སྐྱེ་མེད་ཆོས་སྐུའི་བྱིན་རླབས་ལས༔ ཁྲོ་མོ་བཅུ་ཡི་ཐུགས༴ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ ཟ་བྱེད་ཕ་བཅུའི་ཐུགས༴ བཀའ་ཉན་ཕོ་ཉ་མགྱོགས་བྱེད་མ༔ གསོད་བྱེད་མ་བཅུའི་ཐུགས༴ ཕྱག་རྒྱ་བཞི་ཡིས་དོན་མཛད་མ༔ སྒོ་མ་བཞི་ཡི་ཐུགས༴ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ དཔལ་གྱི་བཀའ་ཉན་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དུས་མིན་འཆི་བ་ཟློག་པའི་ཕྱིར༔ མ་མོའི་ལྷ་ཚོགས་ཐུགས་དམ་བསྐང༔ རིགས་ལྔའི་སངས་རྒྱས་སྤྲུལ་པའི་ཕྱིར༔ བླ་མེད་ཧེ་རུ་ཀ་ཡི་ཐུགས༴ གཉིས་མེད་སྦྱོར་བའི་ཡུམ་མཆོག་མ༔ མུ་ཁ་ལེ་ཡི་ཐུགས༴ ཚེ་དང་སྲོག་ལ་དབང་མཛད་མ༔ རྟག་རྒྱལ་མ་ལྔའི་ཐུགས༴ བཀྲག་དང་མདངས་ལ་དབང་སྒྱུར་མ༔ རྗེ་མོ་བཅུ་བཞིའི་ཐུགས༴ དབུགས་དང་རླུང་ལ་དྲོད་ཉུལ་མ༔ དམན་མོ་ལྔ་བཅུའི་ཐུགས༴ མ་མོ་རྣམས་ཀྱི་ལས་མཁན་མ༔ སྒོ་མ་བཞི་ཡི་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ བཀའ་ཉན་ལྷ་ཚོགས་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་མཆོད་པའི་ཕྱིར༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐང༔ སྒྲུབ་ཆེན་བརྒྱད་ལ་དབང་སྒྱུར་ཕྱིར༔ རིག་འཛིན་བརྒྱད་ཀྱི་ཐུགས༴ ཕྲིན་ལས་བཞི་པོ་སྒྲུབ་པའི་ཕྱིར༔ རིག་འཛིན་བཞི་ཡི་ཐུགས༴ རྒྱུད་ལུང་མན་ངག་དོན་སྟོན་ཕྱིར༔ སྙན་བརྒྱུད་བླ་མའི་ཐུགས༴ དྲིན་ལ་ལན་གྱིས་བླན་པའི་ཕྱིར༔ སློབ་དཔོན་བཞི་ཡི་ཐུགས༴ སྔར་འདས་མ་འོངས་ད་ལྟར་བཞུགས༔ དུས་གསུམ་རིག་འཛིན་ཐུགས༴ དངོས་གྲུབ་ཆར་ལྟར་འབེབ་པའི་ཕྱིར༔ དཔའ་བོ་མཁའ་འགྲོའི་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ འགོ་བའི་ལྷ་རྣམས་མཆོད་པའི་ཕྱིར༔ མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང༔ དྲེགས་པ་ལས་ལ་བཀོལ་བའི་ཕྱིར༔ དྲེགས་པ་ཀུན་འདུལ་ཐུགས༴ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ཁམས་གསུམ་སྤྱི་འདུལ་ཐུགས༴ ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་མཆོག༔ དབང་ཕྱུག་ཆེན་པོའི་ཐུགས༴ མོ་རྒྱུད་རྣམས་ཀྱི་ཆེ་བཙན་ཕྱིར༔ ཨུ་མ་དེ་བཱིའི་ཐུགས༴ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ སྡེ་དཔོན་ཉེར་བརྒྱད་ཐུགས༴ སྒོ་བཞི་སྲུང་བའི་ལས་མཛད་པའི༔ སྒོ་བ་བཞི་ཡི་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཞིང་བཅུའི་གདུག་པ་འདུལ་བའི་ཕྱིར༔ དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང༔ དྲེགས་པ་མ་ལུས་ཟིལ་གནོན་ཕྱིར༔ སྟོབས་ལྡན་ནག་པོའི་ཐུགས༴ མོ་རྒྱུད་ཐམས་ཅད་ཟིལ་གནོན་ཕྱིར༔ འབྱུང་ལྔའི་བདག་མོའི་ཐུགས༴ གཤིན་རྗེ་དམོད་པའི་དྲག་སྔགས་ཅན༔ འཆི་བདག་ནག་པོའི་ཐུགས༴ མ་མོ་དམོད་པའི་དྲག་སྔགས་ཅན༔ ནག་མོ་ཁྲག་འཛག་ཐུགས༴ བསྟན་སྲུང་དམོད་པའི་དྲག་སྔགས་ཅན༔ དྲེགས་པ་བཅོ་བརྒྱད་ཐུགས༴ བཀའ་ཉན་དམོད་པའི་དྲག་སྔགས་ཅན༔ སྒོ་བ་བཞི་ཡི་ཐུགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཕྱི་རིམ་ལྕགས་རི་ནག་པོ་ལ༔ དཔལ་གྱི་བཀའ་སྡོད་སྲུང་མ་ནི༔ དཀྱིལ་འཁོར་མུ་རན་སྐྱོང་བའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང༔ ནམ་མཁའི་མཐའ་དང་མཉམ་པའི་ཕྱིར༔ མཁའ་འགྲོ་སུམ་ཅུའི་ཐུགས༴ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར༔ གིང་དང་ལང་ཀའི་ཐུགས༴ ཐུགས་ཀྱི་སྤྲུལ་པ་འགྱེད་པའི་ཕྱིར༔ འབར་མ་བརྒྱད་ཀྱི་ཐུགས༴ འཇིག་རྟེན་ཁམས་ལ་དབང་སྒྱུར་ཕྱིར༔ དབང་ཆེན་སྡེ་བཞིའི་ཐུགས༴ ས་བདག་གདུག་པ་འདུལ་བའི་ཕྱིར༔ ས་བདག་སུམ་ཅུའི་ཐུགས༴ འཁོར་བའི་རྒྱ་མཚོ་སྐེམ་པའི་ཕྱིར༔ མ་མོ་བདུན་གྱི་ཐུགས༴ དམ་ཚིག་གཞུང་བཞིན་སྲུང་བའི་ཕྱིར༔ སྲིང་མོ་བཞི་ཡི་ཐུགས༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཕོ་ཉ་དྲུག་ཅུའི་ཐུགས༴ མི་ནད་ཕྱུགས་ནད་རྒྱུན་བཅད་ཕྱིར༔ འབུམ་ཕྲག་མཁའ་འགྲོའི་ཐུགས༴ བོད་ཁམས་ཐམས་ཅད་སྐྱོང་བའི་ཕྱིར༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ རང་བྱུང་དམ་རྫས་བདུད་རྩི་དང༔ རྨད་དུ་བྱུང་བའི་གཏོར་མ་དང༔ རཀྟ་དམར་གྱི་མཆོད་པ་དང༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང༔ སྣང་གསལ་མར་མེའི་མཆོད་པ་དང༔ ཙ་ར་འདི་ཡི་མདངས་ཀྱིས་བསྐང༔ མཁའ་ལྡིང་འདི་ཡི་མདངས་ཀྱིས་བསྐང༔ ཤེལ་སྒོང་འདི་ཡི་མདངས་ཀྱིས་བསྐང༔ འདི་ལྟར་བསྐངས་བསྐངས་གསོལ་གསོལ་ནས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ བདག་གི་གཡར་དམ་སོར་སྩོལ་ཅིག༔ གཡར་དམ་བསྐངས་ལ་རྐྱེན་ངན་ཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེ༔ མངའ་བདག་ཉང་གི་གཏེར་མ་འོ༔ མདངས་སྐོང་ཆུང་བ་ཡིན་པར་འདུག་ལགས་སོ། །དགེའོ།། །།

རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ལས་བྱང་ཁྱེར་བདེ་སྙིང་པོར་དྲིལ་བ་ཀུན་བཟང་བདེ་ལམ་ (Volume 31, Text 22)

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ལས་བྱང་ཁྱེར་བདེ་སྙིང་པོར་དྲིལ་བ་ཀུན་བཟང་བདེ་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། རྒྱལ་ཀུན་ཕྲིན་ལས་འདུས་པའི་དཔྱིད། །བླ་མ་རྡོ་རྗེ་གཞོན་ནུ་ལ། །བཏུད་ནས་ཡང་གསང་སྤུ་གྲི་ཡི། །ལས་བྱང་འཇུག་བདེའི་ཁྲིགས་སུ་སྡེབ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་རྡོ་རྗེ་ཕུར་པ་སྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ་གྱི། དང་པོ། དམ་ཚིག་གི་རྟེན་རྣམས་ཚོགས་པར་བྱས་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིགས་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ བསྐལ་པ་མེ་ལྟར་འབར་བའི་གཞས་ཡས་ན༔ ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཞེས་གསོལ་འདེབས་དང་། སྐྱབས་སེམས་སྔོན་དུ་འགྲོ་བས་མཚམས་གཅད་པ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །སྟེང་ཡང་ཕུར་བུའི་བླ་བྲེ་ལ། །ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབ། །འོག་ཀྱང་ཕུར་བུའི་ས་གཞི་ལ། །ཕུར་བུའི་འདུ་འཕྲོ་མེ་ལྟར་འབར། །ཕྱོགས་མཚམས་ཕུར་བུས་གཏམས་པ་ལ། །ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕུར་བུའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བྷིནྡྷ་སྥོ་ཊ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། བཤགས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ཧཱུྃ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོ་དགོངས། །ཐེག་མཆོག་མཉམ་པའི་དོན་ཉིད་མ་རྟོགས་པས། །བདེ་གཤེགས་བཀའ་དང་འགལ་སྤྱད་ནོངས་པ་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ། །སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་བྱའོ། །དེ་ནས། ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ་ཀྱིས་བརྡའ་སྒོ་དབྱེ། ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿས་བརྡའ་ཕྱག་འཚལ། ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ་གྱིས་དམ་བཅའ་འོ། །བྱིན་དབབ་པ་ནི། ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ཐིམ་པར་བསམ་ལ། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དེ་བ་ག་ཎ་ཨ་དྷིཥྛཱ་ན་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་དབབ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཧཱུྃ། རྟོག་བྲལ་ཡེ་ཤེས་བདུད་རྩི་འབར། །ཆགས་མེད་རཀྟའི་རྒྱ་མཚོ་འཁྱིལ། །འདོད་ཡོན་ལྔ་ཡི་གཏོར་ཆེན་སྤུངས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ། ཨོཾ་ཁ་ཏ་ལི་བྷྲཱུྃ་མ་ཧཱ་བ་ལིཾ་ཏ་ཨཱཿ ཨོཾ་ཨཱཿཧཱུྃ་གིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རྡོ་རྗེ་ཁྲོས་པས་ཞེ་སྣང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས། ཧཱུྃ། ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཨེ་མཎྜ་ལ་བྷྲཱུྃ། ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར། །གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས། །ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་གསལ།། བཛྲ་ཏ་ཏཾ། རུ་དྲ་ཀྲོ་དྷཱི་ཏི་ར་བཾ། མ་སཱུརྻ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། པཾ་པདྨ་མཎྜ་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ། །ཐབས་ཤེས་ཉི་མ་ཟླ་བ་འོད་འབར་དབུས། །མ་ཆགས་པདྨ་འབར་བའི་གདན་དུ་བསམ། །ཧཱུྃ། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་གཡོན་བརྐྱང་ཚུལ། །བཞད་པའི་ཞལ་གཡས་དཀར་ཞིང་གཡོན་དམར་གཤེ །དབུས་ཞལ་མཐིང་ནག་དྲག་ཏུ་རྔམ་ཞིང་འབར། །སྤྱན་དགུ་སྡང་མིག་ཁྲོ་གཉེར་གློག་སྟོང་འཁྱུག །ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲ་སྒྲོག །རྣོ་དབལ་དྲག་པོའི་མཆེ་བ་ཟུར་གསུམ་གཙིགས། །ཉི་ཁྲི་ཆིག་སྟོང་དབུ་སྐྲ་གྱེན་དུ་འཁྱིལ། །བྱེ་བ་ཐེར་འབུམ་རྡོ་རྗེའི་བ་སྤུས་གཏམས། །གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་གདེངས། །གཡོན་གྱི་དང་པོས་མེ་དཔུང་འབར་བ་བསྣམས། །གཡས་ཀྱི་གཉིས་པས་རྡོ་རྗེ་རྩེ་ལྔ་འཕྱར། ཁ་ཊྭཱཾ་རྩེ་གསུམ་གཡོན་གྱི་གཉིས་པར་འཁྲོལ། །ཐ་མའི་ཕྱག་གཉིས་རི་རབ་ཕུར་བུ་འདྲིལ། །རིགས་ལྔའི་རྩེ་བྲན་ཐོད་སྐམ་ཅོད་པན་ཅན། །ཚར་གསུམ་ཐོད་པའི་ཕྲེང་བ་ག་ཤལ་བསྣམས། །སྦྲུལ་ཆེན་རིགས་བཞི་ཕུད་སྒྲ་སྒྲོག་པས་བརྒྱན། །རཀྟའི་ཐིག་ལེ་ཞག་གི་ཟོ་རིས་དང་། །ཐལ་ཆེན་ཚོམ་བུས་རབ་བརྗིད་གླང་ཆེན་གྱི། །ཀོ་རློན་ཞིང་ལྤགས་གཡང་གཞི་གོས་སུ་གྱོན། །སྟག་ལྤགས་ཤམ་ཐབས་འཕྱང་ཞིང་རྡོ་རྗེ་ཡི། །གཤོག་པ་གདེངས་པས་བར་སྣང་ཁྱབ་པར་འགེངས། །མཐིང་ནག་དར་གྱི་ཅོད་པན་འཕུར་བའི་སྐུ །རྡོ་རྗེ་ཁྲ་ོབོ་ཉམས་དགུས་རོལ་པའི་ཡུམ། །འཁོར་ལོ་རྒྱས་འདེབས་མཐིང་ག་ཁྲོ་ཞིང་སྒེག །གཡས་པ་ཨུཏྤལ་འཛིན་པས་ཡབ་ལ་འཁྱུད། །གཡོན་པས་བྷན་དམར་སྟོབ་ལ་རབ་བརྩོན་མ། ཁྲོ་མོའི་རྒྱན་དང་གཟིག་ལྤགས་ཤམ་ཐབས་ཅན། །བདེ་སྟོང་སྦྱོར་བས་འབར་བའི་ཀློང་ན་བཞུགས། །ཡབ་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ། །མརྒད་གུར་ཕུབ་ལྟ་བུའི་སྲོག་གི་གོར། །ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། །དཀར་གསལ་རྡོར་དྲིལ་རིན་ཆེན་རྒྱན་ཆ་ཅན། །དེ་ཡི་ཐུགས་ཀར་རིན་ཆེན་ཆ་བརྒྱད་དབུས། །སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ། །རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ། །ཡུངས་འབྲུ་ཙམ་དུ་ཕྲ་ཞིང་འབར་བའི་མཐར། །སྲོག་ཡིག་འབྲུ་དགུས་གཡས་སུ་བསྐོར་བའི་སྒོ །རྟ་མགྲིན་དམར་པོ་པདྨ་བྷཉྫའི་ཕྱག །ཡུམ་དང་གཉིས་མེད་འཁྲིལ་བས་བསྲུང་བར་གྱུར། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། སྟེང་ཕྱོགས་ཉི་ཟླ་བསྣོལ་བའི་གདན་སྟེང་དུ། །ཧཱུྃ་ཆེན་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ཕྱོགས་དྲི་ཟ་བསྣོལ་བའི་གདན་སྟེང་དུ། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷ་བསྣོལ་བའི་གདན་སྟེང་དུ། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་གདན་སྟེང་དུ། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེང་དུ། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་ཕྱོགས་ཀླུ་དབང་བསྣོལ་བའི་གདན་སྟེང་དུ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷ་བསྣོལ་བའི་གདན་སྟེང་དུ། །འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བྱང་ཕྱོགས་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ། །བདུད་རྩི་རླུང་འབྱིན་སེངྒེ་ཕ་ཝཾ་མགོ །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། བྱང་ཤར་དབང་ལྡན་བསྣོལ་བའི་གདན་སྟེང་དུ། ཁམས་གསུམ་གསོད་མ་དོམ་དང་སྲེ་མང་མགོ །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། འོག་ཕྱོགས་ས་བདག་བསྣོལ་བའི་གདན་སྟེང་དུ། །སྟོབས་ཆེན་བསྐྱོད་མ་དྲེད་དང་བྱི་བའི་མགོ །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། ཧཱུྃ། ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ། །ཧཱུྃ་དང་ཕཊ་སྒྲོག་སྲིད་གསུམ་འཁོར་བ་འཇིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་བཅས་གསལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཟླ་གམ་ཨེ་ཡི་གདན་སྟེང་དུ། །སྲིད་གསུམ་གདུག་པ་སྒྲོལ་མཛད་པའི། །དཔལ་ཆེན་སྐུ་གསུང་ཐུགས་ཀྱི་སྲས། །མཐུ་ཆེན་ཉི་ཤུ་རྩ་གཅིག་གསལ། །ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ལས་བཞི་སྒྲུབ་མཛད་སྒོ་མ་བཞི། །བར་ཁྱམས་ཕུར་སྲུང་བཅུ་གཉིས་དང་། །བསེ་ལྕགས་དུང་སོགས་གིང་ཆེན་བཞི། །ཕྱི་ཡི་འཁོར་ཡུག་ལྕགས་རི་ལ། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །མ་བདུན་སྲིང་བཞི་དབང་ཕྱུག་སོགས། །དམ་ཅན་འཁོར་ཡུག་གང་བར་གྱུར། །ཅེས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམ་གསུམ་ཡོངས་རྫོགས་བཀྲག་གསལ་དུ་བསྐྱེད་དོ། །དེ་ནས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་སྲིད་པའི་ཕུར་བུ་གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་མོས་པ་དང་འཚམ་པར་སད་པར་གྱུར། ཨོཾ་བཛྲ་ས་མཱ་ཛཿ ཞེས་དགོངས་གསོལ་བརྗོད་ནས། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཏིང་འཛིན་དཀྱིལ་འཁོར་འདི་ལ་དགོངས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཛ་ཛཿས་ཡེ་ཤེས་པ་སྤྱན་དྲངས་ཏེ་མདུན་མཁར་བཞུགས་པ་ལ། ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿས་ཕྱག་འཚལ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ་གིས་དབང་བླང་། ས་མ་ཡ་ཏིཥྛ་སཏྭཾ་གྱིས་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ་མོ། །དེ་ནས་མཆོད་པ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་དྲག་པོའི་རྫས། །སྨན་གཏོར་རཀྟ་དུག་གསུམ་ཤ་ཁྲག་རུས། །རྨད་བྱུང་སྦྱོར་སྒྲོལ་གསང་བའི་མཆོད་སྤྲིན་སྤྲོ། །དཔལ་ཆེན་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁ་རཾ་ཁཱ་ཧི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་བདག །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཆོག །སྐྱེ་མེད་རྣམ་དག་འཁོར་ལོ་རྒྱལ་འདེབས་ཡུམ། །ས་བཅུའི་མངའ་བདག་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཉོན་མོངས་སྒྲོལ་མཛད་ཁྲ་ཐབས་ཉི་ཤུའི་ཚོགས། །སྐུ་གསུང་ཐུགས་སྤྲུལ་སྲས་མཆོག་ཉི་ཤུ་གཅིག །བར་ཆད་སྲུང་མཛད་སྒོ་སྐྱོང་ཕུར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་ནས་ཛཔ྄་བཟླ་བ་ནི། དཀྱིལ་འཁོར་གསུམ་སྤྱི་དང་ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སྐུ་ཕྱག་རྒྱ་ལ་དམིགས་པ། ཐུགས་སྲོག་སྔགས་འཁོར་ལས་འོད་ཟེར་འཕྲོ་འདུས་ཀྱིས་དོན་གཉིས་བྱས་པར་མོས་པ་གསུང་ཡིག་འབྲུ་ལ་དམིགས་པ། སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་རིག་པ་འཛིན་མེད་ཚོགས་དྲུག་ལྷུག་པར་འཇོག་པ་ཐུགས་ཆོས་ཉིད་ལ་དམིགས་པ། ཛཔ྄་ཁང་ཕྱེས་ཏེ་བདག་མདུན་གྱི་ཐུགས་ཀ་དང་ལྟེ་བ་ནས་སྔགས་ཕྲེང་མགལ་མེ་ལྟར་འཁོར་བར་དམིགས་པ་ཡོན་ཏན་དབང་དང་དངོས་གྲུབ་ལེན་པ། སྔགས་ཀྱི་འོད་ཟེར་ལྗང་ནག་ཁྲོ་མཚོན་ཕུར་ཐུན་གྱི་ཆར་བབས་པས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཕྱེ་མར་བརླག་ཅིང་ཚེ་བསོད་རང་ལ་བསྡུ་བ་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་དམིགས་པ་བཅས་ཛཔ྄་དགོངས་ལྔ་ལས། བསྙེན་སྒྲུབ་ཀྱི་སྐབས་འདིར་གཙོ་བོར་སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་ལ་གཞི་བཅའ་འོ། །བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿ ཞེས་སྲོག་སྔགས་འབྲུ་དགུ །ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་བཅས་སྦྲེལ་བ་ཡི་གེ་བཅུ་བདུན་པ་ནི་བསྙེན་པའི་སྔགས་ཏེ། གྲངས་ཀྱི་ཚད་ནི་བདུན་འབུམ་ཉིས་ཁྲིར་གསུངས་སོ། །བསྙེན་སྒྲུབ་ཆིག་ཆོད་ལ་བསྙེན་སྔགས་མཐར། མ་རག་མོ་ཡག་མོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུམ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ ཌཱ་ཀི་མ་མ་ཀརྨ༔ ཤྲཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་འདུས་པ་ཡི་གེ་བདུན་ཅུ་རྩ་དྲུག་པ་ཉིད་སྦྲེལ་ཏེ་བཟླའོ། །ཐུན་མཐར་སྟོང་ཚིགས་ཀྱི་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཕུར་པའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་དངོས་གྲུབ་བླང་ངོ་། །གསུམ་པ་རྗེས་ལ་ཚོགས་མཆོད་འབུལ་བར་སྤྲོ་ན། བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ཡ་ཧཱུྃ་ཕཊ། ཧཱུྃ་རཾ་ཡཾ་ཁཾ། མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་རིན་པོ་ཆེའི་སྣོད་དུ་ཚོགས་རྫས་རྣམས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམ་ཞིང་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བརླབས། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཞལ་ཟས་ཚོགས་ཀྱི་མཆོད་པ་ལ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ཧོཿ དེ་ནས་ཚོགས་ཕུད་ཆ་གསུམ་དུ་བཅད་དེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། སྤྲོ་ན་སྐོང་བའི་ལས་རིམ་གསུམ་ཡང་བྱའོ། །བར་པ་བཤགས་པ་ནི། ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོམ། །བདག་ཅག་མ་རིག་སྒོ་གསུམ་བག་མེད་པས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བྱས་བཤགས། །ཚོགས་ཀྱིས་མཆོད་དོ་ཚངས་དབང་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་ཏིཥྛ་སཏྭཾ། ཐ་མ་བསྒྲལ་བ་ནི། རྒྱས་པར་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པ་ལྟར་བསྒྲལ་བ་ལས་གཞུང་བཞིན་ཤེས་པར་བྱ་ལ། འདིར་ཚོགས་མཆོད་དཀྱུས་ཙམ་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་དམིགས་བྱ་དགུག་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་ཕོ་ཉ་བསྐུལ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནཱན། མོ་ཧཱ་གྷ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཥྚིཿབི་ཀྲིཏ་ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ། ཅེས་བཟླ་བཞིན་གསལ་བ་གསུམ་དང་ལྡན་པའི་ངང་ནས་ཚེ་ཁྲུས་སྦར་གསུམ་གྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་སྙིགས་མའི་ལུས་བདུད་རྩིར་སྦར་ལ། ཧཱུྃ། དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག །དགྲ་བགེགས་ལྔ་ཕུང་ཞལ་དུ་སྟོབ། །སྡང་དགྲ་གདོན་བགེགས་འཁོར་བཅས་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པར་རོལ། །བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་བསྟབས། སྐབས་འདིར་སྤྲོ་ན་བཅོལ་བསྐུལ་ཡང་བྱའོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོར་གྱུར། ཅེས་བརླབས། ཨེ་ཨ་རལླི་ཧྲིཾ་ཛཿས་ལྷག་མགྲོན་སྤྱན་དྲངས། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །ལྷག་མའི་མཆོད་པ་འདི་བཞེས་ལ། །བསྟན་པ་གཉན་པོ་སྲུང་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་སརྦ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀིཾ་ཀ་ར་མ་ཧཱ་པཉྩ་བ་ལིངྟ་ཁཱ་ཧི། ཞེས་ཕྱི་རོལ་དུ་དོར་རོ། །དེ་ནས་སྨོན་ལམ་གདབ་པ་ནི། ཧོཿ དགོངས་སུ་གསོལ་ལོ། ཆོས་ཉིད་ཀྱི་བདེན་པ་འོ། །གསང་སྔགས་ཀྱི་བྱིན་གྱི་བརླབ་བོ། །སངས་རྒྱས་ཀྱི་མཐུ་འོ། །ཨ་བྷི་ཙརྻའི་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལ་འོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག །བཟོད་པར་གསོལ་བ་ནི། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་། ག་ཎ་སྦྱོར་བ་བྱིན་གྱིས་མ་རློབ་པ་དང་། མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང་། དགེ་བ་བཅུ་དང་དུ་མ་ལོངས་ཤིང་མི་དགེ་བ་བཅུ་རྩད་ནས་མ་ཆོད་པ་དང་། བཀའ་བཞིན་གཞུང་མ་བསྲངས་པ་དང་། དམ་ཚིག་རྩ་བ་དང་ཡན་ལག་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པར་མཛད་དུ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཚངས་པ་དམ་པ་སྩོལ་བ་ཅི་གནང་། ཞེས་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད། གཏོར་མ་གཏོང་ན། བསྟན་མའི་གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་སྦྲེང་ཞིང་། ཧཱུྃ། བསྟན་མ་བཅུ་གཉིས་འཁོར་དང་བཅས། །དམ་ལས་མ་འདའ་ད་ཚུར་བྱོན། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་ལ་གཏོང་། སྤྲོ་ན་ཟོར་བསྐུལ་ཡང་བྱའོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཡ་མ་དམ་སྲི་ནཱ་ག་རཱ་ཙ་ཛཿནན། ཞེས་མནན། དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུས་ཏེ་རྟག་མཐའ་བསལ། ཕཊ་ཕཊ་ཕཊ་ཀྱིས་རང་ཉིད་ཐུན་མཚམས་ཀྱི་ལྷར་ལྡངས་པས་ཆད་མཐའ་བསལ་ཏེ་ཟུང་འཇུག་གི་ཏིང་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །འདིས་ཀྱང་བདག་གཞན་སྐྱེ་ཀུན་ཏུ། །ལྷ་མཆོག་ཁྱོད་དང་མི་འབྲལ་ཞིང་། །ཐལ་འབྱིན་དགོངས་པ་མཐར་ཕྱིན་ནས། །ཧེ་རུ་ཀཿདཔལ་འགྲུབ་གྱུར་ཅིག །ཅེས་པའང་རང་གཞན་གྱི་རྒྱུན་གྱི་ཉམས་ལེན་དང་། སྒྲུབ་པ་ཆེན་པོའི་སྐབས་ཛཔ྄་བསྙེན་པ་སོགས་ཀྱིས་ལས་གཞུང་མདོར་བསྡུས་སུ་ཁྱེར་བདེ་བའི་སླད་དུ་ཉེ་བར་མཁོ་བས་མཚམས་སྦྱར་ནས། ༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་བཀའ་དྲིན་ལས་ཕུར་པ་བཀའ་གཏེར་གསར་རྙིང་ཡོངས་རྫོགས་ཀྱི་སྨིན་གྲོལ་གྱི་སྣོད་དུ་གྱུར་ཅིང་། ཁྱད་པར་ལམ་འདི་ཉིད་ལ་སྔ་རྗེས་བསྙེན་སྒྲུབ་ལན་མང་ཐེམས་པའི་བཙུན་པ་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས་བྲིས་པ་སྟེ། འདིས་ཀྱང་སྐྱེ་ཀུན་རྡོ་རྗེ་གཞོན་ནུས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །། ༈ དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་སར། །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་གྱུར་ཅིག །བཀྲ་ཤིས་བརྗོད་པ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །འཁོར་ལོ་རྒྱས་འདེབས་ཡུམ་གྱི་བཀྲ་ཤིས་ཤོག །སྤྲུལ་པའི་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །ཤེས་རབ་ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག །ཡང་སྤྲུལ་ཕྱག་བརྙན་ཚོགས་ཀྱི་བཀྲ་ཤིས་ཤོག །སྲས་མཆོག་ཕུར་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་སྒོ་སྐྱོང་བཞི་ཡི་བཀྲ་ཤིས་ཤོག །དམ་ཅན་བཀའ་སྡོད་སྲུང་མའི་བཀྲ་ཤིས་ཤོག །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པར་བྱའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཡི་དམ་དགོངས་པ་འདུས་པའི་ཆ་རྐྱེན༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་ (Volume 9, Text 23)

ཡི་དམ་དགོངས་པ་འདུས་པའི་ཆ་རྐྱེན༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་བཞུགས་སོ༔ ཚེས་བཅུའི་ཚོགས་མཆོད༔ ྈ བྱིན་རླབས་ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་པདྨའི་ཞབས་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆ་རྐྱེན༔ བླ་མ་ཡིད་བཞིན་ནོར་བུའི་ལས་བྱང་མེ་ཏོག་ཕྲེང་བ་བསྟན་པ་ནི༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་དྲུག་སྟེ༔ དང་པོ་སྐྱབས་སུ་འགྲོ་བ༔ གཉིས་པ་སེམས་བསྐྱེད་པ༔ གསུམ་པ་ཡན་ལག་བདུན་པ་འབུལ་བ༔ བཞི་པ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ༔ ལྔ་པ་བྱིན་དབབ་པ༔ དྲུག་པ་མཆོད་པ་བྱིན་རླབས་དང་བཤགས་པ་བྱ་བའོ༔ ས་མ་ཡ༔ རཏྣ་ཙིཏྟ་དྷྱ༔ དང་པོ་སྐྱབས་ཡུལ་གསལ་གདབ་པ་ནི༔ ཨེ་མ་ཧོ༔ མདུན་གྱི་ནམ་མཁར་རང་བྱུང་འོད་ལྔའི་ཀློང༔ གསེར་གྱི་པདྨ་གེ་སར་བརྩེགས་པའི་དབུས༔ ཐབས་ཤེས་ཉི་ཟླ་འོད་འབར་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་སྐུ༔ རྩ་གསུམ་སྐུ་གསུམ་ཀུན་འདུས་པདྨ་འབྱུང༔ ཆོས་སྐྱོང་དམ་ཅན་ཀུན་གྱི་ངོ་བོ་ཉིད༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ལེ་བརྒན་ཆོས་གོས་དམར་པོ་པ་ཏྲ་རིས༔ ཟ་འོག་དཀར་དམར་ལྗང་སྔོན་སུམ་བརྩེགས་གསོལ༔ པད་ཞྭ་པདྨ་རིན་ཆེན་དར་སྣས་སྤྲས༔ རྡོ་རྗེ་ཉི་ཟླ་ནོར་བུས་རབ་ཏུ་མཚན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ཕྱག་གཡོན་བདུད་རྩི་བུམ་པ་བྷནྡྷ་བསྣམས༔ ཁ་ཊྭཱཾ་མཆན་བཅུག་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ འཇའ་ཚོན་ཡེ་ཤེས་ལྔ་ཡི་རང་འོད་འབར༔ དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ བསྐོར་ནས་སྤྲིན་ཕུང་འཐིབས་ལྟར་བཞུགས་པར་བསམ༔ གཉིས་པ་སྐྱབས་འགྲོ་བརྗོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་རིན་པོ་ཆེ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་སྐུ༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ སྐུ་གསུམ་སྐུ་ལྔ་ཀུན་འདུས་ངོ་བོ་ཉིད༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ཆོས་སྐྱོང་དམ་ཅན་ཀུན་འདུས་ངོ་བོ་ཉིད༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ཅེས་བརྒྱ་རྩ་བརྒྱད་སོགས་གང་ལྕོགས་བྱ༔ དེ་ནས་སེམས་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་ལྷག་བསམ་བླ་མ་བསྒྲུབས་བགྱིས་པས༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ་བ་དང༔ དབུགས་མ་དབྱུང་བ་རྣམས་ནི་དབུགས་དབྱུང་ཞིང༔ མྱ་ངན་འདས་པའི་ས་ལ་འགོད་པར་བགྱི༔ དེ་ནས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ དམ་ཚིག་ལྡན་པའི་རིག་འཛིན་སྒྲུབ་པ་པོས༔ ཐར་ལམ་བྱང་ཆུབ་སྒྲུབ་པའི་དཀྱིལ་འཁོར་འདིར༔ བར་ཆད་བྱེད་པའི་བགེགས་ཀུན་ཕྱིར་དེངས་ཤིག༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་ཀྱིས༔ བདག་ནི་རིགས་རྣམས་ཀུན་འདུས་པདྨ་འབྱུང༔ སྣང་སྲིད་རྣམ་དག་ཡེ་ཤེས་གཞལ་ཡས་ཁང༔ ཁམས་གསུམ་དག་པ་ལྷ་དང་ལྷ་མོའི་ངང༔ མ་དག་བགེགས་ཞེས་བྱ་བའི་མིང་ཡང་མེད༔ གལ་ཏེ་བག་ལ་གབ་པའི་བགེགས་ཡོད་ན༔ ཟག་མེད་མཆོད་སྦྱིན་འདི་ལོངས་གཞན་དུ་དེངས༔ རིགས་འདུས་པདྨའི་བཀའ་ལས་མ་འདའ་ཞིག༔ ནག་ཕྱོགས་བགེགས་ཀྱི་ཚོགས་ཀུན་ཕྱིར་དེངས་ཤིག༔ དཀར་ཕྱོགས་རྣམས་ཀྱིས་ཐར་པའི་གྲོགས་མཛོད་ཅིག༔ ཨོཾ་གུ་རུ་བཛྲ་ཀྲོ་ཏ་སརྦ་བྷཱུ་ཏ་ཨུ་ཙ་ཡ་ཕཊ༔ མཚམས་གཅོད་ཅིང་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ང་ནི་རིགས་འདུས་པདྨ་ཧེ་རུ་ཀ༔ སྐུ་ཡི་སྤྲུལ་པས་ཁྲོ་ཚོགས་ནམ་མཁའ་གང༔ གསུང་གི་སྤྲུལ་པས་དྲག་སྔགས་འབྲུག་སྟོང་སྒྲོག༔ ཐུགས་ཀྱི་སྤྲུལ་པས་འོད་ཟེར་གློག་སྟོང་འཁྱུག༔ རང་བྱུང་ལྷུན་གྲུབ་གུ་རུའི་བྱིན་རླབས་ཀྱིས༔ རང་བྱུང་ཡེ་གྲོལ་ཆེན་པོར་མཚམས་ཆོད་ཅིག༔ ཧཱུྃ༔ བདག་ཉིད་པདྨ་དབང་ཆེན་ཐུགས་ཀ་ནས༔ འོད་ཟེར་རྡོ་རྗེ་མཚོན་ཆ་རབ་འཕྲོས་པས༔ ཕྱོགས་མཚམས་སྟེང་འོག་རབ་ཏུ་འབར་བར་གཏམས༔ ཡེ་ཤེས་རླུང་ཡང་རྒྱུ་བའི་སྐབས་མེད་པས༔ བདུད་དང་བགེགས་ཀྱིས་བར་ཆད་ག་ལ་ཚུགས༔ འོད་ཟེར་འཕྲོ་འདུ་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ ཡེ་ཤེས་མེ་འབར་སྟེང་འོག་ཕྱོགས་བཅུར་ཁྱབ༔ བར་ཆད་མི་ཚུགས་གཏུམ་དྲག་རབ་ཏུ་འབར༔ གུ་རུ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་ཡན་ལག་བདུན་པ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིགས་འདུས་ཨོ་རྒྱན་ཆེན་པོ་གནས་འདིར་གཤེགས༔ པད་སྡོང་ཉི་ཟླའི་གདན་ལ་དགྱེས་པར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ༔ སྡོམ་གསུམ་རྒྱལ་བའི་བཀའ་འདས་ཉམས་ཆག་བཤགས༔ དུས་གསུམ་བླ་མ་སྒྲུབ་པར་ཡི་རང་ངོ་༔ གང་འདུལ་ཐབས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་བ་ཅི་བསགས་ཐེག་པ་ཆེན་པོར་བསྔོ༔ མཁའ་མཉམ་སེམས་ཅན་བླ་མའི་ས་ཐོབ་ཤོག༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ་ཧཱུྃ༔ དམ་ཚིག་ལྡན་པའི་རིག་འཛིན་སྒྲུབ་པ་པོ༔ ཐར་ལམ་བྱང་ཆུབ་སྒྲུབ་པའི་དཀྱིལ་འཁོར་འདིར༔ སྒོ་གསུམ་དད་མོས་བྱིན་རླབས་འབྱུང་བའི་གནས༔ རིག་འཛིན་ཀུན་འདུས་ཨོ་རྒྱན་བྱིན་ཕོབ་ཅིག༔ ཡི་དམ་ཀུན་འདུས་གུ་རུས་བྱིན་ཕོབ་ཅིག༔ མཁའ་འགྲོ་ཀུན་འདུས་པདྨས་བྱིན་ཕོབ་ཅིག༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་བྱིན་ཕོབ་ཅིག༔ དམ་ཅན་ཀུན་འདུས་ཆེ་མཆོག་བྱིན་ཕོབ་ཅིག༔ སྐུ་གསུམ་ལྷུན་གྲུབ་གུ་རུས་བྱིན་ཕོབ་ཅིག༔ སྐུ་ལྔ་ཐོད་ཕྲེང་མཚན་བརྒྱད་བྱིན་ཕོབ་ཅིག༔ བྱིན་ཆེན་ཕོབ་ཅིག་ཨོ་རྒྱན་ཆོས་ཀྱི་རྗེ༔ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔ བར་ཆད་སོལ་ཅིག་ཆོས་སྐྱོང་བླ་མ་མཆོག༔ ཕྲིན་ལས་སྒྲུབས་ཤིག་དམ་ཅན་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རང་ཉིད་རིགས་འདུས་གུ་རུའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ སྨན་གཏོར་རཀྟ་མཆོད་པའི་ཚོགས་ལ་སྤྲོས༔ མ་དག་གཉིས་འཛིན་རྟོག་པའི་དྲི་མ་སྦྱང༔ རཾ་ཡཾ་ཁཾ༔ ཧཱུྃ༔ རང་ཉིད་གུ་རུའི་སྐུར་གསལ་ཐུགས་ཀ་ནས༔ འབྲུ་མཆོག་ཡི་གེ་ཨོཾ་དང་ཨཱཿཧཱུྃ་གསུམ༔ འོད་ཟེར་འབྲུ་གསུམ་སྤྲོས་པས་རྫས་ལ་ཕོག༔ འདོད་དགུ་ཡོན་ཏན་དཔག་མེད་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་ཨཱཿཧཱུྃ༔ ཨོཾ་རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ པཱུ་ཛ་དྷརྨཱ་ཨཱཿཧཱུྃ༔ བོདྡྷི་ཙིཏྟ་གུ་ཧྱ་ཤུ་ཀྲཾ་པཱུ་ཛ་ཧོ༔ དེ་ནས་བཤགས་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྐུ་ཡི་དམ་ཚིག་འགལ་བ་བཟོད་པར་གསོལ༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་ལ༔ གསུང་གི་དམ་ཚིག་འགལ་བ་བཟོད་པར་གསོལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་ལ༔ ཐུགས་ཀྱི་དམ་ཚིག་འགལ་བ་བཟོད་པར་གསོལ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ༔ ཡོན་ཏན་དམ་ཚིག་འགལ་བ་བཟོད་པར་གསོལ༔ དམ་ཅན་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་དམ་ཚིག་འགལ་བ་བཟོད་པར་གསོལ༔ མ་དག་འཁྲུལ་པའི་ངང་དུ་མི་བཤགས་ཏེ༔ ལྷག་བསམ་རྣམ་དག་ངང་དུ་བཤགས་པར་བགྱི༔ བཟོད་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་གདུང་བའི་ཡུས་ཀྱི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་སྐུ༔ སྐུ་མཆོག་གུ་རུའི་སྐུ་ལ་གསོལ་བ་འདེབས༔ ཐེག་དགུ་དམ་ཆོས་ཀུན་འདུས་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་ལ་གསོལ་བ་འདེབས༔ བདེ་གཤེགས་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔ བར་ཆད་སོལ་ཅིག་ཆོས་སྐྱོང་བླ་མ་མཆོག༔ ཕྲིན་ལས་མཛོད་ཅིག་དམ་ཅན་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བསྐྱེད་རྫོགས་ཟུང་འཇུག་སྒྲུབ་པ་མཐར་ཕྱིན་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བྱིན་གྱིས་རློབས༔ གུ་རུའི་སྐུ་གསུང་ཐུགས་ཡོན་མཛད་མཉམ་ནས༔ བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ སྲིད་གསུམ་ཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔ གུ་རུ་ཁྱེད་ཉིད་དངོས་གྲུབ་བརྙེས་པ་དེ༔ སྒྲུབ་མཆོག་བུ་ཡིས་བརྙེས་པར་བྱིན་གྱིས་རློབས༔ གུ་རུ་ཁྱེད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔ སྒྲུབ་མཆོག་བུ་ཡིས་ནུས་པར་བྱིན་གྱིས་རློབས༔ ཚེ་རབས་སྐྱེ་བ་དག་པའི་རྒྱུད་བསྐུལ་ནས༔ བསམ་པ་རྣམ་དག་ལྷུན་གྲུབ་བྱིན་གྱིས་རློབས༔ འགྲོ་དོན་འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཅེས་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བའི་སྔོན་འགྲོའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ དང་པོ་ལྷ་བསྐྱེད་པ༔ གཉིས་པ་སྤྱན་འདྲེན་པ༔ གསུམ་པ་བཞུགས་སུ་གསོལ་བ༔ བཞི་པ་ཕྱག་འཚལ་བ༔ ལྔ་པ་མཆོད་པ་འབུལ་བ༔ དྲུག་པ་བསྟོད་པ་བྱེད་པ༔ བདུན་པ་བཤགས་པ་བྱེད་པ༔ བརྒྱད་པ་འཛབ་བསྟོད་གསོལ་འདེབས་བྱ་བ༔ དགུ་པ་བསྟོད་པ་གསོལ་འདེབས་ཟུར་གསལ་ལྟར་བྱ་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ྈ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ཏིང་ངེ་འཛིན་གྱི༔ དེ་བཞིན་ཉིད་ནི༔ ཨོཾ༔ ཆོས་སྐུ་མི་འགྱུར་འཁོར་འདས་ཆོས་རྣམས་ཀུན༔ ཡེ་ནས་བདག་མེད་གདོད་ནས་མཐའ་དང་བྲལ༔ རིགས་འདུས་པདྨ་རྒྱལ་པོས་དེ་སྐད་གསུང༔ ཀུན་སྣང་ནི༔ ཨཱ༔ རང་ངོ་མ་ཤེས་མ་རིག་རྟོག་པས་བཅིངས༔ གཉིས་འཛིན་འགྲོ་བ་སེམས་ཅན་སྙིང་རེ་རྗེ༔ ཚ་གདུང་སྡུག་བསྔལ་བཟོད་མེད་རབ་ཏུ་མནར༔ སྙིང་རྗེའི་ངང་དུ་མཆོག་ཏུ་བདག་གིས་བསྒྲལ༔ རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་གསལ་བརྗོད་བྲལ་སྐད་ཅིག་བྱར་རྫོགས་ངང༔ འགག་མེད་རིག་རྩལ་རིག་པ་ཧཱུྃ་དུ་ཤར༔ རང་བཞིན་གསལ་སྟོང་རང་བབ་གདོས་བཅས་བྲལ༔ རྒྱུ་ལས་འོད་འཕྲོས་རང་བྱུང་འབྱུང་ལྔ་བརྩེགས༔ གཞལ་ཡས་ཁང་ནི༔ ཧཱུྃ༔ བྷྲཱུྃ་ལས་རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རིན་ཆེན་ཕོ་བྲང་སྣ་ཚོགས་འོད་དུ་འབར༔ གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་རྫོགས༔ སྟོང་པའི་རང་བཞིན་མ་འདྲེས་འཇའ་ལྟར་ཤར༔ ཕྱི་ནང་མེད་པར་མ་བསྒྲིབས་ཟང་ཐལ་གསལ༔ ངོ་མཚར་རྨད་བྱུང་བླ་མའི་གཞལ་ཡས་ཁང༔ དེ་ནས་ལྷ་བསྐྱེད་ནི༔ ཧཱུྃ༔ དེ་དབུས་རང་བྱུང་པད་སྡོང་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་བྱུང་ལྷུན་གྲུབ་པདྨ་འབྱུང༔ ཆོས་ཀྱི་སྐུ་ལ་ཐུགས་རྗེའི་གཟུགས་སྐུར་བསྟན༔ སྤྲུལ་སྐུའི་མཚན་དཔེ་འོད་ཟེར་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་དམར་མདངས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བྷནྡྷ་བསྣམས༔ ཟ་འོག་སྨུག་དམར་སུམ་བརྩེགས་སྐུ་ལ་གསོལ༔ མན་ཏྲིའི་ཤམ་ཐབས་པདྨའི་སྐུ་རེག་བཅིངས༔ ངུར་སྨྲིག་ཆོས་གོས་སྐུ་ཡི་ཕྲག་ལ་གཟར༔ པད་ཞྭ་རིན་ཆེན་ཉི་ཟླ་དར་སྣས་སྤྲས༔ སྙན་ཆ་མགུལ་ཆུ་ཉི་ཟླ་རིན་ཆེན་བརྒྱན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གཟི་མདངས་བརྗིད༔ ཁ་ཊྭཱཾ་མཆན་བཅུག་སྐུ་ལ་འགྱིང་བག་བརྟེན༔ ཞི་ཞལ་མཛེས་འཛུམ་མཚན་དཔེ་གཟི་བརྗིད་འབར༔ ཐུགས་ཀར་ཉི་ཟླ་པདྨ་འབར་བའི་སྟེང༔ ལོངས་སྐུ་པདྨ་ཐོད་ཕྲེང་ཚེ་དབང་རྩལ༔ སྐུ་མདོག་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད༔ མཚོ་རྒྱལ་དཀར་མོ་སྐུ་ལ་འཛུམ་མདངས་འཁྲིལ༔ ཕྱག་གཡས་ཡིད་བཞིན་ནོར་བུ་མགུལ་ནས་འཁྱུད༔ ཕྱག་གཡོན་བདུད་རྩི་ཐོད་པ་ཡབ་ལ་སྟོབ༔ ཡབ་ཡུམ་གཞོན་ནུ་ལང་ཚོ་བདེ་ཉམས་རྒྱས༔ རིན་ཆེན་རུས་རྒྱན་པྲོག་ཞུ་རྩེ་བྲན་སྤྲས༔ ལོངས་སྐུའི་ཆ་ལུགས་ཡབ་ཡུམ་རྫོགས་པར་གསལ༔ དེ་ཡི་ཐུགས་ཀར་ཙིཏྟའི་ཡང་སྙིང་དུ༔ ཐབས་ཤེས་ཉི་ཟླ་པདྨའི་དཀྱིལ་འཁོར་དབུས༔ རྡོ་རྗེ་རྩེ་ལྔ་འགྲེང་བའི་མཐའ་སྐོར་དུ༔ རྩ་བའི་སྔགས་ཀྱི་འོད་ཟེར་འཕྲོ་བར་བསྒོམ༔ ཧཱུྃ༔ ལྟེ་བར་ཉི་ཟླ་ཁ་སྦྱོར་པད་ཟླའི་དབུས༔ རིག་སྟོང་ཀུན་བཟང་པདྨ་སྐུ་མདོག་མཐིང༔ སྐྱིལ་ཀྲུང་མཉམ་གཞག་བཟང་མོ་ཡུམ་དང་སྦྱོར༔ སྣང་ལ་རང་བཞིན་མ་གྲུབ་ལྷུན་སྡུག་འཚེར༔ འཛིན་མེད་རང་བྱུང་རང་ཤར་རང་དུ་བསྒོམ༔ ཧྲཱི༔ ཕྱོགས་བཞིར་པདྨ་ཁ་དོག་བཞི་ལྡན་དབུས༔ རིག་རྩལ་འགག་མེད་གུ་རུ་སྐུ་ལྔར་ཤར༔ ཤར་དུ་བཛྲ་ཐོད་ཕྲེང་སྐུ་མདོག་མཐིང༔ ལྷོ་རུ་རཏྣ་ཐོད་ཕྲེང་སྐུ་མདོག་སེར༔ ནུབ་ཏུ་པདྨ་ཐོད་ཕྲེང་སྐུ་མདོག་དམར༔ བྱང་དུ་ཀརྨ་ཐོད་ཕྲེང་སྐུ་མདོག་ལྗང༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་སྐུ་མདོག་དཀར༔ ཞབས་གཉིས་སྐྱིལ་ཀྲུང་རྡོར་དྲིལ་ཡུམ་ལ་འཁྱུད༔ སོ་སོའི་སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ རང་འདྲའི་ཡུམ་ཆེན་སྐུ་ལ་འཛུམ་མདངས་འཁྲིལ༔ ཡུམ་རྣམས་གཅེར་བུ་གྲི་ཐོད་རྒྱན་དྲུག་སྤྲས༔ དེ་ཡི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ༔ འགྲོ་འདུལ་སྤྲུལ་སྐུ་གུ་རུ་མཚན་བརྒྱད་ཤར༔ ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས༔ ཤར་ལྷོར་པདྨ་སཾ་བྷ་སྐུ་མདོག་དཀར༔ ཕྱག་གཉིས་བདུད་རྩི་སྐྱབས་སྦྱིན་ཐུགས་ཀར་བསྣོལ༔ ལྷོ་རུ་བློ་ལྡན་མཆོག་སྲེད་སྐུ་མདོག་དཀར༔ ཕྱག་གཉིས་ཌ་རུ་པད་ཕོར་ཐུགས་ཀར་བསྣོལ༔ ལྷོ་ནུབ་པདྨ་རྒྱལ་པོ་སྐུ་མདོག་དམར༔ ཕྱག་གཉིས་ལྕགས་སྒྲོག་མེ་ལོང་ཐུགས་ཀར་བསྣོལ༔ ནུབ་ཕྱོགས་ཉི་མ་འོད་ཟེར་སྐུ་མདོག་སེར༔ ཕྱག་གཉིས་རྩེ་གསུམ་ཉི་ཞགས་ཐུགས་ཀར་བསྣོལ༔ ནུབ་བྱང་ཤཱཀྱ་སེང་གེ་སྐུ་མདོག་སེར༔ ཕྱག་གཉིས་མཉམ་གཞག་ཆོས་གོས་སྣམ་སྦྱར་དམར༔ བྱང་ཕྱོགས་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང༔ ཕྱག་གཉིས་ལྕགས་སྒྲོག་སྡིགས་མཛུབ་ཐུགས་ཀར་བསྣོལ༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྐུ་མདོག་དམར༔ ཁྲོ་འཛུམ་ཕྱག་གཉིས་རྡོ་རྗེ་ཕུར་པ་གདེངས༔ ཀུན་ཀྱང་འཁོར་ལོས་སྒྱུར་བའི་ཆ་ལུགས་ལ༔ པྲོག་ཞུ་རིན་ཆེན་རྒྱན་ཆ་ཟ་འོག་མནབས༔ རྡོ་རྗེ་སྐྱིལ་ཀྲུང་གཟི་བརྗིད་ལྡན་པར་གསལ༔ ཕྱི་རོལ་ཁོར་ཡུག་མུ་ཁྱུད་ལྔ་འཁོར་མཛེས༔ ཕྱི་ནང་གསང་བ་བླ་མེད་གུ་རུའི་ཚོགས༔ ཚོམ་བུ་ཤིགས་སེ་འཇའ་འོད་ཁྱུགས་སེ་བསྒོམ༔ དེ་ཡི་ཕྱི་རོལ་མུ་ཁྱུད་མཛེས་པ་ལ༔ རིགས་འདུས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྒོ་བཞིར་ཌཱ་ཀི་སྡེ་བཞི་རིགས་མཐུན་གསལ༔ དངོས་གྲུབ་མ་ལུས་སྟེར་ཞིང་བར་ཆད་སེལ༔ སྤྲིན་ཕུང་འདུས་པ་ལྟ་བུ་མ་ཡེངས་གསལ༔ དེ་ནས་སྤྱན་འདྲེན་པ་ནི༔ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རང་བཞིན་ཆོས་ཀྱི་དབྱིངས་ཟངས་མདོག་དཔལ་རིའི་རྩེ་མོ་པདྨ་འོད་ཀྱི་གཞལ་ཡས་ནས་རིག་འཛིན་པདྨ་འབྱུང་གནས་ལ༔ འཁོར་རིག་འཛིན་བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར་བ་སྤྲིན་གཏིབས་པ་ལྟར་འོད་མེ་རེ་རེ་བྱོན་པར་བསམས་ལ་རོལ་མོ་སྤོས་བཅས་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྣམ་དག་ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ཅིག༔ རིག་འཛིན་ཆེན་པོ་ཨོ་རྒྱན་ཐོད་ཕྲེང་རྩལ༔ བདག་གཞན་འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས༔ ཡི་དམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ ཆོས་སྐྱོང་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ བར་ཆད་སེལ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ དམ་ཅན་ཀུན་འདུས་ཆེ་མཆོག་ཐོད་ཕྲེང་རྩལ༔ ཕྲིན་ལས་མཛད་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ ཧཱུྃ༔ སྔོན་ཚེ་འདས་པ་བསྐལ་པའི་དང་པོ་ལ༔ ཡུལ་ནི་ཨོ་རྒྱན་ནུབ་བྱང་མཚོ་གླིང་དབུས༔ ཡབ་མེད་ཡུམ་མེད་པདྨའི་སྡོང་པོ་ལ༔ ལེགས་བྱོན་རྒྱལ་སྲས་མཆོག་ཏུ་སྐུ་འཁྲུངས་པ༔ ངོ་མཚར་རྨད་བྱུང་པདྨ་འབྱུང་གནས་ལ༔ འཁོར་དུ་མཁའ་འགྲོ་རྒྱ་མཚོ་འབུམ་གྱིས་བསྐོར༔ ཕ་མཆོག་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་དང་འགྲོ་ལ་ཐུགས་རྗེས་དགོངས༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ་ནས༔ པདྨ་འོད་འབར་ཕོ་བྲང་གཞལ་ཡས་སུ༔ རྗེ་བཙུན་ཨོ་རྒྱན་གུ་རུ་རིན་པོ་ཆེ༔ བལྟ་བས་མི་ངོམས་ལྷ་མཆོག་ཐོད་ཕྲེང་རྩལ༔ སྐུ་ལ་ཡེ་ཤེས་འོད་ཕུང་གཟི་བརྗིད་འབར༔ སྤྲུལ་པ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ རིག་འཛིན་རྒྱལ་བ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཡི་དམ་རྒྱལ་བ་རྒྱ་མཚོ་འཇའ་ལྟར་འཁྲིགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྤུངས་སེ་སྤུང༔ ཆོས་སྐྱོང་རྒྱ་མཚོ་ལས་བྱེད་ཁྱུགས་སེ་ཁྱུག༔ དམ་ཅན་རྒྱ་མཚོ་གློག་ལྟར་འཚུབས་སེ་འཚུབ༔ དཔའ་བོ་རྒྱ་མཚོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་རྒྱ་མཚོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ ཧཱུྃ་གི་གསང་སྔགས་སྣང་གླུ་ཏི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ ཐུགས་རྗེའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ དྲན་ཙམ་མོས་པས་བྱིན་རླབས་དཔག་མེད་འབྱུང༔ དེ་སྐད་ཞལ་བཞེས་ཐུགས་དམ་དགོངས་མཛོད་ལ༔ དབང་བསྐུར་བྱིན་བརླབ་དངོས་གྲུབ་འབྱུང་བའི་ཕྱིར༔ རྣལ་འབྱོར་སྒྲུབ་མཆོག་བུ་ཡིས་སྤྱན་འདྲེན་ན༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་བསྐུར་དུ་གསོལ༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལ༔ རང་བྱུང་ལྷུན་གྲུབ་གུ་རུ་ཐོད་ཕྲེང་རྩལ༔ ཆོས་ཉིད་བརྡལ་བ་ཡངས་པའི་དཀྱིལ་འཁོར་དུ༔ སྐྱོན་བྲལ་རང་བྱུང་པདྨའི་སྡོང་པོ་ལ༔ རང་བྱུང་ཐབས་ཤེས་ཉི་ཟླ་འོད་འབར་སྟེང༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་སྐུ༔ རྒྱལ་སྲས་པདྨ་འབྱུང་གནས་བཞུགས་སུ་གསོལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ཆོས་སྐྱོང་བཅས༔ བདེ་གཤེགས་ཀུན་འདུས་གུ་རུ་བཞུགས་སུ་གསོལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་མ་ཧཱ་གུ་རུ་རྗེ༔ མཛེས་ཤིང་བརྗིད་ལྡན་ལྟ་བས་མི་ངོམས་པ༔ མཚན་དང་དཔེ་བྱད་དཔལ་འབར་རབ་ཏུ་བརྒྱན༔ རིག་འཛིན་ཨོ་རྒྱན་ཆེན་པོའི་སྐུ་ལ་བསྟོད༔ ཧཱུྃ༔ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ འགག་མེད་རྣམ་དག་ཚངས་དབྱངས་ཆོས་ཀྱི་སྒྲ༔ སྙན་པའི་གསུང་དབྱངས་དྲུག་ཅུའི་སྒྲ་དང་ལྡན༔ ཡི་དམ་ཀུན་འདུས་གུ་རུའི་གསུང་ལ་བསྟོད༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ མ་བཅོས་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ ལྷུན་གྲུབ་འོད་གསལ་ཡེ་ཤེས་ལྔ་དང་ལྡན༔ མཁའ་འགྲོ་ཀུན་འདུས་པད་འབྱུང་ཐུགས་ལ་བསྟོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་འདུས་དཔལ༔ ཀུན་གྱི་བདག་ཉིད་མ་ཧཱ་གུ་རུ་རྗེར༔ སྒྲུབ་པ་པོ་ཡིས་སྒོ་གསུམ་གུས་ཕྱག་འཚལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་མཆོད་པ་འབུལ་བའི་རིམ་པ་ནི༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་ནི༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ ཨོ་རྒྱན་རིག་འཛིན་པདྨའི་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་མཆོད་སྣ་ཚོགས་འབུལ་བ་ནི༔ རང་བྱུང་རྣམ་དག་ནམ་མཁའི་ཀློང་ཡངས་སུ༔ མེ་ཏོག་ལ་སོགས་རྣམ་ལྔའི་མཆོད་པ་འབུལ༔ ག་ཎ་ལ་སོགས་འདོད་ཡོན་ལྔ་ལྡན་མཆོད༔ གསེར་དངུལ་ལ་སོགས་རིན་ཆེན་སྣ་ཚོགས་མཆོད༔ ཙནྡན་ལ་སོགས་དྲི་ཞིམ་སྣ་ཚོགས་མཆོད༔ ཟ་འོག་ལ་སོགས་དར་ཟབ་སྣ་ཚོགས་མཆོད༔ རྒྱལ་མཚན་ལ་སོགས་སྤྱན་གཟིགས་སྣ་ཚོགས་མཆོད༔ ཞལ་ཟས་ལ་སོགས་དཀར་གསུམ་མངར་གསུམ་མཆོད༔ པི་ཝཾ་གླིང་བུ་དུང་ཐོད་རྔ་སྒྲས་མཆོད༔ མཆོད་ཚོགས་འདི་བཞེས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ རིགས་འདུས་ལྷ་མཆོག་ཨོ་རྒྱན་པདྨ་ལ༔ རང་བྱུང་རྣམ་དག་སྨན་མཆོད་འབུལ་བ་ནི༔ མཚན་ལྡན་རྡོ་རྗེ་བྷནྡྷའི་སྣོད་མཆོག་ནང༔ གདོད་ནས་རྣམ་དག་བདུད་རྩི་རྩ་བརྒྱད་ལ༔ ལོ་འདབ་སྟོང་ལ་སྦྱར་བའི་ཨ་མྲྀཏ༔ དུག་ལྔ་སེལ་བའི་བདུད་རྩི་སྨན་མཆོད་འདི༔ རིགས་འདུས་ཨོ་རྒྱན་ཆེན་པོའི་ཚོགས་ལ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་རྣམ་དག་གཏོར་མ་འབུལ་བ་ནི༔ མཚན་ལྡན་བྷནྡྷ་རྡོ་རྗེའི་སྣོད་མཆོག་ནང༔ ཤ་ལྔ་བདུད་རྩི་ལྔ་དང་འབྲུ་ལྔ་ཡི༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་དཔལ་གཏོར་འདི༔ རིགས་འདུས་ཨོ་རྒྱན་འཁོར་དང་བཅས་ལ་འབུལ༔ འབྱོར་ལྡན་ལོངས་སྤྱོད་ཚོགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་སརྦ་བ་ལིཾ་ཏ་པཱུ་ཛ་ཧོ༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་གསང་མཆོད་རཀྟ་འབུལ་བ་ནི༔ ཆོས་ཉིད་དབྱིངས་ལས་རང་བྱུང་གསང་བའི་རྫས༔ འདོད་ཆགས་རྣམ་དག་ཡུམ་གྱི་ཐིག་ལེར་འཁྱིལ༔ ཆགས་མེད་བདེ་ཆེན་དམར་གསལ་མདངས་དང་ལྡན༔ ཉོན་མོངས་འཇོམས་བྱེད་དམར་ཆེན་རཀྟ་འདི༔ རིགས་འདུས་ཨོ་རྒྱན་འཁོར་དང་བཅས་ལ་འབུལ༔ ཁམས་གསུམ་དབང་སྡུད་རྒྱས་པའི་དངོས་གྲུབ་སྩོལ༔ གུ་རུ་སརྦ་རཀྟ་པཱུ་ཛ་ཧོ༔ དེ་ནས་བསྐང་ཐོན་དུ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐུགས་དམ་བསྐང༔ ཡི་དམ་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ མཁའ་འགྲོ་ཀུན་འདུས་པད་འབྱུང་ཐུགས་དམ་བསྐང༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་ཐུགས་དམ་བསྐང༔ དམ་ཅན་ཀུན་འདུས་ཆེ་མཆོག་ཐུགས་དམ་བསྐང༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་ཐུགས་དམ་བསྐང༔ སྐུ་ལྔ་འགྲོ་འདུལ་མཚན་བརྒྱད་ཐུགས་དམ་བསྐང༔ ཐུགས་དམ་དགྱེས་སྐོང་མཆོག་ཐུན་དངོས་གྲུབ་སྩོལ༔ སྒྲུབ་པ་པོ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བསྟོད་པ་འབུལ་ཞིང་གསོལ་བ་གདབ་པ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ སྐུ་ནི་མི་འགྱུར་སྐུ་མཆོག་ཀུན་ཏུ་བཟང༔ གསུང་ནི་མི་འགག་གསུང་མཆོག་རིགས་བདག་གསུང༔ ཐུགས་ནི་མི་གཡོ་ཐུགས་མཆོག་སྨྲ་བརྗོད་འདས༔ སྐུ་གསུང་ཐུགས་མཆོག་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ རིགས་འདུས་ཆེ་མཆོག་ཨོ་རྒྱན་གུ་རུ་ནི༔ སྐུ་ལས་འོད་འཕྲོས་འཇའ་ཚོན་གུར་ནང་བཞུགས༔ ཞི་ཞིང་སྤྱན་གསུམ་འཛུམ་མདངས་ལྡན་པ་ནི༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་རྟགས༔ ཆོས་སྐུ་པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཧཱུྃ༔ ཡི་དམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་རྩེ་བྲན་མཛེས༔ རིན་ཆེན་རྒྱན་རྫོགས་རྡོ་རྗེ་ཐུགས་ཀར་འཛིན༔ དངོས་གྲུབ་སྟེར་མཛད་བདུད་རྩིའི་བུམ་པ་བསྣམས༔ ལོངས་སྐུ་ཀུན་འདུས་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ པད་སྡོང་གེ་སར་ཉི་ཟླའི་གདན་ལ་བཞུགས༔ ཟ་འོག་ལེ་བརྒན་ཆོས་གོས་པད་ཞྭ་གསོལ༔ སྤྲུལ་པས་གདུལ་བྱ་འགྲོ་བ་འདུལ་བའི་རྟགས༔ སྤྲུལ་སྐུ་ཀུན་འདུས་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ སྤྱན་གསུམ་ཁྲོ་འཛུམ་ཁ་ཊྭཱཾ་སྐུ་ལ་བརྟེན༔ རྔམ་བརྗིད་སྐུ་ལ་འོད་ཕུང་གཟི་བརྗིད་འབར༔ ཁམས་གསུམ་སྲིད་གསུམ་འགྲོ་བའི་དོན་མཛད་རྟགས༔ འགྲོ་འདུལ་མ་ཧཱ་གུ་རུའི་སྐུ་ལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ཕྲིན་ལས་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལས་བཞི་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་ཞི་བའི་ངང་ཉིད་ལས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རབ་བསྔགས་པ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ རང་བྱུང་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ནུབ་བྱང་མཚོར༔ གེ་སར་པད་སྡོང་རྩེ་ལ་སྤྲུལ་སྐུ་འཁྲུངས༔ རྒྱལ་སྲས་མཚོ་སྐྱེས་རྡོ་རྗེའི་སྐུ་ལ་བསྟོད༔ ཧཱུྃ༔ རྒྱ་གར་ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཞིང་འགྲོ་དོན་མཛད༔ པད་འབྱུང་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་མ་ག་དྷཱ༔ ཐེག་མཆོག་སྡེ་སྣོད་ཆོས་ཀྱིས་འགྲོ་དོན་མཛད༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཟ་ཧོར་ཡུལ༔ ཡ་མཚན་ངོ་མཚར་རྫུ་འཕྲུལ་སྣ་ཚོགས་བསྟན༔ པདྨ་ཐོད་ཕྲེང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་རཱ་ག་ཡངས་པ་ཅན༔ གསང་སྔགས་ཐེག་ཆེན་ཆོས་ཀྱིས་འགྲོ་དོན་མཛད༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་གནས༔ ལྷ་སྲིད་སྡེ་བརྒྱད་དམ་བཏགས་འགྲོ་དོན་མཛད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་མིང་ནི་སོ་སའི་གླིང༔ སྤྲུལ་པ་དཔག་མེད་འགྲོ་བ་མ་ལུས་འདུལ༔ གུ་རུ་སཱུརྻའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན༔ མུ་སྟེགས་ལོག་ལྟ་འདུལ་བའི་འགྲོ་དོན་མཛད༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བོད་ཡུལ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་དགྲ་བགེགས་ཚར་གཅོད་འགྲོ་དོན་མཛད༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་བསམ་ཡས་བོད་ཀྱི་ཡུལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས༔ འགྲོ་དོན་ཕྱི་ནང་ཆོས་ཀྱི་འཁོར་ལོ་བསྐོར༔ ཨོ་རྒྱན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ད་ལྟ་དུས་ངན་ལྔ་བརྒྱ་ཐ་མ་འདིར༔ ལྷོ་ནུབ་དཔལ་རི་སྲིན་པོའི་ཁ་གནོན་མཛད༔ ཞེ་སྡང་སྲིན་པོར་ཐབས་ཀྱིས་ཆོས་བསྟན་བཏུལ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཕྱོགས་བཅུར་འགྱེད༔ འཛམ་གླིང་བོད་དུ་སྤྲུལ་པ་རྒྱུན་མི་འཆད༔ དད་ལྡན་འགྲོ་རྣམས་བདེ་བ་ཅན་དུ་བཀོད༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་ཆེན་པོ་དགོངས་སུ་གསོལ༔ བདག་ནི་ཡེ་ནས་མངོན་སངས་རྒྱས་རྒྱུ་ལ༔ མ་རིག་འཁྲུལ་པའི་དབང་གིས་གཡང་ས་འདིར༔ རྟག་ཏུ་འཁོར་ཞིང་སྡུག་བསྔལ་དཔག་མེད་བསགས༔ བདེ་གཤེགས་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔ བདག་གིས་མ་རིག་ལུས་ངག་ཡིད་གསུམ་གྱི༔ བག་མེད་དབང་གིས་དམ་ཚིག་ལས་ལ་འགལ༔ མོས་གུས་ཆུང་བས་བླ་མའི་སྐུ་མ་མཉེས༔ རང་བྱུང་གུ་རུའི་སྐུ་ལ་མཐོལ་ལོ་བཤགས༔ ཤེས་རབ་ཆུང་བས་ཆོས་ཉིད་དོན་མ་རྟོགས༔ ཡི་དམ་ཀུན་འདུས་གུ་རུའི་སྐུ་ལ་བཤགས༔ ལེ་ལོའི་དབང་གིས་སྒྲུབ་པ་མཐར་མ་ཕྱིན༔ ཨོ་རྒྱན་མཁའ་འགྲོའི་སྐུ་ལ་མཐོལ་ལོ་བཤགས༔ ཡོ་བྱད་ཆུང་བས་མཆོད་ཚོགས་རྫས་མ་ཚང༔ གུ་རུ་ཆོས་སྐྱོང་སྤྱན་སྔར་མཐོལ་ལོ་བཤགས༔ ལོག་ལྟའི་དབང་གིས་གཞན་གྱི་ཡོན་ཏན་སྨད༔ གུ་རུ་དཔའ་བོ་དཔའ་མོའི་སྤྱན་སྔར་མཐོལ་ལོ་བཤགས༔ མ་རིག་དབང་གིས་མི་དགེ་སྣ་ཚོགས་བསགས༔ གུ་རུ་དམ་ཅན་རྒྱ་མཚོའི་སྤྱན་སྔར་བཤགས༔ མཐོལ་ལོ་བཤགས་སོ་རིགས་འདུས་གུ་རུ་རྗེ༔ དག་གོ་བྱང་ངོ་དབང་དང་དངོས་གྲུབ་སྩོལ༔ དེ་ནས་འཛབ་དགོངས་གསལ་གདབ་ཅིང༔ འཛབ་བཟླ་བ་ནི༔ ཨེ་མ་ཧོ༔ མདུན་གྱི་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང༔ མ་ཆགས་པདྨ་གེ་སར་སྡོང་པོའི་དབུས༔ ཉི་ཟླ་འོད་གསལ་ཐབས་ཤེས་རང་བྱུང་གནས༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་ནི༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཆགས༔ ཟབ་བེར་ལེ་བརྒན་དབང་བེར་སྔོན་དམར་གསོལ༔ ངུར་སྨྲིག་ཆོས་གོས་གསེར་གྱི་མིག་མང་རིས༔ པད་ཞྭ་ཉི་ཟླ་རྡོ་རྗེ་ནོར་བུས་མཚན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ཕྱག་གཡོན་བྷནྡྷ་བདུད་རྩིའི་བུམ་པ་བསྣམས༔ ཁ་ཊྭཱཾ་མཆན་བཅུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཐུགས་རྗེའི་འོད་ཟེར་གཟི་བརྗིད་འཕྲོ༔ བྱིན་རླབས་དངོས་གྲུབ་ཆར་ལྟར་སི་ལི་ལི༔ སྟེང་དུ་བཀའ་བརྒྱུད་བླ་མ་རིག་འཛིན་འཁྲིགས༔ བར་དུ་ཡི་དམ་ལྷ་ཚོགས་འཇའ་ལྟར་ཤར༔ ཕྱི་རོལ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུས༔ གཡས་སུ་དཔའ་བོ་རྒྱ་མཚོས་ཉམས་བྲོ་བརྡུང༔ གཡོན་དུ་དཔའ་མོ་རྒྱ་མཚོས་གླུ་གར་བྱེད༔ མདུན་དུ་མཁའ་འགྲོ་རྒྱ་མཚོས་དངོས་གྲུབ་སྟེར༔ ཀུན་ཀྱང་གུ་རུའི་ངོ་བོ་རྣམ་འགྱུར་ཏེ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དགོས་འདོད་ཆར་ལྟར་འབེབ་པར་བསམ༔ ཞེས་གསོལ་འདེབས་རྒྱས་བསྡུས་སོགས་གང་འདོད་བྱ༔ སྒྲུབ་པ་གང་བྱེད་ཀྱི་མངོན་རྟོགས་འཛབ་ཀྱང་བླང༔ རྒྱུན་ཁྱེར་བྱིན་རླབས་རྨད་བྱུང་བསྙེན་སྒྲུབ་ཀུན་འདུས་འདི་ཉིད་བསྙེན་པར་བྱའོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བསྙེན་འཛབ་བསྟོད་དངོས་གྲུབ་བསྐུལ་བའི་གསོལ་འདེབས་བཅས་ཟུར་དུ་གསལ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མོས་གུས་གདུང་བའི་གསོལ་འདེབས་ལས་བྱང་མེ་ཏོག་ཕྲེང་བའི་དངོས་གཞིའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ྈ སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ནི༔ དང་པོ་བསང་སྦྱང་བྱིན་གྱིས་བརླབ༔ གཉིས་པ་སྤྱན་འདྲེན་པ༔ གསུམ་པ་ཚོགས་དང་པོ་འབུལ་བ༔ བཞི་པ་བར་པ་བཤགས་པ༔ ལྔ་པ་ཐ་མ་བསྒྲལ་བ༔ དྲུག་པ་ཚོགས་ལ་འདུས་པ་རོལ་བ༔ བདུན་པ་ལྷག་མ་བྱ་བ༔ བརྒྱད་པ་ལྷ་ཚོགས་བསྐུལ་བ༔ དགུ་པ་ཆད་བརྟན་སྐྱོང་བ༔ བཅུ་པ་རྟ་བྲོ་བྱ་བ༔ བཅུ་གཅིག་པ་དངོས་གྲུབ་བླང་ཞིང་དབང་ཞུ་བ༔ བཅུ་གཉིས་པ་བཤགས་པ་བྱ་བ༔ བཅུ་གསུམ་པ་སྨོན་ལམ་བྱ་བ༔ བཅུ་བཞི་པ་བཀྲ་ཤིས་བྱ་བ༔ བཅོ་ལྔ་པ་དལ་བསྡུ་བ༔ བཅུ་དྲུག་པ་རྒྱུན་སྤྱོད་བྱ་བའོ༔ ས་མ་ཡ༔ དྷྱ་དྷྱ་དྷྱ༔ ྈ དེ་ལ་དང་པོ་བསང་སྦྱང་བྱིན་གྱིས་བརླབ་པ་ནི༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་རིགས་འདུས་གུ་རུའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ ཚོགས་ལ་འོད་འཕྲོས་དྲི་མ་བསྲེགས་གཏོར་བཀྲུས༔ རཾ་ཡཾ་ཁཾ༔ ཧཱུྃ༔ བྷྲཱུྃ་ལས་མཚན་ལྡན་རྡོ་རྗེའི་སྣོད་མཆོག་ཏུ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་སྤུངས༔ ཧཱུྃ་གིས་རྣམ་རྟོག་དྲི་མ་དག་པར་སྦྱངས༔ ཨཱཿཡིས་ཟག་མེད་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་ནམ་མཁའ་གང༔ ཧྲཱིཿཡིས་ཕུན་ཚོགས་ལྷ་རྫས་མཐའ་ཀླས་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ དེ་ནས་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་གླིང་མཆོག་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་གནས་མཆོག་གི༔ ངོ་མཚར་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ བསྐལ་པ་སྙིགས་མར་ཐུག་པའི་དུས་མཐའ་འདིར༔ བདག་སོགས་འགྲོ་ལ་ཐུགས་རྗེས་དགོངས་མཛོད་ཅིག༔ བརྒྱུད་འཛིན་གསོལ་བཏབ་ཚོགས་གསག་བསོད་ནམས་སྤེལ༔ ཨོ་རྒྱན་རིག་འཛིན་རྒྱ་མཚོ་ཚོགས་ལ་གཤེགས༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ ཆོས་སྐྱོང་ཀུན་འདུས་དམ་ཅན་ཐོད་ཕྲེང་རྩལ༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ རིགས་རྣམས་ཀུན་འདུས་བདེར་གཤེགས་པདྨ་འབྱུང༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ སྐུ་གསུམ་སྐུ་ལ་མཚན་བརྒྱད་ཡབ་ཡུམ་བཅས༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ འཁོར་དུ་རིག་འཛིན་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཁྱེད་ཀྱི་རྗེས་སུ་འཇུག་ཅིང་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བགེགས་དང་ལོག་འདྲེན་ཕྱི་ནང་བར་ཆད་སོལ༔ མཆོག་དང་ཐུན་མོང་རྣམ་གཉིས་དངོས་གྲུབ་སྩོལ༔ དེ་ནས་ཚོགས་དང་པོ་འབུལ་ཞིང་བསྐང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་ཚོགས་ཀྱིས་མཆོད༔ ཡི་དམ་ཀུན་འདུས་ཆེ་མཆོག་པདྨ་ལ༔ བརྒྱུད་འཛིན་ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་འབུལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ བརྒྱུད་འཛིན་དངོས་གྲུབ་ཐོབ་ཕྱིར་མཆོད་པ་འབུལ༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བར་ཆད་སེལ་ཕྱིར་ཚོགས་མཆོད་འབུལ༔ དམ་ཅན་ཀུན་འདུས་མ་ཧཱ་གུ་རུ་ལ༔ བརྒྱུད་འཛིན་ཕྲིན་ལས་བསྒྲུབ་ཕྱིར་ཚོགས་མཆོད་འབུལ༔ བདེ་གཤེགས་ཀུན་འདུས་སྐུ་ལྔ་མཚན་བརྒྱད་ལ༔ བརྒྱུད་འཛིན་ཉམས་རྟོགས་སྤེལ་ཕྱིར་ཚོགས་མཆོད་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམ་གཉིས་སྩོལ༔ ཧཱུྃ༔ རང་བྱུང་རྣམ་དག་གསང་བའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་གསུམ་མཆོད་པའི་བྱེ་བྲག་རྣམས༔ བདུད་རྩི་སྨན་གྱི་རྒྱ་མཚོ་ཨ་མྲྀཏ༔ རཀྟ་དམར་གྱི་མཆོད་ཡོན་དམ་རྫས་དང༔ རྨད་བྱུང་གཏོར་མ་རིན་ཆེན་འབར་བ་དང༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་སྣ་ཚོགས་དང༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་ཚོགས༔ དཔག་མེད་ནམ་མཁའི་མཐའ་ཀླས་གྱུར་པ་འདིས༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་ཐུགས་དམ་བསྐང༔ ཡི་དམ་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ མཁའ་འགྲོ་ཀུན་འདུས་པདྨའི་ཐུགས་དམ་བསྐང༔ ཆོས་སྐྱོང་ཀུན་འདུས་ཆེ་མཆོག་ཐུགས་དམ་བསྐང༔ དམ་ཅན་ཀུན་འདུས་ཐོད་ཕྲེང་ཐུགས་དམ་བསྐང༔ བདེ་གཤེགས་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ རིག་འཛིན་འདུས་པ་རྩལ་གྱི་ཐུགས་དམ་བསྐང༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་ཐུགས་དམ་བསྐང༔ སྐུ་ལྔ་མཚན་བརྒྱད་གུ་རུའི་ཐུགས་དམ་བསྐང༔ ཡང་གསང་བླ་མེད་ལྷ་ཚོགས་ཐུགས་དམ་བསྐང༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་ཐུགས་དམ་བསྐང༔ དབང་བཞི་ཡོངས་རྫོགས་བསྐུར་ཕྱིར་ཐུགས་དམ་བསྐང༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་ཐུགས་དམ་བསྐང༔ བསོད་ནམས་ཚོགས་ཆེན་རྫོགས་ཕྱིར་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་ཐུགས་དམ་བསྐང༔ ལྟ་བ་ཡངས་པ་མཆོག་གིས་ཐུགས་དམ་བསྐང༔ སྒོམ་པ་འཛིན་མེད་མཆོག་གིས་ཐུགས་དམ་བསྐང༔ སྤྱོད་པ་ཤུགས་འབྱུང་ཞིབ་མོས་ཐུགས་དམ་བསྐང༔ འབྲས་བུ་འགྱུར་མེད་མཆོག་གིས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་མཆོག་གི་དངོས་གྲུབ་སྩོལ༔ དེ་ནས་བར་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིགས་འདུས་ཨོ་རྒྱན་ཆེན་པོ་དགོངས་སུ་གསོལ༔ བདག་གིས་ཐོག་མ་མེད་ནས་ད་ལྟའི་བར༔ སྒོ་གསུམ་མ་རིག་མི་ཁོམ་དབང་གྱུར་པས༔ རྩ་གསུམ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱི༔ ཐུགས་དམ་ལས་འགལ་ཉམས་ཆག་ཅི་བགྱིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་སྐོང་ཞིང་བཤགས༔ སྐུ་ཡི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ རིག་འཛིན་ཀུན་འདུས་གུ་རུའི་སྐུ་ལ་བཤགས༔ གསུང་གི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ ཡི་དམ་ཀུན་འདུས་གུ་རུའི་གསུང་ལ་བཤགས༔ ཐུགས་ཀྱི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་ལ་བཤགས༔ ཡོན་ཏན་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ ཆོས་སྐྱོང་ཀུན་འདུས་ཆེ་མཆོག་སྐུ་ལ་བཤགས༔ ཕྲིན་ལས་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ དམ་ཅན་ཀུན་འདུས་ཐོད་ཕྲེང་སྤྱན་སྔར་བཤགས༔ ཡན་ལག་ཉེར་ལྔའི་དམ་ཚིག་ཉམས་ཆག་རྣམས༔ རིག་འཛིན་འདུས་པའི་ལྷ་ཚོགས་སྤྱན་སྔར་བཤགས༔ བཟོད་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་ཚོགས་གསུམ་པ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་བྱིན་རླབས་དང༔ ཡི་དམ་ཀུན་འདུས་གུ་རུའི་ཏིང་འཛིན་དང༔ མཁའ་འགྲོ་ཀུན་འདུས་པད་འབྱུང་མཐུ་རྩལ་དང༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་མཐུ་སྟོབས་ཀྱིས༔ དུག་གསུམ་དུག་ལྔ་ལས་གྱུར་དགྲ་བགེགས་རྣམས༔ ཆོས་དབྱིངས་སྐྱེ་མེད་གྲུ་གསུམ་ཀློང་དུ་ཁུག༔ ཨེ་ཡཾ་ཛ༔ ནྲྀ་ཡཾ་ཛ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ པདྨ་རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་སྟབས་ཀྱིས་གསོར་ཞིང་འདེབས༔ ཕྱག་གཡོན་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔ གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ཧཱུྃ༔ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ ལྕགས་ཀྱུ་ཞགས་པ་མཚོན་ཆས་དགྲ་བགེགས་གཟིར༔ གནོད་བྱེད་དམ་སྲི་ཕོ་མོ་རྡུལ་དུ་རློག༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་པདྨ་ཧེ་རུ་ཀ༔ གྲི་གུག་ཐོད་ཁྲག་འབར་བས་དགྲ་བགེགས་གཟིར༔ གནོད་བྱེད་དམ་སྲི་ཕོ་མོ་རྡུལ་དུ་རློག༔ དུག་གསུམ་དུག་ལྔ་མ་ལུས་དབྱིངས་སུ་སྒྲོལ༔ གུ་རུ་བཛྲ་ཀྲོ་ཏ་ནྲྀ་ཏྲི་ཤ་ཏྲཱུཾ་ཛ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་ཞལ་དུ་བསྟབ༔ རིག་འཛིན་ཀུན་འདུས་མ་ཧཱ་གུ་རུ་ལ༔ ཉོན་མོངས་དུག་གསུམ་སྐུ་གསུམ་དབྱིངས་སུ་བསྟབ༔ ཡི་དམ་ཀུན་འདུས་ཆེ་མཆོག་པདྨ་ལ༔ དུག་ལྔ་ཡེ་ཤེས་ལྔ་ཡི་དབྱིངས་སུ་བསྟབ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་ལ༔ གཉིས་འཛིན་བག་ཆགས་གཉིས་མེད་ཀློང་དུ་བསྟབ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ང་བདག་གདོན་གཟུགས་མཉམ་ཉིད་ཀློང་དུ་བསྟབ༔ དམ་ཅན་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གཟུང་འཛིན་མདུད་པ་རང་གྲོལ་ཀློང་དུ་བསྟབ༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ ཉོན་མོངས་མ་རིག་ཀ་དག་ཀློང་དུ་བསྟབ༔ དུག་གསུམ་ཤ་ཁྲག་རུས་པ་ཞལ་དུ་བསྟབ༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ དེ་ནས་འདུས་པ་རྒྱ་མཚོས་ཚོགས་ལ་རོལ་པ་ནི༔ དང་པོ་སློབ་དཔོན་ལ་འབུལ་བ་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ནི་ལེགས་འོང་ཡ་མཚན་ཆོས༔ རྣམ་རྟོག་ཐེ་ཚོམ་བྱ་མི་རུང༔ སྐྱེ་མེད་ངང་དུ་དགོངས་ཏེ་རོལ༔ ཨ་ལ་ལ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ རྡོ་རྗེ་སློབ་དཔོན་གྱིས་ལན་འདེབས་པ་ནི༔ ཨེ་མ་ཧོ༔ འདི་ནི་ངོ་མཚར་རིན་ཐང་མེད༔ ཆགས་འཛིན་རྟོག་པའི་དྲི་མ་བྲལ༔ གཟུང་འཛིན་མཚན་མ་རང་གྲོལ་ནས༔ དེ་བཞིན་ཉིད་ལ་མཉམ་པར་གཞག༔ ཅེས་བྱ༔ དེ་ནས་འདུས་པ་རྒྱ་མཚོ་ལ་སློབ་དཔོན་གྱིས་ཆོས་བཤད་པ་ནི༔ ཧོ༔ ཟག་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ དངོས་གྲུབ་ཐོབ་པའི་གཞི་མ་ཡིན༔ དམ་རྫས་ལོངས་སྤྱོད་ངོ་མཚར་ཆེ༔ ཁྱེད་རྣམས་ཚེ་རབས་བསོད་ནམས་ཐོབ༔ རང་ལུས་རྩ་གསུམ་དཀྱིལ་འཁོར་བསྒོམ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ ཟག་མེད་བདུད་རྩི་ཚོགས་མཆོད་འདི༔ མཉམ་ཉིད་བདེ་བའི་ངང་དུ་རོལ༔ མཆེད་ལྕམ་རྣམས། ས་མ་ཡ་སིདྡྷི་སིདྡྷི་མ་ཧཱ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཅེས་པདྨས་བླངས་ལ་གསུམ་ལྡན་ངང་དུ་རོལ་པར་བྱའོ༔ དེ་ནས་ལྷག་མ་བྱ་བ་ནི༔ དང་པོ་ལྷག་མའི་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ལས་བྱེད་བཀའ་སྲུང་མཁའ་འགྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་དཔལ་གྱི་གཏོར་མ་བཞེས༔ མཛོད་ཅིག་མཛོད་ཅིག་བཀའ་ཡི་ཕྲིན་ལས་མཛོད༔ ཧ༔ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོའི་ཚོགས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་དཀར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་དཀར་མོ་གཡུ་ཡི་ཐོར་ཚུགས་ཅན༔ རི༔ རྒྱས་པའི་ལས་བྱེད་རིན་ཆེན་ཌཱ་ཀིའི་ཚོགས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་སེར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་སེར་མོ་གསེར་གྱི་གདུ་བུ་ཅན༔ ནི༔ དབང་གི་ལས་བྱེད་པདྨ་མཁའ་འགྲོའི་ཚོགས༔ པདྨ་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་དམར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ ས༔ དྲག་པོའི་ལས་བྱེད་ཀརྨ་མཁའ་འགྲོའི་ཚོགས༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་ལྗང་མོ་འབུམ་གྱིས་བསྐོར༔ སྐུ་མདོག་ལྗང་མོ་མུ་མེན་སྐེད་ཆིངས་ཅན༔ ཀུན་ཀྱང་དབུ་ལ་ཐོར་ཚུགས་རང་རྟགས་བརྒྱན༔ དབུ་སྐྲ་སིལ་བུ་ལྕང་ལོ་ཉི་ལི་ལི༔ རྒྱན་ཆ་སྣ་ཚོགས་མང་པོ་པུ་རུ་རུ༔ རོལ་མོ་སྣ་ཚོགས་མང་པོ་ཏི་རི་རི༔ དཔའ་མོ་རྒྱ་མཚོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་བོ་རྒྱ་མཚོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་གསང་སྐད་དི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ མཁའ་འགྲོ་དམ་ཅན་མ་ལུས་ཚོགས་བཅས་ཀྱིས༔ དཔལ་གྱི་བཀའ་ཡི་གཏོར་མ་འདི་ལོངས་ལ༔ སྤང་བྱ་བདུད་རིགས་འབྱུང་གདོན་བར་ཆད་ཟློག༔ མཐུ་རྩལ་ཐོགས་མེད་དྲག་པོའི་དངོས་གྲུབ་སྩོལ༔ བཅོལ་པའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ དེ་ནས་ལྷག་མ་འབུལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་པདྨ་རིག་འཛིན་ཐོད་ཕྲེང་གི༔ བཀའ་ཉན་ལས་བྱེད་ཕུད་ལྷག་དབང་བ་རྣམས༔ འཇིག་རྟེན་འདས་དང་མ་འདས་ཐམས་ཅད་ཀྱི༔ མ་མོ་མཁའ་འགྲོ་ཤུགས་འགྲོ་འཁོར་དང་བཅས༔ དུར་ཁྲོད་བདག་མོ་མ་མོ་ལ་སོགས་པའི༔ འབྱུང་པོ་ཡི་དྭགས་སྡེ་བརྒྱད་འཁོར་བཅས་རྣམས༔ ཞལ་ཟས་ཕུད་ལྷག་གཏོར་མ་འདི་བཞེས་ལ༔ དམིགས་བྱ་དགྲ་བོ་མ་གཏང་མྱུར་དུ་སྒྲོལ༔ རྣལ་འབྱོར་བསམ་པའི་དོན་རྣམས་མྱུར་དུ་སྒྲུབས༔ མི་མཐུན་རྐྱེན་དང་བར་ཆད་ཐམས་ཅད་ཟློག༔ བྱང་ཆུབ་མཆོག་ཏུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ག་ཎ་ཙཀྲ་སརྦ་བྷཱུ་ཏ་ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ དེ་ནས་ལྷ་ཚོགས་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་རྣམ་དག་ཆོས་ཀྱི་དབྱིངས་ནས་བཞེངས༔ བླ་མ་ཀུན་འདུས་རིག་འཛིན་སྐུ་བཞེངས་ཤིག༔ ཡི་དམ་ཀུན་འདུས་གུ་རུ་སྐུ་བཞེངས་ཤིག༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་བཞེངས་ཤིག༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་སྐུ་བཞེངས་ཤིག༔ དམ་ཅན་ཀུན་འདུས་ཆེ་མཆོག་སྐུ་བཞེངས་ཤིག༔ ཧཱུྃ༔ སྐུ་ལ་ཐུགས་རྗེའི་འོད་ཕུང་ལྷབས་སེ་ལྷབ༔ དར་གྱི་ཅོད་པན་སྣ་ཚོགས་པུ་རུ་རུ༔ གསེར་གྱི་ཕྱག་གདུབ་ཞབས་གདུབ་སི་ལི་ལི༔ རོལ་མོ་སྒྲ་དབྱངས་མང་པོ་དི་རི་རི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྤུངས་སེ་སྤུང༔ དངོས་གྲུབ་རྣམ་གཉིས་ཆར་འབེབ་སི་ལི་ལི༔ ཐུགས་རྗེའི་བྱིན་རླབས་ན་བུན་ཐུ་ལུ་ལུ༔ ཀུན་ཀྱང་སིདྡྷི་བརྡ་སྐད་འུ་རུ་རུ༔ དཔའ་བོ་རྒྱ་མཚོས་བྲོ་རྡུང་ཁྲབས་སེ་ཁྲབ༔ དཔའ་མོ་རྒྱ་མཚོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་གསང་སྔགས་ཏི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ གནས་མཆོག་འདི་རུ་བྱིན་ཆེན་ཡ་མཚན་ཕོབ༔ བརྒྱུད་འཛིན་བུ་སློབ་རྣམས་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་ཕྱི་ནང་བར་ཆད་སོལ༔ བདུད་རིགས་འབྱུང་པོའི་བར་ཆད་ཐམས་ཅད་ཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ དེ་ནས་རང་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་ཌཱ་ཀི་བསྐུལ་བ་ནི༔ ཧཱུྃ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ བླ་མ་མཁའ་འགྲོ་ཡང་གསང་ཐུགས་དམ་བསྐུལ༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོའི་ཞིང་ཁམས་སུ༔ ལྷ་མཆོག་བཛྲ་གུ་རུ་ཡབ་ཡུམ་ལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་ལུས་ལ་མཆོག་གི་བདེ་ཆེན་སྤོར༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་རོ་འདུས་འཁོར་ལོའི་དབུས༔ ལྷ་མཆོག་པདྨ་གུ་རུ་ཡབ་ཡུམ་ལ༔ པདྨ་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་ངག་ལ་མཆོག་གི་ནུས་པ་སྤོར༔ ཧཱུྃ༔ སྙིང་ག་དྲན་བྱེད་ཆོས་ཀྱི་འཁོར་ལོའི་དབུས༔ ལྷ་མཆོག་བུདྡྷ་གུ་རུ་ཡབ་ཡུམ་ལ༔ སངས་རྒྱས་ཌཱ་ཀི་སུམ་ཅུ་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་སེམས་ལ་མཆོག་གི་རྟོགས་པ་སྤོར༔ ཧཱུྃ༔ ལྟེ་བ་སྤྲུལ་པ་སྐྱེད་བྱེད་འཁོར་ལོའི་དབུས༔ ལྷ་མཆོག་རཏྣ་གུ་རུ་ཡབ་ཡུམ་ལ༔ རིན་ཆེན་ཌཱ་ཀི་དྲུག་ཅུ་རྩ་བཞིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ བྱིན་རླབས་ཟུང་འཇུག་བདེ་ཆེན་ཡེ་ཤེས་སྤོར༔ ཧཱུྃ༔ གསང་བ་བདེ་བ་མྱོང་བྱེད་འཁོར་ལོའི་དབུས༔ ལྷ་མཆོག་ཀརྨ་གུ་རུ་ཡབ་ཡུམ་ལ༔ ལས་ཀྱི་ཌཱ་ཀི་ཉི་ཤུ་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ བྱིན་རླབས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ཧཱུྃ༔ རྣམ་ཤེས་ཚོགས་བརྒྱད་སྒོ་ལྔ་ཚོགས་དྲུག་ཏུ༔ སྤྲུལ་སྐུ་གུ་རུ་མཚན་བརྒྱད་ཡབ་ཡུམ་ལ༔ དུར་ཁྲོད་ཌཱ་ཀི་སྟོང་ཕྲག་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ སྣང་སེམས་གཉིས་མེད་རོ་གཅིག་དངོས་གྲུབ་སྩོལ༔ ཨོ་རྒྱན་མཁའ་འགྲོའི་ཚོགས་ཀྱི་ཐུགས་རྗེ་ཡིས༔ བྱང་ཆུབ་སྒྲུབ་པའི་བར་ཆད་མྱུར་དུ་ཟློག༔ རྐྱེན་ཟློག་དགྲ་ཐུལ་སྔགས་ཀྱི་བསྟན་པ་སྐྱོངས༔ བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཚེས་བཅུ་ཡིན་ན་འདིའི་སྐབས་གཏོར་དབང་ཞུ་འོ༔ དེ་ནས་བཀའ་ཡི་ཆད་མདོ་འབུལ་བ་ནི༔ ཧཱུྃ༔ སྔོན་ཚེ་ཙ་རི་གསང་སྔགས་ཕོ་བྲང་གི༔ ཟིལ་ཆེན་རྡོ་རྗེ་གསང་བའི་ཕོ་བྲང་དུ༔ རིག་འཛིན་ཨོ་རྒྱན་ཆེན་པོ་པདྨ་དང༔ སློབ་མ་རྣམ་སྣང་ནམ་སྙིང་མཚོ་རྒྱལ་གྱིས༔ བླ་མ་ཡིད་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོ་དང༔ མ་མོ་དམ་ཅན་ཞིང་སྐྱོང་ཚོགས་བཅས་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་ནས་ཀྱང༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ གསང་སྔགས་ཐེག་ཆེན་བསྟན་པ་སྐྱོང་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ སྒྲུབ་མཆོག་བུ་རྣམས་སྐྱོང་བར་ཞལ་བཞེས་པའི༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ རིག་འཛིན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བརྟན་མ་མཆོད་ནས་དམ་ཚིག་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ ཛམ་གླིང་བརྟན་པའི་བརྟན་མ་ཆེན་མོ་བཞི༔ བོད་ཁམས་སྐྱོང་བའི་སྐྱོང་མ་ཆེན་མོ་བཞི༔ བསྟན་དགྲ་འདུལ་བའི་བདུད་མོ་ཆེན་མོ་བཞི༔ བརྟན་མ་ཆེན་མོ་བཅུ་གཉིས་ཁྱེད་རྣམས་ཀྱང༔ རིག་འཛིན་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ ཡང་ལེ་ཤོད་ཀྱི་བྲག་གི་སྒྲུབ་གནས་སུ༔ དཔལ་ཆེན་ཆེ་མཆོག་སྒྲུབ་པ་མཛད་དུས་དང༔ དེ་ཕྱིས་ཙ་རི་ཟིལ་ཆེན་གསང་ཕུག་ཏུ༔ བླ་མ་ཡིད་བཞིན་ནོར་བུ་ཞལ་ཕྱེས་ཚེ༔ དམ་ཚིག་གཉན་པོ་གནད་ནས་བསྐུལ་བའི་དུས༔ བོད་ཡུལ་སངས་རྒྱས་བསྟན་པ་སྐྱོང་བ་དང༔ ཁྱད་པར་སློབ་དཔོན་པདྨའི་རིག་འཛིན་རྣམས༔ མ་ཡིས་བུ་བཞིན་སྐྱོང་བར་དམ་བཅས་པའི༔ སྔོན་ཚེ་ཁས་བླངས་དམ་ཚིག་དྲན་པར་གྱིས༔ སློབ་དཔོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་གསང་སྔགས་བསྟན་པ་གཉན་པོ་སྲུངས༔ དཀར་ཕྱོགས་སྐྱོངས་ལ་ནག་པོའི་ཚོགས་རྣམས་ཟློག༔ བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་གྲོགས་མཛོད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་རྟ་བྲོ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོས་བསྐོར༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་འོད་གསལ་ཆེམས་སེ་ཆེམ༔ ཉོན་མོངས་དགྲ་བགེགས་ལོག་ལྟ་རང་སར་དག༔ དུག་ལྔ་ཡེ་ཤེས་ལྔ་ཡི་ཀློང་དུ་ནོན༔ མ་རིག་མ་རྟོགས་ཀ་དག་ཀློང་དུ་ནོན༔ འགྱུར་མེད་སྟོང་ཉིད་ཡེ་ཤེས་རྒྱ་ཡིས་བཏབ༔ དེ་ནས་དངོས་གྲུབ་བླང་ཞིང་གཏོར་དབང་ཞུ་བ་ནི༔ གུ་རུའི་ལྷ་ཚོགས་ཐམས་ཅད་རང་གི་སྤྱི་བོ་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བསམ་མོ༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ འགྱུར་མེད་སྐུ་ཡི་དབང་སྐུར་དངོས་གྲུབ་སྩོལ༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་ཡི༔ འགག་མེད་གསུང་གི་དབང་སྐུར་དངོས་གྲུབ་སྩོལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པད་འབྱུང་གིས༔ སྤྲོས་བྲལ་ཐུགས་ཀྱི་དབང་སྐུརདངོས་གྲུབ་སྩོལ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེ་མཆོག་གིས༔ ཡོན་ཏན་ལྷུན་གྲུབ་དབང་སྐུར་དངོས་གྲུབ་སྩོལ༔ དམ་ཅན་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་ཐོགས་མེད་དབང་སྐུར་དངོས་གྲུབ་སྩོལ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་འདུས་པ་རྩལ༔ སྟོན་པའི་རྒྱལ་ཚབ་དབང་སྐུར་དངོས་གྲུབ་སྩོལ༔ སྐུ་ལྔ་མཚན་བརྒྱད་དཔའ་བོ་མཁའ་འགྲོའི་ཚོགས༔ འཇིགས་བརྒྱད་ཞི་བའི་དབང་སྐུར་དངོས་གྲུབ་སྩོལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དབང་སྐུར་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་སྡུད་དབང་སྐུར་དངོས་གྲུབ་སྩོལ༔ དགྲ་བགེགས་ཚར་གཅོད་དབང་སྐུར་དངོས་གྲུབ་སྩོལ༔ མངོན་སྤྱོད་ཕྲིན་ལས་དབང་སྐུར་དངོས་གྲུབ་སྩོལ༔ ཆོས་སྐུ་སྐྱེ་མེད་དབང་སྐུར་དངོས་གྲུབ་སྩོལ༔ རིག་སྟོང་གཏིང་གསལ་དབང་སྐུར་དངོས་གྲུབ་སྩོལ༔ སྐུ་གསུམ་སྐུ་ལྔ་དབང་སྐུར་དངོས་གྲུབ་སྩོལ༔ གཞན་སྣང་དབང་བསྒྱུར་དབང་སྐུར་དངོས་གྲུབ་སྩོལ༔ འཁོར་བ་དོང་སྤྲུགས་དབང་སྐུར་དངོས་གྲུབ་སྩོལ༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཀུན་འདུས་ལྷ་མཆོག་ཡོངས་ཀྱི་གཙོ༔ ཨོ་རྒྱན་རིག་འཛིན་ཆེན་པོ་བདག་ལ་དགོངས༔ ལྟ་སྒོམ་སྤྱོད་པ་དམ་རྫས་མ་ཚང་སོགས༔ ཡི་དམ་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔ ཏིང་འཛིན་ལེ་ལོ་གཡེང་བའི་དབང་དུ་ཤོར༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་ལ་བཤགས༔ བག་མེད་ཚུལ་གྱིས་དམ་ལས་ཅི་འགལ་བ༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་སྐུ་ལ་བཤགས༔ ཚོགས་གཏོར་ཆད་དང་ཕུད་ལྷག་ཉམས་པ་སོགས༔ དམ་ཅན་དཔའ་བོ་དཔའ་མོའི་སྤྱན་སྔར་བཤགས༔ འདུལ་ཁྲིམས་བསླབ་བྱ་གསང་སྔགས་དམ་ཚིག་ཉམས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་ཚོགས༔ ཉམས་ཆག་མི་དགེ་བཅུ་པོ་སོ་སོར་བཤགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ དེ་ནས་སྨོན་ལམ་ཟབ་མོ་གདབ་པ་ནི༔ ཨེ་མ་ཧོ༔ རིག་འཛིན་ཨོ་རྒྱན་ཆེན་པོ་དགོངས་སུ་གསོལ༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ བླ་མ་བསྒྲུབས་པས་གུ་རུའི་བྱིན་རླབས་ཀྱིས༔ བདག་གཞན་སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ ཞིང་ཁམས་རྣམ་དག་ཨོ་རྒྱན་ཕོ་བྲང་དུ༔ མ་ཧཱ་གུ་རུ་ཁྱེད་དང་འབྲལ་མེད་ཤོག༔ མོས་གུས་ལྟེམ་རྐྱང་འཕེལ་འགྲིབ་མེད་པ་ཡིས༔ མཉེས་ནས་ཐུགས་བརྩེས་མཆོག་ཏུ་གཟིགས་པ་དང༔ བྱིན་རླབས་བདུད་རྩི་དཔག་མེད་འཐུང་བར་ཤོག༔ སྒོ་གསུམ་དད་པས་ཞབས་ཏོག་ནུས་པ་དང༔ ཅི་ཡོད་ཆོས་ལ་གཏོང་ཕོད་ནུས་པ་ཡིས༔ སྐུ་གསུམ་བྱིན་རླབས་ལྷུན་གྲུབ་འབྱུང་བར་ཤོག༔ རིམ་གཉིས་ཟབ་མོ་བསྐྱེད་རྫོགས་ཏིང་འཛིན་གྱིས༔ ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་དང༔ དབང་གི་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ལོག་ལྟའི་བདུད་རྣམས་མ་ལུས་བཟློག་པ་དང༔ མངོན་སྤྱོད་ཐོགས་མེད་ལས་རྣམས་འགྲུབ་པ་ཡིས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག༔ འཁོར་དང་ལོངས་སྤྱོད་ཕྲིན་ལས་རྒྱས་པ་དང༔ ཅི་བསམ་རྣམ་དག་མ་ལུས་ལྷུན་གྲུབ་པས༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་ཤོག༔ ཟབ་མོ་མཆོག་གི་ཏིང་འཛིན་སྐྱོང་བ་དང༔ རྟག་ཏུ་ཡེངས་མེད་སྒྲུབ་ལ་བརྩོན་པ་ཡིས༔ སྒྲུབ་པའི་འབྲས་བུ་མ་ལུས་མཐར་ཕྱིན་ཤོག༔ ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པ་དང༔ བསྟན་པའི་བྱ་བ་རླབས་ཆེན་སྤྱོད་པ་ཡིས༔ གདུལ་བྱ་ཕྲིན་ལས་ལོངས་སྤྱོད་རྒྱས་པར་ཤོག༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ་དང༔ སྣང་སྲིད་མ་ལུས་དབང་དུ་འདུ་བ་ཡིས༔ སངས་རྒྱས་བསྟན་པ་སྲུང་བའི་དཔལ་དུ་ཤོག༔ ཐེག་ཆེན་ཟབ་མོ་གསང་སྔགས་དམ་ཆོས་རྣམས༔ རྒྱུད་དང་མཐུན་པའི་དགོངས་པ་དོན་འདྲིལ་བས༔ མ་ལུས་ཁོང་ཆུད་མཁྱེན་གསུམ་རྒྱས་པར་ཤོག༔ ཉམས་མྱོང་ཏིང་འཛིན་རྒྱུད་ལ་བསྣུན་པ་དང༔ ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ཡིས༔ འབྲས་བུ་འགྱུར་མེད་མཆོག་ཏུ་ཕྱིན་པར་ཤོག༔ ལྷག་བསམ་རྣམ་དག་སྙིང་རྗེ་ཚད་མེད་དང༔ སྐྱེ་འགྲོ་མ་ལུས་དབང་དུ་འདུ་བ་དང༔ འབྲེལ་ཚད་དོན་ལྡན་མ་ལུས་གྲོལ་བར་ཤོག༔ བསམ་ཀུན་ཡིད་བཞིན་ནོར་བུ་ལྟ་བུ་ཡིས༔ མཆོག་ཐུན་དགོས་འདོད་ཕུན་སུམ་ཚོགས་པ་དང༔ ཀུན་ལ་རེ་འདོད་དགོས་དོན་སྐོང་བར་ཤོག༔ བསྟན་པའི་རྒྱལ་མཚན་སྒྲུབ་བརྒྱུད་འཛིན་པ་དང༔ གསང་སྔགས་རླབས་ཆེན་བརྟུལ་ཞུགས་སྤྱོད་པ་ཡིས༔ བརྒྱུད་འཛིན་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཞིང་ཁམས་གནས་རིས་རྣམ་པར་དག་པ་ནས༔ རང་ཉིད་དག་པའི་གཟུགས་སྐུ་རབ་སྤྲུལ་ནས༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་བཀོད་པར་ཤོག༔ གུ་རུ་ཁྱེད་ཀྱིས་དངོས་གྲུབ་བརྙེས་པ་ལྟར༔ སྒྲུབ་མཆོག་བུ་ཡིས་མྱུར་དུ་བརྙེས་པ་དང༔ སྨོན་ལམ་རྣམ་དག་མ་ལུས་འགྲུབ་པར་ཤོག༔ གུ་རུ་ཁྱོད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔ བདག་གི་ཏིང་འཛིན་འབུམ་ཕྲག་རབ་རྒྱས་པས༔ རྫུ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད་པར་ཤོག༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ གདོད་མའི་ཆོས་སྐུ་རང་ས་མ་ཟིན་བར༔ ཨོ་རྒྱན་གུ་རུ་ཉིད་དང་འབྲལ་མེད་ཤོག༔ སྐུ་གསུམ་སྐད་ཅིག་འདུ་འབྲལ་མེད་པ་རུ༔ བླ་མས་སྒོ་གསུམ་བྱིན་གྱིས་བརླབ་པ་དང༔ ཡི་དམ་དངོས་གྲུབ་མ་ལུས་སྟེར་བར་ཤོག༔ མཁའ་འགྲོའི་ལུང་བསྟན་ཚད་མ་འབྱུང་བ་དང༔ སྒྲུབ་པའི་འབྲས་བུ་ནུས་མཐུ་མཐར་ཕྱིན་ཞིང༔ ཆོས་སྐྱོང་ཕྱི་ནང་བར་ཆད་སེལ་བར་ཤོག༔ ཨོ་རྒྱན་ཆེན་པོ་བསྒྲུབས་པའི་བྱིན་རླབས་ཀྱིས༔ རྫུ་འཕྲུལ་མཐུ་སྟོབས་ཕྲིན་ལས་རྒྱ་ཆེ་ཡིས༔ འགྲོ་དོན་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཆེན་པོའི་སྐུ༔ བྱིན་རླབས་གཏེར་མཛོད་བླ་མའི་བཀྲ་ཤིས་ཤོག༔ ཡི་དམ་ཀུན་འདུས་གུ་རུ་རིན་ཆེན་གསུང༔ དངོས་གྲུབ་གཏེར་མཛོད་ཡི་དམ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨའི་ཐུགས༔ ཕྲིན་ལས་གཏེར་མཛོད་མཁའ་འགྲོའི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི༔ གུ་རུ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ མཐུ་སྟོབས་ཐོགས་མེད་དམ་ཅན་བཀྲ་ཤིས་ཤོག༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་དཔལ༔ སྐུ་མཆོག་གུ་རུའི་སྐུ་ཡི་བཀྲ་ཤིས་ཤོག༔ ཐེག་དགུའི་དམ་ཆོས་ཀུན་འདུས་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ སྐྱེ་འཆི་མེད་པ་མཆོག་གི་དངོས་གྲུབ་བརྙེས༔ གུ་རུ་ཁྱེད་རང་ལྟ་བུའི་བཀྲ་ཤིས་ཤོག༔ སྲིད་གསུམ་ཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པའི་བཀྲ་ཤིས་ཤོག༔ འབད་དང་རྩོལ་མེད་བསམ་པ་ལྷུན་གྱིས་གྲུབ༔ རྩ་གསུམ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ དེ་ནས་དལ་བསྡུ་བ་ནི༔ ཧོ༔ བླ་མ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ཤར༔ འགྲོ་དོན་ཀུན་རྫོགས་འཁོར་བ་དོང་སྤྲུགས་ནས༔ རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་རྫོགས་སངས་རྒྱས༔ དམིགས་མེད་སྒྱུ་མ་ལྟ་བུར་དབྱིངས་སུ་གཤེགས༔ རང་སེམས་བཅས་བཅོས་མེད་པའི་ངང་དུ་བཛྲ་མུ༔ སྟོང་པའི་ཀློང་ནས་རྗེས་ཆགས་གདུལ་བྱའི་དོན༔ ཕྱི་སྣོད་ཐམས་ཅད་དག་པའི་གཞལ་ཡས་ཁང༔ བཅུད་ཀྱི་གཟུགས་སྣང་ཐམས་ཅད་རྩ་བ་གསུམ༔ བདག་ཉིད་ཡེ་ནས་འགྱུར་མེད་རྡོ་རྗེའི་སྐུ༔ གཉིས་མེད་རོལ་པ་ཕྱག་རྒྱ་ཆེན་པོའི་ངང༔ འགག་མེད་ཤར་ལ་ཤར་ཚད་སྐྱེ་མེད་སྟོང༔ ཟུང་འཇུག་མཐའ་གཉིས་བྲལ་བའི་ངང་དུ་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་རྟག་ཆད་མཐའ་བསལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆ་རྐྱེན་ཡོ་ག་གསུམ་གྱི་ཆ་ལག༔ བླ་མ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་ཞེས་བྱ་བ་རྫོགས་སོ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ༔ དྷྱ་དྷྱ་དྷྱ༔ ྈ

གནོད་སྦྱིན་གྱི་སྒོ་ནས་རྩོད་རྒྱལ་གྱི་རྡོ་འཁོར་ཟབ་མོ་བསྐོར་ཐབས་ཨ་པ་རཱ་ཛི་ཏ་ (Volume 53, Text 23)

༄༅། །གནོད་སྦྱིན་གྱི་སྒོ་ནས་རྩོད་རྒྱལ་གྱི་རྡོ་འཁོར་ཟབ་མོ་བསྐོར་ཐབས་ཨ་པ་རཱ་ཛི་ཏ་ཞེས་བྱ་བ་བཞུགས་སོ། ། དཔལ་ལྡན་གསང་བའི་བདག་པོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །རྩོད་པ་ཀུན་ལས་རྣམ་རྒྱལ་ཕྱིར། །རྡོ་འཁོར་ཟབ་མོ་བཤད་པར་བྱ། །གནོད་སྦྱིན་གྱི་སྒོ་ནས་རྡོ་འཁོར་བསྐོར་ཐབས་འདི་ལ་གསུམ་སྟེ། སྔོན་འགྲོ་བཅས་ཀྱི་རིམ་པ་དང་། དངོས་གཞི་སྒྲུབ་པའི་རིམ་པ་དང་། རྗེས་སུ་གནན་པའི་རིམ་པའོ། །དང་པོ་ནི། ལོ་དང་གཟའ་སྐར་ཐེབས་པའི་དུས་སུ། ཆུ་ཆེན་ཕར་ཁ་ཚུར་ཁའམ། ལུང་པ་ཆེན་པོའི་ཕར་ཚུར་རམ། གང་བདེ་ནས་རྡོ་ལེབ་ཚུར་ཁ།་་་དཀར་ཕར་ཁ།་་་ནག་གཉིས་བླངས་ལ། གྲི་རྩེས་སྦལ་གཟུགས་རེ་རེ་བྲིས་པའི་ལྟེ་བར་གནམ་འཁོར་ས་འཁོར་རེ་རེ་བྲིས་ལ། ལྟེ་བར་ཨོཾ་རེའི་ཞབས་སུ་ཕུ་རེ་རེ་བྲིས་ནས་སྟེང་ཞབས་ཐད་ཀར་འཕྲོད་པར་བྱས་ལ། ཆུ་མིག་ཀླུ་རྒྱལ་རིགས་དང་གདོལ་རིགས་གནས་པ་གཉིས་ལ་མནན་ནས་བཞག་གོ །སྲུང་འཁོར་ནི། འཁོར་ལོ་བྲི་བའི་དུས་སུ་སྐར་མ་རྒྱལ་ལམ་གཟའ་སྐར་བཟང་པོའི་ཡར་ཚེས་ལ། རས་སམ་ཤོག་བུ་ལ་བཟང་དྲུག་དང་རྒྱ་སྐྱེགས་ཀྱི་ཁུ་བས་མུ་ཁྱུད་རིམ་པ་བརྒྱད་བསྐོར་ཏེ་དབུས་ཀྱི་ལྟེ་བར་ཧྲཱིཿཡིག་གི་མཐར། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་བདག་འཆང་བ་པོ་བསོད་ནམས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། དེ་རྒྱབ་ལིང་ཚེ་ལྔ་ལ་རིམ་པ་ལྟར་རྩ་སྔགས་དང་བཅས་པའི་བདག་འཆང་བ་པོ་ནམ་མཁའི་ཁམས་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། དེ་བཞིན་དུ་རྩ་སྔགས་དང་བཅས་ཏེ་མིང་སྤེལ་འགྲེས་སྦྱར་ལ། ཆུའི་ཁམས་ལས༴ ས་ཡི་ཁམས་ལས༴ མེའི་ཁམས་ལས༴ རླུང་གི་ཁམས་ལས༴ དེ་རྒྱབ་མུ་ཁྱུད་ལ་རྩ་སྔགས་དང་མིང་སྤེལ་བཅས་བྱས་ལ། ཤགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། བུ་ལོན་ཐམས་ཅད༴ འདོད་པ་ཐམས་ཅད༴ རྩོད་པ་ཐམས་ཅད༴ བསམ་པ་ཐམས་ཅད༴ དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ལ་རིམ་པ་ལྟར་རྩ་སྔགས་སྦྱར་ལ། འཆང་བ་པོ་ནད་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། འཇིགས་པ་ཐམས་ཅད༴ ཕྱོགས་ཐམས་ཅད༴ ཤགས་ཐམས་ཅད༴ རྩོད་པ་ཐམས་ཅད༴ གཡུལ་ཐམས་ཅད༴ དགྲ་ཐམས་ཅད༴ བུ་ལོན་ཐམས་ཅད༴ ཅེས་སྔགས་མགོ་ཕྱིར་བསྟན་ནོ། །རྩིབས་མཆན་བརྒྱད་ལ། ནོར་བུ་རྩེ་མོ་ནང་བསྟན་རེ་རེ་བྲིའོ། །དེ་རྒྱབ་མུ་ཁྱུད་ལ་སྔགས་མགོ་ནང་བསྟན་དུ་སྔགས་དང་འདོད་གསོལ་འཁོར་ལོའི་རྩིབས་སུ་ཡོད་པ་ལྟར་བྲིའོ། །དེ་རྒྱབ་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན་གྱི་སྔགས་དང་མིང་སྤེལ་གོང་ལྟར་བྱས་ལ། མ་རིག་པ་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། འདུ་བྱེད་ལས༴ རྣམ་པར་ཤེས་པ་ལས༴ མིང་དང་གཟུགས་ལས༴ སྐྱེ་མཆེད་དྲུག་ལས༴ རེག་པ་ལས༴ ཚོར་བ་ལས༴ སྲེད་པ་ལས༴ ལེན་པ་ལས༴ སྲིད་པ་ལས༴ སྐྱེ་བ་ལས༴ རྒ་ཤི་ལས༴ དེ་རྒྱབ་མུ་ཁྱུད་ལ་ཡེ་དྷརྨཱ་བྲིས་པའི་ཤམ་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་རྩོད་པ་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་བྲི། དེ་རྒྱབ་ཁྲོ་བོ་འདོད་པའི་རྒྱལ་པོ་དཔེའུ་རིས་ལྟར་བྲི། དེ་རྒྱབ་མེ་རི་བྲིའོ།། ༈ །།དེ་ནས་གོང་གི་རྡོ་ལེབ་གཉིས་ལ་སྔར་བཞིན་ཐེབས་དང་སྤྲད་ལ། དུག་ཤོག་ལ་ཞབས་འཁོར་པདྨ་འདབ་བརྒྱད་དང་། སྟེང་འཁོར་ལ་འཁོར་ལོ་རྩིབས་བརྒྱད་བྲི། དེ་གཉིས་ཀའི་ལྟེ་བར་ཨོཾ་དང་ཞབས་སུ་ཕུ་རེ་རེ་བྲི། ཞབས་འཁོར་ཡིག་མགོ་ཐམས་ཅད་ནང་དུ་བསྟན་ལ་ལྟེ་བར་རྩ་སྔགས་དང་ཆེ་གེ་ཕམ་པར་གྱུར་ཅིག་སྭཱ་ཧཱ། དེ་རྒྱབ་པདྨ་འདབ་བརྒྱད་ལ་རྩ་སྔགས་ཡི་གེ་འབྲུ་བརྒྱད་བཀོད། དེ་རྒྱབ་མུ་ཁྱུད་ལ་རྩ་སྔགས་ཤམ་དུ་ཆེ་གེ་ཕམ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བྲི། སྟེང་འཁོར་གྱི་ཡི་གེ་མགོ་ཐམས་ཅད་ཕྱིར་བསྟན་ལ། ལྟེ་བར་རྩ་སྔགས་དང་བདག་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། དེ་རྒྱབ་རྩིབས་བརྒྱད་ལ་རྩ་སྔགས་ཡི་གེ་འབྲུ་བརྒྱད་བཀོད། དེ་རྒྱབ་མུ་ཁྱུད་ལ་ཡང་རྩ་སྔགས་ཤམ་དུ་བདག་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་བྲིའོ། །དེ་ནས་གོང་གི་རྡོ་ལེབ་ཀྱི་ཕོ་འཁོར་མོ་འཁོར་གཉིས་ལ། རང་གི་ཤོག་བུའི་ཕོ་འཁོར་མོ་འཁོར་གཉིས་བག་ཆུས་སྦྱར། ལིང་རྐྱང་གཅིག་བྲིས་ལ་སྙིང་གར་ནྲྀ་ཛཿའི་བརྒྱན་ཁུག་དང་ཛཿཛཿཡིས་བསྐོར། ལིངྒའི་རྒྱབ་ཏུ་རྩ་སྔགས་མཇུག་ཏུ་ཆེ་གེ་ཕམ་པར་གྱུར་ཅིག་སྭཱ་ཧཱ། གཡོན་སྐོར་དུ་བྲི། སྙིང་གར་དགྲ་གང་ཡིན་གྱི་མིང་རུས་བླ་དྭགས་བྲིས་མཐར་ཕམ་པར་གྱུར་ཅིག་ཅེས་བྲི། དེའི་ནྲྀ་མིག་ཕུག་པའི་ནང་དུ་ཚོན་སྐུད་སྣེ་ལྔ་གཅིག་ཏུ་བསྒྲིལ་བའི་སྣེ་མོ་འདྲེན་པ། སྦལ་འཁོར་གཉིས་ཀྱི་བར་དུ་མགོ་འཕོངས་ངོས་སུ་་་དཔེ་གཅིག་ཏུ་ཕྱོགས་གཅིག་ཏུ་ཞེས་སྣང་།ལིངྒ་དེ་བསྟན་ལ་བཅུག་གོ །ཚོན་སྐུད་འདོམ་གང་ཙམ་གྱི་མཐོ་གང་ཡར་ཕུད་ལ་བསྐོར་ས་བྱེད། དེ་འཕྲོ་རྟིང་པར་ཕུད་ནས་རྡོ་འཁོར་རྒྱ་གྲམ་དུ་བཅིངས་ལ་དམ་པོར་དཀྲིས། བར་ཐམས་ཅད་སྤྲ་ཚིལ་གྱིས་བྱུགས་ལ་རླུང་མི་ཐར་བར་བྱའོ། །རྐང་ཞབས་འཁོར་ལོ་ལིངྒ་ལིང་རྩེ་ཅན་དེ་ལ་དགྲ་བོ་བཀུག་བསྟིམ་ལྷ་དབྱེ་དང་བཅས་པ་བྱས་ལ། ཐུན་ཁུང་ནང་དུ་གན་རྐྱལ་མགོ་རང་ལ་བསྟན་པའི་སྟེང་དུ་སཱཙྪ་རབ་གནས་ཅན་གཅིག་བཞག །དྲག་པོའི་སྣོད་ནང་དུ་ཐུན་རྫས་ཡུངས་དཀར་ཡང་བཞག་གོ །དེ་ནས་གཞི་མ་དཀར་པོའམ་མཎྜལ་གྱི་སྟེང་དུ་ནས་ཀྱི་ཚོམ་བུ་ལྔ་བཀོད་པའི་ཕྱི་རོལ་དུ། ཕྱི་མཆོད་རྣམ་ལྔ་དང་། ནང་མཆོད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་ཅི་འབྱོར་རྒྱུན་གཏོར་དང་བཅས་པ་ཤས་བརྒྱན་ལ་བཤམ། སྨན་རཀ་ཀྱང་བཤམ། བྱེ་བྲག་ཏུ་འདིའི་གཏོར་མ་ནི། སྦྲང་ཆང་དང་མར་ཁུ་བསྲེས་ལ་ནོར་བུ་འབར་བ་བཟོ། ངོས་དང་ཟུར་ཐམས་ཅད་ཀྱང་ནོར་བུས་བརྒྱན། སྟེང་དུ་མར་གྱིས་ཉི་ཟླ་གཟའ་སྐར་མར་ཐག་བཅས་བྲེ། ཐ་མ་མཐེབ་ཀྱུས་བསྐོར་ནས་ཁྲ་དཔུང་ངེ་བྱས་ཏེ་མཎྜལ་གྱི་སྟེང་ཁྲིའི་ཁར་བཞག་ལ་དཀར་གསུམ་མངར་གསུམ་གྱིས་བསྐོར། དེ་ནས་སྲུང་འཁོར་བསང་སྦྱང་དང་བགེགས་བསྐྲད་མཚམས་གཅོད་བྱས་ལ་སྒྲུབ་གཏོར་གྱི་མདུན་རིན་པོ་ཆེའི་སྣོད་དུ་འཐོར་ནས་དང་བཅས་ཏེ་བཤམ་མོ།། ༈ །།གཉིས་པ་དངོས་གཞི་སྒྲུབ་པའི་རིམ་པ་ལ་གཉིས་ཏེ། སྲུང་འཁོར་རབ་གནས་བྱ་བ་དང་སྒྲུབ་པ་དངོས་སོ། །དང་པོ་ལ་ལྔ་སྟེ། ལྷ་བསྐྱེད་པ་དང་། སྤྱན་འདྲེན་ཞིང་བརྟན་བཞུགས་བྱེད་པ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་ཞིང་ཐུགས་དམ་བསྐུལ་བ་དང་། སྙིང་པོ་བཟླ་ཞིང་རབ་གནས་བྱ་བའོ། །དང་པོ་ནི། ཐུན་མགོ་ཐམས་ཅད་དུ་ཡི་དམ་གྱི་སྒོམ་བཟླས་བྱས་ལ། ཨོཾ་སྭ་བྷཱ་སོགས་དང་། མདུན་གྱི་སྲུང་འཁོར་མི་དམིགས་པ་ལས། ཁྲོ་བོ་ཨ་པ་རཱ་ཛི་ཏ་སྐུ་མདོག་དཀར་པོ་གཞོན་ནུའི་ཆ་བྱད་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་། ཁྲོ་འཛུམ་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་རིན་པོ་ཆེའི་དབྱུག་པ་ལས་དགོས་འདོད་སྣ་ཚོགས་འབྱུང་བ། གཡོན་གྱིས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མཚམས་ཀྱི་ཕོ་བྲང་ནས་སྤྱན་དྲངས། གཉིས་པ་སྤྱན་འདྲེན་ཞིང་བརྟན་བཞུགས་བྱ་བ་ནི། ཧཱུྃ། རི་རབ་རི་ཡི་རྩེ་མོ་ནས། །བྱང་ཤར་མཚམས་ཀྱི་ཕོ་བྲང་ནས། །གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ། །མཐུན་པའི་རྫས་ལ་གཤེགས་སུ་གསོལ། །གཟུགས་དང་གཉིས་མེད་བརྟན་པར་བཞུགས། །ཛཿཧཱུྃ་བཾ་ཧོཿ གསུམ་པ་མཆོད་པ་འབུལ་བ་ནི། ཧཱུྃ། སྒྲ་སྙན་དག་ནི་ཐམས་ཅད་དང་། །ཡིད་འོང་འདོད་ཡོན་སྣ་ཚོགས་དང་། །གསེར་སྐྱེམས་ཚོགས་ཀྱི་མཆོད་པ་བཞེས། །གཏོར་མ་འདོད་ཡོན་ལྔ་ལྡན་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་བཞེས། །པུཥྤེ་ནས། ཤབྡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། འདོད་པའི་ཡོན་ཏན་གྱི་ཕུང་པོ་ཆེན་པོར་གྱུར། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི། བཞི་པ་བསྟོད་པ་བྱ་ཞིང་ཐུགས་དམ་བསྐུལ་བ་ནི། ཧཱུྃ། རི་རབ་རི་ཡི་རྩེ་མོ་ནས། །བྱང་ཤར་མཚམས་ཀྱི་ཕོ་བྲང་ནས། །ལག་ན་རྡོ་རྗེའི་རྫུ་འཕྲུལ་སྟོབས། །གནོད་སྦྱིན་གཞན་གྱིས་མི་ཐུབ་པ། །ཕ་རོལ་དགྲ་རྣམས་ཕམ་བྱེད་ཅིང་། །རིན་ཆེན་གཏེར་གྱི་མངའ་བདག་མཛད། །ཐུགས་རྗེས་འགྲོ་བའི་དབུལ་ཕོངས་སེལ། །འདོད་པ་མཐར་ཕྱིན་ཁྱོད་ལ་བསྟོད། ཁྱེ་འུ་མི་རིང་གཟུགས་འཛིན་ཞིང་། །ཞི་དང་དྲག་པོའི་ཕྲིན་ལས་མཛད། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །བར་ཆད་སེལ་མཛད་ཁྱོད་ལ་བསྟོད། །སྲིད་པ་གསུམ་གྱི་ཡིད་འཕྲོག་ཅིང་། །ལྷ་འདྲེ་མི་གསུམ་དབང་དུ་སྡུད། ཁམས་གསུམ་ཀུན་ལ་མངའ་མཛད་པ། །དབང་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་ཡོན་ཏན་བསམ་མི་ཁྱབ། ཁྲོས་པས་ཕ་རོལ་འཆིང་བར་འགྱུར། །མོས་པས་རྩ་གསུམ་གནས་སུ་སྐྱེལ། །རྫུ་འཕྲུལ་བདག་པོ་ཁྱོད་ལ་བསྟོད། །ཐ་སྐར་དྲི་མེད་ལྷ་མོ་ཡང་། ཁྱོད་ཀྱི་ཡིད་འཕྲོག་གཟུགས་ལ་ཆགས། །དེ་བས་ཁམས་གསུམ་ཡིད་འཕྲོག་པ། །ནོར་བདག་གཏེར་བདག་ཁྱོད་ལ་བསྟོད། །འགྲོ་བ་ཀུན་ལ་སེམས་བསྐྱེད་ཅིང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །དངོས་གྲུབ་སྣ་ཚོགས་སྟེར་མཛད་པ། །ཡིད་བཞིན་ནོར་བུ་ཁྱོད་ལ་བསྟོད། །བདག་ལ་འདོད་དོན་དངོས་གྲུབ་སྩོལ། །ལྔ་པ་སྙིང་པོ་བཟླ་ཞིང་རབ་གནས་བྱ་བ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་ཕུང་འདུས་པ་ལྟར་བྱོན་ནས་ཁྲིག་གེར་བཞུགས་པར་བསམ་ལ། བདག་རྩོད་པ་ཐམས་ཅད་ལས་རྒྱལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པ་ཙམ་གྱིས། ལྷ་ཚོགས་ཐམས་ཅད་ཀྱིས་བདག་རྒྱལ་བར་བྱིན་གྱིས་བརླབས་ཤིང་དགྲ་ཕམ་པར་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་སྭཱ་ཧཱ། ཞེས་རྩ་སྔགས་འདི་སྟོང་ཙམ་ཐོན་པ་དང་། སྐབས་སུ་སྔགས་ཤམ་ནི། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་བདག་འཆང་བ་པོ་བསོད་ནམས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། དེ་ལྟར་རྩ་སྔགས་མིང་སྤེལ་འགྲེས་ཀུན་ལ་སྦྱར་ཞིང་། ནམ་མཁའི་ཁམས་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཆུའི་ཁམས་ལས་རྒྱལ༴ སའི་ཁམས་ལས་རྒྱལ༴ མེ་ཡི་ཁམས་ལས་རྒྱལ༴ རླུང་གི་ཁམས་ལས་རྒྱལ༴ ཤགས་ཐམས་ཅད་ལས་རྒྱལ༴ བུ་ལོན་ཐམས་ཅད་ལས་རྒྱལ༴ འདོད་པ་ཐམས་ཅད་ལས་རྒྱལ༴ རྩོད་པ་ཐམས་ཅད་ལས་རྒྱལ༴ བསམ་པ་ཐམས་ཅད་ལས་རྒྱལ༴ ནད་ཐམས་ཅད་ལས་རྒྱལ༴ འཇིགས་པ་ཐམས་ཅད་ལས་རྒྱལ༴ ཕྱོགས་ཐམས་ཅད་ལས་རྒྱལ༴ ཤགས་ཐམས་ཅད་ལས་རྒྱལ༴ རྩོད་པ་ཐམས་ཅད་ལས་རྒྱལ༴ གཡུལ་ཐམས་ཅད་ལས་རྒྱལ༴ དགྲ་ཐམས་ཅད་ལས་རྒྱལ༴ བུ་ལོན་ཐམས་ཅད་ལས་རྒྱལ༴ མ་རིག་པ་ལས་རྒྱལ༴ འདུ་བྱེད་ལས་རྒྱལ༴ རྣམ་པར་ཤེས་པ་ལས་རྒྱལ༴ མིང་དང་གཟུགས་ལས་རྒྱལ༴ སྐྱེ་མཆེད་དྲུག་ལས་རྒྱལ༴ རེག་པ་ལས་རྒྱལ༴ ཚོར་བ་ལས་རྒྱལ༴ སྲེད་པ་ལས་རྒྱལ༴ ལེན་པ་ལས་རྒྱལ༴ སྲིད་པ་ལས་རྒྱལ༴ སྐྱེ་བ་ལས་རྒྱལ༴ རྒ་ཤི་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་ལན་བདུན་བདུན་ཙམ་རྩ་སྔགས་དང་སྦྲེལ་ལ་འདོན། དེ་ནས་ཡེ་དྷརྨཱ་བརྗོད་ལ་སྲུང་འཁོར་ལ་མེ་ཏོག་གཏོར། བཀྲ་ཤིས་བརྗོད། དེ་ལྟར་ཞག་བདུན་ཙམ་རབ་གནས་བྱས་ལ་རང་གཞན་ལ་བཏགས་པའམ། ཡང་ན་ད་གཟོད་སྒྲུབ་པ་ཐོན་ནས་འདོགས་སོ།། ༈ །།གཉིས་པ་སྒྲུབ་པ་དངོས་ལ་གཉིས་ཏེ། སྔ་དྲོ་བདག་རྒྱལ་བྱ་བ་དང་། ཕྱི་དྲོ་གཞན་ཕམ་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། བདག་རྒྱལ་བྱ་ཞིང་རྡོ་འཁོར་བསྐོར་བ་དང་། དགྲ་བོ་བཀུག་ཅིང་ལིངྒར་བསྟིམ་པ་དང་། དགོས་དམིགས་བྱས་ཏེ་བུ་ལོན་བཀུག་པའོ། །དང་པོ་སྔ་དྲོ་བདག་རྒྱལ་བྱ་བ་ནི། རང་ཉིད་ཡི་དམ་བསྒོམས་པའི་མདུན་དུ་ཨ་པ་རཱ་ཛི་ཏ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་གཡོན་བུམ་པ་བསྣམས་པར་བསྒོམས་ལ། སྤྲོ་ན་གོང་ལྟར་སྤྱན་འདྲེན་མཆོད་བསྟོད་བྱས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ཨ་པ་རཱ་ཛི་ཏ་ལ་ཕོག །དེ་ལས་དེ་འདྲ་བ་གྲངས་མེད་པ་སྤྲོས་པས་རིགས་དྲུག་གི་ཚེ་དང་བསོད་ནམས། ཁྱད་པར་དུ་བསྒྲུབ་བྱའི་ཚེ་དང་བསོད་ནམས་བདེན་པ་ཐམས་ཅད་བཀུག་ནས། རང་དང་མདུན་གྱི་ཨ་པ་རཱ་ལ་ཐིམ་པར་བསམ་ལ། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་བདག་རྩོད་པ་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་རེ་ཐོན་ནས། རྡོ་འཁོར་གཡས་བསྐོར་རེ་བྱས་ཏེ་དམིགས་པ་ནི། རྡོ་ལེབ་སྟེང་མ་དེ་གནམ་འཁོར་ལོ་རྩིབས་བརྒྱད་གཡས་སུ་བསྐོར། འོག་མ་དེ་ས་པདྨ་འདབ་བརྒྱད་གཡོན་དུ་བསྐོར་བ་དེ་གཉིས་ཀྱི་བར་དུ་ཁོའི་དབང་པོ་ཁ་ཞབས་བཟློག་ནས། ཁོའི་ཚེ་དང་བསོད་ནམས་བཀྲག་དང་གཟི་མདངས་ལོངས་སྤྱོད་དང་བདེ་བ་ཐམས་ཅད་སྐྱུགས་ནས། རང་གི་ཐུགས་ཀ་ནས་ཁྲོ་བོ་ཨ་པ་རཱ་ཛི་ཏ་སྐུ་མདོག་དཀར་པོ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་ཞིག་འཕྲོས་པས། ཁོ་ཡི་སྐྱུག་པ་དེ་གསོལ་བས་བཀྲག་གཟི་མདངས་དང་ལྡན་ནས། རང་གི་ཐུགས་ཀར་ཐིམ་པར་བསམ་ལ་སྔགས་ནི། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་བདག་བསོད་ནམས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། རྩ་སྔགས་མིང་སྤེལ་དེ་བཞིན་དུ་ཀུན་ལ་འགྲེ་འོ། །བདག་ནམ་མཁའི་ཁམས་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཆུའི་ཁམས་ལས་རྒྱལ༴ ས་ཡི་ཁམས་ལས་རྒྱལ༴ མེའི་ཁམས་ལས་རྒྱལ༴ རླུང་གི་ཁམས་ལས་རྒྱལ༴ ཤགས་ཐམས་ཅད་ལས་རྒྱལ༴ བུ་ལོན་ཐམས་ཅད་ལས་རྒྱལ༴ འདོད་པ་ཐམས་ཅད་ལས་རྒྱལ༴ རྩོད་པ་ཐམས་ཅད་ལས་རྒྱལ༴ བསམ་པ་ཐམས་ཅད་ལས་རྒྱལ༴ ནད་ཐམས་ཅད་ལས་རྒྱལ༴ འཇིགས་པ་ཐམས་ཅད་ལས་རྒྱལ༴ ཕྱོགས་ཐམས་ཅད་ལས་རྒྱལ༴ ཤགས་ཐམས་ཅད་ལས་རྒྱལ༴ རྩོད་པ་ཐམས་ཅད་ལས་རྒྱལ༴ གཡུལ་ཐམས་ཅད་ལས་རྒྱལ༴ དགྲ་ཐམས་ཅད་ལས་རྒྱལ༴ བུ་ལོན་ཐམས་ཅད་ལས་རྒྱལ༴ མ་རིག་པ་ལས་རྒྱལ༴ འདུ་བྱེད་ལས་རྒྱལ༴ རྣམ་པར་ཤེས་པ་ལས་རྒྱལ༴ མིང་དང་གཟུགས་ལས་རྒྱལ༴ སྐྱེ་མཆེད་དྲུག་ལས་རྒྱལ༴ རེག་པ་ལས་རྒྱལ༴ ཚོར་བ་ལས་རྒྱལ༴ སྲེད་པ་ལས་རྒྱལ༴ ལེན་པ་ལས་རྒྱལ༴ སྲིད་པ་ལས་རྒྱལ༴ སྐྱེ་བ་ལས་རྒྱལ༴ རྒ་ཤི་ལས་རྒྱལ་བར་གྱུར་ཅིག །ཅེས་ཚར་གསུམ་བརྗོད་ལ་སྦལ་པ་མགོ་ཚུར་བསྟན་ལ་བཞག་གོ །དེ་ལྟ་བུ་ཉིན་ཕྱེད་བར་ལན་གསུམ་བྱའོ།། ༈ །།གཉིས་པ་དགྲ་བོ་བཀུག་ཅིང་ལིངྒ་ལ་བསྟིམ་པ་ནི། ཉིན་ཕྱེད་ཀྱི་དུས་སུ་རང་ཡི་དམ་དུ་གསལ་བའི་མདུན་དུ་ཨ་པ་རཱ་ཛི་ཏ་སྐུ་མདོག་ནག་པོ་གཡས་རྡོ་རྗེ་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པར་བསྐྱེད་ལ། སྤྱན་འདྲེན་མཆོད་བསྟོད་བྱ། རང་གི་ཐུགས་ཀའི་འོད་ཟེར་ཨ་པ་རཱ་ཛི་ཏ་ལ་ཕོག་པས། དེ་ལས་དེ་འདྲ་བ་གྲངས་མེད་པ་འཕྲོས་པས་དམིགས་བྱ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཡང་ཡང་ཐིམ་པར་བསྒོམ་ལ། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་དགྲ་བོ་ཆེ་གེ་ཁུག་ཁུག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང་བཀུག །ལན་བཞི་གྱེར། ནུབ་མོ་ཡང་ལན་བཞི་གྱེར། དེ་ལྟར་དུས་བརྒྱད་དུ་འགུགས་གཞུག་བྱ། འགུགས་སྔགས་དང་ལས་བཞི་བྱ། དེ་ཕྱིན་ཆད་མི་དགོས་སོ།། ༈ །།གསུམ་པ་དགོས་དམིགས་བྱས་ཏེ་བུ་ལོན་བཀུག་པ་ནི། རང་གི་བུ་ལོན་ཚུར་བླང་དགོས་ན་རྡོ་འཁོར་སྟེང་དུ་སྦྲང་དུམ་གཅིག་བཞག་ལ། རང་ཡི་དམ་བསྒོམས་པའི་མདུན་དུ་ཨ་པ་རཱ་སྐུ་མདོག་ནག་པོ་གཡས་ལྕགས་ཀྱུ་གཡོན་ཞགས་པ་འཛིན་པ་དང་། གནམ་ས་བརྡབ་པ་དང་། ཉི་ཟླ་བརྡབ་པ་དང་། རི་རབ་བརྡབ་པ་རྣམས་ཀྱི་བར་དུ་དམིགས་བྱ་བསམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་དེ་རྣམས་ལ་ཕོག་པས། དེ་རྣམས་ཀྱིས་དམིགས་བྱ་ཅེར་ཅེར་བཏང་བས་ཁོའི་ཁ་རྗེ་དབང་ཐང་དཔལ་དང་གྲགས་པ་བཀྲག་དང་གཟི་བརྗིད་ཚེ་དང་བསོད་ནམས་ལོངས་སྤྱོད་དཔལ་འབྱོར་བདེན་པ་ཐམས་ཅད་ཤག་ཤག་ནས། བདག་གི་བདེན་པའི་སྣོད་དུ་གྱུར་ནས་བདག་བཀྲག་མདངས་དང་ལྡན་པར་བསམ་ལ། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་བདག་བུ་ལོན་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་སྭཱ་ཧཱ། ཁྱད་པར་དུ་དགྲ་བོ་ཐམས་ཅད་ཀྱི་བཀྲག་མདངས་ཁོ་ལ་བསྡུ། ཁོའི་བཀྲག་མདངས་བསོད་ནམས་ནོར་རྫས་ཐམས་ཅད་བདག་ལ་འདུས་པར་བསམ་ལ། སྒྲུབ་པ་པོ་རང་ཉིད་ཀྱང་སེམས་རྩེ་གཅིག་ཏུ་དྲིལ་ནས་དམིགས་པ་གསལ་ཡང་ཡང་གདབ་ཅིང་གོང་གི་སྔགས་འདི་དག་བརྒྱ་རྩ་བརྒྱད་བཟླས་ཏེ་རང་གི་ལྕེ་ཐོག་ཏུ་བཞག་པས་ཁོའི་བཀྲག་མདངས་ལོངས་སྤྱོད་ཐམས་ཅད་བདག་གིས་ཐོབ་པར་བསམ་མོ། །དེ་ལྟར་བྱས་པས་ཤིན་ཏུ་མྱུར་བའོ།། ༈ །།གཉིས་པ་ཕྱི་དྲོ་གཞན་ཕམ་པར་བྱ་བ་ནི། རང་གི་མདུན་དུ་མཚོ་ནག་ལ་གཏིང་ཟབ་པའི་ནང་དུ་སྦལ་པ་དཀར་ནག་གཉིས་ལྟོ་བ་ཁ་སྦྱོར་བའི་བར་དུ་ནྲྀ་ལས་དགྲ་བོ་རིད་ཅིང་ལུས་སྐམ་པ་ཡི་དྭགས་འདྲ་བ་ཞིག་ཏུ་བསམ་ལ། ཁོ་སྦལ་པ་དཀར་ནག་གི་ལྟོར་ཚུད་ནས་སྦལ་པའི་རྐང་ལག་བཞི་ཡིས་ཡར་འཁྱུད་མར་འཁྱུད་བྱས་པས་ཁོ་ལ་འགུལ་དབང་དང་སྨྲ་དབང་མེད་ཅིང་དབང་པོ་ཁ་ཞབས་ལོག་པར་བསམ་ལ། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་དགྲ་བོ་འདི་རྩོད་པ་ཐམས་ཅད་ལས་ཕམ་པར་གྱུར་ཅིག་སྭཱ་ཧཱ། ཞེས་སྔགས་བརྒྱ་རེ་ཐོན་པ་དང་། སྔགས་ཤམ་ནི། ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་དགྲ་བོ་འདི་ བསོད་ནམས་ཐམས་ཅད་ལས་ ཕམ་པར་གྱུར་ཅིག་སྭཱ་ཧཱ། མགོ་མཇུག་སྔར་བཞིན་འགྲེས་བྱའོ། །ནམ་མཁའི་ཁམས་ལས་ཕམ༴ ཆུའི་ཁམས་ལས་ཕམ༴ ས་ཡི་ཁམས་ལས་ཕམ༴ མེའི་ཁམས་ལས་ཕམ༴ རླུང་གི་ཁམས་ལས་ཕམ༴ ཤགས་ཐམས་ཅད་ལས་ཕམ༴ བུ་ལོན་ཐམས་ཅད་ལས་ཕམ༴ འདོད་པ་ཐམས་ཅད་ལས་ཕམ༴ རྩོད་པ་ཐམས་ཅད་ལས་ཕམ༴ བསམ་པ་ཐམས་ཅད་ལས་ཕམ༴ ནད་ཐམས་ཅད་ལས་ཕམ༴ འཇིགས་པ་ཐམས་ཅད་ལས་ཕམ༴ ཕྱོགས་ཐམས་ཅད་ལས་ཕམ༴ ཤགས་ཐམས་ཅད་ལས་ཕམ༴ རྩོད་པ་ཐམས་ཅད་ལས་ཕམ༴ གཡུལ་ཐམས་ཅད་ལས་ཕམ༴ དགྲ་ཐམས་ཅད་ལས་ཕམ༴ བུ་ལོན་ཐམས་ཅད་ལས་ཕམ༴ མ་རིག་པ་ལས་ཕམ༴ འདུ་བྱེད་ལས་ཕམ༴ རྣམ་པར་ཤེས་པ་ལས་ཕམ༴ མིང་དང་གཟུགས་ལས་ཕམ༴ སྐྱེ་མཆེད་དྲུག་ལས་ཕམ༴ རེག་པ་ལས་ཕམ༴ ཚོར་བ་ལས་ཕམ༴ སྲེད་པ་ལས་ཕམ༴ ལེན་པ་ལས་ཕམ༴ སྲིད་པ་ལས་ཕམ༴ སྐྱེ་བ་ལས་ཕམ༴ རྒ་ཤི་ལས་ཕམ་པར་གྱུར་ཅིག་སྭཱ་ཧཱ། ཞེས་ལན་བདུན་ཙམ་བརྗོད་ལ་ཡུངས་དཀར་གྱིས་བྲུབ་ཁུང་ནང་གི་རྐང་ཞབས་འཁོར་ལོ་ལིང་རྩེ་ཅན་དེ་བྲབ་བོ། །དེ་ནས་སྦལ་འཁོར་གཡོན་དུ་བསྐོར་ལ་ཚིག་འདི་བརྗོད། དགྲ་བོ་ཆེ་གེ་འདིའི་ལུས་དང་ཡན་ལག་བཅིངས་ནས་འགུལ་མི་ཤེས་པར་གྱུར་ཅིག །ངག་དང་ལྕེ་བཅིངས་ནས་སྨྲ་མི་ཤེས་པར་གྱུར་ཅིག །ཡིད་དང་སེམས་བཅིངས་ནས་བསམ་མི་ཤེས་པར་གྱུར་ཅིག །ལུས་ངག་ཡིད་གསུམ་བྱ་སྤུ་མེས་འཚིག་པ་བཞིན་དུ་ཐོངས་ཤིག །ཅེས་བརྗོད་ལ་སྦལ་པ་མགོ་ཕར་བསྟན་ལ་བཞག་གོ །དེ་ལྟ་བུ་ལན་གསུམ་མམ་མང་དུ་བྱའོ།། ༈ །།གཞན་གྱི་བུ་ལོན་རང་གིས་ཕར་འཇལ་དགོས་ན། དགྲ་བོའི་གཟུགས་བཟོས་ལ་ཟམ་གོག་གི་ནང་དུ་བཞག །འཇིག་རྟེན་ཁམས་ཀྱི་ཡི་དྭགས་ཐམས་ཅད་བཀུག་ནས་ཁོ་ལ་བསྟིམ། ཁོ་ལ་ནུས་པ་མེད་ཅིང་རིད་པ་སྐམ་པ་ཉམ་ཐག་པ་ཡི་དྭགས་འདྲ་བ་གཅིག་བསམ་ལ། ནུབ་མོའི་དུས་སུ་ལན་ཆགས་ཆངས་རིལ་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སོགས་ཀྱིས་བསྔོ། ལན་ཆགས་ཟམ་ནང་གཟུགས་མདུན་དུ་སྤུང་། དེ་ནས་སྒྲུབ་པ་ཞག་བདུན་ནམ་གསུམ་མམ་ཅི་ནུས་བྱས་པའི་ནུབ་མོ་ཐུན་མཇུག་ལ། ལས་སྔགས་འདི་དང་སྦྲེལ་ལ་བཀླག་གོ །ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཨ་ཛི་ཏེ་ཧྲཱིཿཛཿཆེ་གེ་ཟློག་ཟློག་འུར་འུར་ཆེམ་ཆེམ་ནལ་ནལ་དགྲ་བོ་ཆེ་གེ་མོ་ཕམ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་ཐུན་རྡེག་གོ །དེ་ལྟར་སྒྲུབ་པའི་དུས་སུ་དམ་ཚིག་ལ་ཁྱི་དང་བུད་མེད་ཤ་ཆང་སྒོག་གསུམ་སྤང་། སྒྲུབ་པ་ཐོན་ནས་སྲུང་འཁོར་འདོགས་པའི་དུས་སུ་སྔར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབས་པར་བསྒོམ་མོ།། ༈ །།གསུམ་པ་རྗེས་གནན་པའི་རིམ་པ་ནི། སྦལ་འཁོར་སྔགས་མཚམས་སུ་མིང་ཡིག་ཡོད་པ་བྲད་དེ་འགོལ་སར་བཞག །བར་གྱི་ལིངྒ་རྐྱང་པ་དེ་ཆུ་མིག་གི་ཁ་ནུབ་བསྟན་ཀླུ་གདོལ་པ་གནས་པའི་སར་ཕུར་པ་བརྡུང་བའི་ཤུལ་དུ་བཅུག་ལ་དམོད་བཅོལ་འདི་ལྟར་བྱའོ། །འོ་ཆུ་མིག་འདི་ལ་གནས་པའི་ཀླུ་བདུད་ནག་པོ་ཁྱོད་ལ་དམ་ཉམས་པའི་དགྲ་བོ་འདི་ཟས་སྐལ་དུ་གཏད་དོ། །མ་ཤོར་ཅིག །འཐུང་སྐལ་དུ་གཏད་དོ་མ་ཤོར་ཅིག །ཅེས་སོགས་ཤེས་ཚད་བརྗོད་ནས། རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་དོང་ཁ་གཅད། དེ་ལྟར་མ་འཛོམ་ན་ལམ་རྒྱ་གྲམ་མམ་མཆོད་རྟེན་སོགས་ཀྱི་ཞབས་སུ་གནན། ཟམ་གོག་ནང་གི་དགྲ་གཟུགས་དེ་དང་ཆངས་རིལ་ཐམས་ཅད་ཆུ་བོའི་གཞུང་ལ་བསྐུར་རོ། །རྐང་ཞབས་ཀྱི་འཁོར་ལོ་དེ་རེ་བ་ཟུར་གསུམ་ནང་དུ་བཅུག་ལ་དེ་ལྷྭམ་གཡོན་པའི་ནང་དུ་རྐང་རྟིང་དུ་ཕོག་པར་བྱས་ལ་བཅུག་ནས། རང་ཉིད་འགྲོ་ལམ་འདུག་སྡོད་དུས་སྔ་དྲོ་ཕྱི་དྲོ་གོང་དང་འདྲ་བར་བྱས་ལ་སྔགས་བཟླའོ། །ཡང་ན་ལིང་རྐྱང་དང་ལྷན་ཅིག་ཏུ་གཉིས་ཀ་མཉམ་དུ་གནན་པ་བྱའོ། །དེ་ལྟར་གནོད་སྦྱིན་རྡོ་འཁོར་སྒྲུབ་པའི་ཐབས། །གནམ་སའི་ཙཀྲ་བསྐོར་བ་ཞེས་བྱ་འདི། །མན་ངག་ཡིག་ཆུང་ཀུན་ལས་མདོར་བསྡུས་ནས། ཁོ་བོ་ནམ་མཁའ་རིན་ཆེན་བདག་གིས་བཀོད། །འཁྲུལ་ན་བཟོད་གསོལ་མ་འཁྲུལ་དགེ་བ་དེས། །དགྲ་སྡང་ཚར་གཅོད་བསྟན་པ་དར་རྒྱས་ཤོག། །།

གཤིན་རྗེ་དམར་པོའི་རླུང་སྒྲུབ་ལས་བྱང་ (Volume 54, Text 23)

༄༅། །གཤིན་རྗེ་དམར་པོའི་རླུང་སྒྲུབ་ལས་བྱང་བཞུགས་སོ། ། འབྲི་གུང་ལུགས། ཡ་མཱ་རི་ན་མོ། གཤིན་རྗེ་ཚེ་བདག་གམ་ཤོར་སང་ཉི་མ་ཁྲོས་པ་བསྙེན་པའི་སྔགས་པས་གཤིན་རྗེ་རླུང་སྒྲུབ་ཀྱི་ལས་སྦྱོར་ཉམས་སུ་ལེན་པའི་ཚེ། བཅའ་གཞི་སྨན་རཀ་གཏོར་མཆོད་མཁོ་བའི་ཡོ་བྱད་གཞུང་ལྟར་བཤམས་ནས། ཕྲིན་ལས་ངག་བསྒྲིགས་འདི་ལྟར་ཉམས་སུ་བླང་སྟེ། ནུབ་དང་པོར་ཕྱོགས་སྐྱོང་དང་གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན། མཚམས་གཅོད་སྲུང་འཁོར་སྤྱི་འགྲོ་ལྟར་བྱའོ། །དངོས་གཞི་རྒྱུན་ཁྱེར་ནི། ཨེ། བདག་དང་འགྲོ་ཀུན་འདི་ནས་བྱང་ཆུབ་བར། །རྩ་བརྒྱུད་བླ་མ་འཇམ་དཔལ་གཤིན་རྗེ་གཤེད། །སངས་རྒྱས་ཆོས་ཚོགས་མཁའ་འགྲོ་ཆོས་སྐྱོང་ལ། །རབ་གུས་དྭངས་བས་སྐྱབས་སུ་ཉེ་བར་མཆི། །ལན་གསུམ། ཨེ། མཁའ་ཁྱབ་འགྲོ་རྣམས་འཁོར་བ་ལས་བསྒྲལ་ནས། །ཡང་དག་རྫོགས་པའི་སངས་རྒྱས་སར་འགོད་ཕྱིར། །བདག་གིས་འཇམ་དཔལ་གཤིན་རྗེ་རབ་སྒྲུབ་ནས། །དོན་གཉིས་བསྒྲུབ་ཕྱིར་བྱང་ཆུབ་མཆོག་སེམས་བསྐྱེད། །ཅེས་ལན་གསུམ། ཨེ། ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཁམས་ན། །སངས་རྒྱས་ཀུན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །དད་པ་རབ་ཀྱིས་གུས་དང་གསོལ་འདེབས་ན། །སྔགས་འཆང་བདག་ལ་དབང་སྐུར་བྱིན་ཕོབ་ཅིག །ཨོཾ་ཡ་མཱནྟ་ཀ་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱཿ ལན་གསུམ། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ །གནྡྷཾ། ནཻ་བིདྱཱཾ། ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཿ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཿ ཞེས་ལན་གསུམ་གྱིས་མཆོད་པ་དང་སྨན་རཀ་གཏོར་མ་བྱིན་གྱིས་བརླབ། ལྷ་བསྐྱེད་པ་ནི། ཨེ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ཆོས། །གཉིས་བསྡུས་ངོ་བོ་སྟོང་པའི་ངང་ཉིད་ལས། །ཕྱི་སྣོད་དྲག་པོ་ཨེ་ཡི་གཞལ་ཡས་ཁང་། །ཆོས་དབྱིངས་ཁྱབ་གདལ་བསྐལ་མེ་ཆུ་རླུང་འཁྲུགས། །དུར་ཁྲོད་རབ་འབར་རྔམ་པའི་གཞལ་ཡས་ཁང་། །སྲིད་གསུམ་ཡོངས་བསྒྲལ་བམ་རོ་གཅལ་དུ་བཀྲམ། །ནང་བཅུད་སྐྱེ་འགྲོ་ཕུང་ཁམས་སྐྱེ་མཆེད་བཅས། །གློ་བུར་བཅོས་མིན་གདོད་ནས་ཡོངས་གྲུབ་པའི། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་སྤྲིན་ལྟར་གཏིབས། །ཀུན་ཀྱང་གདན་གསུམ་ཚང་བའི་དཀྱིལ་འཁོར་རྫོགས། །རང་རིག་གསལ་དང་སྟོང་པ་ཟུང་འཇུག་གསུམ། །གསལ་བའི་ངོ་བོ་བདག་དང་གཏོར་མ་རྟེན། །སྐད་ཅིག་གིས་རྫོགས་རྫུས་སྐྱེས་གཤིན་རྗེ་གཤེད། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །རྒྱན་མེད་གཅེར་བུ་དམར་ཧྲིང་འགྲེང་པའི་སྟབས། །སྤྱན་གསུམ་དམར་ཟླུམ་འཁྲུགས་ཤིང་སྡང་མིག་བལྟ། །མཆེ་བ་རྣམ་བཞི་བསྣོལ་མར་བསྒྲད་ཅིང་གཙིགས། ཁྲོ་གཉེར་རབ་གཡོ་རྫི་སྨིན་གློག་ལྟར་འཁྱུག །རལ་པ་ཁམ་སེར་ཕྱེད་ནི་གྱེན་དུ་བརྫེས། །དེ་ཕྱེད་ཐུར་དུ་བཤལ་ཞིང་མེ་སྟག་འཕྲོ། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་གནས་ནས་འགུགས། །ཕྱག་གཡོན་གནམ་ལྕགས་ཐོ་ཆེན་རབ་འབར་བས། །དགྲ་བགེགས་མགོ་ལུས་དོན་སྣོད་ཆོལ་བུར་གཏོང་། ཁྲོ་རྔམས་མི་སྡུག་སྟོང་གསུམ་ཟས་སུ་ཟ། །སྲིད་གསུམ་སྐོམ་དུ་འཐུང་ཞིང་སྣང་སྲིད་ཀུན། །གཡུལ་དུ་བྲུབ་པའི་ལས་ཀུན་ཐོགས་མེད་སྒྲུབ། །འཁོར་དུ་མ་གཤིན་དྲེགས་པ་ཤ་ཟ་དང་། །ཡི་དྭགས་འདྲེ་སྲིན་འབྱུང་པོ་བྱེ་བས་བསྐོར། །ཀུན་ཀྱང་བདག་གི་བཀའ་ཉན་གསུང་སྡོད་གྱུར། །ཅེས་བསྒོམ། ཨེ་ཨེ་ཨེ། འོག་མིན་ཆོས་དབྱིངས་རང་བཞིན་དག་པའི་ཀློང་། །གྲུ་གསུམ་མཐིང་ནག་དྲག་པོའི་གཞལ་ཡས་ནས། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་པ་རྣམས། །དྲག་པོའི་ལས་སྒྲུབ་སླད་དུ་ད་ཚུར་བྱོན། །ཡ་མཱ་རི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲང་། ཨེ། དྲག་པོ་ཆོས་དབྱིངས་གཤིན་རྗེའི་ཞིང་ཁམས་འདིར། །དུར་ཁྲོད་གཞལ་ཡས་བམ་ཆེན་གདན་སྟེང་དུ། །འཇམ་དཔལ་གཤིན་རྗེ་ཀིང་ཀང་ཁྲོ་བོའི་རྒྱལ། །དམ་ཚིག་པ་དང་གཉིས་མེད་བརྟན་པར་བཞུགས། །ཡ་མཱ་རི་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཨེ། ཡ་མཱནྟ་ཀ་ཁྲོ་རྒྱལ་གཙོ་མཆོག་དཔལ། །གདོད་ནས་རང་རིག་གསལ་སྟོང་ཆར་རྫོགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་དམ་ཡེའི་རོལ་པར་ཤར། །དེ་རིང་གཉིས་མཉམ་རྟོགས་ལ་གུས་ཕྱག་འཚལ། །ཡ་མཱ་རི་ན་མསྐར། ཞེས་ཕྱག་འཚལ། ཨེ། འཇམ་དཔལ་ཀིང་ཀང་ཁྲོ་རྒྱལ་འཁོར་བཅས་ལ། །དམར་ཆེན་ཨརྒྷཾ་དབང་པོ་ལྔའི་མེ་ཏོག །ཤ་ཆེན་སྤོས་དང་ཞུན་ཆེན་མར་མེ་དང་། །མཁྲིས་ཆེན་དྲི་ཆབ་ཤ་རུས་ཞལ་ཟས་དང་། །རྫ་རྔ་རྐང་གླིང་དུར་ཁྲོད་རོལ་མོར་བཅས། །དགྲ་བོའི་ཕུང་ཁམས་སྐྱེ་མཆེད་འབྱུང་བའི་ཚོགས། །མཆོད་པར་འབུལ་གྱིས་དྲག་པོར་བཞེས་སུ་གསོལ། །ཨོཾ་ཡ་མཱ་རི་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ། པུཥྤེ། དྷཱུ་པེ། དཱི་བཾ། གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་མཆོད། ཨེ། ཤོར་སང་ཉི་མ་ཁྲོས་པའི་ལྷ་ཚོགས་ལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན། །རྒྱུ་རྐྱེན་ཀུན་རྫོགས་དམར་ཆེན་རཀྟ་དང་། །འབྲུ་ནག་ཤ་རུས་བ་ལིན་ཆེ་བརྗིད་རྔམ། །སྦྱོར་སྒྲོལ་དུག་ལྔ་དུག་གསུམ་མཆོད་པར་འབུལ། །ཨོཾ་ཡ་མཱ་རི་ས་པ་རི་ཝཱ་ར་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་མ་ཧཱ་པཱུ་ཛ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་གཏོར་གསུམ་དབུལ། གཏོར་མ་ལ་ཤ་ཟན་སྨན་རཀ་བྲན། ཡང་ཟློག་གི་དྲག་པོའི་གཏོར་མ་བྱིན་རླབས་ཀྱི་སྔགས་རྒྱས་བྱིན་བརླབས་ནས། ཨེ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མཱ་ཀིང་ཀང་ས་པ་རི་ཝཱ་ར་ཨི་མཾ་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་ཉེར་གཅིག་གམ་བདུན་གྱིས་ཕུལ་ལ། ཧོཿ འཇམ་དཔལ་གཤིན་རྗེ་གཤེད་པོ་ཤོར་སང་ཉི་མ་ཁྲོས་པ་འཇིགས་བྱེད་ཀིང་ཀང་དམར་ནག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ། སྨན་རཀ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་མགོ་དང་དོན་སྙིང་ཕུང་ཁམས་སྐྱེ་མཆེད་འབྱུང་བའི་ཚོགས་དང་བཅས་པ་ཞལ་དུ་བསྟབ་བོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། ཚིམ་ཞིང་དགྱེས་ནས་དམ་ཉམས་པའི་དགྲ་བོ་སངས་རྒྱས་ཀྱི་བསྟན་པ་བཤིགས་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། བན་སྔགས་ཀྱི་དཀོར་ལ་འབགས་པ། དབེན་རི་གཉན་པོ་འཇོམས་པ། རྒྱུ་འབྲས་བསླུ་མེད་ཁྱད་དུ་གསོད་པ། མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སྤྱོད་པ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོ་བ། ཡི་དམ་དང་ཆོས་སྐྱོང་སྲུང་མ་ལ་སྨོད་ཅིང་བརྙས་པ། བསྙེན་སྒྲུབ་ཟབ་མོའི་བར་གཅོད་བྱེད་པ། མཆེད་ལ་འཁུ་བ། དམ་ལས་ལྡོག་པ། དམ་ཚིག་ཅན་ལ་གནོད་པར་བྱེད་པ། ཁྱད་པར་སྔགས་འཆང་བདག་གིས་མ་ལན་མ་ཉེས་མ་ཡོ་པར། བདག་ལ་དོ་བསྡོ་བ། ཕོད་བཙུགས་པ། མི་ང་ལ་ལྷ་མེད་ཟེར་བ། ལྷ་ཁྱོད་ལ་མཐུ་མེད་ཟེར་བ། མཐུ་བུ་ལོན་བཞིན་དུ་སྙག་པར་བྱེད་པའི་དགྲ་བགེགས་དམ་ཉམས་མིང་ཡི་གེར་བྲིས་ཤིང་གཟུགས་ལིངྒར་བཀོད་པ་འདི། མི་ཚེ་རིང་པོ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་བཙུགས། སྐྱེ་འཆི་གཉིས་ལ་ཁུངས་མ་གཡོར། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་བསྙད་མ་འདོགས། ལོ་དང་ཟླ་བར་མ་འགོར། ཞག་དང་ཟ་མར་མ་འགྱང་བར་ད་ལྟ་ཉིད་དུ་ཁུག་ཅིག་སོད་ཅིག་ནོན་ཅིག །དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པར་མཛོད་ཅིག །ཅེས་འདོད་དོན་གསོལ། ཨེ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དྲག་པོ་ཆོས་དབྱིངས་གཤིན་རྗེའི་ཞིང་ཁམས་ན། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན། །དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་ཤོར་སང་ཉི་མ་ཁྲོས་པའི་སྐུ། །ཀིང་ཀང་དམར་ནག་དུས་མཐའི་མེ་ལྟར་འབར། །རལ་པ་གྱེན་བརྫེས་ལྷག་མ་ཐུར་དུ་བཤལ། །སྤྱན་གསུམ་དམར་ཟླུམ་འཁྲུག་ཅིང་སྡང་མིག་བསྒྲད། །མཆེ་བ་རྣོ་དབལ་ངར་ལྡན་དྲག་ཏུ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་བླ་སྲོག་འགུགས། །གཡོན་པའི་ཐོ་བས་དགྲ་བགེགས་བླ་ཚེ་རྡུང་། །ཞབས་གཉིས་གར་བསྒྲད་དགྲ་བགེགས་གདན་ལ་འགྱིང་། །སྐུ་ནི་མི་སྡུག་རབ་འཇིགས་སྲིན་པོའི་ཚུལ། །གསུང་ནི་གཞོམ་མེད་དྲག་པོའི་གད་རྒྱངས་སྒྲོག །ཐུགས་ནི་རབ་ཞི་སྙིང་རྗེས་འགྲོ་ཀུན་སྒྲོལ། །འཁོར་དུ་མ་གཤིན་དྲེགས་པའི་འཁོར་གྱིས་བསྐོར། །གཏུམ་རྔམས་ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །དམ་རྫས་སྨན་རཀ་གཏོར་མཆོད་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྟོད། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་མཉྫུ་ཤྲཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཡབ་རྐྱང་གི་བསྙེན་པ་ཅི་འགྲུབ་བཟླའོ།་་་རང་ལྷར་གསལ་བའི་ཐུགས་ཀར་ཉི་མའི་དབུས་སུ་ཧཱུྃ་དང་ཨེའི་མཐར་བསྙེན་སྔགས་ཀྱིས་གཡས་སུ་བསྐོར་བར་བསམ་ལ་བཟླ།༽ དེ་ནས་བདུན་བསྐྱེད་བྲུབ་ཁུང་ལ་དམིགས་ཏེ། ཕཊ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་མདུན་དུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་དུག་དང་ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པའི་ཁང་སྒྲོམ་ནག་པོ་ཟུར་གསུམ་བང་རིམ་གསུམ་དང་ལྡན་པ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་དུ་གཏི་མུག་གི་མུན་པ་འཐིབས་པ། ཟུར་གསུམ་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། འོག་ན་ང་རྒྱལ་གྱི་རི་བསྙིལ་ཞིང་ཕྲག་དོག་གི་རླུང་དམར་འཚུབས་པ། སྟེང་ན་མཚོན་ཆ་དང་ཐོག་སེར་འབེབ་པ། ཁ་ཁྱེར་ལ་དྲག་པོའི་རྩང་རྣམས་ལས་བྱེད་གཤིན་རྗེ་ཤ་ཟ་སྲིན་པོའི་ཚོགས་མཚོན་ཆ་སྣ་ཚོགས་ཐོགས་ནས་གསོད་གཅོད་ཀྱི་ལས་ལ་བརྩོན་པ། ནང་དུ་ཕོ་ཉ་དྲེགས་པ་བྱ་དང་གཅན་གཟན་མང་པོ་རྒྱུ་བ་ངར་སྒྲ་སྒྲོག་ཅིང་ཤ་ཁྲག་སྲོག་དབུགས་ལ་ཧབ་ཐོབ་བྱེད་པ། བདུད་དང་གཤིན་རྗེའི་བཙོན་ཁང་དྲག་པོ་ཐར་ས་མེད་པའི་ནང་དུ་ནྲྀ་ལས་དམིགས་པའི་དགྲ་བོ་ཉམ་ཆུང་ཞིང་རིད་པ་མདོག་སྔོ་བ། མྱ་ངན་གྱི་ཕྱག་རྒྱ་ལག་པ་གཡོན་པས་རང་གི་སྐྲ་འབལ་ཞིང་གཡས་པས་བྲང་རྡུང་བ། མགོན་སྐྱོབ་ལྷ་སྲུང་དང་བྲལ་བ། སྲོག་དབུགས་མ་ཆད་ཙམ་མིག་ནས་མཆི་མ་འཛག་ཅིང་འོ་དོད་འབོད་པ་སྡུག་བསྔལ་སྣ་ཚོགས་ཀྱིས་ནོན་པ་གཅིག་ཏུ་གྱུར། འགུགས་པའི་དམིགས་པ་ནི། རང་གི་ཐུགས་ཀ་ནས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། དགྲ་བོའི་བླ་དང་རྣམ་ཤེས་ཁམས་གསུམ་སྲིད་པའི་རྩེ་མོ་མན་ཆད་ན་རཀ་དམྱལ་བ་ཡན་ཆད་གང་དུ་གནས་ཀྱང་སྙིང་ག་ནས་ལྕགས་ཀྱུས་བཟུང་། རྒྱབ་ནས་ཐོ་བས་བཅོམ་སྟེ་ཁྲིད་ནས་བདག་གི་མདུན་དུ་སླེབས་པ་འཁོར་རྣམས་ཀྱིས་ནམ་མཁའ་ལ་འཕྱར། བར་སྣང་ལ་གཡུག །ས་གཞི་ལ་བརྡབས་པས་ཁོའི་ཁོང་པའི་ནང་གི་ཚེ་བཅུད་ནུས་མཐུ་ཐམས་ཅད་ཡར་ཁ་ནང་ནས་སྐྱུགས་ཏེ་རང་ཉིད་ལ་ཐིམ། ཁོ་སྒྱེ་སྟོང་ལྟར་གྱུར་ཅིང་འགོ་བའི་ལྷ་ལྔ་དང་བྲལ་བ་ལུས་ནག་སྐེམ་སྐེམ་སོང་ནས་བྲུབ་ཁུང་ནང་གི་ལིངྒ་ལ་ཐིམ་ཞིང་། ལས་གཤིན་ཕོ་ཉ་རྣམས་ཀྱིས་ཧབ་དིར་དིར་རང་དབང་མེད་པར་ཁྲིད་ནས་ཕོ་ཐམས་ཅད་གཡས་སུ་བསྐོར་མོ་ཐམས་ཅད་གཡོན་དུ་བསྐོར་ཏེ་གཅིག་ཀྱང་འཆོར་བ་མེད་པར་གྱུར་པར་བསམ། འགུག་གཞུག་བརྒྱ་ཕྲག་གམ་ཉེར་གཅིག་སོགས་བྱས་རྗེས་ཀིང་ཀང་གི་བླ་འགུགས་དང་། ཁ་ཁྭ་མུ་ཁ་སོགས་ཀྱིས་ལྷ་དབྱེ་བྱ། དེ་རྗེས་གོང་གི་འགུགས་པའི་དམིགས་པ་དང་བཅས་པས། མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོ༔ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ ཤ་མ་རུ་ཏི་ཐུམ་ཐུམ་ མྱོགས་མྱོགས་ ཡེད་ཡེད་ ཤ་མ་རུ་ཏི་ཁུག་ཁུག་ ལིང་མྱོགས། ལིང་ཤ་ ལིང་ཐུམ་ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྒྱ་ཕྲག་ཙམ་བཟླ། དེ་རྗེས་བྲུབ་ཁུང་ནང་དུ་དགྲ་བོ་དངོས་སུ་གསལ་བའི་ཁོ་རང་གི་ལྷན་ཅིག་སྐྱེས་པའི་ལྷ་དེ་སྦྲུལ་དཀར་པོ་ཞིག་ཏུ་གྱུར་ནས་སྣ་བུག་གཡས་ནས་ཐོན། ཁོ་རང་གི་བདུད་དུ་བབས་ནས་སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབ་སྙིང་རྩ་ཡན་དྲངས། ཁོ་རང་གི་ལྷན་ཅིག་སྐྱེས་པའི་འདྲེ་དེ་སྦྲུལ་ནག་པོ་ཞིག་ཏུ་གྱུར་ནས་སྣ་བུག་གཡོན་ནས་ཐོན། ཁོ་རང་གི་གཤེད་དུ་བབས་ནས་གསང་གནས་ནས་འཇིབ་མཆིན་ཁྲི་མན་ཆད་དྲངས། སྦྲུལ་དཀར་ནག་གཉིས་འཛིང་ཞིང་འཐབ་སྟེ་ཁོའི་སྙིང་ཁྲག་ཟ་བར་ཁ་མ་མཐུན་ནས། སྦྲུལ་དཀར་པོས་ཁོའི་གཞོག་གཡས་པ་དང་། ནག་པོས་གཡོན་དུ་འཁྲིལ་ནས་མཇུག་མ་གཉིས་དམ་པོར་འཆོལ་བ་མེད་པར་མདུད། སྦྲུལ་གྱི་མགོ་གཉིས་ཁོའི་སྤྱི་གཙུག་ཏུ་མདུད་པ་བྱས་ནས་ལུས་ལ་འཁྱུད་ནས་ཀླད་ཁུང་གཡས་གཡོན་གཉིས་ནས་ཁ་གདང་ཞིང་འདྲད། ཁོའི་སྤྱི་གཙུག་ཏུ་རྡོ་རྗེ་རྒྱ་གྲམ་རྭ་རྣམ་པར་གདེངས་པ་གཡོན་དུ་ཀྱི་ལི་ལི་འཁོར་བས་ཀླད་ཁྲག་བཅོམ། ཚངས་པའི་གཙུག་ཐག་བཅད་མགོ་འཁོར། མགྲིན་པའི་ཁྲག་རྩ་བཅད་ཁྲག་ཏུ་སྐྱུགས། ལྟེ་བའི་སྲིད་རྩ་བཅད་དྲན་མེད་དུ་བརྒྱལ་ལུས་སེམས་ཕྲལ། སྙིང་གའི་སྲོག་རྩ་བཅད་ཚེའི་འདུ་བྱེད་བསྐུམས། ཀླད་ཁྲག་མགྲིན་ཁྲག་ལྟེ་ཁྲག་སྙིང་ཁྲག་ཐམས་ཅད་སྦྲུལ་གཉིས་ཀྱིས་འཇིབ་པས་སྦྲུལ་གཉིས་ཇེ་ཆེ་ལ་སོང་ནས་སྟོབས་དང་ལྡན་པར་གྱུར་པར་བསམ་ལ། ཨོཾ་ཡ་མ་ཀིང་ཀང་དགྲ་བགེགས་ཐུམ་རིལ་ནྲྀ་མྱོགས་སྒྲིབས༔ དགྲ་བོ་ཝཱ་ཀ་སཏྭམ་བྷ་ཡ་ནན༔ བིག་ནན༔ དགྲ་ཐུམ་དེ་ཤོ་དེ་ཤཾ་བྱུར་བྲུབས༔་་་འདི་ལ་དེ་ཤམ་དེ་ཤམ་ཟེར་བའང་འདུག།མཆན། བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ ཅེས་གཞུང་སྔགས་ལ་འབད། གཞུང་སྔགས་བརྒྱ་རྩ་རེ་སོང་བ་དང་། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞེས་པ་ནས་དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ ཞེས་པའི་བར་དམོད་མོ་ཚར་གསུམ་རེ་བརྗོད་ཅིང་ཐལ་མོ་བརྡབ།་་་ལིངྒའི་མཐར་བྲིས་པ་དེ་ཉིད། མཆན། སླར་གཞུང་སྔགས་ལ་འབད། གཞུང་སྔགས་དང་དམོད་མོ་བཟླ་ཞིང་ཐུན་ལ་སྔགས། ཐུན་དྲུག་གམ་བཞིར་གཏོར་མ་ལ་ཤ་ཟན་དང་སྨན་རཀ །ཟན་ལིངྒ་ལ་དམིགས་པའི་དགུག་གཞུག་དྲག་པོ་ཉེར་གཅིག་གམ་དགུ་སོགས་བྱས་པའི་དགུག་གཞུག་ཐ་མའི་ཚེ་དགྲ་བོ་བཀུག་པ་གཏོར་མ་ལ་བསྟིམ། གཏོར་མ་ཡང་ཟློག་ལྟར་དྲག་པོའི་གཏོར་མའི་བྱིན་རླབས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་པ་གོང་གི་བསྙེན་སྔགས་ཀྱི་མཐར། ཨི་དཾ་བ་ལིནྟ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་གོ་རོ་ཙ་ན་ཙིཏྟ་བ་སུ་ཏ་ཀིཾ་ནི་རི་ཏི་པཉྩ་སྐནྡྷ་དྷཱ་ཏུ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་བདུན་གྱིས་ཕུལ་ནས། ཨེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ། །སྔགས་འཆང་བདག་གི་རྒྱབ་རྟེན་དམག་ཏུ་སྦྲན། །ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་ན། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན། །འཇམ་དཔལ་གཤིན་རྗེ་ཤོར་སང་ཉི་མ་ཁྲོས། །ཀིང་ཀང་དམར་ནག་འཁོར་བཅས་ཐུགས་དམ་བསྐུལ། །དྲག་པོའི་སྐུར་བཞེངས་མངོན་སྤྱོད་དུས་ལ་བབ། །འདི་ནས་ལྷོ་ཕྱོགས་རི་རབ་ཆེན་པོའི་རྨང་། །རིམ་བདུན་ས་འོག་རྒྱ་མཚོའི་གླིང་བར་ན། །ལྕགས་མཁར་བཅུ་བདུན་མངའ་བདག་སྐྱེ་འགྲོའི་གཤེད། །ལས་ཀྱི་གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐུལ། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ན། །བཀའ་དང་དམ་ལ་གནས་པའི་སྲུང་མའི་ཚོགས། །སྣང་སྲིད་དྲེགས་པའི་དམག་ཚོགས་ཐུགས་དམ་བསྐུལ། །དྲག་པོའི་ཕྲིན་ལས་གཉན་པོའི་དུས་ལ་བབ། །སྔགས་འཆང་བདག་གིས་མ་ལན་མ་ཉེས་པར། །དགྲ་དང་བགེགས་ཀྱིས་རྣམ་པར་འཚེ་བ་ལ། །གཟུ་དང་དཔང་གསོལ་དྲག་པོའི་མཐུ་དཔུང་སྐྱེད། །ཉེས་བྱས་གཟུགས་ལིང་མིང་དུ་བཏབ་པ་འདི། །ལོ་ཟླར་མ་འགོར་ཞག་དང་ཟ་མར་སྒྲོལ། །བླ་རྐུན་ཇག་པའི་ཚོགས་རྣམས་ལས་ལ་ཁྱེ། །དགྲ་བོའི་བླ་ཚེ་སྲོག་དབུགས་མྱུར་དུ་ཁུག །ལྷ་དང་ཕྲོལ་ལ་གསོད་པའི་གཤེད་དང་སྤྲོད། །ལུས་སེམས་ཕྲོལ་ལ་ཤ་ཁྲག་ཞལ་དུ་གསོལ། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །དགྲ་བོའི་ཚེ་སྲོག་ལུས་དབང་རླུང་རྟ་དང་། །དཔལ་འབྱོར་ཕུན་ཚོགས་མངའ་ཐང་ཐལ་བར་རློགས། །བླ་སེམས་ནུས་མཐུ་སྡེ་དཔུང་རྣམ་པར་ཆིངས། །བརྒྱལ་རེངས་སྨྱོ་འབོག་ཐན་དང་ལྟས་ངན་ཕོབ། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུག །མཐའ་མེད་རྒྱ་མཚོའི་གཏིང་དུ་ནོན་ལ་ཤོག །འཆི་བདག་གཤིན་རྗེའི་ཁ་དང་ལྟོ་བར་ཆུག །དྲེལ་རྟ་རྐང་གསུམ་མྱུར་མགྱོགས་འཕོངས་སུ་སྐྱོན། །བླ་འཛིན་རུ་དར་གཟིང་པ་སྟག་མགོ་དང་། །ཨ་བ་གླང་མགོ་གསོད་བྱེད་ལག་ཏུ་སྤྲོད། །ཆུ་སྲིན་ཀཱ་ལ་ཤ་ཡི་གྲེ་བར་ཆུགས། །བྱེ་མ་ལ་དགུའི་ཕ་མཐར་བསྐྱལ་ནས་ཀྱང་། །རི་རབ་ཆེན་པོའི་འོག་ཏུ་ནོན་ལ་ཤོག །ནམ་ཞིག་བྱང་ཆུབ་མཆོག་སེམས་མ་སྐྱེས་བར། །མནན་པ་ཡིན་གྱིས་ལྡང་དུ་མེད་པར་གྱིས། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དུས་ལ་བབས་ཀྱིས་བཅོལ་པའི་ཕྲིན་ལས་མཛོད། །ཐུགས་དམ་དུས་འདིར་མ་གཡེལ་ས་མ་ཡའོ། །ཞེས་བསྐུལ་ཞིང་། ཀིང་ཀང་གི་བླ་འགུགས་དང་། ཁ་ཁྭ་མུ་ཁའི་ལྷ་དབྱེ་བྱ། ཐུན་མགོ་རྣམས་སུ་བླ་འགུགས་པའི་དམིགས་པ་གསལ་བས་བླ་འགུགས་སྔགས་སུམ་བརྒྱ་ཡན་ཆད་བཟླས་རྗེས། སླར་སྦྲུལ་དཀར་ནག་གི་དམིགས་པ་དང་བཅས་གཞུང་སྔགས་ལ་འབད། དེ་ལྟར་བསྒྲུབས་པས་བླ་ཁུག་པའི་རྟགས་གསལ་ཞིང་ངེས་པར་བྱུང་རྗེས་ལིངྒ་ཚུར་ཕྱུང་ལ་ལྷ་དབྱེའི་རྫས་དུད་ཡང་ཟློག་ནས་བཤད་པ་ལྟར་བདུག །སླར་བྲུབ་ཁུང་ནང་དུ་བཅུག་ལ། གོང་གི་སྔགས་རིང་ཞབས་སུ། ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཅེས་གསད་སྔགས་བཏགས་ལ་བཟླ། ཐུན་ལ་ཡང་བསྔགས། ཐུན་དྲུག་ཏུ་དགུགས་འདྲེན་དགུ་རེ་ཙམ་གྱི་མཐར་གཏོར་བསྔོས་བསྟོད་བསྐུལ་བླ་འགུགས་ལྷ་དབྱེ་རྣམས་བྱས་རྗེས། བྲུབ་ཁུང་དུ་ཐུན་འཕང་ཞིང་། ཐུན་རྣམས་མཚོན་ཆ་དང་ཐོག་སེར་ཐན་དང་ལྟས་ངན་ནད་དང་དུག་མཚོན་སྣ་ཚོགས་པར་དངོས་སུ་གྱུར་པའི་ཆར་བ་བབས་པས་དགྲ་བོའི་ལུས་ཐམས་ཅད་ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས་ཏེ། ལས་བྱེད་ཕོ་ཉ་ཤ་ཟ་ཡི་དྭགས་རྣམས་ཀྱིས་ཤ་དུམ་བུ་ཁྲག་ཐིགས་པ་ཙམ་ཡང་མ་ལུས་པར་ཧབ་དིར་དིར་ཟོས་པར་བསམ་ལ་གཞུང་སྔགས་ལ་གསད་སྔགས་སྦྲེལ་བ་དགྲ་བོའི་ལོ་གྲངས་དུ་འགྲོ་བའི་ཚད་ཀྱི་སྔགས་གྲངས་བཟླས་པས་ཐུན་བྲབ། མཇུག་ཏུ་གོང་གི་དམོད་མོ་ལན་གསུམ་རེ་བྱ་ཞིང་ཐལ་མོ་ལན་བདུན་བདུན་བརྡབ། སླར་ཐུན་མགོར་འགུགས་པའི་དམིགས་པ་དང་བཅས་བླ་འགུགས་སྔགས་བརྒྱ་ཕྲག་རེ་ཙམ་བཟླ། དེ་རྗེས་སྦྲུལ་དཀར་ནག་གི་དམིགས་པ་དང་བཅས་གཞུང་སྔགས་ལ་གསད་སྔགས་བཏགས་ཤིང་སྔགས་བརྒྱ་ཕྲག་རེ་སོང་བ་དང་དམོད་མོ་བྱ་ཞིང་ཐལ་མོ་བརྡབ། ཐུན་རྒྱག་དུས་སྦྲུལ་དཀར་ནག་མི་དགོས། མི་རྒྱག་དུས་དམིགས་པ་ཡང་ཡང་གསལ་གདབ་པ་གལ་ཆེ། སྒྲུབ་པའི་རིང་བྲུབ་ཁུང་སྟེང་གི་གཏོར་མ་བདག་བསྐྱེད་ལྟ་བུའི་གཤིན་རྗེ་ལ་འཁོར་མ་གཤིན་དྲེགས་པའི་ཚོགས་ཀྱིས་བསྐོར། སྨད་དགྲ་བོའི་ཤ་ཁྲག་འདོད་ཡོན་བདུད་རྩིའི་རྒྱ་མཚོར་བསྒོམ་པ་གལ་ཆེ། དེ་ལྟར་བསྒྲུབས་པས་བསད་རྟགས་དང་མནན་བཅིངས་དང་རྒྱལ་ཁ་ཐོབ་པའི་རྟགས་ངེས་པ་བརྟན་པོ་ལན་འགའ་ཡར་མཐོང་ནས། ལས་ལ་སྦྱར་བ་ནི་ལིངྒ་གཞུང་ལྟར་བྱད་ཆས་བྱས་པ་སོགས་གང་དུ་གནོན་པའི་སར་ཁྱེར་ནས། དོང་བྲུས་ཟིན་པ་དང་། རང་ཉིད་གཤིན་རྗེ་དམར་པོ་སྔར་ལྟར་ལས། ཕྱག་གཡས་དགྲ་སཏྭ་དང་གཡོན་ལྕགས་ཀྱུ་ཐོགས་པའི། གཡས་ཀྱི་དགྲ་སཏྭ་ས་གཞི་ལ་བསྣུན་པས་་་སྔར་སྒྲུབ་རྟེན་གྱི་གྲི་ལྕགས་དེ་གནན་པའི་དོང་ནང་དུ་བརྡབ་པའི་ཚུལ་བྱས་ལ།ས་གཞི་ཤགས་ཀྱིས་གས་པ་དུམ་བུ་གཉིས་སུ་རེད་པའི་བར་ན་མཐའི་རྒྱ་མཚོ་ཆེན་པོ་སྔོ་མེར་རེ་མཐོང་བའི་ནང་ན་ཀླུ་བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན་ཁ་གནམ་ས་ཙམ་གདངས་པ། མིག་ཉི་ཟླ་ཙམ་ཉིན་མཚན་མེད་པར་གསལ་བ། མཆེ་བ་གངས་རི་ཙམ་གཙིགས་པ། ལྗགས་གློག་དམར་ཙམ་འཁྱུག་པ། དེའི་ཁ་ནང་དུ་འཕངས་པས་དགྲ་བོ་མི་ནོར་འཁོར་བཅས་ཐམས་ཅད་དེའི་ཁ་ནང་དུ་སྟིམ་གྱིས་ཚུད་པར་བསམ། གནན་པ་དོང་དུ་བཅུག །དབྱེ་འགུགས་དང་གཞུང་སྔགས་ཉེར་གཅིག་ཙམ་བཟླ། དེའི་ཚེ་འོག་གི་ས་བདག་ཀླུ་གཉན་ཐམས་ཅད་དགའ་ཞིང་ས་བདག་གི་ཕྲུ་གུ་ཐམས་ཅད་ཙི་དིར་རི་རི་འདུག་པ་དགྲ་བོ་བསྐལ་པ་མ་སྟོངས་ཀྱི་བར་དུ་འཆོར་བ་དང་ཐར་ས་མེད་པ། སླར་ཀླུ་བདུད་ཆུ་སྲིན་དེ་ཉིད་ཁ་འཐམ་ནས་ཉི་ཟླ་གཟས་བཟུང་བ་ལྟར་མུན་པ་ནག་རུབ་ཀྱིས་སོང་ནས་ཐར་མེད་དུ་སོང་བར་བསམ།་་་སྔར་སྒྲུབ་རྟེན་གྱི་གཡག་རྔ་དེ་ཉིད་ཀྱིས་མནན་པའི་སྟེང་དུ་བརྡབ་ཅིང་སྔགས་དང་དམོད་པ་བརྗོད། མཆན། མེ་ཆུ་གོ་ལྡོག་དང་གཟིར་གནན་འདུལ་སྦྱོང་གི་བྲོ་སོགས་གཞུང་ལྟར་བྱ། སླར་ནང་དུ་ལྡོག་ནས་གཏོར་མ་ལ་ཤ་ཟན་སྨན་རཀ་བྲན། གཏོར་བསྔོས་བསྡུས་པ་ཞིག་གཏང་རག་ཏུ་ཕུལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། གཏོར་མར་བསྐྱེད་པའི་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་ཕྱིར་སྤགས་ཤ་ཟན་དང་སྨན་རཀ་སྦྲོན། མེ་མར་བཙུགས། གཏོར་མར་དགྲ་བགེགས་དགུག་གཞུག་ལན་གསུམ་བྱས་ལ། ཐ་མའི་མཇུག་ཏུ་གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་དམིགས་པ་གཤིན་རྗེའི་ཚོགས་ལ་དམག་ལྟོའི་ཚུལ་དུ་གོང་ལྟར་གཏོར་བསྔོས་བྱས་ལ་དབུལ། སླར་གཏོར་མ་གཤིན་རྗེའི་དམག་ཚོགས་གོ་ཆ་སྲ་ཞིང་མཚོན་ཆ་སྣ་ཚོགས་བསྣམས་པ། སྟོང་གསུམ་གང་བ་ཀུ་སྒྲ་དང་བསྭོ་སྒྲ་འབྲུག་ལྟར་སྒྲོག་པ་དགྲ་ཡུལ་དུ་ཆས་ལ་ཁད་པར་བསམ་ལ། སྔར་གྱི་བསྟོད་བསྐུལ་བྱས་ནས་གཏོར་མ་དགྲ་ཕྱོགས་སམ་ལྷ་འདྲེ་དྲག་པོ་གནས་པའི་སའམ་ཐེབས་ཕྱོགས་སུ་འཕང་བའི་ཚེ། གཤིན་རྗེའི་དམག་ཚོགས་རྣམས་གློག་འགྱུ་བ་ལྟར་སྐད་ཅིག་ལ་དགྲ་ཡུལ་དུ་སོང་། ཐན་དང་ལྟས་ངན་ནད་མཚོན་དམེ་འཁྲུག་གི་ཆར་ཕབ། དགྲ་བོའི་སྙིང་ནང་དུ་ཕོ་བྲང་བཏབ། མནན་ཅིང་བཅིངས་པའི་ལས་བྱས། ཤ་ཟོས་ཁྲག་འཐུང་དགྲ་བོའི་བདུན་རྒྱུད་ཚུན་ཆད་རྩད་ནས་བརླག་པར་བསམ། ནང་དུ་འོང་ནས་དམིགས་མེད་ཀྱི་རྒྱས་གདབ་ཅིང་། ཚེ་སྒྲུབ་དང་སྲུང་བའི་རིམ་པ་ལ་འབད། ལག་ལེན་ཞིབ་ཆ་མཐོང་བརྒྱུད་དུ་ཡང་བལྟ་བར་བྱའོ། །རྒྱུད་ཆེན་པཱ་ལ་པ་ཏྲའི་འཇིངས་ཟབ་ལས། །དེད་དཔོན་ལྷ་ཡི་ཟླ་བས་རབ་འཁྱོངས་པའི། །ཤོར་སང་ཉི་མ་ཁྲོས་པའི་རིན་ཆེན་དབང་། །སྔགས་འཆང་ཆོ༵ས་ཀྱི༵་གྲ༵གས་པ༵འི་བློ་གྲོས་ཀྱི། །རྒྱལ་མཚན་རྩེར་བཅིངས་དེ་ལ་གསོལ་བཏབ་ནས། །བློ་དམན་སྔགས་པའི་བློ་དང་རབ་འཚམ་པའི། །རླུང་སྒྲུབ་ལས་བྱང་ཚིག་ཉུང་དོན་ཚང་འདི། །རིམ་གཉིས་གནད་སོང་རང་ལོ་ཞེ་དགུ་པར། །ལྷག་པའི་ལྷ་དང་ཡང་ཡང་མཇལ་བའི་ཚེ། །དགྱེས་བཞིན་གནང་བ་ཐོབ་ནས་ཟིན་བྲིས་སུ། སྲ་བརྟན་རྡོ་རྗེའི་གནས་སུ་་་༼རྩེ་བ་གཞིས་ཀ།༽མགྱོགས་པར་སྦྱར། །འདི་དགེས་འགྲོ་ཀུན་བྱང་ཆུབ་སར་བགྲོད་ཤོག །སརྦ་དཱ་མངྒ་ལཾ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་བསྒོམ་དོན་གསལ་བའི་མེ་ལོང་ལས་ཁྱད་པར་ཅན་གྱི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ཡིག་ (Volume 24, Text 23)

༄༅། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་བསྒོམ་དོན་གསལ་བའི་མེ་ལོང་ལས་ཁྱད་པར་ཅན་གྱི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ཡིག་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། སྟོང་ཉིད་འོད་གསལ་ཡེ་ཤེས་མངོན་དུ་མཛད། །བདེ་ཆེན་སྙིང་རྗེའི་གར་གྱིས་སྲིད་པ་འཛིན། །མཐའ་ལ་མི་གནས་ཟུང་འཇུག་རྡོ་རྗེ་འཆང་། །གཏེར་ཆེན་བླ་མའི་ཞབས་ལ་གུས་པས་འདུད། །དེ་ལྟར་སྤྱིའི་སྔོན་འགྲོ་མཐར་ཕྱིན་ནས་གཉིས་པ་བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་ཁྱད་པར་ཅན་གྱི་སྔོན་འགྲོ་ནི། རྩ་བའི་སྒྲུབ་པ་ལས། ཡིད་འོང་དབེན་པའི་ས་ཕྱོགས་སུ༔ ཞེས་པས་ཡིད་དང་མཐུན་པའི་གནས་ཆོམ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་། སྐྱེ་བོའི་རྒྱུ་འགྲུལ་དང་། སྒྲའི་གླག་ཅོར་སོགས་བསམ་གཏན་ལ་ཚེར་མ་མི་འབྱུང་བ། ཆུ་ལུས་ལ་འཕྲོད་ཅིང་ཆུ་ཤིང་སོགས་མཐུན་རྐྱེན་འཛོམ་པ། བླ་མ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས་དབེན་པ་ཉིད་བརྟེན་པ་གལ་ཆེ་སྟེ། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེར་སྤང་བར་བྱ་བ་སྒོ་གསུམ་གྱི་མི་དགེ་བ་དང་། ལུང་མ་བསྟན་གྱི་བྱ་བྱེད་ཐམས་ཅད་སྤང་དགོས་པར་མ་ཟད། བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དེ་སྲིད་དུ་ཏིང་ངེ་འཛིན་ལ་གནོད་ན་དགེ་བའི་བྱ་བ་ཡིན་ཡང་རེ་ཞིག་དོར་ནས། བརྟེན་པར་བྱ་བ་ནི། ཡང་དག་པའི་བླ་མ་དམ་པ་དགོངས་ཉམས་ཅན་དང་། སྡིག་དང་མ་འདྲེས་པའི་འཚོ་བའི་ཡོ་བྱད། འདིར་བསྐྱེད་རིམ་དང་འབྲེལ་བར་བསྙེན་སྒྲུབ་ལས་གསུམ་བྱེད་ན་སྒྲུབ་ཐབས་བཞིན་དུ་དེར་དགོས་པའི་ཁྱད་པར་གྱི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱ། ཁྱད་པར་དུ་ཏིང་ངེ་འཛིན་བརྟན་པའི་རྐྱེན་ལུས་ཀྱི་ངལ་དུབ་དྲག་ཤུལ་དང་། ངག་གི་ལོང་གཏམ། ཡིད་ཀྱི་རྣམ་རྟོག་རྒྱུན་བཅད་དེ་དལ་བ་གསུམ་བརྟེན་ནས་རྣལ་འབྱོར་ལ་གཞོལ་བར་བྱ་སྙམ་དུ་ཞེ་དམ་དྲག་པོ་བཅས། དེ་ཡང་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་ཤེས་བརྒྱད་དང་ལྡན་པའང་གདམས་ངག་བསྒོམ་པ་ལ་མེད་ཁ་མེད་ཀྱི་ཡན་ལག་ཡིན་པས་ངེས་པར་བྱ་དགོས་སོ། །དེ་ལ་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་མན་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པས་ཉམས་ལེན་ལ་མི་སྤྲོ་བའི་ལེ་ལོ། བསྒོམ་བྱའི་ཚིག་དོན་བརྗེད་པ། བྱིང་རྒོད་ཀྱི་དབང་དུ་སོང་བ། དེ་གཉིས་བྱུང་ཚེ་གཉེན་པོ་མི་བརྟེན་པ། བྱིང་རྒོད་ཞི་ནས་ཀྱང་ཧ་ཅང་གཉེན་པོ་སྟོབས་ཆེས་ན་སྐྱོན་དུ་འགྱུར་བའོ། །དེ་དག་སེལ་བའི་འདུ་ཤེས་བརྒྱད་ནི། སྔ་མ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུ་འོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པ་འོ། །ཞེས་པས་ལེ་ལོའི་གཉེན་པོར་བསྒོམ་པ་ལ་ཡིད་འདུན་པ་སྟེ་གནས་དང་། དེ་ལ་གནས་པ་འབད་རྩོལ་གྱི་བརྩོན་འགྲུས་དང་། འདུན་པ་སྐྱེ་བའི་རྒྱུ་དད་པ་དང་། བརྩོན་འགྲུས་ཀྱི་འབྲས་བུ་སྒོ་གསུམ་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བ་དང་བཞིའོ། །དམིགས་པ་བརྗེད་པའི་གཉེན་པོར་ཚིག་དོན་མི་བརྗེད་པའི་དྲན་པ། བྱིང་རྒོད་གཉིས་བྱུང་མ་བྱུང་རྟོག་པའི་ཤེས་བཞིན་དང་། བྱུང་ཚེ་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ། ཧ་ཅང་གཉེན་པོ་སྟོབས་ཆེས་པའི་གཉེན་པོར་བཏང་སྙོམས་འདུ་མི་བྱེད་པ་དང་བརྒྱད་དོ། །དེ་དག་ནི་ཁྱད་པར་ཅན་གྱི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ན་སྨོས་མ་དགོས། མ་ཐོབ་ན་སྐབས་འདིར་དབང་ཡོངས་སུ་རྫོགས་པ་བསྐུར་བའམ། ཡང་ན་སྐབས་ཐོབ་ལྟར་བསྐྱེད་རིམ་གྱི་སྔོན་དུ་སྤྲོས་བཅས་ཀྱི་དབང་དང་། རྫོགས་རིམ་གྱི་སྔོན་དུ་སྤྲོས་མེད་མཆོག་དབང་གོང་མ་གསུམ་བསྐུར་བས་རྒྱུད་སྨིན་པར་བྱས་ནས་ཁྲིད་ལ་འཇུག་གོ །དེ་ལ་འགྲོ་བ་མཐའ་དག་གདོད་མ་ནས་སྒྲིབ་གཉིས་ཀྱི་འཁྲུལ་པ་དང་བྲལ་བའི་སྐུ་གསུང་ཐུགས་མི་ཤིགས་པའི་རྡོ་རྗེ་གཉུག་མ་བདེ་བར་གཤེགས་པའི་སྙིང་པོར་གནས་ཀྱང་། མ་རྟོགས་པའི་དབང་གིས་འཁོར་བའི་ཆོས་སྒོ་གསུམ་ཉེར་སྤྱོད་དང་བཅས་པ་རྨི་ལམ་གྱི་སྣང་བ་ལྟར་གློ་བུར་འཁྲུལ་པའི་སྣང་ངོར་ཤར་ནས་ཟག་བཅས་ཀྱི་ལས་སྣ་ཚོགས་ལ་སྤྱད་པས་སྡུག་བསྔལ་གྱིས་ཉམ་ཐག་གོ །དེ་བས་ན་སྦྱང་གཞི་བདེ་གཤེགས་སྙིང་པོ། སྦྱང་བྱ་མ་དག་གློ་བུར་གྱི་དྲི་མ་ཡིན་པས། དེ་སྦྱོང་བྱེད་ཀྱང་། དང་པོར་བསྐྱེད་རིམ་གྱིས་འཁོར་བའི་ཆོས་འདི་དག་མེད་པ་གསལ་སྣང་ཙམ་དུ་ཐག་བཅད་དེ་དག་པའི་སྣང་བར་བསྒྱུར་ནས་བསྒོམས་པས་སྒྲིབ་པ་ཀུན་བརྟགས་གློ་བུར་གྱི་ཆ་སྦྱོང་བ་དང་བསོད་ནམས་ཀྱི་ཚོགས་བསགས། རྫོགས་རིམ་གྱིས་གནས་ལུགས་བཞིན་དུ་མངོན་སུམ་དུ་ཉམས་སུ་མྱོང་བར་བྱས་པས་སྒྲིབ་པ་ས་བོན་གྱི་ཆ་སྦྱངས་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡིན་པས། དེ་ལ་ལྟོས་ནས་རྩ་བར། གཉིས་པར་བསྐྱེད་དང་རྫོགས་པ་སྟེ༔ ཞེས་པས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས། དང་པོ་ལའང་། བསྐྱེད་རིམ་གཙོ་བོར་བྱེད་པའི་དབང་དུ་བྱས་ཏེ་རྒྱས་པ་དང་། རྫོགས་རིམ་གཙོ་བོར་བྱེད་པའི་རྟེན་ཙམ་དུ་བསྐྱེད་རིམ་བསྡུས་པའི་ཚུལ་གཉིས་ལས། དང་པོ་ནི། རྩ་བར། དང་པོ་རྒྱས་པའི་རིམ་པ་ལ༔ མོས་ན་དེ་ཡི་མན་ངག་རྣམས༔ སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ༔ ཞེས་པས་སྒྲུབ་རྟེན་ལ་བརྟེན་ནས་རང་ཉིད་དེ་དང་རོ་གཅིག་ཏུ་བྱས་ཏེ་ལས་བྱང་ལྟར་ཕྱི་དཀྱིལ་སྒོམ་པ་ཕྱི་སྒྲུབ་བསྙེན་པའི་ཡན་ལག །ནང་ལྟར་དཀྱིལ་འཁོར་ལུས་ལ་འགོད་པ་ནང་སྒྲུབ་སྒྲུབ་པའི་ཡན་ལག །གསང་བ་ལྟར་རྩ་ལ་འགོད་པ་གསང་སྒྲུབ་ལས་ཀྱི་སྦྱོར་བ་དང་། ཡང་གསང་སེམས་ལ་འགོད་པས་ལྷ་སྐུ་རིག་རྩལ་དུ་ངོ་སྤྲོད་པ་ཡིན་པས། ཕྱི་མ་གཉིས་དོན་ལ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །འོན་ཀྱང་ད་རེས་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་དེ་དག་གཏང་སྙོམས་སུ་བྱས་ཀྱི། སྤྲོ་ན་རྩ་བའི་སྒྲུབ་ཐབས་མ་བུ་དང་། རྗེས་མཛད་པའི་བསྙེན་ཡིག་སོགས་ལས་ཤེས་པར་བྱའོ། །གཉིས་པ་བསྡུས་པའི་ཚུལ་ལ། སྐུ་ཕྱག་རྒྱའི་རྣལ་འབྱོར་དང་། གསུང་བཟླས་པའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རྩ་བར། ཡང་ན་སྔོན་འགྲོ་མཐར་ཕྱིན་པས༔ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ རང་ཉིད་ཇོ་བོ་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ གསལ་ལ་མ་འདྲེས་དམ་ཚིག་ལྷའི༔ ངོ་བོར་བསྒོམས་པའི་ལུས་ཀྱི་དབུས༔ དྷཱུ་ཏི་་་དབུ་མ་ནི། བདེ་མཆོག་ལས། རྒལ་ཚིགས་དབྱུག་པའི་རྣམ་པ་འདི། །མཆོག་གི་ཧེ་རུ་ཀ་ཡི་རྟེན། །ཕུང་པོ་ཁམས་སོགས་སངས་རྒྱས་ཀྱི། །ཀ་བ་ཞེས་ནི་མངོན་བརྗོད་བྱ།་་་ཕྱི་དཀར་ནང་དམར་བ༔ དྭངས་གསལ་མི་གཡོའི་འགྲམ་གཉིས་ན༔ རོ་མ་དང་ནི་རྐྱང་མ་གཉིས༔ ཁྲག་དང་ཁུ་བས་གང་བ་ཉིད༔ འཁོར་ལོ་བཞི་ཡི་ལྟེ་བ་རུ༔ ཐིམ་པའི་ཚུལ་དུ་མི་མངོན་པ༔ རོ་མ་ལས་ནི་རཀྟ་དང༔ རྐྱང་མ་ལས་ནི་ཤུ་ཀྲ་གཉིས༔ ལྷན་ཅིག་སྟེང་དང་འོག་དག་ནས༔ འཕྱུར་བ་ཆོས་ཀྱི་འཁོར་ལོར་སོན༔ དེ་གཉིས་ཟླ་བ་ཉི་མར་གྱུར༔ དེ་དབུས་རླུང་སེམས་དྭངས་མ་ཧྲཱི༔ གསུམ་ཀ་གཅིག་འདྲེས་དེ་ཉིད་ལས༔ འོད་འཕྲོས་ཚུར་འདུས་ཡོངས་གྱུར་པ༔ རང་ཉིད་ཅི་འདྲའི་ཡེ་ཤེས་སེམས༔ དྭངས་གསལ་འབར་བའི་འོད་འཕྲོ་བ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི༔ སྙིང་གར་ཨུཏྤལ་དམར་པོའི་དབུས༔ ཏིང་འཛིན་ཧྲཱིཿཡིག་ཡུངས་འབྲུ་ཙམ༔ ཞེས་གསུངས་ཏེ། ཡང་ན་ཞེས་པ་ནི་རྒྱས་པ་མི་ནུས་ན་བསྡུས་པ་འདི་ཙམ་བསྒོམ་ཞེས་འདམ་ཁ་ཅན་དུ་གསུངས་པའོ། །དེའི་སྒོམ་ཚུལ་ནི། ཐོག་མར་གནད་གདམས་ལས། དངོས་གཞིའི་ཉམས་དང་རྟོགས་པའི་རྩལ༔ སྐྱེད་བྱེད་མྱུར་བའི་ལམ་གྱི་སྒོ༔ ཞེས་པས་སྔོན་འགྲོ་ནི་དངོས་གཞིའི་ལམ་གྱི་ཉམས་རྟོགས་སྐྱེད་བྱེད་ཀྱི་སྒོ་ཡིན་པས་སྔར་མཐར་ཕྱིན་པ་སོང་ན། སྐྱབས་སེམས་བླ་མའི་རྣལ་འབྱོར་ཙམ་གྱིས་ཆོག་མོད། དེ་ལྟར་མ་ཡིན་ན། སྔ་ཐུན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་དྲག་ལ་འཇུར་པ་ཡུན་རིང་ཐུང་ཅི་རིགས་པར་བྱ་ཞིང་། ཕྱི་ཐུན་རྣམས་ལ་བསྡུ་ན་ཐུན་ལ་འཇུག་པའི་སྔོན་འགྲོ་ཙམ་བྱས་རྗེས་ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་དང་མཐུན་པ་ཙམ་བྱས་ལ་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འགག་མེད་སྙིང་རྗེའི་རྩལ་སྣང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་དར་གཅིག་མཉམ་པར་གཞག །དེ་གཉིས་ཟུང་དུ་འཇུག་པའི་རྒྱུ་ལས་པདྨ་དང་ཉི་ཟླའི་གདན་ལ་བདག་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ་བསྡམས་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་གཡས་པདྨའི་ཕྲེང་བ་དང་། གཡོན་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། མཛེས་ཤིང་ཡིད་དུ་འོང་བ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་མ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡས་འོག་མས་རལ་གྲི་དང་། གཡོན་འོག་མས་ཁ་ཊྭཱཾ་ག་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོ་རྒྱས་པའི་ཉམས་ཅན་རུས་པའི་རྒྱན་གྱིས་བརྒྱན་པའོ། །དེ་ནི་དམ་ཚིག་སེམས་དཔའ་བསྒོམ་པའི་རིམ་པ་སྟེ། རིམ་གྱིས་གསལ་བཏབ་ཅིང་། མི་གསལ་ན་བྲིས་སྐུ་ལྟ་བུ་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་ན་དེ་ལ་རྩེ་གཅིག་ཏུ་ཡིད་བཞག་ནས་བསྒོམས་པས་གསལ་བར་འགྱུར་གསུང་སྟེ་དམིགས་སྐོར་དང་པོའོ། །དེ་ལྟར་བསྒོམས་པས་ལྷའི་རྣམ་པ་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་པ་དང་། ཕྱི་ལྷའི་རྣམ་པ་དེ་ག་ལ་ནང་སྟོང་ར་ཕྲུ་མ་ཕུས་གདབ་པ་ལྟར་གསལ་བའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབས་སྟོང་། དྭངས་ཤིང་སྒྲིབ་པ་མེད་པར་གསལ་བ། དྲང་ཞིང་གཡོ་བ་མེད་པ། ཡར་སྣ་ཚངས་བུག་དང་། མར་སྣ་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་ཁྲག་གིས་གང་བ་དང་། གཡོན་དུ་རྐྱང་མ་དཀར་པོ་ཁུ་བས་གང་བ། ཡར་སྣ་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་སུ་ཟུག་ཅིང་མར་སྣ་ལྟེ་འོག་སོར་བཞིའི་ཐད་ནས་གུག་པའི་སྣ་དྷཱུ་ཏིར་ཚུད་པ། འཁོར་ལོ་བཞིའི་ཐད་ཀར་དྷཱུ་ཏི་ལ་ཐིམ་པའི་ཚུལ་དུ་ནང་ཁོངས་འབྲེལ་བར་གནས་པས་མི་མངོན་པ། དེ་ལྟར་རྩ་གསུམ་སྲོག་ཤིང་བསླང་བ་ལྟ་བུ་ལ་འཁོར་ལོ་བཞི་གདུགས་ཀྱི་རྩིབས་མ་བསྐོན་པ་ལྟ་བུ་སྟེ། འཁོར་ལོ་བཞིའི་ལྟེ་བའི་དྷཱུ་ཏི་ནས་ཕྱོགས་བཞིར་རྩ་རེ་རེ་སྟེ་རྩ་བཞི་བཞི་གྱེས་པ་ལས་སྙིང་གར་དེ་ལས་གཉིས་རེར་གྱེས་པས་རྩ་འདབ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་རེར་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་ཀྱང་གཉིས་རེརགྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་རྩ་འདབ་བརྒྱད་ཀྱི་བཞི་ལས་གཉིས་རེར་གྱེས་པས་བཅུ་གཉིས་དང་། དེའི་སྔར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་སྟེ་དྲུག་ཅུ་རྩ་བཞི་ལས། དྲུག་རེ་གྱེས་པའི་ཡ་གྱལ་རེ་རེ་རླུང་མི་འབབ་པས་སྟོང་པའི་རྩ་བཞི་ཞེས་ཟེར་ཏེ། རྩ་འདབ་ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ་སྟེ་དམིགས་སྐོར་གཉིས་པའོ། །འདི་ལ་འཁོར་ལོ་བཞི་གསལ་མ་ཐེབས་ན་རྩ་གསུམ་གསལ་བཏབ་པ་ཙམ་གྱིས་ཀྱང་དགོས་པ་འགྲུབ་གསུང་། དེ་ལྟར་གསལ་ཐེབས་པ་དང་མངོན་བྱང་ལྔའི་སྒོ་ནས་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། རྐྱང་མའི་མར་སྣ་ལས་ཁུ་བ་དྷཱུ་ཏིའི་ནང་དུ་ཞུགས་ཏེ་འོག་ནས་ཡར་སྐྱ་ཕྱུར་ཕྱུར་འོངས་པ་སྙིང་གའི་འཁོར་ལོའི་ལྟེ་བར་སོན་པ་ན་ཟླ་བའི་དཀྱིལ་འཁོར་ཉ་གང་བར་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། སྨིན་མཚམས་ཀྱི་ཐད་ཀྱི་རོ་མ་ལས་རཀྟ་དྷཱུ་ཏིའི་ནང་དུ་ཐོགས་པ་མེད་པར་ཞུགས་ཏེ་སྟེང་ནས་མར་དམར་ཕྱུར་ཕྱུར་བབས་པ་སྙིང་གའི་འཁོར་ལོར་སླེབ་པ་ན་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་ནི་མཉམ་ཉིད་ཡེ་ཤེས། ཉི་ཟླ་གཉིས་ཀྱི་བར་དུ་རླུང་སེམས་མི་ཤིགས་པའི་དྭངས་མ་ཧྲཱིཿཡིག་དམར་པོ་གསལ་ཞིང་འཚེར་བ་ནི་སོར་རྟོག་ཡེ་ཤེས། དེ་གསུམ་ཞུ་ནས་གཅིག་ཏུ་འདྲེས་པའི་འོད་ཕུང་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་དྭངས་གསལ་འབར་བའི་འོད་ཟེར་འཕྲོ་བར་བསྒོམ་པ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ཆོ་ག་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་གསུངས་པ་ལྟར་བསྒོམ་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟར་གསལ་བརྟན་དུ་གྱུར་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་ཡུངས་འབྲུ་ཙམ་པ་མར་མེ་ལྟར་འབར་ཞིང་གསལ་བར་བསྒོམ། དེ་ལྟར་སེམས་དཔའ་གསུམ་རིམ་པར་གསལ་བཏབ་ཅིང་། མེ་ལོང་ནང་གི་གཟུགས་བརྙན་གྱི་དཔེ་དང་སྦྱར་ཏེ་རྣམ་པ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་དེ་ལ་གནད་དུ་བསྣུན་ནས་སྒོམ་པ་གལ་ཆེ་སྟེ། རྒྱལ་པོ་ལུང་བསྟན་རྡོ་རྗེའི་ཞལ་ནས། ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ཡང་བྱ་སྟེ་དམིགས་སྐོར་བཞི་པའོ། །འདིར་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་ཡིན་པས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་སོགས་མ་བྱས་ཀྱང་ཆོག་སྟེ། གཉུག་མའི་ལྷ་དེ་གློ་བུར་དྲི་བྲལ་གྱི་རྒྱལ་བ་རྣམས་དང་གདོད་མ་ཉིད་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས་དམ་ཡེ་དབྱེར་མེད་པའི་རྒྱུ་མཚན་གྱིས་ཡིན་ལ། ཡང་ལས་གཞུང་ལས་འབྱུང་བ་ལྟར་སྤྲོ་ན་བྱས་ཀྱང་འགལ་བ་ནི་མ་མཐོང་ངོ་གསུང་། གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་སྟེ། ཡིད་བཟླས་རྩ་བའི་བཟླས་པ་དང་། དེའི་ལས་སྦྱོར་སྦྱང་བ་གསུམ། སྐྱོ་ན་ངག་གི་བཟླས་པ་བྱ་བའོ། །དང་པོ་ནི། རྩ་བར། དེ་ལས་འོད་ཟེར་སོར་གཅིག་ཏུ༔ འཕྲོ་ཞིང་དེ་ནས་མི་མངོན་པར༔ བུན་བུན་ཡལ་བར་བསྒོམས་བྱས་ལ༔ སེམས་བཟུང་ཡིད་ཀྱི་བཟླས་པ་བྱ༔ ཞེས་གསུངས་ཏེ། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་རྣམ་པ་གསལ་བརྟན་གྱི་ཉམས་སྐྱེས་པ་ན། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་དེ་ལས་འོད་ཟེར་དམར་པོ་རིང་ཐུང་སོར་གཅིག་ཙམ་རེ་སྤྲོས་པའི་རྩེ་མོ་བུན་བུན་ཡལ་བར་བསྒོམས་ལ། ཡི་གེ་བཅུ་པའི་ཡིད་བཟླས་བྱ་བ་ཡིན་ཏེ་དམིགས་སྐོར་དང་པོའོ། །གཉིས་པ་ལས་སྦྱོར་སྦྱང་བ་ལ་གསུམ་སྟེ། བགེགས་སྦྱང་ཞིང་བསྲུང་བ། ནད་གདོན་སྦྱང་བ། སྡིག་སྒྲིབ་སྦྱང་བའོ། །དང་པོ་ནི། རྩ་བར། སླར་ཡང་ཧྲཱིཿལས་འོད་ཟེར་འཕྲོས༔ འོད་ཟེར་མཚོན་ཆ་འབར་བའི་མེ༔ སྤྲོས་པས་བགེགས་བསྐྲད་ཕྱོགས་མཚམས་ཀུན༔ བསྲུང་བའི་འཁོར་ལོས་བརྟན་པར་བྱ༔ ཞེས་གསུངས་ཏེ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་ཚ་ཞིང་རྩུབ་པ་མེ་དང་མཚོན་ཆའི་རྣམ་པ་ཅན་ཉི་ཟེར་རྡུལ་ཕྲན་ལྟ་བུ་སྤྲོས་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་མཐར་བསྐྲད། འོད་ཟེར་རྣམས་ཚུར་འདུས་པ་ལས་མཚོན་ཆ་དང་མེའི་གུར་གྱིས་བཅིངས་ཏེ་བརྟན་པར་བསམ་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་གཉིས་པའོ། །གཉིས་པ་ནད་གདོན་སྦྱང་བ་ནི། རྩ་བར། ཏིང་འཛིན་ཧྲཱིཿལས་མཚོན་ཆ་དང༔ འབར་བའི་མེ་ཡིས་རྩ་སྦུབས་གང༔ ནད་གདོན་བ་སྤུའི་ཁུང་བུ་ནས༔ ཕྱིར་དེད་དྲག་པོའི་མེ་ལྕེ་ཡིས༔ རབ་ཏུ་བསྲེགས་ཤིང་བཅོམ་པར་བསམ༔ ཞེས་གསུངས་ཏེ། ཧྲཱིཿལས་མེ་མཚོན་སྔར་ལྟར་སྤྲོས་ཏེ་རྩ་སྦུབས་ཐམས་ཅད་ཁེངས་པས་ནད་རྣམས་རྣག་ཁྲག་ལྗན་ལྗིན་དང་གདོན་རྣམས་སྲོག་ཆགས་ཕྲ་མོའི་རྣམ་པར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་དེད་དེ་བསྲེགས་ཤིང་གཏོར་བས་ལྷག་མེད་དུ་སྦྱངས་པར་བསམ་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་གསུམ་པའོ། །གསུམ་པ་སྡིག་སྒྲིབ་སྦྱང་བ་ནི། རྩ་བར། ཧྲཱིཿལས་མེ་འོད་ཀུནྡཱ་ལྟར༔ དཀར་བ་སྤྲོས་པས་རང་རྒྱུད་ཀྱི༔ སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས༔ ལུས་ནང་གང་བའི་མེ་ལྕེ་རྣམས༔ བ་སྤུའི་སྒོ་ནས་ཕྱིར་སོང་བས༔ སྐྱེ་འགྲོའི་ལུས་ཞུགས་སྡིག་སྒྲིབ་རྣམས༔ བསྲེགས་སྦྱངས་འོད་ཀྱི་རྣམ་པར་ནི༔ ཏིང་འཛིན་ཧྲཱིཿལ་བསྟིམ་པར་བྱ༔ ཞེས་གསུངས་ཏེ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་མེ་འོད་དཀར་པོ་གསལ་ཞིང་འབར་བ་སྤྲོས་པས་རང་གི་ལུས་ནང་ཐམས་ཅད་གང་། སྡིག་སྒྲིབ་རྣམས་ཚང་མང་གི་དུད་པ་ལྟར་ནག་ངམ་མེ་གནས་པ་ཐམས་ཅད་བསྲེགས་ཤིང་སྦྱངས་པས་ལུས་ནང་དཀར་སང་གིས་དག་པར་བསམ་ལ་ཡིད་བཟླས་བྱ། དེ་ནས་ལུས་ནང་གི་མེ་ལྕེ་རྣམས་རང་གི་བ་སྤུའི་བུ་ག་ཐམས་ཅད་ནས་ཐོགས་པ་མེད་པར་ཕྱིར་འཐོན་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ནང་དུ་ཞུགས་ནས་སྡིག་སྒྲིབ་རྣམས་སྔར་ལྟར་བསྲེགས་ཤིང་སྦྱངས་པས་འོད་དུ་ཞུ་ནས་ཚུར་འདུས་པ་སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ལ་ཡིད་བཟླས་བྱ་སྟེ་དམིགས་སྐོར་བཞི་པའོ། །གསུམ་པ་ངག་གི་བཟླས་པ་ནི། རྩ་བར། སླར་ཡང་ཧྲཱིཿམཐར་སྔགས་ཕྲེང་རྣམས༔ ཤིན་ཏུ་ཕྲ་བར་བསྒོམས་པ་ལས༔ འོད་འཕྲོས་དོན་བྱས་བདག་ལ་བསྟིམ༔ སྒྲུབ་དང་བདེ་ཆེན་བཟླས་པ་བྱ༔ ཞེས་གསུངས་ཏེ། དེ་ལ་གཉིས་ལས། སྤྲོ་བསྡུའི་བཟླས་པ་ནི། སྙིང་གའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་སྤུས་བྲིས་པ་ལྟར་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་ལྡེམ་མེ་གཡས་སུ་བསྐོར་བ། དེ་ལས་འོད་ཟེར་སྤྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་སྒྲིབ་པ་དག་ཚོགས་རྫོགས། དབང་བཞི་ཐོབ་པར་བསམ། ཡང་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་སོགས་གློ་བུར་གྱི་དྲི་མ་ཐམས་ཅད་སྦྱངས་པས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ངོ་བོར་སངས་རྒྱས་ཏེ། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ །དྲན་རྟོག་ཐམས་ཅད་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ནས་ངག་གི་བཟླས་པ་ཅི་ནུས་བྱ་སྟེ་དམིགས་སྐོར་ལྔ་པའོ། །བདེ་ཆེན་གྱི་བཟླས་པ་ནི། ཐུགས་ཀའི་ཧྲཱིཿལས་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། པདྨ་ནས་རྡོ་རྗེའི་ལམ་བརྒྱུད་དེ་ཐུགས་ཀའི་ཧྲཱིཿལ་ཐིམ་པའི་ཚུལ་གྱིས་སྔགས་ཕྲེང་འགལ་མེ་འཁོར་བ་ལྟ་བུ་ལ་ཤེས་པ་གཏད་ཅིང་། བདེ་སྟོང་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་གཞག་ནས་ངག་གི་བཟླས་པ་བྱ་སྟེ་དམིགས་སྐོར་དྲུག་པའོ། །སྐུ་ཕྱག་རྒྱ་དང་གསུང་བཟླས་པའི་རྣལ་འབྱོར་གྱི་སྐབས་ཐམས་ཅད་དུ་ཐུན་འཇོག་པའམ་ཉལ་བའི་ཚེ། དག་པའི་སྣོད་བཅུད་ཐམས་ཅད་རང་ལ་བསྟིམས་ནས་རིམ་བཞིན་ཐུགས་ཀའི་ཧྲཱིཿཡིག་གི་བར་དུ་བསྡུས་ཏེ། དེ་ཉིད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་བསྡུས་ཏེ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་གཞག །ཉལ་བ་ལས་ལྡང་བའམ། སྤྱོད་ལམ་ལ་འཇུག་པ་ན། ཅི་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་གསུང་། དྲན་རིག་ཐུགས་སུ་ཤེས་པར་བྱས་ལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ལུས་ནི་སྣང་སྟོང་འོད་སྐུར་དག༔ ངག་ནི་གཞོམ་མེད་རང་སྒྲར་ཡལ༔ སེམས་རྟོག་བདེ་ཆེན་ཆོས་སྐུར་གྲོལ༔ བདེ་གཤེགས་ཐུགས་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ ཅེས་བསྔོ་བ་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་འབད་པས་རྣམ་རྟོག་གི་རྒྱུ་བ་ཇེ་ཉུང་དང་། བརྟན་པ་ཇེ་ཐོབ་ཏུ་གྱུར་ཏེ། རིམ་གྱིས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིར་ཡང་འཆར། །ཞེས་པས་ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ། གསང་བའི་དྲོད་སྤྱོད་ཡུལ་སྒྱུ་མ་ལྟ་བུར་ཤེས་པ་སོགས་འབྱུང་ཞིང་། དེ་ལྟར་ཉམས་སུ་མྱོང་བའི་རྟགས་ཀྱང་མང་དུ་འབྱུང་གསུང་སྟེ། དེ་དག་ཤེས་པར་བྱ་བ་དང་ཡོན་ཏན་ངོ་སྤྲོད་ཅིང་སྐྱོན་བཅོས་ཚུལ་སོགས་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །འདི་རྫོགས་རིམ་གྱི་རྟེན་དུ་འགྲོ་ཚུལ་གང་ཞེ་ན། ལྷའི་སྐུ་སྒོམ་པ་སྐུ་རྡོ་རྗེའི། སྔགས་བཟླ་བ་གསུང་རྡོ་རྗེའི། འོད་གསལ་དུ་འཇུག་པ་ཐུགས་རྡོ་རྗེའི་རྫོགས་རིམ་གྱི་རྟེན་དུ་འགྲོ་བ་ཡིན་ནོ། །འདི་དག་ཏུའང་སྤྲོ་ན་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སོགས་གོ་དོན་ཇི་ལྟར་རིགས་པ་བཤད་པར་བྱའོ། །དེ་དག་ནི་རིམ་པ་དང་པོ་བསྐྱེད་རིམ་གྱི་ཁྲིད་དོ། །དེ་ནས་རིམ་པ་གཉིས་པའི་ཁྲིད་ཚུལ། རྩ་བར། གཉིས་པ་རྫོགས་པའི་རིམ་པ་ལ༔ མི་ཤིགས་གསུམ་འབྲས་ཡན་ལག་སྟེ༔ ཞེས་གསུངས་པས། རྩ་བའི་མན་ངག་རྡོ་རྗེ་གསུམ་གྱི་རྣལ་འབྱོར། དེ་ལ་བརྟེན་ཏེ་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ། ཡན་ལག་གི་མན་ངག་དུམ་དུམ་ཁྲིགས་ཀྱི་སྐོར་དང་གསུམ་མོ། །དང་པོ་ནི། ཕྲ་བའི་ལུས་ངག་ཡིད་རྩ་རླུང་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས། ཤིན་ཏུ་ཕྲ་བའི་སྒོ་གསུམ་མི་ཤིགས་པའི་དྭངས་མ་རྡོ་རྗེ་གསུམ་དུ་བྱེད་པའི་རྣལ་འབྱོར་ཡིན་པས་ན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཞེས་བྱ་སྟེ། དེ་ལ་གསུམ། ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེའི་རྣལ་འབྱོར། ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེའི་རྣལ་འབྱོར། ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །དང་པོ་ནི། རྩ་བར། དང་པོ་ལུས་གནད་མི་གཡོར་བཅིངས༔ རྩ་གསུམ་གསལ་བཏབ་རོ་རྐྱང་ལས༔ ཤུ་ཀྲ་དང་ནི་ར་ཛ་ཏ༔ དྷཱུ་ཏིའི་ལམ་ནས་གཞའ་ཚོན་ལྟར༔ བཀྲ་བའི་རླུང་རྣམས་བྱུང་བ་གང༔ ལྟེ་བའི་འཁོར་ལོར་སོན་པ་ན༔ ཏི་ལ་དམར་སྐྱ་དྭངས་ཤིང་འཚེར༔ ཙ་ན་ཀ་ཡི་འབྲུ་ཡི་ཚད༔ དེ་དབུས་རང་སེམས་ཧྲཱིཿའི་རྣམ་པ༔ མི་ཤིགས་པ་ཡི་ངོ་བོ་ལ༔ རྩེ་གཅིག་མཉམ་གཞག་བརྟན་པར་བྱ༔ འཕྲོ་ན་ཐ་མལ་རྣམ་རྟོག་རྣམས༔ སྤངས་ནས་སྔར་བཞིན་ཡང་ཡང་སྒོམ༔ དེ་བརྟན་ཐ་མལ་རྣམ་རྟོག་དང༔ དབང་ཤེས་ནང་དུ་ལྡོག་ཉེའི་ལྟས༔ སྨིག་རྒྱུ་ལ་སོགས་རྟགས་ལྔ་འཆར༔ དེ་ཚེ་ཐིག་ལེའི་རྣམ་པ་ལས༔ ཡུལ་སྣང་གཞན་རྣམས་འགགས་གྱུར་པ༔ འདི་ཉིད་གོམས་པར་གྱུར་པ་འོ༔ ཞེས་གསུངས་ཏེ། སྔོན་འགྲོ་དང་བསྐྱེད་རིམ་སྒོམ་པ་སྔོན་དུ་བཏང་ནས། སྟན་བདེ་བ་ལ་ལུས་གནད་མི་གཡོ་བར་འཆིང་བ་གལ་ཆེ་སྟེ། དེའི་རྒྱུ་མཚན། ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་དང་འདྲ། བྱེད་པ་བཅིངས་པས་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་གཏུབ་པ་དང་འདྲ་གསུང་། དེ་ཡང་རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་གསང་བ་ན་གནས་པ་དེ་འཆིང་། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་རྐང་མཐིལ་གཉིས་ཀྱི་སྟེང་དུ་བཞག་ལ་ལག་ངར་བསྲང་། སྐེད་པ་ཅུང་ཟད་ཉེག་བྱས་ཏེ་ལྟོ་བ་ཕྱིར་ཕུལ་བས་མེ་མཉམ་གྱི་རླུང་ལྟེ་བར་ཡོད་པ་དེ་འཆིང་། རོ་སྟོད་གཟེངས་བྱས་ཏེ་དགྱེ་དགུ་མེད་པས་སྲོག་འཛིན་གྱི་རླུང་སྙིང་གར་གནས་པ་དེ་འཆིང་། མགྲིན་པ་ཅུང་ཟད་དགུ་བ་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གྱེན་རྒྱུ་མགྲིན་པར་གནས་པ་དེ་འཆིང་། རྒལ་ཚིགས་དང་ལྟག་པ་བསྲངས་ནས་མགོ་བོ་ཡ་ཡོ་མེད་པར་གཟེངས་བྱས་ཏེ་ལུས་ཀྱི་ཆ་ཆ་ནས་ཧྲིམ་སྒྲིམ་པས་ཁྱབ་བྱེད་ཀྱི་རླུང་པགས་པའི་མཐར་ཐུག་པར་གནས་པ་དེ་འཆིང་། དེ་ལྟར་རྩ་བའི་རླུང་ལྔ་ཟིན་པས་ཡན་ལག་གི་རླུང་ལྔ་ཡང་ཤུགས་ལ་འཆིང་། སོ་མཆུ་རང་སར་བཞག་ཅིང་ལྕེ་ཡ་རྐན་ལ་སྦྱར་བས་མི་སྐོམ་པ་ལ་སོགས་པའི་ཡོན་ཏན་འཆར། མིག་གི་ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་འཐབ་རྡེག་མེད་པར་གཡོ་མེད་དུ་ཆེ་རེ་འཇོག །དེ་ཡང་རླུང་སེམས་ཐིག་ལེ་རྣམས་ཐུར་ལ་འབུད་པའི་སྐྱོན་སེལ་ཕྱིར་ལྟ་སྟངས་མཐོ་བ་དགའ་གསུང་། སེམས་ཀྱི་གནད་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པའམ། ཡང་ན་རྩ་གསུམ་སྔར་ལྟར་གསལ་བཏབ་སྟེ་ཐེབས་པ་ན། རླུང་རོ་ལན་གསུམ་སྣ་སྒོ་ནས་དལ་བར་བསལ་ལ། སྟེང་རླུང་ཤིན་ཏུ་འཇམ་པ་རང་བབས་སུ་རྔུབས་པས། དེའི་ཚེ་དམིགས་པ་གཡས་རོ་མའི་ལམ་ནས་ར་ཛ་ཏ་སྟེ་རྡུལ་དང་། གཡོན་རྐྱང་མའི་ལམ་ནས་ཤུ་ཀྲ་སྟེ་ཁུ་བ་གཉིས་ཁྱུར་ཁྱུར་སོང་བ་རྩ་གཉིས་ཀྱི་མར་སྣར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པས་དྷཱུ་ཏིའི་ལམ་ནས་ཀྱང་འཇའ་ཚོན་ལྟར་བཀྲ་བའི་རླུང་བྱུང་བ་ལྟེ་འོག་སོར་བཞིའི་ཐད་དུ་སླེབས་པ་ན། གསུམ་ཀ་ལྷན་ཅིག་ཏུ་དྷཱུ་ཏིའི་ནང་བརྒྱུད་ལྟེ་བའི་འཁོར་ལོར་སོན་ནས་ཧྲིམ་གྱིས་འདྲིལ་བའི་ཐིག་ལེ་དམར་སྐྱ་དྭངས་ཤིང་འཚེར་བ་སྲན་མ་ཙ་ན་ཀའི་འབྲུའི་ཚད་ཙམ་པའི་དབུས་སུ་རང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་དམར་པོ་ཕྲ་ཞིང་འབར་བའི་རྣམ་པར་གསལ་བཏབ་སྟེ། མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་པ་ལྟར་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་བཅད་ནས་ཐིག་ལེའི་རྣམ་པ་ལམ་མེ་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད། ངག་གི་གནད་འཇམ་རླུང་རང་བབས་སུ་འཛིན་པ་ཕྱག་ལེན་ནོ། །དེའང་སེམས་དུས་གསུམ་གྱི་སྤྲོས་པ་དང་། རེ་དོགས། སྐྱོན་ཡོན། དགག་སྒྲུབ་བླང་དོར། དཔྱད་སྒོམ་སོགས་ཡིད་ཀྱི་རྟོག་དཔྱོད་དོར་ནས། ཐིག་ལེའི་རྣམ་པ་གསལ་ཙམ་པའི་སྟེང་དུ་མ་ཡེངས་པར་སལ་ལེ་ཧྲིག་གེ་འཇོག །དེ་ཡང་ཀུན་བྱེད་ལས། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགག་པ་མེད་པའི་ངང་དུ་ཞོག །ཅེས་དང་། ཡང་དག་སྙིང་པོ་ལས། མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་མ་ཡེངས་བཞག །ཅེས་གསུངས་པ་ལྟར་ཏེ་དམིགས་སྐོར་དང་པོའོ། །དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཕྲོས་ཏེ་ཡུལ་གྱི་རྣམ་པ་ཝལ་གྱིས་ཤར་ན་ངོས་ཟིན་པར་བྱས་ནས། དེ་ལ་རྟོག་དཔྱོད་སོགས་གང་ཡང་མི་བྱ་བར། དེ་ཉིད་རྦད་ཀྱིས་བཅད་ནས་ཤེས་པ་ཧྲིམ་གྱིས་སྒྲིམ་ལ་ཐིག་ལེའི་སྟེང་དུ་བཟོ་མེད་ཡེངས་མེད་དུ་ཅེ་རེ་འཇོག །དེ་ཡང་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། ཡུད་དེ་སེམས་བཞག་ཧྲིམ་གྱིས་བསྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ ཅེས་གསུངས་པ་ལྟར་ཏེ་དམིགས་སྐོར་གཉིས་པའོ། །ཡང་གྲིམ་དྲག་པས་རིག་པ་གཡེར་ཞིང་འཕྲོ་རྒོད་བྱུང་ན། ཀུན་མཁྱེན་ཆོས་རྗེས། ཆད་པ་ངལ་བསོ་བཞིན་དུ་ལྷོད་ཀྱིས་གློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། །ཞེས་གསུངས་པ་ལྟར་མ་ཡེངས་དྲན་པའི་བྱ་ར་དང་ལྡན་པས་རང་བབས་སུ་ལྷོད་ཀྱིས་གློད་ལ་འཇོག་སྟེ་དམིགས་སྐོར་གསུམ་པའོ། །མདོར་ན་ཐིག་ལེའི་རྣམ་པ་དམར་ལམ་མེ་བ་དང་རིག་པ་གསལ་ཧྲིག་གཉིས་སོ་སོར་མི་ལྟ་བར་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་ལ་བཟོ་མེད་ཡེངས་མེད་དུ་གློད་ནས་འཇོག་པ་ནི་གནད་དམ་པ་སྟེ། ཤ་བ་རིས། མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་རྙོག་རང་དྭངས་ཉིད་དུ་ཞོག །ཇི་ལྟར་མཁས་པས་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་བྲལ། །བྱ་ནི་རྟེན་མེད་ནམ་མཁར་གནས་པར་བྱེད། །ཅེས་གསུངས་པ་བཞིན་ཏེ་དམིགས་སྐོར་བཞི་པའོ། །དེ་ལྟར་བཞག་པས་ཉམས་ཀྱི་རིམ་པ་ནི། རྣམ་རྟོག་ངོ་ཤེས་པ་གཡོ་བའི་ཉམས་དང་། རྣམ་རྟོག་ཅུང་ཟད་ངལ་སོས་པ་ཐོབ་པའི་ཉམས་དང། རྣམ་རྟོག་གི་ཐང་ཆད་པ་གོམས་པའི་ཉམས་དང་། རྣམ་རྟོག་གིས་ཅུང་ཟད་བསྐྱོད་དུ་ཡོད་པ་བརྟན་པའི་ཉམས་དང་། བསྐྱོད་དུ་མེད་པས་རང་དབང་ཐོབ་པ་མཐར་ཕྱིན་པའི་ཉམས་དང་ལྔ་སྟེ། དེ་དག་གང་ཤར་ཡང་བླང་དོར་མེད་པར་བསྐྱངས་པས་ཐ་མལ་གྱི་རྣམ་རྟོག་དང་དབང་ཤེས་ཡུལ་ལ་འཇུག་པ་འགགས་ནས་ནང་དུ་ལྡོག་པར་ཉེ་བ་སྟེ། རྩ་བཅིངས་པའི་སྟོབས་ཀྱིས་རླུང་ལྔ་དབུ་མར་རིམ་གྱིས་འདུས་ནས་རླུང་སེམས་ནང་དུ་ཟིན་པའི་ལྟས་སུ་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་ཤའི་མིག་ལ་བརྟེན་ནས་དབང་པོའི་མངོན་སུམ་གྱིས་མཐོང་བར་འགྱུར་སྟེ། ཧེ་རུ་ཀ་གལྤོ་ལས། སྨིག་རྒྱུ་དུ་བ་མེ་སྲིན་མཁའ། །ཞེས་དང་། སངས་རྒྱས་གསང་བའི་ལམ་རིམ་དུ། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་གསུངས། སྒྱུ་འཕྲུལ་དྲྭ་བ་ཕྱི་མའི་ཕྱི་མ་རྟོག་པ་རྣམ་པར་བསལ་བའི་རྒྱུད་ལས་དུ་བ་སྔོན་ལ་འཆར་བར་གསུངས་ཏེ། དེ་ཉིད་ལས། གསོལ་བ་བཅོམ་ལྡན་འདས། རྣལ་འབྱོར་པ་དེ་དག་གི་རྟགས་ཇི་ལྟ་བུ་ལགས། བཀའ་བསྩལ་པ། རིགས་ཀྱི་བུ་དང་པོ་རྣམས་ནི་བརྒྱུད་པ་སྟེ། འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ་དང་། སྨིག་རྒྱུ་དང་། འགལ་མེ་དང་། མར་མེ་དང་། ནམ་མཁའ་གསལ་བ་ལྟ་བུ་སྟེ། རིམ་པའི་རྟགས་ཀྱི་བྱེ་བྲག་གོ །ཞེས་གསུངས་ཤིང་། དེའི་ཚེ་ཡུལ་སྣང་གཞན་ཐམས་ཅད་འགགས་ཏེ་ཐིག་ལེའི་སྣང་བ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ནི་འདི་ཉིད་གོམས་པའི་རྟགས་སུ་གསུངས་སོ། །འདིར་སྤོགས་ཆོག་ལ་མུན་པའི་རྣལ་འབྱོར་བརྟེན་ན་རུང་གསུང་སྟེ། གནད་ཞལ་ལས་ཤེས་པར་བྱའོ། །དེ་དག་ནི་སྐུ་རྡོ་རྗེའི་རྣལ་འབྱོར་རོ། །གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེའི་རྣལ་འབྱོར་ནི། རྩ་བར། གཉིས་པ་སྙིང་གི་ཆུ་སྐྱེས་ལ༔ ལྟེ་བའི་ཐིག་ལེ་དྲངས་པ་གང༔ པདྨའི་ཟེའུ་འབྲུར་བུང་བ་བཞིན༔ འདར་ཞིང་སྒྲ་འབྱིན་གནས་པར་བསམ༔ རླུང་བསལ་རང་བབས་རྒྱུ་བ་ལ༔ སེམས་གཏད་ཁུག་པ་ཉེར་གཅིག་བཟླ༔ མི་འཁྲུགས་རང་སོར་གནས་པར་འགྱུར༔ དེ་ནས་རླུང་ཕྱིར་འགྲོ་བ་ན༔ ཧཱུྃ་གདངས་བཅས་པས་སྙིང་ག་ཡི༔ ཐིག་ལེ་ཉིད་ལས་འོད་ཟེར་ལྔ༔ དྷཱུ་ཏི་ལས་འཐོན་སྣོད་བཅུད་ཁྱབ༔ དེ་སྦྱངས་ནང་དུ་འོང་བ་ན༔ སྣོད་བཅུད་འོད་ཀྱི་རྣམ་པར་བསྡུས༔ ཨོཾ་གདངས་བཅས་པས་དྷཱུ་ཏི་ལས༔ སྙིང་གའི་ཐིག་ལེ་ཉིད་ལ་བསྟིམ༔ རླུང་གདངས་ཨཱཿཡིས་གནས་པར་བསམ༔ དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ མཉམ་རྒྱུར་རླུང་རྟག་འབབ་པ་དང༔ དེ་ནས་འབྱུང་འཇུག་གྲངས་ཚད་རྣམས༔ མ་བརྟགས་པར་གསལ་རྒྱུ་བ་དལ༔ ཕྲ་བར་གྱུར་ནས་ཨ་ཡིག་གི༔ བཟླས་པ་ཉིད་ལ་རིང་དུ་སྦྱར༔ དེ་ཚེ་རླུང་འགགས་ཐིག་ལེ་ལས༔ སྣང་བ་གཞན་ནུབ་སྤྲིན་མེད་ཀྱི༔ ནམ་མཁའ་ལྟ་བུའི་གསལ་སྟོང་འཆར༔ དེ་གོམས་རྡོ་རྗེའི་བཟླས་པ་ཡིས༔ སྔ་མའི་རྟགས་དང་ཁྱད་པར་དུ༔ དབུ་མར་རླུང་གནས་སྨིག་རྒྱུ་སོགས༔ མཚན་མ་བརྟན་པོ་རིམ་བཞིན་འབྱུང༔ སྤྲིན་མེད་མཁའ་ཡི་མཚན་མ་ནི༔ མཐོང་ན་འདི་ཉིད་གོམས་པ་འོ༔ ཞེས་གསུངས་པའི་དོན་ནི་འདིར་རླུང་གི་རྣལ་འབྱོར་ཏེ། དེ་ཡང་རླུང་རྟ་ལོང་བ་དང་འདྲ། རྣམ་ཤེས་མི་འཕྱེ་བོ་དང་འདྲ་བས། ཁོང་གཉིས་འགྲོ་ལྡོག་གཅིག་པའི་ཕྱིར། སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པ་གལ་ཆེ་གསུང་། དེས་ན་ཉམས་སུ་ལེན་པའི་ལུས་གནད་དབང་གནད་སྔར་ལྟར་བཅིངས། སྐུ་རྡོ་རྗེའི་རྣལ་འབྱོར་སྔོན་དུ་བཏང་སྟེ། ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ན། འོག་རླུང་བསྐུལ་བའི་རྐྱེན་གྱིས་ལྟེ་བའི་ཐིག་ལེ་ཉིད་སྙིང་གའི་འཁོར་ལོར་རིལ་ལི་ལི་དྲངས་པ་དཔེར་ན་མེ་ཏོག་གི་ཟེའུ་འབྲུར་བུང་བ་ལྡིང་པ་བཞིན་དུ་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧྲཱིཿཡིག་གི་སྒྲ་བིར་བིར་འབྱིན་པས་འདར་ཕྲིལ་ཕྲིལ་གནས་པར་བསམ་ལ། རླུང་རོ་ལན་གསུམ་དལ་བུས་སང་གིས་ཕྱུངས་ཏེ་དབྱུགས་ཕྱི་དང་ནང་དུ་ཆེད་དུ་མི་འཛིན་མི་གཏོང་བར་རང་བབས་སུ་བཞག་པ་ལ་སེམས་གཏད་དེ། རིམ་ལྔ་ལས། འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པས་རླུང་ལྡང་འཇུག་གནས་གསུམ་གྱི་ཁུག་པ་གཅིག་ལ་རེ་རེར་བགྲངས་པའི་ཉི་ཤུ་རྩ་གཅིག་ཙམ་ཞིག་བཟླ། དེས་རླུང་མི་འཁྲུག་ཅིང་རང་བབས་སུ་གནས་པར་འགྱུར་ཏེ་དམིགས་སྐོར་དང་པོའོ། །དེ་ནས་རླུང་ཕྱིར་འགྲོ་བ་ན་ཧཱུྃ། ནང་དུ་འཇུག་པ་ན་ཨོཾ། གནས་པའི་ཚེ་ཨཱཿཞེས་པའི་སྒྲ་གདངས་ཡིད་ཀྱིས་བཟླ་ཞིང་། དེའི་ཚེ་དམིགས་པ་རླུང་ཕྱིར་འགྲོ་བ་ན་སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཟེར་རེ་རེ་འཕྲོས་པ་དྷཱུ་ཏིའི་ལམ་བརྒྱུད་སྨིན་མཚམས་ནས་ཐོགས་པ་མེད་པར་སོང་བ་སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་འཐོན། དེས་ཁྱབ་པས་སྣོད་བཅུད་ཐམས་ཅད་འོད་ཀྱི་རང་བཞིན་ཅན་དུ་སྦྱངས། ཨོཾ་གྱི་གདངས་དང་བཅས་པས་རླུང་ནང་དུ་འཇུག་པ་ན་སྦྱངས་པའི་སྣོད་བཅུད་འོད་ཀྱི་རྣམ་པ་ཅན་དེ་ཉིད་དྷཱུ་ཏིའི་ལམ་ནས་བསྡུས་པ་སྙིང་གའི་ཐིག་ལེ་ལ་བསྟིམ་སྟེ། ཨཱཿའི་གདངས་དང་བཅས་པས་གནས་པར་བསམ་ལ། དེ་ལ་ཆིག་དྲིལ་གྱིས་རྡོར་བཟླས་བྱ་སྟེ་དམིགས་སྐོར་གཉིས་པའོ། །ཡང་རེས་འགའ་དྷཱུ་ཏིའི་ལམ་ནས་ཕྱི་ནང་དུ་འགྲོ་འོང་བྱེད་པ་དེ་སྣའི་རླུང་དང་བསྟུན་ནས་སྤྱི་བོའི་ཚངས་བུག་ལས་བྱས་ན་སྔ་མའི་བོགས་འདོན་དུ་འགྲོ་མོད། མང་ན་འཕོ་བ་དང་འདྲ་བས་སྦྱོང་ཚོད་ཟིན་པར་བྱ་གསུངས་སྟེ་དམིགས་སྐོར་གསུམ་པའོ། །དེ་ལྟར་སྤྲོ་བསྡུ་བསྟིམ་པའི་དམིགས་པ་དང་སྦྱར་ཏེ་སངས་རྒྱས་ཐམས་ཅད་ཀྱི་གཉུག་མའི་སྐུ་གསུང་ཐུགས་སུ་ཤེས་པས་བཟླ་ཞིང་། དེ་ཡང་ཐོག་མར་མ་བྱང་བར་དུ་ལྡང་འཇུག་གནས་གསུམ་མཉམ་པ་ཙམ་བྱས་ཏེ་འབད་པས་རླུང་འཇམ་ཉལ་གྱིས་སོང་ནས་རྒྱུ་བ་མི་ཚོར་བ་ལྟ་བུ་དང་། རྟག་ཏུ་རླུང་མཉམ་རྒྱུར་འབབ་པ་དང་། མ་བརྟགས་པར་འབྱུང་འཇུག་གི་གྲངས་ཚད་གསལ་པོར་རྟོགས་པ་དང་། རླུང་ཕྲ་ལ་རིང་བ་སོགས་བྱུང་ན་ཧཱུྃ་དང་ཨོཾ་གཉིས་ཇེ་ཐུང་ལ་བཏང་ནས་ཨཱཿཡིག་གི་བཟླས་པ་ཇེ་རིང་དུ་གཏོང་སྟེ་དམིགས་སྐོར་བཞི་པའོ། །དེ་ལྟར་འབད་པ་ན་དབུ་མར་འདུས་པས་རླུང་འགགས་ཏེ་ཐིག་ལེའི་རྣམ་པ་ཙམ་ལས་སྣང་བ་གཞན་ཐམས་ཅད་ནུབ་ནས་སྟོན་ཀའི་ནམ་མཁའ་དྭངས་པ་ལྟ་བུའི་གསལ་སྟོང་གི་ཉམས་འཆར། དེ་ལ་གོམས་ནས་སླར་ཡང་རྡོར་བཟླས་བྱ་བ་ནི། སྔར་གྱི་སྤྲོ་བསྡུ་བསྟིམ་པའི་དམིགས་པ་བཞག་སྟེ། འབྲུ་གསུམ་གྱི་སྒྲ་གདངས་ཡིད་ལ་དྲན་པས་ལྡང་འཇུག་གནས་གསུམ་བགྲང་བ་བརྡར་གྱུར་རྡོ་རྗེའི་བཟླས་པ་དང་། འགྲོ་འོང་གནས་གསུམ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་བཞག་ནས་རླུང་རང་སོར་འཇོག་པ་དོན་དམ་རྡོ་རྗེའི་བཟླས་པ་གཉིས་ལ་འབད་པར་བྱ་སྟེ་དམིགས་སྐོར་ལྔ་པའོ། །དེ་ལྟར་སྦྱངས་པས་སྔར་བཤད་པའི་རྟགས་རྣམས་དང། ཁྱད་པར་དུའང་དབུ་མར་རླུང་གནས་པའི་རྟགས་སུ་སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་སྐུ་རྡོ་རྗེའི་སྐབས་ལས་གསལ་བརྟན་གྱི་མཚན་མ་ཡིད་ཀྱི་མངོན་སུམ་གྱིས་མཐོང་བར་འགྱུར་ཞིང་། འོད་གསལ་སྤྲིན་མེད་ནམ་མཁའི་དབྱིངས་ལྟ་བུའི་མཚན་མ་མཐོང་ན་འདི་ཉིད་གོམས་པའི་རྟགས་སུ་གསུངས་སོ། །གཞན་ཡང་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱས་ན་གནས་སྐབས་འཆི་བསླུའི་ཡང་མཆོག་ཏུ་གསུངས་ཏེ། སྡོམ་འབྱུང་ལས། རྣལ་འབྱོར་པ་ནི་མཉམ་གཞག་པས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བས་རྟག་ཏུ་བཟུང་། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ན། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་དག་ནི་གསུང་རྡོ་རྗེའི་རྣལ་འབྱོར་རོ། །གསུམ་པ་ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་རྣལ་འབྱོར་ནི། རྩ་བར། གསུམ་པ་སྙིང་གར་ཐིག་ལེ་སོགས༔ སྔར་བཞིན་བསྒོམས་ལ་ལྟེ་བ་རུ༔ རྡུལ་གྱི་ཐིག་ལེ་དམར་པོ་ནི༔ རབ་ཏུ་ཚ་ཞིང་ཕྲ་བ་བསྒོམ༔ རྡོ་རྗེའི་བཟླས་པས་ཐིག་ལེ་ལས༔ འོད་ཟེར་མེ་ལྕེ་ཕྲ་མོར་འབར༔ དྷཱུ་ཏི་ལས་བརྒྱུད་སྙིང་ག་ཡི༔ ཐིག་ལེར་རེག་པས་དེ་ཉིད་ལས༔ འོད་འཕྲོས་རང་ལུས་སྣོད་བཅུད་ཀུན༔ མུན་ནང་སྒྲོན་མེ་བཏེག་པ་བཞིན༔ གསལ་བར་བྱས་ནས་གཉིས་པ་སྤྲོས༔ སྣོད་བཅུད་ཐམས་ཅད་བསྲེགས་ཤིང་བཞུ༔ གསུམ་པ་སྤྲོས་པས་བཞུ་བའི་བཅུད༔ ཐམས་ཅད་རང་གི་ལུས་ལ་ཞུ༔ དེ་ཉིད་ལུས་ནང་དྷཱུ་ཏི་ལ༔ དེ་ཡང་སྙིང་གའི་ཐིག་ལེར་ཐིམ༔ ཐིག་ལེ་མི་དམིགས་སྟོང་པར་སྦྱང༔ དེ་ཉིད་ངང་ལ་མཉམ་པར་གཞག༔ དེ་ལས་སྐད་ཅིག་དཀྱིལ་འཁོར་ལྷར༔ གསལ་བཏབ་སྡུད་ཚེ་དགའ་བཞི་དང༔ དབྱེར་མི་ཕྱེད་པའི་སྟོང་ཉམས་འཆར༔ སྟོང་ཉིད་ངང་དུ་མཉམ་གཞག་ཚེ༔ སྣང་མུན་ལ་སོགས་སྒྲིབ་བྱེད་ཀུན༔ བྲལ་བ་ནམ་མཁའ་ལྟ་བུའི་ཉམས༔ དེ་ནས་བདེ་བའི་ཉམས་སྣང་ལ༔ རྩོལ་མེད་ལྷ་སྐུ་གཞའ་ཚོན་ལྟར༔ འཆར་བ་ལྷ་སྐུ་ཡེ་ཤེས་ལ༔ མངོན་དུ་འགྱུར་བར་ཕྱོགས་པ་སྟེ༔ དེ་ནས་རྡོ་རྗེའི་བཟླས་པ་བྱ༔ ཧཱུྃ་གིས་ཁམས་གསུམ་འོད་དུ་ཞུ༔ ཨོཾ་གྱིས་བརྟན་གཡོ་དྷཱུ་ཏི་ལས༔ བརྒྱུད་ནས་སྙིང་གི་ཐིག་ལེར་ཐིམ༔ ཨཱཿཡིས་དེ་ཉིད་སྟོང་པར་སྦྱང༔ སྟོང་ཉིད་ངང་ལ་མཉམ་གཞག་བྱ༔ བདེ་དང་སྟོང་པའི་ཡེ་ཤེས་གང༔ ངོས་གཟུང་དཀྱིལ་འཁོར་འཁོར་ལོར་བསྐྱེད༔ དེ་ལྟར་འབད་པས་གོམས་གྱུར་ན༔ བདེ་རླུང་སེམས་ལས་ལྷ་ཡི་སྐུ༔ ཐ་མལ་རྟེན་ལ་འགྲུབ་འགྱུར་ཏེ༔ དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིས༔ ལྷན་སྐྱེས་ཡེ་ཤེས་གོམས་བྱས་པས༔ མཆོག་གི་དངོས་གྲུབ་ཉིད་ལ་སྦྱོར༔ ཞེས་གསུངས་ཏེ། ལུས་གནད་དང་དབང་གནད་སྔར་ལྟར་བཅིངས་ལ། གསུང་གི་རྣལ་འབྱོར་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོར་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ན། ལྟེ་བའི་འཁོར་ལོར་རྡུལ་གྱི་ཐིག་ལེ་ཚ་ཞིང་ཕྲ་བ་ཡུངས་འབྲུ་ཙམ་པ་སོལ་མེ་བུས་པ་ལྟ་བུ་ཞིག་བསམ་ལ། རླུང་རོ་བསལ་ཏེ། བརྡར་གྱུར་གྱི་རྡོ་རྗེའི་བཟླས་པ་ཅི་རིགས་པ་བྱས་ལ། དེ་ནས་རྡོར་བཟླས་ཀྱི་རླུང་ཕྱིར་འགྲོ་བ་དང་བསྟུན། ལྟེ་བའི་ཐིག་ལེ་ལས་འོད་ཟེར་མེ་ལྕེའི་རྣམ་པ་ཅན་ཕྲ་ལ་རྣོ་བ་ཞིག་འཁྱུག་གིས་འབར་བ་དྷཱུ་ཏིའི་ལམ་བརྒྱུད་སྙིང་གའི་ཐིག་ལེ་ལ་རེག་པའི་རྐྱེན་གྱིས། དེ་ལས་འོད་ཟེར་རེ་རེ་འཕྲོས་པས་དཔེར་ན་མུན་ནང་དུ་སྒྲོན་མེ་བཏེག་པ་ལྟར་རང་ལུས་དང་སྣོད་བཅུད་ཐམས་ཅད་གསལ་བར་བྱས་པར་བསམ། ཡང་། སྙིང་གའི་ཐིག་ལེ་ལས་འོད་ཟེར་གཉིས་པ་སྤྲོས་ནས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བསྲེགས་ཤིང་འོད་དུ་ཞུ། ཡང་། འོད་ཟེར་གསུམ་པ་སྤྲོས་པས་ལྕི་བས་དངུལ་ཆུ་བསྡུས་པ་ལྟར་བཞུ་བའི་བཅུད་ཀྱི་དྭངས་མ་འོད་ཀྱི་རྣམ་པར་རང་གི་ལུས་ལ་ཐིམ། དེ་ནས་རང་ལུས་ལྷ་སྐུའི་རྣམ་པ་ཡང་མཐའ་ནས་རིམ་བཞིན་ལུས་ནང་གི་དྷཱུ་ཏི་ལ་བསྡུས། དྷཱུ་ཏི་ཡང་སྙིང་གའི་ཐིག་ལེར་ཐིམ། དེ་ཡང་རང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་ལ་བསྡུས་ནས། དེ་ཉིད་ཇེ་ཕྲ་ཇེ་ཕྲར་གྱུར་པས་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས་ལ་རྩེ་གཅིག་ཏུ་མཉམ་པར་གཞག །དེའི་ངང་ལས་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པའམ། སྔར་བཞིན་རང་ཉིད་ཕྱི་དབྱིབས་ཀྱི་ལྷ་སྐུའི་རྣམ་པ་ཙམ་དུ་བསྒོམ་པ་ནི་དམིགས་སྐོར་དང་པོའོ། །འདི་ལ་ཆིག་དྲིལ་གྱིས་བསྒོམས་པས་སྡུད་རིམ་གྱི་ཚེ་དགའ་བཞི་དང་དབྱེར་མི་ཕྱེད་པའི་སྟོང་ཉམས་ཏེ་བདེ་སྟོང་ཁྱད་པར་ཅན་གྱི་ཉམས་འཆར་ཞིང་། དེ་རྗེས་སྟོང་ཉིད་ཀྱི་ངང་དུ་མཉམ་པར་གཞག་པའི་ཚེ་དཀར་དམར་གྱི་ལམ་ཉི་ཟླའི་སྣང་བ་ལྟ་བུ་དང་། ནག་ལམ་མུན་ནག་འཐིབས་པ་ལྟ་བུ་ལ་སོགས་ཏེ་སྒྲིབ་བྱེད་ཀུན་ལས་འདས་པའི་སྟོང་པའི་འོད་གསལ་ངོས་གཟུང་ཐམས་ཅད་དང་བྲལ་བ་ཐོ་རེངས་ཀྱི་ནམ་མཁའ་དྲི་མ་མེད་པའི་དཀྱིལ་ལྟར་དག་པའི་ཉམས་སྐྱེ་ལ། དེ་ནས་བདེ་བ་དང་སྙིང་རྗེ་གནད་གཅིག་པས་ན་སྙིང་རྗེ་ཆེན་པོའི་འཕེན་པས་འོད་གསལ་དེ་ལས་ལངས་ཏེ་བདེ་བའི་ཉམས་སྣང་ལ་རྣམ་རྟོག་གིས་བསྐྱེད་པའི་རྩོལ་བ་ལ་ལྟོས་པ་མེད་པའི། རང་སེམས་དང་དབྱེར་མེད་པའི་ལྷ་སྐུ་འཇའ་ཚོན་ནམ་སྒྱུ་མ་ལྟ་བུའི་སྐུ་དྭངས་ཤིང་ཐོགས་པ་མེད་པ་རྣམ་འཕྲུལ་དུ་མའི་སྤྲོ་བསྡུ་བྱེད་པའི་ཏིང་ངེ་འཛིན་ངང་གིས་འཆར་ཞིང་། དེ་ནི་གོམས་སྟོབས་ཀྱིས་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་བར་འགྱུར་བ་ལ་ཕྱོགས་པ་སྟེ། དེ་ལྟར་གོམས་པ་དེ་ནས་རྡོར་བཟླས་ཀྱི་རླུང་ལྡང་འཇུག་དང་སྦྱར་ཏེ་སྣོད་བཅུད་བསྡུ་བའི་རིམ་པ་ལ་བསླབ་པ་ཉིན་མོའི་རྣལ་འབྱོར་ནི། རང་ལུས་ཕྱི་དབྱིབས་ལྷའི་རྣམ་པ་ལ་ནང་རྩ་གསུམ་སྙིང་གའི་ཐིག་ལེ་དང་བཅས་པ་སྔར་བཞིན་གསལ་བཏབ་ལ། ཧཱུྃ་གདངས་ཀྱིས་རླུང་ཕྱིར་འགྲོ་བའི་ཚེ་ཁམས་གསུམ་སྣོད་བཅུད་ཐམས་ཅད་འདར་ཞིང་གཡོ་བ་དང་བཅས་པས་འོད་དུ་ཞུ། ཨོཾ་གདངས་ཀྱིས་རླུང་ནང་དུ་འཇུག་པའི་ཚེ་བརྟན་གཡོ་ཐམས་ཅད་དྷཱུ་ཏིའི་ལམ་ནས་འོད་ཀྱི་རྣམ་པར་སྙིང་གའི་ཐིག་ལེར་ཐིམ། ཨཱཿའི་གདངས་ཀྱིས་རླུང་གནས་པའི་ཚེ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས་དེའི་ངང་ལ་མཉམ་པར་གཞག་སྟེ། སྡུད་རིམ་གྱི་དུས་ཀྱི་བདེ་བའི་ཡེ་ཤེས་དང་སྟོང་ཉིད་ལ་མཉམ་པར་གཞག་པའི་དུས་ཀྱི་སྟོང་པའི་ཡེ་ཤེས་ངོས་ཟིན་པར་བྱས་ལ། སྟོང་ཉིད་དེའི་ངང་ལས་ཆུ་དྭངས་པ་ལས་ཉ་འཕར་བའི་ཚུལ་དུ་དཀྱིལ་འཁོར་གྱི་འཁོར་ལོར་ལམ་གྱིས་བསྐྱེད་པ་ནི་དམིགས་སྐོར་གཉིས་པ་སྟེ་ཉིན་མོའི་རྣལ་འབྱོར་རོ། །དེའི་དབང་གིས་གཉིད་ལོག་ཁར་འདུན་པ་བསྒྱུར་བ་ཙམ་གྱིས་རྨི་ལམ་རང་ཤུགས་ལ་ཟིན་ནས་རང་ཉིད་འོད་གསལ་དུ་འཇུག་པ་དང་ལྷ་སྐུར་ལྡང་བ་སོགས་འབྱུང་སྟེ། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། རྨི་ལམ་ན་ཡང་སྒྱུ་མར་མཐོང་། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་འགྱུར་མོད་ཀྱང་ཉམས་མྱོང་སྐྱེ་སླ་ཞིང་སྐྱེས་པ་སྤེལ་བའི་ཕྱིར་མཚན་མོའི་རྣལ་འབྱོར་གུད་དུ་ཕྱུང་བའི་མན་ངག་ལས་གསུངས་པ་ལྟར། ཉིན་པར་སྔར་གྱི་སྣོད་བཅུད་བསྡུ་བའི་རིམ་པ་ལ་རྩེ་གཅིག་ཏུ་འབད་ནས། མཚན་མོ་ཉལ་དུས་མི་ཚེའི་ཕྱེད་གཉིད་ལོག་པ་ལྟ་བུ་ཡིན་པས་འདི་ཉིད་ལམ་དུ་བླང་བར་བྱ་སྙམ་དུ་བསམ་སྟེ། སྙིང་གའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་བཞག་ནས་ཧ་ཅང་རིག་པ་འཇུར་མ་དྲགས་ཙམ་བྱས་ལ་གཉིད་དུ་འགྲོ་དུས་གཉིད་དང་རྨི་ལམ་གྱི་བར་རྟོག་པས་མ་ཆོད་པའི་ངང་ནས་མ་ཡེངས་པར་ཐིག་ལེ་ལ་སེམས་གཏད་པས། གཉིད་མཐུག་གི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པའི་གསལ་སྟོང་དུ་གནས་པ་དང་། བདེ་རླུང་ལས་ལྷའི་སྐུར་མངོན་པར་ལྡང་བར་འགྱུར་གསུང་སྟེ་དམིགས་སྐོར་གསུམ་པའོ། །འདིར་གཉིད་མཐུག་གི་འོད་གསལ་དང་། སྲབ་མོའི་འོད་གསལ་ཟིན་པའི་རྟགས་དང་། འཛིན་པའི་དུས་གནད་སོགས་ཟབ་གནད་ཞལ་ལས་ཤེས་པར་བྱའོ། །གལ་ཏེ་དབང་བརྟུལ་རྣམས་ཀྱིས་མ་ཟིན་ན། ཉིན་པར་གང་སྣང་ཡང་། ང་གཉིད་དུ་སོང་འདུག །སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན་སྙམ་དུ་དྲན་འདུན་རྩེ་གཅིག་པས་རྟག་ཏུ་སྦྱངས་ལ། མཚན་མོ་ཉལ་དུས་དོ་ནུབ་རྨི་ལམ་ཟིན་པར་བྱ་སྙམ་པའི་དྲན་འདུན་དྲག་པོས། རང་ལྷར་གསལ་བའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར། ཙོག་པུའམ་སེང་གེའི་ཉལ་ཐབས་ཀྱིས་ཉལ་བས་རྟོག་པའི་སྣང་བ་རབ་རིབ་ཅིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ངོས་ཟིན་པར་བྱས་ལ། མིག་མི་འབྱེད་པར་གང་ཟིན་དེ་ལས་མང་པོར་སྤྲུལ་པས་སྦྱོང་སྤེལ་ཡུན་རིང་དུ་འབྱུང་གསུང་སྟེ་དམིགས་སྐོར་བཞི་པའོ། །དེ་ལྟར་རྨི་ལམ་ཟིན་ཅིང་བརྟན་པ་ན་ཉིན་པར་དྲན་འདུན་དྲག་པོས། ང་གཉིད་ལ་སོང་འདུག །འདི་ཐམས་ཅད་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྦྱང་སྦྱང་ཡིན་པས། ད་རེས་རྨི་ལམ་གྱི་ལུས་རྟེན་འདི་ལ་དེ་ཁོ་ན་ཉིད་མངོན་དུ་བྱའོ་སྙམ་པས། སྔར་གྱི་སྣོད་བཅུད་འོད་གསལ་དུ་བསྡུ་ཞིང་ལྷ་སྐུར་ལྡང་བའི་རྣལ་འབྱོར་ཁོ་ན་ལ་ཐ་མལ་གྱི་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཡང་ཡང་བསླབ་པར་བྱ་སྟེ་དམིགས་སྐོར་ལྔ་པའོ། །དེ་གོམས་ནས་ཉལ་དུས། དོ་ནུབ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་བྱའོ་སྙམ་དུ་དྲན་འདུན་དྲག་པོས་སྔར་བཞིན་སྙིང་གའི་ཐིག་ལེར་སེམས་བཅུག་སྟེ་ཉལ་བས། གཉིད་དང་རྨི་ལམ་གྱི་རྒྱུན་འགགས་ནས། གཉིད་མཐུག་འོད་གསལ་དང་། རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་ཏེ། མཚན་མོའི་མན་ངག་ལས། དབང་པོ་བརྟུལ་པོ་དག་གིས་ཀྱང༔ ཉིན་སྣང་གཉིད་ཀྱི་རྣལ་འབྱོར་ལ༔ སྦྱར་ཏེ་རྩེ་གཅིག་བསྒོམས་པ་ལས༔ གཉིད་ཀྱི་འོད་གསལ་མངོན་འགྱུར་ཞིང༔ རྨི་ལམ་ཡེ་ཤེས་སྐུར་འགྲུབ་བོ༔ ཞེས་གསུངས་པ་ལྟར་ཏེ་དམིགས་སྐོར་དྲུག་པའོ། །དེ་ལྟར་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་ཉིན་མཚན་བར་མེད་དུ་འབད་པས་གོམས་པར་གྱུར་པ་ན། བདེ་རླུང་སེམས་ལས་ཐ་མལ་གྱི་རྟེན་འདི་ལ་ལྷའི་སྐུར་འགྲུབ་ཚུལ་དང་། དེ་ནས་ཕྱག་རྒྱའི་སྦྱོར་བས་མཆོག་གི་དངོས་གྲུབ་ཡེ་ཤེས་ཀྱི་སྐུ་འགྲུབ་ཚུལ་གཉིས་ནི་འོག་ཏུ་འབྲས་བུའི་དུས་སུ་འཆད་པར་འགྱུར་རོ། །དེ་དག་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །གཉིས་པ་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ་ལ་བཞི་སྟེ། བརྩོན་འགྲུས་རབ་མཐོང་བའི་ཆོས་ལ། འབྲིང་བར་དོར། ཐ་མ་ཚེ་ཕྱི་མར་མཆོག་གི་དངོས་གྲུབ་ལ་སྦྱོར་བ་དང་། ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་གིས་མཚམས་སྦྱོར་ཚུལ་ལོ། །དང་པོ་ནི། རྩ་བར། དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ ཞག་ནི་སུམ་ཅུ་ཕྲག་དྲུག་ཏུ༔ རྩེ་གཅིག་འབད་པས་བསྒོམས་གྱུར་ན༔ ལུས་འདི་ཉིད་ལས་རིག་འཛིན་གྱི༔ གཙོ་བོར་བྱང་ཆུབ་བརྙེས་འགྱུར་ཞིང༔ ཞེས་གསུངས་ཏེ། དེ་ལྟ་བུའི་མན་ངག་དང་ལྡན་པའི་གང་ཟག་གིས་ཉིན་པར་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་སྣོད་བཅུད་འོད་གསལ་དུ་བཅུག་སྟེ་རྣམ་ཐར་བཞི་ལྡན་གྱི་སྟོང་པ་ཉིད་དང་། མི་ཤིགས་པའི་ལྷའི་སྐུར་ལྡང་བ་ལ་རྣམ་གཡེང་སྤངས་ནས་བསྒོམ་ཞིང་མཚན་མོ་གཉིད་འོད་གསལ་དང་། རྨི་ལམ་ལྷ་སྐུར་བསྒྱུར་ནས་རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་སྦྱོར་བ་ལ་བརྩོན་པས་ཞག་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གི་བར་དུ་ཉིན་མཚན་གཉིས་ཀ་སྐད་ཅིག་ཀྱང་མི་གཡེལ་བར་ཐ་མལ་གྱི་རྟོག་པ་ཀུན་སྤངས་ཏེ་བསྒོམས་པས། ཀུན་ནས་ཉོན་མོངས་པ་ཕྲ་རགས་ཀྱི་རྟེན་ལས་རླུང་རགས་པ་དང་ཕྲ་བ་རྣམས་ཕལ་ཆེར་མཉམ་རྗེས་ཀུན་ཏུ་ཐིམ་པ་དང་། ཁྱད་པར་དུའང་སྣང་གསུམ་གྱི་སྒྲིབ་པའི་རྟེན་འཕོ་བའི་རླུང་ཕྲ་མོ་རྩའི་འཁོར་ལོ་བདུན་ཙམ་དུ་སྤྱོད་པ་ཡང་མཉམ་གཞག་གི་དུས་སུ་འགོག་ནུས་པ་དེའི་ཚེ་ཉི་ཟླའི་འགྲོས་བཅིངས་པའི་སྟོབས་ཀྱིས་རགས་ལུས་ཉིད་མི་ཐོགས་པའམ་ཆུང་ངུར་སྡུད་ནུས་པས་ཕྲ་བ་དང་། རེག་ན་ཡང་བ་སོགས་གནས་སྐབས་ཀྱི་རྡོ་རྗེའི་སྐུ་པྲ་ཕབ་བརྒྱད་དང་མཚུངས་པ་ཉིད་དུ་གནས་པར་འགྱུར་ལ། རྟེན་དེ་ལ་རྣམ་གཡེང་ཐམས་ཅད་སྤངས་ནས་ལས་ཀྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་བརྟེན་ཀྱང་རུང་སྟེ། བརྩོན་འགྲུས་བར་མ་ཆད་པའི་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་དེ། དེ་ཡང་ས་ལམ་གྱི་ཡོན་ཏན་ཐམས་ཅད་རྩ་རླུང་ཐིག་ལེ་ལས་སུ་རུང་བ་ལས་སྣང་བའི་ཕྱིར། དབུ་མའི་མདུད་པ་ཉི་ཤུ་རྩ་གཅིག་གི་དང་པོ་གཉིས་གྲོལ་བས་དོན་དམ་པའི་འོད་གསལ་མཐོང་བའི་ལམ་ས་དང་པོ་བརྙེས་ཏེ། དེའི་ཚེ་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ནས་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ནམ་ནུས་ཐོབ་ཀྱི་མཐོང་ལམ་ཞེས་ཀྱང་བྱའོ། །དེ་ནས་མདུད་པ་བཅོ་བརྒྱད་ཀྱི་བར་གཉིས་གཉིས་གྲོལ་བས་མཐོང་ཟིན་གོམས་པར་བྱེད་པའི་ལམ་དྲི་མ་མེད་པ་ནས་ལེགས་པའི་བློ་གྲོས་ཀྱི་བར་གྱི་སའི་ཡོན་ཏན་འཆར་ཞིང་། དྭངས་མའི་ལུས་ཀྱང་དོར་བ་མེད་པར་ཡེ་ཤེས་སྒྱུ་མའི་ལུས་སུ་བསྒྱུར་བས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱའོ། །མདུད་པ་བཅུ་དགུ་པ་དང་ཉི་ཤུ་པ་གཉིས་གྲོལ་བས་ས་བཅུ་པའི་ཡོན་ཏན་འཆར་ཏེ་སྐུ་ལྔ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་བྱའོ། དེ་ཡང་སྦྱང་བྱ་གློ་བུར་གྱི་རྩ་རླུང་ཐིག་ལེ་རྣམས་སྦྱངས་ནས། གཉུག་མ་ཡེ་ཤེས་ཀྱི་རྩར་དེ་འདྲའི་རླུང་སེམས་རྣམ་པར་མི་རྟོག་པ་ཚུད་པ་དང་འབྱོངས་པ་ལས་ས་ལམ་གྱི་ཡོན་ཏན་རྣམས་འཆར་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་ཚུད་དེ་ལས་སུ་རུང་བས་ཚོགས་ལམ་གྱི་ཡོན་ཏན་འཆར་ཞིང་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་། ཆོས་ཀྱི་འཁོར་ལོ་ལས་སུ་རུང་བས་སྦྱོར་ལམ་གྱི་ཡོན་ཏན་སྐྱེ། ལོངས་སྤྱོད་འཁོར་ལོ་ལས་སུ་རུང་བས་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་ཞིང་ལོངས་སྐུའི་ཞིང་བགྲོད་ནས་ཆོས་ཉན་པ་རྙེད། བདེ་ཆེན་འཁོར་ལོ་ལས་སུ་རུང་བར་མ་ཟད་འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་རྣམས་ཀྱང་གྲོལ་བར་ཡེ་ཤེས་ཀྱི་རླུང་ཚུད་དེ་རླུང་སེམས་འབྱོངས་པ་ལ་བརྟེན་ནས་སྒོམ་ལམ་ས་དགུའི་ཡོན་ཏན་རྣམས་རིམ་པར་འཆར་རོ། །དེ་ལྟར་སློབ་པའི་ཟུང་འཇུག་གི་ལམ་མཐར་ཕྱིན་པ་ན་དབུ་མའི་མདུད་པ་ཉེར་གཅིག་པ་གྲོལ་བས་རྩ་འཁོར་ཐམས་ཅད་རྣམ་པར་དག་ནས་ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་ཏེ། སྤངས་རྟོགས་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པར་འགྱུར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། །ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འཕྲི་ལས། །རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་བ། །བཞོ་བས་སྟེང་དང་འོག་ཏུ་གྲགས། །ཞེས་དང་། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པས་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས་ཀྱང་། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་གསུངས་སོ། །འོ་ན་འདིར་མཐོང་ལམ་ལ་ནུས་ཐོབ་ཀྱི་མཐོང་ལམ་ཟེར་བ་གང་ཞེ་ན། སློབ་དཔོན་སངས་རྒྱས་གསང་བས་ལམ་ཆུང་དུ། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་རྣམ་སྨིན་དང་ཚེ་དབང་རིག་འཛིན་གཉིས་ལས་འདིར་ལུས་འདིས་རིག་འཛིན་གྱི་གཙོ་བོར་བྱང་ཆུབ་བརྙེས་ཚུལ་བཤད་པས་ཚེ་དབང་ཡིན་པར་མངོན་ཏེ། རྣམ་སྨིན་རིག་འཛིན་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་སྙིགས་མའི་ལུས་སྦྱོང་བར་མ་ནུས་པའི་དབང་གིས་རྟེན་འདི་ཉིད་སྐུ་ལྔ་ལྷུན་གྲུབ་ཀྱི་སར་ཁྱེར་དུ་མེད་པས་ལྷག་མེད་མྱང་འདས་ཞེས་ཀྱང་ཟེར་བའི་ཕྱིར་རོ། །འོན་ཀྱང་རིག་འཛིན་གྱི་གཙོ་བོ་ཞེས་པ་ཡང་འདོད་གཟུགས་དང་སྐལ་པ་མཉམ་པའི་རིག་འཛིན་སོགས་ལས་ཁྱད་པར་དུ་བྱས་པ་ལ་བཤད་ན་རྣམ་སྨིན་རིག་འཛིན་ལའང་སྦྱར་དུ་རུང་ངོ་། །གཉིས་པ་འབྲིང་བར་དོར་མཆོག་གྲུབ་ཚུལ་ནི། རྩ་བར། འོན་ཏེ་ཚེ་འདིར་མ་འགྲུབ་ཀྱང༔ བར་དོར་མཆོག་གི་དངོས་གྲུབ་འགྲུབ༔ ཅེས་གསུངས་ཏེ། བརྩོན་པ་འབྲིང་གིས་ཐུགས་རྡོ་རྗེའི་རྣལ་འབྱོར་གྲུབ་ཀྱང་གཡེང་བས་ཉེ་རྒྱུའི་སྤྱོད་པ་མ་གྲུབ་པས་ཚེ་འདིར་མཆོག་མ་གྲུབ་ན། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་འཆི་ཀའི་མན་ངག་ལ་བརྟེན་ཏེ་འཆི་བ་དོན་དམ་གྱི་འོད་གསལ་མངོན་སུམ་དུ་བྱས་ནས། བར་དོའི་ལུས་འགྲུབ་པའི་རྒྱུ་བདེ་རླུང་གི་རྟེན་ལས་ཟུང་འཇུག་གི་སྐུར་ལངས་ཏེ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་བརྩོན་པ་ཐ་མ་སྐྱེ་བ་ཕྱི་མར་མཆོག་གྲུབ་ཚུལ་ནི། འདིའི་མཚན་མོའི་མན་ངག་ལས། རྣལ་འབྱོར་གསུམ་པ་ཉེར་བསྡོགས་ཙམ༔ མངོན་དུ་གྱུར་པས་རིག་འཛིན་གྱི༔ ལུས་ལས་སླར་ཡང་མི་འགྱུར་བའི༔ གོ་འཕང་མཆོག་ནི་མངོན་བྱེད་དོ༔ ཞེས་གསུངས་པས་སྐྱེ་བ་ཕྱི་མའི་རྟེན་ལ་ལམ་གྱི་འཕྲོ་མཐུད་དེ་མཆོག་གི་དངོས་གྲུབ་ལ་སྦྱོར་བའོ། །བཞི་པ་ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་གིས་མཚམས་སྦྱོར་ཚུལ་ནི། རྩ་བར། གང་ཞིག་རྟོགས་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་སུ་མ་ཆུབ་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ ཞེས་གསུངས་ཏེ། སྔར་གསུང་རྡོ་རྗེའི་སྐབས་སུ་རྡོར་བཟླས་ལ་རྩེ་གཅིག་ཏུ་འབད་པས་སྤྱི་བོ་ཟ་བ་དང་། གཡའ་བ་དང་། སྐྲངས་པ་དང་། བུ་ག་ཟང་ཐལ་དུ་དོད་པ་དང་། ཆུ་སེར་འབྱུང་བ་སོགས་འཕོ་བ་རང་བཞིན་གྱིས་འབྱོངས་པའི་རྟགས་འབྱུང་བས་ན། དེ་འདྲ་བ་ནི་ནམ་དགོས་དུས་ལས་སྦྱོར་བྱས་པས་ཆོག་གི་ཟུར་དུ་སྦྱང་མི་དགོས་མོད། དེ་ལྟར་མིན་ན་བུམ་པའི་རླུང་སྦྱོར་ལ་བརྟེན་ནས་སྦྱང་བ་དང་ལས་ལ་སྦྱོར་བའི་ཚུལ་གསུངས་ཏེ། བཙན་ཐབས་འཕོ་བའི་མན་ངག་ལས། གསུང་གི་རྣལ་འབྱོར་འབྱོངས་པའམ༔ མིན་ན་བུམ་པའི་རླུང་སྦྱོར་གྱིས༔ ཞེས་གསུངས། དེ་ལ་བཞི་ལས། དང་པོ་འཁོར་བའི་ལམ་དགག་པ་ནི། དེ་ཉིད་ལས། སྒོ་དགུ་དགག་པའི་སྦྱོར་བ་བརྩམ༔ ལུས་ཀྱི་གནད་བཅིངས་ལྷར་དྲན་པའི༔ མིག་སྣ་རྣ་བ་ཁ་ལྟེ་བ༔ དཔྲལ་བ་མཆུ་སོ་བཤང་བའི་སྒོར༔ འབར་བའི་ཧྲཱིཿཡིག་གསལ་བ་ལས༔ འོད་འཕྲོས་བ་སྤུའི་ཁུང་བུའི་བར༔ ཀུན་ཀྱང་བར་མཚམས་མེད་པར་བཀག༔ ཅེས་གསུངས་སྟེ། གང་གི་སྒོ་ནས་གང་དུ་འཕོ་ཚུལ་ནི། མིག་ནས་མི། སྣ་ནས་གནོད་སྦྱིན། རྣ་བ་ནས་གྲུབ་པའི་ལྷ། ཁ་ལས་ཡི་དྭགས། ལྟེ་བ་ལས་འདོད་ལྷ་དྲུག །དཔྲལ་བ་ལས་གཟུགས་ཁམས་ཀྱི་ལྷ། ཆུ་ལམ་ནས་དུད་འགྲོ །བཤང་ལམ་ལས་དམྱལ་བ་སྟེ། གོང་དུ་སྒོ་དགུ་ཞེས་གསུངས་ནས་འདིར་དངོས་བསྟན་ལ་བརྒྱད་ལས་མ་བྱུང་ཡང་། ཡ་གྱལ་གཅིག་པོ། སྡོམ་འབྱུང་ལས། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །ཞེས་སྤྱི་བོ་ནས་གཟུགས་མེད་ཀྱི་ལྷར་སྐྱེ་བར་གསུངས་པ་དེ་ཡིན་ལ། རྒྱུད་དེ་ལས། རྣ་བ་ལས་ནི་མིའམ་ཅི། ཞེས་འབྱུང་ཡང་། ཧེ་རུ་ཀ་གལྤོར། རྣ་བ་གཉིས་ནས་གྲུབ་པའི་ལྷ། །ཞེས་གསུངས་ཤིང་། དེ་ཉིད་ལས་ཡི་དྭགས་ཀྱི་སྒོ་འགེགས་པའི་ས་བོན་ཀྱང་ཁའི་ལྕེ་ཆུང་དུ་བསྒོམ་དགོས་པར་བཤད་དོ། །དེ་ལྟར་ངེས་པར་བྱས་ནས། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བཅས་ལ། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྒོ་དགུ་པོ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་རེ་རེས་བཀག །དེ་རྣམས་གསལ་ཐེབས་པ་དང་ཧྲཱིཿཡིག་རྣམས་ལས་འོད་ཟེར་དམར་པོ་ཉི་མའི་ཟེར་ལྟ་བུ་འཕྲོས་པས་བ་སྤུའི་མཐར་ཐུག་པའི་བར་གྱི་བུ་ག་ཐམས་ཅད་བཀག་ནས་བར་མཚམས་མེད་པར་བསམ་པ་ནི་དམིགས་སྐོར་དང་པོའོ། །གཉིས་པ་རླུང་སེམས་བསྡུ་བ་ནི། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་པདྨ་དཀར་པོ་ཁ་གྱེན་དུ་ཕྱེ་བའི་རྣམ་པ་ཅན་གྱི་ལྟེ་བར་རླུང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་མར་མེ་བཙུགས་པ་ལྟར་གསལ་ཞིང་འབར་བ་ལ། སེམས་གཏད་དེ་རྩེ་གཅིག་ཏུ་མ་ཡེངས་པར་བསྒོམས་པས་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་འགགས་ནས་ཧྲཱིཿའི་རྣམ་པ་ཁོ་ན་ལ་སེམས་ཟིན་པ་ནི་རླུང་སེམས་འདུས་པའི་རྟགས་ཏེ་དམིགས་སྐོར་གཉིས་པའོ། །གསུམ་པ་སྦྱང་བ་ནི། རང་ཕྱི་དབྱིབས་ལྷར་གསལ་བའི་ལུས་ཀྱི་ནང་ཕྲུ་མ་ཕུས་བཏབ་པ་ལྟར་ཁོང་སྟོང་གི་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་སྦོམ་ཕྲ་སྦ་ལྕག་ཙམ་པ་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་བར་སླེབ་པ། དྭངས་ཤིང་གཡོ་བ་མེད་པ། དྲང་ཐལ་ལེ་བ། དེའི་མར་སྣར་རླུང་གི་ཐིག་ལེ་ལྗང་གུ་ཡང་ཞིང་གཡོ་བ་འདར་ཕྲིལ་ཕྲིལ་གནས་པ་དང་། སྙིང་གར་སྔར་བཞིན་པདྨའི་ཟེའུ་འབྲུར་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་ཧྲཱིཿདམར་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ། དྷཱུ་ཏིའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ་རྣམས་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། རླུང་བུམ་པ་ཅན་གྱི་སྦྱོར་བས་དྲག་ཏུ་གཅུན་པས། ལྟེ་བའི་རླུང་གི་ཐིག་ལེ་དེ་ཉིད་ཆེར་གཡོས་ཏེ་དྷཱུ་ཏིའི་ནང་དུ་ཡེར་གྱིས་སོང་བ་སྙིང་གའི་པདྨོ་ལ་སིབ་ཀྱིས་ཞུགས། དེའི་རྐྱེན་གྱིས་པདྨ་ཡང་ཐིག་ལེ་ལ་ཐིམ་པས་བསྐུལ་ཏེ། སྙིང་གའི་ཐིག་ལེ་ཉིད་སྐར་མདའ་འཕངས་པ་ལྟར་ཡེར་གྱིས་སོང་བ་སྤྱི་བོའི་ཧཾ་ལ་རོ་གཅིག་ཏུ་ཐིམ་པར་བསམ་ལ། རླུང་གནད་འོག་རླུང་དྲག་ཏུ་གཅུན་ནས་ལྟོ་བ་ཚིགས་པ་ལ་ཡང་ཡང་བརྡེག་ཅིང་མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ། ཡང་སྟེང་རླུང་ཐུར་དུ་འཆིང་ཞིང་ལྟོ་བ་ཕྱིར་འཕུལ་བ་དང་མཉམ་དུ་ཧཾ་ལས་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་བ་ཐག་དང་བཅས་ཏེ་ནར་གྱིས་བྱུང་ནས་སྙིང་གར་ལྕི་འཐིང་གིས་གནས་པར་བསམ། དེ་ལྟར་བསུ་སྐྱེལ་ལ་ཡང་ནས་ཡང་དུ་བསླབས་པས་གོམས་འདྲིས་བརྟན་པར་བྱ་ཞིང་། ཐུན་བསྡུ་བ་ན། སྙིང་གའི་ཐིག་ལེའི་འོད་ཀྱིས་ཧཾ་ཡིག་བཞུ་བས་དེ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་ཁྱུར་ཁྱུར་བབས་པ་སྙིང་གའི་ཐིག་ལེ་ལ་ཐིམ་སྟེ་ལྕི་འཐིང་གིས་གནས་པས་བརྟན་ཅིང་བདེ་བའི་རོས་ཁྱབ་པར་བསམ་ལ། རྡོ་རྗེའི་བཟླས་པ་ཅུང་ཟད་བྱ་སྟེ་དམིགས་སྐོར་གསུམ་པའོ། །བཞི་པ་ལས་ལ་སྦྱར་བ་ནི། ལྡོག་ཏུ་མེད་པའི་འཆི་ལྟས་ཤར་བ་ན། ཚོར་བ་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། ཚེ་འདིའི་འཁོར་འདབས་ལོངས་སྤྱོད་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་སྒོ་ནས་འབྲེལ་ཐག་བཅད། གང་དུ་འཕོ་བའི་གནས་ལ་ཚོང་པ་རང་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་བ་བྱས་ཏེ། དུས་ལ་བབས་པ་ན་སྙིང་གའི་པདྨ་ཐིག་ལེར་འཇུག་པའི་བར་སྔར་བཞིན་ལས། དེ་ནས་སྙིང་གའི་ཐིག་ལེ་ཡང་གྱེན་དུ་སོང་པས་ཚངས་པའི་སྒོ་བསལ་ཏེ། སྒོ་དེ་ནས་ཧཾ་དང་རོ་གཅིག་ཏུ་གནམ་མཐོངས་ནས་ཕུག་རོན་འཕུར་པའམ་སྐར་མདའ་འཕངས་པ་ལྟར་འཕངས་ལ་སྤྲོས་བྲལ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་སྟེ་དམིགས་སྐོར་བཞི་པའོ། །འདིར་སྤྱི་བོ་ནས་འཕྲོ་བ་ནི་བདེ་བ་ཆེན་པོའི་དབྱིངས་སུ་འགྲོ་བའི་ལམ་ཀྱང་དེ་ཡིན་པའི་ཕྱིར་ཏེ། སྡོམ་འབྱུང་ལས། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །བླ་མ་ཁ་ཅིག །སྤྱི་བོའི་རྩ་བུག་ནས་གཟུགས་མེད་དང་། ཚངས་བུག་ནས་ཐར་པའི་སྒོའི་ཐ་སྙད་མཛད་ཀྱང་། ལུང་འདིས་ཐབས་ཀྱིས་ཟིན་མ་ཟིན་ཙམ་ལས་སྒོ་སོ་སོར་ཡོད་པར་མི་འགྲུབ་བམ་སྙམ་མོ། །དེ་ཡང་དུས་མིན་དུ་འཕོ་བར་བྱ་བ་མ་ཡིན་ཏེ། དེ་ལས། དུས་ལ་བབས་ན་འཕོ་བྱ་ཡི། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་ནི་དམྱལ་བར་འཚེད་པར་བྱེད། །དེས་ན་མཁས་པས་འཆི་བ་ཡི། །མཚན་མ་ཡང་དག་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །འཕོ་བའི་དུས་ནི། འཕོ་བའི་མན་ངག་ལས། དུས་ནི་འཆི་བའི་འོད་གསལ་ལས༔ ལྡང་བའི་དུས་ན་ཉེས་མེད་དེ༔ ཞེས་གསུངས། དུས་སུ་འཕོས་པའི་ཕན་ཡོན་ཀྱང་། ཀུན་སྦྱོང་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། རྡོར་སེམས་ཐུགས་སྒྲུབ་ལས། དེ་ཡིས་མ་བསྒོམ་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་རོ། །དེ་དག་ནི་འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །གསུམ་པ་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་ནི། རྩ་བར། ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར༔ གཅིག་ཏུ་དྲིལ་ནས་ཉམས་བླངས་ན༔ ལམ་འདིའི་ཆ་རྐྱེན་རྫོགས་པ་ཡིན༔ ཞེས་གསུངས་ཏེ། འདིའི་ཆ་རྐྱེན་དུམ་དུམ་ཁྲིགས་ཀྱི་སྐོར་ལས། ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་དང་། མཚམས་སྦྱོར་འཕོ་བའི་མན་ངག་རྣམས་སྔར་སོང་། དེ་བཞིན་དུ་གཏུམ་མོ། ཐབས་ལམ། ཟབ་དོན་ཐུགས་ཀྱི་རྫོགས་རིམ་ཨ་ཏི་སྟེ། ཆ་རྐྱེན་གཞན་རྣམས་རྩ་བའི་མན་ངག་ཉིད་ཀྱི་ཞར་བྱུང་དུ་བསྒོམས་ན་བོགས་འདོན་དུ་འགྲོ་ལ། རྩ་བ་དང་ཡན་ལག་རྣམས་ཐོག་མ་ཉིད་ནས་ཆ་ཚང་དུ་བསྒོམས་ན་ཕན་ཚུན་རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་འབབ་པར་བྱེད། ཡང་རྩ་བའི་མན་ངག་གི་གསུང་རྡོ་རྗེ་ལ་གཏུམ་མོ་དང་། ཐུགས་རྡོ་རྗེ་ལ་ཕོ་ཉའི་ལམ་གྱིས་བོགས་དབྱུང་ཞིང་། ཨ་ཏི་ཐམས་ཅད་ལ་རྒྱས་གདབ་ཀྱི་ཚུལ་དུ་བསྒོམས་ན་ཤིན་ཏུའང་ལེགས་ཏེ། གང་ལྟར་ཡང་དེ་རྣམས་ཚང་ན་ལམ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཞན་ཡང་རྫོགས་རིམ་སྤྱི་དང་། བྱེ་བྲག་རྣལ་འབྱོར་གསུམ་སོ་སོའི་ཐད་ཀྱི་གོ་དོན་ལ་སོགས་པའང་སྤྲོ་ན་ཞིབ་ཏུ་བཤད་པར་བྱའོ། །དེ་དག་ནི་ལམ་གྱི་ཡན་ལག་རྣམས་སྦྱོར་ཚུལ་ཏེ་དངོས་གཞི་བཤད་ཚར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ལམ་སོ་སོའི་ཐད་དུ་ཉམས་སུ་མྱོང་བའི་རྟགས་ཚད་དང་། ཇི་ལྟར་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པ། གེགས་སེལ་བོགས་འདོན་ལ་སོགས་པ་རྣམས་ཏེ་གཞན་ལས་ཤེས་པར་བྱ་ཞིང་། ཟབ་གནད་མཐར་ཐུག་པ་རྣམས་ནི་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལུང་ཁོ་ན་མོས་དགེ་ཕུན་སུམ་ཚོགས་པའི་མཐུས་མྱོང་བ་ལས་ཤེས་པར་བྱའོ། །རྒྱལ་ཀུན་འདུས་ཞལ་པདྨཱ་ཀ་ར་ཡི། །ཐུགས་བཅུད་ཟབ་པ་ལས་ཀྱང་ཆེས་ཟབ་པ། །རྡོ་རྗེ་འཆང་དབང་བླ་མའི་ཞལ་ལུང་ལས། །འཐུངས་འདི་སྐལ་བཟང་ལས་ཀྱང་ཆེས་སྐལ་བཟང་། །དེ་ལྟར་བསམས་ནས་གོ་རྟོགས་ཉམས་མྱོང་གིས། །དབེན་ཀྱང་རང་བློ་མོས་པའི་བརྗེད་བྱང་དང་། ཁྱད་པར་གསུང་རབ་རྒྱ་མཚོའི་མཐར་བརྒལ་ནས། །མཆོག་ཏུ་ཟབ་པའི་དེ་ཉིད་ལེགས་གཟིགས་པ། །རྣལ་འབྱོར་དབང་ཕྱུག་ལྷ་བཙུན་ཀུན་སྤངས་ཆེའི། །གསུང་གིས་ཡང་ཡང་བསྐུལ་ཞིང་རང་གི་གཅུང་། །བློ་གྲོས་ནོར་ལྡན་ཀུན་དགའ་ཚུལ་ཁྲིམས་ཀྱིས། །འཕྲལ་དུ་གྲུབ་ན་རུང་ཞེས་མཚམས་སྦྱར་བར། །བརྟེན་ནས་བན་ཆུང་དྷརྨ་ཤྲཱི་ཡིས། །ཉེ་བའི་འདུ་བ་འབྱུང་པོའི་ཉི་མ་ལ། །ཚར་བར་དཔལ་ལྡན་བླ་མའི་གསུང་ཇི་བཞིན། །ཞིབ་མོར་སྤེལ་འདིར་བཀའ་སྲུང་མཁའ་འགྲོའི་ཚོགས། །མ་མཉེས་སྲིད་ན་བཟོད་མཛད་རྗེས་བཟུང་གསོལ། །དགེ་འདིས་ལུས་བསྐྱེད་མ་ཡིས་ཐོག་དྲངས་ནས། །འགྲོ་བ་ཀུན་གྱིས་ལྷན་སྐྱེས་ཟབ་མོའི་དོན། །དྲི་མེད་མངོན་སུམ་མྱུར་དུ་རྟོགས་པར་ཤོག །ཆུ་མོ་བྱ་ལོ་སྟོན་ཟླ་ཐ་ཆུང་ལ་སྨིན་གྲོལ་གླིང་གི་ཆོས་གྲྭར་ཟིན་རིས་སུ་བྲིས་པ་ཕྱོགས་དུས་ཀུན་ཏུ་ཟབ་ལམ་གྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།འདི་ཉིད་རང་གི་རྗེས་སུ་འབྲང་བ་མཐའ་དག་གི་རེ་ལྟོས་ཀྱི་རྟེན་ས་གཅིག་པུར་ལུང་གིས་ཟིན་ཅིང་ཆོས་ཀྱི་བདག་པོར་གྲུབ་པ་གཅུང་ལོ་ཙཱ་བ་ཆེན་པོས་ཞལ་ཤེས་ཁ་ཅིག་མ་གཏོགས་སྦས་དོན་སྙན་བརྒྱུད་བཀླག་ཆོག་མ་ཉིད་དུ་བཀོད་པར། ངེད་རང་ནས་ཀྱང་རྗེས་སུ་བསྐུལ་བ་བཞིན་དུ་གསལ་བར་བྲིས་པ་ཡིན་པས་ཁྲིད་མ་ཐོབ་པར་ལུང་འབོགས་དཔེ་སྒྲོག་ཧོལ་སྤྱོད་བྱེད་པ་བྱུང་ན་བཀའ་སྲུང་ལྷ་ཆེན་ལྕམ་དྲལ་གྱིས་སྙིང་ཁྲག་རོལ་ཅིག་ཅེས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ལུང་སྦྱིན་པ་ཡིན་ནོ།། །།

རྩ་གསུམ་གཏོར་བསྔོ་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ་ (Volume 4, Text 23)

༄༅། །རྩ་གསུམ་གཏོར་བསྔོ་ཉུང་བསྡུས་ཕྲིན་ལས་ནོར་བུའི་རོལ་མཚོ་བཞུགས། ། བྱིན་རླབས་མ་ལུས་འབྱུང་བའི་གཏེར། །བླ་མ་རྩ་གསུམ་ཀུན་འདུས་ལ། །གུས་བཏུད་དྲིལ་སྒྲུབ་སྙིང་ནོར་ལས། །བྱུང་བའི་གཏོར་བསྔོ་ཅུང་ཟད་དབྱེ། །གཏེར་ཆེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བྱང་དང་མ་འབྲེལ་བར་གཏོར་བསྔོ་སྒེར་དུ་ཅུང་ཟད་རྒྱས་པར་བྱ་བར་འདོད་པས། བླ་མ་ཡི་དམ་དབྱེར་མེད་ནག་པོ་ཆེན་པོ་ཡེ་ཤེས་ཆོས་སྐྱོང་སྤྱིའི་གཏོར་མ་དམར་གཏོར་དཔུང་རོང་ལ་འཁོར་རང་འདྲ་བཅུ་གསུམ་དང་། གཡས་སུ་ནོར་ལྷ་སྤྱི་དང་། གཡོན་དུ་གཞི་བདག་ལ་དཀར་གཏོར། དེ་དག་གི་བར་མཚམས་རྣམས་སུ་མཐེབ་ཀྱུ་གྲངས་མང་བརྩེགས། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་རྣམས་བཤམས་ལ་རང་གང་ལ་མོས་པའི་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་བདུད་རྩིས་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བཀོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོས་ལན་གསུམ་གྱིས་བརླབ། ཧཱུྃ་ཧྲཱིཿ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །ཐམས་ཅད་ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨཱ་པཱ་ལ་བཱ་སུ་དེ་ཝ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེར། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སེམས་དཔའི་ཚོགས། །དམ་ཡེ་དབྱེར་མེད་བརྟན་པར་རབ་བཞུགས་ནས། །བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཛཿཧཱུྃ་བཾ་ཧོ་ས་མ་ཡ་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། བྱིན་རླབས་མཁའ་ལ་དངོས་གྲུབ་སྤྲིན་དུ་འཁྲིགས། །ཕྲིན་ལས་ཆར་འབེབ་བླ་མ་ཡི་དམ་དང་། །མཁའ་འགྲོ་དམ་ཅན་ནོར་ལྷ་འཇིག་རྟེན་སྐྱོང་། །གཉིས་མེད་མཉམ་པའི་ངང་ནས་ཕྱག་བགྱི་འོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། ཞེས་ཕྱག་འཚལ་ཞིང་ལན་གནང་བར་བསམ་ལ་མཆོད་པ་འབུལ་བ་ནི། ཧཱུྃ། དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་ཚོགས་སོགས། །ནམ་མཁའ་རབ་འབྱམས་གང་བའི་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཐུན་མོང་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཁྱད་པར་སྨན་རཀ་གིས་སྤྱིར་མཆོད། བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོག་པ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་གསུམ་སྤྱི་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ས་པ་རི་ཝཱ་ར་སོགས་གཏོར་སྔགས་སྦྱར་བ་འགྲེ །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ས་པ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔༴ རྣམས་ཀྱི་བླ་མ་སྐུ་གསུམ། ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཅེས་གུ་རུ་དྲག་པོ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སཱུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ལྷུན་གྲུབ་ཞི་བ་རྡོ་རྗེ་དབྱིངས་སྤྱི་དྲིལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཧ་ཧེ་ཕཊ་བྷྱོ༔ ཞེས་ཁྲོ་བོ་ཀུན་འདུས། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བླ་མ་དགོངས་འདུས། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སཱུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་མདོ་ཚོགས་ཆེན་འདུས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཡ་མཱནྟ་ཀ་པདྨཱནྟ་ཀྲིཏ་བཛྲ་ཧེ་རུ་ཀ་ཀཱི་ལ་ཡ་མ་མ་ཀྲོ་དྷ་མ་ཧཱ་གུ་རུ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཀའ་བརྒྱད་སྤྱི་འདུས་དང་། འདིར་སྒོས་བཀའ་བྱེ་བྲག་པ་གང་མོས་སྦྱར་འདོད་ནའང་རུང་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ། ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ། འདིར་དྲིལ་སྒྲུབ་རང་གཞུང་གི་ཡི་དམ་ཡོངས་འདུས་རྟ་མགྲིན་དང་དཔའ་བོ་རིགས་བཞི། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཧཱུྃ་ཕཊ། ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཞེས་ཁྲོས་ནག་འཁོར་བཅས་དང་། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་ལོ་ཀ་ཌཱ་ཀི་ནཱི་སོགས་ཀྱིས་མཁའ་འགྲོ་ཀུན་འདུས། ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མཚོ་རྒྱལ་སྒྲོལ་མ་གཉིས་མེད། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་སེང་གདོང་། ཨོཾ་མ་རི་ཙྱཻ་མཾ་སྭཱ་ཧཱ༔ འོད་ཟེར་ཅན་མ། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ རིགས་བྱེད་མ་དང་། ཨོཾ་སི་ཏཱ་ཏ་པ་ཏྲེ་མཎྜལ་བྷྱཿསོགས་གདུགས་དཀར་གྱིས་མཚོན་རྩ་གསུམ་སྤྱི་བྱེ་བྲག་དང་། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ལེགས་ལྡན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཡཀྴ་བེ་ཏཱ་ལི་ཧཱུྃ༔ ཞེས་སྲས་མཆོག་མ་མགོན་ཞལ་སྦྱོར། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ ཕྱག་བཞི་པ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། གུར་མགོན། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཕྱག་དྲུག་པ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ མ་ནིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཡཾ་ཛཿཛཿདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། སྟག་ཞོན། ཨོཾ་མ་ཧཱི་ཀཱ་ལ་རཀྵ་དུ་བིང་ནྲྀ་ཛཿ བིང་དམར། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྵད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛ༔ ཏྲག་ཤད། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ༔ ཞལ་བཞི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཏི་ཡོ་གཱི་ཤྭ་རི་ས་མ་ཡ་ཧཱུྃ་ཛཿཛ༔ བྱང་གཏེར་བསྟན་སྲུང་ཡོངས་རྫོགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོ། མགོན་པོ་ཚོགས་བདག །ཨོཾ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾཿཧ་རི་ནི་ས་ཝཱ་ཤཾ་ཀུ་རུ་ཧོ༔ ལྷ་ཆེན་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧཱ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཱཾ་ཀརྨ་ཀ་ར་ཡེ་སྭཱ་ཧཱ༔ ཕུར་སྲུང་ཤྭ་ན་ཆེན་པོ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ མཆོག་གླིང་ཆོས་སྐྱོང་དགོངས་འདུས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝཱི་དྷརྨཱ་པཱ་ལ་ཤྲཱི་ནཱ་ཐཱ་ཨེ་ཀ་ཧ་ཏ་རི་སོགས་དཔལ་མགོན་བདུན་ཅུ། ཨོཾ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ སྔགས་སྲུང་། ཨོཾ་ཨེ་ཀ་ཛ་ཏི་མ་ཧཱ་ཀཱ་ལ་རེ་མ་ཏི་ཁྱི་ཁ་ལེ་རཱ་ཧུ་ལ་ཨེ་ཧེ་མ་རུ་ཙེ་བཛྲ་ས་དྷུ་སྙིང་ཐིག་གི་སྡེ་བདུན་དང་། ཨོཾ་ཏྲག་རཀྵ་མ་ཧི་དུན་བྷྱོཿམ་ཧཱ་ཡཀྴ་ཏཱིཀྞ་ཀ་ལི་དུན་བྷྱོཿ རེ་མ་ཏི། ཨོཾ་རོ་རུ་ཧེ་དུན༔ ཁ་ཁ་དུན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ གཤོག་རྒོད་མ། ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ ཨ་ཕྱི། ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། གཡུ་སྒྲོན་མ། ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ། སྲོག་སྒྲུབ་མ། ཧྲཱི་ཤག་རུ་རག་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛ༔ གཟའ་བདུད། ཨེ་ཧེ་མ་རུ་ཙེ་གྷུ་ཎ་ཧྲི་ཏྲི་ཧཱུྃ་ཛ༔ ཤན་པ་དམར་ནག །ཨ་ལི་ཨ་ལི་མ་ཛ༔ ཤཾ་ཤཾ་ལི་ཤི་དེད་ཨ་ཤྭ་དེད། མུ་སྨུགས་པུ་ཏྲ་ཨ་ལི་མ་ཛ་ཛ༔ ནག་མོ་ཤ་ལ་རུབ་ཛ༔ ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛཿཛ༔ པུ་ཏྲ་མིང་སྲིང་། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་བཛྲ་ཙིཏྟ། ཨེ་ཀ་ཙ་ཏི་མཾ་མ་མ་རུ་ལུ་མཾ། ཀེ་ཏ་ཀེ་ཏ་རཱ་ཧུ། ཌཱཀྐི་ནི་ཙིཏྟ་རཀྟ། ཡཀྴ་ཙིཏྟ་མ་ཧཱ་རཱུ་ཏྲ། བཛྲ་སཱ་དྷུ་ས་མ་ཡ། ཡཀྴ་རཀྴ་རཱ་ཛ། དུནྟི་ཙིཏྟ་ཀ་ལ་ཏྲི་ཤཾ་རྦད་བྷྱོཿ གིང་ཀ་ར་ཧབ་ཧབ་ས་མ་ཡ་ཛཿཛཿཧྲིཾཿཧྲིཾ། ཞེས་སྨན་སྲུང་ཞང་བློན་སྡེ་དགུ་དང་། ཨོཾ་བཛྲ་ཤཱནྟིང་པདྨ་ཀུ་རུ་ཏིཾ་བྷྱོཿ ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷཱ་ར་ཧཱུྃ་ཕཊ༔ཕུར་སྲུང་དཀར་བདུད། ཨོཾ་ཡ་མ་རཱ་ཛཿས་མ་ཡ་ཧཱུྃ་ཕཊ༔ ལས་གཤིན། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ དམ་ཅན། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊཿཏྲི་ཧྲིཾ་ཛཿམ་རཱ་ཛཿདུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཞིང་སྐྱོང་སེང་གདོང་། ཧཱུྃ་བཛྲ་ཕེ་ལཾ་ཡ་མ་རཱ་ཙ་ཏྲཀ་རཀྴ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛ༔ རིག་འཛིན་སྲོག་སྒྲུབ་བཀའ་སྲུང་དྲག་པོ་སྡེ་བཞི། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ ཞིང་སྐྱོང་དུར་ཁྲོད་མ་མོ། བྷྱོ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ་མ་མོ་ཧྲཱིང་ཧྲཱིང་ཛཿཛ༔ ཤ་ཟ་ཁ་མོ་ཆེ་དང་། ཨོཾ་མ་མ་དུ་ཏྲི་རཀྴ་སི་བཛྲ་ཡཀྴ་སི་ཨ་མྲྀཏ་དེ་ཝི་སིདྡྷི་ཧཱུྃ༔ བརྟན་མ་དང་། ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། རྣམ་སྲས་སེར་ཆེན། ཨོཾ་མ་ཧཱ་རཱ་ཛ་ཡཀྴ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡེ་སརྦ་ཙིཏྟ་རཏྣ་ཧྲིཾ་ཧྲིཾ་ཛཿཛ༔ མདུང་དམར་ཅན། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ་ཏྲག་རཀྴ་བྷྱོ༔ རྟ་སྔོན་ཅན་དང་། ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་གེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞང་བློན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ༔ བཱ་སུ་དྷ་རི་ནི་སྭཱ་ཧཱ༔ བྱང་གཏེར་ནོར་ལྷ་ཡོངས་རྫོགས། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཧ་རི་ནི་ས་ཨཱ་ཡུ་པུཎྱེ་དྷ་ནཾ་མེ་དྷི་བཱ་སུ་སརྦ་སིདྡྷི་ཧཱུྃ༔ ཛཾ་དཀར། ཨོཾ་རཏྣ་ཛཾ་བྷ་ལ་ཏྲཱཾ་སྭཱ་ཧཱ༔ ཛཾ་སེར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཛཾ་དམར། ཨོཾ་ཀརྨ་ཛཾ་བྷ་ལ་ཨཱཿསྭཱ་ཧཱ༔ ཛཾ་ལྗང་། ཨོཾ་ཡཀྴ་ཀཱ་ལ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཛཾ་ནག །ཨོཾ་བཾ་བཱ་སུ་དྷཱ་རི་ནི་སྭཱ་ཧཱ༔ ནོར་རྒྱུན་མ། ཨོཾ་བཛྲ་ཨ་པ་ར་ཛི་ཏ་ཧྲཱིང་ཧྲཱིང་ཛཿཛཿསིདྡྷི་ཕ་ལ་ཧཱུྃ༔ གནོད་སྦྱིན་ཨ་པ་ར་ཙིཏྟ། ཨོཾ་གཾ་ག་ན་པ་ཏི་སྭཱ་ཧཱ༔ ལྷ་ཆེན་ཚོགས་བདག །ཨོཾ་ཨཱརྻ་རེ་མནྟ་སྭཱ་ཧཱ༔ཧྲཱིཾ་ཧྲཱིཾ་ཛཿཛཿཕེཾ་ཕེཾ༔ རེ་མནྟ། ཨོཾ་མ་ཧཱ་རཱ་ཛ་ཡཀྴ་བཻ་ཧྲཱིཾ་སྭཱ་ཧཱ༔ ཟས་གོས་ཀྱི་ནོར་བདག་གནོད་སྦྱིན་དམར་པོ། ཨོཾ་ཀུ་བཻ་ར་ཡ་སྭཱ་ཧཱ༔ ཀུ་བེ་ར། ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ གོས་ཀྱི་ལྷ་མོ། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ནོར་གྱི་ལྷ་མོ། ཨོཾ་ཨ་ན་ལེ༔ ཀུནྡྷ་ལེ༔ གྷྲྀཧྞ༔ པིཎྜ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཟས་ལྷ་མོ་སྟེ་ཀུན་འཁྱིལ་མཆེད་གསུམ། ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ༔ ཀླུ་མི་མགོན་དཀར་པོ། ཨོཾ་ནཱ་ག་རཱ་ཙ་བཱ་སུ་ཀི་མཾ་སིདྡྷི་ཧཱུྃ་ཛ༔ ཀླུ་ནོར་རྒྱས། ཨོཾ་སརྦ་བཱ་སུ་དེ་ཝ་པུཎྱེ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ལྷ་སྤྱི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཨཥྚ་ན་ཡ་ཨེ་ཛ་བྷྱོ༔ དྲེགས་པའི་སྡེ་དཔོན་སུམ་ཅུ། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ སྔགས་བདག་དྲེགས་པ་བཅོ་བརྒྱད། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ཀིང་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛཿཛ༔ ཆོས་སྐྱོང་སྡེ་བརྒྱད་སྤྱི་སྔགས། ཨོཾ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ལོ་ཀ་པཱ་ལ་ཛཿ གཏེར་གཞི་འཇིག་རྟེན་སྐྱོང་བ་སྤྱི་དང་། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ། ཐང་ལྷ། ཨོཾ་རཱ་ཛ་སིདྡྷི་ས་མ་ཡ་ཛ༔ རྒྱལ་ཆེན་སྐུ་ལྔ་དང་། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ཤུ་ལ་གྷྲི་ཝ་ཏྲི་ཤུ་ལ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཙིའུ་དམར་པོ། ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སྭཱ་ཧཱ༔ སྤོམ་ར། ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱཿཡུ་ཥེ་ཤྭ་རི་ས་མ་ཡ་ཛ༔ ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མཾ་ལཾ་ཨཾ་ཏཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་བཅས་སོ་སོར་ལན་གསུམ་མམ་བདུན་གྱིས་ཕུལ། བསྡུ་ན་རྩ་གསུམ་སྤྱི་དྲིལ་དང་བསྟོད་པའི་སྐབས་དངོས་བསྟན་དུ་འབྱུང་བ་རྣམས་ཀྱི་ཆོས་སྐྱོང་གི་གཏོར་སྔགས་ཙམ་སྦྱར་ཡང་རུང་ལ་གང་ལྟར་ཡང་མཇུག་ཏུ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། བདེ་ཆེན་ཐབས་ཀྱི་དཔའ་བོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ་ལ་སོགས་པ་མགོན་པོ་ཕོ་རྒྱུད། ཤེས་རབ་དབྱིངས་ཀྱི་རྒྱལ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ་ལ་སོགས་པ་སྲིད་པ་མོ་རྒྱུད། དཔལ་མགོན་མ་ནིང་ནག་པོ་ལ་སོགས་པ་སྣང་སྲིད་དྲེགས་པ་སྡེ་བརྒྱད། རྒྱལ་ཆེན་རྣམ་མང་ཐོས་སྲས་ལ་སོགས་པ་གནོད་སྦྱིན་ནོར་ལྷ་གཏེར་བདག །བཀྲ་ཤིས་ཚེ་རིང་མཆེད་ལྔ་སོགས་དཀར་ཕྱོགས་གཏེར་གཞི་འཇིག་རྟེན་སྐྱོང་བ་འཁོར་གཡོག་སྡེ་དཔོན་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཀྱི་ཕྲིན་ལས་བཅོལ་ལ། བསྟོད་པ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་རྨད་བྱུང་དཔའ་བོ་མཁའ་འགྲོ་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ། བདེ་ཆེན་ཐབས་མཆོག་དཔའ་བོ་ལེགས་ལྡན་ནག །ཕྱག་བཞི་ཕྱག་དྲུག་ཞལ་བཞི་དབང་ཕྱུག་ཆེ། །དཔལ་མགོན་སྡེ་ལྔ་ཁྱབ་འཇུག་ཆེན་པོ་སོགས། །མགོན་པོ་ཕོ་རྒྱུད་གཙོ་ལ་ཕྱག་འཚལ་བསྟོད། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་རལ་གཅིག་མ། །རང་བྱུང་རྒྱལ་མོ་དུར་ཁྲོད་མ་མོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མ་སོགས། །སྣང་སྲིད་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཡེ་ཤེས་མ་ནིང་སྟོབས་པོ་ཆེ། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །དཀར་ཕྱོགས་སྐྱོང་བ་ཀུན་ལ་ཕྱག་འཚལ་བསྟོད། །སོ་སོའི་ཐུགས་དང་མཐུན་པའི་གཏོར་མ་དང་། །མཁོ་རྒུའི་འདོད་ཡོན་རྒྱ་མཚོ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །ཞི་བའི་མཆོག་སྩོལ་རྒྱས་པའི་གཟི་མདངས་སྐྱེད། །དབང་གིས་ཟིལ་ནོན་དྲག་པོས་དགྲ་བགེགས་ཐུལ། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད། །སྐབས་འདིར་གསོལ་བསྐང་བྱེ་བྲག་པ་གང་འདོད་དང་གསེར་སྐྱེམས་སྐོང་བཤགས་སོགས་རྒྱས་པར་སྦྱར་ཀྱང་འགལ་བ་མེད་ཅིང་། བསྡུ་ན་ཞར་བྱུང་དུ་གསེར་སྐྱེམས་ཙམ་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་དུ་འབྲུ་བཅུད་ཀྱི་ཕུད་གཙང་མ་བླུགས། རཾ་ཡཾ་ཁཾ་གིས་བསང་སྦྱང་། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བརླབས་ལ། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང་། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །གསོལ་ལོ་མཆོད་དོ་བྱིན་རླབས་ཆར་ཆེན་ཕོབ། །འོད་གསལ་དབྱིངས་ལས་ཟུང་འཇུག་ཡེ་ཤེས་སྐུ །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསོལ་ལོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་བཟུང་བའི། །དཔའ་བོ་མཁའ་འགྲོ་རྒྱུད་གསུམ་དྲེགས་པའི་སྡེ། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །གསོལ་ལོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དཀོན་མཆོག་སྲི་ཞུ་ཡོན་ཏན་མགྲོན་རྣམས་ཀུན། །ཟག་མེད་བདེ་ཆེན་མཆོག་གིས་རབ་མཉེས་ནས། །དངོས་གྲུབ་གཡང་དུ་འཁྱིལ་བའི་བཀྲ་ཤིས་སྩོལ། །ཅེས་མཆོད་ཅིང་ཕྲིན་ལས་གསོལ། སྐོང་བ་ནི། སྐོང་རྫས་རྣམས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿ འོད་གསལ་སྟོང་ཉིད་དབྱིངས་ལས་སྒྱུ་མའི་འཕྲུལ། །སྣོད་བཅུད་རྣམ་དག་པདྨོ་བརྩེགས་པའི་གཞིར། །དགོས་འབྱུང་ནོར་བུའི་གཞལ་མེད་ཁང་ཆེན་པོ། །ཡངས་ཤིང་རྒྱ་ཆེ་བཀོད་པ་ཕུན་ཚོགས་དབུས། །རི་རབ་གླིང་བཞི་ལྷ་མིའི་འབྱོར་པའི་ཕུལ། །ཕྱི་ནང་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །བཅུ་དྲུག་རིག་མས་བདེ་བའི་གླུ་གར་བསྒྱུར། །སྨན་རཀ་མཚོར་བསྐྱིལ་གཏོར་མ་ལྷུན་པོར་སྤུངས། །སོ་སོའི་བཞེད་རྒུར་འཆར་བའི་ལོངས་སྤྱོད་མཆོག །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །མི་ཟད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བྱིན་རློབས་དབང་སྐུར་རྡོ་རྗེའི་ཡེ་ཤེས་སྐྱེད། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །རྣལ་འབྱོར་གྲོགས་མཛོད་ལས་བཞིའི་ཕྲིན་ལས་སྤེལ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང་། །ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ། །མདོར་ན་སྣང་སྲིད་དག་པ་རབ་འབྱམས་ཞིང་། །སྐུ་དང་ཡེ་ཤེས་རྨད་བྱུང་རྡོ་རྗེའི་སྤྲིན། །འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོ་ཆེས། །ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་ཐུགས་དམ་བསྐང་ཞིང་ཕྲིན་ལས་གསོལ། གཞན་ཡང་ཆོས་སྲུང་གི་སྐོང་བ་དམིགས་གསལ་བགྱིད་པར་སྤྲོ་ན། ཧཱུྃ། རྔམ་བརྗིད་དུར་ཁྲོད་འབར་བའི་གཞལ་ཡས་དབུས། །དགྲ་བགེགས་བསྒྲལ་པའི་དྲག་པོའི་ཉེར་སྤྱོད་དང་། །མཆོད་རྫས་རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས། །འདོད་རྒུའི་འབྱོར་པ་ཟད་མི་ཤེས་པ་འདིས། །ལེགས་ལྡན་ཕྱག་བཞི་ཕྱག་དྲུག་ཞལ་བཞི་པ། །དཔལ་མགོན་སྡེ་ལྔ་དྲག་པོ་ཁྱབ་འཇུག་སོགས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །རྡོ་རྗེ་སྲིན་པོའི་མཐུ་ཡིས་བདུད་དཔུང་ཐུལ། །ཨེ་ཀ་ཛཱ་ཊི་རང་བྱུང་དཔལ་འབར་མ། །དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །སྣང་སྲིད་མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཐུགས་རྗེ་ཆགས་པའི་ཤུགས་ཀྱིས་དགྲ་བགེགས་སྒྲོལ། །དཔལ་མགོན་མ་ནིང་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་སྣང་སྲིད་འབྱུང་པོའི་ཚོགས། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཐུགས་དམ་བསྐང་། །སངས་རྒྱས་བསྟན་སྲུངསབསྟན་དགྲ་ཆམས་ལ་ཕོབ། །རྣམ་སྲས་ཛཾ་ལ་ཡབ་ཡུམ་ཚོགས་ཀྱི་བདག །རྡོ་རྗེ་བདུད་འདུལ་གནོད་སྦྱིན་འབུམ་ཕྲག་དང་། །རིན་ཆེན་གཏེར་འཆང་རྒྱ་མཚོའི་ཐུགས་དམ་བསྐང་། །ཚེ་སྲིངས་དཔལ་སྐྱེད་འདོད་རྒུའི་འབྱོར་པ་སྤེལ། །མདོར་ན་བརྒྱུད་གསུམ་རིག་འཛིན་བླ་མ་ཡི། །སྤྱན་སྔར་ཁས་བླངས་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་དམ་དགྱེས་བསྐང་རྣལ་འབྱོར་བདག་ཅག་གི །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ལྔ་པ་ནི། ཐལ་མོ་སྦྱར་ཏེ། ཧོ། ཡེ་ཤེས་སྤྱན་མངའ་དམིགས་མེད་ཐུགས་རྗེའི་གཏེར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གནོད་སྦྱིན་ནོར་ལྷ་གཏེར་འཆང་འཁོར་བཅས་ཀུན། །མཁྱེན་བརྩེའི་གཟིགས་པས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ལུས་ངག་ཡིད་ཀྱིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་བརྩལ་དང་རྗེས་སུ་ཡི་རང་དང་། །ངེས་འབྱུང་སོ་སོ་ཐར་པའི་སྡོམ་པ་དང་། །གཞན་ཕན་བྱང་ཆུབ་སེམས་དཔའི་བསླབ་པ་དང་། །ཐབས་ཆེན་གསང་བ་སྔགས་ཀྱི་དམ་ཚིག་ལས། །ཉམས་ཤིང་འགལ་བར་གྱུར་པ་ཅི་མཆིས་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །ཚངས་པར་མཛད་ནས་སྡིག་སྒྲིབ་ཀུན་བྱང་ཞིང་། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་རབ་དགྱེས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཚོགས་ཞིང་རྣམས་ཀྱི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བྱུང་། རང་གི་གནས་གསུམ་དུ་ཞུགས་ཤིང་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པའི་མོས་པས་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དེ་ནས་གཏོར་མ་འབུལ་དགོས་ན་འབུལ་གཏོར་ལ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་ཧོཿ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར་པར་བསམ། ཧཱུྃ། བདེ་ཆེན་ཐབས་མཆོག་དཔའ་བོ་ཧེ་རུ་ཀ །ཤེས་རབ་དབྱིངས་ཀྱི་ཐིག་ལེ་རལ་གཅིག་མ། །ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག །བརྒྱུད་གསུམ་དྲེགས་ཚོགས་འཁོར་བཅས་འདིར་གཤེགས་ཤིག །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ནི། །ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་གཏེར། །དགྱེས་རྒུར་འཆར་བའི་རྨད་བྱུང་མཆོད་པའི་སྤྲིན། །སྔར་མཛད་ལེགས་པའི་གཏང་རག་ཆེན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉན་པོར་བཞེས། །སངས་རྒྱས་བསྟན་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས། །དགེ་འདུན་སྡེ་སྐྱོངས་འཇིག་རྟེན་ཕན་བདེ་སྤེལ། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་སྤོས་དང་རོལ་མོས་མཚོན་པས་གཙང་སར་འབུལ། རྗེས་གཏང་རག་གི་མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད། །ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན། །སྙིང་ནས་བཤགས་སོ་བྱང་ཞིང་དག་པ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཱ་སུ་དེ་ཝ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིང་ཏ་སརྦ་པཱུ་ཛ་ཧོ། ཡི་གེ་བརྒྱ་པ་མང་དུ་བརྗོད། ཡེ་ཤེས་པ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ་གྱིས་རང་གནས་སུ་གཤེགས། རྟེན་མེད་ན། ཧཱུྃ། བསྐྱེད་ཅིང་སྤྱན་དྲངས་ཆོས་སྐྱོང་སྲུང་མའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །ཞེས་བརྗོད། བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །སོགས། བཀྲ་ཤིས་བརྗོད་པ་ནི། བྱིན་རླབས་ཆར་འབེབས་དངོས་གྲུབ་རྒྱ་མཚོའི་གཏེར། །ཕྲིན་ལས་ཐོགས་མེད་རྩ་གསུམ་ལྷ་ཚོགས་ཀྱིས། །འགྲོ་ཀུན་སྲིད་ཞིའི་རྒུད་པ་ཞི་བ་དང་། །ཕན་བདེའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཧེ་རུ་ཀ་དཔལ་འབར་བས་གདུག་ཅན་སྒྲོལ། །སྣང་སྲིད་ཌཱ་ཀི་དགྱེས་པས་བདེ་ཆེན་བསྐྱེད། །རིན་ཆེན་གཏེར་འཆང་འདོད་དགུའི་མཆོག་བསྐྱེད་དེ། །ས་གསུམ་དགེ་ལེགས་ཁྱབ་པའི་བཀྲ་ཤིས་ཤོག །མཁས་གྲུབ་རིག་འཛིན་སྐྱེས་བུས་ས་སྟེང་ཁྱབ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་ལུང་རྟོགས་སྤེལ། །སྐལ་བཟང་གདུལ་བྱའི་རྣམ་གྲོལ་དགའ་སྟོན་གྱིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དེ་མེ་ཏོག་གི་ཆར་དང་རོལ་མོར་བཅས་པས་དགེ་ལེགས་སུ་བྱའོ། །རྡོ་རྗེའི་གསུང་གི་ཕྲེང་བ་ལ། །མཛེས་རྒྱན་གྲུབ་པའི་ཕྱག་བཞེས་ལྟར། །སྤེལ་འདིས་ཕྲིན་ལས་ནོར་བུའི་ཆར། །ས་གསུམ་དཔྱིད་དུ་འཇོ་གྱུར་ཅིག །ཅེས་པའང་བཀའ་གཏེར་ཆོས་ཀྱི་ཤིང་རྟ་ཀུན་གཟིགས་འཇམ་དབྱངས་བླ་མ་གཙུག་ལག་ལུང་རིག་སྨྲ་བའི་ཉི་མ་མཆོག་གི་ཞལ་སྔ་ནས། རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་གཏན་པ་མེད་པའི་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་སྐལ་བཟང་ངེས་གྲོལ་གྱི་དགའ་སྟོན་རྨད་དུ་བྱུང་བའི་དགེ་མཚན་དང་པོའི་ཚེ། རྡོ་རྗེའི་ཆོས་སྐྱོང་བའི་དམ་ཅན་སྲུང་མའི་དབང་པོ་འདི་དག་གི་དབང་དང་རྗེས་གནང་བཀའ་གཏད་རྣམས་ཐོབ་ནས་གསོལ་བསྐང་གི་རིམ་པ་རྒྱུན་ཆགས་སུ་བརྩོན་པ་བྱུང་ན་གལ་ཆེ་བས། རྩ་གསུམ་དྲིལ་སྒྲུབ་ཀྱི་གཏོར་བསྔོས་ལྟ་བུ་ལའང་འདི་ལྟར་སྦྱར་དུ་རུང་ཞེས་བཀའ་བསྩལ་པའི་ཚེ། ཐོག་མཐའི་མཚམས་སྦྱོར་རྣམས་རྗེ་བླ་མ་ཉིད་ལ་མཛད་པར་གསོལ་བ་བཏབ་ནས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པའང་རྡོ་རྗེའི་སློབ་བུའི་ཐ་ཆུང་བཀྲ་ཤིས་དཔལ་འབྱོར་གྱིས་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་སྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གུས་པས་བྲིས་པ་འདིས་ཀྱང་ངེས་གསང་བླ་མེད་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱི་བཤད་སྒྲུབ་བསྟན་པའི་མངའ་ཐང་མཁའ་མཐར་ཁྱབ་པར་བརྡལ་བའི་དཔལ་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཕྱི་སྒྲུབ་གཏོར་མའི་བྱིན་རླབས་དངོས་གྲུབ་ཐིག་ལེ་ (Volume 37, Text 23)

༄༅། །ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཕྱི་སྒྲུབ་གཏོར་མའི་བྱིན་རླབས་དངོས་གྲུབ་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། བླ་མ་མགོན་པོ་དབྱེར་མེད་པ། །མྱུར་མཛད་སྤྱན་རས་གཟིགས་ལ་འདུད། །སྨིན་བྱེད་སྙིང་པོའི་བཅུད་འདུས་ཤིང་། །བར་ཆད་སེལ་ལའང་འདི་ཉིད་བསྔགས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཕྱི་སྒྲུབ་ལ་བརྟེན་ཏེ་གཏོར་མའི་བྱིན་རླབས་སྤྲོ་ན། མཎྜལ་ལ་མེ་ཏོག་ནག་པོའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་ལྕགས་སམ་ཐོད་པའི་སྣོད་དུ་དཔལ་གཏོར་དམར་པོ་བརྗིད་ལྡན་འཁོར་བཞི་དང་མཐེབ་ཀྱུ་མང་པོས་བསྐོར་བ་ལ་སྐུ་ཙཀ་དང་དར་གདུགས་ཀྱིས་བརྒྱན་པ་བཀོད། མདུན་དུ་ཁྲག་ཆང་གིས་སྦྲུས་པའི་མཆོད་གཏོར་གཙོ་འཁོར་ལྔ་མཐེབ་ཀྱུས་བསྐོར་བའི་གཡས་གཡོན་སྨན་རཀ་དང་། ཕྱི་མཆོད་ཕྲེང་ཚར་དུ་བཀོད། བདག་བསྐྱེད་རྟ་མགྲིན་གང་ལ་བརྟེན་ཀྱང་རུང་མོད། སྐབས་འདིར་ཁྱེར་བདེ་བ་སོགས་ཀྱིས་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་བཟླས་པའི་བར་གཏང་། དེ་ནས་འདི་ཉིད་ཀྱི་ཕྲིན་ལས་མཆོད་བརླབ་ནས་བརྩམ་བཟླས་པའི་བར་བཏང་ལ་སྙིང་པོ་ཅི་འགྲུབ་བཟླ། མཆོད་གཏོར་ཟས་སྣས་གསོ། སྨན་རཀ་ཕུད་སྐྱེམས་ཀྱང་བཤམ། བྱིན་བརླབས་ལ་གསོལ་ཁ་གཏང་། སྤྲོ་ན་རྟ་མགྲིན་ཚོགས་བྱ། བསྒྲལ་བསྟབ་འཕྲོས་འདིའི་སྐོང་བཤགས་གཏང་། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། གཏོར་དབང་ལེན་པའམ་མ་ནུས་ན་ཏིང་ངེ་འཛིན་གྱི་དབང་ལེན་བྱས་ལ་གནང་བ་ཞུ། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་གདབ་འཕྲོས། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་སྐྱོང་བར་མཛད་པ་ཐམས་ཅད་ཀྱི་གཙོ་བོ་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་ཀུན་ལས་ཀྱང་། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཐུགས་རྗེ་ཆེན་པོ་ནག་པོའི་སྐུར་བཞེངས་ཏེ། སྙིགས་དུས་ཀྱི་ཆོས་བྱེད་རྣམས་བར་དོའི་འཇིགས་པ་ལས་སྐྱོབ་ཅིང་བདེ་བ་ཅན་དུ་ལམ་སྣ་འདྲེན་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ། དྲན་པ་ཙམ་གྱིས་བར་ཆད་སེལ་བ། གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་འཇུག་པ། ཡུན་རིང་སྒྲུབ་མི་དགོས་པར་ཞལ་སྟོན་པ་སོགས་ཐུགས་བསྐྱེད་དུ་མས་ཁྱད་པར་དུ་འཕགས་པ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ། འཕགས་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧ་དང་ཤ་བ་རི་པ་སོགས་ཀྱི་བཀའ་སྲོལ་བཞུགས་པ་བོད་དུའང་བྱོན་ལ་དར་རྒྱས་ཆེ་ཞིང་། འདིར་ནི་འོད་དཔག་མེད་དངོས་སངས་རྒྱས་པདྨ་རྒྱལ་པོའི་བཀའ་སྲོལ་ལོ་ཆེན་བཻ་རོ་ཙ་ན་ལ་གསང་བའི་བཀའ་སྲུང་ཐུན་མོང་མ་ཡིན་པར་གནང་ཞིང་། དེ་ཉིད་ཀྱིས་མ་འོངས་སྐྱེ་བའི་སྐལ་པར་མདོ་ཁམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་འཕགས་པ་ཀླུ་སྒྲུབ་ཕྱག་བཟོ་སྐུ་རྟེན་མེ་འབར་མ་དང་ལྷན་ཅིག་སྦས་པ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལ་ཆེད་དུ་གསོལ་བ་བཏབ་པ་ལྟར་སྤྱན་དྲངས་པའི་ཟབ་གསང་འདི་ལ་སྨིན་གྲོལ་ལས་རབ་འབྱམས་ཁ་ཚང་དོན་འདྲིལ་དུ་བཞུགས་པ་ལས། འདིར་ཕྱི་སྒྲུབ་མཐིང་ཁ་ལ་བསྟེན་ནས་སྨིན་བྱེད་སྙིང་པོ་གཏོར་དབང་བར་ཆད་ཀུན་སེལ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་ཀུན་གྱི་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བདག་ཅག་བར་ཆད་སེལ་བ་དང༔ ཕྲིན་ལས་དངོས་གྲུབ་འབྱུང་བའི་ཕྱིར༔ ཡེ་ཤེས་མགོན་པོ་སྒྲུབ་ལགས་ན༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་མགོན་པོ་དབྱེར་མེད་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་འདུན་པས་ཚིག་གི་དོན་རྣམས་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པ་ཉིད་ཀྱི་ངང་ལས། རབ་འཇིགས་དུར་ཁྲོད་འབར་བའི་ས་གཞིའི་དབུས་སུ་ཁྱེད་རང་རྣམས་འཁོད་པའི་གོ་སར་གྲུ་གསུམ་མཐིང་ནག་གི་ཀློང་དུ་འཁོར་ལོ་རྡོ་རྗེའི་བྲག་ཆེན་པདྨ་ཉི་མ་བགེགས་ཀྱི་རྒྱལ་པོ་ཚོགས་བདག་རྣམས་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་བ། སྤྱན་དགུ་རབ་ཏུ་བགྲད་ཅིང་ཁྲོ་གཉེར་བསྡུས་པ། ཞལ་གདངས་མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ་ལས་ཀྵིཾ་གྱི་སྒྲ་ཆེན་སྒྲོག་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣམས་པ། བར་མ་གཉིས་མདུང་དང་རྩེ་གསུམ་ཕྱར་བ། ཐ་མ་གཉིས་ཐོད་པའི་རྔེའུ་ཆུང་དང་ཞགས་པ་བསྣམས་པ། རྡོ་རྗེའི་གཤོག་པ་ནམ་མཁར་གདེངས་ཤིང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་སུ་བགྲད་པས་བགེགས་ཀྱི་རྒྱལ་པོ་མནན་པ། སྤྱི་བོར་ཁྱུང་ཆེན་ལྡིང་ཞིང་དཔུང་པ་གཉིས་ནས་སྟག །སྟ་ཟུར་ནས་གཟིག །ཞབས་གཉིས་ནས་དོམ་ནག་འཕྲོ་བ། ཡུམ་རེ་མ་ཏཱི་མཐིང་ནག་གྲི་ཐོད་ཐོགས་པས་འཁྱུད་ཅིང་བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འབར་བ་ཆེན་པོའི་སྣང་བས་འོག་མིན་ཆོས་དབྱིངས་ཨེའི་ཕོ་བྲང་། མེ་རི་འབར་བའི་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ཆར་སྤྲིན་དྲག་ཏུ་འཁྲུགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །གུ་གུལ་ཚིལ་ཆེན་སོགས་བདུག །རོལ་མོའི་སྒྲ་སྦྱར་ལས་བྱང་ལྟར་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་ལ་བྱིན་དབབ། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག །ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ། གཏོར་ཆེན་ཐོགས་ལ། གཏོར་སྣོད་དུར་ཁྲོད་རོལ་པའི་ཕོ་བྲང་ཨེ་ཀློང་འབར་བའི་ནང་དུ་གཏོར་མ་ཉིད་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས་དབང་ཕྱག་དྲུག་པ་ཡབ་ཡུམ། བཀའ་སྡོད་བཞི་དང་ལས་བྱེད་དྲེགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི། མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་ཟླ་བ་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་དུར་ཁྲོད་ནས༔ ཡེ་ཤེས་མགོན་པོ་སྐུ་བཞེངས་འཚལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཧཱུྃ༔ གཟི་བརྗིད་འབར་བ་སྐུ་ཡི་དབྱིངས༔ མི་འགྱུར་ཨོཾ་གྱི་འཕྲོ་འདུ་ཡིས༔ ལུས་ཀྱི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་སྐུ་ཡིས་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་སྐུ་གྲུབ་ནས༔ སྐུ་ཡི་ཕྲིན་ལས་འགྲུབ་པར་མཛོད༔ སྙིང་པོའི་མཐར། ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག །དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་མ་བྲལ་བས་འཁྲུལ་པའི་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་མཛོད་ཅིག །ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་སོགས་ཤློ་ཀ་གཅིག་གོང་བཞིན་ལ། ཧཱུྃ༔ གྲགས་པ་ཆེན་པོ་གསུང་གི་དབྱིངས། བདེ་ཆེན་ཨཱཿཡི་འཕྲོ་འདུ་ཡིས༔ ངག་གི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་གསུང་གི་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་གསུང་གྲུབ་ནས༔ གསུང་གི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་མཐར། ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་མགྲིན་པར་བཞག །དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་གསུང་གསང་སྔགས་བཟླ་བ་ལ་དབང་བ་ཡིན་པས། གྲགས་སྟོང་སྐྱེ་མེད་རྡོ་རྗེའི་བཟླས་པ་དང་མ་བྲལ་བས་སྒྲ་སྐད་ཀུན་ལ་སྙིང་པོ་སྔགས་དང་ཏིང་འཛིན་འཕྲོ་འདུའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་བཻ་ཌཱུརྻའི་མདངས་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་དབྱིངས་འབར་བའི་སོགས་གོང་ལྟར་བརྗོད། ཧཱུྃ༔ ཀ་དག་འོད་གསལ་ཐུགས་ཀྱི་དབྱིངས༔ རིག་རྩལ་ཧཱུྃ་གི་འཕྲོ་འདུ་ཡིས༔ ཡིད་ཀྱི་བར་ཆད་ཐམས་ཅད་སོལ༔ རྡོ་རྗེ་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོའི་ཐུགས་གྲུབ་ནས༔ ཐུགས་ཀྱི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་མཐར། ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྙིང་ཁར་བཞག་ལ། དེང་ཕྱིན་ཆད་ཡེ་ཤེས་མགོན་པོའི་ཐུགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་པས། རིག་སྟོང་ཀ་དག་འོད་གསལ་གྱི་དགོངས་པ་དང་མ་བྲལ་བས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབས་པར་མཛོད་ཅིག །གཏོར་མ་འདི་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཡབ་ཡུམ་བཀའ་སྡོད་དྲེགས་པའི་འཁོར་དང་བཅས་པ་བྱིན་རླབས་ཀྱི་གཟི་བརྗིད་རབ་ཏུ་འབར་བཞིན་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་ཐུགས་དམ་བསྐུལ་པས། སྐུའི་གནས་ཐམས་ཅད་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་བདུད་རྩིའི་རྒྱུན་ཆར་བབས་པ་ལྟར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་འདུན་པ་རྩེ་གཅིག་ཏུ་མཛོད་ཅིག །ཧཱུྃ༔ གཏོར་སྣོད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལ༔ ཡེ་ཤེས་མགོན་པོའི་ཞིང་ཁམས་ཐམས་ཅད་རྫོགས༔ གཏོར་མའི་ངོ་བོ་དྲག་པོའི་གཞལ་ཡས་ཁང༔ དཔལ་འབར་ནག་པོའི་ཕོ་བྲང་ལྷུན་གྱིས་གྲུབ༔ གཏོར་མའི་ངེས་ཚིག་རང་རིག་བྱང་ཆུབ་སེམས༔ མ་ཧཱ་ཀཱ་ལའི་སྐུ་གསུང་ཐུགས་སུ་རྫོགས༔ གཏོར་མའི་རྒྱུ་ནི་འདོད་ཡོན་རྣམ་པ་ལྔ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་རྣམ་པར་འཕྲོ༔ འབུལ་ནི་ཡེ་ཤེས་མགོན་པོའི་ཚོགས་ལ་འབུལ༔ བཞེས་ནས་སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ སྒྲུབ་དང་མཆོད་པ་ཚོགས་དང་སྐུལ་བའི་ཚེ༔ ཐུགས་དམ་མ་གཡེལ་གཏོར་མའི་དེ་ཁོ་ན༔ ལྷ་རྟོག་གཉིས་སུ་མེད་པ་མྱུར་འགྲུབ་ཤོག༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ལ་གནས་གསུམ་དུ་བཞག །སྤྲོ་ན། བརྒྱུད་པའི་མཚན་བརྗོད་ལ་བཀའ་བསྒོ་སྤྱི་ལྟར་བྱ། མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཟབ་མོ་སྐོར་དགུ་ལས་བྱུང་བའི་གཏོར་མའི་བྱིན་རླབས་ཕྱི་སྒྲུབ་མཐིང་ཁ་ལ་བསྟེན་ནས་ལེགས་པར་ཐོབ་པ་ཡིན་ཞིང་། འདི་ཉིད་ཀྱི་གཞུང་ལས། ཐུན་མོང་སུ་ལ་བྱིན་གྱུར་ཀྱང༔ ཞི་རྒྱས་དབང་དྲག་ཅི་འདོད་པའི༔ ཕྲིན་ལས་འགྲུབ་ཅིང་འབྲེལ་ཚད་ཀུན༔ བདེ་ཆེན་ཞིང་དུ་འདྲེན་པར་འགྱུར༔ ཅེས་དང་། སློབ་མས་གཏོར་མ་ལ་བརྟེན་ཏེ༔ སྒྲུབ་པ་ཞག་བདུན་བགྱིས་པས་ཀྱང༔ བར་ཆད་སེལ་ཞིང་བསམ་པ་འགྲུབ༔ ཅེས་རྡོ་རྗེའི་གསུང་མི་བསླུ་བ་ལགས་པས་དམ་ཚིག་སྤྱི་དང་བྱེ་བྲག་རྣམས་ཚུལ་བཞིན་དུ་བསྲུང་ཞིང་ཡེ་ཤེས་མགོན་པོ་འདི་ཉིད་ལྷག་པའི་ཆོས་སྐྱོང་དུ་བསྟེན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར། སློབ་དཔོན་གྱིས་སླར་ཡང་གཏོར་མ་སྨན་རཀ་བཤམས་ལ་གསོལ་ཁ་གཏང་། མཆོད་བསྟོད་ནོངས་བཤགས། ཡེ་ཤེས་པ་སྐུ་རྟེན་སོགས་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། རྟ་མགྲིན་གྱི་ཚོགས་ཡོད་ན་ཚོགས་རོལ་ཕྱིན་ཆད་དང་། མེད་ན་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་བྱས་པས་ལེགས་པར་འགྲུབ་བོ། །བར་ཆད་བདུད་བཞིའི་གཡུལ་ངོ་ཟློག །གང་བསམ་འབད་མེད་ལྷུན་གྱིས་གྲུབ། །འབྲེལ་བཅས་ཚེ་འོད་མཐའ་ཡས་དྲུང་། །ཡེ་ཤེས་མགོན་པོས་འདྲེན་བྱེད་ཤོག །ཅེས་པའང་ལྷ་མཆོག་འདི་ཉིད་ཀྱི་བཀའ་བབས་རྗེས་གནང་ལེགས་པར་ཐོབ་པ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ལམ་འཁོར་བ་དབྱིངས་སྒྲོལ་ལས༔ ལས་བྱང་ཡེ་ཤེས་འཁོར་ལོ་ (Volume 23, Text 23)

༄༅༔ ཟབ་ལམ་འཁོར་བ་དབྱིངས་སྒྲོལ་ལས༔ ལས་བྱང་ཡེ་ཤེས་འཁོར་ལོ་བཞུགས་སོ༔ ྈྈྈྈྈྈྈྈྈ མི་འགྱུར་དོན་དམ་ཐུགས་རྗེ་ཆེན་པོ་ལ༔ སྒོ་གསུམ་མ་འདྲེས་དོན་གྱི་ཕྱག་འཚལ་ལོ༔ སྒྲུབ་པ་ཁ་སྐོང་ལས་ཀྱི་ཁྲིགས་སུ་བསྡེབས༔ མ་འོངས་ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྦྱོར་དངོས་རྗེས་གསུམ་དང་པོ་ནི༔ སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བྱིན་དབབ་ཅིང༔ མཆོད་རྫས་བརླབ་དང་བཤགས་པ་སྔོན་འགྲོ་བདུན༔ དང་པོ་སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་རྣམས༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ རྒྱལ་བ་ཡོངས་རྫོགས་ཐུགས་རྗེ་ཡི༔ ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧྲཱི༔ སྲིད་མཚོ་འཁོར་བའི་སྡུག་བསྔལ་ལས༔ བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ བསྐྱེད་རྫོགས་དོན་ལས་མི་འདའ་འོ༔ གསུམ་པ་བགེགས་བསྐྲད་པ་ནི༔ ཧྲཱི༔ བདག་ཉིད་ཐུགས་རྗེ་ཁྲོས་པའི་སྐུ༔ དབང་ཆེན་ཡོངས་རྫོགས་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་ཚོགས་སྐར་ལྟར་འཁྲུགས༔ དམ་སྲི་ལོག་འདྲེན་བགེགས་ཀྱི་ཚོགས༔ ནམ་ཡང་འདའ་བར་མི་ནུས་པའི༔ བདེན་གཉིས་བར་དུ་མཚམས་གཅོད་དོ༔ ཨོཾ་ཧྱ་གྲཱི་བ་མ་ཧཱ་ཀྲོ་དྷ་སརྦ་དུཥྚཱན་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ༔ བཞི་པ་སྲུང་འཁོར་ནི༔ ཧྲཱི༔ གདོད་ནས་རྣམ་དག་རང་བྱུང་གཞལ་ཡས་ཁང༔ རིག་པའི་ངོ་བོ་པདྨ་ཧེ་རུ་ཀ༔ དྭངས་མའི་ཐུགས་སྲོག་ཡེ་ཤེས་རྣམ་ལྔ་ཡི༔ རང་འོད་ཟེར་གྲུབ་ཆོས་དབྱིངས་འཁོར་ལོ་དང༔ མེ་ལོང་ཡེ་ཤེས་མི་འགྱུར་རྡོ་རྗེའི་དབྱིབས༔ མཉམ་ཉིད་དབྱིངས་ལས་རིན་ཆེན་འབར་བ་སྟེ༔ སོར་རྟོག་སྐྱོན་བྲལ་པདྨའི་གུར་ཁང་དང༔ བྱ་གྲུབ་རང་བྱུང་རལ་གྲི་འབར་བའི་ཚུལ༔ སྣ་ཚོགས་མཚོན་ཆའི་འོད་ཟེར་མེ་འོད་འཕྲོ༔ སྟེང་འོག་ཕྱོགས་མཚམས་མི་ཤིགས་སྲུང་འཁོར་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཾ༔ ལྔ་པ་བྱིན་དབབ་པ་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ༔ དྲུག་པ་མཆོད་རྫས་བྱིན་རླབས་ནི༔ ཧྲཱི༔ ཨོཾ་སྭཱ་བྷཱ་བ་བི་ཤུདྡྷ༔སརྦ་དྷརྨཱཿསྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཱུ་ཙ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ བདུན་པ་བཤགས་པ་ནི༔ ཧྲཱི༔ རྩ་གསུམ་ཐུགས་རྗེ་ཞི་ཁྲོའི་ལྷ༔ ཡེ་ནས་རང་བྱུང་དབྱེར་མེད་ལ༔ གཉིས་འཛིན་རྟོག་པས་སོ་སོར་བཟུང༔ མཉམ་ཉིད་རིག་པའི་ཀློང་དུ་བཤགས༔ ཨོཾ་བཛྲ་སཏྭ་ཨཱ༔ དེ་ལྟར་སྔོན་འགྲོའི་རིམ་པ་བདུན༔ སྐལ་པ་ཅན་གྱིས་སྤྱད་པར་བྱ༔ རྟརྒབྷ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་ནི༔ དམ་ཚིག་བསྐྱེད་དང་སྤྱན་འདྲེན་དང༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད༔ འཛབ་བཟླས་བདུན་ནི་དངོས་གཞི་འོ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཡོ་ག་གསུམ་གྱི་མངོན་རྟོགས་བསྒོམ༔ ཞེས་གསུངས་པ་ལྟར་མངོན་རྟོགས་ཀྱི་ལྷན་ཐབས་ནི། ཟབ་ལམ་འཁོར་བ་དབྱིངས་སྒྲོལ་ལས༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ གསང་ཆེན་ལམ་ཞུགས་ཐུགས་རྗེའི་དཀྱིལ་འཁོར་ལས༔ ཟབ་མོའི་སྒྲུབ་ཐབས་ཡོ་ག་གསུམ་གྱི་ཚུལ༔ དཀྱིལ་འཁོར་གསུམ་ལ་བརྟེན་ནས་བསྒྲུབ་པར་བྱ༔ དང་པོ་མ་ཧཱ་ཡོ་གའི་སྒོམ་རིམ་ནི༔ ཏིང་འཛིན་མ་ཡེངས་ཡིད་ཀྱིས་འཛིན་ཕུར་གདབ༔ ཨོཾ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱི༔ དེ་ལས་འོད་ཟེར་ཐིག་འཕྲོས་འབྱུང་ལྔའི་སྟེང༔ བྷྲཱུྃ་ལས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ རྩིག་པ་ལྔ་ལྡན་ཕ་གུ་པ་ཏྲར་ལྡན༔ དྲྭ་ཕྱེད་ཤར་བུ་མདའ་ཡབ་ཁེབ་ཏོག་མཛེས༔ རྡོ་རྗེའི་རྭ་གུར་ཡེ་ཤེས་མེ་འོད་འཕྲོ༔ ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར༔ དེ་དབུས་པདྨ་འཁོར་ལོ་ཕྱི་ནང་སྤེལ༔ ལྟེ་བར་ཐིག་ལེ་ཟུང་འབྲེལ་མུ་ཁྱུད་བསྐོར༔ མདུན་གྱི་ཐིག་ལེར་རང་རིག་ལྷ་ཡི་སྐུ༔ ཐུགས་རྗེ་ཆེན་པོ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ཤེལ་ཕྲེང་བུམ་པ་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་ཡེ་དམར་མོ་པདྨ་བུམ་འཛིན་འཁྱུད༔ བདག་ཉིད་སྤྱི་གཙུག་རིག་བདག་འོད་དཔག་མེད༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས༔ མཚན་དཔེ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་ལྡན༔ གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས༔ དེ་ཡི་ཕྱི་རོལ་པདྨ་འདབ་བཞི་ལ།་་་མཆན། ཤར་དུ་མི་བསྐྱོད་ཐུགས་རྗེ་ཤེལ་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མཱ་ཀཱི་དཀར་མོ་པདྨ་བུམ་འཛིན་འཁྱུད༔ ལྷོ་རུ་རིན་འབྱུང་ཐུགས་རྗེ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྤྱན་མ་སེར་མོ་པདྨ་བུམ་འཛིན་འཁྱུད༔ ནུབ་ཏུ་སྣང་མཐའ་ཐུགས་རྗེ་བྱེ་རུའི་མདོག༔ ཞལ་གཅིག་ཕྱག་གཉིས་པདྨ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་བུམ་འཛིན་འཁྱུད༔ བྱང་དུ་དོན་གྲུབ་ཐུགས་རྗེ་ཨིནྡྲའི་མདོག༔ ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྒྲོལ་མ་ལྗང་གུ་རྒྱ་གྲམ་བུམ་འཛིན་འཁྱུད༔ དེ་ལྟར་རང་བྱུང་ཞི་བའི་ལྷ་ཚོགས་རྣམས༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཆས་དགུ་གསོལ༔ གཞོན་ཚུལ་གཟི་ལྡན་ཡེ་ཤེས་འོད་ལྔའི་ཀློང༔ རང་སྣང་མ་འདྲེས་ཐམས་ཅད་སྐྱིལ་ཀྲུང་བཞུགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞི་བའི་ངང་ལས་ཁྲོ་བོའི་སྐུར་བཞེངས་པ༔ འབར་བའི་དབང་ཆེན་ལྷ་ཚོགས་རང་བྱུང་ཤར༔ བཅོམ་ལྡན་སྐུ་རྒྱབ་འོད་ཟེར་ཐིག་ལེའི་དབུས༔ དབང་ཆེན་ཡོངས་རྫོགས་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་ནག་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་ངུར༔ པདྨའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ཡི།་་་མཆན། ཤར་རྩིབས་དབང་ཆེན་བཛྲ་ཧེ་རུ་ཀ༔ སྐུ་མདོག་དཀར་པོ་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་ངུར༔ ལྷོ་རྩིབས་དབང་ཆེན་རཏྣ་ཧེ་རུ་ཀ༔ སྐུ་མདོག་སེར་པོ་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་ངུར༔ ནུབ་རྩིབས་དབང་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་པོ་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་ངུར༔ བྱང་རྩིབས་དབང་ཆེན་ཀརྨ་ཧེ་རུ་ཀ༔ སྐུ་མདོག་ལྗང་གུ་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་ངུར༔ ཤར་སྒོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ ལྕགས་ཀྱུ་ཐོད་ཁྲག་འཁྲིལ་སྦྱོར་ཚུལ་དུ་འགྱིང༔ ལྷོ་སྒོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར༔ ཞགས་པ་ཐོད་ཁྲག་འཁྲིལ་སྦྱོར་ཚུལ་དུ་འགྱིང༔ ནུབ་སྒོར་པདྨ་མཁའ་འགྲོ་ཡབ་ཡུམ་དམར༔ ལྕགས་སྒྲོག་ཐོད་ཁྲག་འཁྲིལ་སྦྱོར་ཚུལ་དུ་འགྱིང༔ བྱང་སྒོར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང༔ དྲིལ་བུ་ཐོད་ཁྲག་འཁྲིལ་སྦྱོར་ཚུལ་དུ་འགྱིང༔ དེ་ལྟར་རིག་རྩལ་ཁྲོ་བོའི་ལྷ་ཚོགས་རྣམས༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འབར་བའི་གར་དགུ་རྔམ་བརྗིད་ཁྲོ་ཚུལ་ལྡན༔ བསྐལ་མེ་རབ་འབར་བམ་ཆེན་སྟེང་ན་འགྱིང༔ ཨོཾ་པདྨཱནྟ་ཀྲིཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ དེ་ལྟར་མ་ཧཱ་ཕྱི་སྒྲུབ་བཟླས་པའི་ཚེ༔ བདག་ཉིད་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར༔ དེ་མཐར་སྔགས་བསྐོར་འོད་ཟེར་འཕྲོས་པ་ལས༔ རྒྱལ་བ་རྒྱ་མཚོའི་བྱིན་རླབས་འོད་དུ་བསྡུས༔ བདག་ཉིད་ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དབང་ཐོབ་མོས༔ བདག་གི་རིགས་འགྲེ་ལྷ་རྣམས་ཀུན་ལ་སྦྱར༔ ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང༔ ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ བརྒྱ་སྟོང་ཁྲི་འབུམ་ཐུན་སྦྱར་བཟླས་པ་སྟེ༔ དེ་ཡིས་དངོས་གྲུབ་ཡིད་བཞིན་འགྲུབ་པ་དང༔ ཞི་སོགས་ལས་རྣམས་ཐོགས་མེད་མཐར་ཕྱིན་འགྱུར༔ རིགས་འདུས་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་འདི༔ མ་འོངས་ལས་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྀཨཚ༔ དེ་ནས་ལས་བྱང་གི་སྔར་གྱི་འཕྲོར་འདི་ལྟར། གཉིས་པ་སྤྱན་འདྲེན་སྤོས་རོལ་དང༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧྲཱི༔ དབྱིངས་ཀྱི་འོད་འཁྱིལ་རྣམ་པ་པོ་ཊ་ལ༔ རིག་པའི་རང་སྐུ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མཚུངས་མེད་ཡབ་ཡུམ་གཉིས་མེད་སྦྱོར༔ གནས་འདིར་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ༔ རིག་པའི་རང་རྩལ་འོད་ཕུང་སྐུར་སྣང་བ༔ ཐིག་ལེ་ལྔ་རྫོགས་འབྲེལ་བའི་གཞལ་ཡས་ནས༔ ཡེ་ཤེས་བཞི་སྦྱོར་རིགས་བཞི་ཡབ་ཡུམ་རྣམས༔ ཚད་མེད་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ༔ དབང་དྲག་ཟླ་གམ་འབར་བའི་གཞལ་ཡས་ནས༔ ཡེ་ཤེས་རང་རྩལ་དབང་ཆེན་ཡོངས་རྫོགས་ལྷ༔ དམིགས་མེད་ཐུགས་རྗེའི་དབང་གིས་བརྩེར་དགོངས་ལ༔ གནས་འདིར་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ༔ ལས་བཞི་ལྷུན་གྲུབ་སྒོ་བ་ཡབ་ཡུམ་རྣམས༔ རྟག་ཆད་མཐའ་བྲལ་དབྱིངས་ནས་སྐུར་བཞེངས་ལ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་བརྩེར་དགོངས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར༔ དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས༔ རིག་པ་རང་ཤར་ཐུགས་རྗེ་ཞི་ཁྲོའི་ལྷ༔ མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས༔ ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ༔ བཞི་པ་ཕྱག་འཚལ་བ་ནི༔ ཧྲཱི༔ རང་རིག་ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ༔ བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི༔ མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ རང་མདངས་ཐུགས་རྗེའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས༔ སོ་སོའི་ཁ་དོག་ཕྱག་རྒྱ་བསྒྱུར༔ རབ་འབྱམས་ནམ་མཁའི་ཁམས་བཀང་ནས༔ རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧྲཱི༔ རིག་མདངས་ཞི་ཁྲོའི་ལྷ་ཚོགས་ལ༔ རང་བྱུང་བདུད་རྩི་རྣམ་ལྔ་དང༔ ཤ་ལྔ་དམ་ཚིག་མཆོག་གི་རྫས༔ ནང་གི་བདག་ཉིད་དག་པར་བཞེས༔ མ་ཧཱ་ཨ་མྲྀཏ་མཱཾ་ས་པཉྩ་པཱུ་ཛ་ཧོ༔ ཧྲཱི༔ ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར༔ དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ༔ ཟུང་འཇུག་བདེ་ཆེན་མཆོད་པ་བཞེས༔ ཨོཾ་བོ་དྷི་ཙིཏྟ་པཱུ་ཙ་ཧོ༔ ཧྲཱི༔ ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ རྩ་བརྒྱད་བདུད་རྩིའི་མཆོད་པ་དང༔ བདེ་ཆེན་རཀྟའི་མཆོད་པ་དང༔ དམ་རྫས་གཏོར་མའི་མཆོད་པ་རྣམས༔ དོན་དམ་དབྱིངས་ཀྱི་མཆོད་པར་རོལ༔ མཐུན་འཇུག་མཆོག་གི་མཆོད་པ་བཞེས༔ ཨོཾ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི༔ ཧྲཱི༔ དབྱིངས་ཀྱི་འོད་ཕུང་ཡེ་ཤེས་ཆེན་པོ་ལས༔ རིག་པའི་སྐུར་བཞེངས་ཐུགས་རྗེ་ཆེན་པོ་ཡབ༔ བདེ་ཆེན་དགྱེས་པ་བསྐྱེད་ཕྱིར་ཡུམ་དང་སྦྱོར༔ གཉིས་མེད་དོན་དམ་རིག་པའི་སྐུ་ལ་བསྟོད༔ རིགས་ཀྱི་བདག་པོ་སྣང་མཐའ་འོད་དཔག་མེད༔ རྗེས་སུ་ཆགས་པ་སྐུ་མདོག་རཱ་གའི་མདོག༔ མཉམ་གཞག་མི་འགྱུར་གཡོ་མེད་སྐྱིལ་ཀྲུང་བཞུགས༔ རིགས་མཆོག་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད༔ དབྱིངས་ཀྱི་འོད་ཕུང་ཡེ་ཤེས་ཆེན་པོ་ལས༔ རིག་པའི་སྐུར་བཞེངས་རིགས་བཞིའི་སྤྱན་རས་གཟིགས༔ ཁམས་བཞི་རྣམ་དག་ཡུམ་བཞི་འཁྲིལ་སྦྱོར་ཚུལ༔ རིགས་བཞི་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིག་པའི་རང་རྩལ་ཡེ་ཤེས་འབར་བའི་སྐུ༔ དབང་ཆེན་ཡོངས་རྫོགས་པདྨ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཀྱི་ཕག་མོ་དགྱེས་པར་འཁྲིལ༔ གཉིས་མེད་བདེ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དབང་དྲག་ལྷུན་གྲུབ་རོལ་པའི་སྐུ༔ ཡེ་ཤེས་རང་ཤར་རིགས་བཞིའི་ཧ་ཡ་གྲཱི༔ རང་རིག་ཕག་མོ་སྡེ་བཞི་མཉམ་པར་སྦྱོར༔ རྟ་མཆོག་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚད་མེད་རྣམ་བཞིའི་དཀྱིལ་འཁོར་སྒོ་བཞི་རུ༔ ཕྲིན་ལས་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ སྣ་ཚོགས་རབ་འབྱམས་ལས་ཀུན་ལྷུན་གྲུབ་པའི༔ ཏ་ཀྲྀཏ་སྒོ་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིག་པ་སྤྲོས་བྲལ་ངོས་བཟུང་མེད་པའི་ལྷ༔ ཅིར་ཡང་མ་གྲུབ་རང་གིས་གསལ་བའི་ལྷ༔ ཡེ་ནས་རང་གྲོལ་རྫོགས་པ་ལྟ་བའི་ལྷ༔ མ་བཅོས་ཅོག་གཞག་རང་གྲོལ་སྒོམ་པའི་ལྷ༔ བླང་དོར་རང་དག་ཟུང་འཇུག་སྤྱོད་པའི་ལྷ༔ རང་བྱུང་ཡེ་དག་མཐར་ཕྱིན་འབྲས་བུའི་ལྷ༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པའི་ལྷ༔ ཕྱི་དང་ནང་མེད་ཀུན་ཏུ་བདལ་བའི་ལྷ༔ སྣང་སྲིད་རྣམ་དག་གཞལ་ཡས་ལྷུན་གྲུབ་པའི༔ ཆགས་སྡང་རང་གྲོལ་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་སྐུ་མཆོག་རྣམས་ལ་ཕྱག་འཚལ་བསྟོད༔ བདུན་པ་འཛའ་བཟླས་དགོངས་པ་ནི༔ ཡོ་ག་གསུམ་གྱི་མངོན་རྟོགས་ཡིན༔ དེ་ཡི་ཕྲིན་ལས་འདི་ལྟར་རོ༔ ཧྲཱི༔ རང་བྱུང་རྣམ་དག་གཞལ་ཡས་འདིར༔ ཆོས་སྐུ་ཐུགས་རྗེ་ཞི་ཁྲོའི་ལྷ༔ སྣ་ཚོགས་སྐུ་དང་ཆ་ལུགས་ལ༔ ཐུགས་སྲོག་འཛབ་ཀྱི་རང་སྒྲ་སྒྲོག༔ མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས༔ ཚུལ་འདུས་དངོས་གྲུབ་བཅུད་དུ་བསྡུ༔ རྟགས་མཐོང་བར་དུ་རྒྱུན་མི་བཅད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་ཧཱུྃ༔ ཞེས་བྱ་ཞི་ཁྲོའི་ཐུགས་སྲོག་སྔགས༔ འཛབ་དགོངས་འཛབ་དབྱངས་གྲངས་ལྡན་བསྒྲུབ༔ དེ་ནི་དངོས་གཞིའི་རིམ་པའོ༔ སྐབས་འདིར་བཟླས་དམིགས་ལྷན་ཐབས་སུ་བཀོད་པ་ནི། ཧྲཱི༔ བདག་ཉིད་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར༔ དེ་མཐར་སྔགས་བསྐོར་འོད་ཟེར་འཕྲོས་པ་ལས༔ རྒྱལ་བ་རྒྱ་མཚོའི་བྱིན་རླབས་འོད་དུ་བསྡུས༔ བདག་ཉིད་ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དབང་ཐོབ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་དང་། ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་ཧཱུྃ༔ ཞེས་བཟླའོ། །སྒྲུབ་ཐབས་ཡིད་བཞིན་ནོར་བུ་ནས་བྲིས་པའོ། །སྔ་མའི་འཕྲོས། དེ་ནས་རྗེས་ཀྱི་རིམ་པ་ནི༔ ཚོགས་དང་ལྷག་མ་ཐུགས་དམ་བསྐུལ༔ ཆད་ཐོ་བསྒྲག་ཅིང་བརྟན་མ་བསྐྱང༔ གཏོར་མནན་དངོས་གྲུབ་བླང་བ་དང༔ བསྡུ་ཆོག་བརྒྱད་ནི་རྗེས་ཀྱི་ཆོས༔ དང་པོ་ཚོགས་ནི༔ ཨོཾ་སྭ་བྷཱ་བ་སོགས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་དྲུག་གི་འཕྲོ་འདུ་ལས༔ ཚོགས་ཀྱི་འཛིན་རྟོག་རང་དག་ནས༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ སྤྱན་འདྲེན་པ་ནི༔ ཧྲཱི༔ གདོད་ནས་རང་བྱུང་རིག་པའི་སྐུ༔ སྣང་སྟོང་ཐུགས་རྗེ་ཞི་ཁྲོའི་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ གཉིས་མེད་ངང་དུ་བརྟན་པར་བཞུགས༔ མཆོད་པ་ནི༔ ཧྲཱི༔ རིག་པ་རང་སྣང་ཞི་ཁྲོའི་ལྷ༔ རྩལ་མདངས་འཁོར་ཚོགས་བཅས་པ་ཡིས༔ སྣང་བ་རྒྱན་ཤར་འདོད་ཡོན་འདི༔ བླང་དོར་མེད་པར་བཞེས་སུ་གསོལ༔ བཤགས་པ་ནི༔ ཧྲཱི༔ གཉིས་འཛིན་རྟོག་པ་ཨ་འཐས་པས༔ རིག་པ་ལྷ་དང་འདོད་ཡོན་ཚོགས༔ མཉམ་ཉིད་དབྱིངས་སུ་མ་རྟོགས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ བསྒྲལ་བ་ནི༔ རཱུ་པར་དགུག་གཞུག་མཐའ་རྒྱས་བྱ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་རིག་པའི་རང་རྩལ་ལས༔ ལྷུན་གྲུབ་ལས་མཛད་བུདྡྷ་ཧྱ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་གཏི་མུག་གཟུང་འཛིན་དགྲ་འགེགས་རྣམས༔ ཆོས་དབྱིངས་ཀློང་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ མེ་ལོང་ཡེ་ཤེས་རིག་པའི་རང་རྩལ་ལས༔ ཞི་བའི་ལས་མཛད་བཛྲ་ཧྱ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་ཞེ་སྡང་གཟུང་འཛིན་དགྲ་བགེགས་རྣམས༔ གསལ་བའི་ཀློང་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ མཉམ་ཉིད་ཡེ་ཤེས་རིག་པའི་རང་རྩལ་ལས༔ རྒྱས་པའི་ལས་མཛད་རཏྣ་ཧྱ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་ང་རྒྱལ་གཟུང་འཛིན་དགྲ་བགེགས་རྣམས༔ མཉམ་པའི་ཀློང་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་རིག་པའི་རང་རྩལ་ལས༔ དབང་གི་ལས་མཛད་པདྨ་ཧྱ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་འདོད་ཆགས་གཟུང་འཛིན་དགྲ་བགེགས་རྣམས༔ མཁྱེན་པའི་ཀློང་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བྱ་གྲུབ་ཡེ་ཤེས་རིག་པའི་རང་རྩལ་ལས༔ དྲག་པོའི་ལས་མཛད་ཀརྨ་ཧྱ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་ཕྲག་དོག་གཟུང་འཛིན་དགྲ་བགེགས་རྣམས༔ ལས་གྲུབ་ཀློང་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ མ་རིག་དུག་ལྔ་འདུས་པའི་རུ་དྲ་འདི༔ རིག་སྐུ་ཡེ་ཤེས་ཡོངས་རྫོགས་ཧེ་རུ་ཀས༔ སྣ་ཚོགས་རང་ཤར་སྤྲུལ་པའི་ཕོ་ཉའི་ཚོགས༔ དུག་ལྔ་གཟུང་འཛིན་རྩད་གཅོད་ཕུར་བུ་འདྲིལ༔ འཁོར་བའི་རྒྱུན་ལམ་ཆོད་ཅིག་ཀཱི་ལ་ཡ༔ མཉམ་ཉིད་དབྱིངས་སུ་སྦྱོར་ཅིག་ཀཱི་ལ་ཡ༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལ་ཡ་ནྲྀ་ཏྲི་ཧུར་ཐུཾ་མཱ་ར་ཡ་རྦད༔ བསྟབ་པ་ནི༔ ཧཱུྃ༔ དོན་དམ་ཆོས་ཉིད་ཞལ་ཕྱེས་ཤིག༔ ཁམས་གསུམ་འཁོར་བ་ཞལ་དུ་བསྟབ༔ ཡེ་ཤེས་རྣམ་ལྔ་ཞལ་ཕྱེས་ཤིག༔ དུག་ལྔ་གཟུང་འཛིན་ཞལ་དུ་བསྟབ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བར་ཆད་དགྲ་བགེགས་ཞལ་དུ་བསྟབ༔ མཱ་ར་ཙི་ཁཱ་ཧི༔ ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་བྱ༔ གཉིས་པ་ལྷག་གཏོར་ནི༔ ཧཱུྃ༔ དབང་ཆེན་ཐུགས་རྗེ་ཞི་ཁྲོ་ཡི༔ རིག་རྩལ་བཀའ་ཡི་ལྷག་སྡུད་མ༔ རྟོག་ཚོགས་དབང་སྒྱུར་འཕྲུལ་མོ་ཆེ༔ འདོད་ཡོན་རོལ་པའི་ལྷག་གཏོར་བཞེས༔ སྐྱེ་འགག་མཐའ་བྲལ་ལས་མཛོད་ཅིག༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ཆེན་པོ་ནས༔ རིག་པ་རང་ཤར་ལྷ་ཡི་ཚོགས༔ ཞི་ཁྲོ་ཡོངས་རྫོགས་སྐུར་བཞེངས་ལ༔ ཤར་གྲོལ་རང་མཚང་གསལ་བར་མཛོད༔ རེ་དོགས་མཐའ་ལས་གྲོལ་བར་མཛོད༔ གཉིས་འཛིན་ལོག་ལྟ་རྒྱུན་ཆོད་ལ༔ རྟག་ཆད་མུ་མཐའ་བྲལ་བ་ཡི༔ ཆོས་ཉིད་ཀློང་དུ་ཐིམ་པར་མཛོད༔ སངས་རྒྱས་རེ་བའི་ཕོ་བདུད་དང༔ འཁོར་བར་དོགས་པའི་དམ་སྲི་དང༔ ཚོགས་དྲུག་ཡུལ་གྱི་སྡེ་བརྒྱད་རྣམས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་སྒྲོལ༔ ཨ་ཕཊ༔ བཞི་པ་ཆད་ཐོ་ནི༔ ཧྲཱི༔ འོད་གསལ་ལྷུན་གྲུབ་ཕོ་བྲང་དུ༔ གདོད་མའི་སངས་རྒྱས་ཐུགས་རྗེ་ཡིས༔ རང་ཤར་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་སྣང་བཀའ་སྡོད་ཐམས་ཅད་ཀྱིས༔ རང་དམ་ཤར་གྲོལ་མཚང་བསྟན་པས༔ བདག་འཛིན་བྲལ་བར་མ་ཆད་དམ༔ སྣང་རིག་དོན་གྱི་གཏོར་མ་ལོངས༔ ཆོས་ཉིད་མ་ལ་བུ་ཐིམ་མཛོད༔ དེ་འོག་བསྐལ་པ་བར་མ་ལ༔ མི་འགྱུར་དཔལ་གྱི་སྟེང་ཁང་དུ༔ རིག་འཛིན་པདྨ་སཾཾ་བྷ་བས༔ ཞི་ཁྲོ་ཟུང་འཇུག་ཞལ་ཕྱེས་ཚེ༔ མ་སྲིང་དམ་ཅན་རྒྱ་མཚོ་ཡིས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ དེ་འོག་བསྐལ་པའི་ཐ་མ་ལ༔ དག་སྣང་དཔལ་རིའི་རྩེ་མོ་རུ༔ མོས་གཟུང་པདྨ་འབྱུང་གནས་དང༔ ཐོལ་བྱུང་ཉི་ཟླ་འོད་ཟེར་གྱིས༔ རྩལ་སྣང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འོད་སྣང་བཀའ་སྡོད་ཐམས་ཅད་ཀྱིས༔ འགྱུ་དྲན་བྲལ་བར་མ་ཆད་དམ༔ འདོད་ཡོན་རང་ཤར་གཏོར་མ་ལོངས༔ སྣང་སྟོང་ཟུང་དུ་འཇུག་པར་མཛོད༔ ལྔ་པ་བརྟན་མ་སྐྱོང་བ་ནི༔ བྷྱོ༔ དམ་ཚིག་དབང་གིས་ལས་མཛད་མ༔ རྟེན་འབྲེལ་བཅུ་གཉིས་རང་དག་པའི༔ མ་མོ་བརྟན་མ་བཅུ་གཉིས་པོ༔ དམ་ལས་མ་འདའ་གནས་འདིར་བྱོན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དྲུག་པ་གཏོར་མནན་ནི༔ ཧཱུྃ༔ ལྷུན་གྲུབ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ གཉིས་འཛིན་དམ་སྲི་བསྒྲལ་པ་ཡི༔ ལྔ་ཕུང་སྙིགས་མར་གྱུར་པ་ལ༔ དྭངས་མ་ཡེ་ཤེས་བྲོ་བརྡུང་པས༔ རང་གྲོལ་ཆོས་སྐུ་མི་འགྱུར་བའི༔ སྐྱེ་མེད་རྒྱ་ཡན་ལྷུན་གྱིས་གྲུབ༔ བདུན་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཐུགས་རྗེ་འགག་མེད་ཞི་ཁྲོའི་ལྷ༔ མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ༔ སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ༔ བརྒྱད་པ་བསྡུ་ཆོག་ལ༔ བཤགས་པ་ནི༔ ཧོ༔ རང་རིག་རྣམ་དག་སྒྲུབ་གཞུང་ལས༔ སེམས་སྣང་འཁྲུལ་པའི་ཉེས་པ་རྣམས༔ གཉིས་མེད་དོན་དམ་ངང་དུ་བཤགས༔ དྲི་མེད་རྗེན་པར་རྟོགས་པར་ཤོག༔ གཤེགས་གསོལ་ནི༔ སྐྱེ་མེད་ངང་ལས་གཟུགས་སྐུའི་རོལ་པར་ཤར༔ རང་རྩལ་ལྷུན་གྲུབ་ཞི་ཁྲོའི་ལྷ་ཚོགས་རྣམས༔ རྣམ་བཞིའི་ཕྲིན་ལས་དགོངས་པ་མཐར་ཕྱིན་ནས༔ ཆོས་སྐུ་རྣམ་དག་སྐྱེ་མེད་དབྱིངས་སུ་གཤེགས༔ བར་འདིར་བསྡུ་རིམ་དང་ལྷར་ལྡང་སྤྱི་ལྟར་བྱ། བསྔོ་སྨོན་ནི༔ འགྱུར་མེད་དགེ་བ་རྣམ་དག་བསྒྲུབས་པ་ལས༔ གདོད་མའི་མགོན་པོ་ཀུན་གྱིས་རྟོགས་པར་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ དགོངས་པ་རང་ཤར་ཐུགས་རྗེས་འགྲོ་བ་འདྲེན༔ རྩ་བརྒྱུད་རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ དགོངས་པ་རང་ཤར་ཡེ་ཤེས་འོད་འབར་སྐུ༔ ཐུགས་རྗེ་ཡོངས་རྫོགས་ཞི་ཁྲོའི་བཀྲ་ཤིས་ཤོག༔ རང་རྩལ་འགག་མེད་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དམ་ཅན་སྲུང་མའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་དགའ་སྟོན་གླུ་གར་བྱ༔ ལས་རྣམས་ཀུན་གྱི་ཁ་སྐོང་བའི༔ ལས་བྱང་ཡེ་ཤེས་འཁོར་ལོ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེས་བསམ་ཡས་སྟེང་ཁང་རྣམ་སྣང་གི་གསང་སྒྲོམ་ནས་སྤྱན་དྲངས་པའོ།། །།

ཡང་དག་ཐུགས་ཀྱི་སྒྲུབ་པ་ (Volume 27, Text 23)

ྈ ཡང་དག་ཐུགས་ཀྱི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཐུགས་ཀྱི་ལྷ་མཆོག་ཤིན་ཏུ་གསལ་ཞིང་གཉན༔ བདག་ཉིད་སྒྲུབ་པ་མཐར་ཕྱིན་རྣལ་འབྱོར་པ༔ བདག་འདྲ་གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ ཐུགས་ཀྱི་གསང་སྒྲུབ་ཡང་དག་ཟབ་ཏུ་དྲིལ༔ དེ་ཉིད་གནད་ཀྱི་སྒྲུབ་པ་འདི་ཡིན་ཏེ༔ དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་ཚད་མེད་པ་བཞི་སྔོན་སོང་ནས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དམིགས་མེད་ངང་ནས་བསྐྱེད་པའི་སྔགས་བརྗོད་པས༔ བདག་ཉིད་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམ་ཞིང་བརྗིད༔ སྤྱན་དགུ་ཞལ་བསྒྲད་མཆེ་གཙིགས་རིགས་ལྔས་བརྒྱན༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཌཱ་མ་རུ༔ གཡོན་གསུམ་བྷནྡྷ་ཐོད་ཁྲག་རྒྱུ་ཞགས་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པར་གསོལ༔ ཀྲོ་ཏཱི་ཤྭ་རཱི་ཡུམ་མཆོག་སྐུ་ལ་འཁྲིལ༔ རྒྱན་དང་སྐུ་མདོག་ཡབ་འདྲ་གྲི་ཐོད་འཁྱུད༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་རྡོ་རྗེ་དང༔ བྷནྡྷ་བསྣམས་པ་ཚོན་གང་བསྒོམ་པར་བྱ༔ དེ་ཡི་ཐུགས་ཀར་ཙིཏྟ་རིན་ཆེན་ཟུར་བརྒྱད་པ༔ དེ་དབུས་རྡོ་རྗེ་ནས་ཙམ་གསལ་བར་བསྒོམ༔ རྡོ་རྗེའི་ལྟེ་བར་ཉི་མའི་དལ་ཉིད་ལ༔ ཧཱུྃ་ཡིག་མཐིང་ནག་སྤུ་ཡིས་བྲིས་པ་ཙམ༔ ཕྱི་རིམ་ཙིཏྟ་རིན་ཆེན་ཟུར་བརྒྱད་ལ༔ རུ་ལུ་འབྲུ་བརྒྱད་ཆོས་འཁོར་དག་ཏུ་བསམ༔ དེ་ཉིད་གསལ་བར་བརྟན་པར་གྱུར་པ་དང༔ རུ་ལུའི་བསྙེན་པ་གསལ་ལ་དག་པ་བཅས༔ གྲགས་སྟོང་བྲག་ཅ་ལྟ་བུར་བཟླས་པ་ལས༔ བསྐྱེད་རིམ་གསལ་བའི་ངང་ནས་རང་ཉིད་ཡི་དམ་ལྷ༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཉིད་ལ་ཐིམ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱང༔ ཧཱུྃ་ལ་ཐིམ་སྟེ་ཧཱུྃ་ཉིད་གྱེན་རྫོགས་སུ༔ མས་ནས་རིམ་བཞིན་ཐིག་ལེ་ཉིད་ལ་ཐིམ༔ ཐིག་ལེ་སྐྱེ་མེད་ཆོས་སྐུར་རྒྱས་གདབ་སྟེ༔ དེ་ཉིད་ངང་ནས་སྔགས་སྒྲ་སྙིང་པོ་ཛཔ྄༔ ཆོས་ཉིད་སྟོང་པའི་རང་སྒྲ་དག་ཏུ་བཟླ༔ མ་བཅོས་སེམས་ཉིད་དག་པའི་ཀློངས་ཡངས་ནས༔ འཛིན་མེད་སྟོང་པའི་རང་སྒྲ་ཆུ་རྒྱུན་ལྟར༔ མ་བཅོས་ངང་ནས་གསལ་དག་བཟླས་པ་ཡིས༔ དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་སྒྲུབ་ཅིང༔ བླ་མེད་དོན་གྱི་སྒྲུབ་པ་འདིས་འགྲུབ་བོ༔ དང་པོ་སྣང་སྟོང་ལྷ་བསྐྱེད་ཆད་མཐའ་བསལ༔ རྫོགས་རིམ་ཆོས་སྐུར་བསྡུས་པས་རྟག་མཐའ་བསལ༔ མ་འགགས་སྔགས་སྒྲ་བཟླས་པས་ཆད་མཐའ་བསལ༔ སྔགས་སྒྲ་སྟོང་པར་ཤེས་པས་རྟག་མཐའ་བསལ༔ མ་བཅོས་གསལ་སྟོང་ངང་དུ་བཞག་པའི་ཚེ༔ གཉིས་ཀ་མཐའ་ལས་འདས་ཏེ་ངོ་མཚར་ཆེ༔ རྗེས་སྤྱོད་སྨོན་ལམ་གདབ་ཅིང་དགེ་བ་བསྔོ༔ སྣང་སྟོང་སྒྱུ་མ་ལྟ་བུའི་ང་རྒྱལ་གྱིས༔ སྒོ་གསུམ་དགེ་སོགས་སྤྱོད་ལམ་འཇུག་པར་བྱ༔ སྐལ་ལྡན་སྐྱེས་བུ་འདི་ལ་སུས་འབད་པ༔ དངོས་གྲུབ་ལོ་ཟླ་ཙམ་གྱིས་འཐོབ་པར་འགྱུར༔ གྲངས་ཀྱི་བསྙེན་པ་བདུན་འབུམ་ཉི་ཁྲིས་འགྲུབ༔ གསང་སྔགས་འདི་ལ་རྣལ་འབྱོར་སུས་བརྩོན་པ༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་དང༔ སྡོམ་གསུམ་ཚུལ་ཁྲིམས་ཉམས་སོགས་མ་ལུས་པ༔ ཐམས་ཅད་འདི་ཡིས་སོར་ཆུད་ཉམས་ཆག་སྐོང༔ དངོས་གྲུབ་རྣམ་གཉིས་ཡེ་ནས་ངེས་ཐོབ་ཅིང༔ ཁྱད་པར་ཉམས་ཆག་སྐོང་བའི་མཐར་ཐུག་གོ༔ རིག་འཛིན་ཚེ་ཡི་མཆོག་ཀྱང་འདིས་འགྲུབ་བོ༔ ཅི་ཕྱིར་ཞེ་ན་གསང་བའི་ཐུགས་སྒྲུབ་ཡིན༔ ཟབ་མོ་ཐུགས་ཀྱི་སྒྲུབ་པ་བླ་མེད་འདི༔ ཡང་དག་ཐུགས་ཀྱི་སྒྲུབ་པ་ཕྱོགས་གཅིག་དྲིལ༔ ཟབ་དོན་ཉུང་དྲིལ་ཉམས་སུ་བླང་བར་བདེ༔ འདི་ལས་ཟབ་པའི་ཐུགས་སྒྲུབ་མཐར་ཐུག་པ༔ འཇིག་རྟེན་འདི་ན་འབྱུང་བ་ག་ལ་སྲིད༔ ཀྱེ༔ སྔོན་ནས་བསོད་ནམས་བསགས་པའི་ལས་འཕྲོ་ཡིས༔ འདི་དང་འཕྲད་པར་གྱུར་པ་མ་ལགས་པ༔ བཙལ་བས་འཇིག་རྟེན་འདི་ནས་ག་ལ་རྙེད༔ དེ་ཕྱིར་འདི་ལ་བརྩོན་པ་རྟག་ཏུ་སྐྱེད༔ དངོས་གྲུབ་གཞན་ལས་མྱུར་རམ་བསྒྲུབས་ལ་ལྟོས༔ ཞལ་མཇལ་ལུང་སྟོན་ཐུགས་བརྒྱུད་བྱིན་གྱིས་རློབས༔ ཉི་ཤར་བྲག་རི་འཛེག་ཅིང་གཅེར་བུར་བུད༔ ཁྲུས་བྱེད་དར་ཆེན་ཕྱར་རམ་དུང་ཆེན་འབུད༔ མི་མང་ཁྲོམ་ཆེན་འདུ་དང་དགེ་ལ་བསྐུལ༔ དེ་སོགས་རྟགས་ཀྱི་རིམ་པ་བསམ་མི་ཁྱབ༔ བདག་འདྲ་ནམ་མཁའི་སྙིང་པོའི་ཐུགས་བཅུད་འདི༔ མ་འོངས་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཏྣ་གླིང་པས་བསམ་ཡས་ཨརྻ་པ་ལོའི་གླིང་ནས་གདན་དྲངས་པའོ། །ཤོག་སེར་ངོས་ལས་བསམ་གཏན་གླིང་དུ་བདག་འདྲ་སངས་རྒྱས་སྤྲང་བན་རིན་ཆེན་གྱིས། བློ་ལ་སྣང་བས་ཞུས་པ་ལགས།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ (Volume 48, Text 23)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀ་ནཱ་ཐཱ་ཡ། སྙིང་རྗེའི་གཟི་བརྗིད་ཚད་མེད་པས། །འཁོར་བའི་མུན་པ་དོང་ནས་སྤྲུགས། །ཕྱོགས་བཅུའི་རྒྱལ་བའི་སྲས་གཅིག་པུ། །དེ་ལ་གུས་པས་ཕྱག་བགྱི་འོ། །ཐུགས་རྗེ་ཆེ་མགོན་ཆོས་དབང་གི །ཟབ་གཏེར་ལས་བྱོན་སྡིག་པོ་ཆེ། །ཚེགས་མེད་ངན་འགྲོ་ལས་སྒྲོལ་བའི། །སྨིན་བྱེད་གསལ་བར་བཀོད་འདི་འོ། །དེ་ལ་བཞི། དབང་རྫས་ཇི་ལྟར་བཤམས་པ། དབང་སྒྲུབ་ཇི་ལྟར་བྱ་བ། དབང་དངོས་ཇི་ལྟར་བསྐུར་བ། དབང་གི་རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་ཡོད་ན་བཤམ་པའི་མདུན་དུ་སྟེགས་བུ་གཙང་མ་ལ་མཎྜལ་བ་བྱུང་གིས་ཆག་ཆག་གདབ་པ་ལ་པདྨ་འདབ་དྲུག་མུ་ཁྱུད་དང་བཅས་པ་དམར་པོ་གོང་རས་དཀར་པོ་ཅན་གྱི་དབུས་སུ་ཧྲཱིཿ འདབ་མ་དྲུག་ལ་ཡིག་དྲུག་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། བནྡྷ་མཚན་ལྡན་ཆང་གིས་བཀང་བའི་སྟེང་མེ་ལོང་ལ་མཚལ་གྱིས་ཡི་གེ་བདུན་པ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག །མདུན་ངོས་སུ་སྐུ་ཙཀ་དང་སྔགས་བྱང་མཚལ་གྱིས་བྲིས་པ། སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱིས་དྲིལ་བ། རྒྱབ་ངོས་སུ་གཏོར་ཆེན་པདྨ་བརྩེགས་པ། དེའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་ཕྱི་མཆོད། གཞན་ཡང་ལས་བུམ། སྔོན་གཏོར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་རྣམས་དང་། ཚོགས་ཀྱི་ཕྲིན་ལས་གཏོང་ན་དེའི་ཡོ་བྱད་ཀྱང་ཚོགས་པར་གསག་གོ །གཉིས་པ་དབང་སྒྲུབ་ཇི་ལྟར་བྱ་བ་ལ། གཞུང་འདིར་ཕྱི་ནང་གསང་སྒྲུབ་གསུམ་དུ་གསུངས་ཀྱང་ལྷ་དབང་གི་སྐབས་ཕྱི་སྒྲུབ་ལྟར་གསུངས་པ་དང་། དེ་ཉིད་རྒྱུད་ལས་བསྟན་པའི་རྩ་བའི་ལྷ་ཡིན་པས་རྒྱུའི་དབང་བསྐུར་དེ་ཉིད་ལ་བསྟེན་པར་རིགས་ཤིང་། དེའང་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སྒྲུབ་པ་གཏེར་གཞུང་ཇི་ལྟ་བར་བྱས་ནས་དབང་དོན་བུམ་པ་སོགས་སྒྲུབ་ཅིང་ལམ་དུས་ཀྱི་དབང་བླངས་པས་འཐུས་མོད། སྤྱི་འགྲེའི་ཕྲིན་ལས་ལ་བརྟེན་པར་སྤྲོ་ན་ལས་བྱང་པདྨའི་འཛུམ་ཟེར་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་འགྲུབ་བྱས་རྗེས། བྷྲཱུྃ་ལས་བུམ་པ་ཐོད་པ་མེ་ལོང་རྣམས་འོད་ཟེར་དམར་པོའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་དུས་གསུམ་སངས་རྒྱས་ཀྱི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ཐུགས་རྒྱུད་བསྐུལ་པས་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས། བུམ་པ་དང་ཐོད་པ་ཁེངས་ཤིང་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས། སླར་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་བདག་དང་སློབ་མའི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་གྱུར། ཅེས་པའི་དམིགས་པ་དང་བཅས་གཟུངས་ཐག་དྲངས་ལ་ཡིག་བདུན་དང་གཟུངས་ཅི་འགྲུབ་བཟླ། མཆོད་བསྟོད་མདོར་བསྡུས་བྱ། ལས་བུམ་དུ་པད་ཉིའི་གདན་ལ་ཁྲོ་བོ་རྟ་མགྲིན་པདྨའི་དབྱུག་ཏོ་དང་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་སྐུར་གསལ་བར་གྱུར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ། ཞེས་བཟླས་ལ་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་བས་བུམ་ཆུ་བགེགས་སྲུང་བའི་ནུས་པ་དང་ལྡན་པར་གྱུར། དེ་ནས་ལམ་དུས་ཀྱི་དབང་རྒྱས་པར་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པས་ཀྱང་འགྲུབ་བོ། །གསུམ་པ་དབང་དངོས་ཇི་ལྟར་སྐུར་བ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ལའང་འཇུག་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་། མཚམས་བཅད་སྲུང་འཁོར་བཅས་སྤྱི་འགྲོ་དང་། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བརྒལ་བ་མཐའ་དག་འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཕྱིར་དུ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གངས་ཅན་གྱི་ལྗོངས་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་བའི་ཞིང་དུ་གྱུར་པའི་དོན་གྱིས། དངོས་དང་བརྒྱུད་ནས་འཕགས་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ལས་བྱུང་བའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་དུས་གསུམ་དུ་འདུལ་ཞིང་ཁ་ལོ་སྒྱུར་བར་མཛད་པས། དེའི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསར་རྙིང་བཀའ་གཏེར་ལས་བྱོན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། འཕགས་པ་ཉིད་གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་བའི་གཟུགས་སུ་རྣམ་པར་རོལ་པ་༧སྤང་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཁྲུ་གང་བ་སྤྱན་དྲངས་པའི་སྐུ་སྐེད་ལས་བྱོན་པའི་ཆོས་སྡེ། ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩའི་ནང་ཚན་ཏེ། བཀའ་གཙིགས་ལས། ཐུན་མོང་ཐུགས་རྗེའི་སྒྲུབ་སྐོར་ཆེས་མང་གི༔ ཁྱད་པར་ཞག་བདུན་ངེས་འགྲུབ་འདི་ན་མཆིས༔ དེ་གང་ཞེ་ན་འཁོར་བ་དོང་སྤྲུགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང་། ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་མན་ངག་སྐོར༔ ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་ལྔ་བརྒྱ་བརྒྱད༔ ལུང་སྡེ་བསམ་ཡས་མན་ངག་རྒྱ་མཚོའི་བཅུད༔ ཨོ་རྒྱན་ངས་བསྡུས་ཉམས་སུ་བླངས་ཤིང་ངེས༔ དེ་ཕྱིར་རིན་ཆེན་ཀླུ་བདུད་ཐུགས་ཀ་རུ༔ སྐུ་དང་བཅས་ཏེ་གསེར་གྱི་ཁྱུད་མས་བཅིངས༔ བསྟན་པའི་སྙིང་པོ་ཡིན་གྱིས་འགྲོ་བ་ཡོངས་ཀྱི་དཔལ༔ རྒྱུད་སྦྱོང་འགྲོ་འདུལ་རྩ་བ་ཐུགས་རྗེ་ཆེ༔ རྒྱུད་སྡེ་ལྔ་བརྒྱའི་བཅུད་བསྡུས་འཁོར་དོང་སྤྲུགས༔ དུས་མཐའི་སེམས་ཅན་གདུལ་དཀའ་འདི་ཡིས་ཐུལ༔ ལྟ་ཡངས་སྤྱོད་བདེ་སྒྲུབ་རྟགས་འཕྲལ་ལ་འབྱུང༔ ཨོ་རྒྱན་སྙིང་ཁྲག་བསྟན་པའི་བཙས་སུ་བཞག༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་ཁྱད་པར་འཕགས་པ་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་པ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་ནས་གསུངས་པའི་འཁོར་བ་དོང་སྤྲུག་གི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས། ལེའུ་བདུན་པ་ཡིག་བདུན་གསང་སྒྲུབ་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་གིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག །ཅེས་དར་སྣའི་ཅོད་པན་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དང་བཅས་ཏེ་མེ་ཏོག་གིས་བརྒྱན་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ། ཐུགས་རྗེའི་བདག་པོ་དགོངས་སུ་གསོལ། །བདག་སོགས་འཁོར་བའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡི་དམ་དུ་ཡང་ཞུ་བར་བགྱིད། །ལན་གསུམ། བླ་མ་ཐུགས་རྗེ་ཆེན་པོ་དབུ་གཙུག་སྣང་བ་མཐའ་ཡས་དང་བཅས་པ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ སྐུ་གསུམ་ཐུགས་རྗེར་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཟབ་མོའི་ལམ་འདིར་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སོགས་ལན་གསུམ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་གསག་སྦྱོང་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་བརྗོད་དུ་གཞུག །སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་པ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་པཱུ་ཛ་ཧོ༔ ཞེས་དཀྱིལ་འཁོར་ལ་འདོར་དུ་གཞུག །དེ་ནས་ཡེ་ཤེས་ཀྱི་བྱིན་རླབས་འབེབ་པ་ཡིན་པས། འོ་ཁྱེད་རང་རྣམས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སྣང་བ་ཐམས་ཅད་འོད་དམར་པོའི་རང་བཞིན་གྱི་ཞིང་ཁམས་ཡ་ལ་ལ་སྒོམས་ཤིག༔ རང་རང་གི་སྤྱི་གཙུག་ན་བླ་མ་སྣང་བ་མཐའ་ཡས་དང་ཐ་མི་དད་པར་གཟི་བརྗིད་དང་ལྡན་པ་བཞུགས་ནས༔ རིགས་ཀྱི་བུ་བདེ་བ་ཅན་གྱི་ཞིང་དུ་ཡར་ཤོག་ཡར་ཤོག་གསུང་པར་སྒོམས་ཤིག༔ རང་ཉིད་ཐུགས་རྗེ་ཆེན་པོ་དམར་པོ་རྒྱན་མེད་གཅེར་བུ་པད་ཕྲེང་དང་བུམ་པ་བསྣམས་པ་ཞབས་བཞེངས་སྟབས་ཅན༔ སྣང་སྲིད་ཐམས་ཅད་ཡི་དམ་ལྷ་དང་མཁའ་འགྲོ༔ དཔའ་བོ་དང་དཔའ་མོས་གར་བྱེད་ཅིང་རོལ་མོ་མང་པོ་སྒྲོག་སྟེ་བྱིན་གྱིས་རློབ་པར་མོས་ལ༔ རིག་པའི་དཔངས་བསྟོད་དེ་གསོལ་འདེབས་དང་ཡིག་བདུན་ཛཔ྄་དབྱངས་ལྷན་ཅིག་ཏུ་གསུང་འཚལ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསོལ་འདེབས་རེ་དང་ཡིག་བདུན་སྤེལ་བ་འགྲེའོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ༴ ཌཱ་ཀི་གར་གྱི་དབང་ཕྱུག་ལ་གསོལ་བ༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ༴ མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ་གསོལ་བ་འདེབས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་གསོལ་འདེབས་དང་ཡིག་བདུན་དབྱངས་སུ་བླང་། དེ་ལྟར་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ཡི་གེ་བདུན་པའི་སྐུར་བཞེངས་ཏེ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་སྟེང་ནས་ཆར་བཞིན་བབས། བར་ནས་བུ་ཡུག་བཞིན་དུ་འཚུབ། འོག་ནས་ན་བུན་བཞིན་དུ་ཕྱུར་ཏེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་དང་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། སྒོ་གསུམ་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྤོས་བསྲེག་རོལ་མོ་བསྒྲག་ལ། སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བརྗོད་ཀྱང་རུང་། དཀྱུས་སུ་ཡིག་བདུན་གྱི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨཱཿཨཱཿབཏགས་པ་བརྗོད། དེ་ལྟར་དབབ་པས་རྗེས་ཀྱི་ཤེས་པ་གསལ་སྟོང་འཛིན་མེད་དུ་ལྷག་གེར་ཤར་བ་དེ་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་པས་ཤེས་པར་གྱིས་ལ། དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་གོ །གཉིས་པ་དབང་སྐུར་བ་ནི། དེ་ནས་དབང་གི་དངོས་གཞི་བསྐུར་བ་ལ་ཐུན་མོང་མ་ཡིན་པ་དབང་བཞིའི་བྱིན་རླབས་རྗེས་འབྲེལ་བཅས་པ་དང་། ཐུན་མོང་གཏོར་མ་དང་བཀའ་ལུང་གི་དབང་གཉིས་སུ་ཡོད་པ་ལས། དང་པོ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྣམ་རྒྱལ་བུམ་པ་འོད་ཕུང་དམར་པོའི་རང་བཞིན་གྱི་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་བཞུགས་པའི་སྤྱི་བོའི་ཨོཾ་ལས་འོད་དཀར་པོ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཕོག །ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད། དེའི་རྗེས་འབྲེལ་ལྷ་དབང་ལུས་ལ་བསྐུར་བ་ལ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་མཆེད་དེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཙཀླི་སྤྱི་བོར་བཞག་ལ། ཧྲཱི༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཉི་ཟླ་པདྨའི་གདན་སྟེང་ན༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ རྒྱན་མེད་གཅེར་བུ་འཛུམ་མདངས་ལྡན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ རྡོ་རྗེ་སློབ་དཔོན་བདག་གིས་ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཐུགས་རྗེ་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་སངས་རྒྱས་ནས༔ འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེའི་རྐྱེན་གྱིས་ཁྱེད་རང་ཐུགས་རྗེ་ཆེན་པོའི་སྐུ་ཤིན་ཏུ་གསལ་བར་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ། ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་ཅན་དུ་གསལ་ཐོབས་ཤིག །རང་ལུས་སྣང་སྟོང་དབྱེར་མེད་ལྷའི་སྐུ་འཇའ་ཚོན་དང་ཆུ་ཟླ་ལྟ་བུར་ཤེས་པར་མཛོད་ལ་དུས་རྟག་ཏུ་བསྐྱེད་པའི་རིམ་པ་འདི་ལྟ་བུ་དང་མི་འབྲལ་བར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བྷནྡྷ་རང་བྱུང་པདྨའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་དམར་པོ་ནར་གྱིས་བྱུང་། བདག་གི་མགྲིན་པར་ཕོག །ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ངག་སྙིང་པོ་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ གསང་དབང་བདུད་རྩིའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ གསང་དབང་ངག་གིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན། དེའི་རྗེས་འབྲེལ་སྔགས་དབང་ངག་ལ་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡི་གེ་བདུན་པའི་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོ་བ་བྱོན། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་རེ་གསལ་བའི་མཐར་འཁོད་པར་མོས་ཤིག །སྔགས་བྱང་སྤྱི་བོར་བཞག་ལ། སྤྱན་རས་གཟིགས་དབང་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ རང་བྱུང་ཡི་གེ་བདུན་དུ་ཤར༔ ཡིག་དྲུག་རིགས་དྲུག་སྒྲིབ་པ་སྦྱོང༔ ཧྲཱིཿནི་ངན་སོང་སྐྱེ་སྒོ་གཅོད༔ དུས་གསུམ་སངས་རྒྱས་ཡང་སྙིང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་གསུམ་སངས་རྒྱས་གསུང་འགྲུབ་ནས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གསུང་ཡི་གེ་བདུན་པའི་དབང་བསྐུར་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་དུ་འགྲུབ་ནས་གྲགས་སྟོང་དབྱེར་མེད་ཀྱི་ངང་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཁྱེད་རང་རྣམས་ཀྱིས་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་གུས་འདུད་དུང་པ་རེ་མཛད་པས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོའི་རྣམ་པ་ཅན་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཕོག་པས་སྒོ་གསུམ་དུག་ལྔ་བག་ཆགས་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། སླར་ཡང་བདག་མདུན་གྱི་ཐུགས་ཀའི་ཡི་གེ་བདུན་པ་ལས་འོད་ཟེར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན། ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོག་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ དྷ་རི་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ལན་གསུམ། དེང་ནས་གཟུང་སྟེ་ངག་གྲགས་སྟོང་དབྱེར་མེད་རང་བྱུང་ཆོས་ཉིད་ཀྱི་རང་སྒྲ་སྙིང་པོ་སྔགས་ཀྱི་རང་བཞིན་དུ་ཤེས་པར་མཛོད་ལ་དུས་རྟག་ཏུ་བཟླས་པའི་རྣལ་འབྱོར་ལ་བརྩོན་པར་མཛོད་ཅིག །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མེ་ལོང་འོད་ཀྱི་གཞལ་ཡས་ཁང་དུ་ཡིག་བདུན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག །ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལུས་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཤེས་རབ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཆོས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པ་མེ་ལོང་ལྟར་གསལ་ལ་འཛིན་མེད་ཀྱི་ངང་དུ་བདེ་ལྷན་ནེར་ཞོག་ཅིག༔ དེའི་རྗེས་འབྲེལ་ཆོས་དབང་སེམས་ལ་བསྐུར་བ་ཡིན་པས་ཡིད་མིག་ཤེས་པ་གཅིག་དྲིལ་དུ་འདི་ལ་གཏོད་ཅིག །ཤེལ་རྡོ་མེ་ལོང་བཅས་སྤྱི་བོར་བཞག་ལ། ཐུགས་རྗེ་ཆེན་པོ་རང་དང་གཉིས་སུ་མེད༔ གཞན་ནས་བཙལ་མེད་ཆོས་སྐུ་སྐྱེ་བ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་བྱུང་རིག་པ་རང་གསལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུག་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་བསྟན་ལ། ལས་དང་སྐལ་པར་ལྡན་པའི་སློབ་མ་རྣམས་ལྟོས་ཤིག༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་ཤེལ་ལྟ་བུ༔ སྣ་ཚོགས་སུ་ཤར་ཀྱང་ཤེལ་གྱི་གདན་དང་མདངས་གཞན་གྱིས་ཁ་དོག་བསྒྱུར་པ་ཡིན་གྱི༔ ངོ་བོ་ཤེལ་ལས་གཡོས་པ་མེད་པ་བཞིན་དུ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཐུགས་རྗེ་ཆེན་པོ་ལས་གཡོས་པ་མེད་དོ༔ དེ་ནས་རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུ་ཡང་མི་དམིགས་པར་གྱུར་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །བྱས་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེའི་ངང་ལས་སྐད་ཅིག་གིས་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་ཐུགས་རྗེ་ཆེན་པོའི། སྐུ་སྣང་སྟོང་དབྱེར་མེད༔ གསུང་གྲགས་སྟོང་དབྱེར་མེད༔ ཐུགས་རིག་སྟོང་དབྱེར་མེད་དུ༔ ལམ་གྱིས་གྱུར་པར་མོས་ཤིག །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། བླ་མ་ལྷ་དང་བཅས་པས་དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུངས་པས། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་མོས་ཤིག །ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཚིག་དབང་རིན་ཆེན་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ སྙིང་གར་བླ་མའི་མཛུབ་མོ་བཙུགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀློང་ཡངས་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་བཞུགས༔ གསལ་ལ་མི་རྟོག་བདེ་བར་བཞུགས༔ ཐུགས་རྗེ་ཆེན་པོར་དབང་བསྐུར་རོ༔ སེམས་ཉིད་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་དབྱིངས་སུ། རང་རིག་རང་གསལ་གྱི་སྐུ་དང་ཡེ་ཤེས་སུ་ཤར་བ་ཉིད། དབྱེར་མེད་ཟུང་འཇུག་གསལ་ལ་མི་རྟོག་པའི་ངང་དུ་མཉམ་པར་བཞག་པས་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོའི་རང་ཞལ་མཇལ་བ་ཡིན་པས། དེང་ཕྱིན་ཆད་སེམས་ཉིད་རིག་སྟོང་དབྱེར་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་ཆེན་པོའི་གཤིས་ལུགས་སུ་ལ་ཟློ་བ་ལ་བརྩོན་པར་གྱིས་ཤིག །དེའང་གང་ཟག་གི་རྒྱུད་ལ་ཇི་ལྟ་བུ་ཞིག་བསྒོམ་ན། ཐོས་པའི་ཤེས་རབ་ཀྱིས་སྣང་བ་སེམས་སུ་རྟོགས་པར་བྱ། བསམ་པའི་ཤེས་རབ་ཀྱིས་སེམས་སྟོང་པར་རྟོགས་པར་བྱ། སྒོམ་པའི་ཤེས་རབ་ཀྱིས་སྣང་སྟོང་དབྱེར་མེད་དུ་ཤེས་ཤིང་རྟོགས་པར་བྱ་བར་གསུངས་སོ། །གཉིས་པ་ཐུན་མོང་གི་དབང་གཉིས་ལས་ཐོག་མར་གཏོར་མ་འདི་ཉིད་སྣོད་པདྨའི་སྣང་བ་རྒྱས་པའི་གཞལ་མེད་ཁང་དུ། བཅུད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་རིགས་བདག་འོད་དཔག་མེད་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པའི་ཚེ་སྐུའི་གནས་རྣམས་ནས་བྱིན་རླབས་ཀྱི་རང་བཞིན་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱོན། ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་ཡོངས་རྫོགས་སུ་ཐོབ་པར་མོས་མཛོད། པད་གཏོར་ཐོགས་ལ། གཏོར་སྣོད་རིན་ཆེན་གཞལ་ཡས་ཁང༔ གཏོར་མ་འདོད་ཡོན་རྣམ་པ་ལྔ༔ ཡི་དམ་ལྷ་རུ་མངའ་གསོལ་ནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་འཁོར་བ་དོང་སྤྲུག་གི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཞེས་གནས་ལྔར་གཏུགས༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གཏོར་མའི་དབང་བསྐུར་པས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་ཐོབ་ནས་འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག༔ དེ་ནས་བཀའ་ལུང་གི་དབང་ནི། སྒྲུབ་ཐབས་གླེགས་བམ་སྤྱི་བོར་བཞག་ལ། ལས་དང་སྐལ་པར་ལྡན་པའི་སློབ་མ་ཁྱོད་ལ༔ འཁོར་བ་དོང་སྤྲུག་གི་ཆོས་ཉན་དུ་རུང་བའི་དབང་དང༔ སྒོམ་པར་བྱེད་པ་ཏིང་ངེ་འཛིན་གྱི་དབང་དང༔ འགྲོ་དོན་བྱེད་པ་བྱིན་རླབས་ཀྱི་དབང་རྣམས་ཐོབ་ནས་ཁྱོད་རྣམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ རྡོ་རྗེའི་སློབ་མ་སོ་སོའི་མིང་སྦྱར་ལ། ཞེས་བགྱི་བ་འདིས། ཞེས་སམ། མང་པོ་ཡོད་ན། རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས། སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ གཉིས་ཀྱི་དོན་བྱེད་པར༴ གསུམ་སོགས་རེ་རེ་བཞིན་སྦྱར་ལ། བཅུའི་འགྲོ་དོན་བྱེད་པར་གྱུར་ཅིག༔ ཉི་ཤུ་ནས་བརྒྱའི་བར་གྱི་འགྲོ་དོན༴ སྟོང་གི་འགྲོ་དོན༴ ཁྲི་ཡི་འགྲོ་དོན༴ འབུམ་གྱི་འགྲོ་དོན༴ ས་ཡའི་འགྲོ་དོན༴ བྱེ་བའི་འགྲོ་དོན༴ དུང་ཕྱུར་གྱི་འགྲོ་དོན༴ ཐེར་འབུམ་གྱི་འགྲོ་དོན༴ ཁྲག་ཁྲིག་གི་འགྲོ་དོན༴ སྟོང་དང་པོའི་སེམས་ཅན་གྱི་འགྲོ་དོན༴ སྟོང་གཉིས་པའི་སེམས་ཅན་གྱི་འགྲོ་དོན༴ སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་འགྲོ་དོན༴ སྤྲུལ་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ལོངས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཆོས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་ལུང་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ༔ ཞེས་བརྗོད། རྟེན་སྙིང་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ལ་མེ་ཏོག་འཐོར། དེ་ལྟར་འབྲེལ་ཚད་དོན་དང་ལྡན་པའི་ཟབ་ཆོས་གཏེར་ཁ་གཞན་ལ་མ་གྲགས་པའི་ཁྱད་ནོར་འཁོར་བ་དོང་ནས་སྤྲུག་པའི་སྨིན་བྱེད་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ། །གཉིས་པ་འཕྲོས་དོན་ནི། གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་རྒྱུན་དུ་འདིའི་འཕྲོས་སུ་ལམ་དུས་ཀྱི་དབང་ཡང་མཛད་པའི་སྲོལ་ལྟར། རྗེ་བླ་མས་ཀྱང་དེ་ལྟར་མཛད་པས་སྐབས་འདིའམ། རྗེས་ཆོག་གྲུབ་ནས་ཀྱང་རུང་སྟེ་སློབ་དཔོན་རང་ཉིད་ཀྱིས་མཁྱེན་བརྩེའི་ཡིག་ཆ་ལྟར་ལམ་དུས་ཚར་གཅིག་ཉམས་ལེན་བྱ། དེ་ཇི་ལྟ་བར་སློབ་མ་ལའང་དམིགས་པ་སྤོད་ཅིང་མཐར་གཏོར་མ་མགོར་བཞག་ཅིང་མཎྜལ་ཕུལ་བས་འགྲུབ་བོ། །བཞི་པ་རྗེས་ཀྱི་བྱ་བ་ནི། སྒྲུབ་ཐབས་ལྟར་བླ་མ་ཡི་དམ་སོགས་དང་། ཆོས་སྐྱོང་གཏེར་གཞི་རྣམས་ལ་དམ་ཅན་སྤྱི་གཏོར་ལྟ་བུས་གཏོར་མ་འབུལ་ཞིང་། ཚོགས་ཡོད་ན་བྱིན་རླབས་ནས་བརྩམ། ཤིས་པ་བརྗོད་པའི་བར་རྒྱས་པར་བྱ། ཚོགས་མི་བྱེད་ན་གཏོར་འབུལ་འཕྲོས་སུ། མཆོད་བསྟོད་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ལམ་ཟབ་འདི་ཡིས་འགྲོ་ཀུན་གྱི། །རྒྱུད་སྨིན་འཁོར་བ་དོང་ནས་སྤྲུགས། །ཆམ་གཅིག་བདེ་ཅན་ཞིང་ཁམས་སུ། །སྒྲིབ་སངས་ཡེ་ཤེས་རབ་རྒྱས་ཤོག །ཚུལ་འདིའི་སྨིན་བྱེད་ཀྱི་ཡིག་ཆ་རྙིང་པ་ཅུང་མི་གསལ་བས་གཞུང་དང་བླ་མའི་དགོངས་པ་གསལ་བར་ཕྱེས་ཏེ། ལྷ་དང་རིག་སྔགས་འདི་ལ་མོས་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་གིས་མཚན་པའི་ལྷུན་པོ་གླང་ཆེན་འགྱིང་འདྲའི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ་ (Volume 10, Text 23)

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ་བཞུགས་སོ། །ཧཱུྃ་ཧྲཱིཿ ཚོགས་ཁང་པདྨ་དྲྭ་བ་བྱིན་རེ་ཆགས། །ཚོགས་པའི་རྣལ་འབྱོར་ཕོ་མོ་དམ་རེ་གཙང་། །ཚོགས་གཞོང་པདྨ་བྷཉྫ་རྒྱ་རེ་ཡངས། །ཚོགས་རྫས་ཡེ་ཤེས་བདུད་རྩི་བཅུད་རེ་ཆེ། །བརྟན་གཡོའི་སྣོད་དུ་སྲིད་ཞིའི་དཔལ་འབྱོར་གཏིབས། །རང་ལུས་བྷནྡྷར་ཕུང་ཁམས་བདུད་རྩིས་བཀང་། །དྷཱུ་ཏིའི་པད་སྣོད་ཐིག་རླུང་དམར་ཆེན་གཏམས། །དབྱིངས་ཀྱི་གཞོང་པར་རིག་པའི་གཏོར་ཆེན་བཤམས། །སྒྲོན་དྲུག་སྦུབས་སུ་སྣང་བཞིའི་འདོད་ཡོན་བཀྲ། ཁྱད་པར་རྨད་དུ་བྱུང་བའི་དམ་ཚིག་རྫས། །རང་བྱུང་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་ཡིས། །ཚེ་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །སྐུ་ལྔའི་ཚེ་དབང་མཐར་ཕྱིན་དངོས་གྲུབ་སྩོལ། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་། །འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ། །དཀྱིལ་འཁོར་གཙོ་མཆོག་གུ་རུའི་ཐུགས་དམ་བསྐང་། །སྣང་སྲིད་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ། །འགྲོ་མགོན་རྒྱལ་བའི་གདུང་འཛིན་ཐུགས་དམ་བསྐང་། ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་སྩོལ། །པཎ་ཆེན་སྨྲ་བའི་སེངྒེའི་ཐུགས་དམ་བསྐང་། །མཁྱེན་གཉིས་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ། །གུ་རུ་སྐྱེས་མཆོག་ཚུལ་བཟང་ཐུགས་དམ་བསྐང་། །འདོད་དགུ་ཆར་བཞིན་འབེབ་པའི་དངོས་གྲུབ་སྩོལ། །བདུད་འདུལ་འགྲན་གྱི་དོ་མེད་ཐུགས་དམ་བསྐང་། །བར་ཆད་བདུད་དཔུང་འཇོམས་པའི་དངོས་གྲུབ་སྩོལ། །དཔལ་ཆེན་འཛམ་གླིང་རྒྱན་གཅིག་ཐུགས་དམ་བསྐང་། །དུག་ལྔ་རང་སར་གྲོལ་བའི་དངོས་གྲུབ་སྩོལ། །རྫོགས་པའི་སངས་རྒྱས་པད་འབྱུང་ཐུགས་དམ་བསྐང་། །ལྷུན་གྲུབ་གྲོལ་བ་བཞི་ལྡན་དངོས་གྲུབ་སྩོལ། ཁྱད་པར་འཕགས་པའི་རིག་འཛིན་ཐུགས་དམ་བསྐང་། །འགྲོ་འདུལ་ཕྲིན་ལས་མཐའ་རྒྱས་དངོས་གྲུབ་སྩོལ། ཁྲོ་རྒྱལ་རྫུ་འཕྲུལ་མཐུ་ཆེན་ཐུགས་དམ་བསྐང་། །དམ་སྲི་གདུག་པ་ཚར་གཅོད་དངོས་གྲུབ་སྩོལ། ཁྲག་འཐུང་རྡོ་རྗེ་དྲག་རྩལ་ཐུགས་དམ་བསྐང་། །ཆེ་བཙན་འགྲན་ཟླ་བྲལ་བའི་དངོས་གྲུབ་སྩོལ། །དཔལ་ཆེན་སྐལ་ལྡན་འདྲེན་མཛད་ཐུགས་དམ་བསྐང་། །ལས་བཞི་གྲུབ་བརྒྱད་མཆོག་གི་དངོས་གྲུབ་སྩོལ། །གསང་བདག་རཀྴ་ཐོད་ཕྲེང་ཐུགས་དམ་བསྐང་། །སྲི་ཀེག་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། ཁྱབ་བདག་བདེ་ཆེན་རྒྱལ་པོའི་ཐུགས་དམ་བསྐང། །འཆི་མེད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ། །སྒོ་སྲུང་དཔའ་བོ་ཡབ་ཡུམ་ཐུགས་དམ་བསྐང་། །ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །མྱུར་མཛད་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང། །འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ། །གཏུམ་ཆེན་མི་གཡོ་མགོན་པོའི་ཐུགས་དམ་བསྐང་། །རྩ་རླུང་ནང་གི་བར་ཆད་ནང་དུ་སོལ། །གསང་བདག་རྡོ་རྗེ་བེ་ཅོན་ཐུགས་དམ་བསྐང་། །འཁྲུལ་རྟོག་གསང་བའི་བར་ཆད་དབྱིངས་སུ་སོལ། ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ཐུགས་དམ་བསྐང་། །གྲིབ་དང་མི་གཙང་འབྱུང་ལྔའི་ཀློང་དུ་སྦྱོངས། །འཆི་བདག་ལས་ཀྱི་གཤིན་རྗེའི་ཐུགས་དམ་བསྐང་། །དུས་མིན་འཆི་ཟློག་བསྟན་དགྲ་ཁྲམ་ལ་ཐོབ། །དུར་ཁྲོད་བདག་པོ་བདག་མོའི་ཐུགས་དམ་བསྐང་། །ཟས་ནོར་ཕྱུགས་སྤེལ་དགྲ་ཇག་ཆོམ་རྐུན་ཆིངས། །ཞིང་སྐྱོང་ལྷ་སྨན་མཆེད་ལྔའི་ཐུགས་དམ་བསྐང་། །མཆོག་ཐུན་གྲུབ་སྩོལ་དུས་འཁྲུགས་མཐའ་དམག་ཟློག །གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་ཐུགས་དམ་བསྐང་། །རྣལ་འབྱོར་འཁོར་སྐྱོངས་ཐུགས་ཏིག་མཁའ་ཁྱབ་སྤེལ། །རྩ་གསུམ་ཀུན་འདུས་སྣང་སྲིད་ཟིལ་གནོན་གྱི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དབྱིངས་སུ་བསྐང་། །བདག་ཅག་མ་རིག་དབང་གྱུར་སྒོ་གསུམ་གྱིས། །རྩ་བ་ཡན་ལག་དམ་ལས་འགལ་བ་རྣམས། །གདོད་ནས་མ་བྱུང་མ་སྐྱེས་མི་གནས་པར། །རྣམ་དག་ཡེ་གྲོལ་ཆེན་པོའི་ངང་དུ་བཤགས། །ཚེ་དབང་ལོངས་སྤྱོད་མཆོག་གི་དངོས་གྲུབ་སྩོལ། །འཁྲུལ་རྟོག་བག་ཆགས་ཆོས་ཉིད་དབྱིངས་སུ་ཟློག །ལྷུན་གྲུབ་སྣང་བཞིའི་གདངས་རྩལ་མཐར་ཕྱིན་ནས། །ཀ་དག་ཆོས་ཟད་གཞོན་ནུ་བུམ་སྐུའི་ངང་། །ཀུན་བཟང་པདྨ་རྒྱལ་པོ་མཆོག་འགྲུབ་ཤོག །སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེ་ལྗོངས་རྒྱུ་བའི་ཚེ་མགོ་ཟླའི་ཚེས་བཅུར་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ག་ཎ་པཱུ་ཛ་བརྒྱ་ཕྲག་རྩོམ་པའི་སྐབས་སུ་བབ་པ་ན། གང་ཤར་རང་གྲོལ་གྱི་རི་མོ་གློག་གི་གར་མཁན་ལྟར་དགེ་བའི་མཚན་མ་དང་ལྷན་ཅིག་སྣང་བའང་དོན་དང་ལྡན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

འཆི་མེད་འཕགས་མའི་སྙིང་ཏིག་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་ (Volume 36, Text 23)

༄༅། །འཆི་མེད་འཕགས་མའི་སྙིང་ཏིག་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། འདིར་འཆི་མེད་འཕགས་མའི་སྙིང་ཏིག་གི་རྩ་བའི་སྒྲུབ་པ་ཕྲིན་ལས་ཡེ་ཤེས་སྣང་བའི་དོན་གྱི་སྙིང་པོའི་བཅུད་ཕྱུང་བ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། འདི་ཉིད་ཀྱི་སྨིན་བྱེད་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། བྱང་ཆུབ་སེམས་གཉིས་ཀྱི་བློ་འབྱོངས་ཤིང་བརྩོན་འགྲུས་ཡལ་བར་མི་འདོར་བས། གནས་དབེན་པར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་བླ་མ་ཡིད་བཞིན་འཁོར་ལོའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་གསོལ་ཞིང་སེམས་བསྐྱེད་པར་མོས་པས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་ཡིད་བཞིན་འཁོར་ལོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་རྣལ་འབྱོར་གྱིས༔ འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་རྡོ་རྗེའི་སྔགས་ཀྱི་རང་སྒྲས་གདུག་པ་ཅན་ཐམས་ཅད་རིང་དུ་བསྐྲད། བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔གིས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཧཱུྃ༔ ཞེས་དང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་བརླབ་བོ། །གཉིས་པ་དངོས་གཞི་ལ་གཉིས། མཉམ་གཞག་གི་ཉམས་ལེན་གྱི་གཙོ་བོ་ལྷ་བསྒོམ་པ་དང་། དེའི་ཡན་ལག་ཏུ་བཟླས་བརྗོད་ཀྱི་བསམ་གཏན་ལ་འཇུག་པའོ། །དང་པོ་ལ་གསུམ། དམ་ཚིག་པ་གསལ་གདབ་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ། ལྷ་སྐུའི་གསལ་སྣང་ལ་སེམས་གཟུང་བའོ། །དང་པོ་ནི། རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་ཅིང་། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐྱེད་ཚུལ་དམིགས་འདོན་ཟུང་དུ་ཆུད་པས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གཟོད་མ་ནས༔ འོད་གསལ་དེ་བཞིན་ཉིད་དབྱིངས་ལས༔ ཟུང་འཇུག་ཀུན་སྣང་སྙིང་རྗེའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཏཱཾ་དཀར་པོ༔ མཁའ་ལས་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་པདྨ་འདབ་བཞིའི་སྟེང༔ ཐབས་ཤེས་ཉི་ཟླ་ཁ་སྦྱོར་དབུས༔ ཟུང་འཇུག་ཏཱཾ་ཡིག་སྙོམས་པར་ཞུགས༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ འཁོར་འདས་དྭངས་བཅུད་གཅིག་ཏུ་འདུས༔ ཡོངས་གྱུར་ཡེ་ཤེས་སྒྱུ་མའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཆི་མེད་ཡིད་བཞིན་འཁོར་ལོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལར་གནས་ཚེ་བུམ་བསྣམས༔ ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་བཞུགས༔ རང་འོད་ཐབས་མཆོག་གར་གྱི་དབང༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ གཉིས་པ་དྲང་བསྟིམ་ནི། དེ་ཡི་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་གསལ་བཏབ་ལ། ཧྲཱི༔ སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོ་ཚེ་ཡི་ལྷ༔ འོད་དཔག་མེད་པའི་དབུ་རྒྱན་ཅན༔ དུས་གསུམ་སངས་རྒྱས་ཕྲིན་ལས་མ༔ ཚུར་གཤེགས་ཡིད་བཞིན་འཁོར་ལོ་འཆང༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ཕྱིར༔ དམ་ཚིག་དཀྱིལ་འཁོར་འདིར་དགོངས་ལ༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཛྙཱ་ན་སཏྭ་ཨ་ཨཱ༔ ཞེས་པས་སྤྱན་དྲངས་པའི་ཡེ་ཤེས་པ། བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་དགུག་གཞུག་བཅིང་མཉེས་དགྱེས་པ་བསྐྱེད་ཅིང་བརྟན་པར་བཞུགས་སུ་གསོལ། ཞར་བྱུང་ཕྱག་མཆོད་བསྟོད་པ་མདོར་བསྡུས་བྱེད་པར་སྤྲོ་ན། ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ས་ཕྱག་བྱ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། ཨོཾ༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་བདག༔ ཞལ་གྱི་ཆུ་སྐྱེས་ལས་བྱུང་བ༔ དུས་གསུམ་སངས་རྒྱས་སྐྱེད་མཛད་ཡུམ༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ ཅེས་བསྟོད། གསུམ་པ་གསལ་སྣང་ལ་སེམས་གཟུང་བ་ནི། དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྤྱི་དང་བྱེ་བྲག་གི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་གཟུང་། ང་རྒྱལ་བརྟན་པོར་སྐྱེད། གསལ་བརྟན་གྱི་ཉམས་སྐྱེས་པ་ན་གཞི་འབྲས་སྦྲེལ་བའི་དག་པ་དྲན་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་སྨིན་པ་ལ་བསླབ་པར་བྱའོ། །གཉིས་པ་ཡན་ལག་བཟླས་བརྗོད་ནི། དེ་ལྟ་བུའི་སྒོམ་པས་དུབ་ན་བོགས་འབྱིན་པའི་སླད་དུ་བཟླས་བརྗོད་ཀྱི་བསམ་གཏན་ལ་བསླབ་པ་ནི། རང་ཉིད་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དཀར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་དང་འོད་ཟེར་འཕྲོ་བ་ཡི༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་དབུས༔ ཏཱཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཀྱི་སྣང་བ་མཐའ་ཡས་པ༔ གཙུག་ཏོར་ནོར་བུའི་རྩེ་ནས་འཐོན༔ དེ་ལས་འཕགས་མ་རྣམ་པར་རྒྱལ༔ ཆུ་ཤེལ་མདོག་ཅན་ཕྱག་གཡས་ཀྱིས༔ སྐྱབས་སྦྱིན་ཕྱག་རྒྱས་ལྕགས་ཀྱུ་དང༔ གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས༔ འོད་དང་འོད་ཟེར་དང་བཅས་པ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ བདེ་བ་ཆེན་པོའི་རྣམ་པར་བསྡུས༔ བདག་གི་སྒོ་གསུམ་ཐིག་ལེར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ་དྲན་པ་མངོན་དུ་བཞག་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་རྡོ་རྗེའི་ཡི་གེ་བཅུ་པ་གཙོ་བོར་བཟླ་ཞིང་། ཐུན་མཐར། བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་པའང་ཅི་རིགས་པ་དང་སྤྲོ་ཞིང་ནུས་ན། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ ཞེས་པའང་ཅུང་ཟད་རེ་བཟླའོ། །གསུམ་པ་རྗེས་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་གི་སྔགས་ཀྱིས་ལྷག་ཆད་ཁ་བསྐང་ཞིངབརྟན་པར་བྱ། མཆོད་བསྟོད་མདོར་བསྡུས་དང། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨ༔ རིག་པ་རང་སྣང་དམ་ཚིག་པ༔ ཞལ་ཕྱག་མཚན་མ་དབྱིངས་སུ་ཐིམ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཞེས་པས་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། ཨོཾ་ཨཱཿཧཱུྃ༔གིས་སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་མེད་འཕགས་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ཏེ་ལས་དང་པོ་པའི་རྣལ་འབྱོར་རམ། སྤྱིར་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ཉིད། རྒྱལ་བས་ལུང་བསྟན་པ་ཀུན་མཁྱེན་རྡོ་རྗེ་འཆང་༧བློ་གྲོས་མཐའ་ཡས་པའི་སྡེས་ཡང་ནས་ཡང་དུ་བཀའ་བསྩལ་པ་དད་བརྒྱས་གཙུག་གི་སྤྱི་བོར་མཆོད་དེ། གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་གནྡྷོ་ལ་སྒྲོལ་མ་དགྱེས་པའི་ཉེ་འདབས་སུ་བྲིས་པའི་དགེ་བས་དཔལ་ལྡན་བླ་མ་དམ་པ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྗེ་བཙུན་འཆི་མེད་སྒྲོལ་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། ༈ ཤིས་པ་བརྗོད་པ་ནི༔ ཨོཾ༔ དགོངས་བརྡ་སྙན་བརྒྱུད་རིག་རྩལ་འཆང༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཞི་ཁྲོའི་ཕྱག་རྒྱར་སྣང༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ རྣལ་འབྱོར་གྲོགས་མཛད་བདེ་ཆེན་སྤེལ༔ ཕྱི་ནང་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ མཐར་ཐུག་འཆི་མེད་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཕྱོགས་ཀུན་འཐོར༔ དགའ་སྟོན་བྱ་ཞིང་ཚོགས་གཉིས་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

བདུད་རྩི་ཕུད་སྐོང་ཆུང་བ་ (Volume 14, Text 23)

༁ྃ༔ བདུད་རྩི་ཕུད་སྐོང་ཆུང་བའོ༔ འདི་ཡི་བྱ་ཐབས་ནི༔ རིན་པོ་ཆེའི་སྣོད་ཀྱི་ནང་དུ༔ ཆང་ཕུད་དང༔ ཕུད་སྣ་ཚོགས་ལ་པཉྩ་བསྲེ༔ བདུད་རྩི་བྱིན་རླབས་གཞུང་བཞིན་བྱའོ༔ འདིས་ནི་དམ་ཚིག་གི་ཉམས་ཆག་དང༔ ལྷག་མ་ཤོར་བ་དང༔ སེར་སྣས་བསྒྲིབས་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་རོ༔ ྈྈྈྈ བདུད་རྩི་ཕུད་སྐོང་བཞུགས་སོ༔ ཨོཾ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བུདྡྷ་བཞི་བཅུ་རྩ་གཉིས་དབྱིངས་ནས་བཞེངས༔ ཆང་ཕུད་གཉན་གྱི་མཆོད་པ་བཞེས༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ གཏི་མུག་རྣམ་པར་དག་གྱུར་ཅིག༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་དམོད་མོ་རིག་སྔགས་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཞེ་སྡང་རྣམ་པར་དག་གྱུར་ཅིག༔ མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག༔ ཧཱུྃ༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ང་རྒྱལ་རྣམ་པར་དག་གྱུར་ཅིག༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ འདོད་ཆགས་རྣམ་པར་དག་གྱུར་ཅིག༔ སོ་སོར་རྟོག་པའི་ཡེ་ཤེས་རྟོགས་པར་ཤོག༔ ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཕྲག་དོག་རྣམ་པར་དག་གྱུར་ཅིག༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཧཱུྃ༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ལ༔ མ་མོའི་ཁྲག་ཟོར་འཕེན་པ་ཟློག༔ ཕྲ་མེན་མ་ཡི་ངན་སྔགས་ཟློག༔ རྨིས་ལྟས་མཚན་ལྟས་ངན་པ་ཟློག༔ ལོ་སྐག་ཟླ་སྐག་ཐམས་ཅད་ཟློག༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཐུགས་རྗེ་གདུང་འཚོབ་འབར་བའི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུག་ལྔ་རྣམ་པར་དག་གྱུར་ཅིག༔ སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུས་མིན་འཆི་བ་བརྒྱད་རྣམས་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ རྨིས་ལྟས་མཚན་ལྟས་ངན་པ་ཟློག༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བྱད་དང་རིག་སྔགས་དམོད་མོ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུས་མིན་འཆི་བ་བརྒྱད་རྣམས་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག རྨིས་ལྟས་མཚན་ལྟས་ངན་པ་ཟློག༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཕྱི་རིམ་བར་ཁྱམས་ཁོར་ཡུག་ཆེན་པོ་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆང་ཕུད་བདུད་རྩིའི་མཆོད་པ་འབུལ༔ དམ་རྫས་གཉན་གྱིས་ཐུགས་དམ་བསྐང༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བྱད་དང་རིག་སྔགས་དམོད་པ་ཟློག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུས་མིན་འཆི་བ་བརྒྱད་རྣམས་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ རྨིས་ལྟས་མཚན་ལྟས་ངན་པ་ཟློག༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཕུད་སྐོང་བསྡུས་པ་མངའ་བདག་ཉང་གི་གཏེར་མ་ཐེམ་མེད་ཀྱི་ཆོས་སྡེ་ལས་བྱོན་པའོ།། །།

རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་གྲུབ་གཉིས་མྱུར་སྦྱིན་ (Volume 31, Text 23)

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་གྲུབ་གཉིས་མྱུར་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་མེས། །གཟུང་འཛིན་འཁྲུལ་པའི་བུད་ཤིང་སྲེག་མཛད་པའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུས་དགེ་ལེགས་སྩོལ། །དབང་ཐོབ་དམ་གཙང་བསྙེན་སྒྲུབ་མཐར་ཕྱིན་པའི། །སྔགས་སྤྱོད་སྐྱེས་བུར་གྲུབ་གཉིས་འདོད་དགུའི་འབྲས། །བདེ་མྱུར་སྦྱིན་པའི་ལམ་བཟང་མེ་ཡི་ལས། །བླ་མའི་གསུང་བཞིན་འཇུག་བདེའི་ཁྲིགས་སུ་བསྡེབ། །དེ་ལ་འདིར་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་མངའ་བདག་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱོན་པའི་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། ཐུན་མོང་དུ་བྱ་བའི་སྔོན་འགྲོ་དང་། དངོས་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔར་མ་སྦྱང་བའི་ས་ཡིན་ན། སའི་ཆོ་ག་སྒྲུབ་ཁོག་ལྟར་རྒྱས་པར་གྲུབ་ན་ལེགས། བསྡུ་ན་བདག་གི་རྣལ་འབྱོར་བཟླས་པ་བཅས་སྔོན་དུ་སོང་ནས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་མཆོད་པ་དང་བཅས་པ་བཤམས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་སྤུངས། །ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བཛྲ་ས་མཱ་ཛཿས་ས་ལྷ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སརྦ་བྷུཏ་གཙྪ། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ་མཆོད་པ་བསྡུ། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། སྙིང་པོ་བརྒྱ་རྩ་དང་། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ལན་བདུན་ཙམ་བརྗོད་པ་ཀུན་རྫོབ་ཀྱི་སྦྱོང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་གྱི་སྦྱོང་བ་སྟེ་ཐུན་མོང་དུ་བྱ་བའི་ལས་རིམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ཞི་བ་དང་རྒྱས་པའི་སྦྱིན་སྲེག་གོ །དང་པོ་ཞི་བའི་སྦྱིན་སྲེག་ལ། སྦྱོར་བ་དང་། དངོས་གཞི་གཉིས་ལས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམ་པར་བྱས་པའི་སྟེང་དུ་མེ་ཐབ་བྱ་བ་སྟེ། དེའང་བརྩིག་ཐབ་དང་བསྐོས་ཐབ་བྱ་ན་སྤྱི་ལྟར་ལ། བྲིས་ཐབ་ཏུ་སྟེགས་བུའི་སྟེང་དྲི་དང་བ་བྱུང་བདུད་རྩི་ལྔས་ཆག་ཆག་བཏབ་ལ། ཚང་ཟུར་གྱི་ཐིག་སྤྱི་མཐུན་གདབ། དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར། སོར་བཞི་པའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པ་ཙམ་མམ་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྡོ་རྗེ། ཟླུམ་བསྐོར་བར་མར་མེ་རི་དཀར་པོ་གཡས་སྐོར། ཕྱི་མར་རྡོ་རྗེའི་ཕྲེང་བ་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲི། བཅད་ཚོན་ཡང་དམར་སྐྱ་སོགས་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་མ་ཕོག་པ་གལ་ཆེའོ། །དེར་སྲོག་ཆག་མེད་པའི་ལྕི་བའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་ལ་ཙན་དན་དཀར་པོའི་ཆུ་འོ་མ་དང་སྦྱར་བས། ཅུང་ཟད་བྲན་ལ་གྲུ་གང་ཙམ་དུ་ཟླུམ་པོར་བརྩིག །རང་གི་གཡོན་ངོས་སུ་མཆོད་སྟེགས་དང་། གཡས་སུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ། དེའི་མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ་ཅུང་ཟད་ཆུང་བ་དང་། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་ཆ་གཉིས་བཤམས། རྫས་སྟེགས་སུ་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་བྱུགས་པ། མངར་གསུམ་དང་སྦྱར་བའི་ཞུན་མར་དང་། ཏིལ་དཀར་པོ་དང་། གུར་གུམ་འོ་མར་བཅས་པའི་ཞོ་ཟན་དང་། འབྲས་མ་གྲུག་པ་དང་། སོ་བ་གྲ་མ་མེད་པ་དང་། ནས་དང་། སྲན་མ་དང་། གྲོ་དང་། དུརྦ་དང་། ཀུ་ཤ་རྣམས་དང་། གཞན་ཡང་གཤལ་སྨན་དང་དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་པ། གོས་ཟུང་དར་དཀར། གོ་ཡུ་མར་གྱིས་སྦྲུས་པའི་སོ་རྩི་རྣམས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིམ་པ་ལ་ཉིས་རིམ་དུ་འགོད། ཁྱད་པར་བསྙེན་སྒྲུབ་ཀྱི་ཁ་སྐོང་ལྟ་བུར་ཏིལ་མང་དུ་བཤམས། དུང་ངམ་ཤེལ་རྡོག་རས་སྐུད་དཀར་པོ་ལ་བརྒྱུས་པའང་འདུ་བྱ། སྣོད་དང་རྫས་ཐམས་ཅད་དབྱིབས་ཟླུམ་པོ། ཁ་དོག་དཀར་པོ་འབའ་ཞིག་བྱ། ཐབ་ཀྱི་སྟེང་དུ་རས་དཀར་པོ་བླ་བྲེའི་ཚུལ་དུ་ཕུབ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྲིས་པའི་ནང་གི་ཆར། ལས་བུམ། རྡོར་དྲིལ། བར་དུ་དགང་བླུག་ཁ་སྦྱར་བ་བཞགས། བགེགས་གཏོར་ཏིང་ལོ་མར་མེ་ཆང་བུར་བཅས་པའང་ཅི་བདེར་བཀོད་དོ། །གཉིས་པ་དངོས་གཞི་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པའོ། །དང་པོ་ནི་ཟླ་བ་ཡར་གྱི་ངོའི་བཀྲ་ཤིས་པའི་ཉི་མའི་སྲོད་དམ་སྔ་དྲོའི་ཆར་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དེས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུག །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་བསྙེན་ལ། ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་བཟུང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། ཨོཾ་བཛྲ་གྷཎྜེ་ཨཱཿ གཡོན་པས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ་ཆོ་ག་མ་གྲུབ་ཀྱི་བར་དུ་ཡིད་ཏིང་འཛིན་ལག་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དགང་བླུག་བསང་སྦྱང་། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུག་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་སྲེག་གི་རྫས་རྣམས་བསང་ཆུས་བྲན། བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབས། སྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་སྔགས་རྣམས་ལན་གསུམ་རེ་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབས། མེ་ཐབ་དང་རྫས་རྣམས་ལ་གཡས་གཡོན་དུ་བསྐོར་ཞིང་། སརྦ་བིགྷཱ་ནན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །སོགས་ལས་བྱང་ལྟར་བཀའ་བསྒོ་ཞིང་། ཧཱུྃ། སྟེང་ཡང་ཕུར་བུའི་བླ་བྲེ་ལ། །སོགས་ཀྱིས་མཚམས་གཅད། དེ་ནས་གཙུབ་ཤིང་ལས་བྱུང་བའམ་དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་པའི་བླུག་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་བིགྷཱ་ནན་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབ་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེས་མདུན་མ་རྣམས་ཀྱི་རྩ་བ་ནོན་པར་བྱ་ཞིང་། སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དབུས་སུ། པཾ་ལས་པདྨའི་སྡོང་པོ་དང་། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ཞི་མཛད་མེ་ཡི་འཁོར་ལོ་དཀར་གསལ་དང་། གཡོན་ན་ཞི་བའི་དངུལ་ཕུར་དཀར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐེག་ལེ་གནས་གསུམ་དུ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་སྤྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་གཤེགས། །ཆིབས་སུ་ར་སྐྱེས་ཁམ་པ་འཆིབ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་བུམ་གྱི་ཆུ་གཏོར་ཞིང་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿཞེས་དམ་ཡེ་དབྱེར་མེད་དུ་བསྟིམས། འབར་བའི་རྒྱལ་པོ་ཆེན་པོ་ཁྱོད། །འདོད་པའི་བསམ་པ་བསྒྲུབ་བྱའི་ཕྱིར། །བདག་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཆུ་གཉིས་སྦྲེང་ཞིང་། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཕྱག་འཚལ་བ་ནི། ཧཱུྃ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མཐུ་སྟོབས་བྱིན་རླབས་བསམ་མི་ཁྱབ། །ཡིད་བཞིན་རེ་སྐོང་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ མཆོད་པ་ནི། ཧཱུྃ། ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །དཔག་མེད་དབང་པོ་ཚིམ་བྱེད་ཚོགས། །རབ་འབྱམས་དཔག་ཏུ་མེད་པ་རྣམས། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ། ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད། བུམ་ཆུ་གཏོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱི་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ་ལ་དུང་ངམ་ཤེལ་འབུལ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུག་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུག་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་། ཨོཾ་བི་མ་ལ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་སྤེལ་ཚིག་སྦྲེལ་བས་འབུལ། བསྙེན་བསྒྲུབ་ཀྱི་ཁ་སྐོང་སྐབས་གོང་གི་འཕྲོས་ཕྱོགས་ཐམས་ཅད་དང་། ཁྱད་པར་ཏིང་འཛིན་མི་གསལ་ཞིང་བཟླས་བརྗོད་ལྷག་ཆད་དུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དཱུར་བ། ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་ཏུ་འབུལ་བར་མོས་ཏེ། ལག་གིས་གཟུང་དུ་གཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་རྣམས་བླུག་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། དཱུར་བ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཨ་ཧ་ར་ཨ་ཧ་ར་པུ་ལེ་མ་ཧཱ་ད་ར་པེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་སྤེལ་ཚིག་བྱེ་བྲག་པ་གཞན་ལས་འབྱུང་བ་ལྟར་རམ་སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་སོགས་གོང་བཞིན་སྦྲེལ། དེ་དག་གི་དམིགས་པ་ནི། བདེར་འདུས་གཞུང་ལས། སྲེག་རྫས་བདུད་རྩི་ཕུལ་པས་མེ་ལྷ་མཉེས་ཏེ། འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་ཏེ། སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་པས་བཤང་བའི་ལམ་ནས་ཐོན་པར་བསམ་པའམ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་སམ། བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ། རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་། དགྲ་དང་འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་གསུངས། དེ་ནས་གོང་ལྟར་དགང་བླུག་ལན་གསུམ་དང་། ཨོཾ་ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོས་ལ་སྐབས་དེར་དངོས་སུ་མི་འབུལ། སྨན་རཀ་ཙམ་གྱིས་མཆོད། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །འདོད་པ་ཐམས་ཅད་སྟེར་མཛད་པ། །བདག་གཞན་དོན་གཉིས་བརྩོན་ལ་བཞུགས། ཁྱེད་ཉིད་མེ་ལྷར་དབང་བསྐུར་པས། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག །ཚངས་སྲས་མགོན་གྱུར་ཁྱོད་ཕྱག་འཚལ། །མེ་ལྷའི་རྒྱལ་པོ་དགའ་བའི་མཆོག །ཚངས་སྲས་འཇིག་རྟེན་སྐྱོང་བྱེད་སྲས། །བགེགས་ཚོགས་མ་ལུས་སྲེག་མཛད་པའི། །གཟི་བརྗིད་ཆེན་པོ་ཉིད་ལ་འདུད། །ཉོན་མོངས་སྲེག་པའི་ཡེ་ཤེས་འོད། །མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན། །ཉེས་པའི་སྐྱོན་རྣམས་སེལ་མཛད་པ། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །དམ་བཅའ་བཞིན་དུ་མེ་ཡི་ལས། །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བསྟོད། ཐལ་སྦྱར་བཅས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷ་ཡི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་གདོན་ལས་ཐར་བར་མཛད་དུ་གསོལ། གློ་བུར་ཡེ་འདྲོག་དུས་མ་ཡིན་པའི་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བར་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་སྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་ཏུ་གསོལ། ལས་དང་ཉོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། ནོངས་བཤགས་ནི། བདག་ཅག་དུས་ངན་པའི་སེམས་ཅན་དུ་གྱུར་པས་དུས་རྣམས་འཛོལ་པ་དང་། རྫས་དང་ཡོ་བྱད་མ་ཚང་བ་དང་། སྔགས་དང་ཆོ་ག་མ་དག་པ་དང་། ལྷ་དང་ཏིང་འཛིན་མ་གསལ་བ་ལ་སོགས་པ་ཉེས་པ་ཐམས་ཅད་དྲང་སྲོང་ཆེན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང་འབྲེལ་བའོ། །དང་པོ་ལྟར་ན། བུད་ཤིང་ཅུང་ཟད་ཁ་གསོ། བསང་ཆུ་འཐོར་ལ་བསང་སྦྱང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ། འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་གྱུར། །ཅེས་པ་ཙམ་མམ། སྤྲོ་ན་གཞུང་གི་ལྷ་བསྐྱེད་ཡོངས་རྫོགས་སྦྱར། དེ་ནས་དགོངས་གསོལ་དང་སྤྱན་འདྲེན། ཕྱག་དང་དབང་ཞུ་བསྟིམ་པ། མཆོད་པ་སྨན་རཀ་གཏོར་གསུམ། བསྡུ་ན་སྔགས་ཙམ། བསྟོད་པ་ཚང་བར་གྲུབ་ནས། འོག་གི །དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སོགས་བྱོན་སྐྱེམས་ལ་འཇུག་པ་ཡིན་ནོ། །གཉིས་པ་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་བུད་ཤིང་ཁ་གསོས་ལ། ཧཱུྃ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཡི། །ཐུགས་ཀ་འབྱམས་ཀླས་ཆོས་ཀྱི་དབྱིངས་ཆེན་པོར། །རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར། །གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས། །ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་འབར། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ། །ཐབས་ཤེས་ཉི་མ་ཟླ་བ་འོད་འབར་དབུས། །མ་ཆགས་པདྨ་འབར་བའི་གདན་བཅས་གསལ། །ཞེས་གཞལ་ཡས་ཁང་དང་གདན་གསལ་བཏབ་ལ། དེ་ནས་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་བྱུང་བའི་སོགས་ནས། བྷ་ག་ཝཱན་ས་མ་ཡ་ཛ་ཛཿ ཞེས་པའི་བར་གྱི་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་གཙོ་འཁོར་རྣམས་ཀྱི་སྔགས་བརྗོད་ཅིང་། སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གི་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་གཙོ་འཁོར་སོ་སོའི་སྔགས་ལ། ས་མ་ཡ་ཏིཥྛ་ལྷན། བཏགས་པ་བརྗོད་མཐར་གསལ་གདབ་པ་ནི། ཧཱུྃ། ཕོ་བྲང་ཨེ་དབྱིངས་འབར་བའི་གཞལ་ཡས་དབུས། །དྲེགས་པ་ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སོགས་ནས། བདེ་སྟོང་སྦྱོར་བས་འབར་བའི་ཀློང་ན་བཞུགས། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ། །ཧཱུྃ་དང་ཕཊ་སྒྲོག་སྲིད་གསུམ་འཁོར་བ་འཇིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་དང་བཅས། །ཟླ་གམ་གསུམ་ན་སྐུ་གསུང་ཐུགས་སྤྲུལ་པའི། །སྲས་མཆོག་ཉེར་གཅིག་སྒོ་བཞིར་གདོང་ཅན་བཞི། །བར་ཁྱམས་ཕྱོགས་མཚམས་ཕུར་སྲུང་བཅུ་གཉིས་དང་། །གིང་ཆེན་སྡེ་བཞི་ཕྱི་འཁོར་ལྕགས་རི་ལ། །མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི། །དབང་མོ་ཉེར་བརྒྱད་ལ་སོགས་བཀའ་སྡོད་བཅས། །ཉི་མ་ལས་ནི་འོད་ཟེར་ཚུལ་དུ་གསལ། །ཞེས་མོས་ལ། མཆོད་པ་ནི། ཐོག་མར། ཨོཾ་ཤྲཱི་ཀརྨ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་པདྱཾ་སྦྱར་བས་ཆུ་གཉིས་ཕུལ་ལ། ཧཱུྃ། རྣམ་བཀྲའི་མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །གསལ་བྱེད་མར་མེ་དྲི་ལྡན་གངྒཱའི་ཀླུང་། །རོ་བརྒྱའི་ཞལ་ཟས་དབྱངས་སྙན་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ་ཏེ་མཆོད། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་མཐོ་རིས་འབྱོར་པའི་ཚོགས། །མི་ཟད་ནམ་མཁའི་མཛོད་དུ་སྦར་ཏེ་མཆོད། །དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་ཁྲག་ཞག་བདུད་རྩིའི་དྲི། །ཤ་རུས་ཞལ་ཟས་དུར་ཁྲོད་རོལ་མོའི་སྒྲས། །འཇིགས་རུང་གཤིན་རྗེའི་འདུན་ས་བཞིན་དུ་མཆོད། །ཅེས་ཕྱི་མཆོད་སྒྲུབ་ཁོག་ལྟར་དང་། ནང་མཆོད་སྨན་རཀ་གཏོར་གསུམ་བསྡུ་ན་སྔགས་ཙམ་གྱིས་མཆོད། སྤྲོ་ན། ཧཱུྃ། རང་བྱུང་གདོད་ནས་སོགས་དང་། ཧཱུྃ། དམ་རྫས་རྨད་བྱུང་སོགས་དང་། ཉོན་མོངས་རྩ་བ་སོགས་ཀྱིས་ཕུལ་ལ། ཧཱུྃ། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དཔལ། །སོགས་ལས་བྱང་ལྟར་བསྟོད། དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། སྲེག་རྫས་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །རྡོ་རྗེ་ཕུར་པའི་ལྷ་ལ་མཆོད་པ་འབུལ། །ཞི་བའི་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཞེས་འདོན་པ་སྤོ། གཙོ་སྔགས་ཤམ་བུ་དང་བཅས་པས་དགང་བླུག་འབུལ། དེ་ནས་ཡམ་ཤིང་སོགས་སྲེག་རྫས་གཞན་རྣམས་གཙོ་སྔགས་ཁོ་ནས་སམ་སྤྲོ་ན། གཙོ་བོ། ཁྲོ་བཅུ། སྲས་མཆོག །བཀའ་སྡོད་བཅས་སོ་སོར། སྔགས་ཐོག་མར་དེ་དག་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་བའི་མཐར་སྤེལ་ཚིག་གོང་ལྟར་སྤེལ། ཚུལ་དེ་ལྟ་བུས་བརྒྱ་འམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། དེའང་གཙོ་བོ་ལ་བརྒྱ་སོགས། འཁོར་རྣམས་བཅུ་ཆའམ་ཕྱེད་ཕྱེད་ཀྱིས་དམན་པར་བྱ། དམིགས་བསལ་ཁ་སྐོང་དང་སྡིག་པ་ཞི་བའི་ལས་ཆེད་དུ་བྱེད་ན་རྩ་སྔགས་རྫས་སྔགས་འདོད་གསོལ་སྦྲེལ་བས་ཏིལ་ལ་གྲངས་གཟུང་ཚུལ་ཡང་གོང་གིས་འགྲེའོ། །གཞན་ཡང་ནད་ཞི་བ་ལ་གྲོ །གདོན་ཞི་བ་ལ་ཡུངས་དཀར་སོགས་གྲངས་གསག་འདོད་ནའང་སྤྱི་དང་མཚུངས་སོ། །རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་ཁོ་ནའམ། བསྙེན་བཟླས་ཤམ་བུ་ཅན་མཛད་པའང་འགའ་ཞིག་གི་ཕྱག་བཞེས་སུ་སྣང་བས་ལོང་སྐབས་དང་སྦྱར་རོ། །སླར་ཡང་དགང་བླུག་སྔར་བཞིན་འབུལ། ཨོཾ་བཛྲ་ཝསཏྲ་ཡེ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་འབུལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་། ཧཱུྃ། སྲིད་གསུམ་གདུག་པ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧོཿ བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལྷ་དང་སོགས་འདོད་གསོལ་གོང་ལྟར་བྱ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མུཿཞེས་བརྗོད་ཅིང་། སྒྲུབ་མཆོད་དང་འབྲེལ་ཚེ། དཀྱིལ་འཁོར་པའི་ལྷ་རྣམས་བསྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་། མཎྜལ་མེ་ཏོག་སྤོས་དང་རོལ་མོས་མཚོན་པར་བསྒྲུབ་དཀྱིལ་དུ་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་། དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་ནི་ལས་སྔགས་ཀྱིས་བསང་། འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པར་གསལ་བར་གྱུར། དགང་བླུག་སོགས་གོང་གི་བྱོན་སྐྱེམས་བཞིན། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་སོགས་ཀྱིས་འབུལ། སྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར། ཨོཾ་པ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་ངེ་འཛིན་མ་གསལ་བ་དང་། ཆོ་ག་ལྷག་ཆད་དང་། ཉམས་པ་དང་། གོང་འོག་ནོར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གོས་ཟུང་དང་སོ་རྩི་ཡང་སྔར་ལྟར་སྔགས་ཀྱིས་འབུལ། རྫས་རྣམས་ལྷག་མ་བཞག་ཏུ་མི་རུང་བས་ཐམས་ཅད་ལྷག་མེད་དུ་འབུལ་བར་བྱའོ། །མཐར། ཨོཾ་བཛྲ་པུཥྤེ་ནས་ཤབྡའི་བར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་མེ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ་ཞིང། ལས་མཇུག་བྲོ་ཡིས་བསྡུ་བ་ནི། ཞི་བའི་ཕུར་པ་འདྲིལ། བྲོ་ར་ཟླུམ་པོར་བསྐོར་བའམ། དེར་མོས་ལ། ཧཱུྃ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ། །ངོས་ལ་ཞི་བའི་ལྷ་བསྒོམས་ནས། །བཏབ་པས་གདུག་རྩུབ་ཞི་བར་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཾ་གྱི་ཚོགས་ཀྱི་ད་ལ་རུ། །ཨོཾ་ལས་དེ་བཞིན་འཁོར་བཅས་པས། །རྨུགས་པར་གྱུར་པའི་སེམས་ཅན་རྣམས། །ཞི་བར་གྱུར་ལས་དབྱིངས་སུ་རོལ། །སུམྦྷ་ནི་སོགས་ཀྱི་རྗེས་སུ། ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །སྟེང་གི་ལྷ་ཡང་ཞི་གྱུར་ཅིག །འོག་གི་ཀླུ་ཡང་ཞི་གྱུར་ཅིག །སྡང་བའི་དགྲ་ཡང་ཞི་གྱུར་ཅིག །གནོད་པའི་བགེགས་ཀྱང་ཞི་གྱུར་ཅིག །ནད་དང་སྡུག་བསྔལ་ཞི་གྱུར་ཅིག །ཅེས་བརྡུང་ལ། མཐར་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། སྒྲུབ་མཆོད་སྲེག་རྐྱང་གང་ཡིན་ཡང་དཀྱིལ་འཁོར་རྗེས་ཀྱི་བྱ་བ། སྲུང་མའི་གཏོར་འབུལ་སོགས་ཕྱག་ལེན་གྱི་དཀྱུས་མཐུན་བྱ་ཞིང་། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུག་བདལ་ལ་སོགས་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། འདོན་བྱའི་ཁོག་སྔར་སྨྲོས་པའི་ཞི་སྦྱིན་ལྟར་ལ། བྱེ་བྲག་གི་ཁྱད་པར། མེ་ཐབ་སྟེགས་བུའི་སྟེང་དྲི་བཟང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་སྐོར་དང་དེའི་ཕྱི་རིམ་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། ཐམས་ཅད་ཁ་དོག་སེར་པོ་བཅད་ཚོན་སོགས་ཀྱང་ངུར་སྨྲིག་གི་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མརབཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པ་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཏོག་བིལྦ་སོགས་སེར་པོ་དང་། དར་སེར་པོ། སྤོས་ཤེལ་གསེར་སྤུག་སོགས་སྐུད་པ་སེར་པོ་ལ་བརྒྱུས་པ། ཁ་སྐོང་བྱེད་ན། འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་ཁ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་བ་ལ་དུར་བ་ལྟ་བུ་གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ། ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་སྔ་དྲོའི་ཆ་ལ། སློབ་དཔོན་ཆས་རྒྱན་སེར་པོ། དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །འདོན་ཆའི་ཚིག་རིས་ཞི་བ་གང་ཡོད་ལ་རྒྱས་པ་ཞེས་དང་། ཁ་དོག་དཀར་པོ་ལ་སེར་པོ་ཞེས་དང་། རྒྱས་མཛད་དང་། སེར་གསལ་སོགས་སུ་བསྒྱུར། མེ་རྒྱལ་རིགས་ཀྱི་ཁྱིམ་དང་། གཙུབ་ཤིང་ལས་བྱུང་བས་སྦར། ཐབ་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔང་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ། པཾ་ལས་པདྨའི་སྡོང་པོ་དང་། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་རྒྱས་པའི་མེ་ལྷ་སེར་པོ་ཞལ་གཅིག་ཕྱག་གཉིས་ཤ་རྒྱས་ལ་གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་སེར་གསལ་དང་། གཡོན་ན་རྒྱས་པའི་གསེར་ཕུར་སེར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་སེར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཅིང་དྲང་སྲོང་སོགས་བསྒྱུར། སྤྱན་འདྲེན་སྐབས། མི་མཐུན་འཇིག་བརྒྱད་སོགས་ཀྱི་མལ་དུ། ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར། །ཞེས་སྦྱར། བྱོན་སྐྱེམས་སྐབས། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུག་བཟུང་། འདོད་གསོལ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། དམིགས་པ་ནི། སྲེག་རྫས་ཕུལ་པས་མེ་ལྷ་མཉེས་ཏེ། འོད་ཟེར་གསེར་མདོག་ཉི་གཞོན་ལྟ་བུ་སྤྲོས་པའི་རྩེ་ལས། འཆི་མེད་ཀྱི་བདུད་རྩི་དང་རཏྣའི་ཆར་བབས་པས། གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྙན་གྲགས་དབང་ཐང་། གཟི་བརྗིད་ལང་ཚོ། ཟས་ནོར་ལོངས་སྤྱོད། བུ་སློབ་འཁོར་འབངས། མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ། མཐུ་སྟོབས་ནུས་རྩལ། ཉམས་དང་རྟོགས་པ། ས་དང་ལམ་གྱི་ཡོན་ཏན། དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་ཅེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས། དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་མོ། །རྗེས་ཆོག་མེ་ལྷའི་སྲེག་རྫས་སྔགས་སོ་སོའི་མཐར་ཨོཾ་པ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཞེས་འབུལ། བྲོ་བརྡུང་བའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། བྲོ་ར་གྲུ་བཞིའམ་དེར་མོས་ལ། ཧཱུྃ། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ངོས་ལ་རྒྱས་པའི་ལྷ་བསྒོམས་ནས། །བཏབ་པས་ཚེ་བསོད་རྒྱས་པར་འགྱུར། །སྭཱ་རཏྣ་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མཱ་ཡི་ཚོགས་ཀྱི་ད་ལ་རུ། །སྭཱ་ལས་རིན་ཆེན་འཁོར་དང་བཅས། །ང་རྒྱལ་དྲེགས་པའི་སེམས་ཅན་རྣམས། །རྒྱས་པར་གྱུར་ལ་དབྱིངས་སུ་རོལ། །ཧཱུྃ་བཞི་པ་བརྗོད། རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་རྒྱས་གྱུར་ཅིག །དཔལ་དང་ཡེ་ཤེས་རྒྱས་གྱུར་ཅིག །བཀྲག་དང་གཟི་བརྗིད་རྒྱས་གྱུར་ཅིག །གདུལ་བྱ་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་སོ། །མེའི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་ལག་ལེན་སོགས་སྤྱི་ལྟར་བྱའོ། །གཞན་ཡང་རྣལ་འབྱོར་པས་ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ། ལག་པའི་དགང་བླུག་གིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་གྱི་ལྷ་རྣམས་མཉེས་པར་བསམ་པ་ནང་གི་སྲེག་བླུག །ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེར་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་སྲེག་རྫས་རོ་རྐྱང་གི་དགང་བླུག་གིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་གསང་བའི་སྦྱིན་སྲེག །སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ། ཐབས་ཤེས་ཟུང་འཇུག་གི་དགང་བླུག་གིས་གཉིས་སྣང་མཚན་མའི་སྲེག་རྫས་ཐམས་ཅད་ཕུལ་བས། སྐུ་གསུང་ཐུགས་མི་ཤིགས་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱོང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། སྔ་ཕྱི་རྣམས་རིམ་བཞིན་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཅིང་། གང་རུང་ཐད་ཐད་དུ་ཉམས་ལེན་བགྱིས་པས་ཀྱང་འབྲས་བུ་མཐར་ཕྱིན་པའི་དོན་ཆེན་པོ་འགྲུབ་པར་གསུངས་སོ། །གསར་སྤྲོས་ཚིག་གི་ལོ་མ་བསྐྱེད་ནུས་མོད། །དོན་གནད་འབྲས་བུའི་སྟོང་པ་དེས་ཅི་བྱ། །འཕགས་པའི་གསུང་དང་སོ་སྐྱེས་རྩོམ་པའི་ངག །གསེར་དང་ར་གན་མཉམ་པར་སུ་ཞིག་ལེན། །དེ་ཕྱིར་གྲུབ་པ་མཆོག་བརྙེས་བླ་མའི་གསུང་། །བྱིན་རླབས་རོ་ཉམས་སྟོང་གིས་ཁྱད་བྱས་པ། །གནས་སྐབས་རྩ་བའི་ཁ་བསྒྱུར་ཕྲན་བུ་བཅས། །འཇུག་བདེའི་ཁྲིགས་སུ་བསྡེབས་འདི་སྐལ་བཟང་སྐྱེས། །དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ །སྐྱེ་ཀུན་བླ་མ་ལྷ་ཡིས་རྗེས་བཟུང་མཐུས། །ཐལ་འབྱིན་རྣམ་བཞིའི་དགོངས་པ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་གྱི་གཏེར་འཆང་མཁན་དྲི་མེད་བཟང་པོ་ནས། འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དུ་སྒྲུབ་ཆེན་རྒྱུན་འཛུག་གནང་སྐབས་གསུང་གིས་བསྐུལ་མ་གནང་བ་བཞིན། ༧ཀུན་མཁྱེན་བླ་མ་རིན་པོ་ཆེས་མཛད་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་ཞི་རྒྱས་སྦྱིན་སྲེག་ཉིད་ཁ་བསྒྱུར་ཕྲན་བུ་དང་བཅས་ཏེ། ལྷག་པའི་ལྷ་འདི་ཉིད་ལ་བསྙེན་སྒྲུབ་སོགས་བཟང་པོས་འབྲེལ་བའི་སྔགས་བན་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས། ས་རྟ་ཟླ་བ་གཉིས་པའི་ཚེས་གསུམ་ཉིན་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། ༈ །།ཡང་རྒྱུན་གྱི་རྣལ་འབྱོར་ལྟ་བུར་ཤིན་ཏུ་སྤྲོས་མེད་ཀྱི་མེ་མཆོད་བྱ་བར་སྤྲོ་ན། དུས་སུ་མེ་སྦར་ལ། རས་སྣ་དར་སྣ་རིན་པོ་ཆེ་སོགས་གང་ཡང་རུང་བའི་དངོས་པོའི་རྫས། ཨོཾ་ཨཱཿཧཱུྃ་ཧོཿ ངོ་བོ་བདེ་སྟོང་ཡེ་ཤེས་ཆེན་པོ་ལ། །རྣམ་པ་སྲིད་ཞིའི་འབྱོར་པ་མ་ཚང་མེད། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་ཕུང་གིས། །ཆོས་དབྱིངས་ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཅེས་བརྗོད། མེ་སྦར་ལ། ཨོཾ་རཾ། མེ་ནི་རང་བཞིན་ལྷུན་གྲུབ་པར། །མེ་ཡི་ལྷ་ཡི་ངོ་བོ་ཉིད། །གོས་དཀར་ཡུམ་གྱི་རང་བཞིན་དུ། །རྣམ་དག་ཡེ་ཤེས་མེ་ལྕེ་ནི། །ཀུན་ཏུ་འབར་ཞིང་འཁྱིལ་བའི་ཀློང་། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། ཁྲོ་བཅུ་ཕྲ་ཕྱག་སྒོ་སྐྱོང་སོགས། །མ་འདྲེས་ཡོངས་རྫོགས་ཆུ་ཟླའི་གར། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས། །གདོད་ནས་དམ་ཡེ་གཉིས་མེད་པའི། །རྡོ་རྗེ་དབང་པོའི་གྲོང་ཁྱེར་དུ། །འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན། །ཀུན་བཟང་བདེ་ཆེན་གཏེར་དུ་འབུལ། །དགྱེས་ཤིང་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཡིད་ལ་གང་འདོད་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་དང་། རྩ་སྔགས་མཐར། མ་ཧཱ་པཱུ་ཛ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཅི་རིགས་འབུལ་མཐར་མི་དམིགས་འོད་གསལ་གྱི་དབྱིངས་སུ་བཞག་ལ་དགེ་བསྔོ་ཤིས་བརྗོད་བྱའོ། །འདི་ནི་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གསུང་ཉིད་ཁ་བསྒྱུར་བྱས་པ་དགེ། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཀྱི་རྒྱལ་པོ་ (Volume 22, Text 23)

ྈྈྈྈྈ ༁ྃ༔ བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཀྱི་རྒྱལ་པོ་བཞུགས་སོ༔ ྈྈྈྈྈྈྈ ཡང་དག་གསང་བའི་སྐད་དུ༔ ཡ་པིང་ང་བ་དུང་བ་ཡ༔ བོད་སྐད་དུ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཅེས་བྱ་བ༔ འདི་སྐད་བདག་གིས་རིག་པའི་དུས་གཅིག་ན༔ ཆོས་དབྱིངས་ཀ་དག་ཀློང་ཡངས་ཀྱི་གནས་སུ༔ སྟོན་པ་ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ་ལ༔ འཁོར་རང་བྱུང་ཡེ་ཤེས་ལྔ་ཡིས་བསྐོར་ནས༔ ངོ་བོ་ཉིད་ཀྱི་བསྟན་པ་སྨྲ་བསམ་བརྗོད་དུ་མེད་པ་ལས༔ གཟུགས་བརྙན་གྱི་བསྟན་པ་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་ཡི་གེ་དྲུག་གི་འཁོར་རང་བྱུང་དུ་ཤར་བ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན༔ ཡེ་ཤེས་ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ༔ སྟོན་པ་པདྨ་རྒྱལ་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ནས༔ རང་ཤར་གྱི་བསྟན་པ་ཉོན་མོངས་པའི་གཉེན་པོ་ཡེ་ཤེས་ཀྱི་དགོངས་པ་ལས༔ གཟུགས་བརྙན་གྱི་བསྟན་པ་འགག་པ་མེད་པ་ལས༔ རང་ཤར་བའི་གསང་རྒྱུད་འདི་དག་བསྟན་གྱིས་ཉོན་ཅིག༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ ཐུགས་རྗེ་ཀུན་ཁྱབ་འཇིག་རྟེན་གྱི་གནས་སུ༔ སྟོན་པ་གང་ལ་གང་འདུལ་སྤྲུལ་པའི་སྐུ་ལ༔ འཁོར་དུ་སྐལ་ལྡན་གདུལ་བྱའི་ཚོགས་ཀྱིས་བསྐོར་ནས༔ རང་གྲོལ་གྱི་བསྟན་པ་འགྲོ་བ་ཀུན་གྲོལ་ལས༔ གཟུགས་བརྙན་གྱི་བསྟན་པ་ཚིག་དང་ཡི་གེར་གནས་པ་ལ་འདུན་པར་གྱུར་ཏོ༔ དེའི་ཚེ་སྤྲུལ་སྐུའི་ཞིང་ཁམས་འདིར༔ སངས་རྒྱས་འདུས་པ་གུ་རུ་པདྨ་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་སྐུའི་ཞིང་ཁམས་ཆེན་པོར་གསལ་བར་གྱུར་ཏོ༔ དེའི་ཚེ་གསང་བའི་མཁའ་འགྲོ་མས་གསོལ་པ༔ ཀྱཻ༔ བསྟན་པའི་བདག་པོ་ཐུགས་རྗེ་ཆེ༔ ཆོས་རྣམས་སྟོན་པ་པདྨ་རྒྱལ༔ རྒྱུད་རྒྱལ་སངས་རྒྱས་དགོངས་པའི་དོན༔ འགྲོ་བ་ཀུན་གྲོལ་གསུང་དུ་གསོལ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཨེ་མ༔ ཨེ་མ༔ སྐུ་གསུམ་སྐུ་ལྔ་སྟོན་པའི་བཅུད༔ སྨིན་གྲོལ་གེགས་སེལ་བོགས་དབྱུང་ཞིང༔ བློ་འདས་དོན་དང་སྦྱར་བའི་རྒྱུད༔ བཤད་ཀྱིས་མ་ཡེངས་ཡིད་ཀྱིས་ཉོན༔ ཅེས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ ྈྈྈ ཡང་དེའི་ཚེ་བདེ་ཆེན་སངས་རྒྱས་སྙིང་པོ་བཀོད་པའི་རྒྱན་ཞེས་བྱ་བ་ན༔ སངས་རྒྱས་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱཻ༔ ཆོས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེ༔ བདེ་སྟོང་ཟག་མེད་པདྨ་རྒྱལ༔ རྒྱུད་རྒྱལ་སྨིན་བྱེད་དབང་གི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ༔ རང་སེམས་རིག་པའི་དབང་ཐོབ་ནས༔ ཐེག་པ་རིམ་དགུ་ལ་སོགས་པའི༔ ཆོས་སྒོ་མ་ལུས་འདིས་ཕྱེད་འགྱུར༔ བླ་མ་སངས་རྒྱས་འདུས་པ་ཡི༔ ཐབས་ཤེས་བདུད་རྩི་ཐོབ་པ་ན༔ རླུང་སེམས་ཀུན་ལ་དབང་ཐོབ་ནས༔ སྟོང་ཉིད་ཆེན་པོར་རྣམ་པར་གྲོལ༔ སྟོང་པའི་ངང་ལས་བདེ་ཆེན་སྐུ༔ ཤེས་རབ་མཁའ་འགྲོ་དང་སྦྱར་ནས༔ བདེ་ལ་སེམས་བཟུང་སྟོང་ལ་སྦྱང༔ གཉིས་མེད་ངང་དུ་ཡེ་ཤེས་སྐྱེ༔ ཆོས་ཀྱི་སྙིང་པོ་རང་སེམས་ནི༔ སྟོང་ཉིད་བདེ་ཆེན་བློ་ལས་འདས༔ རྒྱལ་བུས་རྒྱལ་ས་ཟིན་པ་ལྟར༔ དོན་མཐོང་ཙམ་གྱིས་སྨིན་པར་འགྱུར༔ དེ་ལྟར་དབང་བཞིའི་གདམས་པ་ཡིས༔ ཐེག་པར་རིམ་གྱིས་འཇུག་པར་བྱ༔ དེ་ལྟར་ཡོངས་སུ་སྨིན་པ་ལས༔ གྲོལ་བར་བྱེད་པའི་གདམས་པ་བསྟན༔ ཧཱུྃ་མེ་པད་ཎི་མ་ཨོཾ༔ ཞེས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ སྨིན་བྱེད་དབང་གི་ལེའུ་སྟེ་གཉིས་པའོ༔ ྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈ ྈྈྈྈྈྈ ཡང་དེའི་ཚེ་བདེ་ཆེན་རྡོ་རྗེའི་སྙིང ་པོ་བཀོད་པའི་རྒྱན་ཅེས་བྱ་ན༔ སྟོན་པ་རྡོ་རྗེ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ༔ མེ་ལོང་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ༔ཐར་པའི་ལམ་སྟོན་ཐུགས་རྗེ་ཆེ༔ ཚོགས་ཆེན་ལྷུན་ རྫོགས་པདྨ་རྒྱལ༔ རྒྱུད་རྒྱལ་ཆོས་ཀྱི་ཕྱག་རྒྱའི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ ཐོག་མར་སངས་རྒྱས་ཀུན་གྱི་གཙོ༔ བླ་མ་བསྒོམ་ཞིང་གསོལ་བ་གདབ༔ ཏིང་ངེ་འཛིན་གྱི་དབང་ཡང་བླང༔ རྒྱུན་དུ་འབྲལ་མེད་རྗེས་སུ་འཇུག༔ བླ་མ་རྡོ་རྗེ་སེམས་དཔའ་ལ༔ མཎྜལ་འབུལ་ཞིང་ཡིག་བརྒྱ་བཟླ༔ ཐབས་ཀྱི་ཡན་ལག་དེ་དག་གིས༔ སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས༔ བླ་མ་དཀོན་མཆོག་སྐྱབས་གནས་ལ༔ བྱང་ཆུབ་བར་དུ་སྐྱབས་སོང་ནས༔ སྨོན་པ་དང་ནི་འཇུག་པ་ཡིས༔ འགྲོ་བའི་དོན་དུ་སེམས་བསྐྱེད་དོ༔ དེ་ལྟར་གསོལ་འདེབས་སྤེལ་སྦྱོང་དང༔ སྐྱབས་འགྲོ་སྨོན་འཇུག་སེམས་བསྐྱེད་ལ༔ ཕྱི་ནང་གསང་བའི་སྡོམ་པ་བཟུང༔ དམ་བཅའ་སྨོན་ལམ་རྒྱས་པར་གདབ༔ ཕྱི་ནང་གསང་བའི་མཚམས་བཅད་ལ༔ སྣང་སྲིད་ལུས་སེམས་རྣམ་དག་ཞིང༔ ཡེ་ཤེས་དམ་ཚིག་གཉིས་མེད་པས༔ དཀྱིལ་འཁོར་བསྐྱེད་ཅིང་བསྒྲུབ་པར་བྱ༔ བདག་ཉིད་ཡེ་ཤེས་ལྷ་ལས་ནི༔ རང་བྱུང་རང་གྲོལ་བདེ་བ་ཆེ༔ འདོད་ཡོན་མ་སྤངས་རོལ་པའི་རྒྱན༔ བསོད་ནམས་ཡེ་ཤེས་ཚོགས་ཀྱི་མཆོག༔ ཏིང་འཛིན་གསུམ་ལས་བྱུང་བ་ཡི༔ སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ལྷ༔ སྒྲ་རྣམས་ཐམས་ཅད་རོལ་པའི་གསུང༔ དྲན་རྟོག་ཐམས་ཅད་ཆོས་ཉིད་ཐུགས༔ ཕྱི་རོལ་སྣོད་བཅུད་དཀྱིལ་འཁོར་རྣམས༔ ཇི་བཞིན་རྣལ་འབྱོར་རང་ལུས་ལ༔ དེ་བཞིན་རྩ་རླུང་ཐིག་ལེ་གནས༔ སྒོ་གསུམ་རྣམ་དག་ངང་དུ་གསལ༔ དེ་བཞིན་རང་གི་སེམས་ལ་ཡང༔ འཁོར་བ་དང་ནི་མྱ་ངན་འདས༔ ཐམས་ཅད་བྱུང་ཞིང་ཐམས་ཅད་གནས༔ ཐམས་ཅད་གྲོལ་བར་བྱེད་པ་འོ༔ དེ་ལྟར་བསྐྱེད་རྫོགས་རྫོགས་པ་ཆེ༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ལ༔ ཟུང་འཇུག་གཏོར་མའི་རྣལ་འབྱོར་གྱིས༔ ཐུན་མོང་མཆོག་གི་དངོས་གྲུབ་འབྱུང༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱང༔ ཆོས་དབྱིངས་དོན་དུ་རོ་གཅིག་པས༔ བསྟོད་པ་གླུ་ཡིས་དོན་གསལ་འདེབས༔ ཨེ་མ་དབྱིངས་རིག་རོལ་པ་འདི༔ རྟོག་མེད་ངང་ནས་ཀུན་མཁྱེན་པ༔ སྐུ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མ་འགགས་ཡེ་ཤེས་སྒྱུ་མའི་ལྷ༔ འགྲོ་བ་སྒྲོལ་བའི་དོན་དུ་བསྐུལ༔ ཡེ་ཤེས་ལྷ་དང་ནམ་དུ་ཡང༔ མི་འབྲལ་རྩེ་གཅིག་བསྒྲུབ་པ་ལ༔ ཟ་འདུག་འགྲོ་ཉལ་ཐམས་ཅད་དུ༔ ཡེངས་ན་ཡེ་ཤེས་ལྷ་ཡང་འགྱུར༔ ཉོན་མོངས་འཁྲུལ་རྟོག་སྐྱེས་པའི་ཚེ༔ བར་ཆད་འབྱུང་པོ་ལ་སོགས་པའི༔ ལུས་ལ་ནད་རྣམས་གཏོང་བ་དང༔ འཆི་བའི་རྟགས་རྣམས་སྟོན་པར་འགྱུར༔ དེས་ན་ཤེས་བཞིན་དྲན་པས་བསྟེན༔ འཆི་བ་བསླུ་ཕྱིར་ཚོགས་གཉིས་གསག༔ ཁ་སྦྱོར་རླུང་གིས་ཚེ་ཡང་བསྲིང༔ བློ་འདས་བསྒོམས་ན་སྐྱེ་འཆི་མེད༔ དེ་ལྟར་བར་ཆད་ཡོངས་སྤངས་ནས༔ ཚེ་འདིར་རང་གཞན་དོན་ལ་སྦྱར༔ ཚོགས་གསག་སྒྲིབ་པ་སྦྱོང་བའི་ཕྱིར༔ ཆོས་སྤྱོད་བཅུ་ལ་རྣམས་པར་བསླབ༔ འགྲོ་བ་རྣམས་ལ་ཕན་དོན་དུ༔ མཆོག་དང་ཐུན་མོང་གྲུབ་ཆེན་བརྒྱད༔ འབྱུང་བ་ལྔ་ཡི་ཕྲིན་ལས་བཞི༔ ཡི་གེ་བཅུ་པ་བཟླས་པས་འགྲུབ༔ དེ་ལྟར་སྣ་ཚོགས་ཕྲིན་ལས་རྣམས༔ བསྐྱེད་རིམ་ཡན་ལག་རྫོགས་པས་འགྲུབ༔ དེ་ཡང་དངོས་པོ་རྣམ་པ་བཅུ༔ རྒྱུད་རྣམས་ཀུན་གྱི་དགོངས་པ་རྫོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གསུངས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ ཆོས་ཀྱི་ཕྱག་རྒྱ་དང་སྦྱོར་བ་བསྐྱེད་རིམ་གྱི་ལེའུ་སྟེ་གསུམ་པའོ༔ ྈྈྈྈ ྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈ ཡང་དེའི་ཚེ་བདེ་ཆེན་རིན་ཆེན་བཀོད་པའི་རྒྱན་ཞེས་བྱ་བ་ན༔ སྟོན་པ་རིན་ཆེན་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ༔ མཉམ་ཉིད་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ༔ རླུང་སེམས་རང་གྲོལ་ཐུགས་རྗེ་ཆེ༔ ཐིག་ལེ་ཆེན་པོ་པདྨ་རྒྱལ༔ རྒྱུད་རྒྱལ་དམ་ཚིག་ཕྱག་རྒྱའི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ རྡོ་རྗེ་ལུས་ཀྱི་སྲོག་རྩོལ་ལས༔ རྩ་རླུང་ཐིག་ལེའི་གེགས་བསལ་ནས༔ འབར་བས་རྩ་མདུད་གྲོལ་རྟགས་འཆར༔ འཛག་པས་དགའ་བདེའི་ཉམས་མྱོང་འཆར༔ ཡི་དམ་ལྷ་དང་བདག་ཉིད་དང༔ སྣང་སྲིད་ཐམས་ཅད་བདེ་བ་ཆེ༔ ཡེ་ཤེས་སྒྱུ་མར་རྩལ་སྦྱངས་པས༔ གང་ལྟར་སྤྱད་ཀྱང་རོལ་པའི་ཀློང༔ རྨི་ལམ་དུ་ཡང་དྲན་པས་ཟིན༔ སྦྱང་སྤེལ་བསྒྱུར་ལ་གནས་སུ་འཕང༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས༔ རྨི་ལམ་སྒྱུ་མ་ལྟ་བུར་བཞག༔ གཉིད་དང་མངོན་སུམ་ཁྱད་མེད་པ༔ གསལ་སྟོང་བདེ་བ་ཆེན་པོའི་ངང༔ ཉོན་མོངས་རྟོག་པ་རང་ཡལ་ནས༔ འོད་གསལ་ལམ་དུ་སློང་བར་འགྱུར༔ རླུང་སེམས་གནད་དུ་འབྱོངས་པའི་ཚེ༔ འབྱུང་བ་དངོས་བོར་རོ་ལ་སོགས༔ དམིགས་པ་གང་དང་གར་གཏད་ཀྱང༔ ལུས་ཀྱི་འདོར་ལེན་རང་དབང་ཐོབ༔ རླུང་སེམས་ཏིང་འཛིན་རྣམ་གསུམ་གྱིས༔ འོད་གསལ་ངང་དུ་ཆོས་སྐུར་འཕོ༔ སྒྱུ་མ་ལྟ་བུར་ལོངས་སྐུར་འཕོ༔ བསྐྱེད་རིམ་གསལ་བས་སྤྲུལ་སྐུར་འཕོ༔ ཨ་ཧཾ༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་གསུངས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བ་སྟེང་སྒོ་རྣམ་པར་གྲོལ་བའི་ལེའུ་སྟེ་བཞི་པའོ༔ ༔ྈྈྈྈྈ ྈྈྈྈྈ ྈྈྈྈྈ ྈྈྈྈྈ ྈྈ ཡང་དེའི་ཚེ་བདེ་ཆེན་པདྨ་བཀོད་པའི་རྒྱན་ཅེས་བྱ་བ་ན༔ སྟོན་པ་པདྨ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ༔ སོར་རྟོག་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ༔ ཐབས་ཤེས་ཟུང་འཇུག་ཐུགས་རྗེ་ཆེ༔ ཟག་མེད་བདེ་ཆེན་པདྨ་རྒྱལ༔ རྒྱུད་རྒྱལ་ལས་ཀྱི་ཕྱག་རྒྱའི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ སྟེང་སྒོ་རྣམ་གྲོལ་རྩལ་འབྱོངས་ནས༔ འོག་སྒོ་བདེ་བ་ཆེ་ལ་བསླབ༔ བདེ་ཆེན་གྲོགས་སུ་མི་མོ་ནི༔ མཚན་ལྡན་ཌཱ་ཀིའི་རིགས་ཅན་བསྟེན༔ དེ་ཡང་གསང་བ་ཡེ་ཤེས་ལྷ༔ རྩེ་གཅིག་བསྒྲུབ་པའི་ཏིང་འཛིན་གྱིས༔ དབང་དུ་བསྡུས་ལ་དགུག་པར་བྱ༔ མོས་པས་བཏུལ་ནས་ཐབས་མཁས་ཤིང༔ གཞན་གྱིས་སྒྲོ་སྐུར་བསལ་བ་དང༔ གསང་སྤྱོད་གནད་དུ་བསྒྱུར་བའི་ཕྱིར༔ བདག་དང་ཕྱག་རྒྱ་བཅས་པ་ཡང༔ མི་སྣང་བསྒྲིབ་པའི་སྦྱོར་བ་བྱ༔ དེ་ནས་མཚན་ལྡན་སྨིན་བྱས་ལ༔ ཡབ་ཡུམ་ལྷར་བསྐྱེད་སྦྱོར་བྱས་ཏེ༔ དབབ་བཟུང་བཟློག་བཀྲམ་བདེ་ངོས་བཟུང༔ མ་བཅོས་ངང་དུ་ཀློད་པར་བྱ། རྡོ་རྗེ་སྦུབས་སུ་ནུབ་པ་དང༔ རྡོ་རྗེས་བླངས་ཏེ་བདེ་བ་བསྐྱེད༔ ཡུམ་གྱི་རྩ་སྣ་ཚུར་ལ་གཞུག༔ དྭངས་མ་ཐིག་ལེ་བླང་བར་བྱ༔ དེ་ལྟར་རྩལ་འབྱོངས་རྣལ་འབྱོར་པས༔ ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི༔ གཞན་དོན་སྤྲུལ་སྐུ་བཞག་པའི་ཕྱིར༔ བྱང་སེམས་སྤྲོས་ལ་ཉེས་པ་མེད༔ ཨོཾ་དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་གསུངས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ ལས་གྱི་ཕྱག་རྒྱ་དང་སྦྱོར་བ་འོག་སྒོ་བདེ་ཆེན་གྱི་ལེའུ་སྟེ་ལྔ་པའོ༔ ྈྈྈྈྈ ྈྈྈྈྈ ྈྈྈྈྈ ྈྈྈྈྈ ྈྈྈྈ ཡང་དེའི་ཚེ་བདེ་ཆེན་ཀརྨ་བཀོད་པའི་རྒྱན་ཞེས་བྱ་བ་ན༔ སྟོན་པ་ཀརྨ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ༔ བྱ་གྲུབ་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ༔ འཁྲུལ་པ་ཀ་དག་ཐུགས་རྗེ་ཆེ༔ ཡེ་ཤེས་ལྷུན་གྲུབ་པདྨ་རྒྱལ༔ རྒྱུད་རྒྱལ་ཕྱག་རྒྱ་ཆེན་པོའི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ བདེན་པ་གཉིས་ལྡན་རང་གི་སེམས༔ མ་བྱུང་མི་གནས་མི་འགྲོ་ལ༔ འཁོར་འདས་གང་དུའང་འགྱུར་བ་མེད༔ དོན་དམ་བློ་འདས་དགོངས་པ་ལ༔ ཐམས་ཅད་ཡོད་ཅིང་ཐམས་ཅད་མེད༔ འགྱུར་བ་མེད་ཅིང་བརྗོད་དུ་མེད༔ གཅིག་དང་དུ་བྲལ་གྲུབ་མཐའ་སྟོར༔ ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན༔ ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད༔ གང་ཡང་མ་གྲུབ་བླང་དོར་བྲལ༔ དེ་ལས་ཁྱོད་ཀྱི་འཁྲུལ་པ་དེ༔ དང་པོ་རྒྱུ་མེད་བྱུང་ས་མེད༔ བར་དུ་རྐྱེན་མེད་གནས་ས་མེད༔ ཐ་མ་གཉེན་པོ་འགྲོ་ས་མེད༔ ཡིད་ལ་བྱེད་པ་མེད་པ་ནི༔ ཡེ་ཤེས་མེད་ཅིང་འཁྲུལ་པ་མེད༔ ཞི་བ་མེད་ཅིང་སྲིད་པ་མེད༔ ཟག་པ་མེད་ཅིང་འགྱུར་བ་མེད༔ ཡོན་ཏན་ཀུན་ལ་དགའ་སྤྲོ་མེད༔ སངས་རྒྱས་རྣམས་ལ་རེ་བ་མེད༔ སྡུག་བསྔལ་རྣམས་ལ་འཇིགས་པ་མེད༔ འཁོར་བར་འཁྱམས་པའི་དོགས་པ་མེད༔ དེ་ལྟར་བརྗོད་དུ་མེད་པ་ལས༔ ཆོས་ཀྱི་གླུར་བླང་གསང་བའི་སྐད༔ རྒྱལ་བའི་དགོངས་དོན་མ་བཅོས་པ༔ ཕྱག་རྒྱ་ཆེན་པོ་གཉིས་མེད་དོན༔ དེ་ཉིད་དུས་གསུམ་རྩ་བ་བཅད༔ སྒོ་གསུམ་མ་བཅོས་ཀློད་ལ་བསྒྲིམ༔ བཞི་ཆ་གསུམ་བྲལ་གཉུག་མ་དེ༔ ཞི་གནས་ངང་ལ་ལྷག་མཐོང་བསྐྱང༔ ཞི་བར་གནས་པ་ངོས་བཟུང་ལ༔ ཡུལ་དྲུག་རྟོག་པ་ཟིལ་གྱིས་མནན༔ ནམ་མཁའ་ཉིད་ལ་རྣམ་པར་བསླབ༔ ལྷག་མཐོང་ཡེ་ཤེས་རྒྱུད་ལ་སྐྱེ༔ རྒྱུན་དུ་ཀློད་ཀྱིས་ལྷོད་པ་ན༔ སྐྱེ་འགག་གནས་གསུམ་མཐའ་དང་བྲལ༔ ཡེངས་པ་མེད་པའི་ཤེས་བཞིན་བསྟེན༔ ལྷོད་ཅིང་སྒྲིམ་པར་བྱེད་པ་ཡིན༔ དཔེར་ན་རྫིང་གི་བྱ་ལྟ་བུ༔ དང་པོ་ཡེངས་མེད་བསྐྱང་བ་ན༔ བར་དུ་ཡན་པར་བཏང་ཡང་ལོག༔ ཐ་མ་བཏང་ཡང་འགྲོ་མི་བཏུབ༔ མ་བཅོས་བཞག་པ་ཕྱག་རྒྱ་ཆེ༔ ཉམས་ལ་ཞེན་པ་མི་བསྐྱེད་ཅིང༔ མཉམ་རྗེས་གཉིས་སུ་མེད་པ་ཡིས༔ སྟོང་ཉིད་སྙིང་རྗེ་རྒྱུན་དུ་ཁྱེར༔ དེ་ལྟར་ཐམས་ཅད་མཁྱེན་པ་ཡི༔ ལམ་ལ་བར་དུ་གཅོད་བྱེད་པ༔ བདུད་བཞི་མ་ལུས་འདུལ་བའི་ཕྱིར༔ ཐོག་རྫིས་སྤྱོད་པའི་རྣལ་འབྱོར་བྱ༔ ལྷ་ཡི་བུ་ཡི་བདུད་འཇོམས་ཕྱིར༔ ཉམ་ང་ཐོག་རྫིས་བྱ་བ་དང༔ རྐྱེན་སྣང་གྲོགས་སུ་ཁྱེར་བ་དང༔ བར་ཆད་ལམ་དུ་བསླང་བར་བྱ༔ ཕུང་པོའི་བདུད་ནི་ལུས་འདི་ཡིས༔ འཁོར་བའི་སྡུག་བསྔལ་སྣ་ཚོགས་བསྐྱེད༔ མི་གཙང་རྫས་ཀྱིས་ཡོངས་སུ་གང༔ དེ་ཕྱིར་མི་ཆགས་ལིངས་ཀྱིས་བསྐྱུར༔ དེ་ལ་ཆགས་ན་ཆགས་མཁན་སུ༔ སྨོད་ཅིང་དོར་ན་དོར་མཁན་གང༔ བཏང་སྙོམས་རྨོངས་པར་སུ་ཡིས་བཞག༔ ཅེར་བལྟས་རང་བཞག་ཉོན་མོངས་གྲོལ༔ རང་སེམས་རིག་པའི་རྩལ་སྦྱངས་པས༔ སྲིད་པའི་འཁོར་བ་ལས་སྒྲོལ་ཏེ༔ འཆི་བདག་བདུད་ལ་མི་འཇིགས་པ༔ སྐྱེ་མེད་འཆི་བ་མེད་པར་འགྱུར༔ དེ་བས་བདུད་ཀྱི་དཔུང་རྣམས་ཀུན༔ རིག་པའི་རྩལ་གྱིས་བཏུལ་ནས་ཀྱང༔ ཐར་པའི་གྲོགས་སུ་ཆོད་པ་ནི༔ རྣལ་འབྱོར་ཆེན་པོས་ལམ་དུ་ཁྱེར༔ ཆོས་ཉིད་དོན་གྱི་སྙིང་པོ་དེ༔ རང་ལ་ཡོད་ཀྱང་མ་ཤེས་པས༔ འཁྲུལ་སྣང་རྣམ་པ་སྣ་ཚོགས་ལ༔ ཞི་བྱེད་གདམས་པ་འདི་ལྟ་སྟེ༔ རང་གིས་འཁྲུལ་སྣང་གནོད་བྱེད་ལ༔ སྙིང་རྗེའི་སྟོབས་ཀྱིས་ལུས་སྦྱིན་ཞིང༔ རྗེས་སུ་བཟུང་ཞིང་དོན་ལ་བལྟ༔ འབྱུང་པོ་འདུལ་བའི་ཞི་བྱེད་ཡིན༔ འབྱུང་བ་བག་ཆགས་ནད་རྣམས་ལ༔ རྫས་དང་རྟེན་འབྲེལ་སྣ་ཚོགས་ཀྱིས༔ བྱིན་གྱིས་བརླབ་ཅིང་སྟོང་ཉིད་བསྒོམ༔ ནད་རྣམས་འཇོམས་པའི་ཞི་བྱེད་ཡིན༔ ཉོན་མོངས་གཉེན་པོ་བསྟེན་པ་དང༔ གནས་བསྒྱུར་ཡེ་ཤེས་བསྟེན་པ་དང༔ རང་གྲོལ་ཆོས་ཉིད་ཤར་བ་ཡིས༔ ཉོན་མོངས་ཞི་བར་བྱེད་པ་འོ༔ བག་ཆགས་འཁྲུལ་པའི་སྣང་བ་འདི༔ གཟུང་འཛིན་མེད་པར་རྒྱ་ཡིས་གདབ༔ ཉིན་མཚན་འདྲེས་པའི་བསྒོམ་པ་འཆར༔ ངན་རྟོག་བཟང་རྟོག་གཉིས་མེད་གྲོལ༔ གདོན་དང་ནད་དང་ཉོན་མོངས་དང༔ བག་ཆགས་ཕྱི་ནང་རྩད་བཅད་དེ༔ སྟོང་ཉིད་ངང་དུ་རང་གྲོལ་ན༔ འདི་ཕྱི་བར་དོའི་སྡུག་བསྔལ་ཞི༔ ལུས་གནད་རྩ་རླུང་ཐིག་ལེའི་ཉམས༔ མུན་པའི་ནང་དུ་སྣང་བ་གསལ༔ སྲོག་རྩ་འཆི་མེད་རྡོ་རྗེར་འགྱུར༔ བདེ་ཉམས་སྟོང་ན་སྡུག་བསྔལ་མེད༔ སྒོ་ཡུལ་རླུང་རིག་གནད་ཀྱིས་ནི༔ ཆོས་ཉིད་སྟོང་པ་དངོས་སུ་སྣང༔ ཉམས་སྣང་འཕེལ་ཞིང་འགྲིབ་པ་མེད༔ ཆོས་ཟད་དུས་ན་སངས་རྒྱས་སོ༔ ཐིག་ལེ་གནས་པ་ལམ་དང་སྒོ༔ དབང་པོ་དགག་པས་འདོད་ཡོན་གསལ༔ ཕྱོགས་བཞིར་འཕང་ཞིང་སླར་ལ་བཟློག༔ ངལ་བསོའི་དུས་ན་ལས་ཀུན་བྱེད༔ སྒྲོན་མ་ཕྱི་ནང་འཛོམ་པའི་ཚེ༔ མགོ་བོ་གཏུམ་ནང་རྒྱང་མིག་གསལ༔ མཐའ་ནས་དབུས་སུ་རྣམ་པར་བལྟ༔ ཡེ་ཤེས་འོད་ལུས་ངང་དུ་ཡལ༔ དེ་ལྟར་འོད་གསལ་ཉམས་ཀྱི་རྟེན༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་གཅེས༔ ཆུ་ལ་ཆུ་ཡིས་སོབ་པ་ན༔ སྐྱོན་དག་ཡེ་ཤེས་སྣང་བ་འཕེལ༔ ཡེ་ཤེས་མར་མེའི་འོད་ཟེར་ལས༔ ཐུགས་རྗེའི་སྣང་བ་རབ་ཏུ་གསལ༔ རྟོག་མེད་མཁྱེན་པའི་རྩལ་རྫོགས་ནས༔ སྲིད་པ་རྣམ་གྲོལ་ཞི་བ་འཐོབ༔ ཐོག་མ་མེད་པའི་སྤྱི་གཞི་ནས༔ ང་བདག་དབང་གིས་འཁྲུལ་གྱུར་ཏེ༔ ཐ་མ་སངས་རྒྱས་མ་ཐོབ་བར༔ རང་བཞིན་བར་དོ་ཆེན་པོར་གནས༔ ཐོག་མའི་གཞི་ལས་འཁྲུལ་པ་ཡང༔ སྐྱེ་གནས་བར་དོའི་དུས་འདིར་ནི༔ སྨིན་གྲོལ་རང་ངོ་ཤེས་པ་ན༔ རྒྱལ་བུས་རྒྱལ་ས་ཟིན་པ་འདྲ༔ དེ་ཚེ་བག་ཆགས་རང་གྲོལ་ནས༔ རྨི་ལམ་བར་དོ་ཤར་བའི་ཚེ༔ འཁྲུལ་སྣང་དབྱིངས་སུ་ཡལ་བ་ནི༔ སྒྱུ་མ་མཁན་གྱི་མིག་འཁྲུལ་འདྲ༔ འབྱུང་བ་ཐིམ་ནས་འཆི་ཁ་ཡང༔ རླུང་སེམས་སྤྱི་བོར་བཏོན་ནས་ཀྱང༔ རིག་པའི་གསལ་ཁ་བསྟོད་པ་ནི༔ རྒྱལ་པོས་བཀའ་ཐེམ་བསྐུར་བ་འདྲ༔ བར་དོ་དང་པོ་ཆོས་ཉིད་ཉམས༔ བར་དོ་གཉིས་པ་ལྷུན་གྲུབ་ཉམས༔ བར་དོ་གསུམ་པ་སྒྲ་འོད་ཟེར༔ སྔར་འདྲིས་མི་དང་འཕྲད་པ་ལྟར༔ དེ་དག་ཀུན་ལས་མ་གྲོལ་ན༔ འཁོར་བ་རུ་བཟློག་མངལ་སྒོ་དགག༔ སངས་རྒྱས་སྲས་སུ་སྐྱེ་བར་བྱ༔ ངལ་བ་དབུགས་དབྱུང་རྙེད་པ་འདྲ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ ཞེས་གསུངས་སོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ ཕྱག་རྒྱ་ཆེན་པོ་དང་སྦྱོར་བ་བསྟན་པ་སྙིང་པོའི་ལེའུ་སྟེ་དྲུག་པའོ༔ ྈྈྈྈྈ ྈྈྈྈྈྈ ྈྈྈྈ ཡང་དེའི་ཚེ་འཁོར་བ་ཡོངས་གྲོལ་གྱི་དུར་ཁྲོད་ཅེས་བྱ་བ་ན༔ སྟོན་པ་རིགས་ལྔ་འདུས་པའི་རྒྱལ་པོ་ཐོད་ཕྲེང་ཅན་ཞེས་བྱ་བའི་དྲུང་དུ༔ ཡེ་ཤེས་ཀྱི་ཁྲོ་མོ་དབང་ཕྱུག་མ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ༔ རང་ཤར་རང་གྲོལ་ཐུགས་རྗེ་ཆེ༔ དྲེགས་པ་འདུལ་མཛད་པདྨ་རྒྱལ༔ རྒྱུད་རྒྱལ་ཡོངས་སུ་གཏད་པའི་དོན༔ བདག་ཅག་འཁོར་ལ་བཀའ་བསྩལ་ཞུ༔ དེ་སྐད་ཞུས་པའི་དོན་དགོངས་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཧྲཱི༔ དགོངས་དོན་འགྲོ་བ་ཀུན་གྲོལ་རྒྱུད༔ ཕུན་ཚོགས་གསུམ་བདུན་དགུས་བཤད་ཅིང༔ སངས་རྒྱས་སྐུ་གསུམ་བསྟན་པ་ཡི༔ སྙིང་པོའི་བཅུད་དུ་རྒྱུད་འདི་བཞུགས༔ འགྲོ་བ་བློ་དམན་དོན་དུ་ནི༔ ཚིག་དོན་དབྱེ་བར་མི་བྱ་ཞིང༔ སྟག་མོའི་མཆོང་སྟངས་ལྟ་བུ་ཡིས༔ བསྡུས་དོན་ས་རྣམས་བཅད་དེ་བཤད༔ སྐུ་གསུམ་སྟོན་པའི་བཀའ་རྣམས་ཀྱི༔ དགོངས་པ་གཅིག་ཏུ་བསྡུས་ནས་ཀྱང༔ བུང་བ་རྩི་ཚོལ་ལྟ་བུ་ཡིས༔ ངོ་བོ་ཀུན་བཅུད་བསྡུས་ནས་བཤད༔ ཚིག་དོན་མ་ལུས་ཐམས་ཅད་ཀྱང༔ གང་ཟག་རྣམས་ཀྱིས་གོ་བྱའི་ཕྱིར༔ རིན་པོ་ཆེ་ཡི་གཏུན་བུ་ལྟར༔ ངེས་ཚིག་འབྲུ་རྣམས་བཅོམ་ལ་བཤད༔ རྒྱུད་དང་གདམས་པའི་ཁྲིད་རྣམས་ཀྱང༔ མ་ནོར་རིམ་བཞིན་བསྟན་པ་ནི༔ མུ་ཏིག་རྩར་བརྒྱུས་ལྟ་བུ་ཡིས༔ དབྱེ་བ་མངོན་དུ་བསྡེབས་ཏེ་བཤད༔ གཞན་གྱིས་རྒོལ་བ་ཚར་གཅོད་ཕྱིར༔ རང་གི་གྲུབ་མཐའ་རྣམ་པར་བསྐྱང༔ སེང་གེའི་ངར་སྐད་ལྟ་བུ་ཡིས༔ ལོག་ལྟ་སུན་རྣམས་ཕྱུང་ནས་བཤད༔ ཨེ་མ༔ ཡེ་ཤེས་སྐུ་མཆོག་ཐུགས་རྗེ་ཅན༔ འདི་ཉིད་མཐོང་བ་ཙམ་གྱིས་ཀྱང༔ ཉོན་མོངས་སྐྱེ་མེད་དོན་མཐོང་ཞིང༔ མ་བསྒོམ་པར་ཡང་མཐོང་གྲོལ་ལོ༔ ཆོས་ཉིད་གསུང་མཆོག་ཟབ་མོའི་དོན༔ འདི་ཉིད་ཐོས་པ་ཙམ་གྱིས་ནི༔ ཡེ་ཤེས་འགག་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་ཐོས་གྲོལ་ལོ༔ རིག་པའི་ཐུགས་མཆོག་འདུས་མ་བྱས༔ འདི་ཉིད་བཏགས་པ་ཙམ་གྱིས་ནི༔ རང་སེམས་འཁྲུལ་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་བཏགས་གྲོལ་ལོ༔ དགོངས་པའི་དོན་མཆོག་བདེ་བ་ཆེ༔ འདི་ལ་རེག་པ་ཙམ་གྱིས་ནི༔ བདེ་ཆེན་ཟག་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་རེག་གྲོལ་ལོ༔ འདོད་པའི་ཡོན་ཏན་རང་གྲོལ་བ༔ འདི་ཉིད་ཚོར་བ་ཙམ་གྱིས་ནི༔ ཆོས་ཉིད་རོལ་པའི་དོན་རྟོགས་ནས༔ བསྒོམ་མི་དགོས་ཏེ་ཚོར་གྲོལ་ལོ༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འདི་ཉིད་མྱོང་བ་ཙམ་གྱིས་ནི༔ བློ་དང་བྲལ་བའི་དོན་རྟོགས་ནས༔ བསྒོམ་མི་དགོས་ཏེ་མྱོང་གྲོལ་ལོ༔ རྒྱུད་འདིའི་མན་ངག་གབ་པ་རྣམས༔ ང་སྤྲུལ་རིག་འཛིན་ཞལ་ནས་འབྱུང༔ ཆ་རྐྱེན་དགོས་པ་ཚང་བར་ནི༔ ཕྱི་རབས་སྐལ་ལྡན་འཁོར་ལ་སྟོན༔ མ་ཚང་ཁ་སྐོང་ཐེག་པ་དང༔ བསྟན་པ་གཞན་ནས་ལེགས་བསྡུས་ཏེ༔ ཆོས་རྣམས་དགོངས་དོན་གཅིག་པའི་ཕྱིར༔ རྒྱུད་རྒྱལ་འདི་ཡི་གྲོགས་སུ་བསྡེབ༔ བསྟན་པ་འདི་ལ་ཞུགས་པ་དེས༔ ཕྱི་ནང་གསང་བའི་རྩ་ལག་གིས༔ རང་གཞན་དོན་དུ་དམ་ཚིག་ནི༔ མི་ཉམས་རང་གི་མིག་བཞིན་སྲུངས༔ ང་ཡི་སྤྲུལ་པ་ཕྱག་དྲུག་པ༔ རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ ཕྱི་རབས་རྣལ་འབྱོར་སྟོངས་གྲོགས་གྱིས༔ གསང་བ་ཡེ་ཤེས་ཁྲོས་པའི་སྐུ༔ ལྷ་མོ་ཙིཏྟ་དུག་ཐུར་མ༔ རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྐྱོངས༔ བཀའ་ཉན་ལས་བྱེད་མེའི་སྤུ་གྲི༔ འཇིག་རྟེན་དྲེགས་པ་མང་པོར་བཅས༔ རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ བཛྲ་ས་མ་ཡ་ཧཱུྃ་ཧྲཱི༔ ཧ་ཧ་ཧ་ཧ་ཧོཿཧེ༔ ཨ་ཨཱ༔ ཞེས་བཀའ་བསྩལ་ནས་འཁོར་བ་བསྒྲལ་བར་མཛད་དོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ མཇུག་དོན་ཡོངས་སུ་གཏད་པའི་ལེའུ་བདུན་པའོ༔ རྒྱུད་འདི་གང་དུ་གནས་པ་དེ་ནི་བདེ་བ་ཅན་ལྟར་གནས་སོ༔ རྒྱུད་འདི་ཁ་ཏོན་དུ་བྱེད་པ་ལ་སོགས་པའི་ཆོས་སྤྱོད་ལ་འཇུག་པ་དེ་ཀུན་བཟང་སྣང་བ་མཐའ་ཡས་ལྟར་གནས་སོ༔ རྒྱུད་འདི་མཐོང་བ་དང༔ ཐོས་པ་དང༔ དྲན་པ་དང༔ རེག་པ་དང༔ རླུང་དང༔ རྡུལ་གྱིས་ཕོག་པའི་སེམས་ཅན་རྣམས་ཀྱང་ངན་སོང་དུ་མི་ལྟུང་ཞིང༔ མཚམས་མེད་པ་ལྔ་བྱས་པའི་འགྲོ་བ་ཡང་འདི་ཐོས་ནས༔ ངན་སོང་ལས་སྐྱོབ་པར་མ་གྱུར་ན༔ བདག་པདྨ་འབྱུང་གནས་ཀྱིས་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ༔ བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ༔ སྐལ་ལྡན་དད་བརྩོན་ཤེས་རབ་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈྈ བདག་འདྲ་མཁར་ཆེན་བཟས་ཡི་གེར་བྲིས་པའོ༔ ྈྈྈྈྈྈྈྈྈ བདག་འདྲ་དྲི་མེད་ལྷུན་གྲུབ་ཀྱིས། ཙ་རི་སྤྲུལ་འཁོར་གྱི་ཤར་སྒོ་རྡོ་རྗེ་སྒོམ་ཕུག་ཅེས་བྱ་བ་ནས་སྤྱན་དྲངས་པའོ། །སྐལ་ལྡན་དགོན་པར་བཀའ་ཐོག་མར་བཀྲོལ་བ་ལས། དུས་གཅིག་ལ་ཚར་བཅུ་གསུམ་འཕེལ་བ་ལགས་སོ། །བཀྲ་ཤིས་དཔལ་ལྡན་སྐུ་གསུམ་ལྷུན་གྲུབ་འགྲོ་དོན་དར་རྒྱས་རྒྱལ་བའི་དབང་པོར་ཤོག། །།

རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལུགས་སྲོལ་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་མེ་ལོང་ (Volume 52, Text 23)

༄༅། །རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལུགས་སྲོལ་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་དང་དེ་འབྲེལ་རྨད་བྱུང་རྟེན། །འཇིག་རྟེན་གསུམ་གྱི་མུན་པ་རབ་འཇོམས་ཤིང་། །ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུ་སྟེ། །ཚེ་རབས་ཀུན་ཏུ་བསོད་ནམས་ཞིང་དུ་ལེན། །རྟེན་མཆོག་རིང་བསྲེལ་སྙིང་པོར་སྒྲུབ་པའི་ཚུལ། །རྒྱུད་གཞུང་དགོངས་པ་གངས་ཅན་མཁས་མང་གིས། །གསལ་བར་མཛད་མོད་རང་འདྲའི་བློ་དམན་རྣམས། །མི་འཁྲུག་བདེ་བླག་འཇུག་པའི་སྒོ་འདི་དབྱེ། །དེའང་སངས་རྒྱས་ཀྱི་ཕྲིན་ལས་འབྱུང་ཞིང་དཀོན་མཆོག་གི་ཞལ་སྐྱིན་དུ་གྱུར་པའི་རྟེན་རྣམས་རིང་བསྲེལ་གྱི་སྙིང་པོ་ཅན་དུ་སྒྲུབ་པའི་ཚུལ་ལ་ལྔ། །གང་ལ་བྱ་བའི་རྟེན། གང་གིས་བྱེད་པའི་མཁན་པོ། གང་ལས་བཤད་པའི་ཁུངས། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། དཔལ་མར་མེ་མཛད་ཀྱིས། སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས། །བྱུང་སྟེ་མིན་ན་མི་འབྱུང་བས། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་གསུངས་པ་ལྟར་རྟེན་གསུམ་ལས་སྐབས་སུ་བབས་པ་སྐུ་གཟུགས་དང་མཆོད་རྟེན་ཡིན་ཞིང་། དེའང་རྒྱུ་སྦྱིན་བདག་གྲགས་འདོད་སེར་སྣ་སོགས་ཀྱི་དྲི་མས་མ་བསླད་ཅིང་། རྐྱེན་བཟོ་བོ་ཉོན་མོངས་ཆེ་བའི་སྐྱོན་མེད་པས་རྒྱ་བོད་ཀྱི་གཞུང་ལུགས་ཁུངས་མ་ནས་བཤད་པའི་ཆགས་ཚད་དང་ལྡན་པ་ནི་རྟེན་ཆེ་ཆུང་གང་ལའང་གཅེས་སོ།། །།གཉིས་པ་གང་གིས་བྱེད་པའི་མཁན་པོ་ནི། གཟུངས་འབུལ་བ་པོ་རབ་དགེ་སློང་རྡོ་རྗེ་འཛིན་པ་དེ་ཉིད་བཅུ་ལྡན། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་ནམ་ཁྱིམ་པ་ཡིན་ཡང་གསོ་སྦྱོང་བླངས་པ་སྟེ། གང་ལྟར་སྡོམ་པ་དང་ལྡན་ལ་ལག་ལེན་མཁས་ཤིང་ཞིབ་པ། ཤ་ཆང་སྒོག་ཙོང་སོགས་སྤང་ཞིང་གཙང་སྦྲའི་སྤྱོད་ལམ་ལ་གནས་པ། བློ་རྩིང་པོར་མ་སོང་བ་ངང་རིང་བརྩོན་འགྲུས་དང་ལྡན་པ་གལ་ཆེ་འོ།། །།གསུམ་པ་གང་ལས་བཤད་པའི་ཁུངས་ནི། ཐེ་ཚོམ་མེད་པའི་དད་མོས་ཅན་ལ་གོང་གི་ལུང་དོན་ལྟར་དཀོན་མཆོག་གི་རྟེན་དུ་གྲུབ་པ་ཙམ་ནས་ནང་གཞུག་དང་རབ་གནས་ལ་མི་ལྟོས་པར་དེ་དག་གི་བྱིན་རླབས་འཇུག་པའང་ཡོད་མོད། སྐྱེ་དགུ་སྤྱི་མཐུན་གྱི་བསོད་ནམས་ཞིང་དུ་སྒྲུབ་པ་ལ་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱ་དགོས་པའི་ཚུལ་མདོ་ལས། རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་གྱི་ནང་དུ་བཅུག་སྟེ་སྲོག་ཤིང་ཁབ་ཙམ་གཟུག་ཅིང་གདུགས་རྒྱ་ཤུག་གི་ལོ་མ་ཙམ་གྱིས་འགེབས་པའི་དཔེས་མཚོན་པ་དང་། སྔགས་རྒྱུད་ལས། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་སྔགས་པས་འགྲུབ། །ཅེས་སོགས་མང་དུ་འབྱུང་བ་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས་ཀྱང་། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་སོགས་གསུངས་ཏེ། དེ་ལ་མཆོད་རྟེན་ནི་མཆོད་པར་འོས་པའི་རྟེན་ཞེས་སམ། ཙཻཏྱའི་སྒྲ་གསག་བྱའམ་དྲན་བྱ་ལ་འཇུག་པས་དཀོན་མཆོག་གི་རྟེན་སྤྱི་ལའང་འཇུག་ཏུ་རུང་སྟེ། ཇི་སྐད་དུ། དཀར་པོའི་ཆོས་རྣམས་བསགས་པ་དང་། །སྡིག་པ་མ་ལུས་སྤངས་པའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །མཆོད་རྟེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །ལུང་དེའི་དོན་ནི། ཙེ་ཡ་གསག་བྱ་དང་། ཏྱཀ྄་དོར་བའི་སྒྲ་བསྡུས་པའི་དབང་དུ་མཛད་པའོ། །འདིར་གཟུགས་སམ་ཞེས་པས་སྐུ་གཟུགས་ཀྱང་དངོས་སུ་བསྟན་ཅིང་། མི་ལ་རྣམ་ཤེས་ཞུགས་པ་བཞིན་བེམ་པོར་གྱུར་པའི་སྐུ་གཟུགས་དང་མཆོད་རྟེན་ལ་རིང་བསྲེལ་བཅུག་པས་དེ་དག་ཀྱང་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་དུ་གྲུབ་པ་ཡིན་ནོ།། རིང་བསྲེལ་ནི་ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཏེ་རྣམ་པ་བཞིར་བོད་དུ་སྔར་གྲགས་ཤིང་དེ་དག་རིམ་བཞིན་གཟུངས་སྔགས། གང་ཟག་མཆོག་གི་གདུང་རུས། དབུ་སྐྲ་སེན་མོ་སོགས་ཆ་ཤས། སངས་རྒྱས་གཙོ་བོར་གྱུར་པའི་ཤ་རཱི་རཾ་འཕེལ་གདུང་དུ་གྲགས་པ་རྣམས་ལ་ངོས་འཛིན། རྒྱ་ནག་གསར་འགྱུར་བྱང་ཆུབ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞིབ་མོ་ལས། ཆོས་ཀྱི་སྐུའི་རིང་བསྲེལ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་དང་། ཆོས་ཀྱི་རིང་བསྲེལ་དང་། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཏེ་ལྔར་བཤད་པའི་ཆོས་སྐུའི་རིང་བསྲེལ་སཱཙྪ་མཆོད་རྟེན་གྱིས་མཚོན་པ་རྣམས་དང་། ཆོས་ཀྱི་རིང་བསྲེལ་གཟུངས་སྔགས་དང་གླེགས་བམ་ལ་ངོས་འཛིན། གཞན་གསུམ་སྔ་མ་དང་འདྲ། ཚུལ་འདི་དོན་ཐོབ་དང་ཐ་སྙད་གཉིས་ཀར་ལེགས་ཏེ་ལུང་རིག་གི་སྒྲུབ་བྱེད་འཐད་ལྡན་འབྱུང་བའི་ཕྱིར་རོ། །དེ་དག་ལ་བརྟེན་ནས་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་དང་པཎ་ཆེན་ནགས་རིན་ལ་སོགས་པས་ཀྱང་སྐུ་གཟུགས་དང་མཆོད་རྟེན་ལ་གཟུངས་གཞུག་པའི་ཚུལ་གསལ་བར་བཤད་པ་ལྟར་རྒྱ་བལ་གྱི་སློབ་དཔོན་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ་ལ་རྩ་བར་བྱས་ནས། བོད་དུ་ཁུངས་ཡོད་མེད་ཀྱི་ཕྱག་ལེན་རྒྱས་བསྡུས་མང་པོ་ད་ལྟའི་བར་དུ་བྱུང་ངོ་།། །།བཞི་པ་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། སྤྱིར་ཤེས་པར་བྱ་བ་དང་། བྱེ་བྲག་ལག་ཏུ་བླང་བའི་རིམ་པའོ། །དང་པོ་ནི། རྟེན་ཆེ་ཆུང་གང་ཡིན་ཡང་ནང་གཞུག་གཙོ་བོ་རིང་བསྲེལ་ལྔ་ཚང་བར་དགོས་ཤིང་། དེ་ལས་ཀྱང་ཡུངས་འབྲུ་ལྟ་བུ་དང་ཆོས་ཀྱི་རིང་བསྲེལ་གཉིས་ཀའམ་གང་རུང་མེད་དུ་མི་རུང་ཞིང་གཞན་གསུམ་པོ་གང་འབྱོར་བྱ་ཆོག །གཞན་རྣམས་ནི་སྤྲོས་པའི་ཡན་ལག་ཡིན་པས་མཁོས་འབྱོར་དང་བསྟུན་པ་ལས་མཐའ་གཅིག་ཏུ་ངེས་གཟུང་མི་དགོས། དེ་ལ་ཡུངས་འབྲུ་ལྟ་བུ་དངོས་སངས་རྒྱས་ཀྱི་རིང་བསྲེལ་དང་རྗེས་མཐུན་གང་ཟག་འཕགས་པའི་ས་ལ་བཞུགས་ངེས་པ་རྣམས་ལས་བྱོན་པའི་འཕེལ་གདུང་ལ་བྱེད། གང་ཟག་ཕལ་པ་ལས་བྱུང་བ་ལ་ནོར་འཁྲུལ་ཡོད་པར་བཤད་པས་མི་འཇུག །རྒྱལ་བའི་རིང་བསྲེལ་རྙེད་ན་སོ་སྐྱེའི་རྟེན་ཡང་སངས་རྒྱས་ཀྱི་གདུང་རྣམ་པ་ཐམས་ཅད་པར་འགྱུར་བས་ཤིན་ཏུ་གལ་ཆེ། གཟུངས་སྔགས་རྒྱལ་བ་ཉིད་ཀྱིས་ཆེད་དུ་བསྔགས་པ་གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔ་ནི་རྟེན་ཆེ་ཆུང་གང་ལའང་འཇོག་རྒྱུའི་རྩ་བ་ཡིན་པས་རྟེན་ཆེ་ན་གཟུངས་ཡོངས་རྫོགས། ཆུང་བ་ལའང་དེ་དག་གི་སྙིང་པོ་ཙམ་གལ་ཆེ་བས། མཆོད་རྟེན་ལ་ནི་དེ་རྣམས་དང་འོད་ཟེར་དྲི་མེད་གཟུངས་ཙམ་ལས་གཞན་མ་འཛོམ་ཡང་ཆོག །སྐུ་གཟུགས་ལ་སྡེ་ལྔ་དང་སོ་སོའི་གཟུངས་སྙིང་པོ་ཉེ་སྙིང་རྣམས་གཙོར་བྱ། བླ་བརྒྱུད་བརྒྱུད་པ་གོང་མ་དང་འཕགས་ཡུལ་གྱི་མཁས་གྲུབ་རྣམས་སྨྲོས་མ་དགོས། བོད་དུ་རང་རང་ལུགས་ཀྱི་དམ་སེལ་མེད་པའི་མཚན་སྔགས་ཁོ་ན་དང་། ཆོས་སྐྱོང་ཡང་བརྒྱུད་པ་གོང་མས་བསྟེན་ཅིང་གྲགས་ཆེ་བ་གཙོ་བོ་དང་ཡེ་ཤེས་པ་གཞན་ཞར་བྱུང་བྱ། འཇིག་རྟེན་པའི་རིགས་སྣ་ཚོགས་གཏན་ནས་མི་བསྲེ། བཀའ་གདམས་མཆོད་རྟེན་རྙིང་མ་དང་སྨྲྀ་ཏི་དང་ཇོ་བོ་རྗེའི་ཕྱག་ཚ་ལྟ་བུ་ནི་ཆེས་འཕགས་ཤིང་། དེའི་རྗེས་མཐུན་སྐུ་རྙིང་བྱིན་རླབས་ཅན་རྣམས་ཀྱང་འཇོག་པའི་ཕྱག་སྲོལ་ཡོད་པ་ལྟར་བཞག་ན་རྟེན་ལ་བགེགས་མི་འཇུག་ཅིང་རབ་གནས་ཚུལ་བཞིན་མ་གྲུབ་ཀྱང་བྱིན་རླབས་ཆགས་པར་ཚད་མས་གྲུབ། སྐུ་གདུང་དང་སྐུ་བལ་ནི། སངས་རྒྱས་བྱང་སེམས། རྒྱལ་བལ་གྱི་མཁས་གྲུབ། བོད་སྔ་རབས་པ་གྲུབ་མཐའ་གང་ལའང་སྤྱི་ཁྱབ་འགྲོ་བ་རྣམས་ཀྱི་བྱིན་རླབས་རྟེན་གཙོར་བྱ། ཕྱིས་བྱོན་རྣམས་དུས་དབང་གིས་ཕན་ཚུན་དམ་སེལ་དུ་འགྲོ་བ་མང་བས་འདི་འདྲའི་སྐབས་སུ་དག་སྣང་ཕྱོགས་མེད་ཆེས་ན་ཉེས་དམིགས་ཀྱི་གཞིར་འགྱུར་བས། རང་རང་གི་ཆོས་བརྒྱུད་དམ་སེལ་མེད་ངེས་པའི་བྱིན་རྟེན་ཁོ་ན་འཇོག །ཁྱད་པར་ཡི་དམ་ཆོས་སྐྱོང་དམིགས་སུ་གསལ་བའི་རྟེན་གྱི་རིགས་ལ་རང་དང་ལྷ་དེའི་བརྒྱུད་པ་ལ་དམ་སེལ་ཡོད་ན་གང་ཟག་དེ་ཇི་ལྟར་བཟང་ཡང་འཇུག་པར་མི་བྱ། བླ་མ་ཞལ་བཞུགས་ཀྱི་དབུ་སྐྲ་སོགས་རྟེན་ལ་བཅུག་ན་མནན་པར་འགྲོ་བས་མི་རུང་ཞེས་གྲགས་པ་བཤད་ཁུངས་གཞན་མེད་ཀྱང་རྟེན་འབྲེལ་མཁྱེན་པའི་དམ་པ་འགའ་ཞིག་གི་གསུང་སྒྲོས་ཙམ་ཡིན་ལ། དེ་ལྟར་འབྱུང་མིན་གང་ཟག་དེ་ཉིད་ཀྱི་རྟོགས་དགོངས་ལ་རགས་ལས་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དུ་མེད། ཐ་མལ་པའི་རུས་པ་ནི་རྟེན་ལ་ནམ་ཡང་འཇོག་མི་རུང་བ་འོད་སྲུང་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་གསལ། ལམ་ཞུགས་སོ་སྐྱེ་བསླབ་པ་གསུམ་ལྡན་གྱི་རུས་བུ་མཆོད་རྟེན་ལ་བཅུག་ཏུ་རུང་ཡང་དེ་ཉིད་སོ་སྐྱེའི་མཆོད་རྟེན་དུ་འགྱུར་བས་དེ་ལས་རྒྱུད་ཚོད་མཐོ་བའི་གང་ཟག་གིས་ཕྱག་མཆོད་མཛད་ན་བྱ་བའི་ཡུལ་ལ་གནོད་པར་བཤད། འོན་ཀྱང་གསང་སྔགས་ཐབས་ཆེ་བས་རུས་པ་དེ་དག་ཀྱང་ཚུལ་བཞིན་བྱིན་གྱིས་བརླབས་ན་རྟེན་ལ་འཇོག་རུང་བར་གསུངས་ཏེ། སྦྱོང་རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་སོ། །དེས་ན་རུས་ཆོག་ཚུལ་བཞིན་བྱས་ནས་ཆོ་ག་དང་ལྡན་པའི་སཱཙྪ་མང་དུ་བཏབ་པ་ནི། ཆོས་སྐུའི་རྟེན་མང་དུ་བཞེངས་པའི་ཕྱིར་ཚོགས་རྒྱ་ཆེན་པོར་འགྱུར་བའི་ཕན་ཡོན་ཡོད་པས་དེ་ཉིད་རྟེན་ལ་གཞུག་པ་ནའང་སྔགས་རང་ལུགས་ཀྱི་མཆོད་རྟེན་དུ་འགྱུར་བ་མཁས་པ་དག་བཞེད་དོ། །དེས་མཚོན་བླ་མ་ཞལ་བཞུགས་ཀྱི་ཚེམས་དང་དབུ་སྐྲ་ལྟ་བུ་ཡང་རུས་ཆོག་དང་སྐྲ་ཆོག་ཚད་ལྡན་བྱས་ནས་སཱཙྪའམ་སྐུ་བརྙན་འདེབས་པའི་རྒྱུར་བྱས་ན་དགག་བྱ་ཆུང་ཞིང་དགོས་པ་དང་ལྡན་པར་མཐོང་ངོ་།། ༈ །།གཉིས་པ་བྱེ་བྲག་ལག་ཏུ་བླང་བའི་རིམ་པ་ལ་གཉིས། རྟེན་ཆེན་པོ་ལ་ཇི་ལྟར་བྱ་བ་དང་། །འབྲིང་དང་ཆུང་ངུ་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། ཐོག་མར་ཡོ་བྱད་སྟ་གོན་དུ་བྱ་བ་དང་། དེ་ཉིད་རྟེན་ལ་འབུལ་བའི་ལག་ལེན་དངོས་བཤད་པའོ། །དང་པོ་ལའང་བཞི། སྲོག་ཤིང་། གཟུངས་སྔགས། དེ་དག་ལས་གཞན་པ། རབ་གནས་སོགས་སོ། །དང་པོ་སྲོག་ཤིང་ནི། མཆོད་རྟེན་ཆེ་ཆུང་གང་ཡིན་ཡང་སྲོག་ཤིང་གཙོ་བོ་ཡིན་པས་མེད་དུ་མི་རུང་། སྐུ་གཟུགས་ལ་དམིགས་བསལ་བཤད་ཁུངས་མེད་པས་ཡོད་མེད་གང་བྱས་རུང་མོད། མཆོད་རྟེན་ཞེས་པའི་སྒྲ་སྤྱི་ལ་ཁྱབ་པའི་དབང་དུ་མཛད་ནས་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་ཕུལ་བ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན། ཆོས་སྐྱོང་གི་སྐུ་བརྙན་ལ་དྲག་པོའི་ཤིང་གི་སྲོག་ཤིང་ངེས་པར་དགོས་པ་འཕགས་པ་རིན་པོ་ཆེའི་གསུང་ལས་གསལ་ལོ། །དེ་ལ་སྲོག་ཤིང་གི་རྒྱུ་རབ་ཙནྡན་དཀར་དམར་དང་ཨ་ག་རུ་ལྟ་བུ། ཐ་མའང་ཤུག་པའམ་འབྲས་བུ་ཅན་གྱི་ཤིང་ཁོང་རུལ་གས་ཆག་འབུས་ཟོས་སོགས་ཀྱི་སྐྱོན་མེད་པ། གནས་རི་བཟང་པོར་སྐྱེས་པ་བྱུང་ན་ལེགས་ཤིང་། དེར་གནས་ཀྱི་མི་ལ་དངོས་སུ་བསླང་མི་མ་ཡིན་ལ་མཆོད་གཏོར་ཕུལ་ནས་གནང་བ་ཞུས་ཏེ་ཡར་ངོ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ཉིན་མོར་ཤར་ཕྱོགས་མི་ནོར་བའི་མཚན་མ་བཏབ་སྟེ་བཅད་ལ་སྐམ་བཅུག །དབྱིབས་གྲུ་བཞི་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཅན་དུ་བྱ། ཕྱག་ལེན་ཁ་ཅིག་ཏུ་མཆོད་རྟེན་ལ་བྲེའི་སྟེང་གི་གདུགས་འདེགས་ཀྱི་ཐད་ཡན་ཆད་ཟླུམ་པོ་དང་མན་ཆད་གྲུ་བཞིར་བྱེད་པ་དང་། སྲོག་ཤིང་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་བྲི་བརྐོས་གང་རུང་བྱེད་པར་སྣང་བ། མཆོད་རྟེན་ནི་རྣམ་པར་རྒྱལ་མའི་རྟོགས་པ་ལས་གསུངས་པའི་དོན་ཞོར་སྒྲུབ་དང་། རྡོ་རྗེ་ནི་སྲོག་ཤིང་རྩ་དབུ་མའི་མཚོན་དོན་བྱེད་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོའི་དག་སྦྱར་རམ། འཕགས་བལ་གྱི་སློབ་དཔོན་རྣམས་ཀྱིས་རྩ་བར་རྡོ་རྗེ་སོགས་མཆོག་གི་རིན་པོ་ཆེ་འཇོག་པར་བཤད་པ་ལས་འཕྲོས་པར་སྣང་བས་དེ་དག་མ་བྱས་ཀ་མེད་ནི་མིན། རིང་ཐུང་ནི། སྐུ་གཟུགས་ལ་སྐྱིལ་ཀྲུང་ནས་གཙུག་ཏོར་བར་སླེབ་པ་དང་། མཆོད་རྟེན་ལ་རྨང་དགེའམ་གདུང་ཆེན་ནས་རྩེ་མོའི་བར་རམ་བུམ་གདན་ནས་ཉི་ཟླའི་བར་སླེབ་པར་བྱ། ཁ་དོག་ནི། ཙནྡན་དམར་པོ་ལྟ་བུ་ཡིན་ན་ཚོན་མི་བྱུག །གཞན་ལ་མཚལ་བྱུག་པ་གཙོར་བྱེད་ཀྱང་གཟུངས་རིང་སོགས་གསེར་དངུལ་གྱིས་འབྲི་བའི་གཞི་ལ་ནི་མཚལ་འཇམ་པོར་བྱུག་པ་ཉིད་ཆེས་ལེགས་ཤིང་། སྤྱི་ཙམ་དུ་དྲི་བཟང་མཐུག་པོར་བྱུག་པའང་ལེགས་ཏེ་འདི་ཐམས་ཅད་རྒྱས་པའི་རྟེན་འབྲེལ་གཙོར་བྱེད་པས་སོ། །གང་ལྟར་ཡང་གས་ཆག་ཡོ་འཁྱོག་མེད་པ་ཤིན་ཏུ་གལ་ཆེ་བས་སྲུབས་ལྟ་བུ་བྱུང་ནའང་བརྗེ་བའམ་སྨན་འདམ་དང་ཚོན་གྱིས་སྲུབས། འབྲི་རྫས་ནི་རབ་གསེར་དངུལ། འབྲིང་རྒྱ་མཚལ། ཐ་མ་རྒྱ་སྣག་གིས་ལ྅་ཝར་རམ། དབུ་ཅན་བྲིས་སྲུབས་ཆད་ལྷག་མེད་པའི་དག་པོར་འབྲི། འབྲི་བྱ་ནི། སྐུ་གཟུགས་ཀྱི་སྤྱི་བོར་ཧཾ། སྐུ་གཟུགས་ཀྱི་དཔྲལ་བ་དང་མཆོད་རྟེན་གྱི་བྲེའི་ཐད་དུ་ཨོཾ། དེ་བཞིན་དུ། མགྲིན་པ་དང་བྲེ་མགུལ་ལ་ཨཱཿ ཐུགས་ཀ་དང་བུམ་དབུས་ཧཱུྃ། ལྟེ་བ་དང་བུམ་སྨད་ལ་སྭཱ། གསང་གནས་དང་བུམ་གདན་ནམ་བང་རིམ་ཐད་དུ་ཧཱ། ཡང་དུས་འཁོར་ལུགས་སུ་བྱེད་ན། གཙུག་ཏོར་གྱི་ཐད་དུ་ཧཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གསང་བར་ཀྵཿ ཞེས་བྲི་བ་ནི་ཁྱད་པར་བ་ཡིན་ལ། ཡང་སྲོག་ཤིང་གི་རྩེ་མོ་དང་དེའི་འོག་གི་ཕྱོགས་བཞིར། རྩེ་མོར་ཧཱུྃ། ཤར་དུ་ཨོཾ། ལྷོར་ཏྲཱཾ། ནུབ་ཏུ་ཧྲཱིཿ བྱང་དུ་ཨཱཿརྣམས་བྲི། རྩེར་མཆོད་རྟེན་ཡོད་ན་བུམ་ངོས་དང་། མེད་ན་སྲོག་ཤིང་རྩེ་མོའི་ངོས་ལ་རྣམ་རྒྱལ་གྱི་སྙིང་པོ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་བྲི། སྐུ་རྟེན་གྱི་དབུའི་ཐད་དང་། མཆོད་རྟེན་གྱི་བྲེའི་ཐད་ཙམ་དུ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་རིག་པ་ཆེན་པོའི་སྔགས་དང་། མགྲིན་པ་དང་བྲེ་མགུལ་ལ་དབྱངས་གསལ། ཐུགས་ཀ་དང་བུམ་པའི་ཐད་དུ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པ་དང་། ལྷ་རང་རང་གི་གཟུངས་དང་སྙིང་པོ་བྲི། དེ་འོག་ངོས་བཞིར་གཙུག་ཏོར་རྣམ་རྒྱལ། དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་བཞིའི་གཟུངས་རིང་ཐུང་རྣམས་དང་། བཞི་ཀའི་གཤམ་དུ་རྟེན་སྙིང་རྒྱ་སྐད་ཡེ་དྷརྨཱ་དང་། བོད་སྐད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་པའི་ཚིགས་གཅད་བྲི། ཤོང་ན་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་གཅད་པ་ཚང་བ་དང་མ་ཤོང་ན་རྣམ་གཟིགས་ཀྱི་གསོ་སྦྱོང་། བཟོད་པ་དཀའ་ཐུབ་དམ་པ་སོགས་རྒྱ་བོད་ཀྱི་སྐད་གང་རུང་དག་པར་བྲི། རྩ་བར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྲི། མཆོད་རྟེན་ལ་ཁྱད་པར་དུ། ཚོན་མ་གཏང་བའི་སྔ་རོལ་ནས་རྩེ་མོ་དང་རྩ་བའི་མདུན་ངོས་སྭཱ་ཡིག་འབྲི་བའི་ཐད་ཙམ་གྱི་ཕྱོགས་བཞི་རྣམས་སུ་གཟུངས་ཁུང་འཇམ་པོར་བྲུས་ལ། རྩེ་མོར་རྣམ་པར་རྒྱལ་མའི་གཟུངས་དང་འོད་ཟེར་དྲི་མེད་ཀྱི་མདོ་གཟུངས་ཚང་མ་ཤོག་དྲིལ་ལམ། ཤོག་བུ་གྲུ་བཞི་སོར་བཞི་པའི་གླེགས་བམ་དུ་བྲིས་ལ་དྲིལ་ཏེ་བཅུག །ངོས་བཞིའི་གཟུངས་ཁུང་དུ་སྲོག་ཤིང་གི་སྔགས་དང་སྒྲིབ་སེལ་གྱི་གཟུངས་གཉིས་ཀ་དགུ་བཅུ་རྩ་དགུ་རེ་བྲིས་ལ་བཅུག །རྩ་བར་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་རྟེན་འབྲེལ་སྙིང་པོ་བཅུག་པ་རྣམས་ཀྱི་སྒོའང་སྲོག་ཤིང་གི་རྒྱུ་དེ་ཉིད་ཀྱིས་བཀག །སྲུབས་མི་མངོན་པར་བྱས་པའི་སྟེང་དུ་ཚོན་བྱུག་ལ་ཡི་གེ་རྣམས་བྲི་དགོས་སོ། །སྐབས་འདིར་ཕྱག་བཞེས་རྙིང་པ་ཁ་ཅིག་ཏུ། སྲོག་ཤིང་རྩ་དབུ་མའི་མཚོན་བྱེད་དུ་བྱས་ནས་གཡས་གཡོན་རོ་རྐྱང་མཚོན་བྱེད་དཱུརྦ་དང་ཀུ་ཤ་བཅིང་བར་བཤད་ཀྱང་། དེ་ལྟའི་ཕྱག་ལེན་རྒྱ་བལ་གྱི་རྡོ་རྗེ་སློབ་དཔོན་རྣམས་ལ་མ་གྲགས་ཤིང་། སྲོག་ཤིང་ཤེས་བཅུའི་དག་པར་གསལ་བར་བཤད་པ་ལས་དབུ་མ་དང་སྦྱར་བའི་བཤད་ཁུངས་མེད་ཅིང་། སྦྱོར་དུ་རུང་ཡང་རོ་རྐྱང་གཟུང་འཛིན་ཟླ་ཉིའི་རྒྱུ་བ་ཉིད་སྒྲིབ་གསུམ་སྤངས་པའི་སྐུ་གསུམ་ལ་སྦྱོར་བ་མི་ལེགས་པར་བཞེད་པའི་ཕྱོགས་ཉིད་འབྲེལ་ཆགས་པ་ཡིན་ནོ།། །།གཉིས་པ་གཟུངས་སྔགས་ནི། སྡོམ་པ་གསུམ་གྱི་བླ་བརྒྱུད། རྒྱུད་སྡེ་རྣམས་ཀྱི་གཟུངས་དང་སྙིང་པོ། མདོ་གཟུངས། གཟུངས་ཆེན་སྡེ་ལྔ། ཆོས་སྐྱོང་ནོར་ལྷའི་སྔགས། ཤིས་བརྗོད་འདོད་གསོལ། སྟོད་སྨད་སྤྱི་འགྲོའི་དབྱངས་གསལ་ལ་སོགས་པ་དང་། སྐུ་བརྙན་ལ་རྒྱུད་སྡེ་ནས་གསུངས་པའི་སྐྱེ་མཆེད་བྱིན་རླབས་རྣམས་ཏེ་འབྱོར་ལྡན་ཡིན་ན་མཐིང་ཤོག་ལ་གསེར་དངུལ་གྱིས་དག་པར་བྲི། ལྷག་ཆད་སོགས་ཀྱི་ཉེས་པ་མི་འབྱུང་བར་སྤར་བཏབ་པ་རང་ལེགས་ཀྱང་དེའང་ཁུངས་དག་བྱུང་ན་མ་གཏོགས་སྤར་ཕལ་ཆེར་མ་དག་པ་རྒྱུན་འབྱམས་ཅན་དུ་སྣང་། གང་ལྟར་ཡང་རྒྱ་ཤོག་ལ་མཚལ་གྱིས་བཏབ། གུར་གུམ་སོགས་དྲི་བཟང་གི་ཆུས་ཡིག་འབྲུ་ནོན་ངེས་པར་བྱུག །གཟུངས་རིང་ཐམས་ཅད་ཕྲེང་རེ་ལ་རྫོགས་དགོས་པས་ལྡེབ་གྲངས་རིང་མཐུད་ཆོག་པའམ། ཕྲེང་རེ་རེ་བཞིན་དྲ་མཐུད་དགོས་པ་གང་ཡིན་ཡང་སྔ་མའི་ཡིག་འབྲུ་དང་ཕྱི་མའི་འབྲུ་གཉིས་འགྲིགས་ངེས་པ་ལས་བར་མཚམས་ཀ་ཐོ་གྲངས་ཡིག་ཐིག་སོགས་ཀྱིས་བར་ཆོད་པ་དང་། མཚམས་བྱེ་བ་དང་། སྔ་ཕྱི་གཅིག་གིས་གཅིག་མནན་པ་སོགས་མི་རུང་བས་མཐུད་ལུགས་ཞིབ་མོ་དང་། སྦྱར་སྤྱད་ཀྱང་དབང་ལག་གམ་གྲོ་སྐྱོ་གཙང་མས་བྱ། བསྒྲིལ་ལུགས་མཁས་མཆོག་བུ་སྟོན་ཞབས་ཀྱིས་མཇུག་ནས་སྒྲིལ་བར་གསུངས་པ་ལྟར་ཞྭ་ལུའི་རྗེས་འབྲང་རྣམས་དང་། རྒྱལ་དབང་མི་བསྐྱོད་རྡོ་རྗེ། ཆོས་ཀྱི་འབྱུང་གནས་རྗེས་འབྲང་བཅས་པས་དེ་ལྟར་མཛད། ངོར་ཆེན་རྡོ་རྗེ་འཆང་གིས་དབུ་ནས་དྲིལ་བར་གསུངས་པ་ལྟར་དེའི་རྗེས་འབྲང་རྣམས་དང་། རྒྱལ་དབང་ལྔ་པ་སློབ་ཚོགས་བཅས། རྡོར་སྨིན་གྱི་ཕྱག་བཞེས་འཛིན་པ་པོ་ཐམས་ཅད་ཀྱིས་དེ་ལྟར་མཛད། དེ་གཉིས་ཀའང་ཞལ་ནི་ནང་བསྟན་དུ་བསྒྲིལ་བ་མཚུངས། གང་ལྟར་ཤིན་ཏུ་དམ་པོར་བསྒྲིལ། ཕྱི་ལ་དར་རས་སམ་སྐུད་པ་སེར་པོས་དཀྲི་བ་ཕྱག་ལེན་གཙོར་བྱེད་པ་རྒྱས་པའི་ལས་ཀྱི་རྟེན་འབྲེལ་ཡིན་ལ། ལྷ་སོ་སོའི་མདོག་མཚུངས་ཀྱི་ན་བཟའ་འམ། ལས་བཞི་ལྷུན་གྲུབ་ཀྱི་མཚོན་བྱེད་ལ་དར་རས་སྐུད་པ་སྣ་ཚོགས་ཀྱིས་ཀླུབ་པའང་སྣང་ངོ་། །མདོ་སྔགས་ཀྱི་གླེགས་བམ་རྣམས་ལའང་དྲི་བཟང་བྱུགས་པའམ་བར་མཚམས་དྲིའི་ཕུར་མས་གཏམས། དབུ་ལྡེབ་ཞལ་ཡར་བལྟ་དང་ན་བཟའ་སེར་པོའམ་གང་འབྱོར་དར་རས་ཀྱིས་དྲིལ། ཐམས་ཅད་ལའང་གང་ཡིན་ཤེས་པའི་ཁ་བྱང་དང་། དབུ་ཞབས་མི་ནོར་བའི་མཚན་མ་བཏབ། གཟུངས་དང་གླེགས་བམ་རྣམས་རྟེན་ཆེན་རྣམས་ལ་ཇི་ཙམ་མང་བཞིན་ལེགས། དེའང་ཐུབ་སྐུ་ལ་དེ་བཞིན་གཤེགས་པའི་ཡིག་བརྒྱ། ཐུབ་པའི་མཚན་བརྒྱ། མུ་ནི་སོགས་འབུམ་ཕྲག་མང་དུ་བྱ་བས་མཚོན་ལྷ་སོ་སོ་ལ་སོ་སོའི་སྔགས་དང་སྙིང་པོ་གཙོར་བྱ། བླ་སྐུ་ལ་དེ་ཉིད་ཀྱི་མཚན་སྔགས་དང་ཐུགས་དམ་གྱི་ལྷའི་སྙིང་པོ་གཙོར་བྱ་བས་མཚོན་ཞིང་། མཆོད་རྟེན་ལ་ནི་གཟུངས་ཆེན་སྡེ་ལྔ་ཁོ་ན་གལ་ཆེ་འོ།། །།གསུམ་པ་དེ་དག་ལས་གཞན་པ་ནི། སངས་རྒྱས་ཀྱི་རིང་བསྲེལ་ནི་འཛོམ་ན་གསེར་དངུལ་སོགས་རིན་པོ་ཆེའི་གྭའུར་དར་ཟབ་དང་དྲི་བཟང་བཅས་གཞུག །སྐུ་གདུང་དང་སྐུ་བལ་རིང་བསྲེལ་རྣམས་ཀྱང་རབ་དར་གོས་ཀྱི་ཐུམ་བྱ། མ་འཛོམ་ན་དུག་རིགས་མ་ཡིན་པའི་ཤོག་བུར་དྲིལ་བའི་རྒྱབ་ཏུ་དར་ལིང་གིས་དྲིལ། རིལ་བུ་སོགས་བྱིན་རྟེན་སེལ་མེད་ཀྱི་རིགས་རྣམས་དར་སེར་པོ་དང་དམར་སེར་ལྟ་བུས་བསྟུམ། ལི་མ་སོགས་སྐུ་བརྙན་ཤིན་ཏུ་རྩ་ཆེན་རིགས་དར་གྱི་ན་བཟའ་དང་བཅས་རིན་པོ་ཆེའི་གྭའུ་དང་ཟ་མ་ཏོག་ཏུ་གཞག །སྣོད་མ་འབྱོར་ན་ན་བཟའ་དང་ཐམས་ཅད་ལ་དྲི་བཟང་གི་ཕུར་མས་ལྕིབས། སྣམ་བུའི་རིགས་ལ་འབུ་འཇུག་ཉེན་ཆེ་བ་དང་། ན་བཟའ་སྐྱི་ཆགས་པའི་རིགས། བཞུགས་གདན། ཞབས་ཆགས་རྣམས་མི་གཞུག་པར་བཤད་ཀྱང་། མནབས་གཟན་ལྟ་བུ་ཚལ་བུ་ཆུང་ངུ་དང་དར་རས་ལ་ནི་བཀག་པ་མེད། ཞབས་ཆགས་སོགས་ཀྱང་སྔོན་བྱོན་སྐྱེས་ཆེན་ཡོངས་གྲགས་ནི་འཇུག་ཏུ་རུང་ངོ་། །བར་སྟོང་བཀང་བ་དང་མཚམས་རྣམས་བཅེར་བའི་རྫས་ཤུག་ཕྱེ་དང་བ་ལུའི་ཕུར་མ་སོགས་བཟང་ཤིང་དྲི་ལྡན་དང་སྨན་ཕྱེ་བུངས་མང་པོ། ར་གན་འཁར་བ་ཞ་ཉེ་རྣམས་མིན་པའི་གསེར་དངུལ། བྱེ་རུ། མུ་ཏིག །མུ་མེན། གཡུ། དུང་། ཤེལ་སོགས་རིན་པོ་ཆེ་སྣ་ཚོགས། དུག་རིགས་དང་བཤལ་སྐྱུག་མིན་པའི་འབྲས་བུ་གསུམ། བཟང་པོ་དྲུག །རྩ་བ་ལྔ་ལ་སོགས་པ་སྨན་སྣ། བྲ་སྲན་འབྲུ་ནག་མིན་པའི་ནས་འབྲས་གྲོ་ཏིལ་ཁྲེ་ཙི་ཙི་ཡུངས་དཀར་སོགས་འབྲུ་སྣ། ཤ་ཆང་སྒོག་ཙོང་ལ་ཕུག་སོགས་མིན་པའི་དཀར་གསུམ་མངར་གསུམ་སོགས་ཟས་སྣ། རུལ་བ་དང་རླན་ཅན་མིན་པའི་ཨ་མྲ་རྒུན་འབྲུམ་སྟར་ཁ་སོགས་ཤིང་ཏོག་གི་རིགས། དར་སྣ་གོས་སྣ་རས་སྣ་རྣམས་ཐལ་རྡུལ་མི་གཙང་བའི་དྲིས་མ་གོས་པ་གཙང་དག་བྱ་ཞིང་། ཁྱད་པར་སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་སྟེ་ལྔ་ཚན་ལྔ་ཡོངས་སུ་གྲགས་པ་ལྟར་ཁྲོལ་བུར་གསག །ཐམས་ཅད་ཀྱང་འཛོམ་དུ་རུང་ན་སྣམ་བུའི་རིགས་མིན་པའི་གོས་དར་སེར་པོའི་ཐུམ་མམ་སྒྱེའུ་ཆེ་ཆུང་མང་པོར་བླུགས་ལ་ཁ་བཙེམ། དེ་དག་ནི་སྤྱིར་མེད་དུ་མི་རུང་བ་རྣམས་ཡིན་ལ། ༈ བྱེ་བྲག་ཏུ་གནོད་སྦྱིན་བང་མཛོད་ཀྱི་བཅས་ནི་བོད་དུ་འབྲེལ་བསྒྲིགས་ཀྱི་ཐ་སྙད་གསར་དུ་བཞག་པ་ལས་རྒྱུད་གཞུང་དང་འཕགས་ཡུལ་གྱི་ཕྱག་ལེན་དུ་རྟེན་གྱི་ནང་གཞུག་བྱ་བའི་གསལ་ཁ་མེད་ཀྱང་། རྒྱུད་ལས་བང་མཛོད་དུ་འཇོག་པར་གསུངས་པ་ལ་བརྟེན། རྟེན་ལ་བཀུར་སྟི་དང་སྦྱིན་བདག་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་དུ་དེ་ལྟར་མཛད་པའི་ཕྱག་ལེན་བརྒྱུད་མར་བྱུང་བར་སྣང་ལ། དེའང་རྩ་བ་བྱ་རྒྱུད་དཔའ་བོ་གཅིག་གྲུབ་དང་། དེའི་འགྲེལ་པ་དགེ་བའི་འདོད་འཇོ་སོགས་ལས་གསུངས་པའི་གནོད་སྦྱིན་ལྷ་མང་གི་འཕྲུལ་འཁོར་བཅའ་བ་ཉིད་གཙོར་མཛད། དེ་ལ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་པདྨ་འདབ་བརྒྱད་ལ་སྔགས་བྱང་སྤེལ་ཚིག་ཅན་ཁོ་ན་འབྲི་བར་གསུངས། ཕྱི་མ་རྣམས་ཀྱིས་འཁོར་ལོ་སྤྱིའི་རིགས་པས་དེ་སྟེང་དབྱངས་གསལ་རྟེན་སྙིང་རྡོར་ར་མེ་རིས་བསྐོར་བའི་མུ་ཁྱུད་དྲུག་པ་མཛད། རྒྱལ་དབང་ལྔ་པ་སོགས་ཀྱིས་རྒྱས་པར་པདྨ་ལ་སྐུ་གཟུགས་རྣམས་ཀྱི་ཐུགས་ཀར་སྔགས་བྱང་བཀོད། འབྲིང་པོ་སྔགས་ཙམ་དང་། མུ་ཁྱུད་གསུམ་པར་རྡོར་ར། བཞི་པར་མེ་རི་འབྲི་བར་གསུང་། རྗེ་མི་བསྐྱོད་ཞབས་བར་མ་ལྟར་བཞེད། མཁས་དབང་ཀུན་ཁྱབ་ཀྱིས་ཇོ་ནང་རྗེ་བཙུན་ཆེན་པོའི་རྗེས་སུ་འབྲང་། རྒྱུད་དང་འགྲེལ་པའི་དགོངས་པ་བསྟུན་ནས་ཡབ་རྐྱང་། ཡུམ་རྐྱང་། ཡབ་ཡུམ་སྦྲགས་པའི་འཕྲུལ་འཁོར་གསུམ་དུ་བཤད། བསྡུས་པ་ཇོ་བོ་རྗེའི་དབུ་ཞྭའི་ནང་ནས་རྙེད་པར་གྲགས་པ་ཛཾ་དགུ་བཾ་དགུ་ནི་ཡོངས་སུ་གྲགས། དེ་ལས་ས་སྐྱ་རྗེ་བཙུན་སོགས་ཚད་མར་གྱུར་པའི་སྐྱེས་བུ་ཡིན་ཞིང་ཀུན་ཁྱབ་ཀྱི་ལེགས་བཤད་ཀྱང་མན་ངག་ཚད་མ་ལས་བྱུང་བ་དང་། ལུང་རིག་རྣམ་དག་གིས་གྲུབ་པས་གང་བྱེད་ཀྱང་དོན་གྲུབ་པ་ཡིན་མོད། གཙོ་བོར་སོ་སོའི་རང་ལུགས་ཉིད་ཚད་མར་གཟུང་དགོས། གང་ལྟར་འཕྲུལ་འཁོར་དེ་དག་རབ་གསེར་དངུལ་གྱི་བྱང་བུར་གཟོང་རིས་བྱ། འབྲིང་དར་གོས་ལ་གསེར་དངུལ་གྱིས་བྲི། ཐ་མའང་བཟང་ཤིང་གི་བྱང་བུ་ལ་བྲི་བའམ་སྤར་དུ་བཏབ་པ་ཆ་གྲངས་གང་ཐོན་བྱ། དེ་དག་བཞུགས་སྣོད་ཟངས་དཀར་གསར་པ་ལོངས་མ་སྤྱད་པ་བྱུང་ན་རབ། རྙིང་པ་ཡིན་ན་བཀྲུ་ཕྱི་གད་བདར་གཙང་མར་བྱས་པ་དང་། མ་འབྱོར་ནའང་ཟངས་སོགས་རིན་པོ་ཆེའི་སྣོད་ཆག་གས་སོགས་ཀྱི་སྐྱོན་མེད་པ། ཕྱི་ལ་བཀྲ་ཤིས་ཀྱི་རི་མོ་ཡོད་པའི་ནང་མར་ཁུས་བཀང་བ་དང་། འབྱོར་པ་དང་བསྟུན་པའི་དར་གོས་ནོར་སྣ་དཀོར་ཆ་ཡོ་བྱད་རྣམས་རྙིང་པ་ཡིན་ན་བཀྲུ་ཕྱི་དང་གསར་པ་ཡིན་ཡང་མི་གཙང་བའི་རྡུལ་གྱིས་མ་གོས་ཤིང་ཤུབས་དང་ལྕིབས་སོགས་ལེགས་པར་བྱ། གཞན་ཡང་བློ་གྲོས་དང་འབྱོར་པ་ལྡན་པ་རྣམས་ཀྱིས་དེས་རིགས་འགྲེར་སྦྱར་ཏེ་འབྱོར་དྲུག་རྒྱས་པ་དང་དབང་གི་ལས་སྒྲུབ་པའི་ཙཀྲ་དང་བཅས་ཀྱི་རིམ་པ་ཇི་སྙེད་པའང་མཛད་པར་སྣང་བས་ཕྱོགས་མཚོན་ཙམ་སྨྲོས་ན། གསར་མའི་ཕྱོགས་ལ་རྡོ་རྗེ་འཇིགས་བྱེད་ཀྱི་གནོད་སྦྱིན་གྱི་འཕྲུལ་འཁོར་ལ་བརྟེན་ནས་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་བྱེད་པ་དང་། བཙུན་མོའི་འཕྲུལ་འཁོར་ལ་བརྟེན་ནས་སྐྱེ་འགྲོ་དབང་དུ་སྡུད་པར་བྱེད་པ་སོགས་རྭ་ལོ་དང་རྒྱ་སྟོན་སོགས་ཀྱི་ཕྱག་ལེན། ས་ལུགས་གསེར་ཆོས་ཀྱི་ནང་ཚན་ཐུན་མོང་སྒྲུབ་པ་དམར་པོ་སྐོར་གསུམ་ལས་རིག་བྱེད་མའི་རང་ཉིད་ནུས་ལྡན་དུ་བྱ་བའི་ཙཀྲ། ནང་འཇུག་དང་ལྷ་མི་སྤྱི་དྲིལ་དང་དོན་ཀུན་འགྲུབ་པའི་འཁོར་ལོ། ཚོགས་བདག་འཁོར་ལོ། ཀག་ཆོལ་འདོད་པའི་རྒྱལ་པོའི་ཉི་ཟླ་འཁོར་ལོ་སོགས། མཁས་གྲུབ་ཁྱུང་པོའི་གསེར་ཆོས་མགོན་དཀར་ཡིད་བཞིན་ནོར་བུའི་བུམ་གཏེར་དང་ཙཀྲ། དངུལ་ཆུ་བཻ་རོ་ནས་བརྒྱུད་པ་མགོན་དཀར་དུར་ཁྲོད་བདག་པོའི་སྐུ་རྟེན་བླ་རྡོ་ཙཀྲ། མགོན་པོ་དངོས་གྲུབ་འབྱུང་རྒྱུད་ལས་གསུངས་པ་ཇོ་བོ་རྗེའི་མན་ངག་ཛཾ་དཀར་ལྷ་ལྔའི་གྭའུ། ཀླུ་སྒྲུབ་ནས་བརྒྱུད་པའི་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་སྐུ་རྟེན་བླ་རྡོ་འཁོར་ལོ་རྣམས་གཙོ་བོ་དང་། བུམ་པ་བཅའ་སྒྲུབ་བྱ་ཚུལ་སྤྱི་འགྲོ་ལ་བརྟེན་རྣམ་སྲས་སེར་ཆེན་དང་ཛཾ་སེར་ནག་ལྗང་གསུམ། ལྷ་མོ་དཔལ་ཆེན་མོ་དང་ནོར་རྒྱུན་མ། ཚོགས་བདག་དཀར་དམར་གྱི་གཏེར་བུམ། ས་འཛིན་དུ་འཇོག་རྒྱུ་ཀླུ་དབང་རྒྱལ་པོ་དང་། སེངྒེ་སྒྲའི་ཀླུ་ཆེན་དགུའི་བུམ་པ་ས་ལུགས་ཕྱག་བཞེས་ལྟར་དང་། ནག་རྩིས་ལུགས་ས་བདག་སྙིང་གཏེར། སྤྱི་འགྲོའི་ས་བདག་བུམ་པ་རྣམས། རྙིང་ལུགས་གཏེར་ཁ་གསར་རྙིང་གི་རྣམ་སྲས་རྟེན་དང་སྲོག་འཁོར། གྲ་མངོན་ལུགས་ཀྱི་ཛཾ་དམར་ནང་སྒྲུབ་སྲོག་འཁོར་ཐོད་པའི་བཅས། རཏྣའི་རྟ་གསང་ལས་ཚོགས་ཛཾ་ནག་རིན་ཆེན་སྲོག་གཟུངས་ཀྱི་བཅས་དང་ཕུར་པའི་ལས་ཚོགས་ཀླུ་ནོར་རྒྱས་ཀྱི་བུམ་པ། གཏེར་ཁ་གསུམ་འདུས་གླང་ཆེན་བཅས་ཆོག །བསོད་ནམས་གླང་པོ་སྟོབས་སྐྱེད་ཙཀྲ། ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གྱི་བླ་རྡོ་སྲོག་འཁོར། ཀློང་གསལ་ཛཾ་སེར་ནག །གཏེར་གསར་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་ལས་ཚོགས་ཡིད་མཐུན་པ། ནད་ཞི་བ། ཚེ་རིང་བ། ནོར་སྤེལ་བ། ཆོས་མཐུན་གྲོལ་བ་བཞི་ལྡན་གྱི་བུམ་པ་ལྔ་པོ་དང་། ཐུགས་སྒྲུབ་ལས་ཚོགས་བཀྲ་ཤིས་གཏེར་བུམ་གཙོ་འཁོར་དགུ་པ། ས་འཛིན་དུ་ཀློང་གསལ་གཏེར་བྱོན་བརྟན་བཞུགས་བོད་ཁམས་བདེ་བྱེད། ཉེས་སེལ་དབང་བུམ། རྫས་ཀྱི་ལས་མཇུག །རི་དབང་སྤྱི་བཅོས། ནཱ་ག་སྤྱི་བཅོས། སྟག་ཤམ་བདུད་འདུལ་དྲག་མོའི་ལས་ཚོགས་ས་ལྷ་གཙོ་འཁོར་གྱི་བུམ་པ། སྐྱི་གྲོང་ཐུགས་མཆོག་རྡོ་རྗེའི་བཀྲ་ཤིས་གཏེར་སྒྲུབ་ཆེན་མོ་རྣམས་ནི་ཟབ་ཅིང་གནད་དུ་འདྲིལ་ལ་མེད་ཐབས་མེད་པར་སྣང་བས་གཙོར་སྨྲོས་ཀྱི། གསར་རྙིང་སོ་སོའི་ཕྱག་ལེན་ཅན་དང་གཏེར་མ་རྣམས་ལས་ནི་མཐའ་ཡས་པ་འབྱུང་བས་ལག་ཏུ་ལེན་མི་ནུས་ཤིང་དགོས་པའང་ཆུང་། གཙུག་ལག་ཁང་ལྟ་བུར་དགེ་འདུན་འདུ་བ་དང་མཐུན་པའི་འཁོར་ལོ་གར་དབང་ཆོས་ཀྱི་དབང་ཕྱུག་དང་གནམ་ཆོས་ལུགས་སུ་འབྱུང་བ་དག་དང་། ཐོག་དང་ས་གཡོས་སྲུང་བ་སམྦུ་ཊིའི་དགོངས་པ་བུ་སྟོན་ལུགས་ཀྱི་ཙཀྲ་དང་། ཡུལ་ཁམས་སྤྱིར་སྲུང་བའི་ཆེད་དུ་རྡོར་འབུམ་ཆོས་གྲགས་ཀྱི་རྡོ་རྗེ་ཁྲབ་རིང་། སྐལ་ལྡན་བྱིས་པའི་གུ་གེ་ཆིག་དྲིལ་རྣམས་ཀྱང་འཇོག་པ་གོང་མ་འགའ་ཞིག་གིས་ཕྱག་ལེན་དུ་མཛད་ཅིང་། རྙིང་ལུགས་ལ་ཁྱད་པར་གུ་རུ་ཆོས་དབང་གི་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་ཉིད་བྱུང་ན་གལ་ཤིན་ཏུ་ཆེ་བར་སྣང་ངོ་།། །།བཞི་པ་རབ་གནས་སོགས་ནི། བཅས་ཐམས་ཅད་ཚོགས་པ་དང་སློབ་དཔོན་གྱིས་བསྙེན་པ་སྔོན་དུ་སོང་བའི་ཡི་དམ་གང་ཡིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་བསྐྱེད་བཟླས་བྱས་ལ་ཁྲུས་བུམ་བསྒྲུབ། སྦྱོང་ཆས་འདུ་བྱས་ལ་ཞི་དྲག་གི་སྦྱོང་བ། བགེགས་བསྐྲད། ཏིལ་སྦྱོང་། ཁྲུས་གསོལ་རྒྱས་པ་སྔོན་དུ་འགྲོ་བས། སྐུ་རྟེན་བྲིས་འབུར་རྣམ་སྣང་། གསུང་རྟེན་གཟུངས་བསྒྲིལ་དང་གླེགས་བམ་འོད་དཔག་མེད། ཐུགས་རྟེན་སཱཙྪ་དང་ཕྱག་མཚན་མི་བསྐྱོད་པ། ཡོན་ཏན་ནོར་ལྷའི་རྟེན་དར་གོས་རིན་ཆེན་སོགས་རིན་འབྱུང་། ཕྲིན་ལས་རོལ་མོ་གོ་ཆ་སོགས་དོན་གྲུབ་ཏུ་བསྐྱེད་པའི་རབ་གནས་ཆོ་ག་སྤྱན་དབྱེ་རྟེན་སྒྱུར་བརྟན་བཞུགས་མངའ་དབུལ་མདོར་བསྡུས་ཤིས་བརྗོད་བཅས་སྤྱིར་གྲུབ་པར་བྱ། དེ་ནས་གཟུངས་སྒྲིལ་ལ་གཟུངས་སྒྲུབ་བྱ་བ་དཏྤཎ་ཨ་ཙརྻས་བྱ་བཏུས་སུ་ཕྱོགས་ཙམ་བསྟན་པ་ལྟར་དགེ་ཕྱོགས་སུ་ཤིན་ཏུ་རྒྱས་པར་མཛད་པའི་ཕྱག་སྲོལ་བྱུང་བ་ལྟར་གྲུབ་ན་ལེགས་པས། དེའང་སྐྱབས་སེམས་སོགས་ཆོ་ག་སྤྱི་འགྲོ་ཞིག་གིས་ཁོག་ཕུབ། བསྐྱེད་ཆོག་སྐབས་གཟུངས་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པས་དབུས་སུ་སེང་ཁྲི་པདྨ་ཉི་ཟླར་བུདྡྷ་རིགས་ཀྱི་གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དཀར་པོ་འོད་ཟེར་འབར་བ། དེས་མཚོན་ཏེ། ཕྱོགས་བཞིར་རིགས་བཞིའི་གཟུངས་དང་ཁ་དོག་རིགས་མཐུན་དམ་ཚིག་པའི་ངོ་བོར་གསལ། ཡེ་ཤེས་པའི་གསང་རིགས་གཟུངས་སྔགས་ཡིག་འབྲུ་ས་བོན་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་བསྟིམས་པའི་དམིགས་པ་གཙོ་བོ་དང་། སྤྲོ་བསྡུ་སྤྱི་མཐུན་ཀྱང་བྱས་ལ་གཟུངས་སྤར་གང་བཞུགས་ཀྱི་གཟུངས་རྣམས་ཚར་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་བརྟན་བཞུགས་ཤིས་བརྗོད་བྱ། བསྡུ་ན་གཟུངས་ཐམས་ཅད་གསུང་རྡོ་རྗེ་འོད་དཔག་མེད་ཁོ་ནར་བསྐྱེད། ཆོ་གའི་ཡན་ལག་རྫོགས་པར་བྱས་ལ་དེའི་སྔགས་ཨཱ་རོ་ལྀཀ་ཁོ་ནའམ། ནུས་ན་ནང་གཞུག་གཟུངས་ཇི་ལྟར་འོས་པ་བཟླ། བླ་མ་ཁ་གཅིག་གིས་གཟུངས་སྒྲུབ་རྒྱས་པ་ཟླ་གཅིག་སོགས་སུ་མཛད་པའི་ལོ་རྒྱུས་ཀྱང་འབྱུང་ངོ་། །འཁོར་ལོ་གྭའུ་ཐོད་སྒྲུབ་ལ་སོགས་པ་ནི་དབང་དང་རྗེས་གནང་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་སོ་སོའི་བསྙེན་པ་སྔོན་དུ་འགྲོ་བས་མདུན་རྟེན་སྒྲུབ་པ་རྟགས་ཐོན། ཐ་ནའང་རང་གཞུང་ནས་བཤད་པའི་གྲངས་འགྲོ་ངེས། ཁ་གཅིག་ལ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་བྱ་དགོས། བུམ་གཏེར་འགའ་ཞིག་བསྙེན་པ་སྔོན་དུ་འགྲོ་མི་དགོས་པའང་ཡོད་མོད། ནག་རྩིས་ལུགས་སྙིང་གཏེར་ཙམ་ལས་དངོས་གཞི་སོ་སོའི་སྒྲུབ་པ་མ་བྱས་པར་ནི་གང་ཡང་འཇོག་མི་བཏུབ་ཅིང་ཕན་གནོད་མེད། དེའང་དཔེར་ན་གནོད་སྦྱིན་འཁོར་ལོ་ས་ལུགས་ལྟར་བྱེད་ན་རབ་གནས་དཔལ་འབྱོར་རྒྱ་མཚོ་ལས་བཤད་པ་ལྟར་སྒྲུབ་པ་དང་། ཀར་ལུགས་ལྟར་ན་གར་དབང་དྲུག་པའི་གསུང་ངམ། ཇོ་ནང་རྗེ་བཙུན་གྱི་གསུང་རབ་ལྟར་དང་། དགེ་ལུགས་ལྟར་ན་རྒྱལ་དབང་ལྔ་པའི་གཟུངས་འབུལ་ལག་ལེན་གསལ་བྱེད་ཅང་སྐྱ་ངག་དབང་མཆོག་ལྡན་གྱིས་བཤད་པ་ལྟར་དང་། རྙིང་ལུགས་དེ་དག་གང་རུང་གི་རྗེས་འབྲང་ལས་རྣམ་གཞག་ཟུར་དུ་བྱར་མེད་ཀྱང་། སྒྲུབ་ཚུལ་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལྟར་བྱས་ན་དོན་ལ་ཁྱད་པར་མེད་ཀྱང་སོ་སོའི་ཞེན་ཡུལ་དུ་འཐད་པས་ལེགས། དེའང་སྔོན་གྱི་གང་ཟག་སྐྱེས་ཆེན་དང་ཆོས་རྒྱལ་ཡོན་མཆོད་འཚོགས་པའི་སྐབས་སུ་དགེ་འདུན་ཚད་ལྡན་མང་པོས་བསྙེན་རྒྱུན་བཅས་ཟླ་བ་སྦྲེལ་མར་བསྒྲུབས་པས། རྒྱལ་ཁམས་སུ་ལོ་གྲངས་མང་པོའི་བར་དུ་དགེ་མཚན་ཕུན་ཚོགས་མཐོང་ཆོས་སུ་བྱུང་བའི་ལོ་རྒྱུས་ཚད་མར་སྣང་བ་ལྟ་བུ་ནི། དེང་སང་བསོད་ནམས་དང་བརྩོན་འགྲུས་ཆེས་དམན་པས་རང་གཞན་སུས་ཀྱང་སྐལ་པའི་ཡུལ་དུ་མ་གྱུར་ཀྱང་། དཔོན་སློབ་བཅུ་ཕྲག་ཕྱིན་གྱིས་བདུན་ཕྲག་གཅིག་ཏུ་སྒྲུབ་པ་ཙམ་ནི་མ་བྱུང་ཐབས་མེད་དོ། །དེས་མཚོན་གསར་རྙིང་འཁོར་ལོ་དང་གཏེར་བུམ་ཇི་ཙམ་རྟེན་ལ་འཇོག་པ་དེ་ཉིད་སོ་སོའི་ལུགས་ཀྱི་སྒྲུབ་པ་ཚད་དུ་ཕྱིན་པ་ཁོ་ན་གལ་ཆེ། དངུལ་སྐུའམ་ཟངས་གསེར་གང་ཡིན་ཡང་ནང་གི་དྲེག་པ་ཐམས་ཅད་ཕྱི་བདར་བཀྲུ་གཙང་དག་པར་བྱ། དྲི་བཟང་སྨན་སྣ་དང་ཙནྡན་ཨ་གར་སྤང་སྤོས་ཀྱིས་མཚོན་པའི་དྲི་བཟང་པོའི་སྤོས་དང་འབྱོར་ན་ག་པུར་གུར་གུམ་ལ་སོགས་པའི་འདེ་གུས་ཁྱབ་པར་བྱུགས་ཤིང་བསྐམ། གུ་གུལ་དང་སྤོས་ཀྱིས་བདུག །སྔགས་སྐུ་ཡིན་ན་རྒྱུད་སྡེ་སོ་སོ་ནས་གསུངས་པའི་སྐྱེ་མཆེད་བྱིན་རླབས་རྣམས་རབ་ལྷའི་སྐུ་ས་བོན་དང་བཅས་པ། མ་འགྲུབ་ན་ས་བོན་རྣམས་གསེར་གྱིས་བྲིས་ལ་གནས་སོ་སོར་ཞལ་ཕྱིར་བསྟན་དུ་སྦྱར། ཐུབ་སྐུ་ལྟ་བུ་ལའང་རྒྱུད་སྡེ་ནས་བཤད་པའི་སྐྱེ་མཆེད་བྱིན་རླབས་གྲུབ་ན་ལེགས་ཤིང་། ཁྱད་པར་བྱ་རྒྱུད་ནས་འབྱུང་བའི་གཙུག་ཏོར། མཛོད་སྤུ་ནས་གདན་གྱི་བར་གྱི་བྱིན་རླབས་སྔགས་རྣམས་གསེར་གྱིས་བྲིས་ལ་གནས་སོ་སོར་སྦྱར་རོ།། ༈ །།གཉིས་པ་ལག་ལེན་དངོས་བཤད་པ་ལའང་གསུམ། གསར་རྙིང་སྤྱི་འགྲོའི་ཚུལ། རྙིང་ལུགས་ཀྱི་ཁྱད་པར། ཐུགས་མཆོད་རྟེན་གྱི་ནང་གཞུག་འབུལ་ཚུལ་ལོ། །དང་པོ་ནི། རྟེན་ཆེན་པོའི་རིགས་ཟངས་གསེར་ལྡེར་སྐུ་གང་ཡིན་ཡང་ནང་གཞུག་རྣམས་མས་ནས་ཡས་རིམ་དུ་འབུལ་དགོས་པས། ཐོག་མར་འོག་གཞིར་རྡོ་རྗེ་སློབ་དཔོན་ནུས་ལྡན་གྱིས་བཀའ་བརྒྱད་སྤྱི་བྱེ། གུར་དྲག་ལ་སོགས་པའི་སྒོ་ནས་བོད་ཁམས་སྤྱི་དང་བྱེ་བྲག་ལ་འཚེ་བའི་འགོང་པོ་མཐའ་འདྲེ་དམ་སྲི་ཕུང་སྲི་སྤྱི་ལ་དམིགས་པའི་མནན་པ་ཚད་ལྡན་བྱ། འདི་ལའང་སྔོན་གྱི་གསར་མ་བའི་ཕྱག་ལེན་དུ་མ་གྲགས་པ་རྒྱུ་མཚན་དུ་བྱས་ནས་མཁས་པ་རྣམས་ཀྱིས་འཐིང་སླད་མཛད་ཀྱང་། གནས་གསར་འཇམ་དབྱངས་མཁྱེན་བརྩེས། འགོང་པོ་ཨར་གཏད་དང་སྲི་མནན་སོགས་ཚུལ་བཞིན་བསྒྲུབས་ནས་འོག་ཏུ་འཇུག་ཐུབ་པ་བྱུང་ན་ཡུལ་ཁམས་དེར་དམག་འཁྲུག་མི་འབྱུང་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་བཤད་པ་བཞིན་ཡོང་གིན་འདུག་པས་གྲུབ་ན་ལེགས། ཞེས་གསུངས་པ་ཚད་མ་ཡིན་མོད། བསྙེན་སྒྲུབ་ལག་ལེན་ཚད་ལྡན་མེད་ན་ཕན་ཡོན་ཉེས་པ་གང་བྱེད་མི་འཚལ་བས་ཕོ་ནུས་མེད་སེམས་ལ་སངས་རྒྱས་མི་ཤར་ཀ་མེད་དུ་གདའ། མནན་པ་ཡོད་མེད་གང་ལྟར་གདན་ཁྲིའི་འོག་གཞིར་རལ་གྲི། མདུང་མདའ་གཞུ། མེ་སྒྱོག་སོགས་རྩེ་ཕྱིར་བསྟན་ཏེ་འཇོག་པ་མཚོན་ཆའི་བསྐལ་པ་ཉམས་པའི་རྟེན་འབྲེལ་དུ་བཞེད། ཁྲིའི་ནང་དུ་ས་བདག་སྙིང་གཏེར་ནག་རྩིས་ལས་བཤད་པ་སོགས་ས་བདག་བུམ་པ། ཀླུ་དབང་རྒྱལ་པོའི་བུམ་པ་དགུ་ཡོད་ན་གཙོ་བུམ་མདུན། འཁོར་རྣམས་གཙོ་བོ་ལ་ཕྱོགས་པ་དང་། སེངྒེ་སྒྲ་སོགས་ཀླུ་བུམ་རྣམས་དང་། འོག་གཞི་བྱིན་རླབས་ཀྱི་སྔགས། མདོ་རྒྱུད་ལས་འབྱུང་བའི་ཤིས་བརྗོད་ཀྱི་རིགས་དང་འདོད་གསོལ་རྒྱས་བསྡུས། དཔལ་མགོན་བདུན་བཅུའི་རྟེན་དང་སྔགས་ལ་སོགས་པའང་བཞག །བར་མཚམས་རྟེན་ཆེ་ན་ཕག་གུ་དང་ཆུང་ན་བཟང་ཤིང་ཕུར་མས་དམ་པོར་བཅེར། སེང་ཁྲིའི་སྟོད་དུ་གནོད་སྦྱིན་བང་མཛོད་ཀྱི་ཡོ་བྱད་ཧ་ཅང་མང་ན་འདིར་རོལ་མོ་གོ་མཚོན་འབྲུ་རྐྱལ་སོགས་ཀྱིས་མཚོན་སྟེང་དུ་ཤོང་དཀའ་བ་རྣམས་འཇོག་ལུགས་ལེགས་ཤིང་བར་གསེང་མེད་པར་བྱས་ལ་ཁ་བཀབ། འདི་དག་གི་སྐབས་ནས་གཟུངས་འབུལ་མཁན་པོ་རྣམས་ཤ་ཆང་སྤང་ཞིང་ཡན་ལག་བཀྲུ་ཁ་རས་རྒྱག་པ་སོགས་གཙང་སྦྲ་ལ་གནས་པ་དང་། ལྷའི་ང་རྒྱལ་དང་ལྡན་པས་གཞན་དང་སྨྲ་བ་བཅད་དེ། ཨོཾ་མནྟྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་དང་། རྟེན་སྙིང་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་གསོ་སྦྱོང་གི་ཚིགས་གཅད་དང་། བཀྲ་ཤིས་ཀྱི་ཚིགས་གཅད། རིག་པ་ཕུག་རོན་གྱི་གཟུངས། ན་མཿས་མཱནྟ་བུདྡྷཱ་ནཱཾ། ཨ་ཙིནྟྱ་བྷཱུ་ཏ་རུ་པི་ཎི། ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་པ་རྣམས་ཟླ་བཞིན་དུ་ལག་ལེན་བྱ་དགོས། ཀླུ་བུམ་འཇོག་སྐབས་སྒྲུབ་པ་པོས་སླར་ཡང་སྒོམ་བཟླས་བསྐྱེད་བསྟིམ་ཆུ་གཏོར་བརྟན་བཞུགས་བྱ་བ་སོགས་ཐམས་ཅད་ལ་དེས་འགྲེ། པད་གདན་གྱི་ནང་དུ་ཆོས་སྐྱོང་དང་ནོར་ལྷའི་རྟེན་རྣམས་གཞུག་དགོས་པས་མདུན་ལ་ཉེ་བའི་དབུས་སུ་ཟངས་དཀར་མར་ཁུས་བཀང་བའི་ནང་དུ་གནོད་སྦྱིན་ཡབ་ཡུམ་འཕྲུལ་འཁོར་རིན་པོ་ཆེའི་བྱང་བུ་ཡིན་ན་ཀ་ར་སྦྲང་རྩི་མར་རྣམས་ཀྱིས་བྱུགས། ཤོག་བུ་ལ་ཆུད་ཟོས་བྱེད་པས་མཐའ་ནས་བྱུགས། ཡབ་ཡུམ་ཞལ་སྦྱར་མ་འཛོལ་བར་བྱས་ལ་སྐུད་པ་སེར་པོས་རྒྱ་གྲམ་དུ་འཁོར་ལོ་མི་མངོན་པར་བཅིངས་ཏེ་འཇོག །དེ་སྟེང་དཀར་གསུམ་མངར་གསུམ་ཡང་བླུག །འཇོག་ཚུལ་གནོད་སྦྱིན་འཁོར་ལོ་སྔགས་མགོ་ཕྱིར་བསྟན་ལ་དབུ་རྒྱབ་དང་། ནང་བསྟན་ལ་མདུན་དུ་ཡོང་བར་བྱས་ནས་ཕོ་སྟེང་མོ་འོག་ཏུ་འཇོག་པ་ནི་སྤྱི་ལུགས་ཡིན་ལ། རྗེ་ཆོས་ཀྱི་འབྱུང་གནས་ཡབ་སྲས་ཀྱིས་དཔའ་བོ་གཅིག་གྲུབ་དང་སྒྲུབ་ཐབས་བརྒྱ་རྩར་ཡུམ་གཙོ་བོར་མཛད་པའི་དགོངས་པས་ཡུམ་འཁོར་སྟེང་། ཡབ་འཁོར་འོག་དབུ་མདུན་བསྟན་དུ་མཛད། འཕྲུལ་འཁོར་གསུམ་པ་ལྟར་ན་དབུས་སུ་ཡབ་ཡུམ་སྦྲགས་པ། གཡས་ཡབ་རྐྱང་། གཡོན་ཡུམ་རྐྱང་གི་འཕྲུལ་འཁོར་རྣམས་འཇོག །ཟངས་ཀྱི་ཁར་དར་གོས་སེར་པོས་བཀབ། རྒྱབ་དབུས་སུ་ཆོས་སྐྱོང་གཙོ་བོ་གང་ཡིན་དེའི་སྐུ་རྟེན་སོགས་རྟེན་དང་སྲོག་འཁོར་གང་ཡོད་བཞག །མཐའ་སྐོར་བར་མཚམས་སུ་ཆོས་སྐྱོང་དང་ནོར་ལྷའི་གཟུངས་དང་སྙིང་པོ། རྒྱས་པ་དང་དབང་གི་ལས་ལ་བསྔགས་པའི་གྭའུ་དང་ཐོད་སྒྲུབ་འཁོར་ལོའི་རིགས་གང་ཡོད་པ་རྣམས་དང་གདན་བྱིན་རླབས་ཀྱི་སྔགས། ཤིས་བརྗོད་འདོད་གསོལ། དར་ཟབ་དང་གོས་ཀྱི་རིགས་སྨན་སྣ་རིན་ཆེན་འབྲུ་སྣ་ཟས་སྣ་ཤིང་ཏོག་ལ་སོགས་པའི་ཐུམ་དང་སྒྱེའུ་གང་ཡོད། རྒྱ་བོད་གནས་ཆེན་ཆོས་འཁོར་རྣམས་ཀྱི་ས་ཆུ་རྡོ་ཤིང་། ཅུ་གང་དང་སིནྡྷུ་ར། སྐྱེས་ཆེན་རྣམས་ཀྱིས་བསྒྲུབས་པའི་ཕྱག་ནས་སོགས་རང་བཞིན་གྱིས་བྱིན་རླབས་ཆགས་པའི་རྟེན་རྣམས་ཀྱང་བཞག །རྟེན་ཧ་ཅང་མི་ཆེ་བའི་རིགས་ལ་ཟངས་དཀར་པད་གདན་དུ་མི་ཤོང་ན་སེང་ཁྲིའི་སྟོད་དུ་འཇོག་སྟེ་ཁ་པད་གདན་ནང་དུ་སླེབ་པ་ཙམ་བྱ་ཆོག །གང་ལྟར་པད་གདན་སྟེང་མཚམས་དར་བཏང་ཞིང་བཀབ། དེ་ནས་གཟའ་སྐར་སྦྱོར་བྱེད་བཟང་པོའི་སྔ་དྲོར་སྲོག་ཤིང་འཛུག་སྟེ། དེའང་རྩ་བར་མཆོག་གི་རིན་པོ་ཆེ་ལྔར་གྲགས་པ་རྡོ་རྗེ་ཕ་ལམ། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད། པུཥྤ་རཱ་ག་རྣམས་འབྱོར་ན་མཆོག་ཏུ་འགྱུར་ཞིང་། མ་འབྱོར་ན་རང་བྱུང་གི་རིན་པོ་ཆེ་གསེར་ས་བྱུང་མ། མུ་ཏིག །གཡུ། ཤེལ་རང་བྱུང་། ཟངས་ས་ལེ་སྦྲམ་རྣམས་དར་གོས་ཀྱིས་བསྟུམས་ལ་རྩ་བར་བཅིང་། དར་གོས་སེར་པོས་དཀྲིས་པ་ཡ་ཡོ་འགུལ་འཁྱོགས་མེད་པར་སྐུ་གཟུགས་ཀྱི་དབུས་དྲང་པོར་བཙུག་ཅིང་རེ་ཞིག་ཡོ་འགུལ་མི་འབྱུང་བའི་རྟེན་སྐྱོར་བྱ། སྲོག་ཤིང་བརྟན་པའི་སྔགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །ཅེས་པ་སྲོག་ཤིང་གི་བྱ་བ་གྲུབ་ཀྱི་བར་བརྗོད། སྐབས་འདིར་དགེ་འདུན་བཞི་སྡེ་ལོངས་པ་ཡན་ཆད་ཀྱིས་བཀྲ་ཤིས་པའི་གསོ་སྦྱོང་བྱས་ཏེ་སོ་སོའི་སྐུ་བརྙན་དང་འབྲེལ་བའི་ཆོ་ག་གཏོང་བའི་ཕྱག་སྲོལ་ཡང་ཁ་གཅིག་ལ་སྣང་བས་འགྲུབ་ན་ཆེས་ལེགས་སོ། །བྱང་ཆུབ་ཤིང་ཨ་ཤྭཏ་སོགས་སངས་རྒྱས་རབ་བདུན་སངས་རྒྱས་པའི་ཤིང་རིགས་རྣམས་རྙེད་ནའང་སྲོག་ཤིང་དང་ལྷན་ཅིག་བཞག །སྐུ་གཟུགས་ལྷུ་རིམ་པར་སྒྲིག་ལུགས་ཀྱང་ནང་གཞུག་འབུལ་སྟབས་དང་བསྟུན། སྐྱིལ་ཀྲུང་ནང་དུ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཟུང་བར་འགྱུར་བའི་སྔགས་རྣམས་དང་། ཐུབ་དབང་ཉེས་སྲས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྣམས་དང་། རིན་པོ་ཆེ་ཁང་བུ་བརྩེགས་པ། ནོར་བུ་རྒྱས་པ་གཞལ་མེད་ཁང་། ཆོས་ཐམས་ཅད་ཀྱི་ཡུམ་ལ་སོགས་པ་མདོ་གཟུངས་ཀྱི་རིགས་ཐམས་ཅད། གཟུངས་ཆེན་སྡེ་ལྔ་ནི་འདི་ནས་བརྩམ་སྐུའི་སྟོད་སྨད་བྱིངས་ལ་འཇུག་གང་ཐུབ་བྱ། དགོངས་འགྲེལ་བསྟན་བཅོས་ཀྱི་རིགས་ཕལ་མོ་ཆེ། གསུང་རབ་འདུལ་བ་དང་མདོ་སྡེ། ཤེར་ཕྱིན་འབུམ་པ་ལ་སོགས་པའང་འདི་ནས་ལྟེ་བ་མན་ཆད་དུ་བཞུགས་སུ་གསོལ། དེ་ལ་གླེགས་བམ་རྣམས་ནི་ཞལ་སྟེང་དང་དབུ་རྒྱབ་ངོས་སུ་བསྟན་ཏེ་བཞག །བཞུགས་གདན། ཞབས་ཆགས། སྐུ་ཤམ། རྣམ་སྣང་དང་མི་བསྐྱོད་རིལ་བུ། བྱང་སེམས་དཀར་དམར་སོགས་སྐུའི་སྨད་ཆ་ལས་བྱུང་བའི་སྐུ་བལ་གྱི་རིགས་ཀྱང་འདིར་གཞུག །སྐུ་སྨད་དུ་བྱ་རྒྱུད་དམ་ཚིག་གསུམ་བཀོད། སྨན་བླ། འོད་དཔག་མེད། གཙུག་ཏོར་རིགས། སྤྱན་རས་གཟིགས་དང་ཕྱག་རྡོར་སོགས་གཤེགས་རིགས། པདྨའི་རིགས། རྡོ་རྗེའི་རིགས་རྣམས་ཀྱི་གཟུངས་དང་སྙིང་པོ། དེ་སྟེང་རྣམ་སྣང་མངོན་བྱང་གཙོ་འཁོར་སོགས་སྤྱོད་རྒྱུད་ཀྱི་སྔགས། བྱ་སྤྱོད་དུ་གཏོགས་པའི་རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ། དེ་དག་གི་སྐུ་བརྙན། གྲོང་ཁྱེར་སྒྲོལ་འཁོར་དང་སོར་འབྲང་འཁོར་ལོ། བརྒྱུད་པ་འོག་མ་རྣམས་ཀྱི་དད་རྟེན་བདུད་རྩི་རིལ་བུ། ཚི་རིལ། ཤེས་རབ་རིལ་བུ། ལྔ་ཚན་ལྔ་ལ་སོགས་པ་རྣམས་བཞག །ཐུགས་ཀའི་སྨད་ཆར། རྡོ་རྗེ་དབྱིངས། དཔལ་མཆོག་རྩེ་མོ་དང་རིགས་སྡུས། གཙུག་དགུ། ཁམས་གསུམ་རྣམ་རྒྱལ། ཆོས་དབྱིངས་གསུང་དབང་། ཀུན་རིག་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་སོགས་རྣལ་འབྱོར་རྒྱུད་ཀྱི་གཟུངས་དང་སྙིང་པོ། རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ། དེ་དག་དང་འབྲེལ་བའི་བྱིན་སྐུ། སཱཙྪ་མང་དུ་ཡོད་ན་འདི་ནས་ཐུགས་ཀའི་སྟོད་ཆ་བར་དུ་གཞུག །ཐུགས་ཀའི་དབུས་སུ་སྐུ་བརྙན་ཐུབ་པ་ཡིན་ན་ཐུབ་དབང་སྐུ་བརྙན་ལི་མ་ལྟ་བུ་བྱིན་ཅན་ཡེ་ཤེས་སེམས་དཔའི་ཚུལ་དུ་ན་བཟའ་བཞུགས་སྣོད་རིན་པོ་ཆེའི་ཟ་མ་ཏོག་སོགས་བཀུར་སྟིའི་ཁྱད་པར་བཅས་བཞུགས་སུ་གསོལ་ཞིང་། མུ་ནི། ཐུབ་པའི་མཚན་བརྒྱ། དེ་བཞིན་གཤེགས་པའི་ཡིག་བརྒྱ་སོགས་འབུམ་ཕྲག་མང་པོ་གཞུག་པས་མཚོན། ལྷ་སོ་སོའི་སྐུ་གསུང་ཐུགས་རྟེན་གྱི་གཙོ་བོར་བྱས་ཏེ་གཞུག །ཐུགས་ཀའི་སྟོད་ཆ་ཕྱིན་ཆད་དུ་བླ་མེད་མ་རྒྱུད་དུས་འཁོར། བདེ་མཆོག །དགྱེས་རྡོར། མཉམ་སྦྱོར། སངས་རྒྱས་ཐོད་པ། མ་ཧཱ་མཱ་ཡཱ། གདན་བཞི་སོགས་ཡབ་ཡུམ་གཙོ་འཁོར་རྣམས་ཀྱི་རྩ་སྔགས། ཕྲེང་སྔགས། སྙིང་པོ། ཉེ་སྙིང་རྣམས་དང་། ཕ་རྒྱུད་གསང་འདུས། གཤེད་དམར། དགྲ་ནག །གདོང་དྲུག །སྒྱུ་འཕྲུལ་དྲྭ་བ་གཙོ་འཁོར་རྣམས་ཀྱི་སྙིང་པོ་དང་། དེ་དག་གི་རྒྱུད་སྒྲུབ་ཐབས་ཀྱི་གླེགས་བམ། བྱིན་སྐུ། སོ་སོའི་སྒོ་ནས་བསྒྲུབས་པའི་བདུད་རྩི་ལྟ་བུའི་བྱིན་རྫས། བླ་མ་ཚད་ལྡན་རྣམས་ཀྱི་སྟོད་འགག །ཆོས་གོས། མནབས་གཟན། དབུ་ཞྭ་སོགས་སྐུ་སྟོད་ཀྱི་ཆ་དང་འབྲེལ་བའི་དད་རྟེན་རིགས་རྣམས་གཞུག །ཕྱག་བྲིས་ལྟ་བུའི་ཞལ་ཐང་བྱིན་ལྡན་བཞག་ན་བསྒྲིལ་ཤིང་སྟོད་སྨད་མེད་པར་བྱས་ཏེ་གཡོན་ནས་གཡས་ཕྱོགས་སུ་བསྒྲིལ་ཏེ་གྱེན་དུ་བསླངས་ལ་བཞག །མགྲིན་པར་དབྱངས་གསལ་ཅི་མང་བཞག་པའི་ཕྱག་སྲོལ་སྣང་ཞིང་བྱིན་རྟེན་མྱང་གྲོལ་རིགས་ཀྱང་འཇུག་པ་ལེགས། དབུའི་ནང་དུ་བླ་མ་བརྒྱུད་པའི་མཚན་སྔགས་ཀྱི་ཐོག་མར་ཕྱག་ཆེན། ཆོས་དྲུག །སྦྱོར་དྲུག །རིམ་ལྔ། ལམ་འབྲས། ལམ་རིམ་སོགས་སོ་སོའི་ལུགས་སྲོལ་གཙོ་ཆེ་བ་གང་ཡིན་གྱི་ཁྲིད་བརྒྱུད། དེ་ནས་ཡས་ནས་མས་རིམ་བཞིན། བླ་མེད་མ་རྒྱུད། ཕ་རྒྱུད། རྣལ་འབྱོར། བྱ་སྤྱོད། བྱང་སྡོམ། སོ་ཐར་བརྒྱུད་པ་རྣམས་དང་། ཆོས་སྐྱོང་གཙོ་ཆེ་བ་རྣམས་ཀྱི་བླ་མ་བརྒྱུད་པའི་མཚན་སྔགས་རྣམས་གཞུག །རྒྱ་གར་པཎ་གྲུབ་རྣམས་ཀྱི་མཚན་སྔགས་དང་བྱིན་རླབས་རྟེན། བོད་ཀྱི་མཁས་གྲུབ་སྔོན་བྱོན་ཡོངས་གྲགས་སེལ་མེད་རྣམས་ཀྱི་བྱིན་རྫས། རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མའི་སྐུ་བརྙན། རང་ལུགས་གང་ཡིན་དེའི་བླ་མ་བརྒྱུད་པའི་དབུ་ལོ། དབུ་ཐོད། དབུ་ཞྭ་ལ་སོགས་པ་རྣམས་དང་། རང་རང་གི་རྩ་བའི་བླ་མའི་ཚེམས་དང་རིང་བསྲེལ་ལྟ་བུ་ཡོད་ནའང་འཇོག །དཔྲལ་བར་མཛོད་སྤུ་ནོར་བུའི་གཟུངས་ཅི་མང་རྒྱས་པའི་སྤེལ་ཚིག་བཅས་བཞག །གཙུག་ཏོར་དུ་སངས་རྒྱས་ཀྱི་རིང་བསྲེལ། དེ་དང་རིགས་མཐུན་གྱི་འཕེལ་གདུང་། སངས་རྒྱས་བྱང་སེམས་ཉན་ཐོས་ཆེན་པོ་རྣམས་ཀྱི་མཚན་སྔགས། དེ་དག་ལས་བྱོན་པའི་སྐུ་གདུང་སོགས་ཀྱི་ཆ་ཤས། གཙུག་ཏོར་སྡེ་ལྔའི་གཟུངས་སམ་གདུགས་དཀར་འཁོར་ལོ་རྣམས་བཞག །སྤྱིར་ཡིག་བརྒྱ། ཡིག་དྲུག །རྟེན་སྙིང་སོགས་རྒྱུད་སྡེ་སྤྱི་ལ་འཇུག་པ་རྣམས་གང་དུ་བཞག་ཀྱང་ཆོག་ཅིང་། གཟུངས་ཀྱི་སྟོད་སྨད་ཀུན་ཏུ་གཟུངས་འཁྲུགས་ཀྱི་ཉེས་པ་སེལ་ཕྱིར་རིག་པ་ཕུག་རོན་གྱི་གཟུངས་གཞུག་པར་བཤད་པའི་རིག་པ་ཕུག་རོན་གྱི་སྔགས་ནི། ན་མཿས་མཱནྟ་བུདྡྷཱ་ནཱམ་ཙིནྟྱ་བྷཱུ་ཏ་རཱུ་སི་ཎཾ་ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་སྔར་སྐ་ཅོག་གི་དང་། གཞན་གོང་བཞིན་ལ་རཱུ་པི་ཎཾ། ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་བལ་པོའི་དཔེ་དག་པ་ལས་བྱུང་བ་སྟེ་འདི་གཉིས་ཀ་ཤིན་ཏུ་དག་ཅེས་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་གསུངས་པ་བཞིན་བཀོད་པ་འདི་ལྟར་གཟུངས་རྒྱས་བསྡུས་གང་ལའང་གལ་ཆེ། སྟོད་སྨད་ཀྱི་མཚམས་དར་རྣམས་ཀྱང་སོ་སོའི་མཚམས་སུ་གཏང་། ཕྱག་གི་ནང་དུ་གླེགས་བམ་དང་གཟུངས་འཇོག་སྐབས་ཕྱག་ཐུར་བརྐྱང་ལ་ཕྲག་མགོར་བླ་མེད་ནས་སོར་རྩེར་མདོ་འདུལ་བར་མས་རིམ་དང་། གྱེན་དུ་ཕྱར་བ་ལ་དེ་ལས་གོ་ལྡོག་སྟེ་འཇོག་པར་བཤད་དོ། །ལྡེར་སྐུ་ཆེན་པོའི་རིགས་ལ་པད་གདན་མན་ཆད་སྔར་ལྟར་ལ། དེ་མཚམས་ཚུགས་ཤིང་ཤིན་ཏུ་བརྟན་པོ་བཙུག །དེའང་ཕལ་ཆེར་གྱིས་ཚུགས་ཤིང་དང་སྲོག་ཤིང་གཅིག་ཏུ་བྱེད་ཀྱང་དེ་ནི་མི་ལེགས་ལ། སྲོག་ཤིང་གོང་སྨྲོས་ལྟར་ལ་ཚུགས་ཤིང་ནི་ཕྱེད་དམ་ཇི་ལྟར་རིགས་པ་པད་གདན་ཕྱིན་ཁྲི་ནང་འགྲོ་ཞིང་སྐྱིལ་ཀྲུང་ནས་དབུའི་བར་གྱེན་དུ་བསླང་བ་ལའང་སྐུའི་ཆ་ཚད་བགོས་ཏེ་སྐུ་དཔུང་གི་ཐད་ནས་གཡས་གཡོན་ཚོ་འཛིན་སྤྲད། དེའི་མདུན་ངོས་སུ་སྲོག་ཤིང་བརྟན་པོར་བཙུག །དེ་དག་ལ་བརྟེན་ཏེ་ཞབས་ནས་དབུའི་བར་སོ་སོའི་ཐད་སོར་མི་འཆུག་པར་ནང་གཞུག་རྣམས་དར་རས་ཀྱིས་བཅིངས་ཤིང་བསྡམས་པའི་ཕྱི་ནས་སྤེན་མ་ལྟ་བུའི་ཤིང་གིས་གཡོགས་ལ་དྲེས་སྐུད་ཀྱིས་བཙེམ། དེ་ནས་རིན་པོ་ཆེ་དང་སྨན་འདམ་གྱིས་གཡོགས་ཏེ་སྐུ་གཟུགས་འཆོས། གཙུག་ཏོར་རྗེས་སུ་བཟོ་སྟེ་ནང་གཞུག་འབུལ། སྐམ་ནས་ཚོན་གདན་གྱི་སྟེང་དུ་གནས་དང་སྐྱེ་མཆེད་བྱིན་རླབས་སོ་སོར་གླན་ལ་དར་ཤོག་སྲབ་མོས་ཞལ་ཁེབས་བྱ། དེ་སྟེང་ཚོན་རྩི་གཏང་བ་སོགས་ཀྱི་ཁྱད་པར་ཤེས་པར་བྱའོ།། ༈ །།གཉིས་པ་དེ་ལས་སྔ་འགྱུར་རྙིང་ལུགས་ཀྱི་ཁྱད་པར་ནི། སྤྱི་གཙུག་ཏུ་གདུང་རིང་བསྲེལ། མགྲིན་པར་དབྱངས་གསལ། ཐུགས་ཀར་ཤེལ་རྡོ་ཧཱུྃ་བཅས། ཁྱད་པར་གསང་རྫོགས་དང་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་དོན་སྲོག་ཤིང་ནང་དུ་ཙནྡན་དཀར་པོ་སོགས་ལས་བཅོས་པའི་སྲོག་ཕུར་བཏབ་པའི་ཕྱི་ཚེ་དཔག་མེད་པའི་གཟུངས་སྔགས་སྒྲུབ་པ་པོའམ་སྦྱིན་བདག་གི་ཚེ་འཕེལ་ཞིང་བརྟན་པའི་འདོད་གསོལ་སྦྱར་བས་དྲིལ་ལ་དར་སེར་པོའི་ན་བཟས་བཀླུབ། ས་འཛིན་གྱི་བང་རིམ་རྣམས་སུ་གང་ཡིན་དེའི་སྒྲུབ་རྫས་མཆོད་རྫས་རྐྱེན་ཟློག་གི་རྫས་རྣམས་ཀྱང་གསག་པར་བཤད། ས་འཛིན་ངོས་ལ་སྟག་ཤམ་ས་ལྷའི་གཏེར་བུམ། ཀློང་གསལ་གྱི་སྤྱི་བཅོས་རིགས་དང་། ཐུགས་རྡོར་བཀྲ་ཤིས་གཏེར་སྒྲུབ་སོགས་གཙོར་བྱ། གནོད་སྦྱིན་འཁོར་ལོ་མོ་འཁོར་སྟེང་དང་ཕོ་འཁོར་འོག་གཙོ་བོའི་དབུ་མདུན་བསྟན་དུ་འཇོག་ཅེས་སྨིན་ལོས་གསུངས། རྒྱས་པ་དང་དབང་གི་རྟེན་གྲ་མངོན་ཛཾ་དམར། གཏེར་ཁ་གསར་རྙིང་རྣམ་སྲས་དང་ཛཾ་ལྷ། ལྷ་ཆེན་སོགས་གཙོར་བྱ། གཏེར་གསར་ཐུགས་སྒྲུབ་བཀྲ་ཤིས་གཏེར་བུམ་གྲུབ་ནའང་གནོད་སྦྱིན་འཁོར་ལོའི་སྟེང་ངམ་མདུན་རྒྱབ་ལྟ་བུར་བཞག །གང་ལྟར་པད་གདན་ལས་ཕྱིར་དམའ་མི་རུང་། ཡིད་བཞིན་འཁོར་ལོའི་ལས་ཚོགས་བུམ་པ་ལྔའམ་གཅིག་ལ་བསྡུས་ཀྱང་རུང་ཞིང་ལྟེ་བ་ཙམ་དུ་འཇོག །སྐུ་བརྙན་རྡོར་སེམས་ཞི་ཁྲོ་ལྟ་བུ་ཡིན་ན་མདོ་སྒྱུ་དོང་སྤྲུགས་རྣམས་ནས་འབྱུང་བའི་ལུས་དཀྱིལ་ལྷའི་སྔགས་སོ་སོར་བཀོད་ན་ལེགས་ཤིང་། གུ་རུའི་སྐུ་ལ་སྟག་ཤམ་བླ་མ་ནོར་བུ་ནས་འབྱུང་བའི་སྐུ་ཚབ་འགྲོ་འདུལ་གྱི་བརྡ་ཡིག་གནས་སོ་སོར་འགོད། ཧེ་རུ་ཀ་གལ་པོ་ནས་ཐང་སྐུར་འབྲི་བར་གསུངས་པའི་སྐུ་གསུམ་བྱིན་རླབས་སྔགས་གནས་གསུམ་དུ་བཀོད་པ་དང་། གཏེར་གསར་མ་མོ་སྤྱི་བསྡུས་ནས་བཤད་པ་ལྟར་གཟི་བརྗིད་སྐྱེད་པ་སྐུ། ཚངས་དབྱངས་སྐྱེད་པ་གསུང་། བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ་གཏེར་བྱོན་གྱི་རྒྱུན་ལྡན་རྙེད་ན་མཆོག་ཏུ་འགྱུར་བས་དེ་དག་དཔྲལ་མགྲིན་ཐུགས་ཀར་གཞུག་པའམ་དེ་དག་བསྲེས་པའི་སྨན་འདམ་གྱིས་གནས་གསུམ་བྱིན་རླབས་ཀྱི་ལྷ་སྐུ་བཏབ་ནས་བཞག །གཏེར་བྱོན་གྱི་སྐུ་ཚབ་ལྟ་བུ་འགང་ཆེ་བའི་རིགས་དབུའམ་ཐུགས་ཀ་དང་། སྐུ་བརྙན་གཞན། རྡོ་རྗེ་ཕུར་པ་སོགས་སྟོད་སྨད་བབ་ཡུལ་གྱི་འགྲོས་དང་བསྟུན། ཐམས་ཅད་ཀྱང་དར་གོས་ཀྱི་ན་བཟའ་ཟངས་སྒྲོམ་ལྟ་བུའི་སྣོད་དང་བཅས་ཏེ་གཞུག །གཟུངས་གཞུག་གི་ཁྱད་པར་སངས་རྒྱས་ཀྱི་འདས་རྗེས་གསུམ། སངས་རྒྱས་སྲས་གཅིག །སྙིང་ཐིག་རྒྱུད་དྲུག་སོགས་རང་བྱུང་བསྟན་པ་བུ་གཅིག་པའི་རིགས་རྣམས་གཙུག་ཏོར་ནས་དཔྲལ་བ་ཡན་ཆད་ལ་གཞུག །བླ་མ་དགོངས་འདུས་ཀྱི་རྒྱུད་དགུ་ཡོད་ན་གཞུང་མཐུན་གནས་ལྔ་སོ་སོར་དང་། གཞུང་དེ་ལས་འབྱུང་བ་སོགས་མཐོང་གྲོལ་རིགས། ཡེ་འབར་རྩ་རྒྱུད་ལྟ་བུ་རྣམས་ཐུགས་ཀར་གཞུག །གླེགས་བམ་སོར་བཞི་པའི་རིགས་ཐམས་ཅད་ཀྱང་ན་བཟའ་གླེགས་ཤིང་དང་བཅས་ཏེ་མགོ་གཞུག་མ་ནོར་ཞིང་ཞལ་མདུན་བསྟན་བྱ། དབུ་གཟུངས་བླ་མ་བརྒྱུད་པའང་སྟོད་ནས་མས་རིམ་བཞིན། ཆོས་ལོངས་སྤྲུལ་གསུམ་སྔོན་དུ་འགྲོ་བའི་གཏེར་ཁ་གོང་འོག་སོགས་ཀྱི་བླ་སྒྲུབ་བརྒྱུད་པ། མཁན་སློབ་ཆོས་གསུམ་རྗེ་འབངས་ཉེར་ལྔའི་མཚན་སྔགས། རྫོགས་ཆེན་སྙིང་ཐིག་ཆེན་མོ་སོགས་བི་མ་ལ་དང་པདྨའི་བཀའ་སྲོལ་སྙིང་ཐིག་རྣམས་ཀྱི་བརྒྱུད་པ། ཀློང་སྡེ། སེམས་སྡེ། འདུས་མདོ། དོང་སྤྲུགས། སྒྱུ་འཕྲུལ་དབང་བཀའ་བཤད་བཀའི་བརྒྱུད་པ། མཉམ་སྦྱོར། རྒྱ་གར་རིག་འཛིན་བརྒྱད་ཀྱི་མཚན་སྔགས། བཀའ་བརྒྱད་རྣམ་གསུམ་གཤེད་སྐོར་རྟ་མགྲིན་ཡང་ཕུར་མ་མོ་སོགས་སྒྲུབ་སྡེ་བྱེ་བྲག་པ་རྣམས་ཀྱི་བརྒྱུད་པ། བྱང་སྡོམ་དང་སོ་ཐར་སྡོམ་རྒྱུན་རྣམས་དང་། དེ་དག་ཏུ་མ་འདུས་པའི་སྔ་འགྱུར་ལོ་ཙཱ་བསྟན་འཛིན་སྐྱེས་ཆེན། གཏེར་སྟོན་བརྒྱ་རྩའི་མཚན་སྔགས་སོགས་ཀྱང་འགྲུབ་ན་གཞུག །ཐུགས་ཀའི་སྟོད་ནས་རིམ་བཞིན་གཏེར་ཁ་གོང་འོག་བྱང་གཏེར་སོགས་བླ་སྒྲུབ་སྙིང་པོ་སྤྱི་འགྲོ་རྣམས་དང་། བླ་མ་དགོངས་འདུས་དང་ཡིད་བཞིན་ནོར་བུས་མཚོན་ཁྱད་པར་དུ་གྱུར་པ་རྣམས་དང་། བླ་མ་དྲག་པོ་དམར་མཐིང་གཙོ་རྐྱང་དཀྱིལ་འཁོར་ཚོམ་བུ་ཤམ་འདོགས་དང་བཅས་པ་སྟེ་བླ་མ་ཞི་དྲག་ཕྱི་ནང་གསང་བ་བསྙེན་སྒྲུབ་ལས་སྦྱོར་གྱི་སྙིང་པོ་རྣམས། ཨ་ཏི་ཞི་ཁྲོ་རིགས་བརྒྱ་བཀའ་གཏེར་རིགས། ཚོགས་ཆེན་འདུས་པ། དོང་སྤྲུགས། སྒྱུ་འཕྲུལ་ཞི་ཁྲོ། མཉམ་སྦྱོར། བཀའ་བརྒྱད་རྣམ་གསུམ་སོགས་ཀྱི་ཞི་སྔགས་ཁྲོ་སྔགས། བཀའ་གཏེར་གཉིས་ཀྱི་གཤེད་སྐོར། རྟ་མགྲིན་དམར་ནག །ཡང་ཕུར། མ་མོ་སྤྱི་དང་བྱེ་བྲག་ཕག་ཁྲོས་སེང་གདོང་། ལོག་ཏྲི་ཞི་ཁྲོ་སོགས་དྲེགས་པ་དང་དྲག་སྔགས་ཀྱི་སྒོས་བཀའ་རྣམས་ཐུགས་སྨད་བར་གཞུག །པད་ཕྲིན་གྱིས་ཞི་ཁྲོ་ཚེ་དཔག་སོགས་ཕ་རྒྱུད་ཐུགས་ཀའི་གཡས། ཕུར་པ་མཁའ་འགྲོ་གསང་རྫོགས་སོགས་མ་རྒྱུད་གཡོན། གུ་རུ་ཞི་དྲག་དང་བཀའ་བརྒྱད་གཉིས་མེད་རྒྱུད་དབུས་སུ་གཞུག་པར་གསུངས། དེ་དག་གི་འོག་ཏུ་རིམ་བཞིན་རྣལ་འབྱོར་རྒྱུད་ཡོ་ག་རྡོར་དབྱིངས། སྤྱོད་རྒྱུད་ཕྱག་རྡོར་དབང་བསྐུར། བྱ་རྒྱུད་ཀྲི་ཡ་དོན་གྱི་ལྷ་དྲུག་གི་གཟུངས་སོགས་ཁྱད་པར་ཏེ་སྤྱི་འགྲོ་རྣམས་གསར་མ་ལྟར་གཞག །པད་གདན་དུ་ཆོས་སྐྱོང་གཙོ་བོ་མདོ་མགོན་དང་རྒྱུད་མགོན། ཕྱག་བཞི་པ་དཀར་མཐིང་། མ་ནིང་དང་སྔགས་སྲུང་མ་སོགས་སྡེ་བདུན་དང་སྡེ་ལྔ་གཙོར་གྱུར་པ་རྣམས་དང་། གཏེར་ཁ་ཐ་དད་ལས་འབྱུང་བའི་ཡེ་ཤེས་ཆོས་སྐྱོང་རྣམས་ཀྱི་སྙིང་པོ་གཟུངས་སྔགས། ཁྱད་པར་རང་བསྟེན་གཙོ་བོར་བྱེད་པ་དེའི་སྐུ་གཟུགས་བླ་རྡོ་སྲོག་འཁོར་བཅའ་སྒྲུབ་ཚུལ་བཞིན་བྱས་པའམ། སྤྱི་འགྲོ་ཙམ་དུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱིའི་སྲོག་འཁོར་བརྒྱུད་ལྡན་གྱི་ཕྱག་ལེན་ལྟར་འཇོག །གཞན་ཡང་བླ་མའི་གདན་ས་ལ་དར་རྒུད་བྱུང་ན་བླ་བརྒྱུད། མི་རྒྱུད་ཕྲ་ན་སྲོག་ཤིང་། ནོར་གུད་ན་ནོར་ལྷའི་སར། དམག་འཁྲུགས་ནད་རིམས་འདྲེ་བདུད་ཟློག་ན་དེའི་གཉན་པོའི་ཁ་འགེངས། སྒྲིབ་སྦྱོང་ལ་རྩ་རིག་རྡོར་སེམས་སོགས་དང་། ཀུན་ལའང་སྨོན་ལམ་གྱི་མཐའ་བསྒྱུར་བྱ་བར་བཤད་པ་ཁུངས་སྔ་འགྱུར་གྱི་ཕྱོགས་འདིར་ཡིན་ཡང་གསར་མ་ལའང་དེ་ལྟར་མི་རུང་པ་མེད་དོ།། ༈ །།གསུམ་པ་མཆོད་རྟེན་གྱི་ནང་གཞུག་ནི། སྤྱིར་མཆོད་རྟེན་ཆེ་ཆུང་གང་ཡིན་ཡང་དྲི་མེད་རྣམ་གཉིས་ཀྱི་ཆོ་གས་བསྒྲུབས་པ་ཞིག་བྱུང་ན་ས་རྡོ་ལས་བཅོས་ཀྱང་འབྲེལ་ཚད་དོན་ལྡན་བྱས་པ་དོན་ཡོད་དུ་འགྱུར། དེ་ལྟར་མ་ཡིན་ན་གསེར་དངུལ་ལས་བཅོས་པའང་རྟེན་ཕལ་པ་ཙམ་ལས་མི་འགྱུར་བ་དང་། དེའི་སྒེར་ཆོས་ཤེས་ན་གཟུངས་གཞུག་སྤྱི་ཁྱབ་སྐུ་གཟུགས་ཀྱིས་འགྲེ་ཆོག་ཕྱིར་ཤེས་སླ་བས་དེའི་ཚུལ་རྒྱས་པ་ཞྭ་ལུའི་ཡིག་ཆ་གསར་རྙིང་དང་། ཁྱད་པར་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་ཆོ་ག་བཀླག་ཆོག་མ་ལྟར་བྱ་དགོས། དེ་ལ་ཐོག་མར་རྡོ་རྗེ་སློབ་དཔོན་བསྙེན་སོང་ཞིག་གིས་མཆོད་རྟེན་གང་དུ་བྱ་བའི་ས་གཞིར་དྲི་མེད་ཆོ་གའི་སྒོ་ནས་ས་སློང་བ་སྦྱོང་བ་གཟུང་བ་རྣམས་བྱ་ཞིང་། སེང་ལྡིང་ཕུར་བུ་བརྒྱད་དམ་གཅིག་བཏབ་པའང་ས་གཞིར་ཁུང་བུ་བརྐོས་པ་ལ་རྡོ་སྒྲོམ་བྱས་པར་དང་། ལྷ་ཁང་ནང་ལྟ་བུར་རྩིགས་པའི་རྩ་བར་ཕུར་ཁང་ལ་གཞུག །སྲོག་ཤིང་གཙོས་སྤྱིའི་སྟ་གོན་སྔར་བཤད་པ་ལྟར་ལ། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་ཕྱི་རོལ་ལྟ་བུར་རྡོ་ལེབ་ཆེ་ཞིང་འཐུག་པ་ལ་བརྐོས་པ་དང་། ནང་གི་གསེར་ཟངས་ལྟ་བུར་ཤིང་ལེབ་ལ་བྲིས་ཏེ་ཚོན་གཡིས་ལེགས་པར་བྱ། འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་གོ་དགུ་སེར་པོ། གཙུག་ཏོར་དྲི་མེད་བརྒྱ་དང་བརྒྱད་དཀར་པོ་རྣམས་ཆོ་ག་དང་ལྡན་པར་བཏབ་ཅིང་། སོ་སོའི་གཟུངས་རིང་ངམ་སཱཙྪ་ཆུང་ངུ་ལ་མི་ཤོང་ན་གཟུངས་ཐུང་ནང་གཞུག་བཙུད་པ་མཁན་པོའི་ལུགས་ཀྱི་ཆོ་ག་རྒྱས་བསྡུས་གང་རུང་གིས་ཚུལ་བཞིན་བསྒྲུབ། མཆོད་རྫས་སྣོད་ཏིང་ཕོར་དང་སྡེར་ཆུང་ཟངས་དང་ལི་སོགས་ལས་བཅོས་པའམ། རྫ་ལས་བྱས་པ། སྤོས། མར་མེ། ཚོགས་བདག་གི་སྐུ་བྲིས་པ། བཀྲ་ཤིས་རྫས་བརྒྱད། རྒྱལ་མཚན། སྒབ་དཀྲིས། རས་སྐུད། དར་དཔྱང་སོགས་རྒྱས་བསྡུས་འབྱོར་པ་དང་བསྟུན་པ་ཉེར་སྡོག་བྱ། རྩིག་རྨང་དུ་མནན་པ་དང་། མཚོན་ཆ་མནན་པའི་སྟེང་དུ་ས་བདག་དང་ཀླུ་བུམ། ས་འཛིན་དང་སེང་ཁྲི་བརྩེགས། དེ་དག་ཏུ་ཐུགས་རྡོར་བཀྲ་ཤིས་གཏེར་སྒྲུབ། ཀློང་གསལ་སྤྱི་བཅོས་རིགས་ཡོད་ན་དང་ཤིས་བརྗོད་སྨོན་ལམ་ཉེས་སེལ་རིགས་གང་མང་བཞག །སེང་ཁྲིའི་སྟོད་དམ་གདུང་ཆེན་དུ་ཆོས་སྐྱོང་ནོར་ལྷའི་གཟུངས་སོགས་བཞག །དེའང་སྔོན་གྱི་མཁས་པ་འགའ་ཞིག་གི་གསུང་དང་མཐུན་པར་དབུས་སུ་ཟངས་དཀར་མར་ཁུས་བཀང་བ་ལྟ་བུའི་ཁར་གནོད་སྦྱིན་འཁོར་ལོ། གཡས་སུ་ཆོས་སྐྱོང་སྤྱི་བྱེ་བྲག །གཡོན་དུ་དཔག་མགོན་བདུན་ཅུ་རྩ་ལྔ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་རིགས། མདུན་དུ་དཀར་ཕྱོགས་སྐྱོང་བའི་དམ་ཚིག་ཅན་རྣམས་ཀྱི་གཟུངས་སྔགས་བླ་རྡོ་སོགས་དང་བར་བར་དུ་ཤིས་བརྗོད་སྨོན་ལམ་འདོད་གསོལ་རྣམས་འཇོག་པ་ལག་ལེན་དུ་བདེ། ཚད་མེད་ནས་བུམ་གདན་བར་འདུལ་མདོའི་གླེགས་བམ། མདོ་གཟུངས་རིགས་དང་། སཱཙྪ་ཤིན་ཏུ་མང་ནས་བུམ་པར་མ་ཤོང་ན་སཱཙྪ་ཅི་ཤོང་བྱ། དེའང་བར་མཚམས་བཟང་ཤིང་ཕུར་མ་དང་བྱེ་མ་སོགས་ཀྱིས་བཅེར་ནས་གཡས་གཡོན་དུ་ཡོ་འགུལ་མི་འབྱུང་བ་དང་སྟེང་མས་འོག་མ་བཅག་གྲུམ་གྱི་སྐྱོན་མི་འབྱུང་བ་བྱ། བུམ་གདན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་དང་མཆོད་པ་བཞག་ཆོག་ཏུ་བཀོད་ནས་དེའི་ཆོ་ག་ཚུལ་བཞིན་བྱས་ཏེ་རས་ལྟ་བུའི་ཞལ་ཁེབས་ཀྱིས་བཀག །དེ་སྟེང་ཚོམ་བུ་ལ་བརྟེན་འོད་ཟེར་དྲི་མེད་ཀྱི་སྟ་གོན་བྱ། ཕྱིར་ཉིན་འོད་ཟེར་དྲི་མེད་དཀྱིལ་འཁོར་སྔ་མའི་སྟེང་བཞག་པའི་དབུས་སུ་སྲོག་ཤིང་བརྟན་པོར་བཙུགས་པའི་མཐའ་སྐོར་མཆོད་པའི་བྱེ་བྲག །རྫས་བརྒྱད། རྒྱལ་མཚན། སྒབ་སྐོར། ཕྱོགས་བཞིར་ཕྲེང་བ་དར་དཔྱང་སོགས་ཀྱི་བཀོད་པ་དང་། སྲོག་ཤིང་ལྕིད་ཀྱིས་དཀྱིལ་འཁོར་ལ་སྐྱོན་འབྱུང་ཉེན་ཡོད་པས་ནང་དུ་གདུང་རྒྱ་གྲམ་ལྟ་བུས་སྲོག་ཤིང་གི་ལྕིད་ཐེག་པའི་ཐབས་བྱས། དེ་ཉིད་ཀྱི་ཆོ་ག་ཚུལ་བཞིན་གཏང་། དེ་སྟེང་འོག་ཏུ་གཙུག་ཏོར་དྲི་མེད་ཀྱི་སཱཙྪ་བརྒྱ་དང་བརྒྱད། དེ་སྟེང་འོད་ཟེར་དྲི་མེད་ཀྱི་གོ་དགུ་རྣམས་བརྩེགས་མར་བཞག །གཟུངས་གཞུག་བུམ་སྨད་ནས་ཡས་རིམ་གྱིས་བྱ་སྤྱོད་རྣལ་འབྱོར་བླ་མེད། བྲེ་ལ་དབྱངས་གསལ། ཆོས་འཁོར་དུ་བླ་བརྒྱུད། ཏོག་ལ་གཙུག་ཏོར་དང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་གོང་དུ་སྨྲོས་པས་རིགས་འགྲེས་ཏེ་གཞུག །གསེར་ཟངས་ལྟ་བུ་ལ་བར་མཚམས་རྣམས་སྨན་སྣ་རིན་ཆེན་ཕྱེ་མ་ཁྱད་པར་ལྔ་ཚན་ལྔའི་ཕྱེ་མ་ཐུམ་བུ་སོགས་ཀྱིས་བཅེར་བས་མཚོན་ལག་ལེན་གྱི་ཁོག་སྐུ་གཟུགས་ཀྱི་སྐབས་བཞིན་བྱའོ།། ༈ །།གཉིས་པ་རྟེན་ཆུང་འབྲིང་གི་རིགས་ལ། སྲོག་ཤིང་ངོས་སུ་མང་པོ་མི་ཤོང་བས་གནས་ལྔར་འབྲུ་ལྔ་དང་། རྩེ་མོར་རྣམ་རྒྱལ་སྙིང་པོ། ཨོཾ་གྱི་འོག་ཏུ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཨཱཿའི་འོག་ཏུ་དབྱངས་གསལ། ཧཱུྃ་གི་འོག་ཏུ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དང་ལྷ་གང་ཡིན་དེའི་སྙིང་པོ། སྭཱའི་འོག་གི་ཕྱོགས་སོ་སོར་གཙུག་ཏོར་དྲི་མེད། རྣམ་རྒྱལ། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་གཟུངས་ཐུང་དང་། དེ་དང་འབྲེལ་བར་མདུན་ཕྱོགས་སུ་རྟེན་འབྲེལ་སྙིང་པོ། ཧཱའི་འོག་ཏུ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་སྭཱ་ཧཱ། ཞེས་པ་རྣམས་བྲི། དེ་ཙམ་ཡང་མི་ཤོང་བའི་རིགས་ལ་འབྲུ་ལྔ་ཙམ་ཁོ་ན་བྲི། སྐྱེ་མཆེད་བྱིན་རླབས་ཀྱང་རྒྱུད་སྡེ་གང་ཡང་རུང་བ་གཅིག་གི་ལུགས་སམ་ས་བོན་ཙམ་ཞལ་རས་ཀྱི་ཐད་ཀའི་སྲོག་ཤིང་ལ་དྲིལ། སྲོག་ཤིང་ལ་འབྲི་རྒྱུའི་གཟུངས་ཐུང་རིགས་སོགས་ཀྱང་སྲོག་ཤིང་ཕྱེད་ཀ་ཙམ་ལ་དྲིལ། བླ་བརྒྱུད། ཡི་དམ་རྒྱུད་སྡེ། མདོ་གཟུངས། ཆོས་སྐྱོང་ནོར་ལྷ་རྣམས་འབྲིང་པོ་ལ་འབྲིང་པོ་དང་། ཆུང་ངུ་ལ་བསྡུས་པའི་ལུགས་སུ་བྱང་ཞིང་། གཟུངས་ཆེན་སྡེ་ལྔ་རིང་ཐུང་གང་ཡང་རུང་བ་ཐམས་ཅད་ལ་མེད་ཐབས་མེད། གཟུངས་རྣམས་ཀྱང་དགེ་བའི་བཤེས་གཉེན་བྱ་ཡུལ་བའི་གསུང་སྒྲོས་ལས་འབྱུང་བ་ལྟར། དབུ་ཞབས་མ་ལོག་པར་ཐེག་པའི་གོ་རིམ་དང་མཐུན་པར་སྲོག་ཤིང་གི་སྟོད་སྨད་བར་གསུམ་དུ་བཅིངས་ཏེ་བར་བར་དུ་དྲི་བཟང་གི་ཕུར་མ་དང་བཅས་གཞུག་པའམ། དེ་ལྟར་གཞུག་མི་བདེ་བའི་རིགས་ལ་རྒྱལ་བ་མི་བསྐྱོད་ཞབས་ཀྱི་གསུངས་ལྟར་སྲོག་ཤིང་གི་གཟུངས་དང་པད་གཟུངས་མ་གཏོགས་པའི་གཟུངས་རྣམས་དབུ་ཞབས་མ་ལོག་པར་མཆོད་རྟེན་གྱི་བུམ་པ་དང་སྐུ་གཟུགས་ཀྱི་ཐུགས་ཀར་ལྷན་ཅིག་ཏུ་གཞུག་ཀྱང་རུང་ཞིང་། ཤོག་དྲིལ་འགྲེང་སྟབས་སུ་མི་ཚུད་པའི་རིགས་ལ་འཕྲེད་གཟུངས་ཞེས་པ་རྟེན་གྱི་གཡས་སམ་རྒྱབ་ངོས་སུ་ཡིག་མགོ་བསྟན་ཏེ་གཞུག་པའི་སྲོལ་ཡང་ཡོད། གནོད་སྦྱིན་འཁོར་ལོའང་མཐའ་ནས་ཅུང་ཟད་ནང་དུ་ལྟེབ་པའམ་ཛཾ་དགུ་བཾ་དགུའི་ཙཀྲ་བཞག་ཀྱང་ས་བཅད་ཚང་། བྱིན་རྟེན་ཡང་མང་པོ་མི་ཤོང་ཞིང་སྣ་ཚོགས་འཇུག་པ་ལ་དགོས་པ་མེད་ཀྱང་རིང་བསྲེལ་རྣམ་ལྔ་ཚང་ན་ལེགས་པས། སྐུ་བལ་སོགས་བྱིན་ཅན་ཕྱོགས་བསྡུས་ཀྱི་རིལ་བུ་འདྲ་བྱུང་ན་དང་། སཱཙྪ་ཕྱག་སྤར་ཆུང་ངུ་ཡོད་ན་ལེགས། དེ་རྣམས་ཀྱང་སྟ་གོན་གྲུབ་པ་དང་སྦྱོང་བ་ཁྲུས་གསོལ་སྔོན་དུ་འགྲོ་བས། རྟེན་འབྲེལ་སྙིང་པོ་ཅི་འགྲུབ་དང་། ཕུན་སུམ་ཚོགས་པ་བརྗོད་ཅིང་མེ་ཏོག་འཐོར། རྟེན་གྱི་ནང་རྣམས་ཀྱང་དྲི་བཟང་པོས་བྱུག་ཅིང་གུ་གུལ་གྱིས་བདུག་པར་བྱས་ནས་འབུལ་ལོ། །སྤྱིར་བླ་མའི་སྐུ་ལ་བླ་མ་དེ་རང་གི་ཐུགས་དམ་གྱི་གཙོ་བོ་གང་ཡིན་གྱི་བརྒྱུད་པའི་མཚན་སྔགས། ཡི་དམ་ཆོས་སྐྱོང་རྟེན་འབྲེལ་སྙིང་པོ་རྣམས་ནས་སྣ་རེ་གཞུག །ཞལ་བཞུགས་པ་ལ་ཞབས་བརྟན་དང་། གཤེགས་པ་ལ་དགོངས་པ་རྫོགས་ཤིང་ཚེ་རབས་སུ་རྗེས་སུ་འཛིན་པའི་སྨོན་ལམ་སོགས་བྱ། རང་གི་དམ་ཚིག་གི་སྐུ་རྟེན་ལྟ་བུ་ཡི་དམ་ལྷའི་སྐུ་བརྙན་ལ་རྒྱུད་སྡེ་གང་ཡིན་དང་མཐུན་པའི་སྐྱེ་མཆེད་བྱིན་རླབས། དབང་བསྐུར་རང་གི་དབང་བཤད་མན་ངག་གི་བཀའི་བརྒྱུད་པའི་བླ་མའི་མཚན་སྔགས་དང་བྱིན་རྟེན། ཐུགས་ཀར་ཡི་དམ་རང་གི་བསྙེན་བསྒྲུབ་ཀྱི་སྔགས་སོགས་གཙོ་བོར་བྱས་ཏེ་འབུལ། ཡང་ཆོས་སྐྱོང་གི་རིགས་ལ། དབང་བསྐུར་རང་དང་འབྲེལ་བའི་བླ་བརྒྱུད་ཀྱི་མཚན་སྔགས་དང་། གཉེན་པོའི་ལྷ་གང་ཡིན་གྱི་གཟུངས་སོགས། ཐུགས་ཀར་རང་གི་སྔགས་དང་སྲོག་འཁོར་བླ་རྡོ་སོགས་སོ་སོའི་མན་ངག་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་གནད་མ་འཆུགས་པར་འབུལ། ཆོས་སྐྱོང་སྐུ་བརྙན་ཕལ་ཆེར་ལ་སྤྱི་འགྲོ་ཙམ་གྱིས་མི་འཐུས་པའང་ཡོད་པས་མན་ངག་བརྒྱུད་པ་ལས་རྟོགས་པར་བྱའོ། །ཡང་བྲིས་སྐུ་ལྟ་བུ་ལ་རྒྱབ་ཏུ་སྐུ་གཟུགས་ཀྱི་གནས་གསུམ་སོ་སོའི་ཐད་དུ་འབྲུ་གསུམ་དང་སྐྱེ་མཆེད་བྱིན་རླབས། ལྷ་དེ་དང་དེའི་མཚན་སྔགས་དང་གཟུངས་སྔགས། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྟེན་འབྲེལ་སྙིང་པོ། ཐུབ་པའི་གསོ་སྦྱོང་དང་ཤིས་བརྗོད་ཅི་ལྟར་རིགས་པ་བྲི། བསྡུ་ན་གནས་གསུམ་འབྲུ་གསུམ་ཙམ་དང་། རྙིང་མ་ཡིན་ན་སྤྱི་བོར་ཨོཾ་གྱི་གཤམ་དུ་གལ་པོ་ལས་གསུངས་པའི་ཆོས་སྐུར་བྱིན་གྱིས་རློབ་པའི་སྔགས།་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། མགྲིན་པར་ཨཱཿའི་འོག་ཏུ་ལོངས་སྐུར།་་་ཨོཾ་བཛྲ་ཀུ་ཤ་མྲི་ཏི་ཨུ་ཏ་ས་སཾམྱཀ་ཨ་རི་ཏི་ཨི་ཏྲ་པ་ཡཱ་བོ་ད་ཨང་ག་ར་ཏྱ་ཨ་ཏྱ་བ་ཏི་ཨུརྣ་མ་རུ་ཕྱེ་ཏི་ཀུ་རུ་སྭཱ་ཧཱ། ཐུགས་ཀར་ཧཱུྃ་གི་འོག་ཏུ་སྤྲུལ་སྐུར།་་་ཨོཾ་བཛྲ་ཛྙཱ་ན་པཉྩ་ཀཱ་ཡ་གུ་ཎ་གརྦྷ་བུ་མི་ཏྲ་ཤ་ཀྲ་ནི་ཀ་རུ་སྭཱ་བྷཱ་བ་ཛྙཱ་ན་ཝཱ་ག་ས་མནྟ་ཨ་མོ་གྷ་ཡ་སྭཱ་ཧཱ། བྱིན་གྱིས་རློབ་པའི་སྔགས་ཙམ་བྲིས་པས་ཀྱང་ཆོག །གསུང་རྟེན་གླེགས་བམ་ལ་ནི་དེ་ཉིད་ཀྱི་ཐ་མ་ལ་བྲི་བ་ཕྱག་ལེན་ནོ། །མཆོད་རྟེན་ཆུང་བའི་བུམ་པར་དཀྱིལ་འཁོར་མི་ཤོང་བའི་རིགས་ལ་དེའི་ཉེ་ལོགས་སུ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་ག་མཛད་པའི་ཕྱག་ལེན་ཡང་སྣང་བས། དེ་ལྟར་ན་སྲོག་ཤིང་ལ་ཁུང་བུ་འདྲུ་ནས་འཇོག་དགོས་པའི་གཟུངས་རྣམས་གྲངས་ཀ་ཚང་བ་ཤོག་དྲིལ་བྱས་ནས་སྲོག་ཤིང་གི་ངོས་ལོགས་སུ་བཅིང་། རྩེར་འོད་ཟེར་དྲི་མེད་མདོ་རིལ་པོ་མ་ཤོང་ན་གཟུངས་ཙམ་གཞུག་པ་ལས་ཐབས་མེད་ཅིང་། སཱཙྪ་རྣམས་ཀྱང་བརྐོས་ཕོར་ཤིན་ཏུ་ཆུང་ངུ་ལ་བཏབ་པའམ་རེ་ཟུང་ཙམ་འཇོག་གོ །དེ་ལྟར་རྟེན་གྲུབ་ནས་གཟུངས་གཞུག་དང་རབ་གནས་འགྱང་ན་བར་ཆད་ཆེ་ཞིང་མི་ལེགས་པར་གསུངས་པས་གྲུབ་འཕྲལ་བྱ་བ་རང་གལ་ཆེ། གལ་ཏེ་རྐྱེན་དབང་གིས་འཕྲལ་དུ་མ་གྲུབ་ན་བླ་མ་བཟང་པོའི་ལྗགས་གུལ་སོགས་ཀྱིས་བདུག །བྱིན་རླབས་ཀྱི་རྟེན་དུ་མས་མནན་པའམ་དགབ། བཟོ་བོའི་གཟོང་དང་ཐོ་བ་སོགས་ཇི་ལྟར་རིགས་པ་རེ་རྟེན་དང་མཉམ་དུ་བཞག །རས་སོགས་ཀྱིས་དྲིལ་བའམ་ཁེབས་ཀྱིས་གཡོགས་ནས་གཟུངས་གཞུག་དང་རབ་གནས་བྱེད་ཀྱི་བར་དུ་གཞན་གྱིས་མ་མཐོང་བར་འཇོག་པ་བར་ཆད་མི་འབྱུང་བའི་གནད་ཡིན་གསུངས་སོ། །རྟེན་ཆགས་ཚད་མི་ལྡན་ཞིང་ནང་གཞུག་ཚུལ་བཞིན་མ་བྱུང་བ་དང་། སློབ་དཔོན་དང་ཆོ་ག་མཚན་ཉིད་མི་ལྡན་པས་རབ་གནས་མ་ཆགས་པའི་རྟེན་གྱིས་ཡུལ་ཕྱོགས་ལ་མི་ཤིས་པ་འབྱུང་ཞིང་བསྟན་འགྲོ་སྤྱི་ལ་གནོད་པས། སྦྱིན་བདག་གི་ཡོ་བྱད་ཆུད་ཟ་ཞིང་འཕྲལ་ཡུན་དུ་ཉེས་པ་སྐྱེད་པའི་རྒྱུ་ཡིན་ལ། དེ་ལས་ལྡོག་པ་ནི། ཚེ་འདི་དང་ཕྱི་མ་དང་སངས་རྒྱས་ཀྱི་བར་དུ་ཡང་ལེགས་ཚོགས་སམ་དགེ་ལེགས་རྒྱུན་མི་ཆད་པ་འབྱུང་བ་རྒྱུད་གཞུང་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་སོ།། །།ལྔ་པ་དེ་ལྟར་བྱས་པའི་འབྲས་བུ་ནི། སྤྱིར་སངས་རྒྱས་ལ་དམིགས་པའི་བྱ་བ་ཆེ་ཆུང་གང་བྱས་ཀྱང་ཡོན་ཏན་བླ་ན་མེད་པ་དང་ལྡན་ཅིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲས་བུ་མི་ཟད་པར་འཕེལ་བ་ཡིན་པས། སྐུ་གཟུགས་དང་མཆོད་རྟེན་རྣམས་ཀྱང་རབ་རིན་པོ་ཆེ། འབྲིང་སྨན་དང་བཟང་ཤིང་། ཐ་མ་ས་རྡོ་འཇིམ་པ་ལ་དད་མོས་ཀྱིས་བསྒྲུབ་པ་ལྟ་ཅི། རྩེད་མོའི་ཕྱིར་རྩིག་པའི་ངོས་ལ་ཤིང་བུས་བྲིས་པ་ཙམ་ཡང་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་གསལ་རྒྱལ་གྱིས་ཞུས་པ་དང་། སྤྱན་རས་གཟིགས་ཀྱི་མདོ། མར་མེ་འབུལ་བའི་མདོ། མཆོད་རྟེན་བསྐོར་བའི་ཚིགས་སུ་གཅད་པ་ལ་སོགས་པ་རྣམས་ནས་གསུངས་པ་དང་། མཆོད་རྟེན་ལ་སོགས་པའི་ནང་དུ་སྲོག་ཤིང་བཙུགས་པ་དང་གཟུངས་གཞུག་པའི་ཕན་ཡོན་ཡང་། གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ། འཕགས་པ་འོད་ཟེར་དྲི་མ་མེད་པའི་མདོ། ཀུན་ནས་སྒོར་འཇུག་པ་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་མདོ། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ། རྟེན་འབྲེལ་སྙིང་པོའི་མདོ་ལ་སོགས་པ་ནས་རྟེན་དེ་རྣམས་མཐོང་ཐོས་དྲན་རེག་ཐ་ན་རྟེན་བཞུགས་པའི་ཡུལ་གྱི་རླུང་ཕོག་པ་ཚུན་ཆད་ཀྱང་། ངན་སོང་གི་སྐྱེ་སྒོ་ཆོད་ནས་དག་པའི་ཞིང་དུ་སྐྱེ་བ་དང་རྣམ་གྲོལ་གྱི་གོ་འཕང་འཐོབ་པར་གསུངས། དེའི་སྟེང་དུ་རབ་གནས་ཚུལ་བཞིན་བྱས་པའི་ལྷ་རྟེན་ལ་ཕྱག་མཆོད་བཀུར་སྟི་བྱས་ན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་མཆོད་བཀུར་སྟི་བྱས་པར་འགྱུར་བ་ཡིན་པས་བསོད་ནམས་ཚད་མེད་པ་སྙིང་རྗེ་པད་དཀར། དད་པའི་སྟོབས་བསྐྱེད་པ་ཕྱག་རྒྱའི་མདོ། བྱང་ཆུབ་སེམས་དཔའི་སྡེ་སྣོད། དཀོན་མཆོག་སྤྲིན། རིན་པོ་ཆེའི་ཕུང་པོའི་མདོ་ལ་སོགས་པ་ནས་ལན་གཅིག་མིན་པ་རྒྱ་ཆེར་གསུངས་པ་ལ་སྙིང་ནས་གུས་པ་ཆེན་པོས་ཡིད་ཆེས་པར་བྱའོ། །བསྟན་འགྲོའི་ཕུན་ཚོགས་རྒྱལ་བའི་རྟེན་ལས་འབྱུང་། །དེ་ཡི་ནང་གཞུག་མི་ལ་སྲོག་བཞིན་གཅེས། །ཚུལ་མིན་ནང་རྫོང་འགོང་པོའི་གསོབ་ཡིན་པས། །རང་འདྲའི་སྤང་བླང་བརྗེད་ཐོར་འདི་བྱས་སོ། །མང་ཐོས་དཔྱོད་ལྡན་རྣམས་ལ་འདི་མི་མཁོ། །ཐོས་ཆུང་དམན་ལ་འདིས་ཀྱང་འཇིགས་པ་སྟེར། །གཟུར་གནས་འགའ་ལ་འདི་ཡིས་ཕན་སྲིད་ན། །རྟེན་མཆོག་ས་སྟེང་ཁྱབ་པའི་རྒྱུར་གྱུར་ཅིག །ཅེས་པའི་ཚུལ་འདིའང་ཤྲཱི་དེ་བཱི་ཀོ་ཊིའི་ཡང་ཁྲོད་དུ་དཔལ་ཆེན་ལྷ་ཁང་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་མང་པོ་རང་གིས་འདུ་བགྱིས་པ་དང་། རྒྱབ་ཁབ་ལྷུན་གྲུབ་སྟེང་གི་ཐུབ་དབང་མཐོང་གྲོལ་ལྷ་ཁང་དང་། དྲི་མེད་མཆོད་རྟེན་ཆེ་ཕྲ་མང་དུ་བཞེངས་པའི་ནང་གཞུག་སོགས་ཀྱི་མཐུན་རྐྱེན་བགྱིས་པའི་ཉམས་ཡིག་རེ་ཟིག་གི་ཚུལ་དུ། ཀར་རྙིང་ས་དགེའི་མཁས་མང་གི་བཞེད་པ་སྙིང་པོར་དྲིལ་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །། ༄༅། །ཨོཾ་སྭསྟི། གཙུག་ལག་ཁང་གི་གཉྫིར་དང་གསེར་འཕྲུ་རྒྱལ་མཚན་རྣམས་ལ་ནང་གཞུག་འཇུག་པའི་ཕྱག་སྲོལ་འདུག་ཅིང་། དེའང་ཕལ་ཆེར་གྱིས་རྟེན་དང་མཚུངས་པའི་སྲོག་ཤིང་དང་ནང་གཞུག་བྱེད་པར་སྣང་བ་ལ་ནི་ཁུངས་དང་མི་འབྲེལ་བས་དགོས་པ་མི་སྣང་། མཁས་པ་དག་གིས་འདུལ་བ་ནས་སྣམ་བུ་ལ་ཆོས་གོས་ཀྱི་བརྡར་བཏགས་པ་བཞིན་གསེར་འཕྲུ་སོགས་ལ་རྒྱལ་མཚན་གྱི་བརྡར་བཞག་ཆོག་གསུངས་པ་ནི་རིགས་པས་འཐད་ཅིང་། རྒྱལ་མཚན་འཛུག་ཆོག་འཕགས་བོད་ཀྱི་གཞུང་ལས་ཡོངས་སུ་གྲགས་པ་ལྟར་བྱས་ན་དོན་དང་འབྲེལ་ཞིང་དགོས་པ་ཆེན་པོ་དང་ཡང་ལྡན་པས། གཙོ་བོར་གདུག་དཀར་གྱི་འཁོར་ལོ་རྫས་ཚོན་རབ་གནས་ཚུལ་ལྡན་བྱས་པ་དང་། མཆོག་གྲུབ་གཟུངས་ཀྱི་གླེགས་བམ། གཟུངས་རིང་ཐུང་ཅི་མང་། ཕ་རོལ་གྱི་རྒོལ་བ་ལས་རྒྱལ་བར་བསྔགས་པའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་མདོ་དར་རས་ལ་བྲིས་པ་སོགས་གྲངས་མང་གཞུག །འཇོག་བདེ་བའི་སླད་དུ་སྲོག་ཤིང་ངམ་ཚུགས་ཤིང་ལ་བརྟེན་ཆོག །གཞན་ཡང་རྟེན་སྤྱི་ལ་བསྔགས་པ་གཟུངས་ཆེན་སྡེ་ལྔ། གཙུག་ཏོར་སྡེ་ལྔ་རྣམས་གཞུག་ནའང་ལེགས་ཤིང་། ཇོ་བོའི་ལུགས་ཀྱི་གྲོང་ཁྱེར་སྒྲོལ་འཁོར། ཐུགས་ཆེན་རྒྱལ་པོ་ལུགས་སོགས་ཀྱི་མཐོང་གྲོལ། བུ་སྟོན་ལུགས་ཀྱི་ཐོག་དང་ས་གཡོས་སྲུང་བའི་འཁོར་ལོ་ཆེན་མོ། གཉན་རིམས་སྲུང་བ་གུ་གེ་ཆིག་དྲིལ་དང་རྡོ་རྗེ་ཁྲབ་རིང་། གསར་རྙིང་གདམས་ངག་འགའ་རེ་ལས་འབྱུང་བའི་ཐ་འཁོར་སོགས་འཇོག་ན་ལེགས། རྙིང་ལུགས་གཙོར་བྱེད་ན་བླ་མ་དགོངས་འདུས་སོགས་ལས་འབྱུང་བའི་མཐོང་གྲོལ་ཙཀྲ་དང་། གར་དྲག་ཡེ་ཤེས་རབ་འབར་གྱི་རྩ་རྒྱུད་བྲི་སྒྲུབ་ཚད་ལྡན་བྱས་པ་རང་གཞུང་ཆོ་གས་འཇོག་པ་གལ་ཆེ་བར་སྣང་བས་མཚོན། གཏེར་ཁ་གསར་རྙིང་ལས་བྱུང་བའི་དགོས་པ་ཅན་ཡང་མང་དུ་སྣང་ནའང་། ལག་ལེན་འདོད་པ་བྱུང་ན་སོ་སོའི་གཞུང་ལས་ཤེས་པར་བྱ་དགོས། སྤྱི་ཙམ་ནི་གོང་སྨྲོས་རྩ་བ་ཉིད་དོ་གལ་ཆེ་ཞིང་། དེའང་འཇོག་ཟིན་ནས་སོ་སོའི་གཞུང་ལས་བཤད་པ་ལྟར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པས་བསྒྲུབ་ཅིང་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱ་དགོས་སོ།། །། ༄༅། །གོང་སྨྲོས་ཐའི་འཁོར་ལོ་ནི། ཟངས་ཀྱི་བྱང་བུར་དབུ་ཅན་གྱི་ཐ་ཡིག་ཆེན་པོ་བྲིས་པའི་ཁོང་དུ། སརྦ་ཨ་ནྲྀ་ཏྲི་བཱ་སུ་སིདྡྷི་ས་མ་ཡ་སྡུས་སྡུས་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་ཕྲེང་དུ་བྲི། དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ་མདུན་ནས་རིམ་བཞིན་ཨེ་ཝཾ་མཱ་ཡཱ་ཞེས་འབྲུ་བཞི་ལ་གོང་གི་སརྦ་ཨ་ནྲྀ་ཏྲི་སོགས་ཀྱིས་རེ་རེ་བཞིན་བསྐོར། རྩིབས་མཆན་བཞི་ལ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་རྣམས་བྲི། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་། དེ་རྒྱབ་བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་སྤེལ་མར་བྲིས་པས་བསྐོར། སྦྱོང་ཁྲུས་རབ་གནས་བྱས་ལ་གཙུག་ཏོར་དྲི་མེད། རྣམ་རྒྱལ་མ། གདུགས་དཀར་རྣམས་ཀྱི་གཟུངས་རིང་ཐུང་རྣམས་དང་། འབྲུ་སྨན་རིན་པོ་ཆེ་བཅས་རྒྱལ་མཚན་ལ་སོགས་པའི་ཏོག་གི་ནང་དུ་གཞུག །རྩ་གསུམ་སྤྱི་དང་བྱེ་བྲག་གང་ཤེས་བསྐྱེད་བསྟིམ་བརྟན་བཞུགས་བྱས་ན་ཡུལ་ཕྱོགས་དེར་གནོད་པ་ཐམས་ཅད་ཞི་བ་དང་། ལྷ་ཀླུ་མིའི་དགེ་ལེགས་ཀྱི་འདུ་བ་རྒྱ་ཆེ་ལ་རྒྱུན་མི་ཆད་པར་འབྱུང་བར་གསུངས་སོ། །ཞེས་གཟུངས་གཞུག་ལག་ལེན་གྱི་ཟུར་འདེབས་སུ་གྲ་སྒང་རྗེ་དབོན་བླ་མ་མཆོག་གི་བཞེད་པ་ལྟར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།

རིག་འཛིན་སྲོག་སྒྲུབ་ལས། གཅོད་ཡུལ་དཔའ་བོའི་ཐོལ་གླུ་ (Volume 35, Text 23)

༄ཿ རིག་འཛིན་སྲོག་སྒྲུབ་ལས། གཅོད་ཡུལ་དཔའ་བོའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ། སྟོང་གསལ་སྲིད་ཞི་ཆོས་ཀྱི་དབྱིངས་ཆེན་པོ། །ས་འོག་ས་སྟེང་ས་བླའི་གནས་དང་ཡུལ། །རབ་འཇིགས་དུར་ཁྲོད་བརྒྱད་ཀྱི་འོད་སྐུར་འཁྲིགས། །སྐད་ཅིག་རང་ཉིད་རྣལ་འབྱོར་ཧེ་རུ་ཀ །ཕཊཿཅེས་བརྗོད་པས་སྟོང་གསུམ་ཁྱོན་གང་བའི། །མི་མགོའི་སྒྱེད་པུའི་སྟེང་དུ་ཀ་པཱ་ལ། །རྦད་ཀྱིས་བཅད་པའི་ནང་ནི་ཆོས་དབྱིངས་ཁྱོན། །རང་རིག་ཡེ་ཤེས་ཌཱ་ཀིར་འོད་འཁྲུགས་པའི། །ཐབས་ཤེས་གྲི་ཐོད་གར་སྒྱུར་སྦྱོར་བ་ཡིས། །ཤ་ཁྲག་མ་ལུས་གཏུབས་ཏེ་སྦྱངས་སྤེལ་བསྒྱུར། །བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་བཅུད་ནི། །འབྲུ་གསུམ་བདུད་རྩིའི་ཆར་བབས་འདོད་དགུར་འཁྱིལ། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཕེཾ་ཕེཾ། སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཐ། ཁ་དོག་དྲི་རོ་ཟད་མི་ཤེས་པ་གཅིག་ཏུ་གྱུར། ཕཊཿ གསོལ་འདེབས་ནི། ཀྱེ། སྟེང་འཇའ་འོད་འཁྲུགས་པའི་གུར་ཁང་ནང་། །ཕ་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་འཁྲིགས། ཁྱེད་ཟག་མེད་བདུད་རྩིའི་བཅུད་ལ་རོལ། །བདག་སྣང་སྲིད་རོ་སྙོམས་དངོས་གྲུབ་སྩོལ། །བར་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །སྐྱབས་མཆོག་གསུམ་རྩ་གསུམ་སྐུ་གསུམ་པོ། ཁྱེད་ཟག་མེད་བདུད་རྩིའི་བཅུད་ལ་རོལ། །བདག་སྟན་འདིར་མཆོག་གི་དངོས་གྲུབ་སྩོལ། །དབྱིངས་གནས་ཡུལ་སྤྲུལ་པའི་དུར་ཁྲོད་ནས། །དམ་ཚིག་ཅན་ཌཱ་ཀི་ཆོས་སྲུང་བཅས། ཁྱེད་ཟག་མེད་བདུད་རྩིའི་བཅུད་ལ་རོལ། །བདག་སྟན་འདིར་གཟུང་འཛིན་རང་གྲོལ་ཐོངས། །སྐྱབས་ཀུན་གྱི་ཐུགས་རྗེའི་ཟེར་འོད་ཀྱིས། །ལུས་འོད་སྐུར་ཞུ་བའི་བདུད་རྩིའི་རོས། །མ་འགྲོ་བའི་གནས་ཀུན་ཁྱབ་གྱུར་ནས། །ཟས་ཡིད་ལ་ཅི་འདོད་བསྔོ་བར་བགྱི། །ཕཊཿ མགྲོན་འཇིག་རྟེན་འདས་དང་མ་འདས་དང། །ཡུལ་ནམ་མཁའི་འཁོར་ཡུག་གཞི་བདག་དང་། །གདོན་ཕྱི་ནང་གསང་བའི་སྡེ་བརྒྱད་ལ། །ཟས་ཤ་ཁྲག་རི་བོ་རྒྱ་མཚོར་འབུལ། །ཕཊཿ ཚེ་ཐོག་མེད་དུས་ཀྱི་ལན་ཆགས་དང་། །བགེགས་བི་ནཱ་ཡ་ཀས་གཙོར་བྱས་པའི། ཁྱོད་གློ་བུར་ལྷགས་པའི་འབྱུང་པོ་ལ། །ངས་ཕངས་པ་མེད་པར་ལུས་སྲོག་སྟེར། །ཕཊཿ འདི་རྡུལ་ཕྲན་ཙམ་ཡང་མ་བཞག་པར། །མགྲོན་སོ་སོའི་གནས་དང་རྟེན་ལ་ཁྱེར། །རྫས་འབྲེལ་པ་ཐོགས་ཚད་སངས་རྒྱས་ནས། །ད་འཁོར་བའི་གནས་འདིར་ཕྱིར་མ་ལྡོག །ཕཊཿ བདག་ཡར་མཆོད་མགྲོན་ལ་རེ་བ་མེད། །མར་མཆོད་སྦྱིན་གནས་ཀྱང་རང་སྣང་རྩལ། །ལར་རང་རིག་ཐ་མལ་རང་བཞག་ངང་། །འཁོར་གསུམ་གྱི་དམིགས་པ་ཀ་ནས་དག །ཕཊཿ སྣང་ཚད་ཀུན་སྒྱུ་མར་འལ་མ་འོལ། །གྲགས་ཚད་ཀུན་བྲག་ཆར་ཤག་མ་ཤིག །ཕན་ཚུན་གྱི་འཛིན་སྣང་ཆོས་སྐུར་དག །ཆོས་དབྱིངས་ཀྱི་ཀློང་འདིར་དགེ་ཚོགས་བསྔོ། །ཕཊཿ ཅེས་གཅོད་ཡུལ་དཔའ་བོའི་ཐོལ་གླུ་ཞེས་བྱ་བ། འཆི་བདག་བདུད་ཀྱི་གཡུལ་ལས་རྒྱལ་བའི་ཚེ་འགུགས། བརྟུལ་ཞུགས་གཅོད་པར་ཞུགས་པའི་ངར་འདོགས། བདག་འཛིན་ཧྲུལ་པོར་གཏོང་བའི་མཚོན་ཆ། གནས་དུས་དང་ཚར་ལྷོང་ལ་ངེས་པ་མེད་པ། སྣང་བ་གདོང་གཏད་དུ། གང་ཤར་དང་ཅི་ཤར་གཏོང་བའི་མན་ངག །བྱ་བཏང་ནམ་མཁའ་འཇིགས་མེད་ཀྱིས་རིག་འཛིན་སྲོག་སྒྲུབ་ཀྱི་ཆ་ལག་ཏུ་བཀོད་པ་རྫོགས་སོ། །དགེའོ། །བཀྲ་ཤིས།། །།

ཀློང་གསལ་བི་མའི་ཆོས་སྡེ་ལས་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ནོར་བུ་ཀེ་ཏ་ཀའི་ཆུ་རྒྱུན་ (Volume 47, Text 23)

༄༅། །ཀློང་གསལ་བི་མའི་ཆོས་སྡེ་ལས་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ནོར་བུ་ཀེ་ཏ་ཀའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། གསང་རིག་གཟུངས་སྔགས་ཀུན་གྱི་བདག །རྡོ་རྗེ་འཛིན་ལ་གུས་བཏུད་དེ། །ཟབ་ཅིང་དཀོན་པའི་གདམས་ངག་ཉིད། །ཀུན་ལ་ཕན་ཕྱིར་གོ་བདེར་བཀོད། །འདི་ཉིད་ཀྱི་སྒོ་ནས་བཀྲུ་བྱབ་དང་དབང་བསྐུར་བགྱི་བ་ལ། སྟེགས་བུའི་སྟེང་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་དཀར་པོ་གཅིག་བཀོད། དེ་སྟེང་ཁྲིའུ་ལ་བུམ་པ་མགུལ་ཆིངས་དཀར་པོ་བུམ་རྫས་བཅོ་ལྔའི་བཅུད་ལྡན་ཁ་རྒྱན་བཅས་བཀོད། མདུན་རྒྱབ་གང་བདེར་དབང་གཏོར་བང་རིམ་གསུམ་གྱི་སྟེང་དཀར་ཟླུམ་མེ་རིའི་རྒྱན་ལྡན། ལས་བུམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། སྒྲུབ་པ་པོ་ཁྲུས་དང་གཙང་སྦྲ་བྱས་ནས་ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ༔ ཕྱོགས་བཅུའི་སངས་རྒྱས་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། ཧྲཱི༔ མ་གྱུར་འགྲོ་བ་ཀུན་དོན་དུ༔ བླ་མེད་སྔགས་ཀྱི་སྒོར་ཞུགས་ནས༔ ཕྲིན་ལས་རྣམ་བཞི་གང་འདུལ་གྱིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ བགེགས་བསྐྲད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེ་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ སྲུང་འཁོར་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གྭ་འུ་དང༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱ་རྒྱུད་ཁྱད་པར་བའི་དགོངས་པ་ལྟར་བདག་བསྐྱེད་ནི། སྲུང་བའི་གུར་ཁང་ཡངས་པའི་ནང་། །པད་ཟླར་བདག་ཉིད་དམ་ཚིག་པ༔ རྡོ་རྗེ་འཛིན་པ་སྐུ་མདོག་དཀར༔ རིན་ཆེན་དར་བརྒྱན་རྡོར་དྲིལ་འཛིན༔ སེམས་དཔའི་སྐྱིལ་མོ་ཀྲུང་བཅས་བཞུགས༔ ཡེ་ཤེས་སེམས་དཔས་དབང་བསྐུར་ཞིང༔ དབང་ལྷ་རིགས་ཀྱི་བདག་པོས་བརྒྱན༔ ཅེས་གསལ་གདབ། ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་རིམ་པ་གཉིས་གཡས་སུ་བསྐོར་བའི་འོད་ཀྱིས་དོན་གཉིས་བསྒྲུབ་པར་བསམ་ལ། ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་བཟླ། མདུན་བསྐྱེད་ནི། དཀྱིལ་འཁོར་དབུས་སུ་པད་ཟླའི་སྟེང་། །རྡོ་རྗེ་འཛིན་པ་སྐུ་མདོག་དཀར། །རིན་ཆེན་དར་བརྒྱན་རྡོར་དྲིལ་འཛིན༔ སེམས་དཔའི་སྐྱིལ་མོ་ཀྲུང་བཅས་བཞུགས༔ ཡེ་ཤེས་སེམས་དཔས་དབང་བསྐུར་ཞིང༔ དབང་ལྷ་རིགས་ཀྱི་བདག་པོས་བརྒྱན༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས། བཅོམ་ལྡན་རྡོ་རྗེ་འཛིན་པ་གཤེགས་སུ་གསོལ། །ཞེས་སྦྱར། བསྡུ་ན་མི་དགོས། ཨཱོྃ་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་མཆོད་པ་རྣམས། རཾ་ཡཾ་ཁཾ་གིས་བསང་། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད་པའམ། ཅུང་ཟད་སྤྲོ་ན། ཧཱུྃ༔ ཡེ་ཤེས་ལྷ་ལ་གཉིས་འཛིན་རྟོག་བྲལ་ཡང༔ བདག་སོགས་བསོད་ནམས་ཡེ་ཤེས་མཆོག་ཐོབ་ཕྱིར༔ སྣ་ཚོགས་མཆོད་པ་བཅོམ་ལྡན་དགྱེས་ཕྱིར་འབུལ༔ འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་སངས་རྒྱས་ཤོག༔ ཨཱོྃ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ གསང་ཆེན་རིགས་རྣམས་ཡོངས་འདུས་ཀྱི༔ བཅོམ་ལྡན་རྡོ་རྗེ་འཛིན་པ་ལ༔ མཆོད་དོ་བསྟོད་དོ་བྱིན་གྱིས་རློབས༔ མཆོག་ཐུན་གྲུབ་པའི་དངོས་གྲུབ་སྩོལ༔ ཅེས་བསྟོད། མདུན་བསྐྱེད་ལ་དམིགས་པའི་སྤྲོ་བསྡུ་སྔར་བཞིན་གྱིས་སྙིང་པོ་རིང་ཐུང་བཟླ། བུམ་བསྐྱེད་ནི། བུམ་པའི་དབུས་སུ་པད་ཟླའི་སྟེང་། །རྡོ་རྗེ་འཛིན་པ་ཞེས་སོགས་སྔར་མདུན་བསྐྱེད་ལྟར་ཚར་གཅིག་བྱ། གཟུངས་ཐག་བླངས། དམིགས་པ་སྤྱི་ལྟར་བྱས་ལ་སྙིང་པོ་ཅི་འགྲུབ་བཟླ། ལས་བུམ་ནང་དུ་པད་ཟླའི་སྟེང་། །རྡོ་རྗེ་འཛིན་པ་ཞེས་སོགས་སྔར་བཞིན་ཚར་གཅིག་བྱ། སྤྱན་འདྲེན་དང་མཆོད་པའི་ཚིགས་བཅད་མི་དགོས། སྙིང་པོ་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་མདོར་བསྡུས་དང་། ཨཱོྃ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས་བུམ་ལྷ་འོད་ཞུ་བྱ། དེ་ནས་སློབ་མ་རྣམས་འདུས་ལ་ཕྱག་བཅས་གྲལ་དུ་འཁོད་ལ། ཐོག་མར་ལྷ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་སོགས་ཀྱིས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །སོགས་དང་སྔགས་བཅས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་སྐུ་ཕྱི་དང་། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཅག་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་ན་བཟའ་ཕུལ། ཁྲུས་ཆུ་ལས་བུམ་དུ་བླུགས། ལས་བུམ་ཐོགས་ལ། བུམ་པའི་ནང་དུ་རྡོ་རྗེ་རྣམ་པར་འཇོམས་པ་བཞུགས་པའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རྣམས་དང་གནས་སྐབས་ཚེ་སྲོག་ལ་བར་དུ་གཅོད་པའི་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉིལ་གྱིས་ཕྱིར་ཐོན། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས་ཏེ་ཤེལ་དཀར་གྱི་བུམ་པ་དྲི་མ་མེད་པ་ལྟར་གྱུར་པར་མོས་ཤིག །ཁ་བཤལ་བ་དང་ཡན་ལག་ལྔ་ཁྲུས་སྔོན་དུ་འགྲོ་བས་ཚིག་མཚམས་རྣམས་སུ་ཁྲུས་བྱ་ཞིང་། ཧཱུྃ༔ གསང་ཆེན་རིགས་རྣམས་འདུས་པ་ཡི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ དྲི་མ་དྲི་མེད་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པ་གྱུར༔ རྩ་སྔགས་ཤམ་དུ། ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེ་ཤེས་ཐུགས་རྗེའི་རང་བཞིན་ནི༔ འགྲོ་བའི་དོན་ལ་རྗེས་ཆགས་ནས༔ ཡེ་ཤེས་བདུད་རྩི་དབབ་མཛད་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ། ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཐུགས་རྗེས་རྣམ་པར་གྲོལ་བ་ཡི༔ བྱང་ཆུབ་ལམ་བཟང་སྟོན་མཛད་ཅིང༔ ཡང་དག་སྨིན་པར་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ། ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཡེ་ཤེས་ཆེན་པོའི་རང་བཞིན་གྱི༔ བྱམས་པའི་རང་བཞིན་ཐུགས་རྗེའི་ཆུ༔ མཁྱེན་བརྩེའི་མཛད་པ་ཕྲིན་ལས་ཀྱིས༔ རྣམ་པར་གྲོལ་བར་མཛད་པ་དེས༔ ཁྱོད་ལ་བདེ་ལེགས་མཛད་པར་གྱུར༔ རྩ་སྔགས་ཤམ་དུ། ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཧཱུྃ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཁྲུས་ཀྱིས་བཀྲུས་པས་མ་དག་པའི་ལྷག་མ་ཅི་མཆིས་པ་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཁྲུས་ཆུའི་ནང་དུ་དོར་བར་མོས་ཤིག །ཁ་རྒྱན་གྱིས་བྱབ་ལ། ཧཱུྃ༔ གསང་ཆེན་རིགས་རྣམས་འདུས་པ་ཡི༔ སོགས་སྔར་ལྟར་བརྗོད་ལ་སྔགས་མཇུག་ཤཱནྟིཾ་ཀུ་རུའི་མལ་དུ། ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་སྦྱར་ལ་ཁྲུས་ཆུ་ཕྱིར་དོར། མེ་ཏོག་འཐོར་ལ། སངས་རྒྱས་བསོད་ནམས་མཐུ་དག་དང༔ ལྷ་རྣམས་ཀུན་གྱི་བདེན་པ་ཡིས༔ ཁྱོད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ ཅེས་སོགས་ཤིས་པ་བརྗོད། དེ་ལྟར་བཀྲུ་ཞིང་བྱབ་པའི་ཆོ་ག་སྔོན་དུ་སོང་ནས་དངོས་གཞི་དབང་བསྐུར་བ་སྟེ། དེའང་སྤྲུལ་པའི་གཏེར་སྟོན་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་པདྨ་མདོ་སྔགས་གླིང་པའམ་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་པཎ་ཆེན་བི་མ་མི་ཏྲའི་སྙན་བརྒྱུད་ཀྱི་ཆོས་སྐོར་ལ། རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་ཐབས་ཁྱད་པར་ཅན་མང་དུ་བཞུགས་པའི་ནང་ཚན་བྱ་རྒྱུད་རྣམ་པར་འཇོམས་པ་དཀར་པོའི་སྨིན་བྱེད་བགྱི་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བཏབ་གཞུང་དུ་མ་གསུངས་ཀྱང་སྤྱི་ལྟར་སྤྲོ་ན། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། དཀྱིལ་འཁོར་གྱི་དབུས་ན་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་རྒྱས་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་གཟུང་བར་མོས་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དཀྱིལ་འཁོར་དུ་བཞུགས་པའི་རྡོ་རྗེ་རྣམ་པར་འཇོམས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ནས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྐུའི་བྱིན་རླབས་ལུས་ལ་ཞུགས། སྤངས་བ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ མཚན་བཟུང་ལུས་ཀྱི་བུམ་པ་ལས༔ ལེགས་བཤད་སྔགས་ཀྱི་རྒྱུན་མྱོང་བའི༔ རྣམ་པར་གྲོལ་བའི་ལམ་ཇི་བཞིན། མཚོན་པ་བུམ་པའི་བདུད་རྩི་འདིས༔ བྱིན་རླབས་མྱུར་དུ་སྨིན་གྱུར་ཅིག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བུམ་པའི་བདུད་རྩི་མྱང་བས་གསུང་གི་བྱིན་རླབས་ངག་ལ་ཞུགས་པར་མོས་ཤིག །བུམ་ཆུ་སྦྱིན་ལ། ལྗགས་ཀྱི་པདྨའི་སྣོད་ཀྱི་བཅུད༔ ལེགས་པར་བཤད་པའི་བདུད་རྩི་ཡིས༔ དོན་གྱི་མྱོང་བ་གྲུབ་པ་ཡི༔ བྱིན་རླབས་ནུས་པའི་བདེན་གྲུབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བུམ་པ་སྙིང་གར་གཏུགས་པས་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་ནས་མངོན་པར་རྟོགས་པའི་ཡོན་ཏན་མ་ལུས་པ་རྫོགས་པར་མོས་ཤིག །བུམ་པ་སྙིང་གར་བཞག་ལ། ཡེ་ཤེས་དཔལ་གྱི་བེ་འུ་ལས༔ ཏིང་ངེ་འཛིན་གྱི་བཅུད་ཕྱུང་སྟེ༔ དགོངས་པས་བྱིན་གྱིས་བརླབས་པ་ཡིས༔ བྱིན་རླབས་མངོན་དུ་གྱུར་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ལྷར་གསལ་བ་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་སྡེ་བཞིའི་རྩ་བར་གྱུར་པ་བྱ་བའི་རྒྱུད་ལ་འཇུག་པའི་དབང་དང་རྗེས་སུ་གནང་བ་ཐོབ། དབང་གི་ཡེ་ཤེས་བརྟན་པར་བྱས་པ་མོས་ཤིག །གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ བྱ་བའི་རྒྱུད་དུ་གང་གྲགས་པའི༔ དབྱངས་དང་གསལ་བྱེད་ལས་བྱུང་བའི༔ ཆོས་རྣམས་ཀུན་གྱི་བཀའ་གཏད་ལུང༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོྃ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཞེས་ཚང་བར་བརྗོད། སྤྲོ་ན་མཐའ་རྟེན་དུ་བཀྲ་ཤིས་རྟགས་བརྒྱད་སྦྱིན། བསྡུ་ན་ཤིས་བརྗོད་ཙམ་གྱིས་ཆོག །དེས་པཎ་ཆེན་བི་མ་མི་ཏྲའི་སྙན་བརྒྱུད་ཀྱི་ཆོས་སྡེ་ལས་བྱོན་པའི་རྣམ་འཇོམས་དཀར་པོའི་བཀྲུ་བྱབ་དབང་བསྐུར་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། མདུན་བསྐྱེད་མཆོད་པ་ཁ་གསོས་ལ་བྱིན་རླབས་དང་མཆོད་བསྟོད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མདུན་བུམ་གྱི་ཡེ་ཤེས་པ་གཤེགས། བདག་བསྐྱེད་འོད་གསལ་དུ་བསྡུ། སླར་དམ་ཚིག་པ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་སྲུངས། བསྔོ་སྨོན་དང་ཤིས་བརྗོད་སྤེལ་ལོ། །སྒྲིབ་པའི་དྲི་མ་ཡེ་ཤེས་ཆུས། །ལེགས་བཀྲུས་རྒྱུད་དག་བཻ་ཌཱུརྻའི། །བུམ་བཟང་སྤངས་རྟོགས་བཅུད་ཀྱིས་ཁེངས། །རང་གཞན་ཐར་པའི་གསོས་གྱུར་ཅིག །འདི་ཉིད་ཟབ་ཅིང་བྱིན་རླབས་ཆེ་བར་གྲགས་པ་དང་། རྣམ་འཇོམས་བཀའ་མ་བི་མ་ལའི་ལུགས་དང་ཆ་མཚུངས་ཤིང་དཀར་པོའི་སྒྲུབ་ཐབས་གཏེར་མའི་ཕྱོགས་སུ་ཉུང་བས་རིན་ཆེན་གཏེར་གྱི་མཛོད་དུ་བཞུགས་སུ་གསོལ་བའི་གསལ་བྱེད་མེད་ཀ་མེད་དུ་མཐོང་ནས་བློ་གྲོས་མཐའ་ཡས་ཀྱིས་བརྒྱུད་པའི་ཕྱག་ལེན་ལྟར་བགྱིས་པ་དགེ་ལེགས་འཕེལ།། །།

བླ་མ་དགོངས་པ་འདུས་པ་ལས༔ བཟླས་བརྗོད་ནུས་པ་སྟོབས་འབྱིན་ (Volume 40, Text 23)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ བཟླས་བརྗོད་ནུས་པ་སྟོབས་འབྱིན་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ལས་དང་སྐལ་བར་ལྡན་པའི་སྒྲུབ་པ་པོས༔ བསྐྱེད་པ་ལྷ་ཡི་རྣལ་འབྱོར་བསྒོམས་ནས་ཀྱང༔ བདག་གཞན་དོན་འབྲས་བྱང་ཆུབ་བསྒྲུབ་པ་དང༔ ཞི་རྒྱས་དབང་དྲག་ཁ་བསྒྱུར་ཕྲིན་ལས་དང༔ འཇིག་རྟེན་འདས་དང་མ་འདས་ལ་སོགས་པའི༔ ཆོས་སྐྱོང་སྲུང་མ་བསྐུལ་ཅིང་རྦད་པ་དང༔ བསྟན་སྲུང་བར་ཆད་དགྲ་བགེགས་འདུལ་སླད་དུ༔ སྔགས་ཀྱི་ནུས་པ་སྐྱེད་པར་བྱེད་པ་ལ༔ དུས་མཐའི་འགྲོ་བ་བསོད་ནམས་དམན་པའི་ཕྱིར༔ ཕལ་ཆེར་སྔགས་ཀྱི་ནུས་པ་མི་ཐོན་ཅིང༔ སྔགས་ལོག་འབྱམས་དང་སྔགས་འཁྲུགས་ལ་སོགས་དང༔ སྔགས་ལ་སེལ་ཞུགས་ལྷག་དང་ཆད་པ་དང༔ སྔགས་ནོར་འཁྲུལ་པ་འབྱུང་བའི་སྡེབ་ཉེས་དང༔ འགའ་ཞིག་བཅོས་མའི་སྔགས་བྱས་འདྲ་མིན་གྱིས༔ བྱས་ཆོས་དོན་མེད་ཨ་ཐང་ཆད་པའི་རྒྱུ༔ དེ་སོགས་སྔགས་ཀྱི་གནད་རྣམས་འཆུག་གྱུར་ན༔ ལོ་སྟོང་བསྒྲུབས་ཀྱང་སྙིང་པོ་མི་འབྱུང་ཞིང༔ རྟགས་མེད་མཆོག་གི་དངོས་གྲུབ་ལྟ་ཅི་སྨྲོས༔ ཐུན་མོང་ཕྲན་བུ་ཙམ་ཡང་འགྲུབ་མི་སྲིད༔ གལ་ཏེ་སོ་སྔགས་ཙམ་ལ་ཕན་སྲིད་ཀྱང༔ སྟབས་ཀའི་ཕན་པ་ཡིན་གྱི་ནུས་པ་མིན༔ ལ་ལ་ཕ་རོལ་རིག་སྔགས་སྦྱོར་བ་ཡིས༔ འགོང་ཆོག་ལ་སོགས་ལྷ་འདྲེའི་སྔགས་སྡེབ་ཀྱིས༔ སྔགས་ཀྱི་ནུས་པ་གསོད་པར་བྱེད་པ་དང༔ ལ་ལ་གྲིབ་མནོལ་མི་གཙང་ལོག་སྐྱོན་གྱིས༔ སྔགས་ཀྱི་ནུས་པ་ཉམས་ནས་རྟགས་མི་ཐོན༔ འགའ་ཞིག་སྒྲུབ་པའི་སྙིང་རུས་ཆུང་བ་ཡིས༔ ཚད་ལ་མ་སྐྱོལ་རྟགས་མེད་སྒྱིད་ལུག་པས༔ གདམས་པ་ལྷ་ལ་སྨོད་ཅིང་ཉམས་པའི་རྒྱུ༔ དེར་ཡང་མ་ཟད་འདོན་ཟློས་བྱེད་པ་ལའང༔ ངག་དབང་བསྐུར་ཞིང་བྱིན་གྱིས་མ་བརླབས་ན༔ ནུས་པ་ཆུང་བས་དོན་འབྲས་ཕྱི་དུས་འགྱང༔ དོན་མེད་སྟོང་བཟླས་འཇིག་རྟེན་འདས་པ་ཡི༔ འཁྲུལ་ཕྱིར་འབྲང་བའི་ལས་དང་ཁྱད་མེད་དེ༔ ཕྱི་ལྟས་སྔགས་པའི་ཚུལ་དང་དགེ་སྦྱོང་སོགས༔ བསྟན་ལ་སྤྱོད་པའི་གོ་ཆར་ལྡན་མོད་ཀྱང༔ གནད་ཀྱི་ཡིག་ཆུང་རྣམས་དང་མ་ལྡན་ན༔ བསྟན་པ་འཆལ་བའི་དབང་གིས་ཡུལ་དུས་འགྱང༔ ཟབ་ཟབ་འདྲ་ཡང་ཁ་འཆལ་འགྲུབ་དུས་མེད༔ སྒྲུབ་པ་བྱེད་པ་མང་ཡང་རྟགས་ཐོན་ཉུང༔ བྱིན་རླབས་དྲོད་མེད་འཇིག་རྟེན་སྐྱེ་བོས་སྨོད༔ བར་ཆད་རྒྱུ་མང་དུས་མིན་འཆི་སོགས་འབྱུང༔ དེ་ཡི་ཕྱིར་ན་མན་ངག་གནད་ཀྱི་དོན༔ ནུས་པའི་སྟོབས་འབྱིན་བཟླས་བརྗོད་ཡོན་ཏན་སྐྱེད༔ སྔགས་ཀྱི་དབལ་གསོ་ལྕེ་ལ་སྤུ་གྲི་གདགས༔ སོ་ལ་ངར་འདོགས་གསང་བའི་ཐ་རམ་སྟེ༔ འདི་དང་ལྡན་ན་ཡིད་བཞིན་ནོར་བུ་འདྲ༔ ཅི་འདོད་འབྱུང་ངོ་ལས་ཅན་ཐུགས་ཀྱི་སྲས༔ ཡོངས་ལ་མ་འཆལ་སྙིང་གི་དཀྱིལ་དུ་སྟིམས༔ ཡལ་བར་མ་དོར་ཅིས་ཀྱང་ཉམས་སུ་ལོངས༔ བསྐྱེད་རིམ་སྔགས་ཀྱི་གནད་འགག་འདི་ལ་ཐུག༔ དཔེ་ཡོད་ཉམས་སུ་མ་བླངས་ཅི་འདྲ་ན༔ ཡི་དྭགས་གཏེར་སྲུང་ཆུ་གླིང་གསེར་དང་མཚུངས༔ ཡོད་ཀྱང་མེད་ཀྱང་ཕྱུག་པོའི་བང་མཛོད་བཞིན༔ དེ་ལ་སོགས་ཏེ་ཡོད་རློམ་བྱས་ཅི་ཕན༔ ངེས་པར་ཚུལ་བཞིན་ཉམས་སུ་བླངས་གྱུར་ན༔ གདམས་པ་འདི་ཡིས་འགྲོ་བ་བསླུ་རེ་ཀན༔ འདི་ལ་སྤྱི་དང་བྱེ་བྲག་རྣམ་མང་ཡང༔ ཀུན་གྱི་གབ་བསྡུས་ཚིག་ཉུང་དོན་དུ་བསྒྲིལ༔ ཆ་ལག་ཚང་ཞིང་གསལ་ལ་གོ་བདེ་བ༔ ཚེགས་ཆུང་བྱ་སླ་མཐར་ཐུག་དོན་ཆེན་འགྲུབ༔ གཞན་དང་ཐུན་མོང་མ་ཡིན་ཁྱད་པར་མཆོག༔ ཨེ་མ༔ འདི་འདྲའི་གནད་ཡིག་རྒྱལ་བའི་ཐུགས་བཅུད་འདི༔ ཨོ་རྒྱན་སྲོག་ཕུར་སྲིད་པ་གསུམ་ན་དཀོན༔ ད་ལྟ་སྤེལ་ཕངས་སླད་ཀྱི་དོན་ཆེད་དུ༔ དགོངས་འདུས་ལྐོག་ཡིག་ཡང་རྒྱ་གཏེར་དུ་སྦོས༔ མཚོ་རྒྱལ་ཟབ་ཁྱད་བཀའ་རྟགས་རྒྱ་ཡིས་ཐོབས༔ ལན་གཅིག་བསྐལ་པ་དུས་ཀྱི་དེང་སང་ལ༔ གསང་སྔགས་དར་ཡང་ཉམས་ལེན་བྱེད་པ་དཀོན༔ ཅི་སྟེ་བྱུང་ཡང་གནད་དང་མི་ལྡན་པས༔ ཡང་དག་དོན་གྱི་འབྲས་བུ་ཐོབ་པ་ཉུང༔ དེ་དུས་འདི་འཕྲད་སྨོན་ལམ་ལྡན་པའི་བུ༔ བསྟན་པའི་སྲོག་འཛིན་སྤྲིན་བར་ཉི་ཞུར་ཙམ༔ ཁོལ་བུ་བ་ཞིག་མུན་རུམ་གློག་ལྟར་འབྱུང༔ གསང་གཏེར་དང་འཕྲད་གསང་བ་སྦས་པའི་ཚུལ༔ རང་བབས་གཤིས་ལུགས་ཐ་མལ་སྤྱོད་པ་སྐྱོང༔ འདམ་གྱི་ཁྲོད་དུ་གནས་པའི་ནོར་བུ་བཞིན༔ འོད་དང་ལྡན་ཡང་རྐྱེན་གྱིས་མ་བསྐུལ་ན༔ ཁོང་དུ་བཏུམས་ནས་མངོན་དུ་འབྱིན་མི་བྱེད༔ འདི་ལ་བཟང་ངན་རྐྱེན་གྱིས་སུས་བསྐུལ་བ༔ དོན་དུ་ལྡན་ནོ་ཨོ་རྒྱན་གསུང་གི་སྲས༔ བཀའ་རྟགས་ཕྱག་རྒྱ་འཛིན་ལ་མོས་སྤྱོད་ཀྱིས༔ ཆེ་ཚུགས་བཤིགས་ནས་འདུན་པར་བྱེད་པ་གནད༔ བཀའ་གསང་དགོངས་བཅུད་ཐབས་ཀྱིས་བླང་བར་བྱ༔ དུས་མཐར་བདུད་ཀྱི་འཇུག་སྒོ་མང་བའི་ཕྱིར༔ ང་ཡི་གསུང་སྲས་སྐྱེས་བུ་ཞིག་གིས་ཀྱང༔ བར་ཆད་བདུད་དཔུང་ཐབས་ཀྱིས་འདུལ་སླད་དུ༔ སྤྱོད་ཚུལ་མ་ངེས་བྱིས་པའི་ངང་ཚུལ་ལམ༔ སྨྱོན་པ་བཞིན་དུ་རོལ་པར་འཕྱོ་བས་ན༔ གང་ཞིག་ལས་དང་སྐལ་པར་ལྡན་པ་འམ༔ སྨོན་ལམ་མཐུ་ཡིས་གང་འབྲེལ་མ་གཏོགས་པ༔ ཀུན་ཀྱང་བཏང་སྙོམས་ངང་ལ་གནས་ན་ནི༔ གདམས་པ་རྣམས་ཀྱང་དེ་དང་མཚུངས་གྱུར་པས༔ ཕྱི་རབས་རྗེས་འཇུག་དེ་དོན་ཤེས་པར་གྱིས༔ ས་མ་ཡཱ༔ དྷ་ཐིམ༔ གནད་དོན་འདུས་པའི་མན་ངག་འདི་ཉིད་ལ༔ ཏིང་འཛིན་རྫས་སྔགས་བསྡེབ་དང་དུས་རྟགས་བཅས༔ ཁྲིགས་ལ་མ་ཕབ་གོང་འོག་མ་བུ་རྣམས༔ གང་ལ་གང་འདུལ་སོ་སོར་ཤེས་པར་གྱིས༔ ཀུན་ཀྱང་ལྷན་ཐབས་ཡོངས་ལ་སྤྲོ་བ་གནད༔ འདི་ནི་ཕྱོགས་མེད་གསང་སྔགས་རིག་སྔགས་དང༔ གཟུངས་སྔགས་ལ་སོགས་ཕྱི་ནང་གང་ལ་ཡང༔ ལྕེ་སྦྱོར་གྱུར་ཏོ་ཅོག་དང་རླུང་ལ་སོགས༔ ཀུན་གྱི་ཁ་སྐོང་ཡིན་པས་ཤེས་པར་གྱིས༔ ཁྱད་པར་སྔགས་ཀྱི་ནུས་པ་འབྱིན་པ་ལ༔ འདི་ཉིད་མཆོག་ཏུ་གཅེས་ཕྱིར་དོན་དུ་གཉེར༔ ཐོག་མར་ངག་ལ་བྱིན་རླབས་དབང་བསྐུར་ནི༔ ནངས་པར་ཐོ་རངས་ཆ་ལ་བབས་པའི་ཚེ༔ གཞན་དང་ངག་ཚིག་མ་འདྲེས་སྔ་ཐོག་ཏུ༔ རང་ལུས་མོས་པའི་ཡི་དམ་ལྷར་གསལ་ཞིང༔ དེ་ཡི་སྤྱི་བོར་རྩ་བའི་བླ་མ་འམ༔ པདྨ་འབྱུང་གནས་ལོངས་སྐུའི་ཆ་ལུགས་ཅན༔ བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པ་པོས༔ དགྱེས་ཤིང་བདག་ལ་དབང་བསྐུར་བྱིན་རླབས་ཚུལ༔ རྡོ་རྗེ་དྲིལ་བཅས་ཕྱག་རྒྱ་བསྒྱུར་བ་ལ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བཞུགས་དམིགས༔ དེ་ལ་གདུང་བས་མོས་གུས་བསྐྱེད་བྱ་ཞིང༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷརྨཱ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སམ་བྷོ་ཀཱ་ཡ༔ ཨ་བྷ་ཝ༔ སམ་བྷ་ཝ་ཨ་དྷིཥྛཱ་ནཾ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་ལན་གསུམ་བརྗོད་པ་ཙམ་གྱིས་ཀྱང༔ བླ་མའི་སྐུ་གསུང་ཐུགས་ལས་ཐུགས་རྗེ་ཡི༔ ཡེ་ཤེས་འོད་ཟེར་ཁ་དོག་ལྔ་འཕྲོས་པས༔ བདག་ལུས་འབྱུང་བ་ལྔ་ལས་གྲུབ་པ་ཡི༔ གདོས་བཅས་འདི་ནི་རང་བཞིན་མེད་གྱུར་ནས༔ སྣང་ལ་རང་བཞིན་མ་གྲུབ་འོད་ཀྱི་ལུས༔ རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ༔ རང་བྱུང་ལྷུན་གྲུབ་རྡོ་རྗེའི་སྐུར་གྱུར་པའི༔ ལྗགས་ཀྱི་སྟེང་དུ་པདྨ་ཟླ་གདན་ལ༔ ཧཱུྃ་དཀར་ལས་བྱུང་རྡོ་རྗེ་སེམས་དཔའི་སྐུ༔ རྡོ་རྗེ་དྲིལ་འཛིན་གངས་ལ་ཉི་ཤར་ལྟར༔ གསལ་འཚེར་ལྷུན་སྡུག་ལོངས་སྐུའི་ཆ་ལུགས་ཅན༔ ཐུགས་ཀར་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན༔ ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཕྲེང་བསྐོར༔ རྡོ་རྗེ་ལ་ནི་ཨཱ་ལི་བཅུ་དྲུག་བསྐོར༔ སེམས་དཔའ་ཉིད་ལ་ཀཱ་ལི་སོ་བཞིས་བསྐོར༔ དེ་ཡི་ངང་ལ་སྔགས་གསུམ་བདུན་བདུན་བཟླ༔ སྒྲ་དག་ལྷག་ཆད་མེད་པ་ཤིན་ཏུ་གཅེས༔ ཨཱོྃ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྷྲི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེ་དག་གསུམ་ལས་འོད་ཟེར་དཀར་དམར་མཐིང༔ ཡར་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས་རྒྱུད་བསྐུལ༔ བླ་མ་སངས་རྒྱས་བྱང་སེམས་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་ལས་འོད་ཟེར་དཔག་མེད་འཕྲོས༔ ཆར་བཞིན་བབ་ནས་སྔགས་གསུམ་སོ་སོར་ཐིམ༔ སྔགས་གསུམ་ལས་ཀྱང་སོ་སོའི་རང་སྒྲ་དང༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས༔ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི༔ ངག་སྒྲིབ་ཉེས་སྐྱོན་མ་ལུས་ཀུན་བྱང་ཞིང༔ མར་འཕྲོས་འགྲོ་རྣམས་ལུས་ངག་ཡིད་རྒྱུད་སྦྱངས༔ སླར་ཡང་འོད་ཟེར་དེ་དག་ཚུར་འདུས་ནས༔ ཡིག་བརྒྱ་ཧཱུྃ་ལ་ཨཱ་ལི་རྡོ་རྗེ་ལ༔ ཀཱ་ལི་རྡོ་རྗེ་སེམས་དཔའ་ཉིད་ལ་ཐིམ༔ དེ་དག་གསུམ་ཡང་ལྕེ་ལ་ཐིམ་པ་ནི༔ དཔེར་ན་རྡོ་ཚན་སྟེང་དུ་མར་བཞག་བཞིན༔ ལྗགས་དང་དབྱེར་མེད་གྱུར་ཅིང་ངག་དབང་བསྐུར༔ བླ་མ་སངས་རྒྱས་བྱང་སེམས་ཚོགས་རྣམས་ཀྱང༔ འོད་ཀྱི་ཚུལ་དུ་རང་གི་ལྗགས་ལ་ཐིམ༔ དབང་བསྐུར་བྱིན་བརླབས་དབྱེར་མེད་ལུ་གུ་རྒྱུད༔ རྒྱལ་བ་རྣམས་ཀྱི་གསུང་གི་དབང་ཕྱུག་དེ༔ བདག་གི་ངག་དང་དབྱེར་མེད་གྱུར་བསམ་ལ༔ སླར་ཡང་གོང་བཞིན་སྔགས་གསུམ་ཉེར་གཅིག་བཟླ༔ དེ་རྗེས་རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ དེ་ཡི་རྗེས་ལ་འདི་ལྟར་བརྗོད་པར་བྱ༔ ཧྲཱི༔ ངག་གི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན༔ སྔགས་ཀྱི་སྙིང་པོ་འབྲས་བུ་བཅུད་དང་ལྡན༔ གྲགས་སྟོང་ཚངས་པའི་དབྱངས་ལ་ཕྱག་འཚལ་བསྟོད༔ མི་ཟད་གསུང་གི་འཁོར་ལོ་གང་བསྐོར་བ༔ དེང་འདིར་བདག་གི་ངག་ལ་བསྐོར་ནས་ཀྱང༔ དཔལ་དང་གཟི་བརྗིད་བདེན་པ་གྲུབ་མཛད་དེ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་ཧོཿཝཱ་ཀ་པདྨ་མཎྜ་ལ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་གྲུབ་ནས་འཁོར་འདས་ཆོས་རྣམས་ཀུན༔ དམིགས་མེད་གདལ་ཁྱབ་ཆེན་པོར་བཞག་ནས་ནི༔ དེ་ཡི་ངང་ལས་ཆོས་སྤྱོད་རིམ་པ་དང༔ ལྷ་བསྒོམ་སྔགས་བཟླས་གང་བྱེད་འཇུག་པར་བྱ༔ དེ་ཚུལ་རབ་ཀྱིས་རྒྱུན་དུ་མ་ཆག་དང༔ འབྲིང་པོས་ཟླ་བ་རེ་ལ་ལན་རེ་འམ༔ ཐ་མས་ཀྱང་ནི་ལོ་འཁོར་ལན་རེ་སྟེ༔ གྲུབ་པར་གྱུར་གང་ནུས་པའི་སྟོབས་འཕེལ་ཞིང༔ སྔགས་དང་བཟླས་བརྗོད་ཚར་གཅིག་གྲུབ་པས་ཀྱང༔ གང་གཱའི་ཀླུང་གི་བྱེ་སྙེད་སངས་རྒྱས་ཀྱི༔ ནུས་པ་དག་དང་མཉམ་པར་འགྱུར་ཞེ་ན༔ མང་པོ་གྲུབ་ན་དེ་བས་སྨྲོས་ཅི་དགོས༔ དེ་ཕྱིར་དེ་དག་ངག་དབང་བསྐུར་བར་བྱ༔ གལ་ཏེ་དམིགས་པའི་འཕྲུལ་འཁོར་མ་ཟིན་ནམ༔ ལོང་ཁྱབ་དབང་གིས་བསྒོམ་པ་མ་འགྲུབ་ཀྱང༔ ཐོ་རངས་དང་པོ་གཞན་ངག་མ་འདྲེས་གོང༔ ཀུན་གྱི་ཐོག་མར་སྔགས་གསུམ་རྟེན་འབྲེལ་བཅས༔ བདུན་ནམ་ཉི་ཤུ་རྩ་གཅིག་སུས་བཟླས་པ༔ ངག་གི་སྐྱོན་དང་ཉེས་པ་ཀུན་བྱང་ནས༔ སྔགས་ཀྱི་ནུས་པ་དུང་ཕྱུར་ཉིད་དུ་འགྱུར༔ དེ་དང་རྗེས་མཐུན་གང་བཟླས་ཀུན་ལ་འོ༔ འདི་འཕྲད་འདི་དང་ལྡན་པར་མ་བྱས་པའི༔ རྣལ་འབྱོར་རྣམས་ནི་བདུད་ཀྱིས་ཡོངས་བསླུས་ཤིང༔ སྔགས་ཀྱི་ནུས་པ་ཐམས་ཅད་རྒྱབ་ཀྱིས་ཕྱོགས༔ གསང་སྔགས་གྱུར་ཏོ་ཅོག་དང་འབྲེལ་པ་ཆད༔ སྐལ་མེད་དེ་ནི་ཐར་པའི་ས་བོན་ཟད༔ བྱང་ཆུབ་ལམ་ལ་འགྲོ་བའི་ས་མཁན་སྟོར༔ བདེ་ལེགས་མྱུ་གུ་སད་ཀྱིས་ཁྱེར་པ་འོ༔ དེ་ལ་སྐྲག་སེམས་སྐྱེས་ན་འདི་ལྟར་གྱིས༔ གདམས་པ་ཚུལ་བཞིན་བརྩོན་པས་ཉམས་སུ་ལོངས༔ ྀཨཚ༔ གཞན་ཡང་མནན་པ་འདོན་དང་བཅིངས་པ་བཀྲོལ༔ བསྡམས་པ་གཅད་དང་ངག་ལ་དབང་བསྐུར་དང༔ སྔགས་ཀྱི་མཐུ་སྐྱེད་བཟླས་པའི་དབལ་གསོ་བ༔ སོ་ལ་ངར་བླུད་ལྕེ་ལ་སྤུ་གྲི་གདགས༔ མཆུ་ལ་དུག་བསྐུ་བ་དང་རྣམ་པ་དགུ༔ དང་པོ་ལ་ནི་དུག་ཤོག་མཐོ་གང་ལ༔ རྒྱབ་མདུན་རྡོ་རྗེ་རྒྱ་གྲམ་མཆོད་རྟེན་བྲི༔ ཚོན་སྐུད་སྣ་ལྔས་བཅིངས་ཏེ་སྤྱི་བོར་གདགས༔ རང་ཉིད་ས་འོག་མུན་པའི་གཏིང་ཆུད་ནས༔ གནམ་ལྕགས་རྒྱ་གྲམ་རི་བོ་མཆོག་རབ་ཀྱིས༔ མནན་པའི་འོག་ནས་ཐར་བར་བགྱི་སླད་དུ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ མོས་གུས་གདུང་བས་གསོལ་བ་བཏབ་བྱ་ཞིང༔ ཁྱད་པར་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཨཱོྃ་ཨཱཿཧཱུྃ་བཛྲ་སཏྭ་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་པཱ་ཎི་ཧཱུྃ་ཕཊ༔ སརྦ་ཨུ་པ་ཏྲ་ཡེ༔ སཏྭཾ་བྷ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་འབུམ་བཟླས་རིག་པའི་ངར་བསྐྱེད་དེ༔ ས་འོག་ནས་འདོན་མནན་པ་བཏེགས་བསམ་ཞིང༔ སྤྱི་བོར་བཏགས་བཀྲོལ་རང་གི་མལ་འོག་མནན༔ རང་ལུས་རི་བོ་མཆོག་རབ་གཞལ་ཡས་ལས༔ རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔར་གསལ༔ བྱད་མ་གནོད་བྱེད་ཕ་རོལ་བསམ་ངན་རྣམས༔ འོག་ཏུ་མནན་ཅིང་ཐར་པའི་སྐབས་མེད་བསམ༔ དེ་ནི་རང་ལ་མནན་པའི་རྟགས་བྱུང་ནས༔ བྲག་ཕུག་གཏིང་རུམ་ས་ཞབས་བྱིང་བ་དང༔ རི་དང་མཆོད་རྟེན་འོག་ཏུ་ཚུད་པ་དང༔ ཁང་སྟོང་སྒོ་མེད་ཕྱར་ནག་གཡོགས་ལ་སོགས༔ གཏད་དང་ཆོ་འཕྲུལ་རྨི་ལམ་འཁྲུགས་ན་བྱ༔ དེས་ནི་གཏད་མནན་ཀུན་ལས་གྲོལ་བར་འགྱུར༔ ྀཨཚ༔ གཉིས་པ་སྒོ་གསུམ་བཅིངས་པའི་རྟགས་བྱུང་ཞིང༔ ལུས་ལ་ན་ཚ་ཐན་ཕྲན་སྣ་ཚོགས་དང༔ ངག་གི་སྨྲ་ལྕེ་མི་བདེ་དིག་ལྐུགས་སོགས༔ ཡིད་ནི་ཏིང་འཛིན་མི་གསལ་འཐིབས་ཤིང་བྱིང༔ དེ་དང་རྗེས་མཐུན་རྨི་ལམ་རྨིས་པ་ན༔ བདག་ཉིད་ཁྲོ་རྒྱལ་པདྨ་ཧེ་རུ་ཀ༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་ཞལ་དམར༔ གཡས་གསུམ་པདྨ་ཁ་ཊྭཱཾ་དབྱུག་ཏོ་ཕྱར༔ གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་བསྣམས༔ ཁྲོ་ཚུལ་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ ཞབས་བཞི་དོར་སྟབས་ཉི་ཟླའི་གདན་ལ་འགྱིང༔ ཡེ་ཤེས་སྤྱན་དྲངས་དགུག་གཞུག་བསྲེ་བསྣན་བྱ༔ དེ་ལྟར་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི༔ མེ་དཔུང་དུས་མཐའི་མེ་ལྟར་འབར་བ་ཡིས༔ བདག་ཉིད་འཆིང་བྱེད་བྱད་མ་ལྷ་སྲུང་བཅས༔ གཞོབ་ཏུ་བསྲེགས་དམིགས་སྔགས་འདི་འབུམ་ཕྲག་བཟླ༔ ཨཱོྃ་མ་ཧཱ་ཀྲོ་དྷ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷནྡྷ་ཁྲོལ༔ ས་མ་ཡཱ་ཕྲི་པྲ་བེ་ཤ་ཡ་ཕཊ༔ ཤིང་སྣའི་མེ་སྦར་བདག་འདྲའི་མེ་ལྷ་བསྐྱེད༔ གཅེར་བུ་མེ་འབར་སྟེང་དུ་ལན་དགུ་མཆོང༔ དེས་ནི་བཅིངས་པ་ཀུན་ལས་གྲོལ་བར་འགྱུར༔ ྀཨཚ༔ གསུམ་པ་བསྡམས་པ་གཅད་པའི་མན་ངག་ནི༔ གང་ཞིག་རྣལ་འབྱོར་སྒྲུབ་ལ་བརྩོན་པ་འམ༔ དེ་ལས་གཞན་པའི་ལུས་པོ་བསྡམས་པ་ལྟར༔ ཀོབ་ཀོབ་རེངས་པ་ལྟ་བུ་བྱུང་བ་འམ༔ རྨི་ལམ་རྒྱར་འཐུམས་གཞན་གྱིས་བཙོན་དུ་བཟུང༔ བཀྱིགས་པ་ལ་སོགས་རྨི་ལམ་རྟགས་བྱུང་ན༔ བདག་ཉིད་ཁྲོ་རྒྱལ་མི་གཡོ་མགོན་པོའི་སྐུ༔ མཐིང་ནག་ཕྱག་གཉིས་ཁྲོ་ཚུལ་འཇིགས་གཟུགས་ཅན༔ གཡས་གཡོན་རལ་གྲི་ཁྲོ་ཆས་སྡིགས་མཛུབ་ཞགས༔ ཉི་ཟླ་པད་སྟེང་འགྱིང་ཚུལ་བསྐྱེད་པ་ལ༔ ཡེ་ཤེས་ལྷ་བཀུག་དབྱེར་མེད་གྱུར་དམིགས་ཤིང༔ ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྥོ་ཊ་ཎ་ཧཱུྃ༔ ཏྲག་མོ་ཤ་ན་ཁམ༔ དྷ་དྷ་ཧཱུྃ་ཧཱུྃ་བྷནྡྷ་ཏྲ་ཕཊ༔ ཅེས་པ་འབུམ་བཟླས་ལུས་ལ་་་རང་གི་དྲི་ཆེན།དྲི་སྤོས་བྱུག༔ སླར་ཡང་་་རང་གི།དྲི་ཆུས་བཀྲུ་བ་ལན་གསུམ་བྱ༔ དེས་ནི་གཟའ་བདུད་རྒྱལ་པོས་བཅིངས་གྱུར་ཀྱང༔ བཅིངས་གྲོལ་ཕ་རོལ་དུམ་བུར་འགྲོ་བར་ངེས༔ ྀཨཚ༔ བཞི་པ་ངག་ལ་ཇི་ལྟར་དབང་བསྐུར་ནི༔ བདག་ཉིད་ཡི་དམ་གང་བྱེད་གསལ་བ་ཡི༔ སྤྱི་བོའི་གཙུག་ཏུ་རིགས་ལྔ་ཡབ་ཡུམ་གྱིས༔ དབང་བསྐུར་རིགས་བདག་ལྔས་ཀྱང་བརྒྱན་བསམ་ཞིང༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་འབུམ་བཟླས་རིགས་ལྔ་ལྕེ་ལ་བསྟིམ༔ བུམ་རྫས་ཉེར་ལྔ་བདུད་རྩི་ཨ་མྲྀཏ༔ ཆུར་སྦྱར་འཐུང་དང་ཁྲུས་བྱས་ལུས་ལའང་བཅང༔ ངག་ལ་དབང་འབྱོར་སྣང་སྲིད་དབང་དུ་འགྱུར༔ ྀཨཚ༔ ལྔ་པ་རྣལ་འབྱོར་སྔགས་ཀྱི་མཐུ་བསྐྱེད་པ༔ སྔགས་ཀྱི་ནུས་པ་ཉམས་པའི་རྟགས་བྱུང་ཞིང༔ ཅི་ལྟར་བསྒྲངས་ཀྱང་བྱིན་རླབས་རྟགས་མེད་ན༔ བདག་ཉིད་ཕྱག་ན་རྡོ་རྗེ་སྤྱི་ལྟར་བསྒོམ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ མནྟྲ་གྷུ་ཧྱ་ས་མནྟ་བི་ཛ་ཡ་བརྟ་ནེ་སྭཱ་ཧཱ༔ ཏཱིཀྵྞ་ཨ་མུ་ཀཾ་མཱ་ར་ཡ་ཕཊ༔ ཅེས་པ་འབུམ་བཟླས་ལྕེ་ཡི་དབང་པོ་ནི༔ གོང་གི་སྔགས་བཟླས་དེ་ཉིད་ཕྱག་མཚན་དང༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་བསམ༔ སིནྡྷུ་ཨ་མྲྀཏ་སྦྱར་སྤྱི་གཙུག་དང༔ མགྲིན་པ་སྙིང་ཁ་ལྕེ་ལ་བྱུག་པར་བྱ༔ དེས་ནི་སྔགས་བཟླས་ནུས་པ་འབུམ་འགྱུར་ཞིང༔ གངྒཱ་ཀླུང་གི་བྱེ་སྙེད་སངས་རྒྱས་ཀྱིས༔ བྱིན་གྱིས་རློབ་འགྱུར་ཡོན་ཏན་བརྗོད་ལས་འདས༔ ྀཨཚ༔ དྲུག་པ་བཟླས་པ་རྣམས་ཀྱི་དབལ་གསོ་བ༔ ཤེས་པ་ཉོག་ཅིང་གཉིད་ཆེ་བྱིང་སྙམ་བྱེད༔ དགེ་སྦྱོར་མི་སྤྲོ་ཉམས་གྲིབ་ཕོག་པ་དང༔ དེ་དང་རྗེས་མཐུན་རྨི་ལམ་རྨིས་གྱུར་ན༔ བདག་ཉིད་དབང་ཆེན་རྟ་མགྲིན་བསྐྱེད་པ་ཡི༔ སྐུ་ལས་བྱུང་བའི་མེ་རླུང་འཚུབས་འཕྲོས་པས༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་བསྲེགས་བསམ་ལ༔ ཨཱོྃ་ཧ་ཡ་གྲཱི་ཝ་གྷུ་ཏ་ནི་ནེ་སྭཱ་ཧཱ༔ སྤུ་ཙ་རི་རྦད་ནི་ཕུ་ཏྲ་ཤ་ན་པ་རྣོ་པ་ཏོ་ནི་སྭཱ་ཧཱ༔ ཞེས་པ་འབུམ་བཟླས་རང་ལུས་མགོ་མཇུག་ཀུན༔ གུ་གུལ་བསྲེགས་པའི་དུད་པས་བདུག་པར་བྱ༔ དེས་ནི་ངག་གིས་ཇི་ལྟར་བཟླས་པ་ཡི༔ བརྗོད་པ་ཀུན་གྱི་མཐུ་དཔུང་བསྐྱེད་འགྱུར་ཞིང༔ བདག་ཉིད་བསྐལ་པའི་མེ་དཔུང་ལྟར་གྱུར་ནས༔ ཚུར་ལ་མི་ཚུགས་ཕར་ལ་འཇོམས་པ་འོ༔ ྀཨཚ༔ བདུན་པ་འདི་ལྟར་སོ་ལ་ངར་བླུད་བྱ༔ བདག་ཉིད་མོས་པའི་ལྷར་བསྐྱེད་སྙིང་པོའི་གཤམ༔ ཨཱོྃ་མ་མ་རཀྴ་ཀཱ་ལ་ཤ་ཏྲཱུན་ཙིཏྟ་ཛ་ཛ་རྦད༔ ཅེས་པ་འབུམ་བཟླས་སྐྱེར་ཤུན་ཁུ་བ་ལ༔ ངར་བླུད་སོ་ལ་བྱུགས་ནས་གང་ཡིན་གྱི༔ སྔགས་བཟླས་ལས་གང་ཐོགས་མེད་འགྲུབ་པར་འགྱུར༔ དེ་ནི་མངོན་སྤྱོད་རྣམས་ཀྱི་ཐོག་མ་སྟེ༔ མདའ་ལ་མདེ་འུ་བསྐྱོན་དང་མཚུངས་པ་འོ༔ ྀཨཚ༔ བརྒྱད་པ་ལྕེ་ལ་སྤུ་གྲི་གདགས་པ་ནི༔ ལོག་རྡུགས་འབྱམས་གསུམ་བྱུང་ན་བྱེད་པ་སྟེ༔ བཟློག་པ་བྱུང་དང་གཞན་ལ་ནུས་པ་རྡུགས༔ ཡང་ན་འབྱམས་ལ་ཉེས་མེད་མང་པོ་ཕུང༔ བྱས་པ་དོན་མེད་འགྱུར་བས་འདི་ལྟར་འབད༔ རང་ཉིད་ཁྲོ་གཏུམ་ལྡན་པའི་ཡི་དམ་ལྷ༔ ཟ་བྱེད་རྔམས་སྟབས་རབ་ཏུ་འཇིགས་དམིགས་ཤིང༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ༔ ཁྲག་རྩ་རྦུད༔ སྙིང་ཁྲག་རྦུད༔ སྙིང་ལ་རྦུད༔ མཱ་ར་ཡ་ཁས་ཁས་རྦུད༔ ཅེས་པ་འབུམ་བཟླས་བྲེ་གུ་གསེར་ཏིག་དང༔ གུ་གུལ་ཏིལ་ནག་མར་ལ་བཏབ་ནས་ནི༔ ལྕེ་ལ་བྱུག་ཅིང་ལས་སྦྱོར་གང་བརྩམ་པ༔ ཐོགས་མེད་འགྲུབ་ཅིང་ལོག་རྡུགས་འབྱམས་མི་སྲིད༔ སྔགས་ཀྱིས་ཕན་ཐོགས་ཤིན་ཏུ་ནུས་པ་ཆེ༔ ྀཨཚ༔ དགུ་པ་མཆུ་ལ་ཇི་ལྟར་དུག་བསྐུ་བ༔ འདི་ཡང་ངན་སྔགས་སྦྱོར་བའི་དང་པོ་སྟེ༔ གོང་ལྟར་བདག་ཉིད་ཡི་དམ་དྲག་པོ་བསྐྱེད༔ ཨཱོྃ་བཛྲ་ཡཀྴ་ཀྲོ་ཏ་ཧཱུྃ༔ ཐུམ་ཐུམ་ནྲྀ་ཤ་ཐུཾ༔ ཧ་ལ་བྷིས་མ་ཧཱ་ཧ་ལ་ཧཱུྃ་ཕཊ༔ ཅེས་པ་འབུམ་བཟླས་མུ་ཟི་ནག་པོ་དང༔ ཤུ་དག་ནག་པོ་དག་ལ་བཏབ་ནས་ནི༔ མཆུ་ལ་བསྐུས་ནས་ལས་སྦྱོར་ཅི་བྱས་ཀྱང༔ འབད་མེད་མྱུར་དུ་འགྲུབ་པར་གདོན་མི་ཟ༔ ནུས་པ་ཚན་ཆེ་གནོད་བྱེད་དགྲ་བགེགས་འཇོམས༔ ྀཨཚ༔ དེ་ལྟར་དགུ་ནི་སྔགས་པ་སྔགས་འདྲེན་ལ༔ མེད་ཐབས་མེད་དེ་གཅེས་པར་སྙིང་ལྟར་འཆང༔ གཞན་ཡང་ཞི་རྒྱས་དབང་དྲག་ལ་སོགས་དང༔ རང་གཞན་ཀུན་དོན་བྱེད་པའི་སྔགས་ཕྲན་དང༔ བསྐྱེད་དགོས་གང་ཡིན་ཀུན་གྱི་ཐོག་མ་ལ༔ བདག་ཉིད་ལྷར་བསྐྱེད་སྤྱི་བོར་བླ་མ་བསྒོམ༔ སོ་དང་ལྗགས་ལ་ཌཱ་ཀིའི་ཚོགས་བསྐྱེད་པ༔ ཡ་སོ་དཔའ་བོ་མ་སོ་དཔའ་མོ་ལ༔ ལྕེ་ཡི་དབང་པོ་སྔགས་ཀྱི་ངོ་བོར་དམིགས༔ སྔགས་བཟླས་ཙམ་གྱིས་ཌཱ་ཀི་ཡབ་ཡུམ་རྣམས༔ སྐུ་ཡིས་གར་མཛད་གསུང་གིས་སྔགས་སྒྲ་སྒྲོག༔ ཐུགས་རྗེ་བརྩེ་བས་ལས་ཀུན་འགྲུབ་བསམ་ཞིང༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་སརྦ་ཀརྨ་ཧྲཱིང་ཧྲཱིང༔ ཞེས་པ་ཁྲི་བཟླས་ལྷ་སྔགས་ལྕེ་ལ་བསྟིམ༔ བླ་མ་ཡི་དམ་ལྷ་ལ་མོས་གུས་བྱ༔ ཕྲིན་ལས་གང་བརྩམ་འགྲུབ་པར་གསོལ་བ་གདབ༔ སྔགས་ལོག་འཁྲུགས་དང་སྡེབ་ནོར་ལ་སོགས་པའི༔ ལྷག་ཆད་སྐྱོན་དུ་གྱུར་པ་ཐམས་ཅད་ཀུན༔ སོར་ཆུད་ཡོན་ཏན་ལྡན་པར་བྱེད་པ་ནི༔ གནད་ཀྱི་མན་ངག་འདི་ལྟར་བརྩོན་པ་ནི༔ བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ༔ ཁྲོ་འཛུམ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་རྫོགས་པད་ཉིའི་སྟེང༔ སྐྱིལ་ཀྲུང་ཕྱེད་བཅས་སྟོད་གཡོགས་སྨད་ཤམ་ཅན༔ ཡེ་ཤེས་རང་འོད་འཁྲིགས་པའི་དབུས་ན་བཞུགས༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔ ན་མཤྩཎྜ་བཛྲ་ཀྲོ་ཏ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ མནྟྲ་གུ་ཧྱ་ས་མནྟ་མ་ཧཱ་བཱ་ལ་ཧཱུྃ་སྭཱ་ཧཱ༔ དེ་ལྟར་སྐབས་སུ་བརྒྱ་ཕྲག་བཟླས་བྱ་ཞིང༔ བཟླས་ཚེ་སྔགས་རྣམས་རབ་ཏུ་འཁོར་བ་ལས༔ འོད་ཟེར་ཁ་དོག་སྣ་ཚོགས་རབ་འཕྲོས་པས༔ སྔགས་འཁྲུགས་ལ་སོགས་མ་དག་ཀུན་བསལ་ནས༔ དག་པ་ཡེ་ཤེས་ཆེན་པོའི་སྔགས་སུ་བསྒྱུར༔ ནུས་སྟོབས་ལྡན་དམིགས་ལྷ་སྔགས་ལྕེ་ལ་བསྟིམ༔ ལྕེ་ཡང་རྣམ་པར་མི་རྟོག་ངང་ལ་བཞག༔ རྗེས་ལ་བསྔོ་བ་སྨོན་ལམ་མཐའ་རྒྱས་གདབ༔ གྲུབ་ན་རྣམ་པར་འཇོམས་པའི་གཟུངས་སྔགས་རྣམས༔ ཉེར་གཅིག་ལ་སོགས་བཟླས་པའི་ལྡན་འབྲས་ནི༔ རང་གཞུང་ཉིད་ནས་ཤེས་ཀྱིས་འདིར་མ་བཀོད༔ ྀཨཚ༔ གདམས་པ་འདི་མེད་སྒྲུབ་པ་བྱེད་རྣམས་ནི༔ མུན་ཁུང་འཐོམ་འགྲོས་ཚོགས་པོ་འཕེན་དང་མཚུངས༔ ཤེས་ཆུང་རྣལ་འབྱོར་འདི་མེད་སྔགས་འདྲེན་པ༔ མར་འདོད་བྱེ་མ་བཙིར་དང་མཚུངས་པ་སྟེ༔ འདི་ལྡན་རྣལ་འབྱོར་སྔགས་མཆོག་དམ་པ་སྟེ༔ ཧེ་རུ་ཀ་དངོས་ཨོ་རྒྱན་ང་དང་མཚུངས༔ དེས་ན་འདི་དོན་བརྩོན་རྣམས་ཨེ་མ་ཧོ༔ སྔགས་ཀྱི་ངར་འདོགས་གསལ་བའི་གབ་ཙེ་འདི༔ བདག་འདྲ་སྔགས་འཆང་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ཡབ་སྲས་ཞལ་ངོ་ཆེས་པ་དང༔ སྙིགས་དུས་རྗེས་འཇུག་འགྲོ་བའི་དོན་བསམས་ནས༔ དགོངས་འདུས་རྣོ་སོ་གནད་ཀྱི་གཟེར་དུ་གདམས༔ ད་དུས་སྤེལ་བར་མི་རིགས་གཏེར་དུ་སྦོས༔ ནམ་ཞིག་དུས་ལ་བབས་ན་ཐོན་པར་འགྱུར༔ དམ་མེད་སྣོད་ངན་ལག་ཏུ་ཤོར་ར་རེ༔ བཀའ་སྲུང་དམ་ཅན་རྣམས་ཀྱི་ལག་ཏུ་གཏད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐམ༔ གུ་ཧྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ། །སིདྡྷི་རསྟུ།། །།

གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་ཀྱི་ཆོ་ག་འདོད་པའི་རེ་སྐོང་ (Volume 39, Text 23)

༄༅། །གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་ཀྱི་ཆོ་ག་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བགྲང་ཡས་དཀྱིལ་འཁོར་རྒྱ་མཚོ་ཡི། ཁྱབ་བདག་ཨོ་རྒྱན་ཐོད་ཕྲེང་རྩལ། །དེར་འདུད་གནོད་སྦྱིན་ཙིའུ་དམར་བའི། །སྒྲུབ་ཐབས་སྲོག་གཏད་ཆོ་ག་བྲི། །འདིར་རྒྱལ་བའི་བསྟན་སྲུང་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་དང་འབྲེལ་བར་སྲོག་གཏད་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས་དང་། སྲོག་གཏད་ཀྱི་ཆོ་གའོ། །དང་པོ་ནི། དུས་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་ལྡན་གྱི་ཁར་མེ་ཏོག་དམར་པོའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་ཟངས་གཞོང་དུ་འབྲུའི་ཕྱེ་ཁྲག་ཆང་གིས་སྦྲུས་པའི་བཤོས་བུ་མཁར་ཐབས་བ་གམ་ཅན་གྱི་སྟེང་དུ་གྲུ་གསུམ་བདུན་དང་དབུས་མའི་རྩེར་འུག་པས་མཚན་པ། རྩི་དམར་གྱིས་བྱུགས་ཤིང་ཤ་དམར་དང་ཡུངས་དཀར་གྱིས་བརྒྱན་པར་སྐུ་རྟེན་ཙཀླི་དང་གཏོར་གདུགས་དམར་པོ་བཙུགས་པ་བཀོད། མདུན་དུ་མེ་ཏོག་དམར་པོ་འབྲུ་ཚོམས་ཀྱི་དབུས་སུ་ཕུར་བུའམ་དབྱུག་ཏོ། གཡས་སུ་རྟེན་རྫས་ཀྱི་མདུང་དམར། རྒྱབ་ཏུ་བླ་རྡོའམ་འཁོར་ལོ། གཡོན་དུ་རྟེན་མདུང་ཞགས་པ། དེ་དག་གི་མདུན་དུ་མཆོད་གཏོར་དམར་པོ་གྲུ་གསུམ་གཙོ་འཁོར་བདུན་པ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ། སྨན་ཕུད། རཀྟ། ཕྱེ་མར། གསེར་སྐྱེམས་དཀར་སྐྱེམས་མངར་སྐྱེམས། ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། གོང་གནོན་གྱི་ལྷ་གུ་རུ་ཞི་དྲག་གམ་རྟ་མགྲིན་ལྟ་བུ་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། རྟེན་གཏོར་ལ་དམིགས་ཏེ་གསོལ་ཁ་ཕྱོགས་ཕྱོགས་མས་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་སུ་བྱ་བའམ། སྤྲོ་ན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་མདུན་དུ་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ལ་སྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་སྐྱ་རྒྱུ་བ། རྐེད་ན་གཅན་ཟན་ངུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང། བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས། ལྷ་བཙན་དགྲ་བླའི་རྒྱལ་པོ་ཙིའུ་དམར་བ་སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིགས་པ། སྤྱན་ནས་མེའི་སྐར་མདའ་འཁྲུག་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབ་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁྲོ་ཞིང་འཇིགས་ལ་རྔམ་ཞིང་གཏུམ་པ། སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཆེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། སྟག་དོང་གཡས་ལ་གཟིག་ཤུབས་གཡོན་དུ་འཕྱང་བ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་དམར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ་སྒ་ཁྲ་བོ། དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན། གསེར་གྱི་སྲབ། གཡུའི་མཐུར་མདའ། དར་དམར་གྱི་སྲབ་སྐྱོགས། སྦྲུལ་ནག་གི་གོང་སྨེད་བྱས་པ་ལ་བཅིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལ་ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན། སྐུ་ལ་ཟ་འོག་དམར་ཁྲའི་གོས་དང་དར་དམར་གྱི་ཐོད་གསོལ་བ། གཡས་སུ་སྟག་དོང་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཉིས་གསེར་མདའ་གསེར་གཞུ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤ་གདོང་སྒ་སྲབ་ཅན་ལ་འཆིབ་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམ་ཞིང་འཇིགས་པ། སྐུ་ལ་ལེ་བརྒན་གྱི་འཇོལ་བེར་དང་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ་གཡས་ཀྱིས་ཤང་ལང་བརྡེག་པ། མཚའ་ལུ་རྟིང་དཀར་སྒ་སྲབ་ཅན་ལ་འཆིབ་པ། རཱ་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་གུ་ལ་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན་སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་དུག་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་ལ་འཆིབ་པ། རྡོ་རིང་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན། བེར་དམར་གྱི་སློག་པ་དང་དར་དམར་གྱི་ཐོད་གསོལ་བ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་འཆིབ་པ། ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་ཕྱར་ཞིང་གཡོན་འབྲེང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་འཆིབ་པ། རྩལ་ཐོག་རྒྱུག་གི་གྲི་བཙན་སྐུ་མདོག་ཁྲག་ལྟར་དམར་བ། སྐུ་ལ་ཟངས་ཁྲབ་དམར་པོ་དང་དབུ་ལ་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་གསོར་ཞིང་གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་གཤོག་པ་སྒ་སྲབ་ཅན་ལ་འཆིབ་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་བ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ་དང་བཅས་པར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བཙན་ཡུལ་ཟངས་ཐང་དམར་པོ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཡ་བ་རྐྱ་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས་པར་བསམ་ལ། སྤོས་དཀར་དང་ཕྱེ་མར་བསྲེག་ཅིང་། མདའ་དར་དམར་པོས་གཡབ་ལ་གདུང་བའི་ང་རོས། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུ་ལ་ཏྲིཿབཛྲ་ས་མ་ཡ་ཛ༔ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེ༔ སྐྱེས་བུ་རོལ་པ་རྐྱ་བདུན་ནི༔ འཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པའི༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧོ༔ ཀྱེ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱོད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྟོང་སྡེའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང༔ ལས་བཞིའི་ཕོ་ཉའི་ཐུགས་དམ་བསྐང༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་ཤན་པ་རོ་ལོ་ལོ༔ བཤུག་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང༔ སྐུ་ལ་བདོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་བྲི་གོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་བརྗོད། སྤྲོ་ན་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བས་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམས་ལ། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲཱི་ཝ་ཏྲི་ཤུ་ལ་ཧྲིང་ཧྲིང་ཛཿཛ༔ ཞེས་ཅི་ནུས་བཟླ། མཐར་གཏོར་མ་འབུལ་བ་དང་གཏང་རག་བཟོད་གསོལ་སོགས་ཀྱང་སྤྱི་དང་མཐུན་པར་བྱའོ། །གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བདག་མདུན་སྒྲུབ་མཆོད་ཀྱི་ཆོ་ག་སྔར་ལྟར་བྱས་ནས། སློབ་མའི་བྱ་བ་ཁྲུས་དང་བགེགས་བསྐྲད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས་འདིར་རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་རྩལ་ནུས་པ་མཆོག་ཏུ་གྱུར་པ་ཆོས་འཁོར་ཐམས་ཅད་ཀྱི་སྲུང་མ། དྲེགས་པ་ཀུན་གྱི་རྗེ་བོར་གྱུར་པ་གནོད་སྦྱིན་ཡ་བ་རྐྱ་བདུན་དུ་གྲགས་པ་འདི་ཉིད་ངེས་པའི་དོན་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་གསུང་རྡོ་རྗེའི་རང་གཟུགས་ལས་ཤར་བ་རྟ་མགྲིན་དབང་གི་རྒྱལ་པོ་དང་གཉིས་སུ་མེད་ཀྱང་། ཐུན་མོང་གི་སྣང་ངོར་འོད་སྲུངས་ཀྱི་བསྟན་པའི་མཇུག་ཏུ་ལི་ཡུལ་ལྕང་ར་སྨུག་པོར་ཡབ་ལི་རྗེ་གསང་བ་དང་ཡུམ་ཨུཏྤལ་རྒྱན་གྱི་སྲས། ལི་སྲས་འཕྱོར་བ་ཞེས་བྱ་བར་འཁྲུངས། དགེ་སློང་ཙནྡྲ་བྷ་དྲ་ལས་སོ་ཐར་གྱི་ཁྲིམས་བླངས་ཏེ་ནགས་ཚལ་གཅིག་ཏུ་བཞུགས་པ་ལས། ཡུལ་དེའི་རྒྱལ་པོ་དྷརྨཱ་ཤྲིའི་སྲས་མོ་ལྷ་ལྕམ་བདེ་སྦྱིན་ཞེས་བྱ་བ་ཁྲུས་ལ་ཞུགས་པ་དུག་སྦྲུལ་གྱི་འཇིགས་པས་གཙེས་པས་ལི་སྲས་ཀྱིས་དེའི་འཇིགས་པ་བསྐྱབས་པ། བློན་པོ་སྡིག་ཏོ་ཅན་གཉིས་ཀྱིས་མཐོང་བས་ལྷ་ལྕམ་དང་ལི་སྲས་གཉིས་མཐུན་པའི་ཡ་ག་བསྒྲགས་པས་རྐྱེན་བྱས། རྒྱལ་པོས་ལི་སྲས་གསོད་པའི་ཕོ་ཉ་བཏང་བས་ལྷ་ལྕམ་གཡང་ལ་ལྕེབས་ཏེ་ཤི་ཞིང་ལི་སྲས་ཀྱང་ཁ་བ་ཅན་གྱི་ལྗོངས་སུ་བྲོས། ཕོ་བྱུང་བསད། མོ་རིགས་ཐམས་ཅད་ལ་སྤྱོད་ཅིང་གནས་པ་ལས། ནམ་ཞིག་གི་ཚེ་རྒྱལ་པོའི་ཕོ་ཉས་ལི་སྲས་བཟུང་སྟེ་གྲི་རུ་བཀུམ་པར། སྨོན་ལམ་ལོག་པའི་མཐུ་ལས་ནུབ་ཕྱོགས་ཟངས་ཐང་དམར་པོར་བཙན་རྗེ་ཟླ་བ་ཐོད་དཀར་གྱི་སྲས་མོ་གནོད་སྦྱིན་གདོང་དམར་མའི་མངལ་དུ་ཁྲག་གི་སྒོ་ངར་བལྟམས་པས། ཇི་ཞིག་ན་བརྡོལ་བའི་ནང་ནས་གནོད་སྦྱིན་ཙིའུ་དམར་པོ་དང་། དེའི་མགོ་ལས་བདུད་བཙན། རུས་ལས་ལྷ་བཙན། དྲོད་དང་མདངས་ལས་བྲག་བཙན། ཁྲག་ལས་གྲི་བཙན། ཆུ་སེར་ལས་ཀླུ་བཙན། ཤ་ལས་གྲིབ་བཙན་ཏེ་བཙན་རྒོད་གདུག་པ་དྲུག་བྱུང་སྟེ། གཙོ་འཁོར་བདུན་གྱིས་སྲིད་གསུམ་གྱི་སྐྱེ་བོ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པ་ལ། རྟ་མགྲིན་དབང་གི་རྒྱལ་པོས་མཐུ་སྟོབས་ཀྱིས་གཟིར་ཞིང་བཏུལ། སྲོག་གི་སྙིང་པོ་བླངས། མཁའ་འགྲོ་མ་རྡོ་རྗེ་བདེ་བྱེད་མས་བསྐུལ་ཏེ་སྤུ་གྲི་དམར་པོ་སྙིང་གི་རྒྱུད་གསུངས། རྡོ་རྗེ་ཐེག་པའི་སྲུང་མར་བསྐོས་ཤིང་དམ་ཚིག་གི་གཉེར་ཁ་གཏད། དུས་ཕྱིས་སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔར་རང་གི་ཐ་ཚིག་རྒྱུད་དང་བཅས་པ་མདོངས་གསོལ་དུ་ཕུལ་ཏེ་གཏེར་གྱི་སྲུང་མར་ཁས་བླངས། མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་སྒྲུབ་སྐོར་ལས་ཕྲན་བུ་དང་བཅས་པ་རྣམས་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་ལས། ཇི་སྐད་དུ། བདག་དང་རྒྱལ་པོའི་ཐུགས་ཀྱི་སྤྲུལ་པ་ནི། །པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ། །ཞེས་ལུང་གིས་གསལ་བར་བསྟན་པའི་སྤྲུལ་པའི་གཏེར་སྟོན་པདྨ་དབང་རྒྱལ་རྡོ་རྗེའི་གཏེར་ཁ་ལས་བྱུང་བའི་སྲོག་གཏད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་ནི། ཀྱེ༔ བླ་མ་རྗེ་བཙུན་ཁྲོ་བོའི་རྒྱལ༔ དྲེགས་པ་ལས་ལ་ཉེ་བའི་ཕྱིར༔ དམ་ཚིག་བཀའ་ཡིས་བཅིངས་མཛད་ནས༔ དྲེགས་པའི་དམ་ཚིག་གཉེར་དུ་ཞུ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཚོགས་གསག་པ་ནི། རྟེན་གཏོར་སྐད་ཅིག་གིས་རྟ་མགྲིན་སྐུ་མདོག་དམར་ནག་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། གཡས་ཐོད་དབྱུག་དང་གཡོན་ཕུར་བུ་སྒྲིལ་བ་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་དབུ་གཙུག་ཏུ། མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་སྐུ་མདོག་དམར་ནག་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་ཞིང་གཟི་བྱིན་ཉི་མ་འབུམ་གྱི་རང་བཞིན་ལྟར་གསལ་བར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱི་རྒྱུན་བཤགས་བྱ། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག་པས་ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། མི་དམིགས་པའི་ངང་ལས་དཔལ་ཆེན་རྟ་མགྲིན་དུ་སྔར་ལྟར་གསལ་བཏབ། གནས་གསུམ་བརླབ། ཡེ་ཤེས་པ་དགུག་བསྟིམ་སྤོས་རོལ་བྱ། གཉེན་པོའི་དབང་ལ་ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གསུམ་ལས། དང་པོ་སྐུ་ཡི་བྱིན་རླབས་ནི། གཏོར་མ་དཔལ་རྟ་མགྲིན་དུ་གསལ་བ་ལས། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲའི་སྐུ་གཉིས་པ་མཆེད་དེ་བྱུང་བ་སྤྱི་བོ་ནས་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུ་རྡོ་རྗེ་འགྲུབ་པའི་ནུས་པ་བཞག་པར་བསམ་ལ། རྟེན་གཏོར་སྤྱི་བོར་བཞག་སྟེ། ཧྲཱི༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུ༔ ཁྲོ་རྒྱལ་རྔམ་པ་དྲེགས་པའི་བདག་པོ་སྟེ༔ རྟ་སྐད་རྔམ་སྒྲོག་བདུད་དང་དམ་སྲི་འདུལ༔ ཧ་ཡ་གྲཱི་ཝའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ཅིང་སྤོས་རོལ་བྱ། གཉིས་པ་གསུང་གི་བྱིན་རླབས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་གསུང་གི་བྱིན་རླབས་རྣམས་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་རང་སྒྲ་སྒྲོག་བཞིན་དུ་བྱུང་བ་མགྲིན་པ་ནས་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསུང་རྡོ་རྗེ་འགྲུབ་པའི་ནུས་ལྡན་དུ་གྱུར་པར་བསམ་ལ། སྔགས་ཀྱིས་བཏབ་པའི་མེ་ཏོག་དམར་པོ་གཏོར་ཞིང་། ཧྲཱི༔ གསང་སྔགས་རྒྱལ་པོ་ཧུ་ལུའི་སྒྲ་དང་ལྡན༔ འབད་པར་ཞུགས་ན་དངོས་གྲུབ་མྱུར་དུ་སྟེར༔ སངས་རྒྱས་གསུང་མཆོག་འདུས་པ་དཔལ་གྱི་ཐུགས༔ ཡང་དག་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྤོས་རོལ་བྱ། གསུམ་པ་ཐུགས་ཀྱི་བྱིན་རླབས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀྱི་བྱིན་རླབས་རྣམས་ཕྱག་མཚན་ཕུར་བུ་དང་དབྱུག་ཏོ་ལ་སོགས་པའི་རྣམ་པར་བྱུང་སྟེ། སྙིང་ག་ནས་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་རྡོ་རྗེ་འགྲུབ་པའི་ནུས་ལྡན་དུ་གྱུར་པར་བསམ་ལ། ཕུར་བུའམ་དབྱུག་ཏོ་སྙིང་ཁར་གཏུག་ཅིང་ལག་ཏུ་གཏད་ལ། ཧྲཱི༔ ཡེ་ཤེས་རིག་པ་བྱང་ཆུབ་སེམས་ཀྱི་དབང༔ ཉོན་མོངས་མཐར་བྱེད་རྟ་མཆོག་འགྲོ་བའི་ཤུགས༔ རང་བཞིན་ཡོན་ཏན་འབུམ་གྱི་གཏེར་མངའ་བ༔ མི་གནས་ཐུགས་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་དག་ནི་གཉེན་པོའི་ལྷ་དབང་བསྐུར་བ་ཡིན་ནོ། །དེ་ནས་དྲེགས་པའི་སྲོག་དབང་དངོས་ལའང་། སྐུ་གཏོར་མ། གསུང་བླ་རྡོ། ཐུགས་ཕྱག་མཚན་ལ་བརྟེན་ནས་སྲོག་གཏད་པ་གསུམ་ལས། དང་པོ་སྐུ་གཏོར་མ་ལ་བརྟེན་པ་ནི། མདུན་གྱི་གཏོར་མ་འདི་ཉིད་བཙན་ཡུལ་ཟངས་ཐང་དམར་པོ་སོགས་སྔར་བཞིན་གནོད་སྦྱིན་འཁོར་བཅས་སུ་བསྐྱེད་པ་དམིགས་པ་རྒྱས་བསྡུས་ཅི་རིགས་སུ་སྤོད་ནས། དེ་ལྟར་དབང་དྲག་རོལ་པའི་ཕོ་བྲང་སྡེ་བརྒྱད་རྦ་ཀློང་འཁྲུགས་པའི་རྟེན་མཁར་གྱི་ནང་དུ་དམ་ཅན་རྒྱ་མཚོའི་ཚོགས་ཁྲ་ལམ་མེར་བཞུགས་པ། ཁྱེད་རང་རྟ་མགྲིན་དུ་གསལ་བའི་ལག་ཏུ་གཏད་པས་དྲེགས་པ་འཁོར་བཅས་གུས་འདུད་དང་བཅས་པས་དམ་ལ་གནས་པར་མོས་ལ། གཏོར་མ་ལག་ཏུ་གཏད་དེ། ཀྱེ༔ སྐུ་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྩེ་ལ་འུག་པ་ལྡིངས་སེ་ལྡིང༔ བཞུགས་པའི་རྟེན་དུ་བུ་ལ་གཏད༔ དྲེགས་པ་རྟག་ཏུ་གནས་པར་ཤོག༔ རཀྴ་མ་དྷ་ལ་ཧཱུྃ་སྭཱ་ཧཱ། ཆོས་འཁོར་ཡོངས་ཀྱི་སྲུང་མ་ལྷ་བཙན་དགྲ་བླའི་རྒྱལ་པོ་ཙིའུ་དམར་པོ། སྤྲུལ་པ་སྐུ་ལ་ཞལ་གྱི་ལྷ་བཙན། རྩལ་ཐོག་རྒྱུག་གི་གྲི་བཙན། རྡོ་རིང་དམར་པོའི་གྲིབ་བཙན། ཀང་ཀ་ཐོད་ནག་བདུད་བཙན། རཱ་ཙ་གོང་སྔོན་གྱི་ཀླུ་བཙན། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ། ཡང་སྤྲུལ་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་ཐོད་འཕྲེང་། རིག་འཛིན་པདྨ་དབང་རྒྱལ། འབྲི་ཁུང་རིན་ཆེན་ཕུན་ཚོགས། བསྟན་པའི་འབྱུང་གནས་རྒྱལ་སྲས་ཀུན་བཟང་། རིན་ཆེན་དར་རྒྱས། གསང་བདག་འཕྲིན་ལས་ལྷུན་གྲུབ། །ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། རིག་འཛིན་འགྱུར་མེད་རྡོ་རྗེ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་ཞེས་སོགས་ཀྱི་བཀའ་བསྒོ་རྒྱས་བསྡུས་ཅི་རིགས་བྱ། གཉིས་པ་གསུང་བླ་རྡོ་ལ་བརྟེན་པ་ནི། མདུན་བསྐྱེད་དྲེགས་པའི་སྲོག་གི་སྙིང་པོ་ཏྲི་ཡིག་དམར་ནག་སྲོག་སྔགས་དང་བཅས་པའི་རྣམ་པར་བྱུང་བ་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་སིབ་ཀྱིས་ཐིམ་པས་དབྱེར་མེད་དུ་འདྲེས་ཤིང་དྲེགས་པའི་སྲོག་དབང་དུ་འདུས་པར་མོས་སུ་བཅུག་ལ། བླ་རྡོ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། བླ་རྡོ་སྲོག་འཁོར་གསང་བའི་སྔགས༔ མདའ་ཡི་ཤུགས་དང་ཐོག་ལྟར་མྱུར༔ འབོད་རྦད་རྟེན་དུ་བུ་ལ་གཏད༔ རྟག་ཏུ་སྲོག་རྒྱུད་འབྲེལ་བར་ཤོག༔ ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲཱི་ཝ་ཏྲི་ཤུ་ལ་ཧྲཱིང་ཧྲཱིང་ཛཿཛ༔ ཞེས་བརྗོད། གསུམ་པ་ཐུགས་ཕྱག་མཚན་ལ་བརྟེན་པ་ནི། དྲེགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྲིད་གསུམ་དྲེགས་པའི་མཐུ་ནུས་ཐམས་ཅད་གཅིག་ཏུ་བསྡུས་ཏེ། མདུང་ཞགས་ལ་བསྟིམས་པ་གནོད་སྦྱིན་བྲན་འབངས་དང་བཅས་པ་རྣམས་ཀྱི་གུས་པ་ཆེན་པོས། རང་རྟགས་ཀྱི་ཕྱག་མཚན་དངོས་གྲུབ་ཏུ་ཕུལ་བས་དྲེགས་པ་བྲན་དུ་འཁོལ་བས། ལས་བཞིའི་ཕྲིན་ལས་སྒྲུབ་པའི་མཐུ་སྟོབས་ཐོགས་མེད་དུ་གྱུར་ཅིང་བསྟན་པ་སྲུང་བའི་ལག་ཆར་བཅངས་པར་མོས་སུ་བཅུག་ལ་མདུང་དམར་གཡས་དང་ཞགས་པ་གཡོན་དུ་གཏད་ལ། མི་འབྲལ་སྲོག་གི་དམ་ཚིག་ནི༔ མདུང་དམར་ཞགས་པ་བཙན་གྱི་ཆས༔ པདྨ་དབང་ཆེན་དམ་ཚིག་ལྡན༔ ཕྲིན་ལས་རྟེན་དུ་བུ་ལ་གཏད༔ རཀྴ་ཀརྨ་ཛ་བྷྱོ་རྦད༔ ཅེས་བརྗོད་ཅིང་མདུང་ཞགས་གཡས་སུ་བཅུག །སྤོས་དཀར་གསུར་དུད་རྔ་གླིང་རོལ་མོའི་སྒྲ་སྒྲོག་པ་སོགས་བྱ། དེས་གནོད་སྦྱིན་ཆེན་པོ་ཡ་བ་རྐྱ་བདུན་གྱི་སྲོག་གཏད་ཀྱི་རིམ་པ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་དུ་རྫོགས་པར་གྲུབ་པ་ཡིན་པས། དེང་ནས་གཟུང་སྟེ་སྲུང་མའི་དབང་པོ་འདི་ཉིད་ཀྱི་ཕྱི་ནང་གསང་བའི་རྟེན་ཚོགས་པའི་སྒོ་ནས་བསྟེན་གསོལ་མཆོད་པའི་ལས་ལ་འབད་ཅིང་། དེ་ཡང་དྲེགས་པ་རང་སེམས་ལས་ལོགས་སུ་མེད་པར་ཤེས་པའི་སྒོ་ནས་གནས་ལུགས་ཀྱི་ལྟ་བའི་གདེངས་དང་ལྡན་པ་གཅེས་ཏེ། བཙན་བདུད་རོལ་པ་རྐྱ་བདུན་ཡང༔ རང་ལས་བྱུང་བའི་སྤྲུལ་པར་སྣང༔ གཉིས་མེད་དོན་དམ་གཅིག་ཏུ་རྫོགས༔ རང་གི་སེམས་སུ་ཤེས་པར་བྱ༔ ཞེས་གསུངས། རྟ་དམར་དང་རྐྱང་གི་ཤ་མི་ཟ། བཙུན་པ་བསད་པའི་གོས་མི་བགོ །ཡུགས་ས་མོ་དང་མིང་སྲིང་ལ་མི་སྤྱོད། མཚོན་ཆ་མི་འགོང་། བཙན་གནོད་པའི་ཕྱོགས་ལ་བརྔན་སྦྱིན་པ་སོགས་མཐུན་འཇུག་གིས་རྟེན་འབྲེལ་དྲག་སྤྱོད་མི་བྱ། སྤྱང་ཀི་དང་། བྱ་རོག་ལ་མི་བརྡེག །ཐབ་གཞོབ་མི་གཏོང་། ལོ་ཟླ་དུས་ཀྱི་གཏོར་མ་མ་ཆག་པ་དང་། ཁྱད་པར་ཉ་སྟོང་ལ་གསོལ་བ་ཤིན་ཏུ་གཅེས་ཤིང་། ལེན་སྤོང་བགྱིས་ན་སྲུང་མ་རང་གཤེད་དུ་བབ་པར་འགྱུར་ཏེ། རྒྱུད་ལས། སྤྱོད་དང་དམ་ཚིག་རིམ་པ་ནི༔ རྫུ་འཕྲུལ་ཤུགས་ཀྱི་མཾ་ས་སྤང༔ གོ་ལོག་གཙོ་བོ་མི་བགོ་སྟེ༔ དྲེད་སྟག་སྟན་དུ་མི་འདིང་ངོ༔ རྣོ་དབལ་སྔགས་ཀྱི་ངར་མི་གསད༔ རང་གི་ཞེ་སྡང་ལམ་མི་དགག༔ གཡུ་ཡི་ཚེ་ལོ་མདའ་མི་བཅག༔ བརྡ་ཡི་སོལ་བ་རླུང་མི་སྐུར༔ ན་བུན་རླངས་པ་སྔོ་མི་གཏང༔ ཁས་བླངས་དུས་ལས་ཡོལ་མི་བྱ༔ རྟ་མེད་ན་ནི་བཀོལ་མི་གཏུབ༔ དམ་ཚིག་མི་བསྲུང་བྱིན་རླབས་རྡུགས༔ ལྷ་བསྙེན་མ་བྱས་རང་ལ་ལྡོག༔ ཅེས་དང་། ལེན་སྤོང་བྱས་ན་རང་སྲོག་གཅོད༔ མཆོད་པ་ཡོལ་ན་གོད་ཁ་གཏོང༔ ཞེས་གསུངས་པའི་དམ་ཚིག་གི་གནས་ལ་བརྩོན་པར་བསྒྲག་ཅིང་། གཙོ་བོས་ཇི་ལྟར་སོགས་ཀྱི་ཁས་བླང་། གཏང་རག་གི་མཎྜལ་འབུལ་བ་སྤྱི་དང་འདྲ་ཞིང་། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་གོང་དུ་བསྟན་པ་བཞིན་ནོ། །བསྟན་སྲུང་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི། །སྒྲུབ་ཐབས་སྲོག་གཏད་ཚིག་ཉུང་དོན་གསལ་འདི། །རང་དང་སྐལ་མཉམ་འགྲོ་ལ་ཕན་ཕྱིར་དུ། །རིན་ཆེན་རྣམ་པར་རྒྱལ་བས་བྲིས་པ་འོ།་་་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གསུང་ངོ་།། །།

ཀླུ་གཏོར་གདེངས་ཅན་འདོད་འཇོ་ (Volume 28, Text 23)

༄༅། །ཀླུ་གཏོར་གདེངས་ཅན་འདོད་འཇོ་ཞེས་བྱ་བ་བཞུགས། ། ཨོཾ་སྭསྟི། འཕགས་མཆོག་ཐུགས་རྗེའི་གཏེར་མངའ་བ། །འཇིག་རྟེན་མགོན་ལ་གུས་བཏུད་ནས། །གདེངས་ཅན་འདོད་འཇོ་བདུད་རྩིའི་གཏེར། །གཏོར་མའི་ཆོ་ག་མདོ་ཙམ་སྤེལ། །དེ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་ཆོ་གའི་བྱ་བའོ། །དང་པོ་ནི། ཀླུ་གནས་པའི་གཞི་སོགས་གཙང་མའི་སར་མཎྜལ་དཀར་པོའི་ཁར་མེ་ཏོག་ཚོམ་བུ་དགུ་བཀོད། དེའི་མདུན་དུ་རིན་པོ་ཆེའི་སྣོད་དུ་ཀླུ་སྨན་དང་དཀར་གསུམ་མངར་གསུམ་སྦྱར་བའི་ཟན་རིལ་ལམ་བཤོས་ཟླུམ། འབྲུ་དང་རིན་པོ་ཆེ་དང་དར་ཟབ་སོགས་རྫས་བྱེ་བྲག་པ་རྣམས་ཀྱིས་བསྐོར་བ་དང་། ཀླུ་སྨན་འོ་མ་དང་ཆུ་གཙང་གིས་བྲན་པའི་བུམ་པ་རྣམས་བཤམ། བསྡུ་ན་མཎྜལ་སོགས་མེད་པར་ཀླུ་སྨན་སྦྱར་བའི་རིལ་བུ་དང་འོ་མའི་ཆབ་ཙམ་ལ་བརྟེན་པས་རུང་ཞིང་། སྒྲུབ་པ་པོ་ཡོ་བྱད་དང་བཅས་པ་གཙང་ཞིང་དག་པས་ལས་ལ་འཇུག་པའོ། །གཉིས་པ་དངོས་གཞི་ཆོ་ག་ནི། སྐྱབས་སེམས་ཚད་མེད་བསྒོམ་པ་རྣམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿལས་རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ་སེམས་སྐྱིལ་གྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་འཁོར་བཅས་སྤྱན་དྲངས། སྔར་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། དབང་ལྷ་རང་ལ་བསྟིམ། སླར་ཡང་སྙིང་གར་ཟླ་བ་ལ་ཧྲཱིཿཡིག་དཀར་པོ་ཡི་གེ་དྲུག་གིས་བསྐོར་བའི་འོད་ཟེར་སྤྲོ་བསྡུ་དང་སྦྱར་ཏེ་མ་ཎི་བརྒྱ་རྩ་སོགས་བཟླས་ནས་སྔར་བཞིན་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད་ནས་ལྷའི་ང་རྒྱལ་ལ་གནས་པར་བྱའོ། །དེ་ནས་མཆོད་རྫས་རྣམས་རྡོ་རྗེ་གནོད་སྦྱིན་གྱི་རྒྱས་ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་དང་རྡོ་རྗེ་མེའི་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་པས་བསང་། སྭ་བྷཱ་ཝས་སྦྱང་། མཆོད་རྫས་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་འདོད་ཡོན་ལྔའི་རང་བཞིན། བྱེད་ལས་ཀླུའི་ནད་རྣམས་ཞི་ཞིང་དབང་པོ་དྲུག་ལ་བདེ་བའི་དཔལ་དུ་འཆར་བའི་བདུད་རྩི་མི་འཛད་བསམ་གྱིས་མི་ཁྱབ་པར་གྱུར། རྡོ་རྗེ་བསྡམས་པའི་རྒྱས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། མདུན་གྱི་རྟེན་རྣམས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བྲག་རི་བྱ་སྐྱིབས་ཅན་མཁའ་ལྡིང་གི་གནོད་པས་མི་བརྫི་བའི་མདུན་དུ་མཚོ་དང་རྫིང་བུ་དང་ནེའུ་གསིང་དང་སྐྱེད་མོས་ཚལ་ལ་སོགས་པས་བསྐོར་བའི་ཕོ་བྲང་ཡིད་དུ་འོང་བའི་དབུས་སུ་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཀླུ་རྒྱལ་བ་རུ་ཎ་དཀར་པོ། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་པདྨ་དཀར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་ནོར་རྒྱས་ལྗང་གུ །མེར་དུང་སྐྱོང་དཀར་པོ། སྲིན་པོར་སྟོབས་རྒྱུ་ལྗང་གུ །རླུང་དུ་རིགས་ལྡན་སྔོན་པོ། དབང་ལྡན་དུ་པད་ཆེན་སེར་པོ་སྟེ་ཐམས་ཅད་ཀྱང་སྟོད་ལྷའི་ལུས་ཅན་མཛེས་འཛུམ་སྦྲུལ་མགོའི་གདེངས་ཀ་ཅན་ཕྱག་གཉིས་ཐལ་མོ་སྦྱར་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཀླུ་རིགས་གྲངས་མེད་པའི་འཁོར་གྱིས་བསྐོར་བར་གྱུར། ལྕགས་ཀྱུའི་རྒྱ་བཅིངས་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བ་རུ་ཎ་དང་ཀླུ་ཆེན་བརྒྱད་སོགས་ཀླུ་དང་ས་བདག་ཐམས་ཅད་སྤྱན་དྲངས་པར་བསམ་ལ། ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་དང་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝ་ཕྲུཾ་ཕུ་སྭཱ་ཧཱ། ཞེས་མདུན་དུ་བྱོན་པར་བསམ་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལ་ཡ་སཏྭཾ། ཡིད་འོང་དགྱེས་པའི་ཞིང་ཁམས་སུ། པདྨའི་གདན་ལ་ཞི་བ་དང་། །དགེ་བའི་ཐུགས་ཀྱིས་བཞུགས་ནས་ཀྱང་། །བདག་ཅག་རེ་བ་སྐོང་བར་མཛོད། །ཅེས་པས་གནོད་འཚེའི་བསམ་སྦྱོར་ཅན་རྣམས་ཀྱང་དགྱེས་ཤིང་ངོ་འཐོན་དུ་བཞུགས་པའི་ཀླུ་རྣམས་ཀྱི་མཐའ་འོད་ཀྱིས་བསྐོར་བས་གཏོར་མ་མ་ཐོབ་ཀྱི་བར་ཕྱིར་འགྲོ་ས་མེད་པར་བསམ་མོ། །དེ་ནས། མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྞི་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་གྱིས་མཆོད། སམྦྷཱ་ར་དང་མཚན་བཞི་བརྗོད་ནས་མཆོག་སྦྱིན་གྱི་རྒྱ་བཅས་ལ། ཕྱག་གཡས་མཆོག་སྦྱིན་མཐིལ་ཉིད་དུ། །ཨ་ལས་ཟླ་སྟེང་ཧྲཱིཿདཀར་པོ། །དེ་ལས་སིམ་བྱེད་བདུད་རྩིའི་རྒྱུན། །བབས་པས་སྣོད་ཁེངས་ཕྱིར་ལུད་པ། །ཀླུ་གཉན་ས་བདག་ལ་ལས་འཐུང་། །འགའ་ཞིག་ཁྲུས་བྱེད་རྩེ་ཞིང་རོལ། །ལུས་ཉམས་སོས་ཤིང་བདེ་དགའ་ཡིས། །ཚིམས་ཤིང་ལྷ་ལུས་ཐོབ་པར་གྱུར། །ཨོཾ་བ་སུ་ཀཱི་མཾ་སྭཱ་ཧཱ། ཞེས་ཆུ་རྒྱུན་སྦྲེང་བཞིན་དུ་བརྒྱ་རྩ་སོགས་བཟླས་ནས། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ལན་གསུམ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ཞེས་བདུན་དང་། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་སམ། སྤྲོ་ན་སོ་སོའི་མིང་སྔགས། ཨོཾ་བ་རུ་ཎ་ཡེ༔ ཨོཾ་ཨ་ནནྟ་ཡེ༔ ཨོཾ་ཤངྑ་པཱ་ལ་ཡེ༔ ཨོཾ་པདྨ་ཡེ༔ ཨོཾ་ཀརྐོ་ཊ་ཡེ༔ ཨོཾ་ཏཀྵ་ཀ་ཡེ༔ ཨོཾ་ཀུ་ལུ་ཀ་ཡེ༔ ཨོཾ་བ་སུ་ཀཱི་ཡེ༔ ཨོཾ་མ་ཧཱ་པདྨ་ཡེ༔ ཞེས་པའི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ་ནས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་དང་ནི། །ཞེས་བརྗོད་པའི་མཐར། ཀླུ་ཆེན་འཁོར་བཅས་གཏོར་མ་བཞེས། །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོ་ཆེ། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཀླུ་ལས་གྱུར་པའི་གནོད་པ་ནི། །མཐོང་བའི་དུག་དང་རེག་པའི་དུག །བསམ་ངན་དུག་ནད་ཁ་རླངས་དུག །དེ་ལ་སོགས་པའི་དུག་རྣམས་ཀུན། །ཡུད་ཙམ་གྱིས་ནི་ཞི་གྱུར་ཅིག །བདག་ལས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་པར། །གནོད་པའི་བསམ་པ་ཞི་བ་དང་། །ཕ་མ་ལྟ་བུའི་སེམས་ཀྱིས་ལྟོས། །ཞེས་པའི་མཐར། ཡེ་དྷརྨཱ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོགས་ཆོས་ཀྱི་སྦྱིན་པ་ཅི་རིགས་བྱ། ཀླུ་རྣམས་ཀྱི་སྒྲིབ་པ་སྦྱོང་བའི་ཆེད་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། ཅི་ནུས་བཟླ། ས་བདག་ཀླུ་གཉན་ཐམས་ཅད་ཀྱི། ལུས་ཀྱི་ན་ཚ་སོས་གྱུར་ཅིག །སེམས་ཀྱི་སྡུག་བསྔལ་ཞི་གྱུར་ཅིག །ཡན་ལག་ཉམས་དང་ཉིང་ལག་ཉམས། །ཉམས་པའི་ལུས་རྣམས་སོས་གྱུར་ཅིག །མཁའ་ལས་བྱེ་ཚན་བབས་པ་དང་། །ཤ་ཁྲག་བུ་ཆུང་གཅེར་བུའི་འཇིགས། །གནོད་པ་དེ་རྣམས་ཞི་གྱུར་ཅིག །སྡུག་བསྔལ་ནད་ཀྱིས་ཟིན་པ་ལ། །སྨན་གྱི་མཆོག་ཏུ་འདི་གྱུར་ཅིག །འཇིགས་ཤིང་སྐྲག་པས་དངངས་པ་ལ། །མགོན་སྐྱབས་མཆོག་ཏུ་འདི་གྱུར་ཅིག །དབུལ་ཞིང་ཕོངས་པས་མནར་བ་ལ། །འདོད་དགུའི་དཔལ་དུ་འདི་གྱུར་ཅིག །བཀྲེས་ཤིང་སྐོམ་པས་གདུང་བ་ལ། །བཟའ་བཏུང་མཆོག་ཏུ་འདི་གྱུར་ཅིག །འགྲོ་དུས་ལམ་ངན་རྙེད་པ་ལ། །ལམ་མཁན་མཆོག་ཏུ་འདི་གྱུར་ཅིག །མ་རིག་མུན་པས་འཐིབས་པ་ལ། །སྣང་གསལ་མཆོག་ཏུ་འདི་གྱུར་ཅིག །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །འཆི་མེད་མཆོག་ཏུ་འདི་གྱུར་ཅིག །མདོར་ན་གང་ལ་གང་དགོས་པ། །རྒྱུན་ཆད་མེད་པར་འབྱུང་བར་ཤོག །ཅེས་དང་གཞན་ཡང་། ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི། །གནས་དང་ཕོ་བྲང་བཤིག་པ་དང་། །ས་གཉན་བརྐོས་དང་རྡོ་གཉན་བསྒུལ། །ཤིང་གཉན་བཅད་དང་བྲག་གཉན་གཤགས། །ནེའུ་གསིང་བྲུས་དང་ཆུ་མིག་བསུབས། །ཉ་སྦལ་བསད་དང་གྲོག་ཚང་བཤིགས། །ཡན་ལག་བྲེགས་དང་རྭ་རྨིག་སྣད། །མི་གཙང་དྲི་མ་ཕོག་པ་སོགས། །ཉེས་པའི་སྐྱོན་གྱིས་ཁྱེད་རྣམས་ལ། །ནད་དང་སྡུག་བསྔལ་ཅི་མཆིས་པ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་ཡི། །བདུད་རྩིའི་སྨན་འདིས་སོས་གྱུར་ཅིག །ཀླུ་ཡི་རིགས་ནི་ཁྱེད་རྣམས་ཀུན། །སེམས་དང་ཤེས་པ་གསལ་གྱུར་ཅིག །བཀའ་དང་དམ་ལས་མ་འདའ་བར། །ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག །དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ། །མཁོ་དགུའི་ལོངས་སྤྱོད་ཐམས་ཅད་དང་། །ཉམས་པའི་ལུས་ནི་སོས་ཤིང་རྒྱས། །ཡན་ལག་ཐམས་ཅད་བདེ་གྱུར་ཅིག །ངན་སོང་གསུམ་ལས་ཐར་གྱུར་ནས། །ཚངས་པའི་བདེ་དང་ལྡན་གྱུར་ཅིག །ཆོས་སྤྱོད་དབང་པོ་དུལ་ནས་ཀྱང་། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག །ཅེས་སོགས་ཀྱིས་སྨོན་ལམ་བཏབ་ནས་འོད་ཀྱི་ར་བ་མི་དམིགས་པར་སྦྱངས་ཏེ། སླར་ཡང་། སྔགས་དང་སྨན་སོགས་བྱིན་རླབས་ཀྱིས། །ནད་དང་ཉེར་འཚེ་ཀུན་སྤངས་ནས། །དྲིན་ལན་དམ་ཚིག་དྲན་གྱིས་ལ། །རང་རང་གནས་སུ་འགྲོ་བར་གྱིས། །ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ། ཞེས་པས་དཀར་ཕྱོགས་པ་རྣམས་གཤེགས། བྱ་ཁྱུང་གི་རྒྱ་བཅིངས་ཏེ། སྲིད་པ་ལས་ལས་གྲུབ་པ་ཡི། །བཀའ་དང་དམ་ལ་མ་གཏོགས་པའི། །གདུག་པ་ཅན་གྱི་ཀླུ་རྣམས་ཀུན། །རང་རང་སོ་སོའི་གནས་སུ་དེངས། །ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་ཕྱོགས་པ་རྣམས་བསྐྲད་ནས་གཏོར་མ་གཙང་སར་འདོར་ཞིང་། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་ཀླུ་གཏོར་གདེངས་ཅན་འདོད་འཇོ་ཞེས་བྱ་བ་འདི་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བསྐུལ་ངོར་ཁུངས་ལྡན་ཡིག་རྙིང་གི་དགོངས་པ་བཞིན་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་རྣམ་དཔྱོད་བློ་གྲོས་ཀྱི་ནོར་ལྡན་རིགས་ཀྱི་བུ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་ཀྱིས་བགྱིས་པའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་ཐབས་ (Volume 62, Text 23)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་ཐབས་བཞུགས༔ ྈྈྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མའི་སྒྲུབ་པ་ནི༔ བསྐྱེད་རྫོགས་བྱིན་རླབས་ཤིན་ཏུ་གཅེས༔ ཞེས་པས༔ ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་སྒྲེང༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛ༔ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་ཤར༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུ་ཀུ་རཱ་ཛ་དང༔ སློབ་དཔོན་ནཱ་གཱརྫུ་ན་སྟེ༔ ཀུཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོ་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ སྐྱེ་མེད་དབྱིངས་སུ་བལྟས་བྱས་ཏེ༔ རྒྱས་པར་མཚན་སྔགས་བཟླ་བ་འམ༔ བསྡུ་ན་ཨ་ཡིག་གླུ་དབྱངས་བླང༔ བྱིན་རླབས་བླ་མའི་བསྐྱེད་རིམ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་རྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ།། ཞུས་སོ།། །།

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་གི་དམིགས་རིམ་གོ་བདེ་ཉུང་ངུར་བཀོད་པ་ཟབ་མོའི་བདུད་རྩི་་ (Volume 12, Text 23)

༄༅། །བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་གི་དམིགས་རིམ་གོ་བདེ་ཉུང་ངུར་བཀོད་པ་ཟབ་མོའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་སངས་རྒྱས་འོད་དཔག་མེད་པའི་ངོ་བོ་ཉིད། པདྨ་འབྱུང་གནས་བདེ་གཤེགས་འདུས་པའི་སྐུ་ལ་ཕྱག་བགྱིའོ། །གང་སྐུ་དྲན་པས་འཁོར་བའི་འཇིགས་པ་སེལ། །གང་གསུང་བཟླས་པས་གྲུབ་པ་ཀུན་སྟེར་ཞིང་། །གང་ཐུགས་འོད་གསལ་སངས་རྒྱས་ཀུན་གྱི་གཞི། །གདོད་མའི་མགོན་པོར་ཡེ་གྲོལ་ཕྱག་གིས་མཆོད། །བླ་མེད་བླ་མའི་གསང་བ་གསུམ། །སྒྲུབ་ཐབས་དམིགས་པའི་ཚུལ་ཉུང་ངུ་། །འཇུག་བདེའི་ངག་གིས་བཀོད་པ་འདིར། །བླ་མས་བྱིན་རླབས་གནང་བ་སྩོལ། །འདིར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས། ཀུན་མཁྱེན་ངག་དབང་ནོར་བུར་དག་སྣང་དུ་བསྩལ་པའི་ཟབ་ཆོས་གསང་བ་བླ་ན་མེད་པའི་བསྐྱེད་རྫོགས་ཀྱི་བཅུད་ཕྱུང་བ་བླ་མ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་གཞུང་དངོས་ཀྱི་དམིགས་ཁྲིད་བསྟན་པ་དང་། ཉམས་ལེན་ཐུན་གྱི་ཁྲིགས་བསྟན་པའོ། །དང་པོ་ནི། རང་ཉིད་གནས་པའི་ས་ཕྱོགས་འདི་ཉིད་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་བསམ་བཞིན་པའི་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་འཇའ་ཚོན་སྤྲིན་ཕུང་འཁྲིགས་དབུས། པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་། དཀོན་མཆོག་གསུམ་འདུས་པའི་སྤྱི་གཟུགས་རྩ་བའི་བླ་མ་པདྨ་ཐོད་ཕྲེང་རྩལ་རྒྱན་ཆ་ལུགས་མངོན་རྟོགས་དང་མཐུན་པར་གསལ་བ་ལ། སྐུ་གསུམ་བླ་བརྒྱུད། སྒྲུབ་པ་བཀའ་བརྒྱད་སོགས་ཡི་དམ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བཞིན་བཞུགས་པར་བསམ་པ་རིང་བརྒྱུད་ཁྲོམ་ཚོགས། རྩ་བའི་བླ་མའི་དབུ་ཐོགས་ནས་ཡར་བརྒྱུད་པའི་བླ་མ་རྣམས་བཞུགས་པར་གསལ་བ་ཉེ་བརྒྱུད་ཐོ་བརྩེགས། རྩ་བའི་བླ་མ་གཅིག་ཉིད་རྩ་གསུམ་གཅིག་དྲིལ་དུ་བསམ་པ་ཀུན་འདུས་ནོར་བུ་ལུགས་ཏེ། དམིགས་པ་རྒྱས་འབྲིང་བསྡུས་པ་ཇི་ལྟར་བྱ་རུང་དོན་གྱི་མོས་བསྒོམ་འདི་ལྟར་བྱ་སྟེ། དེ་ཡང་གསང་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་སྐབས་འདིར་རྩ་བའི་བླ་མ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཡིན་ཏེ། ཇི་སྐད་དུ། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་དང་། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུང་། སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །ཞེས་དང་། ཀུན་མཁྱེན་པད་དཀར་གསུང་ལས་ཀྱང་གུ་རུ་ལ་བསྟོད་པར། གང་སྐུ་དགེ་འདུན་གསུང་ཉིད་ཆོས། །གང་ཐུགས་སངས་རྒྱས་ངོ་བོ་སྟེ། །ཞེས་གསུངས་པ་ལྟར་མཆོག་གསུམ་འདུས་པའི་སྤྱི་དཔལ་བླ་མ་ཡིན་པའི་ངེས་ཤེས་བསྐྱེད་དེ། རྣམ་པ་ཐ་དད་པར་ཤར་བའི་ཡི་དམ་ཌཱ་ཀིའི་ཚུལ་ཇི་སྙེད་པ་བླ་མའི་རོལ་རྩལ་གང་ལ་གང་འདུལ་དུ་སྣང་བར་ཤེས་པར་བྱས་ཏེ་བརྒྱུད་པའི་གསོལ་འདེབས་རྗེས། བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་དུས་འདི་ནས་བཟུང་བྱང་ཆུབ་ཆེན་པོའི་གནས་མ་ཐོབ་བར་སྐྱབས་སུ་མཆིའོ་སྙམ་པས། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱེད་ལ་སྐྱབས། སོགས་བརྗོད་ཅིང་། དེ་ལྟར་མགོན་པོ་ཁྱེད་ལ་སྐྱབས་སུ་གསོལ་ན་ཐུགས་རྗེའི་དབྱིངས་ནས་གཟིགས་པ་དང་། བདག་གིས་ཀྱང་པདྨ་དྲག་པོའི་གོ་འཕང་ཚེ་འདིར་ཐོབ་པར་བྱས་ཏེ་སངས་རྒྱས་ཀྱི་ཕྲིན་ལས་རྒྱ་མཚོས་སེམས་ཅན་གྱི་དོན་མཛད་པ། རྒྱལ་དབང་པདྨ་འབྱུང་གནས་ཁྱེད་ལྟ་བུར་རྗེས་སུ་བསླབ་པར་བགྱིའོ་སྙམ་པ་སྟེ། དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །སོགས་ནས། དེ་ལ་བདག་གིས་བསླབ་པར་བགྱི། །ཞེས་པའི་བར་སྨོན་འཇུག་སེམས་བསྐྱེད་དེ། དེ་ལྟར་སྐྱབས་སེམས་ལན་གསུམ་བརྗོད། མཐར་སྐུ་གསུམ་ངོ་བོ་བླ་མར་ཡི་དམ་མཁའ་འགྲོ་ཐམས་ཅད་འདུས་ཏེ་ཐིམ། བླ་མའི་སྐུ་ཡང་འོད་ཕུང་གི་རྣམ་པར་རང་ཉིད་ལ་ཐིམ་པས་དབྱེར་མེད་རང་རིག་ཀློང་དུ་མཉམ་པར་བཞག་པ་ནི་དོན་དམ་གྱི་སྐྱབས་འགྲོ་དང་། བླ་མའི་རྣལ་འབྱོར་དབང་བཞི་ཡང་དོན་གྱིས་ཚང་། མཉམ་གཞག་དེ་ཡི་ངང་དུ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་དེ་སྔགས་དོན། རང་བཞིན་གྱིས་དག་པ་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་བདག་ཉིད་ངའོ། །ཞེས་པ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་གདོད་ནས་རང་བཞིན་ནམ་མཁའ་ལྟ་བུ་གཟུང་འཛིན་གྱི་བློ་ལས་འདས་པ་ཡིན་ལ། ཡིན་བཞིན་དུ་མཉམ་པར་བཞག་པའི་དོན། ཡེ་དག་ཡེ་རྫོགས་ཆེན་པོའི་ཀློང་ཞེས། ཡེ་དག་ནི་སེམས་ཉིད་གདོད་ནས་རྣམ་པར་དག་པ་སྟེ། ཡེ་ཞེས་པ་གདོད་མའམ་ཐོག་མའི་དོན་གྱིས་དང་པོ་ཉིད་ནས་དག་པ་ཞིག་ཡིན་པས་དེ་ལྟར་དུ་ངེས་ཀྱི། སྔར་གཤིས་རང་ལ་དྲི་མ་ཡོད་པ་ཕྱིས་མེད་པར་བཏང་བ་ལྟ་བུ་མ་ཡིན་པའི་ཚིག །དེ་ལྟར་དྲི་མ་དང་བྲལ་བ་དེ་ཉིད་དག་པའི་ཆོས་ཀྱི་བཀོད་པ་ཐམས་ཅད་འབྱུང་བའི་གཞིར་གྱུར་པས་ཡེ་རྫོགས་ཏེ། གཏེར་གཞུང་འགའ་ཞིག་ཏུ། སྣང་སྲིད་གཞིར་བཞེངས་ཆེན་པོ། ཞེས་གསུངས་པའི་དགོངས་པ་ལྟར་གདོད་ནས་དཀྱིལ་འཁོར་དུ་གྲུབ་པའོ། །ཡེ་དག་ནི་སྤངས་པ་ཆེན་པོ། ཡེ་རྫོགས་ནི་རྟོགས་པ་ཆེན་པོ་དེ་ལྟར་ཡེ་དག་ཡེ་རྫོགས་ཀྱི་ངོ་བོ་ཉིད་རང་རིག་པདྨ་དྲག་པོའི་སྐུར་ལམ་གྱིས་གསལ་གདབ་པ་སྟེ། གསར་རྙིང་གི་སྒྲུབ་གཞུང་ཆེན་པོ་རྣམས་སུ་ཏིང་འཛིན་རྣམ་གསུམ་གསུངས་པ་ཡང་དོན་གྱིས་ཚང་སྟེ། རང་རིག་ཀ་དག་གི་ཀློང་དུ་མཉམ་པར་བཞག་པ་ཆོས་སྐུ་དེ་བཞིན་ཉིད་དང་། དེའི་རང་མདངས་འགག་མེད་སྐུ་དང་ཡེ་ཤེས་དབྱེར་མེད་ཡེ་རྫོགས་ལྷུན་གྲུབ་ཏུ་སྣང་བ་ལས་སྙིང་རྗེ་སྒྱུ་མ་ལྟ་བུར་ཤར་བ་ལོངས་སྐུ་ཀུན་སྣང་། དེ་ལས་ཆུ་ལས་ཆུ་ལྦུར་བརྡོལ་བ་ལྟར་གུ་རུ་དྲག་པོའི་སྐུར་བསྐྱེད་པ་སྤྲུལ་སྐུ་རྒྱུ་ཡི་ཏིང་ངེ་འཛིན་ཡིན་ཞེས་བླ་མ་གསུང་ངོ་། །དེ་ལྟར་སྣང་བ་རང་བཞིན་མ་གྲུབ་པའི་བསྐྱེད་རིམ་ཝལ་གྱིས་ལེགས་པར་གསལ་ནས། སླར་ཡང་རིམ་པ་བཞིན་དུ་གསལ་གདབ་ཚུལ་གྱིས་ཚིག་ཏུ་བརྗོད་པ་དང་བསྟུན་ཏེ་བསྒོམ་པ་ནི་མངོན་རྟོགས་ནང་བཞིན་གོ་བདེ་ཡང་། དག་པ་དྲན་པ་རགས་པ་དང་སྦྱར་བས་འདི་ལྟར་བསྒོམས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཡོས་པས་འགྲོ་ལ་རྗེས་ཆགས་སྙིང་རྗེའི་གར་དུ་སྣང་བས་སྐུ་མདོག་དམར་པོ་བསྐལ་མེའི་མདངས་འཛིན་པ། ཆོས་སྐུ་དེ་བཞིན་ཉིད་མཚོན་པས་ཞལ་གཅིག་ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར་ཞལ་གྱི་སྒོ་གནམ་སའི་བར་ཁྱབ་ཙམ་གདངས་པ། བདུད་བཞི་འཇོམས་པས་མཆེ་བ་བཞི་གཙིགས་པ། མིད་པ་སྟོང་གསུམ་གྱི་ཁྱོན་ལྟར་ཡངས་པའི་ནང་དུ་ཡ་རྐན་ལ། དམར་ཆ་རྡུལ་དག་པའི་རང་བཞིན་གྱི་ཉི་མའི་དཀྱིལ་འཁོར་ལ་ཤེས་རབ་ཀྱི་རང་བཞིན་ཀཱ་ལི་སོ་བཞི་དམར་པོ་གཡོན་སྐོར་གྱིས་མཚན་པ། མ་རྐན་ལ་དཀར་ཆ་ཁུ་བ་དག་པའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་ལ་ཐབས་ཀྱི་རང་བཞིན་དབྱངས་ཡིག་བཅུ་དྲུག་དཀར་པོ་གཡས་སྐོར་གྱིས་མཚན་པ། དེ་གཉིས་ཀྱང་མེ་ལོང་ནང་གི་གཟུགས་བརྙན་ལྟར་བཀྲ་བ། ལྗགས་ཀྱི་རྩེ་རྟ་གདོང་གི་མེ་ལྕེ་ལྟ་བུར་བསྐྱོད་པ་སྟེ་འཁྱུག་པ་དེའི་རྩ་བའི་ནང་ཁོངས་སུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔ་ཡི་ངོ་བོ། ཧཱུྃ་དམར་པོའི་མཐའ་ལ་གཡས་སྐོར་དུ་ཨོཾ་ཨཱཿཧཱུྃ་ཨརྩིག་སོགས་སྔགས་ཕྲེང་མེ་ཡི་ཁ་དོག་ལྟ་བུ་ས་བོན་དང་སྔགས་གཉིས་ཀ་ལཉྫ་ནའམ་དབུ་ཅན་གྱི་ཡི་གེའི་རྣམ་པ་ཅན། ཡིག་འབྲུ་རེ་རེ་ལས་དྲག་སྔགས་ཀྱི་རང་སྒྲ་འབྲུག་ལྟར་སྒྲོག་པ་སྟེ། བདེ་སྟོང་གཉིས་སུ་མེད་པ་གསུང་གི་རྡོ་རྗེའི་བདག་ཉིད་དང་། དུས་གསུམ་སྒྲིབ་མེད་ཀྱིས་འགྲོ་ལ་གཟིགས་པས་སྤྱན་གསུམ། བདེན་པ་གཉིས་ཀྱི་ཕྱག་ཟུང་། དོན་དམ་སྤྲོས་བྲལ་ཡེ་ཤེས་ཀྱིས་འཁྲུལ་རྟོག་དབྱིངས་སུ་འཇོམས་པ་མཚོན་ཕྱིར་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཕྱར་བ། སྤྲུལ་སྐུས་འགྲོ་བའི་དོན་མཛད་ཕྱིར་ཕྱག་གཡོན་པས་ལྕགས་ཀྱི་སྡིག་པ་མགོ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་བསྣམས་པས་སྲིད་གསུམ་ཟིལ་གྱིས་གནོན་པ། དུག་ལྔ་ཡེ་ཤེས་ལྔར་དག་པ་མཚོན་ཕྱིར་ཐོད་སྐམ་ལྔས་དབུར་བརྒྱན། རྒྱུ་དྲུག་འཁོར་བ་རྩད་ནས་གཅོད་ཕྱིར་མགོ་རློན་ལྔ་བཅུའི་དོ་ཤལ། དུག་གསུམ་དག་པས་གླང་སྟག་མི་ཡི་པགས་པའི་གོས་གསོལ་བ། ཞེ་སྡང་མ་སྤངས་གནས་སུ་དག་པས་སྦྲུལ་ཆུན། བླ་མེད་ཐེག་པའི་དོན་རྫོགས་མངའ་ཕྱིར་རཀྟའི་ཐིག་ལེ། ཞག་གི་སོར་རིས། ཕར་ཕྱིན་དྲུག་མཚོན་པའི་བརྡར་སྤྱི་བོར་འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་གྱི་ཚོམ་བུ་སྟེ་ཕྱག་རྒྱ་དྲུག །ཐབས་ཤེས་ཟུང་འཇུག་ཏུ་སྟོན་པའི་ཕྱིར་རྡོ་རྗེའི་གཤོག་པ། འདོད་ཡོན་མ་སྤངས་ལམ་དུ་ཁྱེར་བས་དཔལ་དང་དུར་ཁྲོད་ཀྱིས་ལེགས་པར་བརྒྱན་པ། ཆོས་ཐམས་ཅད་རྣམ་པར་ཐར་པ་གསུམ་གྱི་རང་བཞིན་དང་། ཐེག་པ་ཐམས་ཅད་ཀྱང་ངེས་དོན་གཅིག་ཏུ་གཞོལ་བ་དང་། ཐེག་མཆོག་མཐར་ཐུག་པའི་ཟབ་གནད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་སེམས་ཉིད་རྟོགས་དགོས་པའི་བརྡར་སྐུ་སྨད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་བུ་དབལ་གསུམ་དགྲ་བགེགས་ཀྱི་སྙིང་ཕུག་སྟེ་བཞུགས་པ། འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨའི་གདན། ཡེ་ཤེས་འོད་སྣང་གསལ་བས་ཉི་མའི་གདན། འཁྲུལ་པ་བསྲེག་པའི་ཡེ་ཤེས་མེ་ཕུང་འབར་བ། དཔྲལ་བའི་ཐད་ཀྱི་ནང་ཁོང་དུ་སྐུའི་ཁྲོ་བོ་འཇམ་དཔལ། མགྲིན་པའི་ཁོང་དུ་གསུང་གི་ཁྲོ་བོ་རྟ་མགྲིན། བྲང་དབུས་ཀྱི་ཐད་ནང་དུ་ཐུགས་ཀྱི་ཁྲོ་བོ་ཕྱག་རྡོར། གསང་གནས་ཀྱི་ཐད་དུ་ཕྲིན་ལས་ཁྲོ་བོ་ཡཀྴ་མེ་དབལ། ལྟེ་བར་རྡོ་རྗེ་ཕག་མོ་རྣམས་རྒྱན་ཆ་ལུགས་མངོན་རྟོགས་བཞིན། དབུ་རྒྱན་གྱི་ཐོད་སྐམ་ལྔ་ཡང་ཕྱི་ཐོད་པའི་རྣམ་པ་ནང་ཡེ་ཤེས་ལྔའི་རང་བཞིན་གྱི་གཞལ་ཡས་ཁང་དུ་གསལ་བའི་དབུས་མར་པད་ཉི་ཟླ་སྟེང་རྣམ་པར་སྣང་མཛད་ཀྱི་རང་བཞིན་བུདྡྷ་ཐོད་ཕྲེང་རྩལ། ཡུམ་ཡེ་ཤེས་མཚོ་རྒྱལ་དབྱིངས་ཕྱུག་མའི་ངོ་བོར་སྦྱོར་བ། གཡས་ཀྱི་ཐོད་སྐམ་ནང་དབུས་སུ་པད་ཉི་ཟླ་སྟེང་མི་བསྐྱོད་པའི་ངོ་བོ་བཛྲ་ཐོད་ཕྲེང་རྩལ་མཐིང་གསལ། ཡུམ་མནྡཱ་ར་མཱ་མ་ཀིའི་རང་བཞིན་ལ་སྦྱོར་བ། དེའི་གཡས་ཀྱི་ཐོད་པའི་ནང་དབུས་པད་ཉི་ཟླ་སྟེང་རིན་ཆེན་འབྱུང་གནས་ཀྱི་རང་བཞིན་རཏྣ་ཐོད་ཕྲེང་རྩལ་སེར་པོ། ཡུམ་སངས་རྒྱས་སྤྱན་ཤཱཀྱ་དེ་ཝཱི་དང་སྦྱོར་བ། གཡོན་གྱི་ཐོད་སྐམ་ནང་དབུས་པད་ཉི་ཟླ་གདན་ལ་སྣང་བ་མཐའ་ཡས་ངོ་བོ་པདྨ་ཐོད་ཕྲེང་རྩལ་དམར་པོ། ཡུམ་ཀཱ་ལ་སིདྡྷི་གོས་དཀར་མོའི་རྣམ་པར་འཁྱུད་པས་སྦྱོར་བ། དེའི་གཡོན་གྱི་ཐོད་སྐམ་ནང་དབུས་པད་ཉི་ཟླ་སྟེང་དོན་གྲུབ་རང་བཞིན་ཀརྨ་ཐོད་ཕྲེང་རྩལ་ལྗང་གུ །ཡུམ་བཀྲ་ཤིས་ཁྱེ་འདྲེན་དམ་ཚིག་སྒྲོལ་མར་རྣམ་པར་འཁྲིལ་ཞིང་སྦྱོར་བ། དེ་སོ་སོར་ཉི་དང་འོད་བཞིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། མཚོག་མར་བྱ་ཁྱུང་། སྤྱི་བོའི་བུག་པའི་ནང་དབུས་གཙུག་ཏོར་འཁོར་ལོས་སྒྱུར་བ། སྤྱན་གཡས་པའི་སྤྱན་འབྲས་ཀྱི་ནང་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ། གཡོན་པའི་སྤྱན་འབྲས་ཀྱི་ནང་དུ་གཤིན་རྗེ་གཤེད། ཤངས་བུག་གཡས་པར་རྟ་མགྲིན། གཡོན་པར་བགེགས་མཐར་བྱེད། སྙན་གཡས་ཀྱི་ནང་ཁོང་དུ་དབྱུག་སྔོན་ཅན། གཡོན་པར་མི་གཡོ་བ། ལྗགས་ཀྱི་རྩ་བའི་འོག་ཙམ་དུ་འདོད་རྒྱལ། ལྟེ་བའི་བུག་པའི་ཐད་ནང་དུ་སྟོབས་པོ་ཆེ། ཕུར་པའི་དབལ་གྱི་རྩེ་མོའི་ནང་ཁོང་དུ་གནོད་མཛེས། དེ་ཐམས་ཅད་ཁྲོ་བོའི་ཆས་སྐུ་མདོག་མཐིང་ནག་ལྕགས་ཀྱུ་དང་ཞགས་པ་འཛིན་པ། སྙིང་གར་ཕྱག་རྡོར་གསལ་བའི་རྒྱབ་ཏུ་རང་གི་སྙིང་མཚོན་བྱེད་རིན་པོ་ཆེ་དམར་སྨུག་སྙིང་གཟུགས་ཅན་གྱི་དབུས་སུ་ཟླ་སྟེང་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཇའ་ཚོན་གྱི་འོད་འཕྲོ་བ་བསྒོམ་གསུངས་ཤིང། ཡང་ན་པདྨ་དྲག་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ཕྱག་རྡོར་དེའི་ཐུགས་ཀར་ཙིཏྟ་རིན་ཆེན་ཟུར་བརྒྱད་པའི་གུར་ཁང་དར་མཆིན་ཁའི་ཁ་དོག་ཅན་ཕྱི་གསལ་ནང་གསལ་དྭངས་པའི་དབུས་སུ་ཟླ་དཀྱིལ། དེ་དབུས་ཏིང་འཛིན་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་འགྲེང་ཁ་དོག་ལྔའི་འོད་ཀྱི་ཀློང་དུ་གནས་པར་བསྒོམ་གསུངས་པ་སྔ་ཕྱི་གཉིས་ཀ་བླ་མའི་མན་ངག་ཡིན་པས་གང་ཡང་མི་འགལ་མོད་གང་བདེར་སྒོམ་ན་རུང་བར་སེམས། དེ་ལྟར་གཙོ་བོའི་སྐུ་དང་གནས་སོ་སོར་གསལ་བའི་སྤྲུལ་པའི་ལྷ་ཚོགས་ཐམས་ཅད་གཅིག་ལ་གཅིག་གིས་མི་སྒྲིབ་པ། དཔེ་མེ་ལོང་གི་གཟུགས་བརྙན་བཞིན་མ་འདྲེས་གསལ་རྫོགས་སུ་བསྒོམ་པའི་གནས་སོ་སོའི་ལྷ་དང་སྔགས་སོགས་ལས་འོད་འཕྲོས། ལྷོ་ནུབ་རྔ་ཡབ་གླིང་ཕྲན་པདྨ་འོད་ཀྱི་གཞལ་ཡས་སུ་གུ་རུ་རྗེ་དང་ཕྱོགས་བཅུའི་ཞིང་ཀུན་ཁྱབ་སྟེ། སློབ་དཔོན་ཆེན་པོ་དཀོན་མཆོག་གསུམ་འདུས་པའི་ངོ་བོ་ཉིད་གང་ལ་གང་འདུལ་གྱི་སྐུ་ཡི་དམ་མཁའ་འགྲོ་ཞི་ཆགས་ཁྲོ་བོ་ཐམས་ཅད་པའི་རོལ་པར་འཆར་བ་སྐུ་དགེ་འདུན། གསུང་གསང་སྔགས་རིག་སྔགས་ཐམས་ཅད་པ་སྟེ་ལུང་རྟོགས་ཆོས་ཀྱི་རང་བཞིན། ཐུགས་ཏིང་ངེ་འཛིན་ཕྱག་རྒྱ་ཐམས་ཅད་དུ་གསལ་བ་སྟེ་ཕྱོགས་བཅུ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཏེ་དཀོན་མཆོག་གསུམ་དུ་རྣམ་པར་རོལ་པ་ཞེས། ཕྱོགས་བཅུའི་ཞིང་ཀུན་ནས་གུ་རུ་རིགས་ལྔ། ཁྲོ་བོ་དྲག་པོ་ཀཱི་ལ་ཡའི་རྣམ་པ། རྒྱན་ལྷ་སོགས་ཀྱི་རྣམ་པ་མང་བའི་ཞི་ཁྲོ་དམ་པ་རིགས་བརྒྱ། སྒྲུབ་པ་བཀའ་བརྒྱད། བདེ་དགྱེས་དུས་གསང་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལྷ་དང་རྒྱན་གྱི་ལྷ་སོགས་ལ་བསྟིམ། གསུང་ཨར་ཙིག་གི་སྔགས་གཙོར་གྱུར་ལྷ་རབ་འབྱམས་ཀྱི་སྙིང་པོ་ཉེ་སྙིང་སོགས་རྒྱ་ཡིག་བོད་ཡིག་གི་རྣམ་པ་མེ་འོད་འཁྲུག་བཞིན་པ་སྔགས་སྒྲ་འབྲུག་ལྟར་སྒྲོག་པ་དང་བཅས་ལྗགས་རྩའི་སྔགས་ལ་བསྟིམ་པ་དང་ལྷན་ཅིག་ལུས་ཀུན་ལ་ཐིམ། ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དོན་གྱི་ཕྱག་རྒྱ་སྟེ། མཚོན་བྱེད་བརྡའི་ཕྱག་རྒྱ་རྡོ་རྗེ་ལྕགས་སྡིག་དབྱུག་ཐོ་རལ་གྲི་སོགས་ཕྱག་མཚན་གྱི་རྣམ་པ་དཔག་མེད་སྤྱན་དྲངས། སྙིང་གའི་རྡོ་རྗེ་གཙོ་བོར་གྱུར་པའི་ལུས་ཀུན་ལ་བསྟིམ་བཞིན་དུ་སྤྱན་འདྲེན་གྱི་ཚིག་བརྗོད། ཨོཾ་ཨཱཿཧཱུྃ་ཨ་རྩིག་སོགས། ཙིཏྟ་སིདྡྷི་ཧཱུྃ་གི་ཛཔ྄་ལན་བདུན་ནམ་ཉེར་གཅིག་ཙམ་བརྗོད། དམིགས་པ་བརྟན་པོས་ཐོད་ཕྲེང་རིགས་ལྔ་ལ་གསོལ་བ་བཏབ་སྟེ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ །སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་རྩ་བའི་བླ་མའི་ངོ་བོ་ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་རྣམས་དགྱེས་བཞིན་དུ་སྙོམས་པར་ཞུགས་པས་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱིན་རླབས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། བདག་གི་སྤྱི་བོ་ནས་མར་བྱེ་མ་ལ་ཆུ་བཏབ་པ་བཞིན་སིབ་ཀྱིས་ཐིམ། སྤྱི་བོ་གང་ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། སྐུ་ཡི་དངོས་གྲུབ་འགྲུབ། མགྲིན་པ་གང་། ངག་གི་དྲི་མ་དག །གསང་དབང་ཐོབ། གསུང་གི་དངོས་གྲུབ་འགྲུབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་འགྲུབ། བྱང་སེམས་ཀྱིས་ལྟེ་བ་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་རྫོགས་པའི་བྱང་ཆུབ་མངོན་དུ་བྱས། ཆུ་རྒྱུན་གྱེན་དུ་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར་པར་བསམ། དེ་ནས་བསྐྱེད་རིམ་རྣམ་པ་ཇེ་གསལ་ལ་མ་སྐྱོའི་བར་བསྒོམས་ནས། བཟླས་པ་ལ་འཇུག་པར་བྱ་ཏེ། རུ་རཀྴའམ། པུ་ཏྲ་ཛཱི་བ་སྟེ་སྒྲ་ཟུར་ཆག་པས་བོ་དྷི་ཙི་ཞེས་པའམ་མི་ཐོད་ཕྲེང་བ་གང་ཡང་རུང་བའི་ཕྲེང་བ་བཟུང་སྟེ་སྔར་ནས་བྱིན་རླབས་བྱས་ཟིན་པ་ཡང་ཡི་དམ་སྔགས་དང་། འགྱུར་སྔགས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནཱ་ཡ་སྭཱ་ཧཱ་དང་ཡེ་དྷརྨཱ་ལན་བདུན་གྱིས་ཕུ་བཏབ། དེ་ནས་ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་སྒྲ་དག་པར་ཤུབ་བུར་བཟླ། བཟླས་དམིགས་ནི། རང་ཉིད་ཆེ་མཆོག་པདྨ་དྲག་པོར་གསལ་བའི་ལུས་ཀྱི་ཆ་ཤས་སུ་འཁོད་པའི་ཁྲོ་བོ་བཅུ་སོགས་ལྷ་ཚོགས་ཐམས་ཅད་ཀྱིས་དྲག་སྔགས་ཀྱི་སྒྲ་སྒྲོག་ཅིང་། སྐུ་དང་། མགྲིན་པའི་སྔགས་ཕྲེང་། སྙིང་གའི་རྡོ་རྗེ་རྣམས་ལས་འོད་ཟེར་དཔག་མེད་འཕྲོས། རང་གི་ལུས་ཀྱི་ནང་ཁེངས། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཕྱིར་འཐོན། མུ་མཐའ་མེད་པའི་ཕྱོགས་བཅུའི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་བཅས་དཔའ་བོ་མཁའ་འགྲོ་དང་། ཁྱད་པར་པདྨ་འོད་ཀྱི་གཞལ་ཡས་ནས་པདྨ་ཐོད་ཕྲེང་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྐུ །ཡིག་འབྲུ། ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ། རང་གི་ལུས་ལྷར་གསལ་བ། ངག་སྔགས་སུ་གསལ་བ། ཡིད་ཕྱག་རྒྱར་གསལ་བ་ལ་བསྟིམ་པ་གོང་གི་སྤྱན་འདྲེན་སྐབས་ལྟར་དམིགས་པ་བྱ་སྟེ། བསྟིམ་ཐེངས་རེ་ལ་ལུས་གཟི་བརྗིད། ངག་ནུས་པ། སེམས་ལ་ཀ་དག་སྤྲོས་བྲལ་རྫོགས་པ་ཆེན་པོའི་ཡེ་ཤེས་ཀྱི་མཁྱེན་རྟོགས་ཇེ་ཆེར་རྒྱས་པར་བསམ། ཡང་འོད་འཕྲོས་སྣོད་བཅུད་ཀྱི་ཁམས་ལ་ཕོག་པས་མ་དག་པ་སྦྱངས། སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་ཁམས་ཆེན་པོར་གྱུར། བཅུད་ཀྱི་སེམས་ཅན་པདྨ་དྲག་པོའི་སྐུར་གྱུར་ཏེ་ཀུན་སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ། ཡང་འོད་འཕྲོས་ཁམས་གསུམ་ཐམས་ཅད་རང་དང་ཐ་མི་དད་པ་པདྨ་དྲག་པོའི་སྐུར་གསལ་བ་ལ་འོད་ཀྱིས་བསྐུལ་བས་གསང་གསུམ་བྱིན་རླབས་ཐམས་ཅད་གཉིས་མེད་རོ་མཉམ་དུ་བདག་ལ་ཐིམ་པར་བསམ་པ་སྟེ། རིམ་པ་དང་པོ་བདག་བྱིན་རླབས་ཀྱི་དམིགས་པ། གཉིས་པ་གཞན་དོན་ཕྲིན་ལས་ཀྱི་དམིགས་པ། གསུམ་པ་གཉིས་མེད་ཟུང་འཇུག་གི་དམིགས་པ་ཞེས་གསུངས་པ་རྣམས་ཡིན་ལ། ཡང་སྐབས་སུ་འོད་ཟེར་དྲག་ཏུ་འཕྲོས། ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག །རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་ལྟར། དེ་དག་གི་སྲོག་གི་སྙིང་པོ་ཚུར་འུབ་ཀྱིས་བསྡུས་པས་སྲོག་གཏའ་རུ་ཚུད་དེ་དྲེགས་པ་ཐམས་ཅད་རང་ལ་བཀའ་ཉན་པར་བསམ། ཡང་འོད་ཟེར་མཚོན་ཆ་མེ་བསྐལ་འཁྲུག་པ་འཕྲོས། བདག་ཅག་དཔོན་སློབ་བྱང་ཆུབ་སྒྲུབ་པའི་བར་ཆད་དགྲ་བགེགས་ཐམས་ཅད་ཚར་བཅད་གཏུབས་བསྲེགས་མི་དམིགས་པར་གྱུར་པར་བསམ། དེ་ལྟར་དམིགས་པ་དེ་དག་རེས་སྐོར་གྱིས་བྱེད་ཅིང་དམིགས་པས་སེམས་དུབ་ན། སྐུའི་གསལ་སྣང་བརྟན་པོ་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་གདངས་ལ། རེས་ཐུགས་ཀའི་རྡོ་རྗེ་ལ་ཤེས་པ་གཏད་ཅིང་མ་ཡེངས་པའི་དྲན་པ་རྒྱུན་བསྐྱང་བཞིན་བཟླས་པས་སྐུ་གསུང་ཐུགས་ཀྱི་བཟླ་ཚུལ་དུ་ཡང་འགྱུར་རོ། །གཞན་དམིགས་པ་རྣམ་གྲངས་མང་ཡང་གལ་ཆེ་རགས་པ་ནི་དེ་དག་གོ། །བཟླས་པའི་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་བཟླ །སྔགས་མ་དག་པའི་ཉེས་སྐྱོན་བྱང་ཞིང་སྔགས་ནུས་བརྟན་པར་བསམ། རྗེས་ལྷ་སྐུ་དམིགས་མེད་དུ་བཞག་ཅིང་ཡང་ལྷ་སྐུར་ལྡང་དགེ་བསྔོ་བྱ། ཐུན་མཚམས་ལ་འཇུག་གོ ༈ །གཉིས་པར་ཁྲིགས་དང་ཁྲིགས་ཀྱི་བྱེད་ཚུལ་ཉུང་ངུར་བསྟན་པ་ནི། གནས་བྱིན་ཆགས་པར་དབེན་པའི་ཁར་བུར་མཚམས་ལ་འཇུག་པའི་ཚེ། གཟའ་སྐར་དགེ་བའི་ཉིན་ཐོག་མར་ལྷའི་ང་རྒྱལ་དང་ལྡན་པས་གཞི་བདག་ལ་གཏོར་མ་བསྔོ། དེ་རྗེས། ཧཱུྃ། ང་ནི་ཡཀྴ་མེ་དབལ་ཏེ། །པདྨ་དབང་གི་ཕོ་ཉ་བ། །བར་ཆད་བྱེད་པའི་བགེགས་ཐམས་ཅད། །རྒྱ་མཚོའི་མཐའ་ལ་བསྐྲད་པར་བྱ། །སུ་ཞིག་ང་ཡི་ཚིག་འདའ་བ། །དེ་ཡི་ལུས་སེམས་རྡུལ་དུ་རློག །དེ་འདྲའི་ཉེན་ལ་མ་བསྡོ་བར། །འདོད་པའི་མཆོད་སྦྱིན་འདི་ཁྱེར་ལ། ཁོར་ཡུག་རི་བོའི་སྐྱིབས་ལ་བྲོས། །ཨོཾ་བཛྲ་ཡཀྴ་ཧཱུྃ་ཕཊ། ཅེས་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད། སྲུང་འཁོར་བསྒོམ་ཚིག །ཧཱུྃ། ཆོས་ཀུན་ཡེ་དག་ཡེ་རྫོགས་ལ། །བདུད་དང་ལོག་འདྲེན་གདོན་བགེགས་ཅི། །གློ་བུར་རྐྱེན་གྱིས་ཅིར་སྣང་ཡང་། །ཀ་དག་དབྱིངས་ལས་གཡོས་པ་མེད། །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བརྗོད་ཅིང་། རང་གི་ཐོ་ཕྱི་གནས་ཡུལ་ཐམས་ཅད་རྡོ་རྗེའི་ས་གཞི་ར་གུར་མཚོན་ཆ་མེ་ཕུང་གི་རྣམ་པར་འཁྲིགས་པར་བསྒོམ་ཞིང་། དོན་དམ་སྤྲོས་བྲལ་རང་སེམས་གདོད་མའི་ཀློང་དུ་མཉམ་པར་གཞག་པའི་སྲུང་འཁོར་བསྒོམས་ནས། འདི་དུས་མཚམས་ཁོངས་སུ་འཇུག་དགོས་ཀྱི་མི་ཡོད་ན་དམིགས་འོག་ཏུ་འཇུག་དགོས། སྒོ་ཕྱིར་ཐོ་དར་དཀར་པོ་གཟུག །ཐོ་རྒྱལ་ཆེན་སྡེ་བཞིའམ་ཡཀྴ་མེ་དབལ་དུ་བསྐྱེད་པར་མཛད་པ་ལས། འདིར་མེ་དབལ་བསྐྱེད་ན། ཐོ་མདུན་མཆོད་པ་བསྒྲིགས་ནས། ཨོཾ་སྭ་བྷཱ་སོགས་ཀོ྅་ཧཾ། ཐོ་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྲོ་བོ་ཡཀྴ་མེ་དབལ་གཡས་ཐོ་བ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ། ཤིན་ཏུ་ཁྲོ་ལ་དཔལ་ཆོས་ཀྱིས་བརྒྱན་ཏེ། གཡོན་བརྐྱང་གིས་པད་ཉི་ལ་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཨརྒྷཾ་སོགས་མཆོད། ཁྲོ་བོའི་དབང་པོ་མཐའ་ཡས་པའི། །མཐུ་སྟོབས་ནུས་པ་ཡོངས་རྫོགས་པས། །གདོན་བགེགས་ཐལ་བར་རློག་མཛད་པ། །རྡོ་རྗེ་སྲིན་པོ་ཁྱོད་ལ་བསྟོད། །མེ་དབལ་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བར་བསམ། ཨོཾ་ཨཱཿཧཱུྃ་ཡཀྴ་རཀྵ་ཧཱུྃཿ ཞེས་བཟླ། འོད་ཟེར་འཕྲོས་རྒྱལ་བའི་ནུས་བྱིན་བསྡུས་ཐིམ་པར་བསམས་ནས། བདག་གི་བསྙེན་སྒྲུབ་ཀྱི་བྱ་བ་མཐར་ཕྱིན་པ་དེ་སྲིད་དུ་རྟེན་འདིར་བརྟན་པར་བཞུགས་ནས་བགེགས་དང་བར་ཆད་སྲུང་ཞིང་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཡེ་དྷརྨཱ་བཟླས་པའི་མེ་ཏོག་གཏོར། དེ་ནས་མཆོད་རྫས་སོགས་བཤམས་ཏེ་དགོང་ཐུན་ནས་བརྩམ་སྟེ་བརྒྱུད་འདེབས་སྐྱབས་སེམས་ནས་བཟུང་། བཟླས་པ་དགེ་བསྔོའི་བར། སྲོད་ཐུན་ལ་ཡང་དགོང་ཐུན་བཞིན་ཉམས་སུ་བླང་བ་ལས་དགེ་བསྔོའི་གོང་དེར་སྲུང་མའི་གཏོར་བསྔོ་བྱ། ཉལ་བའི་རྣལ་འབྱོར་དང་ལྡན་པས་ཉལ་ནས། ཐོར་ཐུན་གྱི་དུས་སུ་གཉིད་སད་འཕྲལ་ལྷར་ཝལ་གྱིས་གསལ་གདབ། དབྱངས་གསལ་ཡིག་བརྒྱ་ཉེར་གཅིག་ཙམ་བརྗོད་ནས་དངོས་གཞིའི་ཉམས་ལེན་བཟླས་པའི་བར་གོང་བཞིན་བྱ། ནམ་སེང་ནས་ཉིན་གུང་བར་སྔ་ཐུན་ཏེ་ཐུན་བཞིར་བཅད་ནས་ཉམས་སུ་བླང་། སྔགས་ཀྱི་བཟླས་བསྙེན་གྲངས་ཚད་ནི་རབ་འབྲུ་འབུམ་སྟེ་འབུམ་ཚོ་བཅུ་དགུ །ཐ་མ་འབུམ་ཕྲག་བཞིར་བསྙེན་པ། དེ་ཡང་ཐུན་བཞིར་ཡོད་པའི་ཐུན་རེ་རེར་སྟོང་ཕྲག་ཕྱེད་གསུམ་རེ་བཟླས་པས་ཟླ་དྲུག་ཞག་བཅུ་ལ་འབྲུ་འབུམ་དང་། ཟླ་གཅིག་ཞག་བཅུ་ལ་འབུམ་ཚོ་བཞི་འགྲོ་བ་གྲངས་བསྙེན་དང་། དུས། རྟགས་ཀྱི་བསྙེན་པ་རབ་བླ་མ་ཡི་དམ་གྱི་ཞལ་དངོས་ཉམས་སུ་མཐོང་། ཆོས་གསུང་། མཁའ་འགྲོ་འདུ་བ། རང་གི་རྒྱུད་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་སྐྱེ་བར་གསུངས། འབྲིང་དང་ཐ་མས་ཉམས་རྨི་ལམ་དུ། རང་གི་བླ་མ་དང་ཡི་དམ་ཧཱུྃ་བྲིས་འབུར་སོགས་མཇལ་བ། དགྱེས་ཚུལ་སྟོན་པ། ཉི་ཟླ་ཤར་བ། བུད་མེད་འདུ་བ། ཆོས་བཤད་པ། དར་འཕྱར་དུང་འབུད་སོགས་ལན་གཅིག་མ་ཡིན་པར་ཡང་ཡང་དུ་རྨིས་ན་མཚན་རྟགས་སུ་བཟུང་ཞིང་། གཞན་གང་ཟག་རབ་འབྲིང་དང་བསྟུན་པའི་རྟགས་འཆར་ཚུལ་མང་བར་གསུངས་ཤིང་། མདོར་ན་གུ་རུ་ཉིད་ཀྱི་གསུང་ལས། པདྨ་ང་སྒོམ་མཆོད་དང་སུས་སྒྲུབ་པ། །རྒྱལ་བ་རྒྱ་མཚོས་བྱིན་རླབས་བུ་བཞིན་སྐྱོང་། །དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབ། །སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་བསྒྲུབ། །ཅེས་སོགས་གསུངས་སོ། །རྟགས་གང་བྱུང་ཡང་རེ་དོགས་དགའ་བྲོད་རློམ་སེམས་མི་བྱ་བར་རང་བཞིན་སྒྱུ་མའི་ལམ་ཁྱེར་བྱས་ནས་རྣལ་འབྱོར་ཐང་ལྷོད་མེད་པར་འབད་དོ། །མཚམས་གྲོལ་ཁར་ཞག་ཅི་རིགས་ནས། དབང་གཏོར་ཐོད་པ་བུམ་པ་རྡོ་རྗེ་ཕུར་པ་སོགས་མདུན་རྟེན་དངོས་བཤམས་ནས། དེ་མདུན་མཆོད་པ་བསྒྲིག །ཐུན་རེ་རེ་བཞིན་ནམ་དགོང་ཐུན་སྲོད་ཐུན་གང་རུང་གི་བཟླས་པའི་མཇུག་མདུན་བསྐྱེད་སྒྲུབ་ཚུལ་ལ་འཇུག་སྟེ། མདུན་རྟེན་གྱི་སྐུ་རྟེན་གཏོར་མ་དྲག་པོར་གསལ། གསུང་རྟེན་ཐོད་པའི་ནང་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཀྱི་ཕྲེང་བ་གསལ། ཐུགས་རྟེན་ཟླ་སྟེང་རྡོ་རྗེ་རྩེ་དགུ་གསལ། བུམ་ནང་ཐོད་ཕྲེང་རིགས་ལྔ་བཞུགས་པར་བསྒོམ། ཕུར་པ་ཡང་རིག་འཛིན་དྲག་པོར་གསལ་ཏེ་མངོན་རྟོགས་ནས་སྤྱན་འདྲེན། མཆོད་པ་བསྟོད་པའི་བར་སོང་རྗེས། བདག་མདུན་གྱི་འོད་ཟེར་སྤྲོ་བསྡུ་བཅས་བཟླས་པ་གང་འོས་ནས། ཚོགས་ཡོད་ཚེ་ཚོགས་གཏོར་ཕུལ། དེ་ནས་བསྡུ་ཆོག་བྱ། གྲོལ་བའི་ཞོགས་པ་བདག་མདུན་ཚོགས་བཅས་སོངས་ནས་གཞུང་ལྟར་དབང་བླང་བས་དངོས་གྲུབ་ལེན་ཆོག་གོ །ཡང་ཅུང་ཟད་སྤྲོས་པའི་དབང་དུ་བྱས་ན། མཚམས་དང་པོར་ཚུགས་དུས་ནས་རང་ལ་ཞལ་ཕྱོགས་པའི་དམ་ཚིག་བྲིས་སྐུ་བཀྲམ་པའི་མདུན་སྟེགས་བུ་བང་རིམ་གཉིས་པའི་སྟེང་མར། དབུས་སུ་མཉྫིའི་ཁར་དྲག་པོའི་དབང་གཏོར་དཔལ་གཏོར་རྒྱན་ལྡན་སྐུ་ཙག་བཙུགས་པ། གཡས་སུ་གསུང་རྟེན་ཀཱ་པ་ལ་བདུད་རྩིས་གང་བ། གཡོན་དུ་ཐུགས་རྟེན་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གསུང་རྟེན་གྱི་གཡས་སུ་བུམ་པ་དྲིའི་ཆུས་གང་བ་ཁ་རྒྱན་ལ་ཐོད་ཕྲེང་རིགས་ལྔའི་ཙཀ་ལི་ཡོད་ན་བཙུག །མེད་ཀྱང་རུང་། ཐུགས་རྟེན་གྱི་གཡོན་དུ་ཕུར་པ་དར་མཐིང་གི་ཅོད་པན་ཕུར་གདན་དང་བཅས་པ། སྡེ་བརྒྱད་གཏོར་མ་སོགས་འདུ་བྱ། སྟེགས་འོག་མར་མཆོད་གཏོར་སྨན་རག་ཉེར་སྤྱོད་ལྔ་སོགས་མཆོད་རྫས་ཚང་བར་བསྒྲིག །ཉིན་རེ་བཞིན་སྲོད་ཐུན་དུས་བདག་མདུན་ཚང་བར་སྒྲུབ་པ་ཡང་ཕྱག་ལེན་དུ་མཛད་སྣང་ངོ་། །གཞན་ཡང་མཚམས་ཀྱི་དུས་ནང་སྤྱད་ཕྱིར་མི་གཏོང་། ཕྱི་སྤྱད་ནང་དུ་ལེན་པ་སྤང་དགོས་ཀྱང་། དམིགས་བསལ་གཏོང་ལེན་དགོས་པ་བྱུང་ཚེ་ཚུར་ལེན་རྒྱུ་དེར་བགེགས་བསྐྲད་གུ་གུལ་གྱི་དུད་པས་བདུག །དངོས་གྲུབ་ཀྱི་རྫས་སུ་བསམས་ནས་ལེན་པ་སོགས་བསྙེན་སྒྲུབ་ཀྱི་ཡན་ལག་སྤང་བླང་རྣམས་མན་ངག་གི་ཡི་གེ་འགའ་ཞིག་ལས་ཤེས་པར་བྱ་ཞིང་། གཞན་གལ་ཆེ་བའི་དམིགས་པའི་རིམ་པ་ནི་དེ་ཙམ་མོ། །ཞེས་རྗེ་བཙུན་མ་དད་དང་མཁྱེན་པའི་དཔལ་ཅན་བཀའ་བརྒྱུད་དཔལ་འཛིན་འཆི་མེད་བདེ་ཆེན་དབང་མོའི་གསུང་གིས་བླ་མ་དྲག་པོའི་བསྙེན་པའི་དམིགས་རིམ་བྲི་དགོས་ཞེས་དངུལ་གྱི་མེ་ཏོག་གི་ཡོན་བཅས་བསྐུལ་བར་མཛད་པ་ལྟར་རང་གཞན་འཇུག་པ་བདེ་ཕྱིར། བླ་མའི་གསུང་མན་ངག་གི་དོན་ལྟར་སྙོམ་ལས་པ་ཆོས་ཀྱི་སྣང་བས་ར་ལུང་གྲུབ་པའི་གནས་སུ་སྦྱར་བ་འགྲོ་ཀུན་པདྨ་དྲག་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཉང་གཏེར་རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 23)

ཨཱོྃ་སྭསྟི། གདུག་པ་འདུལ་མཛད་མཐུ་སྟོབས་བདག །རྟ་མཆོག་དཔལ་ལ་གུས་བཏུད་ནས། །དེ་ཉིད་སྒྲུབ་ཐབས་སྙིང་པོའི་བཅུད། །མདོ་ཙམ་འདིར་ནི་བཤད་པར་བྱ། །འདིར་ཉང་གཏེར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་ནག་པོ་གྲུ་གསུམ་མེ་རི་ཚོམ་བུ་དང་བཅས་པའི་སྟེང་དུ། མཉྫི་ལ་དཔལ་གཏོར་ནག་པོ་རྟ་མགོ་ཅན་སྐུ་རྟེན་བཙུགས་པ་བཀོད། མདུན་དུ་ཤ་ཁྲག་གིས་བརྒྱན་པའི་མཆོད་གཏོར་དང་སྨན་རག །མཐའ་མཆོད་པས་བསྐོར་བ་སོགས་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་གཏོར་བཏང་། མཚམས་བཅད། བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས༔ སེམས་ཅན་མ་ལུས་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ བདག་ནི་འཇུག་ཅིང་བསྒྲུབ་པར་བགྱི༔ ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཚོགས་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི༔ བླ་མ་ཡི་དམ་ལྷ་ཚོགས་དང༔ རྒྱལ་བ་མ་ལུས་སྲས་དང་བཅས༔ དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཡན་ལག་བདུན་གྱི་ཚོགས་གསག་དང་། ཚད་མེད་བཞི་བསྒོམ། དངོས་གཞི་ནི། ཨཱོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བརྗོད་པས་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ཆེན་པོར་པད་ཉིའི་གདན་ལ། བདག་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་དམར་སེར་འབར་བ། སྤྱི་བོ་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རལ་གྲི་ཕྱར་བས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབས་ཤིང་། གཡོན་པ་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྲོག་སྙིང་འདྲེན་པ། ཞབས་གཉིས་དགྲ་བགེགས་ཀྱི་སྟན་ལ་གཡོན་བརྐྱང་བའི་སྟབས་ཀྱིས་རོལ་པ། སྐུ་ལ་དར་ནག་གི་བེར་ཆེན་གསོལ་ཞིང་། ཞིང་ཆེན་གྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་རིགས་ལྔའི་སྦྲུལ་ཆུན་སོགས་དཔལ་གྱི་ཆས་བརྒྱད་རྫོགས་པ། བ་སྤུའི་གསེབ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། བསྐལ་པའི་མེ་ཕུང་འུར་འུར་ཆེམས་ཆེམ་འབར་བའི་ཀློང་ན་བཞུགས་པ། ལྕགས་ཀྱི་རལ་པ་གསིག་པའི་གསེབ་ནས་ཁྲོ་ཆུང་འཆོལ་བ་དཔག་མེད་འཕྲོས་པས་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། ཚུར་འདུས་རྡོ་རྗེ་ཁྲོ་བོའི་གུར་ཁང་གིས་ཕྱོགས་ཀུན་ཁྱབ་པས་སྲུང་བ་དང་ཟློག་གསད་ཀྱི་ཕྲིན་ལས་མཛད་པར་གྱུར། བདག་གི་ཐུགས་ཀར་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས་འོད་ཟེར་མེར་འབར་བས་ལུས་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས། བ་སྤུའི་ཁུང་བུ་ནས་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་ཁྲོ་བོ་དང་མེ་དཔུང་འབར་བས་ཀུན་ཏུ་ཁྱབ། གནོད་བྱེད་ཐམས་ཅད་མིང་གཞི་ཙམ་ཡང་མེད་པར་ཚར་བཅད། སྣང་གྲགས་དག་པ་ལྷ་དང་སྔགས་ཀྱི་རང་བཞིན་དུ་བསམ་ལ། ཨཱོྃ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བསྙེན་པའི་སྔགས་ཏེ་བུང་བ་ཚང་འཚོལ་བ་ལྟར་འབུམ་ཕྲག་བཅུ་བཟླ་འོ། །ཡཀྴ་ནག་པོ་ནྲྀ་ཏྲི་ཧུར་ཐུམས་ཛ༔ གནོད་བྱེད་མཱ་ར་ཡ༔ སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཙིཏྟ་ཟུངས་ཟུངས༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོགས་མྱོགས༔ ཙིཏྟ་ཐུམ་རིལ༔ ཡ་ཡ་བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཁཾ་ཁཾ༔ ལཾ་ལཾ༔ ཚལ་པར་རྦད་རྦད༔ དུམ་བུར་རྦུད་རྦུད༔ ཐུམས་མྱོག་བཾ་རིལ་མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྤུ་གྲི་ལས་ཀྱི་སྔགས་ཏེ་མེ་དཔུང་འབར་བ་ལྟར་བསྙེན་སྔགས་ལ་སྦྲེལ་ནས་བཟླ་བ་ནི་སྒྲུབ་པའོ། །ལས་སྦྱོར་ནི་ལས་སྔགས་རྐྱང་པ་ཐོག་སེར་འབབ་པ་ལྟར་བཟླ་བ་ཡིན་ནོ། །ཐུན་འཇོག་ཁར་ལྷ་སྐུ་མི་དམིགས་པར་བསྡུས་ནས་དགེ་བ་བསྔོ་འོ། །བཤད་མ་ཐག་པའི་སྒོམ་རིམ་ནི། སེམས་ཉིད་སྐྱེ་མེད་སྟོང་གསལ་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཏེ༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ཅེས་གསུངས་པ་བཞིན་ནོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། ཐོད་པའི་སྣོད་དུ་བཅུད་ཤ་ལྔ་བདུད་རྩི་ལྔ་དང་དགྲ་བགེགས་ཀྱི་ཤ་ཁྲག་ཞུ་བ་ལས་བྱུང་བའི་དམ་རྫས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱི་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཔལ་རྟ་མགྲིན་ནག་པོ་སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེ་ཁྲོས་པས་ཁྲོ་བ་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲངས་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཧཱུྃ༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ༔ རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དང༔ དུག་ལྔ་སྨན་སྦྱར་བདུད་རྩི་ཆེན་པོ་འདི༔ ཁྲོ་མཆོག་དབང་གི་སྐུ་ལ་མཆོད་པར་འབུལ༔ སྲིད་གསུམ་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ ཨཱོྃ་ཧ་ཡ་གྲཱི་ཝ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཞེས་སྤྱིར་མཆོད་ནས། ཁྱད་པར་དུ། ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། རྩ་སྔགས་ཀྱི་མཐར། ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཱཾ་ས༔ རཀྟ༔ ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ༔ ཀེཾ་ནི་རི་ཏི༔ བ་ལིནྟ་ཁ་རཾ་ཁཱ་ཧི༔ ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། བསྟོད་པ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང༔ འབར་བའི་རྒྱལ་པོ་དབང་གི་སྐུར་སྤྲུལ་ནས༔ འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ སྤྱི་གཙུག་རྟ་དབུ་སྣ་ཚོགས་ཕྲིན་ལས་རྫོགས༔ བདུད་འདུལ་ནག་པོ་ཆེ་ལ་ཕྱག༴ ཕྱག་གཡས་རལ་གྲིས་དགྲ་བགེགས་རྩད་ནས་གཅོད༔ གཡོན་པ་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན༔ ལྕགས་རལ་གསེབ་ནས་ཁྲོ་ཆུང་སྤྲུལ་པ་འགྱེད༔ གནོད་སྦྱིན་གདུག་པ་འདུལ་ལ་ཕྱག༴ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་སྨིན་མ་གློག་སྟོང་འགྱུ༔ དཔལ་གྱི་ཆས་ལྡན་མེ་དཔུང་ཀློང་ན་འགྱིང༔ རབ་འཇིགས་དཔའ་བོ་ཆེ་ལ་ཕྱག༴ ཧཱུྃ་གི་ང་རོས་ཁམས་གསུམ་དབང་དུ་སྡུད༔ ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་མ་རུངས་འཇོམས༔ རྟ་སྐད་དྲག་པོས་དྲེགས་པ་ལས་ལ་བསྐུལ༔ གསུང་མཆོག་རིག་སྔགས་རྒྱལ་ལ་ཕྱག༴ ཐུགས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས༔ ཡེ་ཤེས་ལྔ་ཡི་མཚན་མ་ཅིར་ཡང་སྟོན༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་། ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་བསྟན་པ༔ གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་རྗེ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆད་སེལ་བ་དང༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ལ་སོགས༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཕྲིན་ལས་གསོལ། བསྡུ་ན་བསྟོད་པ་ཤོ་ལོ་ཀ་གོང་མ་གཅིག་པོའི་གཤམ་དུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། གང་ལྟར་ཡང་ཡིག་བརྒྱས་ནོངས་པ་བཤགས། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཏོར་མགྲོན་གཤེགས། སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད་པར་བྱའོ།། ༈ །།གསུམ་པ་བྱིན་རླབས་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་མཉམ་སྒྲུབ་བྱེད་པའམ། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། མཆོད་པ་སྤྱི་དང་སྨན་རཀ་གཏོར་མ་རྣམས་བྱིན་གྱིས་བརླབ། རྩ་སྔགས་བརྗོད་པའི་རྐྱེན་གྱིས། མདུན་གྱི་མཎྜལ་གཏོར་མ་དང་བཅས་པ་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ཆེན་པོར་པད་ཉིའི་གདན་ལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞེས་སོགས་ནས། བསྐལ་པའི་མེ་ཕུང་འུར་འུར་ཆེམས་ཆེམ་འབར་བའི་ཀློང་ན་བཞུགས་པའོ། །ཞེས་པའི་བར་སྔར་བཞིན་ལས། དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་རྟ་མགྲིན་ནག་པོ་སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སོགས་ནས་བསྟོད་པའི་མཐར་ཐུག་པའི་བར་སྔར་ལྟར་བྱས་ནས། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་མཐིང་ག་རྩ་བའི་སྔགས་ཀྱིས་བསྐོར་བ་དང་། བདག་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་མེའི་ཚྭ་ཚྭ་དང་བཅས་པ་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཧཱུྃ་གི་ཞབས་ཀྱུ་ནས་ཐོན་མདུན་བསྐྱེད་ཀྱི་ལྟེ་བ་ནས་བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་རྩ་སྔགས་བརྒྱ་སྟོང་སོགས་དང་ཤམ་བུ་སྦྱར་བའང་ཅི་རིགས་པ་བཟླས་ནས། ཐུན་མཚམས་ཀྱི་ཕྲིན་ལས་གསོལ་བ་སྔར་བཞིན་བྱའོ། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་ཅི་རིགས་པ་སྔོན་དུ་འགྲོ་བས། འདིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ཕྲིན་ལས་གཅིག་ཏུ་བསྡུས་པ་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཤིན་ཏུ་དྲག་པོར་ཁྲོས་པ་ནི་ཁྲོ་བོའི་རྒྱལ་པོ་འདི་ཉིད་ཡིན་ཏེ། སྒྲུབ་ཐབས་རྩ་བའི་གཞུང་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་པ༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ཞི་བས་མི་འདུལ་གདུག་པ་ཅན༔ ཚར་གཅོད་རྟ་མགྲིན་ནག་པོར་བསྟན༔ དེ་ཉིད་ཤིན་ཏུ་ཁྲོས་པ་ནི༔ གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ དགྲ་དང་བགེགས་དང་བྱད་མ་དང༔ གཟའ་ཀླུ་རྒྱལ་བསེན་གཉེན་པོར་བསྟན༔ ཞེས་གསུངས་ཤིང་། དེ་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་རྣམ་གྲངས་མང་དུ་བཞུགས་པ་ལས། དེ་ཐམས་ཅད་ཀྱི་ཟབ་དོན་སྙིང་པོའི་ཡང་བཅུད་ལོགས་སུ་ཕྱུང་པས་ཡང་ཕྱུང་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ་ཨོ་རྒྱན་ཆེན་པོས་ཇོ་མོ་མཚོ་རྒྱལ་དང་མངའ་བདག་ཁྲི་སྲོང་ལ་མནོག་ཆོས་སུ་བསྩལ་པ་ཡིན་ཏེ། དྲག་སྔགས་ཀུན་གྱི་རྣོ་སོ་ཡིན༔ བྱ་སླ་ཚེགས་ཆུང་དོན་ཆེ་འདི༔ རྗེས་འཇུག་དོན་དུ་ཟབ་པར་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ཞེས་གསུངས་ནས་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དུ་གཏེར་དུ་སྦས་པ། མངའ་བདག་གི་སྐྱེ་བ་བཅུ་གསུམ་པ་ཉང་རལ་པ་ཅན་གྱིས་གཏེར་ནས་བཏོན་ཏེ་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པར་རིམ་པར་བྱོན་པ་ཡིན་པས། འདིའི་བྱིན་རླབས་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ༔ ཅེས་བརྡ་སྤྲད། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་གང་འོས་ཀྱི་རྗེས་ཟློས་བྱ་བར་གསུངས་པས་དྲག་དམར་ལྟར། དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ནི་འཁོར་བའི་དུཿཁ་ལས༔ བསྒྲལ་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཡན་ལག་བདུན་པའི་ཚོགས་གསག་དང་། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། དངོས་གཞིའི་དོན་དུ་མཎྜལ་ཕུལ་ནས། དཔལ་ཆེན་ཧེ་རུ་ཀཿདང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་འཇུག་གིས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་བསྐུར་བྱིན་རླབས་བསྩལ་བར་མཛད་དུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་འདེབས། སློབ་དཔོན་གྱིས་རྩ་སྔགས་བརྗོད་པའི་རྐྱེན་གྱིས་སློབ་མ་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས་པ་ཞེས་པ་ནས། བསྐལ་པའི་མེ་ཕུང་འུར་འུར་ཆེམས་ཆེམ་འབར་བའི་ཀློང་ན་བཞུགས་པའོ། །ཞེས་པའི་བར་གྱིས་དམ་ཚིག་པར་བསྐྱེད། གཏོར་མ་སྔར་ལྷར་གསལ་བཏབ་པ་ཡེ་ཤེས་སེམས་དཔའི་ངོ་བོ་ཅན་སྤྱི་བོར་བཞག་ལ། དེའི་སྐུའི་ཆ་ཐམས་ཅད་ནས་ཁྲོ་བོ་འཆོལ་པ་སྐུ་ཆུང་ལ་ཡན་ལག་རགས་པ་བསམ་གྱིས་མི་ཁྱབ་པ་ཕྱིར་འཕྲོས། ཕྱིའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད། ཁྲོ་བོ་རྣམས་ཚུར་འདུས་སློབ་མའི་ལུས་ལ་ཐིམ་པས་ལུས་ཐམས་ཅད་གང་། ནང་གི་བར་དུ་གཅོད་པ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་ནས། ལུས་སྐུ་རྡོ་རྗེར་བྱིན་གྱིས་བརླབས་པར་བསམ་ལ། སྔགས་དྲག་ཏུ་བརྗོད་ཅིང་སྤོས་དང་རོལ་མོའི་སྒྲ་བྱ། སྐུའི་དབང་ངོ་། །ཡང་ཡེ་ཤེས་སེམས་དཔའི་ཞལ་ནས་སྔགས་ཀྱི་ཕྲེང་བ་དམར་པོ་མེའི་རང་བཞིན་དམར་འུར་འུར་བྱུང་། སློབ་མའི་ཁར་ཞུགས་ལུས་ཐམས་ཅད་དམར་མེ་རེ་རེ་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས། གསུང་རྡོ་རྗེར་བྱིན་གྱིས་བརླབས་པར་བསམ་ལ་སྔགས་དང་སྤོས་རོལ་བྱ་ཞིང་། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད། གསུང་གི་དབང་ངོ་། །ཡང་སྤྱི་བོར་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་ཚངས་བུག་ནས་མར་བྱོན་སྙིང་གར་ཐིམ་པས། དཔལ་རྟ་མགྲིན་གྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་སློབ་མའི་སེམས་དབྱེར་མེད་ཆུ་དང་འོ་མ་འདྲེས་པ་ལྟར་དམིགས་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག །སྔགས་དང་སྤོས་རོལ་བྱ། ཐུགས་ཀྱི་དབང་ངོ་། །ཡང་སློབ་མ་རྟ་མགྲིན་དུ་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ཨཱོྃ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམ་ལ། གནས་སོ་སོར་བདུད་རྩིས་ཐིག་ལེ་བྱ་ཞིང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཡོན་ཏན་གྱི་དབང་ངོ་། །གཏོར་མ་ལག་ཏུ་གཏད་ལ། རྡོ་རྗེའི་སློབ་མ་ཁྱོད་ལ་དཔལ་རྟ་མགྲིན་གྱི་དབང་བསྐུར་པ་ཡིན་པས། དེང་ཕྱིན་ཆད་ཡི་དམ་གྱི་ལྷར་ཟུངས་ལ། སྒོམ་སྒྲུབ་མཆོད་པ་དང་། ཕྲིན་ལས་ཐམས་ཅད་བསྒྲུབ་པར་གྱིས་ཤིག །ཅེས་བརྗོད། ཕྲིན་ལས་ཀྱི་དབང་ངོ་། །རྗེས་ཀྱི་བྱ་བ་དམ་ཚིག་ཁས་བླང་། མཎྜལ་ཡོན་འབུལ་རྣམས་སྤྱི་ལྟར་རོ།། །། ༄། གལ་ཏེ་ནད་པ་སོགས་ལ་ཁྲོ་བོ་ཆར་འབེབ་ཀྱི་བྱིན་རླབས་བྱེད་ན། སྐུའི་རྗེས་གནང་གི་སྐབས་སུ། དང་པོར་སྐུ་ཡི་ཁྲོ་ཆུང་དཀར་པོ༔ དེ་ནས་རིམ་པ་བཞིན་གསུང་གི་ཁྲོ་ཆུང་དམར་པོ༔ ཐུགས་ཀྱི་ཁྲོ་ཆུང་སྔོན་པོ༔ ཡོན་ཏན་གྱི་ཁྲོ་ཆུང་སེར་པོ༔ ཕྲིན་ལས་ཀྱི་ཁྲོ་ཆུང་ལྗང་ཁུ༔ རྣམས་རིམ་པ་བཞིན་སྤྲོ་བསྡུས་ནད་གདོན་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ནས་སྔགས་དང་སྤོས་རོལ་བྱ་ཞིང་། གསུང་གི་རྗེས་གནང་མན་ཆད་མ་བྱས་ཀྱང་རུང་ཞིང་། མཐར་གཏོར་མ་ལ་རཀྟ་བྲན་ནས་གནོད་བྱེད་གང་ཡིན་དེ་དགུག་གཞུག་བྱས་ལ་བསྟིམ། བདུད་རྩིས་བྲན་ནས་ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རྟ་མགྲིན་འཁོར་བཅས་སྐད་ཅིག་གིས་གསལ་བས་གསོལ་བར་བསམ་ལ། གཏོར་སྔགས་ཀྱིས་ཕུལ། བསྟོད་ཅིང་ཕྲིན་ལས་བསྐུལ་ནས་གནོད་བྱེད་ཀྱི་ཕྱོགས་སུ་ཟོར་དུ་འཕང་བའམ་བསྲུང་བྱའི་གནས་སུ་སྲུང་བའི་དོན་དུ་འཇོག་པ་གང་བདེ་བྱའོ། །རྗེས་ཀྱི་བྱ་བ་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་སྤྱི་དང་འདྲའོ། །མི་འ༵གྱུར་ཆོས་ཉིད་མཚོན་པའི་སྐུ། །ཐོགས་མེ༵ད་མཐུ་ལྡན་ཁྲོ་བོའི་རྒྱལ། །རྡོ༵་རྗེ༵འི་རྟ་སྐད་བཞད་པ་ཡི། །སྒྲུབ་ཐབས་ཉང་གཏེར་སྙིང་པོར་དྲིལ། །རྟ་མགྲིན་ནག་པོ་ལྕགས་རལ་ཉང་གཏེར་ཡང་ཕྱུང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ།། །།

དཔལ་བཀའ་འདུས་ལས་སྙིང་པོའི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་ (Volume 15, Text 23)

༄༅། །དཔལ་བཀའ་འདུས་ལས་སྙིང་པོའི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། ན་མོ་གུ་ར་བེ། སྲིད་ཞིའི་ཁྱབ་བདག་བདེ་བ་ཆེ། །འགྲོ་ངོར་རིག་འཛིན་བླ་མའི་སྐུར། །བསྟན་གང་ཚངས་པའི་ཡུལ་ས་རུ། །བཀོད་ནས་སྙིང་པོའི་རྣལ་འབྱོར་འཆད། །ཡིད་བཞིན་གྱི་ནོར་བུ་ལྟར་དགོས་རྒུ་ལྷུན་གྱིས་གྲུབ་ཅིང་ཨུ་དུམྦ་ར་ལྟར་དཀོན་ལ་ངོ་མཚར་ཆེ་བའི་གསང་བ་ཟབ་མོ་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་དོན་གྱི་རྣལ་འབྱོར་རྒྱུན་ཁྱེར་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་བཞི། ལྷ་མིའི་ཐེག་པས་བློ་ཆོས་ལ་བསྐུལ་བ། ཉན་རང་གི་ཐེག་པས་ངེས་འབྱུང་གི་བསམ་པ་སྒྲུབ་པ། ཐེག་པ་ཆེན་པོའི་ལམ་གྱིས་གཞི་བཟུང་བ། ཀྲི་ཡོག་གི་ཐེག་པས་གསག་སྦྱང་བྱ་བའོ། །དང་པོ་ནི། དབེན་པའི་གནས་སུ་ལུས་གནད་བསྲང། རླུང་རོ་བསལ་ལ། བདག་གིས་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ལ་ཕན་འདོགས་ཆེ་བ་ཐོབ། བླ་མ་མཚན་ལྡན་ལས་གསང་སྔགས་ཟབ་མོ་ཐོབ་ཀྱང་ལེ་ལོས་གཡེངས་ན། འདུས་བྱས་ཐམས་ཅད་མི་རྟག་ཅིང་རང་ཡང་མྱུར་དུ་འཆི་ངེས། འཆི་བའི་ཚེ་དགེ་སྡིག་ལས་ཀྱི་རྣམ་སྨིན་ཁོ་ན་རྗེས་སུ་འབྲང་། སྡིག་པས་ངན་འགྲོར་སྐྱེས་ཏེ་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་ན་ཇི་ལྟར་བྱ། དེ་ལས་སྐྱོབ་ནུས་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཡོན་ཏན་རྗེས་སུ་དྲན་ཏེ་སྙིང་ཐག་པ་ནས་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པའི་སྒོམ་དོན་ཡིད་ལ་བཀོད་ནས་སྐྱབས་འགྲོ་ནི། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་ལན་མང་དུ་བརྗོད་དོ། །གཉིས་པ་ནི། འཁོར་བའི་གནས་རིས་མཐོ་དམན་ཐམས་ཅད་སྡུག་བསྔལ་གསུམ་གྱི་རང་བཞིན་མེ་འོབས་དང་མཚུངས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཡིན་པས་དེའི་གཉེན་པོར་ལམ་རྒྱུད་ལ་བརྟེན་ཏེ་ཐར་པ་མངོན་དུ་བྱའོ་སྙམ་པས་ཚུལ་ཁྲིམས་ལེགས་པར་བསྲུང་ཞིང་ཞི་ལྷག་དང་རྟེན་འབྲེལ་བསྒོམ་པའོ། །གསུམ་པ་ནི། འགྲོ་བ་མཐའ་དག་ཕ་མར་ཤེས་པས་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྐྱེད། ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པར་བགྱིའོ་སྙམ་པ་སྨོན་འཇུག་གི་སེམས་བསྐྱེད་ལ། མ་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་བརྗོད་ཅིང་བློ་སྦྱོང་ངོ་། །བཞི་པ་ནི། སྣོད་དག་པའི་ཞིང་ཁམས། གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང་། ཡོ་བྱད་བྱང་ཆུབ་སེམས་དཔའི་མཆོད་སྤྲིན་དུ་དམིགས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པ་ལ་བདག་གཞན་སེམས་ཅན་སྒོ་གསུམ་འཇུག་པ་གཅིག་པས་གསག་སྦྱོང་གི་ལས་བྱ་བར་མོས་ལ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ཡན་ལག་བདུན་པ་སྤྱིར་འབུལ། བྱེ་བྲག་ཏུ། རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱོ་མཎྜལ་པཱུ་ཛ་ཧོ༔ ལན་གྲངས་ཕུལ་ལ། མཐར་ཚོགས་ཞིང་རང་ལ་ཐིམ། སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ ཅེས་མོས་ལ་ཡིག་བརྒྱ་ཅི་ནུས་བཟླ། མཐར། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་རྡོ་རྗེ་སེམས་དཔར་གསལ་ལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་ཏེ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངང་དུ་མཉམ་པར་བཞག་གོ །གཉིས་པ་དངོས་གཞི་ལ་བཞི། བླ་མའི་བྱིན་རླབས་ལམ་དུ་བྱ་བ། མ་ཧཱ་ཡོ་གའི་བསྐྱེད་བཟླས་བྱ་བ། ཨ་ནུ་ཡོ་གའི་རྫོགས་རིམ་བསྒོམ་པ། ཨ་ཏི་ཡོ་གའི་དགོངས་པར་ལ་བཟླ་བའོ། །དང་པོ་ལ། གསོལ་བ་འདེབས་པའི་རྟེན་གསལ་གདབ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ སྐུ་གསུམ་དབྱེར་མེད་བླ་མ་ཀུན་ཏུ་འཆང༔ ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ ཅེས་མོས་ལ་ནུས་ན་བཀའ་འདུས་བརྒྱུད་པའི་གསོལ་འདེབས་འབྲིང་པོ་བྱ། མི་ལྕོགས་ན་བྱང་གཏེར་བླ་མ་སྐུ་གསུམ་མའི་གསོལ་འདེབས་དང་། ས་ཧོར་རཏྣ་པཱུ་རའི་གྲོང་ཁྱེར་དུ༔ སློབ་དཔོན་པདྨ་འབྱུང་གནས་མནྡཱ་རས༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་དཀྱིལ་འཁོར་བསྒྲུབས༔ གྲུབ་རྟགས་སངས་རྒྱས་ཀུན་དང་གཉིས་སུ་མེད༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ གསོལ་བ་འདེབས་སོ་འཆི་མེད་པདྨ་འབྱུང༔ བྱིན་གྱིས་རློབས་ཤིག་ཨོ་རྒྱན་རིན་པོ་ཆེ༔ སྨིན་གྲོལ་དབང་སྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་མོས་གུས་ཀྱི་ཤུགས་བསྐྱེད་ལ་གསོལ་བ་བཏབ་པས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས༔ རང་གི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ༔ ཨོཾ་ཨཱཿཧཱུྃ་གི་བཟླས་པ་ཅི་ནུས་བྱ། མཐར་འཁོར་རྣམས་བླ་མ་ཡབ་ཡུམ་ལ་ཐིམ༔ དེ་ཉིད་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམས་ལ་དགོངས་པ་བསྐྱང་ངོ༔ གཉིས་པ་ནི། ཧཱུྃ༔ དེ་བཞིན་ཉིད་དབྱིངས་བློ་འདས་འོད་གསལ་ངང༔ དམིགས་མེད་སྙིང་རྗེ་ཀུན་སྣང་མཁའ་ལྟར་ཁྱབ༔ རྒྱུ་ཡི་རིག་པ་རང་བྱུང་ཧཱུྃ་མཐིང་ག༔ འོད་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་སྟེང༔ རིན་ཆེན་དུར་ཁྲོད་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེའི་སྲུང་འཁོར་གསལ་བརྟན་འབར་བའི་དབུས༔ པད་ཟླ་ཉི་མ་དྲེགས་པ་ཁྱོ་ཤུག་གདན༔ དེ་སྟེང་དབྱིངས་ནས་རྒྱུ་ཡི་ཡི་གེ་བབས༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ སྤྱི་དཔལ་ཆེན་པོ་ཁྲག་འཐུང་རྩ་བའི་ལྷ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་གཟི་འབར་རྡོ་རྗེ་དྲིལ་བུ་བསྣམས༔ དཔལ་དང་དུར་ཁྲོད་རུས་པའི་རྒྱན་གྱིས་སྤྲས༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ ཞབས་གཉིས་འདོར་ཐབས་ཡེ་ཤེས་མེ་དཔུང་ཀློང༔ ཕུང་ཁམས་སྐྱེ་མཆེད་བ་སྤུའི་བུ་ག་ཚུན༔ ཞི་ཁྲོ་ཡོངས་རྫོགས་འདུས་པའི་ངོ་བོ་ཉིད༔ སྲིད་ཞི་ཀུན་གྱི་དབང་ཕྱུག་ཆེན་པོར་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་ཀུན་ཏུ་འཆང༔ ནམ་མཁའི་མདོག་ཅན་ཞི་འཛུམ་རྡོར་དྲིལ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་ཡུམ་དང་འཁྲིལ༔ པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་རོལ༔ དེ་ལྟར་གསལ་བའི་ལྷར་སྣང་སྒྱུ་མའི་སྐུ༔ སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོའི་སྲོག༔ ལྔ་ལྡན་ཐིག་ལེ་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་དབང་བསྐུར་རིགས་ལྔའི་ཅོད་པན་རྫོགས༔ རྡོ་རྗེ་གསུམ་མཆོག་དབྱེར་མེད་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཚིག་གི་སྒོས་གསལ་བཏབ་ནས་ལྷ་སྐུའི་གསལ་སྣང་དང་། སྤྱི་དཔལ་ཆེན་པོ་དངོས་སུ་བལྟ་བའི་ང་རྒྱལ་བསྐྱེད། སངས་རྒྱས་ཀྱི་ཡེ་ཤེས་རིས་མེད་པའི་གདུལ་བྱའི་སྣང་ངོར་གང་འདུལ་གཟུགས་སུ་ཤར་བའི་དག་དྲན་ལ་བསླབ་ཅིང་སེམས་འཛིན། དེ་ལ་མི་གནས་ན་བཟླས་པ་བྱ་བ་ནི། ཧཱུྃ༔ བདག་ཉིད་སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འགྱིང༔ རིན་ཆེན་ཟུར་བརྒྱད་རྒྱ་གྲམ་ལྟེ་བར་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བའི་གསལ་སྣང་ལས༔ འོད་ཟེར་ཡར་འཕྲོས་རྩ་གསུམ་རྒྱལ་བ་མཆོད༔ མར་འཕྲོས་འགྲོ་དྲུག་ལུས་ངག་ཡིད་སྒྲིབ་སྦྱངས༔ བར་དུ་སྣང་སྲིད་ཁྱབ་པའི་ཕྲིན་ལས་བསྒྲུབས༔ ཚུར་འདུས་བདག་ཐིམ་དངོས་གྲུབ་རྣམ་གཉིས་ཐོབ༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ་ཉིད་བཟླ། ལས་རུང་ཙམ་གྱི་བསྙེན་ཚད་ནི་འབུམ་ཕྲག་བཞིའོ། །གསུམ་པ་ནི། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་རང་བྱིན་གྱིས་བརླབ་པ་དང་། ལྷན་སྐྱེས་གསུམ་གྱི་ཡེ་ཤེས་གཞན་ལུས་ཕོ་ཉའི་ལམ་ལས་མཐར་སྐྱེལ་བའོ། །བཞི་པ་ནི། སྒོ་གསུམ་གྱི་སྔོན་འགྲོ་རྣལ་དུ་ཕབ་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སོར་གཞུག །སྣང་རིག་ཟུང་འཇུག་ཞི་ལྷག་དབྱེར་མེད་གང་ཤར་སྐུ་གསུམ་གྱི་རོལ་པར་ཤེས་པས། ལྟ་སྒོམ་སྤྱོད་འབྲས་རང་བྱུང་ཡེ་གྲོལ་ཀ་དག་ཆེན་པོར་ལ་བཟླ་བ་སྟེ། དེ་དག་གི་ཉམས་ལེན་རྒྱས་པ་རྩ་བའི་གཞུང་ལས་འབྱུང་བ་ལྟར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི། འོད་གསལ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། དགེ་རྩ་བསྔོ་བ། ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའོ། །དང་པོ་ནི། ཧཱུྃ་སརྦ་མཎྜ་ལ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ ལྷ་སྣང་ཐམས་ཅད་དཔལ་གྱི་སྐུ་ལ་འདུས༔ སྤྱི་དཔལ་ཡབ་ཡུམ་མཁའ་ལ་སྤྲིན་དེངས་ལྟར༔ དམིགས་བསམ་བརྗོད་པ་བྲལ་བའི་ངང་ལ་ཐིམ༔ ཞེས་མཉམ་པར་བཞག །གཉིས་པ་ནི། སླར་ཡང་འགག་མེད་རིག་རྩལ་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱུར༔ མ་ཧཱ་ཤྲཱི་ཧེ་རུ་ཀ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་བཟུང་། གསུམ་པ་ནི། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས༔ ཕྱི་ནང་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ༔ བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས༔ སྤྱི་དཔལ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ བཞི་པ་ནི། བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ངང༔ ཁྲག་འཐུང་དཔལ་ཆེན་རིག་པའི་ཚོམ་བུ་བརྡལ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ལ་སྤྱོད་ལམ་ཐམས་ཅད་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བར་བྱའོ། །དེ་ནི་བསྐྱེད་རྫོགས་རྒྱུན་གྱི་རྣལ་འབྱོར་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་ཡིན་ལ། བསྐྱེད་བཟླས་ཁོ་ན་ཙམ་ཆག་མེད་དུ་བྱེད་ན། སྔོན་འགྲོ་གོང་གི་སྐྱབས་སེམས་ཤློ་ཀ་གཉིས་ཀྱི་འཕྲོས་སུ། དངོས་གཞི་བསྐྱེད་བཟླས་དང་། མཇུག་བསྡུ་ལྡང་ཕྱིན་ཆད་བྱས་པས་དོན་གྲུབ་བོ། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི། །བླ་མ་ལྷ་དང་དབྱེར་མེད་པར། །བདག་གཞན་འགྲོ་ཀུན་བྱང་ཆུབ་སྟེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་རང་གཞན་ལ་ཕན་པར་འདོད་པའི་ཡིད་ཀྱིས། ཁྱབ་བདག་བླ་མ་རིག་འཛིན་ཡོངས་ཀྱི་སྤྱི་རྗེ་ལ་གསོལ་བ་བཏབ་ཅིང་བཀའ་ལུང་ལེགས་པར་ཞུས་ཏེ། འཆི་མེད་བསྟན་གཉིས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཏོར་དབང་རེག་པ་དོན་ལྡན་ (Volume 3, Text 23)

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཏོར་དབང་རེག་པ་དོན་ལྡན་བཞུགས་སོ། ། ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་གཏོར་དབང་མདོར་བསྡུས་བྱ་འདོད་ན། །རབ་ནི་གཏོར་མ་དཔེའུ་ཆུང་ལྟ་བུ་ལ། །འབྲིང་དུ་རིན་ཆེན་འབར་བ་དབང་ཙཀ་བརྒྱན། །མ་འབྱོར་ཟླུམ་གཏོར་ལ་སོགས་གང་ཡང་རུང་། །དཀྱིལ་འཁོར་ཚོམ་བུ་ལ་སོགས་ཡོད་ན་ལེགས། །མེད་ཀྱང་གཏོར་མ་ཉིད་ལ་བསྐྱེད་པས་འཐུས། །ལས་བྱང་གང་རུང་གཞུང་བསྲངསབཟླས་པ་བྱ། །དེ་ནས་སློབ་མ་ཁྲུས་བྱས་མཎྜལ་ཕུལ། །འོ་ན་ད་ལམ་ཁྱེད་རྣམས་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཚུལ་བཞིན་ཉམས་སུ་ལེན་མ་ནུས་ན་ཡང་། ལན་གཅིག་རྣ་བར་ཐོས་པ་ཙམ་གྱིས། བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་ནུས་པའི་ཆོས་ཟབ་མོ། བར་དོའི་ཐོས་གྲོལ་ཆེན་པོའི་གཏོར་དབང་རེག་པ་དོན་ལྡན་ཞེས་བྱ་བ་འདི་ཞུ་ཆོག་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན། དེ་ཡང་སྔོན་རྒྱལ་པོའི་བུ་ཞིག་གིས་ཕྲག་དོག་བྱས་ནས་རང་གི་སློབ་དཔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་དེ་ཆད་པ་དུ་མ་བཅད་ནས་བསད་པས། དེའི་རྣམ་སྨིན་གྱིས་རྒྱལ་པོའི་བུ་དེ་ཉིད་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པ་དེ་ཐར་པའི་ཐབས་སུ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་རྒྱུད་གསུངས་ཤིང་སེམས་ཅན་དེའི་རྣ་བར་ཞི་ཁྲོའི་མཚན་དང་སྔགས་བསྒྲགས་ཤིང་དབང་བསྐུར་ན་ཐར་བར་གསུངས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་ལྟར་མཛད་པས་སེམས་ཅན་དམྱལ་བ་ནས་ཐར་ཏེ་ལྷའི་གནས་སུ་རིག་འཛིན་མིའི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །དེ་ནས་ཆོས་འདི་ཆོས་སྐུ་ཀུན་ཏུ་བཟང་པོས་དྲུག་པ་རྡོ་རྗེ་འཆང་ཆེན་ལ། དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་པ་བརྒྱུད་པ་ཞེས་བྱའོ། །དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་རིག་འཛིན་ཤྲཱི་སིཾ་ཧ། དེས་ཨོ་རྒྱན་ཡུལ་གྱི་པདྨ་འབྱུང་གནས་ལ་བརྡ་ཡི་སྒོ་ནས་བསྟན་པས་རིག་འཛིན་བརྡ་ཡི་བརྒྱུད་པ་ཞེས་བྱའོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས་ལོ་ཙཱ་བ་ཀླུ་ཡི་རྒྱལ་མཚན་ལ་སོགས་རྗེ་འབངས་རྣམས་ལ་ཆོས་འདི་སྙན་བརྒྱུད་དུ་གནང་། དེའི་ཚེ་སྡིག་བློན་ཤ་ཏ་ཞེས་བྱ་བས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་བྱོན་ནས་གནས་ལ་མ་སོང་བ་ལ་ཆད་པ་མང་པོ་བཅད་པའི་རྣམ་སྨིན་གྱིས་བློན་པོ་དམྱལ་བ་ཆེན་པོ་མནར་མེད་དུ་སྐྱེས་པ་དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་བྱོན་པས་ཅི་ལྟར་བྱས་ཀྱང་བློན་པོ་འདྲེན་མ་ཐུབ་ནས། འདི་ཅི་ལྟར་བྱས་ན་ཐར་པའི་ཐབས་ཡོད་ཅེས་གཤིན་རྗེའི་ལས་མཁན་རྣམས་ལ་དྲིས་པས། ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར། གཞན་ཅི་བྱས་ཀྱང་ཐར་ཐབས་མེད་ཟེར་བ་ལ་བརྟེན་ནས། ལྷ་ལྕམ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་སྲེག་གི་ཁང་པ་ཡང་ཞིག །ལྕགས་སྲེག་གི་ས་གཞི་ཡང་བསིལ་བར་གྱུར་ནས་བདུད་བློན་ཤ་ཏས་གཙོ་བྱས་པའི་འབུམ་ཚོ་ལྔ་དྲངས་སོ། །དེ་ནས་ཆོས་འདི་ཤིན་ཏུ་ཟབ་པས་ནུབ་ཀྱིས་དོགས་ནས་ཞི་ཁྲོ་དཔང་ཀོང་སོགས་བཀའ་མ་ཡང་དར་བར་མཛད། གཏེར་ཁ་མང་དུ་སྦས་སོ། འདི་ནི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པ་གྲུབ་ཐོབ་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་གཏེར་ནས་བཏོན་ཏེ། མི་རབས་གསུམ་དུ་སྙན་བརྒྱུད་དུ་མཛད། དེ་ནས་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་ལྟར། བཀའ་བབས་ཆོས་ཀྱི་རྒྱལ་མཚན་གྱིས་ཐམས་ཅད་ལ་སྤེལ་པ་ཡིན་པས། གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །གཏེར་སྟོན་ནས་ད་ལྟ་བརྒྱུད་པ་བཅུ་གཅིག་གི་བར་དུ་ཡིན་ལ། མཐར་ཞི་ཁྲོའི་ཆོས་འདི་ཕྱོགས་སུ་དར་ཞིང་རྒྱས་པར་ལུང་བསྟན། དེ་ཡང་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ཐོས་གྲོལ་འདི་ནི་བསྒོམ་མི་དགོས་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་ཆོས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ༔ འདིས་བསླེབས་པའི་སེམས་ཅན་ངན་སོང་དུ་འགྲོ་བ་མི་སྲིད་དོ༔ མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ འཆི་ཁར་སངས་རྒྱས་པའི་མན་ངག་དུས་གསུམ་གྱི་སངས་རྒྱས་ཀྱིས་བཙལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་པར་མི་འགྱུར་རོ༔ ཞེས་གསུངས་པས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་པའི་ལམ་བསྟན་འཚལ། །ལན་གསུམ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། དེས་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་སྡོམ་པ་ལེགས་པར་ཐོབ་པས་དེའི་བསླབ་བྱ་རྣམས་ལ་ཡང་བསླབ་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །ད་སྔགས་ཀྱི་ཐེག་པར་ཞུགས་པ་ལ། ཐེག་ཆེན་གྱི་སེམས་བསྐྱེད་པ་གལ་ཆེ་བས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་དབྱུང་བ་དབུགས་དབྱུང་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། དེ་དག་གིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔར་མ་ཐོབ་པ་ཡིན་ན་ཐོབ། ཐོབ་པ་གོང་དུ་འཕེལ། ཉམས་པ་སོར་ཆུད་པ་ཡིན། དངོས་གཞི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །སྐྱབས་ཕྱིར་བརྩེ་བས་རབ་བཟུང་ནས། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། ད་ཁྱེད་རང་རྣམས་གླང་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་བསྒོམས་པའི་ཐུགས་ཀར་ཞི་བའི་ལྷ་ཚོགས། མགྲིན་པར་རིག་འཛིན་ལྷ་ཚོགས། སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས། དེ་རྣམས་ཀྱི་ཐུགས་ཀར་ཀུན་ཏུ་བཟང་པོའི་ཐུགས་ཀར་ཨོཾ་ནས། སྒོ་མ་སྦྲུལ་གདོང་མའི་ཐུགས་ཀའི་ཨཱཿཡི་བར་ཡིག་བརྒྱའི་ཡིག་འབྲུ་རེ་རེ་གནས་པ་ལས་འོད་ཟེར་འཕྲོས་པས། འོག་མིན་གནས་ནས་དམ་པ་རིགས་བརྒྱའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ཁྱེད་རང་གི་ལུས་ལྷ་ལ་ཐིམ་པར་སྒོམས་ཤིག །བོ་དྷི་ཙིཏྟ་མ་ཧཱ་སོགས་ནས། ཨཱ་བེ་ཤ་ཡ་ཨ་ཨཱཿ རོལ་མོ་བྱ། རྡོ་རྗེ་མགོར་བཞག་གམ་བཞག་ཚུལ་གྱིས། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས། གཏོར་མ་འདི་ཉིད་ཕྱི་རིན་པོ་ཆེ་སྣ་ཚོགས་ལ་ནང་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། དུར་ཁྲོད་རྡོར་ར་མེ་རི་དང་བཅས་པའི་དབུས་སུ་བུདྡྷ་ཧེ་རུ་ཀ་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། ཕྱོགས་བཞིར་རིགས་བཞིའི་ཁྲག་འཐུང་། ཕྱོགས་མཚམས་བརྒྱད་དུ་ཀཽ་རཱི་བརྒྱད་དང་སིཾ་ཧ་བརྒྱད། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དང་སྒོ་མ་བཞི། བུདྡྷ་ཧེ་རུ་ཀའི་སྟེང་ཕྱོགས་ནམ་མཁར་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ། དེའི་སྤྱི་བོར་རྣམ་སྣང་ཡབ་ཡུམ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ། ཡུམ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་འཁྲིལ་བ། ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཡབ་ཡུམ་འཁོར་སེམས་དཔའི་ཚོགས་དང་བཅས་པ། དེའི་ཕྱི་རོལ་བར་མཚམས་སུ་ཐུབ་པ་དྲུག་དང་། བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱ་ཀིའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བཞུགས་པ། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ། ཞི་བའི་ལྷ་ཚོགས་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐུབ་པ་དྲུག་ནི་སྤྲུལ་སྐུའི་ཆོས་གོས་གསུམ་གྱིས་བཀླུབས་པ། ཁྲོ་བོའི་ལྷ་ཚོགས་ཐམས་ཅད་གར་གྱི་ཉམས་དགུ་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་ནས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧ་ཧ་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་སྟོང་གསུམ་གཡོ་བར་བྱེད་པ་གསལ་ཐོབ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་དག་ནས་སྐུ་བུམ་པའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགྱུར་མེད་སྐུ་ཡི་དབང་བསྐུར་བས། །བུམ་པའི་དབང་མཆོག་ཐོབ་ནས་སུ། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བུམ་པའི་དབང་བསྐུར་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལུས་སྤྲུལ་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །སྨོན་ལམ་འདི་མི་ཉུང་ན་ཚང་བར་རེ་རེ་བརྗོད་ནས། ཁྲོམ་དབང་ལ་འགྲིམས་ནས་ཚར་རེ་བརྗོད་པས་འཐུས། དེ་ནས་མེ་ཏོག་གཏོར་ཞིང་། ཨོཾ། སྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེས་སྐུ་ཡི་དབང་ཐོབ་པ་ཡིན། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བྱང་ཞིང་དག་ནས་གསུང་གསང་བའི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགག་མེད་གསུང་གི་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། གསུང་གསང་བའི་དབང་བསྐུར་པས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །ཨཱཿ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ། །རིགས་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བྱང་ཞིང་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ནས། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སེམས་ཆོས་སྐུ་ཐོབ་སྟེ་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་གཏོར། ཧཱུྃ། ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན། །སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་ཆ་སྙོམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས། ཚིག་དབང་རིན་པོ་ཆེ་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །ཚིག་གི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཀཱ་ཡ་ཝཱཀ་ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་པས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་སྟེ། ཕྲིན་ལས་རྣམ་པ་བཞིས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་འཐོར། ཧྲཱིཿ སྟོང་ཉིད་སྙིང་རྗེས་འཁོར་བའི་འགྲོ་བ་སྐྱོབས། །སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བརྒྱུད་པའི་རིག་འཛིན་དཔའ་བོ་ཌཱ་ཀིའི་ཚོགས་དང་བཅས་པ་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་ཞིང་བྱིན་བརླབས། འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་ལུས་ལ་གདོད་མ་ནས་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་ལ་དབྱེར་མེད་དུ་ཐིམ་པས་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་དག་ནས་རིག་པའི་རྩལ་དབང་ཐོབ། བར་དོ་ཐམས་ཅད་ལས་གྲོལ། བདེ་བ་ཆེན་པོའི་སྐུ་ཐོབ་པའི་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ། སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ། །མ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས། །རིག་རྩལ་ཐོགས་མེད་གཏོར་རྒྱན་སྤྲས། །བླ་མ་རྒྱལ་བ་ཞི་ཁྲོ་དང། །དྷཱ་ཀི་དམ་ཅན་ཐམས་ཅད་ཀྱི། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །དབང་མཆོག་འདི་ཐོབ་བྱིན་རླབས་ཀྱིས། །སྐྱེ་གནས་བར་དོ་འདི་ཉིད་དུ། །སྣང་བཞི་གདོད་མར་ཕྱིན་པར་ཤོག །འཆི་ཁ་སྡུག་བསྔལ་བར་དོ་རུ། །སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག །ཆོས་ཉིད་ཞི་ཁྲོའི་བར་དོ་རུ། །རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག །སྲིད་པ་ལས་ཀྱི་བར་དོ་རུ། །སྤྲུལ་སྐུའི་ཞིང་དུ་བརྫུས་སྐྱེས་ཏེ། །སྐུ་བཞི་ལྷུན་གྲུབ་སངས་རྒྱས་ནས། །བདག་གཞན་དོན་གཉིས་མཐར་ཕྱིན་ཤོག །ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། སྟོན་པ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སིཾ་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཀརྨ་གླིང་པ། ཐུགས་སྲས་ཉི་ཟླ་ཆོས་རྗེ། འགྲོ་མགོན་ཉི་ཟླ་འོད་ཟེར། ནམ་མཁའ་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ་། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་གྲགས། མཁས་གྲུབ་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། དྲིན་ཆེན་རྩ་བའི་བླ་མ་ལ་སོགས་རིག་འཛིན་བརྒྱུད་ཚུལ་དྲུག་ལྡན་གྱི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་ཞི་བ་བཞི་བཅུ་རྩ་གཉིས། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །སྐུ་གསུང་ཐུགས་ཀྱིས་དབང་བསྐུར་དུ་གསོལ། ཉམས་ཆག་སྡིག་སྒྲིབ་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། ཉམས་རྟོགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་ཚེ་འདིར་སྣང་བཞི་མཐར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པར་མཛད་དུ་གསོལ། རིགས་དྲུག་གི་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ། ཆོས་ཉིད་བར་དོ་རང་ངོ་འཕྲོད་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་མཛད་དུ་གསོལ། སྲིད་པ་བར་དོར་ལམ་སྣ་དྲངས་ནས་སྐྱེ་བ་སྤྲུལ་པའི་སྐུར་སངས་རྒྱས་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་སོགས། ཨོཾ་རུ་ལུ་སོགས་དང་། སྤྲོ་ན་འདིར་བླ་མ་བརྒྱུད་པ་དང་ལྷ་རག་རིམ་གྱི་མཚན་དང་བྱིན་གྱིས་རློབས་ཤིག་པ་བརྗོད་པར་བྱའོ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིག་པའི་རྩལ་དབང་དང་བཅས་པ་བསྐུར་པས། དུག་ལྔས་ཀུན་ནས་བསླངས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས། འབྲས་བུ་བདེ་བ་ཆེན་པོ་འཕོ་འགྱུར་མེད་པའི་སྐུ་ཐོབ་པར་གྱུར་ཅིག །བོ་དྷི་ཙིཏྟ་སོགས་དང་བཅས་སྤྲོ་ན་སྔགས་རག་རིམ་བརྗོད། མེ་ཏོག་གཏོར། ཧཱུྃ། སྣ་ཚོགས་ཐབས་ཀྱིས་ལོག་འདྲེན་རུ་དྲ་འདུལ། ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འོ་ཁྱེད་རང་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཞི་བ་བཞི་བཅུ་རྩ་གཉིས་བཞུགས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་དག་པ་རིག་འཛིན་གྱི་ལྷ་ཚོགས་བཞུགས་སོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བཞུགས་སོ། །དེ་ནས་རང་ཉིད་འཆི་བའི་ཚེ། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ལས་ཐོན་ནས། ནམ་མཁའ་དང་བར་སྣང་གང་བར་འཆར་རོ། །དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐྲག་མ་སྔངས་པར། ད་ལྟ་དབང་བསྐུར་པའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ངོ་ཤེས་ན་བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་ནས་དག་པའི་ཞིང་ཁམས་སུ་སྐྱེ་བའི་གནད་ཟབ་མོ་ཡོད་ཅིང་། ངོ་ཤེས་པ་ཁོ་ནས་ཆོག་གོ །དེ་ལྟར་གཏོར་མའི་བརྡ་དབང་གི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ནས་རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཟབ་མོ་ཡོད་ཅིང་། དེ་དག་ནི་རྡོ་རྗེ་སློབ་དཔོན་གྱི་མཐུ་ཡིན་པས་བཀའ་དྲིན་དྲན་པའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་བའི་གདུང་འཚོབ་བཀའ་དྲིན་ཆེན་པོའི་དཔལ། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་བཟུང་ནས། །ཕྲིན་ལས་རྨད་པོ་ཆེ་ཡིས་དྲངས་བྱས་ཏེ། །ཀུན་བཟང་ཀློང་དུ་བསྐྱལ་པ་བཀའ་དྲིན་ཆེ། །ས་གཞི་སྤོས་སོགས་མཎྜལ་ཕུལ། དེ་ནས་སློབ་མ་གྱེས། རབ་ཏུ་ཞི་ཁྲོའི་ལས་བྱང་ལྟར་ཚོགས་ཆད་མདོ་རྗེས་ཆོག་རང་གཞུང་ལྟར་འགྲུབ་ན་ལེགས། མ་འགྲུབ་ན་རང་གི་ཡི་དམ་གྱི་རྗེས་ཆོག་བྱས་པས་ཆོག །དེ་དག་གང་ཡང་མ་གྲུབ་ཀྱང་མདུན་བསྐྱེད་དབང་ལྷ་རྣམས་ནི་སློབ་མ་ལ་བསྟིམ་ཚར། བདག་བསྐྱེད་ཞི་ཁྲོའི་ལྷ་རྣམས་ལུས་ལྷ་འབྲལ་མེད་ཡིན་པས་མི་དམིགས་པར་བཞག་པ་ཁོ་ན་མ་གཏོགས་རྗེས་ཆོག་མ་གྲུབ་ཀྱང་འགལ་བར་མི་འགྱུར་རོ། །འཕྲོས་དོན་ནི། གཏོར་དབང་འདི་གཞུང་ན་ཉུང་དུ་མི་གསལ་ཙམ་ཞིག་ཡོད་པར་འདུག་ཅིང་གཞུང་ནས་ཀྱང་ཁ་འཕང་བར་མཛད་འདུག །ད་ལྟ་གཏོར་དབང་ཡོངས་གྲགས་འདི་ཆོས་ཀྱི་རྒྱ་མཚོས་མཛད་པ་ཡིན་ཞིང་། འདིའི་ལྷ་བསྐྱེད་ལུགས་འདི་སྔར་གྱི་ཞི་ཁྲོ་བཀའ་མ་དང་གྲུབ་ཐོབ་མེ་ལོང་རྡོ་རྗེའི་ལུགས་ལྟར་ཡིན་པར་སྣང་ཡང་། དེ་ལྟར་བྱེད་ན་ཆོ་ག་ཡང་དེ་དང་བསྟུན་དགོས་པར་མངོན་ལ། འདིར་ཀརྨ་གླིང་པའི་གཏེར་ཁ་ལྟར་ལས་བྱང་རྒྱས་བསྡུས་གང་རུང་གི་ཆོ་གས་དབང་སྒྲུབ་པའི་ཚེ་ན་དབང་ལྷ་བསྐྱེད་ལུགས་ནི་ལས་བྱང་དང་བསྟུན་པ་འདི་ལེགས་སོ། །གཞན་ཚིག་གི་གབ་ཅུང་ཟད་སྤྲད། བཀྲ་ཤིས་སོགས་ཕྱག་ལེན་གྱིས་བརྒྱན། ཡིག་ཆ་མ་དག་པས་དོན་འཆུག་སྐྱོན་བྱུང་བ་ཅུང་ཟད་འདུག་པ་ལ། ཚིག་གིས་གོ་བདེ་བ་དོན་མི་འཆུག་པ་ཁྱེར་བདེ་བར་བྱས་པ་འདི་ནི་ཆོས་དབང་ཀུན་བཟང་གིས་བསྐུལ་བ་ལྟར། རྣལ་འབྱོར་པ་ཀརྨ་ཨ་རཱ་གས་གྲོ་བཞིན་ཟླ་བའི་ཡར་ཚེས་གསུམ་གྱི་ཉིན་པར་ཁོ་ནར་རྫོགས་པར་སྦྱར་བའོ། །འདི་ལ་འགལ་འཁྲུལ་གང་མཆིས་པ། །དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །བཀའ་སྲུང་ཆོས་བདག་རྣམས་ལ་བཤགས། །དགེ་བས་འགྲོ་བ་མ་ལུས་པ། །བར་དོ་གསུམ་པོ་ཤར་བའི་ཚེ། །སྐུ་གསུམ་མངོན་དུ་འགྱུར་བར་ཤོག །མ་ཚོགས་དབང་ཕྱུག་ཉེར་བརྒྱད་དང་། །བཀའ་སྲུང་དམ་ཅན་སྡེ་བདུན་གྱིས། །ཆོས་འདི་དར་ཞིང་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ (Volume 8, Text 23)

༄༅། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ན་མོ་གུ་རུ་ཨཱ་དི་བུདྡྷ་པདྨ་པྲ་བྷཱ་ས་ཛྭ་ལ་ཙ་ར་ཎཱ་ཡ། བླ་མ་གདོད་མའི་སངས་རྒྱས་པདྨ་འོད་འབར་གྱི་ཞབས་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་དཔལ་མགོན་རྩ་བའི་བླ་མར་ཕྱག་འཚལ་ལོ། །ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་དབྱིངས། །རང་བཞིན་འོད་གསལ་ལྷུན་རྫོགས་བདེ་བ་ཆེ། །ཕྱོགས་དུས་ཆ་མེད་ཀུན་འགྲོ་གདོད་མའི་མགོན། སངས་རྒྱས་ཀུན་ཏུ་བཟང་པོར་ཕྱག་འཚལ་འདུད། །སྲིད་ཞི་བྱང་ཆུབ་སེམས་ཀྱི་ཕུན་ཚོགས་མ་ལུས་དབྱིངས་གྱུར་པ། །གཅིག་དང་དུ་མའི་སྤྲོས་བྲལ་ཆོས་ཉིད་ཡོངས་གྲུབ་རྟག་བརྟན་ཁམས། །རྒྱ་ཆད་ཕྱོགས་ལྷུང་ཡོངས་བྲལ་མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ །འོད་སྣང་མཐའ་ཡས་མགོན་པོ་གང་དེར་འདུད་དོ་དགེ་ལེགས་སྩོལ། །རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ལས། །དོན་དམ་འོད་གསལ་ལས་སྐྱེས་དམིགས་མེད་བརྩེ་ཆེན་པདྨོའི་དབུས། །རང་བྱུང་རྡོ་རྗེའི་སྐུ་མཆོག་རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །རེས་འགའ་རྡོ་རྗེ་སློབ་དཔོན་ཚུལ་ཤར་མགོན་དེར་སྙིང་ནས་འདུད། །གང་གི་གསང་གསུམ་སྒྱུ་འཕྲུལ་འཇའ་ཚོན་ལྟར་བཀྲ་སྙིང་པོའི་གར། །འགྲོ་འདུལ་ནུས་ལྡན་བདེ་གཤེགས་མཆོག་གི་ས་འཛིན་རྡོ་རྗེ་ཅན། །ཡེ་ཤེས་ཀློང་གསལ་སྐུ་གཉིས་སྙིང་པོའི་སྤྱི་དཔལ་བདེ་བ་ཆེ། །པད་འབྱུང་ངོ་བོ་བླ་མས་བདག་སྙིང་དབུས་སུ་རྟག་རྩེན་མཛོད། །གང་གི་ཐུགས་སྒྲུབ་རིན་ཆེན་མཆོག་གྱུར་བརྒྱ་ཕྲག་དུ་མ་ཡི། །སྙིང་པོ་ལྟ་བུ་ཡང་ཟབ་བསམ་འཕེལ་ཡིད་བཞིན་ནོར་བུ་ལྟར། །དཀོན་མཆོག་རྒྱལ་བ་སྤྱི་འདུས་དགོངས་པའི་བཅུད་གྱུར་གསང་བ་ཆེ། །མན་ངག་ཁྲིད་རིམ་བླ་མའི་ཞལ་ལུང་གཞུང་དོན་གསལ་བ་ཞིག །བདག་གི་འདྲེན་མཆོག་ཆོས་འདིར་རྟག་དགྱེས་དེ་ཡི་ཞབས་ཏོག་ཆེད། །ལམ་འདིར་མོས་པའི་སྐལ་ལྡན་རྣམས་ཀྱི་ཡིད་ཀྱི་རེ་སྐོང་དུ། །བླ་མའི་བྱིན་རླབས་མཐུ་ལ་བརྟེན་ནས་འབད་པས་བགྱིས་པ་འདི། །དོན་མེད་མ་ཡིན་དོན་ལྡན་ཕུན་ཚོགས་རྒྱལ་བའི་བཙས་སུ་སེམས། །གཞན་ནི་ཆོས་འདི་འཛིན་པས་བོད་ཀུན་ཁེངས། ཁྲིད་འཆད་པོ་ཡང་སྡེ་ཚོགས་འཐུག་པོར་གྱུར། །དེས་ན་བདག་གིས་ངལ་བས་ཅི་བྱ་ཡང་། །ལྷག་བསམ་དག་པས་བརྗོད་ལ་སྐྱོན་ཡོད་མིན། ༈ །དེ་ཡང་དམ་པའི་ཆོས་ཚུལ་ཐ་དག་པའི་གལ་མདོ་རྡོ་རྗེ་ཐེག་པ་མ་ལུས་པའི་སྙིང་པོ་སྒྲུབ་ཐབས་ཐམས་ཅད་ཀྱི་གནད་དྲིལ་བ། ཡོ་ག་གསུམ་གྱི་དགོངས་བཅུད་ཕྱུང་བ་ཡང་གསང་རྫོགས་པ་ཆེན་པོའི་མན་ངག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། རྣལ་འབྱོར་རིག་པ་འཛིན་པ་ཐ་དག་གི་དགོངས་ཉམས། ཡང་ཟབ་རྨད་དུ་བྱུང་བ་བླ་ན་མེད་པའི་ཆོས་བླ་མའི་སྒྲུབ་པ་ལས་ཁྱད་པར་དུ་གྱུར་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་བྲག་རི་རྡོ་རྗེ་གྱེན་ལངས་ལྟ་བུ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་བཀའ་ཟབ་མོ་བསྟན་པར་བྱ་བ་ལ། དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ་ཁྲིད་ལ་འཇུག་པར་བྱ་སྟེ། དེ་ལ་སྤྱིར་སྔོན་དུ་འགྲོ་བ་སྦྱོར་དངོས་ཐམས་ཅད་ཀྱི་ཐུན་འགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་ཆེད་དུ་དབེན་པའི་གནས་བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅས་རླུང་རོ་ལན་གསུམ་བསལ་ནས་སྒོ་གསུམ་གྱི་བར་ཆད་སྡིག་སྒྲིབ་ཞི་ཞིང་དག་པར་བསམས་ལ། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་སྟེང་དུ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མ་མཆིས་པའི་ངོ་བོ་རིག་འཛིན་ཧཱུྃ་ནག་མེ་འབར་རབ་བྱུང་ཆ་ལུགས་པཎ་ཞུ་ཆོས་གོས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འགྱིང་སྟབས་ཀྱིས་འཛིན་ཅིང་གཡོན་ལྕགས་ཀྱི་ཕུར་པ་ཟུར་གསུམ་གདེངས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དཔུང་པ་གཡས་གཡོན་དུ་ཡེ་ཤེས་ཀྱི་རང་འོད་འཇའ་ཚོན་གྱི་གཤོག་པ་བཀྲ་ཞིང་། གཡས་ནས་ཁྲོ་བོ་དང་གཡོན་ནས་ཁྲོ་མོའི་ཚོགས་སྐར་ལྟར་འཕྲོ་བ། ཤངས་སྒོར་ཡི་གེ་ཨ་དཀར་པོ་ཟླ་བ་འབུམ་གྱི་འོད་ཟེར་ཟིལ་གྱིས་གནོན་པ་ཡེ་ཤེས་ཀྱི་རླུང་དང་འགྲོགས་ཏེ་གནས་པ། དེ་ལྟ་བུའི་སྐུ་ཡི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་སྤྲས་ཤིང་སྐུའི་འོད་ཟེར་གྱིས་རང་གི་ཐོ་ཕྱི་གནས་ཡུལ་ཐམས་ཅད་གཏམས་པར་བསམས་ལ། ངག་ནས། བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་བསྩལ་དུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་ཨོཾ་ཨཱཿཧཱུྃ་ཅི་རིགས་བཟླས་པའི་མཐར་དམིགས་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་གཞག་ཅིང་། དེ་ནས་ཁྲིད་ཐུན་གང་རུང་ལ་འཇུག་པར་བྱ་སྟེ་སྔོན་དུ་འགྲོ་བ་སྤྱིའི་ཆོས་སོ། ༈ །བྱེ་བྲག་སྔོན་དུ་འགྲོ་བ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་དུ་འགྲོ་བ་གསུམ་མོ། །དེ་རྣམས་རིམ་པ་བཞིན་ཉམས་ལེན་གྱིས་རྒྱུད་སྦྱང་བར་བྱ་སྟེ། དེ་ཡང་ཐོག་མར་ཐུན་མོང་གི་སྔོན་དུ་འགྲོ་བ་སངས་རྒྱས་སྒྲུབ་པའི་རྟེན་དལ་འབྱོར་རིན་པོ་ཆེ་རྙེད་པར་དཀའ་བའི་ངང་ཚུལ་ལ་སེམས་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་མྱུར་དུ་འཆི་བའི་ངང་ཚུལ་བསམ་པ་དང་། ལས་རྒྱུ་འབྲས་ཀྱི་རང་གཟུགས་བསླུ་བ་མེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གནས་ཤིང་འཁོར་བའི་བདེ་བ་ལ་ཡིད་བརྟན་མི་ཐུབ་པའི་ཚུལ་ལ་སེམས་པ་དང་། དེས་ན་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་ཐུན་མོང་མ་ཡིན་པ་ཐར་པའི་ཕན་ཡོན་ལ་ནན་ཏན་དུ་བསམ་པ་སོགས་བྱང་ཆུབ་ལམ་གྱི་རིམ་པ་སྐྱེས་བུ་གསུམ་གྱི་ཁྲིད་སྤྱི་དང་མཐུན་པར་འཆད་ཅིང་ཉམས་སུ་ལེན་པ་གལ་ཆེ་ཞིང་། ཆོས་བཀའ་འདི་དང་འབྲེལ་མཚུངས་སྔོན་འགྲོ་བཞི་སྦྱོར་ཞེས་གཏེར་སྟོན་སངས་རྒྱས་གླིང་པས་ཡང་གཏེར་དུ་བཙས་པ་རིག་འཛིན་འཇའ་ཚོན་སྙིང་པོས་བཏོན་པ་དེ་ཉམས་ཁྲིད་དུ་བྱས་པས་ཀྱང་འབྲེལ་ཆགས་ཤིང་ཆོས་ཐུན་གྱི་རྣམ་གྲངས་ནི་རགས་རྩིས་སུ་བཞི་དང་། གཞན་ཅི་རིགས་ལྟར་སྐབས་དང་སྦྱར་ཏེ་བྱའོ། ༈ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བ་ལ་བཞི་སྟེ་དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཉིད་གང་ན་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་མདུན་གྱི་བར་སྣང་གི་མཁའ་ལ་ཤིན་ཏུ་མཛེས་པའི་སྤྲིན་ཁ་དོག་ལྔ་ལྡན་གྱིས་ལེགས་པར་བཏེགས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་པདྨའི་འདབ་མ་ལས་འདབ་མ་འབྲེལ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་གེ་སར་ཟེའུ་འབྲུའི་སྟེང་དུ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མ་མཆིས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་པདྨ་འབྱུང་གནས་མཚན་དཔེས་བརྒྱན་པའི་སྐུ་བེར་ཕོད་ཆོས་གོས་པད་ཞུ་རིན་ཆེན་རྒྱན་ཆ་ཅན་རྡོ་རྗེ་བུམ་ཐོད་ཁ་ཊྭཱཾ་ག་འཆང་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་། འོད་ཟེར་དཔག་མེད་འཕྲོ་བ་སྙིང་པོར་གནས་པའི་ཕྱི་རོལ་པདྨའི་ས་གཞི་བང་རིམ་གྱི་རྣམ་པ་མཐོ་དམན་ཅུང་ཟད་གྱུར་པའི་རིམ་པ་གསུམ་གྱི་དང་པོ་ལ། ཀུན་ཏུ་བཟང་པོ་འོད་དཔག་མེད་ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་བརྒྱད་སོགས་རྩ་བ་དང་ཡན་ལག་གི་བརྒྱུད་པའི་བླ་མ་རྣམས་མཚན་དཔེ་གཟི་བརྗིད་འབར་བ་ཚོམ་བུའི་ཚུལ་དུ་བཞུགས་པ་དང་། པདྨའི་ས་གཞི་གཉིས་པ་ལ། ཡི་དམ་དྲག་པོ་མེའི་ཕྲེང་བ་ཅན་དང་རྟ་ཕག་ཡིད་བཞིན་ནོར་བུ་ལ་སོགས་པའི་བླ་མེད་རྣལ་འབྱོར་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ་དང་། པདྨའི་རིམ་པ་གསུམ་པར་བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན་སོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ་ཞིང་། དེ་ལྟར་པདྨའི་གདན་དབུས་ཀྱི་ཕྱོགས་བཞིར་དེ་དང་ཆ་མཐུན་པའི་གདན་རེ་གནས་པའི་མདུན་དབུས་སུ་རྒྱལ་བ་ཤཱཀྱ་སེང་གེ་ལ་རྫོགས་པའི་སངས་རྒྱས་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཅན་བསམ་གྱིས་མི་ཁྱབ་པ་དང་། གཡས་ཀྱི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་དང་། གཡོན་གྱི་དབུས་སུ་ཤཱ་རིའི་བུ་ལ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་བགྲང་ལས་འདས་པས་བསྐོར་བ། རྒྱབ་ཀྱི་པདྨར་རྒྱལ་བའི་གསུང་རབ་མ་ལུས་ཤིང་ལུས་པ་མེད་པ་དམ་པ་ཆོས་ཀྱི་གླེགས་བམ་གངྒཱ་ཀླུང་གི་བྱེ་མའི་ཉག་མ་བཞིན་བགྲང་གིས་མི་ལངས་ཤིང་རི་རབ་ཀྱི་ངོས་ལྟར་ཡངས་ཤིང་བརྗིད་པ་ཨཱ་ལི་ཀཱ་ལིའི་རང་སྐད་དི་རི་རི་སྒྲོག་སྟེ་གནས་པ། གཞི་སྤྲིན་གྱི་གསེབ་ནས་ལྷའི་བུ་དང་བུ་མོ་མང་པོས་མཆོད་སྤྲིན་སྣ་ཚོགས་པ་ཐོགས་ནས་སྐྱབས་ཡུལ་མཆོད་པ་ལ་བརྩོན་པ། སྐྱབས་ཡུལ་གྱི་མདུན་དུ་ཁམས་གསུམ་འགྲོ་བ་རིགས་དྲུག་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་དང་ལྷན་ཅིག་པར་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་ལུས་ཀྱི་སྤྱི་བོར་ཐལ་མོ་པདྨ་ཁ་འབུས་པ་ལྟར་སྦྱར་ཞིང་ངག་སྙན་ཅིང་འཇེབས་པས་སྐྱབས་འགྲོའི་ཚིག་བརྗོད་པར་མོས་པ་དང་། ཁྱད་པར་བདག་གིས་སྙིང་བརྩེ་བས་སེམས་ཅན་དེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་སྒྲོལ་བའི་ཕྱིར་སྐྱབས་སུ་འགྲོ་བའི་བློ་དུང་དུང་རྩེ་གཅིག་པས། ངག་ནས། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་གཏེར་གཞུང་རྡོ་རྗེའི་ཚིག་དང་། བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཉིད༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཀུན་བྱེད་རྒྱལ་པོ་བླ་མ་ཡིན༔ དཀོན་མཆོག་རྩ་གསུམ་འདུས་པའི་གཙོ༔ གུ་རུ་རཏྣར་སྐྱབས་སུ་མཆིའོ༔ ཞེས་རྒྱུད་ཚིག་གི་མཐའ་ཅུང་ཟད་གསོས་པ་སྟེ་དེ་ལྟར་ཅི་ནུས་སུ་བརྗོད། དེ་ནས་ཐུན་བསྡུ་བའི་སྐབས་སུ། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕོག་སྡིག་སྒྲིབ་དག །ལུས་འོད་ཀྱི་གོང་བུར་གྱུར་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ཡང་འཁོར་རྣམས་གཙོ་བོར་འདུས་ཤིང་དེ་ཡང་གུ་རུ་ལ་ཐིམ། གུ་རུ་ཡང་འོད་ཀྱི་གོང་བུ་ནམ་མཁའི་སྙིང་པོར་ཐིམ་པར་བསམས་ལ་སེམས་སྤྲོས་བྲལ་གྱི་ངང་དུ་ཅི་གནས་མཉམ་པར་གཞག་པ་ནི་དོན་དམ་པའི་སྐྱབས་འགྲོའོ། །དེ་ལྟར་སྐྱབས་སུ་འགྲོ་བའི་དགེ་བ་བསྔོ་སྨོན་གྱིས་རྒྱས་བཏབ་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བའི་མཆོག་ཏུ་གང་ལ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་པའི་ཕྱིར་དུ་བསྔོ་བར་བགྱི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་དབའ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད་དོ། །ནུབ་མོ་ཉལ་བའི་སྐབས་སུ་སྐྱབས་ཡུལ་རྣམས་མ་བསྡུས་པའི་མདུན་པད་ཟླའི་གདན་ལ་རང་ཉིད་ཉལ་བར་བསམ་པ་ནི་སྐྱབས་འགྲོའི་དམིགས་པའི་ཡན་ལག་གོ །དེས་ནི་དཀྱུས་ཀྱི་ཁྲིད་རིམ་དམིགས་སྐོར་དང་པོ་སྟེ་སྐྱབས་འགྲོའི་ཁྲིད་ཚར། མགྱོགས་ཁྲིད་སྐབས་ཞག་གསུམ་སོགས་ཅི་ལྟར་འོས་པ་སྐྱབས་འགྲོ་ལ་ནན་ཏན་འབད་ཅིང་རྗེས་སུ་ཡང་ཐུན་འགོ་ཐམས་ཅད་དུ་རྒྱས་བསྡུས་ཅི་རིགས་མ་ཆད་པར་བྱའོ། །སྐབས་འདིར་སློབ་མས་ཀྱང་འཆད་པའི་དོན་གོ་ཞིང་དགོས་པ་དང་བླ་མས་ཀྱང་ཆོས་ལ་འཆད་ནུས་ཤིང་གཉིས་ཀས་འཆད་ཉན་སྤྲོ་ན་སྐྱབས་སུ་འགྲོ་བའི་རྣམ་གཞག་ཕན་ཡོན་སོགས་རྒྱ་ཆེར་བཤད་པར་བྱ་སྟེ། སྔར་དེ་མ་གོ་བས་བློ་སྣ་ཆོས་ལ་ཇི་བཞིན་མ་ཞུགས། ད་གོ་བས་བློ་སྣ་ཆོས་ལ་ཡང་དག་ཞུགས་པ་སོགས་དགོས་གལ་ཡང་ཆེ་བ་ཡིན་ནོ། ༈ །གཉིས་པ་སེམས་བསྐྱེད་པའི་ཁྲིད་ནི། སྐྱབས་འགྲོའི་དམིགས་པ་གྲུབ་འཕྲལ་ལེགས་པར་བསམ་སྟེ། འདི་ལྟར་ནམ་མཁའི་མཐའ་འཛད་པ་མེད་པ་ཐ་དག་སེམས་ཅན་གྱིས་ཡོངས་སུ་ཁེངས་ཤིང་དེ་རྣམས་བདག་གི་ཕ་མའི་རང་བཞིན་ཡིན་ལ་ཀུན་གྱིས་བདེ་བ་འདོད་ཀྱང་དེའི་ཐབས་ལ་མི་མཁས་པས་ཉོན་མོངས་པའི་རྒྱ་མཚོར་བྱིང་ཞིང་། སྡུག་བསྔལ་གྱི་མེ་འོབས་ཆེན་པོར་ལྟུང་བ་སྙིང་རེ་རྗེ། དེ་རྣམས་འཁོར་བ་སྡུག་བསྔལ་ལས་ཅི་ནས་ཀྱང་བདག་གིས་སྒྲོལ་བར་བྱ་དགོས་ལ་དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་མན་ངག་རྡོ་རྗེའི་རྣལ་འབྱོར་ལ་མཆོག་ཏུ་འབད་དེ་མྱུར་དུ་སངས་རྒྱས་ཐོབ་པར་བྱ་སྙམ་ནས། ངག་ཏུ། རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ཅི་ནུས་བཀླག་ཅིང་བར་སྐབས་རྣམས་སུ་བདག་གི་དགེ་བའི་རྩ་བ་ཐམས་ཅད་འོད་ཟེར་ཟླ་བའི་ཞུན་མ་ལྟ་བུར་དབུགས་ཕར་བཏང་བ་དང་འགྲོགས་ཏེ་སེམས་ཅན་རྣམས་ལ་ཕོག་བདེ་བ་མཆོག་གི་གོ་འཕང་བརྟས། ཚུར་དབུགས་རྔུབ་པ་དང་ལྷན་ཅིག་སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་དུད་འཚུབས་ཀྱི་རྣམ་པ་ལྟ་བུར་འདུས་ནས་བདག་ལ་ཐིམ། བདག་གིས་ཀྱང་ལམ་ཟབ་མོ་ཡིད་ལ་བྱས་པས་སྐད་ཅིག་དེ་མ་ཐག་ཏུ་བྱང་བར་བསམ་སྟེ་དབུགས་འབྱིན་འཇུག་གི་སྒོ་ནས་དགེ་སྡིག་གཏང་ལེན་གྱི་དམིགས་པ་འདི་རྒྱལ་སྲས་རྣམས་ཀྱིས་བསླབ་འོས་མཆོག་དང་ཕུལ་དུ་གྱུར་པ་ཡིན་ན་ནན་ཏན་གྱིས་འབད་པར་བྱ་ཞིང་། ཐུན་བསྡུ་བའི་ཚེ་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་ཅི་གནས་བཞག་སྟེ་དེ་ནི་དོན་དམ་པའི་སེམས་བསྐྱེད་དོ། །སྤྱིར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་བདག་གི་ཡིད་དུ་འོང་བ་འབའ་ཞིག་བསམ་པ་བྱམས་པ། བདག་གི་ཤིན་ཏུ་གཅེས་པའི་བཤེས་མེ་ལ་འཚིག་པ་བློས་མི་བཟོད་པ་ལྟ་བུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ། བུ་གཅིག་པུ་གཡུལ་དུ་སོང་ནས་རང་གནས་སུ་ལོག་ཚེ་མ་ཡི་སེམས་ལ་བདེ་བ་ཐོབ་པ་བཞིན་བདག་གི་ཡིད་ལ་དགའ་བ་བསྐྱེད་པ། གནས་སྐབས་ཀྱི་དགྲ་གཉེན་སོགས་ལ་ཡིད་བརྟན་མི་ཐུབ་པ་སྒྱུ་མ་ལྟ་བུར་ཤེས་ཤིང་ཕྱོགས་རིས་མེད་པར་སེམས་ཅན་གྱི་དོན་སྤྱོད་པ་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་བཞི་ལ་རྟག་ཏུ་སེམས་ཤིང་བསླབ་པར་བྱ་བ་ཡང་གལ་ཆེ་ཞིང་། གཞན་ཡང་སྤྱོད་ལམ་ཀུན་ཏུ་མཆོད་འོས་མི་བསླུ་བ་དང་སེམས་བསྐྱེད་པ་ལ་མི་སྨོད་པ་དང་། སེམས་ཅན་ལ་གཡོ་སྒྱུ་སྤོང་བ་དང་དགེ་བའི་ལས་ལ་འགྱོད་པ་མི་སྐྱེད་པ་སྟེ་དཀར་པོའི་ཆོས་བཞི་ཞེས་དེ་ལ་ཡང་ནན་ཏན་ཆེན་པོས་རྟག་ཏུ་བསླབ་པར་བྱའོ། །མཐར་བསྔོ་སྨོན་སོགས་ཀྱང་སྐྱབས་འགྲོའི་སྐབས་ལྟར་བྱ། དམིགས་ཐུན་གཉིས་པ་སེམས་བསྐྱེད་ཀྱི་ཁྲིད་ཚར། འདི་ཡང་གོང་ལྟར་ཞག་གསུམ་སོགས་ཇི་ལྟར་རིགས་པ་བསྒོམ་ཞིང་། སྤྱིར་སྐྱབས་སེམས་གཉིས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས་ཐུན་ལ་འཇུག་རེས་ཀྱི་སྔོན་དུ་བྱ་བ་གལ་ཆེའོ། །འདིར་ཡང་དགོས་ཤིང་ནུས་པ་དང་སྤྲོ་ན་བྱང་ཆུབ་སེམས་ཀྱི་རྣམ་གཞག་སྨོན་འཇུག་ཚད་མེད་བཞི་ཕར་ཕྱིན་དྲུག་བྱང་སེམས་ཀྱི་བསླབ་པ་ཕན་ཡོན་དང་བཅས་རྒྱས་པར་བཤད་དོ། ༈ །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། ཐུན་འགོའི་སྐྱབས་འགྲོ་སེམས་བསྐྱེད་གྲུབ་འཕྲལ། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོའི་སྟེང་ཐད་པདྨ་དཀར་པོའི་སྙིང་པོ་གེ་སར་ཟེའུ་འབྲུ་དང་བཅས་ཤིང་དེའི་འདབ་མ་ལ་འདབ་མ་འབྲེལ་བའི་པད་འདབ་ཚད་བཟུང་ལས་འདས་པ་ནམ་མཁའི་ཁྱོན་ཡོངས་སུ་ཁེངས་པ་ལྟ་བུ། འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་གནས་ཤིང་འདབ་མ་རེ་རེ་བཞིན་དང་གེ་སར་ཟེའུ་འབྲུའི་སྙིང་པོར་ཟླ་བའི་དཀྱིལ་འཁོར་རེ་རེ་དང། དེ་རེ་རེའི་སྟེང་དུ་རིགས་ཐམས་ཅད་འདུས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཚན་དཔེ་ཡོངས་རྫོགས་ཕྱག་ན་རྡོར་དྲིལ་འཛིན་ཅིང་རིན་པོ་ཆེ་དང་རྒྱན་གྱི་ཆས་ཡོངས་སུ་རྫོགས་པ་སེམས་དཔའི་སྐྱིལ་ཀྲུང་ཅན། ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་སྐུ་གསུང་ཐུགས་དགྱེས་པའི་མཆོད་པ་འབུལ། ཐུགས་རྗེ་བྱིན་རླབས་ཐམས་ཅད་སྔགས་ཀྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས། དེ་ལས་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སེམས་དཔའི་སྐུ་ལུས་ཁེངས་ནས་མ་ཤོང་ལུད་པའི་ཚུལ་གྱིས་བ་སྤུའི་བུ་ག་དང་ཞབས་ཀྱི་སོར་རྩེ་ནས་བདུད་རྩིའི་རྒྱུན་བབ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་ཤིག་སྲོ་སྡོམ་སྡིག །སྡིག་སྒྲིབ་དུད་ཁུ་འཇའ་ཚོན་སྔོ་དམར་གྱི་རྣམ་པར་བུ་ག་དགུ་དང་བ་སྤུའི་སྒོ་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་རང་ལུས་ཤ་ཁྲག་རུས་པ་ལྗན་ལྗིན་དངོས་པོ་དང་བྲལ་བ་ཕྱི་ནང་ཟང་ཐལ་ཤེལ་གྱི་གོང་བུ་ལྟ་བུར་བསམས་ལ་ཡི་གེ་བརྒྱ་པ་ལ་ནན་ཏན་དུ་འབད་པར་བྱ་སྟེ། དེ་ལྟར་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་ངང་ནས་བཟླས་པ་བྱ༔ ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ། འབུམ་ཁྲི་སྟོང་བརྒྱ་ཉེར་གཅིག་བདུན༔ རབ་འབྲིང་ཐ་མ་རྟགས་དང་སྦྱར༔ ཞེས་པ་ལྟར་ཅི་ནུས་བཟླས་ཤིང་ཐུན་མཐར་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། རྡོ་རྗེ་དང་པོ་ཀུན་ཏུ་བཟང་། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆིའོ། །ཞེས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཉེས་ལྟུང་བཤགས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའ་ཡི་གནང་བ་བྱིན་ནས། རྡོ་རྗེ་སེམས་དཔའི་མཛོད་སྤུ་དང་ཐུགས་ཀ་དང་ཞབས་ཀྱི་མཐེ་བོང་ནས་འོད་ཟེར་བྱུང་བདག་དང་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་དག་སྟེ་རྡོ་རྗེ་སེམས་དཔའི་སྐུར་གྱུར། རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། འདབ་མ་ལ་གནས་པའི་རྡོ་རྗེ་སེམས་དཔའ་རྣམས་པདྨའི་ཟེའུ་འབྲུར་གནས་པའི་རྡོ་རྗེ་སེམས་དཔར་ཐིམ། དེ་ཡང་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཀྱང་ཐིག་ལེ་ནཱ་དའི་མཐར་སྟོང་པ་ཉིད་ལ་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡང་ནས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་དང་གོང་བཞིན་བསྔོ་སྨོན་གྱིས་རྒྱས་གདབ། དམིགས་སྐོར་གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ཚར། འདི་ལ་ལོང་ཁྱབ་དང་ལྡན་ན་སྒོམ་བཟླས་ཟླ་བ་ཁ་ཤས་ཀྱི་བར་དུ་གཉུག་བསྲིང་ཞིང་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཐུན་པར་དངོས་ཉམས་རྨི་ལམ་དུ་ཡིད་ཆེས་ཐོབ་པ་ཡང་ཡང་མ་བྱུང་གི་བར་ནན་ཏན་དུ་བྱའོ། །མགྱོགས་ཁྲིད་སྐབས་སུ་ཡང་འདིའི་སྒོམ་བཟླས་ཞག་གསུམ་མམ་བདུན་སོགས་ཅི་ལྟར་འོས་པར་བྱ་ཞིང་ཁྲིད་མ་རྫོགས་ཀྱི་བར་ཐུན་དང་པོའི་འགོ་རུ་སྒོམ་བཟླས་འཇུར་བ་རེ་མ་ཆད་པར་བྱའོ། །སྐབས་འདིར་དགོས་ནུས་སྤྲོ་ན། སྡིག་པའི་ཉེས་དམིགས་བཤགས་སྡོམ་བྱེད་ཚུལ། སྒོམ་བཟླས་ཅི་ལྟར་བྱ་བའི་ཚུལ་རྒྱས་པར་བཤད་དོ། ༈ །བཞི་པ་མཎྜལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་བའི་རྗེས་ཐོག་ཏུ། དེ་ནས་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའམ། ཡང་ན་རིན་པོ་ཆེའི་ས་གཞི་མཎྜལ་བར་སྣང་དུ་བཞག་པ་ལྟ་བུའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་གུ་རུ་པདྨ་འབྱུང་གནས་སྤྲུལ་པའི་སྐུའི་ཆ་བྱད་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དེའི་སྟེང་ཐད་དུ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པ་ཨ་རོ་ལྀཀ྄་གི་ཆ་བྱད་ཅན་གངས་ཆེན་མཚོའི་བདག་ཉིད་ཅན། དེའི་སྤྱི་བོའི་སྟེང་ཐད་དུ་དང་པོའི་སངས་རྒྱས་འོད་མི་འགྱུར་བ་དམར་པོ་རྒྱན་མེད་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་ཅན། དེ་ལྟར་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་པ་ལ་བླ་མ་ཆོས་ཀྱི་སྐུའི་མཐའ་སྐོར་དུ་རྒྱལ་བ་དགོངས་བརྒྱུད་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་བོ་དང་ཞི་མ་ཁྲོ་ཡབ་ཡུམ་ཁ་སྦྱོར་དང་། འཁྱུད་པ་དང་རྒོད་པ་དང་བལྟ་བའི་ཚུལ་ཅན་རྒྱུད་སྡེའི་ལྷ་དང་རྫོགས་ཆེན་སྟོན་པ་བཅུ་གཉིས་མཆོག་གི་སྤྲུལ་པའི་སྐུ་ཆགས་བྲལ་གོ་ཟློག་ཡུམ་དང་བཅས་པ་སོགས་དགོངས་བརྒྱུད་བླ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིག་འཛིན་བརྡ་བརྒྱུད་རྒྱལ་བ་ས་བཅུ་རྒྱུན་གྱི་ཐ་མ་ལ་གནས་པའི་ཚུལ་ཅན་འཇམ་དཔལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག་པོ་སྒྲིབ་པ་རྣམ་སེལ་སོགས་རྒྱལ་སྲས་ཐུ་བོར་གྲགས་པ་རིག་འཛིན་ཆེ་མཆོག་རྣམས་དང་། གཞན་ཡང་དག་པའི་ས་གསུམ་ལ་གནས་པའི་འཕགས་ཚོགས་རིག་འཛིན་རྒྱ་མཚོས་བསྐོར་བ། བླ་མ་སྤྲུལ་པའི་སྐུ་ལ་གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་བྱིན་རླབས་རྟོགས་པའི་བརྒྱུད་པ་སྣ་ཚོགས་ཀྱིས་བསྐོར་བ་སྟེ་རྒྱ་གར་གྱི་རིག་འཛིན་བརྒྱད་གྲུབ་ཆེན་བརྒྱད་ཅུ་འཛམ་གླིང་རྒྱན་དྲུག །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ། སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩ་སོགས་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་ཚོམ་བུ་འབུམ་སྡེ་བྱེ་བ་ཕྲག་ཇི་སྙེད་པ་དང་དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར་བར་གསལ་ཞིང་། དེའི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་ལ་མདུན་རྒྱབ་ཏུ་སངས་རྒྱས་དང་དམ་ཆོས། གཡས་གཡོན་ཐེག་པ་ཆེ་ཆུང་གི་དགེ་འདུན། དེ་རྣམས་ཀྱི་མཐའ་སྐོར་མུ་ཁྱུད་ཀྱི་ཚུལ་དུ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་བཞུགས་ཏེ་ཡོད་པར་བསམས་ལ། དེའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་བྱ་བྱེད་སྤྱོད་ལམ་མཐུན་པས་ཐོག་མར་ཡན་ལག་བདུན་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་གདལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་བདུན་རྣམ་པར་དག་པ་དང། དེ་ནས་མཎྜལ་ལག་ཏུ་བླངས་ཏེ་རྡུལ་ཕྱིས་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་དྲི་བཟང་གི་ཆུས་བརླན་ཏེ་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་པར་བསམ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་ཅིང་མེ་ཏོག་སིལ་མ་བཀྲམ་པས་མཎྜལ་གཞི་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་དྲི་བཟང་ཆུ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་གྲུབ་པར་བསམ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་སྲིན་ལག་གིས་མཎྜལ་མཐའ་སྐོར་བས་ཕྱི་རོལ་རྡོ་རྗེའི་རྭ་བ་མུ་ཁྱུད་ཅན་གྱིས་བསྐོར་བར་བསམ། དབུས་སུ་ཧཱུྃ་ཞེས་དྲི་བཟང་ཆུས་ཐིག་ལེ་བྱས་པས་མཎྜལ་གྱི་བགེགས་སྦྱངས་ཤིང་བསྲུང་བར་བསམ། དེ་ནས་རི་གླིང་མཆོད་པའི་ལྷ་མོ་རྒྱལ་སྲིད་ཉི་ཟླ་སོགས་ཚོམ་བུ་བཀོད་ཅིང་ངག་འདོན་ལྟར་ཡིད་ཀྱིས་གསལ་བཏབ་སྟེ་མཎྜལ་རྒྱས་པར་འབུལ་མཐར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་ལན་གྲངས་ཅི་ནུས་སུ་དཀོན་མཆོག་རྩ་གསུམ་སྤྱིར་འབུལ། །དེ་ནས་སྐུ་གསུམ་གྱི་མཎྜལ་འབུལ་བ་ནི། གཏེར་གཞུང་རྩ་བ་ཡོ་ག་གསུམ་གྱི་སྒྲུབ་ཐབས་ལས། མཎྜལ་ནི་ཞི་ཁྲོ་སྐུ་གསུམ་མཎྜལ་སོགས་གང་རུང་བྱའོ༔ ཞེས་གསུངས་པ་ལྟར་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་རང་ཉིད་ཀྱིས་སྔོན་འགྲོའི་ངག་འདོན་དུ་གོང་བཞིན་གྱིས་འབུལ་ཏེ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ ཞེས་པས་བླ་མ་ཆོས་སྐུ་དགོངས་བརྒྱུད་སངས་རྒྱས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ ཞེས་པས་བླ་མ་ལོངས་སྐུ་བརྡ་བརྒྱུད་ཆོས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ ཞེས་པས་བླ་མ་སྤྲུལ་སྐུ་སྙན་བརྒྱུད་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། དེ་ནས་སྤྱིར་དམིགས་ལ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མཱི། ཞེས་མཎྜལ་གྱི་འདོད་དོན་གསོལ་བ་གདབ་པའོ། །དེ་ལྟར་བླ་མ་སྐུ་གསུམ་སྐུ་ཡི་བཀོད་པ་ཐ་དད་ལས་དོན་གྱི་ངོ་བོ་ཐ་དད་དང་བཟང་ངན་གཏན་ནས་མེད་པ་ཤེས་དགོས་ཤིང་འཁོར་རྣམས་ཀྱང་ཉི་མ་དང་འོད་ཟེར་གྱི་ཚུལ་དེ་དང་དེ་ཡི་སྒྱུ་འཕྲུལ་གྱི་རོལ་པ་ཤར་བ་ཡིན་ལ། ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ནི་ཐེག་ཆེན་དགེ་འདུན་གྱི་ནང་ཚན་དུ་འདུ་ལ། ཡང་ན་སྐུ་གསུམ་གྱི་མཎྜལ་ཡང་སྤྱི་ཁྱབ་ཏུ་འབུལ་ན་ཤིན་ཏུ་ལེགས་པར་འགྱུར་བ་ཡིན་ནོ། །འདིར་བཤད་པའི་དགོངས་བརྡ་སྙན་བརྒྱུད་ཀྱི་རྣམ་གཞག་སྤྱི་དང་མི་མཐུན་ནོ་སྙམ་པའི་ལོག་རྟོག་མི་བྱ་སྟེ་སངས་རྒྱས་སྐུ་གསུམ་ལ་དགོངས་བརྡ་སྙན་བརྒྱུད་ཚར་རེ་སྦྱོར་དུ་ཡོད་པ་སྔགས་རྙིང་མའི་གཞུང་རྣམ་པར་དག་པ་ནས་འབྱུང་ན་འགལ་བ་མེད་པའི་ལེགས་བཤད་ཁོ་ན་ཡིན་ནོ། །དེ་ནས་ཐུན་བསྡུ་བའི་སྐབས་སུ་ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་དག །དག་པའི་ཞིང་དུ་གཤེགས་པར་གྱུར། ཚོགས་ཞིང་འཁོར་རྣམས་གཙོ་བོ་ལ་ཐིམ། དེ་ཡང་གུ་རུའི་སྐུ་ལ་ཐིམ། གུ་རུ་རིན་པོ་ཆེ་འོད་ཀྱི་གོང་བུར་གྱུར་ཏེ་རང་གི་སྤྱི་བོ་ནས་མར་ཞུགས། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་གུ་རུའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་ཅི་གནས་སུ་མཉམ་པར་གཞག །དེ་ནས་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱ། དམིགས་སྐོར་བཞི་པ་མཎྜལ་གྱི་ཁྲིད་ཚར། ལོང་ཁྱབ་ལྡན་ན་དམིགས་ཐུན་འདི་ལ་ཟླ་བ་སོགས་བསོད་ནམས་འཕེལ་བའི་རྟགས་ཉམས་སྣང་གསལ་པོའམ་རྨི་ལམ་ཡང་ཡང་བཏུད་མར་མ་བྱུང་གི་བར་དུ་བྱ་ཞིང་དངོས་སུ་ཡང་རྡོར་སེམས་སྒོམ་བཟླས་དང་འདི་གཉིས་ཀར་ཤེས་པ་གསལ་ཞིང་གཉིད་དང་ལེ་ལོ་ཆགས་སྡང་ཆུང་། རིག་པ་དྭངས། ངེས་འབྱུང་སྐྱོ་ཤས་སྐྱེ། དད་པ་དང་མོས་གུས་སྔར་ལས་ཆེ་བ་སྐྱེ་ཞིང་བརྟན་པར་འགྱུར་ན་ཁྱད་པར་གྱི་རྟགས་སོ། །མགྱོགས་ཁྲིད་སྐབས་སུ་ཞག་གསུམ་སོགས་ཅི་རིགས་ཉམས་སུ་ལེན་ཞིང་། ཁྲིད་མ་ཚར་གྱི་བར་ཐུན་དང་པོའི་འགོར་མ་ཆག་པར་ཉམས་སུ་ལེན་ནོ། །ཆོས་ཐུན་འདིའི་སྐབས་སུ་ཡང་དགོས་ནུས་སྤྲོ་ན་མཎྜལ་གྱི་ཚུལ་འཇིག་རྟེན་ཁམས་ཀྱི་རྣམ་པར་གཞག་པ་དང་། སྐུ་གསུམ་མཎྜལ་གྱི་གོ་དོན་ཡང་དག་པ་ཚོགས་གསག་པ་དགོས་པའི་ཚུལ་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་དོ། ༈ །གསུམ་པ་ཁྱད་པར་གྱི་སྔོན་དུ་འགྲོ་བ་ནི། རྡོ་རྗེ་ཐེག་པའི་དགོངས་སྙིང་ཡང་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་འཇའ་ཟེར་འོད་གུར་འཁྲིགས་པའི་དབུས་སུ་བདག་ལུས་ཡི་དམ་ལྷའི་སྐུ་རུ་གསལ་བཏབ་པར་བྱ་སྟེ། གཏེར་སྟོན་རིག་འཛིན་མཆོག་གི་ཞལ་གསུང་ཡང་ཟབ་ཀྱི་སྔོན་འགྲོ་རྒྱུན་ཁྱེར་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་གསུངས་ཤིང་། ཆོས་འདི་འཛིན་པའི་སྤྲུལ་པའི་སྐྱེས་མཆོག་ཁྱད་པར་ཅན་གཞན་གྱིས་ཀྱང་དེ་དང་མཐུན་པར་མཛད་པ་ཤས་ཆེ་ཡང་ཕྱིས་བྱུང་ཁ་ཅིག་གིས་གུར་དྲག་བྱས་པ་ཡོད་ཀྱང་དོན་མི་འཕྱུགས་མོད། འོན་ཀྱང་འདིར་ནི་གཏེར་སྟོན་རིན་པོ་ཆེའི་གསུང་རྒྱུན་ཁོ་ན་ལྟར་བྱ་སྟེ། དེ་ཡང་པདྨ་དང་ཉི་མ་དང་ཟླ་བ་དང་བམ་རོ་བརྩེགས་པའི་གདན་གྱི་སྟེང་དུ་རང་རིག་པའི་ངོ་བོ་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པར་གྱུར་པ་ནི། སྐུ་མདོག་དམར་སེར་ཨོ་རྒྱན་ག་ཛ་ནི་ཡི་སིནྡྷུ་རའི་ཁ་དོག་ལྟ་བུ་ཞི་མ་ཁྲོ་ཆགས་པའི་ཉམས་ཅན་བཞད་པའི་ཞལ་ཚེམས་ཕྲེང་དཀར་ཞིང་མཆེ་བའི་མྱུ་གུ་བཞི་གཙིགས་པ། སྤྱན་གསུམ་ནམ་མཁར་ཧྲིག་གེ་གཟིགས་ཤིང་གཞོན་ནུ་བཅུ་དྲུག་ལང་ཚོ་རྒྱས་པའི་ཉམས་ཅན་ནུ་མ་འབུར་ཞིང་གསང་གནས་རྒྱས་པ། ཕྱག་གཉིས་གཡས་རྡོ་རྗེས་ཡུ་བ་བྱས་པའི་ཟངས་གྲི་ངོམ་ཐབས་སུ་འཕྱར་བ། གཡོན་དུང་ཆེན་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། ཞབས་གར་སྟབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་བས་བདག་མེད་རོ་ཡི་སྙིང་གར་བརྫིས་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་དབུས་སུ་ཕག་ཞལ་ནག་པོ་རྔམ་ལ་བརྗིད་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་མཛེས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ་གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པ་དང་། ཕྱག་ཞབས་གསེར་གྱི་གདུ་བུ་གཡེར་ཁ་འཁྲོལ་བ། བལྟ་བས་མི་བཟོད་པའི་ཡེ་ཤེས་ཀྱི་འོད་ཟེར་ལྔ་དང་མེ་དཔུང་གི་དབུས་སུ་བཞུགས་པའོ། །དེའི་སྤྱི་བོར་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་པདྨ་ཡིད་བཞིན་ནོར་བུའི་ཆ་ལུགས་ཅན། མཚན་དཔེ་ལྷུན་སྡུག་གཟི་བརྗིད་འོད་དུ་འབར་ཞིང་ཕྱག་མཉམ་གཞག་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་སྤྱན་ལྟ་སྟངས་ཏིང་ངེ་འཛིན་ལས་གཡོ་བ་མེད་པར་བཞུགས་པ། དེའི་སྟེང་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་མདུང་ཚུག་གམ་ཐོ་བརྩེགས་ཀྱི་ཚུལ་དུ་བསྒོམ་པར་བྱ་སྟེ། གཏེར་སྟོན་ནས་རྩ་བའི་བླ་མའི་བར་རང་རང་གི་བརྒྱུད་ཚུལ་ཐ་དད་པ་ལས། འདིར་རྩ་བའི་བླ་མའི་སྤྱི་བོའི་ཐད་སྟེང་དུ་པད་ཉི་ཟླ་གདན་ལ། ࿋ རིག་འཛིན་ཆེན་པོ་པདྨ་བདེ་ཆེན་གླིང་པ་སྐུ་མདོག་དམར་སྨུག་སྟོད་གཡོགས་སྔོན་པོ་ཤམ་ཐབས་དཀར་པོ་མནབ་གཟན་དམར་པོ་གསོལ་བ། དབུ་ལ་པཎ་ཞུ་མཛེས་པ། ཕྱག་གཡས་གནམ་ལྕགས་ཀྱི་ཕུར་པ་དང་གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་ཀློང་གསལ་སྙིང་པོ་སྐུ་མདོག་སྔོ་སངས་ཨག་ཚོམ་བྲང་གི་རྒྱ་མདོར་སྙེགས་པ། སྤྱན་འབྲུ་ཚུགས་ཅན། དབུ་ལ་རས་དཀར་གྱི་ལ་ཐོད་དང་སྐུ་ལ་འདུང་དམར་བཞེས་ཤིང་ཟ་འོག་གི་བེར་ཕྱམ་གསེར་གྱི་ཁ་དོག་ཅན་གསོལ་བ། ཕྱག་གཉིས་རྡོ་རྗེ་དང་སྡིག་པ་འཛིན་པའོ། །དེའི་སྤྱི་བོར་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་སྐུ་མདོག་དཀར་གསལ་སྤྱན་ཟིམ་བུས་གཟིགས་པ། དབུ་ལ་པད་ཞུ་པདྨ་མཐོང་གྲོལ་དང་། སྐུ་ལ་ཕོད་ཀ་དང་ཤམ་ཐབས་དཀར་པོ་ཅན། ཟ་འོག་གི་བེར་ཕྱམ་གསོལ་བ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་སྤྱི་བོར་རིག་འཛིན་འཇའ་ཚོན་སྙིང་པོ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐུ་མདོག་དཀར་སྨུག་དབུ་ལ་པད་ཞུ་དང་སྐུ་ལ་ཆོས་གོས་གསོལ་བ། ཕྱག་གཡས་རྡོ་རྗེ་འགྱིང་ཐབས་ཀྱིས་འཛིན་ཅིང་གཡོན་གནམ་ལྕགས་ཀྱི་ཕུར་པ་གསོར་བ། དཔུང་པ་ན་འཇའ་ཚོན་གྱི་གཤོག་པ་ཅན། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཟར་མའི་མེ་ཏོག་ལྟ་བུ་དབུ་སྐྲ་ཕྱེད་གྱེན་དུ་བཅིངས་ཤིང་ཕྱེད་ཐུར་དུ་འཕྱང་བ། ཟ་འོག་གི་འདུང་གོས་རིན་པོ་ཆེའི་རྒྱན་དུ་མས་ཉེ་བར་སྤྲས་པ། ཕྱག་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས་པ་རྒྱན་ཆ་ལུགས་སྤྱི་དང་མཐུན་པ། དེའི་སྤྱི་བོར་ཐུགས་རྗེ་ཆེན་པོ་གངས་ཆེན་མཚོ་ཁ་སར་པ་ཎིའི་ཆ་བྱད་ཅན། དེའི་སྤྱི་བོར་ཀུན་བཟང་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་གཅེར་བུ་ཕྱག་མཉམ་གཞག་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རང་འོད་འོད་གསལ་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པ། དེ་ཐམས་ཅད་ཀྱང་གཟི་བརྗིད་མཆོག་ཏུ་འབར་ཞིང་གནས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན་པ། སྐུ་འོད་ཁྱིམ་ཐིག་ལེ་འཇའ་ཚོན་གྱི་དབུས་སུ་བཞུགས་པའི་མཐའ་སྐོར་དུ། སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་གངས་ཀྱི་རི་བོ་ལ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་བསམ་ཞིང་། རྒྱུན་ཁྱེར་གྱི་ངག་འདོན་ཚིགས་བཅད་གཏེར་སྟོན་གྱི་ཞལ་གསུངས་ཀྱིས་གསལ་བཏབ་པ་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །དེ་ལ་ཡིད་རྩེ་གཅིག་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་ནས་དེའི་མདུན་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་དང་བཅས་ཏེ་ལྟོས་པ་མེད་པར་ལིང་གིས་འབུལ་ཞིང་ལེགས་ཉེས་སྐྱིད་སྡུག་ཅི་མཛད་ཁྱེད་ཤེས། སྐྱབས་དང་རེ་ས་གཞན་ན་མེད་དོ་སྙམ་པའི་བློ་དུང་དུང་པོས་ཕུར་ཚུག་ནེར་ཚུག་གི་སྒོ་ནས་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་གསོལ་འདེབས་རྒྱུན་ཁྱེར་གྱི་རྣལ་འབྱོར་ལས་བྱུང་བ་ནི། ཨོཾ་ཨཱཿཧཱུྃ། ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཞིང་། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཅེས་གཏེར་སྟོན་གྱི་ཞལ་གསུངས་ཏེ་འཕྲི་བསྣན་མེད་པར་དེ་ཁོ་ན་བཞིན་བཀླགས་ལ། གཞན་བླ་མ་བརྒྱུད་རིམ་གྱི་གསོལ་འདེབས་གོང་དུ་ཡོད་པ་ལྟར་སྐབས་འདིར་སྦྱར་བར་བྱ་ལ། མཐར་མོས་གུས་སྟོབས་ཀྱིས་བླ་མ་བརྒྱུད་རིམ་རྣམས་གོང་མ་འོག་མ་ལ་རིམ་པར་མཐར་རྩ་བའི་བླ་མ་ལ་ཐིམ། དེ་སྐུ་གཟི་བརྗིད་འོད་དུ་འབར་ཞིང་ཐུགས་བརྩེ་བས་བདག་ལ་དགོངས་ཏེ་བྱིན་གྱིས་བརླབ་པར་བསམས་ནས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་སེམས་གཞན་ལ་མ་ཡེངས་པར་མོས་གུས་ཀྱི་ཤུགས་བསྐྱེད་ལ་བརྒྱ་རྩ་སོགས་ཅི་ནུས་བཟླ། དེ་ཡང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །གསོལ་འདེབས་ཚུལ་དུ་ཛཔ྄་འདི་བཟླ། །ཞེས་གསུངས་པའི་མན་ངག་གི་སྙིང་པོ་ཡང་འདི་ཁོ་ནར་འདུའོ། །དེ་ནས་བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་ཟླ་བ་ཞུན་མ་ལྟ་བུ་རང་གི་དཔྲལ་བར་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་མར་མེའི་རྩེ་མོ་ལྟ་བུ་བྱུང་། བདག་གི་མགྲིན་པར་ཐིམ་པས། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་བར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་རེང་གི་དུད་པ་ལྟ་བུ་བྱུང་བ་བདག་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བར་གྱུར། སྐུ་ཡི་གནས་ལྔ་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་ནས་འཇའ་ཤར་བ་ལྟ་བུ་བྱུང་། བདག་གི་གནས་ལྔར་ཐིམ། བཞི་པ་ཡེ་ཤེས་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་གྱུར། དེ་ནས་བླ་མ་རང་གི་ཚངས་པའི་བུ་ག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞུགས་ཤིང་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་བདག་གི་ལུས་མེར་གྱིས་ཁེངས། དེ་མཐར་བླ་མ་ཡང་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ། བདག་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་རོ་མཉམ་ཐིག་ལེ་ཉག་གཅིག་ཏུ་གྱུར་པར་བསམས་ལ་རིག་པ་སྟོང་གསལ་དུ་ཅི་གནས་མཉམ་པར་གཞག །ཡང་གོང་ལྟར་བསྐྱར་ཞིང་ཡང་ནས་ཡང་དུ་བསྒོམ་པ་ལ་ནན་ཏན་དུ་བྱ། ཐུན་མཐར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་ཏུ་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་པ་སོགས་བསྔོ་སྨོན་བཟང་པོས་རྒྱས་བཏབ། དམིགས་སྐོར་ལྔ་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཚར། འདི་ནི་བྱིན་རླབས་ཀྱི་འཇུག་སྒོ་དགེ་སྦྱོར་སྐྱེ་བའི་རྟེན་ཁྱད་པར་ཅན་ཡིན་པས་ལོ་དང་ཟླ་བ་སོགས་ཡུན་ཅི་རིང་དུ་ཉམས་སུ་ལེན་པ་གལ་ཆེ་ཞིང་། མགྱོགས་ཁྲིད་ཀྱི་སྐབས་སུ་ཡང་གཞན་ལས་འདི་ཅུང་ཟད་གཉུག་བསྲིངས་ཏེ་བྱ། ཁྲིད་ཐུན་འཛིན་པའི་ཐུན་འགོ་ཀུན་ཏུ་ཅི་ལྕོགས་རེ་མ་ཆད་པར་བྱེད། འདི་སྐབས་སུ་བླ་མའི་མཚན་ཉིད་སློབ་མས་བསྟེན་ཚུལ་དམ་ཚིག་གི་རྣམ་གཞག་མོས་གུས་ཀྱི་ཕན་ཡོན། བླ་མའི་རྣལ་འབྱོར་ལ་འབད་དགོས་ཚུལ་རྣམས་སློབ་མས་སྔར་མ་ཐོས་ཤིང་མི་ཤེས་ན་ཅི་ནུས་ཀྱིས་བཤད་པར་གཅེས་སོ། །དེ་ལྟར་སྔོན་དུ་འགྲོ་བའི་རིམ་པ་རྣམས་གཏེར་གཞུང་རྩ་བ་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ཁྲིད་ལས། རྒྱས་པར་ཁྲིད་ཚུལ་ནི། འབྱུང་བ་ལྔ་ལས་གྲུབ་པའི་མི་ལུས་གཙང་མ་ལ༔ བདེ་གཤེགས་སྙིང་པོ་བྱ་བ་དེ་ཡོད་པས༔ དེ་ལ་འཆི་བ་མི་རྟག་པས་བསྐུལ་ཏེ་གདོད་བྱ་དང་ལོང་ཡོད་ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟར་ཤེས་པར་བྱས༔ གར་སྐྱེས་གར་གནས་ཐམས་ཅད་སྡུག་བསྔལ་འབའ་ཞིག་ཏུ་གོ་བས་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་འཕྲིག་ཚུད་ཅིང་སྐྱབས་འགྲོ་དང་ཡིག་བརྒྱ་ལ་རྟགས་ཐོན་པར་ཉམས་ལེན་སྐྱོང༔ བྱང་ཆུབ་མཆོག་ཏུ་སེམས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསྐྱེད་དེ་རྒྱུ་ཚུལ་ཁྲིམས་གཙང་མ་ལ་བསླབ༔ སྨོན་འཇུག་ཚང་བའི་སྒོ་ནས་བླ་མ་མཚན་ལྡན་ལ་གསོལ་བ་འདེབས་ཀྱིན་བཀའ་སྒྲུབ༔ ཅེས་པས་ཁྲིད་ཀྱི་སྔོན་འགྲོ་རྣམས་ངེས་པར་བསྟན་ཅིང་དེ་བཞིན་གཏེར་སྟོན་རིག་འཛིན་ཆེན་པོ་རང་ཉིད་ཀྱིས་སྐལ་ལྡན་སློབ་མའི་ངོར་རྒྱུད་ཀྱི་ཡང་འགྲེལ་མཛད་པའི་ཁྲིད་ཀྱི་རྐང་སྡོམ་ལས། ཁྱད་པར་དུ་ཟབ་ཁྲིད་དང་བསྟུན་ན། དང་པོ་ཡིད་ཆེས་ཁུངས་བཙུན་ལོ་རྒྱུས་རྣམས་བཀའ་འགྲེལ་དང་རྣམ་ཐར་ནས་བཤད། སྔོན་འགྲོ་ཐུན་མོང་ནི། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དང། ལས་རྒྱུ་འབྲས་བསླུ་མེད། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་ཞུས་ལན་ནས་བཤད་ཅིང་། དེའི་རྒྱབ་ཆོས་སུ་པདྨ་ཐང་ཡིག་དང་རིག་འཛིན་བརྒྱུད་པའི་རྣམ་ཐར་ལ་སོགས་སོ་སོའི་སྐབས་དང་བསྟུན་ལ་བཤད་དོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་མ་ཧཱ་ཡོ་གའི་བསྐྱེད་རིམ་ནས་བཤད། གོང་དུ་བསྟན་པ་བཞིན་དུ་སྔོན་འགྲོ་རྣམས་རྟགས་ཐོན་པར་བྱའོ། །ཞེས་པས་སྔོན་འགྲོའི་ས་བཅད་གསལ་བར་ཕྱེས་པ་བཞིན། དེའི་ངག་འདོན། སྐྱབས་སེམས། ཡན་ལག་བདུན་པ། རྡོར་སེམས། མཎྜལ་གྱི་གོ་རིམ་ཡོ་ག་གསུམ་གྱི་སྒྲུབ་ཐབས་དབུར་བཞུགས་པ་དང་། རྒྱུད་ཀྱི་བཀའ་འགྲེལ་རི་རྒྱལ་ལྷུན་པོར་སྐྱབས་འགྲོ་ཕྱི་ནང་གསང་གསུམ། སྨོན་འཇུག་དོན་དམ་གྱི་སེམས་བསྐྱེད། གཞན་ཡང་ཕྱི་ནང་གསང་བའི་སྡོམ་བཟུང་དམ་བཅའ་ཚུལ། ཡན་ལག་བདུན་པ་མཎྜལ་ཡིག་བརྒྱ་སྒོམ་བཟླས་བསྔོ་སྨོན་གྱི་རྣམ་གཞག་བླ་མ་བསྒོམ་པའི་ཕན་ཡོན་རྣམས་མདོ་རྒྱུད་ལུང་འདྲེན་བཅས་རྒྱས་པར་བཀྲལ་ཞིང་། མདོ་དོན་ཉང་བན་གྱི་ཞུས་ལན་དུ། གུ་རུའི་ཞལ་ལུང་ལྷུག་པར་བསྩལ་བ་སོགས་རྡོ་རྗེའི་གསུང་གིས་ལེགས་པར་ཟིན་པ་དེ་རྣམས་ཀྱི་དགོངས་དོན་སྒོམ་རིམ་གནད་རགས་པ་རྣམས་བསྡུས་ཏེ་འདིར་བཤད་པ་ཡིན་ལ། གཞན་གྱི་གདུལ་བྱའི་བློ་ཡི་བབ་དང་མཐུན་པར་དམིགས་པའི་རྣམ་གྲངས་དུ་མར་འགྱུར་བ་ཡང་གོ་ཞིང་རྟོགས་པར་བྱའོ། །གཞན་ཡང་སྔོན་དུ་འགྲོ་བ་འདི་རྣམས་སྒོ་གསུམ་གྱི་དགེ་སྦྱོར་དང་འགྲུས་པར་བྱ་བ་ཤིན་ཏུ་གལ་ཆེ་སྟེ། ཡང་འགྲེལ་ལེའུ་བཞི་པའི་བཤད་པ་ལས། སྒྲུབ་པ་ཕྱི་ནང་གསང་བ་དེ་ཉིད་ལས་མཐའ་དང་བཅས་པར། མདོར་ན་བསྐྱེད་རིམ་རྫོགས་རིམ་གང་དང་གང་ལ་འཇུག་ཀྱང་རབ་ཀྱི་སྔོན་འགྲོ་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་དང། ཕྱག་འབུམ་སྡེ། ཡིག་བརྒྱ་འབུམ་སྡེ། མཎྜལ་འབུམ་སྡེ། གསོལ་འདེབས་འབུམ་སྡེ་ལ་སོགས་སྔོན་དུ་སོང་ན། དངོས་གཞི་ཤུགས་ཀྱིས་བསྒྲུབ་པ་རྣམས་བར་ཆད་མེད་ཅིང་རྟགས་མྱུར་དུ་ཐོན་པ་དང་། སྒྲུབ་ཐབས་སུ་ཅི་ལྟར་གསུངས་པ་བཞིན་དུ་འབྲས་བུ་འབྱིན་ནུས་སོ། །དེ་ནི་གུ་རུ་རིན་པོ་ཆེའི་ཞལ་ལུང་། བདག་འཇའ་ཚོན་པས་ཉམས་མྱོང་ངེས་པ་ཅན་དུ་ལགས། ཞེས་གསུངས་པ་ལྟར་ཇི་བཞིན་ལག་ལེན་དུ་གདབ་པ་གལ་ཆེ་ལ། ལར་ནི་སྔོན་འགྲོའི་ཡོན་ཏན་ཆ་ཤས་ཤིག་རྒྱུད་ལ་མ་སྐྱེས་ན་དངོས་གཞིའི་ཡོན་ཏན་རྒྱུད་ལ་སྐྱེ་བར་མི་འགྱུར་བས། སྔོན་འགྲོ་ལ་ནན་ཏན་དུ་བྱེད་པ་ཤིན་ཏུ་གཅེས་སོ། །འདིར་སྨྲས་པ། གུ་རུའི་ཐུགས་སྒྲུབ་གདམས་ངག་སྙིང་པོའི་དོན། །བླ་མའི་བཀའ་ལས་གསལ་བར་ཕྱེས་པ་གང་། སྔོན་འགྲོའི་རིམ་པ་ལེགས་པར་བཤད་པའི་གཏམ། །འདིས་ཀྱང་ཐར་འདོད་གསོས་སུ་ཅིས་མི་འགྱུར། །སྡུག་བསྔལ་རྒྱ་མཚོ་བརྒལ་འདོད་རྣམས་ཀྱི་གྲུ །རྙེད་དཀའི་དལ་འབྱོར་མྱུར་དུ་མི་རྟག་འཇིག །སྐྱོ་བས་བསམ་བཞིན་དགེ་སྡིག་ལས་འབྲས་གཞིག །ཐར་མཆོག་ལམ་ལ་ད་རེས་ཅིས་མི་འཇུག །མཆོག་ལ་སྐྱབས་འགྲོ་དམན་ལ་སྙིང་བརྩེ་བའི། །གདམས་པ་འདི་ནི་རྒྱལ་ཀུན་འཇུག་སྒོ་ཡིན། །སྒྲིབ་སྦྱོང་ཚོགས་གསག་ཚེགས་ཆུང་དོན་ཆེ་བ། །ཡིག་བརྒྱ་མཎྜལ་འདི་ཡང་རྨད་བྱུང་ཉིད། །དུས་གསུམ་རྒྱལ་བའི་གཤེགས་ཤུལ་སྙིང་པོའི་ཆོས། །མེད་ཐབས་མེད་པ་བླ་མའི་རྣལ་འབྱོར་ཏེ། །ཡེ་ཤེས་འཕོ་བའི་བདུད་རྩིའི་རྒྱུན་འབེབ་འདི། །སྐལ་ལྡན་སྙིང་གི་བུམ་པར་ཅིས་མི་འཛིན། །ཚུལ་འདིར་སྤྱོད་རྣམས་ཚེ༵་ལྡན་འབྲས་ཡོད་དེ། །མྱུར་ལམ་དབ༵ང་གིས་རིང་མིན་བདེ་བའི་བཙས། །ཚོགས་གཉིས་ལྷུན་གྲུབ་ནོར༵་བུ༵་ཐོབ་དེས་ན། །ཀུན་གྱིས་སྤྲོ་བཞིན་འབད་པས་བསྒོམ་པར་ཤོག །ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་སྔོན་དུ་འགྲོ་བ་བཤད་པའི་སྐབས་ཏེ་དང་པོའོ།། ༈ །།རྒྱལ་ཀུན་ཡེ་ཤེས་རང་གཟུགས་རྡོ་རྗེའི་སྐུ །མཚན་དཔེ་ཡོངས་རྫོགས་འོད་འབར་ཐོད་ཕྲེང་རྩལ། །མ་བྱས་ལྷུན་རྫོགས་ཆས་གསུམ་ཟུང་འཇུག་ཕྱག །རྡོ་རྗེ་ཐོད་པ་འཆང་དེར་ཕྱག་འཚལ་འདུད། །དེ་ནས་ད་ནི་སྤྱི་དོན་གཉིས་པ་ཁྲིད་རིམ་དངོས་གཞི་སྟོན་པར་བྱེད་པ་ལ་ཡང་གཏེར་གཞུང་རྩ་བར་མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམ་དང་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཁྲིད་རིམ་གཏུམ་མོ་འཕོ་བ་རྣམས་རིམ་པར་བསྟན་པ་ལས། འདིར་དེ་རྣམས་ཀྱི་དགོངས་པ་ཁྲིགས་སུ་བསྡེབས་ནས་བསྟན་ན། སྤྲུལ་སྐུ་ལམ་དུ་བྱེད་པ་སྐུ་རྡོ་རྗེ་མ་ཧཱ་ཡོ་ག་ལྟར་བསྐྱེད་རིམ་བསྒོམ་བཟླས་ཏིང་ངེ་འཛིན་གྱི་ཁྲིད། ལོངས་སྐུ་ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་ཐབས་ལམ་ཙཎྜ་ལཱི་ཡི་ཁྲིད། ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད། ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཡེ་ཤེས་རྡོ་རྗེ་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་དེ། དེ་ལྟར་རྡོ་རྗེ་བཞི་ཡི་ཁྲིད་སྤྱི་དོན་བཞིར་བཞག་སྟེ་དབང་བཞིའི་ལས་རིམ་དང་གུང་མཐུན་པར་འཆད་པ་ཡིན་ལ། དེ་ཡང་ཁྲིད་ཞུ་སློབ་མ་རྣམས་དངོས་གཞི་ལ་འཇུག་པའི་སྐབས་འདིར་གསང་སྔགས་བླ་མེད་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཚུལ་ལྡན་དང་། བྱེ་བྲག་ཡང་ཟབ་བླ་མའི་བྱིན་རླབས་རྩ་བའི་དབང་བཞི་བུམ་པ་ཐོད་པ་ཁ་ཊྭཱཾ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་པ་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ཏིང་ངེ་འཛིན་གསལ་ཞིང་བརྡ་དོན་འཕྲོད་པ་ཐོབ་པར་བྱེད་པ་ནི་སྔགས་ཀྱི་འཇུག་སྒོ་མེད་ཐབས་མེད་པ་ཡིན་པས་ངེས་པར་གལ་ཆེ་ལ། དེ་བཞིན་སྒྲུབ་པ་ལུང་བྱིན་གླེགས་བམ་དབང་དང་སྲུང་མའི་གཏོར་དབང་ཡང་བསྐུར། དེ་ནས་བསྐྱེད་པའི་ཁྲིད་ལ་དངོས་དང་། རྗེས་འབྲེལ་གཉིས། དེའི་དང་པོ་ལ་ཡང་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་བ། ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པའི་གཞུང་བསྲང་བ། ཕྲིན་ལས་རྣམ་པ་བཞིའི་ཁ་ཚར་གདབ་པ། ཚེ་ཡི་སྒྲུབ་པས་མཐའ་རྒྱས་སུ་བྱེད་པ་སྟེ་བཞིའོ། །དེ་ལ་དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འཁོད་དེ་སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བའི་རིམ་པ་རྣམས་གྲུབ་པར་བྱས་ཤིང་དེ་འཕྲལ་ལུས་བསམ་གཏན་གྱི་ཆོས་དང་མཐུན་པ་མིག་ལྟ་སྟངས་གཡོ་མེད་དང་ཐོག་མར་རླུང་རོ་ལེགས་པར་བསལ་ལ། དེ་རྗེས་རང་བབ་ཏུ་གློད། དེ་ནས་ཏིང་འཛིན་རྣམ་གསུམ་གྱི་དང་པོ་མཉམ་པར་གཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཐོག་མར་རྡོ་རྗེའི་ཚིག་འདིས་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ ཞེས་ངག་ཏུ་བརྗོད་ནས་དེ་ཡི་དོན་འདི་ལྟར་བདག་གཞན་འཁོར་འདས་སྣང་སྲིད་གཉིས་བསྡུས་ཀྱི་ཆོས་རྣམ་པར་ཤར་བ་ཀུན། ཡེ་ནས་སྟོང་ཞིང་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་དེ་ལ་སྐྱེ་འགག་གནས་པ་དང་རྒྱུ་རྐྱེན་འབྲས་བུ་ལས་འདས་པ་གདོད་མའི་ཁམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་རང་བཞིན་འོད་གསལ་སྟོང་ཉིད་གཟུང་འཛིན་བྱ་བྱེད་སྤང་བླང་མཐའ་ལས་འདས་པ་ཉིད་དུ་ཤེས་པར་བྱས་ནས། རྣམ་རྟོག་གསུམ་བྲལ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པ་སྟེ་དམིགས་ཐུན་དང་པོའོ། ༈ །གཉིས་པ་མཉམ་ལྡང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། གོང་གི་སྟོང་ཉིད་ལས་ལྡངས་ནས་ང་རྒྱལ་བཟུང་བའི་ཚུལ་གྱི་རྡོ་རྗེའི་ཚིག་འདིས་བསྟན་ཏེ། པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ཡང་སེམས་ཅན་རྣམས་ཀྱི་ཁམས་གློ་བུར་མི་གཙང་ལྗན་ལྗིན་གྱི་དབུས་སུ་གདོད་ནས་རྣམ་པར་དག་པ་ཆོས་ཁམས་ཀ་དག་བདེ་གཤེགས་སྙིང་པོ་རྙོག་བྲལ་པདྨ་ལྟར་མ་སྐྱེས་རང་བྱུང་ཡོན་ཏན་ཀུན་ལྡན་དུ་གཙང་རྟག་བདེ་བའི་རང་བཞིན་བདག་མེད་པ་དོན་དམ་པའི་བདག་ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་བོ་ནི་ནམ་ཡང་བྲི་གང་མེད་པར་དེ་ལྟར་གནས་ཞེས་དཔེ་ཚིག་སྨྲ་བརྗོད་ལས་འདས་ཀྱང་ཐབས་ལ་མཁས་པས་དེ་ལྟར་ཚིག་གིས་སྨྲ་བ་སྟེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་མ་རིག་གཉིས་འཛིན་འཁྲུལ་པའི་སྣང་བར་ཞེན་པས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་སྤྱོད་པ་སྙིང་རེ་རྗེ། དེ་ལྟར་ན་ཡང་དེ་རྣམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མ་འདས་པས་གློ་བུར་དྲི་མ་མཐའ་དག་བསལ་ནས་བྲལ་འབྲས་ཆོས་སྐུ་ལ་ཅིས་ཀྱང་བཀོད་པར་བྱ་སྙམ་པའི་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུ་ལ་སེམས་ཅི་གནས་སུ་བཞག །དམིགས་ཐུན་གཉིས་པའོ། །དེ་ལྟར་དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་གཅིག་པའོ། ༈ །གསུམ་པ་མཉམ་ལངས་ཟུང་འཇུག་རྒྱུ་ལས་འབྲས་བུ་ལྷ་སྐུར་ལྡང་བ་རྩ་བ་རགས་པའི་ཚུལ་དུ་གསལ་བཏབ་པ་དང་། ཡན་ལག་ཕྲ་ཞིབ་ཀྱི་ཚུལ་དུ་བསྟན་པར་བསྒོམ་པ་གཉིས་ལས། དང་པོ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། ཧྲཱི༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ ཞེས་པ་སྟེ། དེ་ཡང་རྒྱུ་ཡི་རྐྱེན་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་སྒྲ་ཧྲཱིཿཞེས་གཞོམ་མེད་ནཱ་དའི་དབྱངས་ཀྱིས་བསྐུལ་བས། གོང་དུ་བཤད་པ་ལྟར་མ་རིག་པའི་ཆས་བསྡུས་པའི་གཟུང་འཛིན་གྱི་བདག་འཁོར་དང་བཅས་པ་སྤངས་པའི་ཆོས་དབྱིངས་ཀྱི་བདག་འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ་བཞུགས་པའི་ངོ་བོ་ཉིད། འགྲོ་བ་རྣམས་ཀྱི་ཆོས་ཁམས་ཐ་མལ་གཉུག་མ་ཞེས་མ་བཅོས་རང་བྱུང་བྱང་ཆུབ་སེམས་ཀྱི་གཤིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་དང་སེམས་ཅན་གྱིས་གསར་དུ་བཟོ་བཅོས་ཀྱིས་བཟང་ངན་བྱར་མེད་པ་འདི་ཀ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྐུར་ཤར་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་རང་མདངས་མཐའ་དང་མུ་མེད་པའི་འོད་ཟེར་འབྱམས་ཀླས་པའི་ཀློང་དུ་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་མཚོན་ཆ་འཕྲོ་བའི་དབུས་སུ། བདེ་སྟོང་ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁའི་རང་བཞིན་པད་དཀར་ཟླ་བའི་གདན་ལ་རིག་པའི་ངོ་བོ་དཀོན་མཆོག་ཡོངས་ཀྱི་སྤྱི་དཔལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད། དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོའི་པདྨ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་འོད་གསལ་ཟུང་འཇུག་ཚད་མེད་པའི་ཡོན་ཏན་མཆོག་ཏུ་འབར་བ་བླ་མ་ཡིད་བཞིན་ནོར་བུ་ཐུན་མོང་དང་ཁྱད་པར་གྱི་མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་དེ་ཡང་། བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་པ་ལྟར་གདོད་ནས་རང་བྱུང་ལྷུན་གྲུབ་ཆེན་པོར་གནས་པ་ལ་རང་གསལ་གདབ་པའི་ཚུལ་གྱིས་སྣང་སྟོང་སྒྱུ་མ་ལྟ་བུར་སྐད་ཅིག་མར་ཝལ་གྱིས་བསྐྱེད་ལ་ཅི་གནས་སུ་བཞག །དམིགས་ཐུན་དང་པོའོ། ༈ །དེ་ལྟར་ཏིང་འཛིན་གསུམ་གྱི་གཞུང་གཏེར་བྱོན་རྡོ་རྗེའི་ཚིག་ཕལ་རྣམས་ཀྱིས་ཅུང་ཟད་རྟོགས་དཀའ་བར་སྣང་བས་འབྲུ་བཀྲལ་ཏེ་དོན་གྱི་གནད་གསལ་བར་ཕྱེས་པ་ཡིན་ལ། གཞན་ཡང་ཏིང་འཛིན་གསུམ་གྱིས་མར་སྦྱང་བྱ་འཁོར་བའི་སྐྱེ་འཆི་བར་དོའི་བག་ཆགས་དག་པར་བྱེད་ཅིང་། ཡར་སྦྱངས་འབྲས་སྐུ་གསུམ་གྱི་གསོས་འདེབས་ཤིང་། བར་རྣལ་འབྱོར་སད་རྨི་གཉིད་འཐུག་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ལམ་དུ་བྱེད་ཅིང་། མཐར་ཐུག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཚུལ་ཁྱད་པར་ཅན་ཏེ། ཞིབ་པར་གཞུང་དོན་བླ་མའི་ཞལ་ལུང་མཉན་པར་བྱ་ལ་རང་ལུགས་སྔགས་ཀྱི་སྤྱི་གཞུང་ཆེན་པོ་རྣམས་སུ། སྟོང་པ་ཆེན་པོ་དང་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་ཞེས་གསུངས་པ་ཡང་འདི་དང་གནད་དོན་གཅིག་པ་ཁོ་ན་ཡིན་ནོ། །གཉིས་པ་ཡན་ལག་ཕྲ་ཞིབ་ཀྱི་ཚུལ་དུ་བསྟན་པར་བསྒོམ་པ་ལ། ཐོག་མར་རྡོ་རྗེའི་ཚིག་ངག་ནས་བརྗོད་དེ་སེམས་ལ་གསལ་བཏབ་པ་ནི། དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེ་རབ་རྒྱས་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམ༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་བརྗོད་ལ་གུ་རུ་རིན་པོ་ཆེའི་སྐུ་མདོག་ཉམས་འགྱུར་རྒྱན་ཆ་ཕྱག་མཚན་ཅོད་པན་ཁྱད་པར་གྱི་ཕྱག་རྒྱ་ན་བཟའ་མཚན་དཔེ་ཡེ་ཤེས་ཀྱི་འོད་སྣང་དག་སྦྱོར་བཅས་ཞབས་ཀྱི་བཞུགས་ཚུལ་གདན་ཡང་དེ་ཡི་ཤུགས་ཀྱིས་བསྟན་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་ཅིང་ཕྲིན་ལས་ཀྱི་ཚུལ་འཁོར་ཚོགས་ཚོམ་བུ་བཀྲག་གསལ་འཐུག་པོ་དང་བཅས་གསལ་བར་བསྒོམ་ཞིང་། དེ་ཡང་སྐུ་གསུམ་གྱི་རོལ་པ་སྤྲུལ་པས་གདུལ་བྱ་ཡོངས་ལ་ཁྱབ་པ། ཆོས་སྐུ་མཁའ་ཁྱབ་སྤྲོས་བྲལ་གདལ་བ་ཆེན་པོ། རྒྱལ་བའི་དཀྱིལ་འཁོར་ལོངས་སྤྱོད་མཐའ་དག་སྐུ་ལ་རྫོགས་པ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་ཟང་ཐལ་སྣང་སྲིད་དག་པའི་དཀྱིལ་འཁོར་ཅན་ལྟར་སྣང་སྒྱུ་མ་ལྟ་བུར་གསལ་བཏབ་པ་ནན་ཏན་དུ་བྱ་དགོས་ཏེ་དམིགས་ཐུན་གཉིས་པའོ། །དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་གཉིས་པའོ། ༈ །དེ་ལྟར་བསྐྱེད་པའི་རིམ་པ་ལ་མཚན་ཉིད་གསུམ་གྱིས་ལེགས་པར་བསྒྲུབ་པ་བྱ་དགོས་ཏེ། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་སྟེ་དེ་རིམ་པ་ཅིག་ཅར་ཅི་ནུས་སུ་ཉམས་ལེན་བྱ་ལ། དེ་ཡི་དང་པོ་རྣམ་པ་གསལ་བ་ནི། རེས་པད་དཀར་ཟླ་གདན་ནས་རྒོད་ལྡེམ་གྱི་བར་དུ་གསལ་བཏབ་ཅིང་། རེས་རྒོད་ལྡེམ་ནས་གདན་གྱི་བར་དུ་གསལ་བཏབ། རེས་ཐུགས་ཀ་ནས་ཕྱག་སོར་རྩེ་དང་། ཕྱག་སོར་ནས་ཐུགས་ཀའི་བར། ཐོག་མར་སྐུ་དང་རྒྱན་ཆ་ལུགས་ཆས་རེ་རེ་ནས་གསལ་བཏབ་ཅིང་མཐར་མེ་ལོང་ངོས་ལ་ཙཀླིའི་གཟུགས་གཅིག་ཅར་དུ་འཆར་བ་བཞིན་ཆ་མེད་ཀུན་འགྲོ་རྣམ་པ་ཤིན་ཏུ་གསལ་བ་ལ་ཐོག་མར་ཡུན་ཐུང་གྲངས་མང་དང་མཐར་ཡུན་ཅི་རིང་གསལ་བཞིན་དུ་བསྒོམ་པ་སྟེ་དམིགས་ཐུན་གཅིག་གོ ༈ །ང་རྒྱལ་བརྟན་པ་ནི། རང་གི་རིགས་རུས་གཟུགས་བརྙན་མིང་གི་བླ་དྭགས་ཀྱི་འཛིན་རྟོག་ཡོངས་སུ་སྤངས་ཏེ། ལྷ་སྐུའི་རྣམ་པ་གསལ་མི་གསལ་ཇི་ལྟར་ཡང་གཟི་བརྗིད་འོད་དཔག་ཏུ་མེད་པའི་ངོ་བོ་གུ་རུ་པདྨའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་དང་། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་གཅིག་ཏུ་བསྡུས་པའི་སྤྱི་དཔལ་བདག་ཉིད་དོ་སྙམ་པའི་སེམས་བརྟན་པོར་བཟུང་བ་སྟེ་དམིགས་ཐུན་གཉིས་པའོ། ༈ །རྣམ་དག་དྲན་པ་ལ། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱི་རྣམ་དག་དང་། ལྷ་སྐུ་གསལ་སྟོང་ཟུང་འཇུག་དོན་དམ་གཉིས་ཀྱི་རྣམ་དག་དྲན་པ་སྟེ་གཉིས་སོ། །དང་པོ་ནི། དེ་ཡང་མངོན་རྟོགས་ཀྱི་འདོན་ཚིག་རེ་རེ་བཞིན་དོན་ལ་སེམས་ན། དྲི་མ་མཐའ་དག་སྤང་བ་ཆོས་དབྱིངས་རང་བཞིན་གྱི་འོད་གསལ་བས་སྐུ་མདོག་དཀར་ཞིང་རྙོག་བྲལ་གསལ་ལ་དྭངས་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་མདངས་ཡེ་ཤེས་བཞི་ལྷན་སྐྱེས་རང་ཆས་སུ་སྣང་བའི་མཚོན་དོན་དང་གུ་རུ་པདྨ་རྒྱལ་བ་རིགས་ལྔ་གཅིག་ཏུ་འདུས་པ་གསང་ཆེན་རིགས་གཅིག་གི་ངོ་བོར་གྲུབ་པའི་བརྡར། ཤེལ་གྱི་འོད་མདངས་ནང་ན་གནས་པའི་ཁ་དོག་བཞིན་ཞལ་གྱི་དཀྱིལ་འཁོར་དཀར་གསལ་ལ་བལྟ་བས་མི་བཟོད་པའི་འོད་མདངས་ལྔ་རྣམ་པར་འགྱུར་བ། བྱང་ཆུབ་སེམས་ཀྱིས་གདུལ་བྱའི་ཡིད་འཕྲོག་པས་མཛེས་པ། དམིགས་པ་མེད་པའི་སྙིང་རྗེས་འགྲོ་ལ་ཆགས་པའི་ཚུལ་གྱིས་འཛུམ་པ། འདོད་ཡོན་མ་སྤངས་རྒྱན་དུ་ཤར་བ་རིན་ཆེན་དུ་མའི་རྒྱན་གྱིས་སྤྲས་པ་སྟེ། དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ ཞེས་གསུངས་པའི་དག་སྦྱོར་སྙིང་པོ་ཙམ་སྨོས་པ་དེ་ཡིས་དཔེར་མཚོན་ཏེ། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་པའི་བར་སྤྲོ་ཞིང་ནུས་ན་ཚིག་སོ་སོའི་དོན་དག་སྦྱོར་བྱས་ན་ལེགས་པར་འགྱུར་མོད་ཀྱང་། འདིར་ཡིག་ཚོགས་མང་པོར་བྱུང་དོགས་ནས་མ་སྤྲོས་ལ་གནས་སྐབས་མདོ་དོན་ས་བོན་ཙམ་སྨོས་ན། དེ་ཡང་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་གི་ཞལ། བདེན་པ་གཉིས་ཀྱི་ཕྱག །ཐབས་དང་ཤེས་རབ་ཀྱི་ཞབས་འཁོར་འདས་མཉམ་ཉིད་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྲིད་པའི་སྐྱོན་གྱིས་མ་གོས་པ་ཤེས་རབ་རང་འོད་གསལ་བའི་སྐུ་མདོག་དཀར་པོ། ཞི་བ་ལ་མི་གནས་པ་ཐུགས་རྗེ་འགྲོ་ལ་ཆགས་པའི་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་ཡེ་ཤེས་ཀྱི་འོད་ལྔ་རྣམ་པར་འགྱུར་བ། དབྱིངས་རིག་འདུ་འབྲལ་མེད་པ་རྡོ་རྗེའི་སྤྱན་ཐད་ཀར་གཟིགས་ཤིང་ཚད་མེད་པའི་ཐུགས་རྗེ་ཞལ་གྱི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེས་པ། ཕ་རོལ་ཕྱིན་པ་དྲུག་གི་ཡོན་ཏན་མ་ལུས་རྫོགས་པས་མཚན་དང་དཔེ་བྱད་ཀུན་ནས་རྒྱས་པ། ཅིར་སྣང་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རིན་པོ་ཆེའི་རྒྱན་ཆས་སྤྲས་པ། བསླབ་པ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པས་ཆོས་གོས་གསུམ་དང་། ཆོས་ཉིད་འགྱུར་བ་མེད་ཅིང་ཉེ་ལམ་གྱིས་སེམས་ཅན་སྒྲོལ་བས་ཕོད་མཐིང་གསང་གོས་དང་། ཡེ་ཤེས་ལྔ་ལ་དབང་སྒྱུར་བའི་ཟ་འོག་གི་བེར་ཕྱམ་གསོལ་བ། སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཕྲིན་ལས་ཡོན་ཏན་རྩལ་རྫོགས་སུ་དབང་བསྐུར་བའི་པད་ཞྭ་རྒོད་ལྡེམ་ཅན་དབུ་ལ་བཞེས་པ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པས་ཕྱག་གཡས་ཐུགས་ཀར་རྡོ་རྗེ་དང་། མི་འགྱུར་བདེ་བ་ཆེན་པོའི་བརྡར་ཐོད་པ་བདུད་རྩིས་བཀང་བ་དང་། བདུད་བཞི་མཐའ་དག་གཏན་ནས་བཅོམ་པས་འཆི་མེད་ཚེའི་བུམ་པ་དོན་གཉིས་ལྷུན་གྲུབ་ཡིད་བཞིན་ནོར་བུའི་ཁ་རྒྱན་ཅན་ཕྱག་གཡོན་མཉམ་གཞག་གིས་འཛིན་པ། དུག་གསུམ་ཡེ་ཤེས་གསུམ་དུ་སྒྲོལ་བའི་བརྡར་ཁ་ཊྭཱཾ་ག་ཁ་བྱེ་བ་ཁ་སྦྱོར་སོགས་ཡན་ལག་བདུན་དང་ལྡན་པ་མཚོན་ཕྱིར་གྲུ་མོ་གཡོན་ན་འཆང་བ། སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་སེམས་ཅན་གྱི་དོན་མཛད་པ་སྐུ་ལུས་དྲང་པོ་ཉིད་དུ་སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད་པར་འཇའ་འོད་ཐིག་ལེའི་དབུས་སུ་བཞུགས་པ་སོགས་ཏེ་རང་རྒྱུད་ཀྱི་ཞེན་པ་བཟློག་ཕྱིར་རྣམ་དག་དེ་ལྟར་དྲན་པར་བྱའོ། །དམིགས་ཐུན་གསུམ་པའོ། ༈ །གཉིས་པ་ལྷ་སྐུ་གསལ་སྟོང་ཟུང་འཇུག་དོན་དམ་གྱི་རྣམ་དག་དྲན་པ་ནི། དེ་ལྟར་ལྷ་སྐུ་བསྒོམས་པ་དེ་ཡང་ཨ་འཐས་གདོས་བཅས་ཀྱི་ཕུང་པོར་སྒོམ་པ་ནི་སྨོས་ཀྱང་ཅི་འཚལ་ཏེ། ཐ་མལ་རང་སྣང་གི་ཞེན་པས་ཀྱང་བཅིང་བར་མི་བྱ་ལ། དེ་ཡང་ཡང་དག་པར་ནི་འདུས་བྱས་ཡོངས་སུ་འདས་པ་ཆོས་ཉིད་དབྱིངས་མེ་ལོང་ལྟ་བུའི་ཡེ་ཤེས་ཅན་རང་མདངས་པྲ་ཕབ་པའི་གཟུགས་བརྙན་ལྟར་རྣམ་པ་ཐམས་ཅད་པ། སྣང་ལ་རང་བཞིན་མེད་པ་ཆོས་ཀྱི་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་རང་སྣང་དག་པའི་འཁོར་ལོ་རྒྱུན་མི་འཆད་ཅིང་། སྨོན་ལམ་དབང་གིས་གཞན་སྣང་དུ་གཟུགས་ཀྱི་སྐུ་སྒྱུ་མ་ཙམ་དུ་ཤར་བ། རྣམ་ཀུན་མཆོག་ལྡན་ཟབ་གསལ་དབྱེར་མེད་ཀྱི་ངོ་བོར་མི་འགྱུར་བདེ་ཆེན་གདོད་ནས་ལྷུན་གྲུབ་ཉིད་དུ་རང་ཤར་རང་གསལ་བ། བསྐྱེད་བྱ་སྐྱེད་བྱེད་ལས་འདས་ཀྱང་གནས་སྐབས་རེ་ཞིག་དེ་ཉིད་ལམ་བྱེད་ལྟར་སྣང་ཚུལ་ཙམ་དུ་བསྐྱེད་པ་ཡང་དོན་གྱི་ངོ་བོ་དེ་ལྟར་ཡིན་པ་རྟོགས་དགོས་མོད། འོན་ཀྱང་རེ་ཞིག་ལས་དང་པོ་བས་དེ་ལྟར་ཇི་བཞིན་ཁོང་དུ་མ་ཆུད་ཚེ་ལྷ་སྐུ་སྣང་ཡང་རང་བཞིན་སྟོང་པ་ཞེན་མེད་སྒྱུ་མ་ཙམ་དུ་ཆུ་སྣོད་དང་མེ་ལོང་གི་གཟུགས་བརྙན་ཇི་བཞིན་གསལ་བར་བསྐྱེད་པ་ཤེས་པར་བྱ་སྟེ། དེ་ཡང་སེམས་ཉིད་སྟོང་པ་ལྷ་སྐུར་ཤར་ཞིང་ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྱུར་པར་ཤེས་པ་དེ་ནི་དག་དྲན་ཐམས་ཅད་ཀྱི་སྙིང་པོ་ཡིན་ལ། རྩ་བ་རྡོ་རྗེའི་ཚིག་ལས། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་དང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དགོངས་དོན་ཏེ། དེ་ལྟ་བུའི་དོན་ལ་ནན་ཏན་གྱིས་ཁོང་དུ་ཆུད་པར་བྱའོ། །དམིགས་ཐུན་བཞི་པའོ། །དེ་ལྟར་དམིགས་ཐུན་བཞི་མགྱོགས་ཁྲིད་ཀྱི་སྐབས་སུ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་བསྐྱེད་རིམ་གྱི་དམིགས་སྐོར་གསུམ་པའོ། །དེ་ལྟར་གསལ་དྲན་དག་པ་གསུམ་ནི་མགྱོགས་ཁྲིད་སྐབས་གོ་ངེས་པ་དང་། སླར་ནན་ཏན་གྱིས་བསྒོམ་པ་རྟགས་ཐོན་བྱེད་པ་གལ་ཆེ་ལ། འདི་བསྐྱེད་རིམ་གྱི་ཁྲིད་ཐམས་ཅད་ལ་ཁྱབ་པའི་སྤྱི་ཆིངས་ཡིན་པས་འོག་ནས་འབྱུང་བའི་དྲག་པོ་དང་སེང་གདོང་མ་ལ་སོགས་པར་ཡང་ལྷ་རང་རང་གི་ངོ་བོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བཏབ་ཚུལ་དང་། དེའི་དག་དྲན་ཁྱད་པར་བ་ཐ་དད་ལས་གཞན་རིགས་འགྲེ་ཉིད་དུ་སྦྱོར་དགོས་ལ་དེར་མ་ཟད། ཡི་དམ་བསྐྱེད་རིམ་གཞན་མཐའ་དག་ལ་ཡང་ཚུལ་འདིའི་རྒྱས་གདབ་ཚུལ་ཤེས་པར་བྱའོ། །དེ་ཡན་ཆད་བསྐྱེད་རིམ་གྱི་གཞི་གལ་ཆེ་ཤོས་ཡིན་པས་གནད་དོན་ཅི་རིགས་ཁོ་བོས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ།། ༈ །།ད་ནི་སྤྱི་དོན་གསུམ་པ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་གཞུང་བསྲང་བ་ལ། དེ་ཡང་དང་པོ་ཕྱི་སྒྲུབ་ལྟར་ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་གནས་རྩེ་མོ་རོ་འདུས་དྲན་བཀོད་དུ་སྒྲིབ་པ་གསུམ་གཏན་ནས་སྤངས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡི་གེ་འབྲུ་གསུམ་དུ་བྱིན་གྱིས་བརླབས་པ་ཨོཾ་ཨཱཿཧཱུྃ་བཻ་ཌཱུརྻ་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལྟར་དྭངས་གསལ་དཀར་དམར་སྔོ་བའི་འོད་ཟེར་འཕྲོ་ཞིང་གསལ་བ་ལ་ཡུན་ཅི་གནས་སུ་སེམས་གཏད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའི་ཁམས་ཁྱབ་ཅིང་ཁེངས་པར་འཕྲོས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་འཕགས་པ་དགྲ་བཅོམ་ཡེ་ཤེས་སྤྱན་ལྡན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐམས་ཅད་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་གྱུར་ཏེ། དེ་ཡང་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱི་སྐུའི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་པདྨ་འབྱུང་གནས་ཀྱི་རྣམ་པར་གྱུར་ཏེ། ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཡི་གེའི་རྣམ་པ་ཨཱ་ལི་ཀཱ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་གི་ཚུལ་ཁ་དོག་སྣ་ཚོགས་པ་དང་། ཐུགས་ཀྱི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཕྱག་མཚན་གྱི་རྣམ་པ་རྡོ་རྗེ་རིན་ཆེན་པདྨ་དྲིལ་བུ་བུམ་པ་ཐོད་པ་ཁ་ཊྭཱཾ་དབྱུག་ཏོ་ལ་སོགས་པའི་ཚོགས་སུ་གྱུར་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་གྱུར་པ་ཡང་ནས་ཡང་དུ་བསམ་ཞིང་། ཁྱད་པར་རང་གི་མོས་གུས་སྟོབས་སུ་གྱུར་པའི་ཡུལ་རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་དང་ཉམས་སུ་ལེན་བྱའི་གླེགས་བམ་ལྷ་སོ་སོའི་ཕྱག་མཚན་རྣམས་རང་ལ་གཙོ་བོར་བསྟིམ་པ་ཡང་བྱ་ལ། དེ་ཡི་སྐབས་སུ་ཚིག་བདུན་གསོལ་འདེབས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་ཀྱིས་བསྐུལ་བ་གལ་ཆེ་སྟེ། དེ་ཡང་། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་ཚིག་བདུན་གསོལ་འདེབས་ཛཔ྄་བཅས་ཚར་ཉེར་གཅིག་གམ་བདུན་ནམ་གསུམ་སོགས་ཅི་ལྟར་ནུས་པ་གདངས་དབྱངས་ཀྱིས་བརྗོད་ཅིང་གར་འཆམ་སྟངས་སྟབས་ཀྱང་བྱ། དེ་ཡང་ཀྱལ་ཁ་རྩེད་མོའི་ཚུལ་དང་ཡིད་ཞུམ་པ་དང་ཐོ་ཅོར་མ་སོང་བ་གོང་གི་བྱིན་རླབས་འབེབ་པའི་དམིགས་པ་གསལ་བ་དང་། སྣང་གྲགས་རྟོག་ཚོགས་ཀུན་རང་གི་རིག་རྩལ་སྒྱུ་མ་ཙམ་དུ་ཤེས་བཞིན་པར་བྱ། དེས་ནི་བར་ཆད་སེལ་བྱིན་རླབས་འཇུག་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ། ཐུན་མོང་དུ་ཡོངས་འགྲེལ་ལས། ཟང་ཟིང་ལོངས་སྤྱོད་ལ་སོགས་གནས་སྐབས་ཀྱི་ཡོན་ཏན་ཐམས་ཅད་ཕྱི་སྒྲུབ་ཀྱི་ཕན་ཡོན་དུ་གསུངས་པ་ལུང་མཐུན་དུ་འདུག་ཅེས་འབྱུང་བ་ལྟར་ལྷ་འདྲེ་མི་དང་ཟས་ནོར་ཆོས་བཞིན་འདུ་བར་ངེས་ཤིང་། རྒྱུན་གྱི་རྣལ་འབྱོར་དུ་ཉི་ཤར་སོགས་ཐུན་དྲུག་ཐུན་གསུམ་སྐབས་དང་། དཀྱིལ་འཁོར་སྒྲུབ་པ་ལ་ཞུགས་པ་ཡིན་ཚེ་ཐུན་སྐབས་གང་བདེ་རྣམས་སུ་མ་ཆག་ཅིང་མ་ཆད་པར་བྱས་ན་གོང་གི་ཡོན་ཏན་རྣམས་ངེས་པར་ཐོབ་ཅིང་། དཀྱིལ་འཁོར་སྒྲུབ་པ་གཞན་དང་འབྲེལ་བ་ཡིན་ཡང་དེ་ལྟར་གྲུབ་ན་ཡི་དམ་གྱི་རྒྱུད་བསྐུལ་བའི་མཆོག་ཏུ་འགྱུར་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་འཇུག་སྒོ་བླ་ན་མེད་པའོ། །དེ་ཡང་ཕྱི་སྒྲུབ་འདི་ལ་བསྙེན་ཚུལ་གཉིས་སུ་རྒྱུད་ཀྱི་ཡང་འགྲེལ་ལས་འབྱུང་བ་སྟེ། ཇི་སྐད་དུ། འདི་ལ་བསྙེན་ཚད་མེད། ཐུན་རྣམས་ལ་ཅི་ནུས་ཙམ་གར་དབྱངས་དང་བཅས་ཏེ་བཟླས་པ་ལ། ཕྱི་སྒྲུབ་མིང་དུ་བཏགས་པ་ཙམ་དོན་ལ་བྱིན་འབེབ་ཡིན་འདུག་གོ །ཞེས་གསུངས་པས་བསྙེན་པའི་གྲངས་ངེས་མེད་པར་ཐུན་དང་ཐུན་མཚམས་སུ་ཅི་ནུས་སྐྱོང་བའི་ལུགས་གཅིག་དང་། ཡང་དེ་ཉིད་ལས། རང་ཉིད་ལ་མཆོད་བསྟོད་དང་བཟླས་པ་བྱ་ཞིང་སྒྲུབ་པའོ། །ཞེས་གསུངས་པས་ཛཔ྄་བཟླས་རིམ་པ་ངེས་ཅན་དུ་བཞེད་པར་ཡང་སྣང་བས། དེའི་ཚེ་སྔ་མའི་དགོངས་དོན་ནི་གོང་དུ་བཤད་པ་ལྟར་དང་། ཕྱི་མའི་དོན་ནི་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཟིན་པའི་རྗེས་སུ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པ་གཅིག་ཏུ་འདུས་པའི་སྤྱི་དཔལ་ངོ་བོ་བདག་ཉིད་ཡིན་པའི་ངེས་ཤེས་བརྟན་པོ་དང་བཅས་ལས་གཞུང་ནས་བྱུང་བ་ལྟར་གྱི་མཆོད་བསྟོད་བྱས་ཤིང་། སླར་ཡང་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པའི་དམིགས་པ་གསལ་བཏབ་བཞིན་ཐོད་ཕྲེང་རྩལ་གྱི་བཟླས་པ་ཅི་ནུས་སུ་བྱ་བ་སྟེ། དེ་ཡང་། རྩ་གཞུང་རྡོ་རྗེའི་ཚིག་ཕྲིན་ལས་བཞི་སྒྲུབ་ལས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ དེ་ཕྱིར་མ་འོངས་ལས་ཅན་བུ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ ཞེས་དང་གུ་རུ་ཆོས་དབང་གི་གཏེར་བྱོན་བླ་སྒྲུབ་གསང་འདུས་ལས། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བར་ཆར་ཕབ་ནས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོ་བར་མཚམས་མེད་པར་དྲོང༔ ང་ཉིད་རང་དབང་མེད་པར་བྱོན༔ ཞེས་དང་། སྙིང་པོ་བདེ་གཤེགས་འདུས་པའི་སྔགས༔ རྒྱལ་བ་ཀུན་འདུས་དྲིལ་སྒྲུབ་ཡིན༔ ས་ནི་བཅོ་ལྔ་ལམ་ལྔ་ཡང༔ ང་བསྒྲུབ་ཐོད་ཕྲེང་བཟླས་པས་བགྲོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་བཀླགས་དང་མཚུངས༔ ཞེས་པའི་དགོངས་པ་ཉིད་དུ་ངེས་པས་ནན་ལྟར་དུ་བྱིན་རླབས་ཆེ་བ་ཞིག་གོ །དེ་ནི་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་བཞི་པའོ། །འདི་ནི་མགྱོགས་ཁྲིད་ཀྱི་སྐབས་སུ་ཞག་གསུམ་སོགས་དང་ཁྲིད་མ་རྫོགས་བར་ཉིན་རེ་བཞིན་ཐུན་མཚམས་རྣམས་སུ་ཅི་ལྕོགས་ཉམས་སུ་ལེན་ལ། ཇི་བཞིན་བསྒྲུབ་པ་ལ་འཇུག་པའི་སྐབས་སུ་ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་ཕྲག་གཅིག་གམ་གསུམ་མམ་བདུན་སོགས་ཐོག་མར་བཟླས་ན་ཕན་ཡོན་ལྷག་པོ་ཐོབ་པ་ལས་ཆོ་ག་ལྷག་པའི་སྐྱོན་མེད་པ་ཁོ་བོའི་རྣམ་པར་རྟོག་པའོ། །དེ་ལྟར་ཕྱི་སྒྲུབ་ཀྱི་ཚུལ་དུ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བར་ཟིན་པ་ཕྲིན་ལས་བཞི་སྒྲུབ་ལས། ཟབ་སྙིང་འདི་ནི་དབྱངས་ཆུང་ངུ༔ སྐབས་སུ་ཐུན་བར་འཁྲབ་ཅིང་བཟླ༔ ཞེས་པ་ནས་གོང་དུ་དྲངས་ལྟར་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་ཕན་ཡོན་དང་བཅས་ཏེ་གསུངས་པ་དང་། །མ་ཧཱ་ཡོ་གའི་སྒྲུབ་ཐབས་ལས། ཁྱད་པར་དུ་སྙིང་པོ་འདི་འདྲེན་པ་དང་སྤྱན་འདྲེན་ཐུན་དྲུག་ཏུ་མ་ཆག་པར་བསྒྲུབས་ན་པདྨ་འབྱུང་གནས་རང་བཞིན་དུ་བབ་ཅིང༔ ངེས་མེད་དུ་འོད་འཁྱུག་པ་དང༔ གཟུངས་སྔགས་རང་བྱུང་གི་སྒྲ་སྒྲོག་པ་དང༔ རང་བཞིན་ཀ་དག་གི་ཉམས་བཟང་པོ་རྩོལ་མེད་དུ་འབྱུང་ངོ༔ ཞེས་དང་། ཐུགས་ཀྱི་དམ་ཚིག་ཏུ་ཐུན་དྲུག་གམ་གསུམ་མམ་མཐའ་ཡང་ཉི་ཤར་གྱི་དུས་སུ་སྤྱན་འདྲེན་བཟླས་པ་དང་མི་འབྲལ༔ ཞེས་ནན་ཏན་ཆེན་པོས་གསུངས་ཤིང་ལས་གཞུང་ནས་ཚིག་བདུན་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་བཅས་ཏེ་བསྟན་པ་རྣམས་ཡིན་ཏེ། འོན་ཀྱང་གཞུང་ཚིག་ཏུ་སྒྲུབ་པའི་ཐུན་མཚམས་སུ་བྱ་བ་དང་རྒྱུན་ཁྱེར་ཚུལ་གསུངས་པས་ཡང་འགྲེལ་དུ་བསྙེན་ཚད་མ་མཛད་པ་ནི་ཕྱོགས་འདི་དང་མཐུན་པར་དགོངས་སོ། །སྤྱིར་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་རྣམ་པར་གཞག་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཤུགས་ཀྱིས་བསྟན་པར་སྣང་ཞིང་། ཇི་བཞིན་གསལ་བ་ནི་གུ་རུ་པདྨ་ཡབ་ཡུམ་གྱིས་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ལ་དངོས་སུ་གདམས་པའི་ཞལ་ལུང་དྲི་མ་མེད་པ་རྒྱུད་ཀྱི་ཡང་འགྲེལ་དུ་མདོ་དོན་ཁྲིད་རིམ་གྱི་སྐབས་སུ་ཤིན་ཏུ་ཁ་གསལ་བར་གསུངས་པའི་མན་ངག་གི་མཐའ་ཅན་ལས་འབྱུང་བའོ།། ༈ །།གཉིས་པ་ནང་གི་སྒྲུབ་པ་ནི། རང་ཉིད་པདྨ་འོད་འབར་གྱི་སྐུ་རུ་གསལ་ནས་ཕྱི་སྒྲུབ་ཀྱི་དམིགས་པ་བཞིན་སྤྱན་འདྲེན་ཡན་ཆད་བགྱིས་ཏེ་སྤྲོ་ན་མཆོད་བསྟོད་ཀྱང་བྱ་ལ། གང་ལྟར་ལྷ་སྐུ་གསལ་བརྟན་དག་པ་གོང་དུ་བཤད་པ་ཇི་བཞིན་ངེས་པར་བྱས་ནས། ཡེ་ཤེས་སྔགས་ཀྱི་འཁོར་ལོ་དགོད་པའི་ཏིང་ངེ་འཛིན་ནི། རང་གི་ཐུགས་ཀར་སྙིང་གི་རྩ་འདབ་བརྒྱད་པདྨ་དཀར་པོ་འདབ་བརྒྱད་དུ་གྱུར་པའི་གེ་སར་ཟེའུ་འབྲུའི་སྟེང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཀུན་ཏུ་རྒྱས་པའི་དབུས་སུ། དོན་དམ་བྱང་ཆུབ་ཀྱི་སེམས་གསེར་ཞུན་མའི་ཁ་དོག་ལྟ་བུ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ཀུན་ཟླུམ་ཐིག་ལེའི་ནང་དབུས་སུ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་ནོར་བུ་རིན་པོ་ཆེ་བསམ་འཕེལ་དབང་གི་རྒྱལ་པོ་བཞིན་དྲི་མ་མེད་པའི་འོད་ཟེར་ལྔ་མཐའ་ཡས་པར་འཕྲོ་བ། རྡོ་རྗེའི་ལྟེ་བ་ཕྱི་རོལ་གྱི་ངོས་སམ་མཐའ་སྐོར་དུ་འོད་ལྔའི་འཁོར་ལོ་ཀུན་ཏུ་མཛེས་པའི་ངོ་བོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཆོས་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ཡི་གེ་འབྲུ་བཅུ་གཉིས་པ། མན་ཤེལ་དྭངས་མའི་ཁ་དོག་ཅན་གྱེན་འགྲེང་སྔགས་ཀྱི་རང་སྒྲ་སྒྲོག་པ་གཡས་སྐོར་དུ་འཁོད་པར་བསྒོམ་སྟེ། པད་ཟླ་རྡོ་རྗེ་ཧཱུྃ་དང་སྔགས་ཕྲེང་རྣམས་ཇི་བཞིན་མ་གསལ་གྱི་བར་དུ་རིམ་པ་བཞིན་དང་། མཐར་གཅིག་ཆར་དུ་གསལ་མ་ཐེབས་ཀྱི་བར་ཡང་ཡང་བསྐྱར་ཞིང་ངེས་པར་གསལ་བཏབ་པ་གལ་ཆེ་བས་ནན་ཏན་དུ་བྱའོ། །གོང་གི་སྔགས་ཕྲེང་རྡོ་རྗེའི་ལྟེ་བའི་ནང་ཧཱུྃ་ཡིག་གི་མཐར་བཀོད་པ་ཡང་མི་འགལ་ལ། མན་ངག་དམིགས་པའི་རྣམ་གྲངས་སུ་ཤེས་པར་བྱ་སྟེ་དམིགས་ཐུན་གཅིག་པའོ། ༈ །དེ་ལྟར་ཛཔ྄་སྔགས་ཀྱི་དཀྱིལ་འཁོར་གསལ་ཅི་རིགས་ཐེབས་ནས་ཧཱུྃ་ཡིག་རྡོ་རྗེ་སྔགས་ཕྲེང་ཟླ་པད་ལ་སེམས་མ་ཡེངས་གསལ་ལེའི་ངང་། ངག་ནས་ཡི་གེ་འབྲུ་བཅུ་གཉིས་པའི་བཟླས་པ་མགྱོགས་བུལ་སྐད་གདངས་ཆེ་ཆུང་མ་ཡིན་པ་ཆུ་རྒྱུན་བཟང་པོ་འབབ་པ་ལྟར་སྔགས་གཙང་དག་ལྷུང་ལྷུང་བཟླས་ལ། གལ་ཏེ་སྔགས་བཟླས་པའི་ཚེ་སྔགས་ཀྱི་དཀྱིལ་འཁོར་མི་གསལ་སྙམ་བྱེད་ན་གསལ་གདབ་ཅིང་། རིམ་པས་སྔགས་བཟླས་དང་ལྷན་ཅིག་པར་བསླབ། དེ་ཡང་སྔགས་ཀྱི་དཀྱིལ་འཁོར་སྒོམ་ཕྱིན་གཙོ་བོར་ཧཱུྃ་ཡིག་འོད་ཟེར་ལྔ་པ་དང་རྡོ་རྗེ་ཙམ་མི་གསལ་ན་ཡེ་མི་ཉན་པས་གསལ་བ་ལ་འབད་པ་གཅེས་སོ། །དེ་ལྟར་ཛཔ྄་དཀྱིལ་སྔགས་བཟླས་ཆུན་གཅིག་ཏུ་བརྟན་ན། སྔགས་ཕྲེང་གི་འཁོར་ཚུལ་ནི་རྒྱུད་ཀྱི་ཡང་འགྲེལ་ལས། དབང་པོ་རབ་འབྲིང་ཐ་གསུམ་སྔགས་འཁོར་ཡང༔ ཁོག་ཆེན་རང་བཞིན་སྒྲ་འཁོར་དང༔ འགལ་མེ་ལྟ་བུ་མུ་ཏིག་ཕྲེང་བ་ལྟ་བུ་དང་གསུམ་ལས་ཅི་བདེར་བྱའོ༔ ཞེས་འབྱུང་བ་ལྟར་བསྒོམ་སྟེ། དེ་ལྟར་ཛཔ྄་དཀྱིལ་བཟླས་པ་དང་ལྷན་ཅིག་བསླབ་པའི་རིམ་པ་དམིགས་ཐུན་གཉིས་པའོ། ༈ །དེ་ལྟར་སྔགས་ཀྱི་དཀྱིལ་འཁོར་བཟླས་པ་ཟུང་འཇུག་ཏུ་བརྟན་པར་གྱུར་ནས་སྤྲོ་བསྡུའི་བཟླས་པ་ནི། ཟླ་བ་སྔགས་ཕྲེང་དང་བཅས་པའི་འོད་ཟེར་རྡོ་རྗེ་དང་ཧཱུྃ་ཡིག་ལ་ཕོག །ཧཱུྃ་ཡིག་ལས་འོད་ཟེར་བུན་བུན་ཕྲོཾ་ཕྲོཾ་ནར་གྱི་སྤོས་རེང་གི་དུད་པ་ལྟར་རྡོ་རྗེའི་རྭ་རྩེ་ནས་འཐོན། ལོངས་སྤྱོད་དང་བདེ་ཆེན་འཁོར་ལོ་བརྒྱུད་མཛོད་སྤུའི་གནས་ནས་ཕྱིར་ཐོན་མཁའ་ཁྱབ་སྐུ་གསུམ་རྒྱལ་བའི་ཞིང་ཅི་ཙམ་པ་དེ་ན་བཞུགས་པའི་རྒྱལ་བ་སྐུ་གསུམ་བཙུན་མོ་སྲས་དང་སློབ་མ་གཡོག་བཅས་དཀོན་མཆོག་རྩ་གསུམ་གྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་སྤྱི་དང་། ཁྱད་པར་དེ་རྣམས་ཀྱི་ཐུགས་རྗེའི་རང་གཟུགས་རང་ཉིད་གནས་པའི་སྟེང་གི་ཆ་ནས་ནམ་མཁའི་གནས་སུ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པ་ལ་གོང་གི་ཛཔ྄་དཀྱིལ་གྱི་འོད་ཟེར་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོ་རྒྱན་གྱི་རོལ་པ་ལས་བྱུང་བས་མཆོད། དགྱེས་ཤིང་ཚིམས་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་པ་རྒྱན་གྱི་འཁོར་ལོ་མཐུ་སྟོབས་བྱིན་རླབས་ནུས་པ་མ་ལུས་ཤིང་ལུས་པ་མེད་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་འོད་ཟེར་གྱི་ཚུལ་དུ་བུན་བུན་ཐིབ་ཐིབ་ཤ་ར་ར་བྱུང་ནས། རང་གི་ལུས་ཀྱི་ཆ་ཀུན་དང་ཁྱད་པར་མཛོད་སྤུའི་གནས་ནས་ཞུགས་སྙིང་གའི་རྡོ་རྗེའི་ལམ་བརྒྱུད་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་བདག་ལ་འདུས་པས། ཛཔ྄་དཀྱིལ་སྔར་བས་ཀྱང་གཟི་བརྗིད་འོད་དུ་འབར་བར་བསམས་ལ་བཟླས་པ་བྱ་བ་སྟེ་སྤྲོ་བསྡུའི་དམིགས་པ་དང་པོ་དམིགས་ཐུན་གསུམ་པའོ། ༈ །ཡང་ཛཔ྄་དཀྱིལ་སྔགས་ཕྲེང་གི་འོད་ཟེར་རྡོ་རྗེ་ཧཱུྃ་ལ་ཕོག་ཧཱུྃ་ལས་འོད་ཟེར་དམར་པོ་གཙོ་བོར་གྱུར་པའི་ཁ་དོག་ལྔ་འོད་ཟེར་ཐིག་གི་སྣེར་ལྕགས་ཀྱུའི་རྡུལ་ཕྲ་མོ་ཕྲོམ་ཕྲོམ་བྲེང་བྲེང་འཕྲོས་ཏེ་རྡོ་རྗེའི་མས་ཀྱི་རྭ་ནས་ཤར་ཏེ་ཐོན། སྲིད་པ་གསུམ་གྱི་འབྱུང་པོ་ལྷ་མ་སྲིན་སྡེ་བརྒྱད་མཐུ་རྩལ་ནུས་པ་དང་ལྡན་པ་རྣམས་ཀྱི་སྤྱི་བོའམ་སྣ་བུག་ནས་བརྒྱུད་སྙིང་གར་ཞུགས་པས། རང་སྲོག་དྭངས་མ་མདངས་གསོལ་རང་རང་གི་གཟུགས་དང་སྲོག་སྔགས་ས་བོན་ཕྱག་མཚན་གྱི་ཚུལ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འོད་ཟེར་གྱི་སྣེ་རུ་བུངས་ཀྱིས་འདུས། ཚུར་བྱུང་རང་གི་ལྟེ་བ་ནས་རྡོ་རྗེའི་མས་ཀྱི་རྭ་ནས་བརྒྱུད་སྙིང་གི་ས་བོན་ཧཱུྃ་ཡིག་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་པ་ཅན་མཐའ་དག་ཀྱང་སྲོག་གཏའ་རུ་ཚུད། དམ་ཚིག་ལ་འདའ་བ་མེད་པར་བདག་གི་བཀའ་ཉན་གསུང་སྡོད་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམས་ལ་བཟླས་པ་ཅི་ནུས་བྱ། སྤྲོ་བསྡུའི་དམིགས་སྐོར་གཉིས་པ་སྟེ་དམིགས་ཐུན་བཞི་པའོ། ༈ །ཡང་ཛཔ྄་དཀྱིལ་འོད་ཟེར་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ལ་ཕོག་པ་གོང་ལྟར། དེ་ནས་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཁ་དོག་དྲུག་པ་རྡོ་རྗེའི་རྭ་ཡས་མས་དང་སྐུའི་ཆ་ཐམས་ཅད་ནས་ཐོན། འགྲོ་བ་དྲུག་གི་གནས་མ་ལུས་པར་ཁྱབ། དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བ་མོ་ལ་ཉི་མ་ཕོག་པ་ལྟར་སྐད་ཅིག་གིས་དག །མི་འགྱུར་བདེ་བ་ཆེན་པོས་ཁྱབ། གུ་རུའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། འོད་ཟེར་སྐུའི་ཆ་ནས་ཚུར་འདུས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་མཉམ་ཉིད་མི་འགྱུར་བདེ་ཆེན་མཆོག་གི་ཕྱག་རྒྱས་ཡང་དག་པར་ཐེབས་ནས་ཕྱིར་མི་ལྡོག་པར་བསམས་ལ། འདི་ལ་དམིགས་སྐོར་ཞིབ་མོར་ཕྱེ་ན་ཐུགས་སྲོག་ནས་འཕྲོ་བའི་འོད་ཟེར་དྲུག་རིམ་བཞིན་ཁ་དོག་མཐིང་ག་ཞབས་མཐིལ་ནས་ཐོན་དམྱལ་བའི་འཇིག་རྟེན་དུ་ཕོག་པས་སྣོད་རྡོ་རྗེ་བཀོད་པའི་ཞིང་དང་བཅུད་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར་པར་བསམ་ཞིང་། དེ་བཞིན་འོད་ཟེར་དམར་པོ་གསང་གནས། མཐིང་སྐྱ་ལྟེ་བ། ལྗང་གུ་ལྟག་པ། སེར་པོ་སྨིན་མཚམས། ཁ་དོག་འདྲེས་པ་ཐུགས་ཀ་ནས་འཕྲོས། ཡི་དྭགས། བྱོལ་སོང་། ལྷ་མིན། ལྷ། མི་ཡི་འཇིག་རྟེན་དུ་ཕོག་སྣོད་བཅུད་པདྨ་འཁོར་ལོ་རྒྱ་གྲམ་རིན་པོ་ཆེ་བཀོད་པ་དང་རྒྱན་འཐུག་པོ་བཀོད་པའི་ཞིང་དུ་གྱུར། སེམས་ཅན་རྣམས་པདྨ་བུདྡྷ་ཀརྨ་རཏྣ་ཐོད་ཕྲེང་རྩལ་དང་རིགས་འདུས་པདྨ་འབྱུང་གནས་ཀྱི་སྐུ་རུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་རྒྱས་བསྡུས་ཇི་ལྟར་བྱས་ཀྱང་སྤྲོ་བསྡུའི་དམིགས་པ་གསུམ་པ་སྟེ་དམིགས་ཐུན་ལྔ་པའོ། ༈ །ཡང་སྐབས་སུ་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཞེས་ཕྱི་འབྱུང་བཞི་རྡུལ་ཕྲ་རབ་རེ་རེ་ནས་དང་། ནང་སེམས་ཅན་ཐམས་ཅད་གུ་རུའི་སྐུར་གྱུར་པ་མཐའ་དག་གི་ཞལ་གྱི་སྒོ་ནས་མ་ཟད་དབུ་སྐྲ་དང་བ་སྤུའི་བུ་ག་ནས་སྔགས་ཀྱི་སྒྲ་དང་། ནམ་མཁའི་ཁམས་ཁེངས་པའི་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱིས་ཀྱང་བདག་གི་ཛཔ྄་སྔགས་སྒྲོག་པའི་གྲོགས་མཛད་ཅིང་དེ་ཐམས་ཅད་ཀྱི་རིག་སྔགས་བྱིན་རླབས་ནུས་མཐུ་བདག་གི་སྔགས་ཕྲེང་ས་བོན་ལ་ཐིམ་ཞིང་། བདག་གི་རིག་སྔགས་ཀྱི་ནུས་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མེད་སངས་རྒྱས་ཀྱི་གོ་འཕང་མྱུར་བ་ཉིད་དུ་འགྲུབ་པར་བསམས་ལ་ཛཔ྄་བཟླ་སྟེ་དམིགས་ཐུན་དྲུག་པའོ། ༈ །ཡང་སྐབས་སུ་སྐུའི་དཀྱིལ་འཁོར་ཆ་མེད་ཀུན་འགྲོ་ལ་སེམས་མ་ཡེངས་པར་གཏད་དེ་སྔགས་བཟླ་བ་དང་། དེ་བཞིན་སྔགས་ཀྱི་ཕྲེང་བ་ཀློག་པའི་ཚུལ་གྱིས་བཟླ་བ་དང་། རྡོ་རྗེ་ཧཱུྃ་བཅས་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བ་སོགས་གནད་དུ་གང་འགྲོ་བྱ་ཞིང་། གཙོ་བོར་ཐུགས་སྲོག་ཧཱུྃ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བར་བྱ་སྟེ། དེས་ནི་སྐུ་གསུང་ཐུགས་ཀྱི་བཟླ་ཚུལ་དུ་ཡང་འགྱུར་ཞིང་། ཡང་སྐབས་སུ་ཛཔ྄་ཆེ་ཆུང་རན་པར་བཟླས་པས། དེའི་སྒྲ་རང་གི་རྣ་བར་སོན་པ་དེ་ཁོ་ནར་སེམས་གཏད་ཅིང་གཞན་དུ་མ་ཡེངས་པར་བཟླ་བ་ཡང་བླ་མའི་མན་ངག་ལས་བྱུང་བས་དེ་ལྟར་གྱིས་ཀྱང་རྩལ་སྦྱང་ངོ། །དེ་ནི་དམིགས་ཐུན་བདུན་པའོ། ༈ །ཡང་ཐུན་སྐབས་འཇོག་པ་ལ་བབ་པའི་ཚེ་སྣོད་གཞལ་མེད་ཁང་བཅུད་ལྷ་སྐུའི་རང་བཞིན་ལ་ཐིམ། ལྷ་སྐུའི་ཚོགས་བདག་ཉིད་གུ་རུ་པདྨའི་སྐུ་ལ་ཐིམ། དེ་ཡང་ཡས་མས་འོད་ཀྱི་གོང་བུར་འདུས་ཏེ་པད་ཟླ་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ཡིག་གི་བར་གཅིག་ལ་གཅིག་ཐིམ། ཧཱུྃ་ཡིག་ཀྱང་ཀླད་ཀོར་ཐིག་ལེ་ལ་ཐིམ། དེ་ཡང་ཇེ་ཕྲ་མཐར་སྐྲ་རྩེ་བརྒྱ་སྟོང་དུ་གཤགས་པའི་ཚལ་པའི་བར་ཙམ་མོས་པས་གཞིལ་ནས། དེ་ཡང་ནམ་མཁའི་དབྱིངས་སུ་སྟོང་པར་ཡལ་བར་བསམས་ལ་རྣམ་རྟོག་གི་སྤྲོས་པ་དང་བྲལ་བར་སེམས་ཇི་གནས་སུ་མཉམ་པར་གཞག་ཅིང་། གལ་ཏེ་རྣམ་རྟོག་སྐྱེས་ཚེ་སྣོད་བཅུད་བསྡུ་བ་སྔར་བཞིན་གྱི་མཐར་སྟོང་ཉིད་ལ་བཞག་པ་ཡང་ཡང་བྱ་ལ། མཐར་དེ་ལས་ལྡང་བར་འདོད་ཚེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་སྐད་ཅིག་གིས་གུ་རུ་པདྨའི་སྐུ་སྒྱུ་མ་ལྟ་བུར་ལྡང་བ་ལ་བསླབ་པར་བྱའོ། །དམིགས་ཐུན་བརྒྱད་པའོ། །དེ་ལྟར་དམིགས་ཐུན་བརྒྱད་རིམ་པ་བཞིན་དམིགས་པ་རེ་རེ་ལ་གོམས་ནས་རེ་རེ་ལ་སློབ་པ་ཡིན་མོད་ཀྱང་དེང་སང་ཆོས་ཐོབ་མགྱོགས་ཁྲིད་ལ་དགའ་བ་རྣམས་ཀྱི་ངོར་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་ལྔ་པའོ། ༈ །མགྱོགས་ཁྲིད་སྐབས་སུ་ཡང་ཞག་གྲངས་ཇི་ལྟར་རུང་དམིགས་པའི་གོ་དོན་བློ་ལ་འཇགས་ངེས་བྱ་དགོས་པས་འོག་མ་རྣམས་ལ་ཡང་དེས་རིགས་འགྲེས་སུ་ཤེས་པ་དང་། སླར་ཅི་བཞིན་སྒྲུབ་པའི་སྐབས་ནང་སྒྲུབ་འདི་དཀོན་མཆོག་སྤྱི་འདུས་ཀྱི་རྩ་བའི་སྒྲུབ་པ་དངོས་གཞིའི་མཐིལ་ཕུར་ཡིན་པས་བསྙེན་ཚད་འབུམ་ཕྲག་བཅུ་གཉིས་དང་། དེ་ལན་བཞིར་བལྡབས་པས་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་དེ་དུས་བསྙེན་ཟླ་དྲུག་ཀྱང་འདི་དང་འགྲིགས་པར་འགྱུར་ལ། མཆོག་སྒྲུབ་པ་ཡིས་ནི་དུང་ཕྱུར་སོགས་ཚད་མེད་པ་ཉིད་དུ་བཟླ་བའོ། །དེ་ལྟར་བཟླ་བྱ་ཛཔ྄་ནི། གཏེར་གཞུང་རྡོ་རྗེའི་ཚིག་ཕྲིན་ལས་རང་གཞུང་ནས་བཟླས་པ་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླའོ༔ ཞེས་པས་སྔགས་ཀྱི་ངོ་བོ་དང་། ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོ་ལས། དེ་ཡང་བཟླས་པ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་བར་མ་ཆོད་པར་བཟླས་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་བརླབ་པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམ་པ་ཡིན་པའི་ཕྱིར་རོ༔ ཞེས་པའི་ཕན་ཡོན་དང་བཅས་པ་བསྟན་ནས་དེ་མ་ཐག་པར། ཁྱད་པར་སྙིང་པོ་འདི་འདྲེན་པ་དང༔ ཞེས་སོགས་ཕྱི་སྒྲུབ་སྐབས་སུ་དྲངས་པ་ལྟར་གྱི་ཐོག་མར་བསྙེན་པའི་ཚུལ་དང་། དེ་ནས་མུན་ཁང་བརྟེན་པ་ནི༔ སྤྱོད་ལམ་ཐམས་ཅད་དུ་པདྨ་འབྱུང་གནས་དངོས་སམ་ཉམས་རྨི་ལམ་ལ་མཇལ་བ་དང་ཆོས་གསུང་ལུང་བསྟན་པའི་སྣང་བ་འབྱུང་སྟེ༔ དེའི་ཚེ་དགའ་བྲོད་ཀྱི་བདུད་མ་ཞུགས་པར་རང་བཞིན་ཀ་དག་ལྷུན་གྲུབ་ཏུ་ཤེས་པ་གལ་ཆེའོ༔ ཞེས་སྒྲུབ་པ་ལ་ཞུགས་ཚུལ་དང་། དེ་དང་སྐབས་སུ་སྒྲུབ་རྟགས་འབྱུང་ཚུལ་དེ་ལ་ཞེན་མེད་དུ་གདམས་པ་བཅས་ཚིག་ཉུང་དོན་གསལ་དང་། དེའི་འཕྲོར་སྤྲོས་མེད་སྒྲུབ་རྟེན་དང་། སྐུ་གསུང་ཐུགས་ཀྱི་ལམ་ཁྱེར་དང་མོས་གུས་ཀྱི་སྟོབས་བསྐྱེད་དེ་རྒྱུན་གྱི་རྣལ་འབྱོར་ལ་འབད་པར་གདམས་པ་སོགས་དགོས་པ་མང་པོས་མི་འབྲལ་བའི་དམ་ཚིག་གསུམ་ཡང་བསྟན་པར་མཛད་མོད། གཞན་ནི་ནང་སྒྲུབ་ཏུ་གྲགས་པ་འདིའི་ཛཔ྄་དཀྱིལ་དམིགས་པའི་སྤྲོ་བསྡུ་སོགས་ཀྱང་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཇི་ལྟར་འབྱུང་ཞེ་ན། ལས་གཞུང་གི་རྫོགས་རིམ་བསྡུ་སྐབས། སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ ཞེས་པས་མདོར་བསྟན་ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོའི་སྐབས་སུ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐའ་མར་སྔགས་ཕྲེང༔ ཞེས་པས་ཛཔ྄་ཀྱི་འཁོར་ལོ་ཇི་ལྟར་བསྒོམ་གསལ་བར་ཕྱེས་ཤིང། སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་བསྡུ༔ ཞེས་པས་སྤྲོ་བསྡུ་དང་པོ་བསྟན། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས༔ ཞེས་པས་སྤྲོ་བསྡུ་གཉིས་པ་བསྟན། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་འཕྲོ་འདུའི་དམིགས་པ་གསལ་བར་བསྒོམ༔ ཞེས་པས་སྤྲོ་བསྡུ་གསུམ་པ་བསྟན། དེ་ལྟར་བསྒྲུབས་པས་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་ཡི་འཁོར་ལོར་མཐོང༔ ཞེས་དེ་དངོས་བསྟན་ལྷ་སྔགས་བསྒོམས་པའི་མཐུ་ལས་གནས་སྐབས་སུ་ཕན་ཡོན་ཇི་ལྟར་འབྱུང་གསུངས་པ་ཡིན་ཡང་དེའི་ཚིག་ཤུགས་ཀྱིས་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཡང་ལེགས་པར་བསྟན་པ་ཡིན་ལ། འོད་གསལ་རྗེས་སྡུད་ཀྱི་རྣལ་འབྱོར་ནི་ལས་གཞུང་གི་མཐར་གསལ་བར་གསུངས་ཤིང་དེ་རྣམས་ཀྱི་མན་ངག་ནི་རྒྱུད་ཀྱི་ཡང་འགྲེལ་ལས་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་གསལ་གུ་རུའི་ཞལ་ལུང་བཞིན་གཏེར་སྟོན་རིན་པོ་ཆེས་དཀའ་བའི་གནད་ཞིབ་མོར་ཕྱེས་ཏེ་བཀོད་པ་རྣམས་ཡིན་ལ། དེ་ལྟར་ཟབ་ཁྲིད་མན་ངག་གི་དོན་གཏེར་གཞུང་རྡོ་རྗེའི་ཚིག་ལ་སྦྱོར་ཚུལ་བློ་དམན་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཚིག་ཚོགས་ལ་མ་འཛེམ་པར་ཅུང་ཟད་ཙམ་སྨྲས་པ་ཡིན་ནོ།། ༈ །།གསུམ་པ་གསང་བའི་སྒྲུབ་པ་ནི་གོང་དུ་བཤད་པ་ལྟར་གུ་རུ་ཞི་བའི་སྐུ་སྟོང་པ་ལས་ལྡང་བའམ། ཡང་ན་སྟོང་པར་མ་གཞིལ་བའི་ཐོག་མ་ཉིད་ནས་ཀྱང་རུང་སྟེ། གོང་ལྟར་གུ་རུ་ཞི་བ་འོད་དུ་ཞུ་བ་ལས་བདག་ཉིད་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེའི་ཕྲེང་བ་ཅན་དུ་གསལ་བཏབ་སྟེ། དེ་ཡང་པདྨ་ཟླ་ཉིའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་དུས་གསུམ་རྒྱལ་བའི་མཛད་ཕྲིན་ནུས་མཐུ་གཅིག་བསྡུས་དཀོན་མཆོག་སྤྱི་འདུས་ཁྲོས་པའི་སྐུ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་དམར་ནག་དུས་མཐའི་མེ་ཡང་ཟིལ་གྱིས་གནོན་པ། ལྗགས་འདྲིལ་མཆེ་བ་གངས་རི་ལྟར་གཙིགས་ཤིང་ཤངས་ནས་བསྐལ་པའི་འཐོར་རླུང་འཕྱོ་བ། སྤྱན་གསུམ་སྡང་མིག་བར་སྣང་གློག་ལྟར་འཁྱུག་ཅིང་ཟུར་ཞལ་གཡོན་དུ་ཕྱོགས་པ། སྨར་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་མེ་སྐར་འཁྲུགས་པ། དབུ་སྐྲ་རལ་པ་དམར་སེར་རྒོད་མའི་མེ་ལྟར་གྱེན་དུ་འཕྱོ་ཞིང་། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་རཾ་དགུ་དང་ཧཱུྃ་དགུས་མཚན་པ་ནམ་མཁའ་ལ་འཕྱར་ནས་དངོས་འཛིན་གྱི་རྟོག་པ་མཐའ་དག་སྐད་ཅིག་ཏུ་ཕྱེ་མར་རློག་པ། ཕྱག་གཡོན་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་ཁ་ནས་མེ་འབར་བ་གདེང་སྟབས་ཀྱིས་བསྣམས་པས་ས་བདག་ཀླུ་གཉན་རྒྱལ་བསེན་གདུག་པ་ཅན་གྱི་སྲོག་འཕྲོག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་འོག་ཏུ་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་མཐའ་དག་ཁ་བུབ་གན་རྐྱལ་དུ་འདམ་ལྟར་བརྫིས་པ། གླང་སྟག་མིའི་པགས་པའི་གོས་དང་ཐལ་ཁྲག་ཞག་གིས་བྱུགས་ཤིང་ཐོད་སྐམ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཀླུ་ཆེན་བརྒྱད་ཀྱིས་སྙན་མགུལ་ཕྱག་ཞབས་ཀྱི་མཛེས་རྒྱན་དུ་བྱས་པ། གཞན་ཡང་རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་གིས་ཉེ་བར་སྤྲས་པ་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་སྤྲས་ཤིང་སྤྲུལ་པ་ཁྲོ་བོའི་སྤྲིན་འཕྲོ་བ། ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འཚེར་ཞིང་མེ་དུད་ཀྱི་རྩེ་ནས་མཚོན་ཆའི་ཚྭ་ཚྭ་འཕྲོ་བའི་དབུས་སུ་བཞུགས་པ། གཡས་གཡོན་དུ་ཁྲོ་བོ་ཁྲོ་མོ་དང་རྒྱབ་ཏུ་མཁའ་འགྲོའི་ཚོགས་ཀྱིས་དྲག་སྔགས་ཧཱུྃ་ཕཊ་ཀྱི་ང་རོ་སྒྲོག་ཅིང་། མདུན་དུ་ལྷ་མ་སྲིན་སྡེ་བརྒྱད་བྲན་བཞིན་དུ་ཉན་ནས་གནོད་བྱེད་ཐམས་ཅད་ཐལ་བར་རློག་པ། ཕྱོགས་མཚམས་ཐམས་ཅད་དུ་ཡང་སྤྲུལ་ལྕགས་ཀྱི་སྡིག་པ་རླུང་ལྟར་འཚུབས་པས་དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་བ། སྲིད་པ་འདི་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོར་གསལ་བའི་གནས་མི་འགྱུར་ཡི་གེ་གསུམ་གྱིས་རྒྱས་བཏབ་ནས་གསལ་བ་དང་བརྟན་པ་དང་དག་པ་ལ་མ་གོམས་བར་དུ་ནན་ཏན་གྱིས་བསླབ་པར་བྱ་བ་སྟེ། དེ་ཡི་ཐུན་མཚམས་རྣམས་སུ་རང་བཞིན་རྣམ་པར་དག་པའི་ཞིང་ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་དང་། འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་སོགས་ཁྲོ་བོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་གདོད་ནས་རྣམ་དག་གུ་རུ་དྲག་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས། མདུན་གྱི་ནམ་མཁའ་ལ་རང་དང་ཞལ་སྤྲོད་ཀྱི་ཚུལ་དུ་བཞུགས་པར་གསོལ་ནས་མཆོད་བསྟོད་བྱས་པའི་མཐར། བདག་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བཞུགས་པར་བསམ་པ་ཡང་བྱིན་རླབས་འཇུག་པའི་རྒྱུ་ཁྱད་པར་བ་ཡིན་ནོ། །དེ་ནི་དམིགས་ཐུན་དང་པོའོ། །དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། གསང་སྒྲུབ་ནི། རང་ཉིད་སྐད་ཅིག་གིས་ཞི་བ་འོད་དུ་ཞུ་བ་ལས་བྱུང་བ་གུ་རུ་དྲག་པོར་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བྱ་ཞིང་ཡེ་ཤེས་སེམས་དཔའ་རང་ལ་ཐིམ། མདུན་བསྐྱེད་བསྒྲུབ་ན་རང་དང་མདུན་བསྐྱེད་གཉིས་ཀ་ལ་ཐིམ། ཞེས་གསུངས་པའི་དོན་བཞིན་ཏེ། འདིའི་མདུན་བསྐྱེད་ནི་གཏོར་མའམ་མཎྜལ་ལ་བརྟེན་པའི་སྤྱི་མཐུན་ལ་དགོངས་ཀྱང་སྐབས་འདིར་ནི་ཛཔ྄་ཁོང་ཕྱེ་བས་ཀྱང་མདུན་བསྐྱེད་ཉིད་ཀྱི་དོན་ཚང་བར་འགྱུར་བ་ཡིན་ནོ། ༈ །དེ་ནས་ཛཔ྄་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། རྒྱུད་ཀྱི་ཡང་འགྲེལ་ལས། རང་གི་དབུ་གཙུག་ན་གུ་རུ་ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་ཤིང་། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་སྐོར་སྔགས་ཕྲེང་། ཞེས་འབྱུང་བ་ལྟར། བདག་ཉིད་ཆེ་མཆོག་དྲག་པོའི་སྤྱི་གཙུག་མཚོག་མར་གུ་རུ་ཞི་བ་མངོན་རྟོགས་ལྟར་གསལ་གདབ་ཅིང་ཐུགས་ཀར་ཡེ་ཤེས་སེམས་དཔའི་རང་བཞིན་ཉི་མའི་དཀྱིལ་འཁོར་རབ་ཏུ་ཚ་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་པ་འབར་འཚེར་རྩུབ་པ་ཀུན་ཏུ་འཕྲོ་བའི་ལྟེ་བར། ཏིང་འཛིན་སེམས་དཔའི་ངོ་བོ་ཡི་གེ་ཧཱུྃ་དམར་ལ་དྭངས་པ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་དང་མུ་མེད་པར་འཕྲོ་ཞིང་ཕྲིན་ལས་རྣམ་པ་བཞི་ཡིད་བཞིན་དུ་བྱེད་པ། དེ་ཡི་མཐར་རྒྱལ་བ་ཐམས་ཅད་ཀྱི་གསང་རིག་གཟུངས་སྔགས་ཀྱི་ནུས་མཐུ་གཅིག་ཏུ་བསྡུས་པ་གུ་རུ་དྲག་པོའི་ཡང་སྙིང་ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཡི་གེ་འབྲུ་བཅུ་དྲུག་པ་གྱེན་ལངས་གཡས་སྐོར་དུ་ཧྲམ་མེ་འོད་ཟེར་དང་བཅས་ཏེ་འཁོད་པར་བསམས་ལ་དམིགས་པ་མ་གསལ་བར་དུ་བསྐྱར་ཞིང་བསྒོམ་པ་སྟེ་དམིགས་ཐུན་གཉིས་པའོ། ༈ །གུ་རུའི་དྲག་སྒྲུབ་ཕལ་ཆེ་བར་ཛཔ྄་སྔགས་ཀྱི་གཞི་འདི་ཁོ་ན་ལ་སྔགས་འབྲུ་མང་ཉུང་ཅུང་ཟད་འབྱུང་ཡང་ཕན་ཚུན་བསྲེ་བསླད་མི་བྱ་སྟེ་འདིར་ནི་ཡིག་འབྲུ་བཅུ་དྲུག་པར་ངེས་པའོ། །དེ་ལྟར་སྔགས་འཁོར་གྱི་དམིགས་པ་བརྟན་ནས་རེ་ཞིག་ཛཔ྄་ཁོང་ཕྱེས་ནས་དོ་ལིའི་བཟླས་པ་བྱ་སྟེ་མར་མེ་གཅིག་ལས་གཉིས་མཆེད་དམ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་རང་ཇི་འདྲ་བ་དྲག་པོའི་སྐུ །མདུན་དུ་ཡེ་ཤེས་པའི་ཚུལ་དུ་མེ་རི་འདབས་སྦྱོར་བཞུགས་པའི་ཐུགས་ཀར་གོང་བཞིན་ཐུགས་སྲོག་ཛཔྲ་ཀྱི་འཁོར་ལོ་དགོད། དེ་ནས་བདག་གིས་བཟླས་པ་བྱས་པས་སྔགས་ཕྲེང་འོད་ཟེར་དང་བཅས་ཏེ་ཧཱུྃ་ཡིག་ལ་གཡས་སུ་ལན་གསུམ་བསྐོར། ཧཱུྃ་ཡིག་ལས་འོད་ཟེར་བྱུང་ནས་ཏལ་ལེ་བརྒྱུད་ནས་བདག་གི་ལོངས་སྤྱོད་འཁོར་ལོའི་དབུས་སུ་ཧཱུྃ་དམར་པོ་གཅིག་བསམ་སྟེ། དེ་ལ་ཡང་གཡས་སུ་ལན་གསུམ་བསྐོར་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་ཁྲོ་བོ་ཆེན་པོའི་ཞལ་དུ་ཞུགས། གོང་བཞིན་མགྲིན་པར་ཧཱུྃ་གསལ་བ་ལ་གཡས་སུ་བསྐོར་ཏེ་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་ལ་བརྒྱུད་ནས་ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་དེ་གཡས་སུ་ལན་གསུམ་བསྐོར་དབུ་མའི་ལམ་བརྒྱུད་སྔགས་ཕྲེང་ལྟེ་བ་ནས་འཐོན། རང་གི་ལྟེ་བར་ཞུགས་དབུ་མའི་ལམ་བརྒྱུད་སྙིང་གར་སྔར་བཞིན་དུ་འཁོད། དེ་ལྟར་བར་མཚམས་མེད་པར་ཅི་ནུས་སུ་སྒོམ་གྱིན་བཟླ། གལ་ཏེ་དུབ་ན་བདག་མདུན་གང་བདེའི་ཐུགས་སྲོག་མཐར་སྔགས་ཕྲེང་བཀོད་པ་ལ་སེམས་མ་ཡེངས་པར་བཞག་ནས་ཛཔ྄་བཟླ་བ་དང་སྤེལ་བ་གང་བདེ་བྱ། ཐུན་མཚམས་སུ་དོ་ལིའི་བཟླས་པ་ཁ་ཤས་མཐར་མདུན་གྱི་ཡེ་ཤེས་པ་རང་ལ་གཞུག་བརྟན་པའི་ང་རྒྱལ་བཟུང། དེ་ནི་དོ་ལིའམ་ཁྱོགས་ཀྱི་བཟླས་པའམ་འགལ་མེ་ཀླད་འཁོར་དུ་བཟླས་པའི་ལུགས་སུ་སྟེ་དམིགས་ཐུན་གསུམ་པའོ། ༈ །དེ་ནས་སྤྲོ་བསྡུའི་བཟླས་པ་ནི། གུ་རུའི་སྐུ་ཞི་དྲག་དང་སྔགས་བསྒྱུར་བ་ལས་སྤྲོ་བསྡུ་གསུམ་ཀ་གོང་དུ་ཞི་བའི་སྐབས་སུ་བཤད་པ་ཁོ་ན་ལྟར་ལ་དམིགས་པའི་གནད་ཅུང་ཟད་རེ་འཕྲུལ་ཤེས་ཏེ་བྱ་བ་ཡིན་ནོ། །འདིར་སྤྲོ་བསྡུ་གཉིས་པ་གྲུབ་པའི་སྐབས་སམ་གཞན་ཡང་ནམ་འོས་སུ་ཁྲོ་བོའི་བཟླས་པ་བྱ་བ་ནི། དེ་ནས་སྔགས་ཕྲེང་འོད་ཟེར་ལས་མཚོན་ཆ་མེ་ཕུང་འཕྲོས་བདག་ཅག་དཔོན་སློབ་རྣམས་ཀྱི་ཆོས་བྱང་ཆུབ་སྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པའི་དགྲ་དང་བགེགས་བྱད་མའི་ཚོགས་མ་ལུས་པ་ལྕགས་ཀྱུས་བཀུག་ཞགས་པས་བཅིངས་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབས། འཁོར་ལོའི་རྩིབས་ལ་བསྐྱོན་མཚོན་ཆས་གཏུབས། ཁྲོ་བོ་ཁྲོ་མོ་སྡེ་བརྒྱད་རྣམས་ཀྱིས་ཤ་ཁྲག་གློ་སྙིང་ཚོགས་སུ་རོལ། ལྷག་མ་མེ་རླུང་གིས་རྡུལ་ཕྲན་ཆ་མེད་དུ་བསྲེགས་གཏོར་བར་བསམས་ལ་བཟླས་པ་ནི་ཁྱད་པར་བ་སྟེ་དྲག་པོའི་བསྙེན་སྒྲུབ་རྐང་ཚུགས་མི་བྱེད་པར་ཞི་བའི་ལས་ཚོགས་སྔགས་ཤམ་ཚུལ་དུ་སྦྱོར་ཚེ་སྤྲོ་བསྡུ་གཞན་ཞོར་བྱུང་དང་། སྤྲོ་བསྡུ་གཉིས་པ་དང་འདི་གཉིས་རྩ་བའི་དམིགས་པ་ཡིན་པ་ཤེས་པར་བྱ་དགོས་ལ་མཐར་ཞི་བའི་སྐབས་མཁའ་ཁྱབ་བཟླས་པ་དང་། སྐུ་གསུང་ཐུགས་ཀྱི་བཟླས་པ་སོགས་གང་བདེ་གཙོ་བོར་བྱས་ནས་ཅི་ནུས་སུ་བཟླ་བ་སྟེ་དམིགས་ཐུན་བཞི་པའོ། ༈ །དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། སྔགས་ཕྲེང་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་པས་མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཅེས་པས་ཁྲོ་བོའི་བཟླས་པ་བསྟན། སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་ཏེ། ཞེས་པས་མཁའ་ཁྱབ་ཀྱི་བཟླས་པ་བསྟན་ལ། བསྙེན་ཚད་ནི་སྙིང་པོ་འབུམ་ཕྲག་གཅིག་སྟེ་བསྙེན་པའོ། །ཞེས་འབྱུང་བ་ཞི་བ་འབྲུ་འབུམ་གྱི་བཅུ་གཉིས་ཆ་དྲག་པོ་ལ་བཟླ་བར་དགོངས་མོད། །འོན་ཀྱང་སྔགས་འདི་བྱིན་རླབས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཁྲག་འཐུང་ཁྲོ་བོ་རོལ་པའི་རྒྱུད་དང་དྲག་སྒྲུབ་གཞན་དུ་རྒྱ་ཆེར་འབྱུང་བས་ཅི་ཙམ་བཟླས་ཀྱང་བཟང་ཞིང་ལེགས་པ་ཡིན་ནོ། །སྡེ་བརྒྱད་འདུལ་སྔགས་སོགས་སྐབས་དང་བསྟུན། ཞེས་གསུངས་པ་ནི་གོ་སླ་བ་དེ་ཁོ་ན་ལྟར་རོ། །དྲག་པོ་ལ་རྗེས་སྡུད་ཀྱི་རྣལ་འབྱོར་དངོས་སུ་མ་གསུངས་ཀྱང་ཞི་དྲག་སེང་གསུམ་གདན་ཐོག་གཅིག་ཏུ་ཐུན་གཅིག་ལ་སྒོམ་བཟླས་སྤུངས་པ་ཡིན་ན། གོང་མ་འོད་དུ་ཞུ་ནས་འོག་མ་བསྐྱེད་པ་མུ་མཐུད་དུ་ཡང་འགྲེལ་གྱི་དགོངས་པར་སྣང་ཡང་ཐུན་གཅིག་པ་མ་ཡིན་པར་སོ་སོར་སྒོམ་བཟླས་བྱེད་ཕྱིན་རྗེས་སྡུད་ཀྱང་ཞི་བའི་སྐབས་གཏེར་གཞུང་རྡོ་རྗེའི་ཚིག་གིས་ཟིན་པས་བྱ་དགོས་པར་རྟོགས་ལ། དེས་ན་རྗེས་སྡུད་ཞི་བའི་སྐབས་དེ་འཕྲུལ་ཤེས་པར་བྱའོ། །ཡང་དམིགས་མེད་དུ་ཀ་དག་ངང་ལ་བཞག་ཀྱང་བསྐྱེད་ཆོག་དང་མཐུན་པའི་སྡུད་རིམ་སྟེ་འགལ་བ་མེད་པ་ཉིད་དུ་ཤེས་སོ། །དེ་ལྟར་དྲག་པོའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་དྲུག་པའོ།། ༈ །།བཞི་པ་ཡང་གསང་ངམ་དེ་ཁོ་ན་ཉིད་ལྟར་སྒྲུབ་པ་ནི། ཐུན་དང་པོའི་འགོར་གུ་རུ་ཞི་དྲག་གི་སྒོམ་བཟླས་ཅི་རིགས་བྱས་པའི་མཐར་རང་ཉིད་དྲག་པོ་འོད་དུ་ཞུ་བ་ལས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པ་ནི། དེ་ཡང་པད་ཉི་མི་རོའི་གདན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྐུ་མདོག་མཐིང་ག་ནམ་མཁའ་དྭངས་པའི་ཁ་དོག་ལྟ་བུ་ཞལ་འཕྲོག་བྱེད་སེང་གེའི་གཟུགས་སུ་གནས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟང་ཡག་ཏུ་གཙིགས་པ་རལ་པ་ལྗང་དམར་གྱེན་དུ་འཕྱོ་བའི་གསེབ་ནས་སྤྲུལ་པའི་ཁྲོ་མོ་སེང་ཆུང་མང་པོ་སྐར་ལྟར་འཕྲོ་བ། ཕྱག་གཡས་པས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་དུ་བྱད་མ་རྦོད་གཏོང་མཁན་དང་བདུད་དང་མུ་སྟེགས་ཀྱི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ་གཡོན་བརྐྱང་པས་བདག་མེད་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཅིང་བདུད་རིགས་བརྒྱ་ཡི་མགོ་བོའི་ཕྲེང་བ་སེ་རལ་ཁར་འཕྱང་བ། རུས་པའི་རྒྱན་དྲུག་དང་མེ་ལོང་དང་གསེར་གྱི་དྲིལ་ཆུང་གཡེར་ཁས་མཛེས་པར་བྱས་པ། ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་འཁོར་ལོས་སྒྱུར་མའི་སྐུ་རུ་གསལ་བའི་སྤྱི་བོར་རིགས་བདག་བླ་མ་ཀུན་འདུས་གུ་རུ་པདྨ་དང་། གྲུ་མོ་གཡོན་དུ་ཐབས་བདེ་བ་ཆེན་པོའི་རང་བཞིན་ཆེ་མཆོག་དམར་ནག་དྲག་པོ་རྩལ་གྱི་ངོ་བོ་ཁ་ཊྭཱཾ་གའི་རྣམ་པ་ལ་འཁྱུད་པ། ཡེ་ཤེས་བསྐལ་པའི་མེ་ཕུང་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པའི་མཚོན་ཆའི་གུར་ཁང་འཁྲིགས་པའི་དབུས་སུ། རང་འདྲ་ཡེ་ཤེས་མཁའ་འགྲོ་དུ་མའི་འཁོར་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་གནས་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཞི་དྲག་གི་སྐབས་སུ་བསྐྱེད་པ་ལྟར་གསལ་བརྟན་དག་དྲན་ལ་བསླབ་ཅིང་། སྐབས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་མཆོད་བསྟོད་རང་ལ་གཞུག་པ་རྣམས་ཀྱང་ཅི་ནུས་བྱ། དམིགས་ཐུན་དང་པོའོ། ༈ །དེ་ནས་ཛཔ྄་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། རང་གི་སྙིང་གར་ཡེ་ཤེས་པ་ཏིང་འཛིན་སེམས་དཔའི་ཚུལ་ཉི་མ་ཧཱུྃ་ཡིག་དྲག་པོའི་སྐབས་ཇི་བཞིན་པ་ལས། འདིར་ཧཱུྃ་ཡིག་གི་ཁ་དོག་མཐིང་ག་ཡིད་བཞིན་གྱི་ནོར་བུ་མཐོན་ཀ་ཆེན་པོ་ཇི་བཞིན་པར་གསལ་བའི་མཐར། ཡེ་ཤེས་དམ་ཚིག་འཇིག་རྟེན་ལས་ཀྱི་སྲོག་སྙིང་བཅུད་དུ་ཕྱུང་བའི་རང་སྔགས་རྡོ་རྗེའི་སྒྲ་འདོགས་དང་བུ་དྲུག་གང་ཡང་མེད་པ་སྦྲུལ་གཅུས་པའམ་སྤུ་གྲིའི་ཕྲེང་བ་ལྟ་བུ་ཡིག་འབྲུ་ཚེགས་བར་བཅུ་བཞི་པ་སྟེ་ཕྱི་མོ་ཕྱེད་དང་བཅོ་ལྔ་པ་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་པ་མགོ་བོ་གྱེན་བསྟན་ཁ་དོག་མཐིང་ག་གཡོན་དུ་ཕྲམ་མེར་འཁོད་པ་མ་གསལ་བར་དུ་ནན་ཏན་གྱིས་བསྒོམ་ཞིང་། དེ་ལྟར་གསལ་ཐེབས་ཚེ་ཧཱུྃ་ཡིག་ལས་འོད་ཟེར་ཚ་ལ་རྩུབ་པ་རྣོ་ལ་རིང་བ་ལྟ་བས་མི་བཟོད་པ་འཕྲོས་ཏེ་སྔགས་ཀྱི་ཕྲེང་བ་ལ་ཕོག །སྔགས་ཀྱི་ཕྲེང་བ་ལས་ཀྱང་དེ་ལྟ་བུ་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་འཕྲོས། རྒྱལ་བ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྦྱངས། བདག་ཅག་དཔོན་སློབ་ཀྱི་ཐར་པའི་གེགས་བྱེད་གནོད་བྱེད་བྱད་མ་རྦོད་གཏོང་བདུད་དང་མུ་སྟེགས་དམ་སྲི་རྣམས་ལ་ཕོག་པས་སྤུ་གྲིས་སྐྲ་བཞར་བའམ། བྱ་སྒྲོ་ཞུན་ཁང་གི་མེ་ལ་བསྲེགས་པ་བཞིན་སྐད་ཅིག་དེ་མ་ཐག་ཏུ་རྨེག་མེད་ཐལ་བ་རྡུལ་ཕྲན་ཉིད་དུ་བརླགས་ཤིང་། འོད་ཟེར་ཚུར་འདུས་སྙིང་གའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་བྱིན་རླབས་ནུས་མཐུ་གཟི་བརྗིད་སྔར་ལས་ཀྱང་ཆེས་ཆེར་རྒྱས་པར་བསམས་ལ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ཡང་བཅས་ཛཔ྄་སྔགས་བཟླས་ཤིང་། སྐབས་སུ་གོང་གི་མཚོན་ཆའི་གུར་ཁང་གང་གིས་ཀྱང་གཞིག་པར་མི་ནུས་པ་རྡོ་རྗེའི་རང་བཞིན་དུ་བསམས་ལ་སྔགས་བཟླ་བ་ནི་སྲུང་འཁོར་གྱི་མཆོག་གོ །ཞི་དྲག་གི་ཞོར་བྱུང་ཤམ་བུ་ཙམ་དུ་བཟླ་ན་དམིགས་པའི་རིམ་པ་དེ་ཙམ་གྱིས་ཆོག་ཅིང་བསྙེན་ཚད་ཀྱང་ཁྲི་ཕྲག་ལྔའོ། །བླ་མ་ཡི་དམ་གྱི་བསྙེན་པ་གྲུབ་པའི་རྣལ་འབྱོར་པས་སེང་གདོང་མའི་བསྙེན་སྒྲུབ་རྐང་ཚུགས་བྱེད་ན་སྤྲོ་བསྡུ་གསུམ་དང་མཁའ་ཁྱབ་སྐུ་གསུང་ཐུགས་ཀྱི་བཟླས་པ་རྣམས་གོང་དུ་བཤད་པ་རྣམས་ཁ་བསྒྱུར་ཏེ་བྱ་ཞིང་། དོ་ལིའམ་ཁྱོགས་ཀྱི་བཟླས་པ་ཡང་སྤྲོ་ན་མི་རུང་བ་མེད་ལ། བསྙེན་ཚད་ཀྱང་འབྲུ་འབུམ་ནས་བྱེ་བ་ས་ཡ་ཅི་ནུས་སོ། །དེ་ལྟར་རྒྱུན་གྱི་ཉམས་ལེན་སྲུང་བ་མཆོག་སྒྲུབ་དང་འབྲེལ་བའི་དམིགས་སྐོར་ཏེ་ཐུན་གཉིས་པའོ། ༈ །བཟློག་པའི་སྐབས་སུ་སྔགས་ཀྱི་གོ་ཆ་ལུས་ལ་དགོད་པ་ནི་ཡང་འགྲེལ་ལས་གསུངས་པ་བཞིན་སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཡས་སུ་མཿརཿ གཡོན་དུ་ཡཿཕཊཿ དེ་རྣམས་ལས་འོད་ཟེར་མེ་འོད་མཚོན་ཆ་འཁྲུགས་ཏེ་མཆེད་པས་ཐར་པའི་བར་ཆད་དགྲ་བགེགས་བྱད་མ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམས་ནས་དྲག་སྔགས་ཅི་ནུས་བཟླས། ཐུན་མཚམས་སུ་བདེན་སྟོབས་བཅས་ཐལ་མོ་གནམ་ས་ཉི་ཟླས་མཚན་པའི་བར་དུ་དགྲ་བགེགས་བྱད་མ་ཀུན་སྒོ་ང་བྲག་ལ་བཅར་བ་བཞིན་ཕྱེ་མར་གཞིག་པར་བསམས་ལ་ཐལ་མོ་བརྡབ། དེ་ནི་བཟློག་པའི་མཆོག་ཏུ་གྱུར་པའོ། །ཐུན་མཚམས་དམིགས་མེད་ཀ་དག་གི་ངང་དུ་བཞག་པའམ་ཡང་ན་རྗེས་སྡུད་ཀྱི་རྣལ་འབྱོར་གོང་དུ་བསྟན་པ་ལྟར་ལ་མཐར་ལྷ་སྐུར་ལྡང་ཚེ་སྲུང་བའི་འཁོར་ལོ་ཡང་གསལ་གདབ་པར་བཞེད། རྦད་བསད་ཀྱི་སྐབས་སུ་རང་ཉིད་གུ་རུ་དྲག་པོ་ཞི་བའི་རིགས་བདག་ཅན་གྱི་མདུན་དུ་སེང་གདོང་མ་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་བཅས་གསལ་བཏབ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་སྤྲོས། དགྲ་བགེགས་བྱད་མ་རྣམས་ཕྱག་རྒྱ་བཞི་ཡིས་བཀུག །ལྷ་དང་དབྱེ། གཟུགས་ལ་དབབ། བྱད་དུ་གཞུག །སྨྱོ་རུ་བཅུག །གཏུན་དུ་བརྡུངས། ཤ་ཁྲག་ཡེ་ཤེས་ལས་བྱེད་མཁའ་འགྲོའི་ཚོགས་ཀྱིས་ལྷག་མེད་དུ་བཞེས་པར་བསམས་ལ་བསྐུལ་དང་དྲག་སྔགས་ཅི་ནུས་སུ་བཟླ་བ་སྟེ། ཚུལ་འདི་གནས་སྐབས་འདིར་རྒྱས་པར་སྨོས་མ་དགོས་ཀྱང་རྒྱུད་ཀྱི་ཡང་འགྲེལ་དུ་བསྐྱེད་རིམ་གྱི་ཟབ་ཁྲིད་འཕྲོས་སུ་གནང་འདུག་པ་བཞིན་སྐབས་འདིར་ཡང་ས་བཅད་ཚུལ་དུ་བཟློག་དམིགས་ཀྱི་ཞར་བྱུང་དུ་སྨོས་པ་སྟེ་དམིགས་ཐུན་གསུམ་པའོ། །དེ་ལྟར་སེང་གདོང་གི་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བདུན་པའོ། །དེ་ཡང་བཀའ་སྲུང་ཡེ་ཤེས་མཁའ་འགྲོའི་སྒྲུབ་པ་ལ་ཡང་གསང་ངམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞེད་པའི་རྣམ་གཞག་གོ་རིམ་ལ་ཁ་ཅིག་ནས་དཔྱད་པ་སྐད་བྱེད་ཀྱང་ས་བཅུའི་དབང་ཕྱུག་ལྟ་བུ་ངེས་པར་དག་པའི་ས་ལ་བཞུགས་པའི་སྲུང་མ་ཁ་ཅིག་གི་སྒྲུབ་ཐབས་ལ་ཡང་གསང་གི་བརྡར་བཞག་པ་མང་ན། འདི་ནི་སྐབས་འདིར་ཆོས་ཀྱི་སྲུང་མར་གསུངས་ཀྱང་། སྤྱིར་གཞུང་གཞན་ཀུན་ཏུ་ཡི་དམ་ལྷར་སྒྲུབ་པ་ཤས་ཆེ་བས་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞག་པ་ལ་སྐྱོན་ཡེ་ནས་མེད་དོ།། ༈ །།ད་ནི་གསུམ་པ་ལས་ཁ་ཚར་ཕྲིན་ལས་བཞིའི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། འཕྲོ་འདུའི་ཕྲིན་ལས་སྦྱོར་ཤེས་ན༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ དེས་ན་དུས་དང་ཁ་ཕྱོགས་སོགས༔ གནས་སྔགས་སྨོན་ལམ་ཤེས་པར་བྱ༔ ཞེས་གསུངས་ཏེ། དང་པོ་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་དུས་ནི་ཐོ་རངས་ཀྱི་དུས་སུ་ཡིན་ལ་ཁ་ཤར་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་ཟླ་བའི་ཞུན་མ་འཁྱིལ་བ་ལྟ་བུ་དཀར་བ་ལ་པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་དུང་དང་ཀུ་མུད་ཀྱི་ཁ་དོག་ཅན་གསོལ་བ། ཕྱག་ན་ཟླ་བ་ཆུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་འཕྱང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་གསལ་ལ་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་པད་དཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་དང་། བྱེ་བྲག་ཏུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་པད་དཀར་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ། དེའི་མཐར་སྔགས་ཀྱི་རིམ་པ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩ་བའི་སྔགས་དང་། ཨོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཤམ་བུ་ལས་སྔགས་ཏེ་སྔགས་ཕྲེང་ཡིག་འབྲུ་གྱེན་ལངས་བཀླག་ཐབས་སུ་གནས་པར་བསམས་ལ། དེ་ནས་སྤྲོ་བསྡུ་ནི། ཛཔ྄་སྔགས་བཟླས་པས་ཐུགས་ཀའི་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས། སྤྱི་བོའི་ཟླ་དཀྱིལ་སྔགས་ཕྲེང་ཨོཾ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་ཨོཾ་ལས་ཟླ་བའི་འོད་ཟེར་ལྟ་བུ་ནམ་མཁའི་ཁྱོན་ཁེངས་ཤིང་སྔགས་ཀྱི་སྒྲས་རྒྱལ་བ་སྲས་དང་སློབ་འབངས་བཅས་དགྱེས་པར་བྱས་ཤིང་ཐུགས་དམ་ཀྱི་རྒྱུད་བསྐུལ་བས་དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་གཙུག་གི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་མཐུ་སྟོབས་ནུས་པ་ཤིན་ཏུ་ནས་ཀྱང་བསྐྱེད་པར་བྱས་ཏེ། དེ་ལས་སླར་ཡང་འོད་ཟེར་པད་རྩ་མུ་ཏིག་ལྟར་དཀར་ཞིང་ཟླ་བའི་དབྱིབས་ཅན་སོགས་འཕྲོས། འགྲོ་བ་རྣམས་ལ་ཕོག་པས་བདག་གཞན་གྱི་ལས་ཉོན་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་མཐའ་དག་ཞི་བར་བྱས་སོ་བསམས་ནས་བཟླས་པ་བརྒྱ་རྩའམ་སྟོང་ཚོ་དང་། ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པར་ཡང་བྱ་སྟེ། དེ་ནི། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་ཚར་གསུམ་བདུན་བཅོ་ལྔ་སོགས་ཇི་ལྟར་རིགས་པར་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔར་བསམས་ལ། སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་ཀ་དག་གི་ངང་དུ་བཞག་པའམ། བདག་གི་སྤྱི་བོའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ༔ རང་ལུས་ཀྱང་འོད་ཀྱི་གོང་བུ་སྙིང་གའི་ཐུགས་སྲོག་ལ་འདུས་ཏེ་སྟོང་པར་གཞིལ་བ་དང། སླར་ལྡང་བ་གོང་དུ་རྩ་བའི་སྒྲུབ་ཐབས་སུ་བསྟན་པ་ལྟར་བྱ་བ་སྟེ་ཞི་བའི་ལས་ཀྱི་དམིགས་ཐུན་དང་པོའོ། ༈ །དེ་ནས་རྒྱས་པའི་ཕྲིན་ལས་བསྒྲུབ་པའི་དུས་ནི་ཉི་དྲོས་ཀྱི་སྐབས་སུ་ཁ་ལྷོ་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་གསེར་གྱི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུ་སེར་ལ་འཚེར་བ་བལྟ་བས་མི་བཟོད་པ། པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་བཻ་ཌཱུརྻ་སེར་པོའི་ཁ་དོག་ལྟ་བུ་ཕྱག་ན་རིན་པོ་ཆེ་ཆ་དགུ་འོད་ཟེར་མཆོག་ཏུ་འབར་བ་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་འཆང་བ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པར་བསམས་ལ། ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་ཞི་བའི་སྐབས་བཞིན་ལས་པད་རྡོར་ཧཱུྃ་སེར། བྱེ་བྲག་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་སེར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆ་དགུ་པའི་དབུས་སུ་བྷྲཱུྃ་ཡིག་སེར་པོ་གནས་པའི་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ཀྱི་མཐར། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལས་སྔགས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ལ། དེ་ནས་སྤྲོ་བསྡུ་ནི་ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་སེར་པོ་འཕྲོས། མགྲིན་པའི་རིན་ཆེན་སྔགས་ཕྲེང་བྷྲཱུྃ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་བྷྲཱུྃ་ལས་འོད་ཟེར་སེར་པོས་ནམ་མཁའི་ཁྱོན་ཁེངས་ཤིང་སྔགས་ཀྱི་རང་སྒྲས་རྒྱལ་བ་རབ་འབྱམས་དགྱེས་ཏེ་ཐུགས་རྒྱུད་བསྐུལ་བ་སོགས་ཞི་བའི་སྐབས་ལྟར་ལ། དེ་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་སེར་པོ་བྱུང་རང་གི་མགྲིན་པའི་ཛཔ྄་དཀྱིལ་ལ་ཐིམ་པས་ནུས་པ་བསྐྱེད། དེ་ལས་སླར་འོད་ཟེར་རྡོ་རྗེ་ཕ་ལམ་དང་སྦུར་ལེན་གྱི་ཁ་དོག་ལྟ་བུ་ནོར་བུ་རིན་པོ་ཆེའི་དབྱིབས་ཅན་ལ་སོགས་པ་འཕྲོས་འགྲོ་བ་རྣམས་ལ་ཕོག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀུན་ཏུ་རྒྱས་ཤིང་གནས་སྐབས་ཀྱི་འབྱོར་པ་དྲུག་འཕེལ་བར་བསམས་ལ་བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་ཚར་ཇི་ལྟར་རིགས་པ་བརྗོད་མཐར་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་ཞིང་ནང་བཅུད་ཀྱི་སེམས་ཅན་རིན་ཆེན་སེམས་དཔར་གྱུར་ནས་སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་དུ་བཞག་པའམ། ཡང་རྗེས་སྡུད་མགྲིན་པའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ་པ་ལས་གཞན་ཞི་བའི་སྐབས་སུ་བཤད་པ་ལྟར་བྱ་བ་སྟེ། རྒྱས་པའི་ལས་ཏེ་དམིགས་ཐུན་གཉིས་པའོ། ༈ །དེ་ནས་དབང་གི་ཕྲིན་ལས་བསྒྲུབ་པ་ལ་དུས་དགོང་ཁའི་སྐབས་སུ་ཁ་ནུབ་ཏུ་ཕྱོགས་ལ་རང་ཉིད་པདྨ་འབྱུང་གནས་ཁ་དོག་བྱུ་རུའི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུར་དམར་བ་པད་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་པདྨ་དམར་པོ་ལྟར་ལྷུན་ཆགས་ཤིང་མཛེས་པ་ཕྱག་ན་པདྨ་དམར་པོ་འདབ་མ་སྟོང་ལྡན་ཟེའུ་འབྲུའི་གེ་སར་ལ་ལྕགས་ཀྱུས་མཚན་པ་དང་ཐོད་པ་བདུད་རྩི་ཅན་དང་ཁ་ཊྭཱཾ་གར་འཁྱུད་པ། ཞབས་སེམས་སྐྱིལ་ལམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ་པའི་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་གོང་བཞིན་པད་རྡོར་དང་ཧཱུྃ་དམར། བྱེ་བྲག་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་པདྨ་དམར་པོ་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དམར་པོས་མཚན་པའི་མཐར་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ལ། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལས་སྔགས་བཅས་སྔར་བཞིན་འཁོད་པར་བསམས་ལ། སྤྲོ་བསྡུ་ནི་ཐུགས་ཀའི་ཛཔ྄་དཀྱིལ་ས་བོན་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་བྱུང་སྟེ་ལྟེ་བའི་ཉི་དཀྱིལ་སྔགས་ཕྲེང་ཧྲཱིཿཡིག་ལ་ཕོག་སྔགས་ཕྲེང་དྲག་ཏུ་འཁོར། ཧྲཱིཿཡིག་ལས་འོད་ཟེར་གློག་འཁྱུག་པ་ལྟ་བུ་བྱུང་ནམ་མཁའི་ཁྱོན་ཁེངས་པ་སོགས་སྔར་དང་འདྲ་བའི་ལྷ་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་དམར་པོ་བྱུང་རང་གི་ལྟེ་བའི་ཛཔ྄་དཀྱིལ་ལ་ཐིམ་པས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་དབང་དུ་འདུས་ཛཔ྄་ཀྱི་ནུས་་་པ་བསྐྱེད། དེ་ལས་སླར་འོད་ཟེར་ཨུཏྤལ་དང་མུ་ཏིག་དམར་པོའི་ཁ་དོག་ཅན་ལྕགས་ཀྱུ་ཞགས་པ་ལ་སོགས་པ་འགུགས་བྱེད་མཚོན་ཆའི་རྣམ་པར་འཕྲོས། དབང་དུ་བྱ་བའི་སེམས་ཅན་རྣམས་ཀྱི་སྤྱི་བོ་སྙིང་ག་དང་གསང་གནས་རྣམས་སུ་ཕོག་པས་དེ་རྣམས་ཀྱི་ཡིད་རང་དབང་མེད་པར་བསྐུལ་ཏེ་བདག་གི་དབང་དུ་འདུས་ཤིང་ཀུན་ཀྱང་ཕྱིར་མི་ལྡོག་པ་ཐར་པ་མཆོག་གི་ལམ་ལ་བཀོད་པར་བསམས་ལ། ཛཔ྄་སྔགས་བཟླས་ཤིང་སྔགས་ཀྱི་གྲངས་མཚམས་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་ཚར་ཅི་ནུས་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་པདྨ་ཅན་གྱི་ཞིང་དང་བཅུད་ཀྱི་སེམས་ཅན་པདྨ་སེམས་དཔར་གྱུར་པར་བསམས་ལ་དམིགས་མེད་དུ་བཞག་པའམ། ལྟ་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམ་པ་དང་རྗེས་སྡུད་གོང་དུ་བཤད་པ་ལྟར་བྱ་བ་སྟེ་དབང་གི་ལས་རིམ་དམིགས་ཐུན་གསུམ་པའོ། ༈ །དེ་ནས་དྲག་པོའི་ཕྲིན་ལས་བསྒྲུབ་པ་ནི། དུས་ནི་སྲོད་ཀྱི་དུས་སུ་ཁ་བྱང་ཕྱོགས་སུ་བསྟན་ཏེ་རང་ཉིད་པདྨ་འབྱུང་གནས་ཁ་དོག་སྟོང་ཟིལ་བཅག་པ་ལྟ་བུར་གནག་པ་པད་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་མིག་སྨན་གྱི་གཡུང་དྲུང་ལྟ་བུར་གསོལ་བ། ཕྱག་ན་རལ་གྲི་མེ་འབར་བ་དང་ཐོད་པ་ཁྲག་གིས་བཀང་བ་འཛིན་པ་ཁ་ཊྭཱཾ་ག་ལ་འཁྱུད་པ་ཞབས་ཕྱེད་སྐྱིལ་ལ་པུས་མོ་གཡས་ཙོག་བུར་བསླངས་ཏེ་བཞུགས་པར་བསམ་ལ་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་གོང་ལྟར་པད་རྡོར་དང་ཧཱུྃ་མཐིང་། བྱེ་བྲག་པ་གསང་གནས་བདེ་སྐྱོང་འཁོར་ལོ་པད་ལྗང་འདབ་མ་ཉེར་བརྒྱད་པའི་ལྟེ་བར་རལ་གྲི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་ལྟེ་བ་ཁོང་སེང་དུ་ཧཱུྃ་ཡིག་ནག་པོ་དེ་མཐར་རྩ་བའི་སྔགས་དང་ལས་སྔགས། ཧཱུྃ་མཱ་ར་ཡ་ཕཊ༔ ཀྱིས་བསྐོར་བར་བསམས་ལ་སྤྲོ་བསྡུ་ནི། ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་མཐིང་ནག་མེ་ལྟར་འཁྲུགས་པ་འཕྲོས། གསང་གནས་རལ་གྲི་སྔགས་ཕྲེང་ཧཱུྃ་ཡིག་ལ་ཕོག །སྔགས་ཕྲེང་དྲག་ཏུ་འཁོར་ཧཱུྃ་ལས་འོད་ཟེར་མཐིང་ནག་གིས་ནམ་མཁའི་ཁྱོན་ཁེངས་ཤིང་རྒྱལ་བ་རྣམས་དགྱེས་བསྐུལ་བྱས་ཏེ། ལྷ་རྣམས་ཀྱི་གསང་གནས་ནས་འོད་ཟེར་མཐིང་ནག་ཚ་ལ་རྩུབ་པ་མཚོན་ཆ་སྣ་ཚོགས་པའི་དབྱིབས་ཅན་ལྟ་བུ་བྱུང་ནས་རང་གི་གསང་གནས་ཀྱི་ཛཔ྄་དཀྱིལ་ལ་ཐིམ་པས་ཁམས་གསུམ་འཁོར་བ་དུས་གཅིག་དུ་སྒྲོལ་ནུས་པའི་མཐུ་དབང་ཐོབ་པར་་བསམས་ལ། སླར་ཡང་དེ་ལས་འོད་ཟེར་གནམ་ལྕགས་ཞུན་མ་དང་མགར་གྱི་སོལ་མེ་དང་རྡོ་རྗེའི་ཆར་ལྟ་བུའི་མཚོན་ཆ་དང་ལས་བྱེད་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་འཕྲོས་ནས། བདག་ཅག་དཔོན་སློབ་ཀྱིས་ཆོས་བྱང་ཆུབ་སྒྲུབ་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་བྱད་མ་རྦོད་གཏོང་བདུད་དང་དམ་སྲི་གདུག་པ་ཅན་ཐམས་ཅད་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས་སུ་བཅུག་མཚོན་ཆའི་ཆར་གྱིས་ཕྱེ་མར་གཏུབས་ཏེ། དུག་གསུམ་རང་བཞིན་ཤ་ཁྲག་རུས་པ་ལས་བྱེད་ཁྲོ་བོའི་ཚོགས་ཀྱིས་ཧབ་སྒྲ་དི་རི་རི་ལྷག་མ་མེད་པར་གསོལ་བར་ཡང་ཡང་བསམ་སྟེ་རྩ་སྔགས་ལས་སྔགས་སྤེལ་གྱིན་བཟླས། བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་དམོད་པ་གདབ་པ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ཅི་ལྟར་འོས་པ་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་སྤྱི་དང་བྱེ་བྲག་ཏུ་གོང་དུ་བསྒྲལ་པའི་འགྲོ་བ་དེ་རྣམས་ཀྱི་སེམས་རྒྱུད་ཡོངས་སུ་དག་པར་བྱས་ཏེ་ལས་ཀྱི་སེམས་དཔར་གྱུར་པར་བསམས་ལ། དེ་ནས་རིམ་བཞིན་སྣོད་བཅུད་འོད་ཀྱི་གོང་བུར་བདག་ལ་ཐིམ་ནས་དམིགས་མེད་ཀ་དག་ངང་དུ་བཞག་པའམ། གསང་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམས་ཏེ་རྗེས་སྡུད་བསྒོམ་པ་གང་བདེ་བྱ་ལ་དྲག་པོའི་ལས་ཏེ་དམིགས་ཐུན་བཞི་པའོ། །དེ་ལྟར་ལས་བཞིའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བརྒྱད་པའོ། །དེ་ལྟར་ཕྲིན་ལས་བཞི་སྒྲུབ་ཀྱི་རིམ་པ་ཕྱོགས་དུས་ཁ་དོག་གནས་སྔགས་སྤྲོ་བསྡུ་སྨོན་ལམ་སྟེ་དོན་ཚན་བདུན་གྱིས་བསྡུས་པ་འདི་ནི་གཏེར་གཞུང་རྩ་བ་ལས་དངོས་སུ་བསྟན་པ་ལྟར་གསུངས་པ་ཉིད་གཙོ་བོར་བྱས་ཤིང་། ཤུགས་བསྟན་དུ་རྣམ་གྲངས་གཞན་ཡང་འབྱུང་བར་གོ་ལ་ཐུགས་སྒྲུབ་གཞན་ནས་ལས་བྱེད་རིགས་བཞི་ཐུགས་ཀ་ནས་སྤྲོ་བ་དང་། ཡང་ལས་བྱེད་ཀྱི་ལྷ་གནས་བཞིར་བཀོད་པ་སོགས་ཀྱང་འབྱུང་མོད། འདིར་ནི་གོང་དུ་བཤད་པ་ཉིད་གཙོ་བོ་ཡིན་ནོ།། ༈ །།ད་ནི་བཞི་པ་ལས་མཐའ་རྒྱས་ཚེའི་སྒྲུབ་པའི་རིམ་པ་ནི། དེ་ཡང་བདག་བསྐྱེད་གཅིག་པུ་ལ་བརྟེན་ནས་སྒྲུབ་པ་དང་། མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་གཉིས་ཀྱི་དང་པོ་ནི། དེ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། བདག་བསྐྱེད་རྐྱང་སྒྲུབ་བྱེད་ན༔ རང་ཉིད་ཀྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པས་འཁོར་བར་དམིགས་ཏེ་བཟླའོ༔ ཞེས་འབྱུང་བ་ལྟར་ཡིན་ལ། འོན་ཀྱང་འདིར་བླ་མའི་མན་ངག་གིས་ཅུང་ཟད་ཁ་བསྐངས་ཏེ་གསལ་བར་བཤད་ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀར་པད་དཀར་ཟེའུ་འབྲུའི་དབུས་སུ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པ་མས་ཀྱི་རྭ་རྣམས་ཟེའུ་འབྲུའི་དབུས་སུ་ནུབ་པ་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་དྭངས་མ་ལྔ་ལྡན་གྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་རྙོག་པ་དང་བྲལ་བའི་ཁོག་པར་ཡི་གེ་ནྲྀཿལྗང་གུ །དེའི་ནང་དུ་ཡི་གེ་ཨཿདཀར་པོ་གནས་པའི་ཕྱི་རོལ་མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་ཡིག་འབྲུ་གྱེན་འགྲེང་རེ་རེ་བཞིན་ལྔ་ལྡན་འོད་ཟེར་གྱི་མུ་ཁྱུད་ཨ་ལོང་སྦྲེལ་བ་ལྟ་བུའི་ནང་དུ་གནས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ལ་ཛཔ྄་དཀྱིལ་ཇི་བཞིན་མ་གསལ་བར་དུ་ནན་གྱིས་བསྒོམ། དེ་ནས་ཛཔ྄་བཟླས་པས་སྔགས་ཀྱི་ཕྲེང་བ་ལས་རང་སྒྲ་དང་བཅས་ཏེ་འོད་ཟེར་བྱུང་ཧྲཱིཿཡིག་ལ་ཕོག །དེ་ལས་འོད་ཟེར་བུན་བུན་ཕྲོམ་ཕྲོམ་ནར་ཏེ་བྱུང་། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་བཅུད་དྭངས་མ། ནང་བཅུད་ཁམས་གསུམ་སེམས་ཅན་མ་ལུས་པའི་ཚེ་དཔལ་འབྱོར་པ། ཁྱད་པར་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་རྣམས་ཀྱི་ཐུགས་རྗེ་ལས་གྲུབ་པའི་ཚེ་བཅུད་ཀྱི་དྭངས་མ་རྣམས། འོད་ཟེར་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བུམ་པ་ཐོད་པའི་རྣམ་པས་བསྡུས་ནས་ཚེ་བཅུད་འོད་ཟེར་ཟབ་ཆེན་གྱི་སྐུད་པ་ལྟ་བུ་དཀར་སེར་དམར་ལྗང་མཐིང་ག་དང་། བདུད་རྩི་ཁ་དོག་ལྔ་དང་ཡི་གེ་ཧྲཱིཿནྲྀཿཨཱཿཡི་རྣམ་པར་བྱུང་བ་རང་གི་སྨིན་མཚམས་དང་དབང་པོའི་སྒོ་ནས་ཞུགས། ཐུགས་སྲོག་ཧྲཱིཿདང་ཚེ་རྟེན་ས་བོན་ལ་སིབ་སིབ་ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྐུ་ཚེ་ལ་དབང་བའི་རིག་འཛིན་དངོས་སུ་གྲུབ་པར་བསམས་ལ་བཟླས་པ་ཅི་ནུས་སུ་འབད་པར་བྱ་སྟེ་འདི་ནི་བདག་བསྐྱེད་རྩ་བའི་དམིགས་པ་སྟེ་དམིགས་ཐུན་དང་པོའོ། ༈ །ཡང་སྐབས་སུ་པདྨ་འོད་འབར་གྱི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་སྟེ་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཿཡིས་མཚན་པ། སྙིང་གར་རྡོ་རྗེ་ཧཱུྃ་གིས་མཚན་པ། ལྟེ་བར་ནོར་བུ་སྭཱ་ཡིས་མཚན་པ། གསང་གནས་སུ་སྣ་ཚོགས་རྡོ་རྗེ་ཧཱ་ཡིས་མཚན་པ་དེ་རྣམས་ལས་འོད་ཟེར་སྣ་ཚོགས་པ་ནམ་མཁའི་ཁྱོན་ཁེངས་པ་དང་། ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས། འབྱུང་བ་ལྔ་ཡི་བཅུད་བསྡུས། ཕྱོགས་སྐྱོང་སོགས་མཐུ་ཆེན་ཚེ་ལ་དབང་བ་རྣམས་ཀྱི་ལག་ནས་ཚེ་བཀུག །ལྷ་ཀླུ་མིའི་རིག་འཛིན་དྲང་སྲོང་ཚེ་ལ་མངའ་བརྙེས་པ་རྣམས་ཀྱི་འཆི་མེད་གྲུབ་པའི་ཚེ་གཡང་དང་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་པ་ལས་བྱུང་བའི་ཚེ་དཔལ་མཐའ་དག་པ་བསྡུས། འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་རང་དང་དམིགས་བྱ་བླ་མ་མཆེད་ལྕམ་ཕ་མ་ལ་སོགས་པའི་སྤྱི་བོ་ནས་མར་ལྷུབ་ལྷུབ་བབ་རྐྱལ་པ་ཞོ་ཡིས་ཁེངས་པ་ལྟར་ལུས་བདུད་རྩིས་ཁེངས། ཟག་པ་མེད་པའི་བདེ་བ་མཆོག་ཏུ་རྒྱས་པའི་འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་གྱུར། ལུས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་བ་སྤུ་རྡོ་རྗེ་ཕྱེད་པ་རེས་གཏམས་པར་བསམས་ལ་བཟླས་པ་ཅི་ནུས་བྱ་སྟེ་དམིགས་ཐུན་གཉིས་པའོ། །འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས། གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཞེས་གསུངས་པའི་དགོངས་པ་སྐབས་འདིར་ཅུང་ཟད་གསལ་བར་ཕྱེས་པ་ཡིན་ལ། གཞན་དམིགས་པ་རྒྱས་པ་ནི་བུམ་པས་ཚེ་དབང་བསྐུར་སྐབས་སུ་རྡོ་རྗེའི་གསུང་གི་ཚིག་ཟིན་ལྟར་ས་ཆུ་མེ་རླུང་ནམ་མཁའི་བཅུད་རྣམས་སོ་སོར་སྡུད་ཅིང་བསྟིམ་པ་དང་། ནང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་སོ་སོའི་ཚེ་བཅུད་བསྡུས་ནས་བསྟིམ་པ་སོགས་སྤྱི་དང་མཐུན་པས་འདིར་རྒྱས་པར་མ་སྤྲོས་ཤིང་རྒྱུན་ཁྱེར་སྙིང་པོ་ནི་གོང་དུ་བཤད་པ་ཁོ་ནར་འདུས་སོ། །རྗེས་ཐུན་མཚམས་ལ་འཇུག་པའི་སྐབས་སུ་རང་ལུས་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པར་བསམས་ལ། དེ་ནས་དམིགས་མེད་ཀ་དག་གི་ངང་དུ་ཅི་གནས་སུ་བཞག་པ་ནི་ཁྱད་པར་ཉིད་དོ། ༈ །གཉིས་པ་མདུན་བསྐྱེད་ཀྱི་རིམ་པ་ནི། ཉི་ཟླ་གཟའ་སྐར་ལ་རྟེན་བྱས་ཏེ་ཚེ་སྒྲུབ་པ་དང་། གངས་རི་རྟག་ཆགས་ལ་བརྟེན་ཏེ་ཚེ་སྒྲུབ་པ་དང། དེ་བཞིན་རི་བོ་ལྷུན་སྟུག་དང་། བྲག་རི་སྲ་བརྟན་དང་། གཡུ་མཚོ་རྟག་འཁྱིལ་རྣམས་ལ་བརྟེན་ཏེ་ཚེ་སྒྲུབ་པར་གསུངས་ཤིང་། དེ་རྣམས་བདག་བསྐྱེད་ཇི་བཞིན་མདུན་དུ་གསལ་བཏབ་སྟེ་གོང་གི་དམིགས་པ་ཉིད་སྤྲོ་བསྡུའི་སྒོ་ནས་བདག་གི་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླས་པ་བྱེད་པ་ཉིད་དེ་ཚུལ་འདི་ནན་ཏན་བྱིན་རླབས་དང་ནུས་མཐུ་ཆེན་པོ་ཡིན་པས་རིམ་པར་འབད་པར་བྱའོ། །ཡང་གནས་སྐབས་བུམ་པ་དང་གཏོར་མ་དང་ཚེ་རིལ་ཚེ་ཆང་རེ་རེ་ལ་ཡང་བརྟེན་ཏེ་སྒྲུབ་པར་གསུངས་མོད། འོན་ཀྱང་གཙོ་བོ་བུམ་པ་ལ་བརྟེན་ཏེ་སྒྲུབ་པར་བཅས་ཤོམ་དང་དམིགས་རིམ་གྱི་སྐབས་སུ་གསལ་བར་གསུངས་པས། དེ་ནས་གཟའ་སྐར་བཟང་པོར་བུམ་པ་མཚན་ལྡན་རྒྱན་གྱིས་སྤྲས་པ་ཆུ་དང་བུམ་རྫས་ཀྱིས་སུམ་གཉིས་གང་བ་བཤམས་ལ། དམིགས་པའི་རིམ་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་འདི་སྐད་ཅེས་གསུངས་ཏེ། བདག་མདུན་གྱི་འོད་ཟེར་འཕྲོ་འདུས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང༔ དབང་ཆེ་བ༔ རྩལ་དྲག་པ༔ འཁོར་མང་བ༔ ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ལྡན་པ་གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀཿའི་རྣམ་པ་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དུ་འཁྱིལ་བར་བསམ༔ ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་བདག་མདུན་ཞེས་པའི་སྒྲས་བདག་བསྐྱེད་དང་མདུན་དུ་བུམ་ཆུའི་སྟེང་དུ་གུ་རུ་བསྒོམས་པ་གཉིས་ཀའི་ཕྱག་གཡོན་པའི་ཐོད་པའི་ནང་ན་བུམ་པ་འཆི་མེད་བདུད་རྩིས་ཁེངས་པའི་དབུས་སུ་ནྲྀཿའོད་འཁྱིལ་ལེ་བ་བསྒོམ་ཞིང་།བདག་དོན་ཡིན་ན་ཐུན་མཚམས་རྣམས་སུ་རང་གི་སྙིང་གར་ཐུགས་སྲོག་ལ་བསྟིམ་པ་དང་། གཞན་དོན་ཡིན་ན་དམིགས་བྱ་དེ་ལ་བསྟིམ་པའམ་བུམ་པའི་ཆུ་དང་དབྱེར་མེད་བྱས་ནས་ཚེ་དབང་བསྐུར་བ་ཡང་ཡིན་ནོ། །ཚུལ་དེ་ལྟ་བུ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ ཅེས་གསུངས་པའི་དགོངས་པ་ཉིད་དུའང་འགྱུར་བའོ། ཁྲིད་ཀྱི་སྐབས་སུ་བདག་བསྐྱེད་ཁོ་ན་འཆད་པས་རུང་མོད་འཕྲོས་བྱུང་དུ་མདུན་བསྐྱེད་ཀྱི་ཚུལ་ཅུང་ཟད་སྨོས་པ་སྟེ་དམིགས་ཐུན་གསུམ་པའོ། །དེ་ལྟར་ཚེ་ཁྲིད་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་དགུ་པའོ།། ༈ །།དེ་ནས་སྤྱི་དོན་གཉིས་པ་བསྐྱེད་པའི་རིམ་པ་དང་རྗེས་སུ་འབྲེལ་བའི་མན་ངག་ཁྱད་པར་བ་དག་བརྗོད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྩ་བར་ཡོ་ག་གསུམ་གྱི་སྒྲུབ་ཐབས་འགྲིགས་ཆགས་སུ་གསུངས་ཤིང་། མ་ཧཱ་ཨ་ནུ་ཨ་ཏི་ཡོ་གའི་དོན་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོའི་བརྡར་བཞག་ཅིང་སྐབས་འདིར་རྫོགས་དང་རྫོགས་ཆེན་ཡང་བསྐྱེད་རིམ་དང་རྗེས་སུ་འབྲེལ་བའི་ཚུལ་དུ་གསུངས་པར་སྣང་ལ། དངོས་བསྟན་རྫོགས་དང་རྫོགས་ཆེན་ནི་འོག་ཏུ་བཤད་པར་འགྱུར་བའི་གཏུམ་མོ་དང་ཀ་དག་ལྷུན་གྲུབ་ཀྱི་ཁྲིད་བཀའ་ཉིད་ཡིན་མོད། འདིར་བསྟན་བྱ་བསྐྱེད་རིམ་རྗེས་འབྲེལ་ཚུལ་དུ་གསུངས་པ་ནི། ཨ་ནུ་རྫོགས་རིམ་ཚུལ་གྱིས་ཉམས་སུ་ལེན་པ་དང་། ཨ་ཏི་རྫོགས་ཆེན་གྱིས་ལ་བཟླ་བ་སྟེ་གཉིས་སོ། །དང་པོ་ལ་ཡང་ཁྱེར་སོ་གསུམ་གྱིས་ལམ་དུ་ཁྱེར་བ་དང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་དང་། འོད་གསལ་རྣལ་འབྱོར་གྱི་དབྱིངས་སུ་བསྡུ་བ་སྟེ་གསུམ་མོ། །དེ་ལ་དང་པོ་ནི་གཏེར་གཞུང་རྡོ་རྗེའི་ཚིག་རྩ་རྒྱུད་ལེའུ་དྲུག་པར། ཨ་ནུ་ཡོ་གའི་རྫོགས་རིམ་ནི༔ སྤྱོད་ལམ་རྣམ་བཞིར་ཏིང་འཛིན་གསལ༔ ཞེས་དང་། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལྷག་པའི་རྣལ་འབྱོར་ལས། རང་ཉིད་པདྨ་འོད་འབར་གྱི་བསྐྱེད་རིམ་ལ་གནས་པས༔ གཟུགས་སྣང་ཐམས་ཅད་ལྷ་སྐུ༔ སྒྲ་གྲགས་ཐམས་ཅད་གསང་སྔགས༔ དྲན་རྟོག་ཐམས་ཅད་ཆོས་ཉིད༔ གར་བཞུགས་ཐམས་ཅད་གཞལ་ཡས་ཁང༔ སུ་འགྲོགས་ཐམས་ཅད་ཡི་དམ་མཁའ་འགྲོ༔ སྤྱོད་ལམ་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལས་མ་འདས་སོ༔ ཞེས་གསུངས་པ་ལྟར་བསྐྱེད་རིམ་ལྷ་ཁྲིད་དངོས་གཞིའི་སྐབས་སུ་བཤད་པ་བཞིན་གུ་རུ་པདྨའི་སྐུ་གསལ་བརྟན་དག་པ་ལ་ཡུན་རིང་དུ་གོམས་པར་བྱས་ཤིང་། དེ་ལ་བརྟེན་ནས་སེམས་ཞི་བ་ཡང་ཅི་རིགས་འགྲུབ་ཅིང་། ལྷ་སྐུ་རང་ཤར་དུ་འབྱུང་བ་ཉིད་ནི་ལམ་འདི་ཡི་རྣལ་འབྱོར་རྗེས་མཐུན་པ་ཡིན་ལ། ཚུལ་དེ་ལམ་དུ་བྱེད་པ་ཁྱེར་སོ་གསུམ་ལ་སྤྱོད་པ་སྟེ། དེ་ཡང་འདི་ལྟར་མཐོང་ཡུལ་གཟུགས་སུ་སྣང་བ་ཀུན་སྒྱུ་མ་ལྟ་བུ་ལ་གུ་རུ་པདྨའི་སྐུ་ཡི་རང་བཞིན། གྲགས་པ་སྒྲ་སྣང་ཀུན་གཞོམ་དུ་མེད་པ་བཛྲ་གུ་རུའི་རང་སྒྲ །རྟོག་ཚོགས་བློ་ཡི་བྱེད་པ་ཀུན་ཀྱང་རང་རིག་རང་གསལ་སྤྲོས་བྲལ་ཆོས་ཉིད་ཀྱི་རང་མདངས་སུ་ངོ་ཤེས་ཤིང་། དེ་ལྟ་བུའི་མོས་པ་ལམ་བྱེད་རང་བབ་དྲན་ཤེས་མི་འབྲལ་བར་ཆུ་བོའི་རྒྱུན་བཞིན་ཉམས་སུ་ལེན་པར་བྱ་སྟེ། དེས་ནི་མ་དག་པའི་དངོས་ཞེན་བཟློག །སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས། གནས་གར་སྡོད་གཞལ་ཡས་ཁང་། གྲོགས་སུ་འགྲོགས་ཡི་དམ་ལྷ། སྤྱོད་ལམ་ཅི་བྱེད་ཆོས་ཉིད་ཀྱི་རོལ་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་ཉིད་དེ་དམིགས་ཐུན་དང་པོའོ། ༈ །དེ་ལྟར་ཁྱེར་སོ་གསུམ་ལ་ཅི་ནུས་སུ་བློ་བཞག་ཅིང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་ནི། གཏེར་གཞུང་རྡོ་རྗེའི་ཚིག་ལས། རང་གི་འོད་ཟེར་གྱིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ༔ ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་ཐམས་ཅད་རང་ལུས་སྣང་སྟོང་དབྱེར་མེད་ལ་ཡེ་ནས་གནས་པ༔ སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པར་མཛད་དོ༔ ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི། རང་གི་ལུས་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་སྐུ་ཡི་ནང་ཁེངས། སྐུ་ལས་འོད་ཟེར་ཁ་དོག་ལྔ་པས་ཞིང་ཁམས་ཐམས་ཅད་རང་བཞིན་གྱིས་ཁྱབ་ཅིང་འོད་སྣང་དང་ཞིང་ཁམས་གདོད་ནས་དབྱེར་མི་ཕྱེད་པ་རང་བཞིན་གྱི་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་། ཞིང་ཁམས་མཐའ་དག་པའི་བཀོད་པ་དང་། ཡོན་ཏན་ཀུན་ཀྱང་རང་གི་ལུས་འོད་གསལ་དྲི་མ་མེད་པའི་སྙིང་པོ་རྡོ་རྗེའི་སྐུ་དང་དབྱེར་མི་ཕྱེད་པ་ཡེ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་གནས་པ། སྐུའི་རྣམ་འགྱུར་ཆེ་ཆུང་ཚད་མེད་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་ཡེ་ནས་ཡིན་བཞིན་དུ་ངོ་ཤེས་ཤིང་ཐག་བཅད་དེ། དེའི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པ་ལ་འབད་པར་བྱ། དེའི་སྐབས་སུ་བཟླས་པ་ལ་ཡང་བརྩོན་པ། གཏེར་གཞུང་རྡོ་རྗེའི་ཚིག་ལས། དེའི་ཚེ་རླུང་དང་ཡིད་ཀྱི་བཟླས་པ་ལ་བརྩོན་པར་བྱའོ༔ ཞེས་གསུངས་པ་ལྟར་རླུང་འབྱིན་འཇུག་གནས་གསུམ་དང་། འཇམ་རླུང་དགང་སྟོང་དང་། རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བ་ལ་བརྟེན། འབྲུ་གསུམ་མམ་རྩ་བསྙེན་ལ་རྡོ་རྗེའི་བཟླས་པ་བྱ་བ་དང་། རླུང་རང་བབ་ཏུ་བཞག་ནས་སེམས་མ་ཡེངས་རང་བྱུང་རྡོ་རྗེ་སྒྲ་སྔགས་ལ་མཉམ་པར་གཞག་པ་ཡང་གལ་ཆེ་བས་གོང་དང་ཟུང་འཇུག་ཏུ་ཉམས་སུ་བླང་བ་སྟེ་དམིགས་ཐུན་གཉིས་པའོ། ༈ །འོད་གསལ་རྣལ་འབྱོར་གྱི་དབྱིངས་སུ་སྡུད་པ་ནི། གཏེར་གཞུང་རྡོ་རྗེའི་ཚིག་ལས། སྤྲོས་བཅས་ཀྱི་རྫོགས་རིམ་ཡང་དབུ་ཞབས་ནས་རིམ་བཞིན་ཞུ་བ་རང་སེམས་དང་ནམ་མཁའ་དབྱེར་མེད་ཁྱབ་གདལ་ཆེན་པོའི་ཉམས་བསྐྱང༔ ཞེས་པས་འོད་གསལ་གྱི་གདམས་པ་དངོས་སུ་ཧྲིལ་འཛིན་བསྟན་པ་དང་། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྣང་སྟོང་དབྱེར་མེད་དུ་བསྐྱང༔ ཞེས་པས་འོད་གསལ་གྱི་གྲུབ་འབྲས་ཟུང་འཇུག་གི་སྐུ་ལམ་དུ་བྱེད་པ་བསྟན། རྗེས་གཞིག་ནི་སྟོང་གསལ་གྱི་ཉམས་རང་ལུས་མེད་པ་དང་འབྱུང་བ་རང་དབང་ཐོབ་པའི་རྟགས་མང་དུ་འབྱུང་ངོ་༔ ཞེས་གནས་སྐབས་ཀྱི་ཕན་ཡོན་མདོར་བསྟན་ནས་གསུངས་པ་སྟེ། དེ་ཡང་ཐོག་མར་ཧྲིལ་འཛིན་ཇི་ལྟར་བསྒོམ་པ་ནི། རང་ཉིད་གུ་རུའི་སྐུ་རུ་གསལ་བ་དེ་སྐུ་ཡི་མཐའ་ནས་རིམ་པས་ཡལ་ཏེ་སྐུའི་ཆ་སྟོད་ལ་འདུས། འོད་ཟེར་ཕྲིག་ཕྲིག་བལྟ་བས་མི་བཟོད་པ་དེ་ཡང་གོང་བུར་ཞུ་ནས་སེམས་དཔའ་གསུམ་བརྩེགས་རིམ་པར་ཐིམ་པའམ་ཡང་ན་གནས་གསུམ་གྱི་ཡི་གེར་ཐིམ། དེ་ཡང་སྟོང་པའི་ཡེ་ཤེས་འབྲུ་གསུམ་གོ་རིམ་བཞིན་འདུས་ཤིང་ཧཱུྃ་ཡིག་ཐིག་ལེ་ནཱ་དའི་མཐར་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་སེམས་ཅི་གནས་སུ་བཞག་ཅིང་། སླར་ཡང་དེ་ལྟར་བསྐྱར་ཞིང་ཡང་ཡང་བསྒོམས་པས་རླུང་དབུ་མར་ཐིམ་ཞིང་རྒས་དཀའ་ཚེ་རིང་འཆི་བ་འོད་གསལ་ངོས་ཟིན་མཐར་ཐུག་དོན་དམ་པའི་འོད་གསལ་ལ་མཚམས་སྦྱོར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་བླ་མའི་མན་ངག་སྙན་བརྒྱུད་ཁྱད་པར་ཅན་གྱིས་ཁ་བཀང་སྟེ་བསྟན་པ་ཡིན་ནོ། །འདི་དང་འབྲེལ་བ་རྗེས་གཞིག་གི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་། དེ་འོད་གསལ་དུ་གཞིག་པ་གོང་དུ་རྩ་བའི་སྒྲུབ་པ་ཞི་བའི་རྗེས་སྡུད་དུ་བཤད་ཟིན་པ་ལྟར་ཉམས་སུ་བླང་བར་བྱ་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་སླར་ལྷ་སྐུར་ལྡང་སྟེ་གོང་དུ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་དོན་ལ་བསམ་སྟེ་མཉམ་པར་གཞག་པ་ཡང་ཟུང་འཇུག་ལམ་དུ་བྱེད་པར་ཤིན་ཏུ་གལ་ཆེ་བ་སྟེ། དེ་རྣམས་བསྡམས་པས་དམིགས་ཐུན་གསུམ་པའོ། །ཨ་ནུའི་དམིགས་ཐུན་གསུམ་པ་དེ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་དམིགས་སྐོར་བཅུ་པའོ། །དེ་ལྟར་ཨ་ནུ་ཡོ་གའི་རྫོགས་རིམ་ལམ་ཁྱེར་གསུམ་སོགས་རིམ་པ་བཞིན་འདུས་པ་ལ་སོགས་པའི་རིམ་ལྔ་དང་ཆ་མཐུན་པར་གོ་སྟེ། ལམ་ཁྱེར་གསུམ་ནི་དབེན་གསུམ། སྐུ་དང་ཞིང་ཁམས་དབྱེར་མེད་སྔ་མ་ནི་སྒྱུ་ལུས། ལྷ་སྐུ་སྡུད་རིམ་ནི་འོད་གསལ། ལྷ་སྐུར་ལྡང་ནས་སྐུ་དང་ཞིང་ཁམས་དབྱེར་མེད་ཕྱི་མ་ནི་སློབ་པའི་ཟུང་འཇུག་གི་དོན་དུ་འགྱུར་བའོ། །དེ་ཡང་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པ་དངོས་གནས་ནི་མི་སློབ་པའི་ཟུང་འཇུག་སྐབས་དང་། དེ་ཚུལ་བཞིན་ཉམས་འོག་ཏུ་ཆུབ་པ་ནི་སློབ་པའི་ཟུང་འཇུག་གི་སྐབས། དེ་འོད་གསལ་སྤྱི་ཡི་ཚུལ་ཏུ་རྟོགས་པ་ནི་སེམས་དབེན་གྱི་མཐར་ཐུག་མ་དག་སྒྱུ་ལུས་སུ་གྲགས་པ་ཡན་ཆད་ནས་ཡོད་པ་ཤེས་པར་བྱའོ། །སྐབས་འདིར་གཏེར་གཞུང་རྡོ་རྗེའི་ཚིག་ཏུ། གུ་རུའི་སྐུའི་རྣམ་འགྱུར་མཚན་བརྒྱད་སོགས་ཅི་སྙེད་བསྟན་ཀྱང་ངོ་བོ་ཀུན་འདུས་ཡིད་བཞིན་ནོར་བུ་པདྨ་འོད་འབར་ཁོ་ནར་འདུས་པས་དེས་ན་དཀོན་མཆོག་སྤྱི་འདུས་སུ་མཚན་གསོལ་བའི་རྒྱུ་མཚན་ཆེ་ཐང་དང་བཅས་ཏེ་གསུང་ན། དཀོན་མཆོག་སྤྱི་འདུས་ཀྱི་ཆོས་བཀའ་འདི་ལ་མཚན་བརྒྱད་སྒོས་སྒྲུབ་ཀྱི་ཁ་བསྐང་སོགས་ནི་མི་དགོས་པར་རྟོགས་སོ།། ༈ །།དེ་ནས་སྤྱི་དོན་གཉིས་པ་ཨ་ཏི་རྫོགས་ཆེན་ལྟར་ཉམས་སུ་ལེན་པ་ནི། རྩ་རྒྱུད་རྡོ་རྗེའི་ཚིག་ལས། ཨ་ཏི་ཁྱབ་གདལ་ཆེན་པོ་ནི༔ གུ་རུ་པདྨ་འོད་འབར་དེ༔ ལོགས་ན་ཡོད་པ་མ་ཡིན་ནོ༔ ཞེས་དང་། དེ་ཡི་སྒྲུབ་ཐབས་ཀྱི་གཞུང་ལས་ཀྱང་། རང་ཉིད་ལྷ་རུ་སྣང་བ་དེ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ སེམས་ཉིད་རྟོགས་ན་སངས་རྒྱས་ཏེ༔ སེམས་ལས་སངས་རྒྱས་གཞན་མ་ཚོལ༔ ཅེས་དང་། མ་བསྒྲུབས་ཡེ་ནས་རང་བྱུང་གནས༔ མ་བཙལ་བཞག་པས་རང་ས་ཟིན༔ དེ་ལྟར་རྟོགས་ན་ཨོ་རྒྱན་མཁན༔ ཆོས་ཉིད་དོན་གྱི་པད་འབྱུང་ཡིན༔ ཞེས་དང་། པདྨ་འབྱུང་གནས་ཀྱང་རང་སེམས་ཀྱི་མདངས་ཆ་ཡིན་ཏེ༔ རང་སེམས་ནི་དུས་གསུམ་གྱི་སྤྲོས་པ་དང་བྲལ་ཏེ་ཀ་དག་ངོས་བཟུང་མེད་པ་རང་བཞིན་ལྷུན་གྲུབ་ཆེན་པོ་སངས་རྒྱས་ཀྱིས་མ་གློད༔ སེམས་ཅན་གྱིས་མ་བསྒྲིམས་པ་དེ་བཞིན་ཉིད་དུ་རྟོགས་ན་པདྨ་བདག་དང་དགོངས་པ་གཅིག་ཏུ་འཚང་རྒྱ་བ་ཡིན་ནོ༔ ཞེས་གསུངས་པ་ལྟར་རང་གི་སེམས་ཉིད་ཀྱི་ངོ་བོ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོང་པ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ལ་རང་གདངས་འགག་པ་མེད་པའི་སྣང་ཆ་གུ་རུ་པདྨའི་སྐུར་ཝ་ལེར་ཤར་བ་དེ་ཡང་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་ཅིང་། སེམས་ཉིད་སྟོང་པ་ཡང་གུ་རུའི་སྐུ་ལས་གཞན་དུ་མ་འདས་པ་སྟེ་གདོད་ནས་ཟབ་གསལ་དབྱེར་མེད་བདེ་བ་ཆེན་པོའི་ངོ་བོར་ཤར་བ་དེ་ཀ་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡིན་ལ་ཡིན་པར་ཤེས་བཞིན་དུ་མ་ཡེངས་པའི་དྲན་པས་རྟག་ཏུ་སྐྱོང་ནས་ཉམས་སུ་ལེན་པར་བྱ་བ་སྟེ་དངོས་གཞིའི་དམིགས་སྐོར་བཅུ་གཅིག་པའོ།། ༈ །།འདི་ནི་བསྐྱེད་རིམ་མཐའ་དག་ལ་རྒྱས་འདེབས་བྱེད་གནད་གལ་པོ་ཆེ་ཡིན་པས་གོ་མྱོང་རྟོགས་གསུམ་གྱིས་གཏན་ལ་ཕབ་པར་བྱ་སྟེ། དེས་ན་སྙིང་པོར་དྲིལ་ནས་བསྟན་པ་ཡིན་ལ་གཞན་གོང་གི་གཏེར་གཞུང་རྡོ་རྗེའི་ཚིག་གི་འབྲུ་དོན་རྒྱ་ཆེར་བཀྲལ་ན་ལེགས་མོད་ཀྱང་ཡི་གེའི་ངལ་བས་བྲིར་མ་ལོང་ཞིང་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པས་ནི་ཤུགས་ཀྱིས་རྟོགས་པར་འགྱུར་ཞིང་། དེའི་ཚུལ་འགའ་ཞིག་ནི་འོག་ཏུ་རྫོགས་རིམ་དངོས་གཞི་བསྟན་པའི་སྐབས་སུ་འཆད་པར་འགྱུར་བས་དེར་ཤེས་པར་བྱའོ། །དེ་ལྟར་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་ཏིང་འཛིན་གསུམ་རྗེས་འབྲེལ་བཅས་ལ་དམིགས་སྐོར་བརྒྱད་དང་། ཕྱི་སྒྲུབ་ལ་དམིགས་སྐོར་གཅིག །ནང་སྒྲུབ་ལ་དམིགས་སྐོར་བརྒྱད། གསང་སྒྲུབ་ལ་དམིགས་སྐོར་བཞི། ཡང་གསང་ལ་དམིགས་སྐོར་གསུམ། ཕྲིན་ལས་བཞི་སྒྲུབ་ལ་དམིགས་སྐོར་བཞི། ཚེ་སྒྲུབ་ལ་དམིགས་སྐོར་གསུམ། རྗེས་འབྲེལ་ཨ་ནུ་ལ་དམིགས་སྐོར་གསུམ། ཨ་ཏི་ལ་དམིགས་སྐོར་གཅིག་སྟེ་ཐུན་ཆུང་སུམ་ཅུ་སོ་ལྔ་དང་ཐུན་ཆེན་བཅུ་གཅིག་སྟེ་དེས་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་ལེགས་པར་གྲུབ་པ་ཡིན་ལ། དེ་དག་གི་ཆ་རྐྱེན་རྣལ་འབྱོར་དུ་ལྡང་བའི་ཚེ་ན་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་དང་། གོས་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ནས་བདག་ཉིད་ལྷར་བལྟ་བས་གྱོན་པ་དང་། ཟས་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་ཕུང་པོ་ལྷ་དཀྱིལ་གྱིས་ཚོགས་སུ་རོལ་བ་དང་། འགྲོ་ཚེ་ཕྲག་གཡས་ཀྱི་ནམ་མཁར་རྩ་གསུམ་གསལ་བཏབ་ནས་བསྐོར་བ་དང་། སྡོད་ས་གནས་ཁང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་། གཉིད་ལོག་ཚེ་རྗེས་སྡུད་རྣལ་འབྱོར་གྱིས་གཉིད་འོད་གསལ་དུ་གཞུག་པ་སོགས་ལམ་གྱི་ཡན་ལག་ཀྱང་ཇི་ལྟར་འོས་པ་ཉམས་སུ་ལེན་པར་བྱའོ། །དེ་ཡང་བསྐྱེད་རིམ་གྱི་རྣམ་པར་གཞག་པ་མཐའ་དག་ནི་དམ་པ་མཆོག་གི་ཞལ་ལུང་ལེགས་པར་མཉན་པ་ལས་འདིར་ཡི་གེར་བྲི་བར་མ་ལོང་ཞིང་། ཟབ་པའི་གནད་ཕྲ་མོ་ཡང་བླ་མའི་གསུང་ལས་མཉན་དགོས་མོད། འོན་ཀྱང་བསྒོམ་བྱ་ཉམས་ལེན་གྱི་སྙིང་པོ་ཟབ་གསལ་ལྷག་པ་ཉིད་དུ་ཆོས་འདིའི་ཞབས་ཏོག་གི་ཆེད་དུ་དམིགས་ནས་བཀླག་ཆོག་གི་ཚུལ་དུ་བདག་གིས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ། །འདིར་སྨྲས་པ། རྒྱལ་བས་གདུལ་བྱར་གྱུར་ལ་སྨན་སླད་དུ། །མ་དག་དངོས་འཛིན་ཞེན་པ་ཡོངས་འགོག་ཕྱིར། །ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་བསྒོམ་དང་བཟླས། །ཐབས་ཚུལ་སྔགས་རྒྱུད་ཀུན་ཏུ་རྟག་པར་གསུངས། །དེས་ན་བློ་ལྡན་རྣམས་ཀྱིས་དངོས་གྲུབ་ལས། །རབ་འབྱམས་ཁྱད་པར་ཕྱག་རྒྱ་མཆོག་ཉིད་ཀྱི། །གོ་འཕང་བཟང་པོ་རིང་མིན་བསྒྲུབ་སླད་དུ། །རྟག་ཏུ་འབད་པའི་གནས་སུ་ངེས་པར་གྱུར། །དེས་ན་སྔགས་ཀྱི་དཀྱིལ་འཁོར་མཐའ་དག་གི །གཙོ་མཆོག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །གང་གི་སྒྲུབ་ཐབས་ཁྱད་པར་འཕགས་པ་འདི། །སྐལ་བཟང་དད་པའི་གཙུག་གིས་ཅིས་མི་བསྟེན། །རྣམ་གསུམ་ཏིང་འཛིན་མཆོག་གི་དཀྱིལ་འཁོར་ལ། །ཕྱི་ནང་གསང་ཡང་གྲུབ་པའི་ཚོམ་བུ་བཀྲ །ཕྲིན་ལས་བཞི་ལྡན་འཆི་མེད་ཚེ་མཆོག་རྒྱས། །ལྷག་པར་ཕུལ་བྱུང་རྣལ་འབྱོར་འབྲས་བུ་སྨིན། །ཚུལ་འདི་ཚེ༵་རབས་སྔར་གོམས་བླ་མའི་བྱིན། །སྙིང་ལ་ཞུགས་མཐུས་ཤེས་དབ༵ང་བཟང་པོ་ཡིས། །མ་འཁྲུལ་ཟབ་གདམས་ནོར༵་བུ༵་འདི་སྤེལ་ན། །སྐལ་བཟང་ཡིད་བདེའི་དཔལ་དུ་སྤྱོད་པར་ཤོག །ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་བཤད་པའི་སྐབས་ཏེ་གཉིས་པའོ། །སརྦ་མངྒ་ལཾ།། །།

གཏེར་སྲུང་ནོར་ལྷ་རྨ་རྒྱལ་སྤོམ་རའི་གསོལ་ཁ་གཡང་འབོད་བསང་རབས་དང་བཅས་པའི་མན་ངག་བཀའ་རྒྱ་ཅན་ (Volume 51, Text 23)

༄༅༔ གཏེར་སྲུང་ནོར་ལྷ་རྨ་རྒྱལ་སྤོམ་རའི་གསོལ་ཁ་གཡང་འབོད་བསང་རབས་དང་བཅས་པའི་མན་ངག་བཀའ་རྒྱ་ཅན་བཞུགས་སོ༔ ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་ཟབ་གཏེར་ྀཨཚ། གསང་བདག་གཏུམ་པོ་ལ་ན་མོ༔ གཡང་སྐྱོབ་དགོས་འདོད་ཀུན་འབྱུང་ནི༔ ཤིན་ཏུ་དབེན་ཞིང་ཉམས་དགའི་སར༔ གཞི་གཙང་དཀར་པོའི་སྟེང་དག་ལ༔ རྟེན་གྱི་གཏོར་མ་མཆོད་རྫས་དང༔་་་གཏེར་སྲུང་རྨ་རྒྱལ་སྤོམ་རའི་གཡང་སྐྱོབ་བསང་རབས་བྱེད་པར་འདོད་ན། གཏོར་མ་འབྲུ་དཀར་རིན་ཆེན་བསྲེས། །རིན་ཆེན་འབར་བ་ནོར་བུས་མཚན། །འཁོར་དུ་ལྕོག་ཟླུམ་པད་འདབ་དང་། །རྒྱ་གྲམ་ནོར་བུས་མཚན་པ་བརྒྱད། །རྨ་རིགས་སུམ་བརྒྱ་དྲུག་ཅུ་ལ། །རིལ་བུ་བརྒྱ་དང་རྩ་བརྒྱད་བསྐོར། །མར་གྱི་བྱ་དང་གཡག་ལུག་ར། །ཐུད་དང་བུར་སྦྲང་ལ་སོགས་པའི། །རིལ་བུ་བརྒྱ་སོགས་གང་འབྱོར་བཤམ། །དེ་དག་བཅས་ཀྱི་རིམ་པ་འོ། །མཆན། རྣམ་ལྔ་མདའ་དར་མེ་ལོང་དང༔ བསེ་བྱང་མིག་དགུ་སོར་གདུབ་དང༔ སྟག་གཟིག་རས་མོ་རྔ་མ་དཀར༔ མཐའ་སྐོར་མར་ཐུད་པུ་ལུ་དང༔ ཇ་ཆང་དཀར་མོ་ལག་གཡས་བཤམ༔ གཡང་སྒྱེ་གཡང་རྟེན་བཅས་པ་ནི༔ འབྲུ་དཀར་འབྲུ་སྣ་དངོས་གྲུབ་རྟེན༔ ྈྈྈབཀྲ་མདངས་གསལ་བའི་རྟེན༔ ྈྈྈསྙན་གྲགས་རྒྱས་པའི་རྟེན༔ འབྲས་དཀར་འབྲུ་བཅུད་རྒྱས་པའི་རྟེན༔ གི་ཝཾ་བདུད་རྩི་སྨན་གྱི་རྟེན༔ ཀུ་ཤ་བྱོལ་སོང་འཚོ་བའི་རྟེན༔ ཡུངས་དཀར་དགྲ་བགེགས་འདུལ་བའི་རྟེན༔ དེ་བདུན་དར་དཀར་ན་བཟའ་ནང༔ གཏུམ་སྟེ་ལེ་བརྒན་སྐུད་པ་དཀྲི༔ ནོར་བུ་འབར་བའི་དམ་ཕྲུག་བརྒྱབ༔ ྈྈྈྈདཀར་པོའི་ལས་གྲུབ་རྟེན༔ རྡོ་རྗེ་གཞོན་ནུ་སོར་བཅུ་པ༔ མགུལ་དུ་དར་དཀར་སྲོག་སྔགས་བཅས༔ གཡང་སྒྱེ་ཕྱུགས་གཡང་སྣ་ཚོགས་རྟེན༔ མེ་ཏོག་དཀར་པོ་ཐམས་ཅད་བཀྲམ༔ སྤོས་བསྲེག་མདའ་དར་གྱིས་གཡབ་ཅིང༔ ཕྱྭ་གཡང་སྤྲིན་ལྟར་འདུས་པར་བསམ༔ རང་ཉིད་གསང་བདག་གཏུམ་པོར་གསལ༔ མཆོད་བསྟོད་བཟླས་པ་རྒྱས་པར་བྱ༔ སྔགས་ཕྱག་སོགས་ཀྱིས་བྱིན་བརླབས་ནས༔ རྔ་ཆུང་དལ་གྱིས་བརྡུང་ནས་ནི༔ དཔའ་བོའི་དབྱངས་ཀྱིས་འདི་སྐད་དོ༔ བསྭོ་བསྭོ༔ གཡང་ལྷ་རྨ་རྒྱལ་སྤོམ་ར་ནི༔ སྐུ་མདོག་དཀར་པོ་ཆས་དང་ལྡན༔ ཕྱག་གཡས་མདུང་དར་དཀར་པོ་འཕྱར༔ གཡོན་པས་གཏེར་གྱི་བུམ་པ་དང༔ དགོས་འདོད་སྩོལ་བའི་ནོར་བུ་འཛིན༔ སྐུ་ལ་ནོར་བུ་ལས་གྲུབ་པའི༔ དར་དཀར་ན་བཟའ་ཁྲ་བོ་གསོལ༔ ཆིབས་སུ་རྟ་དཀར་འཕུར་ཤེས་འཆིབ༔ ཤར་ཕྱོགས་གངས་རིའི་རྩེ་མོ་ནས༔ རྨ་སྨན་འབུམ་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་མཆོད་གཏོར་བཞེས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ དབུལ་ཕོངས་སྡུག་བསྔལ་ཞི་བ་དང༔ རིགས་རྒྱུད་བཙན་དར་ཆེ་བ་དང༔ མངའ་ཐང་དཔལ་འབྱོར་དངོས་གྲུབ་སྩོལ༔ ལོ་ཀའི་ཁམས་རྣམས་དབང་དུ་སྡུས༔ སྡང་དགྲའི་དཔུང་ཚོགས་ཆམ་ལ་ཕོབ༔ གོད་འདྲེ་དབུལ་སྲི་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སྭཱ་ཧཱ༔ རྩ་སྔགས་སོ༔ ཉེ་སྙིང་ནི༔ ཨོཾ་བཛྲ་ཀུ་ལི་མིལ་མན་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡིས་ལྷ་སྲས་སྤོམ་ར་འགྲུབ༔ ས་མ་ཡ༔ ཁྱད་པར་སྲིད་ཀྱི་གཡང་སྒྲུབ་ནི༔ ཀྱེ༔ རྨ་རྒྱལ་ཡིད་བཞིན་ནོར་བུ་ནི༔ སྐུ་མདོག་དམར་པོ་མདངས་དང་ལྡན༔ གཡས་པས་ཀུ་ཤའི་རྔ་ཡབ་དང༔ གཡོན་པས་དུང་གི་རྡོ་རྗེ་བསྣམས༔ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༔ འདིར་བྱོན་མཆོད་པ་རྒྱ་མཚོ་བཞེས༔ རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ༔ རིགས་རྒྱུད་འཕེལ་བའི་ཕྱྭ་དང་གཡང༔ བསྩལ་པར་བསམ་ལ་སྔགས་འདི་བཟླ༔ ཨོཾ་བཛྲ་ཀུ་ལི་མིན་མན་ཨ་ཡཾ་ཧུ་རུ་བདག་ལ་རིགས་རྒྱུད་སརྦ་ཛཿཛཿསིདྡྷི་ཕ་ལ་ཧཱུྃ༔ སྔགས་དེ་བརྒྱ་སྟོང་ཁྲི་བཟླས་ན༔ རྟགས་ནི་ཉི་མ་ཤར་བ་དང༔ མེ་ཏོག་དཀར་པོ་འཕེལ་བ་དང༔ བྱིས་པ་མང་པོ་རྩེ་བ་སོགས༔ བཟང་རྟགས་མ་ངེས་སྣ་ཚོགས་འབྱུང༔ དུང་དང་རྡོ་རྗེ་མགུལ་དུ་འཆང༔ དེ་ཡི་རྒྱུད་འཕེལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱལ་ཁམས་ཡུལ་ཁམས་བསྡུ་འདོད་ན༔ ཀྱེ༔ སྤོམ་ར་ཡིད་བཞིན་ནོར་བུ་ནི༔ འཇིག་རྟེན་སྐྱེ་འགྲོ་ཕོ་མོ་དང༔ ཟས་ནོར་གོས་དང་ཡིད་བཞིན་གཏེར༔ འོད་ཟེར་སྣ་ལྔའི་ཚུལ་དུ་ནི༔ བདག་གི་དབང་དུ་འདུས་པར་མཛོད༔ བསྭོ་བསྭོ་བཛྲ་ཀུ་ལི་མིལ་མན་ཡུལ་ཁམས་འགྲོ་བ་ཕོ་མོའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་ས་ཡ་བཟླ༔ རྟགས་ནི་རླུང་ནག་འཚུབས་མ་དང༔ ཁ་ཆར་ཆེན་པོ་འབེབ་པ་དང༔ ནོར་ལུག་འཚོ་བ་རྩྭ་ཐུ་བ༔ སྙེ་མ་བསིལ་བ༔ རྔ་གཤང་དཀྲོལ་བ༔ དུང་འབུད་པ༔ བནྡེ་བོན་པོ་བྱ་རུ་ཅན་འདུ་བ་རྟགས་མ་ངེས་པ་སྣ་ཚོགས་འོང་བར་འགྱུར་རོ༔ ས་མ་ཡ༔ ྀཨཚ༔ དེ་ནས་སུར་དཀར་ཤུག་པ་དང༔ ཕྱེ་མར་འབྲུ་སྣ་སྤོས་ཀྱིས་མཆོད༔ བསང་ཁང་ཞི་རྒྱས་དབང་དྲག་བརྩེགས༔ མདའ་དར་དཀར་པོ་ཕྱོགས་བཞིར་གཡུག༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔གིས་བསང་སྦྱང་སྤེལ༔ སྦ་སྨྱུག་གླིང་བུ་སྙན་པར་འབུད༔ རོལ་མོ་དབྱངས་བཅས་འདི་སྐད་དོ༔ བསྭོ་བསྭོ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཤར་ཕྱོགས་དུང་རི་དཀར་པོའི་རྩེར༔ རྨ་ཡི་དིལ་ར་ཁྲ་བོ་ནས༔ གཡང་ལྷ་རྨ་རྒྱལ་སྤོམ་ར་ནི༔ སྐུ་མདོག་སེར་པོ་གསེར་གྱི་མདོག༔ རྟ་སེར་ལི་ཁྲིའི་མདོག་ཅན་འཆིབ༔ ཕྱག་གཡས་སྦ་ལྕག་ཤེལ་ཕྲེང་བསྣམས༔ གཡོན་པས་ནེའུ་ལེ་ནོར་བུ་འཛིན༔ སྐུ་ལ་བསེ་ཁྲབ་འབར་བ་གསོལ༔ གཅན་གཟན་སྟག་གི་ཤམ་ཐབས་ཅན༔ དབུ་ལ་དུང་རྨོག་མཛེས་པ་ལ༔ སྟག་ཕྲུ་ཁྱུང་ཆེན་ལྡེམས་སེ་ལྡེམ༔ གཡས་ཀྱི་སྟག་དོང་ཁྲ་བོ་ལ༔ ལྷ་མདའ་ལི་མ་སྐར་ལྟར་འཁྲུགས༔ གཡོན་གྱི་གཟིག་ཤུབས་ཐིལ་ཕྲན་ལ༔ སྤྲུལ་པའི་ལྷ་གཞུ་གློག་ལྟར་འཁྱུགས༔ རྐེད་ཀྱི་དངུལ་ཤུབས་གསེར་བཀྲ་ལ༔ ཤེས་རབ་རལ་གྲི་སྐར་ལྟར་ཤར༔ སྔོན་དུ་ཁྱུང་དང་བྱ་རྒོད་ལྡིང༔ རྗེས་ནས་སྟག་དང་སེང་གེ་འགྲོ༔ གཡས་ནས་ལྷ་དམག་དཔུངས་སེ་དཔུང༔ གཡོན་ན་གཉན་དམག་ཀྱི་ལི་ལི༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་སྲས༔ བཙུན་མོ་བློན་འཁོར་ཡུལ་ལྷའི་ཚོགས༔ བོད་ཁམས་ཡུལ་གྱི་མངའ་བདག་ནི༔ བསང་དང་ཞི་བའི་མཆོད་པ་འབུལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ བརྒྱུད་འཛིན་སྲས་ཀྱི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོགས༔ འགྲོ་བ་ཕོ་མོ་ཆོས་ལ་སྒྱུར༔ བསྭོ་བསྭོ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ རྨ་རྒྱལ་སྤོམ་ར་གཡང་ཁུ་ཡེ༔ རྨ་ཡི་དིལ་ར་ཁྲ་བོ་ནས༔ རྨ་ཡི་མི་གཡང་བསྭོ་ཁུ་ཡེ༔ རྨ་ཡི་རྟ་གཡང་བསྭོ་ཁུ་ཡེ༔ རྨ་ཡི་འབྲི་གཡང་བསྭོ་ཁུ་ཡེ༔ རྨ་ཡི་འབྲུ་གཡང་བསྭོ་ཁུ་ཡེ༔ རྨ་ཡི་ཟོག་གཡང་བསྭོ་ཁུ་ཡེ༔ རྨ་ཡི་ཟས་གཡང་བསྭོ་ཁུ་ཡེ༔ རྨ་ཡི་མར་གཡང་བསྭོ་ཁུ་ཡེ༔ རྨ་ཡི་བཀྲག་གཡང་བསྭོ་ཁུ་ཡེ༔ འཇིག་རྟེན་ཁམས་ཀྱི་ཟས་དང་ནོར༔ ཁུ་ཡེ་ཕྱྭ་དང་གཡང་དུ་ལེན༔ བདག་ལ་དངོས་གྲུབ་རྒྱ་ཆེན་སྩོལ༔ བསྭོ་བསྭོ་བཛྲ་ཀུ་ལི་མིལ་མན༔ མི་ནོར་ཟས་གསུམ་ཐམས་ཅད་གཡུང་དྲུང་ཧྲཱི༔ ཐ་མུལ་གྱིར་ཞི་ཨཱ༔ ཡཾ་ཡཾ་བིང་བསྭོ་རཾ་རཾ་བིང་བསྭོ་བསྭོ༔ ས་མ་ཡ༔ དེ་ནས་གཡང་སྐྱབས་བྱ་བ་ནི༔ སྤོས་དང་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ བཅོམ་ལྡན་གསང་བདག་གཏུམ་པོ་ནི༔ གདུག་པ་ཅན་རྣམས་འདུལ་མཛད་པ༔ སྦྲུལ་དང་དུར་ཁྲོད་ཆས་བརྒྱད་བརྒྱན༔ རྡོར་དྲིལ་བསྣམས་ལ་ཕྱག་འཚལ་བསྟོད༔ ཁྱོད་ཀྱི་བཀའ་ཉན་གསུང་སྡོད་པ༔ ཅི་འདོད་རེ་བ་སྐོང་མཛད་པ༔ མཐུ་ཆེན་སྟོབས་དང་ལྡན་པ་པོ༔ གཡང་ལྷ་རྨ་གཉན་སྤོམ་ར་ནི༔ ལྷ་འཁོར་སུམ་བརྒྱ་དྲུག་ཅུ་རྣམས༔ མདའ་དར་དཀར་པོས་སྤྱན་འདྲེན་ན༔ གཡང་རྟེན་འདི་ལ་བཞུགས་སུ་གསོལ༔ ཁྱེད་ལ་མཐུན་རྫས་འབུལ་བ་ནི༔ འབྲུ་མར་ལས་གྲུབ་རིན་ཆེན་འབར༔ ཟླུམ་པོ་མར་གྱིས་བྱུགས་པ་ལ༔ རྒྱ་གྲམ་ནོར་བུ་འབར་བས་མཚན༔ དཀར་གསུམ་མངར་གསུམ་ཕྱེ་མར་དང༔ བདུད་རྩི་གསེར་སྐྱེམས་འདི་འབུལ་ལོ༔ ལི་རྒུན་སྨན་གྱི་མཆོད་པ་འབུལ༔ ནོར་གྱི་དངོས་གྲུབ་བདག་ལ་སྩོལ༔ གཡང་ལྷ་རྨ་རྒྱལ་སྤོམ་ར་ནི༔ ཕྱག་གཡས་རིན་ཆེན་བུམ་པའི་ནང༔ འགྲོ་བ་ཕོ་མོའི་ཚེ་བཅུད་སྡུད༔ གཡོན་པའི་ཕྱག་གིས་ཐུགས་ཀ་རུ༔ ཡིད་བཞིན་ནོར་བུ་རིན་ཆེན་བསྣམས༔ དཔག་བསམ་ལྗོན་ཤིང་རྒྱས་པ་ལྟར༔ དགོས་འདོད་ལྷུན་གྱིས་གྲུབ་པ་ཡི༔ ཟད་མེད་དངོས་གྲུབ་ཆར་ལྟར་ཕོབ༔ བདག་ཅག་དབུལ་ཕོངས་སྡུག་བསྔལ་སོལ༔ ཉོན་མོངས་བཀྲེས་སྐོམ་འཇོམས་མཛད་པ༔ དར་དཀར་གཡབ་ཅིང་སྤྱན་འདྲེན་ནོ༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ཀྱིས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ གནས་འདིར་བཀྲ་ཤིས་བྱིན་ཕོབ་ཅིག༔ བཀྲ་ཤིས་གནས་འདིར་གཡང་ལ་འདུས༔ རྟ་གླང་རིན་ཆེན་གོས་དར་འབྲུ༔ འདོད་འཇོའི་བ་དང་ཁྲུས་རྫིང་བུ༔ རིན་ཆེན་དངོས་གྲུབ་བདག་ལ་སྩོལ༔ མི་ནོར་ཟས་གོས་དངོས་གྲུབ་སྩོལ༔ འདོད་ཡོན་ལྔ་ཡི་ལོངས་སྤྱོད་དང༔ བླ་ན་མེད་པ་ཆེན་པོའི་ནོར༔ ཅི་འདོད་ཕུན་སུམ་ཚོགས་པ་ཡི༔ དངོས་གྲུབ་ཆེན་པོ་བདག་ལ་སྩོལ༔ གཡང་ཕྱུགས་རྨ་རྒྱལ་སྤོམ་ར་ཡི༔ རང་འདྲའི་སྤྲུལ་པ་ཡང་སྤྲུལ་ནི༔ དཔག་མེད་འཕྲོས་ནས་མདའ་དར་དང༔ ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཐོགས༔ ཚངས་པའི་འཇིག་རྟེན་མན་ཆད་དང༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ ལྷ་ཀླུ་འབྱུང་བ་རྩི་ཤིང་བཅུད༔ ནོར་ལྷ་ལྷ་འདྲེ་མི་གསུམ་དང༔ རིགས་དྲུག་སྐྱེ་བཞིའི་སེམས་ཅན་གྱི༔ རྩི་བཅུད་བཀྲག་མདངས་མ་ལུས་པ༔ བུང་བས་རྩི་འཇིབ་ལྟར་བསྡུས་ལ༔ བདག་ཅག་རྣམས་ལ་དངོས་གྲུབ་སྩོལ༔ ཚོགས་རྫོགས་སྒྲིབ་བྱང་བསོད་ནམས་རྒྱས༔ དུས་གསུམ་སངས་རྒྱས་སེམས་དཔའི་ཚོགས༔ གཡང་ལྷ་རྨ་རྒྱལ་སྤོམ་ར་དང༔ བསྟན་སྲུང་ཡུལ་ལྷ་གཞི་བདག་རྣམས༔ ཐུགས་དམ་རྒྱུད་བསྐུལ་མཐུ་སྟོབས་ལ༔ ནོར་བུ་རིན་ཆེན་རྔ་ཡབ་དང༔ བཀྲ་ཤིས་རྫས་རྟགས་ཆར་པ་འབེབ༔ བདག་དང་གཡང་རྟེན་ལ་ཐིམ་ནས༔ བདག་ཅག་འཁོར་དང་བཅས་པ་རྣམས༔ ལོངས་སྤྱོད་དཔལ་འབྱོར་རྒྱས་པ་དང༔ རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ༔ བསྭོ་བསྭོ་བཛྲ་ཀུ་ལི་མིལ་མན་ཡུལ་ཁམས་འགྲོ་བ་ཕོ་མོ་མི་ནོར་ཟས་གསུམ་བརྒྱུད་འཛིན་རིགས་རྒྱུད་རྟ་དྲེལ་དཀོར་ནོར་ཐམས་ཅད་ཧེ་སརྦ་རཏྣ་གཡུང་དྲུང་སིདྡྷི་སིདྡྷི་སྭཱ་ཧཱ༔ བསྭོ་བསྭོ༔ འབྲུ་མཆོག་ལི་ཁྲི་ཡུངས་དཀར་འབྲས༔ གི་ཝཾ་ཀུ་ཤ་བདུད་རྩི་རྒྱལ༔ བདུན་པོ་དེ་ཡང་གཡང་གི་རྟེན༔ རྒྱལ་སྲིད་སྣ་བདུན་གཡང་གི་རྟེན༔ གཡང་བཤོས་བ་ལིཾ་གཡང་གི་རྟེན༔ རིན་ཆེན་འབྲུ་སྣ་གཡང་གི་རྟེན༔ མདའ་དར་མེ་ལོང་གཡང་གི་རྟེན༔ མཆོད་པ་སྤྱན་གཟིགས་གཡང་གི་རྟེན༔ ནུབ་བྱང་དཔལ་རི་ལྷུན་པོ་ན༔ ཙན་དན་སྦྲུལ་གྱི་སྙིང་པོ་སྐྱེས༔ དེ་རིང་ཙན་དན་ཕུར་བུ་ལ༔ རྔ་དཀར་སྲོག་སྔགས་བཏགས་པ་འདི༔ བདག་དང་ཡོན་བདག་གཡང་རྟེན་ལགས༔ བཀྲ་ཤིས་ཕྱྭ་གཡང་ཐམས་ཅད་རྣམས༔ རྡོ་རྗེ་ལྟ་བུའི་སྐུ་ལ་བརྟེན༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་སྲས༔ གཡང་ལྷ་འབུམ་དང་བཅས་པ་རྣམས༔ གཡང་རྟེན་འདི་ལ་བརྟན་བཞུགས་ལ༔ སྦྲ་ཁྱིམ་འདི་ལ་བྱིན་ཕོབ་ཅིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རྐྱེན་ངན་བར་ཆད་ཕྱིར་ལ་ཟློགས༔ གོད་འདྲེ་དབུལ་སྲི་དགྲ་ལ་ཟློགས༔ བསེ་རག་ལྟོག་འགོང་ཐེའུ་རང་སོགས༔ མི་མཐུན་གནོད་པ་ཕྱིར་ལ་ཟློགས༔ མི་ཡི་ཚེ་སྲིངས་དཔལ་སྐྱེད་ཅིག༔ རྟ་ནོར་ཕྱུགས་ཀྱི་སྒབ་སྤེལ་ཅིག༔ ཞིང་གི་འབུ་སྲིན་ཁ་ཆིངས་ལ༔ བཙའ་སད་སེར་བའི་གནོད་པ་ཟློགས༔ ལོ་འབྲས་རྟག་ཏུ་ལེགས་སྨིན་མཛོད༔ བཀྲ་ཤིས་རྒྱ་མཚོ་གཡང་དུ་འཁྱིལ༔ བདེ་སྐྱིད་བསམ་དོན་ལྷུན་གྱིས་གྲུབ༔ ཀུན་ཀྱང་ཆོས་ལ་ལོངས་སྤྱོད་པའི༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔་་་་བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་བརྗོད། ཟས་ཕུད་མཆོད་ནས་འབྲས་སཱ་ལུ་ལ་ཕུ་གདབ་གཡང་སྒྱེ་ནང་ལ་བླུགས། མེ་ཏོག་འཐོར་ནས་བཀྲ་ཤིས་བརྗོད། མཆན། བཀྲ་ཤིས་དཔལ་འབར་འཛམ་བུ་གླིང་གི་ཟས་ནོར་བདག་ལ་སིདྡྷི་སྩོལ༔ ས་མ་ཡ༔ ཞེས་རྨ་རྒྱལ་སྤོམ་ར་ཡིད་བཞིན་ནོར་བུའི་བསང་དང་གསོལ་ཀ་གཡང་སྐྱབས་ཉུང་ལ་དོན་ཚང་བ་འདི་ནི། གནས་བདག་མདོ་རྒྱས་ཏིལ་རིའི་མགུལ་ནས་རྙེད་པ་སྟེ་རི་མོད་དཔོན་མགོན་པོ་ཚེ་རིང་གིས་རིགས་རྒྱུད་འཕེལ་བའི་ཕྱིར་དུ་ཡང་ཡང་བསྐུལ་ཕྱིར། ངག་དབང་ཀུན་དགའ་བསྟན་འཛིན་ནས་བྲིས་པ་བཀྲ་ཤིས། འདི་ཡི་ལས་ཚོགས་དང་། སྒྲུབ་སྐོར་ཚན་ཆེ་བ་ཞིག་འདུག་ཀྱང་སླར་ཤོག་སེར་རྡོ་སྒྲོམ་གྱི་ནང་དུ་བཅུག་ནས་རྒྱ་རིམ་པ་བདུན་གྱིས་བཏབ་སྟེ་སྦས་སོ། །འོན་ཀྱང་འདི་ལ་དོན་ཚང་བ་ཡོད་ལགས། བཀའ་རྒྱ། ྀཨཚ། བཀྲ་ཤིས་དཔལ་འབར་ཚེ་གཡང་མྱུར་འགྲུབ་ཤོག། །།

བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ (Volume 21, Text 23)

༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། བསམ་གྱིས་མི་ཁྱབ་ཐུགས་བསྐྱེད་ཕྲིན་ལས་མཐུས། །འགྲོ་ཀུན་བདེ་ལྡན་ཞིང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་ལ་གུས་བཏུད་ནས། །གཞན་ཕན་ཕྲིན་ལས་རིམ་པ་ཅུང་ཟད་དབྱེ། །འདི་ལ་གཉིས། ཚེ་ལྡན་དབང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། ཚེ་འདས་སྡིག་སྦྱོང་གི་ཆོ་གས་རྗེས་སུ་འཛིན་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། ཆོ་གར་མ་གཏོགས་པའི་སྦྱོར་བའི་སྐབས་སུ། བྲིས་སྐུའི་མདུན་བུམ་པ་བཅུད་ལྡན་དང་། སྐུ་ཙཀ །གཡས་སུ་སྔགས་ཕྲེང་། གཡོན་དུ་མེ་ལོང་རྣམས་བཤམ། གཞན་མཆོད་པ་སོགས་འདྲ། ཉེ་ལོགས་གང་བདེར་མཐའ་རྟེན་གྱི་ཙཀླི་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ། སློབ་མ་ལ་དགོས་པའི་སྔོན་གཏོར་སོགས་འདུ་བྱ། ཆོ་གར་གཏོགས་པའི་སྦྱོར་བ་དང་། དངོས་གཞིའི་བཟླས་པའི་མཇུག་གི་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་རྒྱས་བསྡུས་ཅི་རིགས་པར་གྲུབ་ནས། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅི་ནུས་བཟླས་པས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་། ལས་སྔགས་བརྗོད་པས་ཁྲུས་བྱ། སྔོན་གཏོར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བགྱི་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿདང་། སུམྦྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། འོ་རང་གཞན་ཡིད་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དབང་བསྐུར་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་འདི་ཉིད་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེར་མཛད་པའི་ཚུལ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར་རྫོགས་སྨིན་སྦྱངས་གསུམ་གྱིས་ལེགས་སྤྱད་རྒྱ་མཚོའི་ཕ་མཐར་སོན་ནས། ད་ལྟར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་ཀྱང་ཆེས་ཆེར་ལྷག་པ་དག་པའི་ཞིང་ཁམས་བདེ་བ་ཅན་དུ་འཚོ་ཞིང་གཞེས་ལ། ཆོས་ཀྱང་སྟོན་པའི་མཚན་ཐོས་ནས་དད་པ་སྐད་ཅིག་ཙམ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བུད་མེད་ཀྱི་ལུས་ཐ་མར་འགྱུར་བ་དང་། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་པ་ཐག་པས་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ན་འཆི་འཕོས་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་མྱུར་དུ་འཚང་རྒྱ་བ་སོགས་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ། མདོ་ལུགས་སུ་ཕྱག་མཆོད་སྨོན་ལམ་གདབ་པའི་ཚུལ་དང་། སྔགས་སུ་རྒྱུད་སྡེ་བཞིར་པདྨའི་རིགས་ཀྱི་གཙོ་བོའི་ཚུལ་དུ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་གྲུབ་པའི་སློབ་དཔོན་ཆེན་པོ་གསུང་རྡོ་རྗེ་པདྨ་སཾ་བྷ་བས་འོད་དཔག་ཏུ་མེད་པ་བཀོད་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་གཙོ་བོར་བརྟེན་ཅིང་། ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་པའི་རྒྱུད་སོགས་དང་མཐུན་པར་བཀྲལ་བའི་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀར་པོའི་ཆོས་སྣང་བའི་སྒོ་ནས་དད་མོས་རྩེ་གཅིག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། རང་རེ་རྣམས་གནས་པའི་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་བཀོད་པ་ཕུན་སུམ་ཚོགས་པ་དང་། གནས་ཁང་འདི་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། མདུན་གྱི་ནམ་མཁར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་། སྐུ་མཚན་དཔེའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་མཐའ་ཡས་པ་ལ་སྙོམས་པར་ཞུགས་པ། བྱང་ཆུབ་ཤིང་ཆེན་རབ་ཏུ་རྒྱས་པའི་གྲིབ་བསིལ་ལ་བརྟེན་ནས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། གཡོན་དུ་ཕྱག་ན་རྡོ་རྗེ། མཐའ་བསྐོར་ཀུན་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་པ་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བླ་མ་མགོན་པོ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། སླར་ཡང་རང་གཞན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསག་པར་བགྱིའོ་སྙམ་པས་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་ཡན་ལག་བདུན་པ་ལན་གསུམ་མམ་གཅིག །དེ་ནས་འོད་དཔག་མེད་བཀོད་པའི་མདོ་ལས། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་རྒྱུའི་གཙོ་བོར་ངེས་པས་ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ནི་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་པས་རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྒོམ་དུ་གཞུག་པ་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་སོགས་ནས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་གཅིག་བརྗོད་དུ་གཞུག །དེ་ལྟར་རྒྱུད་སྦྱངས་པ་ལ་བརྟེན་ནས་སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་གདན་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། གཟུངས་བུམ་ཐོགས་ལ། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་བས་སྒྲིབ་གསུམ་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་བརྟན་པར་བྱ་བའི་སླད་དུ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་རང་འདྲ་བའི་སྐུ་གཉིས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པའི་འཁོར་གྱིས་བསྐོར་བ་བྱོན་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཐིམ་པའི་མོས་པ་མཛོད། ཙཀླི་ཐོགས་ལ། ཧཱུྃ༔ འགྲོ་འདུལ་བདེ་གཤེགས་སྲས་བཅས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཱི༔ ཞེས་དབང་བསྐུར། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །གནས་སྐབས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། གཟུངས་སྔགས་ཀྱི་རྗེས་ཟློས་ཀྱང་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྔགས་ཕྲེང་མགྲིན་པར་བཞག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གནས་སྐབས་སུ་ངག་གཟུངས་སྔགས་ཟབ་མོ་བཟླ་བ་ལ་དབང་ཞིང་། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་། ཤངས་བུག་གཡས་ནས་ཐོན། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་འོད་ཟེར་འཕྲོ་བ་དང་བཅས་པ་གསལ་ཞིང་འབར་བའི་འོད་ཀྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། རླུང་ཕྱིར་སོང་བ་དང་ལྷན་ཅིག་སླར་ཡང་ཁྱེད་རང་རྣམས་ཀྱི་སྣ་བུག་གཡས་ནས་ཐོན། བཅོམ་ལྡན་འདས་ཀྱི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས་རྒྱལ་བའི་ཐུགས་རྗེ་དང་རང་སེམས་དབྱེར་མེད་དུ་གྱུར་པར་མོས་ལ་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་མཚོན་པར་བྱ་བའི་སླད་དུ་མེ་ལོང་དྭངས་པ་བསྟན་ནས་ཚིག་གི་སྒོ་ནས་ངོ་སྤྲད་པར་བྱ་བ་ཡིན་ཏེ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་མེ་ལོང་སྙིང་གར་བཞག །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །གནས་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་བ་ལ་དབང་། མཐར་ཐུག་མཁྱེན་གཉིས་ཀྱི་ཡེ་ཤེས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་མོས་གུས་དྲགས་པོ་དུང་དུང་པ་བྱས་པས། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སྐལ་པ་མཉམ་པར་གྱུར་པ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རིག་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་ཞིང་། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བའི་མོས་པ་མཛོད། སོ་སོའི་ཙཀླི་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མཱི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མཱི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མཱི༔ ཞེས་སྦྱིན་ཞིང་ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ། དེས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་ཆོས་སྡེ་དང་རྗེས་སུ་འབྲེལ་བའི། འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས། དུས་རྟག་ཏུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལྷག་པའི་ལྷར་བཟུང་ཞིང་ཕྱག་མཆོད་ཐུགས་དམ་བསྐུལ་བ་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ཡིད་ལ་བྱ་ཞིང་། དགེ་བའི་རྩ་བ་ཐམས་ཅད་རང་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་རྒྱ་མཚོ་ཞིང་དེར་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པ་སོགས། སྤྱི་དང་བྱེ་བྲག་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཕྱག་མཆོད་གསོལ་བ་གདབ་པ་དང་དབང་བླངས་པ་ལས་བྱུང་བའི་བསོད་ནམས་ཀྱིས་མཚོན། དུས་གསུམ་དུ་བསགས་པའི་ལེགས་བྱས་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས། བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་བསྔོ་བ་དང་སྨོན་ལམ་ལྷན་ཅིག་གནང་བར་ཞུ། ཞེས་མཚམས་སྦྱར་ལ་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཚང་བར་གདབ་ཅིང་། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བོས་སོགས་ཤློ་ཀ་གཉིས་དང་། རྒྱལ་བའི་དཀྱིལ་འཁོར་སོགས་ཤློ་ཀ་གཉིས་ཀྱི་མཐར། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བདེན་པའི་སྟོབས་བརྗོད། སློབ་མ་རྣམས་རང་གནས་སུ་གྱེས། གསུམ་པ་རྗེས་ནི། སློབ་དཔོན་གྱིས་མཆོད་པ་ཞལ་གསོས་ལ། གཏང་རག་འབུལ་བ་ནས་ཤིས་བརྗོད་ཀྱི་བར་ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་རྒྱས་བསྡུས་ཅི་རིགས་པ་ཚང་བར་བྱའོ། །གཉིས་པ་ཚེ་འདས་རྗེས་སུ་འཛིན་པ་སྡིག་སྦྱོང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བཤམ་གྱི་སྐབས་དབང་རྒྱས་པར་བསྐུར་ན་གོང་དབང་གི་སྐབས་ལྟར་དང་། བསྡུ་ན་གཟུངས་བུམ་ཁོ་ནས་འཐུས། ཆོ་ག་གློ་བུར་དུ་གཏང་དགོས་པ་ལྟ་བུའི་ཚེ་བྲིས་སྐུ་སོགས་ཀྱི་རྟེན་མ་འཛོམ་ན། མཎྜ་ལར་ལྷའི་གདན་མཚོན་བྱེད་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་མདུན་གཟུངས་བུམ་བཤམས་པའམ། མདུན་མཁར་གསལ་གདབ་པས་ཀྱང་རུང་སྟེ། གཞུང་ལས། མ་གྲུབ་ཡིད་ཀྱི་ཆོ་ག་བྱ༔ ཞེས་གསུངས་པས་སོ། །འོན་ཀྱང་ཚོགས་གསག་པའི་སླད་དུ་མཆོད་པ་ནི་ཅི་འབྱོར་གཙང་ཞིང་བཀོད་པས་མཛེས་པར་བཤམ་པ་ཤིན་ཏུ་གལ་ཆེ། ཉེ་ལོགས་གང་བདེར། གཟུགས་བྱང་མིང་ཡིག་ས་བོན་ནི༔ ལུས་ངག་ཡིད་ཀྱི་རྟེན་ཡིན་ཏེ༔ བག་ཆགས་རྟེན་དུ་དྲི་གོས་སམ༔ ཡང་ན་རོ་འམ་རུས་བུ་བཤམ༔ ཞེས་པ་ལྟར་གྱི་རྟེན་དང་། བགེགས་གཏོར། ཟས་བསྔོ། སློབ་དཔོན་མདུན་དུ་ལས་བུམ་བྲབ་རྫས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། ཆོ་གའི་སྦྱོར་བ་ནས་བཟུང་བཟླས་པའི་རྗེས་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་གཏང་། བུམ་བཟླས་ཀྱི་སྐབས་སུ་བྱེ་མ་དང་ཡུངས་དཀར་ལའང་དམིགས་པས་ཁྱབ་པར་བྱས་ཏེ་སྔགས་ཀྱི་ནུས་པ་བསྟིམས། ལས་བུམ་གྱི་ཆུ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿ ཅེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །གཉིས་པ་དངོས་གཞི་ལ། བསྐྱེད་བསྟིམ་གདོན་བགེགས་སྡིག་པ་སྦྱོང་། །སྐྱབས་གསོལ་དབང་བསྐུར་འདོད་ཡོན་སྦྱིན། །ལམ་བསྟན་གནས་སྤོར་བྱང་བུ་བསྲེག །སྨོན་ལམ་བདེན་བརྗོད་སཱཙྪ་བསྒྲུབ། །ཅེས་པ་ལྟར་བཅུ་གསུམ་ལས། དང་པོ་རྟེན་བསྐྱེད་པ་ནི། མིང་བྱང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀཿལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་བསྟིམ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། སངས་རྒྱས་འཁོར་བཅས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ལ། ཨོཾ་བཛྲ་ཨཱ་ཀརྵཱ་ཡ་ཛ༔ ཞེས་བརྗོད། ཨོཾ་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ ཞེས་སྡིག་པ་དགུག །ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར་པར་མོས། གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿ མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལི་ཏཾ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དམིགས་ཡུལ་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿདང་། སུམྦྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། བཞི་པ་སྡིག་པ་སྦྱོང་བ་ལ་གསུམ། ཡེ་ཤེས་ཀྱི་མེས་བསྲེག་པ། ཆོས་ཉིད་ཀྱི་རླུང་གིས་གཏོར་བ། བྱང་ཆུབ་སེམས་ཀྱི་ཆུས་བཀྲུ་བའོ། །དང་པོ་ནི། ཚེ་ལས་འདས་པའི་རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ །སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་དམར་ལྗང་། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་དྲུག་ལ། ཐོགས་མེད་ནས་བསགས་པའི་རིགས་དྲུག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བསྡུས་ཏེ་ཐིམ་པས་ཡི་གེ་དེ་རྣམས་ལྗི་ཞིང་མོག་པའི་རྣམ་པ་ཅན་དུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་བས་ཚེ་འདས་ཀྱི་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་བསྲེག་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ གཉིས་པ་རླུང་ནི། སླར་ཡང་སྔགས་བཟླས་པའི་བྱེ་མ་ཡུངས་དཀར་དང་བཅས་པ་གཏོར་བས་ཆོས་ཉིད་ཀྱི་རླུང་དུ་གྱུར་ནས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་ཡུངས་དཀར་དང་བཅས་པས་བརྡེག་ཅིང་སྔགས་ཀྱི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲྀཏ་བྷྲྀཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བརྗོད། གསུམ་པ་ཆུ་ནི། ཁྲུས་བུམ་ལ་གཟུངས་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། བུམ་པའི་དབུས་སུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བཀྲུས་པར་གྱུར། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱོངས༔ ཞེས་དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨ་མི་ཏེ་ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཚེ་ལས་འདས་པ་དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཁྲུས་བྱ། དེ་བཞིན་དུ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་སྦྱིན་པའི་རང་བཞིན་ཏེ༔ སེར་སྣའི་དྲི་མ་རྣམ་པར་སྦྱོངས༔ སྔགས་མཐར། ཚེ་ལས་འདས་པ་ཡི་དྭགས་སུ་སྐྱེ་བའི༴ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཤེས་རབ་རང་བཞིན་ཏེ༔ གཏི་མུག་དྲི་མ་རྣམ་པར་སྦྱོངས༔ སྔགས་མཐར། ཚེ་ལས་འདས་པ་དུད་འགྲོར་སྐྱེ་བའི༴ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བརྩོན་འགྲུས་རང་བཞིན་ཏེ༔ ལེ་ལོའི་དྲི་མ་རྣམ་པར་སྦྱོངས༔ སྔགས་མཐར། ཚེ་ལས་འདས་པ་མིར་སྐྱེ་བའི༴ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བསམ་གཏན་རང་བཞིན་ཏེ༔ རྣམ་གཡེང་དྲི་མ་རྣམ་པར་སྦྱོངས༔ སྔགས་མཐར། ཚེ་ལས་འདས་པ་ལྷར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། བསྡུ་ན། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཕར་ཕྱིན་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོངས༔ ཞེས་དང་། སྔགས་མཐར། ཚེ་ལས་འདས་པ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། ལྔ་པ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་བ་ནི། ཚེ་འདས་ཉིད་བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ། མི་ཕྱེད་གུས་པའི་གདུང་ཤུགས་དྲགས་པོས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་གྱུར་པའི་མོས་པས། ཉེ་དུ་སོགས་ཡོད་ན་དངོས་སུ་ཕྱག་འཚལ་དུ་གཞུག་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། སྤྲོ་ན་ཞིང་སྦྱོང་གི་ཆོ་གའི་ཕྱག་འཚལ་ཚང་བའམ་དབང་བསྐུར་རྒྱས་པར་མི་བྱེད་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱས་མཐར། བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་ལན་གསུམ་བརྗོད། དྲུག་པ་དབང་བསྐུར་བ་ལ། རྒྱས་པར་སྤྲོ་ན་གོང་དུ་སྨོས་པའི་རྒྱུད་སྦྱོང་བ་ནས། རྒྱན་གྱི་འཁོར་ལོ་དང་སྐལ་པ་མཉམ་པར་གྱུར། ཞེས་པའི་བར་ཚང་བར་བྱ། བསྡུ་ན། དེ་ལྟར་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་བ་ལ་བརྟེན་ནས། སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཚེ་འདས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་གདན་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར། གཟུངས་བུམ་ཐོགས་ལ། ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་པས་སྒྲིབ་གསུམ་བག་ཆགས་དང་བཅས་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པས་ཚེ་ལས་འདས་པ་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་པར་བསམ། བདུན་པ་འདོད་ཡོན་སྦྱིན་པ་ནི། བཟའ་བཏུང་སོགས་ཀྱི་དངོས་པོ་གཙང་མ་ཆབ་ཀྱིས་བྲན། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པར་བསམ་ལ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཞེས་བསྔོ། རྒྱས་པར་ནི་ཚིགས་བཅད་དང་སྔགས་སོ་སོར་ཕྲལ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་ཆོས་བཤད་པས་མཚམས་སྦྱར་ཏེ་ལམ་སྦྱོང་ཞིང་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་ངང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ དགུ་པ་དྭངས་མ་གནས་སྤར་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཚད་མེད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧྲཱིཿཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་སངས་རྒྱས་པར་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་བཞག །བཅུ་པ་སྙིགས་མ་བསྲེག་པ་ནི། ནུབ་ཐ་མར། སླར་ཡང་མདུན་གྱི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་པར་མོས་ལ་མེ་སྤར་ཞིང་། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་སྣང་བ་ཡིས༔ ཚེ་འདས་ཉོན་མོངས་བག་ཆགས་ཀུན༔ རང་བྱུང་ཆོས་སྐུའི་ཀློང་དུ་བསྲེག༔ ཨ་ཨ་ཨ༔ དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨགྣ་ཡེ་ཛྭ་ལ་རཾ༔ ཞེས་མེ་སྤར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱང་། བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། རྒྱས་པར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་བྱ་ཞིང་། དེ་ཙམ་མི་ནུས་ན། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་འཁྲུངས་པ། །བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་དམིགས་ཡུལ་དེར་ཐོབ་ཤོག །དེར་ནི་དམིགས་ཡུལ་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཅུ་གཉིས་པ་བདེན་སྟོབས་བརྗོད་པ་ནི། དེ་ལྟར་འགྲུབ་པར་བྱེད་པའང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད། བཅུ་གསུམ་པ་སཱཙྪ་སྒྲུབ་པ་ནི། བྱང་ཐལ་འཇིམ་པ་གཙང་མ་དང་སྦྱར། གཟུངས་ཀྱི་དྲི་ཆབ་བླུགས་ལ་སཱཙྪ་གདབ་ཅིང་རབ་ཏུ་གནས་ལ་གཙང་མའི་གནས་སུ་བཞག་གོ །གསུམ་པ་རྗེས་ནི། ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་གཏང་རག་འབུལ་བ་ནས་སྨོན་ལམ་བཀྲ་ཤིས་བར་ཚང་བར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། གཞུང་ལས། དེ་ལྟར་བདུན་ཕྲག་ལ་སོགས་པར༔ བསྙེན་རྫོགས་དུས་དང་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནས་སུ་ངེས་འདྲོངས་ན༔ དགེ་བའི་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨོས་ཅི་དགོས༔ དད་དང་དམ་ཚིག་སྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ཅེས་གསུངས་པས་མཚོན་སྤྱི་དང་བྱེ་བྲག་གི་ལུང་གིས་གྲུབ་ཅིང་རིག་པས་དཔྱད་བཟོད་པས་ན་ཡིད་ཆེས་པའི་ངེས་པ་དང་ལྡན་པ་ཉིད་དོ། །གྲུབ་པའི་སློབ་དཔོན་ཆེན་པོའི་ཞལ་གྱི་ལུང་། །མདོ་རྒྱུད་ཚད་མའི་གཞུང་ལྟར་ལེགས་ཕྱེས་པའི། །ཚུལ་འདི་འགྲོ་ཀུན་བདེ་ཅན་ཞིང་ཁམས་སུ། །མྱུར་དུ་བགྲོད་པའི་ལམ་བཟང་ཉིད་གྱུར་ཅིག །ཅེས་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་གྱི་གསང་བ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆོས་ཀྱི་གན་མཛོད་ཆེན་མོ་ལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་གའི་ཡན་ལག་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་འདིའང་། མཚོ་སྐྱེས་བླ་མ་ཡབ་སྲས་ཀྱི་བྱིན་རླབས་བདུད་རྩིའི་སྣང་བས་བློ་གྲོས་ཀྱི་པདྨོ་ཅུང་ཟད་ཁ་བྱེ་བ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ།། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་དབང་གི་ཆོ་ག་ཡེ་ཤེས་བདུད་རྩིའི་རྒྱུན་འབེབ་ (Volume 58, Text 23)

༄༅། །དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་དབང་གི་ཆོ་ག་ཡེ་ཤེས་བདུད་རྩིའི་རྒྱུན་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། རིགས་ཀུན་ཁྱབ་བདག་བདེ་བ་ཆེ། །དཀྱིལ་འཁོར་དབང་ཕྱུག་ཚངས་གནས་སུ། །བཀོད་དེ་འབྲེལ་ཚད་མི་ལྡོག་པའི། །གོ་འཕང་སྒྲུབ་བྱེད་འདིར་གསལ་བྱ། །དཔལ་སངས་རྒྱས་མཉམ་སྦྱོར་རྡོར་སེམས་བདེ་བ་ཆེན་པོའི་སྨིན་བྱེད་སྙིང་པོ་བསྒྲུབ་པ་ལ། སྦྱོར་བ་དཀྱིལ་འཁོར་དང་རྟེན་རྣམས་ལས་བྱང་གི་དབུ་ནས་འབྱུང་བ་དང་། སྐུ་གཟུགས་སམ་ཙཀླི། སྔགས་བྱང་ངམ་ཕྲེང་བ། མེ་ལོང་དང་རྡོ་རྗེ། རིག་ཙཀ་རྣམས་ཀྱང་བཀོད། མྱོང་གྲོལ་གྱི་དབང་བསྐུར་བྱེད་ན་ཐོད་པ་མཚན་ལྡན་མྱོང་གྲོལ་རིལ་བུས་བཀང་བ་དར་དཀར་གྱིས་བཀབ་ལ་མདུན་རྒྱབ་གང་བདེར་ཁྲིའུའི་ཁར་བཞག །ལས་བུམ་མམ་བསང་ཆུ་དང་། མཆོད་གཏོར་སོགས་ཚང་བར་བཤམ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་རྗེ་བླ་མས་མཛད་པའི་ལས་བྱང་བདེ་ཆེན་མྱུར་ལམ་ལྟར་བསང་ཆུ་བྱིན་རླབས་ནས་བརྩམ་མཐར་ཆགས་སུ་གཏང་། བསྙེན་པའི་ཕྱེད་སྒྲུབ་པ། དེའི་ཕྱེད་ལས་སྦྱོར་གྱི་བཟླས་པ་བྱ། མྱོང་གྲོལ་དབང་བསྐུར་སྐབས་གཏེར་གཞུང་ལྟར། མདུན་རྟེན་མི་དམིགས་སྐད་ཅིག་གིས༔ སོགས་ཀྱིས་ཐོད་དཀྱིལ་གསལ་བཏབ་ལ་བཟླས་པ་བརྒྱ་རྩ་ཙམ་གྲུབ་ནས། བདུད་རྩིའི་དྭངས་མ་འོད་ལྔའི་ཀློང༔ སོགས་ནས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ མཁའ་འགྲོ་སྒྱུ་མ་སོགས་ལས་བྱང་ལྟར་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་གཏང་། བདུད་རྩི་ལག་མཆོད་མི་དགོས། དེ་ནས་ཛཔ྄་དམིགས་གཏེར་གཞུང་ལྟར། རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ སོགས་ཀྱི་དགོངས་པ་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་བྱ། མཐར་མཆོད་བསྟོད་ཡིག་བརྒྱ་བཟླ། འགྲུབ་ན་བཤགས་པ་ཡེ་ཤེས་སྐུ་མཆོག་བརྗོད། སྲུང་མའི་གཏོར་འབུལ་མདོར་བསྡུས་དང་ཚོགས་བྱིན་རླབས་ནས་བསྒྲལ་མཆོད་བར་བྱ། སྐོང་བཤགས་མདོར་བསྡུས་སྙན་བརྒྱུད་ཡང་དག་གི་ལྟ་བུ་གྲུབ་ན་ལེགས། རིག་པའི་མེ་ཏོག་དོར། མྱོང་གྲོལ་དབང་བསྐུར་གཏེར་གཞུང་ལྟར་བླང་། སློབ་མ་གཞུག་པ་གནང་བ་ནོད་དོ། །དེ་ནས་དབང་གི་བྱ་བ་ལ་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད་ལ་མཚམས་གཅད། སེམས་བསྐྱེད་གསལ་བཏབ་ནས་མཚམས་སྦྱོར་གྱི་བྱེ་བྲག །འདིར་སྐབས་སུ་བབས་པ། ཐེག་པ་རིམ་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་མཐར་ཐུག་ཤིན་ཏུ་ཟབ་པའི་གསང་སྐོར་ལ་བཀའ་བརྒྱུད་དང་གཏེར་བརྒྱུད་གཉིས་ལས་འདིར་ཟབ་མོ་གཏེར་གྱི་ཕྱོགས་སུ་བྱོན་པ་སྟེ། དེའང་རྩོད་དུས་ཤིན་ཏུ་སྙིགས་མའི་སྐབས་སུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེའི་དབང་གིས་འགྲོ་བ་འདུལ་བའི་དཔལ་དུ་བྱོན་པ། ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་ཨུ་དུམྦཱ་རའི་མེ་ཏོག་ལྟར་འབྱུང་བར་དཀོན་ལ་རྩོད་པ་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ། ཆོས་རྒྱལ་ཁྲི་ལྡེ་དང་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཟུང་དུ་འཇུག་པའི་རྣམ་རོལ་བཀའ་བབས་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོའི་ཡང་སྲིད་༧ཨོ་རྒྱན་མཆོག་གྱུར་གླིང་པ་རྣམ་པ་གཉིས་ཀྱི་ཟབ་གཏེར་རྒྱ་མཚོའི་ཡང་བཅུད་སྙིང་ཐིག་སྐོར་བདུན་དུ་བཞུགས་པའི་ཐོག་མ། ཕྲིན་ལས་གསུང་གི་གནས་ཆེན་པདྨ་ཤེལ་ཕུག་གི་དབུ་རྩེ་ནས་སྤྱན་དྲངས་པའི་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་སྙིང་ཐིག་ལ་ཞི་བ་དང་ཁྲོ་བོའི་གདམས་སྐོར་གཉིས་སུ་བཞུགས་པ་ལས། འདིར་ཞི་བ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས། མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་ཡི་དམ་དབྱེར་མ་མཆིས་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། དབྱིངས་དང་རིག་པ་ཟུང་དུ་འཇུག་པ་གསུམ་པོ་རང་བྱུང་གདོད་མའི་དཀོན་མཆོག་གསུམ་དུ་བཞུགས་པ་ལ་དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་འདིའི་རྗེས་ཟློས། དབྱིངས་ཉིད་རྣམ་དག་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་གྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་སྨོན་པ་དང་དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པར་འདོད་པ་ཀུན་རྫོབ་དང་། དོན་དམ་བྱང་སེམས་གནས་ལུགས་གཉུག་མའི་རང་བཞིན་ཤེས་པས་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་དམིགས་འདུན་དང་། དོན་དམ་རང་བྱུང་རང་གསལ་གྱི་དགོངས་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས་ལན་གསུམ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་དང་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་པ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་སྦྱོར་བ་ཉམས་ཆག་སྡིག་སྒྲིབ་དག་པར་བྱེད་པའི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་ཐ་མལ་གནས་པ་ཡི༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་ནི༔ རིགས་དྲུག་བག་ཆགས་ངོ་བོར་གསལ༔ ནམ་མཁའ་གང་བའི་རྒྱལ་བ་དང༔ ལྷན་ཅིག་རྡོ་རྗེ་སློབ་དཔོན་གྱིས༔ བདུད་རྩིའི་ཆུ་ཡིས་ཁྲུས་བགྱིས་པས༔ སྡིག་སྒྲིབ་རྒྱུར་བཅས་དག་པར་བསམ༔ ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ འདི་ཉིད་དུ་ནི་བླུགས་མཛད་པས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ ཡི་གེ་བརྒྱ་པའི་མཐར༔ ཨ་སུ་ནྲྀ་ཏྲི་པྲེ་དུ་སརྦ་པཱ་པཾ་ཨ་ཝ་ར་ན་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་རྣམ་བུམ་གྱིས་ཁྲུས་བྱ། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་དུང་མདོག་ཞི་འཛུམ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན། རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་ཞིང་པདྨ་དང་ཉི་ཟླའི་གདན་ལ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་མཁའ་དབྱིངས་ཁྱབ་པར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྒོ་གསུམ་ལ་ཐིམ་པས་བྱིན་རླབས་ཞུགས་པར་མོས་ཤིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་བུམ་གསང་ཤེར་ཡེ་དོན་གྱི་དབང་དང་བཞིར་ཡོད་པ་ལས་དང་པོ་བུམ་པའི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་བའི་ཕྲིན་ལས་མཛད་ཅིང་། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་མོས་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ༔ ལྷ་ཡི་ཆུ་ནི་རྣམ་དག་པ༔ རྡོ་རྗེ་གསང་བ་གསུམ་ལས་བྱུང༔ རིག་པའི་ལྷ་མོའི་ཚོགས་བཅས་པས༔ རང་བཞིན་གཅིག་ཏུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུྃ་བཾ་ཧོཿསུ་ར་ཏ་སཏྭཾ་ཨོཾ་ཏྲཱཾ་ཧྲཱིཿཧཾ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏཱ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མཾ༔ དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན་པའི་ཐོག་མར་དཀྱིལ་འཁོར་བདག་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་སྤྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལུས་སྣང་ལྷ་སྐུར་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་བརྙན་མགོར་བཞག་ལ། ཨོཾ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ རྡོ་རྗེ་སེམས་དཔའི་དབང་བསྐུར་པས༔ ཕུང་པོ་ལྔ་དང་ཆོས་ཉིད་བཅས༔ ཡེ་ཤེས་དྲུག་གི་སྐུར་སྨིན་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ དེང་ཕྱིན་ཆད་གཟུགས་སྣང་ཐམས་ཅད་ལ་སྣང་སྟོང་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །དཀྱིལ་འཁོར་བདག་པོའི་ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། སྙིང་གར་འོད་ལྔའི་ཐིག་ལེ་ཟླུམ་པོའི་དབུས་སུ་ཨ་ཡིག་དཀར་གསལ་གྱི་མཐར་འཁོད་པ་ལས་བདེ་ཆེན་ཡེ་ཤེས་ཀྱི་སྣང་བས་འཁོར་འདས་དངོས་འཛིན་གྱི་རྟོག་པ་སྦྱངས། ཚོགས་གཉིས་ལྷུན་གྱིས་རྫོགས། སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀྱི་འཁོར་ལོར་བྱང་ཆུབ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་ལྟར་བཟླས་པའི་ལུང་སྦྱིན་ཅིང་སྔགས་ཕྲེང་མགྲིན་པར་བཞག་པས་སྒྲ་གྲགས་སྔགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །ཨཱ༔ བརྗོད་པ་མེད་ལས་ཐམས་ཅད་སྐྱེས༔ རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ བརྟན་དང་གཡོ་བའི་སྒྲ་དབྱངས་ཀུན༔ ཡེ་ཤེས་རང་སྒྲར་དག་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་སྒྲ་སྐད་ཐམས་ཅད་ལ་གྲགས་སྟོང་གསང་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །མེ་ལོང་ལ་རྡོ་རྗེའི་གཟུགས་བརྙན་གསལ་སྟོང་དབྱེར་མེད་དུ་ཤར་བའི་དཔེས་མཚོན་ནས། འཁོར་འདས་ཀྱི་བྱེད་པོ་རང་གི་སེམས་ཉིད་གདོད་ནས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བ་དབྱིངས་རིག་ཟུང་འཇུག་རང་བྱུང་རང་གསལ་གྱི་དགོངས་པ་ལ་མཉམ་པར་བཞག་པས། རྟོག་ཚོགས་ཆོས་ཉིད་དུ་བྱིན་གྱིས་བརླབས་པར་མོས་ཤིག །མེ་ལོང་རྡོ་རྗེ་བསྟན་ལ། ཧཱུྃ༔ བསམ་གྱིས་མི་ཁྱབ་འོད་གསལ་དོན༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་པས༔ གཟུང་དང་འཛིན་པའི་རྟོག་ཚོགས་ཀུན༔ ཡེ་ཤེས་དབྱིངས་སུ་རང་གྲོལ་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་རྣམ་པར་རྟོག་པ་གང་ཤར་ཐམས་ཅད་རིག་སྟོང་ཆོས་ཉིད་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེས་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །ལམ་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མགྲིན་པར་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ ཇི་ལྟར་བདེ་གཤེགས་ཡབ་རྣམས་ཀྱིས༔ རང་གི་སྲས་ལ་དབང་བསྐུར་བཞིན༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་རྡོ་རྗེ་སྙེམས་མའི་ངོ་བོར་བྱིན་གྱིས་བརླབས་པ་ཕྱག་ཏུ་སྤྲད་པ་དང་སྙོམས་པར་ཞུགས་པས། དགའ་བཞིའི་ལུགས་འབྱུང་དང་ལུགས་ལྡོག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་བའི་གནས་ཆེན་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ དགའ་བདེའི་རོལ་མོ་རྟག་ཏུ་གྱིས༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་ནུ་རཱ་ག་ཛྙཱ་ན་བཛྲ་ས་མ་ཡ་ཧོ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་དཀྱིལ་འཁོར་འཁོར་ལོར་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དོན་དམ་ཚིག་གིས་ངོ་སྤྲད་པའི་དབང་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ནས། དོན་དམ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་ནས་རང་རིག་རང་ལ་གསལ་བའི་རྡོ་རྗེ་སེམས་དཔའ་ཉིད་དུ་ཤེས་པར་གྱིས་ལ་མ་བཅོས་གཉུག་མའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་སྙིང་གར་བཞག །ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཛྙཱ་ན་བཛྲ་སཏྭ་ཨ་ཨ་ཨ༔ དེས་བཞི་པ་དོན་དམ་པའི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག །ལམ་འོད་གསལ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །མྱོང་གྲོལ་རིལ་དབང་བཤམས་སྒྲུབ་བྱས་ཤིང་བསྐུར་ན་འདིར་སྦྱར།མཆན། ཞེས་དང་ཤིས་བརྗོད་གང་འོས་བྱ། དེ་དག་རྣམས་ཀྱིས་དགའ་རབ་སྙིང་གི་ཐིག་ལེའི་ཡི་དམ་ཞི་བའི་དབང་བསྐུར་གྲུབ་པ་སྟེ། གཞུང་ལས། ཟབ་ཅིང་རྒྱ་ཆེའི་དབང་གི་དོན༔ གཅིག་ཏུ་བསྡུས་པའི་སྙིང་པོ་འདིས༔ སྒྲིབ་དག་བྱང་ཆུབ་རིགས་སུ་གྱུར༔ རྒྱུད་ཀྱི་ཡང་སྙིང་ངེས་པ་འོ༔ ཞེས་གསུངས་པའི་དོན་ཆེན་པོ་དང་ལྡན་པ་ལགས་པས་སྤྲོ་བ་བསྐྱེད་དེ་དམ་ཚིག་གི་རིམ་པ་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་ཕྱིན་དབང་གི་རྗེས་བྱ་རྣམས་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །དཀྱིལ་འཁོར་ཀུན་བདག་དབང་གི་ཆུས། །འགྲོ་ཁམས་ཞིང་ས་ལེགས་སྨིན་ནས། །བྱང་ཆུབ་རྡོ་རྗེའི་འབྲས་བཟང་སྨིན། །སེམས་དཔའི་གར་གྱིས་དོན་མཛད་ཤོག །ཅེས་པའང་མཆོག་དམན་ཀུན་ནས་ཁྱེར་བདེ་ཞིང་གཞུང་དོན་ཆད་ལྷག་མི་འགྲོ་བའི་ཞབས་ཏོག་ཏུ་དམིགས་ནས་བཀའ་བབས་ལུང་བསྟན་གྱིས་དབུགས་དབྱུང་ཐོབ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

ཟབ་གསང་རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་ (Volume 67, Text 23)


༄༅། །བ ཛྲ ཡཱ ནཾ མ ནྟྲ གུ ཧྱ སྱ མ ནྟྲཾ སོ ཥ དྷ ཛྙཱ ན ཨུ ད པ ནཱ མ བི ཧ ར ཏི སྨ། ། ༄༅། །ཟབ་གསང་རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ཟབ་གསང་རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་པདྨ་ཐོད་ཕྲེང་དང་དཔལ་རྡོ་རྗེ་སེམས་དཔའ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །གདོད་ནས་འགྱུར་མེད་བདེ་ཆེན་རྡོ་རྗེ་སེམས། །ཀུན་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། ཁྱབ་བདག་དཔལ་ལྡན་བླ་མར་ཕྱག་བགྱི་འོ། །ཡེ་ཤེས་གཅིག་གི་རྣམ་རོལ་མཐའ་ཡས་ལས། །རིགས་བརྒྱ་ལ་སོགས་རབ་འབྱམས་ཕྱག་རྒྱ་ཆེས། །སྲིད་ཞིར་རྒྱས་འདེབས་རྣལ་འབྱོར་མཆོག་གི་ལམ། །མངོན་པར་གསལ་བྱེད་ཐབས་མཆོག་འདི་རྨད་བྱུང་། ཁྱད་པར་སྔགས་ཀྱི་རྣལ་འབྱོར་ལམ་གྱི་སྲོག །འདའ་དཀའ་རྡོ་རྗེ་དམ་ཚིག་ཉམས་པའི་དྲིས། །ནོངས་པར་བྱས་ཀུན་དག་བྱེད་སྤྱི་ཁྲུས་མཆོག །རྒྱུད་ལུང་མན་ངག་དགོངས་དོན་འདིར་གསལ་བྱ། །དེའང་ཐེག་ཆེན་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྲུང་བྱ་སྲུང་བྱེད་བསྲུང་མཚམས་ལས་འདས་པའི་སྐྱོན་སོགས། དྲན་ཤེས་བག་ཡོད་བརྟན་པོས་སྒོ་གསུམ་ལེགས་པར་བསྡམ་སྟེ་ཚུལ་བཞིན་དུ་བསྲུང་ན་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་ལ། དེ་ལས་ཉམས་པར་གྱུར་ན། གསོ་སྦྱོང་གི་བསླབ་སྡོམ་ཉམས་པ་ལས་འབུམ་འགྱུར་གྱི་ཆར་ཡང་མི་ཕོད་པར་ཉེས་པ་ཤིན་ཏུ་ལྕི་ཞིང་ངན་འགྲོར་ལྟུང་བའི་སྡུག་བསྔལ་གྱི་རྩ་བར་འགྱུར་བ་སྟེ། ཧེ་རུ་ཀཿའདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་འཚིག་པར་བཤད། །ཅེས་གསུངས་པ་ལྟར་ཁེ་ཉེན་ཤིན་ཏུ་ཆེ་བས། དེ་ལྟར་ཉམས་པར་གྱུར་ན་གསོ་ཞིང་སྦྱོང་བའི་ཐབས་བཀའ་གཏེར་རྒྱུད་ལུང་ཇི་སྙེད་ནས་གསུངས་པ་ཐམས་ཅད་ཀྱི་དགོངས་བཅུད་གཅིག་ཏུ་དྲིལ་ཏེ། བླ་མའི་ཐུགས་སྒྲུབ་གསང་འདུས་ནོར་བུ་རྒྱ་མཚོ་དང་ཀློང་གསལ་གསང་བ་སྙིང་བཅུད་ཀྱི་ཞི་ཁྲོའི་ཆོ་ག་གཉིས་ཟུང་དུ་འབྲེལ་བ་རིག་འཛིན་བླ་མའི་ཞལ་ལུང་གི་མན་ངག་ལྟར་སྙིང་པོར་དྲིལ་ཏེ་བཤད་པར་བྱའོ། །དེ་ལའང་སྤྱི་དོན་རྣམ་པ་གསུམ་སྟེ། སྔོན་དུ་འགྲོ་བ་དཀྱིལ་འཁོར་གྱི་གཞུང་བསྲང་བ་དང་། གསོ་སྦྱོང་དངོས་བྱ་བ། རྗེས་ཀྱི་རིམ་པ་འོ། །དང་པོ་དཀྱིལ་འཁོར་གཞུང་བསྲང་བ་ལའང་གཉིས། རྟེན་མཆོད་གཤམ་པ་དང་གཞུང་དངོས་སོ། །དང་པོ་ནི། རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཞིང་སྡིག་སྒྲིབ་སྦྱངས་ནས་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་ཀྱི་སྒོ་ཟབ་མོ་འདིར་འཇུག་པར་འདོད་པས། ཉ་སྟོང་ཚེས་བརྒྱད་ཡར་མར་གྱི་ཚེས་བཅུ་ལ་སོགས་དུས་བཟང་ངམ། ནམ་དུའང་རུང་སྟེ་ཡིད་མཐུན་གྱི་གནས་གཙང་མར་སྤྱན་གཟིགས་དང་སྐུ་གསུང་ཐུགས་རྟེན་ཅི་འབྱོར་བ་ལེགས་པར་བཀྲམ། གཞི་མ་དུལ་བ་ཡིན་ན་ས་ཡི་ཆོ་གའང་སྤྱི་ལྟར་བྱ་ཞིང་། འགྲུབ་ཏུ་རུང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་ཞིང་མི་འགྲུབ་ན་སྟེགས་བུ་ཁེབས་ལྡན་གྱི་ཁར་ཐུགས་སྒྲུབ་རྩ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་མཉྫི་ལྟ་བུ་གཉིས་བརྩེགས་ཀྱི་སྟེགས་ལ་འོག་ཏུ་ཞི་བ་དང་། དེ་སྟེང་ཁྲོ་བོའི་དཀྱིལ་འཁོར་གཉིས་ཀློང་གསལ་རང་གཞུང་བཞིན་བྲིས་པ་སུམ་བརྩེགས་སྒོམ་དོན་ལྟར་བཤམས་པའི་སྟེང་དུ་མཉྫིའི་ཁར་བུམ་པ་སོ་ལྔའི་རྫས་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཏགས་པ། དེའི་ཁར་ཁྲོ་བོའི་གསང་བུམ་ཐོད་པ་བདུད་རྩིས་བཀང་བ། དེའི་སྟེང་དུ་མེ་ལོང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་མཱུྃཿགྱིས་མཚན་པ་བྲིས་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་མེ་ལོང་། མདུན་དུ་དབང་གཏོར་འབར་བ་མ་དར་གདུགས་ཀྱིས་ཕུབ་པ། རྒྱབ་ཕྱོགས་དབུས་སུ་བླ་གཏོར་པད་འདབ་བཞི་པ། གཡས་སུ་ཞི་བའི་གཏོར་མ་དཀར་ཟླུམ་པད་འདབ་བཞི་པ་རིལ་བུ་བཞི་བཅུ་ཞེ་གཉིས་་་རྒྱབ་ཀྱི་གཡས་གཡོན་དུ་བཅུ་གཅིག་རེ་དང་མདུན་དུ་བཅུ་རེ།མཆན།ཀྱིས་བསྐོར་བ། གཡོན་དུ་ཁྲོ་བོའི་དཔལ་གཏོར་པད་འདབ་བཞི་པ་དམར་རྩིས་བྱུགས་པ་མཐེབ་ཀྱུ་ལྔ་བཅུ་རྩ་བརྒྱད་་་རྒྱབ་ཀྱི་གཡས་གཡོན་དུ་བཅོ་ལྔ་རེ་དང་མདུན་དུ་བཅུ་བཞི་རེ།མཆན།ཀྱིས་བསྐོར་བ། དེ་དག་གི་གཡས་གཡོན་དུ་ཡི་དམ་དང་མཁའ་འགྲོའི་སྤྱི་གཏོར་འཁོར་བཞི་དང་ཀྱུ་ལྔ་རེ་ཡོད་པ་ཟུང་བཅས་ལྔ་ཀའང་ཉི་ཟླ་མེ་རི་སོགས་རྒྱན་སྤྲོས་ཀྱིས་མཛེས་པ། གཡས་གཡོན་དུ་ཐོད་པའི་སྣོད་དུ་ཨ་མྲྀཏ་ཆང་དང་སྦྱར་བ་དང་། སོ་ལྔའི་རྫས་ཁྲག་དང་སྦྱར་བ། གཞན་ཡང་ཞི་ཁྲོའི་སྐུ་ཙཀ །བྱང་ཤར་དུ་ལས་བུམ་བཅུད་ལྡན། དཀྱིལ་འཁོར་གྱི་མཐར་ཞི་བ་བཞི་བཅུ་རྩ་གཉིས་ལ་བཤོས་ཟླུམ་ཞེ་གཉིས། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ལ་དཔལ་བཤོས་ལྔ་བཅུ་རྩ་བརྒྱད། གཡས་སུ་བདུད་རྩི། གཡོན་དུ་རཀྟ། མཐའ་སྐོར་དུ་མར་མེ་སོགས་བརྒྱ་དང་རྩ་བརྒྱད་ཕྱི་ནང་རིམ་བཞིན་བཀོད། མདུན་རྒྱབ་གང་བདེར་དཔལ་མགོན་སྡེ་བརྒྱད་སོགས་བཀའ་གཏེར་སྲུང་མའི་མཆོད་གཏོར་དང་ཆད་བརྟན། མཐར་ཆུ་གཉིས་ཉེར་སྤྱོད་ཀྱིས་བསྐོར་བའམ་ཕྲེང་ཚར། ཞིང་ངམ་གཅན་གཟན་གྱི་ལྤགས་པའི་ཁར་ཚོགས་གཏོར་རིན་ཆེན་འབར་བ་དང་མཱཾ་ས། མ་ད་ན་སོགས་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་རྣམས་དང་། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། འཐོར་ནས། བྱེ་ཡུངས། གུལ་ཡུངས། ལས་བུམ། གདབ་ཕུར། གཞན་ཡང་རོལ་མོའི་རིགས་སོགས་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ལ་དྭངས་ཤིང་སྤྲོ་ལ་མཛེས་ཤིང་བརྗིད་པར་བཤམ་མོ། །གཉིས་པ་གཞུང་དངོས་ལ་གསུམ། ཐུན་མོང་རྩ་བའི་དཀྱིལ་འཁོར་གཞུང་བསྲང་བ། ཁྱད་པར་ཅན་ཞི་ཁྲོའི་དཀྱིལ་འཁོར་གཞུང་བསྲང་བ། བྱེ་བྲག་ཏུ་བུམ་སྒྲུབ་བྱ་བའོ། །དང་པོ་ལ་ཆོ་གར་འཇུག་པའི་སྦྱོར་བ་དང་། ཞུགས་པའི་ཆོ་ག་དངོས་གཉིས་སོ། །དང་པོ་ལའང་བཞི། གྲལ་དུ་འདུ་བའི་བྱ་བ་དང་། བརྒྱུད་པའི་གསོལ་འདེབས་བྱ་བ། ལས་བུམ་སྒྲུབ་པ། སྔོན་གཏོར་གཏོང་བའོ། །དང་པོ་ནི། སྟོན་འཁོར་མཆེད་ལྕམ་ཐམས་ཅད་ཁྲུས་ལེགས་པར་བྱས་ལ། རང་རང་གི་རྟགས་དང་ཆ་ལུགས་ཀྱི་རྒྱན་གོས་སོགས་ཚུལ་བཞིན་བྱས་ཏེ་ལྷ་དང་དཀོན་མཆོག་སྤྱི་ལ་ཡིག་བརྒྱ་བཟླ་བཞིན་པས་གྲལ་ཕྱག་དང་། མཆེད་ལྕམ་བསླབ་པ་རྒན་རིམ་ལ་ཚུལ་ཕྱག་བྱས་ཏེ་ཐམས་ཅད་དད་བརྩོན་ཤེས་རབ་ལྷག་པར་བསྐྱེད་ཅིང་སྒོ་གསུམ་བསྡམས་ཏེ་བདེ་བའི་སྟན་ལ་གྲལ་དུ་འཁོད། གཉིས་པ་བརྒྱུད་འདེབས་ནི། བརྒྱུད་གསུམ་བླ་མ་རྣམས་ལ་དད་མོས་རྩེ་གཅིག་པས། ཚིག་བདུན་གསོལ་འདེབས་དང་། ཀུན་བཟང་སྣང་མཐའ་པདྨ་གར་གྱི་དབང་། །སོགས་ཀྱི་བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ལ། གསུམ་པ་ལས་བུམ་ནི། སྭཱ་བྷཱ་ཝས་སྦྱང་། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི། །མཚན་ཉིད་ཐམས་ཆད་ཡོངས་རྫོགས་དབུས། །པད་ཉིའི་གདན་སྟེང་ཁྲོ་བོའི་རྒྱལ། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །གྲི་ཐོད་འཛིན་ཅིང་རྟ་ཞལ་བཞད། །དུར་ཁྲོད་ཆས་རྫོགས་གར་གྱིས་འགྱིངས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་ས་མཱ་ཛཿ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཧོཿས་མཆོད། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ནང་ཐམས་ཅད་ཡོངས་སུ་གང་ཞིང་ནུས་ལྡན་དུ་བྱས་པར་མོས་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བུམ་པ་ལ་རེག་སྟེ། ཨོཾ་བཛྲ་ཀྲོ་དྷ་པདྨ་ཏ་ཀྲིཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་གང་འགྲུབ་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །བཞི་པ་ཕྱི་རོལ་པ་ལ་གཏོར་མ་སྦྱིན་པ་ནི། གཏོར་མ་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཅེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ། གཉིས་པ་ཞུགས་པའི་ཆོ་ག་དངོས་ལའང་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སྐྱབས་སེམས་ནས་གཟུང་རང་གསལ་གདབ་པའི་བར་ཚུན་དང་། གཉིས་པ་དངོས་གཞི་ནི། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་སྟེ་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་ཅིང་བསྟོད་པ། བཟོད་གསོལ། ཛཔ྄་ཁང་དབྱེ་ཞིང་བསྙེན་སྒྲུབ་ལས་གསུམ་གྱི་ཛཔ྄་བཟླ་བ། རྫོགས་རིམ་དང་འབྲེལ་བཟླས་པ། སྟོང་ཚིགས་མཆོད་བསྟོད་དང་བཅས་བླ་མ་གསང་འདུས་ནོར་བུ་རྒྱ་མཚོའི་ལས་བྱང་༼རིག་འཛིན་དགོངས་རྒྱན་༽ཇི་ལྟ་བ་བཞིན་བྱ་བ་ཡིན་ལ། དེའང་ཛཔ྄་ཀྱི་སྐབས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ ཞེས་དང་། ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ སོགས་ཀྱིས་ཛཔ྄་ཁང་དབྱེ་བར་བྱའོ། །གཉིས་པ་ཁྱད་པར་ཅན་ཞི་ཁྲོའི་དཀྱིལ་འཁོར་གཞུང་བསྲང་བ་ལ་བདུན། བསྐྱེད་རིམ་བསྒོམ་པ། ཡེ་ཤེས་པ་འགུག་ཅིང་བསྟིམ་པ། བཞུགས་སུ་གསོལ་བ། ཕྱག་དང་མཆོད་པ། བསྟོད་པ་བྱ་བ། ཛཔ྄་བཟླ་བ། དབང་བླང་བའོ། །དང་པོ་ལའང་གསུམ། བསྐྱེད་རིམ་སྒོམ་པ། བྱིན་གྱིས་བརླབ་པ། དབང་བསྐུར་བའོ། །དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་རིག་སྟོང་དོན་གྱི་ཀུན་ཏུ་བཟང་པོ་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ལས། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་འགག་པ་མེད་པར་རང་ཤར་བའི་ཚུལ་གྱིས། གཞི་ལུས་དབང་ཆེན་ཡབ་ཡུམ་དུ་གསལ་བའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་འོད་ལྔའི་ཀློང་དུ་རང་གསལ་རིག་པའི་ལྷ་སྐུ་གདོད་མའི་བླ་མ་དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀ་དང་སྤྱི་བོར། ཤིན་ཏུ་ཕྲ་བའི་ཕུང་ཁམས་སྐྱེ་མཆེད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རང་བཞིན་ཡོངས་གྲུབ་ཀྱི་ཚུལ་དུ་བཞུགས་པ་ཉིད་གསལ་གདབ་པའི་ཚུལ་གྱིས། གཤིས་སྟོང་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་ལས། རང་གདངས་གསལ་རིག་ལྷུན་གྲུབ་འགག་པ་མེད་པའི་རྩལ་གྱིས། རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་བསྒོམ་སྟེ། དེའང་བདག་དམ་ཚིག་གི་དཀྱིལ་འཁོར་དང་། མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཀར་ཞི་ཁྲོའི་ལྷ་ཚོགས་སྒོམ་པ་ཡིན་ནའང་། ཏིང་འཛིན་དམིགས་པས་མ་འཆུན་ན་སྐབས་འདིར་སྐོང་བཤགས་གཙོ་ཆེ་བས་མདུན་གྱི་ཡེ་དཀྱིལ་ཁོ་ན་ལ་སྒོམ་པས་ཀྱང་རུང་བས་གང་ལྟར་ཡང་། རྒྱུ་ཏིང་ངེ་འཛིན་གྱིས་ཁོག་ཕུབ་པ་གོང་དུ་བཤད་པ་ལྟར་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་རིམ་གྱིས་གསལ་གདབ་པ་ལ་ཞི་བ་དང་། ཁྲོ་བོ་གཉིས་ལས། དང་པོ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ གཙོ་མཆོག་པདྨ་ཐོད་ཕྲེང་གི། །ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་། །ཀུན་སྣང་བརྡལ་བ་ཆེན་པོ་ཡི༔ ཆོས་ཉིད་མ་བཅོས་ཐིག་ལེ་ཆེ༔ ཡེ་ཤེས་རིག་པ་གསལ་ལ་དག༔ རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི༔ ཡེ་ཤེས་ལྔ་རྫོགས་དཀྱིལ་འཁོར་ཆེ༔ མུ་ཁྱུད་ལྔ་ལྡན་ཚོམ་བུར་བཅས༔ སྣ་ཚོགས་མ་འདྲེས་ཡེ་ཤེས་མདངས༔ འོད་དང་འོད་ཟེར་དཔག་མེད་འཕྲོ༔ དཀྱིལ་འཁོར་ཆེན་པོ་གཅིག་གི་ནང༔ སངས་རྒྱས་ཞིང་ཁམས་དཔག་ཏུ་མེད༔ མཐའ་དབུས་རྒྱ་ཁྱོན་བསམ་ལས་འདས༔ འོད་སྣང་འཁྲུགས་པའི་ཕོ་བྲང་ནི༔ ཤར་ལྷོ་ནུབ་བྱང་སྒོ་བཞིར་ལྡན༔ ཟུར་བཞི་ལོགས་བཞི་རྩེ་མོར་བཅས༔ ཁྲི་རྐང་འོད་ཀྱི་དྲྭ་བས་མཛེས༔ ཕྱི་ནང་མེད་པ་ཟང་ཐལ་ཚུལ༔ ནང་དུ་ཡེ་ཤེས་མུ་ཁྱུད་ལྔ༔ ཕྱོགས་བཞིར་མུ་ཁྱུད་ཟླུམ་པོ་ནི༔ ལྔ་ལྔ་ཉི་ཤུ་རྩ་ལྔས་བསྐོར༔ ལྔ་ཚན་རེ་རེར་མུ་ཁྱུད་ལྔ༔ འོད་ཀྱི་ལུ་གུ་རྒྱུད་དང་ལྡན༔ མཛེས་པའི་རི་མོ་རང་ཤར་ཏེ༔ བསམ་འདས་དཔག་པར་མི་ལང་བ༔ སྣང་ལ་རང་བཞིན་མེད་པར་སྒོམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་རང་འོད་དཀྱིལ་འཁོར་དལ༔ བྱས་པ་མེད་པ་རང་བྱུང་ཆེ༔ བརྡལ་བ་ཆེན་པོའི་ཞིང་ཁམས་འདི༔ རྒྱལ་བ་རྒྱ་མཚོ་བཞུགས་པའི་གནས༔ བདག་དང་གཉིས་མེད་དལ་བསྐྱེད་དོ༔ བྷྲཱུྃ་བཛྲ་ཙཀྲ་བྷྲཱུྃ༔ ཨ་ཨ་ཨ༔ ཆོས་ཉིད་དག་པའི་ངང་ཉིད་ལས༔ ཡེ་ཤེས་གསལ་བའི་རང་མདངས་ཀྱི༔ འོད་ཚོགས་འདུས་པ་ཐིག་ལེའི་སྐུ༔ རང་སྣང་དག་པའི་དཀྱིལ་འཁོར་དབུས༔ འོད་ཁྱིམ་འཇའ་ལྔའི་ནང་ཉིད་དུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ ཕྱག་གཉིས་མཉམ་པའི་ཕྱག་རྒྱ་ཅན། །རྒྱན་མེད་སྐྱིལ་ཀྲུང་དྲང་པོར་བཞུགས༔ ཡེ་ཤེས་རཏྣ་སྣ་ཚོགས་པད༔ ཉི་མ་ཟླ་བའི་གདན་སྟེང་དུ༔ སྣང་ལ་རང་བཞིན་མེད་པར་སྒོམ༔ དེ་ཡི་མདུན་གྱི་ཟུར་ཉིད་དུ༔ རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང༔ ཡུམ་མཆོག་མཱ་མ་ཀཱི་དང་སྦྱོར༔ རྒྱན་དང་ཆ་ལུགས་སྤྱི་མཐུན་ལ༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ གླང་ཆེན་བསྣོལ་བའི་ཁྲི་སྟེང་དུ༔ ལོངས་སྤྱོད་རྫོགས་སྐུའི་ཚུལ་དུ་བཞུགས༔ ལྟེ་ཁྱུད་དེ་ཡི་ཤར་ཕྱོགས་སུ༔ རྣམ་པར་སྣང་མཛད་སྐུ་མདོག་དཀར༔ ནམ་མཁའ་དབྱིངས་ཕྱུག་དཀར་གསལ་འཁྱུད༔ ཕྱག་གཡས་འཁོར་ལོ་གཡོན་དྲིལ་བུ༔ སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ༔ མཚན་དང་དཔེ་བྱད་རྫོགས་པར་བཞུགས༔ གཡས་སུ་སེམས་དཔའ་ས་སྙིང་དཀར༔ ཕྱག་གཡས་རིན་མྱུག་གཡོན་དྲིལ་བུ༔ གཡོན་དུ་སེམས་དཔའ་བྱམས་པ་དཀར༔ ཕྱག་གཡས་ཀླུ་ཤིང་གཡོན་དྲིལ་བུ༔ མདུན་དུ་བཛྲ་ལཱ་སྱཻ་དཀར༔ ཕྱག་གཉིས་མེ་ལོང་གཙོ་ལ་འབུལ༔ རྒྱབ་ཏུ་བཛྲ་པུཥྤེ་དཀར༔ ཕྱག་གཉིས་མེ་ཏོག་གཙོ་ལ་འབུལ༔ ལྟེ་ཁྱུད་དེ་ཡི་ལྷོ་ཕྱོགས་སུ༔ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ སངས་རྒྱས་སྤྱན་མ་དམར་སེར་འཁྱུད༔ ཕྱག་གཡས་རིན་ཆེན་གཡོན་དྲིལ་བུ༔ རྟ་མཆོག་བསྣོལ་བའི་ཁྲི་སྟེང་དུ༔ མཚན་དང་དཔེ་བྱད་རྫོགས་པར་བཞུགས༔ གཡས་སུ་ཀུན་བཟང་དམར་སྐྱ་བ༔ ཕྱག་གཡས་རིན་སྙེ་གཡོན་དྲིལ་བུ༔ གཡོན་དུ་ནམ་མཁའི་སྙིང་པོ་མཐིང༔ ཕྱག་གཡས་རལ་གྲི་གཡོན་དྲིལ་བུ༔ མདུན་དུ་སེམས་མ་མཱ་ལྱེ་མཐིང༔ ཕྱག་གཉིས་ཕྲེང་བ་གཙོ་ལ་འབུལ༔ རྒྱབ་ཏུ་དྷཱུ་པེ་དུད་ཁ་མ༔ ཕྱག་གཉིས་བདུག་སྤོས་གཙོ་ལ་འབུལ༔ ལྟེ་ཁྱུད་དེ་ཡི་ནུབ་ཕྱོགས་སུ༔ སྣང་བ་མཐའ་ཡས་སྐུ་མདོག་དམར༔ གོས་དཀར་མོ་དམར་ཡབ་ལ་འཁྱུད༔ ཕྱག་གཡས་པདྨ་གཡོན་དྲིལ་བུ༔ རྨ་བྱ་བསྣོལ་བའི་ཁྲི་སྟེང་དུ༔ མཚན་དང་དཔེ་བྱད་རྫོགས་པར་བཞུགས༔ གཡས་སུ་སེམས་དཔའ་སྤྱན་རས་གཟིགས༔ དཀར་སྐྱ་པདྨ་དྲིལ་བུ་འཛིན༔ གཡོན་དུ་འཇམ་དཔལ་དམར་སེར་ཏེ༔ ཕྱག་གཡས་ཨུཏྤལ་གཡོན་དྲིལ་བུ༔ མདུན་དུ་གཱིརྟི་དམར་སྐྱ་མ༔ ཕྱག་གཉིས་པི་ཝང་སྒྲ་སྒྱུར་སྒྲོག༔ རྒྱབ་ཏུ་སེམས་མ་ཨཱ་ལོཀེ་དམར༔ ཕྱག་གཉིས་མར་མེ་གཙོ་ལ་འབུལ༔ ལྟེ་ཁྱུད་དེ་ཡི་བྱང་ཕྱོགས་སུ༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང༔ དམ་ཚིག་སྒྲོལ་མ་ལྗང་ཁུ་འཁྱུད༔ ཕྱག་གཡས་རྒྱ་གྲམ་གཡོན་དྲིལ་བུ༔ ཤང་ཤང་བསྣོལ་བའི་ཁྲི་སྟེང་དུ༔ མཚན་དང་དཔེ་བྱད་རྫོགས་པར་བཞུགས༔ གཡས་སུ་སྒྲིབ་པ་རྣམ་སེལ་མཐིང༔ ཕྱག་གཡས་པོ་ཏི་གཡོན་དྲིལ་བུ༔ གཡོན་དུ་ཕྱག་ན་རྡོ་རྗེ་ལྗང༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ མདུན་དུ་གནྡྷེ་ལྗང་མོ་ནི༔ ཕྱག་གཉིས་དུང་ཕོར་གཙོ་ལ་འབུལ༔ རྒྱབ་ཏུ་ནཱིརྟི་ལྗང་ཁུ་ནི༔ ཕྱག་གཉིས་ཞལ་ཟས་གཙོ་ལ་འབུལ༔ དེ་ལྟར་སེམས་དཔའ་སེམས་མ་བརྒྱད། །ཉི་ཟླ་པད་གདན་ཕྱེད་སྐྱིལ་བཞུགས༔ རིགས་ཀྱི་གཙོ་འཁོར་དེ་དག་ནི༔ རིན་ཆེན་དབུ་རྒྱན་སྟོད་གཡོགས་དང༔ སྨད་དཀྲིས་ཟེ་ཁེབས་དཔུང་རྒྱན་དང༔ སོར་གདུབ་ཕུ་དུང་ཅོད་པཎ་དང༔ རིན་ཆེན་ཕྲེང་བ་སྙན་ཆ་དང༔ མགུལ་ཆུ་དོ་ཤལ་སེ་མོ་དོ༔ ཕྱག་ཞབས་གདུ་བུ་སྐ་རགས་དང༔ འོད་ཀོར་ཐིག་ལེ་ཡེ་ཤེས་རྒྱན༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ སྣང་ལ་རང་བཞིན་མེད་པར་སྒོམ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱཾ་མཱུཾ་ལཱཾ་པཱཾ་ཏཱཾ༔ ཀུན་བཟང་གཡས་སུ་བརྒྱ་བྱིན་དཀར༔ ཕྱག་གཉིས་པི་ཝང་སྒྲ་སྒྲོག་ཅིང༔ བཞེངས་སྟབས་པད་ཟླའི་གདན་ལ་བཞུགས༔ གཡོན་དུ་ཆོས་ཀྱི་རྒྱལ་པོ་ནག༔ མེ་ཆུ་བསྣམས་ནས་བཞེངས་སྟབས་བཞུགས༔ ཤར་ལྷོར་ལྷ་མིན་ཐུབ་པ་མཐིང༔ གོ་ཆ་བསྣམས་ནས་བཞེངས་སྟབས་བཞུགས༔ ལྷོ་ནུབ་མི་ཡི་ཐུབ་པ་སེར༔ གསེག་པར་བསྣམས་ནས་བཞེངས་སྟབས་བཞུགས༔ ནུབ་ལྗང་བྱོལ་སོང་ཐུབ་པ་ལྗང༔ ཆོས་པོད་བསྣམས་ནས་བཞེངས་སྟབས་བཞུགས༔ བྱང་ཤར་ཡི་དྭགས་ཐུབ་པ་དམར༔ ཕྱག་གཉིས་རིན་ཆེན་སྒྲོམ་བུ་བསྣམས༔ འགྲོ་དོན་རྫོགས་མཛད་ཐུབ་པ་དྲུག༔ གཙུག་ཏོར་ཆོས་གོས་ལྡན་པ་སྟེ༔ འགྲོ་བའི་དོན་ལ་བཞུགས་པར་སྒོམ༔ དཀྱིལ་འཁོར་དེ་ཡི་ཤར་སྒོ་རུ༔ རྣམ་རྒྱལ་དཀར་པོ་ཡབ་ཡུམ་སྦྱོར༔ ཕྱག་གཡས་ལྕགས་ཀྱུ་གཡོན་དྲིལ་བུ༔ ལྷོ་སྒོར་གཤིན་རྗེ་ཡབ་ཡུམ་སེར༔ ཞགས་པ་དབྱུག་ཏོ་ཕྱག་ན་བསྣམས༔ ནུབ་སྒོར་རྟ་མགྲིན་ཡབ་ཡུམ་དམར༔ ལྕགས་སྒྲོག་དྲིལ་བུ་ཕྱག་ན་ཐོགས༔ བྱང་སྒོར་བདུད་རྩི་ཡབ་ཡུམ་ལྗང༔ རྒྱ་གྲམ་དྲིལ་བུ་ཕྱག་ན་བསྣམས༔ ཚད་མེད་བཞི་ལྡན་སྒོ་སྲུང་བཞི༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ པད་ཉིའི་སྟེང་ན་བརྐྱང་བསྐུམ་བཞུགས༔ དེ་ལྟར་ཞི་བ་བཞི་བཅུ་གཉིས༔ མ་ཡེངས་ཡིད་ཡུལ་གསལ་བར་སྒོམ༔ རྒྱ་མཚོའི་ནང་གི་གཟའ་སྐར་ལྟར༔ སྟོང་གསལ་མདངས་ལྡན་བཞུགས་པར་བསྒོམ༔ གཉིས་པ་ཁྲོ་བོ་ནི། བྷྲཱུྃ་ཧཱུྃ། སྤྱི་བོ་ཀླད་པ་དུང་ཁང་ཆེ། །སྟོང་པའི་ཡེ་ཤེས་བྷནྡྷའི་ནང༔ གསལ་བའི་ཡེ་ཤེས་ཐིག་ལྡན་པའི༔ རྣམ་དག་རིག་སྟོང་གཞལ་ཡས་ཁང༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་མཛེས༔ མཁའ་མཉམ་རྒྱ་ཁྱོན་དཔག་ཏུ་མེད༔ འོད་ཟེར་ལྔ་ལྡན་མུ་ཁྱུད་མཛེས༔ རང་རིག་ཡེ་ཤེས་ཁྲོ་བོའི་དལ༔ རྣམ་དག་ཡེ་ཤེས་ཀློང་ཡངས་འཁྱིལ༔ དུར་ཁྲོད་མེ་རི་སྣ་ཚོགས་འཕྲོ༔ རིན་ཆེན་སྣ་ལྔའི་གཞལ་ཡས་ཁང༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ ལྷ་བརྒྱད་ཀ་བ་ཀླུ་ཆེན་གདུང༔ ལྷ་བྲན་དྲལ་ལྕམ་རཏྣའི་ཐོག༔ རུས་སྦལ་ཆུ་སྲིན་ཀ་གདན་བཅས༔ མུ་ཏིག་དྲྭ་བ་དྲྭ་ཕྱེད་དང༔ གཟའ་བརྒྱད་ཀ་གཞུ་རྒྱུ་སྐར་འདེགས༔ གཡེར་ཁ་དྲིལ་བུ་མཆོད་རྟེན་བསྐོར༔ མི་ནུབ་རྒྱལ་མཚན་ཕྱོགས་བཅུར་སྒྲེང༔ རི་དྭགས་ཆོས་ཉན་གདུགས་ཆོས་འཁོར༔ གསལ་སྟོང་ཡེ་ཤེས་ཕོ་བྲང་ནི༔ ཕྱི་ནང་ཟང་ཐལ་ཡིད་འོང་མཛེས༔ རང་བཞིན་ཁྲོ་བོའི་བཞུགས་གནས་ཤར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་ཙཀྲ་བྷྲཱུྃ༔ ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲཱུྃ༔ སྥ་ར་ན་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བྷྲཱུྃ༔ རཏྣ་ཡེ་ཤེས་ལྔ་ལྡན་བྲག༔ འཁོར་ལོ་རྩིབས་བཞིའི་ལྟེ་དབུས་སུ། །བྱོལ་སོང་དྲེགས་པ་འཁོར་ལོ་དང་། །ཕག་སྦྲུལ་བྱ་དོམ་རུས་སྦལ་གདན༔ སྣ་ཚོགས་པདྨ་ཟླ་ཉི་དང༔ བམ་ཆེན་ཕོ་མོ་བསྣོལ་བའི་གདན༔ རྒྱལ་རྣམས་བཞེངས་བཞུགས་མི་མངའ་ཡང༔ སྟོང་ཉིད་ཐིག་ལེ་བཞུགས་པའི་གདན༔ མི་འགྱུར་གཡུང་དྲུང་འོད་པོ་ཆེ༔ ཀུན་འབྱུང་ཐུགས་རྗེ་རྨད་པོ་ཆེ༔ ཁྲོ་རྒྱལ་བཞུགས་པའི་གདན་དུ་གསལ༔ ཨ་པྲ་ཏི་ས་མ་ཡ་ཧཱུྃ་བྷྲཱུྃ༔ ཧཱུྃ༔ རིག་པའི་རང་བཞིན་ཡི་གེ་ཧཱུྃ༔ འཕྲོ་འདུ་དམིགས་པའི་གསལ་སྣང་ལས༔ རང་བཞིན་དག་པ་ཆེན་པོའི་སྐུ༔ དཀྱིལ་འཁོར་ཚོམ་བུའི་དབུས་ཉིད་དུ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ཞལ༔ གཡས་གསུམ་འཁོར་ལོ་རྡོ་རྗེ་གྲི༔ གཡོན་གསུམ་བྷནྡྷ་དྲིལ་ཁ་ཊྭཱཾ༔ དུར་ཁྲོད་ཆས་བརྒྱད་རྒྱན་དུ་སྤྲས༔ ཡུམ་མཆོག་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ སྐུ་ལ་འཁོར་འདས་ཆོས་རྣམས་རྫོགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ དེ་ཡི་མདུན་གྱི་ཟུར་ཉིད་དུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ གཡས་གསུམ་རྡོ་རྗེ་བྷནྡྷ་སྟྭ༔ གཡོན་གསུམ་དྲིལ་བུ་བྷནྡྷ་གཤོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ མ་ཡེངས་ཡིད་ཡུལ་གསལ་བར་སྒོམ༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ གཡས་གསུམ་འཁོར་ལོ་དགྲ་སྟྭ་གྲི༔ གཡོན་གསུམ་དྲིལ་བུ་གཤོལ་བྷན་དམར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ དཀྱིལ་འཁོར་ཚོམ་བུའི་ལྷོ་ཕྱོགས་སུ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ གཡོན་གསུམ་དྲིལ་བྷན་རྩེ་གསུམ་གདེངས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ དཀྱིལ་འཁོར་ཚོམ་བུའི་ནུབ་ཕྱོགས་སུ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་ལྗང་དབུས་དམར་ནག༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷནྡྷ་རྔེའུ་ཆུང་གཡོན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ པདྨ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ དཀྱིལ་འཁོར་ཚོམ་བུའི་བྱང་ཕྱོགས་སུ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རྒྱ་གྲམ་རལ་གྲི་ཁ་ཊྭཱཾ་གཡས༔ གཡོན་གསུམ་དྲིལ་བུ་བྷནྡྷ་གཤོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ སྐུ་མདོག་རྒྱན་ཆ་ཡབ་དང་མཐུན༔ བཅོམ་ལྡན་ཧེ་རུ་ཀཿཡབ་ཡུམ༔ ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་ཏེ༔ ཡབ་རྣམས་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ ཁྲོ་གཉེར་སྤྱན་གསུམ་སྡང་མིག་བགྲད༔ དབུ་སྐྲ་དམར་ནག་གྱེན་དུ་འཁྱིལ༔ སྨ་ར་ཨག་ཚོམ་མེ་འོད་འཕྲོ༔ ཐོད་སྐམ་རིན་ཆེན་དབུ་ལ་བརྒྱན༔ དར་དཔྱང་སྙན་ཆ་མགུལ་ཆུ་དང༔ རིན་ཆེན་རུས་རྒྱན་ཟར་བུས་སྤྲས༔ གླང་ཆེན་མི་ལྤགས་ཀོ་རློན་གསོལ༔ ཐོད་ཕྲེང་སྦྲུལ་རྒྱན་སེ་རལ་ཁ༔ ཐལ་ཆེན་ཁྲག་ཞག་མཚན་མ་རིས༔ ཕྱག་ཞབས་གདུ་བུ་སྟག་ཤམ་ཅན༔ ཡུམ་རྣམས་གཟིག་གི་ཤམ་ཐབས་གསོལ༔ རིགས་ཀྱི་གྲི་གུག་ཐོད་ཕྲག་འཛིན། །གཡོན་བསྐུམ་གཡས་བརྐྱང་ཡབ་ལ་འཁྱུད༔ རང་རང་གདན་ལ་བཞུགས་པར་གསལ༔ སྣང་ལ་རང་བཞིན་མེད་པ་རུ༔ མ་ཡེངས་ཡིད་ཡུལ་གསལ་བར་སྒོམ༔ མ་ཧཱ་ཤྲཱི་ཧེ་རུ་ཀ༔ བཛྲ་ཤྲཱི་ཧེ་རུ་ཀ༔ བུདྡྷ་ཤྲཱི་ཧེ་རུ་ཀ༔ རཏྣ་ཤྲཱི་ཧེ་རུ་ཀ༔ པདྨ་ཤྲཱི་ཧེ་རུ་ཀ༔ ཀརྨ་ཤྲཱི་ཧེ་རུ་ཀ༔ ཀྲོ་དྷཱི་ཤྭ་རཱི་ཧཱུྃ་བྷྲཱུྃ༔ ཧཱ། དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ། །ཤར་དུ་གཽ་རཱི་དཀར་མོ་ནི༔ ཕྱག་གཡས་དབྱུག་ཐོ་གཡོན་བྷན་དམར༔ ལྷོ་རུ་ཙཽ་རཱི་སེར་མོ་ནི༔ ཕྱག་གཉིས་བརྐྱང་བསྐུམ་མདའ་གཞུ་འགེངས༔ ནུབ་ཏུ་པྲ་མོ་དམར་མོ་ནི༔ ཆུ་སྲིན་རྒྱལ་མཚན་ཕྱག་ན་བསྣམས༔ བྱང་དུ་བཻ་ཏཱ་ནག་མོ་ནི༔ རྡོ་རྗེ་བྷན་དམར་ཕྱག་ན་བསྣམས༔ ཤར་ལྷོར་པུཀྐ་དམར་སེར་ནི༔ རྒྱུ་མ་ཞལ་དུ་ཟ་ཞིང་འཛུད༔ ལྷོ་ནུབ་གྷསྨ་ལྗང་ནག་ནི༔ ཕྱག་གཡོན་བྷནྡྷ་གཡས་དཀྲུག་འཐུང༔ ནུབ་བྱང་ཙཎྜ་སེར་སྐྱ་ནི༔ ཙིཏྟ་ཟ་ཞིང་རྒྱུག་པར་བྱེད༔ བྱང་ཤར་སྨེ་ཤ་མཐིང་ནག་ནི༔ མཆོག་ལུས་ཕྲལ་ནས་ཟ་བར་བྱེད༔ དེ་ལྟར་གཽ་རཱི་ཆེན་མོ་བརྒྱད༔ ཞིང་ཆེན་རློན་པའི་གདན་སྟེང་དུ༔ གར་སྟབས་འགྱིང་བག་ཚུལ་དུ་བཞུགས༔ དཔེར་ན་ཆུ་ཟླའམ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་སྒོམ༔ གཽ་རཱི་ཙཽ་རཱི་པྲ་མོ་ཧ་བཻ་ཏཱ་ལཱི་པུཀྐ་སི་གྷསྨ་རཱི་ཙཎྜ་ལཱི་སྨེ་ཤ་ནཱི་ཧཱུྃ་བྷྲཱུྃ་བྷྲཱུྃ༔ ཧེ། དེ་ཕྱིར་རྩིབས་བརྒྱད་ཕྱོགས་མཚམས་སུ། །ཤར་དུ་སིང་ཧ་སྨུག་ནག་ནི༔ སེང་གདོང་རོ་འདྲད་རལ་པ་གསིག༔ ལྷོ་རུ་བྱཱ་གྷྲྀ་མུ་ཁ་དམར༔ སྟག་གདོང་ལག་གཉིས་ཐུར་དུ་བསྣོལ༔ ནུབ་ཏུ་སྲི་ལ་མུ་ཁ་ནག༔ ཝ་གདོང་སྤུ་གྲི་ལྕགས་ཀྱུ་བསྣམས༔ བྱང་དུ་ཤྭ་ན་མཐིང་ནག་ནི༔ སྤྱང་གདོང་རོ་ལ་འབྲུ་ཚུགས་བལྟ༔ ཤར་ལྷོར་གྷྲྀཌྷ་མུ་ཁ་སེར༔ རྒོད་གདོང་ཞིང་གི་རྒྱུ་མ་འདྲེན༔ ལྷོ་ནུབ་ཀངྐཱ་དམར་ནག་ནི༔ ཞིང་ཆེན་ཕྲག་ལ་བཀལ་ནས་རྒྱུག༔ ནུབ་བྱང་ཁ་ཁ་མུ་ཁ་ནག༔ རོག་གདོང་བྷནྡྷ་རལ་གྲི་འཕྱར༔ བྱང་ཤར་ཨུ་ལཱུ་མུ་ཁ་མཐིང༔ འུག་གདོང་འུག་པའི་རྒྱལ་མཚན་འཕྱར༔ ཕྲ་མེན་ཆེན་མོ་བརྒྱད་པོ་ནི༔ གཅེར་བུ་རལ་གསིག་གར་སྟབས་ཚུལ༔ མིག་བགྲད་མཆེ་གཙིགས་རོ་ཡི་གདན༔ རྔམ་བརྗིད་འགྱིང་བག་ཚུལ་དུ་བཞུགས༔ སྟོང་གསལ་འོད་ཀྱི་སྐུ་རུ་སྒོམ༔ ཧེ་ཧེ་ཧེ་ཧེ༔ ཧེ་ཧེ་ཧེ་ཧེ༔ དཀྱིལ་ཆེན་པོའི་སྒོ་བཞི་རུ༔ ཤར་སྒོར་རྟ་གདོང་དཀར་མོ་ནི༔ ཕྱག་གཡས་ལྕགས་ཀྱུ་གཡོན་བྷནྡྷ༔ ལྷོ་སྒོར་ཕག་གདོང་སེར་མོ་ནི༔ ཕྱག་གཡས་རྒྱུ་ཞགས་གཡོན་རྒྱལ་མཚན༔ ནུབ་སྒོར་སེང་གདོང་དམར་མོ་ནི༔ ལྕགས་སྒྲོག་འབར་བ་ལག་ཏུ་ཐོགས༔ བྱང་སྒོར་སྦྲུལ་གདོང་ཐལ་བྱེད་ལྗང༔ དྲིལ་བུ་བསྣམས་ནས་གར་སྟབས་བཞུགས༔ སྒོ་བཞི་སྲུང་བའི་ཕྲ་མེན་བཞི༔ གཅེར་བུ་རལ་གསིག་སྤྱན་མིག་བགྲད༔ ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ གསལ་སྟོང་དག་པའི་སྐུ་རུ་སྒོམ༔ ཛཿཧཱུྃ་བཾ་ཧོ༔ བྷྱོཿ ཁྲག་ཁྱམས་བར་དང་སྒོ་བཞི་རུ། །ཤར་ན་གནས་པའི་རྣལ་འབྱོར་བདུན༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་སྟྭ་རེ་ལྗང༔ གཏོགས་འདོད་སྤྲེལ་གདོང་འཁོར་ལོ་སྔོ༔ དགའ་བ་ཝ་གདོང་སྤུ་གྲི་དམར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ རྡོ་རྗེ་ཁྱུང་གདོང་ལྕགས་ཀྱུ་དཀར༔ ལྷོ་ན་གནས་པའི་རྣལ་འབྱོར་བདུན༔ ཟླ་བ་ཁྲ་གདོང་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང༔ སྲིན་མོ་རྟ་གདོང་ཐོད་ཁྲག་དམར༔ ཟ་བ་རྒོད་གདོང་བེ་ཅོན་ལྗང༔ དགའ་བ་སྟག་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ རྡོ་རྗེ་ར་གདོང་ཞགས་པ་སེར༔ ནུབ་ན་གནས་པའི་རྣལ་འབྱོར་བདུན༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་གདོང་བུམ་འཛིན་ལྗང༔ རླུང་ལྷ་སྤྱང་གདོང་བ་དན་སྔོ༔ མི་མོ་སྐྱིན་གདོང་གསལ་མེ་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་སེང་གདོང་ལྕགས་སྒྲོག་དམར༔ བྱང་ན་གནས་པའི་རྣལ་འབྱོར་བདུན༔ རྡོ་རྗེ་ཁྲ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་གདོང་ཐོད་ཁྲག་ལྗང༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་སྔོ༔ རྡོ་རྗེ་གླང་ཆེན་བམ་དབྱུག་ལྗང༔ ནོར་སྲུང་འུག་གདོང་བདུད་རྩི་ལྗང༔ སྲིན་མོ་ཁྱུང་གདོང་སྤུ་གྲི་དམར༔ རྡོ་རྗེ་སྐྱ་ག་དྲིལ་འཛིན་ལྗང༔ ཀུན་ཀྱང་ཁྲོ་ཚུལ་ཞིང་ལྤགས་གྱོན། །ཞིང་རྐྱང་གདན་ལ་གར་སྟབས་བཞུགས། །སྤྱིར་ན་ཁྲག་འཐུང་ལྔ་བཅུ་བརྒྱད༔ སྣང་ལ་རང་བཞིན་མ་གྲུབ་པ༔ སྒྱུ་མ་འོད་ལུས་ཟང་ཐལ་སྐུ༔ མ་ཡེངས་ཡིད་ཡུལ་གསལ་བར་སྒོམ༔ དེའང་གང་ཟག་ལྟ་དགོངས་དང་ལྡན་ཅིང་བདག་གི་རྣལ་འབྱོར་ཁོ་ནའི་སྐབས་རང་བཞིན་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་རིག་སྟོང་སྤྲོས་བྲལ་ཆོས་སྐུའི་རོལ་པར་ལ་ཟླ་ཞིང་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་བརྗོད་ལ་བརྩོན་པར་བྱ་བ་གཏེར་གཞུང་དངོས་བསྟན་ཡིན་ཀྱང་། དེ་ཙམ་མི་ནུས་པའི་གང་ཟག་དང་ཁྱད་པར་སྒྲུབ་མཆོད་སྐོང་བཤགས་སོགས་ཀྱི་དུས་སུ་ལས་ཀྱི་རིམ་པ་རྣམས་སྤྱི་ལྟར་སྐབས་འདིར་བྱ་བ་འབྲེལ་ཆེ་བ་ལྟར་ན། གཉིས་པ་བྱིན་གྱིས་རློབ་པ་ནི། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་ལ། གནས་གསུམ་དུ་རྡོ་རྗེའི་རྒྱ་བཅིངས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གསུམ་པ་དབང་བསྐུ་བ་ནི། སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་པ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར། དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་དང་བཅས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས་རང་རིགས་ཀྱི་སོར་མོ་བརྐྱང་པ་མགོ་བོའི་གནས་ལྔར་འཇོག་ཅིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་པྲཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཀྲྀཏྱཱནུཥྛ་ན་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ལ་གཉིས། སྤྱན་དྲང་བ་དང་། དེ་བསྟིམ་པའོ། དངོ་པོ་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ། ཨོཾ༔ དམིགས་མེད་ཆོས་སྐུའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་བྱོན༔ གསལ་དག་ཐིག་ལེའི་ཀློང་ཡངས་ནས༔ ལོངས་སྐུ་ཞི་ཁྲོའི་ལྷ་ཚོགས་བྱོན༔ ཀུན་ཁྱབ་བརྡལ་བའི་ཕོ་བྲང་ནས༔ སྤྲུལ་སྐུ་རིག་འཛིན་བླ་མ་བྱོན༔ བཀའ་བབས་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མ་རིགས་འདུས་བྱོན༔ སྐུ་གསུམ་རིག་རྩལ་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་ཐམས་ཅད་བྱོན༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་བྱོན༔ ཕྲིན་ལས་རྣམ་བཞིའི་གཞལ་ཡས་ནས༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་བྱོན༔ ཚད་མེད་བཞི་ཡི་གཞལ་ཡས་ནས༔ བཀའ་སྲུང་ཕོ་ཉ་ལས་བྱེད་བྱོན༔ འདོད་པ་ཁམས་ཀྱི་གཞལ་ཡས་ནས༔ རིགས་དྲུག་མགྲོན་གྱུར་ཐམས་ཅད་བྱོན༔ ཆོས་ཉིད་བརྡལ་བ་ཆེན་པོ་ལ༔ དག་དང་མ་དག་གཉིས་མེད་པར༔ ཐམས་ཅད་ཡེ་ཤེས་ལྷ་ཡི་ཚོགས༔ ཞི་ཁྲོ་རབ་འབྱམས་གཤེགས་སུ་གསོལ༔ གཉིས་པ་བསྟིམ་པ་ནི། ཧཱུྃ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཛཿཧཱུྃ་བཾ་ཧོ། བཛྲ་ས་མ་ཡ་མུ་དྲ་ཨཱཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཤིན་ཏུ་མཛེས་པའི་གདན་དང་ནི༔ རང་སྣང་འོད་གསལ་གཞལ་ཡས་འདིར༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བཞེངས་དང་བཞུགས་པ་མི་མངའ་ཡང༔ སེམས་ཅན་རྟོག་པ་སྦྱང་སླད་དུ༔ མི་འགྱུར་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་མཆོད་ལ་གཉིས་ལས། དང་པོ་ནི། ན་མོ། ཆོས་སྐུ་རང་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ལོངས་སྤྱོད་རྫོགས་སྐུ་ཞི་ཁྲོའི་དཀྱིལ་འཁོར་རྒྱས༔ སྤྲུལ་སྐུ་ཉི་མའི་འོད་སྟོང་ཀུན་ལ་ཁྱབ༔ ཞི་ཁྲོའི་རང་བཞིན་དཀྱིལ་འཁོར་ཀུན་གྱི་བདག༔ སྣང་སྲིད་རྩ་བ་བདག་འཛིན་དག་པའི་ལྷ༔ སྒོ་གསུམ་དག་པ་ཤེས་རབ་རོལ་པའི་གཏེར༔ སྣོད་བཅུད་དག་པ་ཡེ་ཤེས་ཞི་ཁྲོའི་ལྷར༔ སྒོ་གསུམ་དད་ཅིང་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། གཉིས་པ་མཆོད་པ་ལའང་། བརྒྱད་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ སྲིད་གསུམ་སེམས་ཅན་མ་ལུས་ཀྱི༔ གཟུགས་སུ་སྣང་བ་ཇི་སྙེད་པ༔ སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ༔ སྐུ་མཆོག་ཕྱག་རྒྱའི་མཆོད་པ་བཞེས༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ སྒྲ་རུ་གྲགས་པ་ཇི་སྙེད་པ༔ ཐམས་ཅད་མ་ལུས་སྔགས་ཀྱི་ཚིག༔ གསུང་མཆོག་ཕྱག་རྒྱའི་མཆོད་པ་བཞེས༔ ཧཱུྃ༔ ནམ་མཁའ་མཐའ་ཀླས་འཇིག་རྟེན་ན༔ སེམས་ཀྱི་དྲན་རྟོག་ཇི་སྙེད་པ༔ ཏིང་འཛིན་འབུམ་ཕྲག་བསམ་ཡས་ངང༔ ཐུགས་མཆོག་ཕྱག་རྒྱའི་མཆོད་པ་བཞེས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི༔ དགེ་དང་མི་དགེའི་ལས་རྣམས་ཀུན༔ ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ༔ ལས་ཀྱི་ཕྱག་རྒྱའི་མཆོད་པ་བཞེས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ན༔ སྐུ་གསུང་ཐུགས་དང་ཕྲིན་ལས་ཏེ༔ ཐམས་ཅད་ཕྱག་རྒྱ་བཞི་ཡི་ངང༔ རྒྱལ་བ་རྒྱ་མཚོའི་ལྷ་ལ་འབུལ༔ ཐུགས་རྗེས་བཞེས་ལ་དགོངས་པར་མཛོད༔ གཉིས་པ་ཀུན་བཟང་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་དང་། ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ། ཞེས་མཆོད་པའི་སྤྲིན་ཆེན་པོར་སྤེལ་ལ། གསུམ་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབ་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པར་རོལ། །ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྔ་པ་ཡིད་འབྱུང་གི་མཆོད་པ་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་རྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཀུན་བཟང་ཞི་ཁྲོའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །དྲུག་པ་ནང་མཆོད་ལ་གསུམ་ལས། དང་པོ་སྨན་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་སྦྱར་འབྲུ་བཅུད་སྨན༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་དང་བདུད་རྩིའི་ཐིགས་གཏོར་ཞིང་། ཀུན་བཟང་རྡོར་སེམས་ཞི་དང་ཁྲོ་བོའི་ཚོགས། །སྟོན་པ་བཅུ་གཉིས་དགའ་རབ་རྡོ་རྗེའི་ཞབས། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། པདྨ་ཐོད་ཕྲེང་མཚོ་རྒྱལ་བཻ་རོ་རྗེ། །ཟབ་གཏེར་སྒོ་འབྱེད་རིག་འཛིན་པདྨ་གླིང་། །བཀའ་བབས་ཆོས་བདག་བརྒྱུད་པར་བཅས་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གཞན་ཡང་རྩ་གསུམ་དམ་ཅན་སྲུང་མའི་ཚོགས། །གནས་ཡུལ་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ། གཉིས་པ་རཀྟ་འབུལ་བ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་བྷནྡྷ་རུ༔ འདོད་ཆགས་དག་པའི་རཀྟས་བཀང༔ དམར་ཆེན་རཀྟའི་རྦ་ཀློང་འཁྲུག༔ རྟ་མགྲིན་དབང་གི་རང་བཞིན་ཏེ༔ སྐྱེ་མེད་དག་པའི་ཁྲག་ཆེན་པོ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཆོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གསུམ་པ་གཏོར་མ་འབུལ་བ་ནི། ཧཱུྃ༔ གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས༔ ཚེ་དང་གལ་གཉིས་མཐུན་བསྡེབས་ནས༔ རཀྟ་དམར་གྱི་ཐིག་བཀྱེས་པ༔ མིང་གཟུགས་བྲལ་བའི་གཏོར་མ་འདི༔ འབུལ་ནི་ཡེ་ཤེས་ལྷ་ལ་འབུལ༔ མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད༔ ཚོགས་གཉིས་བཀྲམ་སྟེ་འབུལ་ལགས་ན༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ བདུན་པ་གསང་མཆོད་ནི། ཧཱུྃ༔ སྣང་སྟོང་དག་པའི་སྦྱོར་མཚམས་སུ༔ བདེ་སྟོང་གཉིས་མེད་བྱང་སེམས་བལྟམས༔ གསལ་སྟོང་དག་པའི་ལྷ་ལ་འབུལ༔ རིག་སྟོང་རོལ་པར་བཞེས་སུ་གསོལ༔ བྷོ་དྷི་ཙིཏྟ་པཱུ་ཛ་ཧོ༔ བརྒྱད་པ་རོལ་པ་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུྃ༔ དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུ༔ རིག་པ་ཡེ་ཤེས་སྐུ་དང་ཐིག་ལེས་བརྒྱན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ རང་བཞིན་ལྷུན་གྲུབ་ཆེན་པོའི་རྩལ་ལས་ཤར༔ རང་ལས་རང་བྱུང་རང་ལ་རོལ་པ་ཡི༔ རོལ་པ་ཆེན་པོའི་ཀློང་དུ་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ ལྔ་པ་བསྟོད་པ་ལ་གཉིས། ཞི་བ་དང་། ཁྲོ་བོ་ལ་བསྟོད་པའོ། །དང་པོ་ནི། རིགས་ལྔའི་ཕྱག་རྒྱ་དྲིལ་སྟབས་དང་བཅས། ཨོཾ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། ཨོཾ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། ཨོཾ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། ཨོཾ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། ཨོཾ། ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། ཨོཾ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། གཉིས་པ་ཁྲོ་བོའི་བསྟོད་པ་ནི། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོ། ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། ཧཱུྃ། ཁྲོ་བོ་ཤེ་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། ཧཱུྃ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། དྲུག་པ་ཛཔ྄་བཟླ་བ་ལ་ལྔ། ཛཔ྄་དམིགས་གསལ་གདབ་པ་དང་། ཛཔ྄་དངོས། ཉམས་ཆག་རྟོག་སྒྲིབ་སྦྱོང་བ། ལས་སྦྱོར། ཛཔ྄་བསྟོད་བྱ་བའོ། །དང་པོ་ནི། ལྷ་རྣམས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རེ་གསལ་བའི་ཐུགས་ཀར། ཏིང་འཛིན་སེམས་དཔའ་རང་རང་གི་ཕྱག་མཚན་ལ་ཞི་བར་ཨ་དང་ཁྲོ་བོར་ཧཱུྃ་ཡིག་གིས་མཚན་པ་བཟླ་བྱའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་ཐིམ། ཐུགས་ཀ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སད་པར་བསམ་མོ། །གཉིས་པ་ཛཔ྄་དངོས་ནི། བཟླས་པའི་སྐྱོན་བཅུ་སྤངས་ཏེ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ཞི་བའི་སྤྱི་ཛཔ྄་དང་། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཞེས་ཁྲོ་བོའི་སྤྱི་ཛཔ྄་སྟེ་ཅི་ནུས་བཟླའོ། །གསུམ་པ་ཉམས་ཆག་རྟོག་སྒྲིབ་སྦྱང་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ཡི། །ཡེ་ཤེས་སེམས་དཔའ་གནས་གྱུར་ནས། །རིག་སྟོང་དོན་གྱི་རྡོ་རྗེ་སེམས། །ཐུགས་སྲོག་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །འོད་འཕྲོས་བདག་གཞན་སེམས་ཅན་གྱི། །ཉམས་ཆག་རྟོག་སྒྲིབ་ཐམས་ཅད་སྦྱངས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྱུར། །ཅེས་པའི་དམིགས་པ་རྩེ་གཅིག་པས། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་བཟླ། བཞི་པ་ལས་སྦྱོར་ལ་གཉིས། ན་རག་དོང་སྤྲུག་དང་འཁོར་བ་དོང་སྤྲུག་གོ །དང་པོ་ནི། དཀྱིལ་འཁོར་གྱི་ལྷ་ཡི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། བདག་གཞན་དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་གྱུར་པར་བསམ་ལ། ཡི་གེ་བརྒྱ་པའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླས་ལ། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །གཉིས་པ་འཁོར་བ་དོང་སྤྲུག་ནི། ལྷ་ཚོགས་རྣམས་ཀྱི་སྦྱོར་མཚམས་ནས། །ཡེ་ཤེས་འོད་ཟེར་མེ་རླུང་ཆུས། རིགས་དྲུག་ས་བོན་བག་ཆགས་ཀུན། །དམིགས་མེད་བསྲེགས་གཏོར་སྦྱངས་བྱས་ཏེ། །ཀུན་ཀྱང་བདེ་གཤེགས་ཞིང་དུ་གྱུར། །ཡིག་བརྒྱའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་ཙྪིནྡྷ་ཙྪིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་བྷྲྀཏ་བྷྲྀཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཅེས་བཟླ། ལྔ་པ་ཛཔ྄་བསྟོད་ལའང་བཞི་ལས། དང་པོ་མཆོད་པ་ནི། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ གཉིས་པ་བསྟོད་པ་ནི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་ལྷ་ལ་ཕྱག་འཚལ་བསྟོད། །གསུམ་པ་བཤགས་པ་ནི། ཧཱུྃ། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡིག་བརྒྱ་བཟླ། བཞི་པ་འདོད་དོན་གསོལ་བ་ནི། ཨོཾ༔ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་དགོངས། །བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་དཀྱིལ་འཁོར་ཆེའི། །སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ བདུན་པ་དབང་བླང་བ་ནི། བུམ་བཟླས་ཀྱི་མཇུག་ཏུ་བྱ་བའོ། །གསུམ་པ་བྱེ་བྲག་བུམ་བཟླས་བྱ་བ་ལ་གཉིས། གཙོ་བུམ་དང་ཁྲུས་བུམ་སྒྲུབ་པའོ། །དང་པོ་ནི། བུམ་པ་བྷྲཱུྃ་ལས་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བླ་མ་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་པ་བཞིན་བཀྲ་ལམ་གྱིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་བསམ་ལ་བུམ་པའི་གཟུངས་ཐག་ནས་བཟུང་སྟེ་བསྙེན་པ། སྒྲུབ་པ། ཞི་ཁྲོའི་སྤྱི་ཛཔ྄། ཧྲཱིཿམ་སོགས་ལས་སྦྱོར་བཅས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་པ་བྱའོ། །གཉིས་པ་ཁྲུས་བུམ་སྒྲུབ་པ་ནི། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གའི་མདངས། །ཡེ་ཤེས་བདུད་རྩིའི་རྣམ་པར་འཕྲོས། བུམ་པའི་ཆུ་དང་དབྱེར་མེད་གྱུར། །ཡིག་བརྒྱའི་མཐར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ། །གོང་གི་དཀྱིལ་འཁོར་གཉིས་ཀྱི་མཇུག་ཆོས་བདུན་པ་དབང་བླང་བའི་དོན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི་བདག་དོན་ལ་གསོ་སྦྱོང་དངོས་གཞིའི་སྐབས་སུ་འབྱུང་བས་འདིར་མི་དགོས་ཀྱང་། གཞན་དོན་དུ་ཡིན་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་ནི། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་པའི་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང་། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམས་ལ། སླར་ཡང་དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ།། ༈ །།སྤྱི་དོན་གཉིས་པ་གསོ་སྦྱོང་དངོས་བྱ་བ་ལ་གསུམ་། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ལྔ་སྟེ། བཤགས་ཡུལ་གསལ་གདབ་པ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། ལྟུང་བ་བཤགས་པ། སྡོམ་པ་གཟུང་བ། དམ་ལ་གཞག་པའོ། །དང་པོ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་བྱེ་བས་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་དྲུང་དུ་འཁོད་པས་ཕྱག་སོགས་བཤགས་སྡོམ་གྱི་ལས་རིམ་ལ་འཇུག་པར་བསམ་ལ། ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིག་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱི། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨར་འཁྱིལ་བ་ནི། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས།། རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ། །དོན་ལས་གོལ་ཞིང་ལྡོག་སེམས་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེ་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཡང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་ལ། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་རྣམས་རང་གནོང་བཟོད་པར་གསོལ། །གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ལ་གཉིས། དང་པོ་ནི། མེ་ཏོག་བཀྱེ་བསྡུ་གྲུབ་ནས། མཎྜལ་ཚུལ་བཞིན་འབུལ། གཉིས་པ་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །གསུམ་པ་ལྟུང་བ་བཤགས་པ་ལ་གཉིས། སྤྱིར་སྡོམ་པ་གསུམ་ལས་འགལ་ན་བཤགས་པ་དང་། བྱེ་བྲག་སྔགས་ཀྱི་རྩ་ལྟུང་དང་འགལ་ན་བཤགས་པའོ། །དང་པོ་ནི། སྡོམ་པ་གསུམ་ལས་འགལ་བའི་ལས་གང་བགྱིས་པ་ལ་གནོང་འགྱོད་དྲག་པོས་སྙིང་ཐག་པས། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི། ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་པའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད། གཉིས་པ་བྱེ་བྲག་སྔགས་ཀྱི་རྩ་ལྟུང་བཅུ་བཞི་ལས་གང་ཉམས་པས་དོ་ཟླ་མེད་པའི་དམྱལ་བར་སྐྱེ་བས་ཉེས་པ་ལ་འགྱོད་པ་དྲག་པོས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུང་། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །དང་པོ་ཉམས་པ་མཐོལ་ལོ་བཤགས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །གཉིས་པ་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །གསུམ་པ་ཉམས་པ་མཐོལ་ལོ་བཤགས། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །བཞི་པ་ཡིན་པར་རྒྱལ་བས་གསུངས། །བཞི་པ་ཉམས་པ་མཐོལ་ལོ་བཤགས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ལྔ་པ་ཉམས་པ་མཐོལ་ལོ་བཤགས། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དྲུག་པ་ཉམས་པ་མཐོལ་ལོ་བཤགས། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་བསྒྲགས་པ་བདུན་པ་ཡིན། །བདུན་པ་ཉམས་པ་མཐོལ་ལོ་བཤགས། །ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །བརྒྱད་པ་ཉམས་པ་མཐོལ་ལོ་བཤགས། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །དགུ་པ་ཉམས་པ་མཐོལ་ལོ་བཤགས། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །བཅུ་པ་ཉམས་པ་མཐོལ་ལོ་བཤགས། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །བཅུ་གཅིག་ཉམས་པ་མཐོལ་ལོ་བཤགས། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །བཅུ་གཉིས་ཉམས་པ་མཐོལ་ལོ་བཤགས། །དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བརྟེན་པ་ནི་བཅུ་གསུམ་པ། །བཅུ་གསུམ་ཉམས་པ་མཐོལ་ལོ་བཤགས། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་ཉམས་པ་མཐོལ་ལོ་བཤགས། །སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་འཐོབ་པར་འགྱུར། །བཞི་པ་སྡོམ་པ་གཟུང་བ་ལ་གསུམ། སོ་ཐར། བྱང་སེམས། སྔགས་སོ། །དང་པོ་ནི། ཁྱིམ་པ་རྡོར་འཛིན། དགེ་སློང་རྡོར་འཛིན་རྣམས་སོ་ཐར་སྐབས་ཁས་ལེན་ཚུལ་རང་རང་དམིགས་བསལ་གཞུང་བཞིན་ཤེས་པར་བྱས་ནས། ཕྱིན་ཆད་མི་ཉམས་པར་བསྲུང་སེམས་ཀྱིས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་གདན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གཉིས་པ་བྱང་སེམས་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །གསུམ་པ་གསང་སྔགས་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། བསྡུ་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུངས་པ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་བཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ་བརྗོད། ལྔ་པ་དམ་ལ་གཞག་པ་ནི། ནང་མཆོད་བདུད་རྩི་བཏུང་ཞིང་། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཐུབ་ན་ཡོན་ཏན་བརྒྱ་རྩ་འབྱུང༔ མ་ཐུབ་དམྱལ་བའི་རྒྱུ་ཡིན་པས༔ དེ་བས་དམ་ཚིག་ཆུ་འདི་ཐུངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ གཉིས་པ་དངོས་གཞི་ལ་གཉིས། ཉམས་ཆག་སྦྱང་བ། དབང་བླང་བའོ། །དང་པོ་ལ་གསུམ། རིགས་དྲུག་གནས་སྦྱོང་། རྣལ་འབྱོར་སྤྱི་ཁྲུས། ཚོགས་བསྐང་བྱ་བའོ། །དང་པོ་ལ་གཉིས། ས་བོན་སྒོམ་པ་དང་། རིགས་དྲུག་གི་གནས་སོ་སོ་སྦྱང་བའོ། །དང་པོ་ནི། ལུང་ཀྱི་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ་རྣམས་ཀྱིས་མཚན་པར་གྱུར། གཉིས་པ་རིགས་དྲུག་གི་གནས་སོ་སོ་སྦྱང་བ་ལ་དྲུག །དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་སྦྱང་བའོ། །དང་པོ་དམྱལ་བ་སྦྱང་བ་ལ་གསུམ། ཡེ་ཤེས་ཀྱི་མེ་རླུང་ཆུ་ཡིས་སྦྱོང་བའོ། །དང་པོ་ཡེ་ཤེས་ཀྱི་མེས་སྦྱང་བ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུམ། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། ཁོང་ཁྲོའི་དྲི་མ་དག་གྱུར་ཅིག །གཟུངས་སྔགས་མཐར། དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཉིས་པ་ཡི་དྭགས་སྦྱང་བ་ལ་གསུམ་ལས། དང་པོ་ནི། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་སེར་སྣའི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་ལ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུམ། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ཡི་དྭགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །སེར་སྣའི་དྲི་མ་དག་གྱུར་ཅིག །གཟུང་སྔགས་མཐར། ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསུམ་པ་བདུད་འགྲོ་སྦྱང་བ་ལ་གསུམ་ལས། དང་པོ་ནི། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་ལ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུམ། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །གཏི་མུག་དྲི་མ་དག་གྱུར་ཅིག །གཟུངས་སྔགས་མཐར། དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཞི་པ་མི་སྦྱང་བ་ལ་གསུམ་ལས། དང་པོ་ནི། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ནྲྀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་མིར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཙྪིནྡྷ་ཙྪིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུམ། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན།། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །མི་ཡི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །ཚུལ་འཆལ་དྲི་མ་དག་གྱུར་ཅིག །གཟུགས་སྔགས་མཐར། མིར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྔ་པ་ལྷ་མིན་སྦྱོང་བ་ལ་གསུམ་ལས། དང་པོ་ནི། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཨ་སུ་ར་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ལྷ་མིན་དུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུམ། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ལྷ་མིན་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །ལེ་ལོའི་དྲི་མ་དག་གྱུར་ཅིག །གཟུགས་སྔགས་མཐར། ལྷ་མིན་དུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དྲུག་པ་ལྷ་སྦྱོང་བ་ལ་གསུམ་ལས། དང་པོ་ནི། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ང་རྒྱལ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སུ་ར་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ལྷར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བར་བསམ་ལ། སྔགས་བཟླས་པའི་བྱེ་མ་ཡུངས་དཀར་བརྡེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བྷྲྀཏ་བྷྲྀཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། གསུམ་པ་བྱང་སེམས་ཆུ་ཡིས་སྦྱང་ཁྲུས་བྱ་བ་ལ་གསུས། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ལྷ་ཡི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །རྣམ་གཡེང་དྲི་མ་དག་གྱུར་ཅིག །གཟུགས་སྔགས་མཐར། ལྷ་རུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཉིས་པ་རྣལ་འབྱོར་སྤྱི་ཁྲུས་ལ་བཞི། ལུས། ངག །ཡིད་གསུམ་སོ་སོར་དང་ཐུན་མོང་དུ་སྦྱོང་བའོ། །དང་པོ་ལུས་སྦྱང་ལ་གཉིས། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ལ་ལུས་ཀྱི་སྒོ་ནས་ཕྱག་འཚལ་ནས་ལུས་ཀྱི་བཤགས་པ་འབུལ་བ་དང་། སྐུ་ཡི་ཁྲུས་བྱ་བའོ། །དང་པོ་ནི། འདུས་པ་རྣམས་གནས་ལྔ་ས་ལ་ཕབ་སྟེ་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་། ཧོཿ ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་དོན་དམ་པར་ཆོས་ཀྱི་དབྱིངས། ཡུམ་གྱི་མཁའ། བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ་ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམ་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀཱི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་བསྐྱེད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་སྐྱེ་རྒྱུན་གཅོད་པས་ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་རྒྱལ་བས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱཻ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་གཟུགས་ཀྱི་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲིར་སྣོམ་པ་གནས་སུ་དག་པ། བཛྲ་མཱ་ལྱེ་སྟེ། དྲིའི་མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ། བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་པི་ཝང་ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོར་བྲོ་བ་གནས་སུ་དག་པ། བཛྲ་ནཱིརྟི་སྟེ། ཕྱག་རྒྱའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་གར་སྒྱུར་ཅན། རྡོ་རྗེ་གར་སྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷཱུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བདུག་སྤོས་ཅན། རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། སྐུའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བྱུག་པ་ཅན། རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གྷཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ། སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཡང་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་ན་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་འཐོབ། །དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་བས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐངས་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་བསྙེན་པར་གྱུར་ཏོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཉམས་ཆག་བསྐངས་ནས་སོར་ཆུད་པའི་རིག་འཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ། ༈ །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རྣལ་འབྱོར་གྱི་གྲལ་འདིར་འདུས་པའི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས། ལྟ་སྤྱོད་དང་། དཀྱིལ་འཁོར་དང་། མར་མེ་གཅིག་ལ་བལྟ་བའི་རྡོ་རྗེ་སྤུན་གྲོགས་རྣམས་ཉོན་ཅིག །སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ། ཐུགས་ཞི་བ་ཆེན་པོ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་སྐུ་ཐུགས་རྗེ་རོལ་པ་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་རྣམས་ལ་ཡང་ཕྱག་འཚལ་ཞིང་ཉམས་ཆག་སྐོངས་ཤིག །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། རོལ་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེའི་མཚན་རྣམས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཚན་ནས་བརྗོད་དེ་བཀའ་བསྩལ་པ། ཧོ་དགོངས་སུ་གསོལ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ། ཆེ་མཆོག་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང་། ཞེ་སྡང་ཆེན་པོའི་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། བཛྲ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བརྙེས་པ། གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད། བུདྡྷ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། རཏྣ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་སེམས་དཔའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅན་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཀརྨ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །འཇིགས་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀཿདཔལ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་ཁྲོ་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམ་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམ་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་མའི་རྒྱལ་མོ་ཆེ། ཁྲོ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་པའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཉིད་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། རཏྣ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བསྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་པའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ནུ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན་། །གཽ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་སེར་མོ་མདའ་གཞུ་འཛིན། །ཙཽ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ་ཕྱག་འཚལ་ལོ། ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏཱ་ལི་ལ་ཕྱག་འཚལ་ལོ། ཁྲོ་མོ་དམར་སེར་བྱིས་རྒྱུ་འདྲེན། །པུཀྐ་སཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷསྨ་རཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨ་ཤ་ནཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །སེང་གེའི་དབུ་ལ་ཕྱག་འཚལ་ལོ། །བྱཱ་གྷྲི་མནན་བལྟ་བསྣོལ་དམར་སྟག །སྟག་གི་དབུ་ལ་ཕྱག་འཚལ་ལོ། །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཝ་ཡི་དབུ་ལ་ཕྱག་འཚལ་ལོ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །སྤྱང་མོའི་དབུ་ལ་ཕྱག་འཚལ་ལོ། །གྷྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །བྱ་རྒོད་དབུ་ལ་ཕྱག་འཚལ་ལོ། །ཀངྐཱ་ཞིང་ཕྲག་སྣར་མགོ་རིང་། །དུར་བྱའི་དབུ་ལ་ཕྱག་འཚལ་ལོ། །ཀཱ་ཀ་ཁ་རོ་བྷན་གྲི་ནག །བྱ་རོག་དབུ་ལ་ཕྱག་འཚལ་ལོ། །ཨུ་ལཱུ་མཐིང་ག་རྡོར་ཀྱུ་འུག །འུག་པའི་དབུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང་། །སྣ་ཚོགས་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན། །སྤོར་བྱེད་ཉི་ཞགས་འཕེན་ལ་ཕྱག་འཚལ་ལོ། །རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར། །མི་འབྲལ་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །ཉོན་མོངས་ལྔ་གཞོམ་ཐོད་ཁྲག་མདུང་ཐུང་འཕེན། །ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར། །སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ། །མ་རིག་སེམས་ཅན་དབྱིངས་སུ་གཟུད་པའི་ཕྱིར། །ཆོས་ཉིད་བདེ་བའི་སྐུ་ལས་གཡོས་པ་མེད། །སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ། །བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར། །སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡི། །མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ། །འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན། །ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན། །སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར། །མཐིང་ནག་ཆེན་མོ་རྔམ་པའི་སྐུ་མངའ་ཞིང་། །གཡུལ་ཆེན་རབ་ཟློག་རྡོ་རྗེ་སྐར་མདའ་འཕེན། །ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ། །སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་བ་དབང་དུ་མཛད་པའི་ཕྱིར། །སྐུ་མདོག་དམར་ནག་དབང་དྲག་འཛོམ་པའི་ཞལ། །ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར། །རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར། །སྤོར་བྱེད་གློག་ཕྲེང་ཅན་ལ་ཕྱག་འཚལ་ལོ། །གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར། །དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ། །གཏི་མུག་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ། །བྱོལ་སོང་གནས་སུ་སྤོར་བས་སླག་ཤ་རྡེབ། །སྤོར་བྱེད་སླག་ཤ་རྡེབ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱང་བའི་ཕྱིར། །སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ། །དམྱལ་བ་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ། །དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན། །སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །ལས་ངན་ཞི་བས་འདུལ་བར་མི་འགྱུར་བའི། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པར་མཛད། །སྤོར་བྱེད་བརྒྱད་དུ་མཚན་གསོལ་མི་བཟད་མ། །ཀུན་ཀྱང་འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །སྐམ་གཤེར་སྤེལ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཐོད་ཁྲག་མཚོན་ཆ་འཛིན་ཅིང་གཡང་གཞི་གྱོན། །རལ་པ་དབྱིངས་འབར་བཤུགས་གླུས་སྟོང་ཁམས་འགེང་། །ཧ་ཧའི་གད་འདེབས་རྒྱུད་དྲུག་སེམས་ཅན་སྐྱོང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཅི་འདྲ་བ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བའི། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས། །ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་བསྩལ་དུ་གསོལ། །རྣལ་འབྱོར་དམར་ནག་ཏྲི་ཤཱུལ་འཛིན། །གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ཐོད་རློན་འཆང་། ཁྲ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྡོར་དབྱུག་འཛིན། །རྟ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། ཁྱུང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་བྱིས་བམ་འཛིན། ཁྱི་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བྷནྡྷ་འཛིན། །ཤ་བའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་རྔ་ཆུང་འཛིན། །སྤྱང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། ཁྭ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། །བ་ལང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་ཞགས་པ་འཛིན། །ར་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ལྕགས་སྒྲོག་བསྣམས། །སེང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་གའི་མགོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ། ཁྲོ་ཆེན་ཧཱུྃ་ཀཱ་ར་ལ་ཕྱག་འཚལ་ལོ། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། ཁྲོ་ཆེན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། ཁྲོ་ཆེན་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། ཁྲོ་ཆེན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྙེམས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྡེར་ལ་ཕྱག་འཚལ་ལོ། །བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ། །མདའ་སྙེམས་མ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཕ་རོལ་ཕྱིན་མ་སྟེ། །སྐྱོད་བྱེད་མ་ལ་ཕྱག་འཚལ་ལོ། །སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གསོད་བྱེད་མ་ལ་ཕྱག་འཚལ་ལོ། །བཟོད་པའི་ཕ་རོལ་ཕྱིན་མ་སྟེ། །སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ཕུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་ལས་སྐུར་བཞེངས་མ། །རྟག་རྒྱལ་ལྔ་ལ་ཕྱག་འཚལ་ལོ། །རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏིའི་སྤྲུལ་པ་སྟེ། །ཀིང་ཀ་ར་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རཱི་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ཞིང་། གལ་ཏེ་མི་ནུས་ཤིང་བསྡུ་ན། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམ་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིགས་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀཿདཔལ་རྣམས་ལ་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པ་མཛད། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ཕུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །གཉིས་པ་སྐུ་ཡི་སྒོ་ནས་ཁྲུས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་འཕྲོས། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་བར་གྱུར། ཨོཾ། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི། །སྐུ་ཡི་བྱིན་རླབས་ཡེ་ཤེས་ཆུས། །རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །ལུས་ཀྱི་དམ་ཚིག་ཉམས་ཆག་དང་། །སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ཡིག་བརྒྱ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཉིས་པ་ངག་གི་དམ་ཚིག་ཉམས་ཆག་སྦྱང་བ་ལ་གསུམ། རྡོར་སེམས་བསྒོམ་ཞིང་ཡིག་བརྒྱ་བཟླ་བ། སྨྲེ་བཤགས་བྱ་བ། ཁྲུས་བྱ་བའོ། །དང་པོ་ནི། ཨ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ ཨ་ལས་བླ་མ་རྡོ་རྗེ་སེམས༔ རྡོར་དྲིལ་འཛིན་པ་ཡུམ་ལ་འཁྱུད༔ རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་ཉམས་ཆག་ཀུན་དག་ནས༔ དྲི་མེད་ཤེལ་གོང་ལྟ་བུར་གྱུར༔ ཅེས་བསམ་ལ་ཡིག་བརྒྱ་ཅི་ནུས་བཟླས། གཉིས་པ་སྨྲེ་བཤགས་ནི། ཨོཾ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་འབུམ་བརྡལ་ཞིང་། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད། །དར་ཞིང་དྲགས་པའི་ལས་དབང་དེ་བཙན་ནས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་པས་ཤེས་རབ་ལྡོངས། །འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས།། འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ། །འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང་། །ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས། །བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ། །འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ། །ཉེ་གནས་ཁྱེད་ཀྱིས་ཐུགས་རྗེའི་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས། །མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པ། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་དེ་སྔོན་གང་ན་བཞུགས། །ལས་དབང་དྲག་པོ་རབ་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམས་ཐག་ཕོངས་པའི་ང་རོས་འབོད་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན། །ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྱམས། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །གང་གིས་ཕྱི་བཤོལ་དུས་ལས་མ་བཞེས་པར། །ད་ལྟ་ཉིད་དུ་བརྟུན་ཏེ་མངོན་སྤྱོད་མཛོད། །ལས་ཀྱིས་མནར་པའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ། །གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་གྱི། །སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན། །དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད། །དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན། །ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད། །མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །སྡིག་པའི་ལས་རྣམས་བྱམས་མགོན་ཁྱེད་ལ་བཤགས། །ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་ཟློག་ཏུ་གསོལ། །མ་རིག་ལོག་པའི་ལས་ཀྱི་དབང་བཙན་པས། །མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ། །ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ། །ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན། །ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན། །ཐབས་མཁས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས། །བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི། །དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་། །སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །གསུམ་པ་གསུང་གི་སྒོ་ནས་ཁྲུས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་བདུད་རྩིའི་རང་བཞིན་འཕྲོས། མགྲིན་པར་ཞུགས་པས་ངག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་བར་གྱུར། ཨཱཿ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི། །གསུང་གི་བྱིན་རླབས་ཡེ་ཤེས་ཆུས། །རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །ངག་གི་དམ་ཚིག་ཉམས་ཆག་དང་། །སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ཡིག་བརྒྱ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་སྔགས་བཟླ། གསུམ་པ་ཡིད་ཀྱི་དམ་ཚིག་ཉམས་ཆག་སྦྱང་བ་ལ་གཉིས། ལྟ་བའི་ཀློང་བཤགས་དང་། ཁྲུས་བྱ་བ་འོ། །དང་པོ་ནི། ཉམས་དང་མ་ཉམས་ཀྱི་རྟོག་པ་ཐམས་ཅད་མཉམ་ཉིད་ཀ་དག་ཡེ་གྲོལ་འཛིན་རྟོག་མེད་པའི་ངང་དུ་མཉམ་པར་བཞག་ལ། ཨ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོལ། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད། །གཙང་དང་སྨེ་བར་འཛིན་པ་ཉོན་རེ་མོངས། །བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ། །འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི། །ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད། །གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ། །ཐོག་མ་ཐ་མར་ལྟ་བ་ཡོངས་རེ་གོལ། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་བཤགས། །རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རྩོལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས། །རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ། །རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ། །ཡོད་དང་མེད་པར་ལྟ་བ་ཉོན་རེ་མོངས། །རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས། །ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ། །ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས། །གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ། །ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད། །ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས། །ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ། །སྟེང་འོག་གཉིས་སུ་ལྟ་བ་སྙིང་རེ་རྗེ། །མཐོ་དམའ་གཉིས་སུ་འཛིན་པ་ཉོན་རེ་མོངས། །བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས། །ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ། །ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས། །རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས། །སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན། །གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ། །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས། །ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ། །ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས། །ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན། །མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ། །བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས། །མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས། །གཉེན་བཤེས་འཁྲུལ་པའི་གྲོགས་ནི་རྟག་པར་འཛིན། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ། །མཉམ་ཉིད་ཆོས་ཉིད་ཀློང་དུ་མཐོལ་ལོ་བཤགས། །ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས། །རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས། །རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི། །ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཅན་རྣམས། །དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ། །མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །གཉིས་པ་ཐུགས་ཀྱི་སྒོ་ནས་ཁྲུས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་བདུད་རྩིའི་རང་བཞིན་འཕྲོས། སྙིང་ཁར་ཞུགས་པས་ཡིད་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་བར་གྱུར། ཧཱུྃ། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི། །ཐུགས་ཀྱི་བྱིན་རླབས་ཡེ་ཤེས་ཆུས། །རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །ཡིད་ཀྱི་དམ་ཚིག་ཉམས་ཆག་དང་། །སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ཡིག་བརྒྱ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་སྔགས་བཟླ། བཞི་པ་སྒོ་གསུམ་ཐུན་མོང་གི་ཉམས་པ་སྦྱོང་བ་ལ་གཉིས། བཤགས་པ་དང་། ཁྲུས་བྱ་བའོ། །དང་པོ་ནི། དམ་ཚིག་ཉེར་བརྒྱད་ཀྱི་བཤགས་པ་བྱ་བ་ནི། ཧཱུྃ། སྟོན་པ་རྡོ་རྗེ་སེམས་དཔས་གསུངས་པ་ཡི། །ལུང་དང་ཏནྟྲ་མང་པོ་མདོར་བསྡུས་ཤིང་། །གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི། །མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །དམ་ལ་གནས་ཤིང་ཚུལ་བཞིན་བསྲུང་ངོ་ཞེས། །བཀའ་གསང་རྒྱུད་ལས་དེ་སྐད་འབྱུང་བཞིན་དུ། །མ་རིག་ལེ་ལོ་སྒྱིད་སྙོམ་རྐྱེན་དབང་གིས། །བཀའ་ལས་འདས་ཤིང་དམ་ལས་གཡེལ་གྱུར་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །མི་དམིགས་བཏང་སྙོམས་ངང་དུ་བཟོད་པར་བཞེས། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས། །སྲི་ཞུ་དད་པའི་རྩལ་ཤུགས་ཆུང་བ་ཡིས། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །སྔགས་དང་ཕྱག་རྒྱ་ལེ་ལོས་རྒྱུན་བཅད་དེ། །གསུང་གི་དམ་ལས་འདས་པར་གྱུར་པ་དང་། །སྤྱི་གསང་བཞི་དང་བར་གསང་བརྒྱད་ལ་སོགས། །གསང་བར་འོས་དང་གསང་བར་གཉེར་གཏད་པ། །གསང་སྒོ་ཡལ་བར་བཏང་བ་ལ་སོགས་ཏེ། །རྩ་བའི་དམ་ལས་འགལ་བ་ཅི་མཆིས་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །མཁའ་ལྟར་ཁྱབ་པའི་ཐུགས་རྗེས་བདག་བཟུང་ནས། །ཉམས་པའི་སྐྱོན་རྣམས་བཤགས་ན་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མི་སྤང་བ་ཡི་དམ་ཚིག་ལྔ་པོ་ལ། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །གསང་སྔགས་བླ་ན་མེད་པའི་སྤྱོད་ཡུལ་ལས། །ཀུན་ཏུ་བཟང་པོ་རོལ་པ་ཆེ་བའི་རྒྱན། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལ། །ཡེ་ནས་ཡིན་པ་དེ་ལྟར་མ་རྟོགས་ཏེ། །ལོག་རྟོག་དབང་གིས་སྤངས་པ་བཟོད་པར་གསོལ། །དང་དུ་བླང་བའི་དམ་ཚིག་ལྔ་པོ་ལ། །མཱཾ་ས་བཤང་གཅི་ཁུ་བ་རཀྟ་རྣམས། །ཡེ་ནས་བདུད་རྩི་ལྔ་ཡི་རང་བཞིན་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱི་བསྒྲུབ་པའི་རྫས། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གཤེགས་པའི་ཤུལ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། །གཙང་སྨེ་རྣམ་རྟོག་བརྟུལ་ཞུགས་ཆུང་བ་ཡིས། །ཆོས་ཉིད་མཉམ་པའི་ངང་དུ་མ་རྟོགས་ཏེ། །དམ་རྫས་དང་དུ་མ་བླང་བཟོད་པར་གསོལ། །སྤྱད་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །སྐྱེ་ཤི་མེད་པར་རྟོགས་པའི་ལྟ་བ་དང་། །གནས་དང་དུས་དང་ཏིང་འཛིན་གསལ་བ་ཡིས། ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང་། །དུས་གསུམ་འདུ་འབྲལ་མེད་པའི་ལྟ་བ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསལ་བ་ཡིས། །ཐབས་དང་ཤེས་རབ་མངོན་སྤྱོད་སྦྱོར་བ་དང་། །སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར། །ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླངས། །སེམས་ཅན་དོན་དུ་འཕགས་པ་མཆོད་པ་དང་། །གསང་སྔགས་ལྟ་སྤྱོད་གཞན་གྱིས་མི་རིག་ཕྱིར། །གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ་བ་དང་། །ཞིང་བཅུ་ཞེ་བཅད་དྲག་ཤུལ་སྤྱོད་པའི་སྔགས། །བཀའ་དང་ལུང་ལས་དེ་ལྟར་འབྱུང་བཞིན་དུ། །སྤྱད་ཅིང་ཉམས་སུ་མ་བླངས་བཟོད་པར་གསོལ། །ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །ཕུང་པོ་ལྔ་དང་རྣམ་ཤེས་དབང་པོ་ལྔ། །འབྱུང་བ་ལྔ་དང་འདོད་པའི་ཡོན་ཏན་ལྔ། ཁ་དོག་ལྔ་དང་སྨན་ལྔ་ལ་སོགས་རྣམས། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དང་། །རིགས་ཀྱི་ཡུམ་ལྔར་ཤེས་པར་བྱ་འོ་ཞེས། །རྒྱལ་བའི་བཀའ་ལས་དེ་ལྟར་འབྱུང་བཞིན་དུ། །ཤེས་རབ་ཞན་པས་དེ་ལྟར་མ་རྟོགས་ཏེ། །བཀའ་དང་གཞུང་ལས་འགལ་བ་བཟོད་པར་གསོལ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །ཕྱི་ནང་སྣོད་བཅུད་སྣང་སྲིད་མ་ལུས་རྣམས། །ཡེ་ནས་སངས་རྒྱས་ལྔ་ཡི་རང་བཞིན་ལ། །བདག་གི་དབྱིངས་ལས་གཞན་ན་མི་བཞུགས་ཀྱང་། །གོ་རྟོགས་རིག་པའི་རྩལ་ཤུགས་ཆུང་བ་ཡིས། །རྟོག་པ་ཀློང་དུ་མ་གྱུར་བཟོད་པར་བཞེས། །ཚོགས་ཀྱི་མཆོད་པ་ལོ་ཟླར་འདས་པ་དང་། །ཚོགས་ཀྱི་ཞལ་ཟས་འབྱོར་ཚོགས་ཆུང་བ་དང་། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །དམ་སྐོང་མཁའ་འགྲོའི་ཐུགས་དང་འགལ་བ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །ལུང་དང་བཀའ་ལས་འདས་པ་མཐོལ་ལོ་བཤགས། །ལྟ་བ་འཕངས་མ་ཆོད་པར་གྱུར་པ་དང་། །སྒོམ་པ་ཡུན་ཐུང་ལོ་ཟླར་འགྱངས་པ་དང་། །སྤྱོད་པ་ལ་མ་དོར་བར་གྱུར་པ་དང་། །དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པས། །རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟོད་ཡུན་རིང་གནས་པ་རྣམས། །བདག་གིས་དམ་ཚིག་བཤགས་པ་བགྱིས་པ་ཡིས། །ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེ། །གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག །དུས་གསུམ་རྒྱལ་བས་བདག་ལ་བྱིན་གྱིས་རློབས། །དམ་སྐོངས་མཁའ་འགྲོ་མང་པོས་བདག་སྲུངས་ཤིག །གཉིས་མེད་གསང་བའི་དབྱིངས་ནས་འོད་ཤར་ཏེ། །མཁའ་ལྟར་དག་ཅིང་རྣམ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་རྗེའི་དབང་གིས་བདག་བཟུང་སྟེ། །ཡིད་བཞིན་སྐུ་མཆོག་བདག་ལ་བསྟན་པ་དང་། །རིག་འཛིན་དངོས་གྲུབ་དབྱིངས་ནས་བདག་ལ་སྩོལ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་རྣམས། །མི་འདའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །རྩ་བ་གསུམ་དང་ཡན་ལག་ཉི་ཤུ་ལྔ། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །ཉམས་པའི་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །བདག་གིས་དམ་ཚིག་གདུངས་པའི་བཤགས་པ་འདིས། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐངས་གྱུར་ནས། །གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག །ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་རྣམས། །མཉམ་ཉིད་རྡོ་རྗེའི་གྲལ་དུ་གནས་པར་ཤོག །མཁའ་འགྲོ་མ་ཡི་ཐུགས་རྗེས་བདག་བཟུང་ཞིང་། །ཉམས་པའི་སྐྱོན་རྣམས་གཏན་ནས་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །གཉིས་པ་ཡོངས་རྫོགས་ཀྱི་སྒོ་ནས་ཁྲུས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་འཕྲོས། སྒོ་གསུམ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་བར་གྱུར། ཨོཾ་ཨཱཿཧཱུྃ། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི། །གསང་གསུམ་བྱིན་རླབས་ཡེ་ཤེས་ཆུས། །རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །སྒོ་གསུམ་དམ་ཚིག་ཉམས་ཆག་དང་། །སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ཡིག་བརྒྱ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་སྔགས་བཟླ། གསུམ་པ་ཉམས་ཆག་ལྷག་མེད་དུ་སྦྱོང་བ་ཚོགས་སྐང་བྱ་བ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། ཚོགས་བྱིན་རླབས་ནས་ཚོགས་ཕུད་རིམ་པ་དང་པོ་འབུལ་བའི་རྗེས་བར་ཐུགས་སྒྲུབ་ལས་བྱང་བཞིན་དང་། རྩ་གསུམ་སྤྱི་སྐོང་རིགས་བཏང་ལ། གཉིས་པ་ཁྱད་པར་ཞི་ཁྲོའི་སྐོང་བ་ལའང་གཉིས་ལས། དང་པོ་གནས་དག་ཞི་བའི་བསྐང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས༴ འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས༴ ལུས་ཀྱི་ཆོས་བཞི་གནས་དག་པ། ཁྲོ་བོ་བཞི་ཡི་ཐུགས༴ རྟག་ཆད་མུ་བཞི་གནས་དག་པ། ཁྲོ་མོ་བཞི་ཡི་ཐུགས༴ ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །གཉིས་པ་གནས་གྱུར་ཁྲོ་བོའི་བསྐང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། ཁྲག་འཐུང་ཡབ་ལྔའི་ཐུགས༴ འབྱུང་བ་ལུས་ལྔ་གནས་གྱུར་པ། ཁྲག་འཐུང་ཡུམ་ལྔའི་ཐུགས༴ རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀཿབཞིའི་ཐུགས༴ སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི་ཐུགས༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། ཁྲོ་མོ་བརྒྱད་ཀྱི་ཐུགས༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི་ཐུགས༴ རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི་ཐུགས༴ སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད་ཐུགས༴ མི་ཤིགས་སྐུ་ཡི་ཐུགས༴ འགག་མེད་གསུང་གི་ཐུགས༴ འགྱུར་མེད་ཐུགས་ཀྱི་ཐུགས༴ ཡོན་ཏན་མི་ཟད་ཐུགས༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །དེ་ནས་བར་པ་ཉམས་ཆག་བཤགས་པ་ནས་ཛ་གད་ཀྱི་གསང་ནན་འབུལ་བའི་རྗེས་བར་ཐུགས་སྒྲུབ་བཞིན་བྱའོ། །གཉིས་པ་དབང་བླང་བ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བླང་བའོ། །དང་པོ་ལ་ལྔ། གསོལ་བ་གདབ་པ། བྱིན་གྱིས་བརླབ་པ། མེ་ཏོག་དོར་བ། མིག་དབྱེ་བ། དཀྱིལ་འཁོར་བསྟན་པའོ། །དང་པོ་ནི། མཎྜལ་འབུལ་བ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཟུང་། ཐལ་མོ་སྦྱར་ལ། ཀྱེ་ཧོ༔ བདག་ཅག་སྐལ་ལྡན་བུ་ཡིན་པས༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འགྲོ་བའི་དཔལ་མགོན་བླ་མ་ལ༔ སྨིན་གྲོལ་དབང་དང་གདམས་པ་ཞུ༔ ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་བྱིན་དབབ་པ་ནི། རང་དཔའ་བོ་རྟ་མགྲིན་གྱི་སྙིང་གར་རྡོ་རྗེ་ཕག་མོ་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བར་ཟླ་བའི་གདན་ལ་ཡཾ་དང་། ཡན་ལག་བཞི་ལ་མདུན་ནས་གཡས་སྐོར་དུ་ཧ་རི་ནི་ས་གནས་པ། རླུང་གིས་བསྐུལ་བས་གཡོན་དུ་དྲག་ཏུ་འཁོར་བའི་འོད་ཀྱིས་རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་པའི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ། ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་བྱུང་བ་སྤྱི་གཙུག་ནས་ཞུགས་ཏེ་ལུས་ཐམས་ཅད་མེར་ཁྲིག་གང་སྟེ་བདེ་བ་བཟོད་མེད་དུ་འབར་བར་བསམ་ལ། ཁྱད་པར་གྱི་རྫས་བསྲེག་ཅིང་ཌཱ་དྲིལ་རྐང་གླིང་སོགས་རོལ་མོ་སྣ་ཚོགས་དལ་བྲེལ་སྤེལ་མར་བཅས་པས། ཐོད་ཕྲེང་རྩལ་དང་ཞི་ཁྲོའི་སྤྱི་སྔགས་ཀྱི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུྃ་ཨཱཿཧཿཛྷཻཾཿ ཞེས་དྲག་ཏུ་བཟླའོ། །ཕེབས་པ་ན་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲས་བརྟན་པར་བྱ། གསུམ་པ་མེ་ཏོག་དོར་བ་ནི། དཀྱིལ་འཁོར་གྱི་ཤར་སྒོ་ནས་མེ་ཏོག་ཐོགས་ལ། ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ རྩ་གསུམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་གྱི་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ པྲ་ཏཱིཙྪ་ཧོ༔ ཞེས་དོར་བས་གང་ལ་བབ་པར་བརྟགས་ཏེ། དབུས་སུ་བབ་ན་མཆོག །ཕོ་བྲང་ནང་དུ་འབྲིང་། འཁོར་ཡུག་ཏུ་ཐ་མ། རླུང་གིས་གཞན་དུ་བསྐྱོད་པ་སོགས་བྱུང་ན་ཉམས་པ་བསྐང་མ་ཐུབ་པའི་རྟགས་སོ། །གང་ལྟར་ཡང་། མེ་ཏོག་ཕུལ་བ་དཀྱིལ་འཁོར་གྱི་བདག་པོས་བཞེས་ཏེ། སླར་ཡང་དབང་རྟགས་སུ་སྤྱི་བོར་བཅིངས་པར་བསམ་ལ། ཧོ༔ ཅོད་པཎ་རིན་ཆེན་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ལྔ་དང་ལྡན༔ ཉོན་མོངས་དུག་ལྔ་རྣམ་དག་ནས༔ ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག༔ ཨི་མཾ་སཏྭ་མ་ཧཱ་བ་ལ་ཧཱུྃ༔ བཞི་པ་མིག་དབྱེ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་སློབ་དཔོན་གྱིས། ཧོ༔ སྟོན་པ་རྡོ་རྗེ་སློབ་དཔོན་ངས༔ ཁྱོད་ཀྱི་ཉོན་མོངས་འཁྲུལ་པའི་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ཀྱིས་མིག་དར་བསལ། ལྔ་པ་དཀྱིལ་འཁོར་བསྟན་པ་ནི། ཀྱེ་མ་སྐལ་ལྡན་བུ་རྣམས་ལྟོས༔ ཁྱེད་རྣམས་ལས་དང་སྐལ་པ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པར་གྱིས༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ དངོས་གྲུབ་སྣ་ཚོགས་ཁྱོད་ལ་འབྱུང༔ དམ་ཚིག་བསྲུང་ཞིང་སྔགས་ལ་བརྩོན༔ ཅེས་མཐོང་བ་བསྟན་པས། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཐོང་བར་གྱུར་པར་བསམ་མོ། །གཉིས་པ་དབང་དངོས་ལ་གསུམ། གསོལ་བ་གདབ་པ། དབང་བཞི་བླང་བ། གཏོར་མའི་དབང་གིས་བརྟན་པར་བྱ་བའོ། །དང་པོ་ནི་མཎྜལ་འབུལ་བ་སྔོན་དུ་འགྲོ་བས། ཀྱཻ༔ བླ་མ་ཀུན་བཟང་རིག་འཛིན་གཙོ༔ བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དུས་གསུམ་རྒྱལ་བའི་གདུང་གསོབ་ཕྱིར༔ བླ་མས་སྨིན་གྲོལ་དབང་མཆོག་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་དབང་བཞི་བླང་བ་ལ་བཞི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། དབང་བཞི་པའོ། །དང་པོ་བུམ་དབང་ལའང་གསུམ། བཤགས་པ། བསྐང་བ། དབང་དངོས་སོ། །དང་པོ་བུམ་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཨོཾ། བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས། །ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་གཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་བྲོད་ངང་དུ་བཤགས་པར་བགྱི། །ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །གཉིས་པ་ལུས་དང་རྩའི་ཉམས་པ་གསོ་ཕྱིར་འདོད་ཡོན་གཏོར་མས་བསྐང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་བསྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་བསྩལ། ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་བསྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། གསུམ་པ་དབང་དངོས་ལ་དངོས་དང་རྗེས་འབྲེལ་གཉིས་ལས། དང་པོ་ནི། ལས་རྡོར་གྱིས་གཙོ་བུམ་བཏེགས་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་དེ་བཞིན་གཤེགས་པ་ཡབ་ཡུམ། སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་གདན་གསུམ་ཚང་བའི་ལྷ་ཚོགས་སྤྲིན་ལྟར་གཏིབས་པར་གྱུར་པ་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་བར་སྦྱར་བས་མཆོད། ནམ་མཁར་བཞུགས་པའི་དབང་ལྷ་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། ཨོཾ༔ ཆོས་ཀྱི་དབྱིངས་ཀྱི་བུམ་པ་ན༔ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་བཏུང་ཞིང་། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་ལ། གཉིས་པ་རྗེས་འབྲེལ་ལྷ་དབང་སྦྱིན་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ནས་སྙིང་ག་དང་དུང་ཁང་གི་ཕོ་བྲང་གཉིས་ཀྱི་ནང་དུ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པས་རྡོ་རྗེའི་སྐུ་ཡི་བྱིན་གྱིས་བརླབས་པར་བསམ་ལ། ཞི་ཁྲོའི་སྐུ་གཟུགས་བླང་ལ། ཨ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཀུན་གཞིའི་བག་ཆགས་ཀུན་སྦྱང་ནས༔ ཀ་དག་ཆོས་སྐུ་ཐོབ་པར་ཤོག༔ ཨ་ཨ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཉོན་མོངས་ཕུང་ལྔ་རང་དག་ནས༔ སྐུ་ལྔ་ལྷུན་གྲུབ་དབང་ཐོབ་ཤོག༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་ཀྱི་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་དག་ནས༔ ཁམས་ལྔ་དག་པའི་དབང་ཐོབ་ཤོག༔ མཱཾ་མཱུཾ་ལཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཕྱིར༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ སྐྱེ་མཆེད་དག་པའི་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་ཤེས་ཡུལ་བརྒྱད་དག་པའི་ཕྱིར༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་དག་པའི་དབང་ཐོབ་ཤོག༔ བོ་དྷི་སཏྭ་ནཱི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་དྲུག་སྐྱེ་སྒོ་གཅད་པའི་ཕྱིར༔ ཐུབ་པ་དྲུག་གི་དབང་བསྐུར་བས༔ རྒྱུད་དྲུག་བག་ཆགས་དག་པར་ཤོག༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྟག་ཆད་མུ་བཞི་གནས་དག་ཕྱིར༔ སྒོ་བ་ཡབ་ཡུམ་དབང་བསྐུར་བས༔ ཚད་མེད་རྣམ་བཞི་མཐར་ཕྱིན་ཤོག༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨོཾ༔ ཞེས་དང་། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤང་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་དྷ་ཀྲོ་དྷཱི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤང་གནས་དག་ནས༔ གཞི་གྲོལ་ཆོས་སྐུའི་ས་ནོན་ཤོག༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཕྱིར་མི་ལྡོག་པའི་ས་ཐོག་ཤོག༔ ཀྲོ་དྷཱི་ཤྭ་རཱི་པཉྩ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ནས༔ འཕགས་པའི་ལམ་བརྒྱད་མཐར་ཕྱིན་ཤོག༔ ཧཱ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སིངྷ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཡུལ་བརྒྱད་གནས་དག་ནས༔ རྟོག་པ་བརྒྱད་པོ་མཐར་ཕྱིན་ཤོག༔ ཧེ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ལས་བཞིའི་ཕྲིན་ལས་ལྷུན་འགྲུབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ རིག་རྩལ་རྫོགས་པའི་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བསྐུར། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་དབང་ལ་གསུམ། བཤགས་པ། བསྐང་བ། དབང་དངོས་སོ། །དང་པོ་གསང་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཨཱཿ ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམས། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་ཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་ག་རོ་རྐྱང་དབུ་མ་ཟུང་འཇུག་བདེ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམ་རང་ཆས་ཡིན་པར་མ་ཤེས་པ། །འཆི་དུས་རང་གསལ་འབྱུང་བ་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་པ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །གསང་བ་དབང་གི་གདམས་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གཉིས་པ་རླུང་དང་ངག་གི་ཉམས་པ་གསོ་ཕྱིར་དམར་ཆེན་རཀྟས་བསྐང་བ་ནི། ལས་རྡོར་གྱིས་རཀྟ་འཕྱར་ཞིང་དཀྱིལ་འཁོར་བསྐོར་ལ། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བསྐང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་སྐང་། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་དབང་དངོས་ལ་དངོས་དང་རྗེས་འབྲེལ་གཉིས་ལས། དང་པོ་དངོས་ནི། བླ་མ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམ་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་གཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་མྱོང་བར་བསམ་ལ། ཨ༔ ཐོད་པ་མཚན་ལྡན་ཀ་པཱ་ལར༔ ཡེ་ཤེས་བྱང་སེམས་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ྄་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགག །བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། གཉིས་པ་རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཕྲེང་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་གྱུར་པར་བསམ་ལ། ཐོད་ཕྲེང་རྩལ་དང་ཞི་ཁྲོའི་སྤྱི་སྔགས་བཅས་ལན་གསུམ་རེ་བཟླའོ། །དེ་ལྟར་གསང་བའི་དབང་བསྐུར་བས་ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་གསུམ། བཤགས་པ། བསྐང་བ། དབང་དངོས་སོ། །དང་པོ་ཤེར་དབང་གི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་པ་ནི། ཧཱུྃ། ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ། །ཡུམ་བདག་འདོད་པ་བྱིན་རླབས་མཉམ་པ་དག །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་གཤགས། །བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིའི་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས། །བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྐུར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོངས་པ། །འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ་བཤགས། །ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལ། །མ་རྟོགས་མ་ཤེས་བདུད་རྩི་མ་སྦྱངས་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །གཉིས་པ་ཡིད་དང་ཐིག་ལེའི་ཉམས་པ་གསོ་ཕྱིར་བདུད་རྩི་སྨན་གྱིས་བསྐང་བ་ནི། བདུད་རྩི་སྦྲེང་ཞིང་། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། གསུམ་པ་དབང་དངོས་ནི། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་རྡོ་རྗེ་ཕག་མོའི་ངོ་བོ་ཅན་པང་དུ་འཁོད་པར་གྱུར། སིནྡྷུ་རའི་དཀྱིལ་འཁོར་བླངས་ཏེ་སྙིང་ཁར་ཐིག་ལེ་བྱ་ཞིང་། ཧཱུྃ༔ བདེ་བའི་གནས་སྦྱིན་ལྷ་མོ་ནི༔ གསང་སྔགས་གསང་ཆེན་སྒྲུབ་པའི་ལམ༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཚིག་དབང་བསྐུར་བ་ལ་གསུམ། བཤགས་པ། བསྐང་བ། དབང་དངོས་སོ། །དང་པོ་དབང་བཞི་པའི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཧྲཱིཿ ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱངས་པ། །རྡོ་རྗེའི་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་ཏེ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །སྦྱང་དང་གོམས་དང་ལས་ལ་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱང་གོམས་ལས་མ་སྦྱར། །སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་པ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེའི་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སོགས། །རླུང་བཅུ་སྲོག་ཤིང་ཚུལ་དུ་མ་རྟོགས་པ། །བདེ་བ་ཆེན་པོའི་དབང་གི་ཀློང་དུ་བཤགས། །གཉིས་པ་ཀུན་གཞི་ཡེ་ཤེས་ཀྱི་ཉམས་པ་གསོ་བའི་ཕྱིར་སྣང་གསལ་མར་མེའི་བསྐང་བ་བྱ་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཨ་ཝ་དྷཱུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས༔ །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་དབང་དངོས་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཨ༔ རིག་པ་རང་བྱུང་ཆོས་ཀྱི་སྐུ༔ སངས་རྒྱས་ཀུན་གྱི་གནས་ལུགས་སྟོན༔ མན་ཤེལ་དྲི་མེད་དབང་བསྐུར་བས༔ རང་བྱུང་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་གཞག །དེ་ལྟར་དབང་བཞི་པ་བསྐུར་བས་བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་བརྟན་བྱེད་གཏོར་མའི་དབང་ལ་གཉིས། རྟོགས་སྐོང་བྱ་བ་དང་། དབང་དངོས་སོ། །དང་པོ་ནི། བསྐང་བྱ་སྐོང་བྱེད་ཐམས་ཅད་མི་དམིགས་པ་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་།། སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །གཉིས་པ་གཏོར་དབང་དངོས་ནི། གཏོར་མ་རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་ཡོངས་རྫོགས་སུ་ཐོབ་ཅིང་བརྟན་པར་བསམ་ལ། ཧཱུྃ༔ གཏོར་སྣོད་བྷནྡྷ་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་ཡེ་ཤེས་ལྔ༔ རྩ་གསུམ་ལྷ་དང་འདུ་འབྲལ་མེད༔ ཡོངས་རྫོགས་ཆེན་པོའི་དབང་ཐོབ་ཤོག །ཐོད་ཕྲེང་རྩལ་དང་ཞི་ཁྲོའི་སྤྱི་སྔགས་མཐར། བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་ལྔར་བཞག་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་རང་ལ་སིབ་ཀྱིས་ཐིམ་པས་ལྷ་བདག་དབྱེར་མེད་དུ་གྱུར་པར་བསམ་ལ་བཞི་ཆ་སུམ་བྲལ་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་གཞག་གོ །གསུམ་པ་གསོ་སྦྱོང་གི་རྗེས་ཀྱི་བྱ་བ་ལ་གསུམ། དམ་ཚིག་ཁས་བླང་བ་དང་། དགའ་སྟོན་བྱ་བ། སྨོན་ལམ་གདབ་པའོ། །དང་པོ་ལ་གཉིས། དམ་ཚིག་གི་གནས་རྣམས་སྤང་བླང་ཚུལ་བཞིན་བྱ་བར་དམ་བཅའ་བ་དང་། བླ་མའི་བཀའ་བཞིན་བསྒྲུབ་པར་དམ་བཅའ་བའོ། །དང་པོ་ནི། སྤྱིར་སྡོམ་པ་གསུམ་དང་བྱེ་བྲག་སྔགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་བསྒྲུབ་པར་བྱ་བའི་བློས། དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཟུང་ལ། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤང་། རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད།། ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་བར། །ཇི་ལྟར་འཚམ་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་འཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བསྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ། །བསྡུ་ན། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལྷག་བསམ་རྩེ་གཅིག་པས་དམ་བཅའ་འོ། །གཉིས་པ་བཀའ་བཞིན་སྒྲུབ་དམ་ནི། གཙོ་བས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བརྗོད། གཉིས་པ་དགའ་སྟོན་བྱ་བ་ནི། རྗེས་འབྲེལ་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལོངས་སྤྱོད་ཅིང་ཚིམས་པ་དྲུག་ལྡན་དུ་རོལ་ལ་རྡོ་རྗེའི་གླུ་གར་སོགས་བྱ་ཞིང་ཡེ་ཤེས་ཀྱི་ཉམས་བསྐྱང་ངོ་། །གསུམ་པ་སྨོན་ལམ་གདབ་པ་ནི། འདུས་པ་རྣམས་ལག་པ་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་བཟུང་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ།། ༈ །།སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་ལྷག་མ་གཏང་ཞིང་ཐུགས་དམ་བསྐུལ་བ། དངོས་གྲུབ་བླང་བ། ཆད་ཐོ་བསྟན་སྐྱོང་བྲོ་བརྡུང་། བཟོད་གསོལ་གཤེགས་བསྡུ་སོགས་ཐུགས་སྒྲུབ་བླ་མའི་ལས་གཞུང་ལྟར་མཐར་ཆགས་སུ་གཏང་ལ། བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བགྱིས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་རྣམ་པར་བྱ་ཞིང་ཚོགས་གཉིས་ཕུལ་དུ་བྱུང་བའི་དངོས་གྲུབ་ཐོབ་པ་དང་། ཁྱད་པར་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་རྣམས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱོང་བར་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་ཡིན་ཏེ། གསང་སྔགས་ཀྱི་རྩ་བ་དབང་དང་དབང་སྲོག་དམ་ཚིག་གིས་འཛིན་དགོས་པའི་ཕྱིར། ལམ་ཞུགས་གང་ཟག་བརྩོན་པ་ཇི་ལྟར་ཆེ་ཡང་གསང་སྔགས་ཀྱི་དམ་ཚིག་ཕྲ་མོ་མི་ཉམས་པ་མི་སྲིད་པས། དམ་ཚིག་གི་གནད་རྣམས་ཤེས་པར་བྱས་ཏེ་བཤགས་སྡོམ་གྱི་འདུན་པ་རྩེ་གཅིག་པས་ཐབས་འདི་ལྟ་བུ། ལས་མཐུན་དམ་གཙང་གི་རྣལ་འབྱོར་ཕོ་མོས་ཟླ་བ་བྱུང་ངོ་ཅོག་གམ་དུས་དང་དུས་སུ་བརྩོན་པར་བགྱིས་ན། དམ་ཚིག་ཉམས་ཆག་ཐམས་ཅད་དག་ནས་བླ་ན་མེད་པའི་དངོས་གྲུབ་རྣམ་པ་གཉིས་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་ཐོབ་པར་འགྱུར་བ་ནི་གདོན་མི་ཟའོ། །སྨྲས་པ། གདོད་ནས་ལྷུན་གྲུབ་གཞི་རྒྱུད་དཀྱིལ་འཁོར་བཞི། །དབང་བཞིའི་ལམ་གྱིས་དྲི་མ་ཀུན་སྦྱངས་ནས།། སྐུ་བཞིའི་ཡེ་ཤེས་འབྲས་བུ་མངོན་བྱེད་པའི། །ཟབ་གསང་བླ་མེད་མྱུར་ལམ་འདི་རྨད་བྱུང་། །དེ་ཕྱིར་ལམ་སྲོག་རྡོ་རྗེའི་དམ་ཚིག་ཆེ། །བསྲུང་མཚམས་འཆོལ་བས་ཐར་པའི་འབྲས་སྐེམ་ཞིང་། །བསྐལ་མང་ན་རཀ་གནས་སུ་ལྷུང་བས་ན། །མི་འདའ་དམ་བཅའི་ཁུར་ཆེན་ཅིས་མི་བརྟེན། །འོན་ཀྱང་བག་མེད་དབང་གྱུར་སྒོ་གསུམ་གྱི། །ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་ཅི་མཆིས་ཀུན། །བསྐང་བས་གསོ་ཞིང་བཤགས་པས་སྦྱོང་བའི་ཐབས། །རྣལ་འབྱོར་སྤྱི་ཁྲུས་མཆོག་འདི་འབད་པས་ལོངས། །ཀུན་བཟང་ཞལ་ལུང་ཚངས་པའི་རལ་པ་ནས། །གདམ་ཟབ་གངྒཱའི་ཆུ་རྒྱུན་འདྲེན་མཛད་པ། །རིག་འཛིན་བརྒྱུད་པའི་སྐལ་ལྡན་ཤིང་རྟ་ཡི། །དྲིན་ལས་ཉེས་བརྒྱའི་དྲི་མ་རྣམ་པར་བཀྲུས། །འདི་ནི་པདྨའི་དགོངས་བཅུད་བླ་མེད་མཆོག །རྒྱུད་ལུང་མན་ངག་ཀུན་དྲིལ་ཟབ་པའི་གནད། །བླ་མའི་དྲིན་ལས་རྙེད་ཕྱིར་ལེགས་བཀོད་ཀྱིས།། གྱ་ཚོམ་འགལ་དུམ་ཕྲེང་བར་སྤེལ་བ་མིན། །དེ་ལྟ་ནའང་བདག་བློ་དམན་གྱུར་པས། །རྨོངས་འཁྲུལ་ནོངས་པ་ཅི་མཆིས་རྩ་གསུམ་ལྷར། །སྙིང་ནས་མཐོལ་བཤགས་འབུལ་གྱིས་བཟོད་མཛད་ནས། །ཟབ་མོའི་ལམ་འདི་འཕེལ་རྒྱས་རྟག་ཁྱབ་མཛོད། །འདི་བསྐྲུན་དགེ་བས་བདག་དང་མཁའ་མཉམ་འགྲོ། །སྲིད་ཞིའི་མཐའ་ལས་རྣམ་གྲོལ་ཡེ་ཤེས་ཀྱི། །གོ་འཕང་དཀའ་བ་མེད་པར་མྱུར་ཐོབ་ནས། །འཁོར་བ་དོང་སྤྲུགས་གཞན་དོན་ལྷུན་གྲུབ་ཤོག །ཅེས་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་འདི་ནི་རང་གཞན་ཀུན་ལ་ཕན་པའི་བསམ་པ་དང་། ཁྱད་པར་འདྲེན་མཆོག་བཀའ་དྲིན་མཉམ་མེད་རྗེ་བླ་མ་ཀུན་བཟང་བསྟན་པའི་ཉི་མ་དཔལ་བཟང་པོ་ནས། རང་ལུགས་པད་གླིང་གཏེར་བྱོན་ཐུགས་སྒྲུབ་ཞི་ཁྲོ་ཟུང་འབྲེལ་གྱི་ཆོག་ཁྲིགས་འདི་ལྟར་གྱིས་ཤིག་ཅེས་རིང་མོ་ནས་དབུག་དབྱུང་བཀའ་ཡི་གནང་བ་ཐོབ་ཀྱང་སྙོམ་ལས་སུ་ལུས་པ། ཉེ་ཆར་དམ་ལྡན་དོན་གཉེར་ཅན་རྡོ་རྗེའི་མཆེད་པོ་འགའ་ཞིག་དང་ཁྱད་པར་སྔགས་རམ་པ་ཚུལ་ཁྲིམས་བསྟན་འཕེལ་ནས་ལྷ་རྫས་རིན་ཆེན་གྱི་སྐྱེས་དང་བཅས་ཆེད་དུ་རིངས་སྟབས་ཀྱིས་བསྐུལ་ངོར། ཀུན་མཁྱེན་བླ་མ་རྣམ་གསུམ་དགྱེས་པའི་འབངས་ཤཱཀྱའི་དགེ་བསྙེན་རིག་འཛིན་ཁམས་གསུམ་ཡོངས་གྲོལ་གྱིས་མཁན་ལྗོངས་གསང་བ་མཆོག་གི་ནགས་ཁྲོད་དུ་རིག་འཛིན་བླ་མའི་གཟིམས་སྤྱིལ་འཆི་མེད་འོད་སྣང་འཁྱིལ་བར་ལེགས་པར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །། དཔེ་འདི་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་གྱི་ཉམས་ཆག་སྐོང་བའི་ཆ་རྐྱེན་དུ་འཇོག་སྐབས། འདིའི་གཏེར་གཞུང་ཆོས་སྐོར་དང་། ཞི་ཁྲོ་ལྟ་བ་ཀློང་ཡངས་གཏེར་གཞུང་སྐོར་དང་བདུད་འཇོམས་རིན་པོ་ཆེའི་ཆོག་ཁྲིགས་སྐོར། མཆོག་གླིང་སྔགས་གསོ། བཤགས་རྒྱུད་བཀའ་གཏེར་རྩ་འགྲེལ་སོགས་ཁུངས་ཆེ་བའི་ཡིག་ཆ་རྣམས་དང་། གདན་ས་ལྷ་ལུང་རང་གི་བླ་མ་རིན་པོ་ཆེ་མཁས་དབང་ཚེ་བརྟན་ལགས་དང་ལྷན་ཞིབ་དཔྱད་གོ་བསྡུར་ནན་ཏན་ཆེན་པོས་གཙང་དག་ཏུ་སྤེལ་བར་རློམས་པས། ཕྱིན་ཆད་ཀུན་གྱིས་དཔེ་རྒྱུན་འདི་ཁོ་ན་གསལ་ཞིང་དག་པར་འཛིན་པར་རིན་གཏེར་འཕྲུལ་ཡིག་པར་གསར་ཞུ་དག་ཐ་མའི་འགན་འཛིན་པད་བཀོད་སྒམ་སྤྲུལ་མིང་འཛིན་པས་ཞུའོ།།

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཚེ་གཡང་ཁ་སྦྱོར་ཞེས་བྱ་བ་འདོད་དགུའི་དངོས་གྲུབ་ཆར་འབེབ་ (Volume 50, Text 23)

༁ྃ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཚེ་གཡང་ཁ་སྦྱོར་ཞེས་བྱ་བ་འདོད་དགུའི་དངོས་གྲུབ་ཆར་འབེབ་བཞུགས༔ ན་མོ་གུ་རུ་པྲ་ཝཱཀ་ར་པདྨ་ཀྲྀཏ་ཨཱརྻ་ཛཾ་བྷ་ལ་ཡེ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༔ རྩ་བ་གསུམ་གྱི་ལྷ་ལ་གུས་པས་འདུད༔ བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ ཐུགས་སྤྲུལ་སྙིགས་མའི་དབུལ་འཇོམས་དངོས་གྲུབ་བདག༔ མཆོག་ཐུན་འབད་མེད་སྟེར་བའི་མཆོག་སྦྱིན་མཁན༔ ཨོ་རྒྱན་ནོར་ལྷ་ཛཾ་དཀར་སྒྲུབ་ཐབས་ནི༔ པདྨའི་ཐུགས་བཅུད་གཡང་སྐྱབས་ཟབ་མོ་འདི༔ ཕྱི་རབས་མ་འོངས་ཆོས་མཛད་ལས་ཅན་རྣམས༔ སོམ་ཉི་མེད་པར་ཚུལ་བཞིན་ཉམས་སུ་ལོངས༔ ཚེ་དབང་ལོངས་སྤྱོད་འབད་མེད་ལྷུན་གྲུབ་འབྱུང༔ ཡིད་བཞིན་ནོར་བུ་ལྟ་བུའི་གདམས་ངག་འདི༔ ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦས༔ རྡོ་རྗེའི་མཚན་ཅན་ཐུགས་ཀྱི་ཀློང་ནས་བརྡོལ༔ གནས་དུས་རྟེན་འབྲེལ་འཛོམ་དུས་ཡི་གེར་ཐོབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ཞིག་རྣལ་འབྱོར་དམ་ལྡན་གྱིས༔ ཡིད་དང་མཐུན་པའི་སྒྲུབ་གཞུང་དུ༔ ལེ་ལོ་བག་ཉལ་སྤངས་ནས་ནི༔ གཞི་དཀར་དྲི་མེད་སྟེང་དུ་ནི༔ འབྲུ་ཡི་པདྨ་འདབ་བརྒྱད་བཀོད༔ དབུས་སུ་རིན་ཆེན་སྣོད་གཙང་ནང༔ གཡང་གཏོར་རིན་ཆེན་འབར་བ་ལ༔ པད་འདབ་བཞི་དང་པད་ཚབ་བཞི༔ དེ་མཐར་མར་གྱི་ཚེ་རིལ་སྤུངས༔ ཉི་ཟླ་ནོར་བུ་རྡོ་རྗེ་སོགས༔ མཛེས་ཚོན་མར་རྒྱན་ལེགས་པར་བརྒྱན༔ འཁོར་དུ་མཁའ་འགྲོ་སྡེ་བཞི་ལ༔ ཟླུམ་གཏོར་བཞི་འམ་ལས་བཞིའི་དབྱིབས༔ གང་མོས་རྒྱན་གྱིས་ལེགས་པར་བརྒྱན༔ དེ་བཞིན་པད་འདབ་རྣམས་ཀྱི་སྟེང༔ གཡང་ཕོར་མར་ཁུས་གང་བ་དང༔ ཚེ་ཆང་ཚེ་རིལ་ཚེ་ནས་སོགས༔ གཡང་སྒྱེ་ལ་སོགས་གཡང་རྫས་བཀྲམ༔ སྒྲུབ་རྟེན་གྭ་འུ་ཡོད་ན་བཞག༔ མེད་ན་གཡང་སྒྱེས་ཆོག་པ་འོ༔ འབྲུ་སྣ་མདའ་དར་ཕྱེ་མར་བཤམ༔ ཤིང་སྣ་སྨན་སྣ་གང་རྙེད་བསྲེག༔ སྤོས་ཐུན་ཁྲུས་ཆུ་ཚགས་སུ་བཙུད༔ ཚེ་གཡང་གླུད་དུ་བདུད་གཟུགས་གསུམ༔ སྐྱེ་མཆེད་ཤིན་ཏུ་དོད་པར་བཅའ༔ དཀར་བགེགས་སྔོན་འགྲོའི་རིམ་པ་བཤམ༔ འོད་འབར་ལ་སོགས་ལས་གཞུང་བསྲང༔ མིན་ཡང་འདི་གས་ཆོག་པ་ཡིན༔ དེ་ཡང་རང་སེམས་གློ་བུར་གྱི་དྲི་མས་མ་བསླད་ཅིང༔ མ་ཡེངས་མི་བསྒོམ་དམིགས་མེད་ཡེ་དག་སྤྲོས་བྲལ་གདོད་ནས་རྣམ་པར་དག་པའི་རང་མདངས་དམ་ཚིག་དང་ཡེ་ཤེས་ཀྱི་ལྷ་རྣམས་སྤྲིན་ལས་ཆུ་བུར་རྡོལ་བ་ལྟར་རང་ཤར་རང་གྲོལ་བློ་འདས་རྫོགས་པ་ཆེན་པོའི་ངང་ནས་སྣང་སྲིད་འཁོར་འདས་ལྷ་མིའི་ཚེ་གཡང་དབང་དུ་བྱེད་པའོ༔ མ་རིག་དུག་ལྔ་དུག་གསུམ་ཆ་ལས་བྱུང་བའི་ལན་ཆགས་བགེགས་རིགས་ལ་འཁྲུལ་སྣང་བག་ཆགས་ངར་འཛིན་འགོང་པོའི་ཡོ་བྱད་ཡས་སྟགས་རྣམས་ལ༔ བདག་གཞན་བདེ་སྡུག་ཀུན་རྟོག་ལས་ཉོན་སོགས་ལྷ་དང་འདྲེ་རུ་ཡེ་ནས་མ་གྲུབ་ཅིང༔ བསྔོ་བྱ་སྔོ་བྱེད་སྦྱིན་བྱ་སྦྱིན་བྱེད་སྦྱིན་ཡུལ་བྲལ་བའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབ་ཅིང་ཚིམས་པར་བྱས་ནས་རེ་དོགས་བྲལ་བའི་ཀློང་དུ་བསྐྱེལ་བའོ༔ ཞེས་རྔ་དུང་རོལ་ཆས་ལྡིར་ཞིང་ཁྱད་པར་ཏིང་ངེ་འཛིན་མི་གཡེལ་བ་གནད་དོ༔ ས་མ་ཡ༔ དང་པོ་གཞི་བདག་གཏོར་མ་ནི༔ ཨོཾ་ཨཱཿཧཱུྃ་རིན་ཆེན་སྣོད་དུ་གཏོར་མ་ནི༔ ཁཾ་ཡིག་ལས་བྱུང་བདུད་རྩི་ནི༔ དཀར་གསུམ་མངར་གསུམ་རྒྱ་མཚོར་གྱུར༔ ཧཱུྃ༔ སྟེང་འོག་བར་གསུམ་ལྷ་ཀླུ་བཙན༔ སྟོང་གསུམ་གཞི་བདག་བརྟན་མར་བཅས༔ ཁྱད་པར་ས་སྐོར་གནས་ཀྱི་བདག༔ གཉུག་མར་གནས་རྣམས་ཚིམས་གྱུར་ཅིག༔ ལོ་ཀ་སརྦ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དོར༔ གཉིས་པ་བགེགས་ལ་གླུད་བསྔོ་བ་ནི༔ བྷྲཱུྃ་ལས་བྱུང་བའི་སྣོད་ཡངས་པར༔ གཏོར་མ་འདོད་ཡོན་ལྔ་ལྡན་གྱུར༔ ཧཱུྃ༔ མ་རིག་ཉོན་མོངས་ལས་བྱུང་བའི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་བགེགས༔ བྱང་ཆུབ་སྒྲུབ་ལ་ཉེར་འཚེ་བའི༔ ལན་ཆགས་ཤ་མཁོན་འབྱུང་པོ་རྣམས༔ གླུད་གཏོར་འདིས་ཚིམས་ཕྱིར་དེངས་ཤིག༔ བྷཱུ་ཏ་སརྦ་གཙྪ༔ ནས་ལྕག་བྲབ་ཅིང་ཕྱིར་དོར་རོ༔ གསུམ་པ་ཚེ་བདུད་གཡང་གླུད་བཀར་བ་ནི༔ ཡས་རྫས་བཏབ་སྟེ་ཆུ་གཙང་བྲན༔ ཧཱུྃ་ཧྲཱི༔ རང་སེམས་ཀ་དག་སྤྲོས་དང་བྲལ༔ མ་འགགས་རིག་རྩལ་འཕྲོ་འདུ་ལས༔ ཁྲོ་བོ་དབང་ཆེན་རྟ་མཆོག་དཔལ༔ དམར་གསལ་ཐོད་དབྱུག་མེ་ཞགས་བསྣམས༔ ཡུམ་མཆོག་ཕག་མོ་དམར་མོ་འཁྲིལ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ གཉིས་ཀ་པད་ཉི་རོ་སྟེང་འགྱིང༔ དུར་ཁྲོད་ཆས་བརྒྱད་རྫོགས་པར་གསལ༔ རྟ་ཕག་ཞལ་གྱིས་དབུ་གཙུག་བརྒྱན༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དམ་ཡེ་དབྱེར་མེད་ཉིད་དུ་གྱུར༔ མདུན་དུ་ཉོན་མོངས་དུག་གསུམ་གྱི༔ དབང་གྱུར་རྒྱུ་རྐྱེན་འབྲས་བུ་ལས༔ བྱུང་བའི་དམ་སྲི་མཆེད་གསུམ་ནི༔ དབུས་སུ་ཞེ་སྡང་ལས་གྱུར་པའི༔ རྒྱལ་པོ་གདོན་གྱི་གཙོ་བོ་སྟེ༔ བཙུན་པའི་གཟུགས་ལ་གསེར་ཞྭ་ཅན༔ གཡས་ན་མི་ཡི་གློ་སྙིང་དང༔ གཡོན་ན་ནད་ཀྱི་རྐྱལ་པ་བསྣམས༔ ལུས་ལ་རུས་པའི་ཕྲེང་བས་བརྒྱན༔ འཁོར་དུ་ཤི་འདྲེའི་ཚོགས་ཀྱིས་བསྐོར༔ ང་རྒྱལ་ཚད་པའི་ནད་ཀྱི་བདག༔ ལས་ངན་གསོད་གཅོད་ལས་ལ་དགའ༔ ཁྱད་པར་དྭགས་བརྒྱུད་བསྟན་ལ་སྡང༔ གསང་སྔགས་སྒྲུབ་ལ་ཤིན་ཏུ་འཚེ༔ ཆོས་བྱེད་ཀུན་ལ་བློ་ཉེས་གཏོང༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ ནོར་རྫས་ཀུན་གྱི་བཅུད་འཕྲོག་ཁྱོད༔ ཡས་གླུད་རང་གཟུགས་འདི་ལ་ཐིམ༔ གཡས་སུ་གཏི་མུག་ལས་གྱུར་པའི༔ གོད་འདྲེ་མི་ནག་རྒྱ་ཆས་ཅན༔ ལག་གཡས་བཤའ་གྲི་དམར་པོ་འཕྱར༔ གཡོན་པས་ཞགས་པ་ནད་རྐྱལ་བསྣམས༔ ལུས་ལ་དུད་འགྲོའི་རྭ་ཕྲེང་བརྒྱན༔ འཁོར་དུ་གྲི་བོ་འགོང་པོས་བསྐོར༔ བསེ་རག་སྤུན་དགུ་ཕོ་ཉར་འགྱེད༔ གག་ལྷོག་བད་ཀན་འདུས་པའི་ནད༔ གློ་གོར་ཧོན་གསུམ་གཏོང་བར་བྱེད༔ སྐྱེ་བོ་ཀུན་གྱི་སྲོག་འཕྲོག་ཅིང༔ དམག་འཁྲུག་མུ་གེའི་སྣ་འདྲེན་ཅིང༔ ཆོས་མཛད་ཀུན་གྱི་བར་ཆད་པོ༔ ཟས་ནོར་གཡང་གི་བཅུད་འཕྲོག་ཁྱོད༔ རང་གཟུགས་ཡས་གླུད་འདི་ལ་ཁུག༔ གཡོན་དུ་འདོད་ཆགས་ལས་གྱུར་པའི༔ མོ་གདོན་སྲིན་མོ་རལ་དམར་ཅན༔ མི་ཤ་ཁྲག་གི་དྲི་ཚོར་བས༔ དཔག་ཚད་བརྒྱད་ཁྲི་ཉུལ་བྱེད་མ༔ གཡས་ན་ནད་ཀྱི་རྐྱལ་པ་དང༔ གཡོན་ན་བདུད་ཞགས་མཚོན་དྲུ་བསྣམས༔ གོས་སུ་མི་ལྤགས་ཁྱི་ཐུལ་གྱོན༔ ལུས་ལ་ཁྲག་གི་ཐིག་ལེས་བརྒྱན༔ འཁོར་དུ་ཟ་འདྲེ་ཤི་གཤེད་དང༔ ཡུལ་འདྲེ་མོ་གདོན་ཚོགས་ཀྱིས་བསྐོར༔ གསང་སྔགས་སྒྲུབ་ལ་བར་ཆད་ཅིང༔ རབ་བྱུང་སྡོམ་པ་ཉམས་པར་བྱེད༔ བུད་མེད་རྣམས་ལ་བློ་ཉེས་གཏོང༔ ཆོས་བྱེད་རྣམས་ལ་རྟག་ཏུ་འཚེ༔ བཞོ་བའི་ནུ་མ་སྐམ་པར་བྱེད༔ མི་ཕྱུགས་ཆུང་གསུམ་སྲིད་ལ་རྐུ༔ ཟས་ནོར་ཀུན་གྱི་བཅུད་འཕྲོག་ཁྱོད༔ རང་གཟུགས་འདི་ལ་དབྱེར་མེད་གྱུར༔ ཅེས་རང་ཉིད་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་ཁོ་རང་གི་སྙིང་གར་ཕོག་མ་ཐག་ཏུ་ཁོ་རང་གསུམ་པོའི་སྙིང་གར་ཀཾ་དུ་ཏྲི་གསུམ་ལ་ཕོག་པས། སྐྱེ་འགྲོའི་ཚེ་བསོད་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལས་ངན་བག་ཆགས་དང་བཅས་འུབས་སེ་བསྡུས་ནས་འོད་ཟེར་སྔོ་ནག་དམར་བའི་རྣམ་པར་ཐིམ་པས་ཉེས་ཆེན་རྐུན་རོགས་ཕུད་པ་བཞིན་འདྲེ་གདོན་འདུས་ཏེ་མངོན་སུམ་གསལ་བར་སྒོམས༔ དེ་ནས་བདེན་སྟོབས་བརྗོད་ཅིང་དགུག་གཞུག་བྱ་བ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་དང༔ རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས༔ དམ་སྲི་ཡུལ་འདྲེ་མཐའ་འདྲེ་དང༔ གོད་འདྲེ་ཤི་འདྲེ་གསོན་བདུད་དང༔ བྱང་ཆུབ་སྒྲུབ་ལ་བར་ཆད་བགེགས༔ རང་གཟུགས་ཡས་གླུད་འདི་ལ་ཁུག༔ ཀཾ་དུ་ཏྲི་ནྲྀ་ཏྲི་རཱ་ཛ་སརྦ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བདེན་སྟོབས་དྲག་ཏུ་བརྗོད་ནས་རང་ཉིད་ཡི་དམ་ཐུགས་ཀའི་འོད་ཟེར་གྱིས་རྡོ་ཁབ་ལེན་གྱིས་ལྕགས་བླང་བ་ལྟར་བཀུག་སྟེ་གཟུགས་ལ་བསྟིམ་མོ༔ དེ་ནས་ཆོས་བཤད་ཅིང་ཡས་བསྔོ་བ་ལམ་བསྟན་པའོ༔ ཀྱེ་མ་ལས་ངན་དམ་སྲི་ཁྱོད༔ རང་སེམས་གདོད་མའི་སངས་རྒྱས་འདི༔ མ་མཐོང་བས་ནི་འཁོར་བར་འཁྱམས༔ སྒོ་གསུམ་དུག་ལྔའི་དབང་སོང་ནས༔ བླ་མ་ལྷ་ལ་ལོག་པར་བལྟས༔ དཀོན་མཆོག་བཀའ་ལ་ཁྱད་དུ་བསད༔ གསང་སྔགས་གཉན་ལ་སྐུར་པ་བཏབ༔ རྡོ་རྗེ་སྤུན་ལ་ངན་སྨྲས་བྱས༔ མདོ་སྔགས་ཆོས་ལ་ལྟ་བ་ལོག༔ དགེ་སྡིག་རྒྱུ་འབྲས་ཁྱད་དུ་བསད༔ ཆོས་མ་ཡིན་ལ་ཆོས་ལྟར་སྤྱད༔ མི་དགེའི་ལས་ལ་ངེས་ཤེས་བསྐྱེད༔ རྡོ་རྗེ་ཐེག་པའི་ཆོས་སྤངས་ནས༔ འགྲོ་བ་ཀུན་ལ་གནོད་བྱས་པས༔ ད་ལྟ་ལུས་ངན་འདྲེ་རུ་སྐྱེས༔ སྐྱེ་འགྲོའི་ཟས་ནོར་ཚེ་བསོད་ལ༔ རློམ་མ་ཐག་ཏུ་གནོད་པ་བསྐྱལ༔ དམ་ཆོས་ཐོས་ཚེ་སྙིང་མི་དགའ༔ ཆོས་མཛད་ཀུན་གྱི་བར་ཆད་བྱེད༔ ནུས་ལྡན་ཀུན་གྱིས་གཟིར་ཞིང་བཅིང༔ ཞིང་པའི་ལོ་ལ་སད་སེར་གཏོང༔ ཟས་ནོར་ཆང་གི་གཡང་ལ་རྐུ༔ ཀུན་ལ་གནོད་འཚེ་བྱས་པའི་འབྲས༔ མ་འོངས་སྐྱེ་བ་ཕྱི་མ་ལ༔ རྡོ་རྗེའི་དམྱལ་བར་ངེས་པར་སྐྱེ༔ དེ་བས་ད་ལྟ་སྔགས་འཆང་བདག༔ སངས་རྒྱས་དངོས་སུ་ངེས་ཤེས་སྐྱེད༔ ཞལ་ནས་གསུངས་པའི་བདེན་ཚིག་འདི༔ དམ་པའི་ཆོས་སུ་ཐོས་བསམ་སྐྱེད༔ སྒྱུ་ལུས་ལྷ་ཡི་དཀྱིལ་འཁོར་འདི༔ འཕགས་པའི་དགེ་འདུན་མོས་གུས་སྐྱེད༔ དཀོན་མཆོག་གསུམ་གྱི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་ཟུངས༔ འགྲོ་དྲུག་ཕ་མར་གནོད་འཚེ་སྤོངས༔ དུག་ལྔའི་ངོ་བོ་ཡེ་ཤེས་ལྔ༔ རང་སེམས་དྲི་མེད་སངས་རྒྱས་ཉིད༔ གཅེར་གྱིས་ལྟོས་དང་རང་ཞལ་མཐོང༔ མ་ཡེངས་ངང་ནས་ཆོས་འདི་ཉོན༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ སེམས་རྒྱུད་ཆོས་ཀྱིས་གྲོལ་བར་གྱིས༔ ལྟོག་སྐོམ་ཡས་ཀྱིས་ཚིམ་པར་བྱེད༔ ཅེས་གླུད་ཡས་བསྔོ་བ་ནི༔ ཨོཾ་བཛྲ་ཨ་མྲྀཏ་སོགས༔ སྭ་བྷཱ་ཝས་སྦྱང༔ སྟོང་ལས་རིན་ཆེན་ཡངས་པའི་སྣོད༔ ཡས་སྟགས་འདོད་པའི་ཡོན་ཏན་ལྔ༔ མ་ཚང་མེད་པ་ཕུན་སུམ་ཚོགས༔ རང་རང་ཡིད་བཞིན་ཐོབ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ལོངས་སྤྱོད་ཟད་པ་མེད་པ་ཡིས༔ རྩོད་པ་མེད་ཅིང་འཚེ་མེད་པ༔ རང་དབང་དུ་ནི་སྤྱོད་པར་ཤོག༔ ཅེས་ཤྭ་ལོ་ཀ་སྦྱར་ཡན་ཆད་གྲངས་གསོག་ན་ཆངས་བུ་ཡོས་བཀྲ་འབྲུ་སྣ་ཏིང་ལོ་ཤ་དུམ་བསྔོ༔ ལྔ་བདུན་ལས་མི་ཉུང་ངོ༔ དེ་ནས་རྫོངས་འདེབས་ལམ་བསྟན་ནོ༔ ཀྱཻ༔ ཉོན་ཅིག་དམ་སྲི་འགོང་པོའི་ཚོགས༔ ཁྱོད་ལ་གླུད་ཡས་འབུལ་བ་ནི༔ ཞོ་ལད་འོ་རུལ་ཆང་སྐྱུར་འབུལ༔ བཏུང་བ་སྐོམ་གྱི་གླུད་དུ་བསྔོ༔ ཞོ་དང་ཆང་གི་གཡང་མ་རྐུ༔ ནོར་ཕྱུགས་ཀུན་ལ་མ་འཚེ་ཞིག༔ ནས་འབྲས་གྲོ་སོགས་འབྲུ་སྣ་འབུལ༔ བཟའ་བ་ཟས་ཀྱི་གླུད་དུ་བསྔོ༔ འབྲུ་དང་བང་མཛོད་གཡང་མ་རྐུ༔ ཞིང་ལ་སད་སེར་མ་གཏོང་ཞིག༔ དར་ཟབ་གོས་གླུད་སྣ་ཚོགས་འབུལ༔ གྱོན་པ་གོས་ཀྱི་གླུད་དུ་བསྔོ༔ རྒྱན་དང་ཡོ་བྱད་གཡང་མ་རྐུ༔ ཕུགས་ཀྱི་སྲིས་ལ་མ་གནོད་ཅིག༔ ཤ་ཁྲག་རུས་པ་རྫོངས་སུ་འབུལ༔ ཤ་རིན་ཁྲག་ཚབ་གླུད་དུ་བསྔོ༔ བཀྲག་དང་གཟི་མདངས་གཡང་མ་རྐུ༔ རྣལ་འབྱོར་སྲོག་ལ་མ་རྒོལ་ཅིག༔ ཚྭ་སྒོག་གཡེར་རམ་རྩྭ་སོགས་འབུལ༔ ཡུལ་དང་ས་ཞིང་གླུད་དུ་བསྔོ༔ རྩི་ཤིང་འབྲུ་ལ་མ་གནོད་ཅིག༔ ཡོས་བཀྲ་སྣ་ཚོགས་རྫོངས་སུ་འབུལ༔ དཀོར་ནོར་རྣམས་ཀྱི་གླུད་དུ་བསྔོ༔ ལོངས་སྤྱོད་མངའ་ཐང་གཡང་མ་ཕྲོགས༔ ཕྱུག་པོ་དབུལ་པོར་མ་གཏང་ཞིག༔ ཚོན་སྐུད་རྣམ་ལྔའི་ནམ་མཁའ་འབུལ༔ བསམ་པ་སེམས་ཀྱི་གླུད་དུ་བསྔོ༔ དུག་ལྔའི་ནད་མཚོན་ཞི་བ་དང༔ ཕྱི་ལྟར་འབྱུང་ལྔའི་གླུད་དུ་འབུལ༔ བཙའ་སད་ཐན་པ་མ་གཏང་ཞིག༔ མར་མེ་ཏིང་ལོ་ཆངས་བུ་འབུལ༔ མ་རིག་མུན་པ་བསལ་བ་དང༔ རིགས་དྲུག་ལན་ཆགས་བྱང་གྱུར་ཅིག༔ རྒྱང་བུ་ལ་སོགས་གླུད་དུ་འབུལ༔ སྦྲ་ཁང་ཡུལ་མཁར་གླུད་དུ་བསྔོ༔ གོད་ཡམས་མུ་གེ་ཞི་གྱུར་ཅིག༔ ཁྲམ་ཤིང་ཚོན་བཀྲ་རྫོངས་སུ་འབུལ༔ གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར༔ ཡས་གླུད་འདི་ཡིས་ཚིམས་གྱིས་ལ༔ འདི་རུ་མ་འདུག་གཞན་དུ་སོང༔ ཁ་ཕྱིར་སྒྱུར༔ ཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་སྐུ༔ ཁྱོད་ནི་འགྲོ་བའི་ལམ་ཞིག་བསྟན༔ མཐའ་མེད་རྒྱ་མཚོའི་ཕ་རོལ་སོང༔ སྡང་བ་དགྲ་ཡི་སྟེང་དུ་སོང༔ གནོད་པ་བགེགས་ཀྱི་སྟེང་དུ་སོང༔ གསང་སྔགས་ཆོས་ལ་སྡང་བ་ཡི༔ བསྟན་པའི་སྤྱི་དགྲའི་སྟེང་དུ་སོང༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ རྣལ་འབྱོར་སྒོས་དགྲའི་སྟེང་དུ་སོང༔ ཕན་བཏགས་ལན་དུ་གནོད་པ་བསྐྱལ༔ ལེ་གུ་ལྷ་ལོག་སྟེང་དུ་སོང༔ ཆོས་སྟོན་ལན་དུ་ལོག་ལྟ་སྐྱེ༔ སློབ་མ་དམ་ལོག་སྟེང་དུ་སོང༔ ཟས་ནོར་ལན་དུ་རྐུ་འཕྲོག་བཅོམ༔ ཤག་རོག་མནའ་ཟན་སྟེང་དུ་སོང༔ བཟང་བྱས་ལན་དུ་གནོད་པ་བསྐྱལ༔ བྲན་གཡོག་སྙིང་རིང་སྟེང་དུ་སོང༔ ཆོས་མཛད་ཡོངས་ལ་བརྙས་སུ་བཙུགས༔ དམ་ཉམས་དཀོར་རྐུན་སྟེང་དུ་སོང༔ དབེན་གནས་གཉན་པོར་དོ་བསྡོ་བའི༔ བདག་གི་སྒོས་དགྲའི་སྟེང་དུ་སོང༔ དམ་སྲིའི་ཟ་ཁ་དེ་རུ་གཏོད༔ གནས་མལ་ཕོ་བྲང་དེ་རུ་ཐོབས༔ མི་ནོར་གོད་ཡམས་ཕྱགས་མས་ཐོབས༔ ཐལ་བ་རྡུལ་དུ་བརླག་པར་གྱིས༔ སེམས་ཅན་གཞན་ལ་གནོད་མ་བྱེད༔ བྱང་ཆུབ་སེམས་དང་ལྡན་པར་གྱིས༔ བཀའ་དང་དམ་ལས་མ་འདའ་ཞིག༔ མཐའ་མེད་རྒྱ་མཚོའི་ཕ་རོལ་དུ༔ མྱུར་དུ་དེངས་ཤིག་བདུད་ཀྱི་ཚོགས༔ ལྟོག་འགོང་དབུལ་སྲི་ད་སོང་ཞིག༔ ཕྱི་མིག་ཙམ་ཡང་མ་བལྟ་ཞིག༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ རྡོ་རྗེ་ཁྲོ་བོ་མེ་ཆར་གྱིས༔ ལུས་ངག་ཐལ་བ་རྡུལ་དུ་རློག༔ རྣམ་ཤེས་རྡོ་རྗེའི་དམྱལ་བར་ཚུད༔ དེ་བས་བསྒོ་བའི་བཀའ་བཞིན་དུ༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཀཾ་དུ་ཏྲི་ནྲྀ་ཏྲི་རཱ་ཛ་པྲེ་ཏ་བྷཱུ་ཏ་སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་གཙྪ༔ ཧཱུྃ་བཞིའི་དྲག་སྔགས་བརྗོད་ཅིང་བསྐྲད༔ ཐུན་གྱིས་བྲབ་ལ་གུ་གུལ་བདུག༔ བཞི་པ་སྲུང་བའི་འཁོར་ལོ་བསྒོམ༔ ཧཱུྃ༔ རང་ཉིད་དབང་ཆེན་ཁྲོས་པ་ཡི༔ སྐུ་ལས་མེ་དཔུང་མཚོན་ཆ་འཕྲོས༔ བགེགས་ཚོགས་དམིགས་མེད་ཉིད་དུ་གྱུར༔ ཚུར་འདུས་སྟེང་འོག་ཕྱོགས་མཚམས་གཏམས༔ བདག་དང་བསྲུང་བྱ་མི་ནོར་ཡུལ༔ བར་ཆད་བགེགས་ཀྱིས་མི་ཚུགས་པར༔ རང་བཞིན་སྲུང་འཁོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཾ༔ དོན་དམ་པའི་སྲུང་འཁོར་ནི༔ ཧཱུྃ་ཧྲཱི༔ ཀ་དག་ཁྱབ་བརྡལ་ཀློང་ཡངས་སུ༔ གཉིས་འཛིན་འཁྲུལ་པའི་མིང་ཡང་མེད༔ རང་གསལ་རང་རིག་སྤྲོས་དང་བྲལ༔ མ་འགགས་ལྷུན་གྲུབ་སྲུང་འཁོར་གསལ༔ ཨོཾ་དྷརྨ་དྷཱ་ཏུ་རཀྵ་རཀྵ༔ རང་རིག་སྐུ་གསུམ་ཀློང་དུ་མཉམ་པར་བཞག༔ ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་སྐུ་མཁའ་ལྟར་དག༔ འགག་མེད་ལོངས་སྐུ་སྤྲིན་ལྟར་གཡོ༔ གནས་མེད་སྤྲུལ་སྐུ་སྐར་ལྟར་འཕྲོ༔ མ་རིག་འཁྲུལ་སྣང་བག་ཆགས་གདོན༔ ཡེ་སྟོང་ཀློང་དུ་མཚམས་ཆོད་ཅིག༔ སྔོན་འགྲོའི་རིམ་པ་དེ་ལྟར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ཁྲུས་བསང་ལས་གཞུང་དང༔ རྗེས་ཀྱི་རིམ་པའི་བར་དུ་འོ༔ འོ་དཀར་སྤོས་ཆུ་གང་ཡིན་ཡང༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་བཟླས༔ དེ་ནས་ཁྲུས་ཆབ་གཏོར་ནས་སུ༔ ཧཱུྃ་ཧྲཱི༔ སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་ལ༔ དག་དང་མ་དག་ཆ་ལས་འདས༔ འོན་ཀྱང་གློ་བུར་འཁྲུལ་པའི་ཆ༔ མི་གཙང་དུག་ལྔའི་ཉོན་གྲིབ་རྣམས༔ ཡེ་ཤེས་ལྔ་ལྡན་ཆུ་ཡིས་བཀྲུས༔ ལས་དང་ཉོན་དྲུག་བག་ཆགས་ཀུན༔ ཕྱིན་དྲུག་ཆུ་ཡིས་དག་གྱུར་ཅིག༔ སྟེང་འོག་བར་གསུམ་ལྷ་ཀླུ་མི༔ ཕུགས་ལྷ་ཕ་མཚུན་ཕྱུགས་ཀྱི་ལྷ༔ མ་ལྷ་བུ་རྫི་ཞིང་གི་ལྷ༔ འགོ་བའི་ལྷ་ལྔ་སྐྱོབ་ལྷ་དགུ༔ ཐམས་ཅད་ཀུན་ལ་སྐུ་ཁྲུས་གསོལ༔ དམེ་རྨུག་བཙོག་ནལ་དག་གྱུར་ཅིག༔ ཟས་ནོར་སྦྲ་ཁང་ཁྲུས་གསོལ་བས༔ ལྟོག་འགོང་དབུལ་སྲི་དག་གྱུར་ཅིག༔ མ་རིག་འཁྲུལ་པའི་དྲི་མ་རྣམས༔ རང་རིག་ཡེ་ཤེས་ཆུ་ཡིས་བཀྲུས༔ མཉམ་ཉིད་ཀློང་དུ་དག་གྱུར་ཅིག༔ ཅེས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ནད་མཚོན་མུ་གེའི་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་སྔགས་དང༔ སྨེ་བརྩེགས་གཟུངས་སྔགས་འདོན་ཁྲུས་ཆབ་གཏོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱེ་མར་བསང་རྫས་བསྲེག༔ འབྲུ་སྣ་ཇ་ཆང་འོ་ཕུད་མཆོད༔ ཆུ་གཙང་བྲན་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་ལན་གསུམ༔ ཀྱེ༔ སྐུ་གསུམ་དག་པའི་ཞིང་ཁམས་སུ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་དང༔ དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་དང༔ སྲིད་ལྷ་མགུར་ལྷ་སྲོག་ལྷ་རྣམས༔ མཆོད་པའི་གནས་འདིར་སྤྱན་འདྲེན་ནོ༔ མཆོད་རྫས་བསང་རྫས་ཕུན་སུམ་ཚོགས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདིས༔ སྐུ་གསུམ་བླ་མའི་ལྷ་ཚོགས་བསང༔ ཚེ་བདག་རིགས་ལྔ་ཡབ་ཡུམ་བསང༔ གུ་རུ་པདྨ་འབྱུང་གནས་དང༔ རིག་འཛིན་དཔའ་བོ་མཁའ་འགྲོ་བསང༔ ཆོས་སྐྱོང་དམ་ཅན་སྲུང་མ་བསང༔ ནོར་ལྷ་ཛཾ་དཀར་ལྷ་ཚོགས་བསང༔ མ་ཚོགས་རིགས་ལྔའི་མཁའ་འགྲོ་བསང༔ འཛམ་གླིང་ཡུལ་ལྷ་གཞི་བདག་བསང༔ དེ་ལྟར་བསངས་པའི་ཡོན་ཏན་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་དང༔ གཡང་གི་དངོས་གྲུབ་བདག་ལ་སྩོལ༔ ཟས་ནོར་ས་བཅུད་འཕེལ་བར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ལྟར་བསང་གི་རིམ་པ་འོ༔ གཞན་ཡང་ཛཾ་ལྷའི་བསང་གཞན་རྣམས༔ བཏོན་ཀྱང་ཆོག་ལ་མེད་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ལས་གཞུང་ནི༔ ཚེ་གཡང་མཆོད་པའི་ཡོ་བྱད་བྲན༔ ད་ལི་ལི་ཤི་གུར་གུམ་དང༔ ཙནྡན་དཀར་དམར་ཨ་ག་རུ༔ དྲི་བཟང་སྦྱར་བའི་སྤོས་མཆོག་བདུག༔ རྔ་དུང་རོལ་མོ་ལྡིར་ཞིང་དཀྲོལ༔ རང་ཉིད་ཏིང་འཛིན་གསལ་བའི་ངང༔ ལེ་ལོ་སྙོམ་ལས་སྤངས་ནས་སུ༔ རིག་པ་ངར་དང་ལྡན་པ་ཡིས༔ སྙན་པའི་དབྱངས་ཀྱིས་འདི་སྐད་གྱེར༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྣང་སྲིད་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ བདག་ཉིད་པདྨ་འབྱུང་གནས་སྐུ༔ དཀར་གསལ་ཞི་མ་ཁྲོ་བའི་ཉམས༔ རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས༔ ཁ་ཊྭཱཾ་ག་ནི་ཕྲག་གཡོན་བཀལ༔ པད་ཞྭ་ཟ་བེར་ཆོས་གོས་གསོལ༔ ཞབས་གཉིས་རྒྱལ་པོ་རོལ་པས་བཞུགས༔ གཡས་སུ་ལྷ་ལྕམ་མནྡཱ་ར༔ གཡོན་དུ་མཁར་ཆེན་མཚོ་རྒྱལ་བཟའ༔ མདུན་དུ་བདེ་ཆེན་རྒྱལ་མོ་དང༔ རྒྱབ་ཏུ་བཙུན་མོ་འོད་འཆང་མ༔ ཐམས་ཅད་ཕྱག་གཡས་མདའ་དར་དང༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ དཀར་གསལ་ཞི་འཛུམ་ཡིད་དུ་འོང༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔ སྤྱི་བོར་རིགས་བདག་ཚེ་དཔག་མེད༔ དམར་གསལ་པདྨ་རཱ་གའི་མདོག༔ ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་རྒྱན་རྣམས་རྫོགས༔ སྣང་སྟོང་གཟི་བྱིན་འབར་བར་བསྐྱེད༔ གདོད་ནས་དམ་ཡེ་དབྱེར་མེད་གསལ༔ བདག་བསྐྱེད་ཨོ་རྒྱན་བསྒོམ་རིམ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མདུན་བསྐྱེད་ནོར་ལྷའི་བསྐྱེད་རིམ་བསྟན༔ མདུན་གྱི་གཡང་རྫས་མི་དམིགས་པར༔ མཁའ་འགྲོ་ནོར་ལྷའི་ཚོགས་བཅས་གསལ༔ སྤྲིན་ལས་ཆུ་བུར་བརྡོལ་ལྟར་བསྐྱེད༔ ཧཱུྃ་ཧྲཱི༔ རང་མདུན་གསེར་གྱི་ས་གཞིའི་སྟེང༔ རིན་ཆེན་སྣ་བདུན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ གདུགས་ཏོག་རྒྱལ་མཚན་ཆོས་འཁོར་སྤྲས༔ རྒྱན་དང་ཡོ་བྱད་དུ་མས་བརྒྱན༔ འཁོར་ཡུག་གསེར་གྱི་རྭ་བས་བསྐོར༔ རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ༔ མ་རྨོས་ལོ་ཏོག་སྤུངས་སེ་སྤུང༔ དཔག་བསམ་ལྗོན་ཤིང་ལྡེམས་སེ་ལྡེམ༔ གཡུ་ཡི་ནེའུ་སེང་ལྟེམས་སེ་ལྟེམ༔ བདུད་རྩིའི་རྒྱ་མཚོ་མེ་རེ་རེ༔ འབྲུ་ཡི་ཆར་པ་སིལ་ལི་ལི༔ དྲི་ཞིམ་སྤོས་ངད་ཐུལ་ལུ་ལུ༔ འོད་དང་འོད་ཟེར་ལམས་སེ་ལམ༔ བཀྲག་དང་གཟི་མདངས་ཡ་ལ་ལ༔ དེ་དབུས་རིན་ཆེན་སྣ་ཚོགས་དང༔ པདྨ་ཟླ་ཉིའི་གདན་གྱི་དབུས༔ བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་པོ༔ སྤྱན་རས་གཟིགས་དབང་སྙིང་རྗེའི་གར༔ དབུལ་ཕོངས་སྡུག་བསྔལ་སེལ་མཛད་ཅིང༔ འགྲོ་བའི་རེ་སྐོང་མཆོག་སྦྱིན་མཁན༔ ནོར་དང་ཚེ་བསོད་གཡང་གི་བདག༔ སྐུ་མཆོག་ཨཱརྻ་ཛམ་བྷ་ལ༔ དཀར་གསལ་ཞལ་གཅིག་ཟླ་བའི་མདོག༔ ཕྱག་གཉིས་བེ་ཅོན་ནེའུ་ལེ་འཛིན༔ གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་བརྟེན༔ ཞི་མ་ཁྲོ་ལ་སྒེག་པའི་ཉམས༔ དབུ་སྐྲ་གྱེན་བརྫེས་རིན་ཆེན་བརྒྱན༔ རིགས་ལྔའི་དབང་རྟགས་མེ་ཏོག་གི༔ ཕྲེང་བས་སྐྲ་མཚམས་ལེགས་པར་བཅིངས༔ ལྷག་མ་སྐུ་ཡི་རྒྱབ་ཏུ་གྲོལ༔ མགུལ་རྒྱན་ཕྱག་ཞབས་སྐ་རགས་ལ༔ ཡིད་བཞིན་ནོར་བུའི་ཕྲེང་བས་བརྒྱན༔ པཉྩ་ལི་གོས་ན་བཟའ་གསོལ༔ མཁའ་ལ་དབང་སྒྱུར་གཡུ་འབྲུག་སྟེང༔ ཞབས་གཉིས་བཙན་སྐྱིལ་རོལ་པས་བཞུགས༔ ཉི་མ་སྟོང་གི་འོད་ཟེར་འཕྲོ༔ དཀར་འཚེར་ཆུ་ཟླ་ལྟ་བུར་བསྐྱེད༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་གསལ་ཚེ་ཡི་དངོས་གྲུབ་བདག༔ ཕྱག་གཉིས་མདའ་དར་ཚེ་བུམ་འཛིན༔ འཁོར་དུ་རྡོ་རྗེ་མཁའ་འགྲོས་བསྐོར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་ནོར་བུ་གཏེར་བུམ་འཛིན༔ ནོར་དང་ཚེ་བསོད་གཡང་གི་བདག༔ རིན་ཆེན་མཁའ་འགྲོའི་འཁོར་གྱིས་བསྐོར༔ ནུབ་ཏུ་པདྨའི་མཁའ་འགྲོ་མ༔ དམར་གསལ་སྣང་སྲིད་དབང་སྡུད་མ༔ ལྕགས་ཀྱུ་ཨུཏྤལ་དམར་པོ་འཛིན༔ འཁོར་དུ་པདྨའི་མཁའ་འགྲོས་བསྐོར༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ལྗང་གསལ་འཇིགས་པ་ཀུན་སྐྱོབ་མ༔ སྐྱབས་སྦྱིན་ཨུཏྤལ་ཕྱག་ན་འཛིན༔ ལས་བཞི་ཕྲིན་ལས་ཀུན་སྒྲུབ་མ༔ འཁོར་དུ་ལས་ཀྱི་མཁའ་འགྲོས་བསྐོར༔ ཐམས་ཅད་ཞི་འཛུམ་རྒྱན་དང་ལྡན༔ པད་ཟླའི་སྟེང་དུ་གར་སྟབས་སྒྱུར༔ འོད་དང་འོད་ཟེར་འབར་བར་གསལ༔ ཛཾ་ལྷའི་སྤྱི་བོར་པད་ཟླའི་སྟེང༔ སྙིང་བརྩེའི་གཏེར་ཆེན་སྤྱན་རས་གཟིགས༔ དཀར་གསལ་ཞལ་གཅིག་ཕྱག་བཞིར་ལྡན༔ རྩ་ཕྱག་ནོར་བུ་དབང་རྒྱལ་དང༔ གཡས་གཡོན་ཤེལ་ཕྲེང་པདྨ་འཛིན༔ སྐུ་ལ་ལོངས་སྤྱོད་རྫོགས་པའི་ཆས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དབུ་གཙུག་པདྨ་ཟླ་བའི་སྟེང༔ སྐུ་ཚེ་དཔག་མེད་སྣང་མཐའ་ཡས༔ དམར་གསལ་ཕྱག་གཉིས་མཉམ་གཞག་སྟེང༔ བཻ་ཌཱུརྻ་ཡི་ལྷུང་བཟེད་ནང༔ འཆི་མེད་བདུད་རྩིས་བཀང་བ་བསྣམས༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་ལྡན་པར་བསྐྱེད༔ འཁོར་དུ་ཚེ་བདག་རིགས་ལྔ་ནི༔ ཤར་དུ་རྡོ་རྗེ་ཚེ་དཔག་མེད༔ ལྷོ་རུ་རིན་འབྱུང་ཚེ་དཔག་མེད༔ ནུབ་ཏུ་སྣང་མཐའ་ཚེ་དཔག་མེད༔ བྱང་དུ་དོན་གྲུབ་ཚེ་དཔག་མེད༔ དབུས་སུ་རྣམ་སྣང་ཚེ་དཔག་མེད༔ ཀུན་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱག་གཉིས་ཚེ་ཡི་བུམ་པ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ རང་རང་ཡུམ་དང་གཉིས་མེད་སྦྱོར༔ ཡུམ་རྣམས་མདའ་དར་ཚེ་བུམ་འཛིན༔ འོད་དང་གཟི་བྱིན་འབར་བ་འོ༔ དེ་ལྟར་འཁོར་རྣམས་ཐམས་ཅད་ཀྱི༔ ཕྱི་རོལ་མཐའ་སྐོར་ནོར་ལྷའི་ཚོགས༔ ཐམས་ཅད་ཁྲོམ་ཚོགས་ཚུལ་དུ་བཞུགས༔ ཕྱོགས་བཞིར་ཛམ་ལྷ་རིགས་བཞི་གསལ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ བདག་མདུན་སོ་སོའི་ས་བོན་ལས༔ འོད་འཕྲོས་རང་བཞིན་ཞིང་ཁམས་ནས༔ བསྒོམས་པ་ལྟ་བུའི་ལྷ་ཚོགས་རྣམས༔ སྐད་ཅིག་སྤྱན་དྲངས་ས་མཱ་ཛ༔ དེ་ལྟར་རྔ་རོལ་སྣ་ཚོགས་དཀྲོལ༔ སྤོས་དུད་སྲོག་རྟེན་མདའ་དར་གཡབ༔ རང་ཉིད་མ་ཧཱ་གུ་རུ་ཡི༔ ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ༔ མདུན་བསྐྱེད་ཐུགས་ལས་འོད་ཟེར་འཕྲོས༔ རང་རང་ཞིང་ནས་སྤྱན་འདྲེན་ནོ༔ སྤྱན་དྲང་བྱིན་དབབ་བཞུགས་གསོལ་དང༔ མཆོད་པ་ལ་སོགས་ལས་རིམ་ནི༔ སྙན་པའི་དབྱངས་ཀྱིས་འདོན་བསྒོམ་དྲིལ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་མགོན་གཤེགས་སུ་གསོལ༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ སྐྱེ་འཆི་གཉིས་སྤངས་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས༔ དུག་ལྔ་རྣམ་དག་རྒྱལ་བ་ལྔ༔ རིགས་ལྔ་ཡབ་ཡུམ་གཤེགས་སུ་གསོལ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་སྣང་དག་པའི་ཞིང་ཁམས་ནས༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་པའི༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞིའི་ཞིང་ཁམས་ནས༔ རྩ་རླུང་ཁམས་ལ་དབང་སྒྱུར་བའི༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ མ་འགགས་སྤྲུལ་པའི་ཞིང་ཁམས་ནས༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ འཇིག་རྟེན་དབང་ཕྱུག་སྤྲུལ་པའི་གར༔ དབུལ་ཕོངས་སྡུག་བསྔལ་སེལ་མཛད་ཅིང༔ ནོར་དང་གཡང་གི་བདག་པོ་ཆེ༔ སྐུ་ཡི་ཛམ་ལ་གཤེགས་སུ་གསོལ༔ ཕྱོགས་བཞི་དག་པའི་ཞིང་ཁམས་ནས༔ ལས་བཞིའི་ཚེ་གཡང་མྱུར་འགུགས་མ༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་ཞིང་ཁམས་ནས༔ ཡིད་བཞིན་ནོར་བུ་འདོད་དགུ་དང༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་འབེབ༔ ནོར་ལྷ་གཏེར་བདག་གཤེགས་སུ་གསོལ༔ ཨོ་རྒྱན་ནོར་ལྷའི་ཚོགས་བཅས་རྣམས༔ ཚེ་བསོད་སྤེལ་ཕྱིར་གཤེགས༴ དངོས་གྲུབ་སྩོལ་ཕྱིར་གཤེགས༴ བར་ཆད་བསལ་ཕྱིར་གཤེགས༴ བྱིན་གྱིས་བརླབ་ཕྱིར་གཤེགས༴ ཚེ་གཡང་འགུགས་ཕྱིར་གཤེགས༴ ཚེ་དཔལ་བརྟན་ཕྱིར་གཤེགས༴ ཟས་ནོར་སྤེལ་ཕྱིར་གཤེགས་སུ་གསོལ༔ རྡོ་རྗེའི་ཚེ་དང་འགྱུར་མེད་གཡང༔ དེང་འདིར་བདག་ལ་མྱུར་དུ་སྩོལ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཡང་རྟེན་འདི་ལ་དབྱེར་མེད་བཞུགས༔ གནས་ཁང་འདི་ལ་བརྟན་པར་བཞུགས༔ མི་ནོར་ཚེ་བསོད་སྤེལ་བར་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དང༔ རང་ཉིད་དམ་ཚིག་སེམས་དཔའི་ལྷ་ཚོགས་དབྱེར་མེད་འདྲེས་པར་གྱུར༔ དམ་ཡེ་བསྲེས་ལ་ངོ་བོ་སྐྱོང༔ མི་ཤིགས་ཕྱག་རྒྱས་རྒྱས་གདབ་བོ༔ མི་འབྲལ་བརྟན་བཞུགས་ཟབ་གནད་དོ༔ ཡེ་ཤེས་མཆོག་གི་བྱིན་དབབ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཡང་རྟེན་གདན་འབུལ་བཞུགས་གསོལ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མའི་ལྷ་ཚོགས་དང༔ ཚེ་བདག་རྒྱལ་བ་རིགས་ལྔ་ཡུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ ནོར་ལྷ་གཡང་གི་བདག་པོ་རྣམས༔ མཛེས་ལྡན་ཡིད་འོང་རིན་ཆེན་ཁྲི༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཚེ་དང་གཡང་གི་རྟེན་རྣམས་ལ༔ དབྱེར་མེད་མི་འགྱུར་བརྟན་པར་བཞུགས༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ མདུན་རྟེན་རྣམས་དང་དབྱེར་མེད་བསམ༔ ཡིད་སྤྲུལ་འདོད་དགུའི་དཔལ་འབྱོར་རྣམས༔ དགྱེས་པར་དགོངས་ནས་བཞུགས་པར་མོས༔ གཡང་རྫས་རྣམས་ལ་དམིགས་པ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡུལ་ཕྱོགས་གནས་ཁང་དང༔ གཡང་རྟེན་མཆོད་རྫས་ཚེ་རྟེན་དང༔ བདག་མདུན་སྣོད་བཅུད་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ སྐྱེ་མེད་ཆོས་སྐུའི་དངོས་གྲུབ་སྩོལ༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ སྤྱན་རས་གཟིགས་དབང་བྱིན་ཕོབ་ཅིག༔ འགག་མེད་ལོངས་སྐུའི་དངོས་གྲུབ་སྩོལ༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ མཚོ་སྐྱེས་རྡོ་རྗེས་བྱིན་ཕོབ་ཅིག༔ འགྲོ་འདུལ་སྤྲུལ་སྐུའི་དངོས་གྲུབ་སྩོལ༔ ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས༔ ཚེ་ལྷ་རིགས་ལྔས་བྱིན་ཕོབ་ཅིག༔ ཡེ་ཤེས་ལྔ་ཡི་ཚེ་གཡང་སྩོལ༔ སྣང་སྲིད་དག་པ་རབ་འབྱམས་ཞིང༔ སྐུ་གསུམ་བླ་མས་བྱིན་ཕོབ་ཅིག༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ མ་ཚོགས་མཁའ་འགྲོས་བྱིན་ཕོབ་ཅིག༔ གསང་སྔགས་ཆོས་ཀྱི་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ནོར་བདག་ཛཾ་ལྷས་བྱིན་ཕོབ་ཅིག༔ ནོར་དང་གཡང་གི་དངོས་གྲུབ་སྩོལ༔ རང་བཞིན་དག་པའི་ཞིང་ཁམས་ནས༔ ཛཾ་དཀར་ཡབ་ཡུམ་བྱིན་ཕོབ་ཅིག༔ ཟས་ནོར་གཡང་གི་དངོས་གྲུབ་སྩོལ༔ སྦྲ་ཁང་གཡང་རྟེན་འདི་རྣམས་ལ༔ བཀྲག་དང་གཟི་མདངས་བྱིན་ཕོབ་ཅིག༔ བདག་དང་ཡོན་བདག་མི་ནོར་ལ༔ ཚེ་གཡང་འགྱུར་མེད་བྱིན་ཕོབ་ཅིག༔ ཚེ་རྟེན་གཡང་རྫས་འདི་རྣམས་ལ༔ མི་ཟད་གཏེར་གྱི་བྱིན་ཕོབ་ཅིག༔ མཆོད་རྫས་ཡོ་བྱད་འདི་རྣམས་ལ༔ ཀུན་བཟང་མཆོད་སྤྲིན་བྱིན་ཕོབ་ཅིག༔ མཆོད་རྫས་འདི་ལ་མདངས་ཤིག་སྟོན༔ གཡང་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་དང་གཡང་གི་དངོས་གྲུབ་སྩོལ༔ བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ༔ འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་བཟང་བསྟན་པར་མཛོད༔ ཅེས་པའི་བྱིན་འབེབ་བྱས་ནས་ནི༔ རིག་པ་དྭངས་དང་ཏིང་འཛིན་གསལ༔ ལུས་ཡང་སྦྲ་ཁྱིམ་དྲི་བཟང་ཁྱབ༔ མཆོད་རྫས་མར་མེ་ཚེ་རིང་ན༔ བྱིན་ཕེབས་རྟགས་སུ་ཐེ་ཚོམ་སྤང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མཆོད་པ་འབུལ་བ་ནི༔ མཆོད་རྫས་རྣམས་ལ་བདུད་རྩི་འཐོར༔ ཧཱུྃ་ཧྲཱི༔ ཀུན་ཏུ་བཟང་པོའི་སྨོན་ལམ་ལས༔ ཟད་མེད་མཆོད་པའི་སྤྲིན་ཕུང་ནི༔ འབྲི་ཟལ་འོ་མའི་ཡོན་ཆབ་དང༔ དྲི་མེད་ཆུ་གཙང་ཞབས་བསིལ་དང༔ ཆུ་ཐང་ཡིད་སྐྱེས་མེ་ཏོག་ཕྲེང༔ དྲི་ཞིམ་ངད་ལྡན་བདུག་པའི་སྤོས༔ ཞུན་མར་བལྟམས་པའི་སྒྲོན་མེ་དང༔ ག་པུར་སྦྱར་བའི་དྲི་ཆབ་དང༔ རོ་བརྒྱར་ལྡན་པའི་ཞལ་ཟས་དང༔ ཡིད་འོང་སྙན་པའི་རོལ་མོ་ལྡིར༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ཕྱེ་མར་གངས་ཀྱི་རི་ལྟར་སྤུངས༔ གཡང་ཕོར་མར་ཁུ་མཚོ་ལྟར་བསྐྱིལ༔ འབྲུ་སྣ་འབྲས་དྲུག་ཆར་ལྟར་འབེབ༔ སྤྱན་གཟིགས་སྣ་ཚོགས་སྐར་ལྟར་བཀྲམ༔ དར་ཟབ་སྣ་ཚོགས་སྤྲིན་ལྟར་གཡོ༔ ཚེ་གཡང་དཔལ་གཏོར་རི་ལྟར་མཉམ༔ ཚེ་མདའ་ཚེ་རིལ་ཚེ་ཆང་སོགས༔ ལྷ་མིའི་དཔལ་འབྱོར་མངའ་ཐང་བཅས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ སྐུ་གསུམ་སྐུ་ལྔ་ཚེ་ཡི་ལྷ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ འཁོར་དང་བཅས་པ་ཐམས་ཅད་ལ༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ སྤྱན་ལྔ་མངོན་པར་ཤེས་པ་ལྔ༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ ཚེ་དང་བསོད་ནམས་དཔལ་འབྱོར་གཡང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཝསཏྲ་པཱུ་ཛ་ཧོ༔ སྣང་སྲིད་སྣོད་བཅུད་མཆོད་རྫས་འབུལ༔ ལྷ་ཚོགས་ཐུགས་དམ་དགྱེས་པར་བསམ༔ དོན་དམ་ཡེ་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་མ་བཅོས་ཀ་དག་ཀློང༔ མ་འགགས་རང་སྣང་ལྷུན་གྲུབ་ཆེ༔ རིག་རྩལ་སྐུ་གསུམ་ལྷ་ཚོགས་ལ༔ བདེ་གསལ་མི་རྟོག་མཆོད་པའི་འཕྲུལ༔ སྤྲོས་མེད་སྤྲོས་བྲལ་ཆེན་པོར་འབུལ༔ བློ་འདས་བརྗོད་མེད་ངང་དུ་བཞེས༔ བདེ་སྟོང་དབྱེར་མེད་ཀློང་དུ་རོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཨཿདྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཀ་དག་སྤྲོས་བྲལ་ཀློང་ཡངས་སུ༔ མཆོད་བྱ་མཆོད་བྱེད་བྲལ་བས་མཆོད༔ མི་དམིགས་བློ་འདས་ངང་དུ་བཞག༔ གསང་བ་དོན་དམ་མཆོད་པ་འོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་བསྟོད་པའི་རིམ་པ་དང༔ འདོད་དོན་དངོས་གྲུབ་ཞུ་བ་ནི༔ ཧཱུྃ་ཧྲཱི༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ སྣང་བ་མཐའ་ཡས་སྐུ་ལ་བསྟོད༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྙིང་རྗེའི་ཐབས་ཀྱིས་འགྲོ་དོན་མཛད༔ སྤྱན་རས་གཟིགས་དབང་སྐུ་ལ་བསྟོད༔ སྟོང་ཉིད་སྙིང་རྗེའི་དངོས་གྲུབ་སྩོལ༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་ཆེན་མཐར་ཕྱིན་མཁའ་སྤྱོད་བརྙེས༔ ཡུམ་མཆོག་ཌཱ་ཀིའི་སྐུ་ལ་བསྟོད༔ ལྷན་སྐྱེས་བདེ་སྟོང་དངོས་གྲུབ་སྩོལ༔ དུག་ལྔ་རྣམ་དག་རྒྱལ་བ་ལྔ༔ ཚེ་ལྷ་རིགས་ལྔའི་སྐུ་ལ་བསྟོད༔ སྐུ་ལྔ་ཡེ་ཤེས་དངོས་གྲུབ་སྩོལ༔ སྦྱིན་པའི་ཕར་ཕྱིན་དབུལ་ཕོངས་སེལ༔ ཛཾ་ལ་དཀར་པོའི་སྐུ་ལ་བསྟོད༔ ཟས་ནོར་གཡང་གི་དངོས་གྲུབ་སྩོལ༔ སྐུ་ལ་རིན་ཆེན་ནོར་བུས་བརྒྱན༔ དགོས་འདོད་དངོས་གྲུབ་སྩོལ་ལ་བསྟོད༔ དབུ་སྐྲ་ཐོད་སྐམ་ལྔ་ཡིས་བརྒྱན༔ དུག་ལྔ་རྣམ་པར་དག་ལ་བསྟོད༔ ཕྱག་གཡས་བེ་ཅོན་ནམ་མཁར་ཕྱར༔ སྣང་སྲིད་དབང་སྡུད་ཁྱོད་ལ་བསྟོད༔ གཡོན་པས་ནོར་སྐྱུག་ནེའུ་ལེ་འཛིན༔ ནོར་བདག་ཆེན་པོ་ཁྱོད་ལ་བསྟོད༔ གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་བཅུག༔ སྐུ་གསུམ་དངོས་གྲུབ་སྩོལ་ལ་བསྟོད༔ པཉྩ་ལི་གོས་ན་བཟའ་གསོལ༔ ཚ་གྲང་སྡུག་བསྔལ་སེལ་ལ་བསྟོད༔ མགུལ་རྒྱན་ཕྱག་ཞབས་རིན་ཆེན་བརྒྱན༔ འགྲོ་བའི་རེ་སྐོང་ཁྱོད་ལ་བསྟོད༔ མེ་ཏོག་སྣ་ཚོགས་ཕྲེང་བས་བརྒྱན༔ འཁོར་བའི་སྐྱོན་སྤངས་ཁྱོད་ལ་བསྟོད༔ ཞལ་གཅིག་ཞི་མ་ཁྲོ་བའི་ཉམས༔ བདེན་གཉིས་འགྲོ་དོན་མཛད་ལ་བསྟོད༔ ཞབས་གཉིས་བཙན་སྐྱིལ་འགྱིང་སྟབས་བཞུགས༔ སྲིད་ཞིའི་མཐའ་སྤངས་ཁྱོད་ལ་བསྟོད༔ ཞོན་པ་གཡུ་འབྲུག་སྔོན་པོ་འཆིབ༔ འབྱུང་ལྔའི་བཅུད་དང་ཚེ་གཡང་ནོར༔ དཔལ་དང་སྙན་གྲགས་སྩོལ་ལ་བསྟོད༔ ཉི་མ་པད་ཟླའི་གདན་ལ་བཞུགས༔ སྲིད་གསུམ་སྒྲིབ་བྲལ་ཁྱོད་ལ་བསྟོད༔ འཁོར་གྱི་མཁའ་འགྲོ་སྡེ་བཞིས་བསྐོར༔ ལས་བཞིའི་ཚེ་གཡང་སྩོལ་ལ་བསྟོད༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ སྦྱིན་པའི་ཕར་ཕྱིན་རྫོགས་ལ་བསྟོད༔ རི་བོ་ཏ་ལར་ཆོས་འཁོར་བསྐོར༔ སྤྱན་རས་གཟིགས་དབང་ཁྱོད་ལ་བསྟོད༔ དེ་ལྟར་ཚེ་དང་གཡང་གི་བདག༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ད་ལྟ་དུས་ངན་སྙིགས་མ་ལྔར༔ འགྲོ་རྣམས་དབུལ་ཕོངས་ཉམ་ཐག་པའི༔ སྡུག་བསྔལ་དྲག་པོས་མནར་བའི་ཚེ༔ ཁྱེད་རྣམས་སྔོན་གྱི་དམ་བཅའ་ལྟར༔ ཐུགས་རྗེའི་ཐུགས་དམ་མ་གཡེལ་བར༔ ཡེ་ཤེས་སྤྱན་གྱིས་མྱུར་དུ་གཟིགས༔ སྐྱེ་འཆི་མེད་པ་ཚེ་ཡི་གཡང༔ དེང་འདིར་རྣལ་འབྱོར་བདག་ལ་སྩོལ༔ ཟས་ནོར་ལོངས་སྤྱོད་མངའ་ཐང་ནོར༔ དཔལ་དང་བསོད་ནམས་སྙན་གྲགས་གཡང༔ ལོ་ལེགས་འབྲུ་འཕེལ་ས་བཅུད་གཡང༔ བཙན་ཕྱུག་འཕན་དར་བུ་རྟའི་གཡང༔ གསེར་དངུལ་དར་ཟབ་གོ་མཚོན་གཡང༔ ད་ལྟ་རྣལ་འབྱོར་བདག་ལ་སྩོལ༔ ཧཱུྃ་ཧྲཱི༔ མཆོག་གི་དངོས་གྲུབ་ཞུ་བ་ནི༔ མདོ་རྒྱུད་གསང་སྔགས་ཆོས་ཀྱི་གཡང༔ བདེ་གསལ་མི་རྟོག་ལྟ་བའི་གཡང༔ རྩ་ཐིག་རླུང་གསུམ་སྒོམ་པའི་གཡང༔ བརྟུལ་ཞུགས་རྫུ་འཕྲུལ་སྤྱོད་པའི་གཡང༔ ཕྱག་རྒྱ་ཆེན་པོ་འབྲས་བུའི་གཡང༔ ད་ལྟ་བདག་ལ་བསྩལ་དུ་གསོལ༔ གདོད་ནས་མ་བཅོས་གཞི་ཡི་གཡང༔ མ་འགགས་ཤར་གྲོལ་ལམ་གྱི་གཡང༔ ཀ་དག་སྤྲོས་བྲལ་འབྲས་བུའི་གཡང༔ བདེ་ཆེན་ལྷུན་གྲུབ་དོན་གྱི་གཡང༔ ད་ལྟ་རྣལ་འབྱོར་བདག་ལ་སྩོལ༔ སྣང་སྟོང་མཐའ་བྲལ་ངོ་བོའི་གཡང༔ བརྗོད་མེད་གཉུག་མ་རང་བཞིན་གཡང༔ འཁོར་འདས་དབྱེར་མེད་ཐུགས་རྗེའི་གཡང༔ སྣང་བཞིའི་མཐར་ཕྱིན་ཁྱབ་བརྡལ་ཆེ༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་གཡང༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ སྐུ་གསུམ་འགྱུར་མེད་ཚེ་གཡང་སྩོལ༔ འགྲོ་དོན་ཕྱོགས་མེད་མཐའ་ཡས་ཀྱི༔ རང་གཞན་དོན་གཉིས་མྱུར་འགྲུབ་པའི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་རྗེའི་ཐུགས་དམ་ས་མ་ཡ༔ ཞེས་པས་བསྟོད་ཅིང་ཚེ་གཡང་མཆོག༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ༔ རང་རིག་རྟོགས་པའི་ཡེ་ཤེས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་གནད་བསྙེན་དམིགས་ཛཔ྄་བཟླས་བསྟན༔ བསྐྱེད་རྫོགས་གསལ་བ་མན་ངག་ཡིན༔ ངོ་བོ་སྐྱོང་ཞིང་ཡེངས་མེད་དུ༔ བཟླས་པ་ཟབ་པའི་མཐར་ཐུག་གོ༔ ཧཱུྃ་ཧྲཱི༔ རང་ཉིད་པདྨ་འབྱུང་གནས་ཀྱི༔ ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱི༔ བཅུ་གཉིས་སྔགས་ཀྱི་ཕྲེང་བས་བསྐོར༔ རིགས་བདག་ཚེ་དཔག་ཐུགས་ཀར་ཧྲཱི༔ སྔགས་ཕྲེང་བྱེ་རུའི་མདོག་འདྲ་གསལ༔ ཡུམ་རྣམས་ཐུགས་ཀར་བྷྱོཿཡིག་གསལ༔ གཙོ་འཁོར་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་ཉི་འོད་ལྟ་བུར་འཕྲོས༔ རྒྱལ་མཆོད་འགྲོ་བའི་སྡིག་སྒྲིབ་དག༔ འཁོར་འདས་ཀུན་གྱི་ཚེ་དཔལ་གཡང༔ ཟས་ནོར་བསོད་ནམས་འབྱུང་ལྔའི་བཅུད༔ འོད་ཀྱིས་བསྡུས་ནས་རང་ཐིམ་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ་སྭཱ་ཧཱ༔ ཧ་རི་ནི་ས་ཛྙཱ་ན་ཌཱ་ཀི་ནཱི་ཨཱ་ཡུར་པུཎྱེ་བཱ་སུ་སིདྡྷི་ཧཱུྃ་བྷྱོ༔ ཞེས་པའི་སྔགས་རྣམས་རིམ་པས་བཟླ༔ མ་ཡེངས་ངོ་བོ་སྐྱོང་ཞིང་བཟླ༔ དངོས་སམ་རྨི་ལམ་རྟགས་མཚན་འབྱུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མདུན་བསྐྱེད་ནོར་ལྷའི་ཛཔ྄་བཟླས་ནི༔ མདུན་བསྐྱེད་ཨཱརྻ་ཛཾ་ལ་ཡི༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ ནོར་བུ་དབང་རྒྱལ་ལྟེ་བར་ཛཾ༔ དཀར་ལ་སེར་མདངས་ཆགས་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བར་གསལ༔ འཁོར་གྱི་མཁའ་འགྲོའི་ཐུགས་ཀར་ནི༔ ཧ་རི་ནི་ས་རང་སྔགས་བསྐོར༔ སྤྱི་བོར་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར༔ རང་སྔགས་ཡི་གེ་དྲུག་པས་བསྐོར༔ རིགས་བདག་སྣང་མཐའི་ཐུགས་ཀ་རུ༔ པད་ཟླར་ཧྲཱིཿཡིག་རང་སྔགས་དང༔ ཚེ་ལྷ་རྒྱལ་བ་རིགས་ལྔ་ཡི༔ རང་རང་ས་བོན་རང་སྔགས་མཚན༔ སོ་སོའི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང༔ ཁྱད་པར་དབུལ་བའི་སྡུག་བསྔལ་བསལ༔ སངས་རྒྱས་བྱང་སེམས་བྱིན་མཐུ་དང༔ ཕྱི་སྣོད་ནང་བཅུད་ལྷ་ཀླུ་མིའི༔ ཚེ་བསོད་དཔལ་འབྱོར་ཟས་ནོར་གཡང༔ འོད་ཟེར་ཚུར་འདུས་བདག་མདུན་ཐིམ༔ ལོངས་སྤྱོད་ཕུན་སུམ་ཚོགས་པར་དམིགས༔ ཨོཾ་ཨ་མི་ཏཱ་བྷ་ཨཱ་ཡུར་སིདྡྷི་ཧྲཱི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱ་ཡུར་པུཎྱེ་སིདྡྷི་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཨཱ་ཡུར་པུཎྱེ་ཛྙཱ་ན་སིདྡྷི་ཧཱུྃ་ཧྲཱི༔ ཨོཾ་ཨཱརྻ་ཛམྦྷ་ལ་ངྷ་ནཾ་མེ་དྷི་སརྦ་བཱ་སུ་སིདྡྷི་ཧཱུྃ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཧ་རི་ནི་ས་ཨཱ་ཡུཿཔུཎྱེ་དྷ་ནཾ་མེ་དྷི་བཱ་སུ་སརྦ་སིདྡྷི་ཧཱུྃ༔ དེ་སོགས་ཛཾ་དཀར་གཞུང་བསྙེན་སོགས༔ གང་རིགས་བཟླ་ཞིང་མ་ཡེངས་གནད༔ ཉམས་རྟགས་རྨི་ལམ་གསལ་བར་འོང༔ ཟས་ནོར་ལོངས་སྤྱོད་འབྲུ་རིགས་དང༔ རྟ་ནོར་གསེར་དངུལ་ནོར་དབྱིག་སོགས༔ རྙེད་དང་གཞན་གྱིས་ཚུར་ལ་སྟེར༔ རྩི་ཤིང་མེ་ཏོག་གླིང་ཚལ་ཕྱིན༔ རྒྱན་གོས་གསར་གྱོན་རྨིས་ན་འགྲུབ༔ དེས་ན་དངོས་གྲུབ་ལོངས་སྤྱོད་དང༔ གང་འདོད་ཕུན་སུམ་ཚོགས་པར་འོང༔ ཁྱད་པར་དམ་ཆོས་གང་བསམ་འགྲུབ༔ ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ༔ མཆོག་གི་དངོས་གྲུབ་ཐོབ་པའི་རྟགས༔ ཐེ་ཚོམ་ཅན་ནི་མ་གཏོགས་པའི༔ རིམ་པར་འོང་ངོ་ན་ར་ཀན༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་གཡང་འགུགས་འདི་ལྟར་རོ༔ མདའ་དར་གཡབ་ཅིང་གྱེར་སྒོམ་སྦྲགས༔ ཧཱུྃ་ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྡུག་བསྔལ་སྒྲ་ཡང་མི་གྲགས་པའི༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གཡང༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཐུགས་རྗེས་གཟིགས་ཤིག་ཚེ་དཔག་མེད༔ པོ་ཊ་ལ་ཡི་ཞིང་ཁམས་སུ༔ ཉོན་མོངས་དུག་ལྔའི་མིང་ཡང་མེད༔ ཐུགས་རྗེ་ཕུན་སུམ་ཚོགས་པའི་གཡང༔ མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ བརྩེ་བས་གཟིགས་ཤིག་སྤྱན་རས་གཟིགས༔ པདྨ་འོད་ཀྱི་ཞིང་ཁམས་སུ༔ སྡུག་བསྔལ་འཁོར་བའི་མིང་ཡང་མེད༔ འཆི་མེད་ཚེ་ཡི་རིག་འཛིན་གཡང༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་པདྨ་འབྱུང༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ ཞེ་སྡང་འཁྲུལ་པའི་མིང་ཡང་མེད༔ དགའ་བདེ་ཕུན་སུམ་ཚོགས་པའི་གཡང༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་རྡོ་རྗེ་སེམས༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ ང་རྒྱལ་འཁྲུལ་པའི་མིང་ཡང་མེད༔ དཔལ་ཡོན་ཕུན་སུམ་ཚོགས་པའི་གཡང༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་རིན་ཆེན་འབྱུང༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ འདོད་ཆགས་འཁྲུལ་པའི་མིང་ཡང་མེད༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གཡང༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་སྣང་མཐའ་ཡས༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྲག་དོག་ངར་འཛིན་མིང་ཡང་མེད༔ མཛད་ཕྲིན་ཕུན་སུམ་ཚོགས་པའི་གཡང༔ བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་དོན་ཡོད་གྲུབ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ གཏི་མུག་འཁྲུལ་པའི་མིང་ཡང་མེད༔ ཕུན་ཚོགས་ལྔ་དང་ལྡན་པའི་གཡང༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ བྱིན་གྱིས་རློབས་ཤིག་རྣམ་སྣང་མཛད༔ ཁམས་ལྔ་དག་པའི་ཡུམ་ཆེན་ལྔས༔ འབྱུང་ལྔའི་བཅུད་དང་ཚེ་གཡང་སྩོལ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ ཡེ་ཤེས་མཚོ་རྒྱལ་ཌཱ་ཀིའི་ཚོགས༔ གསང་སྔགས་ཟབ་མོའི་ཆོས་ཀྱི་གཡང༔ བདེ་སྟོང་རྩལ་འབྱོངས་དངོས་གྲུབ་སྩོལ༔ སྣང་སྲིད་བླ་མའི་དཀྱིལ་འཁོར་ནས༔ བཀའ་བརྒྱུད་བླ་མའི་ལྷ་ཚོགས་ཀྱིས༔ ཕྱག་རྒྱ་ཆེན་པོ་མཆོག་གི་གཡང༔ ཚེ་གཅིག་སངས་རྒྱས་དངོས་གྲུབ་སྩོལ༔ རང་སྣང་དག་པའི་གཞལ་ཡས་ནས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང༔ དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་ཌཱ་ཀི་རྒྱ་མཚོས་བསྐོར༔ གསང་བ་སྔགས་ཀྱི་བྱིན་རླབས་གཡང༔ རང་བཞིན་སྨིན་གྲོལ་དངོས་གྲུབ་སྩོལ༔ གར་བཞུགས་ཆོས་ཀྱི་ཕོ་བྲང་ནས༔ བཀའ་བབས་ཆོས་བདག་མཆེད་གྲོགས་སྤུན༔ བསྐྱེད་རྫོགས་ལྷ་སྔགས་ཟུང་འཇུག་གཡང༔ མཛད་ཕྲིན་གོང་འཕེལ་དངོས་གྲུབ་སྩོལ༔ གང་འདུལ་སྤྲུལ་པའི་ཕོ་བྲང་ནས༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང༔ མངོན་སྤྱོད་ནུས་མཐུའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ནོར་བདག་ཨཱརྻ་ཛཾ་བྷ་ལ༔ སྙིང་རྗེས་འགྲོ་བའི་དོན་ཀུན་མཛད༔ ཚེ་བསོད་ཟས་ནོར་གཡང་གི་བདག༔ འཁོར་དང་ཡང་འཁོར་བཅས་པ་རྣམས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ལ༔ ཚེ་གཡང་ཐམས་ཅད་འདིར་སྩོལ་ཅིག༔ རྐང་བཞི་ཕྱུགས་ཀྱི་གཡང་སྩོལ་ཅིག༔ མྱུར་ཞིང་མགྱོགས་པ་རྟ་ཡི་གཡང༔ འདོད་དགུ་འབྱུང་བ་ནོར་གྱི་གཡང༔ འཕེལ་སྟོབས་ལྡན་པ་ལུག་གི་གཡང༔ ཕྱུགས་ཀྱི་གྲངས་ཚན་ར་ཡི་གཡང༔ ནོར་གྱི་བཟང་བཙུན་མཛོ་ཡི་གཡང༔ འདོད་འཇོ་བ་དང་གླང་གི་གཡང༔ ཐེག་ཆེན་ཁུར་བ་དྲེ་འུའི་གཡང༔ ཐམས་ཅད་འདི་རུ་གཡང་དུ་ལེན༔ མཛེས་ཤིང་ཡིད་འོང་དར་ཟབ་གཡང༔ རིན་ཐང་ཆེ་བ་གསེར་དངུལ་གཡང༔ ས་བཅུད་འབྲས་དྲུག་འབྲུ་ཡི་གཡང༔ རིན་ཆེན་ནོར་དབྱིག་རྒྱན་གྱི་གཡང༔ རོ་བརྒྱ་ལྡན་པ་བཟའ་བཏུང་གཡང༔ ཐམས་ཅད་འདི་རུ་གཡང་དུ་ལེན༔ སྟེང་ཕྱོགས་ཚངས་པ་ལྷ་ཡི་གཡང༔ བར་ཕྱོགས་ལྷ་སྲིན་གཉན་གྱི་གཡང༔ འོག་ཕྱོགས་ཀླུ་གཡང་ཡིད་བཞིན་ནོར༔ སྲིད་གསུམ་ལྷ་མིའི་དཔལ་འབྱོར་གཡང༔ ཐམས་ཅད་འདི་རུ་གཡང་དུ་ལེན༔ ལུས་འཕགས་པོ་ཡི་གཟུགས་བཟང་གཡང༔ འཛམ་བུ་གླིང་གི་དམ་ཆོས་གཡང༔ བ་ལང་སྤྱོད་ཀྱི་དཀོར་ནོར་གཡང༔ སྒྲ་མི་སྙན་གྱི་ཚེ་རིང་གཡང༔ གླིང་བཞི་གླིང་ཕྲན་སྐྱེ་འགྲོ་ཡི༔ ཚེ་བསོད་དབང་ཐང་གཡང་དུ་ལེན༔ རྒྱ་གར་རྒྱལ་པོའི་ཆོས་སྲིད་གཡང༔ རྒྱ་ནག་རྒྱལ་པོའི་མངའ་ཐང་གཡང༔ སྟག་གཟིག་རྒྱལ་པོའི་ནོར་གཡང་དང༔ གེ་སར་རྒྱལ་པོའི་དམག་གཡང་དང༔ དབུ་དཀར་ཧོར་གྱི་དཔའ་གཡང་རྣམས༔ ཐམས་ཅད་འདི་རུ་གཡང་དུ་ལེན༔ མཐོ་བ་དགུང་གི་མཐོ་གཡང་དང༔ དམའ་བ་ས་ཡི་བརྟན་གཡང་དང༔ མི་ནོར་ཟས་གོས་ཕུན་ཚོགས་གཡང༔ བཀྲག་དང་གཟི་མདངས་ལོངས་སྤྱོད་གཡང༔ གོ་མཚོན་དཔའ་རྩལ་རྫུ་འཕྲུལ་གཡང༔ སྡེ་སྣོད་འཛིན་པ་རབ་བྱུང་གཡང༔ དཔའ་རྩལ་སྟོབས་ཤུགས་བུ་ཚའི་གཡང༔ མཛེས་བཙུན་འཛོམ་པ་མོ་བཙུན་གཡང༔ ཚེ་རིགས་ལྡན་པ་སྲིད་ཀྱི་གཡང༔ ཐམས་ཅད་འདི་རུ་གཡང་དུ་ལེན༔ ཤར་གྱི་ཕྱོགས་ནས་ཚེ་གཡང་རྣམས༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ཡི་ཕྱོགས་ནས་ཚེ་གཡང་རྣམས༔ ལྷོ་སྤྲིན་བཞིན་དུ་འཚུབས་ཤིང་བྱོན༔ ནུབ་ཀྱི་ཕྱོགས་ནས་ཚེ་གཡང་རྣམས༔ ན་བུན་བཞིན་དུ་འཐིབས་ཤིང་བྱོན༔ བྱང་གི་ཕྱོགས་ནས་ཚེ་གཡང་རྣམས༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ སྟེང་གི་ཕྱོགས་ནས་ཚེ་གཡང་རྣམས༔ སྦྲང་ཆར་བཞིན་དུ་འབེབས་ཤིང་བྱོན༔ འོག་གི་ཕྱོགས་ནས་ཚེ་གཡང་རྣམས༔ འབྲས་དྲུག་བཞིན་དུ་སྨིན་ཞིང་བྱོན༔ སྙན་དང་གྲགས་པའི་བསྟོད་གཡང་རྣམས༔ གཡུ་འབྲུག་བཞིན་དུ་གྲགས་ཤིང་བྱོན༔ བུ་སློབ་རིགས་རྒྱུད་འདུས་པའི་གཡང༔ སྐར་སྤྲིན་བཞིན་དུ་བཀྲག་ཅིང་བྱོན༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ ཚེ་གཡང་ཐམས་ཅད་འདིར་ཁུག་ཅིག༔ ནད་གདོན་བར་ཆད་ཞི་བར་མཛོད༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ ཟས་ནོར་ལོངས་སྤྱོད་གཡང་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ འཁོར་འདས་དབང་སྡུད་གཡང་ཁུག་ཅིག༔ སྣང་སྲིད་དབང་དུ་འདུས་པར་མཛོད༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལས་བཞི་ཕྲིན་ལས་གཡང་ཁུག་ཅིག༔ གནོད་བྱེད་གདོན་བགེགས་ཚར་གཅོད་མཛོད༔ ནོར་ལྷ་ཚོགས་བདག་འཁོར་བཅས་ཀྱིས༔ འཛམ་གླིང་གཡང་རྣམས་འདིར་ཁུག་ཅིག༔ ཕྱྭ་ཡུལ་འདི་རུ་ཕྱྭ་ཁུག་ཅིག༔ གཡང་ཡུལ་འདི་རུ་གཡང་ཁུག་ཅིག༔ གནས་ཁང་འདི་ལ་རྟག་པར་བཞུགས༔ གཡང་ཆས་འདི་ལ་བརྟན་པར་མཛོད༔ ཚེ་རྫས་འདི་ལ་བཅུད་ཕོབ་ཅིག༔ མི་ནོར་འདི་ལ་སྲུང་སྐྱོབ་མཛོད༔ འགྱུར་བ་མེད་པར་བརྟན་བཞུགས་འཚལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཟད་མེད་གཏེར་གྱི་དངོས་གྲུབ་སྩོལ༔ བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབད་མེད་ལྷུན་གྱིས་འགྲུབ་པར་མཛོད༔ སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་བརྗོད་གཡང་འགུགས་ཚར་གྲངས་སྐྱར༔ འདི་ཡན་ཚར་གྲངས་གང་འགྲུབ་བྱ༔ བཅུ་གསུམ་ཙམ་ནི་ངེས་པའི་གྲངས༔ གང་འདོད་བསྙེན་པ་དེ་བཞིན་བཟླ༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་ཚེ་གཡང་དབང་བཞི་ལེན༔ བསྡུ་རིམ་རྗེས་ཀྱི་བྱ་བ་འོ༔ མ་གྲོལ་བར་ནི་བརྟན་བཞུགས་བྱ༔ དེ་ནས་དབང་བཞི་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མ་ཚེ་ཡི་ལྷ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ བདག་དང་སྐལ་ལྡན་སློབ་མ་ལ༔ དབང་བཞི་བསྐུར་བར་མཛད་དུ་གསོལ༔ སྐུ་ཡི་དབང་མཆོག་ལུས་ལ་སྐུར༔ གཞོམ་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ གསུང་གི་དབང་མཆོག་ངག་ལ་སྐུར༔ ཚངས་དབྱངས་དྲུག་ཅུའི་དབང་ཐོབ་ཤོག༔ ཐུགས་ཀྱི་དབང་མཆོག་ཡིད་ལ་སྐུར༔ སྐྱེ་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ སྐུ་གསུམ་ལྷུན་གྲུབ་དོན་གྱི་དབང༔ ངོ་བོ་ཉིད་སྐུའི་དབང་ཐོབ་ཤོག༔ དུག་གསུམ་སྐུ་གསུམ་མངོན་གྱུར་པའི༔ བླ་མ་སྐུ་གསུམ་དབང་ཐོབ་ཤོག༔ དུག་ལྔ་ཡེ་ཤེས་ལྔར་ཤར་བའི༔ ཚེ་ལྷ་རིགས་ལྔའི་དབང་ཐོབ་ཤོག༔ འཆི་མེད་ཡེ་ཤེས་ལུས་ཐོབ་པའི༔ ཨོ་རྒྱན་མཁའ་འགྲོའི་དབང་ཐོབ་ཤོག༔ མཆོག་ཐུན་འབད་མེད་ལྷུན་གྲུབ་པའི༔ ཛཾ་དཀར་ཡབ་ཡུམ་དབང་ཐོབ་ཤོག༔ ཟས་ནོར་དཔལ་འབྱོར་ཕུན་ཚོགས་པའི༔ ནོར་ལྷ་གཏེར་བདག་དབང་ཐོབ་ཤོག༔ འཁོར་བའི་སྡུག་བསྔལ་ལས་གྲོལ་བའི༔ ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ མ་རིག་འཁྲུལ་སྣང་ཡེ་དག་པའི༔ རང་རིག་ཆོས་སྐུའི་དབང་ཐོབ་ཤོག༔ འཁོར་འདས་ཆོས་ཀུན་ཡེ་དག་པའི༔ རྫོགས་པ་ཆེན་པོའི་དབང་ཐོབ་ཤོག༔ རྟག་ཆད་མཐའ་བཞི་རང་གྲོལ་བའི༔ དབུ་མ་ཆེན་པོའི་དབང་ཐོབ་ཤོག༔ སྨྲ་བསམ་བརྗོད་ལས་འདས་པ་ཡི༔ ཤེས་རབ་ཕར་ཕྱིན་དབང་ཐོབ་ཤོག༔ གཉིས་འཛིན་བག་ཆགས་རང་གྲོལ་བའི༔ འཛིན་མེད་ཁྱབ་བརྡལ་དབང་ཐོབ་ཤོག༔ དབྱིངས་རིག་འཕོ་འགྱུར་མེད་པ་ཡི༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ བསོད་ནམས་ཟད་མཐའ་མེད་པ་ཡི༔ ཚེ་གཅིག་སངས་རྒྱས་དབང་ཐོབ་ཤོག༔ ཅེས་པའི་གཏོར་མ་སྤྱི་བོར་བཞག༔ ཚེ་རིལ་ཚེ་ཆང་མྱོང་ནས་ནི༔ གཡང་རྫས་ལག་ཏུ་ཐོགས་ནས་སུ༔ མོས་བློ་ལྡན་པས་འདི་སྐད་བརྗོད༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་ཚེ་ཡི་ལྷ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ རང་གི་ལུས་ངག་ཡིད་གསུམ་དང༔ ཚེ་རྟེན་སྒྲུབ་རྫས་འདི་རྣམས་ལ༔ མཁའ་ལ་སྤྲིན་ལྟར་འཐིབས་པར་གྱུར༔ ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ དམིགས་མེད་ཁྱབ་བདལ་ཀློང་དུ་ཨ༔ མ་ཡེངས་ངང་དུ་ལྷོད་ལ་ཞོག༔ སྐྱེ་མེད་དབྱིངས་སུ་ཕྱལ་གྱིས་ཐོངས༔ སྤྲོས་བྲལ་ངང་དུ་ཐལ་ལེ་བཞག༔ གཞོམ་གཞིག་བྲལ་བའི་རྒྱས་གདབ་བོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨོཾ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ ཞེས་པའི་ཤྭ་ལོ་ཀ་ཡིས་བསྟོད༔ ཡིག་བརྒྱ་ལན་གསུམ་བརྗོད་ནས་སུ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཨོཾ་ཨཱཿཧཱུྃ༔ སྐྱེ་འགག་གནས་གསུམ་བྲལ་བ་ཡི༔ སྐུ་གསུམ་བླ་མའི་བཀྲ་ཤིས་ཤོག༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་པའི༔ ཚེ་ལྷ་རིགས་ལྔའི་བཀྲ་ཤིས་ཤོག༔ འཆི་མེད་འཇའ་ལུས་དབང་ཐོབ་པའི༔ ཨོ་རྒྱན་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་དངོས་གྲུབ་ཆར་འབེབ་པའི༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་པའི༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ དུས་གསུམ་མཉམ་པ་ཉིད་ལ་གནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལྷ་ཚོགས་ཐམས་ཅད་ཀྱིས༔ ཤིས་བརྗོད་མེ་ཏོག་འཐོར་བར་དམིགས༔ བསྔོ་བ་སྨོན་ལམ་འདི་ལྟར་བརྗོད༔ ཧཱུྃ་ཧྲཱི༔ དུས་གསུམ་དུས་མེད་དགེ་བ་འདིས༔ འགྲོ་རྣམས་དབུལ་ཕོངས་བཀྲེས་སྐོམ་གྱི༔ སྡུག་བསྔལ་ཐམས་ཅད་ཞི་གྱུར་ནས༔ འདོད་དགུ་ལོངས་སྤྱོད་ཕུན་ཚོགས་ནས༔ མཐར་ཐུག་བདེ་ཆེན་ཞིང་ཁམས་སུ༔ ཨོ་རྒྱན་སྣང་བ་མཐའ་ཡས་ཀྱི༔ གོ་འཕང་དམ་པ་མྱུར་ཐོབ་ནས༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ལས་གཞུང་བཞིན་དུ་རྫོགས་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་འདི༔ ད་ལྟ་མ་སྤེལ་མདོ་ཁམས་བོད་ཀྱི་ཡུལ༔ བྲག་རི་ཁྱུང་ཆེན་ལྡིང་འདྲའི་མདུན་ངོས་སུ༔ སྒྲུབ་གནས་དུང་དཀར་དབྱིབས་འདྲའི་གཞལ་ཡས་ན༔ ཆོས་རྒྱལ་རྡོ་རྗེའི་ཐུགས་ཀྱི་ཀློང་ནས་བརྡོལ་ཏེ་དགོངས་པའི་གཏེར་ལས་འབྱུང་ངོ༔ དུས་ནི་གསོལ་འདེབས་བསམ་པ་ལྷུན་འགྲུབ་ལས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ བཀྲེས་སྐོམ་དབུལ་ཕོངས་སེལ་བར་ཐེ་ཚོམ་མེད༔ ཅེས་གསུངས་པ་བཞིན༔ ས་དགྲར་ལངས་ནས་ས་གཡོ་ཞིང་གཙུག་ལག་འཇིག༔ ཆུ་དགྲར་ལངས་ནས་གྲུ་འཇིག་ཅིང་མི་རྐྱེན་གྲིར་འཆི༔ ར་ས་འཕྲུལ་སྣང་སོགས་ལ་ཆུ་ཡིས་གནོད༔ མེ་དགྲར་ལངས་ནས་བསམ་ཡས་བསྲེགས་ཤིང་འཇིག༔ ནམ་མཁའ་ཆར་མེད་རྩི་ཤིང་ལོ་འབྲས་སྐམ༔ མུ་གེའི་འཇིགས་པ་འབྱུང༔ རླུང་དགྲར་ལངས་ནས་དགུན་གྲང་ལྷག་གིས་སེམས་ཅན་གསོད༔ བྱམས་སྤྲིན་ལྷ་ཁང་མེ་རླུང་གིས་འཇིག༔ འདི་འདྲའི་དུས་ལ་བབས་ཚེ་འདི་ཉིད་གསལ༔ རིག་འཛིན་རང་རེ་ཐེ་ཚོམ་སྐྱེས་ཙ་ན༔ གཏེར་ཤོག་མ་ཕྱི་མཁའ་འགྲོས་དངོས་སུ་སྟོན༔ ཤོག་སེར་མཐིང་ག་བོད་ཡིག་ཚག་མེད་བྲིས༔ དཀྱུས་སུ་འདོམ་གང་དཔངས་སུ་སོར་བཞི་ཙམ༔ ཉམས་སྣང་མ་ཡིན་དངོས་སུ་ལག་ཏུ་ཐོན༔ མ་ཕྱི་སླར་ཡང་མཁའ་འགྲོའི་རང་མལ་རྒྱ༔ འགྲོ་དོན་རིག་འཛིན་ཉིད་ཡོལ་རྒྱང་ནས་འོང༔ ཧ་ཅང་སྨད་ནས་དར་ཆ་ཆུང་ན་ཡང༔ ལས་ཅན་འགའ་ལ་ཨོ་རྒྱན་ངས་ལུང་བསྟན༔ ཚེ་སྔོན་བསོད་ནམས་བསགས་ལ་ཕྲད་ན་ཡང༔ ངོམས་པ་མ་ཆེ་བར་ཆད་འོང་ཉེན་ཡོད༔ ཆ་ལག་རྩོམ་ཆོས་མ་བྱེད་བྱིན་རླབས་ཡལ༔ ཤོག་སེར་དངོས་སུ་མཐོང་བས་ས་གཏེར་ཡིན༔ རིག་འཛིན་དགོངས་བརྒྱུད་ཐུགས་ཀྱི་ཀློང་ནས་བརྡོལ༔ དེ་ཕྱིར་དགོངས་གཏེར་ཞེས་ནི་བྱ་བ་ཡིན༔ ནམ་མཁའ་ནས་ཚིག་དོན་མཁའ་འགྲོའི་བརྡ་དང་ཨོ་རྒྱན་ཉིད་ཀྱིས་གསུངས༔ དེ་ཕྱིར་གནམ་ཆོས་གསུངས་པ་དེ་ལྟར་ཡིན༔ དེས་ན་བརྒྱུད་པ་གསུམ་ལྡན་བྱིན་རླབས་ཆེ༔ རྟོགས་པ་ལྡན་ཞིང་དམ་ཚིག་གཙང་བ་ན༔ ཚར་གྲངས་མང་ཉུང་མེད་དོ་ཐེ་ཚོམ་སྤོངས༔ གཏེར་ཤོག་མཐིང་ཡིག་མཚོ་རྒྱལ་ཕྱག་གིས་བྲིས༔ དམ་རྫས་མང་ཉུང་སྤེལ་མཁས་རན་ཚོད་ཟུངས༔ མགུ་སླ་ཕྱི་ཐག་ཐུང་ལ་མ་སྤེལ་ཅིག༔ སྦས་གསང་ཆེ་ཞིང་དམ་ལྡན་རེ་རེ་ཙམ༔ དམ་ཉམས་ལོག་ལྟ་ཅན་ལ་ཤོར་ར་རེ༔ རྡོ་རྗེ་རིག་བྱེད་རྩལ་གྱིས་བཀའ་འདི་ཐུབ་པར་སྲུངས་རཀྵ༔ མཚོ་སྨན་རྒྱལ་མོ་ཀླུ་བདུད་ནཱ་ག་རཱ་ཛ་དུག་གི་ཁ་རླངས་ཅན་གྱིས་བཀའ་འདིའི་བྱ་ར་གྱིས༔ སུངས་ཤིག་རཀྵ་རཀྵ་རཀྵ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཌཱ་ཀི་རྒྱ་རྒྱ་རྒྱ༔ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་སྙིང་ནོར་ཐུགས་ཀྱི་གཏེར་གཅིག་མའོ། །བས་རཀ་ཨང་ལྷྕ།། །།

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྒྲུབ་ཐབས་དང་ཕྲིན་ལས་གུང་དུ་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ་ (Volume 56, Text 23)

༄༅། །རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྒྲུབ་ཐབས་དང་ཕྲིན་ལས་གུང་དུ་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར། །རྩ་གསུམ་ཀུན་འདུས་གུ་རུའི་ཞབས། །སྤྱི་བོར་བཀོད་ནས་ཁྱེར་བདེའི་ཕྱིར། ཁྲིགས་སུ་བསྡེབ་ལ་བཀའ་གནང་སྩོལ། །རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་ལ་རྒྱུད་དང་མན་ངག་ལོ་རྒྱུས་ཀྱི་སྐོར་གསུམ་དུ་བཞུགས་པའི་ནང་ཚན་མན་ངག་གི་སྐོར་ལ་སྨིན་གྲོལ་གཉིས་ཀྱི། དང་པོ་སྨིན་བྱེད་དབང་གི་རྒྱབ་ཆོས་སུ་འབྲེལ་བའི་ཕྲིན་ལས་རྩ་བ་གསུམ་དུ་ཡོད་པ་ལས། ཐོག་མར་བུམ་དབང་དང་འབྲེལ་བ་བླ་མའི་ཐུགས་སྒྲུབ་ཀྱི་ཕྲིན་ལས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། གཤོམ་བཀོད་དང་། ལས་བྱང་གི་སྔོན་དུ་འགྲོ་བའོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་རྟེན་དང་། བླ་མའི་གཏོར་ཆེན། ཆུ་གཉིས་ཉེར་སྤྱོད། སྨན་རཀ་གཏོར་མ་སོགས་ཕྱི་ནང་གི་རྟེན་དང་མཆོད་པའི་རིགས་སྤྱི་དང་མཐུན་པར་བཤམ། བགེགས་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ། ཆད་བརྟན། གཞན་ཡང་ཉེར་མཁོའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་ལས་བྱང་གི་སྔོན་འགྲོ་ལ། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ནི། ཆོས་དབྱིངས་འགྱུར་མེད་ཀ་དག་ཀུན་ཏུ་བཟང་། །འོད་གསལ་ཡེ་ཤེས་ལྷུན་གྲུབ་རྡོ་རྗེ་འཆང་། །ཟུང་འཇུག་སྲིད་ཞིའི་སྤྱི་དཔལ་པདྨ་འབྱུང་། །དབྱེར་མེད་བདེ་ཆེན་རང་མདངས་མཚོ་རྒྱལ་ཡུམ། །སྣང་བཞི་མཐར་ཕྱིན་ལོ་ཆེན་བཻ་རོའི་ཞབས། །དེ་ཉིད་སྤྲུལ་པའི་སྐུར་བཞེངས་རྡོ་རྗེ་གླིང་། །ཐུགས་ཀྱི་བཅུད་འཛིན་ཌཱ་ཀི་ཤེས་རབ་མཚན། །ཉེ་བརྒྱུད་བཀའ་བབས་འཇམ་དཔལ་ཆོས་བཤེས་གཉེན། །བརྒྱུད་པ་དགུ་ལྡན་རིག་འཛིན་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །དགོངས་བརྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་རློབས། །སྙིང་པོའི་མཐར་ཐུག་ཨ་ཏིའི་ཡང་ཟབ་བཅུད། །ཧཱུྃ་སྐོར་རྣམ་ལྔའི་རྩེ་མོ་ལོ་གཅིག་གིས། །ཕུང་པོ་ལྷག་མེད་ཡལ་བའི་སྨིན་གྲོལ་གྱིས། །གདོད་མའི་གསང་ལམ་བཙན་ཐབས་བསྒྲོད་པར་ཤོག །ཡིད་དཔྱོད་ཚིག་ལས་འདས་པའི་རྫོགས་པ་ཆེ། །མངོན་སུམ་ལམ་བྱེད་རྡོ་རྗེ་སྙིང་པོ་ཡི། །གདམས་ཟབ་རྩ་བ་ཡན་ལག་མཐར་ཕྱིན་ནས། །ལྟ་སྒོམ་སྤྱོད་པ་ཟད་སར་འཁྱོལ་བར་ཤོག །འཁོར་འདས་རེ་དོགས་ཆོས་ཀྱི་དབྱིངས་སུ་གྲོལ། །གཉིས་སྣང་འཁྲུལ་འཛིན་ཐིག་ལེ་ཆེན་པོར་དག །སྐྱེ་འཇུག་དབང་ཐོབ་འཕོ་ཆེན་ལུས་བཟུང་ནས། ཁམས་གསུམ་མ་ལུས་འོད་སྐུར་སྒྲོལ་བར་ཤོག །བགེགས་གཏོར་གཏང་བ་ནི། གཏོར་མ་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ། ཧ་ཧོཿཧྲཱིཿཞེས་ཕྱག་རྒྱ་དང་བཅས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ལན་གསུམ། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ལ་མ་གཏོགས་པའི༔ མི་དང་མི་མིན་འབྱུང་པོའི་ཚོགས༔ རྒྱུད་དྲུག་གནས་པའི་སེམས་ཅན་རྣམས༔ སྔགས་དང་བཅས་པའི་སྦྱིན་གཏོར་གྱིས༔ ཁྱོད་ཀྱི་རེ་བ་བསྐངས་ཟིན་གྱིས༔ འདི་རུ་མ་གནས་གཞན་དུ་དེངས༔ ཞེས་བསྔོས་ལ་ཕྱིར་གཏང༔ སྐྱབས་འགྲོ་ནི། ན་མོ༔ སྐྱེ་མེད་དོན་གྱི་བླ་མ་ལ༔ འགགས་མེད་ཚུལ་གྱིས་རང་གསལ་གདབ༔ ཞེན་པ་མེད་པའི་བློ་ཡིས་ནི༔ འཛིན་པ་མེད་པར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། རང་གནས་དུག་ལྔའི་རྟོགས་ཚོགས་འདི༔ ཡེ་ནས་ཡེ་ཤེས་སྐུ་ལྔ་ཡིན༔ སྐུ་གསུམ་འབྲས་བུ་འཐོབ་བྱའི་ཕྱིར༔ རང་གྲོལ་ཉིད་དུ་སེམས་བསྐྱེད་དོ༔ ལན་གསུམ། མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ཁྲོ་བོའི་རྒྱལ༔ མྱ་ངན་འདས་ལ་གནོད་པའི་བགེགས༔ སངས་རྒྱས་སེམས་ཅན་འབྱེད་པའི་གདོན༔ རྟོགས་པའི་བདུད་རྩི་སྐེམ་བྱེད་པ༔ རིག་པ་རྡོ་རྗེའི་མཚོན་ཆ་ཡིས༔ སྙིང་ནས་དྲངས་ནས་རྡུལ་དུ་བརླག༔ སྐུ་ལྔ་ཚོམ་བུར་ཡ་ལ་ལ༔ གཉིས་འཛིན་འཁོར་འདས་ད་ཕྱེས་ཤིག༔ ཕཊ་ཕཊ༔ མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨཱོྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ། དམ་ཚིག་པ་བསྐྱེད་པ་ནི། རང་སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཤར་བ་ལྟར༔ གུ་རུ་དྲག་པོ་རྩལ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་ན་རྟ་མགོ་གསུམ་གྱེན་ལ་འཚེར་བ༔ དབུ་སྐྲ་སེར་འབོལ་དུ་ཡོད་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ སྤྱན་གསུམ་བསྒྲད་པ༔ ཨམ་གཙིགས་ཨག་ཚོམ་ཁྲོས་པ༔ རྣ་བ་གཉིས་ལ་མི་མགོ་གཉིས་བཅུག་པ༔ ཕྱག་གཡས་པ་ན་ཟླ་བ་གཡོན་པ་ན་ཉི་མ་ཆ་ལང་དུ་རྡེབ་པའི་བར་དུ་གནོད་བྱེད་ཐམས་ཅད་བུན་བུན་སྲེག་པ༔ ཡེ་ཤེས་ཀྱི་སྤུ་གྲིའི་གཤོག་པ་རྡེབ་པ༔ སྟག་གི་ཤམ་ཐམས་དང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ ཞབས་འདོར་ཐབས་སུ་བཞུགས་པ༔ ཧཱུྃ་གི་ང་རོ་སྒྲོག་པ༔ ཁྲོ་བ༔ རྔམ་པ༔ སྐུ་ལ་སྤྱན་མིག་སྟོང་རྩ་གཉིས་འཁྱུག་པ༔ དེའི་ནང་ན་སངས་རྒྱས་སྟོང་རྩ་གཉིས་བཞུགས་པ༔ དགྲ་བགེགས་གནོད་བྱེད་ཞབས་འོག་ཏུ་བརྫིས་པ༔ ཡུམ་སྒྲོལ་བྱེད་མ་དམར་མོ༔ ཕག་མགོ་གསུམ་གྱེན་དུ་ངུར་བ༔ ཕྱག་གཡས་གྲི་གུག་དང་བཅས་པས་ཡབ་ལ་འཁྱུད་པ༔ གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ༔ དུར་ཁྲོད་ཆས་ཀྱིས་བརྒྱན་པ༔ སྐུ་ལ་སྤྱན་སྟོང་རྩ་གཉིས་ཀྱིས་བརྒྱན་པའི་ནང་ན་མཁའ་འགྲོ་སྟོང་རྩ་གཉིས་བཞུགས་པ༔ གཉིས་མེད་བདེ་བའི་རོ་སྙོམས་ཀྱིས་དགྱེས་པ༔ ཐུགས་ཁ་ན་ཉི་མའི་སྟེང་དུ་ཧཱུྃ་ཚོན་གང་བ་གཅིག་ལ་མེའི་འོད་ཟེར་དང༔ རྡོ་རྗེའི་ཚྭ་ཚྭ་འཕྲོ་བ་གཅིག་བསམ༔ དེའི་སྤྱི་བོར་དཀར་གསལ་སྐུའི་ཐོད་ཕྲེང་རྩལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ གཡས་བརྐྱང་གཡོན་བསྐུམ་རུས་པས་བརྒྱན་པ༔ སྐུའི་ཕག་མོ་སྐུ་མདོག་དཀར་མོ་ཕག་ཞལ་གྲི་གུག་ཐོད་ཁྲག་ཡབ་ལ་འཁྱུད་པ་གཅིག་བསམ༔ མགྲིན་པར་གསུང་གི་ཐོད་ཕྲེང་རྩལ་དམར་སྨུག༔ པདྨ་ཕག་མོ་དང་སྦྱོར་ཞིང་པདྨ་དྲིལ་བུ་འཛིན་པ༔ སྙིང་གར་ཐུགས་ཀྱི་བུདྡྷ་ཐོད་ཕྲེང་རྩལ་སྔོན་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ༔ ཡུམ་སངས་རྒྱས་ཕག་མོ་དང་སྦྱོར་བ༔ ལྟེ་བར་ཡོན་ཏན་གྱི་ཐོད་ཕྲེང་རྩལ་གསེར་མདོག༔ རིན་ཆེན་ཕག་མོ་དང་སྦྱོར་ཞིང་རིན་ཆེན་དྲིལ་བུ་འཛིན་པ༔ གསང་བར་ཀརྨ་ཐོད་ཕྲེང་རྩལ་ལྗང་གུ༔ ཀརྨ་ཕག་མོ་དང་སྦྱོར་ཞིང་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ ཀུན་ཀྱང་རུས་རྒྱན་གར་སྟབས་ཅན་འཁོར་ཡང་རང་འདྲ་མང་པོས་བསྐོར་བའོ༔ ཞེས་གསལ་གདབ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཧཱུྃ༔ ཆད་མཐའ་བྲལ་བ་སྟོང་པའི་དབྱིངས༔ རྒྱ་ཁྱོན་འདས་པའི་གཞལ་ཡས་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ རྟག་མཐའ་བྲལ་བའི་གསལ་མདངས་ཅན༔ མུ་ཁྱུད་ཐིག་ལེའི་ར་བ་ནས༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ གཉིས་མཐའ་བྲལ་བའི་འགག་མེད་ངང༔ འཛིན་པ་བྲལ་བའི་གཞལ་ཡས་ནས༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ གདུལ་བྱ་གང་འདུལ་གཞལ་ཡས་ནི༔ ཁམས་གསུམ་རིགས་དྲུག་ཞིང་ཁམས་ནས༔ ཡོན་ཏན་ཕྲིན་ལས་ལྔ་ཡི་བདག༔ རིག་འཛིན་རྩལ་འཆང་ཐམས་ཅད་བྱོན༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ སྐྱེ་འགྲོ་ཐམས་ཅད་ཡི་དམ་ལྷ༔ རང་ལུས་འབྱུང་བ་གདོས་བཅས་དག༔ གུ་རུ་དྲག་པོ་བུདྡྷ་རྩལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་འོད་ཟེར་འཕྲོ༔ ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ གཏི་མུག་རྣམ་པར་དག་པའི་རྗེ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ༔ འཁོར་དུ་རྡོ་རྗེ་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཕྱག་ན་པདྨ་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ འདོད་ཆགས་རྣམ་པར་དག་པའི་རྗེ༔ སོ་སོར་རྟོག་པའི་ཡེ་ཤེས་གསལ༔ འཁོར་དུ་པདྨ་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ རྗེ་བཙུན་བུདྡྷ་ཐོད་ཕྲེང་རྩལ༔ ཡི་གེ་ཧཱུྃ་གི་རྣམ་པར་བཞུགས༔ སྐུ་མདོག་མ་ངེས་འོད་ཟེར་འཕྲོ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ངང༔ དུག་ལྔ་རྣམ་པར་དག་པའི་རྗེ༔ མེ་ལོང་ལྟ་བུའི་ཡེ་ཤེས་གསལ༔ འཁོར་དུ་བུདྡྷ་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྗེ་བཙུན་རཏྣ་ཐོད་ཕྲེང་རྩལ༔ ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ ང་རྒྱལ་རྣམ་པར་དག་པའི་རྗེ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ༔ འཁོར་དུ་རིན་ཆེན་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ གསང་གནས་བདེ་སྐྱོང་འཁོར་ལོ་རུ༔ རྗེ་བཙུན་ཀརྨ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ༔ ཕྱག་ན་རྒྱ་གྲམ་འབར་བ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ ཕྲག་དོག་རྣམ་པར་དག་པའི་རྗེ༔ བྱ་བ་གྲུབ་པའི་ཡེ་ཤེས་གསལ༔ འཁོར་དུ་ལས་ཀྱི་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཅེས་དང་། ཧཱུྃ་རིང་ཐུང་མང་དུ་བརྗོད་ལ་སྤྱན་དྲངས། དམ་ཚིག་ཡེ་ཤེས་གཉིས་མེད་པར༔ ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ ཅེས་དམ་ཡེ་བསྲེ། ཨཱོྃ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས་སྨན་དང་། རཀྟ་ཛྭ་ལ་མ་དྷ་ལ་ཧཱུྃ༔ ཞེས་པས་རཀྟ་དང་། ཨཱོྃ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་ཧཱུྃ༔ ཞེས་གཏོར་མས་མཆོད། དེ་ནས་ཕྱག་བྱ་བ་ནི། ཧོ༔ སྤྲོས་པ་མེད་ཅིང་དམིགས་གཏད་བྲལ༔ བླ་མ་ཆོས་སྐུ་ཉིད་ལ་འདུད༔ སྣང་ཡུལ་གྲུབ་ལ་གཟུང་ཡུལ་སྟོང༔ བླ་མ་ལོངས་སྐུ་ཉིད་ལ་འདུད༔ རོལ་པའི་ཆོ་འཕྲུལ་སྣ་ཚོགས་སྟོན༔ བླ་མ་སྤྲུལ་སྐུ་ཉིད་ལ་འདུད༔ སྙིང་རྗེ་ཁྲོས་ནས་ཐུགས་རྗེའི་སྐུ༔ གུ་རུ་དྲག་པོ་རྩལ་ལ་འདུད༔ ངོ་བོ་སྟོང་ལ་འཁོར་འདས་གསལ༔ རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་འདུད༔ སྣ་ཚོགས་ཤར་ཡང་དབྱིངས་སུ་གཅིག༔ རིན་ཆེན་ཐོད་ཕྲེང་ཡབ་ཡུམ་འདུད༔ གཏད་ས་མེད་ཅིང་བདེ་ཉམས་གསལ༔ པདྨ་ཐོད་ཕྲེང་ཡབ་ཡུམ་འདུད༔ བྱུང་ཚོར་རྟོག་པ་ཆོས་སྐུར་གྲོལ༔ ཀརྨ་ཐོད་ཕྲེང་ཡབ་ཡུམ་འདུད༔ རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད༔ གུ་རུའི་སྐུ་ལ་ཕྱག་འཚལ་འདུད༔ ཚངས་དབྱངས་ང་རོ་འགག་པ་མེད༔ གུ་རུའི་གསུང་ལ་ཕྱག་འཚལ་འདུད༔ དྲན་རྟོག་ཐུགས་ལ་འཁྲུལ་པ་མེད༔ གུ་རུའི་ཐུགས་ལ་ཕྱག་འཚལ་འདུད༔ ཕྱི་ནང་གི་མཆོད་པ་འབུལ་བ་ནི། ཧཱུྃ༔ མ་ཧཱ་གུ་རུའི་ལྷ་ཚོགས་ལ༔ མཆོད་པས་ཐུགས་དམ་བསྐང་བ་ནི༔ གཏད་མེད་ཧད་དེ་དགེ་སྡིག་བྲལ༔ ལྟ་བའི་རྒྱལ་པོ་མཆོད་པ་འབུལ༔ བདེ་གསལ་མི་རྟོག་ས་ལེ་ཧྲིག༔ སྒོམ་པའི་རྒྱལ་པོ་མཆོད་པ་འབུལ༔ བྱས་དང་བྱེད་མེད་བཅོས་སླད་བྲལ༔ སྤྱོད་པའི་རྒྱལ་པོ་མཆོད་པ་འབུལ༔ ཡེ་སངས་རྒྱས་པ་སྐུ་ལྔའི་བདག༔ འབྲས་བུའི་རྒྱལ་པོ་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཞེན་བྲལ་རོལ་པའི་མཆོད་པ་འབུལ༔ འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག༔ རང་གྲོལ་ཆེན་པོའི་མཆོད་པ་འབུལ༔ ས་ཆུ་མེ་རླུང་ནམ་མཁའ་ལྔ༔ རང་གཟུགས་སྟོང་པའི་མཆོད་པ་འབུལ༔ དཀར་སེར་དམར་ལྗང་མཐིང་དང་ནག༔ འཛིན་མེད་ཅོག་གཞག་མཆོད་པ་འབུལ༔ དབང་པོ་སྒོ་ལྔ་ཕུང་པོ་ལྔ༔ ཡུལ་མེད་མིང་བྲལ་མཆོད་པ་འབུལ༔ ཤ་རུས་ཁྲག་དྲོད་སེམས་རྟོག་རྣམས༔ ཞེན་བྲལ་འོད་ལྔའི་སྦུབས་སུ་མཆོད༔ སྣང་བ་དཀར་དམར་གཏོར་གཞོང་དུ༔ འགྱུ་བ་རྟོག་པའི་གཏོར་མ་བཙུག༔ རླུང་སེམས་དྲན་པའི་གཏོར་རྒྱན་སྤྲས༔ གུ་རུ་ཆེན་པོས་བཞེས་སུ་གསོལ༔ རང་སངས་རིག་པའི་དཀྱིལ་འཁོར་དུ༔ སྤྲོས་བྲལ་ཡེ་ཀློང་ཆེན་པོར་འབུལ༔ ངོ་བོ་རིག་སྟོང་ངང་དུ་བཞེས༔ རང་བཞིན་འོད་གསལ་ངང་དུ་བཞེས༔ ཐུགས་རྗེ་ཀུན་ཁྱབ་ངང་དུ་བཞེས༔ ཞེས་པས་མཆོད། དེ་ནས་སྣང་སྲིད་ཐམས་ཅད་ཧཱུྃ་གི་རང་སྒྲ་འུར་འུར་དིར་དིར་སྒྲོག་པར་བསམ། ཤེས་པ་ཧུར་བཏོན། རིག་པ་ངར་ཕྱུང་སྟེ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ངར་དང་བཅས་ཏེ་བཟླ། སྐབས་སུ་གསོལ་བ་གདབ་པ་ནི། ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ སྐྱེ་འགྲོ་ཐམས་ཅད་ཡི་དམ་ལྷ༔ རང་ལུས་འབྱུང་བ་གདོས་བཅས་དག༔ གུ་རུ་དྲག་པོ་བྷུདྡྷ་རྩལ༔ མོས་གུས་གདུང་བས་གསོལ་བ་འདེབས༔ སྙེམ་ཐག་ཆོད་པར་བྱིན་གྱིས་རློབས༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་འོད་ཟེར་འཕྲོ༔ ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ གཏི་མུག་རྣམ་པར་དག་པའི་རྗེ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ༔ འཁོར་དུ་རྡོ་རྗེ་མཁའ་འགྲོས་བསྐོར༔ བདག་ཅག་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བཛྲ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ བར་འདི་རྣམས་སུ་ཧཱུྃ་རིང་ཧཱུྃ་ཐུང་བགྲང་ཞིང་དབང་བཞིའི་དམིགས་པ་གསལ་བར་བསྒོམ་པ་འགྲེ། ལྷ་ལས་འོད་བྱུང་སྤྱི་བོ་གང༔ གཏི་མུག་ལས་ཀྱི་སྒྲིབ་པ་དག༔ བུམ་པའི་དབང་མཆོག་ཐོབ་ནས་ཀྱང༔ ཆོས་དབྱིངས་སྐུ་ཡིས་བྱིན་བརླབས་བསྒོམ༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཕྱག་ན་པདྨ་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ འདོད་ཆགས་རྣམ་པར་དག་པའི་རྗེ༔ སོ་སོར་རྟོག་པའི་ཡེ་ཤེས་གསལ༔ འཁོར་དུ་པདྨ་མཁའ་འགྲོས་བསྐོར༔ བདག་ཅག་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ པདྨ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྷ་ལས་འོད་བྱུང་མགྲིན་པ་གང༔ འདོད་ཆགས་ལས་ཀྱི་སྒྲིབ་པ་དག༔ གསང་བའི་དབང་མཆོག་ཐོབ་ནས་ཀྱང༔ སོར་རྟོག་གསུང་གིས་བྱིན་བརླབས་སྒོམ༔ ཧཱུྃ༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ རྗེ་བཙུན་བྷུདྡྷ་ཐོད་ཕྲེང་རྩལ༔ ཡི་གེ་ཧཱུྃ་གི་རྣམ་པར་བཞུགས༔ སྐུ་མདོག་མ་ངེས་འོད་ཟེར་འཕྲོ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ངང༔ དུག་ལྔ་རྣམ་པར་དག་པའི་རྗེ༔ མེ་ལོང་ལྟ་བུའི་ཡེ་ཤེས་གསལ༔ འཁོར་དུ་བྷུདྡྷ་མཁའ་འགྲོས་བསྐོར༔ བདག་ཅག་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བྷུདྡྷ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྷ་ལས་འོད་བྱུང་སྙིང་ཁ་གང༔ དུག་ལྔ་ཡིད་ཀྱི་སྒྲིབ་པ་དག༔ མེ་ལོང་ཐུགས་ཀྱིས་བྱིན་བརླབས་བསྒོམ༔ ཧཱུྃ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རུ༔ རྗེ་བཙུན་རཏྣ་ཐོད་ཕྲེང་རྩལ༔ ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ ང་རྒྱལ་རྣམ་པར་དག་པའི་རྗེ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ༔ འཁོར་དུ་རིན་ཆེན་མཁའ་འགྲོས་བསྐོར༔ བདག་ཅག་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རཏྣ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྷ་ལས་འོད་བྱུང་ལྟེ་བ་གང༔ ང་རྒྱལ་སེར་སྣའི་སྒྲིབ་པ་དག༔ མཉམ་ཉིད་ཡོན་ཏན་བྱིན་བརླབས་བསྒོམ༔ ཧཱུྃ༔ གསང་གནས་བདེ་སྐྱོང་འཁོར་ལོ་དུ༔ རྗེ་བཙུན་ཀརྨ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ༔ ཕྱག་ན་རྒྱ་གྲམ་འབར་བ་བསྣམས༔ གཉིས་མེད་གསང་བའི་ཡུམ་དང་སྦྱོར༔ ཕྲག་དོག་རྣམ་པར་དག་པའི་རྗེ༔ བྱ་བ་གྲུབ་པའི་ཡེ་ཤེས་གསལ༔ འཁོར་དུ་ལས་ཀྱི་མཁའ་འགྲོས་བསྐོར༔ བདག་ཅག་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཀརྨ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྷ་ལས་འོད་བྱུང་གསང་གནས་གང༔ ཕྲག་དོག་ལས་ཀྱི་སྒྲིབ་པ་དག༔ བྱ་གྲུབ་ཕྲིན་ལས་བྱིན་བརླབས་བསྒོམ༔ འདི་ལ་བཟླས་པའི་གྲངས་ཚད་མ་གསུངས། རྟགས་དངོས་ཉམས་རྨི་ལམ་དུ་འབྱུང་བ་དང་། དུས་ཞག་བདུན་མུན་མཚམས་བྱ་བར་གསུངས་སོ། །བསྙེན་སྒྲུབ་ཀྱི་དགོང་མོའི་ཆ་དང་། དབང་གི་སྐབས་བར་འདིར་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་ཤན་པ་སྲོག་ཟན་ནག་མོ་དང་གཟའ་བདུད་དམ་ཅན་རྣམས་ལ་གཏོར་མ་འབུལ་ཅིང་ཕྲིན་ལས་བཅོལ་ལོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་ཚོགས་མཆོད་ནི། ཚོགས་རྫས་ཅི་འབྱོར་བཤམ། བདུད་རྩི་བྲན་ལ། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གསུམ༔ དུག་གསུམ་ཆོས་ཀྱི་དབྱིངས་སུ་བཀྲུ༔ རཾ་ཡཾ་ཁཾ། ཧཱུྃ༔ བྱིན་གྱིས་རློབ་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་མེད་ངང༔ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང༔ སྐུ་གསུམ་ངང་དུ་བདུད་རྩིར་བསྐྱིལ༔ ཨཱོྃ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས་ལ། དང་པོ་ཆོས་སྐུ་ལ་མཆོད་པ་ནི། ཧཱུྃ༔ ཞལ་ཟས་འབྱོར་ལྡན་དམ་པ་འདི༔ བརྟག་ཅིང་བརྟག་ཅིང་བྱུང་ཚོར་སྟོང༔ དཔག་མེད་དམིགས་མེད་འཛིན་པ་མེད༔ ཆོས་སྐུ་སྐྱེ་མེད་ཚོགས་ལ་རོལ༔ གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པས་ལོངས་སྐུ་ལ་བསྐང་ཞིང་བཤགས་པ་ནི། ཧཱུྃ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ རང་སྣང་དུཿཁ་སོ་སོར་བཟུང༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་ཁྱུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ ཞེས་དང་། ཡིག་བརྒྱ་བརྗོད། ཐ་མ་སྤྲུལ་སྐུའི་ཞལ་དུ་བསྟབ་པ་ནི། ཧཱུྃ༔ ང་དང་བདག་ཏུ་འཛིན་པའི་སེམས༔ མྱ་ངན་མ་འདས་རུ་དྲ་འདི༔ རིག་པ་རྡོ་རྗེའི་མཚོན་གྱིས་བསྣུན༔ རྟོག་ཚོགས་སྤྲུལ་སྐུའི་ཀློང་དུ་རོལ༔ ཨཱོྃ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ མ་ཧཱ་བ་ལིཾ་ཏ་རཀྟ༔ ཀིཾ་ནི་རི་ཏི༔ ཛྭ་ལ༔ པ་ཏཾ༔ པཱུ་ཙ༔ མ་དྷ་ལ༔ གྷ་ན་ཙཀྲ་ཁ་རཾ་སརྦ་ཁཱ་ཧི༔ ཞེས་ཚོགས་ཕུད་གཏོར་མ་ཕུལ། དེ་ནས་སྤྲོ་ན་འདི་ཉིད་ཀྱི་གཏེར་ཁ་ལས་འབྱུང་བ་སོགས་རྩ་གསུམ་སྤྱི་སྐོང་རྒྱས་བསྡུས་གང་རུང་བྱ། འདིར་གཏེར་གཞུང་ལས་ཚོགས་དང་གཏོར་མའི་དབང་བསྐུར་འབྱུང་ཡང་ད་ལྟའི་ཕྱག་ལེན་དང་མཐུན་པར་འོག་ཏུ་བསྟན་ཞིང་། འདིར་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མའི་ཆོ་ག་ནི། ཧཱུྃ༔ རྟོག་ཚོགས་ཆོས་སྐུའི་ལྷག་མ་འདི༔ སོ་མ་ངང་དྭངས་ཀློང་དུ་བཞེས༔ དུག་ལྔ་ཡེ་ཤེས་ལྷག་མ་འདི༔ མ་བསྒྱུར་མ་སྤང་ངང་དུ་བཞེས༔ ཤ་ཁྲག་དྲོད་དབུགས་ལྷག་མ་འདི༔ འཇའ་འོད་ཐིག་ལེའི་ཀློང་དུ་བཞེས༔ དུཿཁ་ཀུན་རྟོག་རྐྱེན་ཚོར་རྣམས༔ རང་རྟོགས་གཟུང་འཛིན་རང་གྲོལ་བཞེས༔ མ་རྟོགས་འགྱུ་བྱེད་སྤུན་པོ་འདི༔ རྟོགས་ནས་ཐུགས་རྗེའི་ཀློང་དུ་རོལ༔ ཕཊ་ཕཊ་ཕཊ༔ ཅེས་ཕྱི་རོལ་དུ་གཏང་། དེ་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་བླ་མ་རྣམས༔ མ་བསྒྲུབ་རང་བྱུང་ཕྲིན་ལས་ཀྱིས༔ གཟུགས་སྐུ་གཉིས་ཀྱིས་དོན་བྱའི་ཕྱིར༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐུལ༔ ལོངས་སྐུའི་བླ་མ་སྐུ་ལྔ་རྣམས༔ ཉམས་ལེན་དྲོད་ཚད་སྣང་བཞི་ཡིས༔ བདག་གཞན་དོན་གཉིས་བྱ་བའི་ཕྱིར༔ འཁོར་བ་དོང་སྤྲུག་ཐུགས་དམ་བསྐུལ༔ སྤྲུལ་སྐུའི་བླ་མ་མ་ངེས་ཀུན༔ གདམས་པ་བརྩོན་འགྲུས་ཐུག་ཕྲད་ཀྱིས༔ ཚོགས་དྲུག་ཡུལ་རྣམས་དག་བྱའི་ཕྱིར༔ དྲན་འཛིན་གཉན་པོའི་ཐུགས་དམ་བསྐུལ༔ ལེ་ལོས་དུས་འདས་སྒོམ་སྒྲུབ་འདི༔ དར་རྒུད་སྐྱེ་འཆི་འགྱུར་ལྡོག་གིས༔ འཁོར་བའི་རྦ་ལས་ཐར་བྱའི་ཕྱིར༔ ཞེན་ལོག་ཆེན་པོའི་ཐུགས་དམ་བསྐུལ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་སྐུལ༔ མཛོད་ཅིག་མཛོད་ཅིག་མ་གཡེལ་མཛོད༔ ཟློག་གོ་གཉིས་འཛིན་བློ་རྟོག་ཟློགས༔ སྒྱུར་རོ་རེ་དོགས་བདུད་རྣམས་སྒྱུར༔ བྷྱོ་བྷྱོ་ཟློག་ཟློག་སོད་སོད་བྷྱོ༔ བཀའི་ཆད་མདོ་གཏང་བ་ནི། གཏོར་མ་བཏེགས་ལ། བྷྱོ༔ སྔོན་ཚེ་འདས་དུས་རྟོག་པ་སྔ་མ་ལ༔ གཞི་མེད་རྩ་བ་བྲལ་བའི་གནས་མཆོག་ཏུ༔ ངོ་བོ་ངོས་གཟུང་མེད་པའི་སློབ་དཔོན་གྱིས༔ གཟུང་ཡུལ་རིས་དང་བྲལ་བའི་སློབ་མ་ལ༔ རྣམ་རྟོག་མཚན་མ་བྲལ་བའི་དབང་བསྐུར་ཚེ༔ སྔ་མ་འདས་པའི་རྣམ་རྟོག་ཀུན་འདུས་ནས༔ ཆོས་སྐུ་ཡེ་སངས་རྒྱས་པར་མ་ཆད་དམ༔ ཚོགས་དྲུག་འགྱུ་བའི་གཏོར་མ་འདི་བཞེས་ལ༔ ཆོས་སྐུ་ཟང་ཐལ་ཆེན་པོ་གྲུབ་པར་མཛོད༔ ད་ལྟ་བར་གྱི་རྟོག་པ་བར་མ་ལ༔ གང་སྣང་མ་འགགས་གསལ་བའི་གནས་མཆོག་ཏུ༔ ཅི་ཤར་ཞིང་ཁམས་རྒྱས་པའི་སློབ་དཔོན་གྱིས༔ བློ་རྟོག་སྤྲོས་པ་ཆོད་པའི་སློབ་མ་ལ༔ རིག་པ་མངོན་སུམ་སྟོན་པའི་དབང་བསྐུར་ཚེ༔ ད་ལྟ་གནས་པའི་དྲན་རྟོག་ཀུན་འདུས་ནས༔ ལོངས་སྐུ་རྩལ་སྣང་རྒྱས་པར་མ་ཆད་དམ༔ རྒྱ་འབྱམས་ལྷུག་པའི་གཏོར་མ་འདི་བཞེས་ལ༔ ལོངས་སྐུ་ཉམས་སྣང་འཕེལ་བའི་ཕྲིན་ལས་མཛོད༔ སླད་ནས་མ་འོངས་རྟོག་པ་ཐ་མ་ལ༔ ཅི་ཤར་རྗེས་མེད་ཡལ་བའི་གནས་མཆོག་ཏུ༔ འཁོར་འདས་ཐིག་ལེར་རྫོགས་པའི་སློབ་དཔོན་གྱིས༔ བཟང་ངན་བླང་དོར་བྲལ་བའི་སློབ་མ་ལ༔ རྫས་ཚིག་མིང་དང་བྲལ་བའི་དབང་བསྐུར་ཚེ༔ མ་འོངས་སླད་ཀྱི་དྲན་པ་ཀུན་འདུས་ནས༔ འབྲས་བུ་སྐུ་གསུམ་ཐོབ་པར་མ་ཆད་དམ༔ ཀ་དག་དམིགས་གཏད་བྲལ་བའི་གཏོར་མ་བཞེས༔ འབྲས་བུ་ཆོས་ཟད་བློ་འདས་གྲུབ་པར་མཛོད༔ ཅེས་གཏོར་མ་ཕྱིར་བསྐྱེལ། གཏོར་སྣོད་བཤལ་ཆུས་བཤལ་ལ་གཏང་། ཁ་སྦུབ་ལ་གནན་པ་བྱ་བ་ནི། ཧྲཱི༔ ཤར་དུ་ཞེ་སྡང་འཇོམས་པའི་བྲོ༔ མེ་ལོང་ཡེ་ཤེས་ལམས་སེ་ལམ༔ གསལ་སྟོང་ཆེན་པོར་ཁྲོ་ལོ་ལོ༔ བཛྲ་ཐོད་ཕྲེང་ཞབས་ཀྱིས་གནན༔ ཧྲཱི༔ ལྷོ་རུ་ང་རྒྱལ་འཇོམས་པའི་བྲོ༔ མཉམ་ཉིད་ཡེ་ཤེས་ལམས་སེ་ལམ༔ གྲགས་སྟོང་ཆེན་པོར་ཁྲོ་ལོ་ལོ༔ རཏྣ་ཐོད་ཕྲེང་ཞབས་ཀྱིས་གནན༔ ཧྲཱི༔ ནུབ་ཕྱོགས་འདོད་ཆགས་འཇོམས་པའི་བྲོ༔ སོར་རྟོག་ཡེ་ཤེས་ལམས་སེ་ལམ༔ བདེ་སྟོང་ཆེན་པོར་ཁྲོ་ལོ་ལོ༔ པདྨ་ཐོད་ཕྲེང་ཞབས་ཀྱིས་གནན༔ ཧྲཱི༔ བྱང་དུ་ཕྲག་དོག་འཇོམས་པའི་བྲོ༔ བྱ་གྲུབ་ཡེ་ཤེས་ལམས་སེ་ལམ༔ དྲན་སྟོང་ཆེན་པོར་ཁྲོ་ལོ་ལོ༔ ཀརྨ་ཐོད་ཕྲེང་ཞབས་ཀྱིས་གནན༔ ཧྲཱི༔ དབུས་སུ་གཏི་མུག་འཇོམས་པའི་བྲོ༔ ཆོས་དབྱིངས་ཡེ་ཤེས་ལམས་སེ་ལམ༔ མི་རྟོག་ཆེན་པོར་ཁྲོ་ལོ་ལོ༔ བུདྡྷ་ཐོད་ཕྲེང་ཞབས་ཀྱིས་གནན༔ ཧཱུྃ༔ དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ཀློང་དུ་མཱ་ར་ཡ་ནན༔ དེ་ནས་ཁ་གྱེན་དུ་བསླང་། འབྲུ་འཐོར་ལ་རྟེན་སྙིང་བརྗོད། སྐབས་འདིར་རང་གིས་དབང་ལེན་པའམ་གཞན་ལ་བྱིན་རླབས་བྱེད་ན། ཚོགས་དང་གཏོར་མ་ལྷར་གསལ་བ་སྤྱི་བོར་བཞག་ལ། ཧཱུྃ༔ གང་སྣང་གུ་རུ་ཉིད་ཀྱི་སྐུ༔ བཅོས་བསླད་བྲལ་བའི་རིག་པ་ལྟོས༔ གཟུགས་སྣང་ཐམས་ཅད་སྟོང་གཟུགས་ཡིན༔ གཏོར་མ་ཆོས་སྐུའི་དབང་ཐོབ་ཤོག༔ ཨཱོྃ༔ མགྲིན་པར་བཞག་ལ། ཧཱུྃ༔ སྒྲ་ཚིག་བརྗོད་པ་ཧཱུྃ་གི་སྒྲ༔ རང་གྲགས་སྟོང་གྲགས་ངང་དུ་ལྟོས༔ བཟང་ངན་རིས་མེད་སྟོང་པ་ཡིན༔ གཏོར་མ་ལོངས་སྐུའི་དབང་ཐོབ་ཤོག༔ ཨཱ༔ སྙིང་ཁར་བཞག་ལ། ཧཱུྃ༔ རྟོག་འཛིན་སངས་རྒྱས་བླ་མའི་ཐུགས༔ འགྱུ་བ་ཝལ་པོ་རྗེས་མེད་ཡིན༔ ཡེ་སྟོང་ཟང་ཐལ་ངང་དུ་གློད༔ གཏོར་མ་སྤྲུལ་སྐུའི་དབང་ཐོབ་ཤོག༔ ཧཱུྃ༔ ལྟེ་བར་བཞག་ལ། ཧཱུྃ༔ ཆོས་རྣམས་ཡེ་ནས་གཞི་རྩ་བྲལ༔ སྣང་བའི་དུས་ན་ཀུན་གྲུབ་ཀྱང༔ སྟོང་པའི་དུས་ན་གྲུབ་པ་མེད༔ སྣང་སྟོང་གཉིས་སུ་མེད་པའི་དབང༔ ཚོགས་གཉིས་རྫོགས་པའི་དབང་ཐོབ་ཤོག༔ ཧྲཱི༔ ཞེས་པས་སྙིང་པོ་དོན་གྱི་དབང་བསྐུར་རྫོགས་པར་འགྱུར་རོ། །དེ་ནས་གཏང་རག་མཆོད་བསྟོད་སྤྱི་མཐུན་སྤྲོ་ན་བཀག་པ་མེད་པས་མདོར་བསྡུས་བྱ། གཞུང་ནས་མ་བཤད་ཅིང་ཨ་ཏིའི་དོན་ཕྲིན་གྱི་འགྲོས་ཡིན་པས་མེད་ཀྱང་ཆོག །ནོངས་བཤགས་བཟོད་གསོལ་ནི། ཧྲཱི༔ བསྐྱེད་རྫོགས་མ་གསལ་བྱིང་རྒོད་ཀྱིས༔ སྒྲུབ་པ་དུས་འདས་ལེ་ལོར་གྱུར༔ ཛཔ྄་བསྙེན་གཞུང་བཞིན་མ་གྲུབ་ཅིང༔ ཚོགས་མཆོད་འབྱོར་ཚོགས་ཆུང་བ་རྣམས༔ ཡང་དག་རིག་པའི་ལྷ་ཚོགས་ལ༔ བཤགས་བྱ་བཤགས་བྱེད་གཉིས་མེད་ཀྱང༔ མ་རིག་འགྱུ་བའི་ལྷ་ཚོགས་ལ༔ གསང་སྔགས་དམ་ཚིག་ཉམས་ཆག་རྣམས༔ མཐོལ་ལོ་ཡེ་ཤེས་ལྷ་ལ་བཤགས༔ ཀུན་བཟང་ཡངས་པའི་ཀློང་དུ་ཧོ༔ རྩོལ་བྲལ་ཡེ་རྫོགས་ཆེན་པོར་མཉམ་པར་བཞག་པ་ལས་རྩོལ་བཅས་ཀྱི་བསྡུ་ལྡང་མ་བཤད་ཀྱང་ལས་དང་པོ་པ་ལྟར་ན། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་བླ་མའི་དཀྱིལ་འཁོར་ཤར༔ འགགས་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་དབྱིངས་ཀ་དག་གི་ངང་དུ་བསྡུ། རིག་རྩལ་རང་བྱུང་གི་ཡེ་ཤེས་ལམ་དུ་ཁྱེར་རོ། །བསྔོ་བ་ནི། ཧོ༔ དུས་གསུམ་བསྐྱེད་རྫོགས་ཟུང་འཇུག་བསྒོམས༔ ཐོས་བསམ་མྱོང་རྟོགས་བཤད་སྒྲུབ་ཀྱིས༔ ཚོགས་གཉིས་དགེ་བ་ཅི་བསགས་པ༔ འབྲས་བུ་སྐུ་ལྔའི་ཀློང་དུ་བསྔོ༔ བཀྲ་ཤིས་བརྗོད་པ་ནི། ཨེ་མ་ཧོ༔ སྟོང་དབྱིངས་ཆད་མཐའ་བྲལ་གྱུར་པའི༔ རིག་འཛིན་བརྒྱུད་པའི་བཀྲ་ཤིས་ཤོག༔ ཕུང་ཁམས་དབང་རྟོག་དག་གྱུར་པའི༔ ལྷུན་གྲུབ་ཡི་དམ་བཀྲ་ཤིས་ཤོག༔ འགྱུ་རྟོག་འཕྲོ་འདུ་དག་གྱུར་པའི༔ མ་མོ་དྷཱ་ཀིའི་བཀྲ་ཤིས་ཤོག༔ བདག་འཛིན་རུ་ཏྲ་དག་གྱུར་པའི༔ བསྟན་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དབབ་ཅིང་དགེ་ལེགས་སུ་བྱའོ། །འོག་གི་ཡི་དམ་མཁའ་འགྲོ་གཉིས་ཀྱང་རང་རང་གི་ཁྱད་ཆོས་རྣམས་མ་གཏོགས་ལས་བྱང་གི་ཁོག་འདིས་འགྲེ་དགོས་སོ།། །། ༄༅། །གཉིས་པ་གསང་དབང་དང་འབྲེལ་བ་ཡི་དམ་ཞི་ཁྲོའི་ཕྲིན་ལས་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་གཤོམ་གྱི་སྦྱོར་བ་བླ་མའི་སྐབས་ལྟར་ལ་འདིར་ཡི་དམ་གྱི་གཏོར་ཆེན་བཤམས་པ་ཁྱད་པར་དང་། ཕྲིན་ལས་ཀྱི་སྔོན་འགྲོ་རྣམས་ཀྱང་དེ་ལྟར་ལ་བགེགས་གཏོར་དགོས་མིན་སྐབས་དང་བསྟུན། སྐྱབས་འགྲོ་ནི། ན་མོ༔ རྒྱལ་བ་ཞི་ཁྲོ་མངོན་སངས་རྒྱས༔ མཉམ་ཉིད་འཁོར་འདས་བདེ་ཆེན་ངང༔ དམིགས་བཅས་དམིགས་མེད་མཚན་མ་བྲལ༔ མི་སྤང་མི་སྒྲུབ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སྐུ་ནི་སྟོང་གསལ་འཇའ་དང་འདྲ༔ གསུང་ནི་གྲགས་སྟོང་ཆོས་ཚིག་ལ༔ ཐུགས་ནི་དྲན་སྟོང་སྐྱེ་མེད་དབྱིངས༔ ཟང་ཐལ་ཆེན་པོར་སེམས་བསྐྱེད་དོ༔ གསུམ་བརྗོད་ལ་མཚམས་གཅོད་དང་མཆོད་རྫས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ། གཞུང་གི་དངོས་བསྟན་གཙོ་བོ་ཁོ་ན་ལ་བསྟེན་ནས་འབྲུ་གསུམ་གྱི་བསྙེན་པ་དང་། དཀྱིལ་འཁོར་ལ་བསྟེན་ནས་རིགས་ལྔའི་སྙིང་པོའི་སྒྲུབ་པ་རིམ་པར་བྱ། གཉིས་ཀའང་བསྐྱེད་བཟླས་ལ་དངོས་གཞི་དང་། ཐུན་མཚམས་སུ་མཆོད་བསྟོད་ཀྱིས་ཚོགས་གསག་པར་གསུངས་པས་བསྙེན་སྒྲུབ་ཆེད་དུ་བྱེད་ན་དེ་ལྟར་དགོས་ལ། འདིར་གཙོ་བོ་དབང་སྒྲུབ་སོགས་ལ་ཁྱེར་བདེར་དམིགས་ནས་གསང་བ་སྤྱི་འགྲོའི་དབང་དུ་བྱས་ན། དམ་ཚིག་པ་བསྐྱེད་པ་ནི། རང་གི་རིག་པ་འདི་ཉིད་ཡི་གེ་ཧཱུྃ་གཅིག་བསམ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད༔ ཤར་ཀེ་ཀེ་རུ་དཀར་པོ་ལས་གྲུབ་པ༔ ལྷོ་རིན་ཆེན་གསེར་ལས་གྲུབ་པ༔ ནུབ་པདྨ་རཱ་ག་དམར་པོ་ལས་གྲུབ་པ༔ བྱང་ཨིནྡྲ་ནཱི་ལ་ལྗང་གུ་ལས་གྲུབ་པའི་གཞལ་ཡས་ཁང༔ ས་གཞི་ཐམས་ཅད་བཻ་ཌཱུརྻ་ལྟར་མཉམ་པ༔ ཡངས་པ༔ གྲུ་བཞི་སྒོ་བཞི་རྒྱ་ཁྱོན་ལས་འདས་པ༔ ཉི་ཟླའི་སྐར་ཁུང༔ རིན་པོ་ཆེའི་དྲྭ་མིག༔ འདོད་ཡོན་གྱི་ལྷ་མོས་བརྒྱན་པ༔ མ་འབྱོར་པ་དང་མ་ཚང་བ་མེད་པའི་ལོངས་སྤྱོད་ཀྱིས་གང་བའི་དབུས་སུ༔ འོད་ཟེར་གཅིག་ཏུ་འདུས་པས་པདྨ་དང་ཉི་ཟླའི་གདན་སྟེང་དུ་དར་ཟབ་ཀྱི་ལྷབ་ལྷུབ་ཁྲིའི་སྟེང་དུ༔ རང་སེམས་ཀུན་ཏུ་བཟང་པོ་ཆེ་ཆུང་རི་རབ་ཙམ་པ༔ ཡབ་ཡུམ་གཉིས་འཁྲིལ་སྦྱོར་དུ་བཞུགས་པ༔ ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པ༔ དབུ་རྒྱན་རིན་པོ་ཆེས་བརྒྱན་པ༔ ཞལ་འཛུམ་མདངས་སྐུ་སྟོད་དར་དཀར་གྱི་ལྷབ་ལྷུབ་གསོལ་བ༔ སྐུ་སྨད་དར་དམར་གྱི་སྨད་དཀྲིས་ཅན༔ འཇའ་དང་འོད་ཀྱི་གུར་ཁང་གི་དབུས་ན་བཞུགས་པ༔ དེའི་སྤྱི་བོར་འཁོར་ལོའི་སྟེང་ན་ཡི་གེ་ཨཱོྃ་དཀར་པོ༔ མགྲིན་པར་པདྨའི་སྟེང་ན་ཡི་གེ་ཨཱཿདམར་པོ༔ སྙིང་ཁར་རྡོ་རྗེའི་སྟེང་ན་ཡི་གེ་ཧཱུྃ་མཐིང་ཁ༔ དཀར་དམར་མཐིང་གསུམ་འོད་ཀྱི་གོང་བུར་འཁྱིལ་བའོ༔ ཤར་ཕྱོགས་ཐིག་ལེ་དཀར་པོ་ལྔ་ལྡན་གྱི་སྟེང་ན༔ རྡོ་རྗེ་སེམས་དཔའ་ཕྱེད་སྐྱིལ་ཞལ་གཅིག་ཕྱག་གཉིས་པ༔ ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ༔ འཁོར་རྡོ་རྗེ་དཔའ་བོ་དང་དཔའ་མོ་བདུན་འབུམ་གྱིས་བསྐོར་བ༔ ཐུགས་སྲོག་ཧཱུྃ་དུ་གནས་པའོ༔ ལྷོ་ཕྱོགས་ཐིག་ལེ་སེར་པོ་ལྔ་ལྡན་གྱི་སྟེང་ན༔ རིན་ཆེན་འབྱུང་ལྡན་ཕྱེད་སྐྱིལ་ཞལ་གཅིག་ཕྱག་གཉིས་པ༔ ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ་སེར་པོ་རིན་ཆེན་དང་དྲིལ་བུ་བསྣམས་པ༔ འཁོར་དུ་རིན་ཆེན་དཔའ་བོ་དཔའ་མོ་བདུན་འབུམ་གྱིས་བསྐོར་བ༔ ཐུགས་སྲོག་སྭཱ་སེར་པོར་གནས་པའོ༔ ནུབ་ཕྱོགས་ཐིག་ལེ་དམར་པོ་ལྔ་ལྡན་གྱི་སྟེང་ན༔ སྣང་བ་མཐའ་ཡས་ཕྱེད་སྐྱིལ་ཞལ་གཅིག་ཕྱག་གཉིས་པ༔ ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ་པདྨ་དང་དྲིལ་བུ་བསྣམས་པ༔ འཁོར་དུ་པདྨ་དཔའ་བོ་དཔའ་མོ་བདུན་འབུམ་གྱིས་བསྐོར་བ༔ ཐུགས་སྲོག་ཧྲཱིཿདམར་པོར་གནས་པའོ༔ བྱང་ཕྱོགས་ཐིག་ལེ་ལྗང་གུ་ལྔ་ལྡན་གྱི་སྟེང་ན༔ དོན་ཡོད་གྲུབ་པ་ཕྱེད་སྐྱིལ་ཞལ་གཅིག་ཕྱག་གཉིས་པ༔ ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ༔ འཁོར་དུ་ཀརྨ་དཔའ་བོ་དང་དཔའ་མོ་བདུན་འབུམ་གྱིས་བསྐོར་བ༔ ཐུགས་སྲོག་ཧཱ་ལྗང་གུར་གནས་པའོ༔ ཀུན་ཀྱང་སྣང་ཡུལ་དུ་གྲུབ་ལ་གཟུང་ཡུལ་དུ་མ་གྲུབ་པའོ༔ རང་ཉིད་ཀྱི་སྙིང་རྡོ་རྗེ་རྩེ་ལྔ་པར་འདུག་པའི་ལྟེ་བར་ཉི་ཟླ་པདྨའི་གདན་ལ༔ ཁྲོ་བོའི་རྒྱལ་པོ་འདུས་པ་རྩལ་སྐུ་མདོག་མཐིང་ནག༔ ཞལ་གསུམ་པ་དཀར་མཐིང་དམར་བ༔ ཕྱག་གཡས་ན་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པ༔ ཕྱག་གཡོན་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ༔ གཉིས་མེད་དུ་འཁྲིལ་བའི་ཡུམ་བདེ་ཆེན་མ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ༔ སྐུའི་ནང་ན་མཁའ་འགྲོ་བྱེ་བ་དུང་ཕྱུར་བཞུགས་པ༔ སྤྱི་བོའི་གཙུག་ན་བླ་མ་བརྒྱུད་པ་དང་བཅས་པ་བཞུགས་པ༔ སྐུ་མདོག་མ་ངེས་འཇའ་རིས་སུ་ཁྱུག་ཁྱུག་པའི་རང་བཞིན་དུ་གསལ་བ༔ ཐམས་ཅད་ཀྱི་ཐུགས་སྲོག་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་པར་གྱུར། ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ༔ མི་དམིགས་ཆོས་སྐུའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་བྱོན༔ གསལ་དག་ཐིག་ལེའི་ཀློང་ཡངས་ནས༔ ལོངས་སྤྱོད་རྫོགས་སྐུ་ཞི་ཁྲོ་བྱོན༔ ཀུན་ཁྱབ་བརྡལ་བའི་ཕོ་བྲང་ནས༔ སྤྲུལ་སྐུ་རིག་འཛིན་བླ་མ་བྱོན༔ ཆོས་ཉིད་བརྡལ་བ་ཆེན་པོ་ལ༔ དག་དང་མ་དག་གཉིས་མེད་པ༔ ཐམས་ཅད་ཡེ་ཤེས་ལྷ་ཡི་ཚོགས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བྱོན༔ མཆོད་པ་ཆེན་པོའི་དཀྱིལ་འཁོར་འདིར༔ ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས༔ བཟང་ངན་མེད་པ་སྲིད་པའི་ཞིང༔ ལྷུན་གྲུབ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི༔ ས་མ་ཡ་མུ་དྲ་སཏྭཾ། ས་མ་ཡ་ཏིཥྛ་ལྷན༔ མུ་དྲ་སཏྭཾ༔ བཛྲ་ས་མ་ཡ་ཧཱུྃ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ མི་དམིགས་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་རིག་སྟོང་ཡབ་ཡུམ་དགོངས༔ རང་མདངས་ཐིག་ལེ་གདལ་ཁྱབ་ནས༔ ལོངས་སྐུའི་ལྷ་ཚོགས་རིགས་ལྔ་དགོངས༔ གང་སྣང་མ་ངེས་འགྲོ་དོན་མཛད༔ གཞོན་ནུ་བུམ་སྐུ་ཁྲོ་རྒྱལ་དགོངས༔ ཧཱུྃ༔ སྲིད་པར་གཏོགས་པའི་མེ་ཏོག་འདི༔ ཁ་དོག་མ་ངེས་མཛེས་ལྡན་རྣམས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ སྣང་སྟོང་ངང་དུ་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་འདི༔ དྲི་ངད་མ་ངེས་ཡིད་འོང་རྣམས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ རིག་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་འདི༔ དཀར་དམར་མ་ངེས་འོད་ཀྱི་མདངས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ གསལ་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་འདི༔ དྲི་མདོག་མ་ངེས་རེག་བདེ་རྣམས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ བདེ་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་འདི༔ རང་བྱུང་ལྷན་སྐྱེས་སྦྱར་བ་རྣམས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ མྱོང་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་འདི༔ སྒྲ་སྐད་མ་ངེས་སྙན་སིལ་རྣམས༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ གྲགས་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ སྲིད་པར་གཏོགས་པའི་ཞིང་ཁམས་ན༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་རྣམས༔ རབ་འབྱམས་ལོངས་སྐུའི་ཚོམ་བུ་བཀྲམ༔ མཛེས་པའི་རི་མོ་ཝ་ལ་ལ༔ མཉམ་ཉིད་ལྷ་ཚོགས་ལམས་སེ་ལམ༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ འགྱུ་སྟོང་ཆེན་པོར་བཞེས་སུ་གསོལ༔ ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ སྣང་སྟོང་དག་པའི་མཁའ་གསང་ནས༔ བདེ་སྟོང་གཉིས་མེད་བྱང་ཆུབ་སེམས༔ གསལ་སྟོང་དག་པའི་ལྷ་ལ་འབུལ༔ རིག་སྟོང་ཀློང་དུ་བཞེས་མཛོད་ལ༔ འགག་མེད་རྩལ་གྱི་དབང་ཐོབ་ནས༔ སྐྱེ་མེད་རྒྱ་ཡན་རྟོགས་པར་ཤོག༔ བསྟོད་པ་ནི། ཧོ༔ དམིགས་གཏད་བྲལ་བའི་ཕོ་བྲང་ནས༔ གཟུང་ཡུལ་བྲལ་བའི་ཞི་ཁྲོ་ཤར༔ བླ་མ་ཀུན་བཟང་ཐིག་ལེའི་ལྷ༔ མ་འདྲེས་ཡོངས་རྫོགས་ཕྱག་འཚལ་བསྟོད༔ ཐུགས་རྗེའི་རོལ་པ་བསམ་མི་ཁྱབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ འགག་མེད་སྐུ་དང་ཞིང་ཁམས་རྒྱས༔ སྣང་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་འདུས་པ་རྩལ༔ དམིགས་གཏད་བློ་ཡི་དྲི་མ་བྲལ༔ སྟོང་པའི་གཟུགས་ལ་གསལ་བར་སྣང༔ ཕྱོགས་བྲལ་རང་སྟོང་ཕྱག་འཚལ་བསྟོད༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ དབྱིངས་རིག་འགུལ་འཕྲིག་ཐུགས་རྗེའི་ཚུལ༔ ཐབས་ཤེས་གཉིས་ལྡན་ཚོམ་བུ་རྒྱས༔ ཁ་དོག་མ་འདྲེས་སྐུ་ལ་བསྟོད༔ རང་བྱུང་རང་ཤར་ཨཱ་ལིའི་སྒྲ༔ ཆོས་ཉིད་རོལ་པ་གྲགས་སྟོང་ངང༔ ཅིར་མི་དགོངས་པ་ཟང་ཐལ་ལེ༔ ཤར་གྲོལ་དུས་མཉམ་ཕྱག་འཚལ་བསྟོད༔ གཞོན་ནུ་བུམ་པ་སྐུ་ཡི་ངང༔ ཉག་གཅིག་ཟང་ཐལ་ལུ་གུ་རྒྱུད༔ བདེ་ཆེན་བརྡལ་བར་ལྷུན་སྡུག་གེ༔ ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཟླས་པའི་ཐོག་མར་བསྙེན་པ་ནི། གཙོ་བོའི་སྤྱི་བོའི་ཨཱོྃ་ལས་འོད་འཕྲོས༔ འཁོར་འདས་བདེ་གཤེགས་སེམས་ཅན་མ་ལུས་པའི་སྐུ་དང་ལུས་ཀྱི་བཅུད༔ གཟི་བརྗིད་བཀྲག་མདངས་དང༔ བསོད་ནམས་ཐམས་ཅད་རང་ལ་འུབ་ཀྱིས་འདུས་ཏེ་ཐིམ༔ མ་ཧཱ་སྐུའི་དབང་ཐོབ༔ ལུས་ཚེ་ལ་དབང་བར་བྱས༔ རང་ལུས་ཕུང་ཁམས་སྣོད་བཅུད་གཞལ་ཡས་ཁང་དང༔ ལྷ་དང་ལྷ་མོའི་རང་བཞིན་ནོ༔ མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས༔ སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་གསུང་གི་བཅུད་དང༔ གདམས་པའི་བཅུད་ནུས་མཐུ་ཐམས་ཅད་རང་ལ་འདུས་ནས་ཐིམ༔ ཨ་ནུ་གསུང་གི་དབང་ཐོབ༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་ཚིག་ཏུ་གྱུར༔ སྙིང་ཁའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་འཕྲོས༔ བདེར་གཤེགས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་དང༔ ཡོན་ཏན་ཐམས་ཅད་རང་ལ་འདུས་ཏེ་ཐིམ༔ ཨ་ཏི་ཐུགས་ཀྱི་དབང་ཐོབ༔ དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་འོ༔ ཞེས་པའི་གསལ་སྣང་དང་ང་རྒྱལ་རྩེ་གཅིག་པས་ཨཱོྃ་ཨཱཿཧཱུྃ༔འབྲུ་གསུམ་བཟླ། བསྙེན་ཚད་ཞག་བདུན་ནོ། །སྒྲུབ་པ་ནི། རྩ་ནང་གི་འཁོར་ལོ་ཐམས་ཅད་ཨཱ་ལི་ཀཱ་ལིའི་ཡི་གེའི་རང་བཞིན༔ ཐིག་ལེ་འོད་ཀྱི་གོང་བུས་གང་བར་གྱུར༔ ཅེས་དམིགས་ལ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཟླ། གྲངས་ཁྲི་ཚོ་དྲུག་དང་དུས་ཞག་བདུན་དུ་གསུངས། དུས་སམ་གྲངས་ཐེམས་ནས་ལས་སྦྱོར་གྱི་ཚུལ་དུ། སྔགས་སྔ་མའི་ཤམ་བུར་ཡིག་བརྒྱ་བཏགས་ལ་ཟླ་བ་གཅིག་བཟླས་ན་སྒྲིབ་གཉིས་བག་ཆགས་བཅས་བྱང་། དམ་ཚིག་ཉམས་པ་ཆེན་པོ་ལའང་ཟླ་བ་གཉིས་བཟླས་ན་སོར་ཆུད་པར་གསུངས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ཚོགས་མཆོད་སོགས་སྔ་མ་ལྟར་ལ། ཐུགས་དམ་བསྐུལ་བ་ནི། ཨཱོྃ་ཨཱཿཧཱུྃ༔ ངོ་བོ་ཆོས་སྐུ་བསམ་བརྗོད་བྲལ༔ རང་བཞིན་ལོངས་སྤྱོད་བསམ་རྟོག་བྲལ༔ ཐུགས་རྗེ་སྤྲུལ་པ་སོ་སོར་སྟོན༔ ཐུགས་དམ་ཞིང་ཁམས་རྒྱས་ཕྱིར་བསྐུལ༔ ངོ་བོའི་ཐུགས་ནི་འཁྲུལ་པ་མེད༔ གཟུགས་མེད་མི་རྟོག་ཆེན་པོར་སྒྲོལ༔ རང་བཞིན་ཐུགས་ནི་བསམ་རྟོག་བྲལ༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ ཐུགས་རྗེའི་ཐུགས་ནི་སྣ་ཚོགས་སྟོན༔ གཟུགས་ཁམས་གསལ་སྟོང་ཆེན་པོར་སྒྲོལ༔ ཅེས་སོ། །ཆད་མདོ་སོགས་ཀྱང་དེ་ལྟར་ལ། བསྡུ་རིམ་ནི། ཧཱུྃ༔ གསལ་དག་ཐིག་ལེའི་ཀློང་ཡངས་སུ༔ མ་བཅོས་རྫོགས་ལྡན་དཀྱིལ་འཁོར་ཤར༔ སྐུ་ལྔ་མ་བསྐྱེད་རང་ཤར་ཉིད༔ ཡེ་ཤེས་ལུས་ཅན་ཐིག་ལེའི་ངང༔ ཡེ་ཤེས་ངོ་བོའི་ཀློང་དུ་ཐིམ༔ རང་བཞིན་གསལ་བའི་ཀློང་དུ་ཐིམ༔ ཐུགས་རྗེ་མ་འགགས་ཀློང་དུ་ཐིམ༔ ལམ་སྣང་ཉམས་འཕེལ་ཅི་ཤར་ཡང༔ ཆོས་ཟད་མིང་བྲལ་ངང་དུ་ཐིམ༔ སིང་ངེ་མེ་རེ་ཡེ་རེ་བ༔ འབོལ་ལེ་ཤིགས་སེ་རྗེན་ནེ་བ༔ ངོ་བོ་ཅིར་ཡང་མ་ཡིན་ལ༔ མཚན་ཉིད་ཅིར་ཡང་མ་འགགས་པ༔ སྣང་བའི་ཡུལ་ལ་ཕྱིར་མ་ཆགས༔ ནང་དུ་སེམས་ལ་བཟོ་མི་བྱ༔ བར་ན་དབང་པོ་ཟང་ཐལ་ལེ༔ ཚོགས་དྲུག་ལྷུག་བཞག་ཆེན་པོའི་ངང༔ དམིགས་གཏད་བྲལ་བ་རྗེན་ལྷང་ངེ༔ རང་བབ་གཤིས་ལ་བདེ་འབོལ་ལེ༔ སྙོག་མ་མེད་པ་དྭངས་སང་ངེ༔ འཛིན་ཆགས་བྲལ་བ་རྒྱ་ཡན་ནེ༔ ཞི་ཁྲོ་ཐིག་ལེ་གཅིག་གི་ནང༔ དང་པོའི་ཡིན་ལུགས་ངང་དུ་ཨ༔ བསྔོ་སྨོན་ནི། ཧོ༔ ཇི་བཞིན་སྣང་བའི་ཆོས་རྣམས་ཀུན༔ ངོ་བོ་བདག་མེད་ངང་གནས་ཕྱིར༔ གསལ་ལ་འཛིན་མེད་ལྷུག་པ་འོ༔ འགྲོ་ཀུན་དེ་ཡི་ངང་གནས་ཤོག༔ ཅེས་དང་ཤིས་བརྗོད་སྔར་ལྟར་བྱའོ།། །། ༄༅། །གསུམ་པ་ཤེར་དབང་དང་འབྲེལ་བ་མཁའ་འགྲོའི་ཕྲིན་ལས་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་གཤོམ་གྱི་སྦྱོར་བ་བླ་མའི་སྐབས་དང་འདྲ་བ་ལས་མཁའ་འགྲོའི་གཏོར་མ་གཙོ་བོར་བཀོད། ཕྲིན་ལས་ཀྱི་སྔོན་འགྲོ་རྣམས་ཀྱང་དེ་དང་མཐུན་པ་ལས། སྐྱབས་འགྲོ་ནི། ན་མོ༔ རང་རིག་མཁའ་འགྲོ་ཡབ་ཡུམ་ལ༔ གསལ་སྟོང་རྩ་ཁམས་ཡེ་ཤེས་རླུང༔ བདེ་སྟོང་ཐིག་ལེ་འཁོར་འདས་སྲོག༔ དྲན་སྟོང་ཡུལ་བྲལ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སྐད་ཅིག་རིག་པ་ཧུར་པོ་འདི༔ མཁའ་འགྲོའི་སྐུ་རུ་ལངས་བྱས་ནས༔ ཐིག་ལེ་ཞིང་ཁམས་རྒྱས་པ་དང༔ སྣང་བ་དབང་སྡུད་དོན་བྱ་འོ༔ ལན་གསུམ། མཚམས་གཅོད་མཆོད་རླབས་འདྲ། གཉིས་པ་དངོས་གཞི་ལ་དམ་ཚིག་པ་བསྐྱེད་པ་ནི། ཨཱོྃ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཧྲཱིཿལས་རང་ལུས་མེ་འབར་ནས༔ སྣོད་བཅུད་རང་གི་སྡིག་སྒྲིབ་བསྲེགས༔ དེ་ལས་འོད་འཕྲོས་འཕགས་མཆོད་འདུས༔ སྟོང་གསལ་ཧྲཱིཿལ་ལྷང་རྩེར་བབས༔ དེ་ལས་བདག་ཉིད་མཁའ་འགྲོ་མ༔ གཙུག་གི་རྒྱན་གཅིག་སྐུར་བསྒོམ་སྟེ༔ སྐུ་མདོག་དམར་པོ་བྱེ་རུ་འདྲ༔ ཞལ་གཅིག་མ་ལ་ཕྱག་བཞི་མ༔ དང་པོས་འཁོར་བ་རྩད་གཅོད་པའི༔ གྲི་གུག་ཐུགས་ཀ་དག་ན་འཆང༔ གཡོན་པས་སེམས་ཅན་དོན་ཆགས་པའི༔ ཐོད་པ་བདུད་རྩི་ཁྲག་བཀང་བསྣམས༔ གཡས་འོག་ཁ་ཊྭཱཾ་ཐུར་སྦུབ་གསོར༔ གཡོན་འོག་དུག་གསུམ་རྩད་གཅོད་པའི༔ རལ་གྲི་ཕྱར་ཐབས་བསྣམས་པ་འོ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ བཅུ་དྲུག་ན་ཚོད་ལྕང་ལོ་བསིལ༔ ཡེ་ཤེས་གཤོག་པ་མེ་དཔུང་འབར༔ མི་རོ་བམ་པའི་ཁྲི་སྟེང་ན༔ དཔའ་མོ་ཕྱེད་སྐྱིལ་འགྱིང་ཚུལ་བཞུགས༔ སྤྱི་གཙུག་ཨོ་རྒྱན་སེན་གང་བ༔ མགྲིན་པར་རྟ་མགྲིན་སེན་གང་བ༔ སྙིང་གར་ཧྲཱིཿཡིག་སེན་གང་རེ༔ འཁོར་ནི་རང་འོད་རླུང་གི་དལ༔ ཆེ་ཆུང་ཚད་མེད་འཁོར་བ་ཡིས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་བཏེགས༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་བཏེགས༔ ནུབ་ཕྱོགས་པདྨ་མཁའ་འགྲོ་བཏེགས༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་བཏེགས༔ ཁྲོ་ཚུལ་འགྱིངས་ཤིང་ཐོད་ཁྲག་འཛིན༔ ཐུགས་སྲོག་དཔའ་བོ་སེན་གང་རེ༔ རུས་པའི་རྒྱན་གྱིས་ཀུན་བརྒྱན་ཅིང༔ འཁོར་ཡང་རང་འདྲ་བྱེ་བ་མཆིས༔ གར་སྟབས་ལྡིང་ཞིང་རོལ་མོ་འུར༔ ཡོམ་ཡོམ་ཤིག་ཤིག་ཁྱོམ་ཁྱོམ་ལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི༔ རྣམ་ཤེས་དགའ་འཛུམ་མདངས་དང་བཅས༔ ཤིང་བལ་རླུང་གིས་ཁྱེར་བ་ལྟར༔ འུབ་འུབ་བདག་ལ་འདུས་པར་གྱུར༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཡེ་ཤེས་པ་གཞུག་པ་ནི། ཐོད་རྔ་རྐང་གླིང་གིས་བསྐུལ་ལ། ཧཱུྃ༔ རིག་པ་གཅེར་བུའི་དུར་ཁྲོད་ནས༔ མ་གཙུག་གི་རྒྱན་གཅིག་བཞེངས་སུ་གསོལ༔ གཙང་བཙོག་མེད་པའི་དུར་ཁྲོད་ནས༔ མ་རྟོག་མེད་མཁའ་འགྲོ་བཞེངས་སུ་གསོལ༔ སྣང་སྲིད་འཛིན་བྲལ་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་བཞེངས་སུ་གསོལ༔ ཆགས་མེད་འཛིན་བྲལ་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་བཞེངས་སུ་གསོལ༔ ཕྱག་རྒྱ་གསལ་སྟོང་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བཞེངས་སུ་གསོལ༔ ཨོ་རྒྱན་དྷ་ནའི་གཞལ་ཡས་ནས༔ པདྨ་འབྱུང་གནས་བཞེངས་སུ་གསོལ༔ ཀུན་ཀྱང་འོད་ཟེར་ཡ་ལ་ལ༔ བྱིན་རླབས་ཉམས་རྟོགས་འུ་རུ་རུ༔ རུས་པའི་རྒྱན་དྲུག་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ལྡིར་རི་རི༔ རྒྱན་ཆ་དར་དཔྱང་པུ་རུ་རུ༔ ཆོས་སྐྱོང་མ་ལུས་ཐིབས་སེ་ཐིབ༔ གཞལ་ཡས་འོད་དུ་ལམས་སེ་ལམ༔ གཏེར་སྲུང་རོལ་དུ་ཤ་ར་ར༔ ལུས་ལ་བྱིན་རློབས་ནད་གདོན་སོལ༔ ངག་ལ་བྱིན་རློབས་ནུས་མཐུ་སྐྱེད༔ སེམས་ལ་བྱིན་རློབས་ཉམས་རྟོགས་སྤོར༔ ཨཱོྃ་ཨཱཿཧཱུྃ༔ དྷུ་མ་གྷ་ཡེ་ན་མཿཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཛཿཧཱུྃ་བཾ་ཧོ༔ ཕྱག་འཚལ་བ་ནི། ཧཱུྃ༔ རིག་སྟོང་འཁོར་འདས་ཀུན་གྱི་སྲོག༔ མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ༔ ཐུགས་རྗེ་ཀུན་གྱི་མངའ་བདག་མོ༔ གཙུག་གི་རྒྱན་གཅིག་ཡུམ་ལ་འདུད༔ མཆོད་པ་ཅུང་ཟད་སྤྲོ་ན། ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ མཆོད་པས་ཐུགས་དམ་བསྐང་བ་ནི༔ སོགས་བླ་སྒྲུབ་ལྟར་ལ། གུ་རུ་ཆེ་པོས་ཞེས་པར། མཁའ་འགྲོ་ཆེན་མོས་ཞེས་བསྒྱུར། གཏོར་མ་འབུལ་བ་ནི། ཨཱོྃ་ཨཱཿཧཱུྃ༔ དྷུ་མ་གྷ་ཡེ་ན་མཿཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བྷུདྡྷ་ཌཱ་ཀི་ནཱི༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ལན་གསུམ་གྱིས་འབུལ། ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ མཁའ་འགྲོའི་གཙོ་མོ་རྒྱན་གཅིག་མ༔ རྡོ་རྗེ་རིན་ཆེན་མཁའ་འགྲོ་སྟེ༔ པདྨ་ལས་ཀྱི་མཁའ་འགྲོ་མ༔ བྱིན་རླབས་བར་ཆད་སེལ་མཛད་མ༔ དམ་རྫས་གཏོར་མ་འདི་ལོངས་ལ༔ བདག་ལ་བར་ཆད་བསྲུང་བ་དང༔ དངོས་གྲུབ་དགོས་འདོད་སྩོལ་བ་དང༔ གདུག་པའི་དགྲ་བགེགས་སྒྲོལ་བ་དང༔ རྣལ་འབྱོར་བསམ་དོན་འགྲུབ་པར་མཛོད༔ བཤགས་པ་བྱ་བ་ནི། ཧོ༔ མཁའ་འགྲོའི་གཙོ་མོ་དགོངས་སུ་གསོལ༔ རང་བྱུང་ཐིག་ལེའི་ཐུགས་སྲོག་ངོ་མ་ཤེས༔ བློས་བྱས་སྒོམ་གྱིས་སྙིང་པོའི་དོན་ལ་བསྒྲིབས༔ ཉེ་རིང་ཕྱོགས་ཆར་བཟུང་བ་མཐོལ་ལོ་བཤགས༔ ཨཱོྃ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ ས་མ་ཡ་ཧོ༔ ཞེས་དང་ཡིག་བརྒྱ་བརྗོད། དེ་ནས་བཟླས་པ་བྱ་བ་ནི། བདག་ཉིད་ཐུགས་ཀའི་ཧྲཱིཿདེ་ལས༔ འོད་དང་འོད་ཟེར་ཕྲེང་བ་རུ༔ སྲོག་སྔགས་གཡས་ཕྱོགས་དག་ཏུ་འཁོར༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ བདེ་གཤེགས་སེམས་ཅན་འཁོར་འདས་ཀྱི༔ སྐུ་དང་ལུས་ཀྱི་གཟི་བརྗིད་བསྡུས༔ ཅི་བགྱིའི་བྲན་འཁོལ་བྱེད་པ་དང༔ ཐམས་ཅད་མཁའ་འགྲོའི་སྐུར་གྱུར་བསམ༔ འོད་ཟེར་མེ་སྟག་འདྲ་བ་འཕྲོས༔ བདེ་གཤེགས་སེམས་ཅན་འཁོར་འདས་ཀྱི༔ ངག་དང་གསུང་གི་བཅུད་རྣམས་བསྡུས༔ ཅི་གསུང་ལས་ལ་ཉན་པ་དང༔ ཧ་རི་ནི་སའི་སྒྲ་རུ་བསམ༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ བདེར་གཤེགས་སེམས་ཅན་འཁོར་འདས་ཀྱི༔ ཐུགས་དང་ཡིད་ཀྱི་མདངས་རྣམས་འཕྲོག༔ བདག་མིན་ཡིད་ལ་མི་དྲན་ཅིང༔ དྲན་རྟོག་ཆོས་ཉིད་རོལ་པར་གྱུར༔ ཅེས་དམིགས་ཤིང་མི་སྡོད་པ་གསུམ་གྱི་གནད་བསྐུལ་ལ། ཨཱོྃ་དྷུ་མ་གྷ་ཡེ་ན་མ༔ ཨ་ཧ་རི་ནི་ས་ཧྲཱི༔ ཧཱུྃ་ར་ཙ་ཧྲི་ཡ་བཾ༔ ཞེས་རྩེ་གཅིག་ཏུ་བཟླས་པས་གཞུང་གསལ་རྟགས་རྣམས་རབ་ཞག་བདུན། འབྲིང་བཅུ་བཞི། ཐ་མ་ཉེར་གཅིག་ལ་འབྱུང་བར་གསུངས། བསྙེན་སྒྲུབ་གཅིག་དྲིལ་གྱི་དུས་རྟགས་ཚང་ནས་ལས་ལ་སྦྱོར་བ་ནི། ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱང་། །བྱ་སྒྲོ་རླུང་གིས་ཕོག་པ་བཞིན། །རང་དབང་མེད་པར་འདུད་པར་བསམ་ལ་སྔགས་སྔ་མའི་ཤམ་དུ། ཧྲཱིཿམ་ཧ་རི་ནི་ས༔ མ་མ་བྷ་ཧྲི༔ མ་མ་ཙ་ཤེརྣྲི་ཨཱ་ཀརྵཱ་ཡ་ཛ༔ ཨཱ་ཀརྵཱ་ཡ་ཧྲཱི༔ བཛྲ་སིདྡྷི་ཨཱ་ཝེ་ཤ་ཡ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླ། དུས་གྲངས་མུན་ཁང་དུ་ཞག་བདུན་བཟླ་བར་གསུངས། ཐུན་མཐར་བསྟོད་ཅིང་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་བཞེངས་པའི་མ༔ དུས་གསུམ་བདེ་གཤེགས་ཡུམ་གཅིག་མ༔ ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས༔ གཙུག་གི་རྒྱན་གཅིག་ཟང་ཐལ་མ༔ སྐུ་མདོག་དམར་མོ་དབང་གི་ཚུལ༔ ཆགས་ཚུལ་ནུ་མ་བྷ་ག་རྒྱས༔ ཕྱག་བཞི་ཚད་མེད་བཞི་དང་ལྡན༔ ཕར་ཕྱིན་དྲུག་ལྡན་རྒྱན་དྲུག་མཛེས༔ རྣམ་རྟོག་རྩད་གཅོད་གྲི་གུག་གཡས༔ འཁོར་འདས་དབང་སྡུད་ཐོད་ཕོར་གཡོན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གཡས༔ སྐྱེ་ཤི་རྩད་གཅོད་རལ་གྲི་གཡོན༔ ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས༔ གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོ༔ ལུས་ལ་བྱིན་རླབས་བླ་མས་བརྒྱན༔ གསུང་ལ་རྟ་མགྲིན་ངག་གིས་བརྒྱན༔ ཐུགས་ཁར་སྲོག་ཡིག་འོད་ཟེར་འཕྲོ༔ རྟོག་མེད་རོ་ཡི་སྟེང་ན་འགྱིང༔ ཐུགས་ལ་ཆགས་པས་མ་ལྟར་བརྩེ༔ ནམ་མཐོང་དྲན་པས་ངེས་ཤེས་སྐྱེ༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས༔ མི་འབྲལ་ཡུན་དུ་བརྩེ་བས་དགོངས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ རྡོ་རྗེ་ཆོས་དབྱིངས་དངོས་གྲུབ་སྩོལ༔ རིན་ཆེན་རིགས་གྱི་མཁའ་འགྲོ་མས༔ གཏེར་འབྱུང་ཡིད་བཞིན་དངོས་གྲུབ་སྩོལ༔ པདྨ་རིགས་ཀྱི་མཁའ་འགྲོ་མས༔ འདོད་ཡོན་དབང་སྡུད་དངོས་གྲུབ་སྩོལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ དགྲ་བགེགས་འདུལ་བའི་དངོས་གྲུབ་སྩོལ༔ ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་མས༔ མཁའ་གསང་ཡེ་ཤེས་དངོས་གྲུབ་སྩོལ༔ ཆོས་ཉིད་ལྷུན་གྲུབ་དངོས་གྲུབ་སྩོལ༔ བྷུདྡྷ་ཌཱ་ཀི་ནཱི༔ དྷརྨ་ཌཱ་ཀི་ནཱི༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཕུད་གཏོར་ནམ་མཁར་མཆོད། གསུམ་པ་རྗེས་ཚོགས་མཆོད་ཕྱིན་ཆད་བླ་མའི་ལས་བྱང་ལྟར་ལ་བསྐུལ་བ་མི་དགོས། བསྡུ་རིམ་སྐབས། སྣང་སྲིད་རང་གིས་བསྐྱེད་པ་ཡི༔ ངང་ཉིད་སྟོང་གསལ་འཛིན་མེད་དོ༔ ཞེས་པས་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡངས་ལ་བསྔོ་སྨོན་ཤིས་བརྗོད་བྱའོ།། །། ༈ དེ་ལྟར་བསྙེན་སྒྲུབ་སྐབས་སོ་སོའི་ཕྲིན་ལས་དམིགས་ཕྱེད་པ་གཞུང་ལྟར་ཉམས་སུ་ལེན་དགོས་ལ། དབང་གི་སྐབས། བླ་སྒྲུབ་རྗེས་བུམ་དབང་། ཡི་དམ་རྗེས་སུ་གསང་དབང་། མཁའ་འགྲོའི་རྗེས་ཤེར་དབང་། དེ་རྗེས་ཚིག་དབང་སོགས་སྦྲེལ་དགོས་ཀྱང་། མགྱོགས་དབང་ལྟ་བུར་བསྐུར་བསྒྲུབ་དུས་གཅིག་བྱེད་ན་སྔོན་རྗེས་རྣམས་གཅིག་གིས་ཆོག་པས། ཐོག་མར་བླ་མའི་ཕྲིན་ལས་གཏང་། སྔོན་འགྲོའི་ སྐབས་སྐྱབས་སེམས་ལན་གསུམ་བསྒྲག །བླ་མའི་བཟླས་པ་གསལ་འདེབས་བཅས་གྲུབ་པ་དང་། ཡི་དམ་བསྐྱེད་བཟླས་བྱ། དེ་འཕྲོས་མཁའ་འགྲོའི་བསྐྱེད་བཟླས་བསྟོད་བསྐུལ་ཡན་གྲུབ་པ་དང་། གཏེར་སྲུང་གཏོར་འབུལ། ཚོགས་མཆོད་སོགས་རྗེས་ཆོག་རྣམས་ཀྱང་གཅིག་གིས་འཐུས། ཚོགས་ཐ་མ་བསྒྲལ་བསྟབ་གྲུབ་པ་དང་། བུམ་གསང་ཤེར་ཡེ་བཞི་པ་བཀའ་རབ་འབྱམས་ལས་བྱང་གི་གཏོར་དབང་རྣམས་རིམ་པར་བསྐུར། དེ་ནས་ཚོགས་ལ་རོལ་པའི་སྐབས། གུ་རུ་དྷེ་བ་ཌཱ་ཀི་ནཱི༔ སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བརྗོད་པས་ལུས་ལྷ་ཀུན་མཉེས་པར་མོས། ལྷག་ཆོག་ཕྱིན་འདྲ། བསྐུལ་སོགས་སོ་སོར་ཡོད་པ་རྣམས་བསྒྲགས་ལ་གཏང་དགོས་སོ། །ཟབ་ཅིང་དཀོན་ལ་དོན་ཆེ་བའི། །ཆོས་འདིའི་ཕྲིན་ལས་ཕྱོགས་ཀུན་ཏུ། །ཉི་ཟླའི་ཤིང་རྟ་ལྟར་འགྲོ་བས། །སྐྱེ་དགུའི་ཐར་ལམ་རབ་ཡངས་ཤོག །ཟབ་ཆོས་འདི་ཉིད་སྔོན་དུས་དར་རྒྱས་སུ་གྱུར་མོད། དེང་སང་ཁམས་དབུས་ཀུན་ཏུ་རྒྱུན་མ་བཞུགས་ནས་རིང་དུ་སོང་བ་ལ། རྗེ་བླ་མ་བཀའ་དྲིན་མཚུངས་བྲལ་༧ཀུན་མཁྱེན་འཇམ་པའི་དབྱངས་ཆེན་པོར་ཉེ་བརྒྱུད་བཀའ་བབས་རྒྱ་མཚོ་ལྟ་བུའི་བཅུད་དུ་བྱོན་པའི་ཞབས་ཏོག་ཏུ་འགྱུར་བར་རེ་བའི་ལྷག་བློས་ཀུན་ནས་བསླངས་ཏེ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཁྱེར་བདེའི་ཁྲིགས་སུ་བཀོད་པ་དགེ་ལེགས་འཕེལ།། །།

ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གསོལ་འདེབས་ (Volume 6, Text 23)

ཨོཾ་ཨཱཿཧཱུྃ༔ ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ཀྱི༔ སྣ་ཚོགས་པདྨ་སྟོང་ལྡན་གཞལ་ཡས་སུ༔ མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས༔ འཆི་མེད་ཚེ་དབང་ཐོབ་པར་བྱིན་གྱིས་རློབས༔ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ཀྱི༔ འོད་གསལ་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔ ཚེ་བདག་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ འགྱུར་མེད་སྐུ་ལྔ་ཐོབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་རི་བོ་ཏ་ལའི་གནས་མཆོག་གི༔ རང་བྱུང་འགྱུར་བ་མེད་པའི་གཞལ་ཡས་སུ༔ མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ སྐྱེ་འཆི་འགྱུར་མེད་ཐོབ་པར་བྱིན་གྱིས་རློབས༔ རྔ་ཡབ་ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི༔ སྒྲུབ་གནས་ཨརྻ་པ་ལོའི་དཀྱིལ་འཁོར་དུ༔ གྲུབ་ཆེན་རྗེ་འབངས་གྲོགས་ལྔ་ལ་གསོལ་བ་འདེབས༔ ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ རྒྱལ་ཁམས་ཕྱོགས་མེད་གནས་མཆོག་དམ་པ་ཡི། །སྣང་བ་རང་སར་གྲོལ་བའི་ཕོ་བྲང་དུ། །ཆོས་རྒྱལ་རཏྣ་གླིང་པ་ལ་གསོལ་བ་འདེབས། །ཐུགས་རྒྱུད་བྱིན་རླབས་འཕོ་བར་བྱིན་གྱིས་རློབས། །གདུལ་བྱ་བཀའ་བབ་ཕྲིན་ལས་ཕྱོགས་བཅུར་རྒྱས། །སྣང་སྲིད་དབང་དུ་སྡུད་པའི་ཕོ་བྲང་དུ། །རྒྱལ་སྲས་ཚེ་དབང་གྲགས་པ་ལ་གསོལ་བ་འདེབས། །བརྒྱུད་པའི་བྱིན་རླབས་འཇུག་པར་བྱིན་གྱིས་རློབས། །མཐོང་ཐོས་དྲན་པས་མཆོག་གི་དངོས་གྲུབ་ཐོབ། །ཟབ་ཆོས་གསང་སྔགས་གསར་རྙིང་ཕོ་བྲང་དུ། །སྲས་བརྒྱུད་སློབ་བརྒྱུད་རྣམས་ལ་གསོལ་བ་འདེབས། །གསང་སྔགས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སྐད་ཅིག་དྲན་པས་བྱང་ཆུབ་ལམ་སྣ་འདྲེན། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རང་ལུས་རྩ་ཁམས་དག་པའི་དཀྱིལ་འཁོར་དུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཐབས་ཤེས་ཟུང་དུ་འབྲེལ་བར་བྱིན་གྱིས་རློབས། །བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་དུ། །བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་སེལ་བར་བྱིན་གྱིས་རློབས། །ཕྱོགས་མེད་སྣང་བ་དག་པའི་གཞལ་ཡས་སུ། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །བཀའ་དྲིན་ཅན་གྱི་བཀའ་བརྒྱུད་བླ་མ་རྣམས། །རབ་གུས་གདུང་བ་ཆེན་པོས་གསོལ་བ་འདེབས། །སྐལ་ལྡན་བདག་ལ་དབང་སྐུར་བྱིན་གྱིས་རློབས། །བྱང་ཆུབ་བསྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པ་ཡི། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱི་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །རྟག་ཏུ་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གསོལ་འདེབས་འདི། རྗེ་འབངས་གྲོགས་ལྔ་ཡན་ཤོག་སེར་ལས་ཡིན་ཞིང་། ཟུང་སྡེབ་མཇུག་བསྐྱེད་མ་འདི་མེ་ཕོ་སྟག་གི་ལོ་ལ་དང་སྤྲོ་བསམ་གཏན་དུ་རཏྣ་གླིང་པས་ཡི་གེར་བཀོད་པའོ། །ཤུ་བྷམ།། །།

དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་དངོས་གྲུབ་ཀུན་སྩོལ་ (Volume 25, Text 23)

༄༅། །དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་དངོས་གྲུབ་ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། ། དཔལ་ལྡན་པདྨ་གར་གྱི་དབང་། ཁྱབ་བདག་བླ་མ་ལ་བཏུད་ནས། །བྱིན་རླབས་གཏོར་མའི་དབང་བསྐུར་བ། །དངོས་གྲུབ་ཀུན་སྩོལ་འདྲི་བར་བྱ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་ཁར་མཉྫིའི་སྟེང་དུ་དཔལ་གཏོར་པད་འདབ་བཞི་པ་མཚམས་མཐེབ་སྐྱུ་དང་རིལ་བུས་བསྐོར་བ་རྒྱན་སྤྲོས་གང་མཛེས་དང་རྟ་མགོས་མཚན་པའི་རྩེར་སྐུ་རྟེན་ཙཀླི་གཏོར་གདུགས་དམར་པོ་རྔམ་བརྗིད་དང་ལྡན་པར་བཤམས་པའི། མདུན་དུ་མཆོད་གཏོར་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ། དེའི་མདུན་དུ་བཀའ་སྲུང་གི་གཏོར་མ། སྨན་རཀ་ཕྱི་མཆོད་སོགས་ལེགས་པར་བཤམ། དཀྱིལ་འཁོར་གྱི་བྱང་ཤར་དུ་ལས་བུམ་བཀོད། ལས་བྱང་རྒྱས་བསྡུས་ཇི་ལྟར་རིགས་པའི་གཞུང་བསྲངས་ནས། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། ལས་བུམ་དུ། སྐད་ཅིག་གིས་ཧྲཱིཿལས་ཁྲོ་རྒྱལ་རྟ་མགྲིན་དམར་པོ་གཡས་ཙནྡན་གྱི་བེ་ཅོན་ནམ་མཁར་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཁྲོ་བོའི་རྒྱན་དང་རྣམ་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། རྩ་སྔགས་ཅི་ནུས་བཟླ། མཐར་མཆོད་བསྟོད། ཆོས་སྲུང་གི་གཏོར་བསྔོ། ཚོགས་འཁོར་སོགས་གྲུབ་ནས། གཉིས་པ་དངོས་གཞི་ནི། སློབ་མ་རྣམས་གྲལ་ལ་འཁོད། གཞི་བདག་སྤྱི་གཏོར་བཏང་། ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ་པ་རྣམས་སྤྱི་ལྟར་གྲུབ་རྗེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བ་དང་། གནས་སྐབས་སུའང་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བའི་སླད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ནས། དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལའང་གསར་རྙིང་གི་ལུགས་སྲོལ་མང་དུ་ཡོད་པ་ལས། ད་ལམ་འདིར་སྔ་འགྱུར་རྙིང་མའི་ཕྱོགས་ཡིན། དེ་ལའང་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། སྒྲུབ་སྡེ་ཡིན། སྒྲུབ་སྡེ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀའ་རྣམ་པ་བརྒྱད་དུ་ཡོད་པ་ལས། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་ཡེ་ཤེས་སྒྱུ་མའི་གཟུགས་སུ་ཤར་བ་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་སྐོར་ཡིན་ཞིང་། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་ཚུལ་ཐ་དད་པ་ལས། འདིར་ནི་གཏེར་སྟོན་སུམ་ཚོགས་ཀྱིས་ཡེར་པ་སེ་བ་ལུང་ནས་སྤྱན་དྲངས་པའི་ཉེ་བརྒྱུད་གཏེར་མ་དང་། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ་ལ་དངོས་སུ་གནང་བའི་ཟབ་མོ་དག་སྣང་གི་ཆོས་སྐོར་གཉིས་ཟུང་དུ་འབྲེལ་ཞིང་། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རིག་འཛིན་རྩལ་འཆང་གི་བརྒྱུད་པ་བར་མ་ཆད་པར་བྱོན་པ། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ཟབ་མོ་སྒྲུབ་པར་བྱེད་པ་ཡིན། དེ་ལའང་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་བླ་མ་དང་དཔལ་པདྨ་དབང་ཆེན་ཐ་མི་དད་པ་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། དེ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད༔ ཐར་ལམ་ཆེན་པོ་བདག་འདོད་ན༔ དེ་ཉིད་དབང་དང་དངོས་གྲུབ་སྩོལ༔ མགོན་པོ་དཔའ་བོར་སྐྱབས་གསོལ་གྱིས༔ ཐེག་ཆེན་ཁང་པར་གཞུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། མཆོད་པ་འབུལ་ཞིང་སྡིག་པ་བཤགས་པ་དང། རྗེས་སུ་ཡི་རངས་ཤིང་དོན་དམ་བྱང་སེམས་བསྐྱེད་པ་དང་། ལུས་འབུལ་ཞིང་ཡོངས་སུ་བསྔོ་བ་སྟེ། ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས། བྱིན་དབབ་པའི་སླད་དུ་ཐུགས་དམིགས་འདི་བཞིན་མཛོད། གཏོར་མ་འདི་ཕྱི་གཏོར་མའི་རྣམ་པ་ལ་ནང་དབང་ཆེན་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དུར་ཁྲོད་རྡོར་ར་མེ་རི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་། དབུས་གྲུ་གསུམ་དམར་ནག་ཟླ་གམ་དམར་པོ་གསུམ་པ། དེའི་ཕྱི་རོལ་དུ་ཐོད་ཕྲེང་དཀར་པོས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་པ། སྒོ་བཞིར་ཟླ་བའི་གདན་དང་བཅས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རུ་དྲ་ཕོ་མོ། ཤར་རྩིབས་ལ་དྲི་ཟ་ཕོ་མོ། ལྷོ་རྩིབས་ལ་གྲུལ་བུམ་ཕོ་མོ། ནུབ་རྩིབས་ལ་ཀླུ་དབང་ཕོ་མོ། བྱང་རྩིབས་ལ་གནོད་སྦྱིན་ཕོ་མོའི་གདན་གྱི་སྟེང་དུ། དབུས་སུ་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྩ་བའི་ཞལ་དམར་ནག །ཞལ་གཡས་དཀར་བ་གཡོན་ཞལ་ལྗང་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་བསྒྲད་ཅིང་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་ཁྲོ་གཉེར་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་པའི་སྤྱི་བོར་རྟ་མགོ་ལྗང་ཁུ་རྔོག་མ་དམར་པོ། ཕྲུམ་ཕྲུམ་སེར་པོ། ཞུར་དཀར་པོ། རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་པདྨ་འབར་བ་འདབ་མ་བརྒྱད་པ་དང་། གཡོན་གྱི་དང་པོ་བྷནྡྷ་ཁྲག་གིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་པས་ལྕགས་ཀྱུ། གཡོན་གཉིས་པས་རྒྱུ་ཞགས། གཡས་གསུམ་པས་ཙནྡན་གྱི་བེ་ཅོན། གཡོན་གསུམ་པས་རལ་གྲི་རབ་ཏུ་འབར་བ་འཕྱར་སྟབས་སུ་འཛིན་པ་དང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཚལ་བུའི་དཔུང་རྒྱན། སྐམ་རློན་རྙིད་པ་སྟེ་ཐོད་འཕྲེང་ཚར་གསུམ་གྱི་དོ་ཤལ་དང་། ཞིང་ཆེན་དང་གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་པ། སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་ཞིང། སྦྲུལ་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཁྲག་ཞག་ཐལ་ཆེན་གྱི་ཚོམ་བུས་སྤྲས་ཤིང་། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཁྱུང་གཤོག་སྔོན་པོས་བར་སྣང་ཁྱབ་པ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའི་ཞབས་གཡས་གཉིས་བསྐུམས་ཤིང་གཡོན་གཉིས་བརྐྱངས་པའི་གྱད་ཀྱི་དོར་ཐབས་སུ་བཞུགས་པ། དེའི་པང་ན་ཡུམ་པདྨ་གར་གྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མི་སྙིང་རློན་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པ་ཐོད་པ་ཁྲག་གིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། སྤྱན་གསུམ་ཁྲག་མིག་ཏུ་བལྟ་བ། ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ། རལ་པ་ནག་པོ་མུན་ལྟར་འཐིབ་པས་སྐུ་རྐེད་ཡན་ཆད་ནོན་པ། མི་མགོ་སྐམ་པོ་ལྔ་ཡིས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེ་དང་རུས་པས་བརྒྱན་པ། གཟིག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འབར་བ། བསྐལ་པའི་མེ་ལྟར་འཁྲུགས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཤར་རྩིབས་ལ་རྡོ་རྗེ་དབང་ཆེན་དཀར་པོ། ལྷོ་རྩིབས་ལ་རིན་ཆེན་དབང་ཆེན་སེར་པོ། ནུབ་རྩིབས་ལ་པདྨ་དབང་ཆེན་དམར་པོ། བྱང་རྩིབས་སུ་ཕྲིན་ལས་དབང་ཆེན་ལྗང་གུ །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི །གཡོན་པ་རྣམས་ཀྱིས་དབྱུག་ཏོ་ལྕགས་ཀྱུ་ཞགས་པ་ཁ་ཊྭཱཾ་རྩེ་གསུམ་འཛིན་པ། དཔལ་གྱི་ཆས་བརྒྱད་དང་ལྡན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ །དེ་ཐམས་ཅད་ཀྱང་ཕྱག་གཡས་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་དང་། གཡོན་ཐམས་ཅད་མིའི་ཙིཏྟ་ཐོགས་པ། ཞབས་གཉིས་འགྱིང་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པའི། དབུ་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས་ཀྱང་བཞུགས་པའི། གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། མདུན་བསྐྱེད་དང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་ཀྱིས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། ཨེ། ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་པ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས༔ དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ དགའ་བཞི་བདེ་བཞིའི་གཞལ་ཡས༴ ཡུམ་ཆེན་ཁྲོ་མོ་གཤེགས༴ གར་གྱི་དབང་ཕྱུག་གཤེགས་སུ༴ ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ སྤྲུལ་པའི་ཁྲོ་རྒྱལ་བཞི་རྣམས་གཤེགས༴ སྒོ་བཞི་གནས་ཀྱི་གཞལ་ཡས་ནས༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭམ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧིས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིས་རཀྟ་དང་། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧིས་གཏོར་མ་རྣམས་འབུལ། ཞིང་ཁམས་ཐམས་ཅད་དབང་དྲག་གཞལ་ཡས་ཁང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྷ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་ཕྲིན་ལས་རྣམ་བཞིར་ལྡན། །ཐུགས་རྗེ་ཁྲོས་པ་ཁྲོ་བཞད་རྔམ་པའི་ཞལ། །ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཁྲོ་རྒྱལ་རྔམ་ཆེན་རྟ་མཆོག་དཔལ༔ དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས༔ མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག༔ དུས་འདིར་སྐལ་ལྡན་བདག་ལ་སྩོལ༔ ཅེས་གསོལ་བ་བཏབ་ནས་ཐུགས་དམིགས་འདི་བཞིན་མཛོད། གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོག །ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་སེམས་ལ་ཞུགས་པས་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད། མཐར་ཐུག་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་བརྟན་པོ་གནང་བར་ཞུ། ཧྲཱི༔ རྨད་དུ་བྱུང་བ་དཔལ་གྱི་གཏོར་མ་འདི༔ ཌཱ་ཀི་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་ཁྱོད་ལ༔ རྨད་བྱུང་མཆོད་པ་གཏོར་མའི་དབང་སྐུར་བས༔ དམ་ཅན་འདུ་ཞིང་མཐུ་རྩལ་ལྡན་པར་ཤོག༔ གཏོར་མ་སྤྱི་བོར་བཞག་ལ། མ་ཧཱ་བ་ལིཾ་ཏ་ཧཱུྃ་ཁཱ་ཧི། ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། དཔལ་ལྡན་གྲུབ་ཐོབ་འདར་འཕྱར། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་དཀོན་མཆོག་བཟང་པོ། དྲན་མཆོག་རཏྣ་བཛྲ། མུས་ཆེན་དཀོན་མཆོག་དཔལ་བཟང་། འཁྲུལ་ཞིག་དཀོན་མཆོག་བཟང་པོ། སྔགས་འཆང་ཕྱག་ན་རྡོ་རྗེ། བླ་མ་གུ་རུ་རིན་པོ་ཆེ། རྒྱལ་སྲས་བདེ་བ་བཟང་པོ། འཇམ་དབྱངས་ཀུན་མཁྱེན་ཕྲིན་ལས། དབང་ཆེན་བསྟན་འཛིན་དར་རྒྱས། རིག་འཛིན་ངག་དབང་ཕྲིན་ལས། འདར་སྟོན་ངག་དབང་འཇིགས་བྲལ། འདར་སྟོན་པདྨ་བདུད་འདུལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་པདྨ་དབང་ཆེན་བློ་བཟང་བསྟན་པའི་ཉི་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ །ཆོས་སྲུང་དྲེགས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ལ་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་གཉན་ས་བདག །བར་གདོན་རྒྱལ་བཙན་འབྱུང་པོའི་གནོད་པ་ལ་སོགས་པ། གདོན་བགེགས་ཀྱི་གནོད་པ་ཐམས་ཅད་བསྲུང་བ་དང་། ཞི་བ་དང་། ཚར་གཅད་པར་མཛད་དུ་གསོལ། གཞན་ཡང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བསྲུང་བ་དང་། མཐུན་རྐྱེན་སྲིད་ཞིའི་དགེ་ལེགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ། མཐར་ཐུག་ཚེ་འདི་ཉིད་ལ་དཔལ་པདྨ་དབང་ཆེན་རྟ་མཆོག་རོལ་པའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་སྔགས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག་ཅིང་། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ལྟར་བྱིན་གྱིས་བརླབས་པས་ཁྱེད་རང་རྣམས་དཔལ་དབང་ཆེན་ཡང་གསང་ཁྲོས་པའི་སྐུར་གྱུར་པའི་མོས་པ་མཛོད། དེ་ནས་བཟླས་ལུང་གི་སླད་དུ། ཐོག་མར་མདུན་བསྐྱེད་ཀྱི་ལྷ་ལ་གསོལ་བ་འདེབས་པ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། མགོན་པོ་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཞིག་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་ལན་གསུམ། རྐྱེན་སེལ་ཙམ་ལ་བཟླས་ལུང་འདི་མ་བྱས་ཀྱང་རུང་། མཐར་གཏོར་མའི་ལྷ་ཚོགས་འོད་དུ་མེར་གྱིས་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་སིབ་ཀྱིས་ཞུགས་པས། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་ན་ཡོད་པའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་འོད་དམར་པོས་ཁེངས། བ་སྤུའི་བུ་ག་ཚུན་ཆད་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་སུ་གཏམས་པས་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག །ཤིས་པ་བརྗོད། རྗེས་དམ་ཚིག་ཁས་བླང་བ་ནི། དེས་གཏོར་དབང་ཟབ་མོ་ལེགས་པར་གསན་གྲུབ་པ་ཡིན་པས། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་སྐུར་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། སླར་ཡང་ལུས་ལོངས་སྤྱོད་དང་བཅས་པ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དཔལ་དབང་ཆེན་ཡང་གསང་ཁྲོས་པའི་བྱིན་རླབས་གཏོར་མའི་དབང་སྐུར་ལེགས་པར་གསན་པ་ཡིན་པས། དེ་ལས་བྱུང་བའི་དགེ་ཚོགས་སེམས་ཅན་གྱི་དོན་དུ་བསྔོ་བ་ལྷན་ཅིག་ཏུ་མཛད་པར་ཞུ། །བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་། རྗེས་ཆོག་ལས་བྱང་གི་དཀྱུས་བཞིན་བྱའོ། །ཡང་ནད་པ་སོགས་ཀྱི་དོན་དུ་བརྒྱ་ཚར་བྱེད་ན། ཐོག་མར་བཟླས་ལུང་གི་བར་སྔར་བཞིན་ཚར་གཅིག་གི་རྗེས། སླར་ཡང་ཐུགས་དམིགས་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་ལ། རྩ་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་སོགས་གོང་བཞིན་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། དཔལ་ལྡན་གྲུབ་ཐོབ་འདར་འཕྱར་ནས། བདག་ཅག་གི་བླ་མ་དམ་པའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང། མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྩ་སྔགས་ཀྱི་མཐར། ཀཱ་ཡ་སིདྡྷི་སོགས་བརྗོད། སྤྲོ་ན་བཀྲ་ཤིས་ཚིགས་བཅད་རེ་བྱ། མཐར་བཟླས་ལུང་སོགས་གོང་བཞིན་བྱ། གསུམ་པ་རྗེས་ནི། བདག་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་གོ་ཆ་བགོ་བ་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཞེས་པའང་འདར་སྟོན་པདྨ་དབང་ཆེན་གྱི་ཞལ་སྔ་ནས་ཚུལ་འདིིའི་བཀའ་དྲིན་ནོས་པའི་སྐབས། འདར་འཕྱར་བ་པདྨ་བདུད་འདུལ་གྱིས་མཛད་པའི་གཏོར་དབང་གི་ཆོ་ག་ལས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་དབེན་པའི་སྒྲུབ་གནས་བསམ་གཏན་གྱི་སྦུགས་སུ་་་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་་་ཟིན་བྲིས་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།

ཡང་ཟློག་གི་ཟབ་གནད་སྙིང་གི་མེ་ལོང་ (Volume 17, Text 23)

༄༅། །ཡང་ཟློག་གི་ཟབ་གནད་སྙིང་གི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མ་རཱ་ཛཱ་ཡ། འ༵གྱུར་མེད༵་དྭངས་མའི་ཡེ་ཤེས་རྡོ༵་རྗེ༵་གསུམ། །གཞོམ་གཞིག་བྲལ་བ་འཁོར་འདས་ཀུན་གྱི་སྲོག །རང་བྱུང་ལྷུན་གྲུབ་དོན་གྱི་བླ་མ་ལ། །འདུ་འབྲལ་མེད་པའི་ངང་དུ་ཕྱག་བགྱི་འོ། །ཡེ་ཐོག་དང་པོའི་འཇམ་མགོན་སེམས་ཀྱི་གཤིས། །རྩལ་མདངས་འགག་མེད་སྒྱུ་འཕྲུལ་ཕྱག་རྒྱ་ཡིས། །འཁོར་འདས་ཟིལ་གྱིས་གནོན་པ་ཚེ་བདག་ནག །དུས་དགྲའི་དབང་པོས་བདག་དང་འགྲོ་ཀུན་སྐྱོངས། །ཟབ་ཁྱད་གདམས་པའི་གནད་འགག་བདུད་རྩིའི་བཅུད། །དྲིན་ཅན་བླ་མའི་ཞལ་སྒོ་ལས་འོངས་གང། །སྙིང་གི་ཡོལ་གོར་གཏམས་འོས་ཁོ་ན་ལས། །སྤེལ་བར་ཕངས་ཀྱང་དྲན་པའི་ཟུངས་སུ་བྲིས། །དེ་ལ་འདིར་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་སུ་སྦས་པའི་ཟབ་གནད་ཁ་ཤས་ཟུར་དུ་བཀོད་པ་ནི། ཨེ་ཀ་དང་ཧེ་ཀའི་བར་རྩིབས་མཆན་ལ། དགྲ་ལྷ་དང་ཕོ་ལྷས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ༔ ཧེ་ཀ་དང་སརྦའི་བར་དུ་ཡུལ་ལྷ་དང་སྲོག་ལྷས་ཆེ་གེ་མོ༴ སརྦ་དང་གྷྲི་མའི་བར་དུ་ཞང་ལྷ་དང་མ་ལྷས༴ གྷྲི་མ་དང་ཨེ་ཀའི་བར་རིག་འཛིན་སྲུང་མ་དང་དབང་ལྷས༴ ཡིག་མགོ་གཏོད་ཕྱོགས་རྩིབས་སྔགས་དང་འདྲ་ཞིང་། ཟློག་པ་ལ་ཡང་དེས་འགྲེ་ཞིང་ཤམ་བུ་ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པའི་བྱད་ཕུར་ཐན་ལྟས་ངན་པ་ཟློག་ཅིག་ཅེས་སོ། །སྲུང་འཁོར་ཡིག་མགོ་ཕྱི་བསྟན་དེས་ཕྱི་དང་ནང་བསྟན་དེས་ནང་བྱ། ཟློག་འཁོར་ནང་བསྟན་དེས་ཕྱི་དང་། ཕྱི་བསྟན་དེས་ནང་བྱས་པའི་བར་དུ་གསེར་གྱིས་ཧཱུྃ་བྲིས་པ་འཇུག །སྔགས་རྣམས་ལ་དུག་ཁྲག་དང་མིང་དང་འདོད་གསོལ་རྣམས་ལ་དྲི་བཟང་བྱུགས་ལ་ལྟེབ་བོ། །ལྷ་ལྔ་བཀོད་ལུགས་གོང་བཞིན་ལ། ཁོ་རང་གི་དགྲ་ལྷ་དང་ཕོ་ལྷ་ཁོ་རང་གི་གཤེད་དུ་ཟློག་ཅིག་སོགས་འགྲེའོ། །ཡང་ན་བན་དགྲ་ངོས་ཟིན་ཅིང་ཁོའི་ལྷ་དང་སྲུང་མ་ཐམས་ཅད་ཤེས་ན་ཨེ་ཧེའི་བར་ཡི་དམ། ཧེ་སརྦའི་བར་ཆོས་སྐྱོང་ཡེ་ཤེས་པ། སརྦ་གྷྲི་མའི་བར་ཆོས་སྐྱོང་འཇིག་རྟེན་པ། གྷྲི་ཨེའི་བར་ལྷ་ལྔ་གཅིག་ཏུ་བྱས་པ་རྣམས་ཤམ་བུ་གོང་གིས་འགྲེའོ། །བསད་འཁོར་སྐབས་ཁོ་རང་གི་དགྲ་ལྷ་དང་ཕོ་ལྷས་ཁོ་རང་གི་གཤེད་མ་གྱིས་ལ་སོད་སོགས་འགྲེ །མ་རིག་པ་མུན་པའི་སྨག་རུམ་དུ་ཕོབ་ཅིག །རྒ་ཤི་རྟེན་དང་ཕྲོལ་ཅིག །ཆེ་གེའི་སྐྱེ་བའི་དབང་པོ་སྡོམས་ཤིག །སྲིད་པའི་ལྔ་ཕུང་ཆོམས་ཤིག །ལེན་པའི་མདངས་ཕྲོགས་ཤིག །སྲེད་པའི་ཚང་ཤིགས་ཤིག །ཚོར་བ་མྱ་ངན་དུ་ཕོབ་ཅིག །རེག་པའི་ཁུངས་ཕྱུངས་ཤིག །སྐྱེ་མཆེད་དྲུག་འགགས་སུ་ཆུག་ཅིག །མིང་དང་གཟུགས་ཕྲོལ་ཅིག །རྣམ་པར་ཤེས་པ་རྟེན་དང་ཕྲོལ་ཅིག །འདུ་བྱེད་སྐྱེངས་སུ་ཆུག་ཅིག །ཨེ་ཧེའི་བར། དགྲ་བོ་ཆེ་གེ་མོའི་མོ་ལྷ་དང་ཡུལ་ལྷ་སྲོག་ལྷ་རྣམས་སཏྭམྦྷ་ཡ་ནན། ཧེ་སརྦའི་བར་ཞང་ལྷ་དང་མ་ལྷ་བན་བོན་གྱི་སྲུང་མ༴ སརྦ་དང་གྷྲི་མའི་བར་རིག་འཛིན་གྱི་སྲུང་མ་དང་དབང་ལྷ༴ གྷྲི་ཨེའི་བར་དབང་ཐང་ལྷ་སུམ་ཅུ་དང་དགྲ་ལྷ་རྣམས༴ ཟློག་བསད་ལའང་འདི་ལྟར་རུང་ངོ་། །མཚོན་ཕྱེ་ཐམས་ཅད་གཞར་བའི་ཕྱེ་མ་དང་། གྲི་ལྕགས་ཀྱི་ཕྱེ་མ་རྣམས་རྩིབས་རྩེ་དང་རྡོ་རྗེ་མཚོན་ཆ་ལྕགས་ཐག་རྣམས་ལ་བྱུག་ལ་རྩ་རྩིབས་རྣམས་སྣ་ས་པའི་ཤིས་མི་བཀྲ། དུག་སྣ་རྣམས་སྔགས་ལ་བྱུག །ཁྲག་སྣ་རྣམས་ལིངྒ་ལ་བྱུག །དྲི་མ་རྣམས་གཟུགས་དང་མིང་དང་ལྟེ་བ་དང་། སྙིང་གའི་ས་བོན་ལ་བྱུག །བསད་མནན་ལ་དེ་སྟེང་དགྲའི་རྩ་ཁ་འབྱེད་པ་ལ་མ་ར་ཡེ་ག །ནད་ཡམས་གཏོང་བ་ལ་ག་ཁྲའི་བ་ཤི་ས་ཀྱི་ས་མ་རི། ལྷ་དང་བྲལ་ཞིང་ཐིབས་པར་བྱེད་པ་ལ་ན་བྲུའི་ཕོ་ཛེ་མ་རྣམས་དང་རྫས་ངན་ཚོགས་ཚད་གོང་གི་ཚོའི་སྟེང་དུ་བསྲེ། ཁྱད་པར་བསད་འཁོར་ལ་པྲ་ཚ་ཧྲས་ཚཌ་མནན་འཁོར་ལ་བན་ཆོ་ཧྲགས་ཚ་ཝ་ཤ་ཚ་ཛྲྗ་པ་ག་ཚ་ག་ཉི་ཚབ་ཤ་ཅ་ཚ་ཧྲས་མེད་དུ་མི་རུང་། ལིང་ཆུང་ལ་སྣག་ཚ་ཧྲས་རིམས་སྣ་ཚོགས་ཀྱིས་ཤི་བའི་ཁྲག་དང་དུག་སྣ་རྣམས་བསྲེས་ལ་བྱུག །རྫས་གཞན་རྣམས་མི་བྱུག་ཅིང་མ་འདྲེས་པར་བྱ། ཟག་པ་སོགས་དྲི་མ་དྲུག་བྱུག་གོ །དེ་ནི་བཤད་རྒྱུད་ཁྲི་དྲུག་སྟོང་པ་ལས་རྗེས་ས་ཕྱི་ས་དྲི་མ་གཅིན། སྣབས་དང་། ལུད་པ། མཆིལ་མ་སྐྲ་དང་གོས་དུམ་ཞིང་ཁང་ས་ཞེས་སོ། །བླ་རྟགས་ཀྱི་རྫས་ཞལ་ལས་ཤེས།་་་དེ་ཡང་མོ་གཤེད་ཕོ་ལ་རྦད་ཅེས་བྱ་སྟེ། དགྲ་ཕོ་ཡིན་ན་ཡི་གེ་དེ་རྣམས་ཕོྒྷྱིལ་སི་མ། ཡི་<!TCC Tibetan character 4,200 undefined in unicode!>ྱ་དི་བ་ྦྷིྱ་བ། དགྲ་མོ་ཡིན་ན་ཕོ་གཤེད་མོ་ལ་རྦད་ཅེས་བྱ་སྟེ། པོ་ྒྷྱིལ་པི། པ། ཡི། <!TCC Tibetan character 4,200 undefined in unicode!>ྱང་། དིཤ །ྦྷིྱ་ཤ །སྲོག་གཤེད་སྲོག་ལ་དབབ་པ་ཞེས་བྱ་སྟེ། བླ་ཚེ་གང་ཡིན་དེའི་སྙྑ་བ།བར་སྑ་ག་ངྑ་ལ་ཀར་མ་རིས་གསཡྑརང་གཤེད་རང་ལ་དབབ་པ་ཞེས་བྱ་སྟེ། གཟ་ས་སཛ་གྡ་མ་ག་དྲུ་ནྶ་ངག་ནྨ་ཛ་ས་ལ་དེང་ཡང་ལྒི་ལ་ག་བྱུ། རྫས་དེ་རྣམས་བྱུག་གནས་སོ་སོ་ལས་གཞན་དུ་མ་ཐལ་བའི་ལག་ལེན་གཙང་མ་བྱ་ཞིང་། བྱུག་དུས་ལྕགས་སྣོད་དུ་རླངས་ཐོན་ཙམ་སྲོས་ལ་བྱུག་ན་ནུས་པ་མྱུར་གསུང་། ཁ་ཅིག་རྫས་བྱུགས་ནས་འབྱུང་བའི་ཁྲུས་བྱེད་འདུག་པ་དེ་མིན་ཏེ་ནུས་པ་དང་དྲི་མ་རྣམས་འབྱུང་བས་སྦྱོང་བ་ཡིན་ན་རྫས་རྣམས་དོན་མེད་པར་འགྱུར་རོ། །དེས་ན་སྔོན་ལ་འབྱུང་བས་བཀྲུས་ལ་དེ་ནས་རྫས་རྣམས་བྱུགས་ལ་དེ་མ་ཐག་ལས་ལ་སྦྱར་རོ། །གཡུལ་བཀྱེའི་ས། ཤོ་བུད་ཀྱི་ས། གྲོག་མ་དམར་ནག་འཐབ་པའི་ས། ཕུང་ཤུལ་ས། དུར་ཁྲོད་ཀྱི་ས། འདྲེ་འཚུབས་ས། དབེན་གནས་གཉན་པོའི་ས། གཙོ་འཁོར་སོ་སོ་འམ་གཙོ་བོར་བསྡུས་ཀྱང་རུང་སྟེ་སུམ་གཅིག་ཡར་བཅད་སུམ་གཉིས་མར་བཅད་པའི་ནང་དུ་སྙིང་པོ་རྣམས་ཀྱི་མཐར་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་བསྲུང་ཞིང་བསྐྱབ་པ་དང་། ཕ་རོལ་མི་དང་མི་མ་ཡིན་པའི་བསམ་སྦྱོར་ངན་པས་གཏོང་བའི་བྱད་དང་རྦོད་གཏོང་ཐམས་ཅད་ཕྱིར་ཟློག་པར་མཛོད་ཅིག་ཅེས་བྲིས་པ་བཅུག་ལ་འཕངས་དུས་ཀྱང་ཚུར་མི་འབྱུང་ངོ་། །ནྲྀ་རཀྴ་མུ་ཙུ་རུ་ལུ་བྷྱོ་དགྲ་བོ་མགོན་སྐྱབས་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་ཡུགས་སའི་མངལ་ཁྲག་གིས་བྲིས་ལ་ཚ་བ་གསུམ་བྱུག །ཨ་ཁ་ལ་རཀྴ་ཐུན་བྷྱོ་དགྲ་བོ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་མཛེ་ཁྲག་གིས་བྲིས་ལ་ག་པུར་བྱུག །དྲེག་རྐང་བའི་མགར། སྔགས་པ་ནང་རྒྱས་ལ་སྤྲོད་སྲིང་པོ་ནག་རི་པུ་དུ་འཇུག །བླ་མ་སྤྱི་ལ་བྱ་རྒོད་ཀྱི་ཐོད་པ། སྔགས་པ་སྤྱི་ལ་སྟག་གམ་བྱི་ལ་སྟག་རིས་ཅན་ནམ་བྱ་རོག་གི་ཐོད་པ། དགེ་སློང་ལ་ངང་པ་སེར་པོའི་ཐོད་པ། དམ་ཚིག་གཅིག་པ་དང་ལྷ་སྔགས་གཅིག་པའི་མཆེད་གྲོགས་སམ་སློབ་མ་ལ་རུས་སྦལ་ལམ་སྦལ་ནག་ཐོད་ཁོག་པ། བོན་པོ་དང་མུ་སྟེགས་ཕག་ནག་གི་ཐོད་པ། ཡང་ན་གཅན་གཟན་གང་རུང་གི་ཐོད་པ། རྒྱལ་པོ་ལ་སེང་གེའམ་ཁྱི་དཀར་ཐོད་པ། མི་དཔོན་གླང་ཐོད། མི་སྐྱ་ལ་ཕག་ཐོད་དམ་གླང་རྭ། བུད་མེད་ལ་རྭ་ཐོད་དམ་ཝ་ཐོད། བྱིས་པ་ལ་སྲེ་མོང་གི་ཐོད་པ། ཡང་ན་དགྲ་སྤྱི་ལ་སྤྱང་ཀིའམ་ཤ་ཁྱིའི་ཐོད་པ་དང་། བགེགས་སྤྱི་ལ་ཕག་ཐོད། ཡང་ན་དགྲ་བགེགས་གང་ཡིན་ཡང་མོན་ནམ་རབས་ཆད་ཀྱི་ཐོད་པ་གླང་གཡག་གི་རྭ་རྣམས་དང་། དགྲ་བོ་ལ་ཁོའི་ཕ་མེས་ཀྱི་ཐོད་པ་བྱུང་ན་རབ་བོ། །མནན་དུ་མི་རུང་ཞིང་མནན་ཀྱང་མི་ནོན་པའི་ཐོད་པ་ནི། སྔགས་པ་དམ་ལྡན། དགེ་སློང་སྡོམ་ལྡན། སེམས་ཉིད་རྟོགས་པའི་སྒོམ་ཆེན། ཟག་པ་ཟད་པའི་འཕགས་པ། བསོད་ནམས་ཅན་གྱི་རྒྱལ་པོ། བུ་མང་པོ་སྐྱེས་པའི་མ་རྣམས་ཀྱི་ཐོད་པའོ། །ཨ། མདུན་དུ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་ཁྲི་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ལྕགས་ཀྱི་རི་རབ་འཕྱར་སྟབས་བསྣམས་པ། སྐུ་སྟོད་ལ་གནམ་ལྕགས་ཀྱི་ཞུན་ཁྲབ་གསོལ་ཞིང་ཞིང་ཆེན་གྱི་ལྤགས་པ་སྐེད་ལ་བཅིངས་པ། ཞིང་ཆུང་གི་ལྤགས་པའི་ཆོས་གོས། སྟག་ཤམ་ཅན། སྦྲུལ་གདུག་པས་ཡན་ལག་དཀྲིས་ཤིང་ཐོད་སྐམ་ལྔའི་དབུ་རྒྱན་བྱས་པ། ཆུ་གླང་གི་སྟེང་ན་ཞབས་དོར་སྟབས་སུ་བསྒྲད་ནས་བཞུགས་ཤིང་འཁོར་འཆི་བདག་བྱེ་བ་ས་ཡས་བསྐོར་བ། རྒྱབ་ཏུ་གསུང་སྤྲུལ་སྲོག་བདག་རྨེ་རུ་རྩེ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བེ་ཅོན་དང་གཡོན་ཞགས་པ་བསྣམས་པ། རུས་སྦལ་གྱི་གཡང་གཞི་གསོལ་ཞིང་སྦྲུལ་ནག་གི་རལ་པ་འཕྱང་བ་ལ་ཐོད་པའི་རྣ་ཆ་བྱས་པ། ལས་ཀྱི་རླུང་དམར་གྱི་སྟེང་ན་ཞབས་དོར་སྟབས་སུ་བཞུགས་པ་འཁོར་སྲོག་བདག་བྱེ་བ་ས་ཡས་བསྐོར་བའོ། །བསད་སྔགས་བཟླ་བའི་སྐབས་རེས་དང་དྲེགས་བསྐུལ་སྐབས་སྔགས་ཀྱི་འོད་ཟེར་དང་སྒྲ་གདངས་ཐུན་ཕོག་པ་སོགས་ཀྱིས་རྐྱེན་བྱས་ཏེ་སྤྱི་བོར་ལྷའི་བདུད་སྔོ་ནག་བུང་བ་མེ་ཏོག་ལ་འཇིབ་པ་འདྲ་བ་དེ་ལ་ཕོག་པས། དེ་དངངས་ཤིང་ཁྲོས་ནས་སྤྱི་བོའི་རྩ་འཁོར་རྣམས་བཅད་ཀླད་ཁྲག་ཞོ་ལྟར་དཀྲུགས་ནས་སའི་དྭངས་མ་མགྲིན་པའི་གནས་སུ་ཆུ་ལ་བསྡུ། ཡང་སྔར་བཞིན་ཕོག་པས་མགྲིན་པར་ཉོན་མོངས་པའི་བདུད་སྡིག་པ་དམར་པོ་བྲག་ལ་འཛེག་པ་འདྲ་བ་ལ་ཕོག་པས་དངངས་ཁྲོས་ནས། རྩེའུ་ཆུང་གཉིས་དང་མགྲིན་པའི་རྩ་འཁོར་རྣམས་བཅད་ཁྲག་ལྷུག་གིས་སྐྱུགས་ནས་ཆུའི་དྭངས་མ་ལྟེ་བའི་མེ་ལ་བསྡུ། ཡང་ལྟེ་བ་ན་ཕུང་པོའི་བདུད་སྡོམ་དུད་ཁ་བགྲད་པ་འདྲ་བ་དེ་ལ་ཕོག་པས་དངངས་ཁྲོས་ནས་ལྟེ་བའི་རྩ་འཁོར་རྣམས་བཅད་མྱོས་ཤིང་བརྒྱལ་ནས་ལུས་སེམས་བྲལ་མེའི་དྭངས་མ་སྙིང་གར་རླུང་ལ་བསྡུའོ། །ཡང་སྙིང་གར་འཆི་བདག་གི་བདུད་མཐིང་ནག་གྱད་སྟོབས་པོ་ཆེ་འདྲ་བ་ལ་ཕོག་པས་དངངས་ཁྲོས་ནས་སྲོག་རྩ་དང་སྙིང་གའི་རྩ་འཁོར་རྣམས་བཅད་ཚེའི་འདུ་བྱེད་བསྐུམས་ཏེ་རླུང་གི་དྭངས་མ་རྣམ་པར་ཤེས་པ་ལ་བསྡུ། རྣམ་ཤེས་རྟེན་དང་ཕྲལ་ནས་ལུས་སོལ་སྡོང་བཞིན་ནག་ཁོག་གེ་སོང་བར་བསམ་མོ། །འདི་ནི་རང་གཤེད་རང་ལ་འབེབ་པའི་མན་ངག་བདུད་བཞི་ནང་ནས་སློང་བ་སྟེ་གཤེད་སྐོར་གྱི་ཟབ་གནད་དམ་པའོ། །ས་བོན་ནྲྀ་ནི། བླ་མ་སྡེ་དཔོན་བཙུན་པ་རྣམས་དམར་སེར། སྔགས་པ་དམར་ནག །རྣལ་འབྱོར་པ་སྔོན་པོ། བོན་པོ་དམར་སྐྱ། མི་ཕལ་པ་རྣམས་ལྗང་སེར་ལ། མོ་རྣམས་ལྗང་ནག་གོ །རང་ཕྱག་རྒྱ་ཟིལ་གནོན་དུ་གསལ་བའི་ལྟོ་བར་རུས་སྦལ་རྔམ་པ་མི་ཟན་ཁ་གདངས་པའི་ཁར་དགྲ་བོ་དངོས་སུ་བསམ་པ་མགོ་འཇུག་ལོག་ལ་སོང་བར་བསམས་ལ་མཐེབ་སྲིན་གྱིས་ཇུར་མིད་བྱ། དེ་ནས་སྔགས་བཟླས་པའི་མཆིལ་མ་རྣམས་ནད་མཚོན་དུག་ཏུ་གྱུར་ནས། རུས་སྦལ་གྱི་ལྟོ་བའི་དགྲ་བོའི་སྟེང་དུ་བབས་པས་བརླགས་པར་བསམ་མོ། །འདི་ནི་ངན་སྔགས་ཀྱི་ནུས་པ་རང་ལ་མི་གནོད་ཅིང་ཕ་རོལ་གྱི་སྟེང་དུ་འགྲོ་བའི་གནད་དམ་པ་གཅིག་གོ །དབྱེ་བ་རླུང་ལྷའི་ཕྱོགས་ནས་དབྱེ་ཞེས་པས། སྒྲུབ་གྲོགས་གཅིག་གིས་སྒྲུབ་ཁང་གི་ནུབ་བྱང་དུ་ཁྱེར། དེར་རྫ་སོ་མ་གཉིས་ཀྱི་འོག་མར་མེ་བླུག །སྟེང་མར་འཁོར་ལིང་བཞག་པ་ཁ་སྦྱར་ལ་རྫས་སྨྱུག་མའམ་བླུག་གཟར་ལྟ་བུས་མེར་སྲེག་པའི་དུད་པ་ཕྱིར་མ་ཤོར་བར་མཚམས་སས་གནོན་ཅིང་། ལག་ཚགས་དམ་པར་བྱེད། དེ་བསྟུན་སྤྱུག་པའམ་རྐང་གླིང་གི་སྒྲ་སྒྲོག་ཅིང་སྒྲུབ་ཁང་ནས་སྒྲུབ་པ་པོ་རྣམས་ཀྱི་དབྱེ་བསྐུལ་སྔགས་དམིགས་བྱའོ། །དེ་ནས་རླུང་འགྱུ་ཕྱོགས་བརྟགས་ལ་རང་ལ་དྲི་མས་མ་ཕོག་པར་ཁ་དབྱེ། སྒྲོ་གཉིས་ཀྱིས་བྱབས། ནང་དུ་ཁྱེར་ནས་ཀྱང་སྒྲོས་བྱབ་ཅིང་སྔགས་དམིགས་རྫས་རྣམས་ནན་ཏན་བྱའོ། །ཡར་ངོ་ལ་རིམ་བཞིན། བྱ་ཟེར་ནས་ཉི་ཤར་བར་རྐང་མཐིལ། ཉི་ཤར་ནས་དྲོས་ཆེན་ཚུན་བྱིན་པའི་དཀྱིལ། ཉི་མ་དྲོས་ཆེན་ལ་བརླའི་དཀྱིལ་ལ། ནམ་ལངས་དུས་སྐེད་པ་ལ། ཉིན་ཕྱེད་ནས་ཉི་མྱུར་ཚུན་ཁ་ནང་། ཉི་དྲོས་ལག་མཐིལ། སྐྱ་རེངས་ཤར་ནས་ནམ་ལངས་བར་རྐང་པའི་ལོང་གཉིས། ནམ་ཕྱེད་ལ་ལག་པའི་གྲུ་གུ་གཉིས་ལ། ནམ་ལོང་མཚན་མ། སྲོད་འཁོར་སྐེད་པ། སྲོད་ལ་རྣ་བ་དང་སྣ་ལ། བྱ་ཟེར་དུས་ཕོ་བ་དང་སྐྲ་མཚམས། ཉི་ནུབ་ལ་སོ་ལ། རྩིབ་ཐེབ་ལྔ་ལ། ནམ་ཕྱེད་སྙིང་ལ། ཉི་མྱུར་ལུས་བྱིངས་དང་ཁྱད་པར་བྱིན་པའི་དཀྱིལ་ན། མར་ངོ་ལ་རིམ་བཞིན་ཉི་མྱུར་སྐེད་དང་བྲང་གཞུང་ལ། སྲོད་འཁོར་མགུལ་པའི་གཡོན་ཟུར་ལ། ཉི་མ་དྲོས་ཆེན་ཕོ་བ་དང་བརླ་གཉིས་ཀྱི་ནང་ལ། ནམ་ལངས་བརླ་ཁུང་གཉིས་དང་། རྐང་པའི་ལོང་གཉིས་ལ། ཉིན་ཕྱེད་ངར་གདོང་གཉིས་ལ། ཉི་མ་དྲོས་ཆུང་རྐང་མཐིལ་གཉིས་ལ། ནམ་ལངས་མཁལ་ཁུང་གཉིས་ལ། ནམ་ཕྱེད་བྱིན་པ་གཉིས་ལ། སྲོད་ལ་ལག་མཐིལ་གཉིས་ལ། ནམ་ཕྱེད་ལྕེ་ལ། སྐྱ་རེངས་ཤར་དུས་མཇིང་པ་ལ། པུས་མོ་གཉིས་ལ། ཉི་ཤར་མཚན་མ་དང་ལྟེ་བ་ལ། ཕྱེད་ཡོལ་མིག་གཉིས་ལ། ཉིན་ཕྱེད་ལུས་སྤྱི་ལ་གནས་པ་ཡིན་ནོ། །དེ་ནི་སྲིད་པའི་གཏེར་ཁྱིམ་གྱི་དགོངས་པ་ཡིན་ཏེ་གཞན་ཡང་རྒྱུད་སྡེ་དང་གཙུག་ལག་རྩིས་ཀྱི་ལུགས་རྣམས་ནི་གཞན་དུ་ཤེས་སོ། །ལྕགས་ཁམས་པ་ཉི་ཤར། མེ་ཁམས་པ་ཉིན་ཕྱེད་ལ། ས་ཁམས་དགོང་ཁ། ཆུ་ཁམས་པ་ཉི་ནུབ། ཤིང་ཁམས་ཐོ་རེངས། བསྒྲུབ་བྱའི་བདུད་གཅོད་ཀྱི་ཕྱོགས་ནས་འོང་ངོ་། །བསྒྲུབ་བྱའི་ལོའི་དུས་ཚོད་ཡིན། ཡང་ན་སྲོག་གི་རྟེན་དུ་དགྲ་འབེབས་པ་དཔེར་ན། ཕག་ལོ་པའི་བླ་ལྕགས་ལ་སྲོག་ཆུ་ཡིན་ན། དེའི་དགྲ་མེ་དང་ས་ཡིན་པས་གླང་ལུག་ཁྱི་འབྲུག་གི་དུས་ལས་སྦྱོར་བྱས་ན་ཕེབས་པ་ཡིན་ནོ། །སོ་སོར་ཡིན་ན་ལུས་ཕྱི། ངག་བར། ཡིད་ནང་དུ་བརྩེག །ཆམས་གཅིག་ཡིན་ན་སྤྱི་བོའི་འཁོར་ལོ་ལྕེ་སྟེང་གི་འཁོར་ལོའི་སྟེང་དུ་ཁ་མར་ཡབ་ཡུམ་གསུམ་པོ་བརྩེགས་མར་འགྲིགས་པར་བྱ། ལྷན་ཐབས་ཀྱི་རྡོ་རྗེ་རྒྱ་གྲམ་དུག་ཁྲག་གིས་ངར་བླུད་པའང་སོ་སོའི་ལྟེ་བར་སྦྱོར། དེ་ནས་གསང་གནས་ཁར་བཅུག་པའི་རོ་ལྟེབ་བྱས་རྗེས་ཕོ་གཡས་དང་མོ་གཡོན་སྔོན་ལ་བལྟེབ། དེ་ནས་གཅིག་ཤོས་བལྟབ། དེ་ནས་འཇུག་པའི་སྣོད་དང་འཚམ་པར་ཟུར་གང་འདུག་ནང་དུ་བལྟབ། རོ་རས་ཀྱིས་དྲིལ། བདུད་དང་གནོད་སྦྱིན་གྱི་ཞགས་པས་བཅིངས། ལིངྒ་མགོ་འཇུག་ལྡོག་ལ་རང་ཐག་གི་སྐྱུ་མིག་ལ་ཡས་ནས་མར་ལན་བདུན་འདྲེན་ཅིང་། དགྲ་བོ་ཆེ་གེ་མོ་རྦད་རྦུད་ནྲྀ་རྦད་རྦུད་ཡ། ཞེས་བརྒྱ་སྟོང་ཅི་མང་བཟླ། དེ་ནས་ཕྱི་སྒོའི་ཐེམ་པའི་འོག་ཏུ་ནང་ནས་ཕྱིར་ལན་བདུན་འདྲེན་ཅིང་། དགྲ་བོ་ཆེ་གེ་མོའི་སྲོག་ནྲྀ་ལམ་ནན་མཱ་ར་ཡ་རྦད་ནན། ཞེས་བཟླ། དེ་ནས་ལྕགས་སྣོད་དུ་བཞག་བོན་བསྐོར་བདུན་བྱེད་ཅིང་ལྷ་སྔགས་མཐར་དགྲ་བོ་ཆེ་གེ་མོ་ཤ་ཏྲུཾ་རྦད་རྦུད་སོད་ནན་ཅེས་བཏགས་པ་བཟླ། རང་གི་རྐང་པ་ལ་ཕྱིར་ལན་གསུམ་བསྐོར་རོ། །དེ་ནས་མནན་སྣོད་དུ་བཅུག་དབྱེ་རྫས་ཐུམ་བུ་དང་ཐུན་ཕྲན་བུ་ཡང་བླུགས། མ་ཁེང་ན་སྦྱིན་སྲེག་གི་ཐལ་སོལ་དང་བྲུབ་ཁུང་གི་ཐུན་ཟོར་རྙིང་པ་རྣམས་བླུག་ལ་ཁ་བཅད། འཕུང་རེས་དྲིལ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། རྩང་བཙུགས་ཁྲོ་ཞལ་གྱི་རྒྱས་འདེབས་ཤིང་ལག་ཚགས་དམ་པར་བྱའོ། ཕ་རོལ་ལྷས་སྐྱོབ་རྟགས་ནི། སློབ་དཔོན་དང་སྔགས་པ་བྱུང་ན་ཆོས་སྲུང། བོན་པོ་དང་བྱིའུ་བྱུང་ན་བོན་ལྷ། བྱ་ཆེ་བའི་རིགས་མཁར་གྱི་རྩེ་ལྷ། མི་དཀར་ལྷན་སྐྱེས་ལྷ། ལུག་ཁྱུ་དང་གཡག་དཀར་ཡུལ་ལྷ། རྟ་དཀར་དང་བྱིང་རྨུགས་སྲོག་ལྷ། ཁྲ་སྤྱང་དགྲ་ལྷ། སྐྱེས་པ་ཞུབ་ཅན་ཕོ་ལྷ། བྱ་རོག་ཞང་ལྷ། བུད་མེད་དང་ཤ་བ་ཡུ་མོ་མ་ལྷ་ཡིན་ནོ། །དེ་དག་གི་གཉེན་པོ་ནི། སད་ཁྱེར་འབོག་དང་རྒྱ་ཚིལ་གྱིས། ཆོས་དང་བོན་གྱི་སྲུང་མ་སྐྲོད། སྙིང་ཤ་གླང་སྐྱེས་གཞོབ་དང་དྲིལ་ཚིལ་གསུར་དུད་པས་ཕོ་ལྷ་དགྲ་ལྷ་འབྱེད། དགྲ་ཤ །རྟ་བོང་། བོང་དང་རྟ་གསེབ་བོན་གསུམ་གྱིས་མ་ལྷ་ཞང་ལྷ་འབྱེད། མོ་ཤ །ཡུགས་དོར་ཡུལ་ལྷའི་གཉེན་པོ་སྟེ། ཡུལ་ཤ །ཏིལ་དང་ཡུངས་ནག་ཡུལ་ལྷའི་གཤེད་སྲོག་ཤ། རྣམས་སོ། །ས་གཞི་གས་ནས་ཕྱིའི་རྒྱ་མཚོ་སྔོ་མེར་མཐོང་བར་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་རྣོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལས་གཤིན་ངག་འདོན་ནས་བྱུང་བ་ལྟར་བསྒོམས་ལ་གཏད་པས། ལག་གིས་དམ་པར་བླངས་པའམ་ཁར་ཁྱུར་གྱིས་མིད་པར་བསམ་མོ། །དེ་ནས་སྟེང་དུ་རི་རབ་སྲ་ཞིང་བརྟན་པས་མནན་པའམ་ཁྲོ་རྒྱལ་གྱི་ཕོ་བྲང་བཏབ་པས་ནམ་ཡང་ཐར་པ་མེད་པར་བསྒོམ་མོ། །དཔེར་ན་དགྲའི་མིང་ཡིག་དང་པོ་ཆུ་ཡིན་ན། དང་པོར་ས་སྤར་བ་དགུ །ཤིང་ཚར་དུམ་བུ་དགུ །ལྕགས་དུམ་མམ་འབྱོར་རྟགས་དགུ །སོལ་རྡོག་གམ་དཔལ་འབར་དགུ །ཆུ་ལན་དགུ་རྣམས་གཏོར་བ་དེས་གཞན་ལ་འགྲེའོ། །འཕང་བའི་སྐབས་གཏོར་ཟོར་དང་ཐུན་འཕངས་པས་དམིགས་ཡུལ་ལ་ཟ་ལམ་གཏོད་པ་ཡིན་ཏེ། དམིགས་པ་སྔར་ཐུན་གཏོར་སོགས་དང་འདྲ། དེ་ནས་གཏོར་མ་ལྷར་གསལ་བས་བདག་ལ་མཆོག་ཐུན་གྱི་དངོས་གྲུབ་བྱིན་པར་བསམ། དྲག་པོར་གཟུགས་བསྒྱུར་ནས་སྤྲུལ་པའི་དམག་ཚོགས་གནམ་ས་བར་གསུམ་ཁེངས་པ་ནད་མཚོན་དུག་གི་ལག་ཆ་སྣ་ཚོགས་ཐོགས་པ་ཁྲོས་ཤིང་རྔམས་པ་འཕྱོ་ཞིང་རྒྱུག་པ་ཀུ་སྒྲ་དང་བསོ་སྒྲ་སྒྲོག་པར་བསམ། ཟློག་བྱང་གྱེར་དུས་སྐབས་དེ་དག་གིས་ཟློག་པའི་ཕྲིན་ལས་ཐོགས་མེད་མཛད་པར་བསམ། དམག་ལྟོ་དང་གཤེགས་སྐྱེམས་སྐབས་དགྲ་བོའི་ཤ་ཁྲག་རོ་ལ་བྱ་རྒོད་རུབ་པ་བཞིན་ཧབ་སྒྲ་དང་བཅས་གསོལ་བར་བསམ། ཆད་ཐོ་དང་ཚོགས་ལྷག་གཏོང་དུས་དཀྱིལ་འཁོར་ཆེན་པོའི་ཕྱི་འཁོར་སྐྱོང་བའི་དམ་ཅན་སྲུང་མ་རྣམས་ཀྱང་སྔོན་གྱི་དམ་ཚིག་དྲན་ཏེ་སྒྲུབ་པ་པོའི་ཕྲིན་ལས་སྒྲུབ་ཅིང་གྲོགས་ལ་བྱོན་པར་བསམ། འཕང་བ་དངོས་ཟློག་བསད་མནན་པའི་ཐུན་གཏོར་གྱིས་ཕྱོགས་འགྲེ །འཕང་བ་སྡེ་བརྒྱད་དྲག་པོ་གནས་པའི་སར་བཞེས་སྒྲ་དང་བཅས་འཕངས་ན་ལས་མྱུར་གསུང་ངོ་། །ཚུར་ལོག་དུས་སྲུང་འཁོར་གསལ་བ་གལ་ཆེ། ཐོ་ལ་ནང་བསྐོར་བྱེད་དུས་ནང་པ་སངས་རྒྱས་པའི་མཐུ་གཏད་ཞིག་པ་དང་ཕྱི་བསྐོར་སྐབས་བོན་དང་མུ་སྟེགས་ཀྱིས་བྱས་པ་ཞིག་པར་བསམ། བྱེ་མའི་ལ་རྒལ་སྐབས་ལ་ལུང་དགུ་འདས་ནས་ཕྱིན་པར་བསམ་མོ། །གཞན་ཡང་ཤེས་པར་བྱ་བའི་གནད་ནི། བླ་འགུག་ཐལ་ཆེས་ན། རང་གི་བླ་འགུག་པ་དང་། མ་ཁུག་པར་བསད་པ་བརྩམས་ཀྱང་དོན་མེད་དུ་འགྱུར་བ། བསད་པ་ཚད་ལས་ཐལ་ན་སྔགས་པ་གྲིར་འཆི་བ་ཡིན་པས་ཚད་རྣམས་ལེགས་པར་བརྟག་པ་གལ་ཆེ། རང་དང་རང་གི་ཆོས་སྐྱོང་བའི་བླ་འགྱུ་སྐབས་ལས་སྦྱོར་མི་བྱེད་པ་སོགས་དྲག་སྔགས་སྤྱི་ཡི་དགོས་པ་གལ་ཆེ་བ་རྣམས་གཞན་དུ་ཤེས་པར་བྱ། འདི་གའི་ཡན་ལག་གཏད་དང་སྙིང་ཟློག་རྐྱང་པར་སྒྲུབ་པ་རྣམས་མཁོ་ཆུང་བས་མ་བྲིས་སྤྲོ་ན་གཞུང་དང་ཞལ་ལས་ཤེས། ཟློག་བསད་མ་སྦྲགས་པར་ཐ་དད་བྱས་ཀྱང་མཐའ་སྡུད་བསྲེག་ལས་བྱེད། བསད་པ་མེད་པར་ཟློག་པ་དྲག་པོ་ཡིན་ན། ཟོལ་བསྐུལ་གོང་དུ་དྲེགས་བསྐུལ་དང་ཐུན་བསྐུལ་བྱས་ཏེ་ཐུན་རྡེབ། ཀུན་གྱི་མཐའ་འཕང་བ་ཁོ་ནས་བསྡུ་བ་ཡིན་ནོ། །བདུད་སྡེའི་བུད་ཤིང་སྲེག་པའི་དྲག་སྔགས་མེ། །ལྷག་བསམ་རླུང་གིས་བུས་པའི་ཚ་ངར་འོད། །ཉིན་བྱེད་འབུམ་གྱི་གཟི་ལྟར་འབར་བ་ཡིས། །འཇིག་རྟེན་རྒུད་པའི་མུན་ཚོགས་དབྱིངས་སུ་བཅོམ། །དུག་ལྔས་མནར་བའི་ལྔ་བདོའི་འགྲོ་བ་ལ། །རྒྱལ་བ་ཀུན་ལས་ཐུགས་རྗེ་རྨད་བྱུང་བའི། །འཇམ་དཔལ་རྡོ་རྗེའི་ཕྲིན་ལས་དབྱར་རྔའི་སྒྲས། །ཕན་བདེའི་མདོངས་མཐའ་ཅན་རྣམས་རྩེ་དགའ་བསྒྱུར། །འོན་ཏེ་ལས་དབང་ལོག་པའི་ཆུ་འཛིན་གྱིས། །གསང་ཆེན་བསྟན་པའི་ཉི་མ་མི་གསལ་ཞིང་། །བསྐྱེད་དང་རྫོགས་པའི་ལམ་བཟང་ཉམས་དམའ་ན། །དྲག་སྔགས་སྤུ་གྲིའི་སོ་ཡང་ཆག་པར་དོགས། །ལུས་ངག་རྣམ་འགྱུར་མཛེས་པའི་ཆུ་གཏེར་ལས། ལེགས་བཤད་ཡིད་བཞིན་ནོར་བུ་འཚོལ་དཀའ་ཞིང་། །ཐོས་དང་བསམ་པའི་གྲུ་གཟིངས་ཕལ་ཆེར་ཀྱང། །དྲག་ཤུལ་ཚུ་རོལ་སྤྱོད་པའི་འཛིན་ཁྲིས་ཟིན། །ཆོས་བརྒྱད་སྒྲོག་གིས་བཅིངས་པའི་གྱི་ལིང་རྟ། །གཟུང་འཛིན་འཁོར་བའི་ཐང་ལ་བང་མགྱོགས་པས། །བདེ་ཆེན་བཙན་སར་སྙེགས་པའི་བཞོན་པ་ཕལ། །སྒྱིད་ལུགས་ལེ་ལོའི་ནགས་སུ་འཁྱམས་པ་མཐོང་། །ལས་འབྲས་བླང་དོར་སྤྱད་པའི་ས་བོན་ཡང་། །སྔོན་བྱས་བཟང་རྐྱེན་ཆུ་ལུད་ཡོད་མེད་ཀྱིས། །གོ་ལྡོག་སྡོང་བུ་སྣ་ཚོགས་འདབ་ལྡན་ལས། །འབྲས་བུ་ཇི་བཞིན་མཐོང་བའི་ཆོས་ལ་དཀའ། །དེ་ཕྱིར་ཚེ་འདིར་དགོས་པའི་སྤང་བླང་གི །སྤྲོས་པ་སྤངས་ཏེ་ཉོན་མོངས་དུག་གསུམ་དགྲ །ལམ་བཟང་རྫོགས་པ་ཆེན་པོས་ཚར་བཅད་ནས། །གཏན་བདེའི་འདུན་མ་ལྷུན་གྱིས་འགྲུབ་པར་ཤོག །དེ་ལྟར་ཟབ་གནད་ལོགས་སུ་སྦས་པའི་ཡི་གེ་འདི་ནི་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཀྱི་ཁ་སྐོང་དུ་སྔགས་བན་ཨོ་རྒྱན་སྐལ་བཟང་གིས་བྲིས་པའོ། །འདི་མ་དང་བསྲེས་ནས་འབྲི་བ་དང་། དམ་མེད་ལ་སྟོན་ཅིང་དཔེ་རྒྱུན་སྤེལ་བ་སོགས་བྱས་ན་འཆི་བདག་བྷེ་བ་སཏྭས་སྲོག་རྩ་ཆོད་ལ་སྙིང་ཁྲག་མ་གཤིན་དྲེགས་པའི་ཚོགས་ཀྱིས་རོལ་ཅིག །ཟབ་པ་ཚག་ལ་ཡང་ཟབ་འབྲུ། །ཤིན་ཏུ་ཟབ་པ་སུམ་ཅུ་པོ། །ལྡོག་སྟེ་འཕྲུལ་གྱི་ཡི་གེ་འོ།། །།

ཚོགས་བསྡུས་བདེ་ཆེན་འཁོར་ལོ་ (Volume 63, Text 23)

ཚོགས་བསྡུས་བདེ་ཆེན་འཁོར་ལོ་བཞུགས། །ཐབས་ཤེས་དམ་ཚིག་རྫས་རྣམས་ནི། །སེར་སྣས་མ་སྦགས་ལེགས་པར་བཤམས། ཨོཾ་ཨཱཿཧཱུྃ། བདེ་སྐྱོང་བནྡྷའི་སྣོད་ཡངས་པར། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །བདེ་བ་ཆེན་པོའི་ལོངས་སྤྱོད་འདིའི། །འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །ཐུགས་དམ་བསྐངས་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷག་གཏོར་འབུལ་ལོ་ཕྲིན་ལས་སྒྲུབས། །མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁ་ཧི། ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ །མངྒ་ལཾ།། །།

བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ་ (Volume 13, Text 23)

༄༅། །བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཀུན་རི༵གས་སྙིང་པོ་གཟུང་འཛི༵ན་བྲལ་བའི་གཤིས། །རྟག་བརྟན་ཞི་བ་གཡུང་དྲུང་འ༵གྱུར་མེ༵ད་དངོས། །ནམ་མཁའི་རྡོ༵་རྗེ༵་ཟུང་འཇུག་འདུས་མ་བྱས། །རང་རིག་ཧེ་རུ་ཀ་དཔལ་དེར་ཕྱག་འཚལ། །གང་གི་རང་གཟུགས་གདུག་ཅན་བློ་ངོ་ན། །དབང་དྲག་འབར་བ་ཁྲག་འཐུང་འཁོར་ལོའི་རྩེར། །ཡོངས་ཤར་བདེ་ཆེན་མཆོག་གི་དཀྱིལ་འཁོར་དུ། །སྐལ་ལྡན་སྨིན་བྱེད་མཚམས་སྦྱོར་འཇུག་བདེ་སྤེལ། །དེ་ཡང་དབང་ཐོབ་ཅིང་བསྙེན་སྒྲུབ་ཚད་དུ་ཐེམས་པའི་སློབ་དཔོན་གྱིས་དབེན་པའི་གནས་སུ་ཡར་ངོ་དང་མར་ངོའི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་གང་དུ་བྱ་བའི་གཞི་དེར། ས་ཆོག་དང་ཐིག་ཚོན་བྱིན་རླབས་སོགས་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའམ། སྟེགས་བུ་ཁེབས་ལྡན་གྱི་ཁར་རས་་བྲིས་བཀྲམ་པའང་རུང་སྟེ། གང་ལྟར་ཡང་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར། རྣམ་རྒྱལ་བུམ་པ་ཆས་ལྡན་གུ་རུའི་སྐུ་ཙཀ་དང་བཅས་པ། གཡས་སུ་དབང་གཏོར། གཡོན་དུ་གསང་ཐོད། གཞན་ཡང་ཕྱག་མཚན་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། སྐྱབས་སེམས་ནས་བཟུང་བཟླས་པའི་བར་བདག་མདུན་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒྲུབ་ཅིང་། བུམ་ཛཔ྄་དང་སྲུང་མའི་གཏོར་བསྔོའི་མཐར། བདག་འཇུག་རྫོགས་པར་ལེན་པའམ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་ཞུགས་ཏེ་གཉུག་མའི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་མོས་ལ་སློབ་མ་འཇུག་པར་གནང་བ་ཞུ་བ་རྣམས་སྤྱི་ལྟར་བྱའོ། །དེ་ནས་སློབ་མ་རྣམས་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཕྱག་སྔོན་དུ་འགྲོ་བས་གྲལ་ལ་འཁོད་རྗེས། སྔོན་གཏོར་ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དབང་དྲག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག །སུམྦྷ་ནི་སོགས་དྲག་སྔགས་རོལ་མོར་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་ར་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་མོས་ལ་སྲུང་འཁོར་བསྒོམ། དེ་ནས་འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་ཏེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་རྒྱ་ཆེན་པོ་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ལ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས། དེ་ལ་ཡང་གསང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ། ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་དྲིལ་བ་ལྟ་བུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན་ཏེ་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལ་ཡང་གཏེར་ཁ་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་ཕྱི་མ་སྟེ། དེ་ཡང་པདྨ་བཀའ་ཐང་དུ། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པ་ལྟར་དེང་དུས་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས་འདུལ་བའི་བྱེད་པོར་ལོ་ཙ་བ་ཆེན་པོ་བཻ་རོ་ཙཱ་ན་ཉིད་སྤྲུལ་པའི་གཏེར་སྟོན་ཆེན་པོའི་རོལ་པ་རང་ཅག་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་གྱུར་་པ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ཀྱིས་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད་པ་ལས། ད་རེས་སྐབས་སུ་བབ་པ་ནི། གཏེར་ཁ་འདི་ཉིད་ཀྱི་ཁ་བྱང་ལས། ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ ཞེས་སོགས་གཏེར་གནས་དང་འདོན་པའི་དུས་རྟགས་རྟེན་འབྲེལ་ལ་སོགས་ཇི་ལྟར་ལུང་བསྟན་པ་བཞིན་ངམ་ཤོད་བྱིང་མདའ་གནམ་ལྕགས་བྲག་ནས་སྤྱན་དྲངས་པའི་ཆོས་སྐོར་ཏེ། དེ་ཉིད་ལས། ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་རྫོགས་ཆེན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཞེས་གསུངས་པའི་ཆོས་སྐོར་གྱི་ནང་ཚན་གུ་རུ་དྲག་པོ་གསང་བར་སྒྲུབ་པའི་གདམས་སྐོར་ཏེ། དེ་ཉིད་ལས། སྨིན་བྱེད་དབང་དང་སྒྲུབ་ཐབས་ཕྲིན་ལས་སྐོར༔ བཀའ་ཡི་བསྟན་སྲུང་སྐོར་ཚོ་བཞི་རུ་ཕྱེ༔ ཞེས་གསུངས་པ་ལས་སྨིན་བྱེད་དབང་གི་རིམ་པ་རྣམས་བསྒྲུབ་པ་སྐབས་སུ་བབ་པ་ཡིན་ཞིང་། དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དེ་ཉིད་གང་འདུལ་གྱི་མོས་ངོར་རབ་འབྱམས་ཞི་དང་ཁྲོ་བོའི་རོལ་པ་ཅིར་ཡང་འཆར་བ་ལས། འདིར་གདུལ་བྱ་གདུག་ཅིང་གཏུམ་པ་རྣམས་ཀྱི་གཉེན་པོ་ཆེ་མཆོག་པདྨ་དྲག་པོ་ཁྲག་འཐུང་ཁྲོ་བོའི་དབང་ཕྱུག་རྡོ་རྗེ་སྲིན་པོ་མི་བཟད་པ་ཆེན་པོའི་སྒྱུ་འཕྲུལ་གྱི་རྣམ་པར་བཞེངས་པ་གང་གི་སྒྲུབ་ཐབས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་ཉེ་ལམ་གཅིག་ཏུ་གྱུར་པ་སྟེ། ཉིད་ཀྱི་རྡོ་རྗེའི་གསུང་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས༔ དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་བརླབས་བུ་བཞིན་བསྲུང༔ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབ༔ སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་ལྟར་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཞེས་ཞལ་གྱིས་བཞེས་པའི་ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་གདམས་པ་དེ་ཉིད་ཀྱི་སྒོ་ནས་བྱིན་རླབས་དབང་བསྐུར་བའི་རིམ་པ་སྒྲུབ་པར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་འབུལ་དུ་བཅུག །དེ་ལྟར་མཎྜལ་འབུལ་བའི་རིམ་པ་དེ་སོང་ནས། ཐོག་མར་འཇུག་པའི་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། དེ་ནས་ཕྱི་འཇུག་གི་ཐོག་མར་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཁྲག་འཐུང་ཆེ་མཆོག་པདྨ་དྲག་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་ཆེ་བའི་མཆོག༔ ཧེ་རུ་ཀ་དཔལ་དྲག་པོ་རྩལ༔ བདེ་ཆེན་མཆོག་གི་དཀྱིལ་འཁོར་འདིར༔ བདག་ཉིད་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དམ་ཚིག་མཆོག་ལ་རབ་གནས་ན༔ དེ་རིང་ཁྱོད་ནི་སྐལ་བཟང་བགྱིད༔ ཅེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་བཟང་སྣོད་ལྡན་རིགས༔ ཇི་ལྟར་བསྒོ་བའི་དམ་ཚིག་ལས༔ སྲོག་ལ་བབ་ཀྱང་མི་འདའ་ན༔ དཔའ་བོ་ཆེན་པོས་རྗེས་སུ་ཟུངས༔ དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱ་བ་ལས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ཆེ་མཆོག་པདྨ་དྲག་པོའི་ངོ་བོར་བཞུགས་པའི་མཐའ་སྐོར་དུ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ལ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ གསུམ་བརྗོད། དེ་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། མཁའ་མཉམ་འགྲོ་བ་མ་ལུས་པ༔ སྲིད་པའི་མཚོ་ལས་ཡོངས་བསྒྲལ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ གསུམ། དེ་ལྟར་སྐྱབས་སེམས་སྔོན་དུ་སོང་ནས་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་པ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་སྔོན་དུ་འགྲོ་བས་བླ་ན་མེད་པའི་སྡོམ་པ་རྣམས་བཟུང་སྙམས་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གསོལ་བ་འདེབས༔ བླ་མེད་མཆོག་གི་དམ་ཚིག་རྣམས༔ བདག་གིས་དེང་ནས་བཟུང་བར་བགྱི༔ གསུམ་བརྗོད། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རགས་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་སླར་ཡང་སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་བྱེ་བྲག་ཏུ་བླང་བར་བྱ་སྟེ། དེ་ལ་སྤྱིའི་སྡོམ་པ་ནི་གཞན་ལ་གནོད་པའི་སྦྱོར་བ་ལས་སེམས་བསྲུང་པ་སོ་སོ་ཐར་པའི་སྡོམ་པ། དེའི་སྟེང་དུ་ཕན་འདོགས་ཀྱི་སྦྱོར་བ་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་སྡོམ་པ། དེ་གཉིས་ཀའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་ཐབས་ལ་མཁས་པས་གཞན་དོན་རླབས་པོ་ཆེ་སྤྱོད་པ་སྔགས་ཀྱི་སྡོམ་པ་དང་། ཁྱད་པར་དུའང་བླ་ན་མེད་པའི་སྔགས་ཀྱི་དམ་ཚིག་ནི་བླ་མ་དང་མཆེད་བཀུར་བ་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གསུང་གི་དམ་ཚིག །བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་གསང་བཅུ་མི་བསྟན་པ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བའི་དམ་ཚིག་གསུམ་དང་། སྤྱད་དང་མི་སྤང་དང་དུ་བླང༔ ཤེས་དང་སྒྲུབ་པ་ལྔ་ལྔ་འོ༔ ཞེས་གསུངས་པ་ལྟར་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བདེ་གཤེགས་རིགས་ལྔའི་སྡོམ་པ་ལ་སོགས་པ་སྟེ་སྤྱི་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་ལན་གསུམ། དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ལས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། དབང་ཡོལ་ཡོད་ན་སྐབས་འདིར་བསལ། ཞེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། བདུད་རྩི་དང་བཅས་པའི་དམ་ཚིག་གི་མནའ་ཆུ་འདི་ཉིད་བཞག་པ་ལྕེ་ལ་བཞག་ཅིང་ཐིམ་པ་སྙིང་གི་དཀྱིལ་དུ་ཐིམ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་མོས་ཤིག །འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དེ་རིང་ཁྱོད་ཀྱི་སྙིང་ལ་བསྟིམས༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ འདའ་ཀ་རྡོ་རྗེའི་དམ་ཟུངས་ཤིག༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། དུས་དེ་རིང་ནས་བཟུང་སྟེ་ཁྱེད་རྣམས་ཀྱི་གསང་ཆེན་རྡོ་རྗེའི་དམ་ཚིག་འདི་ཉིད་ཡིན་ཏེ། གལ་ཏེ་འདས་ན་ཕུང་བར་འགྱུར་ཏ་རེ་ཞེས་པའི་ཐ་ཚིག་སྟེ། དེ་རིང་ནས་ནི་བུ་ཁྱོད་ཀྱི༔ གསང་ཆེན་རྡོ་རྗེ་འདི་ཡིན་པས༔ དམ་ཚིག་མཆོག་ལས་ཁྱོད་མ་འདའ༔ ཉམས་ན་བསྲེག་པར་འགྱུར་ཏ་རེ༔ བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྤྱི་བོར་བཞག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ ཆེ་མཆོག་ཁྲག་འཐུང་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམས༔ སྐལ་ལྡན་བདག་ལ་དབབ་ཏུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་དུ་མཛོད། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་རྣམ་སྨིན་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱང་། ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ༔ སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དབང་དྲག་རོལ་པའི་སྐུར་གྱུར་པ་ནི། སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར་བ་ཞལ་གཅིག་ཕྱག་གཉིས་པ་འཇིགས་ཤིང་རྔམ་པ་གཤིན་རྗེ་ལྟར་ཁྲོས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱར་བ། གཡོན་གནམ་ལྕགས་ཀྱི་ཕུར་བུ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་ནས་ལྕགས་སྡིག་གི་ཕོ་ཉ་འགྱེད་པས་གནོད་བྱེད་ལ་གཟིར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དྲག་ཤུལ་ཆེན་པོའི་སྟབས་ཀྱིས་སྲིན་པོ་ཕོ་མོའི་གདན་ལ་རོལ་བ། དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྗིད་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་མཐིང་ནག་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། དེའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བ་དང་ཡན་ལག་བཞི་ལ་མཁའ་འགྲོ་སྡེ་ལྔ་བདེ་བའི་གར་གྱིས་རོལ་པར་མོས། དེ་ནས་འོག་རླུང་གིས་སྙིང་གའི་གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བས། མཁའ་འགྲོ་མ་རྣམས་བདེ་བ་བཟོད་མེད་དུ་འབར་བའི་གར་བསྒྱུར་ཞིང་མུ་མེད་པའི་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་སྤྲོས། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ བཛྲ་གུ་རུ་ཀྲོ་དྷ་རཱ་ཛ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་ཕབ་པས་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ནས། ཏིཥྛ་བཛྲ༔ ཞེས་བརྗོད། དེ་ནས་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། འདིར་བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བཞུགས་པ་ཡིན་ཏེ། དེ་ཡང་ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས། ངོ་བོ་ལ་བཟང་ངན་མེད་ཀྱང་རང་གི་ལས་འཕྲོ་ཡོད་པའི་ལྷ་དེ་ལ་བབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧོཿ རིན་ཆེན་རྫས་ཀྱི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་གུས་འབུལ་ན༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ རིགས་མཆོག་དེ་ལ་འབབ་པར་ཤོག༔ ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ༔ ཞེས་མེ་ཏོག་དོར། གང་ལ་བབ་པའི་རིགས་ངེས་པར་བྱས་ཏེ། ཆེ་མཆོག་དྲག་པོ་རྩལ། རྡོ་རྗེ་དྲག་པོ་རྩལ། རཏྣ་དྲག་པོ་རྩལ། པདྨ་དྲག་པོ་རྩལ། ཀརྨ་དྲག་པོ་རྩལ་ཞེས་པ་ལྟ་བུ་རེ་གསང་མཚན་བཏགས། སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་སུ་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད་བྱས་ལ། ཨོཾ་བོ་དྷི་ཙིཏྟ་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་ཅོད་པན་མགོ་བོར་བཀོད། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧཱུྃ༔ བླ་མ་རྡོ་རྗེ་དྲག་པོ་རྩལ༔ བུ་ཁྱོད་མིག་ནི་འབྱེད་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་པའི༔ རྡོ་རྗེའི་ཡེ་ཤེས་མིག་དང་ལྡན༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་གསེར་ཐུར་གྱིས་མིག་དར་བསལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཆེ་མཆོག་དྲག་པོའི་རིག་འཛིན་པའི༔ དངོས་གྲུབ་དེ་རིང་ཁྱོད་ཀྱིས་ཐོབ༔ ཅེས་བལྟ་བར་བསྐུལ་ལ། དེ་ཡང་འདིར་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར། དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་ཐར་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར། དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར། པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར། འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར། གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་ནང་དུ་རྣམ་ཐར་བཞིས་འགྲོ་དོན་ལྷུན་གྱིས་གྲུབ་པའི་བརྡར། འཁོར་ལོ་རྩིབས་བཞི་ར་བ་དང་བཅས་པ། དེའི་ནང་དུ་ཡེ་ཤེས་ལྔ་མཚོན་པའི་བརྡར། པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར། སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་མཚོན་པའི་བརྡར། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཁྲག་འཐུང་དྲག་པོ། ཤེས་རབ་སྟོང་པ་ཉིད་རང་རྩལ་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་མ་འགགས་པར་རང་སྣང་བའི་བརྡར། ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་རིགས་བཞིའི་མཁའ་འགྲོ་མ་བཞི། འཁོར་འདས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་གྲུབ་པའི་བརྡར། ཡེ་ཤེས་སེམས་དཔའ་པདྨ་འབྱུང་གནས། དེ་ཉིད་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི་བརྡར། རིགས་བདག་འོད་དཔག་མེད། སྐུ་གསུང་ཐུགས་ཕྲིན་ལས་བཞིའི་བདག་ཉིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པའི་བརྡར། ཁྲོ་རྒྱལ་རྣམ་ཐར་བཞི་དང་གཞན་ཡང་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། དེ་ལྟར་ན་ཁྲག་འཐུང་པདྨ་དྲག་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པ་སྐྱེད་མཛོད། ཅེས་བརྡ་སྤྲད་དོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་སློབ་མས་མཎྜལ་འབུལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་བདག་ཉིད་དུ་བཞུགས་པ་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་གསང་བའི་ལམ༔ འགྲོ་བ་སྐྱོབ་པའི་གཟི་བྱིན་ཅན༔ ཡོན་ཏན་ཐམས་ཅད་འབྱུང་བའི་གནས༔ དཔའ་བོ་ཆེན་པོས་བདག་ལ་སྩོལ༔ ཅེས་གསུམ། དེ་ལྟར་གསོལ་བ་བཏབ་ནས་དབང་བསྐུར་བ་དངོས་ལ། སྤྱིར་དབང་གི་ངོ་བོ་ནི་ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་བའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༔ ཞེས་གསུངས། དབྱེ་ན་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་པར་བྱེད་པའི་དྲི་མ་བཞི། སྦྱོང་བྱེད་བསྐྱེད་རྫོགས་ཀྱིས་བསྡུས་པའི་མན་ངག་རྣམ་བཞི་སྒོམ་པའི་སྣོད་རུང་དུ་བྱེད་པ་རྩ་བའི་དབང་བཞི། ལུས་ངག་ཡིད་གསུམ་མི་ཤིགས་པ་རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པའི་རིགས་ཀྱི་ནུས་པ་སད་བྱེད་སྐུ་གསུང་ཐུགས་ཀྱི་བྱིན་རླབས། འགལ་རྐྱེན་མི་མཐུན་པ་ལས་རྣམ་པར་རྒྱལ་ཞིང་མཐུན་རྐྱེན་དངོས་གྲུབ་ཀྱི་སྒོ་འབྱེད་གཏོར་མའི་དབང་། མ་རྟོགས་དུག་ལྔའི་རང་མདངས་དྲེགས་པ་སྡེ་བརྒྱད་དབང་དུ་སྡུད་བྱེད་དྲེགས་པའི་སྲོག་དབང་བསྐུར་བ་དང་བཞི་ཡོད་པ་ལས། རྩ་བའི་དབང་བཞི་བསྐུར་བའི་ཐོག་མར་བུམ་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྡེ་བརྒྱད་པད་ཟླ་ཉི་མ་དྲེགས་པ་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་བླ་མ་དྲག་པོའི་རྣམ་པས་འཁོད་པའི་མོས་པ་མཛོད། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་གནས་གསུམ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དངོས་ཡིད་གང་འབྱོར་ཕྱག་རྒྱར་བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་བྱ་བ་མཛད། འཁོར་གྱི་སེམས་དཔའ་སེམས་མ་ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབ། ཕོ་ཉ་བཀའ་སྡོད་རྣམས་ཀྱིས་བགེགས་སྐྲོད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད། བྱས་ལ་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བཀྲ་ཤིས་རྒྱལ་བྱེད་བུམ་པའི་ནང༔ ཡེ་ཤེས་བདུད་རྩིའི་ཆུ་བོས་གཏམས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་བླུད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་འགྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཆུ་ལྷག་མ་ཡར་ལུད་པས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པའི་མོས་པ་མཛོད། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་གསང་དབང་ནི། བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཟག་མེད་བྱང་སེམས་བདུད་རྩིས་གང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྩ་ཁམས་བདེ་བས་ཁྱབ་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་བླུད། སློབ་མས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་ཞིང་། བདུད་རྩི་དེ་ཉིད་མགྲིན་པ་ནས་ཇེ་ཆེར་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱང་བ་ནི་གསང་དབང་གི་ཡེ་ཤེས་སོ། །དེ་ལྟར་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཤེར་དབང་ནི། བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། ཧཱུྃ༔ ཡིད་འོང་ལྷ་མོའི་རེག་བྱ་ནི༔ བདེ་མཆོག་སྒྱུ་མའི་རོལ་པར་འཆར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་མའི་ཙཀ་ལི་ལག་ཏུ་གཏད། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་ཆེ་མཆོག་པདྨ་དྲག་པོ་རྩལ་དང་གཏད་པའི་རིག་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨཱཿས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ་སྤྱི་བོ་ལས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ཡས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་བཟུང་བ་དེ་ཉིད་སླར་ཡང་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། སྔར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་བདེ་བའི་ཡེ་ཤེས་དེ་ཉིད་མཚོན་བྱེད་དཔེའི་ཡེ་ཤེས་སུ་བྱས་ནས། འདིར་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སྟེ། དེ་ཡང་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེའི་ཐུགས་ཀ་ནས་རིག་པ་ཡེ་ཤེས་ཀྱི་རང་རྩལ་བླ་མའི་སྐུ་གཉིས་པ་ཞིག་སྐར་མདའ་ཆད་པ་ལྟར་རྒྱང་གིས་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བླ་མའི་ཐུགས་རྒྱུད་ཀྱི་རྟོགས་པ་ཐམས་ཅད་མར་མེ་གཅིག་ལས་གཉིས་པ་སྦར་བའི་ཚུལ་དུ་སོ་སོའི་ཐུགས་རྒྱུད་ལ་འཕོས་པར་གྱུར་སྙམ་པ་མཛོད་བྱས་ལ། ཧཱུྃ༔ རང་སེམས་མ་འགག་འཆར་སྒོ་ནི༔ རིག་འཛིན་བླ་མའི་སྐུ་རུ་ཤར༔ ཤར་ཀྱང་རང་ལས་མ་དམིགས་པའི༔ བདེ་ཆེན་མཉམ་ཉིད་རྟོགས་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གུ་རུ་ཞི་བའི་སྐུ་སྤྱི་བོར་བཞག །དེ་ལྟར་མོས་གུས་ཅིག་ཆར་བའི་ལམ་ལ་བརྟེན་ནས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་དབང་བསྐུར་ཞིང་དོན་ངོ་སྤྲོད་པས། རང་གི་སེམས་ཉིད་གདོད་མ་གཤིས་ཀྱི་གནས་ལུགས་ཀུན་ཁྱབ་མཚན་མ་ཐམས་ཅད་དང་བྲལ་བའི་ཆ་ནས་ཆོས་ཀྱི་སྐུ་དེ་ཉིད། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་གང་དུའང་མ་འགག་པར་འཆར་རུང་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ །དེ་ལས་རྟོག་ཚོགས་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་དེ་དོན་གོམས་པའི་མཐུ་ལས་འཁོར་བ་མ་སྤངས་པར་འགྲོ་འདུལ་རིག་འཛིན་བླ་མའི་སྐུ་དང་ཡེ་ཤེས་ཀྱི་རོལ་པར་དངོས་སུ་འཆར་བའི་ཆ་ནས་སྤྲུལ་པའི་སྐུ་སྐུ་གསུམ་པོ་དེ་དག་ཀྱང་དོན་རང་བྱུང་གི་ཡེ་ཤེས་ཉིད་ལས་གཞན་དུ་མི་གཡོ་བ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་བཞི་དབྱེར་མེད་བདེ་ཆེན་མཉམ་པ་ཉིད་ཀྱི་རང་བཞིན་རང་རིག་བླ་མའི་ངོ་བོར་ལྷུན་གྱིས་གྲུབ་པའི་དགོངས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ་དེའི་ངང་སྐྱོང་སྟེ་ཅུང་ཟད་ཅིག་མཉམ་པར་འཇོག་པ་ཞུ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་སྨིན་བྱེད་རྩ་བའི་དབང་བཞི་བསྐུར་བ་དེ་སོང་ནས། རྩ་བར། ཉམས་སུ་ལེན་ཅིང་སྙིང་སྟོབས་འཆང་བའི་བུར༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བསྐུར་བྱ༔ ཞེས་གསུངས་པའི་ཐོག་མར་སྐུའི་བྱིན་རླབས་ནི། སྐུ་རྟེན་སྤྱི་བོར་བཞག་པའི་ཚེ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབང་དྲག་འབར་བའི་རྣམ་པར་བྱོན་པ་རྣམས་དང་། བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་སྐུ་གྲངས་མེད་པ་འཕྲོས་ནས་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུའི་ངང་ལས་ལོངས་སྐུའི་རོལ་པར་ཤར༔ མ་འགག་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ སྣང་སྟོང་གཉིས་མེད་སྒྱུ་མའི་ཕྱག་རྒྱ་འདིས༔ སྐལ་ལྡན་ལུས་ལ་དེ་རིང་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་སོགས་དང་འཁོར་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རོལ་མོ་བྱ། དེས་སྐུའི་བྱིན་རླབས་ལུས་ལ་ཞུགས་པས་ལུས་ཀྱི་སྡིག་སྒྲིབ་སྦྱང་། བར་ཆད་ཞི། ལུས་ལྷ་བསྒོམ་པ་ལ་དབང་། པདྨ་དྲག་པོའི་སྐུ་དང་ཁྱེད་རང་གི་ལུས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ནས་གསུང་གི་བྱིན་རླབས་ནི། ཁྱེད་རང་དབང་དྲག་འབར་བའི་སྐུར་གསལ་བའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་པདྨ་འབྱུང་གནས། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་སྦུབ་སྟོང་དུ་གནས་པའི་ནང་དུ་པད་ཉི་ལ་གནས་པའི་ཧཱུྃ་ཡིག་དམར་པོ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་མོས་ཏེ་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གཉིས་ཀའི་ཐུགས་ཀ་ནས་སྔགས་ཕྲེང་རྣམས་བུང་བ་ཚང་ཞིག་པ་ལྟར་རང་སྒྲ་སྒྲོག་ཅིང་ཐོགས་པ་མེད་པར་བྱོན་ཁྱེད་རང་གི་མགྲིན་པ་ནས་ཞུགས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་མཛོད། སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ སྒྲ་ཡི་སྙིང་པོ་གསང་ཆེན་སྔགས་ཀྱི་སྒྲ༔ དྲག་ལ་ངར་ལྡན་རྒྱུན་ཆད་མེད་པར་བཟླ༔ གྲགས་སྟོང་དབྱེར་མེད་སྙིང་པོ་སྔགས་ཀྱི་དབང༔ སྐལ་ལྡན་ངག་ལ་དེ་རིང་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་རོལ་མོ་བྱ། དེ་ནས་ཕྲེང་བའི་ཕྱེད་ལག་ཏུ་གཏད་ལ། ཁྱེད་རང་གི་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས། དྲེགས་པ་ཅན་ཐམས་ཅད་ཚར་བཅད་མཐུ་སྟོབས་དང་ནུས་པ་ཐམས་ཅད་སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་དང་ལྡན་པས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཀྴ་ཧཱུྃ་ཕཊ༔ རཱ་ཛ་ཆེ་གེའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཡཀྴ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་བྱ། དེས་གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ངག་གི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང་། པདྨ་དྲག་པོའི་གསུང་དང་ཁྱེད་རང་གི་ངག་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ནས་ཐུགས་ཀྱི་བྱིན་རླབས་ནི། སློབ་དཔོན་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་རྡོ་རྗེ་དང་ཕུར་བུ་ལྕགས་སྡིག་ལ་སོགས་པའི་རྣམ་པར་བྱོན་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་བཞག་ཅིང་ལག་པར་གཏད་ལ། ཧཱུྃ༔ ཐུགས་མཆོག་འགྱུར་མེད་རྡོ་རྗེས་བདུད་དཔུང་འཇོམས༔ གནམ་ལྕགས་ཕུར་བུས་གདོན་བགེགས་སྙིང་རྩ་བསྲེག༔ དཔལ་གྱི་ཕོ་ཉ་ལྕགས་སྡིག་མགོ་དགུ་སྟེ༔ ཁྲོ་རྒྱལ་འབར་བའི་ཕྱག་རྒྱས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་རོལ་མོ་བྱ། དེས་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པས་ཡིད་ཀྱི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ཡིད་སྟོང་ཉིད་བསྒོམ་པ་ལ་དབང་། པདྨ་དྲག་པོའི་ཐུགས་དང་ཁྱེད་རང་གི་ཡིད་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་པ་སོང་། དེ་ནས་གཏོར་མས་བྱིན་གྱིས་བརླབ་པ་ནི། རྩ་བར། འགལ་རྐྱེན་ཞི་འདོད་གཏོར་མའི་བྱིན་རླབས་ནི༔ རོལ་མོ་དབྱངས་བཅས་སློབ་མའི་སྤྱི་བོར་བཞག༔ ཅེས་པས་གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞུགས་པ་ལ་མོས་གུས་དུང་པ་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཆར་ལྟར་བབ་ཅིང་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ སྐུ་གསུང་ཐུགས་ཀྱིས་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རོལ་མོའི་སྒྲ་དང་བཅས་ཏེ་སྔགས་དྲག་ཏུ་བརྗོད། མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཆེ་མཆོག་པདྨ་དྲག་པོའི་སྐུར་དངོས་སུ་གྱུར་པ་ཡིན་སྙམ་པ་མཛོད། ཅེས་བརྗོད་ཅིང་། ལྷ་འོད་དུ་ཞུ་བའི་གཏོར་ཟན་ཅུང་ཟད་ཙམ་དངོས་གྲུབ་ཏུ་སྦྱིན། བཀྲ་ཤིས་ཀྱི་མེ་ཏོག་འཐོར་ནས། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ༔ མཁའ་ལྟར་ཀུན་ཁྱབ་མཆོག་གི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ། །སྐབས་འདིར་བརྒྱུད་འཛིན་གྱི་སློབ་མ་ཁྱད་པར་བ་འགའ་རེ་ཙམ་ལ་དྲེགས་པའི་སྲོག་དབང་བསྐུར་བར་སྤྲོ་ན། ཐོད་ངན་དུ་སྡེ་བརྒྱད་ཀྱི་གཟུགས་བྱས་ལ་སློབ་དཔོན་གྱི་མདུན་དུ་བཀོད་ལ། དེ་ལྟར་དབང་སྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་དྲེགས་པའི་སྲོག་དབང་བསྐུར་བར་བྱ་སྟེ། རྩ་བར། བརྒྱུད་འཛིན་སྙིང་དང་འདྲ་བའི་བུ་རྣམས་ལ༔ དྲེགས་པ་སྡེ་བརྒྱད་སྲོག་གི་སྙིང་པོ་བྱིན༔ ཅེས་གསུངས་པ་བཞིན་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཉིད་ཆེ་མཆོག་དྲག་པོ་ཡུམ་དང་བཅས་པའི་སྐུ་ཅན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཕྱོགས་བཅུར་འཕྲོས། འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་གྱུར། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དྲེགས་པ་ཅན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །རྩ་སྔགས་ཨོཾ་ཨརྩིག་ནིརྩིག་སོགས་དང་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པས་འགུགས། དེ་ནས་སློབ་དཔོན་གྱི་ཕྱག་གི་ཕུར་བུ་སྲས་མཆོག་ཡཀྴ་མེ་དབལ་དུ་གསལ་བ་དེ་ཉིད་དྲེགས་པའི་སྙིང་གར་གཟིར་ཞིང་བཏབ་པས་ཕུར་རྩེ་ལས་ཡེ་ཤེས་གྱི་མེ་འབར་བས་དེ་རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་བསྲེགས་ཤིང་བཅོམ་སྟེ་ཚར་བཅད་པའི་མོས་པ་མཛོད། རྩ་བའི་སྔགས་དང་སྡེ་བརྒྱད་སྲོག་གི་མཐར་ཏྲིག་ནན་ཨེ་ཧུར་ཐུཾ་ཛ༔ མཱ་ར་རྦད༔ བཛྲ་ཀཱི་ལ་ཡ་ཛཿཧཱུྃ་ཕཊ༔ ཅེས་པའི་བསད་སྔགས་སོགས་ཀྱིས་ཕུར་བུས་གཟིར། དེ་ལྟར་བསྒྲལ་པའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སྲོག་གི་སྙིང་པོ་སོ་སོ་ལས་སྡེ་བརྒྱད་རང་རང་གི་གཟུགས་སུ་གྱུར་པ་ལ་སློབ་དཔོན་གྱིས་དམ་རྫས་བདུད་རྩི་བྱིན་ཅིང་བཀའ་བསྒོས་ཏེ་ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་པའི་མོས་པ་མཛོད། ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་བདུད་རྩི་འཐོར་ཚུལ་བྱས་ལ། ཧཱུྃ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་འཛིན་ཅིང༔ རྫུ་འཕྲུལ་མཐུ་ཡིས་སྐྱེ་འགྲོའི་ཚེ་སྲོག་ལེན༔ ཕོ་ཉ་ལས་བྱེད་དྲེགས་པ་སྡེ་བརྒྱད་ཀྱིས༔ སྐལ་ལྡན་འདི་ཡི་ལས་རྣམས་ཀུན་སྒྲུབས་ཤིག༔ ཅེས་སྡེ་བརྒྱད་ཀྱི་གཟུགས་ལག་ཏུ་གཏད། ཅེས་བསྒོས་ཤིང་བྲན་དུ་གཏད་པ་ལ་བརྟེན་ནས་སྡེ་བརྒྱད་དེ་རྣམས་ཀྱིས་གུས་ཤིང་འདུད་པའི་ཚུལ་གྱིས་ངེད་རྣམས་ཀྱིས་ཁྱེད་རང་ལ་ལུས་གུས་པས་འདུད་ཅིང་། ངག་གུས་པའི་སྒོ་ནས། མི་བཟད་དཔལ་ཆེན་དྲག་པོ་ཐོད་ཕྲེང་རྩལ༔ ཁྱེད་ཀྱི་བཀའ་བཞིན་བདག་གིས་བསྟན་པ་བསྲུང༔ ཅི་བསྒོའི་ལས་རྣམས་ཐོགས་པ་མེད་སྒྲུབ་ཅིང༔ དམ་ཚིག་གཉན་ལས་ནམ་ཡང་མི་འདའ་འོ༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད་ཅིང་། ཡིད་ཀྱིས་གང་བསྒོ་བའི་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་ཐོན་དུ་བཞུགས་པའི་མོས་པ་མཛོད། ཅེས་བརྗོད་པས་བདུད་རྩི་བྱིན་ཞིང་དམ་བསྲེ། སྡེ་བརྒྱད་རྣམས་རང་གནས་སུ་གཤེགས། རང་རིག་དང་དབང་དུ་བསྐུར་བྱའི་དྲེགས་པ་རྣམས་གཉིས་མེད་ཀ་དག་སྤྲོས་པ་དང་བྲལ་བའི་རང་མདངས་སྐྱོང་ལ་མཉམ་པར་འཇོག་པ་ཞུ། ཞེས་དགོངས་པ་བསྐྱང་། དེ་ལྟར་ན་བླ་མ་དྲག་པོ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་དུ་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་མཐའ་རྟེན་དང་བཅས་པ་ལེགས་པར་སོང་གྲུབ་པས་དེ་དག་གི་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏང་བར་ནན་ཏན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས། སླར་ཡང་མཆོད་པ་ཁ་གསོ་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་ལྟར་བྱའོ།། ༈ །།ཡང་གསང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཉམས་སུ་ལེན་པར་མི་ནུས་ཀྱང་དམ་ཚིག་གི་སེལ་མེད་ཅིང་མོས་གུས་དང་ལྡན་པའི་སྐྱེ་འགྲོ་ཐུན་མོང་བ་དག་ལ་རྐྱེན་སེལ་གྱི་བྱིན་རླབས་གཏོར་དབང་རྐྱང་པའི་ལུགས་སུ་བསྐུར་བར་འདོད་ན། སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫིའི་སྟེང་དབང་གཏོར་སྐུ་ཙཀ་དང་བཅས་པ་དར་དམར་གྱི་གུར་ཕུབ་པ་དང་། མདུན་དུ་མཆོད་གཏོར་སྲུང་མའི་གཏོར་མ་སྨན་རཀ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས་ལ། སྐྱབས་སེམས་ནས་བཟུང་བཟླས་པའི་བར་ལས་བྱང་གི་དཀྱུས་བཞིན་བདག་མདུན་ཐ་མི་དད་ཀྱི་ཚུལ་དུ་བསྒྲུབ། དེ་ནས་སྲུང་མའི་གཏོར་མ་བསྔོ་བ་ཙམ་སྔོན་དུ་འགྲོ་བས་སློབ་མ་རྣམས་ཕྱག་བྱས་གྲལ་ལ་འཁོད་པ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ་བ་ནས་བཟུང་། དབང་བསྐུར་མཚམས་སྦྱོར་ངག་གི་དཔལ་སྐྱེད་བཞིན་ལས། ཁྱད་པར་དབང་བཤད་སྐབས། ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་གདམས་པ་དེ་ཉིད་ཅེས་པའི་རྗེས། ལ་སྨིན་བྱེད་ཀྱི་བཀའ་དང་བྱིན་རླབས་ཀྱི་རིམ་པ་གཉིས་ཡོད་པ་ལས་འདིར་ཕྱི་མའི་ནང་ཚན་བྱིན་རླབས་གཏོར་མའི་དབང་བསྐུར་བ་སྟེ། རྡོ་རྗེའི་གསུང་རྩ་བ་ལས། འགལ་རྐྱེན་ཞི་འདོད་གཏོར་མའི་བྱིན་རླབས་ནི༔ རོལ་མོ་དབྱངས་བཅས་སློབ་མའི་སྤྱི་བོར་བཞག༔ ཅེས་གསུངས་པའི་དགོངས་དོན་བཞིན་སྒྲུབ་པར་བྱེད་པ་ལ་ཡང་། སྔོན་འགྲོ་དངོས་གཞི་མཇུག་གི་བྱ་བ་དང་གསུམ་དུ་ཡོད་པ་ལས། དང་པོ་ནི་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སའི་ཕྱོགས་ཞེས་སོགས་དཀྱུས་བཞིན་ལ་མཚན་དཀྱིལ་དང་འབྲེལ་བ་ནང་དུ་དྲངས་ཤིང་འཇུག་པ་སོགས་འདོར་ལེན་དང་ཚིག་སྒྱུར་ཅུང་ཟད་བཅས། དཔའ་བོ་ཆེན་པོས་བདག་ལ་སྩོལ༔ ལན་གསུམ་གྱི་བར་བྱས་ལ། དེ་ལྟར་གསོལ་བ་བཏབ་ནས་དབང་དངོས་བསྐུར་བ་ནི། དེ་ཡང་སློབ་དཔོན་གྱིས་གཏོར་མ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན་གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་སྤྱི་བོའི་ཨོཾ་ལས་སྐུའི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་ཅན་དུ་གྱུར་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ལུས་སྐུ་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ མི་ཤིགས་སྐུ་ཡི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར་སརྦ་སིདྡྷི་བ་ལིཾ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཡང་གཏོར་མ་མགྲིན་པར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པ་ཅན་དུ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ངག་གསུང་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ འགག་མེད་གསུང་གི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་དང་སརྦ་སིདྡྷི་བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཡང་གཏོར་མ་སྙིང་གར་བཞག་ཅིང་དབང་བསྐུར་བའི་ཚེ་ན་གཏོར་མ་ལྷར་གསལ་བའི་སྙིང་གའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་མཐིང་གའི་རྣམ་པ་ཅན་དུ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱང་། ཡིད་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ འགྱུར་མེད་ཐུགས་ཀྱི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་དང་སརྦ་སིདྡྷི་བ་ལིཾ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་ཙམ་མམ། སྤྲོ་ན། སླར་ཡང་གཏོར་མ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་ཚེ་ན། གཏོར་མ་ལྷར་གསལ་བ་ལ་མོས་གུས་དུང་པ་ཞིག་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཤིགས་པའི་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་བྱོན་ལ༔ སྐུ་གསུང་ཐུགས་ཀྱི་དབང་སྐུར་བྱིན་གྱིས་རློབས༔ འགལ་རྐྱེན་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར་སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར། ཡང་སྤྲོས་པ་ཆུང་བར་འདོད་ན། གོང་མའི་གསོལ་གདབ་ཀྱི་རྗེས་སུ། དེ་ལྟར་གསོལ་བ་བཏབ་ནས་དབང་དངོས་བསྐུར་བ་ནི། སློབ་དཔོན་གྱིས་གཏོར་མ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པའི་ཚེ་ན། གཏོར་མ་འདི་ཉིད་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞུགས་པའི་ཞེས་སོགས་བྱིན་རླབས་མཚམས་སྦྱོར་གྱི་དཀྱུས་ལྟར་བྱས་པས་ཀྱང་ཆོག་ཅིང་། གང་ལྟར་ཡང་། མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཞེས་པ་ནས་དགེ་བ་བསྔོ་བའི་བར་བྱིན་རླབས་མཚམས་སྦྱོར་བཞིན་དང་རྗེས་ཆོག་ཀྱང་སྔར་བཞིན་ནོ། །གདོད་ནས་རང་ལ་གནས་པའི་དབང་གི་དོན། །སད་བྱེད་མཚན་མ་བརྡར་བཏགས་ཆོ་གའི་ཚུལ། །སྒྲུབ་བྱེད་མཚམས་སྦྱོར་ཉུང་ངུར་བརྗོད་པ་གང་། །དང་པོའི་ལས་ཅན་འདོད་འཇོའི་དཔྱིད་དུ་སྤེལ། །གཏེར་གསར་བླ་མ་དྲག་པོའི་དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ་ཞེས་བྱ་བ་འདི་ཡང་། སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་གཏེར་གཞུང་རྩ་བ་དང་། རྗེ་བླ་མས་མཛད་པའི་བྱིན་རླབས་མཚམས་སྦྱོར་གྱི་ཚིག་རྣམས་ཁ་འཕངས་སུ་བྱས། མཁན་ཆེན་བླ་མ་དྷརྨ་ཤྲཱིས་མཛད་པའི་བླ་མ་ཞི་བའི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་དང་བརྗོད་དོན་མཚུངས་པ་ཕལ་ཆེར་བློ་འཛིན་སླ་བའི་ཕྱིར་དཀྱུས་སུ་བཅུག །གཞན་བྱེ་བྲག་པ་རྣམས་རང་བློས་སྐབས་སུ་བབས་པར་བརྗོད་པ་འདི་ནི་རང་ལོ་ཉེར་བརྒྱད་པའི་ཐོག་ཏུ་སོན་པ་ཆུ་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བ་ལ་ཤར་མར་སྤེལ་བའོ།། །།

སྡེ་བརྒྱད་བཅོས་ཐབས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ (Volume 43, Text 23)

སྡེ་བརྒྱད་བཅོས་ཐབས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་གཙང་མར་རི་རབ་ལྷ་བཤོས། སོ་སོའི་བཤོས་བུ། འོ་ཕུད། མེ་ཏོག་སྣ་ཚོགས། རྩི་སྨན། མངར་གསུམ། ཤ་སྣ། སྨན་སྣ། འབྲུ་སྣ། དར་སྣ། ཟས་སྣ་གང་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་རང་ཉིད་ཡི་དམ་གང་བྱེད་བསྒོམ་ལ། རྫས་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་གྱིས་འདི་སྐད་དོ། །ཧཱུྃ། སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་ཆོས་སྲུང་སོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མིན་དབང་པོ་ཐགས་བཟང་རིས། །མི་འམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང་། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱ་སངས་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །ལྷ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླ་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །བདུད་པོ་ཁ་ཐུན་རཀྴ་དང་། །གཤིན་རྗེ་གཤེད་པོ་དམར་ནག་དང་། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོགས་དང་། །མ་མོ་སྲིད་པ་ཁྲོམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རེ་ཏེ་འགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །དཀར་མཆོག་ཁྲམ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་རཀྴ་དང་། །བཙན་མཆོག་གྲི་བཙན་འཐུམ་པོ་དང་། །མ་མཆོག་ཅེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལི་བྱིན་ཧ་ར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །དཔུང་གཡས་དགྲ་བླར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །ཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་དམུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཚན་མ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་སོགས། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་གདོལ་པ་ནག་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་བླ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །སེར་བ་བསྲུང་བ། སྲིའུ་གསོ་བ། མདོས་གླུད་གཏང་བ། ཟོར་འཕེན་པ་ལ་སོགས་ལས་གང་བྱེད་ཀྱང་། སྔོན་དུ་འགྲོ་བའི་སྡེ་བརྒྱད་མཆོད་པ་འདི་མེད་ན། བྱིས་པས་མཁར་ལས་བྱེད་པ་དང་འདྲ་ཞེས་གསུངས། ལས་གང་གི་ཡང་སྔོན་དུ་འགྲོ་བ་སྡེ་བརྒྱད་བཅོས་ཐབས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།

མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་དངོས་གྲུབ་འབྱུང་གནས་ (Volume 38, Text 23)

༄༅། །མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་བ་ཀུན་ཡུམ་སྟོང་ཉིད་དབྱིངས་ཀྱི་མ། །བདེ་ཆེན་ཉམས་བརྒྱའི་རྣམ་རོལ་ཌཱ་ཀི་ནཱི། །སྔགས་སྲུང་མ་མོ་ཀྱེ་ཀྱེ་དམ་ཚིག་གི །གནས་ལ་ཉེར་དགོངས་འདོད་པའི་ཕྲིན་ལས་སྩོལ། །འདིར་དབྱིངས་ཀྱི་ཡུམ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་འཁོར་བཅས་མཆོད་ཅིང་མཉེས་པར་བྱ་བའི་ལས་ཀྱི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་རྒྱུན་གྱི་མཆོད་གཏོར་ནར་མའམ། ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་ལ་ཡིད་དང་མཐུན་པའི་གནས་ཁང་ལེགས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པ་ལ་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར། འབྲུ་ནག་གི་ངར་ཕྱེ་སོགས་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལ་དཔལ་བཤོས་སུམ་གཉིས་ཡན་ཆད་ཟུར་གསུམ་ཧ་ཅང་མི་རྣོ་བ། སུམ་གཅིག་མན་ཆད་ཟླུམ་པོ། འཁོར་རང་འདྲ་ཆེ་བ་ལྔ་དང་ཆུང་བ་ཅི་འབྱོར་མཐེབ་ཀྱུས་བསྐོར་བ། དེ་ལ་ཤ་ཁྲག་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་ཅིང་མདའ་རྒོད་སྒྲོ་མ་དར་ནག་གི་ཅོད་པན་བཏགས་པ་འཛུགས། དེའི་མདུན་དུ་ཐུན་བཞིའི་འབུལ་གཏོར་དང་། གཡས་གཡོན་དུ་སྨན་རག །དེ་དག་གི་མདུན་ངོས་སུ་ཕྱི་ནང་གི་ཉེར་སྤྱོད། གཞན་ཡང་ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་མ་ཡོད་ན་གོ་རིམ་མ་ནོར་བར་ལག་ལེན་སྤྱི་འགྲོ་ལྟར་བསྒྲིག །སྒྲུབ་པ་པོའི་མདུན་དུ་རྡོར་དྲིལ་ནང་མཆོད་གཡབ་དར་དང་རོལ་མོའི་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བཤམས་ནས། ཆོ་གའི་སྔོན་འགྲོ་ནི། ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་མ་སོང་ན་སྐབས་འདིར་བྱའོ། །མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས། །དུར་ཁྲོད་ཞིང་ཁམས་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་འདོད་ཡོན་མཆོད་པའི་ཆར་འབེབ་པས། །རབ་འབྱམས་ནམ་མཁའི་ཁམས་རྣམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོའི་སྒྲ་སྦྱར། གཏོར་མ་ལ་དམིགས་ཏེ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ། །ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི། །འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས། །ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས། །བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ལ། མདུན་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཡཾ་ལས་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབས་པའི་ཀློང་དུ་ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ། ཀེཾ་ལས་རུས་པའི་རི་རབ་འཛིངས་སྟབས་སུ་བརྩིགས་པའི་སྟེང་དུ་བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་དུད་སྤྲིན་འཁྲིགས་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་གཟིར་ཞིང་བལྟ་བ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་དང་བྷྱོའི་ང་རོ་དྲག་པོ་སྒྲོག་པ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟེངས་པ། ཐུགས་ཀ་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་གདན་ལ་རོལ་བ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་དག་གི་ཕྱིའི་ཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམ་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་དགུར་བསྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་གནས་པའོ། །ཞེས་པ་མངོན་རྟོགས་རྣམ་པ་གསལ་བའི་དབང་དུ་སྨྲོས་པ་ཡིན་ལ། སྙིང་པོར་དྲིལ་བ་ནི། མདུན་དུ་ཁྲག་མཚོ་ཀེང་རུས་ཁྲིར༔ པད་ཉིའི་གདན་ལ་ཏྲག་ཡིག་ལས༔ ཨེ་ཀ་ཙཱ་ཏི་སྨུག་ནག་མདོག༔ འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་མ༔ རལ་གཅིག་སྤྱན་གཅིག་ནུ་མ་གཅིག༔ མཆེ་གཅིག་མི་བཟད་ཁྲོ་ཚུལ་ཅན༔ ཕྱག་གཡས་ཞིང་གི་དབྱུག་པ་འཕྱར༔ གཡོན་པས་ཙིཏྟ་ལྕགས་སྤྱང་འགྱེད༔ གཅེར་བུ་དུར་ཁྲོད་རྒྱན་ཆ་དང༔ འཇའ་ཚོན་བེར་དང་སྤྲིན་དཀར་གསོལ༔ བརྐྱང་བསྐུམ་སྟབས་ཀྱིས་གནས་པར་གྱུར༔ ཅེས་གསལ་གདབ། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་བར་བསམ་ཞིང་སྦྱར་བའི་སྤོས་བསྲེག །ཧསྟིའི་གཡབ་མོ་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས་སྤྱན་འདྲེན་པ་དངོས་ནི། བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་ཁྲོ་མོ་རག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཞེས་དང་། གཞན་ཡང་། བྷྱོཿ བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །ཞེས་དང་། བསྟན་པ་སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ཛཿཛཿ ཏྲག་རཀྴ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་པས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམ་མོ། །བཞུགས་སུ་གསོལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཏྲག་རཀྴ་ས་མ་ཡ་ཏིཥྛནྟུ། དམ་ལ་གཞག་པ་ནི། ཡི་དམ་གྱི་སྙེམ་པ་བརྟན་པོས་མ་མོའི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྕེ་ལ་བླུད་པར་མོས་ཏེ། ཧཱུྃ༔ སྔགས་སྲུང་ཁྲོ་མོ་དྲག་རྩལ་ཅན༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བསྟན་དང་བསྟན་འཛིན་སྲུང་སྐྱོབ་མཛོད༔ ཟབ་མོའི་བསྟན་པ་ཁྱོད་ཀྱིས་སྲུངས༔ བཀའ་འདས་དམ་ཉམས་དབྱིངས་སུ་སྒྲོལ༔ རིག་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོངས༔ བཅོལ་པའི་ཕྲིན་ལས་གང་ཡིན་པ༔ དེ་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ ཨོཾ་བཛྲ་ས་མ་ཡ་རཀྵནྟུ༔ ཞེས་དམ་ལ་བཞག་པས་ཇི་ལྟར་བསྒོ་བའི་ཕྲིན་ལས་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། །ཕྱག་བྱ་བ་ནི། བྷྱོཿ དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོ་རལ་གཅིག་མ། །ཡེ་ཤེས་ལས་གྲུབ་མ་མོའི་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་བསྟོད་བྱ་བ་ལ་གཉིས་ཀྱི་དང་པོ་མཆོད་པ་ནི། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨོཾ་ཏྲག་རཀྴ་ས་པ་རི་ཝཱ་ར་པུཥྤེ་ནས། ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཙམ་མམ། སྤྲོ་ན་ཕྱི་ནང་གི་མཆོད་པ་རྣམས་འབུལ་ཚིག་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་སོ་སོར་མཆོད། གང་ལྟར་ཡང་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོཿརུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ཛཿཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་པ་ལན་གསུམ་མམ་བདུན་གྱིས་བསྔོས་ལ། དཔལ་ལྡན་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། གཉིས་པ་བསྟོད་པ་ནི། བྷྱོ༔ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན༔ ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི༔ ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན༔ ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན༔ ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས༔ འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན༔ དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན༔ ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ༔ བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང༔ ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ༔ དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད༔ མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ བྷྱོཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མངོན་པར་བསྟོད་ཀྱིས་དམ་མ་འདའ། །གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ན། །སྐུ་མདོག་མཐིང་ནག་འབར་བ་ནི། །འགྱུར་མེད་དོན་དམ་ཐུགས་ཆུད་རྟགས། །རལ་པའི་ཐོར་ཚུགས་བཅིངས་པ་ནི། ཁམས་གསུམ་དབང་དུ་སྡུད་པའི་རྟགས། །ཕྱག་གཡས་ཞིང་ཆེན་དབྱུག་པ་ནི། །འགྲོ་དྲུག་རྩད་ནས་གཅོད་པའི་རྟགས། །གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད། །དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས། །ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ། །སྟོང་ཁམས་དགྲ་བོ་སྒྲོལ་བའི་རྟགས། །ཞབས་གཉིས་དོར་སྟབས་བགྲད་པ་ནི། །ཐབས་དང་ཤེས་རབ་སྦྱོར་བའི་རྟགས། །ནག་མོ་གདུག་པའི་སྲོག་འཕྲོག་མ། །མངོན་པར་བསྟོད་ཀྱིས་མཐུ་མ་ཆུང་། །བྷྱོཿ སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །ཞེས་དང་། མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས། །དཀར་ཕྱོགས་བསྟན་པ་ལེགས་སྐྱོང་ཞིང་། །ནག་ཕྱོགས་བདུད་སྡེ་ཚར་གཅོད་པའི། །བཀའ་སྡོད་ཕོ་ཉ་ཀུན་ལ་བསྟོད། །ཅེས་བསྟོད་ལ་བཟླས་པ་བྱ་བ་ནི། ཡེ་ཤེས་ཀྱི་མ་མོ་འཁོར་བཅས་ཀྱི་ཐུགས་ཀར་བྷྱོཿཡིག་གི་མཐར་སྲོག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་པ་བྱས་ནས། མ་མ་ཏྲག་རཀྴ་ཁ་མུ་ཏྲཿ མུ་རུ་མུ་རུ་ཧཱུྃ་བྷྱོ་ཧཱུྃ། རཀྨོ་ཏེ་ཀེ་ཙ་ཚ་ཁ་ལ་བྷྱོཿ རུ་ལུ་རུ་ལུ་མ་ཏི་བྷྱོཿ ཞེས་ཅི་ནུས་བཟླས་མཐར་སྟོང་ཚིགས་ཀྱི་མཆོད་པ་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཞེས་པ་ནི་རྒྱུན་གྱི་ཕྲིན་ལས་ལ་འཇུག་པའི་ཚུལ་ཏེ། གཞན་དུ་རྗེ་མོར་བསྙེན་པ་སོགས་བཟླ་ཚུལ་དུས་གནད་དང་སྦྱར་བར་གསུངས་པ་ནི་གཏེར་གཞུང་ལས་ཤེས་པར་བྱའོ། །སྤྲོ་ན། སྐབས་འདིར་ཚོགས་མཆོད་སོགས་བདག་བསྐྱེད་ཀྱི་ཆོ་ག་གང་ལ་བརྟེན་པའི་སྐབས་དང་མཐུན་པར་སྦྱར་རོ། །དེ་ནས་སྐོང་བཤགས་ཕྲིན་བཅོལ་བྱ་བ་ལ་གསུམ་གྱི། དང་པོ་བསྐང་བ་ནི། སྐོང་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ། ཞེས་པས་རྒྱ་ཆེར་སྤེལ་ནས། བྷྱོཿ ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འཁོར་བཅས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། ཁྲག་ཞག་འཁྲུག་པའི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །གསུར་ཆེན་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེས་ཐུགས་དམ་བསྐང་། །མཁྲིས་ཆེན་བདུད་རྩིའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔའི་རོལ་མོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྣ་ཚོགས་སྙིང་དང་ཁྲག་སྣ་འབུམ། །བཙོས་དང་རྗེན་ཤ་དཀར་མངར་བཅུད། །མྱོས་བྱེད་ཛ་གད་འབྲུ་སྨན་དབྱིག །འདོད་ཡོན་མཆོད་པས་ཐུགས༴ བྱ་ནག་ཁྱི་དང་ཟ་ལེ་འབྲི། །ཙ་ར་ལུག་དང་དྲེ་འུ་རྣམས། །མཛེས་སྡུག་རྣམ་བཀྲའི་རྒྱན་ཆ་ཅན། །འབུམ་ཕྲག་མང་པོས་ཐུགས༴ སྐུ་གཟུགས་སྔགས་བྱང་རྩེ་གསུམ་མདུང་། །སྦ་ལྕག་ཚིགས་གསུམ་རང་བྱུང་མཚལ། །བྱང་སེམས་ནལ་བུའི་རྒྱལ་མཚན་སྙིང་། །ཤ་ཁྲག་སྙིང་སྣས་ཐུགས༴ གཏོར་ཆེན་སྨན་ཕུད་སྤྱི་བླུགས་ཞྭ། །རྨ་བྱའི་རྒྱལ་མཚན་ལེ་བརྒན་གུར། །བམ་ཆེན་སྣེལ་མོའི་མགོ་ལྤགས་སོགས། །སྲོག་འཁོར་བླ་རྡོས་ཐུགས༴ རྔམ་བརྗིད་ཐོད་མཁར་དུར་ཁྲོད་གནས། །དཔལ་གྱི་ཆས་གོས་རྒྱན་ཕྲེང་དང་། །སྣ་ཚོགས་དཀོར་ནོར་སྤྱན་གཟིགས་སོགས། །འདོད་ཡོན་མཁོ་དགུས་ཐུགས༴ གཞན་ཡང་མཐུན་པའི་དམ་ཚིག་རྫས། །ལྷ་མིའི་འབྱོར་ཚོགས་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས། །གང་བཞེད་དེ་དེར་འཆར་བས་བསྐང་། ཁྱད་པར་ཁྱོད་སྐུ་སྣང་སྟོང་སྐུ །གསལ་བརྟན་གྲགས་སྟོང་སྔགས་སུ་སྦྱར། །བདེ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་རིག་འདུ་འབྲལ་མེད་པར་བསྐང་། །ངོ་བོ་དུས་གསུམ་རྒྱལ་ཀུན་ཡུམ། །རྣམ་པ་སྔགས་སྲུང་ཁྲག་འཐུང་ཚུལ། །གདུལ་དཀའ་འདུལ་བའི་མཐུ་རྩལ་ཅན། །སྨུག་ནག་ཁྲོས་མའི་ཐུགས་དམ་བསྐང་། །ཡེ་ཤེས་མ་མོའི་ཐུགས༴ ཁྲག་འཐུང་ཡུམ་གཅིག་ཐུགས༴ སྔགས་སྲུང་ཁྲོས་མའི་ཐུགས༴ ཨེ་ཀ་ཛཱ་ཊཱིའི་ཐུགས༴ སྤྲུལ་པ་རྣམ་གསུམ་གིང་ཆེན་གསུམ། །ཕོ་ཉ་ཡེ་ཤེས་འཇིག་རྟེན་དང་། །དམ་ཚིག་ཤ་ཟའི་མཁའ་འགྲོ་མ། །འབུམ་ཕྲག་འཁོར་བཅས་ཐུགས་དམ་བསྐང་། །ཞེས་དང་། དམ་ཅན་ཐུགས་དམ་དགྱེས་བསྐང་ཞིང་། །བདག་ཅག་ཉམས་ཆག་བྱང་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི། །དངོས་གྲུབ་ཆེན་པོ་གྲུབ་པར་མཛོད། །ཅེས་བསྐང་བ་བྱ་ཞིང་། ཁྱད་པར་མདོས་ཀྱི་བསྐང་བ་སོགས་ཀྱང་གཏེར་གཞུང་བཞིན་ཤེས་པར་བྱའོ། །གཉིས་པ་བཤགས་པ་ནི། ཐུགས་དམ་མ་བསྐངས་པ་རྣམས་བཤགས་པར་མོས་ལ། བྷྱོ། རྒྱལ་བ་ཀུན་ཡུམ་ཡེ་ཤེས་མ་མོའི་གཙོ། །སྔགས་སྲུང་ཁྲོ་མོ་རྡོ་རྗེ་རལ་གཅིག་མ། །ཕོ་ཉ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །གསུམ་པ་འཕྲིན་ལས་གསོལ་བ་ནི། བྷྱོ། ཡེ་ཤེས་མ་མོ་འཁོར་དང་བཅས་པ་རྣམས། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང་། །བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཅེས་འདོད་དོན་གསོལ་བས་ཇི་ལྟར་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། །དེ་ནས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་དྲག་པོའི་ལས་ལ་ཐུགས་དམ་བསྐུལ་བར་འདོད་ན། གཏོར་མ་ཟུར་གསུམ་བཤམས་པའི་ཁ་གསོས་པ་ལ་རཀྟ་བྲན་ནས་དམིགས་བྱ་དགུག་བསྟིམ་བྱས་པར་བདུད་རྩི་བྲན་ལ། འབྲུ་གསུམ་གྱི་བྱིན་བརླབ་བྱས་ཏེ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གོང་ལྟར་བསྔོས་རྗེས། རང་ཉིད་ཡི་དམ་ལྷའི་སྙེམ་པ་བརྟན་པོས་འདི་ལྟར་དྲག་ཏུ་བསྐུལ་བར་བྱའོ། །བྷྱོ༔ གྲུ་གསུམ་མཐིང་ནག་འབར་བའི་དབྱིངས༔ དམར་ནག་ཁྲག་མཚོ་ཁོལ་བའི་ཀློང༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་མ༔ སྔགས་སྲུང་ཁྲོ་མོ་དབྱིངས་ནས་བཞེངས༔ མཐིང་ནག་མུན་པ་ལྟ་བུའི་མདོག༔ གཡས་པས་ཞིང་དབྱུག་ཀླད་ལ་བསྐོར༔ གཡོན་པས་ཙིཏྟ་ལྕགས་སྤྱང་བསྣམས༔ སྤྱང་མོ་དགུ་འབུམ་ཕོ་ཉར་འགྱེད༔ འཛིན་བྱེད་ལྕགས་ཀྱི་སྡེར་མོ་ཡིས༔ དགྲ་བོའི་སྙིང་ཕྱུངས་སྲོག་རྩ་ཆོད༔ ཤ་རུས་ཁྲག་དང་དབང་པོ་ཟོ༔ རེས་འགའ་མི་སྡུག་འཇིགས་ཚུལ་ཅན༔ མཐིང་ནག་གཅེར་བུ་མགོ་དགུ་མ༔ བཅོ་བརྒྱད་ཕྱག་སྟེ་ཞབས་གཉིས་མ༔ སྟོང་ཁམས་བསྐོར་ཞིང་མཁའ་ལ་འགྲོ༔ དྲག་ཤུལ་ཤུགས་ཀྱིས་ས་གསུམ་གཡོ༔ ལག་ན་འཛིན་བྱེད་ལྕགས་ཀྱུ་བསྣམས༔ གདུག་བྱེད་དགྲ་བོའི་སྙིང་འབྱིན་མ༔ འབར་བའི་མིག་ནས་ཁྲག་འཛག་མ༔ རྐན་སྒྲ་རྡེབ་ཅིང་བདུད་དཔུང་འཇོམས༔ འདོད་ཁམས་བདག་མོ་བྲན་དུ་ཁོལ༔ སྣང་སྲིད་མ་མོ་ཕོ་ཉར་འགྱེད༔ ཁྱོད་ནི་མ་བརྒྱའི་གཙོ་མོ་སྟེ༔ དྲག་ཤུལ་ཕྲིན་ལས་བསམ་མི་ཁྱབ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཀའ་འདས་དམ་ཉམས་དགྲ་དང་བགེགས༔ རིངས་པར་ཁུག་ལ་དམ་དུ་ཆིངས༔ མྱུར་བར་སོད་ལ་དབང་པོ་སྣུབས༔ ཤ་ཁྲག་དོན་སྙིང་རྔམས་ཟས་གྱིས༔ དུས་ལ་བབ་བོ་རྩལ་མ་ཞན༔ རྦད་དོ་བསྐུལ་ལོ་མཐུ་མ་ཆུང༔ ཞེས་བསྐུལ་ཞིང་གཏོར་མ་གསར་དུ་བཤམས་ཚེ་དགྲ་ཕྱོགས་སུ་ཟོར་དུ་འཕང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་གྱི་དང་པོ་གཏོར་མ་སྟོབ་པ་ནི། ཀུན་གྱི་མཐར་འབུལ་གཏོར་བདུད་རྩིར་སྤེལ་བས་མཆོད་ཅིང་། བྷྱོ། ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་གཏོར་མ་འདི་བཞེས་ལ། །དེང་འདིར་བཅོལ་བའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱིས་འཆོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །སྲིད་ཞིའི་ཕུན་ཚོགས་དབང་སྡུས་ནས། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་ལ་སོགས་པར་འབུལ་ལོ། །གཉིས་པ་ཉམས་ཆག་བཤགས་པ་ནི། སླར་ཡང་མཆོད་ཅིང་བསྟོད་པ་སྔོན་དུ་འགྲོ་བས། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་པའི་མཐར་ཡི་གེ་བརྒྱ་པ་ཅི་འགྲུབ་བཟླས་པས་ནོངས་པ་བཤགས་སོ། །གསུམ་པ་གཤེགས་སུ་གསོལ་བ་ནི། རྟེན་གྱི་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རྟེན་མེད་པ་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་སེ་གོལ་དང་བཅས་པས་གཤེགས། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། ཞེས་རང་གནས་སུ་གཏང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསང་ཆེན་བཀའི་སྲུང་མ་རལ་གཅིག་མ། །སྒྲུབ་ལ་བུ་བཞིན་རྗེས་སྐྱོང་གང་དེ་ཡི། །ཕྲིན་ལས་ཉུང་ངུའི་ངག་གིས་ཁྲིགས་བསྡེབས་པའི། །བསོད་ནམས་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་ཡེ་ཤེས་དབྱིངས་ཀྱི་མ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མའི་ཕྲིན་ལས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི་ཡང་གནས་སྐབས་ཉེར་མཁོའི་ཆེད་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིགས་ཀྱི་བུ་སྡོམ་བརྩོན་ལོ་ཙཱ་བ་པདྨ་འགྱུར་མེད་རྒྱ་མཚོས་བགྱིས་པའོ།། །།

ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྡེ་བརྒྱད་ཁེངས་མདོས་ཁོལ་ཕྱུང་བལྟས་ཆོག་ཏུ་བཀོད་པ་རྩུབ་འགྱུར་རྙོག་མ་གཏིང་དྭངས་ (Volume 44, Text 23)

༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྡེ་བརྒྱད་ཁེངས་མདོས་ཁོལ་ཕྱུང་བལྟས་ཆོག་ཏུ་བཀོད་པ་རྩུབ་འགྱུར་རྙོག་མ་གཏིང་དྭངས་ཞེས་བྱ་བ་བཞུགས་སོ། ། གངས་ཅན་སྐྱོབ་ལ་རྒྱལ་ཀུན་ལས། ཁྱད་པར་འཕགས་པའི་རིག་འཛིན་མཆོག །སྤྱི་བོར་མཆོད་ནས་ཚུལ་འདི་ཡང་། །ཉེར་མཁོའི་ཕྱིར་དུ་དགོད་པར་བྱ། །དེའང་ཇི་སྐད་དུ། སྙིགས་དུས་སྡེ་བརྒྱད་ཁེངས་ལོག་པས༔ སྣོད་བཅུད་ཀུན་ལ་འཚེ་བ་འབྱུང༔ ཞེས་གསུངས་པ་ལྟར་དུས་སྙིགས་མ་ལྔ་བདོའི་སྐྱེ་བོ་རྣམས་ཉོན་མོངས་ཇེ་རགས་སུ་སོང་བས་མི་དགེ་བའི་སྤྱོད་ངན་རིམ་པར་འཕེལ་བ་བཅས་ཀྱིས་ལྷ་སྲིན་སྡེ་བརྒྱད་འཁྲུགས་ཤིང་། སྣོད་བཅུད་ལ་ཁེངས་ལོག་པས་མི་བདེ་བའི་འཚེ་བ་ཇེ་ཆེར་འབྱུང་བའི་སྐབས་འདི་ལྟ་བུར་ཕན་པའི་གདམས་ཟབ་མདོས་ཀྱིས་བཅོས་པ་དང་། ཕྱིར་ཟློག་པའི་ཚུལ་རྒྱས་བསྡུས་འགའ་ཞིག་གཞན་དུའང་འབྱུང་མོད། འདི་ཉིད་རྒྱས་བསྡུས་འཚམ་ཞིང་ལག་ལེན་བདེ་བར་སྣང་ཞིང་། འདི་ལའང་མདོས་ཀྱིས་སྐོང་བ་དང་ཟོར་གྱིས་ཟློག་པ་གཉིས་སུ་བཤད་ཀྱང་སྔ་མ་ལྟར་བཀོད་པ་ལ་གསུམ། བཅས་གཤོམ། བདག་བསྐྱེད། མདོས་གཞུང་ངོ་། །དང་པོ་ནི། གོང་དུ་ལྷ་གཞུང་གི་གཏོར་མཆོད་སོགས་ཕྲིན་ལས་ལ་དགོས་པ་རྣམས་བཀོད་པའི་མདུན་དུ་ཤིང་ངམ་རྡོ་ལེབ་གཙང་མར་རི་རབ་བང་རིམ་བཞི་དང་ལྡན་པའི་སྟེང་གི་དབུས་སུ་དཔལ་གཏོར་བརྗིད་ལྡན་བཀོད། དེའི་ཤར་དུ་ལྷ་བཤོས་ཟླུམ་པོ་དཀར། ལྷོར་གཤིན་རྗེ་གྲུ་གསུམ་ཁྲམ་རིས་ཅན་ནག །ནུབ་ཏུ་མ་མོའི་སྨན་ཏིང་ངམ་གཏོར་མ་རྩེ་ཁྲིག་སྙིང་གིས་མཚན་པ་དམར་པོ། བྱང་དུ་བདུད་བཤོས་ཟུར་གསུམ་ནག་པོ་རྩེ་གུག །ཤར་ལྷོར་བཙན་བཤོས་ཟུར་གསུམ་དམར་པོ་རྩེ་གསུམ། ལྷོ་ནུབ་རྒྱལ་བཤོས་མཁར་ཐབས་སམ་གྲུ་བཞི་དཀར། ནུབ་བྱང་གནོད་སྦྱིན་འབྲང་རྒྱས་ནོར་གཟུགས་སེར། བྱང་ཤར་ཀླུ་བཤོས་དཀར་ཟླུམ་སྦྲུལ་དཀྲིས་ཅན་རྣམས་ཀྱིས་བསྐོར། བང་རིམ་དང་པོར་བྱ་རིགས། གཉིས་པར་གཅན་གཟན། གསུམ་པར་རི་དྭགས། བཞི་པར་གཡུང་དྭགས། རྩ་བར་ཆུ་གནས་ས་འཛུལ་སྣ་ཚོགས་དང་འདོད་ཡོན་ཅི་འབྱོར་སྤར་དུ་བཏབ་ལ་བཀོད། ནམ་མཁའ། རྒྱང་བུ། མདའ་བཀྲ །འཕང་བཀྲ །ཕོ་ཏང་མོ་ཏང་དང་། སྲིད་པ་སྤྱི་རིས་ཀྱི་ཤིང་བྲིས་རྣམས་ཚར་གྲངས་བརྒྱད་རེ་ལས་མི་ཉུང་བ་ལྕགས་རིར་གཟུག །སྨན་འབྲུ་རིན་ཆེན་དར་ཟབ་རས་སྣ་ཡོས་ཁྲ་སོགས་ཡས་སྟགས་གང་འབྱོར་བླུགས། གཙོ་གཏོར་གྱི་རྩེར་དར་གདུགས་དབུབ་ལ་བཀོད། མདུན་དུ་ཕུད་སྐྱེམས་སྣ་ཚོགས་བཤམ། སྣོད་གཞན་ཞིག་ཏུ་གཙང་གླུད་སྐྱེ་མཆེད་དོད་པ་ལ་ཕོ་མོ་ཆུང་གསུམ་སྒོ་ནོར་རྣམས་ཀྱི་གཟུགས་སྤར་དུ་བཏབ་པ་དང་ཆངས་བུས་བསྐོར་ལ་མདོས་མདུན་སྟེགས་དམའ་བར་བཞག་གོ །གཉིས་པ་བདག་སྐྱེད་ནི། འདིར་བསྟན་བདག་བསྐྱེད་ཙམ་གྱིས་འཐུས་ཀྱང་སྤྲོས་པ་ལ་དགའ་ན་ཐུགས་སྒྲུབ་ལུགས་འདི་ཉིད་དམ། ལྷ་གཞུང་གཞན་གང་རུང་གི་ཕྲིན་ལས་བཟླས་པ་ཚོགས་མཆོད་བཅས་གྲུབ་པར་བྱས་ལ་འདིར་དམིགས་སུ་བསྟན་པ་ནི། ཧྲཱི༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགགས་མེད་སྙིང་རྗེའི་རོལ་པ་ནི༔ ཧྲཱིཿཡིག་དཀར་པོ་འོད་འབར་ལས༔ འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས༔ སྟོང་གསལ་འདུས་མ་བྱས་པའི་ངང༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ བདག་ཉིད་ཧྲཱིཿལས་སྐད་ཅིག་གིས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཕྱག་གཡས་སྡིགས་མཛུབ་དང་བཅས་པའི༔ རྡོ་རྗེ་རྩེ་ལྔས་ལམ་སྟོན་ཅིང༔ གཡོན་པས་ཁ་ཊྭཱཾ་རྩེ་གསུམ་པ༔ འཁར་བའི་ཚུལ་གྱིས་བསྟེན་ཅིང་འཛིན༔ དབུ་ལ་པད་ཞྭ་བརྗིད་པར་གསོལ༔ སྐུ་ལ་གསང་གོས་བེར་མཐིང་དང༔ ཆོས་གོས་གསུམ་གྱིས་མཛེས་པར་བཀླུབས༔ ཞབས་གཉིས་མཆིལ་ལྷྭམ་དང་བཅས་ཏེ༔ གཤེགས་པའི་སྟབས་ཀྱིས་གདན་ལ་བཞེངས༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཕྱག་རྒྱས་འདེབས་པའི་སྐུ་རུ་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་གི་སྔགས་ཀྱི་སྒྲ་བསྒྲགས་པས༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་དང༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང༔ ཆོས་སྐྱོང་སྲུང་མའི་ནུས་སྟོབས་ཀུན༔ ལྷ་སྔགས་ཕྱག་མཚན་རྣམ་པར་ནི༔ ནམ་མཁའ་གང་བར་བདག་ལ་ཐིམ༔ ཡེ་ཤེས་གཟི་བྱིན་ཆེར་འབར་ཞིང༔ དམ་ཅན་ཚོགས་ཀུན་ལས་ལ་བཀོལ༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་གཅུན༔ དམ་སྲི་གདོན་བགེགས་ཐལ་བར་བརླག༔ དཀར་ཕྱོགས་བྲན་དུ་འདུས་པར་གྱུར༔ ཅེས་དམིགས་ལ་ཧཱུྃ་སུམ་སྦྲེལ་བཟླ། ཁམས་གསུམ་བརྟན་གཡོའི་སྣང་ཆ་ཀུན༔ རིག་འཛིན་བླ་མའི་ཕྱག་རྒྱར་སད༔ གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་ཡིས༔ མཐའ་ཡས་ཞིང་ཀུན་རྒྱས་པར་གང༔ རྟོག་ཚོགས་རང་གྲོལ་གཉུག་མའི་ངང༔ མི་གཡོ་དགོངས་པའི་རྩལ་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་བཟླས་ལ་ཀ་དག་གི་དབྱིངས་སུ་བཞག །ཡང་། རེས་འགའ་རང་འདྲའི་ཡེ་ཤེས་སྐུ༔ དཔག་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ ལྷ་འདྲེ་མི་གསུམ་སྙིང་ལ་ཐིམ༔ ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར༔ ཀུན་གྱི་ཤེས་རྒྱུད་དབང་མེད་དུ༔ བྱང་ཆུབ་སེམས་གཉིས་ངོ་བོར་བསྒྱུར༔ བདག་ལ་འདུན་ཅིང་རབ་དད་པས༔ ཐར་པའི་ལམ་ལ་ཞུགས་པར་བསམ༔ རྩ་སྔགས་ཤམ་བུར་འདི་བཏགས་བཟླ༔ སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ སྡུས་སྡུས་སརྦ་ལོ་ཀ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་པའང་ཅི་འགྲུབ་བཟླ་ཞིང་སྟོང་ཉིད་དང་སྙིང་རྗེའི་ངང་ལ་བཞག་གོ །གསུམ་པ་མདོས་ལ་ཐོག་མར་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་གྱི། །ལྷུན་པོ་གླིང་བཞི་གླིང་ཕྲན་བཅས། །རྒྱ་ཆེ་བཀོད་ལེགས་ཁྱད་པར་འཕགས། །སྲིད་གསུམ་དཔལ་འབྱོར་ཕྱུར་བུར་གཏམས། །མཁོ་རྒུའི་ལོངས་སྤྱོད་ཟད་མི་ཤེས། །སྡེ་བརྒྱད་ལྷ་སྲིན་དྲེགས་པ་རྣམས། །དགྱེས་པའི་མཐུན་རྫས་མ་ཚང་མེད། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་མདོས། །འདོད་ཡོན་རྒྱ་མཚོའི་གཏེར་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། དབྱངས་དང་རོལ་མོའི་སྒྲ་བཅས་སྤྱན་འདྲེན་པ་ནི། ཀྱེ༔ སྣང་ཞིང་སྲིད་པའི་སྡེ་བརྒྱད་ཀུན༔ དཀོན་མཆོག་བདེན་པའི་བཀའ་མ་བཅག༔ རྩ་གསུམ་ལྷ་ཚོགས་དམ་མ་དྲལ༔ རྣལ་འབྱོར་དགོངས་པའི་རྩལ་མ་འགྲན༔ ཚུར་བྱོན་ཚུར་བྱོན་དམ་ལ་འདུས༔ སྣང་སྲིད་མདོས་ཀྱིས་བསྐང་བའི་ཕྱིར༔ ཞི་དང་ཕན་པའི་སེམས་བསྐྱེད་ནས༔ ད་ལྟ་ཉིད་དུ་འདིར་གཤེགས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ཛཿཛ༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པར་མོས་ལ་རྡོ་རྗེ་གདེངས་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ དམ་ཆུ་ལྕེ་ལ་བཞག་པའི་མོས་པས། བཛྲ་ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་བརྗོད་ལ་ནང་མཆོད་སྲིན་ལག་གཡོན་པས་འཐོར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་ཐ་ཚིག་བསྒྲགས་པས་རང་དམ་དྲན་ནས་ཅི་ལྟར་བསྒོ་བའི་བཀའ་ཉན་ཏེ་གུས་པའི་ཚུལ་གྱིས་འཁོད་པར་བསམ། དངོས་གཞི་མདོས་བསྔོ་བ་ནི། ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས༔ གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག༔ ནམ་མཁའ་ས་གཞི་བར་སྣང་གང༔ སྤྲིན་ལྟར་གཏིབས་པ་ཐམས་ཅད་ཀུན༔ ཕྱི་སྣོད་གླིང་བཞིའི་གཏོར་གཞོང་དུ༔ ནང་བཅུད་འགྲོ་ཀུན་གཏོར་མར་སྦྱར༔ འདོད་ཡོན་སྣ་ཚོགས་རྒྱན་གྱིས་སྤྲས༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ མཐོང་བ་ཙམ་གྱིས་ཡིད་དུ་འོང༔ བསམ་པ་ཙམ་གྱིས་ཉམས་རེ་དགའ༔ བཞེས་པ་ཙམ་གྱིས་བདེ་ཆེན་བསྐྱེད༔ ལོངས་སྤྱོད་སྤྱན་གཟིགས་བསམ་མི་ཁྱབ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སྣང་སྲིད་གཏོར་མའི་མདོས་ཆེན་པོས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ ཤེལ་གྱི་སྐུ་མཁར་རྩེ་དགུ་ན༔ ལྷ་ཡི་དྲེགས་པ་ལྷ་ཡི་རྗེ༔ སྲིད་པ་ལྷ་ཡི་གཙོ་བོ་ནི༔ སྐུ་མདོག་དཀར་པོ་འཛུམ་ཞིང་བརྗིད༔ ཕྱག་ན་རལ་གྲི་མདུང་དར་བསྣམས༔ ཆིབས་སུ་ལྷ་གཡག་དཀར་པོ་བཅིབས༔ ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར༔ རྒྱལ་འགོང་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ མཐའ་དམག་དུས་འཁྲུགས་རླུང་ལྟར་འཚུབས༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་ལྷ་རྣམས་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ དུས་ཀྱི་འཁྲུགས་རྩོད་གཟིང་པ་དང༔ རྒྱལ་བསེན་དམ་སྲིའི་ཆོ་འཕྲུལ་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཨ་དེ་བ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ གཤིན་ཡུལ་ཟངས་ཐང་དམར་པོ་ནས༔ གཤིན་རྗེའི་དྲེགས་པ་གཤིན་རྗེའི་རྗེ༔ སྲིད་པ་གཤིན་རྗེའི་གཙོ་བོ་ནི༔ སྐུ་མདོག་ནག་པོ་ཁྲོ་ཞིང་གཏུམ༔ ཕྱག་ན་བེ་ཅོན་ཁྲམ་ཤིང་ཐོགས༔ ཆིབས་སུ་མ་ཧེ་རུ་རིང་བཅིབས༔ གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར༔ ཡི་དྭགས་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ ནད་མཚོན་མང་པོ་ཆར་ལྟར་འབེབ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་གཤིན་རྗེ་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ ནད་མཚོན་གོད་ཁ་ལྡང་བ་དང༔ ཤ་ཟ་ཡི་དྭགས་འཚེ་བ་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཡ་ཡ་མ་རཱ་ཛ་ཡ་ཏྲི་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ ནད་རླངས་འཇའ་ཚོན་གུར་ཁྱིམ་ནས༔ མ་མོའི་དྲེགས་པ་མ་མོའི་རྗེ༔ སྲིད་པ་མ་མོའི་གཙོ་བོ་ནི༔ སྐུ་མདོག་དཀར་སྨུག་བརྗིད་པའི་ཞལ༔ ཕྱག་ན་མདའ་དར་མེ་ལོང་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས༔ མ་མོའི་དམག་ཚོགས་འབུམ་གྱིས་བསྐོར༔ བསེན་མོ་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ ཡམས་ནད་རིམས་ནད་སྤྲིན་ལྟར་གཏིབས༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་མ་མོ་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ ནད་རིམས་དལ་ཡམས་ཐམས་ཅད་དང༔ དམན་མོ་བསེན་མོའི་གནོད་གདུག་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་མ་རུ་ལུ་མ་ཏྲི་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ བདུད་ཡུལ་མུན་པའི་གླིང་ཆེན་ནས༔ བདུད་ཀྱི་དྲེགས་པ་བདུད་ཀྱི་རྗེ༔ སྲིད་པ་བདུད་ཀྱི་གཙོ་བོ་ནི༔ སྐུ་མདོག་མཐིང་ནག་རབ་ཏུ་འཇིགས༔ ཕྱག་ན་དར་ནག་ཁྲམ་ཤིང་ཐོགས༔ ཆིབས་སུ་རྟ་ནག་རྟིང་དཀར་བཅིབས༔ བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར༔ བགེགས་རིགས་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ བློ་སྣ་སྒྱུར་ཞིང་ཚེ་སྲོག་སྟུང༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་བདུད་ཚོགས་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ བློ་འགྱུར་ཚེ་ཐུང་ནད་མང་དང༔ ནག་ཕྱོགས་བགེགས་ཀྱི་ཆོ་འཕྲུལ་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ དུ་རུ་དྲ་དུན་ཏིང་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཤར་ལྷོ་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ བཙན་མཁར་དམར་པོ་བརྗིད་པ་ནས༔ བཙན་གྱི་དྲེགས་པ་བཙན་གྱི་རྗེ༔ སྲིད་པ་བཙན་གྱི་གཙོ་བོ་ནི༔ སྐུ་མདོག་དམར་ནག་མེ་ལྟར་འབར༔ ཕྱག་ན་ལྕགས་ཀྱི་མདའ་གཞུ་འགེངས༔ ཆིབས་སུ་བཙན་རྟ་རླུང་གཤོག་བཅིབས༔ བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར༔ ས་བདག་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ གློ་བུར་གྲི་ཐབས་ཐོག་ལྟར་འབེབ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་བཙན་རྣམས་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ གློ་བུར་གྲི་ཐབས་ལྡང་བ་དང༔ ས་བདག་འབྱུང་པོའི་ཀོ་ལོང་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ རུ་རཀྴ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷོ་ནུབ་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ ཤེལ་གྱི་སྐུ་མཁར་ལྡེམ་པ་ནས༔ རྒྱལ་པོའི་དྲེགས་པ་རྒྱལ་པོའི་རྗེ༔ སྲིད་པ་རྒྱལ་པོའི་གཙོ་བོ་ནི༔ སྐུ་མདོག་དཀར་བརྗིད་ཁྲོ་ཞིང་འཛུམ༔ ཕྱག་ན་གསེག་ཤང་པར་བུ་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་བཅིབས༔ རྒྱལ་པོ་འབུམ་གྱི་འཁོར་གྱིས་བསྐོར༔ གིང་འགོང་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ སྨྱོ་འབོག་འཐབ་མཁོན་མེ་ལྟར་འབར༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་རྒྱལ་པོ་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ སྨྱོ་འབོག་དང་ནི་འཐབ་འཁོན་དང༔ དམ་སྲི་འགོང་པོའི་འཚུབས་འགྱུར་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཙ་རཱ་ཙ་གིང་ཀ་ར་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ནུབ་བྱང་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ རིན་ཆེན་སྣ་ལྔའི་སྐུ་མཁར་ནས༔ གནོད་སྦྱིན་དྲེགས་པ་གནོད་སྦྱིན་རྗེ༔ སྲིད་པ་གནོད་སྦྱིན་གཙོ་བོ་ནི༔ སྐུ་མདོག་སྔོན་པོ་འོད་དུ་འཁྲུགས༔ ཕྱག་ན་རལ་གྲི་ནོར་བུ་འཛིན༔ ཆིབས་སུ་སྟག་ཆེན་རྔམས་པ་བཅིབས༔ གནོད་སྦྱིན་འབུམ་གྱི་འཁོར་གྱིས་བསྐོར༔ གཟའ་སྐར་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ ས་གཡོ་རི་བསྙིལ་ཐོག་སེར་འབེབ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་གནོད་སྦྱིན་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ ས་གཡོ་རི་བསྙིལ་ཐོག་སེར་དང༔ གཟའ་དང་རྒྱུ་སྐར་གདོང་ཟེར་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཤ་ཡཀྵ་ཏྲི་ཡགྨོ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཤར་སྟོང་གི་འཇིག་རྟེན་གྱི༔ འབྱུང་པོ་ཀུན་ལ་དབང་བསྒྱུར་པ༔ རྒྱ་མཚོ་འཁྱིལ་བའི་གཏིང་རུམ་ནས༔ ཀླུ་ཡི་དྲེགས་པ་ཀླུ་ཡི་རྗེ༔ སྲིད་པ་ཀླུ་ཡི་གཙོ་བོ་ནི༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ ཆིབས་སུ་གདུག་པའི་ཆུ་སྲིན་བཅིབས༔ ཀླུ་བདུད་འབུམ་གྱི་འཁོར་གྱིས་བསྐོར༔ ཀླུ་གཉན་བྱེ་བ་སྤྲུལ་པར་འགྱེད༔ ཁེངས་ལོག་གནོད་པ་གཏོང་བའི་ཚེ༔ མཛེ་ཤུ་ཕོལ་མིག་ཆུ་ལྟར་འབྲུབ༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཉམས་ཆག་འགལ་འཁྲུལ་བཤགས་པ་དང༔ དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར༔ རི་རབ་གླིང་བཞི་བཀོད་རེ་ལེགས༔ ལྕགས་རི་མུ་ཁྱུད་མཐའ་རེ་ཡངས༔ འདོད་ཡོན་ལོངས་སྤྱོད་དཔལ་རེ་ཆེ༔ ལྷ་མིའི་ལོངས་སྤྱོད་མ་ཚང་མེད༔ ནམ་མཁའ་སྐྱེ་མེད་སྟོང་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འོད་ལྔར་ཤར༔ འོད་ལྔ་ཐགས་སུ་བཏགས་པ་ཡི༔ གདུགས་ཆེན་འབར་བས་མཁའ་དབྱིངས་ཁྱབ༔ མདའ་ཁྲ་སྐྱེས་པ་སྟག་ཆས་ཏེ༔ ཐབས་ཀྱི་དཔའ་བརྗིད་ལམས་སེ་ལམ༔ འཕང་ཁྲ་མོ་བཙུན་རྒྱན་བཟང་སྤྲས༔ ཤེས་རབ་གླུ་སྙན་ཀྱུ་རུ་རུ༔ རྒྱང་བུ་ཐབས་ཤེས་གཉིས་སུ་མེད༔ འོད་འབར་སྣང་བ་ཡ་ལ་ལ༔ ཕོ་གདོང་སྲིད་པ་སྐྱེད་པའི་ཡབ༔ མོ་གདོང་སྲིད་པ་སྐྱེད་པའི་ཡུམ༔ གཉིས་མེད་འཕན་ཕྲན་དར་སྣས་བརྒྱན༔ སྲིད་པ་ཐམས་ཅད་སྤྲུལ་ཞིང་བསྡུ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་ནི༔ རྟ་ནོར་ར་ལུག་བསམ་མི་ཁྱབ༔ དབང་པོ་ཚང་ཞིང་སྐྱེ་མཆེད་དོད༔ རྩེ་ཀྱུའི་གར་འགྲོས་ལིངས་སེ་ལིང༔ རི་རབ་ཐད་ཀྱི་བར་སྣང་ལ༔ འདབ་ཆགས་ཡོད་རྒུ་སྤྲིན་ལྟར་ལྡིང༔ རི་རབ་བར་གྱི་བང་རིམ་ལ༔ གཅན་གཟན་རི་དྭགས་རྡུལ་ལྟར་འཚུབས༔ རི་རབ་རྨང་གི་རྒྱ་མཚོ་ལ༔ སྲིད་པའི་ཆུ་གནས་མཚོ་ལྟར་འཁྱིལ༔ གླིང་བཞི་ལྕགས་རིའི་ནང་ཁོངས་སུ༔ ལྷ་དང་མི་ལ་སྲིད་ཚད་ཀྱི༔ ནོར་དང་ལོངས་སྤྱོད་མཛོད་ལྟར་ཁེངས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཉམས་ཆག་ཐམས་ཅད་དག་པར་མཛོད༔ འགལ་འཁྲུལ་ནོངས་པ་བཟོད་པར་བཞེས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཁྱད་པར་ཀླུ་བདུད་འཁྲུགས་པ་ལས༔ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུ༔ དྲེག་གྲུམ་མཛེ་ཤུ་ཕོལ་མིག་དང༔ ཀླུ་གཉན་ས་བདག་དུག་རླངས་དང༔ ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་བྷྱོ༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ན་ནཱ་ག་ར་ཏྲི་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཚར་གྲངས་དགོས་ན་མདོས་བསྔོ་འདི་ལ་གྲངས་གཟུང་། དེ་ནས་སྐུ་གླུད་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་སྤྱི་ལྟར་བྱས་ལ་གྱེར་གྱིས་བསྔོ་བ་ནི། ཀྱེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ད་ནི་འདོད་ཡོན་ཐམས་ཅད་ཀུན༔ མ་ཚང་མེད་པའི་ལོངས་སྤྱོད་རྫས༔ མི་བས་དགའ་བའི་གླུད་གཏོར་འབུལ༔ གླུད་ཀྱི་ཕ་ནི་ནམ་མཁའ་སྟེ༔ ནམ་མཁའ་སྟོང་པའི་དབྱིངས་རུམ་ནས༔ འགག་མེད་བདུད་རྩིའི་སྦྲང་ཆར་བབས༔ གླུད་ཀྱི་མ་ནི་ས་གཞི་སྟེ༔ ས་གཞི་ཡངས་པའི་ལྟེ་བ་ནས༔ ངོ་མཚར་འབྲས་བུ་སྣ་ཚོགས་སྨིན༔ སྣང་སྟོང་ཟུང་དུ་འཇུག་པ་ཡི༔ རོ་བཅུད་ལྡན་པའི་འབྲུ་ཡི་རིགས༔ སྲེག་བྱེད་མེ་ཡི་ངད་ལ་བརྔོས༔ སྐྱོད་བྱེད་རླུང་གི་ཤུགས་ཀྱིས་བཏགས༔ དག་བྱེད་ཆུ་ཡིས་ཟན་དུ་བརྫིས༔ འབྱུང་ལྔ་རྒྱུ་རུ་ཚོགས་པ་ལས༔ འབྲས་བུ་སྐྱེས་བུའི་གླུད་དུ་བཞེངས༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས༔ ཕུང་པོ་ལྔ་པོ་ཡོངས་སུ་རྫོགས༔ སྐྱེ་མཆེད་དྲུག་ཀྱང་གསལ་ལ་དྭངས༔ རྒྱན་དང་རྣམ་འགྱུར་ཕུན་སུམ་ཚོགས༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདི་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ དེ་བས་སྣང་སྲིད་ལྷ་འདྲེ་ཀུན༔ གླུད་གཏོར་བཟང་པོ་འདི་བཞེས་ལ༔ རྒྱལ་ཁམས་སྤྱི་དང་ཁྱད་པར་དུ༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ ཁེངས་ལོག་གནོད་པ་ཞི་བར་མཛོད༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ འགྲས་པ་བསངས་ལ་འཁོན་པ་འདུམས༔ ཞི་བ་ཆེན་པོའི་ངང་དུ་བཞུགས༔ ཕན་པ་མཆོག་གི་བྱང་སེམས་སྐྱེད༔ རྟག་ཏུ་བདེ་བའི་ཕྲིན་ལས་སྒྲུབས༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་གོང་གི་མདོས་བསྔོ་ཚར་གྲངས་གང་བྱེད་ལྟར་བསྐྱར། མདོས་བསྔོ་ཚར་གཅིག་ལས་མི་བྱེད་ཀྱང་གླུད་བསྔོ་འདི་ཉིད་གནས་སྐབས་དོ་གལ་བསྟུན་པའི་ཚང་གྲངས་གསག་པར་བྱའོ། །དྲག་པོའི་ལས་དང་འབྲེལ་བའི་བསྒྲལ་ལས་ཟློག་ཕྲིན་ནི་དཀྱུས་སུ་མི་མཁོ་བས་མ་བཀོད་དོ། །ཚར་གྲངས་སོགས་གྲུབ་ནས་རྗེས་མདོས་གཏང་ལ། འབྲུ་སྣ་ཤེལ་ཚིགས་ཤ་དུམ་སོགས་རྫོངས་ཆས་གང་འཛོམ་བཏབ་ལ། ཀྱཻ༔ ད་ནི་སྣང་སྲིད་དྲེགས་པའི་ཚོགས༔ ཤུལ་ལམ་བདེ་བར་གཤེགས་རེ་རན༔ འདི་ན་འདུག་པའི་གནས་མེད་པས༔ འཁོར་དང་བཅས་པ་སྐུ་སྐྱོད་འཚལ༔ མདོས་ཀྱི་ལམ་བསྟན་གང་དུ་བསྟན༔ མདོས་ལམ་ཕྱོགས་མཚམས་སྟེང་འོག་གི༔ འབྱུང་པོ་འདུ་བའི་ཡུལ་དུ་བསྟན༔ དེ་དག་རྣམས་སུ་མི་བསྟན་རྒྱུ༔ ཉི་ཟླ་གཟའ་སྐར་ཕྱོགས་སྐྱོང་དང༔ ས་བདག་ཀླུ་གཉན་ཐམས་ཅད་ཀུན༔ མདོས་ལ་དགའ་ཞིང་ཡས་ལ་གདུང༔ གླུད་ལ་དགྱེས་ཤིང་དཀོར་ལ་རྔམས༔ དེ་ཕྱིར་སྣང་སྲིད་གཞིར་བཞེངས་པའི༔ མདོས་གླུད་དཀོར་ཆ་མཐའ་ཡས་འདི༔ སྣང་སྲིད་ལྷ་འདྲེའི་ཚོགས་རྣམས་ཀྱི༔ མཐུན་པའི་དཀོར་དང་རྫས་སུ་སྣོམས༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ ཞི་བ་ཆེན་པོའི་བྱང་སེམས་སྐྱེད༔ ཚེ་དང་བསོད་ནམས་རྒྱས་པའི་ཕྱིར༔ སྟོབས་དང་གཟི་བརྗིད་ནུས་པ་སྤེལ༔ ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར༔ འོད་དམར་རླུང་གི་ཞགས་པ་སྤྲོས༔ དགྲ་བགེགས་རྩད་ནས་བརླག་པའི་ཕྱིར༔ དྲག་ཤུལ་ཁྲོས་པའི་ཤུགས་ཀྱང་ཕྱུངས༔ ལས་བཞི་ལྷུན་གྱིས་གྲུབ་པའི་ཕྱིར༔ མདོས་གླུད་འདི་དང་ལྷན་ཅིག་ཏུ༔ ད་ནི་གཤེགས་ཤིག་ཤ་ར་ར༔ ད་ནི་བཞུད་དོ་སི་ལི་ལི༔ དཀོན་མཆོག་བདེན་པའི་བཀའ་ལ་ཉོན༔ རྩ་གསུམ་ལྷ་ཚོགས་དམ་ལ་སྡོད༔ མདོས་ཀྱིས་བརྔན་པའི་ངོ་སོ་ཁྱེར༔ གླུད་ཀྱིས་དགའ་བས་འཛུམ་མདངས་ཕྱུངས༔ རྒྱུ་འབྲས་བསླུ་མེད་ཚུལ་ལ་སོམས༔ འདི་རུ་མ་འཁོར་མ་གནོད་པར༔ ཕན་པའི་སེམས་ཀྱིས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་ཁྲོས་པའི་སྐུས༔ ནམ་མཁའ་ས་གཞི་བར་སྣང་ཁྱབ༔ སྙིང་ནས་གཟིར་ཞིང་སྲོག་ནས་དྲངས༔ གནད་ལ་གཅུན་ཞིང་ཤི་ས་བསྟན༔ མིང་ཙམ་མེད་པར་བརླག་འགྱུར་བས༔ ད་ལྟ་ཉིད་དུ་བདེ་བར་དེངས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ ནད་གདོན་འཇིགས་བརྒྱད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཆག་ཆེ་ཉམ་ང་ཐམས་ཅད་མ་ཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ལ་གཙང་སར་མདོས་བསྐྱེལ་བ་ཁོ་ནས་ཀྱང་ཆོག་ལ། གལ་ཏེ་ཟློག་ཟོར་བྱེད་ན་ཡི་དམ་གྱི་དྲག་སྔགས་བཟླ་བཞིན་པས་གནོད་པའམ་ཐེབས་ཡོད་པའི་ཕྱོགས་སུ་ཁྱེར། གསེར་སྐྱེམས་སྤྱི་འགྲོ་བཏང་སྟེ། ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ འདོད་ཡོན་གཏོར་ཆེན་འདི་བཞེས་ལ༔ མ་གཡེལ་ཐུགས་དམ་དབྱིངས་ནས་སྐྱེད༔ མི་མཐུན་རྐྱེན་དང་བར་ཆད་ཟློགས༔ བྷྱོ་བྷྱོ༔ སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔ མདོས་གླུད་བཟང་པོ་འདི་ཁྱེར་ལ༔ ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔ མདོས་དང་གཏོར་མའི་ལྷག་མ་ཀུན༔ ནད་མཚོན་དུག་གི་ཟོར་དུ་སྒྱུར༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ ནག་ཕྱོགས་གདུག་པའི་བགེགས་ལ་འཕེན༔ ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔ ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔ སྡེ་བརྒྱད་ཟ་ཁ་བགེགས་ལ་ཡཱ༔ དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔ ཐལ་པའི་རྡུལ་བཞིན་བརླག་པར་མཛོད༔ ཅེས་དང་དྲག་སྔགས་ཟློག་སྔགས་བརྗོད་ཅིང་མདོས་གཏོར་མེ་ལ་བསྲེག །ཐལ་མོ་བརྡབ། སྔགས་དང་དམིགས་པས་ཕྱི་ལམ་གཅད། ལས་བྱང་ལྟར་སྲུང་འཁོར་བསྒོམ། ནང་དུ་ལོག་ནས་ཕྲིན་ལས་ཀྱི་མཇུག་བསྡུ་བྱས་པས་གྲུབ་བོ། །འདི་ནི་སྤྱི་མདོས་གཏང་བའི་ཚུལ་ཡིན་ལ་རྒྱལ་བཙན་སོགས་གང་དགོས་པའི་སྒེར་མདོས་ཁོལ་དུ་ཕྱུང་ཡང་ཆོག་པས་འདི་ཉིད་ལས་ཁོལ་ཕྱུང་རིགས་པས་འཕྲུལ་ལོ། །འདིའི་ཡོན་ཏན་ནི། འདིས་ནི་ནད་གདོན་བར་ཆད་ཞི༔ ཚེ་རིང་བསམ་དགུ་ཐམས་ཅད་འགྲུབ༔ ཁྱད་པར་རྒྱལ་ཁམས་བདེ་བ་དང༔ ནད་རིམས་ཆད་ཅིང་དམག་ཚོགས་ཟློག༔ གང་བརྩམ་ལས་ཀུན་མྱུར་འགྲུབ་ཕྱིར༔ རྣལ་འབྱོར་ལྡན་པས་རྟག་དུ་སྤྱད༔ ཅེས་གསུངས་པ་ལྟར་རོ། །སྙིགས་དུས་སྡེ་བརྒྱད་ཚ་དབལ་ཀུན། །ཞི་བདེའི་དབྱིངས་སུ་བཅིལ་བ་ཡི། །ནུས་ལྡན་སྨན་ཆབ་འདི་གྱུར་ཏེ། །གངས་ལྗོངས་མཐའ་དག་འཚོ་བྱེད་ཤོག །ཅེས་ཉེར་མཁོ་ཆེ་ཞིང་གནམ་ཆོས་ལུགས་ལྟ་བུའི་འཛོམ་དཀའ་བ་མི་སྣང་བས་ཁྱེར་བདེར་ཉམ་ཆུང་ལ་ཕན་པར་བསམས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་ལས་ཁོལ་ཕྱུང་གསལ་བྱེད་ཕྲན་བུས་བརྒྱན་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ།། །།

རྩ་གསུམ་བདེར་གཤེགས་འདུས་པའི་དབང་གི་མཚམས་སྦྱོར་ཡེ་ཤེས་སྣང་བའི་སྤྲིན་མཛེས་ (Volume 5, Text 23)

༄༅། །རྩ་གསུམ་བདེར་གཤེགས་འདུས་པའི་དབང་གི་མཚམས་སྦྱོར་ཡེ་ཤེས་སྣང་བའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། ། ན་མོ་དེ་ཝ་མཎྜལ་ཙཀྲ་ཨི་ཤྭ་ར་མ་ཧཱ་གུ་ར་ཝེ། རྩ་གསུམ་བདེ་གཤེགས་འདུས་པའི་དབང་བསྐུར་འབོག་པ་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བའི་སྐབས་སུ། རྩ་གསུམ་སྤྱི་གཏོར་དར་གདུགས་སྐུ་ཙཀ་གིས་བརྒྱན་པ་བཤམས་པ་དང་། བརྟེན་པ་བདག་མདུན་བསྐྱེད་བཟླས་ཀྱི་གཞུང་བསྲང་ཞིང་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་བ་རྣམས་བདག་འཇུག་ལྟར་བྱས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ཤིང་། བདེན་བརྗོད་རྗེས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སོགས་ཀྱི་མཐར། ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གྱིས་གཟིར། སྲུང་འཁོར། མིག་དར། མེ་ཏོག་བཅས་གཏད་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་མཚོན་བྱ་གནས་ལུགས་དོན་གྱི་བླ་མ་སྲིད་ཞི་བརྟན་གཡོ་ཀུན་ལ་ཁྱབ་པའི་དཔལ་དུ་གདོད་ནས་ཀུན་ཁྱབ་ཆེན་པོ་འཕོ་འགྱུར་བྲི་གང་བྲལ་བར་བཞུགས་ཀྱང་། དེ་ཉིད་མངོན་དུ་བྱེད་པ་མཚོན་བྱེད་བརྡའི་བླ་མ་སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་ཕུང་པོ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཕྱོགས་དུས་གདུལ་བྱའི་མཐའ་དང་སྙོམས་པར་སྣང་བ་ལས། ངོ་མཚར་བའི་རྣམ་ཐར་དང་ཕྲིན་ལས་རྣམ་འདྲེན་ཀུན་དང་མཚུངས་པ་མེད་ཅིང་། མཛད་པའི་ཕྲིན་ལས་ཀྱང་སྒོ་ཀུན་ནས་འགྲན་ཟླ་དང་བྲལ་བ་ནི་རྡོ་རྗེའི་བླ་མ་པདྨ་སམྦྷ་ཝ་སྟེ། རྗེ་དེའི་མཚན་དང་སྐུ་ཡི་བཀོད་པ་ནི། བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད། རྣམ་འཕྲུལ་བཅུ་གསུམ། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ། འཕྲུལ་མཚན་བཞི་བཅུ། མདོ་སྔགས་སྟོན་པ་བརྒྱ་རྩས་མཚོན་མཐའ་ཀླས་པ་བསྟན་ཏེ་གོང་བཞིན་སྒྲུབ་ཚུལ་ཡང་སྤྱི་དང་བྱེ་བྲག་བགྲང་ལས་འདས་པ་སྟེ་ཐུགས་སྒྲུབ་ཆེན་པོའི་ཕྲིན་ལས་བདེ་གཤེགས་འདུས་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རང་རྩལ་གཞོམ་མེད་ནཱ་དའི་རྒྱུད༔ རྡོ་རྗེ་དབྱངས་ཀྱིས་རབ་ཕྱེ་བའི༔ ཆོས་འཁོར་བྱེ་བ་བསམ་ཡས་པ༔ འགྲོ་ཀུན་སྐད་དང་བསམ་པ་བཞིན༔ གང་འདུལ་ཅིར་ཡང་སྣང་བ་ལས༔ ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་ཅད་འགྲུབ༔ ཅེས་དང་། དེ་བས་མཚན་དང་རྣམ་ཐར་དང༔ སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཀུན༔ མི་འགལ་དངོས་གྲུབ་ཐབས་ཆེན་པོ༔ བསླུ་བ་མེད་པ་ཉིད་ཡིན་ཡང༔ ཞེས་གསུངས་པ་ལྟར་གསུང་རྡོ་རྗེ་སྣང་མཐའ་ཡས་པ། གསང་སྔགས་ཀྱི་ས་ལམ་ཡོངས་སུ་རྫོགས་པའི་རྡོ་རྗེའི་རིག་པ་འཛིན་པའི་སྐུར་བཞེངས་པས་ཆོས་སྒོ་གང་བསྟན་པ་ཐམས་ཅད་རྒྱུད་ལུང་མན་ངག་གི་གནད་དང་མཐུན་ཞིང་དངོས་གྲུབ་སྒྲུབ་པ་ལ་བསླུ་བ་མེད་པ། ཐམས་ཅད་ཀྱང་མདོར་བསྡུ་ན་བླ་མ་སྐུ་གསུམ་རྩ་བ་གསུམ་གྱི་ཕྱི་ནང་གསང་བའི་སྒྲུབ་ཚུལ་དུ་འདུས་པ་ལས། འདི་ནི་རྩ་གསུམ་ཀུན་དྲིལ་བདེར་གཤེགས་འདུས་པའི་ཆོས་སྐོར་ཏེ། དེ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡབ་གཅིག་ཁྲི་སྲོང་དང་རྒྱལ་སྲས་ལྷ་རྗེ་དབྱེར་མེད་པའི་སྤྲུལ་པ་གངས་ཅན་ཐུབ་བསྟན་ཡོངས་སུ་རྫོགས་པ་ལ་ཐུགས་བསྐྱེད་གསེར་གྱི་འཁོར་ལོས་རང་དབང་བསྒྱུར་པ་སངས་རྒྱས་གཉིས་པ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ངོ་མཚར་བཀའ་བབས་རྣམ་བདུན་འབྱུང་བརལུང་བསྟན་ཞིང་བསྔགས་པའི་གཟེངས་སུ་བསྟོད་པའི་གཉིས་པ། ས་གཏེར་དངོས་ལའང་བླ་རྫོགས་ཐུགས་གསུམ། རྒྱུད་ལུང་མན་ངག་གི་ཆོས་རྫས་ནོར་གཏེར་མཐའ་ཀླས་པའི་བྱེ་བྲག །རྩ་གསུམ་བདེར་གཤེགས་འདུས་པ་ཞེས་སྐུ་ན་གཞོན་པའི་སྐབས་ཕྱག་ཏུ་སོན་པ། རིག་འཛིན་རྩལ་འཆང་རྣམ་གསུམ་ལས་བཀའ་བབས་ཐུགས་སྒྲུབ་རྣམ་གསུམ་གཅིག་དྲིལ་ལྟ་བུར་བཞུགས་པ་ཆོས་ཚན་རྩ་བའི་སྐོར་འདི་ཙམ་ལས་མི་མངོན་པར་རྒྱས་བཏབ་ཀྱང་ཟབ་ཆོས་ཀྱི་ཡང་སྙིང་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་སྨིན་བྱེད་སྙིང་པོ་སྒྲུབ་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་སོགས་བདག་འཇུག་ལྟར་དང་། ཚོགས་ཀྱི་ཞིང་རབ་འབྱམས་ཀྱི་སྤྱན་སྔར་གསག་སྦྱང་གི་སྙིང་པོ་རྒྱུན་བཤགས་ཡན་ལག་བརྒྱད་པའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། སྡོམ་པ་བླང་བའི་ཡུལ་རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་སྤྱན་སྔར། བླང་བྱའི་སྡོམ་པ་སོ་ཐར་བྱང་སེམས་གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྒྱ་མཚོའི་སྲུང་མཚམས་ལས་མི་འདའ་བར་མཁའ་ཁྱབ་ཀྱི་ཡིད་ཅན་སྲིད་ཞི་ལ་མི་གནས་པའི་གོ་འཕང་ཐོབ་པའི་ཆེད་དུ་བཟུང་བར་བགྱི་སྙམས་པས་རྗེས་ཟློས། བདེ་བར་གཤེགས་པ་སོགས་དང་། ཕྱི་ནང་གི་འཇུག་པ་ནས། དབང་བཞི་པའི་དག་བརྗོད་རྫོགས་རྗེས་བར་བདག་འཇུག་སྐབས་བཞིན་བསྐུར་ལ། མཐའ་རྟེན་དབང་བཞིའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར་གཏོར་མའི་དབང་བསྐུར་བ་སྟེ། དེ་ཡང་གཏོར་མ་ཤེས་པ་གསུམ་ལྡན་དུ་བཤད་པ་སྟེ། དང་པོ་མཆོད་རྫས་སུ་ཤེས་པ། གཉིས་པ་ལྷ་དབང་དུ་ཤེས་པ། གསུམ་པ་དངོས་གྲུབ་ཏུ་ཤེས་པ་གསུམ་གྱི་དང་པོ་ཕྲིན་ལས་ཀྱི་སྐབས་སུ་སོང་ཟིན། གཉིས་པ་ལྷ་དབང་དུ་ཤེས་པས་གཏོར་མ་འབྱུང་ལྔ་རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་གི་དབུས་སུ་པདྨའི་གདན་ལ་རྩ་གསུམ་བདེར་གཤེགས་འདུས་པའི་ལྷ་ཚོགས་ཡོངས་རྫོགས་སུ་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་མོས་ལ། མོས་གུས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས་གནས་བཞིའི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པ་ཡིག་འབྲུ་དང་བཅས་པ་བྱིན་རླབས་བདུད་རྩིའི་ཟེག་མ་འཕྲོ་བཞིན་པ་འཕྲོས་པས་སློབ་མའི་གནས་བཞིའི་ཡིག་འབྲུ་རྣམས་ལ་ཐིམ་པས་དབང་བཞི་གཅིག་ཆར་དུ་ཐོབ་པར་བསམ་ལ། གཏོར་མ་གནས་བཞིར་བཞག་སྟེ། ཨོཾ་ཨཱཿཧཱུྃ། སྐུ་གསུམ་དབྱེར་མེད་ཕོ་བྲང་ནས། །པདྨ་ཐོད་ཕྲེང་ལྷ་ཚོགས་ཀྱིས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཀཱ་ཡ་ཝ་ཀཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད་ཅིང་། གཏོར་ཆེན་གནས་བཞིར་བཞག་སྟེ་དབང་བསྐུར་བས། དབང་བཞི་ཐོབ། ལམ་བཞི་སྒོམ་པར་ནུས། སྒྲིབ་བཞི་སྦྱང་། དངོས་གྲུབ་རྣམ་པ་བཞི་ཐོབ། ས་བོན་བཞི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པས་དབང་བཞིའི་ངེས་པ་བསྐྱེད། སྣང་གྲགས་ཐམས་ཅད་དག་པའི་སྣང་བར་རྒྱས་ཐེབས། སྐུ་བཞི་ཐོབ་པའི་རྟེན་འབྲེལ་འགྲིག དེ་ལྟར་དབང་ཞུ་ཡུལ་ཞུ་མཁན་བསྐུར་ཐོབ་ཐམས་ཅད་རང་སེམས་རིག་པའི་ཆོ་འཕྲུལ་དུ་འཛིན་མེད་ཁྱབ་བརྡལ་ཆེན་པོར་རང་གྲོལ་བ་འདི་གཏོར་མའི་བརྡ་དོན་དུ་ངེས་པའོ། །གསུམ་པ་གཏོར་མ་དངོས་གྲུབ་ཏུ་ཤེས་པས་གཏོར་རྫས་བདུད་རྩིར་འཁྱིལ་པ་རོལ་པས་བདག་ཉིད་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དགྱེས་ཤིང་ཚིམས་ཏེ་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ་ལ་གཏོར་རྫས་རོལ། དེ་དག་གིས་བླ་མ་རྩ་གསུམ་བདེ་གཤེགས་འདུས་པའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པ་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར་མཁའ་དབྱིངས་ཁྱབ་པའི་རྒྱལ་བ་སྲས་དང་བཅས་པས་བདེན་ཚིག་དགྱེས་པའི་གླུ་དབྱངས་དང་ཆབས་ཅིག་ལྷ་རྫས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མོས། ཤིས་བརྗོད་དགེ་ལེགས་ཆར་འབེབས་བརྗོད་ལ། གཙོ་བོས་ཇི་ལྟར་སོགས་ཁས་བླང་། མཎྜལ། ལུས་འབུལ། དགེ་བསྔོ་རྣམས་བྱ་ཞིང་སློབ་དཔོན་གྱི་ཚོགས་མཆོད་སོགས་གཞུང་བཞིན་མཐར་དབྱུང་བས་འགྲུབ་པའོ། །ཅེས་པའང་མདོ་སྨད་བྱང་ཕྱོགས་རེ་བགོང་རིག་པའི་འབྱུང་གནས་སུ་རིན་ཆེན་གཏེར་མཛོད་ཆེན་མོའི་ཆོས་སྒོ་འབྱེད་པའི་སྐབས། གསེར་མདོག་ཅོད་པན་འཆང་བ་པིས་མདོ་མཁན་ཆེན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་མཁས་བཙུན་བཟང་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་གང་གིས་དེང་སང་ཆོས་ལུགས་ཀྱི་སྡང་ཞེན་དེ་ཤིན་ཏུ་སྐྱོན་ཆེན་པོ་འདུག །ཁོ་བོ་མང་དུ་ཐོས་ཤིང་ན་ཚོད་རྒན་བཞིན་བསྟན་པ་ཐམས་ཅད་འགལ་མེད་དུ་མཐོང་གི་འདུག་པས་རིན་ཆེན་གཏེར་མཛོད་ལས་ཀུན་གོ་གཅིག་ཆོད་ཀྱི་དབང་ལུང་ཁྲིད་དང་བཅས་པ་ཞིག་ཁྱོད་ལས་ཞུས་ཏེ་བསྙེན་སྒྲུབ་ཀྱི་འབྲེལ་བ་བཞག་ནས། གཞན་ལའང་ཅི་ནུས་སྤེལ་ཏེ་སྐྱེ་བ་རྗེས་མ་རྙིང་མ་བཀའ་གཏེར་ཡོངས་རྫོགས་འཆད་སྤེལ་ཉམས་ལེན་བྱེད་པའི་སྨོན་ལམ་དང་། གཏེར་མཛོད་ཀྱི་ཕྱག་དཔེ་ཡོངས་རྫོགས་ཤིག་བཞེངས་དགོས་ཞེས་བཀའ་བསྩལ་པ་བཞིན་ཟབ་ཆོས་མཆོག་འདིའི་དབང་ཁྲིད་ལུང་བཅས་དགྱེས་སྟོན་དུ་ཕུལ་ཅིང་། རང་ཉིད་ནས་ཀྱང་གསང་བདེའི་དབང་དང་རྒྱུད་བཤད་བཅས་ཆོས་འབྲེལ་དུ་ཞུ་སྐབས་ཟིན་བྲིས་སུ་སྤེལ་བ་པོ་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཏེ་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་སྟེ་རྡོ་རྗེའི་རིགས་ཅན་དུ་གྲུབ་པའི་སྐལ་པ་མཆོག་ཏུ་གྱུར་ཅིག། །།

བླ་སྒྲུབ་རྩ་བ་ཚིག་བདུན་པའི༔ དབང་བསྐུར་པདྨའི་མྱུ་གུ་ (Volume 11, Text 23)

༁ྃ༔ བླ་སྒྲུབ་རྩ་བ་ཚིག་བདུན་པའི༔ དབང་བསྐུར་པདྨའི་མྱུ་གུ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ བླ་མའི་དུས་ཐབས་བསྟན་པ་ཡི༔ ཡེ་ཤེས་རིམ་པས་རྒྱུད་སྨིན་པ༔ དབང་བསྐུར་ཀུན་གྱི་རྒྱལ་པོ་སྟེ༔ སྣོད་བཅུད་རྟེན་འབྲེལ་འཛོམ་པའི་ཚེ༔ བྱིན་ཆགས་གནས་སུ་ཚེས་བཅུའི་དུས༔ མཎྜལ་མེ་ཏོག་ཚོམ་བུས་བརྒྱན༔ བུམ་པ་གཏོར་མ་ཕྱག་རྒྱ་སྐུ༔ སྔགས་ཕྲེང་རང་བྱུང་ཤེལ་རྡོ་བཀོད༔ ཕྱི་ནང་མཆོད་ཚོགས་ཅི་འབྱོར་སྤུངས༔ དབང་རབ་དྲན་རྫོགས་ཏིང་འཛིན་གསལ༔ སྤྱན་འདྲེན་བཟླས་པ་ཙམ་གྱིས་འགྲུབ༔ བློ་དམན་ཕྲིན་ལས་གཞུང་བསྲངས་ལ༔ བླ་མ་སྐུ་གསུམ་སྐུ་བཞི་སོགས༔ གང་དགོས་བསྐྱེད་བཟླས་ཁ་བསྒྱུར་དང༔ བདག་མདུན་སྒྲུབ་ཚུལ་སྤྱི་ལྟར་སྤྱད༔ གང་ཡང་ག་ཎ་ཙཀྲ་ཡིས༔ ཐུགས་དམ་སྐོང་ཞིང་བྱིན་རླབས་འབེབས༔ སློབ་མ་ཁྲུས་བྱ་ཡོན་ཕུལ་ལ༔ དད་པས་ཐལ་སྦྱར་གསོལ་གསུམ་གདབ༔ རིགས་ཀུན་བདག་པོ་ཁྱོད་ལ་འདུད༔ ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་དུ༔ གཞུག་ཅིང་སྒོ་གསུམ་སྨིན་བྱའི་ཕྱིར༔ བླ་མ་ཆེ་གེའི་དབང་བསྐུར་སྩོལ༔ གནང་བ་སྦྱིན་ཅིང་དམ་ཚིག་བསྒྲག༔ འདིར་ཞུགས་བུ་ཁྱོད་ལེགས་པར་འོངས༔ རྡོ་རྗེའི་དམ་ཚིག་བསྲུང་ནུས་ན༔ དགོངས་པས་རྗེས་བཟུང་བཀའ་བཞིན་སྒྲུབས༔ ཚེ་གཅིག་བླ་མེད་ས་འཐོབ་འགྱུར༔ ཞེས་བསྒོས་ལན་དུ་འདི་སྐད་གསོལ༔ མ་ཧཱ་གུ་རུ་བདག་ལ་དགོངས༔ བཀའ་ལས་མི་འདའ་དམ་ཚིག་བསྲུང༔ ཐུགས་རྗེས་རྟག་ཏུ་བཟུང་བ་དང༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ རྡོ་རྗེ་མགོར་བཞག་དམ་ཆུ་སྦྱིན༔ ཇི་སྙེད་དམ་ཚིག་གསང་བ་ཆེ༔ བླ་མའི་སྐུ་གསུང་ཐུགས་སུ་འདུས༔ དེ་ཉིད་མི་འབྲལ་སྲོག་བཞིན་དུ༔ མོས་གུས་བརྟན་པོས་བསྒྲུབ་པར་གྱིས༔ བཛྲ་ས་མ་ཡ་ཧཱུྃ༔ འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་དང༔ ཚོགས་གསག་དབྱེ་བསྡུ་རྒྱུད་ཚོད་བསྟུན༔ ཡེ་ཤེས་བྱིན་ཆེན་འབེབ་པ་ནི༔ སློབ་དཔོན་དགོངས་པའི་རྩལ་བསྐྱེད་ཅིང༔ སློབ་མ་སྒོ་གསུམ་མི་གཡོ་བར༔ རྟོག་ཚོགས་འོད་གསལ་དབྱིངས་སུ་སྦྱངས༔ སྐད་ཅིག་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་གཅེར་བུ་རུས་རྒྱན་ཅན༔ གྲི་ཐོད་འཛིན་ཅིང་གར་སྒྱུར་བའི༔ སྙིང་ནང་གཡུང་དྲུང་ལྟེ་བར་ཧྲཱི༔ ཡན་ལག་ཧ་རི་ནི་སས་མཚན༔ བདག་ཐུགས་འོད་ཟེར་གྱིས་བསྐུལ་བས༔ གཡོན་སྐོར་དྲག་ཏུ་འཁོར་བ་ཡི༔ འོད་ཟེར་ནམ་མཁའི་དབྱིངས་ཀུན་ཁྱབ༔ ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་དང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ བླ་མ་དཀོན་མཆོག་རྩ་བ་གསུམ༔ གུ་རུ་ཆེ་གེའི་རྣམ་པ་རུ༔ ཉི་ཟེར་རྡུལ་འཁྲིགས་ལྟ་བུར་བྱོན༔ དབྱེར་མེད་ཐིམ་ནས་བྱིན་བརླབས་བསམ༔ ཚིག་བདུན་ཤམ་བུ་བཅས་པས་བསྐུལ༔ ཅང་ཏེའུ་དྲིལ་བུ་གདུང་དབྱངས་སྦྱར༔ མེ་ཏོག་མགོར་བཞག་རབ་ཏུ་གནས༔ ཡེ་ཤེས་བསྟིམས་པས་མཁའ་འགྲོའི་སྐུ༔ གནས་འགྱུར་གུ་རུ་ཆེ་གེར་གསལ༔ བླ་མའི་ཐུགས་ལས་འོད་འཕྲོས་པས༔ ནམ་མཁའ་གང་བའི་དབང་གི་ལྷ༔ སྤྱན་དྲངས་བུམ་པའི་བདུད་རྩི་ཡིས༔ རྡོ་རྗེའི་གཏོར་བླུགས་སྦྱིན་པར་བསམ༔ ཧྲཱི༔ ཇི་ལྟར་ནུས་ལྡན་རྡོ་རྗེ་ཡིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ བྱིན་རླབས་ཆུ་བོས་རྟོག་སྒྲིབ་བཀྲུ༔ དབང་བཞིའི་ཡེ་ཤེས་རྩལ་རྫོགས་ཤོག༔ སོ་སོའི་སྔགས་མཐར་དབང་སྔགས་སྦྱར༔ ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པའི་བདུད་རྩི་འཐོར་འཐུང་བྱ༔ བུམ་ཆུས་ལུས་གང་རྟོག་སྒྲིབ་དག༔ ཕུང་ཁམས་དག་པའི་འཁོར་ལོར་སྨིན༔ ཆུ་ལྷག་ཡར་ལུད་སྤྱི་བོ་རུ༔ རིགས་ཀྱི་བདག་པོས་རྒྱས་གདབ་རྫོགས༔ ཁྱད་པར་བྱིན་རླབས་སྦྱིན་པ་ནི༔ སྐུ་དང་ཨོཾ་ཡིག་འོད་ཟེར་དཀར༔ གུ་རུའི་དཔྲལ་བའི་གནས་ནས་འཕྲོས༔ བུ་ཡི་དཔྲལ་བར་ཐིམ་བསམས་ལ༔ མཚོན་བྱེད་སྐུ་བརྙན་སྤྱི་བོར་བཞག༔ ཨོཾ༔ གུ་རུ་ཆེ་གེ་ཡི༔ ཡེ་ཤེས་ཕྱག་རྒྱ་སྐུ་ཡི་དབང༔ སྤྱི་བོར་ཐིམ་པས་ལུས་སྒྲིབ་དག༔ སྣང་སྟོང་སྤྲུལ་སྐུ་འགྲུབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ཕྲེང་ཨཱཿཡིག་འོད་ཟེར་དམར༔ གུ་རུའི་མགྲིན་པའི་གནས་ནས་འཕྲོས༔ བུ་ཡི་མགྲིན་པར་ཐིམ་བསམས་ལ༔ མཚོན་བྱེད་སྔགས་ཕྲེང་མགྲིན་པར་བཞག༔ ཨཱ༔ གུ་རུ་ཆེ་གེ་ཡི༔ གསང་སྔགས་ཡིག་འབྲུ་གསུང་གི་དབང༔ མགྲིན་པར་ཐིམ་པས་ངག་སྒྲིབ་དག༔ གྲགས་སྟོང་ལོངས་སྐུར་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་ཧཱུྃ་ཡིག་འོད་ཟེར་མཐིང༔ གུ་རུའི་ཐུགས་ཀའི་གནས་ནས་འཕྲོས༔ བུ་ཡི་སྙིང་གར་ཐིམ་བསམས་ལ༔ མཚོན་བྱེད་ཤེལ་རྡོ་སྙིང་གར་བཞག༔ ཧཱུྃ༔ གུ་རུ་ཆེ་གེ་ཡི༔ རིག་རྩལ་རོལ་པ་ཐུགས་ཀྱི་དབང༔ སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ རིག་སྟོང་ཆོས་སྐུ་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བྱིན་རླབས་ཧྲཱིཿཡིག་འོད་སྣ་ཚོགས༔ གུ་རུའི་གནས་བཞི་དག་ནས་འཕྲོས༔ བུ་ཡི་གནས་བཞིར་ཐིམ་བསམས་ལ༔ གཏོར་མ་ལྷར་གསལ་གནས་བཞིར་བཞག༔ ཧྲཱི༔ གུ་རུ་ཆེ་གེ་ཡི༔ བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང༔ གནས་བཞིར་བསྐུར་བས་སྒྲིབ་བཞི་དག༔ སྐུ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་ཁོ་ན་ལ་བརྟེན་ནས༔ སྤྲོས་མེད་སྙིང་པོའི་བྱིན་རླབས་ནི༔ གསོལ་གདབ་རྒྱུད་སྦྱོང་ཡེ་ཤེས་དབབ༔ གཏོར་སྣོད་ཡེ་ཤེས་གཞལ་ཡས་སུ༔ གཏོར་མ་གུ་རུ་སོ་སོར་གསལ༔ གནས་བཞི་ནས་སྤྲོས་ཡིག་འབྲུ་བཞི༔ འོད་ཟེར་དཀར་དམར་མཐིང་སེར་རྣམས༔ སློབ་མའི་གནས་བཞིར་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་འགྱུར་བསམས་ལ༔ གཏོར་ཆེན་བཏེགས་མཐར་གནས་བཞིར་བཞག༔ ཧཱུྃ་ཧྲཱི༔ གདོད་ནས་མངོན་རྫོགས་བརྡལ་ཁྱབ་ནམ་མཁའི་དབྱིངས༔ དུས་གསུམ་འགྱུར་མེད་ཐིག་ལེ་ཆེན་པོའི་ཀློང༔ འོད་གསལ་ཉི་མ་འབུམ་བརྡལ་ཞིང་ཁམས་ན༔ རིག་པ་རང་བྱུང་གཞོན་ནུ་བུམ་པའི་སྐུ༔ མ་འགག་རང་རྩལ་རིགས་བརྒྱའི་འཁོར་ལོའི་བདག༔ བླ་མེད་བླ་མ་བདེ་ཆེན་ཕྱག་རྒྱར་བཞེངས༔ ཆེ་བའི་ཆེ་མཆོག་གུ་རུ་ཐོད་ཕྲེང་རྩལ༔ འདིར་སོ་སོའི་མཚན་བསྒྱུར། ཐོགས་མེད་ཟང་ཐལ་ཞིང་ཀུན་སྐུ་ལ་རྫོགས༔ འཁོར་འདས་ཀུན་ཁྱབ་གསུང་མཆོག་གསང་སྔགས་མཛོད༔ བསམ་ཡས་ཡེ་ཤེས་དགོངས་པ་ཕྱོགས་ལྷུང་བྲལ༔ ཡོན་ཏན་འགྲོ་བའི་རེ་བ་ཡིད་བཞིན་སྐོང༔ ལྷུན་གྲུབ་ཕྲིན་ལས་འཁོར་བ་དོང་ནས་སྤྲུགས༔ བྱིན་རླབས་སྤྲིན་འཁྲིགས་སྨིན་གྲོལ་ཆར་རྒྱུན་འབེབ༔ རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་འཁོར་དང་བཅས༔ དད་མོས་གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ དབྱིངས་ནས་སྐུ་སྐྱོད་སྐལ་ལྡན་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ སྒྲིབ་བཞིའི་བག་ཆགས་བྱིན་རླབས་ཆུ་བོས་བཀྲུས༔ རྩ་རླུང་ཐིག་ལེ་ཡེ་ཤེས་ཆེན་པོར་སྨིན༔ གནས་སྐབས་རིག་འཛིན་རྣམ་བཞི་བདེ་བླག་འགྲུབ༔ མཐར་ཐུག་བདེ་ཆེན་སྐུ་བཞི་མྱུར་ཐོབ་མཛོད༔ སྙིང་པོས་ཐོག་དྲངས་ལས་སྦྱོར་སྔགས༔ བ་ལིཾ་ཏ་ཛྙཱ་ན་མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ལྷ་ཉིད་འོད་ཞུ་བདུད་རྩིའི་བཅུད༔ དངོས་གྲུབ་གཉིས་ཐོབ་བསམས་ལ་རོལ༔ དབང་བསྐུར་ཀུན་གྱི་གྲུབ་མཐའ་རུ༔ ངོ་སྤྲོད་དགོངས་པ་དབྱིངས་སུ་བསྐྱལ༔ ཨ༔ ཐོག་མཐའ་མེད་པ་ཆོས་ཀྱི་སྐུ༔ རང་བྱུང་རིག་པའི་གཤིས་སུ་རྫོགས༔ དེ་ཉིད་བླ་མ་ཕྱག་རྒྱ་ཆེ༔ བློ་འདས་བརྗོད་མེད་དབྱིངས་སུ་ཞོག༔ དོན་དམ་བླ་མ་ཀུན་ཏུ་བཟང༔ རིག་པ་འོད་གསལ་འདི་ཁོ་ན༔ མ་བཙལ་གདོད་ནས་ལྷུན་གྱིས་གྲུབ༔ དོན་རྟོགས་དབང་ཆེན་བརྙེས་པ་འོ༔ ཨ་ཨ་ཨ༔ ཞེས་བརྗོད་ངོ་སྤྲོད་ཐེབས་པར་གདབ༔ ཤིས་པ་བརྗོད་ལ་རྗེས་རིམ་བྱ༔ ས་མ་ཡ༔ རྫོགས་སྨིན་སྦྱང་བ་སྔོན་སོང་བའི༔ བློ་ཆེན་ཟབ་མོའི་སྣོད་རུང་ལ༔ གོང་མའི་དབང་གསུམ་སྦྱིན་འདོད་ན༔ བུམ་དབང་སྐུ་ཡི་བྱིན་རླབས་ཀྱིས༔ ཐ་མལ་སྣང་ཞེན་ལྷར་རྟོགས་ནས༔ བླ་མ་ཡབ་ཡུམ་མཉམ་སྦྱོར་བའི༔ བྱང་སེམས་བདུད་རྩི་ལྕེ་ལ་བཞག༔ ཨཱཿ ཐབས་ཤེས་མཉམ་པར་སྦྱོར་བའི་བཅུད༔ དཀར་དམར་ལྷག་པའི་བྱང་སེམས་ཀྱིས༔ རྩ་རླུང་ཐིག་ལེར་བྱིན་བརླབས་པས༔ གསང་བའི་ལམ་མཆོག་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ བདག་བྱིན་བརླབ་པའི་རིམ་པ་ཡིས༔ རང་ལུས་ཐབས་ལྡན་བརྟན་ཐོབ་བྱ༔ མཚན་ལྡན་རིག་མ་ལག་ཏུ་སྦྱིན༔ མན་ངག་ལྡན་པས་སྦྱོར་གཞུག་ལ༔ ཧོ༔ རྒྱལ་ཀུན་དམ་ཚིག་བླ་ན་མེད༔ རྡོ་རྗེ་རིག་མའི་བརྟུལ་ཞུགས་ཀྱིས༔ ཉེ་རྒྱུའི་སྤྱོད་པ་མཐར་ཕྱིན་ནས༔ ས་ལམ་གཅིག་ཆོད་བགྲོད་གྱུར་ཅིག༔ ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལུགས་འབྱུང་ལུགས་ལྡོག་དགའ་བཞི་སྤེལ༔ ལྷན་སྐྱེས་ཡེ་ཤེས་ངོས་ཟིན་བྱ༔ མཚོན་བྱེད་དཔེ་ལས་སྐྱེས་པའི་དོན༔ མཚོན་བྱ་ཚིག་གིས་ངོ་སྤྲད་པ༔ ཨ་ཧོ༔ སྨྲ་མེད་བདེ་བའི་ངོ་བོ་ཉིད༔ རང་བྱུང་ཆོས་སྐུ་དེ་ཁོ་ན༔ དགག་སྒྲུབ་བྲལ་བའི་ངང་དུ་ཞོག༔ སྐད་ཅིག་མངོན་པར་བྱང་ཆུབ་བོ༔ ཨ་ཨ་ཨ༔ གནས་ལུགས་ཐབས་ཀྱིས་རྟོགས་པའི་ཚེ༔ རིག་པ་རྩལ་གྱི་དབང་བསྐུར་སྦྱིན༔ ཧྲཱི༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས༔ མ་འགག་རྩལ་ཤར་སྤྲུལ་པའི་སྐུ༔ དབྱེར་མེད་དགོངས་པའི་གདིང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཉམ་གཞག་ཁྲེགས་ཆོད་བརྟན་ཐོབ་ནས༔ ལྷུན་གྲུབ་ཐོད་རྒལ་ལམ་དུ་ཁྱེར༔ གོང་མའི་ཟབ་དབང་གསུམ་ཀར་ཡང༔ སོ་སོའི་མཐའ་རྟེན་བྱིན་རླབས་སྦྲེལ༔ ཐ་མལ་སྒོ་གསུམ་སྒྲིབ་གཉིས་སྦྱོང༔ རྒྱུད་སྨིན་སྐུ་བཞིའི་ས་བོན་ཐེབས༔ བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ༔ བསྒོམ་རུང་ཟབ་མོའི་སྨིན་བྱེད་དོ༔ ས་མ་ཡ༔ རིགས་འཛིན་རྒྱུད་ལུང་ཀུན་གྱི་བཅུད༔ ཡེ་ཤེས་ཆེན་པོའི་སྤྱི་དབང་འདིར༔ གང་འབྲེལ་གུ་རུས་རྗེས་སུ་འཛིན༔ གནས་སྐབས་འདོད་པའི་དོན་ཀུན་འགྲུབ༔ མཐར་ཐུག་བླ་མའི་ས་ལ་སྦྱོར༔ ནོར་འདོད་རིན་ཆེན་གླིང་ཕྱིན་བཞིན༔ བསམ་རྒུ་འགྲུབ་པའི་སྨིན་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔

བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Volume 7, Text 23)

༄༅། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་བཞུགས་སོ། ། འོད་གསལ་ལྷུན་གྲུབ་བདེ་ཆེན་ཕོ་བྲང་ནས། །གཏི་མུག་རྣམ་དག་བུདྡྷ་ཐོད་ཕྲེང་རྩལ། །གང་འདུལ་དེར་སྟོན་བླ་མ་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བཀའ་ཡི་གནང་བ་སྩོལ། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་གྱི་ཁྲིད་ཀྱི་ཟུར་རྒྱན་མདོར་བསྡུས་སུ་སྨྲ་བ་ལ། གནས་དབེན་པར་དཀོར་ཟས་དང་དམ་ཉམས་སྡིག་ཅན་གྱི་ཟས་གོས་སོགས་སྤངས་ཏེ། ཁྲུས་དང་གཙང་སྦྲ་སོགས་བྱ་ཞིང་ཉམས་སུ་ལེན་པ་དོན་གསུམ་གྱིས་སྟོན་ཏེ། རྨི་ལམ་བཟུང་བ་དང། སྣ་ཚོགས་སུ་སྤེལ་བ་དང་། བསྒྱུར་ནས་གཏན་ལ་དབབ་པ་དང་། རིག་པ་འོད་གསལ་དུ་སྦྱང་ཞིང་རང་བཞིན་འོད་གསལ་འཁྲུལ་མེད་དུ་སྦྱང་བའོ། །དང་པོ་རྨི་ལམ་བཟུང་བ་ལ་ནི། ཉིན་པར་གྱི་སྣང་བ་ཅི་ཤར་ཐམས་ཅད་རྨི་ལམ་ཡིན་སྦྱང་དགོས་སྙམ་པའི་འདུན་པ་བཏད། ཟ་འཐུང་འགྲོ་འདུག་སྤྱོད་ལམ་ཐམས་ཅད་བདག་གཉིད་དུ་སོང་སོང་ནས་རྨི་ལམ་དུ་ཤར་བ་ཡིན། རང་སྣང་སྟོང་པ་ཡིན་སྙམས་ལ་རང་སེམས་ཀ་དག་གི་ངང་ལ་བཞག །ཡང་ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན་པས་འདི་རང་སྣང་ཡིན་སྦྱང་དགོས། རང་ཉིད་རིགས་དྲུག་གི་གནས་སོ་སོར་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས་སྦྱོང་ཚུལ་ནི། དང་པོ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསད་གཏུབ་ཡ་ང་བ་སྣ་ཚོགས་མཐོང་བར་བསམས་ལ་འདི་ཐམས་ཅད་རྨི་ལམ་བསྒྱུར་དགོས། རང་ཉིད་ཡི་དམ་གང་ཡིན་ནམ་བུདྡྷ་ཐོད་ཕྲེང་སོགས་ཡང་ན་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་གཞུང་བཞིན་བསྒོམ། ཐུགས་ཀར་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་མཆོད། བྱིན་རླབས་བསྡུས་ཏེ་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་དམྱལ་བའི་སེམས་ཅན་རྣམས་ལ་ཕོག་པས་དེ་ཐམས་ཅད་སྡུག་བསྔལ་དང་འཇིགས་སྐྲག་བྲལ་ནས་ཐུགས་རྗེ་ཆེན་པོར་གྱུར་པར་བསམས་ལ་སྦྱང་། ཡང་དེ་བཞིན་དུ་ཡི་དྭགས། དུད་འགྲོ །མི། ལྷ་མིན། ལྷ་སོགས་སུ་རང་ཉིད་རྨི་ལམ་དུ་དེ་རྣམས་སོ་སོར་སྤྲུལ་ཏེ་གོང་བཞིན་སོ་སོའི་འཁྲུལ་སྣང་སྦྱང་བ། བཀྲེས་སྐོམ་གླེན་ལྐུག །སྐྱེ་རྒ་ན་འཆི། འཐབ་རྩོད། ཕམ་ལྟུང་སོགས་རང་ཐུགས་རྗེ་ཆེན་པོར་གྱུར་ཏེ། སྦྱོང་ཚུལ་རྣམས་གོང་བཞིན་དུ་འཕྲུལ་ཤེས་པར་བྱའོ། །དེ་ཡང་ཉིན་མོར་དེ་ལྟར་བར་མེད་དུ་སྦྱངས་པས། མཚན་མོར་གཉིད་དུ་སོང་དུས་བག་ཆགས་སད་དགོས་པས་ཉིན་མོར་རྨི་ལམ་ཡིན་སྙམས་ལ་ནན་ཏན་དུ་སྦྱང་དགོས། ཡང་ད་ལྟའི་སྣང་བ་གང་ཤར་རྨི་ལམ་ཡིན་པས་ཡི་དམ་གྱི་ལྷར་བསྒྱུར་སྙམས་ལ་ཡི་དམ་གྱི་ལྷ་གང་འདོད་སྐུ་ཞི་ཁྲོ་གང་རིགས་སུ་གྱུར་པར་བསམས་ལ་སྦྱང་། ཡང་རང་ཉིད་རྨི་ལམ་ཡིན་སྙམས་ལ་རང་ལ་གདོན་གང་གི་གནོད་པ་ཡོད་པ་དེ་ལྟ་བུ་རྨི་ལམ་དུ་དེ་ལྟར་རྨིས་པར་བསམས་ལ། དེར་རང་རང་འདུལ་བའི་གཉན་པོ་ཡི་དམ་གྱི་ལྷར་རང་ཉིད་སྤྲུལ་ཏེ་གདོན་རྣམས་བཏུལ་ནས་གནོད་པ་མེད་པར་ཁས་བླངས་ནས་སྲོག་སྙིང་སོགས་ཕུལ་པར་བསམ། ལྷར་བསྒྱུར་ཚུལ་ནི། རྒྱལ་གདོན་འདུལ་བར་གུར་དྲག །ཀླུ་གདོན་དུ་ཁྱུང་། གཟའ་གདོན་དུ་གསང་བདག །མོ་གདོན་དུ་ཁྲོས་མ། གདོན་ཐམས་ཅད་འདུལ་བའི་གཉེན་པོ་རྟ་མགྲིན་ནག་པོ་སོགས་གང་རིགས་སུ་གོང་བཞིན་དུ་སྦྱང་ངོ་། །དེ་ལྟ་བུ་ཡང་ཉིན་མོར་བར་མེད་དུ་སྦྱང་དགོས། ཡང་བསྒྱུར་བ་ནི། རྨི་ལམ་དུ་མེ་ལྟ་བུ་རྨིས་ན་ཆུར་བསྒྱུར། ཆུར་འདུག་པ་སྣང་ན་མེར་བསྒྱུར། ས་ཡང་ཤིང་དུ་བསྒྱུར། ཤིང་སར་བསྒྱུར་བ་སོགས་འབྱུང་བ་གཅིག་ལ་གཅིག་བསྒྱུར་བར་བསམས་ལ་སྦྱང་། རྨི་ལམ་དུ་གཟུགས་སྣ་ཚོགས་མང་པོར་ཤར་བ་གཅིག་ཏུ་བསྒྱུར། གཅིག་ཤར་བ་མང་པོར་བསྒྱུར་བ་དང་། རྟ་ལྟ་བུ་རྨིས་ན་གླང་པོ་ཆེར་བསྒྱུར་བ་སོགས་གཅིག་གཅིག་ལ་བསྒྱུར་བར་བསམ་ཞིང་སྦྱང་། དེ་ནས་རང་ཉིད་ཀྱི་སྣང་བ་རྨི་ལམ་ཡིན་པས་རང་བྱར་སྤྲུལ་ཏེ། གངས་རི། ཙ་རི་སོགས་གནས་ཁྱད་པར་ཅན་རྣམས་ལ་བསྐོར་བ་བྱེད་པར་བསམ། དེ་ནས་རང་ཉིད་རི་བོ་མཆོག་རབ་ལ་བསྐོར་བ་བྱེད་ཅིང་འཕུར་ནས་་་སོང་བས་འཛམ་བུ་གླིང་། བ་གླང་སྤྱོད། སྒྲ་མི་སྙན། ལུས་འཕགས་གླིང་སོགས་གླིང་བཞི་ལ་ཡང་ལྟ་ཞིང་བསྐོར་བར་བསམས་ལ་སྦྱང་། ཡང་རང་ཉིད་རྨི་ལམ་གྱི་སྣང་བ་ཡིན་པས་བདེ་བ་ཅན་སོགས་རིགས་ལྔའི་ཞིང་ཁམས་རང་གང་འདོད་དུ་འཕུར་ནས་འགྲོ་བར་བསམ་ཞིང་། དེར་ཕྱིན་ནས་འོད་དཔག་མེད་སོགས། རང་གང་མོས་ཀྱི་སངས་རྒྱས་དེ་མཇལ་ནས། དེ་ལ་ཕྱག་འཚལ་ཞིང་ཉེས་ལྟུང་བཤགས་ཤིང་ཕྱིན་ཆད་བསྡོམ་ཞིང་རང་ལས་སྤྲོས་པའི་མཆོད་པ་སྣ་ཚོགས་པ་ཕུལ་བ་སོགས་ཡན་ལག་བདུན་པ་ཕུལ་བས། བདག་ལ་དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། དབུགས་དབྱུང་ཞིང་ལུང་བསྟན་ཐོབ་པ་སོགས་སྤེལ་བསྒྱུར་ཡང་ཡང་སྦྱང་ངོ་། །རྨི་ལམ་བཟུང་བ་ཉིན་མོར་སྐུ་ཕྲ་མོ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། །དེ་ཁོ་ན་ཉིད་ཐིག་ལེར་བཟུང་བའོ། །དེ་ནས་དང་པོ་བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་ཡང་ཡང་བཏབ། དེ་ནས་ཉལ་ཏེ་གཉིད་ལོག་ཁར་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཡང་ཡང་དུ་བཏང་ལ་རང་གི་དཔྲལ་བའི་དཀྱིལ་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་ཞིག་བསྒོམ། རང་རྟ་མགྲིན་དུ་གསལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་ལྟེ་བར་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་གསལ་བཏབ། དེ་མགྲིན་པ་ནས་དཔྲལ་བའི་ཆོས་འབྱུང་ནས་ཐོན་ཏེ། རང་མདུན་ཁྲུ་གང་ཙམ་གྱི་ནམ་མཁར་ལྷང་ངེར་བཞུགས་པར་བསྒོམ། གཉིད་ལོག་བསམས་ནས་རྨི་ལམ་ཡིན་སྙམ་དུ་བསྒོམ། གཉིད་དུ་ཆེར་འགྲོ་ཁར་ཡང་སྐུ་དེ་མར་དཔྲལ་བའི་ཆོས་འབྱུང་ནས་བྱུང་། མགྲིན་པའི་པདྨའི་ལྟེ་བར་སྔར་བཞིན་དུ་འཁོད་པར་བསམས་ལ་རྟོག་པས་བར་མ་ཆོད་པར་སེམས་རྩེ་གཅིག་ཏུ་བཟུང་ངོ། །དེ་ལྟར་ཡང་ཡང་དུ་བསྒོམས་པས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན། ཡང་མགྲིན་པའི་པད་འདབ་བཅུ་དྲུག་གི་དཀྱིལ་དུ་ཧཱུྃ་མཐིང་ག་ཕྲའུ་ཞིག་བསྒོམ། དེ་གོང་བཞིན་དཔྲལ་བའི་ཆོས་འབྱུང་ནས་ཐོན། མདུན་གྱི་ནམ་མཁར་འཁོད། དཔྲལ་བའི་ཆོས་འབྱུང་ནས་མར་བྱུང་། མགྲིན་པར་སྔར་བཞིན་འཁོད་དེ་རྟོག་པ་གཞན་དུ་བར་མ་ཆོད་པར་སྒོམ་ཚུལ་གོང་དང་འདྲ། དེ་ལྟར་ནན་ཏན་བགྱིས་པས་ཟིན་པར་འགྱུར་རོ། །དེས་ཀྱང་མ་ཟིན་ན་མགྲིན་པར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འཕྲོ་བ་ཚོན་གང་བ་གཅིག་བསྒོམས་ལ་བཟུང་ཚུལ་སོགས་གོང་མ་གཉིས་དང་འདྲ་བས་འགྲེས་ཤེས་པར་བྱའོ། །དེ་ལྟར་བགྱིས་པས་ཟིན་ན་ཉིན་སྣང་ལྟར་སྤེལ་བསྒྱུར་གཏན་ལ་དབབ་པ་རྣམས་གོང་དུ་བཤད་ཟིན་པ་ལྟར་བྱའོ། །ཉལ་སྟབས་ནི་སེང་གེ་ཉལ་སྟབས་གཞོག་གཡས་ས་ལ་ཕབ། ལག་གཡས་ཀྱི་མཐེ་བོང་གིས་མགྲིན་པའི་འཕར་རྩ་གཡས་པ་མནན། སྲིན་ལག་གིས་སྣ་བུག་ཆར་ཏེ་ཉལ། གོང་མ་རྣམས་ཀྱིས་མ་ཟིན་ན་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་མར་བྱུང་། གསང་གནས་ནས་དམར་པོ་སྲན་མ་ཙམ་ཡར་བྱུང་། དེ་ནས་སྙིང་ལ་བསྐོར་བ་བྱེད་ཅིང་འབྲོས་འདེད་དུ་ཡར་མར་འབྲེལ་བར་བསྒོམ། གཉིད་ལ་ཆེར་འགྲོ་དུས་ཐིག་ལེ་གཉིས་འཕྲད་ནས། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་བར་བསྒོམས་ལ་བཟུང་ངོ་། །དེ་ལྟར་ཟིན་ནས་སྦྱང་སྤེལ་བསྒྱུར་བ་གཏན་ལ་དབབ་པ་སོགས་གོང་བཞིན་དུ་བྱའོ། །འོད་གསལ་དངོས་གཞི་སྦྱང་བ་ནི། གཙང་སྦྲ་དང་ཡོ་བྱད་སོགས་གོང་བཞིན་ལ། མཆེད་གྲོགས་དམ་ཚིག་གཙང་བ་དང་བཅས། དབེན་གནས་སུ་བསྒོམ་ཐག་ཚུགས་ཤིང་སོགས་དགོས་པའི་ཡོ་བྱད་འདུ་བྱས་ལ་ཡང་སྙིང་འདུས་པའི་ལས་བྱང་གཞུང་བཞིན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས་ཀྱི་ཚོགས་མཆོད་སྐོང་བཤགས་སོགས་རྒྱ་ཆེར་སྔོན་དུ་བཏང་ངོ་། །སྡོད་གནས་མུན་ཁང་གསལ་ཁུང་ཁབ་ཀྱི་རྩེ་འགྲོ་བ་ཙམ་ཡང་མེད་པར་བྱས་ལ། ཤར་ཕྱོགས་སུ་གསལ་ཁུང་ཆུང་ངུ་བསྐྱུར། དེ་ཡང་གསལ་འོད་མེད་པར་ཐིམ་བུས་དམ་པར་ཆར་ལ། འབོལ་གདན་གྱི་ཁར་རྐང་པའི་མཐིལ་གཉིས་སྤྲད་པུས་མོ་གཉིས་གདན་ཁར་ཕྱིར་སྤྲད། ལག་གཉིས་རྡོ་རྗེ་ཁུ་ཚུར་རྟིང་པའི་ཐད་ནས་གཤང་རྩར་བཅར་ལ་ཐུར་དུ་བཏང་། སྒོམ་ཐག་དམ་པོར་འཆིངས་ལ་སྒལ་ཚིགས་བསྲང་། དཔུང་མགོ་བརྒྱངས་མགྲིན་པ་ཅུང་འགུགས་མིག་གཉིས་བར་སྣང་ཧད་པོར་གཏད་དེ་རིག་པ་ཀ་དག་གི་ངང་དུ་ཁྲེགས་ཆོད་ཁོ་ནར་བཞག །རྣམ་རྟོག་གིས་བར་མ་ཆོད་པར་བྱས། དེ་ལྟར་སྦྱངས་པས་དང་པོ་དུ་བ་ལྟ་བུ་དང་། སྨིག་རྒྱུ་རྒྱུ་བ་ལྟ་བུ་ཡོང་། དེ་ནས་མེ་སྟག་དང་འོད་ཟེར་ཁྲ་ཁྱུག་ཁྱུག་སོགས་འབྱུང་ངོ་། །དེ་ནས་རྩོལ་བས་ཆེར་བསྒོམས་པས། ཟ་འོག་གི་རི་མོ་འདྲ་བ་དང་། འོད་དཀར་པོ་དང་ཐིག་ལེ་དཀར་སེར་དམར་ལྗང་མཐིང་ག་མ་ངེས་པ་སྣ་ཚོགས་འཆར་བ་དང་། ལུ་གུ་རྒྱུད་དང་ཐིག་ལེའི་དབུས་སུ་ཡིག་འབྲུ་ཕྱག་མཚན་སྐུ་ཞི་དྲག་སོགས་རིམ་པར་ཐོད་རྒལ་གྱི་འཆར་སྒོ་བཞིན་དུ་འཆར་རོ། །འདི་ལ་ཡང་ཐོད་རྒལ་ཉི་ཁྲིད་སོགས་ལ་སྔོན་དུ་སྦྱངས་པ་ཡོད་ན་འདི་ཡི་སྣང་ཚུལ་ཡང་འབྱུང་སླ་ཞིང་ལེགས། མིན་ཀྱང་འདི་ལྟར་བགྱིས་པས་གོང་བཞིན་སྦྱངས་པས་རིམ་པར་འབྱུང་ངོ་། །དེ་ལྟར་དབང་པོ་ཡང་རབ་རྣམས་ཀྱིས་ཞག་གསུམ་ལྔ་བདུན་ལ་སོགས་ཅི་རིགས་སུ་གཞུང་དུ་གསུངས་བཞིན་སྦྱང་ངོ་། །ཐམས་ཅད་བདུན་ཕྲག་གསུམ་བཞི་ལྔ་སོགས་ཀྱི་བར་དུ་སྦྱངས་ན་འཆར་སྒོ་རྣམས་ལེགས་པར་འབྱུང་བས། དེང་སང་དུས་དབང་གིས་དེ་ལྟར་མཛད་ན་ལེགས། དེ་ནས་ཞག་གང་ཡང་རུང་བར་ཁྲིད་ཚར་རྗེས་སུ། ཤར་གྱི་དཀར་ཁུང་རིམ་པར་དང་པོ་གསལ་འོད་ཆུང་ངུ་ནས་རིམ་པར་ཇེ་ཆེར་བྱ་དགོས། དང་པོ་ནས་དཀར་ཁུང་རྫོགས་པར་ཕྱེ་བ་དང་། སྒོ་ཕྱིར་གློ་བུར་དུ་ཐོན་པ་སོགས་བྱས་ན་གེགས་ཆེན་པོར་འགྱུར་བས་སློབ་དཔོན་གྱི་མན་ངག་ཞལ་ཁྲིད་ལེགས་པར་བསླབ་ལ་མཁས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ད་ལྟ་ཉིད་དུ་བར་དོ་གཏན་ལ་ཕབ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ གཞུང་དུ་གསུངས་འདུག་པས་དེ་ལྟར་སྦྱང་འཚལ། རྗེས་སུ་ཁྲིད་ཚར་ཡང་ནམ་གུང་མུན་པའི་སྨག་ཏུ་གོང་བཞིན་སྦྱང་བ་དང་། མིག་གཉིས་མཛུབ་མོ་རྣམས་ཀྱིས་ཡུན་རིང་མནན་ལ་ཧད་ཀྱིས་ནམ་མཁར་ལྟ་བ་སོགས་ཅི་ལྟར་རིགས་པ་ཉམས་སུ་བླང་ངོ་། །དེ་ནས་རང་བཞིན་གྱི་འོད་གསལ་མཚན་ལ་བཟུང་བ་ནི། དེ་ནས་མལ་སར་ལུས་ཙོག་པུར་བསྒོམ་ཐག་འཆིང་། ཚུགས་ཤིང་བཏང་ལ་མགྲིན་པ་དང་མགོ་བོ་ཡང་མ་ཡོ་བར་བྱས། དང་པོ་བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་ཕུར་ཚུགས་སུ་བཏབ། དབང་བཞི་བླངས་རྗེས་སུ་འདུན་པ་རྩེ་གཅིག་ཏུ་རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་མཐེ་བོང་ཙམ་འོད་ཟེར་དཀར་པོ་འཕྲོ་བ་འོད་ཀྱིས་རང་ལུས་ཀྱང་ཟང་ཐལ་དུ་ཐལ་ལེ་གསལ་བ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་དེའི་འོད་ཀྱིས་གང་ཞིང་གསལ་བར་བསྒོམ། རྟོག་པ་གཞན་དུ་བར་མ་ཆོད་པར་རིག་པ་ཐིག་ལེ་ལ་གཏད་དེ་གཉིད་དུ་སོང་བས་དེས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་གསོལ་འདེབས་དང་ལུས་གནད་གོང་བཞིན་ལ། སྙིང་གར་བླ་མ་རྡོ་རྗེ་སེམས་དཔའ་ཚོན་གང་བ་བསྒོམ། དེའི་འོད་ཀྱིས་གོང་བཞིན་གསལ་བར་བསྒོམ། དེ་ལ་སེམས་གཏད་དེ་གཉིད་དུ་སོང་བས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་གོང་བཞིན་སྙིང་གར་བླ་མ་གསལ་བའི་ཐུགས་ཀར་ཐིག་ལེ་དཀར་པོ་སྲན་མ་ཙམ་དེའི་འོད་ཀྱིས་འཇིག་རྟེན་ཁམས་ཐམས་ཅད་འོད་ཀྱིས་ཟང་ཐལ་ལེ་སྣང་སྲིད་བླ་མའི་རང་བཞིན་འོད་གསལ་གྱི་ངང་ལ་བཟུང་ངོ་། །དེ་ལྟར་བསྐྱངས་པས་གཞུང་དེ་ཉིད་ལས། འཐུག་པོའི་འོད་གསལ་རྨི་ལམ་མེད་ཅིང་རྟོག་པ་རང་འགགས་སུ་སོང་བ་དང༔ སྲབ་མོའི་འོད་གསལ་ནི་ཡུལ་ཁམས་གནས་མལ་འཁོར་དང་ནོར་རྫས་ལ་སོགས་སྒྲིབ་མེད་དུ་ཟང་ཐལ་ལེ་བ་དང༔ དེ་ལྟར་འཆར་གསུངས། གོང་མ་རྣམས་ཀྱིས་མ་ཟིན་ན་ཞིབ་པར་བླ་མའི་ཞལ་ལུང་ལྟར་ཅུང་ཟད་སྤྲོས་ཏེ་སྨྲ་བ་ནི། ཉིན་ཞག་ཆ་གཉིས་གསུམ་གཉིད་སྤང་སྟེ་གཉིད་དུ་སང་འགྲོ་ཚེ། ངོ་ལ་ཆུ་བརྡེག་པ་སོགས་བྱ་ཞིང་གཉིད་དུ་འགྲོ་བ་སྤང་། དེ་ནས་གཉིད་དུ་དབང་མེད་དུ་འགྲོ་ཚེའི་གུང་མོར་ཁ་ཟས་བཅུད་ཅན། ཞོ་དང་ཐུག་པ་སོགས་བརྟེན་ནས་མལ་སར་སྡོད་ནས་ལུས་གནད་བསྲངས་ནས་སྒོམ་ཐག་ཚུགས་ཤིང་སོགས་བཏང་ཚུལ་གོང་བཞིན་བྱས་ལ། གསོལ་བ་འདེབས་པ་ཡང་གོང་བཞིན་ལ། བླ་མ་སྙིང་ཁར་བསྒོམ། གཉིད་དུ་ཆེར་འགྲོ་ཁར་བླ་མ་འོད་དུ་ཞུ་ནས་རང་སེམས་དང་དབྱེར་མེད་དུ་ཁྲེགས་ཆོད་ཀ་དག་གི་ངང་ལ་བཞག་པས། རྣ་བར་འུར་སྒྲ་དང་མཐོང་སྣང་དངོས་ཞེན་རྣམས་རིམ་གྱིས་གཟི་ཐོམ་འགྲོ་བར་རིག་པ་མ་ཡེངས་པར་བཞག་པས་ཟིན་ནོ། །རང་བཞིན་འོད་གསལ་ནི། རིག་པ་རང་གསལ་རྟོག་མེད་སྤྲོས་མེད་རྗེན་ནེ་ནམ་མཁའ་གཡའ་དག་པ་ལྟར་གནས་པ་དེའོ། །དེ་ལྟར་ངོས་ཟིན་ན། རྟགས་སུ་མཆེད་གྲོགས་ཀྱིས་སྔོན་ནས་གཉིད་དུ་འགྲོ་ཁ་ནས་རྩར་འདུག་ནས་བལྟས་པས་སྔུར་བ་མེད་པ་དང་ཁ་ཆུ་སྣ་ཆུ་མི་བསྡུ་ཞིང་། ངོ་འཛུམ་མདངས་དང་ལྡན་པ་བྱུང་ན་འོད་གསལ་ཟིན་རྟགས་ཡིན་པས་བཞག །མ་ཟིན་པའི་རྟགས་མགོ་བོ་དབང་མེད་ཡོ་ཞིང་། སྔུར་པ་ཧར་སྒྲ་སོགས་འདོན་ཞིང་ཁ་ཡོ་ཞིང་ཁ་སྣ་ནས་ཁ་ཆུ་སྣ་ཆུ་སོགས་བྱུང་ན་མ་ཟིན་པའི་རྟགས་ཡིན་པས་གཉིད་དཀྲོག་ལ་ཡང་གསོལ་འདེབས་སོགས་གོང་བཞིན་བྱས་ལ་སྔ་མ་བཞིན་འོད་གསལ་བཟུང་གཉིད་དུ་གཞུག །དེ་མ་ཐག་པར་མཆེད་གྲོགས་ཀྱིས་མཆུ་རྣ་བར་གཏད་དེ། ཤུབ་བུར་མིང་ནས་བོས་ལ་གཉིད་དུ་སོང་བས་སེམས་མ་ཡེངས་འོད་གསལ་ཟུངས་ཞེས་ལན་གསུམ་སྒྲ་ཇེ་ཆུང་དུ་སོང་བས་བརྗོད། དེས་ཀྱང་མ་ཟིན་ན། དེ་ལྟར་ཡང་ཡང་བསྐྱར་བས་ཟིན་པར་འགྱུར་རོ། །རྟགས་རྨི་ལམ་མེད་པར་གོང་དུ་གཏེར་གཞུང་ལས་གསུང་པ་བཞིན་འགྱུར་རོ། །དེ་ལྟར་སྦྱངས་པའི་ཕན་ཡོན་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། འདི་ལྟར་འབྱོངས་པས་ནི་ཕྱིས་བར་དོ་མེད་དོ༔ ཕྱིའི་དབུག་ཆད་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པའི་དུས་སུ་རིག་པ་སྐད་ཅིག་མའི་དང་པོ་ལ་སངས་རྒྱའོ༔ དེ་ལྟར་གསུངས་འདུག་པས་ཀུན་གྱིས་གོ་བར་གྱིས་ལ་ཉམས་སུ་ལོངས། འདི་ལྟར་རྨི་ལམ་དང་འོད་གསལ་གྱི་སྦྱོང་ཚུལ་མདོར་བསྡུས་འདི་ཡང་། རང་སློབ་དམ་ལྡན་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་པ་ལོ་གསུམ་གྲུབ་ནས། ཕྱི་ནང་གསང་གསུམ་ཉམས་སུ་ཚུལ་བཞིན་བླངས་པ་རྣམས་ཀྱིས་གསང་ཁྲིད་བལྟས་ཆོག་ངག་ཁྲིད་ལྟར་བྲི་དགོས་ཞེས་ཡང་ཡང་བསྐུལ་བས་ཞལ་ངོ་མ་ལྡོག་ཙམ་དུ། མི་སྨྱོན་གཱ་ཎའི་མིང་གིས་གཏེར་གཞུང་སོར་བཞག །བླ་མའི་མན་ངག་གིས་ཟུར་བརྒྱན་ཏེ་གང་དྲན་ཐུན་མཚམས་སུ་སྨྲས་པ། དད་དམ་མཚུངས་བྲལ་རང་སློབ་དགེ་སློང་ཆུ་གསོལ་རྟོགས་ལྡན་གྱིས་ཡི་གེར་བྲིས་པའོ།། །།

ཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིགས་ (Volume 55, Text 23)

༄༅། །ཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཡ། རྟ་སྐད་ཐེངས་གསུམ་དབང་གི་གླུས། །ས་གསུམ་མངའ་མཛད་དཔལ་ཆེན་པོ། །བླ་མར་སྣང་དེ་གཙུག་རྒྱན་དུ། །བཀོད་ནས་སྨིན་བྱེད་སྙིང་པོ་འགོད། །འདི་ལ་བཅའ་གཞི་སྟེགས་གཙང་མར་ཟངས་སོགས་རིན་པོ་ཆེ་དང་བནྡྷའི་སྣོད་གང་ཡང་རུང་བར་འབྲུ་སྣའི་ཕྱེ་མར་སྤོད་སྣ་ཚོགས་བསྲེས་ཤིང་ཆོས་སྨན་བཏབ་པ་ཁྲག་ཆང་གིས་སྦྲུས་པ་ལས། དཔལ་གཏོར་རིན་ཆེན་འབར་བ་རྟ་ཞལ་གྱིས་མཚན་པ་ལ་འཁོར་རང་འདྲ་བརྒྱད་དང་མཐེབ་ཀྱུས་བསྐོར། སྐུ་རྟེན་སྔགས་བྱང་མེ་ལོང་གིས་བརྒྱན་ཅིང་དར་གདུགས་དམར་པོ་ཕུབ་ལ་མཉྫི་ལ་བཀོད། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཤམ། ལས་བུམ་དང་ཕྲིན་ལས་ལ་དགོས་པའི་ཚོགས་གཏོར་སོགས་འདུ་བྱའོ། །དབང་སྒྲུབ་ནི། ཟབ་བདུན་རྟ་མགྲིན་ལས་བྱང་རྒྱས་བསྡུས་གཉིས་པོ་གང་གཏང་ཡང་ཆོག་པས། རྒྱས་པ་བྱེད་ན་ཕྲིན་ལས་སྔོན་རྗེས་སྤྱི་ཆིངས་སྦྱར་ལ་ཡང་ཕྱུང་དམར་པོའི་ཕྲིན་ལས་གཏང་། བསྡུ་ན་སྙིང་པོ་དོན་འདུས་བཏང་བས་ཆོག །གང་ལྟར་ཕྲིན་ལས་ཀྱི་སྔོན་འགྲོ་རྣམས་དང་དངོས་གཞིའི་ལྷ་བསྐྱེད་ཀྱིས་བདག་ཉིད་ལྷར་བསྐྱེད་པ་གྲུབ་ནས། རཾ་ཡཾ་ཁཾ་གིས་སྟོང་པར་སྦྱང༔ གཏོར་སྣོད་ཟླ་གམ་གཞལ་ཡས་ཁང༔ གཏོར་མའི་ངོ་བོ་ལྷ་ཚོགས་རྣམས༔ གཏོར་རྒྱུ་མཆོད་པའི་སྤྲིན་དུ་གྱུར༔ ཅེས་པ་ཙམ་གྱིས་གཏོར་མ་དབང་ཆེན་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་བདག་བསྐྱེད་ཇི་ལྟ་བར་སྐད་ཅིག་གིས་གསལ་འདེབས། སྤྲོ་ན་མངོན་རྟོགས་ཁ་བསྒྱུར་ཅུང་ཟད་བཅས་ཚར་གཅིག་བསྐྱར་ནས་གསལ་བཏབ་ཀྱང་ལེགས། གང་ལྟར་སྤྱན་འདྲེན་ནས་བསྟོད་པའི་བར་གཏང་། བདག་མདུན་གཉིས་ཀར་བཟླས་དམིགས་དང་འཕྲོ་འདུ་གསལ་བཏབ་ལ་གཞུང་གསལ་བཟླས་པ་ཅི་འགྲུབ་སྟོང་ཚིགས་བཅས་བྱ། ཚོགས་ཀྱི་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་ནས། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ལ་འབར་བ་ཆེན་པོ་དཔལ་ཧེ་རུ་ཀ་རྡོ་རྗེ་རྟའི་ཞལ་ཅན་གྱི་ཕྱག་རྒྱར་བཞེངས་ཏེ། འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་ཅིང་མི་བསྲུན་གདུག་པ་ཅན་གྱི་དཔུང་ཚོགས་ཆམ་ལ་འབེབ་པར་མཛད་པ་འདི་ཉིད་ཀྱི་རྩ་བཤད་མན་ངག་གི་རྒྱུད་ཆེ་ཆུང་མཐའ་ཡས་པ་འཕགས་བོད་ཀྱི་ལྗོངས་སུ་བྱོན་ཅིང་། དེ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་དང་སྒྲུབ་ཐབས་མན་ངག་གི་བཀའ་སྲོལ་གྲངས་མེད་པར་བྱོན་པ་ལས་ཁྱད་པར་དུ་འཕགས་པ། དབང་ཆེན་རྟ་མཆོག་ཉིད་མཐར་ལམ་རིག་འཛིན་གྱི་སྐུར་བསྟན་པ་གུ་རུ་པདྨཱཀ་རས་བོད་ཡུལ་གྱི་གདུལ་བྱ་སྐལ་ལྡན་རྣམས་ལ་བསྩལ་པའི། རྟ་མགྲིན་གྱི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཤས་ཆེར་ཟབ་མོ་གཏེར་གྱི་ཕྱོགས་སུ་བྱོན་པ་ལས། འདིར་ལྷ་སྲས་རྣམ་འཕྲུལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་༧ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་བྱོན་ཐུགས་དམ་ཟབ་པ་སྐོར་བདུན་ལས་རྟ་མགྲིན་དབང་གི་ཟབ་པ་ལ། དབང་ཟབ་དངོས་དང་། བྱིན་རླབས་གཏོར་མའི་དབང་བསྐུར་གཉིས་སུ་བཞུགས་པ་ལས། སྐབས་སུ་བབས་པ་གཏོར་དབང་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་གཙོ་བོ་བདག་ལ་དགོངས༔ སངས་རྒྱས་ཀུན་གྱི་རྗེས་ཞུགས་ཕྱིར༔ དཔལ་ཆེན་རྟ་མགྲིན་དེང་བསྒྲུབ་ན༔ དབང་དང་དམ་ཚིག་མ་ལུས་པ༔ མགོན་པོ་དཔའ་བོས་བདག་ལ་སྩོལ༔ ལན་གསུམ། བླ་མ་དང་དབྱེར་མེད་པའི་དབང་ཆེན་རྟ་མཆོག་གི་དཀྱིལ་འཁོར་ལ་མཆོག་གསུམ་རྩ་གསུམ་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་བསྒྲལ་བའི་ཕྱིར༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་པའི་ལྷ་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླ་ཀླུ་དབང་ཕོ་མོ་བསྣོལ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿདམར་པོ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་རྡོ་རྗེ་དམར་པོ་ཧྲཱིཿས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་དབང་ཆེན་རྟ་མགྲིན་རྒྱལ་པོ་སྐུ་མདོག་བྱེ་རུའི་ལྷུན་པོ་ལྟ་བུ་ལ་རྩ་བའི་ཞལ་དམར་པོ། གཡས་དཀར། གཡོན་མཐིང་བ། དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཡང་ཕྱུང་ལྟར་ན། ཕྱག་དྲུག་གཡས་གསུམ་རལ་གྲི་ཁ་ཊྭཱཾ་དབྱུག་ཐོ་ཕྱར་ཞིང་གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་ཀྱུ་བསྣམས་པ། ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ཅན་ལྔ་ལྔས་དབུ་བརྒྱན་ཅིང་ཐོད་ཕྲེང་ཚར་གསུམ་མགུལ་རྒྱན་བྱས་པ། སེང་གླང་གི་པགས་པའི་སྟོད་གཡོགས། ཞིང་ལྤགས་རྐེད་དཀྲིས་སྟག་ལྤགས་ཤམ་ཐབས་བྱས་པ། ཁྲག་ཞགས་ཐལ་བས་བྱུགས་ཤིང་སྦྲུལ་རིགས་ལྔ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཁྱུང་གིས་དབུ་བརྒྱན་ཅིང་དཔལ་གྱི་གཤོག་པ་དར་ལྭའི་འཕུར་དཔྱང་རྡོ་རྗེའི་གོ་ཁྲབ་གསོལ་བ། ཡུམ་པདྨ་གཟི་ལྡན་མ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁ་ཊྭཱཾ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་ཞབས་བཞི་འདོར་ཐབས་སུ་བགྲད་པ། གཡས་སུ་བྱི་ལའི་མགོ་ཅན་ཁ་ཊྭཱཾ་དང་ཐོད་ཁྲག་འཛིན་པ། གཡོན་དུ་པུ་ཤུད་མགོ་ཅན་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ། ཞེས་དང་། སྙིང་པོ་དོན་འདུས་ལྟར་ན་གཞན་འདྲ་བ་ལ། ཕྱག་དྲུག་གཡས་གསུམ་ཁ་ཊྭཱཾ་སྦྲུལ་གྱིས་དཀྲིས་པ་དང་རལ་གྲི་ཕྱར་ཞིང་གཡོན་གསུམ་དྲིལ་བུ་ཐོད་ཁྲག་ལྕགས་སྒྲོག་བསྣམས་པ། ཞེས་བསྒྱུར་བ་དང་གཡས་གཡོན་ཕྲ་མེན་གཉིས་བསྐྱེད་ཆོག་དོར། གཞན་སྔ་མ་དང་འདྲ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་དབང་ཆེན་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་རྟ་མཆོག་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ལྷ་སྔགས་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་མཁའ་དབྱིངས་གང་བར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གཉིས་མེད་དུ་བརྟན་པའི་མོས་པ་མཛོད་ཅིག །སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དབང་གཏོར་ཐོགས་ལ། དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་གཞལ་ཡས་ཁང་། ནང་བཅུད་དཔལ་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ་པ་འཁོར་ཚོགས་བཀའ་སྡོད་དང་བཅས་པ་བྱིན་རླབས་གཟི་བརྗིད་འབར་ཞིང་དབང་གི་རྟ་སྐད་ལྷང་ངེར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་ངོ་བོར་བཞུགས་པ་ལ། མོས་གུས་བྱས་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཆུ་ཤེལ་གྱི་མདངས་ཅན་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ལུས་ལ་སྐུ་རྡོ་རྗེའི་བྱིན་རླབས་ཞུགས། གཟི་བརྗིད་ཉི་མ་ལྟར་འབར་བའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་ཟླ་གམ་འབར་བའི་དབྱིངས༔ གཏོར་མ་དཔལ་ཆེན་ཧེ་རུ་ཀ་ཡི་ཚོགས༔ རྟ་མགྲིན་རྒྱལ་པོའི་ལྷ་ཚོགས་མ་ལུས་པའི༔ སྐུ་གསུང་ཐུགས་ལས་ཡེ་ཤེས་འོད་ཟེར་འཕྲོས༔ སྒོ་གསུམ་སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དབང༔ མ་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་གྱུར༔ དཔལ་ཆེན་རྟ་མགྲིན་དཀྱིལ་འཁོར་ཀུན་གྱི་གཙོ༔ མ་གཅིག་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག༔ ཚེ་ཡི་བདག་མོ་གསང་བ་ཡེ་ཤེས་ཡུམ༔ བཀའ་ཉན་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་ཁྲོ་བོ་རིགས་བཞི་ཡུམ་དང་བཅས༔ ཟིལ་གནོན་ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད༔ དབང་གི་ཁྲོ་མོ་བཞི་དང་བཀའ་སྲུང་ཚོགས༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས༔ འདིར་འཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འགྱུར་མེད་སྐུ་ཡི་བྱིན་གྱིས་བརླབ་པ་དང༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ལུས་ལ་གཟི་བརྗིད་སྐུ་ཡི་དབང་མཆོག་སྐུར༔ ལུས་སྣང་ཐམས་ཅད་ལྷ་རུ་འཆར་བར་མཛོད༔ སྙིང་པོའི་མཐར། ཀཱ་ཡ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་དཔྲལ་བར་བཞག །དེས་སྐུའི་དབང་དང་བྱིན་རླབས་ཐོབ། དབང་ཆེན་རྟ་མཆོག་རོལ་པའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །ཡང་མགྲིན་པའི་ཨཱཿལས་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ངག་ལ་གསུང་རྡོ་རྗེའི་བྱིན་རླབས་ཞུགས། ནུས་མཐུ་མེ་ལྟར་འབར་བའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་སོགས་གོང་ལྟར་ལ། འདིར་འཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འགག་མེད་གསུང་གི་བྱིན་གྱིས་བརླབ་པ་དང༔ ངག་གི་ནད་གདོན་སྡིག་སྒྲིབ་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ངག་ལ་ཚངས་དབྱངས་གསུང་གི་དབང་མཆོག་སྐུར༔ རྩ་རླུང་སྒྲ་སྐད་སྔགས་སུ་འགྱུར་བར་མཛོད༔ སྙིང་པོའི་མཐར། ཝཱ་ཀ་སིདྡྷི་ཕ་ལ་ཧཱུྃ༔ དེས་གསུང་གི་དབང་དང་བྱིན་རླབས་ཐོབ། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་གནམ་སྔོན་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཡིད་ལ་ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ནམ་མཁའ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་སོགས་ནས། འདིར་འཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འཁྲུལ་མེད་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ཡིད་ལ་བདེ་སྟོང་ཡེ་ཤེས་དབང་ཆེན་སྐུར༔ གང་ཤར་ཆོས་ཉིད་ཀློང་དུ་གྲོལ་བར་མཛོད༔ སྙིང་པོའི་མཐར། ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དེས་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། རྫོགས་པའི་རིམ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །ཡང་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་དཀར་དམར་མཐིང་བའི་མདངས་ཅན་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྒོ་གསུམ་ལ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། བདེ་ཆེན་ཟག་པ་མེད་པའི་འོད་གསལ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་སོགས་ནས། འདིར་འཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་འདི་ལ་བསྩལ་དུ་གསོལ༔ སྤྲོ་ན་བརྒྱུད་པའི་མཚན་ནས་སྨྲོས་ཏེ་བཀའ་བསྒོ་སྤྱི་ལྟར་བྱ། ཧྲཱིཿཔདྨཱནྟ་ཀྲྀཏ་སོགས་ཆིག་དྲིལ་མཐར་ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་བཞག་ལ་ཀ་དག་གི་ལྟ་བའི་ཀློང་དུ་ཉམས་སྐྱོང་ངོ་། །ཡང་གཏོར་དབང་ཚར་གྲངས་གསག་དགོས་ན། རྡོ་རྗེ་གསུམ་འདུས་པའི་ངོ་བོར་བཞུགས་པ་ལ་ཡན་ཆད་གོང་ལྟར་ལ། མོས་གུས་བྱས་པས་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྒོ་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། གཟི་བརྗིད་ནུས་མཐུ་བདེ་སྟོང་གི་ཡེ་ཤེས་འབར་བར་མོས་ཤིག །ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་ཟླ་གམ་འབར་བའི་དབྱིངས༔ གཏོར་མ་དཔལ་ཆེན་ཧེ་རུ་ཀ་ཡི་ཚོགས༔ རྟ་མགྲིན་རྒྱལ་པོའི་ལྷ་ཚོགས་མ་ལུས་པའི༔ སྐུ་གསུང་ཐུགས་ལས་ཡེ་ཤེས་འོད་ཟེར་འཕྲོས༔ སྒོ་གསུམ་སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དབང༔ མ་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་གྱུར༔ དཔལ་ཆེན་རྟ་མགྲིན་དཀྱིལ་འཁོར་ཀུན་གྱི་གཙོ༔ མ་གཅིག་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག༔ ཚེ་ཡི་བདག་མོ་གསང་བ་ཡེ་ཤེས་ཡུམ༔ བཀའ་ཉན་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་ཁྲོ་བོ་རིགས་བཞི་ཡུམ་དང་བཅས༔ ཟིལ་གནོན་ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད༔ དབང་གི་ཁྲོ་མོ་བཞི་དང་བཀའ་སྲུང་ཚོགས༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས༔ འདིར་འཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ལུས་ལ་གཟི་བརྗིད་སྐུ་ཡི་དབང་མཆོག་སྐུར༔ ལུས་སྣང་ཐམས་ཅད་ལྷ་རུ་འཆར་བར་མཛོད༔ ངག་ལ་ཚངས་དབྱངས་གསུང་གི་དབང་མཆོག་སྐུར༔ རྩ་རླུང་སྒྲ་སྐད་སྔགས་སུ་འགྱུར་བར་མཛོད༔ ཡིད་ལ་བདེ་སྟོང་ཡེ་ཤེས་དབང་ཆེན་སྐུར༔ གང་ཤར་ཆོས་ཉིད་ཀློང་དུ་གྲོལ་བར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་འདི་ལ་བསྩལ་དུ་གསོལ༔ ཧྲཱིཿཔདྨཱནྟ་ཀྲྀཏ་སོགས་ཆིག་དྲིལ་མཐར། ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེེས་གཏོར་མ་གནས་གསུམ་དུ་བཞག །དམིགས་པའི་མཚམས་སྦྱོར་ཚར་གཅིག་གིས་ཆོག །གཏེར་གཞུང་ཚིགས་བཅད་ཉིད་གྲངས་གསོག །རྒྱས་བསྡུས་གཉིས་ཀའི་མཐར། དེས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཅིག་ཅར་དུ་ཐོབ། རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་ཅི་རིགས་བྱ། དེ་ལྟར་དཔལ་རྟ་མགྲིན་དབང་གི་ཟབ་པའི་བྱིན་རླབས་ཀྱི་སྙིང་པོ་གཏོར་མའི་དབང་བསྐུར་ལེགས་པར་གྲུབ་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། དེས་ནི་ལྷ་བསྒོམ་སྔགས་བཟླ་བ༔ ཏིང་འཛིན་བསྒོམ་ལ་དབང་བའི་དབང༔ ལུས་ངག་ཡིད་གསུམ་སྨིན་པར་བྱེད༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ཡོངས་རྫོགས་དབང་ཆེན་ཁོ་ན་འོ༔ ཞེས་གསུངས་པ་ལྟར་མཐུ་བྱིན་ཆེ་བས་གནས་སྐབས་ནད་གདོན་བར་ཆད་སེལ་བ་ལ་ཟབ་ཁྱད་ཆེ་ཞིང་། མཐར་ཐུག་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འཐོབ་པར་བྱེད་པ་དབང་ཆེན་ཡོངས་རྫོགས་དང་སྨིན་བྱེད་ཀྱི་ཚུལ་ལ་ཁྱད་པར་མ་མཆིས་པ་ལགས་པས་ཐུགས་ལ་བཅངས་ཏེ་དམ་ཚིག་སྡོམ་པ་མདོར་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ལས་བྱང་སྤྱི་ཆིངས་ལྟར་ལ། རྗེས་གཏང་རག་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་གྲུབ་ནས། གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་གྱུར། ཅེས་བསམ་ལ། སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མའི་ཆ་ཤས་ལོངས་སྤྱད། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བྱའོ། །འདི་འབྲེལ་པདྨ་དབང་ཆེན་གྱི། །ཡེ་ཤེས་བྱིན་མཐུས་རྒྱུད་སྨིན་ཏེ། །རྟ་སྐད་གསུམ་གྱིས་གཞི་ལམ་འབྲས། །པདྨའི་མགོན་པོར་སྡོམ་བྱེད་ཤོག །ཅེས་ཁྱབ་བདག་བླ་མ་གཏེར་ཆེན་རིན་པོ་ཆེའི་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྒྲུབ་པའི་སླད་དུ། ཟབ་ཆོས་འདི་དག་གི་ལུང་ཐོབ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་ཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབ་དགྲ་བགེགས་ཀུན་འཇོམས་ (Volume 32, Text 23)

༄༅། །སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་ཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབ་དགྲ་བགེགས་ཀུན་འཇོམས་བཞུགས་སོ། ། ན་མ་ཤྲཱི་བཛྲ་ཀུ་མཱ་ར་ཡ། མ་རུངས་བདུད་དགྲའི་ཚོགས་རྣམས་འདུལ་བ་ལ། །མཐུ་སྟོབས་བསྐལ་པའི་མེ་ལྟར་རབ་འབར་ཅིང་། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུས་སྐྱོངས། །སྙིགས་དུས་མ་རུངས་དམ་སྲིའི་ཚོགས་རྣམས་ཀུན། །རྩ་སྦུར་མེ་བཞིན་འཇོམས་པར་བྱེད་པ་ལ། ཁྲོ་རྒྱལ་རིག་སྔགས་ཕྲིན་ལས་སྟོབས་འདུས་ལས། །ལྷ་མཆོག་གཞན་གྱིས་འདུལ་བར་ག་ལ་ནུས། །དེ་ཕྱིར་པྲ་བྷ་ཧསྟིའི་ཐུགས་ཀྱི་བཅུད། །གུ་རུ་ཤཱཀྱ་སེང་གེའི་ཞལ་གྱི་ལུང་། །འོད་གསལ་སྤྲུལ་པའི་རྡོ་རྗེའི་སྙན་བརྒྱུད་ཀྱི། །ཕྲིན་ལས་རྡོ་རྗེ་ཕུར་པའི་གཏོར་ཟློག་འཆད། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་ཚུལ་འདིའི་བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པའམ། བསྙེན་སྒྲུབ་ལས་སུ་རུང་བ་སྔོན་དུ་འགྲོ་བས་སྲུང་ཟློག་གི་ལས་ལ་བསྔགས་པའི་གཏོར་ཟློག་གི་རིམ་པ་བྱ་བ་ལ། ཡོ་བྱད་སྔོན་དུ་གསག་པ། ཆོ་གའི་རིམ་པ་དངོས། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། དྲག་པོའི་ལས་དང་མཐུན་པའི་གནས་སུ་སྒྲུབ་པའི་ཁང་པར་ཉི་མ་ལྷོར་བགྲོད་མགོ་ཕུར་འཛོམས་པ་སོགས་མངོན་སྤྱོད་གདབ་ལས་ལ་བསྔགས་པའི་དུས་སུ། གནས་ཁང་རྒྱན་གྱིས་སྤྲས་པར་གཞུང་མཐུན་གྱི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུར་སྒྲུབ་ཕུར་དར་མཐིང་ནག་གི་ཅོད་པན་ཅན་དང་། ཡི་དམ་དང་ཆོས་སྐྱོང་གི་གཏོར་མ། ཚོགས་ཆད་བརྟན་སྨན་རཀ་ཉེར་སྤྱོད་དཀར་བགེགས་སོགས་སྤྱི་ལྟར་དང་། ཁྱད་པར་གྱི་ལས་དཀྱིལ་སྟེགས་བུ་ལ་རོ་སོལ་གྱིས་བྱུགས་པར་ཨེ་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་དྲག་པོའི་འཁོར་ལོ་རྩིབས་བཅུ་ལྟེ་བར་ཆོས་འབྱུང་དང་བཅས་པ་བྲི། དེ་སྟེང་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་འཁོར་བཅུས་བསྐོར་བ། དེ་ཡི་ཕྱི་ལ་མདུན་དུ་ཤྭ་ན་མ་བཞི། གཡས་སུ་བདག་ཉིད་མ་བཞི། གཡོན་དུ་ས་བདག་མ་བཞི་ཡི་བཤོས་བུ་སོ་སོའི་མཐུན་རྫས་ཀྱི་གཏམས་པ་རྣམས་ཀྱི་རྩེར་སྐུ་གཟུགས་རུ་མཚོན་བ་དན་ནག་པོ་མེ་ལོང་དང་བཅས་པ་བཙུགས། ཁྲག་ཀོང་མཚེ་ཡུངས་རྩང་དམར་ཁྲམ་བྱང་དང་རྒྱུ་རློན་སོགས་དྲག་པོའི་རྒྱན་གྱིས་རྔམ་བརྗིད་ལྡན་པ་བྱ། མཐའ་སྐོར་དུ། གཏོར་ཟོར། ཁྲག་ཀོང་། རྡོ་ཟོར། མདའ་ཟོར། །ཡུངས་དཀར་གྱི་གོང་བུ། །དུག་སྣའི་ཟོར་བཅས་དང་། ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་གཡས་སུ་བསྐོར། ཉེ་ལོགས་ཅི་བདེ་བར་ལྕགས་ཧོམ་དུ་བག་ཟན་ལ་ཕུང་ཤུལ་སོགས་ཀྱི་ས་དང་དུར་ཁྲོད་ཀྱི་འཇག་མ་བཏང་བའི་ལིངྒ་བཅོས་ལ་ཚད་ལྡན་བྱེད་ན་དགྲ་སྲོག་སྤུ་གྲིའི་འཁོར་ལོ་ཚོན་སྐུད་སྔོ་དམར་གྱིས་བཅིངས་པ་བཅུག་ལ་མཐའ་རྩང་རྭས་བསྐོར། ཉིན་རེ་བཞིན་བསྒྲལ་རྒྱུའི་ཟན་ལིང་། བྱ་འུག་གི་སྒྲོ །གུ་གུལ། ཡུངས་དཀར། བྱད་ཐག །དུག་ཁྲག་གི་ཐུན། ཐུན་རྫས་སྣ་ཚོགས། གདབ་ཕུར། རལ་གྲི །ཐོ་བ། ཧོམ་གཟར་རྣམས་དང་། ཟློག་པ་གྲངས་གསོག་སྐབས་ཟོར་ལ་འབུལ་རྒྱུའི་གཏོར་ཆུང་གྲངས་མང་། ཐུན་གཏོར་ཟུར་གསུམ་མཚེ་ཡུངས་རྩང་གིས་བརྒྱན་པ། གཞན་ཡང་རོལ་མོའི་རིགས་བྱེད་སོགས་འོག་ཏུ་དགོས་པ་རྣམས་འདུ་བྱ། བསྐང་ཟློག་རྐྱང་པ་ཡིན་ན་ཟོར་གཏོར་དང་ལིངྒ། བདུད་རྩི་རཀྟ་མར་མེ་ཛ་གད་མཱཾ་ས་ཚེ་ཟླ་རྒྱས་བམ་ཆེན་གསུར་ཆེན་བཟའ་བཅའ་སོགས་བསྐང་རྫས་སྣ་ཚོགས་བཤམས་པ་ལས་གཞན་རྣམས་མི་དགོས་སོ། །གཉིས་པ་ཆོ་གའི་རིམ་པ་དངོས་ལ། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང་། དྲག་པོའི་གཡུལ་འགྱེད་པ་གཉིས་ལས། དང་པོ་ནི། ཚིག་བདུན་གསོལ་འདེབས་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡི༔སོགས་དང་། བརྒྱུད་པའི་གསོལ་འདེབས་ནས་བརྩམ་མཆོད་པ་བྱིན་བརླབ་གྲུབ་ཀྱི་བར་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ལྟར་བཏང་། བདག་བསྐྱེད་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔སོགས་རྒྱུན་གྱི་རྣལ་འབྱོར་གཏེར་ཆེན་བླ་མ་མཁྱེན་བརྩེའི་གསུངས་ལྟར་སབ་ཁ་མེད་པར་བཏང་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་བཅས་བྱ། སྟོང་ཚིགས་ཀྱི་མཆོད་པ་ཕུལ་ལ། སླར་མདུན་བསྐྱེད་མཆོད་པ་བྱིན་བརླབ་དང་། ལྷ་བསྐྱེད་ནས་གཟུང་བཟླས་པའི་བར་ལས་བྱང་རྒྱས་པ་ཕྲིན་ལས་རྣམ་རོལ་ལྟར་སྦྱར་ལ་ཟོར་དཀྱིལ་ལྷར་བསྐྱེད། ཛཔ྄་ཁང་དབྱེ་མི་དགོས། བུམ་བཟླས་དང་ཚེ་སྒྲུབ་སོགས་ཀྱང་དོར། ཁྱད་པར་གྱི་བཟླས་དམིགས་སྲུང་ཟློག་བསད་མནན་གསུམ་ལས། དང་པོ་རྡོ་རྗེའི་མཁར་དུ་སྲུང་བ་ནི། དཔལ་ཆེན་བཅུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་འཕྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་སྒོམ༔ སྒྲུབ་སྔགས་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ཞེས་སྦྱར་བ་བཟླ། གཉིས་པ་ཟློག་དམིགས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོག་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས། སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབ༔ ནག་ཕྱོགས་འབྱུང་པོ་སྡེ་དང་བཅས༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབས༔ རྩྭ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླགས་པར་བསམ༔ སྒྲུབ་སྔགས་དང་དྲག་སྔགས་སྤུ་གྲི་སྦྲེལ་བའི་ཤམ་དུ། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་ཆིག་དྲིལ་དུ་བྲག་ཁ་དག་ནས་ཆུ་འབབ་པ་བཞིན་དྲག་ཏུ་བཟླ། གསུམ་པ་བསད་དམིགས་སྤྱིར་བཏང་ནི། རང་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག །དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ཁྲོ་བཅུ་ཁྲ་ཐབས་སྒོ་མ་དམ་ཅན་རྣམས་ལ་ཕོག་པས་དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོའི་ཕྲིན་ལས་དྲུག་གིས་མིང་ཙམ་ཡང་མེད་པར་རྡུལ་དུ་བརླགས་པར་བསམ། སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་བའི་ཧཱུྃ་ཕཊ་ཀྱི་གོང་དུ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཞེས་སྦྱར་བ་ཅི་ནུས་སུ་བཟླ། ཐུན་རྫས་རྣམས་ལའང་ཕུས་གདབ་སྟེ་ངར་བསྐྱེད། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ལན་གསུམ་རེ་བཟླ་བ་སྔོན་དུ་འགྲོ་བས། སྟོང་ཚིགས་མཆོད་བསྟོད་མདོར་བསྡུས་བྱ། བཀའ་གཏེར་གྱི་སྲུང་མ་སྤྱི་དང་། ཁྱད་པར་ཕུར་སྲུང་གི་གསོལ་ཀ་རྒྱས་བསྡུས་གང་རིགས་སྦྱར། ཚོགས་བྱིན་བརླབ་ནས་བརྩམ་མཆོད་པའི་རྗེས། སྐོང་བ་བདུད་ལས་རྣམ་རྒྱལ་སྦྱར། བཤགས་པའི་རྗེས། སྨད་ལས་གཏོར་ཟློག་རྒྱས་པ་དང་མི་འབྲེལ་བར་བསྐང་ཟློག་སྤྱི་འགྲེ་ཙམ་བྱ་ན་བསྒྲལ་བསྟབ་བཅས་དཀྱུས་ལྟར་གྲུབ་པ་དང་། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །མི་དགེ་བཅུ་པོ་ཚར་གཅོད་ཕྱིར། ཁྲོ་རྒྱལ་ཡབ་བཅུའི་ཐུགས༴ དགེ་བཅུ་དང་དུ་བླང་བའི་ཕྱིར། ཁྲོ་མོ་བཅུ་ཡི་ཐུགས༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། ཁྲ་ཐབས་ཉི་ཤུའི་ཐུགས༴ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར། །སྲས་མཆོག་ཉེར་གཅིག་ཐུགས༴ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར། །ཕྲིན་ལས་བཞི་ཡི་ཐུགས༴ སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར། །ཤྭ་ན་མཆེད་བཞིའི་ཐུགས༴ བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར། །རེ་ཏི་མཆེད་བཞིའི་ཐུགས༴ རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་ཕྱིར། །བསེ་མོ་བཞི་ཡི་ཐུགས༴ མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར། །བསེ་ལྕགས་དུང་གསུམ་ཐུགས༴ འགུགས་འདྲེན་འཆིང་སྡོམ་མྱོས་བྱའི་ཕྱིར། །སྒོ་མ་བཞི་ཡི་ཐུགས༴ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད་ཐུགས༴ ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར། །མ་བདུན་སྲིང་བཞིའི་ཐུགས༴ ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང། །ཞེས་དང་གཞན་ཡང་། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ༴ བ་ལིཾ་གཏོར་མས་ཐུགས༴ རཀྟ་དམར་གྱིས་ཐུགས༴ ཞལ་ཟས་ཚོགས་ཀྱིས་ཐུགས༴ དཀྱིལ་འཁོར་ཞལ་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ ཞུན་ཆེན་མར་མེས་ཐུགས༴ སྲོག་དབུགས་མདངས་ཀྱིས་ཐུགས༴ གསུར་ཆེན་དྲི་ཡིས་ཐུགས༴ རོལ་མོ་སྒྲ་ཡིས་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གཡར་དམ་གཉན་པོ་སོར་སྩོལ་ཅིག །དེ་ནས་དཔོན་སློབ་རྣམས་ཀྱིས་བསྐོར་བ་ཕྱིར་ཟློག་ཏུ་ཐལ་མོ་གདབ་ཅིང་། དེ་ལྟར་བསྐང་བས་བསྐངས་གསོལ་ནས། །འདི་ལྟར་ཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱི་བདུད་གཡོས་ཕྱིར་ལ་ཟློག །མས་ཀྱི་སྲི་ལངས་ཕྱིར་ལ་ཟློག །ཉེ་བའི་བྱོལ་པོ་ཕྱིར་ལ་ཟློག །ཡུལ་པའི་འགྲིམ་ཆགས་ཕྱིར་ལ་ཟློག །ཕ་ཚན་རྒྱབ་འདྲེ་ཕྱིར་ལ་ཟློག །མ་བུའི་བྱུར་འདྲེ་ཕྱིར་ལ་ཟློག །གཤིན་རྗེའི་འཕྲུལ་འཁོར་ཕྱིར་ལ་ཟློག །མ་མོའི་ཁྲག་ཟོར་ཕྱིར་ལ་ཟློག །བདུད་ཀྱི་ཁྲམ་ཁ་ཕྱིར་ལ་ཟློག །བཙན་གྱི་གཟེར་ཁ་ཕྱིར་ལ་ཟློག །ས་བདག་གདུག་བྱེད་ཕྱིར་ལ་ཟློག །རྒྱལ་པོའི་སྨྱོ་འབོག་ཕྱིར་ལ་ཟློག །གཟའ་ཡི་ཀིང་ཀང་ཕྱིར་ལ་ཟློག །མུ་སྟེགས་ངན་སྔགས་ཕྱིར་ལ་ཟློག །ཐེའུ་རང་སྲིས་རྐུན་ཕྱིར་ལ་ཟློག །ནད་ཁ་རིམས་ཁ་ཕྱིར་ལ་ཟློག །སྔགས་པའི་ཕུར་ཁ་ཕྱིར་ལ་ཟློག །བོན་གྱི་བོན་ཟོར་ཕྱིར་ལ་ཟློག །སུམ་པའི་གླང་ཟོར་ཕྱིར་ལ་ཟློག །མེ་ཉག་འབོལ་ལེ་ཕྱིར་ལ་ཟློག །ལོ་ཟླ་ཞག་ཀེག་ཕྱིར་ལ་ཟློག །མོ་ངན་རྨི་ངན་ཕྱིར་ལ་ཟློག །ལྟས་ངན་མཚན་ངན་ཕྱིར་ལ་ཟློག །ཕོ་བརྒྱས་མདའ་བདར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་ཟས་ཁ་ཟློག །མི་ནག་སྐྱེ་བོའི་ཡ་ག་ཟློག །བྲན་ཁོལ་ངན་པའི་དམོད་མཆུ་ཟློག །དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ། །བགེགས་ལ་བྷྱོ་ལ་རྡུལ་དུ་རློགས། །ཞེས་བསྐང་ཟློག་འདི་ཁོ་ན་ལ་གྲངས་བཟུང་། སྤྲོ་ན་དྲག་སྔགས་ཟློག་ཤམ་ཅན་ཡང་ཅུང་ཟད་བཟླ། ཚོགས་ལ་རོལ་པ་ནས་གཟུང་ལས་བྱང་དཀྱུས་ལྟར་ལ་ཆད་ཐོའི་འགོར་འོག་གི་ཟོར་བསྐུལ་ཙམ་སྦྱར་ཏེ་གཏོར་མ་ཕུལ་བས་བསྐང་ཟློག་སྤྱི་ཁྱབ་ལ་རུང་བ་ཞར་ལ་འཕྲོས་པའོ། །ཟློག་པ་རྒྱས་པའི་སྐབས་གོང་གི་ཚོགས་བཤགས་པ་བཅས་གྲུབ་པ་ན། གཉིས་པ་དྲག་པོའི་ལས་ཀྱི་གཡུལ་འགྱེད་པ་ལ་སྔོན་དུ་བྱ་བ་གསུམ། བར་དུ་བྱ་བ་བཞི། རྗེས་ཀྱི་བྱ་བ་དྲུག་གི་སྔ་མ་ལ། ཐུགས་དམ་བསྐུལ་བ། གསེར་སྐྱེམས། གཟུ་དཔང་གསུམ་ལས། དང་པོ་ནི། རང་ཉིད་ལྷའི་ང་རྒྱལ་དྲག་པོ་བསྐྱེད་ལ། བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བཞེངས་ཤིང་སྤྲུལ་པའི་ཕོ་ཉ་ནམ་མཁའ་གང་བ་ཙམ་སྤྲོས་པར་དམིགས་ལ། རིག་འཛིན་བསྐུལ་བ་ནི། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པྲ་བྷ་ཧསྟི་ཡིས༔ གསེར་གླིང་མུ་སྟེགས་བསྒྲལ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བདུད་འདུལ་ཤཱཀྱ་སེང་གེ་ཡིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །གངྒཱ་ལྷ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མན་དྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །དགུང་གི་ཕོ་རོག་ནག་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པདྨ་མདོ་སྔགས་གླིང་པ་ཡིས། །སྙན་བརྒྱུད་བཀའ་བབས་བརྙེས་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་རིག་འཛིན་གྲུབ་པའི་ཚོགས། །ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མ་གཡེལ་མ་གཡེལ་རིག་འཛིན་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མཐུ་རྩལ་ནུས་པའི་དཔུང་སྐྱེད་ཅིང་། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པར་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མ་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཀྱང་མི་དགོངས་བསྐུལ་ཀྱང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་སྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཕུར་སྲུང་དམ་ཅན་རྣམས་བསྐུལ་བ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་སྒྲུབ་པའི་གནས་མཆོག་ནས༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ བསེ་ཡི་འཕར་བ་ལྕེ་བརྒྱད་མ༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ ང་རོ་འབྲུག་ཏུ་ལྡིར་ཞིང་ཟུག༔ ཁ་རླངས་སྤྲིན་དུ་འཁྱིལ་ཞིང་འཐིབས༔ མིག་ནི་ཉི་མའི་ཟེར་བཞིན་འབར༔ བང་ནི་གློག་གིས་འགྲན་མི་ནུས༔ སྤུ་ནི་མཚོན་ཆའི་སོ་ལྟར་རྣོ༔ དེ་འདྲའི་འཆིབ་ཀྱི་བརྗིད་ཚུལ་ལ༔ འཇིགས་པའི་མི་མོ་བཟང་མོ་ཞོན༔ མི་བསྲུན་གདུག་པའི་བུད་མེད་བཞི༔ གཡས་པ་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་པ་རིན་ཆེན་ཕུར་བུ་འདྲིལ༔ མུ་ཁ་མཆེད་བཞིའི་དུས་ལ་བབ༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ མ་ཐཱ་མ་ཐཱ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ བྱིང་བྱེད་མཚོ་ལ་གནས་བཅས་ཤིང༔ རླུང་ནག་འཚུབས་མའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཏི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ ཕྱག་ན་སྤུ་གྲི་རྣོན་པོ་བསྣམས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ བར་སྣང་ཁམས་སུ་རྟེན་བཅས་ཤིང༔ འབྲུག་དང་གློག་གི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཏྲི༔ སྐུ་མདོག་དམར་ནག་འབར་བ་ལ༔ བཙོས་དམར་ལ་འུ་སྐུ་ལ་གསོལ༔ ཁྲག་སྐམ་ལྕགས་ཀྱུ་ཕྱག་ན་བསྣམས༔ ཆུ་གླང་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ རི་རབ་རྩེ་ལ་རྟེན་བཅས་ཤིང༔ སད་དང་སེར་བའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛ༔ སྐུ་མདོག་སེར་ནག་འབར་བ་ལ༔ བྱ་ཡི་ཐུལ་པ་སྐུ་ལ་གསོལ༔ ཕྱག་ན་གསེར་གྱི་ཟོར་བ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ ས་ཡི་གླིང་དུ་རྟེན་བཅས་ཤིང༔ ཁ་བ་བུ་ཡུག་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛུ༔ སྐུ་མདོག་ལྗང་ནག་འབར་བ་ལ༔ ཆུ་དར་ཐུལ་པ་སྐུ་ལ་གསོལ༔ ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས༔ རྔ་མོ་སྔོ་ནག་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་མ་མ་པ་ཤཱཾ་ཀུ་རུ་མ་ཏཾ་ཉྱ་ཀ་ར་ཨི་དན་དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ བལ་ཡུལ་ཡ་བྱིན་ཡུལ་ལ་བརྟེན༔ མར་ཁུའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་ན་བདུད་ཞགས་ལྕགས་ཀྱུ་བསྣམས༔ བདུད་རྟ་ནག་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ རོང་གི་དེ་བྱིན་ཡུལ་ལ་བརྟེན༔ ཞག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སྐུ་མདོག་སེ་ནག་འབར་བ་ལ༔ བེར་ཆེན་སེར་ནག་སྐུ་ལ་གསོལ༔ གསེར་ཞགས་གསེར་ཕུར་ཕྱག་ན་བསྣམས༔ ཆིབས་སུ་གཟའ་རྟ་སེར་པོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ མང་ཡུལ་བསེ་བྱིན་ཡུལ་ལ་བརྟེན༔ ཁྲག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ༔ སྐུ་མདོག་དམར་ནག་འབར་བ་ལ༔ བེར་ཆེན་དམར་ནག་སྐུ་ལ་གསོལ༔ བཙན་ཞགས་སེང་ལྡེང་ཕུར་བུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྙེ་ནམ་ཕག་བྱིན་ཡུལ་ལ་བརྟེན༔ འོ་མའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ བེར་ཆེན་སྔོ་ནག་སྐུ་ལ་གསོལ༔ གཡུ་ཞགས་མཆོང་ཕུར་ཕྱག་ན་བསྣམས༔ གཡུ་རྟ་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཀ་ཊ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ནི༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་བསྐུལ་མཚམས་སོ་སོར། དམ་རྫས་མཆོད་པ་འདི་བཞེས་ལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་པས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྦྱར་ཞིང་སྨན་རཀ་གཏོར་མ་ལ་སྦྲེངས་ཏེ་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་ནི། རཾ་ཡཾ་ཁཾ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་ཕྲིན་ལས་ཕུར་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ གསུམ་པ་གཟུ་དཔང་ནི། ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་རབ་ཞུགས་ཏེ༔ སྒྲུབ་པ་སྙིང་པོར་ལེན་པ་དང༔ ཀློག་དང་སྤོང་བའི་སྡེ་བཙུགས་ཤིང༔ ཐོས་བསམ་བསྟན་པ་འཛུགས་པ་ལ༔ དགྲ་དང་བགེགས་ཀྱིས་བར་ཆད་བྱུང༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ད་དུས་བསྐལ་པའི་སྙིགས་མ་ལ༔ རྣལ་འབྱོར་མགོན་སྐྱབས་མ་མཆིས་པས༔ ལྷ་དང་སྲུང་མ་གྲོགས་ལ་བྱོན༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ བདག་ནི་མ་ཉེས་མ་ལན་ནོ༔ མ་ཡོ་མ་བཅོས་གཟུ་དང་དཔང༔ དམ་ཉམས་དགྲ་བོ་སྡིག་ཆེན་གྱིས༔ ལྷ་དང་སློབ་དཔོན་བརྙས་པ་དང༔ རྡོ་རྗེའི་མཆེད་ལ་འཁུ་བ་དང༔ སྲུང་མ་རྣམས་ལ་མཐུ་མེད་ཟེར༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ ཆོས་འཁོར་སྲིད་ལ་རྔམས་པ་དང༔ དགེ་འདུན་སྡེ་ལ་འཚེ་བ་དང༔ བསྟན་པའི་གཞི་ལ་ཕྲག་དོག་བྱས༔ མི་དགེ་བཅུ་ནི་དང་ལེན་པའི༔ དམ་ཉམས་སྡིག་ཅན་དགྲ་བོ་འདི༔ མྱུར་དུ་བསྒྲལ་བར་མ་བྱས་ན༔ སྙིང་པོའི་སྒྲུབ་པ་བཤོལ་ལ་ཐུག༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ ད་ནི་ལྷ་དང་སྲུང་མ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་སྐུལ༔ མ་གཡེལ་དྲག་པོའི་ཕྲིན་ལས་མཛོད༔ གཉིས་པ་བར་དུ་བྱ་བའི་ལས་ལ། དམིགས་བྱ་བསྐྱེད་འགུགས། སྒྲོལ་ཆོག་དངོས། ཐུགས་དམ་བསྐུལ་བ། ཟློག་པའི་ལས་བཅོལ་བ་དང་བཞི་ལས། དང་པོ་ནི། ཨེ་ཡཾ་ཛྭ་ལ་རཾ། རང་གི་མདུན་དུ་གནམ་ལྕགས་ཀྱི་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་རྣམས་ལས་ལ་རྔམས་པ། དེའི་ནང་དུ་ནྲྀའམ་ཏྲི་ལས་གནོད་བྱེད་དགྲ་བགེགས་འདུས་པའི་ངོ་བོ་དགྲ་འམ་བགེགས་གང་ཡིན་དེ་ཉིད་ལུས་གཅེར་བུ་རིད་པ་མདོག་ནག་ལ་ཧམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་དགུ་ནས་ཁྲག་འཛག་པ། མིག་ཤི་མིག །འོ་དོད་ལྷང་ལྷང་དུ་འབོད་པ་ཞིག་ཏུ་གྱུར། གཡབ་དྲིལ་འགུགས་རྒྱ་བཅས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ ལན་གསུམ་གྱིས་བཀུག་སྟེ། དེ་ནས་གཟུགས་བརྙན་སྦྱོར་བ་ལ༔ མངོན་དུ་བྱ་ཕྱིར་འདི་ལྟར་བསྐུལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ཧོཿཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃཿ བཛྲ་སྥོ་ཊ་བཾཿ བཛྲ་གྷནྜེ་ཧོཿ པྲ་བེ་ཤ་ཡ་ཕཊཿ ཨཱ་བེ་ཤ་ཡ་ཨཱཿ ཞེས་ཕྱག་རྒྱ་བཞིའི་དགུག་གཞུག་བཅིངས་མྱོས་དབྱེ་དབབ་རྣམས་བྱ། གཉིས་པ་བསྒྲལ་བ་དངོས་ལ། རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལའང་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་འབྱུང་བ་ལྟར་གབ་པའི་སྔགས་དྲུག་གི་དགོངས་པས་བསྒྲལ་བའི་ལས་དྲུག །དེ་རེ་རེ་ལའང་ནང་གསེས་དྲུག་དྲུག་ཏུ་གསུངས་པ་དང་། སྙན་བརྒྱུད་གཏེར་གཞུང་དཀྱུས་སུ་བབ་དྲུག་གིས་བསྐུལ་བ་དང་། བྱད་དུ་བཅུག་ཅིང་ལྷ་དང་དབྱེ༔ ཞེས་དང་། སྤུ་གྲིའི་སྔགས་དང་དམོད་པ་གདགས༔ ཞེས་པ་རྣམས་ཀྱི་དོན་གྲུབ་པའི་རིག་འཛིན་རྣམས་ཀྱི་མན་ངག་གིས་ཅུང་ཟད་རྒྱས་པར་དགྲོལ་བ་ལ། དང་པོ་ལྷ་དང་དབྲལ་བ་ལའང་དྲུག་གི །ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ༔ རྫས་ནི། དབྱེ་རྫས་བདུག་ལ་བྱ་འུག་གི་སྒྲོས་བྱབ། ཏིང་འཛིན་ནི། དཀྱིལ་འཁོར་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་དང་བཅས་པས་ལྷ་དང་ཕྲལ་བར་བསམ། དམོད་པ་ནི། དགྲ་བོ་སྐྱོབ་པའི་ལྷ་དང་བྲལ་བར་གྱུར་ཅིག །ཅེས་དམོད་བོར། གཉིས་པ་གཟུགས་ལ་དབབ་པ་ནི། སྔ་མ་ལྟར་དྲུག་རེ་འོག་མ་རྣམས་ལ་འགྲེ་བས། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཡུངས་དཀར་གྱིས་བྲབ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཀླུ་ཆེན་འཇོག་པོ་འཁོར་དང་བཅས་པས་རྣམ་ཤེས་བཀུག་ནས་བསྟིམ་པར་བསམ། དགྲ་བོའི་རྣམ་ཤེས་ལིང་ག་ལ་ཐིམ་པར་གྱུར་ཅིག །གསུམ་པ་བྱད་དུ་གཞུག་པ་ནི། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ བྱད་ཐག་གིས་བཅིངས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་སྲོག་བདག་སྒྲོལ་གིང་འཁོར་དང་བཅས་པས་དགྲ་བོ་བཅིངས་པར་བསམ། དགྲ་བགེགས་གནོད་བྱེད་འདི་ཆིངས་ཤིག་སྡོམས་ཤིག །བཞི་པ་སྨྱོ་རུ་གཞུག་པ་ནི། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རིངས་པར་ཁུག་ལ་སྨྲར་ཆུགས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དུག་སྣས་བྲབ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་གནམ་ཐེའུ་འཁོར་དང་བཅས་པས་དགྲ་བགེགས་ཀྱི་སེམས་སྨྱོ་རུ་བཅུག་པར་བསམ་ལ། དགྲ་བགེགས་སྨྱོ་འབོག་དྲན་པ་ཉམས་པར་གྱུར་ཅིག །ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་འབྱུང་བས། དེ་ལ་ཆེད་དུ་བསྐུལ་བའི་ཕྱིར། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་རགྨོ་ཡགྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྤུ་གྲིའི་སྔགས་དང་དམོད་པ་གདགས༔ བསྒྲལ་ཕུར་ཐོགས་ལ། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །ལིང་ག་དགྲ་བགེགས་དངོས་སུ་གསལ་བའི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་པ་གསལ། ཕུར་པའི་དབལ་རྩེའི་ཨ་དཀར་པོའི་འོད་ཀྱིས་དམིགས་བྱའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་ཡིད་རྩད་བཅད། དྭངས་མ་ལྔ་འདུས་ཀྱི་ཚེ་བསོད་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨ་དཀར་པོའི་རྣམ་པ་ཕུར་རྩེས་ལིང་གིས་བཏེགས་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་བུའི་དབལ་ལས་མཚོན་ཆའི་ཆར་བབས་པས་བག་ཆགས་ཀྱི་གཟུགས་ཕུང་དུམ་བུར་གཏུབས་པར་བསམ་ལ། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུན་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་སྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ༔ རྦད་ཐུམ་རི་ལི་ལི༔ ཞེས་བརྗོད་དེ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་བསྒྲལ། སྤུ་གྲིའི་སྔགས་དང་ཐུན་རྫས་ཀྱིས་བྲབ། རལ་གྲིས་གཏུབ། རྟེན་གཞི་བག་ཆགས་ཀྱི་ཕུང་པོ་རྒྱུན་གཅད་པའི་ཕྱིར་རྡུལ་དུ་བརླག་པ་དངོས་ནི། ཧཱུྃ༔ ས་བདག་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ༔ ཐོ་གཏུན་གྱིས་བརྡུང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་དགྲ་བགེགས་རྡུལ་དུ་བརླག་པར་གྱུར། དགྲ་བགེགས་ཐལ་བའི་རྡུལ་དུ་རློགས་ཤིག །དྲུག་པ་ཞལ་དུ་སྟོབ་པ་ནི། ཧཱུྃ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཧོམ་གཟར་གྱིས་ལིང་རོ་བསྟབ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་རེ་མ་ཏི་འཁོར་དང་བཅས་པས་དགྲ་བགེགས་སྟོབ་པར་གྱུར། དགྲ་བགེགས་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །སླར་ཡང་ལིང་རོ་རྣམས་བདུད་རྩིར་སྤར་པ་ཞལ་དུ་སྟོབ་པ་ནི། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་འགྱུ་འདྲའི་ལྗགས་བརྐྱངས་ཏེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་སྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧཾ་མ་ཧཱ་སུ་ཁ་ཧོ༔ ཉིན་ཐ་མར་ཤོག་ལིང་ཡོད་ན་ཧོམ་དུ་སྲེགས། སྤྲོ་ན་དྲག་པོའི་སྦྱིན་སྲེག་ཀྱང་བྱ། དེ་ལྟར་བསྒྲལ་པའི་ཤ་རུས་ཆ་གཅིག་གཏོར་མར་བསྟབ། ཆ་གཅིག་ཁྲག་སྐྱེམས་དང་སྦྱར་ཏེ་ཟློག་བསྐུལ་སྐབས་འབུལ་རྒྱུར་འཇོག །ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་དགོས། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བའི་བར་ལས་བྱང་ལྟར་བྱའོ། །གསུམ་པ་སླར་ཡང་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་རྡོ་རྗེ་གཞོན་ནུའི་ཚོགས༔ དབྱིངས་ལ་སྐྱེ་བ་མ་མཆིས་ཀྱང༔ རིག་པ་རང་སྣང་རོལ་པའི་རྩལ༔ དྲག་ཤུལ་ཆེན་པོའི་གཟི་བྱིན་སྐྱེད༔ དགྲ་བགེགས་ཤ་ཁྲག་རུས་པའི་ཚོགས༔ དགྱེས་པའི་གད་མོ་དང་བཅས་བཞེས༔ འབར་བ་མཆོག་གི་ཆོ་འཕྲུལ་གྱིས༔ ནག་ཕྱོགས་དགྲ་བགེགས་རྩད་ནས་ཆོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཕས་རྒོལ་རྦོད་གཏོང་དམོད་པའི་མཚོན༔ ཟློག་གཟིར་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ བཞི་པ་ཟློག་པའི་ཕྲིན་ལས་དངོས་ནི། ཧཱུྃ་བྷྱོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ངང༔ སྙིང་རྗེའི་སྐུར་ཤར་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཤེས་རབ་ཡུམ་དང་མཉམ་སྦྱོར་བས༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་བཛྲ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔སོགས་འགྲེས་སྦྱར། ཧཱུྃ་བྷྱོ༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་རཏྣ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ སོར་རྟོགས་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་ཀརྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ། ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ མི་དགེ་བཅུ་པོ་གནས་དག་ཅིང༔ དགེ་བ་བཅུ་པོ་གནས་གྱུར་པ༔ ཁྲོ་བཅུ་ཁྲ་ཕྱག་འཁོར་བཅས་ཀྱིས༔ རྒྱུ་འབྲས་འཆོལ་བར་སྤྱོད་པ་ཟློག༔ གདོད་མའི་བདེ་གཤེགས་སོགས། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་གཅིག་ཉིད་ལས༔ དུ་མའི་གར་གྱིས་རྣམ་འཕྲུལ་པ༔ སྒོ་མ་སྲུང་མར་བཅས་པ་ཡིས༔ སྣ་ཚོགས་རྟོག་པ་ཐམས་ཅད་ཟློག༔ གདོད་མའི་བདེ་གཤེགས་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཅེས་དང་། གཞན་ཡང་། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ དུས་མིན་འཆི་དང་འཇིགས་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ གདོན་རིགས་སྟོང་ཕྲག་བཅོ་བརྒྱད་ཟློག༔ སྐེག་ཆེན་སུམ་བརྒྱ་དྲུག་ཅུ་ཟློག༔ ལྷ་ཆེན་དྲག་པོའི་གདུག་རྩུབ་ཟློག༔ ལྷ་མ་ཡིན་གྱི་སྒྱུ་ཐབས་ཟློག༔ མགོན་པོའི་པར་བུ་བསྐོར་བ་ཟློག༔ གཤིན་རྗེའི་འཕྲུལ་འཁོར་བཅས་པ་ཟློག༔ དྲང་སྲོང་བྲམ་ཟེའི་དམོད་པ་ཟློག༔ གཟའ་ཡི་ཀིང་ཀང་འཕེན་པ་ཟློག༔ བཙན་ནད་གཟེར་ཁ་གཏོང་བ་ཟློག༔ ས་བདག་ཀླུ་ཡི་མཛེ་ནད་ཟློག༔ བནྡེས་འབུམ་བསྐོར་བྱེད་པ་ཟློག༔ སྔགས་པས་སྔགས་ཟོར་འཕེན་པ་ཟློག༔ བོན་གྱིས་ཛོ་དམར་འཕེན་པ་ཟློག༔ མུ་སྟེགས་ངན་སྔགས་བྱེད་པ་ཟློག༔ བྱད་ཕུར་རྦོད་གཏོང་ཟུག་པ་ཟློག༔ མནན་གཏད་སྲེག་འཕང་བྱེད་པ་ཟློག༔ མོ་རྩིས་རྨི་ལམ་མཚན་ངན་ཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་ཟློག༔ ཕྱི་ཞགས་གྲུ་གུར་འཐུལ་བ་ཟློག༔ མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ཕུར་བུའི་མཐུ་ཡིས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་རྡོ་རྗེ་ཕུར་པའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཟློག་པའི་ཕྲིན་ལས་སྐུལ། གལ་ཆེ་ན་ཟློག་སྔགས་ཀྱང་གྲངས་གསག་གོ །གཏོར་ཟློག་ཞག་གྲངས་བྱེད་ན་འདི་ནས་འོག་ཏུ་འབྱུང་བའི་ཐུན་གཏོར་འགུགས་བརླབ་འབུལ་བསྐུལ་བཅས་དང་། ཆོས་སྐྱོང་གཏོར་འབུལ། ཆད་བརྟན་སོགས་ལས་བྱང་ལྟར་མཐར་དབྱུང་དགོས་སོ། །གསུམ་པ་རྗེས་ཀྱི་བྱ་བའི་ལས་ལ། ཡེ་ཤེས་གཤེགས་ཤིང་ཟོར་བསྒྲུབ་པ། ཟོར་ལམ་བསལ་བ། མཐུ་དཔུང་བསྐྱེད་པ། ཟོར་བསྐུལ་བ། ཟོར་འཕང་བ། ཟོར་རྗེས་གཅོད་པ་དང་དྲུག་ལས། དང་པོ་ནི། ཉིན་ཐ་མ་ལ། ཟློག་བསྐུལ་གྲུབ་པ་དང་གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་ནོངས་པ་བཤགས་ཏེ། ཟོར་དཀྱིལ་གྱི་སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ། སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། དྲག་སྔགས་སྤུ་གྲི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་རགྨོ་ཡགྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྤེལ་ཚིག་ཅན་བཟླ། དམར་གཏོར་ཁྲག་སྐྱེམས་བཅས་པར་དགྲ་བགེགས་འགུགས་འདྲེན་དང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་པའི་ནང་དུ་གཏོར་རྫས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་འདོད་ཡོན་གྱི་རྣམ་པ་ནམ་མཁའ་དང་མཉམ་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ཞལ་བསྟབ་ཀྱི་དམིགས་པ་དང་བཅས་རྩ་སྔགས་ལ་གཏོར་སྔགས་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བཏགས་པ་ལན་གསུམ་གྱིས་ཁྲག་གཏོར་གཏོར་ཆེན་དུ་ཕུལ་ལ་ཁྲག་སྐྱེམས་སྦྲེང་བ་དང་བཅས། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་སོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིངྟ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་དོན་གསོལ་བས་དམ་ཚིག་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་ལས་ལ་རྔམས་པར་བསམ། གཉིས་པ་ཟོར་ལམ་བསལ་བ་ནི། སྤྲོ་ན་སློབ་དཔོན་བདུད་ཆས་སུ་ཞུགས། དཀར་གཏོར་གསེར་སྐྱེམས་སྔོན་དུ་འགྲོ་བས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ ཕུར་སྲུང་དམ་ཅན་འཁོར་དང་བཅས༔ དེ་རིང་རྣལ་འབྱོར་ལས་བརྩམ་ན༔ སྒོ་རྣམས་ཕྱེས་ལ་འཕྲང་སོལ་ཅིག༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་རིས་དཔལ་མགོན་བདུན་ཅུ་རྣམས། བཀའ་དང་དམ་ལས་མ་འདའ་བར༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ཞབས་སྐུམས་སྐུ་ཟུར་དབུ་ཁུག་ལ༔ བདག་གིས་དམར་ཆེན་གཏོར་ཟོར་འཕེན༔ གདོང་དུ་སུ་ཡང་མ་འདུག་ཅིག༔ ཅེས་བརྗོད། བསྐུལ་ཞིག་དང་། ལས་བྱང་གི་ཆད་ཐོ་གཏང་། ཕུད་དང་རུ་མཚོན་གྱིས་སྣ་དྲངས་ལ་ཟོར་འཕེན་ཕྱོགས་སུ་ཁྱེར། གསུམ་པ་ཟོར་དཔུང་བསྐྱེད་པ་ནི། སླར་ཡང་ཕུད་ཕྱོགས་བཅུར་འཐོར་ཏེ། ཧཱུྃ་བྷྱོཿ བླ་མ་ཡི་དམ་ལྷ་ཚོགས་དང་། ཁྱད་པར་ཕུར་བུའི་ལྷ་ཚོགས་ཀྱིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཤྭ་ན་བདག་ཉིད་ས་བདག་སོགས། །དམ་ཅན་ཆོས་སྐྱོང་སྲུང་མ་ཡིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་གཉན་པོ་ཡིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཅེས་དང་བདེན་པའི་སྟོབས་བརྗོད་པ་ནི། ཧཱུྃ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་འགྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །དགྲ་བགེགས་རྣམས་ནི་ཕམ་པར་མཛད། །རིག་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་བརྗོད་ལ་རིག་པ་ངར་སྐྱེད། བཞི་པ་ཟོར་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ནས༔ དབྱིངས་ཀྱི་ཆོ་འཕྲུལ་འོད་ལྔར་ཀུན་ཏུ་ཤར༔ མ་རུངས་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བའི༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་སྐྱེད་ལ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ། ལྔ་པ་ཟོར་འཕང་བ་ནི། དམིགས་བྱ་འབེན་དུ་བཟུང་ལ་དགུག་གཞུག་དྲག་ཏུ་བྱ། ཟོར་རྣམས་རིམ་པར་རྡེག་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །དམར་ཆེན་དྲག་པོ་གཏོར་མའི་ཟོར། །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། །རི་བོ་བསྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་གཟིངས་པ་ཡུངས་དཀར་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །དྲག་སྔགས་ཟློག་ཤམས་ཅན་བརྗོད་ལ་རྔམ་སྟབས་དང་བཅས་འཕང་། རྒྱས་པར་སྤྲོ་ན་ཟོར་དྲུག་ཁ་ཕྲལ་ཀྱང་རུང་ངོ་། །དེ་ནས་ཟོར་ཆེན་བཏེགས་ལ། ཧཱུྃ་བྷྱོ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་བཤིགས་པའི་དགྲ་བོ་དང༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབ་པའི་ལྷ་དང་སྲུང་མ་དང༔ འགོ་བའི་དགྲ་བླ་རྒྱུད་དང་བཅས༔ སྡོངས་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨང་མེད་ཆོམས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དང་དྲག་སྔགས་ཆིག་དྲིལ་མཐར། བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་དྲག་སྔགས་བཟླ་བཞིན་དུ་འཕངས་པས། དགྲ་བོའི་གཟུགས་ཕུང་རྡུལ་དུ་བཤིགས། རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་རྗེས་མེད་དུ་བརླགས་པར་བསམ་ལ་དམོད་མོ་དང་བཅས་ཐལ་མོ་དང་དུལ་མོ་བརྡེག་གོ །དྲུག་པ་ཟོར་རྗེས་གཅོད་པ་ནི། ཕྱི་བསྙགས་གཅད་ཕྱིར་བྱ་ཁྱུང་འཇིགས་སུ་རུང་བས་ཞལ་ཕྱིར་གཟིགས་པར་བསམ་ལ། ཨོཾ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ ཅེས་བཟླ། ལས་བྱང་ལྟར་སྲུང་འཁོར་གྱིས་མཚམས་བཅད་ནས་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོག་ལ་སྒྲུབ་ཁང་གི་སྒོ་དྲུང་དུ་བརྟན་མ་སྐྱོང་། གཏོར་གཞོང་སྦུབས་ལ་དམ་སྲི་སྒབ་འདྲེ་བཀུག་ཅིང་མནན་པར་བསམ། ལས་བྱང་ལྟར་རྟ་བྲོ་དང་། ཤིས་བརྗོད་མདོར་བསྡུས་བྱ། འཕང་བའི་སྔ་རྗེས་སྐབས་གང་བབ་ལ་མནན་པ་བྱ་བར་འདོད་ན་ལས་ཀྱི་རིམ་པ་ཟུར་གསལ་ལྟར་ཤེས་པར་བྱའོ། །གསུམ་པ་རྩ་བའི་རྗེས་ཀྱི་ཆོ་ག་ནི། ནང་དུ་ལོག་ལ་སྒྲུབ་སྔགས་ཀྱི་ཤམ་བུར་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཏགས་པ་ཅུང་ཟད་བཟླས་མཐར། མདའ་དར་གཡབ་སྟེ། ཨོཾ༔ དང་པོར་ཐུགས་བསྐྱེད་རྗེས་སུ་དགོངས༔ བར་དུ་གྲུབ་པའི་རྟགས་མཚན་དབྱུང༔ ཐ་མ་རིག་འཛིན་བདག་ཅག་གིས༔ རྩེ་གཅིག་བསྙེན་པ་ཆུད་མ་གསོན༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྐྱེད༔ ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་སྟོན༔ ཕོ་ཉ་སྤྲུལ་པས་འཇིག་རྟེན་ཁེངས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་དཔལ༔ འཁོར་འདས་ཀུན་གྱི་ཚེ་སྡུས་ལ༔ རྣལ་འབྱོར་བདག་གི་ལུས་ལ་ཁུག༔ སྒོ་གསུམ་ཐིག་ལེའི་དབྱིངས་སུ་སྟིམས༔ བླ་ཚེ་ཆད་ཉམས་ཡར་པ་གསོས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཅེས་ཚེ་འགུགས་ཀྱང་བྱས་ལ་ལས་བྱང་གི་དངོས་གྲུབ་ལེན། ཆོས་སྲུང་གི་གཏོར་འབུལ་རྗེས་ཆོག་བཅས་དང་། སྔར་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེགས་པའི་ལྷ་ལ་མཆོད་བསྟོད་ནོངས་བཤགས་དང་། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ་ཤིས་བརྗོད་བཅས་ལས་བྱང་ལྟར་རྒྱས་པར་བྱའོ། །དེ་ལྟར་བརྩོན་པས་གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་ཉེར་འཚེ་མཐའ་དག་ཞི་ཞིང་། བར་ཆད་མེད་པར་རྡོ་རྗེའི་ས་ལམ་ཡོངས་སུ་རྫོགས་ནས་ཁྲག་འཐུང་དཔལ་ཆེན་ཕྲིན་ལས་རོལ་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་གོ་འཕང་མངོན་དུ་འགྱུར་བ་ནི་ངེས་པའོ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ཆེ་བཙན་གདུག་པ་མཐར་བྱེད་ཀུ་མཱ་རའི། །གཏོར་ཟློག་རྡོ་རྗེའི་ཐོག་འབེབ་འཕྲུལ་འཁོར་འདིས། །བསྟན་དགྲ་མ་ལུས་རྩད་ནས་བརླག་གྱུར་ཅིག །འདི་ལ་མ་རིག་སྒྲིབ་པས་ནོངས་གྱུར་ན། །བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་བཤགས། །ལེགས་བྱས་དགེ་བ་རིན་ཆེན་ལྷུན་པོ་འདི། །བསྟན་དང་འགྲོ་ལ་ཡོངས་སུ་བསྔོ་བར་བགྱི། །རྩ་གསུམ་ཐུགས་རྗེའི་བྱིན་རླབས་སྤྲིན་ཕུང་ལས། །གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབ་པ་དང་། །ཕུར་བུའི་ཐལ་འབྱིན་རྣམ་བཞིའི་དགོངས་པ་ཡིས། །སྲིད་གསུམ་གྲོང་ཁྱེར་དུས་གཅིག་སྒྲོལ་བར་ཤོག །ཅེས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་ཟློག་རྡོ་རྗེའི་ཐོག་འབེབ་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི་ཉག་ཨ་ཛི་རོང་གི་དྲི་རེད་དཔོན་པོ་པདྨ་རིག་འཛིན་ནས་སྔ་རྗེས་ནན་ཏན་ཆེན་པོས་བསྐུལ་བ་དང་། རང་གིས་བསྒྲིགས་པའི་ལས་བྱང་དང་འབྲེལ་བར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་༧བཀྲ་ཤིས་དཔལ་འབྱོར་གྱི་ཞལ་སྔ་ནས་ཀྱང་བྲིས་ན་ལེགས་ཚུལ་བཀའ་ཕེབས་བཞིན་རྗེ་ཉིད་ནས་ཡི་གེའི་ལྷན་ཅིག་བྱེད་རྐྱེན་སོགས་བཀའ་དྲིན་གྱིས་ཉེ་བར་ཁྱབ་པ་དང་བཅས། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་ཕྲིན་ལས་གྲུབ་པ་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་ས་བྱི་ཧོར་ཟླ་དྲུག་པའི་ཚེས་ལ་ཁྲིགས་སུ་བསྡེབས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་དེ་འཛིན་སྡེ་དང་བཅས་པ་དར་ཞིང་རྒྱས་ལ། ནག་ཕྱོགས་ཀྱི་བདུད་དཔུང་རྩད་ནས་འཇོམས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ཁྲག་འཐུང་བདེ་གཤེགས་འདུས་པ་ལས། རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་ (Volume 16, Text 23)

༄༅། །ཁྲག་འཐུང་བདེ་གཤེགས་འདུས་པ་ལས། རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སརྦ་གུ་རུ་བུདྡྷཱ་ཡ་ན་མོ་ན་མཱ་མི། ཧེ་རུ་ཀ་དཔལ་གདོད་མའི་མགོན། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་པར། །བཏུད་ནས་རྫོགས་རིམ་ཟབ་དགུའི་བཅུད། །སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་འཆད། །རྒྱུད་མ་ཧཱ་ཡོ་གའི་ཡི་དམ་དཀྱིལ་འཁོར་ཀུན་འདུས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཞུང་གི་གཙོ་བོ་བདེ་གཤེགས་འདུས་པ་ལ་རྩ་རླུང་ཐིག་ལེ་སེམས་དང་ཡེ་ཤེས་ལ་བརྟེན་པའི་ཁྲིད། གསང་རྫོགས་རིམ་པ་ལྔ་པ། རང་ཤར་གནམ་ཞལ་དོན་ཁྲིད་རྣམས་མཚན་གྱི་བྱེ་བྲག་ཙམ་ལས་དོན་གཅིག་ཅིང་། འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གུ་རུ་པདྨ་འབྱུང་གནས་ལས་དངོས་སུ་གསན་ཅིང་། བཀའ་བབས་བདུན་ལྡན་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཉེ་བརྒྱུད་དུ་བསྩལ་པའི་ཁྲག་འཐུང་བདེ་གཤེགས་འདུས་པའི་རིམ་པ་གསུམ་པ་ཐུགས་རྫོགས་པའི་སྒྲུབ་ཐབས་འདི་ཉིད་ཆོས་དབང་རིན་པོ་ཆེའི་གསང་རྫོགས་དང་ཚིག་དོན་གཉིས་ཀ་་་མཚུངས་ཤིང་། བཀའ་བརྒྱད་རྣམ་པ་གསུམ་ཀའི་ཁྲིད་རྒྱུན་གྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདུས་པ་སྔ་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་པས་འདི་ཉིད་འཆད་པ་ལ་དོན་གསུམ། སྔོན་འགྲོ་དཔྱིད་ལས་དང་འདྲ་བ་སེམས་ཀྱི་གདར་ཤ་གཅོད་པའི་ཁྲིད། དངོས་གཞི་དབྱར་ལས་དང་འདྲ་བ་ལམ་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་སྒྲིག་པའི་ཁྲིད། རྗེས་སྟོན་ལས་དང་འདྲ་བ་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་ཁྲིད་དོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མིན་ནོ། །དང་པོ་ལ་ལྔ། བློ་ཆོས་ལ་བསྐུལ་བ། འཇུག་སྒོ་སྐྱབས་སེམས། རྒྱུད་སྦྱོང་བ། ཚོགས་གསོག་པ། བྱིན་རླབས་བསྐུལ་བའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལས་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ནོས་ཤིང་དམ་ཚིག་མ་ཉམས་པའི་སྒྲུབ་པ་པོས་་དབེན་པའི་གནས་སུ་ལུས་གནད་བསྲང་། རླུང་རོ་བསལ། རྣམ་རྟོག་གི་སྤུན་ཐག་བཅད་དེ་འདི་ལྟར་བསམ། བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ཞིང་ཕན་འདོགས་ཆེ་བ་ཐོབ། བླ་མ་དགེ་བའི་བཤེས་གཉེན་དང་མཇལ། དམ་པའི་ཆོས་ཟབ་མོ་ཐོབ་པའི་སྐབས་སུ། ལེ་ལོ་དང་ཕྱི་བཤོལ་དུ་མ་བཞག་པར་རྟེན་འདི་ལ་སྙིང་པོ་ལོངས་ངེས་ཤིག་མ་བྱས་ན། ཕྱི་ནམ་ཟླ་དུས་བཞི། ནང་དགྲ་གཉེན་སྐྱེ་འཆི། གསང་བ་རང་གི་རྣམ་པར་རྟོག་པ་སྐད་ཅིག་མ་གང་ལ་བརྟགས་ཀྱང་མི་རྟག་ཅིང་མི་བརྟན། མྱུར་དུ་འཇིག །ངེས་པ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས། ཤི་ནས་ལུས་དང་། ལོངས་སྤྱོད་དང་། ཉེ་དུ་སོགས་གང་ཡང་རྗེས་སུ་མི་འབྲང་། དེ་དག་གིས་བདག་འདོར། བདག་གིས་དེ་དག་བསྐྱུར་ནས་ག་ཤེད་གཅིག་ཏུ་ཆ་མེད་སར་འགྲོ་བའི་དུས་ལས་འབའ་ཞིག་རྗེས་སུ་འབྲངས་ཏེ། སྡིག་པ་མི་དགེ་བའི་ལས་ཀྱིས་དམྱལ་བར་སྐྱེས་ན་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་སོགས་དྲན་པས་ཀྱང་སྐྱི་གཡའ་བའི་སྡུག་བསྔལ་ཉམས་སུ་དངོས་སུ་མྱོང་ན་ཅི་ཙུག་བྱེད། དེར་མ་ཟད་མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་དང་། བལྟར་མི་མངོན་པར་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ། དེ་བས་ན་འཁོར་བའི་གནས་ཐམས་ཅད་མེའི་འོབས། སྤུ་གྲིའི་ཚལ། རལ་གྲིའི་ནགས་ལྟར་ཤེས་པས་ཡིད་ངེས་པར་འབྱུང་བའི་བློ་དྲག་ཏུ་བསྐྱེད་པར་བྱའོ། །གཉིས་པ་འཇུག་སྒོ་སྐྱབས་སེམས་ནི། འཁོར་བའི་སྡུག་བསྔལ་དེ་ལས་ངེས་པར་སྐྱོབ་ནུས་པ་བླ་མ་དཀོན་མཆོག་རིན་པོ་ཆེ་ཡིན་པས་དེ་ལ་སྐྱབས་སུ་འགྲོའོ་སྙམ་པས། མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པས་སྙིང་ཐག་པ་ནས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །སེམས་བསྐྱེད་པ་ནི། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཡང་དང་ཡང་དུ་བྱས་པར་ཤེས་པས། བདེ་བ་དང་འཕྲད་འདོད་ཀྱི་བྱམས་པས་མདུན་བསུ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེས་གཞུང་བསྲང་། ཕན་བདེ་བླ་ན་མེད་པ་ལ་བདག་གིས་འགོད་པར་བགྱིའོ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པ་འཇུག་པ་སྟེ་ཀུན་རྫོབ་བྱང་ཆུབ་སེམས་རྩལ་དུ་བཏོན་ལ། ངག་ཏུའང་། མ་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་ལན་མང་དུ་བརྗོད་ཅིང་བློ་སྦྱང་བར་བྱའོ། །གསུམ་པ་རྒྱུད་སྦྱོང་བ་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་གྱུར༔ ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་དུ་བཟླ༔ མཐར་རང་ལ་བསྟིམ༔ རང་རྡོ་རྗེ་སེམས་དཔར་གསལ་ལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་པའི་མཐར་ཐོག་མ་དང་མཐའ་མ་མེད་པའི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའི་ངང་ལ་བཞག་གོ །འདི་ཉིད་སྒྲིབ་པ་བྱང་བའི་རྟགས་ཡང་ཡང་མ་བྱུང་བའི་བར་དུ་འབད་པ་གལ་ཆེའོ། །བཞི་པ་ཚོགས་གསོག་པ་ནི། སྣོད་དག་པའི་ཞིང་ཁམས། གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང་། ཡོ་བྱད་བྱང་ཆུབ་སེམས་དཔའི་མཆོད་སྤྲིན་དུ་དམིགས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པར་བསམ། བདག་གཞན་སེམས་ཅན་ཐམས་ཅད་ཐབས་གཅིག་ཏུ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་བགྱིད་པར་བསམ་ལ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ལན་གྲངས་མང་དུ་བརྗོད། མཆོད་པའི་མཎྜལ་ཚོམ་བུ་སོ་བདུན་མ་སོགས་སྤྱི་ལྟར་བཀོད་ཅིང་འབུལ་བ་དང་། ཁྱད་པར་རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷྱཿམཎྜ་ལ་པཱུ་ཛ་ཧོ༔ མཐར་ཚོགས་ཞིང་རང་ལ་བསྟིམ༔ འདིའང་ཚོགས་རྫོགས་པའི་རྟགས་མ་མཐོང་གི་བར་དུ་འབད་དོ། །ལྔ་པ་བྱིན་རླབས་བསྐུལ་བ་ནི། ཐོག་མར་རྟེན་གསལ་གདབ་སྟེ། ཨོཾ་ཨཱཿཧཱུྃ༔ དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་པོ༔ ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ ཅེས་དམིགས་ལ་བྱང་གཏེར་བླ་མ་སྐུ་གསུམ་མའི་གསོལ་འདེབས་དང་། སྤྲོས་བྲལ་བདེ་ཆེན། འདི་ཉིད་ཀྱི་བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། མདོར་བསྡུས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ སྡུག་བསྔལ་འཁོར་བའི་འདམ་ནས་དྲོངས༔ ཞི་བསིལ་བདུད་རྩིའི་ཆར་ཆེན་ཕོབ༔ སྐུ་གསུང་ཐུགས་ཀྱིས་རྗེས་སུ་ཟུངས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་བྱིན་རླབས་ཞུགས་པའི་ཉམས་མ་སྐྱེས་བར་ཅི་ནུས་སུ་གསོལ་བ་བཏབ་ལ། མཐར་ཨོཾ་ཨཱཿཧཱུྃ༔གིས་ཐུགས་དམ་བསྐུལ་བས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས། རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། མཐར་ཤེལ་འོད་ནང་དུ་ནུབ་པ་བཞིན་འཁོར་རྣམས་བླ་མ་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམས་ལ་དགོངས་པ་བསྐྱང། ཐུན་འཇོག་པ་ན་བསྔོ་བས་རྒྱས་གདབ། སྣང་གྲགས་རིག་གསུམ་བླ་མའི་དཀྱིལ་འཁོར་ལམ་དུ་ཁྱེར་རོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས་བསྐྱེད་རིམ་ལ་རྟེན་བྱས་ནས་རིམ་ལྔ་སྟན་གཅིག་ཏུ་བསྒོམ་ཚུལ་གསལ་བར་བསྟན་པ་ལྟར་གཞུང་འདི་ཉིད་ལས་ཀྱང་ཐོག་མར་ཕྱི་དཀྱིལ་ལ་རྟེན་བྱས་ནས་གསལ་བརྟན་དག་གསུམ་དང་ལྡན་པའི་ཏིང་ངེ་འཛིན་ཡུལ་གསུམ་གསལ་བར་མ་གྱུར་གྱི་བར་་དུ་བསྒོམས་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་མཐར་ཕྱིན་བར་བྱ་བར་གསུངས་པ་ལྟར་གྲུབ་ན་མཆོག་ཏུ་འགྱུར། དེ་ལྟར་མི་འགྲུབ་པའམ་གྲུབ་ཀྱང་རྫོགས་རིམ་གྱི་རྟེན་དུ་གྱུར་པ་ནི་ནང་ལུས་ཀྱི་དཀྱིལ་འཁོར་ཉིད་ཡིན་པས་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ངང་ལས། སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། རང་རིག་སྐད་ཅིག་གིས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་སྒེག་པ་ལ་སོགས་པའི་ཉམས་དགུས་བརྗིད་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ་དཔལ་གྱི་ཆས་བཅུ། དུར་ཁྲོད་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་བཞེངས་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གསལ་བའི་སྤྱི་གཙུག་ཏུ་བླ་མ་རྡོ་རྗེ་ཆོས་དཀར་དམར། དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད། མགྲིན་པར་དབང་ཆེན་རྟ་མགྲིན་དམར་སྨུག །ཐུགས་ཀར་དཔལ་ཆེན་ཡང་དག །ལྟེ་བར་རྡོ་རྗེ་གཞོན་ནུ། གསང་བར་མངོན་རྫོགས་རྒྱལ་པོ། བརླ་གཡས་དྲེགས་པ་ཀུན་འདུལ། བརླ་གཡོན་སྟོབས་ལྡན་ནག་པོ། ཐམས་ཅད་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་མཚན་དང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པར་གསལ་བཏབ་ལ་ཐ་མལ་ལུས་སེམས་ཀྱི་སྣང་ཞེན་དཔལ་ཆེན་པོའི་སྐུ་དང་ང་རྒྱལ་དུ་ཤར་བ་དང་། ཅིར་སྣང་ཐམས་ཅད་ཀྱང་ལྷའི་སྐུ་སྒྱུ་མ་ལྟ་བུར་ཐོག་མར་བཅོས་ཏེ་བསྒོམ། མཐར་བཅོས་མེད་རང་ཤར་འབྱུང་བའི་ཏིང་ངེ་འཛིན་རྩེ་གཅིག་པ་ལ་བསླབ། གཙོ་བོའི་ཐུགས་ཀར་མི་འགྱུར་བའི་ཐུགས་སྲོག་ཧཱུྃ་ཡིག་མཐིང་ནག་མར་མེ་འབར་བ་ལྟ་བུའི་འོད་འཕྲོ་བ་ལ་སེམས་བཟུང་། སྒྲར་གྲགས་པ་ཐམས་ཅད་ཧཱུྃ་གི་རང་སྒྲ་དིར་དིར་སྒྲོག་པར་དམིགས་ལ་ཧཱུྃ་བཟླས་ཅི་རིགས་བྱ། དེ་དག་གཞུང་ཚིག་གིས་གསལ་འདེབས་པར་སྤྲོ་ན། རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ ནང་གི་རྩ་རླུང་ཐིག་ལེའི་ཁམས༔ སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ ནོར་བུར་བླ་མེད་བརླ་གཡས་གཡོན༔ དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ ཐུགས་སྲོག་ཧཱུྃ་ལ་སེམས་གཏད་བཟླ༔ ཞེས་སོ། །དེ་ལ་གོམས་ན་སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་རྫོགས་པའི་བསྐྱེད་ཚུལ་ལ་བརྟེན་ནས་ལུས་དབེན་མཐར་ཕྱིན་པ་འགྲུབ་བོ། །གཉིས་པ་དངོས་གཞིའི་ཁྲིད་ལ་རིམ་པ་ལྔ་སྟེ། སྔགས། སེམས། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པའོ། །དང་པོ་སྔགས་ཀྱི་རིམ་པ་ནི། སྣང་བ་ཙམ་འདི་ལྷའི་སྐུར་རང་ཤར་བའི་ལུས་དབེན་ནམ། ཚུལ་བཞིན་མ་གྲུབ་ན་རྫོགས་པའི་བསྐྱེད་རིམ་དེ་ཉིད་ལ་རྟེན་བྱས་ཏེ་ལུས་གནད་ལེགས་པར་བསྲང་། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་ལན་གསུམ་བསལ་བས་དུག་དབྱུང་། རང་ལུས་དཔལ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་སྐུར་གསལ་བའི་ལུས་ནང་སྟོང་སང་ངེ་བའི་དབུས་སུ། རྩ་དབུ་རྐྱང་རོ་མ་གསུམ། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་རྣམས་དྭངས་གསལ་རྙོགས་པ་མེད་པ་སྤྱི་ལྟར་བསྒོམས་ལ་གསལ་སྣང་ཐོན་པར་བྱ། སླར་རླུང་རོ་ལན་གཅིག་དལ་ལ་རིང་བ་བསལ་ལ་ཡུན་གཅིག་རང་གར་བཞག །དེ་ནས་རླུང་ནང་དུ་འཇུག་པ་ཉིད་ཨོཾ་གྱི་གདངས་སུ་དྲན་པར་བྱས་ཏེ་སྣའི་སྒོ་ནས་རོ་རྐྱང་གཉིས་བརྒྱུད། དབུ་མའི་ནང་དུ་ཞུགས་པར་བསམ། གནས་པའི་ཚེ་ཨཱཿའི་གདངས་སུ་དྲན་པར་བྱས་ལ་ཡུན་རིང་བསྲིང་ཞིང་བཟུང་། ཕྱིར་ལྡང་བ་ན་ཧཱུྃ་གི་གདངས་སུ་དྲན་པར་བྱས་ལ་ནར་གྱིས་འཕེན། དེ་ལྟར་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་ཉིད་རྩེ་གཅིག་ཏུ་བྱས་པས། རླུང་རྒྱུ་བའི་གྲངས་དང་ཁ་དོག་དང་རེག་བྱའི་མཚན་མ་ཡིད་ཡུལ་དང་མངོན་སུམ་དུ་གསལ་བའི་རྟགས་མཐོང་། མཐར་སྒྲ་མཐའ་ནཱ་ད་མི་ཤིགས་རང་བྱུང་རྡོ་རྗེའི་སྔགས་སུ་སྨིན་ནས་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེའི་བོགས་འདོན་པའི་སླད་དུ་རླུང་སྟེང་འོག་ཁ་སྦྱོར་དུ་དགང་ཞིང་གཞིལ། མི་ཐུབ་པའི་ཚེ་ཕྱིར་ལྷག་མེད་དུ་འབུད་པ་བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་སྦྱོང་། དེ་ལ་བྱང་ནས་གཏུམ་མོ་སྦར་བས་དྲོད་སྐྱེད་པ་ནི། ལུས་གནད་ཐབ་འགལ་དྲུག་འཆིང་བྱ། རང་ལུས་དཔལ་ཆེན་པོ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པར་གསལ་བའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཡུམ་གནམ་ཞལ་མའི་ངོ་བོ་རཾ་ཡིག་དམར་ལ་འཚེར་བ་གསལ་གདབ། བུམ་པ་ཅན་གྱི་རླུང་སྦྱོར་གྱིས་བསྐུལ་བས་རཾ་ཡིག་ལས་ནཱ་ད་ཤིན་ཏུ་ཕྲ་བའི་མེ་ལྕེ་དམར་ཁྱུག་གིས་བྱུང་། ལྟེ་སྙིང་མགྲིན་པ་སྤྱི་བོའི་བར་དུ་འཁྱུག་ཅིང་འབར་བས་འཁོར་ལོའི་གནས་ཐམས་ཅད་གང་མཐར་ལུས་ཐམས་ཅད་གང་བས་ལྕགས་གོང་མེར་བསྲེགས་པ་ལྟར་གྱུར། ཕྱི་ནང་ཐམས་ཅད་གཏུམ་མོའི་མེ་དྲོད་ཀྱིས་ཁྱབ་ནས་ཚ་འུར་གྱིས་བྱུང་བར་བསམས་ལ་འབར་སྣང་གསལ་ལ་བརྟན་པར་བྱ། དེ་ལ་གོམས་པས་དྲོད་རྩོལ་མེད་དུ་ཐོབ་པ་ན་བདེ་བས་བསྐུལ་བ་ནི། སྤྱི་བོའི་འཁོར་ལོའི་དབུས་སུ་ཧེ་རུ་ཀ་ཡི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བདེ་བའི་ངང་དང་ལྡན་པ་གསལ་གདབ། རླུང་བུམ་ཅན་བཟུང་། གཏུམ་མོ་སྔར་བཞིན་སྦར་བས་མེ་ལྕེས་སྤྱི་བོའི་ཧཾ་ལ་རེག་པས་ཐིག་ལེ་ཕྲ་མོའི་རྒྱུན་དཀར་ནར་གྱིས་དྲང་། ཐོག་མར་སྤྱི་བོའི་འཁོར་ལོ་གང་། དགའ་བའི་ཡེ་ཤེས་སྐྱེས་པར་བསམ། རིམ་གྱིས་མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བར་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པར་མོས་ལ་རེ་རེ་བཞིན་བདེ་བའི་རང་ངོར་བལྟས་ལ་རྣམ་པར་མི་རྟོག་པ་ཀ་དག་གི་ངང་དུ་བཞག །དེ་ལྟར་འབད་པས་བདེ་དྲོད་གཉིས་ཀྱིས་ཐབས་བྱས་ཏེ། རླུང་དབུ་མར་ཟིན། རྟོག་མེད་ལ་ཤུགས་ཀྱིས་གནས་པས་རླུང་དང་ངག་དབེན་མཐར་ཕྱིན་པ་འགྲུབ་བོ། །གཉིས་པ་སེམས་ལ་དམིགས་པའི་རིམ་པ་ནི། རང་ལུས་ལྷ་སྐུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྔར་བཞིན་གསལ་གདབ། སྙིང་གའི་རྩ་འཁོར་འདབ་མ་བརྒྱད་པའི་དྷཱུ་ཏིའི་དབུས་སུ་ཨ་ཡིག་དཀར་ལ་འཚེར་བ། དེའི་མཐའ་སྐོར་དུ་དབྱངས་ཡིག་བཅུ་དྲུག །དེ་རྒྱབ་གསལ་བྱེད་སོ་གཉིས་ཀྱི་ཕྲེང་བས་བསྐོར་བ། ཐམས་ཅད་ཀྱང་དངུལ་དཀར་ལུགས་སུ་བླུགས་པ་ལྟ་བུའི་ཁ་དོག་དཀར་ཙེ་རེ་བ་གསལ་བཏབ་ལ་རླུང་སྙིང་གའི་བུམ་ཅན་བཟུང་ནས་ཐོག་མར་གསལ་བྱེད་ལ་སེམས་བཟུང་བས་སྣང་བའི་ཡེ་ཤེས་དམར་ལམ་ཉི་ཟེར་ལྟ་བུ་འཆར། དེ་ནས་དབྱངས་ཡིག་ལ་སེམས་བཟུང་བས་སྣང་བ་མཆེད་པའི་ཡེ་ཤེས་དཀར་ལམ་ཟླ་འོད་ལྟ་བུ་འཆར། མཐར་དབུས་ཀྱི་ཨ་ཡིག་ལ་སེམས་བཟུང་བས་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ནག་ལམ་མུན་པ་ལྟ་བུ་འཆར། གོམས་ན་བདེ་སྟོང་མི་རྟོག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་ཡིད་དབེན་མཐར་ཕྱིན་པར་འགྲུབ་བོ། །གསུམ་པ་སྒྱུ་ལུས་ཀྱི་རིམ་པ་ནི། རང་གི་སྙིང་ནང་ཨ་དཀར་པོ་གསལ། དེ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་སྒྲིབ་པའི་དྲི་མ་སངས་ཀྱིས་དག །རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སྐྱིལ་ཀྲུང་སེང་ཁྲི་པད་ཉི་ཟླ་བའི་སྟེང་དུ་ཡེ་ཤེས་ཀྱི་འོད་ལྔ་འཁྱིལ་པའི་ཀློང་ན་བཞུགས་པ་ཆུ་ཟླ་འཇའ་ཚོན་ལྟ་བུ་སྣང་བ་དངོས་པོ་མེད་པར་གསལ་གདབ། དེ་ལ་ཟིན་པ་དང་ལུས་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བའི་སྤྱི་བོའི་འཁོར་ལོའི་དབུས་སུ་ཨ་ཡིག་དཀར་པོ་ལ་སེམས་གཏད། དེ་ལས་འོད་ཟེར་བྱུང་རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ལ་ཁྱབ་པས་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་རྨི་ལམ་ཆུ་ཟླ་ལྟ་བུའི་ལྷའི་སྐུ་དང་སྣང་སྲིད་དག་པ་རབ་འབྱམས་ཀྱི་རང་བཞིན་དུ་དམིགས་ལ་རྩེ་གཅིག་ཏུ་བསྒོམ། གསལ་སྣང་སྐྱེས་ན་དེ་ལ་ཞེན་པ་སྤང་ཞིང་བོགས་དབྱུང་བའི་སླད་དུ་སྤྱི་བོའི་བུམ་པ་ཅན་བཟུང་། མི་རྟོག་པའི་ངང་དུ་ཆམ་མེར་བཞག །ཐམས་ཅད་སྒྱུ་མར་ཤེས་པས་མི་ཕོད་པ་ལ་ཐོག་བརྫིས་སོགས་བདེན་ཞེན་མེད་པའི་བརྟུལ་ཞུགས་སྤྱད་པས་ཏིང་ངེ་འཛིན་རིམ་པར་བརྟན་ཅིང་རླུང་སེམས་སྒྱུ་མ་ལྟ་བུའི་ཕྱག་རྒྱའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །དེའི་ཡན་ལག་རྨི་ལམ་ལམ་དུ་ཁྱེར་བ་ལ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་ཨ་ཡིག་དམར་པོ་གསལ་བཏབ་ལ་མགྲིན་པའི་བུམ་ཅན་འཆིང་ཞིང་དེ་ལ་རླུང་སེམས་བསྡུ། འདི་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བར་བྱ། ཉལ་ཁར་དམིགས་པ་དང་རླུང་སྦྱོར་བྱས་པའི་མཐར་དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བཏང་ལ་རྟོག་མེད་ངང་དུ་གཉིད་ལོག་པ་ལ་སྦྱངས་པས་ནམ་འདོད་དུ་རྨི་ལམ་ཟིན་པ་བྱུང་ན་ཉིན་གྱི་སྒོམ་ཚུལ་ལྟར་རྨི་ལམ་ཉིད་ལྷ་སྐུ་སྒྱུ་མར་ལྡང་ཞིང་མཐར་མི་རྟོག་པའི་དབྱིངས་སུ་བསྟིམ་ལ་མཉམ་པར་བཞག །དེ་ལ་གོམས་འདྲིས་བརྟན་པ་ཐོབ་ནས་དབྱིངས་སུ་བསྡུས་ནས་སླར་ལྷ་སྐུ་སྒྱུ་མར་ལྡང་བ་དང་། སྣ་ཚོགས་སུ་སྤྲུལ་ཞིང་གཞན་དང་གཞན་དུ་སྒྱུར་བ་སོགས་ལ་རིམ་པར་སྦྱངས་པས་རྩལ་ལེགས་པར་འབྱོངས་པའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་ཉིན་དང་མཚན་དུ་བརྟན་པས་འཁོར་འདས་ཐམས་ཅད་ལ་རྒྱས་ཐེབས་པར་འགྱུར་རོ། །བཞི་པ་འོད་གསལ་གྱི་རིམ་པ་ནི། རང་གི་གཞི་ལུས་རྡོར་སེམས་སམ་ཧེ་རུ་ཀའི་སྐུར་གསལ་བའི་ལུས་ཀྱི་ནང་ཨ་བ་དྷཱུ་ཏི་དཀར་པོ་གསལ་བའི་སྙིང་གའི་སྦུབས་སུ་ཨ་ཡིག་དཀར་གསལ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་གོང་བུ་རྒྱ་སྲན་ཙམ་བསྒོམ། དེ་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་སྙིང་གའི་བུམ་ཅན་འཆིང་། གསལ་སྣང་སྐྱེས་པ་དང་མི་རྟོག་པའི་ངང་དུ་བསྲེས་ལ་རང་བཞིན་གྱིས་འོད་གསལ་བའི་ངང་དུ་ཡུན་རིང་མཉམ་པར་བཞག །མཐར་ཨ་ཡིག་ལས་འོད་ཟེར་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མེར་མེར་ཤིག་ཤིག་གཡོས། ཐམས་ཅད་ཀྱང་སྨིག་རྒྱུ་བཞིན་དུ་ཡལ་ནས་ཨ་ལ་ཐིམ། ཨ་ཡིག་སྐྱེ་བ་མེད་པའི་དོན་དྲན་པར་བྱས་ལ་སེམས་བཟུང་ནས་སྣང་བའི་ཡེ་ཤེས་དྲན། དེ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་བའི་སེམས་ཉིད་ཨ་ལ་ཐིམ། དེའང་མི་དམིགས་པ་གཉུག་མའི་ངང་དུ་བཞག །དེ་ལ་ཡུན་རིང་སྦྱངས་ནས་གོམས་པར་གྱུར་པ་ན་མཚན་མོ་གཉིད་ཁར་དེ་ཉིད་བསྒོམས་ལ་སྣང་མཆེད་ཐོབ་གསུམ་ངོས་ཟིན་པར་བྱ། མཐར་རྟོག་མེད་འོད་གསལ་གྱི་ངང་དུ་ཉལ་བས་སྲབ་འཐུག་གི་འོད་གསལ་རིམ་གྱིས་ཟིན། ཉིན་མཚན་གཉིས་ཀྱི་འོད་གསལ་ཁ་སྦྱོར་དུ་འཆར། དེ་དག་བརྟན་ནས་ཆོས་ཐམས་ཅད་འོད་གསལ་གཉུག་མའི་རང་བཞིན་ལས་མ་གཡོས་པའི་དགོངས་པའི་གདིང་ཆེན་ཐོབ་པར་འགྱུར་རོ། །དེའི་བོགས་དབྱུང་བའི་སླད་དུ་ཐོག་མར་ཡིད་རིག་ཡེ་རྒྱ་དང་འབྱོངས་ནས་དངོས་རིག་ལས་རྒྱ་ལ་སློབ་ཚུལ་གསང་བ་སྤྱི་བཞིན་བྱས་པས་སྙོམས་འཇུག་གི་ཐབས་མཁས་ལ་བརྟེན་ནས་བདེ་རླུང་སེམས་གསུམ་དབྱིངས་སུ་ཐིམ་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་བཙན་ཐབས་སུ་འབྱུང་བར་འགྱུར་རོ། །ལྔ་པ་ཟུང་འཇུག་གི་རིམ་པ་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། སྣང་བའི་ཆ་ནས་སྒྱུ་ལུས་དང་། །རང་བཞིན་ཆ་ནས་འོད་གསལ་གཉིས། །ཟུང་འཇུག་དབྱེར་མེད་སྐུ་ཡིན་ཏེ། །སྟོང་པ་ཉིད་ལས་གཟུགས་གཞན་མེད། །གཟུགས་ལས་གུད་པའི་སྟོང་པ་མེད། །ནམ་མཁའི་ངང་ནས་འཇའ་སྤྲིན་བཞིན། །ཟུང་འཇུག་མཉམ་བཞག་དེ་ལྟར་བསྒོམ། །ཞེས་གསུངས་ཏེ། སྒྱུ་མའི་རིམ་པ་བསྒོམས་པའི་གྲུབ་འབྲས་སྒྱུ་མའི་སྣང་བ་ཐམས་ཅད་མི་རྟོག་པ་སྟོང་པའི་དབྱིངས་སུ་བསྡུ། དེའི་ངང་ལ་རླུང་སེམས་ཙམ་ལས་གྲུབ་པའི་ལྷའི་སྣང་བར་ལྡང་། དེ་ལྟ་བུའི་ཏིང་ངེ་འཛིན་ལ་རྩལ་སྦྱང་ཞིང་དེ་ལའང་འཛིན་ཞེན་མེད་པར་བསྐྱངས་པས་རྣམ་པ་སྒྱུ་མའི་རང་བཞིན་གྱི་ལྷ་སྐུ་དང་། ངོ་བོ་རྟོག་མེད་འོད་གསལ་བའི་སེམས་ཉིད་གཉིས་འབད་རྩོལ་བཅོས་བསླད་མེད་པར་ངང་ངམ་ཤུགས་ཀྱིས་ཟུང་དུ་འཇུག་པ་ནི་སློབ་པའི་ཟུང་འཇུག་གི་ངོ་བོ་ཡིན་ནོ། །དེའི་སྐབས་སུ་ལྟ་བ་ཀ་དག་སྤྲོས་བྲལ་རང་བཞིན་རྫོགས་པ་ཆེན་པོ་གདོད་མའི་གཤིས་རང་བབས་ཀྱི་གནས་ལུགས་ཡེ་གྲོལ་ཅོག་གཞག་གི་ངང་དུ། སྒོམ་པ་སྣང་སྟོང་རང་བྱུང་གི་རིག་པ་མ་བཅོས་གཉུག་མ་ཟང་ཐལ་ཉིད་ཆོས་ཉིད་ཀྱི་དྲན་པས་བསྐྱང་ཞིང་། སྤྱོད་པ་ཚོགས་དྲུག་གི་ཡུལ་སྣང་གང་ཤར་ཡང་རང་ངོ་ཤེས་པས་བཟོ་མེད་ལྷུག་པར་སྤྱད་པས། འབྲས་བུ་དཔལ་ཆེན་ཧེ་རུ་ཀ་མཐར་ཐུག་མི་སློབ་པའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་མཆོག་ལ་དབུགས་འབྱིན་པར་འགྱུར་བར་གསུངས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། གོང་གི་ཡན་ལག །ཐུན་མཐར་བྱ་བ། ཐུན་མཚམས་ཀྱི་སྤྱོད་ལམ་མོ། །དང་པོ་ནི། ཇི་སྐད་བཤད་པའི་རིམ་པ་ལྔ་པོ་ཉམས་སུ་བླངས་ཀྱང་ཚེ་འདིར་མཐར་ཕྱིན་པ་མ་བྱུང་ན། འཆི་ཁར་འཕོ་བའི་མྱུར་ལམ་གྱིས་མཚམས་སྦྱར་དགོས་ཏེ། དེའང་དབང་རབ་འོད་གསལ་ཆོས་སྐུར་འཕོ་བ། དབང་འབྲིང་སྒྱུ་མ་ལོངས་སྐུར་འཕོ་བ་གཉིས་ནི་ཉམས་འོག་ཏུ་མི་ཆུད་པས། དབང་པོ་ཐ་མ་དམིགས་བཅས་ཀྱིས་སྤྲུལ་སྐུའི་ཞིང་དུ་འཕོ་བ་ཉིད་ཉམས་སུ་ལེན་པ་ལ། ཐོག་མར་སྦྱང་བ་ནི། རང་ལུས་ལྷ་སྐུ་རྩ་དབུ་མ་བཅས་གསལ་བའི་དྷཱུ་ཏིའི་ཡར་སྣེ་ཚངས་བུག་ཏུ་ཟང་ཐལ་ཧད་པོ་དང་མར་སྣེ་ལྟེ་འོག་ཏུ་ཕུགས་རྡུགས་སུ་འཁྱིལ་བ། སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང་དུ་རླུང་གི་ངོ་བོ་ཐིག་ལེ་དཀར་ལ་སྔོ་བའི་དབུས་སུ་རང་སེམས་ཨ་ཡིག་དཀར་པོ་གསལ་ལ་དྭངས་པ་དམིགས་ལ་རླུང་སེམས་རྩེ་གཅིག་ཏུ་བསྡུ་ཞིང་བུམ་པ་ཅན་བཟུང་། འདུས་པའི་ཉམས་སྐྱེས་པ་ན་རང་གི་སྤྱི་བོར་ངོ་བོ་རྩ་བའི་བླ་མ། རྣམ་པ་དཔལ་ཆེན་ཧེ་རུ་ཀ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་དམིགས་ལ་གདུང་ཤུགས་དྲག་པོས་ཟབ་ལམ་འཕོ་བ་འབྱོངས་པའི་གསོལ་འདེབས་ལན་མང་དུ་བྱ། ལུས་གནད་དྲང་པོར་བཅོས་ཏེ་ཐུར་སེལ་གྱེན་དུ་དྲང་། སྲོག་ཕྱིར་འཕུལ་བ་དང་ལྷན་ཅིག་ཧིག་བཅས་བརྗོད་པས་སྙིང་གའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་བཅས་དབུ་མའི་ནང་ནས་ཡར་ལ་གློག་འཁྱུགས་པ་ལྟར་སོང་། ཚངས་བུག་ནས་ཐོན། བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམ་ལ་ཀ་དག་གཉུག་མའི་ངང་དུ་བཞག །སླར་ཀ་ཞེས་བརྗོད་པས་ཐིག་ལེ་ཕྱིར་བྱུང་ནས་སྙིང་གའི་རང་གནས་སུ་ཡོད་པར་བསྒོམ། དེ་ལྟར་ཡང་ཡང་བསྐྱར་ཏེ་ཐུན་འཇོག་པའི་ཚེ་ཐིག་ལེ་ཕྱིར་དབབ། སྤྱི་བོའི་བླ་མ་འཁོར་དང་བཅས་པ་འོད་དུ་ཞུ་ནས་སྙིང་གའི་ཨ་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་བསམས་ལ་བུམ་ཅན་གྱི་རླུང་སྦྱོར་གྱིས་བརྟན་པར་བྱ། བསྔོ་བ་དང་སྨོན་ལམ་གྱིས་གདབ། དེ་ལྟར་འབད་པས་སྤྱི་བོ་ཟ་ཞིང་སྐྲངས་པ་དང་ཆུ་སེར་འབྱུང་བ་སོགས་ཚངས་བུག་ཕྱེ་བའི་རྟགས་མཐོང་ན་འཕྲོ་འཇོག །རྒྱུན་དུ་མ་བརྗེད་ཙམ་བྱས་པས་འཆི་ཁར་ཚེགས་མེད་དུ་འགྲུབ་བོ། །ལས་ལ་སྦྱར་བ་ནི། འཆི་ངེས་པའི་རྟགས་རྣམས་ཚང་བ་དང་སྔར་སྦྱངས་པའི་སྐབས་ལྟར་རླུང་སེམས་ཧེ་རུ་ཀའི་ཐུགས་ཀར་བསྟིམས་ལ་དེ་ཉིད་འོག་མིན་གྱི་གནས་སུ་གཤེགས་པར་མོས་ཏེ་གང་ཡང་ཡིད་ལ་མི་བྱེད་པར་གཉུག་མ་འོད་གསལ་ཆེན་པོར་བཞག་པས་མཁའ་སྤྱོད་ལ་སོགས་པར་རིག་པ་འཛིན་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་རྟེན་དེ་ལ་ལམ་གྱི་ལྷག་མ་རྣམས་མཐར་ཕྱིན་པར་བགྲོད་དེ་གཞི་ཐོག་ཏུ་གྲོལ་བར་གསུངས་སོ། །དེ་ལྟ་བུའི་འཕོ་བའང་མ་ཐེབས་ན། སྲིད་པ་བར་དོའི་སྣང་བ་ཤར་བར་འགྱུར་བས་དེ་ཉིད་ལམ་དུ་བསླང་བ་ནི། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྲེས་ཏེ་སྣང་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ། སྒྲ་རུ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་ལྷང་ལྷང་དུ་བསྲེས་ཏེ་གྲགས་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ། སེམས་ཀྱི་རྟོག་ཚོགས་ཐམས་ཅད་རང་གྲོལ་འོད་་་གསལ་ཡེ་ཤེས་ཆེན་པོར་བསྲེས་ཏེ་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ་བར་བྱ། དེ་དག་ཀྱང་ད་ལྟ་གོམས་པ་ལ་རགས་ལས་པས་དུས་ཀུན་བར་དོ་ངེས་པར་ཡིན་སྙམ་པའི་དྲན་ཤེས་བརྟན་པོས་བསྲེ་འཕོ་ལ་གོམས་འདྲིས་བྱས་པས་བར་དོའི་སྐབས་སུ་དྲན་པས་བསླེབས་ནས་ད་ལྟ་བཞིན་སྒོམ་པ་ལམ་དུ་བྱས་ཏེ་སློབ་པའི་ཟུང་འཇུག་རྗེས་མཐུན་ཐོབ་པའམ་ཡང་ན་བརྒྱུད་ནས་བྱང་ཆུབ་ཀྱི་གོ་འཕང་ལ་སྦྱོར་བར་འགྱུར་རོ། །གཉིས་པ་ཐུན་མཐར་བྱ་བ་ནི། སྒོམ་པའི་ཐུན་རྣམས་འཇོག་པའི་ཚེ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་བསྔོ་བས་མཚམས་སྦྱར་ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ་པའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་གདབ། འཁོར་གསུམ་རྣམ་པར་མི་རྟོག་པའི་མཉམ་གཞག་ཅི་ནུས་སུ་བསྐྱང་ངོ་། །གསུམ་པ་ཐུན་མཚམས་རྣམས་སུ་དངོས་གཞི་རིམ་པ་ལྔ་པོ་གང་བསྒོམ་པ་དེའི་ཉམས་མྱོང་གི་རྒྱུན་མ་བྲལ་བར་འདུ་བྱེད་ཀྱི་དྲན་པས་བསྐྱང་། གེགས་སེལ་དང་བོགས་འདོན་པའི་ཐབས་རྣམས་ནི་ཁྲིད་ཀྱི་རིམ་པ་གཞན་དང་མཐུན་པར་སྐབས་སུ་བབས་པའི་རིགས་རྒྱུད་ལ་སྦྱར་ཏེ་རྩེ་གཅིག་ཉམས་སུ་བླངས་པ་ལས་བསྐྱེད་པའི་རིམ་པ་རྒྱས་བསྡུས་མཐར་ཕྱིན་པས་སྔགས་ཀྱི་ཚོགས་ལམ་བགྲོད། ཁྱད་པར་རྫོགས་པའི་བསྐྱེད་རིམ་ཁོ་ན་བསྒོམས་པའི་ཡོན་ཏན་ཡང་། རྒྱུད་ལས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཆེ་མཆོག་དཔལ་གྱི་སྐུ་རུ་འདུས། །ཆེ་མཆོག་ཧེ་རུ་ཀའི་ངོ་བོ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །ཞེས་གསུངས། ལུས་ངག་ཡིད་ཀྱི་དབེན་པ་གསུམ་གྱིས་སྦྱོར་ལམ་དྲོད་དང་རྩེ་མོ། སྒྱུ་མས་བཟོད་པ་དང་ཆོས་མཆོག་མཐར་ཕྱིན་ཏེ་སྐུ་དང་ཡེ་ཤེས་དབྱེར་མེད་པའི་གོ་འཕང་འགྲུབ་པར་འགྱུར་བ་ནི་ངེས་རྫོགས་ཀྱི་དབང་དུ་བྱས་པ་ཡིན་ལ། མོས་སྒོམ་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་བླངས་པའི་ཡོན་ཏན་ཡང་། རྒྱུད་ལས། རིམ་ལྔ་ཐུན་བཞིའི་རྣལ་འབྱོར་པས། །འདའ་ཀ་ཆོས་ཉིད་འོད་གསལ་གྱི། །བར་དོ་ཟུང་འཇུག་ལོངས་སྐུར་བཞེངས། །སྨོན་ལམ་སྟོབས་ཀྱིས་འགྲོ་དོན་འབྱུང་། །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི། །བཅུད་མཆོག་ཉམས་ལེན་རིམ་ལྔ་ཡིན། །ཞེས་དང་། གཞུང་འདི་ཉིད་ལས་ཀྱང་། མདོར་ན་གསང་ཆེན་བླ་མེད་ཀྱི༔ སྙིང་པོ་ངོ་མཚར་རྨད་བྱུང་བ༔ མ་བྱུང་འབྱུང་བར་དཀའ་བའི་ཆོས༔ བདེ་གཤེགས་ཡོངས་ཀྱི་བགྲོད་གཅིག་ལམ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ འོ་མའི་ཡང་བཅུད་ཞུན་མར་ལྟར༔ རིམ་པ་ལྔ་དང་དབང་བཞིའི་ལམ༔ ཟབ་ཅིང་འདྲིལ་བར་བཤད་པ་འདི༔ དབང་རྣོན་སྐལ་ལྡན་རིན་པོ་ཆེའི༔ རིགས་ཅན་རྣམས་ཀྱི་སྤྱོད་ཡུལ་ཏེ༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པར༔ ཨོ་རྒྱན་པདྨ་སཾ་བྷ་ཝས༔ གདམས་པའི་སྙིང་པོ་ཡང་དག་གོ༔ ཞེས་འབྱུང་བ་ཉིད་གཞན་དུ་མི་འགྱུར་བའི་རྡོ་རྗེའི་ཚིག་ཡིན་པས་སྐལ་ལྡན་རྣམས་ཀྱི་སྙིང་ལ་གཅག་པར་མཛད་འཚལ་ལོ། །སྔོན་དུས་གྲགས་ཆེ་གྲུབ་པ་མང་བྱོན་ཀྱང་། །དེང་དུས་ནམ་གཞུག་ན་བུན་བཞིན་གྱུར་པ། །དེ་རྒྱུན་གསོ་བྱེད་བདུད་རྩིའི་བཅུད་འདི་ཡང་། །སྔ་འགྱུར་བསྟན་འཛིན་རྣམས་ཀྱིས་བསྲུང་བར་འཚལ། །འདི་དགེས་ཟབ་མོའི་ལམ་མཆོག་རིམ་པ་ལྔར། །ཞུགས་ཤིང་སྤྱད་ནས་མཐར་ཕྱིན་སྐལ་ལྡན་དུ། །བདག་གཞན་ཀུན་གྱུར་ཀུན་ཀྱང་དཔལ་ཆེན་པོའི། །ཡེ་ཤེས་ཕྱག་རྒྱ་བདེ་ཆེན་མཆོག་འགྲུབ་ཤོག །ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་པ་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་དགོངས་པ་སྐོང་བའི་སླད་དུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་བཀོད་པ་དགེ་ལེགས་འཕེལ།། །།

ལས་བཞིའི་སྦྱིན་སྲེག་སྤྱི་ལ་ཉེ་བར་མཁོ་བའི་ལག་ལེན་གསལ་བྱེད་བློ་གྲོས་འོད་ཀྱི་སྣང་བ་ (Volume 42, Text 23)

༄༅། །ལས་བཞིའི་སྦྱིན་སྲེག་སྤྱི་ལ་ཉེ་བར་མཁོ་བའི་ལག་ལེན་གསལ་བྱེད་བློ་གྲོས་འོད་ཀྱི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། ཡེ་ཤེས་མེ་ལྕེས་སྒྲིབ་གཉིས་བུད་ཤིང་སྲེག །གྲུབ་གཉིས་སྣང་བའི་དཔལ་སྟེར་རྩ་གསུམ་ལྷ། །སྙིང་དབུས་བཀོད་ནས་བློ་དམན་ངལ་སེལ་ཕྱིར། །སྲེག་བླུགས་ཀུན་ལ་འཇུག་པ་ཅུང་ཟད་བརྗོད། །ལས་ཐམས་ཅད་མྱུར་དུ་སྒྲུབ་ཅིང་འདོད་པའི་འབྲས་བུ་ཐོགས་པ་མེད་པར་འབྱིན་པར་བྱེད་པ་སྦྱིན་སྲེག་གི་ཆོ་ག་འདི་ཉིད་དགེ་བའི་བྱ་བ་གང་ལའང་ཐོག་མཐའ་བར་གསུམ་གར་གཅེས་ཏེ། བར་དུ་གཅོད་པའི་བདུད་བགེགས་མི་མ་ཡིན་བསལ་བ་དང་། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ། སྒྲུབ་པ་བྱེད་པ་སོགས་ཀྱི་ས་གཉན་འདུལ་བ། ཡུལ་ཕྱོགས་བྱིན་ཆགས་པའི་སླད་དུ་ཞི་བ་དང་དྲག་པོའི་སྲེག་བླུགས་ཐོག་མར་བྱ་དགོས་པ་དང་། སྒྲུབ་པའི་བོགས་འབྱིན་ཅིང་བསོད་ནམས་ཀྱི་ཚོགས་སྤེལ་བ་དང་། རྒྱུན་གྱི་ཉམས་ཆག་སྐོང་བ། རབ་གནས་ཀྱི་ལྷ་ལ་མངའ་དབུལ་བ་སོགས་ཀྱི་ཕྱིར་ཞི་རྒྱས་ཀྱི་སྲེག་བླུགས་བར་དུ་བྱ་བ་དང་། སྔགས་ཀྱི་ལྷག་ཆད་སྐོང་བས་མཚོན་སྐུ་གསུང་ཐུགས་ཀྱི་དམ་འགལ་སྦྱོང་བ་དང་། སྒྲུབ་པ་གང་ཡིན་པའི་ལས་བཞི་མཆོག་གི་ནུས་པ་མྱུར་དུ་འབྱིན་ཅིང་དངོས་གྲུབ་ཐོབ་པའི་ཕྱིར་ལས་དང་མཐུན་པའི་སྲེག་བླུགས་མཐའ་མར་བྱ་བ་དང་། སྡིག་པ་སྦྱོང་བའི་ཞི་བའི་སྦྱིན་སྲེག་ནི་ཐོག་མཐའ་བར་གསུམ་དུ་གཅེས་པ་སྟེ། མདོར་ན་གསང་སྔགས་ཀྱི་བྱ་བ་དང་འབྲེལ་བའི་ལས་རིམ་ཀུན་ལ། སྣ་སེལ། མཇུག་སྡུད། རྣོ་སོ། ངར་འདོགས། རྒྱབ་རྟེན། ཁ་སྐོང་དུ་འགྱུར་བ་ལ་སོགས་པའི་དགོས་པ་ཕན་ཡོན་ཚད་མེད་པ་ཡོད་པས་གསར་རྙིང་གི་རྒྱུད་ལུང་མན་ངག་ཀུན་ལས་ཆེ་ཐང་དུ་བསྔགས་པ་ཡིན་ནོ། །དེ་ལྟ་བུའི་སྲེག་བླུགས་ཀྱི་བྱ་བ་དེའང་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུའི་ཡ་གྱལ་གཅིག་ཡིན་པས། ཏིང་འཛིན་ཆོ་ག་ལག་ལེན་རྣམས་ཚུལ་བཞིན་ཤེས་པར་བྱས་ནས་གཞུང་མཐུན་ཚད་ལྡན་བགྱིས་ན་ཇི་སྐད་བཤད་པའི་ཕན་ཡོན་འབྱུང་བ་ལ་ཐེ་ཚོམ་མེད་ཅིང་། ཏིང་ངེ་འཛིན་དང་མི་ལྡན་ཞིང་ལག་ལེན་རྣམ་དབྱེ་ཕྱོགས་ཙམ་མི་ཤེས་བཞིན་དུ་སྦྱིན་སྲེག་གི་ལད་མོ་བྱེད་པ་ནི་རྫས་ཆུད་གསོན་པ་ཙམ་དུ་མ་ཟད་བྱེད་པ་པོ་ལ་ཉེས་ལྟུང་དང་། གོང་གི་ཕན་ཡོན་རྣམས་ལས་ལྡོག་པའི་ཉེས་པ་འབྱུང་བས་ཤིན་ཏུ་གཟབ་ཅིང་། གསང་སྔགས་ཀྱི་ལྟ་སྤྱོད་གཉན་པོ་ལ་ཚོད་ཡོད་མི་བྱ་བ་ཅི་ནས་གལ་ཆེའོ། །སྦྱིན་སྲེག་ཇི་ལྟར་བྱ་བའང་དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་ཀྱི་སྲེག་བླུགས་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་མེ་ལྕེས། གཉིས་འཛིན་མཚན་རྟོག་གི་བུད་ཤིང་བསྲེགས་ཏེ་རང་བཞིན་གྱིས་འོད་གསལ་བར་སྒྲུབ་པ་དང་། དབང་པོ་འབྲིང་གིས་ནང་དང་གསང་བའི་སྲེག་བླུགས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་པ། ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བས་ལྟེ་བའི་མེ་གསོས་ཏེ་དྭངས་མའི་བདུད་རྩིས་ལུས་ཀྱི་ལྷ་ཐམས་ཅད་ཚིམས་པ་དང་། ཡབ་ཡུམ་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་འབར་ཞུའི་སྲེག་བླུགས་ལས་སྐྱེས་པའི་འཛག་མེད་བདེ་བ་ཆེན་པོའི་བཅུད་ཀྱིས་ཕུང་ཁམས་སྐྱེ་མཆེད་རང་བྱུང་གི་ལྷ་མཉེས་པ་དང་། དབང་པོ་ཐ་མས་ཕྱིའི་སྲེག་བླུགས་ཆོ་ག་ལྟར་སྒྲུབ་པ་སྟེ། ལས་དང་པོ་པས་ཐོག་མར་ཕྱི་དང་ནང་གི་སྦྱིན་སྲེག་ཚུལ་བཞིན་བྱས་པས་ལྷག་པའི་ལྷ་མཉེས་པའི་བྱིན་རླབས་ཀྱི་མཐུས་གསང་བའི་སྲེག་བླུགས་ནུས་པར་འགྱུར་ལ། དེས་མཆོག་གི་སྦྱིན་སྲེག་འབད་མེད་དུ་འགྲུབ་པར་འགྱུར་བས་དང་པོར་གལ་ཆེ་བ་ཕྱི་རྫས་ལ་བརྟེན་པའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་་་རྙིང་མ་བཀའ་མའི་ལུགས་འདིར་མ་སྨྲོས། གཏེར་མ་སྤྱི་འགྲོའི་ལག་ལེན་ལྟར་འཆད་པ།ལ། སྤྱི་ལ་དགོས་པའི་སྔོན་འགྲོ །ལས་སོ་སོའི་ལག་ལེན། ཐུན་མོང་དུ་གཅེས་པའི་མན་ངག །སྤང་བླང་གི་དམ་ཚིག་བཤད་པའོ། །དང་པོ་ནི། ཕྲིན་ལས་སོ་སོ་བསྒྲུབ་པར་འོས་པའི་ས་གཞི་རྒྱུད་ནས་གསུངས་པ་ལྟར་ལེགས་པར་བརྟགས་ལ། ཕྱི་རྫས་ནང་སྔགས་གསང་བ་ཏིང་འཛིན་ལས་དང་བྱ་བས་སྦྱང་། རྫས་དང་དམིགས་པ་ཚིག་གིས་གཟུང་། མནན་པ་དང་ཕུར་གདབ་ཀྱིས་བསྲུང་། སའི་ལྷ་མོ་ལྷག་པར་གནས་ཤིང་ཞལ་ནས་གསུངས་པའི་ཚིགས་སུ་གཅད་པས་ཤིས་པར་བྱ་བ་སོགས་ལག་ཏུ་བླང་བའི་ཚུལ་བཀའ་དགོངས་ཀྱིས་མཚོན་པའི་གཞུང་ཆེན་རྣམས་ལས་ཤེས་པར་བྱ། མདོར་བསྡུས་པ་ནི། སྦྱིན་སྲེག་གང་དུ་བྱ་བའི་གཞི་དེར་དཀར་གཏོར་གསེར་སྐྱེམས་ཕྱི་མཆོད་རྣམས་བཤམ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་གཏོར་བྱིན་བརླབས། ས་བདག་གནས་བདག་ཡུལ་བདག་རྣམས་ལ་སྔགས་དང་ཚིགས་སུ་གཅད་པས་བསྔོས་པས་གནང་བ་བྱིན་ཏེ་རང་གནས་སུ་གཤེགས་པར་བསམ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ས་ལ་བཞག་སྟེ། བདག་བསྐྱེད་ལྷའི་སྙིང་པོ་བརྒྱ་རྩ་བརྒྱད། ཨོཾ་ཨཱཿཧཱུྃ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཀུན་རྫོབ་དང་། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་དུ་མོས་ལ་དོན་དམ་གྱི་སྦྱོང་བ་བྱས་པ་ཙམ་གྱིས་འཐུས་སོ།། ༈ །།གཉིས་པ་ལས་སོ་སོའི་ལག་ལེན་ལ་ལྔ། ཞི་རྒྱས་དབང་དྲག་མཆོག་གམ་ལས་བཞི་ཀུན་འདུས་སོ། །དང་པོ་སྡིག་སྒྲིབ་ནད་གདོན་བར་གཅོད་སོགས་ཞི་བར་བྱེད་པའི་སྦྱིན་སྲེག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་རྣམ་གྲངས་བཅུ་ཡོད་པ་ལས། དང་པོ་གང་དུ་བྱ་བའི་གནས་ནི། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་ཕྱོགས། མ་འབྲེལ་ན་དགེ་འདུན་གྱི་གཙུག་ལག་ཁང་། རྟེན་གསུམ་ཁྱད་པར་ཅན་བཞུགས་པ་སོགས་བཀྲ་ཤིས་ཤིང་བྱིན་ཆགས་པའོ། །གཉིས་པ་དུས་ནི། རྒྱུད་ལས་དགུན་ཟླ་འབྲིང་པོར་གསུངས་པ་ནི་ཁྱིམ་དང་བསྟུན་པ་ཡིན་ལ། སྤྱིར་ནི་ར་བ་བཞིའི་ཚེས་གཅིག་སོགས་ཀྱི་སྔ་དྲོའམ་སྲོད་ཀྱི་ཆ་ལའོ། །གསུམ་པ་ཕྱོགས་ནི། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་དང་མ་འབྲེལ་ན་འབྱུང་བའི་ཤར་དུ་སློབ་དཔོན་ཉིད་ཞལ་ཕྱོགས་དགོས་པས་དེ་དང་ཞལ་སྤྲོད་དུ་འོང་བའི་ཐབ་བཅའ་བ་སོགས་བྱའོ། །བཞི་པ་མེ་ཐབ་ནི། སྔར་སྦྱོང་བས་དག་པར་བྱས་པའི་གཞི་དེར་བརྩིག་ཐབ་བརྐོས་ཐབ་བྲིས་ཐབ་གསུམ་གང་རུང་བྱ་དགོས་པ་ལས་དེང་སང་སྔ་མ་གཉིས་ལག་ལེན་བྱེད་པ་ཆེར་མེད་པས་བྲིས་ཐབ་ལྟར་ན། ས་དཀར་པོ་ལ་སྟེགས་བུ་གྲུ་བཞི་པ་དཔངས་སོར་བཞི་རྒྱར་མཐོ་བཞི་ཤིན་ཏུ་འཇམ་པ་བྱ། ས་རང་བཞིན་གྱིས་དཀར་བ་མེད་ན་ས་ཚོན་དཀར་པོས་བྱུགས་ཏེ་ཐམས་ཅད་དཀར་པོར་བྱ། དེ་སྟེང་ཐབ་ཀྱི་རི་མོ་ཚོན་སེལ་དམར་ནག་སོགས་མིན་ཞིང་མདོག་མི་ཟློས་པ་དཀར་སེར་ལྟ་བུས་གཅད་དགོས་པ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱ། སྟེགས་བུའི་སྟེང་ཚངས་ཟུར་གྱི་ཐིག་གདབ། དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ནི་ཐབ་ཁུང་དངོས་ཡིན་ལ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་རེ་སྟེ་ཟླུམ་སྐོར་གསུམ་གྱི་དབུས་སུ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་རྩེ་ལྔ་སོར་བརྒྱད་པ་མགོ་ཤར་དུ་བསྟན་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲི། ཕྱི་རོལ་ཁྲུ་ཕྱེད་ཀྱི་སར་བ་བྱུང་ལྔ་དང་འོ་མ་ཙནྡན་དཀར་པོ་དང་སྤོས་དཀར་ལ་སོགས་པས་བྱུག །བ་ལུ་ལ་སོགས་པའི་མེ་ཏོག་དཀར་པོ་གཅལ་དུ་དགྲམ་མོ། །ལྔ་པ་བུད་ཤིང་ནི། དུ་བ་མེད་པའི་མེ་དགོས་པས་འབྲོག་དགོན་གྱི་བ་ལང་གི་ལྕི་བ་སྐམ་པོའམ། བལ་བུ་དང་གླང་མས་ཀྱང་རུང་སྟེ་འོ་མ་ཅན་ནམ་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའི་སྐམ་པོ་རང་བྱུང་ཟླུམ་པོ་ཉིད་ཐབ་ལས་ཅུང་ཟད་ཐུང་བའམ་མཉམ་པ། དཔངས་སུ་ཐབ་ཁུང་གི་ཚད་དང་མཉམ་པའམ་ཁང་པའི་དཔངས་དང་བསྟུན་པ་ཟླུམ་པོར་བརྩིགས་པའི་ནང་དུ་འབར་སླ་བའི་མེ་ཚང་དང་ལྡན་པར་བྱ། ཐབ་དང་སློབ་དཔོན་གྱི་བར་དུ་མེ་ལྷའི་རྗེས་སུ་འབྲང་བའི་འབྱུང་པོའི་བར་ཆད་བསྲུང་བའི་ཆེད་དུ་མེ་ཡོལ་རྡོ་ལེབ་ལྟ་བུའི་ངོས་སུ་གངས་རི་ཆུ་མཚོ་བཾ་ཡིག་དཀར་པོ་བྲིས་པ་བསླངས་ཏེ་བཞག །གལ་ཏེ་མེ་ཡོལ་མ་འཛོམ་ན་འཇིག་རྟེན་པའི་མེ་ལྷ་སྤྱན་དྲངས་ཟིན་མ་ཐག་ལས་སྔགས་དང་ལས་ཆུས་བགེགས་སྐྲོད་པར་བཤད། རྙིང་ལུགས་ཁ་ཅིག་ཏུ་ཐབ་ཀྱི་དབུས་སམ་ཤར་ལྷོའི་ཟུར་དུ་མདའ་དར་དཀར་པོ་བཙུགས་ཤིང་མེ་ལྷ་སྤྱན་འདྲེན་སྐབས་སུ་གཡབ་པའང་སྣང་བ་མེ་དར་གཡབ་ཅེས་པའི་ཚིག་ཟིན་ཅན་ལ་ངེས་པར་དགོས་ཤིང་། སྨིན་ལུགས་ཕྱག་ལེན་དུ་ཐབ་ཀྱི་ཟུར་བཞིར་མདའ་བཞི་བཙུགས་ཤིང་སྲད་བུ་དཀར་པོས་བསྣོལ་མར་བྲན་པ་ལ་བརྟེན་པའི་རས་སམ་དར་དཀར་གྲུ་བཞི་བླ་བྲེ་ལྟར་ཕུབ་པ་དང་། ལས་བཞི་ཀར་མེ་དར་དམར་པོ་ཤར་ལྷོར་གཟུག་པར་སྣང་ངོ་། །དགོངས་འདུས་ལུགས་སོགས་ལ་ཐོག་མར་བགེགས་བསྐྲད་དྲག་པོའི་སྲེག་བླུགས་དགོས་པས། དྲག་ཐབ་ཆུང་ངུ་རྡོ་ལེབ་ལྟ་བུར་ཟུར་དུ་བརྩིགས་པ་ལ་མེར་སྦར་ཅིང་ཡུངས་ཐུན་སོགས་འབུལ་ནས་མེ་ཐབ་ཀྱི་ཟུར་དུ་འཇོག་པ་ཡིན་ནོ། །དྲུག་པ་རྫས་ལ་མཆོད་རྫས་དང་བསྲེག་རྫས་གཉིས། དང་པོ་ལའང་གཞུང་ཆེན་པོ་རྣམས་ལས་ཕྱི་ཆུ་གསུམ་ཉེར་སྤྱོད། ནང་འབྲུ་སྨན་རིན་ཆེན་དཀར་མངར་རྣམས་ལས་མཐུན། གསང་བ་ལས་སོ་སོར་བསྔགས་པའི་རྫས་སྦྱོར། ཟུར་དུ་གབ་པའི་མན་ངག་གི་མཆོད་རྫས་སོགས་རྒྱས་པར་བཤད་ཀྱང་སྤྱི་ལ་འགྲོ་བའི་ཕྱག་ལེན་ལྟར་ན། སློབ་དཔོན་གྱི་གཡོན་ངོས་སྟེགས་བུ་ཁེབས་དཀར་པོས་གཡོགས་པའི་སྟེང་དུ་འཇིག་རྟེན་པ་མེ་ལྷ་དང་། འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་ལྷའི་མཆོད་གཏོར་འབྲུ་དཀར་པོའི་ཕྱེ་མ་ལ་དཀར་གསུམ་དང་རིན་ཆེན་དཀར་པོའི་ཕྱེ་བསྲེས་པའི་ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས། དེའི་གཡས་གཡོན་དུ་སྨན་རཀ་གི་སྣོད། མདུན་དུ་གཟེད་ཞལ་གཉིས་སམ་གསུམ་སྤོས་ཀྱིས་བདུག་ནས་བཀོད་པའི་གཅིག་གི་ནང་དུ་མཆོད་ཡོན་གྱི་རྫས་ཐུན་མོང་བ་དྲི་དང་ཏིལ་དཀར་མེ་ཏོག་འབྲས་ཡོས་ཀུ་ཤ་རྣམས་བླུགས། གཅིག་ལ་ཤུན་པ་ལྔའི་ཕྱེ་མ་ཡོད་ན་བཏབ། བྱ་མ་བུམ་དུ་ཁྱད་པར་གྱི་རྫས་འོ་མ་མེ་ཏོག་དཀར་པོ་ཙན་དཀར་སྤོས་དཀར་སོགས་དྲི་དཀར་པོ་དང་སྦྱར་བའི་ཆུས་བཀང་བ་ཉེ་ལོགས་སུ་བཞག །མེ་ཏོག་དཀར་པོ། སྤོས་ཤིང་དཀར་པོ། དཀར་གསུམ་གྱིས་མཚོན་པའི་ཉེར་སྤྱོད་ལྔ་པོ་ཕྲེང་ཚར་དུ་བཀོད། འདིའང་ཆ་གཉིས་འཛོམས་ན་སྟབས་བདེ། དེ་དག་གི་སྣོད་རྣམས་དངུལ་དུང་ཉ་ཕྱིས་སོགས་ཁ་དོག་དཀར་ཅིང་དབྱིབས་ཟླུམ་པོ་ཁོ་ནར་བཤམ། བཅུད་ཐམས་ཅད་ཀྱང་རང་བྱུང་མ་འཛོམ་ན་འོ་མ་སོགས་ཀྱིས་དཀར་པོར་བསྒྱུར། ཚོགས་ཕུད་དམ་ཚོགས་མཆོད་ཡོད་ན་འདིར་བཤམ། ལས་བུམ་མམ་བསང་ཆུའི་སྣོད་ཀུ་ཤའི་འཐོར་གཡབ་དང་བཅས་པའང་བཞག་གོ །གཉིས་པ་བསྲེག་རྫས་ནི། གཞུང་ཆེ་ཆུང་དང་མཐུན་པའི་གྲངས་མང་ཉུང་དང་རྫས་ཀྱི་དངོས་པོ་ཅུང་ཟད་འདྲ་མིན་མང་ཡང་། གཙོ་བོར་སྡོམ་འབྱུང་ལས་རྣམ་གྲངས་བཅུ་བཞིར་གསུངས་པ་ལས། ཡམ་ཤིང་བུད་ཤིང་གཅིག །འོ་ཞོ་སྦྲང་རྩི་ཞོ་ཟན་རྣམས་གཅིག་ཏུ་བྱས་པའི་རྫས་ཆེན་བཅུ་བཞིའམ། ཡུངས་དཀར་ཕྲི་ནས་བཅུ་གཅིག་པོ་ཡོངས་སུ་གྲགས་པ་སྟེ། ཡམ་ཤིང་མར་ཁུ་ཏིལ་ཡུངས་དཀར། །ཞོ་ཟན་འབྲས་དང་སོ་བ་ནས། །གྲོ་སྲན་དཱུརྦ་ཀུ་ཤ་འོ། །དེ་ལས་མར་དཀར་བཞུས་པའི་ཁུ་བ་གཡས་ངོས་སུ་ཟངས་དཀར་ལྟ་བུའི་སྣོད་དུ་ཅི་བདེར་བཞག །གཞན་རྣམས་ཀྱང་སློབ་དཔོན་གྱི་གཡས་ཕྱོགས་སུ་སྟེགས་དཀར་པོ་ལ་སོ་སོའི་གཞུང་གི་གོ་རིམ་ལྟར་བསྒྲིག་སྟེ། ཡམ་ཤིང་ཞི་བ་ལ། སོར་བཞིའམ་བཅུ་གཉིས་སུ་བཤད་པ་སོགས་ལས་བཞི་པོར་སྐྱེད་སྡུད་ཀྱིས་ཚད་འདྲ་མིན་མང་ཡང་སྐབས་འདིར་ཡོངས་གྲགས་དང་བསྟུན་ན། ཡམ་ཤིང་བདུད་རྩི་འོ་མ་ཅན་དངོས་ཨུ་དུམྦ་ར་སོགས་མི་རྙེད་པས་བ་ལུ་དང་ལྕང་དཀར་ལྟ་བུའི་བཟང་ཤིང་དཀར་པོའི་རྩེ་མོའི་ཆ་ལས་བྱུང་བ་དྲང་ཞིང་མ་གྲུམ་པ་མཛུབ་གང་བའི་ཚད་ཅན། དཀར་གསུམ་དང་དྲིས་བྱུགས་ཤིང་རྩེ་མོ་འོ་མ་དང་རྩ་བ་མར་ཁུར་ཉུགས་པ། ཏིལ་དཀར་པོ་བྱེད་པ་ནི་ཞི་བའི་ལས་སྤྱིའི་དབང་དུ་མཛད་པ་སྟེ། སྡིག་པ་སྦྱོང་བ་ལ་ཆེད་དུ་བྱེད་སྐབས་ཏིལ་ནག་པོས་ཆོག །ཞོ་ཟན་ཕྱེ་འཕུར་བྱེད་པའང་སྣང་མོད་དཀར་གསུམ་གྱིས་སྦྲུས་པའི་ཟན། འབྲས་མ་གྲུག་པ། སོ་བ་གྲྭ་མ་མེད་པ། སྲན་མ་མཱ་ཥའམ་མ་རྙེད་ན་བོད་སྲན་དཀར་པོ། གྲོ་ནས་ཀྱང་དཀར་པོ་ཤུན་པ་མེད་པ། དཱུརྦ་དང་འབྲུ་མར་གྱིས་བྱུགས་པའི་ཀུ་ཤ་མ་ཉམས་པ་དགོས་སོ། །འབྲུ་སོགས་བཤམ་པའི་སྣོད་མཆོད་རྫས་དང་མཚུངས་ལ། ཐམས་ཅད་ཀྱང་འདས་མ་འདས་ལ་ཚར་ཉིས་རིམ་དུ་བཤམ། གྲངས་མང་དུ་གསོག་པའི་རྫས་སྤུངས་དགོས་ན་བཤད་མ་ཐག་པའི་བསྲེག་རྫས་རྣམས་དང་དུག་རིགས་མ་ཡིན་པའི་མེ་ཏོག་སྨན་སྣ་རིན་ཆེན་ཟས་སྣ་ཤིང་ཏོག་སོགས་ཁ་དོག་དཀར་ཞིང་འཇམ་ལ་རོ་མངར་བ་ཇི་ཙམ་ཚོགས་པ་བསྲེས་ལ་སྣོད་གཅིག་ཏུ་བཞག །གོས་ཟུང་དར་རས་དཀར་པོ། སོ་རྩི། རྒྱན་འབུལ་དགོས་པ་ལ་དུང་ཤེལ་གང་རུང་རས་སྐུད་དཀར་པོ་ལ་བརྒྱུས་པ། ཀུ་ཤ་སྔོ་ལྗང་ཟུང་དུ་བསྡེབས་པ་མ་ཉམས་ཤིང་ཧ་ཅང་རིང་བ་མ་ཡིན་པ་ཚན་ལྔའམ་བཀྲམ་པའི་སྐབས་འདང་ངེས་སུ་བསྡོག་གོ །བདུན་པ་དགང་བླུགས་ནི། ཁ་དོག་མཚན་མ་ཐབ་དང་འདྲ། །ཅེས་བཤད་པས་དངུལ་ལམ་ཏོང་སོགས་ལས་བྱས་པ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ་རྡོ་རྗེའམ་འཁོར་ལོས་མཚན་པ་སྟེ་ཚད་སོགས་འདྲ་མིན་མང་བས་གཞན་ལས་ཤེས་པར་བྱའོ། །བརྒྱད་པ་མེ་ནི། དགེ་འདུན་རུང་ཁང་སོགས་གཙུག་ལག་ཁང་། བྲམ་ཟེའི་གནས་དང་འབྲེལ་བ་ནས་བླངས་པ་དང་གཙུབ་ཤིང་ལས་བྱུང་བ། སྦོར་བྱེད་དགེ་སློང་ཁྲིམས་ལྡན་ནམ་ཁྱེའུ་གཙང་མ། མེ་ལྡེ་དཀར་པོ། རླུང་གཡབ་བྱ་རྒོད་ཀྱི་གཤོག་པའམ་རས་དཀར་ལ་རཾ་དཀར་པོ་བྲིས་པ། ཕྱོགས་ཤར་ནས་སྦར་བར་གསུངས་ཀྱང་ལས་བཞི་ཀར་ཤར་ལྷོ་ནས་སྦོར་བའང་སྣང་ངོ་། །དགུ་པ་སློབ་དཔོན་གྱི་ཆས་རྒྱན་ནི། ཁྲུས་བྱས་ཏེ་ལུས་ལ་དྲི་ཞིམ་པོས་བྱུག །གོས་དཀར་པོ་བགོ །དར་དཀར་རམ་མེ་ཏོག་དཀར་པོའི་ཐོད་དང་གཙུག་ཏོར་བཅིང་། དུང་ཤེལ་སོགས་ཀྱི་ཕྲེང་བས་བརྒྱན། ཙནྡན་དཀར་པོ་དང་འོ་མ་སྦྱར་བའི་ལྡེ་གུས་གནས་གསུམ་དུ་ཐིག་ལེ་བྱས་ཏེ་འབྲུ་གསུམ་གྱི་རྒྱས་གདབ། གདན་ཡང་དཀར་པོ་བཏིང་། ལས་རྡོར་སོགས་ཀྱང་དཀར་པོའི་ཆས་ཞུགས་མཚོན་བྱེད་ཡོད་ན་ལེགས་སོ། །བཅུ་པ་འདུག་སྟངས་ནི། རྡོ་རྗེའི་འདུག་སྟངས་ཞེས་པ་རྡོ་རྗེ་སྐྱིལ་ཀྲུང་ངམ། བྱིན་པ་གཡོན་གྱིས་གཡས་པ་མནན་ཏེ་པུས་མོ་གཉིས་སྨད་པ་པདྨའི་སྟབས་ཀྱིས་དཀྱིལ་འཁོར་རམ་འབྱུང་བའི་ཤར་ལ་ཁ་ཕྱོགས་ཏེ། ཐབ་ཁུང་དང་ཁ་སྤྲོད་དུ་ཞི་དེས་འཇམ་པའི་སྤྱོད་པས་འཁོད་པའི་མདུན་སྟེགས་སུ་རྡོར་དྲིལ་གྱི་བར་དུ་དགང་བླུགས་ཁ་སྦྱར་བ་དང་། ཌཱ་མ་རུ། ནང་མཆོད། མེ་ཏོག །ཡུངས་ཐུན་སོགས་ཀྱང་བཀོད་དོ། །བཅུ་གཅིག་པ་བསམ་པ་ལ། འདུན་པའི་སེམས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་གཞིར་བྱས་ནས། སྟངས་ཀྱི་སེམས་སྡིག་སྒྲིབ་ནད་གདོན་བར་གཅོད་ཞི་བར་བྱའོ་སྙམ་པའི་འདུན་པ་དང་མ་བྲལ་བར་བྱའོ།། །།གཉིས་པ་སྦྱིན་སྲེག་དངོས་ལ་བཞི། སྔོན་དུ་བྱ་བ། འཇིག་རྟེན་པ་མཆོད་པ། འཇིག་རྟེན་ལས་འདས་པ་མཆོད་པ། མེ་ལྷ་ལ་གཏོང་རག་འབུལ་ཞིང་གཤེགས་པའོ། །དང་པོ་ལའང་ལྔ་ཡོད་པའི་ཐོག་མར་བདག་བསྐྱེད་ནི། དཀྱིལ་འཁོར་སྒྲུབ་མཆོད། རབ་གནས། དབང་བསྐུར་སོགས་དང་འབྲེལ་བ་ལ་སོ་སོའི་སྐབས་ཐོབ་ལྟར་བྱ་དགོས་པས་བདག་བསྐྱེད་གྲུབ་ཟིན། དེ་དག་དང་མ་འབྲེལ་བའི་སྦྱིན་སྲེག་སྒེར་ཐུབ་བྱེད་སྐབས་ཡི་དམ་གང་ཡིན་པའི་བདག་བསྐྱེད་བཟླས་པའི་མཐར་ཐུག་པའི་བར་བྱས་ནས་རྣལ་འབྱོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས། ལས་བུམ་དུ་པདྨའི་རིགས་ལ་རྟ་མགྲིན་ལྟ་བུ་སོ་སོའི་ལས་ཀྱི་ལྷའམ། སྤྱི་ཙམ་དུ་བགེགས་བསལ་བ་ལ་བསྔགས་པ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་བྱ་བའམ། ལས་བུམ་མེད་ན་གཡོན་དུ་བཀོད་པའི་བསང་ཆུ་ལས་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་རྡོར་དྲིལ་གཟུང་བ་ནི། ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་པ་གཡས་གཡོན་དུ་ཉི་མ་དང་ཟླ་བ་བསམ་ལ་རྣམ་ལྔ་བསྐོར་ཏེ། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཞེས་བརྟན་པར་མོས་ལ་སྔགས་སོ་སོས་རྡོར་དྲིལ་བཟུང་ཞིང་འཁྱུད་རྒྱ་བྱས་ལ་དམ་ཚིག་གསུམ་དྲན་པར་བྱ། འདི་ནས་བརྩམ་ཆོ་གའི་བྱ་བ་རྫོགས་ཀྱི་བར་དུ། ལུས་ལྷར་གསལ་བ། ངག་གཏམ་གྱི་སྨྲ་བ་གཅད་པ། ཡིད་ཏིང་འཛིན་སྒོམ་པ། ལག་རྡོར་དྲིལ་གཟུང་བ་རྣམས་དང་མ་བྲལ་བ་བྱ་དགོས་སོ། །གསུམ་པ་རྫས་བརླབ་པ་ནི། བསང་ཆུའི་སྣོད་ལས་ཀུ་ཤའི་འཐོར་གཡབ་ཀྱིས་ཆུ་བླངས་ལ། ལས་སྔགས་བཟླ་ཞིང་རང་གི་གཡོན་ནས་གཡས་སྐོར་དུ་ཐབ་དང་བསྲེག་རྫས་རང་དང་དགང་བླུགས་ཐམས་ཅད་ལ་བསང་གཏོར་བྱས་ལ་མཆོད་རྫས་རྣམས་སྦྱངས་ཤིང་བསྐྱེད་དེ་བྱིན་གྱིས་བརླབས། དེ་ནས་བསྲེག་རྫས་རྣམས་བདུད་རྩི་ལྔས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བཀྲུ་ཞིང་སྦྱོང་བ་དང་བྱིན་གྱིས་རླབས་པའི་དམིགས་པ་བྱས་ལ་རྫས་སྔགས་ཐམས་ཅད་ལན་གསུམ་གསུམ་བརྗོད། བཞི་པ་མེ་སྦར་བ་ནི། གོང་སྨྲོས་ལས་མཐུན་གྱི་མེ་ཡི་གེ་གསུམ་གྱིས་སྣོད་དུ་བཞག་ལ། ལས་སྔགས་ཀྱིས་ཞུན་མར་གྱི་མེ་སྦར་ནས་འབར་བ་ན་ལས་སྔགས་བརྗོད་ཅིང་བསང་ཆུས་གཡས་སྐོར་དུ་ལན་གསུམ་བསང་གཏོར་བྱས་ལ། ཐབ་ཏུ་གཙང་ཞིང་སྐམ་པའི་རྩྭའི་ཆུན་པོ་དང་བཅས་པས་དུ་བ་མེད་པར་གཞུག་ཅིང་རླུང་གཡབ་ཀྱིས་གཡབ། འབར་བ་ན་རིགས་ཀྱི་སྙིང་པོ་དང་ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་མེ་གསོ། ལྔ་པ་ཀུ་ཤ་བཀྲམ་པ་ནི། སྔགས་དང་ཚིགས་གཅད་བརྗོད་པ་དང་བསྟུན། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་ཐོག་མ་རྩེ་མོ་ཐབ་ཀྱི་ཤར་དུ་བསྟན། དེ་ནས་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པ་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་མེའི་བྱ་བས་ལྷ་མཉེས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་དྲུག་གི །དང་པོ་ཐབ་དང་ལྷ་བསྐྱེད་པ་ནི། ཐབ་ཁུང་དཀར་པོ་ཟླུམ་པོ་བྲིས་པ་ལྟ་བུའི་མཚན་ཉིད་རྫོགས་པའི་ནང་དུ་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་འོད་ཟེར་དང་བཅས་པ་བསྐྱེད། གཉིས་པ་ཡེ་ཤེས་པ་བསྟིམ་པ་ནི། རང་དང་མེ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ལྷོ་ནས་བསྒོམས་པ་ལྟ་བུ་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་ཚིགས་གཅད་དང་སྔགས་བརྗོད་པས་བཀུག །ཐབ་ཀྱི་མེ་མཚམས་སུ་ཀུ་ཤའི་གདན་ལ་བཞུགས་པར་བསམ་ལ། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། སྔགས་རྒྱ་བཞིས་དགུག་གཞུག་བཅིངས་ཏེ་དབང་དུ་བྱ། གསུམ་པ་མཆོད་བསྟོད་ནི། ཆུ་བཞི་དང་གསུམ་དང་གཉིས་རྣམས་དཀྱིལ་འཁོར་གང་ཡིན་པ་དེའི་ལུགས་དང་བསྟུན་ཏེ། འབུལ་ཚུལ་ཕྱག་རྒྱ་རྣམས་སྤྱི་འགྲོ་ལྟར་བྱ་བ་དང་། མེ་ཏོག་སོགས་ཉེར་སྤྱོད་ལྔ་རེ་རེ་བཞིན་འབུལ་ལ་བསྟོད་པས་བསྟོད། བཞི་པ་དམ་ཚིག་བསྒྲག་པ་ནི། ལག་གཡས་མི་འཇིགས་པ་དང་། གཡོན་ཁུ་ཚུར་དཀུར་བརྟེན་པའི་དམ་རྒྱ་བསྟན་ལ། སྔགས་ལན་གསུམ་བརྗོད་པས་མེ་ལྷ་རང་གི་དམ་ཚིག་ལ་གནས་པར་བསམ། ལྔ་པ་རྫས་འབུལ་བའི་ཐོག་མར་བྱོན་སྐྱེམས་སམ་སྲེག་བླུགས་འབུལ་བ་ནི། ལག་གཡོན་བྱང་ཆུབ་མཆོག་གི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་དང་། གཡས་པ་ཁུ་ཚུར་དེ་ཉིད་ཐུར་དུ་སྦུབས་པས་བླུགས་གཟར་མར་གྱིས་གང་བ་གྱེན་དུ་བསྟན་པ་བཟུང་ལ། མེ་ལྷ་འཛུམ་པ་དང་བཅས་པས་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། དགང་བླུགས་དང་སྲེག་བླུགས་སྔགས་ཚར་རེ་དང་སྤྲད་པའི་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་། དེ་ནས་བླུགས་གཟར་ཁ་སྦུབས་ཏེ་དགང་གཟར་དང་སྤྲད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་མེ་ལྷའི་སྔགས་ཀྱིས་ཐབ་ཏུ་འབུལ་ཅིང་འདོད་གསོལ་བྱ་བ་ལན་གསུམ་བསྐྱར། འདི་དང་རྒྱས་པ་དབང་བཅས་ལ་དགང་བླུགས་པུས་མོ་ལས་ཕྱིར་མི་འདའ་བ་དང་གཡས་སྐོར་གྱིས་བྱ་བ་མཚུངས་སོ། །སྐབས་འདིར་འོག་ནས་བཤད་པ་ལྟར་མེ་པྲ་བརྟགས་ཏེ་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བའི་སྲེག་བླུགས་བདུན་འབུལ། སླར་ཡང་ལས་སྔགས་ཀྱིས་བསང་གཏོར་བྱས་ནས་མེ་ལྷའི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་སོགས་ཅི་འབྱོར་པ་འབུལ་ལོ། །དེ་ནས་རྫས་རྣམས་ཀྱི་ཐོག་མ་ཡམ་ཤིང་ནས་བརྩམ་སོ་སོའི་གཞུང་དང་མཐུན་པའི་གོ་རིམ་མ་འཆོལ་བར་འབུལ་ཏེ། དེའང་གང་དུ་འབུལ་བ་ནི། ཁུ་བའི་རྫས་རྣམས་ནི་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་བདུག་སྤོས་སོགས་ནི་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་ཞབས་བསིལ་ཏིལ་སོགས་ཕྱག་དང་། དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། མར་མེ་དང་མཆོད་ཡོན་རྣམས་མདུན་དུ་དབུལ་བར་བྱའོ། །འབུལ་ཚུལ་ནི། ཡམ་ཤིང་དཱུརྦ་ཀུ་ཤ་རྣམས་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པ་ལྟར་འབུལ་ཞིང་། མར་ཁུ་དང་འབྲུ་སོགས་གཟུང་དུ་མི་རུང་བ་རྣམས་བླུགས་གཟར་གྱིས་དབུལ་ལོ། །འབུལ་སྔགས་སོ་སོའི་གཤམ་དུ་ཞི་བའི་སྤེལ་ཚིག་སྦྱར་ཏེ། དཔེར་ན་ཡམ་ཤིང་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མཚོན་ནོ། །དེ་ལ་ཡམ་ཤིང་དང་མར་ནི་མེད་དུ་མི་རུང་བའི་རྫས་ཡིན་ལ། གཞན་རྣམས་གྲངས་མཚུངས་པར་མ་ངེས་ཏེ་ལས་གང་གཙོ་བོར་སྒྲུབ་པའི་རྫས་དེ་ལྷག་པར་འབུལ་དགོས་པའི་ཕྱིར། སྡིག་པ་སྦྱོང་བ་ལ་ཏིལ་གཅིག་པུའི་སྦྱིན་སྲེག་གསུངས་པ་སོགས་ཤེས་པར་བྱའོ། །དྲུག་པ་ལས་བཅོལ་བ་ནི། རྫས་རྣམས་རྫོགས་པ་ན་སླར་ཡང་བསང་གཏོར་དང་ཞབས་བསིལ་ཙམ་མམ། ཉེར་སྤྱོད་ལྔ་ཚང་བ་འབུལ་ཅིང་བསྟོད། ཞི་བའི་ཕྲིན་བཅོལ་རྒྱས་པར་བྱས་ལ་ཐབ་ཏུ་ཡུངས་དཀར་འཐོར། སྔགས་དང་སེ་གོལ་གསུམ་གཏོགས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། འདི་ལ་ལུགས་གསུམ་སྟེ། མེ་ལྷ་མེར་ཤེས་པ་ནི་བཤད་མ་ཐག་པ་ལྟར་དང་། མེ་ལྷ་གཞལ་ཡས་ཁང་དུ་ཤེས་པ་ནི་མེ་ལྷའི་ལྟོ་བ་རབ་ཏུ་ཡངས་པར་གྱུར་པའི་ནང་དུ་དཀྱིལ་འཁོར་པ་བསྐྱེད་པ་དང་། མེ་ལྷ་ཕྱག་ཚང་པར་ཤེས་པ་ནི་ཕྲིན་བཅོལ་གྲུབ་ནས་མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་འཁོད་དེ། སྤྲུལ་པ་དུ་མ་དང་བཅས་པས་དཀྱིལ་འཁོར་པ་ལ་སྲེག་བླུགས་འབུལ་བའི་གྲོགས་བྱེད་པར་བསམ་པ་སྟེ་གཞུང་སོ་སོ་ལས་དམིགས་སུ་བཤད་ན་དེ་ལྟར་བྱའོ། །གསུམ་པ་ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་ཅིང་ལྷག་ཆད་ཁ་སྐོང་བའི་ཕྱིར་བསྒྲུབ་བྱའི་ལྷ་ལ་སྲེག་བླུགས་འབུལ་བ་ལ་བདུན། དང་པོ་མཆོད་མགྲོན་བསྐྱེད་ཅིང་བསྟིམ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་མདངས་རྒྱུའི་ས་བོན་སྣང་བ་སྒྱུ་མ་ལྟ་བུར་གསལ་བ་ལས། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད། དེའང་བླ་མ་དགོངས་འདུས་ལས་ཞི་བའི་སྐབས་གཙོ་འཁོར་ཐམས་ཅད་དཀར་ཞིང་འཛུམ་པ་ཟླ་བའི་མདངས་ཅན་དུ་བསྒོམ་པས་མཚོན་ལས་མཐུན་གྱི་མདོག་ཅན་གསུངས་པ་ལྟར་རམ། སྤྱི་ཁྱབ་ཏུ་གཙོ་འཁོར་ཐམས་ཅད་མངོན་རྟོགས་རང་གཞུང་ལྟར་ལས། ཁྱད་པར་ལྷ་ཐམས་ཅད་ལས་ཟླ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམ་པ་སོགས་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་རབ་གནས་སོགས་དང་འབྲེལ་བ་ལ་ནི་ཐབ་ཀྱི་མེའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། དེ་ནས་སྤོས་དང་རོལ་མོར་བཅས་པས་སྤྱན་འདྲེན་གྱི་ཆོ་ག་བྱ་ཞིང་། ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་རམ་རབ་གནས་ཀྱི་ལྷའི་དྲུང་དུ་སོང་ལ། ལྷ་སོ་སོའི་སྔགས་ཀྱི་མཐར། བཛྲ་ས་མ་ཡ་ཛཿ བཏགས་པ་བརྗོད་ཅིང་ཚོམ་བུ་མེ་ཏོག་གིས་མཚོན་པའི་སྒོ་ནས་བཀུར་སྟི་བཅས་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ། དེས་སྔགས་བརྗོད་ཅིང་། ཚོམ་བུའམ་མེ་ཏོག་ལས་ཅུང་ཟད་ཐབ་ཏུ་རིམ་པ་བཞིན་དོར་ལ་སོ་སོའི་གདན་ལ་བཞུགས་པར་བསྒོམ་ཞིང་གསལ་བཏབ་སྟེ་མཆོད་སྦྱིན་བྱ། ཚོམ་བུ་ལྷག་མ་སྟེགས་བུར་བཀོད་དོ། །གཉིས་པ་མཆོད་བསྟོད་ནི། ཆུ་བཞིའམ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པ་བསྟོད་པ་དང་བཅས་པ་སོ་སོའི་ཆོ་གའི་ངེས་པ་ཇི་ལྟ་བ་བཞིན་བྱའོ། །འདི་སྐབས་ཕྱི་མཆོད་དངོས་སུ་འབུལ་དགོས་ཤིང་དགོངས་འདུས་ལས་ཕྱི་མཆོད་རྣམས་མེ་འབར་བའི་ནང་དུ་མི་འབུལ་བར་ཐོ་ཕྱིར་དབུལ་བར་གསུངས་སོ། །གསུམ་པ་བསྲེག་རྫས་འབུལ་བ་ནི། ཐོག་མར་དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ། ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། སྙིང་པོ་ལན་བདུན་དང་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་། རྩ་སྔགས་ལ་སྤེལ་ཚིག་སྦྱར་བ་ལན་གཅིག་གིས་ཐབ་ཏུ་འབུལ་བ་བཅས་ཚར་གསུམ་གྱིས་དགང་བླུགས་འབུལ། མཐར་གསོལ་བ་བཏབ་པས་ཕྲིན་ལས་མཛད་པར་ཞལ་གྱིས་འཆེས་པར་བསམ་མོ། །དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ནི། རྒྱས་པར་ལྷ་སྔགས་རྫས་སྔགས་སྤེལ་ཚིག་བཅས་སྦྲེལ་བས་འབུལ་བ་ལ་གྲངས་གཟུང་། འབྲིང་དུ་ལྷ་སྔགས་རྫས་སྔགས་གཉིས་ཀྱིས་འབུལ་ཅིང་སྤེལ་ཚིག་བདུན་ཚན་རེའམ་ཐོག་མཐའ་གཉིས་སུ་ཚར་རེ་སྦྱར། བསྡུ་ན་ཐོག་མར་ལྷ་སྔགས་ཚར་གཅིག་བརྗོད། རྫས་སྔགས་ཁོ་ན་ལ་གྲངས་གཟུང་། མཐར་སྤེལ་ཚིག་ཚར་གཅིག་སྦྱར་ཏེ་གཙོ་བོ་ལ་ཉེར་གཅིག་ནས་བརྒྱ་རྩ་ལ་སོགས་པའི་བར་དང་། འཁོར་རྣམས་ལ་ནི་བདུན་ནམ་གསུམ་ལ་སོགས་པ་ཅི་འབྱོར་པ་རང་སྔགས་སྤེལ་ཚིག་ཅན་གྱིས་དབུལ་ལོ། །དེའང་བསྙེན་སྒྲུབ་ལས་གསུམ་སོ་སོའི་སྐབས་དེ་དང་དེའི་ཁ་སྐོང་གི་སྦྱིན་སྲེག་བྱེད་ན་སོ་སོའི་བཟླ་བྱའི་ལྷ་སྔགས་དེ་དང་སྦྲེལ་དགོས་ཤིང་། བསྙེན་པ་ཁོ་ནའི་ཁ་སྐོང་བྱེད་ན་བཟླས་པ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་གི་སྲེག་བླུགས་འབུལ་དགོས་པས། དཔེར་ན་བསྙེན་བཟླས་བྱེ་བ་ལ་སྦྱིན་སྲེག་འབུམ་ཐེར་གཅིག །བསྙེན་བཟླས་འབུམ་ཕྲག་ལ་སྦྱིན་སྲེག་ཁྲི་གཅིག་བྱ་བས་མཚོན་ནོ། །འདི་སྐབས་ལྷག་ཆད་ཁ་སྐོང་གཙོ་ཆེ་བས་རྫས་སྔགས་གཉིས་ཀ་ཏིལ་ཁོ་ན་ལ་གྲངས་གཟུང་བ་དང་། ཡང་བསྲེག་རྫས་ཐམས་ཅད་བསྲེས་ནས་སྤོམ་རྫས་སུ་བྱས་པ་དང་མར་ཁུ་ཡམ་ཤིང་གཙོ་བོར་འབུལ་ཅིང་ལྷ་སྔགས་མཐར་འབྲུ་གསུམ་སྦྱར་བ་ལ་གྲངས་གཟུང་བ་སོགས་ཕྱག་ལེན་མི་མཚུངས་པ་འགའ་ཞིག་སྣང་ངོ་། །བཞི་པ་རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས། ཟླ་བ་དཀར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་དང་། འགའ་ཞིག་ཏུ་སྐབས་འདིར་ཐུགས་རྒྱུད་བསྐུལ་བའི་བཟླས་པ་བྱ་བར་བཤད་པའང་ཡོད་པས། དེའི་ཚེ་ལྷ་རྣམས་ལས་འོད་ཟེར་དཀར་པོ་ཟླ་ཟེར་བདུད་རྩིའི་རང་བཞིན་དཔག་ཏུ་མེད་པ་འཕྲོས་པས་བདག་གཞན་བསྲུང་བྱ་ཀུན་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་གཅོད་ཐམས་ཅད་མུན་པ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བསྒོམ་མོ། །ལྔ་པ་གཏང་རག་ནི། སླར་ཡང་དགང་བླུགས་སྔར་བཞིན་ཕུལ་ནས་ལས་སྔགས་ཀྱིས་མཆོད་ཡོན་ཕུལ། བསང་གཏོར་དང་ཞབས་བསིལ་བྱས་ལ། གོས་གསར་པ། རིན་པོ་ཆེའི་རྒྱན། རྡོ་ཐལ་མེད་པའི་སོ་རྩི་རྣམས་སོ་སོའི་སྔགས་ཀྱིས་འབུལ། ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས་ཕྱག་བྱས་ཏེ་མཆོད་ཡོན་འབུལ་ལོ། །དྲུག་པ་བཟོད་གསོལ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་བས་ཆོ་གའི་ཉེས་པ་ཞི་བའི་ཕྱིར་ཚིགས་གཅད་ལྷུག་གང་རུང་གིས་བཟོད་པར་གསོལ་ནས་ནད་གདོན་ཞི་བ་སོགས་མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་བསྐང་ངོ་། །བདུན་པ་གཤེགས་སུ་གསོལ་བ་ནི། ཚིགས་གཅད་དང་། ཨོཾ་ཨཱཿཧཱུྃ་གི་བར་དུ་རང་སྔགས་བཅུག་པའི་མཐར་བཛྲ་མུཿ ཞེས་བརྗོད་པས་དཀྱིལ་འཁོར་པའི་ལྷ་ཚོགས་རང་བཞིན་གྱི་གནས་སུ་གཤེགས་པར་མོས། སྒྲུབ་དཀྱིལ་དང་འབྲེལ་ན་སྔར་གྱི་ཚོམ་བུ་ལ་བསྟིམས་ཏེ་དེ་ཉིད་སླར་དཀྱིལ་འཁོར་གྱི་མདུན་དུསྤྱན་དྲངས་ཏེ་སྔགས་ལ། བཛྲ་ས་མ་ཡ་སཏྭཾ། བཏགས་པས་བསྟིམ། དམ་ཚིག་པ་བསྡུ་བའི་སྔགས་རྒྱས་དབུགས་རྔུབས་པ་དང་ལྷན་ཅིག་བདག་ལ་བསྡུའོ། །བཞི་པ་ལས་གྲུབ་པའི་གཏང་རག་ཏུ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་ལྔ། དང་པོ་ལྷར་གསལ་གདབ་པ་ནི། ལས་སྔགས་བརྗོད་ཅིང་བསང་ཆུས་ཐབ་ལ་བསང་གཏོར་བྱ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་པས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ་འབར་བ་ན་དེ་ཉིད་སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་འཁོར་དང་བཅས་པར་གསལ་བར་བསྒོམ། སྔར་ཕྱག་ཚང་བར་བྱས་ན་སླར་ཐབ་ཀྱི་དབུས་སུ་འཁོད་པར་མོས། གཉིས་པ་མཆོད་བསྟོད་ནི། བསྲེག་བླུགས་དང་དགང་བླུགས་གྲངས་བཅས་སྔར་ལྟར་འབུལ། མེ་ཏོག་སོགས་ཀྱིས་མཆོད་དེ་བསང་གཏོར་དང་ཞབས་བསིལ་བྱ། གོས་ཟུང་དང་རྒྱན་ཕྲེང་སོ་རྩི་འབུལ། བསྲེག་རྫས་ལྷག་མ་རྣམས་སྔར་བཞིན་བསྲེགས་ནས། དྲིལ་བུ་དཀྲོལ་ཞིང་བསྟོད་པས་བསྟོད། གསུམ་པ་གཏོར་འབུལ་ནི། གཏོར་མ་དགང་གཟར་དུ་བཞག །བསང་ཆུས་བྲན་ཏེ་བདུད་རྩིར་བརླབས་ལ་ཨ་ཀཱ་རོས་ཐབ་ཏུ་འབུལ་བ་དང་ཆབས་ཅིག་ཕྲིན་བཅོལ་སྤྱི་ལྟར་བྱ། བཞི་པ་བཟོད་གསོལ་ནི། ཆོ་གའི་ནོངས་པ་རྣམས་བཟོད་པར་གསོལ་ཏེ་འདོད་པའི་དོན་ཞུ། ཡིག་བརྒྱ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་། ལྔ་པ་གཤེགས་སུ་གསོལ་བ་ནི། སྔར་སྤྱན་འདྲེན་པའི་ཕྱག་རྒྱ་རྣ་བའི་དྲུང་ནས་ཕྱིར་བསྐྱེད་ལ་ཚིགས་གཅད་དང་། ཨོཾ་མུཿཞེས་པས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། དང་པོ་སྐབས་འགའ་ཞིག་ལ་མེད་དུ་མི་རུང་བ་ཙཱ་རུའི་བཟའ་བ་སྒྲུབ་ན། སྦྱིན་སྲེག་རྫོགས་པའི་མཐར་མེ་དེ་ཉིད་དུ་འོ་ཐུག་བསྒྲུབ་སྟེ། འོ་མ་དང་འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་དཀར་པོའི་ཕྲེང་བ་བཅིངས་པའི་ནང་དུ་དགང་བླུགས་ཀྱི་གཟར་བུས་བླུགས་ལ། མཉྫི་ལ་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཨོཾ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ན་པྲྀ་ཎཱ་ནེ་སྭཱ་ཧཱ། ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ། ཐོག་མར་དཀྱིལ་འཁོར་པ་ལ་འབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པོར་བཅས་པས་ལོངས་སྤྱད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་པས་ཤིན་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་དུ་འགྱུར་རོ། །གཉིས་པ་བསྔོ་སྨོན་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་། བྱེ་བྲག་གནས་སྐབས་མཐར་ཐུག་གི་གེགས་དང་བར་གཅོད་ཞི་བའི་སྨོན་ལམ་རྒྱས་པར་གདབ་ལ་མེ་ཏོག་འཐོར་ཅིང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །སྐབས་འདིར་ཕུར་པའི་རིགས་སོགས་ལ་ལས་མི་ལྡོག་པའི་ཕྱིར་བྲོ་བརྡུང་ཡང་འབྱུང་། གསུམ་པ་ལས་ཀྱི་རྗེས་བསྡུ་བ་ནི། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དེ་ཉིད་ལོང་ཡོད་ན་དཀྲུག་པ་དང་། འགོམ་པ་དང་། བདལ་བར་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་བཅིལ་ལ་ཐལ་བ་རྣམས་བུམ་པར་བླུགས་ནས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་ཞི་བའི་སྲེག་བླུགས་རྒྱས་པར་བཤད་པ་འདིས། རྒྱས་པ་དང་། དབང་། མཆོག་གི་སྦྱིན་སྲེག་རྣམས་འགྲེས་སུ་ཤེས་པར་བྱ་ཞིང་སོ་སོའི་ཁྱད་པར་རིམ་པར་སྨྲོས་པར་འགྱུར་བ་དང་། དྲག་པོ་ལ་འདི་ལས་གོ་ལྡོག་པའི་ཚུལ་གྱིས་སོ།། ༈ །།གཉིས་པ་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཡེ་ཤེས་རྒྱས་པར་བྱེད་པའི་སྦྱིན་སྲེག་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ལ། གནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སམ། ཆོས་རྗེ་དང་སྡེ་དཔོན་གྱི་གནས་སོགས་ཚེ་བསོད་དབང་ཐང་དར་རྒྱས་སུ་གྱུར་པར། དུས་ར་བ་བཞིའི་བཅོ་ལྔ་དང་དྲོས་ཆེན་ནས་ཉིན་ཕྱེད་ཚུན་ཆད། ཕྱོགས་དཀྱིལ་འཁོར་རམ་འབྱུང་བའི་བྱང་དུ་སློབ་དཔོན་ཞལ་ཕྱོགས་པར་བྱ། མེ་ཐབ་སེར་པོ་ལ་སྟེགས་བུ་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སོར་བཅུ་གཉིས་པའི་སྟེང་དུ། གཞི་དང་མི་ཟློས་པའི་ཚོན་སེར་པོས་ཐབ་ཁུང་ཁྲུ་ཕྱེད་དམ་མཐོ་དོ། མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་རེ་སྟེ་གསུམ་ཀའང་གྲུ་བཞིར་བཅད་པའི་ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བར་རིན་པོ་ཆེ་སེར་པོ་སོར་དྲུག་པས་མཚན་པ། ཁ་ཁྱེར་ལ་ནོར་བུའི་ཕྲེང་བ་དང་ཟུར་བཞིར་རིན་པོ་ཆེ་འབར་བས་མཚན་པ་བདུད་རྩི་ལྔ་དང་དྲི་སེར་པོའི་ཆབ་ཀྱིས་ཕྱི་རོལ་བྱུགས་ལ་མེ་ཏོག་སེར་པོ་གཅལ་དུ་དགྲམ། བུད་ཤིང་ཙནྡན་དཀར་པོ་དང་སྟག་པ་ཁམ་བུ་ཤུག་པ་སོགས་ཚེར་མ་མེད་ཅིང་འབྲས་བུ་ཅན་ཟུར་བཞི་ཁྲུ་གང་པ་གྲུ་བཞིར་བརྩིག །མེ་ཡོལ་སོགས་ཀྱི་བཀོད་པ་ཞི་བ་ལྟར་ལ། མདའ་དར་རམ་མེ་གཡབ་སེར་པོ། མཆོད་རྫས་ཕྱི་ནང་གསང་གསུམ་ཁྱད་པར་བཅས་དགོངས་འདུས་སོགས་ལ་དགོས་ཤིང་། སྤྱི་འགྲོར་སྟེགས་ཁེབས་སེར་པོའི་སྟེང་དུ་འདས་མ་འདས་ཀྱི་མཆོད་གཏོར་གཉིས་འབྲུ་ཕྱེ་ལ་མངར་གསུམ་རིན་པོ་ཆེ་སེར་པོའི་ཕྱེ་བསྲེས་པའི་གྲུ་བཞི་བརྗིད་པ་སེར་པོ། མཆོད་ཡོན་ཁྱད་པར་གྱི་རྫས་ཞོ་མེ་ཏོག་དང་དྲི་སེར་པོ་སྦྱར། མཆོད་རྫས་ཀྱི་ཁ་དོག་ཐམས་ཅད་རང་བཞིན་ནམ་བཅོས་པས་སེར་པོར་བྱས་པ་དང་། སྣོད་རྣམས་གསེར་སོགས་སེར་པོས་གྲུ་བཞིར་བཅོས་པའི་ནང་དུ་བཤམ། བསྲེག་རྫས་རྩི་མར་གྱི་ཁུ་བ། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ལ་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བ་ཁྲུ་གང་བ། བདུད་རྩི་ལྔ་དང་ཆང་གིས་བྱུགས་ཤིང་རྩེ་མོ་ཞོ་དང་རྩ་བ་མར་ཁུ་དང་སྦྲང་རྩི་ལ་ཉུགས་པ། འབྱོར་ན་ལོ་མ་འབྲས་བུ་དང་བཅས་པ་དགོས་ལ། གཞན་རྣམས་ཞི་བ་དང་འདྲ་བ་ལས། མངར་གསུམ་སྦྱར་བའི་ཞོ་ཟན། དཱུརྦ་སོགས་རྒྱས་པའི་རྫས་རྣམས་གོང་དུ་དགོད། རྫས་སྤུངས་སུའང་རོ་མངར་བསྐ་ཁ་དོག་སེར་པོའི་རིགས་གཙོར་བསྐྱེད། གོས་ཟུང་སེར་པོ། རྒྱན་འབུལ་སྐུད་པ་སེར་པོ་ལ་བརྒྱུས་པའི་གསེར་ཐིག་གམ་སྤོས་ཤེལ་སོགས་བསྡོག །དགང་བླུགས་ཟངས་གསེར་ལྟ་བུ་ལ་བཅོས་པའི་སེར་པོ་གྲུ་བཞི་རིན་པོ་ཆེས་མཚན་པ། མེ་རྒྱལ་པོའི་ཕོ་བྲང་ཚོང་དཔོན་སོགས་བསོད་ནམས་སྙན་གྲགས་ཅན་ཕྱུག་པོའི་ཁྱིམ་ལས་བླངས་པ་དང་ནོར་བུ་ལས་བྱུང་བ། སྦོར་བྱེད་རྒྱལ་རིགས་དང་ཁྱེའུ་ཕོ་མོ་གཞོན་མཛེས། མེ་ལྡེ་སེར་པོ། རླུང་གཡབ་ངང་པའི་གཤོག་པའམ་རས་སེར་ལ་རཾ་སེར་པོ་བྲིས་པ། ཕྱོགས་བྱང་ངམ་ཤར་ལྷོ། སློབ་དཔོན་གྱི་ཆས་རྒྱན་ནི། ཁྲུས་དང་དྲིས་བྱུགས་ལ་གོས་སེར་པོ་གྱོན། དར་སེར་དང་ནོར་བུའི་ཐོད་དང་གཙུག་ཏོར་བཅིང་། གསེར་སྤུག་སྦུར་ལེན་སོགས་ཕྲེང་བ་སེར་པོས་བརྒྱན། ཆང་དང་ཨ་མྲྀཏ་སྦྱར་བའི་ལྡེ་གུས་གནས་གསུམ་རྒྱས་གདབ། གདན་སེར་པོ་ལ་བཟང་པོའི་སྟབས་སམ་རོལ་པའི་འདུག་སྟངས་ཀྱིས་ཁ་བྱང་དུ་ཕྱོགས་ཤིང་བརྗིད་ལ་ལྷུན་བག་ཆགས་པས། ལེགས་ཚོགས་རྒྱས་ཤིང་སྤེལ་བ་དང་དགའ་སྤྲོའི་བསམ་པས་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་བྱང་དུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་བྱང་བསྟན་གྱིས་གཡོག་གོ །ཐབ་དང་ལྷ་བསྐྱེད་ཀྱི་ཚེ། ཐབ་ཁུང་སེར་པོ་གྲུ་བཞིའི་ནང་མེ་ལྷ་སེར་པོ་བརྗིད་ཅིང་སྒེག་པ་བསྐྱེད། དགང་བླུགས་གཟུང་ཚུལ་ནི། ལག་པ་གཉིས་ཁུ་ཚུར་བྱས་ལ་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་དང་། སྤེལ་ཚིག་ནི་ཆེ་གེའི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་ལྟ་བུ། བསྲེག་རྫས་ནི་ཁྱད་པར་གྱི་རྫས་རྣམས་སྔོན་དུ་རིམ་པར་འབུལ་ཞིང་། ཡམ་ཤིང་སྔགས་མཐར། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱོར་བས་འགྲེ། འདས་པའི་མེ་ལྷའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སྒེག་ཅིང་ལྷུན་བརྗིད་ཆགས་པ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ་མོ། །མཆོད་སྲེག་གི་རྫས་འབུལ་བ་སྤེལ་ཚིག་དང་བཅས་པ་འཇིག་རྟེན་པའི་སྐབས་བཞིན་ནོ། །འདིར་ཡང་ཚེ་སྤེལ་བ་གཙོ་བོར་བྱེད་ན་དཱུརྦ་ལ་འབུམ་ཕྲག་ལ་སོགས་པའི་གྲངས་གཟུང་བས་མཚོན་ཏེ་སྐབས་དང་སྦྱར། ལས་འཆོལ་བའི་ཚེ། སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས། ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་པ་དང་། བཟླས་པ་བྱེད་ན། དེའི་ཚེ་ལྷ་རྣམས་ལས་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་བདུད་རྩིའི་རང་བཞིན་གྱིས་ཕྱི་ནང་ཐམས་ཅད་དུ་ཁྱབ་པས་བདག་དང་བསྲུང་བྱའི་ཚེ་བསོད་དབང་ཐང་སྤང་རྟོགས་ཡོན་ཏན་ཐམས་ཅད་དར་ཞིང་རྒྱས་པར་བསྒོམ། རྗེས་ཙཱ་རུའི་བཟའ་བ་ནི་རབ་གནས་སྐབས་ལྟ་བུ་ལ་ངེས་པར་གལ་ཆེ་བས་མ་བསྒྲུབ་ཐབས་མེད་ཅིང་གཞན་ལ་སྐབས་དང་བསྟུན་པས་ཆོག །སྦྱིན་སྲེག་གི་མེའི་བྱ་བ་ཞི་བ་དང་མཚུངས་ཤིང་ཐལ་སོལ་ཟས་གོས་སྨན་དང་རིན་ཆེན་གྱི་རྫས་སྣ་ཅི་འབྱོར་དང་བཅས་ཏེ་མཛོད་དུ་བཞག་པའམ་རི་བོ་འཕན་བཟང་མཐོན་པོའི་རྩེར་བསྐྱལ་ལོ།། ༈ །།གསུམ་པ་ཁམས་གསུམ་དང་བསྒྲུབ་བྱ་དབང་དུ་བྱེད་པའི་སྦྱིན་སྲེག་ལའང་གསུམ། སྦྱོར་དངོས་རྗེས་སོ། །སྦྱོར་བ་ལ། གནས་ནི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སམ་ཚོང་ཁང་སོགས་ཁྲོམ་ཆེན་པོ་འདུ་བའི་ས་དང་སྨད་འཚོང་མ་སྡོད་པའི་གནས། དུས་འབྲིང་པོ་བཞིའམ་ཉི་ཤུའམ་ཉེར་གཉིས་ལ་ཕྱེད་ཡོལ་ནས་དགོང་མོའི་བར། ཕྱོགས་དཀྱིལ་འཁོར་རམ་འབྱུང་བའི་ནུབ་ཏུ་སློབ་དཔོན་ཞལ་ཕྱོགས་པར་བྱ། མེ་ཐབ་དམར་པོ་ལ་སྟེགས་བུ་ཟླ་གམ་རྒྱ་དཔངས་ཞི་བ་ལྟར་ལ། ཐབ་མུ་རན་ཁ་ཁྱེར་བཅས་པའང་ཟླ་གམ་སུམ་རིམ་ཚད་དེ་མཚུངས། ཐབ་དབུས་སུ་པདྨ་དམར་པོ་འདབ་བརྒྱད་པའི་ལྟེ་བར་སོར་དྲུག་པའི་ལྕགས་ཀྱུ་དམར་པོས་མཚན་པ། ཁ་ཁྱེར་ལ་པདྨའི་ཕྲེང་བ་དང་ཟུར་བཞིར་ལྕགས་ཀྱུས་མཚན་པ། ཕྱི་རོལ་ཕྱེད་དུ་ཙནྡན་དམར་པོ་སིནྡྷུ་ར་རྒྱ་མཚལ་སྦྲང་རྩི་བུ་རམ་ཆང་དང་སྦྱར་བས་བྱུགས་ལ་མེ་ཏོག་དམར་པོ་དགྲམ། བུད་ཤིང་ཙནྡན་ནམ་ཤུག་པ་དམར་པོ་མཛོ་མོ་ཤིང་སྐྱུར་པོའི་ཤིང་མེ་ཏོག་འབྲས་བུ་དམར་ཞིང་ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པ་ཕྱེད་གཤག་ཟླ་གམ་གྱི་དབྱིབས་ཅན་ཟླ་གམ་དུ་བརྩིག །མེ་ཡོལ་དང་གཡས་གཡོན་བཀོད་ཚུལ་སོགས་ཞི་བ་ལྟར་ལ་མེ་དར་རམ་མེ་གུར་དམར་པོ། མཆོད་རྫས་ཁྱད་པར་བ་སོ་སོའི་གཞུང་གསལ་ལྟར་ལ་སྤྱི་འགྲོར་སྟེགས་ཁེབས་དམར་པོའི་སྟེང་དུ་འདས་མ་འདས་ཀྱི་མཆོད་གཏོར་གཉིས་འབྲུ་ཕྱེ་ལ་ཆང་དང་བུ་རམ་རིན་ཆེན་དམར་པོའི་ཕྱེ་བསྲེས་པའི་ཟླ་གམ་དམར་པོ། མཆོད་ཡོན་ཁྱད་པར་གྱི་རྫས་སྐྱུར་པོའི་རིགས་དང་མེ་ཏོག་དྲི་དམར་པོ་སྦྱར། མཆོད་རྫས་ཐམས་ཅད་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ། སྣོད་རྣམས་ཟངས་སོགས་དམར་པོས་ཟླ་གམ་དུ་བཅོས་པ་ལ་བཤམ། བསྲེག་རྫས་སྟར་ག་སོགས་ཤིང་འབྲས་ལས་བྱུང་བའམ་ཏིལ་མར་ཁུ་བ། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ལ་ཡལ་གའི་ཆ་ལས་བྱུང་བ་ཆང་དང་མཚལ་ཞུན་གྱིས་བྱུགས་ཤིང་རྩེ་མོ་བུ་རམ་དང་རྩ་བ་ཞུན་མར་དང་སིནྡྷུ་ར་ལ་ཉུགས་པ། གཞན་སྔ་མ་རྣམས་དང་འདྲ་བ་ལས་ཁྱད་པར་རྫས་ཆང་དང་གླུམ་མཚལ་དང་སིནྡྷུ་ར། ཨུཏྤལ་དང་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། པདྨ་རཀྟའམ་ཟླ་མཚན། བུད་མེད་གྲགས་པ་ཅན་གྱི་ལག་ནས་བྱུང་བའི་བཟའ་བཏུང་ལན་ཚྭ། སྐྱུར་པོའི་རིགས་རྣམས་གཙོར་བསྐྱེད། གོས་ཟུང་དར་དམར། རྒྱན་འབུལ་སྐུད་པ་དམར་པོ་ལ་བྱེ་རུ་པདྨ་རཱ་ག་ལྟ་བུ་བརྒྱུས་པ། དགང་བླུགས་ཟངས་ལས་བྱས་པའི་ཟླ་གམ་དམར་པོ་པདྨས་མཚན་པ། མེ་རྗེའུ་རིགས་སམ་རོལ་མོ་མཁན་སྨད་འཚོང་མ་ཚོང་འདུས་ཆེན་པོས་བུས་པ། སྦོར་བྱེད་རྗེའུ་རིགས་དང་བུད་མེད་འཕྱོན་མ། མེ་ལྡེ་དམར་པོ། རླུང་གཡབ་རྨ་བྱའི་སྒྲོ་མདོངས་སམ་དར་དམར་ལ་རཾ་དམར་པོ་བྲིས་པ། ཕྱོགས་ནུབ་བམ་ཤར་ལྷོ། སློབ་དཔོན་གྱི་ཆས་རྒྱན་ཡང་། ཁྲུས་དང་དྲིས་བྱུགས་ལ་གོས་དམར་པོ་གྱོན། དར་དམར་དང་པདྨའི་ཅོད་པན་བཅིང་། བྱེ་རུ་སོགས་ཕྲེང་བ་དམར་པོས་བརྒྱན། བུ་རམ་དང་སིནྡྷུ་རའི་ཐིག་ལེས་གནས་གསུམ་རྒྱས་གདབ། གདན་དམར་པོ་ལ་པདྨའི་འདུག་སྟངས་སམ་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་ཏེ་དགའ་ཞིང་འཛུམ་པའི་ཉམས་དང་། རྗེས་སུ་ཆགས་པའི་སེམས་ཀྱིས་འགྲོ་བ་རྣམས་དབང་དུ་བྱ་བའི་འདུན་པས་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་ནུབ་ཏུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་ནུབ་བསྟན་གྱིས་གཡོགས། ཐབ་ཁུང་དམར་པོ་ཟླ་གམ་གྱི་ནང་མེ་ལྷ་དམར་པོ་ཆགས་ཤིང་འཛུམ་པ་ཅན་བསྐྱེད། དགང་བླུགས་ལག་གཉིས་ཁུ་ཚུར་མཐེབ་མཛུབ་བམ་སྲིན་མཐེབ་སྤྲད་པ་པདྨའི་ཕྱག་རྒྱ་དང་། སྤེལ་ཚིག་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་རྣམས་དང་། ཁྱད་པར་ཁམས་གསུམ་གྱི་མི་ནོར་ཟས་གསུམ་ཐམས་ཅད་བདག་གམ་ཆེ་གེ་མོའི་དབང་དུ་གྱུར་ཅིག་པ་ཤང་ཀུ་རུ་ཧོཿ ཞེས་པ་ལྟ་བུ། བསྲེག་རྫས་གཞན་ལའང་རྒྱས་པས་རིགས་འགྲེར་སྦྱར། འདས་པའི་མེ་ལྷ་མཆོད་པའི་སྐབས་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་དགྱེས་ཤིང་ཆགས་པའི་ཉམས་ཅན་ལས་པདྨ་རཱ་ག་ལྟ་བུའི་འོད་ཟེར་གྱིས་ཁམས་གསུམ་བརྟན་གཡོ་ཀུན་ལ་ཁྱབ་པས་དབང་དུ་བྱེད་པའི་ཕྲིན་ལས་མཛད་པར་བསམ། གཞན་སྔ་མ་དང་འདྲ། ཁྱད་པར་གྱི་རྫས་ལ་གྲངས་གཟུང་ན། ལྷ་སྔགས་ཀྱི་མཐར་སྤེལ་ཚིག་དགང་བླུགས་ལྟར་སྦྱར་བས་འབུལ། ལས་བཅོལ་དང་བཟླས་པའི་སྐབས་སུ། ལྷ་རྣམས་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་ཐུན་མཚམས་སམ་འཆར་ཁའི་ཟེར་ཐག་ལྟ་བུ་འཁོར་འདས་ཐམས་ཅད་ལ་ཁྱབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་པར་བསྒོམ། བསྒྲུབ་བྱ་དམིགས་བསལ་ཡོད་ན་དེ་ཉིད་ཤིན་ཏུ་ཆགས་ཤིང་གུས་པས་བརྟན་པ་དང་བྲལ་ཏེ་རང་དབང་མེད་པར་དབང་དུ་འདུས་པར་བསྒོམ། རྗེས་སྦྱིན་སྲེག་གྲུབ་པའི་མེ་སྔ་མ་གཉིས་དང་མཚུངས་ལ། ཐལ་སོལ་རྣམས་མེ་ཏོག་དམར་པོ་སིནྡྷུ་ར་དང་སྦྱར་ལ་རི་མཐོན་པོའི་རྩེ་ནས་རོལ་མོ་དང་བཅས་རླུང་ལ་ཕྱར་ཏེ་གཏང་ངོ་།། ༈ །།བཞི་པ་དགྲ་བགེགས་ཚར་གཅོད་པར་བྱེད་པ་དྲག་པོའི་སྦྱིན་སྲེག་ལ་སྤྱི་དང་ཁྱད་པར་གཉིས་སུ་ཡོད་པ་ལས། སྤྱི་ལྟར་ན་གོང་གི་ལས་འཇམ་པོ་གསུམ་ཁ་བསྒྱུར་བ་སྟེ། སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ། གནས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་དུར་ཁྲོད་གཡུལ་འགྱེད་ཕུང་ཤུལ་ལ་སོགས་པ། དུས་ཐ་ཆུང་བཞིའི་ཉེར་དགུའི་མུན་རུབ་དང་སྲོད་འཁོར། ཕྱོགས་ལྷོར་སློབ་དཔོན་ཞལ་ཕྱོགས་པའི་ཆས་བསྒྲིག །མེ་ཐབ་ས་ནག་པོ་ལ་སྟེགས་བུ་གྲུ་གསུམ་རྒྱ་དཔངས་ཇི་ལྟར་འོས་པ་ལ། ཐབ་མུ་རན་ཁ་ཁྱེར་སུམ་རིམ་གྱི་ཐབ་དབུས་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་མཐིང་ནག་གིས་མཚན་པ་ཁ་ཁྱེར་དང་ཟུར་བཞིར་རལ་གྲི་ལ་སོགས་པའི་མཚོན་ཆ། དུག་ཁྲག་སྣ་ཚོགས་པའི་བྱུག་པ་དང་མེ་ཏོག་ནག་པོ་དུག་རིགས་ལས་བྱུང་བ་དགྲམ། བུད་ཤིང་ཚེར་ནག་སྐྱེར་པ་སྟར་བུ་སོགས་ཚེར་མ་ཅན་དང་དུག་ཤིང་དྲི་མི་ཞིམ་པ་ཟུར་གསུམ་དུ་གཤགས་པས་གྲུ་གསུམ་དུ་བརྩིག །མེ་ཡོལ་གོང་མཚུངས་ལ་མེ་དར་དང་མེ་གུར་ནག་པོ་དབུབ། མཆོད་རྫས་རྣམས་སློབ་དཔོན་གྱི་གཡས་ངོས་སུ་བཤམ་སྟེ་སྟེགས་ཁེབས་ནག་པོའི་སྟེང་འདས་མ་འདས་ཀྱི་གཏོར་མ་གཉིས་འབྲུ་ནག་གི་ཕྱེ་ལ་དུག་ཁྲག་ལྕགས་ཕྱེ་བསྲེས་པའི་ཟུར་གསུམ་དམར་ནག །ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དུག་དང་དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་ཞལ་ཟས་སོགས་དང་། གཡོན་ངོས་སུ་བསྲེག་རྫས་སྣུམ་ནག་དང་ཞུན་ཆེན་བསྲེས་པ། ཡམ་ཤིང་རྒྱུ་བུད་ཤིང་ལྟར་ལ་ཚད་སོར་བཅུ་གཉིས་པའམ་བཞི་པ་རྩེ་མོ་རྣོན་པོར་ཁྲག་དང་ལན་ཚྭ། རྩ་བ་རོ་ཐལ་དང་ཞུན་ནམ་ཚིལ་ཆེན་དུ་ཉུགས་ཤིང་དུག་ཆུས་ཀུན་ལ་བྱུགས་པ། ཏིལ་དང་སྲན་མ་སོགས་ནག་པོ། ཟས་མཆོག་སྣུམ་ནག་ཞུན་ཆེན་ཁྲག་གིས་སྦྲུས་པ། དཱུརྦ་ཀུ་ཤ་རྣམས་དུམ་བུར་གཏུབས་པ། མཆོད་བསྲེག་ཐམས་ཅད་ཀྱང་མདོག་ནག་ལ་སྣོད་ཐོད་ཚལ་ལམ་ལྕགས་སྣོད་ཟུར་གསུམ་དུ་བཤམ། དུག་ཁྲག་གིས་བྲན། ལིངྒ་ཡོད་ན་དུམ་བུར་གཏུབས་པ་དང་ཤ་ཁྲག་ཚིལ་རུས་གཙོར་བྱས་པའི་རྫས་སྤུངས་སྦྱར། གོས་ཟུང་དར་ནག །རྒྱན་འབུལ་ཐོད་རུས་ཚལ་བུ། དགང་བླུགས་ཟུར་གསུམ་རལ་གྲིའམ་རྡོ་རྗེ་རྭ་གདེངས་པས་མཚན་པ་ལྕགས་ལས་བྱས་པ། མེ་གདོལ་པ་དང་ཤན་པའི་ཁྱིམ་ལས་བྱུང་བ། སྦོར་བྱེད་གདོལ་པའི་རིགས་དང་དམེ་པོའམ་ཤན་པ། མེ་ལྡེ་ནག་པོ། རླུང་གཡབ་བྱ་རོག་གཤོག་པའམ་རས་ནག་ལ་རཾ་བྲིས་པ། ཕྱོགས་ལྷོའམ་ཤར་ལྷོ་ནས་སྦར། སློབ་དཔོན་དུག་ཁྲག་གིས་བྱུགས་ལ་ཞྭ་གོས་ནག་པོ་ཐོད་ཕྲེང་ངམ་རཀྴའི་ཕྲེང་བས་བརྒྱན་ཅིང་དུག་ཁྲག་རོ་སོལ་སྦྱར་བའི་ལྡེ་གུས་གནས་གསུམ་རྒྱས་གདབ། གདན་ཞིང་ལྤགས་སམ་གྲུ་གསུམ་ནག་པོ་ལ་ས་གའི་སྟབས་སམ་རྐང་པ་གཡོན་གྱིས་གཡས་མནན་པའི་སྤུས་བསླང་གིས། ཁ་ལྷོར་ཕྱོགས་ཏེ་ཁྲོ་གཉེར་སྡང་མིག་དང་བཅས་པས་ཁྲོ་གཏུམ་རྔམས་པའི་སེམས་ཀྱིས་དགྲ་བགེགས་སྒྲོལ་བར་བསམ་ལ་འཁོད་དོ། །དངོས་གཞི་ལ། ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཐོག་མར་ལྷོ་རུ་བསྟན་པ་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་ལྷོར་བསྟན་གྱིས་གཡོགས། ཐབ་ཁུང་ནག་པོ་གྲུ་གསུམ་གྱི་ནང་མེ་ལྷ་ནག་པོ་ཤིན་ཏུ་ཁྲོ་ཞིང་གཏུམ་པར་བསྐྱེད། ལག་པ་གཉིས་ཁུ་ཚུར་ལ་མཐེ་བོང་དང་མཛུབ་ཆུང་རྩེ་སྤྲད་པའི་གཡས་པས་དགང་གཟར་དང་གཡོན་པས་བླུག་གཟར་བཟུང་ལ་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་སྐོར་དུ་བྱས་ཏེ་འབུལ་བ་ཐམས་ཅད་ལ་འགྲེ །སྤེལ་ཚིག་ནི། བསྟན་དང་འགྲོ་བ་རྣམས་ལ་བསམ་སྦྱོར་ངན་པས་འཚེ་ཞིང་བར་དུ་གཅོད་པའི་དགྲ་བགེགས་དམ་སྲི་འབྱུང་པོ་སྡོང་ཟླ་རྒྱབ་རྟེན་དང་བཅས་པ་མཱ་ར་ཡ་ཕཊ། ལྟ་བུ་སྦྱར། བསྲེག་རྫས་གཞན་ལ། དགྲ་བགེགས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊ། སོགས་སྦྱོར། འདས་པའི་མེ་ལྷ་མཆོད་པའི་སྐབས། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཁྲོས་འཁྲུགས་རྔམས་ཤིང་དུས་མཐའི་མེ་ལྟར་འབར་བ་ལས་ཚ་ཞིང་རྩུབ་པའི་འོད་ཟེར་ལྗང་ནག་འཕྲོས་པས་ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་པར་བསམ། ལས་བཅོལ་བའི་ཚེ། ལྷ་རྣམས་ལས་ཁྲོ་ཆུང་མེ་ཕུང་མཚོན་ཆའི་ཆར་ཐོག་སེར་ལྟ་བུ་དྲག་ཏུ་བབས་པས་ཡིད་ལ་བརྣགས་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མིང་ཡང་མེད་པར་སྐད་ཅིག་གིས་བརླགས་ནས་ཚར་བཅད་པར་བསམ། མེ་ཐུན་བརྡེག་འོས་པ་ལའང་སྐབས་འདིར་བྱ་ཞིང་དམིགས་པ་བཤད་མ་ཐག་པ་ལྟར་དང་། གདོན་དྲག་པོ་སོགས་ལ་ལིངྒ་བར་སྣང་ལ་བརྒྱངས་ཏེ་འཕྲུལ་མེས་བསྲེག་པའང་སྐབས་འདིར་བྱས་པའི་རྗེས་སུ་དཀྱིལ་འཁོར་པའི། རྗེས་རིམ་ལ་འཇུག །མེ་སྦྱིན་སྲེག་གྲུབ་མ་ཐག་པར་ཁྲག་ཆུས་བསད་པའི་ཐལ་བ་མཆོད་རྟེན་གྱི་འོག་གམ་ལམ་རྒྱ་གྲམ་དུ་མནན་ལ་བྲོ་ཡི་རྒྱས་གདབ་བོ། ཁྱད་པར་གཤེད་སྐོར་སོགས་ནས་བཤད་པའི་དྲག་པོའི་སྦྱིན་སྲེག་གདབ་ཁ་དང་འབྲེལ་པར་མངོན་སྤྱོད་གནད་ཀྱི་རྫས་བདུན་འབུལ་བའི་སྲེག་བླུགས་ཁྱད་པར་བ་ནི། སྤྱིའི་བྱ་བ་ཕལ་ཆེར་བཤད་མ་ཐག་པ་ལྟར་ལ། བསྲེག་རྫས་མར་ཁུ་ཡམ་ཤིང་གཉིས་དང་རྫས་བདུན་ཁོ་ན་ལ་བྱ་བ་སྟེ་གསལ་བྱེད་ཀྱི་ལག་ལེན་སྨིན་གླིང་གཤིན་རྗེ་དྲེགས་འཇོམས་དང་ཆོས་གླིང་ཡབ་སྲས་ཀྱི་གུར་དྲག་དང་ཕུར་པའི་ཡིག་ཆ་སོགས་ལས་ཤེས་པར་བྱ་བ་གལ་ཆེའོ།། ༈ །།ལྔ་པ་ལས་བཞི་ཀུན་འདུས་སམ་ལྷུན་གྲུབ་མཆོག་གི་སྦྱིན་སྲེག་ནི། ཕྱོགས་བཞིར་ལས་བཞི། དབུས་སུ་ཀུན་འདུས་ཀྱི་མེ་ཐབ་བཅས་ཏེ་མཆོད་བསྲེག་རྫས་རྣམས་སོ་སོར་བཤམ། སློབ་དཔོན་གྱིས་ཀུན་འདུས་འདོན་ཆའི་ཁོངས་གཅིག་གིས་དམིགས་པ་སོ་སོར་བྱ། ལས་སློབ་ལྔས་རྫས་རྣམས་སོ་སོར་འབུལ་བའི་ལུགས་ཤིག་ཡོད་པར་སྣང་བ་གཏེར་མའི་ཕྱོགས་ལས་བཤད་ཁུངས་ཀྱང་གསལ་བར་འདུག་མོད། ཕྱག་ལེན་ཏིང་འཛིན་ཅུང་ཟད་དཀའ་བས་དེང་སང་བྱེད་པ་ཉུང་ལ། གལ་ཏེ་སྤྲོ་ན་འདིར་བསྟན་ལྔ་པོ་དཀྱུས་གཅིག་ཏུ་ལག་ཏུ་བླངས་པས་ཆོག་ལ། ཐབ་དང་རྫས་སོགས་གཅིག་ཏུ་སྡུད་པའི་ལུགས་འདི་སྟབས་བདེ་བར་སྣང་བས་དེ་ལྟར་ན། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། གནས་དཀྱིལ་འཁོར་གྱི་མདུན་ནམ། བྱ་བ་གང་ཡང་ལམ་དུ་སོང་ཞིང་ཕུན་སུམ་ཚོགས་པའི་ས་ཕྱོགས། དུས་ཉ་སྟོང་བརྒྱད་གསུམ་གྱི་ཉིན་མཚན་ཇི་ལྟར་རིགས་པ། ཕྱོགས་དཀྱིལ་འཁོར་གྱི་མདུན་ནམ་འབྱུང་བ་དགྲ་གཤེད་མེད་ཅིང་ཉམས་དགའ་བ་ལ་སློབ་དཔོན་ཞལ་ཕྱོགས། མེ་ཐབ་སྣ་ཚོགས་མདོག་ཅན་གྱི་ས་ལ་སྟེགས་བུ་གྲུ་བཞིའམ་ཟུར་བཞི་ལོགས་བརྒྱད་རྒྱ་དཔངས་ཇི་ལྟར་འོས་པའི་དབུས་སུ། ལྷ་གང་ཡིན་པའི་དཀྱིལ་འཁོར་རམ་གདན་གྱི་མཚོན་བྱེད་པདྨ་སོགས་བྲིས་པའི་ལྟེ་བར་རིགས་ལྔའི་ཕྱག་མཚན་ནམ་ས་བོན་ཙམ་བྲིས་པའི་ཕྱི་རོལ་དུ་རིམ་བཞིན། ཟླ་གམ་དམར་པོ། ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། གྲུ་གསུམ་ནག་པོ་རྣམས་ཀྱི་རྒྱབ་ཏུ་རྡོར་རྭ་མེ་རིས་བསྐོར། བུད་ཤིང་ཡང་རྒྱུ་སོ་སོ་ལ་ཐབ་དང་མཐུན་པར་ཕྱི་ནང་རིམ་པར་དབྱིབས་སོ་སོར་བརྩིགས་པའམ་ཐམས་ཅད་བསྲེས་ལ་ཟུར་བཞི་ལོགས་བརྒྱད་དུ་བརྩིག །མེ་དར་དང་མེ་གུར་ཁྲ་བོ། མཆོད་རྫས་བསྲེག་རྫས་ཐམས་ཅད་ལས་བཞི་ཀ་མཐུན་པར་སོ་སོར་བཤམས་ནས་འབུལ་བའམ། ལས་འཇམ་པོ་གསུམ་ཕྱོགས་སུ་བསྲེ། དྲག་པོ་ལ་ཟུར་དུ་བཤམ། གཏོར་མ་ལས་བཞི་སྣོད་གཅིག་ཏུ་སྦམ། གཞན་ཡང་དར་གོས་འབྲུ་སྣ་རིན་ཆེན་ཟས་སྣ་སོགས་གང་འཛོམ་གསག །ཁ་དོག་ཀྱང་སྣ་ཚོགས་པར་བསྒྱུར། དགང་བླུགས་ལས་བཞི་ལྷུན་གྲུབ་ཀྱི་དབྱིབས་ཅན། མེ་སོགས་ཀྱང་བཞི་ཀ་ཚང་བའམ་ཞི་བ་ལྟ་བུ་སྤྱི་འགྲོ་གཙོར་གཟུང་། སློབ་དཔོན་རྒྱན་གོས་མེ་ཐོད་རྣམས་ཁྲ་བོ། ཕྲེང་བ་རིན་པོ་ཆེ་སྣ་ཚོགས་པ། ཐིག་ལེའི་རྒྱས་གདབ་གདན་བཅས་དེ་མཚུངས་བྱ། འདུག་སྟངས་ཅི་བདེའི་ངང་བསམ་པ་སྐབས་བསྟུན་བསྒྱུར། དངོས་གཞི་ལ། ཀུ་ཤ་ཞི་བ་ལྟར་བཀྲམ་པས་འཐུས་ཤིང་ཐབ་སྟེང་དུ་རྩེ་མོ་ཕྱོགས་བཞི་ཀར་བསྟན་པས་གཡོགས། ཐབ་ཁུང་ཕྲིན་ལས་བཞི་དང་མཐུན་པའི་སྣ་ཚོགས་དབྱིབས་ཅན་མེ་ལྕེ་འོད་ལྔ་འབར་བའི་ནང་མེ་ལྷའང་ཉམས་དང་ཁ་དོག་སྣ་ཚོགས་སུ་འཆར་བའི་གཟི་བརྗིད་ཅན་དུ་བསྐྱེད། དགང་བླུགས་གུང་མཐེབ་སྤྲད་པས་པུས་མོའི་ནང་ནས་གཡས་སྐོར་དང་ཕྱི་ནས་གཡོན་སྐོར་ཚུལ་བྱས་ལ་འབུལ། སྤེལ་ཚིག་ལས་བཞི་གོང་སྨྲོས་རྣམས་ལྷན་ཅིག་བརྗོད་པའམ། བསྡུ་ན། འགལ་རྐྱེན་བར་ཆད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཐུན་རྐྱེན་ལེགས་ཚོགས་པུཥྚིཾ་ཀུ་རུ་ཨོཾ། རླུང་སེམས་སྣང་བ་ཝ་ཤང་ཀུ་རུ་ཧོཿ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཕཊ། ལྟ་བུ་སྦྱར། ཡམ་ཤིང་སོགས་སོ་སོའི་རྫས་སྔགས་ཁོ་ན་ལ་སྤེལ་ཚིག་འདི་ལྟར་སྦྱར་ལ་འབུལ། འདས་པའི་མེ་ལྷ་མཆོད་པའི་སྐབས། ལྷ་ཐམས་ཅད་ཉམས་དང་ཁ་དོག་སྣ་ཚོགས་པ་འཇའ་ཚོན་ལྟ་བུའི་འོད་ཟེར་དང་རེག་བྱ་ཅིའང་འཆར་བས་ཕྲིན་ལས་བཞི་པོ་དུས་གཅིག་ལ་སྒྲུབ་པར་མོས། ལས་བཅོལ་ལའང་དེ་ཀས་འགྲེ །རྗེས་སྲེག་བླུགས་གྲུབ་པའི་མེ་ཆ་བཞིའི་ཚོད་དུ་བྱས་པའི་ཆ་གསུམ་ཞི་རྒྱས་དབང་གསུམ་སོ་སོའི་ལུགས་དང་བསྟུན། ཆ་གཅིག་དུག་ཁྲག་གི་ཆུས་བསད་ལ་མནན་པ་བཅས་དྲག་པོ་ལྟར་བྱ་དགོས་སོ། །འདིའི་འདོན་ཆའང་ཆོས་གླིང་ཟབ་ལམ་དང་། གནམ་ཆོས་སོགས་ཀྱི་གསུང་ལས་སྒེར་ཐུབ་དམིགས་བསལ་འབྱུང་བ་ཉིད་ཤེས་པ་གལ་ཆེའོ།། ༈ །།གསུམ་པ་དེ་དག་ཀུན་ལ་ཐུན་མོང་དུ་གཅེས་པའི་མན་ངག་གཏེར་ཁ་རྣམས་ལས་མང་དུ་འབྱུང་ཡང་ཐམས་ཅད་སྡུད་པར་མི་ནུས་ལ། ཉེ་བར་མཁོ་བ་སྲེག་བྱེད་མེའི་ཙཀྲ་ནི། ཞི་བ་ལ་དར་རམ་ཤོག་བུ་དཀར་པོ་ལ་འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ཧཱུྃ། དེ་མཐར་སརྦ་པཱ་པཾ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་རྒྱབ་མུ་ཁྱུད་ལ། བདག་སྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་དང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །དེ་རྒྱབ་རྩིབས་བཞིར་བཅད་པ་ལ་མདུན་ནས་བརྩམ་སྟེ། བཛྲ་ ས་ ཏྭ་ དྷྲྀཀ྄ །རྩིབས་མཆན་བཞིར། ཧ་ རི་ ནི་ ས། དེ་རྒྱབ་མུ་ཁྱུད་ལ་རྟེན་སྙིང་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོའི་སོགས་སྤེལ་ཚིག་གོང་གསལ་ལྟར་ཐམས་ཅད་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲི། ཞི་བའི་བསྲེག་རྫས་ཏིལ་ཡུངས་གྲོ་ནས་སྲན་མ་རྣམས་ལྟེ་བར་བཞག་ལ་བལྟབས་ཤིང་དར་དཀར་པོས་དྲིལ། རྡོ་ལེབ་ཁ་སྦྱར་ལྟ་བུའི་བར་དུ་བཅུག་ལ་མེ་ཐབ་ཀྱི་འོག་ཏུ་གཞུག་པས་ཞི་བའི་ལས་ཐམས་ཅད་བརྩམ་པ་ཙམ་གྱིས་འགྲུབ་བོ། །དེས་འགྲེས་ཏེ་རྒྱས་པ་ལ། དར་ཤོག་སེར་པོ་ལ་མུ་ཁྱུད་བསྐོར་བའི་ལྟེ་བར་ཏྲཱཾ་མཐར། ཨཱ་ཡུཿཔུཎྱེ་པུཥྚིཾ་ཀུ་རུ་ཡེ་ཨོཾ། མུ་ཁྱུད་ལ། བདག་སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་སྔགས་ཀྱི་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག །རྩིབས་བཞི་ལ། སྭཱ་ རཏ་ ན་ དྷྲིཀ྄ །རྩིབས་མཆན་སྔར་ལྟར། མུ་ཁྱུད་ཕྱི་མར་ཡེ་དྷར་དང་། ཨོཾ་རཏྣ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོའི་སོགས་སྤེལ་ཚིག་སྔར་ལྟར་བྲི། རྒྱས་པའི་བསྲེག་རྫས་དཱུརྦ་འབྲས་ཟས་མཆོག་སོགས་བཞག་ལ་དར་སེར་པོས་དྲིལ་བ་ཐབ་འོག་ཏུ་བཅུག་པས་རྒྱས་པའི་ལས་གང་འདོད་འགྲུབ་བོ། །དབང་ལ་དར་ཤོག་དམར་པོ་ལ་མུ་ཁྱུད་བསྐོར་བའི་ལྟེ་བར་ཧྲཱིཿམཐར། སརྦ་ཏྲི་ལོ་ཀ་ཀཱ་མ་བ་ཤང་ཀུ་རུ་ཡེ་ཧོཿ མུ་ཁྱུད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་རྒུ་སྔགས་ཀྱི་ཡོན་ཏན་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །རྩིབས་བཞི་ལ། ཨཱཾཿ ཨ་ རོ་ ལིཀ྄ །རྩིབས་མཆན་སྔར་བཞིན། མུ་ཁྱུད་རྒྱབ་མར་ཡེ་དྷར་དང་། ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་རྒུ་སྔགས་ཀྱི་ཡོན་ཏན་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །དབང་གི་ཁྱད་པར་རྫས་མེ་ཏོག་དམར་པོ། པདྨ་རཀྟའམ་ཟླ་མཚན། སིནྡྷུ་ར། ལན་ཚྭ་སོགས་དང་ལྷན་ཅིག་དར་དམར་པོས་དྲིལ་བ་ཐབ་འོག་ཏུ་བཞག་པས་དབང་གི་ལས་ཐོགས་མེད་དུ་འགྲུབ་བོ། །དྲག་པོ་ལ། དར་ཤོག་མཐིང་ནག་ལ་མུ་ཁྱུད་གོང་ལྟར་བསྐོར་བའི་ལྟེ་བར་ཨཱཿམཐར་སརྦ་ཤ་ཏྲཱུཾ་བིགྷྣཱན་བི་ནཱ་ཡ་ཀ་མཱ་ར་ཡ་ཕཊ། མུ་ཁྱུད་ལ། བདག་སྒྲུབ་པ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་དམ་སྲི་འབྱུང་པོ་ལོག་པར་འདྲེན་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཅིག །རྩིབས་བཞི་ལ། ཧཱ་ པྲ་ ཛྙཱ་ དྷྲིཀ྄ །རྩིབས་མཆན་འདྲ། མུ་ཁྱུད་མཐའ་མར་ཡེ་དྷར་དང་། ཨོཾ་ཀརྨ་ཌཱ་ཀཱི་ནཱི་སརྦ་སིདྡྷི་ཧཱུྃ། བདག་སྒྲུབ་པ་པོ་ལ་སོགས་སྤེལ་ཚིག་སྦྱར། ཐུན་རྫས་དུག་ཁྲག་སོགས་དྲག་པོའི་ཁྱད་པར་གྱི་རྫས་རྣམས་བཏུམས་ལ་དར་ནག་པོས་དྲིལ་ཏེ་ཐབ་འོག་ཏུ་སྦས་པས་དྲག་པོའི་ཕྲིན་ལས་རྩོལ་མེད་དུ་འགྲུབ་པར་བཤད་དོ། །འདི་ལའང་བླ་མ་དགོངས་འདུས་གཙོར་གྱུར་ལས་རྒྱས་བསྡུས་དང་ཟུར་འདྲ་མིན་འགའ་ཞིག་འབྱུང་ཡང་གཏེར་ཁ་ཁ་ཤས་ཞལ་མཐུན་ཅིང་ཕྱག་ལེན་བདེ་བ་འདི་ཀ་ཉིད་དོ། །ནག་རྩིས་ལས་སྤར་ཁ་དྭ་ལིར་ཧོམ་མི་སྦར་བ་དང་། སྨེ་བ་ལྔ་སེར་གནས་པའི་ཕྱོགས་སུ་གདོང་བསྟན་མི་རུང་བར་བཤད་པ་སོགས་ལུགས་དེ་གཙོར་བྱེད་པ་རྣམས་ཀྱིས་ཤིན་ཏུ་འཛེམ་པར་སྣང་མོད། འཕགས་ཡུལ་གྱི་རྡོ་རྗེ་སློབ་དཔོན་རྣམས་ལ་མ་གྲགས་པས་བོད་དུའང་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་གསུང་སྒྲོས་དང་ཕྱག་ལེན་དུ་མི་འབྱུང་བས་དགག་བྱ་ཆུང་ཡང་། གཏེར་མའི་རྩིས་སྐོར་ལས་ཀྱང་ཕྱོགས་མཚོན་འབྱུང་བར་སྣང་བའི་ཕྱིར་ཞེན་རྟོག་བློས་མ་ཐོངས་ན། དྭ་ལིར་བསླེབས་པས་རོ་སྲེག་དང་མེ་ཞགས་འཕེན་པ་ལྟ་བུའི་ཧོམ་ཆེན་སྤང་། སྦྱིན་སྲེག་དཀྱུས་ཙམ་ལ་ཉེས་པ་མི་འབྱུང་། ལྔ་སེར་གནས་ཕྱོགས་སུ་གདོང་བསྟན་དགོས་ན་ཟན་ནམ་ས་ལ་སྟག་གི་མགོ་བཅོས་པ་ལ་སྐྱེར་ཚེར་ཁྲུ་གང་པ་བཙུགས་ཏེ་བཞག་ན་སྒྲིབ་ཤིང་དུ་འགྱུར་ལ། ཡང་འཇག་མའི་ཆུན་པོ་སོར་བཞི་པ་ལ། ཨོཾ་ཙི་ལི་མི་ལི་པིང་ཀང་ཙེ་སྭཱ་ཧཱ། ཞེས་ལན་གྲངས་མང་དུ་བཏབ་པ་རྣ་ལྟག་གཡོན་དུ་བཞག་ན་ལྔ་སེར་སོགས་ཀྱི་ཉེས་པ་སེལ་བ་གཏེར་གཞུང་ཁུངས་ལྡན་ལས་འབྱུང་བ་སྟབས་བདེ་བས་ལག་ལེན་དུ་བྱའོ། །དགང་བླུགས་ལས་སོ་སོ་དང་མཐུན་པ་མ་འབྱོར་ན། དེང་སང་བཟོ་རྒྱུན་འདིས་ལས་བཞི་ཀ་ལ་རུང་བར་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པ་ལྟར་གསར་རྙིང་སྤྱིའི་ཕྱག་ལེན་མཛད་པའི་དགང་གཟར་དང་བླུགས་གཟར་གྱི་ཚད་དབྱིབས་ནི། དགང་གཟར་གྱི་མགོ་བོ་སོར་བཞི་པ་གྲུ་བཞི། འོག་གི་མཐིལ་དུ་པད་འདབ་བརྒྱད་ཡོད་པའི་འདབ་མ་མཐིལ་ནས་ལོགས་སུ་ལངས་པའི་རྩེ་མཆུའི་ནང་གི་ངོས་ཐུག་སླེབ་པ། དེ་ནས་ཕྱིར་སོར་གཅིག་བསྐྱེད་པའི་མཆུ་ཅན་གྱི་རྩེ་མོའི་ངོས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་རྭ་ནས་མར་ཁུ་འབབ་པའི་བུ་ག་གཏོད་ཅིང་། ནང་གི་པདྨའི་ལྟེ་བར་སོར་གཅིག་བརྐོས་པ་ལས་རྡོ་རྗེ་རྩེ་ལྔ་གྱེན་དུ་ལངས་པ། མཆུའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ད་ལྟའི་བཟོ་རྒྱུན་རྣམས་ལ་དཀྱིལ་དུ་ལས་བཞིའི་མཚན་མ་བྱས་པའང་མང་ངོ་། །བླུགས་གཟར་མགོ་བོ་སོར་གཉིས་པ། ཟབས་སུ་སོར་གཅིག་པ། དབྱིབས་པད་འདབ་བམ་བ་ལང་གི་མིག་ལྟ་བུ། ལྟེ་བར་རྡོ་རྗེས་མཚན་པ། གཉིས་ཀའི་ཡུ་བ་ཁྲུ་གང་བ། སྦོམ་ཕྲ་ཆངས་པར་གཟུང་བདེ་བར་བྱས་པའི་ཡར་སྣེར་རྡོ་རྗེ་དང་ནོར་བུ་གཉིས་ཀའམ་གང་རུང་ཆུ་སྲིན་གྱི་ཁ་ནས་ཐོན་པ་དང་། མར་སྣེར་རྡོ་རྗེས་མཚན་པར་བྱེད་དོ། །གལ་ཏེ་དགང་བླུགས་མ་འབྱོར་ན་གཟར་བུ་གཉིས་ལ་དེར་དམིགས་ཏེ་བྱིན་གྱིས་བརླབ་པའམ། གཡོན་གྱི་སོར་མོ་ལྔ་སྦྱར་བས་དགང་གཟར་དང་། གཡས་ཀྱི་སོར་མོ་གསུམ་སྦྱར་བས་བླུགས་གཟར་བྱེད་པའང་བཤད་དོ། །མེ་པྲ་བརྟག་པ་ནི། སྤྱིར་མེ་སྦར་བ་ནས་ཆོ་ག་མ་རྫོགས་ཀྱི་བར་ཐོག་མཐའ་བར་གསུམ་བརྟག་པར་གསུངས་ཀྱང་རགས་པར་བྱོན་སྐྱེམས་དགང་བླུགས་འབུལ་བའི་སྐབས་གཙོ་ཆེ་བས་བརྟག་སྟེ། སྤྱིར་ལས་འཇམ་པོ་གསུམ་ལ་མེའི་མདངས་གསལ་ཞིང་མཛེས་པ། སྒྲ་སྙན་ལ་དྲི་ཞིམ་པ། དུད་པ་མེད་ཅིང་འབར་སླ་བ། དྲག་པོ་དེ་ལས་གོ་ལྡོག་པར་དགོས་ཤིང་། བྱེ་བྲག་ཏུ། ཞི་བའི་མེ་དཀར་ཞིང་འཇམ་ལ་མེ་ལྕེ་རྩེ་མོ་གཅིག་པ་དྲང་པོར་འབར་བ། མེ་རོ་མེད་ཅིང་མེ་འུར་དཀར་ཐུལ་ཡལ་བ། རྒྱས་པའི་མེ་གསེར་རམ་ཉི་མའི་མདངས་ཅན་གྲུ་བཞི་བརྗིད་པའི་རྩེ་མོ་རིན་པོ་ཆེ་འབར་བའམ་རྒྱལ་མཚན་ལྟ་བུ། ནག་རོ་མེད་ཅིང་མེ་སིལ་འབྲུའི་ཕུང་པོ་སྤུངས་པ་ལྟ་བུ། དབང་གི་མེ་དམར་ཞིང་དྭངས་ལ་མེ་ལྕེ་ལྕགས་ཀྱུའམ་གློག་ཞགས་ལྟ་བུ་ཕྱོགས་སུ་གཡོ་ཞིང་འཁྱིལ་བ། དྲག་པོའི་མེ་དམར་ནག་དང་ཁམ་ནག་མེ་ལྕེ་མཚོན་ཆ་ལྟར་དུམ་བུར་ཆད་ཅིང་མེ་སྟག་ཚྭ་ཚྭ་འཕྲོ་བ། ལས་བཞི་པོ་སོ་སོ་དང་མཐུན་པའི་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྣང་བ་རྣམས་དང་། ལས་བཞི་ཀུན་འདུས་ལ་མེ་ཁ་དོག་དང་མཚན་ཉིད་སྣ་ཚོགས་པར་སྣང་ཞིང་མེ་ལྕེ་རྣོ་ལ་ཕྱོགས་ཕྱོགས་འགྲོ་བ་རྣམས་བཟང་བར་བཤད། ངན་པའི་རྟགས་མེ་ལ་བཀྲག་མདངས་མེད་ཅིང་འོད་སྣུམ་མ་ཆགས་ན་ལྷ་མ་འགྲུབ་པའི་རྟགས་ཡིན་པས་བསྙེན་སྒྲུབ་བསྐྱར་ནས་འབད། དུད་པ་སྤྲིན་ནག་འཁྲིགས་པ་འདྲ་ན་རྐྱེན་ངན་འབྱུང་བས་ཟློག་པ་ལ་འབད། དུད་པ་ཤིན་ཏུ་ཚན་ཆེ་ན་གྲིབ་ཤས་ཆེ་བས་གྲིབ་སེལ་བྱ། མེ་འབར་དཀའ་ན་ལས་མི་འགྲུབ་པས་སྒྲུབ་པ་བསྐྱར་བའམ་ལས་ཀྱི་རྣོ་སོ་གདགས། མེ་ལྕེ་དུམ་བུར་ཆད་ན་ཚེ་ལ་གནོད་པས་འཆི་སླུ་དང་ཚེ་སྒྲུབ་བྱ། མདོག་ནག་ལ་རྩུབ་ན་དགྲ་ངོ་ཡིན་པས་དགྲ་ཟློག་བྱ། དུད་འགྲོ་མི་སྡུག་པའི་མགོ་འདྲ་བ་བྱུང་ན་མི་ཁས་གནོད་པས་ཟློག་གཟུངས་ལ་འབད། མེའི་མདོག་མི་སྡུག་པ་བྱུང་ན་ཡུལ་ཁམས་མི་བདེ་བས་སྤྱི་རིམ་བསྒྲུབ། དྲི་མི་ཞིམ་པ་བྱུང་ན་ནད་ཡམས་འབྱུང་བས་རིམས་སྲུང་དང་ཡམས་ཟློག་ལ་འབད། ཡར་ཞིང་ཚག་ན་ཕུགས་སུ་འགོང་པོ་ཞུགས་པས་གདོན་ཕུད་དང་བགེགས་བསྐྲད་བྱ། སྒྲ་མི་སྙན་པ་གྲགས་ན་ཤུལ་དུ་མི་ཤིས་པ་འབྱུང་བས་སྒྲུབ་ཆེན་ནམ་བཀྲ་ཤིས་བརྩེགས་པའི་མདོ་བཀླག །ལྗོན་ཤིང་གི་ཡལ་ག་བྲེག་པ་འདྲ་བ་བྱུང་ན་འཁོར་དང་ལོངས་སྤྱོད་མི་འདུ་བས་ཟང་ཟིང་སྤང་དག་བྱ་བའམ་ཚོགས་གསོག་ཅི་འགྲུབ་དགོས་པར་བཤད། གཞན་ཡང་སྐབས་དེར་སྒྲུབ་པ་པོ་རྣམས་ཁམས་སྙོག །དྭངས་མི་སྤྲོ། ཁྲོ་ཞིང་འཚིག་ན་དམ་སེལ་དང་ཉམས་གྲིབ་ཡོད་པའི་ལྟས་ཡིན་པས་དམ་སྐོང་དོང་སྤྲུགས་བྱ་དགོས་པར་གསུངས། དེ་ལྟར་ལྟས་ཞིབ་ཏུ་བརྟགས་ལ་རྣལ་འབྱོར་པ་རབ་ཀྱིས་དགག་སྒྲུབ་མེད་པར་ལྟ་བའི་ངང་དུ་སྐྱེལ། འབྲིང་གིས་སྒོམ་པའི་གསལ་སྣང་གི་ཟིལ་གྱིས་མནན། ཐ་མས་བཟང་ན་ལྷ་སྔགས་ལ་ཡིད་ཆེས་ཀྱི་དད་པ་སྐྱེད། ངན་ན་སོ་སོའི་གཉེན་པོ་ལ་བརྩོན། འཕྲལ་རྐྱེན་གདོན་གྱིས་ངན་པར་སྟོན་པའང་སྲིད་པས་དེ་ལ་མེ་ལྷར་བསང་གཏོར་ཕུལ་ཞིང་ལས་སྔགས་དང་ལས་ཆུས་བསངས་པས་སེལ་ལ། སླར་ཡང་དགང་བླུགས་གྲངས་བཞིན་འབུལ། ངན་པའི་ལྟས་ཕལ་ཆེར་དྲག་པོའི་སྐབས་སུ་སྐྱོན་མེད་དོ། །སྲེག་བླུགས་ཀྱི་ལས་སྦྱོར་སོ་སོ་དགོས་པའི་སྐབས་དང་བསྟུན་ནས་སྦྱོར་བའི་ཚུལ་ཡང་གལ་ཆེ་བས་ཤེས་པར་བྱ་སྟེ། ཞི་བ་ལ་མཚམས་མེད་སོགས་ཀྱི་ཉེས་བྱས་འཇོམས་པ། སྡིག་སྒྲིབ། དམ་ཚིག་ཉམས་ཆག །ནད། གདོན། མི་ཁ་གླེང་གཞི་སོགས་མི་ཤིས་པ། བྱད་ཁ་རྦོད་གཏོང་། གྲིབ་དང་མི་གཙང་བ། མི་མཐུན་པའི་ཕྱོགས་ཞི་བ་རྣམས་དང་། རྒྱས་པ་ལ་ཟས་ནོར་འདུ་བ་སྤྱི། ཚེ། བསོད་ནམས། དཔལ་འབྱོར། བློ་གྲོས། སྟོབས་རྩལ། ཡོན་ཏན། དངོས་གྲུབ་རྒྱས་པ་སོགས་དང་། དབང་ལ་བྱང་བུ་བཞི་པ། འདོད་པ་སོ་སོ་དབང་དུ་བྱེད་པའི་ཐབས་རྣམས་དང་། དྲག་པོ་ལ་ཟོར་གྱི་ལས། སྲུང་ཟློག་གསད་དབྱེ་བསྐྲད་མནན་སོ་སོར་བསྒྲུབ་པའི་རྫས་སྔགས་ཏིང་འཛིན་གྱི་འཕྲུལ་འཁོར་རྣམས་ནི་གཏེར་རྙིང་གི་གཞུང་ཆེན་རྣམས་ལས་གུད་དུ་བཀོལ་ཏེ་རྩ་གསུམ་གང་ཡིན་ལ་སྦྱར་བར་བྱ། སྤྱི་ཙམ་དུ་ལས་དང་མཐུན་པའི་ཁ་དོག་ཅན་གྱི་སྲུང་སྐུད་རྡོ་རྗེའི་མདུད་པ་བཏབ་པ་སྦྱིན་སྲེག་གི་དུད་པ་ཕོག་སར་བཞག །ལྷ་སྔགས་ཤམ་དུ་སོ་སོའི་སྤེལ་ཚིག་བཏགས་པས་བསྔགས་ཤིང་མེ་ལྕེ་ལའང་རེག་པ་བསྲུང་བྱའི་མགུལ་ལམ། སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་པས། དཀར་པོས་ནད་གདོན་འཇིགས་བརྒྱད་དུས་མ་ཡིན་པའི་འཆི་བ་ཞི་ཞིང་སྲུང་བ་སོགས་ལས་དང་མཐུན་པའི་དངོས་གྲུབ་འཐོབ་པར་འགྱུར་ལ། ཆོས་སྐྱོང་གི་རྟེན་དང་བླ་རྡོ་སོགས་སྦྱིན་སྲེག་གི་དུད་པས་བདུག་ན་ཉམས་གྲིབ་སེལ་ཅིང་ནུས་པ་ཆེ་བར་གྱུར། ནད་པ་གདོན་ཅན་ལ་མེ་ཐུན་རྡེག་ན། དཀྱིལ་འཁོར་པའི་བསྲེག་རྫས་རྗེས་འབྲེལ་བཅས་ཕུལ་ནས་གཏང་རག་མ་བྱས་པའི་གོང་དེར། ཞི་བ་ལ་ལྷ་རྣམས་ལས་འོད་ཟེར་མེ་ལྕེ་དཀར་པོའི་ཕྲེང་བ་འཕྲོས། བསྒྲུབ་བྱའི་ལུས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པ་ལ་ཉི་མས་རེག་པ་ལྟར་སངས་ཀྱིས་བསྲེགས་ཏེ་མེ་ཕུང་དཀར་པོ་འབར་བར་བསམ་ལ་ལྷ་སྔགས་དང་། གཞན་ཡང་བྱད་ཁ་ལ་རྡོ་རྗེ་གཙུག་ཏོར་གྱིས་མཚོན་ཞི་སྔགས་ཇི་ལྟར་འོས་པ་དང་སྤེལ་ཚིག་བརྗོད་བཞིན་པས་མེ་ཐུན་རྡེག །མཐར་དམིགས་མེད་དུ་བཞག །དྲག་པོ་ལ། ལྷ་རྣམས་རབ་ཏུ་ཁྲོས་པ་ལས་དུས་མཐའི་མེ་ལྟ་བུའི་མེ་རླུང་འཚུབས་མ་མཚོན་ཆའི་ཆར་དང་བཅས་པ་འཕྲོས་པས། བསྒྲུབ་བྱའི་སྒོ་གསུམ་ལ་གནོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་སྡོང་ཟླ་སྣ་འདྲེན་རྒྱབ་རྟེན་དང་བཅས་པ་སྐད་ཅིག་གིས་རྗེས་ཤུལ་ཙམ་ཡང་མེད་པར་རྡུལ་དུ་བརླགས་པར་བསམ་ལ་དྲག་སྔགས་གང་ཤེས་བརྗོད། རྗེས་སྙིང་རྗེ་བསྒོམ་ཞིང་སྟོང་ཉིད་ངང་ལ་བཞག །ཞི་དྲག་གི་སྦྱིན་སྲེག་སྐབས་མེ་ལྷ་གཤེགས་ཟིན་རྗེས་མེ་རོའི་སྟེང་དུ་སྦྱིན་བདག་སོགས་དོ་གལ་ཅན་ཕར་མཆོང་ཚུར་མཆོང་ལན་གསུམ་བྱེད་དུ་བཅུག་པས་བགེགས་ཀྱི་གནོད་པ་ལས་གྲོལ། སྤྱིའི་ཕྱག་ལེན་དུ་བསྲེག་རྫས་ལྷག་མེད་དུ་འབུལ་བ་ཡིན་ཡང་། བླ་མ་དགོངས་འདུས་ལས་སྲེག་བླུགས་ལ་མི་དགྱེས་ཤིང་མི་དབང་བ་དང་། གློ་བུར་དུ་ལྷགས་པའི་མགྲོན་ལ་བསྲེག་རྫས་ལྷག་རོལ་འགའ་ཞིག་ཐབ་དང་། འགའ་ཞིག་ཐབ་ཀྱི་ཕྱི་རོལ་ལ་སོགས་པར་འཐོར་ཏེ། ཨུཙྪིཥྚའི་སྔགས་ཀྱིས་བསྔོ་དགོས་པ་གནད་གདམས་ལས་གསུངས་སོ། །རྗེས་ཀྱི་མེ་རོའང་ལས་འཇམ་པོ་གསུམ་ལ་ནག་རོ་ཆུང་ཞིང་འབར་བ་དང་ཡལ་སླ་བ། ཞི་བ་ལ་མེ་འུར་དཀར་ཐུལ་ཡལ་བ། རྒྱས་པར་འབྲུའི་ཕུང་པོ་ལྟ་བུ། དབང་ལ་དམར་མདངས་དང་མེ་སྟག་ཡོད་པ། དྲག་པོ་ལ་གོང་གི་ངན་པའི་ལྟས་སུ་བཤད་པ་ཕལ་ཆེར་ཡང་ལེགས་པར་གཟུང་དགོས་པ་དང་། ལས་བཞི་ཀར་གང་ལ་བྱ་བ་དེ་དང་མཐུན་པའི་རྒྱབ་སྐྱོར་རྗེས་སུ་གཟུངས་སྔགས་སྒྲོག་ཅིང་སྨོན་ལམ་ནན་ཏན་འདེབས་པ་གལ་ཆེ་བར་གསུངས་ཏེ། དམ་ཚིག་ཉམས་ཆག་ཞི་བའི་སྲེག་བླུགས་ཀྱི་རྗེས་སུ། ཡིག་བརྒྱ་མང་དུ་བཟླ་ཞིང་དེའི་བུམ་ཆུས་ཁྲུས་བྱ་བ་དང་། ཉམས་ཆག་ཐམས་ཅད་ད་ལྟ་ཉིད་དུ་ཞི་བའི་སྨོན་ལམ་མང་དུ་གདབ་དགོས་པས་མཚོན་ཏེ་རིགས་པས་འཕྲུལ་ཤེས་པར་བྱ། གང་ལའང་རྗེས་སུ་བཀྲ་ཤིས་པའི་ཚིགས་གཅད་རྒྱ་ཆེར་བརྗོད་པ་གནད་དུ་ཆེ་བར་གསུངས་སོ།། ༈ །།བཞི་པ་སྤང་བླང་གི་དམ་ཚིག་ནི། རྡོ་རྗེ་ཐེག་པའི་སྒོར་ཞུགས་ཕྱིན་ཆད་དམ་ཚིག་ལ་གནས་པ་ཁོ་ན་གལ་ཆེ་བ་གཞིར་བཞག །སྐབས་འདིའི་དམིགས་བསལ་དུའང་། སྦྱིན་སྲེག་གི་དབུ་ཚུགས་ནས་མཇུག་མ་རྫོགས་ཀྱི་བར་དུ་ལུས་ཀྱི་བྱ་བྱེད་རྣམ་གཡེང་། ངག་གི་སྨྲ་བརྗོད། སེམས་ཀྱི་འཁྲུལ་རྟོག་ལེ་ལོ་སྐད་ཅིག་ཀྱང་མི་བྱ། ཐབ་དང་རྫས་བཀོད་ཟིན་ནས་མ་གྲུབ་བར་དུ་རང་གར་མི་བོར། མེ་སྦར་ནས་གཤེགས་གསོལ་མ་བྱས་ཀྱི་བར་དུ་ཐབ་དང་མེ་ལ་སློབ་དཔོན་དང་ལས་རྡོར་མ་གཏོགས་གཞན་གྱིས་མི་རེག །མེ་ཚང་དཀྲུགས་བརྡལ་མི་བྱ། ཕུ་མི་གདབ། མཆོད་རྫས་དང་བསྲེག་རྫས་རྣམས་ཀྱང་གཞུང་མཐུན་གཙང་ཞིང་དག་པ། འབག་བཙོག་སེར་སྣ་རློམས་སེམས་སོགས་ཀྱི་དྲི་མས་མ་གོས་པ། དམེ་མུག་ནལ་སོགས་གྲིབ་ཅན་དང་དམ་ཚིག་མི་གཙང་བའི་ལག་ནས་བྱུང་བ་མ་ཡིན་པ། ཡམ་ཤིང་གས་འཁྱོགས་ཅན་དང་མར་ཁུ་འབག་སྙིགས་སོགས་དེས་ཆོག་བྱུང་རྒྱལ་མ་ཡིན་པ་གཟབ་སྟེ་བྱ་དགོས་པ་དང་། སྔར་བཤད་པ་ལྟར་ལས་བཞི་སོ་སོའི་འདུག་སྟངས་ཕྱག་རྒྱ་འདུན་སེམས་ལ་སོགས་པ་ནོར་མེད་ཚུལ་བཞིན་དུ་བསྒྲུབ་པ་ལས་བབ་ཅོལ་ཅུང་ཟད་ཀྱང་མི་བྱ་བ་དམ་ཚིག་ཡིན་པས། རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་པ་རྣམས་ཀྱིས་ཁ་ལྟ་རྒྱབ་ཁུར་གྱིས་ཟོམ་ཟོམ་མི་མཛད་པ་གལ་ཆེ་བར་སྣང་ངོ་། །ཕྱི་ནང་གསང་བའི་རྟོག་འཁྲུལ་བསྲེག་བྱ་ཀུན། །བདེ་ཆེན་ཡེ་ཤེས་སྲེག་བླུགས་སྦྱོར་བ་ཡིས། །རྣམ་དག་འོད་གསལ་དབྱིངས་སུ་ཞི་བ་ལས། །འགྲོ་ཁམས་ཇི་སྲིད་ཐུགས་རྗེའི་སྣང་བདལ་ཤོག །འདིའང་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་པའི་རྩ་གསུམ་སྒྲུབ་ཐབས་ནོར་བུ་དབྱིག་གི་སྙིང་པོ་སྤྱིའི་ཕྲིན་ལས་ཀྱི་དགོས་འདོད་ཉེ་བར་འཇོ་བའི་ཆ་རྐྱེན་དུ་དམིགས་ཏེ། རྒྱལ་དབང་པདྨ་ཐོད་ཕྲེང་གི་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ལུང་འདྲེན་བཤད་ཡམ་བོར་ནས། ལག་ལེན་སིལ་བུ་བསྟར་བའི་ཉུང་གསལ་གོ་བདེའི་ཚུལ་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

ཚེ་དབང་མདའ་འཕེལ་མའི་ཆོག་བསྒྲིག་འཆི་མེད་འབྱུང་བ་ (Volume 19, Text 23)

༄༅། །ཚེ་དབང་མདའ་འཕེལ་མའི་ཆོག་བསྒྲིག་འཆི་མེད་འབྱུང་བ་ཞེས་བྱ་བ་བཞུགས་སོ། ། མགོན་པོ་སྐུ་ཚེ་དཔག་ཏུ་མེད་པ་དང་། །དབྱེར་མེད་དྲིན་ཅན་བླ་མར་ཕྱག་འཚལ་ནས། །འཆི་བདག་མུན་པའི་སྨག་རུམ་ཀུན་བསལ་ཕྱིར། །འཆི་མེད་འབྱུང་བ་འོད་ཟེར་འབུམ་ལྡན་སྤྲོ། །དེ་ལ་འདིར་རས་ཆེན་རྡོ་རྗེ་འཆང་དཔལ་འབྱོར་བཟང་པོའི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཅན་གདམས་ངག་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་གསུམ་སྟེ། ནི་གུ་མ་ལས་དངོས་སུ་གསན་པའི་གཏུམ་མོ་ཞག་བདུན་མ། འཕོ་བ་འཇའ་ཟུག་མ། ཨོ་རྒྱན་དངོས་ལས་གསན་པའི་ཚེ་དབང་མདའ་འཕེལ་མ་དང་གསུམ་དུ་གྲགས་པ་ལས། འདིར་ཨོ་རྒྱན་པདྨ་སཾ་བྷ་བ་ལས་དངོས་སུ་གསན་པའི་ཚེ་དཔག་མེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་ཚུལ་ལ། བཤམ་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ནང་དུ་པདྨ་འདབ་བརྒྱད་ལྟེ་བ་དམར། འདབ་བརྒྱད་ལྷའི་མདོག་དང་མཚུངས་པའམ་དམར་པོ་གང་བདེ་བྱ། གཞན་རྣམས་ལྷ་དགུ་མ་དང་འདྲ། ལྷ་སོ་སོའི་གདན་ལ་ལྷའི་མཚན་མ་བཀོད། དེ་ལྟར་མ་འབྱོར་ན། མཎྜལ་ཁར་ལྷ་གྲངས་དང་མཐུན་པའི་ཚོམ་བུ་བཀོད། དེ་གཉིས་གང་བྱེད་ཀྱི་སྟེང་དུ་མཉྫི། དེའི་སྟེང་དུ་བུམ་པ་བུམ་ཆུ་རྫས་མགུལ་ཆིངས་དང་བཅས་པ། དེའི་སྟེང་དུ་ཐོད་པའི་ནང་དུ་ཚེ་ཆང་། དེའི་སྟེང་དུ་ཚེ་བུམ། དེ་ལ་ཚེ་མདའ་ཚིགས་གསུམ་རྒོད་སྒྲོ་མ། སྔར་ས་ལ་མ་བརྒྱབ་པ་གཅིག་ལ་མེ་ལོང་། ཚེ་གཡུ། དར་ཚོན་སྣ་ལྔ་བཏགས་པ་གཟུག །ཐོ་བརྩེགས་བྱེད་མ་ཐུབ་ན། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ། གཡས་སུ་ཚེ་ཆང་། རྒྱབ་ཏུ་ཚེ་བུམ་ལ་ཚེ་མདའ་དང་བཅས་པ། མདུན་དུ་ལས་བུམ། གཡོན་དུ་ནང་མཆོད། དེ་ཐམས་ཅད་གཟུངས་ཐག་གིས་བསྐོར་བའི་སྣེ་དཔོན་སློབ་ཐམས་ཅད་ཀྱི་གཡོན་པའི་སྲིན་མཛུབ་ཀྱིས་བཟུང་ཆོག་པར་མཛད། ཚེ་བུམ་ཟླུམ་གཏོར་འབྲི་མོག་བྱུགས་པ་རྒྱན་ལྡན་མཐར་ཚེ་རིལ་གྱིས་བསྐོར་བའམ། བུམ་གཟུགས་གང་རུང་ཚེ་རིལ་ཚོགས་རྫས་མཐའ་མཆོད་པ་ལྔ་སོགས་ཇི་ལྟར་འབྱོར་པ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ། ཌཱ་མ་རུ། མེ་ཏོག །རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་དང་། བགེགས་གཏོར་རྣམས་བཤམ། སློབ་དཔོན་གྱིས་སྔོན་དུ་བདག་བསྐྱེད་སོགས་མི་དགོས་པར་མཉམ་དུ་སྒྲུབ་པ་ཡིན་པས། སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད་པ་དང་། སློབ་དཔོན་གྱིས་ལས་བུམ་གྱི་ཆུ་ལ་དམིགས་ཏེ། ཨ་མྲྀཏ་ཀུཎྜ་ལཱི་ཅི་འགྲུབ་བཟླ། ཆུ་དེས་ཐམས་ཅད་ལ་བསང་གཏོར་བྱེད། བགེགས་གཏོར་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ། ཨ་ཀཱ་རོ་གསུམ་གྱིས་བསྔོ། འབྱུང་པོ་མཐུ་བོ་ཆེ་དཀར་ཕྱོགས་ལ་དགའ་བ་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་གསང་སྤྱོད་བལྟ་བར་མི་དབང་བ་རྣམས་འདིར་མ་གནས་པར་སོང་ཞིག །སུམྦྷ་བཟླ། རོལ་མོ་དང་བཅས་བགེགས་བསྐྲད། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསུམ། སློབ་མས་མཎྜལ་ཕུལ། སློབ་དཔོན་གྱིས་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཆེད་དུ་བླ་མ་བརྒྱུད་པའི་ལོ་རྒྱུས་རྒྱས་པར་བཤད། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་འདི། བྱ་བའི་རྒྱུད་ཀྱི་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ཀྱི་རྒྱུད། དེ་ཡང་གདམས་ངག་གི་འགྲེལ་ཚུལ་གྱིས་རྣལ་འབྱོར་བླ་ན་མེད་པའི་ཚུལ་དུ་ལེགས་པར་བཀྲལ་བ་རས་ཆེན་རྡོ་རྗེ་འཆང་དཔལ་འབྱོར་བཟང་པོའི་གདམས་པ་ཁྱད་པར་དུ་འཕགས་པ་གསུམ་གྱི་ནང་ནས། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་ཉིད་ལས་དངོས་སུ་གསན་པའི་ཚེ་དབང་མདའ་འཕེལ་མར་གྲགས་པ་འདི་ཉིད་འབུལ་བ་ལ། སྔོན་འགྲོ །དངོས་གཞི། རྗེས་གསུམ་གྱི། དང་པོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ནི། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སོགས་དྲང་དོན་ཆོས་ཀྱིས་བློ་ཁ་ཆོས་ལ་བསྒྱུར་བའི་བཤད་པ་བྱ། གཉིས་པ་ཐུན་མོང་མ་ཡིན་པ་ལ། གསོལ་བ་གདབ་པ། རྒྱུན་བཤགས་སྔོན་དུ་འགྲོ་བའི་སྒོ་ནས་སེམས་བསྐྱེད་པ། རིགས་ལྔའི་སྡོམ་པ་བླང་བ་དང་གསུམ་གྱི། དང་པོ་གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་སྣང་བ་མཛོད། །ཞེས་ཤློ་ཀ་ལན་གསུམ། གཉིས་པ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སྒོ་ནས་སེམས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ། གསུམ་པ་རིགས་ལྔའི་སྡོམ་པ་བླང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །བདག་གིས་འགྲོ་དྲུག་སེམས་ཅན་ཀུན་དོན་དུ། །གསང་བ་སྔགས་ཀྱི་དམ་ཚིག་བཟུང་བར་བགྱི། །རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས། །རིན་ཆེན་རིགས་དང་སྐྱོན་བྲལ་པདྨའི་རིགས། །ལས་ཀྱི་རིགས་སོགས་དམ་ཚིག་མ་ལུས་པ། །རྩ་བ་ཡན་ལག་དམ་ཚིག་བཟུང་བར་བགྱི། །གསང་བ་སྔགས་ཀྱི་དངོས་གྲུབ་འགྲུབ་པར་མཛོད། །ཅེས་པ་རྣམས་ལན་གསུམ་རེ་རྗེས་ཟློས་བྱེད། གཉིས་པ་དངོས་གཞི་ལ་རྟེན་དང་བརྟེན་པར་བཅས་པའི་བསྐྱེད་རིམ་གསལ་བཏབ་སྟེ་གཟུངས་བཟླ་བ། དེ་རྫོགས་རིམ་དུ་བསྡུས་ཏེ་སྔགས་བཟླ་བ། བསྐྱེད་རིམ་དུ་ལངས་ནས་ཚེ་འགུགས་པ། དབང་བསྐུར་བ། དབང་ལྷ་བསྟིམ་པ་དང་ལྔའི། དང་པོ་རྟེན་དང་བརྟེན་པར་བཅས་པའི་བསྐྱེད་རིམ་གསལ་བཏབ་སྟེ་གཟུངས་བཟླ་བ་ནི། དཀྱིལ་འཁོར། བུམ་པ། ཚེ་ཟན། ཚེ་རིལ། ཚེ་ཆང་། སློབ་དཔོན་སློབ་མ་ཐམས་ཅད་གཅིག་ཆར་དུ་ལྷར་བསྐྱེད་པ་ཡིན་པས་དེ་ཀའི་སྤྱན་དམིགས་གསལ་བཏབ་ནས་རྗེས་ཟློས་མཛད་པ་ཞུ། འདི་ནས་དམིགས་བསལ་མ་གཏོགས་སློབ་དཔོན་གྱི་རྗེས་ཟློས་མཛད།་་་སྐད་ཅིག་ཙམ་གྱིས་རྡོ་རྗེ་ཆེན་པོའི་ནང་།་་་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་རྩེ་སྲིད་རྩེར་སླེབས་པ། མར་རྩེ་དབང་ཆེན་གྱི་ས་གཞི་ལ་ཟུག་པ། ལྟེ་བ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་ཙམ་གྱི་ནང་དུ། མཆན། མཎྜལ་བུམ་པ་ཕོ་བྲང་གཞལ་ཡས་ཁང་། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ་མདུན་བསྐྱེད། སློབ་དཔོན་སློབ་མ་དང་བཅས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ལྷ་ཚོགས་འཇའ་ཚོན་ལྟ་བུར་བསྐྱེད་གསུངས། མཆན། འདབ་བརྒྱད་གྲུ་བཞི་སྒོ་བཞི་ལྕགས་རིར་བཅས། །སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན། །དེ་ཡི་དབུས་སུ་རང་བྱུང་ཨཱཿགཅིག་བསམ། །དེ་ལས་འོད་འཕྲོས་འཁོར་འདས་བཅུད་བསྡུས་ནས། །ཚུར་འདུས་ཨཱཿལས་རང་ཉིད་ཚེ་དཔག་མེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ལ་དྭངས། །གསེར་དངུལ་རིན་ཆེན་མུ་ཏིག་ཕྲེང་བས་བརྒྱན། །སྣ་ཚོགས་དར་གྱི་ན་བཟའ་ཤམ་ཐབས་གསོལ། །ཕྱག་གཉིས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དེ་ཉིད་པང་ན་གཉིས་མེད་གསང་བའི་ཡུམ། །ཞལ་གཅིག་ཕྱག་གཉིས་དམར་མོ་བུམ་པ་འཛིན། །རྒྱན་དང་ཆ་ལུགས་གཙོ་བོ་ཡབ་དང་མཚུངས། །དེ་ཡི་ཤར་སོགས་པདྨ་ཉི་ཟླའི་སྟེང་། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་རྣམས། །མཐིང་གི་བུམ་པ་གསེར་གྱི་བུམ་པ་དང་། །པདྨ་རཱ་ག་ཨིནྡྲ་ནཱི་ལ་ཡི། །བུམ་པ་རིམ་བཞིན་ཚེ་ཡིས་གང་བ་འཛིན། །མཚམས་བཞིའི་འདབ་མར་སྒེག་ཕྲེང་གླུ་གར་མ། །སྔོ་སེར་དམར་ལྗང་མཛེས་ལྡན་བུམ་པ་བསྣམས། །ནང་དུ་ཞལ་གཟིགས་གཙོ་བོའི་ཞལ་ལ་བལྟ། །གྲུ་ཆད་བཞི་ལ་མཆོད་པའི་ལྷ་མོ་བཞི། །མེ་ཏོག་བདུག་པ་སྣང་གསལ་མཆོད་ཡོན་རྣམས། །དཀར་སེར་དམར་ལྗང་གར་སྟབས་ཚུལ་གྱིས་བཞུགས། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དཀར་སེར་དམར་ལྗང་སྒེག་པའི་ཚུལ་དུ་བཞུགས། །དེ་ལྟར་ལྷ་རྣམས་སྣང་སྟོང་རང་བཞིན་མེད། །གསལ་སྟོང་འཇའ་ཚོན་ལྟ་བུར་གསལ་བར་གྱུར། །གཙོ་བོ་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །པདྨ་སྙིང་གི་ཟེའུ་འབྲུ་ལྟ་བུའི་སྟེང་། །ཚེ་ཡི་ངོ་བོ་དཀར་ལ་འཚེར་བ་ལ། །ཡི་གེ་ཨཱཿནི་དཀར་པོས་མཚན་པར་གྱུར། །དེ་ལ་ཚེ་ཡི་སྙིང་པོ་འོད་དང་ལྡན། །མེ་ཏོག་ཕྲེང་བ་ལྟ་བུས་བསྐོར་བར་བཞུགས། །རླུང་རོ་ལན་གསུམ་ཕྱི་ལ་སངས་ཀྱིས་བུས། །དུག་གསུམ་རྟོག་པ་མ་ལུས་སངས་ཀྱིས་དག །སྟེང་འོག་རླུང་གཉིས་སྙིང་གར་ཁ་སྦྱར་བཟུང་། །ཞེས་བརྗོད་ལ། རླུང་རོ་ལན་གསུམ་བུས། རླུང་འཁོར་གཅིག་འཛིན་དུ་གཞུག་དགོས་པས་དེའི་དམིགས་པ་ནི། སྙིང་གའི་རྣམ་ཤེས་པདྨ་ཁ་ཕྱེ་ནས། །ཨཱཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །མདུན་གྱི་ནམ་མཁར་རང་འདྲའི་ཡེ་ཤེས་པ། །མ་ཧཱ་གུ་རུ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་ཐམས་ཅད་བྱོན་པར་གྱུར། །དེ་ནས་སློབ་དཔོན་གྱིས་གོང་དུ་བཤད་པའི་རླུང་རོ་ལན་གསུམ་འབུད་པའི་དམིགས་པ། བུམ་པ་ཅན་འཛིན་ཚུལ་དེའི་དམིགས་པ་རྣམས་ཚིགས་བཅད་ཀྱི་དོན་བཀྲོལ་ནས་བཤད། དཔོན་སློབ་ཐམས་ཅད་ཀྱིས་རླུང་རོ་ལན་གསུམ་བསལ་ནས་བུམ་ཅན་ཐེང་གཅིག་འཛིན། དེ་ནས་ཚོགས་ཞིང་མདུན་དུ་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་འབུལ་བ་ནི། མ་ཧཱ་གུ་རུ་ཨོ་རྒྱན་པདྨ་དང་། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་འཁོར་བཅས་ཐམས་ཅད་ལ། །ཀུན་ནས་བདག་ནི་གུས་པས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་རྣམས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ལྟར། །བདག་གིས་མ་ལུས་ཀུན་ལ་དབུལ་བར་བགྱི། །འཁོར་བ་ཐོག་མ་མེད་པའི་དུས་ཉིད་ནས། །ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱིས། །ཕྲ་རགས་སྦོམ་གསུམ་སྡིག་པ་ཅི་བགྱིས་པ། །བདག་ཉིད་གནོང་ཞིང་འགྱོད་པའི་སྒོ་ནས་བཤགས། །དུས་གསུམ་རྒྱལ་བའི་ཡོན་ཏན་དཔག་མེད་དང་། །སེམས་ཅན་ཀུན་གྱི་དད་དང་བརྩོན་འགྲུས་ཀྱི། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཐུག་པ། །དགེ་བ་ཀུན་ལ་བདག་ནི་རྗེས་ཡི་རང་། །དུས་གསུམ་འགྱུར་མེད་རྡོ་རྗེ་ཚེ་ཡི་ལྷ། །ཀུན་ལ་ཁྱབ་པ་བྱམས་ཆེན་ཐུགས་རྗེའི་དཔལ། །བྱིན་རླབས་ཆེན་པོས་སྐུ་གསུམ་ཕྲིན་ལས་ཀྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བདག་གིས་བསྐུལ། །སྐུ་གསུམ་ཕྲིན་ལས་རྒྱུན་ཆད་མེད་པ་རུ། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་བར། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བཅོམ་ལྡན་ཁྱེད་ལ་ཕྱག་འཚལ་མཆོད་སོགས་པའི། །འགྲོ་ཀུན་དགེ་བའི་རྩ་བ་ཇི་སྙེད་པ། །རྣམ་མཁྱེན་ཀུན་མཁྱེན་གོ་འཕང་ཐོབ་བྱའི་ཕྱིར། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །གསོལ་བ་གདབ་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་འཁོར་བཅས་ཐམས་ཅད་ཀྱིས། །སྒྲུབ་མཆོག་བདག་ལ་དབང་དང་བྱིན་རླབས་པའི། །རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། གུ་རུའི་བུམ་པ་ནས་ཚེ་དཔག་མེད་ཀྱི་བུམ་པར་བདུད་རྩི་བབས། དེ་ཉིད་བདག་གི་ཚངས་པའི་བུ་ག་ནས་མར་བབས་པར་བསམས་ནས། ཚེ་དཔག་མེད་རིགས་ལྔས་དབང་བསྐུར་བར་མོས་པས། དམ་ཚིག་སེམས་དཔའ་སོ་སོའི་ལྷ་ཚོགས་ལ། །ཡེ་ཤེས་སེམས་དཔའ་དགུག་གཞུག་གཉིས་མེད་བསྟིམ། །གཉིས་མེད་དགྱེས་པ་ལྷ་ཡི་སྤྱི་གཙུག་ཏུ། །མ་ཧཱ་གུ་རུ་རིགས་ཀྱི་བདག་པོར་གྱུར། །ཡེ་ཤེས་དབབ་པ་ནི། མདུན་གྱི་ལྷ་ཚོགས་རྣམས་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་འཆི་མེད་ཚེའི་ལྷ་ཚོགས་ཐམས་ཅད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས་ཆར་བཞིན་བབས་པའི་མོས་པ་མཛོད། སྔགས་བརྗོད་ཅིང་ཌཱ་དྲིལ་སོགས་རོལ་ཆེན་གུ་གུལ་གྱི་དུད་པ་དང་བཅས་པ་བྱ། རིགས་བདག་གིས་དབུར་བརྒྱན་པར་བསམ། དེ་ལྟར་ལྷ་ཚོགས་གསལ་བར་བསྒོམས་པ་ཡི། །གཙོ་བོའི་ཐུགས་ཀའི་ཨཱཿཡིག་འོད་ཟེར་ལས། །སྙིང་པོའི་སྔགས་འཁོར་རང་སྒྲ་བྱུང་བ་ལས། །ཡབ་ཡུམ་ཞལ་ནས་སྙིང་པོའི་སྔགས་འདི་བཟླ།་་་གཟུངས་ཐག་མདུན་རྟེན་རྣམས་ལ་བསྐོར་བ་སློབ་དཔོན་གྱིས་སྙིང་གར་བཟུང་། དེའི་སྣེ་སློབ་མ་རྣམས་ཀྱི་སྲིན་ལག་གཡོན་པ་ལ་དཀྲིས་ནས་སྙིང་གར་བཟུང་ཞིང་བཟླས་པ་བྱ། མཐར་སློབ་དཔོན་གྱིས་ཆུ་གཙང་ལ་སྔགས་བཟླས་པས་བྱིན་བརླབས་གསུངས། མཆན། ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ། ཚེ་བྷྲཱུྃ། གཡུ་བྷྲཱུྃ། ནྲྀ་བྷྲཱུྃ། བནྡྷ་བྷྲཱུྃ། ཨཱ་ཡུརྫྙཱ་ན་བྷྲཱུྃ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། ཞེས་པའི་སྔགས་ལན་ཅི་རིགས་བཟླ། དེ་ནས་ལྷ་དང་སྔགས་ལས་འོད་ཟེར་འཕྲོས། །དུས་གསུམ་སངས་རྒྱས་ཀུན་གྱི་ཚེ་དཔལ་རྣམས། །བསྡུས་ནས་ཚུར་འདུས་རང་ལ་ཐིམ་པ་ཡིས། །འཆི་མེད་ཡེ་ཤེས་ཚེ་ཡི་ངོ་བོར་གྱུར། །གཉིས་པ་དེ་རྫོགས་རིམ་དུ་བསྡུས་ཏེ་སྔགས་བཟླ་བ་ནི། སྣོད་བཅུད་སྲུང་འཁོར་ལ་ཐིམ། སྲུང་འཁོར་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། དེ་རིམ་བཞིན་གཙོ་བོ། ཡུམ་ཡབ་ལ་ཐིམ། ཡབ་སྙིང་གའི་ཨཱཿལ་ཐིམ། ཨཱཿནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་མ་བཅོས་སྤྲོས་བྲལ་འོད་གསལ་ཆེན་པོར་བཞག །དེ་ཡང་ཚེ་མདའ་ལ་་་ཐོག་མར་སློབ་དཔོན་གྱིས་གཟུངས་ཚར་ལྔ་ཙམ་བཟླས་ནས་མདའི་ལྟོང་ནས་མདེའུའི་བར་ལ་ཕུ་གདབ། སློབ་མ་རྣམས་ལའང་གཟུངས་བཟླ་བཞིན་པས་དེ་ལྟར་བྱེད་དུ་གཞུག་གོ །མཆན། དཔོན་སློབ་ཀུན་གྱིས་རིང་ཐུང་གི་མཐོ་ཚད་བཟུང་ཞིང་། གཟུངས་ཚར་མང་པོ་བགྲངས་པའི་རྗེས་སུ། གསུམ་པ་བསྐྱེད་རིམ་དུ་ལངས་ནས་ཚེ་འགུགས་ནི། སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་རང་ཉིད་ཚེ་དཔག་མེད་གཙོ་འཁོར་བཅས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། ལྷ་ཚོགས་རྣམས་ཀྱི་གནས་གསུམ་དང་བ་སྤུའི་བུ་ག་ནས་འོད་ཟེར་ཁ་དོག་ལྔ་ལྡན་ལྕགས་ཀྱུ་ལྟ་བུ་དང་། ཚེ་འགུགས་བྱེད་ཀྱི་ལྷ་མོ་རྣམས་སྤྲོས་ཏེ་་་འདོན་ཆ་དང་མཐུན་པའི་དམིགས་པ་བསྒོམ་གསུངས། མཆན། སློབ་དཔོན་གྱིས་གདངས་དང་བཅས་པས་མདའ་དར་གཡབ་ཅིང་།་་་དབང་སྐུར་སྐབས་འདིར་མདའ་དར་ལ་ཐོ་རེག་མི་གཏོང་བར་དེ་གར་བཞག་ནས། སློབ་དཔོན་གྱིས་རྡོ་རྗེ་གཡབ་པའི་ཚུལ་ཙམ་དང་བཅས་ཚེ་འགུགས་མཛད་པའི་ཕྱག་ལེན་ཡོད་པ་ལེགས་གསུངས། མཆན། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །སྩོལ་ཅིག་སྩོལ་ཅིག་ཚེ་སྩོལ་ཅིག །ཡེ་ཤེས་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཤར་ལྷོ་མེ་ལྷའི་ལག་ནས་ཚེ༴ ཤམ་བུ་གོང་དང་འདྲ། བཅོམ་ལྡན་མགོན་པོ༴ ལྷོ་ཕྱོགས་གཤིན་རྗེའི་ལག་སོགས་འགྲེ།བཅོམ་ལྡན་མགོན་པོ༴ ལྷོ་ནུབ་སྲིན་པོའི་སོགས། བཅོམ་ལྡན་མགོན་པོ༴ ནུབ་ཕྱོགས་ཆུ་ལྷའི་སོགས། བཅོམ་ལྡན་མགོན་པོ༴ ནུབ་བྱང་རླུང་ལྷའི་སོགས། བཅོམ་ལྡན་མགོན་པོ༴ བྱང་ཕྱོགས་གནོད་སྦྱིན་སོགས། བཅོམ་ལྡན་མགོན་པོ༴ བྱང་ཤར་དབང་ལྡན་སོགས། དབང་པོ་བརྒྱ་བྱིན་ལག་ནས་ཚེ་ཁུག་ཅིག །སོགས། ལྷ་མོ་བརྟན་མའི་ལག་ནས་སོགས། ཨོ་རྒྱན་པདྨའི་ཕྱག་ནས་སོགས། མནྡཱ་ར་བའི་ཕྱག་ནས་ཚེ་ཁུག་ཅིག །སོགས་འགྲེའོ། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འཁོར་དུ་སྔོན་མོ་འབུམ་གྱིས་བསྐོར། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །རྡོ་རྗེ་རིགས་ཀྱི་ཚེ་ཁུག་ཅིག །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །ཤམ་བུ་སོགས་གོང་གིས་འགྲེའོ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། སྐུ་མདོག་དམར་མོ་མདངས་དང་སོགས་འགྲེའོ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་སོགས་འགྲེའོ། །དགོས་འདོད་འབྱུང་བའི་ཚེ་ཁུག་ཅིག །སྐྱོན་གྱིས་མ་གོས་ཚེ༴ མི་འགྱུར་བརྟན་པའི་ཚེ༴ ལས་ཀུན་འགྲུབ་པའི་ཚེ་ཁུག་ཅིག །འདིར་ཡང་གཟུངས་ལན་ཅི་རིགས་བཟླས་རྗེས་ཚེ་མདའ་ལ་སྔགས་འདེབས་པ་སོགས་དང་་་་གོང་གི་སྔགས་ཆུ་མདའ་ལ་བྲན་སྔགས་འདེབས་པའི་སྐབས་སུ་མདའི་ལྟོང་ནས་བཏབ་ཅིང་འཐེན་ཚུལ་ཡང་བྱེད་གསུངས། མཆན། མཐོ་ཚད་བརྟག །བཞི་པ་དབང་བསྐུར་བ་དངོས་ནི། འཇའ་ལུས་བུམ་པའི་དབང་མཆོག་བསྐུར་དུ་གསོལ། །ཡེ་ཤེས་རླུང་གི་གསང་དབང་བསྐུར་དུ་གསོལ། །བདེ་ཆེན་ཐིག་ལེའི་ཤེར་དབང་བསྐུར་དུ་གསོལ། །མངོན་སུམ་རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཚེ་དཔག་མེད་རིགས་ལྔ་རྣམས་རིམ་པ་བཞིན་རང་གི་སྤྱི་གཙུག་ཏུ་བྱོན་ནས་དབང་བསྐུར་བ་ནི། བུམ་པ་སྤྱི་བོར་བཞག་ལ།་་་དཔོན་སློབ་རྣམས་དབང་སྒྲུབ་མཉམ་དུ་གནང་བའི་ཚེ་ཐོག་མར་བུམ་པ་སོགས་དབང་རྫས་རྣམས་སློབ་དཔོན་རང་གི་སྤྱི་བོར་བཞག་ལ་དབང་བླང་། དེ་ནས་སློབ་མ་ལ་དབང་བསྐུར་གསུངས། མཆན། ང་ནི་སངས་རྒྱས་ཚེ་དཔག་མེད། །སངས་རྒྱས་ཀུན་དང་མགྲིན་གཅིག་ཏུ། །ལུས་ལ་སངས་རྒྱས་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ནས། །བསྐལ་པ་སྟོང་དུ་ཚེ་འཕེལ་ཞིང་། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་ཁར་བླུད་པས། གཏི་མུག་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་ཐམས་ཅད་དག །རྣམ་སྣང་གི་ཚེ་ཡི་དངོས་གྲུབ་ཐོབ། དེ་བཞིན་དུ། ང་ནི་མི་བསྐྱོད་ཚེ་དཔག་མེད། །ཅེས་སོགས་འདོན་པ་བསྒྱུར་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་ཁར་བླུད་པས་རིགས་འགྲེ །ཞེ་སྡང་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །མི་བསྐྱོད་པའི་ཚེའི་དངོས་གྲུབ་ཐོབ། ང་ནི་རིན་འབྱུང་ཚེ་དཔག་མེད། །སོགས་དང་། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། སེར་སྣ་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །རིན་འབྱུང་གི་ཚེའི་དངོས་གྲུབ་ཐོབ། ང་ནི་པདྨ་ཚེ་དཔག་མེད། །སོགས་དང་། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུྃ། འདོད་ཆགས་ལས་གྱུར་པའི་སྲོག་བཅད་པའི་སྡིག་པ་དག །འོད་དཔག་མེད་ཀྱི་ཚེའི་དངོས་གྲུབ་ཐོབ། ང་ནི་དོན་ཡོད་ཚེ་དཔག་མེད། །སོགས་དང་། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཕྲག་དོག་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །དོན་ཡོད་གྲུབ་པའི་ཚེའི་དངོས་གྲུབ་ཐོབ། ཅེས་རིགས་ལྔའི་དབང་བསྐུར། དེ་ནས་སྤྱི་བོར་ཚེ་དཔག་མེད་ཚོན་གང་པ་གཅིག་གསལ་བཏབ་ནས། དེ་ལས་འོད་འཕྲོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཐམས་ཅད་ཧཱུྃ་ཡིག་དཀར་དམར་གྱི་རྣམ་པར་སྤྱན་དྲངས་དེ་ཉིད་ལ་ཐིམ། དེ་ཉིད་ཀྱང་འོད་དུ་ཞུ་ནས་སྤྱི་བོའི་ཚངས་བུག་ནས་མར་ཞུགས། སྙིང་གར་རིགས་ལྔ་ཚེ་དཔག་མེད་ཀྱི་སྐུར་གྱུར། དེ་རྣམས་འོད་དུ་ཞུ་ནས་ལུས་ཐམས་ཅད་ལ་ཁྱབ་པས་འཆི་མེད་ཚེའི་རྡོ་རྗེའི་ངོ་བོར་གྱུར་པར་བསམས་ནས་་་འདི་སྐབས། ཚེའི་བདུད་རྩིས་སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་དབང་བཞི་པ་ཐོབ་པའི་དམིགས་པ་བྱེད་པ་གལ་ཆེ་གསུངས། མཆན། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་བར་བྱ། །འཆི་བདག་ཆེན་པོ་ང་ཡིས་བཅོམ། །བུ་ཁྱོད་ཚེ་ཡི་རིག་འཛིན་བརྙེས། །ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། ཞེས་རང་གཞན་གཉིས་ཀས་ལན་གསུམ་གྱི་བར་དུ་བརྗོད་ནས། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་རྣམས་ལྷ་དགུ་མ་ལྟར་བྱ། ཚེ་གཏོར་གྱི་དབང་འདི་དཔེ་ལ་ལར་མེད་པར་སྣང་ཡང་མ་ཆད་པ་ཤིན་ཏུ་གལ་ཆེ་གསུངས།་་་ཚེ་གཏོར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་སུ་བསྒོམས་པའི་གཙོ་བོའི་སྤྱི་བོ་ནས་ཡར་ལ་འདི་ཡི་བླ་མ་བརྒྱུད་པ་ཐོ་བརྩེགས་སུ་བཞུགས་པའི་འཁོར་སངས་རྒྱས་བྱང་སེམས་སྲུང་མའི་ཚོགས་ཀྱིས་བསྐོར་བར་བསམས་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་བྱེད་དུ་གཞུག་སྟེ། འགྱུར་མེད་བདེ་བ་ཆེན་པོའི་གཞལ་ཡས་ན། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །མི་ཤིགས་ཐིག་ལེ་ཆེན་པོ་ཚེ་ཡི་མཆོག །རྟག་བརྟན་གཡུང་དྲུང་དངོས་གྲུབ་བསྩལ་དུ་གསོལ། །རང་བྱུང་པད་སྡོང་འོད་ཀྱི་གཞལ་ཡས་ན། །སློབ་དཔོན་པདྨའི་ཞབས་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ འཇའ་ལུས་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ན། །རས་ཆེན་རྡོ་རྗེ་འཆང་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ རང་ཤར་རང་གྲོལ་ཆེན་པོའི་གཞལ་ཡས༴ ཆོས་རྗེ་རྣམ་མགོན་དྲི་མེད་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ སྙན་བརྒྱུད་གདམས་པ་ཀུན་འཛིན་གཞལ༴ འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ངེས་དོན་རྒྱ་མཚོ་འཁྱིལ་པའི་གཞལ༴ མཁས་གྲུབ་ཤཱཀྱ་ཀུན་དགའ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ཕྲིན་ལས་མཁའ་ཁྱབ་བརྡལ་བའི་གཞལ༴ མཁས་གྲུབ་བྱམས་པ་བཟང་པོ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ བྱིན་རླབས་ཆུ་འཛིན་འཁྲིགས་པའི་གཞལ༴ ཀུན་བཟང་ཆོས་ཀྱི་ཉི་མ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ཚད་མེད་ཐུགས་རྗེ་མངའ་བའི་གཞལ༴ ནམ་མཁའ་འབྲུག་སྒྲ་བཟང་པོ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ལུང་རྟོགས་ཡོན་ཏན་རྒྱས་པའི་གཞལ༴ རྗེ་བཙུན་ཤཱཀྱ་རྡོ་རྗེ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ཁ་སྐོང་ནི། ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་གཞལ༴ མཚུངས་མེད་དགེ་བའི་དབང་པོ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ མཁས་ཤིང་དངོས་གྲུབ་བརྙེས་པའི་གཞལ༴ མཁན་ཆེན་བསོད་ནམས་མཆོག་གྲུབ་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ བཤད་སྒྲུབ་ཕྲིན་ལས་རྒྱས་པའི་གཞལ༴ རྣམ་འདྲེན་མཉྫུ་ཤྲཱི་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ གྲུབ་རིགས་སྙན་བརྒྱུད་འཛིན་པའི་གཞལ༴ ངག་དབང་བསྟན་འཛིན་ཕུན་ཚོགས་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ མཁྱེན་བརྩེ་ནུས་པ་རྨད་བྱུང་གཞལ༴ འཇམ་མགོན་བསོད་ནམས་རིན་ཆེན་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ ཐུབ་བསྟན་ཕྱོགས་བཅུར་སྤེལ་བའི་གཞལ༴ ས་ཆེན་ཀུན་དགའ་བློ་གྲོས་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ རིག་གྲོལ་ཡོན་ཏན་མཐར་ཕྱིན་གཞལ༴ མཁན་ཆེན་ནམ་མཁའ་འཆི་མེད་ལ་གསོལ༴ མི་ཤིགས༴ རྟག་བརྟན༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །མི་ཤིགས་ཐིག་ལེ་ཆེན་པོ་ཚེ་ཡི་མཆོག །རྟག་བརྟན་གཡུང་དྲུང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་དེ་རྣམས་རིམ་གྱིས་ཞུ་ནས་སློབ་མ་ལ་བསྟིམ། རོལ་མོ་བྱ། རྩ་སྔགས་བཅས། ཚེ་ཟན། ཚེ་ཆང་། ཚེ་རིལ་སོགས་ཀྱིས་དབང་བསྐུར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས། མཎྜལ། དེང་ནས་བརྩམ་སྟེ་སོགས་སྤྱི་ལྟར། ལྔ་པ་དབང་ལྷ་བསྟིམ་པ་ནི། ཚེ་བུམ་གྱི་ཡེ་ཤེས་པ་རང་ལ་བསྡུས་ནས། ཚེ་ཟན་དང་ཚོགས་འཁོར་ལ་ལོངས་སྤྱད། དེ་ནས་ལྷག་གཏོར་གཏང་། བསྔོ་བ་སྨོན་ལམ་རྣམས་བརྗོད་དོ། །འདིའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། རས་ཆེན་རྡོ་རྗེ་འཆང་དཔལ་འབྱོར་བཟང་པོ། དེ་ལ་ཆོས་རྗེ་རྣམ་རྒྱལ་མགོན་པོ་དང་། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། དེ་གཉིས་ཀ་ལ་ཡོངས་འཛིན་ཤཱཀྱ་ཀུན་དགའ། དེ་ལ་མཁན་ཆེན་བྱམས་པ་བཟང་པོ། རིག་འཛིན་ཀུན་བཟང་ཆོས་ཀྱི་ཉི་མ། ངག་དབང་ནམ་མཁའ་འབྲུག་སྒྲ་བཟང་པོ། མཁས་གྲུབ་ཤཱཀྱ་རྡོ་རྗེ། རྡོ་རྗེ་འཛིན་པ་ཆེན་པོ་དགེ་བའི་དབང་པོ། དེས་བདག་ལའོ། །ཡང་ན། རས་ཆེན། རྔོག་སྟོན་བྱང་ཆུབ་དཔལ་གྲུབ། རྗེ་བཙུན་ཤཱི་ལ་རསྨི། ཆོས་རྗེ་རྣམ་རྒྱལ་མགོན་པོ། རྒྱལ་སྟོན་འཇམ་པའི་དབྱངས་མན་སྔར་བཞིན་ལས་བརྒྱུད་དེ། མཐོ་རིས་ཡོན་ཏན་བདུན་དང་ལྡན་ཞིང་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཁས་གྲུབ་རྡོ་རྗེ་འཛིན་པ་ཆེན་པོ་རྟ་ར་མདོ་ནས་ཆོས་རྗེ་ཆེན་པོ་རིན་པོ་ཆེ་དགེ་བའི་དབང་པོའི་ཞབས་ཀྱིས་བཀའ་དྲིན་དུ་བསྩལ་པ་བཞིན་རས་ཆེན་རྡོ་རྗེ་འཆང་གིས་མཛད་པའི་དབང་ཆོག་གཞིར་བཞག །བླ་མ་གོང་མའི་ཟིན་བྲིས་ཀྱིས་གསལ་བར་བྱས་ཏེ། རང་བཟོ་མེད་པར། དཔལ་ཞྭ་ལུ་བའི་གདན་ས་ཉེར་གཅིག་པ་བྱང་གླིང་པ་རཏྣ་པུཎྱ་ཨ་གྲ་སིདྡྷིས་དཔལ་མི་འགྱུར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་སྣ་ཚོགས་དབྱིག་གི་ལོ། རྒྱལ་གྱི་ཟླ་བའི་ཡར་ངོའི་དགའ་བ་གཉིས་པ་ལ་བརྗེད་བྱང་དུ་བཀོད་པའི་ཡི་གེ་པ་ནི་པུཎྱ་རཏྣའོ། །པདྨ་འབྱུང་གནས་ཐུགས་རྗེའི་ཆུ་འཛིན་ལས། །འཆི་མེད་བདུད་རྩིའི་ཆར་རྒྱུན་ལེགས་ཕབ་ནས། །དུས་མིན་འཆི་བའི་ཐན་པ་ཀུན་བཅོམ་སྟེ། །ཚེ་དཔལ་ལོ་ཏོག་ཕུན་ཚོགས་དགའ་སྟོན་སྤེལ། །སརྦ་མངྒ་ལཾ།། ༈ །།ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་ཚེ་དབང་བསྐུར་ཚུལ་འཆི་མེད་ཚེའི་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཨ་ཙརྱ་ས་པ་རི་ཝཱ་ར་ཡ། རྣམ་འདྲེན་རྒྱལ་བ་ཚེ་དཔག་མེད་པ་དང་། །དབྱེར་མེད་སློབ་དཔོན་པདྨ་འབྱུང་གནས་ལ། །གུས་པས་བཏུད་ནས་ཚེ་སྒྲུབ་ཉེ་བརྒྱུད་ཀྱི། །ཚེ་དབང་བསྐུར་ཚུལ་བཀླག་ཆོག་ཚུལ་དུ་བྲི། །དེ་ལ་འདིར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་གནང་བའི་ཚེ་དབང་ཉེ་བརྒྱུད་ཀྱི་ཕྱག་ལེན་ནི། ལྷ་བཅུ་བདུན་གྱི་དཀྱིལ་འཁོར་རྡུལ་ཚོན་མའམ། རས་བྲིས་སམ། དེ་མ་འབྱོར་ན་ཚོམ་བུ་ཙམ་ལ་བརྟེན་པའི་ཕྱག་ལེན་ཀྱང་སྣང་བས། མཎྜལ་དྲི་བཟང་གི་ཐིག་ལེ་བྱས་པར་ཚོམ་བུ་ལྷ་གྲངས་དང་མཐུན་པར་བཀོད་ལ་སྟེགས་ཇི་ལྟར་རིགས་པའི་སྟེང་དུ་བཞག །དེའི་སྟེང་དུ་མཉྫིའི་ཁར་བུམ་པ་དྲི་བཟང་གི་ཆུས་གང་བ་ཁ་རྒྱན་དང་བཅས་པ་བཤམ། རྡོར་གཟུངས་མི་དགོས། དེའི་གཡས་སུ་ཚེ་རིལ་དང་ཚེ་ཆང་། གཡོན་དུ་ཚེ་མདའ་གཙང་མ་སྔར་ལོངས་མ་སྤྱད་པ་སྤོས་ཀྱིས་བདུག་པ་ལ་དར་དམར་དང་གཡུ་བཏགས་པ་བཤམ། དེའི་མཐར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་བསྐོར། མདུན་ངོས་སུ་ཟླུམ་གཏོར་དམར་པོ་གཅིག །ཉེ་ལོགས་ཇི་ལྟར་རིགས་པར་རིན་ཆེན་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་བཤམ། དེ་ནས་སློབ་དཔོན་རང་ཉིད་སྟན་ལ་འཁོད་ནས། མཆོད་པ་རྣམས། ཨོཾ་བཛྲ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་དང་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཞེས་སོགས་ཀྱི་མཐར། དྷརྨ་ར་ཎི་ཏ་དང་རོལ་མོ་བྱས་ཏེ་བྱིན་དབབ། དེ་ནས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོགས་ནས། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཉེར་གཅིག་སོགས་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་མེད་ཀྱི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། རང་ཉིད་དང་མདུན་གྱི་ཚོམ་བུ་བུམ་པ་གསུམ་ཀ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གསུམ་ཀ་ཐ་མི་དད་པར་བསྒྲུབ་པ་ནི། སྐད་ཅིག་ཙམ་གྱིས་རྡོ་རྗེ་ཆེན་པོའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་་་ནང་། །མཎྜལ་བུམ་པ་ཕོ་བྲང་གཞལ་ཡས་ཁང་། །འདབ་བརྒྱད་གྲུ་བཞི་སྒོ་བཞི་ལྕགས་རིར་བཅས། །སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན། །དེ་ཡི་སྟེང་དུ་རང་བྱུང་ཨཱཿགཅིག་བསམ། །དེ་ལས་འོད་འཕྲོས་འཁོར་འདས་བཅུད་བསྡུས་ནས། །ཚུར་འདུས་ཨཱཿལས་རང་ཉིད་ཚེ་དཔག་མེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ལ་དྭངས། །གསེར་དངུལ་རིན་ཆེན་མུ་ཏིག་ཕྲེང་བས་བརྒྱན། །སྣ་ཚོགས་དར་གྱི་ན་བཟའ་ཤམ་ཐབས་གསོལ། །ཕྱག་གཉིས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དེ་ཉིད་པང་ན་གཉིས་མེད་གསང་བའི་ཡུམ། །ཞལ་གཅིག་ཕྱག་གཉིས་དམར་མོ་བུམ་པ་འཛིན། །རྒྱན་དང་ཆ་ལུགས་གཙོ་བོ་ཡབ་དང་མཚུངས། །དེ་ཡི་ཤར་སོགས་པད་ཉི་ཟླ་སྟེང་དུ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་རྣམས། །མཐིང་གི་བུམ་པ་གསེར་གྱི་བུམ་པ་དང་། །པདྨ་རཱ་ག་ཨིནྡྲ་ནཱི་ལ་ཡི། །བུམ་པ་རིམ་བཞིན་ཚེ་ཡིས་གང་བ་འཛིན། །མཚམས་བཞིའི་འདབ་མར་སྒེག་ཕྲེང་གླུ་གར་རྣམས། །སྔོ་སེར་དམར་ལྗང་མཛེས་ལྡན་བུམ་པ་བསྣམས། །ནང་དུ་ཞལ་གཟིགས་གཙོ་བོའི་ཞལ་ལ་བལྟ། །གྲུ་ཆད་བཞི་ལ་མཆོད་པའི་ལྷ་མོ་བཞི། །མེ་ཏོག་བདུག་པ་སྣང་གསལ་མཆོད་ཡོན་བསྣམས། །དཀར་སེར་དམར་ལྗང་གར་སྟབས་ཚུལ་གྱིས་བཞུགས། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དཀར་སེར་དམར་ལྗང་སྒེག་པའི་ཚུལ་དུ་བཞུགས། །དེ་ལྟར་ལྷ་རྣམས་སྣང་སྟོང་རང་བཞིན་མེད། །གསལ་སྟོང་འཇའ་ཚོན་ལྟ་བུར་གསལ་བར་གྱུར། །གཙོ་བོ་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །པདྨ་སྙིང་གི་ཟེའུ་འབྲུ་ལྟ་བུའི་སྟེང་། །ཚེ་ཡི་ངོ་བོ་དཀར་ལ་འཚེར་བ་ལ། །ཡི་གེ་ཨཱཿནི་དཀར་པོས་མཚན་པར་གྱུར། །དེ་ལ་ཚེ་ཡི་སྙིང་པོ་འོད་དང་ལྡན། །མེ་ཏོག་ཕྲེང་བ་ལྟ་བུས་བསྐོར་བར་བཞུགས། །ཞེས་བརྗོད་ཅིང་བསམ། རླུང་རོ་ལན་གསུམ་ཕྱི་ལ་སངས་ཀྱིས་བུས། །དུག་གསུམ་རྟོག་པ་མ་ལུས་སངས་ཀྱིས་དག །སྟེང་འོག་རླུང་གཉིས་སྙིང་གར་ཁ་སྦྱར་བཟུང། །ཞེས་བརྗོད། དེ་ནས་རང་གི་དུག་གསུམ་གྱི་རྣམ་རྟོག་ཁ་དོག་སྔོན་པོ་དང་དམར་པོ་དང་ནག་པོའི་རིམ་པས་ཕྱིར་ཐོན་པར་བསམས་ལ། སྣ་བུག་གཡས་དང་། གཡོན་དང་དབུས་གསུམ་ནས་རླུང་ལན་རེ་ཕྱིར་སངས་ཀྱིས་འབུད། དེ་ལྟར་ལན་གསུམ་འབུད་རྗེས་བུམ་པ་ཅན་སྙིང་གར་ཐེངས་གཅིག་བཟུང་ལ། ངག་ཏུ། རང་གི་སྙིང་གའི་རྣམ་ཤེས་པདྨ་འདབ་མ་བརྒྱད་པའི་རྣམ་པར་ཁ་བྱེ་བའི་ཟེའུ་འབྲུའི་སྟེང་གི་ཨཱཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་གི་མདུན་གྱི་ནམ་མཁར་མ་ཧཱ་གུ་རུ་ཚེ་དཔག་མེད་ཀྱི་ཡེ་ཤེས་པ་ཐམས་ཅད་བྱོན་པར་གྱུར། སྙིང་གའི་རྣམ་ཤེས་པདྨ་ཁ་ཕྱེ་ནས། །ཨཱཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །མདུན་གྱི་ནམ་མཁར་རང་འདྲའི་ཡེ་ཤེས་པ། །མ་ཧཱ་གུ་རུ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་ཐམས་ཅད་བྱོན་པར་གྱུར། །ཅེས་བརྗོད་ཅིང་བསམ། དེ་ལ་ཡན་ལག་བདུན་པ་འབུལ་བ་ནི། མ་ཧཱ་གུ་རུ་ཨོ་རྒྱན་པདྨ་དང་། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་འཁོར་བཅས་ཐམས་ཅད་ལ། །ཀུན་ནས་བདག་གིས་གུས་པས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་རྣམས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ལྟར། །བདག་གིས་མ་ལུས་ཀུན་ལ་དབུལ་བར་བགྱི། །འཁོར་བ་ཐོག་མ་མེད་པའི་དུས་ཉིད་ནས། །ད་ལྟའི་དུས་ཀྱི་ལུས་ངག་ཡིད་གསུམ་གྱིས། །ཕྲ་རག་སྦོམ་གསུམ་སྡིག་པ་ཅི་བགྱིས་པ། །བདག་ཉིད་གནོང་ཞིང་འགྱོད་པའི་སྒོ་ནས་བཤགས། །དུས་གསུམ་རྒྱལ་བའི་ཡོན་ཏན་དཔག་མེད་དང་། །སེམས་ཅན་ཀུན་གྱི་དད་དང་བརྩོན་འགྲུས་ཀྱི། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཐུག་པའི། །དགེ་བ་ཀུན་ལའང་བདག་ནི་རྗེས་ཡི་རང་། །དུས་གསུམ་འགྱུར་མེད་རྡོ་རྗེ་ཚེ་ཡི་ལྷ། །ཀུན་ལ་ཁྱབ་པ་བྱམས་ཆེན་ཐུགས་རྗེའི་དཔལ། །བྱིན་རླབས་ཆེན་པོའི་སྐུ་གསུམ་ཕྲིན་ལས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བདག་གིས་བསྐུལ། །སྐུ་གསུམ་ཕྲིན་ལས་རྒྱུན་ཆད་མེད་པ་རུ། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་བར། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་མཆོད་སོགས་པའི། །འགྲོ་ཀུན་དགེ་བའི་རྩ་བ་ཇི་སྙེད་པ། །རྣམ་མཁྱེན་ཀུན་མཁྱེན་གོ་འཕང་ཐོབ་བྱའི་ཕྱིར། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་པ་ལན་གསུམ་མམ་གཅིག་བརྗོད་ལ། དེ་ནས་གསོལ་བ་གདབ་པ་ནི། ནམ་མཁར་བྱོན་པ་རྣམས་ལ་དམིགས་ནས། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི། །རིགས་ཀྱི་ལྷ་ཚོགས་འཁོར་བཅས་ཐམས་ཅད་ཀྱིས། །སྒྲུབ་མཆོག་བདག་ལ་དབང་དང་བྱིན་རླབས་པའི། །རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། གུ་རུའི་བུམ་པ་ནས་ཚེ་དཔག་མེད་ཀྱི་བུམ་པར་བདུད་རྩི་བབས་པ་དེ་ཉིད་བདག་གི་ཚངས་པའི་བུ་ག་ནས་མར་བབས་ཏེ། ཚེ་དཔག་མེད་རིགས་ལྔ་བདག་མདུན་ཐ་མི་དད་ཀྱི་སྤྱི་གཙུག་ཏུ་བྱོན་པས་དབང་བསྐུར་བར་བསམ་ཞིང་། དམ་ཚིག་སེམས་དཔའ་སོ་སོའི་ལྷ་ཚོགས་ལ། །ཡེ་ཤེས་སེམས་དཔའ་དགུག་གཞུག་གཉིས་མེད་བསྟིམ། །གཉིས་མེད་དགྱེས་པ་ལྷ་ཡི་སྤྱི་གཙུག་ཏུ། །མ་ཧཱ་གུ་རུ་རིགས་ཀྱི་བདག་པོར་གྱུར། །ཅེས་པས་དམ་ཡེ་དབྱེར་མེད་དུ་གྱུར་པར་བསམ། དེ་ལྟར་བདག་མདུན་ཐ་མི་དད་ཀྱི་ལྷ་ཚོགས་ཀུན་གསལ་བར་བསྒོམས་པའི་གཙོ་བོའི་ཐུགས་ཀའི་ཨཿཡིག་གི་འོད་ཟེར་ལས་སྙིང་པོའི་སྔགས་ཀྱི་འཁོར་ལོའི་རང་སྒྲ་སྒྲོག་བཞིན་པ་བྱུང་བ་ལས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ཐུགས་རྗེ་དང་བྱིན་རླབས་དང་། ཁམས་གསུམ་གྱི་སེམས་ཅན་མ་ལུས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་རྣམས་བསྡུས་ནས་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་། དེ་ལྟར་ལྷ་ཚོགས་གསལ་བར་བསྒོམ་པ་ཡི། །གཙོ་བོའི་ཐུགས་ཀའི་ཨཱཿཡི་འོད་ཟེར་ལས། །སྙིང་པོའི་སྔགས་འཁོར་རང་སྒྲ་བྱུང་བ་ལས། །ཡབ་ཡུམ་ཞལ་ནས་སྙིང་པོའི་སྔགས་འདི་བཟླས། །ཚེ་གཟུངས་ཚར་གསུམ་བརྗོད། དེ་ནས་ལྷ་དང་སྔགས་ལས་འོད་ཟེར་འཕྲོས། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་བཅུད་དང་། ཁམས་གསུམ་སེམས་ཅན་ཀུན་གྱི་ཚེ་དཔལ་རྣམས། །བསྡུས་ནས་ཚུར་འདུས་རང་ལ་ཐིམ་པ་ཡིས། །འཆི་མེད་ཡེ་ཤེས་ཚེ་ཡི་ངོ་བོར་གྱུར། །ཅེས་བརྗོད་ཅིང་བསམ། ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ། ཚེ་བྷྲཱུྃ། གཡུ་བྷྲཱུྃ། ནྲྀ་བྷྲཱུྃ། བནྡྷ་བྷྲཱུྃ། ཨཱ་ཡུརྫྙཱ་ན་བྷྲཱུྃ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། ཞེས་པའི་སྔགས་ཅི་ནུས་བཟླ། དེ་ནས་རྫོགས་རིམ་བསྒོམ་པ་ནི། སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་དང་བཅས་པ་རང་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡབ་ཐུགས་ཀའི་ཨཱཿལ་ཐིམ། ཨཱཿཡང་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་ཆོས་སྐུ་སྐྱེ་བ་མེད་པ་མ་བཅོས་སྤྲོས་བྲལ་འོད་གསལ་ཆེན་པོར་ཐིམ། ཞེས་བརྗོད་ཅིང་དེའི་ངང་ལ་ཅུང་ཟད་མཉམ་པར་གཞག །སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་རང་ཉིད་ཚེ་དཔག་མེད་གཙོ་འཁོར་བཅས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། དེ་ལྟར་རང་ཉིད་བདག་མདུན་དབྱེར་མེད་པའི་ཐུགས་ཀའི་ཨཱཿལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་མ་ཧཱ་གུ་རུ་ཚེ་དཔག་མེད་ཀྱི་ཡེ་ཤེས་པའི་ལྷ་ཚོགས་ཐམས་ཅད་བྱོན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཚེ་མདའ་སློབ་དཔོན་རང་ཉིད་ཀྱིས་མཐོ་ཚད་བཟུང་ཞིང་། གོང་གི་ཚེ་གཟུངས་ཅི་མང་བཟླས་ལ་མདའ་ལ་ཕུ་བཏབ་ཅིང་ཚེ་འགུགས་པ་ནི། མདའ་དར་བཟུང་ལ་གཡོབ་བཞིན་པ་དང་བཅས་པས། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །སྩོལ་ཅིག་སྩོལ་ཅིག་ཚེ་སྩོལ་ཅིག །ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ། །བཅོམ་ལྡན་མགོན་པོ༴ ཤར་ལྷོ་མེ་ལྷའི་ལག་ནས༴ ཤམ་བུ་གོང་དང་འདྲ། བཅོམ་ལྡན༴ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་སོགས། བཅོམ་ལྡན༴ ལྷོ་ནུབ་སྲིན་པོའི་སོགས། བཅོམ་ལྡན༴ ནུབ་ཕྱོགས་ཆུ་ལྷའི་སོགས། བཅོམ་ལྡན༴ ནུབ་བྱང་རླུང་ལྷའི་སོགས། བཅོམ་ལྡན༴ བྱང་ཕྱོགས་གནོད་སྦྱིན་སོགས། བཅོམ་ལྡན༴ བྱང་ཤར་དབང་ལྡན་སོགས། དབང་པོ་བརྒྱ་བྱིན་ལག་ནས་སོགས། ལྷ་མོ་བརྟན་མའི་ལག་ནས་སོགས། ཨོ་རྒྱན་པདྨའི་ཕྱག་ནས་སོགས། མནྡཱ་ར་བའི་ཕྱག་ནས་སོགས་འགྲེའོ། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འཁོར་དུ་སྔོན་མོ་འབུམ་གྱིས་བསྐོར། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །རྡོ་རྗེ་རིགས་ཀྱི་ཚེ་ཁུག་ཅིག །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འཁོར་དུ་སེར་མོ་འབུམ་གྱིས་བསྐོར། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །རིན་ཆེན་རིགས་ཀྱི་ཚེ་ཁུག་ཅིག །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་ལྡན། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འཁོར་དུ་དམར་མོ་འབུམ་གྱིས་བསྐོར། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །པདྨ་རིགས་ཀྱི་ཚེ་ཁུག་ཅིག །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་ཁུ་མདངས་དང་ལྡན། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འཁོར་དུ་ལྗང་མོ་འབུམ་གྱིས་བསྐོར། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །ལས་ཀྱི་རིགས་ཀྱི་ཚེ་ཁུག་ཅིག །དགོས་འདོད་འབྱུང་བའི་ཚེ་ཁུག་ཅིག །སྐྱོན་གྱིས་མ་གོས་ཚེ་ཁུག་ཅིག །མི་འགྱུར་བརྟན་པའི་ཚེ་ཁུག་ཅིག །ལས་ཀུན་འགྲུབ་པའི་ཚེ་ཁུག་ཅིག །ཅེས་བརྗོད་ཅིང་འདིར་ཡང་གཟུངས་མང་དུ་བཟླས་ལ་ཚེ་མདའ་ལ་ཕུ་བཏབ་ཅིང་། རང་གིས་མཐོ་ཚད་གཞལ་བས་སོར་གཅིག་སོགས་འཕེལ་ན་བཟང་ངོ་། །ཡང་ན་གོང་དུ་དཀྱིལ་འཁོར་མ་བསྡུས་པར་བཟླས་པ་འགྲུབ་འཕྲལ་སེམས་མ་བཅོས་པ་སྤྲོས་བྲལ་འོད་གསལ་ཆེན་པོའི་ངང་ཅུང་ཟད་མཉམ་པར་བཞག་པ་ཙམ་བྱས་ལ། དེ་ནས་ཚེ་གཟུངས་མང་དུ་བཟླས་ཤིང་མདའ་ལ་ཕུ་བཏབ་པ་ཚེ་འགུགས་ལ་འཇུག་པ་ནས་འདིའི་བར་བྱ་བའི་ཚུལ་ཡང་གསུངས་པས་རང་གི་བློ་ལ་གང་མོས་བྱས་པས་ཆོག །བདག་བསྐྱེད་རྐྱང་པ་ཉམས་སུ་ལེན་ན། རང་གི་ཐུགས་ཀའི་ཨཱཿཡིག་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་བསྡུས་ཏེ་རང་གཙོ་བོའི་ང་རྒྱལ་གྱིས་དགེ་བ་བསྔོ་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ནས་དབང་བླང་བ་དངོས་ནི། འཇའ་ལུས་བུམ་པའི་དབང་བསྐུར་བསྩལ་དུ་གསོལ། །ཡེ་ཤེས་རླུང་གི་གསང་དབང་བསྐུར་དུ་གསོལ། །བདེ་ཆེན་ཐིག་ལེའི་ཤེར་དབང་བསྐུར་དུ་གསོལ། །མངོན་སུམ་རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཚེ་དཔག་མེད་རིགས་ལྔ་རྣམས་རིམ་པ་བཞིན་རང་གི་སྤྱི་གཙུག་ཏུ་བྱོན་ནས་དབང་བསྐུར་བར་གྱུར། ཅེས་བརྗོད་ཅིང་བསམས་ལ། བུམ་པ་སྤྱི་བོར་བཞག་སྟེ། ང་ནི་སངས་རྒྱས་ཚེ་དཔག་མེད། །སངས་རྒྱས་ཀུན་དང་མགྲིན་གཅིག་ཏུ། །ལུས་ལ་སངས་རྒྱས་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ཞིང་། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ཡེ་ཤེས་ཀྱི་ཆུས་ལུས་ཀྱི་ནང་ཐམས་ཅད་གང་། གཏི་མུག་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །རྣམ་སྣང་གི་ཚེའི་དངོས་གྲུབ་ཐོབ་པར་གྱུར། དེ་བཞིན་དུ་བུམ་པ་དཔྲལ་བར་བཞག་སྟེ། ང་ནི་མི་བསྐྱོད་ཚེ་དཔག་མེད། །ཅེས་སོགས་འདོན་པ་བསྒྱུར་ལ། ཨོཾ་བཛྲ་ཨ་བྷི༴ ཞེས་གསུང་ཞིང་སོགས་ནས། ཞེ་སྡང་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །མི་བསྐྱོད་པའི་ཚེའི་དངོས་གྲུབ་ཐོབ་པར་གྱུར། བུམ་པ་རྣ་ལྟག་གཡས་དང་། ང་ནི་རིན་འབྱུང་ཚེ་དཔག་མེད། །སོགས། ཨོཾ་རཏྣ་ཨ་བྷི༴ ང་རྒྱལ་དང་སེར་སྣ་ལས་གྱུར་པའི་སྲོག་བཅད་པའི༴ རིན་འབྱུང་གི་ཚེའི༴ བུམ་པ་ལྟག་པ་དང་། ང་ནི་པདྨ་ཚེ་དཔག་སོགས། ཨོཾ་པདྨ་ཨ་བྷི༴ འདོད་ཆགས་ལས་གྱུར་པའི་སྲོག༴ འོད་དཔག་མེད་ཀྱི་ཚེ༴ བུམ་པ་རྣ་ལྟག་གཡོན་དང་། ང་ནི་དོན་ཡོད་ཚེ་དཔག་མེད། །སོགས། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཕྲག་དོག་ལས་གྱུར་པའི་སྲོག་བཅད་པའི་སྡིག་སྒྲིབ་དག །དོན་ཡོད་གྲུབ་པའི་ཚེའི་དངོས་གྲུབ་ཐོབ༴ ཅེས་རིགས་ལྔས་དབང་བསྐུར། དེ་ནས་སྤྱི་བོར་ཚེ་དཔག་མེད་ཚོན་གང་བ་གཅིག་གསལ་བཏབ་ནས། དེ་ལས་འོད་འཕྲོས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཐམས་ཅད་ཧཱུྃ་ཡིག་དཀར་དམར་གྱི་རྣམ་པར་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ། དེ་ཉིད་ཀྱང་འོད་དུ་ཞུ་ནས་སྤྱི་བོ་ཚངས་བུག་ནས་མར་ཞུགས། སྙིང་གར་རིགས་ལྔ་ཚེ་དཔག་མེད་ཀྱི་སྐུར་གྱུར། དེ་རྣམས་འོད་དུ་ཞུ་ནས་ཐམས་ཅད་ལ་ཁྱབ་པས་འཆི་མེད་ཚེའི་ངོ་བོར་གྱུར་པར་བསམས་ལ་སྤྱི་བོར་རྡོ་རྗེ་བཞག་སྟེ། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་བར་བྱ། །འཆི་བདག་ཆེན་པོ་ང་ཡིས་བཅོམ། །བུ་ཁྱོད་ཚེ་ཡི་རིག་འཛིན་བརྙེས། །ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། དེ་ནས་མཐའ་རྟེན། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ཚེ་དཔག་མེད་ལྷ་དགུ་བཞིན་ལ། དེ་ཡན་ཆད་བདག་མདུན་ཐ་མི་དད་ཀྱི་ངང་དུ་བྱེད་པ་ཡིན། འདི་གཉིས་དབང་ཚིག་བསྡུས་པས་ལེན་ན། རྟེན་འབྲེལ་ཕུན་ཚོགས་རྫས་བརྒྱད་རིན་ཆེན་བདུན། །སྣང་སྲིད་ལོངས་སྤྱོད་མཆོད་སྤྲིན་དབང་བསྐུར་རོ། །ཨོཾ་མ་ཧཱ་སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་པས་བླངས་ཀྱང་རུང་བར་གསུངས་སོ། །དེ་ནས་རང་ཉིད་ཚེ་དཔག་མེད་དུ་གསལ་བ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱེ་ལ། གཏོར་མ་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་ལྔས་མདུན་བསྐྱེད་ལ་ཕུལ། མཚན་སྔགས་སྔོན་འགྲོའི་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སློབ་མ་བོས་ལ་མདུན་དུ་འཁོད་པ་ལ། མཎྜལ་བཀྱེ་བསྡུ་ཚར་རྗེས་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་པ་གནང་བར་ཞུ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བློ་ཡི་རིམ་པ་དང་འཚམ་པར། དམ་པའི་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཉིད་ཕྱོགས་རིས་སུ་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ་ཡིན། དེ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་ཡོད་པ་ལས་འདིར་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཡིན། དེ་ལའང་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་གཉིས་སུ་ཡོད་པ་ལས། འདིར་སྔ་འགྱུར་རྙིང་མ་ཡིན། དེ་ལ་ཡང་བཀའ་མ་དང་། གཏེར་མ་དང། ཞལ་གཟིགས་ཀྱི་ཆོས་དང་གསུམ་ཡོད་པ་ལས། འདིར་ཞལ་གཟིགས་ནས་བརྒྱུད་པའི་ཆོས་ཡིན། དེ་ཡང་བོད་ཁམས་སེམས་ཅན་རྣམས་ཀྱི་མགོན་དང་སྐྱོབ་དང་དཔུང་གཉེན་གཅིག་པུར་གྱུར་པ་ནི། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཉིད་ཡིན་ལ། དེ་ཉིད་ཀྱིས་སྐལ་ལྡན་གྱི་སློབ་མ་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་གནང་བའི་ཚེ་དབང་ཟབ་མོ་ཉེ་བརྒྱུད་ཁྱད་པར་དུ་འཕགས་པ་འདི་ཡིན། འདིའི་ལོ་རྒྱུས་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཉེ་གནས་རས་ཆེན་དཔལ་འབྱོར་བཟང་པོས་ཙ་རི་ཟིལ་ཆེན་ཕུག་དང་། གནས་ཆེན་ཟབ་ཕུ་ལ་སོགས་པ་རྣམས་སུ་སྒྲུབ་པ་ལོ་འགའ་མཛད་པ་ལ། གསང་སྔགས་ཕྱི་ནང་གི་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས། ཁྱད་པར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རང་ཞལ་སྒྲིབ་མེད་དུ་བསྟན་ནས་ཚེ་དབང་ཁྱད་པར་ཅན་འདི་གནང་ཞིང་། དེ་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་བར་མ་ཆད་པ་ལས་བྱུང་བའི་ཚེ་དབང་ཟབ་མོ་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། དང་པོ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། ཐོག་མར་ད་ལྟར་གྱི་སློབ་དཔོན་འདི་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་གསལ་བ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་གནང་བར་མཛོད། །ཅེས་པས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། གནས་ཁང་འདི་ཉིད་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཚེ་དཔག་མེད་ལྷ་བཅུ་བདུན་མའི་ལྷ་ཚོགས་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་མ་ཧཱ་གུ་རུ་སྟེ་ཨོ་རྒྱན་པདྨའི་རིགས་བདག་དང་བཅས་པའི་མཐའ་སྐོར་དུ་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དང་། མཚམས་རྣམས་དང་འོག་གི་ཆ་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་རང་རེ་རྣམས་ལ་དབང་སྐུར་བར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་རྣམས་ཚར་གཅོད་པའི་ཕྱིར་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་གསལ་བཏབ་ལ། དེ་རྣམས་ཀྱི་སྤྱན་སྔར་རང་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་་་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དང་། སླར་ཡང་འདི་རང་ནས་བཤད་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས་ཀྱང་ལན་གསུམ་གྱི་བར་དུ་མཛད་པར་ཞུ། མ་ཧཱ་གུ་རུ་ཨོ་རྒྱན་པདྨ་དང་། །སོགས་ནས། བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་པས་རྒྱུད་དག་པར་བྱས་ནས། དེ་ནས་དབང་བསྐུར་བ་ལ་ཡང་དཔོན་སློབ་ཀུན་གྱིས་ཐུན་མོང་དུ་དཀྱིལ་འཁོར་སྒྲུབ་པ་དང་། གསལ་འདེབས་པའི་དམིགས་པ་འདི་བཞིན་མཛད་ཅིང་རྗེས་ཟློས་ཀྱང་མཛད་པར་ཞུ། སྐད་ཅིག་ཙམ་གྱིས་རྡོ་རྗེ་ཆེན་པོའི་ནང་། །ཞེས་པ་ནས། མེ་ཏོག་ཕྲེང་བ་ལྟ་བུས་བསྐོར་བར་བཞུགས། །ཞེས་པས་དཀྱིལ་འཁོར་གསལ་བཏབ་ཅིང་། དུག་གསུམ་གྱི་རྣམ་རྟོག་ཕྱིར་འབུད་པ་དང་། རླུང་ཁ་སྦྱོར་དུ་འཛིན་པའི་སླད་དུ་འདིའི་རྗེས་ཟློས་མཛོད། རླུང་རོ་ལན་གསུམ་ཕྱི་ལ་སོགས་ནས། ཁ་སྦྱར་བཟུང་། ཞེས་དང་། དེ་ནས་ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་མཛད་པར་ཞུ། སྣ་གཡས་ནས་རླུང་ཕྱིར་བུས་པས་ཉོན་མོངས་པ་ཞེ་སྡང་གི་རྟོག་པ་སྔོ་བུན་བུན་ཕྱིར་ཐོན་པའི་མོས་པ་བྱས་ནས་སྣ་གཡས་ནས་རླུང་ལན་གཅིག་འབུད་པར་ཞུ། བྱས་ལ་དཔོན་སློབ་ཐམས་ཅད་ཀྱིས་རླུང་ལན་གཅིག་འབུད། ཡང་སྣ་གཡོན་ནས་རླུང་ཕྱིར་བུས་པས་ཉོན་མོངས་པ་འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་དམར་བུན་བུན་ཕྱིར་ཐོན་པའི་མོས་པ་བྱས་ནས། སྣ་གཡོན་ནས་རླུང་ལན་གཅིག་འབུད་པར་ཞུ། ཐམས་ཅད་ཀྱིས་འབུད། ཡང་དབུས་ནས་རླུང་ཕྱིར་བུས་པས། ཉོན་མོངས་པ་གཏི་མུག་གི་རྟོག་པ་ཐམས་ཅད་ཕྱིར་ནག་བུན་བུན་ཐོན་པའི་མོས་པ་བྱས་ནས་དབུས་ནས་ལན་གཅིག་འབུད་པར་ཞུ། བྱས་ལ་ཐམས་ཅད་ཀྱིས་འབུད། དེ་ནས་འོག་རླུང་བསྐུམས་ཏེ། སྟེང་རླུང་མནན་ནས་སྙིང་གར་རླུང་བུམ་པ་ཅན་འཛིན་པར་ཞུ། བྱས་ལ་ཐམས་ཅད་ཀྱིས་རླུང་ཁ་སྦྱོར་འཛིན། དེ་ནས་རང་གི་སྙིང་གའི་རྣམ་ཤེས་པདྨ་འདབ་མ་བརྒྱད་པའི་རྣམ་པ་ཁ་བྱེ་བའི་ཟེའུ་འབྲུའི་སྟེང་གི་ཨཱཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། མདུན་གྱི་ནམ་མཁར་མ་ཧཱ་གུ་རུ་ཨོ་རྒྱན་པདྨ་རིགས་བདག་ཏུ་བཞུགས་པའི་པདྨའི་རིགས་ཀྱི་ལྷ་ཚེ་དཔག་མེད་ལྷ་བཅུ་བདུན་ལ། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་གྱི་ཕུང་པོ་འཐིབས་པ་ལྟར་བྱོན་པར་བསམས་ནས་འདིའི་རྗེས་ཟློས་མཛོད། སྙིང་གའི་རྣམ་ཤེས་སོགས་ནས། བྱོན་པར་གྱུར། ཅེས་བརྗོད། དེ་ནས་ནམ་མཁར་བྱོན་པའི་ལྷ་ཚོགས་རྣམས་ལ་དམིགས་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། བཅོམ་ལྡན་མགོན་པོ་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་གུ་རུའི་བུམ་པ་ནས་ཚེ་དཔག་མེད་ཀྱི་བུམ་པར་བདུད་རྩི་བབས། དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བབས་ཏེ་སྙིང་གར་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་ཅིང། ཡེ་ཤེས་སེམས་དཔའ་ནམ་མཁར་སྤྱན་དྲངས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། དམ་ཚིག་སེམས་དཔའ་སོ་སོའི་ལྷ་ཚོགས་སོགས་ནས། བདག་པོར་གྱུར། ཅེས་དང་། དེ་ལྟར་དམ་ཡེ་དབྱེར་མེད་པའི་གཙོ་བོའི་སྤྱི་གཙུག་ཏུ་མ་ཧཱ་གུ་རུ་རིགས་བདག་གི་ཚུལ་དུ་བཞུགས་པའི་གཙོ་བོའི་ཐུགས་ཀའི་ཨཱཿཡིག་གི་འོད་ཟེར་ལས་སྙིང་པོའི་སྔགས་ཀྱི་འཁོར་ལོ་རང་སྒྲ་སྒྲོག་བཞིན་པར་བྱུང་བ་ལས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ཐུགས་རྗེ་དང་བྱིན་རླབས་དང་ཁམས་གསུམ་སེམས་ཅན་མ་ལུས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་རྣམས་བསྡུས་ནས་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། དེ་ལྟར་ལྷ་ཚོགས་གསལ་བར་བསྒོམ་པ་ཡི། །སོགས་ནས། ཡབ་ཡུམ་ཞལ་ནས་སྙིང་པོའི་སྔགས་འདི་བཟླས། །ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ། ཚེ་བྷྲཱུྃ། གཡུ་བྷྲཱུྃ། ནྲྀ་བྷྲཱུྃ། བནྡྷ་བྷྲཱུྃ། ཨཱ་ཡུརྫྙཱ་ན་བྷྲཱུྃ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། དེ་ནས་ལྷ་དང་སྔགས་ལས་འོད་ཟེར་འཕྲོས། །སོགས་ནས། འཆི་མེད་ཡེ་ཤེས་ཚེ་ཡི་ངོ་བོར་གྱུར། །ཞེས་རྗེས་ཟློས་ལན་ཅིག་བྱེད་དུ་གཞུག །དེ་ནས་སློབ་དཔོན་གྱིས་བཟླས་པ་བྱ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་སོགས་ཚེ་གཟུངས་ཇི་ལྟར་རིགས་པ་བཟླ། དེ་ནས་རྫོགས་རིམ་བསྒོམ་པ་ནི། ཁྱེད་རང་རྣམས་སེམས་མ་བཅོས་པ་སྤྲོས་བྲལ་འོད་གསལ་ཆེན་པོའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པར་ཞུ། ཞེས་བརྡ་སྤྲད་ལ། དཔོན་སློབ་ཀུན་གྱིས་ཅུང་ཟད་མཉམ་པར་བཞག །ཡང་སློབ་དཔོན་གྱིས་ཚེ་གཟུངས་ཚར་ལྔ་ཙམ་བཟླས་ལ། ཚེ་མདའི་ལྟོང་ནས་མདེའུ་བར་ལ་སློབ་དཔོན་གྱིས་ཕུ་བཏབ། ཚེ་གཟུངས་འདོན་བཞིན་པས་སློབ་མ་ལའང་དེ་བཞིན་བྱེད་དུ་བཅུག །དེ་ནས་སློབ་མ་རྣམས་རིམ་བཞིན་སྨྱུག་མའི་རྩ་བ་ནས་ལྟོང་གི་བར་ལ་ལག་པའི་མཐོ་འདེབས་ལ་སོ་སོའི་མཐོ་ཚད་ཇི་ཙམ་བྱུང་བ་དེ་དོན་ལ་འཛིན་དུ་བཅུག །དེ་ནས་སློབ་དཔོན་གྱིས་མདའ་དར་བཟུང་ལ་གཡོབ་བཞིན་པ་དང་བཅས། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཤར་ཕྱོགས་དྲི་ཟའི་ལག་ནས་ཞེས་པ་ནས། ལས་ཀུན་འགྲུབ་པའི་ཚེ་ཁུག་ཅིག །ཅེས་པའི་བར་གོང་བཞིན་བརྗོད་ལ་ཚེ་ཁུག་ཅིག་ཅེས་པའི་ཚེ་མདའ་དར་གཡོབ། དེ་ནས་སློབ་དཔོན་གྱིས་ཚེ་སྒྲུབ་ཀྱི་སྔགས་དེ་ཅི་རིགས་བཟླས་རྗེས་ཚེ་མདའ་ལ་སྔགས་ཆུ་རྡེག་ཅིང་། དེ་ནས་སློབ་མ་རྣམས་ལ། སྔ་མ་བཞིན་མདའ་ལ་མཐོ་ཚད་གཞལ་དུ་བཅུག་ལ། སོར་གཅིག་དང་གཉིས་ལ་སོགས་པ་ཆད་ན་ཅུང་ཟད་ངན་པ་ཡིན་པས་ཚེ་དབང་ཞུ་བ། ཚེ་སྒྲུབ་བྱ་བ། གསོད་པར་ངེས་པའི་སེམས་ཅན་གྱི་ཚེ་སྐྱོབ་པ་སཱཙྪ་གདབ་པ་ལ་སོགས་པ་ཚེ་འཕེལ་བའི་ཐབས་ལ་འབད་པར་བྱའོ། །སོར་གཅིག་དང་གཉིས་ལ་སོགས་པ་འཕེལ་ན་མདའ་འཕེལ་བ་བཞིན་དུ་ཚེ་འཕེལ་བ་ཡིན་པས་བཟང་བ་ཡིན་ནོ། །ཞེས་བརྗོད། དེ་ནས་དབང་གི་དངོས་གཞི་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། འཇའ་ལུས་བུམ་པའི་སོགས་ནས། རྩལ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་ནས། ཚེ་དཔག་མེད་རིགས་ལྔ་རྣམས་རིམ་པ་བཞིན་བྱོན་ནས་དབང་བསྐུར་བའི་མོས་པ་བྱ་དགོས་པ་ལས། ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། བླ་མ་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་བྱེ་བར་གྱུར་པའི་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་ཚེ་དཔག་མེད་དཀར་པོ་ཕྱག་ན་ཚེའི་བུམ་པ་ཐོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་བྱོན་ནས། དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ང་ནི་རྣམ་སྣང་ཚེ་དཔག་མེད། །སངས་རྒྱས་ཀུན་དང་ལྷན་ཅིག་ཏུ། །ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ཞིང་། །སྲོག་གཅོད་སྒྲིབ་པ་དག་གྱུར་ཅིག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་བུམ་པའི་ཆུ་སྦྱིན། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ཆ་ཤས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དྲི་མ་ཐམས་ཅད་དག །ཁྱད་པར་དུ་སྐྱེ་བ་སྔ་མ་རྣམས་སུ་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་སྲོག་བཅད་པ་ལ་བརྟེན་ནས་ཚེ་ཐུང་བར་གྱུར་པའི་ལས་སྒྲིབ་ཅི་བསགས་པ་ཐམས་ཅད་དག་ནས་རྣམ་སྣང་ཚེ་དཔག་མེད་ཀྱི་ཚེ་ཡི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། འདི་མན་གྱི་རིགས་གཞན་བཞི་ལ་སྐུ་མདོག་བསྒྱུར་བ་མ་གཏོགས་སྔ་མའི་རིགས་འགྲེས་ཀྱིས་ཤེས་པར་འགྱུར་བས། སླར་ཡང་དམིགས་པ་འདི་བཞིན་མཛོད། བླ་མ་དང་མདུན་བསྐྱེད་ཀྱི་སོགས་ནས་དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་དཔྲལ་བར་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ང་ནི་མི་བསྐྱོད་ཚེ་དཔག་མེད། །ཅེས་སོགས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་བླུད་པ་སོགས་རིགས་འགྲེ །ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སྲོག་བཅད་པ་ལ་སོགས་དང་། མི་བསྐྱོད་པའི་ཚེའི་དངོས་གྲུབ་ཐོབ་སོགས། སླར་ཡང་དམིགས་པ་འདི་བཞིན་མཛོད། བླ་མ་དང་སོགས་ནས། དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་རྣ་ལྟག་གཡས་སུ་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ང་ནི་རིན་འབྱུང་སོགས། ཨོཾ་རཏྣ་སོགས། ཁྱད་པར་སྐྱེ་བ་སྔ་མ་རྣམས་སུ་ང་རྒྱལ་དང་སེར་སྣས་ཀུན་ནས་བསླངས་ཏེ་གཞན་གྱི་སྲོག་བཅད་པ་ལ་བརྟེན་ནས་སོགས། རིན་ཆེན་འབྱུང་ལྡན་ཚེ་ཡི་དངོས་གྲུབ་ཐོབ༴ སླར་ཡང་དམིགས་པ་འདི་བཞིན་མཛོད། བླ་མ་དང་སོགས་ནས་དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་ལྟག་པར་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ང་ནི་པདྨ་ཚེ་དཔག་མེད་སོགས། ཨོཾ་པདྨ་སོགས། འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ་གཞན་གྱི་སྲོག་བཅད་པ་ལ་བརྟེན་ནས་སོགས། འོད་དཔག་མེད་ཀྱི་ཚེ་ཡི་དངོས་གྲུབ་ཐོབ༴ སླར་ཡང་དམིགས་པ་འདི་བཞིན་མཛོད། བླ་མ་དང་སོགས་ནས། དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་རྣ་ལྟག་གཡོན་དུ་བཞག་ནས་དབང་བསྐུར་བའི་མོས་པ་མཛོད། ང་ནི་དོན་ཡོད་ཚེ་དཔག་མེད་སོགས་ནས། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་སྦྱིན། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ཆ་ཤས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། དྲི་མ་ཐམས་ཅད་དག །ཁྱད་པར་དུ་སྐྱེ་བ་སྔ་མ་རྣམས་སུ་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་སྲོག་བཅད་པ་ལ་བརྟེན་ནས་སྐུ་ཚེ་ཐུང་བར་གྱུར་པའི་ལས་སྒྲིབ་ཅི་བསགས་པ་ཐམས་ཅད་དག །དོན་ཡོད་གྲུབ་པའི་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཅེས་རིགས་ལྔའི་དབང་བསྐུར། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཚེ་དཔག་མེད་ཚོན་གང་བ་གཅིག་གསལ་བཏབ་ནས། དེ་ལ་གུས་འདུད་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཐམས་ཅད་ཧཱུྃ་ཡིག་དཀར་དམར་གྱི་རྣམ་པར་སྤྱན་དྲངས། དེ་ཉིད་ལ་ཐིམ། དེ་ཉིད་ཀྱང་འོད་དུ་ཞུ་ནས། སྤྱི་བོའི་ཚངས་བུག་ནས་མར་ཞུགས། རང་རང་གི་སྙིང་གི་ནང་དུ་དབུས་སུ་རྣམ་སྣང་ཚེ་དཔག་མེད། ཤར་དུ་མི་བསྐྱོད་ཚེ་དཔག་མེད། ལྷོར་རིན་འབྱུང་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་དོན་ཡོད་ཚེ་དཔག་མེད་རྣམས་ཀྱི་སྐུར་གྱུར་པ། སླར་ཡང་ཚེ་དཔག་མེད་དེ་རྣམས་འོད་དུ་ཞུ་ནས་ལུས་ཐམས་ཅད་ཁྱབ། འཆི་མེད་ཚེའི་རྡོ་རྗེའི་ངོ་བོར་གྱུར་པའི་ཚེ་ཆུ་དེ་ཉིད་གྱེན་དུ་ཕྱུར་བས་ཁྱེད་རང་རྣམས་ཀྱི་སྨིན་མཚམས་ཡན་ཆད་གང་བས་བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་བས་གསང་དབང་ཐོབ། སྙིང་ག་ཡན་ཆད་གང་བས་ཤེར་དབང་ཐོབ། གསང་གནས་སམ་རྐང་མཐིལ་ཡན་ཆད་གང་བས་ཚིག་དབང་རིན་པོ་ཆེ་བཞི་པ་དང་། རིག་པའི་རྩལ་དབང་ཐོབ་ནས་ཁྱེད་རང་རྣམས་ཡེ་ཤེས་ཚེ་དཔག་མེད་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། དེ་ཉིད་བརྟན་པའི་སླད་དུ་སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད། ང་ནི་ཡེ་ཤེས་ཚེ་དཔག་མེད། །སོགས་ནས། ཚེ་ཡི་རིག་འཛིན་བརྙེས། །དེས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་ལ་འབྱོར་པ་ཐོབ་ཅིང་བཀྲ་ཤིས་པར་བྱ་བའི་སླད་དུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ལ་ཐོག་མར་འཁོར་ལོ་རིན་པོ་ཆེ་ལག་ཏུ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ལྷ་རྫས་ལས་གྲུབ་སོགས་ནས། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་རྣམས་ཚེ་དབང་ལྷ་དགུ་མ་ལྟར་བྱ། དེ་ནས། ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་སིདྡྷི་ཕ་ལ་ཧཱུྃ། ཞེས་ཡང་ཡང་བརྗོད་ཅིང་། འདིར་ཚེ་གཏོར་གྱི་དབང་བསྐུར། མཆན། སློབ་དཔོན་གྱིས་སློབ་མ་རྣམས་ལ་ཚེ་རིལ་དང་ཚེ་ཆང་སྟེར། དེ་རྣམས་ཀྱི་སྒོ་ནས་དབང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ། དེང་ནས་བརྩམ་སྟེ་སོགས་གཞན་ནས་འབྱུང་བ་ལྟར་བྱ། དེ་རྣམས་ཀྱི་སྒོ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་གནང་བའི་ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་དབང་བསྐུར་བ་ལེགས་པར་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་དང་འདོད་པའི་དོན་ལ་གསོལ་བ་བཏབ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། རས་བྲིས་ཡིན་ན་བརྟན་བཞུགས་དང་། ཚོམ་བུ་ཡིན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ལ་གནས་གསུམ་བསྲུང་། དགེ་བ་བསྔོས་ལ་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟན་པར་བྱའོ། །དེ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གྲུབ་དབང་རས་ཆེན་དཔལ་འབྱོར་བཟང་པོ་ལ། །དངོས་སུ་གནང་བའི་ཚེ་དབང་སྐུར་བའི་ཚུལ། །དོན་གཉེར་ནོར་བུ་བཟང་པོས་བསྐུལ་བའི་ངོར། །ཐམས་ཅད་མཁྱེན་པ་སྔགས་འཆང་ཨཱ་ནནྡའི། །ཚེ་དབང་འཆི་མེད་ལྷུན་གྲུབ་སོར་བཞག་ནས། །མཆན་བུའི་གསལ་བྱེད་འགའ་ཡང་དཀྱུས་ཉིད་དུ། །བྲིས་ནས་ཤིན་ཏུ་གོ་བདེ་དོན་གསལ་འདི། །ཤཱཀྱའི་དགེ་སློང་བཟང་པོ་རྒྱལ་མཚན་གྱིས། །དངུལ་མདའ་ལྷུན་གྲུབ་སྟེང་གི་དགོན་པ་རུ། །ལྕགས་སྦྲུལ་དབྱུག་ཟླར་སྦྱར་བའི་ཡི་གེ་པ། །སངས་རྒྱས་དོན་གྲུབ་ཉིད་ཀྱིས་གུས་པས་བགྱིས། །བདག་བློ་རྨོངས་ཕྱིར་འདི་ལ་ནོངས་མཆིས་ན། །བླ་མ་ལྷར་བཅས་སྤྱན་སྔར་མཐོལ་ཞིང་བཤགས། །ལེགས་པའི་དངོས་པོ་གང་ཞིག་ཐོབ་པ་དེས། །ཚེ་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །འདིས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ༈ ཚེ་སྒྲུབ་ཟབ་མོ་མདའ་འཕེལ་མའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བདུད་རྩིའི་སྙེ་མ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རས་ཆེན་དཔལ་འབྱོར་བཟང་པོའི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཅན་གྱི་གསེར་ཆོས་རྣམ་པ་གསུམ་གྱི་ཡ་གྱལ། གནས་སྐབས་སུ་ཚེའི་བར་ཆད་ཐམས་ཅད་ཞི་ཞིང་རིང་པོར་འཚོ་བ་དང་། མཐར་ཐུག་འཆི་མེད་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཚེ་དཔག་མེད་ལྷ་བཅུ་བདུན་མ་ལྟས་དང་ཆོ་འཕྲུལ་དངོས་སུ་སྟོན་པའི་ཚེ་དབང་ཟབ་མོ་མདའ་འཕེལ་མ་ཞེས་ཡོངས་སུ་གྲགས་པ་འདི་ལ་སྨིན་གྲོལ་ཡན་ལག་དང་བཅས་པ་ལས་དང་པོ་སྨིན་བྱེད་དབང་ནི། རྡོ་རྗེ་སློབ་དཔོན་བསྙེན་པ་ལས་སུ་རུང་ཞིང་ཏིང་ངེ་འཛིན་ལ་བརྟན་པ་རྗེས་སུ་མཐུན་པ་ཐོབ་པས་རས་ཆེན་རྡོ་རྗེ་འཆང་རང་ཉིད་ཀྱི་ཕྱག་བཞེས་འཁྲུལ་མེད་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་དབང་ཆོག་འཆི་མེད་འབྱུང་བ་སོར་བཞག་ལྟར་མཛད་ན་ཤིན་ཏུ་ལེགས་ཀྱང་། བསྙེན་པ་མ་ཐེམས་པ་དང་། ལས་དང་པོ་པའི་སློབ་དཔོན་དག་གིས་དབང་བསྐུར་བའི་ཚེ་དམིགས་པ་གསལ་བ་སོགས་ཀྱི་ཆེད་ཐོག་མར་སློབ་དཔོན་རང་ཉིད་ཀྱིས་སྒྲུབ་མཆོད་བདག་འཇུག་སྔོན་དུ་འགྲོ་བས། སློབ་མ་ལ་དབང་བསྐུར་བ་སོགས་ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་གྱི་དབང་ཆོག་འཆི་མེད་དཔལ་སྟེར་བཞིན་ལ། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་གི་མཇུག་ཏུ། ཚེ་གཏོར་གྱི་དབང་བསྐུར་བ་ཞྭ་ལུ་མཁན་ཆེན་གྱིས་མཛད་པ་ལྟར་སྦྱར་ན་རྒྱས་པའི་ཡན་ལག་ཏུ་འགྱུར་རོ། །གྲོལ་བྱེད་ཀྱི་ལམ་ལ་བསྐྱེད་རྫོགས་གཉིས་ལས། །དང་པོ་གཙོ་བོར་བསྐྱེད་བཟླས་ཀྱི་སྒོ་ནས་ཚེ་སྲིང་བའི་བསྙེན་པ་བྱེད་ཚུལ་ནི། བཀྲ་ཤིས་ཤིང་བྱིན་ཆགས་པའི་དབེན་གནས་སུ་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་རྣམས་ཚུལ་བཞིན་དུ་བཤམ། ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ནས་བརྩམ་སྟེ་ཐུན་བཞིའི་རིམ་པས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། ཐུན་སོ་སོའི་མཐར་དབང་བླང་བ་སོགས་བྱས་ན་གཞུང་དང་མཐུན་ཞིང་བསྙེན་སྒྲུབ་སྦྲགས་མར་འགྱུར་བས་ཤིན་ཏུ་ལེགས། གལ་ཏེ་སྤྲོས་པས་མ་འཆུན་ན་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བསྙེན་པ་རྫོགས་པར་བཏང་། གྲོལ་ཁར་དཀྱིལ་འཁོར་བཤམས་ནས་དངོས་གྲུབ་ཀྱི་སླད་དུ་དབང་བླང་བ་སོགས་བྱ། གང་ལྟར་ཡང་སྔགས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བཟླ། བཟླས་དམིགས་གཞུང་དུ་གསལ། སྔགས་ཀྱི་དོན། ཨོཾ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་གྱི་ས་བོན། བཛྲ་རཏྣ་ཨཱ་ཡུ་ཥེ། རྡོ་རྗེ་རིན་པོ་ཆེའི་ཚེའི་ཆེད་དུ། ཧཱུྃ་བྷྲཱུྃ་སེམས་བརྟན་པར་གྱུར་ཅིག །ཚེ་བྷྲཱུྃ། ཚེ་བརྟན་པར་གྱུར་ཅིག །གཡུ་བྷྲཱུྃ། བླ་བརྟན་པར་གྱུར་ཅིག །ནྲྀ་བྷྲཱུྃ། སྲོག་བརྟན་པར་གྱུར་ཅིག །བནྡྷ་བྷྲཱུྃ། ཐིག་ལེ་བརྟན་པར་གྱུར་ཅིག །ཨཱ་ཡུརྫྙཱ་ན་བྷྲཱུྃ། ཚེ་དང་ཡེ་ཤེས་བརྟན་པར་གྱུར་ཅིག །ཨོཾ་སྔགས་ཀྱི་འགོ་འདྲེན། ཨ་མཱ་ར་ཎི། འཆི་བ་མེད་པ། ཛཱི་བནྟི་སིདྡྷི་ཕ་ལ། འཚོ་བའི་རྒྱུན་གྱི་དངོས་གྲུབ་བཟང་པོ། ཧཱུྃ། སྡུས་ཤིག །ཅེས་པ་སྟེ། མི་ཤིགས་དྭངས་མ་གསུམ་ལྡན་རྡོ་རྗེ་རིན་པོ་ཆེའི་ཚེ་སྒྲུབ་པའི་སླད་དུ། ཚེ་བརྟེན་པ་དང། རྟེན་དང་། རྣམ་ཤེས་དང་། དེ་རྣམས་འབྲེལ་བའི་ཚོགས་པ་དག་བརྟན་པར་བྱ་བ་དང་། དེ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་བྱ་བ་སྟེ། འདི་ལས་བརྩམ་སྟེ་དོན་མང་དུ་སྤྲོས་པས་ཆོག་མོད། རེ་ཞིག་བཞག་གོ །བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་དམིགས་བསལ་མ་བཤད་པས་མ་བྱས་ཀྱང་རུང་། སྤྲོ་ན་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་གསང་བ་སྤྱིའི་ལུགས་བཞིན་བྱ། ཚོགས་ཀྱི་མཆོད་པ་སོགས་ཀྱང་དེ་དང་འདྲའོ། །གཉིས་པ་རྫོགས་རིམ་ནི། འདི་ཉིད་ཀྱི་གཞུང་རང་དུ་བུམ་ཅན་གྱི་རླུང་སྦྱོར་དང་། རྗེས་གཞིག་གི་རིམ་པས་འོད་གསལ་ལ་འཇུག་པའི་ཚུལ་ཙམ་འབྱུང་བ་ནི་བསྐྱེད་རིམ་གྱི་སྐབས་སུའང་བསྒོམ་པར་བྱ་བ་ཡིན་ལ། རྒྱས་པ་དོན་དུ་གཉེར་ན་གཏུམ་མོ་ཞག་བདུན་མ་ཞལ་ཤེས་དང་བཅས་པ་དང་། ཁྱད་པར་འཆི་མེད་རླུང་སྦྱོར་སོགས་བརྒྱུད་ལྡན་དམ་པའི་ཞལ་ལས་བླང་བར་བྱའོ། །ཡན་ལག་གཞན་ནི། ཚེ་གེགས་སེལ་བ་དང་། རིང་འཚོའི་རྟེན་འབྲེལ་སྤེལ་བ་སོགས་ཀྱི་ཆེད་དུ་ལས་ཚོགས་རབ་འབྱམས་སྒྲུབ་པའི་ཚུལ་ཐ་དད་པ་དག་ཀྱང་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་བསྒྲུབ་ཏུ་རུང་ཞིང་། ཁྱད་པར་མེ་ཏོག་དང་རྡེའུ་བཅུད་ལེན། རླུང་དང་རིག་པའི་བཅུད་ལེན་སོགས་བཀའ་བརྒྱུད་འདི་ཉིད་ལས་འོངས་པ་དག་ཚུལ་བཞིན་དུ་བསྟེན་ན་འཆི་མེད་གྲུབ་པའི་རིག་འཛིན་གྱི་དབང་པོར་འགྱུར་བ་ནི་ངེས་པའོ། །གོང་དུ་བཤད་པའི་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བསྙེན་པ་བྱ་བའི་ཚུལ་གྱི་ངག་འདོན་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་དཀྱུས་ལྟར་དང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྟོང་པར་སྦྱང་། སྐད་ཅིག་ཙམ་གྱིས་རྡོ་རྗེ་ཆེན་པོའི་ནང། །གནས་ཡུལ་ཐམས་ཅད་ཕོ་བྲང་གཞལ་ཡས་ཁང་། །འདབ་བརྒྱད་གྲུ་བཞི་སྒོ་བཞི་ལྕགས་རིར་བཅས། །ཞེས་སོགས་དཀྱུས་ལྟར་ལ། བདག་མདུན་ཐ་མི་དད་པ་ལ་ཡེ་ཤེས་དགུག་བསྟིམ་སོགས་ཀྱི་ཚེ། བདག་ཉིད་ཁོ་ན་བྱས་པས་འཐུས་ཤིང་། བཟླས་པའི་མཇུག་ཏུ་རྫོགས་རིམ་བསྒོམ། སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལྡང་། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་སོགས་བྱས་པས་དོན་འགྲུབ་པ་ཉིད་དོ། །ཞེས་པའང་བྱ་བྲལ་བ་མཉྫུ་གྷོ་ཥས་ཟིན་བྲིས་སུ་བཏབ་པ་ཨཱ་ཡུརྫྙཱ་ན་བརྡྷནྟུ་སརྦ་ཛ་ག་ཏཾ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འདུས་པའི་བསྟོད་པ་རྒྱུད་སྡེ་ལས་ཕྱུང་པ་ (Volume 59, Text 23)

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འདུས་པའི་བསྟོད་པ་རྒྱུད་སྡེ་ལས་ཕྱུང་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་འཕགས་པ་འཇམ་དཔལ་ལ་ཡེ་ཤེས་ལྔ་དང་རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྒོ་ནས་བསྟོད་པ་མཚན་ཡང་དག་པར་བརྗོད་པའི་རྒྱུད་སྡེ་ལས་ཕྱུང་པའོ།། །། ༈ ཨོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། །རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། །གང་ལ་མཁོ་བ་དེའི་གཙོ་བོ། །འདྲེན་པ་གཟུགས་བརྙན་དུ་མ་འཆང་། །སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། །བདེ་བ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་རྣམ་དག་བྱང་ཆུབ་ལམ། །ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། །སྟོབས་དང་མི་འཇིགས་བརྩོན་མཛད་པ། །ཆོས་རྣམས་ལྷུན་གྲུབ་སྐུ་ཕྱག་འཚལ། །རྣམ་དག་རྒྱ་མཚོར་ལྡན་རྣམས་ལ། །ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་ནས། །ཞིང་ཁམས་རྒྱ་མཚོ་སྤྱོད་མཛད་པ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་རྩ་རྒྱུད་པདྨ་དྲྭ་བ་ལས་ཕྱུང་པའོ། །ལེགས་སོ་ལེགས་སོ་སྟོན་པ་ཁྱོད། །ལས་དང་ཉོན་མོངས་འགག་པར་བྱེད། །སྡུག་བསྔལ་ཆེན་པོ་བདེ་བར་འདྲེན། །ཆོས་ཀྱི་ཁམས་རྣམས་སད་པར་བྱེད། །ལུས་ངག་ཡིད་གསུམ་བདེ་བ་ཡི། །སྒྲ་ཡི་དབྱངས་ཀྱིས་དག་པར་བྱེད། །བདེ་བའི་གནས་ནས་བདེ་བའི་ལམ། །བདེ་བའི་འབྲས་བུ་བླ་ན་མེད། །ཨེ་མ་ཧོ་བདེ་བའི་སྐུ་ཆེན་པོ། །ཨེ་མ་ཧོ་བདེ་བའི་གསང་སྔགས་ཆེ། །ཨེ་མ་ཧོ་བདེ་བའི་གནས་ན་གནས། །ཨེ་མ་ཧོ་བདེ་བ་འཛད་པ་མེད། །དེ་ལ་རྟག་ཏུ་འདུད་ཕྱག་འཚལ། །ཞེས་རི་རབ་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་པདྨ་ཟབ་པ་ལོ་ཆེན་འགྱུར་ལས་ཕྱུང་པའོ།། །། ༈ ཁྱོད་ནི་གླང་པོའི་རྣ་བ་ཅན། ཁྱོད་ནི་སེང་གེའི་ལྟ་སྟངས་ཅན། ཁྱོད་ནི་མེ་ལྕེ་འབར་བ་ཅན། ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། ཁྱོད་ནི་ཕ་ལྟར་སློབ་པ་ཡིན། ཁྱོད་ནི་མ་ལྟར་སློབ་པ་ཡིན། ཁྱོད་ནི་བརྟན་པའི་ས་ཡང་ཡིན། ཁྱོད་ནི་ཆུ་བོའི་གཞུང་ཡང་ཡིན། ཁྱོད་ནི་འཐོར་བྱེད་རླུང་ཡང་ཡིན། ཁྱོད་ནི་རིན་ཆེན་འབྱུང་གནས་མཛོད། །ཅེས་དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བརྟག་པ་ལས་གསུངས་པའི་ཀོ་ཊ་ཀྵ་སོགས་བོད་སྐད་དུ་དོན་འགྱུར་མཛད་པ་སྟེ། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་ཀྱང་འབྱུང་ཞིང་ཕར་ཕྱིན་བཅུ་དང་ས་བཅུ་སོགས་སྦྱར་བའི་ཚུལ་ཡོད་དོ། །དེ་ལྟར་བཀོད་པ་ལེ་ཚན་རྣམས་གཏེར་གཞུང་གི་དགོངས་པ་ལྟར་རྒྱུད་སྡེ་སོ་སོ་ལས་ཕྱུང་སྟེ་ཕྱོགས་གཅིག་ཏུ་བྱས་པ་དགེ།། །།

བཤགས་སྐོང་འཛུད་བྱང་ (Volume 29, Text 23)

བཤགས་སྐོང་འཛུད་བྱང་ནི། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་བརྗོད་མེད་དོན་གྱི་བཤགས་པ་རྫོགས་སོ།། །། ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་མ་འབུམ་བརྡལ་ཞིང༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་དག་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་ལོར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཞིང་དྲག་པའི་ལས་དབང་དེ་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བདག་བྱིང་སྟེ༔ ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་སྲེག༔ གཏི་མུག་མུན་འཐིབས་བདག་གི་ཤེས་རབ་ལྡོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེང༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་འདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ༔ འདི་འདྲའི་སྡུག་བསྔལ་བདག་གིས་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལོག་ལམ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལས༔ ཉེར་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱེད་ད་ལྟ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང༔ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་པ༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གིས་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིགས་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་ཀྱི་འཕྲོ་བསགས་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཆུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་གིས་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ ཞེས་བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས་ཟུར་དུ་བཀོལ་བའོ།། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས། སྤྱི་སྡོམ་རྩ་བའི་དབང་སྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་པདྨ་རཱ་གའི་བུམ་བཟང་ (Volume 26, Text 23)

༄༅། །ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས། སྤྱི་སྡོམ་རྩ་བའི་དབང་སྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་པདྨ་རཱ་གའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། བླ་མ་དང་དཔལ་རྟ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱུད་སྡེ་བཞི་དྲུག་རབ་འབྱམས་ཡི་དམ་ལྷ། །མ་ལུས་དཀྱིལ་འཁོར་གཅིག་ཏུ་ཡོངས་རྫོགས་པ། དབང་ཆེན་སངས་རྒྱས་དགོངས་འདུས་བྱིན་རླབས་བཅུད། །བདག་གི་སྒོ་གསུམ་ཐིག་ལེར་འཁྱིལ་བར་མཛོད། །བླ་མ་ལྷ་དང་དྷཱ་ཀི་དམ་ཅན་ལ། །སྙིང་ནས་ཡིད་ཆེས་མི་ཕྱེད་དད་པའི་མཐུས། །རས་ཆོད་མ་ཡིན་ལྷག་པའི་བསམ་པ་ཡིས། །གསང་བ་དབྱེ་ལ་གེགས་མེད་གནང་བ་སྩོལ། །ཐེག་པ་རིམ་དགུའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དགོངས་པ་དཀྱིལ་འཁོར་གཅིག་ཏུ་འདུས་པའི་གསང་བ་བླ་ན་མེད་ཅིང་གཉིས་སུ་མ་མཆིས་པ་སྐོར་བཞི་ལས། གཉིས་པ་ཡི་དམ་རྟ་མཆོག་དགོངས་པ་འདུས་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་རྒྱས་འབྲིང་བསྡུས་གསུམ་རྗེས་གནང་སྟེ་བཞིར་བཞུགས་པ་ལས། འདིར་འབྲིང་པོ་སྨིན་བྱེད་རྩ་བའི་དབང་བསྐུར་འཆད་ཅིང་། དེ་ལའང་སྤྲོས་བཅས་སྒྲུབ་པ་ཆེན་པོའི་སྒྲོམ་དུ་གཞུག་པའི་ཚུལ་ནི་དཀྱུས་སུ་ལག་ལེན་མི་ཐེབས་པས་འདིར་སྤྱི་འགྲོའི་དབང་བསྐུར་དཀྱུས་མ་ཙམ་ཞིག་བྱ་བའི་ཚུལ་བསྟན་པ་ལ་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པ་རྣམས་སོ། །དང་པོ་ལ། ས་ཆོག་ནི་སྒྲུབ་གནས་རྙིང་པ་ལ་མེད་ཀྱང་ཆོག་པའི་དབང་དུ་བྱས་ནས། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཁང་གཙང་ཞིང་རྟེན་དང་རྒྱན་གྱི་བཀོད་པས་སྤྲས་པའི་གུང་དུ་སྟེགས་བུ་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་རྣམས་བཤམ། སྔོན་འགྲོ་དཀར་བགེགས་སོགས་ཉེར་མཁོ་གཞན་ཡང་ཚོགས་པར་བྱས་ལ། ཚིག་བདུན་དང་སྟག་ཤམ་པའི་གསོལ་འདེབས་ཆེ་ཆུང་གང་རུང་། བརྒྱུད་འདེབས་སྔོན་དུ་འགྲོ་བས་དཀར་བགེགས་བཏང། བགེགས་བསྐྲད་ནས་བརྩམ་བཟླས་པ་སྟོང་ཚིགས་ཀྱི་བར་ལས་བྱང་ཆུང་བ་མཐར་ཆགས་སུ་བཏང་ལ་བདག་གི་རྣལ་འབྱོར་བྱ། དེ་ནས་སླར་ཡང་མཆོད་པ་ཁ་གསོས་ལ་བྱིན་རླབས་ནས་བཟླས་པའི་བར་བཏང་ལ་མདུན་གྱི་མཎྜལ་ཚོམ་བུ་ལྷར་བསྒྲུབ་བོ། །གཉིས་པ་བུམ་པ་ནི། རིན་པོ་ཆེའི་བུམ་པ་མགུལ་ཆིངས་སྣ་ལྔ་པ་དྲི་བཟང་གི་ཆུ་དང་སོ་ལྔའི་རྫས་ཀྱིས་བཀང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། ལས་བུམ་མགུལ་ཆིངས་ལྗང་གུ་ཅན་དྲིའི་ཆུའི་བཅུད་ལྡན་སོགས་འོག་ཏུ་དགོས་པའི་དབང་རྫས་རྣམས་སྐབས་འདིར་ཚོགས་པར་བྱས་ལ་དཀྱིལ་འཁོར་གྱི་སྟེགས་བུར་བཀོད། རྣམ་བུམ་སྒྲུབ་ཚུལ་དམིག་གསལ་མ་གསུངས་པས་སྐབས་འདིར་མ་བྱས་ན་ཆད་སྐྱོན་མེད་ཅིང་། ལས་བུམ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་ཕྱི་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པ་ལ། ནང་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲིལ་བུ་བསྣམས་པ། རྒྱན་རྫོགས་འོད་ཀྱི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྙིང་པོས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་སོགས་བཟླས་ལ། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་ཅེས་མོས་ལ་བཅས་རྣམས་ཡོལ་བས་བསྒྲིབ་བོ། །གསུམ་པ་སློབ་མ་ནི། སོ་ཤིང་དང་དོར་བའི་མཎྜལ་རིགས་ལྔའི་སྐུ་རྟེན་སོ་སོར་བཀྲམ་པའམ་ཚོམ་བུ་ལྔ་པ། སྲུང་སྐུད་ཁ་དོག་ལྔ་པ་སུམ་བསྒྲིལ་འདོམ་གང་མདུད་པ་གསུམ་ལྡན་སྔགས་བཏབ་པ། ཀུ་ཤའི་ཕོན་པོ་ཆེ་ཆུང་དྲི་བཟང་གི་ཆུས་བྱུགས་པ་སོགས་འདུ་བྱས་ལ། སློབ་མ་རྣམས་སྒོར་ཁྲུས་བྱ། རྩ་སྔགས་ལས་སྔགས་སུམྦྷ་ནི་སོགས་བརྗོད་ཅིང་གུ་གུལ་ཡུངས་ཐུན་བཅས་པས་བགེགས་བསྐྲད། ཕྱག་བཅས་བླ་མའི་མདུན་དུ་འཁོད་པས། དྲང་ངེས་ཀྱི་ཆོས་བཤད་རྒྱས་བསྡུས་ཅི་རིགས་པའམ་དཀྱུས་ཙམ་དུ། རང་རེ་རྣམས་ཐོག་མ་མེད་པ་ནས་འཁོར་བའི་རྒྱ་མཚོ་ཆེན་པོར་འཁྱམས་ཤིང་མཐའ་མེད་པའི་སྡུག་བསྔལ་གྱིས་ཡང་དང་ཡང་དུ་གཡེངས་བ་ལས། ད་ལམ་དལ་འབྱོར་གྱི་མི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་བའི་སྐབས་འདིར་སྙིང་པོ་ཞིག་ལོན་པར་མ་བྱས་ན། ཕྱིས་ནས་འདི་ལྟ་བུའི་ཕུན་སུམ་ཚོགས་པ་རྙེད་མི་སྲིད་ཅིང་། སྤྱིར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་ཀྱང་བསྐལ་མང་བསགས་པའི་སྡིག་སྒྲིབ་སྐད་ཅིག་ལ་འཇོམས་ཤིང་ཐར་པའི་ས་བོན་ཁྱད་པར་ཅན་འཇོག་པ་ཡིན་ཅིང་། ཁྱད་པར་ཐེག་པ་རིམ་པ་དགུའི་ཡང་བཅུད་དབང་ཆེན་ཡི་དམ་དགོངས་འདུས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་འཇུག་ཏུ་ཡོད་པ་ནི། ཚེ་རབས་གྲངས་མེད་པར་ཚོགས་ཆེན་བསགས་པའི་འབྲས་བུ་ཁོ་ན་ལས་བྱུང་བ་ཡིན་པས་དད་པ་དང་སྤྲོ་བ་རབ་ཏུ་སྐྱེད་ལ་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་སློབ་དཔོན་དགོངས་སུ་གསོལ༔ དབང་ཆེན་པདྨའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱིས་བཟུང་སླད་ཕྱིར༔ ལྷག་པར་གནས་པར་མཛད་དུ་གསོལ༔ ཞེས་ལན་གསུམ་ཞུས་པའི་རྗེས་སུ་བླ་མས་གནང་བ་སྦྱིན་པ་ནི། ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ དབང་ཆེན་ཡི་དམ་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་རླབས་སྒྲུབ་ཆེན་ཕྱིར༔ ལྷག་པར་གནས་པ་ཚུལ་བཞིན་བྱའོ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ སངས་རྒྱས་ཀུན་དང་གཉིས་མེད་པའི༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྒོ་འདིར་འཇུག་པར་ཞུ༔ ལན་གསུམ། བླ་མས། ཨེ་མ་ཧོ༔ སྔོན་སྦྱངས་སྐལ་བར་མ་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་འཇུག་ཕྱི་མར་བརླག༔ ལས་འཕྲོ་མེད་ན་ཕྱིར་དེངས་ཤིག༔ ཅེས་བསྒོས་པའི་ལན་དུ་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་བར་དུ༔ བཀའ་བསྒྲུབ་དབང་ཞུ་དམ་བསྲུང་ལགས༔ བདག་ཅག་དཀྱིལ་འཁོར་འཇུག་པར་ཞུའོ༔ ལན་གསུམ། བླ་མས། ཨེ་མ་ཧོ༔ ཡི་དམ་དགོངས་འདུས་དཀྱིལ་འཁོར་དུ༔ འཇུག་སྤྲོ་དངོས་གྲུབ་འཚལ་བ་རྣམས༔ ལྷ་དང་སྙིང་པོ་བསྒྲུབ་པ་ཡི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བླ་མས་གང་གསུང་བཀའ་བཞིན་བསྒྲུབ༔ ཡི་དམ་གསང་བའི་དཀྱིལ་འཁོར་གྱིས༔ དངོས་གྲུབ་རྣམ་གཉིས་ནོད་འཚལ་གྱི༔ དམ་ཚིག་གཉན་པོ་ཤིན་ཏུ་བསྲུང༔ ཞེས་ཞུ། བླ་མས་ཐལ་སྦྱར་དྲིལ་གསིལ་བཅས་དཀྱིལ་འཁོར་པ་ལ་གསོལ་བ་འདེབས་པ་ནི། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས༔ སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར༔ ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི༔ ཕོ་བྲང་དགོངས་པ་འདུས་པ་རུ༔ བདག་གིས་སློབ་མ་གཞུག་བགྱི་བས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པས་སློབ་མ་རྣམས་ཅི་བདེ་བར་རྗེས་སུ་ཟུངས་ཤིག་པའི་གནང་བ་ཐོབ་པར་གྱུར། དེ་ནས་དོན་དམ་རང་བྱུང་ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་དཀྱིལ་འཁོར་སྒོ་བཞི་རུ༔ བདག་ནི་འཇུག་པར་འཚལ་ལགས་ཀྱིས༔ ཡི་དམ་ལྷ་དང་ཞལ་མཇལ་ཅིང༔ དབང་ཆེན་རབ་འབྱམས་བསྐུར་དུ་གསོལ༔ བླ་མས་བརྡ་སྒོ་དབྱེ་བ་ནི། ཧོ༔ ཡེ་ཤེས་རང་སྣང་དཀྱིལ་འཁོར་དུ༔ གཉིས་འཛིན་མ་རིག་སྒོ་བཅད་པས༔ ཡེ་ཤེས་ལྷ་དང་ཞལ་མ་མཇལ༔ རང་གསལ་ཡེ་ཤེས་འཆར་སྒོ་དབྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ རང་སྣང་དབང་ཆེན་དགོངས་པ་འདུས་པའི་ལྷ་ཚོགས་དངོས་སུ་མཇལ་བར་མོས་ལ་བརྡའི་ཕྱག་བྱ་བའི་རྗེས་ཟློས། ཧྲཱིཿཧོ༔ རང་སྣང་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ལ༔ མཉམ་ཡངས་མཐའ་བྲལ་རང་སྣང་དོན་གྱི་ལྷ༔ སྒོ་གསུམ་གཉིས་མེད་མཉམ་པའི་རང་བཞིན་དུ༔ དབང་ཆེན་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རང་བྱུང་རིག་པའི་མཎྜལ་ཡང་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །བླ་མས། ཀྱེ་ཧོ༔ བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས༔ ཐར་པའི་མགོན་གྱུར་དཀོན་མཆོག་གསུམ༔ ཡིད་ཀྱིས་དམིགས་ཏེ་ཕྱག་འཚོལ་ལ༔ སྐྱབས་སོང་སྡིག་པ་བཤགས་པར་གྱིས༔ དཀོན་མཆོག་རྩ་བ་གསུམ་ལ་དེང་ནས་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་། སྨོན་འཇུག་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་བསྐྱེད་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཧྲཱིཿཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་མཆོག་བསྐྱེད༔ བྱང་ཆུབ་ལམ་ལ་གཟུད་པའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་གྱིས་སྡོམ་པ་འབོགས། བླ་མས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ༔ ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྒྱུད་དྲུག་ལམ་གྱི་སྒོ་བཅད་ནས༔ མཐོ་རིས་ཐར་པའི་སྒོ་ཕྱེས་ལ༔ དཔའ་བོ་ཡང་སྙིང་འབྲུ་ལྔ་ཡིས༔ བླ་མེད་མཆོག་གི་གནས་སུ་དྲོངས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡ་ཛཿཛ༔ དེ་ནས་སྒྲིབ་པ་ཆེ་ཆུང་དང། རིགས་བདག་གི་ལྷ་བརྟགས་ཕྱིར་སོ་ཤིང་དོར་བ་ནི། དྲི་དང་ལྡན་ཅིང་གཙང་མའི་ཤིང་སོར་བརྒྱད་པ་རྩེ་མོ་མེ་ཏོག་གིས་བརྒྱན་པ་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་ཡིད་ཀྱིས་དམོད་པ་དང་ཚིག་འདིའི་རྗེས་ཟློས་བཅས་ཏེ་སོ་ཤིང་མཎྜལ་དུ་འདོར་བ་ཞུ། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ ཡི་དམ་གང་ཡིན་ལྷ་བརྟག་ཕྱིར༔ མཎྜལ་དབུས་སུ་བདག་འདོར་གྱིས༔ གང་ཡིན་ལྷ་ལ་དེར་འབབ་ཤོག༔ ཅེས་མཎྜལ་རིགས་ལྔའི་ཙཀ་ལི་བཀྲམ་པའི་སྟེང་དུ་འདོར་དུ་གཞུག །མ་ཚུད་ན་ལན་གསུམ་བསྐྱར་ལ་བརྟག་གོ །སྲུང་བའི་སྐུད་པ་རྡོ་རྗེའི་མདུད་པ་དང་ལྡན་པ་འདི་ཉིད་སྐྱེས་པའི་དཔུང་པ་གཡས་དང་མོའི་གཡོན་དུ་བཅིངས་པས་སྒོ་གསུམ་གྱི་བར་ཆད་སྲུང་བར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པ་ལྡན༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་ཆད་ཀུན་བསྲུང་ཤོག༔ ཨོཾ་བཛྲ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་མ་མ་རཀྵ་ཀུ་རུ་རཀྵ་སྭཱ་ཧཱ༔ རྨི་ལམ་གྱི་སྒོ་ནས་ལས་འཕྲོ་བརྟག་པའི་ཕྱིར་དུ་ཀུ་ཤའི་ཆུན་པོ་ཆེ་ཆུང་སྔས་དང་གདན་གྱི་དོན་དུ་ཟུངས་ཤིག །ཀུ་ཤའི་ཕོན་པོ་ཆུང་བ་ལག་གཡས་དང་ཆེ་བ་གཡོན་དུ་བསྣོལ་མར་གཏད་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་ནི༔ དངོས་གྲུབ་མཚན་བརྟགས་གསལ་བྱའི་ཕྱིར༔ ཁྱོད་ཉིད་ཉལ་བའི་སྔས་གདན་འབུལ༔ ཁྱེད་རང་རྣམས་དོ་ནུབ་སེང་གེའི་ཉལ་སྟབས་དང་ཡིད་མོས་གུས་ལྡན་པས་རྨི་ལམ་གྱི་མཚན་མ་བརྟག་པར་མཛོད་ཅིག །དེས་རེ་ཞིག་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གཞུང་དུ་མེ་ཏོག་འདོར་བ་ནས་སྒྲུབ་ལུང་འབོགས་པའི་བར་དུ་གསུངས་པ་ནི་སྒྲུབ་ཆེན་དང་འབྲེལ་བའི་དབང་དུ་མཛད་པ་ཡིན་པས། འདིར་དབང་རྐྱང་ཙམ་ལ་སྐབས་འདིར་མེད་དུ་མི་རུང་བ་མ་ཡིན་ཞིང་དངོས་གཞིའི་སྐབས་སུ་དེ་དག་འབྱུང་བས་ཀྱང་དོན་འགྲུབ་པ་ཡིན་ནོ། །དེ་ནས་སློབ་དཔོན་བཞེངས་ཐལ་མོ་སྦྱར་ཏེ་སྟ་གོན་གྱི་ལྷ་ལ་གསོལ་བ་གདབ་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་གཙོ༔ ཐུགས་རྗེའི་བྱིན་རླབས་བྱང་སེམས་ལྡན༔ དགོངས་པ་རྣ་བརྒྱུད་ཐུགས་རྒྱུད་མངའ༔ རྒྱུད་གྲོལ་བྱང་ཆུབ་ལམ་མཁན་མཛད༔ དུས་གསུམ་བླ་མ་སྐུ་དྲིན་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཕོ་བྲང་ནས༔ ཡི་དམ་དགོངས་འདུས་དཀྱིལ་འཁོར་ལྷ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་ལྷ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ རྡོ་རྗེ་སློབ་དཔོན་དབུ་མཛད་ནས༔ མཆེད་ལྕམ་བུ་སློབ་འགྲོ་བ་རྣམས༔ མངོན་པར་སངས་རྒྱས་འཐོབ་བྱའི་ཕྱིར༔ སང་ནས་དཀྱིལ་འཁོར་བྲི་བརྩམས་པས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ཅེས་བརྗོད་པས་སྟ་གོན་གྱི་ལྷ་རྣམས་བར་སྣང་དུ་འོད་ཀྱི་དྲྭ་བར་བཞུགས་པར་བསམ་ལ་སྟ་གོན་གྱི་ཆས་རྣམས་བསྡུའོ། །རྩ་བའི་གཉིས་པ་དངོས་གཞི་དབང་བསྐུར་བའི་རིམ་པ་ལའང་གསུམ། དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་པ། སློབ་མ་ལ་དབང་བསྐུར་བ་དངོས་སོ། །དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་འཕྲུལ་སྟེགས་ལ་སྔར་སྟ་གོན་བྱས་པའི་རྣམ་བུམ་གཟུངས་རྡོར་དང་བཅས་པ། འབྲུའི་སྣོད་དུ་བཏགས་གྲོལ་དར་སྣས་ལྕིབས་པ་དང་། སྐུ་ཙཀ་ཡོངས་རྫོགས། ཤར་དུ་མིང་དབང་རྡོར་དྲིལ་ལྷན་གཅིག་པ་དང་སྲུང་མའི་གཏོར་མ་དམར་གཏོར་གཙོ་འཁོར་དྲུག་པ་རྒྱན་ལྡན། ལྷོར་དབུ་རྒྱན་དང་ཐོད་པ་མཚན་ལྡན་དུ་མངར་གསུམ་དང་ཆོས་སྨན་ཆང་དང་སྦྱར་བས་བཀང་ལ་དར་དམར་གྱིས་ཁ་བཅད་པ། ནུབ་ཏུ་རྡོ་རྗེ་དང་རིག་ཙཀ །བྱང་དུ་དྲིལ་བུ་དང་ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས་སྒྲོ །བར་མཚམས་ཅི་བདེ་བར་སྔགས་བྱང་གསེར་རམ་མཚལ་གྱིས་བྲིས་པ། ཕྱག་མཚན་རྣམས་དང་ཞི་ཁྲོའི་ཆས་ཀྱི་ཙཀ་ལི། གཞུང་པོད་དམ་རྒྱུད་ལྟ་བུའི་གླེགས་བམ། དུང་དཀར། ཕྱག་ཤིང་། ཕྲེང་བ། པད་ཞྭ་བེར་ཕོད་སོགས་ཀྱི་ཙཀ་ལི་རྣམས་དང་། མདུན་དུ་དཔལ་གྱི་གཏོར་ཆེན་གྱི་གཡས་གཡོན་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། རྒྱལ་མཚན་རལ་གྲི་སོགས་དཀྱིལ་འཁོར་གྱི་ཆས་ཇི་ལྟར་འཛོམ་པ་དང། སྔོན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། གཞན་ཡང་མིག་དར་མེ་ཏོག་གིས་མཚོན། འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་གསོལ་འདེབས་ནས་བརྩམ་ཕྲིན་ལས་ཀྱི་རིམ་པ་མཐར་ཆགས་སུ་གཏང་ཞིང་། བློ་རབ་ཀྱིས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་སྒོམ་བཟླས་བྱ། རྟོགས་པས་མི་ཆུན་ན་ཐོག་མར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་སྐབས་མདུན་དཀྱིལ་ཀྱི་གོ་སར་ཛཔ྄་ཁང་དབྱེ་ཞིང་སྤྲོ་བསྡུ་སོ་སོར་བྱས་ལ་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབས། ཁྱད་པར་བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། གཟུངས་ཐག་འཐེན་ལ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་བརྗོད་ཅིང་བཟླས་པ་ཅི་འགྲུབ་བྱ། མཐར་སྟོང་ཚིགས་མཆོད་བསྟོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་བ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་མོས། བཏགས་གྲོལ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྤྱན་དྲངས་ལ་ཐིམ་པར་མོས་ཏེ། ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །བཛྲ་ས་མཱ་ཛཿ ཞེས་རོལ་མོ་བཅས་བྱིན་དབབ། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་ཕུལ། དེ་ནས་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱའོ། །གཉིས་པ་བདག་འཇུག་ནི། བླ་མ་དཀྱིལ་འཁོར་གྱི་སྒོ་བཞིར་དངོས་སུ་བགྲོད་པའམ་ཡིད་ཀྱིས་ཞུགས་པར་དམིགས་ལ་སྤོས་རེང་རྡོར་དྲིལ་ཐོགས་ཏེ། ཀྱཻ༔ དཀྱིལ་འཁོར་ཆེན་པོའི་སྒོ་སྲུང་ཆེན་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ དད་ལྡན་སློབ་མ་སྨིན་ཞིང་དབང་བསྐུར་ན༔ ཕོ་བྲང་ནང་གཞུག་དཀྱིལ་འཁོར་ལྷ་དང་སྤྲོད༔ ཅེས་ཞུས་པ་ཙམ་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེས་ཤིང་། དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་བཅས་མཇལ་བར་མོས་ལ། རྣལ་འབྱོར་པ་རབ་ཀྱིས་སྐད་ཅིག་དྲན་རྫོགས་ལ་དབང་ཐམས་ཅད་ཐོབ་པར་བསམ། འབྲིང་གིས་དབང་ཚིག་རྣམས་ཁ་ཏོན་བྱེད་ནས་དབང་རྣམས་ཐོབ་པར་བསམ། ཐ་མས་དབང་བསྐུར་ཡོངས་རྫོགས་ལྷག་ཆད་མེད་པར་རང་ལ་བདག་འཇུག་བླང་བར་གསུངས། དེ་ལྟར་སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་ཚང་མ་རང་ཉིད་ཀྱིས་ལེན་པ་དགོངས་འདུས་རྣམ་གཉིས་གྱི་གཞུང་དོན་ཡིན་ཀྱང་མི་ནུས་ན་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་དོན་ལྟར་རིག་པའི་མེ་ཏོག་དོར་བས་ཀྱང་དགོས་དོན་འགྲུབ་བོ། །གང་ལྟར། ལྷ་ཚོགས་ཡབ་ཡུམ་རྣམས་ཀྱིས་དབང་རྫོགས་པར་བསྩལ་ནས། ཁྱོད་ཀྱིས་སྐལ་ལྡན་སྐྱེས་བུ་རྣམས་ལ་དབང་བསྐུར་བར་གྱིས་ཤིག༔ ཅེས་གནང་བ་བྱིན་ཅིང་དངོས་གྲུབ་ཐོབ་པར་གྱུར༔ ཅེས་བསམ་ལ་སློབ་དཔོན་དང་དཀྱིལ་འཁོར་ཡོལ་བས་བསྒྲིབ། ཚོགས་ཆས། རྒྱལ་ཆེན་གཏོར་འབུལ། བགེགས་གཏོར། དམ་ཆུ་བདུད་རྩི་སོགས་འདུ་བྱའོ། །གསུམ་པ་དབང་དངོས་ལའང་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བའོ། །དང་པོ་ལ། ཕྱི་སྒོའི་ལས་དང་བགེགས་བསྐྲད་སྲུང་། །གསག་སྦྱོང་སྐྱབས་སྡོམ་དངོས་གྲུབ་སྦྱིན། །དམ་བསྒྲག་དམ་འབོགས་ཡེ་ཤེས་དབབ། །སྒོ་དབྱེ་རིགས་བརྟག་མིག་དབྱེ་ཞིང་། །ངོ་སྤྲད་ཛཔ྄་དབྱངས་བྱ་བ་འོ། །ཞེས་དོན་ཚན་བཅུ་གསུམ་དུ་ཡོད་པའི་དང་པོ་སྒོའི་ཕྱི་རོལ་དུ་བྱ་བ་ནི། སྒོ་བཅད་པའི་ནང་དུ་ལན་འདེབས་པ་པོ་འདུག །ལས་རྡོར་གྱིས་རྡོར་དྲིལ་ཐོགས། ཁྲུས་བུམ་དང་མིག་དར་ཁྱེར་ལ་ཕྱི་རོལ་དུ་ཕྱིན་ནས། སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཁྱེད་རང་རྣམས་སྔོན་ཆད་མ་རིག་པའི་སྒྲིབ་གཡོགས་ཀྱིས་ལྡོངས་ཏེ་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་མ་མཇལ་བའི་མཚོན་བྱེད་དུ་མིག་དར་འཆིང་པར་མཛོད། ཨོཾ་ཙཀྵུརྦནྡྷ་བཱ་ར་མཱ་ཎ་ཡེ་ཧཱུྃ༔ ཐམས་ཅད་ལག་པ་སྦྲེལ་ཏེ་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་ཞུ་བ་འབུལ་བ་འདིའི་རྗེས་ཟློས་མཛོད། དབྱངས་བཅས། ཀྱཻ༔ སྒོ་སྲུང་ཁྲོ་བོ་མི་བཟད་འབར་བའི་སྐུ༔ ཕྱག་ན་མཚོན་ཐོགས་བར་ཆད་དགྲ་བགེགས་འཇོམས༔ སྐལ་ལྡན་འཇུག་ཅིང་སྐལ་མེད་སྐྲོད་བྱེད་ན༔ བདག་ཅག་སྐལ་ལྡན་ཡིན་ཕྱིར་ནང་དུ་ཐོངས༔ ཞེས་ཞུས་ཏེ་སྒོ་རྡོ་རྗེས་དལ་བུས་བརྡུང་ཞིང་དྲིལ་བུ་དཀྲོལ། ནང་དུ་འཁོད་པ་པོས། ཧཱུྃ༔ ང་ནི་སྟོན་པས་མངགས་པའི་ཕོ་ཉ་སྟེ༔ ཕོ་བྲང་སྒོ་སྲུང་སྐལ་མེད་དམ་ཉམས་དང༔ བར་ཆད་དགྲ་བགེགས་འཇོམས་ཤིང་གདུག་པ་འདུལ༔ ཁྱེད་ཅག་སུ་ཡིན་ཅི་འདོད་ང་ལ་སྨྲོས༔ ཞེས་བརྗོད། ལས་རྡོར་གྱིས། ལན་གསོལ་བ་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་དད་པ་དམ་ཚིག་ཅན༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་ཞུ་དངོས་གྲུབ་རྣམས་གཉིས་འདོད༔ ཁྱོད་ནི་སྒོ་ཡི་སྲུང་མ་ཐུགས་རྗེ་ཅན༔ ངེས་པར་བཀའ་གསང་གཉན་པོའི་སྒོ་འདི་ཕྱེས༔ ཞེས་ཞུས་པ་ལ། ནང་ནས། ཧཱུྃ་ཧཱུྃ༔ སྐལ་ལྡན་ལས་ཅན་དད་པ་དང་ལྡན་ཅིང༔ སྟོན་པའི་བཀའ་བསྒྲུབ་དམ་ལ་གནས་བྱེད་ན༔ དངོས་གྲུབ་འདོད་ན་ཐེ་ཚོམ་ལོག་ལྟ་སྤོངས༔ མོས་གུས་སྤྲོ་བ་སྐྱེད་ལ་ནང་དུ་འདོང༔ ཞེས་ལན་བྱིན་ལ་སྒོ་དབྱེ། ནང་དུ་ལན་འདེབས་པ་ཟུར་དུ་མི་འཛོམ་ན་ཞུ་བ་དང་ལན་གཉིས་ཀ་ལས་རྡོར་ཁོ་ནས་ཕྱི་རོལ་ནས་བྱའོ། །གཉིས་པ་བསྐྲད་སྲུང་ནི། སྒོ་ནང་དུ་སློབ་མ་རྣམས་ལངས་ཏེ་འཁོད། སློབ་དཔོན་གྱིས་བགེགས་གཏོར་སྔོན་འགྲོའི་སྐབས་ལྟར་བཏང་། དྲག་སྔགས་ཡུངས་ཐུན་གུ་གུལ་རོལ་མོ་སོགས་ཚམ་རྔམ་དང་ལས་བྱང་ལྟར་བཀའ་བསྒོ་བརྗོད་ལ་བགེགས་བསྐྲད། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོ༔ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་དྷྲྀཥྚ་རཱཥྚ་སོགས་རྒྱལ་ཆེན་བཞིའི་སྔགས་ཤམ་དུ་ཨི་དཾ་བ་ལིཾ་སོགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ། ཟབ་ཅིང་རྒྱ་ཆེ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ། ལས་བྱང་ལྟར་སྲུང་འཁོར་བསྒོམ། དཔོན་སློབ་ཚང་མས། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་དབྱངས་སུ་བརྗོད་ལ་སློབ་མ་རྣམས་གྲལ་དུ་འདུག་གོ །གསུམ་པ་གསག་སྦྱོང་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ལོངས་སྐུའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བཀྲུས་པས་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མོས་ལ་ཡི་གེ་བརྒྱ་པ་གསུང་བར་ཞུ། ཞེས་བརྡ་སྦྱར་ལ་ཡིག་བརྒྱ་བཟླར་གཞུག །སློབ་དཔོན་གྱིས་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་གྲུབ་པ་དང་། ཁྱེད་རང་རྣམས་ཀྱི་སྤྱི་བོའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །བཞི་པ་སྐྱབས་སྡོམ་ལ། ཐོག་མར་གདམས་པའི་ཆེ་བའི་ལོ་རྒྱུས་བཤད་ཅིང་མཎྜལ་འབུལ་བ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མཐར་ཐུག་སྐུ་བཞི་ཡོངས་རྫོགས་དབང་ཆེན་པདྨ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐེག་དགུའི་ཡང་སྙིང་ཀུན་འདུས་ཡི་དམ་དགོངས་པ་འདུས་པའི་དབང་བསྐུར་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལེགས་པར་གསལ་བཏབ་ནས་གསན་པར་ཞུ། དེ་ལ་རྟ་མཆོག་རོལ་པ་མན་ངག་གི་རྒྱུད་ལས། སྟོན་པ་ཀུན་ཏུ་བཟང་པོ་དང༔ ཡུམ་ཆེན་ཀུན་བཟང་ཡབ་ཡུམ་གཉིས༔ འཁོར་འདས་ཐོག་མའི་ཕ་མ་ཡིན༔ དེ་ཡི་སྣང་སྟོང་ཆ་ཙམ་ལས༔ རྟ་ཕག་ཡབ་ཡུམ་ལོངས་སྐུར་བཞེངས༔ རིགས་ལྔའི་འཁོར་ལ་དགོངས་པས་བསྟན༔ ཞེས་གསུངས་པ་ལྟར་འཁོར་འདས་ཀུན་གྱི་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་སྣང་སྟོང་གི་ཆ་ལས། རང་གདངས་རྟ་ཕག་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། རང་རྩལ་རིག་པའི་འཁོར་ལ་གསང་སྔགས་ཀྱི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་དགོངས་པས་བྱིན་གྱིས་བརླབས་ནས་སྣང་བར་མཛད་ཅིང་། ཁྱད་པར་ཡི་དམ་དགོངས་འདུས་རྒྱུད་ལུང་མན་ངག་གི་ཆོས་རྣམས་མཁའ་འགྲོ་པདྨ་ལྷུང་མཛད་དབང་གི་རྒྱལ་མོ་དང་། དཔའ་བོ་རིག་པའི་རྡོ་རྗེ་གཉིས་ཀྱིས་བཀའ་ཡི་བསྡུ་བ་མཛད་ནས། མ་འོངས་པདྨ་དབང་གི་པདྨའི་རིག་འཛིན་པ་ལ་གཏོད་ཅེས་ལུང་བསྟན་ནས། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ཧེ་རུ་ཀའི་འདུ་ཁང་ཆེན་པོའི་ཀེའུ་ཚང་ནུབ་དབུས་སུ་གཏེར་དུ་སྦས་ཏེ། ད་ལྟ་པདྨ་ལྷུང་མཛད་དང༔ དཔའ་བོ་རིག་པའི་རྡོ་རྗེར་གཏད༔ ཁྱེད་གཉིས་བཀའ་ཡི་བསྡུ་བ་གྱིས༔ ཁྱོད་ཀྱིས་མ་འོངས་པདྨའི་རྩེར༔ ཨོ་རྒྱན་ཐོར་ཅོག་ཅན་གྱི་བུ༔ རཱ་ཙ་ཐོད་ཕྲེང་ཞེས་པ་འབྱུང༔ དེ་ལ་བརྡ་རུ་སྟོན་པར་གྱིས༔ ཞེས་གསུངས་པ་ལྟར་འགྲོ་བ་འདུལ་བའི་དུས་ལ་བབ་པ་ན་དབང་ཆེན་ཧེ་རུ་ཀ་ཉིད་འཆི་མེད་རྡོ་རྗེའི་སྐུ་ཅན་གྱི་སློབ་དཔོན་པདྨ་སཾ་བྷ་བ་ཞེས་བྱ་བའི་སྐུར་བཞེངས་ཏེ། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་དྷཱ་ཀི་ཙནྡྷ་ལཱིས་རྩ་གསུམ་དགོངས་འདུས་རྟ་མཆོག་རོལ་པའི་གཏེར་སྒྲོམ་དངོས་སུ་ཕུལ་ནས་བཀའ་གཏད་པས་གླེགས་བམ་དབང་གི་བཀའ་ཐོབ། ཡི་དམ་ལྷ་རྟ་ཕག་ཡབ་ཡུམ་ཞལ་མཇལ་དབང་བསྐུར་ལུང་བསྟན་པས་ཡི་དམ་ལྷའི་དབང་གི་བཀའ་བབ། མཁའ་འགྲོ་དབང་གི་རྒྱལ་མོའི་སྐུའི་བཀོད་པ་ལས་དབང་བཞི་ཡོངས་རྫོགས་བསྐུར་པས་དགེ་བའི་བཤེས་གཉེན་གྱི་དབང་གི་བཀའ་ཐོབ། མགོན་པོ་ཚེ་དཔག་མེད་ཀྱིས་འཆི་མེད་རིག་པའི་དབང་བསྐུར་སྐྱེ་འཆི་བགྲེས་རྒུད་མེད་པའི་དབང་ཐོབ་པས་རིག་པ་རྩལ་གྱི་དབང་གི་བཀའ་ཐོབ་པའི་ཚུལ་བསྟན་ཅིང་། འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ལ་གང་འདུལ་སྐུའི་བཀོད་པ་མཐའ་ཡས་པས་རྒྱལ་བསྟན་ཉི་མ་ཤར་བ་ལྟ་བུར་མཛད་པས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཞེས་ཡོངས་སུ་གྲགས་ཤིང་། རྒྱུད་ལས། དེས་ཀྱང་མ་འོངས་ཐ་མའི་དུས༔ གདོང་དམར་སྲིན་པོ་བོད་ཀྱི་ཡུལ༔ མཁའ་འགྲོ་མཚོ་རྒྱལ་ལ་སོགས་པ༔ ཕག་མོ་སྡེ་ལྔའི་སྤྲུལ་པ་ལྔ༔ ཏི་སྒྲོ་བྲག་ཅེས་སྙན་དུ་བརྒྱུད༔ ཅེས་གསུངས་པ་ལྟར། འཇམ་དཔལ་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་མུན་པའི་སྨག་རུམ་དུ་སངས་རྒྱས་བསྟན་པའི་ཉིན་བྱེད་བརྡལ་བར་མཛད་པའི་སྐབས་སུ། ཨོ་རྒྱན་སངས་རྒྱས་གཉིས་པ་སྐུ་དངོས་ཀྱིས་ཕེབས་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འགྲུབ་པའི་བདག་རྐྱེན་མཛད། མདོ་སྔགས་དམ་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་ཅིང་འཆད་ཉན་སྒོམ་སྒྲུབ་ཀྱི་རྩ་བ་བཙུགས། ལྷ་སྲིན་གདུག་པ་ཅན་རྣམས་བཀའ་འོག་ཏུ་བཅུག་ཅིང་ས་རྡོ་རི་བྲག་ཐམས་ཅད་གནས་ཆེན་དུ་བྱིན་གྱིས་བརླབས། བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བ་བསྐོར་ནས་མིང་ཅན་དང་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས་ཏེ་རྒྱལ་ཚབ་གཏེར་སྟོན་རིམ་པར་འབྱུང་བ་ལུང་དུ་བསྟན། ཁྱད་པར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་འདུས་པ་ཁྲོ་བོ་རྟ་མཆོག་རྒྱལ་པོའི་དགོངས་འདུས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་ཁྲག །ཡེ་ཤེས་དང་འཇིག་རྟེན་ཀུན་གྱི་སྲོག་འདུས་པ། རྩ་གསུམ་ཆོས་སྲུང་གི་ཚོགས་རྣམས་སྤྲིན་དང་ཆར་ལྟར་འདུ་བ་ཡི་དམ་དགོངས་འདུས་སུ་གྲགས་པའི་རྒྱུད་ལུང་མན་ངག་གི་སྐོར་ལས། མ་ཧཱ་ཡོ་ག་སྤྱི་ཁོག་རྟ་མགྲིན་གྱི་ཆོས་རྣམས་བསམ་ཡས་རྟ་མགྲིན་གླིང་དང་མཆིམས་ཕུ་རྫའི་ཁྲོད་དུ་ཆོས་རྒྱལ་ལ་གསུངས། ཨ་ནུ་ཡོ་ག་མཁའ་འགྲོ་གསང་ལམ་སྐོར་ནི་གཞོ་སྟོད་ཏི་སྒྲོའི་གནས་སུ་མཚོ་རྒྱལ་ལ་གནང་། ཨ་ཏི་རྫོགས་ཆེན་འཁོར་འདས་རང་གྲོལ་སྐོར་ནི་ལྷོ་བྲག་དུང་གི་ཕུག་པར་ནམ་མཁའི་སྙིང་པོ་ལ་བསྩལ། ཡང་ཏི་བླ་མ་ནོར་བུའི་སྐོར་ནི་ཙ་རི་ཟིལ་ཆེན་རྡོ་རྗེ་ཕུག་ཏུ་མཚོ་རྒྱལ་ལ་གསུངས། ཕྱིས་སུ་བསམ་ཡས་མཆིམས་ཕུ་དང་དབུ་རྩེའི་ཕོ་བྲང་ལ་སོགས་པར། ནམ་སྙིང་མཆོག་དབྱངས་མཚོ་རྒྱལ་མུ་ནེ་ཆོས་བློ་མགོན་པོ་སོགས་རྗེ་འབངས་འདུས་པ་ཕྱི་མ་བཅུ་བདུན་ལ་ཆོས་བཀའ་ཡོངས་རྫོགས་ཀྱི་སྨིན་གྲོལ་བསྩལ། རྒྱུད་དཀྲུག་ལུང་གཅུས་མན་ངག་གབ་པ་རྣམས་མངོན་དུ་ཕྱུངས་ཏེ་རྩ་བ་སྡོང་པོ་དང་འདྲ་བ་རྒྱུད་ཀྱི་སྐོར། དེའི་འབྲེལ་ཡན་ལག་གི་ཚུལ་དུ་རྩ་གསུམ་དགོངས་འདུས་སྨིན་གྲོལ་རིམ་གཉིས་སྐོར། བཀྲག་གསལ་མེ་ཏོག་གི་ཚུལ་མཁའ་འགྲོ་དགོངས་འདུས་གསང་ལམ་དམར་པོའི་སྐོར། སྙིང་བཅུད་འབྲས་བུ་དང་འདྲ་བ་རྫོགས་ཆེན་ཨ་ཏིའི་སྐོར། འབྲས་བུ་བཅུད་དུ་སྨིན་པ་དང་མཚུངས་པ་ཡང་ཏི་བླ་མ་ནོར་བུའི་སྐོར། ཤུན་པགས་ལོ་འདབ་དང་འདྲ་བ་ལས་བཞི་སྣ་ཚོགས་ཀྱི་སྐོར། གཞན་དབང་དུ་མི་འགྱུར་ཞིང་རང་དབང་སྤྱོད་པའི་བདག་པོ་དང་འདྲ་བ་བཀའ་སྲུང་གསང་བ་སྤུ་གྲིའི་སྐོར་ཏེ་སྐོར་ཚོ་ཆེན་པོ་བདུན་དུ་ཕྱེས། དགོས་དགུ་མ་ལུས་ཚང་བས་དགོངས་འདུས། གང་བསམ་ཡིད་བཞིན་དུ་འགྲུབ་པས་ནོར་བུ། ཐེག་དགུ་རྒྱུད་བཞི་རྫོགས་པས་ཆེན་པོ། ཚིག་རྒྱས་ལ་ལག་ལེན་གོ་བདེ་བ་དོན་འདུས་པ། ཀུན་དང་མཐུན་ཞིང་གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ཆོས་དེ་ཉིད་མཁའ་འགྲོ་མཚོ་རྒྱལ་སོགས་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་ཤོག་སེར་རིགས་ལྔར་ཡིག་རིགས་མི་འདྲ་བ་དགུར་བཀོད། ཡིག་འབྲུ་རེ་རེ་ལའང་མཁའ་འགྲོ་མ་འབུམ་ཕྲག་དུ་མ་འདུ་བར་བྱིན་གྱིས་བརླབས་ནས་གུ་རུའི་བཀའ་བཞིན་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ནས་གཏེར་དུ་སྦས་ཏེ། རྒྱུད་ལས། མཁའ་འགྲོ་དེ་ཡིས་ལྔ་བརྒྱའི་དུས༔ དུར་ཁྲོད་སྦ་སེང་ཉེ་བའི་གནས༔ མཐའ་འཁོབ་དུར་ཁྲོད་རྟ་མཆོག་གླིང༔ དགའ་བ་འཁྱིལ་པའི་ཕུག་པ་རུ༔ ཚིག་རྒྱུད་ཤོག་སེར་གཏེར་རྒྱ་བརྒྱུད༔ སྨོན་ལམ་དབང་བསྐུར་གཏེར་དུ་སྦོས༔ ཞེས་གསུངས་པ་ལྟར། སྦས་ཡུལ་པདྨ་བཀོད་ཀྱི་བྱང་གླིང་དུར་ཁྲོད་ཆེན་པོ་དགའ་བ་ཚལ་གྱི་ཕ་ཝཾ་ཕག་སྡིག་ཁྱུང་གསུམ་དུ་སྦས་ཤིང་ཟབ་མོའི་རྒྱ་རིམ་པ་བདུན་གྱིས་བཏབ་པ་ཉིད་འདོན་པའི་སྐྱེས་མཆོག་ནི། ཇི་སྐད་དུ། བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱིས་འབྲེལ་པ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔལ་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང༔ ཞེས་དང་། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་མགྲིན་གཅིག་ཏུ་བསྔགས་ཤིང་ལུང་བསྟན་པ། ཨཱརྻ་ས་ལེའི་སྐྱེ་མཐའ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་དཔའ་བོ་སྟག་ཤམ་ནུས་ལྡན་རྡོ་རྗེ་འམ། ཨོ་རྒྱན་བསམ་གཏན་གླིང་པས་སངས་རྒྱས་རབས་བདུན་གྱིས་བྱིན་གྱིས་བརླབས་པའི་དབང་ཆེན་སྐུ་རྟེན་མཐོང་གྲོལ་ཆེན་མོ་སོགས། ངོ་མཚར་བའི་རྟེན་དང་དམ་རྫས་དུ་མ་དང་བཅས་ཏེ་སྤྱན་དྲངས་པའི་ཟབ་ཆོས་བླ་ན་མེད་པ་འདི་ལ་སྨིན་བྱེད་དབང་བསྐུར་རྒྱས་པ་སྤྲོས་བཅས་ལྷ་དབང་ཆེན་མོ། འབྲིང་པོ་སྤྱི་སྡོམ་རྩ་བའི་དབང་ཆོག །བསྡུས་པ་སྤྲོས་མེད་ཐུགས་ཀྱི་དབང་བསྐུར་སོགས་སུ་བཞུགས་པ་ལས། འདིར་སྤྱི་སྡོམ་སྨིན་བྱེད་རྩ་བའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱིས་བྱ་བའི་རིམ་པ་རྣམས་རྒྱས་པར་གྲུབ་པ་ཡིན་པས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་འཚལ། ཞེས་མཎྜལ་རྒྱས་པར་འབུལ་དུ་གཞུག །བླ་མ་དང་དབྱེར་མ་མཆིས་པའི་དབང་ཆེན་ཡི་དམ་དགོངས་འདུས་ཀྱི་དཀྱིལ་འཁོར་ལ་མཆོག་གསུམ་རྩ་བ་གསུམ་པོ་སྤྲིན་འཁྲིགས་པ་ལྟར་བསྐོར་ནས་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དེའི་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ བདག་གཞན་གུས་པས་སྐྱབས་སུ་མཆི༔ དུས་འདི་བཟུང་ནས་སྙིང་པོའི་བར༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ བསྐྱེད་ཅིང་བསླབ་པའི་དོན་ལ་འཇུག༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ འགྲོ་ཀུན་མྱ་ངན་འདས་ལ་འགོད༔ ལན་གསུམ། རིགས་ལྔས་བསྡུས་པའི་དམ་ཚིག་སྤྱི་དང་ཁྱད་པར་བ་རྣམས་ཀྱང་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་སློབ་དཔོན་དང༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས༔ ཇི་ལྟར་རྡོ་རྗེ་འཆང་སོགས་རྣམས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པའི་ཚུལ་ལ་གནས་པ་ལྟར༔ བདག་མིང་འདི་ཞེས་བགྱི་བས་ཀྱང༔ དུས་འདི་ནས་ནི་བཟུང་ནས་སུ༔ ཇི་སྲིད་རྫོགས་སངས་མ་རྒྱས་བར༔ གཙོ་བོས་ཇི་ལྟར་བསྒོས་པ་བཞིན༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བཟུང་ནས་ཀྱང༔ གདམས་ངག་བསླབ་པའི་དོན་རྣམས་ནི༔ གཡེལ་མེད་རྟག་ཏུ་འཇུག་པར་བགྱི༔ ཀུན་ཀྱང་ཀུན་བཟང་ས་ལ་འགོད༔ ལན་གསུམ། དེ་ནས་བྱིན་གྱིས་རློབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་རླུང་འབྱིན་འཇུག་ལན་གསུམ་དང་སྦྱར་ལ། བླ་མའི་ཤངས་བུག་གཡས་ནས་རླུང་གི་རང་བཞིན་ཨོཾ་དཀར་པོ་འཕྲོས། སློབ་མའི་སྣ་བུག་གཡས་སུ་ཞུགས། གཡོན་ནས་ཨོཾ་དམར་པོ་འཕྲོས་གཡོན་དུ་ཞུགས། གཉིས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས། སྣ་བུག་གཉིས་སུ་ཞུགས་པས་སློབ་མ་སྐད་ཅིག་གིས་རྒྱུའི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། ཕྱག་གཡས་རྡོ་རྗེ་དང་བཅས་པའི་མཐེབ་སྲིན་གྱིས་དྲིའི་ཐིག་ལེ་གནས་གསུམ་དུ་མས་ནས་ཡར་བཀོད་ལ། ཧཱུྃ་ཨཱཿཨོཾ༔ སླར་ཡས་ནས་མར་བཀོད་ལ། ཨོཾ་ཨཱཿཧཱུྃ༔ སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གསལ་བས༔ སློབ་མའི་ལུས་ངག་ཡིད་གསུམ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་མི་ཟད་པ་རོལ་པ་རྒྱན་གྱི་འཁོར་ལོར་གྱུར་པ་ལ་མཆོད་པའི་བྱེ་བྲག་རྣམ་པ་དུ་མས་མཆོད་པར་མོས་ཤིག༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྔགས་རྒྱ་དང་དངོས་སུ་བཤམས་པས་ཀྱང་མཆོད་པའི་ཚུལ་བྱ། དེས་ནི་དབང་བསྐུར་བ་ལ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་རྒྱུད་ལ་བཞག་པའོ༔ སྐབས་འདིར་རྒྱུད་ཀྱི་དགོངས་པས་སོ་ཤིང་སྲུང་སྐུད་ཀུ་ཤ་རྣམས་སྦྱིན་པར་བཤད་པ་ལྟར་སྤྲོ་ན་སྟ་གོན་ལྟར་བྱ། མི་འགྲུབ་ན་གོང་དུ་སོང་བས་དོན་འཐུས་སོ། །ལྔ་པ་དངོས་སྒྲུབ་སྦྱིན་པ་ནི། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཡེ་ཤེས་ལྔའི་རང་བཞིན་རིན་པོ་ཆེ་ལས་གྲུབ་པའི་ཅོད་པན་ལག་དུ་ཐོགས་པར་མོས་ཤིག ཨོཾ་བཛྲ་པུཥྤེ་བྷྲཱུྃ༔ ཞེས་ཅོད་པན་གཏད། སླར་ཡང་སྙིམ་པར་མེ་ཏོག་ཐོགས་ལ་དཀྱིལ་འཁོར་བསྐོར་ཞིང་སྒོ་མ་རྣམས་ལ་གུས་པའི་ཚིག་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཀྱེ་ཧོ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་གཙོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ཀྱིས༔ སྒོ་ཕྱེས་ཐར་པའི་གྲོང་བསྟན་ཅིང༔ བླ་མེད་བྱང་ཆུབ་ལམ་བགྲོད་འཚལ༔ ཐུགས་རྗེ་ཆེན་པོས་ད་དགོངས་འཚལ༔ ལན་གསུམ་མེ་ཏོག་འཐོར། ལས་རྡོར་གྱིས་སློབ་དཔོན་བཞུགས་པའི་ཡོལ་བ་ཡོད་ན་བསལ། དེ་ནས་ཁྱེད་རང་རྣམས་མོས་གུས་སྐྱེད་ལ་སྨིན་བྱེད་ཀྱི་དངོས་གྲུབ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང༔ དཀྱིལ་འཁོར་ལྷ་ཚོགས་ཆོས་སྐྱོང་མ་གཏོགས་པའི༔ སྐྱབས་དང་སྐྱོབ་པ་གཞན་ན་མ་མཆིས་པས༔ ཁྱེད་ཀྱི་ཐུགས་རྗེས་བདག་ཅག་བསྐྱབ་ཏུ་གསོལ༔ ལན་གསུམ། བླ་མས། ཨེ་མ་ཧོ༔ འདིར་འདུས་མཆེད་ལྕམ་སྐལ་བཟང་རིགས་ཀྱི་བུ༔ ཁྱེད་རྣམས་འདོད་པ་ཅི་ཡོད་བདག་གིས་སྦྱིན༔ དམ་ཚིག་བསྲུང་སེམས་དད་པའི་ཤུགས་སྐྱེད་དེ༔ ཐེ་ཚོམ་སོམ་ཉི་མེད་པར་འདོད་དོན་སྨྲོས༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་འབྲས་བུ་གསང་སྔགས་དོན་གཉེར་ཕྱིར༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་འདོད་ན༔ ཐུགས་རྗེས་དེང་འདིར་བདག་ལ་གནང་བར་མཛོད༔ ལན་གསུམ་ཞུའོ། །དྲུག་པ་དམ་བསྒྲག་པ་ནི། དེ་ལ་གསང་སྔགས་ཟབ་མོའི་ལྟ་སྤྱོད་ནི་སྐལ་མེད་སྐལ་དམན་ལོག་པར་ལྟ་བའི་རིགས་ལ་ཤིན་ཏུ་སྦ་ཞིང་གསང་སྟེ་སྤྱོད་ན་དངོས་གྲུབ་འགྲུབ་པ་ཡིན་པས། དམ་ཚིག་གཉན་པོས་དགག་ཅིང་གསང་བར་གཉེར་དུ་གཏད་པ་ཡིན་པས་དོན་ཐུགས་ལ་ངེས་པར་མཛོད་ཅིག །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལས་སད་འཁྲུལ་པ་ཞིག༔ རིགས་ཀྱི་བུ་མཆོག་ཁྱེད་ཡིན་པས༔ ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི༔ དལ་དུ་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་མ་ལུས་ཁྱོད་ཀྱིས་ཐོབ༔ གསང་བའི་དཀྱིལ་འཁོར་འདི་དག་ནི༔ མ་མཐོང་རྣམས་ལ་མ་སྨྲ་གསང༔ གལ་ཏེ་མ་གསང་སྨྲས་གྱུར་ན༔ དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང༔ ཨེ་མ་ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ རིགས་ལྔ་ཡེ་ཤེས་རྣམ་པ་ལྔ༔ ཁྱེད་ཀྱི་སྙིང་ལ་ཞུགས་པ་སྟེ༔ འདི་སྨྲས་ཡེ་ཤེས་ལྷ་དང་བྲལ༔ མ་སྨྲས་གསང་བ་གཉེར་ཐུབ་ན༔ ཡེ་ཤེས་ལྷ་དང་ལྷན་ཅིག་ཏུ༔ བླ་མེད་དོན་བརྙེས་ཐེ་ཚོམ་མེད༔ དེ་ཕྱིར་གང་གཉེར་མ་ཉམས་སྲུངས༔ ཞེས་བསྒོའོ། །བདུན་པ་དམ་འབོགས་པ་ནི། དེ་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གཉན་པོ་རིམ་པར་འབོགས་པ་ཡིན་པས་སྙན་གཏོད་འཚལ། རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ང་ཡིན་པས༔ ང་ཡི་བསྒོ་བའི་ལས་འདི་ལ༔ ཁྱོད་ཀྱིས་ནམ་ཡང་བཅག་མི་རུང༔ ས་མ་ཡ་ཨི་དནྟུ༔ བདུད་རྩིའི་དམ་ཆུ་བླུད་ལ། ཧཱུྃ་ཧྲཱི༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ འགྱུར་མེད་ཡེ་ཤེས་རྡོ་རྗེ་བྱིན༔ བསྒོས་པའི་དམ་ཚིག་མ་ཉམས་སྲུངས༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ ཉམས་ན་དམྱལ་བར་བསྲེག་པར་བྱ༔ དེ་ཕྱིར་དམ་ཚིག་མ་ཉམས་པར༔ དམ་ཚིག་རྡོ་རྗེའི་ཆུ་འདི་ཐུངས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨ་མྲྀཏ་ས་མ་ཡ་སྭཱ་ཧཱ༔ སློབ་དཔོན་གྱི་ཐུགས་ལས་ཡེ་ཤེས་སེམས་དཔའ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་པར་མོས་ཤིག །རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏད་ལ། ཧོ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཡེ་ཤེས་སེམས་དཔར་གྱུར་ནས་ནི༔ མྱུར་དུ་གསང་སྔགས་དངོས་གྲུབ་ཐོབ༔ གལ་ཏེ་དམ་ཚིག་ལས་འདའ་ན༔ ལྕགས་ཀྱི་སྡིག་པ་མགོ་དགུར་གྱུར༔ ཁྱོད་ཀྱི་སྙིང་ཁྲག་འཐུང་ནས་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ རྡོ་རྗེ་དམྱལ་བར་འཚོད་པར་འགྱུར༔ ཙིཏྟ་བཛྲ་ས་མ་ཡ་ཨི་དནྟུ༔ འོ་སྐལ་ལྡན་ཁྱོད་ཀྱི་སྟོན་པ་བཅོམ་ལྡན་འདས་རྟ་མགྲིན་གསང་བའི་དཀྱིལ་འཁོར་རྩ་གསུམ་དང་བཅས་པ་ཡིན་པས༔ སྟོན་པ་རྣམས་ཀྱི་བཀའ་བཞིན་དུ༔ རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་ཁྱེད་རྣམས་ལ་དམ་ཚིག་གི་བཀའ་ཕོག་པ་འདི་ལ་མ་འདའ་ཞིག༔ གལ་ཏེ་འདས་ན་མྱུར་དུ་རྡོ་རྗེ་དམྱལ་བར་ལྟུང་ནས་ཐར་བའི་དུས་མེད་པར་འགྱུར་རོ༔ ཞེས་དང་རྒྱས་པར་སྤྲོ་ན་དམ་ཚིག་གི་རྣམ་བཤད་བྱའོ། །བརྒྱད་པ་ཡེ་ཤེས་དབབ་པ་ནི། ད་ནི་སྨིན་བྱེད་ཀྱི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་རྒྱུད་ལ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། བདུད་རྩི་སྦྱིན། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་། ངག་གནད་སྲོག་རྩོལ་སྟེང་འོག་ཁ་སྦྱོར་དུ་ཆིངས་ལ། སེམས་ཀྱི་གནད་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་དག་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བ་བམ་རོའི་གདན་གྱི་སྟེང་དུ། ཡེ་ནས་མ་བཅོས་རྫོགས་པའི་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་ལ་རྔམ་པ། རྩ་ཞལ་དམར་པོ་རྔམ་ཞིང་བཞད་པ། ཤར་གྱི་ཞལ་དཀར་ལ་ཞི་བ། ལྷོ་ཞལ་སེར་ལ་འཚེར་བ། ནུབ་ཞལ་མཐིང་ནག་འབར་བ། བྱང་ཞལ་ལྗང་ནག་ཁྲོས་པ་དབུ་ལ་རྟ་དབུ་ལྔ་དང་ལྡན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཅིང་མཆེ་བ་བཞི་བཞི་གཙིགས་པ། སྨར་སྨིན་མེ་ལྟར་འབར་ཞིང་དབུ་སྐྲ་སྤྲིན་ལྟར་གཏིབས་པ་ལ་ཐོད་རློན་སྦྲུལ་དཀར་གྱིས་དཔྲལ་བར་བཅིངས་པ། ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་ཀྱིས་རྡོ་རྗེ་རྩེ་དགུ །རྩེ་ལྔ། ལྕགས་ཀྱུ། རལ་གྲི །མཁའ་ལྡིང་། གསལ་ཤིང་། མེ་དཔུང་། ཞིང་སྙིང་འཛིན་པ། གཡོན་པ་བརྒྱད་ཀྱིས་ཐོད་ཁྲག །ཆུ་སྐྱེས། ཚེའི་གའུ། གཤོལ་མདའ། སྦྲུལ་ཞགས། དབང་གི་ཕྱག་རྒྱ། གསེར་གྱི་འཁོར་ལོ། རྡོ་རྗེ་རྒྱ་གྲམ་བསྣམས་པ། ཞབས་བརྒྱད་འདོར་ཐབས་སུ་བགྲད་པས་ལྷ་ཆེན་ཚོགས་བདག་བརྫིས་པ། རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གཡས་གཡོན་དུ་གདེངས་པ་ལས་གནས་དང་ཡུལ་གྱི་མ་མོ་བརྒྱད་དང་། ནོར་བུ་འབར་བའི་ཐེལ་ཆུང་ལས་ནོར་བདག་བརྒྱད་འགྱེད་པ། སྐུ་ཆེ་ཞིང་ཡན་ལག་རགས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད། དཔལ་གྱི་ཆས་དགུ་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྲིལ་བ། སྐུ་ལ་དུར་ཁྲོད་རུས་པའི་ཆས་དུ་མས་བརྒྱན་ཅིང་སྤྱི་བོར་ཕག་ཞལ་ངུར་བ། བདེ་སྟོང་དབྱེར་མེད་དུ་བཞུགས་པའི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་གུ་རུ་ཡིད་བཞིན་ནོར་བུ་དམར་གསལ་རྡོར་དྲིལ་བསྣམས་པས་ཡུམ་མཚོ་རྒྱལ་དཀར་མོ་ནོར་བུ་དང་ཐོད་པ་བསྣམས་པ་ལ་འཁྱུད་པ། ལོངས་སྤྱོད་རྫོགས་པའི་ཆས་དང་ལྡན་པ་རང་འོད་མེ་དཔུང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པར་མོས་མཛོད། དེ་ལྟར་གསལ་བའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་རྣམས་དང་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་སེམས་དཔའ་རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱིན་ཐིབས་སེ་བྱོན་ནས། དཀྱིལ་འཁོར་ལྷ་དང་དབང་གི་རྫས་ཁྱེད་རང་རྣམས་ལ་རྒྱ་མཚོ་ཆེན་པོར་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་མོས་ཤིག །ཅེས་བརྗོད་ལ་ཛཔ྄་དབྱངས་ལན་གསུམ་བྱ། གུ་གུལ་དཀར་ནག་བསྲེག །རོལ་མོ་དབྱངས་དང་བཅས་པས། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་ཀ་དག་སྤྲོས་བྲལ་ཞིང་ཁམས་ནས༔ སྐུ་གསུམ་དགོངས་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ རང་བཞིན་འོད་གསལ་ལྷུན་གྲུབ་ཕོ་བྲང་ནས༔ རིག་འཛིན་བརྡ་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ གང་འདུལ་དེར་སྣང་སྤྲུལ་པའི་གནས་མཆོག་ནས༔ སྙན་བརྒྱུད་བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་མེ་རླུང་འཁྲུགས་པའི་ཕོ་བྲང་ནས༔ ཡི་དམ་རྟ་ཕག་ཡབ་ཡུམ་བྱིན་ཕོབ་ཅིག༔ རྒྱ་གར་བལ་བོད་ཟ་བྱེད་སྲིན་ཡུལ་ནས༔ ཨོ་རྒྱན་པདྨ་ཐོད་ཕྲེང་བྱིན་ཕོབ་ཅིག༔ གསང་སྔགས་ཆོས་ཀུན་འབྱུང་གནས་ཡུམ་ཆེན་མོ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ བོད་ཡུལ་གངས་ཅན་དག་པའི་གནས་མཆོག་ནས༔ རྗེ་འབངས་རིག་འཛིན་རྒྱ་མཚོས་བྱིན༴ གཏེར་གནས་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ རྩ་གསུམ་ཡི་དམ་དགོངས་འདུས་བྱིན༴ འགྲོ་འདུལ་སྨིན་གྲོལ་མཐར་ཕྱིན་ཕོ་བྲང་ནས༔ སྟག་ཤམ་ནུས་ལྡན་རྡོ་རྗེས་བྱིན༴ ཟབ་གཏེར་ཆོས་སྒོ་དུ་མས་འགྲོ་བ་འདྲེན༔ བརྒྱུད་འཛིན་བླ་མ་རྣམས་ཀྱིས་བྱིན༴ བདག་མདུན་དཀྱིལ་འཁོར་གསུམ་ལྡན་ཕོ་བྲང་ནས༔ ཆོས་སྐྱོང་དམ་ཅན་རྒྱ་མཚོས་བྱིན༴ སྐུ་ཡི་བྱིན་རླབས་གཟི་བྱིན་ལམས་སེ་ལམ༔ ལུས་ལ་བདེ་དྲོད་སྐྱེད་པའི་བྱིན་ཕོབ་ཅིག༔ གསུང་གི་བྱིན་རླབས་སྔགས་སྒྲ་འུ་རུ་རུ༔ ངག་ལ་ནུས་པ་འབར་བར་བྱིན༴ ཐུགས་ཀྱི་བྱིན་རླབས་ཉམས་རྟོགས་ཤ་ར་ར༔ སེམས་ལ་རྟོགས་པ་འཆར་བར་བྱིན༴ གཟུགས་སྣང་ལྷ་རུ་གསལ་བའི་བྱིན༴ སྒྲ་གྲགས་སྔགས་སུ་འཆར་བའི་བྱིན༴ གང་ཤར་ཆོས་སྐུར་རྟོགས་པའི་བྱིན༴ སྣོད་བཅུད་དག་པ་རབ་འབྱམས་བྱིན༴ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པཿ འདིར་འཚོགས་སྐལ་ལྡན་རྒྱུད་ལ་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པའི་ཛཔ྄་དབྱངས་ལན་གསུམ་བརྗོད། སླར་ཡང་སྤོགས་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གི་ནང་དུ་གཡུང་དྲུང་འཁྱིལ་པ་དམར་པོའི་ལྟེ་བར༔ ཟླ་བ་ཉ་གང་བའི་སྟེང་དུ་ཡཾ་གྱིས་མཚན་པ༔ གཡུང་དྲུང་གི་རྭ་བཞི་ལ་ཧ་རི་ནི་ས་བཞི་བསྐྱེད༔ ཡཾ་ལས་རླུང་གིས་བསྐྱོད་པས༔ གཡུང་དྲུང་སྔགས་དང་བཅས་པ་གཡོན་དུ་ཀྱི་ལི་ལི་འཁོར་བ༔ དེ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་རང་བཞིན་གྱི་གནས་ནས་ཐིབས་ཐིབས་བྱོན་ཅིང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག༔ འབེབ་པའི་རྫས་སྦྱོར་བསྲེག །རོལ་མོ་དྲག་ཏུ་འཁྲོལ་ལ། རྩ་སྔགས་ཤམ་བུར། ཨཱ་བེ་ཤ་ཡ༔ སཏྭཾ་བྷ་ཡ༔ ར་རཱ༔ ར་རཱ༔ ཙཱ་ལ་ཡ་ཧཱུྃ་ཧཱུྃ་ཨ་ཛྷཻཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཞེས་བརྗོད་ལ་མེ་ཏོག་གཏོར་བས་བྱིན་ཕེབས་པའི་རྟགས་ལུས་ངག་ཡིད་གསུམ་ལ་འབྱུང་བར་འགྱུར་རོ། །དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བརྟན་པར་བྱས་པའི་མོས་པ་མཛོད། རྡོར་དྲིལ་གནས་གསུམ་དུ་རེག །འབྲུ་འཐོར་ལ་རྩ་སྔགས་ཤམ་བུར། ཛྙཱ་ན་སཏྭ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །དགུ་པ་སྒོ་དབྱེ་བ་ནི། བརྡའི་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས་རིམ་གྱིས་ཕྱག་འཚལ་ཞིང་སྒོ་དབྱེ་བར་གསོལ་བ་གདབ་པའི་མོས་པས་འདིའི་རྗེས་ཟློས། ཀྱེ༔ ཤར་གྱི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རྡོ་རྗེ་ལྕགས་ཀྱུ་མ༔ ཤར་གྱི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ༔ ལྷོ་ཡི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རིན་ཆེན་ཞགས་པ་མ༔ ལྷོ་ཡི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ༔ ནུབ་ཀྱི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་པདྨ་ལྕགས་སྒྲོག་མ༔ ནུབ་ཀྱི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ༔ བྱང་གི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་ཀརྨ་དྲིལ་བུ་མ༔ བྱང་གི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཅེས་གསོལ་བ་བཏབ་པས་ཕྱོགས་བཞིའི་སྒོ་བཞི་རང་རང་གིས་དེ་མ་ཐག་ཕྱེས་ནས་རང་སྣང་ཡེ་ཤེས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ཤིག །ཡོལ་བ་བསལ། དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་གི་མཚན་མ་ཇི་ལྟར་མཐོང་བ་སྨྲོས་ཤིག །ཅེས་དྲིས་ལ། ཁ་དོག་སྣ་ལྔ་གང་མཐོང་བ་དེའི་རིགས་དང་མཐུན་པའི་ཕྲིན་ལས་འགྲུབ་པར་ལུང་བསྟན་པ་ཡིན་ནོ། །བཅུ་པ་རིགས་བརྟག་པ་ནི། སྔར་བྱིན་པའི་མེ་ཏོག་ཅོན་པན་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ ལྷ་དང་འབྲེལ་ཕྱིར་མེ་ཏོག་འདོར་བགྱིད་ན༔ སྟོན་པས་བཀལ་སྩོལ་ཐུགས་རྗེས་གསང་སྒོ་ཕྱེས༔ གང་ལ་འབྲེལ་ཡོད་དེ་ལ་སྤྲད་པར་འཚལ༔ སློབ་དཔོན་གྱིས། ཨེ་མ་ཧོ༔ རིགས་དང་ལྡན་པའི་སྐྱེས་མཆོག་རྣམས༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་ནས༔ ལས་ཀྱི་རྡོ་རྗེས་བསྒོས་པ་བཞིན༔ སྨོན་ལམ་ཐོབ་ལ་ཅོད་པན་དོར༔ ཅེས་གནང་བ་སྦྱིན། མེ་ཏོག་དཀྱིལ་འཁོར་གྱི་ལྷོ་ཕྱོགས་ནས་དབུས་སུ་དོར་ཏེ་རིགས་དང་འབྲེལ་པའི་ལྷག་པའི་ལྷ་ལ་ཕོག་པར་གྱུར་ཅིག་པའི་འདུན་པ་དང་བཅས་འདིའི་རྗེས་ཟློས། ཨེ་མ་ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ མེ་ཏོག་ཅོད་པན་འདི་དོར་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་བབ་པར་ཤོག༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་པྲ་ཏཱིཙྪ་ཀུ་སུ་མཉྫ་ཡེ་ནཱ་ཐ་ཧོ༔ ཞེས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་དུ་འདོར་གཞུག་ལ། དབུས་སུ་བབས་ན། དབང་ཆེན་རིགས་འདུས་རྩལ་ལམ། ཡོངས་རྫོགས་ལྷུན་གྲུབ་རྩལ་སོགས་དང་། ཤར་དུ། དབང་ཆེན་མི་བསྐྱོད་དམ། མི་འགྱུར་རྩལ། དེས་མཚོན་ནས། ལྷོར་ཡོན་ཏན་དང་། འདོད་འབྱུང་། ནུབ་ཏུ་བདེ་མཆོག་དང་། དགྱེས་མཛད། བྱང་དུ་དྲག་པོ་དང་། ལས་གྲུབ། མཚམས་རྣམས་སུ། ཞི་བྱེད། བདེ་རྒྱས། སྨིན་གྲོལ། སྣ་ཚོགས་རྩལ་སོགས་སུ་གདགས་པར་གསུངས་སོ། །མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་ཡང་དཀྱིལ་འཁོར་གྱི་ཁྱབ་བདག་དབང་ཆེན་ཧེ་རུ་ཀའི་རང་རྩལ་ལས་བྱུང་བས་རིགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྒྲུབས་པས། དཀྱིལ་འཁོར་ཀུན་གྱི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བ་ཡིན་པས་དབང་རྟགས་སུ་ལྷག་པའི་ལྷས་མེ་ཏོག་གི་ཅོད་པན་སླར་ཡང་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སོ་སོའི་སྤྱི་བོར་བཞག་ལ། ཧྲཱི༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་སུ་བསྟིམས་ནས་ཀྱང༔ དངོས་གྲུབ་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་པྲ་ཏི་གྲྀཧྞ་ཧོ༔ མ་ཧཱ་བཱ་ལ་ཧཱུྃ༔ བཅུ་གཅིག་པ་མིག་དབྱེ་བ་ནི། བླ་མས་གསེར་ཐུར་ཐོགས་ལ། ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་ཐུར་མ་ལྟ་བུས་ཁྱེད་རང་རྣམས་ཀྱི་མ་རིག་རྨོངས་པའི་སྒྲིབ་གཡོགས་ཀྱི་ལིང་ཏོག་བསལ་ནས། མཁྱེན་གཉིས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་མོས་ཤིག ཧྲཱིཿཧོ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཁྱོད་ཀྱི་མ་རིག་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ དེ་བཞིན་ཉོན་མོངས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ལོ། །བཅུ་གཉིས་པ་ངོ་སྤྲད་པ་ནི། དེ་ལྟར་ཡེ་ཤེས་དག་པའི་སྤྱན་ཐོབ་པ་ལ་མཐོང་བ་བསྟན་པ་ཡིན་པས། ཧོ༔ སྐལ་ལྡན་རྣམས་ལེགས་པར་གསན་འཚལ༔ དབང་ཆེན་པདྨ་ཧེ་རུ་ཀ་ཞི་ཁྲོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་འདི་ཡང༔ ཐ་མལ་གྱི་རྟོག་པ་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་ཕོ་བྲང་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་མེད་པར༔ མཉམ་ཡངས་ཟང་ཐལ་རང་བྱུང་འོད་གསལ་ཡེ་ཤེས་མ་སྒྲིབ་རང་ཤར་སྣང་བའི་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་ཆེན་པདྨ་ཧེ་རུ་ཀ་ཡུམ་གཟི་ལྡན་པདྨ་དང་བདེ་སྟོང་གཉིས་སུ་མེད་པའི་རོལ་པ་ལས་སྤྲུལ་པའི་སྒྲོལ་ཡུམ་ཨེ་ཀ་ཁྲོས་མ༔ ཐབས་ཤེས་བྱི་ལ་པུ་ཤུད་མགོ་ཅན་དང༔ སྐུ་ཡི་སྤྲུལ་པ་གར་དབང་ཡབ་ཡུམ་མཁའ་འགྲོ་རིགས་བཞི༔ གསུང་སྤྲུལ་ནག་པོ་ཀླུ་འདུལ༔ ཐུགས་ཀྱི་སྤྲུལ་པ་ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཁྲ་ཐབས་ཉི་ཤུ༔ སྤྲུལ་པ་མ་མོ་བརྒྱད་དང་ཕྲ་མེན་བརྒྱད་སྒོ་མ་བཞི་དབང་ཕྱུག་ཉེར་བརྒྱད་བསེའི་ལྷ་མོ་བཞི༔ བཀའ་དང་བསྟན་པ་སྲུང་བའི་ཕྱོགས་སྐྱོང་བཅུ༔ དཔལ་མགོན་བདུན་ཅུ་དྲེགས་པའི་སྡེ་དཔོན་ཆེན་པོ་བཞི༔ ཡང་སྤྲུལ་བཀའ་སྡོད་ཕོ་ཉ་དམུས་ལོང་ཁྱི་སྤྱང་འབྱུང་བཞི་འབྲུག་ཆེན༔ དུས་འཛིན་ཏི་ར་གནས་ཉུལ་གྱི་ཚོགས་དང་བཅས་པའི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཇལ་སྙམ་པའི་མོས་པ་མཛོད༔ མདོར་ན་རྟེན་དང་བརྟེན་པར་ཤར་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ་ཐམས་ཅད༔ བཅོམ་ལྡན་འདས་རྟ་མགྲིན་དབང་ཆེན་པདྨ་ཧེ་རུ་ཀཱའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བ་ཡིན་པས་དེ་ལྟར་ངོ་ཤེས་པར་མཛོད་ཅིག༔ དེ་ལྟར་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་རྣམས་མཐོང་བ་དང་ཐོས་པ་དང་དབང་བསྐུར་ཐོབ་པ་ཙམ་གྱིས་བྱིན་རླབས་ཀྱི་བདེན་པས༔ འདི་ནས་སྐྱེ་བ་བདུན་ཚུན་ཆད་ལ་མ་བསྒོམ་ཡང་སངས་རྒྱ་བར་འགྱུར་བས་དགའ་བ་དང་སྤྲོ་བ་སྐྱེད་འཚལ༔ ཞེས་ངོ་སྤྲད་ལ་དབུགས་དབྱུང་། བཅུ་གསུམ་པ་ཛཔ྄་དབྱངས་བྱ་བ་ནི། བརྡའི་འབུལ་ལེན་སྔོན་དུ་འགྲོ་བས་ལས་རྡོར་གྱིས་སློབ་དཔོན་ནས་བརྩམ་སྟེ་ཚོགས་ཀྱི་བཟའ་བཏུང་དྲང་ཞིང་རྩ་སྔགས་ལ་ཛཔ྄་དབྱངས་གང་འགྲུབ་བྱའོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་དངོས་ལ་གཞུང་ལས་བླ་མ་དགོངས་འདུས་དོན་དབང་དང་མཚུངས་པར་ས་བཅད་བདུན་དུ་གསུངས་ཀྱང་ས་བཅད་ཕྱི་མ་གསུམ་སྔ་མ་བཞིའི་ཁོངས་སུ་འདུ་ཞིང་། དབང་དངོས་ས་བཅད་བཞི་ལ་ནང་གསེས་ཀྱི་དབྱེ་བ་དང་བཅས་པས་བསྟན་པར་མཛད་པས། དེ་ལྟར་ན་རྣམ་གྲངས་བཞི་སྟེ། སྤྲོས་བཅས་བུམ་དབང་། སྤྲོས་མེད་གསང་དབང་། རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་། ཤིན་ཏུ་སྤྲོས་མེད་དབང་བཞི་པའོ། །དང་པོ་ལ་གསུམ། ཕྱི་བུམ་པའི་དབང་། ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་། གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ཡི་དང་པོ་བུམ་དབང་ལའང་གཉིས། གསོལ་གདབ་དང་། དབང་དངོས་སོ། །དང་པོ་ནི། དེ་དག་རྣམས་ཀྱི་སྒོ་ནས་མཚན་མ་རྫས་དང་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ཡིན་ཞིང་། དངོས་གཞིའི་དབང་ལ་བུམ་གསང་ཤེར་ཡེ་དབང་བཞི་པ་རྣམས་ཀྱིས་བསྡུས་པ་ལས། ཐོག་མར་བུམ་པའི་དབང་ལའང་ཕྱི་ནང་གསང་བ་གསུམ་དུ་ཡོད་པའི་དང་པོ་ལ་དངོས་དང་མཐའ་རྟེན་གཉིས་ལས། དངོས་གཞིའི་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ གཙོ་བོ་སྟོན་པ་རྡོ་རྗེ་རྒྱལ་པོ་དང༔ རྒྱལ་ཚབ་རྒྱལ་ཐེབས་གཟུངས་མར་བཅས་པ་དང༔ བཀྲམ་པའི་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གསང་སྔགས་སྙིང་པོ་བཅུད་ཀྱི་མཐར་ཐུག་མཆོག༔ སྨིན་བྱེད་རིག་པའི་དབང་ལྔ་བསྐུར་དུ་གསོལ༔ ལན་གསུམ། གཉིས་པ་དབང་དངོས་ལ་གཉིས། །རིག་པའི་དབང་ལྔ། མཐའ་རྟེན་ནོ། །དང་པོ་དབང་ལྔའི་ཐོག་མ་ཆུ་དབང་ནི། ལས་རྡོར་གྱིས་རྣམ་བུམ་བཏེགས། སློབ་མ་དང་དབང་རྫས་བུམ་པ་སྟོང་པའི་ངང་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས༔ མི་བསྐྱོད་ཡབ་ཡུམ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ དབང་བསྐུར་བ་ཙམ་གྱིས་བུམ་པ་གཞལ་ཡས་ཁང་གི་ནང་དུ༔ བཅོམ་ལྡན་འདས་མི་བསྐྱོད་པ་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ༔ འཁོར་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མོ་མཁའ་འགྲོ་རྣམས་དང༔ གཞན་ཡང་སྤྲུལ་པའི་བྱང་ཆུབ་སེམས་དཔའ་བརྒྱད༔ རིགས་ཀྱི་ལྷ་མོ་བརྒྱད༔ འཁོར་གྱི་སེམས་དཔའ་བཅུ་དྲུག༔ སེམས་མ་བཅུ་དྲུག༔ ཁྲོ་བོ་བཅུ༔ མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་པ་རྣམས་ཀྱིས་བསྐོར་ཅིང་བྱུང་ནས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོས་དབང་བསྐུར༔ འཁོར་གྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད༔ རིག་མ་བཅུ་དྲུག་གིས་རྡོ་རྗེའི་གླུ་བླང༔ ཁྲོ་བོ་བཅུས་བར་ཆད་ཀྱི་བགེགས་བསྐྲད༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པའི་སྤྲིན་ཕུང་གཏིབས་པར་བསམ་ནས་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ཁང༔ བདུད་རྩི་ཡིད་བཞིན་རྒྱ་མཚོར་འཁྱིལ་པ་ཡི༔ བཅོམ་ལྡན་མི་བསྐྱོད་ཡབ་ཡུམ་དབང་མཆོག་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་བོ་དྷི་སཏྭ་ཧ་ཡ་གྲཱི་བ་གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི་ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་སཏྭ་ཧཱུྃ༔ ཞེས་བསྐུར་ལ་བུམ་ཆུ་བླུད། དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་རྐྱལ་གྲོད་འོ་མས་གང་བ་བཞིན་དུ་དང་མེར་གྱིས་གང༔ ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ༔ དེས་མི་བསྐྱོད་པ་བུམ་པའི་དབང་ཐོབ༔ ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་དག༔ རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་ཏེ༔ རྡོ་རྗེ་རིགས་ཀྱི་ས་བོན་རྒྱུད་ལ་བཞག་པའི་རྟེན་འབྲེལ་བསྒྲིགས་པའོ༔ གཉིས་པ་ཅོད་པན་གྱི་དབང་ནི། དབུ་རྒྱན་བཏེགས་ལ། སློབ་མ་དང་དབང་རྫས་ཅོད་པན་སྟོང་པའི་ངང་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ༔ དབང་བསྐུར་བ་ཙམ་གྱིས་དབུ་རྒྱན་གཞལ་ཡས་ཁང་གི་ནང་དུ༔ བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཡེ་ཤེས་སེམས་དཔའི་སོགས་གོང་ལྟར་བརྗོད་པ་འོག་མ་རྣམས་ལའང་འགྲེས་ཏེ། དབུ་རྒྱན་མགོར་བཞག་ལ། ཧཱུྃ་ཧྲཱི༔ ཁམས་གསུམ་རེ་འདོད་སྐོང་བའི་རྒྱལ་པོ་ཆེ༔ ཡིད་བཞིན་ནོར་བུ་རིན་ཆེན་གཏེར་གྱི་མཆོག༔ དབུ་རྒྱན་དར་དཔྱང་ལྡན་པས་དབང་བསྐུར་རོ༔ འགྲོ་བའི་རེ་འདོད་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ན་མཿསོགས་སྔགས་གོང་ལྟར་ལ། དྷཱ་ཀི་ནཱི་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་ཨཱཿབཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ སུ་ར་ཏེ་སཏྭཾ༔ ཨ་ཧཾ་བཛྲ་ཏུཥྱ་ཧོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་དབང་བསྐུར་བ་ཙམ་གྱིས་སློབ་མའི་རྒྱུད་ཡོན་ཏན་རིན་པོ་ཆེས་གང་ནས་སངས་རྒྱས་རིགས་རྣམ་པ་ལྔས་དབུ་བརྒྱན་པར་གྱུར༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ༔ དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་ཅོད་པན་གྱི་དབང་ཐོབ༔ ཉོན་མོངས་པ་ང་རྒྱལ་གྱི་དྲི་མ་དག༔ ཚོར་བའི་ཕུང་པོ་གནས་གྱུར༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས༔ རིན་ཆེན་རིགས་ཀྱི་ས་བོན་རྒྱུད་ལ་ཐེབས་པའོ༔ གསུམ་པ་རྡོ་རྗེའི་དབང་ནི། རྡོ་རྗེ་བཏེགས་ལ། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་པདྨ་ཧྲཱིཿས་མཚན་པ་ལས༔ སྣང་བ་མཐའ་ཡས་ཡབ་ཡུམ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ༔ དབང་བསྐུར་བ་ཙམ་གྱིས་རྡོ་རྗེ་གཞལ་ཡས་ཁང་གི་ནང་དུ༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་ཡེ་ཤེས་སེམས་དཔའི་སོགས་དང་། རྡོ་རྗེ་མགོ་དང་ལྟེ་བར་བཞག་ལ། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི༔ ཕྱག་མཚན་དབང་འདི་དེང་ཁྱོད་བསྐུར་བྱས་པས༔ འདི་དེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྱུར་མེད་རྡོ་རྗེ་རབ་ཏུ་འགྲུབ་ཕྱིར་ཟུངས༔ སྔགས་ཤམ་དུ། པདྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་དྷཱ་ར་ཧྲཱི༔ ཞེས་དབང་བསྐུར་བ་ཙམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ནུས་པ་ཐམས་ཅད་ལ་དབང་ཐོབ་པར་མོས་ཤིག༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ༔ དེས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ༔ ཉོན་མོངས་པ་འདོད་ཆགས་དག༔ འདུ་ཤེས་ཀྱི་ཕུང་པོ་གནས་གྱུར༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས༔ པདྨ་རིགས་ཀྱི་ས་བོན་རྒྱུད་ལ་ཐེབས་པའོ༔ བཞི་པ་དྲིལ་བུའི་དབང་ནི། ལས་རྡོར་གྱིས་བཏེགས་ལ། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་རལ་གྲི་ཨཱཿས་མཚན་པ་ལས༔ དོན་ཡོད་གྲུབ་པ་ཡབ་ཡུམ་སྐུ་མདོག་ལྗང་གུ་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་བསྣམས་པ༔ དབང་བསྐུར་བ་ཙམ་གྱིས་དྲིལ་བུ་གཞལ་ཡས་ཁང་གི་ནང་དུ༔ བཅོམ་ལྡན་འདས་དོན་ཡོང་གྲུབ་པ་ཡབ་ཡུམ་ཡེ་ཤེས་སེམས་དཔའི་སོགས་དང་། དྲིལ་བུ་མགོ་དང་གསང་གནས་སུ་དཀྲོལ་ཅིང་བཞག་ལ། ཧཱུྃ་ཧྲཱི༔ དོན་དམ་ཆོས་ཉིད་སྟོང་པའི་སྒྲ༔ གསུང་དབྱངས་དྲུག་ཅུར་མཚོན་པ་ཡི༔ དྲིལ་བུའི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ སྔགས་ཤམ་དུ། ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་མོ་གྷ་སིདྡྷི་ཨཱ༔ ཞེས་དབང་བསྐུར་བ་ཙམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལ་ཐོགས་པ་མེད་པའི་དབང་ཐོབ་པར་མོས་ཤིག༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ༔ དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ༔ ཉོན་མོངས་པ་ཕྲག་དོག་དག༔ འདུ་བྱེད་ཀྱི་ཕུང་པོ་གནས་གྱུར༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས༔ ལས་ཀྱི་རིགས་ཀྱི་བག་ཆགས་ས་བོན་དང་བཅས་པ་རྒྱུད་ལ་བཞག་པའོ༔ ལྔ་པ་མིང་དབང་ནི། རྡོར་དྲིལ་བཏེགས་ལ། སློབ་མ་དབང་རྫས་རྡོར་དྲིལ་སྟོང་པའི་ངང་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས༔ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་པ༔ དབང་བསྐུར་བ་ཙམ་གྱིས་རྡོར་དྲིལ་གཞལ་ཡས་ཁང་གི་ནང་དུ༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་ཡེ་ཤེས་སེམས་དཔའི་སོགས་བརྗོད། རྡོར་དྲིལ་མགོ་བོར་དཀྲོལ་ལ། ཧཱུྃ་ཧྲཱི༔ རྣམ་པར་སྣང་མཛད་དག་པ་ཆེ༔ མིང་བཏགས་བདུད་ལས་རྣམ་པར་རྒྱལ༔ མིང་གི་དབང་བསྐུར་ཆེན་མོ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ སྔགས་ཤམ་དུ། བུདྡྷ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཻ་རོ་ཙ་ན་ཨོཾ༔ གསང་མཚན་མིང་གི་བྱང་བུ་གཏད་པའམ་སྔོན་གྱི་གསང་མཚན་ཡོད་ན་བོས་ཏེ། ཨོཾ་རྡོ་རྗེ་ཆེ་གེ་ཁྱོད་ཉིད༔ དག་ཅིང་གསལ་བའི་རང་བཞིན་ཏེ༔ སྐྱོན་བྲལ་སེམས་ཉིད་རིན་པོ་ཆེ༔ ཡེ་ཤེས་རྣམ་པ་ལྔ་ལྡན་གྱིས༔ སྲིད་པ་གསུམ་ལ་དབང་བསྐུར་ཤོག༔ ཅེས་དབང་བསྐུར་བ་ཙམ་གྱིས༔ སངས་རྒྱས་ཐམས་ཅད་ཉེ་བར་དགོངས་ཤིང༔ སྲིད་པ་གསུམ་གྱི་འཆིང་བ་ལས་རྣམ་པར་གྲོལ་ཏེ༔ སྐུ་གསུམ་ཡེ་ཤེས་ཡོངས་སུ་རྫོགས་པར་མོས་ཤིག༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཐིམ༔ དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ༔ ཉོན་མོངས་པ་གཏི་མུག་དག༔ གཟུགས་ཀྱི་ཕུང་པོ་གནས་གྱུར༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས༔ དེ་བཞིན་གཤེགས་པའི་རིགས་ཀྱི་ས་བོན་བག་ཆགས་དང་བཅས་པ་རྒྱུད་ལ་བཞག་པའོ༔ གཉིས་པ་མཐའ་རྟེན་ནི། མཐའ་རྟེན་རྡོ་རྗེ་དབྱིངས་ཀྱི་ལྷ་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་ལ་སོགས་དཀྱིལ་འཁོར་ལྷ༔ ཐུགས་རྗེས་ཡོངས་བཟུང་རིག་པའི་དབང་ལྔ་གནང༔ སླད་ཀྱང་མཐའ་རྟེན་བྱིན་རླབས་རྗེས་གནང་ནི༔ བརྩེ་བས་དེང་འདིར་བདག་ལ་གནང་དུ་གསོལ༔ རིགས་ལྔའི་སྐུ་རྟེན་གནས་ལྔར་བཞག་ལ། ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ རྣམ་པར་སྣང་མཛད་ལ་སོགས་པའི༔ དེ་བཞིན་གཤེགས་པའི་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ སྣང་བ་མཐའ་ཡས་ལ་སོགས་པའི༔ གསུང་མཆོག་པདྨའི་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ རྡོ་རྗེ་སེམས་དཔའ་ལ་སོགས་པའི༔ ཐུགས་མཆོག་རྡོ་རྗེའི་རིགས་རྣམས་དང༔ སངས་རྒྱས་ཡོན་ཏན་དགོས་འདོད་འབྱུང༔ རིན་ཆེན་འབྱུང་ལྡན་ལ་སོགས་པའི༔ ཡོན་ཏན་རིན་ཆེན་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དོན་ཡོད་གྲུབ་པ་ལ་སོགས་པའི༔ མངོན་སྤྱོད་ཕྲིན་ལས་རིགས་རྣམས་ཀྱིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རིགས་རྣམས་མ་ལུས་ཡོངས་རྫོགས་ཤིང༔ འགྲོ་དོན་ཀུན་སྤྱོད་དབང་ཐོབ་ཤོག༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བཻ་རོ་ཙ་ན་ཨོཾ༔ པདྨ་དྷ་ར་ཧྲཱི༔ བཛྲ་སཏྭ་ཧཱུྃ༔ རཏྣ་སཾ་བྷ་བ་ཏྲཱཾ༔ ཨ་མོ་གྷ་སིདྡྷི་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྐལ་ལྡན་ཁྱོད་ལ་སངས་རྒྱས་སྐུ་ལྔ་ཡབ་ཡུམ་གནས་ལྔར་གཏད་དེ་དབང་བསྐུར་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག༔ བུམ་པས་དབང་བསྐུར་ལ། ཧཱུྃཿ བུམ་པ་རྣམ་དག་ཆོས་ཀྱི་དབྱིངས༔ ཁམས་གསུམ་པ་ཡིས་ཕྱག་བྱས་ཏེ༔ གསང་བ་གསུམ་ནས་བྱུང་བ་ཡི༔ གནས་སུ་སྦྱིན་ནས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཞི་ལྷ་གཙོ་འཁོར་རྣམས་ཀྱི་ཙཀ་ལི་རིམ་པར་ཐོགས་ལ། ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ སེམས་དཔའ་ཀུན་བཟང་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ས་མནྟ་བྷ་དྲ་ཧཱུྃ༔ ལཱ་སྱེ་ས་མ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ སེམས་དཔའ་འཇམ་དཔལ་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ཧཱུྃ༔ ཏྲཱཾ་མཱ་ལྱེ་ས་མ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ སེམས་དཔའ་སྤྱན་རས་གཟིགས་ཡབ་ཡུམ༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་ཧཱུྃ༔ ཧྲཱིཿགཱིརྟི་རཱ་ག་ཡ་ཧོ་ཧཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ སེམས་དཔའ་ཕྱག་རྡོར་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཛྲིཾ་ཀུ་རུ་པཱ་ཎི་ཧྲཱིཿཧཱུྃ༔ ཨ་ནྲྀ་ཏྱེ་རཱ་ག་ཡ་མི་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ཤར་ལྷོ་མཚམས་ནས་རང་བྱུང་ལྷ༔ སེམས་དཔའ་ས་སྙིང་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཀྵི་ཧི་རཱ་ཙཱ་ཡ་ཧཱུྃ༔ ཛཿཔུཥྤེ་པྲ་བེ་ཤ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་མཚམས་ནས་རང་བྱུང་ལྷ༔ སེམས་དཔའ་ནམ་སྙིང་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཏྲཱཾ་ཨཱ་གརྦྷ་ཡ་ཧཱུྃ༔ ཧཱུྃ་དྷཱུ་པེ་ཨཱ་བེ་ཤ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནུབ་བྱང་མཚམས་ནས་རང་བྱུང་ལྷ༔ སེམས་དཔའ་བྱམས་པ་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་མེ་ཏྲི་དྷཱ་ར་ཎི་ཧཱུྃ༔ བཾ་དྷཱི་པཾ་སུ་ཀི་ནི་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བྱང་ཤར་མཚམས་ནས་རང་བྱུང་ལྷ༔ སེམས་དཔའ་སྒྲིབ་སེལ་ཡབ་ཡུམ་དང༔ སྲས་འཁོར་སྤྲུལ་པའི་གཙོ་འཁོར་བཅུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཐིཾལྷ་པ་རཾ་པ་ཡ་སྭཱ་ཧཱ༔ ཧོཿགནྡྷེ་ཙིཏྟ་ཡ་སཏྭཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་ལྷ༔ རིགས་དྲུག་དོན་མཛད་ཐུབ་དྲུག་གིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་བྱེད་པར་ཤོག༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་སྒོ་བཞིར་རང་བྱུང་གྲུབ་པའི་ལྷ༔ སྒོ་བ་ཏ་ཀྲྀཏ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་བཞི་ཡི་ཕྲིན་ལས་གྲུབ་པའི་ལྷ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གཅིག་ཏུ་གྱུར་ནས་ནི༔ ཚད་མེད་བཞི་ཡིས་འགྲོ་དོན་འགྲུབ་གྱུར་ཅིག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གྷཱཎྜེ་ཧོ༔ ཨཱ་བེ་ཤ་ཡ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་བསྐུར། བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་རྣམ་དག་སོགས་གོང་ལྟར་བསྐུར། ཧོ༔ སྐལ་ལྡན་ཁྱོད་ལ་སེམས་དཔའ་བརྒྱད་འཁོར་དང་བཅས་པས་དབང་བསྐུར་པས༔ རྣམ་ཤེས་ཚོགས་བརྒྱད་ཁམས་དང་སྐྱེ་མཆེད་གནས་སུ་དག་ནས༔ ཟག་མེད་བདེ་བ་ཆེན་པོར་སངས་རྒྱས་པར་འགྱུར་རོ༔ ཐུབ་པ་དྲུག་གི་དབང་བསྐུར་པས་ཉོན་མོངས་པ་དྲུག་དག༔ སྒོ་བ་བཞིའི་དབང་བསྐུར་པས་ཕྲིན་ལས་བཞི་འགྲུབ་པར་འགྱུར་རོ༔ ཞེས་མེ་ཏོག་འཐོར་བར་བྱའོ། །གཉིས་པ་ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། །དང་པོ་ནི། དེ་ནས་ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿསྟོན་པ་རྡོ་རྗེ་འཛིན༔ བདག་ཅག་མོས་པའི་བུ་རྣམས་ལ༔ རྡོ་རྗེ་རྒྱལ་པོ་བཀའ་ཡི་དབང༔ རབ་འབྱམས་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་ཐོག་མར་དབང་ཆེན་ཡབ་ཡུམ་སྲས་བཅས་ཀྱི་སྐུ་མགོ་ལ་བཞག་སྟེ། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་བཅོམ་ལྡན་འདས༔ རྟ་མགྲིན་དབང་གི་རྒྱལ་པོ་ཡབ་ཡུམ་དང༔ སྒྲོལ་ཡུམ་སྲས་དང་སྲས་མོར་བཅས་པ་ཡི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལྷ་དང་གཉིས་མེད་གྱུར་ནས་དབང་ཐོབ་སྟེ༔ ཆགས་བྲལ་འགྲོ་དོན་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྷྱོ་དི་མ་ད་རི་ཨེ་ཀ་ཙཱ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ ཁྲོ་བཅུ་ཡབ་ཡུམ་སྲས་བཅས་ཐོགས་ལ། ཧཱུྃ་ཧྲཱི༔ ཕྱོགས་སྐྱོང་བཅུ་ཡི་གདོན་འདུལ་ཁྲོ་བོ་བཅུ༔ ཡབ་ཡུམ་སྲས་དང་བཅས་པའི་དབང་བསྐུར་བས༔ རྟེན་འབྲེལ་བཅུ་གཉིས་གནས་དག་ཕ་རོལ་ཕྱིན༔ ཡེ་ཤེས་ཁྲོ་བོ་བཅུ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ ཀེའུ་རཱི་མ་བརྒྱད་ཐོགས་ལ། ཧཱུྃ་ཧྲཱི༔ དུར་ཁྲོད་བརྒྱད་གནས་ཁྲོ་མོ་ཆེན་མོ་བརྒྱད༔ ཚོགས་བརྒྱད་གནས་དག་ལྷ་མོའི་དབང་བསྐུར་བས༔ ལྷ་དང་གཉིས་སུ་མེད་པར་གྱུར་ནས་ཀྱང༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་གྱུར་ཅིག༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཨ་བྷི་ཥིཉྩ་མཱཾ༔ ཕྲ་མེན་བརྒྱད་ཐོགས་ལ། ཧཱུྃ་ཧྲཱི༔ མཆོད་རྟེན་བརྒྱད་གནས་ཕྲ་མེན་ཆེན་མོ་བརྒྱད༔ སིཾ་ཧ་ལ་སོགས་གནས་བདག་དབང་བསྐུར་བས༔ ལྷ་དང་གཉིས་སུ་མེད་པར་གྱུར་ནས་ཀྱང༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་གྱུར་ཅིག༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཨ་བྷི་ཥིཉྩ་མཱཾ༔ སྒོ་མ་བཞི་ཐོགས་ལ། ཧཱུྃ་ཧྲཱི༔ ཚད་མེད་བཞི་ཡི་ཕྱག་རྒྱ་བཞི་བསྒྱུར་མ༔ ཡེ་ཤེས་སྒོ་མ་བཞི་ཡི་དབང་བསྐུར་བས༔ ལྷ་དང་གཉིས་སུ་མེད་པར་གྱུར་ནས་ཀྱང༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ དབང་ཕྱུག་ཉེར་བརྒྱད་བདུན་ཚན་རིམ་བཞིན་ཐོགས་ལ། ཧཱུྃ་ཧྲཱི༔ ཞི་བའི་ལས་མཛད་ཤར་གྱི་མ་མོ་བདུན༔ འཇིགས་བརྒྱད་ཞི་བར་མཛད་པའི་དབང་བསྐུར་བས༔ ལྷ་དང་གཉིས་སུ༴ ཕྲིན་ལས་རྣམ་བཞིས༴ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ རྒྱས་པའི་ལས་མཛད་ལྷོ་ཕྱོགས་མ་མོ་བདུན༔ འབྱོར་དྲུག་རྒྱས་པར་མཛད་པའི་དབང་བསྐུར་བས༔ ལྷ་དང་གཉིས་སུ༴ ཕྲིན་ལས་རྣམ་བཞིས༴ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ དབང་གི་ལས་མཛད་ནུབ་ཕྱོགས་མ་མོ་བདུན༔ ཁམས་གསུམ་དབང་དུ་འདུས་པའི་དབང་བསྐུར་བས༔ ལྷ་དང་གཉིས་སུ༴ ཕྲིན་ལས་རྣམ་བཞིས༴ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ དྲག་པོའི་ལས་མཛད་བྱང་ཕྱོགས་མ་མོ་བདུན༔ མངོན་སྤྱོད་ལས་རྣམས་འགྲུབ་པའི་དབང་བསྐུར་བས༔ ལྷ་དང་གཉིས་སུ༴ ཕྲིན་ལས་རྣམ་བཞིས༴ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་མཱཾ༔ སྲིང་མོ་བཞི་ཐོགས་ལ། ཧཱུྃ་བྷྱོ་ཛ༔ དམར་མོ་གར་མཁན་དབང་གི་རྒྱལ་མོ་བཞི༔ སྦྱོར་སྒྲོལ་གནས་སུ་དག་པའི་དབང་བསྐུར་བས༔ ལྷ་དང་གཉིས་སུ་མེད་པར་གྱུར་ནས་ཀྱང༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་གྱུར་ཅིག༔ ཧྲཱིང་ཧྲཱིང་ཛ་ཛ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་བསྐུར། དེ་ནས་བུམ་པའི་དབང་། ཧཱུྃ༔ བུམ་པ་རྣམ་དག་སོགས་གོང་ལྟར་བསྐུར། དེ་ལྟར་དབང་ཆེན་གསང་བའི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་པས༔ གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དེ་ཁོ་ན་ཉིད་དུ་འགྲུབ་པར་འགྱུར་རོ༔ དེ་ནས་རྩ་གསུམ་སྤྱིའི་དབང་ནི། བླ་མ་སྐུ་གསུམ་གྱི་སྐུ་མགོར་བཞག་ལ། ཧཱུྃ་ཧྲཱི༔ བདེ་བ་ཆེན་པོ་བླ་མ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་བླ་མ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རིགས་འདུས་བླ་མའི་དབང་བསྐུར་རོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་དབང་ཐོབ་ནས༔ འགྲོ་དོན་སྨིན་གྲོལ་མཐའ་རུ་ཕྱིན་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་སིདྡྷི་དྷརྨ་ཀཱ་ཡ་ནིརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ བུམ་དབང་སྔར་ལྟར་བསྐུར། འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བླ་མ་སྐུ་གསུམ་གྱི་དབང་བསྐུར་པས༔ སྐུ་གསུམ་ལྷུན་གྲུབ་ཆེན་པོའི་དབང་དང་ལྡན་པར་གྱུར་ཅིག༔ ཐུགས་རྗེ་ཆེན་པོ་གཙོ་འཁོར་བཅུ་དྲུག་མགྲིན་པར་བཞག་ལ། ཧཱུྃ་ཧྲཱི༔ འགྲོ་དྲུག་ཀུན་ལ་ཐུགས་རྗེ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་རིགས་དྲུག་འདྲེན་མཛད་པའི༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་བཅས༔ སེམས་དཔའ་ཡེ་ཤེས་ལྷ་ཡི་དབང་བསྐུར་རོ༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཐོབ་ནས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་དྷརྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲྀ་སུ་པྲེ་དུ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་མཱཾ༔ བུམ་དབང་གོང་བཞིན། དེ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་བསྐུར་པས༔ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་འགྱུར་རོ༔ ཀུན་བཟང་ཡབ་ཡུམ་ལ་ཐིག་ལེ་བཞི་བཅུས་བསྐོར་བ་ཐུགས་ཀར་གཏད་ལ། ཧཱུྃ་ཧྲཱི༔ ཀུན་བཟང་ཡབ་ཡུམ་ཆོས་དབྱིངས་མཁའ༔ ཞི་བ་ལོངས་སྤྱོད་ཚོམ་བུར་ཤར༔ བཞི་བཅུ་རྩ་གཉིས་ལུ་གུ་རྒྱུད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨ་བྷི་ཥིཉྩ་མཱཾ༔ ཁྲག་འཐུང་ཡབ་ཡུམ་བཅུ་དཔྲལ་བ་སོགས་སུ་བཞག་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ ཡབ་ཡུམ་སྐུ་ལྔ་ལོངས་སྤྱོད་རྫོགས༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ ཁྲག་འཐུང་བཅུ་ཡི་དབང་བསྐུར་རོ༔ དུག་ལྔ་གནས་སུ་དག་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ བུམ་དབང་གོང་ལྟར། ཧོ༔ ཁྱོད་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་པས༔ དུག་ལྔ་གནས་སུ་དག་ནས་ཡེ་ཤེས་ལྔ་ལྷུན་གྲུབ་ཆེན་པོའི་དབང་དང་ལྡན་པར་འགྱུར་རོ༔ རྟ་ཕག་ཡབ་ཡུམ་མཁའ་འགྲོ་སྡེ་ལྔས་བསྐོར་བ་ལྟེ་བར་གཏད་ལ། ཧཱུྃ་ཧྲཱི༔ རྟ་ཕག་ཡབ་ཡུམ་མཁའ་འགྲོའི་དབང་ཕྱུག་ཚོགས༔ ཧེ་རུ་ཀ་དཔལ་གར་གྱི་རྒྱལ་པོ་ལ༔ རིགས་ལྔ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང༔ དཔའ་བོ་མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བས༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཧྲཱིཿམ་ར་ཙ་ཧྲི་ཡ་ཧ་རི་ནི་ས་དྷརྨ་སིདྡྷི་ཕ་ལ་སྡུས་སྡུས༔ ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛ༔ ཨ་བྷི་ཥིཉྩ་མཱཾ༔ གསང་བ་ཡེ་ཤེས་སྐུ་གསུམ་ཕག་མོ་ཕྱི་ནང་གསང་བ་དང་བཅས་པའི་སྐུའམ་ཐིག་ལེ་གསང་བར་གཏད་ལ། ཧཱུྃ་ཧྲཱི༔ ཕག་མོ་སྐུ་གསུམ་མཁའ་འགྲོའི་གཙོ༔ གསང་བ་ཡེ་ཤེས་དབྱིངས་ཀྱི་ངང༔ དཀར་དམར་མཐིང་བའི་རང་བཞིན་ལ༔ འདུ་འབྲལ་མེད་པའི་དབང་བསྐུར་བས༔ ཕྲིན་ལས་ཐོགས་མེད་འགྲུབ་གྱུར་ཅིག༔ ཨོཾ་དྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ཨ་ཧ་རི་ནི་ས་བཱ་ར་ཧི་ཀྲོ་ཏཱི་ཀཱ་ལཱི་ཨཱ་བེ་ཤ་ཡ་སརྦ་སིདྡྷི་སྡུས་སྡུས་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ བུམ་དབང་གོང་བཞིན། ཧོ༔ དེ་ལྟར་མཁའ་འགྲོའི་ཚོགས་ཀྱི་དབང་བསྐུར་པས༔ ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་པར་འགྱུར་རོ༔ དེ་ནས་བཀའ་སྡོད་དམ་ཅན་རྒྱ་མཚོའི་དབང་ནི། སྐུ་ཙག་རྣམས་རིམ་པར་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་མཐུ་དང་ལྡན༔ སངས་རྒྱས་བསྟན་སྲུང་བཅུ་ཡི་དབང་བསྐུར་བས༔ ཕྱོགས་འཛིན་གནས་སུ་དག་པའི་དབང་ཐོབ་ཤོག༔ ཨོཾ་ཨ་ཏྲི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ལས་སྨོན་སྟོབས་ཀྱིས་དྲེགས་པའི་ངར་ལྡན་པ༔ ལྷ་ཆེན་བརྒྱད་ཀྱི་དབང་མཆོག་བསྐུར་བ་ཡིས༔ བསོད་ནམས་སྟོབས་དང་ལྡན་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ལས་སྨོན་མཐུ་སྟོབས་དྲེགས་པའི་ངར་དང་ལྡན༔ ཀླུ་ཆེན་བརྒྱད་ཀྱི་དབང་མཆོག་བསྐུར་བ་ཡིས༔ མི་ཟད་ནོར་དང་ལྡན་པའི་དབང་ཐོབ་ཤོག༔ ཨོཾ་ཕུ་ཕུ་ཕུ་ཕུ༔ ཕུ་ཕུ་ཕུ་ཕུ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ལས་སྨོན་མཐུ་སྟོབས་དྲེགས་པའི་ངར་དང་ལྡན༔ གཟའ་ཆེན་བརྒྱད་ཀྱི་དབང་མཆོག་བསྐུར་བ་ཡིས༔ མངོན་སྤྱོད་ལས་ལ་ཐོགས་མེད་འགྲུབ་པར་ཤོག༔ ཨོཾ་ར་ར་ར་ར༔ ར་ར་ར་ར༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ལས་སྨོན་མཐུ་ལས་དྲེགས་པའི་ངར་ལྡན་པ༔ རྣམ་སྲས་ནོར་བདག་བརྒྱད་ཀྱི་དབང་བསྐུར་བས༔ འདོད་དགུའི་ནོར་མཆོག་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་ཛཾ་ཛཾ་ཛཾ་ཛཾ༔ ཛཾ་ཛཾ་ཛཾ་ཛཾ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ ལས་སྨོན་མཐུ་ལས་དྲེགས་པའི་ངར་དང་ལྡན༔ གཟའ་ཆེན་ཀླུ་དང་བདུད་དང་རེ་མ་ཏི༔ དྲེགས་པ་སྡེ་བརྒྱད་བཅས་པའི་དབང་བསྐུར་བས༔ མཐུ་ནུས་སྔགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་རཱ་ཧུ་ལ་ཕུ་ནཱ་ག་དུ་རུ་དྲ་མ་བྷྱོ་མ་མ་རག་མོ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་བྷི་ཥིཉྩ་མཱཾ༔ སྲུང་མའི་གཏོར་མ་གཏད་ལ། ཧཱུྃ་ཧྲཱི༔ ཁམས་གསུམ་བདག་པོ་རྣམས་ཀྱིས་ཕྱག་བྱེད་པ༔ སྟོང་གསུམ་དྲེགས་པའི་ཚོགས་ཀྱི་མཐུ་མ་ལུས༔ དབང་ཆེན་བསྟན་པ་བསྲུང་ཕྱིར་ཁྱོད་ལ་སྦྱིན༔ ནུས་པ་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཅེས་བརྗོད་ལ་གཏོར་མར་སྨན་རཀ་བྲན་པའི་ཞམ་ཆུའང་སྦྱིན་ནོ། གཉིས་པ་གསུང་ནི། སྔགས་བྱང་ཧྲཱིཿལ་དཔའ་བོ་འབྲུ་ལྔ། དཔའ་མོ་འབྲུ་ལྔ། རྩ་བསྙེན། ཉེ་བསྙེན། རིགས་བཞིའི་སྔགས་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་ཀྱིས་བསྐོར་བ་གསེར་རམ་མཚལ་གྱིས་བྲིས་པ་ཐོགས་ལ། སྔགས་ཀྱི་བྱང་བུར་བྲིས་པ་དང་འདྲ་བའི་ཡི་གེ་རྣམས་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་ཐོན་དཀྱིལ་འཁོར་གྱི་ལྷ་ལ་ཕོག །སྐུ་གསུང་ཐུགས་ལས་ཡིག་འབྲུའི་འོད་ཟེར་སློབ་མའི་གནས་གསུམ་དུ་ཐིམ་པས། སློབ་མ་ལྷར་གྱུར་པའི་ཐུགས་སྲོག་ཧྲཱིཿལ་འདུས་པར་མོས་པ་དང་། རཀྴའི་ཕྲེང་བ་གདོང་ལྔ་པ་རྟ་མགྲིན་རྟ་དབུ་ལྔ་པར་དམིགས་ལ་འདྲེན་བཞིན་དུ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད་བྱས་ལ་སྒྲུབ་ཐབས་ཕྱི་ནང་གསང་བ་དེ་བཞིན་ཉིད། གཟུངས་རིང་ཐུང་རྣམས་ཚར་གསུམ་གསུམ་རེ་བརྗོད། དེ་ཙམ་མི་ནུས་པའམ་མི་ཤེས་ན་རྩ་བའི་སྙིང་པོ་ཁོ་ནས་ཀྱང་རུང་། མཐར་སྔགས་བྱང་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྙིང་པོ་སྔགས་ཀྱི་འབྲུ་དང་བཅས༔ ཐབས་ཤེས་ཨཱ་ལི་ཀཱ་ལིའི་སྒྲ༔ གཉིས་མེད་རྟེན་འབྲེལ་སྙིང་པོའི་སྔགས༔ རང་བྱུང་ཡིག་འབྲུའི་དབང་བསྐུར་བས༔ སྔགས་ལ་བརྟན་པ་ཐོབ་ནས་ཀྱང༔ སྐྱེ་མེད་རྡོ་རྗེ་མངོན་གྱུར་ཅིང༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་བྷྱོ་དི་མ་ད་རི་ཨེ་ཀ་ཙཱ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ འདི་ལ་བརྟེན་ནས་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དང་བཅས་པའི་རྒྱལ་བ་ཡོངས་རྫོགས་ཐམས་ཅད་ཀྱི༔ གསུང་གི་སྙིང་པོའི་ལུང་ལ་སྤྱོད་ཅིང༔ ལས་ལ་མངའ་བརྙེས་པའི་དབང་དང་ལྡན་པར་གྱུར་ཅིག༔ དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་པས༔ རྩ་བ་གསུམ་དང་དབང་ཆེན་ཕྱི་ནང་གསང་གསུམ་གྱི་སྔགས་བཟླས་པ་ལ་དབང་ཞིང་དངོས་གྲུབ་རྣམ་པ་གཉིས་བརྙེས༔ ནུས་པའི་སྟོབས་རྒྱས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ༔ དབང་ཆེན་མཆོག་གི་ཡེ་ཤེས་སུ་བརྙེས་པར་འགྱུར་རོ༔ གསུམ་པ་ཐུགས་ནི། ཕྱག་མཚན་རྣམས་ཀྱི་ཙཀ་ལི་གཏད་ལ། ཧཱུྃ་ཧྲཱི༔ ཡེ་ཤེས་འཁོར་ལོ་རྒྱུན་ཆད་མེད༔ ཆོས་ཉིད་རྡོ་རྗེ་འགྱུར་བ་མེད༔ ནོར་བུ་རིན་ཆེན་དགོས་འདོད་འབྱུང༔ པདྨ་ཆགས་བྲལ་དྲི་མ་མེད༔ ཕྲིན་ལས་རྣམ་བཞི་ཐོགས་མེད་རྒྱལ༔ ཆོས་དབྱངས་ཚངས་པའི་གཎྜི་སྒྲོག༔ བྷནྡྷ་བདུད་རྩི་བཅུད་དང་ལྡན༔ ཕུར་པས་བར་ཆད་དགྲ་བགེགས་འཇོམས༔ ཁ་ཊྭཱཾ་དུག་གསུམ་རྩད་ནས་གཅོད༔ ལྕགས་ཀྱུས་སྣང་བ་དབང་དུ་སྡུད༔ ཞགས་པས་ཉོན་མོངས་འཆིང་བར་བྱེད༔ ལྕགས་སྒྲོག་འབྱུང་པོའི་ཡན་ལག་བཅིང༔ རལ་གྲི་འབར་བས་བདུད་བཞི་འདུལ༔ བམ་དབྱུག་སྐྱ་ེཤི་རྩད་ནས་གཅོད༔ ཁྱུང་ཁྲས་དུག་ལྔའི་སེམས་ཅན་འདུལ༔ ཅང་ཏེའུ་རྟོག་བྲལ་ཆོས་སྒྲ་སྒྲོག༔ ཐུགས་རྗེ་ཡིད་བཞིན་ཕྱག་མཚན་ཏེ༔ སྐྱེ་མེད་ཆོས་སྐུའི་དོན་མཚོན་ཅིང༔ སྐྱེས་མཆོག་བུ་ལ་དབང་བསྐུར་བས༔ ཀུན་བཟང་དགོངས་པའི་དོན་རྟོགས་ཤིང༔ འགྲོ་བ་སྨིན་གྲོལ་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨཱ་ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐྱེས་བུ་ཁྱོད་ལ་ཐུགས་ཕྱག་མཚན་གྱི་དབང་བསྐུར་པ་ལ་བརྟེན་ནས༔ དགོས་འདོད་རེ་བ་ཡིད་བཞིན་དུ་བསྐངས་ནས་སྐྱེ་མེད་རབ་འབྱམས་ཆོས་སྐུའི་དོན་མ་ནོར་བར་མངོན་དུ་རྟོགས་ཤིང་ཁོང་དུ་ཆུད་པའི་དབང་ཐོབ་པར་གྱུར་ཅིག༔ དེས་ནི་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ལོན་ཅིང༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ༔ བཞི་པ་ཡོན་ཏན་ནི། རུས་རྒྱན་ཐོད་ཕྲེང་གོས་གསུམ་རྟགས་གསུམ་དར་དཔྱང་སོགས་གནས་སོ་སོར་གཏོད་ཚུལ་བྱས་ལ། ཧཱུྃ་ཧྲཱི༔ ཕ་རོལ་ཕྱིན་དྲུག་རྟགས་ཀྱི་རྒྱན༔ རྣམ་ཤེས་ཚོགས་བརྒྱད་རང་གྲོལ་ཆས༔ དགོས་འདོད་ཆར་འབེབ་རིན་པོ་ཆེ༔ ཕྲིན་ལས་འགྲོ་འདུལ་དར་དཔྱང་མཛེས༔ ཡོན་ཏན་ཀུན་འབྱུང་རྒྱན་གྱི་དབང༔ སྐྱེས་བུ་ཁྱོད་ལ་བསྐུར་བ་ཡིས༔ སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཅིང༔ ཐོགས་མེད་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་རཏྣ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་ཁྱོད་ལ་ཡོན་ཏན་རིན་པོ་ཆེ་འདོད་འབྱུང་རྒྱན་གྱི་རྒྱལ་པོས་དབང་བསྐུར་པས༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་གཏེར་གྱི་མཛོད་འཛིན་ཅིང་སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཡིད་བཞིན་དུ་བསྐངས་ནས་འགྲོ་དོན་ཆགས་ཐོགས་མེད་པར་འབྱུང་བ་ལ་མངའ་བརྙེས་པའི་དབང་དང་ལྡན་པར་གྱུར་ཅིག༔ དེས་རྒྱལ་བ་ཐམས་ཅད་ཀྱི་ལོངས་སྤྱོད་ཡིད་བཞིན་རྒྱན་གྱི་རོལ་པ་ལ་དབང་འབྱོར་ཞིང༔ འབྲས་བུ་མི་འགྱུར་བ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་རོ༔ ལྔ་པ་ཕྲིན་ལས་ནི། འབྱོར་ན་སློབ་མ་ཁྲི་ལ་བཞག །དབང་ཞྭ་དང་དབང་གོས་བསྐོན། ལག་གཡས་སུ་དུང་དཀར། གཡོན་དུ་རྒྱུད་དམ་གཞུང་གི་གླེགས་བམ། མདུན་དུ་རྡོར་དྲིལ་དང་ཕྲེང་བ་བུམ་པ་གཏོར་མཆོད་སོགས་ཉན་བཤད་སྒོམ་སྒྲུབ་ཀྱི་ཆས་རྣམས་གཏད། མ་འབྱོར་ན་རི་མོར་བྲིས་པ་སོགས་ཇི་ལྟར་རིགས་པ་གཏད་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་བསྒྲུབ་པ་དང༔ བསྐྱེད་རྫོགས་ཟབ་མོའི་དོན་ལ་མངའ་བརྙེས་ཤིང༔ ཐོས་བསམ་སྒོམ་གསུམ་ཕྲིན་ལས་ཐོགས་མེད་པ༔ རང་གཞན་དོན་སྤྱོད་དབང་འདི་བསྐུར་བྱས་པས༔ རྒྱལ་བ་ཡོངས་ཀྱི་ཕྲིན་ལས་སྒྲུབ་ལ་བརྩོན༔ འགྲོ་དོན་ཕྱོགས་མེད་སྤྱོད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཀརྨ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མཱཾ༔ སྐྱེས་བུ་ཁྱོད་ལ་ཕྲིན་ལས་འགྲོ་བ་འདུལ་བའི་དབང་བསྐུར་པས༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་ཅིང༔ འགྲོ་བའི་དོན་སྐྱོ་དུབ་མེད་པར་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་པས་འགྲོ་བའི་དོན་ཕྱོགས་མེད་དུ་སྤྱོད་པ་ལ་དབང་ཞིང་འབྲས་བུ་མངོན་པར་བྱང་ཆུབ་པའི་སྐུ་ཐོབ་པར་འགྱུར་རོ༔ དེ་ལྟར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལྔ་འདི་ཐོབ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི་བསྐྱེད་རྫོགས་ཟབ་མོའི་ཆོས་ཐམས་ཅད་ལ་ཉམས་སུ་ལེན་ཅིང་དབང་འབྱོར་བའི་སྐལ་པ་དང་ལྡན་པར་འགྱུར་རོ༔ གསུམ་པ་གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ་གཉིས། རང་དོན་སངས་རྒྱས་ཀུན་བཟང་མངོན་གྱུར་གྱི་དབང་དང་། གཞན་དོན་གཟུགས་སྐུས་འགྲོ་བའི་དོན་སྦྱོར་གྱི་དབང་ངོ་། །དང་པོ་ནི། དེ་ནས་གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿསྟོན་པ་དགོངས་སུ་གསོལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་བཀའ་ཡི་དབང༔ བརྩེ་བས་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། གདན་དང་དབང་ཞྭ་སོགས་གོང་ལྟར་བྱ། ལག་ཏུ་རྡོར་དྲིལ་གཏད་ལ། སློབ་མ་རྣམས་ཀུན་ཏུ་བཟང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ སྐུ་མདོག་རྒྱན་གྱིས་བརྒྱན་པར་གྱུར༔ བླ་མའི་རྟོགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་སློབ་མའི་རྒྱུད་ལ་འཕོས་པར་མོས་ཤིག༔ ཧཱུྃ་ཧྲཱི༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ སྣང་སྟོང་རྡོ་རྗེ་དྲིལ་བུ་འདི༔ དབྱེར་མེད་རྟག་ཏུ་འདི་ཟུངས་ལ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིས༔ ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས༔ འགྲོ་ཀུན་རྗེས་སུ་འཛིན་པར་གྱིས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་བྷི་ཥིཉྩ་མཱཾ༔ འོ་སྐལ་ལྡན་སྐྱེས་བུ་ཁྱོད་ལ་རྡོ་རྗེ་དྲིལ་བུ་གཏད་ཅིང༔ ཀུན་ཏུ་བཟང་པོར་ཆེ་བ་བསྐྱེད་པ་ཙམ་གྱིས༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་ནོན་ནས༔ སངས་རྒྱས་ཀུན་གྱི་ཏིང་འཛིན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་ཡངས་རབ་འབྱམས་རང་རྩལ་རིག་པའི་དབང་ཐོབ་པ་ཡིན་ནོ༔ རང་སེམས་སྐྱེ་བ་མེད་པ་འདི་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་པས༔ འདི་ལྟར་གྱི་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ གཉིས་པ་གཞན་དོན་འགྲོ་བའི་དོན་དབང་ནི། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་རྣམས་རབ་ཏུ་བརྟན་ནས་ཀྱང༔ སྣང་སྲིད་གཞལ་ཡས་ཁང་གི་ནང༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོར་ལྷུན་གྱིས་གྲུབ༔ ཐུགས་རྗེ་རོལ་པའི་ཕྲིན་ལས་ཀྱིས༔ འགྲོ་དོན་ཐོགས་པ་མེད་པར་སྤྱོད༔ ཕྱག་རྒྱ་རོལ་པའི་དབང་འདི་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་དྷརྨཱ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ༔ བྷྱོ་དི་མ་ད་རི་ཨེ་ཀ་ཙཱ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དྷརྨ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ སརྦ་དྷརྨ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ༔ འོ་སྐལ་ལྡན་སྐྱེས་བུ་ཁྱོད་ལ་རྡོ་རྗེ་སློབ་དཔོན་བདག་གིས་བཅུད་འདུས་དབང་ཐམས་ཅད་བརྟན་པར་བྱེད་པའི་བུམ་པ་འདིའི་དབང་བསྐུར་པ་ཙམ་གྱིས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལྷའི་རང་བཞིན༔ ཕུང་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཡིན་པས༔ དེ་ལྟར་ཡེ་ནས་ཡིན་པ་ཤེས་པར་གྱིས་ལ༔ ཕྱི་ནང་ཐམས་ཅད་ལ་བརྙས་པར་མ་བྱེད༔ དག་སྣང་དང་མོས་པ་རྒྱུན་ཆད་མེད་པའི་ངང་ནས་མཆོད་བསྟོད་བཀུར་སྟི་རྒྱ་ཆེན་པོ་གྱིས༔ སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པས༔ དང་དུ་བླངས་ཤིང་བསྒྲུབ་པའི་རྒྱུར་ངོ་ཤེས་པར་གྱིས་ཤིག༔ ཅེས་བུམ་ཆུས་ཁྲུས་བྱ་ཞིང་བཏུང་དུ་གཞུག་ལ། ཟག་པ་མེད་པའི་ཡེ་ཤེས་བདུད་རྩིས་ལུས་ཐམས་ཅད་གང་ནས་དེ་ཉིད་ཀྱི་ཡེ་ཤེས་སྐྱེས་པར་མོས་ཤིག༔ ཡེ་དྷར་དང་བཀྲ་ཤིས་བརྗོད་ཅིང་འབྲུ་འཐོར་ལ་རོལ་མོ་བྱ། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་པས་རང་གཞན་གཉིས་ཀྱི་དོན་མཐར་ཕྱིན་པར་འགྱུར་བ་ལ་དབང་འབྱོར་བའོ༔ དེ་རྣམས་ཀྱི་སྒོ་ནས་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་ཡོངས་སུ་རྫོགས་པ་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ལྷ་སྒོམ་པ་ལ་དབང༔ ས་བརྒྱད་པ་མན་ཆད་ནོན༔ ཞི་བའི་ཕྲིན་ལས་འགྲུབ༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ ཞེས་རྟོགས་པ་བརྗོད་དོ། །རྩ་བའི་གཉིས་པ་གསང་དབང་ནི། གཉིས་པ་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་དངོས་སུ་ཅི་འབྱོར་པ་དང་ཡིད་སྤྲུལ་དཔག་ཏུ་མེད་པ་འབུལ་བར་མོས་ལ་མཎྜལ་ཕུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ རྡོ་རྗེ་འཛིན་ཞབས་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་གསང་བའི་དབང་མཆོག་འདིས༔ དད་ལྡན་རྗེས་སུ་གཟུང་དུ་གསོལ༔ ལན་གསུམ། རྡོ་རྗེ་སློབ་དཔོན་གྱིས་ཨ་ནུ་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ། བླ་མ་ཡབ་ཡུམ་སྙོམས་འཇུག་མཛད་པའི་སྒྲས༔ བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས༔ ཡབ་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་འོད་དུ་ཞུ༔ སྙོམས་འཇུག་མཛད་པའི་གསང་བ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས༔ སློབ་མ་ཧེ་རུ་ཀའི་ངོ་བོར་གསལ་བའི་ལྕེ་སྟེང་དུ་ཕེབས་པ་ཙམ་གྱིས༔ སློབ་མའི་ལུས་ངག་ཡིད་གསུམ་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁེངས་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག༔ ཀ་པཱ་ལའི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱི༔ བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི༔ མཁའ་གསང་ལས་བྱུང་བླ་མེད་བདུད་རྩི་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རྣམ་གྲོལ་བདེ་ཆེན་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧ་ཡ་གྲཱི་བ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ གུ་ཧྱ་མ་ཧཱ་སིདྡྷི་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བརྗོད་ལ་སྤོས་བཏུལ། རོལ་མོ་འཁྲོལ་ཞིང་སློབ་མ་ལ་ཡེ་ཤེས་པ་བསྟིམ། བྱང་སེམས་བདུད་རྩི་ཞལ་དུ་མིད་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སིདྡྷི་ཕ་ལ་སུ་ཁཾ༔ སྔགས་ཀྱི་རྗེས་གནང་གུད་དུ་སྦས་པ་སྐབས་འདིར་སྦྱར་བར་གསུངས་སོ། །དེ་ལྟར་དབང་མཆོག་ཐོབ་པ་ཙམ་གྱིས་ལུས་བདུད་རྩིས་གང༔ འོད་དཔག་མེད་ཀྱི་སྐུར་གྱུར་པར་མོས་ཤིག༔ དེས་བླ་མ་ལོངས་སྐུ་མཁའ་གསང་གི་དཀྱིལ་འཁོར་དུ་གསང་དབང་སྤྲོས་མེད་ངེས་པ་དོན་གྱི་དབང་ཐོབ༔ ངག་སྒྲིབ་དག༔ རང་བྱིན་གྱིས་བརླབ་པ་ལ་དབང༔ དཔེར་ན་ས་བོན་ཐེབས་པ་དང་མཚུངས་པས༔ ངག་སྔགས་རླུང་སྦྱང་བ་ལ་དབང༔ ས་དགུ་པ་ནོན༔ རྒྱས་པའི་ཕྲིན་ལས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ༔ ཞེས་བརྗོད། རྩ་བའི་གསུམ་པ་ཤེར་དབང་ནི། གསུམ་པ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཚན་དང་ལྡན་པའི་རིག་མ་དང་གསེར་གྱི་མཎྜལ་ཕུལ་བར་མོས་ལ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཧོ༔ ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་ཤེས་རབ་ཡེ་ཤེས་དབང༔ སྨིན་པར་བྱ་ཕྱིར་བསྐུར་དུ་གསོལ༔ ལན་གསུམ། རིག་མའི་ཙཀ་ལི་གཏད་ལ། ཨེ་མ་ཧོ༔ གཟུངས་མ་མཆོག་འདི་བསྒྲོད་པའི་ལམ༔ བསྟེན་འོས་རྒྱལ་བ་རྣམས་ཀྱིས་གཟིགས༔ འཁྲུལ་འཁོར་རིམ་པའི་སྦྱོར་བ་ཡིས༔ བདེ་བ་མཆོག་ནི་མྱོང་བར་མཛོད༔ སེམས་དཔའ་ནོར་བུ་པདྨ་ཡིས༔ རྡོ་རྗེ་སྐྱིལ་ཀྲུང་ལྡན་པར་བལྟ༔ དེ་ལྟར་བྱིན་པའི་གཟུངས་མ་དེས་ཀྱང་གསང་བའི་དཀྱིལ་འཁོར་བསྟན་ནས་འདི་སྐད་གསུང་བའི་མོས་པ་མཛོད། ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་འདི་ཡང་དག་ལྡན༔ གང་ཞིག་ཆོ་གས་བསྟེན་བྱེད་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ ཧེ་རུ་ཀ་དཔལ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ཡང་རྟག་ཞུགས་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བྷཉྫ་མོཀྵ་ཧོ༔ ཞེས་གསུང་ཞིང་པང་དུ་བྱོན་པར་མོས་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་དཔལ་རྟ་མཆོག་ཧེ་རུ་ཀ་དང་རིག་མ་རྡོ་རྗེ་ཕག་མོར་གསལ་བའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ༔ ཕུང་ཁམས་སྐྱེ་མཆེད་ལྷའི་དཀྱིལ་འཁོར༔ རྩ་འཁོར་ལོ་ལྔར་དཔའ་བོ་ཡབ་ཡུམ་ལྔ་དང༔ སྤྱི་བོར་ཨོ་རྒྱན་ཐོད་ཕྲེང་ཡབ་ཡུམ་སྙོམས་འཇུག་མཛད་པ༔ ཡུམ་གྱི་མཁའ་གསང་ཨཱཾཿལས་པདྨ་དམར་པོ་འདབ་མ་ལྔ་པ༔ དབུས་ཀྱི་ཟེའུ་འབྲུ་ཨཱཾཿགིས་མཚན་པ༔ ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་དམིགས་ཤིང༔ གཉིས་ཀའི་བུག་སྒོར་ཕཊ་སེར་པོས་བཀག་པར་བསམ་ལ༔ ཡབ་ཡུམ་སྙོམས་འཇུག་བྱས་པས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་ཁྱེད་རང་གི་ལུས་ལ་ཐིམ་པར་མོས་ཤིག༔ ཐོད་པའི་བདུད་རྩི་མགོ་ལ་བཞག་ཅིང་ངག་ཏུ་བླུད། རོལ་མོ་བསྒྲག །སྤོས་བསྲེགས་ལ། ཨོཾ་ཤཱི་ཤཱི་ཤཱི་ཧེ་ཧེ་ཧེ་སྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ རཱ་ག་ཡཱ་མི༔ ཞེས་དང་། སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་རྒྱུན་མགྲིན་པར་བབ་པས་དགའ་བའི་ཡེ་ཤེས༔ སྙིང་གར་བབ་པས་མཆོག་དགའི་ཡེ་ཤེས༔ ལྟེ་བར་བབ་པས་དགའ་བྲལ་གྱི་ཡེ་ཤེས༔ གསང་བར་བབ་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག༔ སླར་བནྡྷའི་བདུད་རྩི་མགོར་བཞག་ལ། ཨེ་མ༔ ཐབས་དང་ཤེས་རབ་གཡོ་བའི་རང་བཞིན་བདེ་ཆེན་པོ༔ མཆོག་གི་དེ་ཉིད་ཡང་དག་མཚོན་ཕྱིར་བརྟན་པར་བཟུང༔ གཡོ་མེད་གྱིས་བརྟེན་བརྟན་པའི་རྡོ་རྗེ་སྐྱིལ་ཀྲུང་ལས༔ སེམས་ནི་ནོར་བུའི་ནང་དུ་སོན་པར་བལྟས་ཏེ་ཞོག༔ ས་མ་ཡ་གུ་ཧྱ་མ་ཧཱ་སིདྡྷི་སརྦ་དྷ་ཐིམ་ཨ་ཧཾ༔ དེས་ཡིད་ཀྱི་སྒྲིབ་པ་དག་ནས་མི་བསྐྱོད་པའི་སྐུར་གྱུར་པར་མོས་ཤིག༔ དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ཆོས་ཀྱི་སྐུ་ཧེ་རུ་ཀ་ཡབ་ཡུམ་ལ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ལམ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང༔ ས་བཅུ་པ་ནོན༔ ཕྲིན་ལས་དབང་གི་ལས་འགྲུབ༔ འབྲས་བུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་པར་འགྱུར་རོ། །ཞེས་དང། དབང་འདི་མ་ཐོབ་པའི་མི་ལ་ཟུར་ཙམ་ཡང་སྨྲ་བར་མི་བྱ་ཞིང་ཕྱག་རྒྱ་བསྟེན་ནས་བདེ་བ་སྦྱོང་བ་སོགས་རྒྱུད་ལས་ཇི་སྐད་བཤད་པའི་དམ་ཚིག་རྣམས་བསྲུང་བར་བྱ་དགོས་སོ༔ ཞེས་བརྗོད། བཞི་པ་ཚིག་དབང་རིན་པོ་ཆེ་ལའང་བཞི། ཀ་དག་ཕྱག་ཆེན། ལྷུན་གྲུབ་ཐོད་རྒལ། སྣང་སྲིད་གཞི་རྫོགས་རྒྱས་འདེབས། པོ་ཏི་ལུང་རིག་བཏགས་གྲོལ་གྱི་དབང་ངོ་། །དང་པོ་ནི། བཞི་པ་དོན་དམ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་རང་རང་གི་ལུས་ལོངས་སྤྱོད་ལ་སོགས་པ་འབུལ་བར་མོས་ལ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཧོ༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པའི་དབང༔ སློབ་དཔོན་གྱིས་ནི་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཕན་ཚུན་གཅིག་གིས་གཅིག་མ་རེག་པར༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་གྱིས་ཤིག༔ བླ་མས་ཤེལ་རྡོ་མེ་ལོང་བསྟན་ལ། འོ་ ཁྱེད་རང་རྣམས་ལུས་སོག་ཕོན་ཐག་པ་ཆད་པ་ལྟར་ཤིག་གེ་ཞོག༔ ངག་པི་ཝཾ་གི་སྐད་རྒྱུན་ཆད་པ་ལྟར་ཝང་ངེ་ཞོག༔ སེམས་ནམ་མཁའ་རྡུལ་དང་བྲལ་བ་ལྟར་སང་ངེར་ཞོག་ཅིག༔ ཅེས་བསྒོས་ལ༔ དར་གཅིག་དེ་ཀའི་ངང་ལ་བཞག་བཅུག་ནས༔ དེ་ནས་མེ་ལོང་ཤེལ་དང་རྡོ་རྗེ་ཐུགས་ཀར་བཞག་ནས༔ ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ༔ ནམ་མཁའ་ལ་ནི་མཚན་ཉིད་མེད༔ རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད༔ ཁྱེད་རང་ཡང་ནི་དེ་ཡི་ཕ༔ སེམས་ནི་མེ་ལོང་རྡུལ་བྲལ་ལ༔ སྣང་བ་གཟུགས་འཆར་ཅི་སྲིད་ཀྱང༔ གཞི་ལ་གོས་མེད་རྟོག་པ་བྲལ༔ མི་འགྱུར་མི་ཤིགས་རྡོ་རྗེ་སྟེ༔ དེ་ཉིད་ལ་ནི་མ་ཡེངས་ལྟོས༔ བལྟས་ཙམ་ཉིད་ནས་གཞི་རྩ་བྲལ༔ གཞི་མེད་རྩ་བྲལ་ཨེ་མ་ཧོ༔ རྒྱས་པར་སེམས་དང་སྣང་བ་དབྱིངས་དང་ཡེ་ཤེས་སོགས་ཀྱི་ངོ་སྤྲད་བྱ། དེ་ནས་རྫས་དེ་རྣམས་མགོར་བཞག་ནས༔ ཧཱུྃ་ཧྲཱི༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས༔ ཚིག་གི་དབང་མཆོག་ཟབ་མོ་འདི༔ བརྡ་རྟགས་ཤེལ་དཀར་མེ་ལོང་དང༔ རྡོ་རྗེ་བཅས་པའི་དབང་བསྐུར་མཆོག༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཙ་ཏུར་ཨ་བྷི་ཥིཉྩ་ཧྲཱི༔ དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ༔ དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ རྫོགས་རིམ་སྟོང་ཉིད་བསྒོམ་པ་ལ་དབང༔ སྟོན་ཐོག་འབྲས་བུ་སྨིན་པ་དང་འདྲ༔ ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་རོ༔ གཉིས་པ་ལྷུན་གྲུབ་ཐོད་རྒལ་ནི། དེ་ནས་ལྷུན་གྲུབ་རང་གསལ་འོད་ཀྱི་དཀྱིལ་འཁོར་དུ་ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཨེ་མ་ཧོ༔ བླ་མ་ཀུན་བཟང་དཔལ་ཆེན་ཆེ་བའི་མཆོག༔ ཀ་དག་དགོངས་པ་མཁའ་ཀློང་འཁྱིལ་པ་ནས༔ འཁོར་འདས་ཡོངས་གྲོལ་ཆེན་པོའི་དབང་མཆོག་ནི༔ མངོན་སུམ་རྩལ་ཆེན་ལྷང་ངེར་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཆོས་སྐུའི་གཟིགས་སྟངས་སེང་ཆེན་གྱི་འཁྲུལ་འཁོར་དང་ལྡན་པས༔ ཉི་མའི་དཀྱིལ་འཁོར་སྤྲིན་དང་བྲལ་བའི་ཟུར་ལ༔ རང་བཞིན་མངོན་སུམ་སྐུ་དང་ཐིག་ལེ་བཀྲ་ཤིག་གེ་གསལ་བར་མཐོང་བར་མོས་ཤིག༔ རྡོ་རྗེ་སེམས་དཔའི་མེ་ལོང་དང་ལུ་གུ་རྒྱུད་ཀྱི་བརྡ་རྟགས་རྨ་བྱའི་མདོངས་སྤྱི་བོར་བཞག་ལ༔ བུ་ཀྱེ༔ ལྟོས་ཤིག་ལྟོས་ཤིག་དབྱིངས་ལ་ལྟོས༔ ཡིད་དཔྱོད་འཛིན་པའི་ཁུང་སྦུབ་པ༔ མངོན་སུམ་ཆོས་ཀྱི་སྐུར་སྣང་བ༔ མ་ཡེངས་མདུང་ཚུགས་དེ་ལ་གཏོད༔ སྣང་ལ་རང་བཞིན་མ་གྲུབ་སྟེ༔ ངོ་བོ་སྨྲ་བརྗོད་མཐའ་དང་བྲལ༔ རང་བཞིན་སྒྲིབ་གཡོགས་བྲལ་བར་སྣང༔ ཐུགས་རྗེས་ཀུན་ཁྱབ་ལུ་གུ་རྒྱུད༔ འདི་ནི་གདོད་ནས་ཉིད་ལ་བཞུགས༔ གཞན་ནས་མ་བྱུང་གཞིར་བཞག་ཉིད༔ འདི་མཐོང་དོན་ཆེན་སྐལ་བཟང་མཆོག༔ བུ་ཁྱོད་དེང་ནས་འབྲས་བུ་བརྙེས༔ ཀུན་བཟང་རྩལ་རྫོགས་དབང་ཆེན་ཐོབ༔ རྩོལ་བྲལ་སྒྲིབ་མེད་ཡེ་སངས་རྒྱས༔ དཔེར་ན་ཤེལ་དང་མེ་ལོང་བཞིན༔ ཕན་ཚུན་མངོན་སྣང་རང་བཞིན་བྲལ༔ ཆོས་ཀུན་རོལ་པའི་ཆོ་འཕྲུལ་ཏེ༔ དཔེར་ན་རྨ་བྱའི་མདོངས་ཕོད་འདྲ༔ ལུ་གུ་རྒྱུད་ཀྱི་མཚན་ཉིད་འདི༔ དེ་དོན་སེམས་ཀྱི་ཕུར་དུ་འཆང༔ དུས་གསུམ་རྒྱལ་བའི་དབང་ལུང་རྫོགས༔ ཞེས་པས་དབང་བསྐུར། དེའི་བརྡ་དོན་ངོ་སྤྲོད་པའང་ཐལ་འགྱུར་རྩ་བའི་རྒྱུད་ལས། ལུ་གུ་རྒྱུད་དུ་གཅེར་མཐོང་བས༔ རྣམ་རྟོག་འགྱུ་བའི་དྲན་པ་འགག༔ བྱ་ལམ་ནམ་མཁར་འགྲོ་བ་བཞིན༔ ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད༔ གཞན་མེད་རིག་སྣང་རྣམ་དག་ལས༔ འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད༔ དབྱིངས་དང་རིག་པ་འབྲལ་མེད་པས༔ ལུ་གུ་རྒྱུད་ཀྱི་འཕེལ་སྣང་སྟོན༔ རིག་པའི་ངོ་བོ་ལུ་གུ་རྒྱུད༔ འདས་དང་མ་འོངས་ད་ལྟར་ལས༔ སུས་ཀྱང་བྱས་པ་མ་ཡིན་པ༔ དེས་ན་འདུས་མ་བྱས་པ་ཉིད༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པར་འཚལ། དེས་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་གཉིས་མེད་ལྷུན་གྲུབ་རང་གསལ་འོད་ཀྱི་དཀྱིལ་འཁོར་དུ༔ བླ་མ་སྐུ་བཞི་ཡོངས་རྫོགས་ཀུན་བཟང་ཧེ་རུ་ཀའི་སྐུ་ལ༔ བླ་མེད་ཐོད་རྒལ་རང་རིག་རྩལ་གྱི་དབང་ཐོབ༔ བསྒྲིབ་བྱ་སྒྲིབ་བྱེད་དང་དག་བྱ་དག་བྱེད་ཀྱི་མཐའ་ལས་འདས༔ བསྐྱེད་རྫོགས་གཉིས་མེད་ཀྱི་ཀློང་དུ་དབང་འབྱོར་ཐོབ༔ འབྲས་བུ་བཅུད་དུ་སྨིན་ནས་རྒྱུར་མི་ལྡོག་པའི་གདིང༔ དཔེར་ན་ཏིལ་འབྲུ་མར་ཁུར་བཙིར་པ་དང་མཚུངས་ཤིང༔ ཆོས་ཀྱི་སྐུ་བཅོས་བསླད་དང་བྲལ་བ་ཡེ་གཞིའི་སྟེང་དུ་ཕེབས་པའི་ས་བོན་ཐེབས་པའོ༔ གསུམ་པ་སྣང་སྲིད་གཞིར་རྫོགས་རྒྱས་འདེབས་ནི། དེ་ནས་སྣང་སྲིད་གཞི་རྫོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྒྱས་འདེབས་ཀྱི་རྩལ་དབང་གོང་མ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་ཚེ་རབས་ལས་དང་སྐལ་ལྡན་ཕྱིར༔ སྟོན་པས་རྗེས་བཟུང་སྨིན་གྲོལ་ས་ལ་བཀོད༔ ད་ནི་སྲིད་གསུམ་གདར་ཤ་ཆོད་པ་ཡི༔ རྒྱས་འདེབས་ཆེན་མོའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། བླ་མས་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཀློང་ནས༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བར་མོས་ནས་བཞེངས༔ ཕྱག་ཏུ་རྟོག་མེད་རོལ་པའི་ཅང་ཏེའུ་བསྣམས་ནས༔ སློབ་མ་རྣམས་ལ་རྟོགས་པ་སྦར་བར་བྱ་སྟེ༔ དེ་ཡང་སློབ་མ་རྣམས་ཆས་རབ་ཏུ་ཕྱུང་བར་གསུངས་པའི་མཚོན་བྱེད་དུ་གཟན་དང་སྟོད་གོས་ཕུད། ལུས་ལ་ཐལ་ཆེན་བྱུག༔ ལག་ཏུ་ཌཱ་མ་རུ་དང་མི་རྐང་གླིང་བུ་གཏད་ལ༔ མདུན་དུ་ལང་བཅུག་ལ༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཁྱེད་ཅག་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་སྒོར་བཅུག་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་བཟུང༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱས་ཏེ༔ འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང༔ ལུས་ཀྱི་སྤྱོད་ལམ་རྣམ་བཞི་ཅི་བྱས་ཀྱང༔ སྐུ་གསུམ་དུ་གྲོལ་བའི་ཕྱིར༔ བྱ་བྱེད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ༔ ངག་ཏུ་ཅ་ཅོ་ཅི་སྨྲས་ཀྱང༔ སྨྲ་བསམ་བརྗོད་བྲལ་དུ་གྲོལ་བ༔ ཅི་སྨྲ་ཐམས་ཅད་སྔགས་ཀྱི་རང་སྒྲ༔ སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་བསམ་གཏན་དུ་གྲོལ་བས༔ རང་སེམས་རྟོགས་གྲོལ་གདལ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ༔ དེ་ལྟར་ལུས་ངག་ཡིད་གསུམ་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར༔ འཁོར་འདས་བདག་གཞན་བཟང་ངན༔ དབང་པོ་རྣོ་རྟུལ་སྐྱེ་རྒ་ན་འཆི་ལ་སོགས་པ་ཐམས་ཅད༔ གཉིས་མེད་རོལ་པ་འུབ་ཆུབ༔ ཀ་དག་ཆོས་ཉིད་མངོན་སུམ་གྱི་རོལ་པ་ཆེན་པོའི་ཀློང་དུ་གྲོལ་བས༔ ད་བསྐྱར་གཞི་མེད༔ རྒྱུ་ཟད༔ རྐྱེན་ཟད༔ ལམ་འཁྲུལ་པ་ཟད་པས་ཁམས་གསུམ་འཁོར་བའི་མིང་མེད་པས་བཟང་ངན་བླང་དོར་གྱི་གདོས་ཐག་ཆོད་དེ༔ སྲིད་པ་གསུམ་གྱི་གདར་ཤ་ཆོད་ནས་གདའ་བས༔ ཕཊ་གྱིས་ལ་སྣང་བ་ཐམས་ཅད་ཐུག་འཕྲད་རང་གྲོལ༔ རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས༔ ལུས་སྣང་སྟོང་སྒྱུ་མའི་གྲོང་ཁྱེར་དང་འདྲ་སྟེ་རང་ཡན་ལ་ཐོངས༔ ངག་གྲགས་སྟོང་བྲག་ཅའི་ཅ་ཅོ་དང་འདྲ་སྟེ་ཆད་མེད་དུ་བོར༔ ཡིད་གསལ་སྟོང་བར་སྣང་གི་རི་མོ་དང་འདྲ་སྟེ་རང་བབས་སུ་ཞོག༔ ཅེས་བར་དང་བཅས་པས་བརྗོད་ལ༔ བླ་མས་སྣ་དྲངས་ཤིང༔ དཔོན་སློབ་རྣམས་རྟོག་པ་སྣ་མི་བསྐྱིལ་བར༔ ལུས་གར་སྟབས་དང་འཆོང་རྒྱུག༔ འཁྲབ་པ་སོགས་ཅི་བདེ་དང་དྲན་ཚད་བྱ༔ ངག་ཏུ་ཧཱུྃ་སྒྲ་དང་ཕཊ་སྒྲ་གད་རྒྱངས་ལ་སོགས་པ་བྱུང་ཚད་དུ་བསྒྲག༔ ཡིད་གང་ཤར་ལྟོས་མེད་རྩིས་གདབ་ཐམས་ཅད་དང་བྲལ་བར་རྒྱ་ཡན་དུ་བཏང་ལ་གང་ཤར་བསྐྱང་དུ་གཞུག་ཅིང༔ ཡང་འདི་ལྟར་ངོ་སྤྲད་པའི་དོན་ལེགས་པར་གསན་འཚལ༔ དེའང་ཐལ་འགྱུར་ལས༔ སྣང་བ་འཁྲུལ་པའི་རང་བཞིན་ནི༔ ཡེ་ཤེས་ཡིན་པར་སྔར་མ་མཐོང༔ རྟོག་བཅས་འཁྲུལ་པའི་གཞི་མེད་པས༔ ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས༔ འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ༔ དེ་ལྟར་འཁྲུལ་མེད་སྣང་བ་ནི༔ ཡེ་ནས་གྲོལ་བའི་གནད་ལས་བྱུང༔ འགྲོ་བའི་ཕུང་པོ་སངས་རྒྱས་སྐུ༔ ཡེ་ནས་ཡིན་པར་སུས་མ་རིག༔ ཕུང་པོ་སངས་རྒྱས་ལྔ་བདག་ཏུ༔ རྩ་གནས་ཡི་གེ་གྲུབ་ལས་བྱུང༔ ཆུ་བུར་མིག་ལས་ཡེ་ཤེས་ནི༔ རང་སྣང་ཡིན་པར་སུས་མ་མཐོང༔ དེ་ལས་འཁྲུལ་པའི་སྣང་བ་ནི༔ སྒྲོན་མའི་གནད་ལས་བྱུང་བ་འོ༔ གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད༔ སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར༔ བྱ་བྱེད་ཐམས་ཅད་ཆོས་ཉིད་དོ༔ ངག་ཏུ་ཅི་ལྟར་སྨྲས་པ་ཀུན༔ གསང་སྔགས་གསང་བའི་བཟླས་པ་སྟེ༔ ཡིག་འབྲུ་རྣམ་འཕྲུལ་གནད་ལས་བྱུང༔ འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན༔ བསམ་གཏན་ཡིན་པ་ཅི་ལ་ཤེས༔ རང་སེམས་རྟོག་ལས་གྲོལ་བས་ན༔ དེ་ནི་འབྱུང་བའི་གནད་ལས་བྱུང༔ དེ་ལྟར་ཐམས་ཅད་ཆོས་ཉིད་ལས༔ བསླབ་པར་བྱ་བ་གང་མེད་ཅིང༔ བཞག་པར་བྱ་བ་ཅུང་ཟད་མེད༔ གང་དུའང་མེད་པའི་ཆོས་ཉིད་དོ༔ བྱ་བྱེད་བརྗོད་དང་བསམ་པ་ལས༔ འཁོར་འདས་གྲོལ་བའི་གནད་རྟགས་ཏེ༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སོ༔ གཞན་ཡང་ཁམས་གསུམ་སེམས་ཅན་རྣམས༔ ལུས་ངག་ཡིད་ལས་མ་འདས་པས༔ སྐུ་གསུམ་གཞན་དུ་བཙལ་མི་དགོས༔ བཙལ་ཀྱང་རྙེད་པའི་གནས་མེད་དོ༔ མ་བྱུང་བྱུང་ས་མེད་པ་ལ༔ བལྟས་པས་མཐོང་བ་ངོ་མཚར་ཆེ༔ ངོ་མཚར་ཆེན་པོའི་རོལ་པ་ནི༔ སངས་རྒྱས་སེམས་ཅན་འབྱེད་པ་མེད༔ ནམ་མཁའ་ལ་ནི་སྤྲིན་བཞིན་དུ༔ རང་བྱུང་རང་ལ་རྫོགས་པས་ཞི༔ ཆོས་ཉིད་མངོན་སུམ་ཁྱད་པར་གྱི༔ དབང་པོ་རྣོ་དང་རྟུལ་མེད་པས༔ སེམས་ཅན་ཐམས་ཅད་སངས་རྒྱས་ལས༔ གཞན་དུ་གནས་པ་མ་ཡིན་ནོ༔ ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར༔ སངས་རྒྱས་མ་ཡིན་སེམས་ཅན་མིན༔ ས་བོན་ལས་ནི་འབྲས་བུ་བཞིན༔ རང་གི་རང་བཞིན་གཤིས་ཀྱི་གནད༔ བརྗོད་པ་ཚིག་གིས་མ་ཡིན་པ༔ དབང་པོའི་ཡུལ་ལ་གསལ་སྣང་བས༔ གཅེར་མཐོང་གྲོལ་བའི་བདག་ཉིད་དོ༔ གཞན་ཡང་རྐྱེན་གྱི་སེམས་ཅན་རྣམས༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར༔ འཁོར་བ་ཡེ་ནས་ཡོད་མ་ཡིན༔ དེ་ཕྱིར་རང་རང་སངས་རྒྱས་སོ༔ སྐྱེ་བ་ཉིད་ནི་རྟོགས་པ་ལ༔ མངལ་དུ་གནས་པ་ཆོས་ཀྱི་དབྱིངས༔ ལུས་སེམས་འདུས་པ་དབྱིངས་རིག་འབྲེལ༔ ལུས་སུ་སྣང་བ་སྐུ་གསུམ་སྟེ༔ རྒས་པས་ཆོས་ཟད་འཁྲུལ་སྣང་འགག༔ ན་བས་ཆོས་རྣམས་ཉམས་སུ་མྱོང༔ ཤི་བས་སྟོང་པ་ངོས་བཟུང་མེད༔ དེས་ན་སེམས་ཅན་སངས་རྒྱས་སོ༔ དེ་ཡང་ཆོས་ཉིད་མངོན་སུམ་གནད༔ མཐོང་བ་ཙམ་གྱིས་ཤེས་པ་དང༔ དེ་ཤེས་པ་ཡི་རྟོགས་པ་དང༔ རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར༔ གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ༔ ནམ་མཁའ་ཉིད་ནི་ནམ་མཁའ་ལ༔ ཐིམ་ནས་རང་བཞིན་དམིགས་མེད་པ༔ རིས་མེད་ཆ་ཤས་ཡོད་མ་ཡིན༔ མངོན་སུམ་རྙེད་པའི་གང་ཟག་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པ་འོ༔ ཞེས་གསུངས་པ་ལྟར་དེང་ཕྱིན་ཆད་ངོ་རང་ཐོག་ཏུ་འཕྲོད༔ ཐག་གཅིག་ཐོག་ཏུ་བཅད༔ གདིང་གྲོལ་ཐོག་ཏུ་འཆའ་དགོས་པ་ཡིན་ནོ༔ དེས་ནི་ཀ་དག་ཡེ་གྲོལ་ཆེན་པོའི་ཀློང་དུ༔ བླ་མས་མངོན་སུམ་མཐོང་གྲོལ་གྱི་དཀྱིལ་འཁོར་དུ་འཁོར་འདས་གཉིས་མེད་ཁྱབ་བརྡལ་གྱི་དབང་བསྐུར་པས༔ སྒྲིབ་པ་ཡེ་དག༔ འབྲས་བུ་ཡོངས་རྫོགས༔ སྤྱི་རྡོལ་ཆེན་པོའི་ཐ་སྙད་ཀྱི་ཆོས་ཐམས་ཅད་མིང་གི་བརྗོད་བྱ་ཙམ་ལས༔ མངོན་སུམ་རང་སྣང་ཆོས་ཉིད་དུ་མཐོང་བས་འཕོ་འགྱུར་མེད་པའི་སྐུ་མི་སྣང་བ་ཆེན་པོར་འཚང་རྒྱ་བར་འགྱུར་རོ༔ བཞི་པ་པོ་ཏི་བཏགས་གྲོལ་དབང་ནི། དེ་ནས་པུསྟི་ལུང་གི་དཀྱིལ་འཁོར་ལ་བརྟེན་ནས། བཏགས་གྲོལ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཧོཿབླ་མ་རྡོ་རྗེ་འཛིན༔ ཡེ་ཐོག་དང་པོའི་བསྟན་པ་མགོན༔ ཀུན་བཟང་དགོངས་པ་བཀའ་ཡི་དབང༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། སློབ་མའི་མགོ་ལ་རིགས་ལྔའི་དབུ་རྒྱན་བཀོན། ལག་ཏུ་རྡོར་དྲིལ་གཏད། ཁར་མྱོང་གྲོལ་སྦྱིན། བཏགས་གྲོལ་གྱི་གླེགས་བམ་དར་སྣ་ལྔས་ལྕིབས་ལ་བླ་མས་སྙིང་གར་བཞག་ལ། ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱི༔ དགོངས་པ་བླ་ན་མེད་པའི་དོན༔ མ་གསུང་གསུངས་པ་མེད་པའི་ཆོས༔ ཡང་ཞུན་གསེར་གྱི་སྙིང་པོ་ཉིད༔ གདུལ་བྱ་འདུལ་ཕྱིར་པོ་ཏིའི་ཚུལ༔ མཐོང་ཐོས་དྲན་རེག་དོན་དང་ལྡན༔ རང་གྲོལ་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ བུདྡྷ་སརྦ་པུ་ཏྲ་ཨེ་ཀ་གུ་ཧྱ་སྦུ་རི་ས་མན་ཏ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་དབང་བསྐུར༔ བཏགས་གྲོལ་ཚར་གཅིག་བཀླག་ནས༔ འོ་ འདིའི་ཚིག་ཁ་ཏོན་དུ་བརྗོད༔ དོན་ཡིད་ལ་གྱིས༔ གླེགས་བམ་ཡིད་ལ་ཆོངས་ཤིག༔ ཅེས་བསྒོ། འདིར་ལུགས་འདིའི་བཏགས་གྲོལ་གྱི་གླེགས་བམ་མི་འཛོམ་པའམ་རྒྱས་པ་ཀློག་མི་ནུས་ན། ཡབ་ཡུམ་དགོངས་པ། ཞེན་ཟློག་ཉེར་ལྔ། བོ་དྷི་ཙིཏྟ། ཡིག་བརྒྱ་དབྱངས་གསལ་ཡེ་དྷར་ཙམ་བརྗོད་ཀྱང་དོན་ཚང་ངོ་། །དེའང་གསང་བ་མན་ངག་གི་རྒྱུད་འཁོར་འདས་རང་གྲོལ་ལས༔ ཡང་ཡང་འདི་ཉིད་དྲི་ཚོར་རེག༔ བསྐལ་པར་བསགས་པའི་སྡིག་པ་དག༔ དགེ་བ་ཅི་བྱས་འབུམ་འགྱུར་འཕེལ༔ ཕྱི་དང་ནང་གི་བར་ཆད་ཞི༔ གང་གནས་ས་ཕྱོགས་ཡུལ་ཕྱོགས་སུ༔ མཁའ་འགྲོ་ཆོས་སྐྱོང་མཆོད་པར་འབུལ༔ དངོས་གྲུབ་སྟེར་ཞིང་མ་ལྟར་བརྩེ༔ འདི་ཉིད་ཁྱད་པར་ལྔ་ཡིས་འཕགས༔ ཐ་མལ་རྣམས་ཀྱི་སྤྱོད་ཡུལ་མིན༔ ཅེས་དང༔ བཏགས་གྲོལ་གྱི་རྒྱུད་ལས༔ འདི་འཛིན་རྣལ་འབྱོར་སྐལ་ཆེ་བས༔ ལན་གསུམ་འདི་ཡི་ཚིག་ཀུན་ཡང༔ ལྷག་དང་ཆད་པ་མེད་པར་ནི༔ རྡོ་རྗེའི་ལྕེ་ཡི་སུས་བརྗོད་པ༔ འདི་ཡང་དེ་དང་མཉམ་པར་ཡང༔ འགྱུར་བ་འདི་ལ་ཐེ་ཚོམ་མེད༔ ཅེས་དང༔ སེམས་ཅན་ཀུན་གྱི་བསམ་པ་དང༔ སངས་རྒྱས་རྣམས་ཀྱི་དགོངས་པ་ནི༔ ཇི་ལྟར་མཐུན་པའི་ཆོས་ཀུན་ནི༔ འདི་ཡིས་སྟོན་པར་ནུས་པ་ཡིན༔ སངས་རྒྱས་རྣམས་ཀྱི་ཐུགས་དང་གཅིག༔ རྡོ་རྗེ་འཛིན་པའི་དགོངས་པ་དང༔ དབྱེར་མི་ཕྱེད་པར་འདིས་འགྱུར་རོ༔ དེ་ཕྱིར་བསྟན་པའི་མེ་རོ་ཡིན༔ ཅེས་དང༔ དུས་གནད་དུ༔ རང་བྱུང་ཆེན་པོའི་ཡི་གེ་རྣམས༔ རིན་ཆེན་གསེར་གྱིས་བྲིས་ནས་ནི༔ གླེགས་བམ་སོར་ནི་བཞི་ཡི་ཚད༔ སྣ་ཚོགས་དར་གྱིས་དྲིལ་ནས་ནི༔ རང་གི་སྤྱི་བོར་བཟུང་ན་ཡང༔ འདི་ལ་སྤྲུལ་པའི་ཡོན་ཏན་ཐོབ༔ ཅེས་སོགས་གསུངས་པའི་ཕྱིར༔ ཇི་སྐད་བཤད་པ་ལག་ཏུ་བླངས་ཏེ༔ ཇི་སྲིད་འཚོའི་བར་དུ་འཆང་བ་དང༔ ཀློག་པ་དང༔ ནམ་འཆི་བའི་ཚེ་ཕུང་པོ་དང་མ་བྲལ་བར་བསྲེག་པ་ལ་སོགས་པ་ལག་ལེན་དུ་ཐེབས་པར་བྱ་བ་གལ་ཆེའོ༔ དེ་ནི་ངེས་པར་ལུང་བསྟན་པ་གླེགས་བམ་བཏགས་གྲོལ་ལ་བརྟེན་ནས༔ བསྟན་པ་རང་བབ་ཀྱི་པོད་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་པ་ཡིན་ནོ༔ དེ་ལྟར་ཚིག་དབང་རིན་པོ་ཆེ་ལས་ཕྱེ་བའི་དབང་བསྐུར་བཞི་པོ་ཐོབ་པས༔ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དང་བཅས་པ་དག༔ ནུས་པ་སྒོ་གསུམ་ལ་འབྱུང༔ དམ་ཚིག་བསྲུང་ཉམས་དང་བྲལ་བས་སྤང་བླང་དབྱེ་བ་མེད༔ ས་བཅུ་གཅིག་ཀུན་ཏུ་འོད་ནོན༔ ཕྲིན་ལས་བཞི་ཀ་ལྷུན་གྱིས་གྲུབ༔ རྒྱལ་བུ་རྒྱལ་སར་བཏོན་པ་ལྟར་ཕྱིར་མི་ལྡོག་ཅིང༔ འབྲས་བུ་སྐུ་ལྔས་འགྲོ་དོན་བྱེད་པར་འགྱུར་བ་ཡིན་ནོ༔ དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་མགོ་ལ་རྡོ་རྗེ་བཞག །ལྕེ་ལ་མནའ་ཆུ་བླུད་ལ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ ཇི་སྲིད་ལུས་སྲོག་ཞིག་གྱུར་ཀྱང༔ བདག་གིས་བསྒོས་པའི་བཀའ་བཞིན་དུ༔ ཆ་ཤས་ཙམ་ཡང་མ་ཉམས་སྲུངས༔ ཁས་བླངས་པའི་དམ་ཚིག་རྩ་བ་ཡན་ལག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་སྲོག་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ལན་གསུམ། དབང་བསྐུར་ཟབ་མོ་ཡོངས་སུ་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་འཚལ། ཁྱད་པར་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་གུས་པས་འབུལ་བར་བགྱི་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བཟུང་སྟེ་ཁྱོད་བྲན་དུ༔ བདག་གི་ལུས་འདི་དབུལ་བར་བྱ༔ ཐུགས་རྗེས་རྗེས་སུ་བཟུང་ནས་ཀྱང༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ ལན་གསུམ། དེ་ལྟར་ན་རིམ་པ་དེ་དག་རྣམས་ཀྱིས་ཡི་དམ་དགོངས་པ་འདུས་པའི་སྤྱི་སྡོམ་རྩ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། འདིའི་སྒོ་ནས་རང་དང་གཞན་གྱི་དོན་མཐའ་ཡས་པ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་སྨོན་ལམ་ཅི་རིགས་བཏབ་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཚོགས་ལྷག་བྱིན་གྱིས་བརླབ་ཅིང་ལྷག་མ་བཏང་། ཆད་བརྟན་རྟ་བྲོ། མཆོད་བསྟོད་དངོས་གྲུབ་བླང་ཞིང་། ནོངས་བཤགས། དཀྱིལ་འཁོར་རས་བྲིས་ཡིན་ན་བརྟན་བཞུགས་དང་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་རྒྱས་པར་བྱས་པས་གྲུབ་བོ། །རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཀུན་འདུས་ཤིང་། །བསྐྱེད་རྫོགས་རྫོགས་ཆེན་ཕྲིན་ལས་ཁ་ཚར་བཅས། །ཟབ་ཅིང་རྒྱ་ཆེ་ངོ་མཚར་འབྱམས་ཀླས་པ། །གང་འདིར་འཇུག་འདོད་རྣམས་ལ་སྐྱེས་སུ་སྦྱིན། །ནོངས་པ་རྩ་གསུམ་ཐུགས་རྗེས་བཟོད་བཞེས་ལ། དབང་ཆེན་རོལ་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ། །བདག་གཞན་སྒོ་གསུམ་དབྱེར་མེད་གཅིག་བསྡོམས་ནས། །ཡེ་ཤེས་གར་གྱིས་འཁོར་འདས་དབང་སྒྱུར་ཤོག །འདི་ཉིད་ཀྱི་སྨིན་བྱེད་རྒྱས་པ་སྤྲོས་བཅས་ལྷ་དབང་ཆེན་མོ་རྒྱ་ཆེ་ཞིང་། བསྡུས་པ་ཕུར་དབང་ཐུགས་ཀྱི་སྙིང་པོ་བཀའ་རྒྱ་ཆེ་བས། འབྲིང་པོ་རྩ་དབང་འདི་ཉིད་དོན་འཐུས་ལ་སྟབས་བདེ་བའི་སླད་ཆོས་འདིར་མོས་པའི་དོན་གཉེར་ཅན་ལ་ཕན་པའི་བསམ་པས། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་དབྱར་གནས་ཁང་བཤད་སྒྲུབ་རྟག་བརྟན་དར་རྒྱས་གླིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

བཀའ་བརྒྱད་རང་བྱུང་རང་ཤར་ལས། ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཆོ་ག་རྡོ་རྗེའི་རྒྱན་ཕྲེང་ (Volume 46, Text 23)

༄༅། །བཀའ་བརྒྱད་རང་བྱུང་རང་ཤར་ལས། ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཆོ་ག་རྡོ་རྗེའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། འཁོར་འདས་ཟིལ་གནོན་ཧེ་རུ་ཀ །མཁའ་ལྡིང་དབང་པོའི་སྐུར་བསྟན་ནས། །གདུག་པ་འདུལ་མཛད་དེར་བཏུད་ནས། །རྡོ་རྗེའི་རྒྱན་ཕྲེང་བསྟར་བར་བྱ། །འདིའི་སྨིན་བྱེད་སྒྲུབ་པར་སྐབས་སུ་བབས་པའི་ཚེ། སྟེགས་བུའི་གུང་དུ་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ་ལ་སོགས་སྐབས་བསྟུན་བཤམ། སྟེགས་དབུས་མཎྜལ་ལ་ཚོམ་བུ་ལྔ་བཀོད་པར་བུམ་པ་ཆས་དང་བཅུད་ལྡན། མདུན་དུ་གཙོ་ཁྱུང་མཐིང་ག །ཁྱུང་རིགས་བཞི་བཅས་ཙཀ་ལི་གཉིས། གཡས་གཡོན་དུ་དབུ་རྒྱན་རྡོར་དྲིལ། དེ་མདུན་ཕྱི་ནང་གི་མཆོད་གཏོར་སོགས་སྤྱི་མཐུན་བཤམ་ཞིང་མཁོ་བའི་ཡོ་བྱད་ཚོགས་པར་བྱ། དེ་ནས་བདག་བསྐྱེད་བཀའ་བརྒྱད་རང་ཤར་གྱི་ལས་བྱང་ངམ། ཏིང་འཛིན་གོམས་པས་སྔགས་སྒྲུབ་ཙམ་བཏང་ནས་བཟླས་པ་སྟོང་ཚིགས་བཅས་བྱ། དེ་ཙམ་མ་འགྲུབ་ན་ཉང་ལུགས་ཕྱག་རྒྱ་རྐྱང་སྒྲུབ་ཙམ་གྱིས་ཀྱང་འཐུས། སླར་མཆོད་པ་བྱིན་བརླབ་ལ། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ༔ ཞེས་སོགས་གཏེར་གཞུང་གི་བསྐྱེད་ཆོག་སྤྱན་འདྲེན་ནས་མཆོད་པའི་བར་དུ་གཏང་། བསྙེན་སྒྲུབ་བཟླས་པ་ཅི་འགྲུབ་དང་ལས་སྦྱོར་སྐབས་བསྟུན་བཟླས་ལ་གཏོར་འབུལ་བསྟོད་བསྐུལ་གྱི་བར་དུ་བྱ། ཏིང་ངེ་འཛིན་དབང་བླང་བའམ་རིག་མེ་དོར་ལ་གནང་བ་ནོད། འཁྱིལ་པ་བཟླས་པའི་ལས་བུམ་གྱི་ཆུས་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་སོགས་བྱས་ཏེ། དེ་ལ་འདིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རོལ་གར་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་མཛོད་ལྔའི་ཆོས་སྒྲོམ་ཆེན་པོ་སྤྱན་དྲངས་པའི་ནང་ཚན། ཤར་དུང་མཛོད་དཀར་པོ་ལས་བྱོན་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆ་ལག་ཡོངས་རྫོགས་རྣམ་པ་གསུམ་ལས། ས་བདག་ཀླུ་གཉན་གཙོ་བོར་གྱུར་པའི་སྙིགས་དུས་མི་སྲུན་གདུག་པ་འདུལ་བ་ལ་ཆེད་དུ་བསྔགས་པ་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གཙོ༔ ཡེ་ཤེས་ཁྱུང་ཆེན་ཟིལ་གནོན་གྱི༔ བྱིན་རླབས་དབང་བསྐུར་ཚུལ་བཞིན་དུ༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ ལན་གསུམ། བླ་མ་དཔལ་ཆེན་ཧེ་རུ་ཀ་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ཀྱི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚིག་དང་མཐུན་པའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ཨོཾ་ཤཱུནྱ་ཏཱ་སོགས་བརྗོད་ལ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས། ཧཱུྃ་རཾ། ཞེས་བརྗོད་པས་བསྐལ་པའི་མེ་ཕུང་དྲག་ཏུ་འབར་བའི་ཀློང་དུ། ཁྱེད་རང་རྣམས་ཡི་གེ་ཁྲོཾ་མཐིང་ནག་ལས་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་མཁའ་ལྡིང་དབང་པོ་ཤིན་ཏུ་ཁྲོས་པ། སྐུ་མདོག་མཐིང་ནག་རྡོ་རྗེའི་རྭ་གདེངས་ཤིང་གནམ་ལྕགས་ཀྱི་མཆུ་སྡེར་དང་གསེར་མིག་ཉི་ཟླ་ལྟར་འཁྱིལ་བ། སྒྲོ་གཤོག་རལ་གྲི་དང་སྤུ་གྲིའི་རང་བཞིན་ཅན། ཕྱག་གཉིས་ཀྱིས་སྦྲུལ་ནག་ཞལ་དུ་འདྲེན་པ། སྤྲུལ་པའི་ཁྱུང་ཆེན་རིགས་བཞིས་བསྐོར་ཞིང་ཡང་སྤྲུལ་བྱ་ཁྱུང་གྲངས་མེད་འཕྲོ་བའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་ཡང་མཁའ་ལྡིང་ཡོངས་རྫོགས་ཀྱི་སྐུར་གསལ་བའི་ཡིག་འབྲུ་གསུམ་དང་ཐུགས་སྲོག་ས་བོན་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས། ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །ལས་བྱང་གི་སྤྱན་འདྲེན་མཐར། བསྙེན་སྒྲུབ་གཉིས་ཀྱི་སྔགས་ལ། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲ་དང་མེ་ཏོག་མགོར་བཞག་ལ་བརྟན་པར་བྱ། དཀྱིལ་འཁོར་པ་ལ་མེ་ཏོག་ཕུལ་ཏེ་འདིའི་རྗེས་ཟློས། ས་མ་ཡ་སཏྭཾ༔ ཞེས་འབྲུ་འཐོར། ཧཱུྃ་ཕཊ༔ ཅེས་བརྗོད་པས་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་ཀྱི་དཀྱིལ་འཁོར་མངོན་སུམ་ལྟར་མཐོང་བར་གྱུར་པའི་མོས་པ་མཛོད། དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། དེང་ཕྱིན་ཆད་རྩ་བ་དང་ཡན་ལག་གི་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་ལེགས་པར་བསྲུང་དགོས་སོ། །མཁའ་ལྡིང་གི་ཕྱག་རྒྱ་གནས་ལྔར་གཏུགས་ལ། ཨོཾ་བུདྡྷ༔ བཛྲ༔ རཏྣ༔ པདྨ༔ ཀརྨ༔ ས་མ་ཡ་ཨ་ཨཱ༔ ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དཔལ་ཧེ་རུ་ཀ་ཡབ་ཡུམ་དཔའ་བོ་རྣལ་འབྱོར་མ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་རིགས་ལྔའི་རང་བཞིན་གྱི་བུམ་པ་ལ་སོགས་པའི་དབང་བསྐུར་རིམ་བཞིན་བསྩལ་བར་མོས་ཤིག །བུམ་པ་མགོ་བོའི་གནས་ལྔར་བཞག་ལ། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ཁྱུང་ཆེན་རིགས་ལྔས་བྱིན་བརླབས་པ༔ སྡུག་བསྔལ་ཐམས་ཅད་སེལ་བྱེད་པའི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་རོ༔ ཨོཾ་བུདྡྷ་ག་རུ་ཌཿཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ག་རུ་ཌཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ག་རུ་ཌཿཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་པདྨ་ག་རུ་ཌཿཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་ཀརྨ་ག་རུ་ཌཿཨ་བྷི་ཥིཉྩ་ཨཱ༔ དབུ་རྒྱན་མགོར་བཞག་ལ། ཧཱུྃ༔ དབུ་རྒྱན་རིགས་ལྔས་དབང་བསྐུར་བས༔ བསམ་པ་ཡིད་བཞིན་འགྲུབ་བྱེད་པའི༔ ཁྱུང་ཆེན་རིགས་ལྔའི་དབང་ཡིན་ཏེ༔ སྡུག་བསྔལ་སེལ་བར་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྡོ་རྗེ་གཏད་དེ༔ རྡོ་རྗེ་ཐབས་མཆོག་དབང་བསྐུར་བས༔ མཚན་མའི་རྣམ་རྟོག་ཀུན་འཇོམས་པ༔ ཆགས་པ་དག་དང་བྲལ་བར་བྱེད༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་གཏད་དེ༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་འགྲུབ་བྱེད་པའི༔ དངོས་གྲུབ་ཐམས་ཅད་ཐོབ་བྱེད་པ༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་ཀརྨ་ཤབྡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱུང་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ རྒྱལ་སྲས་མཚན་མས་དབང་བསྐུར་བས༔ ཐེ་ཚོམ་རྟོག་པ་སྤངས་པ་སྟེ༔ ཉོན་མོངས་ཐམས་ཅད་འདུལ་བའི་གཙོ༔ ཁྱུང་ཆེན་དབང་ནི་བསྐུར་བར་བྱ༔ ཨོཾ་བུདྡྷ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས། ཕུང་པོ་ལྔ་གནས་གྱུར། དུག་ལྔ་མ་སྤངས་གནས་སུ་དག་ནས་མཁའ་ལྡིང་རིགས་ལྔའི་རང་བཞིན་དུ་སྨིན། ཡེ་ཤེས་ལྔ་མངོན་དུ་བྱས་པ་ལ་ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བྱིན་པས་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་མཆོག་ལ་སྦྱོར་བར་མོས་ཤིག །རིགས་བཞིའི་ཁྱུང་ཙཀ་གཏད་ལ། ཧོ༔ ཁྱུང་ཆེན་རྣམས་ཀྱི་དབང་བསྐུར་བས༔ ཀླུ་དང་གནོད་སྦྱིན་དྲི་ཟ་དང༔ ས་བདག་གཉན་དང་འབྱུང་པོ་དང༔ གདུག་པའི་གནོད་པས་མི་ཚུགས་འགྱུར༔ ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་པ་ལ་དེ་ཉིད་ཀྱི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་གནང་བ་སྦྱིན་པ་ལགས་ཏེ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ དབང་བསྐུར་གདུག་པའི་ནད་ལས་གྲོལ༔ ཁྱུང་ཆེན་དབང་འདི་རབ་ཏུ་སྐུར༔ དེང་ནས་བརྩམ་སྟེ་འདིའི་སྒོ་ནས་སྐལ་ལྡན་རྗེས་སུ་གཟུང་བ་དང་། བསྙེན་སྒྲུབ་ལས་སྦྱོར་ལ་བརྩོན་ཅིང་གདུག་པ་འདུལ་བར་རྗེས་སུ་གནང་བ་ཡིན་ནོ། །མེ་ཏོག་འཐོར་ལ་ཤིས་བརྗོད་བྱ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་གཟུང་བ་ཕྱིན་དབང་རྗེས་སྤྱི་ལྟར་བྱ། མདུན་བསྐྱེད་ལ་ལས་བྱང་ལྟར་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། ནོངས་བཤགས་དང་ཡིག་བརྒྱ་བརྗོད། རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བདག་བསྐྱེད་གང་ལ་བརྟེན་པ་དེའི་ལུགས་ལྟར་བྱའོ། །རྒྱུ་ཡི་ནད་གདོན་ཡེ་ཤེས་ཕྱག་རྒྱས་ཐེབས། །འབྲས་བུའི་ནད་གདོན་གཉེན་པོའི་སྟོབས་ཀྱིས་བཅོམ། །འདི་དང་གཏན་དུ་ཟག་མེད་བདེ་དགའ་ཡིས། ཁམས་གསུམ་སྐྱེ་དགུ་མཐའ་དག་འཚོ་གྱུར་ཅིག །ཅེས་པའང་རང་འདྲའི་བློ་དམན་དབང་དཔེ་ཁ་ཁྲལ་དུ་ཀློག་པ་རྣམས་ལ་ཕན་པར་བསམས་ནས་རྒྱལ་དབང་པདྨའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བགྱིས་པ་དགེ་ལེགས་འཕེལ།། །།

དག་སྣང་མི་ཏྲའི་སྙིང་ཐིག་ལས། ཚེ་སྐོར་སྒྲུབ་ཐབས་སོགས་ཁྲིགས་སུ་བསྡེབས་པ་ཚེ་དང་ཡེ་ཤེས་མཆོག་གི་དཔལ་སྟེར (Volume 49, Text 23)

༄༅། །དག་སྣང་མི་ཏྲའི་སྙིང་ཐིག་ལས། ཚེ་སྐོར་སྒྲུབ་ཐབས་སོགས་ཁྲིགས་སུ་བསྡེབས་པ་ཚེ་དང་ཡེ་ཤེས་མཆོག་གི་དཔལ་སྟེར་བཞུགས། ། ཟླ་ཞུན་བདུད་རྩིའི་སྒེགས་པའི་མཚན་དཔེའི་འཛུམ། །དུས་ཀྱི་མུན་པ་མཐར་བྱེད་ག་པུར་འོད། །མཐའ་ཡས་སྲས་བཅས་རྒྱལ་བས་བསྔགས་དེ་ཡིས། །ཚེ་དང་ཡེ་ཤེས་ཀུན་མུཏ་རྒྱས་པར་མཛོད། །འདི་ལ་བཞི། ལྷ་ཡི་བསྐྱེད་བཟླས། དབང་གི་ཆོ་ག །ལས་སྦྱོར། ནང་དང་གསང་བ་མཆོག་གི་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོའི་ཐོག་མ་སྐྱབས་འགྲོ་ནི། གཙང་མའི་གནས་སུ་བདེ་བའི་སྟན་ལ་འཁོད་པས་ཚོགས་ཞིང་གསལ་བཏབ་སྟེ། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཧོ༔ མ་གྱུར་རིགས་དྲུག་སེམས་ཅན་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། བཞི་པ་འགལ་རྐྱེན་བསལ་བ་ནི། ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊཿ ཧཱུྃ་ཧཱུྃ་ཧཱུྃ། སུམྦྷ་ནིས་གཟིར། བཛྲ་ཛྙཱ་ན་རཀྵ་རཀྵ་བྷྲཱུྃཿ ལྔ་པ་མཐུན་རྐྱེན་སྒྲུབ་པ་ནི། ཨོཾ་ཨཱཿཧཱུྃ༔ གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པར་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ གཉིས་པ་དངོས་གཞིའི་དང་པོ་ལྷ་བསྐྱེད་ནི། ཨ༔ སྟོང་པའི་ངང་ལས་སྙིང་རྗེའི་རྩལ༔ ཨ་ཡིག་དཀར་པོ་འོད་འབར་ལས༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ སྟོན་ཟླའི་མདོག་ཅན་ཞི་ཞིང་འཛུམ༔ མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་ཟེར་གཟི་བརྗིད་ལྷམ་མེར་གསལ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ཡིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཧྲཱི༔ གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས༔ གཞི་སྣང་སོ་སོར་ཀུན་རྟོག་པ༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ འོད་སྣང་མཐའ་ཡས་ཚེ་དཔག་མེད༔ གནས་འདིར་བྱིན་རློབས་དབང་མཆོག་སྐུར༔ ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སཏྭ་ས་མ་ཡ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་ཕྱག་འཚལ་བ། ཧྲཱི༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་པ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ གཉིས་འཛིན་བྲལ་བ་ལྟ་བའི་ཕྱག༔ དག་མཉམ་ཆོས་སྐུའི་དབྱིངས་སུ་འཚལ༔ ན་མོ་ན་མ་མི༔ བཞི་པ་མཆོད་པ་ནི། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་སྩོལ༔ སརྦ་པཱུ་ཛ་ཧོ༔ ལྔ་པ་བསྟོད་པ་ནི། ཧྲཱི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ གདོད་མའི་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དྲུག་པ་བཟླས་པ་ནི། ཐུགས་དཀར་ཟླ་སྟེང་ཨ་ཡིག་མཐར༔ གཟུངས་སྔགས་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་བཟླ་ཐུན་མཐར། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་དཔག་མེད་ཀྱི་གཟུངས་རིང་ཡང་ཅི་ནུས་དང་། ཚེ་འགུགས་གཞུང་ངམ་ཟུར་བྱང་ལྟར་སྦྱར་ལ། དབྱངས་གསལ་རྟེན་སྙིང་ཡང་བཟླ། ཚོགས་མཆོད་དགོས་ན་ཟུར་བྱང་རྗེ་བླ་མས་མཛད་པ་སྦྱར། གསུམ་པ་རྗེས་ལ་ཡི་གེ་བརྒྱ་པས་ནོངས་པ་བཤགས། དང་པོ་བསྡུ་ལྡང་ནི། ལྷ་སྣང་འོད་གསལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ གཉིས་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས་སོགས། གསུམ་པ་ཤིས་བརྗོད་ནི། འཆི་མེད་རྡོ་རྗེ་མི་ཏྲ་དང་། །པད་འབྱུང་ཚེ་དཔག་མེད་པ་ཡིས། །བྱིན་གྱིས་བརླབས་པས་སྐྱེ་འཆི་མེད། །རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་སྤྱོད་ལམ་ལ་འཇུག་པར་བྱའོ།། ༈ །།གཉིས་པ་དབང་གི་ཆོ་ག་ནི། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའམ། མཎྜལ་ལ་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫིའི་ཁར་བུམ་པ་ཚེ་རྫས་བཏབ་པ་རྒྱུན་འབབ་ཀྱི་ཆུས་བཀང་བ་དང་། དེའི་གཡས་སུ་ཅོང་ཞི་དང་། བྲག་ཞུན། འབྲས་བུ་གསུམ། རྩ་བ་ལྔ། དབང་ལག་སོར་མོ་ལྔ་པ། རྟག་ངུ་། བླ་མ་གྲུབ་ཐོབ་ཚེའི་རིག་འཛིན་བརྙེས་པའི་དྲི་ཆེན་དྲི་ཆུ་རྙེད་ན་དང་། མ་འབྱོར་ཚེ་བདུད་རྩི་ཆོས་སྨན་བཏབ་པའི་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་སོར་ཚད་ཀྱིས་འཇལ་བ་བཀོད། མཐའ་སྐོར་དུ་ཉེར་སྤྱོད་ཀྱི་མཆོད་པ་བསྐོར་བཤམས། རྒྱབ་ཏུ་ཞི་གཏོར་དཀར་ཟླུམ་དང་། གཡས་གཡོན་དུ་སྨན་རཀ །སྔོན་འགྲོ་དཀར་བགེགས། ཚོགས་དང་བཀའ་སྲུང་གི་མཆོད་གཏོར་བཅས་འདུ་བྱས་ལ། བརྒྱུད་འདེབས། སྐྱབས་སེམས་ཡན་ལག་བརྒྱད་པའི་མཐར། བགེགས་གཏོར་སྤྱི་ལྟར་བསྔོ། མཆོད་པ་བྱིན་རླབས་ནས་བརྩམ་བསྟོད་པའི་བར་ལས་བྱང་དཀྱུས་ལྟར་གཏང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱི༔ ཕཊ་ཛཿ ཞེས་སྦྱར་བས་ཛཔ྄་ཁང་དབྱེ། ལས་བྱང་ལྟར་བཟླས་པ་འོས་སྟུན་དང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་ལྷུན་གྱིས་རྫོགས་པའི་དབུས་སུ་མགོན་པོ་ཚེ་མཐའ་ཡས་པ་བཞུགས་པའི་སྐུ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང་། བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཅེས་དམིགས་ལ་བཟླས་པ་ཅུང་ཟད་བྱ། ལས་བུམ་དུ་དཔལ་རྟ་མཆོག་རོལ་པ་ཐོད་དབྱུག་དང་སྡིགས་མཛུབ་མཛད་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་པར་མོས་པས་ལས་སྔགས། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་སོགས་བཟླ། རྗེས་ཚེ་འགུག་དང་། དབྱངས་གསལ་ཡིག་རྒྱ་རྟེན་སྙིང་བཟླས་མཐར། མཆོད་བསྟོད། ཨོཾ་ཨཱཿཧཱུྃ། ཞེས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་ལྷ་འོད་ཞུ་བྱ། ཟུར་བྱང་གི་ཚོགས་མཆོད་བར་པ་དངོས་གྲུབ་ཏུ་རོལ་པའི་བར་གཏང་། གྲུབ་ན་བདག་འཇུག་དང་མ་ལྕོགས་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། སློབ་མ་སྒོ་དྲུང་དུ་འདུས་པ་ལ་ཁྲུས་ནས་དབྱུང་། ནང་དུ་འཇུག་པ་དང་བགེགས་བསྐྲད། སྲུང་འཁོར་བསྒོམ། ཆོས་བཤད་ཇི་ལྟར་རིགས་པ་དང་། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་བསྒྲུབ་གཞི། ཟག་མེད་ཀྱི་ཡོན་ཏན་མཐའ་དག་འབྱུང་བའི་གནས་དེ་བཞིན་གཤེགས་པའི་གསང་བ་མ་ལུས་པའི་མཛོད་དམ་པ་ནི། ཆོས་སྐུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མཐར་ཐུག་པ་སྟེ། དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་གོ་འཕང་ལས་ནམ་ཡང་ཉམས་པ་མེད་པའི་གསུང་རྡོ་རྗེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དཔྱིད་ཀྱིས་སྒེག་པའི་རྗེས་ཆགས་རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས་སྐུ་གསུམ་ཞིང་ཁམས་རབ་འབྱམས་མངའ་དབང་བསྒྱུར་པ་ལས། བྱིན་རླབས་དང་དངོས་གྲུབ་མྱུར་བ་ལ་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་དང་། ཐབས་མཁས་སྙིང་རྗེའི་ཆོ་འཕྲུལ་མི་ཟད་པས་པདྨའི་རིགས་ཀྱི་དཀྱིལ་འཁོར་ཉིད་དངོས་གྲུབ་ཀྱི་འཇུག་པ་མྱུར་བའི་ཚུལ། སྨིན་གཏེར་གར་དབང་ཚེ་དཔག་མེད་པའི་ལོ་རྒྱུས་ལས། ལྷ་གཞན་བསྒྲུབས་ཀྱང་ང་ཉིད་སྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་སྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་རྒྱུ་མཚན་དང་དགོས་པ་དུ་མས་བསྔགས་པ་ལྟར་པདྨའི་རིགས་ཀྱི་ཁྱབ་བདག་དཀྱིལ་འཁོར་དབང་ཕྱུག་ཆེན་པོའི་སྒྲུབ་ཚུལ་རྨད་དུ་བྱུང་བ་འདི་ནི། ཤིན་ཏུ་སྙིགས་མར་གྱུར་པའི་སྡུག་བསྔལ་གྱི་ཟུག་རྔུས་བསྟན་དང་ཡིད་ཅན་མཐའ་དག་ཉམས་པར་གྱུར་པ་འདི་ལྟ་བུའི་སྐབས་སུ་ཡང་། སངས་རྒྱས་ཀྱི་ཕྲིན་ལས་ནམ་ཡང་དུས་ལས་ཡོལ་བ་མེད་པས་རྒྱལ་ཀུན་ཡེ་ཤེས་ཕུང་པོ་རྗེ་བཙུན་འཇམ་པའི་རྡོ་རྗེ་འཇིག་བྲལ་གྱི་སློབ་དཔོན་ཆེན་པོའི་ཚུལ་དུ་སྣང་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབས་ཆེན་པོ་རྣམ་པ་བདུན་དུ་བཞུགས་པའི་བྱེ་བྲག །ཟབ་མོ་དག་སྣང་གི་ཆ་ཤས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ། འཕགས་ཡུལ་གྲུབ་པའི་དབང་ཕྱུག་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་ངོ་མཚར་བའི་རྣམ་ཐར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་གང་གིས། དག་པ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་བསྩལ་པའི་ཟབ་ཏིག་རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ཁྱད་པར་ཅན་གྱི་རིམ་པ་དབང་གི་ཆོ་ག་བགྱིད་པ་ལ། ཕྱི་ནང་གསང་བ་མཆོག་གི་སྒྲུབ་ཚུལ་དང་སྨིན་གྲོལ་གྱི་རྣམ་གཞག་བཞུགས་པ་ལས། དང་པོ་ཕྱི་སྒྲུབ་ཚེ་དཔག་མེད་དཀར་པོའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པའི་སྐབས་སུ་བབས་པ་སྟེ། དེ་ལ་བདག་གི་བགྱི་འོས་རྣམས་སོང་ཟིན་ནས། སློབ་མས་དཀྱིལ་འཁོར་དུ་འཇུག་སྟེ་སྨིན་པར་བྱ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཡེ་ཤེས་ཆེན་པོ་ཚེ་ཡི་བདག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཆི་མེད་འཐོབ་བྱའི་ཕྱིར༔ རིག་འཛིན་ཚེ་ཡི་དབང་བསྐུར་སྩོལ༔ ཅེས་ལན་གསུམ། ཚོགས་གསག་པའི་སླད་དུ་སྐྱབས་ཡུལ་མདུན་བསྐྱེད་དང་དབྱེར་མེད་པའི་བཅོམ་ལྡན་འདས་ཚེ་དཔག་མེད་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་པས་བསྐོར་བ་ལ། འདི་ནས་བྱང་ཆུབ་ཀྱི་བར་ཡིད་ཆེས་རྩེ་གཅིག་པས་སྐྱབས་སུ་འགྲོ་བ་དང་། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསག་སྦྱང་གི་སྙིང་པོ་ཡན་ལག་བརྒྱད་པ་རྣམས་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་ལྟར་མཛོད། སྣོད་བཅུད་ཀྱི་ཆོས་ཀུན་མི་དམིགས་འོད་གསལ་སྟོང་ཉིད་དུ་དག་པའི་ངང་ལས། ཡེ་ཤེས་ཀྱི་རང་རྩལ་འོག་མིན་བདེ་ཆེན་པདྨོ་བཀོད་པ་ཆེན་པོའི་ཆོ་འཕྲུལ་འབྱམས་ཀླས་པའི་དབུས་སུ། པད་ཟླའི་སྟེང་དུ་སློབ་མའི་སེམས་ཉིད་ཨ་ཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མགོན་པོ་དཀྱིལ་འཁོར་གྱི་དབང་ཕྱུག །སྐུ་མདོག་དཀར་གསལ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་མདོག་ཅན། མཚན་དཔེའི་མེ་ཏོག་བལྟ་ན་སྡུག་པས་མཛེས་པར་སྒེགས་པ། ཤིན་ཏུ་བཟང་པོའི་ངང་ཚུལ་གྱི་ཞལ་ཅན་ཞི་ཞིང་འཛུམ་པ། ཕྱག་མཉམ་གཞག་གི་སྟེང་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་གིས་བཞུགས་ཤིང་། ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་དྲུག་གིས་སྤྲས་པ། སྣང་སྟོང་གཉིས་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཅན་དུ་གསལ་བའི་གནས་གསུམ་གྱི་ཡི་གེའི་འོད་ཟེར་སྤྲོ་བསྡུ་དང་། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པ་ལ་དད་མོས་གདུང་ཤུགས་དྲགས་པོས་བསྐུལ་བས་ཕྱོགས་དུས་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་སོགས་ནས་མགོན་པོ་ཚེ་དཔག་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་བཞིན་བྱོན་ནས་ཁྱེད་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། ལས་བྱང་གི་སྤྱན་འདྲེན་བརྗོད། སྤོས་རོལ་དང་བཅས་བྱིན་དབབ། ཏིཥྛ་བཛྲ་བརྗོད་དེ་བརྟན་པར་བྱ། སླར་ཡང་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བས་ཁྱབ། བརྟན་གཡོ་དྭངས་མར་བཞུས་པའི་བཅུད་དང་། བླ་མ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་ཚེ། ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་འཐོར་རལ་དང་ཞིག་པ་ཐམས་ཅད་དབང་མེད་དུ་བསྡུས་ནས། མདུན་གྱི་སྒྲུབ་རྫས་དང་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །མདའ་དར་གཡབ་ཅིང་སྤོས་རོལ་དབྱངས་དང་བཅས་ཏེ། ཨ༔ གདོད་མའི་མགོན་པོ་སོགས་ཚེ་འགུག་སྔགས་བཅས་བརྗོད། དེ་ནས་དབང་དངོས་ལ། དང་པོ་སྐུ་བུམ་པའི་དབང་གི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། འཆི་མེད་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་གང་བའི་རིན་པོ་ཆེའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས༔ འོད་ཞུ་བདུད་རྩིའི་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱིར་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །བུམ་པའི་དབང་ཐོབ། ལུས་སྐྱེ་འཆི་མེད་པ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས་མཛོད། གཉིས་པ་གསུང་བདུད་རྩིའི་དབང་གི་སླད་དུ། བླ་མ་ཚེ་དཔག་མེད་པའི་བདེ་སྟོང་བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་མྱང་བར་མོས་མཛོད། ཨཱ༔ རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་གཏམས༔ བདེ་སྟོང་རོལ་པའི་དབང་བསྐུར་བས༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐོད་པ་མགྲིན་པར་བཞག་ཅིང་བདུད་རྩི་མྱང་། བདུད་རྩི་མགྲིན་པ་ནས་བརྒྱུད་དྭངས་མའི་ཐིག་ལེ་དང་འདྲེས། ལུས་ཀྱི་ནང་གི་ཁམས་ཐམས་ཅད་ལ་ཁྱབ། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་དུག་གསུམ་གྱི་རྟོག་པ་འགག །ངག་ལས་རླུང་གི་རྒྱུ་བ་དབྱིངས་སུ་འཆིང་། གསུང་གཞོམ་མེད་རྡོ་རྗེའི་ཡེ་ཤེས་འཕོ་མེད་ནཱ་དའི་ཚེ་གྲུབ་པར་མོས་མཛོད། གསུམ་པ་ཐུགས་རིལ་བུའི་དབང་བསྐུར་བ་ལ། བླ་མ་ཚེ་དཔག་མེད་པའི་ཐུགས་བདེ་སྟོང་རྣམ་པ་ཐམས་ཅད་པའི་ཡེ་ཤེས་རིལ་བུའི་གཟུགས་སུ་ཤར་བ། བརྟན་གཡོ་སྲིད་བཞིའི་དྭངས་བཅུད་མ་ལུས་པ་འདུས་པའི་བདག་ཉིད་ཅན་རྡོ་རྗེ་ལྕེ་ཡི་ལམ་བརྒྱུད་སྙིང་དབུས་མི་ཤིགས་པའི་ཐིག་ལེའི་གསོས་སུ་བྱིན་པར་མོས་མཛོད། ཧཱུྃ༔ འཁོར་འདས་དྭངས་མ་ཀུན་བསྡུས་པའི༔ ཡེ་ཤེས་མཆོག་གི་དམ་ཚིག་རྫས༔ ར་ས་ཡཱ་ནའི་དབང་བསྐུར་བས༔ འོད་གསལ་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚི་རིལ་སྙིང་ཁར་གཏུགས་ཤིང་སྦྱིན། རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གྱི་ལྷའི་ཡེ་ཤེས་དང་གཉིས་སུ་མེད་པའི་རིལ་བུ་སྙིང་གར་སོན་པས་དྭངས་མ་བདེ་བ་ཆེན་པོའི་ངོ་བོ་དང་གཅིག་ཏུ་གྱུར། ཞུ་བདེ་རྣམ་པར་མི་རྟོག་པའི་ལྷན་སྐྱེས་ཡེ་ཤེས་ཀྱི་དེ་ཉིད་རྒྱུད་ལ་སད་པར་བྱས། མཆོག་ཏུ་མི་འགྱུར་རྡོ་རྗེའི་ཐུགས་ཡེ་ཤེས་ཀྱི་ཚེ་དངོས་སུ་གྲུབ་པར་མོས་མཛོད། སླར་ཡང་བདག་མདུན་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་དང་། ཚེའི་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བརྟན་གཡོ་སྲིད་ཞིའི་ཚེ་ཡི་དྭངས་བཅུད་མ་ལུས་པ་འཆི་མེད་རྡོ་རྗེ་ཚེ་ཡི་བདུད་རྩིའི་ཟིལ་མངར་གྱི་རྣམ་པར་བསྡུས་ནས། ཁྱོད་རང་གི་སྒོ་གསུམ་ལ་སིབ་སིབ་ཐིམ་ཞིང་གཉུག་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་དང་གཉིས་མེད་གཅིག་ཏུ་འདྲེས་ཤིང་བྱིན་གྱིས་བརླབས་པར་མོས་མཛོད། སླར་ཡང་ཚེ་འགུགས་གཏང་ལ། བཟླས་པ་མང་དུ་བྱ་ཞིང་ཚེ་པྲ་བརྟགས། ལུས་ཀྱི་ནང་གི་ཚེ་ཡི་དྭངས་མའི་བཅུད་ཐམས་ཅད་ཐུགས་སྲོག་ས་བོན་ལ་ཐིམ། གཉུག་མ་མི་ཤིགས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཐིག་ལེ་དང་གཉིས་སུ་མེད་པར་རྒྱས་གདབ་པས་བརྟན་པར་བྱས་པ་མོས་མཛོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །ཨ༔ སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པའི་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྵ་རཀྵ༔ ཡེ་དྷརྨཱ་སྔོན་དུ་འགྲོ་བས་ཤིས་བརྗོད་བྱ། དམ་ཚིག་ཁས་བླངས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་རྗེས་རིམ་མཐར།་་་་་འདི་ནི་དིལ་མཁྱེན་རིན་པོ་ཆེ་༧འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གསུང་ཡིན་ངེས་སུ་འདུག་ཀྱང་། འདི་མན་མཛད་འཕྲོ་ལུས་པའམ་མཇུག་བོར་ཟག་གིས་གནས་སྐབས་མ་རྙེད་ཀྱང་། སླད་ནས་ཐབས་འཚོལ་གྱིས་རྙེད་ན་དཀྱུས་སུ་འཇུག་གལ་ཤིན་ཏུ་ཆེ་བར་དྭགས་པོ་སྤྲུལ་སྐུས་ཞུ་ཞིང་གསོལ་བ་འདེབས་པ་ལགས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དུག་སྲུང་ཀུན་གྱི་མཐར་ཐུག་བདུད་རྩི་འཆི་གསོ་རྟ་རི་མའི་སྦྱོར་སྡེ་ (Volume 45, Text 23)

༄༅། །དུག་སྲུང་ཀུན་གྱི་མཐར་ཐུག་བདུད་རྩི་འཆི་གསོ་རྟ་རི་མའི་སྦྱོར་སྡེ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡཻ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཚོན་ཆ་ལས་ཀྱི་འཁོར་ལོ་རྨ་བྱའི་དུག་མཚོ་ཁོལ་མ༔ བསེ་ཤིང་ནག་པོའི་རྒྱུད༔ རང་སྲུང་ལེའུ་ལས་བཏུས་པ་འདི་ཁོ་ནའོ༔ ཁ་ཐཾ་རྒྱ་རྒྱ་རྒྱ་ས་མ་ཡ༔ ལྕགས་རྩི་བླངས་པའི་གསེར་མདོག་གིས༔་་་ཨ་རུ་ར་གསེར་མདོག་ཞོ་གང་རྩི་གུ་མེད་པ་ལྕགས་གཡའ་ལེན་ལུགས་འོག་ཏུ་གསལ་ལོ། །ཤིན་ཏུ་འཇིགས་པའི་དབྱིག་དུག་སྲུང༔ དུག་ཀུན་སེལ་བའི་སྨན་གཅིག་པོ༔་་་ཨ་རུ་ར་འཇིགས་བྱེད་ཞོ་གང་། སྦྱར་དུག་མ་ལུས་ཀུན་དག་སྲུང༔ བདུད་རྩི་སྣུམ་ལྡན་སྟོབས་ཀྱིས་ནི༔་་་རྒྱལ་པོ་རེ་རལ་དང་བདེ་སྐྱེམ་རེ་རལ་ཞོ་གང་། རྩི་དུག་འདྲེས་པའི་ཟས་ངན་སྲུང༔ ལྷན་ཅིག་སྐྱེས་པའི་དྲི་ལྡན་གྱིས༔་་་ཨར་ནག་ཞོ་གང་། གདུག་པ་དུག་གིས་ཟིན་མི་འགྱུར༔ འབྲུ་མར་དཀར་ཟླུམ་ས་བོན་གྱིས༔་་་རྒྱལ་པོ་ཡུངས་དཀར་བུད་མེད་ཀྱིས་མ་རེག་པ་ཞོ་གང་། ཟས་དུག་མོད་ལ་སྐྱུགས་པར་བྱེད༔ སྤྱི་བོ་སྲུང་བའི་་་བསེ་རུ།གཉན་པོ་གཞན༔ དུག་འཇོམས་རྨ་བྱའི་སྒྲོ་གཞོབ་ཀྱིས༔་་་ཞོ་ཕྱེད་བཟོ་ལུགས་འོག་ན་གསལ། དུག་སྒོ་ཕྱོགས་ཀྱི་འཇིགས་ལས་སྐྱོབ༔ རྩི་མཆོག་རྒྱལ་པོ་མ་གི་ཏས༔ མ་ཧེའི་དུག་དང་མ་རུངས་འགེགས༔ ཆིག་ཐུབ་་་དཔའ་བོ།དཀར་པོའི་རྩ་བ་ཡིས༔ སྔོ་དུག་འདྲེས་པའི་ཟས་ངན་སྲུང༔ བཟང་པོ་དྲུག་གི་ཁ་སྲུང་གིས༔་་་ཛཱ་ལི་ཀོ་ཅུ་རྣམས་སེ་བ་གསུམ་རེ། གུར་སུག་གཉིས་སེ་བ་བཞི། གླ་རྩི་ཞོ་ཕྱེད། དོན་ལྔ་སྣོད་དྲུག་ནད་རྣམས་སེལ༔ ཆར་ཉུང་སྐམ་པའི་ཁཎྜ་ཡིས༔་་་ཉུང་མ་སྐམ་པོའི་ཁཎྜ། མི་འཕྲོད་པ་ཡི་དུག་རྣམས་ཀུན༔ སྒོ་འབྱེད་རྩི་འཛིན་ཁུ་བ་ནི༔་་་སྤྱི་བཞུར་ཞོ་གང་། སེང་གེའི་འོ་མར་་་ག་པུར།རབ་ཏུ་བསྟེན༔ བཅུ་གཉིས་ལྡན་པའི་སྟོབས་ཀྱིས་ནི༔ དུག་ལས་རྣམ་པར་རྒྱལ་འགྱུར་ཏེ༔ པདྨར་ཆུ་མི་ཆགས་པ་ལྟར༔ ལུས་ལ་དུག་གིས་ཉེ་མི་ནུས༔ རིན་ཆེན་བསེ་ཡི་གྭ་འུར་བཅང༔ གྲོགས་སུ་ག་པུར་ཐུན་བཞི་བསྡེབ༔ འདི་ལྟའི་མན་ངག་སྙིང་ཐིག་འདི༔ རྒྱ་ནག་ཞང་ཞུང་ཧོར་དང་རྩི༔ གྲུ་གུ་མོན་དང་མུ་སྟེགས་བོན༔ རིན་ཆེན་ས་རྡོ་སྲོག་ཆགས་སོགས༔ དུག་རིགས་སྟོང་དང་རྩ་བརྒྱད་པོ༔ འདི་ཡིས་མི་བསྲུང་གང་ཡང་མེད༔ དཀོན་མོད་རྒྱལ་ཁམས་ཡོངས་ལ་དྲིས༔ གཅེས་ཀྱང་བུ་ལ་མི་སྦྱིན་ཞིང༔ དབུལ་ཡང་ནོར་ལ་མི་འཚོང་བ༔ རིན་ཆེན་སྲོག་ནི་བསྲུང་བའི་ཕྱིར༔ རང་གི་སྙིང་གི་དབུས་སུ་སྦ༔ དྲང་སྲོང་བོང་ཆུང་མདོག་དམར་ཤེས་རབ་ཅན༔ ལས་ཅན་ལྕང་སྨན་དེ་དང་འཕྲད་པར་ཤོག༔ དེ་འཕྲད་འགྲོ་བ་དཔག་མེད་རྣམས༔ ཉོན་མོངས་དུག་ལས་གྲོལ་བར་ཤོག༔ ས་མ་ཡ༔ ཁ་ཐཾ་རྒྱ་རྒྱ་རྒྱ༔ བྲག་ནག་མདའ་སྒྲོ་ནས་ལྕང་སྨན་དོན་གྲུབ་དར་གྱིས་གཏེར་ནས་བཏོན་པའོ། །འདི་ཡི་ཞལ་ཤེས་སྨན་གྱི་མང་ཉུང་ཚད་རྣམས་དང་། གབ་རྣམས་སེལ་བ་མཆན་བུ་ལྟར་ལགས་ཤིང་། སྦྱར་བའི་ལག་ལེན་ནི། ལྕགས་རྩི་བླངས་པའི་གསེར་མདོག་ཅེས་པ། ཨ་རུ་ར་རྣམ་རྒྱལ་རུས་པ་ཕུད་པ་ཞོ་གང་ཞིབ་ཏུ་བྱས་པ་ལྕགས་སྣོད་གཙང་མར་བླུགས་ལ། སྤྱི་བཞུར་ཁུ་བ་བླུག་ཅིང་ལྕགས་ཐུར་གྱིས་དཀྲུག །སྣག་ཚ་ལྟར་སོང་བ་དེ་སྨན་གཞན་དང་བསྲེའོ། །རྨ་བྱའི་སྒྲོ་གཞོབ་ནི། རྨ་བྱའི་མདོངས་རྐང་དང་བཅས་པ་ཞོ་ཕྱེད་ཤོག་བུས་དྲིལ་ལ་འདག་པ་མེ་ཐབ་ཀྱི་ནང་དུ་བཅུག་ལ་ཅུང་ཟད་བསྲེགས་པའི་གཞོབ་དང་། བཟང་པོ་དྲུག་ནི། ཛཱ་ཏི། ལི་ཤི །ཀ་ཀོ་ལ། ཅུ་གང་སེ་བ་གསུམ་ལ། གུར་གུམ་སུག་སྨེལ་གཉིས་སེ་བ་བཞི་དྲིལ་བའི་ཞོ་གང་། དེ་རྣམས་རྩི་བཞིན་དུ་བཏགས་ལ། སྤྱིར་བཞུར་ཞོ་གང་གི་ཁུ་བས་འདམ་འཐག་ཉིན་གཅིག་བྱ། གླ་རྩི་ནི་རིལ་བུ་དྲིལ་ཁར་འདེབས། རིལ་བུ་སྲན་མ་ཙམ་བྱས་ལ་སྐམ་ཚོམ་སོང་བ་དང་། རིལ་ཆགས་ཉིན་ཕྱེད་བྱ། སྐམ་ཆགས་རིན་པོ་ཆེའམ། བསེ་ཡི་གྭའུ་རླུང་མི་འཆོར་བའི་ནང་དུ་བཙལ་ལ། ག་པུར་ཐུན་གཅིག་གྲོགས་སུ་བཞག་ལ། ཁ་སྤྲ་ཚིལ་གྱིས་བསྡམ། སྨན་འདི་གཏང་བའི་ལག་ལེན་ནི། ཚེས་གཅིག་གམ་གནམ་གང་གི་དགོང་། ལྷ་ཆུ་སིལ་མས་འབྲུ་བདུན་སྦངས་པའི་ཁུ་བ་བཏུང་ལ། ཐོ་རངས་ལྕེའི་བད་སྣབས་བཞར་ལ་ལོ་གཅིག་ཐུབ་པར་འདོད་ན་རིལ་བུ་བཅུ་གཉིས་མིད། ཟླ་གཅིག་སྲུང་བ་ལ་རིལ་བུ་གཅིག །ནམ་དཀར་བ་དང་འབྲི་མར་བྱ་སྒོང་ཙམ་བཞུས་ལ། དོམ་མཁྲིས་དང་གུར་གུམ་གཉིས་ཐུན་རེ་ཞིབ་ཏུ་བྱས་ལ་མར་ཁུར་བཏབ་སྟེ་བཏུང་། དེ་ནས་ཉི་ཤར་བར་སྤྱོད་ལམ་ཤིན་ཏུ་དལ་བར་སྡོད། གུང་ཚིགས་དུས་ཟས་སྐོམ་སྣ་ཚོགས་གཅིག་བརྟེན། དེ་ནུབ་བུད་མེད་སྤང་། རིལ་བུ་རེ་རེས་ཟླ་བ་རེ་ལ་ཉམ་ང་མེད། བཤལ་སྐྱུགས་གཟེར་སོགས་འཇིགས་པ་བྱུང་ཚེ་རིལ་བུ་བསྐྱར་ལ་གཏང་། བྱུང་བ་གསོ་བ་ལའང་མཆོག་གོ །འདི་ནི་བཙན་པོ་མཁར་གཞུག་རྟ་རི་མའི་མན་ངག་རིལ་བུའི་སྦྱོར་ཐབས་ལྕང་སྨན་དོན་གྲུབ་དར་གྱི་གཏེར་མ་དང་། ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་ཟབ་གཏེར་གུ་རུ་དྲག་དམར་གྱི་ཆ་ལག་དུག་སྲུང་ཡིད་བཞིན་ནོར་བུ་ཟུང་དུ་འབྲེལ་བའི་ཕྱག་ལེན་ཟབ་ཏིག་གོ །སརྦ་མངྒ་ལཾ།། །། ༄༅༔ རིན་ཆེན་སྲོག་གི་རྫོང་ཆེན་བཞུགས༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ མཐའ་མི་ཐམས་ཅད་དབུས་སུ་བསླེབས༔ རྗེས་འབྲངས་དམ་སྲི་ཕོ་མོས་བྱེད༔ སྐྱེས་པ་བུད་མེད་སྙིང་དུ་ཞུགས༔ ཚེ་ལ་རྐུ་ཞིང་སྲོག་ལ་གཟན༔ ཁྱད་པར་གདུག་པའི་དུག་སྦྱོར་གྱིས༔ སྙིང་ཉེའི་གྲོགས་ལ་ཧུར་ཐུམས་གཏོང༔ དེ་འདྲའི་དུས་ངན་ཤར་ཙ་ན༔ རིན་ཆེན་སྲོག་གི་ཆད་མཐུད་འདི༔ སྐྱེས་བུ་གང་གིས་ཉམས་བླང་ན༔ རྡོ་རྗེའི་མཁར་རྫོང་ཞུགས་དང་འདྲ༔ ཚེ་བདག་པདྨའི་ཁྱད་ཆོས་སོ༔ ས་མ་ཡ༔ དེ་ལ་དང་པོ་སྲུང་བ་ལ༔ སྒོམ་བཟླས་ཀྱིས་སྲུང་བ་ནི༔ ཐོ་རངས་བྱ་རོག་གི་སྐད་མ་གྲགས་པའི་གོང་དུ་ལངས་ལ༔ རང་ཉིད་རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ལུས་ལྗང་གུ་འོད་ཟེར་སྣ་ཚོགས་འཕྲོ་བ༔ མཆུ་སེར་པོ༔ མིག་དང་རྐང་ལག་དམར་པོ༔ རྒྱུ་དང་མི་རྒྱུའི་དུག་ཐམས་ཅད་བཅུད་དུ་ལེན་པར་བསམ་ལ་སྨྲ་བ་བཅད་དེ་སྔགས་འདི་བཟླས་སོ༔ ཨོཾ་བྷི་ཧུ་ནཱ་ག་ལ༔ ཙན་དྷུ་ཧ་ཧུ་བྷི་ཥ༔ མ་ཧཱ་བྷི་ཥ་མ་ཧི་ཧོ༔ མི་དྷི་དུ་ཁ་ཡི་ཧོ༔ ཤིན་སཏྭམྦྷ་ན་སྭཱ་ཧཱ༔ ཞག་རེ་ལ་བདུན་རེ་བཟླ༔ དེ་ལས་མང་བར་མི་བཟླའོ༔ ཤ་དུག་ལ་བློར་ཡོད་པས་ཐུབ་བོ༔ སྨན་གྱིས་སྲུང་བ་ནི༔ ཨ་རུ་གསེར་མདོག་ལྕགས་རྩི་བླང༔ སྤྲིན་བྲལ་བཅོ་ལྔའི་ཟླ་འོད་བདུག༔ བསེ་རུ་མེ་ཉོག་རྩི་ཧྲོག་བསྲེག༔ གླ་རྩི་སྤྱི་བཞུར་ཁུ་བས་བསྲིང༔ བཟང་དྲུག་གི་ཝཾ་ཐུན་རེ་བསྡེབ༔ ཆར་ཉུང་ཁཎྜས་རིལ་བུ་དྲིལ༔ སྔགས་ཀྱིས་ངར་བཏགས་ཟླ་རེ་ལ༔ ཚེས་གཅིག་ཐོ་རེངས་རིལ་བུ་གསུམ༔ རྩ་ཁ་འབྱེད་པའི་སྦྱོར་བས་བརྟེན༔ རྗེས་གཅོད་ཞུན་མར་བཟང་པོ་ལ༔ ཁ་ཆེ་དོམ་མཁྲིས་སྦྱར་བ་བཟའ༔ འཇིགས་ཅི་བྱུང་ན་བསྐྱར་ལ་གཏང༔ སྲུང་དང་གསོ་བ་ཀུན་ལ་མཆོག༔ རྟེན་འབྲེལ་གྱིས་སྲུང་བ་ནི༔ རྨ་བྱའི་མདོངས་མ་ཉམས་པ༔ དབང་པོའི་རིལ་བུ༔ རིན་པོ་ཆེ་སྣ་ཚོགས༔ མཐིང་ཤོག་ལ་གསེར་གྱིས་བྲིས་པའི་ཀྲིཾ༔ དེ་རྣམས་གཙུག་ཏུ་གདགས་སོ༔ རིག་པས་སྲུང་བ་ནི༔ གོང་གི་སྔགས་གསེར་གྱིས་བྲིས་ལ་རབ་ཏུ་གནས་པ་དང་བཅས་བཅང་ངོ༔ བརྟག་པ་ནི༔ ཨ་རུ་རའི་ཐང་ལ་བསེ་རུ་དང་གླ་རྩི་ཐུན་རེ་བཅས་སྔགས་ཀྱིས་བཏབ་ལ་བཏང་བས་སྨན་ཞུ་བའི་ཚོད་ཙམ་ལ་བཤལ་སྐྱུགས་གཟེར་གསུམ་བྱུང་ན་དུག་ཡིན་ངེས་སོ༔ དེ་ནས་བསལ་བ་ལ་ཡུན་རིང་ལོན་ན་འོམ་བུའི་ལོ་མའི་ཐང་ལ་ཕག་ཁྲག་སྦྱར་བས་བསྡུ༔ གསོད་པའི་སྨན་ནི་སྲུང་བའི་སྨན་དེ་ག་ལ༔ བོང་ང་དཀར་པོ༔ དཔའ་བོ་དཀར་པོ༔ ཡུ་གུ་ཤིང་གི་ཁཎྜ་རྣམས་བསྣན་ལ་བྲག་སྐྱ་ཧ་བོའི་ཐང་གིས་ཕུལ༔ སྨན་ནམ་གཏོང་ལ་སྔགས་བདུན་རེ་བཏབ༔ ལྷག་མ་ལུས་ན༔ སྲུང་བའི་སྨན་དང༔ ཨ་རུ་ར་མཆུ་སྙུང༔ དནྟ༔ ཤྲཱི་ཁཎྜ༔ དུར་བྱིད་རྣམས་སྦྱར་བས་བཤལ་ལོ༔ རྗེས་ཟས་དང་སྤྱོད་ལམ་ཡུན་རིང་དུ་གཟབ༔ དེ་ལྟར་མ་འཁྲུལ་གནད་བརྟེན་པས༔ དུག་གིས་སྲོག་དང་བྲལ་མི་སྲིད༔ བུ་དང་སྙིང་འདྲའི་སློབ་མ་ལ༔ གདམས་པ་བཀའ་རྒྱས་བཏབ་ལ་བཞག༔ ཅེས་ཆོས་རྒྱལ་ལ་གདམས་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ ཁ་ཐཾ༔ རོང་སྨན་ཉི་མའི་འོད་ཀྱིས་རྫ་རིན་ཆེན་སྤུངས་པ་ནས་བཏོན། ལྷ་རྗེ་མདོ་སྟོན་ཆོས་མགོན་ལ་བརྒྱུད་དོ། །ཤུ་བྷཾ།། །།

མཆོག་གླིང་དག་སྣང་སེང་གདོང་ཟློག་པའི་འགྲེས་བྱང་ (Volume 33, Text 23)

མཆོག་གླིང་དག་སྣང་སེང་གདོང་ཟློག་པའི་འགྲེས་བྱང་། རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་དགྲ་ལ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དགྲ་ལ་ཟློག༔ སངས་རྒྱས་ཆོས་ཀྱི་བདེན་ཚིག་དགྲ་ལ་ཟློག༔ མུ་སྟེགས་གདུག་པའི་ངན་སྔགས་དགྲ་ལ་ཟློག༔ བན་བོན་སྔགས་པའི་བྱད་ཕུར་དགྲ་ལ་ཟློག༔ མནན་སྲེག་འཕང་པའི་འཕྲུལ་འཁོར་དགྲ་ལ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་དགྲ་ལ་ཟློག༔ ས་ཡི་རྟེན་ཕུར་བུད་པ་དགྲ་ལ་ཟློག༔ བར་གྱི་མཚན་ལྟས་ངན་པ་དགྲ་ལ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ལོ་ཀག་ཟླ་གཤེད་ཐམས་ཅད་དགྲ་ལ་ཟློག༔ མི་མཐུན་མི་འདོད་ཕྱོགས་ངན་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་བྱད་ཕུར་རྦོད་གཏོང་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་འགྲེས་སོ།། ༈ མཆོག་གླིང་དག་སྣང་སེང་གདོང་ཟློག་པའི་འགྲེས་བྱང་། རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་དགྲ་ལ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དགྲ་ལ་ཟློག༔ སངས་རྒྱས་ཆོས་ཀྱི་བདེན་ཚིག་དགྲ་ལ་ཟློག༔ མུ་སྟེགས་གདུག་པའི་ངན་སྔགས་དགྲ་ལ་ཟློག༔ བན་བོན་སྔགས་པའི་བྱད་ཕུར་དགྲ་ལ་ཟློག༔ མནན་སྲེག་འཕང་པའི་འཕྲུལ་འཁོར་དགྲ་ལ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་དགྲ་ལ་ཟློག༔ ས་ཡི་རྟེན་ཕུར་བུད་པ་དགྲ་ལ་ཟློག༔ བར་གྱི་མཚན་ལྟས་ངན་པ་དགྲ་ལ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ལོ་ཀག་ཟླ་གཤེད་ཐམས་ཅད་དགྲ་ལ་ཟློག༔ མི་མཐུན་མི་འདོད་ཕྱོགས་ངན་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་བྱད་ཕུར་རྦོད་གཏོང་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་འགྲེས་སོ།།

རྡོ་རྗེ་ཚེའི་སྐོར་ལས༔ གནམ་ལྕགས་རྡོ་རྗེའི་སྲོག་སྒྲུབ་ཀྱི་རིག་འཛིན་བརྒྱུད་པའི་གསོལ་འདེབས་ (Volume 20, Text 23)

རྡོ་རྗེ་ཚེའི་སྐོར་ལས༔ གནམ་ལྕགས་རྡོ་རྗེའི་སྲོག་སྒྲུབ་ཀྱི་རིག་འཛིན་བརྒྱུད་པའི་གསོལ་འདེབས་བཞུགས་སོ༔ ༁ྃ༔ རྡོ་རྗེ་ཚེའི་སྐོར་ལས༔ གནམ་ལྕགས་རྡོ་རྗེའི་སྲོག་སྒྲུབ་ཀྱི་རིག་འཛིན་བརྒྱུད་པའི་གསོལ་འདེབས་ནི། ྈྈྈ མདུན་གྱི་ནམ་མཁར་དྲིན་ཅན་རྩ་བའི་བླ་མའི་སྤྱི་བོར་བརྒྱུད་རིམ་ཐོ་བརྩེགས་ཀྱི་སྤྱི་བོར་འཆི་མེད་པདྨ་འབྱུང་གནས༔ དེའི་སྤྱི་བོར་མགོན་པོ་ཚེ་དཔག་མེད་གསལ་ལ་གསོལ་བ་བཏབ༔ གནས་གསུམ་འོད་ཟེར་གྱི་ཐུགས་རྗེས༔ བདག་གི་སྒོ་གསུམ་སྨིན་བྱེད་ཀྱི་དབང་བླང་ངོ༔ ཧྲཱི༔ པདྨ་དབང་གི་གཞལ་ཡས་ཆེན་པོ་ནས༔ མ་ཆགས་པདྨ་འབར་བའི་གདན་སྟེངས་སུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཚེ་དཔག་མེད་རིག་འཛིན་པདྨ་འབྱུང་གནས་ལ་ཐིམ༔ ཧྲཱི༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ཡི་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་པས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་དབང་བསྐུར་བྱིན་རླབས་ཐོབ་པར་བསྒོམ༔ སླར་ཡང་གསོལ་བ་འདེབས་པ་ནི༔ ཧྲཱི༔ བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ མགོན་པོ་ཚེ་དཔག་མེད་པས་བྱིན་བརླབས་པས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྲུབ༔ འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

རྡོར་སེམས་ཐུགས་ཀྱི་ཐིག་ལེ་ལས། བདུད་རྩི་སྨན་གྱི་བྱིན་འབེབ་དངོས་གྲུབ་ཆུ་འཛིན་ (Volume 30, Text 23)

༄༅། །རྡོར་སེམས་ཐུགས་ཀྱི་ཐིག་ལེ་ལས། བདུད་རྩི་སྨན་གྱི་བྱིན་འབེབ་དངོས་གྲུབ་ཆུ་འཛིན་བཞུགས་སོ། ། ཧཱུྃ། བྱིན་ཆེན་ངོ་མཚར་བསམ་མི་ཁྱབ། །བརྡལ་བ་ཆེན་པོ་ཐིག་ལེའི་དབྱིངས། །ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། །རྒྱལ་བ་དགོངས་པའི་བརྒྱུད་པ་ཡིས། །སྒྲུབ་མཆོག་རྣམས་ལ་དབང་སྐུར་ཅིག །སྣང་སྲིད་བདུད་རྩིར་བྱིན་གྱིས་རློབས། །ཆོས་ཀྱི་དབྱིངས་ཀྱི་བཅུད་སྡུས་ལ། །རྟོགས་གྲོལ་དུས་མཉམ་མཆོག་སྩོལ་ཅིག །བྱིན་ཆེན་ངོ་མཚར་ལྷུན་གྱིས་གྲུབ། །བཀོད་པ་ཆེན་པོ་ཐིག་ལེའི་དབྱིངས། །རིགས་གསུམ་སེམས་དཔའ་རྣལ་འབྱོར་པ། །རིག་འཛིན་བརྡ་ཡི་བརྒྱུད་པ་ཡིས། །སྒྲུབ་མཆོག་རྣམས་ལ་དབང་སྐུར་ཅིག །སྣང་སྲིད་བདུད་རྩིར་བྱིན་གྱིས་རློབས། །གངས་ཆེན་མཚོ་ཡི་བཅུད་སྡུས་ལ། །ཚོར་གྲོལ་དུས་མཉམ་མཆོག་སྩོལ་ཅིག །བྱིན་ཆེན་ངོ་མཚར་ཁྱད་པར་འཕགས། །རང་བྱུང་ཆེན་པོ་ཐིག་ལེའི་དབྱིངས། །ལྷ་ཀླུ་མི་ཡི་ཚོམ་བུ་འབུམ། །གང་ཟག་སྙན་ཁུངས་བརྒྱུད་པ་ཡིས། །སྒྲུབ་མཆོག་རྣམས་ལ་དབང་སྐུར་ཅིག །སྣང་སྲིད་བདུད་རྩིར་བྱིན་གྱིས་རློབས། །ཞིང་ཁམས་རབ་འབྱམས་བཅུད་སྡུས་ལ། །མྱང་གྲོལ་དུས་མཉམ་མཆོག་སྩོལ་ཅིག །བྱིན་ཆེན་ངོ་མཚར་རྨད་དུ་བྱུང་། །བདེ་ཆེན་པདྨ་དྲྭ་བའི་ཀློང་། །སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ཀྱིས། །སྒྲུབ་མཆོག་རྣམས་ལ་དབང་སྐུར་ཅིག །སྣང་སྲིད་བདུད་རྩིར་བྱིན་གྱིས་རློབས། །འཁོར་འདས་ཀུན་གྱི་བཅུད་སྡུས་ལ། །འབྲེལ་ཚད་དོན་ལྡན་མཆོག་སྩོལ་ཅིག །ཧཱུྃ། གདུང་ཤུགས་དྲགས་པོས་བདག་སྐུལ་གྱིས། །ཐུགས་དམ་ཆེན་པོའི་དུས་ལ་བབ། །དགའ་རབ་འཇམ་དཔལ་ཤྲཱི་སིང་། །རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས། །འོད་གསལ་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །སྒེག་རྡོར་སངས་རྒྱས་གསང་བ་སོགས། །སྒྱུ་འཕྲུལ་བརྒྱུད་པའི་བླ་མ་རྣམས། །སྙིང་པོའི་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །བདེ་བ་གསལ་མཛད་ཡང་དབང་གཏེར། དགོངས་འདུས་བརྒྱུད་པའི་བླ་མ་རྣམས། །རིམ་དགུའི་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །རིག་འཛིན་བརྒྱད་དང་བཀའ་བབ་དགུ །སྒྲུབ་ཆེན་བརྒྱུད་པའི་བླ་མ་རྣམས། །ཀློང་དགུའི་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །ཞིང་སྔགས་ལྷན་ཅིག་སྐྱེས་གྲུབ་སོགས། །གསང་སྔགས་མ་རྒྱུད་བླ་མ་རྣམས། །བདེ་ཆེན་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །རྗེ་འབངས་ཉེར་ལྔ་གནུབས་སོ་ཟུར། །གསང་སྔགས་འདུས་བརྒྱུད་བླ་མ་རྣམས། །ཟག་མེད་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །གཏེར་སྟོན་རིག་འཛིན་ཆོས་ཀྱི་བདག །ཟབ་གཏེར་བརྒྱུད་པའི་བླ་མ་རྣམས། །འགྲོ་འདུལ་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །གདོད་མའི་མགོན་པོ་རྡོ་རྗེ་འཆང་། །དྲིན་ཅན་རྩ་བརྒྱུད་བླ་མ་རྣམས། །བྱིན་རླབས་དབྱིངས་ནས་སྐུ་བཞེངས་ལ། །བདུད་རྩིའི་དཀྱིལ་འཁོར་བྱིན་གྱིས་རློབས། །ཧཱུྃ། བླ་མེད་སྙིང་དགོངས་དཀྱིལ་འཁོར་ནས། །སངས་རྒྱས་སེམས་དཔའ་ཁྲག་འཐུང་སོགས། །ཨ་ཏི་ཞི་ཁྲོའི་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །སངས་རྒྱས་དགོངས་པ་ཀུན་འདུས་ཀློང་། །དཔལ་ཆེན་མངོན་རྫོགས་རྒྱལ་པོ་སོགས། །འདུས་པ་མདོ་ཡི་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །གསང་བ་ཐུགས་ཀྱི་ཐིག་ལེ་ནས། །རྡོར་སེམས་བཛྲ་ཧེ་རུ་ཀ །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སོགས། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །ཚོམ་བུ་དགུ་ཡི་འོད་ཀློང་ནས། །པདྨ་བཛྲ་ཡབ་ཡུམ་སོགས། །བླ་མ་དགོངས་འདུས་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །དབང་ཆེན་རོལ་པའི་དཀྱིལ་འཁོར་ནས། །སྤྱན་རས་གཟིགས་དབང་རྟ་མཆོག་རྒྱལ། །ཡི་དམ་དགོངས་འདུས་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །ཟླ་གམ་དབང་གི་ཕོ་བྲང་ནས། །དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་དགོངས་འདུས་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །རྩུབ་འགྱུར་འབར་བའི་དུར་ཁྲོད་ནས། །ཡེ་ཤེས་མ་མགོན་ལྕམ་དྲལ་སོགས། །ཆོས་སྐྱོང་དགོངས་འདུས་ལྷ་ཚོགས་ཀྱིས། །བདུད་རྩི་སྨན་ལ་བྱིན་ཕོབ་ཅིག །ཧཱུྃ། གཞན་ཡང་ཐུགས་དམ་བསྐུལ་བ་ནི། །ཞིང་ཆེན་དར་གྱི་གཡབ་མོ་འདོར། །བསུར་ཆེན་སྤོས་ཀྱི་དུད་པ་གཏིབས། །བཤུག་གླུ་རོལ་མོའི་བརྡས་བསྐུལ་ན། །མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་གཡེལ་ཡི་དམ་ལྷ། །མ་འཁུ་མ་ལྡོག་མཁའ་འགྲོའི་ཚོགས། །མ་འདའ་མ་འདའ་དམ་ཅན་རྣམས། །ཀེའུ་རི་པུཀྐ་སཱི་ལ་སོགས། །སྨན་སྲུང་མ་མོ་ཆེན་མོ་བརྒྱད། །དུར་ཁྲོད་བརྒྱད་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །རྩི་སྨན་ནགས་ན་གནས་པ་སོགས། །སྨན་གྱི་ལྷ་མོ་ཆེན་མོ་བརྒྱད། །འབྱུང་བའི་ཀློང་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །རྒྱུན་ཤེས་བུ་དང་འདྲོག་སྐྱོང་སོགས། །སྨན་གྱི་དྲང་སྲོང་རིག་འཛིན་རྣམས། །གྲུབ་པའི་གནས་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །ཚངས་དང་བརྒྱ་བྱིན་འཇོག་པོ་སོགས། །སྨན་གྱི་བདག་པོ་ལྷ་ཀླུ་རྣམས། །དགྱེས་པའི་གནས་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །དཀར་མོ་མ་བདུན་ལ་སོགས་པ། །དུས་ཚོད་བཅུ་གཉིས་རྒྱུ་བའི་ལྷ། །དངོས་གྲུབ་ཀློང་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །རྒྱལ་བའི་ཞལ་མཐོང་བསྟན་པ་སྲུང་། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས། །རང་རང་གནས་ནས་ད་ཚུར་བྱོན། །བདུད་རྩི་སྨན་ལ་བཅུད་སྡུས་ཤིག །རྩ་གསུམ་ཆོས་སྐྱོང་གཞི་བདག་ཚོགས། །རྣལ་འབྱོར་གདུང་བས་དེང་བསྐུལ་ལོ། །འོད་དང་དུ་བ་སྒྲ་སྙན་དྲི། །ལྷ་མོའི་གཟུགས་སུ་སྣང་བ་སོགས། །རྟགས་དང་མཚན་མ་མྱུར་དུ་སྟོན། །དངོས་གྲུབ་ཡ་མཚན་ཆེན་པོ་སྩོལ། །བར་ཆད་འབྱུང་པོ་རྡུལ་དུ་རློགས། །གླགས་ལྟའི་ཉུ་ལེ་ཚར་ཐག་ཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་སྒྱུར། །སྣང་སྲིད་བདུད་རྩིར་བྱིན་གྱིས་རློབས། ཁམས་གསུམ་འདོད་ཡོན་ལྔར་དག་པ། །གྲུབ་པའི་རྫས་མཆོག་ཨ་མྲྀ་ཏ། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །འཁོར་འདས་བཅུད་ཀྱི་མཆོག་སྒྲུབས་མཛོད། །བདག་ཅག་ཁྱོད་ཀྱི་གདུང་འཛིན་ཅིང་། །གསང་བའི་དཀྱིལ་འཁོར་ཞལ་དབྱེ་ན། །ཐུགས་དམ་གང་མཆིས་དངོས་གྲུབ་ཚོགས། །འགྲོ་བའི་དོན་ཕྱིར་བསྩལ་དུ་གསོལ། །ཞེས་གཏེར་གསར་སྒྱུ་འཕྲུལ་གྱི་ཆ་ལག་ཏུ་དམིགས་ཀྱང་སྤྱི་ལ་འགྲེ་ཆོག་པའི་དབང་དུ་བྱས་ཏེ། གངས་རིའི་ཁྲོད་ཀྱི་ཨོ་རྒྱན་ཧེ་རུ་ཀའི་འདུ་ཁང་ཡར་ལུང་ཤེལ་གྱི་བྲག་ཏུ་བོད་འབངས་སྤྱིའི་བདེ་ཐབས་སུ་རྒྱལ་དབང་ཀརྨ་པ་དང་། གཞུང་ས་རིན་པོ་ཆེ་རྩེ་ཤོད་ལྷན་རྒྱས་ཀྱི་བཀའ་ལྟར་འདུས་པ་སུམ་ཅུས། སྒྱུ་འཕྲུལ་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་སྒོ་ནས་ཐོག་མར་བདུད་རྩི་སྨན་གྱི་སྒྲུབ་ཆེན་བགྱིས་པའི་ཚེ་ཤུགས་འབྱུང་གི་རེ་ཁཱར་མངོན་པར་འདུ་བགྱིས་པ་པོ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ་གཞན་ལ་ཕན་པར་གྱུར་ཅིག། །།

འཇམ་དཔལ་ནག་པོའི་རྒྱུན་ཁྱེར་ (Volume 18, Text 23)

འཇམ་དཔལ་ནག་པོའི་རྒྱུན་ཁྱེར་ནི། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་། །དྷཱིཿཡིག་ལས་བྱུང་འཕགས་པ་འཇམ་དཔལ་དབྱངས། །མིག་སྨན་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །མཚན་དཔེས་རབ་བརྒྱན་ཡིད་ཙམ་ཁྲོ་བའི་ཚུལ། །ཟུར་ཕུད་ལྔ་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན། །དར་དང་རིན་ཆེན་རྒྱན་གྱིས་མཛེས་པའི་སྐུའི། །གནས་གསུམ་འབྲུ་གསུམ་གནས་ལས་འོད་ཟེར་འཕྲོས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །སྙིང་གར་ཉི་སྟེང་དྷཱིཿཡིག་སྔགས་ཕྲེང་གིས། །བསྐོར་བའི་འོད་ཀྱིས་དོན་གཉིས་ཕྲིན་ལས་མཛད། །ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཙིཏྟ་ཧཱུྃ། ཐུན་མཐར་ལྷ་སྐུ་མི་དམིགས་སྟོང་པར་སྦྱང་། །དགེ་བ་བསྔོ་ཞིང་ཐུན་མཚམས་སྤྱོད་ལམ་བསྐྱང་། །ཞེས་པའང་འགྱུར་མེད་རྡོ་རྗེས་སོ།། །།ཞིག་གླིང་འཇམ་ནག་རྒྱུན་ཁྱེར་ཡིན་པར་འཇམ་མགོན་བརྒྱུད་ཡིག་ལས་གསལ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ་ (Volume 34, Text 23)

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་འོད་གསལ་སྟོང་པ་ཉིད། །འགག་མེད་བདེ་ཆེན་རོལ་མོར་འཆར་བའི་སྤྲིན། །ཟུང་འཇུག་ལྷན་སྐྱེས་རྒྱལ་ཡུམ་རྣལ་འབྱོར་མ། །རང་ངོ་སྤྲོད་མཛད་གཏེར་ཆེན་བླ་མར་འདུད། །ངོ་མཚར་མཁའ་སྤྱོད་དགའ་མའི་གྲོང་ཁྱེར་དུ། །མཆོག་འདོད་སྐལ་བཟང་བགྲོད་པའི་མྱུར་བདེའི་ལམ། །རྒྱལ་ཀུན་འདུས་པ་པདྨའི་བཞེད་གཞུང་བཞིན། །དག་གསལ་ཉུང་ངུའི་ངག་གིས་མཚོན་པར་བྱ། །འདིར་དབང་གིས་སྨིན་ཅིང་དམ་ཚིག་དང་སྡོམ་པས་རྒྱུད་བསྡམས་པ། ཤེས་རབ་དང་སྙིང་རྗེར་ལྡན་ཞིང་གསང་བའི་བརྟུལ་ཞུགས་ལ་ཡང་དག་པར་གནས་པའི་གང་ཟག་གིས་དུར་ཁྲོད་དང་མཚོ་གླིང་ནགས་ཚལ་སོགས་དབེན་པའི་གནས་སུ། ཡར་ངོ་མར་ངོའི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ་ཡོ་བྱད་རྣམས་ཚོགས་པར་བྱས་ནས་རྗེ་བཙུན་མའི་བྲིས་སྐུ་སོགས་རྟེན་བཤམས་པའི་དྲུང་དུ་འདུག་སྟེ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་ལངས་ལ། ཞིང་སྐྱོང་གི་གཏོར་མ་སྔོན་གཏོར་ལྟར་བསྔོས་ལ་ཕྲིན་ལས་བཅོལ། འཐས་ཤིང་སྙོམ་པའི་ས་གཞིའམ་སྟེགས་བུ་ལ་ཆང་བཟང་པོ་དང་སྦྱར་བའི་བདུད་རྩིས་ཆག་ཆག་གདབ། རོ་རས་དང་དུར་ཁྲོད་ཀྱི་སོ་ཕག་སོགས་དུར་ཁྲོད་ཀྱི་རྒྱུ་ལས་བྱུང་བའི་ཐིག་སྐུད་ཚོན་རྩི་རྣམས་ཨ་ཧ་རི་ནི་ས་ལ་མཁའ་འགྲོ་ལྔའི་རང་བཞིན་དུ་མོས་ཤིང་། འབྲུ་གསུམ་བདུད་རྩིས་གཤེར་བའི་དཀར་དམར་གྱི་ཐིག་ཆལ་གྱིས་ཚངས་ཟུར་སྤྱི་ལྟར་བཏབ་རྗེས་ལྟེ་བ་ནས་མཐོ་གང་ཙམ་གྱི་སྲད་བུ་བརྐྱངས་པ་ཟླུམ་པོ་ནང་དུ་ཆ་ཕྲན་ཕྱེད་ཙམ་པའི་མུ་ཁྱུད་དང་བཅས་པ་བསྐོར། དེ་དང་ཤར་ནུབ་ཚངས་ཐིག་ཕྲད་ས་ནས་ལྟེ་བར་ཚད་པས་གཡས་གཡོན་དུ་མཚན་མ་བྱས་པ་རྣམས་སྦྲེལ་ཏེ་ཆོས་འབྱུང་བསྣོལ་མ་དང་། དེའི་ནང་དུ་ཚད་མཉམ་གྱི་ཟླུམ་བསྐོར་གཉིས་སོ་སོའི་ནང་དུ་མུ་ཁྱུད་དང་བཅས་བསྐོར་བ་ལྟེ་བ་དང་པད་འདབ་བཞིའི་ས་དང་། ཆོས་འབྱུང་གི་ཕྱི་རོལ་དུའང་སོར་དྲུག་ཙམ་པའི་ཚད་བསྐོར་བ་འདབ་བརྒྱད་དང་། དེའི་ཕྱི་རིམ་སོར་གསུམ་དང་། དེའི་བཞི་ཆ་དང་། སོར་གསུམ་རྣམས་བསྐོར་བ་དུར་ཁྲོད་རྡོར་རྭ་མེ་རི་རྣམས་ཀྱི་སའོ། །དེ་ནས་ཚོན་ཐོབ་ནི་ལྟེ་བ་མཐིང་ག །གེ་སར་སེར་པོ། འདབ་བཞི་ཕྱོགས་མདོག །ཆོས་འབྱུང་གི་ནང་ཁོང་དམར་ནག །རེ་ཁཱ་དཀར་པོ་ཐོད་སྐམ་རིས། པད་འདབ་བརྒྱད་ཀྱི་ཕྱོགས་རང་མདོག་དང་མཚམས་མཛེས་ཚོན། ལྷག་མ་སྤྱི་དང་འདྲ་ཞིང་། དབུས་སུ་གྲི་གུག་ཐོད་པ་ལ་གནས་པ་སོགས་ལྷ་གནས་རྣམས་སུ་ཕྱག་མཚན་ས་བོན་ཐིག་ལེ་གང་རུང་གི་མཚན་མ་དང་། ཆོས་འབྱུང་གི་ཟུར་དང་། མཆན་དྲུག་ལ་དགའ་བ་འཁྱིལ་བ་གཡོན་སྐོར་རེ་བྲི། གལ་ཏེ་རྡུལ་ཚོན་གྱི་བྱ་བ་མི་འབྱོར་ན་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། མཚན་ཉིད་དང་ལྡན་པའི་བུམ་པ་ཤ་ཆེན་དང་གུ་གུལ་གྱིས་བདུག་ཅིང་། བྷ་ར་ཧེ་བཟླས་པའི་ཐུན་གྱིས་བྲབས་ལ་རྫས་སོ་ལྔ་དང་ལྡན་པའི་ཆུས་སུམ་གཉིས་བཀང་བ་རོ་རས་ཀྱིས་མགུལ་བཅིང་། སྐྲའམ་ཤིང་འབྲས་བུ་ཅན་གྱིས་ཁ་བརྒྱན་ཏེ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁྲི་ལ་བཀོད་པ་འདོད་ཁམས་རྣམ་པར་དག་པ་སྐུའི་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་ཐོད་པ་དུམ་བུ་གཅིག་པའམ་ལྔ་པ་བདུད་རྩི་ཆོས་སྨན་དང་སྦྱར་བའི་ཆང་གིས་བཀང་བ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་བཅད་དེ་བུམ་པའི་སྟེང་དུ་བཞག་པ་ནི་གཟུགས་ཁམས་རྣམ་པར་དག་པ་གསུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་འཁར་བའི་མེ་ལོང་གིས་བཀབ་པ་ལ་ཆང་གིས་བརླན་པའི་ཁར་སིནྡྷུ་ར་དར་ལ་བཙགས་པས་ཁོད་སྙོམ་པར་བཀྲམ་ནས་མུ་ཁྱུད་ཟླུམ་སྐོར་གྱི་ནང་དུ་ཆོས་འབྱུང་བསྣོལ་མའི་ལྟེ་བར། དབུས་དང་ཕྱོགས་བཞིར་ཨ་ཧ་རི་ནི་ས་མཐར་རྩ་སྔགས་ཀྱིས་བསྐོར་བ་གྲྭ་ཟུར་མཆན་ལ་དགའ་འཁྱིལ་གཡོན་དུ་འཁོར་བ་དང་བཅས་བྲིས་པ་ནི་གཟུགས་མེད་རྣམ་པར་དག་པ་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་དག་གི་སྟེང་ནས་དར་དམར་པོའི་གུར་ཕུབ། ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ལྔ་དང་དཀྱིལ་འཁོར་པའི་འདས་གཏོར། བཀའ་སྲུང་གི་གཏོར་མ། གཏེར་བདག་དང་མཁའ་འགྲོ་སྤྱི་གཏོར། སྨན་རག་ཚོགས་ཆས་ལ་སོགས་པས་མཐའ་བསྐོར། རང་གི་མདུན་དུ་ཐོད་རྔ་། རྡོར་དྲིལ། རྐང་གླིང་། ནང་མཆོད། ཤ་ཆེན་གུ་གུལ་སོགས་སྒྲུབ་མཆོད་སྤྱི་ཙམ་གྱི་ཡོ་བྱད་དང་། རང་ཉིད་དབང་ལེན་པའམ་གཞན་དོན་སློབ་མ་ལ་བསྐུར་ཡང་རུང་སྟེ། དེའི་ཁྱད་པར་གྱི་ཡོ་བྱད་ཁྲོས་མའི་སྐུ་ཙཀ་དང་། གྲི་གུག །ཐོད་པ། ཁ་ཊྭཱཾ་ག །དུར་ཁྲོད་ཀྱི་ཆས་བརྒྱད། གླེགས་བམ། གཞན་ཡང་སྔོན་གཏོར། དུང་ཞལ། གཟུངས་ཐག །མིག་དར། མེ་ཏོག མཎྜལ་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བཤམས་ཏེ། རྟེན་གྱི་མདུན་དུ་ཁ་ནུབ་ཏུ་ཕྱོགས་པས་ཞིང་ངམ་སྟག་གི་པགས་པའི་སྟན་ལ་འདུག་ནས་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་བདུན་གྱི། དང་པོ་བསང་གཏོར་བྱ་བ་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་གསལ་བས། ནང་མཆོད་ཧཱུྃ་བཞི་པས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མ་ལས་ཉི་མ་ལ་གནས་པའི་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་གྱུར་པའི་སྟེང་དུ། ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་གནས་པ་ཉིད་ཨ་ལས་ཟླ་དཀྱིལ་གྱིས་ཁ་བཅད་པའི་དབུས་སུ་རྡོ་རྗེ་ཕྱེད་པ་ཧཱུྃ་ཡིག་གིས་མཚན་པ་རྣམས་སུ་གྱུར། རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འོག་གི་རླུང་གཡོས། མེ་སྦར། རྫས་རྣམས་ཞུ་བ་འབྲུ་གསུམ་གྱི་འོད་ཀྱིས་སྦྱང་བསྒྱུར་སྤེལ་བར་གྱུར། སླར་ཡང་རྡོ་རྗེ་ལ་གནས་པའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །རྡོ་རྗེ་ཟླ་བ་འབྲུ་གསུམ་རིགས་ལྔ་རྣམས་རིམ་པར་ཞུ་ཞིང་འདྲེས་པ་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བརྒྱའམ་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་ནས་མཐེབ་སྲིན་གྱིས་ཕྱོགས་གཡོན་སྐོར་དང་། མཚམས་གཡས་སྐོར་གྱིས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱའོ། །གཉིས་པ་སྔོན་གཏོར་བསང་སྦྱང་། དམིགས་གནད་སྔར་ལྟ་བུས་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་བདུན་གྱིས་བརླབ། ཐུགས་ཀའི་འོད་དང་འབར་བའི་རྒྱ་བཅིང་ཞིང་ཕཻཾ་ཞེས་བརྗོད་པས་ཞིང་སྐྱོང་འཁོར་བཅས་བཀུག་པར་བསམ། རྡོར་ཐལ་ཕྱེ་བ་གཏོད་དེ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ཨི་དཾ་བ་ལིཾ་ཏ་གྲྀཧྞ་གྲྀཧྞ་བྷུཉྫ་ཧོཿ པི་པ་ཧོཿ ཨ་ཏི་ཀྲ་མ་ཏིཿ ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་ལན་གསུམ་གྱིས་བསྔོ། ཆུ་གཉིས་ཉེར་སྤྱོད་ལྔས་མཆོད་ནས། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་དང་དབང་དང་དྲག །དགུག་དང་བསྐྲད་དང་མནན་དང་གཟིར། །ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །མཁའ་འགྲོ་མཉེས་པའི་མཆོད་པ་འདིས། ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདེ་ལེགས་ཐམས་ཅད་བདག་ལ་སྩོལ། །སུམྦྷ་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་ཏེ་གཏོར་མ་ཕྱིར་དོར། གསུམ་པ་གང་དག་མི་འགྲོ་བ་རྣམས་ལ་བཀའ་བསྒོ་ཞིང་བསྲུང་བ་ནི། སྙེམས་པ་དང་བཅས་པས། ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ སྲིད་གསུམ་ཐམས་ཅད་ང་ཡི་འཁོར༔ འཁོར་དུ་མ་གྱུར་གང་ཡང་མེད༔ ཁམས་གསུམ་ཐམས་ཅད་ང་ཡི་ཟས༔ ཟས་སུ་མ་གྱུར་གང་ཡང་མེད༔ འདོད་ཆགས་ཆེན་པོ་ང་ཡི་ཟས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཞེ་སྡང་ཆེན་པོ་ང་ཡི་ཟས༔ སྐྱེ་བ་མེད་པའི་ངང་དུ་ཐིམ༔ གཏི་མུག་ཆེན་པོ་ང་ཡི་ཟས༔ ཆོས་ཀྱི་སྐུ་ཡི་ངང་དུ་ཐིམ༔ ང་རྒྱལ་ཆེན་པོ་ང་ཡི་ཟས༔ མཉམ་པ་ཉིད་ཀྱི་ངང་དུ་ཐིམ༔ ཕྲག་དོག་ཆེན་པོ་ང་ཡི་ཟས༔ རང་བྱུང་ཆེན་པོའི་ངང་དུ་ཐིམ༔ ཀླུ་དང་ས་བདག་ང་ཡི་ཟས༔ བཙན་དང་འགོང་པོ་ང་ཡི་ཟས༔ བདུད་དང་རྒྱལ་པོ་ང་ཡི་ཟས༔ དཀོར་བདག་དམ་སྲི་ང་ཡི་ཟས༔ ཡི་དྭགས་འབྱུང་པོ་ང་ཡི་ཟས༔ བཛྲ་བྷ་ར་ཧེ་ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བསྐྲད་ལ་སྲུང་བ་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཨོཾ་བཛྲ་ཛྭ་ལ་རཾ༔ ཞེས་བརྗོད་པས། སྲ་མཁྲེགས་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་དཀྲིགས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ། དེ་ནས་ཁྱད་པར་མཚམས་གཅོད་ནི། ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་སེང་གདོང་མ༔ བཛྲ་སིཾ་ཧ་ཞེས་བྱ་བ༔ སྟེང་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ སྟེང་གི་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་ཁྭ་གདོང་མ༔ བཛྲ་ཀཱ་ཀ་ཞེས་བྱ་བ༔ ཤར་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ ཤར་གྱི་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་འུག་གདོང་མ༔ བཛྲ་ཨཱུ་ལུ་ཞེས་བྱ་བ༔ བྱང་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ བྱང་གི་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་ཁྱི་གདོང་མ༔ བཛྲ་ཤྭ་ན་ཞེས་བྱ་བ༔ ནུབ་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ ནུབ་ཀྱི་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་ཕག་གདོང་མ༔ བཛྲ་སཱུ་ཀ་ཞེས་བྱ་བ༔ ལྷོ་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ ལྷོ་ཡི་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ འདི་ལྟར་ལྷ་མོ་ཡ་མཚན་ཅན༔ ལྷ་མོའི་ལུས་ལ་སྟག་གདོང་མ༔ བཛྲ་བྱཱ་གྷྲྀ་ཞེས་བྱ་བ༔ འོག་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ཕྲ་མེན་རྡོ་རྗེའི་དུས་ལ་བབ༔ འོག་གི་བར་ཆད་ཟློག་ཏུ་གསོལ༔ སྒོ་མ་རྣམས་ཀྱིས་སྒོ་སྲུངས་ལ༔ མཚམས་མ་རྣམས་ཀྱིས་མཚམས་ཆོད་ཅིག༔ ཕྱི་ནང་བར་ཆད་ཟློག་ཏུ་གསོལ༔ ཞེས་མཚམས་བཅད། བཞི་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། ཧཱུྃ༔ དུར་ཁྲོད་ཞིང་མཆོག་འོག་མིན་གནས་སུ་གསལ༔ མཆོད་རྫས་སྨན་རཀ་གཏོར་མ་ཡེ་ཤེས་ལྔ༔ འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་ཁེངས༔ ཐབས་ཤེས་གཉིས་མེད་བདེ་ཆེན་འདུ་འབྲལ་མེད༔ ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིན་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་ཧོ༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་ལན་གསུམ་བཟླ། ལྔ་པ་སྐྱབས་འགྲོ་ནི། སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་སད་པར་བསམ་ལ། ཧཱུྃ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ། དྲུག་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པའི་འདུན་པས། ཧཱུྃ༔ བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར༔ མཁའ་འགྲོ་དཔའ་བོ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་བྱང་ཆུབ་བར༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་ལན་གསུམ། བདུན་པ་བཤགས་པ་ནི། ཧཱུྃ༔ དགོངས་དང་བདེ་གཤེགས་རྗེ་བཙུན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་བདག་ལ་བརྩེ་བས་དགོངས་སུ་གསོལ༔ ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ༔ དེ་ཡང་ཡེ་ནས་གཉིས་སུ་མེད་པ་ལ༔ གཉིས་སུ་མེད་པར་བདག་གིས་བལྟ་མ་ཤེས༔ དེ་ཡང་གསང་སྔགས་ལྟ་བའི་སྐྱོན་དུ་གྱུར༔ དེ་ཡང་མ་ཡི་སྤྱན་སྔར་མཐོལ་ལོ་བཤགས༔ དེ་ཡང་ཁྲོས་མའི་སྤྱན་སྔར་བཟོད་པར་གསོལ༔ བྱིང་དང་རྨུགས་དང་འཐིབས་དང་འཕྲོ་བ་རྣམས༔ དེ་ཡང་ཡེ་ནས་གཉིས་སུ་མེད་པ་ལ༔ གཉིས་སུ་མེད་པར་བདག་གིས་སྒོམ་མ་ཤེས༔ དེ་ཡང་གསང་སྔགས་སྒོམ་པའི་སྐྱོན་དུ་གྱུར༔ དེ་ཡང་མ་ཡི་སྤྱན་སྔར་མཐོལ་ལོ་བཤགས༔ དེ་ཡང་ཁྲོས་མའི་སྤྱན་སྔར་བཟོད་པར་གསོལ༔ རྫུན་དང་ངག་འཁྱལ་ཚིག་རྩུབ་ཅི་སྨྲས་པ༔ དེ་ཡང་ཡེ་ནས་གཉིས་སུ་མེད་པ་ལ༔ གཉིས་སུ་མེད་པར་བདག་གིས་བལྟ་མ་ཤེས༔ དེ་ཡང་གསང་སྔགས་སྤྱོད་པའི་སྐྱོན་དུ་གྱུར༔ དེ་ཡང་མ་ཡི་སྤྱན་སྔར་མཐོལ་ལོ་བཤགས༔ དེ་ཡང་ཁྲོས་མའི་སྤྱན་སྔར་བཟོད་པར་གསོལ༔ བདག་གིས་ཡང་དག་དོན་ནི་མ་རྟོགས་པས༔ དཀྱིལ་འཁོར་ས་ལ་བྲིས་པའི་མཚོན་ཚུལ་བཞིན༔ འབྲས་བུ་དེ་ནི་གཞན་དུ་མཚོན་ཚུལ་བསྟན༔ དེ་ཡང་ཡེ་ནས་གཉིས་སུ་མེད་པ་ལ༔ གཉིས་སུ་མེད་པར་བདག་གིས་སྒྲུབ་མ་ཤེས༔ དེ་ཡང་གསང་སྔགས་སྒྲུབ་པའི་སྐྱོན་དུ་གྱུར༔ དེ་ཡང་མ་ཡི་སྤྱན་སྔར་མཐོལ་ལོ་བཤགས༔ དེ་ཡང་ཁྲོས་མའི་སྤྱན་སྔར་བཟོད་པར་གསོལ༔ ཧཱུྃ༔ དགོངས་ཤིག་བླ་མ་མཆེད་དང་ལྕམ་དྲལ་ཀུན༔ རྣལ་འབྱོར་བདག་ལ་བརྩེ་བས་དགོངས་སུ་གསོལ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་ལམ་དུ༔ མོས་གུས་ཞབས་ཏོག་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མཆོད་པ་ལོ་ཟླར་འདས་པ་མཐོལ་ལོ་བཤགས༔ མ་དང་ཌཱ་ཀི་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ བརྩེ་གདུང་དུང་སེམས་ཆུང་བ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་དུ་མ་ལོན་མཐོལ་ལོ་བཤགས༔ ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ སྙིང་རྗེ་བྱང་སེམས་ཆུང་བ་མཐོལ་ལོ་བཤགས༔ མཐོལ་ལོ་མཐོལ་ལོ་ཡི་དམ་ལྷ་ལ་མཐོལ༔ བཤགས་སོ་བཤགས་སོ་མཁའ་འགྲོ་གཉན་ལ་བཤགས༔ གཉིས་པ་དངོས་གཞི་ལ། བདག་བསྐྱེད་གཞིར་བཞེངས་རྫོགས་བསྐྱེད། མདུན་བསྐྱེད་སྐུ་གསུམ་རྫོགས་དཀྱིལ། ཐུན་མཚམས་གཏོར་མའི་ཆོ་ག །བྱིན་བརླབ་དབང་གི་རིམ་པའོ། །དང་པོ་ལའང་། ཁྱད་པར་གྱི་སྦྱོར་བ་བླ་མའི་རྣལ་འབྱོར་དང་། དངོས་གཞི་བསྐྱེད་བཟླས་རྫོགས་རིམ་བསྒོམ་པའོ། དང་པོ་ནི། རང་གི་སྤྱི་བོར་པད་ཉི་ཟླ་བ་རོའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་བླ་མ་ཡི་དམ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པས་སྣང་སྲིད་དཔལ་ལྡན་བླ་མའི་འཁོར་ལོར་སད་པར་བསམ་ལ། ཨོཾ། བདེ་ཆེན་ལྷུན་གྲུབ་རང་སེམས་ཆོས་སྐུ་ལ། །རྣམ་ཀུན་མཆོག་ལྡན་སྒྱུ་འཕྲུལ་རྡོ་རྗེའི་སྐུ །བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོའི་སྤྲིན། །སྣང་སྲིད་དཔལ་ལྡན་བླ་མར་སད་པར་གྱུར། །ཕཻཾ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ། ཞེས་མཎྜལ་ཕུལ། དེ་ནས་དད་པའི་གདུང་དབྱངས་ཅང་ཏེའུའི་སྒྲས་བསྐུལ་ཏེ། ཨོཾ། ཆོས་དབྱིངས་འོག་མིན་ཞིང་ཁམས་ནས། །དཔལ་ལྡན་རྡོ་རྗེ་བདེ་བ་ཆེ། ཁྱབ་བདག་གར་དབང་ཧེ་རུ་ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨོ་རྒྱན་སྤྲུལ་པའི་ཞིང་མཆོག་ནས། །སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འགྲོ་འདུལ་སྤྲུལ་སྐུའི་ཕོ་བྲང་ནས། །སྲིད་ཞི་ཀུན་ལ་དབང་སྒྱུར་བ། །རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཉུག་མ་བདེ་ཆེན་ཕོ་བྲང་ནས། །མ་གཅིག་ཡེ་ཤེས་མཚོ་རྒྱལ་དང་། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྨྲ་བོ་ཌཱ་ཀིའི་ཕོ་བྲང་ནས། །གཏེར་ཆེན་ཉི་མ་འོད་ཟེར་དང་། །སྲས་མཆོག་མི་བསྐྱོད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བརྟུལ་ཞུགས་རིག་པའི་ཕོ་བྲང་ནས། །མཉམ་མེད་མདོ་བོ་རས་པ་དང་། །གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་འདུལ་དེར་སྣང་ཕོ་བྲང་ནས། །ཤེར་དབང་བློ་གྲོས་སེང་གེ་དང་། །ཡོན་རྡོར་རིན་ཆེན་དངོས་གྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟབ་རྒྱས་ཆོས་གཏེར་ཕོ་བྲང་ནས། །པདྨ་དབང་རྒྱལ་ཀུན་དགའི་མཚན། །སྤང་སྟོན་ཀུན་བཟང་དཔལ་འབྱོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བརྒྱད་རང་གྲོལ་ཕོ་བྲང་ནས། །གྲུབ་ཆེན་ཆོས་དབང་ལྷུན་གྲུབ་དང་། །གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །འགྲོ་བའི་བླ་མ་རྡོ་རྗེ་འཆང་། །ཆོས་རྒྱལ་གཏེར་བདག་གླིང་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉི་ཤུ་རྩ་བཞིའི་གནས་ཡུལ་ནས། །མི་ཤིགས་རྩ་དང་ཐིག་ལེའི་དངོས། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པ། །དམ་ཅན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེང་ནས་བདག་སོགས་མཁའ་མཉམ་འགྲོ །སྨིན་ལམ་བརྡ་བཞིས་རྒྱུད་སྦྱངས་ནས། །བདེ་གསལ་མི་རྟོག་ཉམས་མྱོང་གིས། །སྐུ་གསུམ་ཕག་མོའི་ཞལ་མཐོང་ཤོག །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། ཞེས་གསོལ་བ་བཏབ་པའི་མཐར་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ལ་དར་གཅིག་བཞག་གོ །གཉིས་པ་དངོས་གཞི་སྐྱེད་ཟླས་རྫོགས་རིམ་ནི། ཀ་དག་དེ་ཁོ་ན་ཉིད་ཀྱི་རང་མདངས་སྒྱུ་མ་ལྟ་བུའི་སྣང་བར་འཆར་བའི་རིམ་པས་སྐད་ཅིག་གིས་ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས། བཅུད་རྣམ་པར་དག་པ་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོའི་རང་བཞིན་དུ་གྱུར། རང་གི་ལྟེ་བར་གནས་པའི་ཨ་ལས་འོད་འཕྲོས། ལུས་འབྱུང་བ་བེམ་པོའི་རྟོག་པ་སྦྱངས་ནས་སངས་རྒྱས་ཐམས་ཅད་ཀྱི་ཞིང་དང་རོ་གཅིག་པའི་གཞལ་ཡས་ཁང་ཆོས་འབྱུང་དམར་ནག་འབར་བ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་སེམས་དང་དབྱེར་མེད་པའི་རང་གི་སེམས་ཉིད་བདེ་ཆེན་ཟུང་འཇུག་རྡོ་རྗེ་ཕག་མོའི་སྐུར་སད་པར་བསམ་ལ་གསལ་གདབ་པ་ནི། ཧཱུྃ༔ གྲོང་ཡུལ་ཚོང་འདུས་དགོན་པ་དང༔ རང་ཉིད་གང་ན་གནས་པ་ནི༔ འདི་དག་སངས་རྒྱས་ཞིང་ཁམས་ཡིན༔ རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རང་སེམས་དག་པ་ཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཊྭཱཾ་ག་ནི་ཐུགས་ཀར་གཏོད༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡི་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟ༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ༔ མེ་དཔུང་དམར་ནག་ཀློང་ན་བཞུགས༔ ཞེས་བདག་ཉིད་ཡེ་ནས་རང་བྱུང་གི་རྡོ་རྗེ་ཕག་མོ་ཡིན་པ་ལ་ཡིན་པར་ཤེས་པའི་སྒོ་ནས་ལྷའི་རྣམ་པ་ལམ་དུ་བྱེད་པ་སྟེ་རང་བྱུང་གི་ལྷ་དེ་སངས་རྒྱས་ཀུན་འདུས་ཡིན་པས་གཟོད་ནས་དམ་ཡེ་དབྱེར་མེད་དུ་གྲུབ་པའི་ཕྱིར་ཡེ་ཤེས་པ་བསྟིམ་པ་སོགས་མི་དགོས་སོ། །མི་གསལ་ན། ཐུན་གཅིག་བྲིས་སྐུ་ལྟ་བུའི་སྐུ་ལ་བལྟས་ཏེ་སེམས་གཟུང་། ཐུན་གཅིག་དེ་ཡིད་ཡུལ་དུ་ཚུར་བླང་། ཐུན་གཅིག་བརྡ་དོན་དྲན་ལ་ང་རྒྱལ་སྐྱེད། ཐུན་གཅིག་རླུང་བུམ་ཅན་དང་བསྲེས་ལ་རྟོག་བྲལ་དུ་བཞག་གོ །གལ་ཏེ་བསྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། ལུས་ནང་འཁོར་ལོ་བཞི་ལྡན་པའི༔ ལྟེ་བར་ཨ་ཡིག་རེ་རེས་མཚན༔ སོ་སོའི་རྩ་བའི་འདབ་མ་བཞིར༔ སྤྱི་བོར་བཛྲ་བྷ་ར་ཧེ༔ མགྲིན་པར་ཀྲོ་དྷཱི་ཀཱ་ལཱི་སྟེ༔ སྙིང་གར་ཧ་རི་ནི་ས་དང༔ ལྟེ་བར་ཨཱ་བེ་ཤ་ཡ་རྣམས༔ མདུན་ནས་བརྩམ་སྟེ་གནས་པ་ཡི༔ སྔགས་ལས་བྱུང་བའི་འོད་ཟེར་ནི༔ དཀར་དམར་མཐིང་དང་སྣ་ཚོགས་ཀྱིས༔ རེག་པས་ཕྱི་སྣོད་དག་པའི་ཞིང༔ ནང་བཅུད་སེམས་ཅན་ཕག་མོའི་སྐུ༔ སྒྲ་གྲགས་གསུང་ལ་དྲན་རྟོག་ཐུགས༔ བདེ་ཆེན་མཆོག་ཏུ་འོད་གསལ་བའོ༔ ཨོཾ་བཛྲ་བྷ་ར་ཧེ༔ ཀྲོ་དྷཱི་ཀཱ་ལཱི༔ ཧ་རི་ནི་ས༔ ཨཱ་བེ་ཤ་ཡ༔ ཞེས་པའི་ཡིད་བཟླས་རླུང་དང་སྦྱར་བ་བརྒྱ་རྩ་སོགས་བཟླ། དེས་སྐྱོ་ན་ངག་གི་བཟླས་པ་བྱ་སྟེ། གྲངས་བསྙེན་ནི་འབུམ་ཕྲག་བཅུ་དྲུག་གོ །དེ་ནས་རྫོགས་རིམ་རླུང་དྲུག་ཅུང་ཟད་བསྒོམ། ཐུན་བསྡུ་བའི་ཚེ་སྣོད་བཅུད་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་མཉམ་པར་འཇོག་པའམ། དེ་ཡང་ཐུགས་ཀའི་ཨའི་བར་དུ་རིམ་གྱིས་ཐིམ་ནས་ཨ་ཡང་མི་དམིགས་པའི་ངང་དུ་བློ་བཞག །སླར་ཡང་རང་ཉིད་རྗེ་བཙུན་མའི་སྐུར་གྱུར་པར་བསམ་ལ་དགེ་བ་བསྔོའོ། །གཉིས་པ་མདུན་བསྐྱེད་སྐུ་གསུམ་རྫོགས་དཀྱིལ་ལ་བདུན་ལས། དང་པོ་དམ་ཚིག་དཀྱིལ་འཁོར་བསྐྱེད་པ་ནི། རྟེན་ལ་བདུད་རྩི་གཏོར་བས་བསང་སྦྱང་། སྐུ་དཀྱིལ་རྡུལ་ཚོན་ནམ་རས་བྲིས་དང་བུམ་པ་མི་དམིགས་ཏེ་སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེ་སྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི། པདྨ་འདབ་མ་བརྒྱད་པའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་གྲྭ་ཟུར་རྣམས་ལ་དགའ་བ་འཁྱིལ་བ་དང་། ནང་དུ་པདྨ་འདབ་མ་བཞི་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པ། དེའི་དབུས་སུ་པད་ཉི་རོའི་སྟེང་དུ་ཨ་ཡིག་མཐིང་ནག་འབར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་དུས་ཀྱི་མུན་པ་ལྟར་གནག་ཅིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པའི་གྲུ་མོར་ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་ག་བརྟེན་པ། སྤྱི་གཙུག་ཏུ་ཕག་ཞལ་ནག་མོ་གྱེན་དུ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ། རལ་པ་དམར་ནག་ཕྱེད་གྱེན་དུ་འཁྱིལ་ཞིང་ཕྱེད་ཐུར་དུ་གཏིབས་པ། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། སྦྲུལ་དང་རུས་པས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཁྲག་གི་ཐིག་ལེས་མཚན་པ། ཞབས་གཡོན་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོལ་ཅིང་ལང་ཚོ་དར་ལ་བབ་པ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་ལ་ཧ་རི་ནི་སའི་ཡི་གེ་བཞི་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཤར་དུ་བདེ་ཆེན་དཀར་མོ། ལྷོར་སེར་མོ་དོན་གྲུབ་མ། ནུབ་ཏུ་དམར་མོ་སྒྲ་སྒྲོག་མ། བྱང་དུ་སྣ་ཚོགས་མཐར་ཕྱིན་མ་ལྗང་གུ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་བདག་ཉིད་ཅན་ནོ། །ཆོས་འབྱུང་གི་ཕྱི་རོལ་པད་འདབ་བརྒྱད་ལ་ཧཱུྃ་ཡིག་རེ་རེ་ལས་དུར་ཁྲོད་ཀྱི་མཁའ་འགྲོ་མ་བརྒྱད་དུ་གྱུར་པ་ནི། ཤར་དུ་རྡོ་རྗེ་མཁའ་འགྲོ །ལྷོར་རིན་ཆེན་མཁའ་འགྲོ །ནུབ་ཏུ་པདྨ་མཁའ་འགྲོ །བྱང་དུ་ལས་ཀྱི་མཁའ་འགྲོ །ཤར་ལྷོར་དམ་ཚིག་མཁའ་འགྲོ།་་་དཀར་སེར་ཕྱེད་མ། ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ།་་་སེར་དམར། ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ།་་་དམར་ལྗང་། བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ།་་་ལྗང་དཀར།སྟེ་ཕྱོགས་རྣམས་རིགས་ཀྱི་ཁ་དོག་དང་མཚམས་རྣམས་འདྲེས་མའི་མདོག་ཅན། དེ་ཐམས་ཅད་ཀྱང་གཅེར་བུ་དར་དང་རུས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་གྲི་ཐོད་ཁ་ཊྭཱཾ་ག་ཐོགས་པ་པད་ཉི་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། རྩིབས་མཆན་གྱི་གཡུང་དྲུང་རྣམས་གོ་ཆའི་ལྷ་མོ་དྲུག་གི་ངོ་བོར་གྱུར། གསུང་གི་དཀྱིལ་འཁོར་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔ་འབྲུ་གསུམ་ཟླ་བ་རྡོ་རྗེ་དང་བཅས་པ་ལས། བསྐྱོད་དང་སྤོར་བའི་སྦྱོར་བས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་རོ་གཅིག་ཏུ་ཞུ་ཞིང་འདྲེས་པ་ལས་ངོ་བོ་རྡོ་རྗེ་ཕག་མོ་རིགས་ལྔ་ལ་རྣམ་པ་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གཏམས་པ། ཐུགས་ཀྱི་དཀྱིལ་འཁོར་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་ལྷ་ཉིད་རྣམ་པ་ཡི་གེའི་གཟུགས་སུ་གནས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་སྐྱབས་གསུམ་གྱི་འཁོར་ལོ་ཀུན་འདུས་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་བཞུགས་པར་བསམ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རང་རིག་པའི་བདག་ཉིད་ཁམས་གསུམ་མ་ལུས་པར་ཡོངས་སུ་ཁྱབ་པའི་རང་བཞིན་དུ། དཀྱིལ་འཁོར་རྣམ་པ་གསུམ་གྱི་འཁོར་ལོར་གསལ་ཞིང་མ་འདྲེས་པའི་སྒྱུ་མའི་སྣང་བ་རབ་འབྱམས་སུ་འཆར་བའི་སྤྲིན་ཆེན་པོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། གཙོ་མོའི་ཐུགས་འཁོར་གྱི་ལྟེ་བའི་ཨ་ཡིག་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ལ། སྤོས་བཏུལ་ཞིང་རྐང་གླིང་དང་ཅང་ཏེའུའི་སྒྲ་དང་བཅས་པའི་གདུང་དབྱངས་ཀྱིས། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྟོང་ཉིད་ཆོས་དབྱིངས་ཕོ་བྲང་ནས༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧ་རི་ནི་ས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ དྲྀ་ཤྱ་ཧོ༔ ཨཱ་རལླི་ཕཻཾ་ཕཻཾ༔ ཞེས་སྤྱན་དྲང་། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་བཞེངས་ནས་ཀྱང༔ གཟུགས་སྐུ་འགྲོ་དོན་མཛད་ཕྱིར་སྐུར་སྤྲུལ་པ༔ ཡེ་ཤེས་སྐུ་མཆོག་སོ་སོར་སྟོན་པའི་ཡུམ༔ གཉིས་སུ་མེད་པར་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་སོ་སོའི་ཐུགས་ཀར་དགུག་གཞུག་བཅིང་པ་དང་དགྱེས་པ་བསྐྱེད་པས་དམ་ཚིག་གི་འཁོར་ལོ་དང་གཉིས་མེད་དུ་གྱུར་པར་བསམ་ནས། ས་མ་ཡ་ཏིཥྛ་བཛྲ༔གྱིས་བརྟན་པར་བཞུགས་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། རང་དང་གཉིས་སུ་མེད་པར་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱག་དང་མཆོད་པ་ལ་སོགས་པ་བྱེད་པར་བསམ་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ མ་རིག་མུན་པ་སེལ་མཛད་པ༔ ཡེ་ཤེས་སྒྲོན་མེ་ལ་ཕྱག་འཚལ༔ ཨ་ནི་སངས་རྒྱས་ཌཱ་ཀི་མ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ གཏི་མུག་འཇོམས་པའི་རྗེ་བཙུན་མ༔ ཁྲོས་མ་ནག་མོ་ཁྱོད་ཕྱག་འཚལ༔ ཧ་ནི་རྡོ་རྗེ་ཌཱ་ཀི་མ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་འཇོམས་པའི་རྗེ་བཙུན་མ༔ བདེ་ཆེན་དཀར་མོ་ཁྱོད་ཕྱག་འཚལ༔ རི་ནི་རིན་ཆེན་ཌཱ་ཀི་མ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ ང་རྒྱལ་འཇོམས་པའི་རྗེ་བཙུན་མ༔ སེར་མོ་དོན་གྲུབ་ཁྱོད་ཕྱག་འཚལ༔ ནི་ནི་པདྨ་ཌཱ་ཀི་མ༔ ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད༔ འདོད་ཆགས་འཇོམས་པའི་རྗེ་བཙུན་མ༔ དམར་མོ་སྒྲ་སྒྲོག་ཁྱོད་ཕྱག་འཚལ༔ ས་ནི་ལས་ཀྱི་ཌཱ་ཀི་མ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ཕྲག་དོག་འཇོམས་པའི་རྗེ་བཙུན་མ༔ སྣ་ཚོགས་མཐར་ཕྱིན་ཁྱོད་ཕྱག་འཚལ༔ ཕྱོགས་སྐྱོང་འདུལ་མཛད་མཁའ་འགྲོ་བརྒྱད༔ ཕར་ཕྱིན་དྲུག་རྫོགས་གཡུང་དྲུང་ལྷ༔ གནས་དང་ཡུལ་གྱི་མཁའ་འགྲོའི་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱི་ཨ་ཏི་པཱུ་ཧོ༔ ལྔ་པ་མཆོད་པ་ལ་བརྒྱད་ཀྱི་ཕྱི་མཆོད་ནི། ཧཱུྃ༔ དྲི་ཆབ་གཙང་མ་ཙན་དན་ག་བུར་ཆབ༔ བདུག་སྤོས་དྲི་ཞིམ་སྤོས་དཀར་དུ་རུ་ཀ༔ མེ་ཏོག་མཛེས་པ་མདངས་དང་ཁ་དོག་ལྡན༔ སྣང་གསལ་མར་མེས་ཕྱོགས་བཅུའི་མུན་པ་སེལ༔ ཞལ་ཟས་རོ་བཅུད་ཁ་དོག་ལྡན་པ་ཡིས༔ ལུས་སེམས་རྒྱས་ཤིང་ཚིམ་པར་བྱེད་པ་དང༔ སིལ་སྙན་སྣ་ཚོགས་ཕྱོགས་བཅུར་སྒྲ་སྙན་སྒྲོག༔ ཡེ་ཤེས་མཁའ་འགྲོ་རྣམས་ལ་འབུལ་ལོ་བཞེས༔ འདོད་ཡོན་མ་སྤངས་ཆོས་ཉིད་ལོངས་སྤྱོད་ཤོག༔ ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱི་ཞེས་པའི་མཚན་སྔགས་མཐར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། གནྡྷེའི་གནས་སུ་དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ ནཻ་ཝིདྱཱ་ ཤབྡ་ཞེས་སྦྱར་ལ་འབུལ་ལོ། །སྤྲོ་ན་འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་སོགས་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་ཕུལ་ཀྱང་སྐབས་སུ་བབ་པར་འགྱུར་རོ། །ནང་མཆོད་ནི། དྲི་ཆེན་མཆོག་དང་བདུད་རྩིའི་ཆུ༔ བྱང་སེམས་དཀར་དམར་ཀླད་པ་རྣམས༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་སོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ནང་གི་མཆོད་པ་དམ་པར་བཞེས༔ ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱིའི་མཐར་མ་ཧཱ་པཉྩ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ གསང་མཆོད་ནི། ན་ར་ཞེས་བྱ་མི་ཤ་དང༔ ཧསྟི་གླང་ཆེན་ཤ་དང་ནི༔ གྷོ་ར་རྟ་དང་ཀུ་ཁྱི་ཤ༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་སོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གསང་བའི་པཱུ་ཛ་དམ་པར་བཞེས༔ ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱིའི་མཐར་མ་ཧཱ་མཱཾ་ས་པཉྩ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དགའ་བ་ཆེན་པོ་བྱང་ཆུབ་སེམས༔ ཡིད་ཀྱི་ཆུ་རྒྱུན་དྲི་མ་མེད༔ སངས་རྒྱས་ཀུན་གྱི་ལྷན་ཅིག་སྐྱེས༔ རྒྱུན་གྱི་སྦྱོར་བ་བརྩམས་ནས་ཀྱང༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔ དགྱེས་པ་མཆོག་གི་རྣམ་པར་རོལ༔ བླ་མ་རྡོ་རྗེ་འཛིན་པ་དང༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་སོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞེས༔ ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱིའི་མཐར་མ་ཧཱ་བོ་དྷི་ཙིཏྟ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ བདུད་རྩིའི་མཆོད་པ་ནི། ཧཱུྃ༔ རྩ་བརྒྱད་སྟོང་དུ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་འཇོམས་ཕྱིར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཆོས་དབྱིངས་འོག་མིན་ཞིང་ཁམས་ནས། །དཔལ་ལྡན་རྡོ་རྗེ་བདེ་བ་ཆེ། ཁྱབ་བདག་གར་དབང་ཧེ་རུ་ཀར། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། ཨོ་རྒྱན་སྤྲུལ་པའི་ཞིང་མཆོག་ནས། །སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། འགྲོ་འདུལ་སྤྲུལ་སྐུའི་ཕོ་བྲང་ནས། །སྲིད་ཞི་ཀུན་ལ་དབང་སྒྱུར་བ། །རིག་འཛིན་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། གཉུག་མ་བདེ་ཆེན་ཕོ་བྲང་ནས། །མ་གཅིག་ཡེ་ཤེས་མཚོ་རྒྱལ་དང་། །མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། སྨྲ་བོ་ཌཱ་ཀིའི་ཕོ་བྲང་ནས། །གཏེར་ཆེན་ཉི་མ་འོད་ཟེར་དང་། །སྲས་མཆོག་མི་བསྐྱོད་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། བརྟུལ་ཞུགས་རིག་པའི་ཕོ་བྲང་ནས། །མཉམ་མེད་མདོ་བོ་རས་པ་དང་། །གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། གང་འདུལ་དེར་སྣང་ཕོ་བྲང་ནས། །ཤེར་དབང་བློ་གྲོས་སེང་གེ་དང། །ཡོན་རྡོར་རིན་ཆེན་དངོས་གྲུབ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། ཟབ་རྒྱས་ཆོས་གཏེར་ཕོ་བྲང་ནས། །པདྨས་དབང་བསྐུར་ཀུན་དགའི་མཚན། །སྤང་སྟོན་ཀུན་བཟང་དཔལ་འབྱོར་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། ཆོས་བརྒྱད་རང་གྲོལ་ཕོ་བྲང་ནས། །གྲུབ་ཆེན་ཆོས་དབང་ལྷུན་གྲུབ་དང་། །གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །ཆོས་རྒྱལ་གཏེར་བདག་གླིང་པ་སོགས། །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། ཉི་ཤུ་རྩ་བཞིའི་གནས་ཡུལ་ནས། །མི་ཤིགས་རྩ་དང་ཐིག་ལེའི་དངོས། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི། དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པ། །དམ་ཅན་ཆོས་སྐྱོང་སྲུང་མ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྗེས་སུ། ཁམས་གསུམ་འགྲོ་བ་མ་ལུས་པ། །རྡོ་རྗེ་ཕག་མོར་རྣམ་དག་པའི། །འཁོར་འདས་རོ་མཉམ་དཀྱིལ་འཁོར་ཆེར། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། ཨོཾ་ཨཱཿཧཱུྃ་ཞེས་རང་ཉིད་མྱང་ངོ་། །གཏོར་མཆོད་ནི། ཧཱུྃ༔ མཚན་ལྡན་ཞལ་བུ་ཀ་པཱ་ལར༔ གཏོར་མ་ཡེ་ཤེས་བདུད་རྩི་ལས༔ འདོད་ཡོན་ལྷ་མོའི་སྤྲིན་འཕྲོ་བ༔ ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ༔ རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ༔ རཀྟ་པདྨ་ལས་བྱུང་བ༔ ཐིག་ལེ་བྱང་ཆུབ་བདེ་བ་ཆེ༔ འདོད་ཆགས་འཁོར་བ་སྟོངས་ཕྱིར་བཞེས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཟག་མེད་ཀྱི་མཆོད་པ་ནི། ཧཱུྃ༔ བདེ་སྟོང་ཡེ་ཤེས་མཆོད་པ་འདིས༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ རིག་སྟོང་ཡེ་ཤེས་མཆོད་པ་འདིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ གསལ་སྟོང་ཡེ་ཤེས་མཆོད་པ་འདིས༔ རིགས་བཞིའི་མཁའ་འགྲོའི་ཐུགས་དམ་བསྐང༔ སྣང་སྟོང་ཡེ་ཤེས་མཆོད་པ་འདིས༔ གནས་ཡུལ་མཁའ་འགྲོའི་ཐུགས་དམ་བསྐང༔ ཚོར་སྟོང་ཡེ་ཤེས་མཆོད་པ་འདིས༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང༔ ཡེ་ཤེས་ལྔ་ལྡན་ཐུགས་དམ་བསྐང༔ འཁོར་འདས་རང་གྲོལ་མཉེས་གྱུར་ཅིག༔ ཨ་ཨ་ཨ༔ ཨ་ལ་ལ་ཧོ༔ ཞེས་མཆོད་དོ། །དྲུག་པ་བསྟོད་པ་བྱ་བ་ནི། དྲིལ་བུ་དང་ཅང་ཏེའུའི་སྒྲས་བསྐུལ་ཏེ་ཡོན་ཏན་ཁྱད་པར་ཅན་དྲན་བཞིན་པས། ཧཱུྃ༔ སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་བྷ་ག་ནས༔ དོན་དམ་སྟོང་ཉིད་རྡོ་རྗེ་མཁའ་འགྲོ་མ༔ སྐྱེ་འགག་གནས་གསུམ་བརྗོད་བྲལ་ཆོས་ཀྱི་སྐུ༔ དོན་དམ་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་ཆོས་འབྱུང་ཆགས་མེད་བྷ་ག་ནས༔ བརྗོད་བྱ་སྒྲ་དོན་ཨཱ་ལི་སྐྱེ་བ་མེད༔ ཀཱ་ལི་མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ གཙོ་མོ་ཡུམ་ཆེན་མ་ལ་ཕྱག་འཚལ་བསྟོད༔ དུར་ཁྲོད་གནས་མཆོག་སྤྲུལ་པའི་བྷ་ག་ནས༔ མཚོན་པ་དབྱིབས་ཀྱི་སྐུར་སྣང་ཕྱག་མཚན་གྱིས༔ དུག་གསུམ་ལ་སོགས་མི་མཐུན་ཕྱོགས་རྣམས་འཇོམས༔ འགྲོ་དོན་མཛད་ཕྱིར་སྤྲུལ་ལ་ཕྱག་འཚལ་བསྟོད༔ སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པ་བྱ་བ་ནི། ལྷ་ལ་བལྟ་ཞིང་ཡིད་དང་བསྲེ་བ། བརྡ་དོན་དྲན་པ། རླུང་དང་བསྲེ་བ་རྣམས་སྔ་ཐུན་ལྟར་ཐུན་བཞིར་བཅད་ནས་སེམས་བཟུང་ཞིང་ལྷ་ཁྲིད་བསྐྱང་། དེས་སྐྱོ་ན། ཧཱུྃ༔ བདག་ཉིད་རྡོ་རྗེ་ཕག་མོ་ཡི༔ འཁོར་ལོ་བཞི་ཡི་གནས་རྣམས་སུ༔ སྐྱེ་མེད་ཨ་ལ་བསྐོར་བའི་སྔགས༔ ལྷ་དང་གཉིས་མེད་ཡོངས་རྫོགས་ལས༔ འོད་ཟེར་འཕྲོ་འདུས་འཕགས་པ་མཆོད༔ ཚུར་འདུས་རིགས་དྲུག་སྡུག་བསྔལ་སྦྱངས༔ སླར་ཡང་བདག་གི་གནས་བཞིར་ཐིམ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཅེས་འཕྲོ་འདུའི་དམིགས་པ་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་པ་རླུང་དང་སྦྱར་བའི་ཡིད་བཟླས་སམ། ཡིད་བཟླས་རྐྱང་པ་ཅི་རིགས་པ་དང་། ངག་བཟླས་སོགས་བརྒྱ་སྟོང་ཅི་ནུས་བཟླའོ། །དབང་བསྐུར་དང་འབྲེལ་ན་འདིར་བུམ་བཟླས་བྱ་དགོས་ཏེ། དབང་ཆོག་རྩ་བར། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ རྣམ་པ་རྡོ་རྗེ་ཕག་མོ་ལ༔ ངོ་བོ་ཆུ་རུ་བཞུ་བརྟུལ་བྱ༔ ཞེས་གསུང་། དེ་ལྟར་ནའང་བུམ་པའི་བསྐྱེད་ཆོག་ནི་མདུན་བསྐྱེད་དང་ཆབས་ཅིག་ཏུ་གྲུབ་པས་ལོགས་སུ་མི་དགོས་པར་བཞེད། འོན་ཀྱང་དམིགས་པའི་ཡུལ་གསལ་འདེབས་ཙམ་བྱས་ལ་གཟུངས་ཐག་གཏད་དེ་བྷ་ར་ཧེ་ཇི་ལྟར་རིགས་པ་བཟླས་ལ། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་པར་བསམ། བུམ་ཛཔ྄་དང་འབྲེལ་མ་འབྲེལ་ཇི་ལྟར་ཡང་སྐབས་འདིར་མཆོད་པ་བྱའོ། །གསུམ་པ་ཐུན་མཚམས་གཏོར་མ་འབུལ་བའི་ཆོ་ག་ནི། འདས་མ་འདས་ཀྱི་གཏོར་མ་རྣམས་ཀྱི་ནང་དུ་ཆང་ལ་སོགས་པའི་བཏུང་བའང་བླུག་ཅིང་། བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་པའི་བར་ནང་མཆོད་བྱིན་རླབས་ལྟར་ལ། ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བྱིན་བརླབས་ནས། སྤོས་བཏུལ་ཞིང་ཐོད་རྔ་དང་རྐང་གླིང་གི་སྒྲས་བསྐུལ་ཏེ་སྤྱན་དྲང་བ་ནི། ཧཱུྃ༔ མཚན་མོ་སྐྲ་གྲོལ་གཅེར་བུར་གནས༔ རྐང་པས་རོ་མནན་སྟེང་དུ་བལྟ༔ གྱེན་དུ་ཕག་སྐད་སྒྲ་སྒྲོག་ཅིང༔ མཁའ་འགྲོ་འཁོར་དང་བཅས་པ་རྣམས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཕཻཾ་ཕཻཾ་ཕཻཾ༔ ཞེས་བརྗོད་པས། མདུན་བསྐྱེད་ཀྱི་འཁོར་ལོ་དང་དབྱེར་མེད་པའི་བླ་མ་དང་རྣལ་འབྱོར་མའི་ལྷ་ཚོགས་ནམ་མཁའ་གང་བར་སད་པར་བསམ་ཞིང་། དེ་ཐམས་ཅད་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་པར་བསམ་ལ། ཨོཾ་བཛྲ་བྷ་ར་ཧེ་མ་ཧཱ་ཡོ་གི་ནཱི་ཨི་དམ་བྷ་ལིཾ་ཏ་གྷྲྀཧྞ་གྷྲྀཧྞ་བྷཱུཉྫ་ཧོ༔ པི་པ་ཧོ༔ ཨ་ཏི་ཀྲ་མ་ཏི༔ ས་མ་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་བརྗོད་ཅིང་རྡོར་ཐལ་ཁ་ཕྱེ་བའི་རྒྱས་གཙོ་མོ་མཆོད་དོ། །དེ་ནས། དུར་ཁྲོད་ན་གནས་པའི་མཁའ་འགྲོ་སྡེ་བརྒྱད་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་ལས་རྣམ་པ་ཐམས་ཅད་པའི་བཅོམ་ལྡན་འདས་མའི་འཁོར་ལོར་སད་པར་བསམ་ལ། བཛྲ་ཌཱ་ཀི་ནཱི་ཕཻཾ༔ རཏྣ༴ པདྨ༴ ཀརྨ༴ ས་མ་ཡ༴ བི་ཤྭ༴ སརྦ༴ ལོ་ཀ་ཌཱ་ཀི་ནཱི་ཕཻཾ་གྱི་མཐར། ཨི་དཾ་བྷ་ལིཾ་ཏ་སོགས་བཏགས་ལ་ལན་གསུམ་གྱིས་ཕུལ་ལ་གཙོ་འཁོར་ཐམས་ཅད་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང༔ ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས༔ མཐུ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ མཁའ་འགྲོ་མང་པོའི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་རྒྱས་དང་དབང་དང་དྲག༔ དགུག་དང་བསྐྲད་དང་མནན་དང་གཟིར༔ ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད༔ མཁའ་འགྲོ་མཉེས་པའི་མཆོད་པ་འདིས༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདེ་ལེགས་ཐམས་ཅད་བདག་ལ་སྩོལ༔ ཞེས་བརྗོད། གཞན་ཡང་མཁའ་འགྲོ་ཆེན་མོ་སྤྱང་ཞོན་དང་དུར་ཁྲོད་བདག་མོ་རྣམས་ཀྱི་གཏོར་འབུལ་བྱེད་པར་སྤྲོ་ན་སོ་སོའི་གཞུང་བཞིན་སྐབས་འདིར་བྱའོ། ༈ །བཞི་པ་དབང་ལ་གཉིས་ལས། དང་པོ་རང་དོན་བདག་འཇུག་ནི། གཞུང་དུ་བདག་འཇུག་ལེན་དགོས་པའི་གསལ་ཁ་མི་འབྱུང་བས་མ་བླང་ཡང་ཆད་པའི་སྐྱོན་དུ་མི་འགྱུར་ནའང་ལེན་པར་སྤྲོ་ན། རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་བདག་མོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། རང་ཉིད་ཀྱི་རྣམ་འགྱུར་གློ་བུར་བའི་རྟེན་སློབ་མའི་ཚུལ་དུ་བྱས་ཤིང་། དབང་གི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལས་བྱེ་བའི་ལས་ཀྱི་རྣལ་འབྱོར་མས་མཛད་པར་བསམ་སྟེ། སློབ་མར་ཇི་ལྟར་བསྐུར་བ་ལྟར་ལས། ཁྱེད་རང་གི་ཞེས་པ་རྣམས་ལ་བདག་གི་ཞེས་སོགས་སུ་འདོན་པ་སྤོས་ལ་དབང་རྫོགས་པར་བླང་། འོན་ཀྱང་བདག་འཇུག་གི་སྐབས་འདིར་བྱིན་འབེབ་ཀྱི་སྤོག་ཆོག་གཉིས་པོ་མི་དགོས་ཤིང་། འཇུག་པ་རྒྱས་པ་མི་ནུས་ན་གཏེར་གཞུང་ལྟར་ཁྲུས་དང་མཎྜལ་བྱིན་འབེབ་རྣམས་བྱས་རྗེས་དངོས་གཞི་ལ་ཞུགས་པ་ཙམ་གྱིས་ཀྱང་རུང་ངོ་། །གཉིས་པ་གཞན་དོན་སློབ་མ་ལ་དབང་བསྐུར་བ་ལ་གསུམ་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ནི། སློབ་བུ་རྣམས་ཕྱི་རོལ་དུ་ཁྲུས་བྱས། བགེགས་བསྐྲད་ནས་ནང་དུ་ཞུགས་ཏེ་ཕྱག་དང་མཎྜལ་ཕུལ། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པ་ལན་གཉིས་ཀྱིས་མིག་དར་དང་མེ་ཏོག་གཏད། སློབ་མས་མེ་ཏོག་བཟུང་ནས་ཐལ་མོ་སྦྱར་བས་བཏུད་དེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་སྐྱབས་སུ་མཆི༔ གཙོ་བོ་ལྷ་མོ་མཁའ་འགྲོའི་ཚོགས༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བླ་མས་བདག་ཅག་གཞུག་ཏུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པའི་ལན་དུ་བུས། དུས་གསུམ་སངས་རྒྱས་བསྐྱེད་པའི་གནས༔ ཡི་དམ་མཁའ་འགྲོའི་གྲོང་ཁྱེར་མཆོག༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ བདག་གིས་ཁྱེད་ཅག་གཞུག་པར་བྱ༔ ཞེས་གནང་བ་སྦྱིན། དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མཁའ་ཁྱབ་ཏུ་སད་པར་བསམ་ལ། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བླ་མ་དཀོན་མཆོག་མཁའ་འགྲོ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དུག་ལྔ་ཟད་མཛད་མཁའ་འགྲོ་མ༔ ལྔ་ལ་མོས་པའི་སེམས་ཀྱིས་བསྟོད༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་དགེ་བ་གང་བྱས་པ༔ སེམས་ཅན་རྣམས་ཀྱི་དོན་དུ་བསྔོ༔ གཞན་གྱི་དགེ་བའི་རྩ་བ་ལ༔ བདག་གིས་རྗེས་སུ་ཡི་རང་ངོ༔ མཆོག་ཏུ་གསང་བ་སྔགས་ཀྱི་ལམ༔ བདག་གི་རྒྱུད་ལ་བརྟེན་པར་བགྱི༔ ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། དམ་ཚིག་དབབ་པ་ནི། བུས། རྡོ་རྗེ་སློབ་དཔོན་མི་སྤང་ཞིང༔ བསྒོ་བའི་ཚིག་རྣམས་ཉན་པ་དང༔ ལྷ་ཡི་བསྐྱེད་རྫོགས་སྒོམ་པ་དང༔ གསུང་གི་སྙིང་པོ་རྒྱུན་མི་གཅད༔ གསང་བའི་མན་ངག་མི་སྤེལ་དང༔ ཡང་དག་དོན་ལ་གནས་པ་ནི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན༔ མཁའ་འགྲོ་རྣམ་བཞི་རྟག་ཏུ་མཆོད༔ འདི་དག་དམ་ཚིག་ཁྱོད་ཀྱིས་སྲུངས༔ ཞེས་པའི་ལན་དུ། བུས། བླ་མས་ཇི་སྐད་གསུངས་པའི་དོན༔ དེ་ལྟར་བདག་གིས་བགྱིད་པར་འཚལ༔ དམ་ཚིག་ལ་ནི་བདག་གནས་ཤིང༔ སྡོམ་པ་རྣམས་ཀྱང་གཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ལ། དེ་ནས་ནང་གི་སེམས་བསྐྱེད་པའི་ཕྱིར། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་བསྒོམས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི༔ ཞེས་རྗེས་ཟློས་བྱར་གཞུག །རྡོ་རྗེ་སྙིང་གར་བཞག་པས་བརྟན་པར་བྱས་པའི་མོས་པ་གྱིས་བྱས་ལ། སློབ་མའི་སྙིང་གར་རྡོ་རྗེ་གཏུགས་ཏེ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཞེས་བརྗོད། དེ་ནས། ལས་ཀྱི་རྣལ་འབྱོར་མའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པའི་མོས་པ་བྱེད་དུ་བཅུག་ནས་ཛཿཧཱུྃ་བཾ་ཧོཿཧཱུྃ་ཛཿ ཞེས་ཡོལ་བའི་ནང་དུ་དྲང་སྟེ་ཕྱིའི་འཇུག་པའོ། །དེ་ནས་ནང་འཇུག་གི་སྦྱོར་བ་དམ་ལ་བཞག་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ ཞེས་བདུད་རྩི་ལྕེ་ལ་ལན་གསུམ་སྦྱིན་ནོ། །རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ གསང་ཆེན་རྡོ་རྗེ་ང་ཡིན་པས༔ ང་ལ་བརྙས་པར་མ་བྱེད་ཅིག༔ གལ་ཏེ་ང་ལ་བརྙས་པ་ན༔ ཚེ་ཡི་དུས་བྱས་དམྱལ་བར་འགྲོ༔ ཞེས་བསྒྲག །ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཕྱག་དང་བསྐོར་བ་བྱས་ནས་ལུས་དྲང་པོར་བསྲང་། རླུང་ཁ་སྦྱོར་དུ་བཅིངས་ཏེ། སློབ་དཔོན་ལ་གུས་འདུད་བྱས་པས་དེའི་སྐུ་ལས་འོད་ཟེར་འཕྲོས། ཁྱེད་རང་ལ་ཕོག་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་པ་ཐམས་ཅད་སྦྱངས། སྟོང་པའི་ངང་ལས་རང་སེམས་ཨ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་ཕག་མོའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་གཙོ་མོ་དང་གཉིས་སུ་མེད་པའི་བླ་མའི་ཐུགས་ཀ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་རྣམ་པ་རྡོ་རྗེ་ཕག་མོ་ལྷ་ལྔའི་སྐུར་སྣང་བ་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་འུར་འུར་ཆེམ་ཆེམ་བྱོན་ནས་ཁྱེད་རང་གི་སྙིང་གར་སིབ་སིབ་ཐིམ་པར་བསམ་དུ་བཅུག་ཅིང་། ཤ་ཆེན་དང་གུ་གུལ་བདུག །དྲིལ་བུ་ཅང་ཏེའུ་ཐོད་རྔ་རྐང་གླིང་ལ་སོགས་པའི་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཨོཾ་བཛྲ་ལི་ཙཎྜེ་མ་ཧཱ་སུ་ཁ་ནི་ཙཎྜེ་ཛྙཱ་ན་ཨུ་བྷི་ནི་ཙཎྜེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབ་རྟགས་ནི། འདར་དང་འཁྲབ་དང་གར་བྱེད་དང༔ སྨྲ་དང་དགོད་དང་སྒྲ་འབྱིན་དང༔ བདེ་གསལ་མི་རྟོག་སྐྱེ་བར་འགྱུར༔ ཞེས་གསུངས། གལ་ཏེ་མ་ཕེབས་ན་སྤོག་ཆོག་ནི། ཁྱེད་རང་ཕག་མོར་གསལ་བའི་སྙིང་གར་ཕག་མོ་སྡེ་ལྔ་བདེ་བའི་གར་སྟབས་ལིང་ལིང་བསྒྱུར་ཞིང་སྐུ་ལས་མུ་མེད་པའི་འོད་ཟེར་སྤྲོ་བས་ལུས་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་སོང་བས་སྣང་སྲིད་ཐམས་ཅད་ཕག་མོའི་སྐུར་ཡོམ་ཡོམ་ཤིག་ཤིག་བཞེངས་པ་རྣམས་བུ་ཡུག་འཚུབས་པ་ལྟར་འདུས་ནས། སྤྱི་གཙུག་ནས་ཐིམ་པའི་རྐྱེན་གྱིས་རང་ལུས་ཀྱང་སྙིང་གར་འདུས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་སྐྱེས་པར་བསམ་ཞིང་། རིག་པ་སྐྱེ་མེད་ཀྱི་ངང་དུ་ཁྲིག་གེ་འཇོག་ཏུ་བཅུག་ལ། བྱི་ལའི་བྲུན། པདྨ་རཀྟ། བྱང་སེམས། སྐྲ །ཉ་ཤ །རའི་ཤ །ཚིལ་ཆེན། གུ་གུལ་རྣམས་སོལ་མེར་བསྲེག་ཅིང་། ཨོཾ་ཨུ་པ་ཀརྨ་མ་མ་ལི་མ་ཧཱ་སུ་ཁ་ནི༔ མ་མ་ལི་ཛྭ་ཀི་ཀོ་ར་ཡ༔ མ་མ་ལི༔ ཞེས་དྲག་ཏུ་བཟླས་པས་དབབ་བོ། །གལ་ཏེ་དེས་ཀྱང་མ་ཕེབས་ན། ན་ཆུང་མའི་དོར་རྟ་དང་། རང་གི་ལྷྭམ་འབོག །གུ་གུལ་རྣམས་སྦྱར་བ་བསྲེགས་ལ། དགོངས་པ་སྣང་སྲིད་གཏིང་ལྡོག་ཅིང་སྟོང་གསུམ་མགལ་མེ་ལྟར་དུ་བསྐོར་བས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི༔ དེ་ཝ་ཏད་ཏ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ་ཞིང་ཤུགས་གླུ་འབོད། དེས་མི་ཕེབས་མི་སྲིད་དོ། །དེ་ལྟར་ཡེ་ཤེས་ཕབ་པའི་ཆུ་རྒྱུན་དེ་ཉིད་བརྟན་པར་བྱས་པའི་མོས་པ་བྱེད་དུ་བཅུག་སྟེ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ༔ཞེས་བརྗོད། དེ་ནས་སྔར་བཟུང་བའི་མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོའི་དབུ་ལ་ཕུལ་བར་མོས་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །གང་གིས་བཞེས་པའི་ལྷ་དེས་སླར་ཡང་རང་གི་སྤྱི་བོར་བཅིངས་པར་བསམ་དུ་བཅུག་སྟེ། ཨོཾ་པྲ་ཏཱི་གྲྀཧྞ་ཨི་མམ་སཏྭ་མ་ཧཱ་བཱ་ལ་ཏིཥྛ༔ ཞེས་མགོ་ལ་བཀོད། མིག་སྨན་གྱིས་བསྐུས་པའི་མིག་ཐུར་ཐོགས་ཏེ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ རྡོ་རྗེ་མིག་ནི་བླ་ན་མེད༔ ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཱཾ༔ ཞེས་པས་མིག་དབྱེ་ཞིང་གདོང་གཡོགས་དགྲོལ། ཀྱེ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས༔ ཕོ་ཉ་གསུམ་ལྡན་དཀྱིལ་འཁོར་ལྟོས༔ ས་གསུམ་པོ་ཡང་གཡོ་བས་ན༔ སྒོ་གསུམ་སྐུ་གསུམ་ཉིད་དུ་སྦྱོར༔ ཞེས་མཐོང་བ་བསྟན་ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་དུ་བསྒོམ་དུ་གཞུག །སྤྲོ་ན་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་དོ། །གཉིས་པ་དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་དབུལ། ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཕྱི་དབང་ཆེན་པོ་བདག་ལ་སྩོལ༔ ནང་དབང་ཆེན་པོ་བདག་ལ་སྩོལ༔ གསང་དབང་ཆེན་པོ་བདག་ལ་སྩོལ༔ ཞེས་ལན་གསུམ། ལན་དུ་བུས། ཕྱི་དང་ནང་དང་གསང་བ་ཡི༔ དབང་བསྐུར་ཆེན་པོ་ང་ཡིས་སྦྱིན༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ༔ གསང་བ་འདི་ལས་མི་མངའ་བས༔ གསང་བདག་གསང་ཆེན་གསང་བའི་གཏེར༔ གསང་བ་མཆོག་གི་སྤྱོད་པ་འདིར༔ གསང་བའི་བདག་པོར་དབང་བསྐུར་རོ༔ ཞེས་གནང་བ་སྦྱིན་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་ཁྲིའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་ཕག་མོའི་སྐུར་གྱུར། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ཏེ། དེ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་བསམ་དུ་བཅུག་སྟེ། ཧཱུྃ༔ བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། ཞེས་བུམ་པའི་ཆུས་དབང་བསྐུར་ཅིང་བཀྲུས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་རིགས་ལྔ་ཡེ་ཤེས་ལྔས་དབང་བསྐུར་པ་ཐོབ་པའི་རྟགས་སུ་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་མོ། །དེས་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོར་འདོད་ཁམས་དག་པས་དབང་དུ་འདུས་ཤིང་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ནས་གསང་དབང་ནི། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་སྟེ་སྤྱི་བོ་ནས་ཞུགས། དྷཱུ་ཏིའི་ལམ་བརྒྱུད་རྩ་གནས་འདབ་བཞིའི་འཁོར་ལོར་རྣལ་འབྱོར་མ་བཞུགས་པའི་ཞལ་དུ་ཐིམ་པས་བདེ་བའི་རོ་མྱངས་ནས། ལྷ་རྣམས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཕྱིར་ཕྱུངས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པའི་མོས་པ་བྱེད་དུ་བཅུག་ལ། གསང་རྟེན་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པཱ་ལར༔ བདུད་རྩི་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྐུ་ལྔ་དབང་དུ་སྡུད་པར་ཤོག༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པས་དབང་བསྐུར་པས་མཁའ་འགྲོ་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པས་འབྱུང་བ་བཞི་གནས་སུ་དག་ནས་རྩ་ཁམས་མཁའ་འགྲོར་གྲོལ་བར་བསམ། དེས་གསུང་གི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་ལ་བསྟེན་ནས་རླུང་དྲུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོར་གཟུགས་ཁམས་དག་པས་དབང་དུ་འདུས་ཤིང་ཞིང་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་རའི་མཎྜལ་སྙིང་གར་བཞག་ཅིང་ཐིག་ལེ་བྱས་པ་ལ་བརྟེན་ཏེ། ལྟེ་བའི་གཏུམ་མོ་འབར་བས་སྤྱི་བོའི་ཧཾ་ཡིག་བཞུས། དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་བརྟན་པར་བསམ་དུ་བཅུག་སྟེ། མེ་ལོང་སྙིང་གར་བཞག །དེ་ནས་གཡོན་པའི་མཐེབ་སྲིན་གྱིས་སིནྡྷུ་ར་བླངས་པ་སྙིང་གར་བྱུག་ཅིང་། ཧཱུྃ༔ ཆོས་རྣམས་དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་ངོས་གཟུང་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ཤེས་རབ་ཡེ་ཤེས་གསལ་བ་ངོ་བོ་སྟོང་པའི་ངང་དུ་རང་སེམས་འདྲེས་ཤིང་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོར་གྲོལ་བར་བསམ་མོ། །དེས་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོར་གཟུགས་མེད་ཁམས་དག་པས་དབང་དུ་འདུས་ཤིང་ལྷན་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ནས་བཞི་པའི་ཚིག་དབང་ནི། སྒོ་གསུམ་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གདོད་ནས་བཞུགས་པ་ཉིད་ལྷ་སྐུ་འདི་ཉིད་ཀྱིས་མཚོན་ཏེ་ངོ་སྤྲོད་པ་ནི་ཚིག་དབང་རིན་པོ་ཆེ་སྟེ། བྲིས་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུའང་བསྟན་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཕག་མོ་ཁྲོས་མའི་སྐུར་གྱུར་ནས༔ རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ། ཞེས་དབང་བསྐུར་པས། ལུས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག །ངག་སྔགས་ཀྱི་ལུང་ཐོབ་ནས་རྡོ་རྗེ་ཕག་མོའི་གསུང་གྲགས་སྟོང་བརྗོད་མེད། སེམས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ཆོས་ཉིད་རྡོ་རྗེ་ཕག་མོའི་ཐུགས་ཏེ། རྩ་བའི་སྒྲུབ་ཐབས་ལས། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་པ་ཡིན་པས་དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོར་ཁམས་གསུམ་དུ་འཛིན་པའི་བག་ཆགས་དག་ནས། ཕོ་ཉ་གསུམ་འདུས་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་རྗེས་གནང་སྦྱིན་པ་ལ་ལྔ་ལས། དང་པོ་སྐུའི་རྗེས་གནང་ནི། བྲིས་སྐུ་བསྟན་ལ། འདི་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ རྫོགས་པའི་སངས་རྒྱས་མ་ཐོབ་བར༔ ཐུན་བཞིར་རྟག་ཏུ་མཉམ་བྱོས་ལ༔ ལྷ་ཡི་རྣལ་འབྱོར་སྒོམ་པ་དང༔ རྫོགས་པར་སེམས་ཉིད་དག་པར་གྱིས༔ དེང་ཕྱིན་ཆད་འདི་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་དབྱེར་མེད་རྣམ་པ་འདི་ལྟ་བུ་ཐུན་བཞིར་སྒོམ་པ་དང་མི་འབྲལ་བར་གྱིས་ཤིག །གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་དམར་པོ་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་གི་གནས་བཞིར་ཐིམ་པས་འཁོར་ལོ་བཞིའི་འདབ་མ་ལ་པར་བཏབ་པ་བཞིན་བྱུང་བའི་མོས་པ་གྱིས། ཕྲེང་བ་ལག་ཏུ་གཏད་དེ། ཧཱུྃ༔ གསང་སྔགས་རྒྱལ་པོ་འདི་ཡིས་ནི༔ བསྐལ་པ་སྟོང་གི་སྡིག་པ་རྣམས༔ མྱུར་དུ་འདག་པར་གདོན་མི་ཟ༔ སྔགས་ཀྱི་ཡན་ལག་མ་ཉམས་ཟློས༔ བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་འབྲུ་བཅུ་དྲུག་པ་དང་། ཨ་ཧ་རི་ནི་ས་རྣམས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག །དེང་ཕྱིན་ཆད་སྒྲ་སྐད་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་ཤེས་པས་བཟླས་བརྗོད་ལ་བརྩོན་པར་གྱིས་ཤིག །གསུམ་པ་སྒྲུབ་རྫས་ཀྱི་རྗེས་གནང་ནི། ཕྱག་མཚན་དང་གོས་རྒྱན་གཏད་དེ། ཧཱུྃ༔ གྲི་གུག་ཐོད་པ་ཁ་ཊྭཱཾ་ག༔ རྡོ་རྗེ་དྲིལ་བུ་ཌཱ་མ་རུ༔ གོས་གསུམ་རྒྱན་གསུམ་བྱུག་རྫས་གསུམ༔ རྟག་ཏུ་རང་རྟགས་གཟུང་བར་གྱིས༔ དེང་ཕྱིན་ཆད་དྲན་རིག་ཐམས་ཅད་རྗེ་བཙུན་མའི་ཐུགས་ཆོས་ཉིད་ཀྱི་ངོ་བོ་ལས་མི་འདའ་བར་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག །བཞི་པ་དམ་ཚིག་གི་རྗེས་གནང་ནི། ཐོད་པ་བདུད་རྩིས་བཀང་བ་གཏད་ཅིང་མྱོང་དུ་བཅུག་ལ། ཧཱུྃ༔ བུ་ཁྱོད་སློབ་དཔོན་མི་སྤང་ངོ༔ རྡོ་རྗེ་ཕག་མོའི་དམ་ཚིག་ཡིན༔ འཇིག་རྟེན་དག་ལ་མ་ཆགས་པར༔ མི་ཕོད་པ་ལ་བརྫི་བར་གྱིས༔ བཅས་བསྲུང་རྟག་ཏུ་དྲན་པར་གྱིས༔ དེང་ཕྱིན་ཆད་ཕག་མོའི་དམ་ཚིག་བརྟུལ་ཤུགས་ཀྱི་སྤྱོད་པ་ལས་མི་འདའ་བར་གྱིས་ཤིག །ལྔ་པ་གཞན་དོན་གྱི་རྗེས་གནང་ནི། པུསྟི་སྤྱི་བོར་བཞག་ལ། ཧོ༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ཕག་མོའི་རྒྱུད་རྣམས་འཆད་པ་དང༔ དངོས་གྲུབ་ཐོབ་ཕྱིར་སྒྲུབ་པ་དང༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོ་ག་ཕྲ་མོ་ཐམས་ཅད་ཀུན༔ བླ་མའི་ཞལ་ནས་གསུངས་པ་བཞིན༔ སྐལ་ལྡན་རྣམས་ལ་སྟོན་པར་གྱིས༔ དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམ་པས་འགྲོ་བའི་དོན་ཅི་ནུས་གྱིས་ཤིག །གསུམ་པ་དབང་གི་རྗེས་ནི། བུས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་དང་། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཅེས་དབུལ་ལོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་ཚོགས་མཆོད་ནི། བདག་འཇུག་གི་སྔ་ཕྱི་གང་རིགས་དང་། སྐབས་འདིར་བྱ་བའི་ལུགས་གསུམ་སྣང་ཡང་རང་གི་བླ་མའི་ཕྱག་བཞེས་ཕྱི་མ་ལྟར་མཛད་པས། ཟན་དང་ཤ་ཆང་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་རྣམས་ཞིང་ལྤགས་ཀྱི་སྟེང་དུ་བཤམས་ལ་བདུད་རྩིས་བྲན་ཏེ། བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མ་ལས་ཉི་མ་ལ་གནས་པའི་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་གྱུར་པའི་སྟེང་དུ། ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་གནས་པ་ཉིད་ཨ་ལས་ཟླ་དཀྱིལ་གྱིས་ཁ་བཅད་པའི་དབུས་སུ་རྡོ་རྗེ་ཕྱེད་པ་ཧཱུྃ་ཡིག་གིས་མཚན་པ་རྣམས་སུ་གྱུར། རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འོག་གི་རླུང་གཡོས། མེ་སྦར། རྫས་རྣམས་ཞུ་བ་འབྲུ་གསུམ་གྱི་འོད་ཀྱིས་སྦྱང་བསྒྱུར་སྤེལ་བར་གྱུར། སླར་ཡང་རྡོ་རྗེ་ལ་གནས་པའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །རྡོ་རྗེ་ཟླ་བ་འབྲུ་གསུམ་རིགས་ལྔ་རྣམས་རིམ་པར་ཞུ་ཞིང་འདྲེས་པ་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ༔ ཞེས་ལན་བདུན་གྱིས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་དྲང་བ་ནི། སྤོས་དང་རོལ་མོར་བཅས་ཏེ། ཧཱུྃ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡུམ༔ ཐུགས་རྗེས་ཁྲོས་པའི་ནག་མོ་ལ༔ མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕཻཾ་ཕཻཾ་ཕཻཾ༔ ཞེས་པས་མདུན་བསྐྱེད་ཀྱི་འཁོར་ལོ་དང་དབྱེར་མེད་པའི་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་བསམ་ལ། ཚོགས་ཕུད་ཆ་བཞིར་སྤྲོས་ནས་ཆ་གཅིག་དབུལ་ཞིང་། བཟའ་དང་བཅའ་དང་བཏུང་བ་དང༔ བཤོས་དང་ཞལ་ཟས་སྣ་ཚོགས་དང༔ ཁ་དང་མངར་དང་སྐྱུར་བ་དང༔ ཚ་དང་རྩུབ་དང་ལན་ཚྭའི་རོ༔ གཟུགས་དང་སྒྲ་དང་དྲི་དང་རེག༔ འདོད་ཡོན་ལྔ་ལ་སོགས་པ་ཡིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ༔ ཞེས་ཕུལ་ལ་འདོད་དོན་གསོལ་བ་ནི། ཧཱུྃ༔ ཚོགས་མཆོད་དམ་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཚེ་དང་དབང་ཐང་ལོངས་སྤྱོད་དང༔ འཁོར་དང་རྐང་འགྲོས་ནོར་ཕྱུགས་སྤེལ༔ མ་ལུས་ཐམས་ཅད་དབང་དུ་སྡུས༔ དུས་མིན་འཆི་དང་ཆག་ཆེ་ཟློག༔ དེ་ནས་ཚོགས་ཕུད་ཆ་གཅིག་བསྲེག་རྫས་དང་སྦྱར་ནས་མེ་མཆོད་བྱ་སྟེ། དེ་ལ་བསྲེག་རྫས་ནི་རྩ་བར། རྫས་ནི་ཕྱེ་མར་རཏྣ་སྨན༔ ཟས་ནི་རྣམ་པ་སྣ་ཚོགས་དང༔ རིན་པོ་ཆེ་དང་འབྲུ་སྣ་དང༔ དར་ཟབ་གོས་ལ་སོགས་པ་བསྲེག༔ ཅེས་སོ། །ཐབ་ནི། མཆོག་གི་དངོས་གྲུབ་ལ་ཞི་རྒྱས་གང་རུང་འདྲ་བར་བྱས་ཀྱང་རུང་མོད་ནའང་འདིར་རྩ་བར། མཎྜལ་ཐབ་ཁུང་གྲུ་བཞི་སྟེ༔ ཞེས་དང་། ཕག་ལྔའི་མེ་མཆོད་ལས། དབུས་སུ་དཀྱིལ་འཁོར་གྲུ་བཞིའི་སྟེང༔ ཞེས་པས་མེ་ཐབ་གྲུ་བཞི་མུ་རན་ཁ་ཁྱེར་དང་འདབ་བཞི་ཕྱོགས་ཚོན་ལྷ་མཚན་དང་བཅས་བྲིས་པར་བུད་ཤིང་བརྩིགས་པའམ། སོ་ཕག་སོགས་ལས་བྱས་པའི་ནང་དུ་བཅེར་པ་ལ་མེ་སྦར་ཞིང་། རྒྱུན་གྱི་ཉམས་ལེན་ཙམ་ལ་སོལ་མེས་བཀང་ཡང་རུང་སྟེ། རྫས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བརླབ། དེ་ནས་མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ཡིག་ལས་ཐབ་ཁུང་གྲུ་བཞི་སེར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་སྣ་ཚོགས་པ་འཕྲོ་བར་གསལ་གདབ། དེར་ཨགྣེ་ཛྭ་ལ་རཾ༔ ཞེས་པས་མེ་དུ་བ་མེད་པར་སྦར་བ་བཞག་ནས། མེའི་དབུས་སུ་པད་ཉི་རོའི་གདན་ལ་ཨ་ཧ་རི་ནི་ས་ལས་ཡེ་ཤེས་ལྔའི་རིག་རྩལ་ཕག་མོ་ལྷ་ལྔ། མདུན་བསྐྱེད་དམ་ཚོགས་ཞིང་གི་འཁོར་ལོ། དང་དབྱེར་མེད་པར་སད་པར་གྱུར། ཅེས་སམ། དེ་གཉིས་ཀ་དང་མ་འབྲེལ་ན། ཕག་མོ་ལྷ་ལྔའི་སྐུར་གསལ་བར་གྱུར། ཅེས་སྦྱར་ཞིང་ཕྱི་མའི་དབང་དུ་ན་གནས་གསུམ་རློབ་པ་དང་། ཡེ་ཤེས་པ་དྲང་བསྟིམ་མཆོད་པའང་བྱའོ། །རྫས་རྣམས་ཕུལ་བས་བདུད་རྩི་ཡི། །དྭངས་མ་དྲངས་ནས་ཞལ་དུ་གསོལ། །ཕག་མོ་མཉེས་ཤིང་ཚིམས་པ་ཡིས། །དངོས་གྲུབ་སྣ་ཚོགས་སྟེར་བར་བསམ། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་བཛྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཛྭ་ལ་རཾ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པ་ཁོ་ནས་རྫས་རྣམས་ཐབ་ཏུ་ཕུལ་བའི་མཐར་བསྟོད་ཅིང་འདོད་དོན་གསོལ་ནས། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་ཕག་མོ། རང་གི་སྙིང་གར་བསྡུ་བའམ། མདུན་བསྐྱེད་དང་འབྲེལ་ན་དཀྱིལ་འཁོར་གསུམ་ལ་བསྟིམས་ཏེ་མི་དམིགས་པར་བསམ་མོ། །ཕག་ལྔའི་མེ་མཆོད་ལས། དབུས་སུ་ཐམས་ཅད་བསྲེག་པར་བྱ༔ ཞེས་པས་སྤྲོ་ཞིང་ནུས་ན་འདིར་ལས་བཞི་ཀའི་རྫས་འོག་ནས་འབྱུང་བ་བཞིན་སོ་སོའི་སྤེལ་ཚིག་སྦྱར་ཏེ་བསྲེག་ཏུ་རུང་ལ། གཞན་དུ་ལས་བཞི་སོ་སོར་བྱེད་ན། ཞི་བ་ལ་ཐབ་དཀར་ཟླུམ་རྒྱར་ཁྲུ་གང་བ། རྒྱས་པ་ལ་གྲུ་བཞི་སེར་པོ་ཁྲུ་དོ། དབང་ལ་ཟླ་གམ་དམར་པོ་ཁྲུ་གང་། དྲག་པོར་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་སྟེ་ཐམས་ཅད་དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞིའི་མུ་རན་ཁ་ཁྱེར། དབུས་ཀྱི་ལྟེ་བ་ཐམས་ཅད་མཐིང་ག་ལ་འདབ་བཞི་ཞི་བ་ལ་དཀར་པོ་སོགས་ལས་མཐུན་ཐབ་མཚན་དང་བཅས་པ། སྲེག་ཤིང་ནི། ཞི་བ་ལ་བལ་བུའམ་གླང་མ། རྒྱས་པ་ལ་རྒྱ་ཤུག །དབང་ལ་ཙན་དན་ནམ་མཛོ་མོ་ཤིང་། དྲག་པོ་ལ་དུག་ཤིང་ཚེར་མ་ཅན་གྱིས་དབྱིབས་ཐབ་དང་འདྲ་བར་བརྩིག །ཁྱད་པར་གྱི་རྫས་ནི་ཞི་བ་ལ་ཏིལ་དང་དཀར་ཆས། རྒྱས་པ་ལ་དཱུར་ཝའམ་འབྲས་དང་སེར་ཆས། དབང་ལ་ཟླ་མཚན་ནམ་སིནྡྷུ་ར་སོགས་དམར་ཆས། དྲག་པོར་ལིངྒ་ལ་དམིགས་བྱ་དགུག་བསྟིམ་བྱས་ལ། སྦང་སྐམ་བསྲེགས་པ་ལྕགས་སྣ་གསུམ་གྱི་ཕྱེ་མ་ཡུངས་དཀར་ནག་དུག་སྣ་ཐལ་ཆེན་མུ་ཟི་གུ་གུལ་ནག་པོ་རྣམས་ཀྱི་ཐུན་གྱིས་བྲབས་པ་དང་། གཞན་ཡང་གཏོར་མ་སྲན་མ་བྲ་བོའམ་ཏིལ་ནག་སོགས་སྔོ་ཆས་ཀྱི་རིགས་རྣམས་སོ། །སྲེག་ལྷ་ནི་ལས་བཞི་ཀ་ལ་གཙོ་མོའི་སྐུ་མདོག་ཕྱག་མཚན་མི་འགྱུར་ཞིང་། འཁོར་གྱི་མཁའ་འགྲོ་བཞི་པོ་ཞི་བ་ལ་དཀར་པོ་གཡས་བུམ་པ། རྒྱས་པ་ལ་སེར་པོ་རིན་ཆེན་འབར་བའམ། ཉམས་རྟོགས་འཕེལ་བར་འདོད་ན་ཅང་ཏེའུ། དབང་ལ་དམར་པོ་ལྕགས་ཀྱུ། དྲག་པོ་ལ་ལྗང་ནག་གྲི་གུག །གཡོན་ཐམས་ཅད་ཐོད་ཁྲག་བསྣམས་པར་བསྐྱེད་ཅིང་། ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་ཕྲིན་ལས་དང་མཐུན་པའི་ཁ་དོག་ཅན་འོད་ཟེར་སྤྲོས་པས་ལས་གང་ཡིན་སྒྲུབ་པར་བསམ་ལ་སྔར་གྱི་སྔགས་སམ་བསྡུ་ན། ཨ་ཧ་རི་ནི་སའི་གཤམ་དུ་ཞི་བ་ལ། བདག་གི་ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ རྒྱས་པ་ལ། ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་དབང་ཐང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ། ཁམས་གསུམ་སྐྱེ་དགུའི་སྟོབས་འབྱོར་ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་སོད་སོད། སྙིང་ཁྲག་ཚལ་པ་བཛྲ་ཨཾ་ཀུ་ཤ་ཙི་རི་མི་སྙིང་ལ་ཙ་ཙ་ཛ་ཛཿདགྲ་བགེགས་མཱ་ར་ཡ་སོད་སོད། ཅེས་བཏགས་ནས་རྫས་འབུལ་ལོ། །དེ་ནས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་ཐོགས་ཏེ། དྲིས་ཤིང་བརྟགས་ན་ཆོས་རྣམས་ལ། །རང་བཞིན་རྙེད་པ་མ་ལགས་པས། །བྲམ་ཟེ་གདོལ་པ་ཁྱི་དང་ཕག །རང་བཞིན་གཅིག་པ་ཉིད་དུ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་དབུལ། དེས་ཀྱང་པད་ཀོར་སྔོན་དུ་འགྲོ་བས་རྩེ་གསུམ་རྒྱ་སྟོན་བཞིན་པར། རིན་ཐང་མེད་ཆོས་ལེགས་པར་འོང་། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་ལས་གྲོལ་བ། །དེ་ཉིད་འབུལ་བ་ངོ་མཚར་ཆེ། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་བླང་ཞིང་བཏུང་བ་གཡས་སྐོར་དང་བཟའ་བ་གཡོན་སྐོར་དུ་རིམ་གྱིས་དྲངས་ཏེ། ལྟེ་བའི་ཙཎྜ་ལཱི་འབར་བས་བཟའ་བཏུང་བསྲེགས་པའི་དྭངས་མས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་པར་བསམས་ནས་རོལ་པ་ནང་གི་སྲེག་བླུག་དང་། ལྟེ་བའི་གཏུམ་མོས་ཧཾ་བཞུ་བའི་དགའ་བཞིའི་ཡེ་ཤེས་ཀྱིས་མཚོན་རིམ་གྱིས་དཔེ་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་མཉམ་པ་ལ་ཡང་དག་པར་སྦྱར་བས་གསང་བ་དང་བླ་ན་མེད་པའི་སྲེག་བླུག་གིས་ཀྱང་མཆོད་ཅིང་རྡོ་རྗེའི་གླུ་དང་གར་ལ་སོགས་པའང་བྱའོ། །གཉིས་པ་ཚོགས་ཕུད་ཆ་གཅིག་ལ་སྨན་རཀ་བདུད་རྩི་བྲན་ལ། ཧཱུྃ༔ དགོངས་ཤིག་བླ་མ་རྗེ་བཙུན་རྣམས༔ དགོངས་ཤིག་ཡི་དམ་ལྷ་ཚོགས་རྣམས༔ དགོངས་ཤིག་མཁའ་འགྲོ་མ་ཡི་ཚོགས༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ༔ ཕུད་གཏོར་གཙང་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ བདེ་བ་ཆེན་པོས་བྱིན་གྱིས་རློབས༔ ཨོཾ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡ་ཁཱ་ཧི༔ ཞེས་གཙང་སར་འཐོར་ཞིང་། མཁའ་འགྲོའི་སྐོང་བསྐུལ་རྣམས་ཀྱང་སྤྲོ་ཞིང་ནུས་ན་སྐབས་འདིར་བྱ་ཞིང་གཞན་ལས་ཤེས་སོ། །གསུམ་པ་ལྷག་གཏོར་གཏོང་ཞིང་བརྟན་མ་བསྐྱང་བ་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་དཀྱིལ་འཁོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་བཞི་པ་བསྣན་ཅིང་མར་མེ་དང་བཅས་བཤམས་ལ། ལས་རྡོར་གྱིས་ཕྱག་བྱས་ནས་གསོལ་བ་གདབ། སློབ་དཔོན་གྱིས་མཁའ་དབྱིངས་ཀྱི་རྒྱས་ཁ་བཀབ་ནས་དམ་ཚིག་གི་ཁ་ཕྲུ་གདབ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བདུད་རྩིར་བྱིན་གྱིས་བརླབས་ནས། ཕེཾ་ཕེཾ་ཕེཾ༔ ཞེས་དང་འབར་བའི་རྒྱས། ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྲིན་གཏིབས་པ་ལྟར་བྱོན་པར་བསམ་ལ། ཧཱུྃ༔ ཕྱི་རོལ་དུར་ཁྲོད་གནས་བརྒྱད་ནས༔ མཁའ་འགྲོ་ཤུགས་འགྲོ་ཕྲ་མེན་མ༔ ཞིང་སྐྱོང་དབང་ཕྱུག་གིང་གི་ཚོགས༔ ལངྐའི་བདག་པོ་མ་མོའི་ཚོགས༔ གར་ཡང་ཐོགས་མེད་ནམ་མཁའི་ལུས༔ འདོད་དགུའི་གཟུགས་ཅན་ཅིར་ཡང་སྒྱུར༔ རབ་གཏུམ་རྔམས་བརྗིད་འཇིགས་བྱེད་མ༔ ཁྲག་འཐུང་ཤ་ཟ་རུས་འཆའ་མ༔ མྱུར་མགྱོགས་ལས་བྱེད་རྫུ་འཕྲུལ་ཅན༔ སྟོབས་ལྡན་དབང་ཆེན་སྤྲུལ་པར་བཅས༔ གཏོར་མ་ཆུ་རྒྱུན་ཚོགས་ལྷག་སྡུད༔ ཏིང་འཛིན་དྲོད་ཉུལ་ཉམས་ལེན་མ༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ གཞན་ཡང་ལས་ཀྱི་མཁའ་འགྲོ་མ༔ མི་བསྲུན་ཀེང་རུས་གཟུགས་ཅན་དང༔ འཇིག་རྟེན་གིང་འགོང་རླུང་ཤུགས་ཅན༔ ཤ་ཟ་མཁའ་འགྲོ་རྫུ་འཕྲུལ་ཅན༔ མཁའ་འགྲོ་ཕོ་ཉ་ལས་བྱེད་ཚོགས༔ མ་ལུས་འཁོར་དང་བཅས་པ་རྣམས༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ལྷག་སྡུད་ཕོ་ཉ་ཁྱེད་རྣམས་ནི༔ ལ་ལ་མཉམ་ཉིད་ཆོས་སྐུར་བཞུགས༔ ལ་ལ་འགག་མེད་ལོངས་སྤྱོད་རྫོགས༔ ལ་ལ་སྣ་ཚོགས་སྤྲུལ་སྐུར་སྟོན༔ ལ་ལ་གཏི་མུག་ཤ་ལྷག་སྡུད༔ ལ་ལ་འདོད་ཆགས་ཁྲག་ལྷག་སྡུད༔ ལ་ལ་ཞེ་སྡང་རུས་ལྷག་སྡུད༔ ལ་ལ་བདུད་རྩི་ཆང་ལྷག་སྡུད༔ ཕྱི་རོལ་སྐྱོང་བའི་མཁའ་འགྲོ་རྣམས༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཇི་ལྟར་ནུས་པའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ཅིང་རོལ་མོས་དུར་ཁྲོད་དུ་བསྐྱལ་ལོ། །དེ་ནས་བཤལ་ཆུས་བརྟན་མ་བསྐྱང་སྟེ་རིགས་མཐུན་གྱི་ཆོ་ག་གཞན་ནས་བླང་བར་བྱའོ། །བཞི་པ་དཀྱིལ་འཁོར་བསྡུ་ཞིང་སྤྱོད་ལམ་བསྐྱང་བ་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། ཉེར་སྤྱོད་རོལ་མོར་བཅས་པ་དང་བདུད་རྩིས་མཆོད་ནས། ཧཱུྃ༔ སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཞེས་བསྟོད། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ་ནས། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་ལན་གསུམ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་འཆགས། རྡུལ་ཚོན་ཡིན་ན་ཞག་ཕྱི་མ་མ་གཏོགས་པ་རྣམས་དང་རས་བྲིས་ཀྱི་ཕྱོགས་ལ་རྣམ་པ་ཀུན་ཏུ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱི་མཐར། སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱས་བརྟན་བཞུགས་བྱ། རྡུལ་ཚོན་དང་འབྲེལ་བའི་ཞག་ཕྱི་མ་ལའང་བྲིས་སྐུ་སོགས་རྟེན་ཡོད་ན་དེ་ལ་བསྟིམས་ནས་བརྟན་བཞུགས་བྱས་པས་ཆོག་ཅིང་། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། བདག་ཉིད་མདུན་བསྐྱེད་ཀྱི་གཙོ་མོ་དམ་ཚིག་པ་དང་གཉིས་སུ་མེད་པར་བསམས་ནས། བདག་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་དག་པའི་སྣོད་བཅུད་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ། དེ་ཡང་ཐུགས་ཀའི་ཨའི་བར་དུ་རིམ་གྱིས་ཐིམ་ནས་ཨ་ཡང་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བཞག །སླར་ཡང་རང་ཉིད་རྗེ་བཙུན་མའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཏིང་འཛིན་གྱི་རོལ་པར་ཤེས་པས་ཐུན་མཚམས་ཐམས་ཅད་དོན་ཡོད་པར་བྱ། བུམ་ཆུ་དང་གསུང་རྟེན་གྱི་བདུད་རྩི་སོགས་དངོས་གྲུབ་ཀྱི་དོན་དུ་སྤྱད་ལ། རྡུལ་ཚོན་ཡོད་ན་ཨ་ཀཱ་རོ་བརྗོད་པས་དབྱི་ཞིང་ཆུ་ཀླུང་ལ་སོགས་པར་གཤེགས། མེ་ལོང་གི་སིནྡྷུ་རའང་ཕྱིས་ལ་ཅུང་ཟད་གཉེར་ནས་ལྷག་མ་སྨིན་མཚམས་སུ་བྱུག་ཅིང་བསྲུང་བར་བྱའོ། །ལྔ་པ་བསྔོ་སྨོན་ཤིས་བརྗོད་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཇི་ལྟར་ལྷ་མོ་ཁྱོད་ཉིད་དང༔ བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར༔ འདི་ནས་འཇིག་རྟེན་འོག་ཏུ་ཡང༔ མཁའ་འགྲོ་མ་ཡི་གཟུགས་ཅན་དུ༔ བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག༔ བདེ་ཞིང་བདེ་བ་བརྟན་པ་དང༔ བདེ་བ་ཆེན་པོར་བདག་འགྱུར་ཤོག༔ ཅེས་སོགས་ཀྱིས་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་རྒྱ་ཆེར་གདབ། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀུན་གྱི་བཅུད། ཁྲོས་མའི་ཐུགས་སྒྲུབ་ཉིད་དུ་ངེས་རྙེད་ནས། །མཁའ་སྤྱོད་གྲོང་དུ་བགྲོད་པའི་མྱུར་བདེའི་ལམ། །དག་གསལ་ཉུང་ངུ་ཚུལ་དུ་དེང་འདིར་སྤེལ། །འདིས་ཐོབ་བསོད་ནམས་རྙོག་བྲལ་དྭངས་པའི་ཆབ། །འགྲོ་ཀུན་དགེ་ཚོགས་ཆུ་ཀླུང་བརྒྱ་ཕྲག་དང་། །ལྷན་ཅིག་གཉུག་སེམས་སྒྲིབ་བྲལ་བདེ་བ་ཆེའི། །རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་གྱུར་ཅིག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་སྒྲུབ་ཅིང་མཆོད་པའི་ལས་བྱང་འདི་ནི་ཨ་མ་དྲུང་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྐུ་རིམ་དུ་ཟངས་མཚོ་སྒྲུབ་སྡེར་ཆོ་གའི་རྒྱུན་ཇི་སྲིད་བར་འཛུགས་པར་དགོངས་ཏེ། ཆོག་ཁྲིགས་བདེ་བ་ཞིག་གྱིས་ཞེས་རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་སྤྱི་བོར་ལྷུངས་ཤིང་། ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་ནོར་ཅན་གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་གསུང་དང་། གཞན་ཡང་ཆོས་གྲྭ་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་པ་དོན་གཉེར་ཅན་མང་པོས་ཀྱང་རིང་མོ་ནས་བསྐུལ་བ་རྣམས་ཀྱི་གསུང་ངོ་མ་ཆོག་པ་ལ་བརྟེན་ནས། གཉོས་ཀྱི་སྔགས་བཙུན་དྷརྨ་ཤྲཱིས་སྦྱར་བའི་ཡི་གེ་པ་ནི་རྗེ་བླ་མའི་ཞབས་རྡུལ་ལ་རེག་པ་ལས་ཆོས་ཀྱི་བརྡ་ལ་བྱང་ཆུབ་ཅིང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་མཆོག་ཏུ་གུས་པའི་དགེ་སྦྱོང་བློ་གསལ་རྒྱ་མཚོས་མཛད་པའོ།། །། ༈ བླ་མ་རྣལ་འབྱོར་མ་ཚོགས་དགོངས་སུ་གསོལ། །འདིས་མཚོན་དུས་གསུམ་བསགས་ཡོད་དགེ་ཚོགས་ཀྱིས། །མཁའ་མཉམ་འགྲོ་བའི་ཉམ་ངའི་འཁྲུལ་པ་རྣམས། །རབ་བསལ་ལྷན་སྐྱེས་བདེ་ཆེན་དོན་དུ་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །སྟོན་སྤྲིན་ལྟར་གཡོ་སྲིད་པའི་བདེ་འབྱོར་དང་། །ཞི་བ་མྱང་འདས་མཐའ་ལ་མི་སྨོན་པས། །རྨད་དུ་བྱུང་བའི་ལམ་འདིར་འཇུག་པར་ཤོག །འགྲན་གྱི་དོ་མེད་རྗེ་བཙུན་གཏེར་བདག་གླིང་། །སྐྱབས་ཀུན་ངོ་བོར་གཙུག་ཏུ་མི་འབྲལ་ཞིང་། །གདོད་མའི་གཤིས་ལུགས་རང་སེམས་རིས་མེད་དང་། །རོ་གཅིག་ངང་དུ་གསོལ་བ་ཐེབས་པར་ཤོག །ཁམས་གསུམ་རྣམ་པར་དག་པ་སྐུ་གསུང་ཐུགས། །དབྱེར་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །སྨིན་ལམ་བརྡ་བཞིས་བདག་རྒྱུད་བྱིན་བརླབས་ནས། །དམ་ཚིག་སྡོམ་པ་སྲོག་བཞིན་བསྲུང་བར་ཤོག །ཕྱི་ཡུལ་དག་ཞིང་རང་ལུས་གཞལ་ཡས་ཁང་། །རང་སེམས་དག་པ་ལྷ་སྐུ་བདེ་བ་ཆེ། །གསལ་སྟོང་འཛིན་མེད་སྒོམ་པའི་རྣལ་འབྱོར་གྱིས། །སྤྲུལ་སྐུའི་ཕག་མོ་ལམ་དུ་ལོངས་པར་ཤོག །རྩ་གསུམ་འཁོར་ལོ་ལྔ་དབུས་འདབ་མ་བཞིར། །དྭངས་མའི་ཡིག་འབྲུ་ལྔ་བཀོད་སྤྲོ་བསྡུ་དང་། །རླུང་སྔགས་གྲགས་སྟོང་བཟླས་པའི་རྣལ་འབྱོར་གྱིས། །ལོངས་སྐུའི་ཕག་མོ་ལམ་དུ་ལོངས་པར་ཤོག །རང་རིག་དོན་དམ་སྒྲིབ་བྲལ་རྣལ་འབྱོར་མར། །རང་ངོ་འཕྲོད་ནས་རང་ལུགས་རང་གསལ་ངང་། །བཟོ་མེད་ལྷུག་པར་སྐྱོང་བའི་རྣལ་འབྱོར་གྱིས། །ཆོས་སྐུའི་ཕག་མོ་ལམ་དུ་ལོངས་པར་ཤོག །སྣང་གྲགས་དྲན་རིག་འདོད་ཡོན་རོལ་མོ་རྣམས། །ལྷ་སྔགས་ཏིང་འཛིན་མཆོད་པར་ཡོངས་ཤེས་པས། །སྐྲག་དང་དོགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །བྱེད་སྤྱོད་ཐམས་ཅད་ལམ་དུ་ལོངས་པར་ཤོག །མདོར་ན་སྒོ་གསུམ་སྐུ་གསུམ་ལམ་ཁྱེར་གྱིས། །སྐྱེ་འཆི་བར་དོ་གསུམ་གྱི་སྒྲིབ་པ་སྦྱངས། །ཉེ་རྒྱུའི་སྤྱོད་པ་གསུམ་གྱིས་མཐར་ཕྱུངས་ཏེ། །ཚེ་འདིར་སྐུ་གསུམ་འབྲས་བུ་མྱུར་ཐོབ་ཤོག །གལ་ཏེ་ཚེ་འདིར་བྱང་ཆུབ་མ་ཐོབ་པར། །ལས་ཀྱི་དབང་གིས་འཆི་བའི་དུས་བབས་ཚེ། །སྡིག་དང་འགྱོད་པ་མེད་ཅིང་དབང་པོ་གསལ། །ཏིང་འཛིན་མི་གཡོའི་ངང་ནས་འཕོ་བར་ཤོག །རིག་འཛིན་དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་སྟེ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཅེས་ཁྲོས་ནག་གི་ལམ་རིམ་དང་རྗེས་སུ་མཐུན་པའི་སྨོན་ལམ་འདི་ནི་ཆོས་འདི་ལ་ལྷག་པར་མོས་པའི་བརྟུལ་ཞུགས་ཅན་དགེ་སློང་བློ་གསལ་རྒྱ་མཚོས་རིང་མོ་ནས་ནན་ཏན་ཆེན་པོས་བསྐུལ་ཞིང་། ཉེ་ཆར་དགེ་སློང་ཀུན་དགའ་བློ་གྲོས་ཀྱིས་གསོས་བཏབ་པ་ལ་བརྟེན་ནས་བན་ཆུང་ཆོས་དཔལ་གྱིས་ཁྲུམས་ཟླ་ཕྱི་མའི་ཚེས་བཅོ་བརྒྱད་ཀྱི་མཚན་མོ་འབྲུ་མར་གྱི་སྣང་བ་ལ་སྤེལ་བ་སིདྡྷི་རསྟུ། དགེའོ།། ༈ །།ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འཇིག་རྟེན་འདི་ཡི་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོ་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གྲོང་དུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀཿ སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་ཡུམ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །མངྒ་ལཾ།། །།

རཏ་གླིང་འདུས་པ་སྐོར་བཞིའི་བཀའ་སྲུང་རྣམས་ཀྱི་གསོལ་ཀ་ཉུང་ངུ་ཕྱོགས་གཅིག་ཏུ་བསྡུས་པ་ (Volume 41, Text 23)

༄༅། །རཏ་གླིང་འདུས་པ་སྐོར་བཞིའི་བཀའ་སྲུང་རྣམས་ཀྱི་གསོལ་ཀ་ཉུང་ངུ་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས་སོ། ། ཨོཾ་ཨ་ཀཱ་རོ་སོགས་ཀྱི་བྱིན་གྱིས་བརླབས་ལ། ཧཱུྃ༔ སྒྲུབ་པ་ལུང་གི་ཕོ་ཉ་ཆེན་པོ་ནི༔ ཉི་མའི་དཀྱིལ་ནས་བསྐལ་པའི་མེ་ཆེན་འབར༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་དཔུང་དང་བཅས༔ བདུད་འདུལ་དབང་དྲག་དཔལ་གྱི་བཀའ་ཉན་མ༔ ཁྲོ་བོའི་སྤྲུལ་པ་ཚངས་པའི་ལིངས་པ་མོ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ དམ་སྲི་ཉུལ་ལེའི་བར་ཆད་རྡུལ་དུ་རློགས༔ གནམ་ལྷའི་ལྕམ་མོ་ཟླ་བའི་དཀྱིལ་འཁོར་ནས༔ ཁྲག་མདོག་དམར་མོ་བསྭེ་ཡི་ལན་ཕྲན་ཅན༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ དམ་སྲི་ཉུལ་ལེའི་བར་ཆད་རྡུལ་དུ་རློགས༔ ཧཱུྃ༔ པདྨ་གསུང་གི་བཀའ་སྲུང་ཐུགས་དམ་ཅན༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ དུས་མིན་འཆི་དང་ལྟས་ངན་རྦོད་ཟོར་ཟློག༔ དམ་སྲི་ཉུལ་ལེའི་བར་ཆད་རྡུལ་དུ་རློགས༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཏྲི་པ་ཏྲི་པ་ཧཱུྃ་ཕཊ༔ ཁ་ལ་རོ་ཤ་ཁ་ལ་རོ་ཤ་ཧཱུྃ་ཕཊ༔ ཡཀྵ་ཀུན་བཾ་ཛཿཧཱུྃ་ཕཊ༔ ཛྭ་ལ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཛྭ་ལ་ཨ་མུ་ཀཾ་ཛྭ་ལ་ཨ་མུ་ཀཾ་ཧཱུྃ་ཕཊ༔ ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཞེས་གཏེར་གཞུང་དང་། སྔགས་སྲུང་མའི་གཏོར་བསྔོས་ནི། བྷྱོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མ་དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊི་མ། །འཁོར་དུ་ཡེ་ཤེས་མ་མོ་འབུམ་གྱིས་བསྐོར། །ལས་སུ་སངས་རྒྱས་བསྟན་པ་རིན་ཆེན་སྲུང་། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟ། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་སྲུང་བའི་དུས་ལ་བབ། །དཀོན་མཆོག་དབུ་འཕང་བསྟོད་པའི་དུས་ལ་བབ། །བླ་མའི་སྐུ་ཚེ་བསྲིང་བའི་དུས་ལ་བབ། །རྣལ་འབྱོར་བར་ཆད་བསལ་བའི་དུས་ལ་བབ། །ཆོས་སྐྱོང་ཕྲིན་ལས་བསྒྲུབ་པའི་དུས་ལ་བབ། །དེ་བས་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དྲུང་རྨ་སེས་མཛད་པའོ། །དེ་ནས་དམ་ཅན་མགར་བ་དམར་ནག་གི་གཏོར་བསྔོས་ནི། ཀྱཻ༔ འཛམ་གླིང་ཉི་མ་ནུབ་ཕྱོགས་ན༔ ཕོ་བྲང་རྟག་ཆགས་རྟེན་མཁར་ནས༔ འཛམ་བུ་གླིང་གི་སྐྱེས་གཅིག་པུ༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ དགེ་བསྙེན་ཆེན་པོ་དྲག་རྩལ་ཅན༔ འཛིན་གིང་བརྟན་མའི་ཚོགས་དང་བཅས༔ བཙན་རྒོད་དྲག་པོ་སྟོང་གིས་བསྐོར༔ དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཤཱུ་ལ་ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ མཁར་ཐབས་བཤོས་བུ་ར་ཡིས་མཚན༔ ཤ་ཁྲག་དམར་གཏོར་རཀྟ་དང༔ མཱཾ་ས་ར་ཡི་གསུར་ཆེན་དང༔ སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང༔ མཛེས་པའི་གླུ་གར་རོལ་མོ་དབྱངས༔ སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ སྲོག་ཏྲིའུ་མ་ར་ཎ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨི་དཾ་བ་ལིཾ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛཿཛ༔ བཛྲ་ལི་ལ་མ་ཧཱུྃ་ཛ༔ ཨི་དཾ་བ་ལིཾ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་མ་ཧཱ་མ་ཏྲི་དུང་དུང་ཏྲི་ཛ༔ ཨི་དཾ་བ་ལིཾ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ ལྷ་མིའི་འཇིག་རྟེན་ཁམས་ན་དབང་ཕྱུག་བཙན༔ དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་འཛིན༔ དགེ་བསྙེན་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ སེང་གེ་དང་ནི་ར་སྐྱེས་འཆིབ་ནས་ཀྱང༔ དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་སྟོན༔ བཙན་དང་བརྟན་མའི་འཁོར་གཡོག་བསམ་མི་ཁྱབ༔ མཐུ་སྟོབས་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད༔ ལྷོ་བྲག་མཁར་ཆུའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ དགེ་བསྙེན་སྨྱོ་ཁ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ གཏེར་གཞུང་དངོས་ལགས། ལུང་བཙན་དང་གཡུ་སྒྲོན་མ་གཏེར་གཞུང་ནས་བཏུས་པ། ཀྱཻ༔ ཡ་ཀི་སྒོ་མོ་བྲག་དམར་ནས༔ ཇོ་བོ་བཙན་གྱི་རྒྱལ་པོ་ནི༔ སྐྱེས་བུ་ལུང་བཙན་སྤྱན་འདྲེན་ནོ༔ འདུར་འདུར་འདུར་གྱིས་གནས་འདིར་བྱོན༔ ཕུད་དང་བཤོས་དང་མཆོད་པ་བཞེས༔ བཀྲ་ཤིས་དར་རྒྱས་ཆེ་བ་ཡི༔ གྲོགས་དང་མགོན་སྐྱོབ་ཆེན་པོ་མཛོད༔ ཀྱཻ༔ མ་ཀི་སྨན་ཡུལ་སྨན་ར་ནས༔ གཡུ་མཚོ་སྔོན་མོའི་ཕོ་བྲང་ནས༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ མ་ཐོགས་མྱུར་དུ་གནས་འདིར་བྱོན༔ མཐུན་པའི་ཕུད་གཏོར་འབུལ་གྱིས་བཞེས༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་བ༔ བྲན་གཡོག་གནོད་སྦྱིན་ནོར་བསྙག་ནི༔ མདོག་ནག་ཨ་ཙ་ར་ཡི་གཟུགས༔ འདིར་བྱོན་བརྒྱན་པའི་གཏོར་མ་བཞེས༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སྔགས་བསྔོས་བྱ་བ་ནི་འདི་ལྟར་ལགས། ཨོཾ་ཨེ་ཀ་ཛཱ་ཊི་བྷྱོ་ཛ༔ ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་ནཱ་ག་རཀྴ་ཀྲོ་དྷ་པ་ཙ་ལ་ཏི༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི༔ ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཨོཾ་བྱི་ནུ་ཙ་ན་ས་མ་ཡ༔ རཀྟ་ཀུ་རུ༔ ཙ་ར་ན༔ ཧཱུ་ན་ཧཱུ་ན་རུ་ཙ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མ་མ་འུར་འུར༔ སྨན་སིལ་སིལ༔ རུ་རུ་ཏིང་ལཾ༔ ཏིང་མ་མ་ཛཿཛ༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཨོཾ་བྷ་ཏོ་ར་ལི་ཡ༔ ས་དེ་ཨཾ་གུ་ཤ་ཛ༔ ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ འདི་ཡན་ལ་དམར་གཏོར་གཅིག་བསྔོས་ལ་ཕུལ་ལོ། །འདི་མན་ལ་དཀར་གཏོར་བསྔོས་ལ་ཕུལ། ཧཱུྃ༔ གླིང་བཞིའི་བྱང་ཕྱོགས་གསེར་རི་བདུན་གྱི་རྩེར༔ རིན་ཆེན་སྣ་ཚོགས་བརྩེགས་པའི་ལྡིང་ཁང་ནས༔ རྣམ་ཐོས་བུ་ཡི་བང་མཛོད་གཉེར་ཁ་བ༔ གནོད་སྦྱིན་དབང་པོ་གཞན་གྱིས་མི་ཐུབ་པ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ མངའ་ཐང་སྟོབས་དང་འབྱོར་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འཛམ་གླིང་དབང་བསྒྱུར་རྫུ་འཕྲུལ་ཅན༔ ནོར་ལྷ་ཀུན་གྱི་ཕོ་ཉ་མྱུར་མགྱོགས་ཅན༔ ནོར་གྱི་བདག་པོ་དགེ་བསྙེན་ཡེ་ཤེས་གྲགས༔ འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས༔ སྣང་གསལ་པྲ་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ བྷྱོ༔ བསིལ་བ་ཚལ་དང་ཉེ་བའི་ཚནྡྷོ་ཧ༔ བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས༔ དཀོར་གྱི་བདག་མོ་རྡོ་རྗེ་ངས་ནུས་མ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དགེ་བསྙེན་ཆེན་པོ་ཤེའུ་མཁའ་རིའི་སྐུ༔ མེས་པོ་གནམ་ལ་ཐོག་འབྲུག་ཆེམ་ཆེམ་ལགས༔ ཕྱི་མོ་གསེར་གྱི་ཉ་མཚོ་ཕྱུག་མོ་ལགས༔ ཡབ་ལ་མཚན་གསོལ་གངས་ཀྱི་ག་འུ་རྗེ༔ ཡུམ་ནི་སྨན་ཆེན་སྤུ་ར་སྤྱང་མོ་ལགས༔ དེ་གཉིས་བཤོས་པས་སྤྲུལ་པའི་མི་བོ་ཆེ༔ ལྷོ་སྟོད་ཤེའུ་མི་ཡུལ་ཕ་ཀི་ན༔ ཤེའུ་རྒྱལ་པོ་ཤེལ་བདག་བཙུན་མོའི་བུ༔ ཤེ་ཕྲུག་གཟུགས་མཛེས་འགྲོ་བ་སྐྱེ་ཞེས་བྱ༔ ཚེ་དབང་མཁའ་རི་མ་སང་གིང་སྤྲུལ་དང༔ ལྕམ་མོ་ཤེལ་བཟའ་སྨན་གྱི་མཐུ་མོ་ཆེ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ དམ་ལས་མ་འདའ་གང་འདོད་དངོས་གྲུབ་སྩོལ༔ བཅོལ་པའི་ཕྲིན་ལས་མ་ཐོགས་མྱུར་དུ་མཛོད༔ ཨོཾ་ཧྲཱིཿཨ་པ་རཱ་ཛི་ཏ་ཛཿཛ༔ བ་ལིཾ་ཏ་ཁཱ་ཧི༔ ཏྲིའུ་ཏྲིའུ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་ར་ལི་པྲ་མ་ཡ་ཛ༔ བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་ཏྲིག་ན་ཏྲིག་ཛ༔ ཏྲིག་སྨན་རུཾ་རུཾ་ཙམ་ཙམ་ཛ༔ བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་ཕུལ་ལོ། །སྔགས་འཆང་ཨ་རཱ་གས་སྦྱར་བའོ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Volume 7, Text 24)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་བཞུགས་སོ།། ཐམས་ཅད་མཉམ་ཉིད་ཆོས་སྐུ་མཁའ་ལྟར་དག །རང་བྱུང་རང་གསལ་བླ་མ་པདྨ་འབྱུང་། །མི་གཡོ་མཉམ་ཉིད་རཏྣ་ཐོད་ཕྲེང་རྩལ། །གང་འདུལ་དེར་སྣང་བླ་མ་མཆོག་ལ་འདུད། །མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད། སྒོམ་པའི་གནད་རྣམས་མ་འཆུག་པར་བླ་མ་ལ་ཞུ་ཞིང་ཉམས་སུ་བླངས་པས་རྫོགས་རིམ་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། ཐོག་མར་བླ་མས་ཀྱང་ཕ་རོལ་གྱི་ཤེས་རྒྱུད་དང་བསྟུན་ནས། ལས་དང་པོ་པ་རིམ་གྱིས་ཁྲིད་ཚུལ་དང་། དབང་པོ་འབྲིང་ལ་གང་ཤར་ལྷན་སྐྱེས་སུ་ངོ་སྤྲོད་པ་དང་། རབ་ལ་གཅིག་ཅར་དུ་ངོ་སྤྲོད་པའོ། །དེ་ལྟར་བླ་མས་ཀྱང་སྟོན་མཁས་པ་བློ་ཚོད་དང་འཚམ་པར་རིམ་གྱིས་ཁྲིད་ཚུལ་ནི། གནས་དབེན་པར་སློབ་དཔོན་གྱི་མདུན་དུ། སློབ་མ་ལུས་གནད་ཆོས་བདུན་དང་ལྡན་པར་བསྡད་ལ། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་བཅད་པ་ནི། རང་གི་སེམས་སྣ་ཚོགས་དྲན་མཁན་འདི། དང་པོ་གང་ནས་འོང་དང་། ད་ལྟ་ཇི་ལྟར་འདུག །ཕྱིས་གང་དུ་འགྲོ་བརྟགས་པས། འདི་ནས་འོང་། འདི་ལྟར་འདུག །འདིར་འགྲོ་སོགས་མེད་པར་གསལ་སྟོང་དུ་འདུག་ན་རང་སྣང་སྟོང་པར་ངོ་སྤྲོད། དང་པོ་ཞི་གནས་རྟེན་ཅན་དུ་བསྒོམ་པ་ནི། མདུན་དུ་ཤིང་བུའམ་རྡེའུ་སོགས་དམིགས་རྟེན་གང་ཡང་རུང་བ་བཞག་ལ། མིག་མི་འགུལ་བར་སེམས་ཀྱི་འགྱུ་བྱེད་རྩད་བཅད་དེ་ས་ལེ་བ་ལ་བཞག །དེར་གནས་ཤིང་གཞན་དུ་མི་འཕྲོ་བར་གསལ་སྟོང་དུ་བཞག །རྣ་བའི་སྒྲ་སོགས་གཞན་དུ་འགྱུ་ན་ཡང་འགྱུ་མཁན་རྩད་བཅད་ལ་དེ་ཐོག་ཏུ་བཞག་ལ་གོང་བཞིན་སྦྱངས་པས་གང་ཤར་བའི་ཐོག་ཏུ་ལུས་ཀྱང་ཡོད་དུ་མི་ཚོར་བར་སྣང་མེད་དུ་ཁྲིག་གེར་འདུག་པ་དེ་ལ། བླ་མ་དང་སློབ་མ་གཉིས་ཀས་ལྷན་དུ་ཕཊཿདྲག་པོ་བརྗོད་ཅིང་གནས་ཉམས་ཞེན་འཛིན་ཅན་དེ་བཤིགས་ལ་གང་ཤར་དུ་བཏང་བས་གསལ་སྟོང་རྗེན་ནེ་འདུག་ན་ཡུན་ཐུང་ལ་གྲངས་མང་བར་བསྒོམ། དེ་ནས་རང་གི་སྙིང་ཁར་འོད་ཀྱི་ཐིག་ལེ་མེ་ལོང་ཆུང་བ་ཙམ། དེ་ཡི་དཀྱིལ་ན་ཐིག་ལེ་སྲན་མ་ཙམ་འོད་འཕྲོ་བ་ལ་སེམས་གཏད་དོ། །ཞག་བདུན་ཕྲག་ཙམ་ལ་རྩེ་གཅིག་ཏུ་བསྒོམ། དེ་ནས་གཏད་མེད་དུ་བཟུང་བ་ནི། རྟེན་གང་ཡང་མེད་པར་གང་ཤར་གྱི་སྟེང་དུ་ཅི་ཡང་མི་སེམས་པར་སྙམ་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་རང་ས་ཟང་ཐ་ལེར་བཞག་གོ །དེ་ཚེ་རྣམ་རྟོག་ཕྲའུས་འོག་འགྱུ་འགྲོ་བ་དང་། ཡིན་མིན་སྙམ་པ་མེད་པ་སོགས་གསལ་སྟོང་གི་ཉམས་ལ་ཞེན་འཛིན་གྱིས་མ་བཅིང་པར་ལྟ་སྟངས་མདུན་གྱི་ནམ་མཁར་གཏད་དེ་དབྱིངས་རིག་བསྲེས་ལ་རིག་པ་ཀ་དག་གི་ངང་ལ་ཁྲིག་གེར་བཞག་ལ་བསྒོམ་མོ། །དེ་ལྟར་གཏན་ལ་ཕབ་པས་རང་བབས་སུ་འདུག་སྟེ་རྣམ་རྟོག་འགྱུ་དྲན་ཐམས་ཅད་རང་བབས་སུ་ཞི་ནས་སེམས་གསལ་སྟོང་བརྗོད་མེད་ལྷན་ནེ་གནས་པ་ཞིག་འོང་བ་དེ། སེམས་ཀྱི་གནས་ཆ་ཡིན་པས་སྒོམ་གྱི་དངོས་གཞི་ཡིན། དེ་ཐོག་ནས་ལྷག་མཐོང་ངོ་སྤྲད་པ་ནི། འཁྱག་ཆུར་ཞུ་བ་ལྟ་བུ་དང་། མཚོ་ལ་རླབས་བྱུང་བ་བཞིན་གང་ཤར་གྱི་ཐོག་ཏུ་བཞག་པས་གསལ་སྟོང་ལྷག་གེར་བརྗོད་མེད་དུ་འདུག་པ། གཏེར་གཞུང་རྡོ་རྗེའི་གསུང་ལས། གང་ཤར་སྟོང་ཉིད་དུ་ས་ལེ་བ༔ རང་བཞིན་གསལ་དྭངས་སུ་ཧྲིག་གེར་བརྗོད་མེད༔ དེ་ནས་འགྱུ་རྟོག་ལ་སོགས་ཇི་ལྟར་སྣང་ཡང་བརྟག་དཔྱད་མི་བྱ༔ འགོག་ཀྱང་མི་འགོག་རང་ངོ་རང་གིས་གསལ་ཙམ་པའི་ངང་དུ་ས་ལེ་ཧྲིག་གེ་རྗེན་ནེ་ཟང་ཐལ་ལེ་བསྒོམ་མོ༔ དེ་ཚེ་འཛིན་མེད་དུ་ས་ལེ་བའི་ངང་ནས་མདངས་མ་འགག་པར་ཡུལ་མེད་དུ་རྗེན་ནེ་ལྷག་གེ་བ་འབྱུང་ངོ༔ དེ་ལ་ལྷག་མཐོང་གི་ངོ་བོ་ཟེར་ཏེ༔ དེ་ལྟར་གསུངས་པ་བཞིན་བསྒོམ་ཞིང་བསྒོམ་བྱ་སྒོམ་བྱེད་མེད་པ་གསལ་སྟོང་འཛིན་མེད་འདི་ཞེས་བརྗོད་དུ་མེད་པ། གསལ་རིག་རྗེན་ནེ་བའི་གནས་ལུགས་དེ་དྲན་པའི་རྩིས་བཟུང་སྟེ་སྟོང་ཉིད་ཧད་པོ་སྟོང་པ་འདི་ཡིན་སྙམ་དུ་མི་གཏོང་ངོ་། །སྒོམ་འདི་ཡིན་གྱི་འཛིན་པ་མི་བྱ་སྟེ། དེ་ཡི་རང་ངོ་རང་གིས་རིག་ཙམ་དུ་འཛིན་མེད་དུ་རང་བབས་སུ་བཞག་གོ །ཐོག་མ་རིག་པ་སྐད་ཅིག་མའི་སྟེང་དུ་བཞག་པས་གང་ཤར་བ་ཐམས་ཅད་གསལ་སྟོང་འཛིན་མེད་དུ་འདུག་པ་ནི། ཞི་ལྷག་ཟུང་འཇུག་ཏུ་གསུངས། དེ་ལྟར་གནས་ལུགས་ངོ་འཕྲོད་ནས་གེགས་སེལ་བོགས་འདོན་རྒྱས་པ་ཞལ་གདམས་གནད་ཀྱི་ཕྲེང་བ་གེགས་སེལ་བཀའ་རྒྱ་མ་རྣམས་སུ་གསལ། དེ་ལྟར་གང་ཤར་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་བྲལ་བར་སྐྱོང་ངོ་། །བདེ་གསལ་མི་རྟོག་པའི་ཉམས་གང་ཤར་ལ་སྒོམ་བྱེད་ཀྱི་སྙེམས་པ་མེད་པས་རྟག་པར་འཛིན་པའི་དངོས་འཛིན་གོལ་ས་ཆོད། རང་གི་རིག་པ་སྟོང་གསལ་མཐའ་དབུས་དང་བྲལ་བ་ཞེན་འཛིན་བྲལ་བ་རྟོགས་པས་ཆད་པའི་མཐའ་བསལ། དོན་གྱི་གནས་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། འཛིན་རྟོག་དང་བྲལ་བ། མཐའ་བྲལ་གྱི་ངོ་བོ་མ་བཅོས་ལྷུག་པར་བཞག་པས་ངོ་བོ་རང་སར་མཐོང་བས་གཉིས་ཀའི་གོལ་ས་ཆོད་པ་ཡིན་གསུངས། གཏེར་གཞུང་རྡོ་རྗེའི་གསུང་ལས། དེ་ལྟ་བུའི་བསྒོམ་པ་ནི་སངས་རྒྱས་ཀྱི་དགོངས་པ་སྐྱོན་མེད་ཡིན་ལ༔ དེ་ལྟར་གསུངས་པ་སོགས་ནི་གོལ་ས་གཅོད་པ། གནས་ལུགས་ཀྱི་སྐྱོང་ཚུལ། ས་ལམ་གྱི་བགྲོད་ཚུལ་སོགས། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་གཞུང་དུ་རྒྱས་པར་སྤྲོས་བཞིན་དང་། གོལ་ས་གཅོད་པ་ནི། བདེ་བའི་ཉམས་དྲོད་ཁ་ཅན་དེ་ལ་འདི་ཡིན་གྱིས་བཅིངས་ཏེ། དེ་ལ་ཆགས་ན་འདོད་ཁམས་སུ་གོལ། གསལ་བ་ལ་དེ་བཞིན་ཆགས་ནས་འཛིན་ན་གཟུགས་ཁམས་སུ་གོལ། དེས་ན་བདེ་བ། སྟོང་པ། གསལ་བ། མི་རྟོག་པ་གང་ཤར་ཡང་མི་ཆགས། མི་འཛིན་པར་རང་བབས་སུ་བློ་འདས་སྤྲོས་མེད་དུ་བཞག །དེ་ཡི་དུས་སུ་མཉམ་གཞག་གི་དུས་གསལ་རིག་རྗེན་པ་བློ་འདས་ཀ་དག་བརྗོད་མེད་དུ་ཁྲིག་གེར་འདུག །རྗེས་ཐོབ་ཀྱི་སྐབས་གང་ཤར་བ་དེ་རིག་ཐོག་ནས་ཁྲིག་གེར་འཛིན་མེད་དུ་རྗེན་པར་གང་སྣང་བ་ངོ་འཛིན་མེད་དུ་ཁྲིག་གེར་འདུག་པ། གང་ཤར་བ་ཐམས་ཅད་སྣང་ཡང་འཛིན་མེད་དུ་གསལ་སྟོང་རྗེན་ནེ་འདུག་པ་ལ་རྟོག་ལྡན་གྱི་རྣལ་འབྱོར་ཞེས་དེ་ལ་བྱའོ། །གཞུང་དུ་གསུངས། དེ་ནས་གོལ་འཆུག་མེད་པའི་རྣལ་འབྱོར་པ་ལ་ལམ་ལྔ་ཡི་བགྲོད་ཚུལ་ནི། གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར་པས་འདི་ལྟར་མ་རྟོགས་པ་ལ་སྙིང་རྗེ་སྒྱུ་མ་ཙམ་དུ་སྐྱེས་ཏེ། རྒྱུ་འབྲས་ལས་ཡིད་ཆེས་པས། ཏིང་ངེ་འཛིན་ལ་དྲོད་ཐོབ་པ་ནི་ཚོགས་ལམ་ཡིན་ཞེས། གཞུང་དུ་གསུངས། དེ་ལྟར་ཉམས་སུ་བླངས་པས་སེམས་ཡུལ་མེད་མཐའ་བྲལ་བློ་འདས་སུ་ཤེས་ཤིང་ངོ་བོ་མཐོང་བ་ནི་དེ་ཡང་སྦྱོར་ལམ་ཡིན་ཞེས་གཞུང་དུ་བཤད། དེ་ནས་སྣང་སྲིད་སྟོང་གསུམ་ཡུལ་མེད་དུ་གསལ། ཉོན་མོངས་པའི་སྒྲིབ་པ་དག་སྟེ། གང་ཤར་ཐམས་ཅད་རང་སྣང་སྟོང་པར་ཤར་ཏེ། ཆུ་དང་རླབས། ནམ་མཁའ་ལ་རླུང་རྒྱུ་བ་ལྟར་གང་ཤར་བ་འཛིན་མེད་བློ་འདས་སུ་གྲོལ་ནས་རྒྱུ་འབྲས་སྟོང་པར་རྟོགས་པ་དེ་ལ་མཐོང་ལམ་ཞེས་གཞུང་དུ་གསུངས། དེ་ནས་སྣང་སེམས་འདྲེས་ཏེ། ཡུལ་སྣང་ཐ་མི་དད་པར་རང་སེམས་མངོན་དུ་གྱུར་ཏེ་སྟོང་པ་རྒྱུ་འབྲས་སུ་ཤར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་གྱུར་རྟེན་འབྲེལ་མངོན་དུ་གྱུར། དེ་ནས་མཉམ་ཉིད་བཞག་པས་ཡུལ་དང་བྲལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་རང་སེམས་སྟོང་པར་མེ་ལོང་གཟུགས་བརྙན་ཤར་བ་ལྟར་གཉིས་མེད་རང་སར་གྲོལ་བ། རྗེས་ཐོབ་ལ་ཡུལ་སྣང་སྒྱུ་མ་ལྟར་ཕྲ་མོ་ཙམ་ཡོད་པ་སྒོམ་ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ནས་བརྩོན་འགྲུས་བསྐྱེད་རྒྱུན་བསྲིང་ཉམས་སུ་བླངས་པས་འཁོར་འདས་སྐྱེ་འགག་གཉིས་མེད་རྟོགས་བརྗོད་ཀྱི་མཐའ་ཟད། བསྒོམ་བྱ་སྒོམ་བྱེད་མེད་པར་རང་སེམས་མངོན་དུ་གྱུར་པས་ཤེས་བྱའི་སྒྲིབ་པ་དག །ཆོས་རྣམས་ཐམས་ཅད་རང་སེམས་སུ་ཤར་ཏེ་ཐོག་མའི་རིག་པ་སྐད་ཅིག་མ་མངོན་དུ་གྱུར་པ་དེ་མཐར་ཕྱིན་པའི་ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ལྟར་ཉམས་སུ་བླངས་པས་ལྟ་བ་གོང་མ་རྣམས་ལ། འཕྲོ་རྒོད་དུ་འདུག་ན་བསྒྲིམ། བྱིངས་སམ་རྨུག་ན་བསྲིང་། འབྱམས་སམ་འཐས་ན་རིག་པ་དྲུང་ཕྱུང་ངོ་། །རྗེས་སུ་འཁྲུལ་པ་འབྱམས་ཀླས་པའམ། གོང་མ་དེ་རྣམས་ལ་ཞེན་འཛིན་གྱིས་བཅིངས་སམ། སེམས་ཀྱི་རྙོག་མ་ལྡངས་ཏེ་བལྟ་མི་འདོད་པ་བསྐྱུར་སྙིང་འདོད་པ་སོགས་གེགས་བྱུང་ན་ཕཊཿདྲག་པོ་བརྗོད་ལ་དེ་རྗེས་གཉུག་མའི་རང་ངོ་བལྟ་ཞིང་དབྱིངས་རིག་བསྲེ །དེ་ལྟར་གེགས་ནམ་བྱུང་ལ་ཕཊཿབརྗོད་ལ་གོང་བཞིན་སྦྱང་། བོགས་འདོན་ཡང་གང་ཤར་གྱི་སྟེང་དུ་རིག་པ་དྲུང་ཕྱུང་ལ་ཁྲེགས་ཆོད་འཛིན་མེད་དུ་ཟང་ཐལ་ལེ་བཞག །སྣོད་ལྡན་གྱི་སློབ་མ་ཚེ་འདིའི་སྣང་ཤས་ཆུང་བ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རྙེད་པ་བརྩོན་འགྲུས་ཆེ་ཞིང་ཤེས་རབ་ལྡན་པ། སྔོན་གྱི་ལས་འཕྲོ་བཟང་བས་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ལྟ་བ་ལ་མོས་ཤིང་། སྟོང་ཉིད་བློ་རུ་ཤོང་བ། བློ་ཆེ་ཞིང་གཞི་བརྟན་པ་རྣམས་ལ་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀ་དག་ཕྱག་རྒྱ་ཆེན་པོ་བཙན་ཐབས་སུ་ངོ་སྤྲོད་པ་དབང་ཐམས་ཅད་ཀྱི་རྩ་བ་རིག་པའི་རྩལ་དབང་ཞེས་ཀྱང་བྱ་བ། བླ་མས་སློབ་མ་ལ་ཐུགས་རྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་ཞེས་ཀྱང་བྱ་བ། དེ་ངོ་སྤྲོད་པ་ལ། དབེན་གནས་མི་མེད་ཉམས་དགའ་བ། རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གནས་རིའམ། བླ་མས་བྱིན་གྱིས་བརླབས་པའི་གནས་མཐོ་ཞིང་གསལ་ལ་སྣང་བ་དྭངས་པ་སེར་བུ་འཚུབ་མས་མི་གོས་པར་ནམ་མཁའ་མཐོ་ལ་རྒྱ་ཆེར་མཐོང་བའི་སར། ནམ་མཁའ་སྤྲིན་བྲལ་གཡའ་དག་པའི་དུས་སུ། བླ་སློབ་གཉིས་ཀས་ཆོས་བདུན་དང་ལྡན་པས་ལྟ་སྟངས་ནམ་མཁར་གཏད་ལ། བླ་མས་ཕཊཿདྲག་པོ་བརྗོད་པའི་ལྷན་དུ་སློབ་མས་ཀྱང་ལྷན་ཅིག་ཏུ་ཕཊཿབརྗོད་ལ་གང་ཤར་ཐོག་ཏུ་ནམ་མཁར་དབྱིངས་རིག་བསྲེས་ལ་བཞག་པས་དེ་མ་ཐག་པར་འདི་ཞེས་བརྗོད་དུ་མེད་པ། བློ་འདས་ཀ་དག་ཏུ་ངོ་སྤྲོད་པའོ། །དེ་ངོ་འཕྲོད་ནས་རྟོག་པར་གང་ཤར་བ་ཐམས་ཅད་དེ་ལྟ་བུའི་ངང་ལ་མ་ཡེངས་པར་སྐྱོང་ཞིང་ཕཊཿབརྗོད་ལ་དབྱིངས་རིག་བསྲེ་ཞིང་གོང་བཞིན་སྦྱང་། དེ་ལྟར་ཉོན་མོངས་དུག་ལྔའི་རྟོག་པ་སོགས་རྐྱེན་དྲག་པོ་ཤར་ཚེ་ཕཊཿདྲག་པོ་བརྗོད་ལ་རང་བབས་སུ་བཞག་ལ་ཉམས་སུ་བླངས་པས་དང་པོ་གཡོ་ཞིང་སྐྱོང་དཀའ་བར་འདུག་ན་བརྩོན་འགྲུས་བསྐྱེད། རིག་པ་ཧུར་ཕྱུང་ལ་ཕཊཿབརྗོད་ཅིང་དབྱིངས་རིག་བསྲེས་པས་སེལ། དེ་ནས་གང་ཤར་ཐམས་ཅད་རང་རིག་གི་ཀློང་དུ་སྣང་ཞིང་དེར་འཛིན་དང་བྲལ་བ་བློ་འདས་ཀ་དག་ཏུ་བཞག །དེ་ནས་རྩོལ་བ་མེད་པར་གང་ཤར་ཐམས་ཅད་བློ་འདས་ཕྱག་རྒྱ་ཆེན་པོའི་རོལ་པར་ཤར་ནས་ཉིན་མཚན་མེད་པར་སྒོམ་འཁོར་ཡུག་ཏུ་མ་གྱུར་བར་བརྩོན་འགྲུས་བསྐྱེད་ལ་ཉམས་སུ་བླང་། དེ་ལྟར་གོང་བཞིན་ཉམས་སུ་བླངས་པས། རྐྱེན་གང་གིས་ཀྱང་མི་འཇིགས་པ། བསྒོམ་བྱ་སྒོམ་བྱེད་མེད་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་ཡར་སངས་རྒྱས་ལ་མི་རེ། མར་ངན་སོང་ལ་མི་སྐྲག་པ། འདི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བཟོད་མེད་དུ་ཤར་བ། རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་ནས། དེ་ལྟ་བུའི་རིག་རྩལ་མ་འགག་པའི་ཀློང་དུ་གཞི་ལམ་གྱི་ཡོན་ཏན་ཐམས་ཅད་གཅིག་ཅར་དུ་རྫོགས་ནས། ཚེ་གཅིག་ཏུ་སངས་རྒྱས་པའི་མན་ངག་འདི་ནི་ཐུན་མོང་མ་ཡིན་པར་བཀའ་དྲིན་སུམ་ལྡན་བླ་མའི་ཞལ་ནས་ཐོབ། དེ་ལྟར་ཉམས་སུ་བླངས་པས་ཕན་ཡོན་ཀྱང་། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་ལས། དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོར་རོལ་པས༔ གཉིས་འཛིན་གྱི་འཁྲུལ་པ་རང་སར་གྲོལ་ནས་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་དེ༔ ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་གདམས་པའོ༔ ཞེས་གསུངས་པ་ལྟར། འདི་ཉིད་ལ་བརྩོན་འགྲུས་བསྐྱེད་ཅིང་ཉམས་སུ་བླངས་ན་མཆོག་ཏུ་འགྱུར་བས་དེ་ལྟར་མཛོད། སྤྲང་པོ་བདག་གིས་ཚེ་གཅིག་ཉམས་བླངས་ནས། །ཡིད་ཆེས་ཁུངས་བཙུན་ཕ་ནོར་སྙིང་ཐིག་འདི། །སྙིང་འདྲའི་བུ་སློབ་དམ་ལྡན་རྣམས་ལ་གཏད། །སྙིང་ལ་ཆོངས་ཤིག་སྣོད་ལྡན་རྣམས་ལ་སྟོན། །ཅེས་གསང་ཁྲིད་རིགས་ལྔའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་ཅུང་ཟད་སྤྲོས་པ་འདི་ཡང་། རང་སློབ་དམ་ལྡན་ཆུ་གསོལ་རྟོགས་ལྡན་གྱིས་ངག་ཁྲིད་ལྟར་ཁྲིད་གཞུང་གི་ཟུར་རྒྱན་བལྟས་ཆོག་དགོས་ཞེས་ཡང་ཡང་བསྐུལ་བས་ཞལ་ངོ་མ་ལྡོག་པར། གཏེར་གཞུང་སོར་བཞག་བླ་མའི་མན་ངག་གིས་བརྒྱན་ཏེ། གཏད་མེད་གུ་ཡངས་གང་ཤར་སྤྱོད་པའི་མི་སྨྱོན། གཱ་ཎའི་མིང་གིས་གང་དྲན་སྨྲས་པ་ལ། །འགལ་བ་མཆིས་ན་ཨོ་རྒྱན་རྗེ་ལ་བཤགས། །དགེ་བས་འགྲོ་ཀུན་རང་སེམས་མངོན་གྱུར་ནས། །ཀུན་བཟང་པད་འབྱུང་གོ་འཕང་ཐོབ་པར་ཤོག །ཡི་གེ་པ་ནི་བསྐུལ་བ་པོ་ཡིས་བགྱིས། །དགེའོ།། །།

གྲུབ་ཐོབ་པདྨ་བཛྲ་གྱི༔ ཐུགས་དམ་ཀུན་གྱི་མཐིལ་ཐུག་པ༔ བླ་མེད་ཡང་དག་མི་གཡོ་བ༔ བདེ་མཆོག་ཧེ་རུ་ཀ་དཔལ་གྱི༔ སྒྲུབ་ཐབས་ཉེ་ལམ་རྡོ་རྗེའི་ཟམ༔ (Volume 55, Text 24)

༁ྃ༔ གྲུབ་ཐོབ་པདྨ་བཛྲ་གྱི༔ ཐུགས་དམ་ཀུན་གྱི་མཐིལ་ཐུག་པ༔ བླ་མེད་ཡང་དག་མི་གཡོ་བ༔ བདེ་མཆོག་ཧེ་རུ་ཀ་དཔལ་གྱི༔ སྒྲུབ་ཐབས་ཉེ་ལམ་རྡོ་རྗེའི་ཟམ༔ གཞན་ལ་མ་བསྟན་ཟབ་མོའི་ཆོས༔ འཇིག་རྟེན་བློས་བཏང་མ་གཏོགས་པ༔ སྣོད་མིན་རྣམས་ལ་གསང་རྒྱ་བྱ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ མཆོག་གི་གྲུབ་པ་ཐོབ་པ་ལས༔ ངོ་མཚར་པདྨ་བཛྲ་བདག༔ རྒྱལ་བ་རབ་འབྱམས་ཐམས་ཅད་འགྲུབ༔ ཡི་དམ་དཔག་ཏུ་མེད་ན་ཡང༔ ཐུགས་དམ་ཧེ་རུ་ཀ་ཀུན་ལས༔ སྙིང་པོ་ཉམས་ལེན་རྣམས་ཀྱི་མཐིལ༔ ཤིན་ཏུ་ཟབ་པའི་མཐར་ཐུག་པ༔ བླ་མེད་གསང་བའི་རྒྱུད་དག་ལས༔ བླ་མེད་ཡང་དག་ཧེ་རུ་ཀ༔ རྡོ་རྗེའི་སྙིང་པོ་མཁའ་འདྲ་བ༔ མི་གཡོ་རལ་པ་གཅིག་གིས་བསྒྱིངས༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ བླ་མེད་གོང་ན་མེད་པ་ཡི༔ ཡང་དག་དྲི་མེད་ངོ་བོའི་སྐུ༔ ཧེ་ནི་ངོ་བོ་སྟོང་པ་ཉིད༔ རུ་ནི་རང་བཞིན་ལྷུན་གྲུབ་གསལ༔ ཀ་ནི་ཟུང་འཇུག་ཐུགས་རྗེའི་རྩལ༔ རྡོ་རྗེ་འགྱུར་བ་མེད་པའི་སྐུ༔ སྙིང་པོ་གསུང་ནི་ཡེ་ཤེས་དོན༔ མཁའ་འདྲ་རོ་གཅིག་ཀུན་ཁྱབ་ཐུགས༔ མི་གཡོ་དོན་དམ་འགྱུར་བ་མེད༔ རལ་པ་ཀུན་རྫོབ་ཆོས་རྣམས་ཀུན༔ མཉམ་པ་ཆེན་པོའི་ངང་དུ་གཅིག༔ ལྷག་པའི་ཆོས་སྐུ་ཆེན་པོར་བསྒྱིངས༔ ར་ལྀ་ཐབས་དང་ཤེས་རབ་ཉིད༔ ཨེ་ཝཾ་ཟུང་འཇུག་དབུ་མ་ཆེ༔ སྒྲ་ཆེན་གཞི་འབྲས་རྟེན་ཅིང་འབྲེལ༔ སྒྲོག་པ་གདུལ་བྱར་གསང་གསུམ་སྣང༔ ལམ་རྐྱེན་ཡི་གེ་དགོས་པ་བཞི༔ དེ་ལྟ་བུ་ཡི་ལྷ་མཆོག་འདི༔ གསང་བ་རྨད་བྱུང་ཆེས་གསང་བ༔ ཧེ་རུ་ཀ་ཡི་རྒྱུད་བསམ་ཡས༔ ཀུན་འདུས་རིག་པ་སྙིང་པོའི་བཅུད༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན༔ གྲུབ་པ་ཐམས་ཅད་འདི་ལ་བརྟེན༔ ཟབ་མོ་ཐུགས་ཀྱི་སྒྲུབ་པ་འོ༔ ས་མ་ཡ༔ སྔོན་འགྲོ་སྦྱོར་བ་ཐམས་ཅད་ཀྱང༔ འདུས་པ་དག་དང་མཐུན་པར་དཔྱད༔ དངོས་གཞི་བསྐྱེད་པའི་རིམ་པ་དག༔ རབ་ཀྱིས་རང་བཞིན་ཡོངས་གྲུབ་དང༔ འབྲིང་གིས་སྤྱི་དང་བྱེ་བྲག་གསལ༔ ཐ་མས་ཏིང་འཛིན་གཟེར་ཆེན་གདབ༔ རང་བཞིན་ཡོངས་སུ་མ་གྲུབ་པའི༔ ལྟ་བ་སྟོང་པའི་ཡེ་ཤེས་ཀྱི༔ དག་པ་སྣ་ཚོགས་བསྐྱེད་པའི་ངང༔ ཡུལ་གསུམ་རྫོགས་པ་ལྷུན་གྱིས་གྲུབ༔ སྤྲོས་པ་ཀུན་བྲལ་དམིགས་མེད་ལྟ༔ ལྷག་པའི་ཆོས་སྐུ་ཆེན་པོ་ཉིད༔ ཀུན་རྫོབ་དོན་ལ་དོན་ཀུན་རྫོབ༔ ལྷ་ཡང་ཆོས་སྐུ་ཆོས་སྐུ་ལྷ༔ བདག་དང་ཡིད་ཤེས་ཡུལ་དག་པའི༔ མཉམ་པའི་དོན་ལ་གནས་གྱུར་ན༔ མ་བསྐྱེད་ཡེ་ནས་ལྷུན་གྱིས་གྲུབ༔ ཇི་ལྟར་གདུལ་བྱའི་མོས་པ་ལ༔ དཔལ་ཆེན་དགུ་དང་ཡུམ་ཆེན་དགུ༔ ཞི་བ་ལྷུན་གྱིས་གྲུབ་པའི་ལྷ༔ རིགས་བརྒྱའམ་བཞི་བཅུ་རྩ་གཉིས་པ༔ ཡང་ན་རིགས་ལྔ་རིགས་གསུམ་ལྡན༔ ཁྲག་འཐུང་དྲུག་ཅུ་རྩ་བཞི་པ༔ སྲས་མོ་ཉི་ཤུ་དབང་མོའི་ཚོགས༔ འབར་མ་ཡུམ་བཞི་མ་དང་སྲིང༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་བཅས༔ ཤིན་ཏུ་རྒྱས་པ་འདུས་པའི་ལྷ༔ ཡང་ན་རིགས་ལྔ་ཡབ་ཡུམ་བཅུ༔ སྲས་མོ་དབང་མོ་སྒོ་སྐྱོང་བཅས༔ དཔལ་ཆེན་གཽ་རཱི་བརྒྱད་ལ་སོགས༔ དཀྱིལ་འཁོར་བསམ་ཡས་ཅི་བསྟན་ཀྱང༔ རྩ་བ་བཛྲ་ཧེ་རུ་ཀ༔ ཁྲོ་བོ་ཀུན་གྱི་སློབ་དཔོན་ཆེ༔ མཆོག་སྒྲུབ་རྒྱལ་བ་མི་འཁྲུགས་པ༔ བདུད་འདུལ་ཁྲོ་རྒྱལ་མི་གཡོ་བ༔ གཉིས་མེད་སྒྲུབ་པ་འདི་ཉིད་ནི༔ བགེགས་བྲལ་དངོས་གྲུབ་ཤིན་ཏུ་ཆེ༔ མཁའ་འགྲོ་མྱུར་དང་ཕོ་ཉའི་ལམ༔ ཉོན་མོངས་སྒྱུ་མ་ལྟ་བུར་སྤྱོད༔ བདེ་མཆོག་ལྷན་ཅིག་སྐྱེས་པ་ཡི༔ ཡེ་ཤེས་འོད་གསལ་བདེ་ཆེན་ཐོབ༔ འདིར་ནི་དོན་ཀུན་མ་ལུས་རྫོགས༔ མདོ་རྒྱུད་ཐམས་ཅད་འདིས་སྟོན་ཅིང༔ ཀུན་ཀྱང་འདི་ཉིད་རྟོགས་ཕྱིར་སྟོན༔ བསྐྱེད་དང་རྫོགས་པའི་རང་བཞིན་ཉིད༔ དག་གསུམ་མཉམ་བཞི་རྟོགས་པ་ཉིད༔ བསྐྱེད་རྫོགས་གཉིས་ཀྱི་གྲུབ་པའི་མཐའ༔ དབང་ཐོབ་བཙན་ས་ཟིན་པ་འོ༔ ས་མ་ཡ༔ ཐ་མས་ཏིང་འཛིན་གཟེར་གདབ་ཕྱིར༔ འདི་ལྟར་སྣང་བའི་ཕྱི་ནང་ཆོས༔ སྟོང་ཉིད་ཀུན་ཏུ་བཟང་མོ་མཁའ༔ མ་འགགས་རང་རྩལ་ཀུན་ཏུ་བཟང༔ དབྱེར་མེད་སྲས་མཆོག་བདེ་བ་ཆེ༔ དཀྱིལ་འཁོར་གསུམ་པོ་རོ་གཅིག་པའི༔ བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུྃ༔ ཆོ་འཕྲུལ་ཆེན་པོའི་རང་བཞིན་ལས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ གདངས་ལས་འབྱུང་ལྔ་ཡུམ་གྱི་དབྱིངས༔ མཁའ་ཀློང་སྟོབས་ལྡན་དམར་ཆེན་པོ༔ དབང་ཆེན་ལྷུན་པོ་འབར་བའི་རྩེར༔ འཁྲུལ་མེད་མི་འགྱུར་རྡོ་རྗེའི་མཁར༔ ཡུལ་སྣང་དུར་ཁྲོད་ཆེན་པོ་བརྒྱད༔ མ་ཆགས་ཐབས་ཀྱི་འདབ་མ་སྟོང༔ འཁོར་ལོ་སྣ་ཚོགས་རྒྱ་གྲམ་དབུས༔ ཕུང་པོ་ཤ་ཁྲག་རུས་པ་རྣམས༔ གཞལ་ཡས་ཆེན་པོར་ལྷུན་གྱིས་གྲུབ༔ གྲུ་བཞི་སྣམ་བུ་བརྒྱད་དང་ལྡན༔ ཐོད་པ་སུམ་བརྩེགས་དྲེགས་པས་བརྒྱན༔ རྡོ་རྗེ་འབར་བའི་ཏོག་ཀྱང་མཛེས༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ ཆེ་བའི་ཡོན་ཏན་རྫོགས་པའི་དཔལ༔ བྲག་ཆེན་པདྨ་ཉི་མའི་སྟེང༔ ཤེས་སྒྲིབ་ཅན་གྱི་རུ་དྲའི་གདན༔ ཧཱུྃ་ལས་རང་རིག་བྱང་ཆུབ་སེམས༔ སློབ་དཔོན་ཆེན་པོ་ཧེ་རུ་ཀ༔ འགྱུར་མེད་ནམ་མཁའི་རང་བཞིན་ཉིད༔ ཐིག་ལེའི་ཞལ་ལྡན་ཐབས་ཤེས་ཕྱག༔ བདེན་གཉིས་མཉམ་པའི་གཡས་བརྐྱང་བཞེངས༔ གཉིས་འཛིན་བདུད་ལ་ཁྲོས་ཤིང་གཏུམ༔ སྐུ་གསུམ་སྤྱན་ལྡན་སྟོང་ཉིད་བཞིའི༔ མཆེ་བ་རབ་གཙིགས་རྣམ་འགྱུར་ལྗགས༔ ཀུན་འདུས་ཨཱ་རལླི་སྒྲོག་བཞད༔ བརྒྱད་ཁྲི་བཞི་སྟོང་ཐེག་པ་ཀུན༔ གཅིག་ཏུ་རྟོགས་པའི་དབུ་སྐྲ་ཡང༔ མེ་ལོང་ལྟ་བུའི་སྦྲུལ་གྱིས་བཅིངས༔ རྡོ་རྗེ་འཆང་གི་ཅོད་པན་ཅན༔ གཡས་པས་གྲི་གུག་སྐྱེ་ཤི་གཅོད༔ གཡོན་པས་བྷནྡྷ་བདུད་ཁྲག་རོལ༔ ཕྲག་དོག་མགོ་བོ་བཅད་པ་ཡི༔ དབུ་རྒྱན་དོ་ཤལ་ཕྱག་རྒྱ་དྲུག༔ ང་རྒྱལ་པགས་བཤུས་ཤམ་ཐབས་མཛད༔ འདོད་རྨོངས་ཞིང་གིས་སྟོད་གཡོགས་ཤིང༔ ཁོང་ཁྲོ་སྦྲུལ་མདུད་བཀྲོལ་ཏེ་བཅིངས༔ ཡིད་བཞིན་རེ་སྐོང་ནོར་བུའི་ཚོགས༔ རབ་བརྒྱན་སྐྱེ་འགག་གནས་མེད་པའི༔ ཁྲག་ཆེན་ཞག་དང་ཐིག་ལེས་བྱུགས༔ མི་ཕྱེད་གོ་དང་ཉོན་མོངས་ཀུན༔ སྲེག་པའི་ཡེ་ཤེས་མེ་ཆེན་འབར༔ གཏུམ་མོ་མཐིང་ནག་ཤེས་རབ་དབྱིངས༔ ཕྱག་རྒྱ་ལྔ་འཆང་གྲི་ཐོད་ཅན༔ གཉིས་མེད་འཁྲིལ་སྦྱོར་བདེ་བ་ཆེ༔ ཕྱོགས་བཞིར་འབར་བའི་ཧཱུྃ་སྒྲ་ལས༔ པད་ཉི་བདུད་བཞི་བསྣོལ་བའི་སྟེང༔ ཤར་དུ་གཏི་མུག་རྡོ་རྗེ་སྨུག༔ འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན༔ ལྷོ་རུ་ང་རྒྱལ་རྡོ་རྗེ་སེར༔ རིན་ཆེན་གྲི་གུག་ཐོད་ཁྲག་འཛིན༔ ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར༔ པདྨ་གྲི་གུག་ཐོད་ཁྲག་འཛིན༔ བྱང་དུ་ཕྲག་དོག་རྡོ་རྗེ་ལྗང༔ རྒྱ་གྲམ་གྲི་གུག་ཐོད་ཁྲག་འཛིན༔ ཀུན་ཀྱང་རང་འདྲའི་ཡུམ་དང་འཁྲིལ༔ གྲྭ་བཞིར་པད་ཉི་ཞིང་གི་གདན༔ ཛཿཧཱུྃ་བཾ་ཧོཿགསང་བའི་ཡུམ༔ དཀར་མོ་རྒྱས་འདེབས་རྡོ་རྗེ་འཛིན༔ སེར་མོ་ཚེ་འཕེལ་མདའ་གཞུ་བཀང༔ དམར་མོ་དབང་སྡུད་རྒྱལ་མཚན་སྒྲེང༔ ནག་མོ་རྨོངས་བྱེད་དྲིལ་བུ་འཁྲོལ༔ ཚད་མེད་བཞི་ཡི་ཡི་གེ་ཕཊ༔ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ཕག་གདོང་སེར་མོ་ཞགས་པ་འཕེན༔ སྤྲེལ་གདོང་དམར་མོ་ལྕགས་སྒྲོག་བསྡམས༔ སྤྱང་གདོང་ནག་མོ་དྲིལ་བུ་འཛིན༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་འཐུང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ བརྐྱང་བསྐུམ་གར་གྱིས་བཞེངས་པ་འོ༔ ཡེ་ནས་རྣམ་པར་དག་པ་ལ༔ གློ་བུར་དྲི་མ་བསལ་བའི་སླད༔ དབང་བསྐུར་བྱིན་གྱིས་བརླབ་པར་བྱ༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཀྱང༔ དབྱིངས་ནས་སྤྱན་དྲངས་བརྟན་པར་བྱ༔ ལོངས་སྤྱོད་མཆོད་པའི་རང་བཞིན་ཡང༔ མཆོད་ཅིང་བསྟོད་པ་འབུལ་བ་དང༔ ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ༔ བསྐུལ་ཞིང་སྨོན་ལམ་རིམ་པ་གདབ༔ ལུས་ལྷ་འགུལ་བསྐྱོད་གར་གྱིས་རོལ༔ སྨྲ་བརྗོད་བཟླས་པའི་རང་བཞིན་ལ༔ དྲན་རྟོག་བདེ་ཆེན་དབྱིངས་ཀྱི་ངང༔ ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་ཉིད༔ གྲགས་པ་གསང་བ་སྔགས་ཀྱི་ཚིག༔ ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༔ མ་བསྐྱེད་ཡེ་ནས་ཡོངས་སུ་དག༔ མ་འགགས་སྣང་བ་གྲུབ་པ་མེད༔ མི་གནས་སྐུ་དང་ཡེ་ཤེས་འཆར༔ རྟག་པ་མ་ཡིན་ཡོངས་སུ་སྟོང༔ ཆད་པ་མ་ཡིན་ལྷུན་གྱིས་གྲུབ༔ དགོངས་པ་དེ་ལྟར་ལྡན་པ་ཡི༔ སྐབས་སུ་རྡོ་རྗེའི་སྙིང་པོ་མཆོག༔ གསང་སྔགས་ཡི་གེ་བཅུ་པ་བཟླ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལཱ་ཧཱུྃ་ཕཊ༔ ལྷ་ཉིད་འོད་གསལ་དབྱིངས་སུ་བསྡུ༔ སྒྲུབ་པ་ཀུན་གྱི་གནད་གདམ་མོ༔ ས་མ་ཡ༔ དེ་ལྟར་བླ་མེད་ཧེ་རུ་ཀ༔ སྒྲུབ་པར་འདོད་པའི་རྣལ་འབྱོར་པས༔ དབང་རྣམས་ནོད་པར་མི་བྱེད་ཅིང༔ བླ་མ་མཉེས་པར་མ་གྱུར་ན༔ འབྲས་བུ་མི་ཐོབ་བརླག་པའི་རྒྱུ༔ དེ་ཕྱིར་དབང་གིས་སྨིན་པར་བྱ༔ བརྒྱུད་ལྡན་བླ་མ་མཁས་པ་བཙལ༔ བླ་མ་མཚན་ཉིད་ལྡན་པ་ཡང༔ རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ སྐྱོན་ནི་འགའ་ཡང་མི་ལྡན་ཅིང༔ ཡོན་ཏན་ལྷག་པ་བླ་མའི་རབ༔ སློབ་མ་སྣོད་དང་ལྡན་པ་ཉིད༔ དད་དང་ཤེས་རབ་དབང་པོ་རྣོ༔ ཡང་ན་དད་པ་བརྟན་པོ་ལྡན༔ མཚུངས་པའི་དབང་རྫས་ལེགས་བསགས་ཏེ༔ དཀྱིལ་འཁོར་ཚུལ་བཞིན་བཞེངས་པ་འམ༔ ཏིང་འཛིན་དཀྱིལ་འཁོར་གསལ་བ་ཉིད༔ སློབ་དཔོན་ནུས་པ་ལྡན་བགྱིས་པ༔ དཀྱིལ་འཁོར་གཙོ་བོར་བལྟས་བྱས་ནས༔ ཡིད་འཐད་ནོར་གྱི་རིགས་རྣམས་འབུལ༔ དཀྱིལ་འཁོར་ལ་ཞུགས་དབང་རྫོགས་པར༔ ཨ༔ ཡན་ལག་བཅུ་གཉིས་དང་ལྡན་པ༔ རྫུ་འཕྲུལ་རྐང་པ་བཞི་ལ་སོགས༔ འདུན་པ་སེམས་པའི་སྐྱེས་བུ་ལ༔ རྟགས་ཀྱི་དབང་མཆོག་སྦྱིན་པར་བྱ༔ དྷརྨྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་དང་མ་ལས་བྱུང་བ་ཡི༔ སྣང་སྟོང་དབྱེར་མེད་བརྩེ་བ་ཆེ༔ ཐབས་དང་ཤེས་རབ་རང་བཞིན་ཉིད༔ སྦྱོར་བའི་རིགས་ཆེན་འབྱེད་པ་ལ༔ སྟོབས་ལྔ་དབང་པོ་རྫོགས་པའི་ཕྱིར༔ དབང་ཐོབ་དེ་ལ་སྦྱིན་པར་བྱ༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲས་ཡིན༔ འཁོར་ལོས་བསྒྱུར་རྒྱལ་མངའ་གསོལ་ཕྱིར༔ ཡང་དག་མཐོང་བས་དབུགས་ཆེན་འབྱིན༔ ཡན་ལག་བདུན་གྱི་ཡོ་བྱད་རྣམས༔ དབང་ཐོབ་དེ་ལ་སྦྱིན་པར་བྱ༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ འཕགས་ལམ་ཡན་ལག་བརྒྱད་ལྡན་ཕྱིར༔ མཐོང་བ་གོམས་པའི་རྣལ་འབྱོར་ལ༔ རྒྱལ་བས་བཀྲ་ཤིས་ལུང་ཡང་སྟོན༔ དེ་ལྟར་འདི་ལའང་སྦྱིན་པར་བྱ༔ མངྒ་ལམ་ཨ་བྷི་ཥིཉྩ་ཧཱུྃ༔ སྟོབས་བཅུ་རྫོགས་པའི་རྡོ་རྗེ་ཉིད༔ རྩལ་ཆེན་ཐོབ་པས་གསོར་བར་མཛད༔ ས་བཅུ་མཐའ་རུ་ཕྱིན་པའི་ཕྱིར༔ རྒྱལ་སྲས་དེ་ལ་སྦྱིན་པར་བྱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཀུན་གྱི་བླ་མར་གྱུར་པའི་ཕྱིར༔ རྒྱལ་བ་སེམས་དཔའ་ཐམས་ཅད་ཀྱིས༔ རྒྱལ་སྲས་དེ་ལ་དབང་བསྐུར་བས༔ མི་སློབ་རྒྱལ་སྲིད་ཆེན་པོ་རུ༔ རིན་ཆེན་ཏོག་སྟོང་རབ་འབར་བ༔ དཀྱིལ་འཁོར་གཙོ་བོར་མངའ་གསོལ་ལོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧེ་རུ་ཀ་དཔལ་ཆེན་པོ་རུ༔ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས༔ དབང་མཆོག་རྒྱལ་པོ་དེ་ལ་སྦྱིན༔ ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དངོས་གྲུབ་ཆེན་པོ་ཐོབ་པའི་ཕྱིར༔ རྡོ་རྗེ་ཚེ་དང་བདུད་རྩི་སྨན༔ རང་གཞན་དོན་གཉིས་ལྷུན་གྲུབ་ཕྱིར༔ སྒྲུབ་རྫས་རྣམས་ཀྱི་དབང་མཆོག་སྦྱིན༔ སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ནི་བླ་ན་མེད༔ ཕུང་ཁམས་སྐྱེ་མཆེད་དག་པའི་ཕྱིར༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བདུད་རྩི་དཀར་དམར་སྦྱིན་པར་བྱ༔ ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྲིད་ཐབས་དང་ཤེས་རབ་དབྱིངས༔ ཀུན་ཀྱང་ལས་ཀྱི་ཕྱག་རྒྱར་རོལ༔ ཐབས་ཀྱིས་ཟིན་པའི་སྐད་ཅིག་ལ༔ རྡོ་རྗེ་པདྨའི་དཀྱིལ་འཁོར་དུ༔ བདེ་ཆེན་བྱང་ཆུབ་སེམས་རྟོགས་པ༔ བླ་མེད་དབང་མཆོག་སྦྱིན་པར་བྱ༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་ཨ་བྷི་ཥིཉྩ་ཧོ༔ ཨེ་མ་ཧོ༔ ཆོས་རྣམས་རང་རིག་དབྱིངས་སུ་རྫོགས༔ ཡེ་ནས་མ་སྐྱེས་ཀུན་བཟང་མོ༔ མ་འགགས་སྣང་བ་ཀུན་ཏུ་བཟང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ བདེ་བ་ཆེན་པོ་སྲས་ཀྱི་མཆོག༔ མི་རྟོག་ཡེ་ཤེས་འོད་གསལ་བ༔ རྣལ་འབྱོར་ཐབས་ལ་བརྟེན་ནས་རྟོགས༔ ལྟ་བ་སྤྱི་འབྱམས་དབང་འདི་ལ༔ རྒྱལ་ཐབས་སྤྱི་བླུགས་ཞེས་སུ་གྲགས༔ རྫས་ཀྱི་དབང་དེ་མ་ཐོབ་ཀྱང༔ ཆོས་ལ་སེམས་ཀྱི་དབང་ཐོབ་ན༔ རྒྱལ་བ་སེམས་དཔའ་ཐམས་ཅད་ཀྱིས༔ དེ་ལ་དབང་ནི་བསྐུར་བར་འགྱུར༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ དེ་ནས་སློབ་མས་གུས་ཕྱག་འཚལ༔ བླ་མའི་ཞབས་ནི་སྤྱི་བོར་བླང༔ བུ་དང་ཆུང་མ་ཡིད་འཐད་འབུལ༔ གསང་བར་གདམས་ཤིང་ལུས་ཀྱང་འབུལ༔ དམ་ཚིག་མ་ལུས་ཁས་བླང་བ༔ སྲོག་ལ་བསྡོས་ཏེ་བསྲུང་བར་བྱ༔ མཚན་ཉིད་ལྡན་པའི་བླ་མ་དེ༔ སངས་རྒྱས་ཉིད་དུ་རྟག་པར་བལྟ༔ བཀའ་ཡི་ཟུར་ཡང་མ་ཉམས་བགྱི༔ གལ་ཏེ་མ་བརྟགས་བླ་མར་བགྱིས༔ སྐྱོན་གྱི་ཕུང་པོར་གྱུར་ན་ཡང༔ བརྙས་པར་བགྱིས་པ་གང་ཡིན་པ༔ དེ་ནི་དམྱལ་བར་ལྟུང་ཞེས་པ༔ རྡོ་རྗེའི་རྒྱུད་རྣམས་ཀུན་ལ་གྲགས༔ དེ་ཕྱིར་བླ་མ་ཤིན་ཏུ་བཀུར༔ ཇི་ལྟར་ནུས་པ་དེ་བཞིན་དུ༔ དངོས་གྲུབ་དག་ཀྱང་མྱུར་བར་འགྱུར༔ འབྲས་བུ་དབང་གིས་སྨིན་བྱེད་ཀྱང༔ ས་བོན་དམ་ཚིག་དག་གིས་འཛིན༔ ལམ་རྣམས་ཀུན་གྱི་རྩ་བ་ལ༔ སྡོམ་པ་དམ་ཚིག་ལྡན་པ་གཅེས༔ ས་མ་ཡ༔ དང་པོའི་ལས་ཅན་གང་ཡིན་པ༔ ཆོས་རྣམས་སྤྲོས་པའི་མཐའ་བཞི་བྲལ༔ མ་རྟོགས་འགྲོ་ལ་སྙིང་རྗེས་ཁྱབ༔ ཟུང་འཇུག་ཧཱུྃ་ཡིག་མཐིང་ནག་འབར༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ སྤྲོས་པས་འབྱུང་བ་རིམ་ལྔ་བརྩེགས༔ རྡོ་རྗེ་སྲུང་བའི་གུར་གྱི་དབུས༔ བྷནྡྷ་འབར་བའི་གཞལ་ཡས་ཁང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ འཁོར་ལོ་འབར་བའི་ལྟེ་བ་ལ༔ པད་ཉི་རུ་དྲ་བསྣོལ་བའི་གདན༔ ཧཱུྃ་ལས་བདག་ཉིད་ཁྲོ་བོའི་རྒྱལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འཆང༔ ཕྱག་གཡས་རལ་གྲི་གཡོན་ཞགས་པ༔ རང་འདྲའི་གཏུམ་མོ་ཡུམ་དང་འཁྲིལ༔ ཕྱོགས་བཞིར་བདུད་བཞིའི་གདན་སྟེང་དུ༔ རིགས་བཞིའི་ཁྲོ་བོ་ཡབ་དང་ཡུམ༔ སྨུག་སེར་དམར་ལྗང་གཙོ་དང་མཚུངས༔ རལ་གྲི་ཕྱར་ཞིང་ཞགས་པ་འཕེན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཡས་བརྐྱངས་རོལ་པའི་སྟབས་ཀྱིས་བཞེངས༔ གར་དགུ་རོལ་པའི་ཉམས་དང་ལྡན༔ སྤྲུལ་པ་གཟིག་དང་ཁ་ཏའི་གདོང༔ མཐིང་ནག་རལ་གྲི་ཞགས་པ་འཛིན༔ གྲ་བཞིར་གསང་བའི་ཡུམ་བཞི་དང༔ སྒོ་བཞིར་གདོང་མོ་ཆེན་མོ་རྣམས༔ རང་རྟགས་འཛིན་ཅིང་དྲག་པོའི་ཆས༔ འབར་བའི་ཕྲེང་བ་ཀུན་ཏུ་འཁྲུག༔ དབང་བསྐུར་རྒྱས་གདབ་དམ་ཡེ་བརྟན༔ མཆོད་ཅིང་བསྟོད་ལ་སྨོན་ལམ་བཏབ༔ ཐུགས་ཀར་སྙིང་ཉིད་མཆོང་གུར་ཕུབ༔ ཡེ་ཤེས་སེམས་དཔའ་མི་བསྐྱོད་པ༔ མཐིང་གསལ་ས་གནོན་མཉམ་གཞག་མཛད༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ གཡོ་མེད་ཟླ་སྐར་བཞིན་ལ་འགོད༔ གཡས་སུ་མྱུར་བར་མགལ་མེ་འཁོར༔ འོད་ཟེར་རྒྱལ་པོའི་བྲན་དུ་མངག༔ འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ལྷ་སྐུ་ཡིག་འབྲུ་ཕྱག་མཚན་རྣམས༔ ཤིན་ཏུ་ཕྲ་བའི་རྣམ་པ་ཅན༔ བྱུང་བ་འཕྲོ་འདུས་སྣང་སྲིད་ཀུན༔ ལྷ་སྔགས་ཡེ་ཤེས་ཉིད་དུ་བསྒོམ༔ གཡོ་ཐོབ་གོམས་པའི་ཚད་དུ་སྦྱར༔ ཡུལ་གསུམ་གསལ་བ་དེ་སྲིད་དུ༔ བཟླས་པ་ཆུ་བོའི་རྒྱུན་བཞིན་དུ༔ ཁྲོ་བོ་འདུས་པའི་སྔགས་འདི་ཉིད༔ ཁྲི་འབུམ་བྱེ་བ་འགྲུབ་པར་བྱ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཡང་ན་ཁྲག་འཐུང་སྤྱི་ཡི་སྔགས༔ མཆོག་སྒྲུབ་ཀུན་གྱི་སྙིང་པོ་འདི༔ རིག་པ་ངར་དང་ལྡན་པས་བཟླ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ལྟར་དགོངས་པའི་གཟེར་དང་ལྡན༔ བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་པས༔ དངོས་གྲུབ་མཆོག་ནི་བླང་བར་བྱ༔ ས་མ་ཡ༔ བསྐྱེད་པའི་རིམ་པ་དེ་ཉིད་ཀྱང༔ སྐབས་སུ་བསྡུ་ཞིང་སྟོང་པར་བཞག༔ དེ་ཡང་བདག་དང་ཕུང་པོ་ལྷ༔ གཅིག་དང་ཐ་དད་ཞིབ་པར་དཔྱད༔ མུ་སྟེགས་བདག་ཉིད་རྟག་པར་འདོད༔ ཕུང་པོ་སྐྱེ་འཇིག་རང་བཞིན་ལ༔ གཅིག་པར་འདོད་པ་ག་ལ་རུང༔ ཕུང་པོ་བདག་ཉིད་ཐ་དད་ཟེར༔ ཕུང་པོ་ལས་གཞན་བདག་མེད་དོ༔ བདག་ནི་ཕུང་པོར་ལྡན་པ་མིན༔ ཕུང་པོ་ཚོགས་སོགས་བདག་མ་ཡིན༔ ཀུན་རྫོབ་ལ་ཡང་བདག་ཡོད་མིན༔ འགྱུར་བ་མེད་པའི་ལྷ་ཉིད་དང༔ མ་དག་སྐྱེ་འཇིག་ཕུང་པོ་གཉིས༔ གཅིག་པར་འདོད་པ་མི་རུང་ཞིང༔ ལྷ་ནི་སྟོང་པ་ཆོས་ཀྱི་སྐུ༔ ཕུང་པོ་དོན་དམ་དུ་མེད་པས༔ སྟོང་ཉིད་འཁོར་འདས་རོ་གཅིག་ཕྱིར༔ ལྷ་དང་ཕུང་པོ་ཐ་དད་མིན༔ ལྷ་ནི་ཕུང་པོར་མི་ལྡན་ན༔ ཕུང་པོ་ལྷ་དང་ཇི་ལྟར་ལྡན༔ ཚོགས་པ་ཙམ་སོགས་དེ་བཞིན་ནོ༔ ཆོས་ཀྱི་སྐུ་ནི་རྟག་པའི་སྐུ༔ དེ་ལ་སྐྱེ་འགག་གནས་གསུམ་བྲལ༔ བདག་དང་གཞན་དང་གཉིས་ཀ་དང༔ རྒྱུ་མེད་པ་ལས་སྐྱེ་མི་སྲིད༔ འགགས་ན་སྟོང་ཉིད་མ་ཡིན་ཏེ༔ ཅི་ཡང་འཆར་བར་རུང་བའི་ཕྱིར༔ རྟག་པ་དང་ནི་ཆད་པ་དང༔ བདག་དང་མཚན་མ་སྤྲོས་པ་ཡི༔ མཐའ་ལ་གནས་པ་ཡོད་མ་ཡིན༔ དེ་ལྟར་སེམས་ཀྱི་མཚང་བཙལ་ནས༔ ཐམས་ཅད་སྟོང་པ་ཉིད་དུ་ལྟ༔ མེད་བཞིན་སྣང་བ་སྒྱུ་མའི་ཚུལ༔ འཛིན་པར་བཅས་ཏེ་གནས་པ་ལ༔ བདེ་གསལ་མི་རྟོག་པ་ཡི་ཉམས༔ འཇིག་རྟེན་པ་ཡི་བསམ་གཏན་ནོ༔ འཛིན་མེད་སྟོང་པར་བཞག་པ་ན༔ གཟུང་འཛིན་སྣང་མེད་ཉིད་དུ་འགྲོ༔ དེ་ཕྱིར་སྣང་མེད་སྟོང་པར་བཞག༔ སྣང་ཡང་འཛིན་མེད་སྒྱུ་མ་ལྟར༔ སྟོང་ཉིད་སྣང་བཅས་ངང་དུ་བཞག༔ དེ་ལ་རིམ་གྱིས་གོམས་པ་ན༔ མ་བཅོས་རྣལ་མར་སྐྱོང་ཤེས་པས༔ སྟོང་ཉིད་མངོན་སུམ་རྟོགས་པར་འགྱུར༔ སྟོང་པ་ཉིད་ཀྱི་ངང་དེ་ལས༔ རྟོག་མེད་དག་པའི་སྣང་བ་ཡང༔ སྣོད་བཅུད་སྐུ་དང་ཞིང་དུ་འཆར༔ སྟོང་པ་ཀུན་ཏུ་བཟང་མོའི་མཁའ༔ དབྱིངས་ཉིད་ཇི་བཞིན་དཀྱིལ་འཁོར་དང༔ རང་རིག་རང་གསལ་ཀུན་ཏུ་བཟང༔ ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་ཉིད༔ དབྱིངས་ཡེ་གཉིས་མེད་འོད་གསལ་བའི༔ སྲས་མཆོག་བདེ་བ་ཆེན་པོ་ཡི༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ འདི་ལྟར་རྟོགས་ན་རིག་འཛིན་ལྔ༔ ཡོངས་སུ་འགྲུབ་པར་གདོན་མི་ཟ༔ བྱང་ཆུབ་སེམས་ཀྱི་དོན་འདི་ནི༔ བརྗོད་དུ་མེད་པ་མ་ཡིན་ཏེ༔ བརྒྱུད་ལྡན་བླ་མ་མཁས་པ་ཡིས༔ མཚན་ཉིད་ལྡན་པའི་སློབ་མ་ལ༔ ཚད་མ་གསུམ་གྱིས་ངེས་པར་སྟོན༔ བརྗོད་མེད་དོན་ཡང་འདི་ཡིན་ཏེ༔ དཔེ་ནི་གང་གིས་མི་མཚོན་ནོ༔ བློ་ཡི་སྤྱོད་ཡུལ་མ་ཡིན་ཏེ༔ རྟོག་དཔྱོད་བྲལ་ན་ལྟ་བའི་མཆོག༔ འབྲས་བུ་སྐུ་དང་ཡེ་ཤེས་ནི༔ རྟག་པའི་མཐའ་ལ་མི་གནས་ཏེ༔ ཐམས་ཅད་ངོ་བོ་སྟོང་པ་ཉིད༔ ཆད་པའི་མཐའ་ལ་མི་གནས་ཏེ༔ རང་བཞིན་གསལ་དང་ཐུགས་རྗེ་ཡི༔ ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ༔ ཡེ་ནས་རྣམ་དག་རབ་ཏུ་གཙང༔ མ་རིག་བག་ཆགས་ལས་ལྡོག་བདེ༔ བདག་དང་བདག་མེད་སྤྲོས་པ་ཞི༔ བརྩེ་བས་མི་གཤེགས་རྟག་པའི་སྐུ༔ རྣམ་པར་མི་རྟོག་ཆོས་ཀྱི་དབྱིངས༔ ཅི་ཡང་འཆར་རུང་མེ་ལོང་ལྟར༔ འཁོར་འདས་རོ་གཅིག་མཉམ་པ་ཉིད༔ རང་བྱུང་རང་རིག་སོ་སོར་རྟོག༔ ཐོགས་མེད་བྱ་བ་གྲུབ་པ་འོ༔ སློབ་པའི་སྨོན་ལམ་བསམ་ཡས་པ༔ ཆུད་མི་ཟ་བར་སེམས་ཅན་གྱི༔ དོན་ནི་ཐོགས་མེད་ཇི་ལྟར་འཚམ༔ དེ་བཞིན་འབད་པ་མེད་པས་འགྲུབ༔ སྲིད་གྲོལ་མྱ་ངན་ལས་མི་འདའ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་གཏེར༔ བསལ་བཞག་མེད་པ་ཡོངས་སུ་གྲུབ༔ རྒྱུན་ཆད་མེད་པར་ཀུན་ཁྱབ་བོ༔ ས་མ་ཡ༔ གང་ཚེ་བསྐྱེད་དང་རྫོགས་པའི་རིམ༔ ནུས་པ་རྒྱུད་ལ་འཇོག་པ་དང༔ སྨིན་ཅིང་འབྲས་བུ་ཐོབ་བྱེད་ནི༔ འཇུག་དང་དབང་བསྐུར་རིམ་པ་ཡང༔ དཀྱིལ་འཁོར་དབང་རྫས་འདུ་བྱས་ནས༔ བླ་མ་དབང་གི་བསྙེན་པར་གནས༔ སློབ་མས་ཚོགས་གསག་སྒྲིབ་པ་སྦྱང༔ རྐྱེན་ངན་ཀུན་སྲུང་སྒྲུབ་པ་རྫོགས༔ བླ་མ་འཁོར་ལོའི་རྒྱལ་པོར་གནས༔ སློབ་མས་གཅེས་པའི་ནོར་ཕུལ་ནས༔ ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་འདྲེན་པར་མཛོད༔ བླ་མས་དེ་ལ་ལན་སྦྱིན་པ༔ ཡང་གསང་ཧེ་རུ་ཀ་དཔལ་གྱི༔ དཀྱིལ་འཁོར་འདི་ལ་ཞུགས་ཕྱིན་ཆད༔ སྤྱི་དང་བྱེ་བྲག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་འདའ་མི་བྱ༔ སློབ་མས་རྩེ་གཅིག་དམ་བཅའ་བ༔ བླ་མེད་གསང་བའི་སྒོར་ཞུགས་ནས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་པ་འཛིན་པའི་སྡོམ་པ་རྣམས༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ བླ་ན་མེད་པའི་བདུད་རྩི་འདི༔ བཏུང་ནས་དམ་ཚིག་བསྲུངས་གྱུར་ན༔ ཡེ་ཤེས་སེམས་དཔའ་དངོས་གྲུབ་རྒྱུ༔ འདས་ན་རང་གི་གཤེད་དུ་འགྱུར༔ ཨོཾ་ཨཱཿཧཱུྃ་གིས་གནས་བྱིན་བརླབ༔ ལྷག་མ་ཧཱུྃ་གིས་སྦྱིན་པར་བྱ༔ རྡོ་རྗེ་སློབ་དཔོན་བརྙས་པ་དང༔ རྡོ་རྗེའི་མཆེད་ལ་སྙིང་རིང་ན༔ ཐར་པའི་སྲོག་རྩ་འཆད་པར་འགྱུར༔ དེ་བས་ཁྱོད་ཀྱིས་བྲོ་བོར་ཅིག༔ སློབ་མས་ཐ་ཚིག་བོར་བ་ནི༔ བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ སྔོན་ཚེ་གོང་ནས་འབྲེལ་བ་ཡི༔ བདག་གི་ཉེ་གནས་གང་ལགས་པ༔ ལས་འཕྲོ་དང་ནི་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་འབབ་པར་ཤོག༔ ཨོཾ་པྲ་ཏཱིཙྪ་བཛྲ་ཧོ༔ གང་དུ་བབས་པའི་ལྷ་དེ་ཡི༔ ཐུགས་ཀར་ཉི་མར་ཧཱུྃ་ཡིག་འབར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ གཉིས་མེད་ཡེ་ཤེས་ཐུགས་རྡོ་རྗེ༔ ཧཱུྃ་གི་རང་བཞིན་ཆར་ལྟར་བབས༔ བ་སྤུའི་ཁུང་བུ་ནས་ཞུགས་ཤིང༔ སྙིང་གའི་ཧཱུྃ་ལ་ཐིམ་པ་ཡིས༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གོང་གི་རྩ་བའི་སྔགས་བཟླས་མཐར༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ རོལ་མོ་ཁྱད་པར་སྤོས་བསྲེགས་ལ༔ ལུས་ངག་ཡིད་གསུམ་གནད་བཅིངས་པས༔ ཡེ་ཤེས་ཕེབས་པའི་རྟགས་རྣམས་འབྱུང༔ ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ དེ་རིང་དད་པའི་ཤུགས་སྐྱེད་ལ༔ དཀྱིལ་འཁོར་དམ་པ་བལྟ་བར་གྱིས༔ སྔགས་དང་ཕྱག་རྒྱའི་རིགས་སུ་འཁྲུངས༔ གསང་བ་བསྟན་པའི་སྣོད་དུ་རུང༔ ཨོཾ་གྱིས་རང་བཞིན་ལྷུན་གྱིས་གྲུབ༔ མཱུཾ་གྱིས་སྟོང་པ་ཡེ་ཇི་བཞིན༔ ཧཱུྃ་གིས་བྱང་ཆུབ་སེམས་སུ་ཞུགས༔ ཧཾ་གིས་མཐོང་བ་དག་པ་འོ༔ མཚོན་བྱེད་ལྷག་པའི་དཀྱིལ་འཁོར་གྱིས༔ མཚོན་བྱ་དཀྱིལ་འཁོར་གསུམ་ཉིད་ནི༔ རང་རིག་བྱང་ཆུབ་སེམས་སུ་རྫོགས༔ མཐོང་བ་དཀྱིལ་འཁོར་ཀུན་མཐོང་ངོ༔ ཁྱོད་ནི་རྡོ་རྗེ་མྱུ་གུ་ཞེས༔ རྒྱལ་བའི་སྲས་པོ་གདུང་རྒྱུད་འཛིན༔ གསང་བ་མཆོག་གི་མིང་སྦྱིན་གྱིས༔ ཞིང་ཁམས་ཀུན་ཏུ་གྲག་པར་འགྱུར༔ དེ་ནས་ཡོན་འབུལ་གསོལ་བ་བཏབ༔ སངས་རྒྱས་དག་ནི་ཐམས་ཅད་ཀྱི༔ གསང་བ་རྡོ་རྗེ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ དབང་བསྐུར་གནང་བ་ཆེན་པོ་སྩོལ༔ ཕུང་པོ་རིགས་ལྔར་དག་པའི་ཕྱིར༔ རྒྱལ་བ་གནས་ལྔ་དག་ལ་བསྟིམ༔ ཀུན་གྱིས་འདའ་བར་དཀའ་བ་ཡི༔ ཚིག་བཙན་ཡུལ་ལ་དབང་བསྒྱུར་བ༔ རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང༔ སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཕྱིར༔ ཕྱག་མཚན་སྙིང་རྩ་བརྒྱད་ལ་བསྟིམ༔ རིགས་རྣམས་སོ་སོའི་བརྒྱུད་འཛིན་ཅིང༔ རྟགས་ཀྱི་མཚན་མ་ཆེན་པོ་ནི༔ སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ༔ དམ་ཚིག་ཕྱག་རྒྱས་དབང་བསྐུར་རོ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ དྲིལ་བུ་ཁམས་ལྔ་དག་པའི་ཡུམ༔ དབུ་མའི་ཐིག་ལེ་ཉིད་ལ་བསྟིམ༔ ཤེས་རབ་གཟུངས་ཀྱི་དབང་མཆོག་ནི༔ དོན་དང་ལྡན་པར་གྱུར་པ་ཡི༔ མཐའ་གཉིས་དག་ཏུ་མི་གཏོང་བའི༔ གཟུངས་མའི་རྒྱལ་མོ་ཆེན་པོ་ཡིན༔ གཉིས་མེད་ཡོངས་སུ་རྫོགས་པ་ན༔ ཐམས་ཅད་བདེ་བ་ཆེན་པོའི་ངང༔ བྱང་ཆུབ་སེམས་དང་དོན་དུ་འབྲེལ༔ ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན༔ ཨོཾ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་ལྷ་དང་གཞལ་ཡས་ཁང༔ རྒྱལ་བ་མ་ལུས་པ་ཡིས་གཟུང༔ སྙོམས་ཞུགས་ཡེ་ཤེས་ལྔ་ཡི་ཆུས༔ དྲི་མ་ཀུན་གཏོར་ཡེ་ཤེས་བླུག༔ བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ༔ དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི༔ དབང་མཆོག་དེ་ཡང་སྦྱིན་པར་བྱ༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ་ཨོཾ་སྭཱ་ཧྲཱིཿཧཱ༔ ལྷ་སྐུ་ཕྱག་རྒྱའི་རིམ་པ་རྣམས༔ གནས་ལྔ་ཡབ་ཡུམ་སོ་སོ་དང༔ ཡབ་ཀྱི་ཡན་ལག་སྒོ་མ་བཞི༔ ཡུམ་གྱི་ཕྱག་གཉིས་ཞལ་བྷ་ག༔ གསང་ཡུམ་བཞི་ཡི་བསྟིམ་གནས་སོ༔ ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཁྲོ་བོའི་རྒྱལ༔ གཏུམ་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལཱ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཏི་མུག་རྡོ་རྗེ་ཡུམ་དང་བཅས༔ སངས་རྒྱས་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་བུདྡྷ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རྡོ་རྗེ་ཡུམ་དང་བཅས༔ རིན་ཆེན་རིགས་མཆོག་གཏུམ་པོ་ཆེ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་རཏྣ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རྡོ་རྗེ་ཡུམ་དང་བཅས༔ པདྨའི་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་པདྨ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རྡོ་རྗེ་ཡུམ་དང་བཅས༔ ལས་ཀྱི་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་དང་ཤེས་རབ་སྤྲུལ་པ་ལས༔ གཟིག་དང་ཁྭ་ཏའི་གདོང་པ་ཅན༔ ཕོ་ཉ་ལས་ལ་མངག་པའི་ཕྱིར༔ སྤྲུལ་པའི་དབང་མཆོག་སྦྱིན་པར་བྱ༔ བཛྲ་ཨཱརྻ་མུ་ཁ་ཧཱུྃ༔ བཛྲ་པྲེ་ཏི་མུ་ཁཱི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཀར་མོ་མིག་གཅིག་རྒྱས་འདེབས་མ༔ ཤར་ཕྱོགས་མདུན་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ སེར་མོ་ལས་མཁན་ཚེ་འཕེལ་མ༔ ལྷོ་ཕྱོགས་གཡས་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ དམར་མོ་ཟ་བྱེད་དབང་སྡུད་མ༔ ནུབ་ཕྱོགས་རྒྱབ་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ ནག་མོ་རལ་གཅིག་རྨོངས་བྱེད་མ༔ བྱང་ཕྱོགས་གཡོན་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་གཎྜེ་པྲ་ཛྭ་ལ་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྱམས་པ་ཚད་མེད་ལྕགས་ཀྱུ་མ༔ རྡོ་རྗེ་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་འདྲེན༔ སྒོ་མ་ཆེན་མོས་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་རྗེ་ཚད་མེད་ཞགས་པ་མ༔ རིན་ཆེན་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་བཅིང༔ སྒོ་མ་ཆེན་མོས་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དགའ་བ་ཚད་མེད་ལྕགས་སྒྲོག་མ༔ པདྨ་རིགས་ཀྱི་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་སྡོམ༔ སྒོ་མ་ཆེན་མོས་དབང་བསྐུར་རོ༔ ཨོཾ་བཛྲ་ལོ་ཀ་བཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཏང་སྙོམས་ཚད་མེད་དྲིལ་བུ་མ༔ ཀརྨ་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བས་མྱོས་པར་བྱེད༔ སྒོ་མ་ཆེན་མོས་དབང་བསྐུར་རོ༔ ཨོཾ་བཛྲ་བྷསྨི་པ་ལ་ཡ་ཝ་ཏུ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནང་སྒྲུབ་གསང་བ་རྣམས༔ རིམ་པ་བཞིན་དུ་བསྐུར་བར་བྱ༔ བླ་མེད་ཡང་དག་མི་གཡོ་བའི༔ བསྐྱེད་རྫོགས་ཟབ་དོན་སྙིང་པོའི་བཅུད༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས༔ ད་ལྟ་བཞུགས་དང་སླད་ནས་འབྱུང༔ སྐལ་ལྡན་སྐྱེས་བུའི་དོན་དུ་བཀོད༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཁ་ཐཾ༔ གུ་ཧྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ གངས་ཅན་མཁས་དང་གྲུབ་པའི་ཁྱུ་མཆོག་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གུ་རུའི་སྒྲུབ་གནས་ནམ་མཁའ་མཛོད་ཀྱི་ལྷོ་ངོས་གཡུ་འབར་བྲག་ནས་ཤིང་བྱི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་སྤྱན་དྲངས་པའི་ཏཱ་ལའི་བྱང་བུ་དཀྱུས་མཐོ་གང་སོར་ལྔ། ཞེང་རྩེ་སོར་བཞི་པའི་ངོས་སུ་ནཱ་ག་ར་ཡིག་ཕྲེང་དྲུག་པ། བྱང་བུ་གསུམ་མཁའ་འགྲོའི་སྐད་དུ་ཡོད་པ་གནས་དེ་ཉིད་དུ་འབེབ་དགོས་པའི་ལུང་བྱང་ལ་བརྟེན་ནས། ཤིང་མོ་གླང་གི་ལོ་ཟླ་བ་གསུམ་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར། དག་པར་ཕབ་པས་འབྲེལ་ཚད་ཚེ་གཅིག་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། རྟེན་མཆོག་འགྱུར་མེད་གླིང་གི་ཆོས་གྲྭ་ཆེན་པོར་ལེགས་པར་བསྒྱུར་པའི་བུ་དཔེ་ཕྱག་བྲིས་དངོས་ལས་གཏེར་སློབ་པདྨ་དྲི་མེད་བློ་གྲོས་གཞན་ཕན་ཆོས་ཀྱི་སྣང་བས་ཞལ་བཤུས་ཤིང་། སླར་ཡང་གཏེར་ཤོག་ལས་ཞུ་དག་བགྱིས།

མཁྱེན་བརྩེའི་སྙན་བརྒྱུད་གནད་ཏིག་ཕུར་པའི་ཟློག་བྱང་ (Volume 32, Text 24)

མཁྱེན་བརྩེའི་སྙན་བརྒྱུད་གནད་ཏིག་ཕུར་པའི་ཟློག་བྱང་། གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ༈ རྒྱུན་གྱི་ཐུན་གཏོར་འབུལ་ཚིག་ཟོར་ལྟར་བསྐུལ་བ་ཕྱག་བཞེས་སུ་འབྱུང་བ་ནི། འགུགས་བརླབས་འབུལ་བ་རྣམས་གཞུང་ལྟར་བྱས་ནས། ཧཱུྃ། དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དང་དྲག་སྔགས་ཆིག་དྲིལ་མཐར། བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་དྲག་སྔགས་བཟླ་བཞིན་དུ་འཕངས་པས། དགྲ་བོའི་གཟུགས་ཕུང་རྡུལ་དུ་བཤིགས། རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་རྗེས་མེད་དུ་བརླགས་པར་བསམ་མོ།། ༈ །།དིལ་མཁྱེན་རིན་པོ་ཆེའི་ལྗགས་སྒྲིག་ཡང་ཕུར་གཏོར་ཟློག་ལས་འབྱུང་བའི་བསྐུལ་ཐུང་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་དཔལ་ཆེན་ཀཱི་ལ་ཡ༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཞེས་ཐུགས་དམ་བསྐུལ་ལོ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་འདུས་ཀྱི༔ སྒྲུབ་པ་སྙིང་པོ་ཡོངས་རྫོགས་ (Volume 16, Text 24)

༁ྃ༔ རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་འདུས་ཀྱི༔ སྒྲུབ་པ་སྙིང་པོ་ཡོངས་རྫོགས་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ། ྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་འདུས་པ་ལས༔ སྒྲུབ་པ་སྙིང་པོ་ཡོངས་རྫོགས་བསྟན༔ ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ དང་པོ་དབེན་པའི་གནས་སུ་འདུག༔ ན་མོ༔ བླ་མ་རྣམས་དང་ཡི་དམ་དང༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་བསྒྲལ་བའི་ཕྱིར༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ ཡོངས་རྫོགས་སྔོན་དུ་འགྲོ་བ་འོ༔ ཆོས་ཀུན་ཡེ་ནས་སངས་རྒྱས་པའི༔ རང་རྩལ་འཇའ་འོད་ཐིག་ལེའི་ཞིང༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ གནམ་ཞལ་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཞབས་གཉིས་པད་ཉིའི་གདན་ལ་འགྱིང༔ སྐུ་ལས་འཇའ་འོད་མེ་དཔུང་འཁྲུགས༔ སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་ག་མཉམ་གཞག་ཡུམ་དང་འཁྲིལ༔ རིགས་ཀྱི་བདག་པོ་ཚེ་དཔག་མེད༔ དམར་པོ་ཡབ་ཡུམ་ཚེ་བུམ་འཛིན༔ བླ་མ་རིག་འཛིན་ཐོད་པ་རྩལ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷ་ལྕམ་དཀར་མོ་བདེ་ཆེན་སྦྱོར༔ དཔྲལ་བར་འཇམ་དཔལ་དམར་གསལ་མདོག༔ རལ་གྲི་དང་ནི་པུསྟི་འཛིན༔ ལྗགས་སྟེང་སྤྱན་རས་གཟིགས་དམར་པོ༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀར་གསང་བའི་བདག་པོ་ནི༔ མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ ལྟེ་བར་དྲུག་པ་རྡོ་རྗེ་འཆང༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ དུང་ཁང་ནང་དུ་འཇམ་དཔལ་དཀར༔ བེ་ཅོན་གཡས་ལ་འཁོར་ལོ་གཡོན༔ མགྲིན་པར་རྟ་མགྲིན་རྟ་སྐད་བཞད༔ དམར་པོ་རལ་གྲི་སྦྲུལ་ཞགས་བསྣམས༔ སྙིང་པོའི་ཙིཏྟ་འོད་ལྔའི་ཀློང༔ བཛྲ་ཧེ་རུ་ཀ་མཐིང་ནག༔ རྡོ་རྗེ་དུང་ཁྲག་འཛིན་པ་ཡི༔ ཐུགས་ཀར་ཉི་སྟེང་དྭངས་མའི་ཧཱུྃ༔ འོད་ལྔ་འབར་ཞིང་རུ་ལུ་འཕྲོ༔ ལྟེ་བར་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཁྱུང་ཆེན་ཞིང་དབྱུག་འཛིན༔ གསང་བར་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ དཔུང་གཡས་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་རྡོ་རྗེ་མགོ་ཕྲེང་འདྲེན༔ དཔུང་གཡོན་སྟོབས་ལྡན་ནག་པོ་ནི༔ རྡོ་རྗེ་དྲེགས་པའི་སྙིང་ཕྲེང་འཛིན༔ ཀུན་ཀྱང་རང་རིགས་ཡུམ་དང་འཁྲིལ༔ སྲས་འཁོར་སྤྲུལ་པ་བསམ་མི་ཁྱབ༔ ཕྲག་པ་གཡས་གཡོན་སྤྲུལ་པའི་ཁྱུང༔ དཀར་ནག་རྡོ་རྗེའི་རྭ་དང་མཆུ༔ སྤྲུལ་པའི་ཁྲ་ཐབས་ལས་ལ་འགྱེད༔ མ་བཅོས་ཡེ་རྫོགས་ཚུལ་དུ་གསལ༔ ཞི་བ་ཀུན་གྱི་སྤྱི་སྔགས་ནི༔ འབྲུ་གསུམ་བཟླས་ལ་ཁྲོ་བོ་ཡི༔ སྲོག་ཡིག་ཧཱུྃ་གི་གླུ་དབྱངས་ལེན༔ དངོས་གྲུབ་ལས་རྣམས་ཐམས་ཅད་འགྲུབ༔ དངོས་གཞི་སྒྲུབ་པ་ཡོངས་རྫོགས་སོ༔ གཟུགས་སྣང་མཁའ་ལ་འཇའ་ཡལ་ལྟར༔ སྒྲ་གྲགས་འབྲུག་སྒྲ་མཁའ་ལ་བཞག༔ དྲན་རྟོག་དབྱིངས་སུ་གཉིས་མེད་ཐིམ༔ བློ་འདས་ཀ་དག་དབྱིངས་སུ་རྫོགས༔ ཧོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ བསོད་ནམས་ཡེ་ཤེས་གང་བསྒྲུབས་པའི༔ འབྲས་བུ་དུས་འདིར་མྱུར་དུ་སྨིན༔ ཀུན་བཟང་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ༔ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་གྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ རྗེས་ཀྱི་བྱ་བ་ཡོངས་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ (Volume 42, Text 24)

༄༅། །བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་བཞུགས་སོ། ། བླ་མ་ཡང་ཏིག ། བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ནས་རབ་ཞི་ཡང་། །ཐུགས་རྗེའི་ཐབས་ཚུལ་དཔག་གིས་མི་ལང་བས། །འགྲོ་བ་ཁམས་གསུམ་ཞི་བར་འདྲེན་མཛད་པའི། །ཀུན་བཟང་རིགས་ལྔ་བླ་མའི་ཚོགས་ལ་འདུད། །མངོན་སུམ་གནད་ལ་གོམས་པའི་ཆ་རྐྱེན་དུ། །བསྟན་པའི་སྙིང་པོ་ཡེ་ཤེས་འཕེལ་བྱེད་གནད། །འདི་དང་བར་དོར་རང་སྣང་ཟིན་བྱེད་པ། །བཅངས་ཤིང་བཀླགས་པས་གྲུབ་པའི་ཆོས་ཚུལ་བྲི། །དེ་ལ་ཐོག་མའི་མགོན་པོ་གཞི་ཐོག་ཏུ་བྱང་ཆུབ་སྟེ། རང་སྣང་ཡེ་ཤེས་ཀྱི་ཞིང་ན་ཆོས་ཉིད་ཀྱི་རང་སྒྲ་བསྟན་པའི་སྙིང་པོར་ཡེ་ཤེས་ལྔའི་འོད་འབར་བས་འདུས་མ་བྱས་པར་རང་བྱུང་བའི་ཡི་གེ་ཆེན་པོ་ཡེ་ཤར་དུ་གནས་པ་ཉིད། བརྒྱུད་པ་གསུམ་ནས་དེའི་ཚིག་དོན་འདུས་བྱས་རྐྱེན་གྱི་ཡི་གེར་བཀོད་དེ་རིམ་པས་བརྒྱུད་ཅིང་། སྐལ་ལྡན་གྱིས་ཉམས་སུ་ལེན་པའི་གྲོགས་སུ་བསྟན་པ་འདི་ལ་དོན་བདུན་ཏེ། ལེགས་པར་བྲི་བ། རབ་ཏུ་གནས་པ། དབང་བསྐུར་བ། ཇི་ལྟར་བཅང་བ། གང་ལྟར་ཀློག་པ། ནམ་ཞིག་སྲེག་པ། ཕན་ཡོན་བསྟན་པའོ། །དང་པོ་ནི། མཐིང་ཤོག་ལ་གསེར་གྱིས་ཡི་གེ་བྲི་བ་ཡང་། རྣམ་པ་གཉིས་ཏེ། བསྡུས་པ་འཁོར་ལོར་དགོད་པ་དང་། རྒྱས་པ་གླེགས་བམ་དུ་བྱ་བའོ། །དང་པོ་ནི། གྲུ་བཞི་མཐོ་གང་པའི་དབུས་རྩེ་སོར་བཞི་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་ལྔ་པ། ལྟེ་བ་ལ་ཨཱོྃ་ཨཱཿཧཱུྃ་བྲིས་པའོ། །དེའི་མཐར་གླན་སོར་གཉིས་བསྐོར་བའི་ནང་དུ་ཀུན་བཟང་ཡབ་ཡུམ་གྱི་སྙིང་པོའོ། །དེའི་མཐར་གླན་སོར་གཉིས་བསྐོར་བའི་ནང་དུ་ཡེ་ཤེས་ཉི་ཤུ་རྩ་ལྔའི་ཐིག་ལེ་ལ་སྙིང་པོ་ཉི་ཤུ་རྩ་ལྔའོ། །དེ་ནས་སོར་རེའི་སར་བསྐོར་ཏེ་ལོངས་སྐུའི་ཡི་གེ་དྲུག་ཐིག་ལེ་དྲུག་ཏུའོ། །དེ་ནས་གླན་སོར་གཉིས་པ་བསྐོར་ཏེ། ཞི་ཁྲོ་རང་གསལ་སྙིང་པོ་བྲིའོ། །དེ་ནས་ཨཱ་ལིའོ། །དེ་ནས་ཀཱ་ལིའོ། །དེ་ནས་ཡེ་དྷརྨཱའོ། །དེ་ནས་ལས་བཞིའི་ཤམ་བུའོ། །དེའང་ལྟེ་བ་དང་མཐའ་ཡི་མུ་ཁྱུད་གཉིས་ལ་ལྔ་ལྡན་དུ་བསྐོར་ཞིང་། གཞན་རྣམས་ཆིག་རྐྱང་དུ་བྱས་ལ། ཡིག་མགོ་ཕྱིར་བསྟན་ལ་བྲིའོ། །འདི་ལ་ཐིག་ལེ་ཆེན་པོ་ཞེས་ཟེར་རོ། །གཉིས་པ་རྒྱས་པ་གླེགས་བམ་དུ་བྱ་བ་ལའང་གཉིས་ལས། གླེགས་བམ་ཆེན་མོ་ནི་སོར་བཞི་པའི་ཚད་ལ་བསྟན་བུ་དང་འདས་རྗེས་ཐམས་ཅད་བྲིའོ། །ཆུང་ངུ་ནི་འཕྲེད་ལ་གླན་སོར་བཞི། སྲིད་དུ་རྩེ་སོར་བཞི་ཡོད་པ་ལ་ཁ་ཐིག་གྲུ་བཞིར་གདབ་པའི་ནང་དུ། ཡིག་མགོ་ཕྱོགས་གཅིག་ཏུ་ལྟ་བའི་ཡི་གེ་ཕྲེང་ཅི་མང་དུ་བྲིའོ། །དེ་ཡང་སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བར་བྱེད་པའི་ཡི་གེ་ཨཱོྃ་ཨཱཿཧཱུྃ་ཐོག་མར་བྲིས་པས་རང་སྣང་སྒྲ་འོད་ཟེར་གསུམ་ལ་བརྟན་པ་ཐོབ་པར་བྱེད་ཅིང་རྟགས་དེ་དག་འབྱུང་ངོ་། །དེ་ནས་ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པ་ནི། ཨེ་མ་ཀི་རི་ཀི་རི། མས་ཏ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨེ་ཀ་རི་སུ་ལི་བྷ་ཏ་ཡཱེ། ཙ་ཀི་ར་བྷ་མི་ཏ་ལྱེ་ཡཱེ། ས་མུན་ཏཿཙརྻ་སུ་གྷ་ཡཱེ། བྷི་ཏི་ལ་ས་ན་བྷྱཿགུ་ལི་ཡཱེ། ས་ཀི་རི་དྷཱུ་ཀ་ནི། མ་ཏ་རི་བྷྱ་ཏེ་ན། པ་ར་ལི་ཧེ་ས་ན། མ་ཁ་ར་ཏེ་ཀེ་ལ་ན། སཾ་བྷུ་ར་ཏ། མེ་ཀ་ཙ་ར་ཏཾ་པ། སུརྻ་གྷ་ཏ་ར་ཨེ་ཤ་ས་ཤ་ན། ར་ན་བྷི་ཏི་ས་གྷུ་ཏི་པ་ཡང་། གྷུ་ར་གྷུ་ར་པག་ཁ་ར་ན་ལཾ། ན་ར་ན་ར་ཨི་ཐ་སནྡ་ལེ། སིར་ན་སིར་ན་བྷེ་ས་བྷེ་ས་རས་པ་ལཾ། བྷུདྡྷ་བུདྡྷ། བྷུ་ད་ཚི་ཥ་ས་ཁྱེ་ལཾ། ས་སཱ། རི་རཱི། ཁེ་ཁཱེ། ཨི་ཨཱི། མ་མཱ། རི་རཱི། ལ་ཧ་ཨཿ རྡོ་རྗེ་ལུ་གུ་རྒྱུད་དུ་གྲོལ་བར་བྱེད་ཅིང་། འཇའ་འོད་འཁྲུགས་པའོ། །ཀུན་ཏུ་བཟང་མོའི་དགོངས་པ་ནི། མས་དྷ་བྷ་ས་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ། ཨེ་ཀེ་རི་ལི་བྷ་ཏ་ཡེ། ཙ་ཀ་བྷུ་ལི་ཏ་ལྕེ་ཡེ། ས་མུནྟ་ཙརྻ་སུ་བྷ་ཡེ། བྷི་ཏི་ས་ན་བྷ་གུ་ཡེ། ཀི་རི་ཊ་ཀི་ནི། དྷ་ཀ་མ་ཧཱ་བྷོ་རེ་ཏ་ན་ས་ར་བྷ་ལི་དྷི། ས་ནཾ་ཁ་ར་ཏ་ཀེ་ལ་ན། སཾ་བྷུ་ད་ར་ཏ། ཨེ་ཀ་ཙ་ར་ས་བ་ས་ཏ་ན། ཏ་ས་སུརྻ་གྷ་ཏ་ར་ཨ། མ་ན་ས་ར་ལི་ཧོ། ཏིང་གྷུ་ར་ལ། མ་སྨིན་ས་གྷུ་ཏི་ལ། ཏ་ཡ་གྷུ་ར་གྷུ་ར། བརླངས་ག་ཁ་པ་ར་ན་ལཾ། ན་ར་ན་ར་ལཾ། ཨི་ཐ་ར་པ་ཏ་ལཾ། སིརྣ་སིརྣ། བྷེ་ས་ར་པ་ས་ལཾ། ས་ཀེ་ལཾ། ས་སཱ། རི་རཱི། ལི་ལཱི། ཨི་ཨཱི། མ་མཱ། ར་རཱ། རིག་སྟོང་ཀ་དག་ཏུ་གྲོལ་བར་བྱེད་ཅིང་། ནམ་མཁའ་དྭངས་པ་འབྱུང་བའོ། །དེ་ནས་ཡེ་ཤེས་ཆེན་པོའི་སྙིང་པོ་ནི། །དབང་པོའི་ཞེན་པ་ལྡོག་པའི་ཕྱིར། །ཀརྨཱ་རཀྴ་གྷི་ཧང་ཏི། །ཕུང་པོའི་ཞེན་པ་ལྡོག་པའི་ཕྱིར། །བེ་ག་ར་ན་སོ་གད་གླིང་། །ཡུལ་ཀུན་ཞེན་པ་ལྡོག་པའི་ཕྱིར། །བྷུ་ག་རི་ལ་བྷ་དྷུ་དྲི། །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །རམ་པ་ཀ་ལ་ས་མི་ཁྱེ། །བྱུང་ཚོར་གནས་སུ་གཅད་པའི་ཕྱིར། །མ་ཏང་ཕ་ཕེར་རས་མི་ཏ། །འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར། ཁ་ཊ་རེ་ཀྵ་ས་མིག་རླུང་། །རིག་པ་བཙོན་རར་གཞུག་པའི་ཕྱིར། །ཨེ་ཀ་ར་ན་བྷེ་ཙཀ་ཤ། །འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར། །ཡ་རི་མུ་ཏ་ས་གྷུ་ལི། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ར་རླུང་པ་ལ་ཡཱ། །འཁོར་བ་དོང་ནས་འདོན་པའི་ཕྱིར། །མ་མཱ་ཀོ་ལིང་ས་མནྟ། །ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། །ག་རི་ཡཾ་པ་ར་མི་ཏི། །རོལ་པའི་བྱུང་ཁུངས་སྤུར་བའི་ཕྱིར། །བྷུ་ག་སེང་ཧ་ཕ་གྷ་ལ། །ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར། །ར་མི་སི་པི་ཁེ་ཏ་པ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །བིག་ཁུ་མ་ལ་པ་ཏཾ་ཀི། །ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ས་མ་ཉི་བ་དྷེ་ར་པ། །ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །བཛྲ་སཏྭ་དྲྀ་ཌྷོ་མེ། །ས་ལམ་དུས་གཅིག་གཅད་པའི་ཕྱིར། །གྷེ་བ་སུ་གྷར་རྣ་མ་ཡེ། །ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར། །དྷརྨཱ་པ་ཏི་ས་གྷུ་ལི། །སྐུ་གསུམ་ལམ་དུ་སློང་བའི་ཕྱིར། །རས་མི་ས་མ་ཁརྒད་ཙེ། །སྣང་བ་དངོས་སུ་སློང་བའི་ཕྱིར། །རུ་པ་ས་མི་མི་ཏ་ལཾ། །སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར། །ང་ཏིག་པ་ཡཾ་ཀ་ལི་ས། །བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །ག་ཚོ་པ་ཡཾ་ས་ཨི་ཏི། །ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཀརྨཱ་ཨེ་ཀ་ཨ་ནུ་ས། །སངས་རྒྱས་མངོན་ཞེན་ལྡོག་པའི་ཕྱིར། །སཾ་ཀྲི་མ་མ་ཀརྨཱ་ཏ། །རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ང་ལ་ཁེ་པ་ཀི་ལི་ས། །ཞེས་པ་ཡེ་ཤེས་ལྔའི་སྣང་བ་ལ་སྤྱོད་པར་བྱེད་པ་དང་། འདས་དུས་གདུང་ལྔ་དང་། འཇའ་ཚོན་སྣ་ཚོགས་དང་། ནམ་མཁའ་དྭངས་པ་སྤྲིན་སིར་བུ་མེད་པ་དང་། རིང་བསྲེལ་དང་། ས་གཡོ་བ་དང་། འོད་འབྱུང་ཞིང་། མཐོང་ཚད་རྣམ་རྟོག་ངན་པ་རྒྱུན་ཆད་ནས། རང་བཞིན་གྱིས་བསམ་གཏན་ལ་གནས་པ་འབྱུང་བར་འགྱུར་རོ། །དེ་ནས་ལོངས་སྐུའི་སྙིང་པོ་ནི། འ་ཨ་ཧ་ཤ་ས་མ་རྣམས་དང་། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿའོ། །དེས་ནི་རིགས་དྲུག་ཆོས་ཉིད་དུ་གྲོལ་བར་བྱེད་ཅིང་། རིང་བསྲེལ་སྲ་ཞིང་མང་བ་དང་འོད་ལྔའི་སྣང་བ་འབྱུང་ངོ་། །ཞི་ཁྲོ་རང་གསལ་གྱི་སྙིང་པོ་ནི། བཛྲ་བྷ་དྲ་ས་མནྟ་ཨཱོྃ། ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཨཱཿ ཨཱོྃ་ཛྷི་ན་ཛྷིག །ཧཱུྃ་བཛྲ་དྷྲྀག །སྭཱ་རཏྣ་དྷྲྀག །ཨཱཾཿཨ་རོ་ལིག །ཧཱ་པྲ་ཛྙཱ་དྷྲྀག །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པྱཱཾ་རཱ་གཱ་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵི་ཧི་ར་ཙཱ་ཡ། ཏྲཱཾ་ཨ་གར་བྷཱ་ཡ། ཧྲཱིཿཔདྨ་ཝརྡྷཱ་ཡ། ཛྲིཾ་ཀུ་རུ་པཱ་ཎི། ཧཱུྃ་ལ་སྱེ་ས་མ་ཡ་སཏྭཾ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱིཿགཱི་ཏཱི་ར་ཧོ་ཡ་ཏཾ། ཨཱཿནཱིརྟི་རཱ་གཱ་ཡ་མེ། མཻ་དྷ་ར་ཎི་སྭཱ་ཧཱ། ྟལྷིཾ་ནིསྶ་རཾ་པཱ་ཡ་སྭཱ་ཧཱ། ཧཱུྃ་སྭ་རཱ་ཙཱ་ཡ་སྭཱ་ཧཱ། མུཾ་ཤྲཱི་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ་ཡ། ཧཱུྃ་པུཥྤེ་ཨཱ་བེ་ཤ་ཡ། བཾ་དྷི་བ་སུ་ཀི་ནི། ཧོཿགྷནྡྷེ་ཙིཏྟ། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ཧཱུྃ་བིགྷྣཱན་ཏ་ཀྲྀཏ་ཕཊ། ཨཱོྃ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨཱོྃ་མུ་ནེ་ཧཱུྃ་ཀྲུཾ་སྭཱ་ཧཱ། ཨཱོྃ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱོྃ་མུ་ནེ་ཀྲུཾ་སྭཱ་ཧཱ། ཨཱོྃ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱོྃ་མུ་ནེ་ཡེ་སྭཱ་ཧཱ། ཨཱོྃ་བུདྡྷ་ཧེ་རུ་ཀ་ཨཱོྃ། ཨཱོྃ་བཛྲ་ཧེ་རུ་ཀ་ཧཱུྃ། ཨཱོྃ་རཏྣ་ཧེ་རུ་ཀ་སྭཱ། ཨཱོྃ་པདྨ་ཧེ་རུ་ཀ་ཧྲཱིཿ ཨཱོྃ་ཀརྨཱ་ཧེ་རུ་ཀ་ཨཱཿ ཨཱོྃ་བུདྡྷ་ཀྲོ་ཏཱི་ཤྭ་རཱི་ཨཱོྃ། ཨཱོྃ་བཛྲ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ། ཨཱོྃ་རཏྣ་ཀྲོ་ཏཱི་ཤྭ་རཱི་སྭཱ། ཨཱོྃ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧྲཱིཿ ཨཱོྃ་ཀརྨཱ་ཀྲོ་ཏཱི་ཤྭ་རཱི་ཨཱཿ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཞི་ཁྲོ་ཟུང་འཇུག་གི་སྣང་བ་གྲོལ་བའི་རྟགས་སུ། ལྷ་སྐུ་དང་འོད་ཟེར་གྱི་ཕུང་པོ་ཟླུམ་འཁྲིགས་སུ་འབྱུང་བ། གདུང་རིགས་ལྔ་ཡང་འབྱུང་ངོ་། །དེ་ནས་སྤྲུལ་སྐུའི་སྙིང་པོ་ལ་ཡང་གཉིས་ལས། ཤེས་རབ་སྐྱེ་མེད་དུ་གྲོལ་བར་བྱེད་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་ཏེ་འོད་མཐིང་གར་སྣང་བའོ། །ཐབས་རང་གསལ་དུ་གྲོལ་བར་བྱེད་པ་ནི། ཀ་ཁ་ག་གྷ་ང་། ཅ་ཆ་ཇ་ྖྶ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ རྣམས་ཀྱིས་འོད་ལྔའི་དྲྭ་བ་རིས་སུ་འཁྲུགས་པའོ། །བསྟན་པ་སྤྱིའི་སྙིང་པོ་ནི། ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ འཆང་བ་པོའི་དགོངས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ཆེན་པོ་གཡོ་བར་བྱེད་པའོ། །དེ་ནས་རང་སྣང་ཕྲིན་ལས་བཞིར་གྲོལ་བར་བྱེད་པའི་སྙིང་པོ་ནི། རང་གི་མིང་སྤེལ་ལ། ནད་དང་གདོན་དང་འཇིགས་པ་བརྒྱད་དང་སྒྲིབ་པ་ཐམས་ཅད་རིག་པའི་ངང་དུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་དང་ཞིང་ཁམས་ཐམས་ཅད་རིག་པའི་ངང་དུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་མཱ་ར་ཡ་ཕཊཿ ཅེས་པ་ཕྲིན་ལས་མཐར་ཕྱིན་པའི་རྟགས་སུ་དངོས་སུ་གྲུབ་ཅིང་། འདས་དུས་རྟགས་རྣམས་ཀྱི་འཆར་ཚུལ་རྒྱས་ལ་བར་ཆད་མེད་པར་དུས་ཀུན་ལ་སྣང་ཞིང་དོན་དང་ལྡན་པར་འགྲུབ་པའོ། །དེ་ལྟར་བྲིས་པའི་སྔ་ལྟོ་ཕྱི་ལྟོ་ནང་མ་གཉིས་ལ་འོད་ལྔའི་མུ་ཁྱུད་བསྐོར་བའི་ནང་དུ། ཚོམ་བུ་ལྔ་ལྔ་ཡེ་ཤེས་ལྔའི་ཁ་དོག་གི་ཚོན་བཀྱེ་ལ་དེ་དག་གི་དབུས་སུ་སྔ་ལྟོར་ཞི་བའི་ས་བོན་དབུས་དང་ཤར་ལྷོ་ནུབ་བྱང་བཞིར། ཨཱོྃ་ཧཱུྃ་སྭཱ་ཨཱཾ་ཧཱ་དང་། ཕྱི་ལྟོར་ཁྲོ་བོའི་ས་བོན་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་རིམ་པར་བྲི་བར་བྱའོ། །དེ་ཡང་དུས་གནད་ངེས་པ་ལས། །རང་བྱུང་ཆེན་པོའི་ཡི་གེ་ལས། །དཔེ་ནི་རིན་པོ་ཆེ་ལས་བྲི། །གླེགས་བམ་སོར་བཞི་པ་ཡི་ཚད། །ཅེས་པའི་དོན་ནོ། །གཉིས་པ་རབ་ཏུ་གནས་པ་ནི། གནས་ཁང་ཉམས་དགའ་བར་མཎྜལ་ཁྲུ་དོ་པ་ལ་དྲི་དང་བ་བྱུང་གིས་བྱུགས་པ་ལ། མུ་ཁྱུད་འོད་ལྔས་བསྐོར་བའི་ནང་དུ། ཚོམ་བུ་ལྔ་ལྡན་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་སྔོན་པོར་བྱས་པའི་དབུས་སུ་མཉྫིའི་སྟེང་དུ། རིན་པོ་ཆེའི་སྣོད་འབྲུ་སྣས་བཀང་བའི་སྟེང་དུ། དར་ཚོན་སྣ་ལྔའི་ན་བཟའི་དབུས་སུ། སྔར་བྲིས་པའི་བཏགས་གྲོལ་གཞུག་ཅིང་། མཎྜལ་གྱི་མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་བཤམས་ནས། བླ་མས་སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྒོམས་ཏེ། བགེགས་བསྐྲད་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། སྟོང་པའི་ངང་ལས་བཏགས་གྲོལ་དེ་ཉིད་རིགས་ལྔ་ཡབ་ཡུམ་འོད་ལྔའི་ར་བས་བསྐོར་བར་བསྒོམས་ལ། རང་བཞིན་གྱི་གནས་ནས་ཞི་ཁྲོ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རིག་འཛིན་མཁའ་འགྲོ་དང་བཅས་པ་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་དེ་ལ་བསྟིམས་ཤིང་། ཐིག་ལེ་ཆེན་པོའི་སྙིང་པོ་རྣམས་བརྒྱ་རྩ་བརྒྱད་བཟླས་པས་མེ་ཏོག་གཏོར་ཏེ། མཐོང་བ་དང་ཐོས་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས། ཕྱི་ནང་གི་མཆོད་པས་མཆོད་དེ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་རོ། །གསུམ་པ་དབང་བསྐུར་བ་ནི། དེ་ནས་རང་གིས་ལེན་ན། བླ་མས་དབང་བསྐུར་བར་བསམས་ཏེ་བྱེད་ལ། སློབ་མའི་ཡིན་ན། བླ་མ་ལ་ཕྱག་དང་མཎྜལ་ཕུལ་ནས། སྤྲོས་མེད་དབང་གི་སྐབས་སུ་བཤད་པ་ལྟར། སྡོམ་པ་གཟུང་བ་ལན་གསུམ་བྱེད་དུ་གཞུག་གོ །དེ་ནས་བསྟན་བུ་དེ་ལ་ཕྱག་བརྒྱ་རྩ་བརྒྱད་འཚལ་དུ་བཅུག་ནས། རིགས་ལྔར་མོས་པ་ལ་གསེར་ལ་སོགས་པའི་མཎྜལ་ལྔ་ཚན་གཅིག་རིམ་གྱིས་ཕུལ་བའི་རྗེས་ལ། བཏགས་གྲོལ་དར་སྣས་བཏེག་ལ་སློབ་མའི་སྤྱི་བོར་བཞག་དུས་རིགས་ལྔར་བསམས་པ་ལས་འོད་ལྔ་བྱུང་བས། སྣང་སྲིད་ཐམས་ཅད་ལ་ཁྱབ། སྒྲིབ་པ་ཐམས་ཅད་དག་ཅིང་དངོས་གྲུབ་ཐམས་ཅད་ཐོབ་པར་དམིགས་ལ། ཚར་གཅིག་བཀླག་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་མིང་འདི་ཞེས་བགྱི་བའི་ལུས་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ་ལོ། །གྷ་ཛ་ནིརྨ་ཀཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ་ཞེས་པ་གསུམ་བརྗོད་དོ། །དེ་ནས་མགྲིན་པར་བཞག་ལ། སྔ་མའི་ཚིག་ལ་ངག་ཅེས་གོ་བརྗེས་ལ། གྷ་ཛ་སམྦྷོ་ཀཱ་ཡ་བཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་པ་ནས། གསུང་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ་ལོ། །ཞེས་པའི་བར་ལན་གསུམ་བརྗོད་དོ། །དེ་ནས་སྙིང་གར་བཞག་ཅིང་། ཡིད་ཅེས་པ་ནས། གྷ་ཛ་དྷརྨཱ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་རྡོ་རྗེའི་བར་དུ་གསུམ་བརྗོད་དོ། །དེ་ནས་ལྟེ་བར་བཞག་ལ་ལུས་ངག་ཡིད་གསུམ་ཐམས་ཅད། ཅེས་པ་ནས། ཀཱ་ཡ་བཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་སྭཱ་ཧཱ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཐམས་ཅད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་གསུམ་བརྗོད་ནས། རྒྱུད་དར་སྣའི་སྟེང་དུ་བཞུགས་པ་སློབ་མའི་ཐལ་མོ་བཀན་པའི་སྟེང་དུ་བཞུགས་ལ་ཚིག་འདི་ཉིད་ལན་གསུམ་བརྗོད། ཕྱོགས་བཅུའི་བླ་མ་སངས་རྒྱས་རྣམས། །མ་ལུས་བརྩེ་བས་དགོངས་སུ་གསོལ། །བདག་གིས་སེམས་ཅན་དོན་དུ་ནི། །བཏགས་གྲོལ་འདི་བཅངས་བྱིན་རླབས་ཀྱིས། །བདག་མཐོང་ཐོས་དང་དྲན་པ་དང་། །མཆོད་དང་བསྟོད་དང་སྨྲ་ཡང་རུང་། །རེག་པར་གྱུར་པའི་སེམས་ཅན་རྣམས། །མྱུར་དུ་མངོན་པར་སངས་རྒྱས་ཤོག །ཅེས་སོ། །བཞི་པ་ཇི་ལྟར་བཅང་བ་ནི། དེ་ནས་དར་ཚོན་གྱིས་གྲིལ་ལ་གྭའུར་བཅུག་སྟེ། འདི་དབུགས་ལ་སླེབ་དགོས་པས་དྲོད་དང་མ་བྲལ་བར་རྟག་ཏུ་ཆོངས་ཤིག །ཅེས་བརྗོད་ནས། སྤྱི་བོའམ་མགུལ་ལམ་མཆན་ཁུང་གཡོན་པ་གང་རུང་དུ་གཞན་གྱིས་མི་མཐོང་བར་གདགས་པ་ནི། མཆོད་པའི་དུས་གནད་ངེས་པ་ལས། སྤྲུལ་པའི་སྐུ་འདི་འདི་ལྟར་བཅང་། །གང་གི་སྤྱི་བོའི་གཙུག་གམ་ནི། །མཆན་ཁུང་ངམ་ནི་མགུལ་དུ་ཡང་། །རང་བྱུང་ཆེན་པོའི་ཡི་གེ་ལས། །དཔེ་ནི་རིན་པོ་ཆེ་ལས་བྲིས། །གླེགས་བམ་སོར་བཞི་པ་ཡི་ཚད། །སྣ་ཚོགས་དར་གྱིས་གྲིལ་ནས་ནི། །ཞེས་སོ། །དེའང་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་བཏགས་པས་སྐུ་གསུང་ཐུགས་སུ་གྲོལ་བར་བྱེད་ལ། སྐྱེས་པའི་མཆན་ཁུང་གཡོན་དང་། བུད་མེད་ཀྱི་གཡས་སུ་གདགས་སོ། །དེ་ཡང་རྟག་ཏུ་འཆང་བར། དེ་ཉིད་ལས། དེ་ཡི་ཕྱིར་ན་འདི་ཉིད་དང་། །འགྲོ་དང་ཉལ་དང་འདུག་པ་དང་། །འགྲེང་དང་ཟ་དང་འཆག་པ་དང་། །ཕྱག་དང་བསྐོར་བ་བྱེད་པ་དང་། །ལྡང་དང་ལག་པའི་གར་ཉིད་དང་། །རྒྱུག་དང་ཁྲུས་བྱེད་ཕྱི་ས་དོར། །དེ་བཞིན་སྨྲ་དང་སྔགས་ཟློས་དང་། །བསམ་སྤྱོད་རྣམ་པ་སྣ་ཚོགས་པའི། །སྒོ་གསུམ་བྱ་བ་གང་བྱེད་ཀྱང་། །འདི་དང་འབྲལ་བར་མི་བྱ་འོ། །ཞེས་སོ། །དེ་ཡང་དྲོད་དང་མ་བྲལ་བ་གལ་ཆེའོ། །ལྔ་པ་གང་ལྟར་ཀློག་པ་ནི། དུས་ཚིགས་རྣམ་པ་བརྒྱད་ལས། དང་པོ་ཉི་ཟླ་གཟས་ཟིན་པའི་ཚེ། ཕྱི་ནང་གི་མཆོད་པ་བཤམས་ལ། རང་ཉིད་རྣམ་སྣང་ཡབ་ཡུམ་མཐིང་ག་རྡོ་རྗེ་སྐྱིལ་ཀྲུང་ཅན། འཁོར་ལོ་རྩིབས་བརྒྱད་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་རྩེ་མོས་བཟུང་བར་བསྒོམས་པའི་ལྕེ་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཞིར་ཨཱོྃ་གྱིས་མཚན་པ་བསྒོམས་ལ་བྱེར་བའི་དུས་སུ་བཀླག་སྟེ། དྲུག་གམ་དགུ་དག་ཅིང་གསལ་བར་བརྗོད་པའི་རང་སྒྲས་འཇིག་རྟེན་ཐམས་ཅད་ཁྱབ་ཅིང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་བསམ་མོ། །ཉིན་མཚན་གང་ལ་ཟིན་དུས་ཀྱི་ཟུག་པའི་ཚེ། དུད་འགྲོའི་རིགས་ལ་དེའི་ཁམས་དང་མཐུན་པའི་སྟོན་མོ་དང་། སྙོམས་པའི་ཆ་ལ་སྲོག་འདོན་དང་། འཁྲུགས་པའི་ཚེ་ཆོས་ཉིད་ཀྱི་དོན་བསྒོམ་པར་བྱ་སྟེ། དེ་ཉིད་ལས། ཉི་ཟླ་གཟའ་ཡིས་ཟིན་དུས་ན། །འདི་ནི་ལན་དྲུག་དགུ་འམ་ནི། །འཁོར་ལོའི་ལྕེ་ཡིས་རབ་བརྗོད་ན། །དེ་ཡང་སྤྲུལ་པའི་སྐུ་དང་མཉམ། །འདི་དུས་སྲོག་འདོན་དགེ་བ་བྱ། །དུད་འགྲོའི་རིགས་ལ་སྟོན་མོ་བྱ། །ཆོས་ཉིད་དོན་ལ་བསྒོམ་པར་བྱ། །བཀླག་པ་བྱེར་བའི་དུས་ན་ཡིན། །སྲོག་འདོན་སྙོམས་པ་ཉིད་ལ་འོ། །དུད་འགྲོ་ཟུག་པའི་དུས་ན་ཡིན། །སྒོམ་པ་འཁྲུགས་པའི་དུས་ན་བྱ། །དེ་ལྟ་བུ་ཡིས་བྱས་པ་ཡང་། །སྤྲུལ་སྐུའི་ཡོན་ཏན་འཐོབ་པ་འོ། །ཞེས་གསུངས་སོ། །གཉིས་པ་ས་གཡོས་འབྱུང་བའི་ཚེ། རང་ཉིད་མི་བསྐྱོད་པ་ཡབ་ཡུམ་དཀར་པོ་བདུད་འདུལ་གྱི་ཕྱག་རྒྱས་རྡོ་རྗེ་འཛིན་པ་བསམས་པའི་ལྗགས་ཀྱི་སྟེང་ན་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་གིས་མཚན་པར་བསྒོམས་ནས། དྲུག་གམ་བདུན་བརྗོད་པས་རང་སྒྲ་དང་འོད་ཟེར་གྱིས་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་རྣམ་པར་གྲོལ་བར་བསམ་པ་ནི་བྱེར་བའི་དུས་སུ་བྱ་ཞིང་། རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་ལ་ཚོགས་ལོ་གྲངས་སྙོམས་པའི་དུས་སུ་བྱའོ། །དེ་ཡང་རྣལ་འབྱོར་ཕོ་མོ་ལོ་གྲངས་གཅིག་ལ་ཚོགས་བྱས་པས་ཚོགས་ལོ་གྲངས་འགྲུབ་བོ། །འཁྲུགས་པའི་དུས་སུ་སྐྱེ་བོ་ལ་སྟོན་མོ་དང་། ཟུག་པའི་ཚེ་སོ་སོའི་གནས་ནས་སྤྱན་དྲང་བ་ཡང་། དེ་ཉིད་ལས། གལ་ཏེ་ས་གཡོས་འབྱུང་བའི་ཚེ། །འདི་ཉིད་ལན་དྲུག་ལན་བདུན་ནམ། །ཡང་ན་ལན་ནི་ལྔ་འམ་གསུམ། །རྡོ་རྗེའི་ལྕེ་ཡིས་བཀླག་པར་བྱ། །ཚོགས་ནི་རྣལ་འབྱོར་ལོ་ཡི་གྲངས། །འདི་ཡི་དུས་སུ་རབ་ཏུ་གཏང་། །དམ་ཚིག་མཆོག་ལྡན་རྣལ་འབྱོར་པས། །ཚོགས་ཀྱི་སྟོན་མོ་འདི་བཞིན་བྱ། །བཀླག་པ་འབྱུང་བ་བྱེར་དུས་སུ། །ཚོགས་ནི་སྙོམས་པའི་དུས་ན་བྱ། །སྟོན་མོ་དེ་བཞིན་འཁྲུགས་པའི་དུས། །རྣལ་འབྱོར་པ་ནི་ཟུག་པ་ཡི། །དུས་ན་སོ་སོའི་གནས་ནས་འབོད། །འདི་ལྟར་འབྱུང་བའི་ཁྱད་པར་ལས། །རྣལ་འབྱོར་དེ་ནི་ཐར་ལམ་དུ། །ཡང་དག་ངེས་པར་འཇུག་པ་ཡིན། །རྡོ་རྗེ་འཆང་བ་རྣམས་དང་ནི། །སྐལ་པ་ཡང་དག་མཉམ་པ་འོ། །ཞེས་སོ། །གསུམ་པ་འོད་ཀྱི་སྣང་བ་བྱུང་བའི་ཚེ། རང་ཉིད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱས་རིན་པོ་ཆེ་བཟུང་བར་བསྒོམས་པའི་ལྕེ་སྟེང་དུ་དུང་བསམས་པ་ལས། ལན་ལྔའམ་གསུམ་མམ་གཅིག་ཏུ་བརྗོད་པའི་རང་སྒྲ་དང་འོད་ཀྱིས་ནམ་མཁའི་དབྱིངས་ཀུན་ཁྱབ་པས་འདོད་དགུ་འགྲུབ་ཅིང་གྲོལ་བར་བསམ་སྟེ། སྙོམས་པའི་དུས་སུ་བྱའོ། །བྱེར་བའི་དུས་རླུང་བསྒོམ་ཞིང་། འཁྲུགས་པའི་ཚེ་རྣལ་འབྱོར་མ་དགུའམ་བཅུ་གཅིག་ལ་ཚོགས་དང་སྟོན་མོ་བྱའོ། །སྔ་མ་ལས། འོད་ཀྱི་སྣང་བ་བྱུང་བའི་ཚེ། །ལན་ལྔ་གསུམ་མམ་ལན་གཅིག་ཏུ། །དུང་གི་ལྕེ་ཡིས་བཀླག་པར་བྱ། །རྣལ་འབྱོར་མ་ནི་དམ་ཚིག་ཅན། །དགུ་འམ་བཅུ་གཅིག་མན་ཆད་ལ། །བཟའ་བཏུང་རྩུབ་པའི་སྟོན་མོ་བྱ། །བཀླག་པ་སྙོམས་པའི་དུས་ན་ཡིན། །རླུང་ནི་བྱེར་བའི་དུས་ན་ཡིན། །སྟོན་མོ་འཁྲུགས་པའི་དུས་ན་འོ། །འདི་ལྟར་བྱས་པའི་རྣལ་འབྱོར་པ། །སྤྲུལ་པའི་སྐུ་དང་ཡང་མཉམ་མོ། །ཞེས་སོ། །བཞི་པ་སྒྲ་བྱུང་བའི་ཚེ། རང་ཉིད་འོད་དཔག་མེད་ཡབ་ཡུམ་དམར་པོ་མཉམ་གཞག་གི་སྟེང་ན་པདྨ་འདབ་མ་བརྒྱད་པ་འཛིན་པའི་ལྕེ་སྟེང་དུ་པདྨ་བསྒོམས་ཏེ། བྱེར་བའི་ཚེ་ལན་ལྔའམ་དྲུག་གམ་བདུན་དུ་བརྗོད་པས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པའི་དབང་དུ་འདུས་ཤིང་རང་སྒྲ་དང་འོད་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་དུ་བསམ་མོ། །སྙོམས་པ་དཀོན་མཆོག་གི་དྲུང་དུ་མཆོད་པ་དང་། དགེ་སློང་རྣམ་དག་ལ་སྟོན་མོ་ཟུག་པའི་ཚེ་བྱ་བ་ནི། དེ་ཉིད་ལས། སྒྲ་ནི་བྱུང་བའི་དུས་ན་ཡང་། །ལན་ནི་དྲུག་གམ་བདུན་དང་ལྔར། །པདྨའི་ལྕེ་ཡིས་བཀླག་པར་བྱ། །འདི་དུས་ལྷ་ལ་མཆོད་པ་འབུལ། །དགེ་སློང་ཚུལ་ཁྲིམས་ལྡན་པ་ལ། །ཆོས་དང་ལྡན་པའི་སྟོན་མོ་བྱ། །བཀླག་པ་བྱེར་བའི་དུས་ན་ཡིན། །མཆོད་པ་དེ་བཞིན་སྙོམས་པ་ལ། །དགེ་སློང་ཟུག་པའི་དུས་ན་འོ། །འདི་ལྟར་སུ་ཡིས་བྱས་པ་དེ། །འདི་ཡང་སྤྲུལ་པའི་སྐུ་དང་མཉམ། །ཞེས་སོ། །ལྔ་པ་སད་སེར་བྱུང་བའི་ཚེ། རང་ཉིད་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་སྐྱབས་སྦྱིན་གྱིས་རྡོ་རྗེ་རྒྱ་གྲམ་བཟུང་བའི་ལྕེ་སྟེང་དུ་རལ་གྲི་བསམས་ཏེ། ཟུག་པའི་དུས་སུ་ལན་ཅི་འགྲུབ་བརྗོད་པས་རང་སྒྲ་དང་འོད་ཀྱིས་སྣང་སྲིད་གང་ཞིང་བར་ཆད་ཞི་ནས་འདོད་པའི་དོན་འགྲུབ་པར་བསམ་མོ། །སྙོམས་པའི་ཚེ་རོལ་མོ་སིལ་སྙན་གྱིས་མཆོད་པ་དང་། རྣལ་འབྱོར་པ་ལྔའམ་བཅོ་ལྔ་ལ་བྱེར་དུས་བོས་ཏེ་འཁྲུགས་དུས་སྟོན་མོ་བྱའོ། །སྔ་མ་ལས། སད་ཀྱིས་རྒྱལ་ཁམས་ཁྱབ་པའི་ཚེ། །རལ་གྲིའི་ལྕེ་ཡིས་འདི་བརྗོད་ན། །སངས་རྒྱས་ཡོན་ཏན་འདི་ཡིས་ཐོབ། །འདི་དུས་སྒྲ་ཡིས་མཆོད་པར་བྱ། །རྣལ་འབྱོར་ལྔ་འམ་བཅོ་ལྔ་ལ། །ཚོགས་ཀྱི་སྟོན་མོ་ལན་བདུན་བྱ། །བཀླག་པ་ཟུག་པའི་དུས་ན་ཡིན། །མཆོད་པ་སྙོམས་པའི་ཚེ་ན་འོ། །བྱེར་བ་ལ་ནི་རྣལ་འབྱོར་འབོད། །འཁྲུགས་པའི་ཚེ་ན་སྟོན་མོ་བྱ། །འདི་ལྟ་སུ་ཡིས་བྱས་པ་ལ། །སྤྲུལ་པའི་སྐུ་ཡི་ཡོན་ཏན་འཐོབ། །ཅེས་སོ། །དྲུག་པ་རིམས་དང་ཡམས་ནད་བྱུང་བའི་ཚེ། དོན་ཡོད་གྲུབ་པ་སྔར་བཞིན་བསྒོམས་པའི་ལྕེའི་སྟེང་དུ་ལྕགས་ཀྱུ་བསམས་ཏེ། དེ་ལས་འོད་ཟེར་གྱི་ཚོགས་ཚད་མེད་པ་བསམས་ལ། འཁྲུགས་པའི་ཚེར་དགུའམ་བཅུ་གཅིག་གམ་བཅུ་དགུར་བརྗོད་པའི་རང་སྒྲ་དང་འོད་ཟེར་གྱིས་ནད་རིམས་ཞི་ནས་སེམས་ཅན་ཐམས་ཅད་སངས་རྒྱས་པར་བསམ་མོ། །སྙོམས་པའི་དུས་སུ་མི་རྟོག་པ་བསྒོམ་ཞིང་། བྱེར་དུས་བྱིས་པར་སྟོན་མོ་བྱ་བ་ཡང་། དེ་ཉིད་ལས། རིམས་དང་ཡམས་ནད་བྱུང་བའི་ཚེ། །དགུ་དང་བཅུ་གཅིག་བཅུ་དགུ་ནི། །ལྕགས་ཀྱུའི་ལྕེ་ཡིས་བརྗོད་པར་བྱ། །འདི་དུས་མི་རྟོག་བསྒོམ་པར་བྱ། །བྱིས་པ་དགུ་འམ་བཅོ་བརྒྱད་ལ། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་འཁྲུགས་པའི་དུས་ན་ཡིན། །སྒོམ་པ་སྙོམས་པའི་དུས་ན་འོ། །བྱིས་པ་བྱེར་བའི་དུས་ན་འོ། །སྟོན་མོ་ཟུག་པ་ཉིད་ལ་བྱ། །དེ་ལྟར་བྱས་པའི་སྐྱེས་མཆོག་ནི། །འདི་ལ་སྤྲུལ་སྐུའི་ཡོན་ཏན་འཐོབ། །ཅེས་སོ། །བདུན་པ་མུ་གེ་བྱུང་བའི་ཚེ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་གཞག་ལས་འོད་ཟེར་འཕྲོས་པའི་ལྕེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེ་རྩེ་གསུམ་པ་གྱེས་པའི་རྣམ་པར་བསམས་ཏེ། བྱེར་དུས་གཉིས་སམ་གསུམ་མམ་ལྔ་བརྗོད་པའི་འོད་དང་རང་སྒྲས་འཚེ་བ་ཞི་ཞིང་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་བསམ་མོ། །སྙོམས་པ་ལ་དྲིས་མཆོད་ཅིང་། འཁྲུགས་པ་ལ་ཤན་པའམ་མུ་སྟེགས་བོས་ཏེ། ཟུག་པ་ལ་སྟོན་མོ་བྱ་བ་ནི། དེ་ཉིད་ལས། མུ་གེ་དག་ནི་བྱུང་བའི་ཚེ། ཁ་ཊྭཱཾ་ལྕེ་ཡིས་འདི་བརྗོད་ན། །སྤྲུལ་སྐུའི་ཡོན་ཏན་འཛིན་པ་ཡིན། །ལན་ནི་ལྔ་འམ་གསུམ་གཉིས་ཏེ། །འདི་དུས་དྲི་ཡིས་མཆོད་པར་བྱ། །ཤན་པ་འམ་ནི་མུ་སྟེགས་ལ། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་བྱེར་བའི་དུས་ན་བྱ། །མཆོད་པ་སྙོམས་པ་ཉིད་ལ་འོ། །སྡིག་ཅན་འཁྲུགས་པ་ཉིད་ལ་སྟེ། །སྟོན་མོ་དེ་བཞིན་ཟུག་པ་ལའོ། །འདིས་ཀྱང་སྤྲུལ་སྐུའི་ས་བོན་འཇོག །ཅེས་སོ། །བརྒྱད་པ་ཕྱུགས་ནད་བྱུང་བའི་ཚེ། ཀུན་ཏུ་བཟང་མོ་ཡབ་དང་མཚུངས་པར་བསྒོམས་ལ། ཟུག་དུས་བརྒྱད་དམ་བཅུ་དྲུག་ཏུ་བརྗོད་པས་འོད་དང་རང་སྒྲས་འཇིག་རྟེན་ཁམས་ཀྱི་ཕྱུགས་ནད་ལ་སོགས་པ་ཞི་ནས་སངས་རྒྱས་ཐོབ་པར་བསམ་མོ། །བྱེར་དུས་མར་མེས་མཆོད་ཅིང་། སྙོམས་དུས་དགྲ་བཅོམ་པའམ། མེད་ན་རྩ་བའི་བླ་མ་སྤྱན་དྲངས་ལ་འཁྲུགས་དུས་སྟོན་མོ་བྱ་བ་ནི། དེ་ཉིད་ལས། རྒྱལ་ཁམས་ཕྱུགས་ནད་བྱུང་བའི་ཚེ། །རང་བྱུང་ཆེན་པོའི་ཡི་གེ་འདི། །ལན་བརྒྱད་དམ་ནི་བཅུ་དྲུག་ཏུ། །རྩེ་གསུམ་ལྕེ་ཡིས་འདི་བརྗོད་ཅིང་། །འདི་དུས་ཨཱ་ལོ་ཀེས་མཆོད་བྱ། །དགྲ་བཅོམ་པ་ནི་བདུན་ལ་ཡང་། །སྟོན་མོ་བྱ་བར་རབ་ཏུ་བསྔགས། །བཀླག་པ་ཟུག་པ་ཉིད་ལ་ཡིན། །མཆོད་པ་བྱེར་བ་ཉིད་ལ་བྱ། །དགྲ་བཅོམ་སྙོམས་པའི་དུས་ན་འབོད། །འཁྲུགས་པ་ལ་ནི་སྟོན་མོ་བྱ། །འདི་ལྟར་བྱས་པའི་སྐྱེས་བུ་ནི། །སྤྲུལ་པའི་ས་བོན་ངེས་པར་འཇོག །འདི་ལ་ཐེ་ཚོམ་བྱར་མི་རུང་། །ངེས་པར་འབྲས་བུ་དམ་པ་འཐོབ། །ཅེས་སོ། །དེ་ཡང་བྱེར་བ་དང་ཟུག་པ་ལ་སོགས་པའི་དུས་ནི། སྐབས་འདིར་ཉིན་མཚན་ཕྲུག་གཅིག་གིས་བརྩི་བ་ཡིན་ཏེ། དེའང་ཉིན་དུས་ཀྱི་ནམ་ལངས་ནས་དྲོས་པོ་ཆེའི་བར་དུ་བྱེར་བའོ། །དེ་ནས་གུང་ལ་མ་སླེབ་བར་དུ་ཟུག་པའོ། །གུང་མཐིལ་པོ་ནི་སྙོམས་པའོ། །གྲིབ་བསིལ་ཕེབས་ནས་ཉི་མ་ནུབ་པའི་བར་ནི་འཁྲུགས་པའོ། །མཚན་དུས་ཀྱི་སྲོད་བྱེར་བ། སྲོད་ཡོལ་ཟུག་པ། ནམ་ཕྱེད་སྙོམས་པ། ཐོ་རངས་འཁྲུགས་པའོ། །དེ་ལྟར་ཉིན་མཚན་གྱི་ཆ་གང་ལ་རྟགས་དེ་རྣམས་འབྱུང་བའི་བྱེར་ཟུག་གི་རིམ་པ་དང་སྦྱར་ལ། ཀློག་པ་དང་། སྒོམ་པ་དང་། འབོད་པ་དང་། ཚོགས་ཀྱི་སྟོན་མོ་རྣམས་བྱ་བ་ཡིན་ནོ། །འདི་དག་གི་གོ་རིམ་ནི་གནད་ཡིག་ལས་བྱུང་བ་བཞིན་བཀོད་དོ། །གཞན་ཡང་ཉ་སྟོང་ཚེས་བརྒྱད་དང་ཚེས་བཅུ་ཉི་ཤུ་ལྔའི་ཉིན་མཚན་ལ་ཚོགས་དང་གཏོར་མ་བཤམས་ཏེ། རྣལ་འབྱོར་པ་དམ་ཚིག་ཅན་རྣམས་འདུས་ནས་བཀླགས་ཏེ་ཚོགས་ལ་རོལ་པས་སྣང་བའི་འཕེལ་ཚད་དང་། རྟོགས་པ་དང་། ཏིང་ངེ་འཛིན་སྐྱེ་ཞིང་། ཉམས་ཆག་ཐམས་ཅད་སྐོང་བ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པས་དུས་བཟང་པོ་ལ་བཀླག་པར་བྱའོ། །དྲུག་པ་ནམ་ཞིག་སྲེག་པ་ནི། རྣལ་འབྱོར་པ་འདས་པའི་ཚེ་སྙིང་གར་སྦྱར་ལ་ཕུང་པོ་དང་ལྷན་ཅིག་བསྲེག་པའོ། །འདི་ལ་གསུམ་སྟེ། སྔོན་དུ་སྦྱོང་བ་དང་། དངོས་གཞི་སྲེག་པ། རྗེས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཤི་ནས་ཞག་ཕྱེད་དང་བཞིར་འབྱུང་བའི་ཐིམ་ཚུལ་མི་རྫོགས་པས། རིག་པ་སྙིང་གར་གནས་པའི་ཕྱིར་ཕུང་པོ་ལ་སྒུལ་སྐྱོད་དང་སྐྱེལ་སྲེག་མི་ཉན་པས། དེའི་བར་ལ་སྡིག་པ་སྦྱོང་བ་དང་། ངོ་སྤྲད་པ་དང་འཕོ་བ་གདབ་པ་ལ་སོགས་པའི་གདམས་པ་བྱ་དགོས་ཏེ། འདི་རྫོགས་པ་རང་བྱུང་ནས་གསུངས་པ་ལྟར་ཞག་དྲུག་ཏུ། འགྲོ་བ་རིགས་དྲུག་གི་བག་ཆགས་སྦྱང་བའི་ཕྱིར། པདྨ་འདབ་མ་བཞི་པའི་མཎྜལ་དྲུག་རིམ་པ་བཞིན་བཞེངས་པ་ལ། ཨ་ནྲྀ་སུ་ཏྲི་པྲེ་དུཿབྲིས་ཏེ། འགྲོ་དྲུག་གི་གནས་ལ་བདེ་བ་མེད་པའི་ཆོས་བཤད། དེར་མི་སྐྱེ་བའི་ཐབས་གདམས་པ་ངོ་སྤྲོད་བཤད་ནས། ཨཱོྃ་མ་མ་ཀོ་ལིང་ས་མནྟ་ཆེ་གེ་མོའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཛཔ྄་ཏུ་བཟླས་ནས། ཞག་བདུན་ལ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་བྱས་ཏེ། བར་དོའི་འོད་གསལ་མ་བུ་ངོ་སྤྲོད་ནས། རང་བཞིན་སྤྲུལ་པའི་ཞིང་དུ་ལམ་སྦྱང་བསྟན་བྱའོ། །དེ་ནས་སྐྱེལ་སྲེག་བྱ་བར་གསུངས་སོ། །ཡང་ན་གནད་ཡིག་ལྟར་རོའི་རྩར་རབ་གནས་དུས་ཀྱི་མཎྜལ་ལྟ་བུར་བྲིས་པའི་དབུས་སུ། བུམ་པ་མཚན་ཉིད་དང་ལྡན་པ་བཤམས་པའི་ནང་དུ། ཀུན་བཟང་ཡབ་ཡུམ་རིགས་ལྔ་ཐུབ་པ་དྲུག་དང་བཅས་པར་བསྐྱེད་ལ་ཡེ་ཤེས་པ་བསྟིམས་ནས། བུམ་བཟླས་དང་མཆོད་བསྟོད་ཅི་འགྲུབ་བྱས་ནས། རོའི་བགེགས་བསྐྲད་དེ། རྣམ་ཤེས་བཀུག་ནས་དེ་ལ་གཟུངས་སྔགས་བྱིན་རླབས་ཅན་གཞན་དང་བུམ་ཆུས་བཀྲུས་ཤིང་མ་མ་ཀོ་ལིང་བཟླས་པའི་བྱེ་མས་ཀྱང་བྲབ་སྟེ། ཡང་ཡང་བཀྲུ་ཞིང་བཟླས་པ་བྱའོ། །དེ་ནས་བསྟན་བུ་ཅི་འགྲུབ་འདོན་ཞིང་འཁོར་བའི་ཉེས་པ། ཐར་པའི་ཕན་ཡོན། བར་དོའི་ངོ་སྤྲོད་རྣམས་བརྗོད་ཅིང་། རིགས་དྲུག་གི་མཎྜལ་སྔ་མ་ལྟར་བཤམས་པ་ཞག་རིམ་པས་ཕྱིས་ལ་ལམ་སྦྱང་བསྟན་བྱ་ཞིང་། ནུབ་བདུན་པ་ལ་བསྲེག་པའམ་སྐྱེལ་བར་བྱ་ཞིང་། ལས་ཀྱི་རྗེས་བསྡུས་ལ་བཀྲ་ཤིས་བརྗོད་པར་བྱའོ། །དེས་ནི་བར་དོའི་རིག་པ་རང་ངོ་ཤེས་པས་གྲོལ་བའམ་རང་བཞིན་སྤྲུལ་སྐུར་མི་སྐྱེ་མི་སྲིད་དོ། །གཉིས་པ་དངོས་གཞི་སྲེག་པ་ནི། བརྐྱངས་ནས་བསྲེག་ན་ཁྲུ་བཞི་པའི་རིང་ཐབ་ཀྱི་ཟབས་སུ་ཁྲུ་དོ་བའི་ཟམ་པར་ཤིང་གདུང་ཁྲུ་རེ་ལྷག་ཙམ་རེ་བཀལ་བའི་སྟེང་དུ་ཤིང་རྩེར་རོ་ཁ་སྦུབས་ནས། སྟེང་དུའང་ཤིང་བཀབ་ལ་བསྲེག་གོ །བསྐུམས་ནས་བསྲེག་ན་སྙིང་གར་བཏགས་གྲོལ་ན་བཟའ་ཕུད་པ་གླན་ལ། པུས་བྲང་སྦྱར་བའི་སྒྱིད་ཁུང་དང་གྲུ་མོ་བསྐུམས་པའི་བར་དུ་ཐེ་གུས་བསྡམས་ལ་འཁོར་ལོ་གཉིས་བཅིངས་ཏེ། གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས་ཁང་བུའི་ནང་དུ་ཁྲུ་གང་བའི་སར་ཤིང་བཅེར་བ་མཁྱིད་གང་གི་གོང་དུ་རྡོའི་སྒྱེད་པོ་ཟུར་བཞི་ནས་འཕྲེད་ལ་བཙུགས་པ་མན་ཆད་བུད་ཤིང་ཕྲ་མོས་བཀང་ལ། རྩིག་ཟླུམ་མམ་གྲུ་བཞི་དེ་ཉིད་ཀྱི་ཁ་ཁྲུ་གང་སྒྲོན་པར་རོ་བཅུག་ནས། དེའི་སྟེང་དུ་བྲེ་ལྟར་བསུབས་ཏེ་ཕྱི་ནས་དྲེས་མའི་ཆིངས་དང་ཞལ་ཞལ་དུ་བ་མི་འཆོར་བར་བྱའོ། །དེ་ནས་འོག་གི་ཤིང་ཁང་གི་བུག་པ་ནས་མེ་སྒྲོན་སྟེང་གི་ཡམ་ཤིང་ལ་སྦར་བས་ཤིང་སྟེང་ནས་ཚིག་པའོ། །དེ་ཡང་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ལ་མཆོད་བསྟོད་བྱས་ཏེ། མར་ཁུ་དང་འབྲུ་སྣ་ཚོགས་པའི་བསྲེག་རྫས་དབུལ་ཞིང་བསྟན་བུ་བཀླགས་པས། ནམ་མཁའ་ཐམས་ཅད་འཇས་ཁེངས་པ་ལ་སོགས་པ་འོང་ངོ་། །གསུམ་པ་གྲོལ་ཚད་ནི། དེ་ནས་སྒྲ་དང་། འོད་དང་། སྐུ་དང་ཡི་གེ་ལ་སོགས་པ་བྱུང་བ་ནི། སྐུ་གསུམ་གྱི་ས་ལས་ཕྱིར་མི་ལྡོག་པའོ། །དེའང་རུས་པ་ལ་སྐུ་བྱུང་ན་སྐུའི་སྣང་བ་ལ་གྲོལ་ལོ། །ཡི་གེ་དང་སྒྲ་བྱུང་ན་གསུང་གི་སྣང་བ་ཡེ་ཤེས་བཞི་སྦྱོར་ལ་གྲོལ་ལོ། །ནམ་མཁའ་དྭངས་པ་དང་འཇའ་འོད་བྱུང་ན་ཐུགས་ཀྱི་སྣང་བ་འོད་གསལ་ལ་གྲོལ་ལོ། །གདུང་བྱུང་ན་རིགས་ལྔའི་དཀྱིལ་འཁོར་དང་ལྷུན་གྲུབ་ལ་གྲོལ་ལོ། །དེ་ཡང་ཡེ་ཤེས་གསང་བ་ལས། སྐུ་ཡི་སྣང་བ་གང་ཤར་བ། །ངེས་པར་སྐུ་ཐོབ་རྟགས་ཡིན་ནོ། །དེ་བཞིན་སྒྲ་དང་ཡི་གེ་ནི། །གསུང་གི་རྟགས་སུ་ཡང་དག་བཤད། །འཇའ་ཚོན་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་སོ། །གཞན་ཡང་འོད་གསལ་ཚད་དུ་གྲོལ་བས་འོད་དང་ཚོམ་བུ་ལ་གྲོལ་བས་ཐིག་ལེའི་སྣང་བ་དང་། གདུང་ལྔ་གང་རུང་འབྱུང་བ་དང་། རླུང་ལྔ་དབྱིངས་སུ་དག་པ་ཡེ་ཤེས་ལྷུན་གྲུབ་ལ་གྲོལ་བའི་སྒྲ་དང་། དབྱིངས་ཀ་དག་ལ་གྲོལ་བས་ས་གཡོ་བ་དང་། སྐུ་ལ་གྲོལ་བས་སྐུ་འབྱུང་ཞིང་འོད་དང་། ཐིག་ལེ་དང་། རླུང་དང་། དབྱིངས་ཚད་དུ་ཕྱིན་ནས་གྲོལ་བར་ཡང་། ཚད་ཀྱི་ཡི་གེ་ལས། འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན། །ཐིག་ལེའི་ཚད་ནི་གདུང་ནི་ཡང་དག་ཡིན། །རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ། །དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན། །སྐུ་ཡི་ཚད་ནི་ཕྱི་ནས་དེ་བཞིན་སྐུ །འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན། །ཞེས་སོ། །དེ་ཡང་སྔར་མངོན་སུམ་བསྒོམས་པ་ལ་ནི་དབུགས་ཆད་དུས་རང་གི་ལུས་ལ་ཡོད་ན་མ་བསྲེགས་ཀྱང་བར་དོར་གྲོལ་བས། ཆོ་ག་དང་སྲེག་པ་དང་ཀློག་པ་མ་བྱས་ཀྱང་རུང་སྟེ། རྡོ་རྗེ་འཆང་གི་མཆོད་པའི་དུས་གནད་ངེས་པ་ལས། འདི་དང་འཕྲད་པའི་སྐལ་བ་ཅན། །སྙིང་འདྲའི་སེམས་ཀྱི་བུ་གཅིག་ལ། །རིག་པ་དངོས་ཀྱི་རྟགས་ཡོད་པས། །བཀླག་ཅིང་བསྲེག་པར་བྱ་མི་དགོས། །འཕྲད་པ་ཙམ་གྱིས་འགྲུབ་པ་ཡིན། །ཞེས་སོ། །འོ་ན་གང་ལ་ཆོ་ག་དང་སྲེག་སྦྱོང་བྱ་ཞེ་ན། སྙིང་ཐིག་ཆོས་ལ་དད་པའི་གང་ཟག་གིས། ངོ་སྤྲད་ཀྱང་གཡེངས་ནས་སྒོམ་ལོང་མ་བྱུང་བ་དང་། ཁྲིད་དང་དབང་གི་དུས་སུ་འདས་པ་དང་། དད་པ་ཅན་ལ་སོགས་པའི་དོན་དུ་འགྱུར་བ་དང་། གསང་བའི་གནད་ཕྱམ་བསྒྲགས་སུ་མི་འགྲོ་བ་ལ་བྱའི་ཆོས་དྲེད་ལོག་ལྟ་ཅན་གྱི་རིགས་ལ་གཏན་ནས་མི་བྱའོ། །སུ་ལ་བྱས་ཀྱང་བར་དོར་ཕན་ཐོགས་མོད་ཀྱི། བཀའ་རྒྱ་ཡོད་པས་བརྟག་པ་གལ་ཆེའོ། །དེ་ཡང་སྲེག་དུས་བྱོལ་སོང་གི་སྐྱེ་སྒོ་ཁེགས་ནས་གྲོལ་བའི་རྟགས་སུ་མེ་འོད་དཀར་གསལ་ལ་དུད་པ་སྔོན་པོ་དང་། རུས་པའང་དམར་གསལ་དུ་འོང་སྟེ། ཟླ་བ་བཅུ་གསུམ་ན་དབྱིངས་ལ་གྲོལ་བ་དང་། དེ་བཞིན་དུ་སྔར་གྱི་སྒྲིབ་པ་ཐམས་ཅད་དག་ནས་སྐྱེ་སྒོ་ཁེགས་ཏེ། ཟླ་བ་དགུ་ན་གྲོལ་བའི་རྟགས་སུ་མེ་འོད་སེར་གསལ་དང་། རུས་པ་སྔོ་ནག་ན། དུད་པ་དཀར་པོར་སྣང་བ་དང་། གྲུབ་མཐའི་ཡིད་དཔྱོད་གནས་སུ་དག་ནས། ཞག་གསུམ་ནས་གྲོལ་བའི་རྟགས་སུ་མེ་དཀར་གསར་དུད་པ་སྔོན་པོ་ཅན། རུས་པ་དཀར་པོ་གདུང་དང་བཅས་པ་འོང་ཞིང་། བསྟན་བུའི་ཡི་གེ་རྣམས་མ་ཞིག་པར་སྣང་བར་བཤད་དེ། འདི་རྣམས་ནི་སྔར་གོམས་པའི་གནད་མེད་པའི་ཕུང་པོ་ལ་སྲེག་སྦྱོང་བྱས་པས་གྲོལ་བའི་རྟགས་སུ་བཤད་དོ། །དུས་དེ་སྲིད་བར་དོར་ཆོས་ཉིད་སྦྱང་བ་ལ་ཐོགས་པར་བཤད་དོ། །དེ་ཉིད་ལས། བྱོལ་སོང་མེ་འོད་དཀར་གསལ་ལ། །དུད་པ་སྔོན་པོ་ཤར་ཕྱོགས་སུ། །རུས་པའི་མདོག་ཀྱང་དམར་གསལ་ཡིན། །གསེར་གྱི་ཡིག་འབྲུ་མ་ཞིག་པར། །དེ་ཡི་རུས་པ་ཉིད་ལ་འབྱར། །འདི་ནས་ཟླ་བ་བཅུ་གསུམ་ན། །ས་རྣམས་ངེས་པར་གཡོ་བ་ཡིན། །དེ་དུས་འོད་ཀྱང་མོག་མོག་པོར། །སྣང་བ་ངེས་པར་འགྱུར་བ་ཡིན། །སྡིག་ཅན་མེ་མདོག་སེར་ལ་གསལ། །དུད་པ་ནུབ་ཕྱོགས་ཁ་དོག་དཀར། །རུས་པའི་མདོག་ནི་སྔོ་ནག་ལ། །ཡི་གེ་ཞིག་སྟེ་ཐིག་ལེར་སྣང་། །འདི་ནས་ཟླ་བ་དགུ་ན་ཡང་། །སྒྲ་ནི་ཤར་གྱི་ཕྱོགས་སུ་འབྱུང་། །འདི་ལ་འོད་ནི་མེར་མེར་པོ། །འདི་དོན་ངེས་པར་ཡང་དག་གོ །ཡིད་དཔྱོད་གྲུབ་པའི་མཐའ་འཛིན་པའི། །མེ་མདོག་དཀར་གསལ་གཡོ་བ་མེད། །དུད་པ་སྔོན་པོ་གྱེན་འགྲེང་གསལ། །རུས་མདོག་དཀར་པོ་ཐིག་ལེ་ཅན། །ཡི་གེ་དེ་ཉིད་མ་ཞིག་བར། ཁ་དོག་དཀར་པོ་འོད་དང་ལྡན། །སྐབས་སྐབས་རུས་པའི་དཀྱིལ་ན་སྣང་། །འདི་ལ་སྐུ་དང་གདུང་ཡང་འབྱུང་། །འདི་ནས་ཞག་ནི་གསུམ་ན་ཡང་། །སྒྲ་ནི་ཤར་གྱི་ཕྱོགས་སུ་སྟེ། །འོད་ནི་ནུབ་ཀྱི་ཕྱོགས་སུ་འོ། །འདིས་ནི་ངེས་པར་སྤྲུལ་པ་ཡི། །སྐུ་ཡི་འབྲས་བུ་རྙེད་པ་ཡིན། །ཞེས་སོ། །འདི་དག་ནི་རིང་ཞིག་ན་དབྱིངས་སུ་གྲོལ་བའི་རྟགས་སུ་བཤད་པའོ། །བདུན་པ་ཕན་ཡོན་བཤད་པ་ནི། ལུས་ལ་བཅངས་པ་ཙམ་གྱིས་དགེ་བ་བྱེ་བ་འབུམ་འགྱུར་དུ་འཕེལ་ཞིང་ནད་དང་གདོན་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང་། གང་དུ་བཞུགས་ཚད་མཆོད་རྟེན་དུ་འགྱུར་བས་འགྲོ་བ་དེ་ཉིད་ལ། མཁའ་འགྲོ་ལ་སོགས་རྣམས་ཀྱིས་མཆོད་ཅིང་དངོས་གྲུབ་སྟེར་བ་དང་། ཕས་ཀྱི་རྒོལ་བས་མི་ཚུགས་པ་དང་། ཡེ་ཤེས་ཀྱི་སྣང་བ་གོང་དུ་འཕེལ་བས་རིག་པའི་གཏན་སྲིད་ཟིན་པ་དང་། བར་དོར་རང་ངོ་ཤེས་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་གྲུབ་པ་ལ་སོགས་ཏེ། སངས་རྒྱས་སྲས་གཅིག་ལས། འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །ཞེས་སོ། །དུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །ཞེས་སོ། །གཞན་ཡང་རྣལ་འབྱོར་པ་ལས་གཞན་པས་བཅངས་ཀྱང་གྲོལ་ནུས་ཏེ། དེ་ཉིད་ལས། བྱོལ་སོང་ལུས་སམ་བུད་མེད་དམ། །སྐྱེ་བ་དམན་པའི་སེམས་ཅན་གྱིས། །འདི་དང་འབྲལ་བར་མ་བྱས་ན། །ངེས་པར་སྐུ་གསུམ་འབྲས་བུ་ཐོབ། །ཅེས་པ་དང་། གལ་ཏེ་བྱོལ་སོང་མགུལ་དུ་ནི། །བཏགས་ན་དེ་ཉིད་ཀྱང་གྲོལ་ན། །འགྲོ་བ་མི་རྣམས་སྨྲོས་ཅི་དགོས། །ཞེས་སོ། །འདི་ནི་སུ་ལ་སྣང་བ་དེ་ཉིད་སྐལ་ལྡན་གྲོལ་བའི་རིགས་ཅན་ཡིན་ཏེ། འགའ་དང་འགའ་ལས་ཐམས་ཅད་ལ་མི་སྣང་བ་ཡང་བསོད་ནམས་ཀྱི་བསགས་པ་ལ་མི་ཤོང་བས་མི་སྣང་བ་ཡིན་པར། དེ་ཉིད་ལས། དེ་ཡི་ཕྱིར་ན་གསང་ཚིག་འདི། །ཐུན་མོང་ཉིད་དུ་འཕྲད་པ་མིན། །རིགས་ལྡན་སྐྱེས་བུ་སྐལ་ཆེ་བ། །འགའ་ལ་འདི་ཉིད་སྣང་བ་ལས། །ཀུན་གྱིས་མཐོང་བ་མ་ཡིན་ནོ། །ཞེས་སོ། །འདི་ཉིད་དང་འཕྲད་པའི་སེམས་ཅན་དེ། གཟུགས་བརྙན་ཅིར་འདུག་ཀྱང་རེ་ཞིག་ལས་ཀྱིས་དེ་ལྟར་གྱུར་མོད། རིག་པའི་ངོ་བོ་ལ་འགྲོ་བ་བཟང་ངན་གང་དུ་ཡང་མ་གྲུབ་པས་ལས་དེ་འདི་དང་འཕྲད་པས་གྲོལ་ནས་རིག་པ་གཞི་ལ་གྲོལ་བ་ཡིན་ནོ། །བླུན་པོ་ཁ་ཅིག་དུད་འགྲོ་ལ་བཏགས་པས་གྲོལ་བ་ནི་མི་འཐད་དེ། སེམས་ཅན་ཐམས་ཅད་ལ་བཏགས་པས་ཆོག་མོད་གྲོལ་བའི་རྟགས་ཅི་ཡོད། ལུས་ནི་མ་འགྱུར་བར་འདུག་ཟེར་བ་ནི། ལོག་ལྟ་བདུད་ཆོས་མཁན་ཚིག་ཙམ་ཤེས་པ་སྐལ་མེད་རྟོག་གེ་བའི་རིགས་ཡིན་ཏེ། ཡང་དག་པའི་རྒྱུད་ཆེན་པོར་ངེས་པའི་དོན་དུ་གསུངས་ལ། དཀོན་མཆོག་བརྩེགས་པ་ལས། རིག་སྔགས་དང་སྨན་དང་མཁྱུད་སྤྱད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པས། རྡོ་རྗེ་འཆང་གི་ཐབས་ཁྱད་པར་ཅན་ཟབ་མོའི་རྟེན་འབྲེལ་འདི་ཉིད་བླ་ན་མེད་པའི་རིག་སྔགས་སུ་མཛད་པས་གྲོལ་བར་ངེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཐབས་ནི་ཚད་མེད་དེ་བཏགས་པས་གྲོལ་བ་ཡང་མཁྱེན་དགོས་སོ། །མ་མཁྱེན་ན་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །གྲོལ་བ་སེམས་གྲོལ་བ་སྟེ། གཤིས་རིག་པའི་ངང་དུ་ཕྱིན་པ་ཡིན་མོད། ལུས་དེ་སྔར་དང་མི་འདྲ་བར་འགྲོ་གར་དགོས། དགྲ་བཅོམ་པ་རྣམས་ཀྱང་གྲོལ་བ་ཡིན་མོད། ལུས་འགྱུར་བར་མ་གསུངས་ལ། རྒྱན་ཡོད་མེད་གཉིས་སུ་གསུངས་པས་གྲོལ་བ་ལ་ད་ལྟ་རྫུ་འཕྲུལ་དངོས་སུ་སྟོན་ནུས་པས་ཀྱང་མ་ཁྱབ་བོ། །དེས་ན་ཕྱིན་ཅི་ལོག་གི་ཀླན་ཀ་ཁྱི་ཟུག་པ་ལྟར་སྤང་བའི་འོས་ཡིན་ཡང་། སྐལ་ལྡན་ཁ་ཅིག་ཚིག་དེས་མགོ་འཁོར་ནས་ཐེ་ཚོམ་ཟ་བ་ཟློག་པའི་དགོས་པ་ཡོད་དེ། ངེས་པའི་དོན་ལ་ཡིད་ཆེས་ན་བསོད་ནམས་ཚད་མེད་པའི་ཕྱིར་རོ། །ཡེ་ཤེས་གྲུབ་པའི་རྒྱུད་ལས། ཆོས་ལ་སྣང་བ་ངེས་བསལ་བ། །བསོད་ནམས་འབྲས་བུ་གཏིང་དཔག་མེད། །ཅེས་པ་ལྟར་ཡིན་ནོ། །དེའི་ཕྱིར་ན་འདི་ཉིད་འཆི་དུས་ལུས་ལ་ཡོད་པའི་སེམས་ཅན་དེ་སྡིག་ཅན་ཡིན་ཡང་ལས་ཟད་ནས། འཁོར་བའི་ཁ་མི་བརྒྱུད་པར་གྲོལ་ཏེ། དུས་གནད་ངེས་པ་ལས། ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །འདི་ཉིད་ལུས་ལ་གནས་པ་ལ། །རིགས་དྲུག་སྐྱེ་བ་རྣམ་བཞི་ཡི། །གྲོང་ཁྱེར་དུ་ནི་འཇུག་མི་སྲིད། །ཅེས་སོ། །དེ་ཡང་གཞན་ལ་གསང་ནས་བཅངས་པས་ཕན་ཡོན་ཆེན་པོ་འཐོབ་སྟེ། དེ་ཉིད་ལས། གལ་ཏེ་འདི་ཉིད་སྣང་བའི་མིས། །འདི་ཉིད་ཡོད་པར་སུས་གཞན་ལ། །སྨྲ་བར་བྱེད་པའི་མི་དེ་ཡིས། །རང་གི་འབྲས་བུ་བརླག་པར་བྱེད། །དེ་ཡི་ཕྱིར་ན་རང་བྱུང་གི །ཡི་གེ་འདི་ནི་ཡོད་པ་ཡི། །ཚིག་ནི་ཟུར་ཙམ་བརྗོད་མི་བྱ། །མ་གསང་དངོས་གྲུབ་མི་འབྱུང་ལ། །གསང་བས་དངོས་གྲུབ་ཕུན་སུམ་ཚོགས། །ཞེས་སོ། །དེ་ལྟར་ཡང་ཟབ་བཅངས་པས་གྲོལ་བའི་གནད། །འབྲས་བུ་མངོན་འབྱིན་རྟགས་རྣམས་ཡོངས་ཀྱིས་མཐོང་། །དེ་འདྲའི་ཟབ་ཆོས་བཀོད་པའི་བསོད་ནམས་ཀྱིས། །འགྲོ་ཀུན་ཕྱམ་གཅིག་རྣམ་གྲོལ་ཐོབ་པར་ཤོག །བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བསྟན་པ་བུ་གཅིག་དང་། དེའི་འགྲེལ་བ་དང་། བཅང་ཐབས་གནད་ཡིག་ལ་སོགས་པ་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་ཞིབ་མོར་བཀོད་པ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་དཱ་མངྒ་ལཾ།། །།

རིག་འཛིན་ཚེ་ཡི་སྒྲུབ་པ་ཡང་གསང་བླ་ན་མེད་པའི་སྙིང་ཏིག་ཡེ་ཤེས་འོད་མཆོག་ (Volume 19, Text 24)

༄༅༔ རིག་འཛིན་ཚེ་ཡི་སྒྲུབ་པ་ཡང་གསང་བླ་ན་མེད་པའི་སྙིང་ཏིག་ཡེ་ཤེས་འོད་མཆོག་བཞུགས་སོ༔ ༔ཚེ་དཔག་མེད་སྐོར༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡཻ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ཞེས་བྱ་བ༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཚེ་ཡི་ལྷ༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་མཐར་ཐུག་དབང་ཐོབ་ནས༔ རྩ་བ་ཡན་ལག་དམ་ཚིག་མཆོག་བསྲུང་ཞིང༔ མི་འགྱུར་ཚེ་ཡི་དངོས་གྲུབ་མཆོག་འདོད་པས༔ པདྨ་ཐོད་ཕྲེང་གསང་སྒྲུབ་ཆོ་ག་བརྩམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་དང་ཚེས་གྲངས་བཟང་པོའི་སྔ་གོང་ནས༔ བཀྲ་ཤིས་ཉམས་དགའ་ཡིད་འོང་གནས་དག་ཏུ༔ དགོས་པའི་ཡོ་བྱད་སྒྲུབ་པའི་རྟེན་རྣམས་བསགས༔ གཞི་བདག་འབྱུང་པོ་ཞིང་སྐྱོང་གཏོར་མས་མཆོད༔ ས་གཞི་ཁོད་སྙོམས་མཎྜལ་བྱི་དོར་བྱ༔ དཀྱིལ་འཁོར་འདབ་བརྒྱད་མུ་ཁྱུད་བར་ཁྱམས་མཛེས༔ སྒོ་བཞི་རྟ་བབས་བཞི་ལྡན་པདྨས་བསྐོར༔ རྡོ་རྗེ་མེ་རི་འོད་ལྔའི་མུ་ཁྱུད་ལྡན༔ དེ་དབུས་མཉྫི་ཁྲི་རྐང་པད་སྟེང་དུ༔ རིན་ཆེན་ཐོད་པ་མཚན་ལྡན་སྣོད་ནང་དུ༔ འབྲུ་སྣའི་ཕྱེ་སྨན་འོ་མ་ཆང་གིས་སྦྲུས༔ རིན་ཆེན་འོད་འབར་པདྨ་འདབ་བརྒྱད་བསྐོར༔ ཉི་ཟླ་འོད་ཟེར་རིན་ཆེན་འབྲས་བུས་བཀང༔ དར་དམར་རྒྱན་ལྡན་ཚེ་མདའ་ཚེ་གཡུ་དང༔ མེ་ལོང་འོད་གསལ་མཛེས་པའི་འཕན་གྱིས་བརྒྱན༔ ཕྱི་ནང་མཆོད་རྫས་དཀར་གྱི་གུར་ཡོལ་མཛེས༔ རྔ་ཆུང་དྲིལ་བུ་གཡེར་ཁ་རྡོ་རྗེ་དང༔ ཁ་ཊྭཱཾ་ལ་སོགས་གསང་བའི་ཕྱག་མཚན་གསག༔ བདེ་བའི་གདན་ལ་རང་ཉིད་འདུག་བྱས་ཏེ༔ ཨོ་རྒྱན་ཡུལ་ལམ་ཤིས་པའི་ཕྱོགས་སུ་བལྟ༔ དེ་ནི་སྦྱོར་བའི་རིམ་པ་བསྟན་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་འགྱུར་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཡང་གསང་བླ་མེད་སྒྲུབ་པའི་གཞུང་སྲོང་ཕྱིར༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་གསོལ་བ་གདབ༔ བཀའ་བསྒོ་མཚམས་བཅད་སྒོ་དབྱེ་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་འབུལ་མཆོད་རྫས་བརླབ༔ བཤགས་པ་ལ་སོགས་བཅུ་གསུམ་སྔོན་འགྲོའི་ཆོས༔ སྔགས་དང་ཏིང་འཛིན་ཕྱག་རྒྱའི་སྒོ་ནས་བསྙེན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་བཞིན་ཀུན་སྣང་རྒྱུ་ཡི་ཏིང་འཛིན་དང༔ འབྱུང་བ་ལྔ་བསྐྱེད་གཞལ་ཡས་གདན་ལྷ་བསྐྱེད༔ དབང་བསྐུར་བྱིན་རླབས་སྤྱན་དྲངས་གཉིས་མེད་བསྟིམ༔ ཕྱག་དང་ཕྱག་རྒྱ་གླུ་བྲོ་ཕྱི་ནང་མཆོད༔ དུག་ལྔ་དུག་གསུམ་སྨན་གཏོར་རཀྟ་དང༔ གསང་མནན་སྦྱོར་སྒྲོལ་མཆོད་བསྟོད་བཤགས་པ་བྱ༔ ལྷ་ལ་རིག་པའི་རྩལ་སྦྱང་རྫོགས་རིམ་བསྒོམ༔ རླུང་དང་བཟླས་པ་ཐུན་མཚམས་མཆོད་བསྟོད་བྱ༔ དངོས་གྲུབ་བླང་སོགས་སོ་གཅིག་དངོས་གཞིའི་ཆོས༔ མ་ཧཱ་ཨ་ནུ་ཨ་ཏིའི་སྒོ་ནས་བསྒྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རྫོགས་ང་རྒྱལ་བཟུང་ཞིང་ཕྲིན་ལས་བཅོལ༔ ཚོགས་ཀྱི་ཡོ་བྱད་གསག་ཅིང་བསང་སྦྱང་བརླབ༔ ཚོགས་རྟེན་སྤྱན་འདྲེན་གཞུགས་གསོལ་ཕྱག་འཚལ་ཞིང༔ བསྐང་དང་བཤགས་བྱ་རིམ་གསུམ་སྤྲོས་ལ་མཆོད༔ ཚོགས་ཀྱི་ཡོ་བྱད་སྟོབ་ཅིང་བསྟབ་ལན་བྱ༔ ཚོགས་ལ་ལོངས་སྤྱོད་སྨོན་ལམ་རྒྱས་གདབ་ཅིང༔ ལྷག་མ་གཏོང་ཞིང་བཀའ་བསྒོ་དམ་ལ་བཞག༔ གཏོར་ཟོར་བརྟན་སྐྱོང་གཏོར་མནན་རྟག་ཆད་བསལ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱ༔ ཉི་ཤུ་རྩ་གསུམ་སྒྲུབ་པ་རྗེས་ཀྱི་ཆོས༔ ལྟ་སྒོམ་སྤྱོད་པ་འབྲས་བུའི་སྒོ་ནས་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲུབ་པ་ལུང་གི་རྩ་ཐོ་ྀཨཚ༔ མི་འགྱུར་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དང་པོ་བསྙེན་ལ་སྔོན་འགྲོའི་རིམ་པ་ནི༔ གསང་སྔགས་རྒྱལ་པོ་ཚིག་དང་དོན་དུ་བསྡེབ༔ ཕྱག་རྒྱ་བརྡའ་རྟགས་བསྐྱེད་རྫོོགས་གཉིས་མེད་བསྒོམ༔ ཡང་དག་བདེ་ཆེན་འོད་གསལ་རྫོགས་པ་ཆེ༔ སྒོམ་དང་བསྒོམ་བྱ་ལྷན་ཅིག་སྐྱེས་དང་སྦྱར༔ ཐལ་སྦྱར་གུས་འདུད་དང་པོ་སྐྱབས་འགྲོ་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ རང་བྱུང་རིག་པ་སངས་རྒྱས་ཆོས་ཀྱི་སྐུ༔ གསལ་དྭངས་ལོངས་སྐུ་ཆགས་བྲལ་དམ་པའི་ཆོས༔ སྣ་ཚོགས་རང་གྲོལ་སྤྲུལ་སྐུ་དགེ་འདུན་ལ༔ རང་ཤར་རང་གྲོལ་དོན་དམ་སྐྱབས་སུ་མཆི༔ རྩེ་གཅིག་གདུང་སེམས་གཉིས་པ་སེམས་བསྐྱེད་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་པ་རང་ཤར་གསལ་བའི་འོད་པོ་ཆེ༔ རང་ཤར་ཀུན་ཁྱབ་བདེ་ཆེན་བརྩེ་བའི་སེམས༔ མ་བཅོས་ལྷུན་གྲུབ་གཉུག་མ་དོན་གྱི་ལྷ༔ མཆོག་ཏུ་མི་འགྱུར་བདེ་ཆེན་སེམས་བསྐྱེད་དོ༔ རྨི་ལམ་སྒྱུ་འདྲར་གསུམ་པ་ཚོགས་གསག་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སྣང་སེམས་གཉིས་སུ་མེད་པ་ལ༔ སྒྱུ་མ་ལྟ་བུས་སྤྱན་འདྲེན་གཤེགས༔ འཕོ་དང་འགྱུར་བ་མེད་མོད་ཀྱང༔ ལྷུན་གྲུབ་ངོ་ཤེས་ཚུལ་གྱིས་བཞུགས༔ ཡུལ་དང་ཤེས་པ་གཉིས་མེད་ཀྱང༔ རྟོག་འཛིན་དག་ཕྱིར་ཕྱག་འཚལ་ལོ༔ ལོངས་སྤྱོད་རོལ་པ་མི་དམིགས་ཀྱང༔ ནམ་མཁའ་མཛོད་ལྟར་མཆོད་པ་འབུལ༔ གཤིས་ལ་སྡིག་སྒྲིབ་མེད་མོད་ཀྱང༔ གློ་བུར་དྲི་མ་བཤགས་པར་བགྱི༔ རང་རིག་དུས་གསུམ་འགྱུར་མེད་ཀྱང༔ རང་རྩལ་སྣང་ལ་རྗེས་ཡི་རང༔ རྟག་ཏུ་ངེས་པ་ལྟར་བཞུགས་ཏེ༔ རིག་རྩལ་ཆོས་འཁོར་བསྐོར་དུ་གསོལ༔ ཇི་ལྟར་སྣང་ཡང་ཆོས་ཀྱི་སྐུ༔ སྐྱེ་འཆི་མེད་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་པ་མེད་པ་ཡི༔ དོན་དམ་འགྱུར་མེད་ཀློང་དུ་བསྔོ༔ རྣམ་ཤེས་འཁོར་བ་གདོད་མེད་ཀྱང༔ ཡེ་ཤེས་རྟག་རྒྱུན་སྨིན་བྱེད་ཤོག༔ དེ་ནི་ཡེ་ཤེས་ཞིང་ཁམས་སུ༔ རྣམ་དག་ཡེ་ཤེས་ཚོགས་བསགས་པའོ༔ གཡོ་མེད་རིག་པ་རྩལ་སྦྱང་ཕྱིར༔ ཚད་མེད་བཞི་རྫོགས་བསྒོམ་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སྐལ་ལྡན་སྙིང་གི་ཐིག་ལེ་ལས༔ འོད་ཟེར་དཀར་པོས་སྟོང་གསུམ་ཁྱབ༔ འགྲོ་ཀུན་ཕ་མར་ཤེས་པ་ལས༔ འོད་ཀྱིས་ཐམས་ཅད་སྨིན་བྱས་པས༔ སྣང་ལ་རང་བཞིན་མེད་པ་ཡི༔ བྱམས་ཆེན་མེ་ལོང་ཡེ་ཤེས་སུ༔ ཡེ་ནས་ཡིན་པས་དོན་ལ་བལྟ༔ འོད་ཟེར་སེར་པོས་ཀུན་ཏུ་ཁྱབ༔ སྡུག་བསྔལ་གྱུར་པའི་སེམས་ཅན་ལ༔ ཁྱབ་པའི་སྙིང་རྗེ་མཉམ་ཉིད་གསལ༔ དམར་འཇམ་འོད་ཀྱིས་ཁྱབ་ཅིང་གདལ༔ ཀུན་ཁྱབ་བདེ་བ་ཆེན་པོ་ཡི༔ དགའ་བ་ཀུན་རྟོག་ཡེ་ཤེས་གསལ༔ ལྗང་གསལ་འོད་ཀྱིས་ཁྱབ་བྱས་པས༔ ཆོས་སྐུའི་ཡེ་ཤེས་ཆགས་སྡང་བྲལ༔ བཏང་སྙོམས་བྱ་གྲུབ་ཡེ་ཤེས་བསྒོམ༔ དེ་ནི་རྣམ་ཤེས་ཞིང་ཡུལ་དུ༔ རྣམ་དག་ཡེ་ཤེས་ཚོགས་བསགས་པའོ༔ རང་རིག་ཡེ་ཤེས་བླ་མའི་ཐུགས་དཀྱིལ་དུ༔ རྩེ་གཅིག་གདུང་ཤུགས་བཞི་པ་གསོལ་འདེབས་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སྤྲོས་བྲལ་དོན་དམ་བདེ་ཆེན་ཆོས་ཀྱི་སྐུ༔ ཀུན་ཁྱབ་འོད་གསལ་རང་བྱུང་རིག་པའི་ལྷ༔ དྲན་རྟོག་བླ་མ་པདྨ་བདེ་ཆེན་རྩལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ནས་རང་དང་གཉིས་སུ་མེད་པ་ལ༔ ཡེ་ཤེས་རང་ཞལ་རང་ལ་སྟོན་ཅིང་བཞུགས༔ གདོད་ནས་རིག་པའི་རང་རྩལ་འགྱུར་མེད་ཅིང༔ དུས་གསུམ་མི་གཡོ་ཆེ་མཆོག་སྐུ་གསུང་ཐུགས༔ ལྷུན་གྲུབ་རང་གནས་སྟོང་གསལ་འོད་པོ་ཆེ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཐོབ་པར་བཞག༔ དེ་ནི་དབང་དང་དངོས་གྲུབ་བླང་བ་འོ༔ རིག་པ་རང་ངོ་ཤེས་པ་དང༔ བརྡའ་དང་དོན་སྤྲད་ལྔ་པ་ནི༔ ལོག་རྟོག་རྟོག་པའི་བགེགས་ཆེན་ལ༔ མི་རྟོག་ཡེ་ཤེས་བཀའ་བསྩལ་བསྒོ༔ ཧཱུྃ་ཧྲཱི༔ ལྷུན་གྱིས་གྲུབ་པའི་རིག་པ་ལ༔ ལྷ་དང་འདྲེ་བགེགས་མིང་ཙམ་མེད༔ ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི༔ འོད་ཀྱིས་མ་རིག་མུན་པ་བཅོམ༔ བཀའ་ནི་ཀུན་བཟང་དོན་གྱི་བཀའ༔ ལོག་རྟོག་འཁྲུལ་པ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ འདྲེ་བགེགས་མེད་པའི་དོན་ལ་བལྟ༔ དེས་ནི་འཁོར་བ་རྩད་ནས་འཇིག༔ དེ་ལྟར་རྟོགས་པའི་གདེངས་རྙེད་ནས༔ དྲུག་པ་འདའ་དཀའ་རྡོ་རྗེའི་མཚམས༔ ཧཱུྃ་ཧྲཱི༔ འཁོར་འདས་མིང་ཙམ་མེད་པས་ན༔ མྱ་ངན་འདས་པ་ཀུན་ཏུ་ཁྱབ༔ ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ༔ འཁྲུལ་རྟོག་བག་ཆགས་སྲུང་མཚམས་གཅོད༔ བཛྲ་རཀྵ་རཀྵ་ཧཱུྃ༔ སྙིང་པོ་བྱང་ཆུབ་ཐིག་ལེའི་ངང༔ དུས་གསུམ་སྐྱེ་འཇིག་མེད་པར་བཞུགས༔ འཁྲུལ་མེད་དག་པའི་ཡེ་ཤེས་ལ༔ བདུན་པ་སྒོ་བཅད་དབྱེར་མེད་ཕྱེ༔ ཧཱུྃ་ཧྲཱི༔ ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ༔ འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་བྲལ༔ རང་ཤར་རང་ངོ་ཤེས་པ་ཡིས༔ ཀློང་ཡངས་ཞིང་ཁམས་སྒོ་ཕྱེ་འོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ རང་ངོ་ཤེས་པའི་རིག་པ་ལ༔ རང་གི་ཤེས་པ་ལྷན་གྱིས་བཞག༔ མ་འགག་གསལ་བ་ཡེ་ཤེས་བརྡའ༔ བརྒྱད་པ་དོན་དུ་བརྡ་ཕྱག་ནི༔ ཧཱུྃ་ཧྲཱི༔ ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ༔ ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང༔ རྟག་ཆད་བྲལ་བ་དོན་གྱི་མཆོག༔ རང་ངོ་ཤེས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨ་ལ་ལ་ཧོ༔ ཡང་དག་ཡེ་ཤེས་དོན་གྱི་ལྷ༔ འགྱུར་མེད་རིག་པ་དང་མཉམ་སྦྱོར༔ དགུ་པ་དམ་ཚིག་གཟུང་བྱ་བ༔ ཧཱུྃ་ཧྲཱི༔ འཆར་དང་ནུབ་པ་མེད་པ་ལ༔ སྤང་བླང་བྱས་པས་གོལ་སར་ལྷུང༔ རེ་དོགས་བྲལ་བའི་བྱང་ཆུབ་སེམས༔ སྲོག་གི་ཐིག་ལེ་བཟུང་བར་བགྱིའོ༔ ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔ མི་འགྱུར་ཀུན་ཏུ་འཕྲོ་བ་ཡི༔ མཆོག་གི་ཐིག་ལེ་ཉིད་ལ་བརྟགས༔ ཆོས་དབྱིངས་སྤྲོ་བསྡུ་མེད་པ་ལ༔ བཅུ་པ་རྩལ་ཆེན་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས༔ བྱིན་རླབས་ཡེ་ཤེས་རྨད་པོ་ཆེ༔ སྤྲོ་བསྡུ་མེད་པའི་ངང་ཉིད་ལས༔ ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ བྱིན་ནི་སྐྱེ་བ་མེད་པ་ལ༔ རླབས་ནི་འགག་པ་མེད་པར་བལྟ༔ འོད་གསལ་ལྷུན་གྲུབ་ལོངས་སྤྱོད་ལ༔ བཅུ་གཅིག་རིག་རྩལ་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སྣང་དུ་རུང་བའི་ཆོས་རྣམས་ཀུན༔ ཡོན་ཏན་ལོངས་སྤྱོད་རོལ་པར་ཤར༔ སྤྲོ་བསྡུ་བྲལ་བའི་ཡེ་ཤེས་ཆེ༔ ཆོས་ཉིད་མངོན་སུམ་མཆོད་པར་བརླབ༔ སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ༔ རང་བྱུང་རང་ལ་ཤར་བ་ཡི༔ ཀ་དག་ལྷུན་གྲུབ་དོན་ལ་སྦྱར༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་ལ༔ བཅུ་གཉིས་རྣམ་དག་བྱིན་རླབས་ནི༔ ཧཱུྃ་ཧྲཱི༔ གདོད་ནས་དག་ཅིང་དྲི་མ་མེད༔ སྦྱང་དང་སྤེལ་དུ་མེད་མོད་ཀྱང༔ རང་ངོ་ཤེས་པའི་ཡིད་ཆེས་ཀྱི༔ སྔོན་འགྲོའི་ཐིག་ལེ་རང་བྱིན་བརླབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་བ་ལིན་ཏ་རཀྟ་ག་ཎ་ཙཀྲ་བྷོ་དྷི་ཙིཏྟ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཐམས་ཅད་ཡེ་ཤེས་ཆོ་འཕྲུལ་དུ༔ ཁྱབ་གདལ་འོད་ཀྱི་ཐིག་ལེར་བལྟ༔ འཁྲུལ་རྟོག་སྐྱེ་མེད་དོན་ཤེས་ནས༔ བཅུ་གསུམ་པ་ནི་ཀློང་བཤགས་བྱ༔ ཧཱུྃ་ཧྲཱི༔ གློ་བུར་ཤར་བ་རིག་པའི་རྩལ༔ ཐམས་ཅད་ངོ་བོ་ཉིད་ཀྱི་ངང༔ སྐྱེ་འགག་གཉིས་སུ་མེད་པའི་ཕྱིར༔ རྟག་ཆད་མཐར་འཛིན་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡཱ༔ བཛྲ་སཏྭ་ཨཱ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིརྻ་ཀ༔ ནེ་ཝེ་ཤ༔ དེ་ཝ་ཨ་ལི་བི་ཤུདྡྷེ་དག་ཤ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭ་ཧཱ༔ འཁོར་གསུམ་དྲི་མ་མེད་པ་ཡི༔ ཡེ་ཤེས་ཐིག་ལེར་ལྷན་གྱིས་བཞག༔ སྔོན་འགྲོའི་ལམ་བཅུ་གསུམ་གྱི་ཁྲིགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀུན་བཟང་ཡེ་ཤེས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དངོས་གཞིའི་བསྐྱེད་རྫོགས་ཏིང་འཛིན་ཆོ་འཕྲུལ་གྱི༔ རྣལ་འབྱོར་རིམ་པ་རྒྱས་པར་བསྟན་པ་ལ༔ དང་པོ་ཆོས་སྐུའི་ཡེ་ཤེས་བསྒོམ་བྱ་བ༔ ཧཱུྃ༔ ཆོས་རྣམས་ཡེ་ནས་སྨྲ་བསམ་བརྗོད་ལས་འདས༔ མཉམ་ཉིད་ཐིག་ལེ་ཀུན་ཏུ་ཁྱབ་ཅིང་གདལ༔ གསལ་འཚེར་དྭངས་མ་ཀུན་བཟང་ཆོས་ཀྱི་སྐུ༔ རང་རིག་རྒྱལ་པོ་བཅོས་བསླད་བྲལ་བར་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ལོངས་སྐུ་ཀུན་སྣང་ཏིང་འཛིན་ནི༔ ཨཱ༔ ཅིར་ཡང་ཀུན་ཏུ་མ་འགགས་སྣང་བ་ནི༔ མཁའ་དང་མཉམ་པའི་འགྲོ་ལ་བརྩེ་བ་ཡི༔ སྒྱུ་མ་ལྟ་བུའི་སེམས་ཉིད་ལོངས་སྤྱོད་རྫོགས༔ འོད་ལྔ་གསལ་བའི་ཡེ་ཤེས་སྙིང་རྗེར་ཤར༔ ཨཱཿདྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གསུམ་པ་སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ནི༔ ཨོཾ༔ སྟོང་པ་དང་ནི་སྙིང་རྗེ་གཉིས་སུ་མེད༔ འཁོར་བ་མྱང་འདས་སྤྲོས་པའི་མཐའ་དང་བྲལ༔ སྣང་སྟོང་ཤེས་རིག་རྒྱལ་པོ་རྡོ་རྗེ་སེམས༔ སྒྱུ་འཕྲུལ་འོད་ལྔའི་ཕུང་པོ་ཧྲཱིཿརུ་འབར༔ ཧཱུྃ་བཛྲ་ཙིཏྟ་ཧྲཱི༔ བཞི་པ་ཡེ་ཤེས་འོད་ལྔའི་འབྱུང་རིམ་ནི༔ ཧཱུྃ་ཧྲཱི༔ ནམ་མཁའ་ཀློང་ཡངས་ཆོས་དབྱིངས་ཡེ་ཤེས་ངང༔ མཐིང་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་ཁྱབ༔ རླུང་ཆེན་རྒྱ་གྲམ་བྱ་གྲུབ་ཡེ་ཤེས་ངང༔ ལྗང་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་གང༔ ཆུ་ཆེན་ཟླུམ་པོ་མེ་ལོང་ཡེ་ཤེས་ངང༔ དཀར་གསལ་དྭངས་མ་འོད་ཀྱིས་མ་ལུས་ཁྱབ༔ ས་ཆེན་གྲུ་བཞི་མཉམ་ཉིད་ཡེ་ཤེས་ངང༔ སེར་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་ཁྱབ༔ མེ་ཆེན་གྲུ་གསུམ་ཀུན་རྟོག་ཡེ་ཤེས་ངང༔ དམར་གསལ་འཁྲུགས་པའི་འོད་ཀྱིས་ཀུན་ནས་དཀྲིགས༔ ཨེ་ཡཾ་བཾ་ལཾ་རཾ༔ མཎྜལ་ཧཱུྃ༔ ལྔ་པ་ལྷུན་གྲུབ་གཞལ་ཡས་བསྐྱེད་བྱ་བ༔ ཧཱུྃ་ཧྲཱི༔ འབྱུང་ལྔ་ཡེ་ཤེས་མ་འདྲེས་འོད་ཀྱི་དཀྱིལ༔ འགྱུར་མེད་རྡོ་རྗེ་བྲག་རི་བརྩེགས་པའི་སྟེང༔ ཆགས་མེད་པད་ཉི་འོད་ཀྱི་དཀྱིལ་འཁོར་གསལ༔ བཛྲ་པདྨ་སཱུརྱ་མཎྜ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ སྟོང་གསལ་འོད་ལྔ་འདུས་པའི་གུར་ནང་ན༔ སྣང་བ་སྒོ་འབྱེད་ཀུན་བཟང་ཕོ་བྲང་མཛེས༔ འོད་ལྔའི་རྩིག་པ་གྲུ་ཆད་བར་ཁྱམས་གདལ༔ གྲུ་བཞི་སྒོ་བཞི་རྟ་བབས་ཀ་བ་དང༔ ཀ་ཞུ་ཐོག་ཕུབ་རྒྱན་ཕྲེང་དྲྭ་བར་ལྡན༔ བུམ་བཟང་གདུགས་དང་རྒྱལ་མཚན་ཏོག་གིས་མཛེས༔ ཁྲུས་ཀྱི་རྫིས་བུ་དཔག་བསམ་ལྗོན་པའི་ཚལ༔ གླུ་དབྱངས་ཚིགས་བཅད་སྙན་པའི་སྒྲ་སྒྲོག་ཅིང༔ བཅུ་དྲུག་ལྷ་མོ་མཛེས་པའི་ཚོགས་ཀྱིས་གང༔ དེ་དབུས་འདབ་བརྒྱད་གེ་སར་པདྨ་དང༔ ཉི་ཟླ་འོད་འབར་ལྟེ་དབུས་རྨ་བྱའི་ཁྲི༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ རང་བྱུང་རིག་པ་འོད་ཀྱི་ཕུང་པོར་གསལ༔ བྱང་ཆུབ་སེམས་ལས་ཀུན་འབྱུང་རྫོགས་པ་ཆེ༔ སྣང་སྲིད་དག་པ་ཡེ་ཤེས་ལྷུན་གྱིས་གྲུབ༔ བྷྲཱུྃ་བྷི་ཤྭ་བྷི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དྲུག་པ་རང་རིག་དོན་གྱི་ལྷ་བསྐྱེད་ནི༔ ཧཱུྃ་ཧྲཱི༔ སྒྱུ་འཕྲུལ་ཡེ་ཤེས་ཀ་དག་དཀྱིལ་འཁོར་ནས༔ ལྷུན་གྲུབ་ཡེ་ཤེས་འོད་གསལ་ཡི་གེ་ཧྲཱི༔ རང་བྱུང་ཡེ་ཤེས་གདན་སྟེང་ཐིག་ལེ་ལ༔ ཐིམ་པས་ཡེ་ཤེས་ལྷ་རྣམས་གསལ་བར་བསྐྱེད༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་ཐོག་མའི་མགོན་པོ་ནི༔ ཀུན་བཟང་སྣང་བ་མཐའ་ཡས་ཚེ་དཔག་མེད༔ དམར་པོ་ཞལ་གསུམ་ཕྱག་དྲུག་ཆགས་པའི་ཉམས༔ ཞི་ཞིང་འཛུམ་དང་ཁྲོ་གཏུམ་གཡས་གཡོན་ཞལ༔ ཉི་མ་ཟླ་བ་ནམ་མཁའི་ངང་ཚུལ་ཅན༔ སྤྱན་གསུམ་ཞི་དང་ཁྲོ་གཏུམ་རྣམ་པར་སྤེལ༔ དབུ་སྐྲ་གཙུག་ཏོར་མཐིང་ཤུན་ལྟ་བུར་མཛེས༔ དང་པོ་མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ གཉིས་པ་གྲི་གུག་ཐོད་ཁྲག་ཕྱར་བའི་ཚུལ༔ ཐ་མ་པད་ཕྲེང་པདྨ་དམར་པོ་བསྣམས༔ གོས་དཀར་ཡུམ་ཆེན་པདྨ་རཱ་གའི་མདོག༔ པདྨའི་སྐྱིལ་ཀྲུང་གྲི་གུག་ཐོད་ཁྲག་བསྣམས༔ ཕྱོགས་བཞིར་རིགས་བཞི་སྣང་མཐའ་ཚེ་དཔག་མེད༔ གཙོ་བོ་དང་མཚུངས་ཡེ་ཤེས་གྲུབ་ཕྱིར་སྣང༔ ཡེ་ཤེས་སྒྱུ་མ་རིགས་བདག་གཙུག་ན་མཛེས༔ བདེ་ཆེན་སྒྱུ་མ་མཉམ་སྦྱོར་བདེ་བས་གང༔ སྣང་སྟོང་སྒྱུ་མ་རྡོ་རྗེ་སྐྱིལ་ཀྲུང་ཅན༔ དྭངས་མ་འོད་ལྔ་འཁྱིལ་བའི་ཀློང་དཀྱིལ་ན༔ མཚན་དང་དཔེ་བྱད་ས་ལམ་ཡོངས་སུ་རྫོགས༔ ལྟ་བས་མི་ངོམས་ལྷམ་མེ་ལྷན་ནེར་བཞུགས༔ དེ་ཉིད་ཐུགས་ཀར་འདབ་བརྒྱད་པདྨའི་དབུས༔ རང་འདྲའི་ཡེ་ཤེས་མགོན་པོ་ཚེ་དཔག་མེད༔ འོད་ལྔའི་དཀྱིལ་ན་སྐུ་ལྔའི་ངོ་བོར་བཞུགས༔ མདངས་ལྔའི་འོད་ཀྱིས་སྐུ་ཡི་གནས་ཀུན་གང༔ ཐིག་ལེ་ལྔ་ལྡན་ཀུན་ཏུ་ལྷང་ངེར་གསལ༔ དེ་ཡི་ཐུགས་ཀར་གསེར་གྱི་རྡོ་རྗེ་ནི༔ འོད་ལྔ་ཀུན་འཕྲོ་སྐུ་ལྔ་ཡེ་ཤེས་ལྔ༔ རང་གསལ་ཡོངས་རྫོགས་བུམ་པར་ཉི་ཟླའི་དབུས༔ ཧྲཱིཿདམར་དྭངས་མ་མར་མེའི་མདོག་ལྟར་གསལ༔ གནས་གསུམ་འཁོར་ལོ་པདྨ་རྒྱ་གྲམ་གྱི༔ ལྟེ་བར་གསང་སྔགས་རྒྱལ་པོ་ཨོཾ་ཨཱཿཧཱུྃ༔ མཁའ་གསང་རྡོ་རྗེ་པདྨ་བདེ་སྟོང་གི༔ ཡེ་ཤེས་ལྷུན་གྲུབ་ཟག་མེད་བདག་རྒྱུད་གང༔ སྣང་སྲིད་བདེ་བ་ཆེན་པོར་བྱིན་གྱིས་བརླབས༔ ཧྲཱི༔ གཙོ་བདག་ཐུགས་ཀྱི་ཧྲཱིཿལས་འོད་འཕྲོས་པས༔ སྟོང་གསུམ་འོད་ཀྱི་ཆོ་འཕྲུལ་འགྲོ་དོན་མཛད༔ སླར་འདུས་འདབ་བརྒྱད་པདྨ་ཉི་ཟླའི་སྟེང༔ འདུ་འཕྲོ་འབར་ཞིང་འཕྲོ་འདུས་ཞུ་བ་ལས༔ གུ་རུ་པདྨ་ཡེ་ཤེས་ཚེ་དཔག་མེད༔ པདྨ་འབྱུང་གནས་པདྨ་སཾ་བྷ་ཝ༔ བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་རྩལ༔ ཉི་མ་འོད་ཟེར་ཤཱཀྱ་སེངྒེ་དང༔ སེངྒེ་སྒྲ་སྒྲོག་རྡོ་རྗེ་གྲོ་ལོད་རྩལ༔ ཀུན་ཀྱང་པདྨ་རཱ་གའི་སྐུ་མདོག་འཛིན༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་དཔག་བསམ་བརྒྱན༔ དེ་སྟེང་ཐོད་པ་ཚེ་ཡི་བདུད་རྩིས་གང༔ དབང་གི་ཐོར་ཚུགས་མཐོ་ཞིང་དར་དམར་བརྒྱན༔ དར་དམར་ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་མཛེས༔ འོད་ལྔའི་རྒྱབ་ཡོལ་འཛུམ་ཞལ་གཟི་བརྗིད་འབར༔ རང་འོད་ཡུམ་བཅས་གྲི་ཐོད་བུམ་པ་འཛིན༔ སྒྲུབ་མཆོག་ཀུན་ལ་བུ་བཞིན་གཟིགས་པར་མཛད༔ འཁོར་དུ་ལྷ་དང་རིག་འཛིན་མཁའ་འགྲོས་བསྐོར༔ གྲུ་ཆད་བར་ཁྱམས་མཚམས་ཀྱི་གྲུ་བཞི་ལ༔ སྒེག་མོ་ཕྲེང་ལྡན་གླུ་དང་གར་མཁན་མཛེས༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ གཡོན་པས་ཚེ་བུམ་གཡས་པས་རང་རྟགས་འཛིན༔ དར་དང་རིན་ཆེན་འཇོ་སྒེག་ཉམས་དང་ལྡན༔ བར་ཁྱམས་བདུད་བཞིའི་དཔུང་འཇོམས་ཁྲོ་བཅུའི་ཚོགས༔ མདའ་གཞུ་འབར་བས་དགའ་རབ་དབང་ཕྱུག་དང༔ བེ་ཅོན་འཆང་བའི་སྡེ་ཚོགས་སྙིང་ནང་འདེབས༔ ཁྲོས་པའི་ཞལ་མདོག་བསྐལ་པའི་མེ་ལྟར་འབར༔ དུར་ཁྲོད་རིན་ཆེན་རུས་པའི་རྒྱན་གྱིས་མཛེས༔ བརྐྱང་བསྐུམ་ཞབས་ཀྱིས་ཕྱོགས་སྐྱོང་ཕོ་མོ་གནོན༔ སྤྲུལ་པའི་ཁྲོ་ཚོགས་ཕྱོགས་བཅུའི་འཇིག་རྟེན་འགེངས༔ ཧ་ཧའི་གད་མོ་ཧཱུྃ་ཧཱུྃ་ང་རོ་སྒྲོག༔ སྒོ་བཞིར་ཉོན་མོངས་འཆི་བདག་ཕུང་པོ་དང༔ ལྷ་བུ་གཞོན་ནུའི་སྟེང་བཞུགས་རྟ་མཆོག་དཔལ༔ རིགས་བཞིའི་རྟ་མཆོག་དཀར་སེར་དམར་དང་ལྗང༔ ཕྱག་གཡས་འཁོར་ལོ་རིན་ཆེན་པདྨ་དང༔ རྒྱ་གྲམ་དབྱུག་ཐོ་གཡོན་པ་ཐམས་ཅད་དུ༔ ཚེ་བུམ་བདུད་རྩིས་ཡོངས་གང་དཔག་བསམ་ཤིང༔ མེ་ཏོག་འབྲས་ལྡན་དགོས་འདོད་རིན་ཆེན་འབེབ༔ དུར་ཁྲོད་རུས་རྒྱན་རྔམ་སྟབས་མེ་ཀློང་ན༔ དཔའ་བོ་ཆེན་པོ་འབར་བའི་ཚོགས་ཀྱིས་བསྐོར༔ རི་རབ་གླིང་དང་རྒྱ་མཚོ་འཁྲུགས་པའི་སྟོབས༔ ཀུན་ཏུ་མེ་ཡི་དཀྱིལ་ན་སྲུང་མཚམས་ཀྱི༔ ལས་མཛད་འཇིགས་བྱེད་ཆེན་པོའི་ཚུལ་གྱིས་བཞུགས༔ གཞལ་ཡས་ཕྱི་རོལ་པདྨའི་ཟེའུ་འབྲུ་ལ༔ ལྷ་དང་རིག་འཛིན་མཁའ་འགྲོ་བསམ་མི་ཁྱབ༔ ཚེ་དང་ལས་དང་ཆོས་ཀྱི་དངོས་གྲུབ་སྟེར༔ སྤྲིན་ཕུང་སྟུག་པོ་ཀུན་ནས་འཁྲིགས་པ་ལྟར༔ སྣང་སྟོང་མ་འགགས་ལྷ་སྐུ་ཕྱག་མཚན་བཅས༔ གསལ་སྟོང་མ་འདྲེས་ཆུ་ཟླ་མེ་ལོང་གཟུགས༔ བདེ་སྟོང་རོ་མཉམ་དབྱིངས་རིག་གཉིས་མེད་ལྷ༔ རིག་སྟོང་ལྷུན་གྲུབ་ཐིག་ལེ་གཅིག་གི་ངང༔ ཐམས་ཅད་མཉམ་ཉིད་དག་པའི་སྐུ་རུ་བཞུགས༔ སརྦ་དྷེ་ཝ་མཎྜ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུན་པ་དབང་བསྐུར་ཆོ་འཕྲུལ་བྱ་བ་ནི༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་ལྡན་རང་རིག་སྐུ་གསུང་ཐུགས༔ སྣང་སྲིད་དབང་སྒྱུར་འཁོར་བ་རྣམ་པར་དག༔ བཟང་ངན་རྟོག་པའི་དྲི་མ་སྦྱང་བའི་ཕྱིར༔ རང་བྱུང་ཡེ་ཤེས་རང་དབང་ཐོབ་པར་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱད་པ་གོ་ཆ་གདབ་པ་ནི༔ ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་རྡོ་རྗེ་འཆང༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ སྒྲ་འོད་ཟེར་གྱི་ཆོ་འཕྲུལ་གྱིས༔ བྱིན་རླབས་གོ་ཆ་ཆེན་པོ་བགོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཧྲཱི༔ དམ་ཚིག་དཀྱིལ་འཁོར་རང་གནས་ཀྱི༔ ཡེ་ཤེས་རང་གསལ་བསྐྱེད་པ་འོ༔ དགུ་པ་ཡེ་ཤེས་རང་གནས་དྲང་བའི་ཕྱིར༔ ཧཱུྃ་ཧྲཱི༔ ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ༔ ཀུན་མཁྱེན་ཀུན་རིག་ཀུན་ཏུ་བཟང༔ ཀུན་གསལ་པདྨ་ཚེ་དཔག་མེད༔ རང་རྩལ་རྫོགས་ཕྱིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ་ཛ༔ བཅུ་པ་གཉིས་མེད་བརྟན་བཞུགས་ནི༔ ཧཱུྃ་ཧྲཱི༔ མངོན་སུམ་འཕོ་འགྱུར་འདུ་འབྲལ་མེད༔ ཉམས་སྣང་གོང་དུ་འཕེལ་བའི་ཕྱིར༔ རིག་པ་རང་གསལ་དྭངས་མ་ལྔ༔ ཆོས་ཉིད་ཟད་མཐར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན་མ་ཧཱ་བཛྲ༔ དོན་དམ་ཡེ་ཤེས་ལྷ་སྒྲུབ་པའི༔ རིམ་པ་རྫོགས་པར་བསྟན་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་རིག་པ་དོན་གྱི་ལྷ༔ རྒྱུན་ཆད་མེད་པར་མཆོད་པའི་ཕྱིར༔ སྤྲུལ་དང་མིག་ཡོར་ཚུལ་གྱིས་ནི༔ མཆོད་པའི་དངོས་པོ་ཕྱག་འཚལ་བ༔ ཧཱུྃ་ཧྲཱི༔ རང་དང་གཉིས་མེད་ཡེ་ཤེས་ལ༔ འདུ་དང་འབྲལ་བ་ཡོངས་ཀྱི་མེད༔ རང་རིག་ཐིག་ལེ་ཆེན་པོའི་ངང༔ ཙིཏྟ་འོད་ཀྱི་གཞལ་ཡས་སུ༔ རང་ཞལ་མཇལ་ལ་རྟག་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མོ་པུ་རུ་ཤ་ཨ་ལ་ལ་ཧོ༔ གཉིས་པ་ཕྱག་རྒྱ་གར་མཆོད་ནི༔ ཧཱུྃ་ཧྲཱི༔ ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་དུ༔ ཐིག་ལེ་སྟོང་སྒྲོན་ཡངས་པ་ལ༔ རིག་པ་དབྱིངས་སྒྲོན་ལུ་གུ་རྒྱུད༔ སྐུ་དང་ཐིག་ལེ་མཆོད་པ་འབུལ༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ གསུམ་པ་གླུ་བྲོའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ དགའ་བཞི་ཡེ་ཤེས་བཞི་དང་ལྡན༔ ཆོས་དབྱངས་ནཱ་ད་གཞོམ་མེད་སྒྲ༔ འདུ་འབྲལ་མེད་པའི་མཆོད་པ་འབུལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ ཏེ་ཏེ་ཏེ་ཏེ་ཧཱུྃ༔ བཞི་པ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ སྙིང་ནང་སྒྲོན་མ་འོད་དུ་འཁྱིལ༔ རང་བྱུང་འོད་ཀྱིས་ཕྱི་ནང་ཁྱབ༔ མཁའ་གསལ་རྡོ་རྗེ་འོད་ཕུང་ཅན༔ སྣང་བཞི་རྒྱས་པའི་མཆོད་པ་འབུལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་བཛྲ་པུཥྤེ་པུ༔ དྷཱུ་པེ་དྷཱུ༔ ཨཱ་ལོ་ཀེ་ཨཱ༔ གནྡྷེ་གན༔ ནཻ་ཝི་ཏཻ་ན༔ ཤབྡ་ཤ༔ ལྔ་པ་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རྩ་ཁམས་རླུང་གི་དྭངས་མ་ལས་བྱུང་བའི༔ ཡེ་ཤེས་ཆེན་པོ་མཆོག་གི་ཐིག་ལེ་གསལ༔ གཟུགས་སྒྲ་དྲི་རོ་རེག་བྱ་འོད་ཕུང་འཁྱིལ༔ ཀུན་ཏུ་བཟང་པོ་རོལ་པའི་མཆོད་པ་བཞེས༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ དྲུག་པ་དུག་ལྔ་རྣམ་དག་མཆོད་པ་ནི༔ ཧཱུྃ་ཧྲཱི༔ གཏི་མུག་འོད་དཀར་ང་རྒྱལ་སེར་པོའི་འོད༔ འདོད་ཆགས་དམར་པོ་ཕྲག་དོག་ལྗང་ཁུར་གསལ༔ མཐིང་གསལ་དྭངས་མ་ཆོས་དབྱིངས་ཡེ་ཤེས་ངང༔ དུག་ལྔ་རང་གྲོལ་ཐིག་ལེའི་མཆོད་པ་འབུལ༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བདུན་པ་དུག་གསུམ་རྣམ་དག་གི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སྣང་བ་འོད་ཀྱི་དཀྱིལ་འཁོར་སྐུ༔ སྒྲ་གྲགས་སྔགས་ཀྱི་ང་རོ་ཅན༔ ཐུགས་སྲོག་ཟེར་གྱི་འཕྲོ་འདུ་གསལ༔ དུག་གསུམ་དག་པའི་མཆོད་པ་བཞེས༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ བརྒྱད་པ་བདུད་རྩི་སྨན་མཆོད་ནི༔ ཧཱུྃ་ཧྲཱི༔ རང་བྱུང་ཐིག་ལེས་དུག་ལྔ་འཇོམས༔ སྐུ་དང་ཡེ་ཤེས་ལྔ་དང་ལྡན༔ སྣང་སྲིད་འོད་ལྔ་ལྷུན་གྱིས་གྲུབ༔ རླུང་ལྔ་དངས་མ་ལྔ་རུ་གྲོལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ་ཧྲཱི༔ ཀུན་གཞི་ཐིག་ལེ་ཆེན་པོ་ལ༔ སྤང་བླང་རྟོག་པ་ཀུན་ཏུ་བྲལ༔ ཐུན་མོང་མཆོག་གི་འོད་གསལ་བ༔ ལྔ་ལྡན་བདེ་བ་ཆེན་པོས་མཆོད༔ སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ་ཧྲཱི༔ སྟོང་འབྱམས་མ་ཡིན་དངོས་གྲུབ་ཆེ༔ སྣང་འབྱམས་མ་ཡིན་མཐའ་དང་བྲལ༔ གཉིས་མེད་ཟུང་འཇུག་རང་རིག་མཆོག༔ བདེ་ཆེན་བདེ་བའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧྲཱི༔ དགུ་པ་འདོད་ཡོན་གཏོར་མས་མཆོད༔ ཧཱུྃ་ཧྲཱི༔ སྣང་བ་སྟོང་པའི་སྣོད་ནང་དུ༔ རིག་པ་འོད་ལྔའི་གཏོར་མ་བཤམས༔ སྣང་སྲིད་ཡོངས་རྫོགས་འོད་ལྔའི་རྫས༔ རང་ཤར་རང་གྲོལ་མཆོད་པ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་རཀྟའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ འབྲལ་མེད་ཐིག་ལེ་འོད་པོ་ཆེ༔ སྤྱོད་ལམ་ཀུན་ཏུ་སྤང་དུ་མེད༔ རང་ཤར་རང་ངོ་ཤེས་པ་ཡི༔ ཆགས་པ་ཆེན་པོའི་མཆོད་པ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ བཅུ་གཅིག་པ་གསང་ནན་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ མངོན་སུམ་ཡེ་ཤེས་མཐོང་བ་ལ༔ ཡིད་ཆེས་གདེངས་རྙེད་ངོ་སྤྲོད་ཀྱིས༔ དུས་གསུམ་དུས་མེད་མཉམ་སྦྱོར་བ༔ གསང་བ་ནན་ཏན་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི༔ བཅུ་གཉིས་པ་སྦྱོར་མཆོད་ནི༔ ཧཱུྃ་ཧྲཱི༔ གློ་བུར་བྲལ་བའི་འོད་གསལ་བ༔ རིག་སྟོང་འོད་ལྔ་ཀུན་ཏུ་སྣང༔ ཉིན་དང་མཚན་དུ་མཉམ་སྦྱོར་བའི༔ འདུ་འབྲལ་མེད་པའི་མཆོད་པ་འབུལ༔ ཨོཾ་པདྨ་ཡོ་གི་ནཱི་ག་ན་པདྨ་པྲ་བེ་ཤ་ཡ་ཕཊ༔ བཅུ་གསུམ་པ་བསྒྲལ་མཆོད་ནི༔ ཧཱུྃ་ཧྲཱི༔ འཁྲུལ་སྣང་ཤེས་པ་ཐ་མལ་པ༔ ཇི་ལྟར་སྣང་བ་དངོས་པོའི་སྤྲིན༔ དངོས་མེད་ཐིག་ལེ་དྭངས་མའི་མཚོན༔ ཀུན་ཁྱབ་ཀུན་བསྒྲལ་མཆོད་པ་འབུལ༔ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་མཱ་ར་ཡ་ཕཊ༔ བཅུ་བཞི་པ་ནི་བསྟོད་པ་སྟེ༔ ཧཱུྃ་ཧྲཱི༔ རབ་འབྱམས་སྣང་ལ་འོད་གསལ་བ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འུར་ཏིང་སིལ་ཆོལ་གང་བུར་སྒྲར༔ གྲགས་པའི་གསུང་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མི་འགྱུར་ཐིག་ལེ་ཆེ༔ མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ རིག་པ་རང་རྩལ་ཀུན་ཏུ་སྣང༔ ཡོན་ཏན་རྒྱས་ལ་ཕྱག་འཚལ་བསྟོད༔ རྟོག་འདུལ་ཡེ་ཤེས་འོད་ལྔ་གསལ༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ བཅོ་ལྔ་པ་ནི་བཤགས་པ་བྱ༔ ཧཱུྃ་ཧྲཱི༔ སྡུག་བསྔལ་ཀུན་དང་གདོད་ནས་བྲལ༔ མ་རིག་ལོག་རྟོག་སྡུག་བསྔལ་བཅིང༔ རྣམ་སྣང་ཆོས་བདུན་འཁྲུལ་འཁོར་གྱིས༔ དུག་ལྔ་གློ་བུར་རང་སར་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ༔ བཛྲ་སཏྭ་ཨཱ༔ བཅོ་ལྔ་རིག་རྩལ་སྦྱང་བའི་ཕྱིར༔ ཀུན་བཟང་ཆོས་བདུན་དང་ལྡན་པས༔ རིག་པ་འབེན་ལ་གཏད་པའི་ཕྱིར༔ དང་པོ་འདྲ་འབག་ཉིད་ལ་བལྟ༔ སྣང་བ་ཉམས་འོག་ཚུད་པར་འགྱུར༔ རྒྱ་རྒྱ་རྒྱ༔ གཉིས་པ་ཡིད་ཡུལ་མིག་བཙུམ་བླང༔ མ་བཅོས་མ་བསླད་ལྷ་ཉིད་བསྒོམ༔ བསྐྱར་ཞིང་ཐུན་རེ་ཉིད་ལ་ནི༔ ལན་བདུན་སྦྱངས་ན་ལྷ་རུ་འཆར༔ རྒྱ་རྒྱ་རྒྱ༔ གསུམ་པ་ལྷ་དེ་སེམས་སུ་བརྟགས༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ ལྷ་དང་རྟོག་པ་དབྱེར་མེད་ཕྱིར༔ ཐམས་ཅད་སེམས་སུ་གྲོལ་བར་འགྱུར༔ རྒྱ་རྒྱ་རྒྱ༔ བཞི་པ་བོགས་སུ་དབྱུང་བ་ནི༔ རྟག་བརྟན་ཨ་འཐས་གྱུར་པ་ན༔ མེ་ལོང་གསལ་བ་མདུན་བཞག་ལ༔ དེ་ལ་སྐུ་འབག་བསྟན་ཅིང་བལྟ༔ རྒྱ་རྒྱ་རྒྱ༔ ལྔ་པ་གཅིག་ཏུ་གྱུར་པ་ནི༔ མེ་ལོང་ཉེར་ལྔར་སྐུ་ཡང་བསྟན༔ ཐམས་ཅད་སྣང་གསལ་རིག་པའི་སྐུ༔ ནམ་མཁའི་མཐའ་ཁྱབ་འཕེལ་བར་འགྱུར༔ རྒྱ་རྒྱ་རྒྱ༔ དྲུག་པ་ཐུན་གཅིག་སོར་མོ་གཅིག༔ དེ་ནས་ཐུན་རེ་བཞི་འགྱུར་ནས༔ མཐར་ནི་ནམ་མཁའི་མཐར་ཐུག་པ༔ གཅིག་གིས་ཡོངས་སུ་གང་བར་བསྒོམ༔ རྒྱ་རྒྱ་རྒྱ༔ བདུན་པ་དེ་ཉིད་ཐུན་རེ་ཡང༔ སྦྱར་ཞིང་བཞི་འགྱུར་ཉིད་དུ་འགྱུར༔ སླར་ནི་ཡུང་འབྲུའི་ཚད་ཙམ་གྱིས༔ འཁོར་འདས་ཀུན་ཁྱབ་ཀུན་བཟང་བསྒོམ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་རྣམ་དག་མཆོག་གི་ལམ༔ གདོད་ནས་འཁྲུལ་པ་མེད་པ་ལ༔ གློ་བུར་ལྷན་ཅིག་སྐྱེས་པའི་སེམས༔ སྣོད་བཅུད་ལྷར་གསལ་ཡེ་ཤེས་ཀྱིས༔ ཉི་ཤར་སྤྲིན་བཞིན་དག་པར་འགྱུར༔ རྒྱ་རྒྱ་རྒྱ༔ དགུ་པ་དེ་ཉིད་གསལ་བསྟན་ནས༔ སྣང་སྲིད་དེ་དག་བྱང་ཆུབ་སེམས༔ ཐིག་ལེ་ཟླུམ་པོའི་བདག་ཉིད་དོ༔ ལྷ་ཚོགས་ཅིར་སྣང་ཅིར་སྲིད་ཀྱང༔ ཐམས་ཅད་ཀུན་བཟང་རིག་པའི་ལྷ༔ མང་ཉུང་རྣམ་པ་གཅིག་ཉིད་དང༔ དུ་མའི་མཐའ་ལས་འདས་པར་བལྟ༔ དེས་ནི་སྐད་ཅིག་ཉིད་ལ་གྲོལ༔ ཅི་ཕྱིར་རང་གིས་རང་བཅིངས་པ༔ རང་གི་ཡེ་ཤེས་རང་ཤར་བས༔ རང་གྲོལ་ཉིད་དུ་མངོན་སངས་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་དྲུག་རྫོགས་རིམ་བསྒོམ་པའི་རིམ་པ་ནི༔ བསམ་བརྗོད་བྲལ་བའི་སེམས་ཉིད་ཀ་དག་དེ༔ མ་འགགས་ཝལ་ལེ་གསལ་བ་སངས་རྒྱས་དངོས༔ དེ་ལ་རྒྱུན་དུ་གནས་པ་ཐ་སྙད་ཀྱི༔ སྒོམ་དང་སྒྲུབ་པ་བྱ་རྒྱུ་མེད་པར་རྫོགས༔ ཅི་ཕྱིར་རང་རིག་ཆོས་སྐུར་དག་པ་ལ༔ སྐྱེ་ཤི་མེད་པས་ལས་དང་རྣམ་སྨིན་མེད༔ དེ་མེད་བསྐྱེད་དང་རྫོགས་པའང་ཅི་ཡང་མེད༔ འཁྲུལ་དང་གྲོལ་བའི་མིང་ཡང་དེ་ལ་མེད༔ མེད་པའི་དོན་ལ་མཉམ་པའི་རྒྱལ་པོར་བཞག༔ དྭངས་བས་ཐུན་གཅིག་བསྒོམས་ན་འཁོར་བ་འཇིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་བདེ་གཤེགས་ཀུན་གྱི་བྱང་ཆུབ་སེམས༔ ཡང་དག་སྙིང་པོ་འོད་ཀྱི་ཕུང་པོ་ཅན༔ ཡིན་ནི་གཅིག་ཡིན་ཁྱབ་ནི་ཀུན་ཏུ་ཁྱབ༔ གནས་ནི་རྟག་ཏུ་སྙིང་གི་དབུས་ན་འོ༔ གསལ་སྟོང་ཕྱོགས་བཅུར་དུས་གསུམ་ཀུན་དུ་གསལ༔ རང་ཉིད་རང་འོད་ཡིན་ཕྱིར་ངོ་ཤེེས་ན༔ སྐུ་དང་ཡེ་ཤེས་རྒྱལ་བའི་ཞིང་དུ་གྲོལ༔ མ་དག་ལས་ཀྱི་སྣང་བའི་སྐྱོན་དང་བྲལ༔ རང་འོད་མ་ཤེས་ལུས་དང་བག་ཆགས་ཀྱིས༔ སྣང་བའི་གོ་ཕྱེ་འཁྲུལ་པ་རྒྱ་བསྐྱེད་ནས༔ རང་གནས་ཡེ་ཤེས་རང་དང་མཇལ་མི་འགྱུར༔ དེ་ཕྱིར་ལུས་ནི་དྲང་སྲོང་ཙོག་པུ་དང༔ རླུང་ནི་དལ་བ་མིག་ནི་ཟིམ་བུས་བལྟ༔ མངོན་སུམ་ཡེ་ཤེས་མཐོང་བས་གྲོལ་བར་འགྱུར༔ རྒྱ་རྒྱ་རྒྱ༔ གསུམ་པ་བླང་དོར་མེད་པའི་འདུག་སྟངས་ཀྱིས༔ དྭངས་མའི་རླུང་བཅིང་ཐད་ཀའི་མིག་གིས་བལྟ༔ ཆོས་རྣམས་མངོན་སུམ་ཡེ་ཤེས་མཐོང་བ་ནི༔ གློ་བུར་དྲི་བྲལ་རང་རིག་སངས་རྒྱས་དངོས༔ མིག་ནི་དལ་བར་གཡས་གཡོན་མཛོད་སྤུར་གཅུན༔ ཉམས་སྣང་གོང་འཕེལ་ཐ་མལ་རྣམ་རྟོག་འགག༔ འོད་གསལ་དོན་གྱི་ཡེ་ཤེས་དེ་ཉིད་ངང༔ རྒྱུན་དུ་བརྟེན་པས་བསྐྱེད་རྫོགས་ལྷུན་གྱིས་གྲུབ༔ སྲིད་པ་ཐ་མལ་གྱུར་པ་ཉིད་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་སེངྒེ་རབ་ཏུ་འགྱིང་བ་ཡི༔ འདུག་སྟངས་སྟེང་འོག་འཇམ་དཔལ་ཡེ་ཤེས་རླུང༔ ཁ་སྦྱར་མིག་ནི་མཛོད་སྤུའི་སྟེང་ཐད་བལྟ༔ མ་བསྐྱེད་རྫོགས་པའི་སྐུ་གསུམ་ཡེ་ཤེས་ངང༔ ཐིག་ལེ་ཐིག་ཕྲན་ཟ་འོག་གུར་ཁྱིམ་དང༔ རེ་ལྡེ་མིག་མང་དར་ཚགས་རྩིབས་ཤར་དང༔ སྣང་བ་རྣམ་དག་ཡེ་ཤེས་སྣང་བ་འཕེལ༔ ཐ་མ་མིང་ཟད་ཡེ་ཤེས་རྒྱུན་ཆད་མེད༔ འདི་ཉིད་ཤེས་ན་སྐྱེ་བ་མེད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་སྙིང་པོའི་དོན་བཅུའི་གནད་ཀྱི་དོན༔ སྦས་པའི་ཏི་ཀ་སྐལ་ལྡན་སྙིང་གི་ནོར༔ འབྲས་བུ་ཀུན་གྱི་ཡང་བཅུད་དྭངས་མ་ཡིན༔ དེ་ཡི་དགོངས་པ་ཡང་དག་བསྟན་པ་ནི༔ ལུས་གནད་བཅུན་པས་རིག་པ་ཡུལ་དུ་མཇལ༔ ངག་གནད་བཅུན་པས་བརྗོད་མེད་གནས་ལུགས་རྟོགས༔ ཡིད་གནད་བཅུན་པས་འགྱུ་བ་རང་སར་ཟད༔ གང་མཐོང་ལྟ་བ་དྲན་པའི་ཆོས་སྐུར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲུག་པ་གསང་བ་དོན་གྱི་ཆོས་བསྟན་པ༔ དེ་ཉིད་ལམ་གྱི་བོགས་འདོན་གེགས་སེལ་ནི༔ ལུས་ཀྱི་རུ་ཤན་ཕྱེད་པས་མངོན་ཞེན་བཟློག༔ འཁོར་བའི་ལུས་ལ་སྐྱེ་བ་རྒྱུན་ཆོད་དོ༔ ངག་གི་རུ་ཤན་ངག་གི་འཁོར་བ་ཟད༔ སེམས་ཀྱི་རུ་ཤན་ཡིད་ཀྱི་འཁོར་རྒྱུན་ཆོད༔ རང་དོན་གླང་སེང་ལུས་ཀྱི་བཞུགས་སྟངས་གསུམ༔ འཁོར་བ་ཕྱགས་མས་འདེབས་པའི་གདམས་ངག་ཡིན༔ ཆོས་སྐུའི་གཟིགས་སྟངས་དྭངས་མ་འདྲེན་བྱེད་དོ༔ ཐབས་ཀྱི་ཡེ་ཤེས་གཙུག་ཏོར་རྩེ་མོར་བཟློག༔ ལོངས་སྐུའི་གཟིགས་སྟངས་ཟུར་ལ་ཡིད་ཙམ་དལ༔ སྙོམས་པར་བལྟས་པས་རང་སྣང་ཡེ་ཤེས་སྤེལ༔ སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཟིམ་བུ་ཡིས༔ འཁྲུལ་སྣང་ཟད་ཅིང་རིག་སྣང་གཉིས་མེད་བརྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་སྐབས་སྐབས་མིག་ནི་དམ་དུ་བཙུམ༔ ལུས་ནི་གང་བདེ་སྐབས་སུ་སྐྱིལ་ཀྲུང་བཅས༔ སྐབས་སྐབས་རྡོ་རྗེའི་འདུག་སྟངས་ནན་ཏན་བསྐྱེད༔ སྐབས་སྐབས་རྣ་བར་ལག་པ་བཀབ་ལ་ཉན༔ འུར་སྣང་འོད་གསལ་ཆོས་སྐུ་ཚད་ལ་ཕེབས༔ འཁོར་བ་མིང་མེད་ཆོས་ཉིད་ཀློང་དུ་ཟད༔ སྐུ་དང་ཡེ་ཤེས་ཟད་མེད་འཕེལ་བ་མེད༔ འདི་ནི་ཡང་གསང་སྙིང་པོའི་རྫོགས་རིམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་བདུན་ལུས་ངག་ཡིད་ཀྱི་གནད་བཅུན་པ༔ རྣམ་སྣང་ཆོས་བདུན་ངང་ནས་རླུང་རོ་འབུད༔ རྔུབ་བཀང་སྐྱིལ་དང་དགྲམ་དང་བསྲེ་བ་དང༔ རླུང་སྐྱོན་འབུད་དང་ཧས་གདབ་རིམ་པར་སྦྱང༔ ལུས་ནི་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ༔ ཤེལ་ལྟར་དྭངས་ཤིང་འོད་ལྟར་གསལ་བར་བསྒོམ༔ དེས་ནི་ཐ་མལ་ལུས་ཀྱི་ཞེན་དག་ནས༔ གསལ་སྟོང་འཇའ་ཚོན་ལྟ་བུའི་སྐུ་རུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལུས་ཀྱི་དབུས་སུ་གནས་པའི་རྩ༔ ཨ་ཝ་དྷཱུ་ཏི་མདའ་སྨྱུག་འབྲིང་པོ་ཙམ༔ ཕྱི་དཀར་ཟླ་བའི་འོད་ལྟར་སྣང་བ་དག༔ ནང་ལྟར་ཉི་མའི་འོད་ལྟར་མཆེད་པ་ཐོབ༔ དེ་དབུས་དྭངས་མ་རླུང་ལྔའི་ངོ་བོ་ནི༔ བ་ཐག་ལྟར་གསལ་འོད་ལྔས་ཀུན་ཏུ་གང༔ གཡས་གཡོན་རོ་རྐྱང་དཀར་དམར་མར་རྩེ་གཉིས༔ ལྟེ་འོག་དབུ་མའི་ནང་ཚུད་ཡར་གྱི་རྩེ༔ ལྟག་པ་ནས་འཁྱོག་རྣ་བུག་གཡས་གཡོན་དུ༔ གསལ་བའི་དོན་ནི་ཐབས་ཤེས་ཡུལ་འཛིན་རྩ༔ དབུ་མར་ཚུད་ནས་མཐའ་བྲལ་དོན་མཐོང་འགྱུར༔ དེ་ཉིད་རྟག་ཏུ་བསྒོམ་ཞིང་རླུང་ལ་བསླབ༔ རླུང་དེ་ཟད་ན་འཁོར་བའི་མིང་དང་བྲལ༔ རླུང་དེ་ཐ་མར་འདུས་ན་ཚེ་རིང་ཞིང༔ ནད་མེད་བདེ་བའི་ཡེ་ཤེས་འོད་གསལ་ཐོབ༔ ཚེ་གཅིག་ཀུན་བཟང་སྣང་བ་མཐའ་ཡས་འགྲུབ༔ དེ་ནི་མཆོག་ཏུ་མི་འགྱུར་དོན་གྱི་གནད༔ བསམ་ཡས་རྒྱུད་ཀྱི་ཁོང་སྙིང་འདི་ཉིད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐབས་སུ་བཀུ་མཉེས་ཡན་ལག་ལྔ་སྦྱང་ཞིང༔ ཁ་སྦྱར་མགོ་བོ་འཇིངས་པ་མཉེ་ཞིང་སྒྱུར༔ ལག་པ་ཕྱོགས་བཞིར་བརྐྱང་བསྐུམ་རྐང་པ་སྦྱར༔ སྟོད་དགྱེ་སྨད་ཕབ་ཕྱོགས་བཞིར་བསྐོར་མིག་བསྒྲད༔ ཧས་གདབ་རྩལ་སྤྲུག་ཡན་ལག་བཀུ་མཉེ་བྱ༔ རྗེས་སུ་ཡང་དག་བདེ་ཆེན་སྒྱུ་མའི་སྐུ༔ བདེ་བས་ཡོངས་གང་སྟོང་པ་དང་མཉམ་པ༔ འོད་གསལ་མཆོག་གི་ཐིག་ལེ་སྙིང་པོར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོ་བརྒྱད་བཟླས་པའི་རྣལ་འབྱོར་བསྟན་པ་ནི༔ དང་པོར་ལྷར་གསལ་བསྐྱེད་རྫོགས་གཉིས་མེད་ངང༔ རྔུབ་པའི་རླུང་ནི་ཨོཾ་གྱི་ངོ་བོར་བཟླས༔ གནས་པའི་རླུང་ནི་ཨཱཿཡི་ངོ་བོར་བཞག༔ འབྱིན་པའི་རླུང་ནི་ཧཱུྃ་ཞེས་གདངས་ཀྱིས་བཟླ༔ དེ་ནི་བཟླས་པ་ཀུན་གྱི་མཆོག་ཡིན་ནོ༔ ཚེ་རིང་ནད་མེད་སེམས་གནས་སྟོང་ཉིད་རྟོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐུགས་ཀར་པདྨ་འདབ་བརྒྱད་པ༔ དཀར་གསལ་དམར་བ་གཉིས་བརྩེགས་ལྟེ་དབུས་ཨཱ༔ འདབ་བརྒྱད་དང་པོར་འདབ་རེར་ཡི་གེ་རེ༔ རིང་དང་ཐུང་བ་འོད་དཀར་ཐིག་ལེ་གསལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ འདབ་བརྒྱད་འོག་དམར་ཀཱ་ལི་རིམ་པར་དམར༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ༔ ཀྵ༔ནི་ཀུན་གྱི་རྩ་བ་གནས་པར་བསྒོམ༔ རླུང་དང་བསྟུན་ཅིང་ཡིད་གཏད་བཟླས་བྱས་ན༔ སྣང་མཆེད་ཐོབ་པའི་འོད་གསལ་འཆར་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་བསྙེན་པ་སྲོག་གི་བཟླས་པ་ནི༔ ཐུགས་ཀར་ཧྲཱིཿགསལ་ཧྲཱིཿཡིག་མང་དུ་བཟླས༔ དེ་བཞིན་གཤེགས་པ་ཀུན་གྱི་སྲོག་ཡིན་ནོ༔ ཧ་ནི་རླུང་ཡིན་ལོངས་སྐུ་ཀུན་གྱི་སྔགས༔ དེ་ཉིད་བཟླས་ན་རླུང་སེམས་གཉིས་མེད་གྲོལ༔ རང་བཞིན་སྤྲུལ་སྐུ་སྨིན་བྱེད་དེ་ཡིན་ཏེ༔ དེ་བཟླས་དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་ཏེ༔ ཨི་ནི་དོན་དམ་ངོ་བོ་ཉིད་དང་ལྡན༔ རྟོགས་ཤིང་བཟླས་པས་བདེ་སྟོང་མཆོག་ཏུ་འགྱུར༔ དེར་ནི་བདེ་གཤེགས་ཡོངས་འདུས་སྔགས་འདི་བསྙེན༔ ཧྲཱི༔ དེ་ནས་ཉེ་བར་བསྙེན་ཕྱིར་གསང་སྔགས་ཀྱི༔ རྒྱལ་པོ་དེ་ཉིད་སུམ་བརྩེགས་ཉིད་དུ་བཟླས༔ ཧྲཱིཿཧྲཱིཿཧྲཱི༔ ལྔ་པ་སྒྲུབ་པ་དོན་གྱི་སྙིང་པོ་ནི༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ཉིད་བཟླས་ཚེ་སྙིང་ཁའི་སྔགས་ཕྲེང་གསལ༔ དེ་ལས་སྔགས་ཕྲེང་སྐུ་ཡི་དབྱིབས་ནས་བརྒྱུད༔ ཡབ་ཀྱི་ཞལ་ནས་ཐོན་ཏེ་ཡུམ་ཞལ་ཞུགས༔ ཡུམ་གྱི་པདྨ་འོད་ཀྱི་བདེ་བས་གང༔ གསང་བའི་སྦུབས་ནས་འོད་ནི་ལྟེ་བ་དང༔ སྙིང་གར་ཐིམ་པའི་ཚུལ་གྱིས་བདེ་ཆེན་ངང༔ ཡེ་ཤེས་ཆེན་པོ་ཚེ་ཡི་བདུད་རྩིར་གྱུར༔ དེ་ཉིད་བརྒྱ་སྟོང་ཚར་རྗེས་གོ་བཟློག་ཏུ༔ ཡུམ་གྱི་པདྨ་དྲོད་ཀྱི་ཡེ་ཤེས་ངང༔ དྭངས་མའི་རླུང་གསུམ་རོ་གཅིག་གྱུར་པ་ཡི༔ འོད་ཀྱི་རྒྱུན་ལམ་བདེ་བའི་བཅུད་ཀྱིས་བརྒྱན༔ ཡུམ་གྱི་མཁའ་ནས་བདེ་བའི་གནས་སུ་བྱོན༔ ཐིམ་པས་ཐུགས་ཀྱི་དཀྱིལ་འཁོར་འོད་ཀྱིས་གང༔ ཆོས་ཉིད་སྟོང་གསལ་ནམ་མཁའ་དག་པ་ལྟར༔ ཡེ་ཤེས་འོད་ལྔ་ཉི་མའི་དཀྱིལ་ལྟར་གསལ༔ དེ་ཉིད་འོད་ཟེར་འབར་བ་གྱེན་དུ་བརྒྱུད༔ ཞལ་དང་སྤྱི་བོ་སྐུ་ཡི་གནས་ཀུན་གང༔ སླར་འདུས་ཡུམ་གྱི་ཞལ་ནས་བདག་ཉིད་ཀྱི༔ ཤངས་བུག་གཡོན་དང་ཞལ་གྱི་སྒོ་ནས་ཞུགས༔ རིམ་གྱིས་མར་སོང་ཐུགས་ཀར་ཧྲཱིཿལ་ཐིམ༔ འོད་གསལ་བདེ་ཆེན་འབར་བའི་དཀྱིལ་འཁོར་དུ༔ རིག་པ་སྲོག་གི་དྭངས་མ་གསལ་བར་བསྒོམ༔ དྲུག་པ་སྒྲུབ་ཆེན་དབང་གི་བཟླས་པ་ནི༔ གསང་སྔགས་རྒྱལ་པོ་དེ་ཉིད་བཟླས་པ་དང༔ སངས་རྒྱས་གང་གཱ་ཀླུང་གི་བྱེ་མ་སྙེད༔ མ་ལུས་འདུས་པའི་མཚན་མཆོག་བརྒྱ་རྩ་བརྒྱད༔ བཟླས་དུས་ཐུགས་ཀའི་སྔགས་ཕྲེང་རབ་བཀོད་དེ༔ དེ་ལས་བྱུང་བའི་སྔགས་ཀྱི་ཕྲེང་ཐག་གིས༔ སྐུ་ཡི་དབྱིབས་བརྒྱུད་ཕྱོགས་བཅུར་བཞུགས་པ་ཡི༔ ལྷ་རྣམས་ཀུན་གྱི་ཐུགས་ཀར་ཐིམ་པ་ལས༔ སྐུ་ཡི་བྱིན་རླབས་སྲོག་གི་དྭངས་མ་བསྡུས༔ རིམ་པར་གྱེན་གཤེགས་ཞལ་ནས་ཐོན་པ་ཡི༔ འོད་ཀྱིས་འཇིག་རྟེན་ཁམས་ཀུན་ཡོངས་སུ་གང༔ སངས་རྒྱས་མཆོད་ཅིང་སེམས་ཅན་དོན་ཀུན་བྱས༔ འཁོར་འདས་ཀུན་གྱི་ཚེ་བསོད་ཡེ་ཤེས་བསྡུས༔ རླུང་དང་བསྟུན་ཏེ་ཞལ་གྱི་སྒོ་རུ་བསྡུས༔ རྔུབས་ཤིང་རང་གི་ཞལ་དུ་མ་ལུས་ཞུགས༔ སྙིང་ནང་འོད་ཀྱིས་ལུས་སེམས་སྨིན་པར་བསམ༔ བརྒྱ་དང་རྩ་བརྒྱད་སྟོང་རྩ་བརྒྱད་དང་ནི༔ ཁྲི་འབུམ་ལ་སོགས་དུས་སྐབས་རྟགས་ལ་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་ལས་སྦྱོར་དབང་གི་བཟླས་པ་ནི༔ སྣོད་བཅུད་ཀུན་ཁྱབ་བདག་ཉིད་གཙོ་འཁོར་ལ༔ སྣང་སྲིད་རྒྱལ་བ་རིག་འཛིན་མཁའ་འགྲོ་དང༔ ཆོས་སྐྱོང་སྡེ་བརྒྱད་རིགས་དྲུག་མ་ལུས་ཐིམ༔ སྣང་སྲིད་དམར་འབྱམས་སྟོང་གསལ་འོད་དུ་འབར༔ རྩ་གསུམ་འཁོར་ལོ་ཡན་ལག་ཉིང་ལག་གི༔ རྩ་རྣམས་གསལ་བ་ཤེལ་གྱི་བུམ་ནང་ན༔ རིན་ཆེན་ཕྲེང་བ་དར་སྐུད་བརྒྱུས་འདྲར་གསལ༔ གསང་སྔགས་རྒྱལ་པོ་ལན་གསུམ་བརྗོད་བྱས་ཏེ༔ རིགས་བདག་བླ་མ་ཡབ་ཡུམ་དེ་ཉིད་ལ༔ བུམ་པའི་དབང་བསྐུར་གསོལ་བ་གདབ་བྱས་པས༔ སྤྱི་གཙུག་བདེ་ཆེན་དྲོད་ཀྱི་དཀྱིལ་འཁོར་ན༔ ཁྱབ་བདག་མགོན་པོ་ཀུན་བཟང་ཚེ་དཔག་མེད༔ གཉིས་མེད་སྦྱོར་བའི་དཔྲལ་བའི་ཨོཾ་ཡིག་ལས༔ འོད་ཟེར་དཀར་པོ་དམར་པོའི་མདངས་ལྡན་འཕྲོས༔ ཞིང་ཁམས་ཀུན་ཏུ་བཞུགས་པའི་སངས་རྒྱས་དང༔ རིག་འཛིན་བྱང་སེམས་འཕགས་པའི་ཚོགས་བཅས་མཆོད༔ དེ་དག་སྐུ་ཡི་གནས་ནས་བྱུང་བའི་འོད༔ ཚེ་དང་ཡེ་ཤེས་སྐུ་ཡི་དབང་མཆོག་དེ༔ མ་ལུས་ཡོངས་འདུས་བདག་ཉིད་ཡབ་ཡུམ་གྱི༔ དཔྲལ་བར་ཨོཾ་ཐིམ་ཨོཾ་ཞུ་ལུས་ཀྱི་རྩ༔ ཕྲ་རགས་མ་ལུས་བྱང་ཆུབ་སེམས་ཀྱིས་གང༔ སྣང་སྟོང་ཟུང་འཇུག་དཔལ་ལྡན་རྡོ་རྗེའི་སྐུ༔ མི་འགྱུར་ཚེ་ཡི་དབང་མཆོག་ཐོབ་པར་བསམ༔ གསང་སྔགས་རྒྱལ་པོ་བརྒྱ་རྩ་བརྒྱད་དུ་བཟླ༔ རྒྱ༔ དེ་བཞིན་མགྲིན་པའི་ཨཱཿལས་དམར་བའི་འོད༔ འཕྲོས་ནས་མཆོད་ཅིང་མཉེས་ནས་ལྗགས་སྟེང་གི༔ ཚེ་དང་ཡེ་ཤེས་གསུང་གི་དབང་མཆོག་དེ༔ ཡོངས་འདུས་མགྲིན་པའི་ཨཱཿལ་རབ་ཏུ་ཐིམ༔ ཨཱཿཞུ་འོད་འབར་རྩ་རྣམས་ཁྱབ་པའི་རླུང༔ མ་ལུས་བྱིན་རླབས་གསལ་སྟོང་དཔལ་དང་ལྡན༔ གསུང་གི་རྡོ་རྗེ་འགག་མེད་ཚེ་དབང་ཐོབ༔ གསང་སྔགས་རྒྱལ་པོ་སྔར་ལྟར་བརྒྱ་རྩ་བཟླ༔ རྒྱ༔ ཐུགས་ལས་ཧཱུྃ་གི་འོད་འཕྲོས་མཆོད་བྱས་པས༔ ཐུགས་ཀྱི་ཚེ་བཅུད་ཡེ་ཤེས་མཐིང་མདོག་འོད༔ ཐུགས་ཀའི་ཧཱུྃ་ཐིམ་ཧཱུྃ་འབར་རྩ་རྣམས་ཀུན༔ ཁྱབ་པས་ཐིག་ལེ་བདེ་བ་ཆེན་པོར་འབར༔ ཧཱུྃ་ཞུ་བྱིན་རླབས་རིག་སྟོང་རྡོ་རྗེ་འཆང༔ དྲི་བྲལ་ཐུགས་ཀྱི་ཡེ་ཤེས་ཚེ་དབང་ཐོབ༔ གསང་སྔགས་བརྒྱ་རྩ་བརྒྱད་བཟླས་དོན་ཀུན་འགྲུབ༔རྒྱ༔ སླར་ཡང་གནས་གསུམ་ཀུན་ནས་འོད་ཟེར་འཕྲོས༔ དུས་གསུམ་ཀུན་ཏུ་སྐུ་གསུམ་ཞིང་ཁམས་མཆོད༔ སྲིད་གསུམ་དབང་བསྡུས་ཁམས་གསུམ་འོད་དུ་ཞུ༔ བདག་ལུས་ངག་ཡིད་འོད་གསལ་ཡེ་ཤེས་སྐུ༔ གཞོན་ནུ་བུམ་པའི་རིག་པ་རྩལ་གྱི་དབང༔ བསྐུར་ཐོབ་བྲལ་བའི་ཡང་དག་དོན་ལ་བལྟ༔ དེ་ནི་སྤྲུལ་སྐུའི་དབང་བཞིའི་བསྙེན་པ་སྟེ༔ ཕྱི་ཡི་སྒྲུབ་པ་གསང་བའི་ཡང་ཏིག་ཡིན༔ གསང་སྔགས་ལྟོ་ཚིལ་འདི་ཡིན་སྙིང་ལ་ཆོངས༔ འདི་དང་མ་བྲལ་རྒྱལ་བ་ཀུན་དང་མཉམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་ལོངས་སྐུ་ནང་གི་དབང་བཞི་ནི༔ སྤྱི་གཙུག་བླ་མ་ཡབ་ཡུམ་གསལ་བ་ལ༔ གདུང་བའི་ཤུགས་ཀྱིས་གསོལ་བ་འདི་ལྟར་གདབ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་མ་མ་ཀུ་རུ་ཡེ་སྭཱ་ཧཱ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་ཡེ་ཤེས་འོད༔ ཕྱོགས་བཅུ་དུས་གསུམ་བཞུགས་པ་ཀུན་ལ་ཕོག༔ འཁོར་འདས་ཚེ་དང་ཡེ་ཤེས་བསོད་ནམས་དབང༔ དཔལ་དང་ལོངས་སྤྱོད་སྐུ་གསུང་ཐུགས་དང་ནི༔ ཡོན་ཏན་ཕྲིན་ལས་ཞིང་ཁམས་མཛད་པ་ཀུན༔ མ་ལུས་སྤྱན་དྲངས་བླ་མའི་གནས་བཞིར་ཐིམ༔ ཡབ་ཡུམ་གསལ་བཀྲག་བདེ་ཆེན་འོད་དུ་འབར༔ སྦྱོར་མཚམས་བྱང་སེམས་དཀར་གསལ་དམར་བའི་འོད༔ སྐལ་ལྡན་དྭངས་མས་བརྒྱན་པ་ཚེ་ཡི་བཅུད༔ སྤྱི་བོར་བྱིན་པས་རྩེ་མོ་རྣམ་བཀོད་གང༔ བདེ་བ་ཆེན་པོ་བུམ་དབང་སྤྲུལ་སྐུ་རྒྱས༔ མགྲིན་པར་བྱོན་པས་རོ་འདུས་མ་ལུས་གང༔ གསལ་བ་ཆེན་པོ་གསང་དབང་ལོངས་སྐུ་རྒྱས༔ སྙིང་ཁར་བྱོན་པས་དྲན་པ་རྣམ་བཀོད་གང༔ མི་རྟོག་ཆེན་པོ་ཤེས་རབ་ཡེ་ཤེས་རྒྱས༔ ལྟེ་བར་བྱོན་པས་སྲིད་པ་ཆགས་བྱེད་གང༔ ཉམས་སུ་དབྱེར་མེད་ངོ་བོ་ཉིད་སྐུ་རྒྱས༔ གསང་གནས་བྱོན་པས་བདེ་བ་མྱོང་བྱེད་གང༔ དྲན་པ་ཉེར་བཞག་ཡང་དག་སྤོང་བ་བཞི༔ རྫུ་འཕྲུལ་རྐང་པ་བཞི་དང་དབང་པོ་ལྔ༔ སྟོབས་ལྔ་ཡོངས་རྫོགས་ཚོགས་ལམ་གསུམ་དང་ནི༔ དྲོད་དང་རྩེ་མོ་སྦྱོར་བ་ཆོས་རྒྱུན་གྱི༔ ལམ་རྣམས་མཐར་ཕྱིན་འཛག་མེད་ཀུན་ཏུ་འཁྱིལ༔ རླུང་དང་བསྟུན་པའི་གསང་སྔགས་བརྒྱ་རྩ་བཟླ༔ རྒྱ༔ དེ་ནས་ཆོས་སྐུ་གསང་བའི་དབང་བཞི་ནི༔ བདུད་རྩིས་ལུས་ངག་ཡིད་གསུམ་གང་བའི་དུས༔ བདེ་གསལ་མི་རྟོག་ཡེ་ཤེས་རྣམ་ཀུན་རྫོགས༔ དེ་ཉིད་རབ་ཏུ་བརྟན་བྱེད་ཁ་སྦྱོར་གྱི༔ རླུང་དང་བསྟུན་པའི་བདེ་སྟོང་ཡེ་ཤེས་ནི༔ འོག་རླུང་བསྐུམ་པས་ཡབ་ཡུམ་སྦྱོར་མཚམས་ནས༔ ཕྱོགས་བཅུར་འཕྲོས་པའི་འོད་ཀྱིས་རྒྱལ་བ་མཆོད༔ དངོས་གྲུབ་མ་ལུས་དབང་གི་བདུད་རྩིར་བསྡུས༔ འོད་ཟེར་ལྔ་ལྡན་གསང་བའི་སྦུབས་སུ་ཐིམ༔ རིམ་གྱིས་གནས་བརྒྱུད་གཙུག་ཏོར་བླ་མ་ལ༔ འདུས་ཤིང་ཐིམ་པས་མཆོད་པའི་ལོངས་སྤྱོད་ནི༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་མཆོད༔ ཡབ་ཡུམ་སྐུ་ནི་ཉི་མ་བྱེ་བའི་འོད༔ གཅིག་ཏུ་གྱུར་པའི་སྙིང་པོ་ལྟ་བུར་འབར༔ གསང་སྔགས་རྒྱལ་པོ་བརྒྱ་དང་རྩ་བརྒྱད་བཟླས༔ དང་པོ་གསང་གནས་འདུས་པའི་དྭངས་མའི་འོད༔ ཁ་དོག་ལྔ་གསལ་བདེ་ཆེན་གཡུང་དྲུང་ལྷ༔ ཡེ་ཤེས་རླུང་གི་ཕོ་ཉ་འབར་བ་ཡིས༔ ལྟེ་བར་བཀུག་པས་སྲིད་རྩ་བདག་འཛིན་སྦྱངས༔ ཆོས་སྐུ་བུམ་དབང་བདེ་བའི་དྲོད་དུ་འབར༔ སྙིང་གར་དྲངས་པ་གསང་དབང་གསལ་བའི་དྲོད༔ མགྲིན་པར་དྲངས་པ་གསུམ་པ་མི་རྟོག་དྲོད༔ སྤྱི་བོར་དྲངས་པ་བཞི་པ་དབྱེར་མེད་དྲོད༔ གཙུག་ཏོར་སོན་པ་བྱང་ཆུབ་ཆེན་པོའི་ས༔ ས་བཅུ་མཐར་ཐུག་ལམ་ལྔ་མ་ལུས་བགྲོད༔ ཡེ་ཤེས་ལྔ་རྫོགས་སྐུ་ལྔའི་གོ་འཕང་ཐོབ༔ འདི་ནི་འཇིག་རྟེན་འདས་པའི་ཡེ་ཤེས་ལམ༔ དེ་ནི་སྒྲུབ་པ་ཀུན་གྱི་ཡང་གསང་བཅུད༔ རྟག་ཏུ་སྒོམ་བཟླས་ཚེ་གཅིག་སངས་རྒྱས་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གསང་སྙིང་པོ་མཆོག་གི་བཟླས་པ་ནི༔ བླ་མ་ཡབ་ཡུམ་བདེ་ཆེན་ལམ་ནས་བྱོན༔ དཔྲལ་བར་མེ་ལོང་ཡེ་ཤེས་དབང་བཞི་བསྐུར༔ མགྲིན་པར་སོར་རྟོག་སྙིང་གར་ཆོས་ཀྱི་དབྱིངས༔ ལྟེ་བར་མཉམ་ཉིད་གསང་བར་བྱ་གྲུབ་ཀྱི༔ ཡེ་ཤེས་གསལ་བ་འོད་ཀྱི་དབང་བཞི་བསྐུར༔ དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ གནས་རབ་ཀུན་ཏུ་མཆོག་གི་ཡེ་ཤེས་མཐོང༔ རྟག་ཏུ་འགྱུར་མེད་སྙིང་གི་དབུས་ཉིད་དུ༔ དྭངས་མ་ཆེན་པོ་འོད་ལྔའི་ཀློང་ཡངས་ནས༔ ཤིན་ཏུ་མ་འདྲེས་ཀུན་ཏུ་ལྷམ་མེར་གསལ༔ ཡབ་ཡུམ་མཉམ་སྦྱོར་སྙིང་གི་མུན་པ་སེལ༔ དྭངས་མའི་ལུས་ངག་ཡེ་ཤེས་རིག་པར་སྟོན༔ བདེ་གསལ་མི་རྟོག་ཡེ་ཤེས་ལྔ་དང་ལྡན༔ དེ་ནི་རྟག་ཏུ་མི་འགྱུར་ཀུན་འགྲོ་ཞིང༔ དེ་ཉིད་དྲན་པས་དབང་བཞི་རྒྱུན་ཆད་མེད༔ ལུས་ངག་ཡིད་དང་རླུང་གི་རྟར་བསྐྱོན་ནས༔ གསང་སྔགས་རྒྱལ་པོ་རྟག་ཏུ་མ་ཡེངས་བཟླས༔ སྐུ་གདུང་རིང་བསྲེལ་འོད་ཀྱི་ཕུང་པོ་རུ༔ མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར༔ དེ་ནི་རིག་འཛིན་བྱེ་བའི་ཐུགས་ཀྱི་སྲོག༔ ལས་སྦྱོར་དང་པོར་མངོན་པར་སངས་རྒྱས་ཏེ༔ རྒྱུད་རྒྱལ་སྙིང་པོ་བསྡུས་པའི་ཡང་བཅུད་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་དགུ་པ་ནི་ཐུན་མཚམས་མཆོད་བསྟོད་དེ༔ བརྒྱ་སྟོང་ཁྲི་འབུམ་བྱེ་བ་ལ་སོགས་པ༔ ཇི་ལྟར་སྒྲུབ་པའི་ཐུན་ལ་རྣམ་པ་བཞི༔ སྟོང་སྟོང་སྔགས་དང་བརྒྱ་རྩ་བརྒྱད་ལ་སོགས༔ རླུང་གི་སྦྱོར་བ་རྫོགས་ནས་དངོས་སུ་འམ༔ ཡིད་ལས་སྤྲུལ་པ་ཏིང་འཛིན་ཆོ་འཕྲུལ་གྱིས༔ སྐད་ཅིག་དྲན་པའི་འོད་གསལ་ཆེན་པོར་བརླབ༔ གདུང་དབྱངས་སྙན་པས་རང་ལ་མཆོད་ཅིང་བསྟོད༔ ཧཱུྃ་ཧྲཱི༔ སྣང་བ་མ་འགགས་གསལ་ལེ་བ༔ སྐུ་ཡི་མཆོད་པ་བཞེས་སུ་གསོལ༔ སྒྲ་ཀུན་མ་འདྲེས་སྟོང་གསལ་བ༔ གསུང་གི་མཆོད་པ་བཞེས་སུ་གསོལ༔ དྲན་རིག་མ་འདྲེས་བདེ་གསལ་བ༔ ཐུགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཕྱོགས་ཆོས་མ་འདྲེས་ས་ལམ་རྫོགས༔ ཡོན་ཏན་མཆོད་པ་བཞེས་སུ་གསོལ༔ ཕྲིན་ལས་མ་འདྲེས་ལྷུན་གྱིས་གྲུབ༔ ལྔ་ལྡན་མཆོད་པ་བཞེས་སུ་གསོལ༔ ཨ་ལ་ལ་ཧོ༔ ཀ་དག་སྤྲོས་དང་བྲལ་བ་ལ༔ ལྷུན་གྲུབ་འོད་གསལ་རྒྱུན་ཆད་མེད༔ མངོན་སུམ་ཡེ་ཤེས་ཟང་ཐལ་བ༔ གློ་བུར་རྟོག་སྒྲིབ་མཐོལ་ལོ་བཤགས༔ ཧཱུྃ་ཧྲཱི༔ ཆོས་སྐུ་རིག་པ་ཟང་ཐལ་བ༔ ཀུན་ཏུ་སྣང་ལ་ཕྱག་འཚལ་བསྟོད༔ ལོངས་སྐུ་འོད་གསལ་དྭངས་གསལ་བ༔ ཀུན་ཏུ་ཁྱབ་ལ་ཕྱག་འཚལ་བསྟོད༔ སྤྲུལ་སྐུ་འཛིན་པ་རང་གྲོལ་བ༔ ཀུན་ཏུ་གྲོལ་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཉིད་སྐུ་ཁྱབ་བདལ་བ༔ ཀུན་ཏུ་མཉམ་ལ་ཕྱག་འཚལ་བསྟོད༔ མངོན་པར་བྱང་ཆུབ་མི་གཡོ་བ༔ ཀུན་མཁྱེན་ཀུན་རིག་ཕྱག་འཚལ་བསྟོད༔ ཕྱག་འཚལ་རང་རིག་ཆོས་ཀྱི་སྐུ༔ ཕྱག་འཚལ་ཀུན་མཁྱེན་ཡེ་ཤེས་ཆེ༔ ཕྱག་འཚལ་ཀུན་ཁྱབ་ཀུན་ཏུ་བཟང༔ ཕྱག་འཚལ་དེ་བཞིན་གཤེགས་པའི་སྐུ༔ ཕྱག་འཚལ་ཐོག་མའི་མགོན་པོ་ཆེ༔ ཕྱག་འཚལ་རྣམ་པར་སྣང་མཛད་ལ༔ ཕྱག་འཚལ་ཡང་དག་སངས་རྒྱས་ལ༔ ཕྱག་འཚལ་ཡེ་ཤེས་ལྔ་བདག་ལའོ༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨ་པ་རི་མི་ཏ༔ ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨ་ར་ཧ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐར་པ་རི་ཤུདྡྷེ་དྷརྨ་ཏེ༔ ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ༔ བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ བསྟོད་པའི་རྒྱལ་པོ་འདི་ཉིད་ནི༔ བརྒྱའམ་སྟོང་དུ་སུས་བཟླས་པ༔ རྒྱལ་བ་ཀུན་གྱི་ཡོན་ཏན་དང༔ ཡེ་ཤེས་ཀུན་ཏུ་འཛིན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉི་ཤུ་པ་ནི་སྒོམ་སྒྲུབ་ཀྱི༔ ཐུན་མཚམས་དངོས་གྲུབ་བླང་བར་བྱ༔ ཧཱུྃ་ཧྲཱི༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེ༔ རྟེན་འབྲེལ་ཆོ་འཕྲུལ་ཟུང་འཇུག་དོན༔ མཆོག་དང་ཐུན་མོང་ཡེ་ཤེས་སེམས༔ གྲུབ་པ་རྟགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧཱུྃ༔ གཉིས་མེད་དཀྱིལ་འཁོར་མཆོད་པའི་ཐབས༔ བཅུ་འམ་ཉི་ཤུར་བསྡུས་པ་ནི༔ དངོས་གཞི་ཡིན་ཏེ་སྒྲུབ་པའི་ཆོས༔ རིམ་པ་རྫོགས་པར་བསྟན་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་སྦྱོར་རྗེས་ཀྱི་ལས་ཁྲིགས་ལས༔ དང་པོ་རྣམ་དག་ཆེ་བ་བསྐྱེད་པ་ནི༔ ཆེ་བ་ལྔ་དང་ཐབས་རྟེན་རྣམ་ལྔ་འོ༔ དང་པོ་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་ཡེ་ནས་རྟག་ཏུ་ཡིན་པའི་ཕྱིར༔ སྣང་རུང་སྲིད་པའི་མིང་ནི་ཡེ་ནས་མེད༔ གལ་ཏེ་སྣང་ཡང་སངས་རྒྱས་ང་ཡི་རྩལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ སྣང་སྲིད་སྐུར་གསལ་ཡེ་ཤེས་ང་རྒྱལ་ལོ༔ རྒྱ༔ གཉིས་པ་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་དཔའ་བོའི་སྐུ༔ དབྱུག་ཐོ་ཞགས་པ་དུར་ཁྲོད་ཆས་བརྒྱད་ལྡན༔ རྟ་སྐད་རྔམ་སྒྲོག་བསྐལ་པའི་མེ་ལྟར་འབར༔ པདྨ་ཉི་ཟླ་ལྷ་ཆེན་གདན་དུ་བཏིང༔ སྐུ་ཆེ་ཡན་ལག་ཧྲགས་པས་སྟོང་གསུམ་གང༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དཔལ་གྱི་ཐུགས་ཀར་པདྨ་འདབ་བརྒྱད་དབུས༔ ཧྲཱིཿལས་ཚེ་དཔག་མེད་པ་སྐུ་མདོག་དམར༔ རིན་ཆེན་རྒྱན་མཛེས་མཉམ་གཞག་ཚེ་བུམ་འཛིན༔ སྐྱིལ་ཀྲུང་འོད་འབར་དྭངས་མ་འོད་ལྔའི་དབུས༔ ཞི་འཛུམ་མཚན་དཔེའི་ཐུགས་ཀར་འོད་ལྔ་ཡི༔ ཐིག་ལེ་དྭངས་མ་སྒོ་ངའི་དབྱིབས་སུ་གསལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨོཾ་བཛྲ་རཀྵ་ཀཱ་ཝཱ་ཙི་ཧཱུྃ༔ དེ་ནས་དཔལ་གྱི་ལྟེ་དབུས་ཡི་གེ་རཾ༔ དེ་ལས་མེ་འབར་ནད་གདོན་སྡིག་སྒྲིབ་བསྲེགས༔ ཕྱིར་རླུང་དྲག་པོ་གསུམ་གྱིས་དུག་རྣམས་དབྱུང༔ དེ་ནས་ཁ་གདངས་ཤེས་རིག་ནམ་མཁར་གཏད༔ ཁ་སྣ་གཉིས་ནས་ནམ་མཁར་ཧུབ་ཀྱིས་གདབ༔ ཁམས་གསུམ་འཇིག་རྟེན་ཁོང་དུ་སིབ་སིབ་རྔུབ༔ དེ་ཡི་འོད་ཀྱིས་མཆོད་པས་ནམ་མཁའ་ཡི༔ ཚེ་དཔག་མེད་པ་ཤེལ་ལྟར་དཀར་བའི་མདོག༔ ཟག་མེད་ཡེ་ཤེས་ཚེ་དང་དཔལ་ཀུན་འབར༔ ཕྱི་ནང་ལུས་སེམས་བདུད་རྩིས་མེར་གྱིས་གང༔ འཆི་བདག་བདུད་ལས་རྒྱལ་བའི་ཆེ་བ་བསྐྱེད༔ ཐུན་གཅིག་ལ་ནི་བརྒྱ་འམ་ཉེར་གཅིག་རྔུབ༔ སྒྲེགས་པ་བྱུང་ཚེ་ངེས་པར་འཆི་བ་བསླུ༔ འདི་ནི་གསང་བ་སྲོག་གི་དྭངས་མ་སྟེ༔ འདི་ཡིས་མི་བསླུ་སྲིད་མཐར་མེད་པའི་ཕྱིར༔ སངས་རྒྱས་རྣམས་ནི་མ་ལུས་ཐམས་ཅད་ཀྱི༔ གསུང་གི་གསང་བ་མཆོག་གི་ང་རྒྱལ་ལོ༔ རྒྱ་རྒྱ་རྒྱ༔ གསུམ་པ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྔ་ཡི་མདངས༔ གཟུགས་སྣང་ཐམས་ཅད་ཀུན་བཟང་རིག་པའི་རྩལ༔ སྙིང་གི་ཐིག་ལེ་སངས་རྒྱས་ཀུན་གྱི་སྲོག༔ རྟག་ཏུ་འཆི་བ་མེད་པའི་བདག་ཉིད་ཆེ༔ ཧྲཱི༔ སྲོག་གི་ཐིག་ལེ་ཐུགས་ཀྱི་ང་རྒྱལ་ལོ༔ རྒྱ་རྒྱ་རྒྱ༔ བཞི་པ་ནི༔ ཧཱུྃ་ཧྲཱི༔ སྐུ་ཡི་ཡོན་ཏན་མངོན་སུམ་ཡེ་ཤེས་གསལ༔ གསུང་གི་ཡོན་ཏན་རྒྱུན་ཆད་མེད་པའི་སྒྲ༔ ཐུགས་ཀྱི་ཡོན་ཏན་འཆར་ནུབ་མེད་པའི་དཔལ༔ སངས་རྒྱས་ལྔ་ཡི་བདག་ཉིད་ང་རྒྱལ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡོན་ཏན་མི་འཛད་ཆོ་འཕྲུལ་ང་རྒྱལ་ལོ༔ རྒྱ་རྒྱ་རྒྱ༔ ལྔ་པ་ནི༔ ཧཱུྃ་ཧྲཱི༔ དྭངས་མའི་རླུང་ལྔ་སྙིང་གི་ཐིག་ལེ་ལ༔ ལས་ཀྱི་རླུང་ལྔ་ལྟེ་བའི་གཏུམ་མོ་འབར༔ སྣང་མཆེད་ཐོབ་པའི་ཕྲིན་ལས་མྱུར་བའི་སྟོབས༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་བདག་ཉིད་ཆེ༔ ཧ་ཧ་ཧ་ཧ་ཧ༔ ཕྲིན་ལས་ཐམས་ཅད་རླུང་གིས་འགྲུབ་པ་སྟེ༔ བྱ་གྲུབ་ཡེ་ཤེས་ང་རྒྱལ་ཆེ་བ་འོ༔ རྒྱ་རྒྱ་རྒྱ་རྒྱ་རྒྱ༔ ས་མ་ཡ༔ མཐའ་རྟེན་དང་པོ་གཟའ་ཚེས་བཟང་བ་ལ༔ བྲམ་ཟེའི་རས་ལ་སྔགས་ཆུ་སྨན་གྱིས་སྦྱང༔ དཀྱིལ་འཁོར་ལྷ་ཚོགས་ཚང་བའམ་གཙོ་རྐྱང་རུང༔ སྡོམ་བརྩོན་གྱིས་བྲིས་རྟེན་ལ་རབ་གནས་བྱ༔ བུམ་པ་མཚན་ལྡན་གངས་རྒྱུད་ཆུ་ཡིས་བཀང༔ བུམ་རྫས་ཉི་ཤུ་ལྔ་ལྡན་དྲི་བཟང་སྦྱར༔ དར་དམར་མགུལ་ཆིངས་དུང་ཆོས་སྤོས་ཆུས་བཀང༔ ལྷ་ཡི་ཕྱག་རྒྱ་དར་དམར་དགུ་བསྒྲིལ་གྱི༔ རྡོ་རྗེ་གཟུངས་ཐག་ལྡན་པ་དེ་མདུན་བཞག༔ ཚེ་རྫས་འབྲུ་སྣའི་ཕྱེ་སྨན་འོ་མ་ཆང༔ གངས་ཆུས་སྦྲུས་ལ་པདྨ་རིན་ཆེན་དབྱིབས༔ མཚལ་ལམ་འབྲི་མོག་དཀར་གྱི་རྒྱན་གྱིས་སྤྲས༔ དེ་ཡི་མཐའ་རྟེན་འདབ་བརྒྱད་པདྨའི་དབུས༔ རྫས་བརྒྱད་རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད༔ དར་འཕན་གུར་ཕུབ་ཕྱི་ནང་མཆོད་པ་བཀྲམ༔ དེ་ནི་སྐུ་ཡི་ཚེ་རྟེན་བཟང་པོ་འོ༔ གཉིས་པ་གསུང་གི་ཚེ་ཆང་བཟང་པོའི་རྫས༔ གཡའ་མེད་བུམ་པའམ་ཐོད་པ་མཚན་ལྡན་ནང༔ ཆང་དང་བུ་རམ་སྦྲང་རྩི་འོ་མས་བཀང༔ ཤ་ལྔ་བདུད་རྩི་ཆོས་སྨན་ལྡན་པར་བྱ༔ དར་དམར་ཁ་བཅད་པདྨའི་གདན་ལ་བཞག༔ ཐུགས་ཀྱི་ཚེ་རྟེན་ཚེ་འཁོར་ཚེ་མདའ་དང༔ ཚེ་གཡུ་གསེར་ཐིག་དར་དམར་ཚེ་རིལ་གྱིས༔ གང་བའི་སྣོད་དུ་བཅུག་ལ་མདུན་དུ་བཞག༔ ཡོན་ཏན་ཚེ་རྟེན་ལྕགས་ཀྱི་པར་བུ་རུ༔ ཅོང་ཞི་བཟང་པོའི་རིགས་ཅན་བྲེ་གང་ནི༔ རྣམ་སྣང་ལ་སོགས་རིགས་ལྔའི་བྱང་ཆུབ་སེམས༔ བྲག་ཞུན་བཟང་པོ་ཕུལ་གང་ཡུམ་ལྔའི་བཅུད༔ རྫ་བཟང་ལྕགས་སྣོད་ཚ་ལ་མེད་པ་རུ༔ སོ་སོར་བཞུ་ལ་ཁཎྜའི་དྭངས་མ་བསགས༔ རྩི་མར་བཟང་པོ་སྲང་ནི་སུམ་ཅུ་དང༔ སྦྲང་རྩི་བྲེ་དོ་བུ་རམ་བྲེ་གསུམ་བསགས༔ དེ་ནི་རྐྱེན་གསུམ་བཀྲག་བཅུད་སྟོབས་ཀྱིས་གསོན༔ ཁན་ཌར་བསྐོལ་བའི་ཤུགས་པ་བ་ལུ་མཚེ༔ མཁན་པ་འོམ་བུ་འཆི་མེད་མྱ་ངན་མེད༔ རང་རང་ལོ་འདབ་མེ་ཏོག་རྒྱས་དུས་བསྡུ༔ བཟང་དྲུག་ཨ་བར་སྐྱུར་གསུམ་ཙནྡན་རྣམས༔ ཆ་མཉམ་འཕྲོད་ཡང་ཁ་བསྒྱུར་ཉིད་དུ་བསགས༔ དེ་རྣམས་སྨན་མར་ལེགས་སྦྱར་རིལ་བུ་ནི༔ ལྷ་ཡི་གྲངས་ནི་གཅིག་གསུམ་ལྔ་བདུན་དང༔ བཅུ་གཅིག་བཅུ་གསུམ་ལ་སོགས་ཁ་ཡར་བསྒྲུབ༔ དར་སེར་ཁ་བཅད་གཟུངས་ཐག་བཏགས་ལ་བཞག༔ ཕྲིན་ལས་ཚེ་རྟེན་ཟངས་སམ་ཙན་དན་ལ༔ ཕུར་པ་སོར་ནི་བཅུ་གཉིས་ལྡན་པ་ཡི༔ ཁྲོ་རྒྱལ་རྟ་མགྲིན་ཞལ་དང་ཆུ་སྲིན་གྱི༔ ཁ་ནས་སྦྲུལ་གྱི་ཆུན་པོ་བྱུང་བ་ལ༔ ཡུངས་དཀར་དར་དམར་ཅོད་པན་མགུལ་དུ་གདག༔ ཙན་དན་དཀར་དམར་ཕུར་པའི་དབལ་ལ་དཀྲིས༔ ཟངས་གཞོང་ནང་དུ་འབྲས་བུ་དམར་པོ་ཡིས༔ ཡོངས་སུ་གང་བའི་སྟེང་དུ་གཟུག་པར་བྱ༔ དེ་མདུན་ཚོགས་དང་མཆོད་པའི་ཡོ་བྱད་བསགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚེ་བུམ་ནང་དུ་དཀྱིལ་འཁོར་ལྷ་ཚོགས་བསྐྱེད༔ ཚེ་རྟེན་ནང་དུ་མགོན་པོ་ཚེ་དཔག་མེད༔ དམར་པོ་ཕྱག་གཉིས་ཚེ་བུམ་རྒྱན་གྱིས་མཛེས༔ པདྨ་ཉི་ཟླ་འོད་ཀྱི་དབུས་སུ་གསལ༔ ཐུགས་ཀར་ཚེ་བདག་མགོན་པོ་ཚེ་དཔག་མེད༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཚེ་བུམ་འཛིན༔ ཡབ་ཡུམ་སྦྱོར་བས་ཚེ་རྒྱུན་འབེབ་པར་བསམ༔ ཚེ་ཆང་ནང་དུ་ཧྲཱིཿལས་ཚེ་དབང་རྩལ༔ དམར་གསལ་ཕྱག་གཉིས་པད་སྟེང་ཐོད་པ་འཛིན༔ ཟ་འོག་བེར་གསོལ་དར་དམར་ཅོད་པན་ཅན༔ འཛུམ་ཞལ་རིགས་བཞིའི་མཁའ་འགྲོས་བསྐོར་བ་ཡི༔ ཐུགས་ཀར་པདྨ་འདབ་བཞི་ཉི་མའི་སྟེང༔ ཧྲཱིཿདམར་ཚེག་དྲག་ལྡན་པའི་འོད་ཟེར་གྱིས༔ གཉིས་མེད་སྦྱོར་བའི་བདུད་རྩི་ཆེན་པོ་འབེབ༔ ཐུགས་རྟེན་ཚེ་མདའ་ཚེ་གཡུ་འཁོར་ལོ་དང༔ ཚེ་རིལ་རེ་རེའང་དཀྱིལ་འཁོར་ལྷ་རུ་བསྐྱེད༔ སྐྱེ་ཤི་མེད་པའི་གཡུང་དྲུང་འོད་དུ་འབར༔ ཡོན་ཏན་རྫས་རྣམས་རིགས་ལྔ་ཡབ་ཡུམ་སྐུ༔ པདྨ་ཐོད་ཕྲེང་ལྟ་བུར་གསལ་བ་ལ༔ པདྨ་འདབ་བཞིར་རིགས་བཞི་ཡབ་ཡུམ་དང༔ གཞན་རྣམས་རྩ་བའི་དཀྱིལ་འཁོར་ཇི་བཞིན་ལ༔ སྨན་གྱི་ལྷ་དང་དྲང་སྲོང་ཚོགས་བཅས་བསྐྱེད༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ དམར་སེར་འོད་ཀྱིས་ཐམས་ཅད་གང་བར་བསམ༔ ཕྲིན་ལས་ཚེ་རྟེན་རྟ་མགྲིན་རྒྱལ་པོ་ལ༔ ཁྲོ་རྒྱལ་འབུམ་གྱི་ཚོགས་ཀྱིས་བསྐོར་བ་རྣམས༔ གཡས་པས་མཚོན་ཆ་སྣ་ཚོགས་འདེབས་ཤིང་འདུལ༔ གཡོན་པ་འཁོར་འདས་ཀུན་གྱི་ཚེ་བཅུད་ཀྱིས༔ ཡོངས་སུ་གང་བའི་བུམ་པ་ཐུགས་ཀར་འཛིན༔ འབར་འཕྲོ་རྔམ་བརྗིད་བདུད་རྣམས་འདུལ་བར་བསམ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་རྣམས་ཀུན་གྱི་ཡེ་ཤེས་རིག་པའི་རྩལ༔ སྐུ་གསུང་ཐུགས་ལྡན་སྲོག་གི་ཡེ་ཤེས་ལྡན༔ མ་ལུས་ཀུན་ཁྱབ་རྡུལ་སྙེད་འཁོར་ཚོགས་ཀུན༔ གཉིས་མེད་སྙོམས་འཇུག་ཕྲིན་ལས་ལྷུན་གྱིས་གྲུབ༔ སྤྱན་འདྲེན་གཤེགས་དང་བཞུགས་པ་དབྱེར་མེད་ཀྱང༔ རྟོག་འདུལ་དམ་ཚིག་རྟེན་ལ་སྤྱན་འདྲེན་ན༔ སྒྱུ་མའི་རྣམ་འཕྲུལ་གློག་ལྟར་མྱུར་བ་ཡིས༔ འདིར་གཤེགས་འདིར་བཞུགས་གཉིས་མེད་ཐིམ་པར་མཛོད༔ ཕྱག་དང་ཕྱག་རྒྱ་ཕྱི་ནང་གསང་མཆོད་བཞེས༔ དངོས་གྲུབ་ཆོ་འཕྲུལ་ཅིར་ཡང་སྣང་བར་མཛོད༔ ཨ་རལླི་ཛ༔ ཛཿཧཱུྃ་བཾ་ཧོ༔ སརྦ་པཱུ་ཛ་ཧོ༔ དེ་ནས་བདག་ཉིད་ལྷར་གསལ་བའི༔ ཐུགས་ནས་བྱུང་བའི་འོད་དམར་པོས༔ མདུན་གྱི་ལྷ་རྣམས་ཐམས་ཅད་ཀྱི༔ ཐུགས་རྒྱུད་བདེ་བ་ཆེན་པོར་བསྐུལ༔ ཐུགས་ནས་བྱུང་བའི་འོད་ཟེར་ནི༔ ཀུན་ཏུ་དམར་བའི་ཕྲེང་བ་ཡིས༔ ལྟེ་བའི་ཁུང་བུ་ནས་བརྒྱུད་དེ༔ ཡབ་ཡུམ་ལྟེ་བའི་ཁུང་དུ་ཞུགས༔ སྐུ་ལུས་མ་ལུས་གང་བའི་འོད༔ ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་འཕྲོས༔ དངོས་གྲུབ་ཡེ་ཤེས་ཚེ་ཡི་བཅུད༔ ནམ་མཁའི་ཁམས་ཀུན་གང་བར་བྱོན༔ ཡབ་ཡུམ་ཞལ་གྱི་དཀྱིལ་འཁོར་ནས༔ སླར་འདུས་སྐུ་གང་སྦྱོར་མཚམས་ལུད༔ སྣང་སྲིད་བདེ་བ་ཆེན་པོར་འགྱུར༔ གཟུངས་ཐག་ནས་བཟུང་གསང་སྔགས་ནི༔ སྐུ་ཡི་དཀྱིལ་འཁོར་ལ་དམིགས་ཏེ༔ ཐོད་ཕྲེང་རྩ་བའི་གསང་སྔགས་བཟླས༔ ཚེ་རྫས་དམིགས་པའི་གསང་སྔགས་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲི་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཚེ་ཆང་ལ་ནི་ཧྲཱི་ཉིད་བཟླས༔ ཚེ་མདའ་སྲོག་གི་འཁོར་ལོ་ལ༔ ཧྲཱིཿདང་རྩ་བའི་སྔགས་དང་ནི༔ བརྒྱ་རྩ་བརྒྱད་པའི་མཚན་སྔགས་དང༔ རྟེན་འབྲེལ་སྙིང་པོ་ལ་སོགས་པ༔ བྱིན་རླབས་ཅན་གྱི་ཚེ་སྔགས་བཟླས༔ ཡོན་ཏན་སྨན་གྱི་དཀྱིལ་འཁོར་ལ༔ རྩ་སྔགས་ཤམ་བུར་བཟླས་པའི་སྔགས༔ ཨོཾ་བཛྲ་སཏྭ་ཧཱུྃ་བྷྲཱུྃ་ཨཱ་བྷྲཱུྃ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ རཏྣ་མུ་ཏྲ་ཨཱ་ཡུརྫྙཱ་ན་ཧཱུྃ་ཧྲཱིཿཋཱ༔ བསྙེན་པའི་སྔགས་ཏེ་སུམ་ཆ་འོ༔ བཛྲ་སཏྭ་ཧཱུྃ༔ བཻ་རོ་ཙ་ན་ཨོཾ༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ ཨ་མི་དྷེ་ཝ་ཧྲཱི༔ ཀརྨ་བཛྲ་ཧཱ༔ སྒྲུབ་པའི་སྔགས་ཏེ་སུམ་གཉིས་སོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ༔ མ་ཧཱ་པཉྩ་ཨཱ༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ དེ་ནས་ལས་སྦྱོར་བཅུ་ཆ་སྟེ༔ ཕུར་པ་དག་ལའང་དེ་བཞིན་ནོ༔ རྒྱ་རྒྱ་རྒྱ༔ དེ་ལྟར་རྫས་དང་དཀྱིལ་འཁོར་སྔགས་དང་ནི༔ ཏིང་འཛིན་ཡེ་ཤེས་བདེན་པའི་མཐུ་སྟོབས་ཀྱིས༔ ལྷ་རྟེན་གསལ་ཞིང་བྲིས་སྐུ་རྟེན་རྣམས་བཞད༔ དོན་རྟགས་མངོན་སུམ་ཉམས་སྣང་གོང་དུ་འཕེལ༔ རྨི་ལམ་རྒྱུན་ཆད་འོད་གསལ་རྨི་ལམ་ན༔ ཉི་ཟླ་ཤར་དང་མཁའ་ལ་འཕུར་ཞིང་ལྡིང༔ མེ་ཏོག་རྒྱན་འཛིན་རྡོ་རྗེ་དྲིལ་བུ་རྙེད༔ རྔ་བརྡུང་དུང་འབུད་མེ་ཏོག་གསར་པ་རྙེད༔ རྫིང་གང་ཆུ་འབབ་ལོ་ལེགས་ཀུན་གྱིས་བཀུར༔ གོས་དཀར་གྱོན་ནས་མེ་ཏོག་དཀར་པོའི་ཐང༔ ཀུན་ཏུ་ཉམས་དགའ་གྲུ་དང་ཟམ་པ་འཛུགས༔ ཀུན་གྱིས་ཕྱག་འཚལ་བསྙེན་བཀུར་བསྟོད་པ་ནི༔ བསྙེན་པ་གྲུབ་ཅིང་སློབ་དཔོན་ཞལ་ཡང་མཇལ༔ ཡི་དམ་ལྷ་མཐོང་རིག་པ་ཉམས་དགའ་དང༔ ཤེས་རབ་འཕེལ་ཞིང་མཁར་བཟུང་མཚོན་ཆ་ཐོགས༔ དར་ཕྱར་དུང་འབུད་འབྲུ་དང་མེ་ཏོག་རྒྱས༔ སེར་པོའི་གོས་དང་མེ་ཏོག་རྒྱན་ཕྲེང་མཛེས༔ རྫས་ལ་འོད་དང་དུ་བ་དྲི་ཞིམ་འཕེལ༔ མེ་ཏོག་ཆར་འབབ་ཡ་མཚན་རྟགས་རྣམས་མཐོང༔ འཇའ་དང་འོད་དང་ས་གཡོ་འབྲུག་སྒྲ་འབྱིན༔ བུད་མེད་ཚོགས་འདུ་བསྙེན་བཀུར་རྩ་རླུང་རྒྱས༔ གྲུབ་པའི་རྟགས་ཡིན་འཁྲུགས་པ་རྒྱལ་བ་དང༔ མེ་ཏོག་དམར་པོ་གོས་དམར་དྲི་མེད་གྱོན༔ ལྷོ་ཕྱོགས་ནས་ལོག་བྱང་དང་ཤར་དུ་ཕྱིན༔ འཕྲང་དང་ཟམ་པ་ལམ་ལ་ཐར་ཞིང་བདེ༔ རི་དང་གྱེན་ལ་འཛེགས་ཤིང་སཱཙྪ་མཐོང༔ མཆོད་རྟེན་དཀར་ཞལ་བྱས་ཤིང་ལ་ལུང་གི༔ གྲོང་དང་ཟམ་པ་མང་བརྒལ་རང་ཡུལ་ལོག༔ ཉམས་དགའ་རིག་པ་དྭངས་ཤིང་ལས་ལ་འཇུག༔ འཁོར་ལ་བརྩེ་ཞིང་ཆོས་ལ་དད་པ་ཐོབ༔ བསྐྱེད་རྫོགས་ཡིད་ཆེས་ཉམས་མྱོང་བརྟན་པ་ན༔ ལས་སྦྱོར་དབང་གི་བྱ་བ་འགྲུབ་པར་འགྱུར༔ དེ་ལས་ལོག་ན་སླར་ཡང་བསྐྱར་ཞིང་བསྒྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ནས་དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ གཉིས་པ་ཚེ་བདག་རིག་འཛིན་བསྐུལ་བ་ནི༔ རིག་པ་གཟེངས་བསྟོད་རྒྱན་དང་ཆ་ལུགས་གསར༔ སྤོས་དང་རོལ་མོ་མཆོད་རྫས་གསར་དུ་བཤམ༔ དར་གྱིས་གཡབ་འདོར་ཚེ་མདའ་ཚེ་འབྲང་ཐོགས༔ མ་ལུས་འཁོར་བཅས་དཀྱིལ་འཁོར་བསྐོར་ཞིང་ངམ༔ བདེ་བར་འདུག་པའི་ངང་ནས་བསྐུལ་བ་ནི༔ ཐུགས་ཀའི་ཧྲཱིཿལས་ལྕགས་ཀྱུ་ལྟ་བུའི་འོད༔ སྟོང་གསུམ་ཀུན་ཏུ་མྱུར་མགྱོགས་ཚུལ་གྱིས་འཕྲོས༔ འཁོར་བ་དང་ནི་མྱ་ངན་འདས་པའི་ཚེ༔ དམར་པོའི་འོད་ཅན་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་གྲི་གུག་ཐོད་ཁྲག་དང༔ ཨུཏྤལ་ཕྲེང་བ་མདའ་གཞུ་རྒྱན་ཕྲེང་གོས༔ བཀྲ་ཤིས་རྫས་བརྒྱད་རྟགས་ཀྱི་ཡོན་ཏན་བརྒྱད༔ རྒྱལ་སྲིད་སྣ་བདུན་ཚེ་སྔགས་ཕྲེང་བ་དང༔ འབྲུ་དང་ལོངས་སྤྱོད་སྨན་དང་ཟས་ལ་སོགས༔ དཔག་བསམ་ཤིང་གི་དགོས་འདོད་ཇི་བཞིན་བཀུག༔ བདག་དང་རིག་འཛིན་ལྷ་དང་སྒྲུབ་པའི་རྫས༔ སྔགས་དང་ཕྱག་རྒྱ་འཁོར་དང་ལོངས་སྤྱོད་དང༔ གནས་དང་ལག་ཆ་ཟས་དང་གོས་ལ་བསྟིམ༔ ཐམས་ཅད་པདྨ་རཱ་གའི་འོད་ལྟར་འབར༔ མཐོང་དང་ཐོས་དང་བསྣོམས་དང་མྱོང་བ་དང༔ རེག་དང་བསམས་པས་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ་བྱས་ཏེ༔ སྙན་པའི་དབྱངས་ཀྱིས་བསྐུལ་བ་འདི་ལྟར་བྱ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ ཞི་ལྷ་ཡོངས་རྫོགས་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཆེ་མཆོག་ཁྲོ་རྒྱལ་ཧཱུྃ་ཆེན་གཉིས་སུ་མེད༔ འདོད་པའི་སྐྱོན་སྦྱོང་ཡེ་ཤེས་ཕ་རོལ་ཕྱིན༔ སྐྱེ་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ སྟོང་ཉིད་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ སྣང་མཐའི་ཐུགས་ལས་སྤྲུལ་པའི་དཔལ་ཆེན་ཚོགས༔ ཁྲག་འཐུང་ང་བརྒྱད་སྟོབས་ཆེན་གཉིས་སུ་མེད༔ བརྣབ་སེམས་སྐྱོན་སྦྱོང་བཟོད་པའི་ཕ་རོལ་ཕྱིན༔ སྨོན་ལམ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ མེ་ལོང་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ པདྨ་འབྱུང་གནས་ཡབ་ཡུམ་སྤྲུལ་འཁོར་བཅས༔ ས་སྙིང་ཡང་དག་རྣམ་རྒྱལ་གཉིས་སུ་མེད༔ མ་བྱིན་ལེན་སྤོང་སྦྱིན་པའི་ཕ་རོལ་ཕྱིན༔ ཡོ་བྱད་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ བློ་ལྡན་མཆོག་སྲེད་ཡབ་ཡུམ་སྤྲུལ་འཁོར་བཅས༔ ནམ་སྙིང་འཇམ་དཔལ་གཤེད་པོ་གཉིས་སུ་མེད༔ སྲོག་གཅོད་ལས་སྦྱོང་བསམ་གཏན་ཕ་རོལ་ཕྱིན༔ ཚེ་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ ཉི་མ་འོད་ཟེར་ཡབ་ཡུམ་སྤྲུལ་འཁོར་བཅས༔ གཟིགས་དབང་རྟ་མཆོག་པདྨ་གཉིས་སུ་མེད༔ ཕྲ་མའི་་་ལོག་ལྟ། མཚལ་གྱི་མཆན་ལྟར་སྒྱུ་འཕྲུལ་ཁྲོ་བོའི་ལྷ་དབང་ནང་འདུག །སྐྱོན་སྦྱོང་ཚུལ་ཁྲིམས་ཕ་རོལ་ཕྱིན༔ ཡེ་ཤེས་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ སེངྒེ་སྒྲ་སྒྲོག་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཕྱག་རྡོར་ཕུར་པ་འཁྱིལ་བ་གཉིས་སུ་མེད༔ ཚིག་རྩུབ་སྐྱོན་སྦྱོང་སྨོན་ལམ་ཕ་རོལ་ཕྱིན༔ ལས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཀློང་གྱུར་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ པདྨ་སམ་བྷ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བྱམས་པ་མངོན་རྫོགས་དབྱུག་སྔོན་གཉིས་སུ་མེད༔ ལོག་ལྟའི་རྫུན།སྐྱོན་སྦྱོང་བརྩོན་འགྲུས་ཕ་རོལ་ཕྱིན༔ མོས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ལྷུན་གྲུབ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ པདྨ་རྒྱལ་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྒྲིབ་སེལ་རིག་འཛིན་མི་གཡོ་གཉིས་སུ་མེད༔ རྫུན་གྱི་ཕྲ་མ།སྐྱོན་སྦྱོང་ཐབས་ཀྱི་ཕ་རོལ་ཕྱིན༔ ཆོས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ དབྱིངས་གྲོལ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ ཤཱཀྱ་སེང་གེ་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཀུན་བཟང་དྲེགས་འདུལ་འདོད་རྒྱལ་གཉིས་སུ་མེད༔ ངག་འཁྱལ་སྐྱོན་སྦྱོང་ཤེས་རབ་ཕ་རོལ་ཕྱིན༔ སེམས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ འདའ་ཀ་ཡེ་ཤེས་དབྱིངས་ལས་རོལ་པའི་དཔལ༔ རྡོ་རྗེ་གྲོ་ལོད་ཡབ་ཡུམ་སྤྲུལ་འཁོར་བཅས༔ འཇམ་དཔལ་སྟོབས་ལྡན་གསུམ་རྒྱལ་གཉིས་སུ་མེད༔ གནོད་སེམས་སྐྱོན་སྦྱོང་སྟོབས་ཀྱི་ཕ་རོལ་ཕྱིན༔ རྫུ་འཕྲུལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཡེ་ཤེས་རྣམ་བཞིའི་ངང་ལས་བཞེངས་པ་མོ༔ སྒེག་ཕྲེང་གླུ་དང་གར་གྱི་ཕྱག་རྒྱ་འཛིན༔ རང་རང་སྤྲུལ་འཁོར་བསམ་འདས་བརྗོད་མེད་ཚོགས༔ དགའ་བཞི་འཕེལ་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚད་མེད་རྣམ་བཞིའི་ངང་ལས་བཞེངས་པ་མོ༔ སྤོས་དང་མེ་ཏོག་མར་མེ་དྲི་ཆབ་འཛིན༔ རང་རང་སྤྲུལ་འཁོར་ནམ་མཁའི་ཁམས་གང་ནས༔ བསྡུ་བ་བཞི་གྲུབ་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཕྲིན་ལས་རྣམ་བཞིའི་ངང་ལས་སྐུར་བཞེངས་ལྷ༔ རྡོ་རྗེ་རིན་ཆེན་པདྨ་ལས་བྱེད་དཔལ༔ ཁྲོ་རྒྱལ་རིགས་བཞི་རང་རང་སྤྲུལ་འཁོར་གྱིས༔ བདུད་བཞི་འཇོམས་པའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ འཁོར་གྱི་མཁའ་འགྲོ་རྩི་དང་སྨན་གྱི་ལྷ༔ དྲང་སྲོང་རིག་འཛིན་ནམ་མཁའི་ཁམས་གང་བས༔ མྱུར་མགྱོགས་ལས་ཀྱིས་ཚེ་ཁུག་བྱིན་ཆེན་སྡུས༔ ཡེ་ཤེས་ལྔ་རྫོགས་དབང་དང་དངོས་གྲུབ་སྩོལ༔ ཚེ་འཛབ་མཇུག་ཏུ་ཤཱནྟིཾ་པུཥྚིཾ་དང༔ ཝ་ཤཾ་མཱ་ར་ཡ་ཕཊ་མཐའ་བསྒྱུར་གདགས༔ ཁྱད་པར་པུཎྱཻའི་སྔགས་ཀྱིས་ཚེ་བུངས་བསྐྱེད༔ དེས་ནི་བྱིན་འབེབས་རིག་རྩལ་འབྱོང་བ་དང༔ དངོས་གྲུབ་རྣམ་གཉིས་མཐུ་དང་ལྡན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཚོགས་ཀྱི་ཡོ་བྱད་ཐམས་ཅད་ལ༔ བདུད་རྩི་དྲི་ཆུར་བཅས་པས་བསང་གཏོར་ཞིང༔ ཧཱུྃ་ཧྲཱི༔ ཀ་དག་རིག་པ་ཀུན་ཏུ་བཟང༔ ལྷུན་གྲུབ་བདེ་ཆེན་འོད་ལྔ་ཡིས༔ རྟོག་འཛིན་ཚོགས་ཀྱི་ཡོ་བྱད་རྣམས༔ ཡེ་ཤེས་འོད་ལྔར་བྱིན་གྱིས་བརླབ༔ ཨོཾ་ཨུ་ཙུསྨ་ཀྲོ་ཏ་པེ་ཏ་ལི་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཞི་པ་ཚོགས་རྟེན་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་དང་སྐུ་ལྔའི་ཀློང༔ ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ༔ རིག་པ་མངོན་སུམ་ཐིག་ལེའི་སྐུ༔ སྣང་སྲིད་འོད་ལྔའི་ཚོགས་ལ་གཤེགས༔ བཛྲ་ས་མཱ་ཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རྟག་ཏུ་མི་འགྱུར་ཆོས་ཀྱི་སྐུ༔ སྟོང་གསལ་འོད་ལྔ་ལྷམ་མེ་བ༔ གང་དུའང་གཤེགས་པའི་ཡུལ་མེད་ཅིང༔ ཀུན་ལ་ཁྱབ་ཅིང་གསལ་བར་བཞུགས༔ ས་མ་ཡ༔ ཏིཥྛ་ལྷན་བཛྲ༔ དྲུག་པ་གུས་པས་ཕྱག་འཚལ་བ༔ ཧཱུྃ་ཧྲཱི༔ སྙིང་ནང་པདྨའི་འོད་པོ་ཆེ༔ རང་དང་ཡེ་ནས་འདུ་འབྲལ་མེད༔ རང་ངོ་རང་ཤེས་ཡིད་ཆེས་ཀྱིས༔ རང་ཞལ་མཇལ་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ བདུན་པ་ཚོགས་བཏེགས་འཆམ་སྟབས་སྐོང་བ་ནི༔ ཧཱུྃ་ཧྲཱི༔ རང་དང་འདུ་འབྲལ་མེད་པའི་དོན་གྱི་ལྷ༔ མ་བཅོས་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང༔ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་བ་ལ༔ རང་སྣང་དག་པའི་འོད་ཀྱིས་ཐུགས་དམ་བསྐང༔ ཀ་དག་བསམ་བརྗོད་བྲལ་བའི་ཆོས་སྐུ་ལ༔ སྟོང་གསལ་རྣམ་རྟོག་བྲལ་བའི་ཚོགས་ཀྱིས་བསྐང༔ ལྷུན་གྲུབ་ཐིག་ལེ་ལྔ་ལྡན་ལོངས་སྐུ་ལ༔ མ་འདྲེས་ཡོངས་རྫོགས་ཞི་ཁྲོ་ཚོགས་ཀྱིས་བསྐང༔ མངོན་སུམ་ཡེ་ཤེས་ཟང་ཐལ་སྤྲུལ་སྐུ་ལ༔ ཉམས་སྣང་གོང་འཕེལ་ཡེ་ཤེས་ཚོགས་ཀྱིས་བསྐང༔ དབྱིངས་རིག་གཉིས་མེད་ངོ་བོ་ཉིད་སྐུ་ལ༔ རིག་པ་ཚད་དུ་ཕེབས་པའི་ཚོགས་ཀྱིས་བསྐང༔ རང་བྱུང་ཡེ་ཤེས་རྫོགས་པའི་མངོན་བྱང་ལ༔ ཆོས་ཉིད་ཟད་སར་འཁྱོལ་བའི་ཚོགས་ཀྱིས་བསྐང༔ བར་དོ་བཞི་སྦྱོར་རྒྱལ་བའི་ཚོགས་རྣམས་ལ༔ སྒྲ་འོད་ཟེར་གསུམ་རྒྱས་པའི་ཚོགས་ཀྱིས་བསྐང༔ བསྐང་ངོ་བསྐང་ངོ་དོན་དམ་བྱང་ཆུབ་སེམས༔ སྐོང་བར་གྱུར་ཅིག་འཁོར་འདས་རང་གྲོལ་ལོ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ བརྒྱད་པ་བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་འཁྲུལ་པ་མེད་པ་ལ༔ རྟོག་འཛིན་སྐྱེས་པ་ཚོགས་ཀྱིས་བཤགས༔ སྣང་སྲིད་རིག་པ་ཆོས་སྐུ་ལ༔ ཐ་དད་བཟུང་བ༴ རིགས་དྲུག་ཡུལ་རྣམས་མེད་པ་ལ༔ འཇིགས་སྣང་ལས་དབང༴ ཕན་གནོད་ཅི་ཡང་མེད་པ་ལ༔ ལྷ་དང་འདྲེར་འཛིན༴ དགྲ་བགེགས་གདོད་ནས་མེད་པ་ལ༔ སྲུང་ཟློག་བྱས་པ༴ སེམས་ཅན་སེམས་ཀྱི་སྣང་བ་ལ༔ གཞན་དུ་བཟུང་བ་ཚོགས་ཀྱིས་བཤགས༔ མཉམ་གཞག་སངས་རྒྱས་ཞིང་ཁམས་ལ༔ རྣམ་གཡེང་འཁྲུལ་པ༴ བྱར་མེད་ལྷུག་པར་གནས་རྒྱུ་ལ༔ བྱ་བྱེད་ལས་རྣམས་ཚོགས་ཀྱིས་བཤགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཡིག་བརྒྱ་བརྗོད༔ དེ་ནས་ཚོགས་ནི་མདུན་བཞག་ནས༔ ཡི་གེ་བརྒྱ་པ་མང་དུ་བཟླས༔ ཡང་དག་ཡེ་ཤེས་དོན་ལ་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགུ་པ་ལས་ཀྱི་རྡོ་རྗེ་ཡིས༔ གསུམ་དུ་སྤྲོས་ལ་དང་པོ་ཕུལ༔ ཧཱུྃ་ཧྲཱི༔ ཀུན་བཟང་འོད་ལྔའི་ལྷ་ཚོགས་ལ༔ ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི༔ ཀུན་བཟང་མཆོད་པ་རྒྱ་མཚོའི་ཚོགས༔ ཀུན་ཏུ་དགྱེས་པར་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ བཅུ་པ་བར་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ བཟང་ངན་མེད་པའི་དཀྱིལ་འཁོར་ལ༔ བཟང་ངན་གཉིས་སུ་གཟུང་བའི་བློ༔ གློ་བུར་རྟོག་པའི་སྒྲིབ་པ་རྣམས༔ བློ་འདས་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཧོ༔ ཡི་གེ་བརྒྱ་པ་ཚར་བདུན་བརྗོད༔ བཅུ་གཅིག་པ་ནི་ཐ་མ་བསྟབ༔ ཧཱུྃ་ཧྲཱི༔ བློ་འདས་ཆོས་སྐུར་དྭངས་པ་ལ༔ བློ་འདས་རྟོགས་པའི་གདེངས་མ་རྙེད༔ གློ་བུར་རྟོག་པ་ལྷན་ཅིག་སྐྱེས༔ བློ་འདས་ཐིག་ལེ་མཚོན་ཆས་བསྒྲལ༔ མཱ་ར་ཡ་རྦད༔ འོད་གསལ་རྡོ་རྗེ་སེམས་དཔའི་ཚེ༔ དྭངས་མ་འོད་ལྔའི་དཀྱིལ་དུ་བསྟིམ༔ ཧཱུྃ་ཨཱ་ཡུ་ནྲྀ་བྷྲཱུྃ༔ རྒྱ༔ བདག་སྲོག་འཁྲུལ་པ་ཅིར་སྣང་ཡང༔ སྐད་ཅིག་དྲན་གསལ་འོད་ཀྱིས་སྦྱང༔ སརྦ་བྷི་ཤུདྡྷེ་ཧཾ༔ ཀློང་ཡངས་ཆེན་པོའི་འོད་རུམ་དུ༔ རང་ཤེས་རང་རིག་གནས་སུ་བསྟབ༔ ཨ་ཡཾ་ཡུ་ཏི་ཛ༔ སྥ་ར་ཎ་ཕཊ༔ རྒྱ༔ དེ་ནི་ཚེ་ཁྲུས་གནས་ཀྱི་ལུང༔ དོན་གྱི་ཀ་དག་རྟོགས་པར་བྱ༔ དེ་ནི་ཐབས་ཀྱི་ཁྱད་པར་རོ༔ ཧཱུྃ་ཧྲཱི༔ བདག་ཏུ་འཛིན་པ་རང་གི་སེམས༔ འཁྲུལ་རྟོག་ལས་ཀྱིས་ཚོགས་བརྒྱད་འཁྲུལ༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབ༔ བསྟབ་བོ་ཀུན་བཟང་ཞལ་དུ་བསྟབ༔ སྐྱེ་འགག་མེད་པའི་ཀློང་དུ་བསྟབ༔ དངོས་པོ་ཆོས་ཉིད་ཀློང་དུ་བསྟབ༔ སྣང་བ་ཡེ་ཤེས་ཀློང་དུ༴ གསལ་བ་ཆོས་ཉིད་ཀློང་དུ༴ གློ་བུར་རིག་པའི་ཀློང་དུ༴ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ འཁྲུལ་པ་ཟད་པའི་ས་ལ་བཞག༔ ས་མ་ཡ༔ བཅུ་གཉིས་ཚོགས་བཏེག་པད་སྐོར་བྱས་ཏེ༔ ཀྱེ༔ ཀུན་བཟང་དབྱེར་མེད་བླ་མ་དགོངས་སུ་གསོལ༔ སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ བདེ་སྟོང་དབྱེར་མེད་ཆེན་པོའི་ཚུལ་གྱིས་འབུལ༔ རིག་སྟོང་དབྱེར་མེད་ངང་དུ་བཞེས་སུ་གསོལ༔ ཀྱེ༔ སྣང་སྲིད་དག་པ་འོད་ལྔའི་ལྷ་ཚོགས་དགོངས༔ ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི༔ རྟོགས་པའི་བློ་ལ་དག་སྣང་ཚུལ་གྱིས་འབུལ༔ འཁྲུལ་མེད་དག་པའི་ངང་དུ་བཞེས་སུ་གསོལ༔ ཀྱེ༔ རྡོ་རྗེ་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ༔ དགའ་མགུ་རྣམ་དག་ཚོགས་ཀྱི་ལོངས་སྤྱོད་འདི༔ སོ་སོར་མ་མཆིས་གཡར་དམ་ཚུལ་གྱིས་འབུལ༔ མཁོན་འཛིན་མེད་པའི་ངང་དུ་བཞེས་སུ་གསོལ༔ བླ་མ་ལྷ་དང་མཆེད་ལ་རིམ་གྱིས་བསྟབ༔ གཟེངས་བསྟོད་དེ་ནས་སློབ་བུ་ཐལ་སྦྱར་ལང༔ བཅུ་གསུམ་པ་ནི་བསྒོམ་པ་གཟེངས་བསྟོད་དེ༔ ཐམས་ཅད་མགྲིན་གཅིག་སྙན་པའི་དབྱངས་དང་བཅས༔ སྟོབ་ལན་ཚུལ་དུ་བརྗོད་པར་བྱ་བ་ནི༔ ཨེ་མ་ཧོ༔ སྐུ་གསུམ་ཞིང་ཁམས་མཐོང་བས་དྭངས་རེ་སྤྲོ༔ ཆོས་ཉིད་བློ་འདས་རྟོགས་པས་བློ་རེ་བདེ༔ ཕུན་སུམ་ཚོགས་པ་ལྔ་ལྡན་ངོ་མཚར་ཆེ༔ བླང་དོར་མི་འཚལ་ཡི་རང་དགའ་བས་རོལ༔ ཨ་ལ་ལ་ལ་ཧོ༔ ཨ་ལ་ལ་ཧོ༔ ཨ་ལ་ལ་ལ་ཧོ༔ བཅུ་བཞི་སྔགས་ཀྱི་སྤྱོད་པ་དང་ལྡན་པས༔ ཕྱི་ནང་དོན་རྟོགས་ཚོགས་ལ་ལོངས་སྤྱོད་ནི༔ རབ་ཀྱིས་ཆོས་ཉིད་ཀློང་ཡངས་འོད་ཀྱི་དཀྱིལ༔ ཆོས་ཉིད་དོན་ལ་ཆོས་ཉིད་ཐིམ་ཚུལ་གྱིས༔ ལོངས་སྤྱོད་བྱས་པས་དོན་དམ་ཡེ་ཤེས་འཕེལ༔ འབྲིང་གིས་བདེ་སྟོང་ལུས་ཀྱི་ལྷ་རྣམས་ལ༔ སྙོམས་འཇུག་བདེ་བའི་ཡེ་ཤེས་ཚོགས་ཀྱིས་མཆོད༔ རྩ་ཁམས་ཐིག་ལེ་དྭངས་མས་གང་བར་འགྱུར༔ ཐ་མས་སྣོད་བཅུད་ལྷ་དང་མཁའ་འགྲོ་ལ༔ འདོད་ཡོན་དྲུག་ལྡན་ཞལ་གྱི་ཧོམ་ཁུང་དུ༔ གཡས་གཡོན་ལག་པ་དགང་གཟར་བླུག་གཟར་གྱིས༔ རྟག་ཏུ་ཕུལ་བས་ལྟེ་བའི་གཏུམ་མོ་སྦར༔ འཇིག་རྟེན་སྐྱོང་བ་ཞལ་གདངས་བདེ་དྲོང་ན༔ སྟེང་ཕྱོགས་སྙིང་གར་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་ཚོགས་གསལ་བ་ཚོགས་ཀྱི་མཆོད་པས་བསྐང༔ ཚོགས་རྫོགས་སྒྲིབ་སྦྱངས་སྣང་བ་ལྷ་དང་སྔགས༔ ཡེ་ཤེས་སྐུ་ལྔ་མྱུར་དུ་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོ་ལྔ་པ་ལྷག་མ་བསྡུས་ཏེ་སྨོན་ལམ་གདབ་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་མི་གཡོ་ཐིག་ལེ་གཅིག་གི་ངང་ཉིད་དུ༔ ལོངས་སྤྱོད་མི་གཡོ་འདོད་པའི་ཡོན་ཏན་ཀུན་ཏུ་སྣང༔ ཀུན་བཟང་རྣམ་འཕྲུལ་ཚོགས་ཀྱི་མཆོད་པས་མཉེས་བྱས་མཐུས༔ ཚོགས་གཉིས་མི་འགག་འོད་གསལ་མཆོག་གི་ཚེ་འཕེལ་ཤོག༔ དེ་ནས་བསྒྲུབས་པའི་རྫས་ལ་དངོས་གྲུབ་བླང་བ་དང༔ བདག་གཞན་ཀུན་ལ་དབང་གིས་སྨིན་བྱའི་ཕྱིར༔ ཧཱུྃ་ཧྲཱི༔ བདག་གཞན་གཉིས་མེད་དག་པའི་དཀྱིལ་འཁོར་དུ༔ ཡོན་ཏན་རྨད་བྱུང་ཡེ་ཤེས་ཚེ་ཡི་ལྷ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ ལྷུན་གྱིས་གྲུབ་པའི་ཐིག་ལེ་མཆོག་གི་ཚེ༔ ད་ལྟ་ཉིད་དུ་གསལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་ཚེ༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ ཆོས་དང་དབང་ཐང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་ཚེ་དབང་བདག་ལ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུར་པུཎྱཻ་ཛྙཱ་ན་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བརྗོད་རྫས་དང་བཅས་པ་གནས་དག་བླང༔ དངོས་གྲུབ་མ་ལུས་ཐོབ་པར་དགའ་བ་བསྐྱེད༔ པུཎྱཻའི་སྔགས་དང་གསང་སྔགས་རྒྱལ་པོ་བཟླས༔ དེ་ནས་སྐལ་ལྡན་སློབ་བུ་ཁྲུས་ནས་དབྱུང༔ གོས་རྒྱན་གསལ་བཅས་ཕྱག་འཚལ་ཡོན་ཕུལ་ལ༔ ཀྱཻ༔ བླ་མ་ཀུན་བཟང་ཚེ་དཔག་མེད༔ ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས༔ བདག་ཅག་ལས་འཕྲོ་སྐལ་བར་ལྡན༔ སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ༔ དེ་སྐད་ལན་གསུམ་གསོལ་བ་གདབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཀུན་བཟང་ཚེ་ཡི་དཀྱིལ་འཁོར་དུ༔ འཇུག་པར་འདོད་པ་ཤིན་ཏུ་ལེགས༔ དམ་ཚིག་སྡོམ་པ་ཀུན་ཐུབ་ཅིང༔ བསྐྱེད་རྫོགས་དོན་ལ་གནས་ནུས་སམ༔ འགྲོ་ལ་ཕན་པར་བྱེད་ནུས་སམ༔ དེ་སྐད་གསུངས་པའི་ལན་དུ་ནི༔ ཧོ༔ བླ་མ་ཀུན་བཟང་ཚེ་དཔག་མེད༔ ཁྱེད་ཀྱིས་བཀའ་བསྩལ་བདག་གིས་བསྒྲུབ༔ སྨིན་བྱེད་དབང་དང་གདམས་ངག་ཞུ༔ གྲོལ་བྱེད་རིག་པ་རང་གསལ་སྟོན༔ ཞེས་ཞུ་ཡན་ལག་བཅུ་པ་དང༔ སྐྱབས་འགྲོ་སེམས་བསྐྱེད་གཞུང་བཞིན་བྱ༔ དེ་ནས་སྡོམ་པ་བཟུང་བ་ནི༔ ཧོ༔ ཚེ་བདག་རིག་འཛིན་སྣང་མཐའ་ཡས༔ རྒྱལ་བ་སྲས་བཅས་མཁའ་འགྲོ་དགོངས༔ བདག་ནི་དུས་འདི་ནས་བཟུང་སྟེ༔ འོད་གསལ་མངོན་དུ་མ་གྱུར་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་པ་ཐམས་ཅད་བཟུང་བར་བགྱི༔ མ་བསྒྲལ་པ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་པ་རྣམས་དགྲོལ་བར་བགྱི༔ དབུགས་མ་ཕྱུང་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ དེ་ལྟར་ལན་གསུམ་བརྗོད་བྱ་ཞིང༔ གནས་གསུམ་ཡི་གེ་གསུམ་བསྒོམས་ལ༔ ཐུགས་ཀར་ཟླ་བ་རྡོ་རྗེ་བསམ༔ ཨོཾ་ཨཱཿཧཱུྃ༔ སརྦ་ཡོ་ག་ཙིཏྟ་ཨུད་པ་ད་ཡཱ་མི༔ བརྟན་བྱེད་རིམ་པ་མེ་ཏོག་བཞག༔ ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཨཱ་ཁཾ་ཝཱི་ར་ཧཱུྃ༔ པུཥྤེ་སིདྡྷི་བྷྲཱུྃ༔ དེ་སྐད་གདོང་བཅིང་མེ་ཏོག་བྱིན༔ བདུད་རྩིས་བགེགས་བསྐྲད་ཧཱུྃ་ཞེས་བརྗོད༔ ཀྱཻ༔ བུ་ཁྱོད་སུ་ཡིན་ཅི་ལ་དགའ༔ སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ༔ བུ་ཁྱོད་དེས་ནི་ཅི་ཞིག་འཚོལ༔ མཆོག་གི་ཐིག་ལེའི་དམ་ཚིག་གོ༔ དེ་སྐད་རིམ་པར་དྲི་ལན་གདབ༔ ཧོ༔ བླ་མ་དྲིན་དང་ལྡན་པ་ལ༔ བདག་གི་ལུས་འབུལ་བཞེས་སུ་གསོལ༔ དཀྱིལ་འཁོར་དཀོན་མཆོག་གསུམ་མཆོག་ལ༔ བདག་གི་ལུས་འབུལ་བཞེས་སུ་གསོལ༔ ཧོ༔ མཆོག་ཏུ་གསང་བ་ཟབ་མོའི་དོན༔ སྣོད་མིན་མ་སྨིན་པ་དག་ལ༔ སྲོག་གི་ཕྱིར་ཡང་སྨྲ་མི་བྱ༔ དེ་འདའ་རྡོ་རྗེ་དམྱལ་བར་འགྱུར༔ མ་ཧཱ་ས་མ་ཡ་བཛྲ་ཧཱུྃ༔ ཧོ༔ བུ་ཁྱོད་འདིར་ཤོག་ཉམས་དགའི་གྲོང༔ ཐར་པ་ཆེན་པོ་མཆོག་གི་གནས༔ འདིར་ཞུགས་དཀྱིལ་འཁོར་ལྷ་ལ་བསྐོར༔ ཕྱག་འཚལ་གུས་པས་འདིར་འདུས་ཤིག༔ ཧཱུྃ་ཧཱུྃ་ཛཿཛ༔ ཞེས་བོས་ལ༔ དཀྱིལ་འཁོར་རེ་རེར་ཕྱག་འཚལ་ནས༔ ཤར་གྱི་སྟེགས་ལ་འགོད་པར་བྱ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག༔ བདུད་རྩི་ཁར་བླུད་སླར་ཡང་ནི༔ རྡོ་རྗེ་སྙིང་ག་སྤྱི་བོར་བཞག༔ དམ་ཚིག་དག་ལ་བཞག་བྱ་བ༔ ཧཱུྃ་ཧྲཱི༔ དེ་རིང་དུས་སུ་དངོས་གྲུབ་ཐོབ༔ སྲུངས་ཤིག་མ་བསྲུང་ཉམས་པར་འགྱུར༔ སྙིང་ལ་རྡོ་རྗེ་སེམས་དཔའ་གནས༔ སློབ་དཔོན་བཀའ་བསྩལ་ཉན་པར་བྱོས༔ མ་ཧཱ་བཛྲ་ས་མ་ཡ་ཧཱུྃ༔ ཡོན་འབུལ་ཐལ་སྦྱར་སློབ་དཔོན་ལ༔ ཀྱཻ༔ བླ་མ་རིག་འཛིན་ཚེ་ཡི་བདག༔ བདག་ལ་བྱིན་རློབས་ཡེ་ཤེས་ཕོབ༔ རང་བྱུང་ཡེ་ཤེས་རང་ལ་གནས༔ དེ་ཉིད་བདག་ལ་བསྟན་པར་འཚལ༔ དེ་སྐད་གསོལ་བཏབ་སློབ་བུ་ཉིད༔ ལྷར་བསྐྱེད་སྐུ་དང་སྔགས་དང་ནི༔ ཡེ་ཤེས་ཐིག་ལེ་སྤྱན་དྲངས་བསྟིམ༔ སྒྲ་དང་རོལ་མོ་གུལ་དང་བཅས༔ གསང་བའི་རྫས་ཀྱི་དུད་པས་བདུག༔ འདར་དང་འཁྲབ་དང་གར་བྱེད་གསུམ༔ སྐུ་ཡི་དགའ་བར་ཤེས་པར་བྱ༔ སྨྲ་དང་རྒོད་དང་ངུ་བ་གསུམ༔ གསུང་གི་དགའ་བར་ཤེས་པར་བྱ༔ བདེ་དང་གསལ་དང་མི་རྟོག་གསུམ༔ ཐུགས་ཀྱི་དགའ་བར་ཤེས་པར་བྱ༔ གསང་སྔགས་བཟླས་ཤིང་སྤྱི་བོ་རུ༔ མེ་ཏོག་དམར་པོ་བཞག་བྱས་ཏེ༔ རབ་ཏུ་བརྟན་པར་བྱ་བ་ནི༔ ཡེ་ཤེས་དབབ་པའི་སྦྱོར་བ་འོ༔ དེ་ནས་ལང་ལ་མེ་ཏོག་ནི༔ དཀྱིལ་འཁོར་དབུས་སུ་གཏད་དེ་དོར༔ ཧཱུྃ་ཧྲཱི༔ ཀུན་བཟང་ཚེ་ཡི་དཀྱིལ་འཁོར་དམ་པ་རུ༔ རིག་པ་མཆོག་གི་མེ་ཏོག་ཕྲེང་བ་ནི༔ གུས་པས་འབུལ་གྱིས་བརྩེ་བས་བཞེས་མཛོད་ལ༔ བྱང་ཆུབ་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ པུཥྤེ་པྲ་ཏཱི་ཛ་བཛྲ་ཧོ༔ ཞེས་བརྗོད་ཕོ་བྲང་དབུས་ཀྱི་ལྷ་ལ་གཏད་དེ་འབུལ༔ གང་ལ་བབས་པའི་ལྷ་དེ་ངོ་ཡང་སྤྲད༔ སླར་ཡང་ཚེ་ཡི་དངོས་གྲུབ་མཆོག་གི་དབྱིག༔ འོད་ཟེར་ཕུང་པོ་འབར་བའི་ཡིད་བཞིན་གཏེར༔ དཀྱིལ་འཁོར་ལྷ་དང་གཉིས་མེད་སྤྱི་བོར་ཐིམ༔ ཧོ༔ དེང་ནས་བུ་ཁྱོད་ཡེ་ཤེས་ཐུགས་སྲོག་འཛིན༔ རྒྱལ་སྲས་དཔའ་བོ་དངོས་གྲུབ་མཆོག་འདི་ལོངས༔ དབང་རྟགས་ཅོད་པན་འཛིན་པའི་རྒྱན་འདི་ཡིས༔ བུ་ལ་དབང་བསྐུར་ཆོས་རྒྱལ་སྲིད་ཐོབ་ཤོག༔ རྩ་སྔགས་ཤམ་བུར་སྔགས་འདིས་སྤྱི་བོར་བསྟིམ༔ སྙིང་གི་ཐིག་ལེ་ཀུན་ཏུ་སྦྱོར༔ པྲ་ཏི་གྷྲྀ་ཧ་ན་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ གསང་མཚན་པདྨ་ཚེ་དབང་རྩལ་དུ་བཏག༔ དེ་ནས་གསེར་གྱི་ཐུར་མ་སྨན་ལྡན་གྱིས༔ མིག་འབྱེད་དཀྱིལ་འཁོར་བསྟན་ལ་ལྷ་ངོ་སྤྲད༔ ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་བསལ་བའི་ཚུལ་བཞིན་དུ༔ མ་རིག་དེང་བསལ་དཀྱིལ་འཁོར་ལྟོས༔ དངོས་གྲུབ་ཀུན་དང་ལྡན་པར་འཇུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་པདྨའི་གདན་སྟེང་དུ༔ སློབ་བུ་བཞག་ལ་མེ་ཏོག་དོར༔ སློབ་དཔོན་ཆས་གོས་རྒྱན་ལྡན་པས༔ འདིར་ཚེ་འགུགས་གཏོང༔ བུམ་པ་སྤྱི་བོར་བཞག་བྱས་ཏེ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་འོད་གསལ་གཞལ་ཡས་ཁང༔ ཀུན་བཟང་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས༔ གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད༔ བུ་ལ་དབང་བསྐུར་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་བྷུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཾ༔ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ མགོ་བོའི་གནས་ལྔ་དག་ཏུ་དབང་བསྐུར་བས༔ དུག་ལྔ་དག་ནས་སྐུ་ལྔ་ཡེ་ཤེས་ལྔ༔ ཡང་དག་སྙིང་པོ་དོན་གྱི་ཚེ་དབང་ཐོབ༔ དེ་ནས་ཚེ་རྟེན་གནས་གསུམ་གཏུག་བྱས་ཏེ༔ ཧཱུྃ་ཧྲཱི༔ ངོ་བོའི་སྐུ་ནི་མཐའ་བྲལ་རྡོ་རྗེའི་ཚེ༔ མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག༔ རང་བཞིན་གསུང་ནི་གྲགས་སྟོང་ཆོས་ཀྱི་སྐུ༔ རྒྱུན་ཆད་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཐུགས་རྗེའི་ཐུགས་ནི་མཐའ་བྲལ་ཐིག་ལེའི་སྐུ༔ དུས་གསུམ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ སྒྲུབ་སྔགས་མཇུག་ཏུ་སྔགས་འདི་བཏགས་ལ་སྦྱིན༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཚེ་ཆང་ངག་ཏུ་བླུད་ལ་རྩ་རྣམས་ཀུན༔ འབར་བའི་ཧྲཱིཿཡིག་འོད་ཀྱིས་གང་བར་བསམ༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་དང་རྟག་ཏུ་མཉམ་སྦྱོར་ཞིང༔ ཡེ་ཤེས་བདུད་རྩིས་དུག་ལྔའི་ནད་ཀུན་སེལ༔ དགའ་བཞི་ཡེ་ཤེས་བདེ་སྟོང་དབང་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱི༔ ཨཱ་ཡུརྫྙཱ་ན་པུཎྱེ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ དེ་ནས་ཐུགས་རྟེན་རིལ་བུ་དང༔ འཁོར་ལོ་ཚེ་མདའ་ཐུགས་ཀ་རུ༔ བཞག་ལ་སྙིང་གའི་དྭངས་མ་ལ༔ རྒྱས་གདབ་ངོ་སྤྲོད་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ཅིས་ཀྱང་མི་འགྱུར་མི་ཤིགས་རྡོ་རྗེ་སེམས༔ རིག་པའི་རྒྱལ་པོ་ཀུན་ཁྱབ་ཀུན་ཏུ་བཟང༔ གཞོམ་གཞིག་བྲལ་བའི་སྲོག་གི་ཐིག་ལེའི་དབང༔ རིག་པ་སེམས་ཀྱི་བུ་ཁྱོད་བླང་བར་གྱིས༔ བདེ་གཤེགས་མཚན་བརྒྱ་རྩ་བརྒྱད་སྔགས་ཟློས་ཤིང༔ རིལ་བུ་ཐིག་ལེ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཉི་ཟླ་ག་འུ་འོད་ཀྱི་དཀྱིལ་དུ་བསྟིམ༔ ཡོན་ཏན་དབང་རྫས་ཟ་མ་ཏོག་གི་དབང༔ སྤྱི་བོ་ལ་སོགས་གནས་ལྔར་བཞག་བྱས་ཏེ༔ ཡོན་ཏན་ཕུན་ཚོགས་དབང་བསྐུར་ཐོབ་པར་བསམ༔ འོད་ཟེར་འཕྲོ་འདུ་འཛབ་དབང་བསྐུར་བྱས་ཏེ༔ ཧཱུྃ་ཧྲཱི༔ བདུད་རྩིའི་དབང་བསྐུར་སྐུ་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ནས༔ བཀྲ་ཤིས་རྣམ་རྒྱལ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་རིག་པའི་སྙིང་པོ་དང་བཅས་པས༔ ལུས་ཀྱི་གནས་ལྔ་ཕྱི་ནང་མ་ལུས་རྣམས༔ མི་འགྱུར་རྡོ་རྗེ་བཅུད་ཀྱིས་གང་བར་བསམ༔ ཨོཾ་བཛྲ་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཨ་བྷི་ཥིཉྩ་ཨ༔ སྨན་ཕུད་ལྷ་དང་དྲང་སྲོང་མཆོད་བྱ་སྟེ༔ ཟས་ངན་བསྲུང་ཞིང་འཇུ་སྟོབས་སྦྱར་ཞིང་ཟ༔ ཤ་རུས་རྒྱས་ཤིང་སྟོབས་དང་བཀྲག་མདངས་འཕེལ༔ ཚེ་རིང་འབྱུང་བཞི་སྙོམས་པས་ཡེ་ཤེས་རྒྱས༔ མདངས་འཕེལ་རྩ་རྒྱས་གསུང་ནི་ཚངས་པ་འདྲ༔ དམ་ཅན་དབང་འདུ་ཚེ་ཡི་རིག་འཛིན་ཐོབ༔ དེ་ནས་ཕྲིན་ལས་ཕུར་པའི་དབང༔ གནས་དགུར་གཏུག་ཅིང་དྲིལ་བར་བྱ༔ འཆི་བདག་སྙིང་གི་དབུས་ཉིད་ནས༔ ཚེ་ཡི་དྭངས་མ་འོད་དུ་བསྡུས༔ ཤངས་བུག་ནས་བརྒྱུད་ཐུགས་ཀར་ཐིམ༔ བདུད་རྩི་འོད་ཀྱིས་ལུས་གང་བསམ༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ བདུད་བཞིའི་སྙིང་ཁྲག་རྔུབས་བྱས་ནས༔ རྩལ་ཆེན་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ རུ་ཏྲ་མཱ་ར་ཡ་ཧཱུྃ་ཕཊ༔ ཀརྨ་ཨཱ་ཡུཿཔུཎྱཻ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐར་ནི་བཀྲ་ཤིས་རྫས༔ རྒྱལ་སྲིད་བདུན་དང་རིན་པོ་ཆེ༔ ཞི་རྒྱས་དབང་དྲག་ཕྲིན་ལས་འབྲང་རྒྱས་རྣམས༔ སློབ་བུའི་མགོ་དང་ལག་ཏུ་གཏད༔ ཚེ་འཛབ་བཟླས་ཤིང་ཤིས་པ་བརྗོད༔ རྟེན་འབྲེལ་སྔགས་ཀྱི་མེ་ཏོག་འཐོར༔ ཧཱུྃ་ཧྲཱི༔ འཁོར་ལོ་རིན་ཆེན་དབང་བཅུས་འཁོར་རྒྱུན་གཅོད༔ ཆོས་འཁོར་ལེགས་བསྐོར་ས་བཅུའི་དབང་ཐོབ་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བཙུན་མོ་རིན་ཆེན་གཏེར་ཆེན་གཟུངས་དང་ལྡན༔ བསོད་ནམས་ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནོར་བུ་རིན་ཆེན་སྐྱོན་སེལ་བདེ་བའི་གནས༔ མཆོག་གསུམ་རེ་སྐོང་ལྷག་མཐོང་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ཁྱིམ་བདག་རིན་ཆེན་གང་འདུལ་དཔག་བསམ་ཤིང༔ ཤེས་བྱར་ཐོགས་མེད་ནོར་བདུན་དབང་ཐོབ་ཤོག༔ མ་ཧཱ་ཙིཏྟ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ གླང་པོ་རིན་ཆེན་བདུད་འདུལ་སྟོབས་པོ་ཆེ༔ ཡང་དག་སྟོབས་བཅུ་གནད་ལྡན་དབང་ཐོབ་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ རྟ་མཆོག་རིན་ཆེན་འཁོར་མཚོ་སྒྲོལ་ཤུགས་འཆང༔ ས་ལམ་མྱུར་བསྒྲོད་རྫུ་འཕྲུལ་དབང་ཐོབ་ཤོག༔ ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བློན་པོ་རིན་ཆེན་ཐབས་ལྡན་མི་འཇིགས་སྦྱིན༔ གོ་གྱོན་གཡུལ་འཇོམས་མི་འཇིགས་དབང་ཐོབ་ཤོག༔ མ་ཧཱ་ཁཌ་ག་རཏྣ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་སྦྱིན་བྱ་བ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ གསང་བདག་དཔའ་བོ་ཕྱག་ན་རྡོ་རྗེ་ཡིས༔ ཡུངས་དཀར་ཕུལ་བས་སྟོང་ཕྲག་བརྒྱད་ཅུའི་བགེགས༔ མ་ལུས་འཇོམས་མཛད་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ ཁྱེའུ་དམ་པ་རྩ་འཚོང་བཀྲ་ཤིས་ཀྱིས༔ དཱུར་བ་ཕུལ་བས་ནད་གདོན་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱཿ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ ཚངས་པའི་རྒྱལ་པོས་བིལ་བ་ཕུལ་བ་ཡིས༔ སྟོབས་ལྡན་མི་འཇིགས་སྐུ་ལྔ་ཡོངས་སུ་རྫོགས༔ རྒྱུ་ཆུང་འབྲས་འཕེལ་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ བྲམ་ཟེ་དམ་པ་བཀྲ་ཤིས་སྐར་རྒྱལ་གྱིས༔ ལི་ཁྲི་ཕུལ་བས་ཐུགས་རྗེ་གཞན་ཕན་རྒྱས༔ ཁམས་གསུམ་དབང་སྡུད་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ གླང་ཆེན་ས་སྲུང་གི་ཝཾ་ཕུལ་བ་ཡིས༔ ཤེས་བཅུ་རབ་བརྟན་བཞི་བརྒྱའི་ནད་ཀུན་གྲོལ༔ དཀར་པོའི་ཆོས་འཛིན་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ ལེགས་སྐྱེས་བུ་མོས་ཞོ་ནི་ཕུལ་བ་ཡིས༔ དབང་པོའི་མདངས་འཕེལ་བསམ་གཏན་ཏིང་འཛིན་བསྐྱེད༔ དྲི་མེད་སེམས་དག་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ འོད་འཆང་ལྷ་མོས་མེ་ལོང་ཕུལ་བ་ཡིས༔ མ་རིག་རབ་སངས་ཆོས་རྣམས་གཟུགས་བརྙན་ལྟར༔ གཙང་དག་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ༔ བརྒྱ་བྱིན་དབང་པོས་གཡས་འཁྱིལ་དུང་ཕུལ་བས༔ ཡོན་ཏན་རྒྱ་མཚོ་གསུང་དབྱངས་དྲུག་ཅུར་སྒྲོག༔ ཆོས་སྒྲས་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག༔ མཾ་ག་ལཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ སྭསྟི་སྭསྟི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ལས་བཞིའི་འབྲང་རྒྱས་ནི༔ ཧཱུྃ་ཧྲཱི༔ ནད་གདོན་གནོད་པ་མ་ལུས་ཀུན༔ ཞི་བའི་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཤཱིནྟཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཚེ་དང་བསོད་ནམས་ཡེ་ཤེས་ཀུན༔ རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག༔ སྭཱ་པུཥྚིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཁམས་གསུམ་སྲིད་པའི་འགྲོ་བ་ཀུན༔ དབང་སྡུད་ཕྲིན་ལས་དབང་ཐོབ་ཤོག༔ ཧྲཱིཿཔ་ཤཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཞིང་བཅུར་གྱུར་པའི་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་དབང་ཐོབ་ཤོག༔ རུ་ཏྲ་མཱ་ར་ཡ་ཕཊ༔ དེ་ནས་ཚེ་མདའ་ཐོགས་ནས་ནི༔ སྤྱི་བོར་བསྟིམ་ཞིང་རྒྱས་གདབ་བྱ༔ ཧཱུྃ་ཧྲཱི༔ སྲིད་གསུམ་འཁོར་བ་རྣམ་པར་དག༔ ཡེ་ཤེས་ཕུང་པོ་བླ་ན་མེད༔ བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས༔ རྟག་ཏུ་སྒོ་གསུམ་བསྲུང་བར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཚེ་མདའ་སྙིང་གར་གཏུགས༔ ཧཱུྃ་ཧྲཱི༔ འཆི་མེད་རྡོ་རྗེ་ཡེ་ཤེས་ཚེ༔ དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ འོད་ལྔ་གསལ་དྭངས་རྙོག་པ་མེད༔ ཐུགས་ཀར་རྟག་ཏུ་སྦ་བར་བྱ༔ སྟོང་པའི་གོ་ཆ་སྲ་ཞིང་བརྟན༔ སུས་ཀྱང་གཞོམ་དུ་ག་ལ་ཡོད༔ ས་མ་ཡ་ཨ་ཨ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཚེ་འཛབ་བསྐུལ་ཞིང་ལྟ་བ་སྦར༔ རིག་པ་གཟེངས་བསྟོད་ཆོས་རྣམས་ཀུན༔ སྒྱུ་མ་ལྟ་བུར་དངོས་གྲུབ་བླང༔ གཡས་ནས་ཚེ་དང་གཡོན་ནས་ཆང༔ དེ་བཞིན་ཀུན་ལས་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ འཁོར་ལོས་སྒྱུར་རྒྱལ་ཅི་འདོད་རྩོལ་མེད་བཞིན༔ རང་བྱུང་ཡེ་ཤེས་ཆོ་འཕྲུལ་ཟད་པ་མེད༔ ཚེ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཕུན་སུམ་ཚོགས་པའི་དངོས་གྲུབ་བདག་ལ་སྩོལ༔ ཚེ་ཟན་ལའོ། །ཧཱུྃ་ཧྲཱི༔ ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལ༔ གསོལ་བ་གང་བཏབ་རེ་བ་ཡོངས་སྐོང་ལྟར༔ ཚེ་བཅུད་ཡེ་ཤེས་བདུད་རྩིའི་རྒྱུན་དང་ལྡན༔ ལྷུན་གྲུབ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ ཞེས་ཚེ་ཆང་ལའོ། །དེ་ནས་རྟེན་རྣམས་རང་གནས་བཀོད༔ དངོས་གྲུབ་རྫས་ལ་རོལ་པའི་ཕྱིར༔ ཚེ་འཛབ་བརྒྱ་རྩ་བརྒྱད་བཟླས་ཏེ༔ པད་སྐོར་དང་བཅས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་རོལ་པས་དངོས་གྲུབ་གང་འདོད་འགྲུབ༔ དམ་ཚིག་ཁས་བླང་ཡོན་འབུལ་སྨོན་ལམ་གདབ༔ དེ་བྱས་དངོས་གྲུབ་མ་ལུས་དབང་གིས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་དྲུག་པ་ནི་ལྷག་མའི་ཆོ་ག་སྟེ༔ བྷན་དྷའི་སྣོད་དུ་ལྷག་མའི་ཚོགས་རྣམས་བསྡུས༔ ཤོད་དུ་ཕབ་ལ་སློབ་དཔོན་ལྷར་གསལ་བའི༔ ལྕེ་ནི་རྡོ་རྗེ་སྐན་ལ་སྣང་མཐའ་ཡས༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་བདུད་རྩིར་བབས༔ གཏོར་མར་ཁ་ཕྲུ་བཏབ་པའི་འདོད་ཡོན་གྱི༔ ལོངས་སྤྱོད་ཆེན་པོ་ནམ་མཁའ་གང་བ་ལ༔ སྟེང་དུ་བླ་མེད་དཀྱིལ་འཁོར་ལྷ་ཡི་ཚོགས༔ གཏོར་གཞོང་ཁ་ཁྱེར་ཀུན་ཏུ་མཁའ་འགྲོ་དང༔ ཤུགས་འགྲོ་དབང་ཕྱུག་གིང་དང་ལང་ཀ་དང༔ མ་བདུན་སྲིང་བཞི་འབར་མ་སྤོར་མ་དང༔ ཕོོ་ཉ་ལང་ཀ་དུར་ཁྲོད་བདག་པོའི་ཚོགས༔ ཕམ་འབབ་དབང་བའི་དམ་ཅན་སྡེ་དཔུང་བཅས༔ མ་ལུས་འཁོད་པར་བསམས་ལ་འབར་བ་ཡི༔ ཕྱག་རྒྱ་བཅས་ཏེ་སྤྱན་དྲངས་རྟ་གདོང་གི༔ ཕྱག་རྒྱས་དབང་སྡུད་ཐོད་པའི་ཕྱག་རྒྱ་ཡིས༔ དམ་ལ་བཞག་ཅིང་འབར་བའི་ཁྱུང་གཤོག་གི༔ ཕྱག་རྒྱ་བཅས་ཏེ་ཟིལ་གྱིས་མནན་པར་བྱ༔ ཏིང་འཛིན་སྔགས་དང་ལྡན་པས་འདི་སྐད་བསྐང༔ ཧཱུྃ་ཧྲཱི༔ དམ་ཚིག་ཕྱག་རྒྱ་ཕུད་ཀྱིས་མི་མཆོད་དུ༔ ཐོག་མའི་ཀུན་བཟང་སྐྱོན་བྲལ་ཆོས་ཀྱི་སྐུ༔ རྟག་ཏུ་མི་གཡོ་དམ་ཚིག་མཆོག་ལ་གནས༔ མ་འཁྲུལ་སངས་རྒྱས་སྟོང་རྩ་ཕུད་ཀྱིས་མཆོད༔ ཆོས་ཀྱི་ཕྱག་རྒྱ་ཚོགས་ཀྱིས་མི་མཆོད་དུ༔ ལྷུན་གྲུབ་འོད་གསལ་ཚོགས་དྲུག་ཞི་ཁྲོའི་ལྷ༔ སྣང་སྲིད་སྐུ་དང་ཡེ་ཤེས་ཉིད་ལ་གནས༔ གར་གྱི་དབང་ཕྱུག་སྒྱུ་འཕྲུལ་ཚོགས་ཀྱིས་མཆོད༔ ལས་ཀྱི་ཕྱག་རྒྱ་ལྷག་མས་མི་མཆོད་དུ༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ ཁམས་གསུམ་རྒྱུ་དྲུག་བདེ་སྟོང་ཉིད་ལ་གནས༔ རྩ་ཁམས་རྣམ་དག་རླུང་སེམས་ལྷག་མས་མཆོད༔ ཕྱག་རྒྱ་ཆེན་པོ་གཅིག་ཏུ་མི་བསྲེ་རུ༔ དུས་གསུམ་དུས་མེད་འོད་གསལ་སྙིང་པོར་འཁྱིལ༔ འཕོ་འགྱུར་མེད་པའི་བྱང་ཆུབ་སེམས་སུ་གནས༔ རྣམ་གྲོལ་མཆོག་གི་ཐིག་ལེ་གཅིག་ཏུ་གདལ༔ མི་འགྱུར་ཀུན་འགྲོ་ལྷག་མའི་མགྲོན་ཚོགས་རྣམས༔ སྣང་སྲིད་ཕྱག་རྒྱའི་ངང་ནས་འདིར་གཤེགས་ལ༔ རྟག་ཏུ་རིག་རྩལ་དོན་གྱི་དཀྱིལ་འཁོར་དུ༔ འདིར་བྱོན་མེད་པའི་ཀློང་དུ་བཞུགས་སུ་གསོལ༔ ཕེཾ་ཕེཾ་ཕེཾ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཧྱ་གྲཱི་ཝ་ག་རུ་ཊ་ཀྲོ་ཏ་གིཾ་ཀ་ར་ན་ས་མ་ཡ་ཧཱུྃ༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བྱེ་བྲག་ཚུལ་དུ་བསྔོ་བ་ནི༔ ཧཱུྃ་ཧྲཱི༔ ཐིག་ལེ་མི་འགྱུར་དཔལ་གྱི་ལྷག་སྡུད་ནི༔ འོད་གསལ་དབྱིངས་ལས་གཡོ་བ་མེད་མོད་ཀྱང༔ སྐྱེ་བའི་ཆོ་འཕྲུལ་གར་བསྒྱུར་རྩལ་སྣང་བ༔ ཆུ་ཚོད་སོ་གཉིས་མཁའ་འགྲོ་སྤྲིན་ལྟར་གཏིབས༔ རླུང་ཁམས་ཤུགས་འགྲོ་འབྱུང་ལྔ་ཆར་ལྟར་འབེབས༔ རྩ་ཁམས་ཉེར་གཅིག་དབང་ཕྱུག་མཚོ་ལྟར་འཁྱིལ༔ དུར་ཁྲོད་སྒོ་བཞི་མ་མོ་གློག་ལྟར་འཁྱུག༔ སྐྱེ་མཆེད་བཅོ་བརྒྱད་ཀིཾ་ཀཾ་ཐོགས་ལྟར་འཕྲོ༔ དུས་ཚོད་འབར་བ་མེ་འོད་ལྟ་བུར་འབར༔ ཡུལ་བརྒྱད་སྤོར་མ་དཔག་བསམ་ཤིང་ལྟར་རྒྱས༔ དྲུག་ཅུ་རྩ་བཞི་དབྱུག་གུའི་ཕོ་ཉ་འཕྲོ༔ ཕོ་ཉ་དྲུག་ཅུ་ལང་ཀ་འཇིགས་པའི་གཟུགས༔ ཚོགས་བརྒྱད་དྲག་རྩལ་སྡེ་བརྒྱད་སྡེ་དང་དཔུང༔ དུས་དང་སྲིད་པ་མ་བདུན་ནམ་གྲུའི་ཚོགས༔ ནམ་ཟླ་དུས་བཞི་སྲིང་མོ་འཇོ་སྒེག་ཅན༔ ཀུན་ཀྱང་མ་ངེས་དཔལ་གྱི་བཀའ་སྡོད་ཚོགས༔ ཀློང་ཡངས་འཁྱིལ་པ་འོད་ཀྱི་དཀྱིལ་འཁོར་ནས༔ ཀུན་བཟང་ཐུགས་མཆོག་གཅིག་ཏུ་ཁྱབ་པའི་སྐུ༔ རང་རང་རིག་རྩལ་འཁོར་དང་བཅས་པ་རྣམས༔ གནས་བཟང་མཆོག་གི་ཐིག་ལེའི་ཕོ་བྲང་ན༔ གོས་བཟང་འཇའ་འོད་མ་འདྲེས་ཀུན་ཏུ་གསལ༔ རྒྱན་བཟང་ཟེར་ལྔ་ཐུགས་རྗེའི་གློག་ཏུ་འཁྱུག༔ སྐྱོགས་བཟང་སྟོང་ཉིད་ཆོས་སྐུའི་བདེ་བས་གང༔ ཟས་བཟང་ཡེ་ཤེས་ལྔ་དང་སྐུ་ལྔར་བཅས༔ སྐྱེམས་བཟང་དམ་པ་རླུང་ལྔའི་དྭངས་མ་རོལ༔ རྣམ་དག་འོད་ཀྱི་ཐིག་ལེ་ཟས་སུ་ཟ༔ ལས་སུ་གློ་བུར་རྟོག་ཚོགས་དག་པར་བྱེད༔ དབྱིངས་རིག་གཉིས་མེད་གཏོར་མ་འདི་བཞེས་ལ༔ མི་གཡོ་ཚེ་མཆོག་སྐུ་གསུང་ཐུགས་ཐོབ་པའི༔ རང་བཞིན་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཤ་ཏྲུཾ་ཨ་མུ་ཀཾ་ཙི་ཕྲེང་དམ་ཡཀྵ་ཙ་ཨུཤྩིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་བདུན་པ་ནི་གཏོར་མ་ཕྱིར་བརྣུར་ལ༔ ཞིང་ལྤགས་སྟེང་དུ་སྨན་དང་རཀྟ་སྦྲེང༔ ལྟ་བ་གཟེངས་བསྟོད་སྒོམ་པ་གསལ་ཡང་གདབ༔ དུར་ཁྲོད་རྒྱན་ལྡན་འཇིགས་པའི་ཆས་ཀྱིས་བརྒྱན༔ རྡོ་རྗེ་དྲིལ་བུ་བདུད་རྩི་དང་ལྡན་པའི༔ སྤྱོད་པའི་རྒྱལ་པོ་སྟངས་སྟབས་ཚུལ་དུ་བྱ༔ རྔ་བརྡུང་དུང་འབུད་རྐང་གླིང་བསྒྱུར༔ གདུང་བའི་དབྱངས་ཀྱིས་དམ་ལ་བཞག་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་མི་གཡོ་བསྐལ་པའི་ཐོག་མ་ལ༔ སྲིད་གསུམ་མིང་མེད་ཆོས་སྐུའི་ཞིང་ཁམས་སུ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང༔ གསལ་མདངས་འགག་མེད་ལྷག་མཐོང་ཡེ་ཤེས་ཀྱིས༔ སྐྱེ་མེད་མཐའ་བྲལ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགག་མེད་རང་རྩལ་གཟུགས་སྐུའི་འཁོར་འདུས་ཤིང༔ གནས་མེད་ཟུང་འཇུག་རང་རང་གཟུགས་བསྟན་ནས༔ དམིགས་མེད་མཐའ་བྲལ་རྟོགས་པར་མ་ཆད་དམ༔ འགྲོ་དང་འོང་མེད་ལྟ་བར་མ་ཆད་དམ༔ གདོད་ནས་དག་པའི་གཏོར་མ་འདི་བཞེས་ལ༔ ཡེ་སངས་རྒྱས་པའི་ས་ལམ་ཐོབ་པར་མཛོད༔ ཧཱུྃ་ཧྲཱི༔ ལྷུན་གྲུབ་དྲི་བྲལ་བསྐལ་པའི་བར་མ་ལ༔ ཀུན་གཞི་གསང་བ་དག་པའི་གནས་མཆོག་ཏུ༔ རང་བྱུང་རྒྱལ་པོ་ཤེས་རིག་འོད་ལྔ་ལ༔ ཆོས་ཅན་ཀུན་སྣང་འོད་ཟེར་སྣང་སྟོང་གིས༔ ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡང་སངས་རྒྱས་པའི་དཀྱིལ་འཁོར་ཡོངས་འདུས་ཤིང༔ སྐུ་དང་ཡེ་ཤེས་རང་རང་གཟུགས་བསྟན་ནས༔ སྙིང་ནང་ཐིག་ལེ་བསྟན་པར་མ་ཆད་དམ༔ དཀར་འཇམ་ལམ་འགགས་བསལ་བར་མ་ཆད་དམ༔ ཆོས་ཉིད་མངོན་སུམ་གཏོར་མ་འདི་བཞེས་ལ༔ སྣང་བཞི་ཚད་དུ་འཁྱོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ མ་འདྲེས་ཡོངས་རྫོགས་བསྐལ་པའི་ཐ་མ་ལ༔ འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ ངེས་པ་ལྔ་ལྡན་དྲུག་པ་རྡོ་རྗེ་འཆང༔ རྟོག་ཚོགས་རང་གྲོལ་ཞི་ཁྲོ་བཀའ་བརྒྱད་ཀྱིས༔ སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕུང་ཁམས་སྐྱེ་མཆེད་རང་རྩལ་འཁོར་འདུས་ཤིང༔ གདན་གསུམ་ཚང་བས་རང་རང་གཟུགས་བསྟན་ནས༔ སྤྱོད་ཡུལ་ཡོངས་སུ་དག་པར་མ་ཆད་དམ༔ ཐ་མལ་དགྲར་འཛིན་འདུལ་བར་མ་ཆད་དམ༔ དབྱིངས་རིག་རང་གསལ་གཏོར་མ་འདི་ལོངས་ལ༔ བརྒྱུད་གསུམ་ཆོས་འཁོར་བསྐོར་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པ་དང་པོ་ལ༔ བདེ་བ་ཅན་དང་མངོན་དགའ་ལ་སོགས་སུ༔ རིགས་བཞིའི་སངས་རྒྱས་སྲས་ཡུམ་འཁོར་བཅས་ཀྱིས༔ རང་རང་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཚོགས་གཉིས་རྫོགས་པའི་གང་ཟག་འཁོར་འདུས་ཤིང༔ སྒྲིབ་གཉིས་སྤངས་པས་རང་རང་གཟུགས་བསྟན་ནས༔ རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ༔ ཆོ་འཕྲུལ་རྩལ་ཆེན་སྤྲོ་བར་མ་ཆད་དམ༔ ཡེ་ཤེས་དག་སྣང་གཏོར་མ་འདི་ལོངས་ལ༔ ཀུན་ཏུ་འོད་ཀྱི་སར་ཕྱིན་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ དགའ་ལྡན་བརྩེགས་དང་རྡོ་རྗེ་གདན་རྣམས་སུ༔ བདེ་གཤེགས་སྟོན་པ་དམ་པ་བཅུ་གཉིས་དང༔ རང་ཉིད་འཁོར་གྱི་དཀྱིལ་འཁོར་ཡོངས་འདུས་ནས༔ སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ སྐལ་ལྡན་ལས་ཅན་དག་པའི་འཁོར་འདུས་ཤིང༔ སྨོན་ལམ་དག་པས་རང་རང་གཟུགས་བསྟན་ནས༔ རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ༔ འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ༔ སྐྱོན་བྲལ་དམ་ཆོས་གཏོར་མ་འདི་ལོངས་ལ༔ རང་རང་ཁས་བླངས་དམ་བཅའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ ཨོ་རྒྱན་བསམ་ཡས་འཛམ་གླིང་གནས་རྣམས་སུ༔ རིག་འཛིན་དཔའ་བོ་པདྨ་ཐོད་ཕྲེང་དང༔ རྒྱ་བོད་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས༔ ཐེག་དགུ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་འདུས་ཤིང༔ རྒྱུ་འབྲས་བླང་དོར་རང་རང་གཟུགས་བསྟན་ནས༔ དལ་འབྱོར་དོན་ཡོད་བྱེད་པར་མ་ཆད་དམ༔ རྒྱུ་འབྲས་བླང་དོར་བྱེད་པར་མ་ཆད་དམ༔ དབང་དང་དམ་ཚིག་གཏོར་མ་འདི་ལོངས་ལ༔ བསྐྱེད་རྫོགས་དམ་རྫས་སྒྲུབ་པའི་ཕྲིན་ལས་མཛོད༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བརྗོད་གཏོར་སྒོ་ཛཿཧཱུྃ་བཾ་ཧོཿས་ཕྱེ༔ བཅོ་བརྒྱད་པ་ནི་ཕྱོགས་བཞིར་གཏོར་མ་འཕང༔ ཕྱི་ནང་བསྟན་པའི་དགྲ་བོ་འདུལ་བར་བྱ༔ སྟོང་གསུམ་ཐིག་ལེ་འོད་ཀྱིས་གང་བ་ལ༔ སྐུ་དང་ཡེ་ཤེས་མཚོན་ཆའི་མེ་འོད་འཕྲོ༔ བདག་རྟོག་མཚན་མ་ཡུལ་དང་འཛིན་པ་བཅོམ༔ གཏོར་མ་ཕྱོགས་བཞིར་གང་འདོད་གནས་སུ་འཕང༔ འཁོར་བའི་བག་ཆགས་ཐམས་ཅད་བརླགས་པར་བསམ༔ ཧཱུྃ་ཧྲཱི༔ ང་ནི་ཀུན་བཟང་དོན་གྱི་ལྷ༔ རང་རྩལ་སྐུ་དང་ཡེ་ཤེས་གསལ༔ སྤྲོས་པས་གཉིས་སྣང་རྡུལ་དུ་བརླག༔ བསྡུས་པས་འོད་གསལ་ཀློང་དུ་འཁྱིལ༔ ངས་ནི་མ་ཉེས་མ་ཐོ་ཞིང༔ ང་ནི་འགྱུར་མེད་རྡོ་རྗེ་ཆེ༔ གློ་བུར་འཁྲུལ་རྟོག་དགྲ་བགེགས་དཔུང༔ ཡེ་ཤེས་རིག་པའི་གཏོར་མས་ཟློག༔ ཟབ་ཞི་སྤྲོས་བྲལ་འོད་གསལ་ལ༔ ཡིད་གཉིས་ཐེ་ཚོམ་གཏོར་མས་ཟློག༔ སྐྱེ་མེད་ཀ་དག་ཟང་ཐལ་ལ༔ བདག་རྟོག་མཚན་མ་གཏོར་མས་ཟློག༔ ཀུན་གཞི་གསང་བ་དག་པ་ལ༔ རྟོག་ཚོགས་འཁྲུལ་པའི་དམག་དཔུང་ཟློག༔ སེམས་དང་རིག་པ་གཉིས་མེད་ལ༔ གོལ་སར་ལྷུང་བའི་ལྟས་ངན་ཟློག༔ དབྱིངས་དང་རིག་པ་གཉིས་མེད་ལ༔ ཐ་དད་རྟོག་པའི་ཕུང་སྲི་ཟློག༔ སྐུ་དང་ཡེ་ཤེས་གཉིས་མེད་ལ༔ གཉིས་སུ་རྟོག་པའི་གདོན་བགེགས་ཟློག༔ ཆོས་ཉིད་དོན་གྱི་ཐིག་ལེ་ལ༔ རྟག་ཆད་གཉིས་འཛིན་འཁོར་ཡུག་ཟློག༔ ཐ་དད་བྲལ་བའི་ཡེ་ཤེས་ལ༔ བློས་བརྟགས་ཅན་གྱི་བྱོལ་ཁ་ཟློག༔ གནད་ཀྱི་སངས་རྒྱས་ལག་ལེན་ལ༔ ཐེ་ཚོམ་ལོག་ལྟའི་ཕུར་ཁ་ཟློག༔ མི་འགུལ་གསུམ་ལྡན་ལམ་མཆོག་ལ༔ རྣམ་གཡེང་མཚེ་མདའི་ཟོར་ཁ་ཟློག༔ སྡོད་པ་གསུམ་གྱི་ཚད་འཛིན་ལ༔ བག་ཆགས་འཁྲུལ་པའི་གཡོ་ཐབས་ཟློག༔ ཐོབ་པ་གསུམ་གྱི་གཟེར་འདེབས་ལ༔ ཡིད་དཔྱོད་བློ་ཡི་ཀོང་ཟོར་ཟློག༔ འོད་གསལ་ནམ་མཁའི་ཁྱུང་ཆེན་ལ༔ གཏི་མུག་བག་ཆགས་བྱད་སྟེམས་ཟློག༔ ཆོས་ཉིད་ཟད་སར་འཁྱོལ་བ་ལ༔ མེད་པར་ལྟ་བའི་འབེབ་སྤར་ཟློག༔ གཏིང་གསལ་ནུབ་པ་མེད་པ་ལ༔ ཉམས་སུ་ཞེན་པའི་བཙོ་དམར་ཟློག༔ སངས་རྒྱས་ཡེ་ཤེས་མངོན་སུམ་ལ༔ ཡིད་ཆེས་མེད་པའི་ངན་སྔགས་ཟློག༔ ཐུན་མོང་མ་ཡིན་ས་ལམ་ལ༔ ཐུན་མོང་མཆོག་འཛིན་བདུད་ཞགས་ཟློག༔ རྒྱ་གསུམ་གྲོལ་བའི་དམ་ཚིག་ལ༔ ལོག་པར་རྟོག་པའི་ངན་སེམས་ཟློག༔ མཐོང་ལམ་ཡེ་ཤེས་ཐིག་ལེ་ལ༔ རྨི་ལམ་དུས་ཀྱི་བག་ཆགས་ཟློག༔ གཡོ་མེད་ཏིང་འཛིན་རྒྱ་མཚོ་རུ༔ སྣང་ཞེན་འཁོར་བའི་གཏད་ཁྲམ་ཟློག༔ སྒོ་གསུམ་ཟབ་མོའི་རུ་དབྱེ་ལ༔ ལེ་ལོ་སྙོམ་ལས་དལ་ཡམས་ཟློག༔ འཁོར་བའི་དགྲ་ལ་གཏོར་ཟོར་ཕོབ༔ བག་ཆགས་བགེགས་ལ་གཏོར་ཟོར་ཕོབ༔ ལོག་ལྟའི་བདུད་ལ་གཏོར་ཟོར་ཕོབ༔ ཐམས་ཅད་ཀུན་བཟང་ཀློང་དུ་བྷྱོ༔ མ་ལུས་ཆོས་ཀྱི་དབྱིངས་སུ་བྷྱོ༔ མཉམ་ཉིད་ཐིག་ལེའི་མཐིལ་དུ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ པྲ་མོ་ཧ༔ སརྦ་ཤ་ཏྲུན་མཱ་ར་ཡ་རྦད༔ ཛ་ཡེ་ཛ་ཡེ་སྭཱ་ཧཱ༔ བི་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ༔ ཐམས་ཅད་སྟོང་ཉིང་སྙིང་རྗེ་ཆེ༔ འོད་ལྔ་གསལ་བའི་ངང་ལ་བཞག༔ བར་ཆད་མིང་ཡང་མེད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་དགུ་པ་བརྟན་མ་བསྐྱང་བ་ནི༔ གཏོར་གཞོང་ནང་དུ་འབྲུ་སྣ་བདུད་རྩི་བླུག༔ དཔལ་གཏོར་གཅིག་ལ་བརྟན་མའི་གཏོར་མ་ནི༔ གྲུ་གསུམ་གྲུ་བཞི་ཟླུམ་པོ་བཞི་བཞི་འམ༔ ཡང་ན་པད་འདབ་བཅུ་གཉིས་བསྐོར་བ་ལ༔ དཀར་དམར་རྩི་དམར་ཕུད་ཀྱིས་བྲན་བྱས་ནས༔ དཀྱིལ་འཁོར་བྱང་ཤར་ཞིང་ལྤགས་སྟེང་དུ་བཞག༔ རྣམ་ལྔའི་མཆོད་པ་སྨན་རཀ་ཕུད་བཅས་བཤམ༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིའི་རྒྱ་མཚོར་བརླབས༔ དབུས་སུ་སློབ་དཔོན་པདྨ་འབྱུང་གནས་ནི༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་མེ་ལྟར་འབར༔ རྡོ་རྗེ་གཡས་ལ་འབར་བའི་ལྕགས་སྡིག་གཡོན༔ དཔལ་གྱི་ཆས་ལྡན་གཤོག་པས་བར་སྣང་ཁྱབ༔ དབུ་རེའི་སྟེང་ན་རྟ་མགོའི་གདེངས་ཀ་རེ༔ རྟ་སྐད་རྔམ་སྒྲོག་མ་མོ་མཁའ་འགྲོའི་ཚོགས༔ དབང་སྡུད་ཟིལ་གནོན་དམ་ལ་བཞག་པར་བྱ༔ འཁོར་དུ་བསྐོར་བའི་བདུད་མོ་རྣམ་བཞི་དང༔ གནོད་སྦྱིན་མོ་བཞི་སྨན་བཙུན་བཞི་རྣམས་ནི༔ རང་རང་འབུམ་ཕྲག་མང་པོའི་འཁོར་གྱིས་བསྐོར༔ ཐུགས་ཀའི་འོད་ཀྱིས་སྐད་ཅིག་ཉིད་ལ་བཀུག༔ གཏོར་གཞོང་ཁ་ཁྱེར་གདན་ལ་འཁོད་པར་བསམ༔ མ་མ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ས་མ་ཡ་སཏྭཾ༔ ཨཱ་ས་ན་ཏིཥྛ་བཛྲ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་རྗེ་ཀན་ལ༔ མ་ནི་ནག་མོ་བཞིན་མི་སྡུག༔ བུ་མོ་བདུད་མོ་ཆེན་མོ་བཞི༔ ཡེ་ཤེས་བཞི་ལས་སྤྲུལ་པ་མོ༔ མཁའ་འགྲོ་ལཱ་མ་དུམ་སྐྱེས་མ༔ གཟུགས་ཅན་མ་དང་མ་རིག་པ༔ འདུ་བྱེད་རྣམ་ཤེས་མིང་གཟུགས་དག༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་གློག་ཆེན་མ༔ མ་ནི་དམར་མོ་གནོད་སྦྱིན་ཆེ༔ བུ་མོ་གནོད་སྦྱིན་ཆེན་མོ་བཞི༔ དགའ་བ་བཞི་ལས་སྤྲུལ་པ་མོ༔ ཁ་དང་འུག་པ་ཁྱི་ཕག་གདོང༔ སྐྱེ་མཆེད་དྲུག་དང་རེག་པ་དང༔ ཚོར་བ་སྲེད་པ་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་སྐྱ་བོ་ལ༔ མ་ནི་དཀར་མོ་བཞིན་བཟང་མ༔ བུ་མོ་སྨན་བཙུན་ཆེན་མོ་བཞི༔ ཚད་མེད་བཞི་ལས་སྤྲུལ་པ་མོ༔ གཤིན་རྗེ་བརྟན་མ་ཕོ་ཉ་མོ༔ མཆེ་བ་མ་དང་འཇོམས་པ་མ༔ ལེན་དང་སྲིད་སྐྱེ་རྒ་ཤི་དག༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ༔ ཀུན་བཟང་དོན་གྱི་ཡེ་ཤེས་དང༔ གཅིག་སྟེ་རྣམ་པ་མང་མོད་ཀྱང༔ ཆོས་རྣམས་རྟེན་ཅིང་འབྲེལ་པའི་ཕྱིར༔ ཡེ་ཤེས་བཞི་དང་དགའ་བ་བཞི༔ ཚད་མེད་བཞི་པོ་ལུགས་ལས་བྱུང༔ ལུགས་ལས་ལྡོག་པ་མ་རིག་དག༔ རིག་པ་ཡེ་ཤེས་ཐིག་ལེར་སྨིན༔ འདི་ཡང་དོན་གྱི་ཡེ་ཤེས་ཡིན༔ རྟགས་ཀྱི་ཆོ་འཕྲུལ་བསྟན་པ་ནི༔ བདག་ཉིད་མཐིང་ཁྲམ་ཤ་བ་ཞོན༔ དཔལ་ལྡན་སེར་ཞགས་རྟ་ལ་ཞོན༔ གངས་དཀར་དམར་ཐོད་བོང་བུ་ཞོན༔ འབྲོག་ལྗང་བེ་ཅོན་རྔ་མོང་ཞོན༔ ཡུམ་ཆེན་མཐིང་གྲི་སྟག་ལ་ཞོན༔ ཁ་རག་སེར་དགྲ་རྐྱང་ལ་ཞོན༔ མཁའ་དམར་ལྕགས་ཀྱུ་དོམ་ལ་ཞོན༔ རྨ་ལྗང་སྙིང་ཐོག་དྲེད་མོ་ཞོན༔ ཀོང་བཙུན་དཀར་ཞགས་ཤ་བ་ཞོན༔ ལ་རོ་གསེར་གྲི་གཙོད་ལ་ཞོན༔ སྨན་བཙུན་དམར་ཚོན་འབྲི་ལ་ཞོན༔ དྲིལ་སྙན་ནག་མོ་ལྕགས་སྤྱང་ཞོན༔ ཐམས་ཅད་ཕྱག་གཡས་རྡོ་རྗེ་བསྣམས༔ ཀུན་ཀྱང་འབུམ་འབུམ་འཁོར་དང་བཅས༔ རྒྱན་ཆ་དར་དུ་པུ་རུ་རུ༔ སིལ་སྙན་སྒྲ་བསྒྱུར་མང་པོས་སྒྲོག༔ ཨ་སུ་ར་སོགས་གནས་རྣམས་སུ༔ རིག་པ་རང་རྩལ་ཤར་བའི་ཚེ༔ དམ་ལ་བཏགས་པའི་མཁའ་འགྲོ་མ༔ མཆོད་སྦྱིན་བཟང་པོའི་ཡོན་གྱིས་མཆོད༔ འདི་བཞེས་རྣལ་འབྱོར་བསམ་པ་སྒྲུབས༔ རང་སྣང་ལོག་ལྟའི་མུ་སྟེགས་དང༔ བདུད་དང་བགེགས་རྣམས་མེད་པར་མཛོད༔ གལ་ཏེ་དམ་ལས་འདས་གྱུར་ན༔ ཡཀྴ་མེ་དབལ་ཁྲོས་པ་ཡིས༔ རྡོ་རྗེས་མགོ་བོ་བཅོམ་ནས་ནི༔ སྡིག་པས་སྙིང་ཁྲག་འཐུང་བར་བྱེད༔ དེ་བས་དམ་ལ་མ་འདའ་བར༔ རྣལ་འབྱོར་བཅོལ་པའི་ལས་རྣམས་མཛོད༔ ཆོས་དང་རིགས་རྒྱུད་འཕེལ་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ འཁོར་དང་སྙན་གྲགས་འཕེལ་བར་མཛོད༔ མངོན་སུམ་ཟང་ཐལ་མཐོང་བར་མཛོད༔ མ་མ་ཁ་ཁ་ལ་ལ་ལེ་ལེ་ཏ་ཏ་ཏེ་ཏེ༔ སྲིང་འགྲོ་མ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བ་ལིཾ་ཏ་ཁཱ་ཧི༔ རཀྟ་ཁཱ་ཧི༔ ག་ཎ་ཙཀྲ་ཁཱ་ཧི༔ སརྦ་པཱུ་ཛ་ཁཱ་ཧི༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ ཕྱི་རོལ་སྲིད་པའི་བརྟན་མའི་ཚོགས༔ རང་རང་ལས་ཀྱི་གནས་སུ་གཤེགས༔ རྩ་རླུང་ཐིག་ལེ་བརྟན་མའི་ཚོགས༔ རོ་རྐྱང་ལམ་ནས་དབུ་མར་གཤེགས༔ དོན་དམ་ཡེ་ཤེས་བརྟན་མའི་ཚོགས༔ མི་འགྱུར་ཐིག་ལེའི་ཀློང་དུ་གཤེགས༔ ཡ་ཧི་གཙྪ༔ རང་རང་གནས་སུ་གཤེགས་ནས་ཀྱང༔ ཕྱི་ནང་བསྟན་པ་སྲུང་བར་བསམ༔ མེ་ཏོག་གཏོར་ཞིང་དགེ་ལེགས་བྱ༔ བརྟན་མ་རང་གི་སེམས་སུ་ཤེས་པ་དང༔ རྟེན་འབྲེལ་རིག་པ་ཆོས་སྐུར་ཐག་ཆོད་ནས༔ ཀུན་བཟང་ཐིག་ལེ་གཅིག་ཏུ་སྨིན་པ་ནི༔ མི་འགྱུར་མི་གཡོ་བརྟན་པའི་ཆོ་ག་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉི་ཤུ་པ་ནི་སྒོ་དྲུང་དུ༔ གཏོར་གཞོང་འོག་ཏུ་དམ་སྲི་མནན༔ བསྐལ་པའི་མཐར་ཡང་མི་ལྡང་ཕྱིར༔ གླུ་བྲོ་གར་གྱི་བརྡུང་བྱ་ནི༔ ཐམས་ཅད་དུར་ཁྲོད་རྒྱན་ལྡན་པས༔ སྔར་ལྟར་རིག་པ་གཟེངས་བསྟོད་ལ༔ རྣམ་པ་རི་རབ་སུམ་བརྩེགས་ལ༔ དོན་དུ་སྐུ་གསུང་ཐུགས་སུ་གསལ༔ དེ་འོག་ལོག་ལྟའི་དཔུང་རྣམས་ནི༔ མ་ལུས་ལུས་པ་མེད་པར་བསྟིམས༔ བསྐལ་པའི་དོང་རིང་གཏིང་དུ་སྐྱུར༔ སྟེང་དུ་དཔལ་གྱི་ལྷ་ཚོགས་ཀྱིས༔ བྲོ་ར་ཞི་རྒྱས་དབང་དྲག་བཅའ༔ གླུ་དྲུག་ཡོན་ཏན་དྲུག་ལྡན་བརྡུང༔ ཧཱུྃ་ཧྲཱི༔ གླུ་དྲུག་བླངས་པས་དོན་དྲུག་འགྲུབ༔ བདེ་གཤེགས་ཡོངས་རྫོགས་དྲུག་རྫོགས་ཤིང༔ ཕ་རོལ་ཕྱིན་དྲུག་གླུ་དྲུག་ཐོབ༔ བརྟུལ་ཤུགས་དྲུག་གི་ཡོན་ཏན་རྒྱས༔ ཨོཾ༔ གཏི་མུག་ཤ་ཆེན་འདུས་པ་ལ༔ མེ་ལོང་ཡེ་ཤེས་དཀར་གསལ་བྲོ༔ ཨོཾ་གྱི་གླུ་བླངས་བརྡུངས་བྱས་པས༔ སྤྲུལ་སྐུ་བརྟུལ་ཞུགས་སྐུ་རུ་གསལ༔ ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ༔ ཨཱཾ༔ འདོད་ཆགས་ཁྲག་མཚོ་འཁྱིལ་བ་ལ༔ སོར་རྟོག་ཡེ་ཤེས་དམར་གསལ་བྲོ༔ ཨཱཾ་གི་གླུ་བླངས་བརྡུངས་བྱས་པས༔ ལོངས་སྐུའི་བརྟུལ་ཞུགས་གསུང་དུ་རྒྱས༔ ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ༔ ཧཱུྃ༔ ཞེ་སྡང་རུས་པའི་རི་རྒྱལ་རྩེར༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་བྲོ༔ ཧཱུྃ་གི་གླུ་བླངས་བརྡུངས་བྱས་པས༔ ཆོས་སྐུའི་བརྟུལ་ཞུགས་ཐུགས་སུ་རྒྱས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྭཱ༔ ང་རྒྱལ་ནང་ཁྲོལ་གདལ་བ་ལ༔ མཉམ་ཉིད་ཡེ་ཤེས་སེར་གསལ་བྲོ༔ སྭཱ་ཡི་གླུ་བླངས་བརྡུངས་བྱས་པས༔ ཉིད་སྐུའི་བརྟུལ་ཞུགས་ཡོན་ཏན་རྒྱས༔ སྭཱ་སྭཱ་སྭཱ་སྭཱ་སྭཱ༔ ཧཱ༔ ཕྲག་དོག་རྩ་ཁམས་གཟིངས་པ་ལ༔ བྱ་གྲུབ་ཡེ་ཤེས་ལྗང་གསལ་བྲོ༔ ཧཱ་ཡི་གླུ་བླངས་བརྡུངས་བྱས་པས༔ མངོན་བྱང་བརྟུལ་ཞུགས་ཕྲིན་ལས་གྲུབ༔ ཧཱ་ཧཱ་ཧཱ་ཧཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་དྲུག༔ བྲེང་ངེ་བ་དང་དུང་ངེ་བ༔ ཤབྡ་བ་དང་གརྟ་བ༔ ཅང་ཀ་ཏེའུ་པང་ཀ་ཏེའུ༔ གླུ་དྲུག་བླངས་པས་དོན་དྲུག་འགྲུབ༔ བདེ་གཤེགས་ཡེ་ཤེས་དྲུག་རྫོགས་ཤིང༔ ཕ་རོལ་ཕྱིན་པ་དྲུག་དང་ལྡན༔ ཕྱི་ཡི་བྲོ་བརྡུངས་ལས་བཞི་འགྲུབ༔ ལྷ་དང་ཡེ་ཤེས་གཉིས་མེད་རྟོགས༔ ནང་གི་བྲོ་བརྡུངས་བདེ་ཆེན་འབར༔ རྩ་རླུང་ཐིག་ལེ་དབུ་མར་ཐིམ༔ གསང་བའི་བྲོ་བརྡུངས་དུག་ལྔ་འཇོམས༔ བདུད་དང་གོལ་ས་ཐིག་ལེར་འཁྱིལ༔ དོན་དམ་བྲོ་བརྡུངས་འཁོར་བ་འཇིག༔ སྣང་སྲིད་རྫོགས་པ་ཆེན་པོར་གྲོལ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སཏྭཾ་བྷ་ཡ་ཡཀྴ་ཏི་ར་ནན༔ སེམས་ལ་སངས་རྒྱས་རེ་བ་ཡི༔ ཆེ་སྲི་ཐིག་ལེའི་ཀློང་དུ་མནན༔ མངོན་སུམ་གནད་དུ་སྟོན་པ་ཡི༔ ཆུང་སྲི་འོད་ལྔའི་ཀློང་དུ་མནན༔ རང་གྲོལ་རང་ངོ་མི་བལྟ་བའི༔ དགྲ་སྲི་ཟེར་ལྔའི་ཀློང་དུ་མནན༔ མི་འགུལ་གསུམ་ལས་ཕྱིར་གྱུར་པའི༔ གོད་སྲི་ཀ་དག་ཀློང་དུ་མནན༔ སྡོད་གསུམ་གཟེར་དང་བྲལ་བ་ཡི༔ ནོར་སྲི་ལྷུན་གྲུབ་ཀློང་དུ་མནན༔ ཐོབ་གསུམ་ཚད་དུ་མི་སྐྱོལ་བའི༔ ཕུང་སྲི་ཆོས་ཉིད་ཀློང་དུ་མནན༔ ས་ལམ་རེ་དོགས་གཡེང་བའི་བདུད༔ གདིང་ཐོབ་སྐུ་ལྔའི་ཀློང་དུ་མནན༔ སྣང་བཞི་ཚད་དུ་ཕྱིན་པས་ན༔ མནན་ཏེ་འཁྲུལ་རྟོག་ལྡང་མི་འགྱུར༔ ཐིག་ལེ་ཆེན་པོ་འགྱུར་སྲིད་ན༔ ནམ་མཁའི་ཁམས་ཀྱང་ས་གཞིར་འགྱུར༔ སྒྲ་འོད་ཟེར་གསུམ་རྒྱུན་ཆད་ན༔ སྲིད་གསུམ་གོ་ལྡོག་ཉིད་དུ་འགྱུར༔ ཡེ་ཤེས་ཞིང་ཁམས་སྟོངས་སྲིད་ན༔ མནན་པ་ལས་ཀྱང་ལྡང་བར་འགྱུར༔ ཆོས་དབྱིངས་སྐྱེ་འཇིག་འགྱུར་བ་ན༔ ལས་དབང་གིས་ཀྱང་འཆི་མི་འགྱུར༔ མནན་ཏེ་གཏང་བར་མི་བྱ་བ༔ དོན་དམ་བདེན་པའི་བཀའ་ཡི་མཐུ༔ གལ་ཏེ་ཡེ་ཤེས་ངོ་ཤེས་ན༔ ཐིག་ལེ་ལྔ་ལྡན་ཉིད་དུ་ལྡང༔ དེ་ཉིད་འགྱུར་མེད་གཏོར་གཞོང་གིས༔ དོན་དམ་མནན་པ་དེ་བཞིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་ཉིད་ཡེ་ཤེས་ཉི་ཤུ་ལྔ༔ ཀུན་ཏུ་རབ་ཏུ་རྒྱས་པའི་ཕྱིར༔ ནུབ་པ་མེད་པའི་ཕྲིན་ལས་ནི༔ གཏོར་གཞོང་ཀུན་ཏུ་གང་བ་ལྟར༔ གྱེན་དུ་རྒྱས་པའི་ཚུལ་དུ་འགྱུར༔ ཉེར་གཅིག་པ་ནི་རྟག་པའི་མཐའ་བསལ་ཕྱིར༔ དཀྱིལ་འཁོར་མཆོད་བསྟོད་སྒྲུབ་རྫས་འོད་ལྟར་ཞུ༔ གང་འདོད་དངོས་གྲུབ་སྔགས་དང་ཚིག་གིས་བླངས༔ རྟེན་ལ་རྟག་བཞུགས་བདག་ཉིད་ཧྲཱིཿལ་བསྡུ༔ ཧྲཱིཿམཐའ་འོད་གསལ་ཐིག་ལེ་ཡུངས་འབྲུ་ཙམ༔ དམར་གསལ་ཐིག་ལེ་འོད་ལྔས་བསྐོར་བ་ལ༔ རྟག་ཆད་མཉམ་གཞག་དེ་ཉིད་རྟག་ཆད་བྲལ༔ རྟག་ཏུ་སྙིང་ལ་གནས་པའི་ཡེ་ཤེས་སེམས༔ རྟགས་ནི་སྟོང་གསལ་ནམ་མཁར་འཆར་བའི་དོན༔ ཡང་དང་ཡང་དུ་དྭངས་མའི་རྒྱུན་དང་བསྟུན༔ བསྒོམ་དུ་མེད་ཅིང་བསྐྱེད་དུ་ཅིར་ཡང་མེད༔ མ་ཡེངས་ཉི་མ་ཕྱེད་ཙམ་གང་གིས་བལྟ༔ དེ་ཉིད་དོན་གྱི་སངས་རྒྱས་རང་ཤར་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉེར་གཉིས་པ་ནི་ཆད་པའི་མཐའ་བསལ་བ༔ དེ་ཉིད་མཐོང་བ་མེད་ཅིང་མི་དམིགས་པས༔ ཕྱོགས་འཛིན་སེམས་ཀྱི་དྲི་མ་ཀུན་བྲལ་ནས༔ སེམས་ཀྱི་རང་བཞིན་འོད་དུ་གསལ་བ་འོ༔ དེ་ཉིད་གང་ཟག་ལས་དང་བྱེད་དབང་གིས༔ དམིགས་དང་དམིགས་བྱ་མེད་ཅིང་རྟོགས་པར་དཀའ༔ རང་བྱུང་དོན་གྱི་སངས་རྒྱས་སྐུར་ལྡང་བ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉེར་གསུམ་པ་ནི་འདུས་བྱས་དགེ་བའི་ཚོགས༔ འདུས་མ་བྱས་པའི་ཐིག་ལེ་ལྔ་ཉིད་དུ༔ འཁོར་གསུམ་མི་དམིགས་བསྔོ་བས་རྒྱས་གདབ་ཕྱིར༔ མེ་ཏོག་སྔགས་བཅས་གཏོར་ཞིང་དོན་དྲན་པས༔ ཨེ་མ་ཧོ༔ ཡེ་ཤེས་རོལ་པ་ཆོས་སྐུའི་བྱིན་རླབས་ཀྱིས༔ འགག་མེད་རྩལ་མདངས་དགེ་བཅུའི་ཆོ་འཕྲུལ་ལས༔ ཀུན་ནས་མ་འདྲེས་ཐུགས་རྗེ་ཆེན་པོ་ཡིས༔ ཡོངས་ལ་དབང་བསྒྱུར་ལྷུན་གྲུབ་ས་རུ་བསྔོ༔ རྒྱུ་འབྲས་ཐམས་ཅད་ཐིག་ལེ་གཅིག་གི་ངང༔ འཁྲུལ་དང་གྲོལ་བ་གློ་བུར་དྲི་མའི་ཆ༔ རང་སར་དྭངས་པའི་དགེ་རྩ་གང་ཡིན་པ༔ འགྱུར་མེད་ཐིག་ལེ་ཆེན་པོའི་ཀློང་དུ་བསྔོ༔ འཁོར་དང་འདས་པའི་ཆོས་རྣམས་སེམས་ཀྱི་རྩལ༔ སེམས་ཉིད་རང་བཞིན་དག་པའི་ནམ་མཁའ་ལྟར༔ བཅིང་དང་གྲོལ་མེད་བྲི་དང་གང་མེད་པའི༔ ཀ་དག་འབྱམ་ཀླས་གདལ་ཁྱབ་ཀློང་དུ་བསྔོ༔ གདོད་ནས་སངས་རྒྱས་ཡིན་པའི་ཕྱིར༔ བསྐྱར་མི་དགོས་ཏེ་རང་ངོ་ཤེས༔ འབྲེལ་ཚད་བྱང་ཆུབ་དོན་ལྡན་པ༔ མཐོང་བའི་སངས་རྒྱས་ཐོབ་པར་ཤོག༔ ཨེ་མ་ཧོ༔ ཀུན་བཟང་བདེ་ཆེན་སྣང་མཐའ་ཡས༔ ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད༔ དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ༔ ཡང་སངས་རྒྱས་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་བྲལ་བའི་ཞིང་ཁམས་སུ༔ ལྔ་ཕུང་ཟད་པའི་འོད་པོ་ཆེ༔ ཆོས་དང་ཡེ་ཤེས་མིང་འདོགས་བྲལ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ རྟེན་འབྲེལ་ཆོས་ཀུན་མ་འགགས་པ༔ བྱས་དང་བྱེད་པ་ཆོས་སྐུའི་རྩལ༔ འཁོར་བ་མིང་དུ་ཟད་པ་ཡི༔ རྟོགས་པའི་གདེངས་ཐོབ་བཀྲ་ཤིས་ཤོག༔ ཅེས་བརྗོད༔ ཡང་དག་དོན་གྱི་སྟེང་དུ་ལྷན་ནེར་བཞག༔ དེས་ནི་ཆུད་མི་ཟ་ཞིང་ལྷུན་གྱིས་གྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དོན་གྱི་ཡེ་ཤེས་ཚེ་སྒྲུབ་འདི༔ ལམ་གྱི་རིམ་པ་བསྙེན་སྒྲུབ་ལས་སྦྱོར་བཅས༔ རྒྱུན་གྱི་རྣལ་འབྱོར་དུས་གསུམ་མཉམ་པ་ཉིད༔ བསྐྱེད་དང་རྫོགས་པ་ཁྲིགས་དང་ཁྲིགས་ལས་འདས༔ གང་གིས་གོམས་ཤིང་འདྲིས་ཤིང་ཡི་རང་བ༔ བསྒོམ་མི་དགོས་ཏེ་སྐད་ཅིག་གཅིག་ཉིད་ལ༔ ས་ལམ་ཡོན་ཏན་བྱེ་བྲག་ཕྱེད་པར་འགྱུར༔ དེ་ནི་ཕྱིར་མི་ལྡོག་པའི་སངས་རྒྱས་ཏེ༔ དེ་ནི་དོན་ལ་ཡེ་ཤེས་བརྙེས་པའི་སྐུ༔ དེ་ནི་སྒོམ་དང་སྒྲུབ་པ་ལས་འདས་པ༔ དེ་ནི་སྐྱེ་བ་མེད་པའི་སངས་རྒྱས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ དོན་གྱི་ཡེ་ཤེས་མཐོང་བའི་རིག་འཛིན་གྱིས༔ རྒྱུད་ཀུན་སྙིང་པོ་སྦས་པའི་གཏེར་ཕྱུང་སྟེ༔ ཕྱི་རབས་རིག་འཛིན་རྣལ་འབྱོར་དོན་ཆེད་དུ༔ ཚེ་དཔག་མེད་དང་ལྷ་མོ་ཙཎྜ་ལི༔ མཆོག་གི་སྒྲུབ་པ་ཡེ་ཤེས་འོད་མཆོག་ཅེས༔ སྙིགས་མའི་དུས་སུ་དོན་ལ་གོམས་པ་ཡི༔ སྐྱེ་བོའི་ཚོགས་ཀྱི་མགོན་དང་སྐྱབས་འགྱུར་ཕྱིར༔ ཡང་གསང་སྲོག་གི་གཏེར་དུ་སྦས་པའི་ཆོས༔ གབ་པ་མངོན་ཕྱུང་པདྨ་རྒྱལ་པོ་རྩལ༔ དེ་ཡིས་འགྲོ་ལ་ཡེ་ཤེས་སྣང་བའི་ལྷ༔ རྒྱུན་དུ་མ་ཉམས་ལམ་མེར་སྟོན་པར་ཤོག༔ འདི་འཕྲད་འདི་ཡི་དོན་ལ་གང་བལྟས་པས༔ ཉི་མ་ཕྱེད་དམ་སྐད་ཅིག་གཅིག་ཉིད་ཀྱིས༔ ཀུན་བཟང་སྣང་བ་མཐའ་ཡས་ཉིད་དུ་འགྱུར༔ མ་མགོན་ལྕམ་དྲལ་དཔལ་མགོན་བདུན་ཅུ་ལྔ༔ ཁྱད་པར་གནོད་སྦྱིན་སྐར་མའི་གདོང་པ་ཅན༔ སྐྱེས་བུ་ལྷ་མཆོག་ཨཱརྱ་ཛཾ་བྷ་ལ༔ ཡང་དག་དོན་གྱི་མ་མོ་རལ་གཅིག་མ༔ འཁོར་དང་བཅས་ལ་གཏད་དོ་ཐུབ་པར་ཆོངས༔ དུས་ལ་བབ་ཚེ་སྐལ་ལྡན་ལག་ཏུ་སྤྲོད༔ བཀའ་ལ་རས་ཆོད་བྱེད་པའི་སྙིང་ལ་ཛ༔ བཀའ་དང་དམ་ཚིག་ཅན་གྱི་མགོན་དུ་ཤོག༔ ས་མ་ཡ༔ ཡང་ཏིག་གསང་བ་དོན་གྱི་སྙིང་པོ་རྫོགས་སོ༔ གསང་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ དམ་ཚིག་རྒྱའོ༔ མནྟྲ་གྷུཧྱ་ཁ་ཐཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ འདི་ནི་དབང་དང་དམ་ཚིག་མེད་པ་ལ་ཚིག་གི་ཟུར་ཙམ་ཡང་བསྟན་པ་བྱུང་ན་སྔགས་ཀྱི་སྲུང་མ་ཁྲོ་མོ་རག་གདོང་མས་རྔམས་ཟས་གྱིས་ཤིག༔ དམ་ཚིག་དང་སྒྲུབ་པ་ལ་བརྩོན་པའི་དཔལ་དུ་ཤོག༔ དགེའོ། །མངྒ་ལཾ།། །།འདིའི་དབང་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་བདག་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ། གཅུང་ལེགས་ལྡན་བདུད་འཇོམས་རྡོ་རྗེ། ཁྱབ་བདག་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། །རིག་འཛིན་པདྨ་ཕྲིན་ལས། ཁམས་ལུང་པ་རིག་འཛིན་དབང་རྒྱལ། སྐལ་བཟང་པདྨ་དབང་ཕྱུག རིག་འཛིན་པདྨ་བཤེས་གཉེན། ཕུ་ཆུང་པ་ཨོ་རྒྱན་བསྟན་འཛིན། ཀུན་བཟང་གསང་སྔགས་བསྟན་འཛིན། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པའོ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འདུས་པའི་སྲུང་མའི་མཆོད་བྱང་ (Volume 59, Text 24)

༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག༔ རིགས་གསུམ་འདུས་པའི་སྲུང་མའི་མཆོད་བྱང་བཞུགས་སོ༔ ྈྈྈྈྈ རིགས་གསུམ་འདུས་པའི་སྐུ་ལ་འདུད༔ སྣང་སྲིད་བྷ་ག་དབྱིངས་ཀྱི་ཡུམ༔ སྒྲིབ་གཉིས་ཡེ་ཤེས་མེ་ཡིས་བསྲེགས༔ བདེ་ཆེན་དུད་པའི་སོལ་བ་ཅན༔ ཡང་ཟབ་བཀའ་སྲུང་མཆོད་བྱང་ནི༔ བྷནྡྷར་དམར་གྱི་གཏོར་མ་དང༔ ཤ་ཁྲག་སྨན་ཕུད་ཛ་གད་བྲན༔ བདག་ཉིད་ལྷ་ཡི་ང་རྒྱལ་གསལ༔ རཾ་ཡཾ་ཁཾ་གིས་མཆོད་གཏོར་བསང༔ ཨོཾ་ཨཱཿཧཱུྃ་དང་ཧོཿཡིས་བརླབ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས༔ ཁྲག་འཐུང་དུད་པའི་སོལ་བ་ཅན༔ འཁོར་དང་བཅས་པ་སྤྱན་དྲངས་བསམ༔ ཧཱུྃ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འདོད་ཁམས་དབང༔ གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ༔ ཧེ་རུ་ཀ་དཔལ་དགྱེས་སྡེ་མོ༔ བདེ་ཆེན་དུད་པའི་སོལ་བ་ཅན༔ གཙོ་འཁོར་བྲན་དང་ཡང་གཡོག་བཅས༔ སྣང་སྲིད་མ་གཤིན་བྱེ་བའི་ཚོགས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ གནས་འདིར་གདུང་བས་སྤྱན་འདྲེན་ན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ ཨོཾ་ཤྲཱི་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་མ་མ་ཡ་མ་ས་པ་རི་བཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ་བྷྱོ༔ རྡོ་རྗེ་འཆང་དབང་གཤིན་རྗེའི་གཤེད༔ རྩ་བརྒྱུད་བླ་མས་གཉེར་གཏད་ལྟར༔ ཁྲག་འཐུང་ཆེན་མོ་འཁོར་བཅས་ཀྱིས༔ དམ་ཚིག་བདུད་རྩི་འདི་གསོལ་ལ༔ དགྱེས་པའི་ཞལ་སྟོན་གཟི་བྱིན་སྐྱེད༔ གསལ་བའི་ལུང་སྩོལ་ནུས་པ་སྤོར༔ ཐུགས་ཀྱིས་དགོངས་ལ་བདེ་ཆེན་སྒྲུབས༔ བཅོལ་པའི་ལས་ཀུན་མྱུར་དུ་མཛོད༔ བཛྲ་ཨ་མྲྀཏ་ས་མ་ཡ་རཀྵནྟུ༔ ཧཱུྃ་བྷྱོ༔ སྟོང་ཉིད་དབྱིངས་ལས་བདེ་བའི་རྩལ༔ རྣམ་པ་དུ་མར་འཆར་བ་ཡི༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་དང༔ སྨན་རཀ་གཏོར་ཚོགས་རྒྱ་མཚོས་མཆོད༔ མཐུན་རྫས་རྟེན་རྫས་སྒྲུབ་རྫས་ཀྱིས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གནས་སྐབས་མཐར་ཐུག་དངོས་གྲུབ་ཀྱི༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ༔ དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ རྡོ་རྗེ་དབྱངས་ཅན་དྲག་མོའི་ཚུལ༔ འཇིག་རྟེན་དྲེགས་པ་གཤིན་རྗེའི་ལྕམ༔ བདུད་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་ནག་པོ་ཀེང་རུས་གཟུགས༔ གཏུམ་མོ་གཙིགས་བྱེད་མི་རོ་ཟ༔ རལ་པ་དམར་སེར་སྤྱན་གསུམ་གཡོ༔ དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས༔ རལ་གྲི་དང་ནི་མདུང་ཐུང་བསྣམས༔ འོག་མ་ཐུན་ཁྲག་རྩེ་གསུམ་འཕྱར༔ ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ སྙན་གོང་དྲིལ་བུ་སེང་གེ་དང༔ སྐུ་ལ་ཐོད་སྦྲུལ་མེ་ཏོག་བརྒྱན༔ གླང་ཆེན་སྟོད་གཡོགས་བ་ལང་དང༔ རེ་ལྡེའི་ཤམ་ཐབས་འཕྱང་ལ་བསྟོད༔ ཞབས་ཟུང་ལྕགས་སྒྲོག་སྒྲ་དང་བཅས༔ བོང་བུ་གྭ་པའི་སྟེང་ན་རོལ༔ དུར་ཁྲོད་མ་གཤིན་ཚོགས་ཀྱི་རྗེ༔ ཁྲག་འཐུང་ཆེན་མོར་ཕྱག་འཚལ་བསྟོད༔ ཐུགས་དང་མཐུན་པའི་གཏོར་མ་དང༔ སྨན་རཀ་ཕུད་མཆོད་འདི་བཞེས་ལ༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ རང་གི་ཐུགས་སྲོག་འོད་ཟེར་གྱིས༔ མ་མོ་འཁོར་བཅས་ཐུགས་དམ་བསྐུལ༔ ཞི་དང་དགྱེས་ཆགས་དྲག་ཤུལ་གྱི༔ ལས་རྣམས་ཐམས་ཅད་འགྲུབ་པར་བསམ༔ ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་དྷོཏྶི་ཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་བཟླས་ལས་ཀུན་རྩོལ་མེད་འགྲུབ༔ སྲོག་གཏད་བྱེད་ན་དམར་གཏོར་ནི༔ ལྷ་མོར་བསྐྱེད་ཅིང་བཟླས་པས་བསྒྲུབ༔ དམ་ལྡན་སློབ་མ་མདུན་དུ་འཁོད༔ ལས་བཞིའི་རྫས་ཀྱི་མཎྜལ་ཕུལ༔ ཨེ་མ་རིགས་ཀུན་བདག་པོ་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ མ་གཤིན་དྲེགས་པ་ཀུན་གྱི་རྗེ༔ བསྟན་སྲུང་ཆེན་མོའི་སྲོག་དབང་སྩོལ༔ རྒྱུད་སྦྱངས་མདུན་བསྐྱེད་རང་འདྲ་བསྟིམ༔ བཟླས་ལུང་སྦྱིན་ཞིང་ཐུགས་ཡིད་བསྲེ༔ ཡོན་ཏན་གཏོར་མ་ལག་ཏུ་གཏད༔ བདུད་རྩི་འཐོར་ཞིང་དམ་ཚིག་བསྒྲག༔ ཕྲིན་ལས་ཕྱག་མཚན་རྣམ་བཞི་སྦྱིན༔ ཧཱུྃ་བྷྱོ༔ ཞི་དང་རྒྱས་དང་དགུག་པ་དང༔ མངོན་སྤྱོད་དམོད་པས་གྲུབ་པ་ཡི༔ མ་མོའི་ཕྱག་མཚན་ཁྱོད་ལ་གཏད༔ རྣམ་བཞིའི་ཕྲིན་ལས་ཡོངས་རྫོགས་ཤོག༔ སརྦ་ཀརྨ་ཀུ་རུ་ཧོ༔ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ འདིས་ནི་མ་མོ་གྲིབ་བཞིན་འགྲོགས༔ རྟག་ཏུ་གསོལ་མཆོད་བརྩོན་པར་བྱ༔ ས་མ་ཡ༔ ཡེ་ཤེས་དབྱིངས་ཀྱི་ཡུམ་མཆོག་སྟེ༔ འཇིག་རྟེན་དྲེགས་པ་ཀུན་གྱི་གཙོ༔ ཤིས་ལ་ཚན་ཆེ་རྣོ་མྱུར་ལྡན༔ དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ྀཨཚ༔

འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད (Volume 29, Text 24)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འབེབ་ཅེས་བྱ་བ་བཞུགས་སོ།། ན་མཿཤྲཱི་མཱཾ་གུ་ར་བེ། རང་བྱུང་ཐོག་མའི་མགོན་པོ་ཉིད། །འཆི་མེད་གྲུབ་པའི་སློབ་དཔོན་ཚུལ། །ཀུན་འདུས་རྡོ་རྗེ་སློབ་དཔོན་གྱི། །རྣམ་པར་སྣང་དེ་སྙིང་དབུས་རོལ། །ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར། །རྒྱ་མཚོའི་སྙིང་བཅུད་ཡིད་བཞིན་ནོར། །གང་འདིར་འཇུག་འདོད་སྐལ་ལྡན་རྣམས། །སྨིན་བྱེད་སྒོ་མོ་འདིར་ཞུགས་ཤིག །ཟབ་ཆོས་འདི་ཉིད་ཀྱི་བསྙེན་པ་རྫོགས་ཤིང་རྟོགས་པ་དང་ལྡན་པའི་སློབ་དཔོན་གྱིས། སྣོད་དང་སྐལ་བ་ལྡན་པའི་སློབ་མ་རྗེས་སུ་འཛིན་པའི་སྐབས་སུ་བབས་པ་ན་བྱ་བའི་ལས་ཀྱི་རིམ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། མཚན་ཉིད་ལྡན་པའི་གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པའི་དབུས་སུ་སྟེགས་བུ་ལ། དཀྱིལ་འཁོར་གཞི་མཐིང་ག་ལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཙོ་བོའི་སྐུའམ་ཕྱག་མཚན་བྲིས་པའི་མཐའ་སྐོར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ། དེའི་དབུས་འཕྲུལ་སྟེགས་ལ་བུམ་པ་མགུལ་ཆིངས་དཀར་པོ་སོ་ལྔའི་བཅུད་ལྡན་གྱི་སྟེང་དུ་ཀ་པཱ་ལ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བའི་ལྟེ་བར་ཨ༔ དེ་རྒྱབ་སྔགས་འཁོར་བྲིས་པས་བཀབ། དེ་སྟེང་འཇའ་ཤེལ་བཅས་བརྩེག་མར་བཀོད། མདུན་དུ་རིག་འཛིན་རྣམ་གསུམ་དང་། ཀུན་བཟང་དང་ཆེ་མཆོག་གི་ཙཀླི། ཁྲི་གདུགས་རྡོར་དྲིལ་སོགས་སློབ་དཔོན་མངའ་གསོལ་ཆས། གཡས་སུ་སྨན་གྱི་ཕོ་བྲང་། གཡོན་དུ་ཚེ་འབྲང་། ཚེ་ཆང་། ཚེ་རིལ། རྒྱབ་ཏུ་ཚེ་མདའ་བཅས། སྨན་རག་གཏོར་གསུམ་ཕྱི་མཆོད་སོགས་ལག་ལེན་ལྟར་བཤམ། ལས་བུམ། མིག་དར། མེ་ཏོག །སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་ལས་བྱང་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ལས་བྱང་ལྟར་སྔོན་འགྲོའི་ལས་རིམ་རྣམས་དང་། དངོས་གཞི་ལྷ་བསྐྱེད་ནས་བསྟོད་པའི་བར་གཏང་། སྔགས་ཀྱིས་ཛཔ྄་ཁང་དབྱེ། དགོངས་པ་གསལ་བཏབ་ལ་ཟླས་པ་ཅི་ནུས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་དབུས་སུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དམིགས་རྣམ་བཅས་གཟུངས་ཐག་བླངས་ལ་སྙིང་པོ་བརྒྱ་རྩ་ལས་མི་ཉུང་བ་བཟླ། ཐོད་པ་བདུད་རྩིའི་དཀྱིལ་འཁོར་དབུས༔ རིག་འཛིན་བླ་མ་རང་འོད་ཀྱི༔ བདེ་ཆེན་དགྱེས་པའི་དམ་ཚིག་གིས༔ བྱང་ཆུབ་སེམས་སྤྲིན་ཕབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ བརྒྱ་རྩ་བཟླ། དེ་ནས་གཏེར་གཞུང་སྨན་དངོས་གཞི་ཕྱེ་སྒྲུབ་སྐབས་ཀྱི། ཧཱུྃ༔ བདག་ཉིད་རིག་འཛིན་བླ་མའི་སྐུ༔ སོགས་བསྐྱེད་ཆོག་དང་ཕྲིན་ལས་ཚང་བར་བཏང་ལ་དགུ་པའི་ཛཔ྄་ཅི་འགྲུབ་བཟླ། ཧྲཱི༔ འཆི་མེད་རིག་འཛིན་བི་མ་ལའི༔ སོགས་ཚེ་སྒྲུབ་ཀྱི་དམིགས་བཟླས་ཚེ་འགུགས་བཅས་གྲུབ་ནས་མཆོད་བསྟོད་འབུལ། ནོངས་བཤགས་ཡིག་བརྒྱ་བརྗོད། ལྷ་ཚོགས་འོད་ཞུ་སོགས་སྨན་དཀྱིལ་འོད་ཞུ་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༔ བདུད་རྩི་འཁྱིལ་ལྗང་ཁྲོ་བོའི་ཆས༔ རྒྱ་གྲམ་དབྱུག་པ་སྡིགས་མཛུབ་མཛད༔ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་ལ་གཙོ་བུམ་དང་ལྷན་ཅིག་མཆོད་ཡོན་ཕུལ། ལྷ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། དེ་ནས་བཀའ་སྲུང་གཏོར་ཆོག་དང་། ཟུར་གསལ་བཤགས་སྐོང་གི་བཤགས་ཡུལ་གསལ་གདབ་ནས་མར་མེའི་སྐོང་བའི་བར་སྦྱར། ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བཏང་། འགྲུབ་ན་བདག་འཇུག་རྒྱས་པར་བླང་། མི་འགྲུབ་ན་རིག་པའི་མེ་ཏོག་དོར། ཨོཾ༔ ཆོས་ཀྱི་བདུད་རྩི་སྣང་སྲིད་སྣོད་བཅུད་ཀུན༔སོགས་སྨན་སྒྲུབ་ཀྱི་དབང་ལེན་བྱས་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ལ་ཡོལ་བས་བསྒྲིབ་བོ། །དབང་དངོས་གཞི་ལ་གཉིས། སྦྱོར་བ་འཇུག་པ། དངོས་གཞི་དབང་བསྐུར་བའོ། །དང་པོ་ནི། སློབ་མ་རྣམས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་ཞུགས་པ་ན་ལས་བྱང་ལྟར་བགེགས་གཏོར་བཏང་ལ་བསྐྲད་ཅིང་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། འདིར་འཆད་བྱའི་སྐབས་སུ་བབས་པ་གངས་ཅན་མཁས་གྲུབ་རྒྱ་མཚོའི་སྤྱི་རྗེ་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག །ཐུབ་བསྟན་ཡོངས་རྫོགས་ཀྱི་སློབ་དཔོན་ཆེན་པོ། ༧འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ནམ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་པའི་གཏེར་ལས་བྱུང་བ་འཆི་མེད་འཕགས་མའི་སྙིང་ཐིག་གི་ཆོས་སྡེ། འཆི་མེད་གྲུབ་པའི་རིག་འཛིན་གསུམ་གྱི་བླ་སྒྲུབ་སློབ་དཔོན་རྣམ་པ་གསུམ་གྱི་སྙིང་ཐིག་རྡོ་རྗེ་གསང་བའི་ཚིག་རྨད་དུ་བྱུང་བ་འདིའི་ལོ་རྒྱུས་གཏེར་གཞུང་རྡོ་རྗེའི་གསུང་ལས། འདི་སྐད་དུ། དེ་ཡང་འོག་མིན་གནས་མཆོག་ཏུ༔ སོགས་གཏེར་གཞུང་གཤམ་ནས་འབྱུང་བ་ལྟར། རིམ་གྱིས་སྤེལ་བས་དོན་ཡོད་འགྱུར༔ ཞེས་པའི་བར་བརྗོད། ཞེས་སོགས་རྒྱས་པར་གསུངས་པ་ལྟར། རྒྱུད་དང་འབྲེལ་བའི་གདམས་པ་ཤིན་ཏུ་ཟབ་ལ་འདྲིལ་བ་ལུང་ལས་བཤད་པའི་རྫོགས་རིམ་རྣམས་ཀྱི་སྙིང་པོ་ཕྱུང་པ། ཁྱད་པར་མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དམར་ཁྲིད་ལག་ལེན་དུ་གདམས། གུ་རུ་རིན་པོ་ཆེ། བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་སྟེ་སློབ་དཔོན་རྣམ་པ་གསུམ་གྱི་དགོངས་པ་གཅིག་དྲིལ་ཡོ་ག་གསུམ་གྱི་སྙིང་བཅུད་ཁྱད་པར་འཕགས་པ་འདི་ཉིད་ཀྱི་གདམས་སྐོར་རྒྱས་འབྲིང་བསྡུས་གསུམ་ཡང་བཅུད་སྙིང་པོར་དྲིལ་བ་བཅས། སྐོར་ཚོ་རྣམ་པ་བཞིར་ཕྱེས་ནས་གཏེར་ཁ་སོ་སོར་སྦས་པ་སྔ་མ་གསུམ། རྒོད་ལྡེམ་ཅན། རྡོ་རྗེ་གླིང་པ། གཏེར་བདག་གླིང་པ་རྣམས་ཀྱིས་རིམ་པར་བཏོན་ནས་འགྲོ་དོན་རྒྱ་ཆེར་མཛད། སྙིང་པོ་འདི་ཉིད་རྗེ་བླ་མ་རིན་པོ་ཆེའི་དགོངས་གཏེར་ཉམས་ཀྱི་བཅུད་དུ་ཕྱུང་ནས་སྐལ་པའི་སྣོད་དང་ལྡན་པ་རྗེས་སུ་བཟུང་སྟེ་སྤེལ་བར་མཛད་པ་ལ་སྨིན་གྲོལ་གྱི་ལམ་སྲོལ་གཉིས་ལས་འདིར་སྨིན་བྱེད་ཀྱི་ལམ་ཟབ་མོ་བསྒྲུབ་པ་ཡིན། དེ་ལ་འཇུག་པ་དང་དངོས་གཞི་གཉིས་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུ་བནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱཿ མིག་དར། ཨཱཿཁཾ་བཱི་ར་ཧཱུྃཿ གིས་མེ་ཏོག་སྦྱིན། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱབ་བདག་འོད་གསལ་ཡེ་ཤེས་སྐུ༔ རིག་འཛིན་བླ་མའི་བཀའ་དྲིན་གྱིས༔ འཆི་མེད་རིག་འཛིན་དཀྱིལ་འཁོར་དུ༔ རྡོ་རྗེའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་འཆི་མེད་རིག་འཛིན་རྣམ་གསུམ་ལ་རབ་འབྱམས་དཀོན་མཆོག་རྩ་བ་གསུམ་གྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བླ་མེད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལས་བྱང་ལྟར་ལན་གསུམ། ཚོགས་ཀྱི་ཞིང་དེ་དག་གི་མདུན་སར་ཡན་ལག་བདུན་གྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བགྱི་བའི་མོས་པས་སོ་སོའི་ཏིང་ངེ་འཛིན་གསལ་ཐོབས་ལ་རྗེས་ཟློས། བླ་མ་དཀོན་མཆོག་སོགས་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་མཐའ་དག་ལ་བྱམས་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་ཆེད་དུ་ཟབ་མོའི་ལམ་དུ་འཇུག་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མཁའ་མཉམ་ཕ་མ་སོགས་གསུམ། བདག་གཞན་འགྲོ་བ་མཐའ་དག་དོན་དམ་དུ་གདོད་ནས་འཁྲུལ་མ་མྱོང་བ་རང་གྲོལ་ཡེ་སངས་རྒྱས་པའི་གོ་འཕང་མཆོག་ལ་གནས་པ་ཡིན་ལ་ཡིན་བཞིན་དེ་ཤེས་པས་འདིའི་རྗེས་ཟློས། ཨ༔ བདག་དང་མཐའ་ཡས་སོགས་གསུམ། དེ་ལྟར་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་དེ་བརྟན་པར་བྱེད་པའི་ཕྱིར་ཁྱེད་རང་རྣམས་ཀྱི་སྙིང་ཁར་བདེན་གཉིས་ཟུང་འཇུག་གི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ཨུཏྤ་ད་ཡཱ་མཱི༔ ལན་གསུམ། སྤྱིའི་དམ་ཚིག་སོ་ཐར། བྱང་སེམས། སྔགས་ཀྱི་གདམས་པ། ཁྱད་པར་གྱི་དམ་ཚིག་བླ་མེད་རྩ་བ་དང་ཡན་ལག །གནད་ཀྱི་དམ་ཚིག་ཨ་ཏིའི་དགོངས་པའི་གཟེར་བཞི་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྗེས་ཟློས། ཧོ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ འགྲོ་ཀུན་དོན་དུ་སེམས་བསྐྱེད་ནས༔ སོ་ཐར་བྱང་སེམས་སྡོམ་པ་གཟུང༔ ཁྱད་པར་གསང་བ་སྔགས་ཀྱི་སྲོག༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ མེད་དང་གཅིག་པུ་ཕྱལ་བ་དང༔ ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་གདབ༔ འདའ་དཀའ་རྡོ་རྗེའི་དམ་བཅའ་འོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཡཱ་མི༔ ལན་གསུམ། ལས་ཀྱི་རྡོ་རྗེས་ཁྲིད་དེ་ཚད་མེད་བཞིའི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ ཡོལ་བ་བསལ། ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་མདུན་དུ་འཁོད་དེ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཐལ་མོ་གནས་གསུམ་དུ་སྦྱར་ནས་ཕྱག་འཚལ་བ་དང་ཆབས་ཅིག་འདིའི་རྗེས་ཟློས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མཱ་མི༔ ལན་གསུམ། ནང་འཇུག་དངོས་གཞི་བྱིན་དབབ་པའི་སྔོན་འགྲོ་རྡོ་རྗེའི་མནའ་ཆུ་སྦྱིན་པ་ཡིན་པས་དེའི་དོན་ཐུགས་ལ་བཞག་འཚལ། ཧོ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ བསྲུངས་ན་དངོས་གྲུབ་དམ་པ་འཐོབ༔ མ་བསྲུང་དམྱལ་མེ་བཟོད་དཀས་འཚིག༔ དེ་ཕྱིར་དམ་ཚིག་ཚུལ་བཞིན་སྲུངས༔ རྡོ་རྗེའི་ཡེ་ཤེས་སྒྲུབ་པར་གྱིས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་དུང་ཆུ་སྦྱིན། དེ་ནས་ཡེ་ཤེས་པ་དབབ་པ་དངོས་ཀྱི་ཆེད་དུ་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཟུངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ རང་ཉིད་འཆི་མེད་བི་མ་ལ༔ དཀར་ལྗང་མཚན་དཔེའི་འོད་ཕུང་འབར༔ གཞོན་ཚུལ་གཟི་བརྗིད་མཚུངས་པ་མེད༔ སྤྱན་ཟུར་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ དར་སྔོན་སྟོད་གཡོགས་སྨད་ཤམ་དང༔ ཆོས་གོས་ངུར་སྨྲིག་མཛེས་པར་བཀླུབས༔ དབུ་ལ་པཎ་ཞྭ་དམར་པོ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཤངས་རྩེར་སྐྱེ་མེད་ཨ་ཡིག་དཀར༔ འོད་ཟེར་ཕུང་པོར་འབར་བ་ལས༔ ཡེ་ཤེས་རླུང་ལྔའི་སྤྲོ་བསྡུ་ཡིས༔ གཟུང་འཛིན་འཁྲུལ་པའི་ཞེན་རྟོག་སྦྱངས༔ སྨིན་མཚམས་བདེ་ཆེན་བྱང་ཆུབ་སེམས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ ཡེ་ཤེས་ལུས་ཅན་ཤྲཱི་སིཾ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཉམས༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ པད་ཉི་ཟླ་བའི་གདན་ལ་འགྱིང༔ ཐུགས་ཀར་འོད་ལྔའི་དྲྭ་བའི་དབུས༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཆང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ སྣང་སྟོང་ཆུ་ཟླ་ལྟ་བུ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ བདེ་གཤེགས་ཞི་ཁྲོའི་ཕྱག་རྒྱར་རྫོགས༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་དབུས༔ ཨ་ཡིག་དཀར་པོ་འོད་འབར་བ༔ དེ་ལ་རྩེ་གཅིག་སེམས་བཟུང་བས༔ བླ་མ་དཀྱིལ་འཁོར་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ བརྒྱུད་གསུམ་བླ་མ་རིག་འཛིན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཡི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ རྒྱ་མཚོ་ཆེན་པོར་ཆར་བབས་ལྟར༔ རང་རང་ལུས་ལ་དབྱེར་མེད་ཐིམ༔ རྡོ་རྗེའི་ཡེ་ཤེས་ཕེབས་པར་བསམ༔ ཌཱ་དྲིལ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་བརྗོད། འབེབ་པའི་རྫས་བདུག །དགོངས་པ་རྩེ་གཅིག་གཅུན་ལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་དྲག་ཏུ་བཟླས་པའི་མཐར། དེ་ལྟར་ཕེབས་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་རབ་ཏུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད། མཎྜལ་ཚོམ་བུ་ལྔ་པའམ་ཕྱག་མཚན་དཀྱིལ་འཁོར་བཀོད་ལ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་རྣམས་དང་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དཀྱིལ་འཁོར་དུ་དོར་ཅིག །ཨོཾ༔ རིག་པ་ཡེ་ཤེས་མེ་ཏོག་ཕྲེང༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང༔ རྗེས་བཟུང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་པྲ་ཏཱིཙྪ་ཧོ༔ མེ་ཏོག་སླར་སྤྱི་བོར་བཀོད་ལ། ལྷག་པའི་ལྷ་ལ་ཕོག་པའི་མེ་ཏོག་དེ་ཉིད་སླར་ཡང་སྤྱི་བོར་བཅིངས་ཏེ་ལྷ་དང་བླ་མ་དབྱེར་མེད་པ་རིགས་བདག་གི་ཚུལ་དུ་བཞུགས་པར་མོས་ཤིག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པུཥྤེ་སིདྡྷི་ས་མ་ཡ་སཏྭཾ༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཨོཾ༔ རིག་པ་གསེར་གྱི་ཐུར་མ་ཡིས༔ མ་རིག་འཁྲུལ་པའི་ལིང་ཏོག་བསལ༔ སངས་རྒྱས་ཡེ་ཤེས་སྤྱན་ལྡན་པས༔ རྡོ་རྗེའི་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས་རིག་འཛིན་བླ་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་པས་དད་གུས་སྤྲོ་བ་ཆེར་སྐྱེད་མཛོད། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྡོ་རྗེའི་དཀྱིལ་འཁོར་འདི་ལ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དང༔ དབྱེར་མེད་ངེས་དོན་རྟོགས་པར་གྱིས༔ མཐོང་བས་སྒྲིབ་དག་དངོས་གྲུབ་འགྱུར༔ དབང་བསྐུར་ཡེ་ཤེས་རྒྱུད་ལ་སྨིན༔ མཐར་ཕྱིན་འབྲས་བུ་མངོན་འགྱུར་ཕྱིར༔ སྤྲོ་བ་སྐྱེད་ལ་རྩེ་གཅིག་སྒྲུབས༔ མ་ཧཱ་ཛྙཱ་ན་ས་མ་ཡ་པ་ཤྱ་ཧོ༔ དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིག་འཛིན་བླ་མའི་བཀའ་དྲིན་གྱིས༔ རྡོ་རྗེའི་དཀྱིལ་འཁོར་ཞུགས་ལགས་ན༔ ཡེ་ཤེས་སྨིན་པར་བྱེད་པ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དངོས་གཞིའི་དབང་བཞི་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་དམིགས་པ་འདི་བཞིན་མཛོད། ནམ་མཁའ་གང་བར་སད་པའི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་གུར་གུམ་དང་མེ་ཏོག་ཆར་འབེབ། རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་པ་སོགས་བཀྲ་ཤིས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨ༔ བཀྲ་ཤིས་དབྱིངས་ཀྱི་བུམ་པ་རུ༔ རིག་རྩལ་བླ་མའི་ལྷ་ཚོགས་བཞུགས༔ ཟུང་འཇུག་བདུད་རྩིས་དབང་བསྐུར་བས༔ སྣོད་བཅུད་སྣང་ཞེན་དག་པར་ཤོག༔ སྔགས་མཐར། བཛྲ་ཨ་མྲྀཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་སུ་ར་ཏཱ་སཏྭཾ༔ བུམ་ཆུ་སྦྱིན་ཅིང་འཐོར་ལ། བུམ་པ་སྤྱི་བོར་བཞག་པ་ཡིས༔ དབང་གི་ཆུ་བོ་རྒྱུན་བཞིན་བབས༔ ལུས་གང་ཐ་མལ་སྣང་ཞེན་དག༔ བུམ་བཅུད་ངག་ཏུ་སྦྱིན་པ་ལས༔ ཡི་གེའི་སྤྲིན་གྱིས་གནས་བཞིར་གང༔ རྩ་ཁམས་ཐམས་ཅད་འོད་དུ་དྭངས༔ བདུད་རྩི་གྱེན་དུ་འཁྱིལ་པ་ལས༔ བདེ་ཆེན་ཡེ་ཤེས་ཉམས་སུ་མྱངས༔ སྤྱི་བོར་བརྟན་ལས་རིགས་བདག་གིས༔ བྱིན་བརླབས་དབང་བཞི་རྫོགས་པར་བསམ༔ དེ་ཉིད་བརྟན་པར་བྱེད་པའི་སླད་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྒྱས་གདབ་པ་ལ། རིག་འཛིན་བླ་མ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རིམ་གྱིས་ཐིམ་པར་མོས་ཤིག །བླ་མའི་སྐུ་སྤྱི་བོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཆི་མེད་བི་མ་མུ་དྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ ཨོཾ་གུ་རུ་བི་མ་ལ་མུ་དྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ པད་འབྱུང་སྐུ་མགྲིན་པར་བཞག་ལ། ཨཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ གུ་རུ་པདྨ་སཾ་བྷ་བས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲར་གྲགས་སྔགས་སུ་རྫོགས་པར་ཤོག༔ ཨོཾ་གུ་རུ་པདྨ་སཾ་བྷ་བ་ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད་ཅིག །སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཨ་དཀར་པོ་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དང་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད་དེ་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཨ་དཀར་པོ་གསལ་བའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད་ཅིང་སེམས་ཅན་གྱི་སྒྲིབ་པ་སྦྱངས། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ནས་རང་རང་ལ་བསྟིམ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་མོས་ལ་ཕྱི་དཀྱིལ་གྱི་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མུ་དྲ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། ནང་ལུས་དཀྱིལ་གྱི་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ལན་གསུམ། གསང་བ་རྩ་དཀྱིལ་གྱི་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ། ཤྲཱི་སེང་སྐུ་སྙིང་ཁར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ རིག་འཛིན་ཤྲཱི་སིང་ཧ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟོག་ཚོགས་དབྱིངས་སུ་སྨིན་པར་ཤོག༔ ཨོཾ་གུ་རུ་ཤྲཱི་སིཾ་ཧ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་འདུས་མ་བྱས་སྟོང་ཞིང་བདག་མེད་པ་རང་རིག་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་འོད་གསལ་བའི་ཡེ་ཤེས་སུ་རྣམ་པར་དག་པའི་དོན་དྲན་པར་མཛོད་ཅིག །སློབ་དཔོན་དུ་མངའ་གསོལ་བའི་ཆས་རྣམས་དངོས་སུ་བཤམ་པའམ། གཟུགས་བརྙན་ཙཀླི་སོགས་ལ་བརྟེན་ཏེ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་ཁྲི་དང་དར་ཟབ་ཀྱི་གདན་ལ་བཀོད། སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད། སློབ་དཔོན་གྱི་ལུས་དཀྱིལ་ཞི་ཁྲོའི་ལྷ་རྣམས་ལས་ལྷ་ཚོགས་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་གནས་སོ་སོར་ཐིམ། མཆོད་པའི་བྱེ་བྲག་མང་པོ་མདུན་དུ་བདར། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཆི་མེད་རིག་འཛིན་རྣམ་གསུམ་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་མཆོག་ཏུ་མངའ་གསོལ་བར་མོས་ཤིག །རྡོར་དྲིལ་གཏད་ཅིང་ཉེར་སྤྱོད་མདུན་དུ་བཏེགས། ཞི་ཁྲོ་ཡོངས་རྫོགས་སམ། ཀུན་བཟང་དང་ཆེ་མཆོག་སྐུ་ཙཀ་མགོར་བཞག་ལ། ཧཱུྃ༔ རིག་འཛིན་བླ་མའི་ཕྱག་རྒྱ་དང༔ དབྱེར་མེད་བདེ་གཤེགས་ཞི་ཁྲོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ མེ་ཏོག་འཐོར་ལ་རྗེས་སུ་གནང་བ་ནི། ཧཱུྃ་ཧྲཱི༔ རིགས་ཀུན་ཁྱབ་བདག་རིག་འཛིན་བླ་མ་ཆེ༔ ཞི་ཁྲོ་རབ་འབྱམས་རྒྱལ་བ་སྲས་བཅས་དང༔ དབྱེར་མེད་དམ་ཚིག་རྡོ་རྗེ་སློབ་དཔོན་གྱི༔ དབང་སྐུར་མཆོག་གིས་དགོངས་བརྒྱུད་མཁའ་ལྟར་དག༔ ཡོན་ཏན་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ བསྡུ་བ་རྣམ་བཞིས་གདུལ་བྱའི་རེ་བ་སྐོངས༔ དབང་སྐུར་རྒྱུད་སྟོན་མན་ངག་ཆོས་སྒོ་ཕྱེས༔ ཕྲིན་ལས་རྣམ་བཞིས་ཕན་པ་བླ་མེད་སྒྲུབས༔ འབྲེལ་ཚད་དོན་ལྡན་རྒྱལ་བའི་གདུང་འཚོབ་པས༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་དབུགས་ཕྱུངས་ཤིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ཙརྻ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མི༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱཿ ནས་ཤབྡའི་བར་གྱིས་མཆོད། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་ནས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པར་མོས་ཤིག །ཡེ་དྷར་དང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར། ཨོཾ༔ བཀྲ་ཤིས་གང་ཞིག་སོགས་ལས་བྱང་ལྟར་ཤིས་པ་བརྗོད། དེ་ལྟར་བུམ་པ་ལ་བརྟེན་པའི༔ དབང་བཞི་རྫོགས་པར་ཐོབ་པ་ཡིས༔ ལུས་ཀྱི་ཕྱི་་་དབྱིབས་ཀྱི་ལུས།ནང་་་རྩ།གསང་བ་་་རྩ་མདུད་ཡི་གེའི་གཟུགས།དང༔ དེ་་་ཁོ་ན།ཉིད་དེ་དང་དེར།་་་རྟོག་པའི་སྒྲིབ་པ་་་བཞི་།དག༔ བསྐྱེད་རིམ་ཚུལ་ཕྱི་དཀྱིལ་་་ལུས་དཀྱིལ་་་རྩ་དཀྱིལ་་་སེམས་དཀྱིལ།་་་བཞི་བསྒོམ་ལ་དབང༔ འབྲས་བུ་ཐུགས་རྗེ་སྤྲུལ་པའི་སྐུ༔ དག་པའི་ལུས་་་རྩ་་་ཡི་གེ་་་ཡེ་ཤེས་ཏེ།་་་རྣམ་བཞིའི་གོ་འཕང་འཐོབ་པ་འོ༔ གཉིས་པ་གསང་བའི་དབང་བསྐུར་བ་ལ། བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བས་དབང་བསྐུར་བར་མོས་ཤིག །ཐོད་པའི་བདུད་རྩི་སྤྱི་བོར་བཞག་ཅིང་ཁར་སྦྱིན་ལ། ཨཱ༔ བཀྲ་ཤིས་དབྱིངས་ཀྱི་བྷནྡྷ་རུ༔ རིག་རྩལ་བྱང་སེམས་བདུད་རྩི་བསྐྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་བའི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་མི༔ སྤྱི་བོར་བཞག་པས་བུམ་དབང་སྟེ༔ ལྕེ་ལ་བཞག་པ་གསང་དབང་ངོ༔ རོལ་པས་བདེ་སྟེར་ཤེས་རབ་དང༔ གསལ་སྟོང་ཡེ་ཤེས་བཞི་པ་འོ༔ དེ་ལྟར་བྱང་སེམས་ལ་བརྟེན་ནས༔ གསང་བའི་དབང་བཞི་རྫོགས་པར་ཐོབ༔ ངག་གི་སྒྲིབ་པ་ཕྱི་སྒྲ་་་ནང་རླུང་་་གསང་བ་རྩ་གནས་ཡི་གེ་་་དེ་ཁོ་ན་ཉིད་རྟོག་པ།་་་བཞི་དག་ཅིང༔ གསང་ལམ་རྩ་་་རླུང་་་གཏུམ་མོ་་་རྣམ་པར་མི་རྟོག་པ།་་་རྣམ་བཞི་བསྒོམ་ལ་དབང༔ འབྲས་བུ་རང་བཞིན་ལོངས་སྤྱོད་རྫོགས༔ ཕྱི་སྐུ་་་ནང་གསུང་་་གསང་བ་ཐུགས་་་དེ་ཉིད་དབྱེར་མེད་ཡེ་ཤེས་ཏེ།་་་རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། སིནྡྷུ་རའི་མཎྜལ་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་སྤྲོས་པ་དང་ཁྱེད་རང་རྣམས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་མཐར་ཐུག་རྒྱུད་ལ་སྐྱེས་པར་མོས་ཤིག །སིནྡྷུ་རའི་མེ་ལོང་ལག་ཏུ་གཏད་ཅིང་ལྟེ་བར་ཐིག་ལེ་བཀོད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་དབྱིངས་ཀྱི་ཡུམ༔ རིག་རྩལ་བདེ་སྟེར་ཤེས་རབ་མ༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ གསུམ་པའི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩ་མི༔ རེག་ཅིང་འཁྱུད་པ་བུམ་དབང་སྟེ༔ སྙོམས་པར་ཞུགས་པས་གསང་བ་སྤྱོད༔ ཡས་བབས་རྒྱུ་ཡི་ཤེས་རབ་ལས༔ མས་བརྟན་ཡེ་ཤེས་བཞི་པ་འཐོབ༔ དེ་ལྟར་ཕྱག་རྒྱ་ལ་བསྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ཐོབ༔ ཡིད་ཀྱི་སྒྲིབ་པ་ཕྱི་ཡུལ་་་ནང་ཡུལ་ཅན་་་གསང་བ་སྙོམས་འཇུག་་་དེ་ཉིད་རྟོག་པ་ཐམས་ཅད་ཀྱི་སྒྲིབ་པ།་་་བཞི་དག་ཅིང༔ གསུམ་པའི་ཕྱི་སྙོམས་འཇུག་་་ནང་ཡས་བབས་་་གསང་བ་མས་བརྟན་་་དེ་ཉིད་དཔེའི་ཡེ་ཤེས།་་་ལམ་བཞི་བསྒོམ་ལ་དབང༔ འབྲས་བུ་ངོ་བོ་ཆོས་ཀྱི་སྐུ༔ ཕྱི་རྩལ་་་ནང་རོལ་པ་་་གསང་བ་དབྱིངས་་་དེ་ཉིད་རིག་པ།་་་རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ བཞི་པ་དོན་གྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཅུན། མེ་ལོང་གིས་ཀ་དག་སྟོང་པ་ཉིད་ཀྱི་དབྱིངས་རྣམ་པར་དག་པ། ཤེལ་དང་འཇའ་ཚོན་གྱིས་ལྷུན་གྲུབ་རིག་གདངས་སྣང་བ་བཞིའི་འཆར་ཚུལ་རྣམས་མཚོན་པའི་བརྡའ་ཡིན་པས་དོན་དྲན་པར་གྱིས་ལ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་དང་འཇའ་ཤེལ་བསྟན་ལ། ཧོ༔ སེམས་ཉིད་ཀློང་ཆེན་གདོད་མའི་དབྱིངས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྱི་དབང་བཞི་རྫོགས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ སེམས་སྣང་སེམས་ཉིད་ཡེ་ཤེས་ཀྱི༔ ངོ་བོར་ངོ་སྤྲད་བུམ་དབང་སྟེ༔ ཡེ་ཤེས་ཀློང་ལས་མི་འདའ་བའི༔ གསལ་ཁྱབ་སྒོམ་པ་གསང་བའི་དབང༔ གཞི་དབྱིངས་ཤེས་རབ་སྐད་ཅིག་མར༔ ལྷུག་པར་སྤྱོད་པ་ལ་གོམས་པས༔ གཞི་སྣང་རིག་གདངས་ཡེ་ཤེས་མཐོང༔ མཐར་ཕྱིན་འབྲས་བུ་བཞི་པ་འོ༔ དེ་ལྟར་བརྡ་དོན་ལ་བརྟེན་ནས༔ མཐར་ཐུག་མཆོག་གི་དབང་བཞི་ཐོབ༔ སྒོ་གསུམ་ཆ་མཉམ་སྒྲིབ་བཞི་དག༔ དོན་གྱི་ལམ་སེམས་སྡེའི་ལྟ་བ་་་ཀློང་གི་སྒོམ་པ་་་དབྱིངས་ཀྱི་སྤྱོད་པ་་་རིག་པའི་འབྲས་བུ།་་་བཞི་བསྒོམ་ལ་དབང༔ འབྲས་བུ་དབྱེར་མེད་བདེ་ཆེན་སྐུ༔ རྣམ་བཞིའི་གོ་འཕང་ཐོབ་པ་འོ༔ དེ་རྣམས་ཀྱིས་དབང་བཞི་རེ་རེར་འང་ནང་གསེས་བཞི་བཞིར་དབྱེ་བས་ས་མཆོག་བཅུ་དྲུག་གི་བགྲོད་པ་མཐར་ཕྱིན་པའི་ཚུལ་གྱིས་དངོས་གཞིའི་དབང་བསྐུར་བ་གྲུབ་ནས། ཁྱད་པར་མཐའ་རྟེན་གཏད་རྒྱའི་དབང་བསྐུར་བ་ནི། མདུན་གྱི་ནམ་མཁར་ཕྱོགས་དུས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ །དཔའ་བོ་མཁའ་འགྲོ །ཆོས་སྐྱོང་སྲུང་མ་རྒྱ་མཚོ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དགོངས་བརྡ་སྙན་ཁུངས་མཁའ་འགྲོ་གཏད་རྒྱ་སོགས་བརྒྱུད་པ་དྲུག་ལྡན་གྱི་དགོངས་བརྒྱུད་བྱིན་རླབས་རྡོ་རྗེའི་ཡེ་ཤེས་ཁྱེད་རང་གི་རྒྱུད་ལ་འཕོས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སིང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མུ་དྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ བརྡ་བརྒྱུད་བླ་མ་འཆི་མེད་རིག་འཛིན་ཆེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པས་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་སྤྲུལ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཀ་ལ་ཤ་ཝཱ་ཀ་གུ་ཧྱ་ཙིཏྟ་པྲ་ཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོ༔ དབྱངས་གསལ་དང་རྟེན་སྙིང་བརྗོད། དཔོན་སློབ་གཉིས་ཀས་དགོངས་པའི་རྩལ་བསྐྱེད། ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །ཟབ་ཆོས་འདིའི་ཡན་ལག་ལས་ཀྱི་སྦྱོར་བའི་གཙོ་བོ་རྣམ་པ་གཉིས་ལས་དང་པོ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་འོད་གསལ་ཡེ་ཤེས་སྐུ༔ རིག་འཛིན་བླ་མའི་བཀའ་དྲིན་གྱིས༔ བདུད་རྩི་གསང་བའི་དཀྱིལ་འཁོར་དུ༔ རྡོ་རྗེའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སྨན་གྱི་ཕོ་བྲང་ཐོགས་ལ། བཅུད་ལྡན་སྨན་གྱི་ཕོ་བྲང་འདི་ཉིད་དཔལ་ཆེན་ཧེ་རུ་ཀ་བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ཡན་ལག་བདུན་དང་ཁ་སྦྱོར་བརྒྱད་ལྡན་དངོས་སུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཆོས་ཀྱི་བདུད་རྩི་སྣང་སྟོང་བུམ་པའི་དབང་མཆོག་ཡོངས་སུ་རྫོགས་པར་མོས་ཤིག །ཨོཾ༔ ཆོས་ཀྱི་བདུད་རྩི་སྣང་སྲིད་སྣོད་བཅུད་ཀུན༔ བདེ་ཆེན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྣང་སྟོང་བུམ་པའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། དྷརྨཱ་ཨ་མྲྀཏ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ གཙོ་མཆོག་དཔལ་ཆེན་པོའི་ལྗགས་སྟེང་ས་ནུ་ཧེ་རུ་ཀའི་ལྗགས་ཀྱི་སྟེང་དུ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཉི་མ་ལ་གནས་པའི་ཨ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། སྙིང་ཁར་ཉི་སྟེང་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཨ་ཡིག་གི་མཐར་འཁོད། འོད་ཟེར་འཕྲོས་པས་དོན་གཉིས་བྱས། སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་ཆེན་པོར་རྣམ་པར་དག་པར་བསམ་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། ཕོ་བྲང་མགྲིན་པར་བཞག་པས་རྫས་ཀྱི་བདུད་རྩི་གསལ་སྟོང་གསང་བའི་དབང་མཆོག་ཡོངས་སུ་རྫོགས་པར་མོས་ཤིག །ཨཱ༔ རྫས་ཀྱི་བདུད་རྩི་ལྕགས་ཀྱུ་སྒྲོན་མ་ལྔ༔ རྩ་བ་ཡན་ལག་བྱང་ཆུབ་སེམས་སྤྲིན་གྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གསལ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ བྷཻ་ཥ་ཛྱེ་ཨ་མྲྀཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ ཕོ་བྲང་སྙིང་ཁར་བཞག་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས། རྟགས་ཀྱི་བདུད་རྩི་བདེ་སྟོང་ཤེས་རབ་ཀྱི་དབང་མཆོག་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །ཧཱུྃ༔ རྟགས་ཀྱི་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཕུང་ཁམས་དབྱེར་མེད་བདེ་ཆེན་དམ་ཚིག་གིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་སྟོང་ཤེས་རབ་དབང་མཆོག་ཐོབ་པར་ཤོག༔ པཉྩ་ཀུ་ལ་ཨ་མྲྀཏ་པྲ་ཛྙཱ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཕོ་བྲང་གནས་གསུམ་དུ་བཞག་པའི་ཚེ་གནས་ལུགས་གཉུག་མ་ཁྱབ་བརྡལ་ལྷུན་འབྱམས་ཆེན་པོའི་དགོངས་པ་བསྐྱངས་པས། དོན་གྱི་བདུད་རྩི་རིག་སྟོང་དབྱེར་མེད་བཞི་པའི་དབང་མཆོག་ཡོངས་སུ་རྫོགས་པར་མོས་ཤིག །ཧོ༔ དོན་གྱི་བདུད་རྩི་སྟོང་ཆེན་གཉུག་མའི་དབྱིངས༔ རིག་པ་ཡེ་ཤེས་ཟུང་འཇུག་ཅིར་ཡང་ཤར༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རིག་སྟོང་བཞི་པའི་དབང་མཆོག་ཐོབ་པར་ཤོག །ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧོ༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་བརྟན་པར་མོས་ཤིག །དེ་ནས་རྒྱ་བཀྲོལ་བ་དང་མཆོད་ཅིང་སྦྱིན་ལ་སྤྲོ་བ་བསྐྱེད་པ་རྣམས་རྒྱས་པར་གྲུབ་ན་བདུད་རྩི་སྒྲུབ་པའི་སྐབས་སུ་འབྱུང་བ་ལྟར་བྱ། བསྡུ་ན། བཛྲ་ཨ་མྲྀཏ་གུ་ཧྱ་མུ་དྲ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཅེས་རྒྱ་བཀྲོལ། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གདོད་ནས་བདུད་རྩི་ཆེ༔ དག་མཉམ་རྟོགས་པའི་ལོངས་སྤྱོད་རྒྱན༔ རྨད་བྱུང་བདུད་རྩིའི་མཆོད་པ་ཡིས༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དགོངས་པའི་ཀློང་ན་ཡེ་ཤེས་འདུ་འབྲལ་མེད༔ རིག་རྩལ་བརྡས་མཚོན་སྙན་ཁུངས་གཏད་རྒྱས་གདམས༔ བརྒྱུད་པ་གསུམ་གྱི་དཔལ་མགོན་བླ་མ་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དཀྱིལ་འཁོར་བདུན་གྱིས་སྣང་སྲིད་བདུད་རྩིར་ཤར༔ སྦྱོར་ཐབས་བརྒྱད་ཀྱིས་བདེ་ཆེན་ཡེ་ཤེས་འབེབ༔ རབ་འབྱམས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ལ༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དཔལ་གྱི་ཕོ་ཉ་བཀའ་བཞིན་བསྟན་པ་སྐྱོང༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ སྲིད་གསུམ་ཡོན་ཏན་བདུད་རྩིའི་མཎྜ་ལར༔ སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་པས་ཕུད་ཛ་གད་དང་སྦྱར་བ་མཆོད། སློབ་མ་རྣམས་ཀྱི་ལྕེ་ལ་སྦྱིན། མཐེབ་སྲིན་གྱིས་གནས་གསུམ་དང་དབང་པོའི་སྒོ་ཡན་ལག་རྣམས་ལ་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེའི་དཀྱིལ༔ ཧཱུྃ་གི་འོད་ཀྱི་ལམ་ལས་བརྒྱུད༔ མཐེབ་སྲིན་ཉི་ཟླའི་གྭ་འུ་ཡིས༔ མཆོག་ཏུ་མི་འགྱུར་ཡེ་ཤེས་རོལ༔ བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་དང་ཤིས་བརྗོད་བྱ། སྨན་དབང་སྒེར་དུ་བསྐུར་ན་གསོལ་གདབ་ནས་སྔོན་འགྲོ་འཇུག་པ་རྒྱས་བསྡུས་འཚམ་པ་དང་། ཡེ་ཤེས་དབབ་བརྟན་ཐུན་མོང་དབང་བཞིའི་སྙིང་པོ་ཙམ་གྱི་མཐར་སྨན་དབང་ལ་འཇུག་དགོས་སོ། །ཡན་ལག་གཉིས་པ་རྡོ་རྗེ་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིག་འཛིན་ཚེ་ཡི་ལྷ་ཚོགས་དང༔ དབྱེར་མེད་ཁྱབ་བདག་བླ་མ་དགོངས༔ ཚེ་དང་ཡེ་ཤེས་དབང་མཆོག་སྐུར༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཚེ་དབང་ཟུར་ཕྱུང་སྐབས་རྒྱུད་སྦྱོང་སྐྱབས་སེམས་དང་ཡེ་ཤེས་དབབ་བརྟན་བྱ། སྐབས་འདིར་དེ་དག་མི་དགོས་པས། དེ་ལ་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་འཆི་མེད་གྲུབ་པའི་རིག་འཛིན་བི་མ་མུ་དྲ་རིགས་བདག་ཡེ་ཤེས་སེམས་དཔའ་བཅས་གསལ་བའི་ཐུགས་ཀར། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་ཐིག་ལེ་ཁ་སྦྱོར་གྱི་དབུས་སུ་རླུང་སེམས་དབྱེར་མེད་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་འོད་འབར་བ་ཅན་སྒོམས་ཤིག །བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས་པས། རང་རང་གི་བླ་ཚེ་ཆད་ཉམས་ཡར་པ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་དགེ་མཚན་དཔལ་འབྱོར་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བསྡུས་ཏེ། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་ནུས་སྟོབས་རྒྱས་པར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཧྲཱི༔ གདོད་མའི་མགོན་པོ་སོགས་ཚེ་འགུགས་གཏང་། ཚེ་འབྲང་འཆི་མེད་བླ་མའི་དཀྱིལ་འཁོར་དུ་གསལ་བ་ལ་གསོལ་བ་བཏབ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་གནས་ལྔར་གང་། དུག་ལྔའི་སྒྲིབ་པ་དག །སྐུ་ལྔ་ཡེ་ཤེས་ལྔའི་ཚེ་དབང་བརྙེས་པར་མོས་ཤིག །ཧྲཱིཿཧྲཱིཿཧྲཱི༔ ཚེ་དཔག་མེད་མགོན་དྲན་པས་འཆི་མེད་སྩོལ༔ རྣམ་པར་རྒྱལ་མས་མི་མཐུན་བར་ཆད་སེལ༔ ཡིད་བཞིན་འཁོར་ལོས་འདོད་པའི་དངོས་གྲུབ་འཇོ༔ ཤྲཱི་སིང་ཧ་འོད་གསལ་རྟག་པའི་དབྱིངས༔ བི་མ་མུ་དྲ་འཕོ་ཆེན་ཕྱག་རྒྱར་བཞེངས༔ པདྨ་འབྱུང་གནས་འཇའ་ལུས་རྡོ་རྗེའི་སྐུ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཐུགས་རྗེས་བརྩེར་དགོངས་ཕྱི་ནང་བར་ཆད་སོལ༔ བྱིན་གྱིས་རློབས་ཤིག་ཚེ་དབང་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཚེ་འབྲང་གནས་ལྔར་བཞག །སྲིད་ཞིའི་དྭངས་བཅུད་གཅིག་ཏུ་བསྡུས་པའི་ཐབས་ཤེས་ཀྱི་བཟའ་བཏུང་ལ་རོལ་པས་མཆོག་ཏུ་མི་འགྱུར་བ་རྟག་པ་དམ་པ་མི་ཤིགས་རྡོ་རྗེའི་ཚེ་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱི༔ འཁོར་འདས་སྙིང་པོ་དྭངས་མའི་སྲོག་ཏུ་འདྲིལ༔ མྱོང་ཚད་རྣམ་པར་གྲོལ་བའི་དམ་ཚིག་རྫས༔ སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་པས༔ བདེ་ཆེན་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད། ཚེ་ཆང་སྦྱིན་ལ། ཧྲཱི༔ འཁོར་འདས་དྭངས་བཅུད་འཆི་མེད་ཚེ་ཡི་རྒྱུན༔ བྱང་ཆུབ་སེམས་ཀྱི་བདུད་རྩིར་རབ་བསྐྱིལ་པས༔ རྩ་ཁམས་རླུང་ལ་བདེ་དྲོད་ཡེ་ཤེས་འབར༔ མཆོག་ཏུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད། དེ་ལྟར་ཚེ་ཡི་དབང་བསྐུར་པས་ལུས་ཀྱི་ནང་གང་བའི་ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་ཁའི་སྲོག་རྟེན་ཧྲཱིཿཡིག་ལ་ཐིམ། ཉི་ཟླའི་གྭའུ་ཁ་སྦྱར་བ་སྲུབས་མེད་པའི་ཕྱི་རོལ་རྡོ་རྗེའི་དྲྭ་བས་བསྡམས། ལུས་ལ་རྡོ་རྗེའི་གོ་ཆས་གཡོགས་ཏེ་ཚེ་དང་ཡེ་ཤེས་ཀྱི་དཔལ་ཡོན་ནམ་ཡང་མི་ཤིགས་བརྟན་པར་བྱས་པར་མོས་ཤིག །ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། ཨ༔ འཁོར་དང་མྱ་ངན་འདས་པའི་སོགས་བརྗོད། བཀྲ་ཤིས་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ་ཅིང་རོལ་མོ་བསྒྲག །དེ་དག་རྣམས་ཀྱིས་འཆི་མེད་འཕགས་མའི་སྙིང་ཐིག་གི་ཆོས་སྡེ་བླ་སྒྲུབ་བྱིན་རླབས་སྙིང་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་པས། དབང་སྲོག་དམ་ཚིག་དང་སྡོམ་པ་རྣམས་མདོར་བསྡུས་པའི་ཚུལ་གྱིས་བཟུང་ཞིང་བསྲུང་བར་དམ་བཅའ་བ་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་དམ་ཚིག་ཚུལ་བཞིན་བསྲུང༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་རྣམས༔ དགོངས་པའི་སྲོག་ཏུ་གཟུང་བར་བགྱི༔ ལན་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་པས་གྲུབ། ཁྲིད་སྦྲེལ་ན་དབང་བསྐུར་གྲུབ་པའི་རྗེས་སུ་མཎྜལ་ཕུལ་ལ། གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ སོགས་སྤྱི་ཆིངས་ཉིད་གཞིར་བྱས་ནས་གཞུང་གསལ་ཕྱི་དཀྱིལ་དང་ལས་ཚོགས་སུ་བསྟན་པ་རྣམས་གུང་བསྡེབས་ལ་འཆད་པར་བྱའོ། །གསུམ་པ་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྲུང་མའི་གཏོར་ཆོག་ནས་སྨོན་ལམ་ཤིས་བརྗོད་ཀྱི་བར་ལས་བྱང་ཉིད་ཆད་ལྷག་མེད་པར་བཏང་བས་གྲུབ་བོ། །ལྷ་དང་དབྱེར་མེད་མཆོག་གྲུབ་པའི། །འཆི་མེད་རིག་འཛིན་གསང་གསུམ་བྱིན། །བདག་གཞན་སྒོ་གསུམ་ལ་ཞུགས་ཏེ། །གཉུག་མའི་རྡོ་རྗེ་གསུམ་འགྲུབ་ཤོག །འདིའང་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེ་ཉིད་ནས་དམིགས་པ་མེད་པའི་ཐུགས་རྗེས་རྗེས་སུ་བཟུང་ཞིང་། བཀའ་དྲིན་གྱི་སྙིང་པོར་བསྩལ་པའི་དགོངས་པ་སྐོང་བའི་སླད་དུ། དུས་ཞབས་ཀྱི་རིག་འཛིན་གཟུགས་བརྙན་རྒན་པོ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

བྱང་གཏེར་ཐུགས་སྒྲུབ་ལས། ལས་ཀྱི་བྱ་ཁྱུང་ནག་པོའི་ཆོས་སྐོར་ (Volume 46, Text 24)

༄༅། །བྱང་གཏེར་ཐུགས་སྒྲུབ་ལས། ལས་ཀྱི་བྱ་ཁྱུང་ནག་པོའི་ཆོས་སྐོར་བཞུགས་སོ། ། ལས་ཀྱི་བྱ་ཁྱུང་བྱུང་ཚུལ་ལོ་རྒྱུས་བཞུགས་སོ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ སྲོག་གཅོད་གདུག་པ་གཉན་གྱི་ནད༔ རྒྱལ་ཁམས་ཀུན་ཏུ་དར་བ་འོང༔ སྲོག་ཆགས་ཐམས་ཅད་དམྱལ་ཐག་གཅོད༔ འཇིག་རྟེན་ཁམས་འདི་མུན་པར་འགྱུར༔ དེ་ཡང་གཅིག་ཏུ་མ་ངེས་ཏེ༔ རྐྱེན་རྣམས་ཐམས་ཅད་འདི་ཡིས་བྱེད༔ ལ་ལར་མཚོན་འཁྲུག་ཁྲག་ལྟར་ཁོལ༔ ལ་ལར་རིམས་ནད་ཆར་ལྟར་འབབ༔ ལ་ལར་ལྷོག་རྒོད་སྤྲིན་ལྟར་གཏིབས༔ མི་མཐུན་ནད་རྣམས་བསམ་མི་ཁྱབ༔ ཐམས་ཅད་ས་འོག་གདོན་གྱི་རྐྱེན༔ བསྟན་པ་འཇིག་ལ་ཐུག་པའི་དུས༔ སྙིགས་མའི་དུས་སུ་འབྱུང་བར་འགྱུར༔ དེ་ལ་སྙིང་རྗེ་ཆེར་གཟིགས་ནས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཐུགས་ཁྲོས་ཐུགས་རྗེའི་སྤྲུལ་པ་བཀྱེ༔ ཐུགས་ཀའི་ཡི་གེ་ཁྲོཾ་ལས་ནི༔ བྱ་ཁྱུང་ནག་པོ་འཇིགས་པའི་གཟུགས༔ སྤྱན་གསུམ་ལྕགས་ཀྱི་རྭ་དང་ལྡན༔ སྡེར་གཤོག་ལྕགས་ཀྱུའི་ཚུལ་དུ་བཀུག༔ སྐུ་མདོག་ཧ་ལའི་མདོག་ལྟར་ནག༔ སྟང་ཟིལ་མདོག་ལྟར་གནག་ཅིང་འཚེར༔ རྡོ་རྗེའི་མཆུ་ཡིས་ཀླུ་གཉན་ཟ༔ དེ་ལྟ་བུར་ནི་སྐུ་སྤྲུལ་ནས༔ གདུག་པ་གཉན་གྱི་གྲོང་ཁྱེར་བཅོམ༔ རི་རབ་རྐེད་ལ་བརྟེན་བྱས་ནས༔ འགྲོ་བ་ཀུན་གྱི་དོན་མཛད་ཕྱིར༔ གསང་སྔགས་ཀྱི་ནི་ལེ་འུ་གསུངས༔ སྔགས་ཀྱི་ལྡེ་མིག་ཐེམ་བྱང་རྣམས༔ ལང་ཀའི་ཡུལ་གྱི་ཤར་ཕྱོགས་ངོས༔ རི་བོ་མ་ལ་ཡ་ཡི་རྩེར༔ གནམ་ལྕགས་ཆར་དུ་འབབ་པའི་གནས༔ ཡ་མཚན་ངོ་མཚར་ཆེན་པོ་དེར༔ གསང་བའི་བདག་པོ་དངོས་སུ་བྱོན༔ འཇིགས་པའི་ཁྱུང་ནག་ཕྱག་ཏུ་བསྣམས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ སྔགས་དང་ཕྱག་རྒྱས་གོ་ཕྱེ་ནས༔ བཀྲ་ཤིས་ཟླ་གམ་ཕུག་ཏུ་སྦས༔ མ་འོངས་དོན་དུ་སྨོན་ལམ་བཏབ༔ བཀའ་སྲུང་སྡེ་བརྒྱད་ཀུན་ལ་བཅོལ༔ གཏད་དོ་བཅོལ་ལོ་ཐུབ་པར་གྱིས༔ ཞེས་གསུངས་སོ༔ ལས་ཀྱི་ཁྱུང་ནག་བྱུང་ཚུལ་ལོ་རྒྱུས་སྐྱེ་རྒྱུད་བསྟན་པ་རྫོགས་སོ༔ ༈ རྡོ་རྗེ་ཁྱུང་གི་ལོ་རྒྱུས་བཞུགས་སོ༔ གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་དེས༔ དཔལ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་བརྒྱད་དུ༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དུ་གཤེགས་པའི་ཚེ༔ ལྷོ་ནུབ་ལངྐའི་ཡུལ་དུ་དྲག་པོའི་སྤྱོད་པ་མཐར་འདོན་དུ་གཤེགས་པ་ལ༔ རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བྱོན་ནས་ནམ་མཁའ་བར་སྣང་འཇའ་ཚོན་གྱི་གུར་དུ་སོང༔ གནམ་ལྕགས་རྡོ་རྗེའི་ཆར་དུ་འབབ༔ སྟེང་འོག་གི་ལྷ་སྲིན་ཐམས་ཅད་འདུས་ཏེ་ཕྱོགས་སྐྱོང་ཆེན་པོ་བཅུ་པོ་མན་ཆད་བཀའ་ཉན་ཅིང་གསུང་སྡོད་དོ༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་ནི་འཇིགས་ཤིང་སྐྲག༔ གདུག་པ་ཅན་གྱི་ལྷ་སྲིན་མ་རུངས་པ་ཐམས་ཅད་མགོ་འགས་པ་དང༔ སྙིང་ཕྱུང་བ་དང་སྙིང་ཁྲག་ཐང་ལ་འབོ་བ་དང༔ ལུས་ཐམས་ཅད་ཐལ་བའི་རྡུལ་དུ་སོང་ནས༔ བརླགས་པ་དང་སྟོང་པ་མང་པོ་གཟིགས་སོ༔ དེའི་ཚེ་གསང་བའི་བདག་པོ་ཉིད་ལ༔ གུས་པས་ཕྱག་འཚལ་ཏེ་གསོལ་བ་བཏབ་པས༔ གསང་བའི་བདག་པོས་ཁྲོ་བོ་ཡཀྴའི་གདོང་ཅན་ཞེས་བྱ་བ་ཕྲིན་ལས་ཀྱི་ལྷ་རུ་བསྔགས་ཏེ༔ ཨོ་རྒྱན་པདྨའི་སྤྱན་སྔར་བཏང་བས༔ བརྗིད་པའི་དར་དཔྱང་གིས་བཏེག་ནས་གསང་བའི་བདག་པོའི་དྲུང་དུ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་འཁྱེར་ཏེ༔ ཕྱག་ན་རྡོ་རྗེའི་དྲུང་དུ་པདྨ་འདབ་མ་བཞི་པའི་སྟེང་དུ་བཞག་གོ༔ དེའི་ཚེ་ཡེ་ཤེས་ཀྱི་ལྷ་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས༔ སྐྱོན་སེལ་གྱི་ཐོད་པ་བདུད་རྩིས་བཀང་བ་ཕྱག་ཏུ་གཏད༔ གསང་བའི་བདག་པོས་དངོས་སུ་དབང་བསྐུར༔ བཀྲ་ཤིས་ཟླ་གམ་ཕུག་ཏུ་ལས་ཀྱི་ཁྱུང་ནག་པོའི་སྒྲུབ་ཐབས་ཡོད་ཀྱི་ཐོན་ཅིག༔ ཅེས་ལུང་བསྟན་པ་ལྟར་ཟབ་མོའི་གཏེར་སྤྱན་དྲངས་པའི་རྩ་བའི་མན་ངག་དེ་ལ་བརྟེན་ནས༔ རྡོ་རྗེ་ཁྱུང་གི་སྒྲུབ་ཐབས་བརྒྱ་རྩ་མཛད་དེ༔ མ་འོངས་པའི་དོན་དུ་གནས་ཆེན་པོ་བརྒྱད་དང༔ བོད་ཁ་བ་ཅན་གྱི་ཡུལ་དུ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཁྱུང་གི་སྒོམ་རིམ་དང་རྩ་བའི་སྔགས་བྱང་གི་ཐེམ་བཞུགས་སོ༔ གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ རིན་ཆེན་འབྱུང་བ་ལྔ་ཡི་སྟེང༔ ཀླུ་གཉན་བྱེ་བ་ལྔ་གནས་པ༔ ལས་ཀྱི་ཁྱུང་གིས་མནན་ཏེ་བཞུགས༔ དེ་ཡིས་གདུག་པ་ཟིལ་མནན་ནས༔ སྲིད་གསུམ་ཐམས་ཅད་བདེ་བར་བྱས༔ དེ་ཕྱིར་ལས་ཀྱི་ཁྱུང་ཆེན་འདི༔ གསང་བའི་བདག་པོའི་སྤྲུལ་པ་ཡིན༔ སྐྱེ་འགྲོ་ཀུན་གྱི་སྲོག་འཛིན་ཡིན༔ དེ་ཕྱིར་ཨོ་རྒྱན་པདྨ་ངས༔ ལས་ཀྱི་ཁྱུང་ལ་ཕྱག་འཚལ་ནས༔ གདུག་པ་འདུལ་བའི་སྒྲུབ་ཐབས་འདི༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ ཕྱིན་ཆད་རྣལ་འབྱོར་སྒྲུབ་པོ་རྣམས༔ གདུག་པའི་དྲག་སྔགས་སྒྲུབ་འདོད་ན༔ ཡི་གེ་ཧཱུྃ་དང་ཁྲོཾ་ལས་ནི༔ འོད་འཕྲོས་ས་བོན་ཞུ་བ་ལས༔ སྤྲུལ་པའི་ལས་ཀྱི་བྱ་ཁྱུང་དེ༔ མདོག་ནག་ཁྲོ་བོའི་ཞལ་གདངས་པ༔ གནམ་ལྕགས་འབར་བའི་མཆུ་བཀུག་ནས༔ ཀླུ་གཉན་ས་བདག་ཟས་སུ་ཟ༔ གནམ་ལྕགས་འབར་བའི་རྭ་གདེངས་ནས༔ བསྐལ་པའི་མེ་འབར་འུར་སྒྲ་འབྱིན༔ སྤྱི་གཙུག་ནོར་བུ་འབར་བས་བརྒྱན༔ ཉི་ཟླ་ལྟ་བུའི་སྤྱན་གཟིགས་ནས༔ ཁམས་གསུམ་མ་ལུས་དུས་གཅིག་གསོལ༔ ཞལ་གྱི་སྐན་སྒྲ་སྡེབ་པ་ཡིས༔ ཀླུ་གཉན་བརྒྱལ་ཞིང་འགེམས་པར་འགྱུར༔ ལྗགས་ནས་མེ་འབར་གདུག་པ་སྲེག༔ ཤངས་ནས་རླུང་ནག་འཚུབས་པ་ཡིས༔ སྲིད་པའི་ལྷ་སྲིན་འཚུབས་ཀྱིས་སྡུད༔ གནམ་ལྕགས་རལ་གྲིའི་གཤོག་པ་རྡེབ༔ མེ་དཔུང་འབར་བའི་རལ་པ་གཏིབས༔ སྟེང་གི་ལྷ་སྲིན་གདུག་པ་སྒྲོལ༔ ལྕགས་ཀྱི་སྡེར་མོ་ཐུར་དུ་གདེངས༔ ཀླུ་གཉན་ས་བདག་འུབ་ཀྱིས་སྡུད༔ ཐམས་ཅད་མ་ལུས་ཟས་སུ་ཟ༔ ཁ་ནས་ཁྲོ་ཆུའི་ཚྭ་ཚྭ་འཕྲོས༔ འཇིག་རྟེན་ཀུན་ཏུ་འཐོར་བར་བསམ༔ དེ་ལྟར་གསལ་བའི་ངང་ཉིད་ལས༔ དྲག་པོའི་སྔགས་འདི་བཟླས་པར་བྱ༔ ཨོཾ་དྲུང་དྲུང་དུར་དུར༔ ཆེམ་ཆེམ༔ ཁཾ་ཁཾ༔ སོད་སོད༔ རྦད་རྦད་སྭཱ་ཧཱ༔ དེ་ལྟར་དྲག་ཏུ་བཟླས་པ་ཡིས༔ བྱ་ཁྱུང་གཤོགས་པ་བརྡབས་བྱས་ནས༔ ལྷོག་པ་ཟས་སུ་ཟ་བར་བསྒོམ༔ དེ་ཡི་ཏིང་འཛིན་སྟོབས་བསྐྱེད་པས༔ གདུག་པ་གཉན་གྱི་སྟོབས་ཟད་དེ༔ སེམས་ཅན་ཐམས་ཅད་བདེ་བར་འགྱུར༔ འབུམ་ཕྲག་གསུམ་དུ་སྔགས་བཟླས་པས༔ གདུག་པ་གཉན་གྱི་གཉེན་པོར་འགྱུར༔ དེ་ནས་ལས་ཚོགས་སྣ་ཚོགས་བྱ༔ ལྷོག་རྒོད་དྲག་པོ་འདུལ་བ་ལ༔ སྡུད་པའི་སྔགས་དང་སྤུར་བའི་སྔགས༔ གསོད་པའི་སྔགས་ལ་ནན་ཏན་བསྐྱེད༔ ནད་རིམས་ཆར་ལྟར་ལང་པའི་དུས༔ སྲུང་དང་ཟློག་དང་གསད་པ་དང༔ གཅུན་པའི་སྔགས་ལ་ནན་ཏན་གྱིས༔ སྤྱིར་དུ་ལས་ཀྱི་ཁྱུང་ནག་འདིས༔ གཉན་གྱི་རིགས་རྣམས་ཐལ་བར་རློག༔ ཀླུ་དང་ས་བདག་ཟས་སུ་ཟ༔ འཇིག་རྟེན་ལྷ་མིའི་མགོན་སྐྱབས་བྱེད༔ སྲོག་ཆགས་ཀུན་ལ་ཕན་པར་འགྱུར༔ དེ་ཕྱིར་སྒྲུབ་ཐབས་གང་བྱེད་ཀྱང༔ ལས་ཀྱི་ཁྱུང་ལ་ཕྲིན་ལས་བཅོལ༔ ཅེས་གསུངས་སོ༔ ཁྱུང་གི་སྒོམ་རིམ་དང་རྩ་བའི་སྔགས་ཀྱི་ཐེམ་བྱང་བསྟན་པ་རྫོགས་སོ༔ ༈ ལས་ཀྱི་བྱ་ཁྱུང་ནག་པོའི་སྨན་དང༔ གཉན་ལྷོག་རིམས་སྲུང་གསོད་པའི་མན་ངག་བཅས་བཞུགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཚར་བའི་དུས་སུ༔ རབ་གནས་མངའ་གསོལ་ཚར་བའི་རྗེས་ལ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་བཀའ་བསྩལ་པ༔ འགྲོ་བ་སེམས་ཅན་གྱི་དོན་དུ༔ མན་ངག་གི་ཆོས་གནད་ཟབ་མོ་བཤད་ཀྱིས༔ རྒྱལ་པོ་ཆེན་པོ་གསོན་ཅིག༔ ད་ལྟ་དུས་བཟང་སྤྱོད་པ་བཟང༔ ནད་མེད་འབྲུ་དང་ལོངས་སྤྱོད་རྒྱས༔ སེམས་ཅན་སྐྱིད་པའི་དུས་སུ༔ དམ་པའི་ཆོས་ལ་སྤྱོད་ན༔ རང་དབང་རང་གིས་ཐོབ་པ་གདའ་ཏེ༔ བསྐལ་པ་དཔག་ཏུ་མེད་པ་ནས༔ གཟུང་འཛིན་ལ་གོམས་པའི་སྟོབས་ཀྱིས༔ བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ཉུང་བར་གདའ༔ མ་འོངས་པའི་དུས་སུ་རྐྱེན་དང་བར་གཅོད་མང་དུ་འགྲོ༔ ཚེ་ཚད་དྲུག་ཅུ་ཁ་རལ་ནས་བསྐལ་པའི་ཆ་མི་སྙོམ༔ འབྱུང་བཞི་སོ་སོར་འཁྲུག༔ ནད་རིམས་དར༔ སྡེ་པ་ནང་འཁྲུག༔ གྲི་ཐབས་སྣ་དགུ་དར༔ བོད་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པ་གཅིག་འོང༔ དེའི་རྒྱུ་རྐྱེན་ནི་མང་པོ་ཡོད་དེ༔ ཕལ་ཆེར་འོག་གདོན་གཉན་རིམས་དར་ནས༔ རྐྱེན་རྣམས་ཐམས་ཅད་དེ་རང་གིས་བྱེད་དོ༔ ཁྱད་པར་ནད་རིམས་དང་གཉན་ནད་ཀྱིས་འཛམ་བུ་གླིང་ཕལ་ཆེར་བརླག་པར་འགྱུར༔ གཉན་རྒོད་དུ་ལངས་ན་ལྷོག་རྒོད་ཅེས་བྱ་སྟེ༔ སེམས་ཅན་གྱི་སྲོག་ཧུར་ཐུམས་སུ་བརླག་པར་བྱེད་དོ༔ རིམས་ཀྱིས་འཇུག་ན་རིམས་ནད་ཅེས་བྱ་སྟེ༔ ཚ་གྲང་གི་ནད་བསྡེབས་ནས་རིམ་གྱིས་མེ་མཆེད་པ་ལྟར་ཕལ་ཆེར་འཇོམས༔ དུས་དེ་ལྟ་བུ་ཤར་ཙ་ན༔ སྐྱེས་བུ་བདག་གཞན་གྱི་དོན་ལ་བརྩོན་པ་རྣམས་ཀྱིས་དང་པོ་ཕྱག་ན་རྡོ་རྗེའི་གྲངས་བསྙེན་ཐེམས་པར་བྱ༔ དེ་ནས་ལས་ཀྱི་ཁྱུང་ནག་པོ་ཆོས་སྐྱོང་བཀའ་སྲུང་གི་ཚུལ་དུ་བསྒྲུབ་པར་བྱ་སྟེ༔ རྩ་བའི་སྔགས་དང་ལས་སྔགས་སོ་སོར་བགྲངས༔ རྟགས་ཚད་ཚང་བར་བྱས་ན༔ ལུས་ལྕགས་ཀྱི་སྡོང་པོ་ལྟར་འགྱུར་ཏེ༔ བདག་ལ་ནད་རིམས་གང་གིས་ཀྱང་མི་ཚུགས་པར་འགྱུར་བས༔ གཞན་གྱི་དོན་ལ་བརྩོན་པར་བྱ༔ གལ་ཏེ་དྲག་སྔགས་ཀྱི་བསྙེན་པ་ཚད་དུ་མ་སོང་ན༔ དུག་སྦྲུལ་ལག་གིས་བཟུང་བ་དང་འདྲ་སྟེ༔ རང་གཞན་གཉིས་ཀ་ཕུང་བར་བྱེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ ཁྱུང་གི་སྒྲུབ་པ་བྱེད་པའི་མི་དེ༔ ཀླུ་གཉན་ས་བདག་གི་སྟེང་ན་གཉའ་གནོན་པའི་རྒྱལ་པོ་དང་འདྲ་སྟེ༔ རྒྱལ་པོ་འབངས་ལ་ནོན་ཆུང་བ་ལ༔ འབངས་ཀྱིས་གྱེན་ལོག་བྱུང་ན་རྒྱལ་ཁམས་ཀུན་འཁྲུགས་ཏེ་ཕུང་བར་འགྱུར་རོ༔ དེ་བཞིན་དུ་སྔགས་མཁན་ནུས་པ་ཆུང་བ་ལ༔ གཉན་གྱིས་བརྒལ་ཏེ་ཤི་ན༔ གཉན་རྒོད་མགོ་ལངས་ཏེ་ཕུང་བར་འགྱུར་རོ༔ དེ་ཕྱིར་དང་པོ་སྔགས་ལ་ནན་ཏན་བྱ༔ དེ་ནས་སྔགས་དང་སྨན་སྦྲེལ་ཏེ༔ གཉན་རིགས་ལྷོག་པའི་འཇིགས་པ་མེད་དོ༔ དེ་ཕྱིར་འདི་ལ་ནན་ཏན་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ལྷོག་རིམ་གསོད་པར་འདོད་པས་དཔའ་བོ་དགུའི་གོ་ཆ་བགོ་སྟེ༔ སྨན་གྱི་རྒྱལ་པོ་གསུམ་ལ༔ སྨན་ཆེན་དང་གཅིག༔ འཛིན་པ་དང་གཉིས༔ ཨ་རུ་ར་དང་གསུམ༔ དེ་ལ་བློན་པོ་དྲུག་དགོས་ཏེ༔ གླ་རྩི་ཤིང་ཀུན་དངུལ་ཆུ་གསུམ༔ གུ་གུལ་མིང་ཅན་སྟག་ཤ་གསུམ༔ དེ་ལྟར་དགུ་པོ་ཚང་བར་བསགས་ལ༔ རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ༔ ཁྱུང་གི་རྩ་བའི་སྔགས་དང་ལས་སྔགས་རྫོགས་པར་བཏབ་སྟེ༔ རིལ་བུ་ཁྱུང་དུ་སོང་བར་བསམ༔ རང་ལྷོག་པའམ་རིམས་ཀྱི་ཁྲོད་དུ་འགྲོ་བའི་དུས་སུ༔ སྔགས་བཟླས་ཏེ་རིལ་བུ་རེ་རེ་མིད་པས༔ སྲ་བའི་གོ་གྱོན་པ་ཞེས་བྱ་སྟེ༔ ནད་རིམས་ཀྱིས་ཚུགས་པར་མི་འགྱུར་རོ༔ ནད་དང་རིམས་ཕོག་པའི་རིགས༔ གཉན་གྱི་རིགས་བག་ཤས་ཆེ་བ་ལ༔ རིལ་བུ་རེ་ལ་སྔགས་ཉེར་གཅིག་བཏབ་སྟེ༔ གསུམ་བདུན་བཅོ་ལྔའི་བར་དུ་གཏང་ན༔ གཉན་ཐམས་ཅད་གསོད་པར་འགྱུར་རོ༔ འདི་ཉིད་རྡོ་རྗེ་ཕ་ལམ་གྱི་སྦྱོར་བ་ཞེས་བྱ་སྟེ༔ ཚུར་ལ་མི་ཚུགས་ཕར་ལ་འཇོམས༔ འདི་ལ་མ་འོངས་པའི་དུས་སུ༔ འགྲོ་དོན་ལ་བརྩོན་པའི་གང་ཟག་གིས༔ བརྩོན་འགྲུས་དང་ནན་ཏན་བསྐྱེད་ལ་འབད་པར་བྱའོ༔ གཉན་ངོས་གཟུང་བ་ནི༔ སྤྱིར་རྟགས་མང་དུ་ཡོད་ནའང༔ ཁྱད་པར་གྱི་རྟགས་པ༔ ཁྱུང་གི་སྲོག་སྔགས་མང་དུ་བཟླས་ཏེ༔ སྔགས་ཆུ་ཁོང་ནང་དུ་གཏང༔ ཕྱིར་བྲབས་པས༔ ནད་པའི་མདོག་འགྱུར་ཏེ༔ མིག་དམར་བ་སྤུ་ལང༔ རྩ་གྲིམས༔ དབུགས་མི་སྙོམ༔ མཐེའུ་ཆུང༔ སྲོག་རྩ་དྲག་ཏུ་འཕར་བའམ༔ ཡང་ན་སྐྲངས་པའམ༔ ཆུ་བུར་དང༔ རྨ་ལ་སོགས་པ་འབྱུང་ངོ༔ དེ་ལ་བཅོས་ཐབས་རྒོད་གཡུང་གཉིས་ལས༔ ཚ་བ་དྲག་པོས་བསད་དེ་རྒོད་ཀྱིས་བཅོས༔ གྲང་བ་སྐྱེས་ན་གཡུང་གིས་བཅོས༔ དང་པོ་དཔའ་བོ་གསུམ་པ་སྦྱིན༔ ར་དུག་ཐུན་གཅིག༔ ཐར་ནུ་ཐུན་ལྔ༔ ཨ་རུ་ར་ཐུན་ལྔ་སྦྱར་ཏེ་རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ་ཐུན་ལྔའམ་བདུན་བྱིན་པས་གསོད་པར་འགྱུར༔ ལྷོག་བརྒལ་དུ་བྱུང་ན༔ ནག་པོ་གསུམ་གྱིས་ཕྱི་ནས་བསྡམ་ཏེ༔ ཁྱི་དང་མི་དང་མཛོའམ༔ བའི་ལྕི་བ་དྲོན་མོ་བསྲེས་ལ་བྱུག༔ སྣ་མེས་བཀག་སྟེ་སྐྲངས་པའི་སྣ་གང་རེང་ལ་མེས་བསྐོར༔ གཟེར་ནས་ན་ན༔ དེ་ལ་མཚོན་ཆ་བརྒྱད་སྦྱར་ཏེ༔ ཐར་ནུ་ཐུན་གཅིག༔ ཆུ་རྩ་ཐུན་གསུམ༔ ཉ་ཤ་ཐུན་གསུམ༔ སྟག་ཤ་ཐུན་བཞི༔ བཙན་དུག་ཐུན་ཕྱེད༔ འཛིན་པ་ཐུན་ཕྱེད༔ ལྷོག་དུག་པ་ཐུན་བཞི༔ གླ་རྩི་ཐུན་གཅིག་དྲི་ཆུ་ལ་སྦྱར་ལ་གཏང༔ ནད་སོས་པ་དང༔ ཆུ་རྩ༔ བྲག་ཞུན༔ རྟ་བོན༔ ཁྱི་ལུད༔ ཤུ་དག་རྣམས་སྦྱར་ཏེ་བཀུས༔ རུ་ཐུང་དང༔ དྲུག་མགོ་གཏར་ཏེ་ནད་དབྱུང་ངོ༔ ཕྱི་རུ་གཟེར་བྱུང་ན༔ ལུམ་དང༔ བདུག་གིས་བདུག་སྟེ༔ ཕག་པ་དང་སྤྱང་ཀི་ཁྱི་གསུམ་གྱི་བྲུན༔ ཤུ་དག་བ་ལྕི༔ ཤིང་གི་ལོ་མ༔ སྐྱེས་པའི་དྲི་ཆུ་ལ་བཙོས༔ གང་གཟེར་བའི་གནས་སུ་བདུག༔ ནང་དུ་འཁར་ན༔ ལྟོ་ནས་སྦྱང་སྟེ༔ དུར་བྱིད༔ ཐར་ནུ༔ ཨ་རུ་མཆུ་སྙུང་གསུམ་གྱི་སྦྱོང་བྱ༔ ཟས་བཅོས་ལ༔ བ་ཤ་ཕག་ཤ་སོགས་ཟ༔ ཆང་སྐྱུར་དང༔ དཀར་མངར་དང༔ དྲོད་སྤང༔ ཡང་གཉེན་པོའི་སྨན་ལྔ་གཏང་སྟེ༔ གླ་རྩི༔ བོང་ང༔ ཤུ་དག༔ གུ་གུལ༔ ཨ་རུ་ར་རྣམས་སྦྱར་ལ་གཏང༔ ཕྱི་ནས་སྨན་ལྔས་བསྡམ་སྟེ༔ ཆུ་རྩ༔ བྲག་ཞུན༔ རྟ་བོན༔ ཁྱི་ལུད༔ ཤུ་དག་དང་ལྔས་བསྡམ་མོ༔ ཁོལ་བུར་ན་ན༔ ལུམ་བྱ་སྟེ༔ སྤང་སྤོས༔ སྤུ་ཤེལ་ཙེ༔ ཀླུ་བདུད་དཀར་པོ༔ ལྷོག་དུག་ནག་པོ་རྣམས་བ་ཞོ་ལ་སྦྱར་དྲོད་ལ་གྲང་མོའི་ལུམ་བྱ༔ ཚ་གྲང་བསིལ་དྲོད་སྦྱར༔ གུ་གུལ༔ ག་པུར༔ ཅུ་གང༔ ཧོང་ལེན་རྣམས་གཏོང་ངོ༔ ཁོང་དུ་ཤོར་ན་ཕྱི་རུ་དབྱུང་སྟེ༔ ཁྱུང་གི་སྔགས་རྒོད་ཁོང་དུ་བཏང༔ སྔགས་ཀྱི་ཐད་སྐྲང་འོང་སྟེ་ཕྱི་རུ་དབྱུང་ངོ༔ ཡུན་དུ་འགོར་ན་རྩ་ནས་སྦྱང་སྟེ༔ ཧ་ཤིག་ཐུན་ཕྱེད༔ རྒྱ་ཚྭ་ཐུན་ཕྱེད༔ དུར་བྱིད་ཐུན་ལྔ༔ གུར་གུམ༔ གླ་རྩི་ཁ་ཚར་བཏབ་སྟེ་སྦྱང་ངོ༔ ལུས་ཟུངས་ཞན་ན་གསོ་བའི་ཆོ་ག་བྱ་སྟེ༔ ཤ་གསར་པ་བཙོས་ནས་གཏང་ན་ཉེས་པ་མེད་དོ༔ ཆུ་བུར་བྱུང་ན་ཚས་ཀྱིས་བསྡམས་ཏེ༔ གཉན་དུག་པ༔ དངུལ་ཆུའི་གཡའ༔ གླ་རྩི༔ བུ་རམ༔ ཡང་ན་བའི་འོ་མ་དང་བསྲེས་ཏེ་བྱུགས་ལ༔ གཉན་པོའི་སྔགས་ཀྱིས་གསད་པར་བྱའོ༔ སྤྱིར་བསྙེན་པ་རང་གལ་ཆེ་སྟེ༔ བྱ་ཁྱུང་ནག་པོའི་མཚམས་ཕྱིན་ཅི་མ་ལོག་པར་བསྒོམ་པར་བྱའོ༔ དེ་ཡན་ཆད་ནད་བྱུང་ན་གསོ་བའི་ཐབས་སོ༔ ད་ཡུལ་ཁམས་སུ་ལྷོག་བརྒལ་ཆེན་པོ་བྱུང་བ་དང༔ རིམས་ཆེན་པོ་བྱུང་ན་སྲུང་བའི་ཆོ་ག་ནི༔ རང་ཉིད་ལས་ཀྱི་བྱ་ཁྱུང་ནག་པོར་གསལ་བར་བསྒོམས་ལ༔ རྩ་སྔགས་དང་ལས་སྔགས་བཟླས་ཏེ༔ གུ་གུལ༔ རྒྱ་ཚིལ༔ མུ་ཟི༔ སྒོག་སྐྱ༔ བཙན་དུག༔ སྤྲུ་ནག༔ ཤིང་ཀུན༔ ཤུ་དག་བརྒྱད་ཀྱི་དུད་པས་བདུག་ཅིང༔ བྱ་ཁྱུང་གི་དམིགས་པ་གསལ་བཏབ་ལ༔ སྤུར་སྔགས་ཀྱིས་འདེད་པར་བྱ་སྟེ༔ གཉན་མ་ལུས་པ་ས་ཕྱོགས་གཞན་དུ་འཕང་ལ་བཏང་ངོ༔ དེ་ནས་སྲུང་ཁང་ཐོས་བསྐོར་ཏེ༔ ལས་ཀྱི་ཁྱུང་ནག་པོར་བསྒོམས༔ དེས་སྲུང་བར་བསམ་མོ༔ དེ་ལྟར་ཁྱུང་གི་དྲག་སྔགས་ཚང་ཞིང་ནུས་པ་ཚད་དུ་ཕྱིན་ན༔ ནད་རིམས་དང༔ ལྷོག་པ་དང་སེམས་ཅན་གྱི་སྲོག་ལ་གནོད་པ་བྱེད་པ་ཐམས་ཅད་སྲུང་བ་དང༔ ཟློག་པ་དང༔ གསད་པར་ནུས་སོ༔ ཡང་ལྷོག་རིམས་ཡུན་རིང་དུ་བྱུང་སྟེ༔ སྔགས་དང་སྨན་ཡུན་དུ་བཏང་ཡང་ཕན་སྟོབས་མ་བྱུང་ན༔ བུ་རམ་རིལ་མ་ཙམ་གཅིག་ཆུ་ལ་སྦྱངས་ཏེ༔ ལྟོ་རུ་བཏང་ནས་དེའི་རྗེས་སུ་བཤལ་དང་སྔགས་ཆུ་གཏང་ན་ཆོམ་མོ༔ ཡུང་བ་ཞིབ་མོར་བཏགས་པ་དང༔ གླ་རྩི༔ ཉ་ཤ༔ བོང་ཤ་རྣམས་སྦྱིན་ནོ༔ ཡང་གྲམ་པ་ཞེས་བྱ་བ༔ གདོང་པ་ལ་ཆུ་བུར་ཡོང༔ ཧམ་པ་ཆགས་སོ༔ དེ་བྱུང་ན་སྦྱོང་བ་ནི༔ ལུས་སྟོབས་དང་སྦྱར་ཏེ༔ དུར་བྱིད་ཀྱི་འཇམ་ཁྲུས་སམ༔ ཐར་ནུའི་རྩུབ་བཤལ་གཏོང༔ དེ་ནས་གཉེན་པོའི་སྔགས་ཆུ་གཏོང༔ དེས་ནི་གཉན་ནད་ཐམས་ཅད་ངེས་པར་སོས་སོ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་འོག་གི་ན་བཟའ་སྐུ་ལ་གསོལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་སྐོར་གྱི་རྒྱན་ཕུལ་ནས་གུས་པས་བསྟོད་པ་དང་གསོལ་བ་བཏབ་སྟེ༔ གུ་རུ་ཨོ་རྒྱན་དུ་གཤེགས་པ་ལ༔ ཇོ་མོ་མཚོ་རྒྱལ་གྱིས་ཟང་ཟང་ལྷ་བྲག་ཏུ་སྦས་སོ༔ བཀའ་སྲུང་རྡོ་རྗེ་ལེགས་པ་དང་བརྟན་མ་བཅུ་གཉིས་ལ་བཅོལ་ལོ༔ ལས་ཀྱི་ཁྱུང་ནག་པོའི་སྔགས་སྨན་དང་བསྡེབས་ཏེ༔ གཉན་ལྷོག་རིམས་ནད་སྲུང་བ་དང་གསོད་པའི་མན་ངག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་སྐེད་བསེ་སྒྲོམ་སྨུག་པོའི་ནང་། ལྷོ་གསེར་མཛོད་སེར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། ༄༅༔ ཁྱུང་ནག་པོའི་སྒྲུབ་ཐབས་དང་གཏོར་བསྐུལ་བཞུགས་སོ༔ དཔལ་རྡོ་རྗེ་ཁྱུང་ནག་ལ་ཕྱག་འཚལ་ལོ༔ ལས་ཀྱི་བྱ་ཁྱུང་ནག་པོ་བསྒྲུབ་པར་འདོད་པས་དྲག་པོའི་གནས་སུ་མཆོད་གཏོར་བཤམས་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ སྟོང་པའི་ངང་ལས་རང་གི་སེམས་ཁྲོཾ་མཐིང་ནག་གཅིག་བསམ༔ དེ་ལས་བདག་ཉིད་ལས་ཀྱི་བྱ་ཁྱུང་ནག་པོ་མགོ་དགུ་པ༔ ཕྱག་གཉིས་པ༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང་བ༔ ཀླུ་ཕྲན་མང་པོ་ཟས་སུ་ཟ་བ༔ སྐུ་ལུས་ལས་གནམ་ལྕགས་ཀྱི་མེ་འབར་བ༔ ཡེ་ཤེས་འབར་བའི་གཤོག་པ་ཅན༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན༔ དེ་ལྟ་བུ་རུ་བསྒོམས་པ་ལ༔ དེ་ནས་སྔགས་འདི་དྲག་ཏུ་བཟླས་སོ༔ ཨོཾ་དྲུང་དྲུང་དུར་དུར་ཆེམ་ཆེམ་ཁཾ་ཁཾ་སོད་སོད་རྦད་རྦད་སྭཱ་ཧཱ༔ འདིས་ནི་གཉན་དང་ནད་རིགས་ཀུན་ལ་ཕན་ནོ༔ དེ་ནས་གཏོར་མ་ཕུལ་ནས་དྲག་ཏུ་བསྐུལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་ཀྱི་ཁྱུང་ནག་འཇིགས་པ་ལ༔ ཁྱུང་རུ་མི་མངོན་དབྱིངས་སུ་གསིགས༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན༔ སྤྱི་གཙུག་ནོར་བུ་འབར་བས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྐུ་ལུས་གནམ་ལྕགས་འབར་བ་ལ༔ གནམ་ལྕགས་རལ་གྲིའི་གཤོག་སྒྲོ་འདེབས༔ ཉི་ཟླ་འབར་བའི་སྤྱན་མིག་གིས༔ ལོག་འདྲེན་ཐམས་ཅད་སྐྲག་པར་མཛད༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་གྱིས༔ གདུག་པ་ཅན་རྣམས་འཇོམས་པར་མཛད༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང༔ ཀླུ་བྲན་མང་པོ་ཟས་སུ་ཟ༔ ཧཱུྃ་ཕཊ་ཀྲིཾ་ཀྲོང་སྒྲ་སྒྲོག་ཅིང༔ ཀླུ་རྣམས་འདུལ་ལ་ཕྱག་འཚལ་ལོ༔ ཕུལ་བའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ དམ་ལས་མ་འདའ་ཕྲིན་ལས་མཛོད༔ ཅེས་བསྟོད་ཅིང་བསྐུལ་ལོ༔ འདིས་ནི་ས་བདག་ཀླུ་གཉན་གྱི་ནད་ཐམས་ཅད་ཞི་བར་བྱེད་ཅིང་ཚར་གཅོད་པར་བྱེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་བསྙེན་སྒྲུབ་ལས་གསུམ་ཀ་ཆིག་སྒྲིལ་སྔགས་རྒོད་ཡིན་ནོ༔ བྱང་ཟང་ཟང་ལྷ་བྲག་གི་ལྷོ་གསེར་མཛོད་སེར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །།

འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སྒྲུབ་དང་མཆོད་པའི་ཆོ་ག་བལྟས་གསལ་དུ་བཀོད་པ་དྲི་མེད་ནོར་བུ་ (Volume 49, Text 24)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སྒྲུབ་དང་མཆོད་པའི་ཆོ་ག་བལྟས་གསལ་དུ་བཀོད་པ་དྲི་མེད་ནོར་བུ་ཞེས་བྱ་བ་བཞུགས་སོ། ། གང་ལ་སྐྱབས་སུ་གསོལ་བས་དུས་ཆེན་པོའི། །བེ་ཅོན་རི་མོའི་གཟུགས་སུ་བཀོད་པ་དང་། །འཕྲལ་ཡུན་འདོད་རྒུ་བདེ་བླག་སྩོལ་མཛད་པ། །བླ་མ་མཆོག་དང་རྣམ་པར་རྒྱལ་མར་འདུད། །སྔ་འགྱུར་ལུགས་ལ་རྙེད་དཀའ་ཞིང་། །ཉེ་བརྒྱུད་བྱིན་རླབས་གཟི་བརྗིད་ཅན། །ལེགས་བྱས་དཔྱིད་དུ་ཤར་འདི་ཀོ །བློ་གྲོས་ལྡན་རྣམས་དང་ལེན་བྱོས། །གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སྒྲུབ་དང་སྟོང་མཆོད་བྱེད་ཚུལ་ཁུངས་དང་བྱིན་རླབས་ཆེ་ཞིང་གསར་མའི་ཕྱོགས་སུ་ཡོངས་གྲགས་དར་ཆ་ཆེ་རུང་རྙིང་མའི་ལུགས་ལ་ཚད་དང་ལྡན་པའི་གཞུང་ནི་འདི་ཁོ་ན་ཙམ་དུ་སྣང་བ་དང་། ཆོ་ག་ཉམས་སུ་ལེན་པ་ལ་ཇི་ལྟར་འདོད་པའི་བྱིན་རླབས་འཕྲལ་དུ་འབྱུང་བའང་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཚུལ་འདི་ལ་ཅིས་ཀྱང་འཇུག་པར་རིགས་སོ། །དེ་བས་ན་དོན་དུ་གཉེར་བ་རྣམས་ལ་ཕན་པར་འདོད་པའི་ལྷག་བསམ་གྱིས་ལག་ལེན་བལྟས་ཆོག་ཏུ་འགོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། རྟེན་དང་མཆོད་རྫས་འདུ་བྱ་བ་དང་། ཆོ་གའི་སྔོན་འགྲོ་འོ། །དང་པོ་ནི། གཙང་མའི་གནས་ཁང་བྱི་དོར་བྱས་ཤིང་དྲི་བཟང་པོའི་ཆུས་ཆག་ཆག་གདབ། དཀོན་མཆོག་གི་རྟེན་དང་རྒྱན་བཀོད་གང་འབྱོར་བཀྲམ་པའི་གུང་དུ་སྟེགས་བུ་ཁེབས་བཟང་པོས་བཀབ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བྲི། དེའང་རས་བྲིས་བཀྲམ་པའམ་འབྲུ་དཀར་གྱིས་ཀྱང་རུང་། དེའི་དབུས་སུ་བུམ་པ་ཆེ་ལེགས་དྲིའི་ཆབ་དང་ཉེར་ལྔའི་རྫས་ཀྱིས་གཏམས་པ་མགུལ་ཆིངས་སེར་པོས་སྤྲས་པ་བཞག །དེའི་ཁར་རྣམ་རྒྱལ་མཆོད་རྟེན་ནང་གཞུག་འདི་ཉིད་ཀྱི་གཟུངས་རིང་ཐུང་གིས་བཀང་བ་སོགས་མཚན་ཉིད་དང་ལྡན་པ་བུམ་སྒོར་རྣམ་རྒྱལ་མའི་སྐུ་བྲིས་པ་བཞུགས་སུ་གསོལ། དེའི་མཐའ་སྐོར་བྱང་ཤར་དུ་མཚམས་འཛིན་མེ་ཏོག །ཤར་དུ་མཆོད་ཡོན་སོགས་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། མདུན་ཕྱོགས་རྐང་གསུམ་ལྟ་བུ་སྟེགས་མཐོ་བ་ལ་མཆོད་ཡོན་དུང་ཆོས་ཉ་ཕྱིས་གང་རུང་ངམ་ཟངས་སོགས་རིན་པོ་ཆེའི་སྣོད་དུ་ཆུ་གཙང་ལ་འོ་མ་དང་མེ་ཏོག་དཀར་པོ་བཏབ་པ་བཞག །གཟུངས་སྒྲུབ་རྐྱང་པ་ལ་མཆོད་པ་དེ་ཙམ་གྱིས་འཐུས་མོད། སྟོང་མཆོད་གཙོར་བཏོན་པའི་སྐབས་སྤྲོ་ན། སྟོང་མཆོད་དངོས་སྤོས། མར་མེ། ཞལ་ཟས་གསུམ་པོ་ཡིན་པས་མཐའ་སྐོར་དུ་བཤམ་དགོས་ཀྱང་གོ་ཡུལ་སོགས་ཀྱིས་མ་འགྲིགས་ན། དེ་གསུམ་བརྒྱ་རྩ་རེ་བཤམ། འཕྲོས་རྣམས་ཉེ་ལོགས་ཕྱོགས་བཞིའམ་གོ་ཡུལ་བདེ་བར་སྟེགས་བུ་ལ་བསྒྲིག །དཀྱིལ་འཁོར་སྟེང་དུ་གདུགས་བླ་བྲེ་གང་འཛོམ་དབུབ། ཕྱོགས་བཞིར་འཕན་དང་། མཚམས་བཞིར་རྒྱལ་མཚན་རེ་རེ། དེ་རྣམས་ཀྱི་བར་མཚམས་སུ་ཚོན་སྣ་ལྔ་པའི་བ་དན་བཞི་རེ་སྟེ་ཁྱོན་ཉེར་བཞི་གཟུག །དཀྱིལ་འཁོར་གྱི་མདུན་ཕྱོགས་སུ་གཟུངས་གཏོར་དཀར་ཟླུམ་ཆེ་ལེགས་གཅིག་བཤམ། ཕྱི་རོལ་དུ་གཏང་རྒྱུ་གཏོར་ཟླུམ་དཀར་པོ་བཞི། སྣོད་གཞན་དུ་མཐེབ་ཀྱུ་སྟོང་རྩ། གཏོར་མ་རྣམས་ལ་དཀར་གསུམ་གྱིས་བྲན། གཞན་ཡང་འཐོར་ནས། བདུག་སྤོས། རོལ་མོ་སོགས་ཉེ་བར་མཁོ་བ་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ནི། ཆོ་ག་མཁན་པོ་ཐམས་ཅད་ཡན་ལག་ལྔ་ཁྲུས་བྱ། སྤོས་དཀར་རམ་མེད་ན་བཟང་ཤིང་གི་དུད་པས་བསང་། དགེ་ཚུལ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ་ཡིན་ན་བསྙེན་གནས་སྡོམ་པ་བླང་མི་དགོས། མ་བླངས་ན་ཆོ་གའི་ཡན་ལག་མ་ཚང་བར་ཡང་མི་འགྱུར། ཡང་རབ་བྱུང་གི་སྡོམ་པ་མ་ཐོབ་པ་ཡིན་ན་བསྙེན་གནས་ལེན་པའི་ཞར་བྱུང་དུ་དགེ་ཚུལ་སློང་རྣམས་ཀྱང་རང་རང་གི་སྡོམ་པ་ཇི་སྲིད་འཚོའི་བར་དུ་དམ་བཅའ་བརྟན་པོར་བགྱི་བའི་བསམ་པས་ཆོ་ག་བྱ་བ་ཕྱག་ལེན་དུ་སྣང་བས། དེ་ལྟར་ན་ཐོག་མར། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ་གྱིས་སྐྱབས་སེམས་བྱ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཕྱག་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་གཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱི་འོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་གདན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ལན་གསུམ་བརྗོད། ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་སྨོན་ལམ་གདབ། དེ་ལྟར་གསོ་སྦྱོང་ལེན་མིན་གང་ལྟར་ཡང་། ཐོག་མར་དཀོན་མཆོག་རྗེས་དྲན་འདོན། དེ་ནས་སྐྱབས་འགྲོ་ནི། ཡེ་ཤེས་ཡོན་ཏན་ཀུན་གྱི་གཏེར༔ བླ་མ་སངས་རྒྱས་ཆོས་ཚོགས་ལ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སེམས་བསྐྱེད་པ་ནི་གཞན་དོན་དུ༔ རྫོགས་པའི་སངས་རྒྱས་འཐོབ་བྱའི་ཕྱིར༔ ཕ་རོལ་ཕྱིན་པ་དྲུག་ལ་སོགས༔ རྒྱལ་སྲས་སྤྱོད་པ་རླབས་ཆེན་སྤྱད༔ ལན་གསུམ། ཡན་ལག་བདུན་གྱི་ཚོགས་གསག་པ་ནི། ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ རྣམ་པར་རྒྱལ་མའི་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ མཆོད་རྫས་བྱིན་རླབས་ནི། ཆོས་དབྱིངས་ཤིན་ཏུ་རྣམ་དག་མཐུ༔ ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་སྟོབས༔ རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ ཐུགས་རྗེ་སྨོན་ལམ་བྱིན་རླབས་ལས༔ གནས་ཡུལ་བདེ་བ་ཅན་གྱི་ཞིང༔ མཆོད་ཚོགས་ལྷ་རྫས་ལས་གྲུབ་པའི༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་བཟང་རྣམ་ཐར་མཁའ་ཁྱབ་གྱུར༔ ཅེས་བདེན་པའི་སྟོབས་ཀྱིས་བྱིན་བརླབ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་དོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་མཆོད། གཏོར་མ་འབུལ་བའོ། །དང་པོ་ནི། ཨ༔ སྐྱེ་བ་མེད་པའི་གཟུངས་ཀྱི་སྒོ༔ སྟོང་ཉིད་འདུས་མ་བྱས་པ་ལས༔ མཚན་མ་མེད་པའི་རྟེན་འབྱུང་ནི༔ རང་སེམས་བྷྲཱུྃ་ཡིག་གསེར་གྱི་མདོག༔ སྨོན་པ་མེད་པའི་འབྲས་བུའི་ཚུལ༔ ཡེ་ཤེས་འོད་ཟེར་དཔག་ཡས་འཕྲོས༔ སྣོད་བཅུད་དངོས་འཛིན་དག་པ་ལས༔ ཆོས་སྐུའི་མཆོད་རྟེན་མཚན་ཉིད་རྫོགས༔ བུམ་ནང་པད་ཟླའི་གདན་གྱི་སྟེང༔ བྷྲཱུྃ་ལས་བདག་ཉིད་སྐད་ཅིག་གིས༔ རིན་ཆེན་གཙུག་ཏོར་རྣམ་པར་རྒྱལ༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་སྒེག༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ ནོར་བུའི་ལྕགས་ཀྱུས་ཚེ་དཔལ་འགུགས༔ གཡོན་པས་མཉམ་གཞག་ཕྱག་རྒྱའི་སྟེང༔ དངོས་གྲུབ་མཆོག་སྩོལ་ཚེ་བུམ་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་སྣང་བའི་ཀློང་ན་བཞུགས༔ ཐུགས་ཀར་སྣ་ཚོགས་རྡོ་རྗེའི་དབུས༔ བྷྲཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྲིད་དང་ཞི་བའི་ཚེ་དཔལ་ཀུན༔ ཚུར་འདུས་ཐུགས་སྲོག་སྔགས་ཕྲེང་ལ༔ ཐིམ་པས་བདུད་རྩིའི་ཆུ་རྒྱུན་བབས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ ཚེ་དཔལ་ཡེ་ཤེས་རྒྱས་པར་གྱུར༔ ཅེས་ཏིང་འཛིན་གྱི་གསལ་སྣང་དང་ལྡན་པས། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ ཞེས་སྙིང་པོ་ཡི་གེ་བཅུ་པ་ཉིད་ཅི་ནུས་བཟླ་དགོས་པས་སྐབས་འདིར་སྟོང་ཕྲག་ཙམ་མོ། །ལས་སྔགས་ནི། ཨོཾ་རཏྣ་ཨ་མྲྀཏ་ཨཱ་ཡུརྡ་དེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སརྦ་པུཎྱེ་ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བཟླ། མཐར་མཆོད་བསྟོད་ཕྲིན་ལས་གསོལ་བ་ནི། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀུན༔ གཙུག་ཏོར་རྣམ་པར་རྒྱལ་མར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡེ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ རིན་ཆེན་ལས་སྐྱེས་རིན་ཆེན་བདག༔ རིན་ཆེན་སྙིང་པོའི་འོད་ཟེར་གྱིས༔ རིན་ཆེན་ཡིད་བཞིན་འཕེལ་མཛད་པ༔ རིན་ཆེན་གཙུག་ཏོར་ལ་ཕྱག་འཚལ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལས་ཉོན་སྒྲིབ་པ་ཀུན་བྱང་ཞིང༔ ཚེ་དཔལ་འབྱོར་པ་འཕེལ་བ་དང༔ ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ ཞེས་པས་བདག་བསྐྱེད་གྲུབ་བོ། །གཉིས་པ་མདུན་སྐྱེད་སྒྲུབ་མཆོད་ལ་གཉིས། སྒྲུབ་མཆོད་བྱ་བ། གཟུངས་ཀྱི་སྒོ་སྒྲུབ་པའོ། །དང་པོ་ནི། མདུན་རྟེན། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ ས་གཞི་ལག་མཐིལ་ལྟ་བུར་མཉམ༔ དཔག་བསམ་ཤིང་དང་བདུད་རྩིའི་རྫིང༔ ཡིད་འཕྲོག་མཆོད་སྤྲིན་བསམ་མི་ཁྱབ༔ དེ་དབུས་པདྨ་ཟླ་བའི་སྟེང༔ བྷྲཱུྃ་ལས་བུམ་པ་མཚན་ཉིད་རྫོགས༔ ཡངས་ཤིང་རྒྱ་ཆེ་བཅུད་ཀྱིས་གཏམས༔ ལྷ་རྫས་བཟང་པོས་བཀླུབས་པའི་སྟེང༔ དྲན་པ་ཉེར་བར་བཞག་པ་སོགས༔ ཟག་པ་མེད་པའི་ཡེ་ཤེས་ནི༔ ཆོས་སྐུའི་དོན་མཚོན་མཆོད་སྡོང་ཆེ༔ བཙོ་མ་གསེར་གྱི་མདོག་ལྟར་འབར༔ ལྟེ་བར་སྣ་ཚོགས་པད་ཟླའི་སྟེང༔ བྷྲཱུྃ་ཡིག་གསེར་གྱི་མདོག་ཅན་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་སྲིད་ཞིའི་དྭངས་བཅུད་ཀུན༔ མི་ཕྱེད་བཅུད་དུ་དྲིལ་བ་ལས༔ རིན་ཆེན་གཙུག་ཏོར་ཆེན་མོར་བཞེངས༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་སྒེག༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ ནོར་བུའི་ལྕགས་ཀྱུས་ཚེ་དཔལ་འགུགས༔ གཡོན་པས་མཉམ་གཞག་ཕྱག་རྒྱའི་སྟེང༔ དངོས་གྲུབ་མཆོག་སྩོལ་ཚེ་བུམ་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་སྣང་བའི་ཀློང་ན་བཞུགས༔ ཕྱོགས་བཞིར་ཟླ་བའི་གདན་གྱི་སྟེང༔ ཤར་དུ་རྡོ་རྗེ་གཙུག་ཏོར་མཐིང༔ ལྷོ་རུ་བདེ་གཤེགས་གཙུག་ཏོར་དཀར༔ ནུབ་ཏུ་པདྨའི་གཙུག་ཏོར་དམར༔ བྱང་དུ་ལས་ཀྱི་གཙུག་ཏོར་ལྗང༔ གཡས་པས་རང་རྟགས་ལྕགས་ཀྱུ་དང༔ གཡོན་པས་བདུད་རྩིའི་བུམ་བཟང་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་སྒེག་ཅིང་རྒྱས་པའི་ཞལ༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་རོལ༔ དེ་ཡི་ཕྱི་རོལ་ཉི་གདན་ལ༔ ཤར་དུ་མི་གཡོ་མགོན་པོ་མཐིང༔ རལ་གྲི་གདེངས་ཤིང་ལྕགས་ཀྱུས་འདེབས༔ ལྷོ་རུ་འདོད་པའི་རྒྱལ་པོ་སེར༔ རིན་ཆེན་གདེངས་ཤིང་ཞགས་པས་འཆིང༔ ནུབ་ཏུ་དབྱུག་པ་སྔོན་པོ་དམར༔ ཐོད་དབྱུག་གདེངས་ཤིང་སྒྲོག་གིས་སྡོམ༔ བྱང་དུ་སྟོབས་ཆེན་དུད་ཀའི་མདོག༔ རྩེ་གསུམ་གདེངས་ཤིང་དྲིལ་བུ་འཁྲོལ༔ ཀུན་ཀྱང་ཁྲོ་གཏུམ་འབར་བའི་ཉམས༔ སྟག་ཤམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ གཞན་ཡང་སངས་རྒྱས་བྱང་སེམས་དང༔ ཚེ་དང་ཡེ་ཤེས་གྲུབ་སྟེར་བའི༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ དཔག་ཡས་ཉི་ཟེར་རྡུལ་ལྟར་འཁྲིགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་པ་ཀུན་སྤྱན་དྲངས་གྱུར༔ ཅེས་དམ་ཚིག་པ་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། སྤོས་བཏུལ། རོལ་མོ་འཁྲོལ་ལ། ཨོཾ༔ ཆོས་དབྱིངས་སྤྲོས་པ་བྲལ་བ་ལས༔ སྨོན་ལམ་སྙིང་རྗེའི་སྐུར་བཞེངས་པ༔ གཙུག་ཏོར་རྣམ་རྒྱལ་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་དབྱེར་མེད་དུ་བྱ། སླར་ཡང་དབང་ལྷ་སྤྱན་དྲངས་པ༔ ནམ་མཁའ་གང་བར་སད་པ་ཡིས༔ ཡེ་ཤེས་བདུད་རྩིས་དྲི་མ་བཀྲུས༔ དབང་ཐོབ་རིགས་བདག་དབུར་བརྒྱན་བསམ༔ ཏྲཱཾ་ཧཱུྃ་ཨོཾ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་དབང་བསྐུར་ཅིང་རྒྱས་གདབ། ཕྱག་འཚལ་བ་ནི། ཨོཾ༔ བཅོམ་ལྡན་འཆི་མེད་མགོན་པོ་ཡི༔ གཙུག་ཏོར་ནོར་བུའི་འོད་ཟེར་སྤྲིན༔ ཡེ་ཤེས་འཕགས་མའི་གཟུགས་སུ་ཤར༔ རྣམ་པར་རྒྱལ་མར་ཕྱག་འཚལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡེ་ས་པ་རི་ཝཱ་ར་པྲ་ཎ་མེ་བནྡྷ་ནཾ་ཀ་རོ་མི༔ མཆོད་པ་འབུལ་བ་ནི། མཆོད་སྤྲིན་གཟུངས་ལན་གསུམ་བརྗོད་པས་སྤེལ་ལ། ཨོཾ༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཀུན་ནས༔ རྒྱལ་བ་སྲས་དང་བཅས་པ་ཡི༔ སྨོན་ལམ་སྟོབས་ཀྱིས་སྤྲུལ་པ་དང༔ ལྷ་མིའི་བསོད་ནམས་ལས་གྲུབ་པའི༔ མཆོད་ཡོན་བདུད་རྩིའི་ཆར་ཆེན་འབེབ༔ དངོས་འབྱོར་ཡིད་ཀྱིས་རབ་སྤྲུལ་ཏེ༔ འཕགས་མ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་ཚེ་དཔལ་འཕེལ་བ་དང༔ ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེས་གཞན་རྣམས་ལ་འགྲེས་སྦྱར་ཏེ། ཐོག་མའི་ཚིག་རྐང་བཞི། ཐ་མའི་བཞི་སྔགས་བཅས་དེ་ལྟར་ལ། མཆོད་ཡོན་སོགས་དང་། ཨརྒྷཾ་གྱི་གནས་སུ། ཞབས་བསིལ་དག་བྱེད་རྒྱ་མཚོར་བསྐྱིལ༔ པཱ་དྱཾ་ མཚར་སྡུག་ཡིད་འོང་མེ་ཏོག་ཚལ༔ པུཥྤེ་ དྲི་ཞིམ་བདུག་སྤོས་ཕྱོགས་བཅུར་འགེངས༔ དྷཱུ་པེ་ སྣང་གསལ་སྒྲོན་མེ་འོད་རབ་འབར༔ ཨཱ་ལོ་ཀེ་ བསིལ་ཞིང་དྲི་བཟང་བདུད་རྩི་སྦྲེང༔ གནྡྷེ་ ཞལ་ཟས་རོ་བཅུད་ཕུན་སུམ་ཚོགས༔ ནཻ་བིདྱཱ་ འབུད་དཀྲོལ་བརྡུང་བའི་རོལ་མོའི་སྒྲ༔ ཤབྡ་ རིན་ཆེན་གདུགས་མཛེས་བླ་བྲེ་བྲེས༔ ཚ་ཏྲཱཾ་ག་ བཀྲ་ཤིས་དགེ་བའི་བ་དན་འཕྱར༔ པ་ཏཱ་ཀཱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོ་སོར་སྦྱར་ལ་མཆོད་པ་བཅུ་འབུལ། བསྟོད་པ་ནི། དབྱངས་དང་དྲིལ་སྟབས་བཅས། ཨོཾ༔ རིན་ཆེན་ལས་སྐྱེས་རིན་ཆེན་བདག༔ རིན་ཆེན་སྙིང་པོའི་འོད་ཟེར་གྱིས༔ རིན་ཆེན་ཡིད་བཞིན་འཕེལ་མཛད་པ༔ རིན་ཆེན་གཙུག་ཏོར་ལ་ཕྱག་འཚལ༔ རྡོ་རྗེའི་རང་བཞིན་རྡོ་རྗེའི་དབྱངས༔ རྡོ་རྗེའི་འོད་ཟེར་མཐའ་ཡས་པའི༔ རྡོ་རྗེས་བདུད་སྡེ་ཕམ་མཛད་པའི༔ རྡོ་རྗེ་གཙུག་ཏོར་ལ་ཕྱག་འཚལ༔ བདེ་གཤེགས་ཡུམ་གྱུར་བདེ་གཤེགས་གསུང༔ བདེ་གཤེགས་སྣང་བའི་འོད་ཟེར་སྤྲིན༔ བདེ་གཤེགས་དགྱེས་པ་སྒྲུབ་མཛད་པའི༔ བདེ་གཤེགས་གཙུག་ཏོར་ལ་ཕྱག་འཚལ༔ པདྨའི་འབྱུང་གནས་པདྨའི་སྒྲ༔ པདྨ་ཟབ་པའི་རྒྱ་མཚོའི་འོད༔ པདྨའི་དཔལ་དུ་འགུགས་མཛད་པ༔ པདྨའི་གཙུག་ཏོར་ལ་ཕྱག་འཚལ༔ ལས་ཀྱི་རོལ་པ་ལས་ཀྱི་ཐབས༔ ལས་ཀུན་དབང་སྒྱུར་གྲུབ་པའི་འོད༔ ལས་དང་ཡེ་ཤེས་དངོས་གྲུབ་སྟེར༔ ལས་ཀྱི་གཙུག་ཏོར་ལ་ཕྱག་འཚལ༔ ཁྲོས་པའི་སྐུར་སྣང་ཁྲོ་བོའི་གསུང༔ ཁྲོ་བ་བྲལ་བའི་ཡེ་ཤེས་འོད༔ ཁྲོས་པས་བདུད་སྡེ་ཚར་གཅོད་པའི༔ ཁྲོ་ཆེན་བཞི་ལ་ཕྱག་འཚལ་ལོ༔ ཆོས་སྐུའི་དགོངས་པ་གཅིག་ཉིད་ལས༔ མ་འགགས་གཟུགས་སྐུ་དུ་མར་སྟོན༔ ཕྱོགས་དུས་རྒྱལ་བ་སྲས་དང་བཅས༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ ཕྲིན་ལས་གསོལ་བ་ནི། བདག་དང་མཐའ་ཡས་སེམས་ཅན་གྱི༔ ལས་ཉོན་སྒྲིབ་པ་ཀུན་བྱང་ཞིང༔ ཚེ་དཔལ་འབྱོར་པ་འཕེལ་བ་དང༔ ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ གཉིས་པ་གཟུངས་ཀྱི་སྒོ་སྒྲུབ་པ་ལ། ཏིང་ངེ་འཛིན་ནི། རང་གི་ཐུགས་ནས་འོད་ཟེར་སྤྲིན༔ ཉི་མ་འཆར་ཁའི་མདངས་ལྟར་འཕྲོས༔ མདུན་གྱི་ལྷ་ཡི་ཐུགས་ཀར་ཕོག༔ ཐུགས་བསྐྱེད་དམ་བཅའ་རྗེས་བསྐུལ་ཏེ༔ ཤེས་པ་སྐྱེ་མེད་བཟོད་པའི་གཟུངས༔ ཤེས་བྱ་ཀུན་འཛིན་ཆོས་ཀྱི་གཟུངས༔ དབྱེར་མེད་ཐུགས་ཆུད་དོན་གྱི་གཟུངས༔ ཏིང་འཛིན་རོལ་མོ་མཐའ་ཡས་པའི༔ ཆོ་འཕྲུལ་རྨད་བྱུང་ཚིག་གི་གཟུངས༔ གཙོ་འཁོར་ཀུན་གྱི་ཐུགས་ཀ་ནས༔ སྔགས་དང་འོད་ཟེར་སྒྲར་བཅས་འཕྲོས༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཀུན་ཁྱབ༔ འཕགས་པ་མཆོད་ཅིང་ཐུགས་དམ་བསྐུལ༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ སྲིད་ཞིའི་དྭངས་བཅུད་ཐམས་ཅད་བསྡུས༔ བདག་ཐིམ་དངོས་གྲུབ་རྣམ་གཉིས་ཐོབ༔ ལྷ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་པའི་དམིགས་པ་ལ་སེམས་རྩེ་གཅིག་པས་གཟུངས་སྟོང་ཕྲག་འགྲོ་ངེས་བཟླ་བ་དང་བསྐོར་བ་དེ་གྲངས། བར་མཚམས་སུ་མཆོད་བསྟོད་བྱ་དགོས་པས། ད་ལྟའི་ཕྱག་ལེན་དུ་ཆོ་ག་མཁན་པོ་མི་བཅུ་ཡོད་པའི་དབང་དུ་བྱས་ན་མི་རེས་གཟུངས་ཚར་བརྒྱ། བཅུ་རེའི་མཚམས་མཆོད་བསྟོད་ཚར་རེ། དེ་ལྟར་ལྔ་བཅུ་སོང་མཚམས་གཟུངས་ཚར་རེ་དང་བསྐོར་བ་གཉིས་རེ་སྦྲགས་གཟུངས་བཅུ་ཚན་རེའི་མཚམས་སུ་གྲལ་ལ་འཁོད་ནས་མཆོད་བསྟོད་ཚར་རེ་བྱས་པས་སྤྱི་མགོ་ནས་གཟུངས་དང་བསྐོར་བ་སྟོང་ཕྲག་རེ་རེ། མཆོད་བསྟོད་བརྒྱ་རྩ་འགྲོ་བ་ཡིན་ཅིང་། འདོན་མཁན་ཉི་ཤུ་ཡོད་ན་ལྔ་ཚན་བཅུ། ལྔ་ལས་མེད་ན་ཉི་ཤུ་བྱེད་དགོས་པ་ཤེས་པར་བྱས་ནས། ཐོག་མར་ལེགས་སོ་སྟེར་བའི་ཕྱག་རྒྱ་ཞེས་པ་ལག་གཉིས་སྙིང་གར་ཐལ་མོ་མཉམ་པར་སྦྱར་བ་ཕྲེད་དུ་བཞག །མཛུབ་མོ་གཉིས་ཀྱི་ཚིགས་བར་པ་བཅག་པ་དང་མཐེ་བོང་རྩེ་སྤྲད། མེ་ཏོག་ཐོགས་ལ། ༼གཟུངས་རིང་འདི་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་གསུང་ཀ་ལ་པའི་བྱིང་སྒྲུབ་བྱས་པའི་དཔེ་དང་བསྟུན་པས་ཡིད་སྟོན་ཕེར་བ་ཡིན་ནོ།མཆན།་་་ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོཀྱ། པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ་ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ། བ་ར་བ་ཙ་ནཱ་ཨ་མྲྀཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་མ་མ་ཨཱ་ཡུཿསཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ་མ་མ་ཨཱ་ཡུཿ བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར་སྨཱ་ར་ཡ་སྨཱ་ར་ཡ། སྥ་ར་སྥ་ར་སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ་བུདྡྷེ། བུདྡྷེ་བཛྲེ་བཛྲེ། མ་ཧཱ་བཛྲ་སུ་བཛྲེ། བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོདྦྷ་བེ་བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲམྦྷ་བ་ཏུ་མ་མ་ཤཱ་རཱི་རཾ། སརྦ་སཏྭཱ་ནཱཉྩ། ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། མ་མ་སཱ་དཱ་སརྦ་ག་ཏི། པ་རི་ཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྡྷ་བུདྡྷ་སིདྡྷ། སིདྡྷ་བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱནྨོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ཞེས་མགོ་དུད་པ་བྱས་ལ་འབྲུ་འཐོར། དེ་འདྲ་ཚར་བཅུ་སོང་མཚམས། ཨོཾ༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཀུན་ནས༔ རྒྱལ་བ་སྲས་དང་བཅས་པ་ཡི༔ སྨོན་ལམ་སྟོབས་ཀྱིས་སྤྲུལ་པ་དང༔ ལྷ་མིའི་བསོད་ནམས་ལས་གྲུབ་པའི༔ མཆོད་ཡོན་བདུད་རྩིའི་ཆར་ཆེན་འབེབ༔ ཞབས་བསིལ་དག་བྱེད་རྒྱ་མཚོར་བསྐྱིལ༔ མཚར་སྡུག་ཡིད་འོང་མེ་ཏོག་ཚལ༔ དྲི་ཞིམ་བདུག་སྤོས་ཕྱོགས་བཅུར་འགེངས༔ སྣང་གསལ་སྒྲོན་མེ་འོད་རབ་འབར༔ བསིལ་ཞིང་དྲི་བཟང་བདུད་རྩི་སྦྲེང༔ ཞལ་ཟས་རོ་བཅུད་ཕུན་སུམ་ཚོགས༔ འབུད་དཀྲོལ་བརྡུང་བའི་རོལ་མོའི་སྒྲ༔ རིན་ཆེན་གདུགས་མཛེས་བླ་བྲེ་བྲེས༔ བཀྲ་ཤིས་དགེ་བའི་བ་དན་འཕྱར༔ དངོས་འབྱོར་ཡིད་ཀྱིས་རབ་སྤྲུལ་ཏེ༔ འཕགས་མ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་ཚེ་དཔལ་འཕེལ་བ་དང༔ ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཚ་ཏྲཱཾ་ག་པ་ཏཱ་ཀཱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད། ཨོཾ༔ རིན་ཆེན་ལས་སྐྱེས་རིན་ཆེན་བདག༔ སོགས་བསྟོད་པ་འདོད་གསོལ་བཅས་གོང་ལྟར་བརྗོད། ཡང་གཟུངས་བཟླ་བ་སོགས་ལན་ལྔ་སོང་མཚམས། ལངས་ལ་གཟུངས་བཟླ་བཞིན་དུ་བསྐོར་བ་མཆོད་བསྟོད་བཅུ་ཚན་ལྔ་འགྲོ་བར་བྱའོ། །གསུམ་པ་གཏོར་མ་འབུལ་བ་ནི། འདི་སྐབས་གཏོར་མ་སྟོང་རྩ་ཕྱི་རོལ་བླ་གབ་མེད་པའི་སར་གཏང་དགོས་པས་ཐོག་མ་ནས་ཆོ་ག་མཁན་པོ་བཅུ་གཅིག་ཡོད་དགོས། གཟུངས་ཕྱེད་ཀ་སོང་ནས་བསྐོར་བ་ལ་སླེབས་སྐབས་ཙམ་དུ་དགེ་སློང་གཅིག་ཕྱི་རོལ་བླ་གབ་མེད་པའི་སར་ཕྱིན། སྟེགས་གཙང་མར་སྔར་གྱི་གཏོར་མ་ཆ་བཞི་ཕྲེང་ཚར་དང་མཐེབ་ཀྱུ་སྟོང་རྩ་བཤམ། ཆབ་ཀྱིས་བྲན་ལ། སྭ་བྷཱ་བས་སྦྱང་། ཨོཾ་ལས་རིན་ཆེན་སྣོད་ཡངས་པར༔ ཨཱཿལས་གཏོར་མ་བདུད་རྩིའི་བཅུད༔ ཧཱུྃ་གིས་ཁ་དོག་དྲི་རོ་དང༔ ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད་པས་བྱིན་བརླབ། ཨ་ཀཱ་རོའི་སྔགས་ཁོ་ན་སྟོང་རྩ་བརྗོད་པས་འབུལ་དགོས་པས་བརྒྱ་རྩ་རེ་སོང་བ་དང་། བསྔོ་ཚིག་འདོད་གསོལ་ཚར་རེ་སྦྱོར་ཏེ། ཏིང་ཤག་རྡུང་ལ། ཨོཾ༔ ལྷ་རྫས་དམ་པའི་རྒྱུ་ལས་བྱུང༔ ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ༔ འདོད་པའི་ཡོན་ཏན་རྨད་བྱུང་བའི༔ མཆོད་སྦྱིན་གཏོར་མ་དམ་པ་འདིས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མགོན་པོ་ཡོན་ཏན་ཐུགས་དམ་བསྐང༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྤེལ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ གདོན་བགེགས་འབྱུང་པོའི་ཚོགས་ལ་བསྔོ༔ བྱང་ཆུབ་སེམས་ཀྱིས་འདུལ་བར་ཤོག༔ མཆོད་སྦྱིན་མགྲོན་རྣམས་ཐམས་ཅད་ཀུན༔ དགྱེས་ཤིང་ཚིམས་པ་མཆོག་གྱུར་ཏེ༔ འཇིག་རྟེན་ཁམས་ནི་མ་ལུས་པར༔ ཕན་བདེ་རྒྱ་ཆེར་འབྱུང་གྱུར་ཅིག༔ ཅེས་བརྗོད། དེ་ལྟར་སྔགས་སྟོང་། འདོད་གསོལ་ཚར་བཅུ་གྲུབ་ནས་གཏོར་མགྲོན་མི་དམིགས་པར་བཞག །བཀྲ་ཤིས་གང་རུང་བརྗོད། གྲུབ་ན་ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ བརྗོད་ཅིང་དུང་ཆུས་ཉེ་རེག་བྱས་ལ་ནང་དུ་འོངས་ནས་གྲལ་ལ་འཁོད། འདི་ལའང་མི་གཉིས་ཡོད་ན་བྲེལ་བ་མི་དགོས་པ་ཚར་སླ་ཞིང་། ཡང་ན་ནང་གི་གཟུངས་བཟླ་མཁན་ལ་བརྩི་མི་དགོས་པས་བཟླས་པ་ལ་སླེབ་པའི་སྐབས་ནས་གཏོར་མ་འབུལ་ནའང་ཆོག་གོ །གསུམ་པ་རྗེས་ཆོག་ནི། ཐམས་ཅད་ཚར་གྲངས་གྲུབ་པ་དང་། ནང་གི་གཟུངས་གཏོར་སྔ་མ་ལྟར་བྱིན་བརླབ། སྙིང་པོ་ཡིག་བཅུའི་མཐར། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། ཨོཾ༔ ལྷ་རྫས་དམ་པའི་རྒྱུ་ལས་བྱུང༔ ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ༔ འདོད་པའི་ཡོན་ཏན་རྨད་བྱུང་བའི༔ མཆོད་སྦྱིན་གཏོར་མ་དམ་པ་འདིས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་སྤྱི་ལྟར་བརྗོད་ལ་འདོད་དོན་གསོལ། དེ་ནས་མཆོད་པ་ཞལ་གསོ། གོང་གསལ། ཆོས་དབྱིངས་ཤིན་ཏུ་སོགས་ཀྱིས་བྱིན་བརླབ། མདུན་བསྐྱེད་སྐབས་ལྟར་མཆོད་བཅུ་སོ་སོར་ཕྲལ་བ་རྒྱས་པ་དང་། བསྟོད་པ་འདོད་གསོལ་བཅས་བརྗོད། མ་འབྱོར་པ་དང་སོགས་ཡིག་བརྒྱ་ལན་གསུམ་བརྗོད་ལ་ནོངས་པ་བཤགས། ཨོཾ། འདིར་ནི་རྟེན་དང་སོགས། སུ་པྲ་ཏིཥྛའི་སྔགས་བཅས་བརྗོད་པས་མདུན་བསྐྱེད་རྟེན་ལ་བརྟན་བཞུགས་བྱ། རང་ཉིད་རྣམ་པར་རྒྱལ་མ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱིས། །བགེགས་དང་བར་ཆད་སྲུང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་པས་སྒོ་གསུམ་བསྲུང་། དགེ་བ་བསྔོ་བ་ནི། ཧོ༔ གདོད་ནས་དག་པའི་ཡེ་ཤེས་དང༔ རྟེན་ཅིང་འབྲེལ་འབྱུང་བསོད་ནམས་ཚོགས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ བྱང་ཆུབ་སྙིང་པོའི་དབྱིངས་སུ་བསྔོ༔ སྨོན་ལམ་ནི། འདི་ནས་སྐྱེ་བ་ཐམས་ཅད་དུ༔ འཕགས་མ་མཆོག་གིས་རྗེས་བཟུང་ནས༔ ཚེ་དང་ཡེ་ཤེས་དངོས་གྲུབ་ཀྱིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ ཅེས་དང་འོས་ཤིང་འཐད་པའི་སྨོན་ལམ་ཅི་རིགས་གདབ། དེ་ནས་མེ་ཏོག་འཐོར་ཞིང་། ཆེ་བའི་ཆེ་མཆོག་གིས་མཚོན་ཞལ་ནས་གསུངས་པའི་ཤིས་བརྗོད་རྒྱ་ཆེར་སྤེལ་ལ་རོལ་མོ་སྙན་པར་འཁྲོལ་བས་དགེ་ལེགས་སུ་བྱའོ། །གཟུངས་སྒྲུབ་བུམ་ཆུ་ཉིད་བྱིན་རླབས་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་རང་གཞན་གྱིས་ཁོང་དུ་བཏུང་བ་དང་། ནད་པ་སོགས་ལ་བཀྲུ་བྱབ། ལྷ་ཀླུ་དཀར་ཕྱོགས་ཀྱི་རྟེན་དང་བསྲུང་བྱའི་གནས་ལུས་ལ་འཐོར་བ་སོགས་བྱས་ན་འཕྲལ་ཡུན་གྱི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་ལྟར་བསྒྲུབས་པའི་ཕན་ཡོན་སྤྱིར་འདི་ཉིད་ཀྱི་གཟུངས་མདོ་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར་དང་གཏེར་གཞུང་ལས། དེ་ལྟར་ཡང་ཡང་བརྩོན་པ་ཡིས༔ ལས་དང་ཉོན་མོངས་སྡུག་བསྔལ་བྱང༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཐར་ཐུག་འཆི་མེད་རིག་འཛིན་འགྲུབ༔ རྟེན་དེས་མངོན་པར་བྱང་ཆུབ་འགྱུར༔ ཞེས་གསུངས་སོ། །སངས་རྒྱས་བྱེ་སྙེད་དུ་མས་ལེགས་གསུངས་ཤིང་། །བྱིན་གྱིས་བརླབས་པས་སྡིག་སྒྲིབ་ངན་འགྲོ་འཇོམས། །ཐར་པའི་ལམ་འབྱེད་འཆི་མེད་གོ་འཕང་མཆོག །མྱུར་དུ་སྩོལ་ལ་འདི་མཚུངས་གཞན་མེད་པ། །གཙུག་ཏོར་ལས་བྱུང་རྣམ་པར་རྒྱལ་མ་ཡི། །གཟུངས་ཆོག་གསལ་བར་བགྱིས་སོགས་རྣམ་དཀར་མཐུས། །བདག་གཞན་ཚེ་དཔག་མེད་མགོན་སྐུ་ཐོབ་ནས། །ཕུན་ཚོགས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་ལྟར་དགོངས་གཏེར་འཕགས་མའི་སྙིང་ཏིག་གི་ཆོས་སྡེར་བྱོན་པའི་རྣམ་རྒྱལ་གཟུངས་སྒྲུབ་ཀྱི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་འདི་ཉིད་རང་གཞན་ལ་ཉེ་བར་མཁོ་བས་ཕན་པའི་སེམས་ཀྱིས། རྩ་བ་རྡོ་རྗེའི་གསུང་དང་ཀུན་མཁྱེན་བླ་མ་ཉིད་ཀྱི་ཞལ་ལུང་ལ་རང་རྟོག་གི་རྙོགས་པས་མ་བསླད་པར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོའི་དབེན་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

པད་གླིང་མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གསོལ་ (Volume 67, Text 24)

པད་གླིང་མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གསོལ་ནི། ཧཱུྃ། བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀཿཡབ་ཡུམ། །བསྟན་པ་བསྲུང་ཞིང་མི་བསྲུན་འདུལ་བའི་ཕྱིར། །རབ་འཇིགས་འབར་བའི་སྐུར་བཞེངས་བསྟན་སྲུང་གཙོ། །དཔལ་མགོན་སྡེ་བརྒྱད་སྤྲུལ་འཁོར་བཀའ་སྡོད་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་དགྱེས་པར་བཞུགས། །ཕྱི་ནང་གསང་བ་མཐུན་རྫས་མཁོ་རྒུའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །གུས་པས་བསྟོད་དོ་མི་འབྲལ་བརྩེ་བས་སྐྱོངས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གདུག་ཅན་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་དུས་འདིར་མྱུར་འགྲུབ་མཛོད། །ཅེས་པའང་སྔགས་བཙུན་འཇམ་དཔལ་རྡོ་རྗེས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

དུག་ནད་ཐམས་ཅད་ལ་མཆོག་ཏུ་བསྔགས་པ་གསེར་གཟུངས་སྙན་བརྒྱུད་མའི་ལོ་རྒྱུས་གདམས་ངག་དང་བཅས་པ་ (Volume 45, Text 24)

༄༅། །དུག་ནད་ཐམས་ཅད་ལ་མཆོག་ཏུ་བསྔགས་པ་གསེར་གཟུངས་སྙན་བརྒྱུད་མའི་ལོ་རྒྱུས་གདམས་ངག་དང་བཅས་པ་བཞུགས་སོ། ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ཡི་ལོ་རྒྱུས་ནི། སྔོན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་པདྨ་དཀར་པོའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་ཏེ་རྒྱལ་པོ་ས་བིན་ཞེས་བྱ་བ་ཆོས་སྐྱོང་བ་ཞིག་ཡོད་པ་དེས་པཎྜིཏ་བརྒྱའི་སྣེ་ལེན་མཛད་ནས་བསྟན་པ་དར་བར་མཛད་པ་ལ་དབང་ཕྱུག་ཆེན་པོ་ཕྲག་དོག་སྐྱེས་ནས། སོར་མོ་ལྔ་ལས་དུག་རླངས་ཀྱི་མཁའ་འགྲོ་མ་ལྔ་སྤྲུལ་ཏེ། ཨོ་རྒྱན་གྱི་མི་ཐམས་ཅད་ལ་དུག་རིགས་མི་འདྲ་བ་སྟོང་ཕྲག་བཅུ་གཉིས་ཀྱི་ནད་བྱུང་ནས་མི་ཐམས་ཅད་འཆི་ལ་ཐུག་པ་ན། རྒྱལ་པོས་ཐུགས་དམ་སྨན་གྱི་བླ་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་པ་བྱས་ནས་གསོལ་བ་བཏབ་པས། །ལན་གཅིག་གི་ཚེ། མདུན་དུ་བཅོམ་ལྡན་འདས་སྨན་གྱི་བླ་ཁྱེའུ་ཐོད་སྔོན་པོ་ལོ་བཅུ་གསུམ་པ་གཅིག་ཏུ་སྤྲུལ་ནས་ཁྱོད་དེ་ཙམ་དུ་འབོད་པ་ཅི་ཡིན་གསུངས། ལོ་རྒྱུས་ཞུས་པས། ཁྱེའུ་ན་རེ། འོ་ན་རིན་པོ་ཆེའི་སྣོད་ཟེད་ཅིག །ངའི་ཁོག་ནས་བདུད་རྩིའི་ཡི་གེ །དུག་ཐམས་ཅད་འཇོམས་པ་ཞིག་འོང་གིས་དེས་དུག་ཐམས་ཅད་ཞི་བར་བྱེད་དོ་གསུངས་ནས། དེར་རྒྱལ་པོས་གསེར་གྱི་གཞོང་པ་གཅིག་བཟེད་པས། སྔགས་འདི་གསེར་གྱི་ཡིག་འབྲུར་སྐྱུགས་པས་གསེར་གཟུངས་ཞེས་གྲགས་པའོ། །དེ་ནས་ཆོས་རྒྱལ་དེས་དུག་ནད་ཐམས་ཅད་ཞི་བར་མཛད་དོ། །རྒྱལ་པོ་དེས་ཨུ་རྒྱན་གྱི་རྣལ་འབྱོར་འཆི་མེད་རྡོ་རྗེ་ལ་གནང་། དེས་བླ་མ་སཱུརྻ་ར་ཏི་ལ། དེས་ཁ་ཆེའི་པཎྜི་ཏ་རྒྱ་མཚོ་འོད་ལ། དེས་སྤུ་རང་གི་བཙན་པོ་གོ་ཆ་ལ་གནང་། དེས་ཀྱང་ཡོན་དུ་ཐོན་ཐི་བཟང་པོ་ཡུག་གཅིག །གསེར་སྲང་གང་རྣམས་ཕུལ་ནས་རང་གཞན་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱས་སོ། །དེས་པ་ཚལ་གནང་། གསེར་གྱི་ལོ་གྲོ་གཅིག་གིས་སྣ་དྲངས་པའི་འབུལ་བ་བྱས་སོ། །དུག་ཐེབས་བརྒྱད་བཟློགས་སོ། །དེའི་སྲས་བཀྲ་ཤིས་རྩེ་ཞང་ཞུང་དུ་བཙོན་དུ་བཟུང་བ་ལ་སྔགས་འདི་ཐུད་གཅིག་གི་དཀྱིལ་དུ་བཅུག་ནས་བསྐུར་བས་དུག་ཐེབས་བཅུ་གསུམ་བཟློགས་སོ། །དེས་སྐྱོ་སྟོན་ཉི་མ་ལ་གནང་། ཡོན་རྟ་བཟང་པོ་གཅིག་དང་གསེར་སྲང་གང་ཕུལ། གློ་བོར་དུག་ཐེབས་གསུམ་བྱུང་བ་བཟློགས་སོ། །དེས་ཨ་ཁུ་ཏི་ཆུང་ལ་གནང་། ཞིང་ཁལ་བཞིའི་ཡོན་ཕུལ་ལོ། །ཚ་བོ་གཅིག་གིས་དུག་ཐེངས་བཞི་བཏང་བ་བཟློགས་སོ། །གཞན་ཡང་མང་པོ་སོས་པར་བྱས་སོ། །དེས་རྒྱ་ཆུ་མིག་པ་ལ་གནང་། དེས་ཡོན་དུ་ཡུས་ཀྱི་ཉ་མོ་གཅིག་དང་གསེར་སྲང་གང་། ཟངས་ཀྱི་བསྙན་ཁས་ནས་ཞོ་ཤོང་བ་གཅིག་རྣམས་ཕུལ། དེ་ལའང་དུག་ལན་མང་དུ་བྱུང་བ་ཟློག་གོ །དེས་སྨན་པ་ཉ་ཆུང་ལ་གནང་། རྟ་ནག་པོ་གཅིག །ནས་ཁལ་བཅུ་གཉིས་ཕུལ། ཁོང་ལ་ཇ་ལ་གཅིག །ཆང་ལ་གཅིག །བག་ཁུར་ལ་གཅིག་སྟེ་གསུམ་བྱུང་བ་ཟློག །མང་པོ་ལ་ཐོན་དུ་ཡང་བཟླས། ཞག་དུས་ན་དམར་ཉོ་འགྲོ་བ་ཙམ་ལས་མི་ཚུགས་པ་འདུག་གསུང་། དེས་ལྕམ་པ་བརྩོན་འགྲུས་སེང་གེ་ལ་གནང་། ཡོན་ཡང་ཁལ་མ་ཉི་ཤུའི་རྒྱབ་འབྲས་ཀྱིས་མནན་པ། བེར་ཐུལ་གཅིག་རྣམས་ཕུལ། དེས་བླ་མ་བརྩོན་འགྲུས་མགོན་པོ་ལ་གནང་། དེས་ཐོད་པ་མཚན་ལྡན་རིན་གོང་མི་ཐེག་པ་ཞིག་དང་། སྣམ་སྦྱར་ལེགས་པོ་ཕུལ་ལོ། །དེས་བདག་ལྷའི་མིང་ཅན་ལ་གནང་། ཡོན་དུ་ནས་དོ་ཁལ་བཅུ། མཛོ་གཅིག །བློ་ཕྲུག་ལྕམ་ཚོ་གཅིག་རྣམས་ཕུལ། དེ་ཡང་དུག་རིགས་ཐམས་ཅད་བསྡུ་ན་གསུམ་དུ་འདུས་ཏེ། དུ་བས་བདུག་པ། ལྟོར་གཏང་བ། ལུས་ལ་བྱུགས་པ་དང་གསུམ་ཀ་འདིས་ཐུབ་བོ།། །། ༈ གསེར་གཟུངས་སྙན་བརྒྱུད་ཀྱི་བརྗེད་བྱང་བཞུགས། གུ་རུ་རཏྣ་ཛཱི་བནྟི་རཱ་ཛ་ཤྲཱི་བྷ་དྲ་ནཱ་མ། དུག་རིགས་ཐམས་ཅད་ཀྱི་གསོ་སྲུང་ལ། ས་སྟེང་འདི་ན་ཟབ་པ་གསེར་གཟུངས་སུ་གྲགས་པ་འདི་ལ། བརྒྱུད་པའི་རིམ་པ་དང་། གདམས་པ་དངོས་ལས། དང་པོ་ནི་ལོ་རྒྱུས་ཆེན་མོར་གསལ་ལ། གཉིས་པ་ལ་ཡང་སྲུང་བ་དང་གསོ་བ་གཉིས་ཡོད་པ་ལས་ཐུན་མོང་དུ་གཅེས་པ་གསེར་གཟུངས་རིན་པོ་ཆེ་གང་ཞེ་ན། ཨོཾ་ཀ་ལི་ཀུ་ཀུ་རི་ཧཱཾ་འུཾ་བྷུ་ཛུ་ཝ་ཏི་སེ་ཏནྟ་བྷིས། བྷ་གང་འུཾ་ཨ་ན་བྷིས། པ་རི་ཀཾ་འུཾ་ཨ་བྷིས། གཾ་ལུ་དྷི་བྷིས། ཧ་ར་ཧ་ར་མེ་འུཾ་དྷུ་ཀྵ་སྭཱ་ཧཱ། པྲབྦྷ་ར་བྷིས། ལ་རི་ཀ་རི་ཨ་མྲྀཏ་ཀ་རི། པ་རི་ན་ཧོ། མ་ཧཱ་དྷེ་ཧོ། ནི་ལན་ཀནྟ། ཏོ་ཏོར་ཅཏྟར་བྷིས། ན་དྷི་བྷིས། ཞེས་སོ། །འདིའི་དག་ཡིག་ནི་ཡིག་འབྲུ་གྱ་དགུ། ཚིག་འབྲུ་བདུན་ཅུ་རྩ་དྲུག །གི་གུ་བཅུ་དགུ །ཞབས་ཀྱུ་བཅུ། ན་རོ་ལྔ། འགྲེང་བུ་གསུམ། བརྩེགས་བུ་ཉི་ཤུ །ཀླད་སྐོར་བདུན། ཚེག་བར་བཅུ་གཉིས་ཡོད་པ་ལས་ཀླད་སྐོར་ཐམས་ཅད་ནི་ང་ཁོ་ནར་བཀླག །གཅོད་མཚམས་ནི་ཚེག་བར་གྱིས་ཤེས་ལ། རིང་ཐུང་གི་གདངས་སློབ་དཔོན་གྱི་གསུང་ལས་ཤེས། སྲུང་གསོ་གཉིས་ཀ་ལ་གོང་བསྙེན་པ་ལ་ཆེ་བས། རྒྱལ་ཕུར་འཛོམ་པ་ནས་གཟུང་སྟེ། བཀྲ་ཤིས་དབེན་པའི་གནས་སུ་མཚམས་དམ་པར་བྱས་ལ་ཞག་བདུན་བསྙེན་པ་བྱ། སྔགས་བཟླ་དུས་ཐམས་ཅད་དུ་དམ་ཚིག་བསྲུང་བྱ་ནི། མཚེར་བ། ལྕེ་རྩེ། སྒོ་ང་། སྒོག་པའི་རིགས་མི་ཟ། ཡུགས་ལ་མི་རེག་གོ །དམིགས་པ་ནི། །རང་ཉིད་སྨན་རྒྱལ་ཁྱེའུ་ལོ་བཅུ་གསུམ་ཙམ་ལོན་པའི་ན་ཚོད། བཞེངས་པའི་ཚུལ་ཅན་སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་དང་ལྡན་པ། ཕྱག་གཡས་ཨ་རུ་ར་གསེར་མདོག །གཡོན་རྨ་བྱའི་སྒྲོ་ཆུན་བསྣམས་པས་སེམས་ཅན་ཐམས་ཅད་ཀྱི་དུག་ནད་སེལ་བའི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྨན་རྒྱལ་གྱི་རྣམ་པར་སྤྱན་དྲངས། རང་ལ་བསྟིམ་ནས་སྔགས་བཟླའོ། །བསྙེན་པ་ཐེམས་ནས་དང་པོ་རང་གཞན་བསྲུང་བ་ལ་འཇུག་པ་ན། གཞན་སྲུང་བ་ནི། མཐིང་ཤོག་གམ། དར་སྔོན་ལ་གསེར་གྱིས་སྔགས་རྣམས་ལྷག་ཆད་མེད་པར་དབུ་ཅན་དུ་ཕྲེང་གཅིག་བྱས་ལ་ཚེགས་མེད་དུ་བྲིས། མ་འབྱོར་ན་ཤོག་བུ་གང་རུང་ལ་མཚལ་ལམ་རྒྱ་སྣག་གིས་བྲིས་ལ། བྱུག་པའི་རྫས་ནི། རྨ་བྱའི་མདོངས་ཀྱི་གཞོབ། སྲུབ་ཀའི་འབྲུ། ཡུང་བ། འགྲོན་ཐལ་བཞི་པོ་སྣག་ཚ་དང་བསྲེས། སྲུང་བའི་དྲིལ་ཤིང་གཟུགས་མོ་བྱི་ཐུར་གྱིས་བྱས། གཤམ་ནས་དྲིལ། དར་སྐུད་དམར་པོས་བཅིང་། དེའི་ཕྱིར་དར་གནམ་ཁ། དེའི་ཕྱིར་ཏཱ་ཧུང་།་་་སེར་པོ། དེ་ནས་ལྐོག་གང་ཡིན་གྱིས་གཏུམ། ཡིག་མགོ་གྱེན་དུ་བསྟན། ཟས་ཟ་བ་དང་གཏམ་སྨྲ་བའི་ཚེ་སྲུང་བ་འགུལ་བ་ཙམ་གྱི་དམ་ལྷོད་བྱས་ནས་མགུལ་དུ་བཏགས་སོ། །རང་སྲུང་ནི། ལྟོ་སྟོང་དང་དོགས་པའི་ཟས་ཟ་ཁར་སྔགས་ཉེར་གཅིག་བཟླས་པས་ཐུབ་བོ། །གཉིས་པ་གསོ་ཐབས་ནི། རིན་པོ་ཆེའི་ཀ་ཊོ་ར་གཙང་མར་ཆུ་གཙང་བླུགས་པའི་ནང་དུ་རྫས་ནི་ཡུངས་དཀར་འཇམ་དཔལ། ལྡུམ་བུ་རེ་རལ་ཕྱག་རྡོར། ཨ་རུ་ར་རྣམ་རྒྱལ་སྨན་བླ། བོང་དཀར་སྐྱབས་གྲོལ། དཔའ་སེར་གསེར་ཐུབ་ཏུ་བསྐྱེད། འདི་རྣམས་ཐུན་རེ་དར་དཀར་ལ་གཏུམ་ལ་གཞུག །དངུལ་ཆུ་ཡང་སྲང་ཕྱེད་ལས་མི་ཉུང་བ་བཏབ། དར་དཀར་གྱིས་ཁ་བཀབ། དེ་ནས་རང་ཉིད་སྨན་བླ་སྔར་ལྟར་བསྐྱེད་པའི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་། འབྱུང་བ་ལྔ་དང་། རིན་པོ་ཆེ་སྨན་གྱི་བཅུད་ཐམས་ཅད་བསྡུས་ནས་སྔགས་ཆུ་ལ་བསྟིམ། རྨ་བྱའི་སྒྲོ་ཆུན་གྱིས་ནད་པའི་དུག་ནད་ཐམས་ཅད་བྱབ་པར་བསམ་ལ། སྨྲ་བ་བཅད་ནས་སྔགས་བཟླས་ཤིང་ཆུ་ལ་བཏབ། སྔགས་ཆུ་དུས་གསུམ་ཡར་དང་ནམ་གུང་ལ་སྟེར། དེས་དུག་ནད་ཐམས་ཅད་དང་པོར་སྡུད། བར་དུ་གསོ། ཐ་མར་དུག་རོ་ཐམས་ཅད་སྟེང་འོག་གང་རུང་ནས་སྦྱངས་ཏེ་ཐོན་པར་འགྱུར་ལ། གོང་མའི་སྨན་མ་འཛོམ་ཡང་ཆུ་གཙང་ལ་སྔགས་བཟླས་པས་ཐུབ་པ་མྱོང་བས་གྲུབ་པའོ། །དེ་ནས་དུག་ནད་ཤིན་ཏུ་ཞེན་ཚབས་ཆེ་བ་ལ་ཤིན་ཏུ་གསང་བ་ལས་ཆེས་ཆེར་གསང་བ་ཞལ་གདམས་ལས་ཆེས་ཆེར་ཞལ་གདམས་སྙན་བརྒྱུད་ཀྱི་ཉིང་ཁུ་ནི། གོང་གི་སྔགས་ཆུའི་རྫས་ཀྱི་དངུལ་ཆུའམ་དངུལ་ཆུ་གཞན་ཡང་རུང་སྟེ། ཟླ་ཕྱེད་ཙམ་མམ་ནད་མ་དྲག་བར་དུ། དངུལ་ཆུ་ལ་ཕུག་གི་ས་བོན་ནམ། སྲན་ཆུང་ཙམ་རེ། ལག་གཡོན་དུ་རང་གི་མཆིལ་མས་ཆོས་འབྱུང་བསྣོལ་མ་བྲིས་ཏེ་དབུས་སུ་བཞག །དེ་ཡི་གེ་བཾ་དམར་པོར་བསམས་ནས། གཡུང་ཡིན་ན་དེ་ག་སྟེར། རྒོད་ཡིན་ན་སྔགས་འདི་ལྔ་བཅུ་བཟླ། སྲིན་ལག་གིས་མཉེས་ནས་བྱིན་སྔགས་ནི། དངུལ་དར་སོད། མཚལ་མངས་་་དར་ཟེར་བའང་སྣང་།སོད། ཨ་ཏི་ཧོ། ཞེས་སོ། །དེ་མ་ཐག་ཏུ་ཀུན་བྱེད་ཚངས་པའི་ནོར་བུ་ལ།་་་དབང་རིལ། སྔགས་བཟླས་པ་དངུལ་ཆུའི་བུང་ཙམ་རིལ་བུ་སྟེར་བ་ནི་རྨ་བྱ་མཇིང་བསྣོལ་གྱི་སྦྱོར་བ་ཞེས་བྱའོ། །དེས་བཟླས་པས་ཐུགས་རྒྱུད་བསྐུལ། སྔགས་ཆུའི་ངར་བསྐྱེད་ནས་ནད་ཐམས་ཅད་བསྡུ་གསོད་སྦྱོང་བའི་སྔ་ལྟས་སུ། བོང་བའི་སྨན་ནད་ལྟ་བུ་འབྱུང་ཡང་སྐྲག་མི་དགོས་སོ། །གལ་ཏེ་དབང་རིལ་བཟང་པོ་གཏོང་ན་ཡང་། དངུལ་ཆུ་ལག་པར་མཆིལ་མས་བཤིགས་པ་དང་ལྷན་ཅིག་ཕུལ་ནས་མིད། ལར་འདི་དབང་རིལ་ལ་མ་ལྟོས་སོ། །ནད་ཐོན་པའི་ལྟས་ངེས་པ་ཅན་མ་བྱུང་བར་དུ། ཆང་གི་རིགས་འཛེམ། དཀར་གྱི་རིགས་ལ་བརྟེན། ཉ་ཕག་དང་མ་སྨིན་པ་རུལ་སུངས་ཅན་སྔ་གོང་ནས་མི་འཕྲོད་པ་མ་གཏོགས་ཤ་གསར་འཇུ་སླ་རན་པ་བགས་ཀྱིས་གཏང་། འདི་དུས་གྲང་བ་ལངས་པའི་རྟགས་བྱུང་ན་ཕྱི་ནས་བྱུག་པ་སོགས་བྱེད་པ་ལས། ནང་དུ་དྲོད་བཅོས་ཆེར་མི་རུང་། མིག་སེར་བ་སོགས་མཁྲིས་པ་བྱེར་བའི་རྟགས་བྱུང་ན། གུར་གུམ་བཟང་པོའི་གྲུང་ཆུ་ལ་སྔགས་བཏབ་ནས་བྱིན་ནོ། །གཞན་ནི་གཏར་སྲེག་བཤལ་སྐྱུགས་སོགས་སྨན་དཔྱད་གང་ཡང་བྱ་མི་དགོས་ཤིང་། འདི་ཀ་ཆིག་ཐུབ་ཀྱི་རྒྱལ་པོ་བླ་ན་མེད་པ་གོང་ན་མེད་པ་སྟེ། ཚེ་ཟད་ངེས་ཡིན་ན་མ་གཏོགས་འདིས་འཚོ་བར་ཐག་ཆོད་མྱོང་བས་གྲུབ་པའོ། །གདམས་པ་འདི་ནི་ཡང་ན་ཆོས་དྲིན་ཅན་གྱི་བླ་མ་ལ་འབུལ། ཡང་ན་གདམས་པ་འདི་ཉིད་དང་དགའ་ལོད་མཉམ་ངེས་པའི་ལག་ལེན་མ་དང་བརྗེ། ཡང་ན་འགྲོ་དོན་མ་གཏོགས་བསམ་རྒྱུ་མེད་པའི་མི་ལ་བྱིན། ཡང་ན་གསེར་སྲང་གང་ལས་མི་ཉུང་བའི་མེ་ཏོག་མེད་པར་བྱིན་ན་མི་རུང་ཞེས་བླ་མ་དྲིན་ཅན་དེ་ཉིད་ཀྱིས་ཁོ་བོ་ཐུགས་དམ་ཞབས་སུ་མནའ་བསྒག་པ་ལས་ཟ་བར་ག་ལ་ནུས་ཏེ། དམྱལ་བར་མཆོང་འཚེར་རོ། །ཕྱི་རབས་པ་དག་ཀྱང་གདམས་པ་འདོད་ཅིང་དཀའ་སྤྱད་མི་ནུས་ན། སྣོད་དང་མི་ལྡན་པས་དམ་ཉམས་ཀྱི་སྔ་དོམ་བླངས་པ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ། །དེས་ན་སྣོད་ལྡན་བརྒྱུད་ཅིང་འགྲོ་བའི་ཟུག་རྔུ་སེལ་བར་གྱུར་ཅིག །ཅེས་དྷརྨ་སྭཱ་མཱིས་་་ཟུར་མཁར་བ།བརྗེད་བྱང་ཅུང་ཟད། དཔལ་ལྟ་རྟོག་མཁར་དུ་མཚན་ཕྱེད་ལ་བྲིས་པའོ།། །། ༄༅། །དུག་རིགས་སྲུང་བའི་མན་ངག་གསེར་གཟུངས་སྙན་བརྒྱུད་མའི་སྒོམ་བཟླས་བཞུགས་སོ། །ཨོཾ་སྭསྟི། དུག་རིགས་ཐམས་ཅད་སྲུང་བའི་མན་ངག་ཁྱད་པར་ཅན་གསེར་གཟུངས་སྙན་བརྒྱུད་མའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ངོ་བོ་བཅོམ་ལྡན་སྨན་པའི་རྒྱལ། །རྣམ་པ་བཅུ་དྲུག་ལོན་པའི་གཞོན་ནུའི་ཚུལ། །ཞབས་གཉིས་བཞེངས་སྟབས་དར་དང་རིན་ཆེན་བརྒྱན། །སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་ཅན། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨ་རུ་ར། །གསེར་མདོག་ལོ་འདབ་དང་བཅས་པུས་སྟེང་བསྣམས། །གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །རྨ་བྱའི་མཇུག་སྒྲོ་ཐུགས་ཀར་འཛིན་པ་ཡིས། །འགྲོ་ཀུན་དུག་ནད་མ་ལུས་སེལ་བར་མཛད། །མཚན་དཔེའི་གཟི་བྱིན་འབར་བའི་ཐུགས་ཀ་ནས། །འོད་འཕྲོས་སངས་རྒྱས་བྱང་སེམས་རྒྱ་མཚོའི་ཚོགས། །སྨན་གྱི་བླ་མའི་རྣམ་པར་སྤྱན་དྲངས་ནས། །རང་ལ་ཐིམ་པས་བདག་རྒྱུད་བྱིན་བརླབ་གྱུར། །ཅེས་བརྗོད་ཅིང་དམིགས་ལ། ཨོཾ་ཀ་ལི་ཀུ་ཀུ་རི་ཧཱཾ་འུཾ་བྷུ་ཛུ་ཝ་ཏི་སེ་ཏནྟ་བྷིས། བྷ་གང་འུཾ་ཨ་ན་བྷིས། པ་རི་ཀཾ་འུཾ་ཨ་བྷིས། གཾ་ལུ་དྷི་བྷིས། ཧ་ར་ཧ་ར་མེ་འུཾ་དྷུ་ཀྵ་སྭཱ་ཧཱ། པྲབྦྷ་ར་བྷིས། ལ་རི་ཀ་རི་ཨ་མྲྀཏ་ཀ་རི། པ་རི་ན་ཧོ། མ་ཧཱ་དྷེ་ཧོ། ནི་ལན་ཀནྟ། ཏོ་ཏོར་ཅཏྟར་བྷིས། ན་དྷི་བྷིས།་་་འདིའི་ཀླད་སྐོར་ཐམས་ཅད་ང་ཁོ་ནར་འབོད། བཅད་མཚམས་མ་ནོར་བར་བྱས་ལ་བཀླག་གོ །མཆན། ཞེས་ཅི་ནུས་ངག་བཅད་བྱས་ལ་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་གྲོལ་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་ནི། །རྟག་ཏུ་འབྱུང་བ་མེད་པར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་བྱ། དེའང་ཐོག་མར་བཀྲ་ཤིས་ཤིང་དབེན་པའི་གནས་སུ་རྒྱལ་ཕུར་འཛོམ་པ་ནས་གཟུང་སྟེ། ཁྱི་དང་ཞིམ་བུ་བུད་མེད་སོགས་ཀྱི་འགྲུལ་འགྲིམ་སྤངས་ལ། མཚམས་དམ་པར་བཅད་དེ་ཞག་བདུན་དུ་སྔགས་འབུམ་ཕྲག་གཅིག་བཟླ། བཟླས་པའི་སྐབས་སུ་མཚེར་པ། ལྕེ་རྩེ། སྒོ་ང་། སྒོག་པའི་རིགས་མི་ཟ། ཡུགས་ས་མ་ལ་མི་རེག །དེ་ལྟ་བུའི་བསྙེན་པ་སྔོན་དུ་སོང་ནས་རྒྱུན་དུ་ཞོགས་པ་ལྟོ་སྟོང་གི་སྐབས་སུ་སྔགས་བརྒྱ་རྩ་རེའམ་ཉེར་གཅིག་མ་ཆག་པར་བཟླས་པས་སྦྱར་དུག་གཙོ་བོར་གྱུར་པའི་བརྟན་གཡོའི་དུག་རིགས་ཐམས་ཅད་སྲུང་བ་ལ་མཆོག་ཏུ་བསྔགས་ཤིང་། བསྙེན་པ་མ་གྲུབ་ཀྱང་རྒྱུན་ཁྱེར་མ་ཆག་པ་ཁོ་ནས་ཀྱང་དུག་རིགས་ཐམས་ཅད་སྲུང་བར་མྱོང་བས་གྲུབ་པ་ཡིན་གསུངས། གཞན་སྲུང་ན། མཐིང་ཤོག་གམ། དར་སྔོན་པོའམ། ཤོག་བུ་གང་རུང་ལ་གསེར་རམ་མཚལ་ལམ། རྒྱ་སྣག་གིས་སྔགས་རྣམས་ཚེག་མེད་དབུ་ཅན་དུ་དག་པར་ཕྲེང་གཅིག་བྱས་ལ་བྲི། རྨ་བྱའི་མདོངས་ཀྱི་གཞོབ། སྲུབ་ཀའི་འབྲུ། ཡུང་བ། འགྲོན་ཐལ་རྣམས་བྲི་རྫས་ལ་བསྲེ། གཟུགས་མོ་བྱི་ཐུར་ལ་གཤམ་ནས་དྲིལ། དར་སྐུད་དམར་པོས་བཅིང་། དར་སྔོན་པོ་དང་། སེར་པོས་རིམ་པར་གཏུམ་པའི་ཕྱི་ནས་གཡོགས་གང་རུང་གིས་གཡོགས། ཡིག་མགོ་གྱེན་དུ་བསྟན། ཟས་ཟ་བ་དང་། གཏམ་སྨྲ་བའི་ཚེ་སྲུང་བ་འགུལ་བ་ཙམ་གྱིས་དམ་ལྷོད་བྱས་ནས་མགུལ་དུ་གདགས་པར་བྱའོ། །གཞན་ཡང་གསོ་ཐབས་ཐུན་མོང་དང་ཁྱད་པར་བ་སོགས་ཀྱི་དབང་ཟུར་མཁར་བ་དྷརྨ་སྭ་མིའི་གསུང་དང་བླ་མའི་ཕྱག་ལེན་ལྟར་ཤེས་པར་བྱའོ། །ཞེས་པའང་མཁས་དབང་དྷརྨ་ཀཱིརྟི་ལས་ཚུལ་འདིའི་གདམས་པ་ཐོབ་པ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ་ (Volume 33, Text 24)

༄༅། །བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་བཅུའི་མཆོད་གསོལ་བསྡུས་པ་བཞུགས་སོ། ། དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་ཀ་ནི། དྲག་སྔགས་སོ་ལྔ་པའི་མཇུག་ཏུ། བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ༔ ཤ་ཏྲཱུན་ཧུར་ཐུམས་ཛ་མཱ་ར་ཡ་རྦད། མ་ཧཱ་དེ་ཝ་ཨེ། ཨུ་མ་དེ་ཝཱི་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛཱ་ཏི་ཏྲག །དུ་ཁྲག་དུ། དུནྟིང་དུ། རཱ་ཙ་ཙ། གིང་ཀ་ར་ཏྲི། བཛྲ་སཱ་དྷུ་ཏྲི། རཱ་ཧུ་ལ་རཱ། རཀྴ་ར། རཀྨོ་ར། ཡཀྴ་ཀྵ། ཡཀྨོ་ཀྵ། མ་ཧཱ་ཀཱ་ལ་ཀྵིཾ། རུ་དྲ་རྣྲྀ། མུན་མུན་པ། ཏིརྟི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིྑསྣ་འདྲེ་རུཾ་ཙམ། ཨ་བི་ཤུ་ཀྵུ། ཏྲི་པ་ཤ་ལ་ཏྲི། ཧཾ་ཤཾ་ཏྲི། བི་ནཱ་ཡ་ཀ་ཨུ། ཌཱ་ཀི་ནཱི་མཾ། ནཱ་ག་རཱ་ཛ་ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཕུ། སརྦ་དུཥྚཱན་ཧྲིཾ་ཧྲིཾ་ཛཿཛཿས་སྤྱན་དྲང་། ཨོཾ་ཨཱཿཧཱུྃ་གིས་རི་རབ་འདོད་ཡོན་སྣ་ཚོགས་སུ་བསམ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ༔ དབང་ཕྱུག་ཆེ་སོགས་ལྷ་སྲིན་སྡེ་བརྒྱད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་ཡོན་རྒྱན་གྱིས་བརྒྱན་པའི་གཏོར་མ་དང༔ ལས་ངན་ཉམས་པ་བསྒྲལ་པའི་རཀྟ་དང༔ དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་ཚོགས༔ དྲེགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ༔ དགྲ་བོ་གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་མཆོད་པའི་དམ་རྫས་ནི༔ དཀར་དམར་ལ་སོགས་ཁ་དོག་བྱེ་བྲག་རྣམས༔ ལྷ་སྲིན་སྡེ་བརྒྱད་སྐུ་ལ་མཆོད་པར་འབུལ༔ སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་རྣམས༔ ལྷ་སྲིན་སྡེ་བརྒྱད་གསུང་ལ་མཆོད་པར་འབུལ༔ ཙིཏྟ་སྨུག་པོ་རྫ་ལྟར་སྤུངས་པ་ཡང༔ ལྷ་སྲིན་སྡེ་བརྒྱད་ཐུགས་ལ་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཀྱི་མཆོད་པ་འདི་བཞེས་ལ༔ སྒྲོལ་གིང་ཕོ་མོས་ལས་རྣམས་སྒྲུབ་པར་མཛོད༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཤ་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཤ་ནི་ཟན་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཁྲག་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཁྲག་ནི་ཆང་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་རུས་ལ་སྤྱོན༔ དམ་ཉམས་དགྲ་བོའི་རུས་ནི་མར་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་དུག་གསུམ་མཆོད་པར་འབུལ༔ དུག་གསུམ་བཞེས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ ཨོཾ་མ་ཧཱ་དེ་ཝ་ཨེ། ཨུ་མ་དེ་ཝཱི་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛཱ་ཏི་ཏྲག །དུ་ཁྲག་དུ། དུནྟིང་དུ། རཱ་ཙ་ཙ། གིང་ཀ་ར་ཏྲི། བཛྲ་སཱ་དྷུ་ཏྲི། རཱ་ཧུ་ལ་རཱ། རཀྴ་ར། རཀྨོ་ར། ཡཀྴ་ཀྵ། ཡཀྨོ་ཀྵ། མ་ཧཱ་ཀཱ་ལ་ཀྵིཾ། རུ་དྲ་རྣྲྀ། མུན་མུན་པ། ཏིརྟི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིྑསྣ་འདྲེ་རུཾ་ཙམ། ཨ་བི་ཤུ་ཀྵུ། ཏྲི་པ་ཤ་ལ་ཏྲི། ཧཾ་ཤཾ་ཏྲི། བི་ནཱ་ཡ་ཀ་ཨུ། ཌཱ་ཀི་ནཱི་མཾ། ནཱ་ག་རཱ་ཛ་ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཕུ། སརྦ་དུཥྚཱན་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལན་གསུམ་གྱི་རྗེས་སུ། ཨོཾ་ཨཱཿཧཱུྃ་ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས༔ དམ་ལས་མ་འདའ་ས་མ་ཡ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ དབང་ཕྱུག་མ་ཧཱ་དེ་ཝ་དང༔ བཙུན་མོ་ཨུ་མ་དེ་ཝཱི་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ འཆི་བདག་ཡ་མ་རཱ་ཙ་དང༔ སྐྱེ་འགྲོའི་སྲོག་གི་བདག་མོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ མ་མོ་སྲིད་པའི་རྒྱལ་མོ་དང༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ བདུད་པོ་ཀོས་རྗེ་བྲང་དཀར་དང༔ བདུད་མོ་ནག་མོ་རེ་ཏཱི་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ རྒྱལ་པོ་ཆེན་པོ་བེ་ཀར་དང༔ སྲོག་བདག་ཚངས་པ་དཀར་སེར་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་དང༔ བཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ སྲིན་པོ་ནག་པོ་གློག་ཕྲེང་དང༔ སྲིན་མོ་སྦལ་མགོ་ཁྲག་མིག་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ གནོད་སྦྱིན་ཡཀྴ་མེ་དབལ་དང༔ གནོད་སྦྱིན་མོན་མོ་ནག་མོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ དམུ་བདུད་ནག་པོ་བཀྲག་མེད་དང༔ མུ་སྟེགས་གུ་ལང་ནག་པོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ གཟའ་བདུད་མུན་པ་ཀེ་ཏུ་དང༔ ཀླུ་བདུད་ཀ་ལ་ཡཀྴ་བཅས། འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ སྲིད་པའི་ལྷ་རབས་ཤམ་པོ་དང༔ གནམ་སྨན་ཐོག་གི་བུ་ཡུག་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ མ་སངས་གཡའ་སྤང་སྐྱེས་གཅིག་དང༔ བྲག་བཙན་སྲོག་ཟན་དམར་པོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ སྲོག་བདག་གནམ་ཐེའུ་དཀར་པོ་དང༔ བཙན་འགོང་ཡམ་ཤུད་དམར་པོ་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ བགེགས་རྒྱལ་བི་ནཱ་ཡ་ཀ་དང༔ དཔལ་ལྡན་ནག་མོ་མགྱོགས་བྱེད་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ ཀླུ་བདུད་ནག་པོ་མགོ་དགུ་དང༔ ཀླུ་མོ་ནག་མོ་གདུག་བྱེད་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་ཕྱུངས་པའོ།། །།

རྡོ་རྗེ་ཚེའི་སྐོར་ལས། ཚེ་སྒྲུབ་ཀྱི་བྱིན་འབེབ་ (Volume 20, Text 24)

རྡོ་རྗེ་ཚེའི་སྐོོར་ལས། ཚེ་སྒྲུབ་ཀྱི་བྱིན་འབེབ་བཞུགས་སོ། །ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་པ་དང༔ ཡུམ་ཆེན་ན་བཟའ་དཀར་མོ་ཡིས༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབ༔ རི་བོ་ཏ་ལའི་ཕོ་བྲང་ན༔ འཕགས་པ་ཐུགས་རྗེ་ཆེན་པོ་དང༔ ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིས༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབ༔ བྲག་ཕུག་མཱ་ར་ཏཱི་ཀ་རུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབ༔ གཡའ་མ་ལུང་གི་དབེན་གནས་སུ༔ འཆི་མེད་པདྨ་འབྱུང་གནས་དང༔ བདེ་ཆེན་རྒྱ་མཚོ་གཉིས་མེད་ཀྱིས༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ སྐད་གཉིས་སྨྲ་བའི་རིག་ལྡན་དང༔ བདེ་བའི་དཔལ་མོ་གཉིས་མེད་ཀྱིས༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱིས་ཚེ་དབང་བྱིན་ཆེན་ཕོབ༔ སྔོན་ཚེ་ཚེ་ཡི་ཁུངས་རེ་བཟང༔ ད་ནི་ཚེ་ཡི་དཔལ་རེ་འདུས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བཛྲ་གྷུ་རུ་པདྨ་སིདྡྷི་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཧཱུྃ་ཛ་ཛ༔

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ་ (Volume 30, Text 24)

༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། འདིར་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན་བདུད་རྩི་ཡོན་ཏན་གྱི་རྒྱུད་ལུང་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་ཐབས་རྩ་གསུམ་སོ་སོ་ལ་སྦྱོར་བའི་ཚུལ་མང་དུ་འབྱུང་བ་ལས། གཙོ་བོ་བཀའ་བརྒྱད་རྣམ་པ་གསུམ་གྱི་དགོངས་པ་གུང་མཐུན་ཨོ་རྒྱན་གཏེར་བདག་གླིང་པས་མཛད་པའི་གསང་ཆེན་མཆོག་གི་མྱུར་ལམ་གྱི་ཕྱག་ལེན་ལེགས་པར་ཤེས་ན་ཐམས་ཅད་ཀྱི་སྤྱི་ཁོག་ཁྲོལ་བར་འགྱུར་བས། དེ་ཉིད་གཞིར་བྱས་པའི་གསལ་བྱེད་ཟིན་བྲིས་ཅུང་ཟད་འབྲི་བ་ལ་གཉིས། རྣམ་གཞག་མདོ་ཙམ་བསྟན་པ་དང་། ཉེར་མཁོའི་ལག་ལེན་དང་དམིགས་རིམ་སོགས་ཀྱི་གསལ་བྱེད་དོ། །དང་པོ་ནི། མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ཐམས་ཅད་བདུད་རྩིའི་སྒྲུབ་ཆེན་བཤད། །བདུད་རྩིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་དགོས་པའི་ཆེད། །ཐབས་དངོས་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། དགོས་ཆེད། ཐབས་དངོས། འབྲས་བུ་འཐོབ་ཚུལ་རྣམས་ལས། དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་། གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་བསྩལ་ཏོ། །ཞེས་དང་། མྱང་གཏེར་བདུད་རྩིའི་མན་ངག་ལས། དང་པོ་བདུད་རྩིའི་ངོ་བོ་ནི༔ རང་བྱུང་གདོད་ནས་རྣམ་པར་དག་པའོ༔ ཞེས་གསུངས། དེ་ལྟར་སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་། རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་ཐོག་མ་ཉིད་ནས་རྣམ་པར་དག་པས། དེའི་ཕྱིར་ན། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས། གཉིས་པ་ངེས་ཚིག་ནི། རྣམ་རྟོག་གི་བདུད་རིག་པ་ཡེ་ཤེས་སུ་རྒྱས་འདེབས་པའི་རྩི་ཡིན་པས་ན་བདུད་རྩི་སྟེ། བདུད་རྩིའི་མན་ངག་ལས། མ་རིག་རྣམ་རྟོག་འཁྲུལ་པའི་བདུད་ལ༔ རིག་པ་ཡེ་ཤེས་ཀྱི་རྩི་བརྡ་དོན་གྱིས་འདེབས་པའོ༔ ཞེས་པ་དང་། བདུད་ནི་བདག་འཛིན་རྟོག་ཚོགས་བཅས༔ རྩི་ནི་རང་རིག་མཉམ་པ་ཉིད༔ ཅེས་གསུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་རྟགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར༔ ཞེས་གསུངས། གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང༔ མཚོན་བྱེད་རྟགས་ཀྱི་བདུད་རྩི་འོ༔ ཞེས་གསུངས་ཤིང་། ཆོས་བདུད་རྩི། དོན་བདུད་རྩི། རྟགས་བདུད་རྩི། རྫས་བདུད་རྩི། སྨན་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་ན་དུ་མར་ཡོད། བཞི་པ་མཐུན་དཔེ་ནི། དེ་ཉིད་ལས། ལྷའི་བདུད་རྩིས་དུག་རྣམས་འཇོམས་པའི་བདུད་རྩི་བྱེད༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བ་བཞིན་དུ་འདི་ཡང་དུག་ལྔ་འཇོམས་ཤིང༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བའོ༔ ཞེས་གསུངས། ལྔ་པ་དགོས་ཆེད་ནི། དེ་ཉིད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཡོན་ཏན་ཕུན་ཚོགས་ཐོབ་ཅིང༔ ལྷ་དང་ཆོས་སྐྱོང་མཉེས་པར་བྱེད་པའོ༔ ཞེས་གསུངས། དྲུག་པ་ཐབས་དངོས་ནི། སྒྲུབ་གཞི་ཁྲོལ་བུ་དང་ཕྱེ་མའི་སྨན་འདུ་བྱ་བ། སྒྲུབ་ཆོས་སྤྱོད་པ་དང་བྱིན་གྱིས་རློབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒོམ་བཟླས། བསྒྲུབས་པའི་འབྲས་བུ་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་བ། དེ་རྣམས་ཀྱང་སྒྲུབ་པའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་སྟེ། གཞུང་རྩ་བར་རྒྱ་ཆེར་གསུངས་པ་ལྟར་རོ། །བདུན་པ་འབྲས་བུ་ཐོབ་ཚུལ་ནི། རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། །ཞེས་དང་། ཨོ་རྒྱན་ཆེན་པོས། བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །སྒྲུབ་པ་པོ་འམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལ། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །བཅངས་པས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོད། །བྱུགས་པས་ནད་གདོན་མ་ལུས་འཇོམས། །ཞེས་དང་། འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་མཚུངས་ཏེ། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཡུལ་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་དུ་བསྒྲུབས་པའི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །འདི་ཟོས་ཚེ་ཡི་དུས་བྱུང་ཡང་། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་གསུངས་སོ། །གཉིས་པ་ཉེར་མཁོའི་ཟིན་བྲིས་ལ་དང་པོ་ལག་ལེན་གྱི་གསལ་བྱེད་ནི། ར་སཱ་ཡཱ་ནའི་སྒྲུབ་རྫས་ཀྱི་གཙོ་བོ་ནི་བདུད་རྩི་ལྔ་སྟེ་དེ་ལ་གཞུང་ཆེན་རྣམས་ནས་རེ་རེ་ལའང་སྦས་པ་ནང་གི་རྩ་བ་བཞི། མངོན་པ་ཕྱིའི་རྩ་བ་བཞི། །སྐྱོབས་ལྔ་སོགས་རྒྱས་པར་གསུངས་ཀྱང་དེང་སང་ཚུལ་ལྡན་འབྱུང་དཀའ་བས། བདུད་རྩི་ལྔ་དང་ཤ་ལྔ་ནི་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་སེལ་མེད་ལ་ཕབས་རྒྱུན་འདྲེས་པས་ཆོག་པར་མཛད་ཅིང་ད་ལྟ་ནི་གསར་དུ་གཏེར་ནས་བྱོན་པ་ཚད་ལྡན་ཡང་བཞུགས་བཞིན་པས་དེ་ཀ་ལ་གཞིར་བྱེད། སྨན་རྩ་བ་བརྒྱད་ལ་ནང་གསེས་དབྱེ་བ་བརྒྱད་ཚན་ལྔ་སོགས་གསུངས་པ་ལས་སྨན་གྱི་དབང་དུ་བྱས་པ། ཙན་དན་སྨུག་པོ། མཱུ་ལ་པ་ཏི། ལི་ཤི །གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ཕྱིའི་རྩ་བ་བརྒྱད་དེ། དེ་ལ་མཱུ་ལ་པ་ཏི་གཏེར་ཆེན་གྱིས་མ་ནུ་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་པུཥྐར་མཱུ་ལ་སྟེ་ཁམས་ཀྱི་རུ་རྟ་ལ་ངོས་བཟུང་། གནྡྷ་བྷ་དྲ་དྲི་བཟང་སྤྱི་མིང་ལ་འཇུག་ཀྱང་དགོངས་འདུས་ལས་ཙན་དན་ལོ་མར་གསུངས་པ་ལྟར་འདིར་རྒྱ་ཤུག་ལོ་མ་ལ་བཞེད། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དུ་གསུངས་པའི་ནང་ཚན་ཡོན་ཏན་ལྔ་ནི། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར། སྡུད་པ་ལྔ་ནི། བཞི་མཉམ། ག་བུར། གུར་གུམ། ཛཱ་ཏི། ཙནྡན་དཀར་པོ། དུལ་བ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུཥྐ། ལི་ག་དུར། དབང་ལག །སུག་སྨེལ་ཏེ་དེ་རྣམས་ནི་རྩ་བ་བརྒྱད་ཀྱི་སྨན་དུ་སྦྱར་བར་བྱ་བ་ཡིན་ལ། འདིར་བཞི་མཉམ་ནི་དྲི་ཆེན་ཏེ། དེ་ཡང་སྡོམ་འབྱུང་ལས། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་བཟུང་། །ཞེས་འོ་མ་སོགས་ཁ་ཟས་བཟང་པོས་བསྐྱེད་པའི་དྲི་ཆེན་ཉིད་བདུད་རྩི་མར་ཁུར་བསྒྲུབ་པའི་ཚུལ་ནི་འོག་ཏུ་ཆུ་ཡུར་ལ་དྲངས་པའི་ཡུར་སོར་ཟམ་བཀལ་བའི་ཁར་སྒྱེད་པུ་བཙུགས་ཏེ་མེ་བཏང་། དེའི་ཁར་རྫ་མ་སྐྱོན་མེད་གཙང་མ་བཀབ། དེའི་ཁར་རྫ་མ་མཐིལ་ཁྲོལ་ཚགས་ལྟར་བུག་པ་ཆུང་ངུ་མང་པོ་ཕུག་པ་བཞག །དེའི་ནང་དུ་དྲི་ཆེན་མ་རུལ་བ་འབྱོངས་ཙམ་བླུགས། ཁ་དང་རྫ་མ་གཉིས་ཀྱི་བར་མཚམས་སུ་རླུང་མི་འཆོར་བ་བཀག་པས། ཇི་ཞིག་ན་སྟོད་ཀྱི་ཟིལ་པ་མཐིལ་དུ་འཛག་ནས་ཁུ་བ་འཁྱིལ་བ་ལ་ཨ་རག་ལྟ་བུ་འབྱུང་བས་དེར་བྱ་ལ། དེ་ཙམ་མ་གྲུབ་ཀྱང་དམ་ཚིག་མ་ཉམས་ཤིང་རིམས་དང་དུག་སོགས་ནད་གཞི་ངན་པ་ཅན་མ་ཡིན་པའི་ལང་ཚོ་དར་བའི་དྲི་ཆེན་ནམ། རྟོག་པ་ཆེ་ན་སྐྱེས་ཆེན་དམ་པའི་གསང་ཆེན་རིགས་ལས་ཕལ་པ་མི་གཏང་བ་སྐབས་འདི་དང་གཞན་དུའང་མཚོན་ཅིང་། ཕབས་གཏའ་ལ་ཡོད་པས་ཀྱང་དོན་ཚང་བྱའོ། །དུལ་བ་ལྔའི་ནང་ཚན། དུ་རུཥྐ་དངོས་ནི་ཟུར་པ་ཡིན་ཡང་། ཨ་གར་ནག་པོའི་རྩ་བ་དྲི་གཞན་ལས་བཟང་བ་དེས་ཚབ་རུང་དུ་མཛད། རྩ་བ་བརྒྱད་ལས་གྱེས་པའི་ཡན་ལག་སྟོང་ནི། སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་བོད་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམས་བསགས། གནས་སྐབས་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤང་བྱར་བཤད་པ་ལྟར་སྦྱོར་བར་མི་བྱ། སྨན་གང་ཡང་རྒྱུད་དང་ཁུངས་དག་ལ་མ་རུལ་བ་དང་དྲི་རོ་མ་ཉམས་པ་གལ་ཆེ་བས་གང་བྱུང་ཅི་རྙེད་མི་བྱ། ཁུངས་དག་པའི་རྟེན་འབྲེལ་དུ་གཟའ་ཚེས་བཟང་པོ་ལ་རྒྱ་བལ་གྱི་སྨན་རྣམས་དེའི་ཚོང་པའི་ཆ་ལུགས་ཅན་གྱིས་སྨན་རྣམས་རས་དཀར་གྱི་ཁུག་མར་ཁྱེར་ལ་སྦྱིན་བདག་གིས་གསེར་དངུལ་གྱི་རིན་སྤྲད་ནས་ཉོ་ཚོང་བྱེད་པའི་ཚུལ་བྱ་བར་གསུངས་པ་དང་། བོད་སྨན་རྣམས་ཀྱང་མེ་ཏོག་སོགས་དཔྱིད་སོས། རྩ་བ་འབྲས་བུ་རྣམས་སྟོན་དུས་ཉར་ཚགས་དགོས་པ་གཞིར་བྱས། རྒྱུད་ལས་དཔྱིད་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་དམིགས་སུ་གསུངས་ཤིང་། སྐབས་དེར་ཁྱེའུ་གཙང་མས་ཁྲུས་དང་ལྷ་ལ་ཕྱག་བྱས་ནས་ཚོལ་དགོས་པར་གསུང་། རིན་པོ་ཆེ་མང་དུ་བཏང་ན་གསོ་རིག་གི་གཞུང་ལས་བཤད་པ་ལྟར་གཡའ་ཕྱི་དུག་འདོན་ཚད་ལྡན་ཐོན་ན་ཤིན་ཏུ་ལེགས། མདོར་བསྡུས་པད་རཱག་ནལ་སོགས་ཤེལ་རིགས་དང་གཡུ་མུ་མེན་མུ་ཏིག་སོགས་མི་བཞུ་བའི་ཁམས་རྣམས་ཐོག་མར་ཧྲོབ་ཙམ་བརྡུངས་ཏེ་རས་ནང་བཏུམས། དེ་རྣམས་དང་ལྗིད་མཉམ་པའི་ཟེ་ཚྭ། རེ་རལ། གངྒཱ་ཆུང་། གླ་རྩི། ཚྭ་ལ་བཏུལ་མ། ཨ་རུ་ར། འགྲོན་ཐལ། སྟར་བུ་བཅས་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུའམ། དགེ་སློང་གཙང་མའི་ཆུ་ལ་བཏབ་སྟེ་ལན་གཅིག་བཙོ། དེ་རྗེས་ཆུ་གཙང་ལ་བཙོ། དེ་ནས་ཆང་བཟང་པོ་ལ་བཙོ། དེ་ནས་ཆུ་གཙང་གིས་ཡང་ཡང་བཀྲུ་བཤལ་བྱ། བཞུ་བའི་ཁམས་གསེར་དངུལ་ཟངས་ལྕགས་རྣམས་སིར་པོ་ལྟ་བུའི་སྐྱུར་ནང་དུ་བཏབ་ནས་གཡའ་ཡང་ཡང་བཅད། དེ་ནས་ཆུ་ཚན་དུ་བཙོས་པའི་ཆུ་ཕྱིར་ཕོ། ཆུ་གྲང་གིས་བཤལ་བ་མང་དུ་བྱ། ཤ་སྣ་མང་དུ་བཏང་ནའང་གསོ་རིག་གི་ལག་ལེན་ལྟར་དུག་འདོན་ངར་འདོགས་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་མི་འགྲུབ་ན་བཀྲུ་བཤལ་ལེགས་པར་བྱ། ཤ་སྣ་སོགས་མ་འཛོམས་ན་བཏང་སྙོམས་ནི་མི་རུང་སྟེ་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མའམ་སྤར་བཏབ་པ་མང་དུ་འཆོས། ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་བཏབ་པའི་མཐར་དེ་དག་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱར་བ་གསང་འདུས་ལས་བཤད་པ་ཙམ་མ་ཆད་པ་གལ་ཆེ། སྨན་གྱི་སྦྱར་ཚད་གཞུང་འདིའི་དཀྱུས་སུ་བསྟན་པ་ལས་ལྷག་མ་དགོས་ཀྱང་ཁམས་ཕྱོགས་ལྟ་བུར་སྨན་དཀོན་ཅིང་འབྱོར་པ་དམན་ལ་བུངས་མང་འདོད་པ་རྣམས་ཀྱིས། གཙོ་བོ་ཨ་རུ་ར་ལ་གཞི་བྱེད། བ་རུ་སྐྱུ་རུ་གཉིས་ཧ་ཅང་མང་ན་རོ་ལ་གནོད་པས་དེའི་ཕྱེད་ཆ་ཙམ། བཟང་དྲུག །ཙནྡན་དཀར་དམར། ཨ་གར་རིགས་སོགས་དྲི་རོ་བཟང་པོའི་རིགས་མང་ནའང་སྐྱོན་མི་བསྐྱེད། སྔོ་སྨན་རིགས་མང་ན་མི་ལེགས་པ་དང་། ཚྭ་སྣ། རྡོ་སྨན་རིགས་འདྲེས་ཙམ་ལས་མང་པོ་མི་གཏང་། བུངས་སྐྱེད་དུ་རུ་རྟ་དང་། སེའུ་འབྲུའི་རྩམ་པ། རམ་བུའི་རྩ་བ་རྣམས་ཅུང་མང་ཙམ་བཏང་ན་ཧ་ཅང་སྐྱོན་དུ་མི་འགྱུར་ཞིང་སྟོན་དུས་ཀྱི་གྲོ་མའི་ཕྱེ་མའང་ཕྲན་བུ་བསྲེ་བཏུབ། སྤྱིར་སྨན་ཁ་དོག་དཀར་བ། སེར་བ། དམར་སེར་རྣམས་དང་། རོ་མངར་བ་སྐ་བ་ཅུང་ཟད་སྐྱུར་བ། དྲི་ངད་སྡུག་ཅིང་བཟང་བ་རྣམས་དཔུང་བསྐྱེད་དུ་རུང་། དེ་ལས་ལྡོག་པའི་ཁ་དོག་སྔོ་ལྗང་ནག་པོ་དམར་སྨུག་སོགས་དང་། ཤིང་ཚྭ་ལྟ་བུ་དྲི་ངད་ཆེ་ཞིང་མི་ཞིམ་པ་དང་། ཁམས་ལ་ཕོག་པའི་དྲི་མ་དུག་ཅན། རོ་ཧ་ཅང་ཚ་བ་ཁ་བ་སྐྱུར་བ་ལན་ཚྭ་བ་རྣམས་ཉུང་ངུ་ལས་མང་དུ་མི་གཏང་། གླ་རྩིའང་དྲི་ཐོན་ཙམ་གྱིས་ཆོག །སྨན་མང་བར་འདོད་ཅིང་རྒྱུ་ཚོགས་མ་འབྱོར་ན་འབྲས་ཆུ་ལ་བཀྲུས་པའི་རྩམ་པའམ་ཞིབ་ཆེན་དར་ཚགས་ལ་དྲངས་པ་ཨ་རུ་དང་བུང་མཉམ་ཙམ་བཏང་སྲོལ་སྣང་ཡང་སྨན་འབྱོར་ན་དེའང་དགོས་པ་ཆུང་། སྦྱར་ཟིན་པའི་ཁ་དོག་སེར་པོ་ལ་དམར་མདངས་ཆགས་པའི་སྣུམ་བག་ཅན་ན་གི་དང་བཟང་དྲུག་སོགས་ཀྱི་དྲི་གཙོ་བོར་བསྣམ་ཞིང་ཨ་རུ་གསེར་མདོག་ཆང་དང་བསྲེས་པ་ལྟ་བུའི་རོ་བྲོ་བ་དགོས། ཕྱག་ལེན་ཕལ་ཆེར་ལ་ཆོས་སྨན་སྨུག་པོ་བྱེད་པ་ལྟར་ན་ཐོག་མ་ནས་དམར་པོ་དང་སྨུག་པོའི་རིགས་མང་ཆོག །སྨན་དེ་ཐམས་ཅད་ཀྱང་ཁྲོལ་སྒྲུབ་སྐབས་ཕྱོགས་བཞི་དབུས་ལྔའི་རིགས་སོ་སོར་ཕྱེ་ནས་བཞག་དགོས་པས་འདིའི་གཞུང་གསལ་ལྟར་རིགས་དང་དྲི་རོ་ཁ་དོག་སོགས་སོ་སོར་ཕྱེ། དེའང་བཏག་བཙག་ཉིན་མང་པོ་ལོངས་ཁོམ་མེད་པས་ཁྲོལ་བུ་སྣེ་ཚང་ཉུང་བསྡུས་རེ་བཞག །སྨན་བྱིངས་སྔ་སོར་ནས་བརྡུངས་ལ་དར་ཚགས་ཤིན་ཏུ་ཞིབ་མོར་བཙགས། འདི་དུས་རྩིང་ཞད་བྱུང་ན་རླན་ཕོག་དུས་རྩྭ་དང་པགས་པ་སོགས་ཟིང་ཟིང་པོར་འགྱུར་བས་ཞིབ་དགོས། སྨན་ཕྱེ་རྣམས་རས་ཁུག་དཀར་སེར་དམར་ལྗང་སྔོན་པོ་ལྔར་བླུགས་ནས་ཕྱོགས་བཞི་དབུས་ལྔའི་ཐོད་པར་བཀོད་པའམ། སྨན་ཕྱེ་ཤིན་ཏུ་མང་ན་དབུས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཐོད་པ་དགུ་པོར་རིགས་དང་ཁ་དོག་སོ་སོར་ཕྱེས་པ་གང་ཤོང་བླུགས། མ་ཤོང་བ་རྣམས་ཀ་ཊོ་ར་ཤིན་ཏུ་ཆེན་པོའི་ནང་དུ་བརྡལ་ནས་དེ་ནང་ཐོད་པ་རྣམས་བཀོད་པའི་ཁར་སྨན་ཁྲོལ་བུ་ཤོག་ཐུམ་བྱས་པ་སོ་སོར་བཞག་ལ་དར་ཕྱོགས་མདོག་གིས་ཁ་འགེབས་པ་ཉིད་ཕྱག་ལེན་བདེ་བར་སྣང་། ཐོད་པ་རྣམས་ཀྱང་གཞུང་བཤད་མི་འབྱོར་ཡང་མི་ཐོད་དུམ་བུ་བཞི་པ་ཕན་ཆད་དང་མདོག་ངན་གྲོག་སྐེད་སོགས་མཚན་ངན་མིན་པའི་ཐོད་པ་བཟང་པོ་ལ་སོ་སོར་ཡིན་པའི་མོས་པས་བྱ། བྱིན་རླབས་ཀྱི་ཕབས་རྒྱུན་ཡང་གཏེར་བྱོན་སེལ་མེད་ཀྱི་དགའ་རབ། ཤྲཱི་སིཾ། ཨོ་རྒྱན་རིན་པོ་ཆེ། རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་རིག་འཛིན་གོང་མ་རྣམས་ཀྱི་དམ་རྫས་ཀྱི་རྒྱུན་ལ་བཞུགས་པ་དང་། དེང་སང་གསར་དུ་བྱོན་པ་རྣམས་གཙོ་བོར་བྱེད་པ་ལས་གསར་རྙིང་གི་བྱིན་རྟེན་གང་རྙེད་བསྲེ་བའི་རྟེན་འདུས་ལྟ་བུ་བྱེད་པ་ནི་དགོས་པ་ཆུང་ངོ་། །འདི་སྐབས་སུ་གལ་ཆེ་བ་དཀྱིལ་འཁོར་སྟེང་ཕུབ་ཚངས་པའི་ཕོ་བྲང་དུ་གྲགས་པ་ལ་སྨིན་ལུགས་སུ་མདོར་བསྡུས་ཀྱི་ཕྱག་ལེན་མཛད་པ་ནི་གཞུང་གསལ་ལྟར་ལ། དགོངས་འདུས་མཁན་པོ་རྣམས་དང་རཏྣའི་ཕྱག་བཞེས་ཀྱི་རྒྱུན་རྙིང་མ་ཕལ་མོ་ཆེའི་ལུགས་སྲོལ་དང་། རོལ་རྡོར་བྲག་གཏེར་ཐེམས་མེད་ལས་ཀྱང་གལ་པོ་ཆེར་བཤད་པ་ལྟར་དེའི་ཆས་སྒྲིག་ཚུལ། གཏེར་གཞུང་མང་པོའི་གནད་ཀྱི་ཞལ་གདམས་མཐུན་པར་འབྱུང་བའི་དོན་རིག་འཛིན་བརྒྱུད་པའི་ཕྱག་རྒྱུན་དུ། སྒྲུབ་ཁང་དཀྱིལ་འཁོར་བཞེངས་པའི་ཡང་ཐོག་ཏུ་ཤིང་རིང་བཙུགས་པའི་རྩེ་མོར་རྔ་མ་དཀར་པོ་འདོགས། དེ་འོག་ཀུ་ཤའི་ཆུན་པོ་གཉིས་རྩེ་སྤྲད་དུ་བཅིངས་པའི་གསེབ་ཏུ་ལྷ་དབང་བརྒྱ་བྱིན་སྐུ་རྒྱབ་བྱང་འདོད་གསོལ་བྲིས་པ་ལ་དམུ་ཐག་དཀར་པོ་བཏགས་པ་སྨན་གྱི་ཕོ་བྲང་དང་སྦྲེལ། དེ་འོག་དཀྱིལ་འཁོར་སྟེང་གི་རྒྱ་མཐོངས་ལྟ་བུར་ཤིང་ཀོ་རུ་ཁ་ཞེས་རྒྱ་གྲམ་རྩེ་སྦྲེལ་གྲུ་བཞིའི་དབྱིབས་སྟེང་འོག་རིམ་པ་བཞི་མཛེས་ཆོས་བང་རིམ་གྱི་རྣམ་པར་བྱས་པའི་དང་པོར་ལྷ་ཆེན་བརྒྱད། གཉིས་པར་རྒྱུ་སྐར་ཉེར་བརྒྱད། གསུམ་པར་རྩི་བཅུད་ལྷ་མོ་བཅུ་དྲུག །བཞི་པར་ཀླུ་ཆེན་བརྒྱད་རྣམས་སྔགས་བྱང་འདོད་གསོལ་བཅས་བཀོད། སྐུ་གཟུགས་རྣམས་ཀྱང་རྒྱས་པར་གྲུབ་ན་ལྡེར་བཟོ་གཙང་མའི་ནང་གཞུག་རང་རང་གི་སྙིང་པོ་དང་འདོད་གསོལ་བཅུག་པ་ལྡིང་ཁྲི་བརྟན་པོར་བཞག །གོང་འོག་གཉིས་ཀྱི་ཟུར་བརྒྱད་ལ་མེ་ལོང་བརྒྱད་ཕྱར། བྲིས་འབུར་གང་ལའང་སོ་སོར་བསྐྱེད་བསྟིམ་ནན་དུ་བྱ་བར་གསུངས་པ་ལྟར་གལ་ཆེ་ཞིང་། རྒྱུ་སྐར་ལ་གཏོར་འབུལ་དམིགས་སུ་སྣང་བའང་ཙཀ་གདུགས་དབུབ་སྐབས་ངེས་པར་དགོས། སྨིན་ལུགས་ཕྱག་རྒྱུན་སྟེང་ཕུབ་རྒྱ་གདུགས་ཀྱི་ཁོངས་སུ་བསྡུ་སྐབས་ཀྱང་བཅས་འདི་རྣམས་ཚང་ན་དགོས་པ་ཆེ་བར་འདུག་པས། གདུགས་ཀྱི་ཡུ་བ་ལ་རྔ་དཀར་ཀུ་ཤ་བརྒྱ་བྱིན་གྱི་སྐུ་རྣམས་བཀོད། ཤམ་བུའི་ཕྱོགས་མཚམས་བརྒྱད་ཀྱི་དང་པོར་ལྷ་ཆེན་བརྒྱད། དེ་འོག་ཕྱོགས་སྐར་དྲུག་རེ་དང་མཚམས་སྐར་རེ་རེ། དེ་འོག་ཕྱོགས་མཚམས་བརྒྱད་ལ་རྩི་བཅུད་ལྷ་མོ་གཉིས་རེ། དེ་འོག་ཀླུ་ཆེན་བརྒྱད་ཀྱི་ཙཀ་ལི་བཀོད་པའམ། འདི་ཉིད་མགྲོན་ཐབས་ཀྱི་ལྷ་ཡིན་སྐབས་གཙོ་འཁོར་གྱི་གོ་རིམ་མི་དགོས་པས་ཤར་ངོས་སུ་ཙཀ་ལི་བཞིའི་དང་པོར་ལྷ་ཆེན་གཉིས། གཉིས་པར་ཤར་སྐར་དྲུག་དང་མཚམས་སྐར་གཅིག །གསུམ་པར་རྩི་བཅུད་ལྷ་མོ་བཞི། བཞི་པར་ཀླུ་ཆེན་གཉིས་བཀོད་པའི་ཙཀ་ལི་འདོགས། ཕྱོགས་གཞན་གསུམ་ལ་གཡས་སྐོར་དུ་དེ་ལྟར་བྱས་པས་སྟབས་བདེ་ལ་དོན་ཚང་བར་འོང་། ཚངས་པ་བྲི་ཚུལ་གཞུང་ཕལ་ཆེར་ནས་མི་འབྱུང་ཡང་སྨན་སྲུང་མགྲོན་གྱི་གཙོ་བོ་ཡིན་པ་མ་ཟད་ཚངས་པའི་ཕོ་བྲང་ཞེས་པའི་མིང་དོན་དང་འབྲེལ་པ་ལྟར་ན། བཟང་ཤིང་གི་བྱང་བུའི་སྟོད་ལ། ཚངས་པ་གདོང་བཞི་གསེར་མདོག་འཁོར་ལོ་འཛིན་ཅིང་ངང་པ་ལ་གནས་པ། སྨད་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་སྒྲེང་ཞིང་རྒྱལ་པོ་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ་བྲི། རྒྱབ་ངོས་སུ། འཇིག་རྟེན་མེས་པོ་ཚངས་པ་དང་ལྷའི་དབང་པོ་བརྒྱ་སྦྱིན་གྱིས་བདག་ཅག་འཁོར་དང་བཅས་པ་ལ་བདུད་རྩི་སྨན་གྱི་དངོས་གྲུབ་སོགས་འདོད་དོན་མ་ལུས་པ་བསྩལ་དུ་གསོལ༔ ཞེས་བྲི། ལྷ་བརྒྱད་ནི། ཤར་དུ་དབང་ཕྱུག་ནག་པོ། བརྒྱ་བྱིན་དཀར་པོ། ལྷོར་ཚངས་པ་སེར་པོ། ཁྱབ་འཇུག་ལྗང་གུ །ནུབ་ཏུ་ཚོགས་བདག་དཀར་པོ། བྷྲིང་གི་རི་སེར་པོ། བྱང་དུ་འདོད་ལྷ་དམར་པོ། གཞོན་ནུ་གདོང་དྲུག་ལྗང་གུ་སྟེ། ཕྱག་གཡས་ཐམས་ཅད་བཀྲ་ཤིས་རྫས་བརྒྱད། གཡོན་རྣམས་བདུད་རྩིའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། རོལ་སྟབས་ཀྱིས་པདྨ་ལ་གནས་པའི་རྒྱབ་ཏུ་སྲོག་ཡིག་རིམ་བཞིན། ཨཱིཾ། ཤཾ །བྲཾ། བིཾ། གཾ །བྷྲིཾ། ཀཱཾ །ཀཾ་རྣམས་དང་། ཨཱཿརེ་རེ་བརྩེགས་མར་བྲི། རྒྱུ་སྐར་ཉེར་བརྒྱད་ཀྱི་ཤར་སྐར་བདུན་ནི་ཤར་སྟོད་ནས་གཡས་སྐོར་དུ། སྨིན་དྲུག་ལྗང་གུ་བུམ་པའི་ཁྲི། །སྣར་མ་དམར་སྐྱ་བ་དཀར་ཁྲི། །མགོ་ནི་ནག་པོ་ཤ་བའི་ཁྲི། །ལག་ནི་སེར་པོ་སྦྲུལ་ལ་ཞོན། ནབས་སོ་སེར་པོ་པད་མའི་གདན། །རྒྱལ་ནི་ལྗང་གུ་བུམ་པའི་ཁྲི། །སྐག་ནི་དཀར་པོ་བྱ་རོག་ཁྲི། །ལྷོར། མཆུ་ནི་སེར་པོ་པདྨའི་དབུས། །བྲེ་ནི་ལྗང་སེར་པདྨའི་གདན། །དབོ་ནི་ལྗང་ཁུ་རིན་ཆེན་ཁྲི། །མེ་བཞི་དཀར་པོ་གླང་པོ་ཞོན། །ནག་པ་ལྗང་གུ་རྨ་བྱའི་ཁྲི། །ས་རི་སེར་པོ་སྤྱང་མོ་ཞོན། །ས་ག་ནག་པོ་ར་དཀར་ཁྲི། །ནུབ་ཏུ། ལྷ་མཚམས་ལྗང་གུ་བྱ་རོག་ཞོན། །སྣྲོན་ནི་སེར་པོ་འབོལ་སྟན་ཁྲི། །སྣྲུབ་ནི་སེར་པོ་རུས་སྦལ་ཞོན། །ཆུ་སྟོད་ནག་པོ་ཟབ་འབོལ་གདན། །ཆུ་སྨད་དཀར་པོ་ཙིཏྟ་ཞོན། །བྱི་བཞིན་ལྗང་གུ་འབོལ་གྱི་གདན། །གྲོ་བཞིན་སེར་མོ་ཁྲི་ལ་བཞུགས། །བྱང་དུ། མོན་གྲེ་ནག་པོ་གླང་དཀར་ཁྲི། །མོན་གྲུ་སེར་པོ་དར་སྟན་ཏེ། ཁྲུམས་སྟོད་ལྗང་གུ་གསེར་གྱི་གདན། ཁྲུམས་སྨད་སེར་པོ་ཁྲིའུའི་གདན། །ནམ་གྲུ་དཀར་སེར་རྟ་ལ་ཞོན། །ཐ་སྐར་དཀར་པོ་མི་ལ་ཞོན། །བྲ་ཉེ་ལྗང་གུ་འཁོར་ལོ་ཞོན་པ་ཐམས་ཅད་ཀྱང་ལྷ་མོའི་གཟུགས་ཅན། ལྷའི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་ཐལ་མོ་སྦྱར་བའོ། །དེ་རྣམས་ཀྱི་རྒྱབ་ཏུ། ནཀྵ་ཏྲ་ཧཱུྃ་ཙིཏྟ་ཨཱ་བེ་ཤ་ཡ་ཧྲིཾ༔ གཏོད་ལ་ནོན་ཅིག༔ སརྦ་ཨནྟ་ར་བྷྱོ༔ སརྦ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་ཧཱུྃ༔ མི་མཐུན་སོལ་ཅིག༔ མཐུན་རྐྱེན་སྒྲུབས་ཤིག༔ ཅེས་བྲི། རྩི་བཅུད་ལྷ་མོ་བཅུ་དྲུག་ནི། ཤར་དུ་ལྷ་མོ་ལཱ་སྱ་དཀར་མོ། ཤིང་གི་ལྷ་མོ་འོད་འཆང་དཀར་སེར། རྡོ་རྗེ་ལྷ་མོ་ཤེལ་མདོག་དཀར་པོ། རིན་ཆེན་གསེར་གྱི་ལྷ་མོ་སེར་པོ། ལྷོར་ལྷ་མོ་མཱ་ལེ་མ་སྔོན་མོ། ལྷ་མོ་ནོར་རྒྱུན་མ་སྔོ་བསངས། ལྷ་མོ་ཁྲོ་གཉེར་མ་སྔོན་མོ། རིན་ཆེན་གཡུའི་ལྷ་མོ་སྔོན་མོ། ནུབ་ཏུ་ལྷ་མོ་གཱིརྟི་མ་དམར་མོ། རྩིའི་ལྷ་མོ་གྲུབ་པ་མོ་དམར་སེར། ལྷ་མོ་སྲ་བརྟན་དབང་བསྒྱུར་མ་དམར་མོ། རིན་ཆེན་བྱི་རུའི་ལྷ་མོ་དམར་པོ། བྱང་དུ་ལྷ་མོ་ནཱིརྟི་མ་ལྗང་མོ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན་ལྗང་སེར། །ལྷ་མོ་གཉན་གསལ་མ་སྨུག་ནག །རིན་ཆེན་ཨིནྡྲའི་ལྷ་མོ་ལྗང་མོ་ཐམས་ཅད་ཀྱི་ཕྱག་གཡས་མདའ་དར་དང་། གཡོན་རྣམས་མེ་ལོང་ཐོགས་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་བཞེངས་སྟབས་ཅན་ནོ། །དེ་རྣམས་ཀྱི་རྒྱབ་ཏུ། མ་ཧཱ་དེ་བི་ཧཱུྃ་ཨ་མི་ཏ་སིདྡྷི་ཧཱུྃ༔ ཞེས་བྲི། ཀླུ་ཆེན་བརྒྱད་ནི། ཤར་དུ་དགའ་བོ་སེར་པོ་སྦྲུལ་མགོ་བཅུ་རེའི་གདེངས་ཀ །འཇོག་པོ་དཀར་པོ་སྦྲུལ་མགོ་བཅུའི་གདེངས་ཀ །ལྷོར་སོག་མ་མེད་སེར་པོ་སྦྲུལ་མགོ་བདུན་གྱི་གདེངས་ཀ །དུང་སྐྱོང་དཀར་པོ་སྦྲུལ་མགོ་བརྒྱའི་གདེངས་ཀ ནུབ་ཏུ་གཙུག་ན་རིན་ཆེན་སེར་པོ་སྦྲུལ་མགོ་བཞི་བཅུའི་གདེངས་ཀ །གཟི་ཆེན་དམར་པོ་སྦྲུལ་མགོ་ཉི་ཤུའི་གདེངས་ཀ །བྱང་དུ་མཁར་ནག་ནག་པོ་སྦྲུལ་མགོ་ཉིས་བརྒྱའི་གདེངས་ཀ་སྐུ་སྟོད་ཁྲོ་བོའི་ཆ་བྱད་ཁ་ནས་མེ་ཞགས་འཕྲོ་བ་གླང་པོའི་སྟེང་ན་བཞུགས་པ། སྦལ་མཛེས་ནག་པོ་སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན། མཁར་ནག་མ་གཏོགས་བདུན་པོ་ཞལ་གཅིག་ཞི་འཛུམ་སྐུ་སྟོད་ལྷ་བུའི་ཆ་བྱད་དར་དང་རིན་པོ་ཆེས་བརྒྱན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་པ། ཀུན་ཀྱང་གཡས་ཐམས་ཅད་པད་མ་དང་། གཡོན་རྣམས་སུ་དུང་ཆོས་བསྣམས་ཤིང་རྒྱ་མཚོ་ལ་གནས་པ་བྲི། རྒྱབ་ཏུ། ཕུ་ནཱ་ག་ཧཱུྃ་དྷ་ལ་སམྦྷོ་སིདྡྷི་ཧཱུྃ་ལཀྵྨི་སིདྡྷི་བྷྲཱུྃ༔ ཕུ་སིདྡྷི་ཕ་ལ་ཧི་ད་ཧི་ད་སྭཱ་ཧཱཾ༔ ཞེས་བྲི། ལྷ་དགུ་རེ་རེའི་མདུན་ནམ་མི་འགྲུབ་ན་ཀུན་གྱི་མདུན་དབུས་ཕྱོགས་སུ་ཤིང་བྱང་དཀར་པོའི་ངོས་སུ། ཨོཾ་ཨ་དེ་བ་ཙིཏྟ་སིདྡྷི་ཧཱུྃ༔ དེ་བ་ཨ་མྲྀཏ་མ་ཧཱི་ར་ཎ་ཨ་ཐ་ཧཱུྃ་པྲ་བེ་ཤ་ཡ་ཧྲིང༔ སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ ཨཱ་ཡུ་ཤེ་ཛཿཔུཎྱེ་བ་ལ་ཏེ་ཛོ་བྷྲཱུྃ་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་འདུས་འདུས་སྭཱ་ཧཱ༔ ཞེས་བྲིས་ལ་བཏགས་པ་ཤིན་ཏུ་གསང་བའི་ཟབ་གནད་དུ་གསུངས། རྡོ་རྗེ་སློབ་དཔོན་གྱི་ཁྲིའི་འོག་ཏུ། རུས་སྦལ་གྱི་ཁོག་པར་སྟག་སྐྱ་འབྲུག་སྔོན་བྱ་དམར་རུས་སྦལ་རྒྱ་བོ་བཞིའམ། བྱའི་མལ་དུ་སྤྲེལ་སེར་བཤད་པའང་སྣང་ཞིང་། རྒྱུ་སྐར་ཉེར་བརྒྱད། རླུང་ལྷ་ལྗང་གུ་བ་དན་ཐོགས་ཤིང་ཤ་བ་ཡུ་མོ་ལ་ཞོན་པ་རྣམས་བྲིས་ཏེ་དར་སྣ་འབྲུ་སྣ་དང་བཅས་དར་དཀར་ཁུད་དུ་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་རིས་སུ་བསྡམས་ལ། ཨོཾ་དྷ་ལ་མ་དྷུ་སི་པདྨེ་ཧཱུྃ༔ ཡཾ་བྷ་ཡ་བྷེ་དེ་བ་ཧཱུྃ༔ སརྦ་ཨནྟ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་སྔགས་ཏེ་བཞག་པས་འབྱུང་བའི་གནོད་པ་ཞི། ཁྲོམ་དུལ། བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། འགའ་ཞིག་ནས་བཅས་འདི་དཀྱིལ་འཁོར་གྱི་འོག་ཏུ་བཞག་པའང་བཤད་པས་ཅི་བདེར་ཆོག །འདི་ནི་སྒྲུབ་ཆེན་སྤྱི་ལའང་གཅེས་སོ། །སྦོལ་བའི་སྐབས་སོགས་སྨན་སྣོད་ཟངས་དཀར་ལྟ་བུ་གཡའ་མེད་ཆེ་ལེགས་གཙང་མ་དགོས། མ་འབྱོར་ན་ཤིང་གཞོང་དང་རྫ་སྣོད་གསར་པས་ཀྱང་རུང་། ལྕགས་སྣོད་ལྕགས་ཁེམ་ལྕགས་ཐུར་སོགས་དང་ཐུག་ན་མདོག་ནག་པོ་བཅོས་མེད་དུ་འགྱུར་བས་ཤིན་ཏུ་སྤང་དགོས། དེ་མཚུངས་སིནྡྷུ་ར་དང་ས་གི་ཝཾ་ལའང་མཚུར་འདྲེས་སྟབས་མང་ན་ནག་པོར་བསྒྱུར་བས་ཕུན་ཚོགས་ཙམ་ལས་འདེབས་མི་བཏུབས། སིནྡྷུ་ར་འབྱུང་བའི་ཆུའང་མི་བླུགས། ཆང་ཡང་གསར་མ་རྣམས་ཀྱིས་བདེ་མཆོག་སྡོམ་འབྱུང་ལས་གསུངས་པའི་ཆོ་གས་བསྒྲུབ་པ་ལྟ་བུ་མ་བྱུང་ན་ཕལ་པས་བདུད་རྩི་རིལ་བུ་སྦྱོར་བ་སོགས་མི་རུང་བར་གསུངས་ཀྱང་། འདིར་སྣང་སྲིད་བདུད་རྩི་རྣམ་དག་གི་དགོངས་པ་ལ་དམ་རྫས་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔའི་བཞུ་བཏུལ་གྱིས་སྦྱོང་བའི་མོས་པ་ཡིན་བཞིན་དེ་ཙམ་གྱི་གཙང་སྨེའི་རྟོག་འཛིན་མི་དགོས་ཀྱང་། ཆང་སྣ་བཞི་པོ་ལ་རབ་ཏུ་འཛོམ་ན་ཡང་གཏེར་རྡོ་རྗེ་བདུད་རྩིའི་ལུགས་ཀྱི་མ་ད་ན་སྒྲུབ་ཐེམས་དང་མ་རྙེད་ན་སྔར་བསྒྲུབས་པའི་ཆོས་སྨན་བཏབ་ལ་བདུད་རྩི་ལྟར་བྱིན་རླབས་ནན་ཏན་བྱ་དགོས། དྲི་བཟང་མདོག་བསྒྱུར་དམ་རྩིའི་དབང་ལག་ཕྱེ་རྣམས་ཟུར་དུ་དབྱེ། སྨན་ཕྱེ་གཞན་ཐམས་ཅད་སྐམ་པོའི་སྐབས་སུ་འདྲེས་ངེས་པར་འཕུར། རླན་སོང་ནས་འདྲེས་དཀའ། སྦོལ་བའི་ཚད་གཞུང་གསལ་ལྟར་སྐམ་གཤེར་རན་པ་དགོས་ཧ་ཅང་རློན་ཆེས་ན་གོང་བུར་འདྲིལ། སྐམ་ཆེས་ན་ཕྱེ་མར་བརྡལ། འཕུར་དུས་ཀྱང་ཤེད་ཧ་ཅང་ཆེས་ན་གོང་བུར་འདྲིལ་བས་མི་ལེགས་ཤིང་ཤུགས་ཆུང་སེ་བ་ཡུན་རིང་དུ་འཕུར་ཐུབ་ན་ཁ་དོག་ཁུག་ཅིང་སྣུམ་ཞད་ཆེ་བ་འབྱུང། དབྱར་དུས་ལྟ་བུར་རུལ་དོགས་ཀྱི་ཟོན་སྐྱོར་དགོས་ཚེ་སྦོལ་དུས་རློན་ཆེན་པོ་མི་བྱ། གྲོལ་དུས་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་སྦོལ་བས་ལེགས་པ་འབྱུང་། སྤྱིར་ནམ་ཟླ་དཔྱིད་སོས་དང་། སྟོན་ཀ་བསིལ་དྲོད་སྙོམས་པས་བྱ་སྟབས་བདེ། ཁྱད་པར་སྟོན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འབྲིང་པོའི་ཡར་ངོ་ལ་མཆོག་ཏུ་བསྔགས། དབྱར་རུལ། དགུན་འཁྱག །དཔྱིད་ཀའི་ཐོག་མར་སྐམ་ཉེན་ཡོད་པས་ནམ་དུས་དང་བསྟུན་པའི་ཚ་ཚོད་གྲང་ཚོད་དང་སྐམ་རློན་གྱི་གནད་ཞིབ་ཆ་བྱ་དགོས། སྦོལ་བའི་ཐོག་མར་ཆུ་སོགས་བླུགས་ཟིན་རྗེས་དམ་རྫས་ཕབས་གཏའ་སྔར་ནས་ཆུ་གཙང་ལ་བཏབ་ནས་བཞག་པ་ལ་སླར་ཆང་གི་ཉིང་ཁུ་མང་ཙམ་བླུགས་ལ་ལག་པས་མཉེ། ཐམས་ཅད་ཞུ་ནས་སྨན་ལ་བསྲེ། སྦོལ་ཟིན་རྗེས་དྲི་བཟང་རིགས་དང་མདོག་སྒྱུར་རྣམས་བསྲེ། དེའང་ཁ་ཆེ་དྲི་བཟང་ཕྱེ་མ་སྐམ་འདེབས་གང་འབྱོར་དང་། ཁྲོལ་བུ་གཡའ་མེད་པའི་སྣོད་དུ་ཞག་གཅིག་སོགས་སྦངས་ནས་ཅུང་ཟད་བསྐོལ་བ་དང་ཚགས་ལ་བཙགས་པའི་དྭངས་མ་བྲན་པ་ལས། ཕྱེ་མ་བྱས་ནས་སྦངས་ན་དྭངས་སྙིགས་འདྲེས་ནས་དངོས་གཙང་རང་མི་འོང་། མདངས་འདོན་དུས་ཀྵི་ལ་ཝཱ་རི་སྟེ་ཇ་བཟང་པོའི་གར་ཁུས་ཀྱང་འཚམ་པར་བྲན། སེར་མདངས་ཆེ་བ་དང་། སྣུམ་ཤས་ཆུང་ན་མར་དཀར་བཙག་བཅད་པའི་ཁུ་བ་ཉུང་ཙམ་རེ་ལག་པར་བྱུགས་ནས་འཕུར་བས་སྨུག་པ་དང་སྣུམ་ཞག་ཅན་དུ་འགྱུར། དཔྱིད་དུས་ལྕང་དཀར་ཁ་འབུས་ཀྱི་ཐང་ཆུ་བསྲེ་རྒྱུ་བྱུང་ན་སྣུམ་དང་དམ་རྩི་གཉིས་ཀ་འོང་། དེ་ནས་ཆང་ཕབས་ཕྱེ་མ་ཞོ་རེ་ལ་རྡོག་པོ་དུ་བཏང་ཡུལ་གཤོ་དང་བསྟུན་པ་སྐམ་འདེབས་བྱེད་པའང་སྣང་རུང་ཆང་བཟང་དྲོན་མོ་ནང་འདྲེས་པར་དཀྲུགས་ཏེ་བླུགས་ལ་ཁྱབ་པར་འཕུར་བ་འདི་ལེགས། རྡོ་རྗེས་དཀྲུགས་ཞེས་པ་འབྱོར་ན་བམ་གཙང་མའི་གསང་རྡོར་དངོས་དང་། མ་འབྱོར་ན་ཤིང་སོགས་ལས་བཅོས་པའི་གསང་རྡོར་གྱིས་དཀྲུགས་ཏེ་སྔར་སྨིན་གླིང་དུ་སྨན་སྒྲུབ་གནང་སྐབས་ཆོས་དབང་རིན་པོ་ཆེའི་དུས་སུ་སྨན་དཀྲུགས་པའི་རྡོ་རྗེ་ཡིན་ཞེས་གྲགས་པའི་ཤིང་གི་གསང་རྡོར་ཞིག་ཡོད་ཅེས་གསུངས། འོན་ཀྱང་ཕྱག་མཚན་གྱི་རྡོ་རྗེ་ལ་དེར་བཏགས་པས་ཀྱང་རུང་བར་བྱེད། ཕྱེ་སྒྲུབ་ཀྱི་སྨན་བསྙལ་ཚུལ་ལག་ལེན་མི་འདྲ་བ་འགའ་རེ་འདུག་ཀྱང་སྨན་ཕྱེ་མང་ཉུང་གང་ཡིན་ཡང་སྟབས་བདེ་བའི་ཕྱག་ལེན་ནི། ཟངས་དཀར་དྲི་མེད་དང་བལ་པོའི་རག་རྡིག་ནང་རྩི་ལྡན་པ་ལྟ་བུ་གཙང་ཞིང་གཡའ་མེད་པའི་སྣོད། མ་འབྱོར་ན་རྫ་གསར་པས་ཀྱང་རུང་སྟེ་ཆེ་ཆུང་སྨན་སྒྱེ་ཤོང་ཚོད་དང་བསྟུན་པའི་ནང་བལ་བུའི་ཕུར་མ་དང་འབྲུ་སྣ་རླན་ཅན་འཚམ་པར་བླུགས་པའི་དཀྱིལ་ཀྱོང་མོ་བྱས་པ་ལ་མོ་ཐོད་འཁོར་ལོ་བྲིས་པ་དཔྲལ་བ་མདུན་དང་ཁ་གྱེན་བསྟན་གྱི་སྟེང་སྨན་སྒྱེ་བཞག་པའི་སྟེང་ཕོ་ཐོད་འཁོར་ལོ་ཅན་དཔྲལ་བ་མདུན་བསྟན་ཁ་སྦུབས་པས་བཀབ། སྣོད་ཀྱི་ཁར་དར་སྣ་ལྔའམ་རྟེན་ཁེབས་ལྟ་བུས་གཡོགས། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་རྒྱས་བཏབ། སྣོད་ཀྱི་ཁར་དབུ་རྒྱན་རིགས་ལྔ་སྒྲོན། གཡས་གཡོན་དུ་རྡོར་དྲིལ་བཅིང་། སྟེང་དུ་བམ་གཙང་མའི་རྡོ་རྗེ་སྦུབས་ཅན་དངོས་སམ་བཅོས་པའམ་དེར་བཏགས་པའི་གཟུངས་རྡོར་དང་། ཆེ་མཆོག་བདུད་རྩི་འཁྱིལ་བ་ལྗང་སེར་ཁྲོ་འཛུམ་ཕྱག་གཉིས་ཐལ་སྦྱར་བར་བདུད་རྩིའི་བུམ་པ་བསྣམས་པ། ཁྲོ་བོའི་རྒྱན་ལྡན། ཞབས་ཕྱེད་སྐྱིལ་པད་ཉི་ལ་བཞུགས་པའི་སྐུ་བཞུགས་པ་ཉིད་རད་གླིང་ནས་གལ་པོ་ཆེར་གསུངས། སྨན་སྣོད་ལྕགས་སྒྱེད་ལྟ་བུར་བཞུགས་པའི་འོག་ཏུ་མི་ཚིལ་དང་དུག་གསུམ་གྱི་ཚིལ་བུ་བསྲེས་པའི་དྲོད་འབེབ་མར་མེ་སྡོང་ཤེད་ནམ་དུས་བསྟུན་པ་སྦར་བའི་ཕྱི་རོལ་དར་ཁང་དཀར་དམར་མཐིང་གསུམ་གྱི་ཡོལ་བ་བྲེས་ལ་མེ་ངད་རླུང་གིས་མི་འཕྲོག་པར་བྱ། ཕྱོགས་རེ་རེར་ཚ་ཆེས་གྲང་ཆེས་མ་ཡིན་པར་སྨན་གྱི་ཁང་བུ་སྤྱི་སྙོམས་སུ་ཚ་ཆི་ལེ་བ་དང་། སྨན་སྣོད་ལ་དྲོད་རྒྱུན་ལྡན་དུ་ཡོད་པ་དགོས། སྒྲུབ་ཞག་མ་ཚང་གོང་སྨན་ལངས་པའི་རྟགས་བྱུང་ན་མར་མེ་བཅད། ཁ་ཕྱེ་བ་སོགས་བྱེད་མཁན་འདུག་ཀྱང་གཞུང་དང་འགལ་བས་མི་བྱ་ཞིང་དེ་འདྲ་དགོས་པའང་མི་འབྱུང་ངོ་། ༈ །སྒྲུབ་པ་པོའི་གྲངས་སྤྲོས་བཅས་ཀྱི་དབང་དུ་བྱས་ཏེ་རྡོ་རྗེ་རྒྱལ་པོ། ཕྱོགས་བཞིའི་རིགས་ཀྱི་གཙོ་བོ་བཞི། རྡོ་རྗེ་རྒྱལ་ཐེབས། རིན་ཆེན་རྒྱལ་ཐེབས། པདྨ་རྒྱལ་ཐེབས། ལས་ཀྱི་རྒྱལ་ཐེབས་སོ། །རྒྱལ་ཐེབས་བཞི་སོགས་དགུ་པོ་དེར་ཡབ་ཡུམ་ཚང་དགོས་པས་བཅོ་བརྒྱད། སྤྱན་པ་གཅིག །དུས་མཚམས་པའམ་དྲོད་འཛིན་པ་གཅིག །གིང་པ་གསུམ། མཚམས་པ་གཉིས། རྡུལ་ཕྱགས་པ་གཅིག་རྣམས་ལ་ཡུམ་དམིགས་བསལ་མ་གསུངས་པས་མེད་ཀྱང་ཆོག་ལ། བྱན་པར་ཕོ་མོ་གཉིས་དགོས་ལ། དེ་དག་གི་སོ་སོའི་ལས་བྱེད་ཚུལ་ནི་སྒྲུབ་ཁོག་ཏུ་གསལ་བ་ལྟར་ཡིན་ལ། དེར་མ་གཏོགས་པའི་མཆེད་ལྕམ་རབ་ཕོ་བརྒྱད་དང་། མོ་བརྒྱད་དེ་བཅུ་དྲུག །འབྲིང་ཟུང་བཞི་སྟེ་བརྒྱད། ཐ་མ་གཉིས་སམ་གསུམ་སྟེ། ཁྱོན་ཡོངས་སུ་དྲིལ་བས་རྒྱས་པ་རང་གི་དབང་དུ་བྱས་ན། བཞི་བཅུ་ཞེ་བཞི་ཙམ་ཅིས་ཀྱང་དགོས་ལ། འདིར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་རྒྱལ་པོ་གཉིས་གཅིག་ཏུ་བགྱིས་མོད། གཞན་དུ་སོ་སོར་གསུངས་པའང་ཡོད་ལ། དགོངས་འདུས་སུ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཚབ་བཅས་གཙོ་ཆེ་བ་གཉིས་སུ་བྱེད་ཅིང་གྲངས་ལྷག་པོ་གཞན་ཡང་གསུངས། སྒོམ་དོན་ལ། ཡབ་ཡུམ་གཙོ་འཁོར་གྱི་རྣམ་པར་བསྒོམ་རྒྱུ་ཡོད་པ་རྣམས་ལ། སློབ་དཔོན་ཡབ་ཀྱིས་ཡབ་དང་། ཡུམ་གྱིས་ཡུམ་རང་གི་ང་རྒྱལ་དང་རྣམ་པ་གསལ་འདེབས་ཤིང་། དེས་མཚོན་ནས་གཞན་དག་ཀྱང་སྡེ་ཚན་བཅད་དེ་ལྷ་གྲངས་དང་མཚུངས་པའི་ཡབ་ཡུམ་གྱི་ང་རྒྱལ་བཟུང་ཐུབ་ན་ལེགས་ཤིང་། ཇི་སྐད་བཤད་པའི་སྒྲུབ་པ་པོ་ཕོ་མོ་དངོས་སུ་མ་འཛོམས་ཀྱང་དེར་བརྟགས་པས་རུང་བ་ཉིད་དོ། ༈ །ཕྱེ་སྒྲུབ་དངོས་གཞིའི་སྐབས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་རྣམ་གཞག་གསུངས་པའི། དང་པོ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི་བདག་ཉིད་རྩ་བའི་དཀྱིལ་འཁོར་གང་རུང་དུ་གསལ་བཏབ་པ་ལས་ཛཔ྄་ཁང་ཕྱེས་ཏེ། མདུན་གྱི་རྟེན་དང་དབྱེར་མེད་པར་མེ་རི་འདབས་འབྱར་གྱི་ཚུལ་དུ་འཁོད་པར་མོས་པའོ། །གཉིས་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་གྱི་སྣོད་བདུད་རྩི་དང་བཅས་པ། བསྒོམ་བྱ་སྙིང་པོའི་དཀྱིལ་འཁོར་ཉིད་བདུད་རྩིར་ཞུ་བ་དཔའ་བོ་འབྲུ་ལྔས་མཚན་པར་གསལ་གདབ་པའོ། །གསུམ་པ་འགྲོ་བ་འདུལ་བའི་དཀྱིལ་འཁོར་རམ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། བགེགས་ཐམས་ཅད་བསྐྲད། མདུན་གྱི་བདུད་རྩིའི་དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་ཕྱོགས་མཚམས་སུ་འཁོད་པར་བསམ་ཞིང་། སྟོབས་པོ་ཆེ་ནི་ཐོད་པའི་འོག་གི་མེའི་དཀྱིལ་འཁོར། ཧཱུྃ་མཛད་ནི་རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་འོག་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་ཕྱོགས་ཀྱི་ནམ་མཁར་བསྒོམ་མོ། །བཞི་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །ཞེས་སོགས་ཀྱིས་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་རྟ་མགྲིན་ཡུམ་བཞི་དང་བཅས་པ་བསྐྱེད་ཅིང་། སྦྱོར་བ་དུས་གཅིག་ཏུ་མཛད་པ་ནི་ལྷ་མོ་སོ་སོའི་སྣང་ངོར་གཙོ་བོའི་ཞལ་སོ་སོ་ལ་ཕྱོགས་པར་བཞུགས་ནས་རོལ་པའི་གནད་ཀྱིས་ཡིན་ནོ། །ལྔ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཞེས་སོགས་ཀྱིས་བུདྡྷ་ཁྲག་འཐུང་གི་ཞབས་གཉིས་ཀྱིས་ཁྲོ་བཅུའི་ཤར་དང་། ཤར་ལྷོའི་ཁྲོ་བོའི་དབུ་མནན་ཞིང་། རཏྣ་ཁྲག་འཐུང་གིས་ལྷོ་དང་། ལྷོ་ནུབ། པདྨ་ཁྲག་འཐུང་གིས་ནུབ་དང། ནུབ་བྱང་། ཀརྨ་ཁྲག་འཐུང་གིས་བྱང་དང་། བྱང་ཤར་གྱི་ཁྲོ་བོའི་དབུ་མནན་པའི་དབུས་ཀྱི་ནམ་མཁའ་ཆེས་མཐོ་བར་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པའི། ཞབས་མདུན་མ་གཉིས་ཤར་ནུབ་ཀྱི་ཁྲོ་བོ་གཉིས་དང་། རྒྱབ་མ་གཉིས་ཀྱིས་ལྷོ་བྱང་གི་ཁྲོ་བོ་གཉིས་ཀྱི་དབུ་མནན་པའམ། ཡང་ན་མདུན་མས་ཤར་དང་ལྷོ། རྒྱབ་མས་ནུབ་དང་བྱང་མནན་པར་བྱའོ། །མངོན་རྟོགས་རྒྱས་པ་བསྒོམ་མི་ནུས་ན། ཁྲག་འཐུང་ལྔ་ཀ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་ཆོག་གསུངས། དྲུག་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །ཞེས་སོགས་ཀྱིས་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དང་ལྡན་པའི་ཞབས་གཡས་པ་བཞིས་བཛྲ་ཧེ་རུ་ཀའི་དབུ་གཡས་པ་དང་། གཡོན་པ་བཞིས་དབུ་གཡོན་པ་མནན་ཞིང་། དབུ་དབུས་མའི་སྤྱན་གསུམ་གྱི་དཀྱིལ་མའི་ཕྱེད་ཡན་གནམ་ཞལ་མའི་བྷ་གའི་ནང་དུ་ཆུད་པར་བསྒོམ། བདུན་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །ཞེས་སོགས་ཀྱིས་གནམ་ཞལ་མའི་སྟེང་དུ་ཆེ་མཆོག་སྨུག་ནག་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། ཞབས་བརྒྱད་ཀྱིས་ཡུམ་གྱི་དབུ་བརྒྱད་བརྫིས་ཤིང་། གསང་གནས་ཀྱི་རྡོ་རྗེ་ཡུམ་གྱི་རྩ་ཞལ་གྱི་སྨིན་མཚམས་ཀྱི་དབུ་མའི་མཁའ་ཀློང་དུ་བཅུག་པར་བསྒོམས་ཏེ། དཀྱིལ་འཁོར་བདུན་བརྩེགས་སུ་བྱེད་ཚུལ་ཡིན་ལ། ཆེ་མཆོག་གི་ལྗགས་ཀྱི་སྟེང་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་པ་ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་དཀྱིལ་འཁོར་བརྒྱད་དུ་བྱེད་པ་དང་། འགྲོ་འདུལ་གྱི་དཀྱིལ་འཁོར་ཡན་འདྲ་བ་ལ། བཞི་པར་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་དང་། ལྔ་པར་མཁའ་དབྱིངས་ཀྱི་དཀྱིལ་འཁོར་དང་། དྲུག་པར་རྡོ་རྗེ་ཚེའི་དཀྱིལ་འཁོར་དང་། ཆེ་མཆོག་གི་དབུའི་ནང་དུ་རིགས་ལྔ་ཡབ་ཡུམ་དང་། དབུ་གཙུག་ཏུ་རྟ་ཞལ་ཡོད་པར་བདུན་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ཞེས་བཞེད་པ་ཡང་ཡོད་ལ། ལུང་འདི་ལ་ཆེ་མཆོག་གི་རྡོ་རྗེ་གནམ་ཞལ་མའི་རྩ་ཞལ་གྱི་ནང་དུ་ཆུད་པར་བསྒོམ་མོ། །ཆེ་མཆོག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་སྤྲོས་པར་སྐུ་སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར། གསུང་པདྨ་དབང་གི་དཀྱིལ་འཁོར། ཐུགས་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར། ཡོན་ཏན་འཆི་མེད་རྡོ་རྗེའི་དཀྱིལ་འཁོར། ཕྲིན་ལས་གསང་བ་མཆོག་གི་དཀྱིལ་འཁོར། གཟི་བརྗིད་མཁའ་མཉམ་ཀློང་གི་དཀྱིལ་འཁོར། ཡེ་ཤེས་སེམས་དཔའ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཞེས་འདྲེན་ཚུལ་གཅིག་དང་། འདི་དག་གི་སྐབས་སུ་སྦྱོར་བརྒྱད་ཀྱི་དམིགས་པ་བྱེད་ན། ཆེ་མཆོག་གཙོ་བོའི་ལྗགས་ཀྱི་སྟེང་གི་ས་ནུ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་ནི་ཡེ་ཤེས་ཀྱི་སྦྱོར་བ། ཕྱག་ཞེ་གཉིས་ཀྱི་གཡས་པའི་ཞི་བ་ཡབ་རྣམས་དང་། གཡོན་པའི་ཡུམ་རྣམས་སྦྱོར་ཞིང་ཕྱག་མཚན་ཐམས་ཅད་ཀྱང་ལྷར་སྦྱོར་བ་ནི་ཕྱག་མཚན་གྱི་སྦྱོར་བ། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་སྨིན་མཚམས་ཀྱི་མཁར་སྦྱོར་བ་ནི་ཞལ་གྱི་སྦྱོར་བ། ཡུམ་གྱི་བྷ་གར་བཛྲ་ཧེ་རུ་ཀའི་དབུ་སྦྱོར་བ་ནི་དབུའི་སྦྱོར་བ། གཙོ་བོའི་ཞབས་ཀྱིས་ཡུམ་གྱི་དབུར་སྦྱོར་བ་ནི་ཞབས་ཀྱི་སྦྱོར་བ། རྟ་མགྲིན་གྱིས་ཡུམ་བཞིར་སྦྱོར་བ་ནི་དབང་གི་སྦྱོར་བ། དམ་ཚིག་སྨན་གྱི་བདུད་རྩི་ལ་ཡེ་ཤེས་ཀྱི་བདུད་རྩི་སྦྱོར་བ་ནི་རྫས་ཀྱི་སྦྱོར་བ། རྫས་དཀྱིལ་གྱི་ཕོ་མོའི་ཐོད་པ་སྦྱོར་བ་ནི་ཐབས་ཤེས་ཀྱི་སྦྱོར་བ་ཞེས་བྱ་སྟེ་བརྒྱད་དོ། །ཡང་ན་ཡེ་ཤེས་ཀྱི་སྦྱོར་བ་ལྔ་དང་། འཇིག་རྟེན་ཆ་མཐུན་གྱི་སྦྱོར་བ་གསུམ་སྟེ་བརྒྱད་དུ་འབྱེད་པ་ཡང་ཡོད་དོ། ༈ །གསུམ་པ་ཛཔ྄་དགོངས་ཀྱི་སྐབས། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་འགྲེང་གི་ལྟེ་བར་ཨ་ཡིག་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་བཞིན་དུ་བུན་གྱིས་འཕྲོས་པ། བདུད་རྩིའི་འོག་གི་རླུང་དཀྱིལ་ལ་ཕོག་པས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས་དཔའ་བོ་འབྲུ་ལྔ་འོད་ཟེར་འཕྲོ་བ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ལས་མཆོད་པའི་རང་བཞིན་གྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འགྲོ་འདུལ་གྱི་ལྷ་ཚོགས་རྣམས་མཆོད། དེ་ལས་འོད་ཟེར་འཕྲོས་པས་དབང་གི་དཀྱིལ་འཁོར་ནས་རིམ་པ་བཞིན་དུ་སྐུ་གདུང་། མཁའ་ཀློང་། འཆི་མེད་རྡོ་རྗེའི་བར་མཆོད་པས། དགྱེས་ཤིང་ཚིམ་པར་བསམ་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་མཆོད་པའི་རྐྱེན་གྱིས་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་བྱང་སེམས་ཀྱི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་སྐུའི་ཆ་ཤས་སྤྱི་དང་། ཁྱད་པར་རྡོ་རྗེའི་ལམ་ནས་བྱུང་སྟེ་གནམ་ཞལ་མའི་སྨིན་མཚམས་ཀྱི་མཁའ་ཀློང་དུ་ཞུགས། དེའི་སྐུའི་དབྱིབས་བརྒྱུད་བཛྲ་ཧེ་རུ་ཀའི་དབུ་གཙུག་ནས་ཞུགས་པས་སྔར་ལས་ཀྱང་ཆེས་ཆེར་མང་བ་བབས་ཏེ། ཞབས་ཀྱི་དབྱིབས་བརྒྱུད་ནས་ཕྱོགས་ཀྱི་ཁྲོ་བོ་བཞིའི་དབུ་གཙུག་དང་། སྦྱོར་མཚམས་ནས་བབས་པས་བདུད་རྩི་རྟ་མགྲིན་དབང་དཀྱིལ་གྱི་ལྷ་ཚོགས་ཀྱི་དབུ་གཙུག་ནས་ཞུགས། ཐོད་ཕྱོགས་ཀྱི་ཁྲོ་བོ་བཞིའི་ཞབས་གཡས་གཡོན་ལས་བབས་པའི་བདུད་རྩི་ཕྱོགས་མཚམས་ཀྱི་ཏ་ཀྲྀཏ་བརྒྱད་ཀྱི་དབུ་གཙུག་ནས་ཞུགས་ཏེ། དེ་དག་ཡོངས་རྫོགས་ལས་བབས་པའི་བདུད་རྩི་ཐོད་པའི་ནང་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་བསམ་པ་ནི་དབང་ཡས་བསྐུར་ཞེས་བྱ་བ་ཡིན་ནོ། །སླར་ཡང་སྔར་བཤད་པའི་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཞིག་འཕྲོས་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་དེ་བྱིན་རླབས་རྣམས་ཚུར་བསྡུས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣང་སྲིད་ཐམས་ཅད་བདུད་རྩི་སྨན་གྱི་དཀྱིལ་འཁོར་དུ་བསྒྱུར་བའི་དྭངས་བཅུད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ལག་པ་གཡོན་པའི་དབྱིབས་བརྒྱུད་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཐོན་པ་དང་ལྷན་གཅིག་པར་རྟ་མགྲིན་ཡབ་ཡུམ་ཡང་འོ་དང་། འཁྱུད་པ་དང་སྦྱོར་བ་དང་། བསྲུབ་པ་ལ་སོགས་པ་བདེ་བ་ཆེན་པོའི་ཉམས་འགྱུར་དཔག་ཏུ་མེད་པ་མཛད་དེ་ལྷག་པར་མྱོས་པའི་རང་བཞིན་ཅན་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བྲག་སྟེང་ནས་ཆུ་འབབ་པ་བཞིན་དུ་བྱུང་བ། སྔར་གྱི་བདུད་རྩི་དང་ལྷན་ཅིག་པར་གཟུངས་ཐག་འོད་ཀྱི་སྦུ་གུའི་རྣམ་པ་ཅན་གྱི་ཁོང་གསེང་བརྒྱུད་དེ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ལ་ཐིམ་པས། དམ་རྫས་ཐོད་པ་ཁ་སྦྱོར་གྱི་བར་ན་མཆིས་པ་དེ་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་ལྟ་བུ་ཤིན་ཏུ་དཀར་བའི་རང་བཞིན་དུ་གྱུར་པར་བསམ། དེ་ཡང་ཐོད་པ་ཁ་སྦྱར་གྱི་སྣང་བ་ཤར་དུས་དེ་ལྟར་བྱ་བ་ཡིན་གྱི། གཞན་དུ་ན་དཀྱིལ་འཁོར་དྲུག་གི་རྨང་གཞི་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཐོད་པའི་རྣམ་པར་ཤར་བའི་ནང་གི་དམ་རྫས་ལ་བསྟིམ་རྒྱུ་ཡིན་ནོ། །མཆོད་པ་མས་འབུལ་གྱི་སྤྲོ་བསྡུའི་སྐབས་སུ་འཆི་མེད་རྡོ་རྗེའི་ལྷ་ཚོགས་རྣམས་མཆོད་པའི་མཐར་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས། སྟེང་གི་ནམ་མཁར་བཞུགས་པའི་སྨན་བླ་དྲང་སྲོང་། རིག་འཛིན་བཀའ་སྲུང་དང་བཅས་པ་རྣམས་ལ་མཆོད་པས་དེ་དག་ཐམས་ཅད་ཤིན་ཏུ་དགྱེས་ནས་ཛཔ྄་དབྱངས་དང་། གླུ་གར་གྱི་རྣམ་འགྱུར་ཅིར་ཡང་མཛད་ཅིང་བདུད་རྩིའི་ཆར་འབེབས། གནས་དང་ཡོ་བྱད་ཐམས་ཅད་བྱིན་གྱིས་རློབ་པར་བསམ་ཞིང་། དེ་དག་ལས་བདུད་རྩི་བབས་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལ་ཞུགས་ནས་དབང་ཡས་བསྐུར་གྱི་དམིགས་སྐོར་ལ་འཇུག་པ་གཅེས་སོ། །བཟླས་བྱའི་སྔགས་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་དགུ་པའི་སྔགས་སུ་གྲགས་པ་ཉིད་ཡིན་ལ། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་ཏེ་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདུད་རྩིར་བསྒྱུར་བའི་འདྲེན་བྱའི་སྔགས་ཡིན་ལ། སརྦ་པཉྩ་ཨ་མྲྀཏ་ནི་ཐམས་ཅད་བདུད་རྩི་ལྔ་ཞེས་པ་སྟེ། རྡོ་རྗེ་གསུམ་གྱི་ས་བོན་དེས་བསྒྲུབ་བྱའི་དམ་རྫས་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པའི་དོན་དང་། ཧཱུྃ་ནི་དམ་ཚིག་པ། ཧྲཱིཿནི་ཡེ་ཤེས་པ། ཋཱ་ནི་དབྱེར་མེད་དུ་བྱེད་པའི་དོན་ཏེ། ཇི་ལྟར་བྱིན་གྱིས་བརླབ་ཚུལ་བསྟན་ནས་ནུས་ལྡན་དུ་བྱེད་པའི་དོན་ཡིན་ནོ། །སརྦ་པཉྩ་བོར་ནས་བཛྲ་ཞེས་བཟླ་བ་ཡང་བཤད་དོ། ༈ །བདུད་རྩི་བསྐྱིལ་བའི་སྐབས། སྐྱབས་སེམས་ནས་བཟུང་སྟེ་སྨན་ཛཔ྄་བཟླ་བའི་བར་བཏང་ནས། སྔགས་རྒྱུན་འཛིན་མཁན་སོགས་ཚང་མ་ཆབས་ཅིག་པར། ཧཱུྃ། བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །ཞེས་སོགས་དམིགས་པ་དང་བཅས་པའི་སྒོ་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་དམིགས་པ་བཅས་ཏེ་རྩེ་གཅིག་ཏུ་བཟླའོ། །དེ་ལྟར་ཡང་མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ཨོཾ་ལས་ཡེ་ཤེས་འོད་བྱུང་ཞིང༔ ཨཱཿཡི་མེས་བསྲེགས་ཐལ་བར་སྦྱང༔ ཧཱུྃ་གིས་བདུད་རྩིར་རྣམ་པར་དག༔ སརྦ་ཐམས་ཅད་བདུད་རྩིར་གསལ༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ མྲྀ་ནི་དུག་གསུམ་རྩད་ནས་གཅོད༔ ཏ་ནི་ཐུགས་རྗེའི་འོད་ཟེར་སྤྲོ༔ ཀུཎྜ་ལཱི་ནི་བདུད་རྩིར་འཁྱིལ༔ ཧཱུྃ་ནི་ཡེ་ཤེས་ལྔ་ཡི་དངོས༔ ཧྲཱིཿནི་བདུད་རྩིའི་དངོས་གྲུབ་སྡུད༔ ཋཱ་ནི་ཐམས་ཅད་སངས་རྒྱས་པའོ༔ ཞེས་གསུངས། དེ་ནས་ཕྲིན་ལས་བསྐུལ་བ་ནི། བདུད་རྩི་འཐོར་བ་དང་སྦྲགས་ཏེ། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི༔ ཞེས་སོགས་བརྗོད། ༈ དབབ་པའི་སྐབས། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བྱང་ཆུབ་སེམས། །ཞེས་སོགས་ཀྱིས་སྦྱོར་མཚམས་ནས་འཛག་ལ་ཁད་དུ་བསྐྱིལ་བའི་བདུད་རྩི་དེ་དག་ཧར་སྒྲ་དང་བཅས་བབས་ཤིང་། སྨན་སྲུང་གི་རིག་འཛིན་རྣམས་ཀྱིས་ཀྱང་འཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ནས་མཚོ་ལ་ཆར་འབེབ་པ་བཞིན་དུ་དམ་རྫས་ལ་བསྟིམས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སོགས་དབབ་པའི་བཟླས་པ་སྟོང་དུ་ལོངས་པ་བཟླ་ཞིང་། སློབ་དཔོན་གྱིས་སོར་མོ་བསྣོལ་བ་ལས་མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་དབབ་པའི་ཕྱག་རྒྱས་སྨན་གྱི་སྟེང་ནས་དགབ། བཤུག་གླུ་རྐང་གླིང་དང་བཅས་པའི་སྒོ་ནས། ཧཱུྃ། འདས་པའི་དུས་ན་སྔོན་བྱུང་བ། །ཞེས་སོགས་ཀྱིས་མ་མོ་བརྒྱད་བསྐུལ་ལ་རུ་ལུ་ཉེར་གཅིག་བཟླས་ནས། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཞེས་སོགས་ཀྱི་བཟླས་པ་བརྒྱ་ཕྲག་ཙམ་དང་བཅས། རྟ་མགྲིན་དབང་དཀྱིལ་གྱི་ཡབ་ཡུམ་མཉམ་པར་སྦྱོར་བའི་མཚམས་ནས་བྱང་སེམས་དཀར་དམར་གྱི་བདུད་རྩིའི་རྒྱུན་བསམ་གྱིས་མི་ཁྱབ་པ་བབས། བདུད་རྩིའི་དཀྱིལ་འཁོར་དང་དབྱེར་མེད་དུ་འདྲེས། དེ་ལས་བདུད་རྩིའི་རྒྱུན་སྨྱུག་སྦུབས་ལས་ཆུ་དྲངས་པ་བཞིན་དུ་གཟུངས་ཐག་འོད་ཀྱི་སྦུ་གུའི་ཁོང་གསེང་བརྒྱུད་དེ་འོངས་པ་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་བརྒྱུད་ལུས་ཀྱི་ནང་ཐམས་ཅད་གང་ཞིང་། སྙིང་པོའི་དྭངས་མ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་དཀྱིལ་འཁོར་དྲུག་བརྩེགས་ཀྱི་ལྷ་ཚོགས་རྣམས་ལ་ངེད་ཀྱིས་དེ་ལྟར་ཚུལ་བཞིན་དུ་བསྒྲུབས་ཤིང་དབང་དུ་བྱས་ཀྱང་རྟགས་དང་མཚན་མ་བཟང་པོ་ལ་སོགས་པ་བསྟན་ནས་དངོས་གྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་མ་མཛད་ན། ཁྱེད་རྣམས་ཀྱིས་སྔོན་ཐུགས་བསྐྱེད་དམ་བཅས་ཞལ་གྱིས་བཞེས་པའི་དམ་ཚིག་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ཞེས་ཐ་ཚིག་བསྒྲགས་པས་ལྷ་ཚོགས་ཐམས་ཅད་ཐུགས་དམ་གྱི་གསོས་ཐེབས་ཏེ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོས་ཤིས་པ་བརྗོད་ཅིང་བྲོ་བརྡུང་། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་མེ་ཏོག་གི་ཆར་འབེབ། དངོས་གྲུབ་སྩོལ་བ་ལ་རིངས་པར་ཆས་ཏེ་སྩོལ་མ་རག་ལྟ་བུར་བསམ། ༈ དེ་ནས་དངོས་གྲུབ་བླང་བའི་སྐབས། སྒྲུབ་ཁོག་ནས་བཤད་པ་ལྟར་གྱི་དངོས་གྲུབ་ཀྱི་རྫས་རྣམས་ཚོགས་པར་བྱས་ལ། རང་ཉིད་སྔར་སྨན་དཀྱིལ་དང་ཞལ་སྤྲོད་ཀྱི་དཀྱིལ་འཁོར་གཉིས་པའི་རྣམ་པར་མཆིས་པ་དེ། རྟ་མགྲིན་གྱི་རྣམ་པར་བསྒྱུར་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པ་དངོས་གྲུབ་ལེན་པ་པོར་བགྱིས་ཏེ་དཀྱུས་ནས་འབྱུང་བ་ལྟར་དངོས་གྲུབ་བླང་། དེའི་ཚེ་དཀྱིལ་འཁོར་བདུན་བརྩེགས་ཀྱི་འཁོར་ལོ་ཐམས་ཅད་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱུང་སྟེ། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་བཏུད་དེ། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །སོགས་ཀྱིས་མེ་ཏོག་དོར། སྤོས་རོལ་དང་བཅས་པས། ཡུམ་གྱིས་སྨན་སྣོད་དཀྱིལ་འཁོར་ནས་བཏོན་ཏེ་གདན་དྲངས་པ་སློབ་དཔོན་གྱི་དབུ་གཙུག་ཏུ་བཞག །སློབ་དཔོན་གྱིས་རང་ཉིད་བདག་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་དྲུག་རྩེག་ཡོངས་སུ་རྫོགས་པ་ཐིམ་པས་དབྱེར་མི་ཕྱེད་པར་གྱུར་པར་བསམ་ལ། ཧཱུྃ། བདུད་རྩིའི་ལྷ་ཚོགས་སོགས་རྗོད་ཅིང་སློབ་དཔོན་གྱིས་དབང་ནོད་པའི་བར་དུ་ཚོགས་པ་བྱིངས་ནས་སྨན་ཛཔ྄་བཟླ། ༈ སློབ་མ་ལ་དབང་བསྐུར་སྐབས། སློབ་མ་རྣམས་ཀྱིས་རུ་ལུའི་ཛཔ྄་གར་གྱི་བྲོ་དང་བཅས་སློབ་དཔོན་དང་སྨན་གྱི་ཕོ་བྲང་ལ་ལན་གསུམ་དུ་བསྐོར། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཞེས་སོགས་ཀྱིས་མེ་ཏོག་གཏོར། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་བདུད་རྩིའི་རྣམ་གཞག་སྒྲུབ་པའི་ཁོག་དབུབ་སོགས་ཁྱད་པར་གྱི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས། བདུད་རྩིའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་རྫོགས་པ་རྣམས་ཐོད་པར་བསྐྱིལ་བའི་བདུད་རྩི་དཀར་བ་དམར་བའི་མདངས་ཅན་དུ་གསལ་བ་ལས། དྭངས་མའི་བདུད་རྩི་འཛག་པ་སྤྱི་གཙུག་ནས་ཞུགས་ཏེ་ལུས་ཀྱི་ཆ་ཤས་ཐམས་ཅད་ཡོངས་སུ་གང་བས་དབང་བཞི་རྫོགས་པར་ཐོབ་པར་བསམ་ལ། ཧཱུྃ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །ཞེས་སོགས་སྔགས་དང་བཅས་པས་དབང་བསྐུར་ཏེ། དེ་དང་རྗེས་འབྲེལ་དུ་སྒྲུབ་རྫས་གཞན་རྣམས་ཀྱི་དབང་ཡང་ཅི་རིགས་པར་བསྐུར། ཕན་ཡོན་བརྗོད། སྨན་སྟེགས་ལ་བཞུགས་སུ་གསོལ། དེ་ནས་སྔོན་རྒྱུད་གསུངས་པའི་གླེང་གཞི་དང་འབྲེལ་བར་དཀྱིལ་འཁོར་བ་རྣམས་ཀྱིས་བདུད་རྩི་འཇམ་དཔལ་རྣོན་པོ་ལ་གཏད། དེའི་ཐུགས་རྒྱུད་བསྐུལ་བར་བསམ་ལ་མཉྫུ་ཤྲཱིའི་སྔགས་བཟླས་པས་དེས་བདག་ཉིད་ལ་གནང་བ་བྱིན་པར་མོས་ལ་བླངས་ཏེ་རྒྱ་བཀྲོལ། ཁ་ཕྱེས་ལ་དངོས་གྲུབ་བླང་། སྐབས་འདིར་སྨན་སྣོད་ནས་རིན་པོ་ཆེའི་གཞོང་པར་བླུགས་ལ་པྲ་བརྟགས་པར་གསུངས་པ་ལྟར་བྱེད་ན། ཨ་རུ་རའི་དབྱིབས་གོང་བུ་གཅིག་ཏུ་འདྲིལ་ན་དངོས་གྲུབ་གཉིས་ཀ་འགྲུབ། དུམ་བུ་གསུམ་དུ་གྱུར་ན་ཟས་ནོར་ལོངས་སྤྱོད་འཕེལ། ལྔར་གྱུར་ན་ཚེ་ལ་དབང་། མང་དུ་ཤིགས་ཀྱིས་འཕེལ་ན་སློབ་མ་ལ་བཟང་། ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་བ་ལྟར་བྱུང་ན་སློབ་དཔོན་ལ་དགེ །སྣོད་དུ་མི་ཤོང་བ་ཕྱིར་ལྷུད་ན་ཡུལ་ཁམས་ལ་དགེ །སྣུམ་ལ་མདོག་བཟང་ཞིང་དྲི་ངད་ཆེ་ན་ལེགས་ཤིང་དེ་ལས་ལྡོག་པ་རྣམས་ངན་པའི་རྟགས་སུ་གསུངས་སོ། །སྒྲུབ་པའི་དུས་སུ་ནམ་ལངས་སྐབས་ཁང་སྟེང་ནས་གསེར་སྐྱེམས་གཏང་། ཆུ་སྣ་ཕྱོགས་བཅུར་འཐོར། དུས་དྲུག་ཏུ་བསང་གཏང་ཞིང་སྨན་གྱི་ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་དངོས་གྲུབ་མྱུར་དུ་སྐྱོལ་ཅིག་པའི་འབོད་པ་གཏང་། དྲི་ཟ་ལ་གསུར་བསྔོ་བ་སོགས་གལ་ཆེ་བར་བཤད་ཅིང་ཆགས་མེད་རིན་པོ་ཆེས་མཛད་པའི་དངོས་གྲུབ་བསྐུལ་བའི་བསང་གསུར་ཞེས་པ་དེ་ཟུར་བཞུགས་རེ་ཟུང་གིས་གཏང་ན་གཏེར་གཞུང་རྣམས་ཀྱི་དགོངས་པར་འདུག་པས་ལེགས་པར་སྣང་། རྒྱུན་དུ་ཆོས་སྨན་བཞུགས་པའི་སྣོད་ཀྱི་སྙིང་པོར་ཨ་རུ་ར་གསེར་མདོག་རྨ་མེད་པ་རབ་ཉེར་གཅིག །འབྲིང་བཅོ་ལྔ། ཐ་མ་བདུན་རས་དཀར་གྱིས་དྲིལ་ལ་གཞུག་པ་མན་ངག་གི་གནད་དུ་གསུངས་པའང་དེ་ལྟར་བྱའོ། །དེང་དུས་ཐམས་ཅད་ཀྱིས་ཕྱག་སྣེར་འགྱེད་རྒྱུའི་རྟེན་འདུས་ལ་ཆོས་སྨན་དུ་བཏགས་པ་བཟང་སྨན་སྤུས་ལྡན་བསྡུས་ཏེ་མོས་སྒྲུབ་མཚོན་ཙམ་རེ་བྱེད་པ་ལ་ནི་བར་ཆད་དང་དངོས་གྲུབ་གཉིས་ཀ་འབྱུང་བ་དཀོན་མོད། གཞུང་མཐུན་གྱི་དམ་རྫས་ཚུལ་བཞིན་བསགས། སྒྲུབ་པ་ཚད་ལྡན་རྩེ་གཅིག་བྱེད་ན་ཤིན་ཏུ་གཟབ་པ་གལ་ཆེ་སྟེ། ཞལ་གདམས་ལས། མདོར་ན་འདི་ནི་གཞན་སྒྲུབ་པའི་རིགས་རྣམས་དང་མི་འདྲ་བས༔ དང་པོ་ནས་རྐྱེན་དེ་རྣམས་མི་འབྱུང་བའི་ཐབས་དང་བྱ་བ་ལ་འབད་དོ༔ འདི་ནི་ཁེ་ཆེ་ལ་ཉེན་ཆེ་བའི་སྒྲུབ་པ་ཡིན་པས་ཤིན་ཏུ་གཟབ་ནས་བསྒྲུབ་པར་བྱའོ༔ ཞེས་གསུངས་པ་ལྟར། སྨན་རུལ་བ་དང་། འབུ་ཞུགས་པ། དུད་འགྲོའི་རོ་གཟུགས་ཀྱི་རྣམ་པར་བྱུང་བ། སྨན་སྐམ་པ། དྲི་ངད་མ་ཁུག་ཅིང་སྔར་ཡོད་ཡལ་བ། མདོག་དང་རོ་མི་སྡུག་པ་སོགས་མི་འགྲུབ་པ་དང་བར་ཆད་ཀྱི་རྟགས་ཀྱང་འགྱུར་བ་ལས། རུལ་བ་ནི་རྒྱུ་མ་དག་པ་ལས་འབྱུང་བར་གསུངས་པ་དང་། གཞན་རྣམས་དམ་སེལ་དང་མི་མ་ཡིན་པའི་བར་ཆད་ལས་ཀྱང་འབྱུང་བས་ཉུ་ལེ་སྐྲོད་ཅིང་སྲུང་འཁོར་བསྒོམ། མདོས་གླུད་ཡང་ཡང་བསྔོ། ནད་གདོན་གྱི་བར་ཆད་འཆི་རྐྱེན་སོགས་བྱུང་ནའང་དེ་དབང་དུ་མ་ཤོར་བར་སྒྲུབ་པ་མཐར་སྐྱོལ་བརབྱ། གཙོ་བོ་རྡོ་རྗེ་སློབ་དཔོན་སོགས་བསྐྱེད་བཟླས་ལས་སུ་རུང་། ལྷ་སྒོམ་ཏིང་འཛིན་གྱི་གདིང་དང་ལྡན། མཆེད་ལྕམ་རྣམས་དམ་སེལ་མེད་ཅིང་སྒྲུབ་པ་ལ་བློ་མཐུན་པའི་མོས་གུས་རྩེ་གཅིག་པས་ཐང་ལྷོད་མ་ཤོར་བར་བསྒྲུབས་ན་དངོས་གྲུབ་འགྲུབ་པའི་རྟགས་དང་མཚན་མ་རང་རང་གི་སྐལ་པ་དང་འཚམ་པ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་༧རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཀྱི་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བཀོད་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་ནག་པོ་ཐུགས་ཀྱི་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ (Volume 18, Text 24)

འཇམ་དཔལ་ནག་པོ་ཐུགས་ཀྱི་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཀུན་བཟང་འཇམ་དཔལ་པདྨ་ཐོད་ཕྲེང་རྩལ། །མངའ་བདག་ཡབ་སྲས་ཡེ་ཤེས་མཚོ་རྒྱལ་མ། །ཟབ་གཏེར་མངའ་བདག་ཨོ་རྒྱན་སངས་རྒྱས་གླིང་། །རང་སྲས་བདུན་རྒྱུད་་་ཡེ་ཤེས་རྡོ་རྗེ། སངས་རྒྱས་བློ་གྲོས། བསོད་ནམས་ལྷུན་གྲུབ། ཆོས་ཀྱི་རྒྱལ་མཚན། ཀརྨ་བཟང་པོ། ཀརྨ་སྔགས་འཆང་། རིག་འཛིན་སྙིང་པོའི་བར་་་བདེ་ཆེན་དར་རྒྱས་དང་། བཀའ་དྲིན་མཚུངས་མེད་བདེ་ཆེན་རབ་གསལ་ཞབས། །རྩ་བའི་བླ་མ་དྲན་ཆོག་འཁོར་ལོའི་མགོན། །འཇམ་དཔལ་ཡང་ཞུན་སྨིན་གྲོལ་བརྒྱུད་པ་ཡི། །བླ་མ་རྣམས་དང་ཡི་དམ་ལྷག་པའི་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །ལས་བཞི་ལྷུན་གྲུབ་གྲུབ་པ་ཆེ་བརྒྱད་ཐོབ། ཁྱད་པར་ཚེ་དབང་ཕྱག་རྒྱ་ཆེ་མཆོག་གྲུབ། །འཇམ་དཔལ་གོ་འཕང་ཚེ་འདིར་ཐོབ་བྱིན་རློབས། །ཞེས་འཇམ་དཔལ་ནག་པོ་ཐུགས་ཀྱི་ཡང་ཞུན་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྦྱར་བའོ། །སརྦ་མངྒ་ལཾ།། །།

བསྟོད་བསྐུལ་སྟོང་ཉིད་མ་ (Volume 34, Text 24)

དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཐུགས་རྗེས་སྤྲུལ་པ་བདག་གཞན་གཉིས་ཀྱི་དཔལ༔ རྣམ་པར་ཐར་པ་གསུམ་གྱི་སྒོ་འབྱེད་མ༔ ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྟོག་མེད་དགྱེས་པའི་ཚུལ་གྱི་སྐུ་སྤྲུལ་མ༔ ནག་མོ་ཁྲོས་མས་ལྷ་རྣམས་ཟིལ་གྱིས་གནོན༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་མ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཡས་ན་གཅོད་བྱེད་གྲི་གུག་བསྣམས་པ་ནི༔ བདུད་དང་མུ་སྟེགས་ཕྱོགས་རྣམས་སྐྲག་པར་མཛད༔ ཉོན་མོངས་རྣམ་པར་རྟོག་པ་རྩད་ནས་གཅོད༔ ཕྲིན་ལས་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཡོན་པ་ཐོད་ཁྲག་གང་བ་བསྣམས་པ་ནི༔ ཐུགས་རྗེས་ཆགས་པའི་ཚུལ་གྱིས་འགྲོ་དོན་མཛད༔ སྟོང་ཉིད་སྙིང་རྗེར་འབྲེལ་བའི་བདག་ཉིད་ཅན༔ ཐུགས་རྗེས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་མཚན་ཁ་ཊྭཱཾ་ག་ནི་ཐུགས་ཀར་གཏད༔ དུག་གསུམ་རྩད་གཅོད་འཁོར་བའི་གཡུལ་ངོ་བཟློག༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་ཁྲོ་མོའི་སྐུ༔ སྐུ་གསུམ་ལྷུན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྲིད་གསུམ་རྣམ་རྟོག་ཐམས་ཅད་འཇོམས་པའི་ཕྱིར༔ འཇིགས་བྱེད་ཆེན་པོ་ཕག་གི་གདོང་པ་ཅན༔ ཡེ་ཤེས་ཁྲོ་ཞལ་འཇིགས་པའི་ཁྲོ་གཉེར་ཅན༔ མཐུ་སྟོབས་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གདུག་པ་ཟ་བྱེད་འཇིགས་པའི་མཆེ་བ་ཅན༔ བདུད་དང་མུ་སྟེགས་ཐམས་ཅད་ཟིལ་མནན་ནས༔ ཞལ་གདངས་ལྗགས་འདྲིལ་དྲག་པོའི་སྐན་སྒྲ་བརྡེབ༔ སྟོང་ཉིད་སྒྲ་སྒྲོག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུག་གསུམ་མཐར་བྱེད་སྤྱན་གསུམ་མེ་ལྟར་འབར༔ ཡེ་ཤེས་ལྔ་ལྡན་ཐོད་པས་དབུ་ལ་བརྒྱན༔ སྐུ་ལྔ་རབ་རྫོགས་ཡེ་ཤེས་མཁའ་འགྲོ་མ༔ ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ངོ་མཚར་ཆེན་མོ་དགྱེས་པའི་གད་རྒྱངས་ཅན༔ དུག་ལྔ་འཇོམས་ཕྱིར་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྱེས་པའི་གད་མོས་འཁོར་བ་སྐམ་སར་འདྲེན༔ རྟགས་ཀྱི་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕག་སྐད་ངུར་ངུར་སྟེང་དུ་བསྒྲགས་པ་ཡིས༔ གཟུགས་མེད་ཁམས་ཀུན་མ་ལུས་དབང་དུ་སྡུད༔ ཕག་སྐད་ངུར་ངུར་བར་དུ་བསྒྲགས་པ་ཡིས༔ གཟུགས་ཁམས་མ་ལུས་དབང་དུ་སྡུད་པར་བྱེད༔ ཕག་སྐད་ངུར་ངུར་འོག་ཏུ་བསྒྲགས་པ་ཡིས༔ འདོད་ཁམས་གནས་རིགས་མ་ལུས་དབང་དུ་སྡུད༔ ཁམས་གསུམ་དབང་སྡུད་མ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕག་སྐད་དྲག་པོ་ཤར་དུ་བསྒྲགས་པ་ཡིས༔ རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ཕོ་ཉར་འགྱེད༔ ཕག་སྐད་དྲག་པོ་ལྷོ་རུ་བསྒྲགས་པ་ཡིས༔ རིན་ཆེན་མཁའ་འགྲོའི་ཚོགས་རྣམས་ཕོ་ཉར་འགྱེད༔ ཕག་སྐད་དྲག་པོ་ནུབ་ཏུ་བསྒྲགས་པ་ཡིས༔ པདྨ་མཁའ་འགྲོའི་ཚོགས་རྣམས་ཕོ་ཉར་འགྱེད༔ ཕག་སྐད་དྲག་པོ་བྱང་དུ་བསྒྲགས་པ་ཡིས༔ ལས་ཀྱི་མཁའ་འགྲོའི་ཚོགས་རྣམས་ཕོ་ཉར་འགྱེད༔ མཁའ་འགྲོ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཕག་མོ་ནག་མོ་ཆེན་མོ་ཁྲོས་མའི་སྐུ༔ མཁའ་འགྲོ་རིགས་བཞིའི་འཁོར་དང་བཅས་པ་ཡིས༔ ཁམས་གསུམ་གདུག་པ་ཐམས་ཅད་རྡུལ་དུ་རློགས༔ དྲེགས་པ་མ་ལུས་ཐམས་ཅད་དབང་དུ་སྡུས༔ མཁའ་འགྲོ་ཕོ་མོ་ཐམས་ཅད་ལས་ལ་ཁྱེས༔ བཀའ་དང་དམ་བཞིན་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་བསྟོད་ལ༔ ཕག་སྐད་ངུར་ཞིང་ཕྲིན་ལས་དྲག་ཏུ་བཅོལ་ལོ།། །།

རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ་ (Volume 41, Text 24)

༄༅། །རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཚན་འཛིན་འཁྲུལ་པའི་སྣོད་བཅུད་དངོས་པོ་ཀུན། །གདོད་ནས་དག་པའི་སྟོང་ཉིད་ཆེན་པོར་སྦྱངས། །སྟོང་པའི་རང་མདངས་གསལ་རིག་ཆོ་འཕྲུལ་ལས། །གཏོར་སྣོད་རྒྱ་ཁྱོན་ནམ་མཁའ་མཉམ་པ་ཡི། །རིན་ཆེན་བནྡྷ་འབར་བའི་སྣོད་བཟང་དུ། །གཏོར་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་ཤ་ལྔ་བདུད་རྩི་ཆེན་པོ་ལྔ། །རང་བཞིན་སྨན་གཏོར་རཀྟ་ཚོགས་ཀྱི་རྫས། །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་ཚོགས། །དཔག་ཏུ་མེད་པའི་བཅུད་ཀྱིས་བཀང་བ་ལ། །བདག་ཉིད་པདྨ་འོད་འབར་ཐུགས་ཀ་ནས། །འོད་འཕྲོས་གཏོར་རྫས་ལ་ཕོག་འབགས་བཙོག་བསངས། །དམ་ཚིག་བདུད་རྩིར་གྱུར་ལས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་རབ་འབྱམས་རྒྱལ་བ་ཡི། །བྱིན་རླབས་ལས་སྤྲུལ་ཡེ་ཤེས་བདུད་རྩིའི་རྒྱུན། །སྤྱན་དྲངས་དམ་ཚིག་བདུད་རྩིར་གཉིས་མེད་ཐིམ། །མཆོག་དམན་མགྲོན་རིགས་ཐམས་ཅད་མཉེས་བྱེད་པའི། །འདོད་ཡོན་ཀུན་འབྱུང་ནམ་མཁའ་མཉམ་པར་གྱུར། །ཨོཾ་ཨཱཿཧཱུྃ། སླར་ཡང་བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་སོགས། །མཆོད་འོས་མ་ལུས་མདུན་གྱི་ནམ་མཁའ་རུ། །སྤྱན་དྲངས་པདྨ་ཉི་ཟླའི་གདན་བཞུགས་ལ། །བདག་སོགས་འགྲོ་བའི་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ་བགྱིད་ཅིང་། །མྱ་ངན་མི་འདར་གསོལ་འདེབས་སྐྱབས་སུ་མཆི། །སྨོན་འཇུག་བྱང་ཆུབ་སེམས་མཆོག་དགེ་རྩ་རྣམས། །མ་གྱུར་འགྲོ་ལ་བསྔོ་འགྲུབ་བྱིན་གྱིས་རློབས། །ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་དྷཱ་ཀི་སརྦ་དྷརྨཱ་པཱ་ལ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཨཱཿཧཱུྃ། མ་ཧཱ་པཉྩ་ཨ་མྲྀཏ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མོ། མཆོད་འོས་དམ་པ་སྐྱབས་གནས་དཀོན་མཆོག་གསུམ། །ཕྱོགས་དུས་རྒྱལ་བ་ཞིང་གི་རྡུལ་སྙེད་ཚོགས། །བྱང་སེམས་ཉན་རང་སྲས་བཅས་ཐམས་ཅད་དང་། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱའི་བརྒྱུད། །སྨོན་ལམ་ལས་འཕྲོ་དབང་བསྐུར་བྱིན་རླབས་བརྒྱུད། །ཤོག་སེར་ཚིག་བརྒྱུད་མན་ངག་དོན་གྱི་བརྒྱུད། །རྫོགས་ཆེན་ཕྱག་ཆེན་ཞི་བྱེད་ལམ་འབྲས་གཅོད། །རིམ་ལྔ་སྦྱོར་དྲུག་བློ་སྦྱོང་དབུ་མའི་བརྒྱུད། །བཀའ་གཏེར་བཤད་སྒྲུབ་སྙན་བརྒྱུད་གདམས་ངག་དང་། །ལག་ལེན་སྨིན་གྲོལ་ཟབ་མོ་བརྒྱུད་པའི་རིགས། །དཔལ་ལྡན་རྩ་བར་བརྒྱུད་པའི་བླ་མ་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་རྡོ་རྗེའི་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་བྱིན་རླབས་དབང་བསྐུར་སྩོལ། །ཆོས་སྐུའི་དབྱིངས་ནས་རང་རྩལ་སྒྱུ་འཕྲུལ་སྐུ །ཞི་དང་ཁྲོ་བོའི་ཚུལ་འཆང་ཡི་དམ་ལྷ། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་སྡེ་ཡི། །དཀྱིལ་འཁོར་བསམ་ཡས་རབ་འབྱམས་ལྷ་ཚོགས་དང་། །ཐེག་དགུ་ཡོངས་རྫོགས་འདུས་པ་མདོ་དབང་གི །ངན་སོང་གནས་འདྲེན་ཕྱག་རྡོར་སྤྲུལ་པའི་ལྷ། །ལྷ་མིའི་ཐེག་དང་ཉན་རང་བྱང་ཆུབ་སེམས། །ཀྲི་ཨུ་ཡོ་ག་མ་ཧཱ་ཨ་ནུ་དང་། །ཨ་ཏི་ཡོངས་རྫོགས་དཀྱིལ་འཁོར་ལྷ་རྣམས་དང་། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷ། །ཡང་དག་ཐུགས་མཆོག་བདུད་རྩི་ཡོན་ཏན་དང། །ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་ལྷ། །རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྡོད་ཚོགས། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་དང་། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་དང་། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་དང་། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཕྲེང་ཅན། །སངས་རྒྱས་དཔའ་བོ་རྟ་མགྲིན་ཕྱག་རྡོར་གྱི། །ཡབ་ཡུམ་སྲས་འཁོར་སྤྲུལ་པ་སྒོ་མཚམས་དང་། །དཔའ་བོ་དཔའ་མོ་ལ་སོགས་དགོངས་འདུས་ཀྱི། །ལྷ་ཚོགས་ཉིས་བརྒྱ་ཉེར་ལྔ་ལ་སོགས་པ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་ཕྱག་མཚན་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཁྱད་པར་རྒྱལ་བ་དཀོན་མཆོག་སྤྱི་འདུས་ལྷ། །ཕྱི་ལྟར་བཅོམ་ལྡན་ཚེ་དཔག་མེད་པ་ནི། །དངོས་གྲུབ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་དང་། །ནང་ལྟར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནི། །ངན་སོང་རང་གྲོལ་ཕྱི་ནང་གསང་སྒྲུབ་ལྷ། །གསང་བ་རྟ་ཕག་ཡིད་བཞིན་ནོར་བུ་མཆོག །ཐབས་ཤེས་ཟུང་འཇུག་དོན་གྱི་ལྷ་ཚོགས་དང་། །དེ་ཁོ་ན་ཉིད་ཞི་ཁྲོ་ངེས་དོན་སྙིང་། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་བརྒྱད། །རིག་འཛིན་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཅུ། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་སྤྲུལ་འཁོར་འབུམ། །ཕྲིན་ལས་ཕུར་པའི་ལྷ་ཚོགས་བདུན་ཅུ་བཞི། །ཀུན་འདུས་བླ་མ་ཞི་དྲག་སེང་གདོང་དང་། །གཅིག་བསྡུས་རྡོ་རྗེ་ཁྲོ་བོ་ལོད་ཀྱི་སྐུ །མདོར་ན་རིག་འཛིན་ཧཱུྃ་ནག་མེ་འབར་གྱི། །གཏེར་བྱོན་རྩ་གསུམ་ལྷ་ཚོགས་མ་ལུས་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །ཡེ་ཤེས་འོད་ཟེར་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་སྨིན་གྲོལ་དངོས་གྲུབ་སྩོལ། །ཆོས་སྐུ་གཟུགས་སྐུའི་རོལ་རྩལ་ཕྲིན་ལས་ཀྱིས། །ལོག་འདྲེན་དགྲ་བགེགས་འདུལ་བའི་སྐུར་བཞེངས་པ། །ཆོས་སྐྱོང་ཀུན་གྱི་སྤྱི་དཔལ་གཙོ་བོའི་མཆོག །མ་ཧཱ་ཀཱ་ལ་ལེགས་ལྡན་མ་ནིང་ནག །སྐུ་དང་གསུང་དང་ཐུགས་ཀྱི་མགོན་པོ་དང་། །ཡོན་ཏན་ཕྲིན་ལས་མགོན་དང་ཡང་སྤྲུལ་དང་། །ལས་མགོན་ཡུམ་དང་བཀའ་འཁོར་སྤྲུལ་པའི་ཚོགས། །སྡེ་དགུ་སྡེ་བདུན་སྡེ་ལྔ་སྡེ་གསུམ་དང་། །ཕོ་རྒྱུད་མོ་རྒྱུད་སྲས་འཁོར་དྲེགས་བྱེད་ཀྱི། །སྡེ་བརྒྱད་ཕྱི་ནང་གསང་བ་དེ་ཁོ་ན། །ཡང་གསང་སྦས་དང་འཇིག་རྟེན་བཏགས་ཆགས་ཀྱི། །སྡེ་སོགས་བཀའ་སྲུང་གཏེར་སྲུང་མ་ལུས་དང་། །སྤྱི་ཡི་ཆོས་སྲུང་དཔལ་མགོན་བདུན་ཅུ་ལྔ། །རྣམ་སྲས་ནོར་ལྷ་དཀར་སེར་དམར་ནག་གི །འཁོར་ཚོགས་ནོར་སྐྱོང་དཀར་ཕྱོགས་དགེ་བསྙེན་རིགས། །སྟོང་ཁམས་འཇིག་རྟེན་སྐྱོང་བའི་མཐུ་ལྡན་ཞིང་། །ཆོས་དང་གང་ཟག་དམ་པ་སྲུང་སྐྱོབ་པའི། །གཞི་བདག་གནས་བདག་ཡུལ་བདག་གཉན་པོའི་ཚོགས། །རྒྱལ་བ་རིག་འཛིན་དུ་མའི་སྤྱན་སྔ་རུ། ཁས་བླངས་དམ་བཅའ་ལྡན་པའི་མཐུ་སྟོབས་ཅན། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཐའ་དག་ལ། །དམ་རྫས་སྨན་རཀ་གཏོར་ཚོགས་མཆོད་པ་འབུལ། །རྫུ་འཕྲུལ་མཚོན་ཆའི་ལྗགས་ཀྱི་སྦུ་གུ་ཡིས། །དགྱེས་པར་བཞེས་ལ་ཕྲིན་ལས་ཀུན་འགྲུབ་མཛོད། །གཏོར་མགྲོན་མཆོད་ཡུལ་ཀུན་མཉེས་གནས་གསུམ་ལས། །འོད་ཟེར་གཏོར་རྫས་ལ་ཕོག་བདུད་རྩི་ནི། ཁམས་གསུམ་རིགས་དྲུག་བར་དོའི་འགྲོ་བར་བཅས། །སྣང་ཞིང་སྲིད་པའི་སེམས་ཅན་ཐམས་ཅད་ལ། །ཅི་འདོད་ལོངས་སྤྱོད་རྒྱ་ཆེན་ཟད་མེད་ཀྱི། །སྦྱིན་པས་ཚིམས་ཤིང་སོ་སོའི་ལས་སྒྲིབ་དང་། །སྡུག་བསྔལ་ཉེས་ཚོགས་མཐའ་དག་ཞི་ནས་ཀྱང། །ཐམས་ཅད་བྱང་ཆུབ་ལམ་ལ་འཇུག་གྱུར་ཅིག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ཎི་ཧཱུྃ། ཆོས་དབྱིངས་ནམ་མཁའི་མཐའ་དང་མཉམ་པ་ཡི། །གཏོར་མཆོད་འདོད་ཡོན་ཕུན་ཚོགས་འདི་ཕུལ་པས། །བླ་མ་རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ལྷ་དང་མཁའ་འགྲོའི་ཐུགས་དམ་བསྐངས་གྱུར་ཅིག །ཆོས་སྲུང་གཏེར་བདག་མ་ལུས་ཚིམས་གྱུར་ཅིག །བགེགས་རིགས་ལན་ཆགས་ཐམས་ཅད་འཁོར་གྱུར་ཅིག །འགྲོ་ཀུན་ཅི་འདོད་རེ་བ་བསྐངས་གྱུར་ཅིག །འདི་ལྟར་མཆོད་སྦྱིན་བགྱིས་པའི་མཐུ་འབྲས་ཀྱིས། །རྒྱལ་ཁམས་འཇིག་རྟེན་ཀུན་ཏུ་བཀྲ་ཤིས་ཤིང་། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །ནད་མུག་འཁྲུག་རྩོད་ཞི་ཞིང་ལོངས་སྤྱོད་འཕེལ། །རྒྱལ་བའི་བསྟན་དར་བསྟན་འཛིན་ཐུགས་ཡིད་མཐུན། །ཆོས་དང་དཔལ་འབྱོར་གོང་འཕེལ་ཡུན་དུ་གནས། །འགྲོ་ཀུན་དགེ་ལེགས་ལམ་ལ་འཁོད་པ་དང་། ཁྱད་པར་བདག་སོགས་སྒྲུབ་པ་པོ་རྣམས་ཀྱང་། །དམ་ཚིག་ཉམས་ཆག་ཅི་མཆིས་སོར་ཆུད་ཅིང་། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་བསོད་ལོངས་སྤྱོད་ཉམས་རྟོགས་རྒྱས་པ་དང་། ཁམས་གསུམ་ཆོས་སྲིད་རང་སེམས་དབང་དུ་འདུས། །དགྲ་འདྲེ་བྱད་ཟོར་འགལ་རྐྱེན་རྡུལ་དུ་རློགས། །མདོར་ན་འདི་གཟུང་བྱང་ཆུབ་མ་ཐོབ་བར། །མི་མཐུན་རྐྱེན་བྲལ་མཐུན་རྐྱེན་ཀུན་འགྲུབ་ཅིང་། །ས་ལམ་མྱུར་བགྲོད་སྐུ་གཉིས་མངོན་གྱུར་ནས། །མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་བསྒྲུབ་ནུས་པར། །མཆོད་ཡུལ་སྐྱབས་གནས་རྣམས་ཀྱིས་མཛད་དུ་གསོལ། །སྐོང་གསོ་གཞན་དང་སྦྲེལ་ན་འདི་ཡན་གྱིས་ཆོག་ལ། འདི་གཅིག་པུ་བྱེད་ན་མཇུག་བསྡུ་བ་ནི། བདག་སོགས་འགྲོ་བ་ལས་ཉོན་འཁྲུལ་པ་ཡི། །རྒྱུ་འབྲས་ལ་སྤྱོད་འགལ་འཁྲུལ་ཉེས་བྱས་ཚོགས། །མ་ལུས་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །དགེ་བ་འདིས་མཚོན་གཞན་ཡང་རྣམ་དཀར་དགེ །བྱས་དང་བྱེད་འགྱུར་མ་ལུས་ལེགས་བསྡོམས་ཏེ། །དྲིན་ཅན་ཕ་མ་མཁའ་ཁྱབ་སེམས་ཅན་རྣམས། །བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་འགྲུབ་པར་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་དུས་རྒྱལ་བ་ཡིས། །ཡུལ་དང་ཡུལ་ཅན་དུས་ཀུན་མཐའ་དག་ལ། །དགེ་ལེགས་ཕུན་སུམ་ཚོགས་པར་མཛད་པ་ཡི། །བཀྲ་ཤིས་དེ་བཞིན་འདིར་ཡང་ཤིས་པར་ཤོག །བཛྲ་མུཿ སརྦ་ལོ་ཀ་གཙྪཿ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཻ་ཏྲི་རཀྵ་ཀུ་རུ་ཧཱུྃ། ཞེས་དམིགས་མེད་ཁྱབ་བརྡལ་ཆེན་པོར་མཉམ་པར་གཞག་གོ །ཞེས་པའང་དཔལ་རི་རྒོད་ཚང་གི་དབེན་གནས་སུ་རྩེ་ལེ་བ་སྣ་ཚོགས་རང་གྲོལ་གྱིས་སྦྱར་བ་དགེ། །།

བླ་མ་ཡིད་བཞིན་ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདུས་ཀྱི་རྩ་བའི་དབང་ལྔ་གཏོར་དབང་དང་བཅས་པའི་ཡི་གེ་བྱིན་རླབས་སྙིང་པོ་ (Volume 9, Text 24)

༄༅། །བླ་མ་ཡིད་བཞིན་ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདུས་ཀྱི་རྩ་བའི་དབང་ལྔ་གཏོར་དབང་དང་བཅས་པའི་ཡི་གེ་བྱིན་རླབས་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཙྪིནྡ་མ་ཎི་ཀཱ་ཡ། སྐུ་གཅིག་བསྒོམས་པས་ཐེག་དགུའི་བསྐྱེད་རིམ་རྫོགས། །སྔགས་གཅིག་བཟླས་པས་གསང་སྔགས་ཐམས་ཅད་འགྲུབ། །མོས་གུས་ཁོ་ནས་ཡེ་ཤེས་ཚད་ལ་ཕེབས། །ས་ལམ་གཅིག་ཆོད་བགྲོད་མཛད་དེ་ལ་འདུད། །དེ་ཡི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཡི། །སྙིང་པོ་ཐུགས་སྒྲུབ་སྐོར་ལྔ་ཀུན་འདུས་པ། །ནོར་བུ་ལུགས་བཞིའི་ཆུ་བོ་གཉིས་འདྲེས་ཀྱི། །སྤྲོས་མེད་རྩ་བའི་དབང་འདི་རྨད་དུ་བྱུང་། །གཏེར་སྟོན་མ་ཏི་རཏྣའི་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུ་དང་། བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་ཆོས་སྡེར་བཞུགས་པའི་བླ་མ་ཡིད་བཞིན་ནོར་བུ་གཉིས་ཆ་ལག་རྒྱས་བསྡུས་དང་ལེ་མཚམས་ཡོད་མེད་ཀྱི་ཁྱད་པར་ལས་ཚིག་དོན་ཆ་རྣམས་ཞུ་དག་བཏུབ་ཅིང་གཉིས་ཀའི་དབང་ལུང་ནོས་པས་ཕུར་པ་སྤུ་གྲི་རྣམ་གསུམ་བཞིན་ཆུ་བོ་གཅིག་འདྲེས་ངེས་པར་རུང་ལ་དེ་ཀས་གཉིས་ཀའི་གོ་ཆོད་པར་སྣང་། འདི་ལ་རྒྱུད་ལུང་མན་ངག་བླ་མེད་ཀྱི་ཚུལ་དང་བཞིར་ཡོད་པ་ལས་སྟག་ཤམ་ལུགས་དེ་ཡང་གསང་བླ་མེད་ཀྱི་ཚུལ་ཡིན་པར་རང་གཞུང་ལས་བཤད་པ་ལྟར་ན། མ་ཏི་ལུགས་ཕྱི་རྒྱུད་ལྟར་གསུངས་པ་ཡིན་པར་མངོན་པས་རྩ་བ་འདི་ཐོབ་ཕྱིན་སྒྲུབ་པ་དང་དབང་བསྐུར་སོ་སོའི་ཡིག་ཆའི་སྟེང་ནས་ཐ་དད་དུ་བྱ་འདོད་ནའང་ཆོག་པ་ཡིན་ནོ། །གང་ལྟར་སྦྱོར་དངོས་རྗེས་ཀྱི་བྱ་བ་མཐའ་དག་ཆོག་ཁྲིགས་ཡོད་མེད་ཙམ་ལས་ཁྱད་པར་ཅིའང་མེད་པ་ལས་སྟག་ཤམ་པས་ལས་བྱང་སོགས་ཁྲིགས་ཆགས་སོགས་སུ་མཛད་པས་རྣམ་པ་གསལ་བས་ཡིག་ཆ་དེར་བསྟུན་བགྱིད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དྲི་བཟང་གིས་ཆག་ཆག་བཏབ་པའི་སྟེགས་གཙང་མར་མཎྜལ་ལ་དབུས་སུ་པདྨ་འདབ་བཞི། དེ་རྒྱབ་འདབ་བརྒྱད་ནོར་ཕྲེང་གིས་བསྐོར་ཞིང་ཕྱོགས་ཁ་དོག་ཅན་ཕོ་བྲང་གནམ་བབས་མའི་ཚུལ་དུ་བཞེངས། དེ་ལ་དྲི་བཟང་གི་ཆུས་སྲིན་ལག་གཡོན་པས་དབུས་དང་ཕྱོགས་མཚམས་རྣམས་སུ་ཐིག་ལེ་བཀོད་པའི་ཚུལ་བྱས་ལ། བྷྲཱུྃ་རཀྵ་མཎྜ་ལ་བྷྲཱུྃ་ཧཱུྃ་ཞེས་སྔགས་ནས་དགོད། དབང་ཆེན་གསེར་གྱི་ས་གཞིར་བསམ༔ པཾ་པདྨ་མཎྜ་ལ་ཧཱུྃ༔ པདྨའི་སྡོང་པོ་སྟོང་ལྡན་གྱུར༔ མ་སཱུརྻ་མཎྜ་ལ་ཧཱུྃ༔ ཤེས་རབ་ཉི་མའི་དཀྱིལ་འཁོར་གྱུར༔ ཨ་ཙནྡྲ་མཎྜ་ལ་ཧཱུྃ༔ ཐབས་མཆོག་ཟླ་བའི་གདན་དུ་གྱུར༔ ཅེས་ལྷ་གདན་བཀོད། ལག་གཡས་པས་དྲི་བཟང་དང་ལྡན་པའི་མེ་ཏོག་ཚོམ་བུ་རིམ་བཞིན་བཀོད་ལ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ དབུས་སུ་རྩ་གསུམ་ཀུན་འདུས་ངོ་བོ་བླ་མ་པདྨ་འབྱུང་གནས་བཞུགས་པར་བསམ༔ ཕྱོགས་བཞིར་གུ་རུ་སྐུ་བཞི་བཞུགས་པར་བསམ༔ ཨོཾ་གུ་རུ་བཛྲ་རཏྣ་པདྨ་ཀརྨ་ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་པདྨ་ལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་མཚན་བརྒྱད་བཞུགས་པར་བསམ༔ ཛྙཱ་ན་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ མཚོ་རྒྱལ་ལ་སོགས་མཁའ་འགྲོ་བཞུགས་པར་བསམ༔ མཎྜལ་གཡས་དང་གཡོན་དུ་ཚོམ་བུ་བྱ། བྷཻ་ཏྲ་མ་མན་ཛཾ་བྷ་ལ་མ་ཧཱ་ཀཱ་ལ་ཧཱུྃ༔ ནོར་ལྷ་མགོན་པོ་བཞུགས་པར་བསམ༔ ཆོས་སྐྱོང་དམ་ཅན་རྒྱ་མཚོས་བསྐོར་བར་བསམ༔ ཞེས་གསུངས་པ་ལྟར་བྱ། གལ་ཏེ་རྡུལ་ཚོན་སོགས་མ་འབྱོར་ནའང་མཎྜལ་ཚོམ་བུ་ཚུལ་དེ་ལྟར་བཀོད་པའི་ཁར་རྐང་གསུམ་ལ་བུམ་པ་མགུལ་ཆིངས་གཟུངས་རྡོར་དང་བཅས་པའི་སྟེང་དུ་བྷནྡྷའི་བདུད་རྩི་ལ་མེ་ལོང་དྲི་མ་མེད་པས་བཀབ། དེའི་སྟེང་ངམ་གང་བདེར་གུ་རུའི་སྐུ་འབག་བྱིན་ལྡན་བཞུགས་སུ་གསོལ། རྒྱབ་ཕྱོགས་སུ་གཏོར་མ་རིན་ཆེན་འབར་བ་ཡིག་ཆུང་ལྟར་བཞེངས་པ་བཞག་དགོས་ཀྱང་འདིར་གུད་སྦས་གཏོར་དབང་རྡོ་རྗེ་སྙིང་པོ་བསྐུར་བའི་དབང་དུ་བྱས་ནས། རིན་པོ་ཆེའི་སྣོད་དུ་སྨན་སྤོད་བཏབ་པའི་ཟན་ལ་འོག་གཞི་ཟླུམ་པོ་གཉིས་བརྩེགས་སྟེང་རིན་ཆེན་ཟུར་བརྒྱད་སྟེང་པདྨ་ཁ་སྤྲོད། དེ་སྟེང་ཟླ་གདན་ལ་བླ་གཏོར་ནོར་དབྱིབས་ཕྱོགས་བཞིར་པདྨ་དང་པད་མཚམས་ནོར་བུས་སྤྲས་པ་རྒྱན་གྱི་བཀོད་པས་མཛེས་པ་བཞག་པའི་གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་བསྐོར་བཤམ། ལས་བུམ། གཞན་ཡང་སྔོན་གཏོར་དཀར་བགེགས། བཀའ་སྲུང་གཏོར་འབུལ། ཚོགས་དང་ཆད་བརྟན། ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ། དབང་དོན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། སྤྲོ་ཞིང་ནུས་ན་སྔོན་འགྲོ་ཆོས་སྤྱོད་ངག་འདོན་རྣམས་བཏང་བའི་ཕྱག་སྲོལ་སྣང་ཡང་དཀྱུས་ལ་ཧ་ཅང་རྒྱས་དྲགས་པས། བརྒྱུད་འདེབས་དང་སྔོན་འགྲོ་ཆ་གཉིས་ལྟར་དཀར་བགེགས་བཏང་། ལས་བྱང་གི་བཀའ་བསྒོ། ཧཱུྃ༔ དམ་ཚིག་ལྡན་པའི་སོགས་དང་། སུམྦྷ་ནི་བརྗོད། མཚམས་གཅོད་སྲུང་འཁོར། ཧཱུྃ༔ ང་ནི་རིགས་འདུས་སོགས་བརྗོད་ལ། ལས་བྱང་དབུའི་སྐྱབས་ཡུལ་གསལ་འདེབས་སྐྱབས་སེམས་འཕྲོས་སུ་ཡན་ལག་བདུན་པ་ལ་འཇུག་སྟེ། མན་ཆད་མཐར་ཆགས་སུ་གཏང་། བདག་མདུན་དབྱེར་མེད་སེམས་ཉིད་གཅིག་པུའི་རོལ་པར་ཤེས་པས་བཟླས་པའི་སྐབས་སུ་དབང་དོན་དུ་ཛཔ྄་ཁང་དབྱེ། འཕྲོ་འདུའི་དམིགས་པ་སྤྱི་ལྟར་བྱ། བུམ་པ་གཞལ་ཡས་ཁང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་པད་སྡོང་ཉི་ཟླའི་སྟེང་དུ་ཐོད་ཕྲེང་རྩལ་སྡེ་ལྔ་རང་རྟགས་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ཟ་འོག་རིན་ཆེན་རུས་རྒྱན་གྱིས་སྤྲས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལས་བཞི་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ ཅེས་པས་བསྟོད། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བུམ་ལྷའི་ཐུགས་ཀར་ས་བོན་སྔགས་ཀྱིས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་བུདྡྷ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དེས་འགྲེས་ཏེ། བཛྲ། རཏྣ། པདྨ། ཀརྨ་སྦྱར་ལ་བཟླས་པ་བྱ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང་། གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཞེས་བཟླས་མཐར་སྔགས་ཙམ་གྱི་ཕྱི་ནང་གསང་མཆོད་དང་། སྤྲོ་ན་རྟགས་བསྟོད་ཆས་བསྟོད་སྦྱར། བསྡུ་ན། མ་བཅོས་སྤྲོས་བྲལ་ཤློཀ་གཅིག་གིས་བསྟོད། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་གྱི་ལྷ་འོད་དུ་ཞུ་བས་ཆུའི་རྡུལ་ཇི་སྙེད་པ་ཁྲོ་ཆུང་གི་རང་བཞིན་དུ་གྱུར་པར་མོས། གཏེར་སྲུང་གསོལ་མཆོད་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པ་དང་། མདུན་བུམ་ལས་འོད་ཟེར་གྱི་དབང་ལེན་པའམ་རིག་པའི་མེ་ཏོག་དོར་བ་གང་འདོད་བྱའོ། །དེ་ནས་དབང་དངོས་ལ་སློབ་མ་རྣམས། ཇི་ལྟར་བལྟམས་པས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་སྲུང་འཁོར་ལས་བྱང་ལྟར་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྐུ་གསུམ་ཀུན་འདུས་མཚོ་སྐྱེས་པདྨ་ཀུན་ཏུ་འཆང་ཆེན་པོའི་རྣམ་ཐར་དང་ཕྲིན་ལས་གདུལ་བྱ་འདུལ་བའི་ཚུལ་སངས་རྒྱས་རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པས་གཏུགས་པར་མི་འགྱུར་བ་ལས་དུས་ལན་གཅིག་གནས་ཀྱི་གཙོ་བོ་གསང་སྔགས་མཁའ་འགྲོའི་གླིང་། དཔལ་ཙ་རི་ཏྲ་ཡེ་ཤེས་ཀྱི་ཕོ་བྲང་། མིའི་སྣང་ངོར་རྡོ་རྗེ་ཟིལ་ཆེན་གྱི་ཕུག་པ་ལ་དག་པའི་སྤྱོད་ཡུལ་མེ་ལྟར་འབར་བའི་དུར་ཁྲོད་ཕོ་བྲང་པདྨས་བརྒྱན་པ་ཕྱི་ནང་མེད་པ་འོད་དུ་འཁྱིལ་བའི་ཀློང་དུ། སྟོན་པ་པདྨ་འབྱུང་གནས་ཉིད་ལོངས་སྐུ་ཡིད་བཞིན་ནོར་བུ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ། ཡེ་ཤེས་མཚོ་རྒྱལ་སོགས་མི་དང་ལྷ་དང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་དཔའ་བོ་བསམ་གྱིས་མི་ཁྱབ་པ་ག་ཎ་ཙཀྲའི་ལོངས་སྤྱོད་ཆེན་པོ་ལ་རོལ་པའི་དུས་སུ། སྟོན་པ་ཉིད་དམ་ཆོས་ཡིད་བཞིན་ནོར་བུ་དབྱུང་བའི་ཏིང་ངེ་འཛིན་དུ་བཞུགས་ནས་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་ཚད་མེད་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་འཁོར་བ་དོང་ནས་སྤྲུགས་པའི་རྣམ་ཐར་རོལ་མོའི་དབྱིངས་ཀྱི་ཐིག་ལེར་དག་པའི་འཁོར་རྣམས་དགོངས་པ་རོ་མཉམ་ཆེན་པོར་འདྲེས་པའི་་་་་་དུས་སུ། མཁའ་འགྲོ་མཚོ་རྒྱལ་སོགས་ཀྱིས་ཞུས་ངོར་གུ་རུའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་སྤྱིར་བསྟན། དེ་ལས་བསྡུས་པ་བྱེ་བ་འབུམ་ཁྲི་སྟོང་དང་བརྒྱ་དང་བཅུ་ཕྲག་བརྒྱད་ལྔ་གསུམ་གྱི་བར་དུ་གསུངས་ནས། མཐར་ཐམས་ཅད་ཀུན་འདུས་ནོར་བུ་ལུགས་སུ་གསུངས་ཤིང་། དེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚུལ་དུ་ཐུགས་སྒྲུབ་ལྔར་ཕྱེས་ཏེ། སླར་ཐམས་ཅད་ཀུན་འདུས་ཡིད་བཞིན་ནོར་བུ་འདི་ཉིད་དུ་བསྡམས། འདི་ལའང་ཕྱི་རྒྱུད་ལྟར། ནང་ལུང་ལྟར། གསང་བ་མན་ངག་ལྟར། ཡང་གསང་བླ་ན་མེད་པར་གསུངས་པ་དང་བཞི་ལས། དང་པོ་ནི། གཏེར་སྟོན་གྱི་རྒྱལ་པོ་མཆོག་ལྡན་མགོན་པོའི་གཏེར་གཡོག་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྐྱེ་མཐའ་མ་ཏི་རཏྣ་ལ་མདོ་སྨད་ཁྲོ་བཅུའི་བྲག་ནས་རྡོ་རྗེ་མཁའ་འགྲོས་དངོས་སུ་གཏད་པའི་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྒྱུད་ལེའུ་ཉིས་བརྒྱ་དང་གྱ་བདུན་པ། སྨིན་གྲོལ་བསྐྱེད་རྫོགས་ལས་ཁ་ཚར་དང་བཅས་པའི་གདམས་སྐོར་ཚང་ལ་རྒྱས་པ་དང་། ཡང་གསང་བླ་མེད་ལུགས་འདི་ཉིད་ཕྱིས་བྱོན་གཏེར་སྟོན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཨརྻ་ས་ལེ་དང་། རིག་འཛིན་འཇའ་ཚོན་སྙིང་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས་སྟག་ཤམ་ནུས་ལྡན་རྡོ་རྗེའམ་ཨོ་རྒྱན་བསམ་གཏན་གླིང་པས་སྦས་གནས་པདྨ་བཀོད་ཀྱི་བྱང་གླིང་དབང་དྲག་དགའ་ཚལ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཡི་དམ་དགོངས་པ་འདུས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་བླ་ན་མེད་པ་རྣམས་སྤྱན་དྲངས་པའི་བསྡེབས་སུ་བྱོན་པ་སྟེ། གཏེར་ཁ་སྔ་ཕྱི་དེ་གཉིས་ལེ་མཚམས་དང་ཆ་ལག་མང་ཉུང་གི་ཁྱད་པར་ཙམ་ལས་རྩ་བའི་ཆ་རྣམས་ཚིག་དོན་གཉིས་ཀ་ཞུས་དག་བཏུབ་ཅིང་སྨིན་གྲོལ་རྫོགས་པར་ཐོབ་པས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཡིན་ལ། དེ་ལྟ་བུའི་སྨིན་བྱེད་ལ་རྒྱས་འབྲིང་བསྡུས་པ་སྙིང་པོ་དང་བཞིར་བཞུགས་པ་ལས། འདིར་བསྡུས་པ་སྨིན་བྱེད་རྩ་བའི་དབང་ལྔ་དང་། སྙིང་པོ་གུད་སྦས་གཏོར་མའི་བྱིན་རླབས་ཆབས་ཅིག་ཏུ་བསྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་དད་པ་དམ་ལྡན་བུ༔ རྩ་གསུམ་མཆོག་གསུམ་སྐུ་གསུམ་གྱི༔ ངོ་བོ་ཀུན་བཟང་པདྨ་ཐོད་ཕྲེང་རྩལ༔ དབང་སྐུར་བྱིན་རླབས་མཛད་དུ་གསོལ༔ ཁམས་གསུམ་འགྲོ་བ་དབུགས་དབྱུང་ཕྱིར༔ འཁོར་བའི་རྒྱ་མཚོ་སྒྲོལ་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ རང་རིག་བླ་མར་རྟོགས་པ་དང༔ འགྲོ་བའི་དེད་དཔོན་དབང་སྐུར་ཅིག༔ ལན་གསུམ། མདུན་བསྐྱེད་རྩ་གསུམ་མཆོག་གསུམ་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུ་ལ་བརྒྱུད་པ་དྲུག་ལྡན་གྱི་བླ་མ་རིག་འཛིན་རྒྱལ་བ་སྲས་བཅས་ཡི་དམ་ཆོས་སྐྱོང་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ དགོས་འདོད་ཀུན་འབྱུང་ངོ་བོ་ཉིད༔ གུ་རུ་ཨོ་རྒྱན་པདྨ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ རྩ་གསུམ་ཀུན་འདུས་ངོ་བོ་ཉིད༔ གུ་རུ་ཨོ་རྒྱན་པདྨ་ལ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ སྐུ་གསུམ་ཀུན་འདུས་ངོ་བོ་ཉིད༔ གུ་རུ་ཨོ་རྒྱན་པདྨ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཆོས་སྐྱོང་དམ་ཅན་ངོ་བོ་ཉིད༔ གུ་རུ་ཨོ་རྒྱན་པདྨ་ལ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གུ་རུ་ཡིད་བཞིན་ནོར་བུའི་གོ་འཕང་ལ་འགོད་པའི་ཆེད་དུ་ཟབ་མོ་བླ་མ་སྒྲུབ་པའི་རིམ་པ་ལ་འཇུག་པའི་བློའི་འདུན་པ་དང་ཚད་མེད་པ་བཞི་ལ་བློ་བཞག་སྟེ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ བདག་གཞན་མཁའ་མཉམ་སེམས་ཅན་དོན༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི༔ ངོ་བོ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ བདག་ལ་ཐུགས་རྗེའི་བརྩེ་བས་དགོངས་སུ་གསོལ༔ འདི་བཟུང་བླ་མ་བསྒྲུབས་ནས་ནི༔ མཁའ་མཉམ་སེམས་ཅན་ཐམས་ཅད་རྣམས༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ མྱ་ངན་འདས་པའི་ས་ལ་བཀོད༔ སྙིང་རྗེས་ཞི་ལ་མི་གནས་པའི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི༔ ལན་གསུམ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པའི་ཐོག་མར་གསུང་གི་དམ་ཚིག་ངག་ལ་སྦྱིན་པའི་དོན་གོ་བར་གྱིས་ཤིག །བདུད་རྩིའི་དམ་ཆུ་བླུད་ལ། ཧཱུྃ༔ རྩ་གསུམ་ཀུན་འདུས་གུ་རུ་ཡི༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་འདི༔ གསང་བ་བླ་མེད་དམ་ཚིག་ཆུ༔ བཏུང་ལ་དམ་ཚིག་གཙང་མ་སྲུངས༔ ཨ་མྲྀཏ་ས་མ་ཡ་ཧཱུྃ༔ ཐུགས་ཀྱི་དམ་ཚིག་སེམས་ལ་བཞག་པའི་དོན་གོ་བར་གྱིས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་ལྷ༔ ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཨོཾ་ཨཱཿཧཱུྃ་ན་ར་ཀན་ས་མ་ཡ༔ སྐུའི་དམ་ཚིག་ལུས་ལ་སྦྱིན་པའི་དོན་གོ་བར་གྱིས་ཤིག །ལས་བུམ་སྤྱི་བོར་བཞག་ལ། ཧོ༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ བསྲུངས་ན་དངོས་གྲུབ་རྒྱ་མཚོ་ཐོབ༔ མ་བསྲུང་དམྱལ་བའི་རྒྱུ་ཡིན་ནོ༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཞེས་བུམ་ཆུ་སྦྱིན། ཧོ༔ དམ་ཚིག་ས་ཡ་འབུམ་ཕྱེས་ཀྱང༔ རྩ་བའི་དམ་ཚིག་གསུམ་ལ་འདུས༔ རྩ་གསུམ་གུ་རུ་ཉིད་ལ་འདུས༔ དེ་ཕྱིར་དམ་ཚིག་རྒྱུན་དུ་སྲུངས༔ ཚེ་རབས་བག་ཆགས་འཁྲུལ་པ་ཞིག༔ གསང་སྔགས་ཟབ་མོའི་སྣོད་དུ་རུང༔ ཞེས་བརྗོད། དེ་དག་གིས་སྣོད་རུང་དུ་ལེགས་པར་བསྒྲུབས་ནས་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་བཅིང་། ཁྱད་པར་ཡིད་གཞན་དུ་མི་ཡེངས་པ་དམ་ཚིག་ཡིན་པས་རྩེ་གཅིག་ཏུ་དམིགས་པ་འདི་ལྟར་སྒོམ་མཛོད། ས་ཕྱོགས་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་གུ་རུ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཅན་ཁྲོ་འཛུམ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་པས་མཉམ་གཞག་ཐོད་པ་ཚེ་བུམ་དང་ལྡན་པ་བསྣམས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་དང་བཅས་ཤིང་པད་ཞྭ་གསང་གོས་ཕོད་ཀ་ཆོས་གོས་བེར་ཕྱམ་གྱིས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འཇའ་འོད་ཀྱི་ཀློང་དུ་བཞུགས་པའི་ཐུགས་ཀར་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་བསྣམས་ཤིང་གར་སྟབས་མཛད་པ་ཆག་གང་བའི་ཐུགས་ཀར་དགའ་བ་འཁྱིལ་བའི་དབུས་སུ་ཧྲཱིཿདམར་པོ། ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པའི་འོག་ཏུ་ཡཾ་ལྗང་གུ །བླ་མས་ཡཾ་ཞེས་བརྗོད་པའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས་དགའ་འཁྱིལ་གཡོན་དུ་དྲག་ཏུ་འཁོར་བ། བླ་མའི་སྨིན་མཚམས་སུ་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བ་དང་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་གཤེགས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ལ་རྩ་གསུམ་མཁའ་འགྲོ་འབུམ་གྱིས་བསྐོར་བ་སྔགས་སྒྲ་ཏི་རི་རི་ཁ་བ་བབས་པ་ལྟར་བྱོན། སྤྱི་བོ་ནས་སྙིང་གི་དབུས་སུ་ཐིམ་པར་མོས་ཤིག །འབེབ་པའི་རྫས་དུད་རོལ་མོ་དབྱངས་དང་བཅས། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་བླ་མ་རིག་འཛིན་བཞེངས༔ དགོངས་ཤིག་རིགས་འདུས་པདྨ་དགོངས༔ རིག་འཛིན་གནས་ནས་སྐུ་བསྐྱོད་འཚལ༔ ཧཱུྃ༔ བཞེངས་ཤིག་ཡི་དམ་གུ་རུ་རྗེ༔ དགོངས་ཤིག་པདྨ་ཐོད་ཕྲེང་དགོངས༔ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་འཚལ༔ ཧཱུྃ༔ བཞེངས་ཤིག་ཨོ་རྒྱན་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཨོ་རྒྱན་མཁའ་འགྲོ་དགོངས༔ མཁའ་སྤྱོད་གནས་ནས་སྐུ་བསྐྱོད་འཚལ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ གསེར་གདུབ་ཞབས་གདུབ་སི་ལི་ལི༔ རྒྱན་ཆ་སྣ་ཚོགས་པུ་རུ་རུ༔ སིལ་སྙན་མང་པོ་སི་ལི་ལི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོའི་སྒྲ་སྐད་དི་རི་རི༔ སྐུ་ལས་འོད་ཟེར་འོད་ཕུང་ལྷབས་སེ་ལྷབ༔ རིག་འཛིན་རྒྱལ་བ་རྒྱ་མཚོ་ཀྱི་ལི་ལི༔ མ་མོ་མཁའ་འགྲོ་རྒྱ་མཚོ་སྤུངས་སེ་སྤུང༔ དམ་ཅན་ཆོས་སྐྱོང་རྒྱ་མཚོ་ཁྱུགས་སེ་ཁྱུག༔ དཔའ་བོ་རྒྱ་མཚོ་གར་སྟབས་ཁྲབས་སེ་ཁྲབ༔ མཁའ་འགྲོ་མ་ཚོགས་རྒྱ་མཚོ་ཐིབས་སེ་ཐིབ༔ ལྷ་སྲིན་སྡེ་བརྒྱད་ལས་བྱེད་ཤ་ར་ར༔ གཡས་ན་ཕོ་རྒྱུད་མང་པོ་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་མང་པོ་སྤུངས་སེ་སྤུང༔ དར་སྣ་ལྔ་ཡི་རུ་མཚོན་ལྷུབས་སེ་ལྷུབ༔ དྲི་ཞིམ་ངད་ལྡན་ན་བུན་ཐུ་ལུ་ལུ༔ མཁའ་འགྲོ་མང་པོའི་བརྡ་སྐད་ཏི་རི་རི༔ དཔའ་བོ་མང་པོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་གསང་སྔགས་སྣང་གླུ་དི་རི་རི༔ ཕཊ་ཀྱི་ཉམས་དབྱངས་བརྡ་སྐད་སངས་སེ་སང༔ དངོས་གྲུབ་རྣམ་གཉིས་ཆར་ལྟར་སི་ལི་ལི༔ དབང་བསྐུར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་མཆོད་རྫས་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བརྒྱུད་འཛིན་བུ་སློབ་རྣམས་ལ་བྱིན་རློབས་ཤིག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་སྩོལ༔ བགེགས་ཚོགས་ལོག་འདྲེན་བར་ཆོད་བདུད་རིགས་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ གུ་རུའི་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ལ་གཟི་མདངས་བསྐྱེད་དུ་གསོལ༔ ལུས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ གུ་རུའི་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ གུ་རུའི་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ གཞན་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་གྷུ་ཧྱེ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་བྱིན་དབབ། དེ་ལྟར་བྱིན་ཕབ་པས་ལུས་སེམས་བདེ་གསལ་མི་རྟོག་པའི་ཉམས་འཆར་ཞིང་ཁྱད་པར་གཞི་མེད་རྩ་བྲལ་ཀ་དག་གི་དགོངས་པ་རྒྱུད་ལ་སྐྱེས་པ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་ཤེས་པར་མཛོད་ཅིག །དེ་ནི་དབང་བསྐུར་ཐམས་ཅད་ཀྱི་སྙིང་པོ་བྱིན་རླབས་དོན་གྱི་བཀའ་བབས་ཏེ། དེ་ལ་བརྟེན་ནས་བརྗོད་མེད་དོན་དམ་པའི་གནས་ལུགས་རྟོགས་པར་འགྱུར་རོ། །དེ་ནས་དབང་གི་དངོས་གཞི་ཁྱད་པར་རྩ་བའི་དབང་ལྔ་བསྐུར་བ་ལ། ཐོག་མར་སྐུ་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་ཀུན་འདུས་དགོངས༔ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱང༔ བླ་མའི་རྗེས་གནང་དབང་མཆོག་ཐོབ༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཡིད་རབ་ཞུགས་འཚལ༔ བདག་ལ་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། འདི་ལྟར་རིག་འཛིན་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་དོན་ཟླུམ་པོ་བཞི་ལ་བརྟེན་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས། མཐར་ཚིག་དོན་ངོ་སྤྲད་དེ་རིམ་པ་བཞིན་དབང་བཞི་ཡོངས་རྫོགས་དེ་ཁོ་ན་ཉིད་དང་བཅས་པའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས། ཐོག་མར་བུམ་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད་ལ། རིགས་ཀྱི་བུ་ཁྱེད་རང་རྣམས་ཀྱིས་ཚིག་དོན་རྣམས་རྗེས་སུ་རྟོགས་པར་གྱིས་ཤིག །ཨོཾ༔ བུམ་པ་རྣམ་དག་སྤྲོས་བྲལ་ཟླུམ་པོའི་ནང༔ སྐྱེ་མེད་རྣམ་དག་བྱང་ཆུབ་སེམས་ཆུས་གཏམས༔ རྣམ་རྟོག་བག་ཆགས་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་ཉོན་མོངས་འཁྲུད༔ རང་བྱུང་རྣམ་དག་ཡེ་ཤེས་སེམས་ཀྱི་ཆུས༔ དུག་ལྔ་དུག་གསུམ་ཉོན་མོངས་དབྱིངས་སུ་འཁྲུད༔ ཉོན་མོངས་མ་རིག་རྣམ་རྟོག་ཀུན་བྱང་ནས༔ བུམ་པའི་དབང་བཞི་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྔགས་ལན་གསུམ་བརྗོད་པས་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱ། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན། སྙིང་གར་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་ཉམས་བསྐྱང་དུ་གཞུག །དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང། མགྲིན་པར་བཞག་པས་གསང་དབང་། བུམ་ཆུ་སྦྱིན་པས་ཤེར་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་བས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་བཞི་པ་ཚིག་གི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་རིགས་འདུས་དེ་ཁོ་ན་ཉིད་ཀྱི་དབང་སྟེ་བུམ་པ་ལ་བརྟེན་པའི་དབང་ལྔ་ཡོངས་སུ་རྫོགས་པ་ཡིན་ནོ། །བདུད་རྩིའི་དབང་བསྐུར་བའི་སླད་དུ། བླ་མ་རིགས་འདུས་གུ་རུ་ཡིད་བཞིན་ནོར་བུ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ བནྡྷ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཨ་མྲྀཏ་ཡིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔ་དང༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་ཡོངས་རྫོགས་དབང་ཐོབ་ཤོག༔ ཅེས་རྩ་སྔགས་ཤམ་ལ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལན་གསུམ། དེ་ལྟར་བནྡྷ་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་བཞག་པས་གསང་དབང་། བདུད་རྩི་བླུད་པས་ཤེར་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པར་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་བཞི་པ་ཚིག་གི་དབང། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་རིགས་འདུས་དེ་ཁོ་ན་ཉིད་ཀྱི་དབང་སྟེ་ཐོད་པ་ལ་བརྟེན་པའི་དབང་ལྔ་ཡོངས་སུ་རྫོགས་པ་ཡིན་ནོ། །མེ་ལོང་གིས་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་དྭངས་ཤིང་གསལ་བ་གནས་གསུམ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྣམ་དག་རྟོག་མེད་ངང༔ གཟུགས་བརྙན་གསལ་ལ་འཛིན་བྲལ་མ་འགག་པས༔ སེམས་ཉིད་སྟོང་ལ་གསལ་ཆ་མ་འགག་ཤར༔ གཟུང་འཛིན་མཚན་མ་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་འཆར༔ གསལ་སྟོང་མ་འགག་དབྱིངས་ནས་གསལ་འགྲིབ་མེད༔ དགའ་བཞི་ཡེ་ཤེས་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ། དེ་ལྟར་མེ་ལོང་སྤྱི་བོར་བཞག་པ་བུམ་དབང། མགྲིན་པར་བཞག་ཅིང་རྩ་སྔགས་ཀྱི་གནང་བ་སྦྱིན་པ་གསང་དབང་སྟེ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ལན་གསུམ། སྙིང་གར་གཏད་དེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི་སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བར་མཚོན་པའི་འཆར་ཚུལ་འགག་པ་མེད་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་དོན་རྗེས་སུ་རྟོགས་པ་བཞི་པ་ཚིག་གི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་ཤར་བ་ནི་རིགས་འདུས་དེ་ཁོ་ན་ཉིད་ཀྱི་དབང་སྟེ་མེ་ལོང་ལ་བརྟེན་པའི་དབང་ལྔ་ཡོངས་སུ་རྫོགས་པ་ཡིན་ནོ། །གཏོར་མས་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷཉྫ་ཡངས་པར། གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་གཞུག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ༔ ཨེ་མ་ངོ་མཚར་རྨད་དུ་བྱུང་བ་ཡི༔ གཏོར་སྣོད་གཞལ་ཡས་བྷནྡྷ་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ རིགས་འདུས་གུ་རུའི་སྐུ་དང་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་རྩ་གསུམ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོར་བསྲེ༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་རྣམས་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ལན་གསུམ། དེ་ལྟར་གཏོར་མ་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་དོན་རྗེས་སུ་རྟོགས་པ་བཞི་པ་ཚིག་གི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་རིགས་འདུས་དེ་ཁོ་ན་ཉིད་ཀྱི་དབང་སྟེ་གཏོར་མ་ལ་བརྟེན་པའི་དབང་ལྔ་ཡོངས་སུ་རྫོགས་པ་ཡིན་ནོ། །གུ་རུའི་སྐུ་འབག་གིས་དབང་བསྐུར་བའི་སླད་དུ། སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་རྩལ་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་་་་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ རིགས་འདུས་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ ཨོཾ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཨཱ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ ཧཱུྃ༔ སྤྲུལ་སྐུ་མ་འགག་སྣ་ཚོགས་འགྲོ་བ་འདུལ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་བྱུང་གུ་རུ་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏོང་རྗེས་བསྒྲུབ་ཀྱིས༔ ཡེ་ཤེས་ཆེན་པོའི་རབ་འབྱམས་དབང་རྫོགས་ཤོག༔ རྩ་སྔགས་ལན་གསུམ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པས་བུམ་དབང་། མགྲིན་པར་བཞག་སྟེ་གསང་མཚན་བཏགས་པ་གསང་དབང་སྟེ༔ ཁྱེད་རྣམས་ཀྱི་གསང་བའི་མཚན་ནི་རིགས་འདུས་གུ་རུ་ཐོད་ཕྲེང་རྩལ་ཞེས་བྱ་བ་ཡིན་ནོ། །སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་མ་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་བས། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སྣང་གྲགས་རྟོག་གསུམ་གྱི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་འབའ་ཞིག་ཏུ་ཤེས་པར་བྱ་དགོས་ཏེ་བཞི་པ་ཚིག་གི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་རིགས་འདུས་དེ་ཁོ་ན་ཉིད་ཀྱི་དབང་སྟེ་སྐུ་འབག་ལ་བརྟེན་པའི་དབང་ལྔ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་རྩ་བའི་དབང་ལྔ་ལ་རྣམ་པ་ལྔ་རུ་དབྱེ་བ་ལྔ་ལྔ་ཉི་ཤུ་རྩ་ལྔས་བྱང་ཆུབ་པའི་དབང་ཞེས་བྱ་བ། བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་བས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །མ་ཏི་ལུགས་ལྟར་ན་གཏོར་དབང་མེད་པས་དེ་རྣམས་ཀྱིས་གྲུབ་པས་རྗེས་ཀྱི་རིམ་པ་སྦྱར། སྟག་ཤམ་ལུགས་ལྟར་གཏོར་དབང་གུད་སྦས་སྦྱར་བར་སྤྲོ་ན། སྒྲུབ་པ་གོང་དུ་བཤད་པའི་ཁོངས་སུ་འཐུས་པས། གོང་གི་འཕྲོས་དེ་གར། བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨིན་བྱེད་ཀྱི་ཡང་བཅུད་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་གཏོར་མའི་བྱིན་རླབས་རྡོ་རྗེའི་སྙིང་པོ་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་པའི༔ གུ་རུ་ཡིད་བཞིན་ནོར་བུའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ རྩ་གསུམ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་མ་ཧཱ་གུ་རུ་པདྨ་འབྱུང་གནས་སྐུ་ལྔ་མཚན་བརྒྱད་དང་ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་ཤིང་། རྩ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པ་རིགས་འདུས་གུ་རུ་ཡིད་བཞིན་ནོར་བུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་ལྔར་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿརྣམས་ཀྱིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་མདོག་ཅན་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་ལུས་ངག་ཡིད་གསུམ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ལྔ་དག །བུམ་གསང་ཤེར་ཡེ་ཚིག་དབང་དེ་ཁོ་ན་ཉིད་ཡོངས་རྫོགས་ཆེན་པོའི་དབང་ལྔ་སྟན་ཐོག་གཅིག་ཏུ་རྫོགས། གུ་རུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ། ཐུན་མོང་ཕྲིན་ལས་བཞི་དང་ཁྱད་པར་མཆོག་གི་དངོས་གྲུབ་གཅིག་ཆར་དུ་བརྙེས་པའི་མོས་པ་མཛོད་ཅིག །ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ ཆོས་སྐུ་རྣམ་དག་ཀུན་ཏུ་བཟང༔ ལོངས་སྐུ་མཚན་དཔེ་སྣང་མཐའ་ཡས༔ རྣམ་འཕྲུལ་སྤྲུལ་སྐུ་པདྨ་འབྱུང༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་རྩལ༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པ་དང༔ སྤྲུལ་པ་སྣ་ཚོགས་ལས་ལ་འགྱེད་པ་དང༔ ཕྲིན་ལས་གཞན་དོན་ལོ་འདབ་རྒྱས་པའི་ཕྱིར༔ སྐུ་གསུམ་རིགས་འདུས་གུ་རུས་དབང་བསྐུར་རོ༔ ཧཱུྃ༔ ཨོ་རྒྱན་ཆེན་པོ་རིགས་འདུས་པདྨ་འབྱུང༔ རིག་འཛིན་ཀུན་འདུས་པདྨའི་སྐུ་ཡི་དབང༔ ལུས་ཀྱི་སྒྲིབ་དག་བུམ་པའི་དབང་ཐོབ་ཕྱིར༔ སྐལ་ལྡན་བུ་ཡིས་འགྲོ་བ་འདུལ་ཕྱིར་བསྐུར༔ ཧཱུྃ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཀུན་འདུས་གུ་རུའི་གསུང་གི་དབང༔ ངག་གི་སྒྲིབ་དག་གསང་བའི་དབང་ཐོབ་ཕྱིར༔ སྐལ་ལྡན་བུ་ཡིས་འགྲོ་བ་འདུལ་ཕྱིར་བསྐུར༔ ཧཱུྃ༔ ཨོ་རྒྱན་ཆེན་པོ་རིགས་འདུས་པདྨ་འབྱུང༔ མཁའ་འགྲོ་ཀུན་འདུས་གུ་རུའི་ཐུགས་ཀྱི་དབང༔ སེམས་ཀྱི་སྒྲིབ་དག་ཤེས་རབ་དབང་ཐོབ་ཕྱིར༔ སྐལ་ལྡན་བུ་ཡིས་འགྲོ་བ་འདུལ་ཕྱིར་བསྐུར༔ ཧཱུྃ༔ ཨོ་རྒྱན་ཆེན་པོ་པདྨ་ཧེ་རུ་ཀ༔ ཆོས་སྐྱོང་ཀུན་འདུས་གུ་རུའི་ཡོན་ཏན་དབང༔ ཉོན་མོངས་སྒྲིབ་དག་ཚིག་དབང་ཐོབ་པའི་ཕྱིར༔ སྐལ་ལྡན་བུ་ཡིས་འགྲོ་བ་འདུལ་ཕྱིར་བསྐུར༔ ཧཱུྃ༔ ཨོ་རྒྱན་ཆེན་པོ་ཆེ་མཆོག་ཧེ་རུ་ཀ༔ དམ་ཅན་དཔའ་བོ་ཀུན་འདུས་ཕྲིན་ལས་དབང༔ ཤེས་སྒྲིབ་དག་ཅིང་ཡོངས་རྫོགས་དབང་ཐོབ་ཕྱིར༔ སྐལ་ལྡན་བུ་ཡིས་འགྲོ་བ་འདུལ་ཕྱིར་བསྐུར༔ ཨོཾ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿགུ་རུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ་གུ་རུ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧྲཱིཿགུ་རུ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུགས། མཐར་གཏོར་མའི་ལྷ་ཡེ་ཤེས་པ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་འཕོས་པར་མོས་ཤིག །རྩ་སྔགས་བརྗོད་ལ་རོལ་མོ་བྱ། གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་མྱོང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། གཏོར་ཟན་དངོས་སམ། མཐའ་སྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན། ཤིས་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའི་རྡོ་རྗེའི་གླུ་ལེན་ཞིང་། མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་བྱས་པའི་མོས་པ་མཛོད་བྱས་ལ་བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་དོ། །གལ་ཏེ་གཏོར་དབང་འདི་ཁོ་ན་གུད་དུ་བསྐུར་བར་འདོད་ན་སྒྲུབ་པ་སྔོན་དུ་སོང་ནས། དངོས་གཞི་གསོལ་གདབ་དང་། སྐྱབས་སེམས། བྱིན་དབབ་རྩ་དབང་ལྟར་བྱས་ལ། གཏོར་དབང་ཚན་ལྔ་སོ་སོར་ཕྲལ་ལ་མཚམས་སྦྱོར་སོ་སོ་དང་བཅས་ཏེ་བསྐུར་བར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་རིགས་འདུས་བླ་མ་ཡིད་བཞིན་ནོར་བུའི་རྩ་བའི་དབང་བསྐུར་བྱིན་རླབས་གཏོར་མའི་དབང་བསྐུར་དང་བཅས་པ་གྲུབ་པ་ཡིན་པས་དེའི་དམ་ཚིག་ཏུ་གུ་རུ་ཡབ་ཀྱི་དབང་རྟགས་སྐུ་དང་པད་ཞྭ་རྡོ་རྗེ་གླེགས་བམ་བཅང་། ཡུམ་གྱི་དབང་རྟགས་མེ་ལོང་ཌཱ་དྲིལ་ཀ་པཱ་ལ་གླིང་གཅིག་བཅང་། ཡབ་ཡུམ་གཉིས་མེད་དབང་གི་དམ་ཚིག་ཚེས་བཅུའི་ཚོགས་འཁོར་དང་ལས་གཞུང་ཆགས་མེད་བྱ། དག་སྣང་བསྐྱེད་ཅིང་མོས་གུས་རྟག་ཏུ་བསྒོམ། རྩ་བའི་བླ་མ་གུ་རུ་དབྱེར་མེད་ཀྱི་རྣལ་འབྱོར་ཁོ་ན་ལམ་དུ་ཁྱེར་ཏེ་མ་དད་པ་རྣམ་པ་ཀུན་ཏུ་སྤངས་ཏེ་ཡིད་ཆེས་ངེས་ཤེས་ཀྱིས་བློ་བཀལ་ན་ཚེ་གཅིག་གིས་སངས་རྒྱས་ས་ལ་མཉམ་པར་སྦྱོར་བར་གཞུང་ཉིད་ལས་རྒྱ་ཆེར་གསུངས་པ་ལྟར་ཚུལ་བཞིན་དུ་བསྒྲུབ་པར་་་་་་་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་བྱ། དཀྱིལ་འཁོར་གྱི་རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བསྐུལ་པ་ནས་བསྡུ་ལྡང་གི་བར་ཡང་ལས་བྱང་ཉིད་ལྷག་ཆད་མེད་པར་བྱས་པས་འགྲུབ་ཅིང་འདིར་རྗེས་ཀྱི་མཆོད་བསྟོད་མི་མཛད་ཀྱང་སྤྱི་ལྟར་བྱེད་པར་སྤྲོ་ན་འགལ་བ་མེད་པར་རྟོགས་སོ། །རིམ་གཉིས་ཕྲིན་ལས་དང་བཅས་པ། །ཟབ་ཅིང་འདུས་པའི་ཡིད་བཞིན་ནོར། །སྙིགས་འགྲོ་དབུལ་པོའི་སྐལ་པ་རུ། །མ་ཤོངས་སྦས་པའི་གཏེར་ཆེན་འདི། །འཛིན་སྤེལ་བསྐྱངས་ནས་རྒྱ་མཚོའི་མཐའ། ཁྱབ་ཅིང་དེ་སྙེད་ལུས་ཅན་ཀུན། །རིགས་འདུས་མ་ཧཱ་གུ་རུ་ཡི། །གསང་བ་གསུམ་གྱི་མཆོག་འགྲུབ་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ལ་དད་པའི་བློ་ཅན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

དགྲ་དང་རྩོད་ལས་རྒྱལ་བའི་མན་ངག་ཁྲོ་བོ་ཨ་པ་རཱ་ཛི་ཏའི་ལས་མཐའ་ (Volume 53, Text 24)

དགྲ་དང་རྩོད་ལས་རྒྱལ་བའི་མན་ངག་ཁྲོ་བོ་ཨ་པ་རཱ་ཛི་ཏའི་ལས་མཐའ་བཞུགས་སོ། །ཨོཾ་སྭསྟི། དགྲ་དང་རྩོད་པ་ལས་རྒྱལ་བར་འདོད་ན། དང་པོ་ཆུ་ཕར་ཁ་ནས་རྡོ་ལེབ་ནག་པོ་གཅིག་བླང་། ཆུ་ཚུར་ཁ་ནས་རྡོ་ལེབ་དཀར་པོ་གཅིག་བླང་། དེ་གཉིས་ལ་སྦལ་པའི་འཁོར་ལོ་དཔེའུ་ཆུང་ལྟར་བྲི། དེའི་བར་དུ་དགྲ་གཟུགས་བྲིས་ལ། ཐ་མ་སྔགས་ཀྱིས་བསྐོར་ཏེ། མགོ་སྦལ་པའི་ཁར་ཚུད་པར་བྱས་ལ། ཡུགས་ས་མའི་སྐྲ་ཤད་དང་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ། རང་གི་པུས་མོ་གཡོན་པའི་འོག་ཏུ་མནན་ནོ། །རང་ཉིད་ཡི་དམ་བྷཻཾ་པའི་མདུན་དུ། མཚོ་ནག་ལ་གཏིང་ཟབ་པ་ཞིག་སྒོམ། མཚོ་དེའི་ནང་དུ་སྦལ་པ་དཀར་ནག་ཁ་སྦྱར་བའི་བར་དུ། ནྲྀ་ལས་དགྲ་བོ་དེ་སྐེམ་པ་རིད་པ་ཡི་དྭགས་དང་འདྲ་བ་གཅིག་བྷཻཾ་ལ། ཁོའི་མགོ་སྦལ་པ་དཀར་ནག་གི་ཁར་བཅུག་ནས་དཀར་པོས་སྟེང་ནས་འཁྱུད། ནག་པོས་འོག་ནས་འཁྱུད་ནས། འགུལ་དབང་མེད་ལ་སྨྲ་དབང་མེད་པར་བསམ་ལ་སྔགས་བཟླ་སྟེ། ཨོཾ་ཨ་པ་རཱ་ཛི་ཏ་ཨ་ཛི་ཏེ། དགྲ་བོ་ཆེ་གེ་ལས་བདག་རྒྱལ་བར་གྱུར་ཅིག །ཞེས་པ་བརྒྱ་རེ་ཚར་བ་དང་། དེ་སྒྱིད་པའི་ཞབས་སུ་ལན་གསུམ་གཡོན་དུ་བསྐོར་ལ། རྡོ་ལེབ་སྟེང་མ་གནམ་འཁོར་ལོ་རྩིབས་བརྒྱད་གཡས་སུ་འཁོར། འོག་མ་ས་པདྨ་འདབ་བརྒྱད་གཡོན་དུ་འཁོར་བས། དེའི་བར་དུ་ཁོ་དབང་པོ་ཁ་ཞབས་ལོག་ནས། ཚེ་བསོད་ནམས་བཀྲག་མདངས་ཐམས་ཅད་སྐྱུགས་པས། དཀར་དམར་སྤུང་ངེ་ཡོད་པ་དེ། རང་གི་ཐུགས་ཀ་ནས་ཁྲོ་བོ་ཨ་པ་རཱ་ཛི་ཏ་སྐུ་མདོག་དཀར་པོ། གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་ཞིག་སྤྲོས་པས། ཁོའི་སྐྱུག་པ་དེ་ཟོས་ནས་ཁྲོ་བོ་དེ་བཀྲག་མདངས་དང་ལྡན་ནས། ཚུར་རང་གི་ཐུགས་ཀར་ཐིམ་པར་བསམ་ཞིང་། ངག་མཚམས་བྱས་ལ་ཁྲི་ཚོ་གཅིག་གམ། ཞག་བདུན་ནམ། རྟགས་མ་བྱུང་གི་བར་དུ་སྒྲུབ་ལ་འབད་པར་བྱའོ། །རྟགས་ལ་ཤོ་བཀྱེས་ནས་རང་རྒྱལ་བ་དང་། སེམས་ཅན་མང་པོ་ལྐུག་ཏུ་བཅུག་ནས་བསད་པ་དང་། རྟ་བཏུལ་བ་ལ་སོགས་རང་རྒྱལ་བའི་རྟགས་བྱུང་ནས་རང་གི་སྒོ་ཐེམ་མམ། ལམ་རྒྱ་གྲམ། ལྷ་ཁང་གི་ཐེམ་ཞབས་སུ་གནན་ནོ། །སརྦ་མངྒ་ལཾ།། །།

གནམ་ཆོས་ཐུགས་གཏེར་མིང་གི་མངོན་བརྗོད་ལས༔ ཀིང་ཀང་རིགས་བཅོ་ལྔའི་སྒྲུབ་ཐབས་ལས་ཀིང་ཀང་དམར་བྱེད་སྒྲུབ་པ་ (Volume 54, Text 24)

གནམ་ཆོས་ཐུགས་གཏེར་མིང་གི་མངོན་བརྗོད་ལས༔ ཀིང་ཀང་རིགས་བཅོ་ལྔའི་སྒྲུབ་ཐབས་ལས་ཀིང་ཀང་དམར་བྱེད་སྒྲུབ་པ་བཞུགས་སོ༔ ྈྈྈ ཧྱ་ཧྱ་ཧྱ༔ ྈ ན་མོ་ཡ་མཱནྟ་ཀ་རཀྟ་ཡེ༔ ཀིང་ཀང་དམར་བྱེད་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ བསྐྱེད་རིམ་རང་ཉིད་དམར་བྱེད་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ རལ་གྲི་ཐོ་བ་ཕྱག་ན་འཛིན༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དེ་ལྟར་བསྒོམས་ལ་སྔགས་འདི་བཟླ། ཨོཾ་ཀིང་ཀང་ཧཱུྃ་ཧཱུྃ་བྷིག་ནན༔ དེ་ཡིས་ཀིང་ཀང་དམར་བྱེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈྈ ྈ ཐུགས་ཀར་ཡ་དམར་སྔགས་ཀྱིས་བསྐོར་བ་བསྐྱེད༔ སྔགས་གྲངས་སྒྲུབ་པའི་གྲངས་ཀ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་རྒྱལ་ཟླ་བའི་བཅུ་དགུའི་ཉིན་གཤིན་རྗེ་དམར་བྱེད་ཉིད་ཀྱིས་དངོས་སུ་གསུངས་སོ།། །།འདིའི་དབང་གཟུངས་དབང་ལྟར་རོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་སྒྲུབ་པའི་ལོ་རྒྱུས་ (Volume 24, Text 24)

ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་སྒྲུབ་པའི་ལོ་རྒྱུས་བཞུགས་སོ༔ ྈྈྈྈ ཨེ་མ་ཧོ༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ང༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་གར༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཀྱང༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབ་ཀྱང་ང་ཉིད་སྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ དེ་ཕྱིར་ལས་ལྡན་རྗེ་འབངས་འདིར་འདུས་དང༔ སྙིགས་དུས་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཡིས༔ བདེ་གཤེགས་ཀུན་འདུས་འཆི་མེད་སྒྲུབ་པའི་ཐབས༔ ཟབ་ལམ་ཀུན་གྱི་སྙིང་པོ་དྭངས་མའི་བཅུད༔ ཁ་ཚང་དོན་འདྲིལ་མཐར་ཐུག་འདི་ཁོ་ན༔ ཐུགས་ཀྱི་བཅུད་ཕྱུངས་ཡི་གེའི་རིས་སུ་བཀོད༔ འདི་ནི་སྔོན་ཆད་གཞན་དུ་སྤེལ་བ་མེད༔ དེ་ཕྱིར་གཅེས་པར་བཟུང་ནས་ཉམས་སུ་ལོངས༔ སྤྱིར་ན་འཛམ་གླིང་ཚེ་ལ་ངེས་མེད་ཅིང༔ ཁྱད་པར་ལྔ་བདོ་ཚེ་ཡི་སྙིགས་མའི་དུས༔ ཚེ་ནི་ཡུན་ཐུང་གློ་བུར་རྐྱེན་གྱུར་མང༔ ཕལ་ཆེར་དུས་མིན་འཆི་བདག་བདུད་ཀྱིས་འཛིན༔ དེ་ཡི་གཉེན་པོར་གནས་སྐབས་མཐར་ཐུག་གི༔ འཆི་མེད་བསྒྲུབ་ན་ཚེ་སྒྲུབ་འདི་ཉིད་གཅེས༔ དེ་ལ་ཕྱི་ནང་གསང་བའི་ཚེ་སྒྲུབ་དང༔ འཆི་མེད་བྱིན་རླབས་ཚེ་དབང་སྐུར་ཐབས་དང༔ བོགས་འདོན་མན་ངག་བཅུད་ལེན་རྣམ་གསུམ་དང༔ འགལ་རྐྱེན་ཞི་བྱེད་འཆི་བསླུའི་ཆོ་ག་སོགས༔ ཁ་ཚང་དོན་འདྲིལ་མན་ངག་སྙིང་པོའི་བཅུད༔ ཟབ་ལམ་ཚེ་སྒྲུབ་ཀུན་གྱི་མཐར་ཐུག་ཡིན༔ པདྨ་འབྱུང་གནས་དགོངས་པའི་གནད་འདུས་འདི༔ སྔོན་ཆད་རྒྱ་བོད་གཉིས་སུ་གྲགས་པ་མེད༔ གཅེས་ཚད་སྲོག་ལ་ཕངས་ཚད་མིག་བཞིན་དུ༔ འཚོ་ཤེས་བྱ་བ་མན་ངག་གནད་ཐེམ་ཡིན༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་དབང་བསྐུར་བཞུགས༔ ྈྈྈ བདེ་གཤེགས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ སྐལ་པ་དང་ལྡན་པ་རྣམས་ཀྱིས་དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་འགལ་རྐྱེན་རྣམས་ཞི་ཞིང་ཚེ་ཡུན་རིང་དུ་གནས་པའི་ཆེད་དུ་དབང་བསྐུར་ན་དབེན་པའི་གནས་སུ་རྫས་རྣམས་སྒྲུབ་པའི་སྐབས་བཞིན་ཚང་བར་བཤམས་ནས་ཚེ་འགུགས་པའི་ཕྲིན་ལས་བཅོལ་བ་ཡན་ཆད་བྱས་ནས་ལྷ་ལ་མེ་ཏོག་ཕུལ་ནས༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཚེའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ ཞེས་གསོལ་བ་འདེབས་པར་བྱའོ༔ དེ་ནས་དབང་བསྐུར་བ་ནི༔ སློབ་མས་མཎྜལ་ཕུལ་ལ༔ ཨེ་མ་ཧོ༔ པདྨ་རྣམ་པར་རྒྱས་པ་ཡི༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཐུགས་ཀྱི་གསང་ཆེན་དམ་པ་འདིར༔ བདག་ནི་མགོན་པོས་རྗེས་བཟུང་སྟེ༔ གེགས་མེད་པ་དང་འཆི་མེད་པའི༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་འདེབས༔ སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་གསག་བྱ༔ དེ་ནས་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་རྡུལ་ཕྲན་མེའི་ཚྭ་ཚྭ་འཕྲོ་བ་གློག་ལྟར་འཁྱུག་པ་མང་པོ་སྤྲོས་སློབ་མ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྲེགས་བཅོམ་མེ་དང་ཁྲོ་བོ་རྣམས་སློབ་མ་ལ་ཞུ་ལུགས་སུ་འདྲེས་པའི་དྭངས་མ་འོད་དམར་པོ་ལས་ལྷའི་སྐུར་བསྒོམ༔ དེའི་སྙིང་གར་གའུ་ཚེ་རྟེན་ཧྲཱིཿརྣམས་གསལ་བཏབ༔ ཚེ་འགུགས་པའི་དམིགས་པ་གསལ་ཞིང་བསྐུལ་གྱི་འཕྱང་གཏོང༔ དེ་ནས་བུམ་པའི་དབང་བསྐུར་བའི་ཚེ་ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པས་དབང་བསྐུར་བས་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་བདུད་རྩིས་མེར་ཁྲིག་གང་བར་བསམ་ལ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བུམ་ཆུ་སྦྱིན༔ དེ་ནས་བླ་མའི་ཐུགས་དམ་བསྐུལ་བས་ཐོད་པའི་ནང་གི་ལྷ་ཚོགས་རྣམས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་པ་སློབ་མའི་སྙིང་གར་བཞག་པས་ལྷ་ཚོགས་རྣམས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ་ཞིང༔ ཧྲཱི༔ རྣམ་དག་རྡོ་རྗེ་ཀ་པཱ་ལར༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཚེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བདུད་རྩི་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཚོགས་ཞུ་བའི་བདུད་རྩི་ལྕེ་ལ་བྱིན་རླུང་རྔུབ་པའི་སྦྱོར་བས་དྭངས་མ་ཚེ་རྟེན་ལ་བསྟིམ༔ དེ་ནས་བཅུད་ལེན་གྱི་རྫས་ལ་ཚེ་བཅུད་བསྡུས་པ་བྱིན་ལ༔ ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རླུང་རྔུབ་པ་དང་བསྟུན་ནས་ཟའོ༔ དེ་ནས་ཚེ་སྦ་བ་ནི༔ ཧྲཱི༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ ཞེས་སོགས་ཀྱིས་ཚེ་སྦ་ཞིང་སྟོང་པའི་དབྱིངས་སུ་རྒྱས་འདེབས་པར་བྱའོ༔ དེ་ནས་སྨོན་ལམ་གདབ༔ བཀྲ་ཤིས་བརྗོད༔ དམ་བཅའ་བླང་ཞིང་ཡོན་འབུལ་ལོ༔ ཟབ་ལམ་ཚེ་ཡི་དབང་བསྐུར་བྱིན་རླབས་ཀྱི་སྙིང་པོར་དྲིལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་ཕྱི་སྒྲུབ་བཞུགས༔ ྈྈྈ རིགས་འདུས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཟབ་མོའི་ལམ་འདིར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས༔ འཆི་བ་མེད་པའི་ཚེའི་དངོས་གྲུབ་བསྒྲུབ་པར་འདོད་ན༔ གནས་ནི་ནུབ་ཕྱོགས་ཀྱི་ས་གཞི་བུདྡྷས་བཅགས་པ་བྲག་དམར་པོ་བུམ་པའམ་རྡོ་རྗེ་འདྲ་བ་ཡོད་པ་ནགས་ཚལ་དང་ཆུ་མིག་རྒྱས་པ་འཚེ་བ་མེད་ཅིང་དབེན་པའི་གནས་སུ་བྱའོ༔ དུས་ནི་ཟླ་བ་ཡར་གྱི་ངོ་ཚེས་དང་གཟའ་སྐར་བཀྲ་ཤིས་པ་ལ་བརྩམ་པར་བྱའོ༔ གྲོགས་ནི་ལྟ་སྤྱོད་མཐུན་པ་དམ་ཚིག་དང་ལྡན་པ་སྐྱོ་ངལ་མེད་པར་དོན་སྒྲུབ་པ་ལ་བརྩོན་པ་གཅེས་སོ༔ རྫས་ནི་སེལ་དང་འདྲེ་ཅན་མ་ཡིན་པའི་བཟའ་བཏུང་དང་སྒྲུབ་པའི་དམ་རྫས་རྣམས་འཛོམ་པར་བྱའོ༔ དེ་རྣམས་ཚང་ནས་དང་པོར་གཞི་བདག་ལ་གཏོར་མ་བཏང་བར་ཆད་མ་བྱེད་ཅེས་བཀའ་བསྒོ༔ དེ་ནས་རི་རྒྱུད་བཟང་པོའི་ས་དང༔ ཕོ་མོ་དཔལ་ཆེན་ཉལ་པོ་བྱས་པའི་ས་ལ་སྟེགས་བུ་ཁྲུ་གང་པ་གཅིག་བྱས་ལ༔ བདུད་རྩི་ལྔ་དང་མཚལ་དང་ལི་ཁྲིས་བྱུགས་ནས་རྐྱང་ནུལ་བྱ༔ ཚོན་གྱིས་ཆོས་འབྱུང་བརྩེགས་མ་གཅིག་གི་དབུས་སུ་པདྨ་འདབ་བཞི་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པ་བྱའོ༔ གཞི་དམར་པོའི་ཕྱི་ལ་རྡོ་རྗེ་དང་འོད་ཟེར་དམར་པོ་འཕྲོ་བ་བྲིའོ༔ དེའི་དབུས་སུ་བུམ་པ་གཙང་མ་མགུལ་ཆིངས་དམར་པོ་དཀྲིས་པའི་ནང་དུ་རྒྱུན་འབབ་ཀྱི་ཆུ་དང༔ སྨན་ལྔ་དང་སྤོས་ལྔ་དང་འབྲུ་ལྔ་དང་རཏྣ་ལྔ་དང་བཅུད་ལྔ་རྣམས་བླུག༔ དེའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཚེ་རྫས་རྣམས་ཆང་དང་བུར་སྦྲང་ལ་སྦྱར་བས་བཀང༔ དར་དམར་པོས་ཁ་བཀབ་ནས་བཞག༔ དཀྱིལ་འཁོར་གྱི་མཐར་གཏོར་མ་དང་བདུད་རྩི་དང་མཆོད་པ་ལྔ་རྣམས་བཤམ༔ ཐམས་ཅད་ཀྱང་ཁ་དོག་དམར་པོར་བྱའོ༔ རང་ཡང་ཆས་དམར་པོ་དང་ལྡན་པས་ཁ་ནུབ་ཏུ་བསྟན་ནས་འདུག༔ མཚམས་གཅོད་པ་དང་སྐྱབས་འགྲོ་སོགས་སྔོན་འགྲོ་རྣམས་ལས་བྱང་གི་ཁོག་ཕུབ་ནས་དངོས་གཞི་ལ་འཇུག་པར་བྱའོ༔ དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས༔ ཧཱུྃ་ཞེས་བརྗོད་ནས་དེའི་སྒྲ་གདངས་ནམ་མཁའ་གང་བ་ལ་མཉམ་པར་བཞག༔ དེའི་ངང་ནས་རྡོ་རྗེའི་གུར་ཁང་མེ་དཔུང་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་དབུས་སུ་བྷྲཱུྃ་ཛྙཱ་ན་མཎྜ་ལ༔ ཞེས་བརྗོད་པས་བྷྲཱུྃ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ་གནམ་སྒོ་དང་ལྡན་པ་ཁ་དོག་དམར་པོ་འོད་ཟེར་འཕྲོ་བའི་དབུས་སུ་པཾ་པདྨ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ མ་སཱུརྱ་མ་དྷ་ལ་པདྨ་དང་ཟླ་བ་ཉི་མའི་གདན་ལ་རང་གི་རིག་པ་ཧྲཱིཿལས་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧྲཱིཿས་མཚན་པ་དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་ཀྱི་མི་ཤིགས་པའི་དྭངས་མ་འོད་ཀྱི་གོང་བུར་སད་པ་ཧྲཱིཿལ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བདེ་གཤེགས་ཀུན་འདུས་གར་དབང་ཚེ་ཡི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ཞི་ཞིང་འཛུམ་ཁྲོ་ཆགས་པའི་ཉམས་གསལ་བ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་བདུད་རྩིའི་བུམ་པ་འཛིན་པ༔ འོག་མ་གཉིས་ཨུཏྤལ་དང་པད་ཕྲེང་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ རཏྣ་དང་མེ་ཏོག་དམར་པོའི་རྒྱན་ཅན༔ ཡུམ་གསང་བ་ཡེ་ཤེས་ཀྱི་དྷཱ་ཀི་མ་དམར་མོ་གཅེར་བུ་སྐྲ་གྲོལ་བ་རུས་པས་བརྒྱན་པ༔ ཕྱག་བཞིའི་དང་པོ་གཉིས་ལྕགས་ཀྱུ་དང་བུམ་པ་འཛིན་པ་འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་འཛིན་པ༔ ཡབ་ཀྱི་སྤྱི་བོར་སྣང་བ་མཐའ་ཡས་བདུད་རྩིའི་ལྷུང་བཟེད་བསྣམས་པ༔ ཐུགས་ཀར་རྟ་མགྲིན་དམར་པོ་ཁྲོ་བོ་རྟ་སྐད་བཞད་པ་རྡོ་རྗེ་རྒྱ་གྲམ་དང་བུམ་པ་འཛིན་པ༔ དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཉི་ཟླ་ཁ་སྦྱོར་གྱི་གའུའི་དབུས་སུ་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཅིག་བསམ༔ གའུའི་ནང་ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ་མར་མེ་ལྟ་བུའི་མཐར་སྔགས་ཕྲེང་ཤིན་ཏུ་ཕྲ་བས་བསྐོར་བ་གསལ་ལ་དྭངས་པ་གཅིག་བསྒོམ༔ ཕྱིའི་པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི་ཡབ་ཡུམ་རྣམས་བསྒོམ༔ དེ་རྣམས་ཀྱི་ཕྱག་གཡས་པ་ཐམས་ཅད་ལྕགས་ཀྱུ་གཡོན་པ་ཐམས་ཅད་བདུད་རྩིའི་བུམ་པ་འཛིན་པའོ༔ ཐམས་ཅད་ཀྱི་སྐུ་ལས་འོད་དམར་སེར་འཕྲོ་བ་གསལ་བར་བསྒོམ༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས༔ ཡེ་ཤེས་ལྔས་དབང་བསྐུར༔ ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་འདྲེན་བྱའོ༔ ཨོཾ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གར་གྱི་དབང་ཕྱུག་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ༔ ཞེས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོ༔ རང་དང་གཉིས་སུ་མེད་པར་བསམ༔ དེ་ནས་མཆོད་པ་རྣམས་འབུལ་ཏེ༔ ཧྲཱི༔ པདྨ་རྣམ་པར་རྒྱས་པ་ཡི༔ དཀྱིལ་འཁོར་ཆེན་པོར་མཆོད་པ་འབུལ༔ མེ་ཏོག་སྤོས་དང་མར་མེ་དང༔ དྲི་ཆབ་བཤོས་གཙང་རོལ་མོ་འབུལ༔ འཆི་མེད་བདུད་རྩི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་འབུལ༔ གཉིས་མེད་སྦྱོར་བའི་བྱང་སེམས་དང༔ དུག་གསུམ་བསྒྲལ་བའི་དགྱེས་མཆོད་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ དགྱེས་པར་རོལ་ནས་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་པཱུ་ཛ་ས་མ་ཡ་སིདྡྷི་ཨཱཿཧཱུྃ༔ ཞེས་མཆོད་པ་ཐམས་ཅད་ཕུལ་ནས་བསྟོད་པ་བྱ་བ་ནི༔ ཨོཾ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་ལས༔ འགྲོ་བ་རྣམས་ཀྱི་སྐྱེ་ཤི་གཅོད་པ་པོ༔ འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས༔ ཁྱོད་ལ་དད་པས་རྟག་ཏུ་ཕྱག་འཚལ་ལོ༔ བདག་ཅག་བགེགས་དང་འཆི་ལས་རྣམ་གྲོལ་བའི༔ འཆི་བ་མེད་པའི་ཡེ་ཤེས་རྡོ་རྗེའི་ཚེའི༔ དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ༔ ཞེས་བསྟོད་པ་བྱས་ནས་བཟླས་པ་བྱའོ༔ ཏིང་འཛིན་སེམས་དཔའ་ཧྲཱིཿལས་འོད་ཟེར་དམར་པོ་ཟེ་རེ་རེ་འཕྲོས་པ་རང་གི་ཞལ་ནས་ཐོན༔ སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས༔ འཁོར་འདས་གཉིས་ཀའི་སྣོད་ཀྱི་འབྱུང་བཞིའི་མདངས་དང་བཅུད༔ བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་སོགས་དྭངས་མ་ཐམས་ཅད་འཆི་བ་མེད་པའི་བདུད་རྩི་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་པ་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་དེ་ཉིད་སོར་གྱིས་ཁོལ་ཞིང་ལུད་པའི་རྒྱུན་སྤྱི་བོ་ནས་ཞུགས་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལ་རེག༔ དེ་རྣམས་ལས་ཀྱང་བདུད་རྩིའི་དྭངས་མ་ཆིལ་ཆིལ་འཕེལ་ཞིང་བབས་པ་གའུའི་ནང་གི་ཚེ་རྟེན་ལ་ཐིམ་པས་དེ་ཉིད་བཀྲག་མདངས་གཟི་བརྗིད་འབར་ཞིང་ཇེ་ཆེར་འཕེལ་བས་ཉི་ཟླའི་གའུ་ཁ་ཕག་གིས་བྱེ་བ་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་ཨཱ་ལི་ཀཱ་ལིའི་སྐུད་པ་ལུ་གུ་རྒྱུད་དུ་བྱུང་བ་གདན་གྱི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བར་ནས་མར་ཞུགས༔ རྭ་བར་གཞན་ནས་སླར་གྱེན་དུ་སོང་བས་བར་མེད་དུ་བཅིངས་པས་ཅིས་ཀྱང་མི་ཤིགས་པར་བསམ༔ དེ་ལས་ཆེར་འཕེལ་བའི་དྭངས་མའི་འོད་ཀྱིས་ལུས་གང་བ་ལ་མཉམ་གཞག་བརྟན་པོ་བྱ་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་འབུམ་ཕྲག་གསུམ་དུ་གྲངས་རྫོགས་པར་བཟླའོ༔ ཐུན་གྱི་མཚམས་སུ་སྤོས་དང་མེ་ཏོག་དང་བདུད་རྩི་ལ་སོགས་པའི་མཆོད་པ་འབུལ་ཞིང༔ ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ མི་ཤིགས་རྡོ་རྗེ་ཚེ་ཡི་བདག༔ མཁའ་དང་མཉམ་པའི་ཐུགས་རྗེ་ཡིས༔ འཁོར་འདས་ཀུན་གྱི་བཅུད་སྡུས་ལ༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་སྐུར༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་ཐུགས་ཀྱི་རོལ་པ་ལས༔ མ་འགགས་ཅིར་ཡང་ཤར་བའི་ལྷ༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ གསང་བ་ཡེ་ཤེས་ཡུམ་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་བཞི་མཛད་མཁའ་འགྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ མ་མོ་བདུད་རྒྱལ་དམུ་དང་ཀླུ༔ གཟའ་དང་གདོང་མོ་གཤིན་རྗེ་དང༔ གིང་དང་ཐེ་འགོང་ལ་སོགས་པ༔ སྡེ་བརྒྱད་ལག་ནས་ཚེ་ཕྲོགས་ཤིག༔ ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ སྲོག་བདག་རྣམས་ཀྱིས་སྲོག་སྐྱོབས་ཤིག༔ ཚེ་དང་སྲོག་ནི་སྤེལ་དུ་གསོལ༔ དཔལ་དང་གཡང་ནི་བསྐྱེད་དུ་གསོལ༔ མཐུ་རྩལ་འབྱུང་བའི་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཚེ་འགུགས་སྤོས་བསྲེག་རོལ་མོ་དཀྲོལ༔ དེའི་ཚེ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ༔ དེ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་འཕྲོས་པས་འབྱུང་བ་བཞིའི་མདངས་བཅུད་དང་ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཐམས་ཅད་ལྕགས་ཀྱུས་བསྡུས་ནས་ཚེ་ཡི་བུམ་པར་བསྟིམས༔ དེ་ཉིད་སོར་རོ་རོ་ཁོལ་བའི་དྭངས་མ་ཁ་ཞག་ལྟ་བུ་གཙོ་བོའི་ཞལ་དུ་དྲངས༔ སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཚེ་རྟེན་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེ་ཚེ་ཡི་སྲོག་ཐོབ་པར་བསམ་མོ༔ དེ་ནས་ཚེ་བསྟིམ་པ་ནི་སྒྲུབ་རྫས་ཀྱི་ཚེའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མི་ཤིགས་པའི་ཚེ་ཡི་དྭངས་མ་འོད་ཀྱི་རྣམ་པར་བྱུང་ནས་རང་གི་སྙིང་གའི་ཚེ་རྟེན་ལ་སིབ་སིབ་ཐིམ་པར་བསམ་ཞིང་རྩ་བའི་སྔགས་ཀྱི་མཐར་ཨཱོཾ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་རྫས་རྣམས་སྙིང་གར་གཏུག་གོ༔ དེ་ནས་ཚེ་སྦ་བ་ནི༔ ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་རྟོག་པ་ཀུན་སྤངས་ནས༔ ཐམས་ཅད་ཀུན་ལས་རྒྱལ་བར་གྱུར༔ མ་བྱུང་མི་འབྱུང་འདུས་མ་བྱས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༔ ཨཱ་ཡུརྫྙཱ་ན་དྷརྨཱ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་གཞལ་ཡས་ཁང་འཁོར་ལ་ཐིམ༔ འཁོར་གཙོ་བོ་ལ༔ ཡུམ་ཡབ་ལ༔ ཡབ་ཡེ་ཤེས་སེམས་དཔའ་ལ༔ དེ་ཏིང་འཛིན་སེམས་དཔའ་ལ་ཐིམ༔ དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་གཞག་བྱ༔ དེ་ནས་མཁའ་ལ་སྤྲིན་ཤར་བ་ལྟར་ལྷའི་སྐུར་ལྡང་བར་བྱའོ༔ དེ་ནས་ཚོགས་འཁོར་བསྐོར༔ བསྔོ་བ་དང་སྨོན་ལམ་གདབ༔ བཀྲ་ཤིས་བརྗོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་བསྐྱང༔ བདེ་གཤེགས་ཀུན་འདུས་ཟབ་ལམ་ཚེ་དཔག་མེད་དུ་སྒྲུབ་པའི་ཕྱི་སྒྲུབ་རྫོགས་སོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་ནང་སྒྲུབ་བཞུགས༔ ྈྈྈ གཉིས་པ་ནང་ལྟར་སྒྲུབ་པའི་ཐབས་ལ་ཤིན་ཏུ་དབེན་པའི་གནས་སུ་སྐྱབས་འགྲོ་ལ་སོགས་ཏེ་སྔོན་འགྲོ་རྣམས་སྔར་ལྟར་བྱས་ནས༔ ལུས་བདེ་ལུགས་སུ་བསྲངས་ཏེ་ཚེ་དབང་མགོན་པོར་གསལ་བའི་སྤྱི་བོར་བླ་མ་འོད་དཔག་མེད་བསྒོམ༔ སྙིང་གར་རྟ་མགྲིན་བསྒོམ༔ ལྟེ་བར་མེའི་ཆོས་འབྱུང་རྣོ་ལ་ཚ་བའི་ནང་དུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ༔ དེ་ནས་ལུས་ཀྱི་དབུས་སུ་དྷཱུ་ཏི་དཀར་དམར་མདའ་ཤིང་ཙམ་པ་གསལ་ལ་དྭངས་པ་ཡར་སྣ་སྨིན་མཚམས་མར་སྣ་གསང་བ་ཡེ་ཤེས་ཀྱི་དབུ་གཙུག་ནས་ཟུག་པར་བསྒོམ༔ གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་སྣ་བུག་མར་སྣ་ཆོས་འབྱུང་གི་ནང་དུ་ཟུག་པ༔ དེ་ནས་དབུགས་ཕྱིར་འགྲོ་བའི་ཚེ་ལྟེ་བའི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་མར་མེ་ལྟ་བུ་ཞིག་དབུ་མའི་ནང་ན་ཡར་དམར་བྲེང་གིས་སོང༔ འོད་དཔག་མེད་ཀྱི་བདུད་རྩི་ལ་རེག་པས་སོར་གྱིས་ཁོལ་ཟེགས་མའི་འོད་ཟེར་གྱིས་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི་འཆི་མེད་བདུད་རྩིའི་རྣམ་པར་བསྡུས༔ དབུགས་ནང་དུ་འཇུག་པའི་ཚེ་སྤྱི་བོ་ནས་ནར་གྱིས་བབས་པས་དཔྲལ་བའི་འཁོར་ལོ་གང༔ དེའི་དགའ་བ་ལ་སེམས་བསྲེས་ནས་ལྕེ་ཆུང་གིས་བདུད་རྩི་གཞིབ༔ ཡིད་བཟླས་བྱེད༔ དེ་བཞིན་དུ་རླུང་འགྲོ་འོང་གིས་བདུད་རྩི་བསྐུལ་བ་དང་བབས་པས་མགྲིན་པ་དང༔ སྙིང་ག་དང༔ ལྟེ་བ་དང༔ གསང་གནས་ཀྱི་བར་ཁྱབ་པར་བཀང༔ མཆོག་དང་ཁྱད་པར་དང་ལྷན་སྐྱེས་ཀྱི་དགའ་བ་རྣམས་ལ་སེམས་བསྲེས་བདུད་རྩི་གཞིབ་པས་ཡིད་ཀྱི་བཟླས་པ་བྱ༔ རླུང་རྔུབ་པའི་རྗེས་སུ་བུམ་པ་ཅན་དང་སྦྱར་ནས་གཞིབ་པ་དང༔ བཟླ་བ་ལ་ཡུན་བསྲིང༔ རྗེས་སུ་རང་ངོ་བསྐྱང༔ ཡང་རླུང་ཕྱིར་བསལ་བས་ལྟེ་བའི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རོ་རྐྱང་གི་ལམ་ནས་རླུང་དང་མཉམ་དུ་ཕྱིར་སོང༔ འཁོར་འདས་ཐམས་ཅད་ལ་ཕོག་ནང་དུ་རླུང་རྔུབས་པས་འཁོར་འདས་སྣོད་བཅུད་ཀྱི་འབྱུང་བཞིའི་དྭངས་མ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་བཅུད་ཐམས་ཅད་བསྡུས་ཐིག་ལེ་དཀར་དམར་དུ་གྱུར་པ་རོ་རྐྱང་བརྒྱུད་ཆོས་འབྱུང་གི་ནང་དུ་སླེབས་པ་ལྟེ་བའི་མེས་བཞུ་བའི་དྭངས་མ་དཀར་དམར་ཆེར་འཕེལ་གསང་གནས་ནས་ལྟེ་བའི་བར་བརྟན་པའི་དགའ་བ་ལ་སེམས་བསྲེ་བུམ་ཅན་དང་སྦྱར་ནས་སྔགས་བཟླ་རང་ངོ་བསྐྱང་ངོ༔ དེ་བཞིན་དུ་སྙིང་ག་དང་མགྲིན་པ་དང་སྤྱི་བོའི་བར་དུ་བརྟན་པའི་ལུགས་ལྡོག་གི་དགའ་བ་བཞི་ལ་སེམས་བསྲེ་རླུང་དང་སྦྱར་ནས་སྔགས་བཟླ་རང་ངོ་བསྐྱང་བ་རྣམས་བྱའོ༔ དེ་ནས་རླུང་རྔུབ་པས་རོ་རྐྱང་བརྒྱུད་ལྟེ་བའི་མེའི་ཆོས་འབྱུང་ལ་ཕོག་པས་མེ་དམར་འུར་གྱིས་འབར་རྣལ་འབྱོར་མ་ཡང་མེའི་ངོ་བོར་འདྲེས་ནས་འཆི་མེད་ཀྱི་བདུད་རྩིར་ཞུ་དྭངས་མ་ཐིག་ལེ་དམར་པོ་གསལ་ཞིང་འཚེར་བར་གྱུར༔ དེའི་འོད་གྱེན་དུ་སོང་སྙིང་གའི་རྟ་མགྲིན་ལ་ཕོག་འོད་ཀྱི་ཐིག་ལེར་ཞུ་བ་དེ་ལས་ཀྱང་འོད་ཟེར་གྱེན་དུ་འཕྲོས་སྤྱི་བོའི་བླ་མ་ལ་ཕོག་པས་འཆི་མེད་ཀྱི་བདུད་རྩི་འོད་ཀྱི་གོང་བུར་ཞུ་བའི་དྭངས་མ་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ་སྣུམ་ལ་འདྲིལ་བར་གྱུར་པ་དབུ་མ་ནས་ཞུགས་པ་དང༔ ལྟེ་བའི་ཐིག་ལེ་དབུ་མ་ནས་གྱེན་དུ་སོང་བ་གཉིས་སྙིང་གར་གཅིག་ཏུ་འདྲེས་པའི་འོད་ཀྱིས་ལྷ་སྐུ་དང་རྩ་ལ་སོགས་པ་ཡང་གཅིག་ཏུ་གྱུར་པའི་དྭངས་མ་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧྲཱིཿཡིག་གིས་མཚན་པ་གསལ་ཞིང་དྭངས་པ་འོད་ཀྱི་གོང་བུར་འབར་བས་འཆི་བ་མེད་པ་རྡོ་རྗེ་ཚེའི་སྐུ་ཐོབ་པར་བསམ་ཞིང་བུམ་པ་ཅན་དང་སྦྱར་ནས་ཡིད་བཟླས་བྱ༔ རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་འཆི་མེད་གཉུག་མའི་རང་བབས་ལ་མཉམ་གཞག་བརྟན་པོ་བྱ༔ རྒྱུན་གྱི་རྣལ་འབྱོར་ནི་ཅིར་སྣང་ལྷ་སྐུའི་ལམ་ཁྱེར་དང་མི་འབྲལ་བར་བྱའོ༔ ནང་སྒྲུབ་ཚེའི་གདམས་པ་དྭངས་མའི་བཅུད་དྲིལ་ཏུ་གདམས་པ་རྫོགས་སོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེའི་གསང་སྒྲུབ་བཞུགས་སོ༔ ྈྈྈྈ གསུམ་པ་གསང་བ་ལྟར་ཚེ་སྒྲུབ་པ་ནི༔ ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པ་བཙལ་ལ་རྒྱུད་དག་པར་བྱས་ནས༔ ཤིན་ཏུ་དབེན་ཞིང་འགོལ་བའི་གནས་སུ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་ཕུལ་ནས་འདོད་ཆགས་བདེ་སྟོང་འཆི་མེད་ཀྱི་ལམ་དུ་ལོངས་པར་གསོལ་བ་བཏབ་གཞི་བདག་ལ་གཏོར་མ་བྱིན་ནས་བར་ཆད་མ་བྱེད་ཅེས་བཀའ་བསྒོ༔ རང་གཞན་གྱི་ལུས་གསོ་བ་སོགས་ཕོ་ཉའི་སྔོན་འགྲོ་རྣམས་ཚང་བར་བྱའོ༔ དེ་ནས་རང་ཉིད་ཚེ་དབང་མགོན་པོ་དང་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྐྱེད༔ བྱིན་གྱིས་བརླབས་རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་བུ་གར་ཨོཾ༔ ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པ་འོད་ཟེར་འབར་བའི་ཟེ་འབྲུར་ཧྲཱི༔ དེ་ནས་ཕན་ཚུན་ལྟ་བ་དང་རྒོད་པ་དང༔ ལག་བཅངས་དང༔ དབང་པོ་གཉིས་སྦྱོར་གྱི་རིམ་པས་ཆགས་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སེམས་དྭངས་སྙིགས་ཕྱེད་པར་བྱས་ལ༔ ལུས་ཀྱི་དབུས་སུ་དྷཱུ་ཏི་གསལ་ཞིང་དྭངས་པ་དེ་ལ་བརྟེན་པའི་འཁོར་ལོ་ལྔ་གདུགས་ཀྱི་རྩིབས་མ་ལྟར་རྒྱས་པ༔ སྤྱི་བོར་བདུད་རྩིའི་ཐིག་ལེ་ཧཾ་དཀར་པོ་དྭངས་ཤིང་འཛག་པ༔ སྙིང་གར་ཚེའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿདམར་པོ་གསལ་ཞིང་འཚེར་བ༔ ལྟེ་བར་གཏུམ་མོའི་ཐིག་ལེ་ཨཱཿདམར་པོ་ཚ་ཞིང་འབར་བ་བསྒོམས་ལ༔ ཕྱག་རྒྱ་དང་ཡན་ལག་ཐམས་ཅད་ཀྱིས་ཇི་ལྟར་བདེ་བར་འཁྱུད་ལ་སྟེང་འོག་གི་སྒོ་སྦྱར་ནས་རྡོ་རྗེ་འགྲེང་ཞིང་བརྟན་པར་བྱས་པ་དལ་བུས་བསྲུབ་ཅིང་སྒུལ་སྐྱོད་བྱས་པས་ཆགས་པའི་རླུང་གིས་ལྟེ་བའི་ཨ་ཡིག་བསྐུལ་བས་དེ་ལས་མེ་ལྕེ་གློག་ལྟར་འཁྱུག་ཅིང་གསལ་བ་སྤྲོས་པས་རྩ་སྦུབས་ཐམས་ཅད་ཀྱི་ཐིག་ལེ་གཡོས་ཤིང་ཁྱད་པར་སྤྱི་བོའི་ཧཾ་ལ་རེག་པས་ཤིན་ཏུ་གསལ་བའི་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་ཧཾ་ལ་འདྲེས༔ ཧཾ་ལས་བྱང་ཆུབ་ཀྱི་སེམས་ཆུ་རྒྱུན་བཞིན་འཛག་པས་སྤྱི་བོའི་རྩ་འཁོར་གང་བའི་དགའ་བ་ལ་མཉམ་པར་བཞག༔ དེ་བཞིན་དུ་མགྲིན་པ་དང་སྙིང་ག་རྣམས་སུ་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་རྣམས་ལ་སེམས་བསྲེས་ནས་དབུ་མའི་སྒོར་བྱང་སེམས་རྒྱུན་མི་ཆད་པར་སྒྲ་དང་བཅས་ནས་ཨ་ཐུང་གི་མེ་ལ་བབས་པས་ཞུ་སོར་རོ་རོ་ཁོལ་བར་བསམས་ལ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ལ་སེམས་བསྲེ༔ དེ་ཚེ་ཕྱག་རྒྱའི་པདྨའི་ནང་དུ་ཚེའི་ལྷ་ཚོགས་ཐམས་ཅད་གསལ་བར་དམིགས་པ་ལ་བདེ་བ་ཆེན་པོའི་མཆོད་པ་ཕུལ་བས་ཤིན་ཏུ་ཚིམས་ཤིང་མཉེས་ནས་མཉམ་པར་སྦྱོར་བའི་སྦྱོར་མཚམས་དང་ཕྱག་གི་བུམ་པ་ལས་འཆི་མེད་ཀྱི་བདུད་རྩི་དྭངས་མ་སྐྱ་ཆིལ་གྱིས་བབས་པ་རྡོ་རྗེའི་ལམ་ནས་རང་གི་ཧཱུྃ་གི་སྦྱོར་བས་དྲངས་ཤིང་ཕྱག་རྒྱས་ཕཊ་ཀྱི་སྦྱོར་བས་ཕུལ་ལ་དྲངས་པ་ལྟེ་བའི་མེ་ལ་སྔར་ལྟར་སོར་སྒྲ་དང་བཅས་ནས་ཁོལ་ཞིང་ཞུ་བའི་དྭངས་མས་ ཚེ་བཅུད་ཐམས་ཅད་ལུགས་ལྡོག་གི་དགའ་བ་བཞིས་རིམ་པར་དྲང་ཞིང་མི་ཤིགས་པ་འཆི་མེད་ཀྱི་བདུད་རྩིའི་སྙིང་པོ་སྙིང་གའི་ཧྲཱིཿལ་འདྲེས་པ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཡིད་ཀྱི་བཟླས་པ་བྱ༔ དེ་ལྟར་ཡང་ཡང་བསྐྱར་ཞིང་ཐུན་རྗེས་མལ་ཕྱག་རྒྱ་འོད་དུ་ཞུ་ནས་གསང་གནས་ཀྱི་ལྷ་རྣམས་ལ་ཐིམ༔ དེ་རྣམས་དྭངས་མའི་ཐིག་ལེ་འཆི་བ་མེད་པའི་བདུད་རྩིའི་སྙིང་པོར་ཞུ་བ་རྡོ་རྗེའི་ལམ་ནས་ལྟེ་བའི་མེ་ལ་བཞུ་ཞིང་འདྲེན་པ་དང་སྙིང་གི་ཐིག་ལེ་ལ་བསྲེ་བར་བྱའོ༔ འདི་ལ་དབབ་པ་དང་འདྲེན་པ་དང་འགྲམ་པ་དང་བསྲེ་བ་ལ་སོགས་པ་ནི་ཐབས་ལམ་གྱི་གཞུང་ལ་གོམས་པར་བྱའོ༔ འདིས་ཀུན་རྫོབ་ཀྱི་ཐིག་ལེ་ཆགས་པ་དང་བཅས་པས་ཆགས་བྲལ་དུ་བཞུ་བཏུལ་བྱས་པས་དྭངས་མ་སྟོབས་སུ་གྱུར་ཅིང་དེས་དོན་དམ་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་བརྟན་པས་ཟག་པ་མེད་པའི་ཡེ་ཤེས་འཆི་མེད་ཀྱི་སྐུ་འཕོ་བ་ཆེན་པོར་མངོན་པར་བྱང་ཆུབ་པར་འགྱུར་རོ༔ འདོད་ཆགས་བདེ་སྟོང་ཚེའི་སྒྲུབ་ཐབས་གསང་བའི་སྙིང་པོར་བསྡུས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་བཅུད་ལེན་རྣམ་གསུམ་བཞུགས༔ ྈྈྈ བདེ་གཤེགས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ལམ་འདི་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་རྐྱེན་ངན་པ་རྣམས་སེལ་བ་དང༔ ཏིང་འཛིན་གྱི་བོགས་འདོན་ཅིང་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེད་པ་དང་འཆི་བ་མེད་པའི་ལུས་གྲུབ་པའི་ཕྱིར་དུ་བཅུད་ལེན་བྱ་བ་གཅེས་སོ༔ དེ་ལ་གསུམ་དུ་བསྟན་པའོ༔ དང་པོ་ཕྱིའི་རྫས་བཅུད་དུ་ལེན་པ་ནི༔ འབྲས་བུ་གསུམ་ཆ་སྙོམ་པ་དང༔ གཅིག་གི་ཕྱེད་ཆའི་དབང་པོ་ལག་པ་དང༔ སེ་འབྲུ་དང༔ བདུད་རྩི་ཟིལ་པ་ཅན་གསུམ་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་རྩ་ཨ་བ་དང་སྦྲུལ་ཤ་དང༔ མཆིལ་པའི་ཤ་རྣམས་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་ན་ལེ་ཤམ་དང༔ བཟང་པོ་དྲུག་དང་བྲག་ཞུན་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་མཚལ་དང༔ གི་ཝཾ་དང༔ ལྡོང་རྩེ་རྣམས་ཆ་སྙོམ་ཕྱེ་མར་བྱས་པ་དང༔ མར་བྲེ་གང༔ འོ་མ་བྲེ་གསུམ༔ ཆུ་ཞོ་གཅིག་རྣམས་བསྲེས་ཏེེ་རན་པའི་མེ་ལ་བཙོས་པས་དང་པོར་ཆུ་ཐིམ༔ དེ་ནས་འོ་མ་ཐིམ༔ དེ་ནས་མར་གྱི་སྙིང་པོ་ལུས་པ་དེ་དང༔ དུག་དང་བྲལ་བའི་སྦྲང་རྩིའི་དྭངས་མ་བཞུར་བ་དང་ཀ་ར་དཀར་པོ་གསུམ་ཆ་སྙོམ་པ་ལ་སྔར་གྱི་སྨན་ཕྱེ་མ་རྣམས་འདྲེས་པར་སྦོལ་བའི་ལྡེ་གུ་བདུད་རྩིར་བྱིན་གྱིས་བརླབས་པ་ནངས་རེ་བཞིན་ཞོ་གཉིས་རེ་ཟོས་ན་བད་ཀན་ལ་སོགས་པའི་ལུས་ལ་ཞུགས་པའི་ནད་རྣམས་འཇིག་ཅིང་གཟུགས་བཟང་པོར་འགྱུར་བ་དང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ ཡང་ན་དབང་པོ་ལག་པ་དང་འབྲས་བུ་གསུམ་ཆ་སྙོམ་སྟེ་མར་དང་སྦྲང་རྩིའི་དྭངས་མ་ལ་སྦྱར་བ་ཟླ་བ་གསུམ་ཟོས་ན་ནད་བྱང་ཞིང་སྐྲ་དཀར་འཇིག་གོ༔ དྲུག་བརྟེན་ན་དབྱངས་སྙན་པ་དང༔ ཚིལ་བུ་དང་ལྡན་པར་འགྱུར་རོ༔ དགུ་བརྟེན་ན་ལུས་བཟང་བ་དང་ཡིད་ལྟར་མགྱོགས་པ་ཐོབ་བོ༔ ལོ་གཅིག་བརྟེན་ན་སྟོབས་གླང་པོ་ཆེ་དང་མཉམ་ཞིང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ གཉིས་པ་ནང་གི་བཅུད་ལེན་ནི་རང་ངམ་གཞན་ནད་མེད་དམ་ཚིག་དང་ལྡན་པས་འབྲས་དང་ནས་ཕྱེ་དཀར་གསུམ་སོགས་ཟོས་པའི་དྲི་ཆེན་དེའི་དྲི་ཆུའི་ནང་དུ་ཉིན་ཕྱེད་སྦངས་པའི་ཁུ་བ་དྭངས་སྙིགས་ཕྱེད་པ་བསྒུལ་སྐྱོད་མེད་པར་ཕྱིར་ཕོ་ལ་སླར་ཡང་མཁར་གཞོང་ལ་སོགས་པའི་སྣོད་དུ་དྲི་ཆུས་སྦྱངས་ཤིང་དཀྲུགས་པའི་དྭངས་མ་སྣོད་གཙང་མར་བཞུར་བ་གྲིབ་སྐམ་བྱས་པའི་ཕྱེ་མ་དང༔ རྟ་དང་བ་ལང་དང་ཀུ་ཀུ་དང་གླང་པོ་ཆེ་དང་མི་ཤ་སྟེ་ཤ་ལྔ་དང༔ རྡོ་རྗེ་ཟིལ་པ་དང་དམར་རྩི་དང་དྲི་ཆེན་དང་དྲི་ཆུ་དང་རྐང་མར་ལ་སོགས་པ་བདུད་རྩི་ལྔ་རྣམས་གཞིའི་བཅུ་ཆ་གཅིག་དང་མཉམ་པ་དང༔ དངུལ་ཆུ་དང་ཙན་དན་དང་སིཧླ་དང་གླ་རྩི་དང་ག་པུར་དང་མུ་ཟི་དང་གུ་གུལ་དང༔ གི་ཝཾ་དང༔ ལི་ཤི་དང༔ ཁ་ཆེ་དང༔ ཛཱ་ཏི་དང༔ ཚ་བ་གསུམ་རྣམས་དེའི་ཡང་བཅུ་ཆའི་ཚད་དང་མཉམ་པ་དང༔ དེ་དང་མཉམ་པའི་ཨ་རུ་ར་རྣམས་ཕྱེ་མར་བྱས་པ་རྣམས་མར་དང་སྦྲང་རྩི་དུལ་མས་བསྡུས་པའི་རིལ་བུ་རིལ་མ་ཙམ་བྱས་པ་བྱིན་གྱིས་བརླབས་ཏེ་ ཐོ་རངས་དྲི་ཆུ་བར་པ་གྲང་མོས་ཕུལ་ཏེ་ཚེས་གཅིག་ལ་རིལ་བུ་གཅིག་དང་གཉིས་ལ་གཉིས་དང་དེ་བཞིན་དུ་ནངས་མ་རེ་ལ་རིལ་བུ་རེ་རེ་བསྣན་པས་བཅོ་ལྔའི་བར་དང༔ མར་ངོའི་གཅིག་ནས་བཟུང་སྟེ་ནངས་མ་རེ་རེ་བཞིན་ཕྲི་བས་སྟོང་གི་ཉིན་རིལ་བུ་གཅིག་གི་བར་བརྟེན་པར་བྱའོ༔ དེ་ལྟར་ལོ་གཅིག་ཏུ་བརྟེན་པས་བད་ཀན་ལ་སོགས་པ་འབྱུང་འཁྲུགས་ཀྱི་ནད་དང༔ མཛེ་ལ་སོགས་པ་གདོན་འཁྲུགས་ཀྱི་ནད་དང༔ རྩ་ཁམས་ཐོར་པ་སོགས་རླུང་འཁྲུགས་ཀྱི་ནད་དང་འགལ་རྐྱེན་རྣམས་སེལ་ཞིང་གཟུགས་བཟང་ཞིང་རྩ་མི་མངོན་པ་དང་སྟོབས་ཆེ་བ་དང༔ མདངས་མཚར་བ་དང་ཡིད་ལྟར་མགྱོགས་པ་དང༔ དབྱངས་སྙན་པ་དང་ཏིང་འཛིན་རྩོལ་མེད་དུ་སྐྱེ་བར་འགྱུར་ཞིང༔ ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ རང་གི་བདུད་རྩི་དྲོད་ལྡན་དྲི་ཆུ་གྲང་མོས་ཕུལ་ཏེ་ལོ་གཅིག་ཏུ་བརྟུལ་ཤུགས་ཀྱིས་བརྟེན་ན་ཕན་ཡོན་སྔར་དང་མཉམ་པ་ཐོབ་པར་འགྱུར་རོ༔ གསུམ་པ་གསང་བའི་བཅུད་ལེན་ནི༔ ལུས་སྐྱིལ་ཀྲུང་མཉམ་གཞག་དྲང་པོར་བསྲང་མགྲིན་པ་ཅུང་ཟད་བཀུག༔ ལྕེ་ལྕེ་ཆུང་ལ་རེག་པར་བཟློག་སྟེ༔ རང་ལུས་ཚེ་དབང་མགོན་པོའི་སྤྱི་བོར་ཧཾ་དཀར་པོ་ཐུར་ལྟ༔ ལྕེ་ཆུང་གི་རྩེར་སུམ་དཀར་པོ༔ སྙིང་གར་ཧཱུྃ་དཀར་པོ་རྣམས་གསལ་ཞིང་དྭངས་ལ་འཛག་པ༔ ལྟེ་བར་ཨ་དམར་པོ་འབར་བ་ལྟ་བུར་བསམ༔ དེ་ནས་འོག་རླུང་བསྐྱོད་པས་ལྟེ་བའི་ཨ་ལས་རླུང་མེའི་དྲོད་ཅན་བྱུང་བས་སྙིང་གའི་ཧཱུྃ་བསྲོས༔ དེའི་ནུས་པས་ལྕེ་ཆུང་གི་སུམ་བསྲོས༔ དེའི་ནུས་པས་སྤྱི་བོའི་ཧཾ་བསྲོས༔ བདེ་བའི་ངོ་བོར་ལྟེམ་མེ་ཞུ་བ་དངུལ་ཆུ་འཁྱོར་བ་ལྟར་བསམ༔ སྟེང་རླུང་ཅུང་ཟད་མནན་པས་ལྕེ་ཆུང་གི་སུམ་ལས་འཆི་མེད་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་བབས་ཏེ་སྙིང་གའི་ཧཱུྃ་ལ་ཞུགས༔ ཧཱུྃ་གི་ནུས་པ་ཆེར་རྒྱས་པས་སྙིང་ཁའི་རྩ་ཐམས་ཅད་བདུད་རྩིའི་དྭངས་མས་དཀར་མེར་གང་བས་དབང་པོའི་སྒོ་ཐམས་ཅད་དུ་སྐྱ་ཆིལ་ཆིལ་གཡོ་ཞིང་ལུས་ཐམས་ཅད་གང་བར་བསམ༔ དེ་ལྟར་ལྟེ་བའི་རླུང་དྲོད་ཀྱིས་གོང་གི་ཡི་གེ་རྣམས་བསྐུལ་བས་ལྕེ་ཆུང་གི་སུམ་ལས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་མི་ཆད་པར་འཛག་པར་བསམས་ལ༔ ལྕེ་ཕུགས་སུ་བཟློག་སྟེ་དལ་བུས་འཇིབས་པས་ལྕེ་ཆུང་ལས་བདུད་རྩི་ཇི་ཙམ་འདོད་པ་འོང་བས་འཇིབས་ཤིང་མིད་ལ་རླུང་ཁ་སྦྱོར་དུ་འཆིང༔ ཡང་མཚན་མོའི་ཕྱེད་ལ་བབས་པ་ན་རླུང་ཁ་སྦྱོར་དུ་བཟུང་ལ་སྤྱི་བོའི་བདུད་རྩི་ལ་སངས་རྒྱས་ཐམས་ཅད་ཀྱི་འཆི་མེད་ཀྱི་བདུད་རྩི་འོ་མ་ལྟར་དཀར་ཞིང་གསལ་བ་བབས་པས་རྩ་ཐམས་ཅད་ནས་ཞུགས་རྐང་མཐིལ་ནས་རིམ་གྱིས་སྤྱི་བོའི་བར་གང་བར་བསམ་ཞིང་ཧཱུྃ་གི་ཡིད་བཟླས་བྱ༔ དེའི་མཐར་རང་གི་དྲི་ཆུ་ལྕགས་སམ་ཁམ་ཕོར་སོ་མར་བླུགས་པ་ལ་ཤ་ལྔ་དང་འབྲས་བུ་གསུམ་ཆ་མཉམ་པ་དང༔ དེའི་དྲུག་ཆའི་ལྕགས་ཕྱེ་རྣམས་དྲི་ཆུ་ཅུང་ཟད་དང་སྦྱར་ནས་བཏགས་ཏེ་དབང་པོ་གཙང་མའི་རྡོ་རྗེ་ཟིལ་པ་དང་རཀྟ་དང་སྦྱར་ནས་ལྕགས་དཀར་གྱི་སྣོད་དུ་སྔར་གྱི་དྲི་ཆུ་ལ་མཚན་མོའི་ཐུན་གསུམ་པ་རྫོགས་ནས་ཉི་མ་འཆར་ཀའི་བར་བཙོས་ཏེ༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་ག་དྭངས་ཤིང་གསལ་བ་བསྟིམས་ནས་ཨོཾ་ཨཱཿཧཱུྃ་བརྒྱ་རྩ་སོགས་བཟླས་ལ་ལག་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ལྷག་མ་གསུམ་རྐྱང་བ་སྣོད་ཀྱི་ཁར་སྦུབས་ལ༔ རྩ་སྔགས་དང་ཡིག་བརྒྱ་ལན་གསུམ་བཟླས་ཏེ་འཆི་མེད་ཀྱི་བདུད་རྩིར་བསམ་མོ༔ བདུད་རྩི་དེ་ཉིད་ཞོ་གསུམ་རེ་དང་བུད་མེད་གཙང་མའི་ནུ་ཞོ་ཧུབ་གསུམ་རེ་སྦྱར་ནས་ཉལ་ཁར་འཁུར་བ་བཀང་ཞིང་བསྲུབས་པ་ཟླ་བ་དྲུག་ཏུ་བཏུང་བས་ལུས་བཀྲག་མདངས་རྒྱས་པ་དང་དབང་པོ་གསལ་བ་དང༔ གཞོན་ཤ་ཆགས་པ་དང༔ རྡོ་རྗེ་ལྟ་བུའི་ལུས་སུ་འགྱུར་ཞིང་རྩོལ་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ནས་མྱུར་དུ་མཆོག་གི་བདེན་པ་མཐོང་སྟེ་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་འགྱུར་རོ༔ བཅུད་ལེན་གྱི་དུས་ཐམས་ཅད་དུ་ཟས་ཀྱི་སྤང་བྱ་ནི་ལན་ཚྭ་ཆེས་པ་དང་རི་སྒོག་ཤ་རུལ་ཆང་སྐྱུར་རྩུབ་པའི་ཟས་རྣམས་སོ༔ སྤྱོད་ལམ་གྱི་སྤང་བྱ་ནི་མེ་དང་ཉི་མས་གདུངས་པ་དང༔ ཉིན་མོའི་གཉིད་དང་རྔུལ་ཕྱིར་འབྱིན་པའི་དྲག་ཤུལ་རྣམས་སོ༔ བརྟེན་པར་བྱ་བའི་ཟས་ནི་ཤ་སོགས་འཇམ་བཅུད་སྣུམ་དྲོ་དང་ལྡན་པ་རྣམས་སོ༔ སྤྱོད་ལམ་གྱི་བརྟེན་བྱ་ནི༔ ལུས་ངག་ཡིད་གསུམ་དལ་ཞིང་བག་ཡངས་པ་ཟུག་རྔུ་དང་བྲལ་བའོ༔ ཐུགས་རྗེ་ཆེན་པོ་གསང་བ་ཚེ་ཡི་སྒྲུབ་པའི་ཆ་རྐྱེན་བཅུད་ལེན་གྱི་གདམས་པ་སྙིང་པོར་དྲིལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཆི་མེད་ལས་ཚོགས་འཆི་བསླུ་རྣམ་གསུམ་བཞུགས༔ ྈྈྈ བདེ་གཤེགས་ཀུན་འདུས་ལྷ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལ་འཆི་བ་ཟུག་པའི་ལྟས་སུ༔ ཤེས་པ་གཡེང་བ་དང་རྨི་ལམ་འཁྲུགས་པ་དང་ཚེ་གཟུགས་ཉམས་པ་དང༔ བྱད་ཤོར་བ་དང་རླུང་འཐེམ་པ་སོགས་འཆི་བའི་རྟགས་མཐོང་ན་དེ་ཉིད་ཟློག་པའི་ཐབས་བྱའོ༔ དེ་ལ་བླ་མ་དང་མཁའ་འགྲོ་ལ་ཚོགས་མཆོད་དང་སྤོང་དག་བྱ༔ ཚྭ་ཚྭ་གདབ༔ སྲོག་བསྐྱབ༔ འབྱུང་བའི་རྟེན་འབྲེལ་དང་ཚེ་སྒྲུབ་ཅི་ནུས་སུ་བྱའོ༔ དེ་ནས་འཆི་བ་བསླུ་བ་དངོས་ནི་ཚེའི་དཀྱིལ་འཁོར་བྲིས་པའི་ལྷོ་ཕྱོགས་སུ༔ དུར་གཡམ་ལ་རོ་སོལ་གྱིས་ཆོས་འབྱུང་གྲུ་གང་པ་ཞིག་བྲིས་པའི་ཁར་རོ་ཐལ་དང་བྲ་ནག་ཚིག་ནག་བསྲེས་པའི་ཕྱེ་ལ་འཆི་བདག་གི་གཟུགས་དབྱུག་པ་དང་ཞགས་པ་ཐོགས་པ་ཁ་གདངས་པ་ཞིག་བཅོས༔ སྲེ་མོག་དང་རོ་སོལ་གྱིས་བྱུགས༔ དེའི་མདུན་དུ་དུག་གི་མེ་ཏོག་དང་ཉའི་གསུར་ཚིལ་ཆེན་གྱི་ཏིང་ལོ་མཁྲིས་པའི་ཆུ་འབྲུ་ནག་དང་ཤ་རྗེན་རྣམས་བཞག༔ ལྕགས་ཀྱི་ཕོར་པ་གཅིག་དང་ཁམ་ཕོར་བཅུའི་ནང་དུ་ཟན་ཆང་བཅུ་བཅུ་ཉ་ཤ་དང་ཤ་རྗེན་དང་སྲན་ཆན་དང་ཁྲག་དང་ཁུར་བ་དང་ཐུག་པ་དང་སྒོག་བཙོང་དང་ཞོ་དང་མར་དང་བུ་རམ་ལ་སོགས་པས་བརྒྱན་པ་བཅུ་བཤམ༔ སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱའི་ལུས་བཀྲུས་པའི་ཁྲུས་ཁུས་འབྲུ་སྣའི་ངར་ཕྱེ་སྦྲུས་པའི་ཟན་ལ་དེའི་གཟུགས་ཁྲུ་གང་པ་གཅིག་བྱས་ལ་ལྟོ་བར་འབྱུང་བཞིའི་འཁོར་ལོ་འཇུག༔ སྤྱི་བོ་དང་ཕྱོགས་བཞིར་མར་མེ་ལྔ་སྦར་ཕྲག་པ་གཡས་གཡོན་ལ་སྟག་པ་དང་གླང་མའི་བྱང་བུ་ལ་འཆི་བདག་ཕོ་མོའི་ཁྲམ་བྲིས་པ་བཙུགས་རང་གི་གོས་དང་རྒྱན་གྱིས་གཡོགས༔ དེའི་མཐའ་ན་སྟེགས་བུར་རིན་པོ་ཆེ་སྣ་ཚོགས་དང་འབྲུ་སྣ་དང་ཤ་མར་བུ་རམ་དང་སྨན་སྣ་དང་སྤོས་སྣ་དང་དར་ཟབ་དང་ཚོས་དང་ཚྭ་སོགས་རྫོངས་ཆས་རྣམས་བཤམ༔ རེ་བ་ནག་པོའི་ཁར་བསྒྲུབ་བྱ་བཞག༔ ཚོན་སྐུད་ཀྱིས་འཁོར་བཅུ་དཀྲིས་པའི་སྣེ་མོ་གཤིན་རྗེ་ལ་གཏད་གཞན་ཡང་དགོས་པའི་རྫས་ཐམས་ཅད་ཚང་བར་བཤམ་མོ༔ དེ་ནས་རྫས་རྣམས་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས་ནས་མང་པོར་སྤེལ༔ རང་ལྷའི་ང་རྒྱལ་ཤུགས་དྲག་པོས་འཆི་བདག་འཁོར་བཅས་བདེན་པའི་སྟོབས་ཀྱིས་བཀུག་ནས་གཟུགས་དང་གཉིས་མེད་དུ་གྱུར་པར་བསམ་ཞིང༔ ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ནས་མེ་ཏོག་ལ་སོགས་པ་བྱིན་ལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང༔ ཨོཾ༔ གང་དག་ཆོས་རྣམས་ཐམས་ཅད་ཀྱི༔ རྒྱུ་དང་འབྲས་བུའི་མཚན་ཉིད་ནི༔ མངར་དང་ཁ་བའི་ས་བོན་ལས༔ འབྲས་བུ་སོ་སོར་སྨིན་པ་བཞིན༔ དགེ་དང་མི་དགེའི་ལས་རྣམས་ཀྱི༔ འབྲས་བུ་ཡང་ནི་དེ་བཞིན་ཏེ༔ དེ་བས་ཞེ་སྡང་གདུག་རྩུབ་སོགས༔ མི་དགེའི་ལས་རྣམས་ཀུན་སྤོངས་ལ༔ ཞི་ཞིང་བྱམས་པའི་སེམས་ཀྱིས་ནི༔ འགྲོ་བ་འདི་ལ་ཕན་མཛད་གསོལ༔ ཞེས་བརྗོད་པས་དེའི་གདུག་རྩུབ་ཀྱི་བསམ་པ་ཞི་ནས་བདག་གིས་ཇི་ལྟར་བསྒོ་བའི་བཀའ་ནོད་ཅིང་གཏོར་མ་རྣམས་དགའ་བས་ལེན་པར་བསམ་ལ༔ གཏོར་མ་བཅུ་བྱིན་གྱིས་བརླབས་ལ༔ རང་གི་ལག་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་འབྱུང་བའི་ཨོཾ་དཀར་པོ་བསམ༔ སྔགས་བརྗོད་པས་བདུད་རྩིའི་རྒྱུན་བབས་པ་གཏོར་མ་དང་འདྲེས་ནས་འཆི་བདག་འཁོར་བཅས་ཀྱིས་གསོལ་བས་མཉེས་ཤིང་ཚིམས་པར་བསམ་ནས༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་ཚར་བཅུ་བརྗོད་གཏོར་མ་དང་པོས་བསྒྲུབ་བྱ་ལ་བྱབས་ཤིང༔ ཨོཾ༔ འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་བཞེས་ལ་ཆེ་གེ་མོ་འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ ཞེས་གཏོར་མ་ལྕགས་སྣོད་དུ་བཞག༔ རྩ་སྔགས་ཀྱི་མཐར་ཨཱོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཛྭ་ར་དུཥྚཱཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་བཟླས་ནས་བདེན་པའི་སྟོབས་བརྗོད་དེ་ཆེ་གེ་མོ་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག༔ གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་གྱུར་ཅིག་ཅེས་བརྗོད་ནས་ཚོན་སྐུད་རིམ་པ་གཅིག་དཀྲོལ་ནས་གླུད་ལ་དཀྲི་ཁྲམ་རིས་གཅིག་བསུབ༔ གཏོར་མ་གཉིས་པ་ནས་བཅུ་པའི་བར་དུ་བསྔོ་བ་དང་ལས་བཅོལ་བ་དང་ཞགས་པ་ལས་འགྲོལ་བ་དང་ཁྲམ་བསལ་བ་རྣམས་སྔར་ལྟར་བྱའོ༔ དེ་ནས་གླུད་བསྔོ་བ་ནི༔ ངར་མི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྫོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བྱིན་གྱིས་བརླབས་ནས༔ ཧཱུྃ༔ འབྲུ་བཟང་ངར་གྱི་མི་བོ་ཆེ༔ ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ༔ རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན༔ གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ མཛེས་པའི་གོས་རྒྱན་པུ་རུ་རུ༔ བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོས་ཉིད་རོལ་པའི་མཐུ་ལས་གྲུབ༔ མི་བས་གླུད་དགའ་བཞེས་སུ་གསོལ༔ བཞེས་ནས་ཆེ་གེ་མོ་འདི་ལ༔ གདུག་རྩུབ་སེམས་ཀྱིས་ཁྲོ་བ་སྤོངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་ཤི་བ་གསོས༔ ཞི་དང་བྱམས་པའི་སེམས་ཀྱིས་ནི༔ འཆི་བའི་འཇིགས་པ་ཞི་བར་མཛོད༔ ཅེས་བསྒྲུབ་བྱའི་ལོ་གྲངས་སོགས་བསྔོ་ཞིང་བསྒྲུབ་བྱ་ལ་བསྐོར་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་སྤུང༔ དེ་ནས་རྫོངས་ཆས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་ནས་ཚིམ་པར་བསྔོ་ཞིང༔ ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་ལ༔ མཐུན་པའི་དཀོར་ཆ་རྫོངས་སུ་འདེབས༔ འདོད་ཡོན་རིན་ཆེན་སྣ་ལྔ་དང༔ འབྲུ་དང་ཤ་མར་བུ་རམ་ཐུད༔ ཆན་དང་ཁུར་བ་མར་མེ་དང༔ སྨན་དང་སྤོས་དང་དར་ཟབ་དང༔ གོས་དང་རྒྱན་ཆ་དུ་མར་བཅས༔ འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་འདི༔ དེ་རིང་ཆེ་གེ་མོ་འདི་ཡིས༔ འཆི་བདག་འཁོར་བཅས་སྤྱན་ལམ་དུ༔ མི་ཤེས་པ་དང་བག་མེད་པས༔ ཉེས་ཤིང་འགལ་བ་གང་བགྱིས་པ༔ ནོངས་ཤིང་བཤགས་པའི་སྐོང་དུ་འབུལ༔ སྲོག་གི་རིན་དང་གླུད་དུ་འབུལ༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་རྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་ལོ་བཞེས་ཤིང་བསྣམས་ནས་ཀྱང༔ ཐུགས་ཀྱི་བརྣགས་པ་ཞི་བ་དང༔ ཞི་དང་ཕན་པའི་བསམ་པ་ཡིས༔ འཆི་བའི་འཇིགས་པ་བསལ་དུ་གསོལ༔ ཞེས་བརྗོད་ཅིང་རྫོངས་ཆས་རྣམས་གཟུགས་ཀྱི་མཐར་སྤུང་ངོ༔ དེ་ནས་སྔགས་བཟླས་པའི་སྤོས་ཆུས་ཁྲུས་བྱས་ཁྲུས་ཁུ་གླུད་ལ་བསྟིམ༔ རང་ཉིད་འཆི་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་བསམ་མོ༔ དེ་ནས་ཡས་རྣམས་ཁ་བསྒྱུར་ལ༔ ཏིང་ངེ་འཛིན་གྱི་ང་རྒྱལ་དྲག་པོ་དང་ལྡན་པས་འདི་སྐད་བརྗོད༔ ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་རྒྱལ༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད༔ ཤི་བ་ཀུན་གྱི་གཤིན་བུ་རྗེ༔ གསོན་པོ་སྐོས་ལ་འདེབས་པ་པོ༔ དགེ་སྡིག་ཤན་ཐང་འབྱེད་པ་པོ༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དེ་རིང་ཆེ་གེ་མོ་འདི་ཡི༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ དགྱེས་ཤིང་མགུ་བར་གྱུར་ནས་ཀྱང༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བཀའ་དང་དམ་ལས་མ་འདའ་བར༔ མཆོད་སྦྱིན་བཟང་པོ་འདི་སྣོམས་ལ༔ སོང་ཞིག་གཞན་དུ་འགྲོ་བར་གྱིས༔ ཕྱིན་ཆད་གནོད་པ་མ་མཛད་ཅིག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བདག་ཉིད་ཆེན་པོ་སངས་རྒྱས་བཀའི༔ ཚིག་ལས་འདས་ན་རྡུལ་དུ་རློག༔ དེ་བས་བགེགས་ཆེན་ཁྱོད་སོང་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ ཅེས་བརྗོད་ཅིང་དྲག་པོའི་སྔགས་བཟླ་གུ་གུལ་བསྲེག་ཐུན་གྱིས་བྲབ་རོལ་མོ་དང་བཅས་རྫས་རྣམས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ་ལོ༔ དེ་ནས་སྲུང་འཁོར་བསྒོམ༔ བསྒྲུབ་བྱ་གདན་དཀར་པོའི་ཁར་བཞག་ལ་སྤོས་ཆུས་གཏོར༔ རྡོ་རྗེ་སྙིང་ཁར་བཞག་ལ༔ ཨོཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ལྷ་དང་འཇིག་རྟེན་སྐྱོང་རྣམས་ཀྱི༔ བདེན་པའི་སྟོབས་དང་གཟི་བརྗིད་ཀྱིས༔ འཆི་བདག་བདུད་ཀྱི་གཡུལ་ངོ་ལས༔ རྒྱལ་བར་གྱུར་ཅིག་དེ་རིང་ཁྱོད༔ མི་འགྱུར་ཚེ་སྲོག་བརྟན་གྱུར་ཅིག༔ ཅེས་སྨོན་ལམ་དང་བཀྲ་ཤིས་བྱའོ༔ ཡང་ན་སྔར་བཞིན་དབང་བསྐུར་བར་བྱའོ༔ ཚེ་ཟད་པ་ལ་སོགས་པའི་མཚན་མ་རྣམས་འདི་བྱས་པས་གྲོལ་བར་འགྱུར་རོ༔ དེས་ཀྱང་མ་བཟློག་ན་བསྐྱར་ནས་བྱའོ༔ འདིས་ནི་ཇི་ལྟར་ཚེ་ཟད་པའི་འགྲོ་བ་ཡང་ལོ་ལྔར་ཚེ་བསྲིང་བར་ངེས་པའོ༔ ས་མ་ཡ༔ ྈ ནང་ལྟར་འཆི་བ་བསླུ་བ་ནི༔ ཧཱུྃ་ལས་རྡོ་རྗེའི་རྭ་གུར་བརྟན་པོའི་ནང་དུ་བྷྲཱུྃ་ལས་ཐོད་པ་ཇ་རིལ་སྲུབས་མེད་ཀྱི་ཁང་པ་རྡོ་རྗེའི་རང་བཞིན་ཅན་གྱི་ནང་དུ་རང་སེམས་ངོ་བོ་ཡི་དམ་རྣམ་པ་ཀེང་རུས་སུ་གསལ་བའི་སྙིང་གར་ཧྲཱིཿམར་མེ་ལྟ་བུ་གསལ་ཞིང་འཚེར་བར་བསྒོམ༔ དེ་ལས་འོད་ཟེར་འཕྲོས་རྨི་ལམ་གྱི་མཚན་མ་དེ་སོགས་སྲུང་འཁོར་གྱི་རྩེར་བཀུག་མཚོན་ཆས་བཅད་ཅིང་མེས་བསྲེགས་དྭངས་མ་བདག་ལ་བསྟིམས་ནས་དབུགས་ཁུག་པ་རེ་ལ་བྷྲཱུྃ་ཉེར་གཅིག་རེ་བཟླའོ༔ སྟེང་རླུང་བཟུང་འབྱིན་པ་ན་ཕྱིར་ཟློག་དང་ཐལ་མོ་གདབ༔ དེས་ནི་དུས་མིན་འཆི་བའི་མཚན་མ་རྣམས་སྐད་ཅིག་ལ་ཞི་བར་འགྱུར་རོ༔ ས་མ་ཡ༔ ྈ གསང་བ་ལྟར་འཆི་བ་བསླུ་བ་ནི༔ ཐོ་རངས་མི་ཚིག་མ་འདྲེས་པ་ལ༔ ལུས་གནད་བསྲང་ཡི་དམ་གྱི་ལྷར་བསྒོམ་རླུང་རོ་བསལ་ནས་ལུས་ཀྱི་དབུས་སུ་དྷཱུ་ཏི་གསལ་ཞིང་དྭངས་པའི་སྦུབས་སྟོང་གི་ནམ་མཁར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་གསལ་ལ་འཚེར་བ་ཞིག་བསྒོམ༔ ལྟེ་བར་རཾ་དམར་པོ་འབར་ཞིང་ཚ་བ་གསལ་ཞིང་དྭངས་ལ་རྣོ་བ་གཅིག་བསྒོམ༔ དེ་ནས་རླུང་སྟེང་དུ་འགྲོ་བ་ན་གཏུམ་མོའི་མེ་གློག་ལྟར་གསལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྣོད་བཅུད་ཐམས་ཅད་འཆི་མེད་ཀྱི་བདུད་རྩིར་ཞུ༔ རླུང་ནང་དུ་འོང་བ་ན་ཕྱི་ནང་གི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་སྤྱི་བོའི་ཐིག་ལེ་ལ་ཐིམ་པས་ཆེར་འཕེལ་འཆི་མེད་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་འཛག་པས་རྩ་དང་ལུས་ཐམས་ཅད་གང་བ་འགལ་མེ་ལྟ་བུའི་ཏིང་ངེ་འཛིན་ལ་ཉམས་ལེན་རྩེ་གཅིག་ཏུ་བྱས་པས་དུས་མ་ཡིན་པར་འཆི་བའི་མཚན་མ་ཐམས་ཅད་ཞི་བར་འགྱུར་རོ༔ འཆི་བ་བསླུ་བའི་མན་ངག་སྙིང་པོར་དྲིལ་བའོ༔ པདྨ་བདག་གིས་གདམས་པ་འདིའི་སྒོ་ནས་མངའ་བདག་རྒྱལ་པོའི་སྐུ་ཚེའི་བར་ཆད་བསལ་ཅིང་ཕྱི་རབས་ཀྱི་འགྲོ་ལ་བརྩེ་བས་ལས་ལྡན་གྱི་རྗེ་འབངས་རྣམས་ལ་གདམས་པའོ༔ ྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །དགེའོ།། །།

ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་འཆི་མེད་བདུད་རྩིའི་ཆུ་གཏེར་ (Volume 4, Text 24)

༄༅། །ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་འཆི་མེད་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་ཛྙཱ་ཀརྨ་ཀཱ་ཡ། ཚེ་འོད་དཔག་མེད་འཕགས་མཆོག་ཐུགས་རྗེའི་གཏེར། །པདྨཱ་ཀ་ར་དགེ་སློང་ཚུལ་བཟུང་ནས། །འགྲོ་དྲུག་འདྲེན་མཛད་རྒྱལ་དབང་ཀརྨ་པ། །གངས་ཅན་སྐྱེ་དགུའི་མགོན་ལ་གུས་པས་འདུད། །དེ་ཉིད་རྩ་གསུམ་ཀུན་འདུས་ཆེན་པོ་རུ། །སྒྲུབ་པའི་ཐབས་ཚུལ་གོང་མའི་གསུང་རབ་ལས། ཁྱེར་བདེ་སྙིང་པོར་བསྡུས་ཏེ་འདིར་འགོད་ན། །གནང་བའི་སྐབས་སྩོལ་སྒོ་གསུམ་བྱིན་གྱིས་རློབས། །དེའང་མཚུངས་མེད་རྡོ་རྗེ་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པ་རྫུན་སྤངས་པར་གྲགས་པ་རྩ་གསུམ་དྲིལ་སྒྲུབ་རྒྱུད་སྡེ་བཞིའི་གདམས་པ་གཅིག་ཏུ་དྲིལ་བའི་མན་ངག་ཉམས་སུ་བསྟར་བ་ལ་བཞི། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་བདག་མདུན་སྒྲུབ་པ། སྨིན་བྱེད་སློབ་མ་རྗེས་འཛིན། མཇུག་ཆོག་ལམ་གྱི་རིམ་པའོ། །དང་པོ་ནི། སྟེགས་བུ་དར་རས་བཟང་པོས་གཡོགས་པའི་དབུས་སུ་འབྲས་སམ་འབྲུ་དཀར་གྱིས་གཡུང་དྲུང་རིས་བྲིས་པའི་སྟེང་འཕྲུལ་སྟེགས་ལ། རིན་པོ་ཆེའི་སྣོད་དུ་ཚེ་གཏོར་མར་ཟན་དཀར་མངར་ཆང་དང་སྦྱར་བ་ལས་གདན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཟླ་གམ་བཅད་ཁ་མདུན་བསྟན་གྱི་ལྟེ་བར་བུམ་གཟུགས་མཛེས་པའི་ཁར་རྡོ་རྗེ་དང་ཉི་ཟླ་ནོར་བུས་སྤྲས་ཤིང་མཐར་ཚེ་རིལ་མང་པོས་ལུད་པ་ལྟར་བསྐོར་བ་ལ་སྐུ་ཙཀ་ཡོད་ན་བཙུགས་ཏེ་བཞག །ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་དམ་རྫས་སྦྱར་བས་བཀང་པ་གཡོན་དུ་བཞག །བསྙེན་སྒྲུབ་ལ་དེ་ཀས་འཐུས་ཀྱང་དབང་གི་སྐབས་སུ་གཡས་སུ་རྣམ་རྒྱལ་བུམ་པ་བཅུད་ལྡན་རྒྱན་མགུལ་ཆིངས་དམར་པོས་སྤྲས་པ། རྒྱབ་ངོས་སུ་རི་རབ་ལ་ཕུར་ཆུང་བཏབ་པའི་གཟུགས་དང་། འཁོར་ལོ་པདྨ་རྡོ་རྗེ་གསུམ་སོ་སོ་བའི་ཙཀ་ལི། སིནྡྷུ་ར་རྣམས་བཀོད། མདུན་ངོས་སུ་འབུལ་གཏོར་ཟླུམ་པོ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་ཆུང་བ་གཉིས། བདུད་རྩིའི་སྣོད། ཕྱི་མཆོད་ཕྲེང་དུ་བཤམ། ལས་བུམ་དང་སྔོན་འགྲོ་དཀར་གཏོར་སོགས་འདུ་བྱའོ། །གཉིས་པ་ལ་གཉིས། བདག་བསྐྱེད་ཚེ་སྒྲུབ་བཟླས་པ། མདུན་བསྐྱེད་དབང་བཞི་ལེན་པ་དང་འབྲེལ་བའོ། །དང་པོ་ནི། སྔོན་གཏོར་བྲན་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་པས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ། ས་བདག་ལྷ་ཀླུ་སྡེ་བརྒྱད་སོགས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཚར་བར། ཁྱེད་ལ་བདག་ནི་གནས་གཡར་གྱིས། །ཅི་བདེ་བར་ནི་སྦྱིན་པར་མཛོད། །ཧྲཱིཿ གསང་བ་བླ་མེད་དཀྱིལ་འཁོར་འདིར། །སྒྲུབ་འོས་ལྷ་ནི་མ་གཏོགས་པ། །ཚེ་ལ་བར་དུ་གཅོད་པའི་བགེགས། །ལོག་པར་འདྲེན་པ་བགེགས་ཀྱི་ཚོགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ། ཞེས་སྔོན་འགྲོ་གཏོར་མ་ཕྱིར་དོར་ལ་ཧཱུྃ་བཞི་དྲག་སྔགས་སོགས་ཀྱིས་བགེགས་བསྐྲད། ཧཱུྃ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་རྣམ་ལྔ་ཕྱོགས་བཅུར་འཕྲོས། །ཕྱི་ནི་རྡོ་རྗེའི་རྭ་གུར་ལ། །ནང་ནི་གཞལ་ཡས་ཁང་དུ་གྱུར། །དུག་གསུམ་གནས་པའི་སྐབས་མེད་ཅིང་། །ཆུ་ཡང་ཟག་པར་མི་འགྱུར་ལ། །རླུང་གི་སེར་བུ་མི་ཐར་ན། །བགེགས་ཀྱིས་གནོད་པར་ག་ལ་ནུས། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་མཚམས་བཅད། སྐྱབས་སེམས་ནི་ཀར་ལུགས་ཀྱི་དྲུག་སྐོར་མ་སོགས་བྱས་ཀྱང་ཆོག་ལ་ཁྱེར་བདེར། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་བ་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་དམ་བཅ་འོ། །ཞེས་ལན་གསུམ། བསྐྱེད་བཟླས་ནི། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཐམས་ཅད་ཁྱབ་པས་སྔོན་པོ་ལས་རྡོ་རྗེའི་རྭ་གུར། དམར་པོ་ལས་མེ་ལྕེའི་ཕྲེང་བ་འཕྲོ་བའོ། །དེ་ནས་བྷྲཱུྃ་གྱི་སྒྲས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པ། དེའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིར་པདྨ་དང་ཟླ་བའི་སྟེང་དུ་རང་གི་རྣམ་ཤེས་དག་པ་ཧྲཱིཿརྣམ་བཅད་དང་བཅས་པ་འོད་འབར་བ་སྟན་ལ་ཁབ་བཙུགས་པ་ལྟ་བུ་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དམར་པོ་ཆགས་པའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོས་པ། ཞི་ཞལ་གཉིས་སྤྱན་གཉིས་གཉིས་དང་ལྡན་པ། ཁྲོ་ཞལ་སྤྱན་གསུམ་དང་ལྡན་པའོ། །དབུ་སྐྲ་གནག་ལ་སྣུམ་པ་ཐོར་ཚུགས་སུ་མཛད་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་ལྡན་པ། ཕྱག་དང་པོ་གཉིས་དཔག་བསམ་ཤིང་གིས་བརྒྱན་པའི་བུམ་པ་འཛིན་པ། བར་པ་གཉིས་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ། ཐ་མ་གཉིས་པདྨ་དམར་པོའི་ཕྲེང་བ་དང་དེའི་སྡོང་བུ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚན་དཔེ་འབར་བའོ། །དེ་ལྟར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། ཞལ་ནས་བྱུང་བའི་སྔགས་ལས་འོད་དམར་པོ་འཕྲོས། རྟག་པ་དམ་པའི་བྱིན་རླབས་ཐམས་ཅད་བསྡུས་སྔགས་ཕྲེང་ལ་ཐིམ། སླར་རང་གི་ཞལ་དུ་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར། སྙམ་དུ་བསྒོམས་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་གཱ་ཀྵོ་བྷྱ་བཛྲ་ས་མཱ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཚེ་བསོད་རྒྱས་དབང་དུ་གྱུར་ཅིག །སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྒྱ་སྟོང་སོགས་ཅི་ནུས་བཟླའོ། །གཉིས་པ་ནི། རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། མདུན་གྱི་བུམ་པ་དང་ཀ་པཱ་ལ་རྣམས་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཐམས་ཅད་ཁྱབ་པས་སོགས་བདག་བསྐྱེད་ལྟར་ལ། མཚན་དཔེ་འབར་བའོ། །སླར་བདག་མདུན་གཉིས་ཀྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱེན་དུ་ལངས་པའི་དབུས་སུ་ཧྲཱིཿཡིག་མེས་བྲིས་པ་ལྟར་དམར་གསལ་དུ་གནས་པ་ལ་བདག་ཉིད་ཀྱི་ཐུགས་ཀའི་ཧྲཱིཿལས་སྔགས་ཕྲེང་བྱུང་། ཁ་ནས་ཐོན། རྟག་པ་དམ་པའི་བྱིན་རླབས་དང་འགྲོ་བའི་ཚེ་བསོད་བསྡུས། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ཐུགས་ཀར་འཁོར། ཡང་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་སྙམ་དུ་བསམས་ལ་སྔགས་གོང་བཞིན་བཟླ། གཏོར་མ་འབུལ་བ་ནི། བྱིན་རླབས་སྔོན་གཏོར་ལྟར་བྱས་ལ། ཨོཾ། རྩ་བ་གསུམ་གྱི་ལྷ་ཚོགས་ལ། །དམ་རྫས་རྒྱན་གྱི་གཏོར་མ་བཤམས། །བ་ལིཾ་གཏོར་མའི་མཆོད་པ་འབུལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཱ་གཱཀྵོ་བྷྱ་བཛྲ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། དེ་ནས་མཆོད་བསྟོད་ནི། རྩ་བའི་དངོས་བསྟན་ཉེར་སྤྱོད་དང་བདུད་རྩི་ཙམ་ཡིན་ཡང་ཕྱིས་ཀྱི་ཕྱག་བཞེས་ལྟར་ན། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ཧཱུྃ་ལས་བྱུང་བའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཕྱི་ནང་གསང་བའི་མཆོད་རྫས་ནི། །བསམ་ཡས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་པཉྩ་ཨ་མྲྀཏ་མ་ཏངྒི་ཨཱཿཧཱུྃ། ཞེས་སྔགས་རྒྱས་བྱིན་བརླབས་ནས། ཕྱི་མཆོད་ནི། བླ་མ་ཡི་དམ་ཆོས་སྐྱོང་ལ། །ལྷ་རྫས་ཕྱི་མཆོད་འབུལ་བ་ནི། །མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་སིལ་སྙན་ཡིད་འོང་རྣམས། །སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་། །ཞལ་དང་སྙན་དུ་མཆོད་པར་འབུལ། །གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ནང་མཆོད་ནི། བླ་མ་ཡི་དམ་ཆོས་སྐྱོང་ལ། །རང་བྱུང་ནང་མཆོད་འབུལ་བ་ནི། །བདུད་རྩི་ལྔ་དང་ཤ་ལྔ་དང་། །དམ་ཚིག་རྫས་མཆོག་མ་ད་ན། །དུག་གསུམ་དུག་ལྔ་དག་པའི་རྫས། །ནང་གི་མཆོད་པ་མ་ལུས་འབུལ། །གཉིས་སུ་མེད་པར་བཞེས་སུ་གསོལ། གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། གསང་མཆོད་ནི། བླ་མ་ཡི་དམ་ཆོས་སྐྱོང་ལ། །གཉིས་མེད་གསང་མཆོད་འབུལ་བ་ནི། །ཡབ་ཡུམ་གཉིས་མེད་མཁའ་གསང་ལས། །བྱང་སེམས་དཀར་དམར་བདེ་བའི་མཆོག །བདེ་བའི་རོ་མཉམ་མཆོད་པར་འབུལ། །སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་མཏངྒི་ཨཱཿཧཱུྃ་སྭཱ་ཧཱ། བསྟོད་པ་ནི། བཅོམ་ལྡན་པདྨ་ཚེ་དཔག་མེད། །རང་བྱུང་རོལ་པའི་རྡོ་རྗེ་སྟེ། །དཔའ་བོ་རྣལ་འབྱོར་མར་བཅས་རོལ། །རྡོ་རྗེ་དབྱངས་ཅན་བཟང་པོར་བསྟོད། །མཚན་དཔེའི་གཟི་འོད་རབ་ཏུ་འབར་བའི་སྐུ །ཡན་ལག་དྲུག་ཅུའི་ཆོས་རབ་སྒྲོག་པའི་གསུང་། །ཇི་ལྟ་ཇི་སྙེད་མ་ལུས་མཁྱེན་པའི་ཐུགས། །ཚེ་དབང་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །དེ་ནས་སྒྲུབ་པའི་དངོས་གཞི་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པ་ནི། མདུན་བསྐྱེད་ཀྱི་བུམ་པ་དང་བདུད་རྩི་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་དེ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་རང་གི་སྤྱི་བོར་ཞུགས་ཏེ་རང་འོད་ཀྱི་ཡུམ་དང་འཁྱུད་པའི་ཡབ་ཡུམ་གྱི་སྤྱི་གཙུག་ནས་བདུད་རྩི་དང་འདྲེས་པའི་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་བོར་ཐིམ། སྨིན་མཚམས་ཡན་གང་། མགྲིན་པ་ནས་བདུད་རྩི་འོད་ཟེར་དམར་པོ་བྱུང་། མགྲིན་པར་ཐིམ་པས་དེ་ཡན་གང་། ཐུགས་ཀ་ནས་བདུད་རྩི་འོད་ཟེར་སྔོན་པོ་བྱུང་། སྙིང་གར་ཐིམ་པས་དེ་ཡན་གང་། ལྟེ་བ་ནས་འོད་ཟེར་བདུད་རྩི་སེར་པོ་བྱུང་། ལྟེ་བར་ཐིམ་རྐང་མཐིལ་ཡན་ཆད་འོད་ཀྱིས་གང་བས་ལུས་དག་པ་སྐུ་རྡོ་རྗེ་ལ་མཉམ་པར་གཞག་བཞིན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཱ་གཱཀྵོ་བྷྱ་བཛྲ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཅེས་བཟླས་པ་བྱེད་པ་བུམ་དབང་ངོ་། །ཡང་རང་ལུས་ལྷག་པའི་ལྷའི་སྟོང་རའི་ནང་དུ་རྩ་གསུམ་སྟེང་འོག་ཏུ་ལྡན་པ་འཁོར་ལོ་འཁོར་ཕྲན་དང་བཅས་པ་རབ་ཏུ་གསལ་བའི་བ་སྤུའི་བར་ཉི་འོད་ལྟར་གསལ་ལ་དྭངས་པའི་སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་བྱུང་། དེ་ལ་རྟག་པ་དམ་པའི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་གི་ཚངས་བུག་ནས་ཞུགས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྐང་མཐིལ་གྱི་བར་གང་བས་ངག་དག་པ་གསུང་རྡོ་རྗེ་ལ་མཉམ་པར་གཞག་བཞིན་སོགས་སྔགས་གོང་ལྟར་བཟླ་བ་ནི་གསང་དབང་ངོ་། །དེ་ནས་སྤྱི་བོའི་ལྷག་པའི་ལྷས་རང་ལ་ཡུམ་གནང་བ་དང་བདེ་བ་ཆེན་པོའི་རྗེས་ཆགས་བྱས་པ་ལ་བརྟེན་ནས་འཁོར་ལོའི་དབུས་ཀྱི་བྱང་ཆུབ་ཀྱི་སེམས་ཞུ། ཡུམ་མཁར་བབས་པས་བདེ་བ་ཆེན་པོ་གཡོ་མེད་དུ་བྱས་པས་སེམས་དག་པ་ཐུགས་རྡོ་རྗེ་ལ་མཉམ་པར་བཞག་བཞིན་སྔགས་སྔ་མ་ལྟར་བཟླ་བ་ཤེར་དབང་ངོ་། །རང་ཉིད་ལྷག་པའི་ལྷར་གསལ་བས། །སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་དང་གཞན་མ་དམིགས། །གཉིས་སྤང་དབྱེར་མེད་ལུ་གུ་རྒྱུད། །བརྟན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །ཅེས་བརྗོད་པས་རང་ལུས་འོད་དུ་ཞུ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལུས་ཚད་དང་ལྡན་པ་གཅིག་ཏུ་གྱུར། དེའི་ལྟེ་བར་ཧྲཱིཿདམར་པོ། དེའི་མཐར་རང་གི་མིང་རྒྱ་སྐྱེགས་ཀྱིས་བྲིས་པ་ལྟར་བསམས་ནས་མཉམ་པར་བཞག་པས་སྒོ་གསུམ་དག་པ་སྐུ་གསུམ་མངོན་དུ་བྱས་པར་མོས་ཏེ་སྔགས་བཟླ་བ་ནི་དབང་བཞི་པའོ། །དབང་མི་བསྐུར་བ་བསྙེན་སྒྲུབ་རྐྱང་པའི་སྐབས་རྗེས་ཆོག་གཤམ་དུ་བཤད་པ་ལྟར་འདིར་སྦྱར་བས་གྲུབ་བོ། །གསུམ་པ་སློབ་མ་རྗེས་སུ་བཟུང་ན། སྔོན་འགྲོ་ནས་ཏིང་ངེ་འཛིན་གྱི་དབང་བླང་བ་ཡན་གྲུབ་པ་དང་། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས། ལས་བུམ་གྱི་ནང་དུ་པད་ཉི་ལ་ཧྲཱིཿལས་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་ཐུགས་ཀར་ཉི་སྟེང་ཧྲཱིཿའི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་ལ། ཁྲོ་བོ་ཁྱེད་ཀྱིས་བགེགས་བཟློག་པར་མཛོད་ཅིག །རྟ་མགྲིན་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། ཅེས་བསྒོམས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་སྤྱི་ལྟར་བཏང་། ཕྲིན་ལས་སྔོན་འགྲོ་ལྟར་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པ་དང་འཕགས་མཆོག་ཐུགས་རྗེ་ཆེན་པོ་དཔལ་ཡེ་ཤེས་ཀྱི་མགོན་པོ་སྟེ་རྩ་བ་གསུམ་པོ་སྐུའི་རྣམ་པ་གཅིག་ཏུ་དྲིལ་ཞིང་རང་འོད་ཀྱི་ཡུམ་ཡེ་ཤེས་མཁའ་འགྲོའང་ཤུགས་ལ་རྫོགས་པ། ངོ་བོ་གུ་རུ་པདྨ་འབྱུང་གནས་དང་དཔལ་ལྡན་ཀརྨ་པ་དབྱེར་མེད་པའི་སྒྲུབ་ཐབས། གཙོ་བོ་སྔགས་བླ་མེད་དུ་གཏོགས་ཤིང་རྒྱུད་སྡེ་གཞན་རྣམས་ཀྱང་ཞར་བྱུང་དུ་ཚང་བ། གནས་སྐབས་ཚེའི་བར་ཆད་སེལ་ཞིང་འཆི་མེད་ཀྱི་རིག་འཛིན་གྲུབ་པས་ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་གདམས་པ་ཁྱད་པར་ཅན་འདི་ནི། གངས་ཅན་མགོན་པོ་སྤྱན་རས་གཟིགས་ཉིད་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་རོལ་པས་གདུལ་བྱའི་དཔལ་དུ་རིམ་པར་བྱོན་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ་ཞེས་སངས་རྒྱས་ཀུན་གྱི་ཕྲིན་ལས་སྒྲུབ་པ་ལ་འགྲན་པའི་ཟླ་དང་བྲལ་བའི་མཚན་སྙན་སྲིད་པ་གསུམ་ན་ཡོངས་སུ་གྲགས་པའི་སྐུ་ཕྲེང་གསུམ་པ། ཀུན་མཁྱེན་རང་བྱུང་རྡོ་རྗེ་ཉིད་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་གཞག་པ་ན། ཉིད་རྒྱལ་བ་རྒྱ་མཚོའི་བདག་ཉིད་ལས་གཞན་དུ་མ་ཡིན་པ་མངོན་དུ་གྱུར་ནས་སྒྲུབ་ཐབས་འདི་མཛད་ལ། དྲང་དོན་ཙམ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ་ལ་གསུངས། དེས་རྗེ་ཉིད་ལ་གནང་བར་ཡང་གྲགས། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་འདི་ལ་ཉམས་བཞེས་གནང་བའི་སྐབས་དག་པའི་གཟིགས་སྣང་དུ་མ་ཤར་ནས་སྔ་མ་ལས་རྒྱས་པའི་དབང་དང་སྒྲུབ་ཐབས་རྫོགས་རིམ་དང་བཅས་པ་མཛད། རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་སྔ་འགྱུར་གྱི་ལུགས་ལས་ཁ་སྐོང་གནང་བའི་ཕྲིན་ལས་དབང་ཆོག་བཅས་གསལ་རྒྱས་སུ་མཛད་པའི་ཕྱག་བཞེས་ལྟར་བསྒྲུབ་པ་ཡིན་ཞིང་། ཕྱིས་སྤྲུལ་པའི་གཏེར་ཆེན་ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་རྩ་གསུམ་དྲིལ་སྒྲུབ་ཀྱང་ལྷ་སྔགས་མཚུངས་ཤིང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཡིན་ལ། འདིའི་དབང་ཐོབ་ན་རྒྱུད་སྡེ་བཞི་ཀའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཀྱི་དབང་དང་བཀའ་གཏད་ཐོབ་པའི་གོ་ཆོད་པས། རང་གིས་ཀྱང་རྒྱུད་སྡེ་བཞི་ཀའི་སྒོ་ནས་གང་ལ་གང་འཚམས་ཀྱི་རྗེས་འཛིན་བྱ་ཆོག་པ་རྒྱལ་དབང་མི་བསྐྱོད་རྡོ་རྗེས་ཞལ་གྱིས་བཞེས་པ་སྟེ། དེ་ལྟ་བུའི་བྱིན་རླབས་ཆེན་པོ་དང་ལྡན་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམས་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ལ་འདུན་པ་འདི་བཞིན་དུ་མཛོད། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ནི་བདག་སྐྱབས་མཆི། །ལན་གསུམ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་དེ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་བདེ་བ་དམ་པ་ལ་འགོད་པའི་དོན་དུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་སྙམ་པས་རྗེས་ཟློས་མཛོད། ལུས་ཅན་རྣམས་ཀྱི་བྱང་ཆུབ་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་སྨན་འགྱུར་ཕྱིར། །བཟང་པོའི་སྤྱོད་པ་སྤྱད་པར་བགྱི། །ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་ལྷག་པའི་ལྷ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་ལྔ་པ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། དེ་ནས་དབང་གི་གཞི་རྟེན་བསྒྲུབ་པའི་ཕྱིར་སེམས་རྩེ་གཅིག་པས་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཁྱབ་པས་སྔོན་པོ་ལས་རྡོ་རྗེའི་རྭ་གུར། སོགས་གོང་གསལ་མངོན་རྟོགས་ལྟར་ལ། ཁྱེད་རང་རྣམས་ཀྱི་རྣམ་ཤེས་དག་པ་ཧྲཱིཿཞེས་བསྒྱུར་ནས། མཚན་དཔེ་འབར་བའོ། བར་བརྗོད། དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་སྒོམས། ཨོཾ་ཨཱཿཧཱུྃ། ཞེས་དྲིའི་ཆུས་རེག །དེ་ནས་ཁྱེད་རང་དབང་ལེན་པ་པོ་རྣམས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་བསྒོམས་ནས། ད་གང་ལས་དབང་བླང་བའི་ཡུལ་གསལ་གདབ་པ་ནི། མདུན་གྱི་དཀྱིལ་འཁོར་བུམ་པ་བདུད་རྩི་རྣམས་ཀྱང་རྡོ་རྗེའི་རྭ་གུར་མེ་ལྕེའི་ཕྲེང་བ་དང་བཅས་པའི་དབུས་སུ་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིར་པདྨ་དང་ཟླ་བའི་སྟེང་དུ་ཚེ་དཔག་མེད་སྐུ་མདོག་དམར་པོ་སོགས་ནས། མཚན་དཔེ་འབར་བའོ། །དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོ་ཕུན་སུམ་ཚོགས་པ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྱུད་ཅིང་པདྨའི་སྐྱིལ་ཀྲུང་གིས་མཆོག་ཏུ་བདེ་བ་ཆེན་པོས་སྙོམས་པར་ཞུགས་པ་ཞིག་ཏུ་སྒོམས་ཤིག །དེ་ནས་ཚེ་འགུགས་ཤིང་ཡེ་ཤེས་ཀྱི་བྱིན་རླབས་བསྡུ་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། རྣམ་རྒྱལ་བུམ་པའི་དབུས་སུ་རྩ་བ་གསུམ་ཡབ་ཡུམ་ལ་སྟེང་ཤར་ལྷོ་ནུབ་བྱང་དུ་རྒྱལ་བ་རིགས་ལྔའི་ངོ་བོ་ཚེ་དཔག་མེད་འཁོར་ཞི་རྒྱས་དབང་དྲག་རང་རིགས་ཀྱི་ལྷ་མོ་རང་རང་གི་ཕྱག་མཚན་དང་ཁྱད་པར་ཚེ་དར་ཚེ་བུམ་རང་མདོག་འཛིན་པ་རྣམས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཕྱི་འབྱུང་བ་ལྔ། ནང་ཤ་ཁྲག་དྲོད་དབུགས་སེམས། གསང་བ་ཡེ་ཤེས་ལྔའི་ངོ་བོར་བཀུག་སྟེ་རང་རང་དང་ཚེ་བུམ་བདུད་རྩི་དང་བཅས་པར་ཡང་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཨོཾ། ཚེ་དཔག་མེད་དང་རྩ་བ་གསུམ། །ཕྱོགས་བཅུའི་ཞིང་ནས་ཚེ་སྐྱོབས་ཤིག །ཨོ་རྒྱན་པདྨ་ལ་སོགས་པའི། །བཀའ་བརྒྱུད་བླ་མས་ཚེ་ཁུག་ཅིག །མཚོ་རྒྱལ་མ་ཡིས་སྲོག་སྐྱེད་ཅིག །ཚེ་དཔག་མེད་ལ་སོགས་པ་ཡི། །ཡི་དམ་ལྷ་ཡིས་ཚེ་ཁུག་ཅིག །ཁྲོ་བོ་རྣམས་ཀྱིས་སྲོག་སྐྱེད་ཅིག །རྡོ་རྗེ་ཕག་མོ་ལ་སོགས་པ། །མ་དང་མཁའ་འགྲོས་ཚེ་ཁུག་ཅིག །ལྷ་མོ་རྣམས་ཀྱིས་སྲོག་སྐྱེད་ཅིག །མ་ཧཱ་ཀཱ་ལ་ལ་སོགས་པ། །ཆོས་སྐྱོང་རྣམས་ཀྱིས་ཚེ་ཁུག་ཅིག །ཡུལ་ལྷ་རྣམས་ཀྱིས་སྲོག་སྐྱེད་ཅིག །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ཅིག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཤར་ལྷོ་མེ་ལྷའི་ལག་ནས་ཚེ་ཁུག་ཅིག །ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ཅིག །ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ཅིག །བྱང་ཤར་བགེགས་ཀྱི་ལག་ནས་ཚེ་ཁུག་ཅིག །འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ཅིག །སྟེང་ཕྱོགས་ལྷ་ཡི་ལག་ནས་ཚེ་ཁུག་ཅིག །ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག །ཉི་ཟླ་གཟའ་སྐར་ལག་ནས་ཚེ་ཁུག་ཅིག །དམ་སྲི་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག །ཆོས་སྐྱོང་གཏེར་བདག་ལག་ནས་ཚེ་ཁུག་ཅིག །བཀའ་ཉན་ལས་བྱེད་ལག་ནས་ཚེ་ཁུག་ཅིག །ཚེ་ལ་དབང་བྱེད་ལག་ནས་ཚེ་ཁུག་ཅིག །ཁམས་གསུམ་སྲིད་གསུམ་ལག་ནས་ཚེ་ཁུག་ཅིག །ཁུག་ཅིག་ཁུག་ཅིག་འཆི་མེད་ཚེ་ཁུག་ཅིག །ནམ་མཁའི་ཀློང་དང་རི་ཀླུང་གངས་དཀར་རྩེ། །རི་རབ་ངོས་དང་ནགས་རི་རྒྱ་མཚོའི་འགྲམ། །སྐམ་གཤེར་དུར་ཁྲོད་གཉན་ས་གྲོང་བར་གསེབ། །དེ་སོགས་སྣོད་བཅུད་གང་དུ་ཚེ་ཤོར་ན། །སྤྲུལ་པའི་ཕོ་ཉ་ཕྱག་བརྙན་སྣ་ཚོགས་ཀྱིས། །ཚེ་ཉམས་རྣམས་ཀྱི་ཚེ་ཡང་ད་ཁུག་ཅིག །དབུགས་ཉམས་རྣམས་ཀྱི་དབུགས་ཀྱང་ད་ཁུག་ཅིག །གཡང་ཉམས་རྣམས་ཀྱི་གཡང་ཡང་ད་ཁུག་ཅིག །དཔལ་ཉམས་རྣམས་ཀྱི་དཔལ་ཡང་ད་སྐྱེད་ཅིག །བྱིན་ཆེན་རྣམས་ཀྱིས་བྱིན་ཆེན་ད་ཕོབ་ཅིག །དབང་ཆེན་རྣམས་ཀྱིས་དབང་མཆོག་ད་སྐུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་ས་མཱ་ཛཿཧཱུྃ་བྷྲཱུྃ་ནྲྀ་ཛཿཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ་ཨཱ་ཡུརྫྙཱ་ན་ཡུ་ཚེ་བྷྲཱུྃ་ཚེ་བསོད་རྒྱས་དབང་དུ་གྱུར་ཅིག་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་རྣམས་ཀྱིས་སྦྱོར་བ་སྔོན་འགྲོའི་ཆོས་རྣམས་གྲུབ་ནས་དངོས་གཞི་དབང་བསྐུར་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། དབང་གི་དངོས་གཞི་ལ་ཐོག་མར་བུམ་དབང་གི་དོན་དུ་མདུན་བསྐྱེད་ཀྱི་བུམ་པ་དང་བདུད་རྩི་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་དེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱས་ནས་ཁྱེད་རང་གི་སྤྱི་བོར་བཞུགས་པའི། ཡབ་ཡུམ་གྱི་སྤྱི་གཙུག་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་དཀར་པོ་བྱུང་། རང་གི་སྤྱི་བོར་ཐིམ་སྨིན་མཚམས་ཡན་གང་བས་བུམ་དབང་གི་བུམ་དབང་ཐོབ། མགྲིན་པ་ནས་བདུད་རྩི་འོད་ཟེར་དང་འདྲེས་པ་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ་ཞིང་གང་བས་བུམ་དབང་གི་གསང་དབང་ཐོབ། སྙིང་ག་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་སྔོན་པོ་བྱུང་ནས། རང་གི་སྙིང་གར་ཐིམ་ཞིང་གང་བས་བུམ་དབང་གི་ཤེས་རབ་ཡེ་ཤེས་ཐོབ། ལྟེ་བ་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་སེར་པོ་བྱུང་། ལྟེ་བར་ཐིམ་ཞིང་གང་བས་བུམ་དབང་གི་དབང་བཞི་པ་ཐོབ་ཅིང་མདོར་ན་རང་གི་ལུས་ཀྱི་གནས་རྐང་མཐིལ་གྱི་བར་གང་བས་ལུས་དག་པ་སྐུ་རྡོ་རྗེ་ལ་མཉམ་པར་ཞོག །ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་ཀཱ་ཡ་ཝཱ་ཀྩིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་བརྟན་པར་བྱ་བའི་ཕྱིར་དུ་བུམ་པའི་བདུད་རྩིས་སྤྱི་བོར་དབང་བསྐུར་བར་མོས་ཤིག །ཨོཾ། བཀྲ་ཤིས་ཚེ་ཡི་བུམ་པ་འདི། །སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །སྐལ་ལྡན་བུ་ལ་བསྐུར་བར་བྱ། །ལུས་འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་ཨ་བྷི་ཥིཉྩ་ཨོཾ། ཞེས་རྣམ་བུམ་མགོར་བཞག་ལ་བུམ་ཆུ་སྦྱིན། ལུས་ཐམས་ཅད་བདུད་རྩིས་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་རྩ་དག་པ་ལུས་ཤེལ་ལྟར་གསལ་བའི་སྤྱི་བོར་འོད་དཔག་མེད་སྤྲུལ་སྐུའི་རྣམ་པས་དབུ་བརྒྱན་པ་ནི་བུམ་དབང་ངོ་། །ཞེས་ངོ་སྤྲད། དེས་བུམ་དབང་གི་ནང་གསེས་ལ་དབང་བཞིར་ཕྱེ་བའི་ཆ་ཤས་ཡོངས་རྫོགས་དང་བཅས་པ་ཐོབ་པ་ཡིན། ཡང་གསང་དབང་གི་དོན་དུ་རང་ལུས་ལྷག་པའི་ལྷ་སྟོང་རའི་ནང་རྩ་གསུམ་སྟེང་འོག་ཏུ་ལྡན་པ་འཁོར་ལོ་འཁོར་ཕྲན་དང་བཅས་པ་རབ་ཏུ་གསལ་བ་མདོར་ན་བ་སྤུའི་བར་ཉི་འོད་ལྟར་གསལ་དྭངས་སུ་སྒོམས། སྤྱི་བོའི་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་བྱུང་། དེ་ལ་རྟག་པ་དམ་པའི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་གི་ཚངས་བུག་ཏུ་ཞུགས། སྨིན་མཚམས་ཡན་གང་བས་གསང་དབང་གི་བུམ་དབང་། མགྲིན་པ་ཡན་གང་བས་གསང་དབང་གི་གསང་དབང་། སྙིང་ག་ཡན་གང་བས་གསང་དབང་གི་ཤེས་རབ་ཡེ་ཤེས། ལྟེ་བ་ནས་རྐང་མཐིལ་གྱི་བར་དང་རྩ་ཕྲན་མ་ལུས་པ་བདུད་རྩིས་མེར་གྱིས་གང་ཞིང་ངག་དག་པ་གསུང་རྡོ་རྗེ་ལ་མཉམ་པར་གཞག་པ་གསང་དབང་གི་དབང་བཞི་པ་ཡིན་ནོ། །སྔགས་སྔར་ལྟར་བརྗོད། མཐའ་རྟེན་བཟླས་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བླ་མ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་བསྙེན་སྔགས་ལན་གསུམ་བརྗོད། ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་འབུལ་བར་མོས་ལ་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ཉིད་སྔགས་ཀྱི་ཕྲེང་བར་བྱས་ཏེ་སྤྱི་བོར་སླར་བཅིངས་པར་མོས་ཤིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ཅེས་བརྗོད་ལ་མེ་ཏོག་མགོར་བཞག །ཐོད་པའི་བདུད་རྩི་ཐོགས་ལ། ཨཱཿ བཀྲ་ཤིས་ཚེ་ཡི་ཐོད་རྫས་འདི། །སངས་རྒྱས་ཀུན་གྱི་གསུང་གི་དབང་། །སྐལ་ལྡན་བུ་ལ་བསྐུར་བར་བྱ། །ངག་གསུང་དབྱངས་ཆོས་སྒྲའི་དབང་ཐོབ་ཤོག །ཐོད་པ་མགྲིན་པར་བཞག །བདུད་རྩི་སྦྱིན་ལ། ཨོཾ་ཨ་བྷི་ཥིཉྩ་ཨཱཿ རིགས་ལྔ་ཡབ་ཡུམ་རྩ་བ་གསུམ་དང་བཅས་པ་དབྱེར་མེད་པའི་བདུད་རྩི་བྱང་སེམས་དཀར་དམར་གྱིས་རྩ་འཁོར་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་རླུང་དག་པ་ངག་སྔགས་ཀྱི་ངོ་བོར་བྱིན་གྱིས་བརླབས་ཏེ་སྤྱི་བོར་འོད་དཔག་མེད་ལོངས་སྐུས་དབུ་བརྒྱན་པ་ནི་གསང་དབང་ངོ་། །དེས་གསང་དབང་གི་ནང་གསེས་ལ་དབང་བཞིར་ཕྱེ་བའི་ཆ་ཤས་ཡོངས་རྫོགས་དང་བཅས་པ་ཐོབ་པ་ཡིན། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་སྤྱི་བོའི་ལྷག་པའི་ལྷས་ཁྱེད་རང་ལ་ཡུམ་གནང་བར་མོས་ཏེ་དེ་དང་བདེ་བ་ཆེན་པོའི་རྗེས་ཆགས་བྱས་པ་ལ་བརྟེན་ནས་འཁོར་ལོའི་དབུས་ཀྱི་བདེ་བ་ཆེན་པོ་རྣམས་ཞུ། ཡུམ་གྱི་མཁར་བབས་པས་བདེ་བ་ཆེན་པོ་གཡོ་མེད་དུ་བྱས་ཤིང་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་ཤེས་རབ་ཡེ་ཤེས་ཀྱི་བུམ་དབང་ཐོབ། འོད་དེས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་སྣོད་བཅུད་བཀྲག་མདངས་མཚར་སྡུག་འོད་དང་གཟི་བརྗིད་ལྡན་པར་གྱུར་པས་ཤེས་རབ་ཡེ་ཤེས་ཀྱི་གསང་དབང་ཐོབ། དེ་ལྟ་བུའི་སྣོད་བཅུད་ཀྱི་བཀྲག་མདངས་བཅུད་དང་བཅས་པ་ཐམས་ཅད་བསྡུས་རང་གི་ལུས་ཀྱི་ཆ་ཐམས་ཅད་དུ་སིབ་ཀྱིས་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེས་རང་ཉིད་ཀྱི་ཚེ་བསོད་བཀྲག་མདངས་གཟི་བརྗིད་ལང་ཚོ་ཕུན་སུམ་ཚོགས་པར་གྱུར་ཅིང་སེམས་དག་པ་ཐུགས་རྡོ་རྗེ་ལ་མཉམ་པར་གཞག་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་པ་ཡིན་ནོ། །སྔགས་བརྗོད། དེ་བརྟན་པར་བྱ་བའི་སླད་དུ་ཚེ་འབྲང་ལྷར་གསལ་བས་དབང་བསྐུར་བར་མོས་ཤིག །ཧཱུྃ། བཀྲ་ཤིས་ཚེ་ཡི་གཏོར་མ་འདི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། །སྐལ་ལྡན་བུ་ལ་བསྐུར་བར་བྱ། །ཐུགས་ཆོས་ཉིད་དོན་གྱི་དབང་ཐོབ་ཤོག །གཏོར་མ་སྙིང་གར་བཞག །ཚེ་རིལ་སྦྱིན། ཨོཾ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་ཚེ་རིལ་ཚེ་དཔག་མེད་དུ་གསལ་བ་ཁྱེད་རང་གི་སྤྱི་བོར་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་ཐིག་ལེ་དག་པ་ཡིད་བདེ་བ་ཆེན་པོ་བརྗོད་མེད་དུ་མྱོང་སྤྱི་བོར་ཆོས་སྐུ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །སྙིང་གར་སིནྡྷུ་ར་བྱུགས་པ་ཡུམ་མཚོན་ནོ། །དེས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ནང་གསེས་ལ་དབང་བཞིར་ཕྱེ་བའི་ཆ་ཤས་ཡོངས་རྫོགས་དང་བཅས་པ་ཐོབ་པ་ཡིན་ནོ། །དེ་ནས་དབང་བཞི་པ་ནི། སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་དང་གཞན་མ་དམིགས། །གཉིས་སྤང་དབྱེར་མེད་ལུ་གུ་རྒྱུད། །བརྟན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །ཞེས་བརྗོད་པས་རང་ཉིད་ལྷར་གསལ་བ་འོད་དུ་ཞུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལུས་ཚད་དང་ལྡན་པ་གྱེན་དུ་ལངས་པ་གཅིག་ཏུ་བསྒོམ་པ་བཞི་པའི་བུམ་དབང་། དེའི་ལྟེ་བར་ཧྲཱིཿདམར་པོ་བསྒོམ་པ་བཞི་པའི་གསང་དབང་། དེའི་མཐར་རང་གི་མིང་ཡིག་མགོ་ཕྱིར་བསྟན་མཚལ་ལམ་རྒྱ་སྐྱེགས་ཀྱིས་བྲིས་པ་ལྟར་བསམས་ལ་མཉམ་པར་གཞག་པས་བཞི་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྒོ་གསུམ་དག་སྐུ་གསུམ་མངོན་དུ་བྱས་པ་ལ་མཉམ་པར་གཞག་པས་བཞི་པའི་བཞི་པ་ཐོབ་པའོ། །དེ་ནས་ཚེའི་རྟེན་ཕུར་འདེབས་པ་ལ་དམིགས་པ་འདི་ལྟར་དུ་མཛོད། སླར་སྙོམས་འཇུག་གི་བདེ་བ་ལ་སེམས་གཏད་པས་སྤྱི་བོ་ནས་དཀར་ཆ་བྱང་སེམས་ཀྱི་རྒྱུན་བབས་ནས་ལྟེ་བའི་འཁོར་ལོ་ཙམ་དུ་སླེབ་པ་དང་ཡུམ་འོད་དམར་པོར་ཞུ། རྡོ་རྗེའི་ལམ་ནས་བྱུང་། ལྟེ་འོག་སོར་བཞིར་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པས་དབུ་མའི་མར་སྣ་བཀག་པའི་ཚུལ་དུ་གནས་པར་བསམ། ཡང་ལྟེ་བར་སླེབས་པས་བྱང་སེམས་སྐྱ་ཆི་ལི་ལི་ཡར་ལོག་སྟེ་དབུ་མའི་ཡར་སྣར་ཐིག་ལེ་དཀར་པོའི་རྣམ་པར་གནས་པ་ལ་ཡུན་ཅི་རིང་དུ་མཉམ་པར་ཞོག་ཅིག །རི་རབ་ཕུར་པ་གཏད་ལ། ཧྲཱིཿ རིན་ཆེན་སྣ་ལྔའི་རི་རབ་འདི། །དུས་གསུམ་སངས་རྒྱས་ཚེ་སྲོག་རྟེན། །སྐལ་ལྡན་བུ་ལ་ཚེ་ཕུར་ཐོབ། །རྡོ་རྗེའི་ཚེ་ཕུར་སྲོག་ཏུ་ཐིམ། ཨོཾ་ཨ་བྷི་ཥིཉྩ་ཧྲཱིཿ ལྟེ་བར་སིནྡྷུ་ར་བྱུགས། རི་རབ་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་བཞུགས་པ་སྙིང་གར་ཐིམ་པས་སྒོ་གསུམ་གྱི་བག་ཆགས་དག །སྒོ་གསུམ་འོད་དུ་ཞུ་ནས་ཧྲཱིཿཡིག་དམར་པོ་འོད་འབར་བར་གྱུར་པའི་ངང་དུ་སྟོང་ཆེན་དུ་མཉམ་པར་གཞག་པ་ཚིག་དབང་རིན་པོ་ཆེའོ། །དེས་ཚིག་དབང་གི་ནང་གསེས་ལ་དབང་བཞིར་ཕྱེ་བའི་ཆ་ཤས་ཚེའི་རྟེན་ཕུར་དང་བཅས་པ་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ཡིན་ཏེ། འཁོར་ལོ་སྤྱི་བོར་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཁོར་ལོ་གསང་བ་གསུམ་ལས་བྱུང་། །འཁོར་ལོའི་དབང་བསྐུར་ཆེན་པོ་ནི། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །སྤྲུལ་སྐུའི་དབང་མཆོག་ཐོབ་པར་ཤོག །ལུས་ལྷར་སྒོམས་ཤིག་པར་རྗེས་སུ་གནང་བའོ། །པདྨ་མགྲིན་པར་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །ལོངས་སྐུའི་དབང་མཆོག་ཐོབ་པར་ཤོག །སྔགས་ཟློས་ཤིག་པར་རྗེས་སུ་གནང་བའོ། །རྡོ་རྗེ་སྙིང་གར་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །སྐྱེ་བ་མེད་པར་སྒོམས་ཤིག་པར་རྗེས་སུ་གནང་བའོ། །དྲིལ་བུ་གསང་བར་བཞག་རྡོ་རྗེ་གཏད། དྲིལ་བུ་དཀྲོལ་དུ་གཞུག །བདེ་སྟོང་དང་ཐབས་ཤེས་དབྱེ་བ་མེད་པའི་དོན་དང་གནས་ལུགས་ཤེས་པར་གྱིས་ཤིག་པར་རྗེས་སུ་གནང་བའོ། །དེ་ལྟར་འཆི་མེད་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་དབང་མཆོག་ཐོབ་པ་དེ་ཉིད་ནམ་ཡང་ཉམས་པ་མེད་པར་རྟེན་འབྲེལ་གྱི་རྫས་ལ་བརྟེན་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེར་བསྟིམས་ཤིང་རྡོ་རྗེའི་ཚིག་གི་རྒྱས་བཏབ་པར་མོས་ཤིག །ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །རྩ་བ་གསུམ་དང་ལྷ་མོའི་ཚོགས། །རིགས་ལྔ་འཁོར་དང་བཅས་པ་ཡིས། །ཚེ་འདི་བཀུག་ནས་བསྟིམ་པར་བྱ། །བུམ་པ་ཚེའི་རྟེན་སྒྲུབ་པའི་རྫས། །སྟོང་གསུམ་ཚེ་ཡི་བཅུད་སྡུས་ཤིག །ཐོད་པ་ཚེའི་རྟེན་སྒྲུབ་པའི་རྫས། །འབྱུང་བ་ཚེ་ཡི་བཅུད་སྡུས་ཤིག །ཚེ་ཆང་ཚེའི་རྟེན་སྒྲུབ་པའི་རྫས། །འཆི་མེད་ཚེ་ཡི་བཅུད་སྡུས་ཤིག །ཚེ་རིལ་ཚེའི་རྟེན་སྒྲུབ་པའི་རྫས། །འཆི་མེད་ཟས་ཀྱི་བཅུད་སྡུས་ཤིག །ས་ཡི་སྙིང་པོ་གསེར་ལ་བསྡུ། །གསེར་ལ་ཚེ་ཡི་རྟེན་མཆིས་སོ། །ཆུ་ཡི་སྙིང་པོ་ཚྭ་ལ་བསྡུ། །ཚྭ་ལ་ཚེ་ཡི་རྟེན་མཆིས་སོ། །ཤིང་གི་སྙིང་པོ་མངར་ལ་བསྡུ། །མངར་ལ་ཚེ་ཡི་རྟེན་མཆིས་སོ། །རྩི་ཐོག་སྙིང་པོ་མར་ལ་བསྡུ། །མར་ལ་ཚེ་ཡི་རྟེན་མཆིས་སོ། །འབྲུ་ཡི་སྙིང་པོ་ཏིལ་ལ་བསྡུ། །ཏིལ་ལ་ཚེ་ཡི་རྟེན་མཆིས་སོ། །བཏུང་བའི་སྙིང་པོ་ཆང་ལ་བསྡུ། །ཆང་ལ་ཚེ་ཡི་རྟེན་མཆིས་སོ། །བཟའ་བའི་སྙིང་པོ་ཟན་ལ་བསྡུ། །ཟན་ལ་ཚེ་ཡི་རྟེན་མཆིས་སོ། །རིན་ཆེན་ལྔ་དང་འབྱུང་བ་ལྔ། །འབྲུ་བཅུད་ཐམས་ཅད་རྟེན་ལ་འདུས། །རྟེན་ཀྱང་ཚེ་ཡི་སྙིང་པོར་འདུས། །ཚེ་ཡི་སྙིང་པོ་ཧྲཱིཿལ་འདུས། །མི་འགྱུར་གཡུང་དྲུང་གཡུ་ཚེར་ཐིམ། །ཨཱ་ཡུར་ཚེ་ཡུརྫྙཱ་ན་བྷྲཱུྃ། །ལོ་དང་ཟླ་བའི་ལྷ་མོ་ཡིས། །མི་ནོར་ཟས་གསུམ་གཡང་རྣམས་དང་། །དུས་དང་མཐུན་པའི་བཅུད་སྡུས་ལ། །བདག་ཅག་རྣམས་ལ་བསྟིམ་པར་མཛོད། །ཉི་ཟླ་ལྟ་བུར་གསལ་གྱུར་ཅིག །ཆུ་བོའི་རྒྱུན་ལྟར་རིང་གྱུར་ཅིག །ཤིང་ལོ་ལྟ་བུར་རྒྱས་གྱུར་ཅིག །རྡོ་རྗེ་ལྟ་བུར་མཁྲེགས་གྱུར་ཅིག །རི་བོ་ལྟ་བུར་བརྟན་གྱུར་ཅིག །འགྱུར་མེད་གཡུང་དྲུང་ལྟར་གྱུར་ཅིག །ཨོཾ་ཧྲཱིཿམ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་གཱ་ཀྵོ་བྷྱ་བཛྲ་ས་མཱ་ཛཿཧཱུྃ་བྷྲཱུྃ་ནྲྀ་ཛཿཔུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་རཱུ་པ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་བརྗོད། སྤྲོ་ན་རྫས་རྟགས་སོགས་སྦྱིན། མེ་ཏོག་འཐོར་ལ་བཀྲ་ཤིས་རྒྱས་པར་བྱ། དེ་ལྟར་ན་དེ་དག་གིས་སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཀརྨ་པའི་ཟབ་ཆོས་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་བསྐུར་རྒྱས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། །བཞི་པ་མཇུག་གི་ཆོ་ག་ནི། མཆོད་པ་ཁ་གསོས་ལ་བྱིན་བརླབ། ཕྱི་ནང་གསང་བ་དེ་ཁོ་ནའི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གསང་མཆོད་བཅས། །རྩ་བ་གསུམ་གྱི་ལྷ་ལ་འབུལ། གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཉྩ་ཨ་མྲྀཏ་མ་ཏ་དྷི་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། བཅོམ་ལྡན་པདྨ་ཚེ་དཔག་མེད། །རང་བྱུང་རོལ་པའི་རྡོ་རྗེ་སྟེ། །དཔའ་བོ་རྣལ་འབྱོར་མར་བཅས་རོལ། །རྡོ་རྗེ་དབྱངས་ཅན་བཟང་པོར་བསྟོད། །རྩ་གསུམ་ཀུན་འདུས་མགོན་པོ་ཚེ་དཔག་ཏུ་མེད་པས་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་ཁྱད་པར་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོགས་པ་མེད་པར་བསྩལ་དུ་གསོལ། ཅེས་བསྟོད་ཅིང་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་ཡབ་ཡུམ་ཆུ་ལ་ལན་ཚྭ་བཏབ་པ་ལྟར་བདག་ཉིད་ལ་ཐིམ་པར་བསམ། རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གསལ་བར་གྱུར། ཅེས་མོས་ལ་བསྔོ་སྨོན་སྤྱི་ལྟར་དང་། ཁྱད་པར་སྣང་སྲིད་ཟིལ་གནོན་པདྨ་འབྱུང་། །དེ་དང་དབྱེར་མེད་མི་བསྐྱོད་དགའ་བའི་དབྱངས། །འབྲལ་མེད་སྤྱི་བོའི་གཙུག་ཏུ་བསྟེན་པ་དང་། །བྱིན་རླབས་དངོས་གྲུབ་བདག་རྒྱུད་ལ་འཇུག་ཤོག །ཀུན་ཀྱང་ཚེ་སྲོག་རྡོ་རྗེ་ལྟ་བུར་བརྟན། །མི་མཐུན་བདུད་བཞིའི་གཡུལ་ལས་རབ་རྒྱལ་ཞིང་། །གདུག་པ་ཅན་རྣམས་དྲག་པོས་ཚར་བཅད་དེ། །ཕྲིན་ལས་བཞི་ལ་མངའ་དབང་བསྒྱུར་བར་ཤོག །ཅེས་བརྗོད། བཀྲ་ཤིས་ནི། ཆོས་སྐུ་སྐྱེ་འཇིག་བྲལ་བའི་ཕོ་བྲང་དུ། །ལོངས་སྐུ་སྣ་ཚོགས་དཔག་ཡས་རོལ་གར་ཅན། །སྤྲུལ་སྐུ་ཕྲིན་ལས་སྣ་ཚོགས་རང་གཟུགས་འཛིན། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་བཀྲ་ཤིས་ཤོག །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་དཀྱིལ་འཁོར་ལྷག་པའི་ལྷ། །གདུག་པ་ཀུན་འདུལ་ཆོས་སྐྱོང་སྲུང་མ་སོགས། །བཅོམ་ལྡན་རྩ་བ་གསུམ་གྱི་བཀྲ་ཤིས་ཤོག །ཚེ་ལ་དབང་སྒྱུར་བཅོམ་ལྡན་ཚེ་དཔག་མེད། །བདུད་བཞི་འཇོམས་མཛད་རྡོ་རྗེ་རྣལ་འབྱོར་མ། །སྤྱན་རས་གཟིགས་དང་རྟ་མགྲིན་དབང་གི་རྒྱལ། །ཆོས་སྐྱོང་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་རོལ་མོ་འཁྲོལ། མེ་ཏོག་འཐོར་ལ་དགེ་ལེགས་ཀྱི་སྣང་བ་སྤེལ་བར་བྱའོ། །རྩ་གསུམ་བྱིན་རླབས་འཆི་མེད་རྡོ་རྗེའི་ཆུས། །གཞོམ་བྲལ་ཡེ་ཤེས་སྲོག་གི་ཀ་བ་བརྟན། །གཉུག་མའི་ཕུང་ཁམས་ཟག་མེད་འཇའ་སྐུར་སྨིན། །སྐྱེ་འཆིའི་འཁྲུལ་སྣང་གཞི་ཐོག་སངས་གྱུར་ཅིག །ཅེས་བཀའ་གཏེར་བཅུད་འདྲིལ་རྫུན་སྤང་དུ་བསྔགས་པའི་ཟབ་ཆོས་འདི་ལ་རྩ་བ་ཡན་ལག་གསལ་བྱེད་དང་བཅས་པའི་ཡིག་ཆ་མང་དུ་བཞུགས་པ་ལས། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་རབ་ཉིད་ཀུན་གྱི་དོན་བསྡུས་སུ་སྣང་ཡང་གསར་རྙིང་གཉིས་ཀའི་ལུགས་སྲོལ་ཡང་ནར་མར་བཀོད་པས་ལག་ལེན་དཀའ་བས། འདིར་རྙིང་ལུགས་གཙོར་བཏོན་ཏེ་ཡིག་ཆ་དེ་ཉིད་ཀྱི་སྙིང་པོ་བསྡུས་ཏེ་བཀོད་པ་པོ་ནི། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྤེལ་བ་དགེ་ལེགས་འཕེལ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ (Volume 37, Text 24)

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ཁྱབ་བདག་དྲིན་ཅན་བླ་མ་གསང་བའི་བདག །དཀྱིལ་འཁོར་རྒྱ་མཚོར་ཞི་དང་ཁྲོ་བོ་ཡི། །རྣམ་རོལ་བསམ་མི་ཁྱབ་སྟོན་ལྷག་པའི་ལྷར། །གུས་པས་འདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །ཆེ་མཆོག་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོ །འདུལ་ཕྱིར་གཏུམ་དྲག་འབར་བའི་སྐུར་བཞེངས་པ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག་པོ་ཆེ། །འཁོར་བཅས་མཆོད་པའི་ཕྲིན་ལས་འདིར་གསལ་བྱ། །དེ་ལ་དང་པོར་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྔགས་པས། དོན་གཉིས་ཀྱི་བསམ་པ་མྱུར་དུ་འགྲུབ་པའི་ཆེད་དུ་དཔལ་མགོན་འཁོར་བཅས་ལེགས་པར་བསྙེན་ནས་མཆོད་ཅིང་ཐུགས་དམ་བསྐང་བའི་ཕྲིན་ལས་ཀྱི་རིམ་པ་ཚུལ་བཞིན་དུ་བསྒྲུབ་པ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་ཆོ་གའི་རིམ་པ་གཉིས་ལས། དང་པོ་ནི། ཉི་ཤུ་དགུ་ལ་སོགས་པ་དུས་ཁྱད་པར་ཅན་ལ་ཡིད་དང་མཐུན་ཞིང་ཤིས་པའི་གནས་ཁང་གི་སྟེང་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཤམས་པའི་མདུན་དུ་རིན་པོ་ཆེའམ་ཐོད་པ་ལ་སོགས་པའི་སྣོད་དུ། གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། དང་པོར་བླ་མ་ཡི་དམ་གྱི་གཏོར་མ་དཔལ་བཤོས་ཟླུམ་བརྗིད་ཅན་དང་། མགོན་པོ་འཁོར་བཅས་ལ་རྒྱས་པར་སྡེ་དགུའི་ལྷ་གྲངས་མཉམ་པའི་གཙོ་བོ་དགུ་ལ་སོ་སོའི་འཁོར་གྱིས་བསྐོར་བའི་བཤོས་བུ་བརྐོས་ཅན་དང་བསྡུ་ན་བཤོས་བུ་གྲུ་གསུམ་ཆེ་བ་གཅིག་ལ་འཁོར་རྣམས་སྤྱི་སྤུངས་སུ་བསྐོར་བས་ཀྱང་ཆོག་ལ། གང་ལྟར་ཡང་མཐའ་མ་མཐེབ་ཀྱུས་བསྐོར། མདའ་བྱ་རྒོད་མ་དར་ནག་གི་ཅོད་པན་ཅན་བཙུགས། ཤ་ཁྲག་ཆང་ཕུད་ལ་དུ་ལ་ཕུག་ཁུར་བ་ཆན་སྒོག་ཙོང་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པ་དང་འཇིག་རྟེན་པའི་རིགས་སོགས་གང་བསྟེན་དང་། གཞི་བདག་གཏོར་མའི་བར་རིམ་པ་མ་འཆོལ་བར་བཤམ། དེ་དག་གི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྤེལ་བ་ཕྱིའི་མཆོད་པ་དང་། དབང་པོའི་མེ་ཏོག་སོགས་ཁྱད་པར་དམ་རྫས་དང་འབྲེལ་བའི་མཆོད་པ་རྣམས་ཕྲེང་ཚར་དུ་བཀོད། གཞན་ཡང་ཕྱི་ནང་གསང་བའི་མཐུན་རྫས་རྟེན་རྫས་སྐོང་རྫས་སོགས་ཅི་འབྱོར་དང་། རྡོར་དྲིལ་རྔ་སིལ་གཡབ་དར་སོགས་དམ་རྫས་ཀྱི་རྣམ་གྲངས་ཐམས་ཅད་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ་ཡང་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི། དང་པོ་བདག་བསྐྱེད་ཀྱི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད། ཁྱད་པར་སྒྲུབ་པ་བཀའ་བརྒྱད་ལྟ་བུ་ལ་བསྟེན་ན་ཤིན་ཏུ་འབྲེལ་ཆགས་ཤིང་དེ་ཡང་ཉིན་ཞག་དེ་ཉིད་ཁོ་ནར་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་ཐུན་མཚམས་ཀྱི་ལྷར་སྐད་ཅིག་གིས་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་བདག་བསྐྱེད་རྒྱས་འབྲིང་བསྡུས་གསུམ་གང་རུང་ཞིག་སྐབས་འདིར་རྣལ་འབྱོར་དུ་བྱའོ། །དེ་ཡང་མདོར་བསྡུས་ལ་མོས་ན། ཆེ་མཆོག་གཙོ་རྐྱང་གི་མངོན་རྟོགས་དངོས་གྲུབ་རོལ་མཚོར་སྨྲོས་པ་དེའམ། འདིའི་སྲོག་དབང་སོགས་ཕྱག་རྡོར་གྱི་རྣལ་འབྱོར་དང་འབྲེལ་བའི་དབང་དུ་བྱེད་ན། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་སོགས། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོར་དག་པའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་མཆོག་ཏུ་འབར་བ་ཡོངས་སུ་གྱུར་པ་ལས། རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་། མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གསོར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། གར་དགུའི་ཉམས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་ལྔ་བཅུའི་དོ་ཤལ། སེང་གླང་གི་པགས་པ་དང་དར་སྔོན་པོས་སྟོད་གཡོགས་ཤིང་མི་ལྤགས་ཀྱི་སྐེད་དཀྲིས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་ཁྲག་ཞག་ཐལ་བས་མཚན་པ། བ་སྤུ་ཧཱུྃ་ལས་རྡོ་རྗེ་མེའི་འོད་ཟེར་འབར་ཞིང་། བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་ཅོད་པན་གྱི་སྙིང་པོ་ལ་བཞུགས་པར་གྱུར་པར་བསམ་ཞིང། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྙེམ་པ་བརྟན་པོ་བྱ་ཞིང་། དེ་ནས་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར་བ་ལ་དམིགས་ཏེ། སྤྲོ་བསྡུའི་དམིགས་པ་རྒྱ་ཆེན་པོ་དང་སྦྱར་ནས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླ་བ་ནི་བདག་ཉིད་ཀྱི་རྣལ་འབྱོར་རོ། །གཉིས་པ་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབ། བདུད་རྩི་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ། སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ལན་གསུམ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨཿལས་བྱུང་བའི་པདྨ་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འཁྲུགས་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཿ ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་བལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ལན་གསུམ་གྱིས་བྱིན་གྱིས་བརླབ། གསུམ་པ་བླ་མ་ཡི་དམ་གྱི་གཏོར་འབུལ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་དང་འབྲེལ་ནས་བྱས་ཀྱང་རུང་ཞིང་། དཀྱུས་ཀྱི་བདག་བསྐྱེད་ཙམ་ལ་བརྟེན་པ་ཡིན་ན། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ་ཞིང་། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་མཎྜལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་གྱེན་དུ་ཁ་ཕྱེ་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང་། སྔགས་སྔ་མའི་མཐར། ཨི་དཾ་བ་ལིཾ་གྲི་ཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་གཏོར་མ་ཕུལ། བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་འདོད་དོན་གསོལ་ནས། མགྲོན་རྣམས་གཤེགས་སུ་གསོལ་བའམ་བསྟིམ་པ་གང་བདེ་བྱ་སྟེ་སྔོན་འགྲོའི་བྱ་བའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་རྒྱུན་གྱི་ཕྲིན་ལས་སུ་བྱ་བ་དང་། ཁྱད་པར་སྐབས་ཀྱི་ཕྲིན་ལས་སུ་བྱ་བ་གཉིས། དང་པོ་ལ་དགུ་ལས། དང་པོ་མདུན་བསྐྱེད་གསལ་འདེབས་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པ་ཉིད་ཀྱི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པ་ཁྲག་གིས་སྦགས་པའི་རོ་ལངས་རྣམས་དགོད་ཅིང་གར་རྩེ་བ། ལས་ཀྱི་ཤན་པ་འབུམ་ཀུན་ཏུ་རྒྱུ་ཞིང་ཉམས་པ་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། མ་རུངས་པའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བ། ཕྱོགས་ཐམས་ཅད་དུ་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུགས་པའི་དབུས་སུ་བྷྲཱུྃ་ལས་དུར་ཁྲོད་འབར་བའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་སྒོ་ཁང་རྟ་བབས་དང་བཅས་པ། དྲག་པོའི་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོར་འཁྱིལ་བའི་དབུས་སུ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་བསྣོལ་མ་གནམ་ལྕགས་ཀྱི་འཁོར་ལོས་ཡོངས་སུ་བསྐོར་བའི་ལྟེ་བར་པདྨ་དང་ཉི་མ་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང་། གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙན་དན་གྱི་བིང་ཆེན་རྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་། འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བཀླུབས་པ། སག་ཏིའི་ལྷམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བསྐལ་པའི་མེ་ཕུང་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་ཆོས་འབྱུང་གི་ཟུར་དྲུག་ལ་གཙོ་བོའི་གཡོན་ཟུར་ནས་བརྩམ་སྟེ་རིམ་པ་བཞིན།་་་མགོན་པོ་ལྔ་དང་ཡུམ་བཅས་གནམ་ལྕགས་ཕུར་གཅིག་མར་ཕྱིར་འགོད་པར་གསུངས་ཀྱང་། རྒྱུད་ལས་འཁོར་གྱི་གཙོ་བོར་གསུངས་པ་དང་ངོ་བོ་གཙོ་བོ་ཉིད་དང་དབྱེར་མེད་ཅིང་། ཁྱད་པར་སྲོག་དབང་དུ་ཡང་གསུངས་པ་བཅས་འདི་ལྟར་རོ། །ཡུམ་དཔལ་འབར་མ་དཀར་མོ་གཡས་ཤེལ་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་མ་མོའི་ཆས་ཅན་རོལ་པའི་སྟབས་ཀྱིས་འགྱིང་བ། སྐུའི་མགོན་པོ་སྟག་ཞོན་ནག་པོ་གཡས་ཙན་དན་གྱི་བེང་གསོར་ཞིང་གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བེང་དམར་སྨུག་གཡས་ཙན་དན་གྱི་བེང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་པ་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་འཆིབ་པ། ལྔ་ཀའང་མི་བཟད་པའི་ཁྲོ་བོ་གཏུམ་དྲག་འཇིགས་པའི་ཉམས་ཅན་དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བམ་གྱི་ཁར་བཞུགས་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ཀྱི།་་་ངོ་བོ་གཙོ་བོ་ཉིད་དང་དབྱེར་མེད་ཅིང་སྐུའི་རྣམ་འགྱུར་ཐ་དད་པ་ཙམ་ཡིན་པས་འདིར་བྱས། ཤར་དུ་དུ་ལས་ལས་ཀྱི་མགོན་པོ་སྲོག་བདུད་ནག་པོ་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་པ། གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེང་ཞིང་ཁ་ཊྭཱཾ་གྲུ་མོར་བཀལ་བ། སྐུ་ལ་དར་ནག་གི་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། སྤྱན་མིག་ཁྲག་ལྟར་གཡོ་ཞིང་ཁ་རླངས་མེར་འབར་བ། སྟག་རལ་དང་གཟིག་ཤུབས་བཏགས་ནས་བྲ་ནག་རྟིང་དཀར་ལ་འཆིབ་པ། འཇིགས་པའི་སྤྱན་གསུམ་བྲང་ལ་ཤར་ཞིང་ལྷུ་ཚིགས་བཞིའི་སྤྱན་ལས་དམག་དཔོན་བཞི་འགྱེད་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་སྔོན་ལ་ལྡིང་ཞིང་སྔ་དགྲ་འདུལ་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་སྟག་གཟིག་དོམ་དྲེད་འཕར་སྤྱང་རྣམས་སུ་སྤྲུལ་ནས་ཕྱི་བཞིན་འབྲེང་བས་ཕྱི་དགྲ་སེམས་པ་རྡུལ་དུ་རློག་པ། གཞན་ཡང་ལས་བྱེད་ཀྱི་དམག་ཚོགས་དུ་མས་བསྐོར་བ། ལྷོར་ཨེ་ལས་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་འབར་བ། ཞལ་གདངས་ཤིང་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་བ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་རལ་ཉག་གཅིག་གྱེན་དུ་གཟེངས་པ། ཐུགས་ཀ་ན་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་དབྱུག་ཀླད་ལ་འཕྱར་ཞིང་གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་སྐམ་གྱི་ཅོད་པན་དང་དོ་ཤལ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་བའི་སྟབས་ཀྱིས་རོའི་སྟན་ལ་རོལ་བ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ར་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ་ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན་གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམས་ཤིང་ཁྲོས་པ། གཡས་་་དགྲ་སྙིང་ཟ་ཞིང་གཡོན་ནད་རྐྱལ་ཐོགས་པ།ཆུ་གྲི་རྣོན་པོ་འཕྱར་ཞིང་། གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ཅེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སོགས་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། ཤར་ལྷོར་་་སྲོག་གི་དབང་གི་སྐབས་སུ་འཁོར་དུ་བཤད་པར་མ་ཟད་སྒོས་སྒྲུབ་ཀྱི་ཡི་གེ་མ་བུ་གཏེར་གཞུང་ན་ཡོད་པ་དང་ཁྱད་པར་ལས་བྱེད་ཀྱི་འཁོར་དུ་བསྔགས་པ་བཅས་འཐད་པར་སེམས་སོ།ཧཱུྃ་ལས་ཕྲིན་ལས་བདུད་ཀྱི་མགོན་པོ་སེང་གེའི་གདོང་པ་ཅན་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། རལ་པ་ཁམ་ནག་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་སྤྲོ་བ། ཕྱག་གཡས་དར་ནག་གི་བ་དན་འཕྱར་བ་གཡོན་ཐོད་པ་གློ་སྙིང་ཅན་འཁྱེར་བ། ཤིན་ཏུ་མི་བསྲུན་པ་དར་ནག་གི་བེར་ཅན་བདུད་རྟ་ནག་པོ་ལ་ཞོན་པ། གཡོན་དུ་ཡུམ་སེང་གདོང་མ་དམར་མོ་ཤིན་ཏུ་ཁྲོས་པ། རལ་པའི་གསེབ་ནས་སེང་ཆུང་སྤྲོ་བ། གཅེར་བུ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡས་ཁ་ཊྭཱཾ་རྩེ་གསུམ་དང་གཡོན་ནད་རྐྱལ་ཐོགས་ནས་སྲོག་རྟ་དམར་པོ་འཆིབ་པ། ལས་བྱེད་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ།་་་༼ཡང་ན། ཤར་ལྷོར་ར་ལས་པེ་ཧར་དགྲ་བླ་དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ་འཛུམ་བཞད་པའི་ཉམས་ཅན། གཡས་གསེར་གྱི་གསེག་ཤང་དང་གཡོན་དངུལ་གྱི་པར་བུ་བསྣམས་པ་དབུ་ལ་དར་ནག་གི་འཐིབས་ཞུ་གསོལ་ཞིང་། ཟ་འོག་གི་བེར་དང་མན་ཏྲིའི་ཆོས་གོས་གྱོན་པ། མགུལ་དུ་ཤེལ་ཕྲེང་འཕྱར་ཞིང་སེང་གེ་དཀར་མོ་ལ་ཞོན་པ།ཡུམ་ཤཱནྟིཾ་རོ་ཟན་མས་འདུད་ཅིང་། ལས་མཁན་པུ་ཏྲ་ནག་པོ་སོགས་གར་མཁན་སྐྱོ་སངས་རུ་འདྲེན་སྡེ་བཞི་སོགས་ལྷ་མ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར་བ།༽ ལྷོ་ནུབ་ཏུ་དུ་ལས་གནོད་སྦྱིན་བཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཐོད་ཁྲག་དང་སྦྲུལ་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་ཟངས་ཀྱི་མཁའ་ལྡིང་ལ་ཞོན་པ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་པོ་ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་གཡོན་མི་སྙིང་འཛིན་པ། དར་དཀར་གྱི་བེར་དང་བརྗིད་པའི་ཆས་ཅན་ར་སྐྱེས་ཁམ་པ་ལ་ཞོན་པ། འཁོར་གིང་ཆེན་སྡེ་བཞི་ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་མོ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་མ་ལས་འདོད་ཁམས་དབང་ཕྱུག་རེ་མ་ཏི་ནག་མོ་སྐེམ་ཞིང་སྦེག་ལ་གཏུམ་པའི་གཟུགས་ཅན་ཞལ་གཅིག་ཕྱག་བཞི་པ།་་་༼གཉིས་པ་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་གཞན་འདྲའོ། །རྒྱུད་ལས་འདི་ལྟར་རོ།།༽ གཡས་གཉིས་གྲི་གུག་དང་རལ་གྲི་གཡོན་གཉིས་ཐོད་དབྱུག་དང་ནད་རྐྱལ་ཐོགས་པ། མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། བདུད་དམག་ཉིས་ཁྲི་ཆིག་སྟོང་། ལྷ་དམག་འབུམ་སྡེ་ལ་སོགས་པ་ཡེ་ཤེས་དང་ལས་ལ་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམས་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་རྒུར་སྒྱུར་བས། སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་བཞུགས་པའོ། །གཉིས་པ་སྤྱན་འདྲེན་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བ། རྡོ་རྗེ་གདན། ན་ལེནྡྲ། བསིལ་བ་ཚལ་དང་ཨུ་ཙ་ལའི་དུར་ཁྲོད་ཆེན་པོ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ཞིང་། རྐང་གླིང་གིས་དྲངས་པའི་རྔ་བོ་ཆེ་སོགས་སྙན་པའི་རོལ་མོ་དང་སྦྱར་སྤོས་ཀྱི་དུད་སྤྲིན་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོ་ཀུན་གྱི་རྗེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་གཤེགས་སུ༴ ལེགས་ལྡན་ནག་པོ་གཤེགས༴ ཚོགས་བདག་ཆེན་པོ་གཤེགས༴ མ་ནིང་ནག་པོ་གཤེགས༴ སྲོག་བདུད་ཆེན་པོ་གཤེགས༴ མཁའ་འགྲོའི་གཙོ་མོ་གཤེགས༴ མགོན་པོ་སྡེ་ལྔ་གཤེགས༴ སྲིང་གཅིག་ཆེན་མོ་གཤེགས༴ མཐུ་ཆེན་སྡེ་བརྒྱད་གཤེགས༴ བདུད་འདུལ་དམག་ཚོགས་གཤེགས༴ ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། ཧཱུྃ། ཨུ་ཙ་ལ་ནས་ལས་ཀྱི་མགོན། །སྲོག་བདུད་ནག་པོ་གཤེགས་སུ་གསོལ། །བདེ་ཆེན་དབྱིངས་ནས་ཀུན་བཟང་ཡུམ། །ཨེ་ཀ་ཛཱ་ཊི་གཤེགས༴ བར་སྣང་ཁམས་ནས་འཇིགས་བྱེད་གཙོ། ཁྱབ་འཇུག་ཆེན་པོ་གཤེགས༴ དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་བཤན་པ་གཤེགས༴ ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ་གཤེགས༴ དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ་གཤེགས༴ བྱང་ཤར་མཚམས་ནས་རེ་མ་ཏི། །འདོད་ཁམས་བདག་མོ་གཤེགས༴ བསིལ་བའི་ཚལ་ནས་ཕྲིན་ལས་མགོན། །སེང་གེའི་གདོང་ཅན་གཤེགས་སུ་གསོལ། །བསྟན་པ་སྐྱོང་བའི་དམ་ཅན་ཚོགས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ། ཞེས་པས་སྤྱན་དྲང་ངོ་། །གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་ཏྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། བཞི་པ་དམ་ལ་བཞག་པ་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག་བདུད་རྩི་ལྗགས་ལ་བྱིན་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་མ་ནིང་ནག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་ཧེ་རུ་ཀ་དཔལ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། རིག་འཛིན་པདྨ་གླིང་པ་ནས་འཁོར་ལོའི་མགོན་པོ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀཏོ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་སྒྲུབ་ཅིང་བཀའ་ནོད་པར་བསམ། ལྔ་པ་ཕྱག་བྱ་བ་ནི། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས། །སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ །མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །རུ་དྲ་འཇོམས་མཛད་བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱའོ། དྲུག་པ་མཆོད་པ་ལ་དྲུག་ལས། ཕྱི་མཆོད་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་སྦྲེང་། །རབ་གཙང་དྭངས་པའི་ཞབས་བསིལ་རྒྱ་མཚོར་བསྐྱིལ། །སྣ་ཚོགས་ལྟ་སྡུག་ཆུ་སྐྱེས་ལང་ཚོ་བཞད། །གྲུབ་དང་སྦྱར་བའི་བདུག་པ་སྤྲིན་ལྟར་གཏིབས། །མུན་སྣང་མཐར་བྱེད་སྒྲོན་མེས་ཉིན་མོར་བྱེད། །ཡིད་འོང་བྱུག་པ་ལྷ་ཡི་ཆུ་བོའི་རྒྱུན། །རོ་བཅུད་ཕུན་ཚོགས་ཞལ་ཟས་ལྷུན་པོར་སྤུངས། །སྙན་བརྗིད་རོལ་མོ་སྒྲ་དབྱངས་དང་བཅས་པའི། །ཕྱི་ཡི་མཆོད་སྤྲིན་འདོད་ཡོན་འཛད་མེད་གཏེར། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ནང་གི་མཆོད་པ་ནི། ཧཱུྃ། གདུག་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམ་ཞིང་བརྗིད། །དབང་པོ་རྣམ་ལྔའི་མེ་ཏོག་ཚར་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་ཆེན་མར་མེ་བསྐལ་པའི་མེ་ལྟར་འབར། ཁྲག་ཞག་བདུད་རྩིའི་དྲི་ཆབ་རླབས་ཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམ། །དྲག་པོའི་རོལ་མོ་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་པཱུ་ཛ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་བརྗོད། གསང་བའི་མཆོད་པ་ནི། ཧཱུྃ། སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཨ་ནུ་རཱ་གཱ་པྲ་ཏཱིཙྪ་སྭཱ་ཧཱ། སྨན་མཆོད་ནི། ཧཱུྃ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་ནི། སྟོང་གསུམ་བྷཉྫའི་སྣོད་ཡངས་སུ། །དམ་ཉམས་བསྒྲལ་པའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོར་བསྐྱིལ། །བསད་ཁྲག་རྦ་ཀློང་འཁྲུགས་པས་མཆོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷཉྫ་རློན་པའི་སྣོད་མཆོག་ཏུ། །བ་ལིཾ་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། །མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷཉྫ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྤྱིར་ཕུལ་ནས། བྱེ་བྲག་ཏུ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་དགྱེས་ཤིང་ཚིམས་པར་བསམ་ཞིང་རྡོ་རྗེའི་ཐལ་མོ་གྱེན་དུ་ཁ་ཕྱེ་ལ་ལྷ་སོ་སོའི་སྙིང་པོའི་མཐར། ས་པ་རི་ཝཱ་ར་ཨི་དམ་བ་ལིནྟ་སོགས་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ། ཡུམ་དཔལ་འབར་ལྷ་མོ། ཡེ་ཤེས་ཀྱི་མགོན་པོ་སྡེ་ལྔ། ལས་མགོན་སྲོག་བདུད་ཆེན་པོ་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པས་འདོད་དོན་གསོལ། བདུན་པ་བསྟོད་པ་བྱ་བ་ནི། ཧཱུྃ། འཇིག་རྟེན་འདས་པའི་དུས་ན་མངོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམས། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙནྡན་བིང་ཆེན་རྐེད་བཙུགས་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་རྐེད་མི་ལྤགས་བཅིངས། །ལེགས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣགས་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །བཟློགས་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ། མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དཔལ་ལྡན་ལྷ་མོ་གསང་བའི་མཁའ་འགྲོ་མ། །མ་མོ་འབུམ་སྡེའི་གཙོ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རྣམ་རོལ་འགག་མེད་ཅིར་ཡང་སྟོན། །གདུག་ཅན་ཚར་གཅོད་བསྟན་པ་རྗེས་སྐྱོང་བ། །མགོན་པོ་སྡེ་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་གཙོ་མོ་ཨེ་ཀ་ཛཱ་ཊི་མ། །ཞལ་གཅིག་ཕྱག་གཉིས་རུ་ལུའི་སྒྲ་སྐད་སྒྲོག །ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་ལ་བསྟོད། །བཤན་པ་ནག་མོ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་སྙིང་དང་ནད་ཀྱི་རྐྱལ་པ་བསྣམས། །ལས་བྱེད་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར། །ནམ་གྲུ་ནག་མོ་འཇིགས་པའི་ཚོགས་ལ་བསྟོད། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཀ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་དམར་ནག་ཟངས་ཀྱི་ཁྱུང་དམར་འཆིབ། །ཞལ་གཅིག་ཕྱག་བཞི་གྲི་གུག་ཐོད་ཁྲག་དང་། །རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །དྲག་གཏུམ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །ཐོད་ཕྲེང་གཡང་གཞི་སྟག་གི་ཤམ་ཐབས་ཅན། །སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས་ལ་བསྟོད། །ཤིན་ཏུ་མི་བསྲུན་བདུད་མོ་རེ་མ་ཏི། །ནམ་མཁའི་མདོག་ཅན་དྲེལ་རྟ་རྐང་གསུམ་འཆིབ། །སྟོང་ཁམས་མྱུལ་ཞིང་སྐྱེ་འགྲོའི་སྲོག་དབུགས་ལེན། །བསྟན་པ་སྲུང་མཛད་མ་ལ་ཕྱག་འཚལ་བསྟོད། །དྲག་རྩལ་མྱུར་མགྱོགས་ཕྲིན་ལས་བདུད་ཀྱི་མགོན། ཁམས་གསུམ་མྱུལ་ཞིང་དགྲ་བགེགས་ཐལ་བར་རློག །དམ་ཚིག་ཅན་ལ་གཡེལ་མེད་སྟོངས་གྲོགས་མཛད། །སེང་གེའི་གདོང་ཅན་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་རང་རང་གི །སྲོག་སྙིང་ཕུལ་ནས་ཁས་བླངས་དམ་བཅས་ལྟར། །ཕྲིན་ལས་རྣམ་བཞིས་བསྟན་པ་རྗེས་སྐྱོང་བའི། །དམ་ཅན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་ཙམ་མམ། སྤྲོ་ན། ཧཱུྃ། ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་། །ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ །སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ། །གསང་བདག་ཆེན་པོ་སྟོབས་པོ་ཆེ། །འཆོལ་བའི་ཁྲོ་རྒྱལ་སྲོག་གི་བདུད། །ལྷ་རྣམས་བསོད་ནམས་རྒྱས་མཛད་པའི། །ལྷ་ཆེན་དཔལ་འབར་ཁྱོད་ལ་བསྟོད། །ལྷ་མིན་དམག་དཔུང་འཇོམས་མཛད་པའི། །དམག་དཔོན་ཆེན་པོའི་སྐུ་ལ་བསྟོད། །སངས་རྒྱས་བསྟན་པ་སྐྱོང་མཛད་པའི། །སྡེ་དཔོན་ཆེན་པོའི་སྐུ་ལ་བསྟོད། །ཅེས་དང་། ཧཱུྃ། དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། ཁ་ཊྭཱཾ་བདུད་མདས་དགྲ་སྙིང་གཟིར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་གཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡག །མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དེ་བཱིའི་སྐུ་ལ་བསྟོད། །སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟག་ཞོན་མི་བཟད་པ། །ཙན་དན་བེང་གསོར་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་ཁྱོད་ལ་བསྟོད། །མ་འགགས་གསུང་གི་རོལ་པའི་རྩལ། །བིང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙནྡན་བིང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ་བསྟོད། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་ཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད། །ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲཀྴད་བདུད་མགོན་མ་རུངས་པ། །ཙན་དན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ་བསྟོད། །སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །དཔལ་ལྡན་བཤན་པ་མི་བསྲུན་མ། །གཅེར་མོ་དོན་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་མྱོས་བྱེད་རིམས་ནད་འབེབ། །ནམ་གྲུ་ནག་མོ་ཁྱོད་ལ་བསྟོད། །གཏུམ་ཆེན་གཟའ་བདུད་སྲིན་པོའི་གཟུགས། །མགོ་དགུ་རྒྱལ་མཚན་སྦྲུལ་ཞགས་དང་། །མདའ་གཞུ་འགེང་ཞིང་ཐོག་སེར་འབེབ། །སྡེ་བརྒྱད་དམག་དཔོན་ཁྱོད་ལ་བསྟོད། །སྒྲོལ་གིང་བཤན་པ་དམར་ནག་ནི། །གྲི་ཐོད་འཛིན་ཞིང་རལ་གྲི་གདེངས། །བསྟན་དགྲའི་སྙིང་འབྱིན་སྦྲུལ་ཞགས་འཕེན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །དམ་ཅན་སྐྱེས་བུ་གིང་གི་བདག །དམར་ནག་རྡོ་རྗེ་དགྲ་སྙིང་འཛིན། །ཟ་འོག་བེར་གྱོན་ར་སྐྱེས་ཞོན། །མཐུ་ཆེན་དྲེགས་པ་ཁྱོད་ལ་བསྟོད། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་མྱུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །ཕྲིན་ལས་མགོན་པོ་སེང་གེའི་གདོང་། །རུ་དར་གཡབ་ཅིང་དགྲ་སྙིང་རོལ། །རྟ་ནག་ཞོན་ནས་གླིང་བཞིར་རྒྱུག །བདུད་མགོན་ནག་པོ་ཁྱོད་ལ་བསྟོད། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་བསྟོད་པར་བྱའོ། །ཆོས་སྐྱོང་གཞན་འགའ་ཞིག་གི་མཆོད་གཏོར་བྱ་བར་འདོད་ན་ཡེ་ཤེས་པའི་རིགས་རྣམས་སྔོན་དང་དེའི་རྗེས་ལ་འཇིག་རྟེན་པའི་རིགས་རྣམས་དང་། གཏེར་བདག་སྤྱི་གཏོར་དང་གཞི་བདག་སྤྱི་གཏོར་གྱི་བར་རིམ་པ་བཞིན་སྐབས་འདིར་བྱའོ། །བརྒྱད་པ་བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་པས། ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ་གོང་གནོན་ཡི་དམ་གྱི་བཟླས་པ་སྔོན་དུ་འགྲོ་བས་བཟླ་བྱའི་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ཅེས་གཙོ་བོའི་སྙིང་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཧཱུྃ་ཛཿ སྐུ་མགོན་ནོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཀྵ་དུ་བེང་ནི་ཛཿ གསུང་མགོན་ནོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏྲ་ཧ་ན་ཧཱུྃ་ཕཊ། ཐུགས་མགོན་ནོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་རཾ་ཧཱུྃ་ཕཊ། ཡོན་ཏན་མགོན་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཛཿ ཕྲིན་ལས་མགོན་པོའོ། །ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་དྲ་ནག་པོ་ཛཿ ཏྲི་ལིང་གིང་ཀ་ར་རཱ་ཛ་སུ་ཏྲི་ཛ་ཛཿ སྲོག་བདུད་དོ། །ཨོཾ་མ་མ་ཨེ་ཀ་ཛཱ་ཊི་ཏྲག་རཀྴ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སྔགས་སྲུང་མའོ། །ཨོཾ་ཁྱི་ཁ་ལེ་ནག་མོ་སོད་སྲོག་མ་ཏི་སོད། སྲོག་སྒྲུབ་མའོ། །ཧྲི་ཤག་རུ་རག་རམ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གེ་ཤ་ལ་ཛཿཛཿ ཞེས་གཟའ་བདུད་དོ། །ཨེ་རྨེ་རུ་ཙེ་གུ་ཎ་ཧྲི་ཏི་གྷྲཾ་བྷྱོ། ཞེས་གནོད་སྦྱིན་ནོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿ ཞེས་དམ་ཅན་དང་། ཨོཾ་མ་མ་ཏྲག་རཀྨོ་རཀྴ་རུ་ཏི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རེ་ཏིའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ། སེང་གདོང་གིའོ། །དེ་ལྟར་གཙོ་འཁོར་རྣམས་ཀྱི་སྔགས་རྣམས་སྐབས་དང་སྦྱར་ནས་ཇི་ཙམ་ནུས་པ་བཟླ་ཞིང་། གཙོ་སྔགས་ནི་རྒྱུད་ལས། བྱེ་བ་ཐེམས་ན་ལས་ཀུན་འགྲུབ། །ཅེས་གསུངས་པ་དང་། ལས་སྦྱོར་གྱི་སྔགས་ནི་མན་ངག་གི་གནད་ཤེས་པས་གཞན་དུ་འབྱུང་བ་བཞིན་བཟླའོ། །བཟླས་པ་རྫོགས་པའི་མཐར། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། དགུ་པ་ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེའི་གཞུང་བཞིན་སྦྱར་བར་བྱའོ། །གཉིས་པ་ཁྱད་པར་སྐབས་ཀྱི་ཕྲིན་ལས་བསྒྲུབ་པ་ལ་སྐོང་བཤགས་བྱ་བ་དང་། དྲག་ལས་བསྒྲུབ་པ་གཉིས་ལས། དང་པོ་ལ་གསུམ་ལས། སྐོང་བ་ནི། སྐོང་རྫས་རྣམས་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། སྙན་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ།་་་གཏེར་གཞུང་ལས་བྱང་བཞིན་ལ་ཚིག་དངོས་བཅོས་མེད་ལས་ཅུང་ཟད་བསྡུས་པའོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་ཕྲེང་། ཁྱོད་ནི་སྲུང་མ་ཐུགས་དམ་ཅན། ཁྱོད་ནི་མཐུ་རྩལ་དྲག་ཤུལ་ཅན། །དགོངས་ཤིག་ལེགས་ལྡན་ནག་པོའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པ། ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །བསྒྲུབ་ཅིང་བསྐུལ་ཕྱིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལྷ་ཆེན་དཔལ་འབར་གནས་འདིར་བྱོན། །ཆོས་སྐྱོང་ཆེན་པོ་གནས་འདིར༴ ལེགས་ལྡན་ནག་པོ་གནས༴ རིག་འཛིན་སྲུང་མ་གནས༴ མ་ནིང་ནག་པོ་གནས༴ སྲོག་བདུད་ཆེན་པོ་གནས༴ བདུད་རྒྱལ་ཐོད་ཕྲེང་གནས༴ སྲིང་གཅིག་ལྷ་མོ་གནས༴ འདོད་ཁམས་གཙོ་མོ་གནས༴ འཁོར་ཚོགས་རྒྱ་མཚོ་གནས་འདིར་བྱོན། །ཀྱེ། གསོན་དང་མ་ཧཱ་ཀཱ་ལའི་ཚོགས། །ཉོན་དང་ཆོས་སྐྱོང་ནག་པོ་ཆེ། །ཉོན་དང་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་བའི་བཀའ་ལ་མི་བདེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །ནག་པོ་འཁོར་བཅས་དགོངས་སུ་གསོལ། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་གསོ། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་གནོང་འགྱོད་མ་ལུས་བཤགས། །དོ་ནུབ་ལྷ་ལ་སེམས་མཁོན་སྦྱོང་། །དོ་ནུབ་མཉེས་པའི་མཆོད་པ་འབུལ། ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །བཤོས་ནག་རྒྱན་ལྡན་གཏོར་མས་བསྐང་། །རཀྟ་དམར་གྱི་ཨརྒྷས་བསྐང་། །བདུད་རྩི་སྨན་གྱི་མཆོད་པས༴ མཚན་ལྡན་ཤེལ་སྒོང་འབྲས་བུས༴ སྣང་གསལ་མདངས་ལྡན་མར་མེས༴ ཞལ་ཟས་ཚོགས་མཆོད་མང་པོས༴ ལུག་ནག་སྤྱི་དཀར་འདི་ཡིས༴ ཁྱི་ནག་གསེར་མིག་འདི་ཡིས༴ རྟེན་རྫས་འཕྱར་དར་ནག་པོས༴ མདའ་ནག་རྒོད་སྒྲོ་སྐུ་ཡི་རྟེན། །རཀྟ་དམར་པོ་གསུང་གི་རྟེན། །ཙིཏྟ་སྙིང་ཆེན་ཐུགས་ཀྱི་རྟེན། །ལུག་ནག་བྱ་ནག་ལ་སོགས་པའི། །རྒྱལ་མཚན་མང་པོས་ཐུགས་དམ་བསྐང་། །རྟེན་པའི་དམ་རྫས་ཡིན་པའི་ཕྱིར། །འཕྱར་དར་ནག་པོས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། ཁྱི་ནག་སྙིང་གིས་ཐུགས༴ མཱཾ་ས་ཟས་སུ་ཟ་བའི་ཕྱིར། །ཙིཏྟ་སྙིང་གིས་ཐུགས༴ མྱོས་བྱེད་སྐོམ་དུ་འཐུང་བའི་ཕྱིར། །ཛ་གད་ཕུད་ཀྱིས་ཐུགས༴ ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །གསུར་ཆེན་དུད་པས་ཐུགས༴ ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །དམར་ནག་བཤོས་བུས་ཐུགས༴ སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣང་གསལ་མར་མེས་ཐུགས༴ སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །རོལ་མོ་སྒྲ་ཡིས་ཐུགས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏའ་གཏོར་ཆེན་པོས་ཐུགས༴ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གཏོར་ནར་མས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྤྱི་དཀར་ཐུགས༴ བསྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས་ཐུགས༴ གཞན་ཡང་དཔལ་གྱི་གཏོར་མ་ལ། །ཡེ་ཤེས་ལྔ་ཡི་རྒྱན་གྱིས་བརྒྱན། །རྣལ་འབྱོར་ཡོངས་ཀྱི་གླུད་དུ་འབུལ། །གཉིས་མེད་དོན་གྱི་ཚངས་པ་སྩོལ། །མདའ་ནག་ལྟོང་དམར་བཅུ་གསུམ་ལ། །རྡོ་རྗེ་བེ་ཅོན་གྲི་གུག་རིས། །ཕྱག་མཚན་མང་པོས་བརྒྱན་བྱས་ནས། །ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ཀྱི་གླུད། །ཐབས་ཀྱི་རང་བཞིན་མདའ་ནག་དང་། །ཤེས་རབ་རང་བཞིན་རྒྱལ་མཚན་གཉིས། །གཉིས་མེད་དོན་རྟོགས་ཆོས་ཀྱི་སྐུ །གཉིས་སུ་མེད་པར་ཐུགས་དམ་བསྐང་། །ཡབ་གཅིག་མགོན་པོའི་ཐུགས༴ ཆོས་སྐྱོང་ཆེན་པོའི་ཐུགས༴ མ་ནིང་ནག་པོའི་ཐུགས༴ མགོན་པོ་སྡེ་ལྔའི་ཐུགས༴ མ་གཅིག་ལྷ་མོའི་ཐུགས༴ སྲོག་བདུད་ཆེན་པོའི་ཐུགས༴ སྒྲོལ་གིང་ཆེན་པོའི་ཐུགས༴ དམ་ཅན་ཆེན་པོའི་ཐུགས༴ རེ་ཏི་ཆེན་པོའི་ཐུགས༴ སེང་གེའི་གདོང་ཅན་ཐུགས༴ བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར། །དཔལ་ལྡན་ནག་པོའི་ཐུགས༴ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ཕྱག་བརྙན་ཆེན་པོའི་ཐུགས༴ དགྲ་བོ་ཆམ་ལ་དབབ་པའི་ཐུགས༴ བདུད་ཀྱི་དམག་ཚོགས་ཐུགས༴ དགྲ་བོའི་སྲོག་རྩ་གཅོད་པའི་ཕྱིར། །མོན་པའི་ཚོགས་ཀྱི་ཐུགས༴ སྔོན་གྱི་ལམ་སྣ་འདྲེན་པའི་ཕྱིར། །མོན་པ་བརྒྱད་ཀྱི་ཐུགས༴ གཡས་ཀྱི་རུ་སྣ་དྲང་བའི་ཕྱིར། །གཤིན་རྗེ་བརྒྱད་ཀྱི་ཐུགས༴ གཡོན་གྱི་རུ་སྣ་དྲང་བའི་ཕྱིར། །གནོད་སྦྱིན་བརྒྱད་ཀྱི་ཐུགས༴ སླད་ཀྱི་རྗེས་ཤུལ་འབྲང་བའི་ཕྱིར། །ནད་གཏོང་མ་མོའི་ཐུགས༴ དམག་གི་རུ་མཚོན་འཕྱར་བའི་ཕྱིར། །ལྷ་དམག་འབུམ་གྱི་ཐུགས༴ ཕྱོགས་སྐྱོང་བཅུ་ཡི་ཐུགས༴ རྒྱལ་ཆེན་བཞི་ཡི་ཐུགས༴ ལྷ་ཆེན་བརྒྱད་ཀྱི་ཐུགས༴ ཀླུ་ཆེན་བརྒྱད་ཀྱི་ཐུགས༴ གཟའ་ཆེན་བརྒྱད་ཀྱི་ཐུགས༴ རྒྱུ་སྐར་ཉེར་བརྒྱད་ཐུགས༴ འཇིགས་བྱེད་དགུ་ཡི་ཐུགས༴ ཐུགས་དམ་གཉན་པོ་བསྐངས་པ་ཡིས། །ལྷ་དང་མི་འབྲལ་གྲིབ་ལྟར་འགྲོགས། །རྣལ་འབྱོར་བདག་དང་བདག་གི་འཁོར། །ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན། །ཐུགས་དམ་སྐོངས་ལ་གཡར་དམ་སྩོལ། །ཅེས་དང་། གཞན་ཡང་། ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་ཅིང་། །བདུད་དཔུང་འཇོམས་མཛད་ཧེ་རུ་ཀ །མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །མིག་སྨན་མདངས་ཅན་རྟ་མཆོག་སོགས། །ཕྱི་ཡི་རྟེན་གྱིས་ཐུགས༴ འདོད་ཡོན་བྱ་རོག་རྒྱལ་མཚན་བཅས། །ནང་གི་རྟེན་གྱིས་ཐུགས༴ གྲི་སྙིང་སྲོག་གི་འཁོར་ལོ་སོགས། །གསང་བའི་རྟེན་གྱིས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ གཤེགས་པའི་དམ་རྫས་ཡིན་པའི་ཕྱིར། །དབྱངས་རྔ་རོལ་མོས་ཐུགས༴ གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས་ཐུགས༴ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །པད་ཉི་རོ་ཡིས་ཐུགས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར། །དུར་ཁྲོད་ཆས་ཀྱིས་ཐུགས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ ངོམས་པའི་དམ་རྫས་ཡིན་པའི་ཕྱིར། །དམར་ཆེན་རཀྟས་ཐུགས༴ ཚིམ་པའི་དམ་རྫས་ཡིན་པའི་ཕྱིར། །དཔལ་གྱི་གཏོར་མས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ནོར་གྱིས་ཐུགས༴ རྟེན་པའི་དམ་རྫས་ཡིན་པའི་ཕྱིར། །གཟུགས་རྟེན་བླ་རྡོས་ཐུགས༴ བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །ཤ་ཆེན་སྣ་ལྔས་ཐུགས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྣ་ལྔས་ཐུགས༴ མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །སྲིད་ཞིའི་འབྱོར་པས་ཐུགས༴ སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །ཕྱག་རྒྱ་གསལ་རྫོགས་ཐུགས༴ གསུང་གི་ཐུགས་དམ་བསྐང་བའི་ཕྱིར། །རླུང་སྔགས་བཟླས་པས་ཐུགས༴ ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གསལ་བརྟན་ཏིང་འཛིན་ཐུགས༴ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར། །འདོད་ཡོན་མཁོ་དགུས་ཐུགས༴ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར། །ལས་སྦྱོར་འབད་པས་ཐུགས༴ བསྐང་ངོ་གསོལ་ལོ་ཐུགས་དམ་བསྐང་། །དཔལ་འབར་མ་ཧཱ་ཀཱ་ལ་དང་། །སྤྲུལ་པ་རྣམ་ལྔ་མཐུ་ཆེན་བརྒྱད། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་སྐོངས་དངོས་གྲུབ་སྩོལ། །ཅེས་བསྐང་ཞིང་གོང་དུ་མཆོད་གཏོར་ཕུལ་བའི་ཆོས་སྐྱོང་གཞན་གྱི་སྐོང་གསོ་བྱེད་དགོས་ན་ཡང་སྔར་གྱི་རིམ་པ་བཞིན་སྐབས་འདིར་སྦྲེལ་ལོ། །གཉིས་པ་བཤགས་པ་བྱ་བ་ནི། ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབགས་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་། འཁོན་གཅུགས་སྦྱོང་བའི་དམིགས་པ་དང་སྦྱར་ཏེ་ཡི་གེ་བརྒྱ་པ་ལན་གསུམ་སོགས་བཟླས་པས་བཤགས་པར་བྱའོ། །གསུམ་པ་ཕྲིན་ལས་གསོལ་བ་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེའི་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་འདོད་ཡོན་རྒྱ་མཚོས་མཆོད། །བསྟེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེ་འཛིན་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོ་བའི། །བསྟན་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་པ་རྒྱ་མཚོས་འཚོ་བ་དང་། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་ཀུན། །རབ་འཕེལ་རྫོགས་ལྡན་དཔལ་གྱིས་མཐོ་བར་མཛོད། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཕྱི་ནང་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པ་འཕེལ་ཞིང་རྒྱས་པ་དང་། །ས་གསུམ་འགྲོ་བ་རྣམས་དང་དེ་དག་གི །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །མི་བསྲུན་ལོག་པར་སེམས་པའི་དགྲ་དང་བགེགས། །ནག་ཕྱོགས་བདུད་སྡེའི་དཔུང་དང་བཅས་པ་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རེ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་པར་མཛོད། །ཅེས་ལས་ཀྱི་གཉེར་གཏད་ཅིང་མངོན་པར་འདོད་པའི་ཕྲིན་ལས་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་སྒྲུབ་པ་ལ་བཞི་ལས་དང་པོ་གཤོམ་ནི། ཐུན་གྱི་གཏོར་མ་གྲུ་གསུམ་གཙོ་འཁོར་གྱི་གྲངས་དང་མཉམ་པ་ཤ་ཁྲག་གིས་བརྒྱན་པ་མཉྫིའི་སྟེང་ལ་བཀོད། འབྱོར་ན་ཁྲག་སྐྱེམས་སོགས་དམ་རྫས་དང་འབྲེལ་བའི་ཁྱད་པར་གྱི་མཆོད་པའང་བཤམས་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། གཉིས་པ་དྲག་བཟླས་ནི། རང་ཉིད་ཡི་དམ་གྱི་སྙེམ་པ་མཆོག་ཏུ་བརྟན་པོས་གོང་གནོན་གྱི་བཟླས་པ་ཅུང་ཟད་བྱས་ནས། མདུན་བསྐྱེད་སྔར་ཡོད་ཡང་སྐྱར་དུ་གསལ་བཏབ་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེའི་ཕུང་པོ་ལྟ་བུ་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ་པས་དེ་ཉིད་ཁྲོས་འཁྲུགས་རྔམས་པར་བཞེངས་ནས་འཁོར་རྣམས་བསྐུལ། དེ་རྣམས་ཀྱིས་ཀྱང་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་དཔག་མེད་བུ་ཡུག་འཚུབས་པ་ལྟར་སྤྲོས་པས་དགྲ་བགེགས་ཐམས་ཅད་གསད་གཅད་ཚར་གཅོད་པའི་ལས་མཛད་པར་བསམ་ལ། མགོན་པོའི་སྲོག་སྔགས་ཀྱི་མཐར་ཏྲི་ཡཾ་རུ་དྲ་ཧཱུྃ་བྷྱོཿ མུན་ཤི་བྷྱོཿ མུན་ནག་ཤི་བྷྱོཿ རུ་དྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི་རྦད། སུ་ནྲྀ་མཱ་ར་ཡ་རྦད། ཅེས་གཙོ་བོའི་དྲག་སྔགས་དང་། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་དྲ་ནག་པོ་ཛཿ ཏྲི་ལིང་གིང་ཀ་ར་རཱ་ཛ་སུ་ཏྲི་ཛཿཛཿ ཞེས་ལས་མགོན་གྱི་སྔགས་ཏེ་དམིགས་པ་ཤུགས་དྲག་པོས་ཅི་ནུས་སུ་བཟླ་ཞིང་། ལས་གལ་ཆེ་ན། འདིའི་རྦད་གསད་ཀྱི་སྔགས་རྣམས་དང་འཁོར་གཞན་རྣམས་ཀྱི་དྲག་སྔགས་ཀྱང་ཅི་ནུས་བཟླས་ནས། གསུམ་པ་དམིགས་བྱ་དགུག་བསྟིམ་ནི། ཐུན་གཏོར་ལ་རཀྟ་བྲན་ཏེ། སླར་ཡང་རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་ནས་གཏོར་མ་ལ་བསྟིམས་པར་བསམ་ཞིང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྙིང་པོ་རྣམས་ཀྱི་མཐར། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་ལ་སོགས་པས་དགུག་བསྟིམ་བྱས་ལ། སླར་བདུད་རྩིས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་པས་བྱིན་གྱིས་བརླབས་ནས་མགོན་པོ་འཁོར་བཅས་ཀྱིས་རོལ་པར་བསམ་ལ། མགོན་པོའི་སྔགས་མཐར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་བརྒྱའམ་ཉེར་གཅིག་སོགས་ཀྱིས་ཕུལ། དེ་བཞིན་དུ་འཁོར་སྔགས་ལ་གཏོར་སྔགས་བཏགས་པ་ཉེར་གཅིག་དང་བདུན་ལ་སོགས་པ་ཅི་རིགས་པར་ཕུལ་བའི་མཐར་འདོད་དོན་ཕྲིན་ལས་སུ་གསོལ་ལོ། །བཞི་པ་ཐུགས་དམ་བསྐུལ་བ་ནི། སྨན་རཀ་ཕུད་ཀྱིས་མཆོད་ཅིང་གསུར་ཆེན་གྱི་དུད་པ་དང་དར་ནག་གི་གཡབ་མོར་བཅས་པས་འདི་ལྟར་བསྐུལ་ལོ། །ཧཱུྃ་བྷྱོ། སེམས་ཉིད་ཀློང་གསལ་འབར་བའི་དུར་ཁྲོད་ནས། །ཐོད་མཁར་སུམ་བརྩེགས་འབར་བའི་གཞལ་ཡས་ནས། །བདུད་ཕོ་བདུད་མོས་གཏམས་པའི་དུར་ཁྲོད་ནས། །བཤན་པ་ཕོ་མོ་ཚོགས་པའི་གྲོང་ཁྱེར་ནས། །མེ་རླུང་འཚུབ་མར་འཁྱིལ་བའི་དུར་ཁྲོད་ནས། །རྟོག་མེད་ངང་ལས་ལྷ་ཆེན་སྐུར་སྟོན་པ། །ལྷ་ཆེན་མགོན་པོ་དཔལ་འབར་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །བྷ་ག་ནག་པོ་གཤེགས༴ ཚོགས་བདག་ཆེན་པོ་གཤེགས༴ ཛཾ་ལ་ནག་པོ་གཤེགས༴ ནག་པོ་ཐོད་ཕྲེང་གཤེགས༴ ཆོས་སྐྱོང་ཆེན་པོ་གཤེགས༴ དགྲ་བོའི་གཤེད་མ་གཤེགས༴ བགེགས་ཀྱི་གཉེན་པོ་གཤེགས༴ བདག་གི་གྲོགས་པོ་གཤེགས༴ དམ་ཅན་ཆེན་པོ་གཤེགས༴ ཆོས་སྐྱོང་འཁོར་བཅས་བསྐྱོད་པའི་ཚེ། །ནག་པོ་གཟི་མདངས་ཡ་ལ་ལ། །སྲིན་མོ་མ་ཚོགས་འཐིབས་སེ་ཐིབ། །ལིངས་པ་མདའ་འཕེན་བྲེངས་སེ་བྲེང་། །བྱ་རོག་ཤ་ཐོགས་ལིངས་སེ་ལིང་། །གཡབ་དར་ནག་པོ་ལྷབས་སེ་ལྷབ། །ཉི་མ་ཟླ་བ་ཏ་ལ་ལ། །མེ་སྟག་འཚུབ་མ་འུ་རུ་རུ། །རླུང་ནག་འཚུབ་མ་འཁྱིལ་ལི་ལི། །དོམ་ནག་ཁྱི་ནག་ང་ར་ར། །ལྕགས་སྤྱང་ཅེ་སྤྱང་འདུ་རུ་རུ། །དུག་སྦྲུལ་ནག་པོ་ཁྱུགས་སེ་ཁྱུག །རྟ་ནག་མང་པོ་ཙེ་རེ་རེ། །དུག་མཚོ་ཁོལ་མ་ཆི་ལི་ལི། །འུག་པ་རྐན་སྒྲ་ཆེམས་སེ་ཆེམ། །ཐུན་གྱི་སེར་བ་ཤ་ར་ར། །འགོང་པོ་ངུ་སྐད་ལྷངས་སེ་ལྷང་། །འདྲེ་ངན་སྐད་ངན་ཙེ་རེ་རེ། །རྒྱལ་བསེན་སྨྱོས་སྒྲ་དི་རི་རི། །ཆོས་སྐྱོང་འཁོར་བཅས་འཐིབས་སེ་ཐིབ། །ཚུར་གཤེགས་ཚུར་བྱོན་དམ་ལ་འདུས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་བསྒྲུབ་པར་མཛོད། །བྷྱོ། དོ་ནུབ་ནམ་གྱི་གུང་ཐུན་ལ། །བླ་རྐུན་ཇག་པ་ལས་ལ་ཁྱེ། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་ཐུངས། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །བཅོལ་པའི་ལས་རྣམས་བསྒྲུབ་པར་མཛོད། །ཅེས་དང་། ཧཱུྃ། ཀུན་བཟང་རྡོ་རྗེ་འཆང་ཆེན་དང་། །དཔལ་ཆེན་ཁྲག་འཐུང་གསང་བའི་བདག །སློབ་དཔོན་ཤཱནྟིང་གརྦྷ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་ནས་བསྟན་བསྲུང་ཞིང་། །རིག་འཛིན་སྐྱོང་བར་ཁས་བླངས་པའི། །དམ་བཅའ་གཉན་པོ་བཅས་པ་རྣམས། །ད་ལྟ་རྣལ་འབྱོར་བདག་བསྐུལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ལོག་ལྟ་གནོད་བྱེད་དགྲ་བགེགས་སྒྲོལ། །མཐུ་དང་རྫུ་འཕྲུལ་ད་ཕྱུངས་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཁོ་ན་ལ། །ཐུགས་དམ་མ་གཡེལ་སོད་ལ་ཤོག །བདག་གིས་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བསྐུལ་ཞིང་རྦད་གསད་ཀྱི་སྔགས་རྣམས་དྲག་ཏུ་བཟླ། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པས་དམོད་མོ་བྱ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕངས་པས་སྲུང་མ་འཁོར་བཅས་དཔའ་བའི་ངར་སྒྲ་དང་བཅས་ཏེ་བསྐྱོད་པས་དགྲ་བོའི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་མོ། །ཐུན་མོང་མ་ཡིན་པའི་དྲག་ལས་བསྒྲུབ་པར་འདོད་པས་ནི། འབོད་རྦད་གསད་གསུམ་གྱིས་གཞི་བཟུང་ནས་མཐའ་སྡུད་གསུམ་གྱིས་ལས་ལ་སྦྱོར་ཚུལ་རྣམས་གཏེར་གཞུང་གི་མན་ངག་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ལག་ཏུ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་གཏོར་མ་བསྟབ་པ་ནི། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་འབུལ་གཏོར་ཟུར་དུ་བཅས་པ་དང་། ཉིན་ཐ་མའི་ཚེ་ན། བླ་མ་ཡི་དམ་གྱི་གཏོར་མ་མ་གཏོགས་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། །སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ནས་སྟེགས་ལ་བཀོད་རཀྟས་བྲན་ལ་དམིགས་བྱ་དགུག་གཞུག་བྱ། ཨོཾ་ཨཱཿཧཱུྃ་ཧོཿ སླར་ཡང་བྱིན་གྱིས་བརླབ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིས། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུངས་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་ཕུལ། རྒྱབ་ཆོག་ལས་གཞུང་གཞན་དང་འབྲེལ་ན་བརྟན་སྐྱོང་ཡོད་པ་ཤས་ཆེ་བས་དེས་ཁྱབ་ལ་གཞན་དུ་བརྟན་སྐྱོང་རྒྱས་བསྡུས་གང་རུང་རེ་བྱས་ན་ཤིན་ཏུ་ལེགས་པར་འགྱུར་རོ། །གཉིས་པ་གཏང་རག་གི་མཆོད་པ་ནི། སླར་ཡང་ཅུང་ཟད་མཆོད་ནས། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་བསྟོད། གསུམ་པ་ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པར་བཟླ། །བཞི་པ་རྗེས་བསྡུ་ནི། ཡེ་ཤེས་པ་རྟེན་ཡོད་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱི་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རྟེན་མེད་པ་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ་ནས། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་ཞེས་པས་བདག་བསྲུང་། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་ཞེས་རང་གནས་སུ་བཏང་། དགེ་བ་རྫོགས་བྱང་དུ་བསྔོ་བ་རྣམས་བྱའོ། །ལྔ་པ་ཤིས་བརྗོད་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་བསྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་དུ་མས་བདེ་ལེགས་སུ་ཁྱབ་པར་བྱའོ། །ཕྱི་རོལ་ཞིང་ཀུན་ཁྱབ་པར་རྒྱུད་གསུམ་གྱི། །དྲེགས་པ་ཡོངས་ཀྱི་རྗེར་གྱུར་ནག་པོ་ཆེ། །ནང་དུ་རྡོ་རྗེ་ལུས་ཀྱི་ཕོ་བྲང་དུ། །རྩ་རླུང་ཐིག་ལེར་ཡོངས་ཤར་ཡེ་ཤེས་མགོན། །གསང་བ་རང་སེམས་གསལ་སྟོང་ཟུང་འཇུག་ཏུ། །ཡང་དག་གདོད་མའི་བསྟན་སྲུང་ཧེ་རུ་ཀ །འཁོར་བཅས་བསྙེན་ཅིང་མཆོད་པའི་ཕྲིན་ལས་གཞུང་། །ལེགས་པར་བསྡེབས་ལ་དབྱིངས་ནས་ཅིས་མི་དགྱེས། །དེ་ཕྱིར་རྒྱལ་བསྟན་གཡེལ་བ་མེད་སྐྱོང་ཞིང་། །རང་གཞན་འདོད་པའི་ཕྲིན་ལས་ཐོགས་མེད་དུ། །ཡོངས་གྲུབ་བདུད་ལས་རྣམ་རྒྱལ་ཧེ་རུ་ཀའི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་འདི་ནི་སྔན་ལུང་གསང་སྔགས་ཆོས་གླིང་ནས་རྒྱལ་སྲས་སྤྲུལ་པའི་སྐུ་བསྟན་འཛིན་ལེགས་པ་དོན་གྲུབ་ཀྱི་བཀའ་ལུང་བཞིན། གང་གི་ཞབས་རིམ་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་པས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་བ་ལས། གཏེར་གཞུང་རྩ་བའི་སྙིང་པོ་རྣམས་སྲོག་ཏུ་བཟུང་ཡིག་རྙིང་བརྗོད་བདེ་བ་རྣམས་ཁྲིགས་སུ་བསྡེབས་ཁ་སྐོང་འགའ་ཞིག་གསར་དུའང་སྤེལ་ཏེ། སྙོམ་ལས་པ་འགྱུར་མེད་རྡོ་རྗེས་གཡུ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོའི་འདབས་གསང་སྔགས་ཕོ་བྲང་དུ་ཡི་གེར་སྤེལ་བའོ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྨིན་བྱེད་ཆོ་ག་ཡེ་ཤེས་དབྱིངས་སྒྲོལ་ (Volume 23, Text 24)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྨིན་བྱེད་ཆོ་ག་ཡེ་ཤེས་དབྱིངས་སྒྲོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སཾ་སཱ་ར་དྷཱ་ཏུ་ཏཱ་རཱ་ཡ། འཁོར་བ་དབྱིངས་སུ་སྒྲོལ་བའི་ཐུགས་རྗེའི་སྟོབས། །སྲས་བཅས་རྒྱལ་ཀུན་གཅིག་ཏུ་བསྡུས་པ་བཞིན། །འཇིག་རྟེན་མགོན་གྱུར་ཆགས་མེད་པདྨའི་སྤྱན། །ཀུན་ཏུ་གཟིགས་པ་དེ་ལ་གུས་ཕྱག་འཚལ། །མཆོག་སྤྲུལ་རིག་འཛིན་ལེགས་ལྡན་རྗེས། །འགྲོ་མང་སྒྲོལ་བའི་ཕྱག་མཚན་གང་། །ཐར་འདོད་སྙིང་གི་བཅུད་འོས་པས། །སྨིན་བྱེད་བདུད་རྩིའི་སྒོ་འཕར་དབྱེ། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་དཀྲི་བའི་རིམ་པ་ལ་གསུམ། སྦྱོར་བ་གཤོམ་དང་སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། རྟེན་དང་ཡོ་བྱད་ཀྱིས་སྤྲས་པའི་གནས་ཁང་གི་གུང་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དཀྱིལ་འཁོར་གཞུང་མཐུན་རས་བྲིས་བཀྲམ་པའི་དབུས་སུ་མཉྫི་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ་བཀོད། སྐུ་ཙཀ་གཙོ་འཁོར་བཅོ་ལྔ་ཁ་རྒྱན་གསེབ་ཏུ་བཀོད་པར་བཤད་པ་ལྟར་རམ་མི་བདེ་ན་དབུས་མདུན་དུ་བཞག །ཤར་དུ་མེ་ཏོག་དམར་པོའི་ཅོད་པན། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། གསང་དབང་ཐོད་ཆང་། རིག་ཙཀ །ཤེལ་རྡོ་མེ་ལོང་། གདུགས་དང་རྒྱལ་མཚན་གླེགས་བམ་རྣམས་དངོས་སམ་ཙཀླི །བྱང་ཤར་དུ་ལས་བུམ་རྣམས་བཀོད། སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཐའ་བསྐོར། གཞན་ཡང་སྟ་གོན་རྫས་བཞི། མིག་དར་མེ་ཏོག །ལས་གཞུང་ལ་ཉེ་བར་དགོས་པའི་གཏོར་ཚོགས་ཐམས་ཅད་འདུ་བྱའོ། །དངོས་སྟ་སོ་སོར་ཕྱེ་བའི་དབང་དུ་བྱས་ན་བདག་བསྐྱེད་སྔོན་དུ་འགྲོ་བས། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་ཉིན་སྔ་མ། སྒྲུབ་མཆོད་དབང་བསྐུར་ཕྱི་མར་དགོས་ཀྱང་འདིར་མགྱོགས་དབང་དངོས་སྟ་སྦྲེལ་མའི་དབང་དུ་བྱས་ཏེ། ལས་བྱང་དབུ་ནས་བརྩམ་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་སྣང་སྲིད་དཀྱིལ་འཁོར་གཅིག་རྫོགས་སུ་བསྐྱེད། བསྙེན་པའི་ཐོག་མར་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་སོ་སོར་སྤྲོ་བསྡུ་བཅས་བཟླས་པ་བྱ། བུམ་དཀྱིལ་གསལ་གདབ་སོགས་སྤྱི་འགྲེས་བུམ་བཟླས་ཅི་འགྲུབ་མཐར་སྟོང་ཚིགས་མཆོད་བསྟོད། བུམ་ལྷ་འོད་ཞུ་དང་། ལས་བུམ་ལ་རྟ་མགྲིན་བསྐྱེད་བཟླས། སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་མཆོད་བཤགས་བསྟབ་པའི་བར་བཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་ནི། སློབ་མ་རྣམས་ལས་ཀྱི་རྡོ་རྗེས་སྒོ་དྲུང་དུ་ཁྲུས་བྱ། ཡོལ་བའི་ཕྱི་རོལ་དུ་འཁོར་དུ་བཅུག་ལ། ཐོག་མར་ཁྱེད་རང་རྣམས་ཕོ་བྲང་གཉན་པོའི་སྒོ་དྲུང་འཁོད་པས་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས། ཀྱེ་ཧོ༔ ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས༔ ཕྱག་མཚན་མཚོན་ཆས་བདུད་དཔུང་འཇོམས༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ ཁྱོད་ཀྱིས་ནང་དེར་གཏང་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཧོ༔ གླགས་ལྟའི་ཕྱིར་དུ་བདུད་རིགས་སམ༔ འོན་ཏེ་མུ་སྟེགས་བྱེད་པ་འམ༔ ཐེག་དམན་གསང་སྤྱོད་གཉན་པོ་ལ༔ ལྟ་བར་མི་རུང་མ་ཡིན་ནམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་རྒྱལ་གསང་བའི་བདག༔ བདག་ཅག་བདུད་རིགས་མུ་སྟེགས་དང༔ ཐེག་དམན་མ་ལགས་གསང་ཆེན་གྱི༔ སྨིན་གྲོལ་ཉིང་ཁུ་གནང་བར་མཛོད༔ ཅེས་ལན་གསུམ། བགེགས་གཏོར་བྱིན་བརླབས་ལ་བསྔོས་ཏེ་བཏང་། བཀའ་བསྒོ་བདེན་བརྗོད་དྲག་སྔགས་ཡུངས་ཐུན་རོལ་མོ་བཅས་བགེགས་བསྐྲད་ལ་སློབ་མ་རྣམས་ནང་དུ་བཏང་ལ་སྲུང་འཁོར་བསྒོམ་ཞིང་མཚམས་བཅད། གྲལ་དུ་འཁོད་ནས་ཆོས་བཤད་དང་མཚམས་སྦྱོར་ཁྱད་པར། དེའང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་ཉིད་འཆི་མེད་རིག་འཛིན་ཆེན་པོའི་སྐུར་བསྟན་ནས་ཤིན་ཏུ་གདུལ་བར་དཀའ་བའི་མི་དང་མི་མ་ཡིན་པ་སྤྱི་དང་། ལྷག་པར་པྲེ་ཏ་བོད་ཀྱི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ལ་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེན་པོས་དུས་གསུམ་དུ་སྐྱོང་བར་མཛད་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས། དངོས་དང་བརྒྱུད་ནས་འདུལ་བ་བཞིའི་ཆོ་འཕྲུལ་ཆེན་པོས་བོད་ཡུལ་མཐའ་དག་སྤྱིར་ཐེག་པ་ཆེན་པོ་དང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་གདུལ་ཞིང་དུ་སྨིན་པར་མཛད། སྐལ་ལྡན་གྱི་འདུས་པ་དང་པོ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བསམ་ལས་འདས་པ་བསྐོར་ཏེ་རྟོགས་གྲོལ་དུས་མཉམ་གྱིས་གྲུབ་པ་ཆེན་པོའི་ས་ལ་བཀོད། ཁྱད་པར་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་ཕྱི་ནང་གསང་བའི་སྨིན་གྲོལ་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་ལས་འདས་པ་པདྨོ་བཀོད་པའི་ཞིང་དུ་དབུགས་དབྱུང་བར་མཛད་ཅིང་། གདམས་ཟབ་ཀྱི་སྙིང་པོར་གྱུར་པ་ཕལ་མོ་ཆེ་སྙིགས་དུས་ཐ་མའི་སྐྱེ་དགུ་སྐྱོབ་པའི་དཔུང་གཉེན་ཏུ་བརྩེ་བས་དགོངས་ཏེ་གཏེར་རིགས་མི་འདྲ་བ་དུ་མར་རྡོ་རྗེའི་རྒྱ་ཡིས་བཏབ་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། འདི་ཉིད་ཀྱི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་ཆོས༔ དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ༔ ཁྱད་འཕགས་ཡང་ཟབ་ཐེག་པའི་ཉེ་ལམ་གྱིས༔ ཚེ་གཅིག་སངས་རྒྱས་ཐོབ་བྱེད་མཆོག་གི་གནད༔ འདི་ཉིད་ལས་གཞན་བསྟན་དུ་མེད་པ་སྟེ༔ དུས་གསུམ་རིག་འཛིན་རྣམས་ཀྱི་དགོངས་པའི་བཅུད༔ སྡེ་གསུམ་ཐེག་དགུའི་སྙིང་པོ་གཅིག་ཏུ་དྲིལ༔ ཅེས་དང་། དེ་ལྟར་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད༔ འཕགས་མཆོག་རྡོ་རྗེའི་གསུང་གིས་བདག་ལ་གནང༔ པདྨ་བདག་གིས་མན་ངག་ཁ་བསྐངས་ཏེ༔ སྔ་མའི་འཁོར་ལྔ་མ་འོངས་ལས་ལྡན་དོན༔ རྣམ་སྣང་ཐུགས་ཀྱི་སྒྲོམ་བུར་ཨ་ཐམ་རྒྱ༔ ཞེས་བསྔགས་པར་མཛད་པ་ལྟར། དཔལ་གྱི་བསམ་ཡས་དབུ་རྩེའི་སྟེང་ཁང་དུ་ལས་ཅན་དག་པའི་འཁོར་ལྔས་གསོལ་བ་བཏབ་པའི་ངོར་ཐུགས་རྗེ་ཆེན་པོའི་ཞལ་ལུང་དངོས་ལ་མན་ངག་གིས་ཁ་བསྐངས་ཏེ་བསྩལ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གཏེར་དུ་སྦས་པ་ཉིད་གདུལ་བའི་དུས་སུ་སོན་པ་ན། ཇི་སྐད་དུ། སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་ལྟར། བོད་ཁམས་ཕུར་ཐོགས་ཡོངས་ཀྱི་གཙོ་བོ་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་རྩལ་གྱི་སྤྲུལ་པའི་རོལ་གར། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་བདུད་འཇོམས་སམ་གསང་མཚན་རྡོ་རྗེ་གྲོ་ལོད་དུ་གྲགས་པས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྟེང་ཁང་རྣམ་པར་སྣང་མཛད་ཀྱི་གསང་སྒྲོམ་ནས་སྤྱན་དྲངས་པའི་ཟབ་ལམ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ། སློབ་མའི་ངོ་སྐལ་སྔོན་འགྲོ་ལྷག་པར་གནས་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཅེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྐུ༔ རྡོ་རྗེ་སློབ་དཔོན་སྤྱན་རས་གཟིགས༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ༔ ལན་གསུམ། བླ་མ་ཐུགས་རྗེ་ཆེན་པོ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ལ་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་མཁའ་མཉམ་སོགས་ལས་བྱང་ལྟར་ལན་གསུམ། མཁའ་མཉམ་གྱི་ཕ་མ་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་སྨིན་གྲོལ་གྱི་ལམ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧྲཱི༔ སྲིད་མཚོ་འཁོར་བའི་སོགས་ལས་བྱང་ལྟར་ལན་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་གྱི་ཚིག་དོན་སོ་སོ་ལེགས་པར་དྲན་པའི་ཏིང་འཛིན་དམིགས་པའི་རིམ་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧོ༔ ཐུགས་རྗེ་ཆེན་པོ་རྩ་གསུམ་ཞི་ཁྲོའི་ལྷ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང༔ ཉི་ཟླ་པདྨའི་གདན་ལ་དགྱེས་པར་བཞུགས༔ མཁའ་མཉམ་ལུས་ངག་ཡིད་ཀྱིས་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ སྒོ་གསུམ་སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ འཁོར་འདས་དུས་གསུམ་དགེ་ལ་རྗེས་ཡི་རང༔ མི་འགྱུར་ཆོས་སྐུའི་ངང་དུ་བརྟན་པར་བཞུགས༔ ཞི་བ་ཆོས་ཀྱི་བདུད་རྩིའི་སྒོ་དབྱེ་གསོལ༔ རྣམ་དག་དགེ་བའི་ཚོགས་རྣམས་གཅིག་བསྡོམས་ཏེ༔ འགྲོ་དྲུག་བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ༔ ལན་གསུམ། དབང་རྟེན་དམ་ཚིག་གཉན་པོ་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དབྱེ་བས་བསྡུས་པ་རྣམས་དང་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ་གཙོར་གྱུར་པའི་རྡོ་རྗེ་ཐེག་པའི་འདུལ་བ་ནས་གསུངས་པ་རྣམས་ལེགས་པར་བླངས་ཏེ་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་བཅས་རྣམས༔ རང་བྱུང་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ རིགས་འདུས་ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བདག་ལ་བརྩེ་བས་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་དུས་འདི་ནས་བཟུང་བྱང་ཆུབ་བར༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༔ བྱང་ཆུབ་སེམས་མཆོག་མི་ཉམས་བཟུང་བར་བགྱི༔ རྡོ་རྗེ་སྙིང་པོ་རྩ་བ་རིགས་ལྔ་པོའི༔ དམ་ཚིག་མ་ལུས་བདག་གིས་བཟུང་བར་བགྱི༔ ལྷུན་གྲུབ་དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ སྐྱབས་གསུམ་ཁྲིམས་གསུམ་མ་ལུས་བཟུང་བར་བགྱི༔ མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ ཕྱག་རྒྱ་རྣམ་གསུམ་མི་འབྲལ་བཟུང་བར་བགྱི༔ འདོད་འབྱུང་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞིའི་ལས་ལ་བརྩོན་པར་བྱ༔ སྐྱོན་བྲལ་པདྨ་རིགས་ཀྱི་དམ་ཚིག་ཏུ༔ དམ་ཆོས་མ་ལུས་ཡོངས་སུ་བཟུང་བར་བྱ༔ སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་ལྡན་མཆོད་པའི་ལས་ལ་བརྩོན་པར་བྱ༔ ཁྱད་པར་ལྷ་སྔགས་བདེ་ཆེན་རྡོ་རྗེ་གསུམ༔ བདག་གི་སྒོ་གསུམ་མཉམ་སྦྱོར་སྒྲུབ་པ་དང༔ ཤེས་དང་མི་སྤང་དང་དུ་བླང་བ་དང༔ བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ༔ ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས༔ གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན༔ བདག་གིས་མ་ལུས་ཡོངས་སུ་བཟུང་བར་བྱ༔ དེ་ཡིས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ༔ བླ་མེད་རྡོ་རྗེ་འཆང་གི་ས་ཐོབ་ཤོག༔ ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཕྱག་གཡས་ཐུགས་ཀར་ཤེལ་ཕྲེང་དམར་པོ་འདྲེན་ཅིང་གཡོན་མཉམ་གཞག་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་པདྨ་དང་ཉི་ཟླའི་གདན་ལ་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་པདྨ་དང་བུམ་པ་འཛིན་པས་འཁྲིལ་བ། གཉིས་ཀའང་དར་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྤྱི་བོའི་གནས་ལྔར་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿརིགས་ལྔའི་རང་བཞིན་གྱིས་མཚན་པ། གདོད་ནས་དམ་ཚིག་དང་ཡེ་ཤེས་པ་གཉིས་སུ་མེད་པའི་སྐུར་གྱུར་པ་ལ་མཆོད་པའི་སྤྲིན་གྱིས་མངོན་པར་མཆོད་པར་མོས་ཤིག །ཉེར་སྤྱོད་ལྔས་མཆོད་པའི་ཚུལ་བྱས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་སྦྱར། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། སོ་ཤིང་གཏད། ར་བ་འདུ་བྱས་ལ། སོར་བརྒྱད་ལྡན་པའི་སོ་ཤིང་གིས༔ རིགས་འདུས་ལྷ་དང་འཕྲད་པར་ཤོག༔ ཨོཾ་བཛྲ་ཧ་ས་ཧ༔ དེ་ལྟར་དོར་བའི་རྩེ་མོ་ཕྱོགས་བཞིར་བསྟན་ན་ཕྲིན་ལས་བཞི། མཚམས་སུ་དངོས་གྲུབ་ཕྲན་ཚེགས། སྟེང་དང་སློབ་དཔོན་ལ་བསྟན་ན་མཆོག་འགྲུབ་པར་གསུངས་སོ། །སྲུང་སྐུད་དམར་པོ་རྟ་སྔགས་ཀྱིས་བཏབ་པ་ཕོའི་དཔུང་གཡས་མོའི་གཡོན་དུ་བཅིངས་ལ། ཧཱུྃ་ལས་བསྐྱེད་པའི་རྟ་མགྲིན་སྔགས་མདུད་གཟུགས༔ དཔུང་པར་བཅིངས་པས་བགེགས་ཚོགས་ཞི་གྱུར་ཅིག༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ༔ བཾ་ལན་བདུན་གྱིས་བརླབས་པའི་དུང་ཆུ་སྦྱིན་ལ། བཾ་ལས་སྐྱེས་པའི་དག་བྱེད་བདུད་རྩིའི་རྒྱུན༔ ལན་གསུམ་འཐུང་བས་སྒོ་གསུམ་སྒྲིབ་བྱང་གྱུར༔ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཿཔཱ་པེ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱཾ་ཨ་པ་ན་ཡེ་ཧཱུྃ༔ ཧཱུྃ་དང་དྷཱིཿབཟླས་པའི་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་སྔས་སྟན་དུ་སྦྱིན་ལ། ཧཱུྃ་དྷཱིཿལས་སྐྱེས་ཀུ་ཤ་དགེ་བའི་ལྟས༔ རྨི་ལམ་གང་བྱུང་མ་གསང་ང་ལ་སྨོས༔ ཧཱུྃ་དྷཱི༔ ཕྱིར་མི་ལྡོག་ཅིང་སྤྲོ་བ་སྐྱེད་པའི་ཆོས་བཤད་པ་འདི་ལ་གསན་འཚལ། ཧོ༔ ཁྱོད་རྣམས་ལས་སད་སྣོད་ལྡན་སྐལ་པ་བཟང༔ སྐུ་གསུམ་སྟོན་པའི་བསྟན་པ་ཀུན་གྱི་བཅུད༔ ཏི་ལ་ཐེག་རྒྱལ་རྡོ་རྗེ་སྙིང་པོའི་དོན༔ རིགས་འདུས་ཐུགས་རྗེ་ཞི་ཁྲོའི་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བའི་ལས་དང་འཕྲད་པ་འདིས༔ ཚེ་གཅིག་མཆོག་ཐོབ་མཁའ་སྤྱོད་ལ་སོགས་བརྒྱད༔ ཞར་ལ་འགྲུབ་ཕྱིར་དགའ་དང་སྤྲོ་བ་ཡིས༔ བརྩོན་པས་ཉམས་སུ་ལེན་ལ་འབད་པར་གྱིས༔ དེ་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། གཉིས་པ་དངོས་གཞི་དབང་ལའང་འཇུག་པ་དང་དབང་དངོས་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿབླ་མ་རྡོ་རྗེ་འཛིན༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ ཁྱེད་ཀྱིས་ཐུགས་རྗེ་ཆེན་པོ་ཡི༔ བླ་མེད་གསང་བའི་དབང་རྣམས་སྩོལ༔ ལན་གསུམ། འདིར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུ་པ་རིགས་ལྔའི་སྡོམ་བཟུང་བྱ་བར་གསུངས་པས་དངོས་སྟ་སྦྲེལ་སྐབས་གོང་གི་དེས་འཐུས་པར་མཛད། མིག་དར་ཅོད་པན་སྦྱིན་ལ། ཧོ༔ གཉིས་འཛིན་མ་རིག་མཚོན་པའི་ཕྱིར༔ མིག་དར་བཅིངས་པ་འཁྲུལ་གཞིའི་དོན༔ ཨོཾ་ཙཀྵུརྦནྡྷ་ཧཱུྃ༔ ཧོ༔ མེ་ཏོག་རིགས་མཚོན་ཅོད་པན་འདི༔ དངོས་གྲུབ་ཐོབ་ཕྱིར་བཟུང་བར་གྱིས༔ ཨཱོཾ་པུཥྤེ་སིདྡྷི་ཧཱུྃ༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་བཞིར་གཡས་སྐོར་གྱིས་རིམ་པས་ཕྱིན་ཏེ་སྒོ་སྲུང་ཡབ་ཡུམ་རྣམས་ལ་སྒོ་དབྱེ་བར་གསོལ་བ་གདབ་པར་མོས་ལ་རྗེས་ཟློས། ཧོ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་རུ༔ སྒོ་བ་གིང་ཆེན་ཡབ་ཡུམ་རྣམས༔ ཞི་རྒྱས་དབང་དྲག་སྒོ་ཕྱེས་ལ༔ བདག་ཅག་དཀྱིལ་འཁོར་ལྷ་དང་སྤྲོད༔ ལན་གསུམ། དཀྱིལ་འཁོར་གྱི་ཡོལ་བ་བསལ། དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་རྣམས་ཀྱིས་སྒོ་བཞི་ཤག་གིས་ཕྱེས་པ་ལ་ཁྱེད་རང་རྣམས་ཀྱིས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས། ནང་གི་སྟེགས་བུར་འཁོད་དེ་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱས་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ལན་གསུམ། ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ཚིག་བསྒྲག་པ་ཡིན་པས་ངེས་འཚལ། རྡོ་རྗེ་མགོར་བཞག་ལ། ཧོ༔ རིགས་འདུས་ཐུགས་རྗེའི་ལྷ་ཚོགས་རྣམས༔ ཁྱོད་དང་གཉིས་མེད་དངོས་གྲུབ་འགྱུར༔ འདི་ཉིད་གཞན་ལ་སྨྲས་པ་ན༔ དམ་ཚིག་ཉམས་པར་འགྱུར་ཏ་རེ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ དུང་ཆུ་ནང་མཆོད་བསྲེས་པ་བླུད་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ མ་བསྲུང་ན་རཀ་རྒྱུ་ཡིན་པས༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ༔ སླར་ཡང་རྡོ་རྗེ་གདེངས་ལ། ཧོ༔ འདི་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ ཐུགས་རྗེ་ཆེན་པོ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གི་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེ༔ བདེ་ཆེན་བདུད་རྩི་ཆེན་པོའི་ཆར༔ ད་ལྟ་ཉིད་དུ་དབབ་པར་མཛོད༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་གནད་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་དང་ལས་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཕྱག་གཡས་ཤེལ་ཕྲེང་དམར་པོ་ཐུགས་ཀར་འདྲེན་ཅིང་གཡོན་མཉམ་གཞག་གིས་བུམ་པ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་གཡས་པདྨ་དང་གཡོན་བུམ་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་དང་པོ་ཏ་ལ་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་སོགས། སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མ་ཐམས་ཅད་སྤྱན་རས་གཟིགས་འཁོར་བ་དབྱིངས་སྒྲོལ་གྱི་ལྷ་ཚོགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་བརྟན་པོ་མཛོད་ཅིག །ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་སྤྲོ་ན་བླ་བརྒྱུད་གསོལ་འདེབས་དང་། ལས་བྱང་གི་བྱིན་འབེབ་དང་སྤྱན་འདྲེན་བབ་དྲུག་གསུམ་གང་རུང་གི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བཟླས་མཐར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཨོཾ་བཛྲ་ཏིཥྛ་ལྷན༔ ཞེས་བརྗོད་པས་བརྟན་པར་བྱ། དེ་ནས་སློབ་མ་ལ་མིག་རས་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་ལྟར་བཅུག་ལ། ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་། ཞེས་དྲིས། ལན་དུ། དཀར་པོར་སྣང་། སོགས་ཟེར་ན་ཞི་བའི་ལས་གྲུབ་པ་སོགས་སུ་བརྡ་སྤྲད། ཚོམ་བུའམ་འགྲིམ་དཀྱིལ་བཀོད་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་ལ་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ གསང་ཆེན་རིགས་འདུས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ཚེ་གང་དང་འབྲེལ་བ་ཡི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་པཱུ་ཛ་ཧོ༔ ཞེས་འདོར་དུ་གཞུག་ལ་རིགས་མཐུན་གྱི་གསང་མཚན་ནམ་སྤྱི་ཙམ་དུ། དཀྱིལ་འཁོར་བ་གང་འདུལ་གྱི་སྒྱུ་འཕྲུལ་གར་གྱི་རོལ་པས་གཙོ་དང་འཁོར་དུ་སྣང་ཡང་ངོ་བོ་ཁྱབ་བྱེད་སོར་རྟོག་ཡེ་ཤེས་གཅིག་གི་དབྱིངས་ལས་མ་གཡོས་པའི་ཕྱིར། མེ་ཏོག་གང་དུ་ཕོག་ཀྱང་དཀྱིལ་འཁོར་གཙོ་བོའི་རང་བཞིན་ཁོ་ན་ཡིན་པས་གསང་བའི་མཚན་དུ་དཔལ་པདྨའི་དབང་ཕྱུག་ཅེས་བྱ་བ་ཡིན་ནོ། །མེ་ཏོག་དེ་ཉིད་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིང་པར་མོས་ཤིག །ཧོ༔ བུ་ཁྱོད་རིགས་འདུས་ཐུགས་རྗེའི་ལྷ༔ འཁོར་བ་དབྱིངས་སྒྲོལ་དངོས་ཡིན་པས༔ རང་རིགས་བླ་མ་ཅོད་པན་དབང༔ བསྐུར་བས་འཁོར་ལོའི་བདག་པོར་ཤོག༔ ཨོཾ་གུ་རུ་པདྨ་པུཥྤེ་རཱུ་པ་ཨ་བྷི་ཥིཉྩ་མཱཾ༔ ཞེས་ཅོད་པན་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ མ་རིག་ལིང་ཐོག་བསལ་བ་ལྟར༔ ཁྱོད་ཀྱི་གཉིས་འཛིན་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་ཛྙཱ་ན་ཙཀྵུ༔པྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་གཡོགས་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་དུ་གྱུར་པ་དེས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་བརྗོད། སྤྲོ་ན་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་གྲངས་བཅོ་ལྔ་པོའི་མངོན་རྟོགས་ཙམ་སྟོན་པའམ་རེ་རེ་ནས་བརྡ་དོན་རྟགས་དང་བཅས་ཏེ་རྒྱས་པར་བསྟན་པར་བྱ། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་བདག་ལ་བསྩལ་དུ་གསོལ། །ལན་གསུམ། དངོས་གཞི་དབང་རྣམས་རིམ་པར་བསྐུར་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་བཞི་ཡོད་པའི་དང་པོ་བུམ་པའི་དབང་ལའང་ཕྱི་ནང་གཉིས་ལས་ཐོག་མར་ཕྱི་རིག་པའི་དབང་ལྔ་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སློབ་མ་མི་བསྐྱོད་ཐུགས་རྗེ་ཤེལ་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མཱ་ཀཱི་དཀར་མོ་པདྨ་བུམ་འཛིན་འཁྱུད༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས༔ དབང་ལྷའི་ཚོགས་རྣམས་བདུད་རྩིས་གང་བ་ཡི༔ བུམ་པ་འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ རྣམ་བུམ་སྤྱི་བོར་བཞག་ལ། ཧྲཱི༔ ཆོས་དབྱིངས་བུམ་པའི་གཞལ་ཡས་ན༔ རང་རིག་ཐུགས་རྗེ་ཞི་ཁྲོའི་ལྷ༔ མཉམ་སྦྱོར་བདེ་ཆེན་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧྱ་གྲཱི་བ་ཧཱུྃ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ བུམ་ཆུ་སྦྱིན། དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པའི་ངོ་བོར་གནས་གྱུར་པ་ཡིན་ནོ། །སློབ་མ་རིན་འབྱུང་ཐུགས་རྗེ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྤྱན་མ་སེར་མོ་པདྨ་བུམ་འཛིན་འཁྱུད༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས༔ དབང་ལྷའི་ཚོགས་རྣམས་རིན་ཆེན་ལས་གྲུབ་པའི༔ ཅོད་པན་འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ དབུ་རྒྱན་བཅིངས་ལ། ཧྲཱི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ རིགས་མཆོག་ལྔ་ཡི་དབང་བསྐུར་བས༔ དཔག་མེད་ཚེ་དང་ཡེ་ཤེས་ཀྱི༔ རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ་ཏྲཱཾ༔ དེས་རིན་ཆེན་འབྱུང་ལྡན་གྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་རྡོ་རྗེའི་རང་བཞིན་དུ་གནས་གྱུར་པ་ཡིན་ནོ། །སློབ་མ་སྣང་མཐའ་ཐུགས་རྗེ་བྱེ་རུའི་མདོག༔ ཞལ་གཅིག་ཕྱག་གཉིས་པདྨ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་བུམ་འཛིན་འཁྱུད༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས༔ དབང་ལྷའི་ཚོགས་རྣམས་ཡེ་ཤེས་རང་བཞིན་གྱི༔ རྡོ་རྗེ་འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ རྡོ་རྗེ་ལག་གཡས་སུ་གཏད་ལ། ཧྲཱི༔ ཐེག་དགུའི་ཡེ་ཤེས་རྣམ་དག་པའི༔ ཐུགས་མཆོག་རྡོ་རྗེའི་དབང་བསྐུར་བས༔ ཡེ་ཤེས་རྒྱ་མཚོ་རྣམ་དག་པའི༔ རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ དེས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་པདྨ་རྡོ་རྗེའི་རང་བཞིན་དུ་གནས་གྱུར་པ་ཡིན་ནོ། །སློབ་མ་དོན་གྲུབ་ཐུགས་རྗེ་ཨིནྡྲའི་མདོག༔ ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྒྲོལ་མ་ལྗང་གུ་རྒྱ་གྲམ་བུམ་འཛིན་འཁྱུད༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས༔ དབང་ལྷའི་ཚོགས་རྣམས་ཆོས་དབྱིངས་རང་བཞིན་གྱི༔ དྲིལ་བུ་འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ དྲིལ་བུ་ལག་གཡོན་དུ་གཏད་ལ། ཧྲཱི༔ ཆོས་དབྱིངས་སྟོང་ཉིད་སྒྲ་སྒྲོག་པའི༔ གསུང་མཆོག་དྲིལ་བུའི་དབང་བསྐུར་བས༔ ལེགས་པའི་ལམ་སྟོན་རྒྱུན་ཆད་མེད༔ རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་དྷརྨ་གྷཱཎྜེ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རྡོ་རྗེའི་རང་བཞིན་དུ་གནས་གྱུར་པ་ཡིན་ནོ། །སློབ་མ་རྣམ་སྣང་ཐུགས་རྗེ་དུང་གི་མདོག༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དབྱིངས་ཕྱུག་དཀར་མོ་པདྨ་བུམ་འཛིན་འཁྱུད༔ གནས་གསུམ་ཡིག་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས༔ དབང་ལྷའི་ཚོགས་རྣམས་རིགས་ཀྱི་རང་བཞིན་གྱི༔ ཅོད་པན་འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ ཅོད་པན་དམར་པོ་སྤྱི་བོར་བཞག་ལ། ཧྲཱི༔ གསང་ཆེན་རིགས་གཅིག་འོད་དཔག་མེད༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ དཔག་མེད་དཀྱིལ་འཁོར་རྒྱས་འདེབས་པའི༔ རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨ་མི་ཏཱ་བྷ་ཝ་བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ༔ དེས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཕུང་རྣམ་སྣང་རྡོ་རྗེའི་རང་བཞིན་དུ་གནས་གྱུར་པ་ཡིན་ནོ། །དེ་རྣམས་ཀྱིས་སློབ་མའི་དབང་རྣམས་གྲུབ་ནས། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ལ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་འཁོད། སྟེང་ན་གདུགས་ཕུབ། ལོགས་སུ་རྒྱལ་མཚན་བ་དན་བསྒྲེང་། མཐའ་སྐོར་མཆོད་པའི་བཀོད་པ་དུ་མ་དང་བཅས་ཏེ་མངའ་གསོལ་བར་མོས་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སློབ་མ་གསང་ཆེན་རྡོ་རྗེ་འཆང༔ ཡུམ་དང་འཁྲིལ་སྦྱོར་ཚུལ་དུ་བསྐྱེད༔ མཐིང་ག་རྡོར་དྲིལ་ཐུགས་ཀར་བསྣོལ༔ གནས་གསུམ་ཡི་གེ་ཧཱུྃ་འོད་ཀྱིས༔ དབང་ལྷ་རྣམས་ཀྱི་ཕྱག་ན་ནི༔ རྡོར་དྲིལ་བུམ་པ་པོ་ཏི་སོགས༔ འཛིན་པ་སྤྱན་དྲངས་དབང་བསྐུར་གྱུར༔ རྣམ་བུམ་གྱིས་དབང་བསྐུར། རྡོར་དྲིལ་པོ་ཏི་ལག་ཏུ་གཏད་ལ། ཧྲཱི༔ ཆོས་དབྱིངས་བུམ་པ་ཡེ་ཤེས་བཅུད་ཀྱིས་བལྟམས༔ ཐབས་ཤེས་རྡོར་དྲིལ་གཞན་དོན་གླེགས་བམ་སྟེ༔ རྡོ་རྗེ་རྒྱལ་པོ་ཆེན་པོར་དབང་བསྐུར་བས༔ མཁའ་མཉམ་གདོད་མའི་ཞིང་དུ་འདྲེན་པར་ཤོག༔ ཨོཾ་བཛྲ་གྷཱཎྚེ་ཀ་ལ་ཤ་དྷརྨ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དང་མེ་ཏོག་འཐོར་ལ་རྟེན་སྙིང་དང་ཤིས་པ་བརྗོད་ལ་རོལ་མོ་བསྒྲག །གཉིས་པ་ནང་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་དམར་པོ་གཡས་ཕྲེང་བ་དང་གཡོན་མཉམ་གཞག་གིས་བུམ་པ་འཛིན་པ་ཡུམ་དམར་མོ་པདྨ་བུམ་པ་འཛིན་པ་དང་བཅས་པའི་ཐུགས་ཀར་པདྨ་འདབ་བཞིའི་ལྟེ་བར་གཙོ་བོ་ཡབ་ཡུམ་དང་འདྲ་བ། འདབ་བཞིར་རིགས་བཞིའི་ཐུགས་རྗེ་ཆེན་པོ་དཀར་སེར་དམར་ལྗང་རང་རྟགས་དང་ཤེལ་ཕྲེང་འཛིན་པ་ཡུམ་རང་མདོག་པདྨ་དང་བུམ་པ་འཛིན་པ་དེ་དང་མཉམ་པར་སྦྱོར་བ་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་ཅན། སྤྱི་བོར་འཁོར་ལོ་སེར་པོ་རྩིབས་བཞི་པའི་ལྟེ་བར་རྟ་མགྲིན་དམར་ནག་གྲི་གུག་དང་ཐོད་ཁྲག་ཅན་རང་འདྲའི་རྡོ་རྗེ་ཕག་མོ་དང་སྦྱོར་བ། རྩིབས་བཞིར་རྟ་མགྲིན་རིགས་བཞི་དཀར་སེར་དམར་ལྗང་རང་རྟགས་དང་ཐོད་ཁྲག་ཅན་རང་འདྲའི་ཕག་མོ་རིགས་བཞི་དང་སྦྱོར་བ། དེའི་ཕྱི་རོལ་གྱི་ཕྱོགས་བཞིའམ་མཚམས་བཞིར་མཁའ་འགྲོ་རིགས་བཞི་དཀར་སེར་དམར་ལྗང་ལྕགས་ཀྱུ་སོགས་རང་རྟགས་དང་ཐོད་ཁྲག་ཅན། ཐམས་ཅད་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་སོགས་ཁྲོ་བོའི་ཆས་རྣམས་རྫོགས་པ། དབུ་གཙུག་ཏུ་བླ་མ་འོད་དཔག་མེད་དམར་པོ་མཉམ་གཞག་ལྷུང་བཟེད་ཅན་ཆོས་གོས་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ། མདུན་གྱི་ཞི་བའི་ལྷ་ཚོགས་རྣམས་ལས་རང་འདྲ་གཉིས་པ་རེ་འཕྲོས་ཏེ་ཐུགས་ཀའི་ལྷ་གཙོ་འཁོར་རྣམས་ལ་ཐིམ་པས་ཕུང་ཁམས་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །ཙཀ་ལི་རྣམས་ཀྱིས་རིམ་བཞིན་དབང་བསྐུར་ལ། ཧྲཱི༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང༔ ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཟུགས་ཕུང་མཁའ་ཁམས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་ལོ་ཀེ་ཤྭ་ར་ག་ག་ཤྭ་རཱི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ བཅོམ་ལྡན་མི་བསྐྱོད་ཐུགས་རྗེ་དང༔ ཡུམ་ཆེན་རྡོ་རྗེ་མཱ་མ་ཀཱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་ཤེས་ཆུ་ཁམས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ལོ་ཀེ་ཤྭ་ར་མཱ་མ་ཀཱི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ བཅོམ་ལྡན་རིན་འབྱུང་ཐུགས་རྗེ་དང༔ ཡུམ་ཆེན་སངས་རྒྱས་སྤྱན་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚོར་ཕུང་ས་ཁམས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་ལོ་ཀེ་ཤྭ་ར་བུདྡྷ་ལོ་ཙ་ནི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ བཅོམ་ལྡན་སྣང་མཐའ་ཐུགས་རྗེ་དང༔ ཡུམ་ཆེན་ན་བཟའ་དཀར་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདུ་ཤེས་མེ་ཁམས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ པདྨ་ལོ་ཀེ་ཤྭ་ར་བཛྲ་ཙཎྜ་རི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ བཅོམ་ལྡན་དོན་གྲུབ་ཐུགས་རྗེ་དང༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདུ་བྱེད་རླུང་ཁམས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨ་ལོ་ཀེ་ཤྭ་ར་བཛྲ་ཏྭ་རི་ཨ་བྷི་ཥིཉྩ་མཱཾ༔ མདུན་གྱི་ཁྲོ་བོའི་ལྷ་ཚོགས་རྣམས་ལས་རང་འདྲའི་གཉིས་པ་ཆད་དེ་སྤྱི་བོའི་ལྷ་གཙོ་འཁོར་རྣམས་ལ་ཐིམ་པས་ཉོན་མོངས་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །ཧྲཱི༔ དབང་ཆེན་རྟ་ཕག་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་མོངས་གཏི་མུག་གནས་དག་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོཏ་ཧྱ་གྲཱི་བ་བཛྲ་ཝཱ་རཱ་ཧི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ བཛྲ་དབང་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན༴ ཉོན་མོངས་ཞེ་སྡང༴ མེ་ལོང་ཡེ་ཤེས༴ ཨོཾ་བཛྲ་ཧྱ་གྲཱི་བ་བཛྲ་ཝཱ་རཱ་ཧི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ རཏྣ་དབང་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན༴ ཉོན་མོངས་ང་རྒྱལ༴ མཉམ་ཉིད་ཡེ་ཤེས༴ ཨོཾ་རཏྣ་ཧྱ་གྲཱི་བ་རཏྣ་ཝཱ་རཱ་ཧི༴ ཧྲཱི༔ པདྨ་དབང་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན༴ ཉོན་མོངས་འདོད་ཆགས༴ སོར་རྟོག་ཡེ་ཤེས༴ ཨོཾ་པདྨ་ཧྱ་གྲཱི་བ་པདྨ་ཝཱ་རཱ་ཧི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ ཀརྨ་དབང་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་མོངས་ཕྲག་དོག་གནས་དག་ནས༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཧྱ་གྲཱི་བ་ཀརྨ་ཝཱ་རཱ་ཧི་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱིས༔ སྐལ་ལྡན༴ ཞི་བའི་ཕྲིན་ལས་མཐར་ཕྱིན་ནས༔ བྱམས་པ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཀིཾ་ཀ་ར་ཨ་བྷི་ཥིཉྩ་མཱཾ༔ ཧྲཱི༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱིས༔ སྐལ་ལྡན༴ རྒྱས་པའི་ཕྲིན་ལས༴ སྙིང་རྗེ་ཆེན་པོའི༴ ཨོཾ་རཏྣ་ཌཱ་ཀི༴ ཧྲཱི༔ པདྨ་མཁའ་འགྲོ་ཡབ་ཡུམ་གྱིས༔ སྐལ་ལྡན༴ དབང་གི་ཕྲིན་ལས༴ དགའ་བ་ཆེན་པོའི༴ ཨོཾ་པདྨ་ཌཱ་ཀི༴ ཧྲཱི༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས༔ བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་ཀིཾ་ཀ་ར་ཨ་བྷི་ཥིཉྩ་མཱཾ༔ མདུན་གྱི་འོད་དཔག་མེད་ལས་གཉིས་པ་བྱོན་ཏེ་དབུ་གཙུག་གི་ལྷ་ལ་ཐིམ་པས་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོར་གྲུབ་པར་མོས་ཤིག །ཧྲཱི༔ བཅོམ་ལྡན་རིགས་བདག་འོད་དཔག་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་རྣམས་ཀུན་ལ་རྒྱས་གདབ་ཕྱིར༔ རིགས་ཀྱི་བདག་པོའི་དབང་ཐོབ་ཤོག༔ ཨོཾ་ཨ་མི་ཏཱ་ཨུདྦྷ་ཝ་ཨ་བྷི་ཥིཉྩ་མཱཾ༔ དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་དང་རྩའི་དྲི་མ་སྦྱངས། སྣོད་བཅུད་ལྷའི་འཁོར་ལོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་ངག་སྒྲིབ་སྦྱང་བའི་ཕྱིར༔ གསང་བ་བྱང་ཆུབ་སེམས་ཀྱི་ཆུས༔ བདག་རྒྱུད་ཡོངས་སུ་གཏམས་པར་མཛོད༔ ལན་གསུམ། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ༔ ཞེས་མིག་དར་བཅིང་། སློབ་དཔོན་འཁོར་བ་དབྱིངས་སྒྲོལ་སྐུ༔ ཡུམ་དང་འཁྲིལ་སྦྱོར་ཐུགས་ཀ་ནས༔ འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་རྣམས༔ སྤྱན་དྲངས་བདག་ཉིད་ཞལ་དུ་ཞུགས༔ ཐུགས་ཀར་ཞུ་ཞིང་ཡབ་ཡུམ་གྱི༔ སྦྱོར་མཚམས་ནས་བབ་བྱང་ཆུབ་སེམས༔ དཀར་དམར་ཡེ་ཤེས་བདུད་རྩིའི་རྒྱུན༔ ཐོད་པའི་བདུད་རྩིར་གཉིས་མེད་འདྲེས༔ དེ་ཉིད་ལྕེ་ལ་བཞག་པར་མོས༔ ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ མཚན་ལྡན་བདེ་སྐྱོང་ཀ་པཱ་ལར༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་བལྟམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་མཱཾ་ས་ཨ་མྲྀཏ་པཉྩ་གུ་ཧྱ་ས་མ་ཡ་ཨ་བྷི་ཥིཉྩ་མཱཾ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་དེས༔ ལུས་ཀྱི་རྩ་གནས་ཀུན་ཁྱབ་པས༔ བདེ་ཆེན་ཡེ་ཤེས་སྐྱེས་པར་བསམ༔ ལུས་དཀྱིལ་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །འབྲུ་གསུམ། དེས་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་དང་རླུང་གི་དྲི་མ་དག །བདག་བྱིན་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་ཡིད་སྒྲིབ་སྦྱོང་བའི་ཕྱིར༔ ཤེས་རབ་ཡེ་ཤེས་བདེ་ཆེན་པོས༔ བདག་རྒྱུད་ཡོངས་སུ་སྨིན་པར་མཛོད༔ གསུམ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། འབྲུ་གསུམ། རིགས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧྲཱི༔ གསང་བ་ཡེ་ཤེས་ཌཱ་ཀི་འདི༔ བསྟེན་པ་ཙམ་གྱིས་བདེ་ཆེན་སྐྱེ༔ བུ་ཁྱོད་གཉིས་འཛིན་རྟོག་བྲལ་བས༔ ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱོས༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ། གཏད་པའི་རིག་མ་གསང་བ་ཡེ་ཤེས། མཁའ་གསང་རྡོ་རྗེ་དང་པདྨ། སེམས་ཅན་གྱི་དོན་དུ་བདེ་ཆེན་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པའི་འདུ་ཤེས་དང་ལྡན་པས་སྙོམས་པར་ཞུགས་པར་མོས་ཤིག །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ནི༔ སྤྱི་བོ་ནས་བབ་རིམ་བཞིན་དུ༔ མགྲིན་སྙིང་ལྟེ་བའི་བར་བྱོན་པས༔ དགའ་བ་མཆོག་དགའ་དགའ་བྲལ་དང༔ ལྷན་སྐྱེས་དགའ་བ་རིམ་བཞིན་ནོ༔ སླར་ཡང་མས་ནས་རིམ་བཞིན་དུ༔ ལྟེ་སྙིང་མགྲིན་སྤྱིའི་བར་བྱོན་ནས༔ རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད༔ དྲི་བྲལ་འབྲས་བཞི་རིམ་བཞིན་ནོ༔ བྷ་གའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ། འབྲུ་གསུམ། དེས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་གཉིས་འཛིན་སྒྲིབ་སྦྱང་ཕྱིར༔ རང་བྱུང་བདེ་ཆེན་ཡེ་ཤེས་ཀྱིས༔ བདག་རྒྱུད་ཡོངས་སུ་གཏམས་པར་མཛོད༔ ལན་གསུམ། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། འབྲུ་གསུམ། ཤེལ་རྡོ་མེ་ལོང་མིག་ལ་བསྟན། རྣ་བར་དྲིལ་བུ་སོགས་བསྒྲག །ལྕེར་བདུད་རྩི་བཞག་པ་སོགས་བྱས་ལ། ཧྲཱི༔ རང་རིག་ཡེ་ཤེས་གསུམ་ལྡན་འདི༔ སྟོང་གསལ་གཞོན་ནུ་བུམ་པའི་སྐུ༔ རིག་རྩལ་ཡེ་ཤེས་ལྔ་ལྡན་དང༔ འགྱུར་མེད་བདེ་ཆེན་རྟོགས་པར་ཤོག༔ ཨོཾ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ རང་གི་རིག་པ་རང་བཞིན་གྱིས་དྲི་མ་མེད་ཅིང་སྤྲོས་པ་ཀུན་དང་བྲལ་ལ་འོད་གསལ་བའི་གཤིས་ལུགས་རང་བྱུང་འགྱུར་བ་མེད་པའི་ངང་དུ་བཅོས་བསླད་མེད་པར་རང་བབ་ཏུ་བཞག་པ་ན། ཚོགས་དྲུག་གི་ཞེན་སྣང་ཐམས་ཅད་སྣང་སྟོང་གྲགས་སྟོང་དྲན་སྟོང་ཉིད་དུ་ལྷང་ངེར་ཤར། བསམ་བརྗོད་ཐམས་ཅད་དང་བྲལ་བའི་རིག་སྟོང་སྐུ་གསུམ་རང་ཆས་སུ་ལྷུན་གྱིས་གྲུབ་པ་འདིའི་དབྱིངས་སུ། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རྫོགས་ཤིང་གཞན་དུ་ནམ་དུའང་གཡོས་པ་མེད་པས་དེ་ལྟ་བུའི་དོན་གྱི་གནས་ལུགས་ལ་གོམས་འདྲིས་ཀློང་དུ་གྱུར་པས་དགོངས་པའི་གདིང་ཐོབ་པར་མཛོད་ཅིག །རང་བཞིན་གྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ། འབྲུ་གསུམ། དེས་རང་བྱུང་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལྷན་སྐྱེས་ཀུན་གཞིའི་དྲི་མ་དག །རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཤིས་བརྗོད་རྒྱས་པར་བྱ། གསུམ་པ་ནི། མཚམས་སྦྱོར་སྤྱི་ལྟར་བྱས་ལ་དབང་གི་རྗེས་དམ་ཚིག་བསྒྲགས་བཟུང་། ཡོན་དང་ལུས་འབུལ་དགེ་བསྔོ་བྱ། དཀྱིལ་འཁོར་རྗེས་རིམ་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་དང་གསང་བ་སྤྱིའི་འགྲོས་ལྟར་སྦྱར་རོ། །རང་སྣང་འཁྲུལ་པའི་རྒྱར་ཆུད་པ། །འཁོར་བ་མེད་སྣང་སྒྱུ་མའི་གསོབ། །ཡེ་ཤེས་ཆེན་པོར་རང་ཤར་ནས། འགྲོ་ཀུན་དབྱིངས་སུ་སྒྲོལ་བར་ཤོག །ཅེས་པའང་རིས་སུ་མ་ཆད་པའི་དམ་པའི་ཆོས་སྤྱི་དང་ལྷག་པར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཟབ་ཆོས་ལ་མོས་འདུན་ཆོག་ཤེས་མེད་པའི་སྤྲང་འཆལ་གྱི་རྣལ་འབྱོར་འདུ་གསུམ་སྤྱོད་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ལས་གསུང་མཆོག་པདྨའི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དཔལ་ཆེན་པོའི་ཐུགས་དབྱུང་བ་ཡང་དག་ཐིག་ལེ་གཅིག་མ་ (Volume 27, Text 24)

འུའུའུ༔ དཔལ་ཆེན་པོའི་ཐུགས་དབྱུང་བ་ཡང་དག་ཐིག་ལེ་གཅིག་མ་བཞུགས་པ་ཤིན་ཏུ་ངོ་མཚར་ཆེའོ༔ ྈྈྈྈྈྈྈྈྈྈ དཔལ་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དོན་གྱི་མན་ངག་གསང་བའི་སྒྲུབ་པ་འདི་ལ་དོན་གསུམ་སྟེ༔ ལོ་རྒྱུས་དང་གདམས་པ་གཉིས་ལས༔ ལོ་རྒྱུས་ནི་རྒྱ་གར་རྡོ་རྗེ་གདན་དྲུང་ནས༔ རྡོ་རྗེ་སྙིང་པོའི་དོན་ལ་གནས་པའི་མ་ཧཱ་པཎྜི་ཏ་རྣམས་ཐུགས་ཀྱི་ཚེར་མ་སྤངས་ཏེ༔ དགེ་བ་ཉམས་བག་ཏུ་བརྟེན་ཅིང་གནས་པའི་དུས་ན༔ རྡོ་རྗེ་སེམས་དཔའི་སྤྲུལ་པ་དགའ་རབ་རྡོ་རྗེ་དེའི་ཞལ་སྔ་ནས༔ པཎྜི་ཏ་རྣམས་ཉོན་དང༔ བདག་ཅག་རྣམས་ལ་དགོས་པའི་གསང་སྔགས་བླ་ན་མེད་པའི་དོན༔ བཀའ་དམ་པ་དྲི་མ་མེད་པའི་རྒྱུད༔ ལུང་མན་ངག་གསུམ་གྱི་ཆོས་རྣམས༔ སྔོན་རྒྱལ་པོ་ཛཿཡི་ཁང་སྟེང་དུ་བབས་པའི་རང་བྱུང་གི་རྒྱུད་ཁྱད་པར་ཅན་རྣམས༔ ད་ལྟ་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་ཆེན་པོ་ལ་བརྟེན་པ༔ ཕོ་བྲང་ཀླུའི་གནས་དྷཱ་ན་ཀོ་ཥའི་གླིང་བྱ་བ་ན༔ ཨོ་རྒྱན་གྱི་རྒྱལ་པོ་ཐོར་ཚུགས་དགུ་པ་ཞེས་བྱ་བའི་དྲུང་ན་ཡོད་པས༔ དེའི་དོན་རྣམས་ངེས་པར་བླང་དགོས་སོ་གསུངས་པས༔ པཎྜི་ཏ་རྣམས་བཀའ་བགྲོས་ཏེ་མོས་པ་མཐུན་ནས༔ གྲུབ་པ་བརྙེས་པའི་དགེ་སློང་སོ་ཁྱཱ་དེ་བ་དང༔ རྡོ་རྗེ་བཞད་པ་སོགས་ལ་གསེར་ཕྱེ་མང་དུ་བསྐུར་ནས་ལེན་དུ་བཏང་བས༔ དེ་དག་གིས་རྒྱལ་པོ་ཉིད་ལ་གསེར་ཕུལ་ནས་བརྐྱང་ཕྱག་དགུ་ཕྲུགས་སུ་འཚལ་ནས་ཞུས་པ༔ སྔོན་འགྲོ་བའི་དོན་དུ་གསུངས་པའི་དྲི་མེད་ཀྱི་བཀའ་དམ་པ་རྣམས༔ རྒྱལ་བློན་སྤྲུལ་པའི་སྐུ་དམ་པ་རྣམས་ཀྱིས་འགྲོ་བ་དཔག་ཏུ་མེད་པ་རྣམས་སྨིན་པར་བྱ་བའི་ཕྱིར་བསྐུར་བར་ཞུ༔ ཞེས་ཞུས་པས་བཀའ་གནང་སྟེ༔ དཔལ་ཁྲག་འཐུང་གི་རྒྱུད་སྡེ་མི་ཁུར་བདུན་བསྐུར་ནས་བྱུང་བ་རྣམས་ཀྱི་ཞལ་ཕྱེས་ཏེ༔ སློབ་དཔོན་དགའ་རབ་རྡོ་རྗེས༔ དཔལ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པས་དོན་སོ་སོར་མཁྱེན་ནས༔ རྒྱུད་ལུང་མན་ངག་གསུམ་གྱི་སྒྲུབ་ཐབས་བསྡེབས་ཤིང༔ ཁྱད་པར་དུ་ཡང་ཐུགས་ཀྱི་ཉིང་ཁུ་ནི་རྩོལ་སྒྲུབ་སྤང་བླང་གི་རྒྱུ་མི་དགོས་པར༔ རང་གི་ལུས་སེམས་ལ་བརྟེན་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས་རྣམས་དང༔ ཁྱད་པར་དུ་ཡང་དག་ཐིག་ལེ་གཅིག་མ་རྡོ་རྗེ་སེམས་དཔའ་རྒྱན་གཅིག་མའི་བཟླས་སྒོམ་ཁོ་ན་རྩེ་གཅིག་བྱས་པས༔ སྐྱེ་བ་གཅིག་ལ་རྡོ་རྗེ་སེམས་དཔར་འགྲོ་བ་འདི་པདྨ་འབྱུང་གནས་བདག་ལ་གཏད་དོ༔ བལ་པོ་རྩུབ་འགྱུར་གྱི་གྲོང་ཁྱེར་དུ༔ ཞིང་པ་ལྔ་ཐུབ་ཅན་གྱི་བུ་གོ་ལེབ་ཅེས་པ་སྨིན་པར་གྱིས་གསུངས་བཞིན༔ ཕྱུགས་རྫི་ལ་བསྟན་པས་རྡོ་རྗེ་སེམས་དཔའ་འོད་ཀྱི་གུར་ཁྱིམ་ཅན་དུ༔ རྒྱལ་པོ་འཁོར་དང་བཅས་པས༔ རུ་ལུའི་སྒྲ་དང་ལྡན་པར་མཐོང་བས་མཆོད་གནས་སུ་གསོལ་བ་བཏབ་ཀྱང༔ ངས་སྐྱེ་བ་འདི་ལ་རྒྱལ་པོ་འདུལ་བའི་དུས་སུ་མ་བབས་པས༔ ཕྱི་མ་མངོན་པར་དགའ་བའི་ཞིང་ལ་མཇལ་ཟེར་ནས༔ དེ་ཉིད་སེང་གེའི་རྒྱལ་པོ་ཀུ་ཀུ་རཱ་ཙ་ལ་གཏུགས་པས༔ ཨོ་རྒྱན་གྱི་མཁན་པོ་རོ་ལངས་བདེ་བ་ཅན་དུ་སོང་ཞིག་པར་ལུང་བསྟན་ནས༔ དེ་ཉིད་དུ་ཡང་དག་དྲུག་ཅུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ སྟེང་ཕྱོགས་ཀྱི་ཁྲོ་བོ་ལ་མེ་ཏོག་བབས་པས༔ བཛྲ་ཧེ་རུ་ཀ་ཞེས་བཏགས་ཤིང༔ ཡུལ་ཐ་དད་དུ་གདམས་པ་འདི་བསྟན་པས༔ ཚོམ་བུ་ལྔ་བརྒྱ་གྲོལ་ཅེས་གྲགས་སོ༔ ད་ལྟ་ཕན་སྙན་ཁུངས་བརྒྱུད་པར་ཡོད་ཀྱང༔ བཻ་རོ་མཚོ་རྒྱལ་གཉིས་ཀྱིས་ངའི་ཨང་ག་རའི་དར་ཤོག་ལ་ཡི་གེ་རིས་སུ་ཐོབ་ལ༔ ད་ལྟ་ཉམས་སུ་ལེན་ཅིང༔ མ་འོངས་འགྲོ་བའི་དོན་དུ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དོན་ཉམས་སུ་བླང་བ་ལ༔ དཔལ་ཆེན་པོའི་ཐུགས་ཕྱུང་པའི་མན་ངག་ལམ་གྱི་གེགས་སེལ༔ ཏིང་འཛིན་ལམ་ཁྱེར་གྱི་མན་ངག་ནི༔ སྤྱིར་གསང་སྔགས་ཀྱི་གཞུང་གི་ལམ་བསྐྱེད་པའི་རིམ་པ་མངོན་དུ་བྱས་ནས༔ དེ་རྗེས་རྫོགས་པའི་རིམ་པ་སྟོང་ཉིད་ལ་མཉམ་པར་འཇོག་པར་འདོད་དེ༔ མན་ངག་འདི་ཉིད་གང་ཟག་གཅིག་གི་རྒྱུད་ལ་བསྐྱེད་རྫོགས་ཕྲུག་གཅིག་ཏུ་བསྲེ་བ་ཞེས་བྱ་སྟེ༔ དེ་ཡང་དག་པ་དྲན་པའི་རིམ་པ་ལ་བརྟེན་ནས་ཡིད་ཀྱི་གདེང་བ་ཆེར་བཅད་པ་དང༔ རང་བཞིན་ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་ལ་བརྟེན་ནས་ཡིད་ཀྱི་གདེང་བ་ཆེར་བཅད་པ་དང༔ རུ་ལུ་བརྒྱད་སྒྲའི་འཕྲོ་འདུ་ལ་བརྟེན་ནས༔ ངག་གི་གདེང་བ་ཆེར་བཅད་པའོ༔ དེ་ལ་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་སྒྲ་བློའི་ཡུལ་ལས་འདས་པས༔ ནམ་མཁའ་ལ་ཉི་མ་འཆར་བ་ལྟ་བུ༔ ཡེ་ཤེས་ཀྱིས་ཀུན་ནས་བརྡལ་བ༔ མཁའ་སྣང་ཁུ་རྡུལ་གྱིས་དྲི་མ་དག་པ་ལྟ་བུ༔ རྫོགས་རིམ་གཉིས་སྣང་གི་སྤྲོས་པའི་མཐའ་བཞིས་གོས་པར་མ་གྱུར་པ༔ གདོད་མ་ནས་གསལ་ཞིང་དྭངས་ལ་རྙོག་པ་མེད་པས༔ རང་རྒྱུད་འཁོར་བའི་ཆོས་ཀུན་ཐག་ཁྲའི་སྦྲུལ་མ་གྲུབ་པ་ལྟར་གནས་ཚུལ་ལམ་མེ་ཞུགས་པ་ཁོ་ནའི་དོན་མངོན་གྱུར་རྟོགས་པའོ༔ ལྟ་བས་ཐག་བཅད་པ་ནི༔ འཁོར་འདས་རྒྱ་མཚོ་ཆེན་པོ་ལས་རང་གྲོལ་བ་སྟེ༔ སྲིད་ཞི་མཉམ་པ་ཉིད་ཀྱི་རང་གི་དྭངས་མ་གསུམ་མི་ཤིགས་པ་ཁྱད་པར་གསུམ་ལྡན་གྱི་ངོ་བོ༔ གཞི་དུས་ཀྱི་རྡོ་རྗེ་སེམས་དཔའ་རྣམ་པ་ཀུན་ལྡན་བསྒྲུབ་གཞིར་བྱས་ནས༔ ལམ་དུས་ཀྱི་རྡོ་རྗེ་སེམས་དཔའ་སྐྱོན་བྲལ་གསུམ་གྱིས་ཉམས་སུ་རྩེ་གཅིག་ཏུ་བླངས་པས༔ སྒྲིབ་གཉིས་ཉེས་སྐྱོན་སྔར་ཡོད་བསལ་བར་བྱའོ༔ མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་སྔར་མེད་གསར་དུ་བསྒྲུབ་པའི་བསལ་བཞག་དང་བྲལ་བའི་རང་བཞིན་ལྷུན་གྱིས་གྲུབ་པ་ནི༔ འབྲས་བུའི་རྡོ་རྗེ་སེམས་དཔའ་ཞི་ཁྲོ་གཉིས་མེད་རང་བཞིན་གྱིས་རྣམ་པར་དག་པ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པས་ན་བརྟན་པ༔ ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པས་མ་ཡིན་པ༔ རྣམ་པར་རྟོག་པ་གློ་བུར་གྱི་དྲི་མས་མ་གོས་པས་ན་རྣམ་པར་མི་རྟོག་པ༔ ཀུན་ནས་དྭངས་ཤིང་གསལ་ཡང་དཔྱད་མི་བཟོད་པ༔ བརྟག་པར་དཀའ་བ་ཕྲ་བ་ཉིད༔ བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་དུ་བཞག་པས༔ ནམ་མཁའ་བཞིན་གཟོད་མ་ནས་ཞི་བའི་ཏིང་ངེ་འཛིན་གྱིས་ཤིན་ཏུ་སྦྱངས་པའི་གསལ་མ་ཐེབ་པར་དབྱེར་མེད་དུ་མཉམ་པར་བཞག་པའི་ངང་ནས༔ བདག་གི་ལུས་ངག་ཡིད་གསུམ་དྭངས་མ་གསུམ་གྱི་མི་ཤིགས་པའི་རང་བྱུང་གི་རྡོ་རྗེ་གསལ་བཏབ་པ་ཙམ་གྱིས༔ ཀུན་རྫོབ་མེ་ལོང་གི་གཟུགས་བརྙན་ལྟར་རྟེན་འབྲེལ་གྱིས་འཆར་ཞིང༔ གསལ་བ་རིག་པའི་མཚན་ཉིད་རྩོལ་བྲལ་སེམས་ཀྱི་མཚན་ཉིད་ཀྱི་རང་བཞིན་བཅོས་མིན་སེམས་ཀྱི་ལྷའི་ངོ་བོར་ཤར་བ་ནི༔ དཔལ་ཆེན་པོའི་ཐུགས་དབྱུང་རྫོགས་པའི་རིམ་པ་ལ་བརྟེན་ནས་ཡིད་ཀྱི་གདེང་བ་ཆེར་བཅད་པ་རིག་རྩལ་སྦྱངས་པའི་མན་ངག་ཅེས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྀཨཚ༔ བསྐྱེད་པའི་རིམ་པ་ལྷ་ཡི་སྐུ༔ ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ལ་གསུམ་སྟེ༔ སྣང་བ་སྐུ་ཡི་ཧེ་རུ་ཀ༔ གྲགས་པ་གསུང་གི་ཧེ་རུ་ཀ༔ དྲན་རྟོག་ཐུགས་ཀྱི་ཧེ་རུ་ཀ༔ དོན་གྱི་ལྟ་སྒོམ་སྤྱོད་པ་གསུམ༔ ལྟ་བ་ཐམས་ཅད་རང་སྣང་གསལ་བ་སྟེ༔ དེར་སྣང་སྐུ་ཡི་ཧེ་རུ་ཀ༔ སྒོམ་པ་ཐམས་ཅད་སྤྲོས་མེད་ནམ་མཁའི་མཐའ༔ དྲན་རྟོག་ཐུགས་ཀྱི་ཧེ་རུ་ཀ༔ སྤྱོད་པ་ཐ་དད་རང་ཤུགས་བར་སྣང་རླུང༔ གྲགས་པ་གསུང་གི་ཧེ་རུ་ཀ༔ ལྟ་བ་དུག་ལྔ་ཆོམ་པ་ལ༔ སྒོམ་པ་སྣང་བ་ཆོམ་པའོ༔ སྤྱོད་པ་སྡུག་བསྔལ་ཆོམ་པ་ལ༔ འབྲས་བུ་རེ་དོགས་ཆོམ་པའོ༔ དེ་ནི་དོན་གྱི་ཧེ་རུ་ཀ༔ དོན་གྱིས་དེ་ལྟར་གནས་ཀྱང་ནི༔ གདུལ་བྱའི་དབང་གིས་ལྷ་རུ་སྣང༔ ཉིན་མོ་རྡོ་རྗེ་སེམས་དཔའ་ལ༔ མཚན་མོ་བཛྲ་ཧེ་རུ་ཀ༔ སྟོང་གསལ་ནམ་མཁའི་ངང་ཉིད་ལས༔ སྟོང་ཉིད་རྣམ་དག་འོད་ཀྱི་དབུས༔ རྡོ་རྗེ་ས་ཏྭ་གུར་དང་མེ༔ དུར་ཁྲོད་ཆེན་པོའི་ཕོ་བྲང་ནས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཁྲོལ༔ ཞིང་གི་ཆོས་གོས་ལེགས་བསྣམས་ཤིང༔ བདེ་ཆེན་རུས་པའི་རྒྱན་གྱིས་མཛེས༔ དཔའ་བོ་སྟག་གི་ཤམ་ཐབས་དཀྲིས༔ ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་གར་བྱེད་ཚུལ་དུ་བཞུགས༔ ཡེ་ཤེས་ལྔ་ལྡན་མེ་དཔུང་དབུས༔ ཕུབ་ལྟར་འཁྱིལ་ཞིང་མདའ་ལྟར་འཕྲོ༔ དུར་ཁྲོད་བརྒྱད་ཀྱི་མ་མོས་བསྐོར༔ རུ་ལུའི་གད་རྒྱངས་ཕྱོགས་བཅུར་སྒྲོག༔ ཟག་མེད་བདེ་བའི་རང་གསལ་ཆགས༔ དཔའ་བོའི་ཚོགས་ཁང་མཐའ་དག་འགྲིམ༔ ཉ་སྟོང་དུས་དྲུག་ཀུན་ཏུ་ཉུལ༔ རང་ཉིད་དཔའ་བོ་བསྒོམ་པ་ནི༔ སྣང་ཞིང་སྟོང་པ་ཆུ་ཟླ་འདྲ༔ བརྗོད་ཅིང་སྟོང་པ་བྲག་ཆ་འདྲ༔ གསལ་ཞིང་སྟོང་པ་འཇའ་ཚོན་འདྲ༔ མེད་བཞིན་སྟོང་པ་ནམ་མཁའ་འདྲ༔ མྱོང་བཞིན་སྟོང་པ་རྨི་ལམ་འདྲ༔ དེ་ལྟར་གསལ་ཞིང་གོམས་པའི་ཚེ༔ བསྐྱེད་པའི་རིམ་པ་བརྟན་པ་ཡིན༔ སྣང་སྲིད་རྣམ་དག་རང་གི་སེམས༔ སྟོང་གསལ་འཛིན་མེད་ངང་དུ་བཞག༔ རང་བྱུང་རིག་པ་ཟང་ཐལ་བསྐྱང༔ སྣང་ལ་རང་བཞིན་མེད་པ་ཡིན༔ རྫོགས་པའི་རིམ་པ་ཨེ་མ་ཧོ༔ བསྐྱེད་རྫོགས་ཟུང་འཇུག་ལམ་དུ་ཁྱེར༔ བསྐྱེད་རྫོགས་གོམས་པས་སངས་རྒྱས་ཡིན༔ སྒྱུ་ལུས་བརྟན་པར་གྱུར་ནས་ནི༔ བར་དོར་ཡི་དམ་བཞད་ཅིང་བྱོན༔ འདི་ལ་ཐེ་ཚོམ་ཅུང་ཟད་མེད༔ རྡོ་རྗེ་འཆང་གི་ས་ཐོབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ རྟོག་མེད་ངང་ལ་ཤུགས་ཀྱིས་འཆར༔ ཉིན་མོའི་དུས་སུ་རྡོ་རྗེ་སེམས༔ ཞི་བའི་ཆ་ལུགས་སྐུ་མདོག་དཀར༔ པ་ཏིའི་རྒྱན་གྱིས་རབ་ཏུ་མཛེས༔ རིན་ཆེན་དོ་ཤལ་སེ་མོ་དོ༔ དཔུང་རྒྱན་རྣ་ཆ་མགུལ་ཆུ་དང༔ གདུ་བུ་དག་གི་རྒྱན་གྱིས་སྤྲས༔ སྤྱན་གསུམ་ཞལ་བསྒྲད་འཛུམ་མདངས་ལྡན༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན༔ ཆུ་སྐྱེས་དཀར་པོའི་གདན་སྟེང་དུ༔ སེམས་དཔའི་སྐྱིལ་ཀྲུང་ཚུལ་དུ་བཞུགས༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཀློང༔ སྣང་དང་སྟོང་པ་དབྱེར་མེད་བསྒོམ༔ སྣང་བའི་དངོས་པོ་འདི་རྣམས་ཀུན༔ གཟུགས་སུ་སྣང་བ་ལྷ་ཡི་སྐུ༔ རྩི་ཤིང་ནགས་ཚལ་བཅས་པ་ཡང༔ ས་རྡོ་རི་བྲག་ལ་སོགས་ཀུན༔ དཔལ་ཆེན་སྐུ་ཡི་ཆོ་འཕྲུལ་ལོ༔ འགྲོ་བའི་སྒྲ་རྣམས་ཐམས་ཅད་ནི༔ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ ས་སྒྲ་མེ་སྒྲ་ཆུ་སྒྲ་དང༔ རླུང་སྒྲ་ལ་སོགས་འབྱུང་བའི་སྒྲ༔ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ འགྲོ་འཆག་ཉལ་འདུག་ཐམས་ཅད་ནི༔ རུ་ལུའི་ངང་དུ་ཤེས་པར་བྱ༔ འདས་དང་མ་འོངས་ད་ལྟར་གྱི༔ རྣམ་རྟོག་རི་དྭགས་རྒྱུ་བ་འདི༔ རུ་ལུའི་སྒྲ་རུ་ཤེས་པར་བྱ༔ ཡིད་ཀྱིས་ཅི་བསམ་ཅི་མནོ་བའི༔ དུག་ལྔ་གང་སྐྱེས་ངོ་བོ་ཀུན༔ རུ་ལུའི་ངོ་བོར་ཤེས་པར་བྱ༔ མིག་གིས་གཟུང་ཡུལ་ཐམས་ཅད་ཀྱང༔ རུ་ལུར་ཀྲོང་གིས་ཤེས་པར་བྱ༔ སྣང་སྲིད་རུ་ལུར་འཛིན་པ་ཡིན༔ ཞི་བར་བསྒོམས་ཀྱང་དྲག་པོར་བཟླས༔ འདི་ལ་མ་འདའ་ས་མ་ཡ༔ དབུགས་ཀྱི་འབྱུང་འཇུག་ཐམས་ཅད་དུ༔ འབྱུང་བའི་དུས་སུ་རུ་ལུར་འཕྲོ༔ འཇུག་པའི་དུས་སུ་དཔལ་དུ་གསལ༔ དེ་ཉིད་ཉིན་མོར་བཟླས་པ་དང༔ མཚན་མོའི་དུས་སུ་བཟླས་པ་སྟེ༔ སྒྲ་ཅན་ཁྲོ་བོར་བཟླས་པ་དང༔ སྒྲ་མེད་ཞི་བའི་བཟླས་པ་འོ༔ དབྱངས་དྲུག་ལ་སོགས་སྒྲ་ཅན་ཀུན༔ མཁའ་འགྲོ་འདུ་ཞིང་བར་ཆད་སེལ༔ སྒྲུབ་པ་ཆེན་པོའི་དུས་སུ་ཤེས༔ རང་ཉིད་རྡོར་སེམས་དཔལ་ཆེན་པོ༔ གང་གིས་རུ་ལུར་བསྒོམས་གྱུར་ཀྱང༔ ཐུགས་ཀྱི་གེ་སར་དབུས་ཉིད་དུ༔ ཉི་ཟླའི་ག་འུ་ཁ་སྦྱོར་བསམ༔ འོད་ཀྱི་ག་འུའི་ནང་དག་ཏུ༔ མི་ཤིགས་བཅུད་ཀྱི་ཐིག་ལེ་ནི༔ སྟོང་ཉིད་རང་བྱུང་ཧེ་རུ་ཀ༔ སྒྱུ་མ་འོད་ཀྱི་གཟུགས་བརྙན་ཏེ༔ ཚོན་གང་འོད་ཀྱི་ཀློང་ན་བཞུགས༔ ཁ་དོག་མ་འདྲེས་སོ་སོར་གསལ༔ ཐུགས་ཀར་རྡོ་རྗེ་ནས་འབྲུ་ཙམ༔ རུ་ལུ་ལྗང་དམར་བཀླག་ཕྱོགས་བསྐོར༔ ཤིན་ཏུ་ཕྲ་ཞིང་ཟབ་པར་བརྟགས༔ གསེར་གྱི་བ་ཐག་གཟིངས་པ་བཞིན༔ ཕར་འཕྲོས་པས་ནི་རུ་ལུར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཚུར་འདུས་པས་ནི་དཔལ་དུ་བསམ༔ སྣང་བ་སྐུ་ལ་གྲགས་པ་གསུང༔ དྲན་རྟོག་ཐུགས་ལ་བྱིན་གྱིས་རློབ༔ མཆོད་པའི་རྫས་རྣམས་ཐམས་ཅད་ཀྱང༔ རུ་ལུ་ཞེས་པའི་སྒྲ་བརྗོད་པས༔ གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང༔ ངོ་བོ་འདོད་ཡོན་རྣམ་ལྔ་ནི༔ ནམ་མཁའི་སྐར་ཚོགས་ལྟ་བུར་བསམ༔ རུ་ལུ་ཟས་སུ་ཟ་བ་ཡིན༔ རུ་ལུ་སྐོམ་དུ་འཐུང་བ་ཡིན༔ རུ་ལུ་གོས་སུ་གྱོན་པ་ཡིན༔ རུ་ལུ་གདན་དུ་བཏིང་བ་ཡིན༔ གང་ལྟར་རུ་ལུར་ཤེས་པར་བྱ༔ གང་སྣང་རུ་ལུར་འཆར་བ་ཡིན༔ དཔལ་ཆེན་སྐུ་དང་མ་བྲལ་ན༔ གཉིད་ལོག་སྒྲིབ་པར་མི་འགྱུར་ཞིང༔ འཁྲུལ་པའི་སྣང་བ་ཡ་མི་ང༔ བར་ཆོད་གདོན་གྱིས་མི་ཚུགས་ཤིང༔ ཡང་དག་དོན་དང་མྱུར་དུ་འཕྲད༔ ཆོས་ཉིད་དོན་དང་མ་བྲལ་ན༔ གཉིད་ལོག་སྒྲིབ་པར་མི་འགྱུར་ཞིང༔ རྨི་ལམ་འཁྲུག་པ་ཉམ་མི་ང༔ རྣལ་འབྱོར་ནད་ཀྱིས་ཉེན་པ་འམ༔ ཉམས་ཆག་ཆེན་པོ་བྱུང་བའི་ཚེ༔ ཞུན་ཆེན་མར་མེ་འབྱོར་ཚད་བཤམ༔ ག་ཎའི་འབྱོར་ཚོགས་ཅི་ཡོད་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ རྡོ་རྗེ་གཟུངས་མ་ལ་ཡང་འབུལ༔ རྩ་བའི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་རྩ་བ་སྤུན་གྲོགས་ལ༔ ན་རཀ་འདོན་ཅིང་བརྐྱང་ཕྱག་འཚལ༔ དུས་དྲུག་རུ་ལུའི་མཆོད་པ་འབུལ༔ མཁའ་འགྲོ་སྤྲིན་བཞིན་འདུ་བར་འགྱུར༔ ཕྱི་ནང་བར་ཆད་བསལ་བ་དང༔ ཉམས་ཆག་ཐམས་ཅད་བསྐང་བར་འགྱུར༔ རྣལ་འབྱོར་འཆི་བ་བསླུ་བ་དང༔ གཡུང་དྲུང་ཚེ་ཡི་དངོས་གྲུབ་འབྱུང༔ རང་ཉིད་ལུས་སེམས་འཕོ་བའི་ཚེ༔ སྤྱི་གཙུག་རྡོ་རྗེ་སེམས་དཔའ་བསྒོམ༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་ན༔ མེ་སྟག་ཡར་བའི་ཚུལ་དུ་ནི༔ དཀར་ཞིང་གསལ་བའི་ཐིག་ལེ་དེ༔ རླུང་དང་ལྷན་ཅིག་སྦྱོར་ཏེ་འཕོ༔ བཛྲ་ས་ཏྭ་དེ་ཉིད་ཀྱང༔ གར་བྱེད་གློག་འགྱུའི་ཚུལ་གྱིས་ནི༔ མངོན་པར་དགའ་བའི་ཞིང་དུ་གཤེགས༔ དབང་པོ་འབྲིང་པོ་འཕོ་བའི་ཚེ༔ སྔར་གྱི་བསྒོམ་དང་མི་འབྲལ་ཞིང༔ སྣང་སྟོང་དབྱེར་མེད་ངང་དུ་འཕོ༔ ཡི་དམ་ལྷ་ཡིས་ལུང་བསྟན་ཅིང༔ མཁའ་འགྲོས་བསུ་བའི་སྣང་བ་འོ༔ དབང་པོ་ཡང་རབ་འཕོ་བའི་ཚེ༔ སྟོང་གསལ་རིག་པའི་ཀློང་ཡངས་ནས༔ མཁའ་ལ་སྤྲིན་ནི་དེངས་པ་ལྟར༔ རང་སེམས་ཆོས་ཉིད་ངང་དུ་ཐིམ༔ རང་གི་ལུས་ཀྱི་རྒྱ་མདུད་དེ༔ ཆོས་ཉིད་བར་དོར་འཕོ་བ་ཡིན༔ རང་སེམས་རྣམ་ཤེས་ཚོགས་བརྒྱད་འདི༔ འབྱུང་བ་རང་སར་དག་པ་ཡིན༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཆོས་དབྱིངས་ཆེན་པོར་རོ་གཅིག་འགྱུར༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ ཡང་དག་ཐིག་ལེ་གཅིག་མ་འདི༔ དཔལ་ཆེན་དཔའ་བོ་གཅིག་སྒྲུབ་བམ༔ རྡོ་རྗེ་སེམས་དཔའ་བཟླས་ལུང་མཆོག༔ གསང་བ་ཐུགས་ཀྱི་དགོངས་པ་ཡིན༔ ཐུན་གཅིག་ལྷ་ལ་སེམས་གཏད་བསྒོམ༔ ཐུན་གཅིག་གསང་སྔགས་བཟླས་པ་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་འབད༔ མ་བཅོས་རིག་པ་ཀུན་ཏུ་བཟང༔ བཅིངས་གྲོལ་མེད་པའི་ནམ་མཁའ་ལ༔ རྒྱ་ཆད་མེད་པའི་ཁྱབ་བརྡལ་ལོ༔ ཡུལ་མེད་ཤེས་པ་སོ་མ་ལ༔ མ་ཡེངས་དྲན་པའི་འཛིན་ཕུར་གདབ༔ དབྱིངས་རིག་ཐིག་ལེ་མངོན་སུམ་ལ༔ ལྷན་ནེ་རྗེན་ནེ་ཧྲིག་གེར་བལྟ༔ སངས་རྒྱས་དགོངས་པ་འདུས་པའི་དོན༔ འདི་ལས་མི་འདའ་ཨེ་མ་ཧོ༔ འཆི་ཚེ་གདུང་དང་རིང་བསྲེལ་དང༔ འཇའ་འོད་ས་གཡོ་ཟེར་གྱིས་གང༔ རེག་པ་དོན་ལྡན་མཁའ་སྤྱོད་འགྲོ༔ སྙིང་པོ་བཅུད་འདྲེན་གདམས་པ་རྣམས༔ ཆིངས་དང་བཅས་ཏེ་སྨོན་ལམ་གདབ༔ གསང་བ་སྔགས་ཀྱི་ཕོ་བྲང་མཆོག༔ ཟམ་བུ་གཏེར་ལུང་བདུན་པར་སྦོས༔ མ་འོངས་བཞི་བཅུ་ཁ་རལ་དུས༔ གསང་སྔགས་འཆོལ་བར་སྤྱོད་པ་དང༔ བཀའ་ལུང་མེད་པར་ངེས་སྤྱོད་ཅིང༔ གསང་སྔགས་སྙིང་པོའི་དོན་མ་གོ༔ བསྟན་བཅོས་ཕལ་གྱིས་དུག་ལྔ་སྤེལ༔ སྒོམ་ཆེན་བཤད་པའི་གྲྭ་ལ་འབྱམས༔ ཐ་སྙད་ཚིག་གིས་སྙིང་པོ་སྟོར༔ ཆོས་བརྒྱད་འཁོར་བའི་འདམ་དུ་བྱིངས༔ བཤད་གྲྭ་མི་ནག་ཤག་འདྲའི་དུས༔ རིག་པའི་མདའ་ཡིས་གཞུ་མི་འཕེན༔ རང་བཟོས་བསླད་པའི་ཐ་སྙད་ལ༔ དེས་རྐྱེན་རྒྱལ་བློན་འབངས་བཅས་འཁྲུགས༔ མཐའ་ཡི་དམག་དཔུང་ཀུན་ནས་གཡོ༔ མདོ་སྔགས་བསྟན་པ་ཉམས་པའི་དུས༔ འོད་ཟེར་མིང་ཅན་རྒྱལ་བའི་སྲས༔ གཏེར་གསར་འདོན་ཅིང་གཏེར་རྙིང་སྐྱོང༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ དམ་ལྡན་དེ་དང་འཕྲད་པར་ཤོག༔ དམ་མེད་རྣམས་ལ་གསང་རྒྱ་གདབ༔ སྨུག་ནག་ཁྲོས་མ་ནག་མོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཟབ་རྒྱ༔ ཞེས་པ་འདི་ཡང་བསྟན་པའི་སྦྱིན་བདག་ཆེན་པོ་སྐུ་མཆེད་ཀྱི་ཐུགས་ལྷག་བསམ་རྣམ་དག་གིས་བཀའ་ཉེ་བར་བསྐུལ་བ་ལས་དར་ཤོག་དམར་སྐྱའི་ངོས་ལས་སྣ་ཚོགས་རང་གྲོལ་བདག་གིས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕབ་པས་རྒྱ་ཁྲོལ། མངྒ་ལཾ།། །།

ཐུགས་རྗེ་ཆེན་པོའི་ཡང་སྙིང་གུ་རུ་ཆོས་དབང་གི་ཐུགས་བཅུད་ཐུགས་ཆེན་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབ་འཇམ་དབྱངས་ཆོས་རྗེས་མཛད་པ་ (Volume 48, Text 24)

༄༅། །ཐུགས་རྗེ་ཆེན་པོའི་ཡང་སྙིང་གུ་རུ་ཆོས་དབང་གི་ཐུགས་བཅུད་ཐུགས་ཆེན་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབ་འཇམ་དབྱངས་ཆོས་རྗེས་མཛད་པ་བཞུགས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ན་མོ༔ སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལན་གསུམ། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ༔ ལན་གསུམ། རྟོག་མེད་ངང་ལས་རང་རིག་ཧྲཱི༔ དཀར་དམར་འོད་ལྡན་གདན་སྟེངས་སུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ མདུན་གྱི་ནམ་མཁར་གདན་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཛྲ་ས་མ་ཡ་ཛཿ སྤྲོ་ན། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ་སོགས་ཀྱིས་སྤྱན་དྲང་། མདུན་གྱི་བླ་མ་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་བཞུགས་པར་བསམ། ཐུགས་རྗེ་ཆེན་པོ་དང་སློབ་དཔོན་པདྨའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧྲཱིཿ ན་མོ། བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན། །རིན་ཆེན་རྣམ་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས། །དཀོན་མཆོག་བླ་མ་ཡི་དམ་ལྷ་ཚོགས་མཆོད། །བདག་དང་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ། །ཞེས་ལུས་ལོངས་སྤྱོད་ཐམས་ཅད་འབུལ། ན་མོ། ཐུགས་རྗེའི་བདག་པོ་དགོངས་སུ་གསོལ། །བདག་སོགས་འཁོར་བའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡི་དམ་དུ་ཡང་ཞུ་བར་བགྱི། །ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་དཀར་ནར་གྱིས་བྱུང་། བདག་གི་སྨིན་མཚམས་སུ་ཕོག །ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་བསམ། མགྲིན་པའི་ཨཱཿལས་འོད་དམར་ནར་གྱིས་བྱུང་། བདག་གི་མགྲིན་པར་ཕོག །ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །གསུང་གི་བྱིན་རླབས་ཞུགས། ཨོཾ་ཨཱཿཧཱུྃ་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་བསམ། གསང་བའི་དབང་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་། བདག་གི་སྙིང་གར་ཕོག །ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ལུས་ཐམས་ཅད་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་བསམ། དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུང་བར་བསམ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག །དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ། དབང་བརྟན་པར་ཞུ་བ་ནི། ཨོ་རྒྱན་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་དབྱེར་མེད་དུ་འདྲེས་པའི་ངང་ལ་ཅི་གནས་སུ་འཇོག །དེའི་ངང་ལས་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སེམས་ཅན་གྱི་དོན་ཡིད་བཞིན་ནོར་བུ་ལྟ་བུར་གྱིས་ཤིག །ཅེས་གསུངས་པར་བསམ། དེ་ནས་གཏོར་མ་སྤྱི་བོར་བཞག་པར་བསམ་ནས། སྤྱི་བོའི་ལྷ་དང་བླ་མ་བརྟན་པར་བཞུགས་ཏེ་བྱིན་གྱིས་རློབ་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཅེས་བརྗོད། སླར་མཎྜལ་ཚར་གཅིག་འབུལ། དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་ལ་ཐིམ། ཡང་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། དེ་ཐམས་ཅད་ཀྱིས་སྔགས་འུར་འུར་འདྲེན་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཅི་ནུས་བཟླ། མཐར་མཆོད་པས་མཆོད། རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ༔ ཐུགས་ཀར་ཡི་གེ་བདུན་པ་གསལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་ལ་བཞུགས༔ ཕྱག་གཡས་པད་ཕྲེང་དམར་པོ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་མེད་གཅེར་བུ་མདངས་དང་ལྡན༔ འཁོར་བ་དོང་ནས་སྤྲུག་མཛད་པའི། །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མཐར་འོད་གསལ་གྱི་ངང་ལ་ཅི་གནས་སུ་བཞག་ཅིང་དགེ་བ་བསྔོ་ཞིང་སྤྱོད་ལམ་བྱའོ། །ཞེས་པའང་གནས་གསར་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བཞེས་ཀྱི་རྒྱུན་ནོ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན་ (Volume 10, Text 24)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་མཆོག་གི་ས་བོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་གཉིས་ཟབ་མོའི་ལམ་ལ་བརྟེན་ནས་ཟུང་འཇུག་གི་འབྲས་བུ་མྱུར་དུ་ཐོབ་པར་འདོད་པས། ཐོག་མ་ཁོ་ནར་ཐུན་མོང་དུ་ངེས་འབྱུང་དང་། དད་པ་དང་། སྙིང་རྗེ་ཆེན་པོའི་ཤུགས་དྲག་ཏུ་བསྐྱེད་པས་བློ་རྒྱུད་ཀྱི་ཞིང་ས་ལེགས་པར་སྦྱངས་པ་ལ། ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་ས་བོན་གདབ་པ་ལ་བརྩོན་པར་བྱ་སྟེ། འདི་ལ་ལྔ། ཐར་པའི་ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ། ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པའི་མཎྜལ། རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་དུ་གསལ་བཏབ་པའི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ ཞེས་ཅི་ནུས་མཐར་སྐྱབས་ཡུལ་རྣམས་ཀྱི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱོང་བར་བསམ། གཉིས་པ་སེམས་བསྐྱེད་པ་ལ་གསུམ། སྨོན་སེམས་བསྐྱེད་པ། ཚོགས་གསག་པ། འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའོ། །དང་པོ་ནི། ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་དོན་ཡིད་ལ་དྲན་བཞིན་པས། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདག་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ གཉིས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་སོགས་དམིགས་འདོན་ཟུང་དུ་ཆུད་པས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གི་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ གསུམ་པ་ནི། བདག་གི་བདེ་བ་གཞན་ལ་གཏོང་བའི་བྱམས་པ། གཞན་གྱི་སྡུག་བསྔལ་རང་གིས་བླངས་པའི་སྙིང་རྗེ། དེ་དག་དང་མི་འབྲལ་བར་སྨོན་པའི་དགའ་བ། ཐམས་ཅད་མཉམ་ཉིད་དུ་བཏང་སྙོམས་པའི་བློ་ཕྱོགས་རིས་དང་བྲལ་བས་རྒྱལ་སྲས་ཀྱི་སྤྱོད་པ་བརླབ་པོ་ཆེ་ལ་བསླབ་པའི་འདུན་པ་དང་བཅས། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ ཅེས་བརྗོད། གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ། ཐོག་མར་རྟེན་གྱི་སྟོབས་ལྷ་གསལ་གདབ་པ་ནི། ཨ༔ བདག་གི་སྤྱི་བོར་པད་ཉིའི་སྟེང༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དྲི་མེད་སྟོན་ཀའི་ཟླ་བའི་མདངས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ རང་འོད་སྙེམས་མ་དགྱེས་པར་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཞེས་གསལ་གདབ་སྟེ། རྣམ་པར་སུན་འབྱིན་པའི་སྟོབས་སྡིག་ལྟུང་ལ་གནོང་འགྱོད་དྲག་པོ་སྔོན་དུ་འགྲོ་བས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྔགས་བཟླ་བའི་དམིགས་པ་ཡིད་ལ་བྱ་བ་ནི། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས༔ བདེ་གཤེགས་ཀུན་གྱི་ཐུགས་སྲོག་ཧཱུྃ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བཟླས་པས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་བདུད་རྩིའི་ཆུ་རྒྱུན་བབ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ སྡིག་སྒྲིབ་ཉམས་ཆག་ཀུན་བྱང་ནས༔ དག་ཅིང་དྲི་མ་མེད་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༴ ཨཱ༔ ཞེས་ཅི་ནུས་དང་། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པའང་ཅི་རིགས་པར་བཟླས་མཐར་སྤྲོ་ཞིང་ནུས་ན། ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་སྨྲེ་བཤགས་བྱ་ཞིང་། མི་ནུས་ན། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དམ་ཚིག་ཉམས་ཆག་སོར་ཆུད་པར་བསམ། བཞི་པ་མཎྜལ་ནི། རིན་པོ་ཆེའི་མཎྜལ་དྲི་བཟང་གི་ཆུ་ཚོམ་བུའི་ཆུ་སོགས་སྟ་གོན་བྱས་ལ། ལུས་ཀྱི་ཚོམ་བུ་འགོད་པ་དང་བསྟུན་ནས་ངག་ཏུ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་སམ། བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛཿཧོ༔ ཞེས་བརྗོད་ཅིང་ཡིད་ཀྱིས་རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་ཕུལ་བ་ཕྱིའི་མཎྜལ། རང་རང་གི་ཕུང་ཁམས་སྐྱེ་མཆེད་གཅེས་པར་བཟུང་བའི་བདོག་དགུའི་ཚོགས་དང་བཅས་ཏེ་ཕུལ་བ་ནང་གི་མཎྜལ། དེ་ཐམས་ཅད་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་ཐེབས་པ་གསང་བའི་མཎྜལ་ཏེ། གསུམ་ཀ་ཕྲུག་གཅིག་ལ་ལན་མང་དུ་འབུལ་ཞིང་མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ། ལྔ་པ་བླ་མའི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྒྲུབ་པ་ནི། མོས་གུས་རྩེ་གཅིག་པས། རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་གཟི་འོད་འབར༔ པད་ཞྭ་གསང་ཕོད་ཆོས་གོས་ཟབ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ གསང་བའི་ཕྱག་རྒྱ་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ ཞབས་གཉིས་རོལ་སྟབས་འཇའ་ཚོན་འོད་ལྔའི་ཀློང༔ རབ་འབྱམས་རྩ་བ་གསུམ་གྱི་སྤྲིན་ཕུང་འཕྲོ༔ སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་གྱུར༔ ཅེས་གསལ་གདབ་ལ། དེ་ནས་བྱིན་རླབས་འཇུག་པའི་ཕྱིར་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་བར་ཆད་ལམ་སེལ་དང་། ཁྱད་པར། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔སོགས༴ བརྒྱ་སྟོང་སོགས་མང་དུ་བརྗོད་ཅིང་། སྤྲོ་ཞིང་ནུས་ན་བརྒྱུད་པའི་གསོལ་འདེབས་སོགས་ཀྱང་བྱའོ། །གཉིས་པ་ནང་བསྙེན་པའི་ཚུལ་དུ་བསྒྲུབ་པ་དབང་བླང་བ་དང་བཅས་པ་ནི། དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འཇའ་འོད་ཐིག་ལེ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་ལྟར་བྱུང་ནས་རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ། ཐུན་བསྡུ་བ་ན་འཁོར་གྱི་རྩ་བ་གསུམ་སྐྱབས་གནས་ཀུན་འདུས་བླ་མ་ཨོ་རྒྱན་ཆེན་པོ་ལ་ཐིམ། དེའི་གནས་བཞི་ནས་འོད་ཟེར་དཀར་དམར་སྣ་ཚོགས་པའི་མདོག་ཅན་བྱུང་། རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ་པར་བསམ་ལ། དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་བརྗོད། གསུམ་པ་གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མའི་རྣལ་འབྱོར་ནི། བླ་མ་ཨོ་རྒྱན་ཆེན་པོ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་བརྗོད་ཅིང་བསམ་ལ། དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་རིག་སྟོང་གཉུག་མའི་རང་ཞལ་བལྟ་བས་མཚམས་སྦྱར་ཏེ། དངོས་གཞིའི་བསྐྱེད་རྫོགས་ཀྱི་ལམ་ལ་བསླབ་པའམ། སྤྱོད་ལམ་ལ་འཇུག་པའི་སྐབས་ཡིན་ན། ཧོ༔ ཆོས་དབྱིངས་རོལ་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཐེག་ཆེན་གསང་སྔགས་སྤྱོད་པའི་དགེ་བ་དང༔ དུས་གསུམ་བསགས་པའི་དགེ་ཚོགས་ཀུན་བསྡོམས་ཏེ༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༔ རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ པདྨ་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག༔ རྩ་བརྒྱུད་བླ་མའི་བྱིན་བརླབ་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་ཐམས་ཅད་དུ་ཆོས་དང་མཐུན་པའི་སྤྱོད་པས་དུས་འདའ་བ་ལ་བསླབ་པར་བྱའོ། །ཞེས་པའང་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས། གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ་གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་དམ་པ་དང་། དགེ་བའི་བཤེས་གཉེན་མང་དུ་ཚོགས་པར། ལམ་འདིའི་སྨིན་གྲོལ་བཤད་བཀའ་ལུང་དང་བཅས་པ་ཡོངས་སུ་རྫོགས་པ་མཎྜལ་གྱི་ཚུལ་དུ་དང་པོར་ཕུལ་བའི་སྐབས། གཏེར་ཆེན་བླ་མ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་དྲིན་ལས་ཟབ་གཏེར་གྱི་གསང་བ་རྫོགས་པར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཇི་ལྟ་བ་བཞིན་དུ་ངག་འདོན་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པ་དང་། འགྲོ་ཀུན་ཕན་བདེའི་འདོད་རྒུ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་སིདྡྷི་རསྟུ།། །། ༁ྃ༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔ མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔ དབྱེར་མེད་པདྨ་དེ་ལ་གསོལ་བ་འདེབས༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ གསུང་གི་བདག་ཉིད་དབང་ཆེན་རྟ་སྐད་འཚེར༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ ཡོན་ཏན་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ༔ ཕྲིན་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མ་མོ་མཁའ་འགྲོའི་གཙོ་བོ་མངོན་རྫོགས་རྒྱལ༔ དཔལ་ཆེན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ སྐུ་ཡི་དབྱིངས་སུ་སྒྱུ་འཕྲུལ་ཞི་ཁྲོའི་ངང༔ གསུང་གི་གདངས་སྐད་ཡན་ལག་བཅུ་གཉིས་ལྡན༔ ཐུགས་ཀྱི་དགོངས་པ་ཟང་ཐལ་ཡོངས་ལ་ཁྱབ༔ མཁའ་འགྲོའི་གཙོ་བོ་རྗེ་ལ་གསོལ་བ་འདེབས༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ དྲིན་ཆེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔ ཐུགས་དམ་ཞལ་བཞེས་དགོངས་པས་བཟུང་དུ་གསོལ༔ དུས་ངན་འདི་ལ་རེ་ལྟོས་གཞན་མ་མཆིས༔ ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ༔ མཐུ་རྩལ་ནུས་པས་དུས་ངན་གཡོ་འཁྲུགས་ཟློག༔ བྱིན་རླབས་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ༔ ཉམས་དང་རྟོགས་པའི་རྩལ་ཤུགས་རྒྱས་པ་དང༔ བསྟན་འགྲོར་ཕན་པའི་མཐུ་རྩལ་རབ་ལྡན་ཞིང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ༔ ཞེས་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས་བྱུང་བའི་ཞལ་ཆེམས་གསོལ་འདེབས་བྱིན་རླབས་ཅན་ནོ། །༁ྃ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་འདོན་དུ་གཅེས་པར་ཟུངས་ཤིག། །།

འཆི་མེད་འཕགས་མའི་སྙིང་ཐིག་གི་སྦྱིན་སྲེག་ཆོ་ག་ཡེ་ཤེས་རབ་ཏུ་རྒྱས་པ་ (Volume 36, Text 24)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་སྦྱིན་སྲེག་ཆོ་ག་ཡེ་ཤེས་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་ཡེ་ཤེས་གཟི་བརྗིད་ཀྱིས། །དུས་ཀྱི་མུན་པའི་འཇིགས་བཅོམ་ནས། །ཚེ་དབང་སྣང་བ་རྒྱས་མཛད་མར། །བཏུད་ནས་སྲེག་བླུག་ཆོ་ག་བཤད། །ཡང་ཟབ་དགོངས་པའི་གཏེར་བཅུད་འཆི་མེད་འཕགས་མའི་སྙིང་ཐིག་དང་འབྲེལ་བར་སྲེག་བླུག་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། རྒྱས་པའི་ལས་སྒྲུབ་པའི་སྦྱིན་སྲེག་དང་། དེ་ཉིད་ཁ་སྐོང་ལ་ཞི་བའི་སྦྱིན་སྲེག་ཏུ་སྒྱུར་བའི་ཚུལ་ལོ། །དང་པོ་ནི། ཡོངས་རྫོགས་འཆི་མེད་སྙིང་ཐིག་ལས། ཚེ་བསོད་ཤེས་རབ་ཡེ་ཤེས་ཀུན༔ མྱུར་དུ་རྒྱས་པར་བྱ་བའི་ཕྱིར༔ བཀྲ་ཤིས་ས་ལ་ཐབ་བཅས་ལ༔ འབྲས་བུ་ཅན་གྱི་དྲི་བཟང་ཤིང༔ གྲུ་བཞིར་བརྩིགས་ལ་ཡམ་ཤིང་དང༔ མར་ཁུ་ཞོ་ཟན་འབྲུ་སྨན་དང༔ ཁྱད་པར་དཱུརྦ་མ་ཉམས་པ༔ བུར་སྦྲང་ཞོ་ཡིས་ལེགས་པར་བྲན༔ ཞེས་གསུངས་པ་ལྟར་ཚེ་སྤེལ་པ་སོགས་རྒྱས་པའི་ལས་གཙོ་བོར་སྒྲུབ་པའི་སྐབས་སུ། སྦྱོར་བ་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་པ་བྱས་པའི་དབུས་སུ་སོར་བཞི་པའི་ཟླུམ་སྐོར་ལ་རིན་ཆེན་འབར་བ། དེ་རྒྱབ་ཟླུམ་སྐོར་ལ་པདྨ་འདབ་བཞི། དེ་རྒྱབ་སོར་བཞི་རེ་ཡོད་པའི་ཁ་ཁྱེར་དང་མུ་རན་གྲུ་བཞིར་བཅད་པ་ལ་ནོར་བུའི་ཕྲེང་བ་དང་། ཕྱི་རོལ་ཟུར་བཞིར་ནོར་བུ་འབར་བ་རེ་རེས་བརྒྱན་པ་ཐམས་ཅད་ཀྱང་གཞི་སེར་པོ་ལ་བཅད་དཀར་པོའམ་དམར་སེར་ལྟ་བུས་བྲིས་པའི་སྟེང་དུ། བཟང་ཤིང་འབྲས་བུ་ཅན་གྲུ་བཞིར་བརྩེགས་པའི་ནང་དུ་མེ་ཚང་བཞག །དེ་དང་ཁ་སྤྲོད་དུ་སྒྲུབ་པ་པོའི་སྟན། བར་དུ་མེ་ཡོལ་དང་ཅོག་སྟེགས་བཀོད་པའི་སྟེང་དུ་རྡོར་དྲིལ། བསང་ཆུ། དགང་བླུག་ཁ་སྦྱར་སོགས་བཞག །གདན་གྱི་གཡས་གཡོན་དུ་སྟེགས་བུ་ཁེབས་སེར་པོས་བཀབ་པ་རེ་རེ་བཀོད་པའི་གཡས་ཕྱོགས་སུ་བསྲེག་རྫས་མར་ཁུ། འབྲས་བུ་ཅན་གྱི་ཡམ་ཤིང་སོར་བཅུ་དྲུག་པ་རྩེ་མོར་དྲི་བཟང་དང་མར་ཁུས་ཉུགས་པ། ཞོ་ཟན་འབྲུ་སྣ་སྨན་སྣ་དར་ཟབ་རྣམས་བསྲེས་པའི་རྫས་སྤུངས། ཁྱད་པར་གྱི་རྫས་དཱུརྦ་མ་ཉམས་པ་བུར་སྦྲང་ཞོ་ཡིས་བྱུགས་པ་སྔགས་གྲངས་ཇི་ཙམ་བྱ་བ་ལ་འདང་ངེས་བཅས། མེ་ལྷ་ལ་ཉུང་ཙམ་དང་། བསྲེག་ལྷ་ལ་མང་བ་བཅས་ཚོ་གཉིས་སུ་བཀོད། གཡོན་ཕྱོགས་སུ་འབུལ་གཏོར་གྲུ་བཞི་ལྡིར་བ་པད་འདབ་ཅན་སེར་པོ། སྨན་རག །ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཅས་མཆོད་རྫས་རྣམས་ཀྱང་ཁ་དོག་སེར་པོར་བཀོད། དཔལ་འབར་རླུང་གཡབ་སོགས་ཀྱང་འདུ་བྱ། སྒྲུབ་པ་པོ་གོས་སེར་པོ་རིན་པོ་ཆེའི་རྒྱན་དང་ལྡན་པས་སྔ་དྲོའི་དུས་ཁ་བྱང་དུ་ཕྱོགས། དགའ་བའི་བསམ་པ་དང་བཟང་པོའི་འདུག་སྟངས་ཀྱིས་འཁོད། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། བསང་ཆུ་ལས་བུམ་ཚུལ་བཞིན་དུ་བསྒྲུབ་པའམ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླས་པས། རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བརླབ། ལག་གཡས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། གཡོན་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན་ལ། ཨོཾ་བཛྲ་གྷཱནྜེ་ཨཱཿ སྙིང་གར་འཁྱུད་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་གཟུང་། མཆོད་བསྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་སེར་པོ། །ཡོངས་གྱུར་རིན་ཆེན་སྣོད་མཆོག་ཏུ། །མཆོད་དང་བསྲེག་རྫས་མཁའ་ཁྱབ་སྤྲིན། །ལྷ་ཚོགས་དགྱེས་སྐོང་ནུས་ལྡན་གྱུར། །ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་ཏཱ་རེ་སོགས་མཐར། བཛྲ་ཛྙཱ་ན་ཛྭ་ལ་རཾ་གྱིས་མེ་སྦར་ཞིང་བསང་སྦྱང་། དབྱིངས་ཀྱི་ཞིང་ལ་ལྷུན་གྲུབ་པའི༔ མེ་ཐབ་ཡེ་ཤེས་འོད་འབར་དབུས༔ མེ་ལྷ་སེར་པོ་རིན་ཆེན་འཛིན༔ རྒྱས་པའི་བྱིན་ཆགས་དཔལ་བེར་བཞུགས༔ དམ་ཡེ་གཉིས་སུ་མེད་པ་ཡིས༔ དགང་བླུག་འབྲུ་གསུམ་བདུད་རྩིའི་བཅུད༔ རཾ་གྱི་ལྗགས་དང་ལྡན་པས་གསོལ༔ རྒྱས་པའི་ལས་ཀུན་མཛད་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨཱཿཧཱུྃ་ཨགྣི་རཱ་ཛ་ཨཱ་ཡུརྫྙཱ་ན་པུཎྱེ་པྲ་ཛྙཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་ཁོ་ནས་མར་ཁུ། ཡམ་ཤིང་། ཞོ་ཟན་འབྲུ་སྨན་དར་ཟབ་བསྲེས་པ་རྣམས་ཉེར་གཅིག་ཙམ་དང་། ཁྱད་པར་གྱི་རྫས་དཱུརྦ་བརྒྱ་རྩ་བརྒྱད་འབུལ། ཡུངས་དཀར་ཐབ་ཏུ་འཐོར་ཞིང་། དྲང་སྲོང་ཆེན་པོས་ཡེ་ཤེས་མེར། །བྱིན་རློབས་བསྲེག་བྱའི་རྫས་རྣམས་ཀུན། །ལྷ་ཡི་ཞལ་དུ་སྟོབ་པར་མཛོད། །ཅེས་གསོལ་དགྱེས་པས་ཞལ་བཞེས་ནས། །མེ་ལྷ་འབར་བའི་རྣམ་པར་གྱུར། །འོད་ཟེར་རབ་ཏུ་འཁྱིལ་བའི་དབུས། །རིན་ཆེན་དཔལ་བེའི་གཞལ་ཡས་སུ༔ སྣ་ཚོགས་པདྨ་འདབ་བཞིའི་དབུས༔ འཆི་མེད་ཡིད་བཞིན་འཁོར་ལོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤ་ལར་གནས་ཚེ་བུམ་བསྣམས༔ ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་བཞུགས༔ རང་འོད་ཐབས་མཆོག་གར་གྱི་དབང༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ ཐུགས་ཀར་པད་ཟླའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད། །དཀར་གསལ་མཉམ་གཞག་ཚེ་བུམ་འཛིན། །གཙུག་ཏོར་ནོར་བུའི་འོད་ཕུང་ལས། །རྣམ་རྒྱལ་དཀར་མོ་ལྕགས་ཀྱུ་དང་། །ཚེ་བུམ་ཐོགས་པའི་སྤྲིན་ཕུང་འཕྲོ། །འདབ་བཞིར་ཟླ་བའི་གདན་གྱི་སྟེང༔ ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ ལྷོ་རུ་རིན་ཆེན་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་རིན་ཆེན་བསྣམས༔ ནུབ་ཏུ་པདྨའི་སྒྲོལ་མ་དམར༔ མཆོག་སྤྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ བྱང་དུ་ལས་ཀྱི་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ ཐམས་ཅད་དར་དང་རིན་ཆེན་བརྒྱན༔ ཞི་རྒྱས་དབང་དྲག་ཉམས་དང་ལྡན༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཕྱི་རོལ་ཕྱོགས་བཞི་རུ༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུའི་སྒྲོལ་མ་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་མཚན་ཨུཏྤལ་བསྣམས༔ བརྐྱང་བསྐུམ་གར་གྱིས་བདུད་བཞི་བརྫིས༔ དར་དང་རཏྣའི་རྒྱན་གྱིས་མཛེས༔ བར་མཚམས་རྩ་གསུམ་ཆོས་སྲུང་ཚོགས༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཉི་མ་དང་ནི་འོད་ཟེར་བཞིན༔ སོ་སོའི་རིགས་ཀྱི་ཚོམ་བུར་བཅས༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ལྷ༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཀུན་ཀྱང་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་གསལ་གདབ་སྤྱན་འདྲེན་ནས་བསྟོད་པའི་བར་ལས་རིམ་རྒྱས་བསྡུས་ཅི་རིགས་བྱ། དགང་བླུག་ཐོགས་ལ། རིན་ཆེན་དཔལ་བེའི་གཞལ་ཡས་སུ༔ ཚེ་ཡི་ལྷ་ཚོགས་གསལ་བ་ཡིས༔ བསྲེག་བླུག་བདུད་རྩིའི་རྒྱུན་ཐམས་ཅད༔ རིན་ཆེན་ལྗགས་ཀྱིས་གསོལ་བ་ལས༔ དགྱེས་ཤིང་ལྟེ་བའི་འོད་ཟེར་གྱིས༔ འཁོར་འདས་ཚེ་བཅུད་ཀུན་བསྡུས་ནས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རབ་རྒྱས་ཏེ༔ རྡོ་རྗེའི་སྐུ་རུ་འགྲུབ་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཁོ་ནས་མར་ཁུ། ཡམ་ཤིང་། སྤོམ་རྫས་རྣམས་བརྒྱ་རྩ་སོགས་དང་། ཁྱད་པར་གྱི་རྫས་དཱུརྦ་སྟོང་ཕྲག་སོགས་ཅི་ནུས་ཕུལ། བསྡུ་ན་གཏེར་གཞུང་དངོས་བསྟན་ལྟར། རིན་ཆེན་དཔལ་བེའི་གཞལ་ཡས་སུ༔ ཚེ་ཡི་ལྷ་ཚོགས་སོགས་སྦྲེལ་བ་ལས་བསྐྱེད་ཆོག་རྒྱས་པ་དང་སྤྱན་འདྲེན་སོགས་མ་གྲུབ་ཀྱང་རུང་། གང་ལྟར་ཡང་རྫས་རྫོགས་པ་ན། གཏང་རག་གི་མཆོད་བསྟོད། ནོངས་བཤགས། འཆི་མེད་འཕགས་མའི་དཀྱིལ་འཁོར་པས། །བདག་དང་མཐའ་ཡས་སེམས་ཅན་གྱི། །དུས་མིན་འཆི་བའི་འཇིགས་པ་ཞི། །ཚེ་དཔལ་ཡེ་ཤེས་རྒྱས་མཛད་གསོལ། །ཐབ་ཀྱི་དཀྱིལ་འཁོར་རང་ལ་ཐིམ། །འཆི་མེད་རྡོ་རྗེའི་སྲོག་གྲུབ་གྱུར། །ཅེས་བརྗོད་ཅིང་བསམ། བསྔོ་སྨོན་བསྡུ་ལྡང་བཀྲ་ཤིས་རྣམས་ཕྲིན་ལས་ལྟར་མཐར་དབྱུང་ངོ་། །འདི་ནི་སྲེག་རྐྱང་གི་ལུགས་སུ་བཤད་པ་ཡིན་ལ། སྒྲུབ་མཆོད་དང་འབྲེལ་ན་ཕྲིན་ལས་བཟླས་པ། སྲུང་མའི་གཏོར་འབུལ། ཚོགས་མཆོད་ཀྱི་བར་དུ་སོང་ནས་ཚོགས་ལ་རོལ་པའི་སྐབས་དེར་སྦྱིན་སྲེག་ལ་འཇུག་སྟེ། དེའང་བསང་ཆུ་སྒྲུབ་པ་ནས་བརྩམ་མེ་ལྷ་མཆོད་པ་ཡན་སྔར་ལྟར་བཏང་ནས། མེ་ལྷ་འབར་བའི་རྣམ་པར་གྱུར། །ཅེས་པའི་མཚམས་འདིར་ཚོམ་བུ་སྤྱན་འདྲེན་དགོས་པས། རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་དང་། ཧྲཱི༔ སོ་སོར་ཀུན་ཏུ་རྟོག་པ་སོགས་ལས་བྱང་གི་སྤྱན་འདྲེན་བརྗོད་ཅིང་རོལ་མོ་བྱ་བའི་སྐབས་ལས་རྡོར་གྱིས་ཚོམ་བུ་ཕྱག་ལེན་ལྟར་སྤྱན་དྲང་། བཞུགས་གསོལ་སྔགས་དང་བཅས་བརྗོད་ལ་གསལ་གདབ་པ་ནི། འོད་ཟེར་རབ་ཏུ་འཁྱིལ་བའི་དབུས། །སོགས་ནས། མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཞེས་བརྗོད། ལས་བྱང་གི་ཕྱག་ནས་བསྟོད་པའི་བར་དང་། དགང་བླུག་འབུལ་བ་ནས། རྗེས་ཆོག་ཕྲིན་ལས་གསོལ་བའི་བར་སོང་ནས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །དཀྱིལ་འཁོར་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། ཞེས་བརྗོད་ལ་ཚོམ་བུ་སླར་སྤྱན་དྲང་། བསྔོ་སྨོན་དང་ཤིས་བརྗོད་བྱ། ནང་དུ་ཚོགས་ལ་རོལ་ཅིང་ལྷག་མ་གཏོང་བ་ཕྱིན་ཆད་མཐར་དབྱུང་ངོ་། ༈ །གཉིས་པ་བསྙེན་པའི་ཁ་སྐོང་སོགས་ཞི་བའི་སྦྱིན་སྲེག་དགོས་པའི་སྐབས་དེ་ཉིད་ཁ་བསྒྱུར་བའི་ཚུལ་ནི། མེ་ཐབ་གཞི་དཀར་པོ་ལ་སེར་པོ་ལྟ་བུས་བཅད་པའི་གདན་ཁ་ཁྱེར་མུ་རན་བཅས་ཟླུམ་པོར་བསྐོར་བའི་དབུས་སུ་རྡོ་རྗེ། མུ་རན་ལ་རྡོར་ཕྲེང་། ཕྱི་རོལ་ཟུར་བཞི་རྡོ་རྗེས་བརྒྱན་པ་བྲིས་པའི་སྟེང་དུ་བལ་བུ་སོགས་འོ་མ་ཅན་གྱི་ཤིང་ཟླུམ་པོར་བརྩིག །སྟེགས་བུ་ཁེབས་དཀར་པོས་བཀབ་པའི་གཡས་ཕྱོགས་སུ་བསྲེག་རྫས་མར་ཁུ། ཡམ་ཤིང་སོར་བཅུ་གཉིས་པ་རྩེ་འོ་མ་དང་མར་ཁུས་ཉུགས་པ། ཡུངས་དཀར་གྲོ་ཀུ་ཤ་སྨན་སྣ་ཞི་རྫས་གང་འབྱོར་བསྲེས་པའི་རྫས་སྤུང་དང་། ཁྱད་པར་གྱི་རྫས་ཏིལ་མང་དུ་བསགས། གཡོན་དུ་མཆོད་རྫས། གཏོར་མ་ཟླུམ་གཏོར་དཀར་པོ་པད་འདབ་ཅན། ཐམས་ཅད་དཀར་པོས་མདོག་བསྒྱུར། གཞན་སྔར་ལྟར་ལ། སྒྲུབ་པ་པོ་གོས་དཀར་པོ་དུང་ཤེལ་སོགས་རྒྱན་དཀར་པོ་དང་ལྡན་པས་ཐོ་རངས་སམ་སྔ་དྲོའི་དུས་སུ་ཁ་ཤར་དུ་ཕྱོགས། ཞི་བའི་བསམ་པ་དང་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད། ཆོ་ག་རྒྱས་སྲེག་ལྟར་ལ། བྷྲཱུྃ་དཀར་པོ་ཞེས་དང་། མེ་ལྷ་དཀར་པོ་རྡོ་རྗེ་འཛིན༔ ཞི་འཛུམ་ཉམས་ལྡན་ཟླ་བར་བཞུགས༔ ཞེས་དང་། ཞི་བའི་ལས་ཀུན་མཛད་པར་གྱུར༔ ཅེས་བསྒྱུར། སྔགས་ཀྱང་། ཨོཾ་ཨཱཿཧཱུྃ་ཨགྣི་རཱ་ཛ་སརྦ་པཱ་པཾ་ཀརྨ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། རྫས་ཏིལ་ལ་གྲངས་གཟུང་། དཀྱིལ་འཁོར་ལྷ་བསྐྱེད་དང་དགང་བླུག་སྐབས། རིན་ཆེན་དཔལ་བེའི་ལ། ཟླ་བ་ཆུ་ཤེལ་གཞལ་ཡས་སུ༔ ཞེས་དང་། རིན་ཆེན་ལྗགས་སོགས་ལ། རྡོ་རྗེའི་ལྗགས་ཀྱིས་གསོལ་བ་ལས༔ དགྱེས་ཤིང་ཐུགས་ཀའི་འོད་ཟེར་གྱིས༔ རྒྱལ་བའི་བྱིན་རླབས་ཀུན་བསྡུས་ནས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ སྡིག་སྒྲིབ་ཉམས་ཆག་ཀུན་བྱང་སྟེ༔ ཡེ་ཤེས་སྐུ་རུ་འགྲུབ་པར་གྱུར༔ ཅེས་དང་། སྔགས་ཤམ་ཡང་ཡིག་བཅུ་ལ་མེ་ལྷའི་སྐབས་ལྟར་སྦྱར། འདོད་གསོལ། འཆི་མེད་འཕགས་མའི་དཀྱིལ་འཁོར་པས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉམས་ཆག་བར་ཆད་ཞི། །ཚེ་དཔལ་ཡེ་ཤེས་རྒྱས་མཛད་གསོལ། །ཅེས་བསྒྱུར། གཞན་ཐམས་ཅད་རྒྱས་པ་ལྟར་བྱས་པས་འགྲུབ་བོ། །འདིས་ཀྱང་འགལ་རྐྱེན་ཉེས་པའི་མུན་ཚོགས་ཞི། །ཚེ་དབང་ཡེ་ཤེས་སྣང་བ་རབ་ཏུ་རྒྱས། །འཕགས་མ་དགྱེས་པའི་གསང་གསུམ་བྱིན་རླབས་ཀྱིས། །སྒོ་གསུམ་མི་ཕྱེད་རྡོ་རྗེ་གསུམ་འགྲུབ་ཤོག །ཅེས་པའང་ཟབ་གསང་འདི་ཉིད་ཀྱི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྡོ་རྗེའི་གསུང་དང་ཕྱག་བཞེས་གཞིར་བཞག །ཁ་གསལ་བལྟས་ཆོག་ཉིད་དུ་བློ་གྲོས་མཐའ་ཡས་པའི་སྡེས་རྗེ་ཉིད་ཀྱི་བཞུགས་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེར་གཤེགས་འདུས་པའི་སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་གསལ་བའི་མེ་ལོང་ (Volume 14, Text 24)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེར་གཤེགས་འདུས་པའི་སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སྒྲུབ་ཆེན་བཀའ་བརྒྱད་བདེར་གཤེགས་འདུས་པའི་སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་གསལ་བའི་མེ་ལོང་ཞེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་བཟང་ཧེ་རུ་ཀ་དཔལ་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལྷར། །མངོན་པར་སྣང་མཛད་འཁོར་ལོའི་མགོན་དེ་དང་། །དབྱེར་མེད་དྲིན་ཅན་བླ་མར་ཕྱག་བགྱིའོ། །རྡོ་རྗེ་ཅན་གྱི་རྒྱལ་ཐབས་མཆོག་གི་སར། །བདེ་བར་དཀྲི་བའི་མྱུར་ལམ་བླ་ན་མེད། །བདེ་གཤེགས་འདུས་པའི་སྒྲུབ་ཆེན་ཆོ་གའི་ཁྲིགས། །འཇུག་བདེ་དངོས་གྲུབ་གཏེར་མཛོད་འདིར་གསལ་བྱ། །དེ་ཡང་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་ལེན་པ་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་སྔོན་འགྲོ་དངོས་གཉིས་ལས། དང་པོ་ནི། སྟོན་པ་གནས་དང་འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་ནས༔ ཞེས་གསུངས་པའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་སྔོན་འགྲོ་ལ་ལྔ་ལས། དང་པོ་སའི་ཆོ་ག་ལ། བརྟག །བསླང་། དབང་དུ་བྱ་བ། སྦྱོང་བ། གཟུང་བ་དང་ལྔ་ལས། དང་པོ་བརྟག་པ་ནི། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཞེས་སོགས་གསུངས་པའི་སྐྱོན་ཡོན་གྱི་མཚན་ཉིད་ལས་སྤང་བླང་སྤྱིར་ཤེས་པ་དང་། བྱེ་བྲག་བརྐོས་པའི་རོ་ལྔ་བསལ་བས་ཁུང་བུ་ཕྱུར་བུར་ཁེངས་པ་བཟང་། མ་ཁེངས་ན་ངན་ལྟས་སེལ་ཐབས་བྱའོ། །གཉིས་པ་བསླང་བ་ལ་གཉིས་ལས། སྣང་བ་ལ་བསླང་བ་ནི། གཞི་དེ་གཟུགས་ཅན་གྱིས་བདག་ན་རིན་དང་བདེན་པས་བསླང་ངོ་། །མི་སྣང་བ་ལ་བསླང་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན་པའི་དབུས་སུ། སྟེགས་ཅི་ལྟར་རིགས་པ་ཁེབས་ལྡན་བང་རིམ་ཅན་གྱི་དང་པོའི་དབུས་སུ་འབྲུ་ཚོམ་གྱི་སྟེང་དུ་བདག་བསྐྱེད་ཀྱི་གཏོར་མ་དཔལ་གཏོར་ཕོ་རྒྱུད་དམར་པོ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་དང་ཉི་ཟླ་སོགས་ཀྱིས་བརྒྱན་པ། གཡས་སུ་བདུད་རྩིའི་ཐོད་པ། གཡོན་དུ་རཀྟ། དེའི་མདུན་དུ་སྟེགས་གཉིས་པར་གཡོན་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཀོད། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་འབྲུའི་ཚོམ་བུ་བཀོད་པའི་སྟེང་དུ་མཉྫིའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་ཀྱུ་དང་རིལ་བུས་མཚན་པ། མདུན་དུ་གསེར་སྐྱེམས་དང་བཅས་པའི་མཐར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་ནི། ཐོག་མར་ཚིག་བདུན་གསོལ་འདེབས་ལན་གསུམ། བརྒྱུད་འདེབས་ནས་ཚོགས་གསག་བར་ལས་བྱང་ལྟར་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོར་དག་པའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་མཆོག་ཏུ་འབར་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་པ་དང་། གཡོན་གསུམ་ཐོད་པ་ཁྲག་གིས་གང་བ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་ཁ་ཊྭཱཾ་དང་ཐོད་པ་འཛིན་པ་དང་སྙོམས་པར་འཇུག་པ། ཞབས་བཞི་གཡོན་བརྐྱང་གིས་དྲེགས་པ་ཕོ་མོའི་གདན་ལ་གནས་པ། དུར་ཁྲོད་རོལ་པའི་ཆས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་རྣམ་པར་དག་པའི་སྐུ་ཅན་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་ལ་སོགས་པས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་སྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཀུན་བཟང་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྙེམས་པ་མཆོག་ཏུ་བརྟན་པོས། རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་བཻ་ཌཱུརྱའི་ཕྲེང་བ་ལྟ་བུས་གཡས་སུ་འཁོར་བར་བལྟས་ལ་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷཱི་ཤྭ་རི་སཏྭཾ། ཞེས་ཡབ་སྔགས་ཉིས་བརྒྱ་ཙམ་དང་ཡུམ་སྔགས་བརྒྱ་རྩ་སོགས་ཅི་ནུས་བཟླས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་ཉེར་བསྡུ་བྱས་ཏེ། ཕཊ་ཕཊ་ཕཊ་ཅེས་པས་ཐུན་མཚམས་ཀྱི་ཧེ་རུ་ཀའི་སྐུར་ལངས་ལ་གཙོ་བོའི་ང་རྒྱལ་ཙམ་ལ་གནས་པས། མཆོད་པ་རྣམས་ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་རྒྱ་དང་བཅས་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། རྡོར་ཐལ་ཕྱེ་བས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ ཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་པ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང༔ ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ་གནས་འདིར་མི་གནས་པའི་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རིག་འཛིན་དང་བཅས་པའི་ཕོ་བྲང་འདེབས་པར་འཚལ་བས༔ ས་བདག་ལྷ་ཀླུ་སའི་ལྷ་མོ་དང་བཅས་པ་ཀུན་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་ཡང་བརྟན་ཞིང་བཀྲ་ཤིས་པར་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ་ནས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་འཇམ་རོལ་དང་བཅས་གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་སློབ་དཔོན་གྱིས་དབང་མཆོག་གི་ཕུར་བུ་བཟུང་ལ། བདག་ཉིད་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ལ། ཧཱུྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བཏབ་སྟེ་ལན་བདུན་བཟླས་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱོང་བ་ལ། སྔགས་དང་ཕྱག་རྒྱས་སྦྱོང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་སྟེགས་བུའི་སྟེང་དུ་བཞག །ཐམས་ཅད་ཀྱིས་རྡོ་རྗེ་དང་བཅས་ལག་གཡས་ས་ལ་རེག་པའི་ཚུལ་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱོང་བ་ནི། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་པར་བསམ་མོ། །ལྔ་པ་ས་བཟུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་མདུན་དུ་ཕྱོགས་པར་ཕྱག་གཡས་ཐོ་བ་དང་། གཡོན་པས་ཁྲོ་བཅུའི་སྟེང་གི་ཕུར་བུ་སོགས་རིམ་བཞིན་ཐོགས་ནས། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། ཞེས་རྡོ་རྗེ་ཁྲོ་བོའི་ང་རྒྱལ་དང་ལྡན་པས། ཧཱུྃ། བདག་ཉིད་ཐུགས་ནས་འབར་བའི་ཧཱུྃ། །སོགས་ལས་བྱང་ལྟར་གྱི་མཐར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། དེས་འགྲེས་ཏེ་ཁྲོ་བཅུའི་སྙིང་པོ་སོ་སོར་ལས་སྔགས་བཏགས་པ་བརྗོད་ཅིང་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་སྐོར་དང་། མཚམས་བཞི་བྱང་ཤར་ནས་གཡོན་སྐོར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང་། ཕྱོགས་བཅུར་ཕུར་བུ་བཏབ་པས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དཔུང་ཕྱོགས་ཐམས་ཅད་དུ་ཁྱབ་པར་འབར་བས་བགེགས་རྣམས་བསྲེགས་ཤིང་མི་གནས་པར་གྱུར་པར་བསམ་མོ། སྤྲོ་ན་ཆས་སུ་ཞུགས་ཏེ་གསོལ་བཏབ་བགེགས་བསྐྲད་སྟངས་སྟབས་ཅི་རིགས་པ་སོགས་གཞན་དུ་འབྱུང་བ་ལྟར་བྱའོ། །སྐབས་འདིར་རྒྱབ་རིམ་གྱི་དཔུང་དུ་ཕྱི་བཤགས་བྱ་བ་ནི། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་། སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར་དང་། གཟུངས་མདོ་སྒྲོག །ཁྱད་པར་གནས་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་འདོན་པ་སོགས་དགེ་བའི་དཔུང་བསྐྱེད་པའི་ཕྱིར་རང་ངམ་གཞན་གྱིས་ཀྱང་ཅི་འགྲུབ་ཏུ་བྱའོ། །གཉིས་པ་མཚམས་བཅད་པ་ལ་གཉིས་ལས། དང་པོ་ཕྱི་མཚམས་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་སྟེགས་ཁེབས་ལྡན་གྱི་ཁར་མེ་ཏོག་གི་ཚོམ་བུའི་སྟེང་དུ་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་བཤམས་ལ། ཤར་གྱི་མཆོད་གཏོར། ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་གིས་བརླབ། ཐོ་སྐུ་རྟེན་དང་བཅས་པ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་རྟེན་ལ་བསྟིམ། ཨོཾ་དྷྲྀཥྚ་རཱཥྚ་ཧཱུྃ་ཛ༔ ལན་ཉེར་གཅིག་མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས་མཐུས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས༔ ཤར་ཕྱོགས་དྲི་ཟའི་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་གསོལ་བས་སྲུང་བའི་ལས་མཛད་པར་བསམ་ཞིང་། ཏིཥྛ་བཛྲ༔ ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་རཱུ་ཌྷ་ཀ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས་མཐུས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཐར་ཕྱིན་སྐུ༔ དུག་གསུམ་འཇོམས་པའི་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གྲུལ་བུམ་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་རཱུ་པཱཀྵ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས་མཐུས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ དབང་དྲག་དམར་སྨུག་འབར་བ་འཇིགས་པའི་སྐུ༔ བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛ༔ ཞེས་ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས་མཐུས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་ལོངས་སྤྱོད་མཐར་ཕྱིན་སྐུ༔ རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་བསྣམས༔ བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་སྤྱི་མཐུན་གྱི་སྙིང་གར་ཏྲིའི་མཐར། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛ༔ ཞེས་བྲིས་ལ་དུག་ཁྲག་བྱུགས་པ་བྲུབ་ཁུང་དུ་བཀོད་ནས་བསྐུལ་གསེར་སྐྱེམས་གཟུ་དཔང་དམིགས་བྱ་བསྐྱེད་འགུགས་བསྟིམས་པ་ཐུན་གྱིས་བྲབས་ནས་མནན་ཐོད་དུ་འཇུག་པ་རྣམས་ལག་ལེན་ཟུར་གསལ་བྱས་ནས་བྲུབ་ཁུང་དུ་བཅུག་པ། སྒྲུབ་ཁང་གི་སྒོ་དྲུང་དུ་དམ་སྲི་མནན་པའི་སར་སློབ་དཔོན་གྱི་མདུན་དུ་བཀོད་ལ། གསེར་སྐྱེམས། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཞེས་བྱིན་གྱིས་བརླབས་ནས། ཧཱུྃ༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་བསྒྲུབ་པ་བཀའ་བརྒྱད་ལྷ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་དབང་ཕྱུག་མ་མགོན་ལྕམ་དྲལ་དང༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཞེས་གསེར་སྐྱེམས་བཏང་། ཨེ་ཡཾ་རཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག་ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམ་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱི་ལ་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློགས༔ ཨཱརྻ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་མནན་ཐོད་ལ་སློབ་དཔོན་གྱིས་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། མནན་ཆས་དོང་ནང་དུ་བསྐྱུར། རོ་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྱ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་གདབ་ནས་མི་མངོན་པར་བྱས་ལ་སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་མནན་ལ། ཧཱུྃ༔ རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་རྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་གཏང༔ ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་ལས་བཞིའི་བྲོ་བརྡུང་བ་ནི། ཐམས་ཅད་ཀྱི་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱས་ལ། སུཾ་བྷ་ནིའི་སྔགས་ཟློ་བཞིན་པས་མཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཞི་བ་ཐུགས་རྗེ་ཆེན་པོ་ཡིས༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུཾ་བྷ་ནི་སོགས་དང་། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པའི་སྔགས་དང་བཅས་གུང་མོ་རྣམས་སྦྲེལ་ནས་བྲོ་ར་གྲུ་བཞི་བྱས་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས༔ རིན་ཆེན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་དྲེགས་པའི་སེམས་ཅན་ཀུན༔ ཚེ་དབང་དངོས་གྲུབ་རྒྱས་མཛད་པས༔ རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུཾ་བྷ་ནི་སོགས་དང་། པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་སྲིན་ལག་སྦྲེལ་བའི་བྲོ་ར་ཟླ་གམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གྱིས་ནི་སྡུད་མཛད་པས༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུཾ་བྷ་ནི་སོགས་དང་། བ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་མཐེའུ་ཆུང་སྦྲེལ་བའི་བྲོ་ར་གྲུ་གསུམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེ་སྡང་བདེ་གཤེགས་འཁོར་བཅས་རྣམས༔ རྡོ་རྗེ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གདུག་པའི་སེམས་ཅན་ཀུན༔ ཡུད་ཙམ་གྱིས་ནི་བསྡུས་ནས་ཀྱང༔ རྡུལ་དུ་མ་བརླག་གང་ཡང་མེད༔ བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུཾ་བྷ་ནིའི་སྔགས་མཐར། ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ལས་བཞིའི་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་རོ་རས་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སྙིང་པོ་དང་འདོད་གསོལ་བཅས་བྲིས་པ་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ་བཏགས་པའི་མདུན་དུ་གཏོར་མ་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང་། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ་སྔར་ལྟར་བྱིན་གྱིས་བརླབ། སྐུ་རྟེན། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དྲངས་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད་ལ། རང་སྔགས་ཀྱི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་རྡོར་ཐལ་གྱི་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་གཤིན་རྗེའི་བདག་པོ་ལ༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་བསྒྲུབས་ནས༔ ཡང་དག་དོན་ཆེན་དེང་སྒྲུབ་ན༔ འདི་ལ་གནོད་ཅིང་བར་གཅོད་པ༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱིས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ གསང་བ་མཆོག་གི་རྣལ་འབྱོར་པས༔ བླ་མེད་འབྲས་བུ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏང་བར༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་ལ་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག༔ ཅེས་བརྗོད། གསུམ་པ་ནང་མཚམས་ལ་དང་པོ་མ་ཏྲཾ་བསྒྲལ་བ་ནི། དཀྱིལ་འཁོར་གྱི་གཞིར་མ་ཏྲཾ་གི་གཟུགས་བརྙན་མགོ་ལྷོ་ནུབ་ཏུ་བསྟན་པ་གན་རྐྱལ་དུ་བཞག །སྟེགས་བུའི་ཤར་ངོས་སུ་སློབ་དཔོན་ཞལ་ནུབ་བསྟན་གྱིས་ཕྱག་ཏུ་གཡབ་དར་དང་དྲིལ་བུ་བསྣམས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་བཛྲ་ཧེ་རུ་ཀའི་སྐུར་གྱུར་ཅེས་བརྗོད་ཅིང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་དྲ་ཛ༔ ལན་བདུན་བརྗོད། ན་མོ༔ རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་འགྲོས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ༔ ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨཱ་ཀརྴ་ཡ་ཛ༔ ཏྲི་ཡཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མ་ཏྲཾ་རུ་དྲ་ཛ༔ ཨཱ་ཀརྴ་རུ་དྲ་ཛ༔ ཁ་ཏྲང་རུ་དྲ་ཛ༔ ཞེས་པས་ཆོས་དང་གང་ཟག་གི་བདག་རྟག་པ་དང་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དང་། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་བ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱི་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་པ་ཁ་ཊྭཱཾ་གའི་རྒྱས་སྙིང་གར་སྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབ་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། སྟེགས་བུའི་མཐར་སྔར་དམ་སྲི་མནན་པའི་སྐབས་ཅི་ལྟ་བ་བཞིན་དུ་གཞུང་གྲལ་སོགས་རགས་བསྡུས་ཀྱིས་ལས་བཞིའི་བྲོ་བརྡུང་། གཞན་རྣམས་གྲལ་དུ་འཁོད། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ །ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤང་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར། ཐམས་ཅད་ཀྱིས་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་། ཧཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་ལན་བདུན་བཟླས་ནས་རྒྱ་བཀྲོལ་ཏེ། དཀྱིལ་འཁོར་གྱི་སྒོ་ཤག་གིས་བྱེ་བར་གྱུར་པར་བསམས་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། ཅེས་བརྗོད་ལ་སྟེགས་བུའི་དབུས་ཀྱི་ཁྲིའུ་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། གཉིས་པ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། བདག་ཉིད་ལས་ཀྱི་ཧེ་རུ་ཀ །སོགས་ནས། མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ས་མ་ཡ་ཨ་ཏི། ཞེས་པའི་བར་ལས་བྱང་ལྟར་འབར་བའི་སྟངས་སྟབས་ལ་སོགས་པ་ལྔ་དང་། དེ་བཞིན་ཉིད་གསང་བའི་མཚམས་གཅོད་རྣམས་བྱའོ། །གསུམ་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་བཞི་ལས། དང་པོ་ཆག་ཆག་གདབ་པ་ནི། བདུད་རྩི་ལྔ་ཆང་དང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་བྱང་ཤར་ནས་གཡས་སྐོར་དུ་ཁྱེམ་མེད་པར་བྱུགས་ཤིང་། ཧཱུྃ༔ ཚེ་མཆོག་འཛིན་པའི་དངོས་གྲུབ་དྲི༔ བྱང་ཆུབ་སེམས་ནི་དཀར་བས་ན༔ མཱཾ་ས་ཡོན་ཏན་ཀུན་དང་ལྡན༔ རཀྟ་ཆགས་པའི་གནས་ཆེན་པོ༔ བདུད་རྩི་གུར་གུམ་དྲི་ཡི་ཆུ༔ གདོད་ནས་དག་པའི་རྩ་བ་ལྔ༔ ཉོན་མོངས་དུག་ལྔ་འཁོར་བའི་རྒྱུ༔ ཡེ་ཤེས་རྣམ་ལྔར་བྱིན་བརླབས་ནས༔ དཀྱིལ་འཁོར་དགུ་རུ་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་ཧེ་རུ་ཀ་པཉྩ་ཨ་མྲྀཏ་ཛྙཱ་ན་མཎྜ་ལ་ཧཱུྃ༔ ཞེས་བརྗོད། གཉིས་པ་ཐིག་གདབ་པ་ནི། ཐིག་སྐུད་འདུ་བྱས་ཏེ་སློབ་དཔོན་ནུབ་དང་། སློབ་མ་ཤར་དུ་གནས་པས་འཁོད་དེ། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས། སློབ་མ་ལ་ཕོག་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས་གནམ་ཞལ་དབྱིངས་ཕྱུག་མར་གསལ། ཡབ་ཀྱི་གནས་ལྔར་རྣམ་སྣང་སོགས་རིགས་ཀྱི་ཡབ་ལྔ་དང་། ཡུམ་གྱི་གནས་ལྔར་སྤྱན་མ་སོགས་རིགས་ཀྱི་ཡུམ་ལྔས་མཚན་པར་གྱུར། ཞེས་དང་། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུང་མ་ཡུམ༔ ཁ་ནས་ཨུཏྤལ་དྲི་ལྡང་ཞིང༔ སྐད་ཀྱང་ངང་པ་གཞོན་ནུ་འདྲ༔ སྙན་པར་སྨྲ་ཞིང་ཚུལ་དང་ལྡན༔ མཉེན་ལྕུག་འཁྲིལ་བ་དབྱེར་མི་ཕྱེད༔ རྡོ་རྗེ་ལས་ཀྱི་དོན་གྲུབ་མ༔ གསང་བ་རྡོ་རྗེའི་ཐིག་འདེབས་པས༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ བྷྲཱུྃ་ཛྙཱ་ན་ཏིཥྛ་མཎྜ་ལ་སྭཱ་ཧཱ༔ ཞེས་བརྗོད་པས་ལུས་ཀྱི་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ཡུམ་གྱི་མཁའ་ལས་འཐོན་པ་ཐིག་ལ་ཕོག་པས་དངོས་པོའི་རྟོག་པ་སྦྱངས་ནས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་བར་བསམས་ལ། ཐིག་སྐུད་ནུབ་ནས་ཤར་དུ་བརྒྱངས་པའི་ཐིག་སྣ་ཡུམ་གྱི་ལག་ཏུ་གཏད་དེ་ཅུང་ཟད་བསྒྲིལ་བའི་ཚུལ་བྱས་ནས། ཧཱུྃ༔ སྟོང་གསུམ་མཎྜལ་ཡུམ་གྱི་ས་གཞི་ལ༔ ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས༔ སྲིད་པ་དཀྱིལ་འཁོར་འབྱམས་ཀླས་དབྱིངས་སུ་གསལ༔ བསྒྲུབ་པའི་ལྷ་དགུའི་བཞུགས་གནས་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་ཏིཥྛ་མཎྜ་ལ་སྭཱ་ཧཱ༔ ཞེས་བརྗོད་དེ། རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་ཏུ་བཅུས་ཏེ་སེ་གོལ་གྱིས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲ །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་སྡོམ་ཚིག་ལྟར་ཐིག་ཆེན་བརྒྱད་གདབ་ཅིང་། འགྲོ་ཚུལ་སྤྱི་ལྟར་ཚངས་ལོགས་རྒྱབ་འགྲོས་དང་། ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་གཡས་ཁོ་ནས་ཏེ་གནམ་ཐིག་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་བསམ་ཞིང་། སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ། དེ་བཞིན་དུ་ས་ལའང་གདབ་སྟེ། །དང་པོར་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚངས་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚངས་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཆ་ཆེན་དྲུག་པའི་ཕྱི་མཐའ་ནས། །ལོགས་ཐིག་བཞི་གདབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོས། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་གདབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་བའི་བར། །ཕྱེད་བགོས་རེ་རེ་ཡང་བཞིར་བགོས། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་མ་བསིལ། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང། །དེ་ནས་ནང་གི་རྩ་ཐིག་ནས། །རྟ་བབས་ཕྱི་ཐིག་བར་དུ་ནི། །ལོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །མུན་པ་ཀ་བ་ཀ་རྒྱན་འབྱུང་། །རྟ་བབས་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོས། །རྟ་བབས་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྟ་བབས་ཕྱི་མཐའི་རིམ་པ་ནི། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚགས་དེ་ལས་གཉིས་ཀྱིས་ཐུང་། །སྣ་འཕྱང་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ལས་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོག་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གཉིས་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་པ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །དེ་ཡི་ཕྱི་རོལ་ཆ་ཕྲན་གཉིས། །ཆ་ཆེན་གཅིག་དང་ཆ་ཕྲན་གཅིག །ཆ་ཆེན་གཅིག་རྣམས་རིམ་པར་བསྐོར། །ནང་ནས་པདྨ་དུར་ཁྲོད་དང་། །རྡོར་ར་མེ་རི་རྣམས་ཀྱི་ས། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར། །ཚངས་ཐིག་དང་ནི་གྲུ་ཆད་ཐིག །འཛོམ་པའི་གཡས་གཡོན་ཐིག་རྒྱུད་དུ། །ཆ་མཉམ་གསུམ་བགོས་མཚན་མ་བྱ། །མཚན་མ་ནང་མའི་སྟེང་བཟུང་ནས། །ཐིག་བཞི་བསྣོལ་བཏབ་ལིང་ཚེ་དགུ །ཐིག་བཞི་གྲུ་ཐིག་བཅས་པ་ཡི། །ཕྱི་ནང་ཆ་ཕྲན་ཕྱེད་རེ་གདབ། །མིག་མང་རིས་བྲིས་རྡོ་རྗེའི་གདུང་། །རྩ་བའི་ཚངས་ཟུར་ཐིག་རྣམས་ནི། །སོ་སོའི་ཚངས་ཐིག་དང་པོ་སྟེ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ནས་ཟུར། །གདུང་བཞི་བསྣོལ་མཚམས་སྟེང་དྲང་གདབ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ཐིག་གྲུབ། །ཟུར་གྱི་ལིང་ཚེ་བཞི་པོ་ཡི། །ཟུར་ནས་ཟུར་དུ་ལོགས་བཞིན་གཏུབ། །མཚམས་དཀྱིལ་ཚངས་ཐིག་གཉིས་པ་འབྱུང་། །དེ་དག་དབུས་ཀྱི་བྱ་རྗེས་སྟེང་། །བསྣོལ་ཏེ་བརྐྱངས་ནས་ཕྱོགས་བཞིར་གདབ། །ཕྱོགས་དཀྱིལ་ཚངས་ཐིག་གཉིས་པ་དང་། །མཚམས་དཀྱིལ་སོ་སོའི་ཟུར་ཐིག་འགྱུར། །ལིང་ཚེ་དགུ་པོ་རང་རང་གི །གདུང་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་རེ་བསྐོར་བས། །སོ་སོའི་དམ་ཅན་ཁོར་ཡུག་འབྱུང་། ཁོར་ཡུག་དང་ནི་རང་རང་གི །ཟུར་ཐིག་འཕྲད་པའི་སྟེང་བཟུང་ནས། །ངོས་བཞིར་ཐིག་གདབ་མདའ་ཐིག་ཡིན། །དེ་ནས་དཀྱིལ་འཁོར་དབུས་མ་ཡི། །མདའ་ཐིག་ནས་ནི་ལྟེ་བའི་བར། །སུམ་ཆའི་ཕྱི་གདབ་རྩ་ཐིག་གོ །དེ་དང་མདའ་ཐིག་བར་ཕྱེད་བགོ། །ཆ་ཆེན་གཉིས་འབྱུང་ནང་མ་དེ། །དབུས་དོར་མཐའ་གཉིས་གདབ་པར་བྱ། །ཕྱི་མ་ཕྱེད་གདབ་ཕྱི་མ་ཕྱེད། །སྒོ་ནི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་རེ་གདབ་དེ་ཕྱེད་བགོ །དེ་མཐར་ཆ་ཕྲན་གཅིག་རེ་གདབ། །དེ་ནས་རྩ་ཐིག་ནང་དུ་ནི། །ཆ་ཆེན་གཉིས་གདབ་གྲུ་ཆད་ཐིག །སོ་སོའི་དབུས་ནས་གྲུ་ཐིག་བར། །ཚད་མཉམ་ཟླུམ་ཐིག་གཉིས་བསྐོར་བའི། །རེ་རེའི་ནང་དུ་ཆ་ཆུང་བསྐོར། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ནུབ་ཀྱི་ཚངས་ཐིག་འཕྲད་ས་ནས། །དབུས་ཚད་གཡས་གཡོན་མཚན་མ་བྱ། །དེ་གཉིས་ཤར་གྱི་ནང་ཐིག་དང་། །སྦྲེལ་བས་ཆོས་འབྱུང་རྩེ་ཤར་བསྟན། །སོ་སོའི་ལྟེ་བ་ཆོས་འབྱུང་དང་། །མུ་ཁྱུད་རྩིབས་བཞི་རྩིབས་གཏན་ནོ། །དེ་ལྟར་ནང་དཀྱིལ་དགུ་པོ་ནི། །རྟ་བབས་སྤངས་པའི་སྒོ་རྫོགས་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ཚོན་དགྱེ་བ་ནི། ཚོན་སྣ་ལྔ་མདོག་རིགས་བསྡེབས་པའི་དབུས་དང་ཕྱོགས་བཞིར། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཞེས་བཀོད་པ་བཞག །རྡུལ་ཚོན་ལ་བཀོད་པའི་ཡིག་འབྲུ་ལྔ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རྡུལ་ཚོན་ལ་ཐིམ། ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། ཞེས་འབྲུ་ལྔ་བརྒྱ་རྩ་སོགས་བརྗོད་པས་བྱིན་གྱིས་བརླབས། ཚོན་ཐོབ་ནི། ནང་དཀྱིལ་རྣམས་ཀྱི་ལྟེ་བའི་ཆོས་འབྱུང་མཐིང་། ཟླ་གམ་དམར། རྩིབས་བཞི་སྔོ། མུ་ཁྱུད་ཐོད་ཕྲེང་། སྒོ་རྣམས་ཤར་ནང་བསྟན་གྱི་ཁྱམས་སོགས་ཕྱོགས་མདོག །རྩིག་པ་ནང་ནས་དཀར་དམར་སྔོ་བའི་རིམ་པ་གསུམ་པ། མུ་ཁྱུད་ནག་པོ་སོགས་ནང་དཀྱིལ་དགུ་དུར་ཁྲོད་ཀྱི་བཀོད་པ་ཅན་དང་། གཞི་དཀྱིལ་གྱི་དབུས་སྔོ། རྡོ་རྗེའི་གདུང་མཐིང་། སྒོ་ཁྱམས་ཕྱོགས་མདོག །རྩིག་པ་ནང་ནས་རིམ་བཞིན་སྔོ་དཀར་སེར་དམར་ལྗང་བའི་ལྔ་སྦྲགས། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་བ་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་གཞི་སྔོན་པོ་ལ་ཟར་ཚགས་དཀར་པོ། མདའ་ཡབ་དཀར་པོ་མཆོད་རྟེན་རིས། མུན་པ་དང་གླང་རྒྱབ་ནག་པོ། རྟ་བབས་སྣམ་བུ་བརྒྱད་ཀྱི་རྟ་རྐང་གཞི་སྔོན་པོ་རྡོ་རྗེ་སེར་པོ་འགྲེང་བ། ཆུ་སྐྱེས་དམར་པོ། སྒྲོམ་མཛེས་ཚོན། ཟར་ཚགས་དཀར་གཞི་ནག །སྣ་འཕྱང་སེར། སྒྲིལ་འཕྱོང་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་དཀར་པོ་སྔོན་པོའི་གཞིར་བསྒྲིག་པ། རྒྱ་ཕུབ་ཁྱུང་མགོ་མཐིང་ག །པདྨ་དམར་པོ། འཁོར་ལོ་དང་རི་དྭགས་སེར་པོ། གདུགས་དཀར་པོ། སྣ་ཚོགས་རྡོ་རྗེ་ཕྱོགས་མདོག །ཕྱི་ཁྱམས་ལྗང་གུ་པ་ཏྲ་རིས། གེ་སར་སེར་པོ། པད་འདབ་སོ་གཉིས་སྣ་ཚོགས། དུར་ཁྲོད་གཞི་ནག་པོ་ལ་ཁྱད་ཆོས་རྣམས་ཀྱིས་མཛེས་པ། རྡོར་ར་གཞི་ནག་པོ་ལ་རྡོ་རྗེ་དཀར་པོ་འམ་སེར་པོ། མེ་རི་སྣ་ཚོགས། སྒོ་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེ། རྟ་བབས་དང་མདའ་ཡབ་ཀྱི་ཁོར་ཡུག་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། སྒོའི་ཕྱི་རོལ་དུ་ཏཱ་ལའི་ལྗོན་པ། དཔག་བསམ་གྱི་ཤིང་ལྗོན་པ། རིན་པོ་ཆེའི་ཕུང་པོ། ཁྲུས་ཀྱི་རྫིང་བུ་རྣམས་ཕྱོགས་རེར་གཉིས་གཉིས་རྣམས་སྤེལ་མར་བྲིས་པ་སྟེ་ཕྱི་དཀྱིལ་རིན་པོ་ཆེའི་གཞལ་ཡས་ཁང་གི་བཀོད་པ་ཅན་དུ་བྱས་པའི་ལྷ་གནས་སུ་སྐུའམ་ཕྱག་མཚན་ནམ་ས་བོན་ནམ་རང་མདོག་དང་མཚུངས་པའི་ཐིག་ལེ་ཅི་རིགས་པར་བྱ། ཕྱིའི་གྲྭ་བཞི་ལ། ལྷོ་ནུབ་ཏུ་གཟུགས་མེ་ལོང་། ནུབ་བྱང་དུ་སྒྲ་པི་ཝང་། བྱང་ཤར་དུ་དུང་ཞལ་དྲིའི་ཆུས་གང་བ། ཤར་ལྷོར་རོ་ཞལ་ཟས་རྒྱན་ལྡན་རྣམས་མཛེས་ཚོན་གྱིས་བྲི་ཞིང་། ཐིག་ཚོན་གྱི་བྱ་བ་རྫོགས་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས་གསོལ་བྱ། འདི་ཡན་ཆད་ནུབ་དང་པོའི་བྱ་བའོ། །བཞི་པ་རྒྱན་དགོད་པ་ལ། དེ་ལྟར་དཀྱིལ་འཁོར་བྲི་ཚར་བའི་ནངས་པར་བདག་བསྐྱེད་ཀྱི་གཏོར་མ་ཉིན་སྔ་མའི་དེ་ཀ་གསོ་བའམ་གསར་དུ་གྲུབ་ཀྱང་ལེགས་ཏེ། བདག་གི་རྣལ་འབྱོར་ལྷར་ལྡང་གི་བར་སྔར་ས་ཆོག་སྐབས་ལྟར་སོང་ནས། ཐོག་མར་དངོས་གྲུབ་ཀྱི་རྫས་བྷཉྫ་དགོད་པ་ནི། སོ་སོའི་མཚན་ཉིད་དང་ལྡན་པའི་ཐོད་པ་ལེགས་ངེས་བཅུ་ལ། གཅིག་གི་ནང་དུ་ཆེ་མཆོག་བསྐྱེད་རྫོགས་རྒྱས་པའི་སྐུ་ཐོད་པའི་དཔྲལ་བར་དབུ་ཕྱོགས་པ་དང་། གཞན་དགུ་པོའི་ནང་དུ་གསེར་གྱིས་འཁོར་ལོ་རྩིབས་བཞི་ལྟེ་བ་མུ་ཁྱུད་སོགས་དང་བཅས་པ་སྲུང་འཁོར་བཞིན་བྲིས་པའི་ནང་དུ་འབྲུ་སྨན་སོགས་ཀྱིས་བཀང་བ་ལ་གཙོ་དགུའི་སྲོག་རྟེན་དང་བཅས་པ་འདུ་བྱས་ལ། ཚོགས་པ་ཐམས་ཅད་ཞྭ་དང་བཅས་བཞེངས་ཏེ་དཀྱིལ་འཁོར་ལ་ཕྱོགས་པར་ཁྲོམ་ཚོགས་ཀྱིས་གནས་ཤིང་། རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་དང་བཅས་སྣ་དྲངས་ཏེ། རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་། ཡུམ་གྱིས་གཙོ་བོའི་ཐོད་སྐུ །གཞན་རྣམས་ཀྱིས་རིམ་པར་དཔལ་དགུའི་རྟེན་ཐོད། སྔར་ས་ཆོག་སྐབས་ཀྱི་ཁྲོ་བཅུའི་ཕུར་བུ། རལ་གྲི་བཞི། མདའ་དར་མེ་ལོང་བཏགས་པ་བཞི། ཚོན་སྐུད། འཕན་བཞི། རྒྱལ་མཚན་བཞི། མར་མེ་དགུ །གསེར་སྐྱེམས་བཅས་ཐོགས་པའི་སེར་ཕྲེང་གིས་འཇམ་རོལ་དང་བཅས་དཀྱིལ་འཁོར་གཡས་སུ་བསྐོར་བ་ལན་གསུམ་མཛད་ནས་དྲིལ་གདངས་དང་བཅས། ཧཱུྃ༔ འཕྲུལ་བཞད་ཡིད་བཞིན་འདོད་དགུའི་རྒྱན་གྱིས་བརྒྱན༔ རྐང་མེད་མཁར་འགྲོ་ཏོག་ཏོག་རྐན་སྒྲ་ཅན༔ འདི་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས༔ སུ་ཞིག་དངོས་གྲུབ་འདོད་པ་ང་ལས་ལོངས༔ གང་ཞིག་བཀའ་དང་དམ་ལ་མི་གནས་པ༔ ང་ཡི་གཟུགས་མཐོང་ཙམ་གྱིས་འཚིག་པ་དང༔ སྒྲ་དག་ཐོས་པ་ཙམ་གྱིས་བརླག་པར་འགྱུར༔ དཀར་པོ་ཟང་ཡག་ཤིན་ཏུ་འཚེར་བ་ནི༔ སྔ་རབས་འདས་པའི་སངས་རྒྱས་བཅོམ་ལྡན་འདས༔ ཆོས་སྐུ་རབ་ལྡན་འགྲོ་དོན་དེ་བཞིན་གཤེགས༔ བཀྲ་ཤིས་ལྕང་ལོ་ནམ་མཁར་འཕྱར་བ་ནི༔ དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང༔ ཕྱོགས་བཅུར་གཡོ་བས་འགྲོ་བའི་དོན་ཡང་བྱེད༔ ཐུར་དུ་གཏིབས་པས་ངན་སོང་གནས་ནས་འདྲེན༔ ཐབས་ཀྱི་རྒྱལ་པོ་དཔལ་ཆེན་དཔལ་གྱི་གུར༔ ཕོ་བྲང་རྟགས་ལྡན་སྣོད་བཅུད་རྒྱན་དུ་ཆེ༔ སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན༔ དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་དུ་དགྲམ༔ མི་འདའ་དཔལ་ཆེན་བཞུགས་པའི་རྟེན་ཏུ་འབུལ༔ ཞེས་པ་ཙམ་གྱི་མཐར་གཙོ་བོའི་སྔགས་དབྱངས་ལན་གསུམ་འཇམ་རོལ་བཅས་སྨན་གྱི་ཕོ་བྲང་དང་ཐོད་སྐུ་ལྡིང་ཁྲིའི་དབུས་སུ་བཀོད། དེ་བཞིན་དུ་ཡང་དག་སོགས་དཔལ་བརྒྱད་པོའི་ཐོད་པ་རྟེན་ཕུར་བཅས་རིམ་བཞིན་རང་རང་གི་སྔགས་དང་བསྟུན་ཕྱོགས་མཚམས་སོ་སོར་བཀོད། དེ་ནས་བར་ཆད་བསྲུང་བའི་ཕྱིར་ཕུར་བུ་བཅུ་པོ་སློབ་དཔོན་གྱི་མདུན་དུ་བཀོད་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས། ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། དྲག་སྔགས་སོ་ལྔ་པའི་སྔགས་དབྱངས་ལན་གསུམ་གྱིས་དང་པོར་ལས་རྡོར་གྱིས་གུ་གུལ་བདུག །གཉིས་པར་སློབ་དཔོན་གྱིས་ཡུངས་ཀར་གྱིས་བྲབ། གསུམ་པར་རཀྟ་བྱུགས་ནས། ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་སོགས་ཁྲོ་བཅུའི་རང་སྔགས་ཀྱིས་གཟི་བྱིན་བསྐྱེད་ནས། ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་བསམས་ལ། ཧཱུྃ༔ ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་བདུད་འཇོམས་གདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་སྐོར། མཚམས་བཞི་འོག་བཅས་གཡོན་སྐོར་གྱིས་དཀྱིལ་འཁོར་གྱི་རྡོར་རའི་སྟེང་དུ་ཕུར་གདན་བཅུ་ལ་བཀོད། དེ་ནས་སྲིད་པའི་དྲྭ་བ་གཅོད་པའི་ཕྱིར་རལ་གྲི་བཞི་ཐོགས་ལ། ཧཱུྃ༔ ལོག་རྟོག་འཁོར་བའི་རྩ་བ་རྒྱུན་གཅོད་ཕྱིར༔ ཐུགས་རྗེ་ཐབས་ཀྱིས་སྒྲོལ་བའི་ཕྱག་རྒྱ་ནི༔ འཇམ་དཔལ་རྣོན་པོའི་ཡེ་ཤེས་མཚོན་ཆ་མཆོག༔ སྡུག་བསྔལ་དྲྭ་བ་གཅོད་ཕྱིར་བཞུགས་སུ་གསོལ༔ ཨོཾ་བཛྲ་མཉྫུ་ཤྲཱི་ཏཱིཀྵྞ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཞིར་བཀོད། དེ་ནས་ཡེ་ཤེས་བཞིས་མ་རིག་པ་རྩད་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་པ་བཞི་ཐོགས་ལ། ཧཱུྃ༔ མེ་ལོང་བཞི་ལྡན་དོན་གྱི་སྨྱུག་མ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡི་སྒྲོ་བསྒྲོན་ཏེ༔ ཐབས་མཆོག་བཅས་ལ་ཤེས་རབ་མདེའུ་བཙུགས༔ མཉམ་ཉིད་དབྱིངས་ཀྱི་ངང་དུ་བཞུགས་སུ་གསོལ༔ མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ ཞེས་དང་། ཧཱུྃ༔ དཀྱིལ་འཁོར་གསལ་བཀྲའི་ངང་ཉིད་དུ༔ སྒྲིབ་མེད་དག་པ་ཡེ་ཤེས་ཚོགས༔ དོན་ལ་འགག་པ་མེད་པས་ན༔ ཏིང་འཛིན་གསལ་བའི་མདངས་དང་ལྡན༔ འོད་མཆོག་མཉམ་པར་བཞུགས་སུ་གསོལ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་མཚམས་བཞིར་བཀོད། དེ་ནས་རིགས་ལྔ་ཡེ་ཤེས་ལྔར་མཚོན་ཕྱིར་ཚོན་སྐུད་ལྔ་ཐོགས་ལ། ཧཱུྃ༔ མཛེས་པའི་སྐུ་མཆོག་ཡོན་ཏན་རྟགས་དང་ལྡན༔ མཉམ་ལ་འཇམ་པས་ཤེས་རབ་ཐབས་སུ་སྣང༔ ཁ་དོག་གསལ་བས་རིགས་ཀྱི་ཁྱད་པར་རྫོགས༔ དཔའ་བརྗིད་ལྡན་པས་དཀྱིལ་འཁོར་ལྷ་ཚོགས་མཉེས༔ བཀྲ་ཤིས་དོན་ལ་རིམ་པར་བཞུགས་སུ་གསོལ༔ ཨོཾ་པྲ་ཛྙཱ་ཨུ་པཱ་ཡ་དྷརྨ་ཀཱ་ཡ་ཧཱུྃ༔ ཞེས་མདའ་དར་རལ་གྲི་ཕུར་བུ་རྣམས་དྲྭ་བར་སྦྲེལ། དེ་ནས་སྤང་བྱ་མི་མཐུན་པ་སེལ་བའི་ཕྱིར། འཕན་བཞི། རྒྱལ་མཚན་བཞི་བཅས་ཐོགས་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང༔ ཀུན་རྫོབ་རིགས་ལྔ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཏྲཱཾ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཞིར་འཕན་བཞི། མཚམས་བཞིར་རྒྱལ་མཚན་བཞི། གཞན་ཡང་ཡོལ་བ་བླ་རེ་ལྡ་ལྡི་གདུགས་ལ་སོགས་པས་བརྒྱན་ནོ། །ཡེ་ཤེས་དགུས་ཉོན་མོངས་སེལ་བྱེད་མར་མེ་དགུ་ཐོགས་ལ། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་དག་པ་ལྷ་ཡི་གནས༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ན༔ དུར་ཁྲོད་གཞལ་ཡས་མ་ཏྲཾ་ཁོག་པ་ལ༔ དཀྱིལ་འཁོར་དགུ་ལ་ཡེ་ཤེས་དགུ་སྣང་གསལ༔ ཞེས་དང་། ཨོཾ༔ ཆོས་དབྱིངས་ཡེ་ཤེས་མར་མེ་དབུས་སུ་བཞུགས༔ མེ་ལོང་ཡེ་ཤེས་མར་མེ་ཤར་དུ་བཞུགས༔ མཉམ་ཉིད་ཡེ་ཤེས་མར་མེ་ལྷོ་རུ་བཞུགས༔ སོར་རྟོག་ཡེ་ཤེས་མར་མེ་ནུབ་ཏུ་བཞུགས༔ ནན་ཏན་ཡེ་ཤེས་མར་མེ་བྱང་དུ་བཞུགས༔ སྟོང་ཉིད་ཡེ་ཤེས་མར་མེ་ཤར་ལྷོར་ཞུགས༔ འདའ་དཀའ་ཡེ་ཤེས་མར་མེ་ལྷོ་ནུབ་བཞུགས༔ དབྱིངས་སྒྲོལ་ཡེ་ཤེས་མར་མེ་ནུབ་བྱང་བཞུགས༔ ཀློང་གྱུར་ཡེ་ཤེས་མར་མེ་བྱང་ཤར་བཞུགས༔ ཕོ་བྲང་གླིང་དགུ་ཡེ་ཤེས་དགུ་རུ་གསལ༔ ཨོཾ་མཱཾ་ས་དཱི་པཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྔར་གྱི་ཐོད་པ་དགུ་པོའི་ཐད་སོགས་ལྷ་གནས་དང་མཐུན་པའི་དབུས་དང་ཕྱོགས་མཚམས་སོ་སོར་ཚིག་དང་བསྟུན་རིམ་པར་བཀོད། དེ་ནས་ཕྱི་ནང་གི་མཆོད་པ་ནི། དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་སྟེགས་ཅི་ལྟར་རིགས་པའི་ཤར་དུ་ཤར་ལྷོ་ནས་བརྩམ་པའི་ཆུ་གཙང་འོ་མས་བྲན་པའི་མཆོད་ཡོན། ཙན་དན་ཆུ་དང་སྦྱར་བའི་ཞབས་བསིལ། ཐང་སྐྱེས་ཆུ་སྐྱེས་སོགས་མེ་ཏོག །ལྷན་སྐྱེས་དང་སྦྱར་བའི་བདུག་སྤོས། རྩི་མར་དང་འབྲུ་མར་གྱི་མར་མེ། དཀར་གསུམ་སྨན་སྣ་སྦྱར་བའི་དྲི་ཆབ། རོ་བཅུད་ཕུན་སུམ་ཚོགས་པའི་ཞལ་ཟས་རྣམས་བཤམ། ལྷོར་ཤར་ལྷོ་ནས་གཡས་སྐོར་གྱིས་གསེར་དངུལ་སོགས་ཛ་གད་ཀྱི་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན། ཐབས་ཤེས་ཚེའི་གལ་ཏེ་ཉི་ཟླ་ཁ་སྦྱོར་རྩེར་རྡོ་རྗེའི་ཏོག་དང་གདན་པདྨ་འདབ་བརྒྱད་ཅན། ཚེ་འབྲང་རྒྱན་ལྡན། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་བརྒྱད། འདོད་ཡོན་ལྔ། ལས་བཞི་མཆོག་བཅས་གཏོར་མ་ཕྱོགས་མདོག་ཅན་རང་རྟགས་ཉི་ཟླ་མེ་རིའི་རྒྱན་ལྡན་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་བཀོད། ནུབ་ཏུ་དཀྱིལ་འཁོར་ལྷའི་འདས་གཏོར་དཔལ་གཏོར་དམར་པོ་གཙོ་འཁོར་དགུ་པ་སོ་སོའི་མདུན་དུ་མཐེབ་ཀྱུ་གྱེན་ལངས་རེ་སྦྱར་བ་རྩེ་ཁྲོམ་ཅན། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒེར། གཏེར་སྲུང་དང་། གཞི་བདག་སྤྱི་གཏོར། སྨན་རཀ་དང་བཅས་པ་བཤམ། བྱང་དུ་ནུབ་བྱང་ནས་བརྩམ་སྟེ་བམ་མཚན་ལྡན་གྱི་དབང་པོ་ལྔའི་མེ་ཏོག །གསུར་ཆེན་གྱི་སྤོས། ཞུན་ཆེན་རོ་རས་ལ་སྦར་བའི་མར་མེ། དྲི་ཆུ་ཨ་མྲྀཏ་དང་སྦྱར་བའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས་རྣམས་དང་། ལྕགས་ཧོམ་དུ་ཉུལ་ལེའི་ལིངྒ་སོགས་བཤམ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་འབུལ་གཏོར། ཆད་ཐོ། བརྟན་མ། ཚོགས་རྫས་སོགས་ཉེ་བར་མཁོ་བའི་མཆོད་གཏོར་གྱི་རིགས་ཐམས་ཅད་ཅི་ལྟར་འོས་པའི་མཆོད་པར་ལེགས་པར་བཤམས་ཤིང་། དེ་དག་སྤྱི་ཁྱབ་ཏུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །བཞི་པ་སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་རུང་གི་བྱ་བ་ལ་གསུམ་ལས། དང་པོ་གནས་སུ་འགོད་པ་ནི། གཞུང་དུ་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་གསུངས་ཀྱང་ད་ལྟ་ལག་ལེན་དུ་ལས་ཚན་སོ་སོར་དམིགས་བསལ་ཅན་རྣམས་གོ་རིམ་ལྟར་གཞུང་གྲལ་གཡོན་གྱི་རྒྱབ་ཏུ་འཁོད་པ་དང་། རྡོ་རྗེ་རྒྱལ་ཚབ་པས་གཞུང་གྲལ་གཤམ་ནས་སྣམ་སྦྱར་དང་བཅས་བཞེངས་ཏེ་འབྲེལ་ཆགས་པའི་གཏོང་ཐུན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་དབྱངས་དང་བཅས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་ལ། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ྄་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་འཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང་། སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ལོ། །གཉིས་པ་ཆས་སུ་འཇུག་པ་ནི། སླར་ཡང་རྡོ་རྗེ་རྒྱལ་ཚབ་པས་སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་ནས་དཔལ་གྱི་ཆས་རྣམས་དཔའ་རྟགས་སུ་བཞེས་ཚུལ་སོགས་ཀྱི་ལོ་རྒྱུས་ཇི་ལྟར་འཚམ་པའི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་རྗེས་ཟློས་དང་བཅས་ཚིག་དང་བསྟུན་ནས་དཔལ་གྱི་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་པར་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་ཐམས་ཅད་ཀྱི་གནས་སོ་སོར་རྒྱན་ཚུལ་མཛད། དེ་ནས་ལས་བྱང་ལྟར། ཧཱུྃ། སྣང་སྲིད་འཁོར་འདས་གདོད་མ་ནས། །སོགས་ཀྱིས་བརྡའ་སྒོ་དབྱེ་ཞིང་། ཧཱུྃ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །སོགས་ཀྱིས་བརྡའ་ཕྱག་འཚལ། གསུམ་པ་བསྲེ་བསྣན་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་རྡོར་དྲིལ། བདུད་རྩི། ཡུངས་ཐུན་སོགས་བཀོད་ནས། བདུད་རྩི་བྱིན་རླབས་ལས་བྱང་ལྟར་སྔོན་དུ་འགྲོ་བས། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །སོགས་རྐང་པ་བདུན་དང་། ཆེ་མཆོག་ཡང་དག་གཤིན་རྗེ་པདྨ་དབང་། །སོགས་ཤློ་ཀ་གཅིག་གི་མཐར། སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་བཏགས་པས་སྨན་མཆོད་མཛད། དེ་ནས་སློབ་དཔོན་གྱིས། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། བར་གཅོད་ཀྱི་བགེགས་བསྐྲད་པའི་ཕྱིར། ཧཱུྃ། བདེ་གཤེགས་འདུས་པའི་དཀྱིལ་འཁོར་འདིར། །ཞེས་སོགས་དང་། དྲག་སྔགས་སྤོས་རོལ་གིང་དང་མེ་ཆུའི་ཐུན་སོགས་ཚམ་རྔམ་དང་གྲྭ་མང་གིས་འཇམ་རོལ་དང་བཅས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱི་རྗེས་ཟློས་གསར་བུ་རྣམས་ལ་བྱེད་བཅུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བར་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པ་འོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པ། སློབ་མས་ཀྱང་ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་སྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང་ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་བསྲུང་བར་གྱིས་ཤིག །ཅེས་བསྒོ །ཐམས་ཅད་ཀྱིས་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱི༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྙེན་ཞིང་བསྒྲུབ་པ་དང༔ ཡི་དམ་ལྷ་མཆོག་ཛཔ྄་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེ་ཐུགས་ཀར་གསོར་བ་དང་། ཨོཾ་བཛྲ་གྷཎྜེ་ཧཱུྃ་ཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ནས་དྲིལ་བུ་དཀྲོལ་བ་དང་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོའི་སྒྲ་ཆེར་སྒྲོག་གོ །ལྔ་པ་ལྷ་ཚོགས་སྤྱན་དྲངས་ཤིང་དཔལ་དགུའི་ལྷ་ཕུར་དང་། བུམ་པ་སོགས་གནས་སུ་དགོད་པ་ནི། དཀྱིལ་འཁོར་གྱི་མདུན་དུ་གཡང་གཞིའམ་སྟེགས་ཁེབས་ལྟ་བུའི་ཁར་དཔལ་དགུའི་ལྷ་ཕུར་དང་། དབང་ཕྱུག་ཉེར་བརྒྱད་ཀྱི་ཕུར་བུ། བུམ་པ་དགུ་རྣམས་བཀོད་པའི་མདུན་དུ་སློབ་དཔོན་བཞུགས་ལ་ལྷ་ཕུར་རྣམས་གཟི་བྱིན་བསྐྱེད་པ་ནི། ཚིལ་ཆེན་དང་གུ་གུལ་གྱིས་བདུག་ཅིང་། དཔལ་དགུ་བཀའ་སྡོད་བཅས་པའི་སྔགས་རྣམས་གསུམ་མམ་ཇི་ལྟར་རིགས་པ་བཟླ་ཞིང་། ཡུངས་ཐུན་གྱིས་བྲབ། རཀྟ་བྱུགས་ནས། རྟེན་དེ་དག་ལྷ་སོ་སོར་གྱུར་ཏེ་སྲིད་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་མཐུ་དང་ལྡན་པར་བསམ་མོ། །དེ་ནས་ཐམས་ཅད་ཀྱི་ཞྭ་བཅས་རང་རང་གི་གྲལ་ནས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས་ལ་རྡོར་དྲིལ་དང་བཅས་པས། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་བཞིན་བྱོན་ནས་རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་རོལ་མོ་དང་བཅས་པས། ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ སྒྲུབ་པ་བཀའ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཞེས་འཇམ་རོལ་དང་བཅས་གསལ་གདབ་ཅིང་བསྐུལ་ནས་སོ་སོའི་གནས་སུ་དགོད་པ་ནི། ལས་ཀྱི་རྡོ་རྗེས་ཆེ་མཆོག་གི་ཕུར་བུ་དང་བུམ་པ་རྒྱལ་ཚབ་པའི་ཕྱག་ཏུ་ཕུལ་ལ། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ལྷ་བརྒྱད་ཀླུ་བརྒྱད་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་ཆེ་མཆོག་གི་རྟེན་རྣམས་དབུས་ཀྱི་ཐོད་པ་དང་གོ་ས་མཐུན་པར་དགོད། དེ་བཞིན་དུ། ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ རུ་དྲ་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧེ་གླང་ཆེན་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྟ་མགྲིན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ཀླུ་བརྒྱད་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ལྷ་ཆེན་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཤར་ལྷོ་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་མོ་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ༔ རིག་འཛིན་མི་ཡི་ཐོད་པ་ཅན༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ དར་གྱི་ཕོ་ལོང་བསྒྲིལ་བའི་སྟེང༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ནུབ་བྱང་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་དྲེགས་འདུལ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བྱང་ཤར་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་སྟོབས་ལྡན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ གདུག་ཅན་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་འཇམ་རོལ་དང་བཅས་ཕྱོགས་མཚམས་སོ་སོར་བཀོད། ཨོཾ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་འཇམ་རོལ་དང་བཅས་དབང་ཕྱུག་ཉེར་བརྒྱད་ཀྱི་ཕུར་བུ་རྣམས་ཁྱམས་ཀྱི་ཤར་སྟོད་ནས་བཟུང་ཕྱོགས་རེ་རེར་དྲུག་དྲུག་དང་སྒོ་བཞིར་རེ་རེ་བཅས་རིམ་པར་བཀོད། དེ་དག་ནི་ནུབ་གཉིས་པའི་བྱ་བ་སྟེ་སྒྲུབ་པའི་སྔོན་དུ་འགྲོ་བའི་རིམ་པའོ། །སྤྱི་དོན་གཉིས་པ་དངོས་གཞི་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ། ཆོ་གའི་སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། རོལ་མོ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། ལས་བྱང་གི་སྔོན་གཏོར་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་བྱའོ། །གཉིས་པ་ནི། བདག་མདུན་དབྱེར་མེད་དུ་ཤེས་པའི་སྒོམ་རྒྱུན་གྱིས་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་མཐའ་བར་བཏང་། ཛཔ྄་དགོངས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་རྣམས་སེམས་དཔའ་སུམ་བརྩེགས་རྒྱན་ཆ་ཕྲ་མོའི་བར་དུ་སྣང་ལ་རང་བཞིན་མེད་པར་གསལ་བཏབ་ལ། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལེ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གནས་པ་ལས་ཨ་དཀར་པོ་དང་ཕཊ་ནག་པོར་ལས་མཐུན་གྱི་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་འགྲོ་བའི་དོན་བྱས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་བདག་ལ་ཐིམ། སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དང་གྲགས་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར་པར་བསམས་ལ། ཐུགས་དམིགས་མེད་མཁའ་ལྟར་དག་པའི་དབྱིངས་ལས་རྩལ་འགག་མེད་དུ་འཆར་བས་རྒྱས་ཐེབས་པ་སྲོག་ཏུ་བཟུང་ནས་ཛཔ྄་བསྙེན་ལ་འཇུག་སྟེ། ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེ་མཆོག་ཕྱག་སྟེང་ན༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཀུན་བཟང་བདེ་གཤེགས་ཞི་བ་བཞི་བཅུ་གཉིས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ ཞི་ཞིང་ཕྲ་ལ་བརྟག་དཀའ་བ༔ སྐུ་ལ་ཞི་བའི་ཆས་དགུ་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཨ་ལས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་དལ་ལ་འགྱུར་བར་བཟླའོ། །ཧཱུྃ༔ ཚོམ་བུ་དགུ་ཡི་གྲུ་གསུམ་དཀྱིལ་འཁོར་ན༔ ལྷ་ཀླུ་ལ་སོགས་སོ་སོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླ། ཧཱུྃ༔ དབུས་ཀྱི་སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ན༔ ལྷ་བརྒྱད་ཀླུ་བརྒྱད་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཁོག་ཀློད་དེ་རིང་བར་བགྲང་། ཧཱུྃ༔ ཤར་ཕྱོགས་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་དྷཱི་ཤྭ་རཱི་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཕྲ་འགྱུར་རིང་བར་བགྲང་། ཧཱུྃ༔ ལྷོ་ཕྱོགས་སེར་ནག་གྲུ་གསུམ་དཀྱིལ་འཁོར་ན༔ ཆུ་གླང་མ་ཧེ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྦྱོར་ཡུམ་བཻ་ཏཱ་སྒྲོལ་ཡུམ་རལ་གཅིག་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ མགོ་རིང་མཇུག་ཐུང་བར་བགྲང་། ཧཱུྃ༔ ནུབ་ཕྱོགས་དམར་ནག་གྲུ་གསུམ་དཀྱིལ་འཁོར་ན༔ གདུག་པ་ཀླུ་རྒྱལ་ཕོ་མོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང༔ ཡུམ་ཆེན་ཁྲོ་མོ་ཨེ་ཀ་ཛཱ་ཊི་མ༔ བཀའ་ཉན་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ གདངས་ལ་འགྱིང་ཆེ་བར་བཟླ། ཧཱུྃ༔ བྱང་ཕྱོགས་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ མ་ཧཱ་དེ་བ་ལྷ་ཆེན་གདན་སྟེ་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཆེ་ལ་ངར་དྲགས་པར་བགྲང་། ཧཱུྃ༔ ཤར་ལྷོ་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ སྲིད་པ་མ་མོ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ ཡུམ་ཆེན་ཉིད་བཞི་བདེ་མཆོག་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཐུང་ལ་ངར་དྲགས་པར་བགྲང་། ཧཱུྃ༔ ལྷོ་ནུབ་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ དར་གྱི་ཕོ་ལོང་བསྒྲིལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བླ་མ་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ རིང་ལ་ལྡིར་ཆགས་པར་བགྲང་། ཧཱུྃ༔ ནུབ་བྱང་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དང༔ གསང་བའི་ཡུམ་གཅིག་ཁམས་གསུམ་སྤྱི་འདུལ་མ༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ དྲག་ལ་འུར་ཆགས་པར་བགྲང་། ཧཱུྃ༔ བྱང་ཤར་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་དང༔ གསང་བའི་ཡུམ་གཅིག་འབྱུང་ལྔའི་བདག་མོ་གཉིས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཐུང་ལ་བསྟུད་པར་བགྲང་། དེ་ཡང་ཞི་བ་སྤྱི་སྔགས་དང་། ཁྲོ་བོ་སྤྱི་སྔགས་སུམ་བརྒྱ། ཆེ་མཆོག་ལ་སྟོང་ཕྲག་གཅིག །གཞན་དཔལ་བརྒྱད་པོར་བརྒྱ་རྩ་རེ་དང་། ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་བཀའ་སྡོད་སུམ་ཅུ། དྲག་སྔགས་སོ་ལྔ་པ་ཐུན་མ་འཁོར་བར་བཟླ་ཞིང་། དེ་ལྟར་བཟླས་པའི་མཚམས་སོ་སོར། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་སྟོང་ཚིགས་ཀྱི་མཆོད་པ་ཡང་བྱ་ཞིང་། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་ཚེའི་ཛཔ྄་ཀྱང་བརྒྱ་རྩ་ཙམ་བཟླའོ། །དེ་ནས་ཕྱི་ཐུན་ལ་ལས་བྱང་བསྡུས་པ་ནི། ཧཱུྃ། རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སོགས་ནས། མཐིང་གསལ་རང་སྣང་ཡུམ་བཅས་མཁའ་ལ་གསལ། །ཞེས་པའི་བར་གྱིས་ཏིང་འཛིན་རྣམ་གསུམ་དང་། ཨེ་ལས་ནམ་མཁའ་མཐིང་ནག་འབྱམས་ཀླས་དབྱིངས། །སོགས་ནས། ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ནམ་མཁར་གནས་པའི་ཧེ་རུ་ཀ་ཡབ་ཡུམ་དབུས་ཀྱི་གདན་ལ་འཁོད། དེ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། །སོགས་ནས། རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བརྟེན་པ་ལྷ་བསྐྱེད། ཧཱུྃ། བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ཤོ་ལོ་ཀ་གཅིག་གི་མཐར་སྐུ་གསུང་ཐུགས་སྔགས་དང་། རིགས་ལྔའི་སྔགས་ཙམ་གྱིས་བྱིན་གྱིས་བརླབས་ཤིང་དབང་བསྐུར། རང་གི་ཐུགས་ཀའི་ཧཱུྃ་ལས་སོགས་ནས། ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན། ཞེས་པའི་བར་གྱིས་སྤྱན་དྲངས་ཤིང་བཞུགས་སུ་གསོལ། ཧཱུྃ། ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །སོགས་ནས། པྲ་ཏཱིཙྪ་ཧོཿ ཞེས་པའི་བར་གྱིས་ཕྱག་འཚལ། ཆེ་མཆོག་ཡང་དག་གཤིན་རྗེ་པདྨ་དབང་། །སོགས་ཤྭ་ལོ་ཀ་གཅིག་གིས་སྨན་མཆོད་དང་། ཧཱུྃ། དོན་དམ་ཐིག་ལེ་བདེ་བ་ཆེན་པོ་ལས། །སོགས་ཀྱིས་དངོས་གྲུབ་ལེན། ཧཱུྃ། འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་སུ། །སོགས་ནས། ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པའི་བར་གྱིས་མཆོད་ནས། ཧཱུྃ། བདེ་གཤེགས་སྐུ་ལྔའི་ཡོན་ཏན་རྫོགས་པའི་ལྷ། །སོགས་ནས། དཔལ་གྱི་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། བཟླས་དམིགས་ནི། རང་གི་ཐུགས་རིན་པོ་ཆེ་སོགས་སྔར་ལྟར་གསལ་བཏབ་ནས་ཞི་བ་སྤྱི་སྔགས་དང་ཁྲོ་བོ་སྤྱི་སྔགས་གཉིས་བརྒྱ་རེ་ཙམ་བཟླས་མཐར་སོ་སོར་སྟོང་ཚིགས་ཀྱི་མཆོད་པ་ཡང་བྱེད། དེ་ནས་བུམ་བཟླས་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས་གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞི་བ་དང་ཁྲོ་བོའི་སྤྱི་སྔགས་སོ་སོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཏགས་པ་བརྒྱ་རྩ་རེ་བཟླས་མཐར། ཨོཾ་བཛྲ་སཏྭ་ཨཱཿས་ལས་བུམ་དུ་རྡོར་སེམས་བསྐྱེད་ནས། ཡི་གེ་བརྒྱ་པ་དང་ཡིག་དྲུག་ཅི་ལྟར་རིགས་པ་བཟླའོ། །གསུམ་པ་ནི། ཚོགས་བྱིན་རླབས་ནས་སྟོབ་པའི་བར་ལས་བྱང་བཞིན་སོང་ནས། བདག་འཇུག་གི་ཆོ་ག་ལ། འཇུག་པ་དང་དབང་དངོས་གཉིས་ལས། དང་པོ་ནི། ལས་རྡོར་གྱིས་བུམ་ཆུ་འཐོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། དྲག་སྔགས་སོ་ལྔ་པས་བགེགས་བསྐྲད། ས་གཞི་སྤོས་སོགས་ཀྱིས་མཎྜལ་ཕུལ་ལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་ཚུལ་བྱ། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་བླངས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ནི། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མི་བཟད་སྡུག་བསྔལ་འཇིགས་རུང་བའི༔ སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཏེ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་པ་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་ལས་བྱང་བཞིན་བརྗོད། སླར་ཡང་ཐལ་མོ་སྦྱར་ཏེ་སྡོམ་པ་བཟུང་བ་ནི། བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ བདེ་གཤེགས་རིགས་ལྔའི་སྡོམ་པ་དང༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་བ༔ ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ སྡོམ་པ་མ་ལུས་ཡོངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ དེ་ནས་དམ་ལ་བཞག་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ ས་མ་ཡ་རཀྴ་ཨི་དཾ་ན་ར་ཀན༔ ཞེས་ནང་མཆོད་ཀྱི་བདུད་རྩི་ཐམས་ཅད་ཀྱིས་མྱང་། ཡེ་ཤེས་དབབ་པ་ནི། རང་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་སྙིང་གར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་། བ་སྤུའི་ཁུང་བུ་ནས་ཞུགས་ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བར་བསམ་ཞིང་། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ཅིང་། ལས་རྡོར་གྱིས་གུ་གུལ་དང་ཚིལ་ཆེན་གྱིས་བདུག །དར་ཚོན་ལྔའི་གཡབ་དར་དང་བཅས་དཀྱིལ་འཁོར་དང་སྒྲུབ་པ་པོ་རྣམས་ལ་བསྐོར་ཞིང་། ཌཱ་དྲིལ་གྱིས་དྲངས་པའི་རོལ་མོའི་སྒྲ་མྱུར་དལ་སྤེལ་མའི་སྦྱོར་བ་དང་བཅས་པས་བྱིན་དབབ་པ་ཏིཥྛ་བཛྲ་གྱིས་གཡས་པའི་རྡོ་རྗེས་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱ། པྲ་ཏི་བཛྲ་ཧོཿས་མེ་ཏོག་འཐོར། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཞེས་མེ་ཏོག་མགོ་བོར་འཇོག །གཡས་པའི་རྡོ་རྗེས་མིག་དབྱེ་རྒྱ་དང་བཅས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨོཾ་བཛྲ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་ཡོད་ན་འགྲོལ། དཀྱིལ་འཁོར་བསྟན་པ་ནི། ཐམས་ཅད་ཀྱིས་གཡས་པའི་རྡོ་རྗེས་དཀྱིལ་འཁོར་ལ་བསྟན་ཞིང་། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔ ད་ནི་དད་པ་རབ་ཏུ་སྐྱེད༔ བདེ་གཤེགས་ཀུན་འདུས་རིག་འཛིན་པའི༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཞེས་མཐོང་བ་བསྟན་པས་བདེ་གཤེགས་ཀུན་འདུས་དཔལ་ཆེན་ཚོམ་བུ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་ལ་ཕྱི་ནང་གསང་བ་ཕྲིན་ལས་དང་བཞི་ལས། དང་པོ་ཕྱི་དབང་ནི། ས་གཞི་སྤོས་སོགས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་དང་བཅས་པས་བུམ་པ་ཐོགས་ལ། ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་སྤྱི་བོར་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ ཨོཾ་བཛྲ་ཀ་ལ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དྲིལ་བསིལ་དང་བཅས་དབང་བསྐུར་ཞིང་བུམ་ཆུ་མྱང་། ལས་རྡོར་གྱིས་ཚོགས་པ་རྣམས་ལ་དུང་ཞལ་གྱིས་བུམ་ཆུ་འགྱེད། དབུ་རྒྱན་ལག་གཉིས་མཐེབ་མཛུབ་སྤྲད་པས་འཛིན་ཅིང་། ཧཱུྃ༔ སྙིང་པོ་ལྔ་ལས་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་དབུ་བརྒྱན་པས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དབུ་རྒྱན་མགོ་བོར་བཅིང་། རྡོ་རྗེ་དང་དྲིལ་བུ་གཉིས་ནུ་མའི་ཐད་དུ་བཟུང་ལ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔའི་རྡོ་རྗེ༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གྷཎྜེ་ཨ་ཨཱ༔ ཨོཾ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་བཛྲ་ས་མ་ཡ༔ ཞེས་རྡོ་རྗེ་ཐུགས་ཀར་གསོོལ། དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། སློབ་དཔོན་གྱིས་ཕྱག་གཡས་རྡོ་རྗེ་དང་བཅས་པས་གཏོར་མ་འཛིན་ཅིང་། སྨན་རཀ་གཉིས་ལས་རྡོར་གྱིས་བཟུང་ལ། ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་ཚོགས༔ དམ་རྫས་རྣམས་ཀྱི་དབང་བསྐུར་བས༔ ལྷ་དང་དམ་ཅན་བསྟེན་མཆོད་དང༔ སྒོམ་སྒྲུབ་ཉན་བཤད་དབང་ཐོབ་ཤོག༔ ཨོཾ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་དབང་བསྐུར་ཚུལ་བྱེད། ཆས་གོས་ཀྱི་ཙཀླི་ཕྱག་གཡས་རྡོ་རྗེ་དང་བཅས་པས་བཟུང་ལ། ཧཱུྃ༔ དེ་རིང་དུས་འདིར་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པས༔ བརྒྱན་པའི་དཔལ་ཆས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཞེས་དུར་ཁྲོད་ཀྱི་ཆས་རྣམས་བགོ་ཚུལ་བྱའོ། །གཉིས་པ་ནང་ལྷའི་དབང་ལས་ཞི་བའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཏེ། ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔ མགྲིན་པར་སྤྱན་རས་གཟིགས་དབང་སྟེ༔ ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད༔ ལྟེ་བར་དྲུག་པ་རྡོ་རྗེ་འཆང༔ རྒྱལ་བ་རིགས་བཞིས་དབང་བསྐུར་བས༔ སྐུ་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བཛྲ་སཏྭ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཞེས་རིགས་བཞིའི་སྐུ་ཙཀ་གནས་བཞིར་བཞག །ཁྲོ་བོའི་དབང་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་སྤྱི་བོ་ནས་ཞུགས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལུས་ཀྱི་གནས་སོ་སོར་གྱེས་པ་ལ་ཐིམ་པར་མོས་ལ་དཔལ་དགུའི་སྐུ་ཙཀ་རིམ་བཞིན་ཐོགས་ཏེ། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་སྔགས་མཐར། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་བཞིན་དུ་སྦྱར་ཏེ། ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས་མཐར། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྟ་མགྲིན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཤར་ལྷོ་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ༔ རིག་འཛིན་མི་ཡི་ཐོད་པ་ཅན༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནུབ་བྱང་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་དྲེགས་འདུལ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བྱང་ཤར་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་སྟོབས་ལྡན་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྔགས། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་སྟེ། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་ནག་རྣམ་པ་གཉིས༔ རིགས་ལྔ་སྤྲུལ་པའི་ཁྱུང་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཁྲོཾ་ག་རུ་ཎ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ མཐའ་རྟེན་བཟླས་ལུང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་མགྲིན་པ་ནས་ཞུགས་སྙིང་གའི་ཡི་གེའི་འཁོར་ལོ་ལ་ཐིམ་པར་མོས་ཏེ་ཞི་བ་དང་ཁྲོ་བོའི་སྤྱི་སྔགས་ལན་བདུན་རེ་ཙམ་བཟླ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་གསང་བ་ཟབ་མོའི་དབང་ལས་གསང་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་བསམ་ལ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨ་ཧོ་མ་ཧཱ་སུ་ཁ་ཞེས་ནང་མཆོད་ཀྱི་བདུད་རྩི་མྱང་། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་བསམས་ནས་ལག་གཡོན་དྲིལ་བུ་བཟུང་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུང་མ་འདི༔ བསྟེན་ན་གཉིས་མེད་བདེ་བ་བསྐྱེད༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོ༔ འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དེ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། ཚིག་དབང་ནི། མེ་ལོང་ཤེལ་རྡོ་བསྟན་ལ། ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་རང་བྱུང་ཡེ་ཤེས་ཀྱི་ངང་ལ་བློ་བཞག་སྟེ་མེ་ལོང་ཤེལ་དང་བཅས་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཕྲིན་ལས་དྲག་པོའི་སྒྲོལ་དབང་ནི། སྲས་མཆོག་གི་ཕུར་བུ་ལྷར་གསལ་བ་འདྲིལ་ཞིང་༈ ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲིལ་ཏེ་འདེབས་པར་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ དྲག་སྔགས་སོ་ལྔ་པའི་མཐར་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད། རྗེས་དམ་ཚིག་བསྒྲག་བཟུང་ནི། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་དང་། དེང་ནས་བརྩམ་སྟེ་སོགས་བརྗོད། གཏང་རག་མཎྜལ། ས་གཞི་སྤོས་སོགས་བྱའོ། །དེ་ནས་དམ་ཅན་སྤྱི་གཏོར། སྡེ་དཔོན་སུམ་ཅུ། གཏེར་བདག་དང་གཞི་བདག་སྤྱི་གཏོར་བཅས་གཏོར་བསྔོ་བཞིན་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བསྔོས་ལ་བཙོན་དུ་བཟུང་། བསྐུལ། ཆད་ཐོ་དང་མཉམ་དུ་ཆོས་སྐྱོང་གཏོར་འབུལ་ཀྱང་མཛད། བརྟན་སྐྱོང་ནས་ནོངས་བཤགས་བར་ལས་བྱང་ལྟར་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཤེགས་གསོལ་མ་བྱས་བར་དུ་བརྟན་བཞུགས་བྱ། ཉེར་བསྡུ་ནས་ཤིས་བརྗོད་བར་ལས་བྱང་བཞིན་བྱ་ཞིང་། དེ་ནས་འགལ་རྐྱེན་བསྲུང་ཕྱིར་ཉུལ་ལེ་འདུལ་ཞིང་བསྐྲད་པ་ནི། ཚོགས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་སོགས་ཆས་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུ་འཁོད་པའི་དྲུང་དུ་ཉུལ་ལེའི་ལིང་ག་བཅས་ལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཅེས་བྲུབ་ཁུང་བསྐྱེད། ན་མོ། རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛ༔ ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བྱས་ནས་གིང་པ་ལས་ཀྱི་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླག་པར་བསམ་ཞིང་། རོལ་མོ་དབྱངས་དང་ཊཱ་ཀིའི་འཆམ་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང་། ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ང་ནི་དབང་ཆེན་པདྨའི་སྐུ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བླ་མེད་ཧེ་རུ་ཀ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ང་ནི་སྟོབས་ལྡན་ནག་པོ་སྟེ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཞེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང་། ཊཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ་པ་དང་། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པས་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེར་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་དུག་ཆར་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོ་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་མ་ལུས་སྲེག༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྴ་འབྱིན་ཡཀྵ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན༔ རྡུལ་ཕྲན༔ ཞེས་དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་ར་བས་བཅིངས་ནས། སླར་ཡང་། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །སོགས་ཀྱིས་བྱིན་དབབ་རྗེས་ཞི་ཁྲོའི་སྤྱི་སྔགས་ཀྱི་འཛབ་བཟླ་བཞིན་པས་ཐུན་བརྗེ་ལེན་བྱ་ཞིང་། མཚན་ཐུན་སྔ་ཕྱི་གཉིས་པོའང་ཆོ་ག་བསྡུས་པ་བུམ་བཟླས་མ་གཏོགས་སྔར་ལྟར་གཏོང་ཞིང་། དེ་ལྟ་བུའི་ཆོ་གའི་རིམ་པས་ཐུན་བཞིར་ཉམས་སུ་བླང་བར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། དངོས་གྲུབ་བླང་བ། མཐའ་རྒྱས་ཀྱི་བྱ་བ། དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་གདབ་པ། རྡུལ་ཚོན་ཆུ་བོར་གཤེགས་པ་དང་བཞི་ལས། དང་པོ་ལ། དངོས་གྲུབ་ཀྱི་ལྟས་བརྟག་པ་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། དམ་ཅན་དང་མཁའ་འགྲོས་ལུང་སྟོན་པ་དང་། སྐུ་གཟུགས་བཞད་ཅིང་དྲེགས་པས་བཀའ་ནོད་པ་དང་། སྒྲུབ་རྫས་འཕེལ་ཞིང་འོད་འཕྲོ་བ་དང་། སྙན་པའི་སྒྲ་དང་དྲི་བཟང་འཐུལ་བ། ཉི་ཟླ་ཤར་བ། རི་བོ་ལ་འཛེག་པ། མཁའ་ལ་འཕུར་བ། ལོངས་སྤྱོད་ཀྱི་གཏེར་ཐོབ་པ་སོགས་དངོས་ཉམས་རྨི་ལམ་ལས་རབ་འབྲིང་ཐ་མའི་རྟགས་སུ་མཚོན་པ་དང་། ཉམས་རྟོགས་དང་དགེ་སེམས་འཕེལ་བ་སོགས་ཡིད་ཆེས་པར་གཏན་ལ་ཕེབས་པའམ། ཞག་དང་དུས་གྲངས་ཀྱི་ངེས་པ་ཅན་ཡིན་ཡང་རུང་སྟེ་ཉིན་ཐ་མ་ལ་དངོས་གྲུབ་ལེན་པའི་ཆོ་ག་ལ་དྲུག་ལས། དང་པོ་དངོས་གྲུབ་ཀྱི་རྟེན་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་མཉྫི་མཐོ་བར་སྨན་གྱི་ཕོ་བྲང་བཀོད་ལ་ཕྱི་ནས་སྟེགས་ཁེབས་ཀྱིས་གཡོགས། དེའི་མདུན་དུ་ལྷ་བུམ་བཅུ་པོའི་བུམ་ཆུ་སློབ་དཔོན་མདུན་གྱི་རྣམ་བུམ་དུ་བླུགས་པ་དང་། གཡས་སུ་རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་དཀར་མངར་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་བསྐོར་བ། མཱཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཐོག་སྣ་ཚོགས། སུ་རཱ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་པས་བསྐོར་བ། གཡོན་དུ་ཆང་བཟང་པོར་མངར་གསུམ་དང་ཨ་མྲྀཏས་སྦགས་པས་བྷཉྫ་བཀང་བ་བཤམ་མོ། །གཉིས་པ་བར་གཅོད་བསྐྲད་པ་ནི། ཧཱུྃ། བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ། །སོགས་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །རྒྱལ་ཚབ་པས་དཀྱིལ་འཁོར་ལ་བསྐོར་ཞིང་ཐུན་གྱིས་བྲབ་པ་སོགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། ཧཱུྃ། མི་བཟད་ཁྲོ་གཏུམ་རྔམ་པའི་ཚོགས། །སོགས་ཀྱིས་མཚམས་བཅད། གསུམ་པ་དངོས་གྲུབ་ཀྱི་ཛཔ྄་བྱ་བ་ནི། ལས་རྡོར་གྱིས་སྤོས་དང་། དར་ཚོན་སྣ་ལྔའི་གཡབ་དར། རྒྱལ་ཚབ་པས་གཡབ་དང་དྲིལ་བུ་བཅས་ཐོགས་ནས་ཚོགས་པ་དང་དཀྱིལ་འཁོར་ལ་བསྐོར་ཞིང་། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །སོགས་ཀྱིས་བྱིན་འབེབས་པས་གཟི་བྱིན་བསྐྱེད། བདུད་རྩི་ཛ་གད་སོགས་དངོས་གྲུབ་ཀྱི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་སོགས་བདུད་རྩི་ལྟར་བྱིན་གྱིས་བརླབས་ནས། རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་དགྱེས་པ་བསྐྱེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་གསལ་ཞིང་བརྟན་པར་བྱས་རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་བསམ་ཞིང་། བདེ་གཤེགས་ཞི་བ་དང་དཔལ་དགུའི་སྙིང་པོའི་མཐར་སརྦ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཏགས་པ་ཞི་བ་དང་ཆེ་མཆོག་ལ་བརྒྱ་རྩ་དང་། གཞན་དཔལ་བརྒྱད་པོར་ལྔ་བཅུ་ཙམ་རེ་བཟླའོ། །བཞི་པ་ལྷ་གནད་ལ་དབབ་པ་ནི། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཕོག་སྔོན་གྱི་ཐུགས་དམ་བསྐུལ་བས་སོ་སོའི་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་བསམ་ཞིང་། ཧཱུྃ༔ བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་བཞིན་དུ་སྤྱན་འདྲེན་གྱིས༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ དངོས་གྲུབ་མ་ལུས་དུས་འདིར་བསྩལ་དུ་གསོལ༔ གནས་འདིར་བདེ་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་བྱང་ཆུབ་སེམས་བསྐྱེད་ཉམས་པ་དང༔ སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་འགྱུར༔ ཞེས་པའི་མཐར་སྔགས་ཚན་བཅུ་པོའི་མཐར་ས་མ་ཡ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བཏག་པ་ཞི་བ་དང་ཆེ་མཆོག་ལ་ཉེར་གཅིག་རེ་དང་། དཔལ་བརྒྱད་པོར་བདུན་རེ་ཙམ་བཟླ། ལྔ་པ་མཆོད་ཅིང་དངོས་གྲུབ་བླང་བ་ནི། སློབ་དཔོན་གྱི་མདུན་དུ་ཆང་དང་རཀྟ་སྦྱར་བའི་སྣོད། བཟེད་ཞལ། ཁེམ་ཐུར་བཅས་བཀོད་ནས། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ལན་གཅིག་འཕྱར་བས། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆོས་སྐུ་བདེ་བ་ཆེན་པོར་གྱུར། ཡང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གཉིས་པ་འཕྱར་བས། སྣང་སྲིད་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར། ཡང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གསུམ་པ་འཕྱར་བས། བདེ་གཤེགས་རྣམས་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་དུ་བཞེངས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་གྱིས་རཀྟ་དེ་བདུད་རྩིར་བྱིན་གྱིས་བརླབས་ནས། ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང༔ ཆེ་མཆོག་དཔལ་དགུའི་ཁྲོ་བོ་འཁོར་བཅས་རྣམས༔ དང་པོ་མཆོད་འོས་སྐྱབས་ཀྱི་ཡེ་ཤེས་ལྷ༔ བར་དུ་བསྒོམས་བསྒྲུབས་བདག་གི་ཡི་དམ་ལྷ༔ ད་ལྟ་བདག་དང་གཉིས་མེད་ཆོས་ཀྱི་སྐུ༔ གཉིས་མེད་བདེ་ཆེན་རོལ་པའི་མཁའ་དབྱིངས་སུ༔ རཀྟ་དམར་གྱི་ཨརྒྷཾ་མཆོད་པར་འབུལ༔ མཆོད་པ་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞི་བ་དང་དཔལ་དགུའི་སྙིང་པོ་ལན་གསུམ་རེ་བརྗོད་སོ་སོའི་མཐར་མ་ཧཱ་རཀྟ་ཁཱ་ཧི༔ ཞེས་བཟེད་ཞལ་དུ་ལན་གསུམ་ཕུལ་བས། དང་པོས་ལྷ་ཚོགས་རྣམས་གསལ་བཏབ། གཉིས་པས་རང་གཙོ་བོ་ཡབ་ཡུམ་གྱི་མཁའ་ལས་བདུད་རྩི་དམར་པོ་འཕྲོས་ལྷ་རྣམས་མཆོད། གསུམ་པས་དེ་དག་གི་དངོས་གྲུབ་ཐམས་ཅད་བདག་ལ་བསྩལ་བར་བསམ་ཞིང་། ཞི་བ་དང་དཔལ་དགུའི་སྙིང་པོ་རྣམས་ལན་ཉེར་གཅིག་རེ་སྟོང་ཚིགས་ཀྱི་མཆོད་པ་དང་བཅས་པ་བྱའོ། །དྲུག་པ་དངོས་གྲུབ་བསྡུ་བ་ནི། དེ་ལྟར་གསོལ་བའི་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་པར་བསམ་ཞིང་། ལས་རྡོར་གྱིས་བཟེད་ཞལ་གྱི་རཀྟ་གཏོར་མར་སྦྲེང་བ་དང་། སློབ་དཔོན་གྱིས་དེ་བཞིན་ཐིག་གཏོར་དབུལ་ཞིང་། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །སོགས་ཀྱིས་སྨན་མཆོད་ལས་བྱང་ལྟར་བྱས་ནས། ཧཱུྃ། དོན་དམ་ཐིག་ལེ་སོགས་ཀྱི་མཐར། ལྷག་མའི་ནང་དུ་འབྲུ་གསུམ་བསམ་པ་མཐེབ་སྲིན་གྱིས་བླངས་ཏེ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་རོལ་མོ་དང་བཅས་རྒྱལ་ཚབ་པས་རྡོ་རྗེ་རྒྱལ་པོའི་གཙོས་ཚོགས་པ་ཐམས་ཅད་ཀྱི་གནས་གསུམ་དུ་བཞག་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་། ལས་རྡོར་གྱིས་སྒྲུབ་རྫས་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་གྱི་རྫས་རྣམས་ནས་ཕུད་དུམ་རེ་བཅད། བདེ་གཤེགས་ཞི་ཁྲོ་བསྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་བརྗོད་ནས། ལྷ་ཚོགས་ཐམས་ཅད་མཉམ་པར་སྦྱོར་བས་འོད་དུ་ཞུ་བ་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །སོགས་ཀྱི་མཐར་ཆེ་མཆོག་གི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་རྡོ་རྗེ་རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་། ཡུམ་གྱིས་རྣམ་བུམ། ལས་རྡོར་གྱིས་བདུད་རྩི། ལས་བཞིའི་འབྲང་རྒྱས་སོགས་སྒྲུབ་རྫས་རྣམས་སྦྲེང་ཚར་དུ་རྡོ་རྗེ་རྒྱལ་པོ་ནས་བཟུང་སྟེ་དངོས་གྲུབ་ཀྱི་རྫས་ལ་རོལ་རྗེས། ལྷག་མ་དངོས་གྲུབ་ཏུ་རོལ་པས་ལྷ་བདག་གཉིས་མེད་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་བསམ་མོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་སོགས་རག་བསྡུས་ཀྱིས་རྒྱས་པའི་སྦྱིན་སྲེག་དང་། རྒྱལ་ཚབ་པ་སོགས་རག་བསྡུས་ཀྱིས་ཞི་བའི་སྦྱིན་སྲེག་བསྒྲུབ་པ་ཡིན་ཞིང་དེའི་ཆོ་ག་ནི་ཟུར་དུ་ཤེས་སོ། །དེ་ནས་ཚོགས་བྱིན་རླབས་ནས་སྟོབ་པའི་མཇུག་ཏུ་ཉུལ་ལེའི་ལིང་ག་མེར་བསྲེག །ལྷག་མ་བསྡུས་ནས་སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་མཆོད་པའི་རས་མ་དང་བཅས་ཕྱི་རོལ་དུ་བཏང་། བསྐུལ་ནས་བཟུང་། ནོངས་བཤགས་བཟོད་གསོལ་བར་བྱའོ། །གསུམ་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་གི་འཁོར་ལོ་རིམ་བཞིན་བསྡུས་ནས་ཐུན་མཚམས་ཀྱི་ལྷར་ལངས་ནས་གོ་བགོ་བའི་བར་བྱས་ཏེ། ཕྱི་རོལ་གྱི་ཤར་ལ་སོགས་པའི་རྒྱལ་ཆེན་བཞི་དང་སྒོ་བྱང་གི་ལྷ་བཅས་སོ་སོའི་མདུན་དུ་མཆོད་པ་བཤམ། བསང་སྦྱང་བྱིན་བརླབ་དྲང་བསྟིམ་མཆོད་པ་རྣམས་སྔར་ལྟར་ལས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། ཏིཥྛ་བཛྲ་གྱིས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ཕུར་བུ་རྣམས་ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོའི་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱས་ཕུར་རྩེ་འོ་མས་བཀྲུ །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་གཡས་པའི་རྡོ་རྗེས་བྱང་ཤར་གྱི་རྩིག་པ་ནས་བརྩམ་སྟེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ལ། ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ལ། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་བུམ་པར་བླུགས་ནས་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་དབྱི། དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། རྡོ་རྗེ་རྒྱལ་ཐེབ་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །འོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ་རྗེས། ཧཱུྃ། མི་གནས་ཡེ་ཤེས་སོགས་སྨོན་ལམ་དང་ཤིས་བརྗོད་ལས་བྱང་ལྟར་བྱའོ། །བཞི་པ་ནི། རྡུལ་ཚོན་གྱི་བུམ་པ་མཆོད་པ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས་སློབ་དཔོན་སློབ་མར་བཅས་པས་དྲིལ་སྤོས་ཀྱིས་སྤྱན་དྲངས་ཏེ་བཀུར་སྟི་དང་བཅས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོའམ། མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་མཎྜལ་ལྟ་བུའི་གཞི་ལ་རྡུལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་འབྲི་བའམ་པར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། ཀླུ་སྨན་བཏབ་པའི་འོ་མ་གཏོར་མ་དང་བཅས་པ་དང། དེ་ལ་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་བཞུགས་སུ་གསོལ། མཆོད་པ་རྣམས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་བསམ༔ ཞེས་པས་བྱིན་གྱིས་བརླབས་ནས་སླར་ཡང་རྟེན་བསང་སྦྱང་། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྦྱན་དྲང་། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལག་གཡོན་གདེངས་ཀའི་ཚུལ་དང་། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱིས་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམས་དག་གོ །ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང་། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་སོགས་སྐབས་སུ་བབ་པའི་ཕྲིན་ལས་གསོལ་ནས། ཨོཾ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང་། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ། ཨོཾ་ཨཱཿཧཱུྃ་མུཾཿ ཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བཾ་ཧོཿ རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། རྡུལ་ཚོན་དང་མཆོད་གཏོར་བསྡུས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུད། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །ཞི་དང་ཁྲོ་བོ་མ་ལུས་པའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་རྣམས། །ཡོངས་འདུས་སྒྲུབ་ཆེན་བཀའ་བརྒྱད་ཀྱི། །བསྙེན་སྒྲུབ་སྒྲུབ་པ་ཆེན་པོའི་ཚུལ། །འདི་ལས་མཆོག་དང་ཐུན་མོང་གི །དངོས་གྲུབ་འདོད་དགུའི་གཏེར་མཛོད་ལ། །ཅི་དགར་སྤྱོད་པའི་སྐལ་བཟང་དཔལ། །ཕྱོགས་དུས་ཀུན་ཏུ་ཁྱབ་བྱེད་ཤོག །དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི་རིག་འཛིན་ཆེན་པོ་གཏེར་བདག་གླིང་པས་མཛད་པའི་སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་ཉིད་གཞིར་བཞག་ནས་བྱ་སླ་བའི་ཆེད་དུ་ཁ་སྐོང་དགོས་རིགས་རྣམས་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དཀྱུས་སུ་བྲིས་པའི་དགེ་བ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག། །།

རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ་ (Volume 31, Text 24)

༄༅། །རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སིདྡྷི་རསྟུ། རང་རིག་འ༵གྱུར་མེ༵ད་ཡེ་ཤེས་ཕུར་བུ་ཡིས། །སྲིད་ཞིའི་འཁོར་ལོ་མི་ཕྱེད་རྒྱས་འདེབས་པའི། །ཟུང་འཇུག་བདེ་ཆེན་རྡོ༵་རྗེ༵་གཞོན་ནུ་ཡི། །དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་བླ་མར་འདུད། །རྒྱུད་ཀྱི་རྒྱལ་པོ་རིག་མཆོག་འབུམ་སྡེའི་བཅུད། །ཡང་གསང་སྤུ་གྲིར་འབྲེལ་བ་ཕུར་པ་ཡི། །བསྙེན་ཡིག་སྐལ་བཟང་འདོད་པ་འཇོ་བའི་དཔྱིད། །རིན་ཆེན་སྙེ་མ་བཟང་པོ་དེང་འདིར་འཁྲུངས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲི་འབར་བའི་བསྙེན་སྒྲུབ་བྱེད་པར་འདོད་པས། སྤྱིར་སྒྲུབ་ཐབས་ཀྱི་རྩ་ཐོ་ལས། གཞུང་དངོས་བྱང་ཆུབ་ནར་མ་དང༔ ཐུན་མོང་ཚོམ་བུར་སྒྲུབ་པ་ཆེ༔ གློ་བུར་ཅོག་བརྡུང་ལས་སྦྱོར་གསུམ༔ རེ་རེར་བསྙེན་སྒྲུབ་ལས་ཚང་བར༔ ཞེས་གསུངས་པ་ལྟར་སྒྲུབ་ལུགས་རྣམ་པ་གསུམ་ལས། འདིར་བདག་དོན་བྱང་ཆུབ་ནར་མར་སྒྲུབ་པའི་མན་ངག་ལྟར་ཉམས་སུ་ལེན་པ་ལའང་ནང་གསེས་ཀྱིས་བསྙེན་སྒྲུབ་ལས་གསུམ་དུ་གསུངས་པ་ལས། དང་པོ་བསྙེན་པ་ནི། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་ཡིད་བརྟན་པ། དད་བརྩོན་ཤེས་རབ་དང་ལྡན་པའི་རྟེན་གྱི་གང་ཟག་གིས་བསྙེན་པ་ལ་འཇུག་པའི་སྔ་རོལ་དུ། དཀོན་མཆོག་མཆོད་པ། གསུང་རབ་བཀླག་པ། སཱཙྪ། ཆུ་གཏོར་སོགས་རང་ངམ་གཞན་ལ་བཅོལ་བས་ཀྱང་རུང་སྟེ། རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་འགྲོ་བས། དབེན་ཞིང་ཤིས་ལ་ཡིད་དང་མཐུན་པའི་གནས་སུ་མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡབ་འཕར་དུ་ལྡང་བ། མཚམས་གཡོག་སྨན་པ་སོགས་མཚམས་ཁང་དུ་ཆུག་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་སྟ་གོན་བྱ་ཞིང་། འཇུག་པའི་དུས་ནི། ར་བ་བཞི་དང་འགྲིག་ན་རབ་མ་འགྲིག་ན་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་བརྒྱད་དུས་དགེ་བ་ལ། མགོ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་དགེ་ཞིང་ཤིས་པ་ནས་བརྩམ་སྟེ། གནས་དེ་སྒྲུབ་ཁང་གསར་པ་ཡིན་ན་ས་ཆོག་ཀྱང་སྒྲུབ་གཞུང་ལྟར་བྱ་དགོས་མོད། འདིར་རྙིང་པའི་དབང་དུ་བྱས་ཏེ། གནས་ཁང་ལ་ཕྱག་བདར་ལེགས་པར་བྱས་ལ། དེར་བདག་གི་རྣལ་འབྱོར་བཟླས་པའི་བར་མདོར་བསྡུས་པ་ཙམ་བསྒོམས་རྗེས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ནས། དེ་ནས་བདག་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་ལངས་ཏེ། ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས། རྡོ་རྗེ་སྲིན་པོའི་ང་རྒྱལ་མཆོག་ཏུ་བརྟན་པོས་བཀའ་བསྒོ། དྲག་སྔགས་ཐུན་བྲབ་གུ་གུལ་གྱི་དུད་པས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་ཙཀ་ལི་རབ་གནས་ཅན་གཟུག །དེའི་མདུན་མཆོད་གཏོར་བཤམས་ལ། སྒྲུབ་གཞུང་ལྟར་བྱིན་བརླབ་ལྷ་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་རྣམས་བྱས་པས། འཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིའི་རྡོ་རྗེའི་གུར་ཕུབ་པར་བསམ་པ་ནི་ཕྱི་མཚམས་སོ། །དེ་ནས་ནང་མཚམས་ནི། སྤྲོ་ན་ཕྱོགས་སྐྱོང་ཕུར་གདབ་བྱ་བའམ་ཡང་ན་ལས་བྱང་གི་མགོའི་མཚམས་གཅོད་བྱ་ཞིང་། རྡོ་རྗེ་ཕུར་བུའི་ཚོགས་ཀྱིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ། གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ། སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་ཡིན་པས་སུས་ཀྱང་གཞིག་ཏུ་མེད་དོ། །དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུག་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་སྤང་། སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱའོ། །དེ་ནས་བཅས་བཤམ་པ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་བིདྱོཏྟ་མ་ལས། གླིང་བཞི་པ་ཡི་བྷཉྫ་ལ། །འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས། །ཕུར་བུ་སྤུངས་ལ་བསྙེན་པ་བྱ། །ཞེས་གསུངས་པ་ལྟར། སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བྲིས་པའམ། རས་བྲིས་དགྲམ་པ་གང་བདེ་བྱ་ཞིང་། ཡང་ན་བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་འགྲུབ་ནའང་སྐྱོན་མེད། གང་ལྟར་ཡང་། དཀྱིལ་འཁོར་བཤམ་ན། དེའི་ལྟེ་བའི་གྲུ་གསུམ་མཐིང་ནག་གི་སྟེང་དུའམ། དཀྱིལ་འཁོར་མི་བཤམ་པའི་ཕྱོགས་ལ་སྟེགས་བུ་ཁེབས་ལྡན་བཀོད་ལེགས་པའི་སྟེང་དུ། ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ། བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་སོགས་ཚུལ་བཞིན་དུ་འདུ་བྱས་པའི་ཕུར་བུ་འབྱོར་ན་ལྷ་ཕུར་ཚང་བ་སྦམས་ཏེའམ། མ་འབྱོར་ན་གཙོ་ཕུར་ཉིད་བཙུགས་པ་བཀོད། དེའི་རྒྱབ་མདུན་གང་བདེར་རྙེད་ན་ཕོ་ཐོད་མཚན་ལྡན་དུ་སྙིང་པོའི་གཏའ་གཏོར་ཞེས་སྒྲུབ་གཏོར་ནི། དཔལ་གཏོར་ཆེ་བ་གཅིག་ལ་འཁོར་རང་འདྲ་བ་བཅུས་བསྐོར་བའི་རྩེར་སྐུ་རྟེན་བཙུགས་ཤིང་དར་ནག་གི་གུར་ཕུབ་པ་མཉྫི་ལ་བཀོད། དེའི་གཡས་གཡོན་དུ་སྟེགས་བུ་ཅུང་ཟད་དམའ་བར་ཡི་དམ་གྱི་མཆོད་གཏོར་དང་། ཕུར་སྲུང་སོགས་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་མ་རྣམས་ཀྱང་བཤམས་པའི་གཡས་སུ་ཨ་མྲྀཏ་བཏབ་པའི་སྨན་ཕུད། གཡོན་དུ་ཤ་ཆེན་དང་བཅས་པའི་རཀྟ། རྙེད་ན་དེ་གཉིས་ཀྱི་སྣོད་ཀྱང་རིམ་པར་མ་ནིང་དང་མོ་ཐོད་ཤིས། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཡོ་བྱད་སོགས་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲི། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་སོགས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས། ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པ་བྱ། བླ་མ་ཡི་དམ་གྱི་ལྷ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལོ། །དེ་ནས་བསྙེན་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་འགོ་འཛིན་པར་གསུངས་པས་སང་ཞོགས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། ནམ་ལངས་པ་དང་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། སྔོན་འགྲོའི་ལས་བདུན་དང། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་དུ་གཞུང་བསྲངས་རྗེས། བཟླས་པ་ནི། ཕྲེང་བ་བྱིན་རླབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྐུ་ཕྱག་རྒྱ་ལ་དམིགས་པ། གསུང་ཡི་གེ་ལ་དམིགས་པ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔ྄་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་ཙམ་ཆ་རྩིས་ཏེ་གསལ་བཏབ་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བཟླ་སྟེ། བཟླ་བྱའི་སྔགས་ནི་ཛཔ྄་དགོངས་གསུམ་ཀ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿ ཞེས་སྲོག་སྔགས་འབྲུ་དགུ །ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་རྣམས་སྦྲེལ་བའི་འབྲུ་བཅུ་བདུན་པ་ཁོ་ན་ཆིག་དྲིལ་དུ་བཟླའོ། ཁྲོ་བཅུ་སོགས་འཁོར་སྔགས་རྣམས་ཐུན་མོང་ཚོམ་བུའི་བསྙེན་སྒྲུབ་སྐབས་གཙོ་བོའི་བཅུ་ཆ་རེ་བཟླ་བར་གསུངས་ནའང་བདག་དོན་བྱང་ཆུབ་ནར་མའི་སྐབས་འདིར་གཞུང་ལས་མ་བཤད་པས་བཟླ་མི་དགོས་ཤིང་། ཕྱག་བཞེས་འགར་བསྙེན་པའི་སྐབས་འདིར་འཕྱོང་སྔགས་འབྲུ་གསུམ་འདོགས་མི་དགོས་པར་བཞེད་པ་ནི། ཐུན་མོང་ཚོམ་བུའི་སྒྲུབ་པའི་ནང་ཚན་གྱི་བསྙེན་པའི་ཤན་ཤོར་བ་ཡིན་གྱི། འདིར་བདག་དོན་གྱི་དཀྱུས་སུ་བཀོད་པའི་སྔགས་བྱང་ལ་འབྲུ་བཅུ་བདུན་པ་ཉིད་ཡོད་པས་འཕྱོང་སྔགས་སྦྲེལ་བ་འཐད་དོ། །དེའང་ཧ་ཅང་སྔགས་མྱུར་བ་དང་། བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་གཉིད་རྨུགས་སོགས་བྱིང་བ་དང་། སེམས་འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ་ཅིང་། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཧཱུྃ་གསུམ་གྱིས་དཀྱིལ་འཁོར་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་། ཕཊ་གསུམ་གྱིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །དེ་ལ་ཐུན་གཅོད་ཚུལ་ནི། བདག་དོན་དུ་ཐུན་བཞིར་གསུངས་པ་ཙམ་ལས་གསལ་ཁ་མེད་ཅིང་། ཚོམ་བུའི་སྒྲུབ་གཞུང་དུ་སྔ་དགོང་གཉིས་དང་། གུང་གཉིས་ཏེ་བཞིར་བཤད་ནའང་། བདག་དོན་གྱི་སྐབས་འདིར་སྤྱི་འགྲོ་ལྟར་བྱས་ཀྱང་མི་འགལ་བས། ཉིན་གཉིས་པ་མན་ཆད་ཐོར་ཐུན་གྱི་འགོར་སྔོན་འགྲོའི་ལས་བདུན་ཚང་བར་བྱ་ཞིང་། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་ཀྱང་བྱ། ཉིན་དང་པོའི་དགོང་ཐུན་དང་སྲོད་ཐུན། ཉིན་གཉིས་པ་མན་ཆད་སྔ་དགོང་སྲོད་ཀྱི་ཐུན་གསུམ་གྱི་འགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་ངེ་འཛིན་གསུམ་ལ་འཇུག་པས་ཆོག་ཅིང་། ཕྲེང་བ་བྱིན་རླབས་ཀྱང་མི་དགོས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབས་ཚེ་བསྙེན་པ་འགྲོ་ཆེ་ཁྱད་ཀྱིས་ཕྱི་ཐུན་གསུམ་པོར་མངོན་རྟོགས་ཀྱི་སྒོམ་བྱང་རྣམས་དོར་ནས་སོ་སོའི་བསྐྱེད་སྔགས་ཀྱི་མཇུག་ཏུ་ལས་བྱང་རྩ་བའི་གསལ་གདབ་ཀྱི་ཚིག་རྣམས་ལ་ཞུགས་ཀྱང་མི་འགལ། གང་ལྟར་ཡང་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གཏོར་བསྔོ་རྣམས་བྱ་ཞིང་། འབྱོར་ན་ཕུར་པ་རང་གཞུང་གི་རྒྱུན་གཏོར་རེ་དང་ཚོགས་མཆོད་རེ་ཡང་བྱ། གལ་ཏེ་མ་འབྱོར་ན་ཚུགས་གྲོལ་ཉིན་གཉིས་ཀྱི་ཐུན་ཐོག་མཐའ་དང་། ངོ་གཉིས་ཀྱི་བརྒྱད་དང་ཉ་སྟོང་སྟེ་དུས་བཞི་ལ་ཆག་ཏུ་མི་རུང་། ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་བྱེད་རྒྱུ་ཡོད་ན་ཐུན་མཚམས་གང་བདེར་བྱས་པས་ཆོག་ཅིང་། གཞན་དུ་ན་ཐུན་མཚམས་ལ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཞིང་གྲངས་ཚད་ལ་མི་བརྩི། ཁམས་གསེང་བ་སོགས་ཀྱི་དུས་ཕྲེང་བ་ལ་མདུད་པ་རྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་། གཞན་འགྲོ་འཆག་མང་པོ་སྤངས་ཏེ་སྟན་གྱི་དྲོད་མ་ཡལ་བ་གལ་ཆེ། སྲོད་ཐུན་གྱི་མཐར་དཀྱིལ་འཁོར་ཡོངས་རྫོགས་སམ། སྔར་བསྡུས་ནས་གཏོར་བསྔོ་སོགས་བྱས་པ་ཡིན་ན་ཐུན་མཚམས་ཀྱི་ལྷ་དེའང་འོད་གསལ་དུ་བཅུག་སྟེ། བརྗོད་མེད་བསམ་འདས་ཆོས་ཉིད་བདེ་ཆེན་གྱི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཐོ་རང་གཞོམ་མེད་སྔགས་ཀྱི་རང་སྒྲ་གྲགས་པས་གཉིད་སད་པར་མོས་ལ། སྣང་གྲགས་རིག་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་ལྷག་གེར་རྒྱས་བཏབ་སྟེ་ལྡང་ཞིང་། ཐུན་མཚམས་སུ་བཟའ་བཏུང་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་པ་སོགས་ཉལ་ལྡང་འགྲོ་འདུག་ཟ་གྱོན་གྱི་རྣལ་འབྱོར་དང་ལྡན་པས་བྱེད་སྤྱོད་ཐམས་ཅད་དོན་ཡོད་པར་བྱ་སྟེ། བི་དྱོཏྟ་མ་ལས། བཟའ་བཏུང་གོས་རྒྱན་རིམ་པ་དང༔ འགྲོ་ཉལ་འདུག་ལྡང་རྒྱུན་ཏིང་བྱ༔ ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བསྙེན་པའི་བསླབ་བྱ་ནི། བདག་དོན་གྱི་སྒྲུབ་གཞུང་ལས། བསྙེན་པ་མ་རྫོགས་བར་དུ་གནས་སྤོས་ན་དངོས་གྲུབ་བོ་ཟག་དོན་མེད་དུ་འགྱུར་བས་གནས་མི་སྤོ༔ ཞེས་དང་། ཡང་དེ་ཉིད་དུ། བི་ཏོ་ལས། མི་བཀོལ་མི་བཤད་གཞན་མི་བསམ༔ ཞེས་པས་བསྙེན་པའི་མཚན་རྟགས་མ་ཐོན་བར་དུ་ལྷ་ཉིད་མི་བཀོལ་ཏེ༔ གཞན་གྱི་ནད་པ་གདོན་ཅན་ཀུན་ལ་ལྷ་དེའི་སྒོ་ནས་བྱིན་རླབས་མི་བྱ༔ བྱས་ན་བོ་ཟག་མཚན་མ་འགྲིབ་པས་སོ༔ ཟས་གོས་ཀྱང་རང་དབང་རྫས་ལ་བརྟེན་པ་འགྲུབ་ཉེ༔ སྙིང་པོའང་སྒྲུབ་པའི་དུས་མ་ཡིན་པ་གཞན་ལ་མི་བཤད་དོ༔ མི་བསམ་ཞེས་པས་སེམས་རྩེ་གཅིག་ཏུ་ཡི་དམ་གྱི་ལྷ་ལ་དམིགས་པ་མ་གཏོགས་བཟང་ངན་རྟོག་ཚོགས་གང་ཡང་ཡིད་ལ་མི་བྱ༔ ཐ་མ་ལྟ་རྟོག་ཡི་གེའི་རིས་ལ་སོགས་པ་གཡེང་བ་སྤངས་ཏེ་ས་སྡེ་གཟུག་པར་བྱའོ༔ ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་རྟགས་ཀྱི་བསྙེན་པ་གསུམ་གང་རུང་བྱ་སྟེ། དེ་ལ་དུས་ནི། དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང༔ ཞེས་པས་རང་གི་ནུས་པ་དང་སྦྱར་ཏེ། ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ཇི་ལྟར་དམ་བཅས་པ་ལས་མ་འདས་པར་བྱ་སྟེ། འདིའི་སྒྲུབ་པའི་སྐབས་སུ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ༔ ཞེས་པས་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག་ཡན་ཆད་དམ། ཡང་ན་བསྙེན་སྒྲུབ་སྤྱིར་ཟླ་བ་དྲུག་གི་དབང་དུ་བྱས་ཏེ། འདིར་བསྙེན་པ་ལ་དེའི་ཕྱེད་ཆ་ཟླ་བ་གསུམ་ཡན་ཆད་དོ། །གྲངས་ཀྱི་བསྙེན་པ་ནི། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ནས༔ འཛབ་གྲངས་བདུན་འབུམ་ཉི་ཁྲི་གདོན༔ ཞེས་པ་ལྟར་གྲངས་ཚད་བདུན་འབུམ་ཉི་ཁྲི་ཡན་ཆད་དོ། །མཚན་མའི་བསྙེན་པ་ནི། ཏིང་ངེ་འཛིན་གྱི་མཚན་མའམ་ཕྱི་རོལ་གྱི་རྟགས་གཅིག་མ་ཐོན་གྱི་བར་དུ་བསྙེན་པ་མི་གཏོང་བ་སྟེ། ཇི་སྐད་དུ་བདག་དོན་སྒྲུབ་གཞུང་ལས། དེ་ལྟར་བསྙེན་པའི་དྲོད་དམ་མཚན་རྟགས་ནི༔ ཉམས་རྟོགས་འབར་བ༔ སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ༔ རྨི་ལམ་དུ་མཆོད་རྟེན་གྱི་རྩེ་དང༔ རི་བོའི་རྩེར་འདུག་ཅིང་དར་ཕྱར་བ༔ ཉི་ཟླའི་སྟེང་ན་འདུག་གམ་ཉི་ཟླ་ལུས་ལ་ཤར་བ་དང༔ དངོས་སུ་ལྷ་ཉིད་གྱད་དུ་གྱུར་པ་དང་ཞལ་མཇལ་ལམ་བཞད་པ་དང༔ རྨི་ལམ་དུ་རྔ་ཆེན་བརྡུང་བ་དང༔ དུང་འབུད་པ༔ འོད་དང་ལྷ་མོས་གཟུགས་སྟོན་པ་དང༔ འགྲོ་བའི་དེད་དཔོན་བྱེད་པ་རྨི་བ་ལ་སོགས་པ་མཚན་མ་བཟང་པོ་རང་ཉམས་ཀྱིས་རིག་པ་ཕྱོགས་མེད་དུ་འབྱུང་ངོ༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ནི། བགེགས་གཏོར་གཏང་ཞིང་ཕྱི་ནང་གི་མཚམས་གཅོད་སོགས་བསྙེན་སྒྲུབ་སྦྲེལ་མའི་སྐབས་འདིར་སྔར་སོང་བས་གོ་བཅད། ཆག་ཆག་གདབ་པ། ཐིག་ཚོན་བྱིན་རླབས་ལྡན་པས་དཀྱིལ་འཁོར་བྲི་བ། ཕུར་བུ་བྱིན་གྱིས་བརླབས་ཏེ་དགོད་པ། རྒྱན་རྫས་དགྲམ་པ་རྣམས་གཞན་དོན་ཚོམ་བུའི་སྒྲུབ་གཞུང་ལྟར་བྱ་བ་ཡིན་མོད། དེ་ཙམ་མ་ལྕོགས་ན། སྔར་བསྙེན་དུས་དཀྱིལ་འཁོར་བཤམས་ཚེ། དེ་ཀའི་སྟེང་དུ་སྦམ་ཕུར་བཀོད་པས་གོ་བཅད། གལ་ཏེ་སྔར་ཐོད་དཀྱིལ་ཁོ་ནར་བརྟེན་པ་ཡིན་ན། འདིར་རས་བྲིས་བཀྲམ་པའི་སྟེང་སྔར་གྱི་ཐོད་པའི་དཀྱིལ་འཁོར་ལ་ལྷ་ཕུར་ཚང་མ་སྦམས་ཏེ་བཙུགས་པ་ཉིད་བཀོད། སྔར་གཙོ་ཕུར་ལས་མེད་ན་སྐབས་འདིར་ལྷ་ཕུར་ཚང་མའམ། མ་འབྱོར་ན་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཚོན་སྤུང་ངམ་ཕྱག་མཚན་ནམ་འབྲུའི་ཚོམ་བུ་བཀོད། སྒྲུབ་གཏོར་དང་ཆོས་སྲུང་གི་གཏོར་མ་སྨན་རཀ་རྣམས་སྔར་གྱི་དེ་ཀ་གསོས་པས་ཆོག །སྐབས་འདིར་ཕྱི་ནང་གི་མཆོད་པ་དང་དཀྱིལ་འཁོར་གྱི་རྒྱན་ཅི་འབྱོར་བཀྲམ། དེ་ལྟར་གྲབ་ཤོམས་ཚར་བའི་ནུབ་རྒྱུན་བསྙེན་མ་ཆག་ཙམ་བཟླས་རྗེས་ཉལ། སང་ཉིན་ཞོགས་ཐུན་ནས་བརྩམ་སྟེ། སྔོན་འགྲོའི་ལས་བདུན་སྔོན་དུ་འགྲོ་བས། ཏིང་འཛིན་རྣམ་གསུམ་ནས་བཟུང་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དབྱེར་མེད་དམ་ཚིག་གི་འཁོར་ལོར་བསྐྱེད་པའི་ཁྱད་པར་ཙམ་མ་གཏོགས། གཞན་བསྟོད་པའི་བར་བསྙེན་པ་ལྟར་ལས་གཞུང་བསྲང་ཞིང་སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་བསྙེན་དུས་ལྟར་སྔོན་དུ་བཏང་རྗེས། འདིར་ཡོན་ཏན་ལ་དམིགས་པའི་ཛཔ྄་དགོངས་གཙོ་བོར་བྱ་སྟེ། དེའི་དམིགས་པ་ནི། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛཿས་ཕྱེས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས། བདག་ཉིད་ཀྱི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་འབྲུ་དགུའི་རྣམ་པ་མང་པོ་སྤྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང། གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་གྱི་ཕུར་བུ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང་། བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཡང་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་འགལ་མེ་ལྟར་འཁོར་བ་ལ་དམིགས་ནས་ཛཔ྄་བཟླ་ཞིང་ཐུན་མཐར་མཆོད་བསྟོད། ཐུན་བཞི་གཅོད་ཚུལ་དང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་སོགས་སྔར་བསྙེན་པ་ལྟར་ལས། འདིར་སྲོད་ཐུན་ལྟ་བུའི་ཐུན་གཅིག་ལ་ཚོགས་གཏོར་ཡང་ཅི་འགྲུབ་བྱ་ཞིང་ལྷག་མ་བཙོན་དུ་འཛིན་པ་སོགས་སྤྱི་ལྟར་རོ། །ཚུལ་དེས་སྒྲུབ་པ་རྫོགས་པར་ཉེ་བའི་མཐའི་ཞག་བདུན་གསུམ་ཙམ་གྱིས་རིང་སྔར་སྐུ་གསུང་ཐུགས་ཡོན་ཏན་བཞིའི་ཛཔ྄་དགོངས་དང་ལྡན་པས་ཛཔ྄་བཟླས་མཐར་དམིགས་པ་འདི་ཉིད་བསྣན་ཏེ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་གཟི་མདངས་བསྐྱེད། བཅུད་སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས། མཉེས་མཆོད་ཕུལ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་རྟེན་རྫས་ཐམས་ཅད་ལ་ཐིམ་པས་འཕར་འཁྲབ་ཁོལ་ཞིང་དྲི་བཟང་དང་དུ་བ་སོགས་འབྱུང་བར་བསམ་ལ་བཟླའོ། །དེ་ཡང་བདག་དོན་གྱི་སྒྲུབ་གཞུང་ལས། དེ་ལྟར་ཞག་སུམ་ཅུ་རྩ་དྲུག་གམ༔ མཚན་མ་མ་བྱུང་བར་དུ་ཏིང་ངེ་འཛིན་གྱི་འཕྲོ་འདུ་དེ་དག་དང་བཟླས་བརྗོད་ཁོ་ན་གཙོ་བོར་བྱས་ཏེ་བསྒྲུབས་པས༔ བསྙེན་དུས་ཀྱི་རྟགས་མ་རྫོགས་པ་ཀུན་རྫོགས་པར་འབྱུང་ལ༔ གྲུབ་རྟགས་རབ་འབྲིང་ཐ་གསུམ་གང་ཡང་འབྱུང་སྟེ༔ རབ་རྣམ་སྨིན་གྱི་ལུས་འདི་ཉིད་ལྷར་འགྱུར་བའམ༔ མ་གྱུར་ཀྱང་སེམས་ཉིད་ལྷ་སྐུར་འདུ་འབྲལ་མེད་པ་འབྱུང༔ འབྲིང་དུ་ཞལ་མཐོང་བ༔ ཆོས་གསུང་བ༔ ངག་བདེན་པ་འགྲུབ་པ་འབྱུང༔ ཐ་མའང་དགྲ་བགེགས་ཚར་གཅོད་ནུས་པ་འབྱུང་ངོ༔ དེའི་ཚེ་རྟེན་ཕུར་རྣམས་སྤྱི་གཙུག་མགྲིན་པ་སྙིང་གར་གཏུགས་ཤིང༔ སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པར་གསོལ་བ་གདབ་བོ༔ ཞེས་གསུངས་པ་ལྟར། དུས་གྲངས་ཀྱི་བརྩི་ལུགས་སྔར་བསྙེན་པར་བཤད་པ་བཞིན་དང་། མཚན་མ་ནི་བཤད་མ་ཐག་པ་ཉིད་ཡིན་ཅིང་། དེར་མ་ཟད་གྲུབ་པའི་རྟགས་ཕུར་བུ་འཕར་ཞིང་མེ་ལྟར་འབར་ན་རིག་འཛིན་གྱི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་ཀྱི་ཞལ་མཐོང་བ་སོགས་འབྱུང་། འབྲིང་དུ་བ་བྱུང་ན་མི་སྣང་བ་སོགས་དང་། དྲོ་བར་གྱུར་ན་རྐང་མགྱོགས་སོགས་ཀྱི་དངོས་གྲུབ་ཐོབ་པར་གསུངས་མོད། དེ་ལྟར་མ་གྲུབ་ནའང་། ཐ་མ་ཞི་རྒྱས་སོགས་ལས་ཕྲན་ཚེགས་རྣམས་བཏབ་པ་ཙམ་གྱིས་འགྲུབ་པར་འགྱུར་ཞིང་། གལ་ཏེ་མཚན་མ་ལ་དམ་འཆའ་བ་སྨིན་སློབ་ཏུ་བྱེད་པའི་ཚེ་རྟགས་མཚན་རབ་འབྲིང་ཐ་གསུམ་གང་རུང་མ་བྱུང་ན། སྤོགས་པའི་ཆོ་ག་ནི། བསྙེན་སྒྲུབ་ལན་གསུམ་བསྐྱར་བས་འབྱུང་བར་འགྱུར་རོ། །གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཆེན་པོའི་ཡན་ལག་དངོས་གྲུབ་ལེན་པ་སྟེ། དེའང་གྲུབ་པའི་མཚན་མ་མཐོང་བའམ། དུས་གྲངས་རྫོགས་ནས་དངོས་གྲུབ་ཀྱི་རྫས་གསག་པ་ནི། མཆོད་གཏོར་བཟང་དུ་བཤམ། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨ་མྲྀཏ་དང་མངར་གསུམ་བཏབ་པ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་བཞག །སྣོད་བཟང་པོར་ཕྱེ་མར་ཨ་མྲྀཏ་དང་སྤོད་ཀྱིས་བྲན་པ་ལ་དངོས་གྲུབ་ཀྱི་རྫས་དབུས་སུ་རིན་ཆེན་འབར་བའི་ནང་དུ་འདོད་དོན་གྱི་གསོལ་བྱང་བཅུག་པ། དེའི་ཤར་དུ་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་ཟུར་གསུམ་རྣམས་བཀོད། རིལ་བུ་དང་གདར་བུ་ཅི་རིགས་པས་ཟླུམ་ཐབས་སུ་བསྐོར་བ་དང་ཚེ་འབྲང་དང་ཚེ་ཆང་ཡང་བཤམས་ལ། ནུབ་ཐ་མའི་ཐོར་ཐུན་ལ་སྔོན་འགྲོའི་ལས་བདུན་ནས་བརྩམ་བཟླས་པ་ཡང་སྔར་གྱི་དཀྱུས་བཞིན་བྱས་ཏེ་ཚོགས་ཀྱི་བར་ལས་གཞུང་བསྲངས་རྗེས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔ྄་དགོངས་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབ་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་དུང་ཁང་དུ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་ཡུམ་གྱི་མཁར་བབས། དཀར་དམར་འདྲེས་ནས་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ། བདག་གི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ལ་ཐིམ། བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། ཀཱི་ལ་ཡ་འབྲུ་བཅུ་བདུན་པ་ལ་ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛ་ཧཱུྃ་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ་ཞིང་། སྒྲུབ་པའི་མཇུག་ཏུ་བསྣན་པའི་ཡོན་ཏན་གྱི་ཛཔ྄་དགོངས་ཀྱི་དམིགས་པ་ཕྱི་མ་དེས་དངོས་གྲུབ་ཀྱི་རྫས་རྣམས་ལ་འཕྲོ་འདུ་བྱས་པས། རྫས་རྣམས་རབ་འོད། འབྲིང་ཁོལ། ཐ་མ་རླངས་སམ་དྲི་བྱུང་བའམ། གལ་ཏེ་དེ་ཙམ་མ་བྱུང་ནའང་ཐོར་ཐུན་གྱི་མཐའི་སྐྱ་རེངས་ཤར་བ་དང་དངོས་གྲུབ་བླངས་ཏེ། ཀ་པཱ་ལ་མཚན་ལྡན་དུ་རཀྟ་སྣ་ཚོགས་དང་། ཨ་མྲྀཏ་ཆང་དང་མངར་གསུམ་སྦྱར་བ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་པ་ལག་ཏུ་ཐོགས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང༔ སྲས་མཆོག་སྒོ་བཞི་སྲུང་མར་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ འདིར་གཤེགས་ཕོ་བྲང་གཉན་པོར་བཞུགས༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧོ༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས༔ དང་པོ་ཆོས་དབྱིངས་ཡེ་ཤེས་ལྷ༔ བར་དུ་བདག་གི་ཡི་དམ་ལྷ༔ ད་ལྟ་ལྷ་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་མཁའ་དབྱིངས་སུ༔ སྨན་རཀ་བདུད་རྩི་སྦྱར་བས་མཆོད༔ མཆོད་འབུལ་ཛཔ྄་དགོངས་དངོས་གྲུབ་སྩོལ༔ ཞེས་མཐེབ་སྲིན་གྱིས་གཏོར་ཞིང་། སོ་སོའི་མཚན་མཐར་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་སྦྱར་ལ་དབུལ་ལོ། །དེ་ནས་དངོས་གྲུབ་ཀྱི་རྫས་ཐོགས་ལ། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེ་ཕུར་བུའི་ལྷ་ཚོགས་དགོངས༔ དང་པོ་བསྙེན་པའི་དབུ་བཙུགས་ནས༔ དོ་ནུབ་ཕན་ཆད་ཞག་གྲངས་ཐེམས༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང༔ འགྲོ་བ་མ་ལུས་བསྒྲལ་སླད་དུ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་སྦྱོར༔ གསང་བ་བྱང་སེམས་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང༔ ཟ་བྱེད་གསོད་བྱེད་སྤྲུལ་པར་བཅས༔ ཕྱོགས་བཅུར་དབང་དང་ཕྱོགས་སྐྱོང་འདུལ༔ དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ༔ དཔལ་ཆེན་སྐུ་གསུང་ཐུགས་ལས་འཁྲུངས༔ ཁྲོ་རྒྱལ་འབུམ་བས་མཐུ་སྟོབས་འཕགས༔ ཁྲོ་རྒྱལ་ཀུན་འདུས་ཀཱི་ལ་ཡ༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་ལྷ་ཕུར་བཞི༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ དཔལ་གྱི་བཀའ་ཉན་སྒྲུབ་མཆོག་སྐྱོང༔ ཤྭ་ན་བདག་ཉིད་ས་བདག་བཞི༔ ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས༔ མཐུ་བྱིན་དྲེགས་པའི་དངོས་གྲུབ་སྩོལ༔ བསེ་ལྕགས་དུང་གསུམ་སྐྱེས་བུ་གིང༔ མ་བདུན་སྲིང་བཞི་དབང་ཕྱུག་ཚོགས༔ དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད༔ ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་གུ་ཎ་ཕ་ལ་ཧོ༔ སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཨ་ཨ་ཨ༔ ཞེས་པས་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་བསམ། དེའི་ཚེ་སྒྲུབ་རྟེན་ཕུར་བུ་རྣམས་འཕར་ཞིང་འབར་བ་དང་དུ་བ་སོགས་ཀྱི་རྟགས་བྱུང་ན་ཐེ་ཚོམ་མེད་པར་ལྷ་ལ་ཕྱག་བྱས་ནས་ལག་གཡས་པས་བླངས་ཏེ་དངོས་གྲུབ་བླང་བ་ཡིན་མོད། རྟགས་མཚན་མངོན་དུ་མ་བྱུང་ནའང་འདིར་རང་གི་གནས་གསུམ་དུ་གཏུགས་ཤིང་། རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་བཏབ། སྒྲུབ་གཏོར་ལྷར་གསལ་བའང་གནས་གསུམ་དུ་རེག་་ཅིང་དབང་བླངས་ནས་ལྷ་ཞུ་བའི་གཏོར་རྫས་བདུད་རྩིར་མོས་ནས་མྱང་བས་རྩ་ཁམས་ལ་ཡེ་ཤེས་ཀྱིས་ཁྱབ་པར་བསམ། དེ་ནས་དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ་དང་། གཅིག་རིག་འཛིན་ལ་འབུལ། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། དེ་ནས་ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ་ཞིང་། དེ་ཉིན་ལྷག་ཆོག་དང་སྦྲེལ་ཏེ་སྔར་གྱི་ལྷག་མ་རྣམས་ཀྱང་བཏང་ལ་སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་གི་འོག་ཏུ་སྒྲུབ་གཞུང་ལྟར་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་དུས་རྫས་ལ་འབུལ། ཆ་གཅིག་གཏོར་མ་གཞན་རྣམས་དང་བསྡེབས་ནས་ཕྱིར་བསྣུར་ཏེ་ཐ་ཚིག་བསྒྲག་ཅིང་བརྟན་སྐྱོང་བྱས་ལ་གཏང་། གཏོར་ཟོར་འཕངས་ནས་ལས་བཞིའི་བྲོ་དང་ཚེ་འགུགས། དེ་ནས་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལངས་པས་རྟག་ཆད་ཀྱི་མཐའ་བསལ་ནས། ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར། བསྔོ་སྨོན་དང་ཤིས་པ་བརྗོད་པས་ཀྱང་མཐའ་བརྒྱན། དེ་རྗེས་ཁ་སྐོང་གི་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་གསག་ཅིང་། ཐོ་ལ་མཆོད་གཏོར་སྔར་བཞིན་ཕུལ་ནས། གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་བསྲུང་བ་རྣམས་སྤྱི་ལྟར་ཤེས་པར་བྱའོ། །འདི་ནི་སྟོད་ལས་ཀྱི་བསྙེན་སྒྲུབ་རྐྱང་པ་བྱེད་པའི་ལུགས་ཏེ། གང་ཟག་གཅིག་གིས་ཉམས་སུ་བླང་བདེ་བར་གསུངས་པ་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་ཁ་གཙང་ལ་བརྟེན་པའི་རིམ་པའོ།། ༈ །།ཡང་བདག་གཞན་ཐུན་མོང་དུ་བྱང་ཆུབ་བསྒྲུབ་ཅིང་བར་ཆད་འདུལ་ཕྱིར་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་ཀྱི་ལུགས་ཉམས་སུ་ལེན་པར་འདོད་ན། སྨིན་སློབ་ཏུ་ལོ་ཟླ་སྦྲེལ་ཏེ་སྒྲུབ་པ་ལ་ཚོམ་བུའི་འཁོར་དུས་དབང་གིས་རྙེད་དཀའ་བས། སྒྲུབ་གྲོགས་ཞི་དུལ་དམ་ཚིག་གཙང་བ་ལ་བསྟེན་ནས། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་སྟེ། གནས་གསར་པ་ཡིན་ན་ས་ཆོག་དང་། གཞན་ཡང་ལྷ་སྟ་གོན། སྒྲུབ་གྲོགས་ཡོད་ན་གསར་རྙིང་གི་ཁྱད་པར་ཤེས་པས་བསྲེ་བ་དང་བསྣན་པ་སྔོན་དུ་འགྲོ་བས། དངོས་གཞི་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་པ་ལ། ཕྱི་ནང་གསང་བའི་མཚམས་བཅད། དམ་སྲི་མནན་ཅིང་སྒོ་བསྲུང་། མ་ཏྲཾ་བསྒྲལ་བ་རྣམས་བྱས་ནས། སྟེགས་བུ་ལ་ཆག་ཆག་བཏབ་སྟེ་ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གྲུ་གསུམ། ཟླ་གམ་གསུམ། ཐོད་ར། རིན་ཆེན་ཆ་བརྒྱད་ཀྱི་རྣམ་པ་ཅན་བཞེངས་པའམ་ཡང་ན་རས་བྲིས་བཀྲམ་པ་ལ། དཀྱིལ་འཁོར་གསུམ་ལས་བཞི་སྒོ་སྐྱོང་དམ་ཅན་དང་བཅས་པའི་ཕུར་བུ་བྱིན་གྱིས་བརླབས་ཏེ་སོ་སོའི་གནས་སུ་བཀོད། སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་རྒྱན་དགྲམ་པ་སོགས་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། སྔོན་འགྲོའི་ལས་བདུན་དང་རྟགས་གདབ་རྗེས། ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་གཞུང་བསྲང་བ་སྟེ། དེའང་ནངས་ནུབ་དང་གུང་གཉིས་ཏེ་ཐུན་བཞིར་བཅད་པའི་ནམ་ལངས་ཀྱི་ཐུན་འགོར་སྔོན་འགྲོའི་ལས་བདུན་དང་། མཚན་མོའི་གུང་ཐུན་གྱི་མཐར་རྗེས་ཀྱི་ཆོས་བདུན་སྦྱར་ཞིང་། གཞན་རྣམས་ལ་ཏིང་ངེ་འཛིན་གསུམ་ནས་བསྟོད་པའི་བར་སོང་རྗེས། སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་དང་ལྡན་པས་ཐུན་རེར་གཙོ་བོའི་སྔགས་སྟོང་རེ། ཁྲོ་བཅུ་བརྒྱ་རེ། སྲས་མཆོག་སོགས་ལ་ལྔ་བཅུ་ཙམ་རེ་བཟླ་ཞིང་། བསྙེན་པའི་སྐབས་འདིར་ཐམས་ཅད་ལ་འཕྱོང་སྔགས་འབྲུ་གསུམ་ཡང་མི་སྦྲེལ། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་པ་དང་དངོས་གྲུབ་བསྐུལ་པ་རྣམས་སྒྲུབ་གཞུང་ལྟར་བྱའོ། །གཉིས་པ་སྒྲུབ་པ་ནི། བསྙེན་པ་ཐོན་ནས་ཕུར་བུ་རྣམས་སྣོད་འབྲུ་ནག་གིས་གང་བར་བཙུགས་ཏེ་ཉེ་ལོགས་སུ་བཞུགས་སུ་གསོལ་ལ་ཛཔ྄་དང་མཆོད་བསྟོད་བྱ་ཞིང་། གྲུབ་ན་སྒྲུབ་པའི་དཀྱིལ་འཁོར་མཚན་ཉིད་ཚང་བ་བཞེངས་པའམ་རས་བྲིས་བཀྲམ། གལ་ཏེ་མ་གྲུབ་ན་ཕོ་བྲང་གི་དབུས་སུ་ཨེ་ཁྲོམ་དུ་བསྒྱུར་བ་ཙམ་བྱས་ཏེ། ཕུར་བུ་སོགས་རྒྱན་རྫས་རྣམས་བཀྲམ་ལ་བྱིན་ཕབ་ནས། ཐུན་བཞིར་ལས་གཞུང་བསྲང་བ་བསྙེན་པ་ལྟར་ལས། སྔར་གྱི་ཛཔ྄་དགོངས་གསུམ་གྱི་སྟེང་དུ། ཡོན་ཏན་ལ་གཉིས་ཀྱི། རྒྱུན་ཛཔ྄་ཀྱི་དགོངས་པ་ཐུགས་ཀ་ནས་ལྟེ་བར་འཁོར་བའི་དོ་ལིའི་དམིགས་པ་དང་། མཇུག་ཏུ་སྦྲེལ་རྒྱུ་བདག་རྫས་ལ་འཕྲོ་འདུའི་ཛཔ྄་དགོངས་རྣམས་སྔར་ལྟར་ཤེས་པར་བྱས་ཏེ། འདིར་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ལ་ཛཿཧཱུྃ་ཨཱཿསྦྲེལ་ཞིང་། གྲངས་ཀྱི་ཆ་རྩི་ཚུལ་བསྙེན་པ་ལྟར་དང་། སྤུ་གྲིའི་སྔགས་བཟླས་པས་ཀྱང་ཐུན་དང་གདབ་ཕུར་ལ་བསྔགས་ནས། བཤགས་པ་བྱ། མཚན་གུང་གི་ཐུན་ལ་ཚོགས་དང་སྦྲེལ་ནས་སྐོང་ཟློག་ལིང་ག་བཅས་ནས་དཔང་གཟུག་པ་སོགས་ཉུ་ལེ་བཟློག་པའི་ཕྱིར་ཕུར་བསྐོར་བྱ་བའི་བར་སྒྲུབ་གཞུང་ལྟར་རོ། །གསུམ་པ་ལས་སྦྱོར་ནི། དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བྲུབ་ཁུང་བཅས་པའི་ནང་དུ་ལིངྒ་བྱད་ཐག་སྔོ་དམར་གྱིས་དཀྲིས་ཤིང་ཡུག་སྐྲ་སྐེ་ལ་བཏགས་པ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་ལ་གཏོད་ནས། ཐུན་བཞིར་ལས་གཞུང་བསྲང་བ་དང་། དངོས་གྲུབ་ལ་དམིགས་པའི་སྐུ་གསུང་ཐུགས་ཛཔ྄་རྣམས་སྔར་ལྟར་དང་། ཁྱད་པར་མངོན་སྤྱོད་དྲག་པོ་ལ་དམིགས་པའི་སྒྲོལ་བའི་ཛཔ྄་དགོངས་སྦྱར་ཏེ། གཙོ་བོ། སྲས་མཆོག །དམ་ཅན་རྣམས་ཀྱི་སྔགས་མཇུག་ཧཱུྃ་ཕཊ་ཀྱི་གོང་དུ་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཞེས་དང་། ཁྲོ་བཅུའི་གརྫ་གརྫ་སོགས་ལས་སྔགས་ཀྱི་གོང་དུ་དགྲ་བགེགས་ཆེ་གེ་ཞེས་གཞུག །གཙོ་བོར་སྤུ་གྲི་དྲག་སྔགས་འདུས་པ་ལ་སྒྲིལ་ཞིང་། མཇུག་ཏུ་ར་མདའ་རློག་ཅིང་ཕོ་ཉས་འགུགས་པ་རྣམས་དྲག་ཏུ་བྱ། རྟགས་མཐོང་ནས་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པར་ལྡན་པས་བླ་རྒྱུ་བའི་དུས་གནད་དང་བསྟུན་ཏེ་བསྒྲལ་བའི་ལས་ལ་སྦྱར་ཞིང་། ནུབ་ཐ་མའི་ཐོ་རེངས་དངོས་གྲུབ་བླང་བའི་ཆོ་ག་སྔར་ལྟར་བྱས་རྗེས། ལིང་རོ་ལ་བརྟེན་ནས་བྲོས་ཚར་གཅད་པ། སྲེག་འཕང་མནན་པས་ལས་མཐའ་བསྡུ་བ། གཏོར་མ་གཏང་ཞིང་ཚེ་འགུགས་པ། དཀྱིལ་འཁོར་བསྡུ་ཞིང་རྒྱུན་སྤྱོད་ལ་འཇུག་པ། མཚམས་གྲོལ་ཞིང་གནས་བསྲུང་བ་སོགས་ཞིབ་པར་སྒྲུབ་གཞུང་ལྟར་བྱའོ། །དེའང་དུས་ནི་བསྙེན་སྒྲུབ་ལས་གསུམ་ལ། ཇི་ཙམ་སྒྲུབ་པའི་དུས་ཀྱི་སུམ་ཆ་རེ་བྱ་སྟེ། དཔེར་ན་ཟླ་དྲུག་ལྟ་བུ་ལ། བསྙེན་སྒྲུབ་ལས་གསུམ་རེ་རེ་ལ་ཟླ་བ་གཉིས་རེ་བྱ་བ་ཡིན་ནོ། །འདི་ནི་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ཡོངས་རྫོགས་བྱེད་པའི་ལུགས་ཏེ། ཐུན་མོང་ཚོམ་བུའི་སྒྲུབ་པ་ལྟར་ཉམས་སུ་ལེན་པའི་ཐོ་བྱང་ཙམ་མོ།། ༈ །།ཡང་གདུག་པ་ཅན་བསྒྲལ་བའི་ཕྱིར་གློ་བུར་ཅོག་རྡུང་རལ་གྲི་ཕྱུང་རྡེག་ཏུ་སྒྲུབ་པ་ལའང་། བསྙེན་སྒྲུབ་ལས་གསུམ་ལས། བསྙེན་པ་ནི། གོང་དུ་བསྙེན་སྒྲུབ་ཐེམས་ནའང་ཁ་གསོ་བའི་ཕྱིར། མཚམས་གཅོད་སོགས་སྔོན་དུ་འགྲོ་བས་སྒྲུབ་པའི་སྐབས་ལྟར་དཀྱིལ་འཁོར་ཕོ་བྲང་ཨེ་ཁྲོམ་དུ་བཞེངས་པ་ལ་ཕུར་བུ་དང་རྒྱན་རྫས་བཀོད་ནས། ཐུན་བཞིར་ལས་གཞུང་བསྲང་ཞིང་དཀྱིལ་འཁོར་གསུམ་གྱི་བསྙེན་པ་ཅི་རིགས་པ་བྱ་བ་ཡིན་ནོ། །གཉིས་པ་སྒྲུབ་པ་ནི། བྲུབ་ཁུང་དུ་ལིང་འཁོར་སྒྲུབ་ཆེན་ལྟར་བཅས་ལ། ཉིན་མཚན་དུ་ལས་བྱང་ཐུན་བཞི་རེ་བསྲངས་ནས། ཕྲིན་ལས་དྲག་པོའི་ཛཔ྄་དགོངས་དང་ལྡན་པས་སྤུ་གྲིའི་སྔགས་ཆིག་ཚུགས་སུ་བཟླ། ཚོགས་ཀྱི་དུས་ལིང་ཆུང་རེ་ལ་སྔགས་དྲུག་གིས་གདབ་ཁ་བྱ་ཞིང་། སྐབས་སུ་ལིངྒ་ལ་ཕུར་ཐུན་རྣམས་བརྡེག །གསུམ་པ་ལས་སྦྱོར་ནི། རྟགས་བྱུང་ནས་ལས་གཞུང་ཚར་གཅིག་བསྲངས་ཏེ། ལྷ་ཚོགས་ཐམས་ཅད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཕུར་བུ་སྒྲིལ་བར་བསྒོམ། ཛཔ྄་དགོངས་སྒྲུབ་ཆེན་ལས་བྱང་ལྟར་སྦྱར་ཏེ། སྤུ་གྲི་ལ་དགྲ་བགེགས་ཆེ་གེ་མཱ་ར་ཡ་རྦད་ཕཊ་ཅེས་བཏགས་ཏེ་དྲག་ཏུ་བཟླས་ནས། ཕུད་འཐོར་ཞིང་དཔང་གཟུག །གབ་པའི་སྔགས་དྲུག་གི་དགོངས་པས་གདབ་ལས་བྱ་ཞིང། བསྒྲལ་རྗེས་དངོས་གྲུབ་བླང་བ། མཐའ་སྡུད་སྲེག་འཕང་མནན་པ་སོགས་སྒྲུབ་ཆེན་ལས་སྦྱོར་གྱི་སྐབས་ལྟར་དང་། མཇུག་ཏུ་གཏོར་མ་གཏང་བ་ནས་མཚམས་གྲོལ་ཞིང་གནས་སྲུང་གི་བར་རྣམས་ཀྱང་སྔར་ལྟར་བྱ་བ་ཡིན་ནོ། །འདི་ནི་སྨད་ལས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་རྐྱང་སྒྲུབ་ཏུ་བྱེད་པའི་ལུགས་ཏེ། གློ་བུར་ཅོག་རྡུང་ལས་སྦྱོར་གྱི་ཚུལ་དུ་སྒྲུབ་པའི་ཐོ་བྱང་ཙམ་མོ།། ༈ །།ཡང་ཤིན་ཏུ་བསྡུས་པ་བསྙེན་སྒྲུབ་ཆིག་ཆོད་དུ་བྱེད་པར་འདོད་ན། དཀྱིལ་འཁོར་གྱི་དབུས་སུ་ཐོད་དཀྱིལ་ཕུར་བུ་དང་བཅས་པ་བཀོད་ཅིང་། མཆོད་པ་དང་གཏོར་མ་སོགས་ཚང་བར་བསགས་ནས། ཐུན་བཞིར་ལས་བྱང་གི་གཞུང་བསྲངས་ཏེ། ཛཔ྄་དགོངས་དང་ལྡན་པས་བཟླ་བྱའི་སྔགས་ཀཱི་ལ་ཡ་འབྲུ་བཅུ་བདུན་གྱི་ཤམ་བུར་མ་རག་མོ་ཡག་མོ་སོགས་དྲག་སྔགས་འདུས་པ་ཡི་གེ་བདུན་ཅུ་རྩ་དྲུག་པ་སྦྲེལ་ནས་བཟླས་པས་འགྲུབ་པར་གསུངས་ཏེ། བློའི་རིམ་པ་དང་འཚམ་པར་ཉམས་སུ་བླང་བ་གཅེས་སོ། །དེ་ལྟར་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲི་འབར་བའི་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་གཙོ་བོར་བཏོན་ཅིང་། ཐུན་མོང་ཚོམ་བུ་དང་། གློ་བུར་ཅོག་རྡུང་གི་སྒྲུབ་ཚུལ་སོགས་ཀྱི་གནད་ཀྱང་ཞར་ལ་འཕྲོས་པའི་ཡི་གེ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་འདི་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཟིན་ཐུན་སུག་རིས་སུ་སྤེལ་བ་སྟེ། འདིས་ཀྱང་སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པར་གྱུར་ཅིག། །།

བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་རིན་པོ་ཆེའི་འཕྲུལ་སྒོ་ (Volume 22, Text 24)

ྈྈྈ ༁ྃ༔ བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་རིན་པོ་ཆེའི་འཕྲུལ་སྒོ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈ བཅོམ་ལྡན་འདས་སྐུ་གསུམ་རང་བྱུང་ཀློང་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ རྒྱུད་ཀྱི་བསྡུས་དོན་ས་བཅད་བསྟན་པ་ནི༔ རྒྱུད་ལས༔ འགྲོ་བ་བློ་དམན་དོན་དུ་ནི༔ ཚིག་དོན་དབྱེ་བར་མི་བྱ་ཞིང༔ སྟག་མོའི་མཆོང་སྟངས་ལྟ་བུ་ཡིས༔ བསྡུས་དོན་ས་རྣམས་བཅད་དེ་བཤད༔ ཅེས་གསུངས་པས༔ སྤྱིར་སྐུ་གསུམ་གྱི་སྟོན་པས་བཀའ་བསྩལ་པའི་རྒྱུད་ཐམས་ཅད་བཤད་པའི་ལུགས༔ དང་པོ་གླེང་བཞི་སྨོས་པ་དང༔ དེ་ནས་རྩིས་འགོ་ས་བཅད་དང༔ ཐ་མ་ཡིག་འབྲུ་གཞོམ་པའོ༔ འདིར་འགྲོ་བ་ཀུན་གྲོལ་གྱི་རྩིས་འགོ་ས་བཅད་བསྟན་པར་བྱའོ༔ དེ་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ལ་ལེའུ་བདུན་དུ་གནས་པ་ལས༔ དེ་དག་གི་དབུ་ནས་ཞབས་སུ་དོན་གསུམ་གྱིས་བསྟན་ཏེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གོ༔ དང་པོ་ལ་གསུམ༔ མཚན་བསྟན་པ་དང༔ གླེང་གཞི་དང༔ གླེང་སློང་ཞུས་པའོ༔ མཚན་ལ་གཉིས་ཏེ༔ ཡང་དག་གསང་བའི་སྐད་དུ་སྨོས་པའི་དགོས་པ༔ དེ་བོད་སྐད་དུ་བསྒྱུར་བའི་དགོས་པའོ༔ གླེང་གཞི་ལ་གསུམ་སྟེ༔ ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་མཆོད་པར་བརྗོད་པའི་ཡུལ་བསྟན་པ༔ ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་བཤད་པར་དམ་བཅའ་བ༔ སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་ཏིང་ངེ་འཛིན་གྱིས་ཆོ་འཕྲུལ་བསྟན་པའོ༔ དང་པོ་ལ་ལྔ་སྟེ༔ གང་གི་ཚེ་དུས་ཕུན་སུམ་ཚོགས་པ༔ གང་དུ་གནས་ཕུན་སུམ་ཚོགས་པ༔ གང་གི་སྟོན་པ་ཕུན་སུམ་ཚོགས་པ༔ གང་ལ་འཁོར་ཕུན་སུམ་ཚོགས་པ༔ གང་གསུང་བསྟན་པ་ཕུན་སུམ་ཚོགས་པ༔ འདི་ལ་གཉིས་ཏེ༔ བསྟན་བྱ་ངོ་བོ་ཉིད་ཀྱི་བསྟན་པ་དང༔ སྟོན་བྱེད་གཟུགས་བརྙན་གྱི་བསྟན་པའོ༔ གཉིས་པ་ལ་ཡང་ལྔ་སྟེ༔ གང་གི་ཚེ་དུས༔ གང་དུ་གནས༔ གང་གིས་སྟོན་པ༔ གང་ལ་འཁོར༔ གང་གསུང་བསྟན་པ༔ འདི་ལ་གཉིས་ཏེ༔ བསྟན་བྱ་དངོས་ཀྱི་བསྟན་པ་དང༔ སྟོན་བྱེད་གཟུགས་བརྙན་གྱི་བསྟན་པའོ༔ གླེང་སློང་ཞུས་པ་ལ་གཉིས་ཏེ༔ ཞིང་ཁམས་གསལ་བར་གཟིགས་ཚུལ༔ རྒྱུད་སྤྱིའི་མདོར་བསྟན་ཞུས་ཚུལ་ལོ༔ སྤྱི་དོན་གཉིས་པ་གཞུང་གི་དོན་ལ་གསུམ་སྟེ༔ ལེའུ་དང་པོ་མདོར་བསྟན་པ༔ གཞུང་གི་ལེའུ་ལྔ་རྒྱས་པར་བཤད་པ༔ རྗེས་ཀྱི་ལེའུས་མཇུག་བསྡུ་བའོ༔ གཞུང་གི་ལེའུ་ལྔས་རྒྱས་པར་བཤད་པ་ལ་གཉིས་ཏེ༔ སྨིན་བྱེད་དབང་བཞིའི་ལེའུས་རྒྱས་པར་བཤད་པ༔ གྲོལ་བྱེད་ཕྱག་རྒྱ་བཞིའི་ལེའུས་རྒྱས་པ་ཆེན་པོར་བཤད་པའོ༔ དང་པོ་ལ་གསུམ་སྟེ༔ སངས་རྒྱས་རིགས་ལྔ་ལ་དབང་དོན་ཇི་ལྟར་ཞུས་ཚུལ༔ སྨིན་བྱེད་དབང་བཞིའི་དགོངས་པ་བཀའ་བསྩལ་ཚུལ༔ སྨིན་གྲོལ་མཚམས་སྦྱར་ཚུལ་དང་གསུམ་མོ༔ སྨིན་བྱེད་དབང་བཞིའི་དགོངས་པ་ལ་བཞི་སྟེ༔ ཐེག་པ་རིམ་འཇུག་བུམ་དབང་གི་དགོངས་པ༔ རླུང་སེམས་རང་གྲོལ་གསང་དབང་གི་དགོངས་པ༔ བདེ་སྟོང་གཉིས་མེད་ཤེས་རབ་ཡེ་ཤེས་དབང་གི་དགོངས་པ༔ བློ་འདས་དོན་རྟོགས་ཚིག་དབང་གི་དགོངས་པའོ༔ གཉིས་པ་ལ་གྲོལ་བྱེད་ཕྱག་རྒྱ་བཞིའི་ལེའུ་ལ་བཞི་སྟེ༔ ཆོས་ཀྱི་ཕྱག་རྒྱ་དང་སྦྱོར་བ་བསྐྱེད་རིམ་གྱི་ལེའུ༔ དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བ་སྟེང་སྒོའི་ལེའུ༔ ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་འོག་སྒོའི་ལེའུ༔ ཕྱག་རྒྱ་ཆེན་པོ་དང་སྦྱོར་བ་བསྟན་པའི་སྙིང་པོའི་ལེའུ་དང་བཞིའོ༔ དང་པོ་ལ་གསུམ་སྟེ༔ རྡོ་རྗེ་རིགས་ལ་བསྐྱེད་རིམ་ཇི་ལྟར་ཞུས་ཚུལ༔ བསྐྱེད་རིམ་སྦྱོར་དངོས་རྗེས་གསུམ་ཚང་བར་གསུངས་ཚུལ༔ བརྒྱུད་དགོངས་རྫོགས་པས་མཇུག་བསྡུ་བའོ༔ བསྐྱེད་རིམ་ལ་གསུམ་སྟེ༔ སྦྱོར་བ་སྔོན་འགྲོའི་དོན་བསྟན་པ༔ དངོས་གཞི་ཉམས་ལེན་གྱི་དོན་བསྟན་པ༔ རྗེས་སུ་མཐའ་རྒྱས་ཀྱི་དོན་བསྟན་པའོ༔ དང་པོ་ལ་བཞི་སྟེ༔ དད་པའི་དོན་མཆོག་བླ་མར་མོས་གུས་བསྟེན་པ༔ བརྩོན་འགྲུས་ཀྱི་དོན་མཆོག་ཡིག་བརྒྱ་མཎྜལ་བསྟན་པ༔ རང་གཞན་གྱི་དོན་མཆོག་སྐྱབས་འགྲོ་སེམས་བསྐྱེད་བསྟན་པ༔ ཐར་ལམ་གྱི་དོན་མཆོག་ཆོས་སྤྱོད་ཀྱི་རིམ་པའོ༔ གཉིས་པ་དངོས་གཞིའི་ཉམས་ལེན་ལ་གཉིས་ཏེ༔ མདོར་བསྟན་པ་དང༔ རྒྱས་པར་བཤད་པའོ༔ མདོར་བསྟན་པ་ལ་གཉིས་ཏེ༔ དཀྱིལ་འཁོར་བསྒྲུབ་པ་མདོར་བསྟན་པ༔ མཐའ་རྒྱས་མདོར་བསྟན་པའོ༔ རྒྱས་པར་བཤད་པ་ལ་གསུམ་སྟེ༔ སྣང་སྲིད་རྣམ་དག་ཕྱིའི་དཀྱིལ་འཁོར་བཤད་པ༔ རླུང་སེམས་རྣམ་དག་ནང་གི་དཀྱིལ་འཁོར་བཤད་པ༔ རང་སེམས་རྣམ་དག་གསང་བའི་དཀྱིལ་འཁོར་བཤད་པའོ༔ རྗེས་སུ་མཐའ་རྒྱས་དོན་རྣམ་པ་བརྒྱད་དེ༔ བར་ཆད་སེལ་བ་གཏོར་མ་འབུལ་ཚུལ༔ དོན་གྱི་གསལ་འདེབས་བསྟོད་པ་བྱེད་ཚུལ༔ འགྲོ་བའི་དོན་དུ་ཐུགས་རྗེས་སྐུལ་ཚུལ༔ ཡེངས་མེད་སྤྱོད་ལམ་རྣམ་བཞི་སྐྱོང་ཚུལ༔ ཡེངས་ན་ལམ་གྱི་བར་ཆད་འཇུག་ཚུལ༔ མ་ཡེངས་བར་ཆད་ཡོངས་སུ་སྤང་ཚུལ༔ གཞན་དོན་ཆོས་སྤྱོད་བཅུ་ལ་བསླབ་ཚུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བླང་ཚུལ་ལོ༔ དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྟེང་སྒོའི་ལེའུ་ལ་གཉིས་ཏེ༔ རིན་ཆེན་རིགས་ལ་ཇི་ལྟར་ཞུས་ཚུལ༔ སྟེང་སྒོ་རྩ་མདུད་གྲོལ་བ་གསུང་ཚུལ་ལོ༔ འདི་ལ་དྲུག་སྟེ༔ འབར་འཛག་གཏུམ་མོའི་གནད་བསྟན་པ༔ སྣང་སྲིད་སྒྱུ་མའི་གནད་བསྟན་པ༔ འཁྲུལ་མེད་རྨི་ལམ་གྱི་གནད་བསྟན་པ༔ རང་གྲོལ་འོད་གསལ་གྱི་གནད་བསྟན་པ༔ མངོན་འགྱུར་གྲོང་འཇུག་གི་གནད་བསྟན་པ༔ སྐུ་གསུམ་འཕོ་བའི་གནད་བསྟན་པའོ༔ དེ་ནས་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་འོག་སྒོའི་ལེའུ་ལ་གསུམ་སྟེ༔ པདྨ་རིགས་ལ་ཇི་ལྟར་ཞུས་ཚུལ༔ སྦྱོར་གཞི་ཌཱ་ཀི་སྟ་གོན་བྱ་ཚུལ༔ སྦྱོར་བྱེད་ཏིང་འཛིན་རྩལ་སྦྱོང་ཚུལ་ལོ༔ གཉིས་པ་ལ་གསུམ་སྟེ༔ རིགས་ལྡན་བསྟེན་པའི་དུས་བསྟན་པ༔ དབང་དུ་བསྡུ་བའི་ཐབས་བསྟན་པ༔ མི་སྣང་བསྒྲིབ་པ་བསྟན་པའོ༔ གསུམ་པ་ལ་གསུམ་སྟེ༔ སྦྱོར་བ་དངོས་གཞི་བདེ་བ་ལམ་དུ་ཁྱེར་བ༔ དྭངས་མ་གསང་བའི་བཅུད་དུ་བླང་བ༔ གཞན་དོན་རིགས་རྒྱུད་སྤྲུལ་སྐུ་འཇོག་པའོ༔ དེ་ནས་ཕྱག་རྒྱ་ཆེན་པོའི་ལེའུ་ལ་གཉིས་ཏེ༔ ཀརྨ་རིགས་ལ་ཇི་ལྟར་ཞུས་ཚུལ༔ བསྟན་པའི་སྙིང་པོ་རྒྱས་པར་གསུངས་ཚུལ་ལོ༔ འདི་ལ་དྲུག་སྟེ༔ མཐའ་བྲལ་གྱི་ལྟ་བ་བསྟན་པ༔ མ་བཅོས་ཀྱི་སྒོམ་པ་བསྟན་པ༔ རང་གྲོལ་གྱི་སྤྱོད་པ་བསྟན་པ༔ གནད་བསྡུས་ཀྱི་གེགས་སེལ་བསྟན་པ༔ འོད་གསལ་གྱི་བོགས་འདོན་བསྟན་པ༔ བར་དོའི་འབྲས་བུ་བསྟན་པའོ༔ དང་པོ་ལ་གཉིས་ཏེ༔ དོན་མདོར་བསྟན་པ་དང༔ ཚིག་རྒྱས་པར་བཤད་པའོ༔ འདི་ལ་ལྔ་སྟེ༔ ཆོས་ཉིད་གྲུབ་མཐའ་དང་བྲལ་བའི་གཏན་ཚིགས༔ བདེན་གཉིས་བླང་དོར་དང་བྲལ་བའི་གཏན་ཚིགས༔ འཁྲུལ་པ་རྒྱུ་རྐྱེན་དང་བྲལ་བའི་གཏན་ཚིགས༔ དོན་དམ་སྤྲོས་པ་དང་བྲལ་བའི་གཏན་ཚིགས༔ གདིངས་ཆེན་རེ་དོགས་དང་བྲལ་བའི་གཏན་ཚིགས་སོ༔ གཉིས་པ་སྒོམ་པ་བསྟན་པ་ལ་གཉིས་ཏེ༔ དོན་མདོར་བསྟན་པ་དང༔ ཚིག་རྒྱས་པར་བཤད་པའོ༔ འདི་ལ་ལྔ་སྟེ༔ གཉུག་མའི་ཡེ་ཤེས་ངོ་སྤྲད་པ༔ ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པ༔ ཡེངས་མེད་ཤེས་བཞིན་བསྟན་པ༔ རྟོག་པ་རང་གྲོལ་གྱི་དཔེ་དོན་བསྟན་པ༔ རྒྱུན་དུ་ལམ་དུ་ཁྱེར་ཚུལ་བསྟན་པའོ༔ གསུམ་པ་སྤྱོད་པ་ལ་གཉིས་ཏེ༔ དོན་མདོར་བསྟན་པ༔ ཚིག་རྒྱས་པར་བཤད་པའོ༔ དེ་ལ་ལྔ་སྟེ༔ ལྷ་ཡི་བུ་ཡི་བདུད་བར་ཆད་ལམ་དུ་སློང་བ༔ ཕུང་པོའི་བདུད་ཆགས་མེད་ལིངས་ཀྱིས་བསྐྱུར་བ༔ ཉོན་མོངས་པའི་བདུད་འཁྲུལ་པ་རྒྱུན་གཅོད་པ༔ འཆི་བདག་གི་བདུད་སྐྱེ་མེད་རང་སར་གྲོལ་བ༔ བདུད་དཔུང་ཐར་པའི་གྲོགས་སུ་བསྒྱུར་བའོ༔ བཞི་པ་གེགས་སེལ་བསྟན་པ་ལ་གཉིས་ཏེ༔ དོན་མདོར་བསྟན་པ་དང༔ ཚིག་རྒྱས་པར་བཤད་པའོ༔ འདི་ལ་ལྔ་སྟེ༔ ཕྱི་འབྱུང་བའི་གེགས་བསལ་བ༔ ནང་ནད་ཀྱི་གེགས་བསལ་བ༔ གསང་བ་ཉོན་མོངས་པའི་གེགས་བསལ་བ༔ རྒྱུ་བག་ཆགས་ཀྱི་གེགས་བསལ་བ༔ འབྲས་བུ་སྡུག་བསྔལ་གྱི་གེགས་བསལ་བའོ༔ ལྔ་པ་བོགས་འདོན་ལ་དྲུག་སྟེ༔ དབྱིངས་ཀྱི་སྣང་བ་གཅེར་མཐོང་དུ་བོགས་འདོན་པ༔ རིག་པའི་སྣང་བ་གཅེར་མཐོང་དུ་བོགས་འདོན་པ༔ ཐིག་ལེའི་སྣང་བ་གཅེར་མཐོང་དུ་བོགས་འདོན་པ༔ ཡེ་ཤེས་ཀྱི་སྣང་བ་གཅེར་མཐོང་དུ་བོགས་འདོན་པ༔ ཞིང་ཁམས་ཐུགས་རྗེའི་སྣང་བ་གཅེར་མཐོང་དུ་བོགས་འདོན་པ༔ ཐུགས་རྗེའི་སྣང་བ་གཅེར་མཐོང་དུ་བོགས་འདོན་པའོ༔ དྲུག་པ་བར་དོ་རང་གྲོལ་འབྲས་བུ་བསྟན་པ་ལ་གཉིས་ཏེ༔ རང་བཞིན་གྱི་བར་དོའི་དོན་མདོར་བསྟན་པ་དང༔ བར་དོ་ལྔའི་ཚིག་རྒྱས་པར་བཤད་པའོ༔ འདི་ལ་ལྔ་སྟེ༔ སྐྱེ་གནས་ཀྱི་བར་དོར་རང་ངོ་ཤེས་པའི་གདམས་པ༔ རྨི་ལམ་བར་དོར་འཁྲུལ་བ་སང་བའི་གདམས་པ༔ འཆི་ཁའི་བར་དོར་དབྱིངས་སུ་འཕོ་བའི་གདམས་པ༔ འོད་གསལ་གྱི་བར་དོར་སྣང་སེམས་བསྲེ་བའི་གདམས་པ༔ སྲིད་པའི་བར་དོར་འཁོར་བ་རུ་བཟློག་པའི་གདམས་པའོ༔ རྗེས་ཀྱི་ལེའུ་མཇུག་བསྡུ་བའི་གདམས་པ་ལ་གཉིས་ཏེ༔ ཁྲོ་བོའི་རྒྱལ་པོ་ལ་ཇི་ལྟར་ཞུས་ཚུལ༔ ཡོངས་སུ་གཏད་པ་རྒྱས་པར་གསུངས་ཚུལ་ལོ༔ འདི་ལ་བཞི་སྟེ༔ རྒྱུད་ཇི་ལྟར་བཤད་པའི་ཐབས་བསྟན་པ༔ རྒྱུད་དང་འཕྲད་པའི་ཡོན་ཏན་བཤད་པ༔ རྒྱུད་ཀྱི་སློབ་དཔོན་སློབ་མར་བཅས་པ་ལ་རྗེས་སུ་གནང་བ༔ བཀའ་སྲུང་དམ་ཅན་ལ་གཉེར་གཏད་པའོ༔ དང་པོ་ལ་དྲུག་སྟེ༔ ཕུན་ཚོགས་གླེང་གཞིའི་སྒོ་ནས་བཤད་པར་བསྟན་པ༔ བསྡུས་དོན་ས་བཅད་ཀྱི་སྒོ་ནས་བཤད་པར་བསྟན་པ༔ ངོ་བོ་བཀའ་འགྲེལ་གྱི་སྒོ་ནས་བཤད་པར་བསྟན་པ༔ ངེས་ཚིག་འབྲུ་འགྲེལ་གྱི་སྒོ་ནས་བཤད་པར་བསྟན་པ༔ དབྱེ་བ་དོན་འགྲེལ་གྱི་སྒོ་ནས་བཤད་པར་བསྟན་པ༔ གྲུབ་མཐའ་གསང་འགྲེལ་གྱི་སྒོ་ནས་བཤད་པར་བསྟན་པའོ༔ གཉིས་པ་ལ་དྲུག་སྟེ༔ མཐོང་བས་སངས་རྒྱས་པར་བསྟན་པ༔ ཐོས་པས་སངས་རྒྱས་པར་བསྟན་པ༔ བཏགས་པས་སངས་རྒྱས་པར་བསྟན་པ༔ རེག་པས་སངས་རྒྱས་པར་བསྟན་པ༔ ཚོར་བས་སངས་རྒྱས་པར་བསྟན་པ༔ མྱོང་བས་སངས་རྒྱས་པར་བསྟན་པའོ༔ གསུམ་པ་ལ་གསུམ་སྟེ༔ གབ་པ་མངོན་ཕྱུང་རྗེས་སུ་གནང་བ༔ མ་ཚང་བ་ཁ་སྐོང་རྗེས་སུ་གནང་བ༔ ཆོས་སྲོག་དམ་ཚིག་རྗེས་སུ་གནང་བའོ༔ བཞི་པ་ལ་གསུམ་སྟེ༔ ཕོ་རྒྱུད་མགོན་པོ་ལ་གཏད་པ༔ མོ་རྒྱུད་ལྷ་མོ་ལ་གཏད་པ༔ བཀའ་ཉན་དྲེགས་པ་ལ་གཏད་པའོ༔ སྤྱི་དོན་གསུམ་པ་མཇུག་གི་ཡོན་ཏན་དཔག་ཏུ་མེད་པར་བསྟན་པའོ༔ དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་རིན་པོ་ཆེའི་འཕྲུལ་སྒོ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ ༁ོཾ༔ ཨེ་མ་ཧོ༔ ཆོས་དབྱིངས་ཀ་དག་ནམ་མཁའི་ཀློང་ཡངས་སུ༔ རང་བྱུང་ལྷུན་གྲུབ་རིགས་ལྔའི་དཀྱིལ་འཁོར་རྒྱས༔ ཐུགས་རྗེའི་སྤྲུལ་པ་བསམ་ཡས་འོད་ཟེར་འགྱེད༔ སྐུ་གསུམ་ལྷུན་གྲུབ་པདྨ་འབྱུང་གནས་ང༔ འགྲོ་ཀུན་དྲུང་དུ་ཆུ་ཟླ་ལྟར་སྣང་ཡང༔ རང་རང་སྒྲིབ་པའི་སྟོབས་ཀྱིས་མཐོང་མ་གྱུར༔ དེ་ཉིད་རབ་གསལ་དག་པའི་སྣང་བ་ཅན༔ མཚོ་རྒྱལ་སཱ་ལེ་ཡུམ་སྲས་གཉིས་པོ་ཡི༔ མངོན་སུམ་རིགས་ལྔ་ཞི་ཁྲོའི་ཞིང་ཁམས་ཉུལ༔ བླ་མ་སྤྲུལ་སྐུ་སྟོན་པ་རྣམས་དང་མཇལ༔ བསམ་གཏན་ཞག་བདུན་བར་དུ་ཞིང་དེར་གནས༔ བསྟན་པ་ཀུན་བཅུད་འགྲོ་བ་ཀུན་གྲོལ་ཞུས༔ པདྨ་བདག་གིས་སྟོན་པའི་བཀའ་རྣམས་བསྡུས༔ མི་བརྗེད་གཟུངས་ལྡན་མཚོ་རྒྱལ་ཉིད་ཀྱིས་བཞེངས༔ ད་ལྟ་མི་སྤེལ་མཆོག་གི་གཏེར་དུ་གནས༔ ཕྱི་མའི་དུས་སུ་འགྲོ་དོན་དཔག་ཡས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈ དཔལ་ལྡན་ཆོས་ཀྱི་རྒྱལ་པོ་དྲི་མེད་ལྷུན་གྲུབ་ཉིད་ཀྱི་གཏེར་མའོ། །བཀྲ་ཤིས་དཔལ་ལྡན་སྐུ་གསུམ་ལྷུན་གྲུབ་འགྲོ་དོན་ཆེ་བར་ཤོག། །།

འཇམ་མགོན་རིན་པོ་ཆེའི་གཟུངས་འབུལ་ལག་ལེན་ལས་གསུངས་ཤིང་དེ་ནང་མཁོ་ངེས་ཀྱི་གཟུངས་སྔགས་འགའ་དཀྱུས་སུ་འཛུད་མ་སྤོབས་པར་ཟུར་བྱང་དུ་བཀོད་པ་ (Volume 52, Text 24)

འཇམ་མགོན་རིན་པོ་ཆེའི་གཟུངས་འབུལ་ལག་ལེན་ལས་གསུངས་ཤིང་དེ་ནང་མཁོ་ངེས་ཀྱི་གཟུངས་སྔགས་འགའ་དཀྱུས་སུ་འཛུད་མ་སྤོབས་པར་ཟུར་བྱང་དུ་བཀོད་པ་ནི། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རིང་ཐུང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མ༔ ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭཱ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཿསུ་ག་ཏ་བ་ར་བ་ཙ་ནཱ། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ། མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭཱ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥ་ཊྭ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤཱ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན། པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི། པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྨཱ་ར་ཡ་སྨཱ་ར་ཡ། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ་སུ་བཛྲེ། བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་ཝེ། བཛྲེ་བཛྲི་ནི། བཛྲམྦྷ་བ་ཏུ་མ་མ་ཤཱ་རཱི་རཾ། སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུ་དྷི་ར་བྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུད་དྷིཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ས་མནྟཱ་ན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ཡང་སྙིང་། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཾ་ཨཿ རཀྵ་རཀྵ་མཱཾ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ༄། གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་ཐུང་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། ཨོཾ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན་སཱ་ག་ར་གམྦྷཱི་ར། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། ཨཱ་ཡུནྡྷ་ར་ཨཱ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན་སཱ་ག་རེ། སཾ་ཤོ་དྷ་ཡ། མཱཾ་སརྦ་སཏྭཱཾ་ཤྩ། བྷ་ག་བ་ཏི། སརྦ་པཱ་པཾ་བི་མ་ལེ། ཛ་ཡ་ཛ་ཡ། ཛ་ཡ་ལབྡྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ར་ཎི། བྷ་ཡ་ཧ་ར་ཎི་ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞཱི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། ཨཱ་ཀྙྜ་ཡ་ཨཱ་ཀྙྜ་ཡ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཨིནྡྲ་ཡ་བི་ཤྭ་དྷ་ནི་བྷུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲ་བི་ལེ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷེ་སིདྡྷེ། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཤྭ་དྷ་ནི་ཤྭ་དྷ་ནི། སཾ་ཤྭ་དྷ་ནི་སཾ་ཤྭ་དྷ་ནི། བི་ཤྭ་དྷ་ནི་བི་ཤྭ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ་པྲ་ས་ར་ཏུ་མ་མ་པུཎྱཻ། བི་ན་ཤྱནྟུ་པཱ་པཾ། སརྦ་ཀིལྤ་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་ཝ་ཙི་ཏ་བྷུ་ཛེ། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡུར་ད་དེ་སྭཱ་ཧཱ། པུཎྱཻ་ད་དེ་སྭཱ་ཧཱ། པུཎྱ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཎྜེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲྭ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ན་མསཏྲཻ་ཡ་དྷྭི་ཀཱ་ནཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿསཾ་ཤྭ་དྷ་ཡ་སཾ་ཤྭ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོ་ཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཾ་སཾ་ཛཿསྭཱ་ཧཱ། ༄། གསང་བ་རིང་བསྲེལ་གཟུངས་རིང་ཐུང་ནི། ན་མ་སཏྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་བྷུ་བ་བྷ་པཱན་བ་རེ་བ་ཙ་ཊཽ། ཙུ་ལུ་ཙུ་ལུ། དྷ་ར་དྷ་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། པདྨ་གརྦྷེ་ཛ་ཡ་ཝ་རེ་ཨ་ཙ་ལེ་སྨ་ར། ཏ་ཐཱ་ག་ཏ་དྷརྨཱ་ཙཀྲ་པྲ་ཝརྟ་ནེ། བཛྲ་བོ་དྷི་མཎྜ་ཨ་ལཾ་ཀཱ་ར་ཨ་ལཾ་ཀྲྀ་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ནི་བོ་དྷ་ནི། བུདྷྱ་བུདྷྱ། སཾ་བོ་དྷ་ནི་སཾ་བོ་དྷ་ཡ། ཙ་ལ་ཙ་ལ་ཙ་ལནྟུ། སརྦ་ཨཱ་པ་ར་ཎཱ་ནི་སརྦ་པཱ་པཾ་བི་ག་ཏེ། ཧུ་རུ་ཧུ་རུ། སརྦ་ཤོ་ཀ་བི་ག་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། བཛྲི་ཎི་སཾ་བྷ་ཝ་སཾ་བྷ་བ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་དྷཱ་ར་ཎི་མུ་དྲེ། བུདྡྷེ་སུ་བུདྡྷེ་སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ས་མ་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་དྷཱ་ཏུ་མུ་དྲེ་སྭཱ་ཧཱ། སུ་པྲ་ཏིཥྛ་ཏསྟུ་པེ། ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་ཧཱུྃ་ཧཱུྃ་སྭཱ་ཧཱ། གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་དྷཱ་ཏུ་མུ་དྲཱ་ཎི། སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷུ་ཥི་ཏ་ཨ་དྷིཥྛི་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། ༄། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་གྱི་གཟུངས་རིང་ཐུང་ནི། ཨོཾ་ན་མོ་བྷ་ག་བ་ཏེ་བི་པུ་ལ་བ་ད་ན་ཀཱཉྩ་ནོ་ཏཀྵིཔྟ། པྲ་བྷཱ་ས་ཀེ་ཏུ་མཱུརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ།ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷི། བོ་དྷ་ནི་བོ་དྷ་ནི། སརྦ་ཏ་ཐཱ་ག་ཏཱ་གོ་ཙ་རི། དྷ་ར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་དྷ་རེ། ཙུ་ལུ་ཙུ་ལུ། ཤ་ཏ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བི་ཥིཀྟེ། གུ་ཎེ་གུ་ཎ་པ་ཏེ། སརྦ་བུདྡྷཱ་གུ་ཎ་ར་བ་བྷཱ་སེ། མི་ལི་མི་ལི། ག་ག་ན་ཏ་ལེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། ན་བྷསྟ་ལེ། ཤ་མེ་ཤ་མེ། པྲ་ཤ་མེ་པྲ་ཤ་མེ། སརྦ་པཱ་པཾ་པྲ་ཤ་མ་ཎ། སརྦ་པཱ་པཾ་བི་ཤྭ་དྷ་ནེ། ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མཱརྒ་སཾ་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་སུ་པྲ་ཏིཥྛི་ཏེ་ཤུདྡྷེ་སྭཱ་ཧཱ། གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་བྱཱ་བ་ལོ་ཀི་ཏེ། ཛ་ཡ་ཛ་ཡ་སྭཱ་ཧཱ། སྙིང་པོ། ཨོཾ་ཧུ་རུ་ཧུ་རུ། ཛ་ཡ་མུ་ཁེ་སྭཱ་ཧཱ། ཡང་སྙིང་། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ༄། རྟེན་འབྲེལ་སྙིང་པོ་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ༄། རབ་བདུན་གྱི་གསོ་སྦྱོང་བོད་སྐད་ནི། རྣམ་གཟིགས།་་་བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །བཙུག་ཏོར་ཅན།་་་མིན་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ཐམས་ཅད་སྐྱོབ།་་་སྐུར་པ་མི་གདབ་གནོད་མི་བྱ། །སོ་སོ་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །འཁོར་བ་འཇིག།་་་ཇི་ལྟར་བུང་བས་མེ་ཏོག་གི །ཁ་དོག་དྲི་ལ་མི་གནོད་པར། ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །གསེར་ཐུབ།་་་བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གིས། །བྱས་དང་མ་བྱས་རྣམས་ལ་མིན། །འོད་སྲུངས།་་་ལྷག་པའི་སེམས་ལ་བག་བྱ་ཞིང་། །ཐུབ་པའི་བསླབ་གཞི་རྣམས་ལ་སློབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འབྱུང་ངོ་། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །ཤཱཀྱ་ཐུབ་པ།་་་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེར་པར་གྲོལ། །ངག་རྣམས་སྲུང་ཞིང་ཡིད་ཀྱང་རབ་བསྡམ་སྟེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་ལ་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་དང་རྒྱ་སྐད་ནི་མ་རྙེད་དོ།། ༄། དྲི་མེད་འོད་ཀྱི་སྲོག་ཤིང་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་ཡཥྚི་མ་ཎི་ཀ་ན་ཀ་རཱ་ཛཱ་བི་བྷཱུ་ཥི་ཏ་ཡཥྚི་དྷུ་རུ་དྷུ་རུ། ས་མནྟ་བི་ལོ་ཀི་ཏེ་ས་ར་ས་ར་མ་མ་སརྦ་པཱ་པཾ་བི་ཤོ་དྷ་ནི། བྷོ་དྷ་ནི་སཾ་བོ་དྷ་ནི། པྲ་བ་ར་ཡཥྚི་བ་རེ་མ་ཎི་དྷྭ་ཛེ་རུ་ཙི་ར། མ་ལ་བི་ཤུདྡྷེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ༄། སྒྲིབ་སེལ་གྱི་གཟུངས་ནི། ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་ཊཱི་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནཱི་ཡུ་ཏ་ཤ་ཏ་ས་ཧ་སྲ་ཎཱཾ། གངྒཱ་ན་དཱི་བཱ་ལུ་ཀཱཿས་མཱ་ནཱཾ། ན་མཿསརྦ་ནཱི་བ་ར་ཎ་བིཥྐཾ་བྷི་ནི་བོ་དྷི་སཏྭ་ཡ། ཨོཾ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ། པཱ་ལ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ན་མ་སྐྲཱི་ཏྲེ་བ་ར་བ་ར། སརྦ་སཏྭཱ་ཨ་ཝ་ལོ་ཀི་ནི། ཨོཾ་སརྦ་ནཱི་བ་ར་ཎ་བིཥྐཾ་བྷི་ནི། མ་མ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཀུ་རུ་སྭཱ་ཧཱ། སྲོག་ཤིང་རྩེ་མོ་བྲུས་པའི་ནང་དུ་འོད་ཟེར་དྲི་མེད་ཀྱི་གཟུངས་རིལ་པོ་དང་། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས། རིང་བསྲེལ་སོགས་གཞུག་པ་ལས། ༄། འོད་ཟེར་དྲི་མེད་ཀྱི་གཟུངས་རིང་དང་སྙིང་པོ་ནི། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ་པ་རི་ཤུདྡྷེ་མ་ན་སི། ཨྱ་བྷྱ་ཙི་ཏ་པྲ་ཏིཥྛི་ཏཱ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀཏ་ཨཱ་ཡུརྵ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུརྦི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། སྙིང་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་འདི་རྣམས་འཇམ་མགོན་རིན་པོ་ཆེའི་གཟུངས་འབུལ་ལག་ལེན་སྐབས་ཉེར་མཁོའི་ཆེད་ཟུར་བྱང་དུ་ཞུ་དག་གང་ནུས་ཀྱིས་པད་བཀོད་དྭགས་པོ་སྤྲུལ་སྐུས་བཀོད་པའོ། །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རིག་འཛིན་སྲོག་སྒྲུབ་ལས། གཅོད་ཀྱི་དགོངས་འགྲེལ་གསལ་བྱེད་ (Volume 35, Text 24)

༄ཿ རིག་འཛིན་སྲོག་སྒྲུབ་ལས། གཅོད་ཀྱི་དགོངས་འགྲེལ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ། བཛྲ་བྷ་ར་ཧི་བཻ་རོ་ཙ་ནི་ཧ་རི་ནི་ས་སིདྡྷི་ཧཱུྃ། རྡོ་རྗེའི་དབྱིངས་མཆོག་ལྷུན་གྲུབ་འཇའ་གུར་མཛོད། །ནང་གསང་རྒྱན་གྱི་བདེ་མཆོག་སྟོང་ཉིད་གར། །རྣམ་རོལ་སྲིད་པ་རྒྱན་གྱི་ཌཱ་ཀི་མའི། །གཙོ་མཆོག་རྡོ་རྗེ་བཙུན་མོར་འདིར་ཕྱག་བྱ། །རིན་ཆེན་ཞི་བ་རྡོ་རྗེ་སྙིང་པོའི་ལམ། །བརྟུལ་ཞུགས་སྤྱོད་བཞིས་ཞི་བའི་གསང་བརྟོལ་ནས། །འོད་གསལ་ཆོས་དབྱིངས་ཞི་བ་རིན་ཆེན་གླིང་། །བརྩོན་པར་རབ་བསྐུལ་དཔའ་བོའི་རྒྱང་གླུ་ལྡིར། །འཛིན་མེད་ཚོགས་དྲུག་ཕུང་པོ་གཟན་བསྐྱུར་ལ། །དང་པོ་གནས་དང་གཉིས་པ་ལྷར་གསལ་ཚུལ། །གསུམ་པ་ཕུང་པོ་གཟན་བསྐྱུར་སྤེལ་སྦྱང་དང་། །བཞི་པ་གསོལ་བཏབ་མགྲོན་རྣམས་དགྱེས་མཆོད་འབུལ། །ལྔ་པ་འཁོར་གསུམ་དམིགས་མེད་སྒྱུ་མར་བསྔོ། །དྲུག་པ་སྨོན་ལམ་ཤིས་བརྗོད་ཕན་ཡོན་བསྟན། །དེ་དག་གིས་ནི་སྤྱི་དོན་མདོར་བསྟན་ནས། སྤྱི་དོན་དང་པོ་སྤྱོད་ཡུལ་གྱི་གནས་ཕྱི་ནང་གསང་གསུམ་དུ་བསྟན་པ་ལས། ཕྱིའི་གནས་ནི། གནས་ཡུལ་དུར་ཁྲོད་ཆེན་པོ་དང་། གཅོད་ཡུལ་བ་སྤྱི་དང་བྱེ་བྲག་གི་གནས་ས་དམིགས་སུ་བསྟན་པ་རྣམས་ཏེ། དེ་ཡང་མདོར་བསྡུ་ན་རྣལ་འབྱོར་པ་གཉིས་འཛིན་འཁུ་འཕྲིག་ཡ་ང་བག་ཚ་གང་དུ་ཤར་ཞིང་འཇིགས་སོ་སྙམ་པའི་གནས་དེ་གར་ཚར་ལྷོང་གི་རྟེན་འབྲེལ་མ་འགྲིགས་བར་དུ་བསྡད་དགོས་ཏེ། ཚར་ཚད་ཀྱི་རིམ་པ་མདོར་བསྡུ་ན། ཀུན་གཞིའི་རང་མདངས་ལས་གྲུབ་པའི་ལས་ཀྱི་རྣམ་པར་རྟོག་པ་རང་ངོར་ལྷོངས་པའི་བདེ་སྡུག་རྣམས། ཡེ་གྲོལ་ཀུན་ཏུ་བཟང་པོའི་དགོངས་གཞིར་སྐྱེ་འགག་གཉིས་སུ་མེད་པའི་བདག་ཉིད་དུ་དག་དགོས་ཏེ། འཁོར་འདས་ཐམས་ཅད་རང་བཞིན་ཀུན་ཏུ་བཟང་པོ་འོད་གསལ་ཆེན་པོ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེར་རྩལ་རྫོགས་པ་ནི། ཚར་ལྷོང་གི་རྟེན་འབྲེལ་འགྲིགས་པ་མཐར་ཐུག་པ་ཡིན་ཏེ། དེ་དག་གི་ཁོངས་སུ་ན་ཚ་རྣམ་རྟོག་ལྷ་འདྲེ་བདེ་སྡུག་རྐྱེན་ངན་འཆི་བ་སོགས། འཁོར་འདས་ཀྱི་སྣང་བ་གང་ལ་ཡང་སྤང་བླང་མི་བྱེད་པར་རོ་སྙོམས་པར་བྱེད་པ་གནད་དོ། །ཀུན་མཁྱེན་ཆེན་པོས། རྣལ་འབྱོར་རབ་ཀྱི་དུར་ཁྲོད་ཆོས་དྲུག་ནི། །གཅིག་ཏུ་མི་གནས་སྤྲིན་ལྟར་ཀུན་ལ་འཕྱོ། །ཟས་གོས་མི་གཉེར་རོ་ཟས་རོ་གོས་གཙོ། །ཞེས་དང་། གཞན་ཡང་ལུང་ལས། སྨད་གཡོགས་ཁ་དོག་སྣ་ཚོགས་ལ། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །བཟའ་བ་མི་འཆི་བཅུ་ཕྱེད་ཉིད། །ཅེས་སོ། །ནང་གི་གནས་ནི། རང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པས། ཚོགས་བརྒྱད་ཀུན་གཞིའི་དུར་ཁྲོད་དུ། རང་བྱུང་ཡེ་ཤེས་ཀྱི་སྤྱོད་པ་སྐྱོང་བའི་གནས་ཡིན་ཏེ། མ་གཅིག་གི་ཞལ་ནས། རང་སྤྱོད་རང་བྱུང་རང་གྲོལ་ལ། །ཆེད་དུ་སྤྱད་ན་སྤྱད་དུ་མེད། །མཉམ་ཤར་གཉན་པོས་གཟུང་དུ་མེད། །ཀུན་ཀྱང་རང་སེམས་ཡིན་ཤེས་ན། །རང་ལ་རང་གྲོལ་བཀག་པ་མེད། །ཅེས་སོ། །གསང་བའི་གནས་ནི། ཆོས་དབྱིངས་སྐྱེ་འགག་འཕོ་འགྱུར་དང་བྲལ་བར། འཁོར་འདས་གཉིས་སུ་མེད་པའི་སྤྱོད་པ་སྐྱོང་བ་ཡིན་ཏེ། རིན་ཆེན་སྤུངས་པ་ལས། མེད་པའི་སྟོང་གནས་ཆོས་འབྱུང་ལས། །ཡེ་ཐོག་དང་པོའི་སངས་རྒྱས་ཀྱི། །རིག་པ་ཡེ་ཤེས་ཁྱད་པར་ལས། །ཅེས་དང་། ཐལ་འགྱུར་ལས། འཁོར་དང་འདས་པའི་ཐོག་མར་ནི། །རང་བྱུང་བྱས་པ་མེད་པ་ལས། །འབྱུང་བ་འདུས་པའི་ཕུང་པོར་ཤར། །ཞེས་པས། དབང་པོ་ཡང་རབ་ཀྱི་སྤྱོད་པའི་གནས་སོ། །དེ་ལྟར་སྣང་སྲིད་སྐུ་གསུམ་དུ་རྟོགས་པ་ཁོ་ནས་གནས་ཟིལ་གྱིས་གནོན་པའི་མཆོག་ཡིན་ཞིང་། བདག་ཉིད་ཟིལ་གྱིས་གནོན་པ་ནི་འོག་གི་ཕག་མོའི་བསྐྱེད་རིམ་ལྟར་རོ། ༈ །སྤྱི་དོན་གཉིས་པ་རྣལ་འབྱོར་པ་ལྷར་གསལ་བ་ལ་གསུམ་སྟེ། དང་པོ་རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་སྔོན་དུ་སོང་ནས། དེ་ཉིད་ཀྱི་སྐུར་གསལ་བཏབ། དེའི་གནས་རྣམས་སུ་སྣང་སྲིད་ཀྱི་དཔའ་བོ་མཁའ་འགྲོ་ཡོངས་སུ་རྫོགས་པ་བསྐྱེད་ཅིང་། ཧཱུྃ་སྒྲ་དྲག་པོ་འབྲུག་སྟོང་ལྡིར་བ་ཙམ་གྱིས་སྣང་སྲིད་ཐམས་ཅད་ཁྱབ་པར་སྒྲོག་ཅིང་། འཁོར་འདས་ཐམས་ཅད་ཧཱུྃ་གི་མཚོན་ཆས་རང་རིག་གི་ངོ་བོར་གཏན་ལ་ཕབ་ཅིང་། ཆོས་ཀྱི་དབྱིངས་ཁྱབ་པར་ཉུལ་ཞིང་། གང་ལ་ཡང་ཡ་ང་འཁུ་འཕྲིག་དང་བྲལ་བའི་ངང་ནས། སྤང་བླང་མེད་པར་མཉམ་པར་འཇོག་པ་ཡིན་ཏེ། ནག་པོ་པས། ཡེ་སངས་རྒྱས་གཅིག་ཡིན་པ་ལ། ཡང་སངས་རྒྱས་གཅིག་འདོད་པ་འཁྲུལ། །ཤ་བ་རི་པས། གང་གིས་གདོད་ནས་སེམས་ཉིད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པ་དམ་པའོ། །ཞེས་སོ། །གཉིས་པ་གྲོགས་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། སྣང་སྟོང་སྐྱེ་བ་མེད་པར་འགྲོགས་ཤིང་། གང་ཡང་མི་སྤང་ཅི་ཡང་མི་ལེན། དགག་སྒྲུབ་རེ་དོགས་སྤང་བླང་ཐམས་ཅད་ཆོས་དབྱིངས་རོ་གཅིག་ཆེན་པོ། བདེ་སྟོང་གཉིས་སུ་མེད་པའི་ངང་དུ་གཅོད་ཅིང་། ལུང་ལས། བྱར་མེད་མཚོན་ཡུལ་འདས་པར་མ་རྟོགས་པར། །རྩོལ་སྒྲུབ་བྱ་བྱེད་བསྒོམ་པས་འགྲུབ་ལྟ་ན། །བྱང་ཆུབ་གེགས་ལ་དེ་ལས་ཆེ་བ་མེད། །ཅེས་དང་། གྲོགས་ཀྱི་མཆོག་ཏུ་གྱུར་པ་ནི། བདེ་དང་སྟོང་པ་འདུ་འབྲལ་མེད་པ་ཡིན་ཏེ། ལུང་ལས། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་པ། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །ཅེས་སོ། །གསུམ་པ་རྒྱན་ནི། ཉོན་མོངས་པ་མ་སྤངས་པ་གནས་སུ་དག་པ། དུག་ལྔ་ཡེ་ཤེས་ལྔ་ཡི་རྒྱན། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྒྱན། སྣང་སྲིད་ཐབས་དང་ཤེས་རབ་རྒྱན་ཏེ། ལུང་ལས། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་དང་། དུག་གསུམ་སྐུ་གསུང་ཐུགས་སུ་སྤྱོད། །དུག་ལྔ་ཡེ་ཤེས་ལྔ་རུ་སྤྱོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་སྤྱོད། །ཅེས་སོ། ༈ །སྤྱི་དོན་གསུམ་པ་ཕུང་པོ་གཟན་བསྐྱུར་སྤེལ་སྦྱང་གི་རིམ་པ་ནི། གཞུང་ལས། ཨོཾ་ཨཱཿཧཱུྃ། སྟོང་གསལ་སྲིད་ཞི་ཆོས་ཀྱི་དབྱིངས་ཆེན་པོ། །ཞེས་པ་ནས། འབྲུ་གསུམ་བདུད་རྩིའི་ཆར་བབས་འདོད་དགུར་འཁྱིལ། །ཞེས་པའི་བར་གྱི་དོན་ནི། དབུས་སུ་གཙོ་མཆོག་རྡོ་རྗེ་ཕག་མོའི་གནས་ལྔ་རུ། དཔའ་བོ་མཁའ་འགྲོ་སྡེ་ལྔ། ཕྱོགས་བཞིར་རིགས་བཞིའི་ཕྱོགས་མདོག་དང་མཐུན་པ། མཚམས་བཞིར་ཕྱེད་གཟུགས། སྒོ་མ་རྣམས་ཀྱིས་ཕྱག་གཡས་ཀྱིས་གྲི་གུག་གཡོན་ཐོད་ཁྲག་བདེ་སྟོང་སྙོམས་འཇུག་བདེ་བ་ཆེན་པོའི་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པར་སྒོམས། རང་རིག་དྭངས་མ་རྡོ་རྗེ་ཕག་མོར་སྐད་ཅིག་གིས་གསལ་བའི་མོད། གདོས་བཅས་ཤ་ཁྲག་གི་ཚོགས་རྣམས་སྦྲུལ་ཤུན་པ་བརྗེས་པ་ལྟ་བུ་དེ་དང་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་ཁྱོན་ཐམས་ཅད་གང་ཞིང་བསྐལ་པ་མ་སྟོངས་ཀྱི་བར་དུ་གནས་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པ་ནས། ཁ་དོག་དྲི་རོ་ཟད་མི་ཤེས་པ་གཅིག་ཏུ་གྱུར། ལུང་ལས། དུར་ཁྲོད་ཕྱིན་ལ་དུར་ཁྲོད་རོ་བཞིན་བོར། །མི་ཆགས་ལིང་གིས་བསྐྱུར་ན་མཁས་པ་ཡིན། །ཞེས་སོ། །དེར་ཡང་བདག་དང་གནས་དང་མཆོད་སྦྱིན་ཐམས་ཅད་གདོད་ནས་མ་སྐྱེས་མ་བྱུང་འཁོར་གསུམ་དམིགས་མེད་ཡང་དག་གི་རང་བྱུང་བཅོས་བསླད་མེད་པ་ཞིག་དགོས་ཏེ། རང་ཤར་ལས། རང་བྱུང་བཅོས་བསླད་མེད་པ་སྤྱོད་པ་ཡིན། །ཞེས་སོ། ༈ །སྤྱི་དོན་བཞི་པ་གསོལ་བ་བཏབ་ཅིང་དགྱེས་མཆོད་འབུལ་བ་ནི། ཀྱེ། སྟེང་འཇའ་འོད་འཁྲུགས་པའི་གུར་ཁང་ནང། །ཞེས་པ་ནས། ད་འཁོར་བའི་གནས་འདིར་ཕྱིར་མ་ལྡོག །ཕཊཿ གོང་དུ་བྱིན་གྱིས་བརླབས་པའི་བདུད་རྩིའི་རྒྱ་མཚོ་དེའི་སྟེང་ཐམས་ཅད་དྭངས་མ་འོད་ལྔའི་ཟེར་ཀློང་འཁྲུགས་པའི་དབུས་སུ། མདོ་རྒྱུད་ལུང་དང་མན་ངག་བསྟན་བཅོས། མདོར་ན་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་ཀྱི་རྩ་བའི་བླ་མ་ཐམས་ཅད་ལ་གསོལ་བ་བཏབ་ཅིང་། སོ་སོ་གང་ལ་གང་དགྱེས་ཀྱི་མཆོད་པ་ཕུལ་བས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བཞེས་ཤིང་དགྱེས་པ་བསྐངས་པར་བསམ་ལ། དེ་བཞིན་དུ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་འགྲེ །དེ་དག་གི་སྐུ་གསུང་ཐུགས་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟད་པ་མེད་པར་བབས་པས། རིགས་དྲུག་འོག་མའི་མགྲོན་རྣམས་མ་ཚང་བ་མེད་པར་བསྔོས་ནས། ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འཁོད་ཅིང་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་མྱུར་དུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ནི་འདི་ཉིད་ཀྱི་ཕན་ཡོན་མཐར་ཐུག་པ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། མགོན་པོ་གདོད་ནས་རྫོགས་སངས་རྒྱས། །ཡོན་ཏན་རིན་ཆེན་གངས་ཆེན་མཚོ། །ཞེས་སོ། །ཕྱི་ནང་གསང་བའི་དཀོན་མཆོག་གི་ཚོགས་ཀྱང་། བླ་མ་ཁོ་ན་ལ་འདུས་པར་དམིགས་པ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་གསུངས་པ་བཞིན་ནོ། ༈ །སྤྱི་དོན་ལྔ་པ་འཁོར་གསུམ་དམིགས་མེད་སྒྱུ་མར་བསྔོ་བ་ནི། གཞུང་ལས། བདག་ཡར་མཆོད་མགྲོན་ལ་རེ་བ་མེད། །ཅེས་པ་ནས། ཆོས་དབྱིངས་ཀྱི་ཀློང་འདིར་དགེ་ཚོགས་བསྔོ། །ཕཊཿ ཅེས་པས། ཡར་མཆོད་ཀྱི་མགྲོན་ཡང་རང་རིག་ཡེ་ཤེས་ཀྱི་རང་མདངས་ཙམ་ལས་སངས་རྒྱས་ཞེས་གཞན་ནས་རེ་བ་མེད། མར་སྦྱིན་ཡུལ་གྱི་གནས་དེ་ཡང་སེམས་མ་རྟོགས་པའི་སྐབས་སུ་འཁོར་བའི་བག་ཆགས་ཀྱིས་བསླད་པའི་རྒྱུ་དང་རྨི་ལམ་ཙམ་རིགས་དྲུག་ཏུ་སྣང་བ་ཙམ་ལས་ལོགས་པའི་འཁོར་བ་མེད་པས་རང་སེམས་རྟོགས་པས་རང་གཞིར་དག་སྟེ། དཔེ་ཉི་མའི་དཀྱིལ་འཁོར་ལ་མུན་པ་མེད་པ་བཞིན་འཁོར་འདས་གཉིས་ཀའི་གཞི་རྩ་སེམས་སུ་གཅོད་ཅིང་། སེམས་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚོགས་རྫོགས་ཤིང་སངས་རྒྱས་པར་བྱེད་པའི་ཉེ་ལམ་འདི་ཁོ་ན་ཉིད་དེ། འདིའི་མཐར་ཐུག་ཀྱང་འཁོར་གསུམ་དམིགས་པ་དང་བྲལ་བ་གཙོ་ཆེ་སྟེ། ཏིལློ་པས། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་དང་། སྒྱུ་འཕྲུལ་རྔམ་གློག་ལས། ཡུན་རིང་དུས་ནས་རྨོངས་པའི་འགྲོ་བ་རྣམས། །ཡེ་ནས་དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། །ལོག་རྟོག་ཉིད་ལས་དངོས་མེད་བྱང་ཆུབ་སེམས། །འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ། །ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ །སྲིད་རྩ་ཉེས་དམིགས་བྱང་ཆུབ་སྙིང་པོར་གསལ། །ཞེས་དང་། གསང་སྙིང་ལས། རྡོ་རྗེའི་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཉིད། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་སོ། ༈ །སྤྱི་དོན་དྲུག་པ་རོ་སྙོམས་སྐོར་དྲུག་ཏུ་ངོ་སྤྲོད་ཅིང་། ཕན་ཡོན་འབྲས་བུ་ཤིས་བརྗོད་བསྟན་པ་དང་གསུམ་ལས། དང་པོ་རོ་སྙོམས་སྐོར་དྲུག་ཏུ་ངོ་སྤྲོད་པ་ནི། རྣམ་རྟོག་རང་ངོ་ཤེས་པ་ཆོས་ཀྱི་སྐུ །ལྷ་འདྲེ་སྣང་བ་རང་གསལ་ལོངས་སྤྱོད་རྫོགས། །ན་ཚ་རང་ངོ་རྗེན་པ་འོད་གསལ་མཐིལ། །རྐྱེན་ངན་སྐྱེ་འགག་འགྱུར་མེད་སྤྲུལ་པའི་སྐུ །སྐྱེ་འཆི་སྐྱེས་ཙམ་ཉིད་ནས་སྐྱེ་མེད་ཞལ། །འཁོར་འདས་སྣང་ཙམ་ཉིད་ནས་སྐྱེ་བ་མེད། །གཉིས་པ་ཕན་ཡོན་ནི། གྲོལ་དང་མ་གྲོལ་གཉིས་མེད་མྱ་ངན་འདས། །གསང་ལམ་རྡོ་རྗེའི་དབྱིངས་མཆོག་རྨད་བྱུང་རྩེར། །འཇའ་གུར་འོད་གསལ་སྙིང་པོར་དབུགས་དབྱུང་ངོ་། །བུམ་དབྱིངས་སྐྱེ་བ་མེད་པར་མྱ་ངན་འདས། །དེ་ཡང་ལུང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་དང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མེད། །ཅེས་དང་། དགོངས་འདུས་ལས། ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །མ་བཅོས་མ་བསླད་བྱས་པ་མེད། །ཇི་བཞིན་རང་བཞིན་རྣམ་པར་དག །ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ཤིས་བརྗོད་ནི། འཁོར་འདས་ཡོངས་གྲོལ་ཐེག་ཀུན་རྩེ་མོའི་གནས། །རྡོ་རྗེ་སྙིང་པོ་སྣང་བ་བཞི་རྫོགས་ངང་། །སྣང་སྲིད་ཆོས་རྣམས་སྐུ་ལྔ་ཡེ་ཤེས་ཀློང་། །འཕོ་བ་འཇའ་ལུས་དྭངས་མའི་བཀྲ་ཤིས་ཤོག །ཕྱི་ནང་གསང་བའི་འབྱུང་ལྔ་ཐམས་ཅད་དབྱིངས་རིག་གཉིས་མེད་དྭངས་མ་ཡེ་ཤེས་ཀྱི་ཐིག་ལེར་སྨིན་པས། སྐྱེ་འཆིའི་སྒྲོ་འདོགས་རང་སར་ཆོད་དེ་སྲིད་ཞིའི་ཕན་གནོད་དང་བྲལ་བའི་རང་ངོ་དག་པ་གཉིས་ལྡན་ཆོས་ཀྱི་དབྱིངས་སུ་གྲོལ་བ་ནི་ཀུན་ནས་ཀུན་ཏུ་བཀྲ་ཤིས་མི་ཟད་པ་ནམ་མཁའི་འཁོར་ལོ་ཅན་གྱི་རྡོ་རྗེའི་ཆིངས་སུ་བསྟན་པ་ཡིན་ཏེ། དེ་ཡང་རྒྱལ་བ་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས། དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་རྣམས། །མ་ལུས་ཉེར་ཞིའི་གོ་འཕང་མཆོག་ཐོབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་བྱེད་པར་ཤོག །ཅེས་སོ། །རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་མངའ་བའི། །ལེགས་བཤད་མདོ་རྒྱུད་ལུང་དང་མན་ངག་ཀུན། །ཟབ་དོན་རྡོ་རྗེའི་བཅུད་འདུས་རྨད་བྱུང་ལམ། །ཚེགས་ཆུང་དོན་ཆེ་རྡོ་རྗེའི་གནས་ཇི་བཞིན། །འཁྱོགས་མེད་ངེས་དོན་སྙིང་པོའི་སྤྱི་ཆིངས་སུ། །ཕྱི་དང་ནང་དང་གསང་བའི་གནད་ཇི་བཞིན། །དབྱེ་བར་བྱས་ནས་སྙིང་པོའི་མཐར་ཐུག་གནད། །གསལ་བྱེད་དོན་གྱི་དགོངས་འགྲེལ་འདི་ལྟ་བུ། །ཆེ་མཆོག་ཁྲག་འཐུང་རོལ་པའི་དུར་ཁྲོད་དུ། །ནམ་མཁའ་འཇིགས་མེད་རྩལ་ཞེས་རྣལ་འབྱོར་པས། །འཇུར་བཙིར་རྡོ་གཅགས་ཁྲིགས་རིམ་མ་ཡིན་པར། །རང་བབས་ཆོས་བཅུད་བདུད་རྩིའི་རྦ་ཀློང་ལས། །ཇི་ལྟར་མགྲིན་ལས་བབས་ཏེ་འདིར་བསྐྱིལ་ལོ། །རྟག་འཛིན་ཕྱོགས་སྔས་རང་འདོད་ཡུར་སོ་ལས། །ཚིག་གི་ཐ་སྙད་ཞིང་ལ་མ་འདྲེན་པར། །བབས་གཤིས་འོད་གསལ་རྫིང་ཆུ་ཆི་ལེར་ཞོག །དགེའོ། །བཀྲ་ཤིས།། །།

འཁོན་སྦྱོང་ཤིན་ཏུ་ཟབ་པ་ལེ་ཚན་ (Volume 47, Text 24)

༄༅༔ འཁོན་སྦྱོང་ཤིན་ཏུ་ཟབ་པ་ལེ་ཚན་བཞུགས༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ འཁོན་ནག་ཟས་སུ་ཟ་བ༔ ཉམས་གྲིབ་རྒྱན་དུ་གདགས་པ༔ མི་གཙང་གོས་སུ་བགོ་བ༔ རིན་ཆེན་གྲོ་ལུང་སྐད་འབྱིན་གྱི་གདམས་པ་བྱ་བ་ཡིན་ཏེ༔ འདི་ནི་དམེ་ཆེན་པོ་བྱུང་བའམ༔ འཁོན་ཆེན་པོ་བྱུང་བའམ༔ དམ་ཉམས་ཆེན་པོ་བྱུང་བའམ༔ ཕུད་ཉམས་པས་ལྷ་འདྲེའི་ཆད་པ་ཆེན་པོ་བྱུང་བའམ༔ རྨ་འཁོན་ཆེན་པོ་བྱུང་བའི་བར་དུ་ཆུད་པའམ༔ ཉམས་གྲིབ་ཅན་གྱི་དམ་རྫས་ལ་ལོངས་སྤྱད་པའམ༔ དགྲ་དང་ཁ་འདྲེས་པ་སོགས་དེ་དག་གིས་མི་ཚུགས་པར་བྱ་བའི་ཕྱིར༔ རིག་སྔགས་འདི་གསུངས་སོ༔ ཨོཾ་ཨིས་ཙ་ཏྲ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཏྲ་མི་ཏྲ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཏྲ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཏྲ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཏྲ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ ཏྲ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨས་ནི་པིས་ནི་ཏྲ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཚིག་རྐང་དགུ་པོ་འདི༔ ཉམས་གྲིབ་ཆེན་པོ་བྱུང་ན་བརྒྱ་རྩ་བརྒྱད་བཟླ༔ འབྲིང་ཉེར་གཅིག་བཟླ༔ ཆུང་ན་བཅུ་བཞིའམ་བདུན་བཟླས་ལ༔ སྣ་ནས་ཕུས་བཏབ༔ གཞན་ལ་སྔགས་ཆུ་བྱིན་ནོ༔ འདིའི་སྔགས་ཀྱི་ནུས་པས་ཉམས་གྲིབ་གང་གིས་ཀྱང་མི་ཚུགས་པའི་དཔེ་ནི༔ ཉི་མ་ཤར་ནས་མུན་པ་མི་གནས་པ་འདྲ༔ སེར་ཁ་རླུང་བྱུང་བས་སྤྲིན་དེད་པ་དང་འདྲ༔ ཤེལ་གོང་དྲི་མ་མི་ཆགས་པ་དང་འདྲ༔ འདི་ལ་འཁོར་ལོ་བྱེད་ན་མུ་ཁྱུད་རིམ་པ་ལྔ་བསྐོར༔ རྩིབས་བརྒྱད་ལྟེ་བ་དང་དགུ་ལ་གོང་གི་སྔགས་ཚན་དགུ་བཀོད༔ མུ་ཁྱུད་ནང་མ་ལ་ཨཱ་ལི༔ དེའི་ཕྱི་མ་ལ་ཀཱ་ལི༔ དེའི་ཕྱི་མ་ལ་རྟེན་འབྲེལ་སྙིང་པོ༔ དེའི་ཕྱི་ལ་མེ་རི་བྲིའོ༔ རབ་གནས་བྱས་ཏེ༔ བྱ་རྒོད་ཀྱི་སྡེར་མོ་དང༔ གྲུམ་པའི་སྤུ་དང་བཅས་དར་དམར་གྱིས་དྲིལ་ལ་ལུས་ལ་བཅང་ན་འཁོན་གང་གིས་ཀྱང་མི་ཚུགས་ཏེ༔ གསེར་འགྱུར་རྩི་ལྟར་སྦྱོང་ བའོ༔ མི་གཙང་བ་དང་འཁོན་སྤྱི་ལ་འཁོར་ལོས་ཐུབ༔ གཞན་ཆེ་བ་རྣམས་ལ་སྔགས་བཟླ༔ དགྲས་གུས་པ་ཕུལ་ནས་རྒྱལ་ཁ་ལོང་ན་སྔགས་དཔེ་ལ་ཀློག༔ དམ་སེལ་ལ་ཡང་འདི་ལས་ལྷག་པ་མེད༔ དམེ་འཐབ་བྱས་ཀྱང་མི་ལྟོ༔ གཞན་གྱི་ཉམས་གྲིབ་སྦྱོང་ན་ཐོ་རངས་སྐར་ཆུ་ལ་སྔགས་བཏབ་ལ་གཏང་ངོ༔ རང་བསྲུང་བ་ལ་བསྙེན་པ་སྔོན་དུ་གཏང་བ་ནི༔ མཚམས་དམ་པར་བཅད་ལ་སྔགས་ཁྲི་ཚོ་བཟླའོ༔ དེ་ནས་ནམ་དགོས་སུ་གོང་བཞིན་ནོ༔ འདི་ནི་འཛམ་བུ་གླིང་གི་ཆོས་སྣ་ཀུན་འདུས་པ་བས་ནུས་པ་ཆེ༔ འཁོན་ནག་རང་སར་བཞག་པ་ནི༔ ཏིང་འཛིན་མ་ཡེངས་པར་བསྒོམ་དགོས་ཏེ་དཀའ་ལ༔ འདི་ལ་བཟླས་པས་ཆོག་པས་ལས་སླ་ལ་ཕན་ཡོན་ཆེའོ༔ འདི་ནི་རིན་ཆེན་གྲོ་ལུང་སྐད་འབྱིན་ཞེས་ཀྱང་བྱ༔ ཨན་དར་རྡོ་ལུང་ཞེས་ཀྱང་བྱ༔ ཨན་དར་རྡོ་ལུང་མ་ཤེས་ན༔ འཁོན་སྦྱོང་བྱེད་པ་མ་མཐོང་ངོ༔ སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དུ༔ སློབ་དཔོན་པདྨས་གཏེར་དུ་སྦས༔ མངའ་བདག་མྱང་གིས་བཏོན་པ་འོ༔ འདི་ཡི་ཡོན་ལ་གསེར་སྲང་རེ་ཡིན༔ དམ་མེད་ཁ་སྤྱང་ཅན་ལ་ཤོར་ར་རེ༔ སྔགས་པ་རྣམས་ཀྱི་ཁྱད་ནོར་ཡིན༔ ཤིན་ཏུ་དཀོན་པའི་གདམས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ འདིའི་ཁྲུས་ཀྱི་ཕྱག་ལེན་ཞལ་ཤེས་གསལ་བར་བཀོད་པ་ནི། འཁོར་ལོ་ལིང་ཚེ་དགུ་རུ་བཀོད་ལ། །མདུན་ནས་བརྩམ་སྟེ་གཡས་སྐོར་དུ། །གོང་གི་སྔགས་ཚན་དགུ་པོ་ལ། །ཤམ་བུ་འདི་རྣམས་བཏགས་པར་བྱ། །དབུས་མ་ལ། ཨོཾ་ཨིས་ཙ་ཏྲ་ཡ་ཏོར་ཡ་ཏོར་ཡ་འཁོན་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། ཨུ་ཏྲ་མི་ཏྲ་ཡ་ཏོར་ཡ་ཏོར་ཡ་དམེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མོན་ཏྲ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་དམ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ ཡ་ཟས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་ནལ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨུ་ཏྲ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་མཛེ་གྲིབ་ཐམས་ཅད་ཤཱནྟིཾ་ ཀུ་རུ་ཡེ་སྭཱ་ཧཱ། ཨེ་ལིང་ཨེ་ཏྲ་ཡ་ཏོར་ཡ་ཏོར་ཡ་གདོན་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལ་མོན་ཏྲ་ཡ་ཏོར་ཡ་ཏོར་ཡ་ཡུགས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨས་ནི་པིས་ནི་ཏྲ་ཡ་ཏོར་ཡ་ཏོར་ཡ་བཙོག་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་་་ཡིག་མགོ་ཕྱིར་བསྟན།བྲིས་པའི་འཁོར་ལོ་དེ་ཀ་ཊོ་ར་སོགས་ཀྱི་ནང་དུ་བཞག་ལ། དེའི་སྟེང་ དུ་སྔགས་ཆུས་བཀྲུས་པའི་དྲི་ཁུ་འབབ་པ་བྱས། འཁོན་གྲིབ་སོགས་གྲིབ་སྣ་དགུ་པོ་སངས་ཀྱིས་དག་པར་བསམ་ལ། ཆུ་དང་འཁོར་ལོ་དེ་གཙང་སར་དོར་བར་བྱའོ། ། ༄༅༔ དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ སྔགས་པ་འཁོན་སྦྱོང་ལག་པའི་འདུ་བྱེད་སྐྱོང་བ་ཞེས་བྱ་བའི་མན་ངག༔ རྫས་གླ་རྩི༔ གྷི་ཝཾ༔ གུར་གུམ་གྱིས་རྩ་སྣོན་བྱས་ལ༔ རབ་གནས་སྤྱི་ལྟར་བྱ༔ སྣལ་མ་སྔོ་དམར་གྱིས་དཀྲིས༔ ཤུབས་ དམར་པོ་བྱས་ལ་བཏགས་སོ༔ ཉམས་གྲིབ་ཅན་དང༔ ཞེ་མི་དགའ་བ༔ སྡིག་ཅན༔ ཡུགས་ས༔ མཛེ་ཅན༔ དགྲ་ ལ་མཐུ་བྱེད་པའི་དུས་ཟས་དགྲའི་ཤ་ཁྲག་ཏུ་བསམས་ནས་ཟོས་པས༔ རྒྱལ་དང་གུས་པ་བླང་བ་སོགས་གང་བྱས་ཀྱང་མི་ལྟོ༔ སླར་ ལ་དངོས་གྲུབ་ཆེ་བསྲུང་དུ་རྩི༔ ཇི་ལྟར་འདོད་པ་བཞིན་འབྱུང༔ རང་གི་ལྷ་སྲུང་གིས་ཀྱང་འཁུ་ལྡོག་མི་ནུས༔ ཅེས་གསུངས༔ སློབ་དཔོན་པདྨ་སཾ་བྷཱ་བས་མཛད་པ་མངའ་བདག་ལ་གནང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ༔

བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡིག་ཆུང་འདི་རྒྱུད་སྡེ་སོ་སོ་ནས་གསུངས་བཞིན་འབྲི་ཁུང་པ་ཆོས་ཀྱི་གྲགས་པས་ཟུར་བཀོལ་དུ་བསྒྲིགས་པ་ (Volume 40, Text 24)

༄༅། །བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡིག་ཆུང་འདི་རྒྱུད་སྡེ་སོ་སོ་ནས་གསུངས་བཞིན་འབྲི་ཁུང་པ་ཆོས་ཀྱི་གྲགས་པས་ཟུར་བཀོལ་དུ་བསྒྲིགས་པ་བཞུགས་སོ།། བསྙེན་སྒྲུབ་སྤྱི་ལ་གཅེས་པའི་མན་ངག་ནི། དཔལ་ནཱ་རོ་པའི་ཞལ་ནས། བསྙེན་སྒྲུབ་བྱེད་དུས་དམ་ཚིག་ཉམས་པའི་མི་དང་ཁ་འཕྲོ་མི་བསྲེ། སྡིག་ཅན་གྱི་གོས་མི་གྱོན། ཁམས་མི་བདེ་བའི་དུས་ངལ་གསོ། མི་མོས་བཞིན་དུ་ཉལ་སྔགས་མི་བགྲང་། བཟའ་བ་ཟ་ཞིང་སྔགས་མི་བཟླ། བཟའ་བཏུང་དང་བཤང་གཅི་དོར་རྗེས་ཁ་མ་བཤལ་པར་སྔགས་མི་བཟླ། གསལ་ཞིང་སྒྲ་ཆེ་བ་སྤང་། ཞི་བའི་དུས་དྲག་སྔགས་མི་བགྲང་། དྲག་པོའི་དུས་ཞི་བ་སྤང་། རླུང་ཁ་དྲག་པོ་དང་ཆུ་ཆེན་གྱི་འགྲམ་དུ་དྲག་སྔགས་དྲག་ཏུ་མི་བཟླ། ངག་ནུས་མ་རྫོགས་བར་སྐྲངས་པ་དང་ནད་གདོན་ལ་སྔགས་དང་དམིགས་པ་མི་བྱ་སྟེ། བྱ་སྤྱོད་ལ་ཤ་ཆང་སྒོག་བཙོང་བུད་མེད་སྤང་། ནུས་པ་བསྐྱེད་ཕྱིར་སྨྲ་བཅད་གྲངས་དང་བཅས་པ་འདོན། ལོ་གཅིག་འབགས་བསྙེན་བྱས་པ་བས། ཟླ་གཅིག་སྨྲ་བཅད་བྱས་པ་དགའ་འོ་གསུངས། ཕ་དམ་པའི་གསུང་གིས། ཡལ་བའི་གནད་ལྔ་ངོ་མ་ཤེས་ན་བསྙེན་སྒྲུབ་དོན་མེད་དུ་འགྲོ །གནད་ལྔ་ནི། ལྷ་བསྒོམ་འཕྲོར་བཞག་པས་ལུས་ཀྱི་ལྷ་ཡལ། སྔགས་བཟླ་བའི་ཚེ་མདོ་འཛིན་རྩར་མ་སླེབ་པར་གཏམ་བྱས་པས་སྔགས་ཀྱི་ནུས་པ་ཡལ། བཟླས་པ་བྱེད་དུས་སྤྲོ་བསྡུའི་དམིགས་པ་མ་བྱས་པས་ཏིང་འཛིན་ཡལ། མཚམས་མ་གྲོལ་བར་ངོ་གྲང་དང་འཕྲད་པས་ལྷའི་མཚན་ལྟས་ཡལ། རྟེན་གཏོར་དང་དམ་རྫས་སོགས་མིས་མཐོང་བས་རྫས་ཡལ་ལོ། །གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་རང་གི་གོས་དྲོན་མོ་མི་ལ་མི་སྟེར། ཡི་དམ་བསྒོམ་ཞིང་ཏིང་ངེ་འཛིན་གྱི་སྐབས་དགོད་པ་སོགས་ཡེངས་ཐབས་སྤང་། སྔགས་བཟླ་དུས་མེ་ལ་ཕུ་མི་བཏབ། སྔགས་ཚད་དུ་མ་འཁྱོལ་བར་ནད་པ་དང་སེར་བ་ལ་མི་སྔགས། ཉམས་པ་དང་ལྟོ་གོས་མི་བསྲེ། ཕྲེང་བ་བྱིན་རླབས་ཚར་ནས་མི་ལག་མི་བརྒྱུད། དམེ་ཅན་ལ་འཛེམ། ཡུགས་ས་མོའི་ལྟོ་སྤང་། མཛེ་ཕོའི་ནོར་ལ་འཛེམ། དཀོན་མཆོག་གི་དཀོར་ལ་མི་འབག །ཡང་དུས་ཚོད་ལྔ་ནི། ཞི་བ་སོགས་སྔ་དྲོ། རྒྱས་པ་དྲོས་ཆེན། དབང་ཉིན་ཕྱེད། དྲག་པོ་སྲོད། བདག་གཞན་གྱི་བར་ཆད་སེལ་ཞིང་རྦོད་གཏོང་ཟློག་པ་དང་གསད་པའི་ལས་ནམ་ཕྱེད་ལ་བྱའོ་གསུངས། སློབ་དཔོན་པདྨའི་གསུང་གིས། བོད་ཀྱི་སྔགས་པ་རྣམས་ལ་རྟགས་དང་ཡོན་ཏན་ཚུལ་བཞིན་དུ་མི་འབྱུང་བ་ནི་མཚམས་གསུམ་རལ་པའི་སྐྱོན་ཡིན། མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་གཞན་དང་འཕྲད་པ།་་་སྐོང་བཤགས་བྱའོ། །གསུང་མཚམས་མ་གྲོལ་བར་ངག་ཤོར་བ།་་་ཡིག་བརྒྱ་དང་ཡི་གེ་གསུམ་བཟླའོ། །ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་ཆོད་པའོ།་་་སྟོང་ཉིད་བསྒོམ། དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མ་གསལ།་་་ཡང་ཡང་གསལ་བཏབ་བོ། །བཟླས་པའི་སྔགས་མ་དག་་་་གྲྭ་ཟུར་ཉམས་པ་དང་ཆད་ལྷག་མེད་པར་བྱ། སྒོམ་པའི་ཏིང་ངེ་འཛིན་གཡེལ་བའོ།་་་དམིགས་པ་ལ་རྩེ་གཅིག་ཏུ་བསྒྲིམ། བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། ལུས་ཀྱི་བཅུད་ཐིག་ལེ་ཉམས་པ།་་་བདུད་རྩི་དང་བཅུད་ལེན་ལ་བརྟེན། ངག་གི་བཅུད་མཆིལ་མ་དོར་བ།་་་ཨཱཿཉེར་གཅིག་གིས་བསྲུང་བར་བྱ། ཡིད་ཀྱི་བཅུད་རྣམ་རྟོག་རྒྱུན་མ་ཆད་པའོ།་་་ཏིང་འཛིན་བསྒོམ། ཡན་ལག་ལྔ་ནི། སྒྲུབ་པ་མ་ཐོན་བར་གནས་མི་སྤོ།་་་སྤོས་ན་སྒྲུབ་པ་ཡུན་བསྲིང་། གདན་མི་སྤྲུག་་་སྤྲུགས་ན་ཏིང་ངེ་འཛིན་ཡུན་བསྲིང་། མི་དང་ཁ་འཕྲོ་མི་བསྲེ།་་་བསྲེས་ན་སྔགས་ཁྲི་ཚོ་གཅིག་དེ་འཕྲལ་དུ་འདྲེན། གཏོར་མ་དུས་ལས་མ་ཡོལ་བར་འབུལ།་་་ཡོལ་ན་སྐོང་བཤགས་གཏོར་མ་མང་དུ་འབུལ། འཐབ་མཁོན་མི་བྱ།་་་བྱས་ན་སྐོང་བཤགས་ཚོགས་བརྒྱ་བྱ། གཏོར་ཕུད་ཉམས་སུ་མི་བཅུག་་་ཉམས་ན་ཕུད་གཙང་མ་བྱ། སྒྲུབ་ཁང་དུ་ཁྱི་ཡུགས་ས་མཛེ་ཕོ་རྨེ་ཅན་འོང་མི་བཅུག་་་སོང་ན་མེ་བདུག་ཁྲུས་བྱ། དེ་ཀུན་གྱི་ཟས་སྐོམ་ལ་འཛེམ།་་་ཟོས་ན་གཟུངས་ཆུས་ཁ་བཀྲུ། སྨ་ར་དང་ཨག་ཚོམ་མི་བྲེག་་་བྲེག་ན་ཡིག་བརྒྱ་བཟླ། རང་གི་ཉལ་མལ་དུ་གཞན་མི་གཏོང་།་་་སོང་ན་སྤོས་བསང་དང་ཁྲུས་བྱ། ཕྲེང་རྟེན་མི་ལག་མི་འགྲིམ།་་་འགྲིམ་ན་རུ་རྟ་དང་སྤོས་དཀར་གྱི་ཆུས་བཀྲུ། གཞུ་མི་ཕབ།་་་བདུད་ལ་བཞག །མདའ་མི་བཅག །མཚོན་རྩེ་ཁར་མི་བཅུག །སྤྱིར་སྔགས་བཟླ་བའི་ཚེ། སྐྱོན་བཅུ་སྤང་དགོས་ཏེ། བཅུ་ནི་སྒྲ་སྐྱོན་ལྔ་ལ་ཆེ་བ།་་་་འབྱུང་པོ་དང་སྣོད་མིན་ལ་གོ་བར་མི་བྱེད་ཅིང་ཉམས་ཡལ་གསང་སྒྲོག་འབྱུང་། ཆུང་བ།་་་ཟུར་མི་ཐོན་བྱིན་རླབས་དང་ནུས་པ་ཆུང་། མགྱོགས་པ།་་་ལྕེ་དུབ་པས་ཆད་པའམ་མ་དག་པའི་སྐྱོན་མང་ངོ་། །བུལ་བ།་་་གྲངས་མི་ཐེམས། མེ་མི་ཕུ་བ་་་སྔགས་ཀྱི་ནུས་པ་གཡེལ་ཞིང་ཉམས་པའོ།དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་བ། གཏམ་སྨྲ་བ། སྦྲིད་པ་གླལ་བ། གཉིད་ལ་ཤོར་བ། ཡེངས་པ་དང་ལྔའོ། །འདི་ལྔ་ནི་ཏིང་ངེ་འཛིན་གྱི་སྲོག་ཉམས་པའི་སྐྱོན་ཡིན་ནོ། །དེ་ཡང་རྔམ་གློག་ལས། སྒྲ་ཆེན་སྐྱོན་ནི་འབྱུང་པོ་དང་། །སྣོད་མེད་ཐོས་འགྱུར་བར་ཆད་འབྱུང་། །ཆུང་བ་སྔགས་ཀྱི་ནུས་པ་མེད། །བུལ་བ་བཟླས་པའི་གྲངས་མི་ཐེམས། །མྱུར་བཟླས་བར་ཆད་སྦྱོར་བ་འབྱུང་། །གློ་དང་སྦྲིད་པ་གཏམ་དང་ནི། །གཉིད་ལ་སོང་སོགས་བར་ཆད་ཀྱིས། །དེར་ནི་ཡི་དྭགས་བདུད་ལ་སོགས། །སྤྲོས་ནས་བར་ཆད་སྒྱུར་བར་བྱེད། །སེམས་ཡེངས་ནུས་པ་མི་འབྱུང་ངོ་། །ཞེས་གསུངས་སོ། །དེ་ནས་བསྙེན་སྒྲུབ་ཀྱི་སྔགས་བཟླས་པའི་ཚེ། བཟླས་པའི་འཕྲོ་ལ་གཉིད་བྲོ་བ། གླལ་བ། སྦྲིད་པ། ལུད་པ། འོག་རླུང་། བཤང་བ། གཅི་བ་སོགས་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ། གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་གཞུག་གོ །དེ་བས་ན་བསྙེན་སྒྲུབ་སྤྱི་ལ་གཉིད་སོགས་བདུན་པོ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་བརྩི་བ་ཡིན་ལགས། ཟླ་གསང་གཞི་བསྙེན་གྱི་དངོས་གྲུབ་སྒྲུབ་ཆེན་གྱི་སྐབས་སུ་ནི་གླལ་སོགས་ཡེ་ནས་མ་བྱུང་བ་ཞིག་དགོས་པ་ཡིན་ནོ། །གཞན་ཡང་བསྙེན་པའི་སྐབས་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མ་ལ་འཇུག །བགེགས་སྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམ་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བ་དང་། མཚམས་གསུམ་གོང་དུ་བཤད་པ་ལྟར་མ་བསྒོམ་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས། ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པའི་གོ་མི་ཆོད་དོ། །དུས་ལས་འདས་པ་ཞེས་པ་ནི། བསྙེན་སྒྲུབ་ཀྱི་ཐོག་མ་ནས་ཐུན་དྲུག་གམ་ལྔའམ་བཞི་སོགས་གང་བཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོན་བར་སྒྲིག་ལ་འབེབ་དགོས་ཀྱི། རང་གི་དལ་ཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་སོ། །གཞན་ཡང་སྲིད་པའི་གཏེར་ཁྱིམ་དང་རྫོང་འཕྲང་དང་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་རྣམས་དང་བསྟུན་ཞིང་བསྙེན་པ་ཐེམས་ཀྱང་རྟགས་མེད་ན་སྔགས་སྡེབ་ཀྱིས་གནད་ལ་དབབ་པ་སོགས་མཁས་པས་གནད་དང་ལྡན་པ་གལ་ཆེའོ། །གཞན་ཡང་བསྙེན་སྒྲུབ་ལ་མཁོ་བའི་བགྲང་ཕྲེང་ལའང་རབ་གནས་རྒྱས་པ་ནི་གཞན་ལྟར་བྱ་ལ་འདིར་ཐུན་འགོ་སོ་སོར་བྱ་བའི་བྱིན་རླབས་ནི། ལག་གཉིས་ཐལ་མོའི་བར་དུ་བགྲང་ཕྲེང་རྒྱུ་དང་ཕྲེང་ཐག་སོགས་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པ་ལྟ་བུ་བཟུང་སྟེ། རང་ལྷར་གསལ་བའི་ལག་པ་གཡས་པ་ཨཱཿལས་ཉི་མའི་དཀྱིལ་འཁོར་འོད་ཟེར་དམར་པོ་འཕྲོ་བར་ཨཱཿས་མཚན་པ། ལག་པ་གཡོན་པ་ཨཱཿལས་ཟླ་བའི་དཀྱིལ་འཁོར་འོད་ཟེར་དཀར་པོ་འཕྲོ་བ་ཨཱཿས་མཚན་པ། གཡས་པའི་སོར་མོ་རྣམས་རྡོ་རྗེ་དང་། གཡོན་པའི་སོར་མོ་རྣམས་པདྨར་གྱུར་པ་མཉམ་པར་སྦྱོར་བའི་བར་དུ་བགྲང་ཕྲེང་གི་ཐག་པ་དབུས་མ་རྡོ་རྗེ་སེམས་དཔའ། ཕྱོགས་མཚམས་ཀྱི་སྲད་བུ་བརྒྱད་ཉེ་བའི་སྲས་བརྒྱད། ཕྲེང་རྡོག་རྣམས་རྒྱལ་བ་རིགས་ལྔ་རིགས་དང་ཡུམ་གྱི་ཟླས་ཕྱེ་བའི་དམ་པ་རིགས་བརྒྱ། མདོ་འཛིན་ཆོས་ཀྱི་ཕུང་པོའི་མཆོད་རྟེན། ཐོག་འཇོག་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའི་ཚོགས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར་པར་བསམ་སྟེ། ཨོཾ་པ་དེ་པ་དེ་མ་ཧཱ་པ་དེ་ཛྙཱ་ན་སརྦ་བུདྡྷ་མ་ཡཾ་བྷ་ཝེ་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ༔ ཞེས་པ་ཅི་འགྲུབ་བཟླ། བུམ་ཆུ་འཐོར་ལ། ཇི་ལྟར་བལྟམས་པ་དང་། སརྦ་ཏ་ཐཱ་ག་ཏས་དབང་བསྐུར། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། འདི་ནི་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་བགྲང་ཕྲེང་བྱིན་བརླབ་སྟེ་རབ་གནས་བསྡུས་པ་འདི་ཉིད་ཀྱིས་ཆོག་གོ །ཡང་ན་བླ་མ་དགོངས་འདུས་ནས་བཤད་པ་ལྟར་བྱ་སྟེ། ཕྲེང་བ་ལག་པའི་མཐིལ་གཡོན་དུ་བསྐྱིལ། མདོ་འཛིན་སྟེང་དུ་ཡོད་པར་བྱས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདོ་འཛིན་བསྙེན་སྒྲུབ་གང་བྱེད་པའི་གཙོ་བོ་དང་། ཕྲེང་རྡོག་རྣམས་འཁོར་དུ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམ། མཆོད་བསྟོད་བྱ། ལག་པར་མེ་ཏོག་ཐོགས་ནས་ལྷ་སྔགས་དང་། རྟེན་འབྲེལ་སྙིང་པོ་དང་། ཨཱ་དི་ཀཱ་དི་བཟླས་ལ་མེ་ཏོག་འཐོར། ཁྱད་པར་དུ། ཨོཾ་རུ་ཙི་པྲ་མར་ཏ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་བཟླ། སྔགས་འབྲུ་རྣམས་ལས་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་ཕྲེང་བ་ལྷར་གསལ་བ་ལ་ཐིམ། སླར་ལྷ་རྣམས་ཀྱང་ཕྲེང་བ་ལ་ཐིམ་པར་བསམ། ཤིས་པ་བརྗོད། སྔགས་བཟླ་བའི་ཚེ་ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླ། དེ་ནས་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་དང་གོང་གི་ཕྲེང་བའི་སྔགས་དེ་རྣམས་ཉེར་གཅིག་རེ་བཟླ། དེ་ནས་བཟླས་པ་གང་ཡིན་ལ་འཇུག་གོ །དེ་ཡང་དང་པོ་ཕྲེང་བ་མཚན་ཉིད་ཚང་བ་གལ་ཆེ་ལ། རབ་གནས་བྱིན་བརླབས་ཚར་ནས་ལུས་དྲོད་དང་མ་བྲལ་བར་བཅང་པ་སོགས་ཕྲེང་བའི་དམ་ཚིག་ནི་བླ་མ་དགོངས་འདུས་ཀྱི་ཕྲེང་བའི་དམ་ཚིག་དེ་ཉིད་དུ་བཤད་པ་རྣམས་བསྲུང་བ་གལ་ཤིན་ཏུ་ཆེ་བར་སྣང་། ཡང་རྡོར་དྲིལ་རྩེ་ལྔ་རྩེ་དགུ་རྣམས་གང་ཡིན་ཡང་། རབ་གནས་རྒྱས་པ་ལྷ་སོ་སོ་རང་རང་པདྨ་སོགས་ལས་བསྐྱེད་པ་སོགས་ལོགས་སུ་ཤེས་ལ། འདིར་བསྡུས་ནས་ཆོ་གའི་སྔོན་དུ་བྱ་བ་ནི། རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་བྱུང་བའི་ཐབས་བདེ་བ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་རུ་གྱུར། དྲིལ་བུ་ཨཱཿལས་རྡོ་རྗེ་སྙེམས་མ་ཞུ་བ་ལས་བྱུང་བའི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དྲིལ་བུར་གྱུར། ཐལ་མོ་ཨཱ་དི་ཀཱ་དིས་ཡོངས་སུ་གང་བ་ལས་གཡས་གཡོན་ཉི་མ་དང་ཟླ་བར་གྱུར་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་གཡས་པའི་མཐེ་བོང་དང་། མིང་མེད་ཀྱིས་རྡོ་རྗེ་སྙིང་ཁར་བཟུང་། ཨོཾ་བཛྲ་གྷཎྜེ་ཧཱུྃ། ཞེས་གཡོན་པའི་མཐེ་བོང་དང་མིང་མེད་ཀྱིས་བླངས་ནས་དྲིལ་བུ་དཀུ་གཡོན་པར་བཟུང་། སླར་རྡོ་རྗེ་སྔར་ལྟར་ལ་དྲིལ་བུ་རང་གི་ཕྱོགས་མཚམས་བརྒྱད་དུ་ལྕེ་བརྒྱད་བསྐྱོད་ནས་དཀྲོལ་ཞིང་། ཨོཾ་བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བྷུདྡྷ། ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ༔ ཞེས་དཀྲོལ། དེ་ནས་ཕྲིན་ལས་གང་ཡིན་ལ་འཇུག་གོ །ཡང་རྗེ་དམ་པ་རྒྱ་གར་གྱི་མན་ངག་ཁྱད་པར་ཅན་ཁ་ཟས་ལ་བརྟེན་ནས་སྔགས་ཀྱི་ནུས་པ་ཉམས་པ་གསོ་བ་ནི། ལྕེའི་ཤ་ཟོས་པས་སྔགས་ཀྱི་ནུས་པ་གཏན་ནས་བརླག་པས་ནམ་དུ་ཡང་སྤང་བར་བྱའོ། །ལན་ཚྭས་ཞག་བདུན་ནུས་པ་འཕྲོག །དེ་ལ། ཀ་ཁ་ག་གྷ་ང་། ཉེར་གཅིག །སྒོག་སྐྱས་ཞག་དགུའམ་བརྒྱད། བཙོང་དམར་གྱིས་ཞག་བདུན་ནམ་ལྔ། སྒོག་སྔོན་གྱིས་ཞག་གསུམ་མམ་ལྔ། རི་སྒོག་རྣམས་ཀྱིས་ཞག་གཅིག་ནུས་པ་འཕྲོག །དེ་རྣམས་ལ། ཙ་ཚ་ཛ་ཛྷ་ཉ། ཉེར་གཅིག །ལ་ཕུག་གིས་ཞག་དགུ། དེ་ལ། ཊ་ཋ་ཌ་ཌྷ་ཎ། ཉེར་གཅིག །ཟྭ་ཚོད་ཀྱིས་ཟླ་བ་ཕྱེད། དེ་ལ། པ་ཕ་བ་བྷ་མ། ཉེར་གཅིག །ལག་ལེན་ནི་ཟས་ལ་སོགས་པ་དེ་རྣམས་ཟོས་ནས་ཁ་ཆུས་བཤལ། རང་རང་གི་སྔགས་ཉེར་གཅིག་རེ་བཏབ་ནས་ལན་ཚྭ་ཤར། སྒོག་པ་ལྷོ། ལ་ཕུག་ནུབ། ཟྭ་ཚོད་བྱང་དུ་གསུམ་ཙམ་འཕང་། ལན་ཚྭ་མ་གཏོགས་གཞན་རྣམས་གཏུན་ཁུང་དུ་བརྡུངས་ལ་འཕང། དེ་རྣམས་གང་ཡང་ཟིན་པའི་རྗེས་སུ་རང་རྡོ་རྗེ་རྣལ་འབྱོར་མ་ཡུད་ཙམ་བསྒོམ། དེ་སྟེང་ཁ་ཆུས་བཤལ། དེ་ནས་སྒོམ་བཟླས་ལ་ཞུགས་པས་ཟས་ལ་སོགས་ཀྱི་ཉེས་པ་མི་འབྱུང་། ཞེས་གསུངས་པ་ཡང་གནད་ཆེ་ལ་ཟབ་བོ། །འདི་ལ་འདྲ་མིན་འགའ་ཞིག་འབྱུང་ཡང་འདི་ཉིད་ཟབ་པར་མཆིས་སོ། །ཡང་ཕ་དམ་པའི་གསུང་གིས། བཟླས་བརྗོད་དང་བསྐྱེད་རྫོགས་དགེ་སྦྱོར་གྱི་ཐོག་མར། ཨོཾ་ན་མཿསམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་ཝ་ཧཱུྃ། ཞེས་བདུན་བརྗོད་པས་བཟླས་སྒོམ་གང་བྱེད་འགྱུར་ཆེ་བར་གསུངས། ཡང་བཟླས་པའི་ཐོག་མར་ལག་པ་གཡས་ཉི་མར་ཀཱ་དི་དམར་པོ། གཡོན་ཟླ་བར་ཨཱ་དི་དཀར་པོ་བསམས་པའི་བར་དུ་བགྲང་ཕྲེང་བསྐྱིལ་ནས་ཐལ་མོ་སྦྱར། ཨོཾ་རུ་ཙི་ར་མ་ཎི་པྲ་ཝར་དྷ་ཡ་ཧཱུྃ། ཞེས་བདུན་ཡན་ཆད་བཟླས་ནས། ཕྲེང་བ་ལ་ཕུ་བཏབ་པས་བཟླས་བརྗོད་གང་བྱས་གྲངས་མེད་པར་འགྱུར་བར་གསུངས་སོ། །ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མ་ཧཱ་ཛ་ཝ་ཧཱུྃ། ཞེས་པ་ཆོས་སྤྱོད་ཀུན་གྱི་སྔོན་དུ་བཟླས་ན་བྱེ་བ་འགྱུར་དུ་རྒྱལ་བས་གསུངས། ཞེས་བཀའ་གདམས་གླེགས་བམ་ལས་ཇོ་བོས་གསུངས། ཡང་སློབ་དཔོན་པདྨས་མཛད་པའི་མན་ངག་ལྟ་བའི་རྫོང་འཕྲང་ལས་སྤྱིར་གང་ཟག་ལ་ཆོས་མི་འགྲུབ་པའི་རྒྱུ་དགུ་ཡོད། སྒོམ་སྒྲུབ་གཡེལ་བའི་རྒྱུ་དགུ །བསྒྲུབས་ཀྱང་མི་འགྲུབ་ལས་ལ་འབྲས་བུ་མེད་པའི་རྒྱུ་དགུ །སྲུང་མས་འཁུ་ལྡོག་བྱེད་པའི་རྒྱུ་དགུ །དྲག་བྱེད་བསྒྲུབས་ཀྱང་མི་འགྲུབ་པའི་རྒྱུ་དགུ །བསོད་ནམས་ཟད་པའི་རྒྱུ་དགུ །དངོས་གྲུབ་ཡལ་བའི་རྒྱུ་དགུ །ནུས་པ་མི་སྐྱེ་བའི་རྒྱུ་དགུ །བྱིན་རླབས་མེད་པའི་རྒྱུ་དགུ་རྣམས་ཡོད་དོ། །དང་པོ་ཆོས་མི་འགྲུབ་པའི་རྒྱུ་དགུ་ནི། དད་པ་ཆུང་བ།་་་ཆེ་དགོས། ཤེས་རབ་ཆུང་བ།་་་ཆེ་དགོས། བརྩོན་འགྲུས་ཆུང་བ་་་ཆེ་དགོས།དང་གསུམ། དཔེ་ཆ་འདྲི་མི་ནུས་པ།་་་ནུས་དགོས། ལྷ་མཆོད་མི་ནུས་པ།་་་ནུས་དགོས། རྒྱུ་ཡིས་ཞབས་ཏོག་མི་ནུས་པ་་་ནུས་དགོས།དང་གསུམ། རྣམ་རྟོག་མི་ཐུབ་པ།་་་ཐུབ་དགོས། ལྟོ་མི་ཐུབ་པ།་་་ཐུབ་དགོས། འདོད་ཆགས་མི་ཐུབ་པ་དང་དགུའོ། །གཉིས་པ་སྒོམ་སྒྲུབ་གཡེལ་བའི་རྒྱུ་དགུ་ནི། མེ་དང་ཉི་མ་གཉིད་དང་གསུམ།་་་མི་བརྟེན། ཁ་འཆལ་དལ་གཏམ་རྩེད་མོ།་་་གསུམ་མི་བྱའོ། །མགོ་སྔས་རྒྱབ་རྟེན་མགོ་བཏུམ་གསུམ་དང་དགུའོ།་་་འདི་རྣམས་བྱས་ན་མི་གསལ་བས་མི་བྱའོ། །གསུམ་པ་བསྒྲུབས་ཀྱང་མི་འགྲུབ་ལས་ལ་འབྲས་བུ་མེད་པའི་རྒྱུ་དགུ་ནི། མཛེ་ཡུགས་དང་དམ་ཉམས་ལ་སོགས་ཀྱི།་་་ཟས་ངན་བཙག་བཙོག་ཟ་བ་དང་། གོས་ངན་སྐྱེ་བོས་གྱོན་པ་དང་། གཙང་སྦྲ་མི་བྱེད་པ་དང་གསུམ། མཚམས་ལྷོད་པ་དང་། བ་ལིཾ་ངན་པ། འཕྲལ་གྱི་ལས་ཀྱི་བརྩོན་འགྲུས་ཆུང་བ་དང་གསུམ། ལུས་ལྷ་རུ་བྱིན་གྱིས་མི་རློབ་པ་དང་། ངག་བཟླས་བརྗོད་རྒྱུན་ཆད་པ་དང་། སེམས་ཏིང་འཛིན་ཞན་ཅིང་འོད་ཟེར་སྤྲོ་བསྡུ་མི་བྱེད་པ་དང་དགུའོ། །བཞི་པ་སྲུང་མས་འཁུ་ལྡོག་བྱེད་པའི་རྒྱུ་དགུ་ནི། རང་གི་ཆུང་མ་སོགས་སྒྲུབ་ཁང་ནང་དུ།་་་བུད་མེད་ཅོ་འཛིང་བྱུང་བ་དང་། སྐྱེ་བོ་གྲི་འཛིང་བྱུང་བ་དང་།་་་རང་འཁོར་གཡོག །དཔའ་གཉིས་ཁ་འཐབས་ནང་དུ།་་་བྱུང་བ་དང་། མི་ངན་པའི་སྟེང་དུ་ཕྲིན་ལས་དྲག་པོ་བྱས་པ་དང་། དུས་ཀྱི་བ་ལིཾ་ཆག་པ་དང་།་་་ཚོགས་ཀྱི་འཁོར་ལོ་དང་སྐོང་གི་བཤགས་པ་མི་བྱེད་པ་དག་ཀྱང་། གློ་བུར་དུ་དོན་མེད།་་་བྲེལ་བའི་ལས་བྱས་པ་དང་། རང་ལ་རྨ་མེད་པ་རྨ་བྱུང་བ་དང་། བར་སྐབས་སུ་དགྲ་ནོར་བླང་བ་དང་། དམ་ཚིག་ཉམས་ཆག་མ་བསྐངས་པ་དང་དགུའོ། །ལྔ་པ་དྲག་བྱེད་བསྒྲུབས་ཀྱང་མི་འགྲུབ་པར་འགྱུར་བའི་རྒྱུ་དགུ་ནི། སྒྲུབ་ཁང་ནང་དུ་བུད་མེད་བཙག་བཙོག་འོང་བ་དང་། དམེ་ཅན་བཙག་བཙོག་འོང་བ་དང་། སྐྱེ་བོ་སྡིག་ཅན་འོང་བ་དང་།་་་མི་བསྟེན། སྣོད་སྟོང་ཅན་དང་། སྤྱད་ནག་ཅན་དང་། ངོ་གྲང་ཅན་་་གསར་པ།འོང་བ་དང་། སྐར་ཁུང་ནས་ནང་དུ་ལྟ་ས་ཡོད་པ་དང་། ཐོག་སྟེང་དུ་མི་གཙང་བ་བཙག་བཙོག་འདྲེ་ཅན་འགྲིམ་པ་དང་། བུད་མེད་མི་གཙང་བ་་་ཡུགས་ས་བྱེ་བྲལ་ནལ་མ་སོགས།དང་དགུའོ། །དྲུག་པ་བསོད་ནམས་ཟད་པའི་རྒྱུ་དགུ་ནི། རྡོ་རྗེ་སློབ་དཔོན་མི་བཀུར་བ་དང་། ཡི་དམ་གྱི་ཛཔ྄་བསྙེན་ཆག་པ་དང་། སྲུང་མའི་བ་ལིཾ་ཆག་པ་དང་། དཀོན་མཆོག་ལ་མཆོད་པ་ཆག་པ་དང་། མཆེད་གྲོགས་རྣམས་ལ་མི་གདུང་བ་དང་། ཕྱིའི་འབྱུང་པོ་ལ་གཏོར་མ་མི་སྦྱིན་ཞིང་ཆོས་སྐྱོང་སྤྱི་ལ་བ་ལིཾ་མི་གཏོང་བ་དང་། ཆོས་ལ་ཡིད་མི་ཆེས་ཤིང་ཕྱིའི་རིམ་གྲོ་མི་བྱེད་པ་དང་། ནང་གི་མཚན་མ་ལ་མི་བརྟག་པར་མོ་རྩིས་བྱེད་པ་དང་། སྐྱེ་བོའི་མཐའ་རྒྱ་སྐྱོང་ཞིང་ལྷ་ཆོས་ཀྱི་མཐའ་རྒྱ་མི་སྲུང་བ་དང་དགུའོ། །བདུན་པ་དངོས་གྲུབ་ཡལ་བའི་རྒྱུ་དགུ་ནི། སྒྲུབ་པ་ཅི་བྱེད་ཀྱང་དེའི་དུས་སུ་ལྷའི་མིང་དང་། སྔགས་དང་། འགྲུབ་པའི་རྟགས་གཞན་ལ་བཤད་པ་དང་། གཞན་ལ་དབང་བསྐུར་བྱེད་པ་དང་། བྱིན་རླབས་བྱེད་པ་དང་། གཞན་གྱི་རིམ་གྲོ་བྱེད་པ་དང་། སེར་བ་སྲུང་བ་དང་། གཞན་ལ་ལྷའི་སྙིང་པོ་སོགས་བཟླས་བྱའི་སྔགས་ཟློ་བ་དང་། གདམས་ངག་ཟབ་པ་གཞན་ལ་བཤད་པ་དང་དགུའོ། །བརྒྱད་པ་ནུས་པ་ཉམས་པའམ་མི་སྐྱེ་བའི་རྒྱུ་དགུ་ནི། ལུས་བསྐྱེད་རིམ་ཉམས་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་པ་དང་། ཆོས་སྐུ་བྱང་ཆུབ་ཀྱི་སྒོ་ཉམས་པ་དང། ཡན་ལག་བདུན་པ་ཆག་པ་དང་། སྔགས་བཟླས་བརྗོད་རྒྱུན་ཆད་པ། དྲག་པོའི་ཕྲིན་ལས་རྒྱུན་ཆད་པ། སྣང་བ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་གྱི་རྒྱུན་ཆད་པ། དོན་མེད་དུ་ཕྲིན་ལས་བསྐུལ་ཞིང་ལས་ལ་སྦྱོར་བ་དང། སྡིག་ཅན་གྱི་དགྲ་བོ་སྒྲོལ་བའི་ཏིང་ངེ་འཛིན་གཡེལ་བ་དང་དགུའོ། །དགུ་པ་བྱིན་རླབས་མེད་པའི་རྒྱུ་དགུ་ནི། གུ་རུ་ལ་བཤགས་པ་མི་བྱེད་པ། ཞབས་ཏོག་མི་བྱེད་པ། མི་བཀུར་བ། བསྟོད་པ་མི་བྱེད་པ། ཕྱག་མི་འཚལ་བ། ལྷ་སྲུང་ཁྱད་དུ་བསད་ཅིང་བཤགས་པ་མི་བྱེད་པ། ཡོན་ཏན་མི་བརྗོད་པ། རྒྱུན་དུ་མི་གདུང་ཞིང་མི་བརྩེ་བ། ཁྲོ་བ་དང་དགུའོ། །དེ་ལྟར་དགུ་དགུ་དགུ་འདི་རྣམས་ནི། སྔགས་འཆང་རྣལ་འབྱོར་པ་རྣམས་ལ་མེད་ཀ་མེད་ཡིན་ནོ། །ཡང་མདོ་སྡེ་བྱེ་བ་ལས། དགེ་སྦྱོར་བསྙེན་སྒྲུབ་གང་བྱེད་ཀྱི་མགོར། ཨོཾ་སམྦྷ་ར་སམྦྷ་ར་མ་ཧཱ་ཛ་བྷྲཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་དང་། མཐར། ཨོཾ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ན་དགེ་སྦྱོར་སོགས་གང་བྱས་ཀྱང་བྱེ་བ་འབུམ་འགྱུར་དུ་གསུངས་སོ། །ཡང་ཡོངས་བསྔོ་འཁོར་ལོའི་མདོ་ནས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝར་ཏ་ཡ་ཧཱུྃ་ཕཊ། ཅེས་བདུན་བཟླས་ཕྲེང་བར་བཏབ་སྟེ་བཟླས་ན་བྱེ་བར་འགྱུར་བར་གསུངས་སོ། །ཡང་པདྨ་འབྱུང་བའི་རྒྱུད་ནས། ཨོཾ་ཧྲཱིཿཔདྨ་ནཱིརྟཱི་ཤྭ་རཱི་ཧཱུྃ། འདི་བརྒྱའམ་ཉེར་གཅིག་བརྗོད་ནས་བཟླས་ན་གང་བྱས་བྱེ་བ་དུང་འགྱུར་བར་གསུངས་སོ། །ཡང་གཏེར་སྟོན་དྲི་མེད་རྡོ་རྗེའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ལས། སྐར་མ་རྒྱལ་དང་ལྡན་པའི་དུས༔ གི་ཝཾ་ཁ་ཆེའི་ཆུས་བྱུགས་ལ༔ ྈ ནངས་རེ་མོས་ལྡན་བུ་ཡིས་བསྟེན༔་་་འདི་ཡི་ཞལ་ཤེས་འོག་ཏུ་ཡོད། སྔགས་ཀྱི་ནུས་པ་དུང་ཕྱུར་འགྱུར༔ ཡི་དམ་ལྷ་ཡི་བྱིན་གྱིས་རློབ༔ ཉམས་གྲིབ་བར་ཆད་ཀུན་དང་བྲལ༔ མཚོ་རྒྱལ་ཙིཏྟའི་དཀྱིལ་དུ་སྦོས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྀཨཚ༔ ཞེས་པ་གཏེར་སྟོན་དྲི་མེད་རྡོ་རྗེའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ལས་བྱུང་བའོ། །ཟ་ཡིག་འདི་ཟོས་ནས་སྔགས་བཟླས་པའི་ཚེ་ཡ་སོ་རྣམས་དཔའ་བོ་དང་། མ་སོ་རྣམས་དཔའ་མོར་བསམ། སྔགས་བཟླས་པ་ཙམ་གྱིས་དེ་རྣམས་སྐུ་གར་མཛད། གསུང་གིས་སྔགས་བཟླས། ཐུགས་ཀྱིས་ཕྲིན་ལས་གང་ཡིན་སྒྲུབ་པར་བསམ་ཞིང་བཟླས་པས་ངེས་པར་དུང་ཕྱུར་ལ་སོགས་སུ་འགྱུར་ཞེས་ཡིག་ཆུང་དང་བཅས་ཟབ་པའི་མཐར་ཐུག་གོ །ཡང་འགྱུར་ཁྱད་ཆེ་བའི་དུས་བཟང་ནི། རྒྱ་རྩིས་གསར་མ་ཕུག་ལུགས་ཀྱི་ཧོར་ཟླ་བཞི་པའི་ཚེས་བདུན་ལ་སངས་རྒྱས་བལྟམས་པ་དང་། བཅོ་ལྔ་ལ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་དང་གསུམ། དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར། བཅོ་ལྔ་ལ་ལྷུམས་སུ་ཞུགས་པ་གཉིས། དགུ་པའི་ཚེས་ཉེར་གཉིས་ལ་ལྷ་ལས་བབས། དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ནོ། །ཡང་རྒྱ་རྩིས་རྙིང་མ་བླ་མ་དགོངས་འདུས་ལས། ཆོ་འཕྲུལ་ཆེན་པོ་ནི་རྒྱ་རྩིས་གསར་མ་དང་འདྲ་ལ། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་མངོན་པར་སངས་རྒྱས་པ་དང་། ཚེས་བརྒྱད་ལ་བལྟམས་པ་དང་། ཟླ་བ་འདིའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པས་དུས་ཆེན་གསུམ། ཟླ་བ་ལྔ་པའི་ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར། བདུན་པའི་ཚེས་བཅོ་ལྔ་ལ་ལྷ་ལས་བབས། འགའ་ཞིག་གིས་ཉི་ཤུ་ལའང་འདོད། ཟླ་བ་འདི་ལ་ཆོ་འཕྲུལ་ཆུང་བར་ཡང་གྲགས་སོ། །དེ་ལྟ་བུའི་དུས་ཆེན་རྣམས་ལ་དགེ་སྒྲུབ་བྱས་པའི་འགྱུར་ཁྱད་ནི། ཇི་སྐད་དུ། དེ་ལྟར་དུས་ཆེན་རྣམ་བཞི་ལ། །ལྷག་བསམ་དག་པས་་་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྷག་པའི་བསམ་པ་ནི་གཡོ་དང་སྒྱུ་མེད་པའི་བསམ་པ་ལ་ཟེར་བ་ཡིན་གསུངས་སོ།ནས་ཕུལ་གང་། སྦྱིན་པར་བཏང་ན་ནས་ཕུལ་ནི། །ས་ཡ་ཕྲག་བརྒྱར་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གཉིས། །འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་སོ། །གཞན་ཡང་ཇི་སྐད་དུ། ཉི་མ་ཟླ་བ་གཟས་ཟིན་དང་། །ཡ་མཚན་ཆེ་ལྟས་བྱུང་བ་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་འབྲི་བར་བྱ། །ཞེས་གསུངས་སོ། །གཞན་ཡང་གཟའ་འཛིན་ཉི་འཛིན་ནི་ཉི་མའི་མདོ་ལས་བྱེ་བ་འབུམ་འགྱུར་དང་། ཟླ་འཛིན་ལ་ཟླ་བའི་མདོར་བྱེ་བ་བདུན་འགྱུར་དུ་གསུངས་ལ། དུས་ཆེན་རྣམས་སུ་གཟའ་འཛིན་བྱུང་ན་འགྱུར་ཁྱད་སྔ་མའི་སྟེང་དུ་གཟའ་འཛིན་གྱི་འགྱུར་ཁྱད་རྣམས་འབྱུང་བ་ཡིན་ནོ། །ཡང་རྒྱལ་བ་ཡང་དགོན་པས། སྔགས་བཟླ་བའི་སྔ་རོལ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ། ཅེས་པ་བདུན་དང་། རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་ལ་འཇུག །ཕྲེང་བ་ས་རྗེན་ལ་རེག་ཏུ་མི་གཞུག །མི་ལག་མི་བརྒྱུད། གསང་བའི་ཕྲེང་བ་མི་ལ་མི་སྟོན་པ་ཡིན་ནོ། །ཕྲེང་ཐག་དགུ་བསྒྲིལ། མདོ་འཛིན་ཉིས་བརྩེགས་བྱའོ། །ཕྲེང་བ་གཅིག་ལ་མི་འདྲ་བ་མང་པོ་བརྒྱུས་ན་རྟེན་འབྲེལ་ལ་མི་ཤོང་། ཕྲེང་བ་ལ་འགྲོན་བུ་བཏགས་ན་ཆས་ཀ་ལ་གཟན། བཟླས་པ་ཅི་ཙམ་བྱས་པའི་རིང་མི་ཚིག་གིས་བར་མ་ཆོད་པ་བྱ། ཁྱད་པར་བསྙེན་པའི་དུས་མི་ཚིག་གིས་བར་མ་ཆོད་པར་བྱ། མི་ཚིག་གིས་བར་ཆོད་ན་དེ་བཟླས་པའི་གྲངས་སུ་མི་བརྩི། བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག །མཆིལ་མ་ཕྱིར་མི་འདོར། མཚོན་རྩེ་ཁར་མི་འཇུག །གཞན་ལ་བྱིན་རླབས་བྱེད་པ་དང་། སེར་བ་སྲུང་བ་སོགས་ལྷག་པའི་ལྷའི་རྩ་སྔགས་ཀྱིས་མི་བྱེད་པ་ཡིན། ཡི་དམ་གཙོ་བོ་འདི་ལ་བྱེད་གསང་དགོས་པ་ཡིན། སྔགས་བཟླས་པའི་མཇུག་ཏུ། ཨོཾ་ཨ་ཨཱ་ནས་ཧ་ཀྵ་སྭཱ་ཧཱ། འགྲུབ་པར་གྱུར་ཅིག་ཅེས་ལན་གསུམ་བཟླས་པས། སྔགས་མྱུར་དུ་འགྲུབ་པ་དང་ཆད་ལྷག་གི་ཁ་སྐོང་བ་ཡིན་ནོ། །ཡི་དམ་མང་པོ་ཡོད་ན། ལྷ་གཅིག་ཏུ་བསྡུ་བའི་མན་ངག་ནི། ཐོག་མར་རང་གི་རྩ་བའི་ཡི་དམ་དེ་ཡི་མངོན་རྟོགས་བསྒོམ། བཟླས་པ་ཚར་བ་དང་། དེའི་ཐུགས་ཀ་ནས་འོད་འཕྲོས་པས་ཡི་དམ་གཞན་དེ་སྤྱན་དྲངས་རང་ལ་བསྟིམ། དེའི་བཟླས་པ་བྱ། དེ་ལྟ་བུའི་ཡི་དམ་ཡོད་ཚད་ལ་བྱ་ཚར་བ་དང་། བུམ་པ་གཅིག་ནས་ནོར་བུ་དུ་མ་འདོན་པ་བཞིན་ལྷ་ཐམས་ཅད་རང་གི་ཞལ་ལམ་ཐུགས་ཀ་ནས་རིམ་གྱིས་བཏོན་ལ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་གཏོར་འབུལ་བསྟོད་ནས་གཤེགས་སུ་གསོལ། རང་རྩ་བའི་ཡི་དམ་གྱི་ངང་ནས་སྤྱོད་ལམ་བྱའོ། །འདི་ནི་ལྷ་ཐམས་ཅད་གཅིག་ཏུ་བསྡུ་བའི་མན་ངག་ཡི་དམ་ཐམས་ཅད་ཀྱི་བྱིན་རླབས་དང་སྔགས་ཐམས་ཅད་ནུས་པ་གཅིག་ཏུ་འདུ། དངོས་གྲུབ་མྱུར་དུ་ཐོབ་པའི་གདམས་པའོ། །ཇི་སྐད་དུ། བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་པའི་དོན་ནོ། །འདི་ཌོམ་བི་པའི་མན་ངག་གོ །ཞེས་རྒྱལ་བ་ཡང་དགོན་པས་གསུངས་སོ། །པཎ་ཆེན་ཤཱཀྱ་ཤྲཱིས། དུས་མཆོད་ཆེན་པོ་བཞི་ལ་ནི། །བྱེ་བ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཞེས་སོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས། རུ་རཀྴ་ཡིས་བྱེ་བ་གཉིས། །པདྨས་བྱེ་བ་བརྒྱད་དུ་འགྱུར། །པུ་ཏྲོ་ཛཱི་བ་ཀས་་་བོད་སྐད་ལ་བུའི་འཚོ་བ་ཟེར་སྐད་དོད་ཟུར་ཆག་པའི་ངེས་པས་བོ་དྷི་ཙིར་གྲགས་ཞེས་སྐྱོགས་སྟོན་གྱིས་གསུངས།གྲངས་མེད་དོ། །ཞེས་སོ། །ནོར་བུ་རྒྱས་པ་གཞལ་མེད་ཁང་གི་གཟུངས་ལས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ། འདི་བགྲང་ཕྲེང་ལ་ལན་བདུན་བཏབ་ལ་བཟླས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བྱེ་བ་ཕྲག་བརྒྱ་སྟོང་བཟླས་པར་འགྱུར། ཞེས་གསུངས། སྲིད་པའི་གཏེར་ཁྱིམ་དུ་སྒྲུབ་པ་གང་བྱེད་ཀྱང་གཞན་གྱི་ཕྱེ་ཕུད་བསྲུང་། འབགས་བཙོག་རྣམས་བསྲུང་། རྨེ་ཡུགས་མི་གཙང་བ་རྣམས་བསྲུང་། གཞན་དང་ཁ་མི་བསྲེ། ནང་དུ་འཁོན་མི་བྱ། རང་གི་གོས་མི་ལ་མི་བསྐོན། རང་གི་ལུས་དང་ཕོར་སྡེར་མི་བཀྲུ །ཡུགས་ས་མོ་དང་ལྷན་ཅིག་མི་ཉལ། སྐྲ་དང་སེན་མོ་མི་འབྲེག །གདན་མི་སྤྲུགས། ཁྱི་ཕག་མི་གཏོང་། ཁྱི་ལ་ཟན་ཟ་འཕྲོ་མི་སྟེར། སྨྲ་གཅད་དམ་དུ་བྱ། མཚམས་གཡོག་བུད་མེད་ལ་མི་འཆོལ། གྲིབ་ལ་འཛེམ་པར་གཅེས་སོ། །རྩ་བའི་བླ་མ་མ་གཏོགས་གཞན་ལ་ཕྱག་མི་འཚལ། རང་གི་གྲིབ་མ་ལ་འགོང་དུ་མི་བཅུག །དམ་ཚིག་འདི་རྣམས་བསྲུངས་ན་མཐུ་དང་ནུས་པ་ལྡན་པར་འབྱུང་ངོ་། །ཞེས་གསུངས་འདུག་གོ །ཡང་བླ་མ་དགོངས་པ་འདུས་པའི་ཨོ་རྒྱན་གྱི་ཞལ་གདམས་དམར་ཁྲིད་དོན་བསྡུས་ཐུགས་ཀྱི་ཕྲེང་བར། དེ་ཡང་། སྒྲུབ་པ་མ་ཐོན་གྱི་བར་དུ་གཞན་གྱི་གོས་མི་གྱོན༔ གྲིབ་འཇུག༔ སྒྲུབ་པ་གཡེལ་ལ་འཆོར་བ་ཡིན༔ ཟས་བཟང་ཐལ་ན་ཉོན་མོངས་པའི་དབང་དུ་འགྲོ༔ ངན་ན་ལུས་སྟོབས་ཉམས་ནས་དཀའ་ཐུབ་མི་ནུས་པས་བཟང་ངན་སྙོམས་ཤིང༔ ཚོད་ཟིན་པར་བྱ༔ དམ་ཉམས༔ ཡུགས་ས༔ དམེ་པོ༔ རྐུན་མ༔ སྡོམ་ཤོར་ལ་སོགས་པ་ཉམས་གྲིབ་ཅན་དང༔ གདོན་ཅན་གྱི་ལག་ནས་ཟས་མི་ཟ༔ དེ་ཟོས་ན་སྒྲུབ་པ་ཁ་འགྱང༔ མཐར་མི་ཕྱིན་པར་བར་ཆད་འབྱུང་བ་ཡིན༔ མལ་གྱི་སྟན་མི་སྤོ༔ སྒྲུབ་པ་དང་དམ་བཅའི་ཚད་མ་ཐེམས་བར་དུ་སྟན་སྤོས་སམ༔ མལ་སྤོས་ན་དྲོད་རྟགས་ཡལ་བ་དང༔ གློ་བུར་ཡེ་འདྲོག་འབྱུང༔ གཞན་གྱི་སྲུང་སྐྱོབ་བྱས་ན་ནུས་པ་ཉམས་པས༔ གཞན་གྱི་སྲུང་སྐྱོབ་དང་འདྲེ་བརྡུང་མི་བྱ༔ གོས་དྲེག་པ་ཅན་དང་ལུས་མི་བཀྲུ༔ དངོས་གྲུབ་ཡལ་ནས་འགྲོ་བ་ཡིན༔ སྐྲ་སེན་དང་ཁ་སྤུ་བྲེགས་ན་སྔགས་ཀྱི་ངར་ཉམས་པ་ཡིན་པས་མི་བྲེག༔ མཚམས་ཁུང་ནས་ཆོས་མི་བཤད༔ སྒྲུབ་རྟགས་མི་ཐོན་པ་ཡིན༔ དམ་བཅའི་ཁས་ལེན་ཡུན་རིང་པོར་བྱེད་ཅེས་དུས་གཅིག་ལ་མི་བྱ༔ བདུད་འཇུག་པ་ཡིན་པས་བསྲིང་ཞིང་བྱ༔ གཞན་དང་ངག་བསྲེས་ན་སྔགས་གྲས་སུ་མི་འདོད་པས་སྨྲ་བ་གཅད༔ གསང་སྔགས་དང༔ རྡོ་རྗེ་ཁྲོ་བོའི་བཟླས་པ་རྣམས་གསང་མཐོན་པོར་བཀླགས་ན༔ ནུས་པ་ཉམས་ཤིང་མི་མ་ཡིན་ཕྲ་མོ་སྐྲག་ནས་དངངས་ཤིང་བརྒྱལ་བར་འགྱུར་བས་ཤབ་ཤུབ་ཏུ་དག་པར་བཟླ༔ གན་རྐྱལ་དུ་ཉལ་ནས་ཕྲེང་བ་བྲང་གི་སྟེང་དུ་འདྲེན་ཞིང་བཟླས་པ་བྱས་ན༔ རང་གིས་རང་མནན་པ་ཡིན༔ ལར་ཡང་ལུས་དྲང་པོར་གནས་ན༔ རྩ་དྲང་པོར་གནས༔ དེས་རླུང་དྲང་པོར་རྒྱུ༔ རླུང་རིག་གཉིས་ཟུང་དུ་འབྲེལ་བས༔ རླུང་དྲང་པོར་འགྱུ་ན༔ རིག་པ་གང་ལ་གཏད་པའི་དམིགས་པ་དང༔ ཏིང་ངེ་འཛིན་ལས་སུ་རུང་བའི་དགོས་པ་ཡོད༔ ལུས་གནད་བསམ་གཏན་གྱི་ཆོས་བདུན་ལ་སོགས་པ་ཤིན་ཏུ་གཟབ་པ་གལ་ཆེ༔ ཕུ་མི་བཏབ༔ མཆིལ་སྣབས་གསད་ཟློག་མངོན་སྤྱོད་ཀྱི་དུས་མ་གཏོགས་པ་ཕྱིར་མི་འདོར༔ སྔགས་ལ་སེལ་འཇུག༔ ངག་གནོན་དུ་འགྱུར་བས་མཆིལ་སྣབས་འགྲིམ་ལམ་དུ་མི་འདོར༔ ཉིན་པར་གཉིད་མི་ཉལ༔ འདི་ལ་སྐྱོན་གྱི་རྣམ་གྲངས་ཤིན་ཏུ་མང་བས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་སྤང༔ སྒྲུབ་པ་མ་ཐོན་གྱི་བར་དུ་བྱ་བྱེད་རྣམ་གཡེང་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུག་ཅིང་གཟིང་བའི་ལས་མི་བྱ་བར༔ གང་ཡིན་པའི་སྒྲུབ་པ་དེ་ཉིད་ལ་རབ་ཏུ་འབད་དེ་མཐར་དབྱུང༔ འགྲུབ་རྟགས་བཟང་ངན་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང༔ དགའ་བ་དང་མི་དགའ་བའི་བླང་དོར་གྱི་བརྟག་དཔྱད་གང་ཡང་མི་བྱེད་པར་རྣལ་འབྱོར་པའི་བློ་རང་མལ་དུ་ཕབ་ལ་སྒྲུབ་པ་ནར་གྱིས་བསྲིང༔ དཀའ་ཐུབ་དང་སྒྲུབ་པ་ཐོན་ནས༔ གཏང་རག་གི་མཆོད་པ་ཡང་རིམ་པར་གཏང༔ མཚམས་གློད་ནས་ཀྱང་ཞག་འགའི་བར་དུ་མཚམས་རྗེས་བསྲུང་ཞིང་གྲོང་ཡུལ་ལ་སོགས་པར་མི་འཁྱམས༔ རང་གི་མལ་དུ་ཞག་གསུམ་གྱི་བར་དུ་གཞན་མི་བསྙལ༔ སྒྲུབ་རྫས་དམ་ཚིག་མི་གཅིག་པའི་མིས་མ་མཐོང་བ་བྱ༔ སྒྲུབ་རྫས་གཞན་ལ་མི་བསྟན༔ དངོས་གྲུབ་ཀྱི་རྫས་མི་ལ་མི་སྦྱིན༔ རང་གིས་ལོངས་སྤྱོད༔ སྒྲུབ་པའི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་ཅི་བྱུང་ཡང་མཚམས་ཧར་འདོན་མི་བྱ༔ བར་གཅོད་ཀྱི་བདུད་ཡིན་པས་ངོས་བཟུང་ལ་རྐྱེན་ཁར་མི་གཏང༔ ལར་བསྙེན་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས་སྤྱོད་ལམ་གང་བྱུང་བྱུང་མི་བྱ༔ ཟས་ཅི་རྙེད་རྙེད་མི་ཟ༔ གོས་དྲེག་པ་ཅན་བེམ་པོ་ལ་སོགས་གྲིབ་ཅན་མི་གོན༔ གར་ཐོད་ཐོད་དུ་མི་ཉལ༔ ཟག་པ་མིས་མཐོང་བ་དང་འགྲིམ་ལམ་དུ་མི་འདོར༔ བརྟུལ་ཞུགས་ཀྱི་སྤྱོད་པ་དུས་མ་ཡིན་པར་མི་བྱ་བ་སོགས་ཏེ༔ རྣམ་པ་ཐམས་ཅད་དུ་སྤྱོད་ལམ་ཤིན་ཏུ་གཟབ་པ་གལ་ཆེ༔ སྤྱིར་བདེ་བར་འདོད་ན་དང་པོ་དཀའ་ཐུབ་ལ་སོགས་སྡུག་བསྔལ་གྱིས་ཐོག་དྲངས་ནས༔ ཉིན་ནུབ་ཀྱི་ཆ་བགོས་ཏེ༔ ཉམས་ལེན་སྲང་ལ་གཅུར་ན་བདེ་ཡུན་རིང་བར་ཡོང་བ་ཡིན་པས་སེམས་ལ་ཞོག༔ ཅེས་དང་། ཡང་དེ་ཉིད་ལས། གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་རྒྱུན་དུ་ངག་གི་མཚམས་སྨྲ་བ་བཅད་པ་གལ་ཆེ༔ གཡེང་བ་རྣམས་ཀྱི་ནང་ནས་ཆེ་བ་དེ་སྨྲ་བ་མང་བ་ཡིན་པས༔ ལོང་གཏམ་དབ་དིབ་དགེ་སྦྱོར་གྱི་སད་ཡིན༔ སྨྲ་བཅད་བྱས་ན་མཚམས་ཀྱི་ནང་ནས་མཆོག་དམ་པ་སྟེ༔ ལུས་ཚོང་དུས་ན་འདུག་ཀྱང་མི་ལྟོའོ༔ དཀའ་ཐུབ་ཇི་ཙམ་བྱེད་པ་སྨྲ་གཅད་ནུས་ན་ཤིན་ཏུ་ཡང་ལེགས༔ དེ་ཙམ་མ་འགྲུབ་ཀྱང་དགེ་སྦྱོར་གང་དང་གང་གི་ཐུན་མཚམས་ཀྱི་བར་དུ་སྨྲ་གཅད་ཅི་ནས་ཀྱང་བྱེད་དགོས༔ གང་བྱེད་པའི་དགེ་སྦྱོར་སྨྲ་བ་བཅད་དེ་གཞན་ཚིག་གི་བར་མ་ཆོད་པར་བྱས་ན༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་ཀྱི་བྱ་བ་མ་ཡིན་པའི༔ སྨྲ་བ་མང་བ་ལ་དགོས་པ་མེད་ཅིང༔ སྨྲ་བ་བཅད་ནས་བཟླས་བརྗོད་ལ་སོགས་པ་ངག་གི་སྒོ་ནས་བྱང་ཆུབ་སྒྲུབ་པའི་བྱ་བ་མ་བྱས་ན་ལྐུག་པ་དང་འདྲ་བས་སེམས་ལ་ཞོག༔ ཅེས་གསུངས། ཡང་དེ་ཉིད་ལས། བཟླས་པའི་གྲངས་ཀྱིས་ཐུན་ཚད་གཟུང་བ་འདི་ཡང་གལ་ཆེ་སྟེ༔ དེ་ཡང་བཟླས་པ་བྱེད་པའི་ཐུན་གསུམ་མམ་བཞིར་ཞག་རེ་ལ་ཐུན་བྱས་ལ༔ བཟླས་རྐང་རིང་ཐུང་གི་ཚད་དང་བསྟུན་ནས༔ ཉིན་ཁྲི༔ མཚན་ཁྲི༔ ཉིན་སྟོང༔ མཚན་སྟོང༔ ཉིན་ལྔ་བརྒྱ༔ མཚན་ལྔ་བརྒྱ་ལ་སོགས་པ་སྟེ༔ མཐར་ཐུག་ཀྱང་ཉིན་བརྒྱ་མཚན་བརྒྱ་དམ་བཅའ་བྱས་ཏེ༔ དེ་མ་འགྲུབ་ཀྱི་བར་ལ་ངག་བཅད་ལ༔ མི་ཚིག་གིས་བར་མ་ཆོད་པར་བྱས་པས་བར་གཅོད་མི་འབྱུང༔ བསྐྱེད་རྫོགས་ཟུང་དུ་འབྲེལ་ཞིང༔ བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་དུ་འབད་པ་འདི་གདམས་པ་ཉམས་ལེན་ཕྱིན་ཅི་མ་ལོག་པའི་ཁྱད་ཆོས་ཡིན༔ སྒྲིབ་པ་སྦྱོང་བ་དང༔ ཚོགས་གསོག་པ་དང༔ བར་གཅོད་སེལ་བར་འདོད་པ་དང༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་འདོད་པ་ལ་སོགས་པའི་ཡིད་སྨོན་ཐམས་ཅད་བསྐྱེད་རྫོགས་ཟུང་འབྲེལ་བསྙེན་སྒྲུབ་ཀྱིས་བདེ་བླག་ཏུ་འགྲུབ་པ་ཡིན༔ བསྙེན་སྒྲུབ་ཐམས་ཅད་ཀྱི་ནང་ནས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་པོ་འདི་ལ་མ་འདུས་པ་མེད་པས༔ འདི་ལ་གཡར་དམ་བྱ་བ་འམ༔ བཟླས་སྔགས་ཐམས་ཅད་ཀྱི་དབུ་ལ་བཏགས་པས་བྱིན་རླབས་ཤིན་ཏུ་ཆེའོ༔ ལར་ཐིགས་པ་བསགས་པས་ཀྱང་རྒྱ་མཚོར་འགྱུར་བ་ཡིན༔ མཆུ་མི་སྡོད་པར་སྔགས་འབྲུ་རེ་རེ་ཙམ་ནས་ཀྱང་རྒྱུན་བསགས་པ་གལ་ཆེ་ཞིང༔ དུས་ཚོད་གཅིག་ནས་འགྲུབ་རྒྱུ་ཞིག་འབྱུང་བས་སེམས་ལ་ཞོག༔ ཅེས་གསུངས། ཡང་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་གཉིས་པར་དང་པོ་རུ་རཀྴ་རབ་ཡིན། ཨིནྡྲ་རཀྴ་ཉིད་འབྲིང་ཡིན། ཐ་མ་བོ་དྷི་ཙི་ཡིན་ལ། གཞན་ཡང་འབྲས་བུ་ཡོད་པ་་་ཡི་ཤིང་ལས་དང་རྗེས་སུ་མཐུན་པ།པའོ། །ཞེས་དང་། དེ་ཉིད་ལས། ན་མཿསརྦ་བུདྡྷ་ནཱཾ་ཨ་ཙིནྟ་བུདྡྷ་རཱུ་པི་ཎི། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ་སརྦ་ཨརྠ་ན་སཱ་དྷ་ཡ། སརྦ་དུཥྚཱཾ་བི་མོ་ཏ་ནི་ག་ག་ན་བ་ལམྦེ། བི་ཤོ་དྷ་ཡ་སྭཱ་ཧཱ། སྔགས་འདིས་ཕྲེང་བ་ཐམས་ཅད་བྱིན་བརླབ་བྱའོ། །སྦྱང་བ་དང་། དགུག་པ་དང་བསླང་བ་དང་བཏུལ་བ་ལ་སོགས་པའི་ལས་བྱའོ། །ཞེས་དང་། དེ་ཉིད་ལས། ཆུ་བོ་དག་ནི་དྲི་མེད་པའི། །ཆུ་གཙང་དག་གིས་ཁྲུས་བྱ་ཞིང་། །ཕྲེང་བ་རྗེས་སུ་བླངས་ནས་ནི། །བ་ཡི་རྣམ་ལྔས་རབ་ཏུ་བཀྲུ །དྲི་ཞིམ་དག་གི་རྫས་བྱུགས་ནས། །རབ་ཏུ་སྔགས་ལ་འབད་པ་ཡིས། །ཉེ་རེག་བྱས་ནས་བཟླས་པར་འཇུག །ཅེས་ཐོག་མ་ཉིད་དུ་ཆུ་གཙང་གིས་རང་གི་ལུས་ཁ་ལག་བཀྲུས་ནས། དེ་རྗེས་ཕྲེང་བ་བའི་རྣམ་ལྔས་བཀྲུ །དྲི་བཟང་བྱུགས་ལ་གོང་གི་ཕྲེང་བ་ལྷག་གནས་ཀྱི་སྔགས་བརྒྱའམ་ཉེར་གཅིག་སོགས་བཟླས་ལ་ཕྲེང་བ་ལ་བཏབ། དེ་རྗེས་རང་ལ་ཉེ་རེག་བྱས་ནས་བཟླས་པ་གང་བྱེད་ལ་འཇུག་པར་གསུངས་སོ། །ཡང་དེ་ཉིད་ལས། རུ་རཀྴ་དང་བོ་དྷི་ཙི། །ཨིནྡྲ་རཀྴའི་འབྲས་བུ་ཉིད། །རྟག་ཏུ་ལུང་ཏང་མཛེས་པ་དང་། །གཞན་ཡང་འབྲས་བུ་ཡོད་པ་དག །འབད་པ་ཡིས་ནི་ཕྲེང་བ་བྱ། །ཞེས་འཇམ་དཔལ་དབྱངས་ལ་ལྷག་པའི་ལྷར་འཛིན་པ་དག་གིས་ནི་ཕྲེང་བ་ལྷག་གནས་འདི་ཉིད་སྐབས་སུ་བབས་པར་མངོན་ནོ། །ཡང་བསྙེན་སྒྲུབ་ལས་སྦྱོར་གྱི་སྐབས་ངག་སྨྲ་གཅད་དགོས་པའི་རྒྱུ་མཚན་ནི། ཟླ་གསང་རྩ་རྒྱུད་ཀྱི་ཡང་གསང་དྲག་པོའི་ལེའུ་བཅུ་གསུམ་པ་ལས། རྣལ་འབྱོར་ནང་ལ་གཏམ་ཟེར་ན། །ལག་གི་བརྡ་ཡིས་སྟོན་པར་བྱ། །སྐོམ་དང་ཟ་བར་འདོད་པའི་ཚེ། །ལག་བརྡ་ཡིས་ནི་བླང་བར་བྱ། །སྨྲས་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་ན་ལག་བརྡ་བྱ། །ཞེས་གསུངས་པའི་ཕྱིར་རོ། །ནཱ་རོ་པས་མཛད་པའི་སྔགས་ཀྱི་མན་ངག་ནི། རྒྱ་གར་སྐད་དུ། ཡོ་ག་མནྟྲོ་པ་དེ་ཤ །བོད་སྐད་དུ། རྣལ་འབྱོར་པས་སྔགས་བཟླ་བའི་མན་ངག །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་པ་རྣམས་ཀྱིས། །སྔགས་ཀྱི་ནུས་པ་བསྐྱེད་འདོད་པས། །སྔགས་ཀྱི་སྤྱོད་ལམ་ཤེས་བྱ་སྟེ། །རྣལ་འབྱོར་སྔགས་པས་སྔགས་བགྲང་ཚེ། །དམ་ཚིག་ཉམས་པའི་མི་དག་དང་། །ནམ་ཡང་ཁ་འཕྲོ་མི་བསྲེ་ཞིང་། །སྡིག་པ་ཅན་གྱི་གོས་མི་གྱོན། ཁམས་མི་བདེ་བའི་སྐབས་སུ་ནི། །ངལ་གསོ་ཁམས་བསང་ཆོས་ཉིད་བསྒོམ། །དད་པ་མེད་དང་ལེ་ལོ་སྤང་། །མི་མོས་ཉལ་སྔགས་བཟླ་བ་དང་། །བཟའ་བ་ཟ་ཞིང་སྔགས་ཟློས་སྤང་། །བཏུང་བ་འཐུང་ཞིང་སྔགས་ཟློས་སྤང་། ཁ་མ་བཤལ་བར་སྔགས་ཟློས་སྤང་། །བསམ་པ་མེད་པར་སྔགས་ཟློས་སྤང། །ལྷ་མ་གསལ་བར་སྔགས་ཟློས་སྤང་། །གཉིད་ཀྱི་དབང་དུ་གྱུར་པ་སྤང་། །གསལ་ཞིང་སྔགས་སྒྲ་ཆེ་བ་སྤང་། །ཞི་བའི་དུས་སུ་དྲག་པོ་སྤང་། །དྲག་པོའི་དུས་སུ་ཞི་བ་སྤང་། །དབང་གི་དུས་སུ་ཞི་བ་སྤང་། །སྔགས་བཟླས་གཞན་དུ་སྤེལ་བ་སྤང་། །སྒྲུབ་སྔགས་འཇོམས་ཤིང་བཟླ་བ་སྤང་། །རླུང་ཁ་ཆེན་པོ་ཆུ་ཆེན་འགྲམ། །དྲག་སྔགས་ཟབ་མོ་མི་བཟླ་འོ། །སྔགས་ཀྱི་ཡིག་འབྲུ་འཕྱར་བ་སྤང། །སྒྲ་ངན་ནད་ལ་སོགས་པ་ལ། །ནུས་པ་ཡོངས་རྫོགས་དམིགས་པ་ཡང་། །སྣོད་མིན་དག་ལ་སྤེལ་མི་བྱ། །གསང་སྔགས་གྲོང་ཡུལ་དག་ཏུ་སྤང་། །ཀྲི་ཡ་ལ་སོགས་སྔགས་རྣམས་དང་། །འབྲས་བུ་དམན་པའི་སྔགས་ལ་སོགས། །ཕ་མ་གཉིས་མེད་མ་གཏོགས་རྒྱུད། །གཞན་ལ་ཤ་ཆང་བུད་མེད་དང་། །སྒོག་པ་སོགས་སྤང་གཙང་སྦྲ་བྱ། །འཕྲལ་གྱི་ནུས་པ་འདོད་པ་ལ། །སྨྲ་བཅད་གྲངས་དང་བཅས་པ་འདོན། །བླ་མེད་དངོས་གྲུབ་འདོད་པ་ལ། །གཞུང་བཞིན་རྟགས་རྫོགས་བར་དུ་འདོན། །ཕྱག་རྒྱ་ཆེན་པོ་འདོད་པ་ལ། །དེ་ཉིད་གསུམ་གསལ་ཡུན་དུ་འདོན། །ནུས་པ་མྱུར་དུ་སྐྱེ་འདོད་པ། །སྨྲ་བ་བཅད་པས་དངོས་གྲུབ་འཕེལ། །ལོ་གཅིག་རང་གར་བཟླས་པ་བས། །ཟླ་གཅིག་སྨྲ་བཅད་ནུས་པ་ཆེ། །ཡུལ་དུ་ལོ་གཅིག་བསྒྲུབས་པ་བས། །དབེན་པར་ཞག་གཅིག་བརྟེན་པ་ལེགས། །སྒྲུབ་པ་སྔགས་ཀྱི་རྣལ་འབྱོར་པས། །གདམས་པ་ཉེར་གཅིག་འདི་ལྡན་ན། །ཚེ་དང་མཆོག་དང་ཐུན་མོང་འགྲུབ། །སྔགས་བཟླ་བའི་མན་ངག་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་པུཥྤ་ཧ་རིའི་དགོན་པར་བསྒྱུར་ཅིང་ཞུས་ཏེ་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པའོ། །གཞན་ཡང་འདི་ལྟ་སྟེ། ནུས་པ་མི་ཟད་པར་བྱེད་ན། གང་སྒྲུབ་ཀྱི་སྔགས་ཤམ་དུ་རྟེན་འབྲེལ་སྙིང་པོ་བཏགས་ནས་བདུན་ཕྲག་གཅིག་བསྒྲུབ་བོ། །ཡང་གཞན་ལ་དབང་བསྐུར་མང་པོ་བྱས་པའམ། བསྲུང་བ་བྱས་སམ། ཟློག་པ་བྱས་སམ། འདྲེ་བརྡུང་བྱས་པ་སོགས་ཀྱིས་ནུས་པ་ཉམས་འགྲོ་བས་དེ་གསོ་ན། ཡི་དམ་ལྷའི་བསྙེན་པ་སོར་ཆུད་ཐབས་ལ། བུམ་ཆུ་རྟེན་འབྲེལ་སྙིང་པོའི་གཟུངས་སྒྲུབ་བྱས་ལ་ཁྲུས་བྱའོ། །ཡང་དུས་མིན་འཆི་བ་ཟློག་པ་དང་། སྔགས་ཀྱི་ནུས་པ་མི་ཡལ་ཞིང་བྱིན་རླབས་ཆེ་བར་བྱེད་ན། སྒོམ་སྒྲུབ་ཐམས་ཅད་ཀྱི་ཐོག་མར་ཨཱ་དི་ཀཱ་དི་ཚར་གསུམ་བྱས་རྗེས་སྒོམ་སྒྲུབ་ལ་འཇུག །ཐུན་མཐར་རྟེན་འབྲེལ་སྙིང་པོ་གསུམ་མམ་ལྔའམ་བདུན་བཟླས་ན། ནུས་པ་བརྟན་པས་རབ་གནས་སུ་འགྲོ་བ་ཡིན། ཡང་གྲངས་ནི། བརྒྱ་རྩ་གསོག་ན་གཅིག་མ་ཚང་བ། སྟོང་རྩ་ལ་བརྒྱ་མ་ཚང་བ། ཁྲི་ཕྲག་ལ་སྟོང་མ་ཚང་བ་སོགས་ནི། རྒྱུན་ཆད་པ་ཞེས་ཤིན་ཏུ་ངན་པས་གྲངས་ལས་ལྷག་གམ་མ་ཆད་པ་ཤིས་སོ། །ཡང་། སྔགས་རྣམས་བཟླ་བའི་དུས་ཀྱི་ཚེ། །ཉལ་ནས་མ་ཡིན་ལངས་ནས་མིན། །རྒོད་ཅིང་མ་ཡིན་ཆགས་ཤིང་མིན། །བཟའ་བཏུང་དང་ནི་བསྲེས་པ་དང་། །འབགས་ཆབ་མ་བླང་བཟླ་བ་མིན། །གོས་གདན་སྤྲུག་སོགས་བྱ་བ་མིན། །ཅེས་སོ། །ཡང་། ཐུན་སོ་སོའི་མཐར་བདག་གི་ཐུན་འདི་ལ་བསྙེན་གྲངས་བརྒྱ་སྟོང་སོགས་ཆེ་གེ་མོ་བཏོན་པའི་དགེ་བའི་རྩ་བ་འདི་ལྷག་པའི་ལྷ་མཆོག་ཆེ་གེ་མོ་ཁྱེད་ལ་འབུལ་བར་བགྱིའོ། །དེ་ཕུལ་བའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པ་དང་། ས་མཆོག་རྡོ་རྗེ་འཛིན་པའི་གོ་འཕང་ཐུན་མོང་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་ཆེན་པོས་བདེན་པ་འདི་འགྲུབ་པར་གྱུར་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ་ཅི་འགྲུབ་བཟླའོ། །ཡང་སྔགས་ཕྲེང་རྡོག་གི་གྲངས་སུ་བརྩི་བའི་སྐབས་མི་དང་གཏམ་ཤོར་ན་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། སྦྲིད་པ་བྱུང་ན་བཅུ། གླལ་ན་ལྔ། མཆིལ་མ་དོར་ན་གཅིག་རྣམས་གྲངས་སུ་མི་བརྩི་བར་སླར་ལྡོག་གོ །ཡང་། རྟེན་གཏོར་ཁྱི་ལ་ཤོར་བ་དང་། །མལ་གདན་ནམ་མཁའི་མཐོངས་སུ་སྤྲུགས། །རྭ་དང་རུས་པའི་ཕྲེང་བ་བགྲང་།་་་ཐོད་ཕྲེང་མ་གཏོགས། འདི་ནི་ལྷ་སྒྲུབ་ཞུད་པས་སྤོངས། །ཞེས་ཀྱང་འབྱུང་ངོ་། །ཡང་ཇོ་བོ་རྗེ་དཔོན་སློབ་ནི། དུས་ཆེན་བཞི་པོ་གང་རུང་དུས། །དགེ་བ་འབུམ་དུ་རྒྱལ་བས་གསུངས། །ཤེར་སྙིང་ཚར་གཅིག་བཏོན་པ་ན། །འབུམ་ཚར་ཉི་ཤུ་བཏོན་པར་འགྱུར། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ནི། །གཅིག་ལ་གདུགས་ཚོད་བཤོས་དྲངས་ན། །དགེ་སློང་ས་ཡ་ཕྲག་བརྒྱ་ལ། །འཚོ་བ་ཕུལ་བའི་བསོད་ནམས་ཐོབ། །ཅེས་གསུངས། པཎ་ཆེན་ཤཱཀྱ་ཤྲཱིས་ནི། དུས་ཆེན་བཞི་དང་ཐ་མལ་པའི། ཁྱད་པར་བསིལ་བུ་མྱང་འདས་ལས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་དག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་པོར་ཉི་ཟླ་བཟུང་། །དེ་དག་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །ཆག་ལོ་ཙཱ་བས་དུས་ཆེན་བཞི་ལ། ནས་རྡོག་གཅིག་སྦྱིན་པ་བཏང་ན། ནས་རྡོག་ས་ཡ་ཕྲག་བརྒྱར་འགྱུར། དེ་ནས་ཁལ་དུ་བསྡོམས་ན་ཁལ་བདུན་བརྒྱ་དང་བྲེ་བཅུ་བདུན་ཕུལ་བཞི་འཁྱོར་བ་བཞི་འོང་། ཞེས་གསུངས་སོ། །ཡང་མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོས། ལྷ་གང་ཡིན་ཡང་ཆོ་གའི་མགོ་མཇུག་ཚང་བ་བསྒྲུབས་རྗེས་བགྲང་ཕྲེང་ལས་མཐུན་རང་རང་ལུགས་ཀྱི་གསུང་རྡོ་རྗེར་བསྐྱེད་ལ་ཡེ་ཤེས་པ་གཞུག་ནས་བཟླས་པའི་མཐར་ཐུག་པ་བྱས་རྗེས། ལྷ་ཡོངས་སུ་གྱུར་པ་བགྲང་ཕྲེང་གི་རྣམ་པའམ་གཤིན་རྗེ་ལ་སོགས་ལ་ཁྲག་འཛག་པའི་མགོར་བལྟས་ལ། རང་རང་གི་སྤྲོ་བསྡུས་དམིགས་པ་ཇི་ལྟར་བཤད་པ་ལྟར་གསལ་བཞིན་པའི་སྨྲ་བཅད་བྱས་པའི་བཟླས་པ་ཅི་ཙམ་གྲུབ་པ་རྣམས་ནི་བསྙེན་པའི་གྲངས་སུ་བརྩི་བའི་གྲངས་འཛིན་ལ། ཐུན་མཚམས་དང་། བཟའ་བཏུང་དང་། གཏམ་གླེང་བ་སོགས་དང་། འགྲོ་བའི་ཚེ་བཟླས་པའི་སྔགས་རྣམས་བསྙེན་པའི་གྲངས་སུ་མི་བརྩི་བར་གསུངས། འོན་ཀྱང་བར་ཆད་བསྲུང་བ་དང་། ངག་ནུས་བསྐྱེད་པ་དང་། ལྷའི་ཐུགས་རྒྱུད་བསྐུལ་བ་དང་། ཆད་ལྷག་གི་ཁ་འགེངས་པ་སོགས་ཀྱི་སླད་དུ་བཤང་གཅི་དོར་སྐབས་ཚུན་ཆད་དུ་སྔགས་བཟླ་བ་གལ་ཆེ་ལ། དེ་རྣམས་བསྙེན་གྲངས་སུ་མི་བརྩི་བར་གསུངས་པ་ནི་ཤིན་ཏུ་ལེགས་ལ། ཡང་བླ་མ་འགའ་ཞིག་ཡི་དམ་བདེ་མཆོག་ལྟ་བུར་བསྒོམས་ནས་སྔགས་དགྱེས་རྡོར་ལྟ་བུར་བཟླ་བ་ནི། ཆེས་ཤིན་ཏུ་མི་འཐད་ལ། དེས་ཐམས་ཅད་འགྲེ་བར་འདུག་ཅིང་དེ་སོགས་འགའ་ཞིག་གསུངས་ནོར་འདུག་གོ །སློབ་དཔོན་པདྨས་མཛད་པའི་མན་ངག་གསེར་ཕྲེང་དུ། བསྙེན་པ་ཉེ་བསྙེན་དྲོད་ཚད་ཐོབ། བསྙེན་པའི་གྲངས་ནི་ས་ཡ་གཅིག་ཡིན།་་་བྱེ་བ་བཅུ་ལ་ཟེར་བ་འདུག །དུས་བདུན་ཕྲག་བདུན་པ་གསུམ་ཟེར་བ་ཡིན། རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་གསུངས་སོ། །ཚད་དུ་མ་ཕྱིན་སྐྱོན་ཡིན་ཏེ། །ཚད་ལས་འཕགས་པ་ཡོན་ཏན་ཡིན། །བསྙེན་པ་རྫོགས་ནས་སྒྲུབ་པ་བརྩམ། །གྲངས་ནི་ཁྲི་ཡིན་དུས་ཞག་གཅིག །མཚན་མ་གསུམ་ཐོན་སྟོབས་ལྡན་པ། །སྒྲུབ་པའི་དྲོད་ཚད་ཡིན་པར་བཤད། །ཕྲིན་ལས་ཞི་རྒྱས་དབང་དྲག་དང་། །གསད་གསོ་དབབ་གཅད་ལ་སོགས་པ། །གང་བྱེད་སྒྲུབ་པ་ཆེན་པོ་ཡིན། །ཞི་བས་ཚེ་རིང་ནད་མེད་འགྱུར། །རྒྱས་པར་སྦྱར་བས་ཕུན་སུམ་ཚོགས། །དབང་གིས་ཁམས་གསུམ་དབང་དུ་སྡུད། །དྲག་པོས་དགྲ་བགེགས་འདུལ་བར་བྱེད། །མཚན་མ་བླ་རྟགས་དབང་མེད་དུ། །དགུག་གསོད་གཅོད་པ་སྲོག་གི་རྟགས། །འབྱུང་བ་གཡོ་དང་ཐོག་སེར་དང་། །ཆོ་འཕྲུལ་ལྟས་ངན་ལ་སོགས་པ། །མངོན་སུམ་ཉམས་དང་རྨི་ལམ་སྣང་། །འདི་ཉིད་རྟགས་སུ་ཤེས་པར་བྱ། །ཞི་བ་དག་ལ་གྲངས་མང་ཡང་། །ཟུག་རྔུ་མེད་ཅིང་གནོད་མི་འགྱུར། །རྒྱས་པའི་ལས་ལ་གྲངས་མང་ཡང་། །གནོད་དང་ཉེས་པ་མེད་པ་ཡིན། །དབང་དུ་སྡུད་དང་དྲག་པོའི་སྔགས། །ཚད་ལས་འདས་ན་སྔགས་པ་དག །ཚེ་ཐུང་ནད་མང་དགྲ་བགེགས་འབྱུང་། །གསད་སྔགས་ཚད་ལས་འདས་པ་ན། །སྔགས་པ་དུས་མིན་འཆི་བར་འགྱུར། །ཐོག་སེར་དབབ་པའི་སྔགས་ལ་ནི། །ཚད་ལས་འདས་ན་ཡུལ་ཁམས་ཕུང་། །གཟིར་མནན་སྔགས་ནི་ཚད་འདས་ན། །སྔགས་བདག་ནུས་པ་བཅོམ་པའི་ཕྱིར། །དམ་ཚིག་ཉམས་ནས་ལས་མི་འགྲུབ། །ལྟས་ངན་དབབ་སྔགས་ཚད་འདས་ན། །ལྟས་ངན་བདག་གི་འཁོར་ལ་འོང་། །དེ་ཕྱིར་དྲོད་ཚད་བརྟགས་པ་གཅེས། །ནང་དང་གསང་བ་ཡང་གསང་གཏེར། །གྲངས་དུས་མཚན་མ་གོང་མ་བཞིན། །དེས་ཀྱང་གལ་ཏེ་མ་འགྲུབ་ན། །སྤོགས་ཆོག་སྤོགས་པའི་ལས་རྣམས་ཀུན། །རིམ་པ་བཞིན་དུ་མཁས་པར་བྱ། །དེས་ཀྱང་མ་འགྲུབ་གནད་ལ་དབབ། །བཟློག་ཅིང་གནད་དབབ་དཀྲུག་ཅིང་གསད། །གཟིར་གནོན་ལ་སོགས་ཅི་རིགས་བྱ། །དེ་ནས་བདག་ཉིད་དམ་ལྡན་པས། །ཐ་མལ་མི་ལྡངས་ཡི་དམ་གྱི། །རྒྱུན་གྱི་ཏིང་འཛིན་གསལ་བྱ་ཞིང་། །སྣང་སྟོང་དབྱེར་མེད་བསྒོམ་པར་བྱ། །འདས་དང་མ་འདས་སྲུང་མ་ལ། །མཆོད་དང་སྐོང་དང་བསྟོད་པ་དང་། །བསྙེན་སྒྲུབ་ལས་རིམ་གཙོ་བྱེད་པའི། །སྔགས་པས་རྒྱུན་དུ་འདི་ལྟར་བྱ། །སྔོན་དུ་ཡི་དམ་རྒྱུད་བཞིན་བསྒྲུབ། །རྗེས་སུ་ལས་མཁན་བསྒྲུབ་པར་བྱ། །སྲོག་སྙིང་ཚད་དང་ལྡན་པར་བཟླ། །ཕྲིན་ལས་གང་བྱེད་ལས་མཁན་བསྐུལ། །རང་ཉིད་ཡི་དམ་རྒྱུན་དུ་བསྒོམ། །རྟག་ཏུ་དེ་ལྟར་བསྒྲུབ་པར་བྱ། །མཐུ་དང་བྱིན་རླབས་དཔག་ཏུ་མེད། །སྔགས་དང་བསྒོམ་པས་དངོས་གྲུབ་ཐོབ། །ཕྱི་ནང་གསང་བ་ཡང་གཏེར་གྱི། །གསང་ཆེན་གྱི་ནི་བསྒྲུབ་པ་འོ། །ཞེས་གསུངས་འདུག་པ་རྣམས་སྔགས་པ་ལ་ཤིན་ཏུ་གལ་ཆེ་བར་སྣང་བས་ཁོལ་བུར་བྲིས་པ་ཡིན་ནོ། །འདི་རྣམས་འབྲི་ཁུང་པ་སྐྱུ་རའི་སྔགས་རྒན་ཆོས་ཀྱི་གྲགས་པ་ཞེས་འབོད་པ་རིམ་པ་གཉིས་ལ་གཙོ་བོར་འཛིན་པ། དེང་སང་གི་བན་སྔགས་རྣམས་ལྟར་གྲོང་ཆོག་དང་ཟོལ་ཟོག་ལ་མི་ལྟ་བ་དེས། རྒྱུད་བསྟན་བཅོས་རྣམས་བལྟས་པས་ཉེར་མཁོར་འདུག་པ་རྣམས་ཁོལ་བུར་ཟིན་བྲིས་ཐུན་དུ་བསགས་ནས་བྲིས་པ་ཡིན་ནོ།། །།

ཆོས་འཁོར་སྐྱོང་བའི་བསྟན་སྲུང་བཙན་རྒོད་ཆེན་པོའི་ཕྲིན་ལས་ཆེ་བཙན་དགྱེས་པའི་རྔམ་གླུ་ (Volume 39, Text 24)

༄༅། །ཆོས་འཁོར་སྐྱོང་བའི་བསྟན་སྲུང་བཙན་རྒོད་ཆེན་པོའི་ཕྲིན་ལས་ཆེ་བཙན་དགྱེས་པའི་རྔམ་གླུ་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་པདྨ་ཧེ་རུ་ཀཱ་ཡ། དབང་ཆེན་དཔའ་བོ་གསུང་གི་རྡོ་རྗེ་འཛིན། །གུ་རུ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ཏེ། །བསྟན་སྲུང་ཆེན་པོ་མཉེས་བྱེད་ཕྲིན་ལས་ཀྱི། །བྱང་བུ་རབ་དགའི་རྒྱུད་མངས་འདི་ན་སྦྲེང་། །བསྟན་པའི་ཕྱིར་དུ་ལྷག་བསམ་གཡོ་མེད་པས། །བསྐྱེད་རྫོགས་གདིང་དང་དམ་ཚིག་གཞིར་བྱས་ནས། །སྐབས་སུ་འོས་པའི་ཕྲིན་ལས་སྐུལ་འདོད་ན། །ཐོག་མར་བསྟེན་སྒྲུབ་མཆོད་པའི་ལས་ལ་འཇུག །ཉི་ཚེའི་སྐྱེམས་དང་གཏོར་མས་བློ་བྲིད་ཅིང་། །གློ་བུར་རང་འདོད་ཤེས་ཚད་བཅོལ་བ་ནི། །དྲེགས་པ་འཁུ་བའི་རྒྱུ་ཡིན་དོན་མེད་པས། །འཕྲལ་ཡུན་ལེགས་པའི་ལམ་དུ་འཇུག་པར་བྱོས། །དེའང་ཆོས་སྐྱོང་ཆེན་པོ་འདི་ཉིད་ངོ་བོ་ཡེ་ཤེས་པས་ཁྱབ་ཀྱང་རྣམ་པ་དྲེགས་པ་རང་རྒྱུད་ཀྱི་ཚུལ་དུ་བཞུགས་པས། སྒྲུབ་པ་པོ་དཔལ་ཆེན་པོ་སྤྱི་དང་ཁྱད་པར་པདྨ་དབང་ཆེན་གྱི་བསྐྱེད་བཟླས་དགོངས་པ་ཚད་དུ་ཕྱིན་པས་གྲོགས་སམ་བྲན་གྱི་ཚུལ་དུ་བསྟེན་པ་ནི་ཤིན་ཏུ་བསྔགས་པ་ཡིན་ནོ། །ཡང་ན་ནུས་པ་དམན་པས་ཕའམ་ཁུ་བོའི་ཚུལ་དུ་བསྟེན་པའང་རུང་ཞིང་། རྗེ་བོའི་ཚུལ་དུ་བསྟེན་དགོས་པ་དག་གིས་སྐབས་སུ་མཆོད་ཅིང་གསོལ་བ་ཙམ་ལས་གནད་ནས་བསྐུལ་བའི་ཕྲིན་ལས་བསྒྲུབ་ཏུ་རུང་བ་མ་ཡིན་ནོ། །དེས་ན་ཡི་དམ་གྱི་བསྙེན་སྒྲུབ་འཁྱོལ་ཞིང་རྟོགས་དགོངས་དང་ལྡན་པའི་རྣལ་འབྱོར་པས། མཚན་ཉིད་ཚང་བའི་གནས་སུ་དམ་ཚིག་གི་རྫས་བྲིས་སྐུ་བླ་རྡོ་སྲོག་འཁོར་རྟེན་གཏོར་སོགས་ཚང་བར་འདུ་བྱས་ལ་ཇི་ལྟར་སྒྲུབ་པའི་རིམ་པ་རྩ་བའི་གཞུང་ནས་འབྱུང་བ་ལྟར་བསྒྲུབ་དགོས་པ་ཡིན་ལ། དེ་ལྟར་སྒྲུབ་པའི་སྐབས་སམ། ཁྱད་པར་གྱི་གསོལ་མཆོད་བྱ་བའི་ཚེ་ཕྲིན་ལས་ཅུང་ཟད་རྒྱས་པར་བྱ་བར་སྤྲོ་ན། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། མཆོད་གསོལ་ཙམ་ལ་བསྡུ་ན། རང་ཉིད་དཔལ་ཆེན་པོ་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་མཐར། ཧྲཱི༔ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང༔ མགོན་པོ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བ་ཡི། །ཆེ་བཙན་འགྲན་ཟླ་བྲལ་བའི་རྟ་མགྲིན་སྐུ །གར་མཁན་སྒྱུར་འདྲ་ཐབས་ཀྱི་རྒྱལ་པོ་ཡིས། །བྱམས་ལྡན་གར་དབང་གར་གྱི་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་བསྐུལ། དྲེགས་པ་རང་རྒྱུད་པའི་ཚུལ་དུ་སྟོན་པས་གསོལ་མཆོད་ཙམ་ལས་བསྐྱེད་པར་མ་གསུངས་ཀྱང་། བསྙེན་སྒྲུབ་དབང་དུས་སོགས་སུ་བསྐྱེད་པའང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུ་སྣང་བས་རྟེན་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་མདུན་དུ་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ལ་སྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་སྐྱ་རྒྱུ་བ། རྐེད་ན་གཅན་གཟན་ངུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང་། བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས། ལྷ་བཙན་དགྲ་བླའི་རྒྱལ་པོ་ཙིའུ་དམར་བ་སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིག་པ། སྤྱན་ནས་མེའི་སྐར་མདའ་འཁྲུག་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབ་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁྲོ་ཞིང་འཇིགས་ལ་རྔམ་ཞིང་གཏུམ་པ། སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཆེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། སྟག་དོང་གཡས་ལ་གཟིག་ཤུབས་གཡོན་དུ་འཕྱང་བ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་དམར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ་སྒ་ཁྲ་བོ། དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན། གསེར་གྱི་སྲབ། གཡུའི་མཐུར་མདའ། དར་དམར་གྱི་སྲབ་སྐྱོགས། སྦྲུལ་ནག་གི་གོང་སྨེད་བྱས་པ་ལ་བཅིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལ་ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན། སྐུ་ལ་ཟ་འོག་དམར་ཁྲའི་གོས་དང་དར་དམར་གྱི་ཐོད་གསོལ་བ། གཡས་སུ་སྟག་དོང་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཉིས་གསེར་མདའ་གསེར་གཞུ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤ་གདོང་སྒ་སྲབ་ཅན་ལ་འཆིབ་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམ་ཞིང་འཇིགས་པ། སྐུ་ལ་ལེ་བརྒན་གྱི་འཇོལ་བེར་དང་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ་གཡས་ཀྱིས་ཤང་ལང་བརྡེག་པ། མཚའ་ལུ་རྟིང་དཀར་སྒ་སྲབ་ཅན་ལ་འཆིབ་པ། རྭ་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་གུ་ལ་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན་སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་དུག་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་ལ་འཆིབ་པ། རྡོ་རིང་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན། བེར་དམར་གྱི་སློག་པ་དང་དར་དམར་གྱི་ཐོད་གསོལ་བ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་འཆིབ་པ། ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་ཕྱར་ཞིང་གཡོན་འབྲེང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་འཆིབ་པ། རྩལ་ཐོག་རྒྱུག་གི་གྲི་བཙན་སྐུ་མདོག་ཁྲག་ལྟར་དམར་བ། སྐུ་ལ་ཟངས་ཁྲབ་དམར་པོ་དང་དབུ་ལ་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་གསོར་ཞིང་གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་གཤོག་པ་སྒ་སྲབ་ཅན་ལ་འཆིབ་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་བ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ་དང་བཅས་པར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བཙན་ཡུལ་ཟངས་ཐང་དམར་པོ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཡ་བ་རྐྱ་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས་པར་བསམ་ལ། བཤུགས་གླུ་དབྱངས་རོལ་སྤོས་བསུར་དུད་པ་གཡབ་དར་ལེ་བརྒན་གྱིས་མཚོན་ཏེ་སྤྱན་དྲང་བ་ནི། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨ་དབང་གི་བཀའ་ཉན་བ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཧྲཱིཿབྷྱོ། དཔལ་ཆེན་རྡོ་རྗེ་སྲིན་པོ་པདྨ་དབང་། །སྣང་སྲིད་ཟིལ་གནོན་རྗེ་བཙུན་ཐོད་ཕྲེང་རྩལ། །རིག་འཛིན་རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །དམ་བཅས་བཞིན་དུ་གནས་འདིར་གཤེགས་སུ་གསོལ། །དྲེགས་བྱེད་ཀུན་གྱི་ཆེ་བཙན་མཐུ་བོ་ཆེ། །བསྟན་དང་ཆོས་འཁོར་གཉན་པོ་སྐྱོང་མཛད་པ། །གནོད་སྦྱིན་དགྲ་བླའི་རྒྱལ་པོ་ཙི་འུ་དམར། །བསྟེན་ཞིང་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྣལ་འབྱོར་ཀུན་གྱི་གྲོགས་མཛད་དམ་ཚིག་ཅན། །བསྟན་དགྲ་དམ་ཉམས་སྙིང་ཁྲག་རོལ་མཛད་པ། །མ་རུངས་བཙན་རྒོད་འབར་བ་མཆེད་བདུན་པོ། །ཐ་ཚིག་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ནུབ་ཕྱོགས་ཟངས་ཐང་དམར་པོར་མངའ་མཛད་པ། །རབ་འཇིགས་བསེ་ཡི་སྐྱེས་བུ་གདུག་རྩུབ་ཅན། །སྒྲུབ་པ་པོ་ལ་དགྱེས་པའི་མདངས་སྟོན་ཅིང་། །སྡེ་བརྒྱད་སྡོང་ཟླའི་ཚོགས་བཅས་གཤེགས་སུ་གསོལ། །ལྷབ་ལྷུབ་རུ་མཚོན་དམར་པོའི་གཡབ་ཀྱིས་འདོར། །དྲི་ཞིམ་གསུར་གྱི་དུད་པས་ཤུལ་མཚོན་ཞིང་། །བཤུགས་གླུ་རོལ་མོ་དབྱངས་ཀྱི་བརྡས་བསྐུལ་ན། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཤུ་ལ་ཏྲི་བཛྲ་ས་མཱ་ཛ༔ རྟེན་རྫས་རྣམས་དང་དབྱེར་མེད་དུ་བཞུགས་པར་མོས་ལ། བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ཀྱེ། ཟངས་འོད་རབ་འབར་སྐུ་མཁར་ལྷུན་བརྗིད་མཐོ། །དར་ཟབ་གཅན་གཟན་གདན་མཆོག་ལྷུན་རེ་མཐུག །ཡིད་འོང་སྤྱན་གཟིགས་སྣ་ཚོགས་བཀོད་རེ་ལེགས། །དགྱེས་རྒུར་རོལ་ལ་བརྟན་པར་བཞུགས་སུ་གསོལ། །ཆགས་པའི་རྟེན་དང་མགུ་བའི་དམ་ཚིག་རྫས། །སྲོག་གི་གཏའ་རུ་བཙུགས་པ་བདག་ཏུ་ཟུངས། །རོ་ལྡན་བཟའ་བཏུང་དགྱེས་པར་བཞེས་ནས་ཀྱང་། །རྣལ་འབྱོར་ལུས་དང་གྲིབ་བཞིན་འགྲོགས་པར་མཛོད། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཀྱེ༔ སྐྱེས་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པའི༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ མཆོད་ཡོན་ཡོ་བྱད་མཛོད་དུ་བྱིན་གྱིས་བརླབས་ལ། ཀྱེ། འཇིགས་བྱེད་ཆེན་པོ་མཆོད་པའི་དམ་རྫས་ནི། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་རྒྱུན་སྦྲེང་། །དྲི་ཞིམ་བདུག་སྤོས་ངད་པས་ཕྱོགས་ཀུན་ཁྱབ། །ཡིད་འོང་མེ་ཏོག་ཕྲེང་བས་གནམ་ས་གང་། །སྣང་བྱེད་སྒྲོན་མེ་ཉི་མའི་འོད་བཞིན་བདལ། །བསིལ་ཞིང་བདེ་སྐྱེད་དྲི་ཆབ་རྒྱ་མཚོར་འཁྱིལ། །རོ་བརྒྱ་ནུས་ལྡན་ཞལ་ཟས་རི་ལྟར་སྤུངས། །རོལ་མོའི་འབྲུག་སྒྲ་དབྱངས་སྙན་དྲི་ཟའི་གླུས། །ཆོས་སྐྱོང་འཁོར་དང་བཅས་པ་མཉེས་གྱུར་ཅིག །མྱོས་བྱེད་དཔའ་བོའི་བཏུང་བ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་འཁྲིགས། །དབང་པོ་རྣམ་ལྔའི་མེ་ཏོག་རྔམ་བག་བཀྲ །ཞུན་ཆེན་མར་མེའི་སྣང་བྱེད་རབ་ཏུ་འབར། །སྙིང་ཁྲག་དམར་ཆེན་རྦ་རླབས་དགུང་དུ་འཕྱོ། །ཕྱི་ཤ་ནང་ཁྲོལ་རུས་པའི་རྔམས་ཟས་བརྩེགས། །ཐོད་རྔ་རྐང་གླིང་བཤུགས་པའི་སྒྲ་དབྱངས་ཀྱིས། །ཆོས་སྐྱོང་འཁོར་དང་བཅས་པ་མཉེས་གྱུར་ཅིག །དབང་པོ་ཚོགས་དྲུག་ཚིམས་པ་སྐྱེད་པའི་ཕུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བཅུད་བདའ། །རེག་འཇམ་བདེ་བའི་ཡོ་བྱད་སྣ་ཚོགས་པས། །ཆོས་སྐྱོང་འཁོར་དང་བཅས་པ་མཉེས་གྱུར་ཅིག །ཤུ་ལ་ཏྲི་ས་པ་རི་བཱ་ར་ཨརྒྷཾ་སོགས་ཤབྡ་མ་ཧཱ་པཱུ་ཛ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་འབུལ་བ་ནི། ཧྲཱིཿ དཔལ་ཆེན་རྡོ་རྗེ་སྲིན་པོའི་ཆོ་འཕྲུལ་ལས། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །ཆེ་བཙན་འགྲན་ཟླ་བྲལ་བའི་སྐྱེས་བུའི་ཚུལ། །མཐུ་རྩལ་གློག་ལྟར་མྱུར་བ་ཁྱོད་ལ་བསྟོད། །བཅོམ་ལྡན་པདྨ་དབང་གི་བཀའ་སྡོད་ཆེ། །དྲག་གཏུམ་མི་བཟད་རབ་ཏུ་འབར་བའི་གཟུགས། །ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ། །ཆོས་སྐྱོང་དགེ་བསྙེན་ཆེན་པོ་ཁྱོད་ལ་བསྟོད། །འགྱིང་བག་བརྗིད་ལྡན་བྱེ་རུའི་ལྷུན་པོ་ལ། །བཟོད་དཀའི་གཟི་བྱིན་ཉི་མ་འབུམ་འོད་འཕྲོ། །དཔའ་བརྟན་བསེ་ཡི་ཡ་ལད་མཚམས་སྤྲིན་འོད། །རབ་ཏུ་འཁྲུགས་པའི་ཉམས་ལྡན་ཁྱོད་ལ་བསྟོད། །བ་དན་དམར་པོ་སྲིད་གསུམ་གཡུལ་ལས་རྒྱལ། །བཙན་ཞགས་དམར་པོས་བསྟན་དགྲའི་སྐེ་རྩ་འཆིང་། །དྲག་ཤུལ་གར་གྱིས་གླིང་བཞིའི་འཇིག་རྟེན་གཡོ། །བསྟན་སྲུང་གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །མགྱོགས་པའི་རྩལ་ལྡན་ཅང་ཤེས་ཁྲག་གི་མདོག །འཕྱོར་ཆས་ཡ་མཚན་དུ་མས་བརྒྱན་པའི་སྟེང་། །བརྗིད་པའི་སྟབས་ཀྱིས་དྲེགས་བྱེད་ལས་ལ་བཀོལ། །རྫུ་འཕྲུལ་སྟོབས་ཤུགས་ལྡན་པ་ཁྱོད་ལ་བསྟོད། །ངོ་བོ་གཅིག་ལ་རྣམ་པ་ཐ་དད་ཚུལ། །རོལ་པ་མཆེད་བདུན་བཙན་དམག་འབུམ་སྡེར་བཅས། །དཔའ་བོ་གཡུལ་དུ་ཆས་འདྲའི་གཟི་བརྗིད་ཅན། །མེ་ཕྲེང་ཐོག་རྒོད་འཁྲུགས་པ་ཁྱོད་རྣམས་བསྟོད། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དཔུང་གི་ཚོགས། །སྟོབས་ཀྱི་སྡོང་ཟླ་ལས་ཀྱི་བཀའ་ཉན་ཚུལ། །མི་འདའ་དམ་ཚིག་གཉན་པོའི་ཡལ་གམ་ཅན། །མ་ངེས་ཕྱོགས་བཅུར་རྒྱུ་བ་རྣམས་ལ་བསྟོད། །རུ་འདྲེན་སྡེ་བཞི་འབག་སེང་གར་པ་སོགས། །སླད་ཀྱི་རྗེས་འབྲང་འབྱུང་པོ་མཐུ་བོ་ཆེ། །ཆོས་འཁོར་དཀོར་ནོར་སྐྱོང་ཞིང་སྒྲུབ་ལ་བརྩེ། །དམ་ཚིག་ལྡན་པའི་དགེ་བསྙེན་ཚོགས་ལ་བསྟོད། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བས་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲཱི་བ་ཏྲི་ཤུ་ལ་ཧྲིང་ཧྲིང་ཛཿཛ༔ ཅི་ནུས་བཟླ། མངའ་གསོལ་དམིགས་སུ་བྱ་བར་སྤྲོ་ན་སྤྱན་གཟིགས་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་དངོས་སུ་བཤམ་པ་དང་ཡིད་ཀྱིས་སྤྲུལ་ཏེ། ཀྱེ། མཆོད་དོ་བསྟོད་དོ་ཆོས་སྐྱོང་དགྲ་བླ་ཆེ། །གསོལ་ལོ་བརྔན་ནོ་བཙན་རྒོད་དམ་ཚིག་ཅན། །བཙན་མཁར་དམར་པོ་རྩེ་མོ་དགུང་དུ་བསྙེགས། །འཇིགས་རུང་དྲག་པོའི་ཡོ་བྱད་ཀུན་ཏུ་བཀྲམ། །བག་ཕེབས་མི་མཐུན་སྐྱོབ་བའི་བཙན་རྫོང་འདིས། །ཆོས་སྐྱོང་གནོད་སྦྱིན་མཆེད་བདུན་མངའ་གསོལ་ལོ། །བཀྲ་ཤིས་དགེ་ལེགས་བྱེད་པའི་རྫས་རྟགས་བརྒྱད། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རིན་ཆེན་བདུན། །སྲིད་ཞིའི་དཔལ་འབྱོར་ནམ་མཁའི་དབྱིངས་གང་བས། །སྐྱེས་བུ་རོལ་པ་རྐྱ་བདུན་མངའ་གསོལ་ལོ། །ཉེ་བར་སྤྱོད་དང་འདོད་པའི་ཡོན་ཏན་ལྔ། །ཛ་གད་བཏུང་བ་འོ་ཞོ་ཁྲག་གི་སྐྱེམས། །ཤ་རུས་བཟའ་བཏུང་རོ་བཅུད་ལྡན་པ་ཡིས། །འཇིགས་བྱེད་བཙན་རྒོད་མཆེད་བདུན་མངའ་གསོལ་ལོ། །བསེ་ཡི་གོ་ཁྲབ་རྡོ་རྗེའི་རྫོང་ཆེན་གཏམས། །མདུང་ཞགས་དམར་པོ་ལྕེ་འབབས་གློག་བཞིན་འཁྱུགས། །རྟ་དམར་སྤྲིན་གྱི་ཤུགས་ལྡན་ལ་སོགས་པས། །ཆེ་བཙན་འབར་བ་སྡེ་བདུན་མངའ་གསོལ་ལོ། །སྐུ་གཟུགས་བླ་རྡོ་སྲོག་འཁོར་སྔགས་ཀྱི་བྱང་། །མི་འབྲལ་ཆགས་ཤིང་འཁོར་བའི་དམ་ཚིག་ནི། །ཕྱི་ནང་གསང་བའི་རྟེན་རྫས་སྣ་ཚོགས་པས། །ལྷ་བཙན་དགྲ་བླ་མཆེད་བདུན་མངའ་གསོལ་ལོ། །རྟེན་གཏོར་རྟག་གཏོར་དུས་ཀྱི་གཏོར་མ་དང་། །འབོད་སྒྲུབ་སྐུལ་བའི་ཁྱད་པར་གནད་ཀྱི་རྫས། །དགྱེས་རྒུའི་མཐུན་རྐྱེན་མ་ཚང་མེད་པ་ཡིས། །གཏེར་བདག་འབར་བ་སྤུན་བདུན་མངའ་གསོལ་ལོ། ཁྲི་མཆོག་རེག་ན་འཇམ་པའི་གོས་ཀྱིས་བཀབ། །སྤྱད་པར་འོས་པའི་ན་བཟའ་སྣ་ཚོགས་དང་། །ཡིད་འཕྲོག་སྤྱན་གཟིགས་ཚར་དུ་དངར་བ་ཡིས། །མཐུ་ལྡན་བཙན་རྒོད་མཆེད་བདུན་མངའ་གསོལ་ལོ། །འཕན་གདུགས་རྒྱལ་མཚན་ནམ་མཁའི་ཁྱོན་ཀུན་ཁེབས། །རིན་ཆེན་སྨན་འབྲུའི་ཕུང་པོས་ས་གཞི་གང་། །དར་ཟབ་ལྷབ་ལྷུབ་བར་སྣང་ཁྱབ་པ་ཡིས། །བསྟན་སྲུང་རྒྱལ་པོ་མཆེད་བདུན་མངའ་གསོལ་ལོ། །བྱ་གཅན་རི་དྭགས་གཡུང་དྭགས་ཆུ་གནས་སོགས། །ཉམས་རྩལ་སྟོབས་ལྡན་ཡིད་འོང་གཟུགས་འགྲོས་དང་། །ལྷ་མིའི་དཀོར་ཆ་དཔག་ཏུ་མེད་པ་ཡིས། །བསེ་ཡི་སྐྱེས་བུ་མཆེད་བདུན་མངའ་གསོལ་ལོ། །རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་། །འཇིག་རྟེན་ཆེ་དགུ་རྣམས་ཀྱི་གཟི་བརྗིད་དང་། །བརྟན་དང་གཡོ་བའི་དྭངས་བཅུད་མ་ལུས་པས། །དབང་གི་བཀའ་ཉན་མཆེད་བདུན་མངའ་གསོལ་ལོ། །རིག་སྟོང་ལྟ་བ་ཐུགས་ཀྱི་རྟོགས་པ་དང་། །རླུང་སྔགས་བཟླས་པ་གསུང་གི་ནུས་པ་དང་། །གསལ་བརྟན་སྒོམ་པ་སྐུ་ཡི་གཟི་བྱིན་གྱིས། །དམ་ལྡན་དགེ་བསྙེན་འཁོར་བཅས་མངའ་གསོལ་ལོ། །སྐུ་ལ་མངའ་གསོལ་དགྱེས་པའི་གཟི་མདངས་སྐྱེད། །གསུང་ལ་མངའ་གསོལ་ནུས་པའི་རྩལ་ཆེན་ཕྱུངས། །ཐུགས་ལ་མངའ་གསོལ་སྒྲུབ་པོར་བུ་བཞིན་དགོངས། །ཡོན་ཏན་མངའ་གསོལ་ཆེ་བའི་མངོན་རྟོགས་ངོམས། །ཕྲིན་ལས་མངའ་གསོལ་དྲག་རྩལ་ཐོག་ལྟར་ཕོབ། །གཡེལ་ཞིང་རྒུད་པར་གྱུར་ཀུན་སོར་ཆུད་ནས། །ཕྱོགས་ལས་རྣམ་རྒྱལ་བསྟན་པའི་བ་དན་སྒྲེངས། །ཅི་ལྟར་གསོལ་པའི་ལས་ཀུན་སྒྲུབ་པར་མཛོད། །སྐོང་བ་ལོགས་སུ་སྤྲོ་ན། སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ། ཀྱེ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱོད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྟོང་སྡེའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང༔ ལས་བཞིའི་ཕོ་ཉའི་ཐུགས་དམ་བསྐང༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་ཤན་པ་རོ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་བཀྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་བྲི་གོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་གྲངས་གསོག་པའམ། ཚིག་ཕྲེང་གཞན་ཡང་སྤྲོ་ན། ཧྲཱིཿ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཡངས་ནས། །དབང་ཆེན་རོལ་པའི་ཕྲིན་ལས་སྒྱུ་མའི་གར། །ཆེ་བཙན་གནོད་སྦྱིན་ཆེན་པོ་དྲག་ཤུལ་ཅན། །འཁོར་བཅས་ཐུགས་དམ་སྐོང་བའི་དམ་རྫས་ནི། ཁྲུས་ཆབ་ཉེར་སྤྱོད་རོལ་མོའི་སྒྲ་དབྱངས་སྙན། །དབང་པོ་ཚིམ་བྱེད་འདོད་ཡོན་དཔག་ཏུ་མེད། །མྱོས་བྱེད་ཁྲག་གི་བཏུང་བ་མཚོ་ལྟར་བསྐྱིལ། །བཟའ་བཅའ་ཞལ་ཟས་གཏོར་ཚོགས་རི་ལྟར་སྤུངས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན། །ལྷ་མིའི་དཔལ་འབྱོར་ནམ་མཁའི་མཛོད་དུ་གཏིབས། །ཕྱི་ནང་གསང་བ་བརྟེན་སྒྲུབ་མཆོད་པ་སོགས། །དགྱེས་པའི་མཐུན་རྫས་ས་གཞིའི་ཁམས་ཀུན་གང་། །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན་ཆ་དང་། །བརྗིད་པའི་སྤྱན་གཟིགས་ཕྱོགས་ཀུན་དོག་པོར་བྱེད། །བཙན་མདུང་བཙན་ཞགས་དྲེགས་པ་སྡུད་ཅིང་འཁོལ། །བྱ་དམར་ཁྱི་དམར་དགྲ་བོའི་བླ་ལ་འཇབ། །ཤུགས་ལྡན་རྟ་མཆོག་མཚལ་ལུ་རྒྱན་གྱིས་སྤྲས། །བཞུགས་པའི་ཕོ་བྲང་ཆགས་པའི་བླ་རྡོ་བཀྲམ། །འབྲུ་མར་རིན་ཆེན་ནོར་དབྱིག་ཕྱུར་བུར་སྤུངས། །གཟུགས་འགྲོས་སྣ་ཚོགས་མཁོ་རྒུ་ཆར་དུ་འབེབ། །ལྷ་རྫས་གོས་དང་རྒྱན་ཕྲེང་ཚར་དུ་དངར། །ཕྱི་ཡི་མཆོད་སྤྲིན་དངོས་འབྱོར་ཡིད་ཀྱིས་སྤྲུལ། ཁྱད་པར་དམ་ཚིག་དཀའ་བ་དང་དུ་བླངས། །གནད་ཀྱི་ཐུགས་དམ་སྙིང་གི་ཐིག་ལེར་འགྲོགས། །ལྷ་སྔགས་ཏིང་འཛིན་དགོངས་པས་བྱིན་གྱིས་བརླབས། །ཟག་མེད་བདེ་བའི་ནུས་འབྱིན་རྨད་བྱུང་འདིས། །བསྟན་སྲུང་བཙན་རྒོད་ཆེན་པོའི་ཐུགས་དམ་བསྐང། །ཆོས་འཁོར་ཡོངས་ཀྱི་བདག་པོའི་ཐུགས༴ ཟབ་གཏེར་ཀུན་གྱི་མཛོད་འཛིན་ཐུགས༴ དྲག་གཏུམ་བསེ་ཡི་སྐྱེས་བུའི་ཐུགས༴ འཇིགས་བྱེད་བཙན་གྱི་གིང་ཆེན་ཐུགས༴ རྣལ་འབྱོར་དགྲ་བླ་གཉན་པོའི་ཐུགས༴ གནོད་སྦྱིན་ཙིཏྟ་དམར་པོའི་ཐུགས༴ སྐུ་ལྷ་ཞལ་གྱི་ལྷ་བཙན་ཐུགས༴ གྲོ་ཤོད་བོད་ཀྱི་དམག་རྗེའི་ཐུགས༴ རཱ་ཙ་གོང་སྔོན་ཀླུ་བཙན་ཐུགས༴ །རྡོ་རིང་དམར་པོའི་གྲིབ་བཙན་ཐུགས༴ ཀང་ཀ་ཐོད་ནག་བདུད་བཙན༴ རྩལ་ཐོག་རྒྱུག་གི་གྲི་བཙན༴ སྡོང་ཟླ་སྡེ་བརྒྱད་དྲེགས་པའི་ཐུགས༴ བཙན་དམག་བྱེ་བ་འབུམ་སྡེའི་ཐུགས༴ དཀོར་སྲུང་ཕོ་ཉའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཕྱི་ནང་གསང་བའི་ཐུགས་དམ་གཉན་པོ་ལ། །འགལ་འཁྲུལ་ཉམས་ཆག་འགྱོད་པས་མཐོལ་བཤགས་ན། །བཟོད་པར་དགོངས་ལ་དགྱེས་པའི་ཞལ་རས་སྟོན། །བྱམས་པའི་ཐུགས་ཀྱིས་སྤུན་གྲོགས་བུ་བཞིན་དགོངས། །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སོགས། །འདོད་པའི་དོན་རྣམས་གཡེལ་མེད་བསྒྲུབ་པར་མཛོད། །ཅེས་ཐུགས་དམ་ལེགས་པར་བསྐངས་ནས། འདོད་པའི་དོན་ལ་ཕྲིན་ལས་བཅོལ་བ་ནི། ཧྲཱིཿཧཱུྃ་བྷྱོཿ དཔལ་ཆེན་པདྨ་དབང་གི་བཀའ་ཉན་པ། །ཆེ་བཙན་འཇིགས་བྱེད་འབར་བ་མཆེད་སྡེ་བདུན། །དྲེགས་པ་སྡེ་བརྒྱད་སྡོང་ཟླའི་ཚོགས་རྣམས་དང་། །འཁོར་གཡོག་དཀོར་སྲུང་སྤྲུལ་པར་བཅས་པ་རྣམས། །རྡོ་རྗེ་སྲིན་པོ་རྟ་མཆོག་ཧེ་རུ་ཀ །པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་མ་བསྙེལ་བར། །ཇི་ལྟར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་རྒྱལ་མཚན་སྲིད་པའི་རྩེ་མོར་ཕྱོར། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཕྲིན་ལས་སྤེལ། །དགེ་འདུན་འདུས་པའི་སྡེ་རྣམས་དར་རྒྱས་མཛོད། །རྡོ་རྗེའི་ཉེ་ལམ་ཞུགས་པའི་སྤོང་བ་པར། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་འཚོ་བ་སྦྱོར། །བསླབ་སྡོམ་བརྟུལ་ཞུགས་ལེགས་འཆང་ཀློག་པའི་གྲྭ །མཁས་ཚུལ་དགུ་ཡི་ཕྲིན་ལས་དར་བར་མཛོད། །ཆོས་སྐྱོང་རྒྱལ་པོའི་དབུ་འཕངས་དགུང་ལྟར་མཐོ། །ཆོས་ལྡན་རྒྱལ་སྲིད་དར་རྒྱས་བརྟན་པ་དང་། །བསྟན་ལ་ཞུགས་པའི་བློན་འབངས་ཁྱིམ་བདག་རྣམས། །འགལ་རྐྱེན་ཀུན་ཞི་འབྱོར་དྲུག་རྒྱས་པར་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་ཞི། །ལོ་ཕྱུགས་ལེགས་ཤིང་བདེ་དགས་འཚོ་བ་དང་། །སྡིག་ལས་ཟློག་ཅིང་དགེ་ལ་གཞོལ་བ་ཡི། །བློ་གྲོས་ཡར་ཟླ་བཞིན་དུ་འཕེལ་བར་མཛོད། །ཆོས་ཁྲིམས་བཀའ་ལས་འགལ་བ་བསྟན་པའི་དགྲ །སྡེ་རིགས་གང་དུ་འདུག་ཀྱང་ཚར་ཆོད་ལ། །བསྟན་འགྲོར་ཕན་པའི་མཐུ་ལྡན་སྐྱེས་བུ་རྣམས། །ལྷག་བསམ་མཐའ་རུ་ཕྱིན་པའི་སྡོངས་གྲོགས་མཛོད། །བསྟན་དང་འགྲོ་བའི་བདེ་སྐྱིད་འཇོམས་བྱེད་པ། །མི་དང་མི་མིན་ནག་ཕྱོགས་ཀླ་ཀློའི་དཔུང་། །མིང་རུས་རྡུལ་ཕྲན་ཙམ་ཡང་མ་མཆིས་པའི། །དྲག་པོའི་གར་གྱིས་ས་གསུམ་གཡོ་བར་མཛོད། །སྒྲུབ་པའི་རྣལ་འབྱོར་འཁོར་སློབ་སྦྱིན་བདག་ལ། །མངོན་མཐོ་ངེས་ལེགས་བར་དུ་གཅོད་པའི་གེགས། །གཟུགས་ཅན་གཟུགས་མེད་སྲི་ཀེག་རྦོད་གཏོང་སོགས། །དྲག་ཤུལ་སྟོབས་ཀྱི་འཁོར་ལོས་ཕྱིར་ཟློག་མཛོད། །ནད་གདོན་འཇིགས་བརྒྱད་རྨིས་ལྟས་མཚན་ངན་ཞི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་རྒྱས། །ལྷ་འདྲེ་མི་གསུམ་སྣང་བ་དབང་དུ་འདུས། །དགྲ་བགེགས་ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད། ཁ་སྨྲས་གླེང་གཞི་དགྲ་ཇག་ཆོམ་རྐུན་དང་། །འབྱུང་བཞི་ཉམ་ངའི་གནོད་འཚེ་སྐྱོབ་པ་སོགས། །གཞི་བྱེས་ཉེ་རིང་འགྲོ་འདུག་ཐམས་ཅད་དུ། །མི་འབྲལ་ལུས་དང་གྲིབ་བཞིན་སྐྱོང་བར་མཛོད། །རྩ་བརྒྱུད་བླ་མས་ཇི་ལྟར་བསྒོས་པ་དང་། །བདག་གིས་གསོལ་པའི་འདོད་དོན་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབས་ནས་དགྱེས་པའི་ཞལ། །སྤྲིན་བྲལ་ཟླ་བ་ལྟ་བུར་སྣང་བར་མཛོད། །སྐབས་སུ་དྲག་པོར་བསྐུལ་བར་འདོད་ན་དམར་གཏོར་ལ་དགྲ་བགེགས་བཀུག་ཅིང་བྱིན་གྱིས་བརླབས་པ་བསྟབས་པས་དགྱེས་པར་བྱས་ལ་རྩ་བའི་གཞུང་ལས་འབྱུང་བ་རྡོ་རྗེའི་ཚིག་གིས་དྲག་ཏུ་བསྐུལ་ལོ། །སྐྱེ་བརྒྱུད་མཚང་ནས་སྔོག་པ་སོགས་ནི་ལས་འགྱངས་པའམ། རྣལ་འབྱོར་པ་རྟོགས་དགོངས་དང་ལྡན་པ་ལ་འགལ་བ་མེད་ཀྱི་ཅི་རུང་རུང་དུ་བྱ་བ་མ་ཡིན་ནོ། །རྗེས་ཀྱི་བྱ་བ་སྲུང་བའི་ལས་རིམ་གཞན་དང་མཐུན་ཞིང་། གལ་ཏེ་བླ་རྡོ་ལ་སོགས་པའི་རྟེན་ཡོད་ན། དམ་ལྡན་ཆོས་སྐྱོང་ཆེན་པོ་འཁོར་དང་བཅས། །གཏའ་རུ་བཙུགས་པའི་རྟེན་དང་བསྒྲུབ་རྫས་ལ། །ཙནྡན་དྲི་ངད་བཞིན་དུ་མི་འབྲལ་བར། །བརྟན་པར་བཞུགས་ནས་བདག་འཁོར་བསྲུང་དུ་གསོལ། །ཆོས་འཁོར་ཕྱི་ནང་སྡེ་རིས་ཡོ་བྱད་བཅས། ཁྱོད་ལ་གཉེར་དུ་གཏད་དོ་མ་གཡེལ་སྐྱོངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཀྱིས། །འཛམ་གླིང་ཐ་གྲུར་ཁྱབ་པའི་བཀྲ་ཤིས་སྩོལ། །ཞེས་ཙནྡན་དང་དྲི་ངད་བཞིན་འབྲལ་མེད་དུ་བཞུགས་ཤིང་ཆགས་པར་མོས་ལ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། རྟེན་བཙུགས་པ་མེད་ཅིང་གསོལ་མཆོད་དཀྱུས་མ་འཕྲལ་གཏོང་གི་རིགས་ལ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། བརྗོད་པས་དྲེགས་བྱེད་འཁོར་བཅས་དགྱེས་པ་དང་ལྡན་པས་རང་གནས་སུ་གཤེགས་པར་མོས་ལ། མཐར་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་དགེ་ལེགས་སུ་བྱའོ། །དམ་ཆོས་རིན་ཆེན་གཏེར་གྱི་མཛོད་སྲུང་བ། །སྟོབས་ལྡན་དགྲ་བླའི་རྒྱལ་པོའི་ཕྲིན་ལས་ཀྱི། །བྱང་བུ་རབ་དགའི་རྒྱུད་མངས་འདི་བསྒྲགས་པས། །བསྟན་སྲུང་དགྱེས་པའི་འཛུམ་ཞལ་གསལ་བ་དང་། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རིང་ལུགས་བ་དན་མི་ནུབ་སྲིད་པའི་རྩེར། །སྒྲེང་བའི་བརྟུལ་བ་བརྟན་པོ་མི་དོར་བས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །ཅེས་པ་འདིའང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རིགས་ཆོས་ཀྱི་རྒྱུད་པ་འཛིན་པ་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས། རིན་ཆེན་གཉིས་པའི་གནང་སྐྱེས་བཅས་བཀའ་བསྩལ་གྱི་ཅོད་པན་སྤྱི་བོར་བཀོད་དེ། ཆོས་སྐྱོང་ཉིད་རྟག་ཏུ་དགྱེས་རྒུས་རོལ་པའི་ཆོས་འཁོར་ཆེན་པོ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་སུ། སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བྲིས་པ་སྙིང་པོའི་བསྟན་པ་འཛམ་གླིང་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་རྒྱུད་དང་གདམས་པ་ (Volume 28, Text 24)

༁ྃ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་རྒྱུད་དང་གདམས་པ་བཞུགས་པ་ལགས་སོ༔ རྒྱ་གར་སྐད་དུ༔ ཨཱརྱ་བཛྲ་པཱ་ཎི་ཀཱ་རུ་ཎ་ཏནྟྲ༔ བོད་སྐད་དུ༔ འཕགས་པ་ལག་ན་རྡོ་རྗེ་ཁྱུང་གི་གསང་སྒྲུབ་ཅེས་བྱ་བའི་རྒྱུད༔ དཔལ་ཕྱག་ན་རྡོ་རྗེ་སྤྲུལ་པའི་ཁྱུང་ཆེན་འབར་བའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ འཁོར་དུ་བྱང་སེམས་ཉན་ཐོས་དང༔ ལྷ་དང་མི་དང་ལྷ་མ་ཡིན༔ མཁའ་ལྡིང་ཀླུ་དང་གནོད་སྦྱིན་སོགས༔ བསམ་མི་ཁྱབ་དང་ཐབས་གཅིག་བཞུགས༔ དེ་ཚེ་ལྷ་དབང་བརྒྱ་བྱིན་བུ༔ དྲི་མེད་འོད་ཅེས་བྱ་བ་ལ༔ ཀླུ་གདུག་དུག་ཕྲེང་ཞེས་བྱ་བས༔ ཙི་ཙི་ཛྭ་ལའི་ནད་བཏང་སྟེ༔ ལྷ་དབང་ཐུགས་རབ་མ་བདེ་ནས༔ བཅོམ་ལྡན་འདས་ལ་འདི་སྐད་གསོལ༔ ཀྱཻ་བཅོམ་ལྡན་ཐུགས་རྗེ་ཅན༔ འགྲོ་བ་སྨིན་པར་བྱེད་པ་ལ༔ བྱིན་རླབས་ཆུ་བོ་ཇི་ལྟར་འབེབས༔ ནད་དང་གདོན་གྱིས་ཉེན་པ་ལ༔ སྲུང་བའི་མཆོག་ནི་ཇི་ལྟ་བུ༔ གདུག་པ་ཅན་རྣམས་ཇི་ལྟར་འདུལ༔ དགྲ་བོ་སྒྲོལ་ལུགས་ཇི་ལྟར་བུ༔ མཚན་མ་རྟགས་ལ་ཇི་ལྟར་དབབ༔ གདུག་པ་ཀླུ་ལ་ཇི་ལྟར་གཏད༔ དྲག་པོའི་སྐྱིན་འདངས་ཇི་ལྟར་དབབ༔ སྦྱིན་སྲེག་ཞི་དྲག་ཇི་ལྟར་བགྱིད༔ མི་རྒོད་ཇག་པ་ཇི་ལྟར་འཆིང༔ རྒྱལ་བསེན་འདུལ་ན་ཇི་ལྟར་འདུལ༔ དྲག་པོའི་མནན་པ་ཇི་ལྟར་བྱ༔ ཕྱི་རབས་རྣམས་ཀྱི་དོན་ཆེད་དུ༔ བརྩེ་བས་བདག་ལ་བཀའ་བསྩལ་འཚལ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་ནི་རབ་དགྱེས་ཏེ༔ ཞལ་གྱི་དབང་པོའི་པདྨོ་རུ༔ ཚངས་པའི་དབྱངས་དང་ལྡན་པ་ཡིས༔ འདི་སྐད་ཅེས་ནི་བཀའ་བསྩལ་པ༔ ལེགས་པར་ཉོན་ལ་ལྷ་དབང་གཙོ༔ ཕྱི་རབས་འགྲོ་བ་སེམས་ཅན་ལ༔ སྨིན་པར་བྱེད་པའི་གདམས་པ་དང༔ ཙི་ཙི་ཛྭ་ལའི་ནད་རྣམས་དང༔ བགེགས་དང་མ་རུངས་འདུལ་བ་དང༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ རྒྱུད་ཀྱི་དོན་རྣམས་ངས་བཤད་ཀྱིས༔ ལེགས་པར་ཉོན་ལ་ཡིད་ལ་ཟུངས༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ དང་པོ་སྨིན་བྱེད་གདམས་པ་བསྟན༔ མཎྜལ་འདོམ་གང་གྲུ་བཞི་ལ༔ ཆང་དང་དྲི་ཡིས་ཆག་ཆག་གདབ༔ ཚངས་ཆེན་ཐིག་གདབ་དབུས་དག་ཏུ༔ གྲུ་གསུམ་མཐིང་ནག་ཟླ་གམ་དམར༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་སེར༔ གོང་རས་ལྗང་གུ་མུ་ཁྱུད་དམར༔ སྒོ་ནི་ཕྱོགས་དང་བསྟུན་པར་བྱ༔ རེ་ཁཱ་རྩིགས་པ་ཕ་གུ་དང༔ འདོད་ཡོན་མུན་པ་དྲ་ཕྱེད་བཅས༔ རྟ་བབས་ལ་སོགས་སྤྱིར་བསྟན་ལྟར༔ ལྕགས་རི་ནག་པོ་པདྨ་དང༔ རྡོ་རྗེ་མེ་རི་ལྡན་པ་རྣམས༔ ལེགས་པར་བྲིས་ཏེ་ལྷ་ཚོགས་བཀོད༔ དབུས་སུ་ལག་ན་རྡོ་རྗེ་དང༔ སྤྲུལ་པའི་ཁྱུང་ཆེན་བཅས་པ་བཀོད༔ རྩིབས་བཞིར་རིགས་ཀྱི་ཁྱུང་བཞི་བཀོད༔ གཞན་ཡང་བཀོད་པའི་བྱེ་བྲག་ནི༔ རིན་ཆེན་བུམ་པ་གས་ཆག་མེད༔ ཅོད་པན་ཁ་རྒྱན་མགུལ་ཆིངས་དང༔ གཟུངས་ཐག་དང་ལྡན་བུམ་པ་སྟེ༔ དཀྱིལ་འཁོར་ཆེན་པོའི་དབུས་སུ་དགོད༔ ནང་དུ་སྨན་འབྲུ་ལ་སོགས་པའི༔ བུམ་རྫས་སྣ་ཚོགས་བླུག་པ་ཡི༔ ལས་ཀྱི་བུམ་པ་ཤར་དུ་བཀོད༔ གཏོར་ཚོགས་ལ་སོགས་མཆོད་པ་དང༔ བཀོད་པའི་ཁྱད་པར་རྒྱས་པར་བཤམ༔ དེ་ནས་བདག་ཉིད་སྐད་ཅིག་གིས༔ ལག་ན་རྡོ་རྗེར་གསལ་བ་ཡི༔ ངང་ལས་བསྙེན་པ་ཁྲི་ཚོ་བཟླ༔ བདག་བསྐྱེད་མདུན་བསྐྱེད་བུམ་ཆུ་ཞུ༔ ཡེ་ཤེས་བདུད་རྩི་དགུག་གཞུག་བྱ༔ དཀྱིལ་འཁོར་མཆོད་བསྟོད་ལེགས་གྲུབ་ནས༔ ལས་ལྡན་སློབ་མ་དུ་ཡོད་རྣམས༔ ལས་ཀྱི་བུམ་པས་ཁྲུས་བྱ་ཞིང༔ གྲལ་འཁོད་སྐྱབས་འགྲོ་སྡོམ་པ་ཕོག༔ དྲང་དོན་ངེས་པའི་ཆོས་ཀྱང་བཤད༔ སྲུང་སྐུད་སྔོན་པོ་སུམ་བསྒྲིལ་ལ༔ ལག་ན་རྡོ་རྗེའི་གཟུངས་བཟླས་ཤིང༔ བར་ཆད་བསྲུང་ཕྱིར་ལུས་ལ་གདགས༔ དངོས་གྲུབ་པྲ་བརྟག་བྱ་བའི་ཕྱིར༔ སོ་ཤིང་ཀུ་ཤ་སྔས་སྟན་སྦྱིན༔ ངེས་དོན་སྔགས་སྤྲོའི་ཆོས་བཤད་བྱ༔ དེ་ནས་དངོས་གཞིར་འཇུག་པ་ལ༔ སློབ་བུའི་མིག་ལ་སེང་རས་བཀབ༔ ལས་ཀྱི་རྡོ་རྗེས་ཁྲིད་ནས་ཀྱང༔ ད་ལ་ལན་གསུམ་བསྐོར་ཏེ་འདུག༔ སློབ་མས་འདི་སྐད་དབྱངས་ཀྱིས་ཞུ༔ ཀྱེ་ཧོ་གསང་བདག་རྡོ་རྗེ་འཛིན༔ བདག་ཅག་ཐེག་ཆེན་སར་ཞུགས་ཤིང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ལག་ན་རྡོ་རྗེ་གསང་བ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ཞེས་པ་མགྲིན་གཅིག་ཞུས་པའི་ལན༔ རྡོ་རྗེ་འཛིན་པས་འདི་སྐད་སྦྱིན༔ ཨེ་མ་དད་ལྡན་རིགས་ཀྱི་བུ༔ ང་ཡི་གསང་སྔགས་རྒྱལ་པོ་འདི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཆེན་པོའི་གསང་ཡིན་པས༔ གང་རུང་འཇུག་པ་མ་ཡིན་ཏེ༔ དམ་ཚིག་བསྲུང་བར་ནུས་ལ་སྦྱིན༔ ཞེས་པའི་ལན་དུ་སློབ་བུས་ཞུ༔ རྡོ་རྗེ་འཛིན་པ་གསང་བའི་བདག༔ བདག་ཅག་ཡིད་ཆེས་དད་པར་ལྡན༔ ཐབས་ཆེན་ཐེག་པར་འཇུག་པར་མོས༔ དམ་ཚིག་མིག་འབྲས་ལྟ་བུར་བཙའ༔ གསང་བདག་ཐུགས་རྗེས་གནང་བར་མཛོད༔ ཅེས་པའི་ལན་དུ་སློབ་དཔོན་གྱིས༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ༔ རིགས་ཀྱི་འཇུག་པ་བརྟག་པའི་ཕྱིར༔ ཅོད་པན་མེ་ཏོག་དོར་བར་གྱིས༔ ཞེས་པའི་བརྡ་ཚིག་དོན་སྤྲད་ཅིང༔ མེ་ཏོག་སྔོན་པོའི་ཅོད་པན་ནི༔ ད་ལའི་དབུས་སུ་དོར་བྱས་ལ༔ ཀྱཻ༔ ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ༔ ཕྲིན་ལས་རྣམ་བཞི་བསྒྲུབ་བྱའི་ཕྱིར༔ རིགས་ཀྱི་མེ་ཏོག་འདི་དོར་བས༔ རིགས་ཀྱི་ལྷ་ལ་ཕོག་པར་ཤོག༔ ཅེས་བརྗོད་མེ་ཏོག་དོར་བ་ཡིས༔ གང་བབས་ལྷ་ཡི་གསང་མཚན་གདགས༔ དེ་ནས་ད་ལའི་ཁ་དོག་བརྟག༔ ཕྲིན་ལས་གང་འགྲུབ་བརྡ་དོན་སྤྲད༔ རིན་ཆེན་རཏྣའི་ཐུར་མ་ཡིས༔ མིག་དབྱེའི་ཚུལ་གྱིས་འདི་སྐད་དོ༔ ཁྱོད་ཀྱི་རྨོངས་པའི་མ་རིག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ མཐོང་བ་དོན་ལྡན་འདི་ལ་ལྟོས༔ བལྟས་ཙམ་ཉིད་ནས་དོན་ཆེན་འགྲུབ༔ ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ མིག་དར་བཀྲོལ་ལ་ད་ལ་བསྟན༔ ཡེ་ཤེས་རྡོ་རྗེ་སྤྱི་བོར་བཞག༔ གསང་བའི་དམ་ཚིག་འདི་ལྟར་འབོགས༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་རྡོ་རྗེ་ཆེན་པོ་འདི༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིན༔ གསང་ཆེན་དམ་ཚིག་ཐུབ་པར་སྲུངས༔ སློབ་མས་འདི་སྐད་ལན་དུ་གསོལ༔ ཀྱཻ་དཔལ་ཆེན་རྡོ་རྗེ་འཛིན༔ བདག་ཅག་དུས་འདི་ནས་བཟུང་སྟེ༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཇི་ལྟར་བསྟན་བཞིན་ཡེངས་མེད་བསྲུང༔ གསང་བདག་གྲལ་དུ་འགོད་པར་འཚལ༔ ཞེས་པས་ཞུ་བ་ཕུལ་ནས་ནི༔ རྡོ་རྗེ་འཛིན་པས་རྡོ་རྗེར་བཅས༔ ཐོད་པའི་བདུད་རྩི་འཐུང་གཞུག་ཅིང༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ གསང་བའི་དམ་ཚིག་མ་ཉམས་ན༔ ཡེ་ཤེས་སེམས་དཔར་གྱུར་ནས་ནི༔ སྙིང་གི་དཀྱིལ་དུ་རབ་ཞུགས་ནས༔ ཚེ་གཅིག་ཐེག་ཆེན་ས་ཐོབ་འགྱུར༔ དམ་ཚིག་ཆེན་པོ་ལས་འདས་ན༔ གཤེད་མའི་ཁྱུང་དུ་སྤྲུལ་ནས་ནི༔ སྙིང་གི་དཀྱིལ་དུ་རབ་ཞུགས་ཏེ༔ དམྱལ་བའི་གནས་སུ་སྲེག་པར་བྱེད༔ དེ་བས་དམ་ཚིག་སྲོག་ལྟར་སྲུངས༔ ས་མ་ཡ༔ ཨི་དན་ཏེ༔ ན་ར་ཀན༔ ཞེས་པས་དམ་ཚིག་རྣམ་དབྱེ་དབོག༔ ཇི་ལྟར་སྲུང་བའི་རིམ་པ་བསྟན༔ དེ་ནས་དད་ལྡན་སློབ་མ་རྣམས༔ དམ་ཚིག་སེམས་དཔར་གསལ་བཏབ་ལ༔ ལག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ ཡེ་ཤེས་སེམས་དཔའི་རང་བཞིན་དུ༔ སྤྱན་དྲངས་སློབ་མ་རྣམས་ལ་བསྟིམ༔ རོལ་མོ་བརྡུང་ཞིང་དྲག་སྔགས་རྣམས༔ རིག་པའི་ངར་བསྐྱེད་དྲག་ཏུ་བཟླ༔ སྔགས་ཀྱི་བརྡ་སྤྲོད་འཛབ་དབྱངས་བཟླ༔ འཁྲབ་འདར་འཕྲིག་དང་ང་རོ་སྒྲོག༔ འདི་དག་ཡེ་ཤེས་ཕེབས་པ་ཡིན༔ དེ་ནས་སློབ་དཔོན་ཆས་ལྡན་གྱིས༔ དད་ལྡན་བུ་ལ་དགོངས་པ་གཏད༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་བསྐུར༔ དད་ལྡན་བུ་ཡིས་བླ་མ་ལ༔ སྐུ་ཡི་དབང་མཆོག་ཞུ་བའི་ཕྱིར༔ མཎྜལ་ཡིད་འོང་མཛེས་པར་ཕུལ༔ ཚིག་འདིས་གདུང་ཤུགས་ལྡན་པས་ཞུ༔ ཀྱཻ་བླ་མ་རྡོ་རྗེ་འཛིན༔ དཔལ་ལྡན་ལག་ན་རྡོ་རྗེ་ཡི༔ སྐུ་ཡི་དབང་མཆོག་དམ་པ་འདི༔ ད་ལྟ་བདག་ལ་བསྐུར་དུ་གསོལ༔ ཞེས་པས་གསོལ་ཞིང་བསྐུལ་བའི་མཐར༔ བླ་མས་སློབ་མའི་སྤྱི་བོ་རུ༔ ལག་ན་རྡོ་རྗེའི་སྐུ་བཟུང་སྟེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ སྐུ་ཡི་དབང་མཆོག་བསྐུར་བྱས་པས༔ རྡོ་རྗེ་ལྟ་བུའི་ལུས་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨོཾ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ སྐུ་ལས་འོད་ཟེར་འཕྲོས་པ་ཡིས༔ སློབ་མའི་ལུས་ཉིད་རབ་ཞུ་སྟེ༔ ལག་ན་རྡོ་རྗེའི་སྐུར་དམིགས་སོ༔ དེ་ནས་གསུང་དབང་ཞུ་བའི་ཕྱིར༔ མཎྜལ་ཕུལ་ལ་ཚིག་འདིས་ཞུ༔ ཀྱཻ་གསང་བདག་རྡོ་རྗེ་འཛིན༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ གསུང་གི་དབང་མཆོག་དམ་པ་ནི༔ དེང་འདིར་བདག་ལ་གནང་དུ་གསོལ༔ ཞེས་པ་གདུང་ཤུགས་ལྡན་པས་ཞུ༔ རྡོ་རྗེ་འཛིན་པ་གཙོ་བོ་ཡིས༔ དད་ལྡན་སློབ་མའི་མགྲིན་པ་རུ༔ རྣམ་རྒྱལ་བུམ་པ་བཞག་ནས་ནི༔ ཧཱུྃ༔ བཀྲ་ཤིས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་རྣམ་པ་བཅུ་ལ་དབང་བྱེད་ཅིང༔ ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ༔ རྣམ་པ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག༔ ལྕེ་ཡི་སྟེང་དུ་བུམ་ཆུ་བླུགས༔ རྣམ་དག་ཡེ་ཤེས་བདུད་རྩིའི་རང་བཞིན་འདི༔ ཇི་ལྟར་ལུས་ལ་ཁྱབ་བཞིན་ངག་གྲོལ་ཏེ༔ རྡོ་རྗེའི་གསུང་དབྱངས་ཡན་ལག་དྲུག་ཅུ་ལ༔ དབང་འབྱོར་ཐོབ་ཅིང་སྔགས་ལ་དབང་འབྱོར་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨཱ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ གསུང་ལས་འོད་ཟེར་འཕྲོས་པ་ཡིས༔ སློབ་མའི་ངག་ཉིད་རྣམ་གྲོལ་ཏེ༔ ནུས་པའི་སྟོབས་དང་ལྡན་པར་དམིགས༔ དེ་ནས་ཐུགས་དབང་ཞུ་བའི་ཕྱིར༔ མཎྜལ་ཡིད་འོང་ལེགས་ཕུལ་ལ༔ འདི་ལྟར་རྡོ་རྗེ་འཛིན་ལ་ཞུ༔ ཀྱཻ་གཙོ་བོ་རྡོ་རྗེ་འཛིན༔ བདག་ཅག་མ་རིག་འཁྲུལ་རྟོག་རྣམས༔ བསལ་ཕྱིར་ལག་ན་རྡོ་རྗེ་ཡི༔ ཐུགས་གསང་བདག་ལ་བསྩལ་དུ་གསོལ༔ ཞེས་ཞུས་སློབ་དཔོན་ཉིད་ཀྱིས་ཀྱང༔ ཐུགས་ཉིད་མཉམ་པའི་ངང་ལས་ནི༔ དངུལ་ལམ་ལྕགས་ཀྱི་རྡོ་རྗེ་གཅིག༔ སློབ་མའི་སྙིང་གར་རེག་བྱས་ལ༔ ཧཱུྃ༔ དྲི་མེད་ཟླ་གསང་ཙིཏྟའི་ད་ལ་རུ༔ ལག་ན་རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས༔ སྐྱེ་མེད་ངང་ལས་སྐྱེ་བའི་ཚུལ་བསྟན་ནས༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ན་རྡོ་རྗེའི་ཐུགས་ལས་འོད་འཕྲོས་པས༔ དད་དང་ལྡན་པའི་སློབ་མ་ཡི༔ སྙིང་གི་དཀྱིལ་དུ་ཞུགས་ནས་ཀྱང༔ མཁྱེན་པའི་ཡེ་ཤེས་རྒྱས་པར་བསམ༔ དེ་ནས་རྗེས་གནང་ཞུ་བའི་ཕྱིར༔ རབ་བརྩེ་གུས་པས་འདི་སྐད་ཞུ༔ ཀྱཻ་བླ་མ་གསང་བའི་བདག༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ འགྲོ་རྣམས་བདེ་ལ་འགོད་པ་དང༔ བར་གཅོད་གདུག་པ་བསྒྲལ་ཕྱིར་དང༔ ཕྲིན་ལས་རྣམ་བཞི་བསྒྲུབ་དོན་དུ༔ ལག་ན་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྗེས་གནང་སྩོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ དད་ལྡན་སྤྱི་བོར་པོ་ཏི་དང༔ ལག་ན་རྡོ་རྗེའི་སྐུ་ཞིག་བཟུང༔ ལག་པ་གཡས་སུ་རྡོ་རྗེ་གཏད༔ གཡོན་དུ་དྲིལ་བུ་སྦྲུལ་ཆུན་གཏད༔ མགྲིན་པར་སྔགས་དང་བུམ་པ་བཟུང༔ སྙིང་ཁར་ལྕགས་ཀྱི་རྡོ་རྗེ་དང༔ སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་བཟུང༔ ལག་ན་རྡོ་རྗེའི་དམིགས་པ་གསལ༔ ངག་ནས་སྙིང་པོ་བགྲང་དུ་གཞུག༔ རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ༔ རྐང་པ་རྡོ་རྗེའི་འདོར་ཐབས་བགྲད༔ རིག་པའི་ཡེ་ཤེས་ང་རྒྱལ་བསྐྱེད༔ ཧཱུྃ༔ དེང་ནས་བཟུང་སྟེ་བུ་ཁྱོད་ནི༔ ལག་ན་རྡོ་རྗེ་ཉིད་གྱུར་གྱིས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ལས་རྣམས་མ་ལུས་བསྒྲུབ་པ་དང༔ འགྲོ་རྣམས་བདེ་བའི་ལམ་ལ་ཁོད༔ སེམས་ཅན་དོན་ནི་བླ་མེད་བྱོས༔ རྡོ་རྗེ་ཆོས་ཀྱི་གོ་གྱོན་ལ༔ ཉོན་མོངས་འཁོར་བའི་དམག་དཔུང་ཟློག༔ གསང་ཆེན་ཐེག་པའི་ལས་ལ་སྦྱོར༔ ཨེ་མ་ཧོ༔ རྣམ་དག་སྐུ་ཡི་བསྐྱེད་རིམ་སྒོམས༔ འགག་མེད་གསུང་གི་སྙིང་པོ་བགྲོངས༔ དྲན་རྟོག་ལྷན་སྐྱེས་ངང་ལ་ཞོག༔ ཅེས་པས་རྗེས་སུ་གནང་བ་བྱིན༔ དཀྱིལ་འཁོར་ལྷ་ལ་མཆོད་བསྟོད་བྱ༔ མཎྜལ་ཕུལ་ལ་བཤགས་པ་དང༔ གཏང་རག་མཆོད་པ་རྒྱ་ཆེར་བརྩོན༔ དཀྱིལ་འཁོར་བསྡུ་ཞིང་ཡེ་ཤེས་གཤེགས༔ དམ་ཚིག་བསྡུས་ཏེ་བཀྲ་ཤིས་དང༔ བསྔོ་བས་རྒྱས་གདབ་ངང་ལ་བཞག༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ འགྲོ་བ་སྨིན་བྱེད་གདམས་པ་ཡི༔ དབང་གི་ལེའུ་སྟེ་གཉིས་པ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ སྲུང་བའི་མན་ངག་འདི་ལྟར་རོ༔ དེ་ལ་རྫས་ཀྱིས་སྲུང་བ་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞི་པ༔ སྟེང་དུ་ཁྲག་དང་ཆང་གིས་བྱུག༔ དེ་སྟེང་ཐིག་ཆེན་བཅུ་གཉིས་གདབ༔ གྲུ་གསུམ་མཐིང་ནག་ཟླ་གམ་དམར༔ ཙཀྲ་རྩིབས་བཞི་སེར་པོ་བྱ༔ གོང་རས་ལྗང་གུར་བྱས་ནས་ཀྱང༔ སྒོ་ཁྱམས་ལ་སོགས་ཕྱོགས་དང་བསྟུན༔ ལྕགས་རི་ནག་པོ་མེ་རི་དམར༔ དབུས་སུ་བུམ་པ་རྒྱན་ལྡན་བཞག༔ ནང་དུ་བདུད་རྩི་སྦྱར་བ་ལ༔ མུ་ཟི་ནག་དང་གུ་གུལ་ནག༔ ཨ་མྲྀཏ་དང་གླ་རྩི་དང༔ ལྡོང་རོས་སྒོག་སྐྱ་བཙན་དུག་དང༔ བུལ་ཏོག་བརྒྱད་པོ་ཞིབ་ཏུ་བཏགས༔ ཆུ་སྣ་བརྒྱད་དང་འོ་མར་སྦྱར༔ བུམ་པར་བླུགས་ལ་ཀུ་ཤ་འམ༔ ཤུག་པ་བལ་བུས་ཁ་རྒྱན་དང༔ དར་རས་སྔོན་པོས་མགུལ་ཆིངས་བྱ༔ དམར་གཏོར་མཆོད་པ་རྣམ་ལྔས་མཆོད༔ དབུས་སུ་ལག་ན་རྡོ་རྗེ་བསྒོམ༔ སྔོ་བསངས་རྡོ་རྗེ་དྲིལ་བུ་འཛིན༔ སྦྲུལ་དང་མི་སྡུག་རྒྱན་གྱིས་བརྒྱན༔ སྟག་ཤམ་པ་ཏི་ཁྲ་བོས་དཀྲིས༔ སྤྱན་གསུམ་དམར་ལ་ཟླུམ་པ་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཞབས་གཉིས་དཔའ་བོའི་འདོར་ཐབས་བགྲད༔ མེ་དཔུང་འབར་བའི་དབུས་ན་གསལ༔ དེ་ཡི་ཐུགས་ཀར་ཁྱུང་ཆེན་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་སྦྲུལ་ཞགས་འཛིན༔ མཆུ་སྡེར་གཤོག་པ་འཁོར་ལོས་མཚན༔ རྩིབས་བཞིར་ཤར་དུ་རྡོ་རྗེའི་ཁྱུང༔ མཐིང་ནག་གཡས་གཡོན་རྡོ་རྗེ་དང༔ སྦྲུལ་འཛིན་མཆུ་སྡེར་གཤོག་པ་རྣམས༔ རྡོ་རྗེ་ཕ་ལམ་དག་ལས་གྲུབ༔ ལྷོ་རུ་རིན་ཆེན་ཁྱུང་ཆེན་སེར༔ གཡས་གཡོན་རིན་ཆེན་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་རིན་ཆེན་སྤྲས༔ ནུབ་ཏུ་པདྨའི་ཁྱུང་ཆེན་དམར༔ གཡས་གཡོན་པདྨ་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་པདྨས་སྤྲས༔ བྱང་དུ་ལས་ཀྱི་ཁྱུང་ཆེན་ལྗང༔ གཡས་གཡོན་རལ་གྲི་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་རལ་གྲིས་སྤྲས༔ དེ་ལྟར་གསལ་ཞིང་སྤྱན་ཡང་དྲང༔ མཆོད་བསྟོད་རིམ་པས་དེ་མཉེས་བསྒྲུབ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བུདྡྷ་གྷ་རུ་ཎ༔ བཛྲ་གྷ་རུ་ཎ༔ རཏྣ་གྷ་རུ་ཎ༔ པདྨ་གྷ་རུ་ཎ༔ ཀརྨ་གྷ་རུ་ཎ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནི་སྔགས་བསྙེན་ཞག་བདུན་བསྒྲུབ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བུདྡྷ་གྷ་རུ་ཎ༔ བཛྲ་གྷ་རུ་ཎ༔ རཏྣ་གྷ་རུ་ཎ༔ པདྨ་གྷ་རུ་ཎ༔ ཀརྨ་གྷ་རུ་ཎ༔ ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཏ་ཀི་ཙ་ཏེ༔ བྱི་ཙ་ཏེ༔ ཧུ་ཡ་ཧུ་ཡ༔ ཧུ་ལུ་ཧུ་ལུ༔ པུ་རུ་ཏེ༔ པུ་རུ་ཏེ་སྭཱ་ཧཱ༔ དེ་ནས་བུམ་ཆུས་དག་པར་བཀྲུ༔ ཚེས་གཅིག་ནས་ནི་དགུ་སྟོང་བར༔ ནང་གི་རིགས་ལ་རབ་ཏུ་བཀྲུ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ མཎྜལ་རྫས་དང་བསྙེན་པ་སྟེ༔ བཀྲུ་བའི་ལེ་འུ་གསུམ་པ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་ཆེན་ཁྱོད་ནི་ཡང་ཉོན་ཅིག༔ མགུལ་དུ་གདགས་པའི་སྒྲིབ་ཤིང་ནི༔ དུག་གི་མུ་ཟི་གུ་གུལ་དང༔ བཙན་དུག་བ་རུའི་རྭ་གཞོབ་དང༔ མི་ཚིལ་སྲེ་མོང་སྡེར་མོ་དང༔ ཕ་བོང་དྲེག་པ་ཁྱི་ནག་བྲུན༔ གླ་རྩི་ཤུ་དག་རྨ་བྱའི་སྒྲོ༔ སྤྱང་ཀིའི་བྲུན་དང་སྒོག་སྐྱ་རྣམས༔ གཡག་རོག་རྭ་ནང་བླུགས་བྱས་ལ༔ རང་གི་མགུལ་དུ་བཏགས་གྱུར་ན༔ སྡེ་བརྒྱད་རྣམས་ཀྱི་སྒྲིབ་ཤིང་ཡིན༔ ཁྱད་པར་ས་བདག་ཀླུ་གཉན་དང༔ རྒྱལ་བསེན་དག་གིས་མཐོང་མི་འགྱུར༔ དེ་ནས་བྱུག་པའི་སྲུང་བ་ནི༔ ལུས་པོ་ཚ་ཞིང་ཐོར་བྱུང་ན༔ གཙོད་ཁུ་སྤང་སྤོས་སྦྱར་ལ་བྱུག༔ ཕོལ་དང་སེར་ཁ་བྱུང་གྱུར་ན༔ དར་ཡ་ཀན་དང་བུ་རམ་དང༔ ཆུ་རྩ་མཁྲིས་པ་སྦྱར་ལ་བྱུག༔ ལུས་ལ་མེ་ཏོག་ཤར་གྱུར་ན༔ སྤྱང་དུག་བརྡུངས་ནས་བྱུག་ན་ཕན༔ ལུས་ཀྱི་སྟོད་སྨད་ཐམས་ཅད་དུ༔ ཀོར་ཙེར་ཤུ་བ་བྱུང་གྱུར་ན༔ རྩྭ་མཆོག་དཱུར་བ་རྩི་བཞིན་བཏགས༔ ར་ལུག་སྦྲེ་དང་སྦྱར་ལ་བྱུག༔ ཤ་རོ་དག་ནི་བྱུང་གྱུར་ན༔ བ་བླ་མུ་ཟི་ལྡོང་རོས་གསུམ༔ སྦྱར་ནས་བྱུགས་པས་ཤ་རོ་གསོས༔ ལུས་ལ་ན་ཚ་མེད་པར་ནི༔ ཤུ་བ་ཐོར་པ་བྱུང་གྱུར་ན༔ རི་བོང་རིལ་མའི་ཐལ་བ་དང༔ ཏི་ཙ་ཀ་ར་གསུམ་སྦྱར་ལ༔ ཤུ་ཐོར་ཤར་སར་བྱུག་པས་ཕན༔ རྐང་པ་ཚ་ཞིང་གྲུམ་པ་ན༔ རྭ་གཞོབ་གུ་གུལ་ཚ་སྦྱར་བྱུག༔ ལུས་ལ་ཐོར་བ་བྱུང་བ་ན༔ སྤྱང་ཚེར་ཤུག་པ་ཚེར་མ་ཅན༔ དེ་གཉིས་སྦྱར་ལ་བྱུག་པ་བྱ༔ བས་ལྡག་ཤ་བཀྲ་བྱུང་བ་ན༔ གུ་གུལ་ཆུ་ཡིས་བྱུག་པས་ཕན༔ སུ་ལ་རྣམས་ནི་ན་གྱུར་ན༔ གུ་གུལ་གླ་རྩི་མ་ནུ་གསུམ༔ སྦྱར་ནས་བྱུགས་ན་རབ་ཏུ་ཕན༔ གདོང་དམར་ཤ་མདོག་འགྱུར་བ་ལ༔ དུ་བ་ཁྱི་ལུད་ཚྭ་དང་གསུམ༔ རྟ་ཡི་ཆུས་སྦྱར་བྱུགས་པས་ཕན༔ མིག་ཆུ་ལྟེང་ལྟེང་འོང་བ་དང༔ གྲུ་གསུམ་གླེ་བོར་སོང་བ་དང༔ སྣ་ཡང་རྒྱ་མདུད་དག་ཏུ་སོང༔ དེ་ལ་སྲེ་མོང་སྦལ་ཤ་དང༔ ཉ་མཁྲིས་ར་དུག་རྩ་བ་དང༔ རྭ་བཙས་ཁྱེར་བའི་ཕྱེ་མ་དང༔ ཁྱི་ལུད་སྦྱར་ནས་བྱུགས་ན་ཕན༔ གློ་སྟོང་མི་བདེ་སྐད་འགགས་ཤིང༔ གློ་སྐམ་ཐང་ཐང་འོང་བ་དང༔ ལུས་ལས་རྣག་ཁྲག་འཛག་རྣམས་ལ༔ སྤང་རྒྱན་དཀར་པོའི་རྩ་བ་དང༔ ཀ་ར་དཀར་པོ་སྲོ་ལོ་དཀར༔ ཆུ་དག་དཀར་པོ་དག་དང་གསུམ༔ རྟ་ཡི་ཆུ་དང་སྦྱར་ནས་ཀྱང༔ ལྟོ་སྟོང་བཏང་ན་རབ་ཏུ་ཕན༔ མཆུ་ནི་ཤོ་རེར་སོང་བ་དང༔ སོར་མོ་བྱི་མཇུག་དག་ཏུ་སོང༔ སྐྲ་དང་སྨིན་མ་ཁ་སྤུ་བྱི༔ བྱད་བཞིན་སྦོས་པ་རྣམས་ལ་ནི༔ ཐར་ནུ་སྲད་མའི་མེ་ཏོག་དང༔ དབྱི་མང་མེ་ཏོག་འབྲས་བུ་འམ༔ ཕུར་མོའི་ལོ་མ་སྦྱར་ལ་བྱུག༔ སྐྲ་དང་སྨིན་མ་བྱི་བ་ལ༔ དུ་བ་ཉེ་ཤིང་རྩ་བ་དང༔ སླ་ངའི་དྲེག་པ་ནག་པོ་དང༔ སོག་རུལ་བསྲེག་པའི་གཞོབ་རྣམས་ཀུན༔ མར་ནག་དང་སྦྱར་བྱུག་པས་སྐྱེ༔ རྨ་དང་སེར་ཁ་ཤ་རོ་དང༔ ཕོལ་རྡོལ་རྣམས་ལ་འདི་དག་ཤིས༔ དར་ཡ་ཀན་དང་ཆུ་དག་དང༔ བུ་རམ་ཁྱི་ལུད་སྒོག་སྐྱ་རྣམས༔ མི་ཚིལ་རྐང་དང་སྦྱར་ལ་བྱུག༔ ལུས་ཀྱི་ཤ་སྦྲིད་སྙིང་འདར་དང༔ རྐང་ན་བ་དང་གྲེ་ནད་ལ༔ སེང་ལྡེང་ཕྱེ་མ་གླ་རྩི་དང༔ ཙནྡན་དཀར་པོ་བུ་རམ་དང༔ ཨ་རུ་ར་ནི་གསེར་མདོག་རྣམས༔ ཆུ་གྲང་སྦྱར་ལ་ལྟོར་བཏང་ཕན༔ ལུས་ཀྱི་དྲི་མ་ལོག་པ་དང༔ ཤ་མདོག་རྣམས་ཀྱང་འགྱུར་བ་དང༔ ཤ་བཀྲ་བས་ལྡག་བྱུང་བ་ལ༔ གླ་རྩི་མུ་ཟི་ཤིང་ཀུན་དང༔ ཡུག་སའི་དོར་རྟ་བསྲེགས་པ་ཡི༔ ཐལ་བ་སྦྱར་ནས་བྱུགས་ན་ཕན༔ རུས་པ་སོབ་མོར་སོང་བ་དང༔ སོ་ཡི་བཀྲག་མདངས་ཤོར་བ་ལ༔ བུ་རམ་བྱང་བ་སྒོག་སྐྱ་དང༔ ར་མོ་ཤག་གི་རྩ་བ་དང༔ དེ་རྣམས་སྦྱར་ལ་བྱུགས་པས་ཕན༔ སྐྲང་སྦྲིད་མཛེ་ཤུ་གཡན་པ་དང༔ ལྷོག་འབྲས་རྨ་རྙིང་མ་སོས་ལ༔ གུ་གུལ་གླ་རྩི་བཙན་དུག་དང༔ དུག་གི་མུ་ཟི་སྒོག་སྐྱ་དང༔ ཚྭ་བཟང་བདུད་རྩི་དྲི་ཆེན་རྣམས༔ ཞིབ་བཏགས་ས་ལའི་་་མི་ཡི་་་གཤུལ་དང་སྦྱར༔ བྱུག་པ་ཡང་ཡང་བྱས་པའི་རྗེས༔ ཕྱིང་པ་སྣུམ་ཚོས་བྱས་ལ་གླན༔ དེ་ཡིས་ཕན་པར་གདོན་མི་ཟ༔ དེ་ལྟར་བསྟན་པའི་རིམ་པ་རྣམས༔ ཡུན་ནི་ནད་ཀྱི་སྐབས་དང་སྦྱར༔ ཐུན་ཚད་ནད་ཀྱི་ཚབས་ལ་དཔེས༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ སྒྲིབ་ཤིང་བྱུག་པའི་སྐོར་ཙེ་ཡི༔ ལེ་འུ་དག་ནི་བཞི་པ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་ཆེན་ཁྱོད་ནི་ཡང་ཉོན་ཅིག༔ ཏིང་འཛིན་སྲུང་བ་འདི་ལྟར་བསྒོམ༔ དེ་ལ་དང་པོ་ཐོག་མར་ནི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ རང་སེམས་ཅིར་ཡང་མི་དམིགས་ལས༔ དངོས་རྣམས་རང་བཞིན་མེད་པར་བསྒོམ༔ དེ་ནས་ཀུན་སྣང་ཏིང་འཛིན་ནི༔ དེ་ལྟར་མ་རྟོགས་སེམས་ཅན་རྣམས༔ སྙིང་རེ་རྗེ་ན་སྙམ་དུ་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་འཛིན་ནི༔ རང་སེམས་ཧཱུྃ་མཐིང་ཞིག་ཏུ་བསྒོམ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ དེ་ནས་ཚུར་འདུས་འོད་དུ་ཞུ༔ རྡོ་རྗེ་སྔོན་པོའི་ལྟེ་བ་ལ༔ ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ རང་བཞིན་གནས་ནས་གོས་སྔོན་ཅན༔ བྱ་ཁྱུང་རྒྱལ་པོའི་ཚོགས་དང་བཅས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ བསྟོད་བསྐུལ་ལ་སོགས་གསོལ་བ་གདབ༔ དེ་ནས་ཡེ་ཤེས་སེམས་དཔའ་དང༔ བདག་ཉིད་དམ་ཚིག་སེམས་དཔའ་གཉིས༔ གཉིས་མེད་འོད་དུ་ཞུ་བ་ལས༔ བདག་གི་སྒྲིབ་པ་དག་པར་བསམ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བརྗོད་པས༔ བདག་ཉིད་བཅོམ་ལྡན་གོས་སྔོན་ཅན༔ སྔོ་སངས་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་པས་སྡིགས་མཛུབ་ལོག་འདྲེན་འདུལ༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ ཞབས་གཉིས་ཉི་མ་ཟླ་བ་དང༔ སྣ་ཚོགས་པདྨ་ས་བདག་སྟེང༔ བརྐྱང་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས༔ དེ་ལྟར་གསལ་བའི་ཐུགས་ཀ་རུ༔ ཀེང་དཀར་འོད་དུ་ཞུ་བ་ལས༔ དུང་སྒོང་དཀར་པོ་གཅིག་ཏུ་གྱུར༔ དུང་སྒོང་དཀར་པོ་བརྡོལ་བ་ལས༔ བྱ་ཁྱུང་རྒྱལ་པོ་ཞེས་བྱ་བ༔ ལུས་པོ་མི་ཡི་ལུས་པོ་ལ༔ ཁྲོ་བོའི་ཆ་ལུགས་ཀུན་གྱིས་བརྒྱན༔ རལ་པ་ཚངས་པའི་དབྱིངས་སུ་སླེབ༔ གཤོག་པས་བར་སྣང་ཐམས་ཅད་ཁེངས༔ མཇུག་སྒྲོས་རྒྱ་མཚོའི་སྟེང་དུ་སླེབ༔ མཇུག་གཤོག་སྤུ་རུའི་གསེབ་རྣམས་ནས༔ བྱེ་ཚན་ཆར་པ་དཔག་མེད་འཕྲོ༔ ཀླུ་རྒྱལ་ཕོ་མོ་མ་ལུས་སྲེག༔ གནམ་ལྕགས་མཆུ་སྡེར་འབར་བ་ཡིས༔ ཀླུ་རྒྱལ་ཕོ་མོ་ཟས་སུ་ཟ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔ གཡོན་པས་ལྕགས་ཀྱུ་འབར་བ་བསྣམས༔ རྭ་ཆེན་མཛོ་རུ་ལྟ་བུར་གདེངས༔ བར་དུ་རིན་ཆེན་འབར་བས་སྤྲས༔ སྐུ་མདོག་དུང་ལྟར་དཀར་ལ་འཚེར༔ ཞབས་གཉིས་པད་ཉི་ཟླ་སྟེང་བཞུགས༔ དེ་ཡི་ཐུགས་ཀར་ཡང་སྤྲུལ་ཁྱུང༔ ཞི་རྒྱས་དབང་དྲག་སྒྲུབ་པའི་སྐུ༔ མཐིང་སེར་དམར་ལྗང་བརྗིད་པའི་མདོག༔ འཁོར་ལོ་རིན་ཆེན་པདྨ་དང༔ རལ་གྲི་འབར་བ་ཕྱག་ན་བསྣམས༔ ཁྱུང་ཞལ་རྔམ་པའི་ཆ་ལུགས་ལ༔ འདབ་ཆགས་རྒྱལ་པོའི་མཆུ་སྡེར་དང༔ རལ་གཤོག་མཇུག་མས་སྟོང་ཁམས་ཁེངས༔ དེ་ལྟར་གསལ་བའི་སྤྲུལ་པ་ལས༔ ཡང་སྤྲུལ་ཁྱུང་ཆེན་བསམ་འདས་པས༔ སྣང་སྲིད་ཐམས་ཅད་ཁྱུང་དུ་གྱུར༔ ལ་ལ་ནམ་མཁའི་ཁམས་རྣམས་ཁེབས༔ ལ་ལ་བར་སྣང་དབྱིངས་སུ་འཕུར༔ ལ་ལ་ས་གཞི་དག་ལ་འཇོལ༔ དེ་ལྟར་སྤྲུལ་པའི་ཁྱུང་རྣམས་ཀྱིས༔ ས་བདག་ཀླུ་གཉན་གདུག་པ་ཡི༔ མིག་འབྲུ་སྙིང་འབྱིན་ཤ་ལ་ཟ༔ ཁྲག་འཐུང་དེ་ཡི་དབང་པོ་སྣུབ༔ ཀླུ་ཆེན་ཁྲམ་ཁྲམ་ཟ་བྱེད་ཅིང༔ ཀླུ་ཆུང་ཁྱུར་མིད་གཏོང་བར་བྱེད༔ ཐམས་ཅད་རྡུལ་དུ་བརླག་པར་བསམ༔ དེ་ལས་ཡང་སྤྲུལ་ཁྱུང་རྣམས་ཀུན༔ སྤྲུལ་པའི་ཁྱུང་ལ་འདུས་པར་བསྒོམ༔ དེ་ལྟར་ཏིང་འཛིན་གསལ་བ་ཡིས༔ བགེགས་རྣམས་རྡུལ་དུ་བརླག་དམིགས་ལ༔ དེ་ནས་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས༔ བདག་ཉིད་དམ་ཚིག་སེམས་དཔའ་དང༔ ཡེ་ཤེས་སེམས་དཔའ་གཉིས་ཕྱེས་ལ༔ ཡེ་ཤེས་སེམས་དཔའ་རང་གནས་གཤེགས༔ དམ་ཚིག་གང་དམིགས་ངང་ལ་འོ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཏིང་ངེ་འཛིན་གྱིས་སྲུང་བ་ཡི༔ ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ དེ་ནས་ཡང་ནི་བཤད་ཀྱིས་ཉོན༔ ཀླུ་ལ་སོགས་པའི་སྡེ་བརྒྱད་ལ༔ སྔགས་ཀྱིས་སྲུང་བ་འདི་ལྟ་སྟེ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བཛྲ་གྷ་རུ་ཎ་ཧཱུྃ༔ བུདྡྷ་གྷ་རུ་ཎ་ཨོཾ༔ རཏྣ་གྷ་རུ་ཎ་ཏྲཱཾ༔ པདྨ་གྷ་རུ་ཎ་ཧྲཱི༔ ཀརྨ་གྷ་རུ་ཎ་ཨཱ༔ ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཏ་ཀི་ཙ་ཏེ་བྱི་ཙ་ཏེ༔ ཧུ་ཡ་ཧུ་ཡ༔ ཧུ་ལུ་ཧུ་ལུ༔ པུ་རུ་ཏེ༔ པུ་རུ་ཏེ་སྭཱ་ཧཱ༔ དེ་ནི་བསྙེན་སྒྲུབ་སྙིང་པོ་འོ༔ གདུག་པ་ཐམས་ཅད་འདུལ་བའི་ཕྱིར༔ དྲག་སྔགས་འདི་དག་ཤམ་བུར་གདགས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་སོད་སོད༔ ནཱ་ག་རཱ་ཙ་མཱ་ར་ཡ་བྱིང་བྱིང༔ ནཱ་ག་རཱ་ཙ་མཱ་ར་ཡ་རྨུགས་རྨུགས༔ ནཱ་ག་རཱ་ཙ་མཱ་ར་ཡ་མྱོག་མྱོག༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦུད་རྦུད༔ ནཱ་ག་རཱ་ཙའི་སྲོག་རྩ་ལ་སརྦ་ཧུར་ཐུཾ་ཛ༔ གནོད་བྱེད་ཕོ་མོ་སརྦ་ཐུཾ་རིལ་ཛ༔ མཱ་ར་ཡ་བཾ་རྦད༔ དྲག་པོའི་སྔགས་རྒོད་འདི་དག་ནི༔ བཟླས་པ་ཙམ་གྱིས་གདོན་རྣམས་བརླག༔ ཡང་སྤྲུལ་ཁྱུང་གི་སྔགས་རྒོད་འདི༔ དྲག་པོ་རྣམས་ཀྱི་ཤམ་བུ་ཡིན༔ ཁྱུང་གྷ་རུ་ཎ་ལྷང་ལྷང༔ ཙེར་ཙེར༔ ཆུམ་ཆུམ༔ ཧྲིལ་ཧྲིལ༔ ཤར་ཤར༔ སིལ་སིལ༔ གནོད་བྱེད་ཕོ་མོའི་སྙིང་ལ་མཱ་ར་ཡ་རྦད་བྷྱོ༔ རྫས་དང་ཏིང་འཛིན་སྔགས་དང་གསུམ༔ འདི་གསུམ་འཛོམ་པ་ཤིན་ཏུ་གཅེས༔ ལག་ན་རྡོ་རྗེའི་རྩ་རྒྱུད་ལས༔ དྲག་པོ་སྔགས་ཀྱི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་ཀྱིས་ཉོན༔ ལག་ན་རྡོ་རྗེ་འཁོར་བཅས་ལ༔ བསྟོད་པའི་ཕྲིན་ལས་འདི་སྐད་དོ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་གོས་སྔོན་ཅན༔ ཁྱེད་ཀྱི་སྤྱན་གྱིས་མི་གཟིགས་གང་ཡང་མེད༔ མཁྱེན་གསལ་ཐུགས་ཀྱིས་མི་མཁྱེན་གང་ཡང་མེད༔ ཁྲོ་རྒྱལ་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཁྱོད་ཀྱིས་དབང་དུ་མི་འདུས་གང་ཡང་མེད༔ བཅོལ་བའི་ལས་རྣམས་མི་འགྲུབ་གང་ཡང་མེད༔ གོས་སྔོན་ཅན་གྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཞལ་ནས་ཧཱུྃ་དང་ཕཊ་ཀྱིས་མ་ལུས་སྒྲོལ༔ མཆེ་བ་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས༔ གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་དྲིལ༔ གཡོན་པས་སྡིགས་མཛུབ་ལོག་འདྲེན་འདུལ༔ རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ ལྗགས་འདྲིལ་རྐན་སྒྲ་བརྡབ་པ་ཡིས༔ དགྲ་བགེགས་མ་ལུས་ཐལ་བར་རློག༔ གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ དབང་ཆེན་ཁྱོད་ཀྱིས་བདག་ལ་དབང་སྐུར་ཅིག༔ བྱིན་ཆེན་ཁྱོད་ཀྱིས་བདག་ལ་བྱིན་ཕོབ་ཅིག༔ བདག་ལ་རྟག་ཏུ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་པའི་ལས་རྣམས་མ་ལུས་འགྲུབ་པར་མཛོད༔ ཐུགས་ལས་སྤྲུལ་པའི་ཁྱུང་རྒོད་གདུག་པ་ཅན༔ མིག་སྔར་གང་བྱུང་ཐམས་ཅད་ཟས་སུ་ཟ༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཕྱོགས་བཅུ་ནམ་མཁའི་མཐའ་དག་ནས༔ ཡང་སྤྲུལ་ཁྱུང་དུ་མ་གྱུར་གང་ཡང་མེད༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ སྐུ་ལུས་མི་རུ་བཞུགས་པ་ནི༔ ཀླུ་རྒྱལ་ཕོ་མོ་མ་ལུས་འདུལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ སྐུ་མདོག་མི་འགྱུར་དཀར་ལ་འཚེར་བ་ནི༔ སྤྲུལ་པའི་སྐུ་ལ་དྲི་མ་མེད་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས་པ་ནི༔ དུག་ལྔ་ཡེ་ཤེས་ལྔ་རུ་ཤར་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ གཡོན་པས་ལྕགས་ཀྱུ་འབར་བ་བསྣམས་པ་ནི༔ གང་ལ་དམིགས་པའི་སྙིང་ནས་འདྲེན་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཐུགས་ལས་ཡེ་ཤེས་ཉི་ཟླ་ཤར་བ་ནི༔ ཆོས་རྣམས་ཀུན་ལ་སྐྱེ་བ་མེད་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོས་པ་ནི༔ ཁམས་གསུམ་སྲིད་གསུམ་མ་ལུས་སྒྲོལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས་པ་ནི༔ སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ལྗགས་དང་མཆུ་སྡེར་རྣོ་ལ་འགུགས་པ་ནི༔ ས་བདག་ཀླུ་གཉན་ཞལ་དུ་གསོལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ དབུ་ཡི་གཙུག་ན་རིན་ཆེན་འོད་འཕྲོ་ནི༔ སྟོང་གསུམ་འགྲོ་བའི་དབུལ་བ་སེལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ གཡས་ཀྱི་གཤོག་པ་དྲག་ཏུ་རྡེབ་པ་ནི༔ རྒྱ་མཚོ་ཆེན་པོ་གཏིང་ནས་སྐེམ་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ རྡོ་རྗེའི་མཇུག་མ་དྲག་ཏུ་བགྲད་པ་ནི༔ ས་བདག་ས་སྲིན་ཐལ་བར་རློག་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ རྡོ་རྗེའི་གཤོག་པས་འབྱུང་པོ་ཕོ་མོ་མཐའ་ནས་སྡུས༔ རྡོ་རྗེའི་སྡེར་མོས་འབྱུང་པོ་ཕོ་མོའི་སྲོག་རྩ་ཆོད༔ རྡོ་རྗེའི་མཆུ་ཡིས་ས་བདག་ཀླུ་ཡི་སྙིང་ནས་ཆུམས༔ གནོད་བྱེད་འབྱུང་པོ་འདུལ་བའི་དུས་ལ་བབ༔ ཡང་སྤྲུལ་ཁྱུང་ཆེན་འབར་བ་རིགས་བཞི་ཡང༔ མཐིང་སེར་དམར་ལྗང་འོད་ཟེར་སྣ་ཚོགས་འཕྲོ༔ ཞལ་གདངས་འདབ་གཤོག་འབར་བས་དགྲ་བགེགས་འཇོམས༔ རིགས་ཀྱི་ཁྱུང་ཆེན་བཞི་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་དུས་ལ་བབ༔ བགེགས་དང་ལོག་འདྲེན་འདུལ་བའི་དུས་ལ་བབ༔ ས་བདག་ས་སྲིན་འདུལ་བའི་དུས་ལ་བབ༔ གཉན་ཆེན་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ རྒྱལ་བསེན་ཕོ་མོ་འདུལ་བའི་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བདག་གི་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ ལག་ན་རྡོ་རྗེ་གསང་བའི་སྙིང་རྒྱུད་ལས༔ བསྟོད་ཅིང་བསྐུལ་བའི་ལེའུ་སྟེ་བདུན་པ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་དབང་བརྒྱ་བྱིན་ལེགས་པར་ཉོན༔ རྫས་ལ་ལྷག་ཆད་མེད་པ་དང༔ སྔགས་ལ་བར་ཆད་མེད་པ་དང༔ ཏིང་འཛིན་ཐང་ལྷོད་མེད་གྱུར་ན༔ མཛེ་རིགས་བཅོ་བརྒྱད་འཇོམས་པར་ངེས༔ མཛེ་ནད་བཅོ་བརྒྱད་བཤད་ཀྱིས་ཀྱང༔ བསྡུ་ན་རྣམ་པ་གསུམ་དུ་འདུས༔ ཚེ་རབས་ལས་ཀྱི་མཛེ་དང་གཅིག༔ ཐུག་འཕྲད་རྐྱེན་གྱི་མཛེ་དང་གཉིས༔ འདུ་བ་ནད་ཀྱི་མཛེ་དང་གསུམ༔ དེ་གསུམ་གཅིག་ལས་འདས་པ་མེད༔ དེ་གསུམ་ངོས་ནི་བཟུང་འདོད་ན༔ ཀླུ་ཡིས་ཟིན་པའི་གང་ཟག་དེ༔ སྙིང་པོའི་སྔགས་དེ་བཟླས་གྱུར་ན༔ ཟས་ལ་ཕན་གནོད་མེད་པ་དང༔ སྔགས་བཟླས་ཕན་གནོད་མ་བྱུང་ན༔ དེ་ནི་ཚེ་རབས་ལས་ཀྱི་མཛེ༔ ཚེ་རབས་སྔ་མའི་རྣམ་སྨིན་ཏེ༔ དེ་ནི་ཚེ་འདིར་སོས་མི་འགྱུར༔ འཇིག་རྟེན་ཕྱི་མའི་དོན་ཆེན་བསྒྲུབ༔ བཟླས་དུས་རྨི་ལམ་འཁྲུགས་པ་དང༔ ལུས་རྟགས་ཆེ་རུ་སོང་བ་ནི༔ ཐུག་ཕྲད་རྐྱེན་ལས་གྱུར་པའི་མཛེ༔ དེ་ལ་བཅོས་ཀ་འབུངས་ལ་བྱ༔ སྔགས་དང་སྨན་བྱུག་ཏིང་འཛིན་འབད༔ དེ་ལྟར་འབད་པས་དྲག་གྱུར་ན༔ མྱུར་དུ་འཚོ་བར་གདོན་མི་ཟ༔ སྔགས་བཟླས་ཕན་གནོད་མ་བྱུང་ཞིང༔ ཟས་ལ་ཕན་གནོད་ཆེར་སོང་ན༔ དེ་ནི་འདུ་བ་ནད་ཀྱི་མཛེ༔ མཁས་ཤིང་རྟོགས་པས་སྨན་གྱིས་བཅོས༔ དེ་ཡང་མྱུར་དུ་འཚོ་བ་ཡིན༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ རྟགས་ཀྱི་ལེའུ་སྟེ་བརྒྱད་པ་འོ༔ ས་མ་ཡ༔ དེ་ནས་མངོན་པར་བཤད་བྱ་ཡིས༔ ལྷ་ཆེན་ཁྱོད་ནི་ཡང་ཉོན་ཅིག༔ ཀླུ་གདོན་བསྡེབས་པའི་ནད་པ་ཡིས༔ མུ་ཟིའི་བཅུད་ལེན་འདི་ལྟར་བྱ༔ སྨན་ནི་མུ་ཟི་བུ་རམ་དང༔ གླ་རྩི་གུ་གུལ་ནག་པོ་དང༔ གཡེར་མ་མར་ནག་འོ་མ་བདུན༔ སྦྱར་ལ་ནངས་པར་ལྟོ་སྟོང་དུས༔ སྨན་དེ་ཐུར་མགོ་གསུམ་གསུམ་བཟའ༔ དེས་ནི་རླུང་མཛེའི་ནད་རྣམས་སེལ༔ མུ་ཟི་གླ་རྩི་གུ་གུལ་གྱིས༔ ནད་རྒྱབ་གདོན་རྣམས་སེལ་བར་བྱེད༔ བུ་རམ་གཡེར་མས་ཆུ་སེར་སེལ༔ མར་དང་འོ་མས་རླུང་སེལ་ལོ༔ བྱང་ལུས་སྦོས་ནས་ཟ་བ་དང༔ ན་སྦྲིད་ཤུ་བ་གཡན་པ་དང༔ ཤ་མདོག་དམར་ནག་སྐྱ་རྦལ་དང༔ སྔོ་སེར་ཆུ་སེར་ནད་ཡིན་པས༔ དེ་དག་འདོན་པའི་མན་ངག་ནི༔ བྱང་བ་དུར་བྱིད་གཉིས་དང་ནི༔ དབྱི་མོའི་ལོ་མ་སྐམ་པོ་གསུམ༔ ཞིབ་བཏགས་རྩི་མར་ཁ་ཆར་དང༔ སྦྱར་ནས་ལུས་པོ་ཡོངས་ལ་བྱུག༔ དེ་ཤུལ་ཆུ་སེར་ཡོད་ཚད་ཐོན༔ ཤུལ་དུ་ཀ་ར་དཀར་པོ་དང༔ དར་ཡ་ཀན་གཉིས་ཞིབ་ཏུ་བཏག༔ མར་དཀར་སྦྱར་ལ་བྱུག་ཅིང་མཉེ༔ རྩ་བུག་རྩམ་པ་ཞིབ་མོས་བཀག༔ ཡང་ཡང་དེ་ལྟར་བྱས་གྱུར་ན༔ མྱུར་དུ་སོས་པར་གདོན་མི་ཟ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ སྨན་བཅོས་ལེའུ་སྟེ་དགུ་པ་འོ༔ ས་མ་ཡ༔ དེ་ནས་མངོན་པར་བཤད་བྱ་བ༔ ལྷ་དབང་ཁྱོད་ནི་མ་ཡེངས་ཉོན༔ དེ་ལྟར་བྱས་པའི་རྗེས་རྣམས་ལ༔ རྟགས་ནི་རྣམ་པ་གསུམ་དུ་འབྱུང༔ བཟང་ངན་རྣམ་པར་སྨིན་པའི་རྟགས༔ དེ་ལ་དང་པོ་བཟང་རྟགས་ནི༔ བདག་གི་མཐའ་སྐོར་ཐམས་ཅད་དུ༔ ཉ་སྦྲུལ་མང་པོ་ཤི་ནས་ནི༔ བྱ་རྒྱལ་དག་གིས་བཏུས་པ་དང༔ ཟོས་དང་མིད་དང་ཁྱེར་བ་དང༔ རྒྱ་མཚོ་སྐམ་དང་སྦལ་ལྕོང་བསད༔ བཤས་དང་འཚོད་དང་བསྲེགས་པ་དང༔ ཕྱུགས་ལ་བསད་དམ་ཟོས་པ་དང༔ བདག་གི་ལུས་ནས་སེམས་ཅན་ནི༔ དཔག་མེད་ཕྱིར་ལ་ཐོན་པ་དང༔ སྒྲུབ་ཁང་ནང་དུ་ཉི་ཟླ་ཤར༔ མཆོད་རྟེན་དང་ནི་རི་ལ་འཛེགས༔ རང་ལས་ཡར་སྐྱུག་མར་བཤལ་དང༔ ནམ་མཁའི་དབྱིངས་ལ་འཕུར་བ་དང༔ གོས་གསར་བཟང་པོ་གོན་པ་དང༔ མེ་ཏོག་སྔོན་པོའི་ཚལ་དུ་ཕྱིན༔ འཐུས་དང་ཟོས་དང་ཁྱེར་བ་དང༔ ལག་ན་མཚོན་རྣོན་ཐོགས་ནས་ནི༔ གཡུག་དང་ཕར་ལ་འདེབས་པ་དང༔ དེ་ལྟར་བསྟན་པའི་རིམ་པ་རྣམས༔ ཉམས་སམ་རྨི་ལམ་བྱུང་གྱུར་ན༔ དེ་ནི་བཟང་བའི་རྟགས་ལགས་སོ༔ དེ་ལས་ཞན་པའི་ངན་རྟགས་ནི༔ རང་ཉིད་བཙོན་དུ་ཁྲིད་པ་དང༔ ཐུར་དུ་བབ་དང་གོས་ངན་གོན༔ ཆུས་ཁྱེར་རྒྱ་མཚོར་བྱིང་བ་དང༔ འདམ་ཆེན་རྫིང་དུ་ཚུད་པ་དང༔ མི་གཙང་བ་ལ་ལོངས་སྤྱོད་ཅིང༔ ཟོས་དང་ལུས་ལ་བྱུག་པ་དང༔ ལུས་ལ་འབུ་སྲིན་ལྷག་པ་དང༔ སྔགས་ལ་ལད་མོ་ཟློས་པ་དང༔ ཉི་ཟླ་གཟས་ཟིན་ནུབ་པ་དང༔ ཤུག་པའི་དབྱིག་པ་ཐོགས་ནས་ནི༔ སྒོ་ལ་བརྡེགས་དང་གཡུག་པ་དང༔ སྦྲ་ནག་ནང་དུ་ཉལ་བ་དང༔ དེ་སོགས་རྨིས་སམ་ཉམས་བྱུང་ན༔ ངན་རྟགས་ཡིན་གྱིས་སྒྲུབ་ལ་བརྩོན༔ སྔགས་དང་སྲུང་བ་རྫས་ལ་སོགས༔ དམིགས་པའི་ཚོགས་ལ་འབད་པས་བཟློག༔ དེ་ནས་རྣམ་སྨིན་ལས་རྟགས་ནི༔ རང་ལུས་མེ་དོང་ནང་དུ་ཚུད༔ མི་གཙང་འདམ་རྫབ་ཆེན་པོ་རུ༔ ཕྱར་ནག་གོན་དང་ཉལ་བ་དང༔ ལུས་ལ་ཁྲབ་ཆེན་གོན་པ་དང༔ ཕག་ལ་ཞོན་ནས་དོང་དུ་འཛུལ༔ དེ་ལྟར་རྨིས་སམ་ཉམས་ཤར་ན༔ རྣམ་སྨིན་ལས་ངན་འདུ་བའི་རྟགས༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཆོ་འཕྲུལ་རྟགས་ཀྱི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ དེ་ནས་མངོན་པར་བཤད་བྱ་བ༔ ལྷ་ཡི་དབང་པོ་ཡང་ཉོན་ཅིག༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ སྦྱིན་སྲེག་རིམ་པ་བཤད་པར་བྱ༔ ཞི་རྒྱས་དབང་དང་མངོན་སྤྱོད་དོ༔ དང་པོ་ཞི་བའི་སྦྱིན་སྲེག་ནི༔ མཎྜལ་ཟླུམ་པོའི་སྟེང་དག་ཏུ༔ ཐབ་ཁུང་དག་ཀྱང་ཟླུམ་པོར་བྱ༔ ཞི་བའི་ཤིང་གིས་ཟླུམ་པོར་བརྩིག༔ ནང་དུ་ལག་ན་རྡོ་རྗེ་དང༔ རྡོ་རྗེའི་བྱ་ཁྱུང་ལ་སོགས་པའི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དམིགས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ མཆོད་བསྟོད་ལ་སོགས་ཅི་རིགས་བྱ༔ མེ་ཡི་ལྷ་ཚོགས་དཀར་པོ་བསྒོམ༔ ཕོ་བ་རིས་དང་མར་དཀར་དང༔ དཀར་གསུམ་རྫས་ཀྱི་བསྲེག་རྫས་ནི༔ སྔགས་འདིས་བརྒྱ་དང་རྩ་བརྒྱད་འབུལ༔ ཨོཾ་སྭཱ་ཧཱ་པ་ཏིང་པཱུ་ཙ་ཧཱུྃ་ཧཱུྃ༔ ནད་དང་གནོད་པར་བྱེད་པ་ཡི༔ དགྲ་བགེགས་དང་བཅས་པ་ཐམས་ཅད༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་དུས་གསུམ་བདེར་གཤེགས་ཀྱིས༔ བདག་ལ་སྲུང་ཞིང་སྐྱོབ་པ་དང༔ དབང་བསྐུར་བྱིན་གྱིས་རློབ་པར་བསམ༔ དེ་ལྟ་བུ་ཡི་བྱིན་རླབས་ཀྱིས༔ བདག་དང་ཡི་དམ་གཉིས་མེད་ཅིང༔ ཅི་བསམ་ལྷུན་གྱིས་གྲུབ་པར་འགྱུར༔ དེ་ནས་རྒྱས་པའི་སྦྱིན་སྲེག་ནི༔ མཎྜལ་གྲུ་བཞིའི་སྟེང་དག་ཏུ༔ ཐབ་དང་བསྲེག་ཤིང་གྲུ་བཞིར་བརྩིག༔ ནང་དུ་ལག་ན་རྡོ་རྗེ་དང༔ རིན་ཆེན་འབྱུང་གནས་ལ་སོགས་པའི༔ མེ་ལྷའི་མགྲོན་རྣམས་སོ་སོར་དམིགས༔ ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བསྟིམ༔ གསེར་དངུལ་འབྲུ་ལ་སོགས་པ་ཡི༔ བསྲེག་རྫས་རྣམས་ནི་སྔགས་འདི་ཡིས༔ བརྒྱ་དང་རྩ་བརྒྱད་འབུལ་བར་བྱ༔ ཨོཾ་མ་ཧཱ་ཧི་རཏྣ་པཱུ་ཙ་ཧཱུྃ་ཧཱུྃ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་སྤེལ་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཡེ་ཤེས་སེམས་དཔའ་གཤེགས༔ དམ་ཚིག་བསྡུ་ཞིང་བཟོད་གསོལ་བྱ༔ དེ་ལྟ་བུ་ཡི་ནུས་པས་ནི༔ ཚེ་བསོད་དཔལ་འབྱོར་རྒྱས་པར་འགྱུར༔ དེ་ནས་དབང་གི་སྦྱིན་སྲེག་ནི༔ མཎྜལ་ཟླ་གམ་སྟེང་དག་ཏུ༔ ཐབ་ཁུང་དག་ཀྱང་ཟླ་གམ་བྱ༔ དབང་གི་ཤིང་གིས་ཟླ་གམ་བརྩིག༔ ནང་དུ་ལག་ན་རྡོ་རྗེ་དང༔ པདྨའི་བྱ་ཁྱུང་ལ་སོགས་པའི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དམིགས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ མཆོད་དང་བསྟོད་པ་ལ་སོགས་བྱ༔ མེ་ལྷའི་མགྲོན་རྣམས་དམར་པོ་དམིགས༔ ཤ་མར་དར་ཟབ་ལ་སོགས་པའི༔ མངར་གསུམ་རྫས་ཀྱི་བསྲེག་རྫས་ནི༔ སྔགས་འདིས་བརྒྱ་དང་རྩ་བརྒྱད་འབུལ༔ ཨོཾ་ར་ས་པ་ཏང་ཀེ་པཱུ་ཙ་ཧཱུྃ་ཧཱུྃ༔ སྲིད་པ་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་ཧཱུྃ་སྭཱ་ཧཱ༔ དེ་ནས་དུས་གསུམ་སངས་རྒྱས་ཀྱིས༔ བདག་ལ་དངོས་གྲུབ་ཆར་ལྟར་ཕབ༔ དབང་བསྐུར་བྱིན་རླབས་ཞུགས་པར་བསམ༔ དེ་བསྒྲུབས་པ་ཡི་བྱིན་རླབས་ཀྱིས༔ དུས་གསུམ་དངོས་གྲུབ་ཆར་ལྟར་འབབ༔ དེ་ནས་དྲག་པོའི་སྦྱིན་སྲེག་ནི༔ ཐབ་ཁུང་ནག་པོ་གྲུ་གསུམ་པ༔ ནང་དུ་ཁྲག་དང་དུག་གིས་བྱུག༔ རོ་བསྲེགས་མགལ་དུམ་ལ་སོགས་པའི༔ དྲག་པོའི་ཤིང་སྣས་གྲུ་གསུམ་བརྩིག༔ ནང་དུ་ལག་ན་རྡོ་རྗེ་དང༔ ལས་ཀྱི་བྱ་ཁྱུང་ལ་སོགས་པའི༔ ཕྲིན་ལས་ལྷ་ཚོགས་ཐམས་ཅད་དམིགས༔ ཀུན་ཀྱང་ནག་ལ་གཟི་བརྗིད་འབར༔ མ་རུངས་མི་སྡུག་རྒྱན་གྱིས་བརྒྱན༔ ཁྲོ་གཏུམ་ང་རོ་མཚོན་ཆ་བསྣམས༔ ཧ་ཧ་ཧཱུྃ་ཕཊ་དྲག་པོ་སྒྲོག༔ འོད་ཟེར་མཚོན་ཆ་ལྟར་འཕྲོས་པས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་དབང་མེད་བཀུག་ནས་ཀྱང༔ ལྷག་མེད་ཐུལ་གྱིས་ཚིག་པར་བསམ༔ བདག་ཉིད་ཕྱག་ན་རྡོ་རྗེ་ཁྱུང་བསྒོམས་ལ༔ དགྲ་བགེགས་ཕོ་མོ་དེ་ལ་བསྟིམ༔ གཞན་ཡང་ལིང་ག་བརྒྱ་བྱས་ལ༔ ལིང་ག་རེ་དང་རྫས་རེ་སྦྲག༔ ཐུན་རྫས་ཤ་སྣ་ཁྲག་སྐམ་དང༔ དུག་དང་མུ་ཟི་གུ་གུལ་དང༔ ཁྱི་ལུད་ཉུངས་ཀར་ལ་སོགས་པའི༔ ཐུན་རྫས་ཐམས་ཅད་རེ་རེ་བརྡེག༔ སྔགས་ནི་འདི་དག་ཉིད་དང་སྦྲག༔ ཨོཾ་སྭཱ་ཧཱ་པ་ཏིང་པཱུ་ཙ་ཧཱུྃ་ཧཱུྃ༔ གནོད་པར་བྱེད་པའི་དགྲ་བགེགས་ཕོ་མོ་ཐམས་ཅད་ཨགྣ་ཡེ་ཛྭ་ལ་རཾ་མཱ་ར་ཡ་རྦད༔ དེ་ལྟར་དུས་སུ་བརྩོན་པས་ན༔ དགྲ་བགེགས་གནོད་བྱེད་ཕུང་བར་འགྱུར༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ སྦྱིན་སྲེག་ལས་ཀྱི་རིམ་པ་ལས༔ ལེ་འུ་བཅུ་གཅིག་བསྟན་པ་འོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་ཡི་དབང་པོ་ཡང་ཉོན་ཅིག༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ཁྱུང་གི་ལས་མཁན་མ་རུངས་པ༔ གནོད་སྦྱིན་སྲོག་ཟན་ནག་པོ་ཡིས༔ དགྲ་བོ་མྱུར་དུ་བསད་པའི་ཐབས༔ ཟླ་བ་གཉིས་སུ་སྨྲ་བཅད་བྱ༔ མདུན་དུ་མཎྜལ་གྲུ་གང་ལ༔ གྲུ་བཞིའི་དབྱིབས་སུ་ཞ་ལ་བྱ༔ དབུས་སུ་དཀར་པོ་ཟླུམ་པོ་བྱ༔ དེ་ཡི་དབུས་སུ་བྲུབ་ཁུང་ནི༔ གྲུ་གསུམ་ནག་པོ་བྱུག་པར་བྱ༔ དེ་ཡང་རོ་སོལ་དུག་སྦྱར་རོ༔ དགྲ་བོའི་ལིངྒ་བྲིས་བྱས་ལ༔ དེ་ཡི་སྙིང་གར་མིང་རུས་གཞུག༔ བྲུབ་ཁུང་ནང་དུ་མགོ་མཇུག་བཞག༔ ཟླ་གམ་གསུམ་གྱི་སྟེང་རྣམས་སུ༔ ཐལ་བ་འཇམ་པོ་བཀོད་ལ་བཞག༔ བྲུབ་ཁུང་དེ་ཡི་ཁ་ཁྱེར་ལ༔ དུག་རྩང་ཉི་ཤུ་རྩ་གཅིག་གཟུག༔ དུག་ཁྲག་བཙག་གིས་དམར་པོར་བསྒྱུར༔ དེ་མཐའ་དར་ནག་ཞིག་གིས་བསྐོར༔ སྟེང་ཡང་དར་ནག་ལྡིང་གུར་ཕུབ༔ བདག་ཉིད་ཕྱག་རྡོར་ཁྱུང་བཅས་བསྒོམ༔ ལོག་ནོན་གནད་ཀྱི་གདམས་པ་ལ༔ རིན་ཆེན་གསེར་ནི་ནས་ཙམ་གཅིག༔ སྦལ་པ་ནག་པོའི་ཤ་གཉིས་གདགས༔ དེས་ནི་ཐམས་ཅད་ཐུབ་པར་འགྱུར༔ དེ་ལ་གྲུབ་པའི་རྟགས་འདི་འོང༔ མཎྜལ་སྟེང་དུ་བུ་ཆུང་གི༔ རྐང་རྗེས་མངོན་སུམ་ལམ་མེ་འོང༔ ཡང་ན་ར་ལུག་རྗེས་འདྲ་ཡོང༔ དེ་ལྟ་བུ་ཡི་རྟགས་བྱུང་ན༔ ཐུན་རྫས་ཐར་ནུ་རེ་ལྕག་དང༔ བྱི་ཁུང་ཤར་བལྟས་ས་སྦྱར་ལ༔ ཐུན་རྫས་བསྔགས་ཤིང་ལིང་ག་བྲབ༔ ཨོཾ་ཐིམ་པ་ནི་ཐུན་སོད༔ སྲོག་རྩ་ཤ་ལོང་ཡ༔ ནྲྀ་མཱ་ར་ཡ་རྦད༔ དུན་མྱོག་སོད༔ ཧེ་ཏྲི་དུན་སོད༔ ཧབ་ཏུ་ཁྲམ་ས་ནི༔ ཙ་ལ་རཀྴ་ཛཿཛཿརྦད༔ ཤོ་ཧ་མྱོག་ཡ་ཡཱ་ཧཱུྃ་ཧཱུྃ༔ ཐིབ་ཐིབ༔ དགྲ་བོའི་སྲོག་རྩ་ལ་ཨ་ཏི་མཱ་ར་ཡ་རྦད༔ ཐ་མ་ལིང་ག་གྲིས་གཏུབས་ལ༔ གཏོར་མའི་ནང་དུ་འབུལ་བར་བྱ༔ དང་པོ་རྟགས་རྣམས་མ་བྱུང་བར༔ སྒྲུབ་ལ་ནན་ཏན་བསྐྱེད་པར་བྱ༔ དེ་རྟིང་བདུན་སྒྲུབ་རེ་ཡིས་ཆོག༔ རྦད་བསྐུལ་དུས་སུ་འདི་སྐད་དོ༔ ཧཱུྃ༔ ཉི་མ་ནུབ་བྱང་མཚམས་ཤེད་ནས༔ ལྕགས་མཚོ་གླིང་དགུའི་ནང་ཤེད་ན༔ སྲིན་པོ་བསྣོལ་བའི་གདན་སྟེང་ན༔ རཀྴ་སྲིན་པོ་མ་རུངས་པ༔ མཐིང་ནག་འཇིགས་པའི་ཆ་ལུགས་ཅན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞལ་ནས་ཆོ་འཕྲུལ་ཅིར་ཡང་སྟོན༔ ཟས་སུ་མི་ཤ་རྟ་ཤ་ཟ༔ སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང༔ ཕྱག་གི་ཅིར་ཡང་བྷྱོ་ཟློག་མཛད༔ གཡས་ནས་གཤོགས་པའི་དགྲ་སཏྭ་བསྣམས༔ གཡོན་ན་འཛིན་པའི་ལྕགས་ཀྱུ་བསྣམས༔ ཤ་ཁྲག་དམར་གྱི་དམ་ལ་འདུ༔ རཀྟ་དམར་གྱི་མཆོད་པ་བཞེས༔ འགྲས་པའི་དགྲ་བོ་ལས་ངན་འདི༔ ལྷ་དང་ཕྲོལ་ལ་སྲོག་རྩ་ཆོད༔ ནག་པོ་འབུམ་གྱི་དུས་ལ་བབ༔ གནོད་སྦྱིན་འབུམ་གྱི་དུས་ལ་བབ༔ བཤན་པ་ཕོ་མོའི་དུས་ལ་བབ༔ གཡས་ན་ཕོ་རོག་ཏངས་སེ་ཏང༔ གཡོན་ན་མི་ནག་ཤ་ར་ར༔ རྒྱབ་ན་ཁྱི་ནག་འདུ་རུ་རུ༔ བདུད་ནག་འབུམ་ནི་དགྲ་ལ་ཡ༔ དམ་རྫས་གཏོར་མ་འདི་གསོལ་ལ༔ སྡང་བའི་དགྲ་བོ་ལས་ངན་འདི༔ སྙིང་ཁྲག་ཁ་རུ་སྐྱུགས་སུ་ཆུག༔ རྒྱུ་ཁྲག་མར་ལ་འཛག་ཏུ་ཆུག༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཤན་པ་སྲོག་ལ་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་དབང་བརྒྱ་བྱིན་ཡང་ཉོན་ཅིག༔ བསྟན་པ་གཉན་པོ་བསྲུང་འདོད་ན༔ སྐྱིན་འདང་གློ་བུར་དབབ་པའི་ཐབས༔ འདི་ལ་དོན་ལྔས་རབ་བསྟན་ཏེ༔ ཟླ་གཅིག་དུས་བརྒྱད་བསྟན་དང་གཅིག༔ དེ་དུས་བཟའ་རྒྱུའི་དུས་བསྟན་གཉིས༔ གཟའ་རྒོད་གཉན་པོ་རྒྱུ་བའི་ཚེ༔ དྲག་པོའི་རྫས་སྣ་གསུམ་གྱིས་ནི༔ གཟའ་རྒོད་ལྕག་གཞུག་བསྟན་དང་གསུམ༔ དེ་ལ་རང་སྲུང་བསྟན་དང་བཞི༔ རྫས་སེར་གློ་བུར་དབབ་དང་ལྔའོ༔ དེ་ལ་རྒྱུ་དུས་བསྟན་པ་ནི༔ ཚེས་བཞིའི་སྲོད་ལ་ནུབ་ནས་ཤར་དུ་རྒྱུ༔ ཚེས་བརྒྱད་སྔ་དྲོ་དང་པོ་ལ༔ ཤར་ལྷོ་ནས་ནི་ནུབ་བྱང་རྒྱུ༔ བཅུ་གཅིག་སྲོད་ཀྱི་ནམ་འཇིང་ལ༔ གཟའ་རྒོད་བྱང་ནས་ལྷོ་རུ་རྒྱུ༔ བཅོ་ལྔའི་ཉིན་ཕྱེད་ལྷོ་ནུབ་ནས༔ ཉི་མ་བྱང་ཤར་མཚམས་སུ་རྒྱུ༔ བཅོ་བརྒྱད་ནམ་ཕྱེད་ཡོལ་བའི་ཚེ༔ ཤར་གྱི་ཕྱོགས་ནས་ནུབ་ཏུ་རྒྱུ༔ ཉེར་གཉིས་ཉི་མ་ཕྱེད་ཡོལ་ན༔ ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ༔ ཉེར་ལྔའི་སྐྱ་རེངས་ཤར་མ་ཐག༔ ལྷོ་ནས་བྱང་གི་ཕྱོགས་སུ་རྒྱུ༔ ཉེར་དགུའི་ཉི་མ་མདུང་གང་ན༔ བྱང་ཤར་མཚམས་ནས་ལྷོ་ནུབ་རྒྱུ༔ གཟའ་རྒོད་དེ་དག་རྒྱུ་བའི་ཚེ༔ ཆུ་གཙང་ཁམ་ཕོར་གང་གི་ནང༔ དུད་པ་བྱ་བལ་ཚོམ་གཅིག་གདབ༔ རང་གར་འདུག་པའི་མདུན་དུ་བཞག༔ གཟའ་དེ་རྒྱུ་བའི་དུས་ཉིད་དུ༔ དུད་པའི་དཀྱིལ་དུ་གཞུང་རལ་ཡོང༔ དེ་ལྟ་བུ་ཡི་རྟགས་བྱུང་ཚེ༔ གཟའ་རྒོད་བསྟེན་པའི་རྫས་དེ་རྣམས༔ གོང་གི་ཁམ་ཕོར་ནང་དུ་བླུག༔ དོམ་དང་ཁྱི་ནག་ནལ་བུའི་ཤ༔ སྦྲུལ་ཤ་གསུམ་ནི་རྫས་ཡིན་ནོ༔ གཟའ་དེ་སྡོད་ཡུན་རིང་ཐུང་ནི༔ སྒོང་ལྐོག་འབྲིང་པོ་ཆུས་བཀང་ལ༔ དེ་ལ་བུག་པ་རྒྱ་ཁབ་མིག༔ དེ་ཟད་ཡུན་དུ་གནས་པར་བྱེད༔ རྫས་སྣ་གསུམ་པོ་མེད་པ་ན༔ སྐྱེས་པས་མདའ་འཕང་བཞིན་དུ་འགྲོ༔ དེ་ནས་རང་ལུས་སྲུང་བ་ནི༔ མུ་ཟི་ནག་པོ་སྒོག་སྐྱ་དང༔ གུ་གུལ་ནག་པོ་གསུམ་སྦྱར་ལ༔ རིལ་བུར་བསྒྲིལ་ལ་མགུལ་དུ་གདགས༔ གདོང་ལ་རོ་སོལ་སྲེ་མོག་བྱུག༔ སྐྲ་ནི་སྤྱི་བོར་བཅིང་པར་བྱ༔ ལྡན་པ་གཡས་སུ་ཕོ་རོག་མགོ་བོ་གདགས༔ གཡོན་དུ་མགྲོན་བུ་སྦྲུམ་མ་གདགས༔ ཐོག་གི་འཇིགས་པ་བྱུང་དོགས་ན༔ ཡུགས་སའི་དོར་མའི་གདུགས་ཀྱང་དབུབ༔ དེ་མིན་རས་སམ་གྲོ་ཤོག་ལ༔ ཐོག་རིས་བྲིས་ནས་སྟེང་ནས་དབུབ༔ དེ་ནས་དྲག་སེར་བསྟན་པ་ནི༔ ཁམ་ཕོར་གསུམ་འབྲེལ་སོ་བཏང་ལ༔ ནང་དུ་ར་ཐུག་ཀླད་པ་ངར་མེད་ཀྱིས༔ སྙོམས་པར་བྱུགས་ལ་སྐམ་དུ་གཞུག༔ དེ་ལྟར་ཀོང་བུ་གཅིག་གི་ནང༔ གཟའ་ཡི་དམ་རྫས་དུག་སྣ་ཚོགས༔ བརྡུངས་པའི་ཕྱེ་མ་ཞིབ་མོ་དང༔ ཁྲག་རུལ་གཉིས་སུ་སྦྱར་ལ་བྱུག༔ གཅིག་གི་ནང་དུ་ཡུལ་ལྷ་དང༔ ས་བདག་དམ་རྫས་འོ་མ་དང༔ གཙོད་ཁྲག་སྐམ་པོ་སྦྱར་ལ་བླུག༔ གཅིག་གི་ནང་དུ་སྲིང་མོ་དང༔ གདོང་མོ་བཞི་ཡི་དམ་རྫས་བླུག༔ ཡུལ་ཕྱོགས་ས་ཆ་དེ་ཉིད་ཀྱི༔ སྔོ་སྣ་ལྗོང་པའི་ཁུ་བ་དང༔ རམ་གྱི་ཕྱེ་མ་སྦྱར་བ་འོ༔ ཕྲུ་བའི་འོག་ཏུ་མེ་ཆེན་འབུད༔ མུ་ཟི་གུ་གུལ་ཁྱི་ལུད་དང༔ མུ་ཟི་སྤྲུ་བའི་རྩ་བ་དང༔ དེ་རྣམས་སྦྱར་ལ་ཐབ་ཏུ་བསྲེག༔ དབབ་སྔགས་འདི་ལ་བརྒྱ་བརྒྱད་བཟླ༔ ཀྱེ་འོ་མོ་ཡུ་ཐ་ཐ༔ དཀར་ལ་ཡུ་ཐ་ཐ༔ སེར་ལ་ཡུ་ཐ་ཐ༔ དམར་ལ་ཡུ་ཐ་ཐ༔ ལྗང་ལ་ཡུ་ཐ་ཐ༔ ནག་ལ་ཡུ་ཐ་ཐ༔ ཧྲི་དུམ་བུ་དགྲ་བོའི་ལོ་ཐོག་ལ་མཱ་ར་ཡ་རྦད་བྷྱོ༔ དེ་ནས་ཐབ་ཁོལ་ལུད་མ་ཐག༔ སྟེང་གི་གཟའ་གདོང་མིང་སྲིང་དང༔ བར་གྱི་ཡུལ་ལྷ་ཡུལ་བདག་དང༔ འོག་གི་ས་བདག་ཀླུ་གཉན་རྣམས༔ ཁྲོས་ནས་དྲག་པོའི་སེར་བ་ནི༔ དེ་མ་ཐག་ཏུ་འབབས་ནས་ཀྱང༔ དགྲ་བོའི་ལོ་ཐོག་ཕུང་བར་བྱེད༔ དེ་ཡི་འཕྲལ་ལ་མ་བྱུང་ན༔ ནམ་མཁའ་ལ་ནི་སྤྲིན་བརྟགས་ཏེ༔ སྤྲིན་ནག་སྦྲུལ་འདྲ་ཞིག་བྱུང་ན༔ བདུད་གཡོས་ནམ་ཕྱེད་སེར་བ་འོང༔ སྤྲིན་ལ་སྤྲེའུ་ཆས་འདྲ་ན༔ བཙན་གཡོས་སེར་བ་ཉིན་ཕྱེད་འོང༔ སྤྲིན་དམར་བྱུང་ན་སྨན་གཡོས་ཡིན༔ སེར་བ་དར་གཅིག་ལོན་ནས་འོང༔ སྤྲིན་སྐྱ་སེང་སེང་བྱུང་བ་ན༔ དམུ་གཡོས་སེར་བ་དགོང་མོ་ཡོང༔ སྤྲིན་ནག་ཕྱོགས་བཞི་ནས་འདུས་ན༔ གཟའ་དང་ས་བདག་ཡུལ་ལྷ་ཁྲོས༔ སེར་བ་ས་རུབ་པ་དང་འོང༔ རྫས་སེར་མྱུར་མགྱོགས་གློག་དང་འདྲ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ དྲག་པོ་སེར་བའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་དབང་རྒྱལ་པོ་ཡང་ཉོན་ཅིག༔ བསྟན་པ་སྲུང་བའི་ཡང་སྙིང་འདི༔ དྲག་པོའི་ཕུར་གཏད་བྱ་ཐབས་ལ༔ རིན་ཆེན་རྫ་ཡི་བུམ་པ་རུ༔ དགྲ་བོ་དག་གི་དྲི་ཆེན་དང༔ དཀར་གསུམ་མངར་གསུམ་རྣམས་སྦྱར་ལ༔ མི་གཟུགས་མཛུབ་གང་བ་ཞིག་བྱ༔ གྲོ་ག་རས་སམ་ཤོག་གུ་ལ༔ དགྲ་ཡི་མིང་དང་རཱུ་པ་བྲི༔ གོང་གི་གཟུགས་ཀྱི་སྙིང་གར་གཞུག༔ གཟུགས་དེ་སྔོ་དམར་སྐུད་པས་བཅིང༔ བུམ་པ་དེ་ཡི་ནང་དུ་གཞུག༔ སྡིག་པ་ནག་པོ་གསོན་མ་གཅིག༔ རཱུ་པ་དེ་དང་ལྷན་ཅིག་བཞག༔ བུམ་ཁ་ས་ལྕེས་དམ་པར་བཅད༔ ས་བདག་ཀླུ་གཉན་གནས་ངེས་པའི༔ ཆུ་མིག་ལྕག་ལྕིག་ལ་སོགས་པའི༔ ས་གཉན་ཞིག་ཏུ་དོང་བྲུས་ལ༔ དེ་ཡི་ནང་དུ་བུམ་པ་བཅུག༔ སྔགས་འདི་བརྒྱ་དང་རྩ་བརྒྱད་བཟླ༔ ནཱ་ག་རྦད་དུམ་པ་ལེ༔ ཤ་ཏྲཱུཾ་ཁྲག་ལ་ཡ༔ སྲོག་ཙིཏྟ་དགྲ་བོའི་སྙིང་ལ་མཱ་ར་ཡ་རྦད༔ ཅེས་པ་བགྲངས་ལ་གཏད༔ དེ་ཡི་སྟེང་དུ་ཆུ་གཏོར་བཏང༔ གཟུ་དཔང་དམོད་བཅོལ་དྲག་ཏུ་བྱ༔ དོང་ཁར་ས་ཚོན་སྣ་ལྔ་ཡིས༔ འོད་ཀོར་འཇའ་རིས་བྲིས་ལ་བཞག༔ དེས་ནི་རང་ལ་མི་ལྡོག་ཅིང༔ དགྲ་ལ་ཐེབས་ཤིང་མཛེས་འཆི་འོ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཕུར་གཏད་དྲག་པོའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ཉོན་ཅིག་ལྷ་ཡི་དབང་པོ་རྒྱལ༔ གནོད་བྱེད་ཕོ་མོ་མནན་པའི་ཐབས༔ ཤོག་གུ་གཅིག་ལ་ཁྱུང་གཟུགས་བྲི༔ ལྟོ་བར་འཁོར་ལོ་རྩིབས་བརྒྱད་བྲི༔ དེ་ཡི་དབུས་སུ་སྦལ་པ་བྲི༔ སྦལ་བའི་ལྟོ་བར་གང་གནོད་པའི༔ མིང་བྲི་འཁོར་ལོ་རྩིབས་བརྒྱད་ལ༔ ཨེ་རཱ་ཙ་རག་མོ་ནཱ་ག་ཏྲག་མོ༔་་་གཟབ་མ་བྱ། ཏི་ར་ཏི༔ རུ་ཏྲ་ནྲྀ་ཙིཏྟ་རྦད་ནན༔ ཞེས་པ་ལྷག་ཆད་མེད་པར་བྲི༔ རྩིབས་མཆན་རྣམས་སུ་བསྙེན་སྔགས་བྲི༔ རང་ཉིད་ཕྱག་རྡོར་ཁྱུང་བཅས་བསྒོམ༔ དེ་ཡི་ཐུགས་ལས་འོད་འཕྲོས་པས༔ སྤྲུལ་པའི་ཁྱུང་གིས་གང་བར་བསྒོམ༔ དེ་ཡི་ཐུགས་ཀར་ཡང་སྤྲུལ་གྱི༔ ཁྱུང་ནི་དཔག་མེད་འཕྲོས་པ་ཡིས༔ དགྲ་བགེགས་སྙིང་ནས་ལྕགས་ཀྱུས་བཀུག༔ འཁོར་ལོ་དེ་ལ་ཡང་ཡང་བསྟིམ༔ འཁོར་ལོ་སྔོ་དམར་སྐུད་པས་བཅིང༔ མདུན་དུ་བྲུབ་ཁུང་ནང་དུ་གཞུག༔ དུག་སྣ་ཁྲག་སྣ་ལ་སོགས་པ༔ ཉུངས་དཀར་ཉུངས་ནག་ཐུན་གྱིས་བྲབ༔ ཨོཾ་སཏྭཾ་བྷ་རཀྴ་ནན༔ གནོད་འདྲེ་ཐུཾ་རིལ་ཛ༔ མཱ་ར་ཡ་རྦད་ནན༔ དེ་ནས་འཁོར་ལོ་དྲིལ་བ་དེ༔ ལ་ཆའི་སྦལ་པའི་ནང་དུ་བཅུག༔ སྦལ་པ་དགྲ་བགེགས་ཕྱོགས་སུ་མནན༔ དེ་ཡང་གནས་གཞིའི་ཐེམ་འོག་གམ༔ མཆོད་རྟེན་རབ་གནས་ཅན་གྱི་འོག༔ བྲག་དང་ཆུ་འཐབ་རྔམ་པའི་ས༔ འཕྲང་ཆེན་རྒྱ་གྲམ་ལམ་དུ་མནན༔ ལག་ཚགས་དམ་པ་ཤིན་ཏུ་གཅེས༔ སྟེང་དུ་རོ་གཡམ་ནག་པོ་ལ༔ རྒྱ་གྲམ་བྲིས་ལ་ཁ་བཅད་ཅིང༔ སྟེང་དུ་སཱཙྪ་རབ་གནས་ཅན༔ བདུན་ནམ་གཅིག་གིས་མནན་ལ་བཞག༔ མནན་ཁར་མེ་ཆུས་བྲུབ་ལ་བཞག༔ སྟེང་དུ་དཔའ་བོའི་བྲོ་ཡང་བརྡུང༔ སྟེང་ན་སྤྲུལ་པའི་ཁྱུང་ཆེན་བསྒོམ༔ འདི་ནི་མན་ངག་དམ་པ་སྟེ༔ དགྲ་འདྲེ་བྱུར་གསུམ་ཀུན་ལ་ཤིས༔ འདི་ཉིད་ལན་གསུམ་བསྐྱར་བ་ན༔ ཉེས་དགུ་ཅོག་རྣམས་ཞི་ནས་ཀྱང༔ བསམ་པ་ཚུལ་བཞིན་འགྲུབ་པར་འགྱུར༔ ཁྱུང་སྐད་བྲོ་རྡུང་འདི་སྐད་དོ༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས༔ ལས་ཀྱི་ཁྱུང་དུ་མ་གྱུར་གང་ཡང་མེད༔ ཁྱུང་ཆེན་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ ཁྱུང་གིས་བྲོ་བརྡུང་ཆེམས་སེ་ཆེམ༔ དགྲ་བགེགས་ཐོག་ཏུ་ཆེམས་སེ་ཆེམ༔ ས་བདག་ཐོག་ཏུ་ཆེམས་སེ་ཆེམ༔ རྒྱལ་བསེན་ཐོག་ཏུ་ཆེམས་སེ་ཆེམ༔ ཁྱུང་ཆེན་གཤོག་རྡེབ་ཤ་ར་ར༔ ཁྱུང་གཤོག་དྲག་པོ་འུ་རུ་རུ༔ དགྲ་བགེགས་སྟེང་དུ་འུ་རུ་རུ༔ ཁྱུང་གི་སེར་ཆེན་ཧྲི་ལི་ལི༔ དགྲ་བགེགས་ཐོག་ཏུ་ཧྲི་ལི་ལི༔ ཁྱུང་གི་ཆར་འབེབས་སི་ལི་ལི༔ དགྲ་བགེགས་ཐོག་ཏུ་སི་ལི་ལི༔ ཁྱུང་གི་བྱེ་ཚན་སིབས་སེ་སིབ༔ དགྲ་བགེགས་སྟེང་དུ་སིབས་སེ་སིབ༔ ལས་ཀྱི་བྱ་ཁྱུང་དུས་ལ་བབ༔ སྤྲུལ་པའི་བྱ་ཁྱུང་དུས་ལ་བབ༔ ཡང་སྤྲུལ་བྱ་ཁྱུང་དུས་ལ་བབ༔ དགྲ་བགེགས་འདུལ་བའི་དུས་ལ་བབ༔ གནོད་བྱེད་འདུལ་བའི་དུས་ལ་བབ༔ ཨོཾ་སཏྭཾ་བྷ་རཀྴ་ནན༔ དགྲ་བགེགས་མཱ་ར་ཡ་རྦད་ནན༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ མནན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་དབང་རྒྱལ་པོ་ཁྱོད་ཉོན་ཅིག༔ གལ་ཏེ་མི་རྒོད་འཆིང་འདོད་ན༔ དཔལ་ཆེན་ལག་ན་རྡོ་རྗེ་དང༔ སྤྲུལ་པའི་ཁྱུང་རྒོད་འབར་བའི་ཚོགས༔ དཔལ་ཆེན་འཁོར་དང་བཅས་པ་ལ༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ ལུས་ངག་ཡིད་གུས་སྐྱབས་སུ་མཆི༔ ཨོཾ་ཨཱཿཆོམ་རྐུན་མ་བཏང་ཞིག༔ ཧཱུྃ་ན་མོ་བྷ་ག་ཝ་ཏི༔ ས་ལ་སུ་ཁ་ལེ༔ དེ་ཝ་ཨཱརྱ་ཧ་ཧི་ཧཱུྃ་ཕཊ༔ དཔལ་བི་མ་ལ་དེ་ཝ་ལ༔ བདག་མིང་འདི་ཞེས་སྐྱབས་སུ་མཆི༔ ཨོཾ་རཀྵཾ་རཀྵཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ བདག་ཉིད་འཇིགས་སར་འགྲོ་ཙ་ན༔ ལྕགས་ཀྱི་སྤྱང་ཀི་ཆེན་པོར་བསྒོམ༔ རབ་གནས་རྟེན་འབྲེལ་སྙིང་པོ་བཟླ༔ སྔགས་དེ་རྣམས་ལ་བརྒྱ་བརྒྱད་བཟླ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཇག་འཆིང་གི་ལེའུ་སྟེ་བཅུ་དྲུག་པའོ༔ ས་མ་ཡ༔ དེ་ནས་ཡང་དག་བཤད་བྱ་བ༔ ལྷ་ཡི་དབང་པོ་ཡང་ཉོན་ཅིག༔ རྒྱལ་བསེན་སྒོས་སུ་འདུལ་འདོད་ན༔ རང་ཉིད་ཕྱག་རྡོར་ཁྱུང་བཅས་བསྒོམ༔ བསྙེན་པའི་ཤམ་བུར་འདི་ལྟར་གདགས༔ རཱ་ཙ་སི་ཏི་ས་མ་ཡ་ཐིབས་ཛ༔ ཞེས་པ་བརྒྱ་ཙམ་བཟླས་པས་དགུག༔ ཁྱུང་བསྙེན་དག་དང་སྦྲེལ་བ་ཡིས༔ རྒྱལ་བསེན་ཕོ་མོ་གཏུབས་པར་བསྒོམ༔ དུན་ཏྲི་པ་རི་པ་རི༔ ཙིཏྟ་རག་པ་ཤག༔ ཨ་ཙ་རག་པ་རྦད༔ ཐེའུ་རང་ཏ་པ་རི་སོད༔ ཙག་ཙག༔ ཙིག་ཙིག༔ འུར་ཤ་ཡོ༔ གཏུབས་གཏུབས༔ རྒྱལ་བསེན་ཕོ་མོའི་ས་གཏོར༔ བསེན་མོ་དག་ནི་བཅིང་འདོད་ན༔ རྫས་སྔགས་ཏིང་འཛིན་བྱ་ཐབས་སོ༔ ཚིག་མ་རྩང་དང་མར་ནག་དང༔ གྱོ་མོག་དང་ནི་ཤིང་ཚེར་ཅན༔ གནོད་བྱེད་བསེན་མོའི་ལིང་ག་བཅའ༔ ཁྱུང་གི་བསྙེན་པའི་ཤམ་བུ་རུ༔ སྙིང་པོ་དག་ནི་འདི་གདགས་སོ༔ ཨོཾ་མ་མོ་རུ་ཏྲ་ཡ་ཙན་སྟོད༔ ཏ་ར་ཚ་ཡ༔ ད་ཧ་ད་ཧ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ རང་ཉིད་ཕྱག་ན་རྡོ་རྗེ་ཁྱུང་བཅས་བསྒོམ༔ གནོད་བྱེད་འགུགས་འདྲེན་དྲག་པོ་བྱ༔ རང་ལ་གནོད་པར་བྱེད་པའི་དུས༔ སྒྱེད་བུའི་སྟེང་དུ་གྱོ་བཞག་ལ༔ ཚིག་མའི་ཕྱེ་ལ་བསེན་གཟུགས་བྱ༔ དེ་ཡི་སྙིང་ཁར་མིང་བྲིས་གཞུག༔ གྱོ་མོག་ནང་དུ་སྤྱི་རྟིང་བཟློག༔ རང་གི་ལག་ཏུ་རྩང་ཐོས་གཟིར༔ གྱོ་མོག་འོག་ཏུ་མེ་བཏང་ལ༔ མར་ནག་བསྐོལ་ལ་ཐིགས་པ་གཏིགས༔ དྲག་སྔགས་དྲག་ཏུ་བཟླས་ལ་གཟིར༔ ཐལ་བ་ཐེམ་པའི་ཕྱི་རོལ་མནན༔ དེས་ནི་བསེན་མོ་ཐལ་བར་རློག༔ གལ་ཏེ་ཞོ་ཆང་བསྲུང་འདོད་ན༔ རྡེའུ་དཀར་གཉིས་དང་ནག་པོ་གཅིག༔ གསུམ་ལ་སྔགས་འདི་སྟོང་གདབ་བོ༔ ཨོཾ་རུ་རུ༔ ལི་ལི༔ བྲམ་ཆུ་སོད༔ དུར་ཏི་སད་སྭཱ་ཧཱ༔ རྡེའུ་ཆུ་ཟངས་ནང་དུ་བཅུག༔ ཆུ་གཏོར་གཏོར་ཆུང་གང་རུང་བཏང༔ དེ་ནས་མེ་བཏང་དེས་ཐུབ་བོ༔ གལ་ཏེ་ཞོ་ཉེས་བྱུང་གྱུར་ན༔ ཨོཾ་ཤེ་ལུ༔ མ་སད༔ མཆུའི་སད་སྭཱ་ཧཱ༔ རྡེའུ་དཀར་རྡེའུ་ནག་གཉིས་ལ་ཡང༔ སྔགས་དེ་བརྒྱ་གདབ་ཞོ་ནང་བཅུག༔ རྡེའུ་མ་བོར་བར་དུ་ཐུབ༔ ལག་ན་རྡོ་རྗེའི་གསང་རྒྱུད་ལས༔ ཐུན་མོང་མ་ཡིན་ལས་ཕྲན་གྱི༔ ལེའུ་སྟེ་བཅུ་བདུན་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ཀྱཻ་ལྷ་ཡི་དབང་པོ་ཉོན༔ མ་འོངས་དུས་འབྱུང་དེ་ཡི་ཚེ༔ རྒྱུད་འདི་དམ་ཚིག་མེད་པ་དང༔ སྡིག་ལ་མི་འཛེམ་རྒྱལ་བ་ཡི༔ བཀའ་ལ་རས་ཆོད་བྱེད་པ་དང༔ སྐྱོན་ཅན་ཁ་གསག་མཁས་པ་ཡིས༔ སློབ་དཔོན་རྒྱབ་ཀྱིས་ཕྱོགས་ནས་ནི༔ རང་ཆེ་འདོད་པའི་མི་རྣམས་ལ༔ ནམ་ཡང་བསྟན་པར་མ་གསུངས་སོ༔ སྨྱོན་པའི་ལག་ཏུ་གྲི་བསྐུར་བཞིན༔ ཐམས་ཅད་ཕུང་བས་གསང་བར་བྱའོ༔ རྒྱུད་བཟང་ངང་ཚུལ་བཟང་བ་དང༔ ནོར་ལ་གཏོང་ཕོད་ཆེ་བ་དང༔ སློབ་དཔོན་མིག་ལྟར་འཁུར་བ་དང༔ དམ་ཚིག་མཁར་བཞིན་སྲུང་བ་དང༔ དེ་ལྟ་བུ་ཡི་གང་ཟག་ལ༔ དབང་དང་དམ་ཚིག་གཙོར་བཞག་སྟེ༔ མ་མོ་མཁའ་འགྲོ་དཔང་པོར་བཞག༔ རྒྱུད་དང་མན་ངག་འབྲེལ་པར་གཏོད༔ དཔལ་ལག་ན་རྡོ་རྗེ་གསང་བ་ཡང་ཏིག་གི་རྒྱུད་ལས༔ རྗེས་སུ་གཏད་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ས་མ་ཡ༔ དེ་ནས་འཁོར་རྣམས་ཡི་རང་ཞིང༔ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ༔ མངོན་པར་མཆོད་བསྟོད་བསྐོར་བ་བྱས༔ བཅོམ་ལྡན་མི་མངོན་དབྱིངས་སུ་གཤེགས༔ འཁོར་རྣམས་རང་རང་གནས་སུ་དེངས༔ ལག་ན་རྡོ་རྗེ་གསང་བ་ཡང་ཏིག་གི་རྒྱུད་ལས༔ རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་དགུ་པའོ༔ ས་མ་ཡ༔ ལག་ན་རྡོ་རྗེ་གསང་བ་ཡང་ཏིག་གི་སྙིང་རྒྱུད་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ ཁ་ཐཾ༔ ༁ྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཕྱག་ཉམས་བཞེས་པའི་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གདམས༔ ཕྱི་རབས་འགྲོ་ལ་ཕན་དོན་དུ༔ ཡི་གེར་བྲིས་ཏེ་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ས་བདག་དུག་རླངས་ལངས་པའི་ཚེ༔ ལས་དང་སྐལ་པར་ལྡན་པ་ཡི༔ སྐྱེས་བུ་གཅིག་དང་འདི་འཕྲད་ཤོག༔ རྒྱུད་འདི་སྟོན་ཞིང་སྤེལ་བའི་ཚེ༔ ས་གཡོས་འོད་དང་སྒྲ་ཆེན་འབྱུང༔ འབྲུག་ཆར་སེར་བ་ཁུ་འཕང་འབྱུང༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་དང༔ ཕྱི་ནང་མཆོད་པ་དཔག་མེད་བཤམ༔ བཀའ་ཆེན་ལས་ཀྱི་གཉེར་འཛིན་པ༔ རྣལ་འབྱོར་ང་རོ་མཐུ་སྟོབས་ཅན༔ གང་ལ་ཅི་འདུལ་སྤྲུལ་པ་འགྱེད༔ བློ་སྟོབས་ཆེ་ཞིང་སྤོབས་པར་ལྡན༔ རིགས་ལྡན་འདི་ལ་འདི་མནོས་ཤིག༔ གཞན་ཡང་ལས་ཅན་སྐྱེས་བུ་ནི༔ གང་ཤར་རྟོག་མེད་རྣལ་འབྱོར་པ༔ ངང་ཉིད་འཇམ་ཞིང་ཤེས་རབ་ཆེ༔ སྣ་ཚོགས་སྤྱོད་པས་ས་ལམ་བགྲོད༔ གདུལ་དཀའི་རྨུ་རྒོད་འདྲེན་པའི་དཔལ༔ དཔྲལ་བའི་གཉེར་མ་ཨཱཿཡིས་མཚན༔ དཔུང་མགོ་གཡས་སུ་ཤ་མཚན་ཡོད༔ མགྲིན་པར་པདྨའི་སྨེ་བ་དང༔ ཡན་ལག་ཀུན་འདུས་རྡོ་རྗེ་ཅན༔ སྤྱན་ནི་སྐྱེ་མེད་གྱེན་ཐུར་གཟིགས༔ དེ་ལ་བཀའ་འདི་བདག་ལྡན་གྱིས༔ སྨོན་ལམ་ལྡན་པ་རྡོ་རྗེ་འམ༔ མཆོག་དབྱངས་ཞེས་བྱའི་རོལ་པ་ནི༔ དཀར་ཆས་དགེ་བའི་ལས་ལ་སྤྱོད༔ དེས་ཀྱང་བཀའ་ཡི་ཆ་གཅིག་འཛིན༔ མ་སྤེལ་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡ༔ ཁ་ཐཾ༔ བརྡ་ཐིམ༔ དུང་ལྷ་ཁྱོད་ཀྱིས་བཀའ་འདིའི་བྱ་ར་གྱིས༔ རྡོ་རྗེ་ལེགས་པས་རྒྱབ་གཉེར་བྱ་ར་གྱིས༔ གཏེར་རྐུན་བྱུང་ན་སྲོག་གི་དབང་པོ་སྣུབས༔ སོ་ཕག་ཤི་ཐཾ༔ ྈྈྈ ༁ྃ༔ རྒྱ་གར་སྐད་དུ༔ ཨཱརྻ་ནཱི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཱ་མ༔ བོད་སྐད་དུ༔ འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ༔ ཐུགས་ལས་སྤྲུལ་པའི་ཁྱུང་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ བྱ་ཁྱུང་དྲག་པོའི་གསང་སྒྲུབ་འདི་ལ་དོན་བདུན་གྱིས་བསྟན་ཏེ༔ སློབ་མ་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་དབང་བསྐུར་བ་དང་གཅིག༔ ས་བདག་ཀླུ་གཉན་འདུལ་བའི་ཕྱིར་སྲུང་བ་བསྟན་པ་དང་གཉིས༔ དེ་ནས་ཐུབ་པའི་རྟགས་བྱུང་ནས་སྦྱིན་སྲེག་བྱ་བ་དང་གསུམ༔ མནན་པ་བྱ་བ་དང་བཞི༔ དགྲ་བོ་བསད་པ་དང་ལྔ༔ རྫས་སེར་ནག་པོ་གློ་བུར་དུ་དབབ་པ་དང་དྲུག༔ གདུག་པའི་པུར་གཏད་ནག་པོ་དང་བདུན་ནོ༔ དེ་ལས་དང་པོ་དབང་བསྐུར་བ་ནི༔ གནས་ཡིད་དུ་འོང་ཞིང་ཉམས་དགའ་བའི་སར༔ ལག་ན་རྡོ་རྗེའི་དཀྱིལ་འཁོར་གཞུང་བཞིན་དུ་བྲི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་ལ༔ རྒྱུད་ནས་ཇི་ལྟར་བྱུང་བའི་ཚུལ་གྱིས་སློབ་མ་ཉེར་གཅིག་ལས་མི་མང་བ་ལ་དབང་བསྐུར་བའི་རིམ་པ་རྣམས་ཚུལ་མཐུན་དུ་བསྐུར་བར་བྱའོ༔ ས་མ་ཡ༔ དེ་ནས་གཉིས་པ་སྲུང་བ་བསྟན་པ་ནི༔ སྲུང་བ་བསྟན་པ་འདི་ལ་གསུམ་སྟེ༔ རྫས་ཀྱིས་སྲུང་བ༔ ཏིང་ངེ་འཛིན་གྱིས་སྲུང་བ༔ སྔགས་ཀྱིས་སྲུང་བ་དང་གསུམ་མོ༔ དང་པོ་རྫས་ཀྱིས་སྲུང་བ་ནི༔ དལ་གྲུ་གང་གྲུ་བཞིར་བྱས་ཏེ༔ སྟེང་དུ་ཆང་དང་ཁྲག་གིས་ཆག་ཆག་གདབ༔ དེའི་སྟེང་དུ་ཐིག་ཆེན་བཅུ་གཉིས་ལ་སོགས་པ་གདབ༔ དབུས་སུ་གྲུ་གསུམ་མཐིང་ནག་བྱ༔ ཟླ་གམ་དམར་པོ་བྱ༔ འཁོར་ལོ་རྩིབས་བཞི་སེར་པོ་བྱ༔ གོང་རས་ལྗང་གུ་བྱ༔ མུ་ཁྱུད་དཀར་པོ༔ ཤར་སྒོ་དང་གྲུ་ཆད་དཀར་པོ༔ དེ་བཞིན་དུ་ལྷོ་སེར༔ ནུབ་དམར༔ བྱང་ལྗང༔ ཕྱི་རིམ་རྟ་བབས་དང༔ འཁོར་ཡུག་པདྨ་རྡོར་ར་མེ་རི་དང་བཅས་པ་ལེགས་པར་བྲིའོ༔ དེའི་དབུས་སུ་གྲུ་གསུམ་གྱི་སྟེང་དུ༔ རྫ་བུམ་གཙང་མ་ཞིག་བཞག་ལ༔ དེའི་ནང་དུ༔ གདོན་ཕོ་གདོན་ཐམས་ཅད་ཀྱི་གཉེན་པོ་དུག་མུ་ཟི་ནག་པོ༔ མོ་གདོན་གྱི་གཉེན་པོ་གུ་གུལ་ནག་པོ༔ གདོན་སྤྱི་ཡི་གཉེན་པོ་བདུད་རྩི་ཨ་མྲྀཏ༔ ཀླུ་ཡི་གཉེན་པོ་གླ་རྩི༔ རྒྱལ་པོ་ལ་ལྡོང་རོས༔ བསེན་མོའི་བཙན་དུག༔ རིམས་ནད་ལ་སྒོག་སྐྱ༔ ལུས་ཀྱི་དྲི་མའི་གཉེན་པོར་བུལ་ཏོག་དང་བརྒྱད་པོ་ཞིབ་ཏུ་བཏགས་ལ༔ ཆུ་སྣ་གཙང་མ་དང༔ འོ་མ་སྦྱར་ལ་བུམ་པའི་ནང་དུ་བླུག༔ ཤུག་པ་ལ་སོགས་པས་ཁ་རྒྱན་དང༔ རས་སྔོན་པོའི་མགུལ་ཆིངས་བྱ༔ ཚོན་སྐུད་སྣ་ལྔའི་གཟུངས་ཐག་ཀྱང་བྲེ༔ དེའི་མཐའ་མ་ན༔ ཕྱི་ནང་གི་གཏོར་མ་ལ་སོགས་པའི་ཚོགས་དང་མཆོད་པ་རྒྱས་པར་བཤམས་པ་རྣམས༔ བསང་སྦྱང་བྱས་ལ༔ ཨོཾ་བཛྲ་པཱ་ཎི༔ བཛྲ་གྷ་རུ་ཎ༔ བུདྡྷ་གྷ་རུ་ཎ༔ རཏྣ་གྷ་རུ་ཎ༔ པདྨ་གྷ་རུ་ཎ༔ ཀརྨ་གྷ་རུ་ཎ༔ བ་ལིཾ་ཏ་ཁཱ་ཧི༔ ཞེས་པས་གཏོར་མ་འབུལ༔ བསྙེན་སྔགས་ཞག་བདུན་བསྒྲུབ༔ བདག་བསྐྱེད་མདུན་བསྐྱེད་ལ་སོགས་དཀྱིལ་འཁོར་རྫོགས་པར་བསྒོམ༔ བཟླས་པའི་གཟུངས་ཆུས་ལུས་བཀྲུ་བ་ནི༔ ཚེས་གཅིག༔ ལྔ༔ བརྒྱད༔ བཅུ་གཅིག༔ བཅོ་ལྔ༔ བཅོ་བརྒྱད༔ ཉེར་གསུམ༔ ཉེར་ལྔ༔ ཉེར་དགུ་ལ་སོགས་པ༔ དུས་གཉན་བརྒྱད་ལ་རང་ལུས་དག་པར་བཀྲུ༔ ལུས་ལ་བཀྲུ་བའི་རྫས་སོ༔ མགུལ་དུ་གདགས་པའི་སྒྲིབ་ཤིང་གི་རྫས་ནི༔ གདོན་ཕོའི་རིགས་ཀྱི་སྒྲིབ་ཤིང༔ དུག་མུ་ཟི་ནག་པོ༔ མོ་ལ་གུ་གུལ་ནག་པོ༔ ཀླུ་རྒྱལ་རིགས་ལ་བཙན་དུག༔ རྗེའུ་རིགས་ལ་བ་གླང་གི་རྭ་བསྲེགས་པའི་གཞོབ༔ བྲམ་ཟེ་ལ་མི་ཚིལ༔ དམངས་རིགས་ལ་ཕ་བོང་ནག་པོའི་དྲེག་པ༔ གདོལ་པ་ལ་ཆུ་དག་ནག་པོ༔ ཀླུ་སྤྱི་ལ་རྨ་བྱའི་མདོངས༔ གཉན་ལ་གླ་རྩི༔ བདུད་དང་རྒྱལ་པོ་ལ་སྤྱང་ཀིའི་བྲུན༔ ཀླུ་བཙན་ལ་སྲེ་མོའི་སྡེར་མོ༔ མ་མོ་བསེན་མོ་ལ་ཁྱི་ནག་པོའི་བྲུན༔ རིམས་ནད་ལ་སྒོག་སྐྱ༔ རྫས་དེ་རྣམས་ཧྲོམ་ཧྲོམ་དུ་བརྡུངས་ལ༔ རས་ཀྱི་ཁུག་མར་གཏུམས་ལ༔ རྟག་ཏུ་རང་གི་མགུལ་དུ་གདགས་སོ༔ དེས་ལྷ་འདྲེ་ཐམས་ཅད་སྒྲིབ་པར་འགྱུར་རོ༔ དེ་ནས་ལུས་ལ་བྱུག་པའི་རྫས་ནི༔ ལུས་ཚ་ཞིང་ཐོར་པ་བྱུང་ན༔ བཙོད་ཁུ་དང༔ སྤང་སྤོས་སྦྱར་ལ་བྱུག༔ ཕོལ་དང་སེར་ཀ་བྱུང་ན༔ བུ་རམ༔ དར་ཡ་ཀན༔ མཁྲིས་པ༔ ཆུ་རྩ་རྣམས་སྦྱར་ལ་བྱུག༔ ཟ་ཞིང་མེ་ཏོག་བྱུང་ན༔ སྤྱང་དུག་པ་སྦྱར་ལ་བྱུག༔ ལུས་ལ་ཀོར་ཙེ་རང་དབང་མེད་པར་ཤུ་བ་བྱུང་ན༔ ར་ཐུག་གི་སྦྲེ་དང༔ རྩྭ་དཱུར་བ་སྦྱར་ལ་བྱུག༔ ཤ་རོ་བྱུང་ན༔ མུ་ཟི༔ ལྡོང་རོས༔ བ་བླ་གསུམ་སྦྱར་ལ་བྱུག༔ ན་ཚ་མེད་པར་ཤུ་བ་བྱུང་ན་ཏི་ཙ་དང༔ རི་བོང་གི་རིལ་མ་ཐབ་ཏུ་བསྲེགས་པའི་ཐལ་བ་དང༔ མར་དཀར་པོ་གསུམ་སྦྱར་ལ་བྱུག༔ ཚ་ཞིང་གྲུམ་ན༔ གུ་གུལ༔ རྭ་གཞོབ༔ ཚྭ་གསུམ་སྦྱར་ལ་བྱུག༔ ཐོར་པ་བྱུང་ན་སྤྱང་ཚེར་མ༔ ཤུག་པ་ཚེར་མ་ཅན་སྦྱར་ལ་བྱུག༔ བས་ལྡག་དང་ཤ་བཀྲ་བྱུང་ན༔ གུ་གུལ་ནག་པོ་དྲི་ཆུ་དང་སྦྱར་ལ་བྱུག༔ ཤ་སུལ་རེངས་ནས་ན་ན༔ གླ་རྩི༔ གུ་གུལ༔ མ་ནུ་གསུམ་སྦྱར་ལ་བྱུག༔ གདོང་པ་དམར་བ་དང༔ སྨུག་ལོང་ངེ་བ་ལ༔ དུ་བ་ཁྱི་ལུད་ཚྭ་རྣམས་རྟའི་ཆུ་དང་སྦྱར་ལ་བྱུག༔ མིག་ཆུ་ལྟེང་ལྟེང་འོང་བ་དང༔ ཁ་མིག་གླེ་བོར་སོང་བ་དང༔ སྣ་རྒྱ་མདུད་དུ་སོང་བ་དང༔ རྣ་བ་སྐྲངས་པ་རྣམས་ལ་ནི༔ སྦལ་བའི་ཤ༔ སྲེ་མོའི་ཤ༔ ར་དུག་པའི་རྩ་བ༔ ཉ་མཁྲིས༔ མི་རུས་མ་བསྲེགས་པ་བཙས་ཁྱེར་བ༔ ཁྱི་ལུད༔ དེ་རྣམས་ཞིབ་པར་བརྡུངས་ལ་དྲི་ཆུ་དང་སྦྱར་ཏེ་བྱུག་གོ༔ སྐད་འགགས་པ་དང༔ གློ་སྙིང་མི་བདེ་བ་དང༔ གློ་སྐམ་ཐང་ཐང་པ་དང༔ ལུད་པ་རྣག་ཁྲག་འཛག་པ་རྣམས་ལ་ནི༔ སྤང་རྒྱན་དཀར་པོ༔ ཀ་ར་དཀར་པོ༔ ཆུ་དག་དཀར་པོ་རྣམས་ཆ་མཉམ་ལ་བཏུལ་ནས༔ སྟག་བུའི་ཆུ་དང་སྦྱར་ལ༔ ནངས་པར་ལྟོ་སྟོང་བཏང་ངོ༔ མཆུ་ཤྭ་རེ་རེ་སོང་བ་དང༔ སོར་མོ་བྱི་ལ་མཇུག་ཏུ་སོང་བ་དང༔ བྱད་སྦོས་པ་རྣམས་ལ༔ ཐར་ནུའི་རྩ་བ་དང༔ སྲད་མའི་མེ་ཏོག༔ དབྱི་མོང་དཀར་མོའི་ལོ་མའི་འབུར་འབུར་ཚིགས་པ་རྣམས་སྦྱར་ལ་བྱུག༔ དེ་ཆེས་ན་ཆུ་བུར་ཡོང་བས་ཐུན་ཆུང་དུ་སྦྱར་རོ༔ སྐྲ་དང་སྨིན་མ་བྱི་ན༔ དུ་བ༔ ཉེ་ཤིང་པའི་རྩ་བ༔ ཐང་སྒྲོན་དུད་པ༔ སོག་རུལ་བསྲེགས་པའི་གཞོབ་ནག་རྣམས་མར་ནག་དང་སྦྱར་ལ་བྱུག༔ ལུས་ཀྱི་རྩ་སྦྲིད་པ་དང༔ སྙིང་འདར་བ་དང༔ རྐང་ན་བ་དང༔ གྲེ་བ་ན་བ་རྣམས་ལ༔ ཙནྡན་དཀར་པོ་དང༔ སེང་ལྡེང་གི་ཕྱེ་མ༔ གླ་རྩི༔ བུ་རམ༔ ཨ་རུ་ར་གསེར་མདོག༔ དེ་རྣམས་ཆུ་གྲང་སྦྱར་ལ༔ ལྟོ་སྟོང་ལ་བཏང་ངོ༔ རྨ༔ སེར་ཁ༔ སོབ་ཤོར་རྣམས་ལ་ནི༔ དར་ཡ་ཀན༔ ཆུ་དག༔ བུ་རཾ༔ མི་ཞུན༔་་་རྟུག་པ་སྐམ་པོ་ལ་ཟེར། གཤུལ་ཀྱང་ཡིན། གང་རྙེད་དོ། ཁྱི་ལུད༔ སྒོག་སྐྱ་རྣམས་སྦྱར་ལ་བྱུག༔ ལུས་ཀྱི་དྲི་ལ་སོགས་པ་དང༔ ཤ་མདོག་ལ་སོགས་པ་དང༔ ཤ་བཀྲ༔ བས་ལྡག་རྣམས་ལ༔ གླ་རྩི༔ ཤིང་ཀུན༔ སྒོག་སྐྱ༔ ཡུག་སའི་དོར་རྟ་ཐབ་ཏུ་བསྲེགས་པའི་གཞོབ་རྣམས་སྦྱར་ལ་བྱུག༔ རུས་པ་སོབ་མོར་སོང་བ་དང༔ སོ་བཀྲག་ཤོར་བ་རྣམས་ལ་ནི༔ བྱང་བ༔ སྒོག་སྐྱ༔ བུ་རམ༔ ར་མོ་ཤག་གི་རྩ་བ་རྣམས་སྦྱར་ལ་བྱུག་གོ༔ སྨན་དེ་རྣམས་སྦྱར་ལ༔ རང་རང་གི་ཚི་ཡོད་པ་དེས་ཆོག༔ མེད་པ་ལ༔ དགེ་སློང་གཙང་མའི་དྲི་ཆུའམ༔ བྱིས་པ་ལོ་བརྒྱད་པའི་ཆུ་དང་སྦྱར་རོ༔ དེ་ནས་རྫས་ཀྱི་སྲུང་བ་བསྟན་པ་ནི༔ དུག་མུ་ཟི་ནག་པོ༔ གུ་གུལ་ནག་པོ༔ གླ་རྩི༔ སྒོག་སྐྱ༔ བཙན་དུག༔ ཚྭ་རྙིང་བཟང་པོ༔ བདུད་རྩི་ཨ་མྲྀཏ༔ དེ་རྣམས་ཞིབ་པར་བཏགས་ལ༔ མིའི་རྐང་མར་རྙེད་ན་རབ༔ མི་ཚིལ་རྙེད་ཀྱང་བཏུབ༔ དེ་གང་ཡང་མ་རྙེད་ན༔ རྟུག་ཞུན་དང་སྦྱར་ལ་ནད་པའི་ལུས་ཀྱི་ན་ས་དང༔ སྐྲངས་པ༔ སྦྲིད་པ༔ མཛེ༔ ཤུ་བ༔ གཡན་པ༔ ལྡག་པ༔ ཕོལ༔ རྨ༔ སེར་ཁ་ལ་སོགས་པ་རྣམས་ལ་བྱུག༔ དེའི་རྗེས་རྣམས་ལ༔ ཕྱིང་པ་མེ་ལ་བསྲོས་ལ་ཚུགས་ཚད་དུ་མནན་པར་བྱའོ༔ དེ་ལ་སྣུམ་ཡང་ཡིད་ཙམ་བྱུག་གོ༔ མཛེ་ལ་སོགས་པ་འདྲེ་གདོན་ཕོ་མོ་ཐམས་ཅད་ཞི་བར་འགྱུར་རོ༔ དེ་རྣམས་ནི་རྫས་ཀྱི་སྲུང་བའོ༔ ས་མ་ཡ༔ དེ་ནས་ཏིང་འཛིན་སྲུང་བ་བསྟན་པ་ནི༔ དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ རང་གི་སེམས་ཀྱི་མཚན་ཉིད་འདི༔ ཅིར་ཡང་མི་རྟོག་པ༔ ཅི་ལ་ཡང་མི་དམིགས་པ༔ སྟོང་ཉིད་ཆེན་པོའི་ངང་དུ་བསྒོམ་སྟེ༔ དེ་ཡང་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་མ་འགགས་པའི་རྩལ་ཡི་གེ་ཧཱུྃ་སྒྲ་དང་བཅས་འོད་འཕྲོ་བའོ༔ དེ་ནས་ཀུན་སྣང་གི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ༔ སྙིང་རེ་རྗེ་སྙམ་དུ་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི༔ རང་གི་སེམས་ཉིད་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་བསྒོམ༔ ཧཱུྃ་དེ་དཀྱིལ་འཁོར་གྱི་ལྟེ་བར་འོད་དུ་ཞུ་བར་བསྒོམ༔ དེ་ལས་འོད་འཕྲོས་པས༔ དོན་གཉིས་བྱས༔ རང་བཞིན་གྱི་གནས་ནས་ཕྱག་ན་རྡོ་རྗེ་ཁྱུང་དང་བཅས་པ་སྤྱན་དྲངས་ལ༔ དེ་ལ་ཕྱག་དང༔ མཆོད་པ་དང༔ བསྟོད་པ་དང༔ གཏོར་མ་ལ་སོགས་པ་ཕུལ་ལ༔ དེ་ནས་ལྷ་ཡེ་ཤེས་པ་དང༔ བདག་དམ་ཚིག་པ་གཉིས་འོད་དུ་ཞུ་བ་ལས༔ བདག་གི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ དེ་ནས་ཨོཾ་བཛྲ་པཱ་ཎི་ཧཱུྃ༔ གྷ་རུ་ཎ་ཧཱུྃ༔ ཞེས་བརྗོད་པས༔ བདག་ཉིད་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་ཅེས་བྱ་བ༔ གཟི་བརྗིད་རབ་ཏུ་ཆེ་བ༔ ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའི་དབྱིངས་ན་ཕྱར་བ༔ གཡོན་པས་སྡིགས་མཛུབ་དྲིལ་བུ་དང་བཅས་པའི་རྩེ་ལ་མེ་འབར་བ༔ ཞལ་གདངས་པ༔ མཆེ་བ་བཞི་གཙིགས་པ༔ ལྗགས་འདྲིལ་བ༔ སྤྱན་གསུམ་གྲུ་གསུམ་གྱེན་ལ་གཟིགས་པས་ཚངས་པའི་ཡུལ་ས་རྩེ་ནས་གནོན་པ༔ ཁྲོས་པའི་ཁྲོ་གཉེར་སུམ་བརྩེགས་དཔྲལ་བར་བསྡུས་པ༔ སྨིན་མ་ཨག་ཚོམ་མེ་ལྟར་འབར་བ༔ རལ་པའི་ཅོད་པན་གྱེན་དུ་འཁྱིལ་ཞིང་ཐུར་དུ་སྙིལ་བ༔ ཐོད་སྐམ་ལྔ་དང་རིན་པོ་ཆེའི་རྩེ་བྲན་གྱིས་སྤྲས་པ༔ དར་གྱི་སྟོད་གཡོགས་དང༔ གླང་ཆེན་གྱི་པགས་པས་བརྒྱན་པ༔ སྟག་ཤམ་བྷ་ཏི་ཁྲ་བོ་དང་དར་ལྗང་སྔོན་གྱིས་སྨད་དཀྲིས་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གིས་འདོར་ཐབས་པདྨ་དང༔ ཉི་མ་ས་བདག་ཀླུ་གཉན་གྱི་སྟེང་དུ་བསྒྲད་པ༔ སྦྲུལ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ༔ རྗེའུ་རིགས་སེར་པོས་སྙན་ཆ༔ བྲམ་ཟེ་དམར་པོས་མགུལ་ཆུ༔ གདོལ་པ་ནག་པོས་སེ་རལ་ཁ༔ དམངས་རིགས་སྔོན་པོའི་ཕྱག་གདུབ་དང་ཞབས་གདུབ་སྟེ༔ ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ༔ སྐུ་བསྐལ་པ་མེ་དཔུང་འབར་བའི་ཀློང་ན་འགྱིངས་པ༔ གཞན་ཡང་དུར་ཁྲོད་འབར་བའི་ཆས་བརྒྱད་ཀྱིས་བརྒྱན་པ༔ དབུ་ཚངས་པའི་གནས་སུ་སླེབ་པ༔ ཞབས་སྲིད་པའི་ས་གཞིར་སླེབ་པ༔ སྐུ་འགྱིངས་པའི་ཚུལ་གྱིས་སྲིད་གསུམ་ཐམས་ཅད་ཁེངས་པ་ཞིག་ཏུ་བསྒོམས་པའི་ཐུགས་ཀ་ན༔ ཡི་གེ་ཀེཾ་དཀར་པོ་ཞིག་ཞུ་བ་ལས༔ དུང་སྒོང་དཀར་པོ་ཞིག་ཏུ་བསམ༔ སྒོ་ང་དེ་རང་བཞིན་དུ་བརྡོལ་བའི་ནང་ནས༔ རྡོ་རྗེའི་ཁྱུང་ཞེས་བྱ་བ༔ ལུས་པོ་མི་ལ་གཤོག་པ་མཇུག་མ་ཀུན་བྱར་འདུག་པ་ལ༔ གཤོག་པས་ནམ་མཁའི་དབྱིངས་ཁེབས་པ༔ གཤོག་པའི་གསེབ་ནས་གསེར་གྱི་བྱེ་ཚན་མང་པོ་འཕྲོས་པས༔ ཀླུ་རྒྱལ་ཕོ་མོ་ཐམས་ཅད་མ་ལུས་པར་ཐུལ་ཐུལ་ཚིག་པ༔ མཆུ་སྡེར་ཐམས་ཅད་གནམ་ལྕགས་ལས་གྲུབ་པ༔ ལྕགས་ཀྱུ་ལྟ་བུར་འགུག་པ་ལས༔ ཀླུ་རྒྱལ་ཕོ་མོ་ཐམས་ཅད་ཀྱི་སྙིང་དང་མིག་འབྱིན་ཞིང༔ ཤ་ཁྲག་ཐམས་ཅད་ཟས་སུ་ཟ་བ༔ ཕྱག་གཡས་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡོན་ན་གནམ་ལྕགས་འབར་བའི་ལྕགས་ཀྱུ་ཐོགས་པ༔ རྭ་ཅོ་མཛོ་རུ་ལྟ་བུར་གདེངས་པའི་བར་ན༔ རིན་པོ་ཆེ་འོད་འབར་བས་བརྒྱན་པ༔ སྐུ་མདོག་ཤིན་ཏུ་དཀར་ལ་འཚེར་བ༔ ཞབས་གཉིས་ཉི་ཟླ་པདྨའི་སྟེང་ན་བརྗིད་པའི་ཚུལ་གྱིས་བཞུགས་པར་བསྒོམ་པའི་ཐུགས་ཀ་ནས༔ ཡང་ཀེཾཿསྔོན་པོ་ཞིག་མཆེད་པ་ལས༔ སྐུ་ཡི་ཁྱུང་རྒོད་འབར་བ་གོང་དང་འདྲ་བ་ལ༔ ཁྱད་པར་དུ་སྐུ་མདོག་སྔོན་པོ་ཕྱག་གཡས་འཁོར་ལོ་གཡོན་ལྕགས་ཀྱུ་བསྣམས་པ་ཤིན་ཏུ་བརྗིད་པ་ཞིག་བསྒོམ༔ ཀེཾཿསེར་པོ་ཞིག་མཆེད་པ་ལས༔ ཡོན་ཏན་གྱི་ཁྱུང་སེར་པོ༔ གཡས་རིན་པོ་ཆེ༔ གཡོན་ལྕགས་ཀྱུ་བསྣམས་པ་ཞིག་བསྒོམ༔ ཀེཾཿདམར་པོ་ཞིག་མཆེད་པ་ལས༔ གསུང་གི་ཁྱུང་དམར་པོ༔ གཡས་པདྨ༔ གཡོན་ལྕགས་ཀྱུ་བསྣམས་པ་ཞིག་བསྐྱེད༔ ཀེཾ་ལྗང་གུ་ཞིག་མཆེད་པ་ལས༔ ཕྲིན་ལས་ཀྱི་ཁྱུང་ལྗང་ནག་ཁྲོས་ཤིང་རྔམས་པ༔ གཡས་རལ་གྲིས་གདུག་པ་ཅན་ཚར་གཅོད་པ༔ གཡོན་ལྕགས་ཀྱུས་གནོད་བྱེད་ཀྱི་སྙིང་ནས་བཟུང་ཞིང་ཟ་བ༔ ཁྱུང་རྒོད་འབར་བའི་ཆ་ལུགས་སྣ་ཚོགས་པས་བརྒྱན་པ་ཞིག་བསྒོམ༔ དེ་ལྟ་བུར་བསྒོམས་པ་ཐམས་ཅད་ཀྱི་ཐུགས་ཀ་རྣམས་ནས་ཀྱང༔ ཡང་སྤྲུལ་གྱི་ཁྱུང་རྒོད་རང་རང་འདྲ་བ་གྲངས་ཀྱིས་མི་ཆོད་པ་མང་པོ་འཕྲོས་པས༔ སྣང་སྲིད་འདི་ཐམས་ཅད་ཁྱུང་གི་རང་བཞིན་དུ་གྱུར་ཏེ༔ དེ་དག་ཐམས་ཅད་ནི༔ ལ་ལ་ནི་ནམ་མཁའ་ལ་ལྡིང་བ༔ ལ་ལ་བར་སྣང་ལ་འཕུར་བ༔ ལ་ལ་ནི་ས་གཞི་ལ་འཇོལ་བ༔ ལ་ལ་ནི་ས་གཞི་ལ་འབབ་པ༔ ལ་ལས་ནི་ཀླུའི་མིག་འབྱིན་པ༔ ལ་ལས་སྙིང་འབྱིན་པ༔ ལ་ལས་ཤ་ཟ་བ༔ ལ་ལས་ཁྲག་འཐུང་བ༔ ལ་ལས་ཀླུ་ཆེན་ཕྲམ་ཕྲམ་དུ་གསོལ་ཞིང༔ ལ་ལས་ཀླུ་ཆུང་ཁྱུར་མིད་བྱེད་པར་བསྒོམ༔ དེ་ནས་ཡང་སྤྲུལ་གྱི་ཁྱུང་རྣམས་སྤྲུལ་པའི་ཁྱུང་ལ་བསྡུ༔ དེ་རྣམས་ཐུགས་ཀྱི་ཁྱུང་ལ་བསྡུས་ལ༔ པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་པས༔ བདག་དམ་ཚིག་སེམས་དཔའ་དང༔ ལྷ་ཡེ་ཤེས་སེམས་དཔའ་གཉིས་ཤག་གིས་ཕྱེ་བ་ལས༔ ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ༔ དེ་ནི་ཏིང་ངེ་འཛིན་གྱིས་སྲུང་བའོ༔ དེ་རྗེས་སྔགས་ཀྱིས་སྲུང་བ་ནི༔ ཀླུ་ནད་ཀྱིས་ཟིན་པའི་གང་ཟག་དེས༔ རྟག་ཏུ་དམིགས་པ་དེ་ལྟ་བུ་དང་ལྡན་པས༔ སྔགས་རྒོད་འདི་ལ་བཟླས་པར་བྱའོ༔ ཨོཾ་བཛྲ་པཱ་ཎི༔ བཛྲ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བུདྡྷ་གྷ་རུ་ཎ་ཙ་ལེ་སོགས༴ རཏྣ་གྷ་རུ་ཎ༴ པདྨ་གྷ་རུ་ཎ༴ ཀརྨ་གྷ་རུ་ཎ༴ ཨོཾ་ནཱ་ག་རཱ་ཙ་མཱ་ར་ཡ་སོད་སོད༔ ནཱ་ག་རཱ་ཙ་མཱ་ར་ཡ་བྱིང་བྱིང༔ ནཱ་ག་རཱ་ཙ་མཱ་ར་ཡ་རྨུགས་རྨུགས༔ ནཱ་ག་རཱ་ཙ་མཱ་ར་ཡ་མྱོག་མྱོག༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦུད་རྦུད༔ ནཱ་ག་རཱ་ཙའི་སྲོག་པ་རྩ་ལ་སརྦ་ཧུར་ཐུཾ་ཛ༔ གནོད་བྱེད་ཕོ་མོ་ཐམས་ཅད་ཐུཾ་རིལ་ཛཿམཱ་ར་ཡ་རྦད་རྦད༔ དེ་ནི་སྔགས་ཀྱི་སྲུང་བ་ཡིན་པས༔ དང་པོ་ཞི་བའི་ཚུལ་དུ་བགྲང༔ དེ་ནས་ཕྱེད་མ༔ མཇུག་ཏུ་དྲག་པོའི་ཚུལ་དུ་ངར་དང་ལྡན་པར་བགྲང༔ དམིགས་པ་ཡང་དེ་དང་རྗེས་སུ་བསྟུན་པར་བྱའོ༔ དེ་ནས་བསྟོད་པ་འདི་སྐད་དུ་བསྟོད༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་གོས་སྔོན་ཅན༔ སྤྱན་གསུམ་ཁྲོས་པས་མི་གཟིགས་གང་ཡང་མེད༔ ཐུགས་ཀྱིས་མཁྱེན་པས་མི་མཁྱེན་གང་ཡང་མེད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ས་བདག་ཁྱེད་ཀྱིས་དབང་དུ་མ་འདུས་གང་ཡང་མེད༔ བཅོལ་པའི་ཕྲིན་ལས་མི་བསྒྲུབ་གང་ཡང་མེད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གདངས་ལྗགས་འདྲིལ་ཁམས་གསུམ་མ་ལུས་སྒྲོལ༔ ཧཱུྃ་ཕཊ་སྔགས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན༔ མཆེ་བ་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་པད་ཉི་ཀླུ་གཉན་གདན་ལ་བཞུགས༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འདྲིལ༔ གཡོན་པས་སྡིགས་མཛུབ་དྲིལ་བུས་ལོག་འདྲེན་གཟིར༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ་པ་ཡིས༔ དགྲ་བགེགས་མ་ལུས་ཐལ་བར་རློག་པར་བྱེད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ དབང་ཆེན་ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག༔ བྱིན་ཆེན་ཁྱེད་ཀྱིས་བདག་ལ་བྱིན་ཕོབ་ཅིག༔ རྟག་ཏུ་བདག་ལ་སྲུང་བའི་གོ་མཛོད་ཅིག༔ མཐུན་པའི་དམ་རྫས་འདི་གསོལ་ལ༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ ཧཱུྃ༔ ཐུགས་ལས་སྤྲུལ་པའི་ཁྱུང་རྒོད་གདུག་རྩུབ་ཅན༔ མིག་སྔར་གང་བྱུང་མ་ལུས་ཟས་སུ་ཟ༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པ་ལ་སོགས་པ་རྒྱུད་ནས་འབྱུང་བ་ལྟར་བསྟོད༔ བསྐུལ་གྱི་མཐར༔ ཁྱུང་གྷ་རུ་ཎ༔ ལྷང་ལྷང༔ རྩེར་རྩེར༔ ཆུམ་ཆུམ༔ ཧྲིལ་ཧྲིལ༔ ཤར་ཤར༔ སིལ་སིལ༔ གནོད་བྱེད་ཕོ་མོའི་སྙིང་ལ་མཱ་ར་ཡ་རྦད་བྷྱོ༔ ཞེས་པས་བསྟོད་ཅིང་བསྐུལ་ལོ༔ རྫས་གོང་མ་རྣམས་ལུས་ལ་བཀྲུ་བ་དང༔ གདགས་པ་དང༔ བྱུག་པ་བྱའོ༔ ཏིང་ངེ་འཛིན་གོང་མ་རྣམས་རང་གིས་གསལ་བར་བསྒོམ་པའོ༔ སྔགས་རྣམས་ཀྱང་རིམ་པས་མ་ནོར་བར་བཟླའོ༔ རྫས་ལ་ཆད་ལྷག་མེད་པ་དང༔ སྔགས་ལ་འབྲུ་ཆད་མེད་པ་དང༔ ཏིང་ངེ་འཛིན་ལ་ཐང་ལྷོད་མེད་པ་དང༔ སྔགས་བཟླས་པ་ལ་བར་དུ་ལེ་ལོ་མ་ཞུགས་ན༔ མཛེ་ནད་རིགས་བཅོ་བརྒྱད་འཇོམས་པར་ངེས༔ དེ་ལ་མཛེ་རིགས་བཅོ་བརྒྱད་ནི༔ རུས་པ༔ ཤ༔ ལྤགས་པ༔ རྩ༔ ཁྲག༔ ནང་ཁྲོལ༔ ཆུ་ལུས༔ སྟོབས༔ ལུས་རྩི༔ མདོག༔ དབྱིབས༔ རེགས༔ ཆུ་བ༔ ཆུ་སེར༔ ཀླད་པ༔ ལྷ་བ༔ ལུས་བྱིང་ལ་ཞུགས་པ་ལ་སོགས་པའི་མཛེ་རིགས་སོ༔ དེ་རྣམས་བསྡུས་པས་གསུམ་དུ་འདུས༔ ཚེ་རབས་ལས་ཀྱི་མཛེ༔ ཀླུ་དང་ཐུག་འཕྲད་འཕྲལ་རྐྱེན་གྱི་མཛེ༔ འདུ་བ་ནད་ཀྱི་མཛེ་དང་གསུམ་ལ་འདུས༔ དེ་གསུམ་ལ་མ་འདུས་པ་གང་ཡང་མེད་དེ༔ དེ་གསུམ་ངོས་བཟུང་བ་ནི༔ དྲག་སྔགས་དེ་རྣམས་རྒྱུན་ཆད་མེད་པར་བཟླས་པས༔ ཕན་གནོད་གང་ཡང་མེད་པ་དང༔ ཟས་ཀྱི་རིགས་ཅི་ཟོས་ཀྱང་ཕན་གནོད་མ་བྱུང་ན༔ ཚེ་རབས་ལས་ཀྱི་མཛེ་ཡིན་པས་ཚེ་འདིར་མི་འཚོ༔ དམ་པའི་ལྷ་ཆོས་ལ་སོགས་ཕྱི་མའི་བྱ་བ་ལ་འབུང་བ་གལ་ཆེ༔ སྔགས་བཟླས་པས་རྨི་ལམ་དང༔ ལུས་རྟགས་ལ་སོགས་ཟང་ཟིང་དང་འཁུ་འཁྲིག་ཆེར་སོང་ན༔ ནག་པོ་ཐུག་འཕྲད་ཀྱི་མཛེ་ཡིན་པས༔ བརྩོན་འགྲུས་བསྐྱེད་ལ་གདམས་པ་ལ་འབད་དེ༔ དེ་ཡང་རྫས་ཀྱིས་སྲུང་བ་ལ་སོགས་པ་ལ་འབད༔ ཁྱད་པར་དུ༔ རང་གི་དྲི་ཆེན་དྲི་ཆུ་བསྲེས་པའི་ཁུ་བ་སེང་རས་ལ་བཙགས་ཏེ༔ ནང་དུ་རྫས་གོང་མ་རྣམས་ཡིད་ཙམ་བསྲེས་ལ༔ བཅུད་ལེན་རྒྱུན་པར་བསྟེན༔ ལུས་བཀྲུ་བ་དང༔ བྱུག་པ་དང༔ རྐེ་ལ་འདོགས་པའི་སྲུང་བ་ལ་སོགས་ལ་འབད༔ བསྐྱེད་རིམ་ཕྱག་རྡོར་ཁྱུང་བཅས་ཀྱི་དམིགས་པ་ཐུན་ཚད་ཞི་དྲག་ནད་ཁམས་དང་སྦྱར་ལ་རྒྱུན་དུ་ནར་མར་གསལ་གདབ༔ བསྙེན་པ་ཡང་བར་མ་ཆད་ཅིང༔ སྔགས་ཀྱི་སེལ་མ་ཞུགས་པར་ཆུའི་གཞུང་ལྟར་བགྲང༔ དེ་ལྟར་མ་ཡེངས་པར་འབད་པས༔ ནད་མྱུར་དུ་སོས་པར་འགྱུར་རོ༔ སྔགས་བཟླས་པས་རྟགས་མ་བྱུང་ཞིང༔ ཟས་ཀྱི་རིགས་ལ་ཕོག་ཐུག་ཆེར་སོང་བ་ལ་སོགས་བྱུང་ན༔ འདུ་བ་རྣམ་བཞི་ལས་གྱེས་པའི་ནད་ཀྱི་མཛེ་ཡིན་པའི་རྟགས་ཡིན་པས༔ མཁས་ཤིང་རྟོགས་པས་སྨན་དང༔ སྤྱོད་ལམ་ལ་སོགས་པ་ཀུན་སྤྱོད་ཞིབ་མོས་བཅོས་པས་འཚོའོ༔ དེ་ཐམས་ཅད་ལ་འཕྲལ་གྱི་བྱུག་པ་ལ་སོགས་པ་ལག་ལེན་ཐོར་བུ་བྱའོ༔ དེས་ནད་འཚོ་བར་འགྱུར་རོ༔ དེ་ལ་བཅུད་ལེན་མན་ངག་བསྟན་པ་ནི༔ སྨན་མུ་ཟི་སེར་པོ་བྲེ་དྲུག༔ གླ་རྩི་ལུག་རིལ་ཙམ་གཅིག༔ གུ་གུལ་ནག་པོ་མཐེབ་ཆེན་ཙམ་གཅིག༔ བུ་རམ་ལག་པ་ཙམ་གཅིག༔ གཡེར་མ་ཁྱོར་བ་གང༔ མར་དཀར་བྲེ་དྲུག༔ འོ་མ་བྲེ་དོ༔ བདུན་པོ་འདི་རྣམས་གཅིག་ཏུ་སྦྱར་ནས༔ ནངས་པར་བྱ་ཟེར་ཙམ་ན་ཐུར་མགོ་གསུམ་གསུམ་ཟའོ༔ དེས་ནི་མཛེ་ནད་ཐམས་ཅད་མོད་ལ་སོས་པར་འགྱུར་རོ༔ དེ་ལ་སྨན་གྱི་ནུས་པའི་བྱེ་བྲག་བསྟན་པ་ནི༔ མུ་ཟི༔ གུ་གུལ༔ གླ་རྩིས་ནད་གདོན་སེལ༔ བུ་རམ་དང་གཡེར་མས་ཆུ་སེར་སེལ༔ མར་དང་འོ་མས་རླུང་སེལ༔ དེ་ནས་ལུས་ཀྱི་ཕྱི་རོལ་དུ༔ ཆུ་སེར་བརྟགས་ཤིང་འདོན་པ་ནི༔ བྱད་དང་ལུས་པོ་ཟ་བ༔ ན་བ༔ སྦྲིད་པ༔ ཤུ་བ༔ གཡན་པ༔ ཤ་མདོག་ནག་པ༔ དམར་བ༔ སྐྱ་རྦབ་ཏུ་འདུག་པ་རྣམས་ནི༔ ཆུ་སེར་ཡོད་པ་ཡིན་པས༔ དེ་འདོན་ཐབས་ནི༔ བྱང་བ༔ དུར་བྱིད༔ དབྱི་མང་ལོ་མ་སྐམ་པོ་དང་གསུམ་ཞིབ་ཏུ་བཏགས་ལ༔ རྩི་མར་ཁ་ཚ་བ་དང་སྦྱར་ལ༔ ཤ་མཚན་ཅན་ལ་བྱུག་སྟེ༔ རྭའི་དབུགས་ཀྱིས་དྲངས་པས༔ ཆུ་སེར་ཡོད་ཚད་ཡོང་ངོ༔ དེའི་ཤུལ་དུ༔ ཀ་ར་དང༔ དར་ཡ་ཀན་ཞིབ་ཏུ་བཏགས་ལ༔ མར་དཀར་དང་སྦྱར་ལ་བྱུགས་པས་མྱུར་དུ་སོས་པར་འགྱུར་རོ༔ དེ་ནས་སྲུང་བ་བྱེད་པའི་དུས་སུ༔ རྟགས་རྣམ་པ་གསུམ་འབྱུང་སྟེ༔ བཟང་རྟགས༔ ངན་རྟགས༔ རྣམ་སྨིན་རྟགས་གསུམ་མོ༔ དང་པོ་བཟང་རྟགས་ནི༔ རང་གི་མཐའ་སྐོར་དུ༔ ཉ་སྦྲུལ་ལ་སོགས་པའི་སེམས་ཅན་མང་པོ་ཤི་ནས་འདུག་པ་རྣམས༔ བྱས་ནམ་མཁའ་ལ་སོགས་པར་ཁྱེར་ནས་ཟོས་པ་དང༔ མཚོ་སྐེམ་པའི་ཤུལ་དུ་ཉ་སྦྲུལ་ལ་སོགས་པ་ཤི་བ་དང༔ འཚོད་པ་དང༔ བཤས་པ་དང༔ ཉི་མ་ལ་བསྐམས་པ་དང༔ སེམས་ཅན་མང་པོའི་ཁ་བཅིངས་པ་དང༔ བ་སྤུའི་བུ་ག་ནས་སེམས་ཅན་མང་པོ་ཕྱིར་དོན་པ་དང༔ སྐྱུག་པ་དང༔ བཤལ་བ་དང༔ ཉི་ཟླ་ཤར་བ་དང༔ རི་རབ་དང་མཆོད་རྟེན་ལ་འཛེགས་པ་དང༔ བསྐོར་བ་བྱེད་པ་དང༔ ལུས་ལ་རྣག་ཁྲག་འཛག་པ་དང༔ འཕུར་བ་དང༔ མཚོན་རྣོན་པོ་ཐོགས་ནས་སེམས་ཅན་ལ་བརྒྱབ་པ་དང༔ མེ་ཏོག་སྔོན་པོའི་ཚལ་དུ་ཕྱིན་ནས་འཐུས་ཟོས༔ ཁྱེར་བ་དང༔ ཁྲི་མུན་ནས་ཐར་བ་ལ་སོགས་རྨིས་ན་ནད་ལས་གྲོལ་བའམ་གྲོལ་དུ་འདོད་པའི་རྟགས་ཡིན༔ ངན་རྟགས་ནི༔ གོང་གི་རྟགས་དེ་རྣམས་ལས་ལོག་པའོ༔ རྣམ་སྨིན་ལས་རྟགས་ནི༔ རང་ཉིད་མེ་དོང་ཆེན་པོར་འདུག་པ་དང༔ འདམ་རྫབ་ཏུ་བྱིང་བ་དང༔ ཕྱར་བ་ནག་པོ་གོན་ནས་མི་གཙང་བའི་ཁྲོད་དུ་ཉལ་བ་དང༔ མུན་ནག་གིས་འཁྲིགས་པ་ལ་སོགས་རྣམས་རྨིས་ན་ལས་རྟགས་ཡིན་པས༔ ཚེ་ཕྱི་མ་ཐར་པ་དོན་དུ་གཉེར་རོ༔ ༁ྃ༔ བཛྲ་པཱ་ཎི་ལ་ན་མོ༔ དེའི་ལས་བཞིའི་སྦྱིན་སྲེག་བྱེད་པར་འདོད་པས༔ དང་པོ་ཞི་བའི་སྦྱིན་སྲེག་ནི༔ ཐབ་ཁུང་ཟླུམ་པོར་བྱས་ལ༔ དེའི་ནང་དུ་ཞི་བའི་ཤིང་ངམ༔ རྒྱ་སོལ་བླུགས་ལ་མེ་སྦར༔ རང་ཕྱག་ན་རྡོ་རྗེར་བསྒོམ༔ ཐབ་ཏུ་ཡང་ཕྱག་རྡོར་ལ་སོགས་ཁྱུང་དཀར་པོ་དང༔ གཞན་ཡང༔ རང་གང་འདོད་ཀྱི་མགྲོན་བསྐྱེད་ཅིང༔ ཡེ་ཤེས་དགུག་གཞུག་བྱ༔ གདན་ལ་སོགས་པའི་ཕྱི་ནང་གི་མཆོད་གཏོར་འབུལ༔ དེ་ནས་བསྲེག་རྫས་ཕོ་བ་རིས་དང༔ མར་དཀར་ལ་སོགས་ཞི་བའི་བསྲེག་རྫས་བདུད་རྩིར་བྱིན་གྱིས་བརླབས་ལ༔ རྩ་སྔགས་ཀྱི་མཐར༔ ཨོཾ་སྭཱ་ཧཱ༔ པ་ཏི་སུ་རུ་ཧཱུྃ་ཧཱུྃ༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་འབུལ༔ དེས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བ་དང༔ བསྲུང་བ་དང༔ བསྐྱབ་པ་མཛད་དེ་བདག་ཉིད་ཡི་དམ་དང་འབྲལ་བར་མི་འགྱུར་རོ༔ སྔགས་གོང་མས་ནས་དང་མར་ལ་སོགས་པ་མཆོད་པའི་རྫས་ཐམས་ཅད་ལས་བརྒྱ་རྩ་བརྒྱད་རེ་ཕུལ་ན༔ སངས་རྒྱས་པའི་འབྲས་བུར་འགྱུར་བ་དང༔ སྡིག་སྒྲིབ་དག་པ་དང༔ གནས་སྐབས་ཀྱི་བསམ་སྦྱོར་ཐམས་ཅད་ཆོས་དང་མཐུན་པའི་རྐྱེན་དུ་འགྱུར་ཞིང་མྱུར་དུ་འགྲུབ་པར་འགྱུར་རོ༔ མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ནི༔ ལྕགས་སྲེག་གི་སྟེང་དུ་མར་གོང་བཞག་པ་ལྟར་འགྱུར་རོ༔ རྒྱས་པ་དང་དབང་གི་སྦྱིན་སྲེག་ནི༔ རྒྱུད་ནས་གསུངས་པ་རྣམས་ལ་གཞན་ནས་ཁ་བསྐང་ངོ༔ དྲག་པོའི་སྦྱིན་སྲེག་ནི༔ ཐབ་ཁུང་ནག་པོ་གྲུ་གསུམ་པ་བྱས་པའི་ནང་དུ༔ རོ་བསྲེགས་པའི་སོལ་བ་དང༔ དུག་ཚེར་ལ་སོགས་པ་བླུགས་ལ༔ སྔགས་པའམ༔ ཤན་པའི་ཐབ་ནས་མེ་བླངས་ལ་བླུག་ཅིང༔ སྦུད་པ་དང༔ མེ་གཡབ་ཀྱིས་གཡབ༔ ཐབ་ཁུང་དེའི་ནང་དུ་ཡི་གེ་རཾ་དམར་པོ་ཞིག་ལས༔ མེ་དཔུང་དམར་ནག་ཏུ་འབར་ཞིང༔ མེའི་ཚྭ་ཚྭ་དྲག་པོ་ཕྱོགས་བཅུར་འཕྲོས་པས༔ སྡང་བའི་དགྲ་བགེགས་གནོད་བྱེད་ཕོ་མོ་ཐམས་ཅད་ཐུལ་ཐུལ་ཚིག་པར་མོས་ལ༔ གང་གནོད་ཀྱི་གཟུགས་ཟན་ལ་བྱས་ལ་སྙིང་ཁར་མིང་རུས་བྲིས་ལ་གཞུག༔ རང་ཕྱག་རྡོར་ཁྱུང་བཅས་བསྒོམ༔ ལིང་ག་ལ་གནོད་བྱེད་དགུག་གཞུག་བྱ༔ མཆོད་རྫས་ནི་ཤ་ཁྲག་གི་ཨརྒྷཾ༔ མེ་ཏོག་སྔོན་པོ༔ འབྲུ་རྗེན༔ མིའི་ཤ་རུས༔ བུ་ཆུང་གི་བང་ས་སྐམ་པོའི་སྤོས༔ ཚིལ་ཆེན་གྱི་གསུར༔ རྐང་ཚིལ་གྱི་མར་མེ༔ དུག་ཆུའི་དྲི་ཆབ༔ ཁྲག་བྱུག་པའི་བཤོས་བུ་ཟུར་གསུམ་པ་གསུམ་མོ༔ དམར་གཏོར་དང་དྲག་པོའི་ཆས་སུ་ཞུགས་ལ་ཁ་བྱང་དུ་བལྟ་སྟེ༔ མཆོད་བསྟོད་ལ་སོགས་པ་ཆོ་ག་གཞུང་བཞིན་བྱ༔ དེ་ནས་ཐབ་ཏུ་མེ་ལྷ་བསྐྱེད་པའི་ཐུགས་ཀར་ཕྱག་རྡོར་ཁྱུང་བཅས་བསྐྱེད་ལ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་དང་བསྟོད་པ་བྱ༔ ཐུན་རྫས་ཤ་སྣ༔ ཁྲག་སྣ༔ སྙིང་སྣ་སྐམ་པོ་ལ་སོགས་པ་དང༔ དུག་སྣ༔ མུ་ཟི༔ གུ་གུལ༔ ཁྱི་ལུད༔ ཉུངས་དཀར་ལ་སོགས་པའི་ཐུན་གྱིས་ལིང་ག་བྲབ་ཅིང༔ སྔགས་རེ་དང༔ ལིང་ག་རེ་སྦྲགས་ལ༔ བརྒྱ་རྩ་བརྒྱད་མ་ཐེམས་ཀྱི་བར་དུ༔ ཐབ་ཏུ་འབུལ༔ ཨོཾ་བཛྲ་པཱ་ཎི༔ བཛྲ་གྷ་རུ་ཎ༔ རཏྣ་གྷ་རུ་ཎ༔ པདྨ་གྷ་རུ་ཎ༔ ཀརྨ་གྷ་རུ་ཎ༔ ཨོཾ་སྭཱ་ཧཱ༔ པ་ཏི་པུ་ཙ་ར༔ ཧཱུྃ་ཧཱུྃ་ཕཊ༔ གནོད་པར་བྱེད་པའི་དགྲ་བགེགས་ཕོ་མོ་ཐམས་ཅད་ཨགྣ་ཡེ་ཛྭ་ལ་རཾ་མཱ་ར་ཡ་རྦད༔ ཅེས་པས་འབུལ༔ དམིགས་པ་གསར༔ ཐལ་མོ་བརྡབ༔ དམོད་བཅོལ་བྱ༔ བསྐུལ་བ་བྱ༔ སྦྱིན་སྲེག་ཐལ་བ་ལམ་རྒྱ་གྲམ་དུ་མནན༔ སྟེང་དུ་ཟོར་འཕང༔ དུལ་མོ་བརྟུལ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ དམིགས་མེད་ཀྱི་རྒྱས་གདབ༔ དེ་ལྟར་བྱས་པས་གནོད་བྱེད་ཐམས་ཅད་ཐུལ་བར་འགྱུར་རོ༔ སྦྱིན་སྲེག་གི་ལས་རིམ་མོ༔ ས་མ་ཡ༔ དཔལ་ལག་ན་རྡོ་རྗེ་ལ་ན་མོ༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར༔ གནོད་སྦྱིན་སྲོག་ཟན་ནག་པོའི་ངན་སྔགས་ཀྱིས་དགྲ་བོ་མྱུར་དུ་བསྒྲལ་བའི་ཐབས་ལ༔ མདུན་དུ་དཀྱིལ་འཁོར་ཁྲུ་གང་གྲུ་བཞིར་བྱ༔ དབུས་སུ་མནྜལ་ཟླུམ་པོ་དཀར་པོ་བྱ༔ དེའི་དབུས་སུ་བྲུབ་ཁུང་གྲུ་གསུམ་ནག་པོར་བྱ༔ དེའི་ནང་དུ་རོ་བསྲེགས་པའི་སོལ་བ་དང༔ ཁྲག་སྦྱར་ལ་ནག་པོར་བྱུག༔ དགྲ་བོའི་ལིང་ག་བཟོས་པའི་སྙིང་གར་མིང་རུས་བྲིས་ལ་བཅུག་པ་དེ༔ བྲུབ་ཁུང་དུ་མགོ་ཐུར་དུ་བསྟན་ལ་བཞག༔ ཟླ་གམ་གསུམ་གྱི་སྟེང་དུ་ཐལ་བ་འཇམ་པོ་བརྡལ་ལ་བཞག༔ བྲུབ་ཁུང་གི་ཁ་ཁྱེར་ལ༔ སྐྱེར་པའམ༔ ཚེར་ནག་གི་རྩང་ཉེར་གཅིག༔ རྩེ་མོ་དུག་ཁྲག་དང༔ བཙག་གིས་དམར་པོར་བྱུག༔ སྲིན་མོ་འགྲོས་སུ་གཟུག༔ རྩང་གི་མཐའ་མ་ལ་དར་མཐིང་ནག་གིས་བསྐོར༔ སྟེང་ནས་ཀྱང་གུར་ཕུབ༔ བདག་ཉིད་ཕྱག་རྡོར་ཁྱུང་བཅས་བསྒོམ༔ རང་ལ་ལོག་ནོན་གྱི་སྲུང་བ་དེ༔ གསེར་དང་སྦལ་ནག་ཤ་གདགས་པས་ཐུབ༔ དེ་ནས་བསྒྲུབས་པས༔ གྲུབ་པའི་རྟགས་ལ༔ མཎྜལ་གྱི་སྟེང་དུ༔ བུ་ཆུང་གི་རྐང་རྗེས་སམ༔ ར་ལུག་གི་རྗེས་གང་རུང་ཞིག་གིས༔ རྟགས་བྱུང་བ་དང༔ ཐར་ནུ༔ རེ་ལྕག་པ༔ བྱི་ཁུང་ཁ་ཤར་དུ་ལྟ་བའི་ས་རྣམས་སྦྱར་ལ༔ ཐུན་གྱིས་བྲབ་ཅིང༔ སྔགས་འདི་དྲག་ཏུ་བཟླ༔ ཨོཾ་ཐིམ་པ་ནི་ཐུན་སད༔ སྲོག་རྩ་ཤ་ལོང་ཡ༔ ནྲྀ་མཱ་ར་ཡ་རྦད༔ དུན་ན་མྱོག་སོད༔ བྷེ་ཏྲི་དུན་སོད༔ ཧབ་རུ་ཁྲམ་པ་ནི༔ ཙམ་མ་རག་ཤ་ཛཿཛཿརྦད༔ ཤོ་ཧ་མྱོག༔ ཡ་ཡ་ཧཱུྃ་ཧཱུྃ༔ ཐིབས་ཐིབས༔ དགྲ་བོའི་སྲོག་རྩ་ལ་ཨ་ཏི་མཱ་ར་ཡ་རྦད༔ ཅེས་བཟླས་ཤིང༔ ལིང་ག་ལ་ཐུན་གྱིས་བྲབ་བོ༔ ཐ་མར་ལིང་ག་གྲིས་གཏུབས་ལ༔ གཏོར་མར་བཏང་ངོ༔ དང་པོ་ནི་མངོན་རྟགས་མ་བྱུང་གི་བར་དུ་བསྒྲུབ༔ ཕྱིས་ནས་ཞག་བདུན་བདུན་བསྒྲུབས་པས་དགྲ་བགེགས་གང་ལ་བྱས་ཀྱང་མྱུར་དུ་འཆི་བར་འགྱུར་རོ༔ དེ་ལ་བསྐུལ་པ་འདི་སྐད་དོ༔ ཧཱུྃ༔ ཉི་མ་ནུབ་བྱང་མཚམས་ཤེད་ན༔ ལྕགས་མཚོ་གླིང་དགུའི་ནང་ཤེད་ན༔ ཁྲོ་ཆུ་ཁོལ་མའི་དཀྱིལ་འཁོར་ན༔ རྟ་རོ་འབུམ་ནི་གཅལ་དུ་བཀྲམ༔ མི་རོ་འབུམ་ནི་གདན་དུ་བཏིང༔ སྲིན་མོ་ཕོ་མོ་བསྣོལ་བའི་ཁྲི་སྟེང་ན༔ རཀྴ་སྲིན་པོ་མ་རུངས་པ༔ མཐིང་ནག་འཇིགས་པའི་ཆ་ལུགས་ཅན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞལ་ནས་ཆོ་འཕྲུལ་ཅིར་ཡང་སྟོན༔ ཟས་སུ་མི་ཤ་རྟ་ཤ་ཟ༔ སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང༔ ཕྱག་གིས་སྣང་སྲིད་བྷྱོ་ཟློག་མཛད༔ གཡས་ན་གཤོགས་པའི་དགྲ་སཏྭ་བསྣམས༔ གཡོན་ན་འཛིན་པའི་ལྕགས་ཀྱུ་བསྣམས༔ དམ་ཉམས་དགྲ་བོ་ལས་ཟད་འདི༔ ལྕགས་ཀྱུས་ཟུངས་ལ་དགྲ་སཏྭས་རྒྱོབ༔ སྐྱེ་འགྲོ་ཕོ་མོའི་སྲོག་ལ་རོལ༔ ཤ་ཁྲག་དམར་གྱི་དམ་ལ་འདུས༔ རཀྟ་དམར་གྱི་མཆོད་པ་བཞེས༔ འགྲས་པའི་དགྲ་བོ་ལྷ་དང་ཕྲོལ༔ ནག་པོ་འབུམ་གྱི་དུས་ལ་བབ༔ གནོད་སྦྱིན་ཕོ་མོའི་དུས་ལ་བབ༔ བཤན་པ་ཕོ་མོའི་དུས་ལ་བབ༔ སྲོག་ཟན་ཕོ་མོའི་དུས་ལ་བབ༔ གཡས་ན་ཕོ་རོག་ཏོངས་སེ་ཏོང༔ གཡོན་ན་མི་ནག་ཤ་ར་ར༔ རྒྱབ་ན་ཁྱི་ནག་འདུ་རུ་རུ༔ འཁོར་གྱི་བདུད་ནག་འབུམ་ནི་དགྲ་ལ་ཡ༔ མཐུན་པའི་དམ་རྫས་འདི་གསོལ་ལ༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ ཅེས་པས་རྦད་ཅིང་ཟོར་འཕང༔ དམོད་བཅོལ་བྱ༔ བཤན་པ་སྲོག་ཟན་དགྲ་ལ་རྦད་པའི་ལས་རིམ་མོ༔ ས་མ་ཡ༔ བཛྲ་པཱ་ཎི་ལ་ན་མོ༔ རྫས་སེར་ནག་པོ་བསྙེན་སྒྲུབ་མི་དགོས་པར་གློ་བུར་དུ་དབབ་པའི་ཐབས་ལ་ལྔ་སྟེ༔ ཟླ་བ་གཅིག་ལ་གཟའ་དུས་བརྒྱད་རྒྱུ་བ་བསྟན་པ་དང་གཅིག༔ དེ་དུས་ཁོ་ངོས་བཟུང་བ་དང་གཉིས༔ དེ་དུས་ཁོ་བཙོན་དུ་བཟུང་བའི་རྫས་ཐབས་བསྟན་པ་དང་གསུམ༔ རང་སྲུང་བའི་རྫས་བསྟན་པ་དང་བཞི༔ སེར་བ་རང་གློ་བུར་དུ་དབབ་པའི་ཐབས་བསྟན་པ་དང་ལྔའོ༔ དེ་ལ་རྒྱུ་དུས་བསྟན་པ་ནི༔ ཚེས་བཞིའི་སྲོད་ལ་ནུབ་ནས་ཤར་དུ་རྒྱུ༔ བརྒྱད་ཀྱི་སྔ་དྲོ་དང་པོ་ལ་ཤར་ལྷོ་ནས་ནུབ་བྱང་དུ་རྒྱུ༔ བཅུ་གཅིག་གི་སྲོད་འཇིང་ཡོལ་ན༔ བྱང་ནས་ལྷོ་རུ་རྒྱུ༔ བཅོ་ལྔའི་ཉིན་ཕྱེད་ཙམ་ན༔ ལྷོ་ནུབ་ནས་བྱང་ཤར་དུ་རྒྱུ༔ བཅོ་བརྒྱད་ནམ་ཕྱེད་ཡོལ་ཡང་ཟེར༔ ཉི་མ་ཤར་དུས་ཤར་ནས་ནུབ་ཏུ་རྒྱུ༔ ཉེར་གཉིས་ཕྱེད་ཡོལ་ནས་ནུབ་བྱང་ནས་ཤར་ལྷོར་རྒྱུ༔ ཉེར་ལྔའི་སྐྱ་རེངས་ཤར་ཙམ་ན༔ ལྷོ་ནས་བྱང་དུ་རྒྱུ༔ ཉེར་དགུའི་ཉི་མ་མདུང་གང་ཙམ་ན༔ བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ༔ དེ་ལྟར་གཟའ་རྒྱུ་བའི་དུས་སུ༔ ཆུ་ཕོར་གང་གི་ནང་དུ༔ དུད་པ་བྱ་བལ་མ་ཚུམ་གཅིག་བཏབ་ལ༔ རང་གི་མདུན་དུ་བཞག་ནས་བལྟས་པས༔ གཟའ་དེ་ཕྱོགས་གང་ནས་རྒྱུ་བའི་ཕྱོགས་ནས་ཚུར་ལ་དུད་པ་དེ་ལ་རྗེས་རི་མོ་བྲིས་པ་བཞིན་དུ༔ སྤྲིན་གྱིས་དུད་པ་དེ་གཤགས་ནས་འོང༔ དེ་བྱུང་མ་ཐག་ཏུ་གཟའ་རྟེན་གྱི་རྫས་དོམ་མམ༔ ཁྱི་ནག་པོའི་ཤ་གང་རྙེད་ཅིག་དང༔ ནལ་བུའི་ཤ་དང༔ སྦྲུལ་གྱི་ཤ་གསུམ༔ ཁམ་ཕོར་གཅིག་གི་ནང་དུ་བླུགས་ནས་བཞག་པས༔ གཟའ་དེ་སྡོད་པའི་ཡུན་ནི༔ ཆུ་སྒོང་ལྐོག་གང་ལ་རྒྱ་ཁབ་གཅིག་གིས་ཕུག་པའི་ཆུ་དེ་ཟད་པའི་ཚོད་ཙམ་དུ་གཟའ་དེ་སྡོད༔ རྟེན་རྫས་དེ་མེད་ན༔ དཔག་ཆེན་གྱིས་མདའ་འཕངས་པ་ལྟར་འགྲོ༔ དེ་ནས་རང་གི་སྲུང་བ་བསྟན་པ་ནི༔ ཕྱག་རྡོར་ཁྱུང་བཅས་བསྒོམས་ལ༔ མུ་ཟི་ནག་པོ༔ གུ་གུལ་ནག་པོ༔ སྒོག་སྐྱ་གསུམ་སྦྱར་ལ༔ ཐུམ་པོ་རང་གི་མགུལ་དུ་གདགས༔ སྐྲ་སྤྱི་བོར་བཅིངས་ཤིང༔ གདོང་ལ་རོ་སོལ་དང་སྲེ་མོག་བྱུག༔ ལྡན་པ་གཡས་པ་ལ་ཕོ་རོག་སྒྲོ་གཟུག༔ གཡོན་པ་ལ་མགྲོན་བུ་བུ་ཆེ་མ་གདག༔ ཐོག་སྲུང་རྫས་ནི༔ ཡུགས་མོའི་དོར་རྟ་ལ་བྱས་པའི་གདུགས་མགོ་ལ་ཕུབ༔ ཡང་ན་ཤོག་ཤོག་གམ་རས་ལ་ཐོག་རིས་བྲིས་ལ་དབུབ༔ དེ་ནས་དྲག་སེར་དབབ་པ་ནི༔ རྫས་ལ༔ ཀོང་བུ་ནང་གསུམ་པ་གཅིག་བྱས་ལ་དེ་སོ་ལེགས་པར་བཏང༔ དེའི་ནང་དུ་ར་ཐུག་རེའི་ཀླད་པ་སྙོམས་པར་བྱུགས་ལ་སྐམ་དུ་བཅུག༔ དེ་ནས་ཀོང་བུ་གཅིག་གི་ནང་དུ༔ རཱ་ཧུ་ལའི་དམ་རྫས་དུག་སྣ་བརྡུངས་པའི་ཕྱེ་མ་དང༔ ཁྲག་སྣ་གང་རྙེད་རུལ་པ་སྦྱར་ལ་བླུག༔ ཀོང་བུ་གཅིག་གི་ནང་དུ་གཟའ་སྲིང་མོ་བཞི་དང་གདོང་མོ་བཞིའི་དམ་རྫས་དགྲ་ཡུལ་གྱི་ལྗོང་བུ་དང༔ སྔོ་བརྡུངས་པའི་ཁུ་བ་དང༔ རཾ་གྱི་ཕྱེ་མོ་དང་སྦྱར་ལ་བླུག་གོ༔ ཀོང་བུ་གཅིག་གི་ནང་དུ་ཡུལ་ལྷ༔ ས་བདག་ཀླུ་གཉན་གྱི་དམ་རྫས༔ གཙོད་ཁྲག་སྐམ་པོ་བརྡུངས་པ་དང༔ འོ་མ་སྦྱར་ལ་བླུག༔ དེ་ནས་དགྲ་ཡུལ་གྱི་གཉན་སར་ཕྱིན་ལ༔ སྒྱེད་པུ་གསུམ་བཙུག་པའི་ཁར་ཀོང་བུ་དེ་བཞག༔ དུག་ཤིང་ལ་སོགས་པའི་མེ་ཆེན་པོ་བཏང་ལ༔ མུ་ཟི༔ ཁྱི་ལུད༔ གུ་གུལ༔ མི་ཚིལ༔ སྤྲུ་བའི་རྩ་བ་རྣམས་སྦྱར་ལ་ཐབ་ཏུ་བསྲེག་གོ༔ དེ་ནས་ཀོང་ཁོལ་བ་དང་དབབ་སྔགས་འདི་ལ་ལན་བརྒྱ་རྩ་བརྒྱད་བཟླ༔ ཀྱེ་འོ་མོ་ཡུ་ཐ་ཐ༔ དཀར་ལ་ཡུ་ཐ་ཐ༔ སེར་ལ་ཡུ་ཐ་ཐ༔ དམར་ལ་ཡུ་ཐ་ཐ༔ ལྗང་ལ་ཡུ་ཐ་ཐ༔ ནག་ལ་ཡུ་ཐ་ཐ༔ ཧྲི་དུམ་བུ་དགྲ་བོའི་ལོ་ཐོག་ལ་རྦད་བྷྱོ༔ དེ་ནས་ཐབ་དེ་ཁོལ་ནས་ལུད་མ་ཐག་ཏུ༔ སྟེང་གི་གཟའ་གདོང་མིང་སྲིང་དང༔ བར་གྱི་ཡུལ་ལྷ་དང༔ འོག་གི་ས་བདག་ཀླུ་གཉན་དང༔ དེ་རྣམས་རབ་ཏུ་ཁྲོས་ནས་ཀྱང༔ ད་ལྟ་ཉིད་དུ་དྲག་པོའི་རྫས་སེར་མྱུར་དུ་འོང་སྟེ༔ དགྲ་བོའི་ལོ་ཐོག་ཐམས་ཅད་ཕུང་བར་འགྱུར་རོ༔ དེ་ནས་འཕྲལ་ལ་མ་བྱུང་ན༔ ནམ་མཁའ་ལ་སྤྲིན་བརྟགས་ཏེ༔ ནམ་མཁའ་ལ་སྤྲིན་ནག་པོ་སྦྲུལ་འདྲ་ཞིག་བྱུང་ན༔ བདུད་གཡོས་པ་ཡིན་ཏེ༔ སེར་བ་ནམ་ཕྱེད་ཙམ་ན་འབབ༔ སྤྲིན་སྤྲེའུ་ཙོག་པུར་སྡོད་པ་འདྲ་བ་ཞིག་བྱུང་ན༔ བཙན་གཡོས་པ་ཡིན་ཏེ་ཉིན་ཕྱེད་ལ་ཡོང༔ སྤྲིན་དམར་པོ་བྱུང་ན་སྨན་གཡོས་པ་ཡིན་ཏེ༔ སེར་བ་བག་གཅིག་ལོན་པ་དང་འོང༔ སྤྲིན་སྐྱ་སེང་ངེ་བ་ཞིག་བྱུང་ན༔ དམུ་གཡོས་པ་ཡིན་ཏེ་དགོང་མོ་འོང༔ ཕྱོགས་བཞི་ནས་ཐིབས་ཀྱིས་བྱུང་ན༔ གཟའ་དང་ཡུལ་ལྷ་ས་བདག་གཡོས་པ་ཡིན་པས༔ སེར་བ་ས་རག་རུབ་ལ་འོང་ངོ༔ རྫས་སེར་འདིས་སེར་བ་མ་ཕེབ་ན༔ འཇིག་རྟེན་གྱི་ལྷ་འདྲེའི་ནུས་པ་ཐམས་ཅད་རྫུན་པ་ཡིན་ནོ༔ དྲག་པོའི་རྫས་སེར་གློ་བུར་དུ་འབེབས་པའི་ལས་རིམ་མོ༔ ས་མ་ཡ༔ བཛྲ་པཱ་ཎི་ལ་ན་མོ༔ དགྲ་བོ་ཀླུ་ལ་གཏད་པའི་ཐབས་ལ༔ རྫ་བུམ་གྱི་ནང་དུ༔ དགྲ་བོ་གང་ཡིན་པ་དེའི་དྲི་ཆེན་དང༔ དཀར་གསུམ་མངར་གསུམ་སྦྱར་ལ༔ བག་ཟན་ལ་གཞི་བླངས་པའི་མི་གཟུགས་མཛུབ་གང་བ་ཞིག་བྱ༔ གཟུགས་དེའི་སྙིང་ཁར༔ གྲོ་ག་ལ་དགྲ་བོའི་མིང་གཟུགས་བྲིས་པའི་སྙིང་ཁར་མིང་རུས་བྲིས་ལ་གཞུག༔ གཟུགས་དེ་སྔོ་དམར་སྐུད་པས་བཅིངས་ལ༔ བུམ་པའི་ནང་དུ་གཞུག༔ སྡིག་པ་གསོན་པོ་གཅིག་ཀྱང་དེའི་ཟླ་ལ་བཞག༔ བུམ་པའི་ཁ་དེ་རྫ་བཟང་པོས་དམ་པར་བཅད་ལ༔ ཆུ་མིག་གཉན་པོའི་སའམ༔ ཡང་ན་ཀླུ་བཙན་གནས་པའི་སའམ༔ ཡང་ན་ཀླུ་བསེན་མོ་ཡོད་པའི་སར་སོང་ལ༔ ས་ཁྲུ་གང་ཐུར་དུ་བརྐོས་པའི་ནང་དུ་བུམ་པ་བཅུག་ཅིང༔ སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ལ་གཏད༔ ནཱ་ག་རྦད་དུམ་པ་ལེ༔ ཤ་ཏྲཱུཾ་ཁྲག་ལ་ཡ༔ སྲོག་རྩ་ཙིཏྟ༔ དགྲ་བོའི་སྙིང་ལ་ཡ་མཱ་ར་ཡ་རྦད༔ བྱས་ལ་གཏད་དོ༔ དེ་ནས་བརྫང༔ དེའི་ཁར་ཆུ་གཏོར་ཡང་བཏང༔ དེའི་ཁར་ས་ཚོན་རྣམ་པ་ལྔས་སོ་སོར་རི་མོ་རེས་བསྐོར་ལ་བཞག༔ དམོད་བོར༔ དགྲ་བོ་ཀླུ་ལ་གཏད་པའི་ལས་བཅོལ་བྱའོ༔ རང་སྲུང་བའི་ཆོ་ག་ཕྱག་རྡོར་ཁྱུང་བཅས་བསྒོམ༔ རང་གི་ཟག་རྫས་མ་ཤོར་བར་བྱ༔ ནག་པོ་དགུའི་སྦྱོར་བ་ལུས་ལ་བྱུག་གོ༔ དེས་རང་ལ་མི་ལྡོག༔ དེ་ལྟར་བྱས་པས༔ དགྲ་བོ་མཛེ་ནད་ཀྱིས་ཐེབས་ནས་འཆིའོ༔ དགྲ་བོ་ཀླུ་ལ་གཏད་པའི་ལས་རིམ༔ ས་མ་ཡ༔ བཛྲ་པཱ་ཎི་ལ་ན་མོ༔ གནོད་བྱེད་དགྲ་བགེགས་ཕོ་མོ་མནན་པའི་ཐབས་ནི༔ ཤོག་གུ་གྲུ་བཞི་པ་གཅིག་ལ་ཁྱུང་གཅིག་བྲིས་པའི་ལྟོ་བར་འཁོར་ལོ་རྩིབས་བརྒྱད་པ་ཞིག་བྲི༔ འཁོར་ལོའི་ལྟེ་བར་སྦལ་པ་ཞིག་བྲི༔ སྦལ་པའི་ལྟོ་བར་གང་འདོད་པའི་མིང་བྲི༔ འཁོར་ལོ་རྩིབས་བརྒྱད་ལ་སྔགས་རྒྱུད་ནས་གསུངས་པ་ལྟར་བྲི༔ མུ་ཁྱུད་ལ་བསྙེན་པའི་སྔགས་བྲི༔ དེ་ནས་རང་ཉིད་ཕྱག་རྡོར་ཁྱུང་བཅས་བསྒོམས་པའི་ཐུགས་ཀ་ནས་སྤྲུལ་པའི་ཁྱུང་བསྒོམ༔ དེའི་ཐུགས་ཀ་ནས་ཡང་སྤྲུལ་གྱི་ཁྱུང་བསམ་གྱིས་མི་ཁྱབ་པ་མང་པོ་འཕྲོས་པས༔ གནོད་པར་བྱེད་པའི་དགྲ་བགེགས་ཕོ་མོ་གང་ཡིན་པའི་སྙིང་དཀར་ནག་མཚམས་ནས་ལྕགས་ཀྱུས་བཟུང་ཞིང་བཀུག་སྟེ༔ མདུན་གྱི་ཙཀྲ་ལ་བསྟིམས་ལ༔ མངོན་སུམ་དུ་གསལ་བར་དམིགས་ལ༔ དེ་ནས་འཁོར་ལོ་དེ་སྔོ་དམར་གྱི་སྐུད་པས་དམ་དུ་བཅིང༔ མདུན་གྱི་བྲུབ་ཁུང་དུ་གཞུག༔ དེ་ནས་ཐུན་རྫས་ནི༔ དུག་སྣ་དང༔ ཁྲག་སྣ་དང༔ ཉུངས་དཀར་གྱི་ཐུན་གྱིས་བྲབ་ཅིང༔ སྔགས་འདི་བཟླས་སོ༔ ཨོཾ་སཏྭཾ་བྷ་རཀྴ་ནན༔ ཆེ་གེ་མོ་ཐུཾ་རིལ་ཛཿམཱ་ར་ཡ་རྦད་ནན༔ དེ་ནས་འཁོར་ལོ་དེ་དྲིལ་ཏེ༔ ལ་ཆའི་སྦལ་པའི་ནང་དུ་གཞུག་གོ༔ ལ་ཆའི་སྦལ་པ་དེ༔ དགྲ་དང་བགེགས་གང་གནོད་པའི་ས་ཕྱོགས་དེར་སོང་ལ༔ གནས་གཞིའི་སྒོ་ཐེམ་འོག་གམ༔ མཆོད་རྟེན་གྱི་འོག་གམ༔ བྲག་དང་ཆུ་འཐབ་པའི་སའམ༔ འཕྲང་དོག་པའམ༔ ལམ་གྱི་གཞི་མདོའམ༔ ལམ་རྒྱ་གྲམ་དུ་ཕྱིན་ལ༔ ས་དོང་གཏིང་རིང་བྲུས་ལ༔ དེའི་ནང་དུ་སྦལ་པ་གཞུག༔ སྟེང་དུ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ སྟེང་དུ་རབ་གནས་ཅན་གྱི་སཱཙྪས་མནན༔ དེའི་ཁར་སས་བཅད༔ དེའི་ཁར་མེ་བཏང༔ ཆུ་བླུག༔ དཔའ་བོའི་བྲོ་བརྡུང༔ དེ་ལྟར་བྱས་པས་དགྲ་བགེགས་གདུག་པ་ཅན་དང༔ བན་བོན་གྱིས་བྱད་དུ་བཅུག་པ་དང༔ ས་བདག་ཀླུ་གཉན་དང་འགྲས་པ་དང༔ རང་གི་གཏད་ལོག་པ་དང༔ སྔར་གྱི་ཕུང་སྲི་ལངས་པ་དང༔ མི་ཕྱུགས་སྨྱོ་འབོག་བྱུང་བ་དང༔ གཤིན་རྒབ་མ་ཆོད་པ་དང༔ སྲིའུ་མ་སོས་པ་དང༔ སྡེ་ཆེན་པོ་དང་འགྲས་པ་དང༔ བགེགས་ཕོ་མོས་གནོད་པ་ཐམས་ཅད་ལ་འདི་བྱས་པས་ཐུབ་པ་ཡིན༔ རྔམས་ཆེན་ལ་ལན་གསུམ་བསྐྱར་བས་མི་ནོན་མི་སྲིད༔ གདུག་པ་ཐམས་ཅད་ཀྱི་ཁ་འཆིང་ཞེས་བྱ་བ༔ དགྲ་བགེགས་ཐམས་ཅད་དུས་གཅིག་ལ་མནན་པ་འདིའི་སྟེང་དུ༔ ཡང་སྤྲུལ་གྱི་ཁྱུང་གཅིག་བསྐྱེད་ལ་བཞག་གོ༔ སྟེང་དུ་ཁྱུང་གི་བྲོ་རྡུང་ནི་རྒྱུད་ནས་ཤེས་པར་བྱའོ༔ དགྲ་བགེགས་གདུག་པ་ཅན་མནན་པའི་ལས་རིམ་མོ༔ ས་མ་ཡ༔ བཛྲ་པཱ་ཎི་ལ་ན་མོ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ རྒྱུད་དང་མན་ངག་ཁྲིད་ཀར་བཅས༔ སློབ་མ་སྨིན་བྱེད་དབང་བསྐུར་དང༔ ཁྱུང་ཆུང་ཀླུ་འདུལ་མཛེ་འཇོམས་སོ༔ སྦྱིན་སྲེག་ནག་པོ་གཅིག་སྐོར་དང༔ མཐུ་ཆུང་དགྲ་བོ་ཕུང་བྱེད་དང༔ སེར་བ་ལོ་འཇོམས་མུ་ཁྲི་དང༔ གཏད་ཆུང་ནག་པོ་མཛེ་བཏང་དང༔ མནན་པ་ས་འཁོར་ནག་པོ་སྟེ༔ དེ་ལྟར་མན་ངག་གདམས་པ་རྣམས༔ མཁའ་འགྲོ་བཞི་ལ་མངོན་དུ་ཞུས༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གཏད༔ སྤེལ་བའི་གནས་མེད་གཏེར་དུ་སྦོས༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་གཅིག་གིས་ལེན་པར་འགྱུར༔ འགྲོ་བ་འགའ་ལ་ཕན་པར་འགྱུར༔ དེས་ཀྱང་མང་པོར་སྤེལ་མི་བྱ༔ གཅིག་བརྒྱུད་ཐུགས་ཀྱི་དཀྱིལ་དུ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ༁ྃ༔ དཔལ་ལག་ན་རྡོ་རྗེ་སྤྲུལ་པའི་ཁྱུང་དང་བཅས་པ་ལ་ཕྱག་འཚལ་ལོ༔ ལག་ན་རྡོ་རྗེ་ཁྱུང་གསང་བའི་རྒྱུད་འདི་ལ༔ གླེང་གཞི་དང༔ མཚན་ཉིད་དང༔ རབ་ཏུ་དབྱེ་བ་གསུམ་གྱིས་སྟོན་པ་ལས༔ དང་པོ་ལ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བཤད་དེ༔ དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་དང༔ འཁོར་ཕུན་སུམ་ཚོགས་པ་དང༔ གནས༔ དུས༔ ཆོས་དང་ལྔའོ༔ དེ་ཡང་དང་པོ་གནས་འབྱུང་སྟེ༔ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་ཡུལ་ན༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ འཁོར་རྣམ་པ་བཞི་ལ་སོགས་པས་བསྐོར་ནས་ཆོས་འཆད་ཅིང་བཞུགས་པ་ལ༔ དེའི་དུས་དེའི་ཚེ་ན༔ ལྕང་ལོ་ཅན་གྱི་ཕོ་བྲང་ན་གསང་བདག་ཕྱག་ན་རྡོ་རྗེ་ལ༔ བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཁྱུང་དང༔ ཡེ་ཤེས་ཀྱི་ཁྱུང་དང༔ ལས་ཀྱི་ཁྱུང་དང༔ འཇིག་རྟེན་གྱི་ཁྱུང་དང༔ ཡང་སྤྲུལ་དང་བཅས་པ་རྣམས་ཀྱིས་བསྐོར་ནས༔ དགའ་ལྡན་གནས་སུ་བྱོན་པ་དང༔ ལྷའི་བུ་དྲི་མེད་འོད་ནད་ཀྱིས་ཟིན་ནས་ཡོད་པ་ལ༔ ལྷའི་དབང་པོ་བརྒྱ་བྱིན་གྱི་ཐུགས་རབ་ཏུ་མ་བདེ་ནས༔ བཅོམ་ལྡན་འདས་ལ་འདུད་པ་དང་དུས་མཚུངས་སོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ཅིང༔ གསང་བའི་བདག་པོ་ལ་སྤྱན་མི་འགྱུར་བར་གཟིགས་སོ༔ གསང་བའི་བདག་པོས་ཀྱང་མཁྱེན་ནས༔ བཅོམ་ལྡན་འདས་ལ་མཆོད་པ་དང༔ བསྐོར་བ་ལན་མང་དུ་བྱས་ནས༔ འདི་སྐད་ཅེས་གསོལ་ཏོ༔ ཀྱེ་བཅོམ་ལྡན་འདས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་ཞུས་པས༔ བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟིགས་ཏེ་ནང་དུ་ཡང་དག་པར་འཇོག་ལས་བཞེངས་ནས༔ སེ་གོལ་ལན་གསུམ་དྲག་ཏུ་བརྡབ་པས༔ དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ ནམ་མཁའི་ཁམས་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་འོད་ཟེར་ནམ་མཁའི་ཁམས་གང་བར་སྤྲོས་ཏེ༔ གསང་བདག་ཁྱུང་དང་བཅས་པ་ལ་བསྟིམ་པར་གྱུར་ཏོ༔ ཡང་གསང་བའི་བདག་པོས་གསོལ་པ༔ ཀྱེ་བཅོམ་ལྡན་འདས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་ལ་དབང་རྣམས་མ་ལུས་བསྐུར་དུ་གསོལ༔ ཞེས་ཁྱུང་དང་བཅས་པས་ཡང་ཞུས་པས༔ གསང་བའི་བདག་པོ་ཁྱུང་དང་བཅས་པ་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་རྣམས་མ་ལུས་པ་བསྐུར་བར་གྱུར་ནས༔ དབང་རྟགས་སུ་གསང་བའི་བདག་པོ་ཁྱུང་དང་བཅས་པའི་ཕྱག་གཡས་སུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་བྱུང་ངོ༔ དེ་ནས་གསང་བའི་བདག་པོས་གྱེན་དུ་བཏེགས་ཤིང་ནམ་མཁའ་ལ་གསོར་བས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བ་དང༔ འགུལ་བ་དང༔ ལྡེག་པ་དང༔ ཤིག་ཤིག་དང༔ འུར་འུར་དང༔ ཆེམ་ཆེམ་ལ་སོགས་པ་རྟགས་བཅོ་བརྒྱད་བྱུང་ངོ༔ དེ་ལྟར་བྱུང་བ་དང་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་ལྷ་དང་ཀླུ་ལ་སོགས་པའི་སྡེ་བརྒྱད་རྣམས་སྐྲགས་ཤིང་སྔངས་ཏེ༔ རང་རང་ལག་ཆ་ས་ལ་བོར་ཏེ༔ མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ་བས༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ཁྱོད་རྣམས་ང་ཡིས་མི་ཐུལ་བས༔ ཁྲོ་བོ་གཏུམ་པོ་འདི་ཉིད་ལ་སྐྱབས་སུ་གསོལ་ཞིག༔ ཅེས་བཀའ་བསྩལ་ནས་ལུང་བསྟན་ཏོ༔ དེ་ནས་དེ་རྣམས་ཀྱིས་གསང་བདག་ཁྱུང་དང་བཅས་པ་ལ༔ མཆོད་པ་དང༔ བསྐོར་བ་ལན་གྲངས་མེད་བྱས་ནས་ཞུས་པས༔ ཨེ་མ༔ ཁྲོ་རྒྱལ་འཇིགས་པའི་ཁྱུང་དང་བཅས༔ མཐུ་སྟོབས་བདག་པོ་ཆེན་པོ་ལགས༔ བདག་ཅག་འཁོར་དང་བཅས་པ་རྣམས༔ འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ༔ གོས་སྔོན་ཅན་གྱིས་བསྐྱབ་ཏུ་གསོལ༔ ཞེས་སྲོག་སྐྱབས་ཞུས་པ་དང༔ གསང་བའི་བདག་པོས་བཀའ་བསྩལ་པ༔ འོ་ན་ཁྱེད་རྣམས་ང་ཡི་བཀའ་ཉན་ན༔ སེམས་ཅན་མི་ལ་གནོད་པ་མ་བྱེད་པར༔ ཆར་ཆུ་དུས་སུ་འབེབས་པ་དང༔ ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད༔ མི་ནད་ཕྱུགས་ནད་རྒྱུན་ཆོད་ལ༔ ཁྱད་པར་ང་ཡི་གདུང་འཛིན་སྲུངས༔ བཛྲ་པཱ་ཎི་ཟེར་ཙམ་ལ་ཡང༔ ཁྱེད་རྣམས་ཀྱིས་གྲོགས་དན་གྱིས་ཤིག༔ ཀླུ་ལ་སོགས་པའི་གནོད་བྱེད་རྣམས་མེད་པར་གྱིས་ཤིག༔ བརླག་པར་གྱིས་ཤིག༔ ཚར་གཅོད་པར་གྱིས་ཤིག༔ དེ་ལྟར་བྱེད་ན་ཁས་ལོངས་ལ་མནའ་བོར་ཅིག༔ ཅེས་བཀའ་བསྩལ་པ་དང༔ ཁོང་རྣམས་ཀྱིས་སྨྲས་པ༔ ཀྱཻ༔ ཐུགས་རྗེ་ཅན་ཁྱེད་སྤྲུལ་པའི་ཁྱུང་དང་བཅས་པའི་བཀའ་ལ་ཉན༔ མཐུ་སྟོབས་ཅན་གྱིས་ཅི་ལྟར་གསུངས་པ་བཞིན་དུ་བགྱིད་དོ༔ གལ་ཏེ་དེ་ལྟར་མ་བགྱིས་ན་ནི༔ བདག་ཅག་རྣམས་ཀྱི་ལུས་རུལ་ཞིང་མྱག་པར་གྱུར་ཅིག༔ མགོ་ཡང་ཨརྫ་ཀའི་རྡོག་པོ་བཞིན་དུ་འགས་པར་གྱུར་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་ལུས་གཤག་པར་གྱུར་ཅིག༔ མཁའ་ལྡིང་རྒྱལ་པོའི་གཟན་དུ་གྱུར་ཅིག༔ ཅེས་མནའ་དོར་རོ༔ དེ་ལྟར་གནས་རྣམ་པར་རྒྱལ་བའི་ཁང་བཟང་དེར༔ དེའི་ཚེ་དེའི་དུས་ན༔ སྟོན་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད༔ ཞུ་བ་པོ་ཡི་འཁོར་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ༔ གདུལ་བྱ་བཏུལ་བའི་འཁོར་ནི་ཀླུ་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་དོ༔ སྡུད་པའི་འཁོར་ནི༔ ཕྱག་ན་རྡོ་རྗེས་བསྡུས་པའོ༔ དུས་ཕུན་སུམ་ཚོགས་པ་ནི༔ དེ་རྣམས་འཛོམ་པའི་དུས་སུ་བཤད་དོ༔ དེས་གླེང་གཞིའི་ལོ་རྒྱུས་མདོར་བསྟན་པའོ༔ ལྷའི་མཚན་ཉིད་ཞི་བའམ༔ ལྷ་གཞན་མ་ཡིན་ཏེ༔ ཁྲོ་བོ་ཕྱག་རྡོར་ཁྱུང་དང་བཅས་པའོ༔ སྔགས་ཀྱི་མཚན་ཉིད་ནི༔ རྒྱུ་མ་ནོར་བ་རྩ་བའི་ཡི་གེ་ཧཱུྃ༔ བསྐྱེད་པ་རྐྱེན་གྱི་སྔགས་ཧཱུྃ་ཧཱུྃ་ཕཊ་ཕཊ་དོ༔ བཟླས་པ་ལས་ཀྱི་སྔགས་ནི་བསྙེན་སྔགས་འབྲུ་དྲུག་པ་དང༔ སྒྲུབ་སྔགས་ཏ་ཀི་ཙ་ཏ་ལ་སོགས་པའོ༔ བསྐུལ་བ་ཕྲིན་ལས་ཀྱི་སྔགས་ནི༔ དྲག་པོ་བསད་པའི་ལས་ཏེ༔ དྲག་སྔགས་བརྒྱད་པ་ལ་ཡང་སྤྲུལ་ཁྱུང་གི་སྔགས་བཏགས་པའོ༔ ཆོས་ཀྱི་མཚན་ཉིད་ནི༔ ཆོས་གཞན་མ་ཡིན་ཏེ༔ ཨོ་རྒྱན་པདྨའི་ཆོས་ཁྱད་དོ༔ རབ་ཏུ་བྱེད་པ་ལ་རྒྱུད་ཀྱི་རྣམ་གྲངས་དང་སྦྱར་ནས་བཤད་དེ༔ དེ་ལ་དང་པོ་རྒྱུད་མ་བྱུང་བ་ལ༔ བྱུང་བ་གླེང་གཞིའི་ལེའུ་བཤད་དོ༔ དེ་ནས་རྒྱུད་ཀྱི་བྱིན་རླབས་མ་ཞུགས་པ་ལ་བྱིན་རླབས་འཇུག་པར་བྱེད་པ་སྨིན་བྱེད་དབང་གི་ལེའུ་བསྟན་ནོ༔ དེ་ནས་བསྙེན་པས་ཡི་དམ་ལྷ་ཡིས་རྒྱབ་མ་རྟེན་ན༔ སྒྲུབ་པ་སྒྲོམ་འཇུག་གིས་ལས་ལ་འཇུག་ཏུ་མི་བཏུབ་པས༔ རྫས་དང་བསྙེན་པས་བཀྲུ་བའི་ལེའུ་བསྟན་ནོ༔ དེ་ལ་རྫས་ཀྱིས་སྔགས་དང༔ ཏིང་ངེ་འཛིན་གཉིས་ཀའི་གྲོགས་བྱེད་པས་ན༔ རྫས་འདོགས་པ་དང༔ བྱུག་པ་དང༔ ལྟོར་བཏང་བའི་ལེའུ་བསྟན་ནོ༔ དེ་ལྟར་རྫས་ཡོད་ཀྱང་ལྷ་མེད་ན༔ རྫས་རྐྱང་པས་ལོག་ནས་འོང་བས་ན༔ ཏིང་ངེ་འཛིན་དང་ལྷ་བསྒོམ་པའི་ལེའུ་བསྟན་ནོ༔ སྔགས་མེད་ན་ལྷ་རྐྱང་པ་བསྒོམ་པ་ཐོ་ཡོར་དང་འདྲ་བས་ན༔ དྲག་པོའི་སྔགས་ཀྱི་ལེའུ་བསྟན་པའོ༔ སྔགས་བཟླས་པ་ལ་ཡང་མཆོད་བསྟོད་ཀྱིས་མ་བསྐུལ་ན་སྔགས་བྲག་ཅ་དང་འདྲ་བས༔ མཆོད་བསྟོད་ཀྱི་ལེའུ་བསྟན་ནོ༔ སྔགས་རྫས་ཏིང་ངེ་འཛིན་གསུམ་གྱིས་རྟགས་མཚན་མྱུར་དུ་འབྱིན་པས་ན༔ རྨིས་ལྟས་ནད་ངོས་འཛིན་པའི་ལེའུ་བསྟན་ནོ༔ དེ་ལྟར་ནད་ངོས་བཟུང་བས༔ འདུ་བ་རྣམ་བཞིའི་ནད་དུ་འདུག་ན༔ འཚོ་བྱེད་སྨན་གྱིས་བཅོས་པས་ན༔ སྨན་བཅོས་བསྟན་པའི་ལེའུ་བསྟན་ནོ༔ དེ་ལ་ཡང་གསོར་བཏུབ་མི་བཏུབ་ཀྱིས་ནད་རྟོགས་དགོས་པས་ན༔ རྨིས་ལྟས་དང་ཆོ་འཕྲུལ་བརྟག་པའི་ལེའུ་བསྟན་ནོ༔ དེ་ཡང་ལས་ཀྱི་མཐའ་མནན་བསྲེག་འཕང་གསུམ་གྱིས་སྡུད་པས་ན༔ སྦྱིན་སྲེག་ཞི་རྒྱས་དབང་དྲག་གི་ལེའུ་བསྟན་ནོ༔ དེ་ལྟར་གནོད་པའི་འདྲེ་ཐུལ་ཀྱང་སྡང་བའི་དགྲ་བོའི་བར་ཆོད་བྱུང་དོགས་པས་ན༔ གནོད་སྦྱིན་སྲོག་གཟེར་ནག་པོའི་ལེའུ་བསྟན་ནོ༔ དེ་ཡང་འབྲེལ་དང་མ་ཚང་མེད་པས་ན༔ ཕུན་སུམ་ཚོགས་པ་རྒྱུད་ཀྱི་དོན་ཞེས་བྱ་བ་ལ༔ སྲོག་ལས་སེར་བ་མེད་དམ་སྙམ་པ་ལ༔ དྲག་པོ་རྫས་སེར་གྱི་ལེའུ་བསྟན་ནོ༔ དེ་ལྟར་སྒྲུབ་པ་བྱས་ཚད་ཀྱི་གཞུག་མནན་པ་ལ་ཐུག་པས་ན༔ མནན་པ་འཁོར་ལོའི་ལེའུ་བསྟན་ནོ༔ ལས་གཞུག་མནན་པས་སྡུད་པ་ལ་རྣལ་འབྱོར་པ་ལ་ལྟོ་དགོས་པས་ན༔ མི་རྒོད་ཇག་འཆིང་གི་ལེའུ་བསྟན་ནོ༔ དེ་ལྟར་སྔགས་རྫས་ཏིང་ངེ་འཛིན་གསུམ་གྱིས་མི་ཐུབ་པ་གང་ཡང་མེད་ཀྱང༔ བསྐལ་པ་ཐ་མ་ལ་འགྲོ་དོན་ཕྱོགས་མེད་བྱེད་དགོས་པས་ན༔ རྒྱལ་བསེན་སྒོས་སུ་འདུལ་བ་དང༔ ཞོ་ཉེས་ཆང་ཉེས་སྲུང་བའི་ལེའུ་བསྟན་ནོ༔ དེ་ལྟར་ཐུན་མོང་མ་ཡིན་པའི་རྒྱུད་ཟབ་མོ་འདི་མ་འོངས་པའི་དུས་ཀྱི་ཚེ་ན༔ གང་ཟག་ངན་པ་ལ་མི་སྦྱིན་ཞིང༔ གང་ཟག་སྣོད་དང་ལྡན་པ་ལ་བྱིན་ཅིག་པར་གདམས་ཤིང་གཏད་པས་ན༔ གདམས་པ་གཏད་པའི་ལེའུ་བསྟན་ནོ༔ དེ་ལྟར་རྒྱུད་འདིའི་མཚན་ཉིད་གང་ཟག་གཅིག་གི་ཆ་རྐྱེན་དུ༔ ཤིན་ཏུ་ཟབ་པའི་དོན་དུ་གསུངས་པས༔ འཁོར་རྣམས་དགའ་ཞིང་རྗེས་སུ་ཡི་རངས་པས་ན༔ རྗེས་སུ་ཡི་རངས་པའི་ལེའུ་སྟེ༔ བཅུ་དགུས་གཏན་ལ་དབབ་པ་རྫོགས་སོ༔ ས་མ་ཡ༔ ཨེ་མ་རྒྱུད་ཐམས་ཅད་ཀྱི་ཡང་བཅུད༔ མན་ངག་ཐམས་ཅད་ཀྱི་ཉིང་ཁུ༔ བཅུད་ཐམས་ཅད་ཀྱི་ཐིགས་པ༔ གསང་སྔགས་ཐམས་ཅད་ཀྱི་འབྲས་བུ༔ ཕྱག་རྡོར་ཐམས་ཅད་ཀྱི་སྙིང་བཀོལ༔ ཁྱུང་རྒོད་ཐམས་ཅད་ཀྱི་སྲོག་ཏིག༔ ཁྱུང་སྔགས་ཐམས་ཅད་ཀྱི་ཡང་སྙིང༔ དྲག་སྔགས་ཐམས་ཅད་ཀྱི་མཐར་ཐུག༔ ལུང་ཐམས་ཅད་ཀྱི་སྙིང་ཐིག༔ འབྱུང་པོ་ཐམས་ཅད་ཀྱི་གཉེན་པོ༔ རྒྱལ་བསེན་ཐམས་ཅད་ཀྱི་གསེག་བརྡར༔ ས་གདོན་ཐམས་ཅད་ཀྱི་ཤན་པ༔ མཛེ་ནད་ཐམས་ཅད་ཀྱི་ཕྱགས་ཤིང༔ སྲུང་བ་ཐམས་ཅད་ཀྱི་ཏི་ཀ༔ རྫས་སྦྱོར་ཐམས་ཅད་ཀྱི་ལོག་གནོན༔ པདྨ་འབྱུང་གནས་ཀྱི་ཁྱད་ཆོས༔ མཐོ་ལྡིང་དུང་ལའི་བཅུད་ཆེན༔ ཁྱུང་རྒོད་གསང་བའི་སྒྲུབ་པ༔ རིན་ཆེན་གསེར་གྱི་རྒྱལ་མཚན་ལྟ་བུ་འདི༔ བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ༔ འཁོར་རྣམ་པ་བཞི་ལ་སོགས་པ་ལ་བཤད་དེ༔ དེའི་ཚེ་ཕྱག་ན་རྡོ་རྗེས་བསྡུས་ནས༔ རྒྱ་གར་གྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ༔ མཁའ་འགྲོ་བཞི་ལ་གདམས་ཤིང་གཏད༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་དང༔ གུ་རུ་ཆོས་ཀྱི་རྡོ་རྗེ་དང༔ པཎྜི་ཏ་ཡང་དག་པའི་བཤེས་གཉེན་གསུམ་གྱིས་མཁའ་འགྲོ་བཞི་ལ་གསོལ་བ་མགྲིན་གཅིག་ཏུ་བཏབ་པས༔ བཀའ་རང་བབས་སུ་བྱུང་ངོ༔ ཨོ་རྒྱན་གྱི་དགེ་སློང་པདྨ་བདག་གིས༔ ཕྱི་རབས་ཀྱི་དོན་དུ་མཚོ་རྒྱལ་ལ་གདམས་ཏེ༔ གསང་སྔགས་ཀྱི་ཕོ་བྲང་ཙ་རིའི་བྱང་ཕྱོགས་སུ༔ ལུང་པ་རྟ་རོ་དམར་པོ་ཁ་ཕྱེ་བ་ལྟ་བུའི་ནང་དུ༔ བྲག་ནག་པོ་སྲིན་པོའི་རོ་བཅིངས་པ་ལྟ་བུའི་ཁྲོད་དུ་སྦས་སོ༔ ཕྱི་རབས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ༁ྃ༔ ཨོཾ་བཛྲ་པཱ་ཎི་ལ་ན་མོ༔ མནན་པའི་འཁོར་ལོའི་མན་ངག༔ དགྲ་བགེགས་ཐམས་ཅད་དུས་གཅིག་ལ་མནན་པའི་ཐབས་ལ༔ འཁོར་ལོ་བྲི་ཐབས་ལ་སོགས་པ་སྒྲུབ་གཞུང་ན་གསལ༔ དེ་ལ་ལྷ་འདྲེ་ངོས་མ་ཟིན་པར་སྤྱི་ལ་བྱེད་ན༔ ཉུངས་དཀར་དང༔ དུག་སྣ༔ ཁྲག་སྐམ་རྣམས་ཀྱི་ཐུན་གྱིས་བརྡེག་ཅིང་སྔགས་འདིས་གཟིར་རོ༔ ཨོཾ་སཏྭཾ་བྷ་རཀྴ་རཀྵ་ནན༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨེ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཅེས་སོ༔ དེ་ནས་རྨི་ལམ་དུ༔ ཁྱི་དང༔ ཨ་ཙ་ར་དང༔ སྤྲེའུ༔ བཙད་པོ་བྱུང་ན་རྒྱལ་པོ་ཡིན་པས༔ ཉུངས་དཀར་གྱི་ཐུན་གྱིས་བྲབ་ཅིང་འདི་བཟླའོ༔ རཱ་ཙ་ཏྲིག་ནན༔ རཱ་ཙ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླའོ༔ བུད་མེད་དང༔ སྐྱེས་པ་དང༔ སྲེ་མོང་དང༔ ཁྱི་མོ་དང༔ སྟག༔ བྱ་མོ་ནག་མོ་བྱུང་ན༔ མ་མོ་དང་བསེན་མོ་ཡིན་པས༔ དུག་ཐུན་བྲབ་ཅིང་སྔགས་འདིས་བརྡེག་གོ༔ རག་མོ་ཏྲིག་ནན༔ ར་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཅེས་སོ༔ ལྷ་ཁང་དང་ཆུ་མིག་དང༔ རྩི་ཤིང་དང༔ མཚོ་དང༔ ཕྱུགས་དང༔ ཉ་སྦྲུལ་དང༔ སྦལ་ལྕོང་དང༔ སྡིག་སྦྲུལ་རྣམས་བྱུང་ན༔ ཀླུ་དང་ས་བདག་གཉན་སྡེ་བརྒྱད་ཡིན༔ བྱེ་ཚན་ཐུན་གྱིས་བྲབ་ཅིང༔ སྔགས་འདིས་བརྡེག་གོ༔ ནཱ་ག་ཏྲིག་ནན༔ ནཱ་ག་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་སོ༔ བུ་ཆུང་དང༔ སྲེ་མོང་དང༔ བཙུན་པ་དང༔ མི་ནག་བྱུང་ན༔ དམ་སྲི་དང་བདུད་ཡིན་པས༔ ཉུངས་ནག་གི་ཐུན་གྱིས་བྲབ་ཅིང༔ སྔགས་འདིས་བརྡེག་གོ༔ རུ་ཏྲ་ཏྲིག་ནན༔ རུ་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླའོ༔ མི་དམར་རྟ་དམར་དང༔ ཁྱི་དམར་དང༔ ཤ་བ་དགོ་བ་དང༔ རི་དྭགས་བྱུང་ན་བཙན་ཡིན་པས༔ ལྕགས་ཕྱེའི་ཐུན་གྱིས་བྲབ་ཅིང༔ སྔགས་འདིས་བརྡེག་གོ༔ ཏྲི་ཏིར་ཏི་ཏྲིག་ནན༔ ཏྲི་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླས་སོ༔ ཨ་ཙ་ར་དང་མི་རེངས་སྐྱ་བོ་དང༔ སྔགས་པ་རྣམས་བྱུང་ན༔ དགྲ་བླ་ཡིན་པས༔ ཉུངས་དཀར་གྱི་ཐུན་གྱིས་བྲབ་ཅིང༔ སྔགས་འདིས་བརྡེག་གོ༔ བཛྲ་སཱ་དྷུ་ཏྲིག་ནན༔ ཏྲི་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླའོ༔ དུས་རྟག་ཏུ་དགྲ་ལྡང་ན༔ དགྲ་སྲི་ལངས་པ་ཡིན་པས༔ ཉུངས་དཀར་གྱི་ཐུན་གྱིས་བྲབ་ཅིང༔ སྔགས་འདིས་བརྡེག་གོ༔ དགྲ་བོའི་ནྲྀ་ཏྲིག་ནན༔ ནྲྀ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད་ནན༔ ཞེས་བཟླའོ༔ སྔགས་ཐམས་ཅད་ཀྱི་མགོ་ལ༔ བསྙེན་པ་ཕྱག་རྡོར་ཁྱུང་བཅས་དགོས་སོ༔ དེ་ནས་འཁོར་ལོ་དྲིལ་ཏེ༔ མནན་པ་དང༔ མནན་ཐབས་དང༔ བྲོ་རྡུང་བ་དང༔ ཡང་སྤྲུལ་གྱི་ཁྱུང་བསྐྱེད་པ་རྣམས་བྱའོ༔ མནན་པ་འཁོར་ལོའི་མན་ངག༔ ལྷ་འདྲེ་ངོས་བཟུང་བའི་ཐབས་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཕྱག་རྡོར་ཁྱུང་དང་བཅས་ལ་འདུད༔ དེ་ཡི་བསྙེན་སྒྲུབ་ལས་སྦྱོར་གྱི༔ ཆོ་གའི་རིམ་པ་བསྟན་པ་ནི༔ ལག་ན་རྡོ་རྗེའི་དབང་ཐོབ་པས༔ བདག་དབང་བར་ཆད་མེད་གནས་སུ༔ གཙང་ཞིང་བདག་མེད་ས་བླངས་ལ༔ དཀྱིལ་འཁོར་མདའ་གང་གྲུ་བཞིར་བྱ༔ དེ་ལ་ཁྲག་ཆང་ཆག་ཆག་གདབ༔ དེ་སྟེང་ཐིག་ཆེན་བཅུ་གཉིས་གདབ༔ དེ་འོག་སྔགས་པ་བློ་ལྡན་པས༔ ཆ་ཆེན་བཞི་བཞི་བརྒྱད་དག་བགོ༔ དེ་ནས་ཆ་བྲན་བགོ་བ་ནི༔ དང་པོ་དང་ནི་བཞི་པ་ལ༔ དཀྱིལ་བཤགས་ཕྱི་མ་བགོ་བར་བྱ༔ གཉིས་གསུམ་དཀྱིལ་སྟོང་མཐའ་གཉིས་གདབ༔ ཕྱོགས་གཞན་ཀུན་ཀྱང་དེ་བཞིན་ཏེ༔ ཆ་ཆེན་གཉིས་དང་དང་པོ་ཡི༔ ཆ་བྲན་ཕྱི་ནང་མུ་ཁྱུད་བསྐོར༔ དེ་ནི་ཐིག་གདབ་རིམ་པ་འོ༔ དེ་ནས་དཀྱིལ་འཁོར་བྲི་བ་ནི༔ གཙང་ཞིང་གསང་བའི་ཚོན་རྣམས་ཀྱིས༔ གྲུ་གསུམ་མཐིང་ནག་ཟླ་གམ་དབང༔ འཁོར་ལོ་རྩིབས་བཞི་སེར་པོ་བྱ༔ གོང་རས་ལྗང་གུ་མུ་ཁྱུད་དཀར༔ གྲུ་ཆད་སྒོ་བཞི་ཕྱོགས་ཚོན་བྱ༔ དེ་ཡི་ཕྱི་རོལ་ཆ་བྲན་ལ༔ དྲི་འམ་པཉྩའི་རེ་ཁཱ་དྲང༔ འདོད་ཡོན་ལ་སོགས་གཞན་དང་མཐུན༔ ལྕགས་རི་ནག་པོ་མེ་རི་དམར༔ དེ་སོགས་དཀྱིལ་འཁོར་ལེགས་པར་བསྒྲུབ༔ དེར་དགོས་རྫས་ཀྱི་རིམ་པ་ནི༔ རྫའམ་རིན་ཆེན་བུམ་པ་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་བྲི༔ དེ་ཡི་ནང་དུ་དུག་མུ་ཟི༔ གུ་གུལ་བདུད་རྩི་གླ་རྩི་དང༔ ལྡོང་རོས་བཙན་དུག་སྒོག་སྐྱ་དང༔ བུལ་ཏོག་བརྒྱད་པོ་ཞིབ་ཏུ་བཏགས༔ དེ་རྣམས་ཆུ་དང་འོ་མར་སྦྱར༔ བགེགས་བསྐྲད་བུམ་བླུགས་ཁ་རྒྱན་གཟུག༔ རས་སྔོན་མགུལ་ཆིངས་གཟུངས་ཐག་བཏག༔ དེ་ནས་དཀྱིལ་འཁོར་དབུས་སུ་བཞག༔ དཀྱིལ་འཁོར་དེ་ཡི་གྲྭ་རྣམས་ལ༔ བཀྲ་ཤིས་དར་དམར་མེ་ལོང་སོགས༔ ཐུན་མོང་རྒྱན་རྣམས་གཟུག་པར་བྱ༔ དེ་ནས་མཆོད་རྫས་བཤམ་པ་ནི༔ བུམ་པའི་མདུན་དུ་དམར་གཏོར་བཤམ༔ རྒྱུན་གཏོར་ཞིག་ཀྱང་ཅི་རིགས་བྱ༔ གཡས་སུ་ཡོན་ཆབ་ཆུ་གཙང་དང༔ མེ་ཏོག་སྤོས་དང་མར་མེ་སོགས༔ རྡོ་རྗེ་དྲིལ་བུ་ཕྲེང་བ་དང༔ དགོས་རྫས་མ་ལུས་བཤམ་པར་བྱ༔ དེ་ནས་སྔགས་འཆང་སྒྲུབ་པ་པོས༔ བདེ་བའི་གདན་ལ་འདུག་བྱས་ལ༔ སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་བཏང༔ དེ་ནས་ཚོགས་གཉིས་གསག་པ་ནི༔ བདག་ཉིད་སྙིང་ཁར་ཧཱུྃ་བསམས་ལ༔ སྔགས་ཀྱིས་བགེགས་བསྐྲད་མཆོད་བསང་བསྲུང༔ དེ་ནས་ཧཱུྃ་ལས་འོད་འཕྲོས་པས༔ བླ་མ་གསང་བདག་ཁྱུང་བཅས་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས༔ མདུན་གྱི་ནམ་མཁར་བྱོན་བསམས་ལ༔ བདུན་རྣམ་དག་པ་བྱ་བ་ནི༔ ཧཱུྃ༔ བླ་མ་གསང་བདག་ཁྱུང་རྣམས་ལ༔ ལུས་ངག་ཡིད་གུས་ཕྱག་འཚལ་ལོ༔ སྟོང་གསུམ་མཆོད་པའི་བྱེ་བྲག་རྣམས༔ འགྲོ་བ་རྣམས་ཀྱི་དོན་དུ་འབུལ༔ བསྐལ་པར་བསགས་པའི་སྡིག་པ་རྣམས༔ བླ་མ་གསང་བདག་ཁྱུང་ལ་བཤགས༔ དགེ་བའི་ལས་ནི་ཐམས་ཅད་ལ༔ དམ་པའི་རྗེས་སུ་ཡི་རང་ངོ༔ སེམས་ཅན་མོས་པ་ཅི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ མྱུར་དུ་མྱ་ངན་འདས་སྟོན་རྣམས༔ བསྐལ་པའི་མཐར་ཐུག་བཞུགས་སུ་གསོལ༔ དགེ་བ་ཐམས་ཅད་དྲིལ་ནས་ནི༔ བྱང་ཆུབ་ཆེན་པོར་བསྔོ་བར་བགྱི༔ དེ་ནས་ནམ་མཁའི་ལྷ་ཚོགས་ཀྱི༔ འོད་ཟེར་བདག་ལ་ཐིམ་པ་ཡིས༔ སྒྲིབ་པ་བྱང་ནས་རང་ལུས་ནི༔ རིམ་གྱིས་བསྡུ་ཞིང་སྟོང་པར་བསམ༔ དེ་ནས་དམིགས་པ་བསྒོམ་པ་ནི༔ བདག་བསྐྱེད་བུམ་བསྐྱེད་གཉིས་སུ་བྱ༔ དེ་ལ་བདག་བསྐྱེད་བསྒོམ་པ་ནི༔ དེ་བཞིན་ཀུན་སྣང་རྒྱུ་གསུམ་པོ༔ ཡིད་ལ་ཤིན་ཏུ་གསལ་བསྒོམ་སྟེ༔ རྒྱུ་ལས་བྷྲཱུྃ་བྱུང་གཞལ་ཡས་ཁང༔ ཉི་ཟླ་ཀླུ་གཉན་གདན་སྟེང་དུ༔ ཧཱུྃ༔ རྒྱུ་བབས་འོད་ཞུ་འོད་འཕྲོས་པས༔ དོན་གཉིས་བྱས་ནས་ཚུར་འདུས་པས༔ བདག་ཉིད་གསང་བའི་བདག་པོར་བསྐྱེད༔ དེ་ནས་མཆོད་རྫས་བྱིན་རླབས་ནི༔ ཕྱག་རྒྱ་དབང་དང་ཏིང་འཛིན་རྣམས༔ ཀུན་ལ་སྦྱར་ཞིང་འདི་སྐད་བརྗོད༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་ཨཱ་ཧ་ར་པྲ་ཝ་ར༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཧཱུྃ༔ ཨོཾ་བཛྲ་ཤབྡ་ཧཱུྃ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུད་པནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ༔ དེ་ནས་ཡེ་ཤེས་སྤྱན་དྲང་བ༔ ཧཱུྃ༔ ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས༔ བདེ་གཤེགས་རྒྱལ་བའི་ཐུགས་ཀྱི་སྲས༔ ཕྱག་ན་རྡོ་རྗེ་གསང་བའི་བདག༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ གསང་བདག་ཕྱག་རྡོར་ཐུགས་དཀྱིལ་ནས༔ སྤྲུལ་པའི་བྱ་ཁྱུང་ཤར་བ་ནི༔ ཁྱུང་རྒོད་མ་རུངས་གདུག་རྩུབ་ཅན༔ ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི༔ བཛྲ་གྷ་རུ་ཎ༔ བུདྡྷ༴ རཏྣ༴ པདྨ༴ ཀརྨ་གྷ་རུ་ཎ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ གསང་བདག་ཐུགས་རྗེས་བྱོན་པ་ལེགས༔ བདག་ནི་བསོད་ནམས་སྐལ་པར་ལྡན༔ བདག་གི་མཆོད་ཡོན་བཞེས་ནས་ཀྱང༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་ལ་སོགས་ཀྱི་མཐར༔ བུདྡྷ་ནཱ་ག་ས་མ་ཡེ་ཧཱུྃ༔ ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ དེ་བཞིན་བདག་གིས་ལྷ་ཡི་ཆུ༔ དག་པ་ཡིས་ནི་སྐུ་ཁྲུས་གསོལ༔ ཨོཾ་པྲ་ཝ་ར་པྲ་ཏཱིཙྪ་ཧོ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ ཇི་སྲིད་མཆོད་པ་བདག་བགྱིད་ན༔ དེ་སྲིད་གསང་བདག་གདན་ལ་བཞུགས༔ ཨོཾ་པདྨ་ཀ་མ་ལཱ་ཡ་ཧཱུྃ༔ ཧཱུྃ༔ སྟོང་གསུམ་འདི་འམ་གཞན་དག་ན༔ མེ་ཏོག་ཇི་སྙེད་མཆིས་པ་ཀུན༔ གསང་བདག་ཁྱུང་དང་བཅས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་གྷ་རུ་ཎ༔ པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དེ་བཞིན་སྤོས་དང་མར་མེ་དང༔ དྲི་ཆབ་ཞལ་ཟས་སྒྲ་སྙན་སོགས༔ ཐམས་ཅད་ཀུན་ལ་འགྲེས་པ་སྟེ༔ དེ་བཞིན་མཆོད་པ་ཅི་རིགས་འབུལ༔ སྐབས་འདིར་སྒྲུབ་ཐབས་བཞིན་དུ་བསྟོད༔ དེ་ནས་ཡེ་ཤེས་སེམས་དཔའ་དེ༔ དམ་ཚིག་སེམས་དཔའ་བདག་ལ་བསྟིམ༔ འོད་ཞུ་སྒྲིབ་པ་དག་སོང་ལ༔ བསྐྱེད་པའི་སྔགས་ཀྱིས་སླར་གསོས་པས༔ བདག་ཉིད་གསང་བདག་ཁྱུང་རྣམས་སུ༔ སྒྲུབ་ཐབས་བཞིན་དུ་གསལ་བར་བསྐྱེད༔ དེ་ནས་བུམ་བསྐྱེད་བྱ་བ་ནི༔ བུམ་པ་མི་དམིགས་སྟོང་པ་ལས༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་ནང་དུ༔ བཾ་ལས་བདུད་རྩིའི་རྒྱ་མཚོ་བསྒོམ༔ པཾ་ལས་པདྨའི་སྡོང་པོའི་སྟེང༔ ཉི་ཟླའི་སྟེང་དུ་ཧཱུྃ་འཕྲོས་པས༔ ལས་གཉིས་བྱས་ནས་དམ་ཚིག་བསྐྱེད༔ ཡེ་ཤེས་སྤྱན་དྲངས་མཆོད་བསྟོད་བྱ༔ ལྷ་གཉིས་བསྲེས་ལ་གོང་བཞིན་བསྐྱེད༔ དེ་ནས་བཟླས་པ་བྱ་བ་ནི༔ བུམ་པའི་གཟུངས་ཐག་ལག་ཏུ་བླང༔ བྱིང་རྒོད་ལ་སོགས་སྐྱོན་སྤངས་ལ༔ སྨྲ་བ་བཅད་དེ་ཅི་ནུས་བཟླ༔ ཡིད་ཀྱིས་བསམ་གཏན་འཕྲོ་འདུ་བྱ༔ བཟླས་པ་འགལ་མེའི་འཁོར་ལོ་བསྐོར༔ ཐུན་གྱི་མཚམས་ལ་བབ་པ་ན༔ ཡང་སྤྲུལ་ཁྱུང་རྣམས་ཚུར་བསྡུས་ལ༔ མཆོད་བསང་བྱིན་རླབས་མཆོད་བསྟོད་བྱ༔ དེ་ལྟར་ཉིན་མཚན་ཅི་རིགས་ཐུན༔ བསྙེན་སྒྲུབ་སྔགས་ཀྱིས་ཞག་གསུམ་བདུན༔ བཟང་རྟགས་མ་བྱུང་བར་དུ་བསྒྲུབ༔ ཐུན་རྣམས་ཀུན་གྱི་ཐ་མ་ལ༔ བཟོད་གསོལ་དགེ་བསྔོ་ཅི་རིགས་བྱ༔ རྒྱུན་གཏོར་གཏང་ཞིང་འདོད་གསོལ་བཏབ༔ དེ་ནས་ཡེ་ཤེས་གཤེགས་པ་ནི༔ མདུན་དུ་ཕྱེས་ལ་འདི་སྐད་དོ༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ གསང་བདག་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཞེས་པས་ཡེ་ཤེས་སེམས་དཔའ་གཤེགས༔ དམ་ཚིག་སེམས་དཔའ་ཆུ་ལ་བསྡུ༔ དེ་ནས་བུམ་པའི་བདུད་རྩིའི་ཆུས༔ རང་ངམ་གཞན་རྣམས་བཀྲུ་བ་ནི༔ ཚེས་གཅིག་ནས་ནི་དགུ་སྟོང་བར༔ ཁ་ཡར་དག་ལ་རབ་ཏུ་ཤིས༔ དེ་ཡང་གཞན་ལ་དབང་བསྐུར་རམ༔ བྱིན་རླབས་བྱེད་ན་འདི་ལྟར་རོ༔ ཧཱུྃ༔ གསང་བདག་ཁྱུང་དང་བཅས་པ་ཡི༔ སྐུ་གསུང་ཐུགས་ནི་ཞུ་བའི་ཆུ༔ ལྷ་ཡི་ཆུ་ནི་དག་པ་ཡི༔ མི་བསྐྱོད་པས་ནི་དབང་བསྐུར་རོ༔ བསྙེན་སྒྲུབ་སྔགས་ལ༔ ཀ་ལཱཀྵ་ཨ་བྷི་ཥིཉྩ་མཱཾ༔ ཞེས་གདགས༔ ཚིག་འདི་བརྗོད་ལ་བཀྲུ་བར་བྱ༔ ཧཱུྃ༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ བྱིན་རླབས་ཡེ་ཤེས་ཁྲུས་ཀྱི་ཆུ༔ བདུད་རྩིའི་ཆུ་ནི་དག་བྱེད་འདིས༔ ཉོན་མོངས་ནད་གདོན་བཀྲུ་བར་བྱའོ༔ སྔགས་བརྗོད་མགོ་ལུས་དག་པར་བཀྲུ༔ དེ་ནས་ཞལ་ཟས་སྣ་ཚོགས་ཐོགས་ལ༔ བཀྲ་ཤིས་སྨོན་ལམ་གང་རིགས་སྦྱར༔ ཞི་བའི་སྦྱིན་སྲེག་རྒྱས་པར་བྱ༔ གཏོར་མ་གཏང་ཞིང་ཡིག་བརྒྱ་བཟླ༔ དཀྱིལ་འཁོར་བསྡུས་ལ་ལུས་བསྲུང་བྱ༔ རྡུལ་ཚོན་ཕྱགས་ལ་ཆུ་ལ་དོར༔ ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ༔ དེ་ནི་བསྙེན་སྒྲུབ་རིམ་པ་འོ༔ དེ་ནས་རྫས་ཀྱི་སྦྱོར་བ་ནི༔ བཏགས་པ་བྱུག་པ་ལྟོར་བཏང་ཅི་རིགས་སྤྱད༔ ལས་སྦྱོར་བསད་པའི་དུས་སུ་ཡང༔ དཀྱིལ་འཁོར་རྒྱན་རྫོགས་གོང་བཞིན་ཏེ༔ བྲུབ་ཁུང་ལིང་ག་ཐུན་ཡང་བཅའ༔ ཏིང་འཛིན་སྔགས་ཀྱི་རིམ་པ་ནི༔ ཡང་སྤྲུལ་ཁྱུང་གི་འཕྲོ་འདུ་དང༔ བསྙེན་པའི་སྔགས་ལ་དྲག་སྔགས་ནི༔ སྤུ་གྲི་བརྒྱད་པ་བཏགས་ལ་བཟླ༔ ཤིན་ཏུ་དྲག་པོའི་ལས་བྱེད་ན༔ ཡང་སྤྲུལ་ཁྱུང་དང་རང་སྔགས་རྣམས༔ སྟོང་སྟོང་ཙམ་རེ་གདགས་པར་བྱ༔ དེ་ནས་དྲག་པོའི་ལས་གཞུག་ནི༔ སྦྱིན་སྲེག་མནན་པ་ཅི་རིགས་དང༔ གནོད་སྦྱིན་སྲོག་སྒྲུབ་ལ་སོགས་བྱ༔ ཙི་ཙི་ཛྭ་ལའི་འཇིགས་བྱུང་ན༔ ལྷ་སྒོམ་སྔགས་ལ་བརྩོན་པར་བྱ༔ ཡི་དམ་ལྷ་དང་མི་འབྲལ་ཞིང༔ དངོས་གྲུབ་ཐམས་ཅད་འབྱུང་འདོད་ན༔ ཞི་རྒྱས་དབང་གི་སྦྱིན་སྲེག་བྱ༔ དགྲ་བགེགས་ཐམས་ཅད་ཚར་གཅོད་ན༔ དྲག་པོའི་སྦྱིན་སྲེག་གཏང་བར་བྱ༔ རྒྱལ་བསེན་སྒོས་སུ་འདུལ་འདོད་ན༔ རྒྱུད་ལེའུ་བཅུ་དྲུག་པ་རུ་གཟིགས༔ དགྲ་བགེགས་ཐམས་ཅད་བཟློག་འདོད་ན༔ མནན་པའི་འཁོར་ལོ་དག་ལ་སྤྱོད༔ དགྲ་བོ་སྒོས་སུ་འདུལ་འདོད་ན༔ སྲོག་སེར་གཏད་ལ་བརྩོན་པར་གྱིས༔ རྣལ་འབྱོར་འཇིགས་སར་འགྲོ་དགོས་ན༔ ཇག་འཆིང་ནག་པོ་ཐུག་ཕྲད་བསྟེན༔ དེ་ལྟར་དགོས་པ་ཐམས་ཅད་ཀུན༔ གཞན་ལ་མ་ལྟོས་འདི་ལས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཁ་ཐཾ༔ ༁ྃ༔ བཛྲ་པཱ་ཎི་ལ་ན་མོ༔ དེ་ལ་མོས་པའི་གང་ཟག་གིས༔ བསྙེན་སྒྲུབ་ལས་སྦྱོར་ཐམས་ཅད་དུ༔ ལས་རྣམས་མྱུར་དུ་འགྲུབ་པ་དང༔ ཐུན་མོང་མཆོག་གི་དངོས་གྲུབ་དང༔ བསོད་ནམས་ཆེན་པོ་འཐོབ་བྱའི་ཕྱིར༔ གཏོར་མའི་ལས་ལ་བརྩོན་པར་བྱ༔ དེ་ལ་རྫས་ཀྱི་སྦྱོར་བ་ནི༔ མཚན་ལྡན་མཛེས་པའི་སྣོད་མཆོག་ཏུ༔ ཟན་དང་མེ་ཏོག་ཆང་ཆུ་ཁྲག༔ འབྲུ་དང་ཤིང་ཐོག་སྨན་སྣ་དང༔ ཆན་ཐུག་ཁུར་བ་དཀར་གསུམ་མངར༔ ཤ་ཁྲག་རུས་པ་སྙིང་སྣ་དང༔ དགྲ་བགེགས་འབྱུང་པོ་རྨི་ལམ་གཟུགས༔ སྦྲུལ་དང་སྦལ་ལྕོང་ཉ་ཡི་ཤ༔ ཐུན་རྫས་ཀུན་གྱིས་གང་བྱས་ལ༔ ཧཱུྃ་ལས་རཾ་ཡཾ་ཁཾ་གིས་སྦྱང༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུད་པནྣ་ཏྭཱད་ཨོཾ་ཨཱཿཧཱུྃ༔ བཛྲ་པཱ་ཎི་ཀ་རུ་ཎ་ཡཀྵཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མགྲོན་རྣམས་སྤྱན་དྲངས་གཏོར་མ་འབུལ༔ ཧཱུྃ༔ རྨད་བྱུང་གཏོར་མ་དམ་པ་འདི༔ དུས་གསུམ་བླ་མ་ཐམས་ཅད་དང༔ ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ སྤྲུལ་པའི་ཁྱུང་རྒོད་ཐམས་ཅད་དང༔ ལས་མཁན་གནོད་སྦྱིན་སྲིན་པོ་ལ༔ ལས་རྣམས་མཛད་ཕྱིར་གཏོར་མ་འབུལ༔ བཅོལ་བའི་ལས་མཛོད་དགྲ་བོ་སྒྲོལ༔ གཏོར་མའི་ལས་དམ་མདོར་བསྡུས་པའོ༔ ༁ྃ༔ བཛྲ་པཱ་ཎི་ལ་ན་མོ༔ དེ་ཡི་སྒོམ་བཟླས་རྒྱུན་ཁྱེར་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ དེ་ནས་ཏིང་འཛིན་རིམ་པ་ནི༔ དེ་བཞིན་ཀུན་སྣང་རྒྱུ་གསུམ་བསྒོམ༔ རྒྱུ་ལས་བྷྲཱུྃ་བྱུང་གཞལ་ཡས་ཁང༔ ཉི་ཟླ་ཀླུ་གཉན་གདན་སྟེང་དུ༔ རྒྱུ་ཡི་ཡི་གེ་ཞུ་བ་ལས༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ལས་གཉིས་བྱས་ནས་ཚུར་འདུས་པས༔ བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད༔ སྔགས་ཀྱིས་ཡེ་ཤེས་སེམས་དཔའ་སྦྲན༔ མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱ༔ དེ་ནས་ཡེ་ཤེས་བདག་ལ་བསྟིམ༔ འོད་ཞུ་སྒྲིབ་པ་དག་བསམས་ལ༔ བསྐྱེད་པའི་སྔགས་ཀྱིས་སླར་གསོས་པས༔ བདག་ཉིད་གསང་བདག་ཁྱུང་རྣམས་སུ༔ སྒྲུབ་ཐབས་བཞིན་དུ་གསལ་བར་བསྐྱེད༔ དེ་ནས་ཡིད་ཀྱིས་སྤྲོ་བསྡུ་དང༔ ངག་གིས་བཟླས་པ་ནུས་ཚད་བྱ༔ སྐྱོ་ན་ཡང་སྤྲུལ་ཚུར་བསྡུས་ལ༔ ཡེ་ཤེས་སེམས་དཔའ་མདུན་དུ་བསྐྱེད༔ དེ་ལ་མཆོད་བསྟོད་གོང་བཞིན་བྱ༔ བརྒྱ་པ་བཟླ་ཞིང་ཡེ་ཤེས་གཤེགས༔ དམ་ཚིག་བསྡུ་ཞིང་ལུས་བསྲུང་བྱ༔ ཀུན་ལ་སྟོང་ཉིད་རྩི་ཡིས་བཟུང༔ དེ་ལྟར་བྱས་ན་ངེས་པར་འགྲུབ༔ བློ་དམན་ཤེས་རབ་ཆུང་བ་དང༔ གོ་མེད་གླེན་པའི་རིགས་རྣམས་ལ༔ ཁྱུང་རྒོད་གསང་བའི་སྒྲུབ་ཐབས་ལས༔ མན་ངག་ཟབ་མོ་གསལ་བར་བཀོད༔ ས་མ་ཡ༔ གོང་གི་གཏོར་ཚོགས་འབུལ་བའི་དུས༔ བསྟོད་བསྐུལ་ཕྲིན་ལས་འདི་ལྟར་རོ༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་གོས་སྔོན་ཅན༔ ཁྱེད་ཀྱི་སྤྱན་གྱིས་མི་གཟིགས་གང་ཡང་མེད༔ མཁྱེན་གསལ་ཐུགས་ཀྱིས་མི་མཁྱེན་གང་ཡང་མེད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཁྱེད་ཀྱིས་དབང་དུ་མ་འདུས་གང་ཡང་མེད༔ བཅོལ་བའི་ལས་རྣམས་མི་འགྲུབ་གང་ཡང་མེད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་ནས་ཧཱུྃ་དང་ཕཊ་ཀྱིས་ཁམས་གསུམ་སྒྲོལ༔ མཆེ་བ་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཁྲོ་རྒྱལ་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འགྲིལ༔ གཡོན་པས་ཁྲོ་གཏུམ་དྲིལ་བུས་ལོག་འདྲེན་འདུལ༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ ལྗགས་ཀྱིས་ཁྲོ་བོའི་སྐན་སྒྲ་བརྡབས་པ་ཡིས༔ དགྲ་བགེགས་མ་ལུས་ཐལ་བར་རློག་པར་མཛད༔ བཅོམ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ དབང་ཆེན་ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག༔ བྱིན་ཆེན་ཁྱེད་ཀྱིས་བདག་ལ་བྱིན་ཕོབ་ཅིག༔ རྟག་ཏུ་བདག་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཐུགས་ལས་སྤྲུལ་པའི་ཁྱུང་རྒོད་གདུག་རྩུབ་ཅན༔ སྤྱན་སྔར་གང་བྱུང་མ་ལུས་ཟས་སུ་ཟ༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ཡང་སྤྲུལ་ཁྱུང་དུ་མ་གྱུར་གང་ཡང་མེད༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཁྱུང་ཆེན་སྐུ་ལུས་མི་རུ་བཞུགས་པ་ནི༔ ཀླུ་རྒྱལ་ཕོ་མོ་མ་ལུས་འདུལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ སྐུ་མདོག་མི་འགྱུར་དཀར་ལ་འཚེར་བ་ནི༔ སྤྲུལ་པའི་སྐུ་ལ་དྲི་མ་མེད་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི༔ དུག་ལྔ་ཡེ་ཤེས་ལྔ་རུ་ཤར་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ གཡོན་པ་ལྕགས་ཀྱུ་འབར་བ་བསྣམས་པ་ནི༔ གང་ལ་དམིགས་པའི་སྙིང་ནས་འདྲེན་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོས་པ་ནི༔ ཁམས་གསུམ་སྲིད་གསུམ་མ་ལུས་སྒྲོལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས་པ་ནི༔ སེམས་ཅན་ཀུན་ལ་ཐུགས་རྗེས་གཟིགས་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ ལྕགས་ཀྱི་མཆུ་སྡེར་རྣོ་ལ་འགུག་པ་ནི༔ ས་བདག་ཀླུ་གཉན་ཞལ་དུ་གསོལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ དབུ་གཙུག་ནོར་བུ་རིན་ཆེན་འོད་འབར་བས༔ སྟོང་གསུམ་མུན་པ་མ་ལུས་སེལ་བའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ གཡས་གཡོན་གཤོག་པ་དྲག་ཏུ་བརྡབ་པ་ཡིས༔ ས་བདག་ཀླུ་གཉན་བསྲེགས་ཤིང་གཞོམ་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ རྡོ་རྗེའི་མཇུག་མ་དྲག་ཏུ་བརྡབས་པ་ཡིས༔ ས་བདག་ཀླུ་གཉན་རྡུལ་དུ་བརླག་པའི་རྟགས༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ རྡོ་རྗེའི་སྤུ་རུ་མེ་ལྟར་འབར་བ་ཡིས༔ གནོད་བྱེད་ཕོ་མོའི་གནས་སར་སྒར་གྱིས་ཐོབ༔ ཁྱུང་ཆེན་ཀླུ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་མ་ལུས་འདུལ་བའི་དུས་ལ་བབ༔ རྡོ་རྗེའི་སྡེར་མོས་གནོད་བྱེད་སྲོག་རྩ་གཅོད༔ མཆུ་སྡེར་དྲག་པོས་གནོད་བྱེད་སྙིང་ནས་དྲོངས༔ ཕྲིན་ལས་བྱ་ཁྱུང་དཔལ་ཆེན་རིགས་ལྔའི་ཚོགས༔ ཕྲིན་ལས་རྣམ་བཞིའི་ལས་རྣམས་བསྒྲུབ་པ་དང༔ བདག་གི་བསམ་པའི་དོན་རྣམས་འགྲུབ་པར་མཛོད༔ གཞན་ཡང་ཡང་སྤྲུལ་ཁྱུང་རྒོད་འབར་བའི་ཚོགས༔ ས་བདག་ཀླུ་གཉན་འདུལ་བའི་དུས་ལ་བབ༔ གཉན་ཆེན་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ རྒྱལ་བསེན་ཕོ་མོ་འདུལ་བའི་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ བཅོལ་པའི་ལས་རྣམས་མྱུར་དུ་གྲུབ་པར་མཛོད༔ ཁྱུང་ཀ་རུ་ཎ༔ ལྷང་ལྷང༔ ཙེར་ཙེར༔ ཆུམ་ཆུམ༔ ཧྲིལ་ཧྲིལ༔ ཤར་ཤར༔ སིལ་སིལ༔ གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་རྦད་བྷྱོ༔ ཞེས་པས་བསྟོད་ཅིང་བསྐུལ་ལོ༔ གཞན་ཡང་འདི་སྐད་དུ༔ ཧཱུྃ༔ གསང་བདག་ཕྱག་རྡོར་གོས་སྔོན་ཅན༔ སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས༔ ཐུགས་ཀྱིས་འགྲོ་དྲུག་ཐམས་ཅད་མཁྱེན༔ དབང་དུ་སྟོང་གསུམ་མ་ལུས་སྡུད༔ ཞལ་ནས་ཧཱུྃ་ཕཊ་ཁམས་གསུམ་སྒྲོལ༔ མཆེ་བཞི་གཙིགས་པས་སྐྱེ་ཤི་གཅོད༔ སྐུ་ལ་དུར་ཁྲོད་རྒྱན་ཆ་གསོལ༔ ཞབས་གཉིས་ཉི་ཟླའི་གདན་ལ་འགྱིང༔ ཕྱག་གཡས་གསེར་གྱི་རྡོ་རྗེ་གསོར༔ གཡོན་པས་དྲིལ་བུས་ལོག་རྟོག་འཇོམས༔ ལྗགས་འདྲིལ་རྐན་བརྡབ་དགྲ་བགེགས་སྒྲོལ༔ གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩི་འདི་གསོལ་ལ༔ སྡང་དགྲ་གདོན་བགེགས་རྡུལ་དུ་རློགས༔ གྲུབ་པའི་རྟགས་སྟོན་ལས་མཛོད་ཅིག༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་སྤྲུལ་ཁྱུང་རྒོད་གདུག་རྩུབ་ཅན༔ ནམ་མཁའ་ཡང་སྤྲུལ་ཁྱུང་གིས་འགེངས༔ ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཁྱུང་ཆེན་མི་ལུས་འགྱིང་བག་ཅན༔ སྐུ་མདོག་དཀར་ལ་འོད་དུ་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ ཐུགས་ལས་ཡེ་ཤེས་ཉི་ཟླ་འཆར༔ ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོས༔ ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས༔ ལྕགས་མཆུ་ལྕགས་སྡེར་རྣོ་ལ་འགུག༔ དབུ་གཙུག་རིན་ཆེན་འོད་འབར་བའི༔ ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ བདག་ལ་གནོད་པའི་དགྲ་བགེགས་ལ༔ རྡོ་རྗེའི་གཤོག་གཉིས་སྟེང་ནས་རྡོབས༔ རྡོ་རྗེའི་གཞུག་མས་འོག་ནས་སྐྱོད༔ གནམ་ལྕགས་སྡེར་མོས་བར་ནས་གཟིར༔ རྡོ་རྗེའི་མཆུ་ཆེན་སྙིང་ནས་དྲོངས༔ ལས་ཀྱི་བྱ་ཁྱུང་གདུག་རྩུབ་ཅན༔ གསང་བདག་རྡོ་རྗེའི་བཀའ་བྱུང་གིས༔ དམ་རྫས་བདུད་རྩི་འདི་གསོལ་ལ༔ སྡང་དགྲ་གདོན་བགེགས་རྡུལ་དུ་རློགས༔ བཅོལ་པའི་ལས་མཛོད་མྱུར་དུ་སྒྲོལ༔ ཞེས་པས་བསྟོད་ཅིང་བསྐུལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་བཀྲ་ཤིས་ནི༔ ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས་པ༔ སངས་རྒྱས་གཙོ་ཡི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ དེ་ཡིས་གསུངས་པ་ཆོས་ཀྱི་བཀྲ་ཤིས་ནི༔ ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས་པ༔ སྐྱོབ་པ་ཆོས་ཀྱི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ དེ་དག་སྒྲུབ་པ་དགེ་འདུན་བཀྲ་ཤིས་ནི༔ ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས་པ༔ དགེ་འདུན་མཆོག་གི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཤིན་ཏུ་རྒྱས་པ་སྐུ་མདོག་གསེར་དང་མཚུངས༔ ཤེས་རབ་རྟགས་སུ་ཕྱག་གཡས་རལ་གྲི་ཕྱར༔ འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད༔ སྐྱོན་གྱིས་མ་གོས་པདྨ་ཕྱག་ན་བསྣམས༔ སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང༔ ཐབས་ཤེས་ལྡན་པས་རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔ ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཇི་ལྟར་བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་ནུས་པ་མཐུ་དང་ལྡན་པ་ཡིས༔ བགེགས་རྣམས་མ་ལུས་ཚར་གཅོད་བཀྲ་ཤིས་གང༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཇི་ལྟར་བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི༔ གསུང་གི་ནུས་པ་མཐུ་དང་ལྡན་པ་ཡིས༔ ངག་གི་ཉེས་སྐྱོན་འཇོམས་པའི་བཀྲ་ཤིས་གང༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཇི་ལྟར་བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་ནུས་པ་མཐུ་དང་ལྡན་པ་ཡིས༔ འཁྲུལ་རྟོག་ཐམས་ཅད་འཇོམས་པའི་བཀྲ་ཤིས་གང༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཇི་ལྟར་གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་སྤྲུལ་ཁྱུང་རྒོད་གདུག་རྩུབ་ཅན་གྱི་མཐུས༔ དགྲ་བགེགས་མ་ལུས་འདུལ་བའི་བཀྲ་ཤིས་གང༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཛ་ཡ་ཛ་ཡ་སི་ཏི་སི་ཏི༔ ཕ་ལ་ཕ་ལ༔ ཧཱུྃ༔ བཀྲ་ཤིས་རྒྱལ་བྱེད་བུམ་པས་དབང་བསྐུར་བས༔ ཡེ་ཤེས་དབང་བཅུ་རྣམས་ལ་དབང་བྱེད་ཅིང༔ ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ༔ རྣམ་པ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག༔ ཆུ་གཙང་མདོག་དཀར་བདུད་རྩིས་ཁྲུས་བྱས་པས༔ རང་གཞན་རྒྱུད་ལ་དྲི་མ་མི་གནས་ཤིང༔ མི་མཐུན་ཉོན་མོངས་དྲི་མ་དག་གྱུར་ནས༔ ཆོས་ཉིད་དག་པའི་དོན་རྣམས་རྟོགས་པར་ཤོག༔ དྲག་པོའི་སྨན་དུག་རྫས་བརྒྱད་ཁྲུས་བྱས་ནས༔ རྣམ་ཤེས་ཚོགས་བརྒྱད་དྲི་མ་དག་གྱུར་ཅིང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཕྱིར་བསལ་ཏེ༔ སྟོང་ཕྲག་བརྒྱད་ཅུའི་གདོན་ལས་ཐར་བར་ཤོག༔ བཀྲ་ཤིས་ཞལ་ཟས་ལོངས་སྤྱོད་དབང་བྱིན་པས༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་གྱུར་ཅིང༔ ཡིད་འོང་དགོས་འདོད་མ་ལུས་འབྱུང་བ་དང༔ འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་ཤོག༔ བླ་མ་དཀོན་མཆོག་གསུམ་དང་ནི༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ གུས་པས་བསོད་ནམས་ཚོགས་བསགས་པས༔ མྱུར་དུ་སངས་རྒྱས་ཉིད་ཐོབ་ཤོག༔ ཚེ་འདི་ཉིད་ལ་བདེ་བ་དང༔ འཇིགས་པ་ཀུན་ལས་གྲོལ་བ་དང༔ རིགས་དང་བརྒྱུད་རྣམས་འཕེལ་བ་དང༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ བདག་ཉིད་འཆི་བར་གྱུར་པའི་ཚེ༔ གསང་བདག་ཁྱོད་ནི་མདུན་བྱོན་ནས༔ སྐྱེ་ཤི་མེད་པའི་བྱང་ཆུབ་སེམས༔ བདག་ལ་མངོན་སུམ་སྟོན་པར་ཤོག༔ སྲིད་པ་བར་དོར་འཁྱམས་པའི་ཚེ༔ གསང་བདག་ཁྱེད་ཀྱིས་མདུན་བྱོན་ནས༔ མཐོ་རིས་དང་ནི་ཐར་པའི་ལམ༔ བདག་ལ་མངོན་སུམ་སྟོན་པར་ཤོག༔ མདོར་ན་བྱང་ཆུབ་སྙིང་པོའི་བར༔ དངོས་གྲུབ་ཡོན་ཏན་ཀུན་གྱི་གཞི༔ གསང་བདག་ཁྱེད་དང་མི་འབྲལ་བར༔ ཁམས་གསུམ་སེམས་ཅན་དོན་བྱེད་ཤོག༔ དེ་ལྟར་བདག་སོགས་སེམས་ཅན་གྱི༔ ཟག་བཅས་ཟག་མེད་དགེ་བ་ནི༔ བགྱིས་དང་བགྱིད་འགྱུར་དགེ་བ་རྣམས༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་རྣམ་མཁྱེན་འབྲས་བུ་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲུབ་གཞུང་རྒྱུད་ཀྱི་མན་ངག་ལས༔ རྗེས་ཀྱི་བྱ་བ་བསྟན་པ་རྫོགས་སོ༔ མང་ག་ལཾ༔ ༁ྃ༔ རྒྱ་གར་སྐད་དུ༔ ནཱ་ག་རཱ་ཙ་ཏ་ཀ་ཤ་ཀ་མ་ཧཱ་བྷྱི་ཀླུ་པ་ནཱ་མ༔ བོད་སྐད་དུ༔ གསལ་བྱེད་འཕྲུལ་གྱི་མེ་ལོང་ཆུ་རྒྱུན་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཀླུའི་རྒྱལ་པོ་འཇོག་པོ་དང༔་་་ཀླུའི་རྒྱལ་པོས་གུད་དུ་གསུངས་པ་འདི་ལ། གསོ་བར་བྱ་བའི་བརྟག་ཐབས་ནི། ཕྱིའི་ཡུལ་ལ་བརྟགས་པའོ། །དགེ་སློང་ཆེན་པོས་ཞུས་པའི་ལན༔ མན་ངག་གུད་དུ་ཕྱུངས་འདི་ལ༔ ཉམས་དང་རྟགས་གཉིས་་་བྱད་བཞིན་གྱི་དཀྱིལ་འཁོར་ལ་བརྟག་པ། འབྱུང་བའི་དྭངས་མ་མིག་ལ་བརྟག་པའོ། །སུ་སྦྱར༔ འཕྲུལ་ཆུང་མེ་ལོང་འདི་ལ་བརྟག་ཐབས་བཞི་ཡོད་དོ༔ ལུས་ལ་བརྟག་པ་དང༔་་་ལུས་ཀྱི་ཤ་བཀྲ་དང་། བས་ལྡག་ཏུ་བྱུང་བ་དང་། ཤ་རོ་ཐུབ་མི་ཐུབ་བརྟག་པའོ། །བྱད་ལ་བརྟག་པ་དང༔ མིག་ལ་བརྟག་པ་དང༔ ལུས་ཀྱི་མཚན་ཉིད་ལ་བརྟག་པ༔ ལུས་ཀྱི་ཤ་རོ་ལ་བརྟག་པའོ༔ ལུས་ཀྱི་ཤ་རོ་བརྟག་པ་ནི༔ གཟུགས་ཅི་ཡང་མ་ཡིན་པ་ལ༔་་་བྱེ་མ་ལ་ཕུར་བ་བརྡབས་པ་སྙམ་བྱེད། ཁ་དོག་ཅན་དང༔་་་ཁ་དོག་བརྟག་པ་སླའོ། ཁ་དོག་དང་བྲལ་བ་དང༔་་་ཁ་དོག་མེད་པའི་བརྟག་དཀའོ། །ལྕི་བ་ཐིག་ལེ་བསམ་པ༔་་་རྫོགས་པ་ནི་བརྟག་དཀའོ། །རུས་པའི་གཏིང་ནས་བེར་བ་དང༔་་་སྤྱིར་རུས་པའི་གཏིང་ན་བ་དང་། རྨ་ལ་སོགས་པ་ན་ཚ་ཆེ་ན་དཀའོ། །ཟ་ཙག་ཙག་བྱེད་པ་སྟེ༔ ཤ་རོ་གཏིང་ན་ཡོད་པ་ཡིན་ནོ༔་་་རྨ་དང་སེར་ཀ་ལ་ན་ཚ་མེད་ན་མི་དཀའོ། །འབྲུམ་པ་བརྟག་པ་ནི༔་་་འབྲུམ་པ་གཏིང་ནས་ཆགས་པ་རྒྱ་མཚོ་འདྲ། སྲིན་འབུར་དང༔ ཤ་འབུར་དང༔ གདིང་འབུར་དང་གསུམ་སྟེ༔ སྲིན་འབྲུམ་སྔགས་ཀྱི་ནུས་པ་ཡིན༔་་་སྔགས་ཀྱིས་ནུས་པས་ཆེར་སོང་ན་སོས། ཤ་འབྲུམ་་་ཀླུ་ལ་སོགས་པའི།་་་གདོན་གྱི་སྤྲུལ་པ་ཡིན༔ གདིང་འབྲུམ་ནད་གཞི་རྒྱས་པ་ཡིན༔་་་ཤ་རོ་གཏིང་ནས་ཡོད་པའི་རྟགས་ཡིན། མིག་ལ་བརྟག་པ་ནི༔ མིག་སྤྲིན་དཀར་པོའི་སྟེང་ན་སྤུ་རིས་གསུམ་ཡོད་ལ༔་་་གདོན་ཞུགས་མ་ཞུགས་བརྟག་པའོ། །དེས་ལོ་དུ་ལོན་བལྟའོ༔ སྤུ་རིས་དམར་པོ་དང༔ དཀར་པོ་དང༔་་་བསྡུ་ན་དཀར་ནག་གཉིས་སུ་འདུས་སོ། །ནག་པོ་གསུམ་མོ༔ དམར་པོ་གཉིས་འདུག་ན་ལོ་གཅིག་ལོན་པ་ཡིན་ནོ༔ དཀར་པོ་གསུམ་འདུག་ན་་་གདོན་ཞུགས་ནས་ལོ་གསུམ་སོང་ནས་རང་གིས་ཟུར་ཙམ་རིག་པའོ།་་་ལོ་གསུམ་ལོན་པ་ཡིན་ནོ༔ ཕྱེད་ནག་པོར་འདུག་ན་ལོ་མ་ལོན་པའི་རྟགས་ཡིན་ནོ༔ མིག་གི་རྒྱལ་མོའི་བརྟག་ཐབས་ལ༔ མིག་གི་རྒྱལ་མོ་སྔོ་ནག་གི་མཚམས་ནས༔་་་རྒྱལ་པོའི་ནད་ཞུགས་རྟགས་ཡིན། སྤུ་རིས་སེར་པོ་འདུག་ན་གདོན་ཞུགས་པའི་རྟགས་ཡིན་པས༔་་་ཀླུ་ནད་ཞུགས་རྟགས་ཡིན། མཁས་པས་བརྟགས་ལ་་་ལོ་དུ་ལོན་དུ་མ་ལོན་ཕྱི་ནས་བརྟག་ནང་ནས་དྲི་བ་གལ་ཆེའོ།་་་བཅོས་ལུགས་བྱའོ༔ སྤུ་རིས་རྟ་རྔ་འཁྱིལ་བ་འདྲ་བ་བྱུང་ན་མི་ཐུབ་བོ༔་་་སྤྱིར་ལུས་ལ་ཡོད་ན་དང་གདོང་པ་ལ་བྱུང་ན་མི་དགའ་བས་སྤང་ངོ་། །སྣ་ནར་བྱུང་ན་གསོར་བཏུབ་བོ༔་་་ལུས་པོ་ལ་མེད་ནས་གདོང་པ་ལ་བྱུང་ན་སུས་མི་ཐིག་པ་ཡིན་ནོ། ཁ་དོག་དམར་བ་ལ་དབལ་སྐྱ་ན་མི་འཚོ། དམར་ལ་སྣུམ་ཆགས་ཤིང་འོད་ཐིག་གེ་འདུག་ན་མི་གསོ། དེ་ནི་མིག་ལ་བརྟག་པའོ༔ བྱད་ལ་བརྟག་པ་ནི༔ གདོང་པ་དམར་ལ་ཧཾ་པ་ཆགས་ན་ཤ་རོ་ཡོད་མེད་ཀྱང་མི་ཚོར༔་་་གདིང་ནད་བྱིང་ཆེ་བས་མི་སོས་པ་ཤས་ཆེ། ཁ་དོག་སྔོ་ནག་ལ་ཆུ་མི་ཆགས་པར་ལུས་འདར་ཤིག་ཤིག་འདུག་ན་མི་ཐུབ་བོ༔་་་ལུས་པོ་ཆུ་གྲང་ཉི་མ་ལ་མ་ཕག་པས་སིངས་ཀྱི་བཀྲུས་ནས་མ་ཕྱིས་པར་ཉི་མ་ལ་བཙན་སྐམ་བྱས་པའི་རྗེས་ལ། དམར་ཁྲ་ཤིག་སོང་ན་མི་བཟློག །གཉེར་ཆུང་འུབ་པོ་འདུག་ན་མི་བཟློག །འདིར་ཐག་ཐག་ལ་སོང་ན་མི་བཟློག །དེ་མེ་ལོང་དུ་གསལ། བྱད་ལ་འགྱུར་འདེག་ཆུང་ན་སོས་ཙམ་ཡིན། མ་འགྱུར་ན་ངན་པས་དགེ་སྦྱོར་རྒྱུན་མས་ཆོག །སོ་ལ་མདངས་མེད་སྐྱ་ཡམ་གྱིས་སོང་བ་ལ་སོགས་པ་ལ་་་ལས་ནད་ནག་པོ་གདིང་ཚོད་ཡིན་་་བལྟ་བར་མི་བྱའོ༔ ༈ སྤྱིར་ལུས་ཀྱི་མཚན་ཉིད་བརྟག་པ་ནི༔ སྤྱི་གཙུག་མན༔ རྐང་མཐིལ་ཡན་ཆད་ཤ་རོ་དང༔ ཤ་འགྱུར་བ༔ ཤ་བཀྲ༔ བས་ལྡག་ཚ་ཙག༔ གྲང་ཐིག༔ རྫོ་ཐིབས་སེ་བ༔ ཡང་སག་སག༔ ན་བ༔ ཟ་བ་བེར་བ༔ འཁྱུག་པ༔ འགུལ་བ༔ དེ་རྣམས་ཀླུའི་ཆོ་འཕྲུལ་ཡིན་ཏེ༔ ས་གཅིག་ཏུ་མ་བསྡད་པར་འཕོ་རུང་བྱས་ན་བཟང་བས་འཇིགས་མི་དགོས༔ ས་ཆ་གཅིག་ཏུ་གཞི་བཟུང་ན་ངན་པས་བཅོས་ལ་འབད་དོ༔ ཕོ་ཐམས་ཅད་ཀྱི་གཡས་གཉན༔ མོའི་གཡོན་གཉན་པས་བརྟག༔ ལས་མ་བྱས་པར་དོན་མེད་སྐྲ་མཚམས་སུ་རྡུལ་དུས་དྲུག་ཏུ་བསྡད་ན་མཛེ་ཡོད༔ བྱད་དམར་སྐྱ་བྱུང་ན་རྒྱལ་པོ་དང་ཡུལ་བདག་གི་རྒྱབ་བྱས་པ་ཡིན་པས་དེའི་བཅོས་བྱ༔ སྔོ་སྐྱ་བྱུང་ན་ཀླུ་བསེན་མོ་དང་སྡོང༔ ནག་ལ་འབྲུམ་པ་ཅན་བྱུང་ནས་ཕལ་ཆེར་གདོང་ལ་ཐུག་ཐུག་འདུག་ན༔ ཀླུ་བདུད་གནོད་པས་དེའི་བཅོས་བྱ༔ འབྲུམ་བུ་གདིང་ནས་ལྕགས་གཟེར་བཏབ་པ་འདྲ་ན་འཚོ་དཀའ༔ ཁ་ལ་ཡམ་སེ༔ སྙིང་མི་དགའ༔ དང་ཁ་འགགས༔ གཉིད་ཆུང༔ བསྙེན་པ་མི་ནུས་པར་ལོང་གཏམ་ལ་སོགས་པ་གཡེང་བ་ལ་དགའ༔ འདོད་ཆགས་དང་གཉིད་ཤས་ཆེ་ན༔ མི་སོས་པ་ཤས་ཆེ༔ སྤྱི་བོ༔ སྙིང་ཁ༔ གསེར་མདངས༔ མཁུར་བའི་མཚོ༔ ནུ་མ༔ གྲུ་མོ༔ པུས་མོ༔ རྐང་མཐིལ༔ རྐང་པ༔ ལག་པའི་མཐེབ་ཆེན༔ ནོར་བུའི་མགོ་དང༔ སྒྲོ་བ༔ སྣ་རྩེ༔ ལྟེ་བ༔ སྨིན་མཚམས་རྣམས་སུ་དང་པོ་ནད་བབ་ན་རྟིང་མ་ཡང༔ ཤ་རོའམ༔ དོན་མེད་པར་རྨ་དང་ཆུ་བུར་ལ་སོགས་བྱུང་ན༔ ཕལ་ཆེར་མི་སོས༔ རེ་རེ་ལ་མི་བལྟའོ༔ བྱིང་པོ་ཤས་ཆེར་བྱུང་ན་མི་དགའ༔ གཞན་ཚོ་ལ་འཇིགས་མི་དགོས༔ སྤྱི་ཙམ་དུ་རྒྱལ་རིགས་ཤ་ལ་རྒྱུག་པས་ཚ་ཙག༔ གྲང་ཤས༔ ཁའི་ཤ་རོ་ཟ་བ་རྣམས་ཁོའི་ཆོ་འཕྲུལ་ཡིན་པས༔ ཞི་བའི་བཅོས་ཀྱིས་བྲིད་པ་གལ་ཆེ༔ རྗེ་རིགས་ཆུ་ལ་གནས་པས་སྐོམ་ཆུ་མང་པོ་མི་བརྟེན༔ ཐིག་ལེ་གཅེས་སྤྲས་བྱ༔ རྗེ་རིགས་ཆུ་ལ་རྩུབ་པར་བྱས་ཀྱང་འགལ་བ་མེད༔ དམངས་རིགས་རུས་པ་ལ་གནས་པས༔ དྲག་ལས་མི་འགུལ༔ བསྙེན་པ་ལ་སོགས་པ་ཐམས་ཅད་འཇམ་པོ་བརྟེན༔ བྲམ་ཟེ་དོན་སྣོད་ལ་གནས་པས་ཟས་མི་གཙང་བ་མི་ཟ༔ གྲིབ་ལ་འཛེམ༔ དཀར་ཆོས་བྱ༔ གདོལ་པ་སྲོག་ལ་ཞེན་ཅིང་ཞེ་གནག་པས༔ ལེ་ལོ་མེད་པར་རྩུབ་ཆོས་ཀྱང་བྱ༔ དྲག་སྔགས་བགྲང༔ ཁྲོ་བོ་བསྒོམ༔ གཟེར་ལྔ་བརྟེན༔ གཅོད་བྱེད༔ ཐོག་འགེལ་བྱའོ༔ ཀླུ་རིགས་མང་ཡང་དེ་ལྟར་ལྔ་པོ་ལ་འདུས༔ བཅོས་ལུགས་མང་ཡང༔ ཞི་བ་ལ་ཡི་གེ་བརྒྱ་པ་ལ་སོགས་པ་བགྲང༔ དེ་ཡང་རྗེས་སུ་མཐུན་པའི་རིམ་གྲོ་ཆབ་གཏོར་ལ་སོགས་པ་བྱའོ༔ དྲག་པོ་ལ་ཁྲོ་བོ་བསྒོམ༔ སྔགས་ཀྱང་དེའི་སྔགས་བགྲང༔ དེ་དང་རྗེས་སུ་མཐུན་པར་གཙུག་ཏོར་ལ་སོགས་པའི་རིམ་གྲོ་བྱ༔ ཕྱེད་ལ་ཕྱེད་མའོ༔ ཡང་ཟབ་གུད་དུ་གདམས་པའི་མཛེ་གསོས་གཅིག་ཆོག་གི་མན་ངག་ལ༔ ལྷ་ཕྱག་ན་རྡོ་རྗེ་ཞི་བ་བསྒོམ་ཞིང༔ བཛྲ་པཱ་ཎི་བགྲང༔ ནང་དུ་སྨན༔ ཨ་རུ་ར་གསེར་མདོག་བདུན༔ བཙན་དུག་ནག་པོ་སྐྱེས་དར་མའི་མཐེབ་ཆེན་མགོ་ཙམ་ཞིག་བཏང༔ གཉན་གྱི་ཁ་ནོན༔ གུ་གུལ་ནག་པོ་ཐུན་གཅིག༔ གླ་རྩི་ཐུན་གཅིག༔ ཁྱི་ལུད་བྱ་བལ་མ་ཐུན་གཅིག་བཏང༔ སྨན་ཆེན་དེ་རྣམས་རྩི་བཞིན་བཏགས་ལ༔ དགེ་སློང་གཙང་མའི་དྲི་ཆེན་རྙེད་ན་རབ་མ་རྙེད་ན༔ ཟས་བཅུད་ཅན་ཟོས་པའམ༔ དེ་ཡང་མ་རྙེད་ན༔ གང་རྙེད་ཀྱི་རྐྱག་པ་སྐམ་པོའི་ཕྱེ་མ་བྲེ་གང་ཙམ་གྱི་ནང་དུ་བསྲེས་ལ༔ རང་གི་དྲི་ཆུས་སྦྲུས༔ ཡང་ན་རྐྱག་ཞུན་གྱིས་སྦྲུས༔ རྐྱག་ཞུན་ཁུ་བ་དྲི་ཆུ་ལ་བྱས་ལ༔ རིལ་བུ་ལུག་རིལ་ཙམ་བྱ༔ དེ་རྣམས་མ་རུལ་མ་སུམ་མ་འཁྱག་པར་གྲིབ་སྐམ་བྱས་ལ༔ ཚ་དྲོ་དགོང་གསུམ་ལ་ལྔ་ལྔ་རེ་ཟས་ཀྱི་གོང་ལ་བཏང༔ གྲང་བ་ཤས་ཆེ་བས༔ ཞུན་མར་མཐེབ་ཆེན་ཙམ་རེ་ཚ་གོང་བསྟན༔ དེ་རྒྱུན་ཁྱེར་དུ་བྱས་པས༔ ཀླུའི་གྲོང་ཁྱེར་ལྔ་བརྒྱ་འཇོམས་པར་བྱེད་དེ༔ ཀླུ་རིགས་ཐམས་ཅད་ལ་ཕན༔ ཞུགས་པ་དཀར་ནག་ཁྲ་གསུམ་ཡང་འདྲའོ༔ དེས་ནད་ཐམས་ཅད་ཕྱིར་དོན་ནས་ལུས་པོ་ལ་ཤ་ཤུ་ཐར་ཐོར་ལ་སོགས་བྱུང་ན༔ དབྱར་ཀའི་ཤིང་ལོ་རྩ་འབྲས་ཐམས་ཅད་རྒྱས་པའི་དུས་སུ༔ སེམས་ཅན་མ་ཚུད་པར་བྱས་ལ༔ ཤིང་ལོ་དང༔ ལྡུམ་བུའི་རིགས་སུ་གྱུར་པ་ལས་སྐྱེས་ཚད་ཐམས་ཅད་བྲེག་པ་དེ༔ ཟངས་མོ་ཆེའི་ནང་དུ་ཆུ་སྣ་མང་པོ་བླུགས་ནས་བཙོ༔ རང་གི་གདོང་ལ་གླ་རྩི་དང་སྣུམ་བྱུགས་ལ༔ རླངས་པ་ལ་འཛེམ༔ དེ་ནས་ཐམས་ཅད་ཚོས་པའི་ཚད༔ འདུར་འདུར་མ་སོང་གི་བར་དུ༔ ཆུ་བླུག་གིན་བཙོས་པའི་རོ་མ་རྣམས་ཚགས་བུ་ལ་བཙགས་ནས་བོར༔ ཁུ་བ་ཐམས་ཅད་བསྡུས་པའི་ཞུན་རུལ་སུང་གིས་མ་ཁྱེར་བ་བྱས་ལ་བྱུག་པ་བྱ༔ ལུས་བྱིངས་ལ་ཁྱབ་པར་བྱུག༔ ན་སར་བྱིངས་ཆེར་བྱུག༔ ལྟོ་ཡང་ཐུན་རེ་བཏང་བས༔ ནད་མཛེའི་རིགས་ཐམས་ཅད་ལ་སླེབས་པས་ཆོག༔ གཞན་ནད་རིགས་ཐམས་ཅད་ལ་ཡང་ཕན༔ ཤིང་སྣ་ལྡུམ་སྣ་ཅི་ལྟར་མང་གིན་བཟང་ངོ༔ སློབ་དཔོན་པདྨའི་གདམས་པ་ཡང་ཟབ་གནད་ཀྱི་མཐར་ཐུག༔ མཛེ་གསོ་འཚོ་བྱེད་གཞོན་ནུ༔ རིན་ཆེན་བདུད་རྩིའི་ཐིགས་པ༔ ས་མ་ཡ༔ ཟབ་རྒྱ༔ སྙིང་གི་དབུས་སྙིང་ལྟར་བཙའ་བར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གར་གྱི་དབང་ཕྱུག་གིས་རྐྱེན་དུང་ལའི་བྲག་ནས་བཏོན་པའི་ཕྱག་དཔེ་ཤོག་སེར་ཡང་ཚ་ལས་བཤུས་སོ། །ཡི་གེ་པ་ནི་བདག་པུཎྱ་བྷ་དྲས་བྲིས་པ་ལགས་སོ། །དགེ་འོ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་བྷ་བནྟུ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 24)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མའི་བསྐྱེད་རིམ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་སངས་རྒྱས་དང༔ རྣམ་ཤེས་གནས་འགྱུར་དམ་པའི་ཆོས༔ དབང་པོ་ཡུལ་དག་ཚོགས་མཆོག་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ འགྲོ་བ་མ་རིག་འཁྲུལ་པ་རྣམས༔ འོད་གསལ་ཆེན་པོར་བསྒྲལ་བའི་ཕྱིར༔ གཉིས་སུ་མེད་པར་སེམས་བསྐྱེད་དོ༔ སྣང་བ་རྣམ་དག་བདེ་གཤེགས་ལ༔ བདེ་བ་འཛིན་མེད་ཕྱག་འཚལ་ལོ༔ བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ བདེ་ཆེན་མ་རྟོགས་མཐོལ་ལོ་བཤགས༔ ཡུལ་ཅན་དག་པར་རྗེས་ཡི་རངས༔ དབང་པོ་བདེན་མེད་ཆོས་འཁོར་བསྐོར༔ ཤེས་པ་རང་གསལ་ངང་དུ་བཞུགས༔ ཀུན་གཞི་དག་པའི་དོན་རྟོགས་ཤོག༔ སེམས་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ དབང་པོ་དག་པའི་རྡོ་རྗེ་སེམས༔ རྣམ་ཤེས་གནས་འགྱུར་སྐུ་རུ་གསལ༔ ཀུན་གཞི་དག་པས་ཐམས་ཅད་དག༔ ཨཱོྃ་བཛྲ་སཏྭ་ཨཱ༔ སེམས་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ ངོ་བོའི་ཞིང་ཁམས་རྒྱ་ཆེ་ཞིང༔ རང་བཞིན་གསལ་བའི་རྒྱན་གྱིས་སྤྲས༔ ཐུགས་རྗེ་ཅིར་སྣང་མཎྜལ་འདི༔ གསལ་རྫོགས་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ སེམས་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་བླ་མ་ལ༔ རྣམ་ཤེས་གནས་འགྱུར་གསོལ་བ་འདེབས༔ དབང་པོ་དག་པར་མཛད་དུ་གསོལ༔ ཡུལ་སྣང་སྟོང་པར་བྱིན་གྱིས་རློབས༔ སེམས་སྡེའི་དོན་གྱི་བྱིན་རླབ་བོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ རཾ་ཡཾ་ཁཾཿ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ནཻ་བིདྱཱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་བསྒྲེངས༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛ༔ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་ཤར༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུཀྐུ་རཱ་ཛ་དང༔ སློབ་དཔོན་ནཱ་གཱརྫུ་ན་སྟེ༔ ཀུཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོ་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟར་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ སྐྱེ་མེད་དབྱིངས་སུ་བལྟས་བྱས་ཏེ༔ རྒྱས་པར་མཚན་སྔགས་བཟླ་བ་འམ༔ བསྡུ་ན་ཨ་ཡི་གླུ་དབྱངས་བླང༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ བྱིན་རླབས་བླ་མའི་བསྐྱེད་རིམ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ ཡུལ་སྣང་དབང་པོ་ལྔ་ལ་ཐིམ༔ དེ་ཉིད་རྣམ་ཤེས་ལ་འདུས་པས༔ ཀུན་གཞིའི་དབྱིངས་སུ་ཐམས་ཅད་རྫོགས༔ དམིགས་མཐའ་བྲལ་བའི་ཀློང་དུ་ཡལ༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས། གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་ པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཀྱང་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

གུ་རུའི་མཐར་ཐུག་གསང་བ་ཡེ་ཤེས་རང་གསལ་ཕྱི་སྒྲུབ་སྐོར་ (Volume 12, Text 24)

༄༅༔ ༔གུ་རུའི་མཐར་ཐུག་གསང་བ་ཡེ་ཤེས་རང་གསལ་ཕྱི་སྒྲུབ་སྐོར་བཞུགས་སོ༔ གསང་ངོ༔ རྒྱ་རྒྱ༔ གུཧྱ༔ གུཧྱ༔ ཁཐཾ༔ ཁཐཾ༔ ྈྈྈ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྐལ་ལྡན་སྐྱེས་བུ་འཁོར་བ་བློས་བཏང་ནས༔ ཚེ་གཅིག་བྱང་ཆུབ་སྙིང་པོ་སྒྲུབ་པའི་ཕྱིར༔ གུ་རུའི་གསང་བ་ཡེ་ཤེས་རང་གསལ་གྱི༔ སྒྲུབ་པའི་ཐབས་འདི་སྐལ་ལྡན་སྙིང་ལ་བཅང༔ སྱ།མྱ།ཡྱ།༔ ཁ་ཐཾ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ དབང་ཐོབ་དམ་ཚིག་བསྲུང་བརྩོན་སྒྲུབ་པ་པོས༔ དབེན་པའི་གནས་སུ་དགོས་པའི་ཡོ་བྱད་གསག༔ ཚེ་འདིའི་ཆགས་ཞེན་འཁྲི་བ་རྦད་ཀྱིས་བཅད༔ གཅིག་པུར་བདེ་བའི་སྟན་ལ་འདུག་བྱས་ཏེ༔ ཉིན་མཚན་དུས་དྲུག་ཐུན་གྱི་ར་བར་བཅུག༔ དང་པོ་འཁོར་བའི་ཆོས་ལ་སྐྱོ་བ་བསྐྱེད༔ སྐྱེས་པ་འཆི་ཞིང་བསགས་པའི་ནོར་རྣམས་འཛད༔ འཁོར་དང་འབྲེལ་པ་འདུས་པ་ཐམས་ཅད་འབྲལ༔ བརྩིགས་མཐའ་ཐམས་ཅད་མཐར་ནི་འཇིག་པར་ངེས༔ དེས་ན་བདག་ཉིད་སྒྱུ་མའི་ལུས་ཀྱང་འཇིག༔ བྱས་པའི་ལས་སྟོབས་ཆུ་ཤིང་བཞིན་དུ་འགྱུར༔ དེ་བས་བྱང་ཆུབ་སྙིང་པོ་སྒྲུབ་པའི་ཕྱིར༔ སྤྲོ་བའི་སེམས་དང་བརྩོན་པའི་འདུན་པ་བྱ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ དེ་ནས་ནམ་གྱི་ཐོ་རངས་གྱུར་པའི་ཚེ༔ དྭངས་པའི་མཁའ་ལ་གཟའ་སྐར་ཤར་བ་ལྟར༔ སྟོང་པའི་ངང་ལས་རིག་པ་ལྷ་སྐུར་ལྡང༔ ཁྲུས་དང་ཉེ་རེག་འཐོར་འཐུང་བྱས་ནས་ནི༔ བདུད་རྩི་མྱང་ལ་ལྟ་བའི་གསལ་འདེབས་བྱ༔ ལུས་ཀྱི་ཕྱག་རྒྱ་རྣམ་སྣང་ཆོས་བདུན་བཅའ༔ ངག་གི་ཕྱག་རྒྱ་སྨྲ་བྱེད་རླུང་ལ་བསླབ༔ ཡིད་ཀྱི་ཕྱག་རྒྱ་རྟོག་མེད་རང་གསལ་བཞག༔ ཡེ་ཤེས་ཕྱག་རྒྱ་སྙིང་དབུས་འོད་དམར་ལ༔ རིག་པ་གཏད་ལ་དལ་བའི་སེམས་ཁོང་གློད༔ དེ་ཡིས་སེམས་དང་རིག་པའི་ཤན་འབྱེད་འགྱུར༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་བར༔ ལུས་ཀྱི་འཁྲུལ་འཁོར་སྐྱིལ་ཀྲུང་ས་གནོན་བཅའ༔ ངག་གི་འཁྲུལ་འཁོར་ནམ་མཁའ་ཟས་སུ་ཟ༔ སེམས་ཀྱི་འཁྲུལ་འཁོར་ལུས་ཀུན་འོད་ཀྱིས་གང༔ ཡེ་ཤེས་འཁྲུལ་འཁོར་ཐིག་ལེ་དམར་པོ་བསྒོམ༔ དེ་ཡིས་ལས་དང་བྱེད་པ་ཀུན་ཟད་ནས༔ ཚེ་རིང་རྒས་དཀའ་ཏིང་འཛིན་ལས་རུང་འགྱུར༔ སྱ།མྱ།ཡྱ༔ དེ་ནས་ཟས་ཀྱི་རྣལ་འབྱོར་མ་རན་བར༔ ཚོགས་ཀྱི་ཞིང་ལ་གསོལ་གདབ་སྐྱབས་འགྲོ་བྱ༔ ཚད་མེད་བྱང་ཆུབ་སེམས་བསྐྱེད་སྡོམ་པ་བཟུང༔ བླ་མའི་མཎྜལ་གསོལ་འདེབས་འདི་ལྟར་བྱ༔ ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ ན་མོ་སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཚར་གསུམ༔ ཨེ་མ་ཧོ༔ ལྷུན་གྲུབ་འོད་ལྔ་གསལ་བའི་ཞིང་ཁམས་སུ༔ ལྷུན་གྲུབ་རྒྱུན་ཆད་མེད་པར་བཞུགས་པ་ཡི༔ ལྷུན་གྱིས་གྲུབ་པའི་བླ་མ་དཀོན་མཆོག་ལ༔ ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྒྱ་ཆེན་འབུལ༔ ལྷུན་གྲུབ་རང་གསལ་གདོད་མའི་མགོན་པོ་དེ༔ བདག་གི་རྒྱུད་ལ་གནས་པའི་དོན་མཐོང་ཤོག༔ ཨོཾ་ཨཱཿཧཱུྃ༔ ཀུན་མཁྱེན་རིག་པ་ཆོས་ཀྱི་སྐུ༔ ཀུན་རིག་སྟོན་པ་ལོངས་སྤྱོད་རྫོགས༔ ཀུན་བཟང་རྣམ་འཕྲུལ་བླ་མ་རྗེ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ལ་ཡི་གེ་གསུམ༔ དཀར་དམར་མཐིང་མདངས་འོད་དུ་འཕྲོ༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་དམ་བསྐུལ༔ སླར་ཡང་བདག་གི་གནས་གསུམ་དུ༔ ཞུགས་ནས་དབང་བཞི་སྒྲིབ་བཞི་སྦྱངས༔ གང་བས་དབང་ཐོབ་སྐུ་གསུང་ཐུགས༔ ཡི་གེ་ལྔ་ལྡན་འབྲས་བུ་ཐོབ༔ ཨོཾ་ཨཱཿཧཱུྃ་མཱ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔་་་གང་མང་བརྗོད། ཚིག་གཅིག་པོ་འདི་བཞག་་་རྗེས་སུ་སྣང་གྲགས་བླ་མ་གསལ༔ འདི་ནས་ངག་འདོན།་་་ཐམས་ཅད་འོད་དམར་རབ་འབྱམས་ཞུ༔ བདག་ལུས་ལ་ཐིམ་དེ་ཡང་ཞུ༔ རིག་པ་འོད་ལྔའི་གོང་བུར་གསལ༔ མ་བཅོས་རིག་པ་བྱང་ཆུབ་སེམས༔ ཐམས་ཅད་ཀློང་གསལ་འོད་དུ་འབར༔ ལྷན་ནེ་ལྷང་ངེ་ལྷམ་མེར་བཞག༔ མི་བརྗོད།་་་ཚེ་གཅིག་སངས་རྒྱས་བྱང་ཆུབ་ཐོབ༔ སྱ།མྱ།ཡྱ༔་་་མི་འདོན།་་་རྒྱ།རྒྱ།རྒྱ།༔ ངག་འདོན།་་་སྟོང་གསལ་དེ་ཡི་ངང་ཉིད་ལས༔ ཁྱབ་པའི་སྙིང་རྗེ་འོད་དུ་གསལ༔ ཐམས་ཅད་སྙིང་པོ་ཡི་གེ་ཧཱུྃ༔ པདྨ་རཱ་གའི་འོད་ལྟར་འབར༔ ཧཱུྃ༔ འབྱུང་བ་ལྔ་ཡི་དྭངས་མ་ལས༔ རིན་ཅེན་ནོར་བུ་དམར་པོ་ཡིས༔ སྟེང་འོག་ཕྱོགས་མཚམས་ཀུན་ནས་དཀྲིགས༔ དུས་མཐའི་མེ་ལྟར་འབར་བའི་འོད༔ སྲུང་བ་མཚམས་ཀྱི་འཁོར་ལོ་ནི༔ རྩིབས་སྟོང་ལྡན་པ་ཀུན་ཏུ་འཁོར༔ རྩིབས་ཀྱི་ནང་ན་བཞུགས་པའི་མགོན༔ བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས༔ འཛུམ་བཞད་ནང་དུ་རྣམ་པར་གཟིགས༔ རྩེ་ལ་མེ་སྦལ་སྡིག་པ་འཕྲོ༔ འུར་འུར་ཆེམ་ཆེམ་སྒྲ་དང་ལྡན༔ དམ་སྲི་བདུད་བགེགས་ཕྱེ་མར་འཐག༔ ཤ་རུས་རི་བོ་ཁྲག་མཚོར་འཁྱིལ༔ དེ་ལྟར་ནམ་མཁའི་མཐར་ཐུག་པའི༔ ཡངས་པ་ཅན་གྱི་འཁོར་ལོའི་དབུས༔ འབྱུང་བཞི་རི་རབ་རི་ཡི་རྩེར༔ བྷྲཱུྃ་ཡིག་དམར་སྨུག་ཞུ་བ་ལས༔ ཕོ་བྲང་འཁོར་ལོ་རྩིབས་བརྒྱད་པ༔ ལྟེ་དབུས་གྲུ་གསུམ་དམར་ནག་ལ༔ ཟླ་གམ་ཐོད་པའི་ར་བར་བཅས༔ བར་མཚམས་ཁྲག་གི་རྒྱ་མཚོ་འཁྲུགས༔ ཕྱི་ནི་ཐོད་རློན་བར་ནི་ཤ༔ ཐོད་སྐམ་ནང་བྱས་བརྩིགས་པའི་སྟེང༔ ཕ་གུ་དྲ་བ་དྲ་ཕྱེད་དང༔ མདའ་ཡབ་པུ་ཤུ་ཀུན་ནས་གཟེང༔ ལྷ་བརྒྱད་ཀ་བ་གཟའ་བརྒྱད་ཀྱི༔ ཀ་ཞུ་ཀླུ་བརྒྱད་ཀ་གདན་བཅས༔ རྒྱུ་སྐར་དྲལ་ཕྱམ་མི་ལྤགས་ཐོག༔ ཤ་ཡི་འདབ་དང་ཐོད་ལྤགས་གདུགས༔ མགོ་བོའི་ཏོག་དང་ལག་པའི་འཕན༔ རྒྱུ་མའི་ལྡ་ལྡི་ཙིཏྟའི་ཏོག༔ སྐྲ་ཡི་དར་དཔྱང་རྒྱལ་མཚན་ཕྱར༔ ཕྱོགས་བཞི་སྒོ་བཞི་རྟ་བབས་བཞི༔ འཁོར་ལོ་གདུགས་དང་རི་དྭགས་མཛེས༔ ཕྱི་རིམ་འདོད་ཡོན་སྣམ་བུ་ལ༔ བཅུ་དྲུག་དགའ་བའི་ལྷ་མོའི་ཚོགས༔ ཁྲག་ཞག་རྒྱ་མཚོ་མཱཾ་སའི་རི༔ དུར་ཁྲོད་ཕྱོགས་སྐྱོང་དཔག་བསམ་ཤིང༔ ཀུན་ནས་ཡོངས་སུ་བསྐོར་བ་ན༔ མཁའ་འགྲོ་ཞིང་སྐྱོང་བསམ་མི་ཁྱབ༔ གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་སྡེ་བརྒྱད་སྲིན་པོའི་ཁྲི༔ ཉི་ཟླ་པདྨ་འབུམ་ལྡན་དབུས༔ རིག་པ་འོད་ཀྱི་གོང་བུ་ཧཱུྃ༔ རང་བྱུང་སྒྲ་དང་བཅས་པ་ཉིད༔ རང་གིས་བསྐུལ་ཞིང་ཡོངས་གྱུར་པས༔ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི༔ ཁྲོ་རྒྱལ་ཡེ་ཤེས་དྲག་པོ་རྩལ༔ དམར་གསལ་དབུ་དགུ་འབར་བའི་ཞལ༔ ཕྱོགས་མཚམས་དྲེགས་པའི་ལྷ་བརྒྱད་འདུལ༔ རྩ་ཞལ་སྲིན་པོ་རྔམ་པའི་ཞལ༔ སྲོག་བདག་གཏི་མུག་ཚངས་པ་འདུལ༔ དེ་སྟེང་ཁྱུང་ཞལ་མེ་ཡི་མདོག༔ གཟའ་དང་རྒྱུ་སྐར་ཀླུ་གདོན་འདུལ༔ རྡོ་རྗེ་འབར་བའི་རྭ་བར་ན༔ ཡིད་བཞིན་ནོར་བུ་རཱ་གའི་མདོག༔ སྟེང་ན་ཉི་མ་ཟླ་བས་བརྒྱན༔ ཕྱག་གཡས་འབར་བའི་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་འབར་དགུ་དགུ་ཕྱར༔ ཐེག་དགུའི་ལོག་ལྟ་མཐར་བྱེད་འཇོམས༔ ཡེ་ཤེས་དགུ་དང་མཉམ་པར་སྦྱོར༔ གཡོན་པ་ལྕགས་སྡིག་མགོ་དགུ་པ༔ འབར་བའི་རྭ་ནི་བཅོ་བརྒྱད་པ༔ མ་འདྲེས་བཅོ་བརྒྱད་མེ་སྟག་འཕྲོ༔ དམ་སྲི་སྤུན་དགུ་ཟ་བར་བྱེད༔ ཐེག་དགུའི་ལོག་ལྟ་འདུལ་མཛད་པ༔ དམ་སྲི་རྡོ་རྗེ་སྲིན་པོའི་ཚོགས༔ ཉམས་པའི་སྙིང་ཁྲག་འཐུང་བར་བྱེད༔ ཞབས་བརྒྱད་དྲེགས་པའི་སྟེང་ན་བརྫིས༔ ཚོགས་བརྒྱད་ལོག་པའི་ལྟ་ངན་འཇོམས༔ ཐེག་བརྒྱད་ཟིལ་གྱིས་གནོན་པའི་སྐུ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ འགྱུར་མེད་འོད་གསལ་མཐའ་ལས་འདས༔ དུར་ཁྲོད་ཆས་བརྒྱད་དུག་ལྔ་འཇོམས༔ དཔལ་གྱི་རྒྱན་བརྒྱད་ཡེ་ཤེས་རྫོགས༔ ཉམས་ཀྱི་གར་དགུས་དུག་གསུམ་འདུལ༔ སྤྱན་གསུམ་རྣམ་ཐར་གསུམ་དང་ལྡན༔ མཆེ་བ་བཞི་གཙིགས་སྐྱེ་ཤི་འཇོམས༔ སྨ་ར་སྨིན་མ་མེ་འབར་འོད༔ དུག་ལྔའི་མཐའ་འཇོམས་ཡེ་ཤེས་བརྒྱད༔ ཁམ་ནག་རལ་པ་སྲིད་རྩེར་འབར༔ དབྱིངས་ནས་ཡེ་ཤེས་གཉིས་སུ་རྫོགས༔ ཧཱུྃ་ཧཱུྃ་ང་རོས་ཁམས་གསུམ་སྡུད༔ ཕཊ་ཕཊ་རྐན་སྒྲས་འཁོར་བ་འཇིག༔ བ་སྤུ་ཁྲོ་ཆུང་ཁྱུང་གིས་གཏམས༔ དབུ་ལ་བདེ་གཤེགས་རིགས་ལྔ་རྫོགས༔ དཔྲལ་བར་འཇམ་དབྱངས་ཁྲོ་རྒྱལ་དམར༔ གཡས་གཡོན་མེ་རླུང་འཁོར་ལོ་འབར༔ མགྲིན་པར་རྟ་མགྲིན་ཁྲོ་རྒྱལ་དམར༔ དབྱུག་ཐོ་སྦྲུལ་ཞགས་རྟ་མགོས་མཛེས༔ ཐུགས་ཀར་རྡོ་རྗེ་གཏུམ་པོ་མཐིང༔ རྡོ་རྗེ་རྩེ་ལྔ་སྡིགས་མཛུབ་འབར༔ ལྟེ་བར་རྡོ་རྗེ་རྣལ་འབྱོར་མཐིང༔ གྲི་གུག་ཐོད་ཁྲག་ཁ་ཊཱཾ་ཕྲག༔ གསང་གནས་རྡོ་རྗེ་མེ་དབལ་མཐིང༔ ཐོ་བ་ལྕགས་ཀྱུས་དགྲ་བགེགས་འདུལ༔ སྤྱི་གཙུག་ནོར་བུའི་ནང་བཞུགས་པའི༔ སངས་རྒྱས་མགོན་པོ་སྣང་མཐའ་ཡས༔ བྱི་རུའི་མདོག་ཅན་ཚེ་བུམ་འཛིན༔ གོས་དཀར་བུམ་འཛིན་ཡུམ་དང་སྦྱོར༔ བདེ་ཆེན་ཡེ་ཤེས་ཚེ་དབང་བསྐུར༔ ལུས་ནི་རྡོ་རྗེའི་གོ་ཁྲབ་ལ༔ དུས་གསུམ་སངས་རྒྱས་སྟོང་རྩས་གང༔ རྭ་བར་སེམས་དཔའ་སྡིག་པའི་གཟུགས༔ འདབ་སྟོང་རང་འདྲའི་ཁྲོ་རྒྱལ་སྟོང༔ ཐམས་ཅད་རྒྱན་དང་ཆ་ལུགས་ལྡན༔ བདག་ཉིད་དཔལ་གྱི་ཐུགས་ཀ་རུ༔ འདབ་བརྒྱད་པདྨའི་གེ་སར་དབུས༔ གསེར་གྱི་མཆོད་རྟེན་རྣམ་པ་དགུ༔ རི་རབ་ཁང་བཟང་བུམ་པ་བྲེ༔ འཁོར་ལོ་བཅུ་གསུམ་ཏོག་དང་བཅས༔ བུམ་ནང་པདྨ་དམར་པོའི་དབུས༔ རང་བྱུང་གུ་རུ་དྲག་པོ་རྩལ༔ དམར་པོ་རྩེ་དགུ་སྡིག་པ་འཛིན༔ འདབ་བརྒྱད་ཤར་ནས་རིམ་པ་བཞིན༔ ཕྱག་ན་རྡོ་རྗེ་འཇམ་དཔལ་དབྱངས༔ རྟ་མགྲིན་ཡཀྴ་མེ་དབལ་དང༔ མཚམས་བཞིར་ཤར་ལྷོ་ནས་བཟུང་སྟེ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ མཁའ་འགྲོ་རིགས་བཞི་དང་བཅས་བསམ༔ ཚིག་གཅིག་པོ་འདི་མི་དགོས།་་་ཡང་ན་གུ་རུ་དྲག་པོར་བསྒོམ༔ དེ་དག་རྣམས་ཀྱི་ཐུགས་ཀ་རུ༔ པདྨ་དམར་པོ་འདབ་བརྒྱད་དབུས༔ མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ མཉམ་གཞག་ཚེ་བུམ་དཔག་བསམ་ཅན༔ རང་འདྲའི་ཡུམ་དང་བཅས་པ་ཡི༔ ཐུགས་ཀར་པདྨ་འདབ་མའི་དབུས༔ རྡོ་རྗེ་དམར་པོ་རྩེ་དགུ་པ༔ ལྟེ་བ་ཉི་ཟླ་ཁ་སྦྱར་དབུས༔ ཧཱུྃ་དམར་དྭངས་མ་ལྔ་དང་ལྡན༔ སྤུ་ཤད་སྔགས་ཀྱིས་བསྐོར་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དམིགས་པ་ནི༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་རབ་འབྱམས་འཕྲོས་པས༔ སངས་རྒྱས་བྱང་སེམས་དང༔ གུ་རུ་པདྨའི་བྱིན་རླབས་ནུས་པ་ཐམས་ཅད་གུ་རུ་དབུ་དགུའི་རྣམ་པར་ཆར་བཞིན་དུ་བབ་ནས་རང་གི་སྤྱི་བོ་ལ་སོགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམས་ལ་བཟླ་བ་ཁོ་ནའོ༔ སྔགས་འདི་གཙོ་བོར་བཟླ།་་་ཨོཾ་ཨཱཿཧཱུྃ་ཧྲཱིཿཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ འདི་མན་སྦྲེལ་ནས་ཉི་ཤུ་རྩ་གཅིག་ཙམ་བཟླ།་་་བཛྲ་ཧཱུྃ༔ གྷ་རུ་ཌ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ རྒྱུན་དུ་བཟླས་པའི་མཐར་བསྔོ་སྨོན་བཀྲ་ཤིས་ཡན་བྱའོ༔ དེ་ལྟར་བཟླས་པ་ཅི་ནུས་བྱས་པའི་མཐར༔ སྟོང་ཚིག་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་རང་གསལ་ལྷ་ཚོགས་ལ༔ རང་བྱུང་སྒྲ་འོད་ཟེར་གསུམ་གྱིས༔ རྒྱུན་ཆད་མེད་པའི་མཆོད་པ་འབུལ༔ རྟག་ཏུ་མ་བསྐྱངས་གཞན་དུ་བལྟས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ སྐུ་གསུམ་རང་ངོ་ཤེས་པ་ལ༔ རྗེས་སུ་ཡི་རངས་འབུལ་བར་བགྱི༔ གློ་བུར་འཁྲུལ་པའི་ཉེས་ཟད་ནས༔ ཡང་དག་རྡོ་རྗེའི་གནས་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་རང་ངོ་ཤེས་པ་ཡི༔ ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ དངོས་པོར་འདོད་པའི་ཉེས་བྲལ་བའི༔ དངོས་གྲུབ་མངོན་སུམ་བསྩལ་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྔོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་མི་གཡོ་ཐིག་ལེ་གཅིག༔ འགག་མེད་ཆོ་འཕྲུལ་འོད་ཟེར་འབར༔ དགེ་བ་བྱས་དང་བྱེད་འགྱུར་ཡང༔ ཀུན་བཟང་བྱང་ཆུབ་ཆེན་པོར་བསྔོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྨོན་ལམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རྟག་ཆད་བྲལ་བའི་དེ་བཞིན་གཤེགས༔ སངས་རྒྱས་སྐུ་ལྔའི་བདག་ཉིད་མཆོག༔ ཀུན་ཁྱབ་འགྲོ་བའི་དཔལ་མགོན་དུ༔ ཀུན་ནས་ཀུན་ཏུ་སྣང་བར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བཀྲ་ཤིས་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་རྡོ་རྗེ་ཡེ་ཤེས་ཆེ༔ འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འགག་མེད་རང་སྒྲ་བཅུ་དྲུག་དབྱངས༔ གཞོམ་མེད་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་མི་གཡོ་ཆོས་ཀྱི་མཆོག༔ ཐེག་ཆེན་ཐུགས་ཀྱི་བཀྲ་ཤིས་ཤོག༔ མངོན་སུམ་སྣང་བཞི་ཚད་དུ་ཕེབས༔ ཡོན་ཏན་ལྷུན་གྲུབ་བཀྲ་ཤིས་ཤོག༔ བར་དོ་བཞི་ཆོད་ལས་བཞི་འགྲུབ༔ ཡེ་ཤེས་ཕྲིན་ལས་བཀྲ་ཤིས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བཀྲ་ཤིས་སོ༔ བདག་ཉིད་དཔལ་གྱི་ཕྲག་པ་རུ༔ གཡས་སུ་ཕྱག་ན་རྡོ་རྗེ་དང༔ གཡོན་དུ་ཁྲོ་རྒྱལ་རྟ་མགྲིན་བསྒོམ༔ རྒྱབ་ཏུ་འཇམ་དཔལ་གཞོན་ནུ་དང༔ མདུན་དུ་ཡཀྴ་མེ་དབལ་བསྒོམ༔ ཕྱོགས་མཚམས་ཀུན་ཏུ་གང་བ་ཡི༔ ཁྱུང་དང་སྡིག་པའི་ཚོགས་བཅས་བསྒོམ༔ གོ་ཆ་ཕྱི་ནང་གསང་བ་གསུམ༔ རྣལ་འབྱོར་རྣམ་པ་གསལ་བརྟན་བྱ༔ དེ་ནས་གསང་སྔགས་བཟླས་པ་བྱ༔ སྱ།མྱ།ཡྱ༔ རྒྱ།རྒྱ།རྒྱ།༔ དབང་བསྐུར་སྒྲུབ་པ་ཆེན་པོའི་དུས༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཕྱོགས་བཞིར་ཧཱུྃ་ཨོཾ་ཧྲཱིཿདང་ཕཊ༔ སྤྲོས་ནས་འགྲོ་བའི་དོན་བྱས་ཏེ༔ ཚུར་འདུས་རྩིབས་བཞིའི་གདན་སྟེང་དུ༔ དྲེགས་པ་མ་ཧེ་ཀླུ་དང་བགེགས༔ དེ་སྟེང་རྡོ་རྗེ་རལ་གྲི་དང༔ བེ་ཅོན་དབྱུག་པ་རང་རང་གི༔ ཡི་གེས་མཚན་པ་ཡོངས་གྱུར་ལས༔ གཟུགས་དང་ཚོར་བ་འདུ་ཤེས་དང༔ འདུ་བྱེད་དག་པའི་ཁྲོ་རྒྱལ་བཞི༔ ཤར་དུ་ཕྱག་ན་རྡོ་རྗེ་སྟེ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ནུབ་ཏུ་རྟ་མགྲིན་དབང་གི་རྒྱལ༔ བྱང་དུ་ཡཀྴ་མེ་དབལ་རྣམས༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ མི་བསྐྱོད་རིན་ཆེན་འབྱུང་ལྡན་དང༔ མཐའ་ཡས་དོན་ཡོད་གུ་རུ་ཡིས༔ དབུ་ལ་བརྒྱན་པའི་རང་རང་གི༔ ཐུགས་ཀར་ཕྱག་མཚན་སོ་སོ་ལ༔ ཟླ་སྟེང་ཡི་གེ་བཞི་ཡིས་མཚན༔ དེ་ལ་རང་རང་སྔགས་ཀྱིས་བསྐོར༔ དེ་བཞིན་ཐུགས་ལས་སྤྲོས་པ་ཡི༔ ཧ་རི་ནི་སས་སྟོང་གསུམ་གང༔ འབྱུང་བ་བཞི་ལས་བསྐྱེད་པ་ཡི༔ འགྲོ་བ་རྣམས་ཀྱི་དོན་བྱས་ཏེ༔ མཚམས་བཞིར་པད་ཉི་རོ་སྟེང་དུ༔ ཡོངས་འདུས་ཡོངས་སུ་གྱུར་པ་ལས༔ རིམ་བཞིན་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་མཁའ་འགྲོ་བཞི༔ སྔོ་སེར་དམར་ལྗང་གྲི་ཐོད་དང༔ ཁ་ཊྭཱཾ་ག་འཕྱང་རུས་རྒྱན་དང༔ དར་དཔྱང་ཐོད་པའི་རྒྱན་ཕྲེང་འཛིན༔ འཛུམ་བཞད་སྒེག་མོ་རྣམ་བཞི་ཡི༔ ཐུགས་ཀར་འདབ་སྟེང་ཡི་གེ་བཞི༔ རང་རང་སྔགས་ཀྱིས་བསྐོར་བ་བཟླ༔ དེ་དག་སྔགས་ནི་འདི་ཡིན་ནོ༔ ཨོཾ་གུ་རུ་བཛྲ་པཱ་ཎི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་གུ་རུ་ཡ་མཱནྟ་ཀ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་གུ་རུ་པདྨཱནྟ་ཀྲྀཏ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་གུ་རུ་ཡཀྴ་བཛྲ་མཱ་ར་ཡ་ཕཊ༔ ཡབ་ཀྱིའོ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཌཱ་ཀི་ནཱི་ཡཻ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཡཻ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་ཡཻ་མཱ་ར་ཡ་ཕཊ༔ ཡུམ་བཞིའོ༔ གང་བྱེད་ལས་ཀྱི་མཐའ་བསྒྱུར་བྱ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ དེ་ནས་རྫོགས་པའི་རིམ་པ་ནི༔ སྣོད་བཅུད་དམར་འཇམ་འོད་དུ་ཞུ༔ དེ་དབུས་ཧཱུྃ་དམར་སྒྲ་ལྡན་ལ༔ རིག་པ་གཏད་དེ་རླུང་ཉིད་བཟུང༔ སྐབས་སུ་མ་བཅོས་དོན་ལ་བལྟ༔ ཐམས་ཅད་རྨི་ལམ་སྒྱུ་མ་ལྟར༔ སྣང་ཞེན་འཁྲི་བ་རྦད་ཀྱིས་བཅད༔ རྒྱ༔ དྭངས་མ་སྙིང་གི་གྭ་འུ་རུ༔ ཐིག་ལེ་དམར་པོ་རྒྱ་སྲན་ཙམ༔ དེ་ཡང་འོད་ལྔར་འབར་བ་ལ༔ རླུང་སེམས་དྲིལ་བའི་མན་ངག་བསྒོམ༔ རྒྱ།༔ དེ་ནས་ནམ་མཁའི་དབྱིངས་ཉིད་དུ༔ རིག་པ་ཟང་ཐལ་ལུ་གུ་རྒྱུད༔ ཕྲ་ཞིང་རྟ་རྔའི་མདུད་པ་ལྟར༔ དེ་ལ་རླུང་སེམས་དྲིལ་ཏེ་བལྟ༔ ཉི་མ་ཕྱེད་ཀྱིས་སངས་རྒྱས་འགྲུབ༔ རྒྱ།༔ དེ་ནས་སླར་ཡང་མིག་གཉིས་བཙུམ༔ ཉི་མ་ཕྱེད་དུས་ལུས་གནད་དང༔ སེམས་ཀྱི་གནད་དེ་དྲིལ་ལ་བལྟ༔ རང་བྱུང་ཡེ་ཤེས་འོད་གསལ་མཐོང༔ འཁོར་བའི་གཡང་ས་ཐམས་ཅད་འཇིག༔ ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ༔ རྒྱ་རྒྱ་རྒྱ༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་ནང༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ དམར་མོ་གྲི་ཐོད་ཁ་ཊྭཱཾ་འཛིན༔ ནུ་མ་བྷ་ག་ལྡན་པ་ལ༔ ཡིད་གཏད་རླུང་བཟུང་བདེ་བ་བསྒོམ༔ དེས་ནི་བདེ་བའི་ཡེ་ཤེས་འབར༔ སྣང་བ་དུ་བ་སྨིག་རྒྱུར་འཆར༔ རྒྱ་རྒྱ་རྒྱ༔ སླར་ཡང་རླུང་གི་ཤུགས་བསྐྱེད་དེ༔ ནམ་མཁའི་ཁམས་ཀུན་དམར་སེར་ཞུ༔ ཁ་སྣ་གཉིས་ནས་དབུ་མར་བརྫང༔ ལྟེ་བར་རྗེ་བཙུན་ཕག་མོ་ལ༔ འོད་ཀྱི་མཆོད་པས་མཉེས་བྱས་ཏེ༔ ཆོས་འབྱུང་གྲུ་གསུམ་འོད་ཀྱིས་གང༔ སླར་ལོག་གྱེན་དུ་བདེ་བའི་དྲོད༔ ཕག་མོ་ཡུམ་གྱི་བྷ་གར་ཞུགས༔ སྙོམས་འཇུག་བདེ་བའི་དྲོད་ཀྱིས་བརྒྱལ༔ བླ་མེད་མཆོག་གི་མཆོད་པས་མཉེས༔ ཕག་མོ་མེ་འབར་ལུས་ཀུན་ཁྱབ༔ རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས༔ དྭངས་མ་འོད་ཀྱི་ཐིག་ལེས་གང༔ བདེ་བའི་ཡེ་ཤེས་རང་བྱུང་ཤར༔ ལུས་ཀྱིས་འཁྲུལ་འཁོར་སྣ་ཚོགས་བྱ༔ སེམས་ཀྱིས་བདེ་བའི་དོན་ལ་བལྟ༔ བདེ་བ་སྟོང་པ་གཉིས་སུ་མེད༔ གཉིས་མེད་ཡེ་ཤེས་སྙིང་ག་ཡི༔ འདབ་བརྒྱད་པདྨའི་གེ་སར་དབུས༔ ཐོག་མའི་སངས་རྒྱས་འོད་ཕུང་ཅན༔ དེ་ལ་གཏད་དེ་ཡང་ཡང་བསྒོམ༔ ཕྱི་རོལ་སྣང་བ་ཟད་པ་དང༔ ནང་དུ་བདེ་ཆེན་འབར་བ་དང༔ དབྱིངས་རིག་མ་བུ་གཅིག་ཏུ་འདྲེས༔ ཐོག་མའི་རྒྱལ་བ་འཆི་མེད་འགྲུབ༔ སྤྲོས་པ་མེད་པའི་མན་ངག་འདི༔ ཨོ་རྒྱན་ཐུགས་ཀྱི་གསང་གཏེར་ཡིན༔ ཡང་གསང་དགོངས་པའི་སྙིང་ཏིག་ཡིན༔ འདི་མེད་སྒྲུབ་ཐབས་ཁ་ཡང་འབྱངས༔ འདི་དང་འཕྲད་ན་ཆོས་ཀུན་འདུས༔ དེར་ནི་ཡེ་ཤེས་གསང་བ་འདུས༔ སྙིང་གི་བུ་དང་འཕྲད་པར་ཤོག༔ དུས་ཀྱི་མཐའ་ལ་ཐུག་ཙམ་ན༔ རྒྱུད་དོན་སྤངས་ནས་དོན་ལོག་བསྒོམ༔ སངས་རྒྱས་ཐོབ་འདོད་ཚེ་འདིས་གཡེངས༔ གནད་མེད་ལམ་གྱི་ཆོས་ཀྱིས་ངལ༔ དེ་དུས་ཡེ་ཤེས་གསང་འདུས་འདི༔ ཡང་གསང་སྙིང་པོའི་དགོངས་གཏེར་ཡིན༔ སྐལ་ལྡན་གདུལ་བྱའི་དོན་འགྲུབ་ཤོག༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ ༈ ཐུགས་དམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཐུན་མཚམས་རྣམས་སུ་ཚོགས་དང་གཏོར་མ་གཏང༔ མདོ་ཀློག་ཆོས་སྤྱོད་སཱཙྪ་མཆོད་སྦྱིན་བྱ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་ཀྱང་བརྗོད༔ སྤྱོད་ལམ་ལྷ་སྔགས་ཡེ་ཤེས་ངང་ནས་ནི༔ ཆོས་སྤྱོད་བཅུ་ཡི་མདོ་དོན་སྤྱད་པར་བྱ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ ལས་བྱང་དང་མངོན་རྟོགས་ཀྱི་མཆན་བུ། འཇམ་མགོན་བསོད་ནམས་མཆོག་ལྡན་གྱིས་རིག་འཛིན་ཆེན་པོའི་གསུང་རྒྱུན་བཞིན་འདེབས་པར་གནང་ངོ་།། །།

ཆོས་དབང་ལུགས་རྟ་ནག་གི་སྒྲུབ་ཐབས་དང་རྗེས་གནང་ (Volume 61, Text 24)

ཨཱོྃ་སྭསྟི། འཇིགས་བྱེད་ཁྲོ་རྒྱལ་རྟ་མཆོག་དཔལ། །གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར། །རྣམ་རོལ་རྡོ་རྗེ་སྲིན་པོ་ཆེར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་ཆོས་དབང་གི་གཏེར་བྱོན་རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སྤྱིའི་ཁོག་དབུབ་ཉང་གཏེར་དུ་བཤད་པ་ལྟར་ལས་ཁྱད་པར་བྱེ་བྲག་ཏུ་སྨྲོས་ན། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཐབས་དང་། བྱིན་རླབས་རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། མཎྜལ་ནག་པོ་གྲུ་གསུམ་ཚོམ་བུ་དང་བཅས་པའི་སྟེང་དུ། མཉྫི་ལ་དབང་གཏོར་ཙཀླིས་བརྒྱན་པ་དང་། གཡས་གཡོན་དུ་སྔགས་བྱང་དང་ཕུར་པ། མདུན་དུ་སྨན་རཀ་མཆོད་པ་སོགས་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ཀྱི་སྔོན་འགྲོ་སྔར་བཞིན་དང་། དངོས་གཞིའི་སྐབས། ཨཱོྃ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་ཉིད་དེ་བཞིན་ཉིད་ལ་བློ་གཞག །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་རང་རྩལ་འགག་མེད་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའོ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རིག་པ་ཧཱུྃ་ངམ་ཧྲཱིཿ མཐིང་ནག་ཏུ་གསལ་བ་ལས། ཨེ་ཛྙཱ་ན་བྷནྡྷ་ཙཀྲ་མཎྜལ་བྷྲཱུྃ༔ ཞེས་བརྗོད་པས་རབ་འཇིགས་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་གྲུ་གསུམ་མཐིང་ནག་བྷནྡྷ་འབར་བའི་གཞལ་ཡས་ཁང་གི་དབུས་སུ་པད་ཉིའི་གདན་ལ། བདག་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་དམར་སེར་འབར་བ། སྤྱི་བོ་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རལ་གྲི་ཕྱར་བས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབས་ཤིང་། གཡོན་ལྕགས་ཀྱུ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་ནས་ལྕགས་སྡིག་གི་སྤྲུལ་པ་འགྱེད་པ། ཞབས་གཉིས་དགྲ་བགེགས་ཀྱི་སྟེང་ལ་གཡོན་བརྐྱང་བའི་སྟབས་ཀྱིས་རོལ་པ། སྐུ་ལ་དར་ནག་གི་བེར་ཆེན་གསོལ་ཞིང་། ཞིང་ཆེན་གྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་རིགས་ལྔའི་སྦྲུལ་ཆུན་སོགས་དཔལ་གྱི་ཆས་བརྒྱད་རྫོགས་པ། བ་སྤུའི་གསེབ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། བསྐལ་པའི་མེ་ཕུང་འུར་འུར་ཆེམས་ཆེམ་འབར་བའི་ཀློང་ན་བཞུགས་པ། ལྕགས་ཀྱི་རལ་པ་གསིག་པའི་གསེབ་ནས་ཁྲོ་ཆུང་འཆོལ་བ་དཔག་མེད་སྤྲོ་བ། རྟ་ཞལ་གྱི་སྟེང་ན་མེའི་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་ཀླུ་གདོན་ཟ་ཞིང་འདུལ་བ། གཡས་སུ་ཁྲོ་བོ་ཡཀྴ་མེ་དབལ་དམར་པོ་མེའི་ཐོ་བ་དང་ཞགས་པ་ཐོགས་པ། གཡོན་དུ་གནོད་སྦྱིན་ལྕགས་ཀྱི་རལ་པ་ཅན་སེར་ནག་མོན་པའི་གཟུགས་ཅན་ལྕགས་རྡོར་དང་མེའི་ལྕགས་ཀྱུ་འཛིན་པ། མདུན་ན་སྤྲུལ་པའི་ལས་མཁན་ལྕགས་སྡིག་ནག་པོ་ཁ་དགུ་མིག་དགུ་པ་གདུག་པའི་ང་རོ་སྒྲོག་པ། གཞན་ཡང་སྤྲུལ་པའི་ལས་མཁན་གཡས་ན་མོན་པ་བདུན་གཡོན་ན་བཤན་པ་བདུན་སོགས་དྲག་གཏུམ་འཇིགས་པའི་འཁོར་ཚོགས་མང་པོས་བསྐོར་བ། དེའི་ཕྱི་རོལ་དུ་ཁྲོ་བོ་བཅུའི་གུར་དང་། འཁོར་ལོ་རྩིབས་སྟོང་བསྣོལ་མར་འཁོར་བའི་གུར་དང་། རྡོ་རྗེའི་གུར་དང་། མཚོན་ཆ་སྣ་ཚོགས་པའི་གུར་དང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གུར་ཁང་རྣམས་ཀྱིས་རིམ་པར་དཀྲིགས་པས་གནོད་བྱེད་མིང་གཞི་ཙམ་ཡང་མ་ལུས་པར་བཅད་བསྲེགས་ཐལ་བར་བྱས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ནས་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད་པས་ཡེ་ཤེས་ལྔས་དབང་བསྐུར་ཏེ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པའི་ང་རྒྱལ་བྱའོ། །བདག་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ནག་པོ་རྩ་བའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། གདུག་པ་ཅན་རྣམས་ཚར་བཅད་སངས་རྒྱས་ཀྱི་ས་ལ་བཀོད། རྒྱལ་བ་སྲས་དང་བཅས་པ་མཆོད། བྱིན་རླབས་ནུས་མཐུ་ཐམས་ཅད་ཚུར་བསྡུས་སྙིང་གའི་ཧཱུྃ་ལ་ཐིམ། སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་གཟི་བྱིན་དང་ནུས་སྟོབས་བསྐྱེད། འོད་ཟེར་སྤྲོས་བསྡུས་བགེགས་བསལ་བ་དང་དངོས་གྲུབ་བསྡུ་བ་རླུང་དང་འགྲོ་ལྡོག་གཅིག་པས། ཨཱོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་ཡི་གེ་བཅུ་པ་ཉིད་གཙོ་བོར་བཟླ་ཞིང་ཐུན་མཚམས་སུ། ལྷ་ཚོགས་རྣམས་སྙིང་གའི་ས་བོན་གྱི་བར་དུ་བསྡུ། དེ་ཉིད་གྱེན་རྫོགས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་ནས་དགེ་བ་བསྔོ། དེ་ལྟར་རྩ་བསྙེན་དེས་རབ་འབྲིང་ཐ་མའི་རྟགས་གང་རུང་མངོན་དུ་གྱུར་ནས། སླར་ཡང་བདག་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཆུང་མཚོན་ཆའི་ཆར་འབེབ་པ་སྤྲོས་པ་དང་། འཁོར་རྣམས་ཀྱིས་གནོད་བྱེད་ཐམས་ཅད་ཚར་བཅད་ཤ་ཁྲག་ཞལ་དུ་གསོལ་བར་བསམ་ལ། རྩ་སྔགས་ཀྱི་མཐར། ཡཀྴ་ནག་པོས་གནོད་བྱེད་ཕོ་མོའི་རྩ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ སྙིང་རྩ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ལྤགས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཀླུ་གཉན་ས་བདག་རྒྱལ་བསེན་གྱི་ཡིད་ལ་རྦད་རྦད༔ ཡཀྴ་ཀཱ་ལ་ཆེན་པོས་ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཙིཏྟ་ཟུངས་ཟུངས༔ ཙིཏྟ་ཤིག་ཤིག༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོགས་མྱོགས༔ ཙིཏྟ་ཐུཾ་ཐུཾ་རིལ་རིལ་རྦད་རྦད་ཡ་ཡ་བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ གཏུབས་གཏུབས་ཁཾ་ཁཾ༔ རྦད་རྦད༔ དུམ་བུར་རྦུད་རྦུད༔ ནཱ་ག་རཱ་ཛ་མཱ་ར་ཡ་སོད་སོད༔ མྱོགས་བཾ་རིལ་མཱ་ར་ཡ་རྦད་རྦད༔ ཅེས་དྲག་ཏུ་བཟླ་ཞིང་། མཐར་གནོད་བྱ་གནོད་བྱེད་ཐམས་ཅད་དམིགས་མེད་སྤྲོས་བྲལ་དང་རྩལ་སྣང་སྙིང་རྗེ་ཆེན་པོ་ཟུང་འཇུག་ལ་བསླབ་ཅིང་ཐུན་བསྡུ་བ་སོགས་སྔར་ལྟར་རོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་ཉང་གཏེར་གྱི་སྐབས་སུ་བཤད་པ་བཞིན་བྱས་པས་དོན་ལ་མི་འགལ་ཞིང་གནས་སྐབས་འཇུག་པ་བདེ་བར་འགྱུར་རོ།། ༈ །།གསུམ་པ་བྱིན་རླབས་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་མཉམ་སྒྲུབ་ལས་ཡེ་ཤེས་པ་སྤྱན་འདྲེན་མཆོད་བསྟོད་སོགས་གཏོར་ཆོག་བཞིན་སྦྱར་བའི་མཐར་བཟླས་པ་ལ་འཇུག་པ་ཙམ་ཁྱད་པར་རོ། །སློབ་མའི་བྱ་བ་ཁྲུས་བྱས་བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་པ་ལས་ཁྱད་པར། ལྷོ་བྲག་གི་རྟ་མགྲིན་མགུལ་ནས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་ཞེས་སྦྱར་ནས། སློབ་མས་མཎྜལ་ཕུལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡི་དམ་དུ་འཚལ་གྱིས། སློབ་དཔོན་གྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཡན་ལག་བདུན་པས་ཚོགས་གསག་བྱ། དེ་ནས་ཁྱད་པར་གྱི་དོན་དུ། སློབ་དཔོན་དགོངས་སུ་གསོལ། བདག་ལ་དཔལ་རྟ་མགྲིན་གྱི་སྐུའི་རྗེས་སུ་གནང་བ་བསྩལ་དུ་གསོལ། ལུས་ཀྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། ལུས་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། སློབ་མའི་སྤྱི་བོར་མེ་ཏོག་བཞག་ནས་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་ཞེས་པ་ནས། ཁྲོ་ཆུང་དཔག་མེད་སྤྲོ་བ་ཞེས་པའི་བར་བདག་བསྐྱེད་བཞིན་བྱས་ནས། སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔལ་རྟ་མགྲིན་གྱི་རྣམ་པས་སྤྱི་བོའི་ལྷ་ལ་ཐིམ་པར་བསམ་ཞིང་། སྐུ་རྟེན་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །རྟ་མགྲིན་འདི་ལ་བྱིན་གྱིས་རློབས། །རྟ་མགྲིན་འདི་ལ་དབང་སྐུར་ཅིག །དུས་འདི་ནས་ནི་གཟུང་ནས་སུ། །རྟ་མཆོག་གོ་འཕང་མ་འཐོབ་བར། །ཡི་དམ་ལྷ་རུ་མཛད་ནས་ནི། །རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བརྗོད་པས་རྟ་མགྲིན་འོད་དུ་ཞུ། སློབ་མ་ལ་ཐིམ་པས་སློབ་མ་རྟ་མགྲིན་གྱི་སྐུར་ལམ་གྱིས་གྱུར་པར་བསམ་ལ་སྔགས་བརྗོད་ཅིང་རོལ་མོ་བྱ། སྐུའི་རྗེས་གནང་ངོ་། །ཡང་ཁྱད་དོན་གྱི་གསོལ་བཏབ་སྔར་བཞིན་ལས་ཁྱད་པར་གསུང་གི་རྗེས་སུ་གནང་བ། ངག་གི་སྡིག་སྒྲིབ། ངག་ནུས་པ་དང་ལྡན་པར་ཞེས་བསྒྱུར། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་སློབ་མའི་ངག་ལ་ཐིམ་པར་བསམ་ཞིང་སྤོས་རོལ་བྱ། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོ་རེ། སློབ་དཔོན་གྱི་ཐུགས་སྲོག་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་སྤྲོས། ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སྙིང་པོའི་རྗེས་ཟློས་གསུམ་གྱིས་བཟླས་ལུང་བྱིན། སྔགས་བྱང་དང་སྒྲུབ་ཡིག་གཏད་དེ། རྟ་མགྲིན་འདི་ལ་བསྩལ་ལགས་ཀྱིས། །རྟ་མགྲིན་འདི་ལ་འགོ་བར་མཛོད། །ཅེས་བརྗོད། སློབ་མས། རྟ་མགྲིན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་ཅིང་མེ་ཏོག་འཐོར། གསུང་གི་རྗེས་གནང་ངོ་། །ཡང་གསོལ་བཏབ་ཐུགས་ཀྱི་རྗེས་སུ་གནང་བ། ཡིད་ཀྱི་སྡིག་སྒྲིབ། སེམས་ལ་རྟོགས་པ་འཆར་བར་ཞེས་བསྒྱུར་ལ་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་ཕྱག་མཚན་དཔག་མེད་འཕྲོས། སློབ་མའི་ཡིད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ནས་སྤོས་རོལ་བྱས་ལ་སེམས་སྤྲོས་བྲལ་དུ་བཞག །ཕུར་པ་གཏད་དེ། འཁོར་འདས་སྣང་སྟོང་དབྱེར་མེད་རྟ་སྐད་གསུང༔ རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད༔ སྣང་སྟོང་གྲགས་སྟོང་དྲན་སྟོང་སོ་མར་ཞོག༔ འཁོར་འདས་ཟིལ་གནོན་རྟ་སྐད་དགོངས་པ་ཡིན༔ ཞེས་ངོ་སྤྲད། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་ནུས་པ་མཉམ་པར་གྱུར་ཅིག །ཅེས་བརྗོད། གཏོར་མའི་དབང་ནི། གཏོར་མ་རྟ་མགྲིན་གཙོ་འཁོར་དུ་མོས། དེ་ལ་མོས་གུས་དུང་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། སྐུ་ལས་བྱུང་བའི་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་ལུས་གང་། རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་གྱིས་ཞེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག་སྟེ། ཧྲཱི༔ གཏོར་སྣོད་བྷནྡྷ་ལྷ་ཡི་གཞལ་ཡས་ཁང༔ གཏོར་མ་འདོད་ཡོན་རྣམ་ལྔ་མི་ཟད་གཏེར༔ རྟ་མགྲིན་ལྷ་ཚོགས་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་རྒྱལ་བ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡོངས་སུ་རྫོགས་པའི་ས་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར་མ་ཧཱ་བ་ལིནྟ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེ་བཞིན་དུ་ཝཱ་ཀ་དང་ཨཱ༔ ཙིཏྟ་དང་ཧཱུྃ༔ ཞེས་ཀྱང་སྦྱར་བས་རིམ་པ་བཞིན་སྤྱི་བོར་བཞག་པ་གཞིའི་དབང་། མགྲིན་པར་བཞག་ནས་དམ་རྫས་སྦྱིན་པ་ལམ་གྱི་དབང་། སྙིང་གར་གཏད་ནས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ཉིད་དབང་དོན་ངོ་སྤྲད་པ་འབྲས་བུའི་དབང་ཡིན་ནོ། །མཐར་གཏོར་མའི་ལྷ་འོད་དུ་ཞུ་བ་སློབ་མ་ལ་ཐིམ་པས་རྟ་མགྲིན་དངོས་སུ་གྱུར་པར་བསམ་མོ། །ནད་པ་སོགས་ལ་བྱིན་རླབས་བྱེད་ན་གཏོར་དབང་ཁོ་ནས་ཀྱང་དགོས་པ་འགྲུབ་ཅིང་དེའི་ཚེ་བཀའ་བསྒོ་ཡང་བྱའོ། །མཐར་དམ་ཚིག་ཁས་བླང་། མཎྜལ་བསྔོ་བ་སོགས་དང་། རྗེས་ཆོག་སྤྱི་ལྟར་བྱའོ། །སྤྱིར་འདི་ལ་ལྷ་སྒོམ་སྔགས་བཟླས་ཀྱིས་མཚོན་ནས་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཚོགས་ཟབ་ཅིང་རྣོ་བ་བཅུ་གསུམ་ཙམ་ཡོད་དོ། །འ༵གྱུར་མེ༵ད་ཆོས་དབྱིངས་ལས་བཞེངས་ལྷ། །རྡོ༵་རྗེ༵་ཁྲོ་བོ་རྟ་མཆོག་གི །སྒྲུབ་ཐབས་ཆོས་དབང་གཏེར་གཞུང་གི །རྩ་ཐོ་གསུང་རྒྱུན་འཇུག་བདེར་སྤེལ། །རྟ་མགྲིན་ལྕགས་རལ་ཅན་ཆོས་དབང་གི་གཏེར་མའི་སྒྲུབ་ཐབས་ཁྱད་པར་དུ་སྨྲོས་པའི་ལེ་ཚན་ནོ།། །།

དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་ཐུགས་ཁྲིད་ (Volume 15, Text 24)

དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་ཐུགས་ཁྲིད་བཞུགས་སོ༔ ༔ ྈྈྈྈྈྈྈྈ ཞི་ཁྲོ་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ སྙིང་པོ་དོན་གྱི་མན་ངག་སྟན་གཅིག་ཏུ་བསྒྲིལ་བ་ལ་བདུན་ཏེ༔ བཀའ་འདུས་རྩ་བའི་རྒྱུད་ལས༔ ལྷ་མིའི་ཐེག་པས་བློ་སྣ་ཆོས་ལ་བསྐུལ༔ ཅེས་པས་དང་པོ་བློ་ཆོས་ལ་བསྐུལ་བ་ནི༔ གནས་དབེན་པར་སོང་ལ་རྐྱེན་གཞན་སྤང༔ འབོལ་བའི་གདན་ལ་ལུས་གནད་བསྲང༔ རླུང་རོ་བསལ༔ རྣམ་རྟོག་གི་སྤུན་ཐག་བཅད་དེ་འདི་ལྟར་བསམ༔ བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ཞིང༔ ཕན་འདོགས་ཆེ་བ་ཐོབ༔ བླ་མ་དགེ་བའི་བཤེས་གཉེན་དང་མཇལ༔ དམ་པའི་ཆོས་ཟབ་མོ་ཐོབ་པའི་སྐབས་སུ༔ ལེ་ལོ་དང་ཕྱི་ཤོལ་དུ་མ་བཞག་པར་རྟེན་འདི་ལ་སྙིང་པོ་ལོངས་ངེས་ཤིག་མ་བྱས་ན༔ ཕྱི་ནམ་ཟླ་དུས་བཞི༔ ནང་དགྲ་གཉེན་སྐྱེ་འཆི༔ གསང་བ་རང་གི་རྣམ་པར་རྟོག་པ་སྐད་ཅིག་མ་གང་ལ་བརྟགས་ཀྱང་མི་རྟག་ཅིང་མི་བརྟན༔ མྱུར་དུ་འཇིག༔ ངེས་པ་མེད༔ འཆི་བ་ལ་ཅིས་ཀྱང་མི་སྟོངས༔ ཤི་ནས་ལུས་དང༔ ལོངས་སྤྱོད་དང༔ ཉེ་དུ་སོགས་གང་ཡང་རྗེས་སུ་མི་འབྲངས༔ དེ་དག་གིས་བདག་འདོར༔ བདག་གིས་དེ་དག་བསྐྱུུར་ནས་ག་ཤེད་གཅིག་ཏུ་ཆ་མེད་སར་འགྲོ་བའི་དུས་ལས་འབའ་ཞིག་རྗེས་སུ་འབྲངས་ཏེ༔ སྡིག་པ་མི་དགེ་བའི་ལས་ཀྱིས་དམྱལ་བར་སྐྱེས་ན་ཚ་གྲང༔ ཡི་དྭགས་བཀྲེས་སྐོམ༔ དུད་འགྲོ་བཀོལ་སྤྱོད་སོགས་དྲན་པས་སྐྱི་གཡའ་བའི་སྡུག་བསྔལ་ཉམས་སུ་མྱོང་ན་ཅི་ཙུག་བྱེད༔ དེ་བས་སྡུག་བསྔལ་དེ་ལས་སྐྱོབ་ནུས་ངེས་པ་བླ་མ་དང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས༔ ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ༔ ལས་འབྲས་ལ་ཡིད་ཆེས་པའི་ཡང་དག་གི་ལྟ་བ་བསྐྱེད༔ ཁྱད་པར་སྦྱིན་པ་གཏང༔ དུས་ཁྲིམས་བསྲུང༔ བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་ཉེར་ལེན་འཇིག་རྟེན་པའི་ཞི་གནས་ཀྱང་བསྒྲུབ་པར་བྱའོ༔ ས་མ་ཡ༔ གཉིས་པ་ཉན་རང་གི་ཐེག་པས་ངེས་འབྱུང་བསམ་པ་བསྒྲུབ་པ་ནི༔ རྒྱུད་ལས༔ ཉན་རང་ཐེག་པས་ངེས་འབྱུང་བསམ་པ་བསྒྲུབ༔ ཅེས་པས༔ སླར་ཡང་འཁོར་བའི་སྣང་ཚུལ་ལ་ལེགས་པར་དཔྱད་པས་མི་སྐྱེ་རྒ་ན་འཆི༔ ལྷ་མིན་འཐབ་རྩོད༔ ལྷ་འཕོ་ལྟུང་དང༔ བལྟར་མི་མངོན་པར་འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ དེ་བས་ན་འཁོར་བའི་གནས་ཐམས་ཅད་མེའི་འོབས༔ སྤུ་གྲིའི་ཚལ༔ རལ་གྲིའི་ནགས་ལྟར་ཤེས་པས་ཡིད་ངེས་པར་འབྱུང་བའི་བློས་སྡུག་བསྔལ་ཐམས་ཅད་ཀུན་འབྱུང་ལས་བྱུང་བས༔ དེའི་གཉེན་པོར་ལམ་རྒྱུད་ལ་བརྟེན༔ ཐར་པ་མངོན་དུ་བྱ་སྙམ་པས་ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་བསྲུང༔ ཞི་གནས་དང༔ ལྷག་མཐོང་དང༔ རྟེན་ཅིང་འབྲེལ་འབྱུང་ལུགས་འབྱུང་དང༔ ལུགས་ལྡོག་གི་ཚུལ་ལ་རབ་ཏུ་གོམས་པར་བྱའོ༔ ས་མ་ཡ༔ གསུམ་པ་ཐེག་ཆེན་གྱི་ལམ་གྱིས་གཞི་བཟུང་བ་ནི༔ རྒྱུད་ལས༔ བྱང་སེམས་ཐེག་པས་ལམ་གྱི་གཞི་བཟུང་སྟེ༔ ཞེས་པས༔ སྡུག་བསྔལ་ཅན་གྱི་འཁོར་བ་པ་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཡང་དང་ཡང་དུ་བྱས་པར་ཤེས་པས༔ བདེ་བ་དང་འཕྲད་འདོད་ཀྱི་བྱམས་པས་མདུན་བསུ༔ སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེས་གཞུང་བསྲང༔ ཕན་བདེ་བླ་ན་མེད་པ་ལ་བདག་གིས་འགོད་པར་བགྱིའོ༔ སྙམ་དུ་སྨོན་པ་དང༔ དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པ་འཇུག་པ་སྟེ་ཀུན་རྫོབ་བྱང་ཆུབ་སེམས་རྩལ་དུ་བཏོན་ལ༔ ངག་ཏུའང༔ མ་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་སྟེ༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་དམ་བཅའ༔ བློ་སྦྱང༔ ལག་ཏུ་ལེན་པས་དུས་འདའ་བར་བྱའོ༔ ས་མ་ཡ༔ བཞི་པ་ཀྲི་ཡོག་གི་ཐེག་པ་ལ་བརྟེན་ནས་གསག་སྦྱང་བྱ་བ་ནི༔ རྒྱུད་ལས༔ ཀྲི་ཡོག་ལ་བརྟེན་ཚོགས་གསག་སྒྲིབ་པ་བསལ༔ ཅེས་པས༔ ཚོགས་གསག་པ་ནི༔ སྣོད་དག་པའི་ཞིང་ཁམས༔ གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང༔ ཡོ་བྱད་བྱང་ཆུབ་སེམས་དཔའི་མཆོད་སྤྲིན་དུ་དམིགས༔ མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པར་བསམ༔ བདག་གཞན་སེམས་ཅན་ཐམས་ཅད་ཐབས་ཅིག་ཏུ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་བགྱིད་པར་བསམས་ལ༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་བརྗོད༔ རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ༔ ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱོཿམཎྜལ་པཱུ་ཛ་ཧོ༔ མཐར་ཚོགས་ཞིང་རང་ལ་བསྟིམ༔ རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་དུ་བཟླ༔ མཐར་རང་ལ་བསྟིམ༔ རང་རྡོ་རྗེ་སེམས་དཔར་གསལ་ལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་པའི་མཐར་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའི་ངང་ལ་བཞག་གོ༔ ས་མ་ཡ༔ ལྔ་པ་མ་ཧཱ་ཡོ་ག་ལ་བརྟེན་ནས་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་བསྒོམ་པ་ནི༔ རྒྱུད་ལས༔ མ་ཧཱ་ཡོ་གའི་ཐེག་པས་སྣང་ཞེན་སྦྱང༔ ཞེས་པས་ཐོག་མར་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ སྐུ་གསུམ་དབྱེར་མེད་བླ་མ་ཀུན་ཏུ་འཆང༔ ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ རིག་འཛིན་བརྒྱུད་པའི་གསོལ་འདེབས་དང༔ ཨོཾ་ཨཱཿཧཱུྃ་གིས་ཐུགས་དམ་བསྐུལ་བས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས༔ རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ༔ མཐར་ཤེལ་འོད་ནང་དུ་ནུབ་པ་བཞིན་འཁོར་རྣམས་བླ་མ་ཡབ་ཡུམ་ལ་ཐིམ༔ བླ་མ་ཡབ་ཡུམ་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམས་ལ་དགོངས་པ་བསྐྱང༔ དེ་ནས་དེ་བཞིན་ཉིད་ལྟ་བ་བློ་འདས་ལ་མཉམ་པར་བཞག༔ མཉམ་གཞག་བརྟན་པོ་སྐྱེས་པ་ན་དམིགས་པ་མེད་པ་ཀུན་སྣང་སྙིང་རྗེ་མཁའ་ཁྱབ་ཏུ་སྤྲོས་ལ་རྩལ་སྦྱང༔ དེ་ལ་རྩལ་འབྱོངས་པས་སྙིང་རྗེ་སྒྱུ་མ་ལྟ་བུ་ངང་གིས་ཤར་བ་ན༔ དམིགས་པའི་རྟེན་དུ་རོ་རས་ལ་ཧཱུྃ་མཐིང་ནག་གྲུ་གང་བ་བྲི༔ དལ་གྱི་དབུས་སུ་བཞག༔ ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ ཤིན་ཏུ་གསལ་བ་ན་ནམ་མཁར་ཧཱུྃ་དང་རང་སེམས་དབྱེར་མེད་དུ་བཞག༔ དེ་ལས་འོད་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་གཞལ་ཡས་ཁང་དུར་ཁྲོད་རོལ་པའི་རྒྱན་བཀོད་པ་དང་བཅས་པར་བསྒོམ༔ དམིགས་པའི་རྟེན་དུ་དུར་ཁྲོད་ཀྱི་རས་སམ་ཐོད་པ་ལ་དཔལ་ཆེན་པོ་རྩ་བའི་ལྷ་སྐུ་བྲིས་པ་ལ་སེམས་བཟུང་ངོ༔ དེ་རྣམས་དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་བློ་འདས་འོད་གསལ་ངང༔ དམིགས་མེད་སྙིང་རྗེ་ཀུན་སྣང་མཁའ་ལྟར་ཁྱབ༔ རྒྱུ་ཡི་རིག་པ་རང་བྱུང་ཧཱུྃ་མཐིང་ག༔ འོད་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་སྟེང༔ རིན་ཆེན་དུར་ཁྲོད་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེའི་སྲུང་འཁོར་གསལ་བརྟན་འབར་བའི་དབུས༔ པད་ཟླ་ཉི་མ་དྲེགས་པ་ཁྱོ་ཤུག་གདན༔ དེ་སྟེང་དབྱིངས་ནས་རྒྱུ་ཡི་ཡི་གེ་བབས༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ སྤྱི་དཔལ་ཆེན་པོ་ཁྲག་འཐུང་རྩ་བའི་ལྷ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་གཟི་འབར་རྡོ་རྗེ་དྲིལ་བུ་བསྣམས༔ དཔལ་དང་དུར་ཁྲོད་རུས་པའི་རྒྱན་གྱིས་སྤྲས༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ ཞབས་གཉིས་དོར་སྟབས་ཡེ་ཤེས་མེ་དཔུང་ཀློང༔ ཕུང་ཁམས་སྐྱེ་མཆེད་བ་སྤུའི་བུ་ག་ཚུན༔ ཞི་ཁྲོ་ཡོངས་རྫོགས་འདུས་པའི་ངོ་བོ་ཉིད༔ སྲིད་ཞི་ཀུན་གྱི་དབང་ཕྱུག་ཆེན་པོར་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་ཀུན་ཏུ་འཆང༔ ནམ་མཁའི་མདོག་ཅན་ཞི་འཛུམ་རྡོར་དྲིལ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་ཡུམ་དང་འཁྲིལ༔ པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་རོལ༔ དེ་ལྟར་གསལ་བའི་ལྷར་སྣང་སྒྱུ་མའི་སྐུ༔ སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོའི་སྲོག༔ ལྔ་ལྡན་ཐིག་ལེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་དབང་བསྐུར་རིགས་ལྔའི་ཅོད་པན་རྫོགས༔ རྡོ་རྗེ་གསུམ་མཆོག་དབྱེར་མེད་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་ཚིག་གིས་གསལ་གདབ༔ དོན་ལ་སེམས་འཛིན༔ གསལ་སྣང་དང་ང་རྒྱལ་བསྐྱེད༔ སངས་རྒྱས་ཀྱི་ཡེ་ཤེས་རིས་མེད་པའི་གདུལ་བྱའི་སྣང་ངོར་གཟུགས་སུ་ཤར་བའི་དག་དྲན་ལ་བསླབ༔ བྱིང་རྒོད་ཀྱི་སྐྱོན་བསལ་ལ་རྩེ་གཅིག་ཏུ་བསྒོམ༔ རྒྱུད་ལས༔ ཐུན་གཅིག་ལྷ་ལ་སེམས་བཟུང་གཟེར་ཆེན་གདབ༔ ཐུན་གཅིག་སྔགས་ལ་སེམས་བཟུང་སྤྲོ་བསྡུ་བྱ༔ ཐུན་གཅིག་མི་རྟོག་ངང་བཞག་རྣལ་དུ་དབབ༔ ཐུན་གཅིག་ལྷ་དང་གཉུག་མ་རླུང་གིས་བརྟན༔ ཅེས་གསུངས་པས༔ བཟླས་པ་བྱ་ན༔ ཐོག་མར་སྔགས་ཕྲེང་ལ་སེམས་རྩེ་གཅིག་ཏུ་བཟུང་ནས༔ ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ༔ དེ་ལ་བརྟན་པ་ན་སྤྲོ་བསྡུ་གསུམ་བྱ་སྟེ༔ འོད་ཟེར་ཡར་འཕྲོས་རྒྱལ་བ་རྣམས་མཆོད༔ མར་འཕྲོས་སེམས་ཅན་གྱི་དོན་བྱས༔ བར་དུ་སྣང་སྲིད་ཐམས་ཅད་ཁྱབ་པས་ཕྲིན་ལས་བཞི་རྩོལ་མེད་དུ་བསྒྲུབས༔ ཚུར་འདུས་བདག་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ དེ་ནས་ལྷ་དང་རང་སེམས་དབྱེར་མེད་གཉུག་མའི་ངང་དུ་བཞག༔ ལྷར་འཛིན་པའང་སྤངས་ལ་མི་རྟོག་པའི་ངང་དུ་ངལ་བསོ༔ མི་རྟོག་པའི་ངང་ལས་གདངས་ལྷ་སྐུར་ལམ་མེར་གསལ་ལ་རླུང་སྦྱོར་བུམ་པ་ཅན་གྱིས་བརྟན་པར་བྱའོ༔ དེ་ལ་གསལ་བ་དང༔ བརྟན་པ་དང༔ མི་འགྱུར་བ་དང༔ ཅིར་ཡང་འཆར་བའི་ཏིང་ངེ་འཛིན་བརྟན་པ་ན༔ ཞལ་ཕྱག་དང༔ འཁོར་དང༔ ཚོམ་བུ་སོགས་རིམ་པར་སྤྲོས་ཏེ་མཁའ་ཁྱབ་ཏུ་བསྒོམ་པས་སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོ་ཡོངས་རྫོགས་ཀྱི་གསལ་སྣང་མཐར་ཕྱིན་པས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ་འཇུག་པར་བྱའོ༔ དེའང་རྒྱུད་ལས༔ གནས་དུས་སྒྲུབ་པོ་ཡོ་བྱད་ཆོ་གར་ལྡན༔ ཅེས་པས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས༔ ས་གཞི་ལས་སུ་རུང་བར་བྱ༔ ཕྱི་ཚོགས་གསག་དང༔ ནང་རྒྱུན་བཤགས་དང༔ གསང་བ་དམ་སྐོང་གི་ཆོ་གས་རྒྱུད་སྦྱང༔ ཕྱི་མཚམས་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་ནན་གྱི་བསྒོ་བ་བྱ༔ ནང་མཚམས་དམ་སྲི་མནན་ཅིང་བདུད་རྩི་འཁྱིལ་པ་དང་གཤིན་རྗེ་གཤེད་ལ་གཉེར་གཏད༔ གསང་མཚམས་ཁྲོ་བཅུ་རོལ་པས་བགེགས་ལ་གཟིར༔ དེ་ཁོ་ན་ཉིད་བདག་འཛིན་གསུམ་འདུས་དྲག་པོ་ཆེན་པོ་བསྒྲལ་ཞིང་མནན་པས་སྣོད་བཅུད་ཧེ་རུ་ཀའི་ཞིང་ཁམས་སུ་བརླབ༔ ལྷ་དང་བུམ་པ་ལྷག་པར་གནས་པའི་གཞིར་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ཏེ་སྒྲུབ་དང་མཆོད་པའི་རྫས་དགྲམ༔ སྟོན་འཁོར་ཐམས་ཅད་བསྐོས་སུ་བཏབ༔ ཡེ་ནས་དཀྱིལ་འཁོར་དུ་ཤེས་པས་བརྡའི་སྒོ་དབྱེ་ཞིང་དམ་བཅའ༔ ཧེ་རུ་ཀའི་རྟགས་གདབ༔ བྱིན་རླབས་ཀྱི་གཟི་བྱིན་དབབ༔ དེ་ནས་སྟོན་འཁོར་ཐམས་ཅད་སྒོ་གསུམ་དཀྱིལ་འཁོར་གསུམ་ལས་ནམ་དུའང་མི་གཡོ་བར་རྩེ་གཅིག་གིས་བསྙེན་པ་དང༔ ཉེ་བསྙེན་དང༔ སྒྲུབ་པ་བྱ༔ དུས་དྲུག་གི་མཚམས་སུ་ཚོགས་དང་གཏོར་མས་མཆོད༔ བར་ཆད་བསལ༔ དངོས་གྲུབ་བསྡུ༔ དེ་ལྟར་བརྩོན་པས་ཕྱི་ལྟར་བྲིས་སྐུ་བཞད་པ་དང༔ བདུད་རྩི་སྒྲ་དང་བཅས་པས་ཁོལ་བ་དང༔ འོད་དང་དྲི་ཞིམ་པོ་འཐུལ་ཞིང་མར་མེ་རང་འབར༔ ནང་དུ་ལྷའི་ཞལ་མཐོང༔ སྔགས་ཀྱི་སྒྲ་ཐོས༔ སེམས་ལས་སུ་རུང༔ གསང་བ་སྣོད་གཞལ་ཡས་ཁང༔ བཅུད་ལྷ་དང་ལྷ་མོ༔ རྒྱུད་ཕུང་ཁམས་སྐྱེ་མཆེད་དཔལ་ཧེ་རུ་ཀའི་སྐུ་རུ་ཤར་བས་མ་དག་པའི་སྣང་བ་ནུབ༔ གྲགས་པ་ཐམས་ཅད་རྡོ་རྗེའི་ཛཔ྄་ཏུ་ཤར་བས་མ་དག་པའི་སྒྲ་སྐད་ནུབ༔ དྲན་རྟོག་ཐམས་ཅད་དབྱིངས་དང་རིག་པ་དབྱེར་མེད་དུ་ཤར་བས་མ་དག་པའི་གཟུང་འཛིན་ནུབ༔ དེ་ལྟ་བུའི་ཤར་བ་གསུམ་གྱིས་འཁྲུལ་རྟོག་གི་ཞེན་པ་ཡེ་ཤེས་སུ་གནས་འགྱུར་བ་ན་སྒྲུབ་པ་ཆེན་པོའི་དངོས་གྲུབ་བླང་བ་ནི༔ སྲོད་ཀྱི་དུས་སུ་ལྷ་ལ་རྒྱ་ཆེར་མཆོད་ཅིང་དངོས་གྲུབ་རང་ལ་བསྡུ༔ རྫས་ལ་བསྟིམ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་ཛཔ྄་བཟླ༔ ནམ་གུང་སྒྲོལ་བ་དང༔ ཐོ་རངས་སྦྱོར་བ་ལམ་དུ་བྱ༔ སྐྱ་རེངས་ཤར་བའི་ཚེ༔ ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཅན༔ ཡེ་ཤེས་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ གདུལ་བྱའི་དོན་ཕྱིར་ཐུགས་དམ་གནད་ནས་བསྐུལ༔ དང་པོ་བསྙེན་དང་ཉེ་བསྙེན་ཏིང་འཛིན་བརྟན༔ བར་དུ་དངོས་གྲུབ་ཕྱིར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་གྱིས༔ ལས་ཀྱི་འབྲས་བུ་གསོལ་བའི་དུས་ལགས་ན༔ ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ རིལ་བུ་མིག་སྨན་རྐང་མགྱོགས་ལ་སོགས་པ༔ ཁྱད་པར་གྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ནད་དང་རྐྱེན་བྲལ་འཆི་མེད་རྒས་མེད་པའི༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚར་གཅོད་རྗེས་འཛིན་དམོད་པས་གྲུབ་པ་ཡི༔ བདེན་ཚིག་ནུས་པའི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་དང་དྲན་པ་བསམ་གཏན་མངོན་ཤེས་སོགས༔ ཏིང་འཛིན་ཡིད་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ༔ ལམ་མྱུར་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ བླ་མེད་འབྲས་བུའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ དཔལ་ཆེན་ཞི་ཁྲོ་རྡོ་རྗེའི་གཡར་དམ་ཅན༔ བསྙེན་སྒྲུབ་འབྲས་བུ་དུས་འདིར་བསྩལ་ནས་ཀྱང༔ ཐུན་མོང་མཆོག་གི་དངོས་གྲུབ་བླ་མེད་པས༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་དངོས་གྲུབ་ཀྱི་རྫས་ལས་དབང་བླང་ཞིང་རོལ༔ སྨོན་ལམ་དང་བཀྲ་ཤིས་རྒྱ་ཆེར་བྱ༔ དེ་ལྟར་ཟླ་བ་གསུམ་མམ་དྲུག་སྤོགས་ཆོག་དང་བཅས་པས་རིག་འཛིན་གྱི་གོ་འཕང་འགྲུབ་པར་འགྱུར་ལ༔ མོས་པ་ཙམ་གྱི་སྒོམ་པས་ཀྱང་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ དྲུག་པ་ཨ་ནུ་ཡོ་གའི་ཐེག་པ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་ལ་བརྟེན་ནས་བདེ་ཆེན་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ནི༔ རྒྱུད་ལས༔ ཨ་ནུ་ཡོ་གའི་ཐེག་པས་བདེ་ཆེན་བསྒྲུབ༔ ཅེས་པས་འདི་ལ་གཉིས༔ རང་བྱིན་རླབས་དང༔ ཕོ་ཉའི་ལམ་མོ༔ དང་པོ་ནི༔ རྩ་རླུང་ཐིག་ལེའི་གནས་ཚུལ་ལེགས་པར་ཤེས་པས་ལམ་དུ་བྱ་སྟེ༔ ཕྱི་དབྱིབས་ཀྱི་སྟོང་ར་ལྷ་སྐུ་སྒྱུ་མ་ལྟ་བུའི་འཇའ་ཚོན་གྱི་ལུས་ལ་ཡུན་རིང་དུ་སྦྱང༔ དེ་ནས་ནང་རྩའི་སྟོང་ར་གཙོ་བོ་གསུམ་དང་འཁོར་ལོ་བཞི་བསྒོམ༔ བར་དུ་ལུས་སྦྱོང་འཁྲུལ་འཁོར་ལ་འབད༔ དེ་ནས་རླུང་གི་སྟོང་ར་འབྱུང་བའི་རླུང་དུག་བསལ༔ ཧ་སྤྲུགས་དང་བརྡབ་ཆུང་སོགས་བྱ༔ སྟོང་རས་གཞི་བཅས་ནས་རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་གདངས་སུ་ཤེས་པར་བྱས་ནས་བཟླ༔ དེ་ལ་བྱང་བ་ན༔ རྒྱུད་ལས༔ འོག་རླུང་བསྐུམ་ཞིང་སྟེང་རླུང་ནར་གྱིས་དྲང༔ བར་རླུང་བསྐྱིལ་ཞིང་དཀྲུགས་ལ་མདའ་ལྟར་འཕང༔ ཞེས་བུམ་པ་ཅན་སེ་གོལ་གཏོག་པ་ཉེར་གཅིག་སོགས་དང༔ ཁུག་པ་བཞི་བརྒྱད་སོགས་བསྲིངས་ཏེ་རྒྱུན་མི་འཆད་པར་བསླབ༔ རླུང་ལས་སུ་རུང་ནས་ལྟེ་བའི་གཏུམ་མོ་སྦར་བས་དྲོད་བསྐྱེད༔ དྲོད་སྐྱེས་ནས་སྤྱི་བོའི་ཧཾ་བཞུ་བས་བདེ་བ་སྤེལ༔ བདེ་བ་སྐྱེས་ནས་མི་རྟོག་པའི་ངང་དུ་ཀློད༔ དེ་ལྟ་བུ་སྤེལ་ལ་བྱའོ༔ གཉིས་པ་ནི༔ རླུང་ལ་དབང་ཐོབ་ནས་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བརྟག་ཅིང་དགུག༔ དེ་ལ་དགུག་པའི་རྫས་ནི༔ གཞོན་ནུའི་བྱང་སེམས༔ སིནྡྷུ་ར་རང་བྱུང༔ རྡོ་ཁབ་ལེན་དམར་པོ༔ མགྲོན་བུ་རྣམས་སྦྲང་རྒོད་ཀྱིས་རིལ་བུར་དྲིལ་ལ་ཟངས་གཞོང་དུ་བཞག༔ བཾ་ཧ་རི་ནི་ས་ཙཀ་ཤུ་ཙེར་ལྡན་གུམ་ཧྲིང་ཧྲིང་ཛ༔ ཞེས་དཔལ་ཆེན་པོ་དབང་མཛད་དམར་པོའི་ཏིང་ངེ་འཛིན་དང༔ འོད་ཟེར་གྱི་སྤྲོ་བསྡུའི་ངང་ནས་བཟླས་པས་རིལ་བུ་ལས་འོད་འཕྲོ་བ་ན༔ གང་དབང་དུ་བྱ་བ་ལ་བྱིན་པས་རང་དབང་མེད་པར་ཕྱི་བཞིན་དུ་འབྲང་བར་འགྱུར་རོ༔ དེ་ནས་རྒྱུད་དག་པར་བྱས་ལ༔ ཡུལ་དྲུག་གི་བདུད་རྩི་བསྟེན༔ ཁྱད་པར་གསང་བའི་རེག་བྱ་ལ་བསླབ༔ ལྷ་དང༔ སྔགས་དང༔ བྱང་ཆུབ་མཆོག་གི་འདོད་པ་མཉམ་པས་བསྲུབ་ཅིང་བསྲུབས་པས་བདེ་བ་སྦར༔ འཁོར་ལོར་བསྐྱིལ༔ གྱེན་དུ་དྲང༔ ཁྱབ་པར་དགྲམ༔ རྒྱུ་དང་འབྲས་བུའི་དགའ་བ་རེ་རེ་བཞིན་སེམས་བཟུང༔ དོན་ལ་བཞག༔ དབྱིངས་སུ་བསྐྱལ་ལོ༔ དེ་ལ་འཁྲུལ་འཁོར་གྱིས་རྩ་སྦྱང༔ རླུང་གིས་སྲོག་རྩོལ་དབུ་མར་འཛུད༔ གཏུམ་མོས་དྲོད་དང་བདེ་བ་མི་རྟོག་པ་དྲང༔ དེའི་ཚེ་རྩ་རླུང་ཐིག་ལེ་དབང་དུ་འདུས་པས་སྒོ་གསུམ་ལས་སུ་རུང་ཞིང་ཤིན་ཏུ་སྦྱངས་པ་ཐོབ་པ་ན༔ ཡས་བབས་རྒྱུ་ཡི་ལྷན་སྐྱེས་ཀྱིས་གཞི་བཟུང༔ མས་བརྟན་འབྲས་བུའི་ལྷན་སྐྱེས་ཀྱིས་ལམ་སྦྱངས༔ མཐར་ཐུག་ཟག་པ་མེད་པའི་ལྷན་སྐྱེས་ཀ་དག་ཏུ་བསྟིམས་པས་མཆོག་གི་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ༔ ས་མ་ཡ༔ བདུན་པ་ཨ་ཏི་ཡོ་ག་དོན་གྱི་དབང་གི་ལམ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བ་ནི༔ རྒྱུད་ལས༔ ཨ་ཏི་ཡོ་གས་མཐར་ཐུག་འབྲས་བུ་འཐོབ༔ ཅེས་པས༔ བསམ་གཏན་གྱིས་རྣལ་དུ་དབབ་པ་ནི༔ གནས་དབེན་པར་ལུས་སེམས་ཁོང་ཀློད་ནས་དར་གཅིག་བཞག༔ དེ་ནས་ལུས་རྡོ་རྗེའི་འདུག་སྟངས་སུ་བྱ༔ ངག་ནས་ཧཱུྃ་གི་གླུ་བླངས་ལ་ཞེན་འཁྲིས་བཅད༔ ཡིད་བྱུང་གནས་འགྲོ་གསུམ་རྩ་གདར་བཅད་པ་སྔོན་དུ་འགྲོ་བས༔ གང་དུའང་མ་གྲུབ༔ ཅིར་ཡང་འཆར་བ༔ སྟོང་པ་མྱོང་བ་ཅན༔ གསལ་ལ་འཛིན་པ་མེད་པ༔ བདེ་ལ་ཞེན་པ་མེད་པ༔ འདི་ཞེས་དཔེ་དང་ཚིག་གིས་མཚོན་མི་ནུས་པ་ལྷག་གེར་ཤར་བ་ན༔ དེའི་ངང་དུ་སྒོ་གསུམ་ལས་མི་འཆོལ་བར་ཆད་པ་ངལ་གསོ་བ་བཞིན་དུ་རྣལ་མར་བཞག་གོ༔ ཤེས་རབ་ཀྱིས་སོར་གཞུག་པ་ནི༔ དེ་ལས་ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་བ་ན༔ ཕྱི་རོལ་གྱི་ཡུལ་ལ་དཔྱད་པས་ཡུལ་མེད་སྒྱུ་མ་དང་རྨི་ལམ་གྱི་བཟོ་བཀོད་ལྟ་བུར་བུན་ནེ་ཤིགས་སེ་བའི་ངང་དུ་རྩལ་སྦྱང༔ ནང་གི་མྱང་བ་ལ་དཔྱད་པ་ན༔ སོ་སོ་རང་རིག་པའི་ཡེ་ཤེས་གཞོན་ནུ་མའི་བདེ་བ་ལྟར་ཉམས་སུ་མྱོང་ཡང༔ མཐའ་གང་དུའང་འཛིན་པ་མེད་པ་ཟང་ཐལ་ལེ་བའི་ངང་དུ་ལ་བཟླ༔ དེ་གཉིས་དབྱེར་མེད་པའི་དོན་ངོ་སྤྲད་པ་ནི༔ ཆོས་ཐམས་ཅད་སེམས་ཉིད་རང་རིག་པའི་རྩལ་དུ་ཤེས༔ རང་རིག་པ་ངོ་བོ་སྟོང་པ་ཆོས་སྐུར་ངོ་སྤྲད༔ རང་བཞིན་གསལ་བ་ལོངས་སྐུར་ངོ་སྤྲད༔ ཐུགས་རྗེ་མ་འགགས་པ་སྤྲུལ་སྐུར་ངོ་སྤྲད༔ འཛིན་མེད་རང་གསལ་དུ་གནས་པ་ཞི་གནས་སུ་ངོ་སྤྲད༔ ཉམས་མྱོང་བརྗོད་མེད་དུ་འཆར་བ་ལྷག་མཐོང་དུ་ངོ་སྤྲད༔ དེ་ཐམས་ཅད་སྤྲོས་པའི་མཐའ་གང་དུའང་མི་གནས་པ་ལྟ་བར་ངོ་སྤྲད༔ བསྒོམ་དུ་མེད་པའི་གནས་ལུགས་ཡེངས་མེད་སོ་མར་འཇོག་པ་སྒོམ་པར་ངོ་སྤྲད༔ མཉམ་རྗེས་ཀྱི་རྟོག་པ་ཐམས་ཅད་གཉེར་ཁ་མེད་པར་རང་གྲོལ་དུ་ཞིག་པ་སྤྱོད་པར་ངོ་སྤྲད༔ ངོ་ཤེས༔ ཐག་ཆོད༔ རྩལ་རྫོགས༔ བརྟན་པ་ཐོབ་པ་འབྲས་བུར་ངོ་སྤྲད་ལ་འདི་ཕྱི་བར་དོའི་ཉམས་ལེན་ཐམས་ཅད་གནད་གཅིག་ཏུ་དྲིལ་ལ་བསྐྱང་ངོ༔ ས་མ་ཡ༔ དེ་ལྟར་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་གལ་ཆེ༔ དམ་ཚིག་ལ་ཉམས་ཆག་བྱུང་ན་ཡེ་ཤེས་སྐྱེ་བ་ལྟ་ཅི༔ འདི་ཕྱིའི་བདེ་ལེགས་ཐམས་ཅད་འགྲིབ༔ ཉེས་པ་ཐམས་ཅད་སྐྱེད་པས༔ དམ་ཚིག་ཉམས་ཆག་སྐོང་བའི་ཆོ་གའང་ནན་ཏན་དུ་བྱ་སྟེ༔ ཧེ་རུ་ཀའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་མཆོད་ཚོགས་རྒྱ་ཆེན་པོ་བཤམ༔ བཤགས་ཡུལ་མངོན་དུ་བྱས་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་བོས་ཏེ་བརྐྱང་ཕྱག་འཚལ༔ ཡི་གེ་བརྒྱ་པ་བཟླ་ཞིང་ལྟ་བ་བློ་འདས་ཀྱི་དགོངས་པ་བསྐྱང༔ བཤགས་ཚིག་མང་དུ་བརྗོད་པས་ལུས་ངག་ཡིད་གསུམ་གྱི་ཉམས་ཆག་དག༔ ཕྱི་ཉེར་སྤྱོད་ཀྱི་མཆོད་པས་ཐུན་མོང་གི་ཚོགས་བསགས༔ ནང་སྨན་རག་གཏོར་མ་མར་མེ་དང་བཅས་པའི་སྐོང་བས་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཉམས་པ་བསྐང་ཞིང་དངོས་གྲུབ་ཐོབ༔ གསང་བ་ཚོགས་ཀྱི་འཁོར་ལོས་དངོས་གྲུབ་ཀྱི་ཡེ་ཤེས་གོང་དུ་འཕེལ༔ དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་བརྟན་ཅིང་མཐར་ཕྱིན་པར་འགྱུར་ཞིང༔ རང་གཞན་གྱི་དོན་དུ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་གདབ་པས་རྟེན་འབྲེལ་ཕྱོགས་མེད་དུ་བསྒྲིག་པར་བྱའོ༔ ས་མ་ཡ༔ དེ་ལྟར་དཔལ་ཧེ་རུ་ཀའི་ཐུགས་ཀྱི་ཐིག་ལེའི་གསང་ཁྲིད་ཤིན་ཏུ་མདོར་བསྡུས་པའི་སྙན་བརྒྱུད་གསང་བའི་ཡི་གེ་འདི་ནི༔ རྒྱུད་ལུང་མན་ངག་གི་སྙིང་པོར་དྲིལ་ཏེ་ཟ་ཧོར་གྱི་ཡུལ་དུ་དད་པ་ཅན་གྱི་རྗེ་འབངས་རྣམས་ཀྱི་ཉམས་ལེན་དུ་བསྟན་ཅིང༔ བོད་ཀྱི་ཡུལ་དུ་སྐལ་པ་དང་ལྡན་པའི་གཟུང་མ་མཁར་ཆེན་བཟའ་ལ་དམར་ཁྲིད་དུ་བཤད༔ ཉམས་སུ་བླངས༔ ཡི་གེར་བྲིས་ཏེ་རིན་པོ་ཆེ་སའི་གཏེར་དུ་སྦས་པ༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་དུ་སྣང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ མནྟྲ་གུ་ཧྱ༔ སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ཟབ་གཏེར་གྱི་སྙིང་པོའོ།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ་ (Volume 3, Text 24)

༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛི་ན་མཎྜ་ལ་ཡ། མཚན་གྱི་ཡི་གེས་ངན་འགྲོའི་འཇིགས་པ་འཇོམས། །དད་པས་བསྙེན་ན་འཁོར་བའི་རྒྱུན་ཐག་གཅོད། །རིགས་བརྒྱའི་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནས། །གཞན་དོན་མཛད་རྣམས་ངལ་གསོའི་འབབ་སྟེགས་དགོད། །ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་མཁས་གྲུབ་ཀརྨ་ཆགས་མེད་ཡན་ཆད་དུ་ནི་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་ཕྱག་བཞེས་སྤྲོས་བཅས་ཚུལ་ལྡན་དུ་བྱུང་བར་སྣང་ཡང། ཕྱིས་ནི་ཆོ་ག་ཚར་གྲངས་ཁོ་ན་བསྐྱར་བའི་གྲོང་ཆོག་གི་འགྲོ་དོན་ཙམ་ལས་ཉམས་ཁྲིད་སྐྱོང་བ་ལྟ་ཞོག །བསྙེན་སྒྲུབ་ཚད་ལྡན་མཛད་མཁན་ཤིན་ཏུ་དཀོན་པར་མཐོང་ལ། བསྙེན་པ་ལས་རུང་མེད་པར་དབང་བསྐུར་གནས་འདྲེན་གྱིས་མི་ཚེ་འཕུལ་བ་ནི། གཞན་ལ་ཕན་ཐོགས་པར་དཀའ་ཞིང་རང་ལ་བཀའ་འདས་ཀྱི་ཉེས་པ་ལྕི་བས་ཐ་ན་གྲངས་བསྙེན་རྒྱས་བསྡུས་གང་རུང་རེ་ཙམ་འགྲུབ་ན་རང་གཞན་གཉིས་ཀའི་གཏན་འདུན་ཆེན་པོར་འགྱུར་བར་མཐོང་ལ། དེའང་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལ་བརྟེན་ཏེ་ཐོག་མར་ཞི་བ་དང་དེ་ནས་ཁྲོ་བོའི་བསྙེན་པ་སོ་སོར་འགྲུབ་པར་བྱས་ན་འདུས་མདོ་དང་བཀའ་བརྒྱད་བདེ་འདུས་སོགས་ཀྱི་ཕྱག་བཞེས་དང་མཐུན་པར་ཆེས་ལེགས་པས་དེའི་ཚུལ་ནི་དཔལ་ཀཿཐོག་པ་ཀུན་གཟིགས་ཚེ་དབང་མཆོག་གྲུབ་ཀྱི་གསུང་ལས་ཤེས་པར་བྱ། འདིར་བློ་དམན་ལས་དང་པོ་པས་ལུས་དཀྱིལ་གྱི་ལྷ་དང་སྔགས་འཁོར་གསལ་ཐེབས་པར་དཀའ་ཞིང་རང་བཞིན་ཡོངས་ཤེས་ཀྱི་ལྟ་སྒོམ་ནི་དེ་ལས་ཀྱང་མེད་པས་ཡིན་སྙམ་ཙམ་གྱིས་བྱས་ལ་མ་བསགས་པའི་ལས་སུ་འགྱུར་བའང་མཐོང་ནས། ཆགས་མེད་རིན་པོ་ཆེའི་བཞེད་པ་ལྟར་ཕྱི་དཀྱིལ་ལས་བྱང་ཆུང་བ་ལ་བརྟེན་པའི་བསྙེན་ཐབས་ཕྱོགས་མཚོན་འཆད་པར་བྱ་སྟེ། དེ་ལའང་རྗེ་དེའི་བཞེད་པར་གཙོ་བོ་རིགས་ལྔ་གོ་འཕོ་ཞིང་རང་སྔགས་བཟླ་བའི་ཞི་ཁྲོ་དང་། ཡིག་བརྒྱ་རིགས་ལྔ་བཟླ་བའི་དོང་སྤྲུགས་ཀྱིས་མཚོན་དཀྱིལ་འཁོར་ཞེ་གཉིས་སུ་བསྒྱུར་བའི་ཚུལ་ནི་དེ་ཉིད་ཀྱི་གསུང་ལས་གསལ་བ་ལྟར་ཉམས་སུ་བླང་བར་བྱ་བ་ཡིན་ལ། ཞི་ཁྲོ་རང་རྐང་གི་བསྙེན་པ་ཁོ་ནའི་སྐབས་འདིར་ཐོག་མར་བར་ཆད་མི་འབྱུང་ཞིང་དངོས་གྲུབ་འགྲུབ་པའི་དགེ་བའི་དཔུང་སྐྱེད་སྔོན་འགྲོའི་རིམ་པ་སྤྱི་ལྟར་ཅི་ནུས་བྱ། བསྙེན་པ་ཚུགས་ལ་ཉེ་བ་ན་ཕྱི་མཚམས་བཅད་དེ། རང་ཉིད་རྡོར་སེམས་ལུས་དཀྱིལ་ཞི་ཁྲོ་བཅས་སྐད་ཅིག་གིས་གསལ་བཏབ་ལ་སྙིང་པོ་བརྒྱ་རྩ་བཟླ། དཀར་གཏོར་གསེར་སྐྱེམས་ཕུལ། རྒྱལ་ཐོ་བཙུགས་ལ་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་ལས་བཅོལ། རྣམ་འཇོམས་སོགས་བཟླས་པའི་གཟུངས་ཆུའི་ཁྲུས་བྱ། དེ་ནས་ཞག་བདུན་ནམ་ཐ་ན་གསུམ་ཙམ་དུ་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་འདོན་སྒོམ་སྦྲགས་མས་ཐུན་དུ་བཅད་ལ། ངེས་འབྱུང་། སྐྱབས་སེམས། བསགས་སྦྱང་། མོས་གུས་གསོལ་འདེབས་རྣམས་རྒྱུད་ལ་འདྲེ་ངེས་པ་བྱ། དེ་ནས་བསྙེན་པ་དངོས་ཚུགས་པའི་ཉིན། གནས་ཁང་ཕྱག་དར་བྱ། འཛོམ་ན་ཞི་ཁྲོའི་སྐུ་བརྙན་བྲིས་འབུར་སོགས་རྟེན་བཀོད་པའི་མདུན་དུ་སྟེགས་གཙང་མར་གཏོར་མ་རིན་ཆེན་འབར་བ། གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། བཀའ་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ། དགོང་ཐུན་ལ་དབུ་བཙུགས་ཏེ། གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ལན་གསུམ། ཨོཾ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་སོགས་རང་གཞུང་ཡན་ལག་བཅུ་པ་བརྗོད། བགེགས་གཏོར་བཏང་ལ་ལས་བྱང་ཆུང་བ་ལྟར་བཀའ་བསྒོ། དྲག་སྔགས་ཡུངས་ཐུན་གུ་གུལ་བདུག་པ་སོགས་ཚམ་རྔམ་བཅས་ནང་མཚམ་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མཆོད་པ་བྱིན་རླབས། ཏིང་འཛིན་རྣམ་གསུམ་ནས་བརྩམ་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། སྐབས་འདིར་ལྷ་བསྐྱེད་པའི་ཚུལ་ལ་སྔ་རབས་པ་ཁ་ཅིག་གིས་ལུས་དཀྱིལ་དང་མཐུན་པར་ཕོ་བྲང་གི་གདན་ལ་ཞི་བ། དེའི་རང་རྩལ་དུ་ནམ་མཁར་ཁྲོ་བོ་བསྐྱེད་པར་བཞེད་པ་དང་། སྨིན་གླིང་ལོ་ཆེན་ནས་དོང་སྤྲུགས་བཀའ་མ་ཁྲོམ་དཀྲུགས་དང་མཐུན་པར་ཞི་ཁྲོ་སྦྲགས་མར་བཀོད་པར་གསུངས་པ་དང་། ཆགས་མེད་ཞབས་ཀྱིས་ཐོག་མར་ཞི་བའི་དཀྱིལ་འཁོར་གསལ་བཏབ་ལ་དེ་ནམ་མཁར་བཏེགས་ནས། སླར་ཕོ་བྲང་གི་གདན་དངོས་ལ་ཁྲོ་བོ་བསྒོམས་པ་ལས་སྔ་རབས་པའི་ལུགས་སྲོལ་འདིར་མི་འཐད་པར་གསུངས་ཤིང་། དེ་ལའང་མཁས་པ་ཁ་ཅིག་གིས་མི་འཐད་པའི་སྒྲུབ་བྱེད་བཅས་བཀོད་པར་སྣང་ཡང་། ཕྱིས་ཀྱི་མཁས་པ་རྒྱུད་དོན་མཁྱེན་པ་དག་ཕོ་བྲང་ཞི་ཁྲོ་སྦྲགས་མ་ཐོག་ཕུབ་མཆོད་རྟེན་ལུགས་སུ་བྱས་པའི་སྟེང་ཁང་བུམ་པའི་ནང་དུ་འཁོར་ལོ་རྩིབས་བཞིའི་གདན་ལ་ཞི་བ་རིགས་ལྔའི་ཚོམ་བུ། སྟེང་འོག་མཚམས་བཞིར་ཐུབ་པ་དྲུག །བུམ་པའི་སྒོ་བཞིར་སྒོ་བ་ཡབ་ཡུམ། འོག་ཁང་དཀྱིལ་འཁོར་དངོས་ལ་ཁྲག་འཐུང་རྣམས་གསལ་གདབ་པར་གསུངས་པ་ནི་རྒྱུད་ལུང་གང་དང་ཡང་མི་འགལ་ཞིང་རང་གཞུང་དངོས་བསྟན་ཉིད་ཡིན་པས་ཤིན་ཏུ་ལེགས་ཕྱིར་དེ་ལྟར་གསལ་གདབ། གནས་གསུམ་བྱིན་རླབས་དོན་གྱིས་ཐོབ་ཅིང་གཉིས་འཛིན་གྱི་རྟོག་པ་ཡོད་སྐབས་ཡེ་ཤེས་པ་དབྱིངས་ནས་སྤྱན་འདྲེན་པ་སོགས་སྔགས་ཀྱི་ཐབས་མཁས་ཡིན་པས་མངོན་རྟོགས་གྲུབ་ནས། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔ སོགས་ནས་བཤགས་པ་དང་ཡིག་བརྒྱ་བརྗོད་པ་ཡན་ཆོ་ག་རྣམས་ཚིག་གཤར་ཙམ་མིན་པའི་འདོན་སྒོམ་འདྲེས་ངེས་བྱ། ཕྲེང་བ་བྱིན་བརླབས་ལ། བཟླས་དམིགས་ཆགས་མེད་གསུང་རྣམས་སྐབས་སོ་སོར་སྦྱར་ན་ལེགས་ཀྱང་དཔེ་མ་འཛོམ་པའམ་སྤྱི་ཙམ་དུ། གཙོ་བོ་ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་རང་གི་རྩ་བའི་སྔགས་ཀྱིས་བསྐོར་བ། འཁོར་གྱི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་སྒོ་བ་ཡབ་ཡུམ་དང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ཅིང་། གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སོ་སོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད། འགྲོ་དྲུག་གི་གནས་སུ་ཕོག །དེའི་བྱིན་རླབས་ཀྱིས། དམྱལ་བ་བཙོ་སྲེག །ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང། སྡིག་སྒྲིབ་མ་ལུས་པ་བྱང་ནས། རང་བཞིན་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གནས་པ་མངོན་དུ་བྱས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་བྱས་ནས་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསམས་ལ་ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་སྒོས་ཛཔ྄་རྣམས་བཟླ། ཡང་གདན་དང་ས་བོན་སྔར་ལྟར་ལས་ཞི་བ་རྣམས་ལ་བོ་དྷི་ཙིཏྟ་དང་། ཁྲོ་བ་རྣམས་ལ་རུ་ལུའི་སྔགས་ཕྲེང་བསྐོར་བ་གསལ་གདབ། བཟླས་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། མཐུ་དབང་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད་པ་སོགས་དོན་གཉིས་བྱས་ནས་འཁོར་འདས་བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ནང་དུ་ཁ་བ་བབས་པ་བཞིན་སྙིང་གའི་ས་བོན་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་ལས་སྣང་བ་ཐམས་ཅད་སྐུའི་རོལ་པ། གྲགས་པ་ཐམས་ཅད་གསུང་གི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་གྱུར་པར་མོས་ལ་སྤྱི་སྔགས་ཉིད་བཟླ། ཐུན་མཐར་ཁ་སྐོང་དང་མཆོད་བསྟོད་བྱ། ཉེར་བསྡུ་ནི། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསལ༔ སོགས་ནས། ཨ་ཨ་ཨ༔ ལྷར་ལང་ནི། སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས༔ སོགས། སྒྱུ་མ་ལྟ་བུའི་ངང་དུ་སྤྱོད༔ ཅེས་ཐུན་མཚམས་ཀྱི་སྤྱོད་ལམ་བྱ། དེ་ནས་སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་སོགས་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ལ། གྲུབ་ན་གཏོར་བསྔོ་བཀའ་སྲུང་སྡེ་བདུན་རང་གཞུང་ལྟར་དང་ལས་བྱང་ཆུང་བའི་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན། གཏི་མུག་གཉིད་སྐྲོག་གིས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་། ལས་བྱང་གི་སྐྱབས་སེམས་ནས་བཟུང་བཟླས་པ་དང་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱེད། དེ་ནས་སྔ་ཐུན་ལ་སྐྱབས་སེམས་ཡན་ལག་བཅུ་པ་སྔོན་དུ་འགྲོ་བས། ལས་བྱང་གི་བཟླས་པའི་བར་སྔར་དང་ཁྱད་མེད། ཐུན་མཐར་མཆོད་བསྟོད་ཉེར་བསྡུ་ལྷར་ལང་སྔར་བཞིན་དང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། དེ་ནས་དགོང་ཐུན་ནི་སྔར་གྱི་ཐུན་དང་ཁྱད་པར་མེད། སྲོད་ཐུན་ཡང་སྔར་བཞིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་འགོར་རྒྱས་པ་དང་། རྗེས་ཆོག་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག་གོ །བསྙེན་ཚད་རབ་རྟགས་མཚན་མཐོང་བ། འབྲིང་དུས་བསྙེན་ཟླ་བ་དྲུག །ཐ་མ་གྲངས་བསྙེན་ཏེ་དེ་ལའང་རབ་འབྲིང་ཐ་གསུམ་ལས། རབ་ནི། ཀུན་བཟང་ཡབ་ཡུམ་ལ་འབུམ་ཕྲག་དྲུག །རིགས་ལྔ་ཡབ་ཡུམ་ཁྲི་ཕྲག་རེ། སེམས་དཔའ་ཡབ་ཡུམ་ནས་སྒོ་བཞིའི་བར་སྟོང་ཕྲག་ལྔ་རེ། ཁྲག་འཐུང་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་བཅུ་གཅིག །ཁྲག་འཐུང་རིགས་ལྔ་ལ་ཁྲི་ཕྲག་རེ། གནས་ཡུལ་མན་ཆད་ལ་སྟོང་ཕྲག་ལྔ་རེ། སྤྱི་འཛབ་འབུམ་ཕྲག་གསུམ་གྱི་མཐའ་རྟེན་པའོ། །འབྲིང་པོ་ནི། ཀུན་བཟང་དང་ཆེ་མཆོག་ཡབ་ཡུམ་འབུམ་ཕྲག་རེ། གཞན་རྣམས་ཞོར་བཟླས། སྤྱི་འཛབ་འབུམ་ཕྲག་བཞི་ནས་ཉེར་བརྒྱད་བར་ཅི་འགྲོ །ཐ་མ་ནི། སྤྱི་འཛབ་ཁོ་ན་འབུམ་ཕྲག་བཞི་ལ་མ་མཐའ་བྱས་པའོ། །དེ་ལྟ་བུའི་གྲངས་བསྙེན་རྒྱས་པའི་སྐབས་སྒོས་བསྙེན་རྣམས་ཐུན་རེ་རེ་བཞིན་ཆ་བསྒོ་ན། ཐོར་ཐུན་ལ་རྒྱུན་གྱི་ཡི་དམ་ཆག་མེད་གང་ཡོད་བཏང་། ཐུན་གཞན་གསུམ་པོ་ལ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་སྟོང་ཕྲག་བཞི་དང་སུམ་བརྒྱ་བཞི་བཅུ་ཐམ་པ་རེ། རིགས་ལྔ་ཡབ་ཡུམ་སྦྲེལ་བ་ཐུན་རེའི་ནང་བདུན་ཅུ་རེ། སེམས་དཔའ་ཡབ་ཡུམ་ནས་བཟུང་སྒོ་བ་ཡན་ཆད་ལ་སུམ་ཅུ་སོ་ལྔ་རེ། དེ་ལྟར་བྱས་པས་ཞག་ལྔ་བཅུ་ཐམ་པས་ཞི་བའི་སྒོས་བསྙེན་འགྲུབ། ཁྲོ་བོ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་ལ་སྟོང་ཕྲག་དྲུག་དང་བརྒྱ་ཚོ་གཅིག་དང་བཅུ་གསུམ་རེ། ཁྲག་འཐུང་ཡབ་ཡུམ་ལྔ་སྦྲེལ་བ་རེ་རེ་ལ་ལྔ་བཅུ་ང་བདུན་རེ། འཁོར་ཀོའུ་རཱི་མན་ཆད་ལ་ཉེར་བརྒྱད་རེ་བྱས་པས་ཞག་དྲུག་ཅུས་ཁྲོ་བོའི་སྒོས་འཛབ་འགྲུབ། དེ་རྗེས་སྤྱི་འཛབ་གཉིས་ཉིན་རེར་ཁྲི་གཉིས་རེ་བཟླས་པས་ཞག་བཅོ་ལྔས་འགྲུབ་བོ། །དེའང་ཞི་བསྙེན་མ་སོང་བར་དེ་ཉིད་གཙོར་བཟླ། ཐུན་མཇུག་ཏུ་ཁྲོ་བོ་རྣམས་ཚར་གསུམ་རེ་ཙམ། ཞི་བསྙེན་ཐེམས་ནས་ཁྲོ་བསྙེན་གཙོར་བྱེད་སྐབས་ཐུན་འགོར་ཞི་བསྙེན་ཚར་གསུམ་རེ་ཙམ་བཟླ། ཐུན་རེ་བཞིན་གྱི་བཟླས་གྲངས་ཁྲིགས་མ་མི་ནུས་ན། ཐོག་མར་ཀུན་བཟང་ཡབ་ཡུམ་གྲངས་མ་ཐོན་བར་བཟླ། གཞན་རྣམས་ཐུན་མཐར་གསུམ་ཙམ་རེ་བཟླ་བས་མཚོན། བཟླ་བྱ་དེ་ཉིད་གྲངས་གསོག །གཞན་རྣམས་ཞར་བྱུང་ཅི་འགྲུབ་རེ་བྱས་ཀྱང་ཆོག་གོ །ཐུན་མཚམས་རྣམས་སུ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་ཅི་ནུས་དང་། སྤྱི་དྲིལ་ཉིད་གྲངས་སུ་མི་བརྩི་བར་ཅི་འགྲུབ་བཟླས་པས་ཁ་སྐོང་དུ་འགྱུར་རོ། །དེ་ལྟ་བུའི་བསྙེན་པ་རབ་འབྲིང་ཐ་མ་གང་རུང་ཐེམས་ནས་སྒྲུབ་པའི་ས་བཅད་ཙམ་བྱ་བ་གོང་མ་འགའ་ཞིག་བཞེད་པས། མདུན་རྟེན་དཀྱིལ་འཁོར་བུམ་པ་གཏོར་མ་སོགས་བཤམ། གཏོར་མཆོད་ཚོགས་ཀྱི་ཡོ་བྱད་སོགས་གང་འབྱོར་རྒྱས་པར་བྱས་ལ། ལས་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་མགོར་སླེབ་པ་དང་མདུན་རྟེན་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུ་བཅས་སྒོས་ཛཔ྄་ཅི་འགྲུབ་དང་། སྤྱི་ཛཔ྄་ཐུན་གྱི་དངོས་གཞི་བྱས་ལ་བཟླ། ཉིན་རེ་བཞིན་བཀའ་སྲུང་གཏོར་འབུལ། ཚོགས་སྐོང་རྒྱས་པར་བྱ་བ་ཞག་བདུན་ནམ་གསུམ་གྱིས་མཐར་རྟེན་པ་ཅི་འགྲུབ་བྱའོ། །དེ་ལྟར་བསྙེན་སྒྲུབ་གྲུབ་ནས་རྗེས་ཀྱི་བྱ་བ་ནི། སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསར་དུ་བཤམ། བཟླས་པའི་སྐབས་མདུན་རྟེན་ལ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྤྱི་ཛཔ྄་ཞི་བ་ལ་བོ་དྷི་ཙིཏྟ་དང་ཁྲོ་བོ་ལ་རུ་ལུའི་མཐར། མ་མ་སརྦ་སིདྡྷི་ཧཱུྃ་ཕཊ། ཅེས་བཏགས་པ་ཅི་ནུས་སུ་བཟླ་ཞིང། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ། སླར་ཡང་མཆོད་གཏོར་རྒྱ་ཆེར་བཤམ། ལས་བྱང་རྒྱས་པར་བཏང་ནས་དངོས་གྲུབ་ལ་དམིགས་པའི་བཟླས་པ་ཅི་ནུས་བྱ། ཆོས་སྐྱོང་སོགས་གཏོར་བསྔོ་དང་ཚོགས་མཆོད་བརྟན་སྐྱོང་གི་བར་དུ་སོང་ནས། མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་མང་དུ་བཟླས་པས་ནོངས་པ་བཤགས། པད་གླིང་ལུགས་ཀྱི། ཧཱུྃ༔ རིག་རྩལ་ལྷུན་གྲུབ་སོགས་སམ། ཧཱུྃ། བདེ་གཤེགས་རྒྱལ་བ་ཞི་ཁྲོ་སོགས་དངོས་གྲུབ་སྐུལ་ཚིག་གང་རུང་མཐར། སྤྱི་ཛཔ྄་ལ། ཀཱ་ཡ་སིདྡྷི་ཨོཾ་སོགས་བཏགས་པ་བརྗོད་ལ། མདུན་བསྐྱེད་དཀྱིལ་འཁོར་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་བུམ་པ་གཏོར་མ་གནས་གསུམ་དུ་གཏུགས། གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ། གཏོར་ཟན་དང་བུམ་ཆུ་མྱངས་པས། བྱང་ཆུབ་སེམས་ཀྱི་དྭངས་མས་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་ཁྱབ་ཅིང་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམ་ལ་སྟོང་ཉིད་ཁྱབ་གདལ་ཆེན་པོར་མཉམ་གཞག་བྱ། རྗེས་ཆོག་ཤིས་བརྗོད་སྨོན་ལམ། མདུན་བསྐྱེད་རས་བྲིས་དང་རྟེན་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་གཤེགས། བསྡུ་ལྡང་ཡན་གཞུང་ལྟར་ལ། ཞལ་ནས་གསུངས་པས་ཐོག་དྲངས་པའི་ཤིས་བརྗོད་དང་ཐུན་མོང་མ་ཡིན་པའི་སྨོན་ལམ་མང་དུ་གདབ་ལ་མཐའ་རྒྱས་བྱ། ཁ་སྐོང་ཞི་བའི་སྦྱིན་སྲེག་སྤྱི་ཛཔ྄་ཇི་ཙམ་བཟླས་པའི་བཅུ་ཆ་བླུག །རྒྱལ་ཆེན་དང་ཕྱིའི་གཙང་རིས་ལ་གཏང་རག་མཆོད་གཏོར་ཕུལ་ནས་རང་གནས་སུ་གཤེགས། རྒྱལ་ཐོ་བཀྲོལ། གཏང་རག་ཚོགས་ཀྱི་དགའ་སྟོན་དང་གནས་སྲུང་སོགས་མཚམས་ཀྱི་བྱ་བ་སྤྱི་ལྟར་ཤེས་པར་བྱའོ། །ལྷུན་གྲུབ་ཞི་ཁྲོ་ཡེ་ཤེས་ཕྱག་རྒྱ་ཡིས། །གཉིས་སྣང་འཁོར་ལོ་ཀུན་ལ་བཏབ་ནས་ཀྱང་། །གཞིར་རྫོགས་དག་པ་རབ་འབྱམས་ཀློང་ཆེན་པོར། །འཁོར་འདས་གཉིས་མེད་ཐིག་ལེ་གཅིག་གྱུར་ཤོག །ཚུལ་འདིའང་བློ་ཆོས་སུ་ཅུང་ཟད་སོང་བའི་ཉམ་ཆུང་བློ་དམན་ཁ་ཅིག་རྒྱས་པ་ལག་ཏུ་མི་ཐེབས། བསྡུས་ཆེས་པས་བློ་ཁ་མ་ཚིམས་ཀྱང་འདི་བྱ་ངེས་པ་མ་རྙེད་པ་དག་མཐོང་བས་དེ་འདྲའི་རིགས་ལ་ངེས་པ་སྟེར་བྱེད་ཙམ་དུ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་ཞི་ཁྲོ་བདེ་གཤེགས་ཀུན་འདུས་ཀྱི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་སྔོན་འགྲོའི་བླ་མའི་རྣལ་འབྱོར་སྐབས་ (Volume 8, Text 24)

ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་སྔོན་འགྲོའི་བླ་མའི་རྣལ་འབྱོར་སྐབས། རྩ་བའི་བླ་མ་གུ་རུ་པདྨ་ཡིད་བཞིན་ནོར་བུའི་དབུ་གཙུག་ཏུ། ࿋ འཇམ་མགོན་རྡོ་རྗེ་འཆང་གཡུང་དྲུང་གླིང་པ་དཀར་གསལ་སྐུ་ན་སྨིན་ཉམས་ཅན། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། མགུལ་ཕུར་སྐུ་སྐེད་དུ་འཆང་བ། དབུ་ལ་པཎ་ཞྭ། ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་པདྨ་དཀར་དམར་གྱི་ཡུ་བ་ནས་འཛིན་པའི་མེ་ཏོག་སྙན་གོང་དུ་རྒྱས་པ། དེའི་གཡས་ཀྱི་ལྟེ་བར་ཤེས་རབ་ཀྱི་རལ་གྲི་དང་ཐེག་དགུའི་ཆོས་མཛོད་འདུས་པའི་གླེགས་བམ། གཡོན་པར་འཆི་མེད་བདུད་རྩིའི་ཚེ་བུམ་གཡུང་དྲུང་གཡས་སུ་འཁྱིལ་བས་མཚན་པ་བསྣམས་ཤིང་། ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། །དེའི་སྤྱི་བོར་སི་ཏུ་པདྨ་ཉིན་བྱེད་སྐུ་མདོག་དཀར་སྨུག་བསྒྲེས་ཚུལ། ཆོས་གོས་རྣམ་གསུམ་དང་བེར་ཕྱམ་ཅན། དབུ་ལ་དབང་རྟགས་ཅོད་པན་དམར་པོ་གསོལ་བ། ཕྱག་མཉམ་གཞག་གི་སྟེང་ན་ཚེ་བུམ་ནོར་བུ་དབང་རྒྱལ་གྱིས་མཚན་པ་འཛིན་ཅིང་། ཞབས་རྡོར་སྐྱིལ་གྱིས་རིན་པོ་ཆེའི་ཁྲི་དར་ཟབ་འབོལ་གྱི་སྟེང་དུ་བཞུགས་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་རྡོ་རྗེ་དྲག་པོ་སྐུ་མདོག་དམར་སྨུག་ཞི་ཁྲོ། སྐུ་སྟོད་ལ་མེ་ཁ་ལཱི་ལྗང་གུ །ཤམ་ཐབས་དང་བླ་གོས་དམར་པོ། དབུ་ཞྭ་པདྨ་མཐོང་གྲོལ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་གནམ་ལྕགས་ཀྱི་ཕུར་པ་གདེངས་ཤིང་ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་ཚེ་དབང་ནོར་བུ་དམར་སྨུག་སྒེག་ཉམས་གཟི་བྱིན་འབར་བ་སྐུ་སྟོད་ལ་མེ་ཁ་ལཱི་མཆིན་ཁ། ཤམ་ཐབས་དཀར་པོ། བླ་གོས་དམར་པོ། དབུ་ཞྭ་པདྨ་ཁ་འབུས་མནབས་པ། ཕྱག་གཡས་གསེར་རྡོར་ཐུགས་ཀ་དང་། གཡོན་མཉམ་གཞག་ཀ་པཱ་ལ་བདུད་རྩིས་བཀང་བ་བསྣམས་ཤིང་། ཞབས་ཟུང་ཕྱེད་སྐྱིལ་གྱིས་རོལ་བ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་པདྨ་བདེ་ཆེན་གླིང་པ་སོགས་གཞུང་ལྟར་བཀོད་པར་བྱའོ། །ཞེས་པའང་དབུ་ཟུར་ཀརྨ་ཡེ་ཤེས་འབྱུང་གནས་ནས་རྟེན་བཅས་བསྐུལ་བ་བཞིན་མཁའ་ཁྱབ་མིང་ལྡན་གྱིས་བཀོད་པ་དགེ། །།

དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་སྒྲུབ་ཐབས་ཆེ་ཆུང་དང་། བསང་མཆོད། མཆོད་ཐབས། བསྟོད་པ། བསྐུལ། རྩ་གཞུང་གཏོར་ཆོག །ཆུ་གཏོར། ཟིན་བྲིས་བཅས་ (Volume 51, Text 24)

༄༅། །དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་སྒྲུབ་ཐབས་ཆེ་ཆུང་དང་། བསང་མཆོད། མཆོད་ཐབས། བསྟོད་པ། བསྐུལ། རྩ་གཞུང་གཏོར་ཆོག །ཆུ་གཏོར། ཟིན་བྲིས་བཅས་བཞུགས་སོ། ། དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་དངོས་གྲུབ་དགོས་འདོད་ཀུན་འབྱུང་བཞུགས་སོ། །རྡོ་རྗེ་འཆང་དབང་བླ་མའི་ཞབས་པད་ལ། །རྣམ་ཀུན་དད་པས་ཕྱག་བགྱི་སྤྱི་བོར་མཆོད། །དམ་ཆོས་བསྒྲུབ་ལ་དངོས་གྲུབ་སྟེར་བའི་ལྷ། །དབྱུག་གུ་མཁའ་འགྲོ་གསུམ་གྱི་སྒྲུབ་པ་བསྟན། །དེ་ལ་ཐོག་མར་བཅས་བཤམ་ནི། གྲིབ་དང་མི་གཙང་བས་མ་གོས་ཤིང་བཀྲ་ཤིས་པའི་ས། དམེ་སྡིག་ཅན་དང་ཁྱི་བུད་མེད་སོགས་རྒྱུ་བ་མ་ཡིན་པ་དབེན་པའི་གནས་སུ་རིན་པོ་ཆེའི་ཟ་མ་ཏོག་གམ། ཤིང་གི་སྒྲོམ་བུ་གྲུ་བཞི་པར་ས་སྣ་ཆུ་སྣ་སོགས་ཀྱིས་བྱུག །མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་འབྲུའི་ཚོམ་བུ་གསུམ་བཀོད་པར་རོ་རས་སམ་ཤིང་ཤུན་ལ་ལྷ་བཟོ་མཁས་པས་ལྷ་མོ་གསུམ་གྱི་སྐུ་མངོན་རྟོགས་དང་མཚུངས་པའི་སྐྱ་རིས་བཏབ་ལ་ཐུགས་ཀའམ། སྐུ་རྒྱབ་ཏུ་མཚལ་དང་གྷི་ཧཾ་སིནྡྷུ་ར་གུར་གུམ་ཙནྡན་དམར་པོ་པདྨ་རཀྟ། མ་རྙེད་ན་ན་ཆུང་གཞོན་ནུ་མ་མདའ་མ་ཕོག་པའི་རཀྟས་སྲོག་སྔགས་འདོད་གསོལ་དང་བཅས་པ་བྲི། ཚོན་ལ་ཡང་རྫས་བསྲེས་ཤིང་ཚོན་སྦྱང་སྤྱན་དབྱེ་རབ་གནས་བསྐྱེད་བསྟིམས་བྱས་ལ་གཞུག །སྐུ་ཡི་མདུན་དུ་མན་ངག་ལས་བྱུང་བ་ལྟར་གྱི་བླ་རྡོ་སྲོག་འཁོར་འཛོམ་ན་བཞག །ཤར་དྲང་པོར་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟླུམ་པོ་དཀར་བྱུགས་རྒྱན་གྱིས་མཛེས་པ་དང་། ཁ་ཟས་འབྲུ་རིགས་ཤིང་ཏོག་ཤ་ཆང་སོགས་བཟའ་བཅའ་དང་བཏུང་བའི་རིགས་མང་དུ་བཤམས་ཤིང་། མཐར་ཉེར་སྤྱོད་བདུན་དང་འདོད་ཡོན་སྤྱན་གཟིགས་སོགས་ཀྱིས་བསྐོར། དང་པོ་ཞེ་ཐག་པ་ནས་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ཚད་མེད་པ་བཞི་བསྒོམ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་སྒྲུབ་པའི་མཐུན་རྐྱེན་དང་འགྲོ་བ་མཐའ་ཡས་པའི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་བའི་ཆེད་དུ་དབྱུག་གུ་མ་གསུམ་གྱི་བསྒོམ་བཟླས་ལ་འཇུག་པར་བྱ། བསམ་པའི་ངང་ནས་ལྷའི་རྣལ་འབྱོར་ལ་གནས་པས་བགེགས་གཏོར་བསྔོ། སྲུང་འཁོར་བསྒོམ། གུ་གུལ་བདུག །ཁྲུས་ཆབ་འཐོར། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རྒྱ་ཆེར་འཕྲོ་ཞིང་ཟག་པ་མེད་པའི་གཏེར་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས། རང་མདུན་རིན་ཆེན་ལས་གྲུབ་གཞལ་ཡས་དབུས། །མཉྫུ་ཤཱི་ཀའི་མེ་ཏོག་ཁ་བྱེ་བའི། །ཟེའུ་འབྲུ་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང་། །དངོས་གྲུབ་གཏེར་འབྱིན་དབྱུག་གུ་ལྷ་མོ་གསུམ། །དམར་ལྗང་མཐིང་བའི་མདོག་ཅན་སྒེག་པའི་གཟུགས། །ཞལ་གཅིག་ཕྱག་གཉིས་གཡས་ན་རིན་པོ་ཆེའི། །རབ་མཛེས་བུམ་པ་ནོར་བུས་གང་བ་དང་། །གཡོན་པས་རིན་ཆེན་འབར་བ་སངས་རྒྱས་ལ། །མཆོད་ཅིང་འགྲོ་ལ་དགོས་འདོད་སྩོལ་བ་འཛིན། །འཛུམ་པའི་བཞིན་རས་ཡིད་འོང་བལྟ་ན་སྡུག །དར་དཀར་སྟོད་གཡོགས་དབང་པོའི་གཞུ་འདྲ་བའི། །སྣ་ཚོགས་དར་གྱི་སྨད་དཀྲིས་དབུ་རྒྱན་དང་། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་བཞེངས་སྟབས་གར། །མངོན་སུམ་ལྷང་ངེར་སྐད་ཅིག་གསལ་བར་གྱུར། །རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་དང་། །མདུན་བསྐྱེད་ལྷ་ཡི་གནས་གསུམ་འོད་ཟེར་གྱིས། །རྒྱ་གར་ཡུལ་གྱི་ལྷོ་ནུབ་དུར་ཁྲོད་དང་། །རང་བཞིན་གར་བཞུགས་གནས་ནས་ཡེ་ཤེས་པ། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །ཧྲཱིཿ ཡེ་ཤེས་དབྱིངས་ལས་གང་འདུལ་འཇིག་རྟེན་ཚུལ། །སྒྲུབ་ལ་དངོས་གྲུབ་སྟེར་བའི་ཐུགས་དམ་ཅན། །གློག་ལྟར་མྱུར་བའི་ཕྲིན་ལས་དབང་མཛད་ལྷ། །ཀུན་འཁྱིལ་མཆེད་གསུམ་འདིར་གཤེགས་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཉེར་སྤྱོད་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཆོད་པའི་སྤྲིན། །ཕྱི་ནང་གསང་བའི་དགྱེས་མཆོད་ཇི་སྙེད་པ། །ནོར་སྟེར་ལྷ་མོ་གསུམ་ལ་འབུལ་བར་བགྱི། །ཐུགས་དམ་བསྐང་ལ་དབུ་འཕང་ངོ་སོ་བསྟོད། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་ལྟར། །དམ་ཆོས་སྒྲུབ་ལ་དངོས་གྲུབ་གང་འདོད་སྦྱིན། །རྟགས་དང་མཚན་མ་བཟང་པོ་མྱུར་དུ་སྟོན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རང་གི་ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་གསུམ་གྱི་ཐུགས་རྒྱུད་བསྐུལ་བས་ཇི་ལྟར་བསྒོ་བའི་ཕྲིན་ལས་བསྒྲུབ་པར་བསམ་ལ་སྔགས་བཟླ་ཞིང་། སླར་ཡང་འོད་ཟེར་གྱིས་ཐུགས་རྒྱུད་བསྐུལ་ཞིང་སྔོན་གྱི་དམ་ཚིག་དྲན་ནས། ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་ཐོགས་པ་རང་འདྲ་བའམ་དམར་མོའི་ཚོགས་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་ཕོ་རིགས་རྣམས་ཀྱི་སྙིང་དཀར་ནག་མཚམས་དང་། མོ་རིགས་རྣམས་ཀྱི་པདྨའི་ཟེའུ་འབྲུ་ནས་ལྕགས་ཀྱུས་བཏབ་སྟེ་དེ་དག་གི་ཁ་རྗེ་དབང་ཐང་བླ་ཡིད་སེམས་གསུམ་ཟས་ནོར་གོས་གསུམ། གཞན་ཡང་ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚེ་ནོར་ཆོས་གསུམ་སྲིད་དང་ཕྱྭ་གཡང་ས་བཅུད་བསོད་ནམས་སྟོབས་ཤུགས་དཔལ་འབྱོར་ཐམས་ཅད་བཀུག་ནས། རང་དང་གནས་ཁང་ལ་ཐིམ་པས་གནས་ཁང་རིན་པོ་ཆེའི་གཏེར་གྱིས་ཕྱུར་བུར་གང་བར་བསམ་པའམ། ལྷ་མོ་གསུམ་ལ་ཐིམ་པས་ལྷ་མོ་གསུམ་ལས་དངོས་གྲུབ་གང་འདོད་ཆར་དུ་བབ་ཅིང་གནས་ཁང་ཕྱུར་བུར་གང་བར་བསམ་ལ། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། གཙོ་ཆེར་བཟླ་ཞིང་། མཁའ་འགྲོ་དམར་མོའི་སྔགས། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། མཁའ་འགྲོ་ལྗང་གུའི་སྔགས། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། མཁའ་འགྲོ་སྔོན་མོའི་སྔགས། ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གསུམ་པོ་ཅི་ནུས་བཟླས་པས་རུང་ལ། བསྙེན་པའི་སྐབས་སུ་སྔགས་གསུམ་པོ་ལྷན་ཅིག་ཞག་ཉེར་གཅིག་གམ། ཡང་ན་སྔགས་གསུམ་པོ་སོ་སོར་ཞག་བདུན་རེ་བཟླ་བར་བྱའོ། །དེ་ལྟར་ཞག་ཉེར་གཅིག་བསྙེན་པ་རབ་ཀྱི་ཚད། འབྲིང་ཞག་བརྒྱད། ཐ་ན་ཞག་གསུམ་གྱིས་ཆོག་པར་བཤད། ཐུན་མཚམས་སུ་གཏོར་མ་ཆང་གིས་སྦྱར་བ། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལྷ་མོ་གསུམ་གྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨི་ལིང་ཀི །པི་ལིང་ཀི །ཀི་ལིང་ཀི །ཨ་ན་ལེ་ཀུན་དྷ་ལེ། གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ། ན་མ་ཤུ་ཀྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ་ཞིང་གྱེར་གྱིས་བསྔོ་བ་དང་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་པའི་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ། །སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །གཏོར་མ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་བསྒྲུབ་པའི་གྲོགས་གྱིས་ལ། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །འགྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །མ་གཡེལ་མཁའ་འགྲོ་མྱུར་མགྱོགས་ཅན། །སྔོན་གྱི་དམ་བཅའ་རྗེས་དགོངས་ལ། །མགོ་ནག་མི་ཡི་སྙིང་ལག་སྒུལ། །རྣམ་ཤེས་ཁུག་ལ་དབང་དུ་སྡུས། ཁམས་གསུམ་སྲིད་གསུམ་ནོར་དང་རྫས། །ལོངས་སྤྱོད་འདོད་དགུའི་ཆར་རྒྱུན་ཕོབ། །ཡིད་ལ་གང་བསམ་དངོས་གྲུབ་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཐུན་གཉིས་པའི་སྐབས་སུ་གཏོར་མ་ཆངས་བུ་གསུམ་གྱིས་གསོ། ཆང་གིས་སྦྱར་ཏེ་འབུལ་བར་བྱའོ། །བཟོད་གསོལ་བདག་བསྐྱེད་བསྡུ་རིམ་འོད་གསལ་བསྒོམ་པ་སོགས་བྱ། ༈ དེ་ལྟ་བུ་ཐུན་གསུམ་བསྐྱེད་པའི་བསྙེན་པའི་རྟགས་ནི། བུད་མེད་བཟང་མོས་ཟས་གོས་སྟེར་བ་དང་གསང་ཚིག་སྨྲ་བ་དང་། ཕྱག་དང་བཀུར་སྟི་བྱེད་པ་དགའ་བའི་རྣམ་འགྱུར་དང་། དཀར་གསུམ་སྟེར་བ། རིན་པོ་ཆེའི་གཏེར་རྙེད་པ། ནོར་རྫས་ཀྱི་ཁལ་བཀལ་བའི་དུད་འགྲོ་ཚུར་བྱུང་བ་དང་། ཤིང་ཐོག་དང་རྩྭ་སྔོན་ཤིང་དང་ཡུང་དང་ལོ་ཐོག་འབྲུའི་ཚལ་སོགས་རྨིས་ན་འགྲུབ་པའི་རྟགས་དང་། དངོས་སུ་ཡང་འདུ་བ་བཟང་པོ་འབྱུང་བར་འགྱུར་རོ། །ངན་པའི་རྟགས་ནི་བུད་མེད་འཐབ་པ་དང་ནོར་འཕྲོག་པ་ཁྲོས་པ་རྨིས་ན་ཐུན་མཚམས་སུ་ཡིག་བརྒྱ་མན་ངག་ལྟར་བཟླ། མི་ཆུན་པའི་རྟགས་བྱུང་ན་ཡི་དམ་གྱི་བསྒོམ་བཟླས་བསྐྱེད་རིམ་ང་རྒྱལ་གྱིས་གཅུན། སྤྲང་མོར་བྱུང་ན་གཏོར་མ་ཟས་ཕུད་རྒྱ་ཆེར་གཏང་། བུད་མེད་ཁ་ཤྭ་མ་ལྗགས་སྟོན་པ་བྱུང་ན་སྒྲུབ་པའི་རྟགས་གཞན་ལ་གསང་། ཡང་ན་སྔགས་ལྷག་ཆད་བྱུང་བར་གོ་དགོས། བྷ་ག་སྟོན་ན་འཁུ་བའི་རྟགས། ཡུགས་ས་བྱུང་ན་བར་ཆད་འབྱུང་བས་རིམ་གྲོ་ལ་འབུངས། གཞན་ཡང་རིག་པས་འཕྲུལ་ཤེས་པར་བྱའོ། །དེ་ལྟར་བསྙེན་ཚད་རབ་འབྲིང་ཐ་གསུམ་སྔོན་དུ་སོང་ནས། ༈ དབང་གི་ལས་སྦྱོར་ཙཀྲ་བསྒྲུབ་པ་ནི། གུད་དུ་སྦས་པ་ལྟར་ཙཀྲ་བྲི་སྟེ་དེ་ཡང་རིགས་གཉིས་ཀྱི་གང་རུང་ཞིག་བྲི་གྲུབ་ནས་རང་མདུན་གཞི་ཁོད་སྙོམས་པ་དར་དམར་གྱིས་བཀླུབས་པར་ཙཀྲ་བཀོད། སྐྱབས་སེམས་སྔོན་འགྲོ་བགེགས་བསྐྲད་ནས་གཟུང་གཏོར་འབུལ་བཅས་རྫོགས་པར་བཏང་། ཨོཾ་ཨཾ་པ་ཀཾ་པ་ཞི་པ་ཨ། ཨོཾ་མ་སེ་ལ་དུམ་པ་ཞི་སྭཱ་ཧཱ། ཞེས་པའི་སྔགས་འདི་ཐུན་རེ་ལ་བརྒྱ་སྟོང་ལ་སོགས་བཟླ་ཞིང་། ཡང་དྲིལ་ཉི་མ་གསུམ་ལ་ཁྲི་ཕྲག་གཅིག་རྫོགས་པར་བཟླ་གསུངས་ཤིང་། སྔགས་བཟླ་བ་ལ་རང་གི་མདུན་གྱི་ཙཀྲ་ལ་ཧ་ཡང་བཏབ། དམིགས་ཡུལ་ཙཀྲ་ལ་འགུགས་གཞུག་གཟིར་གསུམ་བྱ་བར་བཤད་པས་བསྒྲུབ་བྱ་སྤྱི་དང་བྱེ་བྲག་ནོར་རྫས་རྣམས་རང་རང་གི་ཡིད་གཟུགས་དང་རྫས་དེ་ཡི་རྣམ་པ་འཁོར་ལོ་ལ་ཡང་ཡང་བསྟིམ། ཁྱད་པར་མདུན་གྱི་ལྷ་མོ་རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རང་འདྲ་ལྕགས་ཀྱུ་ཐོགས་པ་གོང་ལྟར་འཕྲོས་ནས་བསྒྲུབ་བྱ་བཀུག་བསྟིམ་ནན་ཏན་བྱ། དམིགས་ཡུལ་དང་ནོར་ལོངས་སྤྱོད་གང་འདོད་ཕྲིན་ལས་བཅོལ། ཡིད་ཀྱིས་མོས་འདུན་ཡང་ཡང་བྱ། དེ་ལྟར་བསྒྲུབ་ཟིན་ནས་ཙཀྲ་དར་དམར་གྱིས་གཏུམས་ལ་རང་གི་གོང་བ་གཡས་པའི་ནང་མི་མཐོང་བར་བྱས་ལ་བཙེམ་ཏེ་བཅང་། དེ་ལྟར་བྱས་པས་དམིགས་བྱ་ཆེ་ཕྲ་གང་ཡིན་ཡང་དབང་དུ་འདུ་ནས་སྦྱིན་བདག་ཏུ་འགྱུར།་་་ཙཀྲ་ཆ་མང་པོ་དུས་གཅིག་སྒྲུབ་ན་གོས་སོ་སོའི་གོང་བའི་ནང་རེ་རེ་བཙེམ་པའོ། །ཡང་གོས་རྙིང་པ་འདོར་ན་ཙཀྲ་གོས་གསར་པ་ལ་སྤོ་བར་རུང་། གལ་ཏེ་དབང་དུ་མ་འདུས་ན་ཙཀྲ་གོང་ལྟར་བྲིས་ལ་རབ་ཞག་གསུམ་སྔགས་ཁྲི་ཕྲག་བཟླ་བའམ། དེ་ལྟར་མ་གྲུབ་ཚེ་བརྒྱ་སྟོང་ཙམ་གྱིས་སྔགས་བགྲང་སྟེ་དྲིལ་ལ་ལ་ཆས་གཏུམ་སྟེ་དམིགས་ཡུལ་གྱི་ཐེམ་འོག་སྦ། དེ་ལྟར་མ་གྲུབ་ན་རང་གི་ཐེམ་འོག་སྦ། མཆོད་གནས་དབང་སྡུད་ཡིན་ན་སྒོ་ཡི་ཡ་ཐེམ་ལ་སྦས། དེ་ལྟ་བུས་བསྒྲུབ་བྱ་དམིགས་ཡུལ་དབང་དུ་མི་འདུས་མི་སྲིད་པས་ཡིད་གཉིས་མི་བྱེད་པ་གལ་ཆེ། དམ་ཚིག་ཏུ་ཆག་མེད་ཉམས་སུ་ལེན་པ་དང་། སྒྲུབ་པའི་རྟགས་དང་ཡོ་བྱད་གཞན་ལ་གསང་བ། རང་གི་ཟས་ཕུད་གཞན་ལ་མི་སྟེར་བ། ཡི་དྭགས་ཆུ་སྦྱིན་དང་ཟས་ཟ་ཁར་སུ་རུ་པའི་གཏོར་མ་གཏང་། ཉམས་གྲིབ་མཁོན་ལ་འཛེམ་ཞིང་གནོད་སེམས་སྤང་། གྲིབ་ཅན་དང་དམ་ཉམས་ལ་མི་འགྲོགས། བྱི་བ་ལ་མི་འཚེ། ཟས་ནོར་ལོངས་སྤྱོད་ཅི་བྱུང་ཡང་ཆགས་སེམས་སྒེར་མནོག་སེར་སྣ་བདག་འཛིན་མི་བྱེད་པར། དཀོན་མཆོག་མཆོད་པ་མཁའ་འགྲོའི་དུས་གཏོར་སྦྱིན་པ་གཏང་བ། དགེ་འདུན་དང་གཙུག་ལག་དུས་མཆོད་སོགས་ཀྱི་ཆ་རྐྱེན་དང་། དེའི་རས་མ་གང་བྱུང་གིས་རང་གི་སྒྲུབ་རྫས་ཆོས་བརྒྱགས་ཀྱི་ཐེབས་བྱ་ཞིང་། ལོགས་འཚོ་སྐྱུར་འགོང་རྒྱབ་སེར་དང་བུ་ཚ་ཕོ་མོ་ཚུན་མིའི་ལྟོ་གོས་འཚོ་ཆས་སུ་མ་སོང་བ་གལ་ཆེ། སྒྲུབ་པ་གྲོལ་ཁ་ལྷ་གསུམ་བྲིས་སྐུ་ལ་བསྟིམ། དགེ་བ་བསྔོ། བཀྲ་ཤིས་བརྗོད་པ་སྤྱི་ལྟར་རམ། བརྟན་བཞུགས་ལྟ་བུ་ཡིན་ན། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས་ཤྭ་ལོ་ཀ་དང་། ཡིག་བརྒྱ་དབྱངས་གསལ་བཅས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཇི་སྲིད་བརྟན་པར་བཞུགས་ནས་ཀྱང་། །འདོད་པའི་དོན་རྣམས་སྩོལ་བ་དང་། །བཀྲ་ཤིས་དགེ་ལེགས་འཕེལ་བར་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྒྱུན་གྱི་རྣལ་འབྱོར་ཆངས་བུ་ལ་བརྟེན་ནས་བསྒྲུབ་པ་དང་། ནུབ་མོའི་ཆར་མཁའ་འགྲོ་འདུ་བའི་དུས་སྲོད་ལ་མན་ངག་གི་སྔགས་བགྲང་བ་དང་། ཁྱད་པར་གྱི་ལས་ཚོགས་ཙཀྲ་ཁ་བསྒྱུར་གྱི་རིམ་པ་རྣམས་ནི་གདམས་པ་མི་འཆལ་བའི་ཕྱིར་གུད་དུ་གསལ་བ་འོ། །ཞེས་རྗེ་གོང་མ་རིན་པོ་ཆེ་ཀུན་མཁྱེན་ཆགས་མེད་ཞབས་ཀྱིས་ནོར་ལྷ་སྤྱི་གཏོར་རྒྱབ་ཆོས་ཆིག་བརྒྱུད་སོགས་དང་འགའ་ཞིག་ནས་ཞིབ་ཏུ་གསལ་བར་བསྟན་པ་དང་། ས་སྐྱའི་གསེར་ཆོས་ཀྱི་གདམས་པ། བཀའ་གདམས་ལས་བརྒྱུད་པ་སོགས་མི་འདྲ་བའི་ཁྱད་ཆོས་ཀྱི་མན་ངག་མང་པོ་མཐོང་ཞིང་། དེ་དག་གི་དོན་བསྡུས་ཤིན་ཏུ་ཟབ་པ་གནད་ཚང་བ་འདི་བསྒྲིག་པར་རུང་བའི་གནང་བ་ཡང་ཡང་ཞུས་ཏེ། ཕྱག་དང་མཎྜལ་མཆོད་པ་སོགས་བརྒྱ་རྩ་ཕུལ་ཞིང་གསོལ་བ་བཏབ་ནས། ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་ལྕགས་ཕག་ཟླ་ཚེས་བཟང་པོར་བྲིས་པ་དགེ་ལེགས་འཕེལ། །འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཉམ་ཞིང་དགོས་འདོད་ལྷུན་གྲུབ་འབད་མེད་འབྱུང་བར་གདོན་མི་ཟ་ཞིང་ཤིན་ཏུ་གསང་བ་གལ་ཆེ།། །། ༄༅། །ཡིད་བཞིན་ནོར་བུ་དབང་གི་ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་གཏེར་འབྱུང་ཟབ་འདྲིལ་གནད་ཚང་ཁྱེར་བདེ་བ་བཞུགས་སོ། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་པད་ལ། །གུས་པས་ཕྱག་འཚལ་དངོས་གྲུབ་སྦྱིན་མཛད་ལྷ། །དབྱུག་གུ་མ་གསུམ་སྒྲུབ་ཐབས་ཁྱེར་བདེ་བྲི། །བླ་མ་ལྷ་དང་མཁའ་འགྲོས་གནང་བ་སྩོལ། །སྒྲུབ་པའི་རྟེན་ཇི་ལྟར་འོས་པའི་ཚོགས་བཤམ། མཆོད་གཏོར་དང་མཐུན་རྫས་སོགས་བཤམ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་གསང་བའི་བདག་པོ་བསྒྲུབ། །ཨ། ཆོས་རྣམས་སྨྲ་བསམ་བརྗོད་བྲལ་སྟོང་པ་ཉིད། །རང་སེམས་ཧཱུྃ་ཡིག་སྔོན་པོའི་འོད་ཟེར་གྱིས། །གནམ་ས་གསེར་དང་གནམ་ལྕགས་རལ་གྲིའི་གུར། །དེ་ཕྱིར་རྡོ་རྗེའི་རྭ་གུར་མེ་རི་འབར། །དེ་དབུས་པད་ཉིར་ཧཱུྃ་ཡིག་ཡོངས་གྱུར་ལས། །རང་ཉིད་འབྱུང་འདུལ་མཐིང་ནག་ཁྲོས་པའི་ཉམས། །རྩ་ཕྱག་ཐུགས་ཀར་འབྱུང་འདུལ་ཕྱག་རྒྱ་དང་། །འོག་གཉིས་རྡོ་རྗེ་སྡིགས་མཛུབ་བགེགས་ལ་གཟིར། །ཞབས་གཉིས་འདོར་ཐབས་མེ་དཔུང་དབུས་ན་བཞུགས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །དབང་ལྷ་དང་བཅས་སྤྱན་དྲངས་དབང་བསྐུར་ནས། །དབང་རྟགས་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་ལས་རྣམས་མྱུར་འགྲུབ་གྱུར། །ཧཱུྃ་བཛྲ་ཕཊ། ཨརྒྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས་བསྟོད། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་སོགས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་མཆོད་པའི་ཡོ་བྱད་རྣམས་བསམ་གྱིས་མི་ཁྱབ་པ་འདོད་ཡོན་ལྔ་ཡི་གཏེར་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། མདུན་དུ་རིན་ཆེན་ལས་གྲུབ་ཁང་བཟང་དབུས། །ཆུ་སྐྱེས་འདབ་སྟེང་ཟེའུ་འབྲུར་ཟླ་གདན་ལ། །ཟས་གོས་ནོར་གྱི་ལྷ་མོ་དམར་ལྗང་མཐིང་། །ན་ཆུང་གཞོན་ནུའི་ཚུལ་འཆང་སྒེག་པའི་གཟུགས། །གསུམ་ཀ་བཞེངས་སྟབས་དར་དཀར་སྟོད་གཡོགས་དང་། །སྣ་ཚོགས་དར་གྱི་སྨད་དཀྲིས་རྒྱན་གྱིས་སྤྲས། །ཕྱག་ན་བུམ་བཟང་རིན་ཆེན་འབར་བ་བསྣམས། །གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཐུགས་སྲོག་ལས། །འོད་འཕྲོས་རྒྱ་གར་ལྷོ་ནུབ་དུར་ཁྲོད་དང་། །ཨོ་རྒྱན་ཡུལ་སོགས་རང་བཞིན་གར་བཞུགས་ནས། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །ཧྲཱིཿ ཡེ་ཤེས་དབྱིངས་ལས་གང་འདུལ་འཇིག་རྟེན་ཚུལ། །སྒྲུབ་ལ་དངོས་གྲུབ་སྟེར་བའི་ཐུགས་དམ་ཅན། །མ་ཁྱོད་མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །རིན་ཆེན་ཁྲི་དང་པད་ཟླའི་གདན་ལ་བཞུགས། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཆོད་པའི་སྤྲིན། །ཕྱི་ནང་གསང་བ་བསྐང་རྟེན་བསྒྲུབ་པའི་རྫས། །མ་ཚང་མེད་པའི་དགྱེས་མཆོད་འདོད་རྒུའི་གཏེར། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ནོར་བདག་ལྷ་མོ་གསུམ་ལ་དབུལ་བར་བགྱི། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །བདག་ཅག་བག་མེད་དབང་གྱུར་ཉེས་ཚོགས་དང་། །ལྷ་སྔགས་སྲོག་འཁོར་མན་ངག་གཞན་ལ་སྤེལ། །གསང་བ་བསྒྲགས་དང་དམ་ཚིག་ཉམས་ཆག་བཤགས། ཁྱེད་ནི་མྱུར་མགྱོགས་ཕྲིན་ལས་གློག་ལྟ་བུས། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་ལྟར། །དམ་ཆོས་སྒྲུབ་པའི་ཆ་རྐྱེན་ཡོ་བྱད་སྤེལ། །རྟག་ཏུ་ལོངས་སྤྱོད་འབྱོར་པས་ཕྱུག་པ་དང་། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་དངོས་གྲུབ་སྩོལ། །ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྤྱི་དྲིལ་དུ་བཟླ་བ་དང་། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་གུད་སྦས་ཙཀྲའི་སྐབས་མཐོང་བ་བརྒྱུད་པ་ལྟར་བྱས་ལ། ཨོཾ་ཨཾ་པ་ཀཾ་པ་ཞི་པ་ཨ། ཨོཾ་མ་སེ་ལ་དུམ་པ་ཞི་སྭཱ་ཧཱ། ཁྲི་ཕྲག་བཟླ་བར་བཤད་པའོ། །ཙཀྲ་ནོར་བུ་སྣ་ཚོགས་མདོག་གི་སྐབས། ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་བཟླ་བ་སོགས་ཇི་ལྟར་འོས་པ་བྱ། ཐུན་མཚམས་གཏོར་མ་ཆང་གིས་སྦྱང་ལ། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཁཾ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་མང་ཞིང་རྒྱ་ཆེ་བ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ལྷ་མོ་གསུམ་གྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་གསོལ་བར་གྱུར། སྔགས་གསུམ་གཅིག་སྦྲེལ་མཐར། ཅང་ཏེའུ་རྡུང་ཞིང་སྦྱར་སྤོས་བཏུལ་བ་དང་བཅས། དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུ་སྟོན་ཕྲིན་ལས་མཛད་པའི་ལྷ། །སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །གཏོར་མ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་བསྒྲུབ་པའི་གྲོགས་ཀྱི་ཕྱིར། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །འགྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །ལྷ་ཀླུ་མི་ཡི་རྒྱལ་པོ་དང་། །འགྲོ་བ་མི་ཡི་རྣམ་ཤེས་ཁུག །མི་སྙིང་སྒུལ་ལ་མི་འགྲམ་ཆོགས། །དབང་དུ་སྡུས་ལ་ཟིལ་གྱིས་ནོན། །ཟས་ནོར་ལོངས་སྤྱོད་རིན་ཆེན་རིགས། །ཇ་དར་རྐང་བཞི་རྟ་ཕྱུགས་དང་། །གོ་མཚོན་མཆོད་ཆ་རྟེན་གསུམ་སོགས། །མཁོ་བའི་ཡོ་བྱད་མྱུར་དུ་སྤེལ། །འབྲུ་དང་ཤིང་ཐོག་བཟའ་བཅའི་ཚོགས། །བདུད་རྩི་སུ་ར་ཨ་མྲྀ་ཏ། །བཏུང་བར་འོས་པ་ལ་སོགས་པ། ཁ་ཟས་ཞིམ་དགུའི་དངོས་གྲུབ་སྩོལ། །འཇིག་རྟེན་ཁམས་ན་དབང་ཆེ་བ། །དྲེགས་ལྡན་རྒྱལ་པོ་ས་ཡི་བདག །མཁས་གྲུབ་སྐྱེས་ཆེན་ལ་སོགས་པ། །དབང་བཙན་རྩལ་དྲག་ཡོན་ཏན་ལྡན། །སྟོབས་དང་སྙན་གྲགས་གདུལ་བྱ་ཅན། །འཁོར་འབངས་ཕྲིན་ལས་ཅན་གྱི་ཚོགས། །མ་ཐོགས་དབང་སྡུས་ཟིལ་ནོན་ལ། །སྟོབས་འབྱོར་མངའ་ཐང་བདག་ལ་བྱིན། །མདོར་ན་ཅི་ལྟར་འདོད་པ་ཡི། །ཕྲིན་ལས་མཐའ་དག་ཁྱོད་ཀྱིས་སྒྲུབས། །མཐུ་རྩལ་ཅི་འདུག་ད་བལྟ་འོ། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ལས་འདི་མ་གཡེལ་ཅིག །གཏོར་མ་འབུལ་ཕྲིན་ལས་བཅོལ་ནས་གང་འདོད་དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད་དོ། །བརྟན་བཞུགས་དགོས་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཇི་སྲིད་བར་དུ་བརྟན་པར་བཞུགས། །གང་འདོད་དངོས་གྲུབ་སྩོལ་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རང་གིས་བྱས་པའི་སྒྲུབ་ཐབས་སོགས་ཀྱི་ཡིག་ཆ་གཞན་དུ་ལུས་ཤིང་སྐབས་ཐོག་མི་དབང་ཆེན་པོ་ཟུང་གི་བཞེད་པ་སྐོང་བའི་དོན་འགའ་ཞིག་ལ་མཁོ་བས་ཡིག་ཆའི་དོན་ཚང་འདི་གནང་བ་ཞུས་ཏེ། མཎྜལ་ཕུལ། གསོལ་བ་བཏབ་ནས་ཆུ་ཕག་ཟླ་བ་བཅུ་པའི་ཚེས་བཅུ་ལ་བྲིས་པ་རྟེན་འབྲེལ་བཟང་བར་སེམས་སོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤིན་ཏུ་གསང་བ་མཁའ་འགྲོའི་སྙིང་ཁྲག་ས་མ་ཡ་རྒྱ་རྒྱ་རྒྱ། ཁ་ཐཾ། གུ་ཧྱ།། །། ༄༅། །ལྷ་མོ་གསུམ་གྱི་བསང་མཆོད་མདོར་བསྡུས་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། འདིར་དབྱུག་གུ་ལྷ་མོ་མཆེད་གསུམ་ལ་བསང་གི་མཆོད་པ་འབུལ་བར་སྤྲོ་ན། ཕྱེ་མར་འབྲུ་སྨན་ཇ་ཆང་འོ་ཞོའི་ཕུད་གཙང་མར་བཤམས། བཟང་ཤིང་སྣ་ཚོགས་ཀྱི་དུད་སྤྲིན་གཏུལ། མཆོད་པ་བྱས་ལ། རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། ཀྱེ། མཁའ་སྤྱོད་དག་པ་ཨོ་རྒྱན་མཁའ་འགྲོའི་ཡུལ། ཁྱད་པར་རྒྱ་གར་ལྷོ་ནུབ་དུར་ཁྲོད་དང་། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་པོ། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །མ་ཐོགས་མཆོད་པའི་སླད་དུ་གནས་འདིར་གཤེགས། །རིན་ཆེན་ཁྲི་དང་པད་ཟླའི་གདན་ལ་བཞུགས། །དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་ཀླུ་མི་རྣམས་ཀྱི། །ལོངས་སྤྱོད་ཕྱི་ནང་གསང་བའི་མཆོད་པ་འབུལ། །བཟང་ཤིང་སྨན་སྤོས་ཕྱེ་མར་འབྲུ་སྣ་དང་། །ཇ་ཆང་འོ་ཞོ་དར་ཟབ་ལ་སོགས་པ། །དག་བྱེད་ཞུགས་སྦར་བསང་གི་དྲི་བསུང་གིས། །ནམ་མཁའ་ས་གཞི་བར་སྣང་རྒྱས་པར་འགེངས། །ཀུན་འཁྱིལ་ལྷ་མོ་མཆེད་གསུམ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བསང་ངོ་ཉམས་ཆག་བསྐང་། ཁྱོད་ནི་དབང་གི་ལྷ་མོ་མྱུར་མགྱོགས་ཅན། །སྲིད་གསུམ་འགུགས་བྱེད་མ་མོ་ཆེན་མོ་སྟེ། །གནད་ནས་བསྐུལ་ལོ་དམ་བཅས་མ་གཡེལ་བར། །ཟས་གོས་ནོར་དང་ལོངས་སྤྱོད་འདོད་དགུའི་ཚོགས། །མ་ཐོགས་དབང་སྡུས་གནས་འདིར་རི་ལྟར་སྤུངས། །མཚོ་ལྟར་སྐྱིལ་ལ་ཆར་བཞིན་འབེབ་པར་མཛོད། །ལྷ་ཀླུ་མི་ཡི་རྒྱལ་བློན་འབངས་འཁོར་གཡོག །བླ་ཁུག་ཡིད་སྒྱུར་སེམས་ཉིད་དབང་དུ་སྡུས། །དམ་པ་ཆོས་ཀྱི་སྣོད་དུ་འགྱུར་བ་དང་། །བཀྲ་ཤིས་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་ལྕགས་ཡོས་ཟླ་བ་དང་པོའི་ཚེས་གཅིག་ཐོ་རངས་ཉམས་ཀྱི་སྣང་བར་ཤར་བཞིན། པདྨ་འཆི་མེད་གྲུབ་པའི་དབང་པོས་བྲིས་པ་དགེ། །། ༄༅། །ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་མཆེད་གསུམ་གྱི་མཆོད་ཐབས་དབང་གི་ལྕགས་ཀྱུ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། གསང་བདག་མཆོག་ལ་གུས་བཏུད་ནས། །ལྷ་མོ་མཆེད་གསུམ་མཆོད་པའི་ཐབས། །མདོར་བསྡུས་དོན་འདྲིལ་འདིར་བཀོད་ན། །བླ་མ་མཁའ་འགྲོས་གནང་བ་སྩོལ། །ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་ལ་དོ་གལ་གྱིས་དངོས་གྲུབ་ཁྱད་པར་ཅན་ཞུ་བ་དང་། ཡང་ན་སྔ་བཅོལ་གྱི་ལས་གྲུབ་པའི་གཏང་རག་གམ། སྒྲུབ་པ་ཆེན་པོའི་ལས་སྦྱོར་མཇུག་མཆོད་གསོལ་བསྐང་བཤགས་བརྒྱ་རྩ་བྱེད་ཐབས་ནི། རིན་པོ་ཆེའི་སྣོད་དུ་གཏོར་མ་བཟང་པོ་གསར་དུ་བཤམ། ཁ་ཟས་སྣ་ཚོགས་དཀར་མངར་གྱི་བཟའ་བཅའ་རི་ལྟར་སྤུངས། འབྲུ་བཅུད་གསེར་གཡུའི་ཕྱེ་མ་སོགས་གལ་དུ་བཤམ། སྨན་སྤོས་བཟང་ཤིང་གི་དུད་སྤྲིན་གཏུལ། བསང་མཆོད་བྱས་ལ། ཨོཾ་ཨ་མྲྀཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་མཆོད་པའི་ཡོ་བྱད་རྣམས་བསམ་གྱིས་མི་ཁྱབ་པ་འདོད་ཡོན་ལྔའི་གཏེར་དང་ལྡན་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱེ། མཁའ་སྤྱོད་དག་པ་ཨོ་རྒྱན་མཁའ་འགྲོའི་གླིང་། །ཡུལ་ཆེན་ཉེར་བཞི་སོ་གཉིས་གནས་མཆོག་དང་། ཁྱད་པར་རྒྱ་གར་ལྷོ་ནུབ་དུར་ཁྲོད་ནས། །དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་ནི། །རྣལ་འབྱོར་གདུང་བས་སྤྱན་འདྲེན་འབོད་ལགས་ན། །ཐོགས་མེད་གློག་ལྟར་མྱུར་བས་གནས་འདིར་གཤེགས། །རིན་ཆེན་ཁྲི་དང་པད་ཟླར་དགྱེས་པར་བཞུགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །ངོ་མཚར་མཆོད་པ་བཅོ་བརྒྱད་རྒྱལ་སྲིད་བདུན། །རིན་ཆེན་དར་ཟབ་སྨན་སྣ་དཀར་མངར་ཕུད། །རྩ་བརྒྱད་སྟོང་སྦྱར་དམ་རྫས་བདུད་རྩི་སྨན། །སྲིད་གསུམ་དྭངས་བཅུད་དམར་ཆེན་རཀྟའི་མཚོ། ཁ་ཟས་སྣ་ཚོགས་བཟའ་བཅའ་རི་ལྟར་སྤུངས། །ཟག་མེད་བདུད་རྩིའི་གཏོར་མ་གསེར་སྐྱེམས་ཕུད། །ཞིབ་མར་འབྲུ་སྣ་ཇ་ཆང་འོ་ཞོ་དང་། །བཟང་ཤིང་སྣ་ཚོགས་དུད་སྤྲིན་ནམ་མཁའ་གང་། །མདའ་དར་མེ་ལོང་རིན་ཆེན་བུམ་པ་བཟང་། །སྐུ་གཟུགས་རིས་སུ་བྲིས་དང་འབུར་དུ་བཏོད། །སྲོག་སྙིང་གསེར་དངུལ་རང་བྱུང་མཚལ་གྱིས་བྲིས། །མུ་ཏིག་ཤེལ་རྒོད་བྱེ་རུའི་བླ་རྡོ་དང་། །སྲོག་གི་འཁོར་ལོ་ཕྱི་ནང་གསང་བའི་རྟེན། །སྐབས་གསུམ་གྲོང་མཚན་ལྷུན་པོའི་རྒྱལ་པོ་དང་། །གླིང་བཞི་གླིང་ཕྲན་ས་འཛིན་བདུད་རྩིའི་མཚོ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཆོད་པའི་སྤྲིན། །སྤྱན་གཟིགས་དཀོར་ཆ་འདོད་དགུའི་གཏེར་ཆེན་པོ། །དངོས་འབྱོར་ཡིད་སྤྲུལ་བློ་ཡིས་བླངས་བྱས་ནས། །དབང་གི་ལྷ་མོ་གསུམ་ལ་འབུལ་གྱིས་བཞེས། །གསོལ་ལོ་མཆོད་དོ་དབུ་འཕང་ངོ་སོ་བསྟོད། །ཐུགས་དམ་བསྐང་ངོ་ཉམས་ཆག་འགལ་འཁྲུལ་བཤགས། །བསང་ངོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་དབང་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ཌཱ་ཀི་པི་ཤཱ་ཙི་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུ་སྟོན་ཕྲིན་ལས་མཛད་པའི་ལྷ། །སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །གཏོར་མ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་སྒྲུབ་པའི་གྲོགས་ཀྱི་ཕྱིར། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །འགྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །བསྐུལ་ལོ་མཁའ་འགྲོ་མྱུར་མགྱོགས་ཅན། །ཐུགས་དམ་མ་གཡེལ་དུས་ལ་བབས། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །འདོད་དགུ་ལོངས་སྤྱོད་དངོས་གྲུབ་སྩོལ། །མདོར་ན་ཡིད་ལ་གང་བསམ་པ། །ཕྲིན་ལས་མཐའ་དག་ཁྱོད་ཀྱིས་སྒྲུབས། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ལས་འདི་མ་གཡེལ་ཅིག །གཏོར་མ་གསོ་ཕོག་རེ་རེ་ལ་ཚར་གང་འགྲུབ་དང་། གསེར་སྐྱེམས་བསང་མཆོད་སོགས་སྐབས་སྐབས་སུ་འབུལ། ཡང་གསོ་བྲན་སྐབས་བྱིན་རླབས་ཚར་རེ་དང་། དངོས་གཞི་ལ་གྲངས་གཟུང་ངོ་། །དེ་ལྟར་ཡིད་བཞིན་ནོར་བུ་དབང་གི་ལྷ་མོའི་མཆོད་ཐབས་འདི་ཡང་ཡང་གསོལ་བ་བཏབ་ནས་གནང་བ་ཞུས་ཏེ་དབུ་བརྩམས་ཀྱང་བཀའ་རྒྱ་དམ་པས་ཕྱི་ཤོལ་ཡང་ཡང་དུ་བྱུང་བས། ཕུན་ཚོགས་དགེ་བ་རྒྱས་པའི་ས་ཡི་ལྕི་དོག་གཞུང་སེར་རྩ་དགོན་གྱི་བླ་བྲང་དུ་རྫོགས་ཆེན་རྣལ་འབྱོར་འོད་གསལ་ཀློང་ཡངས་ཀྱིས་བྲིས་པའོ།། །། དབྱུག་གུ་ལྷ་མོ་སྤུན་གསུམ་ལ་བསྟོད་པ་ཏམྦུ་ར་ཡི་སྒྲ་དབྱངས་བཞུགས་སོ། །ཀ་ཡེ་གསོན་དང་དབྱུག་གུ་ལྷ་མོ་གསུམ། ཁ་དོག་མཐིང་ལྗང་དམར་མཛེས་སྒེག་པའི་གཟུགས། །ག་ཤལ་རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན། །ང་ཁྱོད་སྔོན་ནས་དམ་ཚིག་གཅིག་འབྲེལ་བས། །ཅ་ཅོའི་བསྟོད་དབྱངས་རོལ་མོའི་སྒྲས་བསྐུལ་ན། །ཆ་ལུགས་རྣམ་འགྱུར་དུ་མའི་རོལ་པས་གཤེགས། །ཇ་ཆང་ཕུད་དང་གསེར་སྐྱེམས་མཆོད་གཏོར་བཞེས། །ཉ་རྒྱས་གདན་དང་མཉྫུ་ཤཱི་ཀའི་དབུས། །ཏ་ཐཱ་ག་ཏའི་འོད་ཟེར་ལས་འཁྲུངས་ཤིང་། །ཐ་དད་མཁའ་འགྲོ་སྤུན་གསུམ་ཚུལ་སྟོན་པ། །ད་ལྟ་སྙིགས་དུས་དམ་ཆོས་སྒྲུབ་རྣམས་ལ། །ནཱ་ནཱ་ཁ་དྷེའི་ཟས་དང་འཇིག་རྟེན་གསུམ། །པཱ་ཤང་ཀུ་རུའི་ཕྲིན་ལས་མྱུར་མཛད་ནས། །ཕ་རོལ་སྡང་སེམས་ཅན་རྣམས་བྱམས་ཤིང་འདུ། །བ་མོར་ཉི་ཟེར་ཇི་བཞིན་རྐྱེན་ངན་སོལ། །མ་གསུམ་མཁའ་འགྲོའི་དམ་ཚིག་སྐུལ་བའི་སྔགས། །ཙ་མེ་ཨུ་མེ་ནི་དང་ཚོམ་མེ་ལེ། །ཚ་མེ་ཨུ་མེ་དུ་ཁའི་སྔགས་ཟབ་མོ། །ཛ་ཡའི་དགོངས་དོན་བཞིན་བཟླས་གྲངས་ཐེམས་ན། །ཝ་ལེར་ཡིད་ཀྱིས་མངོན་ཤེས་ལྡན་པ་མོས། །ཞ་མོ་ཟླ་གམ་ཟབ་བེར་ལྷབ་ལྷུབ་གོས། །ཟ་འཐུང་ལོངས་སྤྱོད་མཁོ་དགུའི་འབྱོར་པ་སྤེལ། །འ་འུར་སྙན་གྲགས་གདུལ་བྱ་རྒྱས་པ་དང་། །ཡ་མཚན་འགྲན་ཟླ་བྲལ་བའི་ཕྲིན་ལས་མཛོད། །ར་བ་སླས་ཁྱིམ་རྟ་ཕྱུགས་ནོར་གྱིས་ཁོངས། །ལ་ཆེན་རྒྱ་གར་ལྷོ་ནུབ་དུར་ཁྲོད་དུ། །ཤ་ཝ་རི་དང་ཀླུ་སྒྲུབ་པད་འབྱུང་བཀའ། །ས་མ་ཡ་ཡི་དམ་ཚིག་ཕོག་པ་ལྟར། །ཧ་ཅང་ཐུགས་དམ་ཕྲིན་ལས་མ་གཡེལ་ཅིག །ཨ་ཡིག་སྐྱེ་མེད་རྒྱལ་ཡུམ་དོན་རྟོགས་ཤོག །གསེར་སྐྱེམས་ནམ་མཁར་གཏོར། །ལྷ་མོ་མཆེད་གསུམ་མཆོད་པའི་ཚུལ། །ཀརྨ་པ་ཡི་སློབ་འབངས་ཀྱི། །ཐ་ཤལ་བསྟན་འཛིན་ཕྲིན་ལས་མིང་། །རྒྱལ་ཁམས་པ་དེས་མགྱོགས་པར་བྲིས།། །། ༄༅། །ཨུ་པ་དྷེ་ཤ །ཤིན་ཏུ་ཟབ་པའི་མན་ངག་གནད་ཀྱི་གདམས་པ། ལྷ་མོ་གསུམ་གྱི་གནད་བསྐུལ་མདའི་མདེའུ་ལྟ་བུ་ནི། མ་བྷྱོཿ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས། །རབ་ཏུ་འཇིགས་པའི་དུར་ཁྲོད་དང་། །ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །མ་མོ་ཆེན་མོ་རྫུ་འཕྲུལ་ཅན། །སྲིད་གསུམ་ཀུན་ལ་དབང་སྒྱུར་མ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །སྒྲུབ་ལ་དངོས་གྲུབ་སྟེར་བའི་བདག །ཀུན་འཁྱིལ་མཆེད་གསུམ་མཚན་ཡང་གསོལ། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །སྙིགས་མ་ལྔ་བརྒྱའི་ཐ་མ་ལ། །བསྒྲུབ་ལ་དངོས་གྲུབ་སྟེར་བ་དང་། །འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ཅིང་། །བསྟན་འགྲོའི་དོན་ཆེན་བྱེད་པ་ལ། །འཚོ་བའི་ཆ་རྐྱེན་མི་ཕོངས་ཤིང་། །ལོངས་སྤྱོད་འཕེལ་བར་དམ་བཅས་བཞིན། །དུས་ལ་བབ་བོ་ས་མ་ཡ། །མ་གཡེལ་མ་འདའ་མ་དང་སྲིང་། །མ་གཡེལ་མ་འདའ་གྲོགས་དང་བྲན། །སྐུ་ཤུགས་ཕྱུངས་ལ་ཕྲིན་ལས་མཛོད། །ལྷ་ཀླུ་མི་ཡི་རྒྱལ་པོ་དང་། །བཙུན་མོ་བློན་འབངས་སྟོབས་རྩལ་ཅན། །ཆེ་དགུ་དྲེགས་ལྡན་མ་ལུས་ཀུན། །དབང་དུ་སྡུས་ལ་ཟིལ་གྱིས་ནོན། །མཁས་གྲུབ་སྐྱེས་ཆེན་དགེ་འདུན་སྡེ། །སྔགས་པ་ཤེས་ལྡན་རིག་གནས་མཁས། །འབྱོར་ལྡན་ཁྱིམ་བདག་ཕོ་མོ་དང་། །ལོ་ཀའི་སྐྱེས་པ་བུད་མེད་སོགས། །དབང་སྡུས་ཡིད་སྒྱུར་སེམས་རྩ་དཀྲུགས། །མི་སྙིང་སྒུལ་ལ་མི་སེམས་གཡོས། །སྣང་བ་སྒྱུར་ལ་ལག་པ་སྒུལ། །རང་དབང་མེད་པར་དབང་དུ་སྡུས། །གཡང་ཅན་ནོར་དང་བཅུད་ཅན་ཟས། །བང་མཛོད་འབྲུ་ནོར་ཇ་དར་གོས། །རྐང་བཞི་རྟ་ཕྱུགས་བཞོན་པའི་ཚོགས། །སྲིད་ན་ཡོད་དགུ་དབང་སྡུས་ལ། །ཟད་མེད་ལོངས་སྤྱོད་འཕེལ་བར་མཛོད། །མདོར་ན་སྣང་སྲིད་ཐམས་ཅད་ཀུན། །མོས་པ་རྣམ་བཞིའི་ངང་ཚུལ་དུ། །དབང་དུ་སྡུས་ལ་ཟིལ་གྱིས་ནོན། །མཐུ་དང་ནུས་པ་ཅི་འདུག་བལྟ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨི་ལིང་ཀི །པི་ལིང་ཀི །ཀི་ལིང་ཀི །ཨ་ན་ལེ། ཀུན་དྷ་ལེ། གྲྀཧྞ་པི་ཎ་ཌ། པི་ཤཱ་ཙི་ན་ཡེ། ན་མ་ཤུ་ཏྲ་མུ་ཏྲི། མ་ཧཱ་པི་ཤཱ་ཙི་ན་ཡེ། ཧ་རི་ནི། འགུལ་འགུལ། མ་མ་ཧྲིང་ཧྲིང་། མ་མ་ཁ་ཤི །མི་སྙིང་སྒུལ་སྒུལ། མི་འགྲམ་ཆོགས་ཆོགས། མི་ལག་སྒུལ་སྒུལ། མི་སེམས་དཀྲུགས་དཀྲུགས། ཧྲིང་ཧྲིང་། སྡུས་སྡུས། མ་མ་ཁ་ཤི་བཾ། སརྦ་ནཱ་ནཱ་ཁ་དྷེ། སིདྡྷི་སྡུས་སྡུས་སྭཱ་ཧཱ། ཞེས་སྣང་བ་དབང་སྡུད་བསེ་ལང་མཁའ་འགྲོའི་སྔགས་ཅི་ནུས་བཟླ་འོ། །བྱི་བ་ཕོ་མོའི་ཙཀྲ་ཡོད་ན། རང་གི་ཐུགས་ཀའི་འོད་ཟེར་གྱིས། མཁའ་འགྲོའི་ངོ་བོ་བྱི་བ་ཕོ་མོའི་ཐུགས་རྒྱུད་བསྐུལ། གང་འདོད་དངོས་གྲུབ་འོད་ཟེར་དང་ནོར་རྫས་ཀྱི་རྣམ་པར་བསྡུས། བྱི་བ་ལ་ཐིམ་པས་བྱི་བའི་ཁ་ནས་ཇི་ལྟར་འདོད་པའི་ནོར་རྫས་སྐྱུགས་པར་བསམ་ལ། ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་བསྒྲུབ་པས་ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ་པ་གདོན་མི་ཟའོ། །གནད་ཀྱི་མན་ངག་གུད་སྦས་ཤིན་ཏུ་ཟབ་པ་གཞན་ལ་མ་སྤེལ། ྀཨཚ་རྒྱ། རྣལ་འབྱོར་འོད་གསལ་ཀློང་ཡངས་ཀྱི་སྙིང་ནོར་འདི་ཁོ་ནའོ།། །། ༄༅། །ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི་གཏོར་ཆོག་ནི། རང་ཉིད་ཛམ་དཀར་གསལ་བའི་མདུན། །རང་བྱུང་འཕྲུལ་གྱི་གཞལ་ཡས་དབུས། །པད་ཉི་ཟླ་བའི་གདན་གྱི་སྟེང་། །ལྷ་མོ་ཀུན་འཁྱིལ་མཆེད་གསུམ་ནི། །དབུས་སུ་ནོར་གྱི་ལྷ་མོ་མཐིང་། །གཡས་སུ་གོས་ཀྱི་ལྷ་མོ་ལྗང་། །གཡོན་དུ་ཟས་ཀྱི་ལྷ་མོ་དམར། །ཀུན་ཀྱང་ཆ་ལུགས་མཐུན་པ་རུ། །བཞེངས་ཐབས་ནོར་བུ་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཐུགས་སྲོག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱིས། །མཆོད་པ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་བསྒྲུབ་པའི་གྲོགས་ཀྱི་ཕྱིར། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །ཟས་གོས་ནོར་དབྱིག་དགོས་འདོད་ཚོགས། །ཆར་རྒྱུན་བཞིན་དུ་སྩོལ་བར་མཛོད། །ཧྲཱིཿ དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་ནི། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་བསྒྲུབ་པའི་ལྷ། །སྣ་ཚོགས་མཛད་པ་རིན་ཆེན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་མོ་གསུམ་གྱི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་ཟས་གོས་ནོར་དབྱིག་ཐམས་ཅད་དབང་དུ་བསྡུས་ནས་བདག་གི་གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཁེངས་པར་བསམ་ལ་རྣམ་པར་མི་རྟོག་པའི་གཟུངས། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་དུ་ཁ་ཐེན་སྭཱ་ཧཱ། ཞེས་དང་སྔགས་འདི་ཅི་ནུས་བགྲང་། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། མཐར་ལྷ་མོ་རང་ལ་བསྡུ། རང་ཡི་དམ་མི་དམིགས་པ་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས་ཆོག་གོ །འདི་འདོན་མི་ཉིན་མོའི་སྐར་མ་ཙམ་འདུག་ཀྱང་ད་དུང་ཤིན་ཏུ་གསང་བར་བྱའོ། །ཞེས་པ་འདི་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །། ༄༅། །དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་ཆུ་གཏོར་དངོས་གྲུབ་བུམ་བཟང་བདུད་རྩིའི་ཆུ་གཏེར་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡ། འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། ལྷ་མོ་གསུམ་གྱི་ཆུ་གཏོར་གྱི་ལག་ལེན་ཡང་ཟབ་བསྟན་པ་ནི། བཤམ་བཀོད་མཐོང་བརྒྱུད་བཞིན་བྱ། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་གིས། །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཡིད་འོང་རྒྱན་དང་ལྡན་པར་གྱུར། །མདུན་དུ་རིན་ཆེན་ལས་གྲུབ་པའི། །གཞལ་མེད་ཁང་དབུས་པད་ཟླའི་སྟེང་། །ས་བོན་འོད་ཀྱི་འཕྲོ་འདུ་ལས། །ཟས་གོས་ནོར་གྱི་ལྷ་མོ་གསུམ། །དམར་ལྗང་མཐིང་བའི་ཁ་དོག་ཅན། །བཅུ་དྲུག་ལོན་ཚུལ་སྒེག་པའི་ཉམས། །ཀུན་ཀྱང་ཆ་ལུགས་མཐུན་པ་རུ། །བཞེངས་ཐབས་ནོར་བུ་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གནས་གསུམ་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡེ་སཏྭཾ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱིས་བསང་། སྭ་བྷཱ་བས་སྦྱང་། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བའི་བདུད་རྩིར་གྱུར། །ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་མའི་ནང་དུ་བབས་པ་ལས། །གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། གསུམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །སོགས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཡིད་བཞིན་ནོར་བུ་དབང་གི་ལྷ། །ཟས་གོས་ནོར་གྱི་བདག་མོར་འབུལ། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཆུ་སྦྲེང་ཞིང་། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས། ཨརྒྷཾ་སོགས། གཏོར་རིལ་ལམ་མར་གྱི་ཛཾ་ལུཾ་བཤམས་ལ་ཆུ་སྦྲེང་ནས། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལྷ་མོ་གསུམ་གྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི །ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ། ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ། །སྣ་ཚོགས་མཛད་པ་ཡིད་བཞིན་ནོར་ལྟ་བུ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང། །མི་འཛད་གཏེར་གྱི་བུམ་བཟང་འཛིན་མཛད་མ། །ཀུན་འཁྱིལ་ལྷ་མོ་གསུམ་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སེམས་ཅན་ཀུན་དོན་དུ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །སྐྱེ་བ་འདི་དང་གཞན་དུ་ཡང་། །ཟས་གོས་ནོར་གྱིས་མི་ཕོངས་ཤིང་། །སྦྱིན་པའི་ཕར་ཕྱིན་རྫོགས་པ་ཡི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །སྲིན་ལག་གིས་ཆུ་ཡི་ཕུད་ནམ་མཁར་གཏོར། ཨོཾ་ཨཱཿཧཱུྃ། ཞེས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད་པར་མོས། བར་པ་རང་གི་ལག་ཏུ་བཅངས་དངོས་གྲུབ་ཐོབ་པར་བསམ། ཐ་མ་ཕྱོགས་བཅུར་གཏོར། ལྷ་མོ་གསུམ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་མི་དམིགས་པར་མཉམ་པར་བཞག །ཅེས་བ་རི་ལོ་ཙཱ་བའི་གདམས་པ་གསེར་ཆོས་ཀྱི་གྲས་ཤིན་ཏུ་ཟབ་པའི་མན་ངག་ལས་བཏུས་ཏེ། ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་ཤིང་ཕག་ཟླ་བ་གསུམ་པའི་ཚེས་དགེ་བར་གནང་བ་ཞུས་ནས་བཀོད་པའོ།། །། ༄༅། །དབྱུག་གུ་ལྷ་མོའི་ཆབ་གཏོར་ཟིན་བྲིས་དངོས་གྲུབ་མཆོག་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །འཇིག་རྟེན་མགོན་ལ་རབ་བཏུད་དེ། །དབྱུག་གུ་ལྷ་མོ་མཆེད་གསུམ་གྱི། །ཆབ་གཏོར་དམིགས་རིམ་འདིར་བཀོད་ན། །ལྷ་དང་སྲུང་མས་གནང་བ་སྩོལ། །དེ་ལ་སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི་ཉ་སྟོང་ཚེས་བརྒྱད་ལྟ་བུའི་དུས་ཁྱད་པར་ཅན་ནམ། འགྲུབ་སྦྱོར་གཡང་སྐར་སོགས་ཀྱི་ཉིན་མོར་སྔ་དྲོའི་ཆར་དུག་རིགས་མ་ཡིན་པ་ཟངས་སྣོད་གཙང་མ་ཆག་གས་མེད་པར་མཉྫི་ལྟ་བུ་བརྟན་པར་བཞག །མར་རིལ་ཛཾ་ལུམ་གཏོར་ཆུ་གཙང་མ་འདུ་བགྱིས། སྣོད་ཐོག་མ་ནས་ཆུས་བཀང་ཞིང་སྟོང་པར་མི་བཞག །གཏོར་མ་གཞན་དང་མ་འབྲེལ་ན། ཐོག་མར་སྐྱབས་སེམས་ཡིད་ལ་འདྲེས་ངེས་བྱ་ཞིང་། དངོས་གཞི་ལ་རང་ཉིད་ཁ་སརྤ་ཎི་གཞུང་ལྟར་བསྒོམ་པའི་མདུན་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ནང་བར་ཁྱམས་སུ་རིན་པོ་ཆེས་ཕྱུར་བུར་གཏམས་པའི་དབུས་སུ་པད་སྡོང་སུམ་ཚོམ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུར་ཧ་རི་ནིའི་ཡི་གེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་དབུལ་ཕོངས་འཇིགས་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་ལྷ་མོ་གསུམ་གཞུང་ལྟར་བསྒོམ་པའི་གནས་གསུམ་འབྲུ་གསུམ་དང་ས་བོན་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་ཨོ་རྒྱན་དང་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་དུར་ཁྲོད་ནས་ཡེ་ཤེས་པ་སྤྱན་དྲངས། དམ་ཡེ་དབྱེར་མེད་འདྲེས། པདྨའི་གདན་ལ་བཞུགས་པར་བསྒོམ། ཨ་མྲྀཏས་བགེགས་བསྐྲད། སྭ་བྷཱ་བའི་སྔགས་ཀྱིས་དངོས་འཛིན་སྟོང་པར་སྦྱངས། རིན་པོ་ཆེའི་སྣོད་དུ་གཏོར་མ་དམ་ཚིག་གི་བདུད་རྩིར་མོས་ལ། དེ་ནས་རང་གི་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ། ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གསལ་བ་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་ཚུལ་དུ་ཟླ་བ་དང་འདྲེས་པའི་འོད་ཀྱི་གང་བུའི་རྣམ་པ་བདུད་རྩིའི་རང་བཞིན་གྱི་རྒྱུན་བབས། གཏོར་སྣོད་དུ་ལྷུང་བས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་དབྱེར་མེད་དུ་འདྲེས། དེ་བཞིན་གཤེགས་པ་བཞི་ཡི་མཚན་དང་སམྦྷ་རའི་སྔགས་བརྗོད་བཞིན་ལས། སྤེལ་སྒྱུར་ཐོབ་ཚིམ་རང་རང་གི་སྨོན་ལས་བཞིན་འགྲུབ་པས། བདུད་རྩི་འོ་མ་ལྟ་བུར་གྱུར་ཅིང་མཚོ་ལྟར་འཁྱིལ་པ་ལྷ་གསུམ་གྱི་ལྗགས་འོད་ཀྱི་སྦུ་གུས་བཅུས་ནས་གཏོར་མའི་བཅུད་གསོལ་བར་དམིགས་ལ། ཆུ་སྦྲེང་ཞིང་སྔགས་བརྒྱ་རྩ་བརྒྱད་བགྲང་ཚེ་དམིགས་པ་ནི། གཏོར་མ་བདུད་རྩིའི་རང་བཞིན་ཕུལ་བས་སྐུ་གསུང་ཐུགས་ལ་ཟག་མེད་བདེ་བ་ཆེན་པོས་མཉེས་ཤིང་ཚིམས་ནས། སྔོན་ཚེ་དམ་བཅས་ཞལ་གྱིས་བཞེས་པ་བཞིན་དུ་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་བྱིན་མཐུ་ཚེ་དཔལ་བསོད་ནམས་མངའ་ཐང་ལོངས་སྤྱོད་མི་ནོར་རྟ་ཕྱུགས་རིན་ཆེན་འབྲུ་ཡི་གཡང་། ཁས་དྲགས་སྟོབས་རྩལ་སོགས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། མདུན་གྱི་ལྷ་མོ་གསུམ་ལ་ཐིམ། ཁྱད་པར་རང་ལ་དབང་གི་དངོས་གྲུབ་རྣམས་སོ་སོར་བསྡུ་བ་དང་བསྟིམ་པ་སོགས་བྱས་ཤིང་། ལྷ་མོ་གསུམ་ལས་ཚེ་དཔལ་བྱིན་མཐུ་འཁོར་འདས་ཀྱི་དཔལ་ཡོན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་ལ་ཐིམ། ལྷ་མོའི་སྐུ་དང་ན་བཟའི་སུལ་ཕྱག་མཚན་རྣམས་ལས་གང་འདོད་དངོས་གྲུབ་ཐམས་ཅད་ཆར་ལྟར་བབས་རི་ལྟར་སྤུངས། མཚོ་ལྟར་འཁྱིལ་ཕྱོགས་སུ་མི་ཤོང་ཙམ་གང་བར་དམིགས། རང་གི་ཐུགས་ལས་ཉེར་སྤྱོད་ཐོགས་པའི་ལྷ་མོ་སྤྲོས། ཨརྒྷཾ་སོགས་ཀྱིས་མཆོད་བཞིན་པས། གཏོར་སྣོད་དུ་ཛཾ་ལུམ་དང་ཆུ་གསོས་ལ། རིན་པོ་ཆེའི་སྣོད་དུ་གཏོར་རྫས་བདུད་རྩིའི་རང་བཞིན་དུ་མོས། གཞུང་ལྟར་སྔགས་ཀྱིས་ཕུལ། བསྟོད་ཅིང་ཕྲིན་ལས་བཅོལ་པས་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་བསམ་པ་དངོས་གཞི་དང་། རྗེས་ཀྱི་རིམ་པ་ལ། ཆུ་སྲིན་ལག་གིས་ནམ་མཁར་གཏོར་ཞིང་ཨོཾ་ཨཱཿཧཱུྃ་བརྗོད་པ་དང་མཉམ་ལྷ་མོ་གསུམ་གྱི་ཕྱག་གཡས་ནོར་བུ་འབར་བ་ལས་འོད་ཟེར་འཕྲོས་པའི་རྩེ་ལ་ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། རི་རབ་གླིང་བཞི་ལྷ་མི་ཀླུའི་ལོངས་སྤྱོད་མཆོད་པའི་སྤྲིན་ཆེན་པོས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་ལ་མཆོད་ཅིང་མཉེས་པར་བྱས། ཆུ་བར་པ་རང་གི་ལག་མཐིལ་དུ་བཅངས་པ་དང་མཉམ། ཕྱག་གཡོན་རིན་པོ་ཆེའི་བུམ་བཟང་བདུད་རྩིས་བཀང་བ་ལས་གང་འདོད་ནོར་གྱི་ཆར་དབབ་དབུལ་ཕོངས་བཀྲེས་སྐོམ་གྱི་འཇིགས་པ་བསལ། ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱས། ཐ་མ་ཕྱོགས་ཐམས་ཅད་དུ་གཏོར་བས་སྣང་གསལ་ལྷ་མོའི་འོད་ཀྱིས་སེམས་ཅན་དབུལ་ཕོངས་བཀྲེས་སྐོམ་འབྱུང་བའི་རྒྱུ་རྐྱེན་ངན་པ་དང་དེའི་སྡུག་བསྔལ་ཐམས་ཅད་བསལ། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། དེ་བཞིན་དུ་རང་གིས་གང་འདོད་པ་ཆར་བབས་པ་ལྟར་གྱུར་ཏེ་བསམ་པ་རྫོགས་པར་བསམས་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ས་བོན་ཐེབས་ཏེ་འདི་ཡི་ཟབ་ཁྱད་ཡིན་ནོ། །ལྷ་འདི་ནི་འཇིག་རྟེན་གྱི་མཁའ་འགྲོ་རང་རྒྱུད་པར་གཟུང་མི་རུང་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ནང་ནས་འཁྲུངས་ཏེ་ཕྱི་རབ་སྒྲུབ་པོའི་འཚོ་བ་སྤེལ་བའི་ལྷར་བྱིན་གྱིས་བརླབས་ནས་རྣམ་པར་མི་རྟོག་པའི་གཟུང་དང་རྟོག་པ་སོགས་གསུངས་པའི་ལོ་རྒྱུས་ཡོད་དོ། །གཞན་ཡང་རྒྱུ་མཚན་མང་ངོ་། །མཐར་ལྷ་མོ་གསུམ་དངོས་གྲུབ་ཀྱི་རྫས་རི་ལྟར་སྤུངས། མཚོ་ལྟར་བསྐྱིལ་པ་དང་བཅས་འོད་དམར་པོར་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་མི་དམིགས་པར་སྤྲོས་བྲལ་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་དར་ཅིག་མཉམ་པར་བཞག །བཀྲ་ཤིས་དང་བསྔོ་བ་དང་སྨོན་ལམ་སོགས་གང་འོས་བྱ། དབྱུག་གུ་མའི་ཆབ་གཏོར་ཟིན་བྲིས་འདིའང་ཀརྨ་ཨ་བྷཱ་ཡས་བསྐུལ་ངོར། རྣལ་འབྱོར་པ་འོད་གསལ་ཀློང་ཡངས་ཀྱིས་བསམ་གཏན་ཁང་བུར་ཡར་ཚེས་བརྒྱད་ཀྱི་ཉི་ཤར་ལ་དཀྱུས་བྲིས་སུ་བཏབ་པ་དགེ་བར་གྱུར་ཅིག། །།

འོད་དཔག་མེད་ཀྱི་དབང་བསྐུར་གྲངས་གསོག་བྱ་ཚུལ་ (Volume 21, Text 24)

འོད་དཔག་མེད་ཀྱི་དབང་བསྐུར་གྲངས་གསོག་བྱ་ཚུལ་བཞུགས་སོ། །ཨོཾ་སྭསྟི། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་དབང་བསྐུར་བརྒྱ་རྩ་སོགས་གྲངས་གསོག་པར་འདོད་ན། ཐོག་མར་ཐུགས་ཀྱི་དབང་བསྐུར་ཡན་གཞུང་ལྟར་རྒྱས་པར་བསྐུར་པའི་མཚམས། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་གསོལ་བ་བཏབ་པས་མདུན་གྱི་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བར་སྤྲོས་ཏེ་བུམ་པའི་བདུད་རྩིས་དབང་བསྐུར་ཞིང་། སྐུ་གསུང་ཐུགས་ཀྱི་གནས་ནས་སྐུ་དང་། སྔགས་ཕྲེང་། ས་བོན་གྱི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ཅིང་། སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། གཟུངས་བུམ་ཐོགས་ཏེ། ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོཏབྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཟུགས་ཐོགས་ལ། ཧཱུྃ༔ འགྲོ་འདུལ་བདེ་གཤེགས་སྲས་བཅས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཱི༔ སྤྲོ་ན་སྔགས་ཕྲེང་དང་། མེ་ལོང་གི་དབང་བསྐུར་བའི་ཚིགས་བཅད་སྦྱར་ནའང་རུང་མོད། འོན་ཀྱང་བསྡུས་པའི་སྐབས། སྐུ་གསུང་ཐུགས་ལྷན་ཅིག་ཏུ་བསྟིམས་པས་འཐུས་ཏེ་གོང་གི་ཚིག་དང་སྔགས་དོན་ལ་དཔྱད་པས་ཤེས་སོ། །མཐར་བཀྲ་ཤིས་ཚིགས་བཅད་གང་རུང་རེ་བརྗོད། དེ་ལྟ་བུའི་རིམ་པས་གྲངས་བཟུང་ལ་རྫོགས་པ་ན། སླར་ཡང་མོས་གུས་དྲགས་པོ་དུང་དུང་པ་བྱས་པས་སོགས་གཞུང་ལྟར་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་པ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ (Volume 58, Text 24)

༄༅། །དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་པ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭ་ཡ། རྡོ་རྗེ་མི་སློབ་འོད་གསལ་དབྱིངས། །སེམས་དཔའ་ཟུང་འཇུག་སྒྱུ་མའི་སྐུ། །དབྱེར་མེད་བླ་མ་ལ་བཏུད་ནས། །བསྐྱེད་རྫོགས་མན་ངག་སྙིང་པོ་དབྱེ། །དེ་ལ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་སྙིང་ཏིག །སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། དཔལ་རྡོ་རྗེ་སེམས་དཔའ་སངས་རྒྱས་མཉམ་སྦྱོར་གསང་ཆེན་རིགས་གཅིག་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོའི་དོན་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། དབང་དང་མན་ངག་ཐོབ་ཅིང་དམ་ཚིག་དང་སྡོམ་པར་གནས་པའི་སྒྲུབ་པ་པོས། གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱ། ངག་གནད་རླུང་རོ་དགུ་ཕྲུགས་སུ་བསལ་བས་རང་སོར་གཞག །སེམས་ཀྱི་གནད་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྤྱི་བོར་བླ་མ་བསྒོམ་ཞིང་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས་རང་ལ་བསྟིམ། ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པའི་ངང་ནས་ཁྲིད་ཀྱི་དམིགས་པ་ལ་འཇུག་གོ །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་ཚུལ་དང་། འཇིག་སླ་ཞིང་ནམ་འཆི་བའི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གི་རྗེས་སུ་འབྲང་སྟེ། འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པའི་ངང་ཚུལ་ལ་བསམས་ནས་ངེས་འབྱུང་གི་བློ་ཤུགས་དྲག་ཏུ་བསྐྱེད་དོ། །གཉིས་པ་ཐུན་མིན་སྔོན་འགྲོ་ལ་དྲུག །ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ། ལམ་གྱི་སྙིང་པོ་སེམས་བསྐྱེད་པ། གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ། ཁྱད་པར་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གསག་མཎྜལ། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པ་ལས་ཞིང་ཡོངས་སུ་དག་པ་འོག་མིན་སྟུག་པོ་བཀོད་པའི་རྣམ་པར་གསལ་བའི། རང་གི་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ཀུན་རྫོབ་བརྡའི་སྐྱབས་འགྲོ་དང་། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ་སོགས་ཇི་ལྟར་རིགས་པ་བྱ། གཉིས་པ་ལམ་གྱི་སྙིང་པོ་སེམས་བསྐྱེད་ནི། ཀུན་རྫོབ་སྨོན་འཇུག་གི་དམིགས་པ་གསལ་བཏབ་ལ། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ཞེས་བརྗོད་ཅིང་དོན་དམ་བྱང་སེམས་རང་བཞིན་གཉུག་མའི་ངང་དུ་ངལ་གསོ། གསུམ་པ་གསག་སྦྱང་སྤེལ་བའི་གནད་བསྡུས་ཡན་ལག་བདུན་པ་ནི། ཀུན་རྫོབ་དང་དོན་དམ་པའི་ཡན་ལག་བདུན་པ་ཟུང་དུ་འབྲེལ་བའི་དམིགས་འདོན་རྩེ་གཅིག་པས། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ ཅེས་བརྗོད། བཞི་པ་ཁྱད་པར་གྱི་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། གློ་བུར་འཁྲུལ་པའི་ཐ་མལ་ལུས༔ གདོད་ནས་དག་པ་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔ ཅེས་རང་ཉིད་ཀྱི་གཞི་ལུས་རྡོ་རྗེ་སེམས་དཔར་གསལ་བཏབ་ཅིང་། ཐུགས་ཀར་པད་ཟླ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་མཚན་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་ལྟུང་བག་ཆགས་དང་བཅས་པ་དག །སྣང་གྲགས་རྟོག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་གྱུར་པར་མོས་ལ། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་བཟླས་མཐར་རང་བཞིན་མེད་པའི་ཆོས་ཉིད་ཀྱི་ངང་དུ་མཉམ་པར་གཞག །ལྔ་པ་ཚོགས་གསག་མཎྜལ་ནི། སྒྲུབ་པའི་མཎྜལ་སྐྱབས་ཡུལ་གསལ་བཏབ་པའི་སྤྱན་སྔར། མཆོད་པའི་མཎྜལ་ཚོམ་བུ་བདུན་མ་མཚོན་བྱེད་དུ་བཀོད་དེ། ཀུན་རྫོབ་དང་དོན་དམ་པའི་མཎྜལ་གྱི་དམིགས་འདོན་ཟུང་དུ་འཇུག་པས། སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་ལ་པཱུ་ཛ་ཧོ༔ ཞེས་དབུལ། དྲུག་པ་བྱིན་རླབས་འཇུག་པར་བྱེད་པ་བླ་རྣལ་ནི། སྐྱབས་ཡུལ་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔར་གསལ་བ་ཉིད་སྐུ་བཞི་དབྱེར་མེད་པའི་ངོ་བོར་མོས་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས། ཨོཾ་ཨཱཿཧཱུྃ། ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་དུ་འདུད༔ ཡིད་ལ་གསུམ་པའི་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་ནས་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་མཐར་བླ་མ་རང་ལ་བསྟིམ། རང་གི་སྒོ་གསུམ་ཀུན་གཞི་དང་བཅས་པ་དང་། བླ་མའི་གསང་གསུམ་ཡེ་ཤེས་བཅས་དབྱེར་མེད་དུ་འདྲེས། དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་བསྒོམ་རུང་དང་། སྐུ་བཞི་ཐོབ་རུང་གི་རྟེན་འབྲེལ་རྒྱུད་ལ་བཞག་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་རིག་སྟོང་གཉུག་མའི་ངང་བསྐྱང་ངོ་།། །།གཉིས་པ་དངོས་གཞི་ལ་གསུམ། གཞི་བསྐྱེད་པའི་རིམ་པ། ལམ་ཐབས་ཀྱི་རིམ་པ། འབྲས་བུ་གྲོལ་བའི་རིམ་པའོ། །དང་པོ་ལ་གཉིས། རགས་པ་དབྱིབས་ཀྱི་རྣལ་འབྱོར་དང་། ཕྲ་བ་ཐིག་ལེའི་རྣལ་འབྱོར་ལ་བསླབ་པའོ། །དང་པོ་ལ་གསུམ། དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་གསལ་གདབ་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། དེ་བཞིན་ཉིད་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་། དམིགས་པ་མེད་པའི་སྙིང་རྗེ་ཀུན་སྣང་སྒྱུ་མ་ལྟ་བུར་རང་ཤར་བ་ལས། རྒྱུའི་ཏིང་ངེ་འཛིན་ཨ་དཀར་པོ་ནམ་མཁར་གནས་པའི་འོད་ཟེར་གྱིས་སྣོད་བཅུད་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས་ཏེ་སྟོང་པའི་ངང་། ཡུམ་ལྔའི་རང་བཞིན་དུ་རྣམ་པར་དག་པའི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གཟུགས་ཀྱི་སྣང་ཆར་ཤར་བའི་རྟེན་གཞལ་ཡས་ཁང་པ་དང་། བརྟེན་པ་ལྷ་བསྐྱེད་པའི་ཚུལ་དམིགས་འདོན་ཟུང་དུ་འཇུག་པས། ཨ༔ ཀ་དག་གཏིང་གསལ་དབྱིངས་ཀྱི་ངང༔ ལྷུན་གྲུབ་ཀུན་སྣང་རིག་པའི་རྩལ༔ རྒྱུ་ཡི་ཡི་གེ་ཨ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་རང་བྱུང་ཐུགས་རྗེའི་རྩལ༔ ཡེ་ཤེས་རིག་གདངས་མེ་རླུང་ཆུས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་སུ༔ མི་འགྱུར་རྡོ་རྗེའི་ས་གཞི་ལ༔ བདེ་ཆེན་ཐིག་ལེར་འཁྱིལ་བ་ཡི༔ ཕོ་བྲང་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་པད་ཉི་ཟླ་བའི་སྟེང༔ ཨ་ལས་རང་རིག་གདོད་མ་ནས༔ ཆོས་ཀྱི་སྐུ་རུ་རྣམ་དག་པ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ རང་བཞིན་ཡོངས་གྲུབ་ཕྱག་རྒྱའི་ལྷ༔ གཟུགས་སྐུ་ཡེ་ཤེས་སྒྱུ་མའི་ཚུལ༔ སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ དཀར་གསལ་དྲི་མེད་སྟོན་ཟླའི་མདངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས༔ མཚན་དཔེའི་གཟི་བྱིན་ལྷམ་མེ་བ༔ རང་འོད་རིག་མའི་བདེ་བས་དགྱེས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རྡོ་རྗེ་ཉི་མ་འོ༔ འདུ་ཤེས་པདྨ་གར་གྱི་དབང༔ འདུ་བྱེད་བཅོམ་ལྡན་རྟ་མཆོག་དཔལ༔ རྣམ་པར་ཤེས་པ་ཧེ་རུ་ཀ༔ ཡེ་ཤེས་བཛྲ་སཏྭ་ལས༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཆེ༔ བསམ་ཡས་ཞི་དང་ཁྲོ་བོའི་ལྷ༔ སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ ཞེས་བརྗོད་ཅིང་གསལ་གདབ། དེའང་འཁོར་ལོས་སྒྱུར་བ་དྲུག་སྒོམ་ཚུལ་རྒྱས་པར་སྤྲོ་ན། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་གསུམ་འཁོར་ལོ་ལྔ་སྤྱི་ལྟར་གསལ་བཏབ་པའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། དེ་བཞིན་དུ་ལྟེ་བར་ཚོར་བ་རྣམ་དག་རྡོ་རྗེ་ཉི་མ་སེར་པོ་རིན་ཆེན་དྲིལ་བུ། མགྲིན་པར་འདུ་ཤེས་རྣམ་དག་པདྨ་གར་དབང་དམར་པོ་པདྨ་དྲིལ་བུ། གསང་གནས་སུ་འདུ་བྱེད་རྣམ་དག་རྟ་མཆོག་ལྗང་གུ་རལ་གྲི་དྲིལ་བུ། སྙིང་གར་རྣམ་ཤེས་རྣམ་དག་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་ཐོད་ཁྲག །དེའི་ཐུགས་ཀར་ཡེ་ཤེས་ཆེན་པོའི་ངོ་བོ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། ཧེ་རུ་ཀ་ཁྲོ་ཉམས་དང་། གཞན་རྣམས་ཞི་འཛུམ་ཆགས་ཤིང་མཆེ་བའི་མྱུ་གུ་གཙིགས་པ་སོགས་ཅུང་ཟད་ཁྲོ་བོའི་ཉམས་ཅན། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་པད་ཉི་ཟླ་བའི་གདན་ལ་རང་འོད་ཀྱི་ཀློང་དུ་བཞུགས་པ་ལས་རང་རང་གི་རིགས་ཀྱི་ཚོམ་བུ་མཐའ་ཡས་པའི་སྤྲུལ་པའི་སྤྲིན་ཕུང་འཕྲོ་བར་གསལ་གདབ། ཡང་ན་མཉམ་སྦྱོར་རང་གི་གཞུང་ནས་འབྱུང་བ་ལྟར། རྒྱལ་བ་རྟག་པ་དཀར་སེར་གཡས་ཆོས་གོས་གསོལ་བའི་གྲྭ་དང་། གཡོན་ལྷུང་བཟེད་བདུད་རྩིས་གང་བ་འཛིན་པ་སོགས་ཐམས་ཅད་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་ཡུམ་དང་བཅས་པ་ཁོ་ནར་གསལ་བཏབ་ཀྱང་ཆོག་མོད། སྔ་མ་སྟབས་བདེ་ཞིང་། བསྡུ་ན་གཟུགས་ཀྱི་ཕུང་པོ་རྣམ་སྣང་གི་ངོ་བོར་དག་པ་སོགས་ང་རྒྱལ་གཟུང་ནའང་རུང་། གཞན་དུ་མིག་ལ་རྣམ་སྣང་སོགས་བསྒོམ་པར་གསུངས་ནའང་། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་དབང་དུ་བྱས་ན་འཁོར་ལོ་ལྔར་བསྒོམ་པ་འདི་ལྟར་ལེགས་སོ། །གཉིས་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི། དེ་ལྟར་གསལ་བརྟན་དག་གསུམ་ལ་སེམས་བཟུང་ནས་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་རྩེ་གཅིག་ཏུ་སྒོམ་པའི་ཚུལ་བསྐྱེད་རིམ་གྱི་མན་ངག་སྤྱི་ལྟར་ཉམས་སུ་བླང་། གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང༔ ཨ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བདེ་ཆེན་ཡེ་ཤེས་སྣང་བ་ཡིས༔ འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས༔ ཉམས་ཆག་སྡིག་སྒྲིབ་རིག་ངོར་དག༔ བསོད་ནམས་ཚོགས་ཆེན་གཞི་ལ་རྫོགས༔ ཡེ་ཤེས་འབྲས་བུར་ལྷུན་གྱིས་གྲུབ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༔ གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ༔ ཞེས་གསལ་བཏབ་ལ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བསྙེན་པའི་སྔགས་རྡོར་སེམས་ཡང་སྙིང་ཡི་གེ་འབྲུ་དྲུག་པ་གཙོ་བོར་བཟླ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱཿཛཿཧཱུྃ་བཾ་ཧོཿསུ་ར་ཏ་སཏྭཾ་ཨོཾ་ཏྲཱཾ་ཧྲཱིཿཧཾ་ཧཱུྃ༔ ཞེས་སྒྲུབ་པའི་སྔགས་རྡོར་སེམས་འཁོར་ལོས་སྒྱུར་དྲུག་དང་བཅས་པའི་ཉེ་སྙིང་ཡི་གེ་འབྲུ་ཉེར་གསུམ་པ་དང་། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ལས་སྦྱོར་གྱི་སྔགས་ཡི་གེ་བརྒྱ་པའང་ཅི་ནུས་སུ་བཟླ་ཞིང་། དེའང་བསྙེན་པའི་སྐབས། སྙིང་གའི་དབུས་སུ་ཡེ་ཤེས་ལྔའི་རང་མདངས་འོད་ལྔའི་ཐིག་ལེ་ཟླུམ་པོ་སྒོ་ང་སྟོང་པ་ལྟ་བུའི་དབུས་སུ། ཐུགས་སྲོག་ཨ་ཡིག་དཀར་པོའི་མཐར་ཡི་གེ་འབྲུ་དྲུག་པ་ཤིན་ཏུ་ཕྲ་བ་སྤུས་བྲིས་པ་ལྟ་བུ་བཀོད་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་བཟླ། དེས་སྐྱོ་ན་སྔགས་ཕྲེང་གཉིས་པ་ཡབ་ཡུམ་གྱི་ཞལ་ནས་གསང་བའི་ལམ་བརྒྱུད་དེ་མགལ་མེ་ལྟར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་བསམ་ལ་དོ་ལིའི་བཟླས་པ་དང་། འོད་ཟེར་སྤྲོ་བསྡུས་དོན་གཉིས་ཀྱི་མཛད་པ་བསྒྲུབ་ཅིང་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་སྦྱངས་ཏེ་མཉམ་པར་གཞག་པ་སྤྲོ་བསྡུའི་བཟླས་དམིགས་ཀྱང་སྦྱར་དུ་རུང་ཞིང་། སྒྲུབ་སྔགས་བཟླས་སྐབས་དོ་ལིའི་བཟླས་པ་དང་། ལས་སྦྱོར་སྐབས་སྤྲོ་བསྡུའི་དམིགས་པ་གཙོ་བོར་བྱ། དེའང་ལྷ་སྐུའི་གསལ་སྣང་བརྟན་པ། བཀོད་པའི་བཟླས་པ་ལ་སེམས་བཟུང་ནས་སྔགས་དག་པར་བཟླ་བ། ལྷ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་གཞག་པ། སྔགས་ལས་འོད་ཟེར་སྤྲོ་བསྡུའི་རྩལ་སྦྱོང་བ་རྣམས་ལ་བརྟེན་ནས་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ལ་དབང་འབྱོར་བར་འགྱུར་བས་ན་སྲོག་སྡོམ་གྱི་གཟེར་བཞི་ཞེས་བྱའོ། །གཉིས་པ་ཕྲ་བ་ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་ནི། རང་ཉིད་ཀྱི་ཕྱི་དབྱིབས་ཀྱི་རྡོ་རྗེ་སེམས་དཔའི་ཤངས་བུག་གཉིས་ཀྱི་འདུས་མཚམས་སུ་ཐིག་ལེ་དཀར་སེར་ཡུངས་དཀར་གྱི་འབྲུ་ཙམ་པའི་ནང་དུ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བར་བསྒོམས་ལ་སེམས་གཟུང་ཟིན་པ་ན་དེ་འདྲ་བའི་དཀྱིལ་འཁོར་གཉིས་པ་སྤྲོས། རླུང་ཕྱིར་འགྲོ་བ་ན་སྣ་སྒོ་ནས་ནམ་མཁའ་གང་བར་ཁྱབ་སྟེ་སངས་རྒྱས་ཀྱི་མཛད་པ་བསྒྲུབས། ནང་དུ་འཇུག་པ་ན་ཚུར་འདུས་རྩ་བའི་དཀྱིལ་འཁོར་ལ་ཐིམ། གནས་པའི་ཚེ་དེ་ལ་སེམས་གཟུང་། དེ་ལྟ་བུའི་རིམ་པས་གསལ་སྣང་ཁྱད་པར་ཅན་སྐྱེས་པ་ན། སྙིང་གའི་ཐད་ཀྱི་དབུ་མའི་ནང་དང་། དེ་ལ་གསལ་སྣང་སྐྱེས་པ་ན་རྡོ་རྗེ་ནོར་བུའི་རྩེ་མོར་སྔར་བཞིན་གསལ་གདབ་ཅིང་སྤྲོ་བསྡུ་བྱ། དེ་ལྟར་གོམས་པས་རླུང་སེམས་འདུ་བའི་ཉམས་ཅི་རིགས་པ་འབྱུང་ཞིང་། རླུང་དང་གཏུམ་མོའི་རྐྱེན་ཅུང་ཟད་ལ་བརྟེན་ནས་སྦྱོར་ལམ་རླུང་སེམས་ཀྱི་ལྷ་སྐུར་ལྡང་ནུས་པས་ན་བསྐྱེད་རྫོགས་གཞི་མཐུན་པ་ཡིན་ནོ། །གཉིས་པ་ཐབས་ལམ་ལ་གཉིས། སྦྱོར་བ་རླུང་དང་གཏུམ་མོ་དང་། དངོས་གཞི་ཕོ་ཉའི་རྣལ་འབྱོར་ལ་བསླབ་པའོ། །དང་པོ་ནི། ལུས་གནད་རྣམ་སྣང་ཆོས་བདུན་དྲང་པོར་བསྲང་། རང་ཕྱི་དབྱིབས་ཀྱི་ལུས་དཔལ་རྡོ་རྗེ་སེམས་དཔའི་སྐུ་སྣང་སྟོང་འོད་ཀྱི་རང་བཞིན་ཕྱི་གསལ་ནང་གསལ་དྭངས་ཞིང་རྙོག་མ་མེད་པ་ཤེལ་གོང་ལྟ་བུའི་དབུས་དྲང་པོར་རྩ་གསུམ་འཁོར་ལོ་བཞི་སྤྱི་ལྟར་གསལ་གདབ། ངག་གནད་རླུང་རོ་དགུ་ཕྲུགས་སུ་བུས་ལ་ཅུང་ཟད་ངལ་གསོ། ཡིད་ཀྱི་གནད་ལྟེ་འོག་གི་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པར་སེམས་གཏད་དེ། རླུང་གནད་འོག་རླུང་ཅུང་ཟད་འཐེན། སྟེང་རླུང་འཇམ་ཞིང་དལ་བ་རྫོགས་པར་རྔུབ། སླར་ཡང་འོག་རླུང་རྫོགས་པར་དྲངས་ཏེ་ལྟེ་བའི་བུམ་ཅན་གཡོ་མེད་དུ་འཆིང་། མི་ཐུབ་པ་ན་གཞིལ། དེས་ཀྱང་མི་ཐུབ་ན་མདའ་ལྟར་འཕང་བ་སྟེ་སྦྱོར་བ་བཞི་ལྡན་སྤྱི་ལྟར་ཉམས་སུ་བླང་། དེ་ལ་གོམས་པས་ལྟེ་བའི་འོག་རྩ་གསུམ་སྦུབས་སྟོང་གཅིག་ཏུ་གྱུར་པའི་ནང་གཏུམ་མོའི་མེའི་ངོ་བོ་ཨ་ཤད་སྐྱེར་ཚེར་ལྟ་བུ་རྩ་བ་ཕྲ་བ་ཐུར་དུ་བསྟན་པར་གསལ་གདབ་ཅིང་སེམས་གཟུང་། ཟིན་པ་ན་རླུང་སྦྱོར་གྱིས་བསྐུལ་བས་དེ་ལས་མེ་ལྕེ་ཤིན་ཏུ་ཕྲ་བ་གློག་གི་ཟེར་མ་ལྟ་བུ་བྱུང་། ལྟེ་བའི་རྩ་འཁོར་ཐམས་ཅད་གང་བར་མོས་ལ་རླུང་གཟུང་། རིམ་པར་མེ་གྱེན་དུ་བསྲིང་། མཐར་སྤྱི་བོའི་ཧཾ་ལ་རེག །དེ་ལས་བདུད་རྩིའི་རྒྱུན་ཤིན་ཏུ་ཕྲ་བ་བབས། མེ་མར་ལྡོག་སྟེ་ལྟེ་བའི་བར་བདུད་རྩིས་གང་། སླར་ཡང་མེ་ཆེར་འབར་བ་སོགས་འབར་འཛག་གི་དམིགས་པ་ལ་སེམས་བཟུང་བས་དྲོད་དང་། བདེ་བ་དང་། མི་རྟོག་པའི་གཏུམ་མོ་རྣམས་རྒྱུ་འབྲས་ཀྱི་ཚུལ་དུ་སྐྱེ་བ་ཡིན་ལ། འབར་འཛག་གི་སྐབས་རྩ་བའི་དམིགས་པ་ལ་གོམས་པས་རྩ་གསུམ་འཁོར་ལོ་ལྔར་རྒྱལ་བ་རིགས་དྲུག་འཁོར་དང་བཅས་པ་གསལ་བཏབ་ནས་བདུད་རྩིས་མཆོད་པར་དམིགས་པའང་ཁྱད་པར་གྱི་མན་ངག་གོ །གཉིས་པ་དངོས་གཞི་ཕོ་ཉའི་རྣལ་འབྱོར་ལ་བསླབ་པ་ནི། དེ་ལྟ་བུའི་རིམ་པས་དྲོད་དང་བདེ་བ་ཁྱད་པར་ཅན་སྐྱེས་ཤིང་ཐིག་ལེ་འཛིན་འགྲེམ་ལས་སུ་རུང་བ་ན། མཚན་ཉིད་ལྡན་པའི་ཕྱག་རྒྱའི་ཉེ་རྒྱུའི་མཚམས་སྦྱར་ནས་ཡས་བབས་རྒྱུ་དང་། མས་བརྟན་འབྲས་བུའི་དགའ་བ་བཞི་ཁྱབ་ཅིང་བརྟན་པར་བྱའོ། །གསུམ་པ་འབྲས་བུ་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་ནི། དེ་འདྲ་བའི་ཐབས་ལམ་ཟབ་མོས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་བསྐྱེད་དེ་ཡུལ་ཅན་རླུང་སེམས་བདེ་བ་ཆེན་པོའི་ངོ་བོར་སྨིན་པ་ནི། དེས་དྲངས་ཏེ་ཡུལ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། ཐམས་ཅད་སྟོང་པ་དང་། རབ་ཏུ་སྟོང་པ་བཞིའི་འོད་གསལ་མངོན་དུ་བྱས་ཏེ། ཁྱད་པར་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་བདེ་བ་དང་། སྟོང་པ་བཞིའི་མཐར་ཐུག་རབ་ཏུ་སྟོང་པ་དབྱེར་མི་ཕྱེད་པའི་བདེ་སྟོང་ཟུང་འཇུག་མཚོན་བྱེད་དཔེའི་ཚུལ་དུ་ཐོག་མར་སྐྱེ་ཞིང་། དེས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་བོ་ནམ་མཁའ་ལྟར་དག་པ། རང་བཞིན་འོད་གསལ་བ། ཐུགས་རྗེ་རིས་མེད་པར་ཁྱབ་པའི་འབྲས་བུ་རྣམ་གྲོལ་རྫོགས་པ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །དེ་དག་ནི་ལམ་ངེས་རྫོགས་ཀྱི་རིམ་པ་དང་མཐུན་པར་ས་བཅད་ཙམ་སྨྲོས་པ་ཡིན་ལ། མོས་སྒོམ་གྱི་དབང་དུ་བྱས་ན་བཟླས་པའི་རྣལ་འབྱོར་ཡན་གོང་ལྟར་ལ། ཕྲ་ཐིག་གི་སེམས་འཛིན་སྒོམ་པའམ་མ་བསྒོམ་ཡང་རུང་། རླུང་སྦྱོར་བ་བཞི་ལྡན་དང་གཏུམ་མོའི་དམིགས་པ་ཟུང་འཇུག་ཏུ་བསྒོམས་པའི་མཐར་ཁམས་ཞུ་བའི་བདེ་བ་ལ་རྟེན་བྱས་ཏེ། རིག་སྟོང་གཉུག་མའི་ངང་དུ་མཉམ་པར་བཞག་པས་གཞི་ལམ་འབྲས་གསུམ་གྱི་རྣལ་འབྱོར་རྗེས་མཐུན་ཙམ་ཚང་བར་འགྱུར་བ་ཡིན་ནོ།། །།གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་བ་དང་། བསྔོ་སྨོན་གྱི་རྒྱས་གདབ་པ། ཤིས་བརྗོད་ཀྱིས་མཚམས་སྦྱར་བའོ། །དང་པོ་ནི། དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་ལ། དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ཞེས་པས་ལྷར་སྣང་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་སྦྱངས་ཏེ་མཉམ་པར་གཞག །རྗེས་ཐོབ་ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་རང་ཤར་བའི་ཚུལ་ལ་བསླབ། གཉིས་པ་བསྔོ་སྨོན་གྱི་རྒྱས་གདབ་པ་ནི། ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ ཞེས་འཁོར་གསུམ་སྤྲོས་པ་དང་བྲལ་བའི་རྒྱས་གདབ། གསུམ་པ་ཤིས་བརྗོད་ཀྱིས་མཚམས་སྦྱོར་ནི། བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །རིགས་ཀུན་བདག་པོའི་རིམ་གཉིས་ཀྱི། །སྙིང་པོ་ཉེ་བར་བསྡུས་པ་འདིས། །འགྲོ་རྣམས་འོད་གསལ་རྡོ་རྗེའི་དབྱིངས། །ཡེ་ཤེས་སེམས་དཔའི་སྐུར་སྨིན་ཤོག །ཅེས་པའང་དགེ་སློང་སྡེ་སྣོད་འཛིན་པ་པདྨ་བྷ་དྲ་སོགས་དོན་གཉེར་ཅན་རྣམས་ཀྱི་བཞེད་པ་བསྐང་བའི་སླད། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཉུང་གསལ་སྙིང་པོ་འདྲིལ་བའི་ཚུལ་གྱིས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དགེ་བའི་བཤེས་གཉེན་རིག་པ་དང་གྲོལ་བར་སྨྲ་བ་ལུང་རྟོགས་བསྟན་པའི་ཉི་མས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།

ལྷའི་དགེ་བསྙེན་ཆེན་པོ་གཉན་རྒྱལ་རྡོ་རྗེ་རིགས་བྱེད་རྩལ་ཞེས་བྱ་བའི་གསོལ་ཁ་ཕྲིན་བཅོལ་འདོད་དོན་ལྷུན་གྲུབ་ (Volume 50, Text 24)

༁ྃ༔ ལྷའི་དགེ་བསྙེན་ཆེན་པོ་གཉན་རྒྱལ་རྡོ་རྗེ་རིགས་བྱེད་རྩལ་ཞེས་བྱ་བའི་གསོལ་ཁ་ཕྲིན་བཅོལ་འདོད་དོན་ལྷུན་གྲུབ་བཞུགས༔ ཆོས་རྒྱལ་རྡོ་རྗེའི་ཛཾ་དཀར་གཏེར་སྲུང་མཆོད་ཐབས། དཀར་གཏོར་ཕུད་རྒོད་གང་འབྱོར་བཤམས། ཨ་ཀ་རོས་བྱིན་གྱིས་བརླབས། ཧཱུྃ་ཧྲཱི༔ རང་སེམས་ཀ་དག་སྤྲོས་བྲལ་ཀློང༔ རིག་རྩལ་རྫུས་སྐྱེས་པདྨ་འབྱུང༔ གསལ་བའི་མདུན་དུ་གནས་སྲུང་ནི༔ གཉན་རྒྱལ་རྡོ་རྗེ་རིགས་བྱེད་རྩལ༔ མི་དཀར་དུང་གི་ཐོར་ཚུགས་ཅན༔ སྐུ་ལ་བེར་ཆེན་སུམ་བརྩེགས་གསོལ༔ རིན་པོ་ཆེ་ཡི་རྣ་ཆ་དང༔ མགུལ་རྒྱན་དོ་ཤལ་ཕྱག་ཞབས་གདུབ༔ དབང་རྟགས་རྡོ་རྗེ་དབུ་ལ་བརྒྱན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང༔ གཡོན་པས་ཡིད་བཞིན་ནོར་བུ་འཛིན༔ དགོས་འདོད་དངོས་གྲུབ་ཆར་ལྟར་འབེབ༔ ཆིབས་སུ་གཡག་དཀར་གཡུ་རུ་འཆིབ༔ རེས་འགའ་རྟ་དཀར་འཕུར་ཤེས་འཆིབ༔ ཁྲབ་རྨོག་འཁོར་གསུམ་དགྲ་བླའི་ཆས༔ སྤྲུལ་པ་མ་ངེས་ཅིར་ཡང་སྟོན༔ འཁོར་དུ་ལྷ་ཀླུ་སྡེ་བརྒྱད་ཚོགས༔ ཡུམ་ནི་ཀླུ་མོའི་འོད་ལྡན་མ༔ མདའ་དར་ནོར་བུ་ཕྱག་ན་བསྣམས༔ ཀླུ་གཡང་དངོས་གྲུབ་མྱུར་སྩོལ་མ༔ དེ་ལྟར་འཁོར་དང་བཅས་པ་རྣམས༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ གནས་འདིར་སྤྱན་དྲངས་ས་མཱ་ཛ༔ ཧཱུྃ་ཧྲཱི༔ གནས་བདག་འཁོར་དང་བཅས་པ་རྣམས༔ བཞུགས་པའི་སྐུ་མཁར་དབུས་ནས་བཞེངས༔ སྤྲིན་དང་ན་བུན་མཚམས་ནས་སྤྱོན༔ རྫུ་འཕྲུལ་ཐོགས་མེད་གནས་འདིར་གཤེགས༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ འབྲུ་སྣ་དཀར་གཏོར་རྒྱ་ཇའི་ཕུད༔ དཀོར་ནོར་གོ་མཚོན་སྤྱན་གཟིགས་ཚོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་ཅག་དམ་ལྡན་སྒྲུབ་པ་པོ༔ དགྲ་ཇག་ཆོམ་རྐུན་འཇིགས་པ་སྐྱོབས༔ ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ ཐེག་ཆེན་ཆོས་ཀྱི་དངོས་གྲུབ་སྩོལ༔ ཟབ་མོ་གཏེར་གྱི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ རྒྱན་གོས་ལོངས་སྤྱོད་དངོས་གྲུབ་སྩོལ༔ གསེར་དངུལ་ཇ་དར་དངོས་གྲུབ་སྩོལ༔ ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ གང་བཅོལ་ཕྲིན་ལས་ཐོགས་མེད་སྒྲུབས༔ ཕྱི་ལྟར་ཡུལ་ལྷ་མཐུ་རྩལ་ཅན༔ ནང་ལྟར་སེམས་དཔའ་ས་ཡི་སྙིང༔ གསང་བ་སྔགས་ཀྱི་སྲུང་མ་མཆོག༔ སྲིད་གསུམ་དབང་བསྒྱུར་ཁྱོད་ལ་བསྟོད༔ བདག་གིས་གནས་འདིར་གསང་སྔགས་བསྒྲུབ༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཀྱིས་སྒྲུབ་པའི་མཐུན་རྐྱེན་སྦྱོར༔ མི་མཐུན་རྐྱེན་ངན་བར་ཆད་སོལ༔ མགྲོན་པོ་མཐའ་རྒྱས་སྡོངས་གྲོགས་མཛོད༔ ཁམས་གསུམ་ཡིད་འགུགས་དབང་དུ་སྡུས༔ མངའ་འབངས་བྲན་དུ་ཁྱོད་ཀྱིས་བཅོལ༔ བདག་ལ་བརྙས་ཤིང་ངན་སྨྲས་སྒྲོག༔ སངས་རྒྱས་བསྟན་གཤེད་འགྲོ་ལ་འཚེ༔ དབེན་གནས་འདི་རུ་དོ་བསྡོ་བའི༔ དམ་ཉམས་དགྲ་བོའི་བླ་ཚེ་ལོངས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ འགུགས་ཆིངས་སྡོམས་ལ་མྱོས་སུ་ཆུག༔ རྣམ་ཤེས་རྟེན་དང་ཕྲོལ་བར་མཛོད༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ གཞན་གཡང་ཡུལ་འདིར་བཀྲ་ཤིས་ཤིང༔ ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་སྤྱོད༔ ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས༔ མཐའ་དམག་དུས་འཁྲུགས་འཇིགས་ལས་སྐྱོབས༔ ནད་མཚོན་མུ་གེ་ཞི་བར་མཛོད༔ སྲིད་སྡེ་མངའ་ཐང་རྒྱས་པར་མཛོད༔ སངས་རྒྱས་བསྟན་པ་སྤྱི་བྱེ་བྲག༔ ཁྱད་པར་དོན་བརྒྱུད་སྙིང་པོའི་བསྟན༔ མི་ནུབ་བསྟན་པའི་རྒྱལ་མཚན་སྒྲེངས༔ སྔོན་ཚེ་ཐུབ་པ་ཆེན་པོའི་བཀའ༔ བར་དུ་རིག་འཛིན་པད་འབྱུང་ལུང༔ ཐ་མར་གྲུབ་ཐོབ་བརྒྱུད་པའི་དམ༔ ད་ལྟ་རྣལ་འབྱོར་བདག་གི་ཚིག༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ ཟབ་ཆོས་སྤེལ་ལ་ཟབ་གཏེར་སྐྱོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པའང་གནས་བདག་ཉིད་ཀྱིས་རྟག་པར་ལུང་བསྟན་ཡང་ནས་ཡང་དུ་བྱུང་བས་བྲི་བར་སེམས་ཀྱང་རང་རེའི་སྙོམས་ལས་སུ་ལུས། དེ་ནས་རྗེ་བཙུན་ཏཻ་ལོ་པ་ཡིན་ཟེར་བའི་གྲུབ་ཆེན་ཚུལ་འཛིན་པ་ཞིག་གིས་ལུང་བསྟན་ནས། སྔགས་འཆང་དྷརྨའི་མིང་གིས་བྲིས་པའོ།། །། ༄༅༔ གུ་རྒྱར་རྣ་ཁ་ཆེ་ལ་ཕྱག་འཚལ་ལོ༔ དགེ་བསྙེན་ཆེན་པོའི་བསང་གསོལ་བྱེད་པར་འདོད་ན༔ རང་གི་མདུན་དུ་མཆོད་རྫས་རྒྱས་པར་བཤམ་པའམ༔ ཡང་ན་དཀར་གཏོར་འབྲུ་སྣ་ཕུད་རྒོད་གང་འབྱོར་བཤམ༔ སྤྲོ་སེམས་ལྡན་ཅིང་ཏིང་ངེ་འཛིན་གསལ་བའི་ངང་ནས་འདི་སྐད་དོ༔ ཧཱུྃ༔ རང་རིག་གདོད་ནས་སྤྲོས་བྲལ་ཀློང༔ རང་མདངས་ཆ་ལས་པདྨ་འབྱུང༔ གསལ་བའི་མདུན་དུ་གནས་བདག་ནི༔ དགེ་བསྙེན་རྡོ་རྗེ་དགྲ་འདུལ་རྩལ༔ མི་སྔོན་ལུས་ལ་གཟི་མདངས་ཅན༔ དར་སྔོན་ན་བཟའི་རྒྱན་གྱིས་མཛེས༔ དབུ་སྐྲ་རལ་པའི་ཟུར་ཕུད་ལ༔ དབང་རྟགས་གསེར་གྱི་རྡོ་རྗེས་སྤྲས༔ མགུལ་རྒྱན་ནོར་བུའི་ཕྲེང་བས་བརྒྱན༔ གསེར་གྭ་གཡུ་ཡི་ཕྲ་ཚོམ་ཅན༔ ནང་ན་ལྷ་ཀླུ་མི་ཀུན་གྱི༔ སྙིང་གཏེར་ཡིད་བཞིན་ནོར་བུ་སྦ༔ དར་དམར་རིན་ཆེན་གསེར་རྐེད་བཅིངས༔ ཆིབས་སུ་ཆུ་རྟ་སྔོན་པོ་ལ༔ གསེར་སྒ་གཡུས་སྤྲས་རྒྱན་དང་ལྡན༔ གསེར་སྲབ་གཡུ་མཐུར་དར་ལྗང་གི༔ སྲབ་སྐྱོགས་གཡོན་པའི་ཕྱག་གིས་སྒྱུར༔ ཕྱག་མཐིལ་ནོར་བུ་དབང་གི་རྒྱལ༔ ཕྱག་གཡས་གསེར་གྱི་འཁོར་ལོ་དང༔ ཆངས་པར་སྦྲུལ་གྱི་ཞགས་པ་བསྣམས༔ འཁོར་དུ་སྐུ་གསུང་ཐུགས་སྤྲུལ་པ༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དང་༔ གཞན་ཡང་འཁོར་དུ་གཏོགས་སོ་འཚལ༔ མ་ལུས་འཁོར་དང་བཅས་པ་རྣམས༔ གནས་འདིར་སྤྱན་དྲངས་ས་མཱ་ཛ༔ ཧཱུྃ༔ ཡུལ་ནི་བཞུགས་པའི་ཡུལ་བརྒྱད་ནས༔ གནས་ནི་ཕོ་བྲང་རྣམ་བརྒྱད་སོགས༔ ཁྱད་པར་ཐུགས་ཀྱི་བལྟམས་གནས་ནི༔ སྔོན་ག་གཡུ་མཚོའི་གནས་ནས་བཞེངས༔ ཟབ་གཏེར་གཉན་གྱི་སྲུང་མ་ཁྱོད༔ ཡང་གསང་ཐུགས་ཀྱི་གནས་ནས་བཞེངས༔ གནས་མཆོག་སྐྱིད་འབྱམས་གནས་ནས་བཞེངས༔ ཟབ་མོ་གཏེར་གྱི་ཁྲོད་ནས་བཞེངས༔ རྫུ་འཕྲུལ་ཐོགས་མེད་ངང་ནས་སྤྱོན༔ དགྱེས་འཛུམ་ལྡན་པས་གནས་འདིར་བྱོན༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ ཁྱོད་ལ་བཞུགས་པའི་གདན་ཁྲི་བཤམས༔ ཁྱོད་ལ་མཆོད་པའི་དམ་རྫས་དང༔ རྟེན་རྫས་སྒྲུབ་རྫས་ཡོ་བྱད་རྣམས༔ དཀར་གཏོར་འབྲུ་སྣ་ཕུད་རྒོད་སོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྣམས༔ ཀུན་བཟང་སྨོན་ལམ་མཐུ་བཞིན་གྲུབ༔ དགྱེས་པར་རོལ་ལ་མཉེས་པར་བཞེས༔ ཧཱུྃ༔ སྔོན་ཚེ་པདྨ་འབྱུང་གནས་དང༔ བར་དུ་རྡོ་རྗེ་གྲོ་ལོད་རྩལ༔ ཐ་མ་མི་འགྱུར་རྡོ་རྗེ་དང༔ རིག་འཛིན་གྲུབ་ཐོབ་མང་པོ་དང༔ བཀའ་བསྒོས་དམ་བཞག་གཉེར་གཏད་ལས༔ དྲན་མཛོད་ཚུལ་བཞིན་འགྲུབ་པར་མཛོད༔ ཧཱུྃ༔ རྣལ་འབྱོར་དམ་ལྡན་སྒྲུབ་པ་པོའི༔ ཁྱོད་ལ་བསྟོད་ཅིང་གུས་པ་བསྒྲུབ༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ མི་འབྲལ་འགྲོགས་པའི་སྲུང་སྐྱོབ་མཛོད༔ ཡིད་ལ་འདོད་པའི་ཕྲིན་ལས་ནི༔ རེ་བའི་སེམས་ཀྱིས་བཅོལ་བ་ནི༔ ཐེག་ཆེན་ཆོས་དང་རྨ་གཡང་ནོར༔ འཆི་མེད་ཚེ་དང་བསོད་ནམས་དཔལ༔ མངའ་ཐང་ལོངས་སྤྱོད་འབྲུ་བཅུད་ཟས༔ རྒྱན་གོས་མངའ་ཐང་བུ་རྟའི་གཡང༔ ཟབ་མོ་གཏེར་དང་སྣང་གསལ་པྲ༔ མི་དཔའ་རྟ་ཧྲག་གོ་མཚོན་གཡང༔ གསེར་དངུལ་ནོར་དབྱིག་སྣ་ཚོགས་ཀྱི༔ གཡང་དང་དངོས་གྲུབ་ཆར་ལྟར་ཕོབ༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དང༔ གཟུགས་ཅན་གཟུགས་མེད་ཚེ་བསོད་དཔལ༔ གཡང་དང་དངོས་གྲུབ་ཐམས་ཅད་ནི༔ བདག་ལ་སརྦ་སིདྡྷི་ཧོ༔ ཚེ་དང་བསོད་ནམས་དཔལ་འབྱོར་དང༔ དོན་དམ་རྟོགས་པའི་ཡེ་ཤེས་ནི༔ རྒྱས་པར་མཛོད་ཅིག་པུཥྚིཾ་བྷྲཱུྃ༔ ཀུན་གྱི་ས་བཅུད་བསོད་ནམས་གཡང༔ བདག་གི་ཡུལ་མཁར་མི་ནོར་ཞིང༔ དབྱེར་མེད་ཐིམ་ཞིག་བརྟན་པར་བཞུགས༔ གཉིས་མེད་ཛཿཧཱུྃ་བཾ་ཧོཿཨ༔ ཁམས་གསུམ་སྐྱེ་འགྲོའི་ལུས་ངག་ཡིད༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་ཀུན༔ བདག་གི་ཝཱ་ཤཾ་ཀུ་རུ་ཧྲཱི༔ རྐྱེན་ངན་བར་ཆད་མི་མཐུན་ཕྱོགས༔ མྱུར་དུ་ཤཱནྟིཾ་ཀུ་རུ་ཧཱུྃ༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བགེགས༔ དགྲ་བགེགས་བྱད་མའི་ལུས་ངག་ཡིད༔ མྱུར་དུ་སྒྲོལ་ཅིག་མཱ་ར་ཡ༔ བསྟན་དགྲ་རུ་དྲ་དམ་ཉམས་དང༔ སྤྱི་དགྲ་སྒོས་དགྲ་བླ་མའི་དགྲ༔ གསང་སྔགས་ཆོས་ལ་སྙིང་ནས་སྨོད༔ བདག་ལ་ཤིན་ཏུ་སྡང་བའི་དགྲ༔ སྲོག་དབུགས་བླ་ཚེ་སྙིང་ཁྲག་བཅས༔ ཞལ་དུ་ཁ་རཾ་ཁཱ་ཧི་རཾ༔ ལས་བཞིའི་ཕྲིན་ལས་ཐམས་ཅད་ནི༔ ཐོགས་མེད་མྱུར་སྒྲུབས་ས་མ་ཡ༔ བདག་དང་རིག་འཛིན་བླ་མ་ཡི༔ བུ་སློབ་འཁོར་འབངས་དམ་ལྡན་རྣམས༔ སྐུ་ཚེ་མཛད་ཕྲིན་ཆོས་སྲིད་སྤེལ༔ རྟ་ནོར་ཕྱུགས་དང་ས་གཞི་དང༔ ནོར་རྫས་ཁང་ཁྱིམ་ཐམས་ཅད་ལ༔ གཞི་བྱེས་ལམ་གསུམ་དུས་རྟག་པར༔ ཁ་འཛིན་རྒྱབ་རྟེན་མེལ་ཚེ་མཛོད༔ ཉིན་མཚན་དབྱེར་མེད་སྲུང་སྐྱོབ་མཛོད༔ རྟག་པར་བཛྲ་རཀྵ་བྷྲཱུྃ༔ ཕྱྭ་གཡང་དངོས་གྲུབ་ཐམས་ཅད་ནི༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ནོར་ལྷ་གཏེར་སྲུང་གིས༔ བདག་ལ་དགེ་བའི་བཀྲ་ཤིས་སྩོལ༔ མགྲོན་རྣམས་རང་རང་གནས་སུ་གཤེགས༔ རང་སེམས་སྨྲ་བསམ་བརྗོད་མེད་ཨ༔ ཞེས་པ་འདི་ཡང་། རིག་འཛིན་པདྨ་མི་ཤིགས་རྩལ་གྱིས་སྔ་སོར་བཀའ་ཡིས་བསྐུལ་བ་དང་། སླར་ཡང་དམ་པ་བསྟན་འཛིན་རབ་བཟང་ནས་བསྐུལ་བའི་ངོར། མི་རིང་བར་ཆོས་ཀྱི་དྲེད་པོ་དྷརྨ་རཱ་ཛ་བཛྲ་གྱིས་བྲིས་པ་དགེ་བར་གྱུར་ཅིག། །། ༈ གཏེར་མཛོད་ནང་ཆོས་རྒྱལ་རྡོ་རྗེའི་ཛཾ་དཀར་གཏེར་གཞུང་ཡོད་རུང་། གཏེར་སྲུང་འདི་དེ་གྲས་སུ་བཞག་རྒྱུ་མཛད་མི་འདུག་པས། ཛཾ་དཀར་འདོན་དུས་འདི་ཡང་འདོན་སྲོལ་ཕྱག་རྒྱུན་ལ་ཡོད་དར་ཞེས་དམ་པ་རྣམས་ཀྱིས་གསུངས་པ་ལྟར། དེ་ལ་ཕན་ཕྱིར་གཏེར་མཛོད་ཆོས་གྲས་སུ་སྤར་གསར་དུ་བསྒྲུབས་པའོ། །སརྦ་མངྒལཾ།། །།

བླ་མ་དང་སློབ་མའི་བརྟག་དཔྱད་ (Volume 56, Text 24)

༁ྭྃ༔ བླ་མ་དང་སློབ་མའི་བརྟག་དཔྱད་བཞུགས་སོ༔ བདག་འདྲ་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྐྱེས་བུ་དད་པ་ཅན་རྣམས་ལ༔ སྙིགས་མ་ལྔ་བདོའི་བསྟན་པའི་མར་ཞབས་སུ༔ དུས་འཆུག་ཟོག་པོས་ལུང་པ་གང་བའི་དུས༔ ལུང་མེད་མི་ཡིས་ཆོས་བཤད་བྱེད་པའི་དུས༔ བཀའ་མེད་མི་ཡིས་དབང་བསྐུར་བྱེད་པའི་དུས༔ མཁས་པ་བས་ཀྱང་རྨོངས་པ་བྲིན་པའི་དུས༔ ཉམས་ལེན་མེད་པར་ཁ་ལྟ་མཐོ་བའི་དུས༔ སུ་ཕྲད་ཟོག་པོས་དད་ཅན་བསླུས་དོགས་ནས༔ བླ་མ་བརྟག་པའི་མཚན་ཉིད་དབྱེ་བ་བཤད༔ ཕྱི་རབས་བུ་ཡིས་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ སྤྱིར་གྱི་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་དལ་འབྱོར་གྱི་མི་ལུས་ཐོབ་དགོས༔ མི་ལུས་ལ་དད་པ་དགོས༔ དེ་ལ་བརྩོན་འགྲུས་དགོས༔ དེ་རྣམས་འཛོམས་དུས་གསང་སྔགས་ཉམས་སུ་ལེན་དགོས༔ དེ་སྨིན་གྲོལ་དབང་དང་གདམས་པར་འདུས༔ དེ་གཉིས་སྟོན་པ་ལ་བླ་མ་མཚན་ཉིད་ལྡན་པ་གཅིག་དགོས་པས༔ དང་པོར་བླ་མ་ཡང་རིགས་ཀྱི་ཆེ་བ་རྗེ་རིགས་ཡིན་པ༔ སྤོབས་པ་ཆེ་བ༔ རྩོམ་པ་བཟང་བ༔ གོ་བློ་ཆེ་བ༔ ཆོས་ལ་མཁས་པ་གཅིག་དགོས་སོ༔ དེ་ཡང་རྒྱུད་ལས༔ གསུམ་ལྡན་བླ་མ་གལ་ཆེ་འོ༔ ཞེས་གསུངས་པས༔ ཐེག་པ་མཐོ་དམན་གང་ཡང་བློར་ཤོང་བ༔ སློབ་མ་བློ་ཆེ་ཆུང་གང་ཡང་བསྟེན་ཤེས་པ༔ ཐེག་པ་ཀུན་ལ་མཁས་ཀྱང༔ རང་རྒྱུད་དུལ་བས་སེམས་ཅན་འདྲེན་པ་ལ་མཁས་པ༔ ཐུགས་རྗེ་ཆེ་བས་མ་དག་པའི་སྡིག་ཅན་འདྲེན་པའི་ཐབས་ལ་མཁས་པ་གཅིག་དགོས་ཏེ༔ རྒྱུད་ལས༔ ཁོང་ཡངས་རྒྱུད་འདུལ་ཐུགས་རྗེ་ཆེ༔ ཞེས་གསུངས་སོ༔ དད་པ་ཅན་དང༔ སྡིག་ཅན་རིགས་ཆད་བློ་དམན་དང༔ སེམས་ཅན་ཉོན་མོངས་ཅན་རྣམས་ལ་བརྩེ་བའི་སེམས་དང་ལྡན་པ༔ རང་སྣང་འཁྲུལ་པ་མེད་པས་གཞན་གྱིས་ལོག་པ་བྱས་ཀྱང་ཐུགས་མི་འཁྲུག་པར་སླར་ཐུགས་རྗེས་འཛིན་པ༔ ཐོས་པའི་ཤེས་རབ་ཆེ་བ༔ བསམ་པའི་ཤེས་རབ་ཆེ་བ༔ སྒོམ་པའི་ཤེས་རབ་ཆེ་བ༔ རིག་པའི་གནས་ལྔ་ལ་མཁས་པ༔ བུམ་གསང་ཡེ་ཤེས་ཚིག་གི་དབང་གི་ཆུ་བོ་བཞིས་སྨིན་པ༔ དབང་པོ་ལྔ་དྭངས་ཤིང་ཡིད་དུ་འོང་བའོ༔ དེ་ལྟར་ཡང་རྒྱུད་ལས༔ བརྩེ་བའི་སེམས་ལྡན་རང་སྣང་དག༔ ཤེས་རབ་རྒྱུད་སྨིན་དབང་པོ་དྭངས༔ ཞེས་གསུངས་སོ༔ དབང་གི་ཡོ་བྱད་དང༔ ངོ་སྤྲོད་ཀྱི་ཡོད་བྱད་དང༔ རྟེན་རྫས་དང༔ ས་རྒྱན་གནམ་རྒྱན་འཛོམས་པ༔ མཆོད་པ་དང༔ རོལ་མོའི་ཡོ་བྱད་འཛོམས་ན་གནས་སྐབས་སུ་སེམས་ཅན་གྱི་སྣང་བ་འགྱུར་བའོ༔ སྤྱིར་གྱི་ཐེག་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་ཀུན་ལ་མཁས་པའོ༔ སྒོས་སུ་གསང་སྔགས་ཀྱི་སྦྱོར་སྒྲོལ་ལ་མཁས་པ༔ ཡང་སྒོས་སུ་རྒྱུད་སྡེའི་དོན་ངོ་སྤྲོད་ལ་མཁས་པ་གཅིག་དགོས༔ དེའང་རྒྱུད་ལས༔ ཡོ་བྱད་རྫས་འཛོམས་སྣང་བ་འགྱུར༔ གསང་སྔགས་རྒྱུད་སྡེའི་དོན་ལ་མཁས༔ ཞེས་གསུངས་སོ༔ སངས་རྒྱས་བསྟན་པའི་རྩ་བ་ཡིན་ཅིང༔ གདུལ་བྱ་ལས་དག་པར་བྱ་བའི་ཕྱིར་འདུལ་ཁྲིམས་གཙང་ཞིང༔ སློབ་མ་སྙོམས་ལས་ཅན་འཁྲིད་པར་བྱ་བའི་ཕྱིར༔ དབེན་གནས་བསྟེན་པའོ༔ ལུས་ལྷ༔ ངག་སྔགས༔ སེམས་ཆོས་ཉིད་དང་མི་འབྲལ་བའི་ཕྱིར་ཡི་དམ་ལྷའི་ཞལ་མཐོང་ཞིང༔ ཞི་རྒྱས་དབང་དྲག་གི་ལས་གང་ཡང་མངའ་སྙེམས་པའོ༔ ཁྱད་པར་ཨ་ཏི་ཆེན་པོ་འདི་ཉིད་ཀྱི་དོན་ལ་མཁས་ཤིང༔ ཞི་གནས་ལྷག་མཐོང་ཟུང་འབྲེལ་གྱིས་གང་ཤར་ཆོས་སྐུར་འབྱོངས་ཤིང༔ སྟོང་ཉིད་སྙིང་རྗེ་རྐྱེན་དབང་དུ་མི་འཆོར་བ༔ ཐོད་རྒལ་སྣང་བ་བཞི་མཐར་ཕྱིན་པ༔ དགེ་བཅུ་ཕྲ་མོ་ནས་སྒྲུབ་ཅིང༔ སྡིག་པ་ཕྲ་མོ་ནས་སྤོང་བ༔ སྤྱོད་པ་ཞིབ་མོས་སེམས་ཅན་རྣམས་ཐབས་ཀྱིས་བློ་བྲིད་ནས་ཆོས་ལ་འཛུད་པའོ༔ དེ་ལྟར་ཡང་རྒྱུད་ལས༔ འདུལ་ཁྲིམས་གཙང་ཞིང་དབེན་པ་བསྟེན༔ ཡི་དམ་ལྷ་དང་འདུ་འབྲལ་མེད༔ དཀྱིལ་འཁོར་གསུམ་དང་མི་འབྲལ་བ༔ ཁྱད་པར་ཨ་ཏིའི་དོན་ལ་མཁས༔ དགེ་སྡིག་འཛེམས་ཤིང་སྤྱོད་པ་ཞིབ༔ དེ་ལྟ་བུ་ཉིད་བཙལ་བར་བྱའོ༔ ཞེས་གསུངས་སོ༔ དེ་ལྟ་བུ་རྙེད་ནས་མི་མཉེས་པ་སྐད་ཅིག་ཀྱང་མི་བྱ༔ ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་ཕུལ་ལ༔ རིམ་གྱིས་གདམས་པ་རྣམས་རྫོགས་པར་ཞུའོ༔ དེ་ཉིད་ནི་དགོས་འདོད་ཐམས་ཅད་འབྱུང་བ་དཔག་བསམ་གྱི་ཤིང་དང་འདྲ་འོ༔ ཐར་པའི་སྐམ་སར་སྐྱེལ་བས་རྟ་མཆོག་དང་འདྲ་འོ༔ འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་དང་འདྲ་འོ༔ ཉོན་མོངས་པའི་གཅོང་ནད་འབྱིན་པས་སྨན་པ་དང་འདྲའོ༔ ཐེག་དམན་མ་ལུས་ཟིལ་གྱིས་གནོན་པས་སེངྒེ་དང་འདྲའོ༔ རིགས་དྲུག་གི་ནང་ནས་ཁྱུ་མཆོག་ཏུ་གྱུར༔ མ་རིག་པའི་ལིང་ཏོག་སེལ་བས་མིག་མཁན་དང་འདྲ་སྟེ་དགོས་འདོད་འབྱུང་ངོ༔ དེ་ཡང་རྒྱུད་ལས༔ དེ་བསྟེན་འདོད་པའི་དོན་ཀུན་འགྲུབ༔ དཔག་བསམ་རྟ་མཆོག་གྲུ་སྨན་པ༔ སེངྒེ་ཁྱུ་མཆོག་མིག་མཁན་འདྲ༔ ཞེས་གསུངས་སོ༔ དེ་བསྟེན་ཚུལ་མང་ཡང༔ སྤྱིར་གྱི་དམ་ཚིག་ས་མ་ཡ་འབུམ་སྡེའི་སྒོ་ནས་བསྟེན༔ སྒོས་སུའང་དགོས་འདོད་འབྱུང་བའི་ནོར་བུར་བསམ་སྟེ་བསྟེན༔ དྲིན་ཆེ་བ་ཕ་མ་ལྟ་བུར་བསམ་སྟེ་བསྟེན༔ ནད་འདོན་པ་སྨན་པ་ལྟ་བུར་བསམ་སྟེ་བསྟེན༔ ཤིན་ཏུ་ཕངས་པ་སྲོག་ལྟ་བུ༔ གཅེས་པར་བྱེད་པ་མིག་འབྲས་ལྟ་བུར་བསམ་སྟེ་བསྟེན་པས་དགོས་འདོད་འབྱུང༔ འཁོར་བའི་ཆོས་རྣམས་མྱང་འདས་སུ་གྲོལ་བའོ༔ དེ་ལྟར་ཡང་རྒྱུད་ལས༔ ཡིད་བཞིན་ནོར་བུ་ལྟ་བུ་འམ༔ ཕ་མ་སྨན་པ་སྲོག་མིག་ཏུ༔ བསམ་སྟེ་བསྟེན་པས་འཁོར་འདས་གྲོལ༔ ཞེས་གསུངས་སོ༔ ལོག་པའི་བསམ་པ་ཐམས་ཅད་སྤང་སྟེ༔ བླ་མ་འདི་རིགས་ངན་སྙམ་པའམ༔ རང་བས་ན་གཞོན་སྙམ་པའམ༔ བྱ་བ་འཆོལ་སྙམ་པ་སྤངས་ཏེ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་པར་བསྟེན་དགོས༔ ལོག་ལྟ་སྐད་ཅིག་ཀྱང་སྲོག་དང་བསྡོས་ལ་སྤང་ངོ༔ དེ་ལྟར་ཡང་རྒྱུད་ལས༔ རིགས་ངན་ན་གཞོན་བྱ་བ་འཆོལ༔ ལོག་ལྟ་སྲོག་དང་བསྡོས་ལ་བསྲུང༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བླ་མ་ངན་པའི་མཚན་ཉིད་ནི༔ ཆོས་ཀྱི་དོན་མི་ཤེས་ཤིང༔ གཞན་ལ་ང་རྒྱལ་ཆེན་པོ་འདོན་ཞིང༔ ཉམས་ལེན་མྱོང་བ་མེད་པར་གཞན་གྱི་ཚིག་ཕྱིར་འབྲེང་བ༔ གསང་སྔགས་སྣོད་དང་ལྡན་པ་མ་རྟོགས་པ་ཀུན་ལ་གསང་ཞིང༔ སྣོད་ལྡན་འགའ་ལ་སྦྱིན་རྒྱུ་ལ་བབ་ཆོལ་དུ་སྤྱོད་པ༔ ལྟ་བ་སྟོང་པ་ཕྱང་ཆད་དུ་སོང་སྟེ༔ སྤྱོད་པ་ལོག་པའམ༔ ཡ་མ་ཟུང་དུ་སོང་ཞིང་མདོ་སྔགས་གང་དང་ཡང་མི་མཐུན་པའོ༔ དེ་ཡང་རྒྱུད་ལས༔ མི་ཤེས་ང་རྒྱལ་ཚིག་ཕྱིར་འབྲེང༔ གསང་སྔགས་འཆོལ་དཀྲུགས་ལྟ་སྤྱོད་ལོག༔ ཅེས་གསུངས་སོ༔ ཡོན་ཏན་མེད་པར་ཁེངས་པའི་ཚིག་གིས་གཞན་སུན་འབྱིན་པའོ༔ ཁྱིམ་པའི་ཚུལ་གྱིས་འཇིག་རྟེན་གྱི་བྱ་བ་ལ་འཇུག་པ་དང༔ ཐོས་པ་མེད་པར་སྐོར་ལེ་གཅིག་ལ་ཨ་འཐས་པ་དང༔ དྲིས་པའི་ལན་འབྲེལ་པ་དང་བཅས་པ་མི་ཤེས་པ་དང༔ གསང་སྔགས་སྦ་བ་ཡིན་པ་ལ་ནོར་ངོར་བཏང་ནས་བོན་བཞིན་ཁྲོམ་དུ་གྱེར་བ་དང༔ ཟོང་བཞིན་བསམས་ནས་ཀུན་ལ་འཚོང་བ་རྣམས་སོ༔ དམ་ཚིག་འཆལ་བར་སོང་བས་རང་མི་བསྲུང་ཞིང༔ གཞན་ལ་སྲུངས་ཤིག་ཟེར་བ་རྣམས་ཡིན་ཏེ༔ རྒྱུད་ལས༔ ཁེངས་ཚིག་ཁྱིམ་པའི་ཚུལ་བཟུང་ནས༔ ཐོས་ཆུང་དྲིས་པའི་ལན་མི་ཐེབས༔ གསང་སྔགས་བོན་གྱེར་ཟོང་དུ་འཚོང༔ དམ་ཚིག་འཆལ་པར་གྱུར་པ་སྟེ༔ ཞེས་གསུངས་སོ༔ དེ་ཡང་དཔེར་ན༔ མི་གཙང་བའི་བུམ་པ་དང་འདྲ༔ བུམ་པ་ཕྱི་ལེགས་ཀྱང་ནང་མི་གཙང་བའི་བཅུད་ཀྱིས་བཀང་བའམ༔ དུག་གིས་བཀང་ནས་བཏུང་ན་འཆི༔ དེ་བཞིན་དུ་ཕྱི་བཟང་བཟང་འདྲ་ཡང་དེ་རྣམས་ཚང་ན་སྐྱོན་གཅིག་ནམ་ཕུགས་ཅིས་ཀྱང་ཡོང་སྟེ༔ དམྱལ་བར་རྡོ་བོར་བ་བཞིན་འགྲོ༔ གནས་སྐབས་སུའང་ལྷ་དང་མཁའ་འགྲོ་འཁྲུག༔ ནད་དང་མི་མཐུན་པ་སྣ་ཚོགས་འབྱུང་ངོ༔ སྐད་ཅིག་མ་གཅིག་བསྟེན་ཡང་དམྱལ་བར་བསྐལ་པར་ཚུད་ངོ་ཤེས་སོ༔ དེ་ཡང་རྒྱུད་ལས༔ མི་གཙང་བ་ཡི་བུམ་པ་ཡིན༔ སྐད་ཅིག་བསྟེན་པར་མི་བྱ་འོ༔ དེ་བསྟེན་མི་རུང་སྣ་ཚོགས་འབྱུང༔ ཞེས་གསུངས་སོ༔ དང་པོ་ནས་ཆོས་ཀྱིས་མི་འབྲེལ་ཏེ༔ ལོ་གསུམ་གྱི་བར་དུ་བརྟག་པར་བྱས་ལ༔ བཟང་རྟགས་མཚན་ཉིད་དང་ལྡན་མི་ལྡན་དབྱེ་བ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་རྡོ་རྗེའི་རྩ་འབྲས་ལས༔ བླ་མ་ངན་དང་ཕྲད་པ་ན༔ བེ་སྦྲེལ་གཡང་ལ་ལྷུང་བ་འདྲ༔ ལོང་བས་ལོང་ཁྲིད་ཇི་བཞིན་ནོ༔ ཞེས་གསུངས་སོ༔ བླ་མ་བརྟག་པའི་ཐབས་ཀྱི་གནད་གནས་ལུགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་སྔགས་ཟབ་མོ་འདི་ལྟ་བུའི་གདམས་ངག་བཅུད་སྟོན་པ་ལ་སྣོད་བརྟག་དགོས་ཏེ༔ དང་པོ་རྩ་བ་ཡིན་པས༔ དཔེར་ན་དང་པོ་སྣོད་རྭ་ཤིང་ངན་པར་བཅུད་བཟང་བླུག་ཏུ་མི་བཏུབ་པ་དང་འདྲ་སྟེ༔ དང་པོར་རྩ་བའི་དམ་ཚིག་སྲོག་དང་བསྡོས་ནས་སྲུང་བ་གཅིག་དགོས་ཏེ༔ དམ་ཚིག་མེད་ན་ཡོན་ཏན་བརྒྱ་དང་ལྡན་ཡང་སྐྱོན་ཡོད་དེ༔ ཀུན་ལ་དག་པའི་སྣང་བ་འབྱོངས་པ༔ ཕྲག་དོག་ཆགས་སྡང་མེད་པ༔ དུག་ལྔ་བགས་ཀྱིས་ཆུང་ཞིང༔ ཀུན་གཞི་ལེགས་པ༔ འཇིག་རྟེན་འདི་ཉིད་ལ་ཞེན་པ་ལོག་སྟེ༔ ཕ་མ་ཉེ་འཁོར་ལ་མི་ཆགས་པ༔ དད་པ་ཆེ་བས་བླ་མ་མ་ཡིན་པ་གཞན་མི་སེམས་པ༔ དམན་པ་ཀུན་ལ་སྙིང་རྗེས་སྐྱོང་བ༔ བླ་མའི་ཕྱོགས་སུ་ལུས་ལོངས་སྤྱོད་ཐམས་ཅད་གཏོང་ཕོད་པ༔ སྡིག་པ་ཕྲ་མོ་ཙམ་ལའང་འཛེམས་ཤིང༔ དབང་པོ་གང་ལ་སྦྱངས་ཀྱང་རྣོ་བའོ༔ དེ་ལྟར་ཡང་རྒྱུད་ལས༔ དམ་ཚིག་གཙང་ཞིང་དག་སྣང་ཆེ༔ དུག་ལྔའི་ཤུགས་ཆུང་ཞེན་བློ་ལོག༔ དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ༔ རྒྱུད་འདུལ་སྡིག་འཛེམས་དབང་པོ་རྣོ༔ ཞེས་གསུངས་སོ༔ གསང་བར་འོས་པའི་གཉེར་གཏད་ཐུབ་པ་གཅིག་དགོས་ཏེ༔ ཉམས་སུ་ལེན་པ་ལ་བརྩོན་པ༔ སྐབས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་ཆེ་བ༔ སྐྱོ་ཤས་ཆེ་ཞིང་ཞེན་ལོག་ཆེ་བས་རི་ཁྲོད་འགྲིམས་པ༔ སྡུག་སྲན་ཆེ་བས་དཀའ་ཐུབ་དང་རས་རྐྱང་ཐུབ་པ༔ སྙིང་རུས་ཆེ་བས་ཆོས་མིན་ཡིད་ལ་མི་བསམ་པ༔ རང་རྒྱུད་བགས་ཀྱིས་འདུལ་ཞིང་སྙིང་རྗེ་ཆེ་བའོ༔ དེ་ལྟར་ཡང་རྒྱུད་ལས༔ གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ༔ སྐྱོ་ཤས་སྡུག་སྲན་སྙིང་རུས་ལྡན༔ རང་རྒྱུད་འདུལ་ཞིང་སྙིང་རྗེ་ཆེ༔ ཞེས་གསུངས་སོ༔ ཤེས་རབ་ཆེ་བས་གང་ལ་བསླབ་ཅིང་སྦྱང་ཡང་རུང་བ༔ ནོར་དང་དངོས་པོ་ལ་འཛིན་ཆགས་ཆུང་བ༔ བླ་མ་ལ་བཀུར་སྟི་རེམ་པ༔ གསང་སྔགས་བློར་ཤོང་བ༔ སེམས་རྣམ་པར་མི་གཡེང་བ༔ དམ་ཚིག་སྲོག་ལ་བབས་ཀྱང་སྲུང་བ༔ ཁ་འཇམ་པས་ཀུན་གྱིས་ཡིད་དུ་འོང་བ༔ ཁོང་དྲང་པས་སྤྱོད་པ་ཞིབ་ཅིང་རང་མོས་ཀྱི་བླ་མའི་ཕྱོགས་སུ་བསྒྱུར་བ༔ ཆང་དང་བུད་མེད་གཉིད་གསུམ་པོ་དགེ་སྦྱོར་ཉམས་ལེན་པའི་དུག་ཡིན་པས་ཕྱོགས་ཙམ་དུའང་མི་འཇོག་པ༔ དེ་ནི་བཅུད་མཆོག་འདི་ཉིད་ཀྱི་སྣོད་ཡིན་ཞིང༔ རང་མོས་རང་དོན་འགྲུབ་པས་འཁོར་བ་སྒྲོལ་བའི་གྲུ་དང་འདྲ་སྟེ༔ གཞན་དོན་དཔག་ཏུ་མེད་པ་འབྱུང་ངོ༔ དེ་ལྟ་བུ་ལ་དབང་བཞི་རྫོགས་དང༔ ལོ་གསུམ་བརྟགས་ལ་རིམ་གྱིས་སྦྱིན་པར་བྱའོ༔ སློབ་མ་རབ་ཀྱི་མཚན་ཉིད་བརྟག་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་སྣོད་ངན་པ་དང་ཕྲད་ན༔ སྣོད་ཀྱང་ཆག་ལ་བཅུད་ཀྱང་བོ་སྟེ༔ ཤེས་རབ་ཆུང་ཞིང༔ ལག་ལེན་མེད་པའི་ཁ་གསག་ཏུ་གཏོང་བ༔ ཁ་མཁས་ཤིང་ལག་དམ་པ༔ གཡོ་སྒྱུ་ཆེ་བ༔ བླ་མའི་གསུང་ལ་ཁྱད་དུ་གསོད་པ༔ ཞབས་ཏོག་དང་ཡོན་ཏན་དུམ་རེ་ལ་དྲིན་དུ་རྩོད་པ༔ ཡོན་ཏན་བརྒྱ་སྟོང་མི་མཐོང་བར་བླ་མའི་སྐྱོན་གཅིག་ལ་རྟོག་ཅིང་ལོག་ལྟ་སྐྱེ་བ༔ གསང་སྔགས་ཐབས་མཆོག་གིས་གདམས་པ་འབྲུ་བ༔ གསང་སྔགས་ལ་ཐེ་ཚོམ་ཞིང་ཡིད་གཉིས་ཀྱིས་སྒྲུབ་པ་ཕྱི་བཤོལ་དུ་གཡེལ་བ༔ དད་པ་མི་རྟག་ཅིང་འགྱུར་ལྡོག་ཆེ་བ༔ དེ་ལྟ་བུ་ནི་སྣོད་ངན་ཡིན་ཏེ༔ བཅུད་བླུག་ཏུ་མི་རུང་སྟེ༔ དེ་ལྟར་ཡང་རྒྱུད་ལས༔ ཤེས་ཆུང་ཁ་གསག་གདོང་ལྟས་ཆེ༔ བླ་མའི་གསུང་གཅོག་དྲིན་དུ་རྩོད༔ ཡོན་ཏན་མི་མཐོང་སྐྱོན་རྣམས་འདོན༔ ཚུལ་ལམ་ཐབས་ཀྱིས་གདམས་པ་འབྲུ༔ ཐེ་ཚོམ་ཡིད་གཉིས་སྒྲུབ་ལ་གཡེལ༔ སྣོད་ངན་རྫ་ཤིང་རྭ་དང་འདྲ༔ ཞེས་གསུངས་སོ༔ དེ་ནི་སྦལ་བུ་རྨ་ཅན་དང་འདྲ་སྟེ༔ གཅིག་གིས་རྒྱ་མཚོ་ཆེན་པོའི་སེམས་ཅན་འཆི་ཞིང་རུལ་ནུས༔ མེ་ཐིགས་གཅིག་དང་འདྲ་སྟེ༔ ཡུལ་ཁྱིམ་སྲེག་ནུས༔ དམ་ཚིག་ཉམས་པ་གཅིག་གིས་ཞིང་ཁམས་གཅིག་དམྱལ་བར་ལྟུང་ནུས་པའོ༔ དེ་ཡང་རྒྱུད་ལས༔ སྦལ་བུ་རྨ་ཅན་ཇི་བཞིན་དུ༔ མེ་ཐིགས་གཅིག་གིས་ཡུལ་ཁམས་སྲེག༔ ཅེས་གསུངས་སོ༔ དེ་འདྲས་ཡུལ་འཁོར་ནོར་འབངས་དང་བཅས་པ་ཕུལ་ནས་ཞུས་ཀྱང༔ ཆུ་སྲིན་གྱི་གྲེ་བ་ན་ཡིད་བཞིན་གྱི་ནོར་བུ་ཡོད་པ་བསྐལ་པར་མི་མངོན་པ་ལྟར་བསྡམ་པར་བྱའོ༔ དེ་ལྟར་ཡང་རྒྱུད་ལས༔ མན་ངག་གདམས་པ་འདི་ཉིད་ནི༔ ཆུ་སྲིན་གྲེ་བ་བཞིན་དུ་བསྡམ༔ ཞེས་གསུངས་སོ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་ཟབ་མོ་འདི་ཉིད་སྟོན་པ་ལ༔ སྣོད་བཅུད་རྟེན་འབྲེལ་མ་འཛོམས་དོན་མི་འགྲུབ༔ དེ་ཕྱིར་བླ་མ་སློབ་མའི་བརྟག་པ་བཤད༔ སྐལ་ལྡན་བུ་ཡིས་འདི་བཞིན་ཤེས་པར་གྱིས༔ སེམས་ཀྱི་བུ་གཅིག་རྒྱུད་ལ་འདྲིས་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞུས་དག་གོ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ཁ་སྐོང་བཅས་ཕྱི་སྒྲུབ་རང་ལུགས་བཀླག་ཆོག་ཏུ་བཀོད་པ་འཆི་མེད་གོ་ཆ་ (Volume 6, Text 24)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ཁ་སྐོང་བཅས་ཕྱི་སྒྲུབ་རང་ལུགས་བཀླག་ཆོག་ཏུ་བཀོད་པ་འཆི་མེད་གོ་ཆ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་ཡ། མི་འགྱུར་རྟག་པ་འཆི་མེད་རྡོ་རྗེའི་སྐུ། ཁྱབ་བདག་བླ་མ་པདྨ་ཚེ་དཔག་མེད། །གཞོམ་མེད་སྲོག་གི་ཐིག་ལེར་རྟག་བཞུགས་ལ། །ཚེ་དབང་ཡེ་ཤེས་བྱིན་ཆེན་དབབ་ཏུ་གསོལ། །གང་དེའི་སྒྲུབ་ཐབས་བྱེ་བ་བརྒྱ་སྟོང་བཅུད། །འབྲེལ་ཚད་ཚེ་དབང་དངོས་གྲུབ་སྟེར་བ་ལ། །འཆི་མེད་མགོན་པོ་དངོས་སུ་བྱོན་འདྲ་བ། །འདིར་འཇུག་སྐལ་ལྡན་སྙིང་གི་བདུད་རྩིར་སྤེལ། །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །ལྷོ་གཏེར་རིན་ཆེན་འབྲས་བུའི་ཡང་སྙིང་། ཟབ་ཆོས་འདུས་པ་སྐོར་བཞིའི་ཡ་གྱལ། ཚེ་སྒྲུབ་གསང་བ་འདུས་པ་ཞེས་འཆི་མེད་བདུད་རྩིའི་ཉིང་ཁུ་ལྟར་སྙན་པར་གྲགས་ཤིང་དོན་ལ་གནས་པ་འདི་ལ་ཕྱི་ནང་གསང་བ་ཡང་གསང་ཕུལ་ཕྱིན་དང་བཅས་པའི་སྒྲུབ་ཐབས་ཀྱི་རིམ་པར་བཞུགས་པ་ཐམས་ཅད་ཀྱི་རྩ་བ་ལས་བྱང་པདྨའི་ཕྲེང་བ་འདི་ཉིད་དངོས་བསྟན་ཕྱི་སྒྲུབ་ཡིན་པས་དེའི་རང་ལུགས་ལྟར་ཉམས་སུ་ལེན་པ་ལའང་སྤྲོས་བཅས་ཆེ་ཆུང་གཉིས་སུ་ཡོད་པའི་སྤྲོས་བཅས་ཆེ་བ་སྒྲུབ་ཆེན་ལྟར་བྱེད་ན་སྒྲུབ་ཁོག་དང་སྦྱར་བའི་ཕྱག་ལེན་གཞན་དུ་ཤེས་པར་བྱ་ཞིང་། འདིར་སྤྲོས་བཅས་ཆུང་བ་སྒྲུབ་མཆོད་དཀྱུས་མ་དང་། དབང་སྐུར་སོགས་ཀྱི་དབང་དུ་བྱས་ནས་དོན་གསུམ་གྱིས་བསྟན་ཏེ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ཁྱད་པར་ལྔ་སྟེ། ཐོག་མར་བརྒྱུད་པའི་ཁྱད་པར་དབང་ལུང་བསྙེན་སྒྲུབ་བར་མ་ཆད་ཅིང་དམ་སེལ་གྱི་སྐྱོན་མེད་པ། ཚེ་དང་སྒྲུབ་པ་མཐར་ཕྱིན་པའི་བླ་མ་ལས་འདིའི་སྨིན་གྲོལ་ནོད་དོ། །གཉིས་པ་སྒྲུབ་པ་པོའི་ཁྱད་པར་གསང་སྔགས་སྤྱི་དང་ཁྱད་པར་འདིའི་སྒོས་ཀྱི་དམ་ཚིག་ལ་གནས་ཤིང་རིང་འཚོ་དོན་གཉེར་ལ་བརྩོན་པ་དང་ལྡན་པའོ། །གསུམ་པ་གནས་ཀྱི་ཁྱད་པར་ཉི་ཟླ་འཆར་སྔ་ཞིང་ཐལ་ཕྱི་ལ་ཆུ་རྒྱུན་མ་ཆད་པར་འབབས་པ། རྩི་ཤིང་ནགས་ཚལ་མཐུག་པ་སོགས་རྒྱས་པའི་གནས་ཀྱི་མཚན་ཉིད་ཚང་བ་དང་། གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ལ་དབེན་ཞིང་ཉམས་དགའ་བའི་གནས་བརྟེན། གཡུལ་འགྱེད་དང་ཕུང་ཤུལ་སོགས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །བཞི་པ་དུས་ཀྱི་ཁྱད་པར་ར་བ་བཞིའམ་ཁྱད་པར་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་ཆ། སྤེན་སྣར་གྱི་འགྲུབ་སྦྱོར་སོགས་གཟའ་སྐར་དགེ་ཞིང་ཤིས་པའི་ཐོ་རངས་སམ་སྔ་དྲོའི་ཆར་དབུ་འཛུག་གོ །ལྔ་པ་ཡོ་བྱད་བཤམ་གྱི་ཁྱད་པར་ནི། གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་བག་དྲོ་བའི་གུང་དུ་སྤྱི་དང་ཁྱད་པར་གྱི་རྟེན་ཅི་འབྱོར་བཀྲམ། གོ་ཡུལ་འགྲིགས་ན་སྒྲུབ་པ་པོ་ཁ་ནུབ་བམ་བྱང་དུ་ཕྱོགས་པ་ལེགས་པས། དེ་དང་ཞལ་སྤྲོད་འབྱུང་བའི་སྟེགས་གཙང་མ་གྲུ་བཞི་པར་རས་བྲིས་ཀྱི་དཀྱིལ་འཁོར་ལྟེ་བ་དམར་པོའི་མཐར་དཀར་དམར་མཐིང་གསུམ་གྱི་མུ་ཁྱུད། དེ་རྒྱབ་པདྨ་འདབ་བཞི། དེ་རྒྱབ་འདབ་བཞི་ཟུར་བཞི་རིན་པོ་ཆེས་མཚན་པ། དེ་རྒྱབ་འདབ་བཞི་ཟུར་བཞིར་སྣ་ཚོགས་རྡོ་རྗེའི་རྭ་གཡས་གཡོན་གཉིས་གཉིས་མངོན་པ། དེ་རྒྱབ་འདབ་ལྔ་མཚམས་སུ་མེ་ཏོག་གིས་སྤྲས་པ། དེ་རྒྱབ་རྩིག་པ་སྒོ་རྟ་བབས་སོགས་ཞི་དཀྱིལ་སྤྱི་འགྲེའི་མཐར་པདྨ་རྡོ་རྗེ་རིན་པོ་ཆེ་འོད་ལྔའི་མུ་ཁྱུད་རྣམས་ཀྱིས་རིམ་པར་བསྐོར་བ། པདྨ་རྣམས་མཛེས་ཚོན་དང་སྤྲོ་ན་ལྷ་གནས་རྣམས་སུ་གཙོ་བོ་ལ་སྐུ །འཁོར་ལ་ཕྱག་མཚན། ཕལ་པ་ལ་ས་བོན་ནམ་ཐིག་ལེ་རང་མདོག་བཀོད་པ་བཏིང་། རས་་བྲིས་མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད། གང་ལྟར་དེ་དག་གི་དབུས་སུ་རིན་པོ་ཆེའི་བུམ་པ་ཚད་ལྡན་གས་ཆག་མེད་པ་མགུལ་ཆིངས་དམར་པོས་སྤྲས་པའི་ནང་དུ་ཆང་གི་ཉིང་ཁུ་བུར་སྦྲང་འོ་མ་མར་གྱི་རིལ་བུ་ལྷ་གྲངས་སམ་གྲངས་མེད་བླུགས། དབང་རྐྱང་ཙམ་གྱི་སྐབས་སུ་སྤྱི་འགྲེའི་བུམ་རྫས་བླུགས་ཀྱང་ཆོག །ཁ་རྒྱན་ཡང་འབྲས་བུ་ཅན་གྱི་ཤིང་འབྱོར་ན་ལེགས། དེ་མཉམ་གཙོ་འཁོར་ཡོངས་རྫོགས་གསུངས་ཀྱང་གཙོ་བོའི་སྐུ་གཟུགས་ཀྱི་ཙཀ་ལི་ཙམ་བཙུགས་ཤིང་། གཟུངས་ཐག་རྡོ་རྗེ་དང་བཅས་པའི་སྟེང་དུ་རྐང་གསུམ་ལྟ་བུར་རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཚེ་གཏོར་གཡང་ཞག་འཁྱིལ་བ་ནི། འབྲུ་དཀར་ཕྱེ་མ་སྤོད་ལྡན་གར་ཆང་གིས་སྦྲུས་ཏེ། འོག་ཉི་མའི་དཀྱིལ་འཁོར། དེ་སྟེང་མཐའ་སྐོར་བགས་ཀྱིས་མཐོ་ལ་རིམ་པས་ཆུང་བའི་ཟླུམ་པོ་བཞི་བརྩེགས། དེ་སྟེང་ཟླ་བའི་དཀྱིལ་འཁོར་མཐའ་སྐོར་མུ་ཏིག་ཕྲེང་བ་དྲྭ་བ་རིས་སུ་ཡོད་པའི་སྟེང་དུ་པད་གཏོར་ཟླུམ་བརྗིད་རིན་ཆེན་འབར་བའི་དབྱིབས་ཅན། ཁོར་ཡུག་སྟེང་འོག་ཐམས་ཅད་ཚེ་རིལ་གྱིས་བསྐོར་ཞིང་ཁ་དོག་དམར་པོ་རྒྱན་སྤྲོས་གཟབ་རྒྱས་བྱས་པ་བཤམ། གཞུང་གི་དགོངས་པར་ཚེ་ནས་ཀྱི་སྟེང་དུ་ཚེ་ཆང་། དེ་ནང་ཚེ་འབྲས་ཞེས་མར་གྱི་རིལ་བུ་བསྒྲུབ་བྱའི་གྲངས་མཉམ་བླུགས་པ་ཡིན་ཡང་། ད་ལྟའི་ཕྱག་ལེན་དུ་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། གཉིས་ཀའང་གོང་མས་བསྒྲུབས་པའི་དམ་རྫས་དང་མངར་གསུམ་བསྲེས་ལ། ཚེ་ནས་དཀར་མོ་བསླད་མེད་སྡེར་མ་རེ་རེའི་སྟེང་དུ་བཞག །རྒྱབ་ཏུ་ཚེ་མདའ་བྱ་རྒོད་མ་ཆག་གས་མེད་པ་དར་སྣ་ལྔ་དང་གསེར་གཡུ་དུང་གསུམ་བལ་གཙང་མའི་སྲུང་སྐུད་དུང་ཤྭ་བཏགས་པ་བཙུགས། དེ་རྒྱབ་ཕྱོགས་བཞིར་ཕྲིན་ལས་བཞིའི་འབྲང་རྒྱས། མཚམས་བཞིར་མདའ་དར་དཀར་མཐིང་དམར་ལྗང་བཞི། དེ་དག་གི་མདུན་དུ་སྨན་རཀ་གཏོར་གསུམ། དབང་དང་སྒྲུབ་པའི་སྐབས་སུ་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་དང་། དཀྱུས་ལ་ཕྲེང་ཚར་དུ་བཤམ། སྒྲུབ་པའི་སྐབས་བསྐོར་བཤམ་དང་ཕྲེང་ཚར་ཆ་གཉིས་བཤམས་ནས་ཕྲེང་ཚར་ཁ་གསོ་བར་བྱ། བཀའ་སྲུང་གཏོར་མའང་ཕྱག་རྒྱུན་ལྟར་རྒྱུན་བཞག་བཅའ། དབང་ཆེན་གྱི་སྐབས་སུ་ཙཀླི་སོགས་དབང་རྫས་རྣམས་ཀྱང་དབང་གཞུང་ལྟར་བཀོད། སྔོན་འགྲོ་བགེགས་གཏོར། ཚོགས་དང་བཀའ་སྲུང་འབུལ་གཏོར་དཀར་དམར་གཉིས། ཆད་བརྟན། རོལ་མོའི་བྱེ་བྲག །ལས་བུམ་མམ་བསང་ཆུ། མདའ་དར། ཉེར་མཁོའི་ཡོ་བྱད་རྣམས་གྲབས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་གཏེར་གཞུང་མཇུག་བསྐྱེད་མ་བཏང་། དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་དང་བཅས་པ་ནི། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་གཙོ་བོར་གྱུར་པའི་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་གསལ་བར་གྱུར། ཧྲཱི༔ བླ་མ་ཚེ་དཔག་མེད་པ་དང༔ ཚེ་དབང་རིག་པ་འཛིན་རྣམས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་ཐོབ་པར་སེམས་བསྐྱེད་དོ༔ མི་འགྱུར་རྟག་པ་རྡོ་རྗེའི་སྐུ༔ ཚེ་བདག་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་དང་ནི་འདས་པ་ཡི༔ བཅུད་རྣམས་མ་ལུས་མཆོད་པར་འབུལ༔ སྲོག་བཅད་ལ་སོགས་མི་དགེའི་ལས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ འཆི་མེད་ཚེ་དབང་སྒྲུབ་ལ་སོགས༔ ཚོགས་གཉིས་རྣམས་ལ་ཡི་རང་ངོ་༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚེ་ཡི་བར་ཆད་སེལ་བར་བསྐུལ༔ འཁོར་བ་ཇི་སྲིད་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ལན་གསུམ་བརྗོད། སྐབས་འདིར་ཉིན་དང་པོར་བསང་ཆུ་བྱིན་རླབས་ནི། ལས་བུམ་གྱི་ནང་དུའམ། བསང་ཆུའི་སྟེང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གསལ་བར་གྱུར། དེ་ལ་དམིགས་ཏེ། ཨོཾ་ཨ་མྲྀཏ་ཀུནྡྷ་ལཱི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་དག་བྱེད་ཀྱི་བདུད་རྩི་ནུས་པ་དང་ལྡན་པར་གྱུར། ཅེས་མོས་ལ་ཐོག་མཐའ་ཀུན་ཏུ་བསང་གཏོར་ཐམས་ཅད་དེ་ཡིས་བྱའོ། །དེ་ནས་འབྱུང་གཏོར་བཏང་བ་ལ་ང་རྒྱལ་བཟུང་བ་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀ་དམར་པོ་དབྱུག་ཏོ་བསྣམས་ཤིང་སྡིགས་མཛུབ་མཛད་པ་རྟ་སྐད་སྟོང་གསུམ་ཁེངས་པར་སྒྲོག་ཅིང་གར་དགུའི་ཉམས་དང་ལྡན་པའི་སྐུར་གྱུར། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། ཧཱུྃ། ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་། །ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི། །བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས། །བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས། །སྐད་ཅིག་ཡུད་ཙམ་གྱིས་ནི་འདིར་འདུས་ཤིག །བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས། །ཨོཾ་བཛྲ་ཊཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བགེགས་འགུགས། ཨོཾ་སརྦ་བི་གྷྣཱཾ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་པུཥྤེ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས། །ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས། །འདོད་ཡོན་གླུད་དང་གཏོར་མས་ཚིམས་པར་བྱོས། །གནས་སྐབས་རྐྱེན་གྱིས་བསྒྱུར་པའི་གདོན་བགེགས་རྣམས། །གཏོར་ཀྱུ་ཆང་བུ་མར་མེ་ཞལ་ཟས་དང་། །འབྲས་ཆན་འབྲས་བུ་ཤ་ཆང་ལ་སོགས་པས། །ཚིམས་པར་གྱིས་ལ་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན། །ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རབ་ཁྲོས་ནས། །རྡུལ་ཕྲན་ཕྲ་མོ་བཞིན་དུ་བརླག་པར་བྱེད། །སརྦ་བིགྷྣཱཾ་གཙྪ། ཞེས་བགེགས་གཏོར་དོར་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ བྱང་ཆུབ་བསྒྲུབ་ལ་མི་དགའ་ཞིང༔ ལུས་སེམས་སྦྱོར་བ་ངན་པ་ཡིས༔ མི་ལ་གནོད་ཅིང་འཚེ་བྱེད་པ༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ གཤེད་དང་ལྕག་དང་བླ་ཁྱེར་བྱེད༔ འབྱུང་པོའི་རིགས་ནི་གང་ཡང་རུང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ ནད་ཡམས་དལ་གྱི་བདག་མོ་སོགས༔ ཚེ་དང་སྲོག་ལ་གནོད་བྱེད་པའི༔ བདུད་སྡེ་དཔུང་བཅས་ཕྱིར་དེངས་ཤིག༔ ལན་ཆགས་གླུད་གཏོར་བྱིན་ནས་ཀྱང༔ བསྒོ་བའི་བཀའ་ལ་མི་ཉན་ན༔ དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ རྟ་སྐད་མཚེར་ཞིང་མཚོན་ཆས་གཏུབ༔ རྡོ་རྗེ་འཛིན་ཡང་འཇིགས་ནུས་ན༔ བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས༔ ལུས་ངག་ཐལ་བར་བརླག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ དེ་བས་མ་རུངས་གདུག་པའི་ཚོགས༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ ཅེས་དང་ཧཱུྃ་བཞིའི་སྔགས་ཤམ་དུ། ཚེ་དང་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུཙྪ་ཏ་ཡ་ཧཱུྃ་ཕཊ༔ མཚམས་བཅད་པ་ནི། ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང༔ ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་བསྐོར༔ མེ་ནི་སྲིད་གསུམ་ཁྱབ་པར་འབར༔ དྲེགས་ཤིང་གདུག་པ་སུ་ཡོད་ཀྱང༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་བ་བཛྲ་ཙཀྲ་ཏིགྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། སྤོས་རོལ་དབྱངས་དང་མདའ་དར་གཡབ་ལ། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཚེ་ལ་དབང་བའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་མགྱོགས་མ་དང༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ འཁོར་འདས་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་ཀུན་བསྡུས་ནས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཚེ་དང་དཔལ་གྱི་འོད་ཟེར་འབར༔ དཀྱིལ་འཁོར་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ལ་དབང་ཆེན་སྐུར༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ མཆོད་གཏོར་བྱིན་བརླབ་ནི། ཧྲཱི༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ སྔགས་ལན་གསུམ་བརྗོད། བཤགས་པ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཚེ་ལྷ་རྒྱལ་བ་འཁོར་བཅས་དགོངས༔ བདག་ཅག་ལུས་ངག་ཡིད་གསུམ་གྱིས༔ མི་དགེ་ཉམས་ཆག་འགལ་འཁྲུལ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿ༔ དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་ལུགས་འདིར་འཛབ་ཁང་དབྱེ་བ་མི་མཛད་པས། བློ་རབ་ཀྱིས་སྣང་སྲིད་ལྷ་དང་གཞལ་ཡས་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་གསལ་འདེབས་པ་དང་། འབྲིང་པོས་བདག་མདུན་སེམས་ཉིད་ཀྱི་རྣམ་རོལ་ཙམ་དུ་ཤེས་པས་ཐམས་ཅད་ཆབས་ཅིག་དཀྱིལ་འཁོར་གཅིག་ཏུ་བསྒོམ་པ་དང་། ཐ་མས་ཚིག་རིས་གཅིག་གིས་བདག་བསྐྱེད་དང་མདུན་རྟེན་དབང་དང་སྒྲུབ་རྫས་ཀྱི་གོ་སར་ཡང་དཀྱིལ་འཁོར་སོ་སོར་མོས་པར་བྱ་སྟེ། དེ་ལ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ༔ སྟོང་པ་ཆེན་པོ་ཆོ་འཕྲུལ་ཆེ༔ གསང་ཆེན་ཡུམ་ལྔའི་མཁའ་ཀློང་ནས༔ ཨེཿཡཾཿརཿསུཾཿཀེཾཿརཾཿལས༔ འབྱུང་བ་ཆེན་པོ་ལྔ་རུ་ཤར༔ སྲ་བརྟན་རྡོ་རྗེའི་རི་རབ་སྟེང༔ པདྨ་རིན་ཆེན་རྡོ་རྗེ་དང༔ འཁོར་ཡུག་འོད་ཀྱི་དྲྭ་བར་གསལ༔ རིན་ཆེན་སྣ་ལྔའི་རྩིག་པ་ལ༔ འགྱུར་མེད་རྡོ་རྗེའི་རྒྱ་ཡིས་གདབ༔ གྲུ་ཆད་སྒོ་ཁྱམས་རྒྱན་རྣམས་རྫོགས༔ རྟ་བབས་ཆོས་འཁོར་གདུགས་ཏོག་མཛེས༔ ཕོ་བྲང་མཉམ་ཡངས་འོད་དུ་འབར༔ ཕྱི་གསལ་ནང་གསལ་དྲི་མ་མེད༔ ངོ་མཚར་རྒྱལ་བའི་ཕོ་བྲང་གསལ༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་ལྷ་བསྐྱེད་པ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས༔ རྨ་བྱ་ཉི་ཟླ་པདྨའི་སྟེང༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་རྒྱན་རྫོགས་ཅོད་པན་ཅན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ དམར་སེར་གཞོན་ཚུལ་བདེ་བ་རྒྱས༔ ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔ བདེ་ཆེན་ཡབ་དང་གཉིས་མེད་འཁྲིལ༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ ཤར་དུ་ལཱ་སེ་དཀར་མོ་ལ༔ ལྷོ་རུ་མཱ་ལེ་སྔོན་མོ་བསྐྱེད༔ ནུབ་ཏུ་གཱིརྟཱི་དམར་མོ་སྟེ༔ བྱང་ཏུ་ནཱིརྟཱི་ལྗང་གུ་བསྐྱེད༔ དེ་ཡི་ཕྱི་རིམ་ཁོར་ཡུག་ལ༔ ཤར་ཕྱོགས་དཀར་མོ་མགྱོགས་མ་སྟེ༔ ལྷོ་ཕྱོགས་སྔོན་མོ་རྒྱས་མའི་ཚུལ༔ ནུབ་ཕྱོགས་དབང་གི་མགྱོགས་མ་དམར༔ བྱང་ཕྱོགས་ལས་ཀྱི་མགྱོགས་མ་ལྗང༔ དེ་ཡི་ཕྱི་རིམ་པདྨ་དང༔ མི་འགྱུར་རྡོ་རྗེའི་ཟུར་བཅས་ལ༔ ཤར་དུ་ལྕགས་ཀྱུ་ལྷོར་ཞགས་པ༔ ནུབ་ཏུ་ལྕགས་སྒྲོག་བྱང་དྲིལ་བུ༔ ཚེ་ཡི་ལྷ་མོ་མགྱོགས་མར་བཅས༔ དེ་ཡི་ཕྱི་རིམ་པདྨ་ལྔ༔ མེ་ཏོག་མཛེས་པའི་འཛུམ་བཅས་ལ༔ ཚེ་བདག་རྒྱལ་བ་རིགས་ཀྱི་ཡུམ༔ ཤར་དུ་ཀུན་བཟང་མཱ་ཀི་དཀར༔ ལྷོ་རུ་སངས་རྒྱས་སྤྱན་མ་སེར༔ ནུབ་ཏུ་ན་བཟའ་དཀར་མོ་དམར༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང༔ དེ་ལྟར་གཙོ་འཁོར་ལྷ་རྣམས་དང༔ གཞན་ཡང་ཚེ་ལྷ་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཚེ་ཡི་འཕྲོ་འདུ་འོད་ཟེར་ཅན༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ༔ ཨོཾ་ཨཱ་ཡུ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚེ་མདའ་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་པ་ནི། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ རིགས་བདག་ཚེ་ཡི་མགོན་པོ་ནི༔ ཚེ་ཡི་ལྷ་མོ་མགྱོགས་མ་དང༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ ཚེ་ཡི་དངོས་གྲུབ་བསྒྲུབ་བྱའི་ཕྱིར༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་བྱོན་ནས་ཀྱང༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་མེད་བཞུགས་སུ་གསོལ་བ་ནི༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དགྱེས་པའི་ཚུལ་དུ་བཞུགས་ནས་ཀྱང༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨཱ་ཡུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ དེང་གི་གནས་མཆོག་དམ་པ་འདིར༔ ཚེ་ཡི་ལྷ་ཚོགས་འཁོར་བཅས་ལ༔ བདག་ཅག་ལུས་ངག་རབ་དད་པས༔ རྟག་པར་རྒྱུན་གྱིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་སྨན་གཏོར་རཀྟ་ལ་སོགས་མཆོད་པ་ནི། ཧཱུྃ༔ ཚེ་ཡི་བདག་པོ་གཙོ་འཁོར་ལོ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྦྱོར་སྒྲོལ་ཏན་གན་རྨད་དུ་བྱུང༔ ངོ་མཚར་མཆོག་གི་ཨ་མྲྀཏ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དུག་གསུམ་རཀྟ་ཛ་གད་ཆང༔ མཆོད་པའི་བྱེ་བྲག་དཔག་མེད་ནི༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང༔ ནམ་མཁའ་ཁྱབ་པའི་ཕྱག་རྒྱ་བསྒྱུར༔ རྡོ་རྗེའི་གླུ་ཡིས་བསྐུལ་ནས་ཀྱང༔ ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ཡུ་ཤེ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བིདྱ༔ ཤབྡ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ༔ མ་ཧཱ་རཀྟ༔ མ་ཧཱ་མུ་དྲ་ཛྙཱ་ན་སརྦ་པཉྩ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་ནང་གཅིག་དྲིལ་དུ་འབུལ་ལོ། །བསྟོད་པ་ནི། ཧཱུྃ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ནི༔ དམར་གསལ་དྲི་མེད་ཚེ་བུམ་འཛིན༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་གྱི་ཚེ་བདག་ཆེན་མོ་ནི༔ དཀར་མོ་ཚེ་ཡི་བུམ་པ་འཛིན༔ ཤར་གྱི་ཕྱོགས་ནས་ཚེ་ཡི་བདག༔ ལཱ་སེ་དཀར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ཡི་ཚེ་བདག་ཆེན་མོ་ནི༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ ལྷོ་ཡི་ཕྱོགས་ནས་ཚེ་ཡི་བདག༔ མཱ་ལེ་སྔོན་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་ཀྱི་ཚེ་བདག་ཆེན་མོ་ནི༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཡི་བདག༔ གཱིརྟཱི་དམར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་གི་ཚེ་བདག་ཆེན་མོ་ནི༔ ལྗང་མོ་ཚེ་ཡི་བུམ་པ་འཛིན༔ བྱང་གི་ཕྱོགས་ནས་ཚེ་ཡི་བདག༔ ནཱིརྟཱི་ལྗང་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ཤར་ཕྱོགས་ནས༔ ལུས་འཕགས་གླིང་ལ་དབང་སྒྱུར་ཞིང༔ དྲི་ཟ་ལ་སོགས་ཚེ་བདག་མོ༔ དཀར་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ལྷོ་ཕྱོགས་ནས༔ འཛམ་བུ་གླིང་ལ་དབང་སྒྱུར་ཞིང༔ གྲུལ་བུམ་ལ་སོགས་ཚེ་བདག་མོ༔ སྔོན་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ནུབ་ཕྱོགས་ནས༔ བ་ལང་སྤྱོད་ལ་དབང་སྒྱུར་ཞིང༔ ཀླུ་དབང་ལ་སོགས་ཚེ་བདག་མོ༔ དམར་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ སྒྲ་མི་སྙན་ལ་དབང་སྒྱུར་ཞིང༔ གནོད་སྦྱིན་ལ་སོགས་ཚེ་བདག་མོ༔ ལྗང་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་ཚེ་བདག་ནི༔ ཤར་ཕྱོགས་ཞི་བའི་ལས་མཛད་ཅིང༔ དཀར་མོ་ལྕགས་ཀྱུ་ཕྲིན་ལས་མ༔ ཤར་གྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་ཀུན་གྱི་ཚེ་བདག་ནི༔ ལྷོ་ཕྱོགས་རྒྱས་པའི་ལས་མཛད་ཅིང༔ སེར་མོ་ཞགས་པ་ཕྲིན་ལས་མ༔ ལྷོ་ཡི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ སྲིད་གསུམ་ཀུན་གྱི་ཚེ་བདག་ནི༔ ནུབ་ཕྱོགས་དབང་གི་ལས་མཛད་ཅིང༔ དམར་མོ་ལྕགས་སྒྲོག་ཕྲིན་ལས་མ༔ ནུབ་ཀྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུམ་ཀུན་གྱི་ཚེ་བདག་ནི༔ བྱང་ཕྱོགས་དྲག་པོའི་ལས་མཛད་ཅིང༔ ལྗང་མོ་དྲིལ་བུ་ཕྲིན་ལས་མ༔ བྱང་གི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དེ་བཞིན་རིགས་ཀྱི་ལྷ་མོ་ནི༔ ནམ་མཁའི་ཁམས་ལ་དབང་ཡང་སྒྱུར༔ སྐུ་མདོག་མཐིང་ནག་འོད་ཟེར་འབར༔ ཕྱག་འཚལ་ཀུན་ཏུ་བཟང་མོ་ལའོ༔ ཧཱུྃ༔ རྡོ་རྗེའི་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ཆུ་ལ་དབང་ཡང་སྒྱུར༔ སྐུ་མདོག་དཀར་མོ་འོད་ཟེར་འབར༔ ཕྱག་འཚལ་ཡུམ་ཆེན་མཱ་ཀི་ལའོ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ས་ལ་དབང་ཡང་སྒྱུར༔ སྐུ་མདོག་སེར་མོ་འོད་ཟེར་འབར༔ ཕྱག་འཚལ་སངས་རྒྱས་སྤྱན་མ་ལའོ༔ ཧཱུྃ༔ པདྨ་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་མེ་ལ་དབང་ཡང་སྒྱུར༔ སྐུ་མདོག་དམར་མོ་འོད་ཟེར་འབར༔ ཕྱག་འཚལ་ན་བཟའ་དཀར་མོ་ལའོ༔ ཧཱུྃ༔ ལས་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་རླུང་ལ་དབང་ཡང་སྒྱུར༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ༔ དེ་ནས་ཚེ་བསྐུལ་བ་ནི་སྦྱར་སྤོས་དང་གུ་གུལ་བསྲེག །མདའ་དར་གཡབ་ཅིང་དབྱངས་དང་བཅས་ཏེ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་ནམ་མཁའི་རྡུལ་བག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་བསྣམས༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ ཚེ་བུམ་བསྣམས་ནས་གཉིས་མེད་འཁྲིལ༔ ཡང་གསང་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོས་ཐུགས་ཀྱི་ཨཱ་ཡུཿསྩོལ༔ མགོན་པོས་ཚེ་བཞག་གནས་འདིར་ལགས༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ དེ་ནས་བསྙེན་འཛབ་བཟླ་བའི་ཐོག་མར། རིགས་འདུས་གཙོ་བོའི་སྒོམ་བཟླས་ནི། བདག་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་སེམས་ཀྱི་ངོ་བོ་ཧཱུྃ་དམར་གསལ། དེའི་ཞབས་ཀྱུའི་ནང་དུ་ཚེའི་ངོ་བོ་ཨཿདཀར་གསལ། དེའི་དཔུང་པའི་ནང་དུ་སྲོག་གི་ངོ་བོ་ནྲྀཿདམར་ལྗང་། དེའི་མཐར་ཨོཾ་གུ་རུ་ཨཱ་ཡུཿསོགས་དང་། དེ་རྒྱབ་ཧཱུྃ་བྷྲཱུྃ་བཛྲ་སོགས། རིགས་ལྔའི་སྙིང་པོ་འབྲུ་བརྒྱད་རྣམས་ཀྱིས་འཁོར་བར་བསྒོམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་བུམ་ལྷའི་ཐུགས་ཀར་ཡང་དེ་བཞིན་དུ་བསྒོམ། བུམ་པར་ཨ་ནྲྀ་མ་བསྐྱེད་ཀྱང་ཆོག །དེ་ནས་གཟུངས་ཐག་སྙིང་གར་བཟུང་ལ། ཐུགས་ཀའི་སྔགས་ཕྲེང་དེ་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་བརྒྱུད་ནས་ཡུམ་ལྔའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་རང་བཞིན་ནྲྀཿདང་། ཨཿདང་། ཧཱུྃ་གསུམ་གྱི་ངོ་བོར་བཀྲག་མེ་རེ་རེ། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཁེངས་ཏེ། ཚུར་འུབ་འུབ་བསྡུས་པས་བུམ་པ་འབྲུ་གསུམ་གྱིས་མེར་མེར་དུ་གང་། བདག་ལ་ཡང་ཐིམ་པས་ཐུགས་ཀའི་འབྲུ་གསུམ་བཀྲག་མདངས་དང་ལྡན་པར་བསྒོམ། ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱང་གཡས་ཐམས་ཅད་ན་ཚེའི་མདའ་དར་རིགས་ལྔ། གཡོན་ཐམས་ཅད་ན་ཚེའི་བུམ་པ་བསྣམས་པར་བསྒོམས་ལ། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཞེས་གཙོ་བོའི་སྔགས་ཅི་ནུས་བཟླ། དེ་ནས་ཐུགས་རྡོ་རྗེ་རིགས་ཀྱི་སྒོམ་བཟླས་ནི། བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐུགས་རྡོ་རྗེའི་རིགས་ཐམས་ཅད་དང་། འབྱུང་བ་ནམ་མཁའི་དྭངས་མ་དང་འཁོར་འདས་ཀྱི་བཅུད་ཐམས་ཅད་ཨཿནྲྀཿཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ། ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས། འབྲུ་གསུམ་དང་ཁྱད་པར་དུ་ནྲྀཿའཁྱམས་པ། རང་གི་བླ་ཚེ་ཡར་བ། གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཞིང་། རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གྭའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ། ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ་ཨཱ༔ ཞེས་བརྒྱ་རྩ་ལས་མི་ཉུང་བ་ཅི་འགྲུབ་བཟླ། དེ་ནས་སྐུ་བདེ་གཤེགས་རིགས་ཀྱི་སྒོམ་བཟླས་ནི། བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྐུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་། འབྱུང་བ་ཆུ་དང་། ཆུ་བོ་ཆེན་པོ་དང་། ཆུ་བྲན་དང་། ལྟེང་ཀ་དང་། རྒྱ་མཚོ་ཆེན་པོ་ནས་ཆུ་སྲིན་ལ་སོགས་པའི་བཅུད་ཐམས་ཅད་ཨཿནྲྀཿཧཱུྃ་གསུམ་གྱི་རྣམ་པར། ཏིང་ངེ་འཛིན་གསལ་བར༴ ཞེས་སོགས་གོང་གིས་འགྲེས་ཏེ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ་ཨཱ༔ ཞེས་བཟླ། དེ་ནས་ཡོན་ཏན་རིན་ཆེན་རིགས་ཀྱི་སྒོམ་བཟླས་ནི། བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་དང་། འབྱུང་བ་ས་ཡི་བཅུད། རི་རབ། རི་བྲན། གངས་རི། སྨན་རི། རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་ཨཿནྲྀཿཧཱུྃ་གསུམ་གྱི་རྣམ་པར། ཏིང་ངེ་འཛིན་གསལ་བར༴ སོགས་གོང་ལྟར། སྭཱ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ་ཨཱ༔ ཞེས་བཟླ། དེ་ནས་གསུང་པདྨ་རིགས་ཀྱི་སྒོམ་བཟླས་ནི། བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་གསུང་པདྨའི་རིགས་ཐམས་ཅད་དང་། འབྱུང་བ་མེའི་བཅུད། ཡེ་ཤེས་ཀྱི་མེ་དང་། ཉི་མ་ལ་སོགས་པའི་བཅུད་ཐམས་ཅད་ཨཿནྲྀཿཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར༴ སོགས་གོང་བཞིན། ཨཱཾ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ་ཨཱ༔ ཞེས་བཟླ། དེ་ནས་ཕྲིན་ལས་ཀརྨ་རིགས་ཀྱི་སྒོམ་བཟླས་ནི། བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཕྲིན་ལས་ཀྱི་རིགས་ཐམས་ཅད་དང་། འབྱུང་བ་རླུང་གི་བཅུད་ཐམས་ཅད་ཨཿནྲྀཿཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར༴ སོགས་འགྲེ །ཧཱ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ་ཨཱ༔ ཞེས་བཟླ། ཐུན་མཐར་ཚེ་འགུགས་པ་ནི། བདག་མདུན་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་བཅུད་ཀྱིས་གང་བར་བསྒོམ། ཚེའི་ཕོ་ཉ་ལྷ་མོ་བཞི། མགྱོགས་མ་བཞི་དང་། སྒོ་མ་རྣམས་ཀྱིས་རང་རང་གི་བུམ་པར་ཚེའི་བཅུད་ཐམས་ཅད་བསྡུས་ཤིང་དཀྱིལ་འཁོར་གྱི་བུམ་པར་སིབ་རུག་རུག་བླུག་སྟེ་ཆིལ་གྱིས་གང་ནས་རྣལ་འབྱོར་པ་བདག་ལ་ཡང་སྔགས་སྒྲ་ཏི་རི་རི་དབང་བསྐུར། བུམ་བཅུད་སྤྱི་བོར་བླུགས་པས་ལུས་དཀར་ལྟེམ་གྱིས་གང་། དྭངས་མ་ཐམས་ཅད་སྙིང་གའི་ནྲྀཿལ་ཐིམ་པས་བཀྲག་མདངས་དང་ལྡན་པར་བསྒོམ། མདའ་དར་གཡབ་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱིརྟཱི་དམར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིརྟཱི་ལྗང་གུ་ཚེ་ཡི་བདག ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨོའི་ཕྲེང༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་བཻ་ཌཱུརྻ་ཡི་ཞིང་ཁམས་ནས༔ སྔོན་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སྔོན་མོ་མགྱོགས་མ་འབུམ༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ལས་རབ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ད་རུང་མགྲོན་གལ་ཆེན་ལ་བང་ཆེན་བསྣན་པ་ལྟར་ཕྱག་རྒྱ་བཞིས་བསྐུལ་ཏེ། ཧཱུྃ༔ ཁམས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ༔ ཕྱག་ན་བསེ་ཡི་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ དུས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ཞགས་པ་མ༔ ཕྱག་ན་རིན་ཆེན་ཞགས་པ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྲིད་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཕྱག་ན་པདྨ་བྷནྡྷ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྐུ་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་དྲིལ་བུ་མ༔ ཕྱག་ན་གཡུ་ཡི་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ལ༔ གསང་བ་བཞི་ཡི་རྒྱས་ཐོབ་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུཿཤེ་ཧཱུྃ༔ ཨཱ་ཡུ་ཤེ་ཛྙཱ་ན་ཛ་ཛ༔ ཞེས་ཉེར་གཅིག་བཟླའོ། །གོང་གི་ལྷ་མོ་རྣམས་ཀྱིས་ཚེ་ནམ་མཁའི་མཐའ་དང་མཉམ་པ་ནས་བསྡུས་ཏེ། གཙོ་བོའི་བུམ་པར་སིབ་རུག་བླུགས་ཤིང་། རྣལ་འབྱོར་པ་བདག་ལའང་དབང་བསྐུར་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་བསོད་དཔལ་འབྱོར། དབང་ཐང་། ཆོས་སྲིད། བྱིན་རླབས། ནུས་མཐུ་ཐམས་ཅད་བདག་དང་དམིགས་ཡུལ་སྦྱིན་བདག་གི་སྙིང་གར་ཐིམ་པས་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་སྲོག་ཤིང་། ལུས་རྡོ་རྗེའི་བྲག་ལྟར་སྲ་ཞིང་། ཚེ་ཉི་ཟླ་དང་མཉམ་པར་བསམ། དེ་ནས་ཚེ་སྦ་ཞིང་སྐལ་ལྡན་གྱི་ལུས་ལ་བསྟིམ་པ་ནི། ཡུམ་ལྔའི་སྤྲུལ་པས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཐམས་ཅད་དང་། ལྷ་དང་དྲང་སྲོང་། རིག་འཛིན་ཀླུ་དབང་། འགྲོ་བ་མིའི་སྲོག་ནྲྀཿདང་། ནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་བདག་དང་བུམ་པ་ལ་སིབ་སིབ་ཐིམ། ཡང་འོད་དུ་མེ་རེ་རེ་འདུས་ནས། བ་སྤུའི་བུ་ག་ལ་སིབ་སིབ་ཐིམ་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་གདིང་བསྐྱེད་ལ། ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ དེ་བཞིན་ལྷ་མོ་ཀུན་ཏུ་བཟང༔ རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་སྡུས་ལ༔ འཁོར་ལོ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེའི་ཡུམ་སྟེ་མཱ་མ་ཀི༔ རིན་ཆེན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ རྡོ་རྗེ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ བཻ་ཌཱུརྻ་ཡི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རིན་ཆེན་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ པདྨའི་ཡུམ་སྟེ་ན་བཟའ་དཀར༔ པདྨ་རཱ་གའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལས་རབ་ཡུམ་སྟེ་དམ་ཚིག་སྒྲོལ༔ ཨིནྡྲ་ནཱི་ལའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ རྒྱ་གྲམ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ དེ་ལྟར་སྣོད་བཅུད་ཚེའི་རང་བཞིན་ཨ་ནྲྀཿཧཱུྃ་གསུམ་ནྲྀཿའཁྱམས་པ་ཐམས་ཅད་བདག་དང་བུམ་པ་ལ་ཐིམ༔ ཕྱིའི་འབྱུང་བ་ནང་གི་ལུས་ལ་ཐིམ༔ ཚེ་སྦས་བསྟིམ་རྒྱས་བཏབ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ༔ རྗེས་ལ་ཚེ་བརྟན་པར་བྱེད་པའི་སྙིང་པོ་འདི་བརྒྱའམ་ཉེར་གཅིག་བཟླས་སོ༔ ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཅེས་སོ༔ དེ་ནས་རྡོ་རྗེའི་ཚིག་འདིས་འགྱུར་མེད་དུ་རྒྱས་གདབ་སྟེ༔ ཧཱུྃ༔ སྙིང་པོ་བརྟན་པ་མི་ནུབ་སྟེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་འབར༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ སྐབས་འདིར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ་གྱིས་ཁ་བསྐང་ཞིང་བརྟན་པར་བྱས་ནས་མཆོད་བསྟོད་མདོར་བསྡུས་སམ། དཀྱུས་ཀྱི་ཕྱག་ལེན་དུ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་འབུལ་བར་མཛད་དོ། །དེ་ནས་ཚེའི་ལྷ་རྣམས་རྡོ་རྗེའི་ཐ་ཚིག་གིས་ཐུགས་དམ་གནད་ནས་བསྐུལ་བ་ནི། ཚེ་བདག་གཙོ་འཁོར་ཚེའི་རིག་འཛིན་རིགས་ཀྱི་ལྷ་མོ་རྣམས་ཀྱིས། དུས་གསུམ་གྱི་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་འཕགས་ཚོགས་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྐུའི་བྱིན་རླབས་བརྒྱུད། མགུལ་གྱི་བུམ་པ། ཐུགས་ཀྱི་དཔལ་བེའུ་ནས་ཚེའི་དྭངས་མ། བཅུད་ཀྱི་ས་བོན། བྱིན་རླབས་ཀྱི་ངོ་བོ། ཡེ་ཤེས་ཀྱི་སྙིང་པོ་རྣམས་བཀུག་ནས་རྣམ་པར་ཤེས་པ་ནྲྀཿལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམས་ལ། ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡིས་ཐོབ༔ བགྲེས་རྒུད་མེད་པ་སུ་ཡིས་བརྙེས༔ མགོན་པོ་ཚེ་དཔག་མེད་པ་དང༔ ཡུམ་མཆོག་གསང་ཡེ་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་དགའ་རབ་རྡོ་རྗེ་དང༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ཡིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་ཤྲཱི་སིཾ་ཧ་དང༔ མཁའ་འགྲོ་རིན་ཆེན་ཞི་བ་འཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ པཎ་ཆེན་བི་མ་མི་ཏྲཱ་དང༔ མཁའ་འགྲོ་དབྱིངས་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནུབས་བན་ནམ་མཁའི་སྙིང་པོ་དང༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྐུར༔ སྐུ་ཡི་སྤྲུལ་པ་གློག་སྟོང་འགྱུ༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་སྡུས༔ དྲི་ཟ་སྐུལ་ཞིང་གཤིན་རྗེ་སྡུད༔ ཀླུ་རྣམས་འདུལ་ཞིང་གནོད་སྦྱིན་ཁོལ༔ ཚེ་སྲོག་བརྐུས་པ་ཤུལ་དུ་ཆུགས༔ བླ་ཚེ་ཉམས་པ་སོར་དུ་ཆུགས༔ གླིང་བཞི་རྒྱ་མཚོའི་མཐའ་བསྐོར་ནས༔ ཚེ་ཡི་དངོས་གྲུབ་བུམ་པར་སྡུས༔ དཔལ་དང་བསོད་ནམས་བདག་ལ་སྐྱེད༔ རྟགས་དང་མཚན་མ་བསྟན་པ་དང༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་དང༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ རྒྱལ་བ་ཚེ་བདག་གཙོ་དང་འཁོར༔ དགའ་རབ་ཤྲཱི་སིཾ་ཧ་དང༔ ཨོ་རྒྱན་ཆེན་པོ་བི་མ་ལ༔ ཧཱུྃ་ཆེན་ཀཱ་ར་ནམ་མཁའི་སྙིང༔ ལྷ་དང་དྲང་སྲོང་ལ་སོགས་པའི༔ ཚེ་ལ་དབང་བའི་རིག་འཛིན་ཚོགས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ༔ ལུས་ངག་ཡིད་གསུམ་གུས་པས་བསྟོད༔ ཁྱེད་རྣམས་ཐུགས་རྗེའི་མངའ་དབང་ཅན༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ བསྟོད་ཅིང་གསོལ་བ་བཏབ་པའི་ཚེ༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ སྐྱེ་ཤི་མེད་པའི་དབང་ཆེན་སྐུར༔ འགྱུར་བ་མེད་པའི་བྱིན་ཆེན་ཕོབ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ ལུས་ལ་གཟི་མདངས་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ སེམས་ལ་བདེ་བ་བསྐྱེད་དུ་གསོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ནས་སློབ་མ་ལ་དབང་བསྐུར་བའི་སྐབས་སུ་འདིར་བཀའ་སྲུང་གཏོར་འབུལ་ཚོགས་བསྒྲལ་བསྟབ་ཡན་ཆད་གྲུབ་ནས་བདག་འཇུག་གི་དབང་རྒྱས་བསྡུས་གང་རུང་བླངས་ལ་དབང་བསྐུར་ཚེ་འཛུགས་སོགས་དང་ལྷག་མ་གཏང་བ་སོགས་མཐའ་རྒྱས་བྱ། སྒྲུབ་མཆོད་དཀྱུས་ལ་ཏིང་ངེ་འཛིན་གྱི་དབང་བླང་བ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་སངས་རྒྱས་རིན་པོ་ཆེ༔ ཚེ་དཔག་མེད་པ་འགྲོ་བའི་མགོན༔ ཡང་གསང་ཐུགས་ཀྱི་གྭ་འུ་ནས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ བླ་མེད་མཆོག་གི་རིན་པོ་ཆེ༔ མགོན་པོས་བདག་ལ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ། ཧྲཱི༔ འཁོར་འདས་ཚེ་བཅུད་མདུན་བསྐྱེད་བུམ་པར་བསྡུས། །བདུད་རྩིའི་རྒྱུན་བྱུང་བདག་གི་ཚངས་བུག་ཞུགས། །སྒོ་གསུམ་སྒྲིབ་དག་ལུས་ཀུན་བདུད་རྩིས་གང་། །ལྷག་མ་གྱེན་ཕྱུར་རིགས་བདག་དབུར་བརྒྱན་གྱུར། །གནས་བཞིའི་ཨོཾ་ཨཱཿཧཱུྃ་ཧྲཱིཿའི་ཡི་གེ་ལས། །དཔག་མེད་འཕྲོས་པ་རང་གི་གནས་བཞིར་ཐིམ། །སྒོ་གསུམ་སྨིན་གྲོལ་ཚེ་ལ་དབང་བ་ཡི། །འཆི་མེད་རིག་འཛིན་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ཏིང་ངེ་འཛིན་གྱི་དབང་བླང་། དེ་ནས་ཚེ་བསྟིམ་ཞིང་རྡོ་རྗེའི་ཚེ་འཛུགས་པར་བྱ་སྟེ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དེ་ལྟར་ཚེ་འགུགས་དབང་ཡང་བསྐུར༔ ད་ནི་རྡོ་རྗེའི་ཚེ་འཛུག་འཚལ༔ སྐྱེ་འཆི་མེད་པར་རྒྱས་འདེབས་འཚལ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རི་བོ་ཏ་ལའི་ལྷོ་ནུབ་ཏུ༔ རིགས་གསུམ་མགོན་པོའི་ཕོ་བྲང་དེར༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ རྡོ་རྗེ་ཚེ་མཆོག་བསྒྲུབས་པ་ལ༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱ་ཡིས་གདབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ད་ལྟ་རྣལ་འབྱོར་བདག་ཅག་ཀྱང༔ རྡོ་རྗེ་ཚེ་འདི་ས་ལ་འཛུགས༔ གལ་ཏེ་ས་ལ་མ་ཚུགས་ན༔ ས་ཡི་སྙིང་པོ་གསེར་ཡིན་པས༔ ཚེ་འདི་གསེར་གྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་ཆུ་ལ་འཛུགས༔ གལ་ཏེ་ཆུ་ལ་མ་ཚུགས་ན༔ ཆུ་ཡི་སྙིང་པོ་ཚྭ་ཡིན་པས༔ ཚེ་འདི་ཚྭ་ཡི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མེ་ལ་འཛུགས༔ གལ་ཏེ་མེ་ལ་མ་ཚུགས་ན༔ མེ་ཡི་སྙིང་པོ་དྲོད་ཡིན་པས༔ ཚེ་འདི་དྲོད་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་རླུང་ལ་འཛུགས༔ གལ་ཏེ་རླུང་ལ་མ་ཚུགས་ན༔ རླུང་གི་སྙིང་པོ་དབུགས་ཡིན་པས༔ ཚེ་འདི་དབུགས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མཁའ་ལ་འཛུགས༔ གལ་ཏེ་མཁའ་ལ་མ་ཚུགས་ན༔ ནམ་མཁའི་སྙིང་པོ་སེམས་ཡིན་པས༔ ཚེ་འདི་སེམས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མི་ལ་འཛུགས༔ གལ་ཏེ་མི་ལ་མ་ཚུགས་ན༔ མི་ཡི་སྙིང་པོ་ནྲྀཿཡིན་པས༔ ཚེ་འདི་ནྲྀཿཡི་དཀྱིལ་དུ་འཛུགས༔ ལོ་བརྒྱ་ཐུབ་པའི་ཚེ་འཛུགས་སོ༔ སྟོན་བརྒྱ་མཐོང་བའི་ཚེ་འཛུགས་སོ༔ ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ བྷྲཱུྃ་ནི་ཚེ་ཡི་གཞལ་ཡས་ཁང༔ ཏྲཱཾ་ནི་མི་འཛད་རིན་ཆེན་གཏེར༔ ཧྲཱིཿནི་ཡེ་ཤེས་སྙིང་པོའི་སྲོག༔ ཨཱཿནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ རྒྱལ་བ་རིགས་ལྔའི་ཕྱག་རྒྱ་ཡིས༔ ཚེ་འདི་འགྱུར་མེད་རྒྱ་ཡིས་གདབ༔ སྲོག་འདི་འགྱུར་མེད་བརྟན་པར་འཛུགས༔ འདིར་འདུས་སྐལ་ལྡན་བདག་ཅག་གིས༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་ནས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ དེ་ནས་མེ་ཏོག་འཐོར་ཞིང་མདའ་དར་གཡབ་སྟེ། ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨཱཿཡུརྫྙཱ་ན་ཧཱུྃ་ཧྲཱི༔ ཞེས་མི་འགྱུར་བའི་རྒྱས་གདབ་བོ༔ གལ་ཏེ་ཚར་གྲངས་བྱེད་ན་འོག་གི །ཨོཾ༔ འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་འདིར་བརྗོད། སླར་བྱིན་འབེབ་ནས་བརྩམ་སྟེ་བསྐྱར་བར་བྱའོ། །གང་ལྟར་གྲུབ་པའི་རྒྱས་གདབ་མཚམས་སུ་བཀའ་སྲུང་གི་གཏོར་མ་འབུལ་བའམ། འདི་ཉིད་ཀྱི་རང་ལུགས་སུ་ཚོགས་ཐ་མ་བསྒྲལ་བསྟབ་གྲུབ་རྗེས་གཏོར་འབུལ་མཛད་པའང་སྣང་བས་དེ་གཉིས་གང་བདེ་བྱ་ཆོག་ལ། གཏོར་འབུལ་ནི་ཆགས་མེད་རིན་པོ་ཆེས་མཛད་པའི་སྒྲུབ་ལུང་མ་ཉིད་ལེགས་ཤིང་འཚམ་པའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་བྱ་བ་ནི། མ་ད་ན་མཱཾ་ས་བ་ལ་གཙོ་བོར་གྱུར་པའི་ཟས་སྣ་ཡོ་བྱད་འཚོགས་ཚད་བཤམ། ཆུ་ཆང་ནང་མཆོད་ཀྱིས་སྦྱང་། སྒྲུབ་ཆེན་སྐབས་སུ་ཐུགས་གསང་ལྟར་ཚོགས་ཕྲིན་གདབ། སྒྲུབ་མཆོད་དཀྱུས་ཙམ་ལ་ནི་མི་དགོས་པས་ཚོགས་སྦྱོང་བ་ནི། ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ ཚོགས་ཀྱི་དངོས་འཛིན་ཐམས་ཅད་བསྲེགས༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་ཐམས་ཅད་གཏོར༔ ཁཾ་ལས་ཡེ་ཤེས་ཆུ་བྱུང་བས༔ ཚོགས་སུ་འཛིན་པའི་གཉིས་འཛིན་བཀྲུས༔ དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རྒྱུ་ཡི་འབྲུ་བཞི་གདན་ལ་བབ༔ སྤྲོ་བསྡུའི་སྦྱོར་བས་འདོད་ཡོན་ཚོགས༔ ལོངས་སྤྱོད་དཔག་ཏུ་མེད་པར་གྱུར༔ ཧཱུྃ་ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ༔ ཚོགས་ཀྱི་ལྷ་སྤྱན་འདྲེན་པ་ནི། ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ གཟུགས་སྐུས་འགྲོ་བའི་དོན་མཛད་པ༔ ཚེ་ཡི་ལྷ་ཚོགས་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཧྲཱི༔ འདི་ན་སྣ་ཚོགས་གཟུགས་མཆིས་ཀྱི༔ གཟུགས་ཀྱི་ལྷ་མོས་མེ་ལོང་ཐོགས༔ ཀུན་ཀྱང་སྤྱན་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་སྒྲ་མཆིས་ཀྱི༔ སྒྲ་ཡི་ལྷ་མོས་པི་ཝཾ་ཐོགས༔ ཀུན་ཀྱང་སྙན་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་དྲི་མཆིས་ཀྱི༔ དྲི་ཡི་ལྷ་མོས་སྤོས་ཁང་ཐོགས༔ ཀུན་ཀྱང་ཤངས་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་རོ་མཆིས་ཀྱི༔ རོ་ཡི་ལྷ་མོས་ཞལ་ཟས་ཐོགས༔ ཀུན་ཀྱང་ལྗགས་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་རེག་མཆིས་ཀྱི༔ རེག་གི་ལྷ་མོས་ན་བཟའ་ཐོགས༔ ཀུན་ཀྱང་སྐུ་དང་གཤེགས་སུ་གསོལ༔ འདི་ན་སྣ་ཚོགས་ཆོས་མཆིས་ཀྱི༔ ཆོས་ཀྱི་ལྷ་མོས་རྡོར་དྲིལ་ཐོགས༔ ཀུན་ཀྱང་ཐུགས་དང་གཤེགས་སུ་གསོལ༔ འདོད་ཡོན་ལྷ་མོ་དཔག་མེད་ཚོགས༔ ནམ་མཁའ་ཁྱབ་པའི་གར་བྱེད་ཅིང༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ཏེ༔ དང་པོ་མཆོད་པ་ནི། ཧྲཱི༔ གསང་བ་མཆོག་གི་མཆོད་པ་ནི༔ འདོད་པའི་ལོངས་སྤྱོད་སྤྲིན་ཚོགས་གཏིབས༔ བདེ་ཆེན་ལྷ་མོས་གར་གྱིས་བསྒྱུར༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་ཨཱ་ཡུརྫྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོཿ གཉིས་པ་བསྐོང་བཤགས་ནི། སྐོང་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཧྲཱིཿ བདེ་ཆེན་ཞིང་བཞུགས་རིགས་ཀྱི་བདག །གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པའི། །ཚེ་བདག་རིགས་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལྔ་པོ་གནས་དག་པའི། །ཚེ་བདག་ཡུམ་ལྔའི་ཐུགས་དམ་བསྐང་། །ཕྱོགས་བཞིའི་ཕྱོགས་ནས་ཚེ་འགུགས་མ། །ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །རིགས་བཞིའི་ཚེ་རྣམས་འགུགས་བྱེད་མ། །མགྱོགས་མ་བཞི་ཡི་ཐུགས་དམ་བསྐང་། །གདོན་བཞིའི་ལག་ནས་ཚེ་འགུགས་མ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང། །མཱ་ར་ཏི་ཀར་འཆི་མེད་གྲུབ། །པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་། །དན་ཏིག་འགྲམ་དུ་འཆི་མེད་གྲུབ། །དགའ་རབ་ཡབ་ཡུམ་ཐུགས་དམ་བསྐང་། །སོ་ས་གླིང་དུ་འཆི་མེད་གྲུབ། །ཤྲཱི་སིཾ་ཡབ་ཡུམ་ཐུགས་བསྐང་། །བྱ་ཁྱུང་ཕུག་ཏུ་འཆི་མེད་གྲུབ། །ཧཱུྃ་ཀཱར་ཡབ་ཡུམ་ཐུགས་དམ་བསྐང་། །ལྷུན་གྲུབ་གཏེར་དུ་འཆི་མེད་གྲུབ། །བི་མ་ཡབ་ཡུམ་ཐུགས་དམ་བསྐང་། །མཁར་ཆུའི་གནས་སུ་འཆི་མེད་གྲུབ། །ནམ་སྙིང་ཡབ་ཡུམ་ཐུགས་དམ་བསྐང་། །ཚེ་ལ་དབང་ཐོབ་བགྲེས་རྒུད་བྲལ། །མཁར་ཆེན་བཟའ་ཡི་ཐུགས་དམ་བསྐང་། །དུས་མིན་འཆི་ཟློག་ཚེ་མཐར་ཕྱིན། །རཏྣ་གླིང་པའི་ཐུགས་དམ་བསྐང་། །བརྒྱ་དང་བཅུ་བཞུགས་བསྟན་པ་སྐྱོང་། །ཚེ་དབང་གྲགས་པའི་ཐུགས་དམ་བསྐང་། །སྨིན་གྲོལ་གདམས་པས་འགྲོ་བ་འདྲེན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཨོ་རྒྱན་བཀའ་ཡི་བྱ་ར་བ། །མ་ནིང་ལྕམ་དྲལ་ཐུགས་དམ་བསྐང་། །སྒྲུབ་ལ་དངོས་གྲུབ་སྟེར་བའི་མགོན། །རྒྱལ་ཆེན་རྣམ་སྲས་ཐུགས་དམ་བསྐང་། །གནས་ཆེན་གནས་ཕྲན་ཀུན་ཀྱི་བདག །ཞིང་སྐྱོང་ཡབ་ཡུམ་ཐུགས་དམ་བསྐང་། །གསང་འདུས་རྒྱུད་ཀྱི་སྲུང་མ་སྟེ། །ཨེ་ཀ་ཙཱ་ཏིའི་ཐུགས་དམ་བསྐང་། ཁྱད་པར་བཀའ་ཡི་སྲུང་མ་སྟེ། །རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །སྒྲུབ་པའི་སྡོང་གྲོགས་མཛད་པ་ཡི། །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །ཟབ་གཏེར་བཀའ་ཡི་སོ་པ་སྟེ། །མཁའ་རི་ལྕམ་དྲལ་ཐུགས་དམ་བསྐང་། །ཧྲཱིཿ ཐུགས་དམ་སྐོང་བའི་དམ་རྫས་ནི། །བ་ལིཾ་གཏོར་མས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས༴ རཀྟ་དམར་གྱིས་ཐུགས༴ ཛ་གད་ཆང་གིས་ཐུགས༴ ཞལ་ཟས་ཚོགས་ཀྱིས་ཐུགས༴ ཕྱི་མཆོད་ལྔ་ཡིས་ཐུགས༴ འདོད་ཡོན་ལྔ་ཡིས་ཐུགས༴ རིག་མ་ལྔ་ཡིས་ཐུགས༴ ལྟ་སྤྱོད་དག་པས་ཐུགས་དམ་བསྐང་། །སྙིང་པོ་འཛབ་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །དུས་དང་དུས་མིན་འཆི་བ་ཟློག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐོག་མེད་དུས་ནས་ད་ལྟའི་བར། །སྲོག་བཅད་ཁ་ཟས་ཕྲོགས་པ་དང་། །དམ་ཚིག་སེལ་དང་ཉམས་ཆག་སོགས། །ཚེ་ཐུང་བ་ཡི་ལས་སྒྲིབ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་ནི། །ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་ནས། སཏྭ་ཨཱཿ ཐ་མ་བསྒྲལ་ཞིང་བསྟབ་པ་ནི། རང་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ཧཱུྃ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་འདུས་ལྷ་ཚོགས་བདེན་པའི་མཐུས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཚེ་སྲོག་བར་དུ་གཅོད་པ་རྣམས། །དམིགས་པའི་རྟེན་ལ་མྱུར་དུ་ཁུག །ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ ང་ནི་རབ་འཇིགས་དབང་གི་རྒྱལ༔ རྟ་སྐད་འཚེར་ཞིང་སྲིད་གསུམ་གཟིར༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ ཕོ་ཉ་ལས་མཁན་གློག་ལྟར་འཁྱུག༔ གནམ་ལྕགས་ཕུར་པ་མཁའ་ལ་འདྲིལ༔ ལྕགས་ཀྱུ་ཞགས་པ་ཀླད་ལ་བསྐོར༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ དགྲ་བགེགས་འབྱུང་པོ་སྨོས་ཅི་དགོས༔ རོལ་ཅིག་ཆོམས་ཤིག་མཱ་ར་ཡ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་དགྲ་བགེགས་འབྱུང་པོ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ཏེ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ ཐུགས་ཉིད་ཞི་བའི་ངང་ཉིད་ལས༔ མ་རུངས་འདུལ་ཕྱིར་ཁྲོས་པའི་སྐུ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་རལླི་ཧོ༔ དེ་ནས་ཚོགས་ལ་རོལ་པ་ནི་སྤྲོས་བཅས་ཆེ་ཆུང་དང་བསྟུན་པའི་འབུལ་སྟོབ་ཀྱི་ཚིག་བརྗོད་ལ་ནང་གི་རྣལ་འབྱོར་དང་ལྡན་པས་རོལ། སྨོན་ལམ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ བདག་གཞན་བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས༔ མ་ལུས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ལྷག་མ་བདུད་རྩིའི་ཁ་ཆུས་བྲན་པ་སོགས་ཕྱག་ལེན་སྐབས་བསྟུན་བྱས་ལ། སྒྲུབ་ཆེན་ཡིན་ན་ཐུགས་གསང་ལྟར། ཧྲཱི༔ དང་པོ་ཕུད་སོགས་ཚང་བར་བརྗོད། དཀྱུས་ལ། སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་མགྲོན་བཀུག་ལ། ཧྲཱི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ དབང་ཆེན་རྟ་མགྲིན་བཀའ་སྡོད་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པ་ཡི༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ མཁའ་འགྲོ་གིང་དང་ལང་ཀར་བཅས༔ མ་བདུན་སྲིང་བཞི་དུར་ཁྲོད་བདག༔ འབར་མ་དབང་ཕྱུག་ཉི་ཤུ་བརྒྱད༔ མཛེས་པའི་སྐུ་ལ་སྒེག་ཚུལ་ཅན༔ མེ་ཏོག་ཆུན་འཕྱང་སྐ་རགས་བཅིངས༔ རཏྣའི་གཞོང་ཐོགས་གཏོར་ལེན་མ༔ ཕྲ་མེན་མངག་གཞུག་བྱེད་པའི་ཚོགས༔ བཀའ་ཡི་ཕ་འབབ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ བྷྱོ་བྷྱོ་བྷྱོ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྷག་མ་ཕྱི་རོལ་དུ་དོར། ཐུགས་དམ་སྐུལ་བ་ནི། ཧྲཱི༔ ཆོས་དབྱིངས་རོལ་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཡེ་ཤེས་ལས་གྲུབ་རྒྱལ་བ་རྒྱ་མཚོའི་ཚོགས༔ བཀོད་པ་སྐུ་ཡི་རྣམ་འཕྲུལ་དཔག་མེད་ཅིང༔ མཛད་པའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ༔ རང་སྣང་དགོངས་བརྒྱུད་དག་པས་ཐུགས་དམ་བསྐུལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཆད་མདོ་འབུལ་བ་ནི། དམར་གཏོར་ལ་གོང་ལྟར་འགུགས་གཞུག་བྱས་ལ། ཧྲཱིཿ ཐོག་མ་བར་དང་ཐ་མའི་བསྐལ་པ་ལ། །བདེ་ཆེན་ཞིང་དང་འཕགས་ཡུལ་གངས་ཅན་དུ། །སྣང་བ་མཐའ་ཡས་པདྨ་འབྱུང་གནས་ཀྱིས། །རྒྱུད་གསུངས་རིག་འཛིན་བསྒྲུབས་དང་གཏེར་སྦས་ཚེ། །དྷཱ་ཀི་ཆོས་སྐྱོང་དམ་ཅན་ཐམས་ཅད་ཀྱིས། །སྲོག་སྙིང་ཕུལ་ནས་བཀའ་བསྒོས་དམ་བཞག་ཚེ། །སྒྲུབ་པའི་བར་ཆད་སེལ་བར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ། །རྐྱེན་ངན་བར་ཆད་བཟློག་པར་མ་ཆད་དམ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། ཁྱད་པར་གསང་འདུས་བཀའ་ཡི་སྲུང་མ་ནི། །ཨེ་ཀ་ཙཱ་ཏི་རྡོར་ལེགས་སྨྱོ་ཁ་དང་། །མཁའ་རི་ལྕམ་དྲལ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་དམ་རྫས་བཀའ་ཡི་གཏོར་མ་བཞེས། །བདག་ནི་གསང་འདུས་སྒྲུབ་པའི་དམ་ཚིག་ཅན། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕུལ་བའི་གཏོར་སྣོད་བདུད་རྩིས་བཤལ་བ་བྲན་ནས། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས། །མཚར་སྡུག་ཡིད་འོང་རྒྱན་དང་ན་བཟའ་ཅན། །རེ་རེའི་འཁོར་ཚོགས་འབུམ་ཕྲག་དུ་མར་བཅས། །བོད་ཡུལ་མཐའ་དབུས་ཀུན་ན་བཞུགས་པ་རྣམས། །འདིར་བྱོན་དམ་རྫས་བཤལ་ཆུའི་མཆོད་པ་བཞེས། །དུས་མིན་འཆི་བའི་རྐྱེན་རྣམས་བཟློག་པ་དང་། །བསམ་པ་སྒྲུབས་ལ་རེ་བ་ཐམས་ཅད་སྐོངས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། དེ་ནས་རྟ་བྲོ་ནི་གཏོར་གཞོང་ཁ་སྦུབས་ལ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཅེས་གཞུག་ལ། ཧཱུྃ་ཧྲཱི༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭཾ་བྷ་ཡ་ནན༔ ལུགས་འདིར་དངོས་གྲུབ་ལེན་ཆོག་གོང་གི་དབང་བླངས་པ་དེས་འཐུས་ཀྱང་སྒྲུབ་པ་གྲོལ་སྐབས་དང་། ལྟས་བཟང་ལ་རྒྱུན་གྱི་དངོས་གྲུབ་ལེན་པ་ལྟ་བུར་དགོས་ན་བུམ་པ་དང་ཚེ་གཏོར་མ་བྲལ་བར་སྤྱི་བོའི་གནས་ལྔར་བཞག་ལ། ཀྱེ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་དང་འཁོར༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ འཆི་མེད་ཚེ་ཡི་བདུད་རྩིས་རབ་ཏུ་བཀང༔ བཀྲག་མདངས་བཅུད་དང་ཚེ་ཡི་འོད་ཟེར་འབར༔ བསྙེན་སྒྲུབ་ལས་སྦྱོར་བསྒྲུབ་ཚད་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་ད་བབས་ན༔ མགོན་པོ་ཁྱེད་ཀྱིས་ཚེ་བཞག་དུས་འདིར་ལགས༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་མཁའ་ལ་ཤར༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་སྐུར༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་གཙུག ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བར། སྭཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཏྲཱཾ༔ རྣ་ལྟག་གཡས་སུ། ཨཱཾ་པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ རྣ་ལྟག་གཡོན་དུ། ཧཱ་ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ལྟག་པར་བཞག །བུམ་ཆུ་དང་ཚེ་རིལ་ཆང་སོགས་ལ་ལོངས་སྤྱོད་པར་བྱའོ། །དེ་ནས་སྔགས་ཙམ་གྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་དང་། ཧྲཱིཿ མ་འབྱོར་ལྷག་ཆད་ཉམས་ཆག་ཀུན། །ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས། །འགལ་རྐྱེན་སྒྲིབ་པར་མ་གྱུར་ཅིག །བྱང་དག་ཚངས་པའི་དངོས་གྲུབ་སྩོལ། །བསྐྱེད་རྫོགས་བསྒྲུབས་པའི་དགེ་བ་རྣམས། །འགྲོ་དོན་སངས་རྒྱས་ཐོབ་ཕྱིར་བསྔོ། །འཁོར་བའི་འཁོར་ལོ་ཞིག་གྱུར་ནས། །མྱ་ངན་འདས་པ་རབ་ཐོབ་ཤོག །བདག་གཞན་ཚེ་དཔལ་ལོངས་སྤྱོད་ཆོས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ནོངས་བཤགས་དང་སྨོན་ལམ་བྱ། རས་བྲིས་ལ་དམིགས་ཏེ་བརྟན་བཞུགས་སྤྱི་མཐུན་བྱ། བདག་བསྐྱེད་འོད་གསལ་དུ་བསྡུས་ཏེ་རྒྱུན་སྤྱོད་ལ་འཇུག་པ་ནི། ཧྲཱི༔ བདག་ཉིད་སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན༔ འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུར་བཞེངས་ནས༔ སྟོང་དང་ཐུགས་རྗེའི་སྙིང་རྗེ་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཁྱད་པར་གྱི་སྨོན་ལམ་གདབ་པ་ནི་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་བ་མེད་པ་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འགྲུབ་གྱུར་ཏེ༔ བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་བརྗོད་པར་བྱ་སྟེ། རྡོ་རྗེའི་ཚིག་གོ །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཧྲཱིཿ ནམ་མཁའ་ཇི་སྲིད་འཆི་བ་མེད། །པདྨ་འབྱུང་གནས་བཀྲ་ཤིས་ཤོག །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ། །རིག་འཛིན་རྣམས་ཀྱི་བཀྲ་ཤིས་ཤོག །དུས་མིན་འཆི་བ་འཇོམས་མཛད་པ། །གསང་འདུས་ཡབ་ཡུམ་བཀྲ་ཤིས་ཤོག །ཕུང་ཁམས་སྐྱེ་མཆེད་དག་པའི་དངོས། །ཚེ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །སྒྲུབ་པའི་བར་ཆད་སེལ་མཛད་པའི། །བཀའ་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་ལྡིར་ལ་དགེ་ལེགས་སུ་བྱའོ། །ཡང་སྒྲུབ་ཆེན་ལྟ་བུར་སྒྲུབ་ཁོག་དང་སྦྲེལ་བ་ཙམ་ལས་ལས་བྱང་དངོས་གཞི་འདིར་བསྟན་གྱིས་འཐུས་ཀྱང་། དེང་སང་ཆགས་མེད་གསུང་རྒྱུན་དུ་གྲགས་པའི་འདོན་སྒོམ་རྒྱས་པའི་ལུགས་སུ་སྤྲོ་ན། ལས་བྱང་ཚར་སྔ་མ་རྣམས་ལ་སྐྱབས་སེམས་ཚོགས་གསག་ཐུགས་གསང་ལྟར། བགེགས་གཏོར་གོང་དུ་དཀར་གཏོར་ཡང་གཏང་། སྲུང་འཁོར་ནང་སྒྲུབ་འདོན་ཆ་ཚིགས་བཅད་དུ་ཕབ་པ་དང་། བརྡ་སྒོ་ཕྱག་དམ་བཅའ། ཏིང་འཛིན་རྣམ་གསུམ། འབྱུང་བ་རིམ་བརྩེག་ཚིག་སོགས་ཀྱང་ཐུགས་གསང་ལས་བསབ། ཕྱག་གི་འཕྲོས་སུ། ཧཱུྃ༔ རང་བྱུང་ཡེ་ཤེས་ཚེ་དཔག་མེད༔སོགས་སུ་བསྒྱུར་བའི་མཆོད་འབུམ་རྒྱས་པའམ། ཐུགས་གསང་གཞུང་གི་ཕྱི་མཆོད་ནས་དེ་བཞིན་ཉིད་མཆོད་བར་ཚིག་ཅུང་ཟད་ཁ་བསྒྱུར་ནས་སྦྱར། མཆོད་འབུམ་བཏང་ནའང་སྨན་མཆོད་མན་ཆད་ཐུགས་གསང་ལྟར་སྦྱར་ནས་གཞུང་གི་མཆོད་པ་ལ་འཇུག །ཚོགས་ཕྲིན་ལྷག་ཆོག་སོགས་ཀྱང་ཐུགས་གསང་ཇི་ལྟ་བ་བཞིན་རྫོགས་པར་སྦྱོར་ཞིང་། སྐོང་བའང་རཏ་གླིང་ཉིད་ཀྱིས་མཛད་པའི་འཆི་བདག་བདུད་འཇོམས་སྦྱར་བ་སོགས་མཛད་པར་སྣང་ལ། དཀྱུས་ཀྱི་ཉམས་ལེན་ནི་གཏེར་གཞུང་རྡོ་རྗེའི་གསུང་ཆད་ལྷག་མེད་པ་འདི་ཀ་རང་གིས་དོན་འཐུས་པར་ཡོད་པས་འཕྲི་བསྣན་མི་བྱ། གལ་ཏེ་ནང་སྒྲུབ་བྱེད་ན་དེའི་འདོན་འགྲིགས་ཟིན་བྲིས་ལོགས་སུ་བཀོད་པ་ཉིད་འདི་དང་སྦྲེལ་བས་དོན་འགྲུབ་ལ། གསང་སྒྲུབ་ནི་རྣལ་འབྱོར་རང་དོན་སྤྲོས་མེད་རླུང་སེམས་ཀྱི་ཉམས་ལེན་གཙོ་བོར་གྱུར་པ་ཡིན་པས་སྤྲོས་བཅས་ལས་བྱང་དང་མི་སྦྲེལ། ཡང་གསང་གུད་དུ་སྦས་པའི་སྒྲུབ་པ་སྙན་བརྒྱུད་མ་ནི་རྒྱུན་གྱི་ཉམས་ལེན་ཟབ་ཁྱད་དུ་བསྒོམ་པ་ཡིན་པས་ཕྱི་ནང་གསང་སྒྲུབ་སྔོན་དུ་སོང་བ་རྣམས་ཀྱིས་རྒྱུན་གྱི་རྣལ་འབྱོར་འདི་ཁོ་ནར་ཆེད་དུ་བསྔགས་པ་དང་། ཕྱི་སྒྲུབ་སོགས་མ་སོང་ཡང་འདི་ཁོ་ན་རྒྱུན་གྱི་ཉམས་ལེན་བྱར་རུང་བར་མངོན། འདི་ཉིད་ལས་བྱང་དང་སྦྲེལ་བྱར་མིན་རུང་སྤྲོས་པ་ལ་དགའ་བའི་ངོར་རང་དོན་བདག་བསྐྱེད་དཀྱིལ་འཁོར་དང་སྦྲེལ་བ་བཀག་པ་མེད་པ་ལ་དགོངས་ནས་ཆགས་མེད་རིན་པོ་ཆེས་ཕྱག་བཞེས་སུ་མཛད་པ། དེང་སང་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པ་ལའང་དེ་ལྟར་སྦྲེལ་བ་ནི་གཉིས་བསྲེས་པས་གཉིས་མིན་དུ་འགྱུར་བར་དོགས། དེས་ན་གུད་སྦས་དང་ལས་བྱང་འདི་ཉིད་སྦྲེལ་བར་སྤྲོ་ན་བདག་བསྐྱེད་མཆོད་གཏོར་ཙམ་ལས་དཀྱིལ་འཁོར་བུམ་གཏོར་སོགས་མདུན་རྟེན་གང་ཡང་མི་བཤམས་པར་བདག་བསྐྱེད་ཀྱི་དཀྱིལ་འཁོར་ཁོ་ནར་བསྒྲུབ་པ་ཡིན་ལ། གུད་སྦས་སྤྲོད་ཚུལ་ཆགས་མེད་ཞབས་ཀྱི་གསུང་ཡོངས་གྲགས་ལྟར་ལ། ལས་བྱང་འདིར་བསྟན་ཙམ་ལས་སྤྲོས་བཅས་ཆེན་མོའི་སབ་ཁ་གང་ཡང་མི་དགོས་སོ། །ཟབ་པ་ཕུལ་ཕྱིན་ནི་ཚེ་སྒྲུབ་གསང་འདུས་ཆོས་སྡེ་མིན་ཀྱང་ཐུགས་གསང་རྒྱུད་ལས་ཚེ་སྒྲུབ་ཀྱི་ལས་ཚོགས་གསུངས་པའི་ཉམས་ལེན་གུད་བཀོལ་ཐེམ་མེད་ཡིན་པས་སྤྱིར་འདུས་པ་རྣམ་གཉིས་དང་འབྲེལ་ཞིང་འདི་ལའང་སྤྲོས་བཅས་སྤྲོས་མེད་ཀྱི་ཉམས་ལེན་གཉིས་སུ་བཤད་པ་ལས་ད་ལྟ་སྤྲོས་མེད་ཁོ་ནར་ཉམས་བཞེས་མཛད་པའི་སྲོལ་མཆིས་ཤིང་། གལ་ཏེ་སྤྲོས་བཅས་བུམ་སྒྲུབ་སོགས་བྱེད་ན་ལྷ་སྔགས་ཀྱི་འབྱིན་འཇུག་སོགས་ལས་ཕྲིན་ལས་ཀྱི་ཁོག་འདི་ཉིད་དང་སྦྲེལ་ན་ལེགས་པར་གོའོ། །ཕྱི་སྒྲུབ་ཆེན་མོ་ཡིད་བཞིན་ནོར་བུ་འདྲ། །འདི་ཉིད་ཁོ་ན་བྱིན་རླབས་ཚན་ཆེ་ཟབ། །ནང་སྒྲུབ་དབང་པོ་ཚང་བའི་ལུས་དང་འདྲ། །མཆོག་ཐུན་དངོས་གྲུབ་ཀུན་གྱི་རྩ་བ་ཉིད། །གསང་སྒྲུབ་སྙིང་དང་སྲོག་ཏུ་འབྲེལ་བ་བཞིན། །རང་དོན་མནོག་ཆོས་གཞན་ལ་འཆད་བྱ་མིན། །ཡང་གསང་གུད་སྦས་སྙན་བརྒྱུད་ཐུན་མིན་ཏེ། །སྤྲོས་མེད་མཆོག་སྒྲུབ་རྒྱུན་གྱི་ཉམས་ལེན་ནོ། །ཆོས་འདི་ཕྱོགས་འདིར་དར་རྒྱས་ཆེ་བའི་ཕྱིར། །ཤིན་ཏུ་ཟབ་པ་རྡོ་རྗེ་པདྨའི་བཀའ། །མཆོག་དམན་དུ་མས་རང་འདོད་བརྒྱ་ཕྲག་བཅོས། །བསླད་མེད་ལུགས་བཟང་དག་ཀྱང་དུས་ཕྱིས་ནས། །བོར་ཏེ་གྲོང་སྔགས་མཁན་པོའི་རྗེས་སུ་འབྲངས། །དེ་ཕྱིར་ཁྱབ་བདག་བླ་མའི་བཀས་བསྐུལ་ཏེ། །གཏེར་གཞུང་རྡོ་རྗེའི་ཚིག་དང་སྔོན་རབས་ཀྱི། །གྲུབ་མཆོག་གོང་མའི་ལེགས་བཤད་མ་ནོར་བར། །བདུད་རྩིའི་བཅུད་དུ་བསྐྱིལ་འདི་མྱང་ཚད་ཀུན། །རྒ་ཤི་མེད་པ་ཚེ་དབང་རིག་འཛིན་བརྙེས། །འཆི་མེད་དབང་པོའི་ཞིང་ཁམས་ཡོངས་བཟུང་ནས། །ངོ་མཚར་རྣམ་ཐར་རྒྱ་མཚོར་ལོངས་སྤྱོད་ཤོག །ཅེས་པ་འདི་ནི་འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་དང་། ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་ཞལ་སྔ་ནས་ཀྱིས་གསེར་གྱི་མེ་ཏོག་བཅས་བཀའ་ལུང་གིས་རྗེས་སུ་གནང་བ་དད་པའི་གཙུག་ཏུ་བཀོད་དེ། འཆི་མེད་མགོན་པོ་པདྨའི་མཚན་ཅན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཆ་ཤས་ཐོབ་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས། དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་འཁོར་ལོའི་མགོན་པོ་རྣམ་གཉིས་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཞབས་པད་ལོ་བརྒྱར་བརྟན་ཅིང་། སྐྱེ་དགུ་མཐའ་དག་ཚེ་འོད་དཔག་མེད་ཀྱི་གོ་འཕང་བདེ་བླག་ཏུ་བརྙེས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་འཆི་མེད་ཚེའི་རྫོང་ཆུང་གི་ཉམས་ལེན་ (Volume 25, Text 24)

༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་འཆི་མེད་ཚེའི་རྫོང་ཆུང་གི་ཉམས་ལེན་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་འོད་དཔག་མེད། ཁྲོས་པའི་ཟློས་གར་པདྨ་ཧེ་རུ་ཀ །རིག་འཛིན་དབང་པོ་མཚོ་སྐྱེས་རྡོ་རྗེའི་ཞབས། །རྣམ་གསུམ་དབྱེར་མེད་ཞབས་པད་སྤྱི་བོས་མཆོད། །མཐར་བྱེད་ཚ་གདུང་བྱེ་བས་ཉམ་ཐག་རྣམས། །པདྨའི་ཞལ་གྱི་ཆུ་འཛིན་ལས་འོངས་པ། འདར་འཕྱར་གདམས་པ་བསིལ་བའི་མཆོད་སྦྱིན་འདིས། །སིམ་པར་གྱིས་ལ་འཆི་མེད་བདེ་ཆེན་སྐྱོངས། །འདིར་ཨཽ་ཌཱི་ཡ་ནའི་མཁན་པོ་མ་ཧཱ་ཨ་ཙརྻ་པདྨ་སཾ་བྷ་ཝས་གྲུབ་པ་མཆོག་གི་དེད་དཔོན་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་ལ། ནགས་རྒྱལ་རི་བོའི་ངོགས་སུ་དངོས་སུ་གནང་བའི་གདམས་པ། འཆི་མེད་ཚེའི་རྫོང་ཆུང་དུ་གྲགས་པའི་དོན་གྱི་བཅུད་ཕྱུང་བ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས། ཟབ་པ་ལས་ཀྱང་ཆེས་ཟབ་པ་འདི་ཉིད་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། རྣལ་འབྱོར་པ་རང་ཉིད་ཀྱི་རྒྱུན་གྱི་རྣལ་འབྱོར་དུ་བྱས་ཏེ་ཚེའི་རིག་འཛིན་སྒྲུབ་པ་དང་། སྐལ་ལྡན་གྱི་སློབ་བུ་རྗེས་སུ་བཟུང་བའི་ཐབས་བསྟན་པའོ། །དང་པོ་ནི། ཡང་གསང་ཁྲོས་པའི་དཀྱིལ་འཁོར་རྒྱས་པའམ། ཡབ་ཡུམ་སྦྲགས་ཏེ་སྒྲུབ་པའམ། དཔའ་བོ་གཅིག་པ་ཙམ་གྱི་སྒོམ་བཟླས་སྔོན་དུ་སོང་ནས། ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིགྣ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། ཞེས་པས་བགེགས་བསལ། ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྟོང་པར་སྦྱང་། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་རྨ་བྱ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྟེང་དུ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ཨཱཾ་པཾ་དམར་པོ། ས་མ་ཡ་སཏྭམ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འོད་ཟེར་འཕྲོས་འདུས། པདྨ་གྷཎྜེ་ས་མ་ཡ་སཏྭམ། པདྨ་དམར་པོ་འདབ་མ་བརྒྱད་པ་དང་དེས་ཡུ་བ་བྱས་པའི་དྲིལ་བུ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འོད་ཟེར་འཕྲོས་འདུས། ཨཱཾ་ཨཱ་རོ་ལྀཀ྄ །པཱཾ་རཱ་ག་ར་ཏི་སཏྭཾ། ཞེས་བརྗོད་པས་རང་གི་རྩ་བའི་བླ་མ་དེ་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་ན་ཡུམ་ཚེའི་ལྷ་མོ་གོས་དཀར་མོ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་བཀྲ་ཤིས་ཀྱི་མདའ་དར་དམར་པོ་གཡབས་སུ་འདོར་བ། གཡོན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པས་སྐུ་རྐེད་ཡན་ཆད་ཁེབས་པ། ཡབ་ཡུམ་གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་དང་ཟེར་གྱི་རང་བཞིན་ཞི་བ་འཛུམ་པ་སྒེེག་པའི་ཉམས་དང་ལྡན་པ། དེ་གཉིས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དབུའི་གནས་ལྔར་རཏྣ་ཀུ་མུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་པས་རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན༴ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན༴ ཨོཾ་མ་ཧཱ་ཀྲྀཏྱ་ཨ་ནུཥྛ་ན་ཛྙཱ་ན༴ ཞེས་བརྗོད་པས་དབུའི་གནས་ལྔར་རྒྱལ་བ་རིགས་ལྔས་དབུ་བརྒྱན། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་མེད་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་པར་བསམ་ཞིང་། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་རབ་བསྐྱོད་དེ། །འདིར་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པར་མཛོད། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀཤྱ་ཧོ། ས་མ་ཡ་སཏྭམ། ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། དེའི་སྟེང་གི་ནམ་མཁའ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་ལ་སོགས་པ་ཚེའི་རིག་འཛིན་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ། ལྷ་དང་སྲུང་མའི་ཚོགས་ཐམས་ཅད་ཕྱག་ན་བུམ་པ་དང་ཐོད་པ་ལ་སོགས་པ་ཚེའི་བདུད་རྩིས་གང་བ་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ་རྣམས་ཀྱིས་ཛཔ྄་དབྱངས་དང་ཤིས་བརྗོད་ཀྱི་སྒྲ་སྒྲོག །བདུད་རྩི་དང་མེ་ཏོག་གི་ཆར་འབེབ་པར་བསམ་མོ། །དེ་དག་ལ་མཆོད་པ་འབུལ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་ས་མ་ཡ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཧྲཱིཿརཱ་ག་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད་དང་། ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ། ཞེས་པས་བདུད་རྩི་འབུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་སྣ་ལ། སྒོ་མ་བཞི་ལ་སོགས་པ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་དག་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚེ་དང་བསོད་ནམས་ལ་སོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས། རང་གི་སྙིང་གར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་ན་ཚེའི་རྟེན་འོད་དཀར་པོ་མཐེབ་སོར་གྱི་ཚད་ཙམ་དཀར་ལ་འཚེར་བའི་དབུས་ན། རྣམ་པར་ཤེས་པའི་རྟེན་ཡི་གེ་ནྲྀ་ལྗང་གུ་སྣུམ་ལ་འདྲིལ་བ་དྭངས་ཤིང་གསལ་བ་ཞིག་ཡོད་པ་ལ་ཐིམ་པར་བསམ་ལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མཆོག་མཚན་དཔེས་བརྒྱན་པའི་སྐུ །གསུང་མཆོག་ཡན་ལག་དྲུག་ཅུའི་གསུང་། །ཐུགས་མཆོག་མི་རྟོག་པ་ཡི་ཐུགས། །མཁའ་འདྲའི་སྐུ་གསུང་ཐུགས་མངའ་བ། །ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃཿ ཞེས་པ་བདུན་ནམ་ཉེར་གཅིག་བརྗོད། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། ལྷ་མོ་ལྕགས་ཀྱུ་མ་དཀར་མོ་དཔག་ཏུ་མེད་པ་འཕྲོས་ཏེ་ཤར་དང་ཤར་ལྷོའི་ཕྱོགས་སུ་སོང་བས། དྲི་ཟ་དང་མེ་ལྷ་ལ་སོགས་པ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལག་ན་རང་གི་ཚེ་ཕྲོགས་པ་དང་ཐོར་པ་དང་ཡར་བ་ལ་སོགས་པ་ཇི་སྙེད་ཡོད་པ་དང་། ཤར་དང་ཤར་ལྷོའི་འབྱུང་བའི་རྩི་བཅུད་སོགས་དང་། གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ། ཧཱུྃ། འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །དཀར་མོ་མཛེས་མ་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃཿ ཞེས་པ་བདུན་ནམ་ཉེར་གཅིག་བརྗོད། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། ལྷ་མོ་ཞགས་པ་མ་སྔོན་མོ་དཔག་ཏུ་མེད་པ་སྤྲོས་པས་ལྷོ་དང་ལྷོ་ནུབ་ཀྱི་ཕྱོགས་སུ་སོང་བས་གཤིན་རྗེ་དང་སྲིན་པོ་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལག་ན་རང་གི་ཚེ་ཕྲོགས་པ་དང་ཐོར་པ་དང་ཡར་བ་ལ་སོགས་པ་ཇི་སྙེད་ཡོད་པ་དང་། ལྷོ་དང་ལྷོ་ནུབ་ཀྱི་འབྱུང་བའི་རྩི་བཅུད་སོགས་དང་། གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ། ཧཱུྃ། འཆིང་བྱེད་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་བསྣམས། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃཿ ཞེས་པ་བདུན་ནམ་ཉེར་གཅིག་བརྗོད། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། ལྷ་མོ་དམར་མོ་ལྕགས་སྒྲོག་ཐོགས་པ་དཔག་ཏུ་མེད་པ་འཕྲོས། ནུབ་དང་ནུབ་བྱང་གི་ཕྱོགས་སུ་སོང་བས་ཆུ་ལྷ་དང་རླུང་ལྷ་ལ་སོགས་པ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལག་ན་རང་གི་ཚེ་ཕྲོགས་པ་དང་ཐོར་པ་དང་ཡར་བ་ལ་སོགས་པ་ཇི་སྙེད་ཡོད་པ་དང་། ནུབ་དང་ནུབ་བྱང་གི་འབྱུང་བའི་རྩི་བཅུད་སོགས་དང་། གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ། ཧཱུྃ། སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ལྕགས་སྒྲོག་བསྣམས། །ཀླུ་དབང་ལག་ནས་ཚེ་ཁུག་ལ། །རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃཿ ཞེས་པ་བདུན་ནམ་ཉེར་གཅིག་བརྗོད། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། ལྷ་མོ་ལྗང་གུ་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བྱང་དང་བྱང་ཤར་གྱི་ཕྱོགས་སུ་སོང་བས་གནོད་སྦྱིན་དང་འབྱུང་པོ་ལ་སོགས་པ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱི་ལག་ན་རང་གི་ཚེ་ཕྲོགས་པ་དང་ཐོར་པ་དང་ཡར་བ་ལ་སོགས་པ་ཇི་སྙེད་ཡོད་པ་དང་། བྱང་དང་བྱང་ཤར་གྱི་འབྱུང་བའི་རྩི་བཅུད་སོགས་དང་། གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ། ཧཱུྃ། འབེབ་བྱེད་ལྷ་མོ་དྲིལ་བུ་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །འབྱུང་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃཿ ཞེས་པ་བདུན་ནམ་ཉེར་གཅིག་བརྗོད། སླར་ལྷ་མོ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ་པར་བསམ། བདེན་པ་བདར་ཏེ་ཚེ་འགུག་པ་ནི། མདུན་བསྐྱེད་འཁོར་བཅས་ཀྱི་ཐུགས་ཀ་ནས། སྤྲུལ་པའི་ཕོ་ཉ་ནམ་མཁའི་ཁམས་ཁྱབ་པར་སྤྲོས་ཏེ། དེ་དག་ན་ཡོད་པའི་ལྷ་སྲིན་མཐུ་བོ་ཆེ་རྣམས་ཀྱིས་རང་གི་ཚེ་སྲོག་ཕྲོགས་པ་སོགས་དང་། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ནུས་པ་མཐུ་སྟོབས་ལ་སོགས་པ་ཐམས་ཅད་སྐད་ཅིག་ཉིད་ལ་བསྡུས་ཏེ་ཚེ་རྟེན་ལ་ཐིམ་པར་བསམ་སྟེ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་སྙན་ཁུངས་ཀྱི་བརྒྱུད་པ་སྟེ། བརྒྱུད་གསུམ་རིག་འཛིན་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷ་ཚོགས་སོགས་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུ་འཁོར་ཟ་བྱེད་བཀའ་ཉན་གྱི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། བདག་ཅག་གི་ཚེ་སྡེ་བརྒྱད་རིགས་དྲུག་གང་གི་ལག་ན་གནས་ཀྱང་ཁུག་ཅིག །རྡོ་རྗེའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་བདག་ཅག་གི་ཚེ་ཐོར་པ་དང་། ཡར་བ་དང་། ཕྲོགས་པ་དང་། ལྡེགས་པ་ཐམས་ཅད་ཁུག་ཅིག །གཞན་ཡང་འབྱུང་བའི་རྩི་བཅུད། སེམས་ཅན་གྱི་ཚེ་དང་བསོད་ནམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཀྱི་ཚེ། ཚེའི་རིག་པ་འཛིན་པ་རྣམས་ཀྱི་རིག་པའི་ཚེ། ལྷ་ཀླུ་གནོད་སྤྱིན་མཐུ་བོ་ཆེ་རྣམས་ཀྱི་ལས་ཀྱི་ཚེ་ལ་སོགས་པ་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཁུག་ཅིག །དྲོངས་ཤིག །ཕོབ་ཅིག །སྟིམས་ཤིག །ཨོཾ་ཨཱ་ཡུར་ཛྙཱ་ན་ཧཱུྃ་ཛ་ཛཿ ཞེས་ལན་གསུམ་ལ་སོགས་པ་བརྗོད། དེ་ནས་ཚེ་བཅིང་བ་ནི། རང་གི་སྙིང་གའི་ཉི་ཟླའི་གའུའི་སྟེང་དང་། འོག་ཏུ་རྡོ་རྗེ་རྒྱ་གྲམ་བསམ་པའི་རྭ་རྣམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བསྡམས་པར་བསམ། ཚེ་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་འཕྲོས། མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་ཟག་མེད་བདེ་ཆེན་གྱིས་མཉེས་པར་བྱས། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་ཐམས་ཅད་བསྡུས་ནས་བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པའི་ནང་དུ་སོང་བར་བསམ་ནས། འཕྲོ་འདུའི་འོད་ཀྱིས་བཀུག་ནས་ཀྱང་། །མ་ལུས་བུམ་པའི་བཅུད་ལ་བསྡུས། །འཆི་བ་མེད་པའི་ཚེ་ཐོབ་ནས། །བླ་ན་མེད་པའི་མཆོག་ཐོབ་ཤོག །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་ལན་གསུམ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་བཛྲ་ཨཱ་ཡུཿཛྙཱ་ན་སིདྡྷི་བྷྲཱུྃ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་མང་བཟླ། དེ་ནས་མདུན་གྱི་བཅོམ་ལྡན་འདས་འོད་དུ་ཞུ་ནས་ཕྱག་གི་ཚེ་བུམ་ལ་ཐིམ། དེ་ཉིད་འོད་དུ་ཞུ་ནས་འཆི་མེད་ཚེའི་དངོས་གྲུབ་ཀྱི་ངོ་བོ། དཔའ་བོ་འབྲུ་ལྔར་གྱུར་པ་ནི་འོད་དཔག་མེད་དང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཨཱཾ་དམར་པོ། མི་བསྐྱོད་པ་དང་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། རིན་འབྱུང་དང་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་སྭཱ་སེར་པོ། རྣམ་སྣང་དང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཨོཾ་དཀར་པོ། དོན་གྲུབ་དང་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཧཱ་ལྗང་གུ་རྣམས་སུ་གྱུར། དེ་རྣམས་རང་གི་སྤྱི་བོའི་གནས་ལྔར་ཐིམ་པར་བསམ། ཧཱུྃ། ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ལྔ་ནི་ཚེ་ཡི་བདག །འབྲུ་ལྔ་རིགས་ལྔའི་རང་བཞིན་ཏེ། །སངས་རྒྱས་ལྔ་ཡི་དབང་ཐོབ་ཤོག །ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱཾཿ བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཀརྨ་ཨ་བྷི་ཥིཉྩ་ཧཱཿ ཧོཿ ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །བདུད་ལས་རྒྱལ་བར་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཅེས་བརྗོད་པས་རང་གི་སྙིང་གའི་ཉི་ཟླའི་གའུའི་རྡོ་རྗེ་ལུ་གུ་རྒྱུད་གྲོལ་ནས། ཉི་ཟླའི་གའུ་ཁ་བྱེ་བའི་ནང་དུ་ཞུགས། ཡི་གེ་འབྲུ་ལྔ་པོ་འཆི་མེད་བདུད་རྩིའི་རྒྱུན་འབབ་བཞིན་པ་ཚེ་དང་རྣམ་ཤེས་ཀྱི་རྟེན་ལ་ཐིམ་པས། དུས་མ་ཡིན་པར་འཆི་བའི་འཇིགས་པ་སྐད་ཅིག་དེ་ཉིད་ལ་བྱང་ཞིང་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ། སླར་ཡང་གའུ་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་སྔར་བཞིན་བསྡམ་པར་བསམ། ཚེ་སྦ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་རང་ལ་ཐིམ། དེ་ཉི་ཟླའི་གའུ་ཁ་སྦྱོར་ལ། དེ་ཚེའི་རྟེན་འོད་དཀར་པོ་ལ་ཐིམ། དེ་རྣམ་པར་ཤེས་པའི་རྟེན་ནྲྀ་ཡིག་ལ་ཐིམ། དེ་ཉིད་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་དུ་གྱུར། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ་ཡུན་རིང་དུ་མཉམ་པར་བཞག་ཅིང་། ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཞེས་བརྗོད། ཚེ་བརྟན་པར་བྱ་བ་ནི། འོད་གསལ་གྱི་ངང་ལས་རང་ཉིད་སྔར་ལྟར་ཚེ་དཔག་ཏུ་མེད་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧྲཱིཿསྔོན་པོ་རྣམས་ཀྱིས་རྒྱས་བཏབ་པས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཞུགས། ཚེའི་དངོས་གྲུབ་བརྟན་པར་བསམ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། ཚེ་སྤེལ་བ་དང་བསྲུང་བ་ནི། ཨོཾ་ཨཱཿཧཱུྃ། འདིར་ཚོགས་སྐལ་ལྡན་རྡོ་རྗེའི་བུ། །ཞེས་པ་ནས། བར་ཆད་བདུད་འཇོམས་བཀྲ་ཤིས་ཤོག །ཅེས་པའི་བར་གྱི་ཚིག་ངག་ཏུ་བརྗོད་ཅིང་དོན་བསམ་པས་ལེགས་པར་གྲུབ་པའོ། །འདི་ཡན་གཞན་ལ་བྱེད་པར་དགོས་ཀྱང་རང་ཉིད་ནུས་ལྡན་དུའང་བྱེད། གཉིས་པ་སྐལ་ལྡན་གྱི་སློབ་བུ་རྗེས་སུ་གཟུང་བའི་ཚུལ་ལ། རྟེན་བཅའ་ཞིང་སྒྲུབ་པ་དང་། སློབ་བུ་ལ་དབང་བསྐུར་བ་དངོས། །དང་པོ་ལ་རྟེན་བཅའ་བ་དང་། སྒྲུབ་པའོ། །དང་པོ་ནི། ཡང་གསང་ཁྲོས་པའི་དབང་དང་འབྲེལ་ན། དཀྱིལ་འཁོར་གྱི་ཤར་ཕྱོགས་སམ། གཞན་ཇི་ལྟར་འོས་པའི་གནས་ཆག་ཆག་དང་བྱི་དོར་བྱས་པའི་གཞིར། དལ་པདྨ་འདབ་མ་བརྒྱད་པ་ལྟེ་བ་དམར་པོ། འདབ་མ་དང་མུ་ཁྱུད་སོགས་ཇི་ལྟར་མཛེས་པ་བྲི། དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར། སྣོད་གཙང་མ་འབྲས་སམ་ནས་ཀྱིས་བཀང་ལ། དེའི་སྟེང་དུ་རིན་པོ་ཆེ་དང་རྫ་ལ་སོགས་པའི་ཚེ་བུམ་གས་ཆག་མེད་པ། དར་དམར་པོའི་མགུལ་ཆིངས་དང་བཅས་པའི་ནང་དུ། སའི་སྙིང་པོ་གསེར། ཤིང་གི་སྙིང་པོ་བུ་རམ། རྩི་ཐོག་གི་སྙིང་པོ་མར་དཀར། འབྲུའི་སྙིང་པོ་ཏིལ་དཀར་པོ་རྣམས་བཏབ་ལ་ཆུའི་སྙིང་པོ་ཆང་གར་མས་ལེགས་པར་བཀང་། ཚོན་སྣ་ལྔའི་གཟུངས་ཐག་ཀྱང་མགུལ་པར་དཀྲིས་ལ་བཞག །དེའི་སྟེང་དུ། རིན་པོ་ཆེའི་སྣོད་དུ་སྤོད་སྣ་ཚོགས་བཏབ་པའི་བག་ཕྱེ་ཆང་གིས་སྦྲུས་པར་ཚེའི་འབྲང་རྒྱས་ཉི་ཟླའི་གའུ་ཁ་སྦྱོར་གྱི་རྣམ་པ་བྱས་པ་ཐབས་དང་ཤེས་རབ་མཚོན་པའི་བརྡར་ཕྱེད་དཀར་ཕྱེད་དམར་དུ་བྱས་ལ། དཀྱིལ་དུ་མར་གྱིས་རྡོ་རྗེ་རྒྱ་གྲམ་བྲི། དེའི་ལྟེ་བ་ལ་བུ་རམ་གྱིས་གཡུང་དྲུང་རིས་ཆོས་བསྐོར་དུ་བྱ། དེའི་དཀྱིལ་དུ་སྲོག་ཤིང་ལ་བརྟེན་པའི་མར་རམ་བུ་རམ་གྱི་རྡོ་རྗེ་ཕྱེད་པ་གཟུག །མཐའ་མ་མི་གྲངས་དང་མཉམ་པའི་ཕྱེ་མར་གྱི་རིལ་བུས་བསྐོར། གཞན་ཡང་མདའ་རྒོད་སྒྲོ་མ་མེས་མ་བཞུར་པ་ལ་དར་དམར་པོ་ཁ་མ་ཉམས་པ་དང་མེ་ལོང་དང་གཡུ་རྣམས་བཏགས་པ། ཚེ་འགུགས་པའི་མདའ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ་བཤམ། གཉིས་པ་སྒྲུབ་པ་ནི། པདྨ་དབང་ཆེན་གྱི་ཕྲིན་ལས་བཞུང་བསྲང་། ཛཔ྄་བསྟོད་ཡན་ཆད་རྫོགས་པའི་རྗེས་སུ། བདེན་སྟོབས་བརྗོད་ཅིང་མཚམས་སྔགས་ཀྱིས་བགེགས་བསྐྲད། བགེགས་བསྐྲད་ཀྱང་འགལ་བ་མེད། མ་བྱས་ཀྱང་སྔོན་དུ་སོང་བས་འཐུས། མཐུན་རྐྱེན་བསྒྲུབ་རིང་རང་རྟ་མགྲིན་ཚེ་དཔག་མེད་དུ་གནས་འགྱུར། སྙིང་མ་ལུགས་དང་འབྲེལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཚེ་རྟེན་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་ཆིངས་དང་ལྡན་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་ཆེན་པོ་འཆི་མེད་ཀྱི་བདུད་རྩིས་གང་བ། དེའི་དབུས་སུ་རྨ་བྱ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྟེང་དུ། ཞེས་པ་ནས་ཚེ་བསྡུ་བའི་བཟླས་པའི་བར་བདག་བསྐྱེད་ལྟར་བྱ། འོན་ཀྱང་མི་འདྲ་བའི་ཁྱད་པར། ཚེ་བསྡུས་པ་རྣམས་མདུན་གྱི་ཚེ་རྟེན་གྱི་ལྷའི་ཐུགས་ཀར་ཐིམ་པར་བསམ་པའོ། །གཉིས་པ་དབང་བསྐུར་བ་དངོས་ནི། ཡང་གསང་གི་དབང་དང་འབྲེལ་ན། དབང་བཞི་ཡོངས་སུ་རྫོགས་པའམ། བུམ་དབང་ཡན་ཆད་བསྐུར་པའི་སློབ་མ་རྣམས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱས། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། གནས་སྐབས་སུ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མཐའ་དག་ཞི་ནས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དུ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒོ་ནས། ཚེའི་དབང་བསྐུར་བ་ཟབ་མོ་ཞུས་ཏེ། ཉམས་སུ་ལེན་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་ཐེག་པ་རིམ་པ་དགུ་ལས་བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་སྐོར། དེ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཡོད་པ་ལས། པདྨ་གསུང་གི་ཆོས་སྐོར། དེ་ལ་ཡང་ཕྱི་ནང་གསང་གསུམ་གྱི་ཆོས་སྐོར་རྣམས་ལས་ཆོས་ཁྱད་པར་དུ་འཕགས་པ་ཉིང་ཁུའི་བཅུད་ཕྱུང་བ་ལྟ་བུ་ཡང་གསང་ཁྲོས་པའི་སྒོ་ནས་ཚེའི་དངོས་གྲུབ་སྒྲུབ་པར་བྱེད་པ་ལ། ཕྱི་ཞི་བའི་དལ་ལ་བརྟེན་པ་དང་། ནང་ཁྲོ་བོའི་དལ་ལ་བརྟེན་པའི་ལུགས་གཉིས་ཡོད་པ་ལས། འདི་ཁྲོ་བོའི་དལ་ལ་བརྟེན་པའི་ལུགས་ཡིན། དེ་ཡང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། གྲུབ་པ་མཆོག་གི་དབང་པོ་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་ལ། ནགས་རྒྱལ་རི་བོའི་ངོགས་སུ་ཞལ་མངོན་སུམ་བསྟན་ནས། འདི་ཉིད་ཀྱི་དབང་དང་གདམས་པ་ཡོངས་སུ་རྫོགས་པར་གནང་བ་དེ་ཉིད་ནས་བཟུང་སྟེ། དུས་དེང་སང་གི་བར་དུ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་ཚིག་དང་དོན་གྱི་བརྒྱུད་པ་བར་མ་ཆད་པའི་བྱིན་རླབས་ཀྱི་བཀའ་བབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ལགས། དེ་ལྟ་བུའི་ཚེའི་དབང་བསྐུར་བ་སྒྲུབ་པའི་རྡོ་རྗེ་སློབ་དཔོན་ནི། རབ་རླུང་སེམས་ལ་དབང་ཐོབ་ཅིང་ཡི་དམ་ལྷའི་སྔགས་དང་མཚན་མ་མངོན་སུམ་དུ་སྟོན་ནུས་པ། འབྲིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་ཡི་དམ་ལྷའི་བསྙེན་པ་མཐར་ཕྱིན་པ། ཐ་མའང་འདིའི་དབང་བསྐུར་བ་ཐོབ་ཅིང་ཆོ་གའི་ལག་ལེན་ལ་མཁས་པ་ཞིག་གིས་བསྒྲུབ་པར་གསུངས། གང་ལ་བསྒྲུབ་པའི་སློབ་མ་ནི། བླ་མ་དང་ཆོས་དང་གདམས་ངག་ལ་ཡིད་ཆེས་པ། ཁྱད་པར་འདི་ཉིད་ལ་ཆེད་དུ་མོས་པ་ཞིག་ལ་བསྒྲུབ། དགོས་པ་ནི། ཚེ་ཉམས་པ་གསོས་ནས་ཚེའི་དངོས་གྲུབ་སྒྲུབ་པའི་དོན་དུ་བསྒྲུབ་པ་ཡིན། དེ་ཡང་ཚེ་ཉམས་པའི་རྒྱུ་ནི། དཔལ་བདུད་རྩི་འཁྱིལ་པ་ཚེའི་རྒྱུད་ལས། དམ་ཅན་སེམས་དཀྲུགས་སྔགས་པ་ཡིད་བཅད་དང་། །ཞེ་སྡང་དྲག་པོ་རྦོད་གཏོང་ཁར་བབས་དང་། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཉམས་དང་། །གནས་མིན་གནས་བཅས་གྱུར་པ་འདི་དག་ནི། །ཚེ་ཡར་དབུགས་དངངས་གེགས་ཀྱི་དབང་དུ་གྱུར། །དགྲ་དབང་གྱུར་དང་མཁའ་འགྲོས་གཙེ། །རྦོད་གཏོང་ཁ་ཕྱིར་དུས་མིན་འཆི། །ཚེ་ཉམས་པ་ཡི་རྒྱུ་རུ་བཤད། །ཅེས་གསུངས། རྒྱུད་སྡེ་རྣམས་ལ་བརྟེན་ནས་ཚེ་ཉམས་པའི་རྟགས་ནི། རྒྱུད་དེ་ཉིད་ལས། གཟི་བརྗིད་མེད་དང་ལུས་ཉམས་བྲལ། །མདོག་ཉམས་བྱ་བ་དོར་བ་དང་། །ཡིད་མི་བདེ་དང་ལྕི་ཉམ་ཆུང་། །ཚེ་ཉམས་པ་ཡི་རྟགས་སུ་བཤད། །ཅེས་དང་། ཡང་འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་འཆོལ་བར་གྱུར་པ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་གཡེལ་བ་དང་། ཁ་ཟས་དག་ཀྱང་ཡི་གར་མི་འོང་རྣམས། །འདི་དག་ཚེ་ཉམས་པ་ཡི་རྟགས་སུ་བཤད། །ཅེས་གསུངས། དེ་ལྟ་བུའི་ཚེ་ཉམས་པའི་རྟགས་བྱུང་བའི་གང་ཟག་ཚེ་སྲིང་བར་བྱེད་པའི་ཐབས་ཇི་ལྟར་སྒྲུབ་པའི་ཆོ་གའི་རིམ་པ་ནི། སློབ་དཔོན་ཆེན་པོའི་ཚེའི་དབང་བྱང་ལས། ཚེ་ཉམས་པ་ལ་བསྲུང་འདོད་པས། །དབང་དང་སྒྲུབ་པའི་དུས་དག་ཏུ། །མཎྜལ་བྲི་ཞིང་ཚེ་རྫས་གསོག །སྒྲུབ་པོ་ནུས་དང་ལྡན་པ་ཡིས། །དབང་ཆེན་ཕྲིན་ལས་གཞུང་བསྲང་ཞིང་། །ཞེས་གསུངས་པའི་དོན། མདུན་དུ་ཚེ་རྟེན་མཆོད་པ་སོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པར་བཤམས། སློབ་དཔོན་རང་ཉིད་ཀྱིས་ཡང་གསང་ཁྲོས་པའི་ཕྲིན་ལས་ཛཔ྄་བསྟོད་ཀྱི་བར་དང་། ཚེ་རྟེན་བསྐྱེད་ཅིང་ཚེ་འགུགས་ཤིང་རྟེན་ལ་བསྡུ་བ་རྣམས་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་ཚེའི་དབང་སྐུར་ཟབ་མོ་བསྒྲུབ་པ་ལ། ཐོག་མར་ཚེ་བྱང་ལས། ཚེ་ལ་བར་ཆད་བགེགས་རྣམས་བསྐྲད། །ཅེས་གསུངས་པས། སློབ་དཔོན་ཡང་གསང་ཁྲོས་པར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁྲོ་བོ་མཚོན་ཆ་ཐོགས་ཤིང་སྔགས་ཀྱི་སྒྲ་སྒྲོག་པ་མེ་དཔུང་འབར་ཞིང་འཁྲུགས་པ་དཔག་ཏུ་མེད་པ་མཆེད། ཁྱེད་རང་རྣམས་ལ་ཚེའི་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་ཚར་བཅད་པའི་མོས་པ་མཛོད། ན་མོ། རྒྱལ་བ་དགོངས་པའི་བརྒྱུད་པ། ཞེས་པ་ནས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། བདག་ཅག་གིས་རྡོ་རྗེ་སློབ་མ་འདི་རྣམས་ལ་ཚེའི་དབང་བསྐུར་བ་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། གསང་སྔགས་ཟབ་མོ་ཉན་པ་ལ་མི་དབང་བ་གང་ཡིན་པ་དེ་དག་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་རྒྱང་རིང་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ཡེ་ཤེས་ཀྱི་ཁྲོ་བོ་རབ་ཏུ་འབར་བ་འདི་རྣམས་ཀྱིས། སྐད་ཅིག་ལ་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨོཾ་རཾ་ཀྲོ་དྷ་སོགས་མཚམས་སྔགས་བརྗོད་ཅིང་གུ་གུལ་གྱི་དུ་བ་དང་རོལ་མོའི་སྒྲ་ཆེན་པོ་བསྒྲག །དེ་ལྟར་བགེགས་བསྐྲད་ནས། ཚེ་རྟེན་ལྷ་རུ་བསྐྱེད་བྱ་ཞིང་། །ཞེས་གསུངས་པའི་ཉམས་ལེན། མདུན་གྱི་ནམ་མཁའི་གནས་འདི་ཉིད་ན། ཚེ་རྟེན་ཚེ་བུམ་དང་བཅས་པ་འོད་གསལ་གྱི་སྣང་བ་ལས་གྲུབ་པའི་རིན་པོ་ཆེའི་ཁྲི་སྟེང་དུ། པཾ་པདྨ་མཎྜ་ལ། ཞེས་སོགས་ཀྱིས་བསྐྱེད་ཅིང་སྤྱན་དྲངས་ལ་མཆོད་པས་མཆོད་པའི་བར་གོང་ལྟར་བྱ།་་་སྔར་བསྐྱེད་ཟིན་ཀྱང་མཆོད་པའི་བར་གོང་བཞིན་བྱེད་པ་རྙིང་མའི་ལུགས་ཡིན། དེ་ལྟར་ལྷར་གསལ་བཏབ་ཅིང་མཆོད་པའི་རྗེས་སུ། བསྟོད་ལ་ཞབས་སུ་ཚེ་འགུགས་གདགས། །ཞེས་གསུངས་པའི་དོན། རྡོ་རྗེ་སློབ་དཔོན་གྱིས་མདུན་གྱི་བཅོམ་ལྡན་འདས་ཡབ་ཡུམ་ལ་བསྟོད་པ་བྱས་པས་ཐུགས་མཉེས་པའི་ཐུགས་ནས་སྒོ་མ་བཞི་ལ་སོགས་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས། ཚེ་རྟེན་ལ་ཐིམ་པའི་མོས་པ་མཛོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་སོགས་ནས། རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་པུཎྱེ་སོགས་ཚར་གསུམ་གདངས་དང་བཅས་པས་བརྗོད། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨོཾ་ཨཱ་ཡུཿཛྙཱ་ན་སིདྡྷི་བྷྲཱུྃ། ཞེས་པའང་ཅི་རིགས་པ་བརྗོད། ཚེ་འགུགས་པ་དངོས་ནི། ཐུགས་ལས་སྒོ་མ་བཞི་སྤྲོས་ཏེ། བསྐུལ་བ་སྔགས་དང་བཅས་པས་དགུག །ཅེས་གསུངས་པའི་ཉམས་ལེན། མདུན་གྱི་བཅོམ་ལྡན་འདས་ཡབ་ཡུམ་གྱི་ཐུགས་ཀ་ནས། ལྷ་མོ་ལྕགས་ཀྱུ་མ་དཀར་མོ་དཔག་ཏུ་མེད་པ་འཕྲོས་ཏེ། ཞེས་པ་ནས། ཕོབ་ཅིག །སྟིམས་ཤིག །ཨོཾ་ཨཱ་ཡུཿཛྙཱ་ན་ཛ་ཛཿ ཞེས་པའི་བར་གོང་ལྟར་བརྗོད། སྔགས་རྣམས་ཀྱི་སྐབས་སུ་ཛཔ྄་དབྱངས་བྱ་ཞིང་མདའ་དར་གྱི་གཡབ་མོ་གཡོབ། ཚེ་བཅིང་བ་ནི། ཉི་ཟླའི་ག་འུ་རྡོ་རྗེའི་རྭས། །བསྡམས་པ་བཟླས་པ་བྱ་ཞིང་བསྡུ། །ཞེས་སོགས་གསུངས་པའི་དོན། ཁྱེད་རང་རྣམས་ཀྱི་སྙིང་གར་ཉི་ཟླའི་གའུ་ཁ་བྱེ་བའི་དབུས་ན། ཚེའི་རྟེན་འོད་དཀར་པོ་མཐེབ་སོར་གྱི་ཚད་ཙམ་དཀར་ལ་འཚེར་བའི་དབུས་ན་རྣམ་པར་ཤེས་པའི་རྟེན་ཡི་གེ་ནྲྀ་ལྗང་གུ་སྣུམ་ལ་འདྲིལ་བ་དྭངས་ཤིང་གསལ་བ་ཞིག་ཡོད་པར་བསམ། གའུའི་ཕྱི་ནས་སྟེང་འོག་རྡོ་རྗེ་རྒྱ་གྲམ་བསམ་པའི་རྭ་རྣམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བསྡམས་པར་བསམ། བཟླས་པ་བྱ་ཞིང་ཚེ་བསྡུ་བ་ནི། འཕྲོ་འདུའི་འོད་ཀྱིས་བཀུག་ནས་ཀྱང་། །མ་ལུས་བུམ་པའི་བཅུད་ལ་བསྡུས། །ཞེས་གསུངས་པའི་དོན། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་བས། བུམ་པའི་ནང་གི་བཅོམ་ལྡན་འདས་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་ཐམས་ཅད་བསྡུས་ནས། མདུན་བསྐྱེད་ལ་ཐིམ་པར་བསམས་ལ། མདར་དར་གཡོབ་ཅིང་། འཕྲོ་འདུའི་འོད་ཀྱིས་བཀུག་ནས་ཀྱང་། །མ་ལུས་བུམ་པའི་བཅུད་ལ་བསྡུས། །ཞེས་སོགས་སྔགས་དང་བཅས་པ་གོང་ལྟར་ཅི་མང་བརྗོད། དངོས་གཞི་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་སྔོན་དུ་སོང་ནས་འདིའི་རྗེས་ཟློས་མཛད་པར་ཞུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ནས། ཚེ་བྱང་ལས། བུམ་ལྷ་ཞུ་ནས་ཚེ་ལ་ཐིམ། །དེ་དག་དཔའ་བོ་འབྲུ་ལྔར་གྱུར། །མར་མེ་གཉིས་པའི་ཚུལ་དུ་ནི། །གནས་ལྔར་བསྟིམ་ཞིང་ཚེ་དབང་བསྐུར། །ཞེས་གསུངས་པའི་དོན། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་ཚེའི་རྟེན་ལ་ཐིམ། དེ་ཉིད་བུམ་པའི་ལྷ་ལ་ཐིམ། བུམ་པའི་ལྷ་འོད་དུ་ཞུ་ནས་བུམ་ནང་གི་སྙིང་པོ་ལྔ་ལ་ཐིམ། དེ་རྣམས་ཞུ་བ་ལས་དཔའ་བོ་འབྲུ་ལྔར་གྱུར་པ་ནི། འོད་དཔག་མེད་དང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཨཱཾ་དམར་པོ་ཞེས་པ་ནས། དོན་གྲུབ་དང་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཧཱ་ལྗང་གུ་རྣམས་སུ་གྱུར། དེ་རྣམས་ལས་དེ་འདྲའི་ཡི་གེ་འབྲུ་ལྔ་པོ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་མཆེད་ནས་ཁྱེད་རང་རྣམས་པའི་སྤྱི་གཙུག་ལ་སོགས་པ་མགོ་བོའི་གནས་ལྔར་ཐིམ་པའི་མོས་པ་མཛོད། ཧཱུྃ། ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །ཞེས་པ་ནས། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཅེས་པའི་བར་བརྗོད་ཅིང་ཚེ་བུམ་ཚེ་འབྲང་དང་བཅས་པ་ལྷན་ཅིག་ཏུ་གཏད་དེ་སློབ་མའི་མགོ་བོའི་གནས་ལྔར་བཞག །སྙིང་གའི་ཉི་ཟླའི་གའུའི་རྡོ་རྗེ་ལུ་གུ་རྒྱུད་གྲོལ་ནས། ཉི་ཟླའི་གའུ་ཁ་བྱེ་བའི་ནང་དུ་ཞུགས། ཡི་གེ་འབྲུ་ལྔ་པོ་འཆི་མེད་བདུད་རྩིའི་རྒྱུན་འབབ་བཞིན་པ་ཚེ་དང་རྣམ་ཤེས་ཀྱི་རྟེན་ལ་ཐིམ་པས། དེ་ཉིད་འོད་དང་འོད་ཟེར་གྱི་རང་བཞིན་དུ་གསལ་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་སྐད་ཅིག་དེ་ཉིད་ལ་དག །འཆི་མེད་ཚེའི་དབང་བསྐུར་བ་ཐོབ་པར་བསམ། ཚེ་སྦ་བ་ནི། ཚེ་བྱང་ལས། ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །ཞེས་སོགས་ཤོ་ལོ་ཀ་གཅིག་གསུངས་པའི་དོན། སློབ་དཔོན་གྱིས་སྔར་གྱི་ཚེ་འགུགས་པའི་མདའ་དར་གྱི་ལྟོང་ལ་དར་དཀྲིས་ལ་སློབ་མའི་སྙིང་གར་གཞག་ཅིང་། སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ། དེ་ཉི་ཟླའི་གའུ་ཁ་སྦྱོར་ལ་ཐིམ། དེ་ཚེའི་འོད་དཀར་པོ་ལ་ཐིམ། དེ་རྣམ་པར་ཤེས་པའི་རྟེན་ནྲྀ་ཡིག་ལ་ཐིམ། དེ་ཉིད་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་དུ་གྱུར། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམས་ལ། ཡུན་རིང་དུ་མཉམ་པར་བཞག་པར་མཛོད། ཅིས་ཀྱང་མི་ཚུགས་མི་ཤིགས་པའི། སོགས་བརྗོད། ཚེ་བརྟན་པར་བྱ་བ་ནི། ཚེ་རྟེན་སྐུ་གསུང་ཐུགས་སུ་བརྟན། །ཞེས་གསུངས་པའི་དོན། འོད་གསལ་གྱི་ངང་ལས་ཞེས་པ་ནས། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གི་བར་གོང་ལྟར་བརྗོད། དེའི་རྗེས་སུ་ཚེ་སྤེལ་བ་ནི། ཚེ་སྤེལ་བཀྲ་ཤིས་བརྗོད་ཅིང་སྤེལ། །ཅེས་གསུངས་པས། མདུན་གྱི་ནམ་མཁའི་གནས་ན་བླ་མ་དང་ཐ་མི་དད་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ། བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཚེའི་ལྷ་དང་དྲང་སྲོང་གི་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པ་རྣམས་དང་། གཞན་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་བཅས། པདྨ་དབང་ཆེན་གྱི་ཞིང་ཁམས་ནས་ཁྲོ་རྒྱལ་པདྨ་དབང་ཆེན་གྱི་དལ་གྱི་ལྷ་ཚོགས། ལྷོ་ནུབ་རྔ་ཡབ་དཔལ་རིའི་གནས་ནས་སློབ་དཔོན་པདྨ་འབྱུང་གནས་འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་ལ་སོགས་པ་དཔའ་བོ་མཁའ་འགྲོས་བསྐོར་བ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཕྱོགས་བཅུའི་ཞིང་ཁམས་ནས། སྤྲིན་གྱི་ཕུང་པོའི་འཐིབས་པའམ། བྱའི་ཁྱུ་ཆེན་པོ་འཕུར་བ་བཞིན་དུ་མདུན་གྱི་ནམ་མཁའི་གནས་སུ་བྱོན་པ་དེ་དག་གིས་ཤིས་བརྗོད་དང་ཛཔ྄་དབྱངས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་། མེ་ཏོག་དང་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི་ཆར་ཆེན་པོ་འབེབ་པར་སྒོམ་མཛོད། ཅེས་བརྗོད་ལ། ཨོཾ་ཨཱཿཧཱུྃ། འདིར་ཚོགས་སྐལ་ལྡན་རྡོ་རྗེའི་བུ་ཞེས་པ་ནས། མཆེད་ལྕམ་དག་པའི་འཁོར་གྱིས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །ཞེས་བརྗོད་ཅིང་ཤོ་ལོ་ཀ་རེའི་མཚམས་སུ་པུཎྱེའི་ཛཔ྄་བྱ། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར། དེ་ནས་སློབ་མ་རྣམས་ལག་པ་བསྣོལ་བའི་གཡས་སུ་ཚེ་འབྲང་དང་གཡོན་དུ་ཚེ་བུམ་བཞག་ལ། ལག་གཉིས་པད་དཀར་བཞད་པའི་རྩེར། །ཞེས་པའི་ཤོ་ལོ་ཀ་གཅིག་ཛཔ྄་དང་བཅས་པ་བྱ། དེ་བཞིན་དུ། ཚེའི་རིལ་བུ་བྱིན་ལ། དཔལ་གྱི་ཟས་མཆོག་ཅེས་སོགས་དང་ཛཔ྄་བྱ། ཚེ་ཆང་བྱིན་ལ། སྙིང་པོ་ལྔ་ལྡན་ཅེས་སོགས་དང་ཛཔ྄་བྱ། ཚེ་བསྲིངས་སྐྱེ་འཆི་མེད་པར་སྲུངས། །ཞེས་གསུངས་པའི་དོན་སྙིང་ག་ན་ཚེའི་རྟེན་ཡོད་པའི་རྩ་སྒོ་སྨིན་མཚམས་སུ་ཟླ་གམ་དམར་པོ་མེ་འབར་བའི་ཀློང་དཀྱིལ་དུ། དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ཙནྡན་གྱི་བེ་ཅོན་དང་། གཡོན་སྡིགས་མཛུབ་མཛད་པ། དབུ་གཙུག་ན་རྟ་མགོ་ལྗང་གུ་འཚེར་བ། ཁྲོ་བོའི་ཉམས་ཐམས་ཅད་རྫོགས་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གྱད་ཀྱི་དོར་ཐབས་ཅན་གཅིག་བཞུགས་པས། ཚེའི་བར་ཆད་ཐམས་ཅད་སྲུང་བར་བསམ་ལ། ཨ་ཝ་དྷཱུ་ཏིའི་སྒོ་འཕར་ན། །ཞེས་སོགས་ཤོ་ལོ་ཀ་གཅིག་ཛཔ྄་དང་བཅས་བརྗོད། སིནྡྷུ་རས་སྨིན་མཚམས་སུ་ཐིག་ལེ་བྱ། དེ་དག་གིས་ཚེའི་དབང་བསྐུར་བ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ་ཞེས་བརྗོད་པས་མཎྜལ་དབུལ། རྗེས་ཀྱི་བྱ་བ་ནི། ཚོགས་དང་ལྷག་མ་གཞུང་བཞིན་བྱ། །སྣོད་ལྡན་མ་ཡིན་པ་ལ་གསང་། །སྣོད་ལྡན་རྣམས་དང་འཕྲད་པར་ཤོག །ཅེས་གསུངས་པས། དཔོན་སློབ་ཐམས་ཅད་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་གྱིས་ཚིམས་པར་བྱ་ཞིང་། འདི་ལྟ་བུའི་ཟབ་ཆོས་སྣོད་མིན་ལ་བྱུང་རྒྱལ་དུ་མི་སྤེལ་ཞིང་། སྣོད་ལྡན་ལ་དཔེ་མཁྱུད་མེད་པར་སྦྱིན་པ་སོགས་གནས་སྐབས་ཤེས་པའི་སྒོ་ནས་རང་གཞན་གྱི་དོན་བསྒྲུབ་པར་བྱའོ། །དེ་ལྟར་ཚེའི་དབང་བསྐུར་བ་ཟབ་མོ་འདི་ཉིད་ཤིན་ཏུ་གྲགས་ཆེ་ཞིང་རྗེས་འབྲང་སོ་སོའི་བཞེད་པ་མི་འདྲ་བ་མང་དུ་འདུག་ནའང་། སློབ་དཔོན་ཆེན་པོས་གྲུབ་ཐོབ་འདར་འཕྱར་ལ་དངོས་སུ་གནང་བའི་འཆི་མེད་ཚེའི་རྫོང་ཆུང་ཚེ་བྱང་དུ་གྲགས་པའི་ཡི་གེ་གཞིར་བཞག །དེའི་ཉམས་ལེན་གསལ་བྱེད་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་གིས་གསལ་བར་བྱས། བླ་མ་བརྒྱུད་པ་རྣམས་ཀྱི་ཕྱག་ལེན་གྱི་ཁ་སྐོང་གཞུང་དང་མི་འགལ་ཞིང་། དགོས་པར་འགྲོ་ངེས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་ཀྱང་མཐའ་བརྒྱན་ནས། དོན་ལ་རང་བཟོའི་དྲི་མས་མ་གོས་པར་བཀོད་པ་ཡིན་པས། གང་ཟག་སོ་སོས་བསྲེ་བསླད་དང་དབྲི་བསྣན་མི་མཛད་པར་ཞུ། སློབ་དཔོན་ཆེན་པོའི་ཚེ་བྱང་གཞིར་བྱས་ཤིང་། །ལུགས་འདིའི་སྲོལ་འབྱེད་ཚིག་དོན་ཡི་གེ་བཞིན། །ལེགས་པར་བཀོད་པའི་ཚེ་སྒྲུབ་དབང་ཆོག་འདི། །སྐལ་བཟང་དཔྱོད་ལྡན་རྣམས་ཀྱིས་ཉམས་ལེན་མཛོད། །དེ་ལྟའི་ཚད་ལྡན་གཞུང་གི་ཡི་གེ་དག །མིག་དང་རྣ་བའི་ཡུལ་དུ་མ་སོན་པའི། །རང་བློས་སྦྱར་བའི་ཡི་གེ་ལག་ལེན་རྣམས། །རྒྱས་བསྡུས་མང་ཡང་དེ་ལ་དགོས་པ་ཅི། །འདི་སྦྱར་དགེ་བའི་སྤྲིན་དཀར་ཕུང་པོ་ལས། །ལེགས་འོངས་གསང་ཆེན་ཆར་རྒྱུན་གསར་པ་འདིས། །དུས་མིན་འཆི་ཚད་གདུང་བ་ཀུན་བསལ་ནས། །འཆི་མེད་བདུད་རྩིས་ཡུན་རིང་འཚོ་བར་ཤོག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་ཐབས་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་འདི་ནི། ཡང་གསང་ཁྲོས་པའི་རྣལ་འབྱོར་པ་བློ་གསལ་རྒྱ་མཚོས་གནས་མཆོག་དཔལ་གྱི་ཟབ་བུ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ལེགས་པར་སྦྱར་བའི་དགེ་བས། བདག་གཞན་རྣམས་ཀྱི་ཚེའི་བར་དུ་གཅོད་པ་ཐམས་ཅད་ཞི་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག། །།འདིའི་ཡི་གེ་པ་ནི། རྗེ་བཙུན་དམ་པ་དེ་ཉིད་ཀྱི་སྐུ་དྲིན་ཁོ་ནས་འཚོ་བ་མཁྱེན་བརྩེའི་དབང་ཕྱུག་གོ། ༈ །།རྫོང་ཆུང་ཚེ་དབང་གི་ལྷན་ཐབས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། འདིར་འཚོགས་སྐལ་ལྡན་རྡོ་རྗེའི་བུ། །སྙིང་གི་ཟེའུ་འབྲུ་དད་པས་ཕྱེས། །མིག་གི་པདྨོ་མཁའ་དབྱིངས་ལྟོས། །ཡིད་ལ་བདེ་ཆེན་དགའ་བ་སྐྱོངས།  །མདུན་ཕྱོགས་དག་པའི་མཁའ་དབྱིངས་ནས། །རྗེ་བཙུན་བླ་མ་ཚེ་དཔག་མེད། །འཆི་མེད་རིག་འཛིན་བྱེ་བས་བསྐོར། །ལྷ་དང་མཁའ་འགྲོ་སྲུང་མར་བཅས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་གཏིབས། །ཛཔ྄་དབྱངས་རྡོ་རྗེའི་འབྲུག་སྟོང་ལྡིར། །འཆི་མེད་བདུད་རྩིའི་ཆར་རྒྱུན་འབེབ། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །བདེ་ལྡན་ཡངས་པའི་ཞིང་ཁམས་ནས། །འཆི་མེད་རྒྱལ་བ་ཚེ་དཔག་མེད། །ཚེ་ཡི་ལྷ་དང་ལྷ་མོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །པདྨ་དབང་གི་ཕོ་བྲང་ནས། ཁྲོ་རྒྱལ་པདྨ་ཧེ་རུ་ཀ །ཚེ་ཡི་ཁྲོ་བོ་ཁྲོ་མོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །རྔ་ཡབ་དཔལ་རིའི་རྩེ་མོ་ནས། །རིག་འཛིན་པདྨ་འབྱུང་གནས་དེ། །ཚེ་ཡི་རིག་འཛིན་མཁའ་འགྲོས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ། །རྒྱ་བོད་ཕྱོགས་བཅུའི་གནས་ཆེན་ནས། །ཚེ་ཡི་བརྒྱུད་ལྡན་བླ་མ་ལ། །མཆེད་ལྕམ་དག་པའི་འཁོར་གྱིས་བསྐོར། །གནས་འདིར་བྱོན་ལ་བཀྲ་ཤིས་སྩོལ།  །ལག་གཉིས་པད་དཀར་བཞད་པའི་རྩེར། །འཆི་མེད་དངོས་གྲུབ་ཚེ་ཡི་རྫས། །ལོངས་ཤིག་སྐལ་ལྡན་སློབ་བུ་རྣམས། །ལོ་བརྒྱ་འཚོ་བའི་བཀྲ་ཤིས་ཤོག །དཔལ་གྱི་ཟས་མཆོག་རིལ་བུ་འདི། །འཁོར་འདས་ཚེ་བཅུད་བསྡུས་པའི་སྨན། །ཟོས་པས་འཆི་བདག་བདུད་བཅོམ་ནས། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །སྙིང་པོ་ལྔ་ལྡན་རིགས་ལྔའི་བཅུད། །ཡེ་ཤེས་ལྔ་ལྡན་བདུད་རྩིའི་རྒྱུན། །མྱངས་པས་རྡོ་རྗེའི་ལུས་ཁེངས་ནས། །ཚེ་ཡི་དངོས་གྲུབ་བཀྲ་ཤིས་སྩོལ། །ཨ་ཝ་དྷཱུ་ཏིའི་སྒོ་འཕར་ན། །ཟླ་གམ་དམར་པོའི་ཀློང་དཀྱིལ་དུ། །ཚེ་ཡི་སྒོ་སྲུང་རྟ་མགྲིན་དབང་། །བར་ཆད་བདུད་འཇོམས་བཀྲ་ཤིས་ཤོག །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཚེ་དབང་གི་སྐབས་སུ་ཉེ་བར་མཁོ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཅུ་ཕྲག་གཅིག་པ་འདི། ཡང་གསང་ཁྲོས་པའི་རྣལ་འབྱོར་པ་བློ་གསལ་གྱིས་སྦྱར་བ་མངྒ་ལམ། སརྦ་ཛ་ག་ཏཾ། ཤྭ་ལོ་ཀ་རེའི་མཚམས་སུ་པུཎྱེ་ཚར་གཉིས་ཀྱི་ཛཔ྄་དབྱངས་བྱ། བཀྲ་ཤིས་སོ།། །།

དྲག་པོ་མངོན་སྤྱོད་ཀྱི་རྒྱུད་དང་ཞལ་གདམས་དུ་མའི་དགོངས་དོན་གཅིག་ཏུ་བསྡུས་པའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ (Volume 17, Text 24)

༄༅། །དྲག་པོ་མངོན་སྤྱོད་ཀྱི་རྒྱུད་དང་ཞལ་གདམས་དུ་མའི་དགོངས་དོན་གཅིག་ཏུ་བསྡུས་པའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ཞེས་བྱ་བ་གམ་བྷཱི་རཾ། ྀཨཚ།། ཨོཾ་སྭསྟི། རང་བཞིན་མ་འགག་ཆོས་དབྱིངས་དྲག་པོའི་མཁར། །ཀུན་རྟོག་གཟུང་འཛིན་མཚན་མའི་དགྲ་བགེགས་ཀུན། །སྟོང་ཉིད་སྤྲོས་བྲལ་ངང་དུ་ཚར་གཅོད་པའི། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མར་འདུད། །དྲིན་ཅན་བླ་མའི་ཐུགས་ཀྱི་གསང་མཛོད་ལས། །བརྡོལ་བའི་ཞལ་ཤེས་སྙིང་ཁྲག་དྭངས་མ་རྣམས། །སྙིང་གི་ཡོལ་གོར་གཏམ་འོས་ཁོ་ན་ལས། །སྤེལ་བར་ཕངས་ཀྱང་དྲན་པའི་ཟུངས་སུ་བྲིས། །དེ་ལ་འདིར་དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལིང་འཁོར་བྲི་བའི་ཚུལ་བཤད་པ་ནི། མན་ངག་སྙིང་གཟེར་གྱི་གཞུང་མེའི་སྤུ་གྲི་ལས། དམིགས་རྟེན་འབེན་ལ་བཅའ་བ་དང༔ བླ་བདུད་གཟུགས་ལ་དབབ་པ་དང༔ ཁ་འཛིན་རྒྱབ་རྟེན་ཕྲལ་བ་དང༔ ཞེས་པའི་ས་བཅད་གསུམ་པོ་ཁོལ་དུ་ཕྱུང་སྟེ་འགོད་པ་ལ། དང་པོ་ནི། དྲག་པོ་སྔགས་ཀྱི་འཁྲུལ་འཁོར་ལས། དམིགས་རྟེན་འབེན་ལ་བཅའ་བ་ནི༔ དགྲ་བགེགས་ལིངྒ་བྲི་བ་ཡིན༔ ཞེས་གསུངས་པ་ལྟར་ཐོག་མར་སྣག་ཚྭ་མཉེ་བ་ནི། དུག་སྣ་ཁྲག་སྣ་དང་། དགྲ་ལ་ཡིན་ན། ཕོ་གཤེད་མོ་ལ་རྦད་པ་ཞེས་བྱ་སྟེ་མོ་གྲིར་ཤི་བའི་ཁྲག་དང་། མོ་ལ། ཕོ་གཤེད་མོ་ལ་རྦད་པ་ཞེས་བྱ་བ་ཕོ་གྲིར་ཤི་བའི་ཁྲག་དང་། སྲོག་གཤེད་སྲོག་ལ་དབབ་པ་ཞེས་བྱ་བ། དཔེར་ན་དགྲ་བྱ་ལོ་པར་བྱ་སྤྲེལ་གང་རུང་གི་ཁྲག་གི་མཚོན་བླ་ཚེ་གང་ཡིན་དེའི་སྙིང་ཁྲག་དང་གཞན་ཡང་རང་གཞུང་ནས་བཤད་པའི་རྫས་རྣམས་ལ་ཀླུ་གཉན་སྡེ་བརྒྱད་དྲག་པོ་གནས་པའི་ཆུས་སྦངས་པའི་ཁུ་བ་སྣག་ཚར་བསྲེས། གྲི་ལྕགས་སམ་ཐོད་ངན་གང་རུང་གི་ཐོད་པར་བླུག་ལ་ལག་གཡོན་དུ་བཟུང་། གཡས་པས་དུག་ཤིང་གི་སྐྱ་བ་ཐོགས་ལ། དགྲ་བགེགས་རྣམས་དགུག་གཞུག་དྲག་ཏུ་བྱ། དེ་ནས་དགྲ་བོ་རྣམས་མགོ་ནས་བརྩམ་གཟུགས་ཕུང་ལྷག་མ་མ་ལུས་པར་ཕྱེ་མར་བརླག་པར་བསམ་ལ་རང་གི་དྲི་མ་ཁ་རླངས་རྡུལ་སོགས་མ་སོང་བར་ལེགས་པར་མཉེའོ། །དེ་ལྟར་སྣག་ཚ་མཉེ་བའི་ལས་ཉིན་གུང་ལ་བྱའོ། །གཞུང་ལས། དུས་ཚོད་ཉི་རྒས་ཁ་ནི་བྱ་འགྱུ་བྲི༔ ཞེས་པའི་དུས་དེར་བྲི་བ་ལ། གཞི་རོ་རས་ལ་བྲིས་པས་བདག་པོའི་ཡིད་འཇུག་པའི་དགོས་པ། དུག་ཤོག་གིས་ནད་བསྐྱེད་པའི་དགོས་པ་ཡོད་པས་དྲ་ལྟེབ་ལེགས་པར་བྱས་ལ། བྲི་གཞི་དེར་རྣམ་ཤེས་ལྔ་ཆགས་པའི་རྟེན་དུ། ལུང་ཐང་། ཁྲ་ཁྲོག་བཤང་ཙེ། བ་ཚྭ། བི་ཥ་རྣམས་དང་། ཤ་ཁྲག་རུས་གསུམ་ཆགས་པའི་རྟེན་དུ། ཤ་ཆེན། གྲི་རུས། མངལ་ཁྲག་རྣམས་བྱུག་གོ །དེ་ནས་འཁོར་ལོ་བྲི་བ་ལ། ཡང་གཅེས་ཟངས་གཟེར་སྨུག་པོ་ལས། དེ་ལ་ཟློག་པའི་རྐྱེན་བཞི་དང༔ མི་འདུས་གནད་བཞི་ཤར་རྐྱེན་བཞི༔ རྟེན་ལ་མི་ཁུག་གནད་བཞི་རྣམས༔ སྤང་ནས་ཚད་ལྡན་བྲི་བར་བྱ༔ ཞེས་གསུངས་པའི་དང་པོ། དེ་ཉིད་ལས། མགོ་བོ་ཆེ་ལ་ཤ་རྒྱས་པ༔ ཡན་ལག་རགས་དང་མཚན་མ་སྦོམ༔ གཉིས་པ་ནི། མིག་ནི་འབྲུ་ཚུགས་རྣ་བ་ཀྲོང༔ སྣ་ལེབ་འབུར་དང་ཁ་ཟུམ་པ༔ གསུམ་པ་ནི། མགྲིན་པ་རིང་ལ་ཉིང་ལག་ཐུང༔ རྐེད་པ་ཕྲ་ལ་ལྷུ་ཚིགས་རྒྱས༔ བཞི་པ་ནི། མཚན་ཉིད་མ་ཚང་སྔགས་མ་དག༔ རྫས་མ་འཛོམ་དང་དུས་མི་ངེས༔ ཞེས་པའི་སྐྱོན་རྣམས་སྤངས་ཏེ། སྔགས་པ་ལ་གཤེད་འབེབ་ཀྱིས་གཟིར་ནས་བྲི་བ་སྟེ། གཤེད་སྔགས་རྣམས་ཐོག་མར་བྲི་བ་དང་། བོན་པོ་ལ་བདུད་འབེབ་ཀྱིས་བྲི་སྟེ་ཁ་ནས་བྲི། མི་སྐྱ་ལ་སྲིད་པ་ཆགས་ཚུལ་གྱིས་བྲི་སྟེ་ལྟེ་བ་ནས་བྲི། བགེགས་ལ་གཤེད་འབེབ་བམ་གཟིར་ནས་བྲི་བ་སྟེ། སྤྱི་བོའི་གཟིར་བྱེད་གཟུངས་བྲི་ཞིང། གཟུགས་ཀྱི་རྣམ་འགྱུར་ཡང་གཞུང་ལས། གང་བསད་པ་ཡི་ལིང་ག་ནི༔ མེད་དུ་མི་རུང་རོ་རས་ལ༔ ལིངྒ་ཆེ་ཆུང་ཚད་དང་སྦྱར༔ བོན་པོ་ཅོ་འཛིངས་བན་དེ་གསང་གནས་འཛིན༔ མི་སྐྱ་རྒྱབ་ལག་བུད་མེད་བྲང་བརྡུང་བ༔ དེ་ལྟར་བྲིས་ལ་སྔགས་དང་དམོད་པས་བསྐོར༔ ཞེས་པ་ལྟར་བྲིའོ། །དེ་ནས་རང་གཤེད་གནད་ཀྱི་ཡི་གེ་ལུས་ལ་བཀོད་པ་ནི། གཞུང་ལས། རང་གཤེད་ཕབ་པའི་རྒྱུ་མཚན་ནི༔ མི་དང་ལྷ་འདྲེ་འདྲ་བ་རུ༔ སྲོག་གཅོད་མཚོན་ཆ་རང་ཆས་གནས༔ རང་ལ་གནས་པས་རང་གཤེད་ཡིན༔ ཙིཏྟ་རིན་ཆེན་གུར་ཁང་ན༔ སྲོག་ཅེས་བྱ་བའི་ངོ་བོ་ནི༔ རྒྱུ་ནི་དྭངས་མ་ལྔ་ལས་གྲུབ༔ དབྱིབས་ནི་ཡི་གེའི་རྣམ་པར་གནས༔ རྣམ་ཤེས་ཡི་གེ་འབྲུ་གཅིག་པའོ༔ ཞེས་གསུངས་པ་ལྟར། ཡེ་ཤེས་དང་ལས་ཉོན་སོགས་སྐྱེད་པར་བྱེད་པའི་རྒྱུ་རང་ལ་ཡེ་ནས་གནས་པ་དེ་ཉིད་གཤེད་དུ་དབབ་པས་ན་རང་གཤེད་ཅེས་བྱ། སྙིང་གའི་དབུས་དྭངས་མ་ལྔའི་གུར་ཁང་དུ་མི་ཤིགས་པའི་ཐིག་ལེའི་དབུས་སུ། དྭངས་མའི་འོད་ལྔ་ལས་གྲུབ་པའི་གནས་སྲོག་དགྲ་འདྲེའི་དབང་གིས་ནྲྀ་དང་ཏྲི། དེའི་འོག་ཏུ་མི་འགྱུར་བའི་སྲོག་དང་། དེ་གཉིས་གཡས་གཡོན་དུ་འཁོར་འདས་བརྟན་དང་གཡོ་བར་བྱེད་པའི་ཛཿཁ་སྤྲོད། ཕུང་ཁམས་བརླག་པར་བྱེད་པའི་ས་བོན་སྟེང་གི་རྩ་གསུམ་འདུས་མཚམས་སུ་གཟིར་བྱེད་འབྲུ་གཉིས་ཏྲིག་ནན། འོག་ཏུ་རྩ་གསུམ་གྱི་མཚམས་སུ་གཅོད་བྱེད་འབྲུ་གསུམ་སྟེ་བྲེང་ཤག་རྦད། དེའི་རྒྱབ་རླུང་གི་གུར་ཁང་སྔོ་སྐྱ་མཐེ་བོང་ཙམ་གྱི་ནང་གི་རྩ་གསུམ་ལ་མ་རིག་པ་ང་བདག་གཟུང་འཛིན་གྱི་ས་བོན་གཡོ་བའི་དུག་གསུམ་སྟེང་ནས་གཡས་གཡོན་གསུམ་དུ་འཕྲོག་བྱེད་ཧུར་ཐུམ་ཛཿ དེའི་ཕྱི་ཁྲག་གི་དྭངས་མ་བྱེའུ་མན་རྩེའི་མགོ་བོ་ཙམ་པའི་ནང་རྩ་ཆེན་བཞིར་གྱེས་པ་ལ་བདུད་བཞིའི་ས་བོན་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་གིས་གསོད་པར་བྱེད་པའི་མཚོན་འབྲུ་བཞི་མཱ་ར་ཡ་རྦདཿ མཚམས་བཞིར་གྱེས་པའི་རྩ་བཞི་ལ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་རྟེན་ལས་ཉོན་འཐིབ་པར་བྱེད་པའི་དུག་ནད་མྱོས་བྱེད་འབྲུ་བཞི་སྟེ་རོ་མྱགས་མུག་ཐུམ། དེའི་རྒྱབ་ཙིཏྟའི་གུར་ནང་དུ་རྩ་ཆེན་བརྒྱད་ཀྱི་རྩེ་མོ་ལ་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀུན་གཞི་སྟེ་ཉོན་མོངས་རྣམ་ཤེས་བརྒྱད་ཀྱི་རྟེན་ཚོགས་བརྒྱད་འཇོམས་པའི་ཐོ་བ་ཡི་གེ་འབྲུ་བརྒྱད། ཨ་ཀ་ཊ་པ་ཤ་ཡ་ཏ་ཙ། དེའི་ཕྱིར་ཡིད་ཀྱི་སྒྲ་གཅན་འཕྲོག་བྱེད། ཙིཏྟ་ཛཿཨཱ་བྷེ་ཤ་ཡ་དགྲ་བོ་ཆེ་གེ་མོའི་སྲོག་རྩ་དམར་པོ་ཧུར་ཐུཾ་མཱ་ར་ཡ་ཛ་ནྲྀ་ཤག་ནྲྀ་རྦད་ནྲྀ་གཏུབས་ནྲྀ་མཱ་ར་ཡ་རྦདཿ ཅེས་དགྲ་བོ་ཕོ་མོ་གང་ཡིན་ཡང་སྔགས་མགོ་ཕྱིར་བསྟན་ཁོ་ནར་བྲི། དེ་དག་གི་མཐར་དགྲ་ཕོ་ཡིན་ན་སྔགས་མགོ་ཕྱི་དང་མོ་ཡིན་ན་མགོ་ནང་བསྟན་དུ་མིང་རུས་དམོད་པ་སྦྱར་བ་གང་ཤེས་བྲིའོ། །མགྲིན་པར་ཡིད་ཤེས་འཇོམས་ཤིང་གཏུབ་པར་བྱེད་པའི་ཡི་གེ་འབྲུ་བཞི་མྱགས་ཐུཾ་རིལ་རྦད་དང་ངག་གི་སྒྲ་གཅན་འཕྲོག་བྱེད། ཝཱ་ཀ་ཐུམས་ངག་ལྐུགས་པར་གྱིས། དཔུང་པ་གཉིས་སུ་མྱོས་བྱེད་འབྲུ་བཞི། མྱོག་མུག་རོ་མྱག །ཁ་ནང་དུ། བདུད་པོ་ང་ལོང་བདུད་པོས་ངའི་སྲོག་ཆོད་དུང་དུང་ཐུམས་ཞེས་བྲི། བྱིང་ཞིང་འཐིབས་པའི་སྤྲིན་བཞི་ཏེ། སྣ་ལ་རྡིབ། རྣ་བ་གཉིས་ལ་འོན། མིག་ལ་ལོང་། ལྕེ་ལ་ཛྭ་ལ་པ་ཡ། དབང་པོ་ལྔ་ལ་ཏ་ཐ་ཡ། དཔྲལ་བར་རུས་ངོ་ཤེས་ན་དང་མ་ཤེས་ན་ཀུང་ཀེག་འུ་ཇི་ཤང་། ཞེས་རུས་ཆེན་ལྔ་དང་། རུས་ཁུག་ཛཿཛཿ ཞེས་དང་། གྲོང་སྡེ་མང་པོར་ཤ་ཏྲུཾ་ཆེ་གེ་མོ་ཞེས་མིང་བྲི། ཡང་ན། ཨེ་ལ་དྷོ་དགྲ་བོ་ཆེ་གེ་མཱ་ར་ཡ་རྦད། ཅེས་བསྐོར་ལ་བྲི། སྤྱི་བོར་བག་ཆགས་ཀྱི་ལས་ངན་གནོད་པར་བྱེད་པའི་ཡི་གེ་འབྲུ་བཞི་མྱགས་མུག་རྦད་ཛཿ ཞེས་དང་ལུས་ཀྱི་སྒྲ་གཅན་འཕྲོག་བྱེད། ཀཱ་ཡ་ཧུར་དྷ་ས་ཡ་ར་རྡི་ད་ཡན་སཏྭམ་བྷ་ཡ་ཧྲི་ད་ཡན་བྲེང་ཤག་རྦད་ཏྲིག་ནན་ཧུར། འཁོར་འདས་ཀྱི་ས་བོན་གཙུག་ཏུ་ཨེ། གསང་བར་ཏྲི། ལྟག་པར་ལུས་ངག་ཡིད་གསུམ་འཆིང་བྱེད་སྒྲོག་གཟེར་འབྲུ་གསུམ་ཤད་ཏྲུཾ་ནན། རང་གཤེད་བསྐུལ་བའི་སྒྲ་བཞི་ཏེ། དཔྲལ་བར་རུས། ཁ་ལ་མིང་། ལྟག་པར་ཛཿ སྨིན་པར་ནན། རང་བདུད་གཡོ་བར་བྱེད་པའི་ས་བོན་སྤྱི་བོར་ཏཾ་ལཾ། མགྲིན་པར་བཾ། སྙིང་ཁར་རཾ། ལྟེ་བར་ཡཾ། དམོད་པ་དྲག་པོའི་ཐིག་བཞི་ཏེ། རྐང་ལག་གི་ཉྭ་བཞིར་ཆོག་རེ་རེ། ལྟེ་བར་ལུས་སྐྱེད་གནས་ཤིག་ནྲྀ་ལ་མཱ་ར་ཡ་རྦད་ཀྱིས་བསྐོར། དེའི་མཐར་ཁོའི་ཡུལ་དང་། གྲོང་ངམ། ཕ་མ་སོགས་འདི་ཞེས་བསྐོར་ལ་བྲི། གཟུགས་ཕུང་བཤིག་བྱེད་འབྲུ་གཉིས་ཧ་ལ། ཚིགས་བཞིར་འདུ་བྱེད་མནན་པའི་གྱད། རྨུག་བྱེད་ཡི་གེ་འབྲུ་བཞི་ཁམས་ཤག་སྦུར་ཡ། ཞེས་དང་ཡན་ལག་གཅོད་བྱེད་གདབ་པའི་གཟེར་བཞི། ཛཿཧཱུྃ་བཾ་ཧོཿ མཚན་མར་སྲེག་པར་བྱེད་པའི་ཡི་གེ་ཚ། འདོམས་སུ། བྷི་ད་ཡ་ཏྲིག་ནན་བྲེང་ཤག་རྦད་ཕཊཿ འཕང་དུ་ལྡང་བའི་རླུང་དམར་གྱིས་གཡེང་བར་བྱེད་པ་འབྲུ་གསུམ། ནཱ་ཤ་ཡ། གནས་ནས་སྤར་བར་བྱེད་པ་རྐང་ཞབས་སུ་རླུང་གི་ད་ལའི་ནང་དུ། དུ་ཡཾ་ཕཊ་ཛཿ མི་འགྱུར་བའི་སྒྲོག་བཞི་དཔུང་པར་ཆིངས་བརླ་ལ་སྒྲོགས། ཡན་ལག་མཐིལ་བཞིར་སྡོམ་བྱེད་གཟིར་སྔགས་འབྲུ་བཅུ་གསུམ། ཨང་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ༔ གྷན་དྷེ་ཧོཿ ཡན་ལག་བཞི་ལ། ཤི་ཏྲི་བྱི་ཏྲི་ཨཱ་ན་ཡ། ཞེས་དང་། ལག་ངར་གཉིས་ལ། རེངས་རེངས་ཡན་ལག་རྩ་རྒྱུས་རེངས་བཛྲ་པཱ་ཤ་ཧཱུྃ། ཚར་རེ་རེ་བྲི། རྐང་ངར་གཉིས་ལ་གུམ་གུམ་འགྲོ་བར་བྱེད་པའི་རྐང་པ་གུམ་བཛྲ་སྥོ་ཊ་བཾ་དང་ཞྭ་རེ་རེ་བྲི། ལིངྒའི་གཟེར་བཞི་ནི། ལག་ངར་གཡས་ལ་ཡ་མ་སྙིང་། གཡོན་ལ་ཡ་མ་ཁྲག །རྐང་ངར་གཡས་ལ། ཡ་མ་རུ། གཡོན་ལ། ཡ་མ་ཙ། ཞེས་པ་རེ་རེའི་མཇུག་ཏུ་དགྲ་བོ་ཆེ་གེ་ཚལ་པ་བཾ་རིལ་དུམ་བུ་མཱ་ར་ཡ་ཕཊ་ཚར་རེ་བཏག་གོ །གཟེར་བཞི་གཤིན་རྗེའི་ལིང་གར་མ་གཏོགས་མི་དགོས་སོ། །གཉིས་པ་ནི་ཟངས་གཟེར་སྨུག་པོ་ལས། བླ་བདུད་གཟུགས་ལ་དབབ་པ་ནི༔ བྱད་མའི་བླ་དྭགས་བྲི་བ་ཡིན༔ དེ་ལ་བླ་ཁྱིམ་བླ་སྲོག་དང༔ བླ་དྭགས་བླ་ལེན་བླ་གཤེད་སྔགས༔ བླ་བདུད་ཡུལ་ཤེས་བླ་རྡོ་བསགས༔ བླ་ཤིང་བླ་གནས་བླ་དུས་བཅས༔ ཞེས་དོན་ཚན་བཅུ་གཅིག་ཏུ་གསུངས་པའི། དང་པོ། བླ་ཁྱིམ་ནི། དུག་དང་གླ་བའི་ཁྲག་བསྲེས་པས། གཡས་པའི་བརླ་ལ། ཤ་བ། རྐྱང་། རྟ། གཡག །བོང་བུ། གླང་སྟེ་ཆེ་བ་དྲུག ཁྱི། ཕག །རྣ་བ། ལུག །ར། གླ་བ་བཅས་ཆུང་བ་དྲུག་སྟེ་དེའི་གཟུགས་བྲིའོ། །གཉིས་པ་བླ་སྲོག་ནི། གོང་གི་བླ་གཟུགས་ཀྱི་ལྟེ་བར་ཙ་ཀྑ་རྡ་ཕུ་ཏྲི་གྷ། ཧུ་ཀ་ལ་སེ་ཛ་བྷ། ཞེས་བྲི། གསུམ་པ་བླ་དྭགས་ནི། གོང་གི་སྔགས་མཐར་བླ་གང་ཡིན་དེ་ཉིད་ཁུག་ཛཿཛཿ བཞི་པ་བླ་ལེན་ནི། གཡོན་པའི་བརླ་ལ་གོང་གི་ཤ་རྐྱང་ལ་འཕར་བ། རྟ་གཡག་ལ་སྤྱང་ཀི་དང་། བོང་བུ་གླང་ལ་དོམ། ཁྱི་ཕག་ལ་དྲེད། རྣ་བ་ལུག་ལ་གླག་མོ། ར་དང་གླ་བ་ལ་ཁྲ་རྣམས་ཀྱི་གཟུགས་བྲིའོ། །ལྔ་པ་ལོ་གང་ཡིན་གྱི་གཤེད་སྔགས་ནི། གོང་གི་གཟུགས་ཀྱི་ལྟོ་བར། བྱི་བ་ནས་ཕག་གི་བར་དུ་རིམ་བཞིན། བྷི་ཙ་ཡ་དུ་བྷེ་ཏྲི་ཕཊ༔ ཨཱ་རན་སྨི་གྷྲི་རྟ་རྦད༔ ཨ་བྷི་ཏ་ར་མེ་དྷྲི་རྦད༔ ཤ་ས་ཀ་ར་ཧ་ར་རྦད༔ ས་ཏ་བྷ་ཏི་ལི་དུ་རྦད༔ ས་ལ་ཏྲ་བྷེ་མ་ཏྲི་རྦད༔ ཤ་ར་བྷ་ཏྲེ་མ་ཏ་རྦད༔ པར་ཤ་བྷུ་ཏི་ས་ཕག་རྦད༔ བྷི་ཏ་ཡེ་མྱུར་བྷ་ཡ་རྦད༔ སྲིན་དུར་ཏི་གྷ་ཏྲ་རྦད༔ ཤུ་ན་ས་སུ་ར་ཏྲ་རྦད༔ ཟོ་བོ་མུ་ཤ་བྷུ་ཏ་རྦད༔ སྔགས་མཐར་བླ་འདི་ཞེས་བྱ་བ་མཱ་ར་ཡ་རྦད༔ ཅེས་བྲི། དྲུག་པ་བླ་བདུད་གཤེད་ལ་དབབ་པ་ནི། སྤྱི་བོར་ལྷའི་བུའི་བདུད་སྔོ་ནག་བུང་བ་མེ་ཏོག་འཇིབ་པ་འདྲ་བ། མགྲིན་པར་ཉོན་མོངས་པའི་བདུད་སྡིག་པ་དམར་པོ་བྲག་ལ་འཛེག་པ་འདྲ་བ། ལྟེ་བ་ན་ཕུང་པོའི་བདུད་སྡོམ་དུད་ཁ་བགྲད་པ་འདྲ་བ། སྙིང་གར་འཆི་བདག་གི་བདུད་མཐིང་ནག་གྱད་སྟོབས་ཆེ་འདྲ་བ། དེ་རྣམས་ཀྱི་ས་བོན་སྤྱི་བོ་ནས་རིམ་བཞིན་སོ་སོའི་བར། ལམ་བམ་རཾ་ཡམ། ཞེས་པ་བྲི། བདུན་པ་ཡུལ་ཤེས་ནི། དཔུང་པ་གཡས་པར་ཕོ་མིང་ལ་ཕོ་བདུད་ཕོབ་ཅེས་དང་། གཡོན་པར་མོ་མིང་ལ་མོ་བདུད་ཕོབ་ཅེས་པ་བྲི། ལག་གཉིས་གཡས་པར། ཡུལ་མིང་དང་མྱོགས། གཡོན་པར་ཤེས་པའི་འདུ་བྱེད་ཐུམ། ཞེས་བྲི། བརྒྱད་པ་བླ་རྡོ་གསག་པ་ནི། བནྡྷེ། བོན་པོ། སྡེ་དཔོན། ཡུལ་མི། སྔགས་པ། བཀའ་ལོག བུད་མེད། བུ་ཚ་རྣམས་ལ་རིམ་བཞིན། ཤེལ། གཡུ་རྡོ། བྲག་ནག་རྡོ། དུར་རྡོ། རྡོ་ནག །གཡམ་སྔོན། ལྷང་མ་ལྷང་འཚེར། ཕ་བང་ལོང་བུ་རྣམས་ལ་གྲི་ཁྲག་དང་བཙན་དུག་གིས་ཏྲི་རེ་བྲིས་པ་བླ་དྭགས་སྟེང་དུ་འཇོག དགུ་པ་བླ་ཤིང་ནི། གོང་གི་གོ་རིམ་བཞིན། ཤུག་པ། སྟག་པ། བོམ། སྦྱར་པ། ཚེར་མ། ཁམ་བུ། གླང་མ། བ་ལུ་རྣམས་ལ་ནྲྀ་རེ་བྲིས་ལ་བླ་དྭགས་སྟེང་དུ་འཇོག བཅུ་པ་བླ་གནས་བཤད་པ་ལ། ཕོའི་བླ་གནས་ནི། གཅིག་ནས་བཅུ་གཉིས་བར་དང་། བཅུ་གསུམ་ནས་འགྲེ་ཤེས་པས་འདི་ལྟར་རོ། །གཅིག་པ་ལ་སྙིང་། གཉིས་པ་ལ་ལྐོག་མ། གསུམ་པ་ལ་མགོ །བཞི་པ་པུས་མོ། །ལྔ་པ་མཆན་ཁུང། དྲུག་པ་རྐང་པ། བདུན་པ་བྲང་ལ། བརྒྱད་པ་ལྟག་པ། དགུ་པ་རོ་སྟོད། བཅུ་པ་རྒྱུ་ཞབས། བཅུ་གཅིག་སྐེད་པ། བཅུ་གཉིས་སྐྲ་མཚམས་སོ། ཚེས་ཀྱི་བླ་གནས་ནི། རྐང་པའི་བོལ། ལོང་། བརླ་གཉིས། རྐེད་པ། ལྐོག་མ། ལག་མཐིལ། རྐང་མཐིལ། ལག་པ། མཚན་མ། སྒྱིད་པ། འཕོངས། སྣ། རྣ་བ། ཕོ་བ། སྙིང་། ལུས་སྤྱི། བྲང་། ཨོལ་གོང་། རྐེ། ལག་པའི་བོལ། པུས་མོ། ཐེ་བོང་། མཆན་འོག །སོག་པ། རྩིབ་ཆུང་། ནུ་མ། རྗེ་ངར། མིག །རྒྱུ་མ། ལྟེ་བ་རྣམས་སོ། །དུས་ཚོད་བླ་གནས་ནི། ནམ་ལངས་ཁ། ཉི་ཤར་མཇིང་པ། ཉི་དྲོས་མཆུ། ཉིན་ཕྱེད་བྲང་། ཕྱེད་ཡོལ་ལྟོ་བ། དགོང་མོ་སྙིང་ཁ། ཉི་ནུབ་རྒྱབ། སྲོད་ལ་རྐེད་པ། སྲོད་ཡོལ་ལག་པ། ནམ་གུང་མགོ །ཐོ་རངས་ལུས་བྱིང་ལ་གནས་སོ། །བཅུ་གཅིག་པ་བླ་དུས་ནི། ཤ་བ་སྲོད་ལ་བསད་ལས་བྱ། རྣ་བ་སྲོད་འཇིང་། བྱ་ཉི་ཤར། ཕག་ཐོ་རངས། ལུག་ཉི་དྲོས། ར་ཕྱེད་ཡོལ། རྟ་ཉིན་ཕྱེད། ཁྱི་ཉིན་གུང་། གླང་ཉི་ནུབ་རྣམས་སོ། །འདི་དག་མན་ངག་སྙིང་གཟེར་གྱི་དགོངས་པ་ཐུན་མོང་མ་ཡིན་པའོ། །སྤྱིར་བཏང་བླ་དྭགས་བྲི་ལུགས། ཡི་གེ་ཚ་ལ། ཏྲོཾ།་་་་བྱི་བ། ཏྲིང་།་་་་གླང་། ཤཾ་་་་།སྟག །ཏྲི།་་་་ཡོས། ཛཿ་་་་འབྲུག །ཁཾ།་་་་སྦྲུལ། ཤ་་་།རྟ། གྷ།་་་་ལུག ཛཿ་་་་སྤྲེལ། ཏྲཾ།་་་་བྱ། ཐུཾ།་་་ཁྱི། ཛཿ་་་ཕག །ཞེས་དགྲ་སྔགས་མགོ་ཕོ་ཕྱི་བསྟན་དང་། མོ་ནང་བསྟན་དུ་བྲི། གཞན་ཡང་། གྷརྦྷ་ནྲྀ་ཛཿ ཞེས་དང་། དགྲ་བོའི་བླ་དྭགས་བརྒྱད་བླ་ཆེན་དྲུག སྤྲུལ་པ་དྲུག་དང་བཅས་པ་ཁུག་ཛཿཛཿ ཞེས་དང། གཞན་ཡང་། དགྲ་བོའི་བླ་མི་རུ་བརྫུ་བ་ཁུག་ཛཿཛཿ དེ་བཞིན་དུ། ཤ་བར། རྒོ་བར། ལུག་ཏུ། ར་རུ། བྱ་རུ། བོང་བུར་ཞེས་སྦྱར་བ་བྲི་ཞིང་བགེགས་ལ་བྱེད་ན་ཞལ་ལས་ཤེས། ལིངྒ་ཆུང་ངུ་ལ་བསྡོམས་ཏེ་བྲིའོ། །གསུམ་པ་ནི་གོང་མ་ལས། ཁ་འཛིན་རྒྱབ་རྟེན་ཕྲལ་བ་ནི༔ དགྲ་བགེགས་ལྷ་དང་ཕྲལ་བ་ཡིན༔ དེ་ལ་ལིང་ཁྲུས་ལྷ་དབྱེ་དང༔ ལྷ་ལྔ་གཤེད་དུ་དབབ་པ་འོ༔ ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་ལིང་ཁྲུས་ནི། གོང་གི་ལིངྒ་ལེགས་པར་གྲུབ་རྗེས། བསེ་ཤིང་ངམ་སྐྱེར་པ་གང་རུང་གི་ཐེམ་དེ་བཅུག །མེས་བསངས། རླུང་གིས་གཡབ། མདུན་དུ་ལྕགས་སྣོད་དུ་བཞག །གཡས་སུ་ཆུ་གཙང་འོ་མས་བྲན་པ་བཞག་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཆུ་དེ་ཉིད༔ གནས་གྱུར་པད་ཟླའི་གདན་སྟེང་དུ༔ བམ་ལས་ཆུ་ཡི་ལྷ་མོ་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པ་པདྨའི་སྡོང་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་གི་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ་སོགས་ཀྱིས་བསྟོད། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་དབང་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ལྷ་མོའི་ཕྱག་གཡས་མཐིལ་གྱི་ཛ་ཡིག་ལས༔ བྱུང་བའི་དྲི་ཆབ་བདུད་རྩིའི་ཆུ་རྒྱུན་གྱིས༔ འཁོར་ལོར་རང་གི་དྲི་རླངས་ཕོག་པ་རྣམས༔ བཀྲུས་ཏེ་གཙང་ཞིང་དག་པ་ཉིད་དུ་གྱུར༔ ཅེས་དམིགས་པ་ནན་དུ་སྒོམ་ཞིང་གོང་གི་ཆབ་ནས་ཅུང་ཟད་ཀྱང་གཏོར། སྐབས་འདིར་སྔགས་དང་དམོད་པ་རྣམས་ལ་གྲི་ཁྲག་དང་ཐང་ཁྲོམ་བྱུགས། གཉིས་པ་ལྷ་དང་དབྱེ་བ་ནི། བདེན་བརྡར་དགུག་གཞུག་བྱས་ལ་བསྟིམ། གུ་གུལ་དང་རྟ་བོན་གྱི་དུད་པས་བདུག་ཅིང་། ལྷ་སྔགས་མཐར་དགྲ་བོ་སྙིང་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ལྷ་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ཕོ་ཤ་མཱ༴ དགྲ་བོའི་མོ་ཤ་མཱ༴ དགྲ་བོའི་ཞང་ཤ་མཱ༴ དགྲ་བོའི་ཡུལ་ཤ་མཱ༴ དགྲ་བོའི་སྲོག་ཤ་མཱ༴ དགྲ་བོའི་ལེ་ཤ་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཅིང་དགྲ་བོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་བསྐྲད་པར་བསམ། སླར་ཡང་གཙང་ཆབ་དྲི་བཟང་གིས་སྦགས་པ་བཤམས་ལ་གོང་བཞིན་ལྷ་མོ་བསྐྱེད་བསྟིམ་དབང་བསྐུར་བར་སོང་རྗེས། ལྷ་མོ་དེས་ཕ་རོལ་གྱི་ཚེ་སྲོག་བསོད་ནམས་ཁ་རྗེ་དབང་ཐང་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཆུ་ལ་བསྟིམ་པར་བསམ་ལ། རང་གི་དྲི་རླངས་མ་ཕོག་པར་ལིང་ག་ཆུར་གཡབ། ལྷ་མོ་ཡང་འོད་དུ་ཞུ་བ་ཆུ་ལ་ཐིམ་པར་བསམ་ལ། དེ་ཉིད་རང་གིས་འཐུངས་པས་ཚེ་བསོད་དཔལ་འབྱོར་རྒྱས་ཤིང་ནུས་མཐུ་ཐོགས་པ་མེད་པར་གྱུར། གནས་ལ་གཏོར་བས་བྱིན་དང་ལྡན་པར་བསམ་མོ། །གསུམ་པ་ལྷ་ལྔ་གཤེད་དུ་དབབ་པ་ནི། སླར་ཡང་བདེན་བརྡར་བརྗོད་ལ། ཕྱིར་བཏོན་རང་ཐག་གི་མིག་ཏུ་ལན་གསུམ་འདྲེན། བྲོས་པ་ཁྲིམས་ལ་བཅར་བར་བསམ། ཡུ་བ་ལན་གསུམ་བསྐོར་ཞིང་སླ་ངར་ཡང་འཇུག །རང་ཡུས་གནོན་ཅིང་སྐམ་པས་བརྡུང་བ་དང་ལྷན་ཅིག་ཏུ། རྩ་སྔགས་མཐར། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག་ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོག་ལིང་ཤག་ལིང་ཐུམ། ཙ་མུན་ཏྲི་བྷྱོ་ཛཿ ཞེས་བརྗོད་ཅིང་བླ་སྲོག་བསྟིམ། མུ་ཟི་ནག་པོ། བོང་ང་ནག་པོ། ཁྱི་ཕག་མཛེ་ཕོ་ཡུགས་ནལ་མའི་ཁྲག །དམེ་ཕོ་དང་ཁྱི་བྲུན། མགར་བའི་ལྷམ་ཀྲད། བྱེར་མའི་ལྷམ་ཚངས་རྣམས་ཀྱི་དུད་པས་བདུག་ཅིང་། བྱ་རོག་གི་དང་རུ་གཡས་པར་ཡུགས་སའི་མངལ་ཁྲག་གིས་ནྲྀ་དང་ཨ་ནྲྀ་རཀྴ་མུ་ཙུ་རུ་ལུ་བྷྱོ་དགྲ་བོ་མགོན་སྐྱབས་ལྷ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་བྲིས་ལ་ཚ་བ་གསུམ་བྱུགས། འུག་པའི་དང་རུ་གཡོན་པར་མཛེ་ཁྲག་གིས་ཨ་དང་ཤོག་ཤོག་ཁ་ལ་རཀྴ་ཐུན་བྷྱོ་དགྲ་བོ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་བྲིས་ལ་བསིལ་གསུམ་བྱུག་པ་གཉིས་ཀྱིས་གཡབ་ཅིང་། དགྲ་བོ་ཆེ་གེ་མོ་ནྲྀ་ཏྲག་རཀྴ་མཱ་ར་ཡ། ནྲི་ཏྲག་ཤིན་ཏྲི་མཱ་ར་ཡ། རུ་ཏྲ་ཧབ་ལེ་ཧབ་ལེ། རུ་ཏྲ་ཧོབ་ལེ་ནི། ཨ་ཡ་ཞུང་ཞུང་ཁ་ཏི་ནི། རྡོ་བ་སུ་རུ་སུ་རུ་ནི། དེ་བི་འུར་ཡ་འུར་བ་ནི། ན་སུ་ཡེ་ཏྲི་འུར་པ་ནི། ཀ་སུ་ཡེ་ཏྲི་ཞུ་ཏི་ནི། རྡེ་ཤ་ཁ་ཏི་འུར་པ་ནི། རྡེ་བ་ཙིཏྟ་ཤུར་ཏི་ནི། དགྲ་བོའི་མགོན་སྐྱབས་བྱེད་པའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཤག་ཕྱེ། དགྲ་བོའི་སྐྱོབ་བྱེད་ཀྱི་ལྷ་སྲུང་ཁྱེད་རྣམས་དམ་ཉམས་འདིའི་མགོན་སྐྱབས་དང་དཔུང་གཉེན་མ་མཛད་པར་གཤེད་དང་བདུད་དུ་མཛོད་ཅིག་མྱོགས་མུག་རྦད་ཛཿཛཿ ཞེས་བརྗོད་ཅིང་གཤེད་དུ་དབབ། སླར་ཡང་། མཚུར་ནག །སྦྲུལ་ཤ །རྟ་བོན། གླང་འོག་ཅན་གྱི་གཞོབ་རྣམས་ཀྱིས་བདུག་ཅིང་། ཨ་ཨཱ་ཨཾ་ཨཿཔ་ཕ་བ་བྷ་མ་ཀྵ་དགྲ་བོའི་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཤག་ཕྱེས། ཨི་ཨཱི་ལྀ་ལཱྀ་ཀ་ཁ་ག་གྷ་ང་ལ་ས་དགྲ་བོའི་སོགས་འགྲེའོ། །ཨུ་ཨཱུ་ཙ་ཚ་ཛ་ཛྷ་ཉ་ཝ་ཤ༴ ཨེ་ཨཻ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ༴ ཨོ་ཨཽ་ཏ་ཐ་ད་དྷ་ན་ཡ་ཧ་དགྲ་བོའི་སོགས་བརྗོད་ཅིང་ཐལ་མོ་བརྡབ་བོ། །དབྱེ་བ་རླུང་ལྷའི་ཕྱོགས་ནས་དབྱེ་ཞེས་གསུངས་པས་ལྷ་དབྱེ་སྒྲུབ་ཁང་གི་ནུབ་བྱང་དུ་བྱ་ཞིང་རྫས་དུད་རང་དང་ལྷ་རྟེན་ལ་མ་ཕོག་པ་གལ་ཆེའོ། །གལ་ཏེ་དེས་ཀྱང་མ་དབྱེ་བར་ཞུབ་ཅན་གྱིས་བསྲུང་ན། མུ་ཟི་བདུག །ཤ་བའི་ར་གཞོབ། མི་ཆེན་གྱི་བྲུན། མོ་བཙུན་དམེ་སྐྲ། གཡག་དཀར་བྱེ་མའི་ཁྲག །བྱ་རྒོད་འཆལ་མོའི་དོར་རྟ། ཁྲལ་ནལ་མའི་ལྷམ་ཀྲད། སྤྱང་ཀི་མགར་བའི་ཤ་རྣམས་བསྲེགས། སོ་སོའི་དབྱེ་སྔགས་འདྲེན་ལྷ་དབྱེ་དང་དམོད་བཅོལ་དྲག་ཏུ་བྱའོ། །ཏིང་འཛིན་མི་གསལ་ཞིང་བྱིང་རྨུགས་ཆེ་ན་ཡེ་ཤེས་སེམས་དཔའ་སྟེ་མཆོད་བསྟོད་གཏོར་མ་སྔགས་དང་དམོད་མོ་དྲག་ཏུ་བྱའོ། །ཡང་སྦྱིན་བསྲེག་སོགས་ཀྱི་ལིང་ག་འབུར་དུ་བཟོ་བའི་རྒྱུ་ཚད་ནི། གཤིན་རྗེ་གཤེད་ཀྱི་བཤད་རྒྱུད་ཁྲི་དྲུག་སྟོང་པ་ལས། ལིང་ག་སོར་བཅུ་དབང་པོ་དོད། །སྐྲ་སིལ་གཅེར་བུ་ཁོག་སྟོང་པ། །སྙིང་ཁར་མིང་དང་དཔྲལ་བར་རུས། །བླ་ལ་བླ་དྭགས་ལྟེ་བར་ཁམས། །གྲོ་ག་ལ་བྲིས་སོ་སོར་བཅུག །ཕ་མེས་བུ་ཚ་སྤུན་ཟླའང་བཅུག །ནད་རིམས་གྲི་ཁྲག་སྣ་ཚོགས་དང་། །དུག་སྣ་སོགས་ཀྱིས་ནང་ཕྱིར་བྱུགས། དེ་བཞིན་སྒ་སྒོག་པི་པི་ལིང་། །ཚ་བ་གསུམ་གྱིས་ཕྱི་ནས་བྱུག །རྒྱུ་རྐྱེན་ཉེ་བར་གསོད་པའི་རྐྱེན། །མཁར་གོང་སྲིན་ཅན་བད་མཁྲིས་སློང་། །བོང་བུའི་ས་བོན་ནད་རྣམས་འདུ། །ཤ་དམར་ལུས་ལ་ཚ་བ་བསྐྱེད། །ནད་ཁྲག་དེ་སྐྱེད་དུག་སྣས་གསོད། །ཅེས་གསུངས་པ་ལྟར་རྫས་དེ་རྣམས་དང་རང་གཞུང་ནས་བཤད་པའི་རྫས་རྣམས་བསྲེས་ལ་གོང་བཤད་ཀྱི་ཡི་གེ་རྣམས་གྲོ་ཤོག་ལ་བྲིས་ཏེ་སོ་སོའི་གནས་སུ་འཇུག་པ་ཡིན་ནོ། །གཞན་ཡང་ཤེས་པར་བྱ་བའི་གནད་ནི། རྡོ་རྗེ་གཙུག་ལག་གི་རྒྱུད་ལས། བསྡུ་ཡིག་ལ་སོགས་བསླད་པས་སྤངས། །ཞེས་གསུངས་པ་ལྟར། ཡི་གེ་རྣམས་བསྡུ་ཡིག་དང་། མུ་ཁྱུད། གཟུགས་བྲིས་སོགས་ལ་ཐུག་པ་དང་། ཡི་གེ་ཕན་ཚུན་ཐུག་པ་དང་། འབྱར་ཞིང་འབྲེལ་བ་དང་། ཟུམ་པ་དང་། བྲིས་བསུབས་ཆད་ལྷག་སོགས་མེད་པ་དང་། སྔགས་ཚིག་དང་དམོད་ཤམ་སོགས་ལ་ནོར་འཁྲུལ་དང་བྲི་གཞིའི་རས་ཤོག་ལ་བུག་རྡོལ་དང་དྲི་མ་ཆགས་པ། མུ་ཁྱུད་ཀྱི་སྔགས་དང་དམོད་མོ་སོགས་བསྐོར་ནས་བྲི་དགོས་རྣམས་མགོ་མཇུག་མ་འཕྲོད་པར་ས་སྟོང་ལུས་པ། བྱུག་རྫས་རྣམས་ཀྱང་རང་རང་གི་བྱུག་གནས་དེ་ལས་གཞན་དུ་མ་ཐལ་བ། བགེགས་ལ་གང་དམིགས་དེའི་རི་བྲག་ཆུ་མིག་ཤིང་སོགས་བྱུགས་དགོས། ལྷག་པར་རང་གི་དྲི་རླངས་ཤོར་བ་སོགས་ལོག་རྡུགས་འབྱམས་གསུམ་གྱི་སྐྱོན་རྣམས་སྤང་སྟེ་ཡིད་གཞུང་པར་བྲི་ཞིང་། དགྲའི་མིང་ཡིག་གང་བྱུང་ལ་དང་པོ་ནས་རྒྱ་མཚམས་ཀྱིས་བཏབ་པར། རང་གཤེད་རང་ལ་དབབ་པའི་རྫས། དྲི་མ་དྲུག་སོགས་གང་འཛོམས་ལྕགས་སྣོད་དུ་མེ་ལ་རླངས་ཐོན་ཙམ་བསྲོས་ལ་བྱུག་གོ །གཞན་ཡང་སྙིང་ཁའི་ས་བོན་དང་གཟུགས་རྣམས་ལ་སྲོག་གཤེད་སྲོག་ལ་དབབ་པའི་ཁྲག་གིས་དམར་པོར་བྱུག་ཅིང་། ཟག་རྫས་ཀྱང་བྱུག་གོ །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་རྣམས་ལ་ཉེ་བར་མཁོ་བའི་ལིང་གའི་གནད་སོགས་གལ་ཆེ་བ་འགའ་ཞིག་གབ་སྦས་མེད་པར་བཀོད་པ་འདི་ནི། མན་ངག་སྙིང་གཟེར་ནག་པོའི་དགོངས་དོན་གཙོ་བོར་བཟུང། གཞན་ཡང་མངོན་སྤྱོད་ཀྱི་རྒྱུད་གཞུང་དུ་མའི་དགོངས་དོན་བླ་མའི་ཞལ་ལ་གབ་པ་རྣམས་ཉམས་སུ་བླང་བདེའི་ཕྱིར་དཀྱུས་སུ་བཀོད་པ་ཡིན་ནོ། །རྒྱུད་གཞུང་མན་ངག་ཡངས་པའི་མཁའ་ཀློང་ནས། །ཞལ་ཤེས་སྔོན་མེད་སྤྲིན་སྔོན་རོལ་པ་ལས། །དྲག་སྔགས་འབྲུག་སྟོང་ལྡིར་བའི་གནམ་ལྕགས་ཐོག །ལོག་འདྲེན་གཤེད་དུ་འབེབ་བོ་བག་ཡོད་བྱོས། །འགའ་ཞིག་མཁས་དང་ཆེན་པོའི་ཁུར་ཆེན་གྱིས། །ནོན་པས་མཁས་པའི་གསུང་གསང་མི་བརྟེན་པར། །སྦོམ་ལྡིར་གླང་ཆེན་ལྟ་བུར་རབ་འགྱིང་བའི། །སྔགས་རྒན་གཡུ་འབྲུག་སྔོན་མོའི་སྒྲ་ལས་གསང་། ཁོ་བོས་འབད་པ་ཆེན་པོས་མཁས་པ་ཡི། །ཞབས་པད་སྤྱི་བོའི་གཙུག་གི་རྒྱན་དུ་བསྟེན། །ཞལ་ཤེས་གསུང་གསང་བདུད་རྩིའི་ཐིགས་པ་ཐོབ། །དེ་ཕྱིར་གདམས་སྐོར་འདི་ལ་གོམས་འདྲིས་རྙེད། །འདིར་འབད་བསོད་ནམས་ཉིན་བྱེད་ལྟར་འབར་བས། །མ་རུངས་བདུད་སྡེའི་བ་མོ་ཀུན་འཇོམས་ཤིང་། །གསང་ཆེན་ཆོས་ཀྱི་པད་ཚལ་རབ་རྒྱས་ནས། །འགྲོ་ཀུན་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་ཉེ་བར་མཁོ་བའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ཞེས་བྱ་བ་འདི་ཡང་། དབུ་རུ་བྱང་ཕྱོགས་སུ་སྐྱེས་པའི་རླངས་རིགས་ཀྱི་སྔགས་བན་ཀརྨ་དྲག་པོས་་་ཁྲི་སྨོན་ཆོས་མཛད་དོན་ལྡན་་་ཤར་མར་བཀོད་པ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་མི་བསྲུན་དགྲ་སྡེའི་དཔུང་ཚོགས་ཐལ་བར་རློག་པའི་རྒྱུར་གྱུར་ཅིག །དགེའོ། །ཤུབྷཾ།། །།

རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པདྨ་གསང་བའི་ཐིག་ལེའི་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཡེ་ཤེས་ཆུ་བོ་ (Volume 63, Text 24)

༄༅། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པདྨ་གསང་བའི་ཐིག་ལེའི་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཡེ་ཤེས་ཆུ་བོ་བཞུགས་སོ། ། ན་མོ་པདྨཱཀ་ར་ཡེ། འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བར་འདོད་པས། ཐོག་མར་བུམ་པ་སྒྲུབ་པ་ནི། བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ཅིང་མཆོད་པས་བསྐོར་ཏེ་དུང་ཞལ་གྱི་ཆུ་དང་གཟུངས་ཐག་གིས་མཚན་པ་འདུ་བྱས་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །སྔགས་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར་ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ་ལ། ཚེ་འགུགས་སོགས་བརྗོད། ཚོགས་ལ་རོལ་པའི་སྔོན་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། དྲག་སྔགས་རོལ་མོ་དང་བཅས་པས་བགེགས་བསྐྲད། མཎྜལ་རྒྱས་བསྡུས་གང་རིགས་འབུལ་བ་སོང་ནས། ཐལ་མོ་མེ་ཏོག་དང་བཅས་པས། ཀྱེ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། ཨོཾ་ཙཀྵུར་བནྡྷ་ཝ་ར་མ་ན་ཡེ་ཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་ཐོགས། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུ་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ གསུམ། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ ལན་གསུམ། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་གཟུང་། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི༔ ཞེས་རྡོ་རྗེ་སྙིང་གར་རེག །ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་དཱ་ཀ་ཋ་ཋ་ཧཱུྃ༔ ཞེས་སྦྱིན། རྡོ་རྗེ་མགོར་བཞག་ལ་སློབ་དཔོན་བཀའ་གཉན་པར་གདམས་པ་ནི། བདག་ནི་རྡོ་རྗེ་སློབ་དཔོན་སྟེ༔ ཁྱོད་ཀྱིས་ང་ལ་བརྙས་མ་བྱེད༔ གལ་ཏེ་བརྙས་པར་བྱེད་པ་ན༔ དམྱལ་བ་ཆེན་པོར་ལྟུང་ཏ་རེ༔ རྡོ་རྗེ་སྙིང་ཁར་བཞག་སྟེ་གསང་བ་མི་སྨྲ་བ་གདམས་པ་ནི། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ས་མ་ཡ་རཀྵནྟུ༔ ཞེས་སྐུ་གསུང་ཐུགས་གསུམ་གྱི་དམ་གཞག་སོང་ནས། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར། །རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བར་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ རང་གི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་བྱིན་འབེབ་དབྱངས་དང་བཅས་གྱེར་བ་ནི། ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་བཅས་ཏེ་ཡེ་ཤེས་འབེབ་པའི་རྫས་གཞུང་མཐུན་བདུག །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་དེ་ཉིད་བྱང་ཆུབ་སྙིང་པོའི་བར་བརྟན་པར་བསམ་ལ། ཏིཥྛ་བཛྲཿ ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་གཞག །ཀྱེ་ཧོ༔ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནང་དུ་གསོལ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་གྱུར་པར་མོས་ལ། དཀྱིལ་འཁོར་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་བསམ་ལ། ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ། ཧོཿ འདི་ནི་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ཏེ། །མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་ལ་གནས། །རང་རིག་ཡེ་ཤེས་བླ་མའི་དཀྱིལ་འཁོར་ཉིད། །འདི་ཞེས་བརྗོད་མེད་རང་བྱུང་ཆོས་ཀྱི་སྐུ། །དེ་ཉིད་མཐོང་བས་ཚེ་རབས་སྡིག་ལྟུང་དག །ཡེ་ཤེས་ལྷ་དང་རོ་མཉམ་ལྷན་ཅིག་སྐྱེས། །དེ་ཕྱིར་མཆོག་ཏུ་གུས་ཤིང་སྤྲོ་བར་བྱ། །ཧོཿ སྔོན་ནས་འབྲེལ་པའི་ལྷ་མཆོག་ལ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་འབབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་གྷྲིཧྣ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་དོར། ཨོཾ་པྲ་ཏི་གྷྲིཧྣ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་སོང་ནས། ཞུགས་ཏེ་མངོན་པར་དབང་བསྐུར་བ་ལ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་མངོན་པར་དབང་བསྐུར་བར་བསམ་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲྎ རཏྣྎ པདྨྎ ཀརྨྎ ཞེས་སྦྱར། དེས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལུས་སྣང་སྟོང་ཆུ་ཟླ་ལྟ་བུ་ལྷ་ཡི་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསང་བའི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ རྡོ་རྗེ་བདུད་རྩི་དྲི་མེད་མཆོག༔ མ་རིག་ཉེས་པ་འཇོམས་བྱེད་པ༔ གསང་བའི་དམ་པ་བདག་ལ་སྩོལ༔ ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་འོད་དུ་ཞུ་ནས་ཡབ་ཀྱི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་པདྨོར་འཁྱིལ་པ་བདག་ལ་བསྩལ་བར་གྱུར། ཨེ་མ་ཧོ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་རྡོ་རྗེའི་ཆུ༔ མྱང་བས་མ་རིག་ཉེས་པ་འཇོམས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ༔ དེས་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་རློབ་པའི་རྣལ་འབྱོར་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་གྱུར། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ རབ་ཏུ་ཞི་བའི་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༔ མངའ་བདག་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། མཚན་ཉིད་ལྡན་པའི་རིག་མ་ནི༔ སངས་རྒྱས་མ་ལུས་པང་བཀོད་དེ༔ ཡང་དག་ཐར་པ་བརྟེན་པའི་ཕྱིར༔ སྙིང་གི་བུ་ལ་གདམ་པར་བྱ༔ ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ ཐབས་འདིར་བརྟེན་ནས་རྫོགས་སངས་རྒྱས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ རྨོངས་པ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ གཟུངས་མ་ཡིད་འོང་ཉམས་དགའ་བ༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས༔ འཁོར་ལོའི་གནས་བཞིའི་དགའ་བ་ཆེ༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ བྷཉྫ་མོཀྵ་ཧོ༔ ཞེས་གཏད་པས་རིག་མ་དེས་གསང་བའི་གནས་ལ་སྤྲོ་བ་འདྲི་བ་ནི། བུད་མེད་རྣམས་ལ་རབ་གུས་ཤིང༔ བཤང་ལྕི་ཁུ་ཁྲག་ལ་སོགས་བཟའ༔ པདྨོར་བདེ་བའི་འོ་བྱེད་པར༔ བུ་ཁྱོད་ཅི་དགར་སྤྲོ་འམ་སྨྲོས༔ ལན་གདབ་པ། བཤང་ལྕི་ལ་སོགས་དྭངས་བས་ཟ༔ བུད་མེད་རྣམས་ལ་རྟག་པར་གུས༔ བྷ་གའི་པདྨོར་འོ་བྱེད་པར༔ བདག་ནི་ཅི་དགར་སྤྲོ་ལགས་སོ༔ དེ་ནས་ལྷ་མོ་དེས་དབྱིངས་ཕྱུག་གསང་བའི་རྩ་བསྟན་ཏེ། ང་ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན༔ དབབ་གཟུང་ལྡོག་ཁྱབ་སྦྱོར་བ་ཡིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཞེས་པས་པང་དུ་འཁོད་པ་ལ། རང་ཉིད་བདེ་བ་ཆེན་པོ་པདྨ་སམ་བྷ་ཝ་རིག་མ་ལྷ་ལྕམ་མནྡཱཿར་བ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་སྙོམས་པར་ཞུགས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྙོམས་པར་ཞུགས་པས་དགའ་བྲལ་གྱི་རང་ངོ་བསྐྱང་ངོ་། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེ་ཁོ་ན་ཉིད་ཀྱི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ རབ་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ། གསུམ་པའི་དབང་གི་མཚོན་བྱེད་དུ་བྱས་ཏེ་མཚོན་བྱ་དོན་དམ་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཨེ་མ་ཧོ༔ རང་བྱུང་རིག་པའི་སྐྱེས་བུ་ཉོན༔ བཞི་ཆ་གསུམ་བྲལ་གདོད་མའི་གཤིས༔ ཀུན་ལ་ཁྱབ་པ་ནམ་མཁའ་བཞིན༔ སྨྲར་མེད་མྱོང་བའི་བདག་ཉིད་ཅན༔ སྟོང་དང་མི་སྟོང་བློ་ལས་འདས༔ མཐའ་བརྒྱད་གྲུབ་མཐས་མ་རེག་པ༔ ཡིད་དཔྱོད་འཛིན་པའི་འཕྲང་ལས་གྲོལ༔ འདི་ནི་མཆོག་གི་རྡོ་རྗེ་སྟེ༔ ཟབ་མོའི་དོན་འདི་སུས་སྒོམ་པ༔ སངས་རྒྱས་གཅེར་མཐོང་ཨེ་མ་ཧོ༔ ཞེས་མཉམ་པར་གཞག །ལྷུན་གྲུབ་ཀྱི་སྣང་བ་མཚོན་པའི་ཤེལ་དང་རྨ་བྱའི་མདོངས་བསྟན་ཏེ། གཞིར་གནས་ཀུན་ཏུ་བཟང་པོ་ཉིད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ༔ ལྷུན་གྲུབ་དག་པའི་གནད་ལྡན་པས༔ ཙཀྵུའི་ལམ་དུ་མངོན་སུམ་མཐོང༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ ཟག་མེད་འོད་ལུས་འགྲུབ་པར་འགྱུར༔ དེས་ཚིག་ལས་འདས་པ་དོན་དམ་གྱི་དབང་ཐོབ། སྙོམས་འཇུག་གི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་བཅས་སྤྱི་ལྟར་རོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ཆོས་ཀྱི་བདག་པོས་སྤེལ་བ་དགེ། །།

ཡེ་ཤེས་རབ་འབར་གྱི་བརྒྱུད་པའི་གསོལ་འདེབས་ (Volume 13, Text 24)

ཡེ་ཤེས་རབ་འབར་གྱི་བརྒྱུད་པའི་གསོལ་འདེབས་ནི། ཧྲཱིཿ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས། །འདུས་པ་ཀུན་གྱི་གཙུག་རྒྱན་སྣང་མཐའ་ཡས། །ཆོས་སྐུའི་འཁོར་ཚོགས་བཅས་ལ་གསོལ་བ་འདེབས། །ཀ་དག་ཆོས་སྐུའི་དགོངས་པའི་དངོས་གྲུབ་སྩོལ། །རང་བཞིན་མ་འདྲེས་གསལ་སྣང་ལོངས་སྤྱོད་རྫོགས། །ཚེ་དང་ཡེ་ཤེས་དཔག་མེད་གར་གྱི་དབང་། །སེམས་དཔའ་ཚེ་བདག་བཅས་ལ་གསོལ་བ་འདེབས། །ལྷུན་གྲུབ་འཆི་མེད་ལོངས་སྐུའི་དངོས་གྲུབ་སྩོལ། །གང་འདུལ་མཛད་པ་ནམ་མཁས་གར་ཁྱབ་ཀྱི། །ཕྲིན་ལས་སྣ་ཚོགས་སྤྲུལ་བསྒྱུར་པདྨ་འབྱུང་། །ཞི་ཁྲོའི་གར་བསྒྱུར་གཙོ་ལ་གསོལ་བ་འདེབས། །ཞི་རྒྱས་དབང་དྲག་མཐུ་སྟོབས་དངོས་གྲུབ་སྩོལ། །སྐུ་གསུམ་སྟོན་པ་གསང་ཆེན་ཡེ་ཤེས་བཅུད། །བཀའ་ཡི་བསྡུ་བ་མཛད་པའི་ཌཱ་ཀི་མ། །བདེ་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བདེ་སྟོང་ཟུང་འཇུག་བཅུད་ཀྱི་དངོས་གྲུབ་སྩོལ། །རྗེ་འབངས་དབུས་ན་གཟིགས་པའི་ལོ་ཙཱ་བ། །ཡ་མཚན་ཆོས་རྣམས་བཀའ་བབས་རྗེས་གནང་བའི། །དཀོན་མཆོག་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱའི་བཅུད་རྣམས་མ་ལུས་དངོས་གྲུབ་སྩོལ། །ཨོ་རྒྱན་ཆེན་པོས་སྨོན་ལམ་གཏད་རྒྱའི་མཐུས། །གྲངས་མེད་ཟབ་ཆོས་སྤྱོད་པའི་ཆོས་རྒྱལ་ཆེ། །གཏེར་བདག་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཡོངས་རྫོགས་གསང་སྔགས་བཅུད་འདུས་དངོས་གྲུབ་སྩོལ། །སྨོན་ལམ་དབང་གིས་གསང་སྔགས་དཀྱིལ་འཁོར་དུ། །འཇུག་པ་གཅིག་པའི་འཛིན་སྤེལ་གང་འདུལ་གྱི། །བཀའ་བབས་ཆོས་བདག་རྣམས་ལ་གསོལ་བ་འདེབས། །མཁའ་མཉམ་འགྲོ་བ་འདྲེན་པའི་དངོས་གྲུབ་སྩོལ། །གསང་སྔགས་རྒྱུད་ལུང་མན་ངག་སྙིང་པོ་ཡི། །རིམ་གཉིས་དཀྱིལ་འཁོར་ཀློང་དུ་རྗེས་འཛིན་པའི། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡོངས་རྫོགས་བླ་མའི་ས་མཆོག་དངོས་གྲུབ་སྩོལ། །སྣང་སྲིད་དག་པ་ལྷ་ཡི་དཀྱིལ་འཁོར་དུ། །བླ་མེད་ཡེ་ཤེས་འདུས་པའི་ཧེ་རུ་ཀ །ཆེ་མཆོག་དྲག་པོ་རྩལ་ལ་གསོལ་བ་འདེབས། །ཕུན་ཚོགས་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ། །པདྨས་ལེགས་ཉེས་མཚན་མར་བཀའ་བསྒོས་པ། །ཚུལ་བཞིན་སྒྲུབ་ལ་ལུས་དང་གྲིབ་ལྟར་འགྲོག །ཟབ་གཏེར་སྲུང་མ་རྣམས་ལ་གསོལ་བ་འདེབས། །ཅི་འདོད་སྒྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །ཞེས་པ་འདི་ཡང་ལྕགས་མདུད་ཕྱོགས་ཀྱི་སྐལ་ལྡན་རིན་ཆེན་རྡོ་རྗེས་ཐལ་མོ་སྦྱར་ནས་རིན་ཆེན་གསེར་གྱི་མཎྜལ་ཕུལ་ནས་ཞུས་པའི་ངོར། ཡི་དམ་ཡོངས་རྫོགས་འདུས་པ་པདྨ་དྲག་པོ་རྩལ་གྱི་བརྒྱུད་པ་རིན་པོ་ཆེའི་བཅུད་བླང་བའི་གསོལ་འདེབས་ཏེ་ཀློང་གསལ་སྙིང་པོས་སྦྱར་བའོ། །མངྒ་ལཾ།། །།

རྩིས་ཀྱི་གཙུག་ལག་ལས་འབྱུང་བའི་ལྷ་རྣམས་མཆོད་པའི་ཆོ་ག་མདོར་བསྡུས་ (Volume 43, Text 24)

རྩིས་ཀྱི་གཙུག་ལག་ལས་འབྱུང་བའི་ལྷ་རྣམས་མཆོད་པའི་ཆོ་ག་མདོར་བསྡུས་དགེ །རྩིས་ཀྱི་གཙུག་ལག་ལས་འབྱུང་བའི་ལྷ་རྣམས་ལ་གཏོར་མ་དང་གསེར་སྐྱེམས་ཀྱིས་མཆོད་པ་ནི། ཆོ་ག་རྒྱས་པ་གཞན་དང་འབྲེལ་ན་སྐབས་སུ་བབས་པ་ན་སྦྱར་ཞིང་། མ་འབྲེལ་ན། བདག་བསྐྱེད་མཆོད་གཏོར་བྱིན་རླབས་སྔོན་དུ་འགྲོ་བས། ཧོཿ ལོ་རྒྱལ་པོ། ཟླ་བ་བློན་པོ། ཞག་དམག་མི། དུས་ཚོད་མཚོན་ཆ། སྲིད་པ་གསུམ་གྱི་ཡབ་ཡུམ་གནམ་ས། གཡས་གདགས་རི་དཀར་པོ་སྐྱེས་པའི་བླ་རི། གཡོན་སྲིབ་རི་ནག་པོ་ཟ་མ་མོ་ཡི་བླ་རི། མཚམས་བཞི་བུ་ཚ་ནོར་གྱི་སས་བསྡུས་པའི་ཡུལ་འདིར་གནས་པའི་ཀླུ་གཉན་ས་བདག་བསེན་མོ། ཤར་ཕྱོགས་འབྱུང་བ་ཤིང་གི་ལྷ། ལྷོ་ཕྱོགས་འབྱུང་བ་མེའི་ལྷ། ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ལྷ། བྱང་ཕྱོགས་འབྱུང་བ་ཆུའི་ལྷ། མཚམས་བཞི་འབྱུང་བ་ས་ཡི་ལྷ། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུ་སྦལ་ནག་པོ། དབུས་ཀྱི་སྤྲེའུ་སེར་པོ། མཚམས་བཞི་གཡོག་བརྒྱད་དམངས་ཀྱི་ལྷ། ཐེ་སེ་རྒྱལ་པོ་ལ་སོགས་ཏེ་ལོའི་ས་བདག །འབྲུག་ལྷ་གྭ་པ་ལ་སོགས་ཏེ་ཟླ་བའི་ས་བདག །གསེར་མཛོད་སེར་པོ་ལ་སོགས་ཏེ་ཞག་གི་ས་བདག །གཡུ་མཛོད་སྔོན་མོ་ལ་སོགས་ཏེ་དུས་ཚོད་ཀྱི་ས་བདག །ཤིང་ཕོ་བྱི་བ་ལ་སོགས་ཏེ་ལོ་དྲུག་ཅུའི་ལྷ། མེ་སྟག་ལ་སོགས་ཏེ་ཟླ་བའི་ལྷ། ས་སྟག་ལ་སོགས་ཏེ་ཞག་གི་ལྷ། ལྕགས་ཡོས་ལ་སོགས་ཏེ་དུས་ཚོད་ཀྱི་ལྷ། ལོ་ཟླ་དུས་བཞིའི་ས་བདག །སྤར་ཁ་བརྒྱད་ཀྱི་ལྷ། སྨེ་བ་དགུའི་ལྷ། གཟའ་སྐར་འཕྲོད་སྦྱོར་དུས་ལྷ་འབྱུང་པོའི་ལྷ། ཕྱེད་གཉིས་དང་ཟེར་གཉིས་སུ་རྒྱུ་བའི་ལྷ། གཉུག་མར་གནས་པའི་ལྷ་ལ་སོགས་པ་ཡུལ་དུས་ལ་དབང་བྱེད་པའི་ས་བདག་ལྷ་ཀླུ་འཁོར་དང་བཅས་པ་ཐམས་ཅད་ལ། རང་རང་གི་སྤྱོད་ཡུལ་དང་མཐུན་པའི་གཏོར་མ་རྒྱན་ལྡན་གཡོས་སུ་སྦྱར་བ་གསེར་སྐྱེམས་ཀྱིས་བརྒྱན་པའི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཆེ་བས་མ་བཀྱོན། ཆུང་བས་མ་འཁང་། རུ་ང་དང་ཕྲག་དོག་མ་མཛད། བདག་ནི་ས་དང་ཡུལ་དུས་ལ་དབང་མི་བྱེད་དོ། །ས་དང་ཡུལ་དུས་ཀྱི་བདག་པོ་ཁྱེད་རྣམས་ལ་བསྟེན་ནས་ལས་དང་བྱ་བ་བྱེད་པ་ཡིན་པས་སྟོངས་དང་གྲོགས་མཛོད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཞེས་གྲོང་དུ་རྒྱུ་བའི་ལྷ་གཤེན་བླ་མཁྱེན་རྣམས་ལ་ཕན་པའི་ཆེད་དུ་དྷརྨ་ཤྲཱིས་བྲིས་པའོ། །ཤུ་བྷཾ།། །། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླའོ།།

དཔལ་ལྡན་རང་བྱུང་རྒྱལ་མོའི་སྐོར་ལས་མ་མོ་སྲོག་སྒྲུབ་ཀྱི་གཞུང་ (Volume 38, Text 24)

༄༅། །དཔལ་ལྡན་རང་བྱུང་རྒྱལ་མོའི་སྐོར་ལས་མ་མོ་སྲོག་སྒྲུབ་ཀྱི་གཞུང་བཞུགས་སོ། ། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདུད་འདུལ་ནག་མོ་ཡི། །སྒྲུབ་ཐབས་མན་ངག་གསང་བ་འདི། །བསྟན་པ་སྲུང་བའི་ཕྲིན་ལས་མཆོག །གནམ་ལྕགས་ཐོག་དང་འདྲ་བ་ཡི། །གསང་སྔགས་འདི་ནི་བརྩོན་པས་བསྒྲུབ། །རིན་ཆེན་ལྟ་བུའི་གང་ཟག་གིས། །གསེར་ཞུན་ལྟ་བུའི་ཉིང་ཁུ་འདི། ཁེ་དང་གྲགས་ལ་མི་བཙོང་སྟེ། །དཔེར་ན་སེང་གེའི་འོ་མ་དེ། །རིན་ཆེན་སྣོད་དུ་བླུག་པ་ལས། །གྱོ་མོ་དྲི་མ་ཅན་དུ་ནི། །བླུག་ཅེས་བྱ་བ་མི་སྲིད་དོ། །སྣོད་ངན་དམ་ཚིག་ཉམས་པ་ལ། །བྱིན་ན་དམ་ཚིག་ཉམས་པར་འགྱུར། །ཞེས་འབྱུང་བས་སོ། །དཔལ་ལྡན་བདུད་འདུལ་ནག་མོ་ཕྲིན་ལས་དང་མན་ངག་ཐམས་ཅད་ཀྱི་བདག་མོ། ཐུན་ཟོར་ཐམས་ཅད་ཀྱི་བདག་མོ་བདེ་འཕེན་མ། གནོད་སྦྱིན་མོ་དང་སྲིན་མོ་ལ་སོགས་ཏེ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་རྗེ་མོ། དཔལ་ལྡན་ལྷ་མོ་རེ་མ་ཏི་སྲོག་གི་སྒྲུབ་པ། ཤིན་ཏུ་གསང་བར་གནས་པའི་ལྷ་མོའི་ཐུགས་ཀྱི་སྲོག་སྒྲུབ་འདི། ཡང་དག་རྣལ་འབྱོར་དོན་ལྡན་གྱིས། །ཡང་དག་པ་ཡི་བླ་མ་ལས། །དབང་གི་རིམ་པ་རྗེས་སུ་གནང་བ་དང་བཅས་པ་ཐོབ་པ། དམ་ཚིག་ལ་གནས་པ། ཤེས་རབ་དང་སྙིང་རྗེ་ཆེ་བ། ཚད་མེད་པ་བཞིས་སེམས་ཅན་དོན་ལ་གཞོལ་བ། བརྟུལ་ཞུགས་ཀྱི་སྤྱོད་པས་ཉམས་སུ་ལེན་པའི་རྣལ་འབྱོར་པ་སྒྲུབ་པ་པོས། དང་པོ་གནས་བཙལ་བ་ཡང་། དུར་ཁྲོད་ཀྱི་གནས་སམ། བྲག་དམར་པོ་ཟངས་འདྲ་བའམ། ཆུ་གསུམ་འདུས་པའི་སོའམ། རི་གསུམ་འདུས་པའི་རྩེའམ། བྲག་ནག་པོ་རྒྱ་བོར་འདུག་པའམ། གནས་ཤིན་ཏུ་དབེན་པར་སོང་ལ། ཕྱིའི་བཤགས་པ་བྱ་བ་དང་། སྤང་སྐོང་འདོན་པ་ལ་སོགས་པ་བྱ། རྒྱལ་ཐོ་བཞི་ཕྱོགས་བཞིར་བཙུགས་ཏེ་ཕྱི་མཚམས་བཅད། དེ་ནས་དཀྱིལ་འཁོར་བྱ་བ་འབྱུང་སྟེ། དུར་ཁྲོད་ཀྱི་ས་ལ་དཀྱིལ་འཁོར་གྲུ་བཞི་ལྷམ་པའི་ཐིག་གདབ། དེའི་སྟེང་དུ་སོར་གསུམ་དོར་ལ་ཟླུམ་པོར་བསྐོར། དེའི་སྟེང་གྲུ་གསུམ་བརྩེགས་མར་བྲི་བར་བྱ། ནང་སོར་བཅུ་གཅིག་གམ་བཅུ་གཉིས་བསྐོར་ལ། ཁྲག་དང་ཁྲག་ཆེན་དང་། ཁྱིའི་ཁྲག་དང་རའི་ཁྲག་དང་། ཕག་དང་རྟ་ལ་སོགས་པའི་ཁྲག་དང་། ཐལ་ཆེན་བསྲེས་ལ་བྱུག །ཀུན་ཀྱང་མདོག་དམར་ནག་ཏུ་བྱ། ཐ་མ་ཀུན་མེ་རི་དང་ཐོད་ཕྲེང་གིས་བསྐོར། དབུས་ཀྱི་གྲུ་གསུམ་གྱི་ནང་དུ་དགྲ་བོའི་གཟུགས་བརྙན་དང་ལིང་ག་བཅུག །ལིང་གའི་རྒྱུ་བསྟན་པ་ནི། རྐང་རྗེས་ཀྱི་ས་དང་། ཤྭ་སྣའི་ས་དང་། ལུང་པ་གྲོག་རལ་ཉམས་པ་ཕར་འགྲམ་ཚུར་འགྲམ་ཆད་ལ་ཁད་ཀྱི་ས་དང་། དུག་སྣ་ཚོགས་དང་། མངོན་སྤྱོད་ཀྱི་རྫས་ལ་ལིང་ག་བྱས་ལ། གྲོ་གའམ་དུར་ཁྲོད་ཀྱི་རས་ལ་དགྲ་བོའི་མིང་རུས་དང་སྔགས་སྤེལ་ལ་སྙིང་གར་བཅུག་ནས། དེ་ཕུག་ལ་དུར་ཁྲོད་ཀྱི་སྐྲའམ་སྐུད་ནག་དྲངས་ལ་ཕུར་བུ་ཞལ་གསུམ་པ་གཅིག་གཤིན་རྗེ་གཤེད་དུ་བསྒོམས་ལ། དེ་ལ་ལྷོ་ཕྱོགས་ཀྱི་ཟུར་དུ་བརྟོད། དེའི་སྟེང་དུ་ཐོད་པ་ཁ་སྦྱོར་གྱི་ནང་དུ་གི་ཧཾ་དང་གོ་རོ་ཙ་ན་དང་སྨན་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། ག་པུར་དང་། བདུད་རྩི་དང་། ཤ་ཆེན་དང་། ཚིལ་ཆེན་དང་། སྙིང་སྣ་ཚོགས་དང་། ཁྲག་དང་ཆང་དང་ཛ་གད་སྦྱར་བས་བཀང་ལ་བཞག་གོ །ཡང་ན་བྷནྡྷ་ལྕང་ལོ་ཅན་གཅིག་ལ་མཁའ་འགྲོ་མའི་སྙིང་པོ་བྲི། ཐོད་པ་གཅིག་གི་ནང་དུ་དུག་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། ཡུངས་དཀར་ལ་སོགས་པས་བཀང་སྟེ་ལྕགས་ཕུར་བདུན་གྱིས་བསྐོར་ལ་བཞག །རྟགས་བྱུང་བ་དང་དངོས་གྲུབ་བླང་ཞིང་གསོལ། ལྷ་མོ་དང་གཉིས་སུ་མེད་པར་བསམ་མོ། །གཟུངས་ཐག་དྲངས་ལ་བདག་གི་ལག་པར་བླངས་ལ་སྲོག་གི་སྙིང་པོ་ནས་དྲངས་ཏེ། རྟགས་མ་བྱུང་གི་བར་དུ་བཟླས་པ་བར་མ་ཆད་པར་བྱའོ། །དེའི་སྟེང་དུ་རིན་པོ་ཆེའི་གཞོང་པ་གཅིག་གི་ནང་དུ་བག་ཟན་ལ་བྱས་པའི་གཟུགས་ཁྲུ་གང་བ་ཁྲག་གིས་བྱུགས་པ་གཅིག་དང་། སྙིང་སྣ་ཚོགས་དང་། ཤ་སྣ་ཚོགས་ཀྱི་གཏོར་མ་ཁྲག་སྣ་ཚོགས་ཀྱིས་བྲན་པ་བཞག །དེའི་སྟེང་དུ་ཞིང་ཆེན་གྱི་གཡང་གཞི་དར་གྱིས་བརྒྱན་པ་གཅིག་བྲེ། ཟླ་གམ་གསུམ་ལ་བྷནྡྷ་གསུམ་དང་། རྫས་སྣ་ཚོགས་ཀྱིས་བཀང་བ་བཞག་གོ །ཟུར་གསུམ་འོག་མ་དུར་ཁྲོད་ཀྱི་གནས་སུ་དམིགས་ལ། ཞིང་གི་ལྷུ་དུམ་དང་། རྒལ་ཚིགས་དང་། གློ་སྙིང་དང་། བ་སུ་ཏའི་ཞགས་པས་བསྐོར། ནང་རིམ་བཙག་གིས་བྱུག །དཀྱིལ་འཁོར་གྱི་ཕྱི་ནས་རྡོ་སོལ་གྱིས་བྱུག །ཤིང་ལོ་ལ་དགྲའི་མིང་གཟུགས་བྲིས་ལ་གཏོར་མ་གཉིས་ལ་གཞུག །མི་དབང་འབྲས་བུའི་ཤ་ཕྱེས་ཀུན་ལ་རྒྱས་གདབ་བོ། །ཕྱི་རིམ་གྱི་གྲུ་བཞི་པ་སྒོ་རྒྱན་དང་བཅས་པ་དང་། ཤིང་སྣ་ཚོགས་དང་། བྱ་སྣ་ཚོགས་དང་། དུར་བྱ་མཆུ་རིང་དང་། བྱ་རོག་དང་འུག་པ་ལ་སོགས་པ་དང་། གཞན་ཡང་སྟག་དང་སེང་གེ་དང་། དོམ་དང་དྲེད་དང་། སྤྱང་ཀི་དང་། ཅེ་སྤྱང་ནག་པོ་ལ་སོགས་པས་རྡོ་རྗེའི་ས་གཞི་ཡོངས་སུ་གང་བར་བསམ་མོ། །དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོའི་ཚོགས་ཡུངས་འབྲུ་ཙམ་འཕྲོས་པས་མཐིང་ཤུན་སྔོན་པོའི་གུར་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པར་བསམ། དེའི་ནང་དུ་རླུང་ནག་འཚུབ་མ་འབུམ་འཁྱིལ་བའི་དབུས་མེ་རླུང་འཚུབ་མ་དགུ་ཀློང་འཕྱོ་བའི་དབུས། གནམ་ལྕགས་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཐོད་པ་བརྩེགས་པའི་སྐུ་མཁར་གཞལ་ཡས་ཁང་གི་དབུས། དུར་ཁྲོད་ཆེན་པོ་ཀེང་རུས་འབར་བའི་སྟེང་དུ། གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་མ་ཧེ་བསྣོལ་བའི་ཁྲི་སྟེང་ན། བདག་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་མདུན་དུ་ཐུགས་ཀ་ནས་འོད་ཟེར་ནག་པོ་འབར་བའི་ཚོགས་སྤྲོས་པས། ཏི་ནག་པོ་འབར་བའི་ཚོགས་སུ་གྱུར་ཏེ། དེ་རྣམས་གཅིག་ཏུ་གྱུར་པ་ལས་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་པ་ལ། སྦྲུལ་ནག་གི་གོང་སྨེད་དང་གློ་ནན་བྱས་པ་གཡུ་མཐུར་སྔོན་པོ་དང་། བྱི་རུ་དམར་པོ་དང་། གསེར་གྱི་ཁ་སྲབ་ཅན། བསེའི་སྒ་སྟན་དམར་པོ་ཅན། དེའི་སྟེང་དུ་པདྨ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མ་སྔོ་སྐྱ་གཅིག་བསམ། དེ་ལ་སྔགས་ཀྱི་སྒྲ་དང་བཅས་པ་ཡོངས་སུ་སྤྲོས་ཏེ་སངས་རྒྱས་ཀྱི་ཐུགས་དམ་བསྐུལ་བའི་བྱིན་རླབས་སླར་འདུས་པ་ལས། དུར་ཁྲོད་ཀྱི་མ་མོ་དང་། སྲིད་པའི་མ་མོ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ནས་བསྡུས་ཏེ། མ་ལ་ཐིམ་པས་རྡོ་རྗེ་ཁ་ཊྭཱཾ་འབར་བ་འོད་འཕྲོ་བ་གཅིག་ཏུ་གྱུར། གསང་སྔགས་འདིས་མཁའ་འགྲོ་མའི་སྐུ་བསྐྱེད་དོ། །ཨོཾ་མ་མོ་ནག་མོ་ཏིང་ལམ་མ་མོ་ནག་མོ་དུན་ཏིང་བྷྱོ། ཞེས་བརྗོད་པས། རྡོ་རྗེ་ཁ་ཊྭཱཾ་ག་ལས་འོད་འཕྲོས་ཤིང་འདུས་པ་ལས། དཔལ་ལྷ་མོ་རེ་མ་ཏི་སྐུ་མདོག་ནག་མོ་འོད་ཟེར་འཚེར་བ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་ན་ཁ་ཊྭཱཾ་ག་འབར་བ་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་ལྟ་བ། ཁམས་གསུམ་སྲིད་གསུམ་ས་ལེར་གཟིགས་པ། ཕྱག་གཡས་ཀྱི་འོག་མ་ན་གནམ་ལྕགས་ཀྱི་ཕུར་པ་འདེབས་པ། གཡོན་གྱི་འོག་མ་ན་སྦྲུལ་གྱི་ཞགས་པ་འདོམ་དགུ་བརྒྱ་དགུ་བཅུ་འདྲེན་ཅིང་འཕེན་པས་དགྲ་བོ་དམ་ལས་འདས་པ་ཐམས་ཅད་འཆིང་ཞིང་སྡོམ་འཁྱིག་བྱེད་པ། ལྕགས་ཀྱི་དྲེའུ་ནག་རྐང་གསུམ་གྱི་སྟེང་ན་བཙན་སྐྱིལ་འགྱིང་ཐབས་སུ་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་འབར་བ། དབུ་གསེར་དང་བྱེ་རུ་དང་མུ་ཏིག་གི་ཆུན་འཕྱང་གིས་བརྒྱན་པ། འོད་འབར་བ་རལ་པའི་གསེབ་ནས་དུས་བཞིའི་ལྷ་མོ་བཞི་ཡང་ཅི་ལྟར་བཅོལ་བ་བཞིན་དུ་ལས་བྱེད་པ། སྤྱན་ཉི་མའི་དཀྱིལ་འཁོར་ལྟར་འབར་ཞིང་། འོད་ཀྱི་མདོག་ཁྲག་ལྟར་དམར་བ། སྐུ་ལ་དར་སྔོན་པོ་གྱོན་ཞིང་། ཞིང་ཆེན་གྱི་གཡང་གཞི། སྨད་སྟག་གི་ཤམ་ཐབས་བཏགས་པ། དར་ནག་འབར་བའི་གོ་ཟུ་ལ། མཐའ་མ་འཇའ་ཚོན་སྣ་ཚོགས་ཀྱིས་བརྒྱན་པ། སྦྲུལ་ནག་འབར་བས་སྒྲོག་ཟུང་བྱས་པ། དར་ནག་གི་ཅོད་པན་བར་སྣང་ལ་འཕུར་བ། གོང་མཚན་གཡུའི་རྡོ་རྗེ་རྒྱ་གྲམ་ཡོད་པ། འཁོར་མ་མོ་ནག་མོའི་ཚོགས་དང་། གནོད་སྦྱིན་དང་སྲིན་མོ་ནག་མོ་འཚོགས་པའི་དབུས་ན་བཞུགས་པ། རྣལ་འབྱོར་དམ་ཅན་གྱིས་གདུང་ཞིང་བོས་པའི་ཚེ། སྒྲུབ་པ་པོའི་བསམ་པ་ཡིད་བཞིན་དུ་སྒྲུབ་པ་དང་། ལས་ཐམས་ཅད་བྱེད་པར་ཁས་བླངས་སོ། །དེ་ལྟ་བས་ན་བདག་གིས་ཅི་བཅོལ་བའི་ལས་ཀྱང་། མ་མོ་དང་། སྲིན་མོ་དང་། མཁའ་འགྲོ་མ་འཁོར་དང་བཅས་པ་རྣམས་ཀྱིས་ཅི་ལྟར་བཅོལ་བ་བཞིན་དུ་ཕྲིན་ལས་བྱེད་པར་བསྒོམ། དེ་ནས་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་འཕྲོས་པས། དཔལ་རྡོ་རྗེ་ནག་མོ་རེ་མ་ཏི་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་སྤྱན་དྲང་བའི་སྙིང་པོ་ནི། མ་མོ་ནག་མོ་ཏིང་ལཾ་མ་མོ་ནག་མོ་དུན་ཏིང་བྷྱོཿ ཛཿཧཱུྃ་བཾ་ཧོཿ ནག་མོ་དུན་བྷྱོཿ ཞེས་བརྒྱ་རྩ་བརྒྱད་བགྲང་ངོ་། །དེ་ནས་ཕྱག་འཚལ་བའི་སྙིང་པོ་ནི། རག་མོ་རག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ཞེས་བགྲང་ངོ་། །དེ་ནས་བཞུགས་སུ་གསོལ་བའི་སྙིང་པོ་ནི། རག་མོ་རག་ཤ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། ཅེས་བགྲངས་ལ་བསྐྱེད་པའི་དམ་ཚིག་པ་དེ་ལ་བསྟིམ་མོ། །དེ་ནས་དམ་རྫས་ཀྱི་མཆོད་པ་ནི། མ་མོ་ནག་མོ་བཻ་ཏཱ་ལཱི་ཀུ་ལུ་ཀུ་ལུ་ཧ་ཧ་ཧ་མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་མཉྩ་མེ་ཙི་ལ་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། དེ་ནས་ཕྲིན་ལས་བཅོལ་ཞིང་ལས་ཀྱི་གཉེར་གཏད་པ་ནི། མ་མ་སྙིང་ཁྲག་ཚལ་པ་དུན་ཏིང་མ་དུན་བྷྱོཿ ཞེས་སྟོང་རྩ་བརྒྱད་བགྲང་ངོ་། །དེ་ནས་བདག་ཉིད་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་ཡི་གེ་བཅུ་པ་བརྒྱའམ་སྟོང་ངམ་ཁྲི་ཕྲག་འབུམ་ལ་བཟླས་པའི་ཆོ་ག་རྫོགས་པར་བྱ། དེ་ནས་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་མདུན་དུ་གནས་པའི་དཔལ་རྡོ་རྗེ་རེ་མ་ཏིའི་ཐུགས་ཀའི་མ་ལ་ཐིམ་ཞིང་ཡོངས་སུ་བསྐུལ་བ་ལས། མ་མོའི་སྲོག་གི་སྙིང་པོ་འདི་བགྲང་ཞིང་ཐུགས་དམ་བསྐུལ་ཞིང་ཡིད་ལ་བརྣག་པའི་ལས་བྱེད་དོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་གཟུངས་ཐག་བར་མ་ཆད་པར་བཟླས་པ་བྱ་སྟེ། ནང་རྟགས་དང་མཚན་མ་མ་བྱུང་གི་བར་དུ་སྒྲུབ་པ་པོ་མི་སྨྲ་བའི་རྣལ་འབྱོར་དང་བཟླས་པ་ལ་གནས་པར་བྱའོ། །དེ་ནས་རྟགས་དང་མཚན་མ་བྱུང་བ་དང་ལས་ལ་སྦྱར་རོ། །གོང་དུ་བསྟན་པའི་ལིང་ག་ལ། དགྲ་བོའི་ཁ་སྦྱོར་དབྱེ་བ་དང་། ཉེས་པ་བསྒྲག་པར་བྱས་ལ་གཟུགས་ལ་བསྟིམ་པར་བྱའོ། །བདག་ཉིད་དཔལ་ཆེན་པོའི་ཁར་ཤ་ཆེན་མུར་ཞིང་སྣུམ་ཆེན་རྒྱུན་མི་འཆད་པར་བཏང་ངོ་། །རལ་གྲི་དང་ཕུར་པ་གདབ། གུ་གུལ་གྱིས་བདུག་ལ་ཡུངས་དཀར་གྱིས་བྲབ། གོང་གི་བཟླས་པའི་སྔགས་ཀྱི་འོད་ཟེར་ལས་སྤྲུལ་པའི་མ་མོ་དང་མཁའ་འགྲོའི་ཚོགས་དང་། འཁོར་གྱི་མ་མོ་དང་མཁའ་འགྲོའི་ཚོགས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་། གྲི་དང་མདུང་རྩེ་གསུམ་དང་། ཕུར་པ་ལ་སོགས་མཚོན་ཆ་ཐོགས་ནས་ཤ་ཟ་ཞིང་སྲོག་ལ་མངའ་མཛད་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་མང་པོར་སྤྲུལ་ཞིང་བསམ་གྱིས་མི་ཁྱབ་པ་བྱུང་ནས་བསྒྲུབ་བྱའི་མགྲིན་པ་གཅོད། གཟུགས་ཕུག་ཅིང་འདྲལ་ཏེ། དབང་པོ་དང་རྩ་རྒྱུས་ཀུན་དྲངས། ཤ་དང་རུས་པ་ལ་སོགས་པའི་རྩ་རྒྱུས་ཀུན་གསོལ་ཏེ་བསྒྲལ་བར་བསམ་མོ། །དེ་ནས་རྦད་པ་ནི། རག་མོ་རག་མོ་མ་མ་ཡ་དུན་ཏིང་བྷྱོཿ ཧེད་ཧེད་མ་ཧེད། ཅེས་བརྗོད་པས། བསྒྲུབ་བྱའི་སྙིང་ནས་སྲོག་གི་སྦུ་གུར་ཞུགས་ཏེ་གསོད་པར་བྱེད་དོ། །ལྕགས་ཕུར་བདུན་གྱིས་གཟུགས་ཀྱི་མགོ་མཇུག་ཏུ་གདབ་པའི་སྔགས་དང་། དྲག་སྔགས་དང་གཟེར་བདུན་པོ་འདིས་གདབ་བོ། །ཨོཾ་སརྦ་ཀརྟ་རི་ནི་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཙིཏྟ་རྦད། མྱོག་རྦད། སྙིང་ཁྲག་ཚལ་པ་ཁ་ལ་རྦད། ཚལ་བུ་སེ་ན་སེ་དུ་རྦད། ཧུར་ཐུཾ་སྲོག་ལ་རྦད། ཅེས་ལག་པ་གཡོན་པས་རལ་གྲིས་གཟུགས་མནན། གཡས་པས་ཕུར་བུའི་རྩེ་མོ་ལ་ཁྲག་བྱུགས་ཏེ། སྔགས་པས་ཁར་ཤ་ཆེན་མུར་ཞིང་གདབ་བོ། །དེ་ནས་མཁའ་འགྲོ་མས་དགྲའི་ཤ་དང་ཁྲག་ལ་རོལ་ཅིང་གསོལ་བར་བསམ་མོ། །རག་མོ་རག་མོ་སྙིང་ཁྲག་རྩ་ལ་བྷྱོཿ ཁྲག་ལ་རག་མོ་མུ་ཤ་ལ་བྷྱོཿ རག་མོ་སེམས་བྱེད་སྙིང་ལ་བྷྱོཿ རག་མོ་ལྟ་བྱེད་མིག་ལ་བྷྱོཿ རག་མོ་ཉན་བྱེད་རྣ་བ་ལ་བྷྱོཿ རག་མོ་སྨྲ་བྱེད་ལྕེ་ལ་བྷྱོཿ རག་མོ་ཚོར་བྱེད་ལུས་ལ་བྷྱོཿ རག་མོ་རག་མོ་དགྲ་བོའི་སྲོག་ལ་རྦད། ཐུཾ་རི་ལི་ལི། ཤ་རྒྱུས་སྙིང་ཕྱུངས། སྙིང་རྒྱུས་སྲོག་ཆོད། སྲོག་རྒྱུས་དབུགས་ལོངས། ཤ་ལ་ཟོ། ཁྲག་ལ་རྔུབས། སྲོག་སྙིང་ཁྱེར། དེ་ནས་གཟུགས་དང་གཏོར་མ་ཀུན་བསྟབས་ལ། བྷྱོ། རྡོ་རྗེ་ནག་མོ་རེ་མ་ཏི། །སྤྲུལ་པས་སྟོང་ཁམས་མ་ལུས་འགེངས་བྱེད་མ། ཁམས་གསུམ་སྲིད་གསུམ་མ་ལུས་སྒྲོལ་མཛད་མ། །མ་མོ་ནག་མོའི་ཚོགས་ཀྱིས་སྟོང་ཁམས་གང་། །དཔལ་ལྡན་ནག་མོ་རེ་མ་ཏི། །ནག་མོ་ཆེན་མོ་གློག་འགྱུ་མ། །སྡང་བྱེད་དགྲ་བོ་འདི་བཞེས་ཤིག །མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཕུང་པོ་ལྔ་ལ་ཁ་རཾ་ཁཱ་ཧི། རྣམ་ཤེས་བརྒྱད་ལ་ཁ་རཾ་ཁཱ་ཧི། འབྱུང་བ་ལྔ་ལ་ཁ་རཾ་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། དགྲ་བོའི་ལྷག་མ་རྗེས་ཤུལ་ལ་ཁ་རཾ་ཁཱ་ཧི། ཞེས་ནུས་ཚད་ཀྱིས་བསྟབ་བོ། །དེ་ལྟར་རཀྟ་ཕྱར། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། ཤིན་ཏུ་གསང་ཞིང་སྦ་བར་གསུངས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག་ལས་ཆེན། དཔལ་ལྡན་ནག་མོ་རེ་མ་ཏི་སྲོག་གི་ཡང་སྙིང་གི་སྒྲུབ་ཐབས་རྫོགས་སོ།། ༈ །།དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །བདུད་འདུལ་ལྷ་མོ་ནག་མོའི་ཁྲག་ཟོར་འདི་ལ། དཀྱིལ་འཁོར་གྱི་སྒྲུབ་པ་སྤྱི་དང་མཐུན་རྫས་ནི་རབས་ཆད་ཀྱི་ཐོད་པར་དུག་སྣ་ཚོགས་དང་། སྙིང་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། སྨན་སྣ་ཚོགས་དང་། དེ་རྣམས་དེར་བཙལ་ལ་སྐུད་པ་སྔོ་དམར་གྱིས་བཏགས་ལ། སེང་སྡེང་གི་ཕུར་བུ་གཅིག་ལ་བརྟོད་ལ་བཞག་གོ །དེ་ནས་བདག་ཉིད་རྡོ་རྗེ་གཞོན་ནུའམ། གཤིན་རྗེ་གཤེད་པོར་བསྒོམས་ལ་འཛབ་ལ་འཇུག་སྟེ། ཨོཾ་རག་མོ་ཐང་མུ་ལེ་རྦད་རྦད། མུཾ་སྣི་མུཾ་སྣི་ནན། རག་མོ་ནི་རག་མོ་ནི་རྦད། ཁ་ལོ་ཁ་ལོ་རྦད་དུག་སྣི་དུག་སྣི་རྦད་རྦད་ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། སྟི་ཏ་སྟི་ཏ་རྦད། ནིར་ཏི་ནིར་ཏི་རྦད་རྦད། མུགས་མུགས་རྦད་རྦད། ཐུཾ་ཐུཾ་རྦད་རྦད། སུབས་སུབས་ཏི་ཏ་རྦད་རྦད། སེ་ཁ་ལོ་མུ་ཁ་ལོ་རྦད་རྦད། ཐུཾ་ཐུཾ་རྦད་རྦད། མྱོགས་མྱོགས་རྦད་རྦད། ཆེ་གེ་མོ་མཱ་ར་ཡ་ལིང་རྦད། ས་མ་ཡ་ཛ་ཛཿ ཞེས་ཡུངས་དཀར་ཡུངས་ནག་ལ་བཟླ་ཞིང་བྷནྡྷའི་ནང་དུ་འཕང་ངོ་། །དེ་ནས་རྟགས་བྱུང་བ་དང་སྔགས་འདིས་ཟོར་འཕང་ངོ་། །ཛ་ཛ་རེ་མ་ཏི་བ་ཤ་ཙ་པ་ལ་ཛ་ཛཿ ནག་མོ་དགྲ་བོའི་སྙིང་ལ་བཾ་རིལ་རྦད། ནག་མོ་དགྲ་བོའི་དབུགས་ལ་བཾ་རིལ་རྦད། བ་ཤ་ཙ་བ་ཡ་མཱ་ར་ཡ་ཐུཾ་རིལ་རྦད། བྷྱོཿབྷྱོཿ ཁྲག་ཟོར་རོ། །དེ་ནས་མདའ་ཟོར་འཕང་བ་ནི། མདའ་འུག་པ་མ་དང་། ཕོ་རོག་མ་གཉིས་བྱས་ལ། ལྕགས་བསྲེགས་པས་མདའ་ཟང་ཐལ་དུ་ཕུག་ལ། སྐྱེར་པ་མགོ་མཇུག་མ་ལོག་པས་མདེའུ་བྱས་ལ། འུག་པ་དམར་པོ་བྱ། ཕོ་རོག་སྔོན་པོ་བྱ། ཚིགས་པ་ལྔ་ལ་རྡོ་རྗེ་གཞོན་ནུའམ། གཤིན་རྗེ་གཤེད་ཀྱི་སྔགས་བྲི། ཚིགས་པ་དྲུག་པ་བདུན་པ་བརྒྱད་པ་ལ། ཙ་པ་ལ་ཨ་ཤུག་མེ་བཛྲ་ར་ཏི་ཕཊ་བཛྲ་ཛ་ཏི་ཕཊ། ཅེས་བྲི། དགུ་པ་ལ་མའི་སྙིང་པོ་བྲིའོ། །དེའི་ནང་དུ་ཡུངས་དཀར་དང་ཡུགས་ས་མོའི་མངལ་ཁྲག་ལ་སྔགས་ཤིང་བླུག་གོ །ཧབ་ཚལ་ཤི་ཁྲམ། ཀུ་རུ་ཤ་ཀུ་རུ་བྲམ། ཏྲི་རྒོད་གཙོར་ནི་ཨིན་ཡོད་མ། ད་ན་པ་ཡ་ཙ་ན་སུ་ར་ནི། བྱི་ཏི་མ་ཆུ་ན་ཕཊ་ཕཊ་ཧཱུྃ་ཧཱུྃ་སྭཱ་ཧཱ། དེ་ནས་མདའ་འཕང་ལ་འདི་སྐད་དོ། །བྷྱོ་བྷྱོ་བྷྱོ། མ་མ་ནག་མོ་དུན་དུན། ཧུར་བུ་ཧུར་བུ་བྷྱོ་བྷྱོ། །ཞེས་པས་མདའ་ཡུལ་ཕྱོགས་སུ་འཕང་ངོ་། །མདའ་ཟོར་རོ། །དེ་ནས་ཐོད་ཟོར་འཕང་བ་ནི། རབས་ཆད་ནག་པོའི་ཐོད་པའི་ནང་དུ། ཁྱི་རྒྱ་མོའི་ཁྲག །བྱི་ལའི་སྙིང་དང་ཐལ་ཆེན་དང་རོ་གོས་སམ་ཞིང་རས་ལ་གཟུགས་བྱས་ལ། མིང་རུས་བྲིས་ལ། ཡུགས་ས་མོའི་མངལ་ཁྲག་དང་། དུག་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། དེ་རྣམས་བླུགས་ལ་ཁ་བག་ཟན་གྱིས་བཅད་དེ། ཐོད་པའི་མིག་ན་མཚོན་སྣ་ལྔས་གདག་གོ །ཨོཾ་ས་མ་ཡ་ཐིབས་ཐིབས། ལི་ཤར་ཡཾ་དེ་སོད། ས་མ་ཡ་ཏིཥྛ་མ་མ་ཐུན་ཡ་མ་རུ་ལུ་རུ་ལུ་བྷྱོ། ཞེས་ཡུངས་དཀར་དང་ཀེ་ཚེས་བྲབ་བོ། །དེ་ནས་རྟགས་བྱུང་བ་དང་སྔགས་འདིས་འཕང་བའམ་མནན་པ་བྱའོ། །མ་མ་རུ་ལུ་རུ་ལུ་ནན། རག་མོ་སྙིང་རྩ་ལ་ཡ་ཡཱ། ཐུན་བྷྱོ་བྷྱོ། ཞེས་ནན་ཟོར་བྱས་ན་ཐེ་ཚོམ་མེད་དོ། །ཐོད་ཟོར་རོ། །སྒོང་ཟོར་འཕང་བ་ནི། སྒོ་ངའི་ནང་དུ་མི་རྟ་ཁྱི་གསུམ་གྱི་ཁྲག་དང་། དགྲ་བོའི་མིང་རུས་བྲིས་ལ། དེ་ལ་ཡུངས་དཀར་དང་ཐལ་ཆེན་གྱིས་བྲབ་བོ། །བྲབ་སྔགས་ནི། མ་མ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ། ཏྲིག་ཏྲིག་སེར་སེར་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ཞིང་གི་སྐྲ་བཤད་ལ་སྒུལ་མོ་བྱས་ལ་ཡུལ་ཕྱོགས་སུ་འཕང་ངོ་། །འཕང་བའི་སྔགས་ནི། མ་མོ་ནག་མོ་བྷྱོ་བྷྱོ། ཐུཾ་ཐུཾ་རཾ་རཾ། ས་མ་ཡ་ས་མ་ཡ་དཾ་དཾ་ཛ་ཧཱུྃ་བྷྱོ་བྷྱོ། ཞེས་གྲངས་མང་དུ་བཟླས་ལ་འཕང་ངོ་། །སྒོང་ཟོར་ནག་པོའོ། །མ་མོའི་སྙིང་ཟོར་ནི། ལུག་ནག་པོའི་སྙིང་གི་ནང་དུ། གྲོ་གའམ་ཤིང་ཤུན་ནམ་ཤོག་བུ་ལ་དགྲ་བོའི་མིང་རུས་བྲིས་ལ། དེ་ལ་ཡུངས་དཀར་གྱིས་བྲབ་བོ། །རག་ཤ་རག་ཤ་མ་མ་སྙིང་ཚལ་པ་ཧུར་བུ་ཧུར་བུ་ཕཊ་ཕཊ། །དེ་ནས་ལྕུང་ཀས་སྒྲོན་པའི་མདའ་ལ་བཙུགས་ཏེ། དགྲ་བོའི་ཡུལ་ཕྱོགས་སུ་འཕང་ངོ་། །འཕང་བའི་སྔགས་ནི། བྷྱོ་བྷྱོ་མ་མོ་ནག་མོ་དུན་བྷྱོ། ནག་མོ་དུན་ཏིང་ལས་ལ་ཡ། མ་བྷྱོ་བྷྱོ། ཞེས་མང་དུ་བཟླས་ལ་འཕང་ངོ་། །སྙིང་ཟོར་རོ། །བྱ་ནག་གི་ཟོར་ནི། བྱ་མོ་ནག་མོའི་མགུལ་དུ་སྙིང་རྩེའམ་ཕྲེང་བ་བསྐོན་ལ། དར་ནག་གཅིག་སོག་རུས་སུ་གདགས། དོར་རུལ་དུ་བསྟུམས་ལ་དུར་ཁྲོད་ཀྱི་ནང་དུ་ཁྱི་ནག་པོའི་ཁྲག་དང་། ར་རོག་པོའི་ཁྲག་བླུག་ལ། དེ་ལ་ཡུངས་དཀར་གྱིས་བྲབ་བོ། །ཏྲག་རག་ཤ་དུན་དུན། མ་དུན་དུན། ཨེ་དུན་དུན། ཏིསྟ་དུན་དུན་ས་མ་ཡ་ཕཊ་སྭཱ་ཧཱ། དེ་ནས་བྱང་རི་མཐོན་པོའི་ཁར་སོང་ལ་དགྲ་བོའི་ཡུལ་ཕྱོགས་སུ་འཕང་ངོ་། །འཕང་བའི་སྔགས་ནི། བྷྱོ་བྷྱོ་བྷྱོ། སུཾ་ཏྲི་སུཾ་ཏྲི། གརྫ་གརྫ། ས་མ་ཡ་དམ་ཅན་མ་ལས་ལ་བྷྱོ་བྷྱོ། ཞེས་འཕང་ངོ་། །བྱ་ནག་མོའི་ཟོར་རོ། །རེ་མ་ཏིའི་སྲོག་སྒྲུབ་འདི་ལ་དྲག་པོའི་ཧོམ་མེད་ན་ལས་ལ་མཇུག་མེད་བྱ་བ་ཡིན་ཏེ། དྲག་པོ་ཧོམ་གྱི་བྱ་ཐབས་ནི། དང་པོ་མ་ཏྲཾ་གི་གཟུགས་བྱ། སྙིང་གར་ཧོམ་ཁུང་གྲུ་གསུམ་བྲུ། ངོས་རེ་རེ་མཐོ་རེ་ཡོད་པ་བྱ་ལ། དེའི་ཁ་ཁྱེར་ལ་འཁོར་ལོ་རལ་གྲི་མཚོན་ཆ་སྣ་ཚོགས་ཡོད་པ་བྱས་ལ། ཚོན་རྩི་ཐལ་ཆེན་གྱིས་བྱ། ཕྱོགས་ཕུར་དང་རྩང་གིས་བསྐོར། དེའི་ཕྱི་རོལ་དུ་ཚོན་སྐུད་ནག་པོས་བསྐོར། ཧོམ་ཁུང་གི་ནང་དུ་རྡོ་སོལ་དང། མངལ་ཁྲག་གིས་བྱུགས་ལ་བཞག །དེ་ནས་མེ་ལྷ་སྤྱན་དྲངས་པའི་སྔགས་ནི། ས་བ་ཨ་བ་སོ་རྟ་ཁྲི་ན་ཁྲི་ན་བཛྲ་བྷ་ག་བ་ཏི། ཨཱ་གད་ཚ་ཡ་ཤཱི་ཀྲཾ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ རཀྟ་དང་ཨརྒྷའི་སྣོད་དམར་པོ་བྱ། མཆོད་པ་ལྔ་ཡང་དམར་པོར་བཤམ། ཁྱི་ནག་པོ་བྲང་དཀར་གྱི་ཁྲག་གིས་གང་ལ་བྱ་བའི་མིང་རུས་བྲིས་ལ་སྦྱིན་སྲེག་བྱའོ། །སྔགས་ནི། ཨོཾ་སརྦ་དུ་སྟ་བག་ཤ་ནི་སྭཱ་ཧཱ། ལན་མང་དུ་བཟླས་ལ་ཁུང་བུར་བོར་རོ། །དེ་ནས་བརྒྱ་རྩ་བརྒྱད་བཟླས་ལ་མི་རྟ་ཁྱི་ཕག་གི་ཁྲག་འབུལ་ལོ། །ཕོ་ཉ་བསྐུལ་ལོ། །མེ་ལྷ་སྤྱན་དྲངས་ལ་མཆོད་པའི་སྔགས་ནི། སརྦ་ཤ་ཏྲུཾ་མཱ་ར་ཡ་ཨུ་ཙུས་མ་མ་ཏ་ལ་ཡ་བྷི་ཏ་བཾ་བག་ཤ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། གཞུང་གཞན་མ་བྱས་ཀྱང་མི་འགལ་ལོ། །མནན་པའི་ལས་ནི་དུར་ཁྲོད་དམ་ལམ་རྒྱ་གྲམ་མམ། གྲོག་པོ་ཕུག་རྡུགས་སུ་མནན་ནོ། །མནན་ཐབས་ནི་དོང་གྲུ་གསུམ་ངོས་རེ་ལ་མཐོ་རེ་ཡོད་པ་བྱས་ལ། དེའི་ནང་དུ་རབས་ཆད་གསུམ་གྱི་ཐོད་པ་རུ། ཞིང་ལྤགས་ལ་དགྲ་བོའི་མིང་རུས་གཟུགས་བྲིས་ཐོད་པར་བཅུག་ལ་ཡུགས་མོའི་སྐྲས་བཅིངས་ལ་དེ་རུ་མནན། ཧྲིསྟི་ཀ་རི་ཧ་ཀ་ནན། མཱ་ར་ཡ་སུབས་ཏྲི་ནན། ཞེས་པས་མནན། ཟོར་དྲུག་ཧོམ་དང་བདུན། སྒྲུབ་ཐབས་མ་དང་བརྒྱད། སྤུ་གྲི་གཅོད་དང་དགུ །རྫོགས་པར་ཡོད་ཀྱིས་ཐུགས་ལ་ཞོག །གཞུང་ལྕགས་ཕུར་བདུན་མའམ་སྲོག་སྒྲུབ་ཅེས་བྱ་བ་སློབ་དཔོན་པདྨས་མཛད་ཅིང་པུ་ཧྲང་བ་ཞང་བཙུན་དར་མ་རིན་ཆེན་གྱིས་གཏེར་ནས་བཏོན་པའོ།། །། ༈ བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མའི་སྒོ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་ལུང་དང་རྗེས་སུ་གནང་བ་བྱེད་པར་འདོད་པས། གནས་ཡིད་དུ་འོང་བར་ག་དར་ཆག་ཆག་ལེགས་པར་བྱས་ལ། བླ་མ་དཀོན་མཆོག་གི་མཎྜལ་ཚོམ་བུ་བཅུ་དགུ་པ་ལ་སོགས་པ་དཀོན་མཆོག་སྤྱིའི་མཆོད་པ་ལེགས་པར་བཤམ། དཔལ་ལྡན་ལྷ་མོའི་ཕོ་བྲང་བྲི་བའམ་ཚོམ་བུ་བཀོད་ལ་སྨན་རག་གཏོར་གསུམ་དང་། ཡི་དམ་ཆོས་སྐྱོང་གི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་དང་མཆོད་པའི་བྱེ་བྲག་སྤྱི་ལྟར་བཤམ། ཁྱད་པར་དུ་རྗེས་གནང་སྦྱིན་པའི་གཏོར་མ་ཁྲུ་གང་བ་གཅིག །ཟས་སྣ་ཚོགས་དང་ཆང་ཕུད་ཀྱིས་བྲན། རྒྱན་བཟང་པོས་བརྒྱན་ལ་མཎྜལ་གྱི་དབུས་སུ་བཞག །དེ་ནས་སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ་པ་དང་། ཚོགས་དང་གཏོར་མའི་རིམ་པ་རྣམས་རྙིང་མ་ལྟར་ཤེས་པར་བྱའོ།་་་རྙིང་མ་ལྟར་མི་ཤེས་ན། སྨན་རཀ་གཉིས་ཀྱང་གཏོར་མ་ལྟར་བྱིན་གྱིས་བརླབ། ཆོས་སྤྱོད་གཞན་རྗེ་བཙུན་མའམ། གཞན་གང་རུང་ལྟར་བྱས་པས་རུང་གསུངས་སོ། །དེ་ནས་སྐབས་འདིར་རྗེས་གནང་དོན་དུ་གཉེར་བའི་སློབ་མ་རྣམས་ཕྱག་བྱེད་དུ་བཅུག་ལ་འདི་སྐད་དུ། འོ་ན་རང་ཅག་དཔལ་ལྡན་མ་རང་བྱུང་གི་རྒྱལ་མོའི་སྒོ་ནས་གཏོར་མ་ལ་བརྟེན་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་སྔགས་ཀྱི་རྗེས་གནང་བྱེད་པ་ཡིན་པས་འདི་ལྟར་དུ་སེམས་བསྐྱེད་འཚལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བ་དང་མི་འབྲལ་བར་བྱ་བའི་ཕྱིར། བདག་གིས་དཔལ་རང་བྱུང་གི་རྒྱལ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བྱ་ཨང་སྙམ་དུ་སེམས་བསྐྱེད་མཛོད། སློབ་མ་ལས་དང་པོ་པ་ཡིན་ན་སྐྱབས་འགྲོ་དང་སེམས་བསྐྱེད་པའི་ཆོ་ག་རྒྱས་བསྡུས་ཅི་རིགས་པ་བྱ། དེ་ལྟར་མིན་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་བསྡུས་པ་བྱ་ལ། ད་ཁྱེད་རང་རྣམས་སྐད་ཅིག་གིས་སྟོང་པར་བསྒོམ། དེའི་ངང་ལས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་པ་བེ་ཅོན་བསྣམས་ཤིང་། གཡོན་པས་སྡིགས་མཛུབ་བསྒྲེང་བ། སྣ་ཚོགས་པདྨ་དང་ཉི་མ་ལ་ཞབས་འདོར་ཐབས་སུ་བཞུགས་པ་གཅིག་ཏུ་མ་ཡེངས་པར་བསྒོམ་མཛོད། དེའི་སྤྱི་བོར་ཨ་ལས་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་མཐིང་ག །དེ་དག་གི་མཐའ་མར་ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་པ་དང་། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ནི་ཨཱ་ཀརྴ་ཡ་ཧཱུྃ་ཧཱུྃ་ཕཊ། དང་། ཨོཾ་ཧྲཱིཿཥྚིི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། རྣམས་ཀྱིས་གཡས་སྐོར་དུ་བསྐོར་བར་སྒོམས་ཤིག །དེ་ལྟ་བུ་ཡིན་པའི་སྤྱི་བོའི་ཨོཾ་ལས་འོད་ཟེར་བྱུང་། ཁྱེད་རང་གི་ཨོཾ་ལ་ཐིམ། ལུས་ཀྱི་སྒྲིབ་པ་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐོབ་པར་སྒོམས་ཤིག །ཡང་མགྲིན་པའི་ཨཱཿལས་འོད་ཟེར་བྱུང་། ཁྱེད་རང་གི་ཨཱཿལ་ཐིམ། ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ་པར་སྒོམས་ཤིག །ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་། ཁྱེད་རང་གི་ཧཱུྃ་ལ་ཐིམ། སེམས་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དངོས་གྲུབ་ཐོབ་པར་སྒོམས་ཤིག །ཅེས་སྤོད་ནས་ཡི་གེ་བཅུ་པའི་རྗེས་ཟློས་ཉེར་གཅིག་ལ་སོགས་པ་བྱེད་དུ་གཞུག །དེའི་ཚེ་དཔོན་སློབ་གཉིས་ཀས་སློབ་མའི་ལུས་ཀྱི་ནང་ཐམས་ཅད་ཡི་གེ་བཅུ་པས་ཁྲིག་གིས་གང་བར་བསམ། སློབ་དཔོན་གྱིས་སློབ་མའི་ཕྲེང་བ་ནས་བཟུང་ལ་བྱའོ། །འདི་ནི་ཕྱིའི་རྗེས་གནང་ཡབ་ལ་བརྟེན་པ་སྟེ། འདིའི་གཞུང་དང་མན་ངག་ཀུན་ལས་བསྔགས་པའི་ལྷ་ཡི་དམ་གཤིན་རྗེ་གཤེད་ཡིན་པས་སོ། །དེའི་ཕྱིར་ན་ལྷ་མོ་རེ་མ་ཏི་བྱ་བ་སྦྱོར་ཡུམ་རོ་ལངས་བཻ་ཏཱ་ལཱི་དང་ཐ་མི་དད་པ་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་དང་ལྷ་མོའི་རྒྱུད་མཐའ་དག་གིས་ཟིན་ནས་ཡོད་པའི་ཕྱིར་རོ། །འདི་ལ་དགོས་པ་ཅི་ཡོད་ན། བཀྲ་ཤིས་ཤིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད། དེའི་ཕྱིར་ན་ཡབ་ཀྱི་རྗེས་གནང་འདི་གལ་ཆེའོ། །རྗེས་སུ་གནང་བའི་རིམ་པ་ཀུན་ཐོབ་ནས། དམ་ཚིག་བསྲུང་ཞིང་གསོལ་བ་བཏབ་ན། བསྙེན་པ་དང་སྒྲུབ་པ་མ་བྱས་ཀྱང་བར་ཆད་སེལ་བ་དང་མཐུན་རྐྱེན་སྒྲུབ་པར་འོང་གསུངས་སོ། །མ་བྱས་ཀྱང་མི་ལྟོ་བ་རྣམས་ལ་ནི་གཏོར་མ་དང་དཔེ་མགོ་ཐོག་ཏུ་བཞག་ནས་སྨོན་ལམ་བཏབ་པས་ཆོག་གསུངས་སོ། །ད་ཡུམ་ལ་བརྟེན་པ་ནང་གི་རྗེས་གནང་ནི། སློབ་མ་རྣམས་ལ་དམིགས་པ་སྤོད་དེ་འདི་སྐད་དོ།་་་སློབ་མ་རྣམས་ལ་འདིའི་རྗེས་ཟློས་གྱིས་བྱས་ལ། ཤཱཀྱ་སེང་གེའི་བསྟན་པ་ལ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། །དབང་དང་ཕྲིན་ལས་བསྩལ་དུ་གསོལ། །ཞེས་བརྗོད་དུ་གཞུག་གོ །ད་ཁྱེད་རང་རྣམས། གཏོར་མ་འདི་དང་ཐ་མི་དད་པར་དཔལ་ལྡན་མའི་བསྐྱེད་རིམ་གཞུང་ལྟར་སྤྲོད་ཅིང་རང་ཡང་དེ་ལྟར་བསྒོམས་ལ་སྤྱན་དྲང་བ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། ཐུགས་དམ་སྐོང་བ་རྣམས་དང་གཏོར་མར་སྨན་རཀ་སྦྲེང་བ་དང་བསྟོད་བསྐུལ་ཅི་རིགས་པ་བྱས་ནས་སྲོག་གི་སྙིང་པོ་ལ་བཟླས་པ་འགའ་རེ་བྱ། དེ་ནས་གཏོར་མ་མགོ་ཐོག་ཏུ་བཟུང་ལ། གཏོར་མ་འདི་དང་ཐ་དད་མེད་པར་དཔལ་ལྡན་ལྷ་མོ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་ཁ་ཊྭཱཾ་ག་དང་ཕུར་པ། གཡོན་གཉིས་ན་མེ་ལོང་དང་སྦྲུལ་ཞགས་འཛིན་པ་གཞུང་བཞིན་བསྒོམ་དུ་གཞུག །དེ་ནས་ལྷ་མོ་དཔག་ཏུ་མེད་པ་མཚོ་ལ་ཁ་བ་བབ་པ་ལྟར་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་བྱས་ལ། སྤྱན་འདྲེན་གྱི་ཚིགས་བཅད་དང་།་་་བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ཅེས་སོགས། བཞུགས་གསོལ་དང་། ཕྱག་འཚལ་རྣམས་དང་། རྩ་སྔགས་བརྗོད་ཅིང་རོལ་མོ་དཀྲོལ། གུ་གུལ་དཀར་ནག་དང་ཚིལ་ཆེན་གྱི་དུད་པ་བདུག །རྐང་གླིང་འབུད། ཡང་གཏོར་མ་དེ་མགྲིན་པར་བཟུང་ལ། གཏོར་མ་འདི་དང་ཐ་དད་མེད་པར་དཔལ་ལྡན་ལྷ་མོ་དཔག་ཏུ་མེད་པ་སྔགས་ཀྱི་རང་སྒྲ་དང་བཅས་ནས་ཁྱེད་རང་གི་མགྲིན་པའི་ཨཱཿལ་ཐིམ་པས་ངག་སྔགས་ཀྱི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་ཏེ། ཕྲེང་བ་ལག་ཏུ་གཏད་ལ་རྩ་སྔགས་ལན་བདུན་ལ་སོགས་པ་རྗེས་ཟློས་བྱེད་དུ་གཞུག །དེ་ནས་རོལ་མོ་དཀྲོལ་ཞིང་སྔགས་འགའ་ཡར་བཟླའོ། །ཡང་གཏོར་མ་དེ་སྙིང་གར་བཟུང་ནས་གཏོར་མ་འདི་དང་ཐ་དད་མེད་པར་དཔལ་ལྡན་ལྷ་མོའི་ཐུགས་ཀར་སྣ་ཚོགས་པདྨ་ཉི་མའི་སྟེང་དུ་མ་སྔོ་སྐྱ་གཅིག་བསམ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཁྱེད་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསྒོམ། མ་རང་གི་ཐུགས་ཀའི་ཧཱུྃ་ལ་བསྡུའོ། །དེ་ནས་དཔེ་ལུང་བཀའ་རྒྱ་དང་བཅས་པ་སྦྱིན་ནོ། །དེ་ནས་གསང་བ་ངོ་སྤྲོད་དང་གཏོར་མ་ལ་བརྟེན་ནས་ཕྲིན་ལས་བཞིའི་རྗེས་སུ་གནང་བ་བྱ་བ་ནི། གོང་གི་གཉིས་པའི་རྗེས་སུ་སྨན་རཀ་གཏོར་མར་སྦྲེང་། ལྷ་མོའི་ཐུགས་དམ་སྐོང་བར་བསམ་ཞིང་ཕྲིན་ལས་རྒྱས་པར་བྱ། སློབ་མ་དམ་པ་ཡིན་ན་ལྷ་མོའི་ཡེ་ཤེས་སེམས་དཔའ་མ་སྔོ་སྐྱ་དེ་སློབ་མའི་ཐུགས་ཀར་བསྟིམ། ཕལ་པ་ཡིན་ན་རང་གི་སྙིང་གར་བསྡུའོ།་་་དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ལ་ལྷ་མོའི་བསྐྱེད་བསྟིམ་བྱས་པ། མགྲིན་པར་བྱུགས་ལ། དུས་གསུམ་ཀུན་ཏུ་མ་བསྒྲིབ་ཡེ་ཤེས་སྤྱན། །ཞེས་དང་། སྔགས་རྣམས་ཚང་བར་བཟླས་སོ། །དེ་ནས་ཀ་པཱ་ལ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་བཟུང་དུ་གཞུག །ཨོཾ་དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཞེས་རོལ་མོ་བྱའོ། ཁམས་གསུམ་འདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲྭ་བ་དང་ནི་གློག་འགྱུ་མ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་ཡིས། །རག་མོ་ཀྲོ་དྷ་ཀྵ་ཡིས་བོས་པའི་ཚེ། །ཡུན་གྱི་དཔལ་དང་མགོན་དུ་ཁྱོད་བསྟེན་ན། །དངོས་གྲུབ་མྱུར་དུ་སྩོལ་ཅིག་དཔལ་ལྷ་མོ། །ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཉིད་ཡིན། །རང་སེམས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་མ་མོ་ནི། །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །འགྲོ་དྲུག་སྒྲོལ་མཛད་བསྟན་པ་རྒྱས་མཛད་མ། །དབང་དང་དངོས་གྲུབ་བྱིན་རླབས་བསྩལ་ནས་ཀྱང་། །འཆི་མེད་ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བདག་ལ་སྩོལ། །མཆན། ཕྱག་མཚན་ཕུར་པ་བྱིན་གྱིས་བརླབས་ནས་ཕྲིན་ལས་ཀྱི་རྗེས་གནང་ནི། ལག་ཏུ་གཏད་ལ། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཉིད་ཡིན། །ཞེས་རོལ་མོར་བྱའོ། །ཨོཾ་དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས་སོགས། དེ་ནས་གཏོར་མའི་སྟོད་ནས་སུམ་ཆ་ཙམ་བཅད་ལ་སྣོད་གཙང་མ་གཅིག་གི་ནང་དུ་སྟེགས་ཀྱི་ཁར་བཞག །སྨད་དེ་སློབ་མ་རྣམས་ལ་བྱིན་ལ་རོལ་དུ་གཞུག་པ་འདི་ལྷ་མོའི་དངོས་གྲུབ་བླང་བ་བྱ་བ་ཡིན་པས། དཔལ་ལྡན་ལྷ་མོའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔའི་དངོས་གྲུབ་ཁྱོད་རང་རྣམས་ཀྱིས་ཐོབ་པར་སྒོམས་ཤིག་ཅེས་བརྗོད་དོ། །དེའི་རྗེས་སུ་དཔལ་ལྡན་མའི་བསྙེན་སྒྲུབ་ལས་གསུམ་གྱི་དཔེ་ཐམས་ཅད་སློབ་མའི་མགོ་ཐོག་ཏུ་བཞག་ལ། ད་ཕྱིན་ཆད་ཆོས་སྐྱོང་དཔལ་ལྡན་མ་དང་མི་འབྲལ་བར་སྒོམས་ཤིག་སྒྲུབས་ཤིག །དངོས་གྲུབ་ཐོབ་པར་གྱིས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །གཞན་ཡང་དཔལ་ལྡན་མ་ནག་མོ་འབུམ་སྡེ་དང་བཅས་པས། དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་བཞིན་དུ་སྒྲུབ་པ་པོ་འདི་ཞེས་བྱ་བ་འདི་དག་གིས་ཅི་བྱིན་པའི་ཟས་ཟོ། འདི་རྣམས་ཀྱིས་ཅི་བཅོལ་བའི་ལས་གྱིས་ཤིག །དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །ཕྲིན་ལས་སྒྲུབས་ཤིག །ཅེས་བསྒོའོ། །དཔེ་དེ་རྣམས་སློབ་མའི་ལག་ཏུ་གཏད་ལ། ཁྱེད་རྣམས་ཀྱིས་ཀྱང་སྣོད་ལྡན་མ་ཡིན་པ་དམ་ཉམས་རྣམས་ལ་མ་སྤེལ་ཅིག །ཅེས་བཀའ་རྒྱས་གདབ་བོ། །དེ་ནས་དེ་དག་ངོ་སྤྲད་པ་ནི། གོང་དུ་ཡབ་ཀྱི་སྔགས་ལུང་ལ་བརྟེན་ནས་ལྷ་མོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་རྟེན་འབྲེལ་བྱས་པ་ཡིན། འདི་གང་རུང་རུང་དུ་མི་བྱའོ། །དེ་ནས་གཏོར་མ་མགོ་ཐོག་ཏུ་བཞག་ནས་ལྷ་མོ་སྤྱི་བོར་བསྟིམས་པ་དེ་སྐུའི་དངོས་གྲུབ་ཐོབ་པ་ཡིན་ནོ། །མགྲིན་པར་བཞག་ནས་ལྷ་ཡི་ཞལ་ནས་སྔགས་ཀྱི་ཕྲེང་བ་རང་སྒྲ་དང་བཅས་པ་ངག་ལ་བསྟིམས་པ་དེ་གསུང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དཔལ་ལྡན་ལྷ་མོ་ཉིད་ཀྱང་ཐུགས་ཀའི་མ་ལ་ཐིམ་ནས་ཁྱེད་རང་གི་ཐུགས་ཀར་ཐིམ་པ་དེ་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །གཏོར་མ་དེ་དངོས་གྲུབ་ཀྱི་ཚུལ་དུ་རོལ་པས་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་ཐོབ་པ་ཡིན་ཞེས་ངོ་སྤྲད་དོ། །དེ་ནས་བཤོས་བུའི་སྟོད་ཀྱི་ཆ་དེ་ཆང་ཕུད་ལ་སོགས་པས་གསོས་ནས། སྨན་ཕུད་དང་རཀྟས་བྲན་ལ། དཔལ་ལྡན་མ་ལ་གཏང་རག་གི་ཚུལ་དུ་འབུལ་ཞིང་བསྟོད་པ་བྱས་ཏེ་མཉེས་པར་བསམ་མོ། །དེ་ནས་བཤགས་པ་དང་བཀྲ་ཤིས་ལ་སོགས་པ་རྗེས་ཀྱི་བྱ་བ་ཐམས་ཅད་རྫོགས་པར་བྱས་ལ་ཡི་གེ་བརྒྱ་པ་བརྗོད། སློབ་མས་ཅི་ལྟར་འབྱོར་བའི་ཡོན་ཕུལ་ལ་སྐུ་དྲིན་ཆེ་ཞེས་བརྗོད་ཅིང་ཕྱག་བྱ། དགེ་བ་བསྔོའོ། །དཔལ་ལྡན་མའི་རྗེས་གནང་གི་ཆོ་གའི་རིམ་པ་རྫོགས་སོ། །ས་མ་ཡ། ྀཨཚ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྷ་མོའི་སྒྲུབ་ཐབས་འདིའི་སྤྱི་ཆིངས་ལ། ཞར་བསྙེན་དང་། སྤྱིར་བསྙེན་དང་། སྒྲུབ་པའི་བསྙེན་པ་དང་། ལས་ལ་སྦྱར་བའི་བསྙེན་པ་དང་བཞི་ལས། ཞར་བསྙེན་གྱི་དུས་སུ་དམ་རྫས་ཐམས་ཅད་མ་ཚོགས་ཀྱང་བསྙེན་པ་མ་ཆག་པར་ཅི་རིགས་བསྐྱལ། གཏོར་མཆོད་དཔུང་བསྐྱེད། སྐབས་སུ་ཕྲིན་ལས་དྲག་ཏུ་བཅོལ་ལོ། །སྤྱིར་བསྙེན་དུས་སུ་དཀྱིལ་འཁོར་མ་བཅས་ཀྱང་ཉན། རྟེན་གཏོར་བརྟེན་པའི་རྫས་རྣམས་འགོད། མཚམས་བཅད། རྟགས་མ་བྱུང་བར་དུ་བསྙེན་པ་བསྐྱལ་ལོ། །སྒྲུབ་པའི་བསྙེན་པ་ནི། གོང་དུ་སྨྲོས་པའི་མཎྜལ་བཅའ། དངོས་གྲུབ་ཀྱི་རྫས་ལ་སོགས་གོང་བཞིན་བཀྲམ་ལ་རྟགས་མ་བྱུང་གི་བར་དུ་སྲོག་གི་སྙིང་པོ་ནས་དྲང་། ཁྱད་པར་དུ་བདག་གི་ཐུགས་ཀ་ན་ཡང་ཡང་བསྟིམ། རྟགས་བྱུང་བ་དང་དངོས་གྲུབ་བླངས་ཏེ་སྒྲུབ་པ་པོས་ལོངས་སྤྱོད། ལྷ་མོ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་བྱའོ། །ལས་སྦྱོར་གྱི་བསྙེན་པ་ནི། སྤྱིར་བསྙེན་དང་སྒྲུབ་པའི་བསྙེན་པ་སྔོན་དུ་སོང་ནས་ཕྲིན་ལས་ལ་སྦྱོར་བར་འདོད་ན། དངོས་གྲུབ་ཀྱི་རྫས་མ་གཏོགས་པའི་མཆོད་པ་དང་ཐུགས་དམ་སྐོང་བའི་རྫས་རྣམས་དང་། དགྲ་བོའི་མིང་རུས་ལ་སོགས་པ་ལས་སྦྱོར་གྱི་རྫས་ཐམས་ཅད་ཚང་བར་བསགས་ལ་སྒྲུབ་པའི་བསྙེན་པ་ལྟར་ཞག་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་ལས་སྦྱོར་ལ་འཇུག་པར་བྱའོ། །བསྙེན་སྒྲུབ་ལས་གསུམ་གཅིག་ཆར་དུ་སྒྲུབ་ན་རྫས་དང་བཅས་ཐམས་ཅད་གཅིག་ཏུ་རྫོགས་པར་བྱའོ། །ལས་ཀྱི་རིམ་པ་རྣམས་ཀྱང་གོ་རིམ་བཞིན་དུ་བྱའོ། །དེ་ལ་སྤྱིར་རེ་མ་ཏི་ཐམས་ཅད་ཀྱི་ཐུན་མོང་དུ་བསྟན་ཐབས་རྣམ་པ་བཞི། མེད་དུ་མི་རུང་བའི་རྫས་དྲུག །ཁྱད་པར་དུ་བསྲུང་བའི་དམ་ཚིག་བཅུའོ། །དེ་ལ་དང་པོ་བཞི་ནི། མ་ལྟར་བརྟེན་ན་ཁྱད་པར་དུ་བྱིན་རླབས་ཆེ་ལ་དངོས་གྲུབ་མྱུར་ཞིང་ཡིད་ལ་བརྣག་པའི་ལས་འགྲུབ་བོ། །སྲིང་མོ་ལྟར་བརྟེན་ན་སྙིང་ཉེ་ཞིང་ཁྲེལ་འཛེམ་ཆེ་བ་དང་ཕྲིན་ལས་འགྲུབ་པར་བཤད་དོ། །མཛའ་མོ་ལྟར་བརྟེན་ན་གསང་བ་ལ་དགའ་བ་དང་ཡིད་ལ་བརྣག་པའི་ལས་བྱེད་དོ། །བྲན་མོ་ལྟར་བརྟེན་ན་བཅོལ་བའི་ལས་བྱེད་པ་སྟེ་དབང་ཆུང་ངོ་། །དེ་ལ་བསྙེན་པའི་དུས་སུ་སྲིང་ལྟར་བརྟེན། སྒྲུབ་པའི་དུས་སུ་མ་ལྟར་རྦད་ཅེས་བྱ་སྟེ། འདིའི་ལུགས་ཀྱི་མ་ལྟར་བརྟེན་པ་དང་། སྲིང་མོ་ལྟར་བརྟེན་པ་གཙོ་བོར་བྱེད་དོ། །སྤྱིར་མ་མོ་སྤྱི་ཡི་རྒྱུད་ལས། རྗེ་མོ་ལྟར་བརྟེན་ན་དབང་དུ་མི་འདུ་བའི་ཉེན་ཡོད། ཆུང་མ་ལྟར་བརྟེན་ན་ཆོས་སྐྱོང་མོ་རྒྱུད་གཞན་བརྟེན་པ་ལ་ཕྲག་དོག་བྱེད་པའི་ཉེན་ཡོད། བྲན་མོ་ལྟར་བརྟེན་ན་ཞང་བསྙེན་སྐབས་སུ་བཤད་དེ་ཡུན་དུ་བསྲུང་སྡོམ་དཀའོ། །གྲོགས་མོ་ལྟར་བརྟེན་ན་གསར་འགྲོགས་ཆེ་ཞིང་ལས་མི་བྱེད་པའི་ཉེན་ཡོད། གཉིས་པ་མེད་དུ་མི་རུང་བའི་རྫས་དྲུག་ནི། པཱུ་ཛ་དང་ཐུགས་དམ་སྐོང་བའི་རྫས་ནི། མི་དབང་གི་འབྲས་བུ་དང་། འཆི་ཀའི་མཚལ་ཏིག་དང་། བྱང་སེམས་དཀར་དམར་དང་། བརྟེན་པའི་རྫས་སྐྱེས་པ་དར་མ་གྲིར་ཤི་བའི་ཙིཏྟ་དང་། རྡོ་སོལ་དང་དྲུག་གོ །ལས་ལ་སྦྱར་བའི་རྫས་ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་པའོ། ཁྱད་པར་བསྲུང་བའི་དམ་ཚིག་བཅུ་ནི། རྨ་བྱ་རིང་དུ་མི་བཏང་ཞིང་། །བྲམ་ཟེ་མཆོག་སྲེད་སྤང་མི་བྱ། །ཕ་མེད་བུ་ལ་བྱམས་པ་དང་། །དེ་ཡི་མ་ལ་སྨད་མི་བྱ། །བོང་བུ་བཙོག་བརྡུང་མི་བྱ་ཞིང་། །དེ་བཞིན་ཡུགས་ས་བསྟེན་མི་བྱ། །ནེའུ་ལེའི་རྐྱལ་པ་མི་འབྲལ་ཏེ། །དེ་བཞིན་རལ་གྲི་བཅག་མི་བྱ། །འཚུབ་མ་དག་ལ་གུས་པ་དང་། །རྡོ་སོལ་ཆུ་ལ་མི་དོར་རོ། །དཔལ་ལྡན་ལྷ་མོ་སྒྲུབ་པའི་ཐབས་ཀྱི་སྤྱི་ཆིངས་དོན་མདོར་བསྟན་པ་ྀཨཚ། གུ་ཧྱ། ༈ སྲུང་འཁོར་ཞལ་གདམས། ན་མོ་གུ་རུ། དར་ནག་པོ་ལ་པདྨ་རཀྟ་དང་། མཚལ་དང་། ནལ་བུའི་ཁྲག་དང་། དྲི་བཟང་གིས་ལྷ་མོའི་སྐུ་གཅིག་བྲིས་ལ། ལྟེ་བ་ལ་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་མ་ལ་བསྙེན་པས་གཡས་སུ་བསྐོར། རྩིབས་ལ་ཨཱ་ལི་བཅུ་དྲུག་གི་ཟུང་རེ་བྲི། མུ་ཁྱུད་ལ་རྟེན་འབྲེལ་བྲི། དེ་ནས་བསྙེན་པའི་དུས་སུ་རྟེན་གཏོར་ལ་བཏགས་ལ་ལྷར་བསྐྱེད་ལ་ཡེ་ཤེས་པ་རྒྱུན་མི་ཆད་པར་བསྟིམ། བསྙེན་པ་ཐོན་ནས་རང་གི་ལུས་ལ་ཐོགས། ནལ་བུའི་རྩ་སྦུབས་དབུས་མ་རུ། མ་མོའི་སྙིང་པོ་གསེར་གྱིས་བྲིས་ལ་གཞུག་གོ །བསྙེན་པའི་དུས་སུ་གཟུངས་ཐག་འདོགས་པ་ཞལ་ལས་ཤེས་སོ། །ྀཨཚ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་རྟེན་གཏོར་བཅའ་ཐབས་ནི། རྟེན་གཏོར་གྱི་སྣོད་དེ་དཔལ་ལྷ་མོའི་སྒྲུབ་པའི་དུས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་བསྐྱེད་པ་ཅི་ལྟ་བ་བཞིན་དུ་བསྐྱེད། དེའི་ནང་དུ་གཏོར་མ་བཤོས་བུ་ལ་སོགས་པ་རྒྱ་ཆེ་བར་བཤམས་པའི་ནང་དུ། ཡི་གེ་ཏི་ལས་དྲེལ་བསྐྱེད། དྲེལ་གྱི་སྒ་གོང་དུ་མ་སྔོ་སྐྱ་ལ་དཔལ་ལྷ་མོ་སྒྲུབ་ཐབས་ནས་འབྱུང་བ་བཞིན་བསྐྱེད་ལ། སྤྱན་འདྲེན་པའི་སྔགས་དང་ཚིགས་བཅད་རིམ་པ་གཞུང་ནས་འབྱུང་བ་ལྟར་བྱས་ལ། རང་ཡི་དམ་གཤིན་རྗེའི་གཤེད་དམ། རྡོ་རྗེ་གཞོན་ནུའམ། ཡི་དམ་གང་ཡིན་དུ་བསྐྱེད་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་བྱང་ཤར་མཚམས་ནས་ལྷ་མོ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེ་ནས་རང་ཉིད་ཡི་དམ་གང་ཡིན་གྱི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པ་ལས་གཏོར་མའི་མཐའ་མར་རྡོ་རྗེའི་རྭ་བས་བསྐོར་ནས། གདོན་བགེགས་གང་གིས་ཀྱང་མི་ཐར་བར་བསམ་མོ། །དཔལ་ལྷ་མོའི་རྟེན་གཏོར་གྱི་བཅའ་ཐབས་མན་ངག་གོ །ྀཨཚ། བླ་མ་རིན་པོ་ཆེའི་བཞེད་པས་བསྙེན་པ་སྒྲུབ་པ་ལས་སྦྱོར་གསུམ་དུ་གསུངས། བསྙེན་པའི་དུས་འདིར་རང་གི་ཆུང་མ་ལྟར་བྱ་སྟེ། དེའི་གོ་བ་ནི། རང་གི་ཞལ་ནས་ལྷ་མོའི་ཞལ། ལྷ་མོའི་གསང་གནས་ནས་རང་གི་རྡོ་རྗེའི་སྦུ་གུ་ནས་འོད་ཟེར་དངོས་གྲུབ་ཀྱི་ཚུལ་དུ་འཁོར་བ་ལ་དམིགས་པའོ། །རང་གི་མ་ལྟར་དུ་སྒྲུབ་པ་ནི། སྙིང་ག་ནས་འཁོར་བ་ལ་དམིགས་པའོ། །དེ་དག་ནི་སྒྲུབ་པའི་དུས་སུ་ཡིན་ནོ། །དེ་ལྟར་ཞག་ཉི་ཤུ་རྩ་གཉིས་ཀྱིས་བསྙེན་པ་བྱས་པས་ཕུར་པ་ལ་མེ་འབར་བ་ལ་སོགས་པའི་མཚན་མ་ཐོན་ནས་གཟུངས་ཐག་དེ་ཐོད་པ་ཁ་སྦྱོར་དང་རྟེན་གཏོར་ལ་བཏགས་ལ་ཡང་བསྙེན་པ་ཁྲིའམ། ཡང་ན་མཚན་མའི་བསྙེན་པ་ནི། ཐོ་ཕྱི་ཐམས་ཅད་སྨན་དྲིས་ཁྱབ་པ་དང་། མུན་པ་འཐིབས་པ་དང་། ཁྲག་གི་ན་བུན་འཐིབས་པ་ལ་སོགས་པ་བྱུང་ན་དངོས་གྲུབ་བླང་གསུང་། དེ་ནི་སྒྲུབ་པའོ། །ལས་སྦྱོར་དུས་གཟུངས་ཐག་དེ་ལིང་ག་ལ་བཏགས་པར་བྱའོ། །གཞན་གཞུང་ན་གསལ་ལོ། །ལྷ་མོ་སྤྱན་འདྲེན་དུས་སུ་རང་གཤིན་རྗེའི་གཤེད་དམ་ཧེ་རུ་ཀ་གང་རུང་གི་ཐུགས་ཀ་ནས་ལས་ཀྱི་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ་གཡོན་ན་ཐོད་དབྱུག་ཐོགས་པ་གཅིག་སྤྲོས་པས། ཉི་མ་བྱང་ཤར་གྱི་གནས་ནས་ལས་ཀྱི་གཤིན་རྗེ་དེས་ལྕགས་ཀྱུས་དྲེལ་སྣ་ནས་བཟུང་ནས་རང་དབང་མེད་པར་བཀུག་ནས་བདག་ཉིད་གཤིན་རྗེ་གཤེད་ཀྱི་མདུན་དུ་ཕྱིན་པ་དང་། ལྷ་མོ་ངོ་དམར་ཞོལ་གྱིས་སོང་བར་བསམ། ཚུར་ལ་བདག་ཉིད་ལ་དབུ་གུག་གུག་བྱེད་པར་མོས་ཏེ། དེ་ཡང་སྒྲུབ་པ་པོ་ཁྱེད་ཀྱི་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་ལ་སོགས་པའི་ལས་གང་འདོད་བདག་གིས་བསྒྲུབ་བོ་ཞེས་ཟེར་བ་གཅིག་ཏུ་མོས། སྙིང་གར་དམ་ཚིག་པའི་ལྷ་མོའི་སྐུ་བསྐྱེད། དེའི་དུས་སུ་དྲེལ་མི་བསྒོམ་གསུང་། ལས་སྦྱོར་རྗེ་བཙུན་མའི་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་ནས། སིནྡྷུ་ར་བཅས་ལ་བསྙེན་པ་བསྐྱལ། དེའི་གྲལ་དུ་དཔལ་ལྷ་མོ་ལ་གཏོར་མ་རྒྱ་ཆེན་པོ་ཕུལ་ལ་བསྟོད་བསྐུལ་རྣམས་བྱས་ཏེ། གཡབ་རྡེབ་རྣམས་བྱས་ལ་བཀའ་བསྒོ་བྱས་ན་མཐུ་ནི་ཚེགས་མེད་པར་འོང་གསུངས། ྀཨཚ། རྟགས་འགོར་འཁུ་ལྡོག་ཚུར་རྒོལ་བྱུང་ན། ཤི་ས་བསྟན་ཅིང་གཅུན་པ་ནི། རང་ཡི་དམ་གྱི་མདུན་དུ་མ་མོ་བསྐྱེད་པའི་སྙིང་གི་དབུས་སུ་བྷྱོཿ དེའི་མིག་ཏུ་ཕཊ་དམར་ནག་བསམ་ལ། ཕྱིའི་སྔགས་ཕྲེང་གོང་ལྟར་བསྒོམས་ལ། བདག་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ནས་སྔགས་ཕྲེང་རྣམས་ཕྱིར་བརྒྱུད་ནས་མ་མོའི་ཐུགས་ཀར་ཐིམ་པས། བཅུ་དྲུག་པའི་སྔགས་ཕྲེང་རྣམས་ཕར་བརྒྱུད་པས་བྷྱོ་མིག་གི་ཕཊ་ལ་ཕོག་པས། ཕཊ་ལས་མེ་རླུང་དྭངས་མའི་འཚུབས་མས་མ་མོའི་རྣམ་ཤེས་བྷྱོ་དེ་བཅད་ཅིང་གཏོར་ནས་མ་མོའི་ལུས་འདར་ཕྲི་ལི་ལི་བྱེད་ཅིང་། ཅི་བགྱི་བཀའ་སྩོལ་ཅེས་ཞུ་བ་ཕུལ་བར་བསམ་ལ། སྔགས་འདི་བཟླའོ། །བྷྱོ་མ་རེ་མ་ར་ཡ་ཏི་ཛཿཧཱུྃ་བྷྱོ་ཕཊ། བུད་མེད་དམ། ཚོགས་རྣམས་ཀྱིས་ཞུ་འབུལ་ཆུན་རྟགས་སོ། །དེ་ནས་བསྐང་བཤགས་བཟོད་པར་གསོལ་ལོ། །ྀཨཚ། བསྙེན་པའི་དུས་སུ་རྟགས་དང་། དྭངས་མ་ཌཱ་ཀིའི་སྲོག་ལུས་ལ་ཚུད་པས། རང་གི་གསང་བར་ཚ་ལམ་པ་དང་། ཟུག་གཟེར་དང་། ཁྲག་འབྱུང་བའི་དུས་སུ་དངོས་གྲུབ་བླང་བ་དང་། མ་མོ་ཁྲག་གཅོད་ཀྱི་གདམས་ངག་ནི། རང་ཉིད་ཀྱི་གསང་ལམ་ནས་བྱུང་བའི་ཁྲག་དེ་དང་། སིཧླ། སིནྡྷུ་ར། ཨ་མྲྀཏ། མཚལ་དཀར། བུ་ཚ་བུ་མོ་གཙང་མའི་བྱང་སེམས་དཀར་དམར་རྣམས་སྦྱར་ལ། ཐོད་པ་མཚན་བཟང་ནང་དུ་མ་བྷྱོ་ལ་སྔགས་ཀྱི་སྙིང་པོ་དཔེ་ཆུང་ལྟར་བཀོད་པའི་ནང་དུ་རྫས་ཆང་སྦྱར་བས་བཀང་བ་མདུན་དུ་སྟེགས་ཁར་བཞག་པའི་ནང་དུ་ལྷ་མོ་བསྐྱེད། ཡེ་ཤེས་པ་བསྟིམ། འབོད་པའི་ཏིང་ངེ་འཛིན་མ་ཡེངས་པས་སྔགས་བརྒྱའམ་སྟོང་བཟླ། མཆོད་ཚོགས་གཏོར་མ་བྱིན་རླབས་བྱས་ལ་འབུལ། ལྷ་མོ་བདུད་རྩིར་ལྟེམས་ཀྱི་ཞུ་བ་སྲིན་ལག་གཡོན་པས་ཡི་གེ་དང་བཅས་པ་དཀྲུག་ཅིང་བདུད་རྩིར་འཁྱིལ་བ་བཏུང་ཞིང་དངོས་གྲུབ་བླངས་པས། ལྷ་མོ་དང་རང་ཉིད་དབྱེར་མེད་དུ་འདྲེས་པས་དངོས་གྲུབ་གང་འདོད་ཐོབ་པར་བསམ། དེས་རང་དང་དམ་ཚིག་གཅིག་ཏུ་གྱུར་ནས་མི་འབྲལ་བར་གྲོགས་བྱེད་ཅིང་མཐུ་སྟོབས་དང་ལྡན་པར་འགྱུར་རོ། །མ་མོ་ཁྲག་གཅོད་དངོས་གྲུབ་བླང་ཐབས་སོ། །འདི་ལ་ཐུན་མོང་མ་ཡིན་པའི་ཁྲག་གཅོད་མན་ངག་ནི། མཚལ་དཀར་ནལ་བུའི་མེ་ཏོག་གི་ཞུན་གཉིས་བུ་རམ་གྱི་རིལ་བུ་ལུག་རིལ་ཙམ་བྱས་པ་མར་ཁུ་བཙག་ཆད་ཀྱིས་ཕུལ་ལ་གཅིག་གཉིས་ཤིག་བཏང་བས་ཐེ་ཚོམ་མེད་དོ། །དེ་དག་ནི་དཔལ་ལྡན་དུས་གསུམ་མཁྱེན་པའི་གསུང་རབ་ལས་ཉེར་མཁོར་བཏུས་པའོ། །ཤུ་བྷཾ། གྲུབ་ཆེན་རིན་པོ་ཆེའི་ཞལ་སྔ་ནས། རང་ཅག་གི་ལྷ་མོ་འདིའི་དབང་དུ་བྱས་ན་ཐུགས་ཀྱི་ལྷ་མོ་རེ་མ་ཏི་བྱ་བ་ཡིན། དེ་ལ་ཡང་སྒྲུབ་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས་འདི་གསང་བ་སྲོག་གི་ཏི་ཀ་བྱ་བ་ཡིན། རྒྱུད་ཀྱི་ནང་ནས། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །གྲུལ་བུམ་དྲི་ཟ་འབྱུང་པོ་དང་། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན། །མིང་བརྒྱ་མ་ལ་མཚན་སྟོང་མ། །ཞེས་གསུངས་པས། ལྷ་མོ་འདི་འགྲུབ་ན་ཡེ་ཤེས་ཀྱི་ལྷ་མོ་ཀུན་འགྲུབ་ཅིང་ཞེས་གསུངས་པ་ནི་འདིའོ། །རྡོ་རྗེ་འཆང་གི་དམ་ཚིག་གིས། །དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །དཔལ་ལྡན་ལྷ་མོའི་གསང་མཛོད་མཆོག །རྒྱུད་དང་མན་ངག་སྒྲུབ་ཐབས་ལ། །བརྟེན་ནས་རབ་ཏུ་བྲི་བར་བྱ། །སྲུང་མ་དཔལ་ལྡན་མ་བསྒོམ་པར་འདོད་པའི་གང་ཟག་གིས་འདི་ལྟར་ཉམས་སུ་བླང་བར་བྱའོ། །སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་སྐུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་ཤིང་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚོགས་རྣམ་པ་གཉིས་གསག །སྒྲིབ་པ་གཉིས་སྦྱང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་ཆུ་བོའི་ཀླུང་བཞིན་དུ་རྒྱུན་ཆད་མེད་པར་བསྒྲུབ་པར་བྱ་ཨང་སྙམ་དུ་བསམ་ཞིང་དཔལ་ལྡན་མ་སྒོམ་པ་ནི། བཅའ་གཞི་ལ་སོགས་པ་ཀུན་གཞུང་བཞིན་དུ་རྫོགས་པར་བྱས་ནས་ད་ནི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ནི། བདག་ཉིད་ཡི་དམ་ལྷ་གང་རུང་རྫོགས་པར་བསྒོམ་ཞིང་། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྔོན་པོའི་ཚོགས་ཕྱོགས་བཅུར་འཕྲོས་པས་མཐིང་ཤུན་སྔོན་པོའི་གུར། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟོང་གསུམ་དང་མཉམ་པ། དེའི་ནང་དུ་རླུང་ནག་འཚུབས་མ་རབ་ཏུ་འཁྱིལ་བ། དེ་དང་དབྱེར་མེད་པའི་མེ་རླུང་འཚུབས་མ་དགུ་ཀློང་འཁྱིལ་བའི་དབུས། དེའི་ནང་དུ་གནམ་ལྕགས་འབར་བའི་གཞལ་ཡས་ཀྱི་ཁང་པ་ཕྱི་གྲུ་བཞིར་འདུག་པ་ནང་གྲུ་གསུམ། དེའི་ནང་དུ་ཐོད་པ་སྣ་ཚོགས་བརྩེགས་པའི་སྐུ་མཁར། རྨང་རྡོ་རྗེ་ཕ་ལམ་ལས་གྲུབ་པ། ཟུར་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གཞལ་ཡས་ཁང་བསྒོམ་པའི་རིམ་པའོ། །ད་ནི་དཔལ་ལྡན་ལྷ་མོ་བསྒོམ་པའི་རིམ་པ་ལ། རང་གི་ཐུགས་ཀ་ནས་འོད་ནག་པོའི་ཚོགས་སྤྲོས་པ་ལས། ཏི་ནག་པོའི་ཚོགས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ། རླུང་གི་གཤོག་པ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ། བསེ་སྒ་དམར་པོ་གཏད་པ་ལ་སྦྲུལ་ནག་གི་གོང་སྨེད་བྱས་པ། གཡུ་མཐུར་སྔོན་པོ་ལ་བྱི་རུ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཕོག་གུ་དང་ཁ་སྲབ་བྱས་པ། མི་མགོའི་དོམ་དོམ་ལ་དྲིལ་བུ་གཡེར་ཁའི་དྲྭ་བས་བརྒྱན་པ། དེའི་སྒ་གོང་དུ་པདྨ་མཐིང་ནག་འབར་བའི་གདན། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། རང་གི་ཐུགས་ཀ་ནས་མ་སྔོ་སྐྱ་གཅིག་འཕྲོས་ནས། དེ་ལས་སྔགས་ཀྱི་སྒྲ་དང་འོད་ཟེར་ཕྱོགས་བཅུར་འཕྲོས་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སངས་རྒྱས་ཀྱི་བྱིན་རླབས་དང་། མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྡུས་ནས་མ་ལ་ཐིམ་པ་ཙམ་གྱིས་ཁ་ཊྭཱཾ་ག་འོད་འབར་བ་གཅིག་ཏུ་གྱུར་པར་བསྒོམ་ཞིང་། སྔགས་འདིས་སྐུ་བསྐྱེད་པར་བྱའོ། །ཨོཾ་ནག་མོ་ཏིང་ལམ་མ་མ་དུན་ཏིང་མ་བྷྱོ། ཞེས་བརྗོད་པས་ཁ་ཊྭཱཾ་ག་འོད་དུ་ཞུ་བ་ལས། དཔལ་ལྷ་མོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། མེ་དཔུང་རབ་ཏུ་འབར་བ། ཞལ་གཅིག་རབ་ཏུ་ཁྲོས་པ་ལ་སྤྱན་གསུམ་ཡོད་པ། རལ་པ་ཁམ་ནག་གྱེན་དུ་བརྫེས་ཤིང་ཐུར་དུ་བཤལ་བ་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་དཔྲལ་བར་ཟླ་བ་ཚེས་ཤིང་དུས་བཞིའི་ལྷ་མོས་དབུ་ལ་བརྒྱན་པ། རྨ་བྱའི་མདོངས་སྤྱི་གཙུག་ཏུ་བཙུགས་ཤིང་སྙན་ཆ་གཡས་ན་སེང་གེ་འགྱིང་བ། གཡོན་ན་སྦྲུལ་ནག་འཕུར་བ། ཕྱག་བཞི་གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་ལྕགས་ཀྱི་ཕུར་པ་འདྲིལ་བ། གཡོན་འོག་མ་སྦྲུལ་ནག་གི་ཞགས་པ་སྡོག་ཅིང་འཕེན་པ། སྐུ་ཡན་ལག་རགས་ཤིང་ལྟོ་བ་ཆེ་བ། ལྟོ་བ་ནས་ཉི་མ་ཤར་བ། པདྨ་ཉི་མ་དྲེའུའི་གདན་ལ་བཞུགས་པ། སྐུ་ལ་དར་སྔོན་པོ་མནབས་ཤིང་ཞིང་ཆེན་གྱི་གཡང་གཞི་དང་། སྨད་སྟག་གི་ཤམ་ཐབས་ལ་དར་ནག་འབར་བའི་གོ་ཟུ་ལྡིང་ཞིང་གྱོན་པ་ལ་ཐ་མ་འཇའ་ཚོན་སྣ་ཚོགས་ཀྱིས་བརྒྱན་པ། སྦྲུལ་ནག་འབར་བའི་སྒྲོག་ཟུང་བྱས་པ། གོང་མཚན་གཡུའི་རྡོ་རྗེ་རྒྱ་གྲམ་ཡོད་པ། ན་བཟའ་སུམ་རིམ་དུ་གྱོན་ཞིང་གཙོ་མོ་བསྐྱེད་པའི་རིམ་པའོ། །ད་ནི་འཁོར་བསྐྱེད་པའི་རིམ་པ་ནི། ཡེ་ཤེས་མ་མོའི་ཚོགས་སྤྲིན་ལྟར་དུ་འདུ་བ་དང་ལས་ཀྱི་མ་མོའི་ཚོགས་རླུང་ལྟར་དུ་འཚུབས་པ་དང་། འཇིག་རྟེན་མ་མོའི་ཚོགས། ལྷ་མོ་དང་ཀླུ་མོ་གནོད་སྦྱིན་མོ། གྲུལ་བུམ་དྲི་ཟ་སྲིན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ཁྲོ་ཞིང་གཏུམ་པ་དང་། བཀའ་ཉན་གྱི་ཚུལ་དུ་བསྒོམ་པ་ནི་མ་མོ་འཁོར་དང་བཅས་པའི་དམ་ཚིག་སེམས་དཔའ་འོ། །ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི། མ་མོའི་ཐུགས་ཀར་པདྨ་ཉི་མའི་གདན་སྟེང་ན་མ་འོད་ཟེར་འབར་བ་ལས་འོད་ཟེར་གྱེན་དུ་འཕྲོས་ཤིང་། མའི་སྣ་བུག་གཡོན་ནས་ཚུར་བྱུང་ཞིང་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། སྔགས་འདི་བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་བར་བྱའོ། །མ་མོ་ནག་མོ་ཏིང་ལམ་མ་མོ་ནག་མོ་དུན་ཏིང་བྷྱོ། ཛཿཧཱུྃ་བཾ་ཧོཿ ནག་མོ་དུན་བྷྱོ། ཞེས་བརྗོད་པས་ལྷ་མོ་འཁོར་དང་བཅས་པ་མདུན་དུ་བྱོན་པར་བསྒོམས་ལ། ཕྱག་འཚལ་བ་དང་མཆོད་པ་སྣ་ཚོགས་རྒྱས་པར་འབུལ་བའི་སྔགས་ནི། རག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ཞེས་བརྗོད་ཅིང་སེམས་དཔའ་གསུམ་དབྱེར་མེད་པར་བསྒོམ་པར་བྱའོ། །ད་ནི་བཟླས་པ་བྱ་བའི་རིམ་པ་ནི། རང་ཉིད་ཡི་དམ་དུ་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། མ་མོའི་ཐུགས་ཀར་ཕོག །མ་ལ་སྔགས་འདིས་གཡོན་སྐོར་དུ་འཁོར་བར་བསྒོམ་ཞིང་། བཀའ་བསྒོ་བའི་ཚུལ་དུ་འདོན་པར་བྱའོ། །ཨོཾ་ཏྲག་རག་ཤ་མ་མ་ཧི་དུན་བྷྱོ། །མ་ཧཱ་ཡག་ཤ །མ་ཧཱ་ཏིག་སྣ་ནག་མོ་དུན་ཏིང་ཐུན་བྷྱོ། ཞེས་བསྙེན་པ་རྫོགས་པར་བྱའོ། །རབ་ཞལ་མཐོང་བ་དང་། འབྲིང་རྨི་ལམ་དུ་ཞལ་མཐོང་བ་དང་། ཐ་མ་གྲུབ་རྟགས་སྣ་ཚོགས་འབྱུང་ཞིང་ཕྲིན་ལས་རྣམ་བཞི་འགྲུབ་པའི་རྟགས་ནི། བུད་མེད་ཀྱི་ཚོགས་མང་པོས་ཕྱག་འཚལ་ཞིང་ཆང་དང་བསྙེན་བཀུར་སྣ་ཚོགས་དྲངས་པ་དང་། ཉམས་དགའ་བའི་ནོར་དང་། ལྷ་མོའི་དཔེ་དང་། མི་ཤ་དང་། མི་རོ་དང་། དུར་ཁྲོད་ཀྱི་ཚོགས་འབུལ་བ་རྨི་བ་དང་། དྲེའུ་དང་རླུང་ནག་འཚུབས་མ་དང་། དར་ནག་ཕྱར་བ་དང་མ་རལ་གྱོན་པ་ལ་སོགས་པ་རྟགས་དཔག་ཏུ་མེད་པ་འབྱུང་བ་ནི་བསྙེན་པའི་མཚན་མའོ། །ཕྲིན་ལས་སྒྲུབ་པའི་རྟགས་ནི། དམག་འདྲེན་པ་དང་། བཤས་བྱེད་པ་དང་། མཁར་བཤིག་ཅིང་བསད་པ་དང་། མགོ་སྙིང་གི་ཚོགས་ཀྱིས་དབེན་གནས་གང་བ་རྨིས་ན་ལས་གྲུབ་པའི་རྟགས་ཡིན། དེ་ལས་གཞན་ཡང་ཉམས་དགའ་ཞིང་ཤེས་པ་གསལ་བ་དང་། ལྷ་མོ་དང་དབྱེར་མེད་སྙམ་པའི་རྟགས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །འདི་ནི་བཀའ་སྡོད་ཀྱི་ཚུལ་དུ་བསྒོམ་པའི་རིམ་པའོ། །བདག་བསྒོམ་དུ་བྱེད་ན་གོང་དུ་ཇི་ལྟར་བསྐྱེད་པ་བཞིན་དུ་བསྒོམ་པར་བྱའོ། །བཤད་ཚོད་དུ་མདུན་བསྐྱེད་ཟེར་ཡང་། ལག་ལེན་དུ་བདག་བསྒོམ་མདུན་བསྐྱེད་གཉིས་ཀ་བྱའོ། །གོམས་པར་གྱུར་ནས་སྐད་ཅིག་དྲན་རྫོགས་ཀྱིས་བསྒོམ་པར་བྱའོ། །ད་ནི་གཏོར་མའི་རིམ་པ་ལ། བདག་ཡི་དམ་གང་རུང་དུ་བསྒོམ་ཞིང་གཏོར་མའི་རྒྱུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཆེ་ཆུང་གང་ཡང་རུང་བ། སྣོད་ཀ་པཱ་ལ་ལ་སོགས་པ་གང་རུང་གི་ནང་དུ་བླུག་ཅིང་སྟེགས་ཀྱི་སྟེང་དུ་བཞག་པར་བྱའོ། །གཏོར་མ་བྱིན་གྱིས་བརླབ་པའི་རིམ་པ་ནི། སྟོང་པ་ཉིད་ཀྱི་ངང་ལས་རླུང་གི་དཀྱིལ་འཁོར་ཟླུམ་པོ་ངོས་གཅིག་ནས་བལྟས་ན་གཞུ་ལྟ་བུ་བ་དན་བཞིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དབྱིབས་ཟུར་གསུམ་དུ་འདུག་པ། དེའི་ངོས་གསུམ་དུ་ཀཾ་གསུམ་ལས་ཐོད་པའི་སྒྱེད་བུ་གསུམ། དེའི་སྟེང་དུ་གཏོར་མའི་སྣོད་འོད་དུ་ཞུ་བ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། སྟོང་གསུམ་དང་མཉམ་པ། བཅུད་ལྷ་དང་མིའི་ལོངས་སྤྱོད་ཀྱིས་གང་བར་བསྒོམ་ཞིང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ཐུར་དུ་སྤྲོས་པས། རླུང་གིས་མེ་སྦར། མེས་ཐོད་པ་དྲོས་ནས་གཏོར་མ་འོད་དུ་ཞུ་ནས་དམ་ཚིག་གི་བདུད་རྩིར་ཞུ་བར་བསྒོམ་པའོ། །ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཆར་བཞིན་དུ་བབས་པས་དམ་ཚིག་གི་བདུད་རྩི་དང་དབྱེར་མེད་པར་བསྒོམ་པ་ནི་རྫས་བསྒྲུབ་པའི་རིམ་པའོ། །འབུལ་བའི་རིམ་པ་ནི། གོང་དུ་ཇི་ལྟར་བསྐྱེད་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུག་ནས་གཏོར་མ་གསོལ་བར་བསྒོམ་ཞིང་བསྙེན་པའི་སྔགས་ལ་སྔགས་འདི་བཏགས་ལ་དབུལ་བར་བྱའོ། །མ་མོ་ནག་མོ་བཻ་ཏཱ་ལཱི་ཀུ་ལུ་ཀུ་ལུ། ཧ་ཧ་མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། གསུམ་མམ་བདུན་ལ་སོགས་པ་བརྗོད་པར་བྱ་ཞིང་། བསྟོད་པ་དང་ཕྲིན་ལས་རྒྱས་བསྡུས་ལ་སོགས་པ་བྱའོ། །བསྙེན་པའི་དུས་སུ་གཏོར་མ་བདུད་རྩིར་བསྒོམ་པ་དང་། ཕྲིན་ལས་ཀྱི་དུས་སུ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསྒོམ་པར་བྱ་ཞིང་། ལས་བཅོལ་བའི་སྔགས་ནི། མ་མ་སྙིང་ཁྲག་ཚལ་པ་དུན་ཏིང་མ་དུན་བྷྱོ། ཞེས་མང་དུ་བརྗོད་ཅིང་གཏོར་མ་གཙང་སར་བསྐྱལ་ལོ། །དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་། ཕྲིན་ལས་སྨོན་ལམ་གདབ་པར་བྱའོ། །སྲུང་མ་དཔལ་ལྡན་མའི་གསལ་བྱེད་འཕྲུལ་གྱི་མེ་ལོང་ཞེས་བགྱི་བའི་གདམས་ངག་རྫོགས་སོ། །ཞེས་པ་ནི་རིན་པོ་ཆེ་ཀརྨ་པའི་གསུང་རབ་རྒྱ་མཚོའི་ཟེགས་མའི་ཆ་ཤས་སོ། །འདིར་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱི་གསུང་རབ་ལས་སྒྲུབ་ཐབས་གསལ་བྱེད་འཕྲུལ་གྱི་མེ་ལོང་བཞུགས་དགོས་ཀྱང་མང་དོགས་པས་མ་བྲིས་པ་ཟུར་དུ་བཙལ་ལོ།། །།ན་མཿཤྲཱི་ཧེ་རུ་ཀ་ཡ། དཔལ་ལྡན་ཡེ་ཤེས་རང་བྱུང་མཆོག་སྩོལ་ཞིང་། །དོན་རྣམས་སྩོལ་མཛད་རྡོ་རྗེ་འཆང་ཆེན་དངོས། །རིན་ཆེན་རྗེ་ཡི་ཞབས་རྡུལ་ཕྱག་བྱས་ནས། །དེ་ཉིད་ཀྱིས་གསུང་ཞལ་གདམས་བདུད་རྩི་བྲི། །འདིར་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། འབར་བ་གདོང་་་གྲུ་གསུམ།གི་དཀྱིལ་འཁོར་ལ་བརྟེན་ནས་བསྙེན་པ་བྱ་བ། ཐོད་པའི་མཁར་་་ཐོད་པ་ཁ་སྦྱོར་།ལ་བརྟེན་ནས་སྒྲུབ་པ་བྱ་བ། ལྕགས་ཕུར་བདུན་ལ་བརྟེན་ནས་ལས་ལ་སྦྱར་བའོ། །དང་པོ་ལ། རྡོ་རྗེ་ཅན་གྱི་ལྷ་མོ་ནི། །ཏིང་འཛིན་རྫས་སྔགས་སྦྱོར་བས་འགྲུབ། །མི་མོའི་པགས་པ་སོར་བཞི་ལ། །མཚལ་དང་ཟླ་མཚན་ནལ་བུའི་ཁྲག །འཆི་ཁའི་མཚལ་ཏིག་དྲི་བཟང་གིས། །ལྷ་མོ་ཡིད་འོང་གཟུགས་ཅན་བྲི། །ལྟེ་བར་པདྨ་འདབ་བརྒྱད་ལ། །དབུས་སུ་མ་ལ་བསྙེན་པའི་སྔགས། །འདབ་མར་དབྱངས་ཡིག་བཅུ་དྲུག་བཀོད། །མུ་ཁྱུད་རྟེན་འབྲེལ་སྙིང་པོས་བསྐོར། །དམ་ཚིག་པར་བསྐྱེད་ཡེ་ཤེས་བསྟིམ། །མི་དབང་ཡིད་ཀྱི་རྟེན་བཅས་ལ། །སྙིང་པོ་གསེར་གྱིས་བྲིས་པ་དང་། །རིན་ཆེན་སྣ་བདུན་འབྲུ་སྣ་ཚོགས། །གོས་དང་སྟག་གཟིག་འཛུམ་དག་དང་། །དངོས་གྲུབ་རྫས་ཀྱིས་ཉེ་བར་མཛེས། །དེ་ཉིད་ལུས་ཀྱི་གནས་སུ་སྦ། །གསང་བ་སྲོག་སྒྲུབ་རྟེན་ཡིན་ནོ། །དེ་ལྟར་རྫོགས་པའི་རྣལ་འབྱོར་པས། །མཚམས་བཅད་སྤྱི་བཤགས་མཆོད་གཏོར་བཤམ། །འབར་བ་གདོང་གི་དཀྱིལ་འཁོར་བྲི། །ཞིང་རྒྱུས་གཟུངས་ཐག་མ་ལ་གདགས། །དེ་ལ་བསྙེན་པ་རྣམ་བཞི་སྟེ། །མ་སྲིང་མཛའ་མོ་བྲན་མོ་བཞི། །དང་པོར་རང་ཉིད་ཡི་དམ་བསྐྱེད། །མདུན་དུ་ལྷ་མོ་གསལ་བྱས་ནས། །ཡེ་ཤེས་བཞུགས་གསོལ་མཆོད་བསྟོད་བྱ། །དེ་ནས་མ་ཡི་ཐུགས་ཀ་ནས། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཉི་སྟེང་མ་སྔོ་འོད་འབར་ལ། །བསྙེན་པའི་སྔགས་ཀྱིས་བསྐོར་བར་བསམ། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་མ་མོའི་ཐུགས་ཀར་ཕོག །བདེ་ལྡན་མཉེས་ནས་ནུ་འབུར་ནས། །ཚུར་ལ་གནང་བར་བསྒོམས་ནས་ནི། །འོད་ཟེར་འཁོར་བར་དམིགས་ལ་བཟླའོ། །གཉིས་པ་རང་གི་ཐུགས་ཀ་ནས། །ལྷ་མོའི་ཐུགས་ཀར་འོད་ཟེར་འཕྲོས། །སྐུ་གསུང་ཐུགས་མཉེས་དངོས་གྲུབ་རྣམས། །ལྟེ་བ་ནས་བྱུང་སྙིང་གར་ནི། །འོད་ཟེར་འཁོར་བར་དམིགས་ལ་བཟླ། །གསུམ་པ་རང་གི་ཐུགས་ཀ་ནས། །ལྷ་མོའི་ཐུགས་ཀར་འོད་ཟེར་འཕྲོས། །མཉེས་ནས་ནུས་མཐུ་གསང་བ་ནས། །བསྡུ་ཞིང་འཁོར་བར་དམིགས་ཏེ་བཟླའོ། །བཞི་པ་ཐུགས་ཀ་ནས་ཐུགས་ཀར། །ཞལ་ནས་དངོས་གྲུབ་རང་གི་ཞལ། །དེ་ལྟར་འོད་ཟེར་སྤྲོ་བསྡུ་དང་། །གསང་སྔགས་བཟླས་པ་དྲག་ཏུ་བྱ། །མ་ལྟར་བསྟེན་ན་སྙིང་ཉེ་ཞིང་། །སྲིང་ལྟར་བརྟེན་ན་དངོས་གྲུབ་མྱུར། །གྲོགས་ལྟར་བརྟེན་ན་དཔལ་ཆེ་ལ། །བྲན་མོ་མཐུ་ཆེ་ཆུན་པར་དཀའ། །དེ་ལྟར་བསྙེན་པའི་མན་ངག་ནི། །ཤིན་ཏུ་ཟབ་པས་གསང་བར་བྱའོ། །ས་མ་ཡ། དེ་ནས་གཉིས་པ་སྒྲུབ་པ་བྱ་བ་ནི། གནས་ཡིད་དང་མཐུན་པར་མཚམས་བཅད་ཅིང་རྒྱལ་ཐོ་གཟུག་པ་ལ་སོགས་བྱས་ཏེ། བཅའ་གཞིའི་རིམ་པ་འདི་ལྟ་སྟེ། །སྟེགས་བུ་གྲུ་བཞི་ལེགས་པར་བྱ། །དེ་སྟེང་ཟླུམ་པོ་དཀར་པོ་བྱ། །དེ་ཡི་དབུས་སུ་གྲུ་གསུམ་ནག །ཟླ་གམ་གསུམ་པོ་དམར་པོར་བྱ། །དེ་སྟེང་ཟླུམ་པོ་དཀར་པོ་བྱ། །ཕྱི་རིམ་སྒོ་དང་དུར་ཁྲོད་རྒྱན། །བྲིའམ་བརྩིགས་པར་བྱས་ནས་ནི། །བྷནྡྷ་ལྕང་ལོ་མཚན་ལྡན་དུ། །མ་ལ་སྙིང་པོས་གཡོན་དུ་བསྐོར། །དེ་ནང་སྨན་དང་རཀྟ་ཆང་། །གི་ཝཾ་ག་པུར་ཅོང་ཞི་སེར། །ཤ་ཆེན་ཚིལ་ཆེན་རྐང་དང་ཞག །མི་དབང་འབྲས་བུ་ཙིཏྟར་བཅས། །པདྨ་རཀྟ་བྱང་ཆུབ་སེམས། །འབྲུ་རྣམས་སྦྱར་བའི་གཏོར་མ་བཤམ། །དེ་སྟེང་རྗེའུ་རིགས་བྷནྡྷ་ལ། །ཡི་དམ་སྙིང་པོས་གཡས་སུ་བསྐོར། ཁ་སྦྱོར་ག་འུ་རྒྱུ་མས་བཅིང། །གྲུ་གསུམ་སྟེང་དུ་བཞག་པར་བྱ། །གྲུ་གསུམ་ནང་དུ་གཟས་པོ་གཞུག །ཟླ་གམ་གསུམ་ལ་ཐོད་ངན་གསུམ། །རཀྟ་དུག་དང་ལྕགས་ཕུར་བཞག །དར་དང་ཞིང་གི་རྒྱན་རྣམས་བཀྲམ། །རྟེན་གཏོར་རྒྱུན་གཏོར་སྤོས་ཆེན་སོགས། །ཐམས་ཅད་ལེགས་པར་བཤམ་པར་གཅེས། །དེ་ནས་ལས་ཁུང་གྲུ་གསུམ་དུ། །ཉམས་པའི་ལིང་ག་དྲི་མར་བཅས། །ལྷ་དབྱེ་དགུག་གཞུག་བྱས་ལ་བཞག །ཤིང་ལོའི་ལིང་ག་རྟེན་གཏོར་གཟུག །དེ་རྣམས་བཅའ་གཞིའི་རིམ་པ་འོ། །དེ་ནས་རང་ཉིད་ཡི་དམ་བསྒོམ། །མདུན་དུ་དཔལ་ལྡན་ཆེན་མོ་ཡང་། །སྙིང་པོ་སྔགས་ལ་བསྐྱེད་ནས་ནི། །ཡེ་ཤེས་གཞུག་ཅིང་མཆོད་བསྟོད་བྱ། །འདོད་དོན་ཞུ་ཞིང་གསོལ་བ་གདབ། །བཟླས་པ་བྱ་བ་གོང་བཞིན་དུ། །རི་གཟར་རྦབ་ལྟར་བགྲང་བ་གཅེས། །ཨོཾ་ནག་མོ་ཏིང་ལམ་དུན་ཏིང་མ་བྷྱོཿ སྐུ་བསྐྱེད་པའོ། །ཨོཾ་ནག་མོ་ཏིང་ལམ་མ་མ་དུན་བྷྱོཿ ཛཿཧཱུྃ་བཾ་ཧོཿ ནག་མོ་དུན་བྷྱོཿ དུན་བྷྱོཿ ཨོཾ་ཨཱཿཧཱུྃ། ཨེ་ཧྱེ་ཧི་ཛཿ ཨེ་ཨཱ་རལླི་ཧྲིང་ཧྲིང་། སྤྱན་དྲངས་པའོ། །ཏྲག་རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། བཞུགས་སུ་གསོལ་བའོ། །ནག་མོ་རག་མོ་དུན་ཏིང་ན་མ་ཡ་ཧ་ཧི། ཕྱག་འཚལ་བའོ། །མ་མོ་ནག་མོ་བཻ་ཏཱ་ལཱི་ཀུ་ལུ་ཀུ་ལུ། ཧ་ཧ། མ་ཧཱ་མཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། མཆོད་པའོ། །ནག་མོ་ཁ་ལ་ཛ་ཡ་དུ། ཛ་ཡ་དུ། ནག་མོ་ཁ་ལ་ཛ་ཡ་དུ། ས་མ་ཡ་ཧོཿ རུ་ལུ་རུ་ལུ་བྷྱོཿ སྙིང་ཁ་ལ་མ་ཧི་དུན་བྷྱོཿ ཐུགས་དམ་བསྐང་བའོ། །མ་མ་ཏྲག་རཀྴ་མུ་ལ་ཏྲ་རུ་ལུ་རུ་ལུ་བྷྱོཿ ཛཿཧཱུྃ། མ་མ་སྙིང་ཁྲག་ཚལ་བ་དུན་ཏིང་ཧ་ལ་དུན་བྷྱོཿ ལས་ཀྱི་གཉེར་གཏད་པའོ། །ཏྲག་རཀྴ་མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ་ཏཱིཀྵ་ནག་མོ་དུན་བྷྱོཿ བཅུ་བདུན་མའོ། །ཨོཾ་ཏྲག་རཀྴ་མ་མ་མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ་མ་ཧཱ་ཏཱིཀྣ་ནག་མོ་དུན་ཏིང་མ་བྷྱོཿ ཉེར་བཞི་མ་སྟེ་བསྙེན་པའོ། །དེ་ལྟར་གཙོ་མོའི་སྒྲུབ་པ་བྱ། །དེ་ནས་ལྕགས་ཕུར་བདུན་པ་ནི། །སྐད་ཅིག་ཁྲག་གི་རྒྱ་མཚོའི་ནང་། །མ་བདུན་ཁྲག་གི་བུད་མེད་ནི། །འཇིགས་རུང་རལ་པ་རྐེད་པར་འཁྱིལ། །གཡས་པ་གྲི་གུག་གཡོན་ཐོད་ཁྲག །ལྕགས་སྤྱང་ཞོན་པར་བྱིན་གྱིས་བརླབ། །ཐུན་མཚམས་མཆོད་བསྟོད་གཏོར་མ་ཕུལ། །དེ་ལྟར་བརྩོན་པའི་སྒྲུབ་པ་པོས། །རྟགས་རྣམས་རྫོགས་པའི་བར་དུ་བསྒྲུབ། །སྒྲུབ་ལུགས་རྣམ་པ་བཞི་ཡིན་ཏེ། །ལྷ་མོ་མ་མོ་གནོད་སྦྱིན་མོ། །བདུད་མོ་བཞི་ནི་གནུབས་ཀྱི་ལུགས། །བྷྱོཿནས་དྲངས་ན་ལྷ་མོ་ཡིན། །མ་ནས་དྲངས་ན་མ་མོ་ཡིན། །ཀྵ་ནས་དྲངས་ན་གནོད་སྦྱིན་མོ། །ཏྲག་ནས་དྲངས་ན་བདུད་མོ་ཡིན། །འདི་ནི་སྒྲུབ་པོའི་མིང་ཁམས་དང་། །སྔགས་ཀྱི་འབྱུང་བ་བསྟུན་པ་གཅེས། །དེས་ནི་དཔལ་ལྡན་མ་འགྲུབ་ཅིང་། །གང་འདོད་དངོས་གྲུབ་མྱུར་དུ་འབྱུང་། །སྒྲུབ་ཐབས་ཟབ་མོ་སྤེལ་མི་བྱ། །ས་མ་ཡ། ྀཨཚ། གསུམ་པ་ལས་ལ་སྦྱོར་བ་ནི། ལས་ཁུང་དུག་ཁྲག་རོ་སོལ་གྱིས་བྱུགས་པའི་ནང་དུ། སྔར་གྱི་ལིང་ག་དེ་ལ་དགུགས་གཞུག་ལྷ་དབྱེ་དྲག་ཏུ་བྱས་ལ། བདག་ཉིད་ཁྲག་འཐུང་ང་རྒྱལ་བྱ། །དེ་ཡི་སྔགས་ཀྱི་འོད་ཟེར་གྱིས། །ལྷ་མོའི་ཐུགས་དམ་བསྐུལ་བ་ཡིས། །མ་མོ་ཆེན་མོ་ཁྲོས་ནས་ནི། །སྐུ་ལས་སྤྲུལ་པ་སྣ་ཚོགས་འགྱེད། །ཞལ་ནས་ཁྲག་ནད་དགྲ་ལ་འབེབ། །ལས་ལ་རྔམས་པར་བསྒོམ་པར་བྱ། །དེ་ཡི་འོད་ཀྱིས་མ་བདུན་རྣམས། །ཤིན་ཏུ་ཁྲོས་ནས་ལྕགས་ཀྱུ་ཡིས། །ཉམས་པའི་སྙིང་ལ་བཟུང་ནས་ནི། །གཟུགས་ལ་ཡང་ཡང་བསྟིམ་པར་བྱ། །དེ་ནས་ཉམས་པ་དེ་ལ་ནི། ཁྲག་ཐུན་སྔགས་འདིས་ཁྲོས་ཚུལ་བརྡེབ། །ཙ་ཐུན་མཱ་ར་ཡ་ཐུན་སོད། ཤག་ཐུན་མཱ་ར་ཡ་ཐུན་སོད། རུ་རུ་ནག་མོ་མཱ་ར་ཡ་ཐུན་སོད། མ་མ་མུག་ཏི་གྷྲི་ན་མཱ་ར་ཡ་ཐུན་སོད། མ་མ་ཤག་ཐུན་ཏི་མཱ་ར་ཡ་ཐུན་སོད། མ་མ་རྦད་ཐུན་མཱ་ར་ཡ་ཐུན་སོད། མ་མ་ཤག་ཤག་ཚལ་པ་རག་མོ་ཐུན་སོད། ཅེས་གདབ་བོ། །དུག་ཁྲག་ནད་ཀྱི་ཆར་པ་ཕབ་པས་དགྲ་བོ་བསད་པར་བསམ་མོ། །དེ་ནས་དུག་དང་ཡུངས་དཀར་ཡུངས་ནག་ལ་སོགས་པའི་ཐུན་གྱིས་ཉམས་པའི་དགྲ་ལ་བརྡེག་གོ །རག་མོ་ཐང་མུ་ལེ་ཐང་མུ་ལེ་རྦད། རྩ་ཐང་རྩ་ཐང་རྦད་རྦད། མུཾ་སྣི་མུཾ་སྣི་ནན། རག་མོ་ནི་རག་མོ་ནི། ཁ་ལོ་རྦད་རྦད། དུག་སྣི་དུག་སྣི་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། རྩ་ཏི་རྩ་ཏི་རྦད་རྦད། ནིར་ཏི་ནིར་ཏི་མུགས་མུགས། ཐུཾ་ཐུཾ་སུབས་སྟི་སྟ་རྦད་རྦད། མྱོགས་མྱོགས་རྦད་རྦད། ཆེ་གེ་མོ་མཱ་ར་ཡ་ལིང་རྦད། ས་མ་ཡཱ་ཛཿཛཿ ཞེས་བཏབ་པས་དམ་ཉམས་པའི་དགྲ་བོ་དེ་ལ་དུག་དང་ནད་དང་མཚོན་ཆ་དཔག་ཏུ་མེད་པས་མྱ་ལ་ལ་བཏང་བར་བསམ་མོ། །དེ་ནས་ཕུར་བུ་དེ་རྣམས་སྐུ་སྟོད་མཁའ་འགྲོ་མ་འཇིགས་སུ་རུང་བ་ལ། སྨད་གནམ་ལྕགས་ཀྱི་ཕུར་པ་དམར་ཟང་ངེ་བ་དེས་དམ་ཉམས་པའི་གནས་བདུན་དུ་བཏབ་པས་དབང་ཆེན་གསེར་གྱི་ས་གཞི་ལ་གཟེར་བར་བསམ་ལ། བསྙེན་པ་དང་། ལས་ཀྱི་གཉེར་གཏད་པ་དང་། རག་མོ་རག་མོ་སྙིང་ཁྲག་རྩ་ལ་བྷྱོ་བྷྱོཿ ཁྲག་ལ་རག་མོ་མུ་ཤ་ལ་བྷྱོ་བྷྱོཿ རག་མོ་སེམས་བྱེད་སྙིང་ལ་བྷྱོཿ རག་མོ་ལྟ་བྱེད་མིག་ལ་བྷྱོཿ རག་མོ་ཉན་བྱེད་རྣ་བ་ལ་བྷྱོཿ རག་མོ་སྨྲ་བྱེད་ལྕེ་ལ་བྷྱོཿ རག་མོ་ཚོར་བྱེད་ཡིད་ལ་བྷྱོཿ རག་མོ་རག་མོ་དགྲ་བོའི་སྲོག་ལ་རྦད། ཐུཾ་རི་ལི་ལི། ཤ་རྒྱུས་སྙིང་ཕྱུངས། སྙིང་རྒྱུས་སྲོག་ཆོད། སྲོག་རྒྱུས་དབུགས་ལོངས། ཤ་ལ་ཟོ་ཁྲག་ལ་རྔུབས། སྲོག་སྙིང་ཁྱེར་ཡ། རག་མོ་རག་མོ་མ་མ་དུན་ཏིང་ཧེ་ད་ཡ་ཧེ་ད་ཆེ་གེ་མོའི་བཛྲ་ཀ་རུ་ན་རྦད། སྙིང་གར་གདབ་བོ། །སྙིང་ཁྲག་ཚལ་པ་རྦད། སྙིང་གར་གདབ་བོ། །གཏུབས་ཙིཏྟ་རྦད། སྙིང་ལ་གདབ་བོ། །མྱོགས་མྱོགས་རྦད། ལྟེ་བ་ལ། སྙིང་ཁྲག་ཁ་ལ་རྦད། མགྲིན་པའོ། །ཚལ་བུ་སེ་ན་སེ་དུ་རྦད། སྤྱི་བོ། ཧུར་ཐུཾ་སྲོག་ལ་ཡཱ། རྩ་ལ་གདབ་བོ། །དེ་རྣམས་ལ་སྤུ་གྲི་གཅོད་བྱེད་འདི་གདགས་སོ། །ཏྲི་ནི་ར་ཙིཏྟ་ཀུ་རུ་ཧུར་ཐུཾ། ཙུ་གར་ཏྲི་རྦད། ཤིན་ཏེ་ཀ་ལ་ཏ་ཛ། ཏྲག་རག་ཤི །ཁ་མུ་ཏྲ། སྙིང་ཁ་ལ། རག་མོ་བཛྲ་དུན་བྷྱོ་བྷྱོཿ རག་མོ་ཁ་ལ་རཀྴ །ས་དུ་ན་མཱ་ར་ཡ། ཁོང་སྙིང་ཚལ་པ་ཁ་ལ་རཀྴ །མཱ་ར་ཡ་དུན་དུན་སེ་ན་བྷྱོཿ ཏྲི་ནན། འདིར་ཤིག །སེན་སེན། མཱ་ར་ཡ་ཕཊ་ཕཊ། ཅེས་གདབ་བོ། །དེ་ནི་བདུན་དྲིལ་བདུན་བཟླས་བདུན་གྱིས་བདུན་དུ་གདབ་པའོ། །དེ་ནས་བྲུབ་ཁུང་དང་ལས་ཁུང་གི་ལིང་ག་གཉིས་ལ་དགུག་གཞུག་ལྷ་དབྱེ་གདབ་ལས་རྦད་པ་རྣམས་དུས་དྲུག་གམ་བཞི་གང་རུང་དུ་རྟགས་མ་བྱུང་གི་བར་དུ་བྱས་ཏེ། ལིང་ག་མཚོན་རྣོན་པོས་དུམ་བུར་གཏུབས་ལ། སྦྱིན་སྲེག་བྱ་བ་ནི། དཔལ་ལྡན་མ་འཁོར་དང་བཅས་པས་དམ་ཉམས་པ་དེའི་སྙིང་བཏོན། ཤ་ཟོས། ཁྲག་འཐུང་། ལྷག་མ་རྗེས་ཤུལ་དང་བཅས་པ་གསོལ་བར་བསམ་ལ། མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་མུ་ཀཾ །ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། དམ་ཉམས་དགྲ་བོའི་མཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཕུང་པོ་ལྔ་ལ་ཁཱ་ཧི། རྣམ་ཤེས་བརྒྱད་ལ་ཁཱ་ཧི། འབྱུང་བ་ལྔ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། དམ་ཉམས་པའི་དགྲ་བོ་མཚམས་མེད་ལྔ་དང་མི་དགེ་བ་ལྷག་པར་སྤྱོད་པ། སངས་རྒྱས་ཀྱི་བསྟན་པ་འཇིག་པ། བླ་མའི་སྐུ་ལ་བསྡོ་བ། དོན་ཕྱིར་དམ་ཚིག་འདྲལ་བ་རྣམས་ཀྱི་ལྷག་མ་རྗེས་ཤུལ་དང་བཅས་པ་མ་མོ་འཁོར་དང་བཅས་པའི་ཞལ་དུ་བསྟབ་བོ། ཁ་རཾ་ཁཱ་ཧི། ཞེས་བརྗོད་ཅིང་དབུལ་ཏེ་ཕྲིན་ལས་དང་དམོད་བཅོལ་བྱའོ། །དེ་ནས་ཐལ་བ་ཆ་གཅིག་མནན་པ་བྱ། །ཆ་གཅིག་གཏོར་མ་དང་། ཆ་གཅིག་ཟོར་དུ་འཕང་ངོ་། །དེས་ནི་ཉམས་པ་མྱུར་དུ་སྒྲོལ་ཏེ་སྤུ་གྲི་ལྟ་བུའོ། །ས་མ་ཡ་ཁ་ཐམ། གསང་ངོ་། །རྗེའི་ཞལ་གདམས་བདུད་རྩིའི་བཅུད་འདྲ་འདི། །ཡི་གེར་འབྲི་བར་འོས་པ་མ་ཡིན་ཀྱང་། །བདག་ཉིད་བློ་ཞན་བརྗེད་པས་འཇིགས་ཕྱིར་བྲིས། །ཉེས་པ་བཤགས་ཤིང་དགེ་བ་ཅི་ཡོད་དེས། །རྒྱལ་བའི་བསྟན་པ་ཡུན་དུ་སྲུང་བ་དང་། །ཐུན་མོང་མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག །དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་རྣམ་པ་བརྒྱད་ལས་སྦྱོར་དང་བཅས་པའི་གདམས་ངག་ཐུན་མོང་མ་ཡིན་པ་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེའི་ཞལ་གདམས་འདི། བདག་པཎྜི་ཏ་ཀཱིརྟཱི་ཤྭ་ར་ཁ་རག་པ་ལ་ཐུགས་རྗེས་གཟིགས་ནས་གནང་སྟེ། ཡི་གེར་བཀོད་པའོ། །རྟེན་གཏོར་གྱི་གཅེས་པ་དང་། མེ་ལྕེ་འབར་མའི་རྒྱུད་ལས་བྱུང་བའི་དམ་ཚིག་དང་ཕྱག་རྒྱ་ལ་སོགས་པའང་གཞན་དུ་ཤེས་པར་བྱའོ།། ༈ །།དཔལ་ལྷ་མོ་ལ་ཕྱག་འཚལ་ལོ། །སྤྱིར་ལྷ་མོ་མཐའ་དག་གི་འཁོར་ན་དམ་སྲི་མ་ལྟེ་ཕུར་ནག་མོ་ཞེས་བྱ་བ་གནས་པས། དེ་མནན་པའི་ཆོ་ག་མ་ཤེས་ན་སྒྲུབ་པ་པོའི་ཚེ་དང་། འཁོར་དང་། རྟ་ཕྱུགས་དང་། ལོངས་སྤྱོད་ལ་བར་དུ་གཅོད་ཅིང་། དངོས་གྲུབ་ཐོབ་ཏུ་མི་སྟེར་བས། དམ་སྲི་མོ་མནན་པའི་ཐབས་འདི་གནད་ཆེ་བས། འདི་ལ་བརྩོན་འགྲུས་བྱེད་དོ། །ཡང་དཔལ་ལྷ་མོ་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་མོ་དཀར་མོ་དུང་སྐྱོང་མ་བྱ་བར་སྐུ་འཁྲུངས། དེའི་དུས་སུ་རེ་མ་ཏི་སྲིན་མོ་མེ་འདབ་ཕུར་པའི་ལྷ་ཞེས་བྱ་བ་སྟེ། ལྷ་མོ་ཉིད་ཀྱི་ནུ་མོ་ཡིན་སྐད། དུས་ནམ་ཞིག་ན་ལྷ་ཐམས་ཅད་ལྟད་མོ་ལ་འཚོགས་སྐད། ལྷ་མོའི་སྤུན་ཡ་དེར་ཕྱིན་སྐད། དེའི་དུས་སུ་སྲིན་པོའི་རྒྱལ་པོ་ད་ཤ་གྲཱི་ཝ་བྱ་བ་དེ་ཕྱིན་ནས་ཁོ་ཁྱད་པར་དུ་ལྷ་མོ་ལ་ཆགས་སེམས་སྐྱེས་ནས། ཁོ་རང་ཡང་ལྷའི་བུ་མཚན་ཉིད་དང་ལྡན་པ་གཅིག་ཏུ་སྤྲུལ་ཏེ། ལྷ་མོ་ལ་ལྕགས་ཀྱི་རྐང་གདུབ་གསུམ་ཕུལ་ནས། གླུ་གར་དང་རོལ་མོ་སྣ་ཚོགས་ཀྱིས་ལྷ་མོ་ལ་བསྟོད་པ་དང་། ཆགས་སེམས་ཡང་སྐྱེས་སྐད། དེའི་ནུབ་མོ་ནས་ལྷ་མོའི་ལྟེ་བའི་ཁུང་དུ་ཤིན་ཏུ་བཟོད་གླགས་མེད་པའི་ཟུག་བྱུང་སྐད། དེའི་དུས་སུ་བལྟས་པ་ལ་ལྷ་མོའི་ལྟེ་བའི་ཁུང་དུ། སྟེང་བུ་མོའི་གཟུགས་སུ་འདུག་པ། སྨད་ཕུར་བུར་འདུག་པ། ལྷ་མོའི་ལྟེ་བར་འཛུག་པ། ཁ་དོག་ནག་པོ་སྐེམ་པ་དང་མི་སྡུག་པའི་མཚན་མ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་འདུག་སྐད། དེ་བས་ན་ད་ལྟ་ཡང་ལྷ་མོའི་འཁོར་ན་ལྟེ་ཕུར་མ་དང་བྱ་མཆུ་མ་ལ་སོགས་པ་དམ་སྲི་མོ་གནས་པས་སྒྲུབ་པ་པོས་དངོས་གྲུབ་ཐོབ་ཏུ་མི་སྟེར་ཅིང་བར་ཆད་སྣ་ཚོགས་བྱེད་པས། དེའི་རྟགས་ནི། རྨི་ལམ་དུ་བུད་མེད་ནག་མོས་བདག་ལ་ཆགས་པ་སྤྱོད་འདོད་ཟེར་བ་དང། ཡང་ནག་མོ་ཆེན་མོའི་གཞུང་ལས། རྐུབ་དང་མོ་མཚན་སྟོན་པ་བྱུང་ཞིང་རྨིས་ན་ལྟེ་ཕུར་ནག་མོ་ཡིན། ཅེས་པ་དང་། གཞན་ཡང་བར་ཆད་བྱེད་པའི་རྟགས་མང་དུ་འོང་སྐད། དེ་བས་ན་མོའི་འཁོར་ན་བྱ་མཆུ་ཅན་གནས་པས་དེ་གཉིས་གང་གནོད་ཀྱང་མནན་པའི་ཐབས་བསྟན་པ་ནི། ཚིག་ཕྱེ་དང་རམ་པ་དང་ཁམ་ས་ལ་བོང་བུའི་ཆུས་སྦྲུས་ལ། མ་མོའི་དམ་སྲི་རྨིས་ལྟས་ཅི་ལྟར་བྱུང་བའི་གཟུགས་བརྙན་བྱས་ལ། དེའི་སྙིང་གར་གྲོ་ག་ལ་ཙཀྲ་རྩིབས་བཞི་པའམ། ཡང་ན་བོང་བུའི་རྣ་བ་གཡས་པ་ལ་བྲིས་ལ། ཏིཥྛ་བ་ཏོ་སི་ཡཾ་ཧཱུྃ་བྷྱོ་ཛཿཛ་འདར་ཡེང་ཡེང་ཐུཾ་ཐུཾ་ནག་མོ་ཏེ་ཀེཾ་མ་དུན་དུན་་ཤད་ཤད་སྙིང་ལ་ཤད། ལྟེ་ཕུར་ནག་མོའི་སྲོག་ལ་ཤད། ལྟེ་ཕུར་ནག་མོའི་སྙིང་དུམ་ཤིག །ལྟེ་ཕུར་ནག་མོའི་ཕུང་པོ་ཤིག །ལྟེ་ཕུར་ནག་མོའི་སྙིང་ལ་ཡཾ་ཡཾ། སྙིང་ཤིག་སྙིང་ལ་ཡཾ་ཡཾ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་གཡོན་དུ་བསྐོར། དེ་དྲིལ་ལ་རཱུ་པའི་སྙིང་གར་བཅུག །བུད་མེད་ཀྱི་དོར་རྟས་བཏུམས་ལ། གྲུ་གསུམ་མཐོ་གང་བའི་ནང་དུ་མགོ་ཐུར་དུ་བསྟན་ལ་གཞུག །རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། སྐབས་སུ་ཐུན་བྱ། བྲུབ་ཁུང་མི་དམིགས་པ་ལས་ལྕགས་ཀྱི་བཙོན་ཁང་འབར་བར་བསམ། དེའི་ནང་དུ་རཱུ་པ་དེ་རྨིས་ལྟས་སུ་ཅི་ལྟར་བྱུང་བ་ལྟར་བསྐྱེད་ལ། དགུག་གཞུག་དྲག་ཏུ་བྱས་ལ་ཡང་ཡང་བསྟིམ། དེ་ནས་རང་གི་ཡི་དམ་གྱི་སྙིང་པོ་ལ་ཆོས་སྐྱོང་གི་འབོད་རྦད་གསད་གསུམ་བཏགས་ཏེ། དྲིལ་ལ་ཐུན་བྱ། དེའི་དུས་སུ་ཆོས་སྐྱོང་རྣམས་ཀྱིས་ཁོའི་སྟེང་དུ་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པས་ཁོ་རྡུལ་དུ་བཏང་བར་བསམ། རྟགས་བྱུང་བ་དང་མནན་པ་ནི། ལྷ་ཁང་རྙིང་པའི་སྒོ་ཐེམ་ཞབས་སུ་དོང་གྲུ་གསུམ་བྲུས་ལ། དེའི་ནང་དུ་དུར་ཁྲོད་སོལ་བས་བྱུགས་རཱུ་པ་དེ་ཚོན་སྐུད་སྣ་ལྔས་དམ་དུ་བཅིངས་ལ་མགོ་ཐུར་དུ་བསྟན་ལ་གཞུག་གོ །དེའི་ཐོག་ཏུ་ས་རིམ་པ་ལྔས་བྱབ། དུར་ཁྲོད་ཀྱི་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད། དེའི་སྟེང་དུ་རང་ཡི་དམ་ལྷའི་ང་རྒྱལ་གྱིས་བྲོ་བརྡུང་། བྱམས་པའི་བསྟན་པ་མ་བྱུང་གི་བར་དུ་མ་ལྡང་ཞིག་ཅེས་དམོད་གཟུག །བོང་བུའམ་དྲེལ་གང་རྙེད་ཀྱི་སུག་པས་ཐོག་ཏུ་བརྡུང་ངོ་། །དང་པོ་ས་ནག་པོ། དེ་ནས་དཀར་པོ། དེ་ནས་སྔོན་པོ། དེ་ནས་སེར་པོ། སྟེང་དུ་དམར་པོའོ། །མི་ལྤགས་ཀྱི་གཡང་གཞིས་གྲངས་མང་དུ་བརྡེབ། ཚུར་འགྱུ་བའི་དུས་སུ་ཕྱི་མིག་མི་བལྟའོ། །ཡང་སྦྱིན་སྲེག་བྱ་བར་འདོད་ན། ཚིག་མ་དང་བག་ཕྱེ་བོང་བུའི་ཆུས་སྦྲུས་ལ། རྨི་ལམ་དུ་ཇི་ལྟར་བྱུང་བའི་རཱུ་པ་མང་དུ་བྱས་ལ། བོང་བུའི་རྣ་བ་གཡས་པ་ལ་ཙཀྲ་བྲིས་ལ་སྙིང་གར་གཞུག །ཁུགས་པའི་རྟགས་མ་བྱུང་གི་བར་དུ་དགུག་གཞུག་དྲག་ཏུ་བྱའོ། །རྟགས་བྱུང་བ་དང་གདུག་པའི་ཤིང་གྲུ་གསུམ་དུ་བརྩིགས་ལ། ཡུགས་ས་མོས་མེ་སྦར། དེའི་ནང་དུ་གཤིན་རྗེའི་གཤེད་བསྐྱེད་པའི་ཞལ་དུ་མེ་འུ་རུ་རུ་འབར་བའི་ནང་དུ་རཱུ་པ་མཚོན་གྱིས་གཏུབས་ལ་སྦྱིན་སྲེག་བྱའོ། །སྔགས་ནི། ཡ་མ་རཱ་ཙ་ས་དོ་མེ་ཡ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཞེས་སྦྱིན་སྲེག་ཏུ་འབུལ་ལོ། །ཨན་ཆེན་པོ་འབར་བཟང་གི་ལུགས་སོ། །དེ་ལ་རང་གི་མདུན་དུ་ལྟེ་ཕུར་མ་བསྐྱེད། མ་མོའི་ལྟོ་བར་ལྟེ་ཕུར་མ་བསམ། མ་མོའི་ལྟོ་བ་ན་གནས་པ་དེ་དགུག་གཞུག་དྲག་ཏུ་བྱས་ལ་བསྟིམ། བྱ་མཆུ་མའི་ས་བོན་མ་ལས་ཤེས་པར་བྱའོ། །རྒབ་འདྲེ་བཀར་བའི་ཐབས་རྫོགས་སོ། །སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་ཟབ་ཆོས་བེ་བུམ་གསེར་རྒྱ་ཅན་ལས་ཉེར་མཁོ་ལོགས་སུ་བཀོལ་བ་དགེ་ལེགས་འཕེལ།། །།

ཤ་བརྒྱ་ཟན་བརྒྱའི་གླུད་བསྔོ་བའི་ཆོ་ག་ཟངས་ཡག་བྲག་གི་གཏེར་མ (Volume 44, Text 24)

༄༅༔ ཤ་བརྒྱ་ཟན་བརྒྱའི་གླུད་བསྔོ་བའི་ཆོ་ག་ཟངས་ཡག་བྲག་གི་གཏེར་མ་བཞུགས་སོ༔ གུ་རུ་ཇོ་ཙེའི་གཏེར་བྱོན་ྀཨཚ། ན་མོ་གུ་རུ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ གདམས་པ་འདི་ནི༔ བན་བོན་གྱི་བྱད་ཁ་ཆེན་པོ་ཟུག་པའམ༔ ཡང་ན་བན་བོན་དང་ཁ་འགྲས་པའི་མཐུ་གཏད་ངན་སྔགས་བྱས་པ་ཡོད་པ་ལ་འདི་བསྔགས༔ ཕྱུགས་ལུག་གོད་ཁ་སོགས་གདོན་ངོས་མ་ཟིན་ན་ཀུན་ལ་འདི་བསྔགས་སོ་གསུངས་ནས༔ རྒྱ་བོད་ཀྱི་སོ་མཚམས་སུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་དེ་གཏེར་དུ་སྦས༔ གུ་རུ་ཇོ་ཙེས་ཟངས་ཡག་བྲག་རིའི་གཏེར་ནས་བཏོན་པའོ༔ པདྨའི་ཆོས་བརྒྱུད་འཛིན་པ་མ་གཏོགས་དམ་ཚིག་མེད་པའི་མི་ལོག་ལྟ་ཅན་ལ་ཡིག་ཆ་མི་སྟོན་པ་དམ་ཚིག་གོ༔ འདིའི་ལག་ལེན་དང་པོ་གསོག་ལ༔ ཤ་བརྒྱ་ཟན་བརྒྱ་ཆངས་བུ་བརྒྱ༔ སྤྲེའུ་དང་རྟ་དྲེལ་མཛོ་རོག་ཁལ༔ དར་ཟབ་ལ་སོགས་བཟོ་རས༔ ཁྲབ་ལ་སོགས་འབུལ་བ་བཀལ་པ་བྱའོ༔ གཞན་ཡང་སྲན་མ་བྲའོ་ཏིལ་ཟན་ལ་སོགས་འབྲུ་སྣ་གང་འཛོམ༔ རིན་པོ་ཆེའི་སྡེར་མར་བླུགས་ལ་ཆང་ཕུད་གཙང་མ་བྱས་ལ་གླུད་དུ་བསྔོ་བ་ནི༔ དང་པོ་རང་གི་ཡི་དམ་གང་མོས་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད༔ སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱས་ནས་བྱམས་སྙིང་རྗེའི་ངང་ནས་བསྔོ་བ་ནི༔ རྔ་བརྡུང་ཞིང་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ དང་པོ་རྒྱལ་བྱུང་གང་ནས་བྱུང༔ དང་པོ་ཕྱྭ་ཡི་ཡུལ་ནས་བྱུང༔ དེ་ནས་རྒྱལ་བབས་གང་དུ་བབས༔ མི་ཡུལ་སྐྱི་ཐིང་དེ་རུ་བབས༔ དེ་ནས་རྒྱལ་བབས་གང་དུ་བབས༔ བདུད་ལས་བྱུང་བའི་རྒྱལ་པོ་དེ་རུ་བབས༔ དེ་ནས་རྒྱལ་བབས་གང་དུ་བབས༔ བཅོམ་ལྡན་ཐུབ་པའི་དགྲ་བཅོམ་དེ་ལ་བབས༔ དེ་ནས་རྒྱལ་བབ་གང་དུ༴ རྒྱལ་པོ་འཁོར་ལོ་དྲུག་པ་དེ་ལ་བབས༔ དེ་ནས་རྒྱལ་བབས་གང་དུ༴ རྒྱལ་པོ་ཀྲི་ཀྲི་དེ་ལ༴ དེ་ནས་རྒྱལ་བབས་གང་དུ༴ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེ་ལ༴ དེ་ནས་རྒྱལ་བབས་གང་དུ༴ བོད་ཀྱི་རྒྱལ་པོ་དེ་ལ༴ དེ་ནས་རྒྱལ་བབ་གང་དུ༴ རྔོན་པ་མི་བདུན་དེ་ལ༴ དེ་ནས་རྒྱལ་བབས་གང་དུ༴ དེ་རིང་རྒྱུ་སྦྱོར་ཡོན་བདག་འདི་ལ་བབས༔ དེ་རིང་གཟུ་དང་དཔང་ལ་སྤྱན་འདྲེན་ན༔ སྟེང་གི་ཕྱོགས་ནས་ལྷ་ཡི་དབང་པོ་བརྒྱ་བྱིན་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གྱིས༔ གནས་འདིར་མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ འོག་གི་ཕྱོགས་ནས་སྤྱན་འདྲེན་ན༔ དགའ་བོ་འཇོག་པོ་ལ་སོགས་པ༔ ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གྱིས༔ གནས་འདིར་མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བཅོམ་ལྡན་རིགས་གསུམ་མགོན་པོ་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ རྒྱ་གར་ཡུལ་གྱི་རིག་འཛིན་སྒྲུབ་པ་པོ༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བལ་པོའི་ཡུལ་གྱི་རིག་འཛིན་སྒྲུབ་པ་པོ༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད༴ བཟུང་པ་ཐོངས་ལ༴ བོད་ཀྱི་ཡུལ་ནས་རིག་འཛིན་སྒྲུབ་པ་པོ༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད༴ བཟུང་པ་ཐོངས་ལ༴ ཕྱི་ནང་སྲུང་མ་དམ་ཚིག་ཅན༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ ཕྱི་ནང་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ ནང་རྡོ་རྗེ་རིགས་ཀྱི་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ གཡའ་དང་གངས་ལ་གནས་པ་ཡི༔ སྨན་དགུ་ལ་སོགས་ཐམས་ཅད་ཀྱང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ ཡུལ་གྱི་ཡུལ་ལྷ་གཉན་པོ་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ རྒྱལ་པོ་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང༔ རྒྱལ་གྱི་གཟུ་དང་དཔང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ བདུད་པོ་སྡེ་བཞི་འཁོར་དང་བཅས༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ རྗེ་བདུད་རྗེ་བཙན་འཁོར་དང་བཅས༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ གླུད་ཆེན་བཟང་པོ་འདི་བཞེས་ལ༔ མི་བདུད་དར་དུ་མ་གསད་ཅིག༔ རྟ་བདུད་བྲེས་སུ་མ་གསད་ཅིག༔ གཡག་བདུད་གདང་དུ་མ་གསད་ཅིག༔ བྱ་བདུད་གདང་དུ་མ་གསད་ཅིག༔ སྲོག་བདག་སྲིད་པའི་རྒྱལ་པོ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ བྱང་ཤར་བཙན་རྒོད་དམར་པོ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ཉི་ཟླ་ལ་སོགས་གཟའ་ཆེན་བརྒྱད༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ཚངས་པ་བརྒྱ་བྱིན་ལ་སོགས་ཀྱང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ སྨིན་དྲུག་སྣར་མ་ལ་སོགས་པའི༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ རྡོ་རྗེ་ལེགས་པ་ལ་སོགས་པའི༔ ཐེའུ་རང་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ མ་བདུད་བྱང་སྨན་རྒྱལ་མོ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ལྕགས་མོ་གངས་དཀར་རྒྱལ་མོ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞི་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ བྲག་བཙན་ཀླུ་བཙན་ལ་སོགས་ཀྱང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ བཙན་ཕྲན་སུམ་བརྒྱ་དྲུག་ཅུ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ཡུལ་འདིའི་ཡུལ་ལྷ་གཉན་པོ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང༔ རྒྱལ་གྱི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་བརྒྱ་ཟན་བརྒྱ༴ བཟུང་པ་ཐོངས་ལ༴ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ མཐོལ་ཞིང་བཤགས་སོ་བཟོད་པར་གསོལ༔ ཤ་བརྒྱ་ཟན་བརྒྱའི་མཆོད་པ་འདི་བཞེས་ལ༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱིས༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་བས་ཁྱོད་ཀྱིས་བཞེས་སུ་གསོལ༔ མི་ཁྱིམ་གང་ཙམ་གྱི་གླུད་དུ་འབུལ༔ ཕྱུགས་ར་བ་གང་གི་གླུད་དུ་འབུལ༔ ཆག་ཆེན་ཉམ་ང་ཟློག་ཏུ་གསོལ༔ སུ་དང་འཕྲད་པ་དེ་ལ་སྒྱུར༔ ཅེས་ནད་པ་སོགས་ལ་བྱེད་ན་གླུད་བདུན་ནམ་ལྔ་ལ་བྱའོ༔ ཕུར་ཁ་ཟློག་ན་བཤོས་བུ་ཁྲག་བྱུག་པ་བརྒྱ་བྱ༔ ཡི་དམ་གང་རིགས་ལ་བསང་སྦྱང་བྱིན་རླབས་དྲག་སྔགས་བཟླས་ཤིང་ཕྱོགས་བཞིར་འཕང༔ ངག་ཏུ་འདི་སྐད་བརྗོད༔ ྈྈྈྈྈྈྈ བྷྱོ༔ བདག་ལ་ཕུར་ཁའི་རྦོད་ཁ་གཏོང་བ་ཟློག༔ གཞན་གྱི་བསམ་སྦྱོར་ངན་པ་ཟློག༔ གཤིན་རྗེའི་ཁྲམ་ཁ་ཟུག་པ་ཟློག༔ བོན་པོའི་རྦད་འདྲེ་འདི་ཡིས་ཟློག༔ མུ་སྟེགས་ངན་སྔགས་འདི་ཡིས༴ ཕ་རོལ་རྦད་འདྲེ་འདི་ཡིས༴ སྔགས་པའི་སྔགས་ཟོར་འདི་ཡིས༴ ཞང་ཞུང་བཙོ་ཟོར་འདི་ཡིས༴ བུད་མེད་དམོད་ཟོར་འདི་ཡིས༴ རྒྱ་གར་ངན་སྔགས་འདི་ཡིས༴ བརྒྱལ་ནད་སྨྱོ་འབོག་འདི་ཡིས༴ བཙན་གྱི་གཟེར་ཁ་འདི་ཡིས༴ སུམ་པའི་བྱོལ་ཟོར་འདི་ཡིས༴ ཀླུ་ཡི་ནད་རིགས་བཏང་བ་འདི་ཡིས༴ སྨན་གྱི་བྲོ་ར་བཅས་པ་འདི་ཡིས༴ གདགས་སྲིབ་སྤྱང་ཀི་ངུ་བ་འདི་ཡིས༴ དུར་ཁྲོད་ཝ་མོ་བརྒྱལ་བ་འདི་ཡིས༴ སྲིན་བྱ་ལྷ་ཁང་ཁུས་འདེབས་འདི་ཡིས༴ འུག་པ་ཧ་ཧ་ཟེར་བ་འདི་ཡིས༴ སྒོ་ཁྱི་ངུ་ཟུག་བྱེད་པ་འདི་ཡིས༴ ནམ་གུང་འོག་རྟ་འཚེར་བ་འདི་ཡིས༴ བྱིས་པའི་ཁ་བརྡ་ངན་པ་འདི་ཡིས༴ ལོ་ཀག་ཟླ་ཀག་འདི་ཡིས༴ ལོ་སྲི་ཟླ་སྲི་འདི་ཡིས༴ ཞག་ཀག་ཟླ་ཀག་འདི་ཡིས༴ མི་ཁ་བྲ་མཆུ་འདི་ཡིས་ཟློག༔ འདི་ཡིས་མི་ཟློག་གང་ཡང་མེད༔ དཀོན་མཆོག་གསུམ་གྱི་བཀའ་མ་བཅག༔ ཡོན་བདག་འདི་ཡི་འགལ་རྐྱེན་ཐམས་ཅད་ཕྱིར་ཟློགས་ཤིག༔ གཞན་ཡང་ཟློག་པའི་ཚིག་བརྗོད་ལ་གཏོར་མ་ཕྱོགས་བཞིར་བསྐྱལ་ལོ༔ ༈ འདིའི་བརྒྱུད་པ་ནི། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཇོ་བོ་ཚེ་དབང་དར་པོ་་ནས་བརྒྱུད་དཀར་པོ་ཀུན་དགའ་གྲགས་པ། དབོན་པོ་ཡོན་ཏན་བཟང་པོ། དཔེ་བྱ་ལྷ་མཆོག་བཟང་པོ། །ཕ་ཇོ་དུང་རུ་ཡབ་སྲས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གྲུབ་ཆེན་ཀློང་ཡངས་པ། དེས་བདག་ལའོ། ༈ །འདིའི་ལག་ལེན་དམར་ཁྲིད་ཀྱི་གསོག་ནི། ཤར་དུ་སྤྲེའུ་དཀར་པོ་ལ་ཁལ་བཀལ་བ་ཀེང་རུས་ཀྱི་དེད་མི། ལྷོར་རྟ་དམར་གྱི་ཁལ་དང་བཙུན་པ་ཞྭ་དམར་ཅན། ནུབ་ཏུ་དྲེའུ་ནག་གི་ཁལ་དང་བཙུན་པ་ཞྭ་སེར་གྱོན་པ། བྱང་དུ་མཛོ་རོག་གི་ཁལ་དང་རྟོགས་ལྡན་དོམ་ར་ཅན་ནོ། ཁལ་དེད་མི་བཞི་པོ་འབོག་ཁུར་བ་བྱའོ། །བཞི་པོ་རེ་རེར་ཆངས་བུ་ཤ་དམར་གྱིས་བརྒྱན་པ་ཉེར་ལྔ་དང་རྫས་སུ་ལ་རྫས་ཀླུང་རྫས་སྣ་ཚོགས་གང་འབྱོར་བཤམ་པར་བྱའོ། །སརྦ་མངྒ་ལཾ།། །།

རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྣང་བ་ (Volume 5, Text 24)

རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྣང་བ་བཞུགས། ཆོས་དབྱིངས་ཀུན་ཁྱབ་བདེ་གཤེགས་འོད་མཐའ་ཡས། །སྐུ་དང་ཞིང་ཁམས་སྣང་མཛད་སྤྱན་རས་གཟིགས། །ཕྱོགས་དུས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བདེ་སྟོང་མཆོག་བརྙེས་གསང་འཛིན་མཁར་ཆེན་བཟའ། །ཆོས་ཀྱི་རྒྱལ་པོ་མངའ་བདག་ལྷའི་མེ་ཏོག །འཇིག་རྟེན་མིག་གཅིག་རྒྱལ་ཚབ་བཻ་རོ་རྗེ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བཻ་རོའི་རྣམ་འཕྲུལ་ཀུན་སྤང་ཟླ་འོད་འབར། །སྣང་བཞི་མཐར་ཕྱིན་འཇའ་ཚོན་ལས་འཕྲོ་གླིང་། །བཀའ་བབ་བདུན་གྱི་མངའ་བདག་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །མཛོད་ལྔའི་སྲོལ་འབྱེད་པདྨ་གར་གྱི་དབང་། །ཆོས་ཀྱི་རྒྱ་མཚོ་ཤཱཀྱ་ཤྲཱི་ཛྙཱ་ན། །འཕགས་མཆོག་འཇམ་མགོན་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཡི་དམ་ཡོངས་འདུས་པདྨ་གཏུམ་པོ་དང་། །མཁའ་འགྲོའི་དབང་ཕྱུག་བདུད་འདུལ་སེངྒེའི་ཞལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སྨིན་བྱེད་དབང་གིས་སྒོ་གསུམ་རྡོ་རྗེར་སྨིན། །བསྐྱེད་རྫོགས་ལམ་གྱིས་སྲིད་ཞིའི་འཆིང་ལས་གྲོལ། །རྩ་གསུམ་དབྱེར་མེད་པདྨ་འོད་འབར་གྱི། །གསང་བ་གསུམ་དང་གཉིས་མེད་བྱང་ཆུབ་ཤོག །ཅེས་པའང་རྒྱམ་རྒྱལ་པདྨ་ཤེལ་རིའི་གནས་ཞོལ་རང་བྱུང་པདྨ་ཡབ་སྲས་ཀྱི་རྫུ་འཕྲུལ་ཕྱག་རྟགས་ཀྱི་རེ་ཁཱས་བཀྲ་བ་མཚོ་ནག་མའི་ཁར་ཚོགས་ཀྱི་མཆོད་པ་ཕུལ་བའི་སྐབས་སྔགས་བཙུན་འཇིགས་མེད་མཁྱེན་བརྩེའི་མིང་ཅན་གྱིས་བྲིས་པ་བརྒྱུད་གསུམ་བླ་མས་བྱིན་གྱིས་བརླབ་པའི་རྒྱུར་གྱུར་ཅིག། །།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཡི་གེ་དྲུག་པའི་ལས་བྱང་གསང་བ་གཅིག་འགྲུབ་ཅེས་ཨཱརྱ་སཱ་ལེའི་ཐུགས་དམ་དྲིལ་བའི་སྙིང་ཆོས་ (Volume 26, Text 24)

ྈ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཡི་གེ་དྲུག་པའི་ལས་བྱང་གསང་བ་གཅིག་འགྲུབ་ཅེས་ཨཱརྱ་སཱ་ལེའི་ཐུགས་དམ་དྲིལ་བའི་སྙིང་ཆོས་བཞུགས་སོ༔ ྈྈྈྈྈྈྈྈྈ ཐུགས་དམ་གསང་བའི་ལྷ་ཚོགས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཡི་གེ་དྲུག་པའི་གདམས་པ་རྟ་མཆོག་རོལ་པའི་རྒྱུན་ཁྱེར་ལས་བྱང་གསང་བ་གཅིག་འགྲུབ་བསྟན་པ་ནི༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པའི་གང་ཟག་ལ༔ སྐུ་གསུམ་ལས་བྱང་གསང་བ་གཅིག་འགྲུབ་པ༔ པདྨ་སཾ་བྷ་བདག་གིས་གདམས་ནས་སྦས༔ མ་འོངས་བུ་ཡི་ལག་ཏུ་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཕྱིར་བསྒྱུར་བགེགས་ལ་བཀའ་བསྒོ་བྱ༔ དཀྱིལ་འཁོར་བུམ་པ་གཏོར་ཚོགས་རྒྱས་པར་བཤམ༔ རང་ཉིད་བདེ་བའི་གདན་ལ་སྐྱིལ་ཀྲུང་འདུག༔ སྐྱབས་ཡུལ་སྐུ་གསུམ་མདུན་དུ་དམིགས་པར་བྱ༔ ཧྲཱི༔ བདེ་གཤེགས་ཀུན་འདུས་སྐུ་གསུམ་གྲུབ་པའི་ལྷ༔ དོན་གཉིས་མཐར་ཕྱིན་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་སངས་རྒྱས་ཐོབ་བྱའི་ཕྱིར༔ བྱམས་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ན་མོ་དྷརྨ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ཨཱ་བྷེ་ཤ་ཡ་ཧྲཱིང་ཧྲཱིང༔ ཞེས་བྱིན་དབབ༔ མ་ཧཱ་སརྦ་པཱུ་ཙ་ག་ཎ་ཙཀྲ་ཧོ༔ མཆོད་པ་བྱིན་གྱིས་བརླབ་པའོ༔ དེ་ནས་དངོས་གཞི་ཏིང་ངེ་འཛིན་གསུམ་ནི༔ ཧྲཱི༔ ཆོས་དབྱིངས་རང་བཞིན་སྟོང་པའི་ངང་ཉིད་ལས༔ ཀུན་སྣང་འགྲོ་ལ་ཁྱབ་པ་སྙིང་རྗེའི་མདངས༔ རྒྱུ་ཡི་ངོ་བོ་ཧྲཱིཿལས་འོད་འཕྲོས་པས༔ འབྱུང་བ་རིམ་བརྩེགས་གཞལ་ཡས་བསྒོམ་པ་ནི༔ ཧྲཱི༔ འབྱུང་བ་རིམ་བརྩེགས་སྲུང་བའི་འཁོར་ལོའི་དབུས༔ ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང༔ མཚན་ཉིད་ཀུན་རྫོགས་དབུས་སུ་པད་ཟླའི་གདན༔ འགགས་མེད་རང་སྣང་པད་ཉི་དགྲ་བགེགས་སྟེང༔ ཧ་ཡ་གྲཱི་ཝ་ཡེ་ཤེས་དབང་གི་སྐུ༔ འབར་བའི་མེ་འདྲ་ཡེ་ཤེས་འཕྲོ་ཞིང་བརྗིད༔ ཞལ་གཅིག་ཁྲོ་གཉེར་སྨིན་འཁྱུགས་རྫི་སྨར་བསྐྱོད༔ ལྗགས་འདྲིལ་མཆེ་གཙིགས་སྤྱན་དམར་གྱེན་དུ་གཡོ༔ ཞལ་ནས་ཁྲག་འཛག་དབུ་སྐྲ་དམར་སེར་འབར༔ ཕྱག་གཡས་རྡོ་རྗེ་ཐོད་དབྱུག་དར་དཔྱང་གདེངས༔ གཡོན་པས་ཐུགས་ཀར་ཐོད་པ་བདུད་རྩིས་བཀང༔ དབུ་གཙུག་རྟ་མགོ་ལྗང་ཞུར་འཚེར་ཞིང་རྔམ༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་དང༔ སྟག་ཤམ་གླང་གོས་སྦྲུལ་ཆུན་གཡང་གཞིར་བཅས༔ གཡས་བསྐུམ་གཡོན་བརྐྱང་རྒྱན་ལྡན་གར་དགུར་འགྱིང༔ གཡོན་ནས་འཁྲིལ་བའི་རྡོ་རྗེ་ཕག་མོ་དམར༔ ཁྲོ་ཚུལ་ཆགས་བཅས་ཐོད་སྐམ་རིན་ཆེན་དང༔ རུས་པས་བརྒྱན་ཅིང་གྲི་ཐོད་ཡབ་ལ་འཁྱུད༔ མེ་ལོང་དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་ཞིང༔ གཡས་བརྐྱང་གཡོན་བསྐུམ་ཕག་ཞལ་སྐྲ་གྲོལ་བ༔ སྒྱུ་མ་འཇའ་ཚོན་ཆུ་ཟླ་ལྟ་བུའི་ངང༔ སྣང་སྟོང་ལྷ་སྐུ་ཡེ་ཤེས་གཉིས་མེད་གསལ༔ ཐུགས་ཀར་པདྨ་ཟླ་སྟེང་འོད་ཀློང་དུ༔ དུས་གསུམ་བདེ་གཤེགས་ཀུན་འདུས་སྣང་མཐའ་ཡས༔ ཆགས་བྲལ་སྐུ་མདོག་པདྨ་རཱ་གའི་མདངས༔ དོན་དམ་ཞལ་གཅིག་ཐབས་ཤེས་ཕྱག་རྒྱ་ཟུང༔ མཐའ་གཉིས་མི་གནས་མཉམ་གཞག་སྐྱིལ་ཀྲུང་རྒྱ༔ སྐུ་ནི་མཐའ་བྲལ་གཙུག་ཏོར་བལྟར་མི་མངོན༔ འགྲོ་ལ་མཆོག་སྩོལ་ལྷུང་བཟེད་བདུད་རྩིས་བཀང༔ རྣམ་དག་ཁྲིམས་ལྡན་ཆོས་གོས་རྣམ་གསུམ་གསོལ༔ བདག་གཞན་དོན་རྫོགས་མཚན་དཔེ་ལྡན་པར་བསྒོམ༔ སྤྱི་བོར་རྗེ་བཙུན་པདྨ་སཾ་བྷ་ཝ༔ རྡོ་རྗེ་བྷནྡྷ་ཐབས་ཤེས་ཕྱག་རྒྱར་གསལ༔ པཎ་ཞུ་རྣ་རིང་ཆོས་གོས་ཐང་ཤམ་གསོལ༔ དམར་སྨུག་མདངས་ལྡན་གཟི་བརྗིད་འབར་བར་གསལ༔ ལྟེ་བར་གཏུམ་མོ་ཡེ་ཤེས་བདེ་དྲོད་ལས༔ གསང་བ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གསལ༔ རང་བཞིན་ལྷུན་གྲུབ་རྩ་གསུམ་ལྷ་ཡི་ཚོགས༔ གདན་དང་ཕྱག་མཚན་ཡོངས་རྫོགས་སྐུ་རུ་གསལ༔ དེ་ནས་སྤྱན་འདྲེན་པ་ནི། ཧྲཱི༔ གནས་གསུམ་སྐུ་གསུང་ཐུགས་ཀྱི་ཡི་གེ་ནི༔ དཀར་དམར་མཐིང་གསུམ་རྡོ་རྗེ་གསུམ་གྱི་དངོས༔ བདེ་གཤེགས་མ་ལུས་འདུས་པའི་འོད་ཟེར་གྱིས༔ དབང་ཆེན་ལྷ་ཚོགས་འོད་དཔག་མེད་པ་དང༔ གསང་བ་ཡེ་ཤེས་རྗེ་བཙུན་གུ་རུ་རྗེ༔ རྟ་གདོང་ཕྱག་རྒྱའི་ཚུལ་གྱིས་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི༔ ཧྲཱི༔ ཡེ་ནས་བདག་དང་གཉིས་མེད་ཡེ་ཤེས་ལྷ༔ རང་བྱུང་རང་གསལ་ངང་དུ་བརྟན་པར་བཞུགས༔ བདེ་གཤེགས་སྐུ་གསུམ་དོན་གྱི་ལྷ་ཚོགས་ལ༔ སྒོ་གསུམ་འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ མཆོད་པ་ནི༔ ཧྲཱི༔ འཁོར་དང་མྱང་འདས་ཕྱི་ནང་གསང་བ་ཡི༔ ཕྱི་ནང་གསང་མཆོད་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་ཆོས་སོགས་ནམ་མཁའ་གང་བར་སྤྲུལ༔ ཚོགས་དང་སྨན་རཀ་གཏོར་མའི་མཆོད་པ་འབུལ༔ བསྟོད་པ་ནི༔ ཧྲཱི༔ དུས་གསུམ་སངས་རྒྱས་སྐུ་གསུམ་འདུས་པའི་ལྷ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་གར་དགུར་ལྡན༔ སྙན་འཚེར་འུར་ཆོམ་གསེང་བག་གད་རྒྱངས་ཅན༔ ཐུགས་རྗེ་རྒྱུན་མི་ཆད་པའི་ཚོགས་ལ་བསྟོད༔ བཟླས་པ་བྱ་བ་ནི༔ ཐུགས་ཀར་ཉི་ཟླའི་སྟེང་དུ་ཧྲཱིཿཡིག་ལས༔ གསང་སྔགས་སྙིང་པོ་བར་མེད་འདུ་ཞིང་འཕྲོ༔ བདག་གཞན་དོན་བྱས་ཡི་གེ་དྲུག་མ་བཟླ༔ ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ༔ གྲགས་སྟོང་སོ་མ་མ་ཡེངས་བྱེ་བ་བཟླ༔ རྒྱུན་དུ་ཡི་དམ་བྱས་ན་ལྷ་རུ་འགྱུར༔ སྐབས་སུ་སྙིང་པོ་ཧྲཱིཿབཟླས་ཁྱེར་སོ་བྱ༔ རང་ལུས་ལྷ་ལ་སྒྲ་གྲགས་སྔགས་ཀྱི་སྒྲ༔ དྲན་རྟོག་སྐུ་ལྔ་ཏིང་འཛིན་རྒྱ་མཚོར་གསལ༔ དེ་ནས་ཚོགས་མཆོད་ནི༔ ཧྲཱི༔ སྐོང་རྫས་ཚོགས་ཀྱི་མ་དག་བསྲེགས་གཏོར་སྦྱངས༔ ཡི་གེ་གསུམ་གྱིས་བྱིན་རླབས་ཡེ་ཤེས་བསྐྱེད༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་མཆོད་བཤགས་བསྟབ་པ་ནི༔ ཧྲཱི༔ ཡེ་ཤེས་ལྷ་ཚོགས་འདིར་བྱོན་ཚོགས་ལ་རོལ༔ རྩ་གསུམ་རྒྱལ་བས་ཚོགས་ཕུད་ཡར་བཞེས་ཤིག༔ ཟག་མེད་ག་ཎ་ཚོགས་ཀྱིས་བསྐང་ཞིང་བཤགས༔ བག་ཆགས་འཁོར་བའི་དགྲ་བགེགས་ཞལ་དུ་བསྟབ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ རྡོ་རྗེ་སློབ་དཔོན་ལ་དྲང་བ་ནི༔ ཧྲཱི༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་དང་ལྕམ༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན་དུ་བཞེས༔ ལན་འདེབས་པ་ནི༔ ཧྲཱིཿཧོ༔ བདག་དང་དབྱེར་མེད་རྩ་གསུམ་དོན་གྱི་ལྷ༔ ཟག་མེད་བདེ་བའི་ཞལ་ཟས་ཚོགས་སུ་རོལ༔ མ་ནུ་སརྦ་ས་མ་ཡ་བཛྲ་ཙིཏྟ་ཧཱུྃ༔ ཞེས་སྨོན་ལམ་བཏབ༔ དེ་ནས་ལྷག་མ་བྱ་བ་ནི༔ ཨ་ཀཱ་རོ་མུ་ཁཾ་སོགས་ཀྱི་སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ༔ ཧྲཱིཿབྷྱོ༔ རང་ངོ་མ་ཤེས་རྟོག་འཁྱམས་སྒྲིབ་ཅན་ཀུན༔ ཕུད་དང་དཔལ་གྱི་ཕ་འབབ་ལོངས་སྤྱོད་རོལ༔ གསང་སྔགས་བསྟན་དགྲ་ཁ་ཡི་ཟ་སྐལ་གྱིས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵཱ་ཡ་སྭཱ་ཧཱ༔ བསྐུལ་པ་ནི༔ ཧཱུྃ་ཧྲཱི༔ ཐབས་ཤེས་སྒྱུ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དབྱིངས་རིག་ཀ་དག་རིག་པའི་ཐུགས་དམ་བསྐུལ༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་སྒྲོལ༔ མ་རིག་རྣམ་རྟོག་སྐྱེ་མེད་ངང་དུ་ཟློག༔ སྭ་བྷཱ་ཝ་ཕཊ༔ ཆད་མདོ་བརྟན་སྐྱོང་ནི༔ ཧྲཱི༔ ཐོག་མེད་དུས་དང་ད་ལྟ་མ་འོངས་ཚེ༔ སྐུ་གསུམ་བདེ་གཤེགས་སྤྱན་སྔར་རང་མདངས་འཁོར༔ བརྗོད་བྲལ་བློ་འདས་ཆོས་འཁོར་རྟག་བསྐོར་ཚེ༔ རིག་རྩལ་མཁའ་འགྲོ་དམ་ཅན་ཁས་བླངས་བཞིན༔ འཁོར་བ་རུ་ཟློག་ཡེ་ཤེས་དབྱིངས་སྒྲོལ་བའི༔ ཕྲིན་ལས་སྒྲུབ་པའི་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་མ་ཡོ་གི་ནཱི་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི༔ ཧྲཱི༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་མཁའ་དབྱིངས་སུ༔ གཉིས་འཛིན་རྟོག་ཚོགས་མ་ལུས་གནོན་པའི་ཕྱིར༔ ཞི་ཁྲོའི་གར་ནི་འཁོར་འདས་དབྱིངས་སུ་སྒྱུར༔ ཀུན་རྫོབ་འཁྲུལ་པའི་གདོན་ཚོགས་ཐལ་བར་རློག༔ སརྦ་སཏྭམྦྷ་ཡ་ནན༔ བསྔོ་བ་སྨོན་ལམ་ནི༔ ཧྲཱི༔ འདུས་དང་འདུས་བྱས་ཀུན་རྫོབ་དོན་དམ་ཆོས༔ ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་འོ༔ འཁོར་བར་གནས་པའི་མ་གྱུར་སེམས་ཅན་ཀུན༔ མ་ལུས་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག༔ གཤེགས་བསྡུ་ནི༔ ཧྲཱི༔ བདག་དང་དམ་ཚིག་ཡེ་ཤེས་གཉིས་མེད་ལྷ༔ ནམ་ཡང་མི་གཏོང་ཡུན་དུ་བསྟེན་པར་བགྱི༔ ཧྲཱིཿཡིག་ཡེ་ཤེས་ལྔ་ཡི་དོན་ལ་བལྟ༔ སྟོང་གསལ་བརྗོད་བྲལ་རིག་སྐུ་མངོན་སུམ་མཐོང༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ བཀྲ་ཤིས་ནི༔ ཧྲཱི༔ སྐུ་གསུམ་ཡེ་ཤེས་མི་འགྱུར་དོན་གྱི་ལྷ༔ ཞི་དང་ཁྲོ་གར་གསང་སྔགས་རང་སྒྲ་ཅན༔ ཐུགས་རྗེའི་མཁའ་ཁྱབ་ཡེ་ཤེས་དཀྱིལ་འཁོར་གྱིས༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ ཞེས་རྒྱས་པར་འདོད་ན་གཞུང་ལྟར་བྱ༔ དཀྱིལ་འཁོར་བསྡུ་བ་སོགས་ལས་རྗེས་སྤྱི་མཐུན་བྱ༔ ཞེས་རྩ་གསུམ་སྙིང་པོ་གཅིག་དྲིལ་ཡི་གེ་དྲུག་པའི་སྒྲུབ་ཐབས་ལས་བྱང་གི་རིམ་པ་ཨཱརྱ་སཱ་ལེའི་སྐྱེ་བ་བདུན་རྒྱུད་དུ་ཉམས་སུ་བླངས་པའི་རང་ཆོས་འདི་ཡང་མ་འོངས་ཐ་མའི་དུས་དེའི་ཆོས་སྤྱོད་ཀྱི་སྐལ་དུ་སྦས་པའོ༔ ཟབ་རྒྱ༔ །ྀཨཚ།༔ གུ་ཧྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ བདག་རང་གི་ཆོས་སྐལ་ཡིན་འདྲ།། །།

བླ་མའི་ཐུགས་སྒྲུབ་རྩ་བ་ཚིག་བདུན་གྱི་དབང་བསྐུར་བྱ་ཚུལ་པདྨའི་ལྕུག་ཕྲན་ (Volume 11, Text 24)

༄༅། །བླ་མའི་ཐུགས་སྒྲུབ་རྩ་བ་ཚིག་བདུན་གྱི་དབང་བསྐུར་བྱ་ཚུལ་པདྨའི་ལྕུག་ཕྲན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་སཾ་བྷ་བཱ་ཡ། ཚིག་བདུན་རྡོ་རྗེའི་གསུང་གི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བའི་སྐབས་སུ། སོ་སོའི་སྒོས་སྒྲུབ་རྣམས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜལ་མེ་ཏོག་གི་ཚོམ་བུ་ལྷ་མདོག་དང་མཚུངས་པ་གཅིག་བཀོད། དེ་སྟེང་ཁྲིའུའི་ཁར་རྣམ་བུམ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞག །མདུན་དང་གཡས་གཡོན་དུ་སོ་སོའི་སྐུ་ཙཀ །སྔགས་བྱང་དང་ཕྲེང་བ་གཉིས་ཀའམ་དབང་ཕྲེང་། ཤེལ་རྡོ། རྒྱབ་ངོས་སུ་གཏོར་ཆེན་རིན་ཆེན་ཟུར་བརྒྱད་རྒྱན་ལྡན། དབང་གོང་མ་ཡོད་པའི་རིགས་ལ་ཐོད་པའི་བདུད་རྩི་མངར་གསུམ་དང་ཆོས་སྨན་སྦྱར་བ། རིག་མའི་གཟུགས་བརྙན་རྣམས་ཀྱང་བཀོད། མདུན་ངོས་སུ་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱ། དྲིལ་སྒྲུབ་སྐབས་དཀྱིལ་འཁོར་རས་བྲིས་ཡོད་ན་ལེགས་ཤིང་མེད་ན་ཚོམ་བུ་ལྷ་གྲངས་བཀོད་དགོས་པ་ཙམ་ལས་གཞན་འདྲའོ། །དེ་ནས་གསོལ་འདེབས་སྔོན་དུ་འགྲོ་བས། ཕྲིན་ལས་པདྨའི་སྡོང་པོས་གཞུང་བསྲང་། སོ་སོའི་ལྷ་བསྐྱེད་སྒྲུབ་ཐབས་པདྨ་རྒྱས་པ་ལྟར་སྦྱར། སྤྱན་འདྲེན་སྐབས་འདོན་ཐབས་པདྨ་དྲྭ་བ་ལྟར་སོ་སོར་བསྒྱུར། བདག་མདུན་དབྱེར་མེད་དུ་སྒོམ་པས་ཆོག་ཀྱང་རྟོགས་པ་དམན་ན་བཟླས་པའི་སྐབས་ཛཔ྄་ཁང་དབྱེ། དབང་བསྐུར་ཁོ་ནའི་སྐབས་བཟླས་དམིགས་སྤྱི་འགྲོ་ཕྲིན་ལས་དཀྱུས་སུ་བསྟན་པ་དང་། བཟླ་བྱའི་སྙིང་པོ་རྣམས་ཀྱང་རྩ་བསྙེན་ཁོ་ནས་འཐུས། བུམ་པའི་བཟླས་དམིགས་སྤྱི་ལྟར་ཟུར་དུ་བྱ། མཐར་མཆོད་བསྟོད་དང་བུམ་ལྷ་འོད་ཞུ་བྱ། དབང་བསྐུར་མང་དུ་སྦྲེལ་སྐབས་ཕྲིན་ལས་ཀྱི་གྲངས་བཞིན་ཚོགས་མཆོད་གྲུབ་ན་ལེགས་ཀྱང་། མི་འགྲུབ་ན་ཚར་རྗེས་མ་ལ་ཚོགས་ཐ་མའི་བར་དུ་གཏང་། ལས་བུམ་དུ་རྟ་མགྲིན་དང་འཁྱིལ་པ་གང་རུང་གི་བསྐྱེད་བཟླས་སྤྱི་ལྟར་གྱིས་བྱིན་བརླབས། རིག་པའི་མེ་ཏོག་དོར་ནས་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། གྲལ་དུ་འཁོད་ནས་བགེགས་གཏོར་བཏང་ལ་སྲུང་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་ཐབས་མང་དཀའ་བ་མེད་པ་སོགས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལ་གངས་ཅན་བོད་ཀྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པ་ལས་འདིར་ཕྱི་མའི་ཕྱོགས་སུ་གཏོགས་པ་་ལགས། དེ་ལའང་རྩ་གསུམ་ཆོས་སྲུང་དང་བཅས་པའི་རྒྱུད་ལུང་མན་ངག་ཇི་སྙེད་ཅིག་བྱུང་བ་ལས་འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་མན་ངག་ཟབ་མོ་ཡིན་ཏེ། དེའང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་བཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པའི་བདག་ཉིད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད། ནམ་མཁའ་དང་མཉམ་པའི་གདུལ་བྱ་རིས་སུ་མ་ཆད་པ་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་སྐུ་དང་ཞིང་ཁམས་ཕྲིན་ལས་ཀྱི་རོལ་པ་མཐའ་ཡས་པར་སྣང་བར་མཛད་པ་སྟེ། འདི་ཉིད་ཀྱི་གཞུང་ལས། ཆོས་དབྱིངས་བརྗོད་བྲལ་སོགས་སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་ལྟར་ལ། ཀུན་ལས་འདས་པའོ༔ ཞེས་འབྱུང་བ་ལྟར། ཆོས་སྐུའི་ཞིང་ན་པདྨ་ཀུན་ཏུ་འཆང་། ལོངས་སྐུའི་ཞིང་ན་ཨོ་རྒྱན་ཚེ་དཔག་ཏུ་མེད་པ། སྤྲུལ་སྐུའི་ཞིང་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་སྟེ་བླ་མ་སྐུ་གསུམ་དང་། དེ་བཞིན་དུ་ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་བདེ་བ་ཆེན་པོ་དང་བཅས་པའི་སྐུ་བཞི། ཐོད་ཕྲེང་རྩལ་འཆང་རྣམ་པ་ལྔ། འགྲོ་འདུལ་གུ་རུ་རིགས་དྲུག །སངས་རྒྱས་རབས་བདུན་དང་མཚུངས་པའི་གུ་རུ་རབས་བདུན། སྤྲུལ་པའི་མཚན་མཆོག་བརྒྱད། འཕྲུལ་མཚན་ཉི་ཤུ་ཕྲག་གཉིས། མདོ་སྔགས་ཀྱི་སྟོན་པ་ལྔ་བཅུ། མཚན་མཆོག་བརྒྱ་རྩ་བརྒྱད་གཙོ་བོར་གྱུར་པའི་ནམ་མཁའི་རང་བཞིན་གྱི་སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཚད་མེད་པར་བསྒྱུར་བ་དེ་དག་རེ་རེ་ལའང་སྒྲུབ་པའི་ཐབས་དང་བསྐྱེད་རྫོགས་ཀྱི་མན་ངག་ལས་ཀྱི་རིམ་པ་མང་དུ་མཆིས་ཤིང་ཕལ་ཆེར་བོད་ཡུལ་རྗེ་འབངས་རྣམས་ཀྱི་དབང་སྐལ་དུ་བསྩལ་པ་ལས། བླ་སྒྲུབ་དེ་དག་ཐམས་ཅད་ཀྱི་གཞི་དང་རྩ་བའམ་སྙིང་པོར་གྱུར་པ་ནི་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ཡིན་ཏེ། གཞུང་ལས། བདག་ཉིད་པདྨ་སོགས་འདོན་ཐབས་ཀྱི་གཤམ་དུ་ཡོད་པ་ལྟར་ལ། འབྲས་བུར་རྫོགས༔ ཞེས་པའི་བསྟན་དོན་ལྟར་ཡིན་ལ། འདིའི་ཕན་ཡོན་ཡང་། དེ་ལྟར་རྡོ་རྗེའི་སོགས་སྔ་མའི་འཕྲོས་ལྟར། དབྱེར་མེད་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་རྡོ་རྗེའི་ཚིག་གཅིག་ལས་བྱེ་བྲག་དུ་མར་འཕྲོ་བའི་སྒྲུབ་ཐབས་འདིའང་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པའི་ཐུགས་རྗེ་དང་བཀའ་དྲིན་ཚད་མེད་པ་ལ་བསྟེན། སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་བྱིན་རླབས་ཀྱི་ཟེགས་མ་ཙམ་རྒྱུད་ལ་ཞུགས་པའི་མཐུ་ལས་ལེགས་པར་གཏན་ལ་ཕབ་པ་ལགས། སྒྲུབ་ཐབས་འདི་རྣམས་ལ་སྨིན་གྲོལ་གྱི་གདམས་པ་གཉིས་རེར་ཡོད་པ་ལས་ཐོག་མར་བླ་མ་ཆོས་སྐུ་ཀུན་ཏུ་འཆང་གི་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པ་ལ་བདག་ཉིད་ཀྱིས་སོགས་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་ཀུན་བདག་པོ་སོགས་དབང་ཆོག་ལྟར་ཡིན་པ་ཀུན་ལ་འགྲེ །དེ་ལྟར་གསོལ་བ་བཏབ་པ་ལ་དམ་ཚིག་གི་མདོ་འདྲི་ཞིང་གནང་བ་སྦྱིན་པ་ལགས་པས་སྙན་གཏོད་པར་ཞུ། འདིར་ཞུགས་སོགས། ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། མ་ཧཱ་གུ་རུ་སོགས། རྡོ་རྗེའི་ཐ་ཚིག་བསྒྲག་ཅིང་དམ་ཚིག་བདུད་རྩིའི་ཆུ་ནན་བྱིན་པར་མོས་ཤིག །ཇི་སྙེད་སོགས། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་དབྱེར་མེད་པའི་དཀྱིལ་འཁོར་ཁྱབ་བདག་པདྨ་ཀུན་ཏུ་འཆང་། ཕྱོགས་དུས་ཀྱི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་གཞན་འགྲོ་བ་མ་ལུས་པ་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་རྗེས་ཟློས། ན་མོ༔ རིགས་ཀུན་སོགས་ཕྲིན་ལས་ལྟར། ནམ་མཁའ་དང་མཉམ་པའི་མར་གྱུར་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་མ་ཧཱ་གུ་རུའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ཟབ་ལམ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་རྒྱུད་སྨིན་ཅིང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་བསྒོམ་པར་བགྱིའོ་སྙམ་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གཞན་སོགས། གསག་སྦྱང་སྤེལ་གསུམ་གྱི་སྙིང་པོ་བསྡུས་པ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་ཀུན་རྫོབ་དམིགས་པའི་རྣམ་པ་སོ་སོ་སྤྱི་དང་མཐུན་པ་དང་དོན་དམ་རང་བྱུང་རང་གསལ་ཡེ་ཤེས་ཆེན་པོའི་དགོངས་ཀློང་དུ་མཉམ་པར་བཞག་པ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས། ཁྱབ་བདག་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཆེན་པོའི་བྱིན་རླབས་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །རྟོག་ཚོགས་སོགས། བྱིན་དབབ། སུ་པྲ་ཏིཥྛས་རབ་ཏུ་གནས། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བསྟིམས་པས་ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བ་དེ་གནས་གྱུར་ནས་པདྨ་ཀུན་ཏུ་འཆང་གི་སྐུར་གྱུར་པ་ནི། དག་གསལ༴ ཆགས་མེད༴ ཐབས་ཤེས་སོགས་ས་བོན་དོར་བ་འགྲེ །ཆོས་སྐུ་པདྨ་ཀུན་ཏུ་སོགས་སྒྲུབ་ཐབས་ལྟར། ཆེན་པོར་བཞུགས༔ བླ་མའི་ཐུགས་ལས་སོགས་བུམ་དབང་། རྒྱས་གདབ་རྫོགས༔ དེའི་རྗེས་འབྲེལ་དུ་ཁྱད་པར་གྱི་བྱིན་རླབས་བྱ་བ་ལ་སྐུའི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སྐུ་དང་སོགས། ཥིཉྩ་ཨོཾ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་དག །སྣང་སྟོང་ལྷའི་འཁོར་ལོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་དག་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་སྤྱན་དྲངས། སྤྱི་བོ་ནས་རིམ་པར་བབས་པ་དང་ཡབ་ཡུམ་གྱི་བདེ་རྒྱུན་གཅིག་ཏུ་འདྲེས་པ་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྗགས་ཐོག་ཏུ་བྱིན་པའི་མོས་པ་མཛོད། ཨཱ༔ ཐབས་ཤེས་སོགས། ཥིཉྩ་ཨཱ༔ ལྷག་པའི་བྱང་ཆུབ་སེམས་ཀྱིས་ལུས་གང་། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །རྗེས་འབྲེལ་དུ་གསུང་གི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སྔགས་ཕྲེང་ཨཱཿཡིག༴ ཥིཉྩ་ཨཱ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་དང་ལྡན་ཅིང་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་རིག་མ་ཕྱག་ཏུ་བྱིན་པར་མོས་ཤིག །ཧོ༔ རྒྱལ་ཀུན་དམ་ཚག༴ ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་ཕྱག་རྒྱ་མོ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་རིམ་པར་སྐྱེས་པའི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་་་་་ཤེས་ཉམས་སུ་མྱོང་བར་མོས་ཤིག །རྗེས་འབྲེལ་ཐུགས་ཀྱི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཕྱག་མཚན་ཧཱུྃ༴ ཥིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །རིག་སྟོང་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སྔར་དཔེ་ལས་སྐྱེས་པའི་ཕྱག་རྒྱའི་ཡེ་ཤེས་ཀྱིས་མཚོན་བྱེད་དུ་བྱས་ནས་མཚོན་བྱ་ཀ་དག་སྤྲོས་པ་དང་བྲལ་བའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག ཨ་ཧོ༔ སྨྲ་མེད༴ ཨ་ཨ་ཨ༔ སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །རྩལ་སྣང་འགག་མེད་དུ་ཤར་བ་སྤྲུལ་སྐུ་སྟེ་སྐུ་གསུམ་ངོ་བོ་རང་གི་སེམས་ལ་རྫོགས་པ་ངོ་སྤྲད་པས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་མོས་ཤིག །ཧྲཱི༔ ངོ་བོ༴ ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཡེ་ཤེས་ཡོངས་རྫོགས་ཀྱི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བྱིན་རླབས་ཧྲཱིཿཡིག༴ ཥིཉྩ་ཧྲཱི༔ དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་རྣམས་ལེགས་པར་གྲུབ་པ་ལགས། སླར་ཡང་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་རྫོགས་བྱ་བ་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་སྣོད་ཡེ་ཤེས༴ ཥིཉྩ་ཧྲཱི༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། གཏོར་མ་བདུད་རྩིའི་རྒྱུན་དུ་གྱུར་པ་ལྗགས་ལ་མྱངས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །དབང་བསྐུར་དེ་དག་ཐམས་ཅད་ཀྱི་གྲུབ་མཐའ་རང་བྱུང་ཡེ་ཤེས་ཆེན་པོ་ལམ་དུ་ལྷོང་དགོས་པས་ངོ་སྤྲོད་ཟབ་མོས་དགོངས་པའི་གདིང་གདོད་མའི་དབྱིངས་སུ་བསྐྱལ་པ་ལགས་པས་ཚིག་འདིའི་དོན་རྗེས་སུ་རྟོགས་ནས་མཉམ་པར་འཇོག་པར་ཞུ། ཨ༔ ཐོག་མཐའ་མེད་པ༴ ཨ་ཨ་ཨ༔ ཤིས་པ་བརྗོད། དེས་བླ་མ་ཆོས་སྐུ་ཀུན་ཏུ་འཆང་ལ་བསྟེན་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་ནས་གྲོལ་བྱེད་ཀྱི་གདམས་པ་འབོག་པ་ལ། ཁྲིད་ཀྱི་རིམ་པ་སྤྱིར་འཇུག་པའི་སྔོན་འགྲོ་དང་རྗེས་ཀྱི་བྱ་བ། དངོས་གཞི་སོ་སོའི་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རིམ་པར་འབྱུང་བའི་ཐོག་མར་སྤྱི་ལ་གཅེས་པའི་སྔོན་འགྲོ་ནི་རྩ་བའི་གཞུང་ལས་འདི་སྐད་དུ། སྔོན་འགྲོ་བསམ་གཏན་སོགས་འདི་རིགས་ཐམས་ཅད་སྒྲུབ་ཐབས་སུ་གསལ། བརྩོན་འགྲུས་གཅེས༔ ཞེས་འཁོར་བ་ལ་ཞེན་ལོག་དང་སྙིང་ནས་ངེས་པར་འབྱུང་བའི་བློས་བསྐུལ་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལྷག་བསམ་རྣམ་པར་དག་པས་ལམ་གྱི་གཞི་བཟུང་། རྡོ་རྗེ་ཐེག་པའི་ཟབ་ལམ་མཐའ་དག་གི་གནད་དོན་སྙིང་པོར་དྲིལ་བ་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ་ལམ་གྱི་དངོས་གཞི་ལ་འཇུག་པར་བསྟན་པ་ལགས། དངོས་གཞི་ལ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས། དང་པོ་ལའང་བསྐྱེད་བཟླས་ཀྱི་རྣལ་འབྱོར་གཉིས་སུ་ཡོད་པ་ལས། དང་པོ་བསྐྱེད་པ་ལྷའི་རྣལ་འབྱོར་སྒོམ་པའི་ཚུལ་ནི་འདི་ལྟ་སྟེ། དག་གསལ་ཆོས་སོགས་ནས། ཆེན་པོར་བཞུགས༔ ཞེས་འབྱུང་བ་ལྟར་ལགས། གཉིས་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ཡང་། ཏིང་འཛིན་སོགས་ནས་། ཆེན་པོར་སྦ༔ ཞེས་འབྱུང་བ་ལྟར་ངག་དང་ཡིད་ཀྱི་བཟླས་པ་བྱ། གསུམ་པ་རྫོགས་རིམ་ཏིང་ངེ་འཛིན་གྱི་རིམ་པ་ནི། རྫོགས་རིམ་སྒོ་སོགས་་ནས། ཟད་པར་འགྱུར༔ ཞེས་པའི་དོན་རྒྱས་པ་རྫོགས་ཆེན་ཀ་དག་གི་ཁྲིད་གཞུང་རྣམས་སུ་འབྱུང་བ་སྟེ་འདིར་ས་བཅད་ཙམ་དུ་དྲིལ་བར་སྣང་། དེ་ནས་གཉིས་པ་བླ་མ་ལོངས་སྐུ་ཚེ་དཔག་མེད་པ་ལའང་སྨིན་གྲོལ་གཉིས་སུ་ཡོད་པ་ལས་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། མཚམས་སྦྱོར་མདོར་བསྡུས་ཙམ་དང་ཕལ་ཆེར་གཞུང་ཉིད་བཀླགས་པས་འཐུས། སྐུ་གསུམ། སྐུ་བཞི་ལ་གོང་མའི་དབང་གསུམ་སྦྱར། མཚན་བརྒྱད་ལས་ཡོ་ག་གསུམ་དང་བླ་མ་ཡིད་ནོར་ལ་སྦྱར། ཐོར་བུའི་སྐོར་ལས་རྡོ་རྗེ་དྲག་རྩལ་ཕྱིན་སྒྲུབ་ཐབས་ལྔ་ལ་སྦྱར། དེ་རྣམས་ལས་གཞན་པའི་སྒྲུབ་ཐབས་རྣམས་ལ་སྦྱར་མི་དགོས་སོ། །མཐར། དེས་བླ་མ་ལོངས་སྐུ་ཚེ་དཔག་མེད་ལ་བསྟེན་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་ནས་གྲོལ་བྱེད་ཀྱི་གདམས་པ་ལ། བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་གསུམ་ལས། དང་པོ་བསྐྱེད་པ་ལྷའི་རྣལ་འབྱོར་སྒོམ་པའི་ཚུལ་ནི་འདི་ལྟ་སྟེ། ཀུན་ཁྱབ་ཡེ་ཤེས་སོགས་གོང་གིས་འགྲེས་ཆོག །དབང་གི་གྲངས་མང་ཉུང་གང་བྱེད་ཀྱང་གྲུབ་མཚམས་སུ། དམ་ཚིག་ཁས་བླང་། གཏོང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་བྱས་པས་གྲུབ་བོ། །འདི་ལ་སྲུང་མའི་གཏོར་འབུལ་བདེ་ཆེན་རྒྱལ་མོའི་མཆོད་གསོལ་རེ་གལ་ཆེ་ཞིང་ཚོགས་ལས་བྱང་གི་གྲངས་ལྟར་མི་འགྲུབ་ན་དགོང་མོ་དབང་ཇི་ཙམ་གྲུབ་པའི་རྗེས་མ་ཁོ་ནར་ཚོགས་ཚར་གཅིག་བྱས་པས་འཐུས། ཉམས་ལེན་འབྲེལ་འཇོག་ཙམ་འདོད་པ་ལ་དྲིལ་སྒྲུབ་ཀྱི་དབང་དང་དེའི་སྒྲུབ་ཐབས་ཁོ་ནས་ཀྱང་གོ་ཆོད་ལ། དེའི་དབང་བསྐུར་བའི་སྐབས་དཀྱིལ་འཁོར་རས་བྲིས་ཡོད་ན་ལེགས། མེད་ན་ཚོམ་བུ་ལྷ་གྲངས་བཀོད། གཤོམ་གཞན་སྔ་མ་རྣམས་དང་འདྲ། དབང་སྒྲུབ་ལ་ཕྲིན་ལས་དང་དྲིལ་སྒྲུབ་སྤྲད་པས་བསྒྲུབ། དབང་བཤད་སྐབས། སྒྲུབ་ཐབས་འདི་རྣམས་ལ་རིགས་སོ་སོར་སྒྲུབ་པ་དང་སྤྱིར་དྲིལ་ཏེ་སྒྲུབ་པ་གཉིས་སུ་ཡོད་པ་ལས་འདིར་སྤྱི་དྲིལ་བླ་མ་ཡོངས་རྫོགས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་ལ། ཞེས་བརྗོད། གསོལ་གདབ་སྐབས། གུ་རུ་ཆཻགའི། ཞེས་པར། བླ་མ་ཡོངས་རྫོགས་དབང་བསྐུར་སྩོལ༔ ཅེས་དང་། བྱིན་འབེབ་རྗེས་ལྷ་བསྐྱེད་ལ། ཡེ་ཤེས་བསྟིམས་པས་མཁའ་འགྲོའི་སྐུ༔ གནས་འགྱུར་གུ་རུ་ཀུན་འདུས་ཀྱི༔ དཀྱིལ་འཁོར་ཡོངས་རྫོགས་གྱུར་པ་ནི༔ ཡེ་ཤེས་རང་སྣང་ལས་གྲུབ་པ༔ སོགས་ནས། ཕོ་བྲང་དབུས་ཀྱི་པད་ཟླ་ལ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག༔ སོགས་ནས། བརྐྱང་བསྐུམ་གར་གྱི་རོལ་པས་བཞུགས༔ ཞེས་པའི་བར་དཀྱིལ་འཁོར་ཡོངས་རྫོགས་གསལ་གདབ། བླ་མའི་ཐུགས་ལས་འོད་འཕྲོས་པས༔ སོགས་བུམ་དབང་བསྐུར། སྙིང་པོའི་སྔགས་རྣམས་དྲིལ་སྒྲུབ་ལྟར་ཚང་བར་བརྗོད། སྐུ་དབང་སོགས་ལ། ཨོཾ༔ གུ་རུ་ཀུན་འདུས་དཀྱིལ་འཁོར་པའི༔ ཞེས་བསྒྱུར། མཆོག་དབང་གསུམ་ཡང་སྦྱར། གཏོར་དབང་སྐབས། གཏོར་མ་གུ་རུ་ཀུན་འདུས་ཀྱི༔ དཀྱིལ་འཁོར་ཡོངས་རྫོགས་གསལ་བ་ཡི༔ ཞེས་དང་། བསྐུར་ཚིག་ལ། ཆེ་བའི་ཆེ་མཆོག་བླ་མ་ཡོངས་རྫོགས་ལྷ༔ ཞེས་ཁ་བསྒྱུར་དགོས། ལྷ་བསྐྱེད་སྦྱོར་ཚུལ་འདི་བཞིན་སྒེར་སྒྲུབ་སྐབས་འཕྲུལ་མཚན་བཞི་བཅུ། སྟོན་པ་ལྔ་བཅུ། མཚན་བརྒྱའི་སྒྲུབ་ཐབས་རྣམས་ལའང་རིགས་འགྲེ་ཤེས་པར་བྱ། ཆོས་བཀའ་ཆ་ཚང་དོན་དུ་གཉེར་བ་ལ་ཡུམ་བཀའི་དབང་བསྐུར་ཟུར་གསལ་དང་། དེ་མཐར་བདེ་ཆེན་རྒྱལ་མོའི་བཀའ་གཏད་ཀྱང་སྦྲེལ་བས་ཆ་ཚང་བར་འགྱུར་རོ། །ཞེས་པའང་དོན་དུ་གཉེར་བ་རྣམས་ཀྱི་བཞེད་དོན་ལྟར་གདམས་ངག་འབེབ་པ་པོས་ཟིན་ཁྱུག་ཏུ་སྤེལ་བ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་ཧཱུྃ་སྐོར་ལས། སྨིན་བྱེད་དབང་ལྔ་མཐར་ཆགས་སུ་བསྐུར་བའི་ལག་ལེན་ཡེ་ཤེས་རོལ་པའི་ཆུ་རྒྱུན་ (Volume 56, Text 25)

༄༅། །རྫོགས་པ་ཆེན་པོ་ཧཱུྃ་སྐོར་ལས། སྨིན་བྱེད་དབང་ལྔ་མཐར་ཆགས་སུ་བསྐུར་བའི་ལག་ལེན་ཡེ་ཤེས་རོལ་པའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། གྲོལ་བ་དྲུག་ལྡན་བསྟན་པའི་མཆོག །སྟོན་མཛད་གདོད་མའི་མགོན་པོ་དང་། །དབྱེར་མེད་བླ་མར་གུས་བཏུད་ནས། །ཡང་ཟབ་དབང་ལྔ་བཀླག་ཆོག་དགོད། །ཨ་ཏི་རྫོགས་ཆེན་ཐམས་ཅད་ཀྱི་ཡང་རྩེ་ཧཱུྃ་སྐོར་སྙིང་ཐིག་གི་སྨིན་བྱེད་སྐོར་ལ་རྣམ་གྲངས་ལྔར་བཞུགས་པའི། དང་པོ་ཕོ་སྒྲུབ་དང་འབྲེལ་པ་བུམ་པའི་དབང་ལ་གསུམ། ཡོ་བྱད་གཤོམ། དབང་དོན་སྒྲུབ་མཆོད། དབང་བསྐུར་བ་དངོས་སོ། །དང་པོ་ནི། གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་བུའི་སྟེང་མཎྜལ་པདྨ་འདབ་བཞི་འཇའ་རིས་མུ་ཁྱུད་ལྔ་ལྡན་གྱིས་བསྐོར་བའི་དབུས་སུ། བུམ་པ་སོ་ལྔའི་རྫས་དང་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ། པད་འདབ་ཤར་དུ་ཏིང་ཕོར་ཆུས་བཀང་བ། ལྷོར་ས་གྲུ་བཞི། ནུབ་ཏུ་མར་མེ། བྱང་དུ་རླུང་གཡབ་རྣམས་བཞག །དེའི་རྒྱབ་ཕྱོགས་སུ་བླ་མའི་གཏོར་ཆེན། སྨན་རག་གཏོར་གསུམ། མཐའ་སྐོར་དུ་ཕྱི་མཆོད་བསྐོར་བཤམ། གཞན་ཡང་ལས་བུམ་དང་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད། ཚོགས་ཀྱི་ཡོ་བྱད། འོག་ནས་འབྱུང་བའི་སྦྱིན་སྲེག་གི་ཆས་རྣམས་ཀྱང་འདུ་བྱ། མགྱོགས་དབང་ཕྱོགས་སྦྲེལ་སྐབས་འོག་ཏུ་བཤད་པའི་གསང་དབང་གི་དཀྱིལ་འཁོར་དབང་རྫས་གཡས་དང་། ཤེལ་དབང་ཆས་གཡོན། བཞི་པའི་ངོ་སྤྲོད་ཆས་མདུན་དུ་བཤམ་མོ། །དེ་ནས་གཞུང་གི་དངོས་བསྟན་ལྟར་ན་སྦྱིན་སྲེག །སྒོ་ཞུས། སྲུང་བ་ཡན་སོང་ནས་ཕྲིན་ལས་ལ་འཇུག་པར་གསུངས་ཀྱང་འདིར་ད་ལྟའི་ལག་ལེན་དཀྱུས་འགྲེའི་དབང་དུ་བྱས་ཏེ། གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་ནས་བརྩམ། བླ་མའི་ལས་བྱང་བཟླས་པའི་བར་དུ་བཏང་། ཧཱུྃ་བཟླས་ཅི་ནུས་བྱ། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་བྱ། གསུམ་པ་དབང་ལ་སྔོན་འགྲོ་དང་དངོས་གཉིས་ལས། དང་པོ་ནི། ཐོག་མར་སྒོ་དྲུང་དུ་སྦྱིན་སྲེག་བྱ་བར་གསུངས་པ་སྤྲོས་འབྱོར་ཆེ་ན་ལས་སློབ་ཀྱིས་དེ་ལྟར་བྱ་དགོས་པ་གསལ་ཡང་། འདིར་ས་བཅད་ཙམ་དུ། ཞི་བའི་མེ་ཐབ་སྤྱི་འགྲོ་བྲིས་པའི་ཐབ་སྟེགས་དཀར་ཟླུམ་འབྲུ་ཚོམ་དཀར་པོ་གཙོ་འཁོར་ལྔ་བཀོད་པའི་ཁར་བུད་ཤིང་ཟླུམ་པོར་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་སུ། འབུལ་གཏོར་དཀར་ཟླུམ་དང་སྨན་རག །ཆུ་གཉིས་ཉེར་སྤྱོད། གཡས་ཕྱོགས་སུ་བ་ལུ་སོགས་ཀྱི་ཡམ་ཤིང་བདུན་ནམ་ཉེར་གཅིག །མར་ཁུ། ཏིལ་དང་ཡུངས་དཀར་རྣམས་བཀོད། སློབ་མ་རྣམས་སྒོ་དྲུང་དུ་འཁོད། སློབ་དཔོན་གྱིས་རྡོར་དྲིལ་བཟུང་། མཆོད་རྫས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཆུ་བྲན་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འོག་ནས་འབྱུང་བའི་རྫས་སྔགས་རྣམས་ལན་གསུམ་རེ་བརྗོད་པས་བྱིན་བརླབ། མེ་དུ་བ་མེད་པས་གཡས་སྐོར་དུ་སྤར་ལ། ཨཱོྃ་ཨགྣི་ཛྭ་ལ་རཾ། རླུང་གཡབ་ཀྱིས། ཧཱུྃ་བརྗོད་ལ་གཡབ། ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། བླུག་གཟར་གྱིས་མར་ཁུ་བླུགས། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཚད་དང་མཚན་ཉིད་རྫོགས་པའི་ནང་དུ་དམ་ཚིག་གི་མེ་ཕུང་དཀར་གསལ་འབར་བའི་དབུས་སུ། མེ་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་གུ་རུ་ཐོད་ཕྲེང་སྡེ་ལྔ། རྒྱལ་བ་རིགས་ལྔ་ཡུམ་ལྔ། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་རྣམས་རང་རང་གི་འཁོར་དུ་མ་དང་བཅས་ཏེ་བཞུགས་པའི་གནས་གསུམ་ནས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། གཙང་ཞིང་གཙང་མར་སྦྱར་པ་ཡི། །ལྷ་རྫས་མཆོག་གི་མཆོད་རྫས་འདི། །བདག་གིས་གུས་པས་འབུལ་ལགས་ན། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་སྟེར་མཛད་ཡི་དམ་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །རྩ་བ་གསུམ་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་བསྟོད་འབུལ། དགང་བླུག་འབུལ་ལ། ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨཱོྃ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨཱོྃ་དྷུ་མ་གྷ་ཡེ་ན་མ༔ ཨ་ཧ་རི་ནི་ས་ཧྲཱི༔ ཧཱུྃ་ར་ཙ་ཧྲི་ཡ་བཾ༔ ཞེས་པས་གསུམ་མམ་བདུན་འབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། དེ་ནས་བསྲེག་རྫས་རྣམས་ལ་གོང་གི་ལྷ་སྔགས་རྫས་སྔགས་སྦྲེལ་མའམ་མི་ལྕོགས་ན་ལྷ་སྔགས་ཚར་གཅིག་གི་གཤམ་དུ་རྫས་སྔགས་ཉེར་གཅིག་སོགས་གྲངས་དུ་བྱེད་གསོག །དེ་རྗེས་ཕྲིན་ལས་བཅོལ་བ་འགྲེས་ཏེ། ཡམ་ཤིང་། ཨཱོྃ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་འགྲེ། ཏིལ་ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡུངས་དཀར་ཨཱོྃ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། བགེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཡུངས་དཀར་འཐོར་བ་དང་། གོང་ལྟར་དགང་བླུག་འབུལ་ལ་ཕྲིན་ལས་གསོལ། གཏང་རག་མཆོད་བསྟོད་གོང་ལྟར་འབུལ། གཏོར་མ་ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བརླབ། གོང་གི་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། ནོངས་གཤགས་བྱ་ཞིང་ཡིག་བརྒྱ་བརྗོད། ཨཱོྃ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་མོས་ལ་ཐབ་སྒོ་དྲུང་དུ་ཕྱིར་བསྐྱལ། བླ་མ་དང་དཀྱིལ་འཁོར་ལ་ཡོལ་བ་རིམ་པ་གཉིས་བཏང་། འདི་ཕྱིན་གྱི་སྒོ་ཞུས་སྐོར་རྣམས་ལས་སློབ་ཡོད་ན་དེས་རིམ་པར་བྱ། མ་འཛོམ་པའམ་ཕྱི་སྒོ་དང་སློབ་དཔོན་ཁད་ཉེ་ན་བླ་མ་ཉིད་ཀྱིས་ནང་ནས་བརྡ་སྦྱར་ཏེ། དེ་ལ་ཐོག་མར་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཕྱིའི་སྒོ་དྲུང་དུ་འཁོད་དེ་བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ལ་གསོལ་འདེབས་འདི་གསུང་བར་ཞུ། བྱས་ལ་བརྒྱུད་འདེབས་བསྐུལ་ཏེ་འདོན་དུ་གཞུག །དེ་ནས་ཕྱི་སྒོ་སྲུང་བ་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སྒོ་བ་ཆེན་པོ་རྣམས༔ བདག་ཅག་འཁོར་བའི་རྒྱ་མཚོར་ཆུད༔ ཐར་པའི་སྐམ་སར་དྲང་བའི་ཕྱིར༔ སྒོ་བས་སྒོ་ཕྱེས་ནང་གཏང་འཚལ༔ ཞེས་ཞུས་པ་ལ་སྒོ་བས་ལན་བཏབ་པར་མོས་ཤིག །ཧོ༔ ཁྱེད་རྣམས་སུ་ཡིན་ཅི་བྱེད་པ༔ འདི་ན་གསང་སྔགས་གསང་ཆེན་བཞུགས༔ སྐལ་མེད་རྣམས་ནི་ཚིག་པར་བྱེད༔ ལས་ཅན་ཡོད་ན་སྐྱབས་སོང་ཞིག༔ ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ རྣམ་པ་ཀུན་མཁྱེན་སངས་རྒྱས་གཙོ༔ དེས་གསུང་ཞི་བ་དམ་པའི་ཆོས༔ དེ་རྗེས་འཇུག་པའི་དགེ་འདུན་ལ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ། སྒོ་ནང་དུ་བཏང་། ཡོལ་བ་ཕྱི་མར་བཞག །ཕྱི་སྒོ་ཕྱེས་ནས་ནང་དུ་བཏང་སྟེ་སྒོ་བར་པའི་དྲུང་དུ་འཁོད་ནས་སྒོ་སྲུང་ཁྲོ་བོ་ཡབ་ཡུམ་ལ་གསོལ་བ་བཏབ་པར་མོས་པས་འདིའི་རྗེས་ཟློས། ཨེ་མ་ཁྲོ་བོ་ཡབ་ཡུམ་རྣམས༔ བདག་ཅག་སྐལ་ལྡན་བུ་མཆོག་ཡིན༔ ཉོན་མོངས་མེ་ཡིས་ཚིག་པ་ལ༔ ཐུགས་རྗེའི་ཆུ་རྒྱུན་བསིལ་བར་མཛོད༔ ཅེས་ཞུས་པ་ལ་སྒོ་སྲུང་ཁྲོ་བོ་ཆེན་པོས་ལན་སྦྱིན་པར་མོས་ཤིག །ཧོ༔ ཁྱེད་ཅག་ལས་ཅན་བུ་ཡིན་ན༔ གསང་སྔགས་གྲལ་ལ་ཚུད་དགོས་པས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྐྱབས་སོང་ཁྲུས་གྱིས་ནང་དུ་ཤོག༔ སྐལ་མེད་ཡོད་ན་ཕྱིར་དེངས་ཤིག༔ རྡོ་རྗེ་སེམས་དཔའི་ཁྲུས་ཆབ་ཀྱིས་བཀྲུས་པས་སྒོ་གསུམ་གྱི་དྲི་མ་མཐའ་དག་བཀྲུས་པར་མོས། ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མི་ཕྱེད་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས། ཤེས་རབ་གསུམ་ལྡན་བླ་མ་རྗེ༔ ཡེ་ཤེས་ལྔ་ལྡན་ཡི་དམ་ལྷ༔ མཚན་ཉིད་ལྔ་ལྡན་མཁའ་འགྲོའི་ཚོགས༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ལ་ཡོལ་བ་ནང་མའི་རྩར་བཞག །བར་སྒོ་ཕྱེས་ནས་ནང་དུ་བཏང་སྟེ་སྒོ་ནང་མའི་རྩ་ལ་འཁོད་པས་སྒོ་སྲུང་ལྷ་མོ་བཞི་ལ་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས། ཨེ་མ་སྒོ་མ་ཆེན་མོ་རྣམས༔ བདག་ཅག་རིགས་ཀྱི་སྲས་མཆོག་ཡིན༔ བླ་མ་ཀུན་བཟང་ཞལ་བསྟན་འཚལ༔ ཉོན་མོངས་སྡིག་སྒྲིབ་སྦྱང་བར་མཛོད༔ ཅེས་ཞུས་པ་ལ་སྒོ་མ་རྣམས་ཀྱིས་ལན་བསྩལ་བར་མོས་ཤིག །ཧཱུྃ༔ བླ་མ་ཀུན་བཟང་བལྟ་འདོད་ན༔ ཉོན་མོངས་ཤེས་བྱའི་སྒྲིབ་པ་སྦྱོངས༔ སྡིག་ཅན་རྣམས་ཀྱིས་མཐོང་མི་འགྱུར༔ ཐོག་མེད་ནས་བསགས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་རྩ་གསུམ་ཀུན་འདུས་བླ་མའི་སྤྱན་སྔར་བཤགས་པའི་བློས་འདིའི་རྗེས་ཟློས། ཐོག་མེད་དུས་ནས་ད་ལ་ཐུག་གི་བར༔ སྒོ་གསུམ་སྡིག་པའི་བྱ་བ་ཅི་བསགས་དང༔ རྩ་གསུམ་དམ་ཚིག་ཉམས་དང་གཟུང་འཛིན་འཐས༔ རང་ངོ་མ་ཤེས་བླ་མའི་སྤྱན་སྔར་བཤགས༔ ཞེས་དང་ཡིག་བརྒྱ་ལན་གསུམ་བཟླ་བར་གཞུག །གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་མཉམ་ཉིད་ལྟ་བ་མཇལ་བའི་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས། དག་པ་གཉིས་ལྡན་ཆོས་ཀྱི་སྐུ༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ མ་ངེས་སྟོན་མཛད་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ལ་ཡོལ་བ་བསལ། ལས་ཀྱི་རྡོ་རྗེས་སྣ་ཁྲིད་དེ་བླ་མ་དང་དཀྱིལ་འཁོར་པ་ལ་བསྐོར་བ་ལན་གསུམ་བྱས་ཤིང་ཕྱག་དགུ་ཕྲུགས་སུ་འཚལ་ནས་མདུན་དུ་འཁོད་དེ། རང་རང་གི་ལུས་ལོངས་སྤྱོད་རྒྱུར་བྱས་པ་ལས་བྱུང་བའི་སྟོང་གསུམ་འཇིག་རྟེན་རི་རབ་གླིང་བཞི་ལྷ་མིའི་དཔལ་འབྱོར་ཅི་མཆིས་པ་ཐམས་ཅད་བློ་ཡིས་བླངས་ཏེ་འབུལ་བའི་མོས་པས་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ཏེ་མཎྜལ་འབུལ་གཞུག །ལས་བྱང་ལྟར་བགེགས་གཏོར་བྱིན་བརླབ། སྔགས་དང་ཚིགས་གཅད་ཀྱིས་བསྔོ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྩ་གསུམ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་སྨིན་བྱེད་ཁྱད་པར་ཅན་གྱི་ཆོ་ག་བསྒྲུབ་པ་ལ་བལྟ་བར་མི་དབང་བའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་རྡོ་རྗེ་ཁྲོ་བོ་དང་མཚོན་ཆའི་ཆར་ཆེན་པོས་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །ཨཱོྃ་སུམྦྷ་ནི་སོགས་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་བདུག་ལ་བསྐྲད། དེ་ནས་བར་ཆད་མི་འཇུག་པའི་སྲུང་འཁོར་བསྒོམ་པ་ནི། འོ་སྙིགས་མ་ལྔ་བདོ་བའི་དུས་སུ༔ ཆོས་ཉམས་སུ་ལེན་པ་ལ་བར་ཆད་མང་བ་ཡང༔ སྡུད་པ་ལས༔ རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༔ ཞེས་གསུངས་ཏེ༔ བར་ཆད་བསྲུང་དགོས་པས༔ རང་རེའི་གནས་ཁང་གི་སྟེང་དུ་ཧཱུྃ་ལས་རྡོ་རྗེའི་བླ་བྲེ༔ འོག་ཏུ་ཧཱུྃ་ལས་རྡོ་རྗེའི་ས་གཞི༔ བར་དུ་ཧཱུྃ་ལས་རྡོ་རྗེའི་རྩིག་པ༔ ཕྱོགས་མཚམས་ནས་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ནས་བར་ཆད་སྲུང་བ༔ དེའི་ཕྱིར་ཡེ་ཤེས་ཀྱི་མེ་ལྔ་འབར་བས་དུག་ལྔ་གདོན་བགེགས་བསྲེགས་ཤིང༔ རྒྱ་མཚོའི་ཕྱི་རོལ་དུ་དེངས་པར་བསམ༔ ནང་དུ་རང་གི་ལུས་འདི་ཧཱུྃ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེར་གྱུར་པར་སྒོམས་ཤིག༔ བྱས་ལ་ཧཱུྃ་ཅི་མང་བགྲང་། ཚོན་སྐུད་སྣ་ལྔ་ལ་རྡོ་རྗེའི་མདུད་པ་བཏབ། ཧཱུྃ་གིས་བསྔགས་པ་སྐེ་ལ་གདགས། དེ་ལྟར་ཡང་རྡོ་རྗེ་རྩ་འབྲས་ལས༔ ཧཱུྃ་གིས་ལུས་བསྲུང་བར་ཆད་བགེགས་རྣམས་བསྐྲད༔ ཅེས་གསུངས་པའི་དོན་ལགས་ཏེ་དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་པ་ལགས་སོ། །ཞེས་བརྗོད་ལ་སློབ་མ་རང་གནས་སུ་གཏང་། ࿊ དེ་ནས་གཞུང་དོན་ལྟར་དབང་རྣམས་རྩ་གསུམ་སོ་སོར་སྦྲེལ་ན་འདིར་བླ་མའི་བསྐྱེད་བཟླས་སླར་བསྐྱར་བའམ་ཚོགས་མཆོད་སྐོང་བཤགས་བཅས་ བཏང་ལ། བུམ་དབང་བསྐུར། ལྷག་ཆོག་སོགས་རྗེས་རིམ་བྱ། དེས་འགྲེས་ཏེ་ཡི་དམ་གྱི་ཕྲིན་ལས་བཏང་། གསང་དབང་བསྐུར། མཁའ་འགྲོའི་ཕྲིན་ལས་བཏང་། ཤེར་དབང་བསྐུར། དབང་བཞི་པ་སོགས་སྒེར་ཐུབ་བམ་གསུམ་པའི་གཤམ་དུ་སྦྲེལ་ཡང་ཆོག་ལ་དེ་དག་གི་རྗེས་རིམ་ཡང་སོ་སོར་བྱ། ࿊ འདིར་མགྱོགས་དབང་ཕྱོགས་སྦྲེལ་གྱི་ལུགས་སུ་བྱེད་ན་གོང་གི་དབང་གི་སྔོན་འགྲོ་གྲུབ་པ་དང་། མཆོད་ཁ་གསོ། མཆོད་པ་བྱིན་རླབས་ནས་ཡི་དམ་ཞི་ཁྲོའི་ཕྲིན་ལས་བཟླས་པའི་བར་བཏང་། སླར་མཆོད་ཁ་གསོས་ལ་བྱིན་བརླབ། མཁའ་འགྲོའི་ཕྲིན་ལས་བཟླས་པ་བཅས་གྲུབ་པ་དང་། སྲུང་མའི་གཏོར་འབུལ་ཚོགས་མཆོད་སྐོང་བཤགས་རྣམས་བཏང་། རིག་པའི་མེ་ཏོག་དོར་བའམ་གཉིས་མེད་ཀྱི་དགོངས་པ་གསལ་བཏབ་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ་སྔོན་འགྲོ་གྲུབ་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། ལས་བྱང་ལྟར་མཚམས་གཅད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀུན་བཟང་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ཡང་རྩེ་བླ་ན་མེད་པ་རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་གསན་ལ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ལ་གསན་པར་ཞུ། དེའང་གསན་བྱ་དམ་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དཔག་གིས་མི་ལངས་པ་མཆིས་པ་ལས། འདིར་རྒྱུད་ཐམས་ཅད་ཀྱི་སྙིང་པོ། མན་ངག་ཐམས་ཅད་ཀྱི་རྩ་བ། གསང་སྔགས་ཀུན་གྱི་མཛོད་ཕུགས། ཨོ་རྒྱན་རིན་པོ་ཆེའི་ཐུགས་བཅུད། མཁའ་འགྲོ་ཀུན་གྱི་སྙིང་ཁྲག །ཐེག་པ་ཀུན་གྱི་ཡང་རྩེ། ཟབ་པའི་ཡང་ཟབ། སྙིང་པོ་བླ་ན་མེད་པ་ཧཱུྃ་གི་ཆོས། ངོ་སྤྲད་པ་ཙམ་གྱིས་འཚང་རྒྱ་བར་བྱེད་པ་འདི་ཉིད། འོག་མིན་ཆོས་དབྱིངས་བརྡལ་བ་ཆེན་པོར་དཔལ་ཀུན་ཏུ་བཟང་པོས་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་རྒྱལ་བ་དགོངས་པས་བརྒྱུད། དེ་ཉིད་ཀྱིས་ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ་བརྡའ་ཐབས་རིག་པའི་རྩལ་དུ་བསྟན། གུ་རུ་རིན་པོ་ཆེས་སར་གནས་སེམས་དཔའ་ལོ་ཆེན་བཻ་རོ་ཙ་ན་ལ་ཨོ་རྒྱན་བདེ་བྱེད་འཇའ་འོད་ཀྱི་གུར་ཕུབ་ཏུ་ཆོས་ཐམས་ཅད་རང་རིག་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་ནས་བཤད། སྤྲུལ་པའི་ལོ་ཙཱ་བ་ཆེན་པོས་གདམས་ངག་ཡང་ཟབ་ཀྱི་ཆོས་རྣམས་ཧཱུྃ་སྐོར་ལྔ་རུ་དྲིལ་ཏེ་ཧཱུྃ་ཆོས་རིན་པོ་ཆེའི་རྒྱུད། རྡོ་རྗེ་ཡང་ཐོག་གི་རྒྱུད། སྐུ་གསུང་ཐུགས་རྡོ་རྗེ་རྩ་བའི་རྒྱུད། རྡོ་རྗེ་རྩ་འབྲས་ཀྱི་རྒྱུད། རྒྱུད་གསུམ་འདུས་པ་སྙིང་པོ་རིན་ཆེན་ཀུན་འདུས་ཀྱི་རྒྱུད་ལྔ། སོ་སོའི་གདམས་ངག་ཟབ་མོ་ཁ་ཚང་དོན་འདྲིལ་གནད་ཏིག་ཏུ་བསྡེབས་ཏེ། མ་འོངས་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང་སྙིང་རུས་ཞན་པ་རྣམས་ལ་ཕན་གདགས་པར་དགོངས་ནས་སྒྲགས་ཡང་རྫོང་ཤེལ་གྱི་ཕུག་པའི་གཟིམ་ཆུང་དཀྱིལ་འཁོར་འོག་ཏུ་སྦས་པ། ཕྱིས་ལོ་ཙཱ་བ་ཆེན་པོ་ཉིད་བསམ་བཞིན་སྲིད་པ་བཟུང་བ་སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པས་སྤྱན་དྲངས་ཏེ་བརྒྱུད་པ་མང་པོའི་བར་དུ་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། འོན་ཀྱང་ཕྱིས་དུས་ཆོས་རྒྱུན་ཆད་ནས་རིང་ཞིག་འདས་པ་ན། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་གསར་རྙིང་བསྟན་པའི་མེ་རོ་སློང་བའི་ཐུགས་བསྐྱེད་སྨོན་ལམ་གྱི་དུས་སུ་སོན་པས་ངོ་མཚར་བཀའ་བབ་བདུན་གྱི་མངའ་བདག་ཏུ་གྱུར་པ། ༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཡེ་ཤེས་རྣམ་པར་རོལ་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཅིར་ཡང་སྟོན་པར་མཛད་པ་ལས། སྔོན་གྱི་དུས་གཏེར་ཆེན་རྡོ་རྗེ་གླིང་པའི་ཐུགས་ཟིན་གྱི་གཟུངས་མ་ཞིང་སྐྱེས་ཌཱ་ཀིའི་རྣམ་པར་བསྟན་པའི་རྒྱུ་དང་རྟེན་འབྲེལ་ཡུལ་གྱི་ཉེ་བར་ལེན་པའི་རྐྱེན་ཚོགས་པ་ལ་བརྟེན་ནས། གཏེར་ཆེན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་ཡང་ནས་ཡང་དུ་བྱིན་གྱིས་བརླབས་ཤིང་གདམས་པ་དང་རྗེས་སུ་བསྟན་པ་ཐུན་མོང་མ་ཡིན་པ་བསྩལ་པས་གོ་ཕྱེས་ཏེ། དེ་ཉིད་ཀྱི་གཏེར་ཆོས་མཐའ་དག་གི་སྨིན་གྲོལ་ཉེ་བརྒྱུད་ཁྱད་པར་ཅན་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སྤྱད་པར་གྱུར་པའི་ནང་ཚན། སྙིང་ཐིག་བཅུ་གསུམ་གྱི་རྩེ་མོ། ཧཱུྃ་སྐོར་ལྔའི་ཡང་ཟབ། སྙིང་པོ་རིན་ཆེན་ཀུན་འདུས་ཀྱི་རྒྱུད་དང་འབྲེལ་བའི་སྙིང་ཏིག །ལོ་གཅིག་གིས་གདོས་བཅས་འོད་ལུས་སུ་སྒྲུབ་པའི་ཟབ་ཆོས་འདི་ལ་སྨིན་བྱེད་དབང་དང་གྲོལ་བྱེད་གདམས་ངག་གཉིས་སུ་བཞུགས་པ་ལས། འདིར་སྨིན་བྱེད་ཀྱི་དབང་སྐུར་བ་ཡིན། དེ་ལའང་རྣམ་གྲངས་ལྔ་རུ་མཆིས་པའི་དང་པོ་ཕོ་སྒྲུབ་བླ་མ་དང་འབྲེལ་པ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ལ་སྔོན་འགྲོའི་རིམ་པ་རྣམས་གྲུབ། དངོས་བཞིའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་སྤྲུལ་པའི་སྐུ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྨིན་པར་བྱེད་པའི་དབང་བསྐུར་གྱིས༔ ལུས་ཉིད་སྤྲུལ་པའི་སྐུར་གྲོལ་ཞུ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཧོ༔ བུམ་དབང་བསྐུར་བར་ངས་བྱ་ཡི༔ འཁོར་འདས་རུ་ཤན་དབྱེ་ནུས་སམ༔ བླ་མ་གཙུག་ཏུ་ཁུར་ནུས་སམ༔ ཞེས་དྲིས་པའི་ལན་དུ། དེ་ལྟར་ནུས་ལགས༔ ཞེས་བརྗོད་ཅིག །ཅེས་དྲི་ལན་ཚར་གསུམ་བྱ། རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྤྱི་དཔལ་རང་རིག་སྐྱེ་མེད་དོན་གྱི་བླ་མ་ལ་ཞེན་པ་མེད་པའི་ཡིད་ཀྱིས་འཛིན་པ་མེད་པར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ སྐྱེ་མེད་དོན་གྱི་སོགས་ལས་བྱང་ལྟར་ལན་གསུམ། དུག་ལྔའི་རྟོག་ཚོགས་ཐམས་ཅད་གདོད་ནས་ཡེ་ཤེས་ལྔ་དང་སྐུ་ལྔའི་རང་བཞིན་དུ་བཞུགས་པ་ཉིད་མ་སྤངས་རང་གྲོལ་རང་ངོ་ཤེས་པས་གཤིས་ལུགས་སྐུ་གསུམ་དབྱིངས་སུ་ལ་ཟློ་བར་སེམས་བསྐྱེད་པ་འདིའི་རྗེས་ཟློས། རང་གནས་དུག་ལྔའི་སོགས་གསུམ། དམ་ཚིག་བསྒྲག་པ་ནི་རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་ཡིན༔ ལུས་ཀྱི་དམ་ཚིག་མ་བསྲུང་ན༔ ལུས་ཀྱི་སྡུག་བསྔལ་མནར་མེད་མྱོང༔ བསྲུངས་ན་རྒྱལ་བའི་སྐུར་གྲོལ་འགྱུར༔ དེས་ན་དམ་ཚིག་འདི་སྲུངས་ཤིག༔ བཛྲོ་ད་ཀ་ཋ་ཧཱུྃ༔ དེ་ནས་དབང་གི་རྩ་བ་ཡེ་ཤེས་པའི་བྱིན་རླབས་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་ནམ་མཁའ་ལ་འཇའ་ཤར་བ་ལྟར༔ གུ་རུ་དྲག་པོ་སོགས་ལས་བྱང་ལྟར་མངོན་རྟོགས་དང་སྤྱན་དྲང་བའི་དམིགས་པ་ཕོག་དབྱངས་རོལ་སྤོས་དུད་བཅས་སྤྱན་འདྲེན་དང་ཧཱུྃ་རིང་ཐུང་མང་དུ་བརྗོད་ལ་བྱིན་དབབ་ཅིང་དམ་ཡེ་བསྲེ། དེ་ནས་དབང་བསྐུར་བ་ནི། ཤར་གྱི་ཆུ་ཐོགས་ལ། ཆུ་འདི་ཉིད་བླ་མའི་ཁྲག་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་པས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ཁྲག་གི་ཁམས་གནས་གྱུར། རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གྱུར་པར་སྒོམས་ཤིག །ཧཱུྃ༔ རྣམ་ཤེས་དག་པ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྲག་གི་རང་བཞིན་ཌཱ་ཀི་མ༔ འབྱུང་བ་ཆུ་ཡི་དབང་བསྐུར་པས༔ ཁྲག་སྤྲུལ་པའི་སྐུ་རུ་གྲོལ་བར་ཤོག༔ བཛྲ་ཐོད་ཕྲེང་རྩལ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱོྃ༔ ཆུ་མགོར་བཞག །ཧོ༔ བུ་ཁྱོད་ཀྱི་སྔོན་ཆད་ལུས་ཀྱི་ཁྲག་གདོས་པ་ཅན་དུ་ཡོད་པ༔ ད་ཁྲག་རྡོ་རྗེ་ཐོད་ཕྲེང་རྩལ་དུ་ཡོད་པས༔ འབྱུང་བ་ཆུ་ལ་དབང་བའི་དབང་ཐོབ༔ ཆུ་ལ་མི་བྱིང་བར་གྱུར་པ་ཚད་ཡིན་ནོ༔ ཞེས་རྟོགས་པ་བརྗོད། ལྷོའི་ས་ཐོགས་ལ། ས་འདི་ཉིད་བླ་མའི་ཤ་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་པས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ཤའི་ཁམས་གནས་གྱུར། རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གྱུར་པར་མོས་ཤིག །ཧཱུྃ༔ ཚོར་བ་དག་པ་རཏྣ་ཐོད་ཕྲེང་རྩལ༔ ཤ་ཡི་རང་བཞིན་ཌཱ་ཀི་མ༔ འབྱུང་བ་ས་ཡི་དབང་བསྐུར་པས༔ ཤ་སྤྲུལ་པའི་སྐུ་རུ་གྲོལ་བར་ཤོག༔ རཏྣ་ཐོད་ཕྲེང་རྩལ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱ༔ ས་མགོར་བཞག །ཧོ༔ བུ་ཁྱོད་ཀྱི་སྔོན་ཆད་ལུས་ཀྱི་ཤ་གདོས་པ་ཅན་དུ་ཡོད་པ༔ ད་ཤ་རིན་ཆེན་ཐོད་ཕྲེང་ཡབ་ཡུམ་དུ་ཡོད་པས༔ འབྱུང་བ་ས་ལ་དབང་བའི་དབང་ཐོབ༔ ས་ལ་འཛུལ་ནུས་པ་ཚད་ཡིན་ནོ༔ ནུབ་ཀྱི་མར་མེ་ཐོགས་ལ། མེ་འདི་ཉིད་བླ་མའི་དྲོད་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་པས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་དྲོད་ཀྱི་ཁམས་གནས་གྱུར། པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གྱུར་པར་སྒོམས་ཤིག །ཧཱུྃ༔ འདུ་ཤེས་དག་པ་པདྨ་ཐོད་ཕྲེང་རྩལ༔ དྲོད་ཀྱི་རང་བཞིན་ཌཱ་ཀི་མ༔ འབྱུང་བ་མེ་ཡི་དབང་བསྐུར་པས༔ དྲོད་སྤྲུལ་པའི་སྐུ་རུ་གྲོལ་བར་ཤོག༔ པདྨ་ཐོད་ཕྲེང་རྩལ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ མེ་མགོར་བཞག་ལ། ཧོ༔ བུ་ཁྱོད་ཀྱི་སྔོན་ཆད་ལུས་ཀྱི་དྲོད་གདོས་པ་ཅན་དུ་ཡོད་པ༔ ད་དྲོད་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་ཡོད་པས༔ འབྱུང་བ་མེ་ལ་དབང་བའི་དབང་ཐོབ༔ མེས་མི་ཚིག་པ་ཚད་ཡིན་ནོ༔ བྱང་གི་རླུང་གཡབ་ཐོགས་ལ། རླུང་འདི་ཉིད་བླ་མའི་དབུགས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་པས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་དབུགས་ཀྱི་ཁམས་གནས་གྱུར། ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གྱུར་པར་སྒོམས་ཤིག །ཧཱུྃ༔ འདུ་བྱེད་དག་པ་ཀརྨ་ཐོད་ཕྲེང་རྩལ༔ དབུགས་ཀྱི་རང་བཞིན་ཌཱ་ཀི་མ༔ འབྱུང་བ་རླུང་གི་དབང་བསྐུར་པས༔ དབུགས་སྤྲུལ་པའི་སྐུ་རུ་གྲོལ་བར་ཤོག༔ ཀརྨ་ཐོད་ཕྲེང་རྩལ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱོྃ༔ རླུང་གཡབ་ཅིང་མགོར་བཞག །ཧོ༔ བུ་ཁྱོད་ཀྱི་དབུགས་སྔོན་ཆད་གདོས་པ་ཅན་དུ་ཡོད་པ༔ ད་དབུགས་ཀརྨ་ཐོད་ཕྲེང་རྩལ་དུ་ཡོད་པས༔ འབྱུང་བ་རླུང་ལ་དབང་བའི་དབང་ཐོབ༔ རླུང་ལྟར་མགྱོགས་ཤིང་འཕུར་ནུས་པ་ཚད་ཡིན་ནོ༔ དབུས་ཀྱི་བུམ་པ་ཐོགས་ལ། བུམ་པ་འདི་ཉིད་བླ་མའི་ངོ་བོ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་པས་སྐུ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ཕྱི་ནང་གསང་གསུམ་སེམས་དང་བཅས་པའི་སྡིག་སྒྲིབ་དག །གུ་རུ་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུར་གྱུར་པར་མོས་ཤིག །ཧཱུྃ༔ བུམ་པ་སྣོད་ཀྱི་རང་བཞིན་གཞལ་ཡས་ཁང༔ བུམ་ཆུ་བཅུད་ཀྱི་སེམས་ཅན་ལྷ་ཡི་ཚོགས༔ གུ་རུ་སྤྲུལ་སྐུ་སངས་རྒྱས་ཡབ་ཡུམ་བཞུགས༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ལུས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ༔ ལུས་སྤྲུལ་པའི་སྐུ་ཡིས་དོན་བྱེད་ཤོག༔ ཨཱོྃ་གུ་རུ་བྷུདྡྷ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ བུམ་པ་མགོར་བཞག་བུམ་ཆུ་འཐོར་འཐུང་བྱ། འོ༔ སྔར་སྣོད་ཀྱི་འཇིག་རྟེན་འབྱུང་བཞི་གདོས་བཅས་སུ་འཛིན་པ་དག་ནས༔ གཞལ་ཡས་ཁང་དུ་ཡོད་པ་ཡིན་ནོ༔ ནང་བཅུད་ཀྱི་འགྲོ་བ་རིགས་དྲུག་ཏུ་འཛིན་པ་དག་ནས་ལྷ་དང་ལྷ་མོར་ཡོད་པ་ཡིན་ནོ༔ རང་གི་ལུས་འདི་ཡང་བླ་མ་རིགས་ལྔར་ཡོད་པ་ཡིན་པས༔ ལུས་ཀྱི་སྒྲིབ་པ་དག༔ ལྷ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་པ་ཡིན་པས་སྤྲོ་བར་སོམས་ཤིག༔ ཅེས་རྟོགས་པ་བརྗོད། དེ་ལྟར་སྤྲོས་བཅས་བུམ་པའི་དབང་བསྐུར་ལེགས་པར་ཐོབ་པ། དེ་ཉིད་ཀྱི་རྒྱུན་བརྟན་པར་བྱེད་པ་ལ་ལུས་ཀྱི་དམ་ཚིག་བསྲུང་དགོས་པས༔ སྐུའི་དམ་ཚིག་ཏུ་སྤྱིར་ལུས་འབྱུང་བ་བཞི༔ སྒོས་ཕ་མ་མཁན་སློབ༔ ཡང་སྒོས་བླ་མ༔ བདེ་བར་གཤེགས་པའི་སྐུའི་རིགས་ཐམས་ཅད་ལ་ཕྱག་འཚལ༔ གསོལ་བ་གདབ༔ ལོག་ལྟ་སྐད་ཅིག་ཀྱང་མི་བྱ༔ རང་གི་ལུས་ལའང་ཞབས་ཏོག་ཅི་ཆེར་བྱའོ༔ ཁྱད་པར་སྲོག་མི་གཅོད༔ འཆི་བ་བསླུ༔ མ་བྱིན་པར་མི་ལེན༔ མི་ཚངས་པར་མི་སྤྱོད༔ ཚུལ་ཁྲིམས་སྲུང་ངོ༔ འདི་རྣམས་མ་བསྲུང་བའི་སྐྱོན་ནི༔ བུམ་དབང་བསྐུར་ཀྱང་མི་ཐོབ་པའི་སྟེང་དུ༔ དམ་ཚིག་ཉམས་པས་མནར་མེད་པའི་དམྱལ་བར་སྐྱེ༔ སྲོག་བཅད་པས་དམྱལ་བ༔ མི་ཚངས་པར་སྤྱད་པས་བྱོལ་སོང༔ མ་བྱིན་པར་བླངས་པས་ཡི་དྭགས་སུ་སྐྱེ་སྟེ༔ ཐར་པའི་དུས་མེད་དོ༔ བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་ཚེ་རིང༔ ནད་མེད༔ ལོངས་སྤྱོད་འཕེལ༔ གཟུགས་མཛེས༔ མཐར་ཐུག་བདེ་བར་གཤེགས་པའི་སྐུ་དང་གཉིས་སུ་མེད་པར་སྤྲུལ་པའི་སྐུར་སངས་རྒྱ་འོ༔ དེ་རྣམས་ཐོབ་པས་དབང་ཐོབ་པ་ཡིན་ནོ༔ ཇི་ལྟར་བཀའ་བསྩལ་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། བུམ་དབང་ཐོབ་པའི་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་མཛོད། ཅེས་མཎྜལ་འབུལ་གཞུག །འདི་ཉིད་སྒེར་དབང་སྐབས་ལུས་འབུལ་སོགས་སྤྱི་ལྟར་དང་། ཚོགས་ལ་རོལ་ཅིང་ལྷག་མ་གཏོང་བ་ཕྱིན་ལས་བྱང་གི་རྗེས་རིམ་ཚང་བར་བྱ། དབང་རྣམས་སྦྲེལ་སྐབས་གཏང་རག་མཎྜལ་རྗེས་གསང་དབང་ལ་འཇུག་པ་འོག་མ་རྣམས་ལའང་འགྲེ་འོ།། །། ༄༅། །གཉིས་པ་ཟུང་འཇུག་དང་འབྲེལ་བ་གསང་དབང་ལ་གསུམ། ཡོ་བྱད་གཤོམ། དབང་དོན་སྒྲུབ་མཆོད། དབང་བསྐུར་དངོས་སོ། །དང་པོ་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་སམ། ཕྱོགས་མདོག་གི་ཐིག་ལེ་ལྔ་ཚོམ་རེ་རེ་བཞིན་འཇའ་རིས་ཀྱི་མུ་ཁྱུད་ལྔ་དང་མཐའ་སྐོར་འཇའ་རིས་སྣ་ལྔས་སྐོར་བའི་དབུས་སུ། བུམ་པ་སོ་ལྔ་དང་སྦྲང་ཆང་གི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དཀར་པོས་སྤྲས་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན་འབར་བ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་དང་། རིགས་ལྔ་ཡབ་ཡུམ་གྱི་ཙཀླི། བགྲང་ཕྲེང་། དབྱངས་གསལ་དང་། འཁོར་བ་དོང་སྤྲུགས་ཀྱི་སྔགས་བྱང་རྣམས་བཞག །རྒྱབ་ཕྱོགས་སུ་ཡི་དམ་གྱི་གཏོར་ཆེན། སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཕྱི་མཆོད་བསྐོར་བཤམ་བྱ། ཕྲིན་ལས་ལ་མཁོ་བའི་ཚོགས་གཏོར་སོགས་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། འདི་ཉིད་སྒེར་དབང་སྐབས་སུ་ཡི་དམ་གྱི་ཕྲིན་ལས་གཏང་། དབང་སྦྲེལ་སྐབས་གོང་དུ་སོང་བས་མི་དགོས། གསུམ་པ་དབང་ལ་གསུམ། སྔོན་དངོས་རྗེས་སོ།། དང་པོ་ནི། བླ་མ་དང་དཀྱིལ་འཁོར་ལ་ཡོལ་བ་བཏང་། གཉིས་པ་ཟུང་འཇུག་ཡི་དམ་དང་འབྲེལ་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྔོན་ཆད་གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཐོགས་པར་མོས། ཞེས་དེ་དག་སོ་སོར་སྦྱིན། ཁྱེད་རང་རྣམས་དཀྱིལ་འཁོར་གཉན་པོའི་སྒོ་དྲུང་དུ་འཁོད་པར་མོས་ལ། གསོལ་བ་འདེབས་པའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ ཁྱོད་ནི་སྐུ་ལྔའི་བདག་ཉིད་ཡིན༔ བདག་ཅག་ཉོན་མོངས་འཁོར་བར་འཁྱམས༔ སྔགས་ལུང་ལོངས་སྐུའི་དབང་བསྐུར་ཞུ༔ ལན་གསུམ། ཞེས་གསོལ་བཏབ་པ་ལ་སྒོ་སྲུང་ཁྲོ་བོས་ལན་འདི་ལྟར་སྩོལ་བར་མོས་ཤིག །ཨེ་མ༔ འདི་ན་གསང་སྔགས་གསང་ཆེན་བཞུགས༔ ལས་མེད་ཡོད་ན་ཕྱིར་དེངས་ཤིག༔ ལས་ཅན་བུ་རྣམས་སྡིག་བཤགས་ལ༔ ཕྱིན་ཆད་མི་བྱེད་དམ་ཆོས་ཤིག༔ ཅེས་གདམས་པ་ལ་དགའ་ཞིང་སྤྲོ་བ་ཆེན་པོས། རང་རང་གིས་ཚེ་རབས་དཔག་ཏུ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྙིང་ཐག་པ་ནས་བཤགས་ཤིང་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། ཧོ༔ རྒྱལ་བ་ཞི་ཁྲོ་མ་ལུས་གསོན༔ བདག་གིས་ཚེ་རབས་ཐོག་མ་བར༔ ད་ལྟའི་ལུས་འདི་ཡན་ཆད་དུ༔ སྡིག་པ་བསགས་སོགས་ཡི་རང་རྣམས༔ མི་གསང་མི་སྦེད་མི་བྱེད་དོ༔ མཐོལ་ལོ་བཤགས་སོ་བྱང་བར་མཛོད༔ ཅེས་དང་ཡིག་བརྒྱ་ལན་གསུམ་བརྗོད། དབང་སྔོན་མ་དང་བར་བཅད་ན་འདིར་ཁྲུས་བྱ། དྲག་སྔགས་དང་རོལ་མོས་བགེགས་བསྐྲད་དོ། །གང་ལྟར་ཡང་། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་བླ་མ་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། ན་མོ༔ རྒྱལ་བ་ཞི་ཁྲོ་སོགས་ཡི་དམ་ཕྲིན་ལས་ལྟར་གསུམ། སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུ་འོད་གསལ་ཟང་ཐལ་ཆེན་པོར་ཕྱམ་བརྡལ་བར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྐུ་ནི་སྟོང་གསལ་སོགས་གསུམ། ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་དཀྱིལ་འཁོར་མདུན་དུ་བསྟར་ལ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་བྱུང་རང་སྣང་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་རིགས་དང་མཐུན་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་ཚོམ་བུའི་དཀྱིལ་འཁོར་དུ་འབུལ་མཛོད། ཧོ༔ རྒྱལ་བ་ཞི་ཁྲོ་མ་ལུས་དགོངས༔ ཡེ་ནས་རང་དང་དབྱེར་མེད་ཀྱང༔ རྟོག་པའི་དབང་གིས་གཉིས་སུ་གྱུར༔ རང་རིག་འདུ་འབྲལ་མེད་པའི་ལྷ༔ གསལ་སྟོང་ཉམས་དང་ད་སྤྲོད་ཅིག༔ འགྱུ་བྱེད་སྤྲུལ་པའི་མེ་ཏོག་བཞེས༔ ཞེས་འབུལ་དུ་གཞུག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཧོ༔ རང་རིག་ཡེ་སངས་རྒྱས་པ་ལ༔ ང་དང་བདག་གིས་འཁོར་བར་འཁྱམས༔ ཐབས་ལྡན་རྫོགས་པའི་མན་ངག་གིས༔ མ་རིག་ལིང་ཏོག་ད་ཕྱེ་འོ༔ ཞེས་མིག་དར་དབྱེ། ཡོལ་བ་བསལ། རྒྱལ་བ་ཞི་ཁྲོ་རིགས་ལྔའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་སྐྱེད་ཅིག །ཁྱེད་རང་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་དཀྱིལ་འཁོར་ཁྱབ་བདག་ཀུན་ཏུ་བཟང་པོ་ཉིད་དུ་ཤེས་པར་གྱིས་ལ་གསང་བའི་མཚན་ཡང་། ཆོས་དབྱིངས་འོད་གསལ་སྙིང་པོ་ཞེས་བྱ་བར་ཟུངས་ཤིག །དམ་ཚིག་མནའ་ཆུ་ནང་མཆོད་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ངག་གིས་དམ་ཚིག་མ་བསྲུང་ན༔ ངག་གི་སྡུག་བསྔལ་མནར་མེད་མྱོང༔ བསྲུངས་ན་རྒྱལ་བའི་གསུང་དུ་གྲོལ༔ དེ་ཕྱིར་བདུད་རྩི་ལྕེ་ལ་བཞག༔ ཨ་མྲྀཏ་ཨ་ཨཱ༔ རྗེས་སུ་གདམས་པ་འདི་ལྟར་ཐུགས་ལ་གཅགས་པར་ཞུ། ཧོ༔ བུ་རྣམས་ཐམས་ཅད་ང་ལ་ཉོན༔ གསང་བའི་དབང་མཆོག་ཐོབ་འདོད་ན༔ ངག་གི་སྒྲ་ཚིག་ཐམས་ཅད་དང༔ དུག་ལྔ་ཉོན་མོངས་ཐམས་ཅད་ལ༔ མ་སྤང་ཐབས་ཀྱིས་གྲོགས་སུ་ཁྱེར༔ ངག་གི་རུ་ཤན་ཕྱེད་པར་ཕྱེས༔ ཞེས་གདམས་སོ། །གཉིས་པ་དངོས་གཞིའི་ཐོག་མར་བྱིན་དབབ་པ་ནི། འོ༔ བུ་རྣམས་གསང་སྔགས་ཀྱི་དབང་ལ་འཇུག་པར་འདོད་པས་དམིགས་པ་འདི་སྒོམས་ཤིག༔ ས་ཡུལ་གནས་ཁང་འདི་ཉིད༔ དབུས་འོག་མིན་ཀུན་ཏུ་བཟང་པོའི་ཞིང་ཁམས༔ འོད་ཟེར་ཁ་དོག་ལྔ་ལྡན་མེ་རེ་རེ་ཡོད་པའི་ནང་དུ༔ ཁྱེད་རང་རྣམས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་མདོག་མཐིང་ཁ༔ ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པ་རེ་སྒོམས་ཤིག༔ དེའི་སྤྱི་བོ་ན་དཀར་གསལ་ཐིག་ལེའི་དབུས་ན༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྒོམས་ཤིག༔ མགྲིན་པར་རིན་ཆེན་འབྱུང་ལྡན་སེར་པོ་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་པ༔ ནོར་བུ་དང་དྲིལ་བུ་འཛིན་པ་སྒོམས་ཤིག༔ སྙིང་ཁ་ན་ཁྲོ་བོ་འདུས་པ་རྩལ༔ ཞལ་གསུམ་པ་དཀར་མཐིང་དམར་བ༔ ཕྱག་གཡས་ན་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པ༔ གཡོན་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ༔ སྐུའི་ནང་ན་སངས་རྒྱས་བྱེ་བ་དུང་ཕྱུར་བཞུགས་པ༔ སྤྱི་བོའི་གཙུག་ན་བཀའ་བརྒྱུད་ཀྱི་བླ་མ་བཞུགས་པ༔ སྐུ་མདོག་མ་ངེས་འཇའ་རིས་སུ་ཁྱུག་གེ་བ་ཞིག་སྒོམས་ཤིག༔ ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པ་སྒོམས་ཤིག༔ གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་སྐུ་མདོག་ལྗང་གུ༔ ཞལ་གཅིག་ཕྱག་གཉིས་པ་རལ་གྲི་དང་དྲིལ་བུ་འཛིན་པ༔ ཀུན་ཀྱང་རྒྱན་དུ་མ་དང་ལྡན་པར་སྒོམས་ཤིག༔ རྩ་ནང་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་ཡི་གེ་འོད་ཀྱི་གོང་བུས་ཁེངས་པར་སྒོམས་ལ་གསོལ་བ་ཐོབས་ཤིག༔ ལས་བྱང་ལྟར་སྤྱན་འདྲེན་དབྱངས་རོལ་བཅས་བརྗོད། འབེབ་རྫས་བདུག །ཉམས་སྤར་ལ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་པའི་ཛཔ྄་དབྱངས་བྱས་ལ་དབབ་བོ། །དབང་རྣམས་ཀྱི་ཐོག་མར་བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་ཀུན་ཟླུམ་ཕྱོགས་ཆ་བྲལ༔ བུམ་བཅུད་མ་ངེས་རོ་མཆོག་ལྡན༔ ཕྱི་ནང་གསང་གསུམ་བརྡའ་དོན་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བུམ་པ་མགོར་བཞག་བུམ་ཆུ་བླུད། དེ་ནས་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་བུམ་པས་དབང་བསྐུར་བ་འདི༔ རང་གི་རིག་པ་ཕྱོགས་མེད་མཐའ་བྲལ་མཐའ་བཞི་རང་འགག༔ མུ་བཞི་རང་གྲོལ༔ ཀུན་གཞི་ཡེ་ཐོག་གི་སངས་རྒྱས་སུ་བཞུགས་པའི་བརྡ་འོ༔ མགུལ་ཆིངས་ཁ་རྒྱན་ནི༔ མ་རྟོགས་ན་གཉིས་འཛིན་རྟོག་པས་འཁོར་བར་འཁྱམས༔ རྟོགས་ན་ཀུན་གཞིའི་རོལ་པ་འགགས་མེད་ཀྱི་ཆོ་འཕྲུལ༔ ཤུགས་འབྱུང་གི་ཐུགས་རྗེ་དང་ལྡན་པའི་བརྡ་འོ༔ བུམ་བཅུད་རོ་མཆོག་མ་ངེས་པ་ནི༔ སེམས་ཀྱི་རྩལ་སྣང༔ དྲན་རྟོག་ཡིད་ཡུལ༔ འཁོར་འདས་ལེགས་ཉེས་བཟང་ངན་བདེ་སྡུག་སྣ་ཚོགས་སུ་ཤར་ཡང༔ ལེགས་པར་གཞིག་ཅིང་ངོ་བོ་བལྟས་དུས་གཏད་མེད་དྲན་ཐོག་ཏུ་ཡལ་བའི་བརྡ་འོ༔ བུམ་པ་འདི་དཀྱིལ་འཁོར་གྱི་ལྟེ་བ་ལ་འདུག་པ་ནི༔ ཉོན་མོངས་པའི་དུས་ན་མ་རིག་པ་འཇོམས་པའི་བརྡ་འོ༔ ཡེ་ཤེས་ཀྱི་དུས་ན་ཆོས་དབྱིངས་རྒྱས་པའི་བརྡ་འོ༔ སྐུ་ལྔ་ལས་མངོན་པར་བྱང་ཆུབ་པའི་བརྡ་འོ༔ ཡབ་ལྔ་ལས་ཀུན་ཏུ་བཟང་པོ༔ ཡུམ་ལྔ་ལས་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ༔ ཕུང་པོ་ལྔ་ལས་གཟུགས་ཕུང་དག་པ་སྣང་སྟོང༔ དབང་པོ་ལྔ་ལས་མིག་གི་དབང་པོ་དག་པ༔ ཞིང་ཁམས་ལྔ་ལས་དབུས་ཕྱོགས་ཐིག་ལེ་མི་འགྱུར་བའི་ཞིང༔ རིགས་ལྔ་ལས་བདེ་གཤེགས་ཀྱི་རིགས༔ ཁམས་ལྔ་ལས་ནམ་མཁའི་ཁམས༔ ཁ་དོག་ལྔ་ལས་མཐིང་ཁ༔ གནས་ལྔ་ལས་སྙིང་ཁ་དྲན་བྱེད་ཀྱི་གནས་རྣམས་ལ་དབང་ངོ༔ ཚིག་བརྗོད་པ་ནི༔ ཕྱི་སྣོད་འཇིག་རྟེན་ནང་བཅུད་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཀློང་དུ་གྲོལ་བའོ༔ ནང་ལུས་ཀྱི་དར་རྒུད་ཀུན་ཏུ་བཟང་པོའི་རང་མདངས་སུ་ངོ་སྤྲད་པས་རང་སངས་པའོ༔ གསང་བ་སེམས་ཀྱི་ཆོ་འཕྲུལ་ཀུན་གཞི་གཞི་མེད་རྩ་བྲལ་དུ་ངོ་སྤྲད་པས༔ བག་ཆགས་བརྟེན་པའི་ཡུལ་མེད༔ རིག་པ་རང་ཚུགས་སུ་ཐུབ་པ་ཡིན༔ ངག་དག་པ་ཀུན་ཏུ་བཟང་པོའི་རང་བཞིན་དུ་གྱུར་པའོ༔ བྱོལ་སོང་དུ་སྐྱེ་བའི་སྒོ་ཆོད༔ བྱ་བ་ཐམས་ཅད་རྫོགས་པའི་ས་ནོན་པ་ཡིན་ནོ༔ སྤྲོ་བར་སོམས་ཤིག༔ དེ་ནས་རྡོ་རྗེ་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ རང་རིག་སྲ་བརྟན་འགྱུར་བ་མེད༔ སྒྱུ་མ་ཆུ་ཟླ་འཇའ་ཚོན་ཚུལ༔ ཕྱི་ནང་གསང་གསུམ་བརྡ་དོན་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ རྡོ་རྗེའི་དབང་བསྐུར་བ་ནི༔ རང་གི་རིག་པ་སྐྱེ་འགག་འཕོ་འགྱུར་དང་བྲལ་བ༔ སུས་ཀྱང་གཞིག་ཏུ་མ་རྙེད་པར༔ སངས་རྒྱས་པས་བཟང་དུ་མ་སོང༔ དམྱལ་བར་ལྷུང་བས་ངན་དུ་མ་སོང༔ མི་འགྱུར་བ་བརྟན་པའི་བརྡ་འོ༔ རྡོ་རྗེ་རྭ་ལྔ་ཡར་ལྔ་མར་ལྔ་ཡོད་པ་ནི༔ རྟོགས་ན་ཡེ་ཤེས་ལྔ༔ མ་རྟོགས་ན་དུག་ལྔར་གྱུར་པའི་བརྡ་འོ༔ དེ་རྣམས་རྩ་བ་གཅིག་ལ་འདུས་པ་ནི༔ ཀུན་གཞིའི་ཀློང་ཡངས་རབ་འབྱམས་ཀྱི་ངང་དུ་གཅིག་པའི་བརྡ་འོ༔ རྡོ་རྗེ་འདི་དཀྱིལ་འཁོར་གྱི་ཤར་ན་འདུག་པ་ནི༔ ཉོན་མོངས་པ་ཞེ་སྡང་འཇོམས་པའི་བརྡ་འོ༔ ཡེ་ཤེས་ནི་མེ་ལོང་རྒྱས་པའོ༔ སྐུ་ལྔ་ལས་ཆོས་སྐུ་དྲི་མེད་ཐོབ༔ ཡབ་རྡོ་རྗེ་སེམས་དཔའ༔ ཡུམ་རྡོ་རྗེ་ཆོས་མ༔ ཕུང་པོ་ལྔ་ལས་རྣམ་ཤེས༔ དབང་པོ་ལྔ་ལས་ཡིད་ཀྱི་དབང་པོ༔ ཞིང་ཁམས་ལྔ་ལས་མངོན་པར་དགའ་བ༔ རིགས་རྡོ་རྗེའི་རིགས༔ ཁམས་ཆུའི་ཁམས༔ ཁ་དོག་དཀར་པོ༔ གནས་ལྔ་ལས་སྤྱི་བོ་བདེ་ཆེན་གྱི་གནས་རྣམས་ལ་དབང་ངོ༔ ཚིག་བརྗོད་པ་ནི༔ ཕྱི་སྣང་གྲགས་ཀྱི་གནས་རྣམས་སྣང་སྟོང་དུ་དབང་བསྐུར༔ ནང་ཉོན་མོངས་ཀྱི་ཚོགས་ཀུན་རང་དག་ཏུ་དབང་བསྐུར༔ གསང་བ་གནས་འགྱུའི་བར་ལག་ཀུན་ཝལ་པོ་རྗེས་མེད་དུ་དབང་བསྐུར་པས༔ དམྱལ་བར་སྐྱེ་བའི་སྒོ་ཆོད༔ འགྱུར་བ་མེད་པའི་ས་ནོན་པ་ཡིན་ནོ༔ དགའ་བར་སོམས་ཤིག༔ དེ་ནས་རིན་ཆེན་འབར་བ་མགྲིན་པར་བཞག་ལ། ཧཱུྃ༔ རང་རིག་དགོས་འདོད་འབྱུང་བའི་གཞི༔ མ་ཆགས་ཞེན་མེད་ཡོན་ཏན་གཏེར༔ ཕྱི་ནང་གསང་གསུམ་བརྡ་དོན་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ནས་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་ནོར་བུས་དབང་བསྐུར་བ་ནི༔ རང་གི་རིག་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སོ་སོར་གསལ་ཡང༔ དོན་ལ་ཐིག་ལེ་ཉག་གཅིག་ཏུ་གནས་པ༔ དེ་ལས་འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་འབྱུང་བས་ནོར་བུ་དང་འདྲ་འོ༔ ཞེས་པའི་བརྡ་ཡིན་ནོ༔ ནོར་བུ་འཇའ་ཚོན་རིགས་ལྔས་མཛེས་པ་ནི༔ རང་གསལ་ཤེས་རབ་ལྔས་ཚིག་གི་སྤྲོས་པ་ཆོད་པའི་བརྡ་འོ༔ ནོར་བུ་འདི་དཀྱིལ་འཁོར་གྱི་ལྷོ་ན་འདུག་པ་ནི༔ ཉོན་མོངས་པ་ང་རྒྱལ་འཇོམས་པའི་བརྡ་འོ༔ ཡེ་ཤེས་ནི་མཉམ་ཉིད་རྒྱས་པའི་བརྡ་འོ༔ སྐུ་ལྔ་ལས་ལོངས་སྐུ་རང་གསལ་གྱི་བརྡ་འོ༔ ཡབ་རིན་ཆེན་འབྱུང་ལྡན༔ ཡུམ་རིན་ཆེན་ཆོས་མ༔ ཚོར་བའི་ཕུང་པོ༔ དབང་པོ་རྣ་བ༔ ཞིང་ཁམས་ལྷོ་དཔལ་དང་ལྡན་པ༔ ཡོན་ཏན་གྱི་རིགས༔ སའི་ཁམས༔ ཁ་དོག་སེར་པོ༔ གནས་མགྲིན་པ་ལོངས་སྤྱོད་ཀྱི་གནས་རྣམས་ལ་དབང་ངོ༔ ཚིག་བརྗོད་པ་ནི༔ ཕྱི་དབང་རྫས་ཀྱིས་བློའི་སྤྲོས་པ་ཆོད་པའི་དབང་བསྐུར་རོ༔ ནང་ཚིག་སྨྲ་བརྗོད་བསམ་བློའི་འཛིན་པ་ཟད་པར་ངོ་སྤྲད༔ གསང་བ་བརྡའི་ངོ་སྤྲོད་ཀྱིས་ཡིན་ཐོག་ཏུ་ཡིད་ཆེས་པར་དབང་བསྐུར་པས༔ ལྷ་རུ་སྐྱེ་བའི་སྒོ་ཆོད༔ སྣ་ཚོགས་འབྱུང་བའི་ས་ནོན་པ་ཡིན་ནོ༔ སྤྲོ་བར་སོམས་ཤིག༔ དེ་ནས་པདྨ་ལྟེ་བར་བཞག །ཧཱུྃ༔ འཁོར་བར་མ་ཆགས་གཟུང་འཛིན་བྲལ༔ པདྨ་ཟེའུ་འབྲུ་བདེ་སྟོང་ལྡན༔ ཕྱི་ནང་གསང་གསུམ་བརྡ་དོན་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་པདྨས་དབང་བསྐུར་བ་ནི༔ རང་གི་རིག་པ་འདི་པདྨ་དང་འདྲ་སྟེ༔ ཉོན་མོངས་པའི་འདམ་རྫབ་སྡུག་བསྔལ་གྱི་དྲྭ་བ་ན་འདུག་ཀྱང༔ གཅེར་བུ་ཟང་ཐལ་གྱི་རིག་པ་ལ་འཕྲི་བསླད་མེད་པའི་བརྡ་འོ༔ པདྨ་ལ་འདབ་མ་དང༔ ལོ་མ་དང༔ སྡོང་པོ་སྣ་ཚོགས་པ་འཁྲུངས་ཀྱང་པདྨར་གཅིག་པ་ལྟར༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཅི་ཤར་ཡང༔ རིག་པ་སྐྱེ་མེད་ཀྱི་ཀློང་ན༔ ཡེ་ཀློང་ངང་གནས་སུ་གཅིག་པའི་བརྡ་འོ༔ པདྨ་འདི་དཀྱིལ་འཁོར་གྱི་ནུབ་ན་འདུག་པ་ནི༔ ཉོན་མོངས་པ་འདོད་ཆགས་འཇོམས་པའི་བརྡ་འོ༔ ཡེ་ཤེས་སོར་རྟོག་རྒྱས༔ སྐུ་ལྔའི་སྤྲུལ་སྐུ༔ ཡབ་སྣང་མཐའ༔ ཡུམ་པདྨ་ཆོས་མ༔ ཕུང་པོ་འདུ་ཤེས༔ དབང་པོ་སྣ༔ ཞིང་ཁམས་བདེ་བ་ཅན༔ པདྨའི་རིགས༔ མེའི་ཁམས༔ ཁ་དོག་དམར་པོ༔ གནས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་ལ་དབང་ངོ༔ ཚིག་བརྗོད་པ་ནི༔ ཕྱི་དཀྱིལ་འཁོར་ལ་ངོ་སྤྲད་པས་བློས་བྱས་ཀྱི་བླུན་སྒོམ་སངས༔ ནང་རིག་པ་ལ་ངོ་སྤྲད་པས་རིགས་དྲུག་གི་ལས་དག༔ གསང་བ་ལག་ཁྲིད་ཀྱིས་ངོ་སྤྲད་པས་མྱོང་ཐོག་ཏུ་ཀུན་དྲིལ་ཏེ༔ འཁྲུལ་གྲོལ་གྱི་གནད་མཚང་རིག་པར་ངོ་སྤྲད་པས༔ མི་རུ་སྐྱེ་བའི་སྒོ་ཆོད༔ རྣམ་པར་རྟོག་བྱེད་མ་ཆགས་བདེ་ཆེན་གྱི་ས་ནོན་པ་ཡིན་ནོ༔ སྤྲོ་བར་སོམས་ཤིག༔ དེ་ནས་རལ་གྲི་གསང་བར་བཞག །ཧཱུྃ༔ ཞེན་པ་རང་ཆོད་རལ་གྲི་འདི༔ རྗེན་ནེ་ཁྲེས་སེ་ས་ལེར་གནས༔ དུས་གསུམ་བློ་བྲལ་གཟའ་གཏད་བྲལ༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་རལ་གྲིས་དབང་བསྐུར་བ་ནི༔ རང་གི་རིག་པ་འདི་འཁོར་བ་དང༔ མྱ་ངན་ལས་འདས་པ༔ ཡིན་མིན་རྩིས་གདབ་ཐམས་ཅད་ཀྱི་སྲོག་ཆོད་པས་ན༔ སྣང་སྲིད་སྟོང་སྲོག་ཆོད་པའི་བརྡ་ཡིན༔ རལ་གྲི་འདི་དཀྱིལ་འཁོར་གྱི་བྱང་ན་འདུག་པ་ནི༔ ཉོན་མོངས་པ་ཕྲག་དོག་འཇོམས་པའི་བརྡ་འོ༔ ཡེ་ཤེས་བྱ་གྲུབ་རྒྱས༔ སྐུ་རྡོ་རྗེའི་སྐུ༔ ཡབ་དོན་ཡོད་གྲུབ་པ༔ ཡུམ་ལས་ཀྱི་ཆོས་མ༔ ཕུང་པོ་འདུ་བྱེད༔ དབང་པོ་ལྕེ༔ ཞིང་ཁམས་བྱང་ལས་རབ་བརྩེགས་པ༔ ལས་ཀྱི་རིགས༔ རླུང་གི་ཁམས༔ ཁ་དོག་ལྗང་གུ༔ གནས་གསང་བ་མྱོང་བྱེད་ཀྱི་གནས་རྣམས་ལ་དབང་ངོ༔ ཚིག་བརྗོད་པ་ནི༔ ཕྱི་བསྐྱེད་རིམ་གྱིས་ལུས་ཀྱི་ཞེན་འཛིན་དག་པར་དབང་བསྐུར༔ ནང་རྫོགས་རིམ་གྱིས་སེམས་ཀྱི་ཞེན་འཛིན་དག་པར་དབང་བསྐུར༔ གསང་བ་ཟུང་འཇུག་གིས་ངག་གི་སྡིག་སྒྲིབ་དག་པར་དབང་བསྐུར་པས༔ ལྷ་མིན་དུ་སྐྱེ་བའི་སྒོ་ཆོད༔ བྱ་བ་ཐམས་ཅད་རྫོགས་པ་ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན་ནོ༔ སྤྲོ་བར་སོམས་ཤིག༔ དེ་ནས་རིགས་ལྔའི་ཙཀླི་དང་བགྲང་ཕྲེང་ལག་ཏུ་གཏད་ལ། ཧཱུྃ༔ སྐྱེ་མེད་ངང་ལས་རིགས་ལྔར་ཤར༔ ཐུགས་ཀྱི་སྙིང་པོ་སྔགས་ཀྱི་ལུང༔ བརྗོད་མེད་གྲངས་ཀྱིས་རྟགས་འཛིན་ཅིང༔ ལས་བཞིའི་ཕྲིན་ལས་ཛཔ྄་བསྒྲུབ་པའི༔ བསྙེན་སྒྲུབ་ཆུ་བོའི་གཞུང་བཞིན་བསྲིང༔ བཟླས་བརྗོད་དམིགས་པའི་དབང་ཐོབ་ཤོག༔ ཁྱེད་རང་གི་ལུས་ཀྱི་རྩའི་ནང་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ཀཱ་ལིས་གང་བར་མོས་ལ་དབྱངས་གསལ་ལྷན་ཅིག་ཏུ་ཟློས་ཤིག །ཅེས་དབྱངས་གསལ་བཟླར་གཞུག །དེ་ནས་ཨཱ་ལི་ཀཱ་ལིའི་སྔགས་བྱང་གཏད་ལ། ཧཱུྃ༔ བརྗོད་མེད་བརྗོད་བྲལ་ཚིག་གི་གཞི༔ ཡུལ་མེད་ཡུལ་བྲལ་བསམ་པའི་གཞི༔ སྨྲ་མེད་བྲི་གང་འདས་པའི་ལྷ༔ གྲགས་སྟོང་ཟུང་འཇུག་དབང་ཐོབ་ཤོག༔ དེ་ནས་འཁོར་བ་རིགས་དྲུག་དོང་ནས་སྤྲུགས་པའི་སྙིང་པོ་འདི་དབྱངས་སུ་གྱེར་བར་ཞུ། མ་མ་ཀོ་ལིང་ས་མནྟ༔ ཞེས་ཛཔ྄་དབྱངས་ལན་བདུན་ནམ་ཉེར་གཅིག་བྱ། དེའི་སྔགས་བྱང་གཏད་ལ། ཧཱུྃ༔ ཡེ་སངས་རྒྱས་པའི་རིག་པ་ལ༔ དགེ་སྡིག་བྱ་བ་ཀ་ནས་དག༔ ཟང་ཐལ་རྣལ་མ་ལྷམ་མེ་བ༔ ལྷན་ཅིག་སྐྱེས་པའི་ངང་དུ་མཉམ༔ སྐུ་གསུམ་ཞེ་འདོད་ཟད་པ་དང༔ འཁོར་བ་དོང་ནས་སྤྲུག་པར་ཤོག༔ དེ་ནས་ཁྱེད་རང་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་གྱིས་ལ་མ་ཡེངས་པར་མཉམ་པར་ཞོག་ཅིག །བྱས་ལ་དར་ཅིག་བཞག །ངོ་སྤྲད་པ་ནི། ཧོ༔ དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཡེ་ནས་རང་ལ་གནས་པ་ལས༔ གུད་ནས་བྱུང་བ་མ་ཡིན་ནོ༔ མིང་དུ་གསང་དབང་བཏགས་གྱུར་ཀྱང༔ དོན་ལ་རིག་པ་རྩལ་གྱི་དབང༔ ཡེ་ནས་རང་ལ་མི་གནས་ན༔ ཕྱི་ནས་ལྷ་ཚོགས་འཚོལ་བ་དང༔ རང་ཉིད་སྐུར་བསྒོམས་གཞན་ལ་བསྐུར༔ ཚིག་བརྗོད་རིམ་པ་ཐམས་ཅད་ཀུན༔ འཁྲུལ་པས་འཁྲུལ་པ་བསླུ་བ་ཡིན༔ ནག་པོས་ནག་པོ་བཀྲུ་བ་འདྲ༔ བསྐྱེད་རྫོགས་ཐམས་ཅད་ཆུ་ཟླ་འདྲ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད༔ ཟང་ཐལ་ངང་དུ་རྗེན་ནེ་རྗེན༔ གཟའ་གཏད་མེད་པར་ཤིགས་སེ་ཤིག༔ མ་འགགས་རི་མོ་ཝ་ལ་ལ༔ འདི་ལ་རྟག་ཏུ་གནས་པར་གྱིས༔ དེ་ནས་ཟབ་མོ་གཏེར་ཆོས་ཀྱི་དབང་ལ་རྟོག་གེ་འཆལ་བ་སོགས་སོ་སྐྱེ་ཚུར་མཐོང་མངོན་ཤེས་དང་མི་ལྡན་པ་རྣམས་ཀྱི་ཐེ་ཚོམ་དང་སྒྲོ་སྐུར་བསལ་བའི་ཕྱིར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་གསུང་གི་རྗེས་སུ་གདམས་པ་འདི་ལ་སྙན་གཏོད་འཚལ། འོ་རིགས་ཀྱི་བུ་རྣམས་གང་ཟག་བླུན་པོ་འགའ་ཞིག་ན་རེ༔ གཏེར་གྱི་དབང་ལ་བུམ་པའི་ཆུ་ཆད་པས༔ དབང་བསྐུར་དུ་མི་རུང་ཟེར་བ་སྲིད་དེ༔ འདི་ལ་རྒྱལ་བ་དགོངས་པའི་བརྒྱུད་པ་ཚང༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ༔ དེས་ཨོ་རྒྱན་བདག་ཉིད་ལ༔ བདག་གིས་མ་འོངས་པའི་དུས་སུ་གཏེར་སྟོན་དེ་ལའོ༔ རིག་འཛིན་བརྡ་བརྒྱུད་ཀྱང་ཚང་སྟེ༔ ཡི་གེ་རྣམས་མཁའ་འགྲོའི་བརྡ་དང༔ རྡོ་རྗེའི་དགོངས་བརྡ་དང༔ ཨོ་རྒྱན་གྱི་ཕྱག་བརྡ་རུ་བསྟན་པའོ༔ སྙན་ཁུང་བརྒྱུད་པའང་ཚང་སྟེ༔ ཆོས་སྐུས་ལོངས་སྐུ་ལ་དགོངས༔ ལོངས་སྐུས་སྤྲུལ་སྐུ་པདྨ་བདག་ལ་བསྟན༔ བདག་གིས་གཏེར་སྟོན་ལ༔ ཉམས་དངོས་རྨི་ལམ་དང་ལག་ཁྲིད་དུ་སྟོན་པར་བྱེད་པའོ༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་ཚང་སྟེ༔ ཆོས་འདི་གཏེར་དུ་བསྩལ་པའི་དུས་སུ༔ མཁའ་འགྲོ་ལ་གཏད་ནས༔ དེ་འབྱིན་པའི་དུས་སུ་གཏེར་བདག་ལ་མཁའ་འགྲོས་དངོས་སུ་གཏད་པའོ༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཡང་ཚང་སྟེ༔ རིམ་པར་སྨོན་ལམ་བཏབ་སྟེ་མ་འོངས་པའི་དུས་སུ་སེམས་ཅན་གྱི་དོན་ནུས་པ་རྣམས་དང་འཕྲད་པར་གྱུར་ཅིག༔ ཅེས་སྨོན་ལམ་བཏབ་པའོ༔ གཞན་ཡང་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་གྱི་བཀའ་རྒྱས་བཏབ་པའོ༔ བྱིན་རླབས་གཏེར་གྱི་བརྒྱུད་པ་ཡང་ཚང་སྟེ༔ གཏེར་ནས་གཏེར་དུ་བརྒྱུད་ཅིང་སྦས་པའོ༔ ཚིག་བརྒྱུད་ཤོག་སེར་བརྒྱུད་པ་ཡང་ཚང་སྟེ༔ མེ་ཤོག་དང་། ཆུ་ཤོག་དང་། ས་ཤོག་དང་། རླུང་ཤོག་དང་། ནམ་མཁའི་ཤོག་གུ་དང་རིགས་ལྔར་ཕྱེས་ནས་སྦས་སོ༔ དབང་གི་ཆུ་བོ་ཆེན་པོ་བཞི་ཡང་འདི་ལ་ཚང་བ་ཡིན་པས་ཐུགས་སྤྲོ་བར་སོམས་ཤིག༔ གསུམ་པ་རྗེས་རིམ་ལས་དམ་ཚིག་བསྒྲག་པ་ནི། དེ་ལྟར་གསང་དབང་བསྐུར་པ་ལ་དམ་ཚིག་བསྟན་དགོས་པས༔ གསུང་གི་དམ་ཚིག་ཏུ་སྤྱིར་གྱི་སེམས་ཅན་ཐམས་ཅད་ཀྱི་སྐད་དང༔ འབྱུང་བའི་སྒྲ༔ སྒོས་ཕ་མའི་གསུང༔ མཁན་སློབ༔ ཡང་སྒོས་བླ་མ༔ བདེ་བར་གཤེགས་པའི་གསུང་གི་རིགས་ཐམས་ཅད་དང༔ ཆོས་ཀྱི་ཚིག་ཐམས་ཅད་ལ་ཕྱག་འཚལ༔ གསོལ་བ་གདབ༔ ཉམས་སུ་བླང༔ ལོག་ལྟ་སྐད་ཅིག་ཀྱང་མི་བྱ༔ རང་གི་ངག་གིས་སྙིང་པོ་བགྲང༔ ཁྱད་པར་རྫུན་མི་སྨྲ༔ ཕྲ་མ་དང་ངག་འཁྱལ་དང༔ ཚིག་རྩུབ་མི་བྱ༔ འདི་རྣམས་མ་བསྲུང་བའི་སྐྱོན་ནི༔ གསང་དབང་བསྐུར་ཀྱང་མི་འཐོབ་པའི་སྟེང་དུ་དམ་ཚིག་ཉམས་པས་དམྱལ་བར་ལྟུང༔ བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་ངག་སྙན༔ ནུས་པ་ཆེ༔ ཆོས་ལ་མཁས༔ མཐར་ཐུག་བདེ་བར་གཤེགས་པའི་གསུང་དང་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱའོ༔ འདི་རྣམས་བསྲུངས་པས་དབང་ཐོབ་པ་ཡིན་ནོ༔ ཇི་ལྟར་བཀའ་བསྩལ་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གསང་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། རྗེས་གོང་སྨྲོས་ལྟར་རོ།། །། ༄༅། །གསུམ་པ་མོ་སྒྲུབ་དང་འབྲེལ་བ་ཤེར་དབང་ལ་གསུམ། ཡོ་བྱད་གཤོམ། དབང་དོན་སྒྲུབ་མཆོད། དབང་བསྐུར་དངོས་སོ། །དང་པོ་ནི། མཎྜལ་པདྨ་འདབ་མ་བཞི་པའི་སྟེང་དུ་ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་སྦྱར་བ་དང་མེ་ལོང་སིནྡྷུ་རས་བསྒོས་པ་རྡོར་དྲིལ་བཅས་བཞག །རྟ་མགྲིན་ལྟ་བུ་ཧེ་རུ་ཀའི་སྐུ་ཙཀ་དང་། རྒྱབ་ངོས་མཁའ་འགྲོའི་གཏོར་མ་སོགས་སྔ་མས་འགྲེ། གཉིས་པ་དབང་དོན་སྒྲུབ་མཆོད་ནི། འདི་ཉིད་སྒེར་དབང་བྱེད་སྐབས་མཁའ་འགྲོའི་ཕྲིན་ལས་གཏང་། སྦྲེལ་སྐབས་སྔོན་དུ་སོང་བས་འཐུས། གསུམ་པ་དབང་བསྐུར་ལ། སྔོན་འགྲོ་ནི། གསུམ་པ་མོ་སྒྲུབ་མཁའ་འགྲོ་དང་འབྲེལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་རིན་ཆེན་གསེར་གཡུའི་མེ་ཏོག་ཕུལ་བར་མོས་ལ་མཎྜལ་ཕུལ། ཅེས་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་ཤིག་བླ་མ་ཀུན་བཟང་མཆོག༔ རིན་ཆེན་གསེར་གཡུའི་མཎྜལ་འབུལ༔ སེམས་ཀྱི་སྒྲིབ་པ་སྦྱང་བ་དང༔ སྙིང་པོའི་དོན་ཉིད་བསྟན་དུ་གསོལ༔ གསུམ། དེ་ལ་ཐོག་མར་བྱིན་དབབ་དགོས་པས་དམིགས་པ་འདི་ལྟར་མ་ཡེངས་པར་སྒོམས་ཤིག །སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་ཡེ་ཤེས་མཁའ་འགྲོ་གཙུག་གི་རྒྱན་གཅིག་མ་སྐུ་མདོག་དམར་མོ་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པ་ལྟ་བུ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣམས་པ། གཡས་འོག་མས་ཁ་ཊྭཱཾ་ཐུར་དུ་གསོར་ཞིང་གཡོན་འོག་མས་རལ་གྲི་འཕྱར་བ། ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་རུས་པའི་ཕྱག་རྒྱས་སྤྲས་པ། ཞབས་ཕྱེད་སྐྱིལ་གྱིས་རོ་གདན་གྱི་སྟེང་ན་འགྱིང་བ། སྐུ་ལས་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཐུགས་ཀར་གཡུང་དྲུང་དམར་པོ་ཧ་རི་ནི་སས་མཚན་པ་གསལ་ཐོབས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་སྤྱོད་དག་པའི་ཞིང་ནས་རྩ་བ་གསུམ་དང་ཁྱད་པར་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ། ལུས་སྒུལ་སྐྱོད་བྱས་པས། སྙིང་ཁའི་གཡུང་དྲུང་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་ཅིག །སྤོས་རོལ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ལ་དབབ། དངོས་གཞི་ནི། དེ་ནས་མཚན་ཉིད་དང་ལྡན་པའི་རིག་མ་འབུལ་བར་མོས་ལ་ཁྱད་པར་གྱི་དོན་ཞུ་བ་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་བདེ་བའི་མཆོག༔ བདག་ཅག་རྣམས་ལ་དགོངས་སུ་གསོལ༔ མཚན་ལྡན་བུ་མོ་རེག་ན་བདེ༔ གཟུགས་མཛེས་སྐད་སྙན་དྲི་ཡང་ཞིམ༔ བཅུ་དྲུག་ལོ་ལོན་བྷ་ག་རྒྱས༔ ཐུགས་ཀྱི་དགྱེས་སྡེ་ཉིད་ལ་འབུལ༔ གསང་བའི་དབང་བསྐུར་བདག་ལ་ཞུ༔ ཞེས་ཞུས་པའི་ལན་དུ། ཧོ༔ རྩ་དང་རླུང་དང་ཐིག་ལེ་གསུམ༔ བདེ་དང་གསལ་དང་མི་རྟོག་གསུམ༔ དབྱེར་མེད་གཅིག་གི་ངང་དུ་གནས༔ དབབ་གཟུང་ཟློག་དང་དགྲམ་པར་གྱིས༔ རྟག་ཏུ་བྷ་ག་མཆོད་ནུས་སམ༔ ཞེས་དྲིས་པའི་ལན་དུ། དེ་ལྟར་ནུས་ལགས༔ ཞེས་བརྗོད། དམ་ཚིག་བསྒྲག་པ་ནི་ཧེ་རུ་ཀའི་སྐུ་ཙག་སྙིང་ཁར་གཏུགས་ལ། ཧཱུྃ༔ ཧེ་རུ་ཀ་དཔལ་བུ་ཁྱོད་ཀྱི༔ སྙིང་ལ་གཞུག་གི་ཐུབ་པར་སྲུངས༔ སེམས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས༔ ཡོན་ཏན་འབྲས་བུ་སངས་རྒྱས་ཐོབ༔ གསང་སྤྱོད་ཐེ་ཚོམ་གྱི་རྟོག་པ་མི་འཇུག་པའི་ཕྱིར་གདོང་གཡོགས་ཤིག །ཅེས་མིག་དར་དགབ། བླ་མ་ཀུན་བཟང་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཁར་བྱིན་པས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་ཤིང་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་མེ་ལོང་གི་སིནྡྷུ་རའི་སྟེང་དུ་བླང་བ་སྦྱིན་ལ་མེ་ལོང་ཕྱི། དེ་ནས་སློབ་མ་ཕོ་ཐམས་ཅད་ལ་དྲིལ་བུ། མོ་ཐམས་ཅད་ལ་རྡོ་རྗེ་གཏད་ལ། སློབ་མ་ཕོ་ཐམས་ཅད་དཔལ་རྟ་མགྲིན་དུ་གསལ་བ་ལ་དྲིལ་བུ་ཤེས་རབ་ཀྱི་གཟུངས་མ་མཁའ་འགྲོ་གཙུག་གི་རྒྱན་གཅིག་མའི་རྣམ་པ་དང་། མོ་ཐམས་ཅད་དྷཱ་ཀི་གཙུག་གི་རྒྱན་གཅིག་མར་གསལ་བ་ལ་རྡོ་རྗེ་ཐབས་ཀྱི་དཔའ་བོ་རྟ་མགྲིན་གྱི་རྣམ་པར་ཕྱག་ཏུ་གཏད་པར་མོས་ཤིག །ཧཱུྃ༔ དཔའ་མོའི་རང་བཞིན་མཁའ་འགྲོའི་གཙོ༔ ཆགས་པའི་རང་བཞིན་རེག་ན་བདེ༔ འདི་ལས་དགའ་བཞི་ཉམས་སུ་ལོངས༔ ཧཱུྃ༔ དཔའ་བོའི་རང་བཞིན་ཁྲོ་བོའི་རྒྱལ༔ བདེ་ལྡན་དཀར་དམར་ཡན་ལག་རགས༔ འདི་ཟུངས་འདོད་ཆགས་བདེ་བར་ཁྱེར༔ དེ་ལྟར་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ལུགས་འབྱུང་དང་ལུགས་ཟློག་གི་དགའ་བ་བཞིའི་མཐར་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །ཧཱུྃ༔ བྱང་སེམས་བདེ་ལྡན་དཀར་དམར་འཁྱིལ༔ སྤྱི་བོ་མགྲིན་པ་སྙིང་ཁ་དང༔ ལྟེ་བ་པདྨའི་གནས་སུ་ཕོབ༔ བསྐྱིལ་བཟློག་དགྲམ་སྟེ་ལམ་དུ་ཁྱེར༔ སྣང་བ་དཀར་དམར་ཕྱི་ཡི་སེམས༔ འགྱུ་བྱེད་ཕྲ་མོ་ནང་གི་སེམས༔ སྒོ་ལྔ་དབང་པོ་བར་གྱི་སེམས༔ རང་གི་སེམས་ལ་བརྟག་ཅིང་ཀློད༔ ཡོན་ཏན་རྩ་རླུང་རྩལ་རྣམས་རྫོགས༔ ས་བཅུ་ཡེ་ཤེས་ལྔ་དང་ནི༔ ཕ་རོལ་ཕྱིན་དྲུག་དུས་གཅིག་རྫོགས༔ མངོན་པར་ཡང་དག་དེར་སངས་རྒྱས༔ ཞེས་པའི་དོན་སྤྲོ་ན་རྒྱས་པར་བཀྲོལ། རྗེས་ནི། དེ་ལྟར་ཤེར་དབང་ཐོབ་པའི་དམ་ཚིག་བརྟན་པོར་བསྲུང་དགོས་པས། ཐུགས་ཀྱི་དམ་ཚིག་ཏུ་སྤྱིར་སེམས་ཅན་ཐམས་ཅད། སྒོས་ཕ་མ་མཁན་སློབ་ཀྱི་རྣམ་རྟོག་ཐམས་ཅད། བླ་མ་དང་སངས་རྒྱས་ཉིད་ཀྱི་ཐུགས་དགོངས་སུ་ཤེས་པས་ཕྱག་འཚལ། གསོལ་བ་གདབ། ལོག་ལྟ་མི་བྱ། ཁྱད་པར་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་རྟག་ཏུ་སྤང་། མཚན་ལྡན་གྱི་བདེ་བ་བསྐུལ་ལ་བདེ་སྟོང་གི་ཏིང་ངེ་འཛིན་བསྒོམ། འདི་རྣམས་མ་བསྲུང་ན་ཤེར་དབང་བསྐུར་ཀྱང་མི་ཐོབ་ལ་དམ་ཚིག་ཉམས་པས་དམྱལ་བར་ལྟུང་། བསྲུངས་པའི་ཡོན་ཏན་ནི། གནས་སྐབས་སུ་ཡིད་བདེ། ཤེས་རབ་ཆེ། ཉམས་དང་རྟོགས་པ་རྩོལ་མེད་དུ་སྐྱེ། མཐར་ཐུག་བདེ་བར་གཤེགས་པའི་ཐུགས་དང་གཉིས་སུ་མེད་པར་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་བགྱིས་པས་དབང་ཐོབ་པ་ཡིན་ནོ། །ཇི་སྐད་བསྒོས་པའི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། ཤེར་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། རྗེས་རྣམས་འདྲའོ།། །། ༄༅། །བཞི་པ་ཚིག་དབང་ལ། སྦྱོར་བ་དཀྱིལ་འཁོར་འཇའ་རིས་ཀྱི་ཐིག་ལེ་ཉི་ཤུ་རྩ་ལྔའི་མཐའ་མུ་ཁྱུད་འཇའ་ཚོན་གྱིས་བསྐོར་བའི་དབུས་སུ་ཤེལ་རྡོ་དང་རྨ་བྱའི་སྒྲོ་མདོངས་བཞག །དངོས་གཞི་ལ། བཞི་པ་ཚིག་དབང་རིན་པོ་ཆེ་ཡེ་ཤེས་སྤྱི་བླུགས་བགྱི་བའི་ཐོག་མར་བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པར་ཞུ། ཞེས་བྱས་ལ་ཁྲིད་ཀྱི་སྔོན་འགྲོ་ནས་འབྱུང་བའམ་ལས་བྱང་གི་བརྒྱུད་འདེབས་དབྱངས་སུ་གྱེར། དེ་ནས་བྱིན་དབབ་པ་ལ་ཁྱེད་རང་རྣམས་ལུས་གཅེར་བུར་ཕྱུངས་ལ་རུས་པའི་རྒྱན་གྱིས་བརྒྱན། ངག་ནས་རྡོ་རྗེའི་གླུ་སྣ་ཚོགས་པ་ལེན་པར་མོས་ལ་སེམས་གཏད་མེད་ཟང་ཐལ་གྱི་ངང་དུ་མ་ཡེངས་པར་ཞོག་ཅིག །བྱས་ལ། ཕཊ༔ དྲག་པོ་བརྗོད། རོལ་མོ་དབྱངས་དང་བཅས། ཧཱུྃ༔ ཇི་བཞིན་སྣང་བ་དངོས་པོའི་གཞི༔ སྣང་བ་མ་བཀོད་བརྡལ་བའི་ཞིང༔ གཞི་མེད་རྩ་བྲལ་ཉག་གཅིག་ངང༔ ཀུན་ཏུ་བཟང་པོས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ མ་འགགས་འཆར་བ་རིག་པའི་གདངས༔ སྣང་སྟོང་ལྷུན་གྲུབ་སྐུ་ལྔའི་ཀློང༔ རིག་པ་གཞོན་ནུ་དབྱིངས་ཀྱི་རྒྱན༔ རྡོ་རྗེ་འཆང་ཆེན་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ རང་སངས་འགྱུ་བ་ཐུགས་རྗེའི་རྩལ༔ སྣ་ཚོགས་རོལ་པ་གཤིས་ཀྱི་གདངས༔ གཅེར་གྲོལ་ཅོག་གཞག་བབས་ཀྱི་ངང༔ ཨོ་རྒྱན་པདྨས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ མ་སྤང་ཡོངས་གྲོལ་གདོད་མའི་གཤིས༔ དྲན་གཞི་ཟད་པ་གྲུབ་པའི་མཐའ༔ སྐུ་གསུམ་རང་ཆས་སྒྲུབ་བློ་ཞིག༔ བཻ་རོ་ཙ་ནས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ སྐྱེ་འགག་གཉིས་མེད་ཤར་གྲོལ་ངང༔ དཔག་མེད་འགྲོ་བ་འདྲེན་པའི་དཔལ༔ ཟབ་མོ་གཏེར་གྱི་མཛོད་འཛིན་པ༔ རྡོ་རྗེ་གླིང་པས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ མཁྱེན་བརྩེའི་མཛད་པ་མཐའ་ཡས་པ༔ ཐབས་དང་ཤེས་རབ་ཕྲིན་ལས་ཀྱིས༔ གང་འདོད་རེ་བ་སྐོང་མཛད་པའི༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ རྟག་ཆད་བྲལ་བ་རིག་པའི་སྐུ༔ རྟག་ཆད་འདས་པ་ཡེ་ཤེས་ངང༔ ནང་གསལ་ལྷུག་པ་ཐིག་ལེའི་ཚུལ༔ བརྒྱུད་པའི་བླ་མས་བྱིན་ཕོབ་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ལུས་ཀྱི་འཛིན་ཞེན་བཤིག་ཏུ་གསོལ༔ ངག་གི་བརྗོད་མཐའ་གཅད་དུ་གསོལ༔ སེམས་ཀྱི་སྤྲོ་རྟོག་གཞོམ་དུ་གསོལ༔ མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ ཡེ་ཤེས་ལྷུག་པར་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་ཐིག་ལེར་སྨིན་པར་བྱིན་གྱིས་རློབས༔ ཐིག་ལེ་ཚོམ་བུར་རྒྱས་པར་བྱིན་གྱིས་རློབས༔ རིག་པ་སྐུ་རུ་སྨིན་པར་བྱིན་གྱིས་རློབས༔ སྐུར་སྣང་འཛིན་ཞེན་སྟོང་པར་བྱིན་གྱིས་རློབས༔ གོང་འཕེལ་ཚད་ལ་ཟིན་པར་བྱིན་གྱིས་རློབས༔ གདོས་བཅས་ཕུང་པོ་ཡལ་བར་བྱིན་གྱིས་རློབས༔ སྐྱེ་འཇུག་རང་དབང་ཐོབ་པར་བྱིན་གྱིས་རློབས༔ རླུང་སེམས་རང་རྩལ་རྫོགས་པར་བྱིན་གྱིས་རློབས༔ ཆོས་ཚིག་མཚན་མ་ཟད་པར་བྱིན་གྱིས་རློབས༔ འཁྲུལ་པ་མ་ལ་ཟློག་པར་བྱིན་གྱིས་རློབས༔ མ་གཞི་ས་བོན་དག་པར་བྱིན་གྱིས་རློབས༔ ཨཱོྃ་ཨཱཿཧཱུྃ༔ ཕེཾ་ཕེཾ༔ གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བྱིན་དབབ་པས་སྐལ་ལྡན་རབ་ལ་སྣང་བ་གཏད་མེད་བུན་བུན་འཆར་བར་གསུངས་སོ། །དེ་ནས་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ལན་བདུན་ཕུལ་བར་མོས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་ཕུལ་མཛོད༔ ཧོ༔ བླ་མ་ཀུན་བཟང་རིག་པའི་ལྷ༔ བདག་ཅག་ཟང་ཐལ་བུ་རྣམས་ལ༔ སྙིང་པོའི་དོན་དབང་བསྐུར་དུ་གསོལ༔ ཀུན་གཞི་མ་སྐྱེས་ཡངས་པ་ལ༔ སྣང་བ་མ་འགགས་ཚོམ་བུ་བཀྲམ༔ རང་གསལ་ཞེན་མེད་ཚིག་གིས་བརྒྱན༔ སྣང་བཞི་མཐར་ཕྱིན་ངང་དུ་བཞེས༔ མཎྜལ་ལ་རཏྣ་པཱུ་ཙ་ཧོ༔ ཞེས་ལན་བདུན་འབུལ་དུ་གཞུག །བླ་མས། ཧོ༔ བུ་རྣམས་མ་ཡེངས་ང་ལ་ཉོན༔ མི་འགུལ་གསུམ་པོ་འཆའ་ནུས་སམ༔ སྣང་བཞི་ལམ་སྣང་སྐྱེལ་ནུས་སམ༔ སྒྱུ་ལུས་རང་མདངས་སྒྲུབ་ནུས་སམ༔ ཞེས་དྲིས་པའི་ལན་དུ། དེ་ལྟར་ནུས་ལགས༔ ཞེས་བརྗོད་ཅིག །ཅེས་དྲིས་ལན་ཚར་གསུམ་བྱ། དེ་ནས་བླ་མའི་ཞབས་སྤྱི་བོར་བླང་བར་མོས་ལ་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ཧོ༔ ཁྲེགས་ཆོད་དོན་ལས་ཡེངས་རེ་ཀན༔ འཁྲུལ་པའི་བྱ་བ་བྱེད་རེ་ཀན༔ བླ་མས་ཅི་གསུང་མི་བསྒྲུབ་རེ༔ དུས་བཞི་མི་འགུལ་མི་བྱེད་རེ༔ སྣང་བཞི་ཟད་སར་མི་སྐྱེལ་རེ༔ སྒྱུ་ལུས་རང་མདངས་མི་བསྒྲུབ་རེ༔ ཚེ་འདིའི་སྣང་བ་སྒྲུབ་རེ་ཀན༔ དེ་ལྟར་ན། རབ་ཀྱིས་ལོ་གསུམ༔ འབྲིང་གཉིས༔ ཐ་མས་ཀྱང་གཅིག༔ ཡང་མཐས་ཀྱང་ཟླ་བ་དྲུག་སྒྲུབ་པར་དམ་འཆའ་དགོས་པར་གསུངས་སོ། །དབང་དངོས་གཞི་དུག་ལྔ་ཡེ་ཤེས་ལྔར་ངོ་སྤྲོད་པ་ནི། བརྡ་འདི་ལ་མིག་གཏོད་ལ་ངོ་སྤྲོད་པའི་ཚིག་གིས་དོན་མཚོན་པར་གྱིས་ཤིག །རྨ་བྱའི་སྒྲོ་བསྟན་ལ། ཧཱུྃ༔ བུ་ཁྱོད་རྨ་བྱ་འདི་ལ་ལྟོས༔ དཀར་པོ་མེ་ལོང་ཡེ་ཤེས་ཡིན༔ ཞེ་སྡང་ངོ་བོས་ཞེ་སྡང་སྟོང༔ ཡོད་ཡོད་འདྲ་ཡང་གཞི་རྩ་སྟོང༔ ཐོ་རངས་ཙོག་པུ་ཉིད་ཀྱིས་ལྟོས༔ འདི་རྣམས་ལ་བསྡུ་ན་ཚིག་ཙམ་དང་སྤྲོ་ན་ཁྲིད་ཡིག་ལྟར་ལུས་གནད་སོ་སོར་བསྟན་དགོས་པས་འདིར་སྔ་དྲོ་ལྟར་རོ། །ཧཱུྃ༔ བུ་ཁྱོད་རྨ་བྱ་འདི་ལ་ལྟོས༔ སེར་པོ་མཉམ་ཉིད་ཡེ་ཤེས་ཡིན༔ ང་རྒྱལ་ངོ་བོས་ང་རྒྱལ་སྟོང༔ ཡོད་ཡོད་འདྲ་ཡང་གཞི་རྩ་སྟོང༔ ཉིན་མོ་བཅར་ཉལ་མིག་གིས་ལྟོས༔ ཞེས་ཉིན་གུང་ལྟར་རོ། །ཧཱུྃ༔ བུ་ཁྱོད་རྨ་བྱ་འདི་ལ་ལྟོས༔ དམར་པོ་སོར་རྟོག་ཡེ་ཤེས་ཡིན༔ འདོད་ཆགས་ངོ་བོས་འདོད་ཆགས་སྟོང༔ ཡོད་ཡོད་འདྲ་ཡང་གཞི་རྩ་སྟོང༔ དགོང་མོ་རྡོ་རྗེའི་མིག་གིས་ལྟོས༔ ཞེས་ཕྱི་དྲོ་ལྟར་རོ། །ཧཱུྃ༔ བུ་ཁྱོད་རྨ་བྱ་འདི་ལ་ལྟོས༔ ལྗང་གུ་བྱ་གྲུབ་ཡེ་ཤེས་ཡིན༔ ཕྲག་དོག་ངོ་བོས་ཕྲག་དོག་སྟོང༔ ཡོད་ཡོད་འདྲ་ཡང་གཞི་རྩ་སྟོང༔ མཚན་མོ་རྣམ་རྟོག་ཨར་ལ་གཏོད༔ ཅེས་མཚན་མོ་ལྟར་རོ། །ཧཱུྃ༔ བུ་ཁྱོད་རྨ་བྱ་འདི་ལ་ལྟོས༔ མཐིང་ཁ་ཆོས་དབྱིངས་ཡེ་ཤེས་ཡིན༔ གཏི་མུག་ངོ་བོས་གཏི་མུག་སྟོང༔ ཡོད་ཡོད་འདྲ་ཡང་གཞི་རྩ་སྟོང༔ དུས་བཞིར་སྦལ་ནུར་འགྲོས་ཀྱིས་ལྟོས༔ དབྱིངས་རིག་སྨིན་ཕྲག་མཁའ་ལ་ལྟོས༔ ཞེས་རུ་སྦལ་འདུག་སྟངས་བསྟན་ནོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ་དུ་ངོ་སྤྲད་པའང་བརྡ་འདི་དག་གིས་མཚོན་པར་གྱིས་ཤིག །ཤེལ་རྡོ་བསྟན་ལ། ཧཱུྃ༔ ཆོས་སྐུ་དྲི་མེད་ཤེལ་དང་འདྲ༔ ངོ་བོ་གསལ་ཡང་རྣམ་པ་སྟོང༔ མཚན་ཉིད་རྐྱེན་ཡུལ་འཕྲད་པའི་ཚེ༔ མ་འགགས་ལྷུག་པ་རྩོལ་མེད་འཆར༔ མིག་ལ་ཤེལ་བཀབ། འཇའ་རིས་སམ། རྨ་བྱ་བསྟན་ལ། ཧཱུྃ༔ ལོངས་སྐུ་གསལ་མདངས་དྲི་མེད་བཀྲ༔ རྣམ་པ་གསལ་ཡང་གཟུང་དུ་མེད༔ ཁ་དོག་མ་འདྲེས་སོ་སོར་གསལ༔ ཆུ་ཟླ་འཇའ་ཚོན་སྨིག་རྒྱུ་འདྲ༔ ཡང་མིག་ལ་ཤེལ་བཀབ། བླ་མ་རྒྱན་གྱིས་བརྒྱན་ཅིང་གར་བསྒྱུར་བ་ལ་བལྟར་གཞུག་ལ། ཧཱུྃ༔ སྤྲུལ་སྐུ་མ་ངེས་ཅིར་ཡང་སྟོན༔ རྒྱན་དང་ཆ་ལུགས་ཅིར་ཡང་སྒྱུར༔ ངེས་པ་མེད་ཅིང་ཞེན་འཛིན་བྲལ༔ གང་ཤར་རང་གྲོལ་ཨེ་མ་ཧོ༔ དེ་ནས་ཕྱི་གོས་ཕུད་ལ། ཧོ༔ ཁྱེད་རྣམས་སྔོན་ཆད་ངོ་ཚས་བསྒྲིབས༔ ཨ་ཏི་ངོ་ཚ་དག་དང་བྲལ༔ གཉིས་འཛིན་སྦྲུལ་གྱི་པགས་པ་ཤིགས༔ བུ་ཁྱོད་རྟོག་པའི་དྲི་མ་ཤིགས༔ སྐ་རག་བཀྲོལ་ལ། ཧོ༔ ཁྱེད་རྣམས་སྔོན་ཆད་གཟུང་འཛིན་བསྡམས༔ ང་མེད་བདག་ཉིད་མཚན་མས་བཅིངས༔ དུག་གསུམ་མདུད་པ་ང་ཡིས་བཤིག༔ འབོལ་ལེ་ཤིག་གེ་དོན་ལ་སྤྱོད༔ ནང་གོས་རྗེན་ཁྲེས་སུ་བཀྲོལ་ལ། ཕཊ༔སྒྲ་དྲག་པོ་བརྗོད། རིམ་པར་ཕྱོགས་རྣམས་སུ་འགྲོ་སྟངས་བྱར་གཞུག་ལ། ཧོ༔ རིག་པ་གཅེར་བུ་ཟང་ཐལ་ལ༔ ཉམས་སྣང་ཞེན་འཛིན་དགོས་པ་མེད༔ རྐྱག་གཏད་མེད་པ་རྗེན་ཁྲེས་སེ༔ ཏིག་པོ་མེད་པར་དྭངས་སང་ངེ༔ བུ་ཁྱོད་ཤར་གྱི་ཕྱོགས་སུ་སོང༔ མཆོང་དང་རྒྱུག་དང་རྩེ་བ་དང༔ བུང་བ་རྒོད་པོའི་སྟངས་ཀྱིས་སོང༔ ཕཊ༔ བུ་ཁྱོད་ལྷོ་ཡི་ཕྱོགས་སུ་སོང༔ མཆོང་དང་རྒྱུག་དང་རྩེ་བ་དང༔ ཕག་པ་སེང་གེའི་འགྲོས་ཀྱིས་སོང༔ ཕཊ༔ བུ་ཁྱོད་ནུབ་ཀྱི་ཕྱོགས་སུ་སོང༔ མཆོང་དང་རྒྱུག་དང་རྩེ་བ་དང༔ སྟག་མོ་ཝ་ཡི་སྟངས་ཀྱིས་སོང༔ ཕཊ༔ བུ་ཁྱོད་བྱང་གི་ཕྱོགས་སུ་སོང༔ མཆོང་དང་རྒྱུག་དང་རྩེ་བ་དང༔ སྨྱོན་པ་བུ་ཆུང་ལྟ་བུས་སོང༔ བུ་ཁྱོད་ཕྱོགས་རྣམས་ཀུན་ཏུ་སོང༔ འགྲོ་བའི་མཁན་པོ་གང་ཡིན་ལྟོས༔ འགྲོ་དོན་ཤེས་པ་སུ་ཡིན་དྲིས༔ འགྲོ་དུས་མཚན་མ་གར་སོང་ཆོད༔ དུས་གསུམ་འགྱུར་མེད་ངོ་མཚར་ཆེ༔ དེའི་རྗེས་སུ་རིག་པའི་རྩལ་དབང་གི་ངོ་སྤྲོད་དང་སྣང་བཞིའི་ངོ་སྤྲོད་གདབ་པར་གསུངས་པ་ནི་དབང་དང་ཁྲིད་སྦྲེལ་བའི་དབང་དུ་མཛད་པ་ཡིན་ཀྱང་། འདིར་ས་བཅད་ཙམ་དུ་སྙིང་ཐིག་གཞན་ལྟར་མདོར་བསྡུས་སྤྲོ་ན། འོ་བུ་རྣམས། ཁྱེད་རང་གི་སེམས་བཟོ་མེད་དུ་ལྷོད་དེ་བཞག་པའི་དུས་ན་སོ་མ། སིམ་མེ་བ། རྒྱ་མཚོ་རླུང་གི་མ་བསྐྱོད་པ་ལྟ་བུ་ལྷང་ངེ་བ། དེའི་ངང་ལས་རྣམ་རྟོག་ཅིག་ཐོལ་ལེར་ཤར་བ་དེའི་ངོ་བོ་ལ་མ་ཡེངས་པར་ཅེར་བལྟས་པས། སྐྱེ་མེད་དུ་ལྷམ་མེ། ཧྲིག་གེ །མེར་རེ། རྗེན་ནེ། ཐལ་ལེ་བ་དེའི་སྐད་ཅིག་མ་དེའི་སྟེང་ནས། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་འགག་མེད་དུ་ཧྲིག་གེ་བ་འདིའི་རྒྱུན་སྐྱོངས་ཤིག །དེ་ལྟར་ཚིག་དབང་རིན་པོ་ཆེ་ཡེ་ཤེས་སྤྱི་བླུགས་ལེགས་པར་ཐོབ་པ་ཡིན་པས་ཨ་ཏི་ཁྱད་པར་ཆེན་པོའི་དམ་ཚིག་རྣམས་ཚུལ་བཞིན་གཟུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་ཡོན་དུ་མཎྜལ་ཕུལ།། ༈ །།ལྔ་པ་གདམས་གཏད་དབང་ལ། སྤྲོས་བཅས་དང་འབྱོར་པས་ལྕོགས་ཤིང་སློབ་མའང་བརྒྱུད་པ་འཛིན་ངེས་ལ། སེང་ཁྲི་སོགས་གདན། གདུགས་སོགས་སྟ་གོན་བྱས་ལ། ལྔ་པ་བཀའ་གཏད་ལུང་རྫོགས་ཀྱི་དབང་བསྐུར་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ༔ བླ་མ་དབང་ཆེན་ཀུན་ཏུ་བཟང༔ བདག་ཅག་སྣོད་ལྡན་བུ་མཆོག་ལ༔ རིག་རྩལ་རོལ་པའི་དབང་མཆོག་གི༔ གདམས་གཏད་ལུང་རྣམས་རྫོགས་པར་ཞུ༔ ལན་གསུམ། དངོས་སུ་ཁྲི་ལ་བཀོད་ཅིང་རུས་པའི་རྒྱན་དྲུག་བཏགས་པར་གསུངས་ཀྱང་མ་འཛོམ་ན། དེ་ནས་ཁྱེད་རང་ཆོས་ཀྱི་མངའ་བདག་རྡོ་རྗེ་སློབ་དཔོན་མཆོག་གི་གོ་འཕང་དུ་མངའ་གསོལ་བའི་ཕྱིར་སེང་གེ་བརྒྱད་བསྣོལ་གྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་རུས་པའི་རྒྱན་དྲུག་དང་ལྡན་པས་འཁོད་པ་ལ་ཆོས་ཉིད་རྡོ་རྗེའི་གླུས་མངའ་གསོལ་བར་མོས་ཤིག །སྤྲོ་ན་ལྟ་བ་ཀློང་ཡངས་ལས་འབྱུང་བའི་སྟོན་པ་བཅུ་གཉིས་ཀྱི་དོ་ཧ་ཅི་རིགས་དང་། དཀྱུས་སུ། ཨེ་མ་ཀི་རི་སོགས་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དབྱངས་སུ་བླང་། རིག་པའི་རྩལ་དབང་ནི། ཧོ༔ ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ༔ ལྟ་བ་ཟང་ཐལ་དགེ་སྡིག་བྲལ༔ སྒོམ་པ་རང་གསལ་ཡེ་སྒོམ་ངང༔ སྤྱོད་པ་རང་གྲོལ་བཅོས་སླད་བྲལ༔ འབྲས་བུ་ཆོས་ཟད་སྐུ་གསུམ་བརྡལ༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ བདག་གི་རྒྱུད་ལ་ཡོངས་གནས་པ༔ བུ་ཡི་རྒྱུད་ལ་ད་འཕོས་ཤིག༔ འཁོར་འདས་འཁྲུལ་པ་རང་གྲོལ་ཤོག༔ ཅེས་བརྗོད། དེ་ནས་སློབ་མའི་མགོ་ཐོག་ཏུ་གདུགས་དབུབ། ལག་ཏུ་རྡོར་དྲིལ་གཏད་ལ། ཧོ༔ རྡོ་རྗེ་འཆང་ཆེན་ལོངས་སྤྱོད་རྫོགས༔ ལྟ་བ་འཁོར་འདས་ལྷ་ལྷ་མོ༔ སྒོམ་པ་བསྐྱེད་རྫོགས་ཟུང་འཇུག་ངང༔ སྤྱོད་པ་དམ་ཚིག་གཙོ་བོར་སྟོན༔ འབྲས་བུ་རིག་འཛིན་བཞི་ཉིད་དེ༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ བདག་གི་རྒྱུད་ལ་ཡོངས་གནས་པ༔ བུ་ཡི་རྒྱུད་ལ་ད་འཕོས་ཤིག༔ གཉིས་འཛིན་འཁོར་འདས་རང་གྲོལ་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར། རོལ་མོ་ལྡིར། དེ་ནས་བུམ་པ་སོགས་དབང་ཆས་སྣོད་གཅིག་ཏུ་བསྡུས་པ་དང་། གཞུང་སྤོད་ལག་ཏུ་གཏད་ལ། ཧོ༔ པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ལྟ་བ་འཁོར་འདས་ཐུགས་རྗེའི་ཞིང༔ སྒོམ་པ་ཅིར་སྣང་ཡེ་ཤེས་ངང༔ སྤྱོད་པ་སྣ་ཚོགས་གང་དམིགས་འདྲེན༔ འབྲས་བུ་འཁོར་བ་དོང་སྤྲུགས་ཏེ༔ ཉན་ཐོས་རང་རྒྱལ་བྱང་སེམས་གསུམ༔ བདག་གི་རྒྱུད་ལ་ཡོངས་གནས་པ༔ བུ་ཡི་རྒྱུད་ལ་ད་འཕོས་ཤིག༔ ཀུན་གྱི་མཆོད་འོས་མོས་རྟེན་དུ༔ དེ་རིང་ཉིད་ནས་གྱུར་པ་འོ༔ ཞེས་བརྗོད། མེ་ཏོག་འཐོར། རོལ་མོ་ལྡིར་ལ་མངའ་གསོལ། སློབ་དཔོན་གྱིས་འདུལ་བའི་ཞིང་རྣམས་གཏད་པར་མོས་ལ་ཡུན་ཅིག་དགོངས་པའི་ངང་དུ་མཉམ་པར་བཞག་གོ། །། ༄༅། །བླ་མའི་ལས་བྱང་ལས་འབྱུང་བའི་གཏོར་དབང་ཉིད་སྒེར་དུ་བསྐུར་ཡང་ཆོག་མོད། འདིར་མཐའ་རྟེན་གྱི་ཚུལ་དུ་སྦྱོར་བར་མཛད་པས་བླ་མའི་གཏོར་ཆེན་ཐོགས་ལ། དེ་ནས་དབང་ཐམས་ཅད་ཀྱི་སྙིང་པོ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །གཏོར་སྣོད་ཆོས་དབྱིངས་བརྡལ་བ་ཆེན་པོའི་ཕོ་བྲང་འཇའ་ཟེར་ཐིག་ལེའི་དྲྭ་བ་འཁྱིལ་བའི་ཀློང་དུ། གཏོར་མ་ཉིད་བླ་མ་སྐུ་གསུམ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅིར་ཡང་འཆར་བའི་གནས་བཞི་ནས་ཡེ་ཤེས་ཀྱི་འོད་ཟེར་དཀར་དམར་མཐིང་སེར་བཞི་རིམ་པར་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་བཞིའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པས་འཁྲུལ་སྣང་རང་སངས་སུ་གྱུར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ གང་སྣང་གུ་རུ་ཉིད་ཀྱི་སྐུ༔ བཅོས་སླད་བྲལ་བའི་རིག་པ་ལྟོས༔ གཟུགས་སྣང་ཐམས་ཅད་སྟོང་གཟུགས་ཡིན༔ གཏོར་མ་ཆོས་སྐུའི་དབང་ཐོབ་ཤོག༔ ཨཱོྃ༔ མགྲིན་པར་བཞག་ལ། ཧཱུྃ༔ སྒྲ་ཚིག་བརྗོད་པ་ཧཱུྃ་གི་སྒྲ༔ རང་གྲགས་སྟོང་གྲགས་ངང་དུ་ལྟོས༔ བཟང་ངན་རིས་མེད་སྟོང་པ་ཡིན༔ གཏོར་མ་ལོངས་སྐུའི་དབང་ཐོབ་ཤོག༔ ཨཱ༔ གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ རྟོག་འཛིན་སངས་རྒྱས་བླ་མའི་ཐུགས༔ འགྱུ་བ་ཝལ་པོ་རྗེས་མེད་ཡིན༔ ཡེ་སྟོང་ཟང་ཐལ་ངང་དུ་གློད༔ གཏོར་མ་སྤྲུལ་སྐུའི་དབང་ཐོབ་ཤོག༔ ཧཱུྃ༔ གཏོར་མ་ལྟེ་བར་བཞག་ལ། ཧཱུྃ༔ ཆོས་རྣམས་ཡེ་ནས་གཞི་རྩ་བྲལ༔ སྣང་བའི་དུས་ན་ཀུན་གྲུབ་ཀྱང༔ སྟོང་པའི་དུས་ན་གྲུབ་པ་མེད༔ སྣང་སྟོང་གཉིས་སུ་མེད་པའི་དབང༔ ཚོགས་གཉིས་རྫོགས་པའི་དབང་ཐོབ་ཤོག༔ ཧྲཱི༔ ཞེས་བསྐུར་ལ་གཏོར་ཟན་ཚོགས་དུམ་དངོས་གྲུབ་ཀྱི་ཚུལ་དུ་སྦྱིན། མེ་ཏོག་འཐོར་ལ་བཀྲ་ཤིས་ཅི་རིགས་པ་བརྗོད་ཅིང་རོལ་མོ་བསྒྲག །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ཀུན་གྱི་ཡང་བཅུད་རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་སྨིན་བྱེད་སྐོར་ལྔ་མཐའ་རྟེན་དང་བཅས་པ་གྲུབ་པ་ཡིན་པས། སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བའི་བློས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དབང་བསྐུར་ཞུས་པ་ལས་བྱུང་བས་མཚོན་དགེ་རྩ་ཅི་མཆིས་པ་ཐམས་ཅད་ཟག་པ་མེད་པའི་དབྱིངས་སུ་བསྔོ་བ་འདིའི་རྗེས་ཟློས། ཧོ༔ དུས་གསུམ་རུ་ཤན་ཕྱེ་བ་དང༔ དབང་བཞིས་སྨིན་ཅིང་གདམས་པས་གྲོལ༔ ཁྲེགས་ཆོད་གཤིས་ཀྱི་འདུག་ཚུལ་རྟོགས༔ ཐོད་རྒལ་ལམ་གྱི་རྩལ་སྣང་ཤེས༔ རེ་དོགས་འཁོར་འདས་གདོད་མར་གྲོལ༔ ཡང་དག་མངོན་སངས་རྒྱས་པ་ཡི༔ འབྲས་བུ་ཡོན་ཏན་གང་ཡོད་པ༔ དམིགས་གཏད་འཛིན་བྲལ་ངང་དུ་བསྔོ༔ ཞེས་དང་བསྔོ་སྨོན་གཞན་ཡང་བྱའོ། །དབང་རྣམས་སྦྲེལ་ནས་བསྐུར་བའི་ཚེ་སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མའི་ཆོ་ག་གཏང་བ་ནས་ཤིས་བརྗོད་ཀྱི་བར་བླ་མའི་ལས་བྱང་གཞིར་བཞག །གཞན་གཉིས་ཀྱི་ཁྱད་པར་རྣམས་ཀྱང་སྦྲགས་མར་བཏང་བས་གྲུབ་བོ།། །། <!TCC Tibetan character 4,35 undefined in unicode!> གཞུང་མཐུན་ཁྲིད་དང་སྦྲེལ་བའི་སྨིན་དབང་བྱེད་ན། ཐོག་མར་བླ་སྒྲུབ་དང་འབྲེལ་བར་བུམ་དབང་བསྐུར་བས་ལུས་སྨིན་པར་བྱས་ནས་སྤྱི་ཡི་སྔོན་འགྲོ་སྐྱབས་སེམས་ནས་ཚད་མེད་བར་བདུན་དང་། ལུས་ཀྱི་རུ་ཤན་དབྱེ་བ་རྣམས་ཁྲིད་དུ་གདབ། དེ་ནས་ཡི་དམ་དང་འབྲེལ་བར་གསང་དབང་གིས་ངག་སྨིན་པར་བྱས་ནས་ངག་དང་སེམས་ཀྱི་རུ་ཤན་དབྱེ་བ་རྣམས་ཀྱི་ཁྲིད་འབོགས། དེ་ནས་མཁའ་འགྲོ་དང་འབྲེལ་བར་ཤེར་དབང་གིས་སེམས་སྨིན་པར་བྱས་ནས་ཞི་ལྷག་དབྱེར་མེད་ཀྱི་ངོ་སྤྲོད་གདབ། དེ་ནས་ཚིག་དབང་བསྐུར། འདིའི་སྐབས་སུ་སེམས་རིག་དབྱེ་བ་དོན་གྱི་ངོ་སྤྲོད་ཀྱང་སྦྱོར་ན་ལེགས། དངོས་གཞི་ཐོད་རྒལ་གྱི་ཁྲིད་དང་རྗེས་རྟགས་ཚད་བཅས་གྲུབ་ནས། བཀའ་གཏད་ལུང་རྫོགས་ཀྱི་དབང་སོགས་མཐའ་རྒྱས་སུ་བྱ་བ་ཡིན་ལ། དབང་རྣམས་སྦྲེལ་མར་བསྐུར་བའི་སྐབས་སུའང་ཁྲིད་རྣམས་གོང་སྨྲོས་ལྟར་བར་བར་སྦྲེལ་ན་གདམས་ངག་ཚང་སྤྲུགས་སུ་འགྱུར་བས་ཤིན་ཏུ་ ལེགས་སོ། །སྲིད་རྩ་གཟུང་འཛིན་རྟོག་པའི་ཚོགས། །སྐྱེ་མེད་ཀ་དག་དབྱིངས་སུ་བཅད། །རང་བྱུང་ཟག་མེད་འོད་གསལ་སྦུབས། །འཁྲུལ་པའི་སྣང་བ་རུ་ལྡོག་ཤོག །ཟབ་ཆོས་འདིའི་རྒྱུན་དེང་སང་ཉིན་མོའི་སྐར་མའི་དཔེ་ཟླར་གྱུར་པ་ལ། ཀུན་བཟང་པདྨ་སམ་བྷ་བ་ཉིད་དགེ་བའི་བཤེས་གཉེན་གྱི་རྣམ་པར་སྣང་བ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་ལས་གདམས་པའི་བདུད་རྩི་སྙིང་བུམ་གྱི་བཅུད་དུ་འཁྱིལ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཆོས་རྒྱུན་ལ་ཞབས་ཏོག་ཏུ་འགྱུར་བར་རེ་བའི་ལྷག་བློས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ། འདིའི་ཤེར་དབང་སྐབས་རྡོ་རྗེ་ཆུ་འཐུང་དཔེ་མ་ཚང་བ་སླད་ནས་དཔེ་འབྱོར་ན་བསྟུན་དགོས་པ་ཡོད་དོ།། །།

ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོའི་སྐབས་བྱར་ཉེ་བར་མཁོ་བའི་ཟུར་འདེབས་བདུད་རྩིའི་ལྗོན་ཤིང་ (Volume 6, Text 25)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོའི་སྐབས་བྱར་ཉེ་བར་མཁོ་བའི་ཟུར་འདེབས་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མི་ཏ་བྷཱ་ཡ། ཚེ་སྒྲུབ་གསང་བ་འདུས་པའི་ཕྱི་སྒྲུབ་ལས་བྱང་འཆི་མེད་གོ་ཆ་གཏེར་གཞུང་གི་དགོངས་དོན་ཇི་ལྟ་བ་ཡིན་པས་རྒྱུན་དུ་ཁ་འགེངས་མི་དགོས་ཀྱང་སྤྲོས་བཅས་ཀྱི་སྒྲུབ་མཆོད་སོགས་ལ་རྒྱས་པར་སྤྲོ་བའི་ཚེ། བསང་ཆུ་བྱིན་རླབས་ཟིན་ནས། ཉིན་དང་པོར་དཀར་གཏོར་གཏང་བ་ནི་ཆགས་མེད་རིན་པོ་ཆེས་མཛད་པའི་སྔོན་འགྲོ་ལྟར་བྱས་ལ་འབྱུང་གཏོར་བཏང་། མཆོད་གཏོར་བྱིན་རླབས་རྒྱས་པར་སྤྲོ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་པདྨོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པའི་དབུས་སུ། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཨོཾ་ཨཱཿཧཱུྃ་ལས་མཆོད་ཡོན་མེ་ཏོག་ལ་སོགས་པ་ཕྱི་མཆོད་དང་། འདོད་པའི་ཡོན་ཏན་ལ་སོགས་པ་ནང་མཆོད་དང་། རྡོ་རྗེའི་རིག་མ་ལ་སོགས་པ་གསང་བའི་མཆོད་པ་དཔག་ཏུ་མེད་པ་རྒྱ་ནམ་མཁའི་ཁྱོན་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབྱུང་བའི་རང་བཞིན་དུ་གྱུར། ཧྲཱི༔ གསང་འདུས་ཚེ་ཡི་སོགས་ནས། ཤབྡ་ཨཱཿཧཱུྃ༔ བདུད་རྩི། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་སོགས་ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཨོཾ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སོགས་ལན་གསུམ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་སོགས་དང་། བོ་དྷི་ཙིཏྟའི་སྔགས་ལན་གསུམ་བརྗོད་ལ་བཤགས་པ་བྱ། ལྷ་བསྐྱེད་གོང་དུ་ཏིང་འཛིན་རྣམ་གསུམ་ཐུགས་གསང་ལྟར་རྒྱས་པར་སྤྲོ་ན། ཧཱུྃ༔ སྤྲོས་མེད་ཆོས་རྣམས་ཡེ་ནས་དག༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ འཁོར་འདས་མཉམ་པ་ཉིད་དུ་བདལ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཧཱུྃ༔ གདོད་ནས་བདེ་ཆེན་ཆོས་ཀྱི་སྐུ༔ རང་ངོ་མ་ཤེས་འཁྲུལ་པའི་དབང༔ གཟུང་འཛིན་ལས་ལ་རབ་ཏུ་འཐས༔ དེ་ཉིད་མ་རྟོགས་སྙིང་རེ་རྗེ༔ དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཤུདྡྷེ་ཨཱ༔ ཧཱུྃ༔ འཁོར་བ་དང་ནི་མྱ་ངན་འདས༔ རྒྱུ་ཡི་ངོ་བོ་གཅིག་ཉིད་དེ༔ ཧྲཱིཿནི་ཡེ་ཤེས་སྙིང་པོའི་སྲོག༔ རྟེན་འབྲེལ་རྒྱུ་ཡི་ས་བོན་བསྒོམ༔ ཧྲཱིཿཙིཏྟ་བཛྲ་ས་མཱ་དྷི་ཧཱུྃ༔ ཧཱུྃ༔ སྟོང་པ་ཆེན་པོ་སོགས་སྦྲེལ་ནས་སྤྱན་འདྲེན་དང་ཕྱག་ཡན་བཏང་། དེ་ནས་མཆོད་འབུལ་ནི། ཧྲཱི༔ རང་བྱུང་ཡེ་ཤེས་ཚེ་དཔག་མེད༔ གསང་བ་འདུས་པ་གཙོ་དང་འཁོར༔ བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ བདེ་ཆེན་གར་གྱི་མཆོད་པ་ནི༔ རྒྱུན་ཆད་མེད་པར་རབ་བརྟན་ཅིང༔ མཉམ་པ་ཉིད་ཀྱི་ངང་དུ་འབུལ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ དཀར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ མཛེས་པའི་མེ་ཏོག་སྣ་ཚོགས་བསྣམས༔ པདྨ་ཨུཏྤལ་ཀུ་མུད་སོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ སྣང་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ སྔོན་མོ་སྒེག་ཅིང་འགྱིང་བའི་གཟུགས༔ དྲི་ཞིམ་བདུག་སྤོས་སྣ་ཚོགས་བསྣམས༔ ག་པུར་ཙནྡན་ཨ་གར་སོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ རིག་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ དམར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ སྣང་གསལ་མར་མེ་སྣ་ཚོགས་བསྣམས༔ ཉི་ཟླ་འབྲུ་མར་རྩི་མར་སོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ གསལ་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ ལྗང་མོ་སྒེག་ཅིང་འགྱིང་བའི་གཟུགས༔ དྲི་ཞིམ་དྲི་ཆབ་བདེ་བའི་མཆོག༔ ཙནྡན་གུར་གུམ་དཔག་མེད་སྦྱར༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ བདེ་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ སེར་མོ་སྒེག་ཅིང་འགྱིང་བའི་གཟུགས༔ རང་བྱུང་ལྷན་སྐྱེས་སྦྱར་བའི་བཤོས༔ རོ་ལྡན་གཙང་མའི་ཞལ་ཟས་ཚོགས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ རོ་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ནཻ་བིདྱ་ཧཱུྃ༔ ཧཱུྃ༔ རབ་ཏུ་མཛེས་པའི་ལྷ་མོ་ནི༔ མཐིང་སྐྱ་སྒེག་ཅིང་འགྱིང་བའི་གཟུགས༔ རྔ་དུང་དྲིལ་བུ་སིལ་སྙན་དང༔ འབྱུང་བའི་སྒྲ་སོགས་རོལ་མོ་རྣམས༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ གྲགས་སྟོང་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཧཱུྃ༔ ཡིད་འོང་གཟུགས་ཀྱི་ལྷ་མོ་ནི༔ དཀར་མོ་གར་སྒྱུར་ལྡན་པ་མོ༔ སྣང་གསལ་དག་པའི་མེ་ལོང་བསྣམས༔ སྣང་སྲིད་གཟུགས་སུ་ཀུན་སྤྲུལ་ནས༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་སྒྲ་ཡི་ལྷ་མོ་ནི༔ སེར་མོ་གར་སྒྱུར་ལྡན་པ་མོ༔ སྒྲ་སྙན་དག་པའི་པི་ཝཾ་བསྣམས༔ སྣང་ཞིང་སྲིད་པའི་སྒྲ་རྣམས་ཀུན༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་དྲི་ཡི་ལྷ་མོ་ནི༔ སྔོན་མོ་གར་སྒྱུར་ལྡན་པ་མོ༔ ཡིད་འོང་དྲི་ཡི་སྤོས་ཁང་བསྣམས༔ སྣང་སྲིད་དྲི་ཡི་སྤོས་མཆོག་ཀུན༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་རོ་ཡི་ལྷ་མོ་ནི༔ དམར་མོ་གར་སྒྱུར་ལྡན་པ་མོ༔ རོ་མཆོག་བརྒྱ་ལྡན་ཞལ་ཟས་ཐོགས༔ སྣང་སྲིད་རོ་བཅུད་ལྡན་པ་རྣམས༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་རེག་བྱའི་ལྷ་མོ་ནི༔ ལྗང་གུ་གར་སྒྱུར་ལྡན་པ་མོ༔ པཉྩ་ལི་ཀཱའི་ན་བཟའ་བསྣམས༔ སྣང་སྲིད་བདེ་བའི་རེག་བྱའི་ཚོགས༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་སྤརྴེ་ཨཱཿཧཱུྃ༔ ཧཱུྃ༔ ཡིད་འོང་ཆོས་ཀྱི་ལྷ་མོ་ནི༔ མཐིང་མདོག་གར་སྒྱུར་ལྡན་པ་མོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཛིན༔ སྣང་སྲིད་ཐམས་ཅད་ཆོས་དབྱིངས་སྤྲུལ༔ གསང་བ་འདུས་པ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ ཨོཾ་བཛྲ་དྷརྨ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་སྐུ་ཡི་རིག་མ་ནི༔ དཀར་མོ་བདེ་བའི་མདངས་ལྡན་མ༔ རབ་མཛེས་མེ་ལོང་པདྨ་བསྣམས༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་ཨཱ་དརྴ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་རིག་མ་ནི༔ དམར་མོ་བདེ་བའི་མདངས་ལྡན་མ༔ རྔ་ཟླུམ་སྙན་པའི་སྒྲ་སྒྲོག་ཞིང༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་མུ་ར་ཛེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་རིག་མ་ནི༔ མཐིང་ག་བདེ་བའི་མདངས་ལྡན་མ༔ སྙན་པའི་པི་ཝཾ་སྒྲ་སྒྲོག་ཞིང༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་བཱི་ཎ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་རིག་མ་ནི༔ སེར་མོ་བདེ་བའི་མདངས་ལྡན་མ༔ གསུང་སྙན་གླིང་བུའི་སྒྲ་སྒྲོག་ཞིང༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་བཛྲ་མ་དྷེ་ཀ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་རིག་མ་ནི༔ ལྗང་མོ་བདེ་བའི་མདངས་ལྡན་མ༔ སིལ་སྙན་དྲིལ་བུའི་སྒྲ་སྒྲོག་ཞིང༔ གསང་མཆོག་བདེ་བའི་མཆོད་པ་ནི༔ གསང་འདུས་ཚེ་ཡི་ལྷ་ལ་འབུལ༔ ཀུན་ཏུ་བདེ་བས་མཉེས་གྱུར་ཅིག༔ ཨོཾ་ཧྲཱིཿམུ་གུ་ཏ་ཨཱཿཧཱུྃ༔ བདུད་རྩིའི་མཆོད་པ་ནི། ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ གཏེར་སྟོན་འགྲོ་འདུལ་གླིང་པའི་ཞལ་དུ༴ རྒྱལ་སྲས་ཚེ་དབང་གྲགས་པའི་ཞལ་དུ༴ ལས་ཅན་ཆོས་བདག་རྣམས་ཀྱི་ཞལ་དུ༴ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ༴ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ཞལ་དུ༴ རིགས་ལྔའི་རྒྱལ་བ་ཡབ་ཡུམ་ཞལ་དུ༴ ཚེ་བདག་ལྷ་མོ་རྣམ་བཞིའི་ཞལ་དུ༴ ཚེ་འགུགས་མགྱོགས་མ་བཞིའི་ཞལ་དུ༴ སྒོ་སྲུང་ཕོ་ཉ་བཞི་ཡི་ཞལ་དུ༴ ཚེ་ལྷ་རིག་འཛིན་རྣམས་ཀྱི་ཞལ་དུ༴ བཀའ་སྲུང་གཏེར་བདག་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། དེ་ནས་གཏོར་མའི་མཆོད་པ་ནི། ཧྲཱི༔ སྣང་སྲིད་བདེ་ཆེན་གཏོར་གཞོང་དུ༔ རང་བྱུང་འཁོར་འདས་གཏོར་མར་སྦྱར༔ མ་ལུས་འདུས་པའི་ཚོགས་ཆེན་པོ༔ ཚེ་ཡི་ལྷ་ཚོགས་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི། ཧྲཱི༔ རྒྱུ་དྲུག་རང་བཞིན་དབྱིངས་སུ་བསྒྲལ༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུགས༔ བློ་ངན་འཁོར་བའི་རྒྱུན་གཅོད་ཕྱིར༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི། ཧྲཱི༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ བདེ་ཆེན་འདུ་འབྲལ་མེད་པར་སྦྱོར༔ བདེ་བའི་རང་བཞིན་དགའ་བ་ཆེ༔ ཚེ་ཡི་ལྷ་ཚོགས་མཉེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནཱི་མུ་དྲ་པྲ་བེ་ཤ་ཡ་ཕཊ༔ སརྦ་པཱུ་ཛ་ཧོ༔ དེ་ནས་བསྒྲལ་བའི་མཆོད་པ་ནི། ཧྲཱི༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་དུག་ལྔ་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་རུ༔ ཡེ་ནས་རོ་གཅིག་ཆོས་ཀྱི་སྐུ༔ རང་ངོ་རྟོགས་གྲོལ་རང་སར་བསྒྲལ༔ ཐམས་ཅད་ཡེ་རྫོགས་ཆེན་པོར་བཞེས༔ མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཁ་རཾ་ཁཱ་ཧི༔ དེ་ནས་དེ་བཞིན་ཉིད་ཀྱིས་མཆོད། ཧྲཱི༔ ཀ་དག་ཟང་ཐལ་ཆོས་ཀྱི་སྐུ༔ སྤྲོས་པ་མེད་པ་དབྱིངས་ཀྱི་ངང༔ ནམ་མཁའ་ལ་ནི་ནམ་མཁའ་ཐིམ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་པཱུ་ཛ་ཧོ༔ ཞེས་མཆོད་ལ་བསྟོད་པ་གཞུང་ལྟར་བྱའོ། །ཚོགས་ཀྱི་གོང་དུ་ལས་ཀྱི་རྡོ་རྗེས་ཚོགས་ཀྱི་ཕྲིན་ལས་ལ་འཇུག་པར་གསོལ་བ་གདབ་པ་ནི། ཕྱག་སྔོན་དུ་འགྲོ་བས། ཧོ༔ དགོངས་སུ་གསོལ་ལོ༔ སྤྲོས་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དམ་པ་ནས༔ ཚེ་དཔག་མེད་གསང་བ་འདུས་པ་ཡབ་ཡུམ༔ རིགས་ལྔའི་རྒྱལ་བ་དང་ཡུམ་མཆོག༔ ཚེ་བདག་ལྷ་མོ་མགྱོགས་མ༔ སྒོ་སྲུང་ཕོ་ཉ་རྣམ་བཞི༔ རིག་འཛིན་དཔའ་བོ་མཁའ་འགྲོ༔ ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པའི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་ཅིང༔ རྣལ་འབྱོར་བདག་ཅག་གི་གཡར་དམ་སོར་སྩོལ་ཕྱིར༔ ཟབ་མོ་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་འབུལ་ལགས་ན༔ བརྩེ་བ་དང་ལྡན་པ་ཁྱེད་རྣམས་ཀྱིས་ཐུགས་རྗེས་དགོངས་ཏེ་བཞེས་པ་ཅི་གནང༔ ཞེས་ཞུས་པའི་ལན་དུ་རྡོ་རྗེ་སློབ་དཔོན་གྱིས། ཨེ་མ་ཧོ༔ ཚེ་དཔག་མེད་གསང་བ་འདུས་པ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱིས་ཐུགས་རྗེས་ནི་གཟིགས༔ བྱམས་པས་ནི་དགོངས༔ གནས་མཆོག་འདི་ཡང་ཧེ་རུ་ཀའི་དཀྱིལ་འཁོར༔ རྡོ་རྗེ་སློབ་དཔོན་གཉན་གྱི་དབུ་གཙོ༔ ཚོགས་ཀྱི་དཀྱིལ་འཁོར་འདིར་འདུས་པ་ཐམས་ཅད་ལྷ་དང་ལྷ་མོ་དཔའ་བོ་དཔའ་མོའི་རང་བཞིན་ཁོ་ན་ཡིན་པས༔ ཐུགས་རྗེས་གཟིགས་ཤིང་རྗེས་སུ་བཟུང་སྟེ་བཞེས་པར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ནས་ཚོགས་བྱིན་རླབས་ལ་འཇུག་གོ །འབུལ་དྲང་རྒྱས་པ་བྱེད་ན་ལས་རྡོར་གྱིས་ཚོགས་རྫས་བཏེགས་ལ། ཧྲཱི༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲང་ངོ་། །ལེན་པ་པོས་ཀྱང་པདྨའི་ཕྱག་རྒྱས་འདི་སྐད་བརྗོད་ལ་བླང་། ཨ་ལ་ལ་སྟེ་ངོ་མཚར་ཆེ༔ རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་དང་བྲལ་ཞིང༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཞེས་པས་རོལ་ལ་སྨོན་ལམ་གདབ། ལྷག་མའི་གོང་དུ་ཐ་ཚིག་བརྗོད་པ་ནི། ཧྲཱི༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་ལྷ་ཚོགས་ཕུད་ཀྱི་བདག༔ དེ་ནས་ལྷག་མས་མི་མཆོད་རྒྱུ༔ མ་མོ་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་བདག་ཉིད་དམ་ཚིག་གཅིག༔ དཀྱིལ་འཁོར་མཐའ་ལ་མི་བཞག་རྒྱུ༔ བྲན་གཡོག་ཕོ་མོའི་ཚུལ་དུ་གནས༔ ཞེས་བརྗོད་དེ་ལྷག་མ་བྱིན་རླབས་མན་ཆད་གཞུང་ལྟར་བྱའོ། །ཞེས་པའང་གོང་མ་རྣམས་ཀྱི་ཕྱག་རྒྱུན་ལྟར་སྤྲོས་བཅས་ཚོགས་གསོག་གི་ཆ་རྐྱེན་དུ་ཐུགས་གསང་ལས་བསྒྱུར་སོ་གུད་དུ་བཀོལ་བ་སྟེ། བློ་གྲོས་མཐའ་ཡས་ཀྱིས་རྟག་བརྟན་འཆི་མེད་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།། །།

རྟ་མགྲིན་ཡང་གསང་ཁྲོས་པའི་རྟེན་བཅའ་བ་སོགས་ལ་མཁོ་བའི་སྔགས་བྱང་ (Volume 25, Text 25)

རྟ་མགྲིན་ཡང་གསང་ཁྲོས་པའི་རྟེན་བཅའ་བ་སོགས་ལ་མཁོ་བའི་སྔགས་བྱང་བཞུགས། ན་མཿཔདྨ་ཤྲཱི་ཧེ་རུ་ཀཱ་ཡ། རྒྱུ་སྔགས་ནི་ཧཱུྃ་ཡིག་གོ །བཟླས་པ་ནི་ཧྲཱིཿབཛྲ་ཀྲོ་ཏ་སོགས་སོ། །དབང་སྡུད་སྔགས་ནི། ཨོཾ་ཧྲཱིཿཧྲཱིཿཔདྨཱནྟ་ཀྲྀཏ་ཝ་ཤཾ་ཀུ་རུ་ཧྲཱི༔ ཧ་ཡ་གྲྀ་ཝ་ཝ་ཤཾ་ཀུ་རུ་ཧྲཱི༔ ཙནྡྷེ་ཤྭ་རི་ཝ་ཤཾ་ཀུ་རུ་ཧྲཱི༔ པདྨ་རཱ་ག་ཝ་ཤཾ་ཀུ་རུ་ཧྲཱི༔ ཧྲཱིཿདབང་ཝ་ཤཾ་མ་ན་ཡ་ཧྲཱི་ཧྲཱིཾཿཛཿཛ༔ རཱ་ག་དུན་དུན༔ དགུག་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཙནྡྷ་རཱ་ག་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་མཱ་ཤྭ་རི་པདྨ་རཀྵ་བྷྱོ་ཀྲོ་དྷ་ཐུམ་རིལ༔ རཀྵ་སྲོག་ལ་བྷྱོ༔ ནྲྀ་ཨཾ་ཀུ་ཤ་ཛཿཛ༔ སྲོག་ཁུག་ས་མ་ཡ་ཛ༔ དྲག་སྔགས་བདུན་པ་ནི། ཨོཾ་ཧྲཱིཿཔདྨ་བྷན་དྷ་ཧྲཱིཿདབང་། ཧྲཱིཿཙན་དྷ་རཀྵ་སྲོག་ལ་རྦད། ཧྲཱིཿཔདྨཱནྟ་ཀྲྀཏ་སྙིང་ལ་རྦད། ཧྲཱིཿཧ་ཡ་གྷྲཱི་ཝ་མཱ་ར་ཡ་རྦད། ཧྲཱིཿཔད་མོ་དྷ་ར་རཱ་ག་མཱ་ར་ཡ་རྦད། མ་མ་ཏྲག་ཤིག་ཙིཏྟ་ལ་རྦད་བྷྱོ༔ ཀྲོ་དྷ་རཀྵ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། རྦད་ནན་བྷྱོཿ ཐུན་སྔགས་ནི། ཧྲཱིཿཧ་ཡ་གྷྲཱི་ཝ་རཀྵ་རྦད་ཐུན་སོད། པདྨཱནྟ་ཀྲྀཏ་དགྲ་བོའི་སྙིང་ལ་ཐུན་རྦད། མ་མ་རཀྵ་དགྲ་བོའི་སྲོག་ལ་ཐུན་རྦད། རག་མོ་ཚ་ལ་དུན་སྙིང་ལ་ཁོས་རྦད། ཀྲོ་དྷ་རཀྵ་དྷ་ར་དགྲ་བོའི་སྙིང་ལ་ཐུན་མཱ་ར་ཡ་རྦད། ཟློག་པའི་སྔགས། ཧྲཱིཿཔདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་གྷྲཱི་ཝ་ཧ་ཡ་ཀྲོ་དྷ་བཛྲ་མ་མ་ཀྲོ་ཏ་པ་ཊ་ཙ་ན་རཀྵ་མ་མ་ཤྭ་རི་ཤ་ཏྲ་ཏྲོ་ཧེ་ཀྲིད་ཀྲིད། པདྨ་ཤྲཱི་ཧེ་རུ་ཀཿ ཤད་ཤད་ཛཿཕཊ། དགྲ་བོའི་ཙིཏྟ་ས་མ་ཡ་ཐུན་རྦད། སྲོག་ལ་མཱ་ར་ཡ་རྦད། མཱ་ར་ཡ་སོད། མ་ཧཱ་བ་ལ་པདྨ་ཀྲིད། སུཾ་མཾ་ཁཾ་བཾ་སཏྭཾ་བྷ་ཡ་ནན། ཐོག་འབེབ་སྔགས། ཧྲཱིཿརཾ་ཝ་ཤཾ་ཀུ་རུ་པདྨ་བྷནྡྷ་དྷ། པདྨོ་དྷ་ཡ། ཙནྡྷ་རཱ་ག །པདྨ་ཏེ་ཛ་ཛྭ་ལ་རཾ། མ་མ་ཤྭ་རི་ཏྲག་རཀྵ། ཁྲག་ལ་རྔུབས། ཛྭ་ལ་རཾ། རཱ་ཧུ་ལ་སི་སི་ཛ༔ བཛྲ་ཡཀྵ་ཛྭ་ལ་རཾ། མ་མ་ཁྲག་ལ་མུ་ཤ་ཛྭ་ལ་རཾ། མ་མ་ཁྲག་ལ་མུ་ཤ་མ་བྷྱོཿ ཙ་ར་མུ་ཤ་ཛྭ་ལ་རཾ། བཛྲ་ཤད་ཤད། དགྲ་བོ་འཁོར་དང་བཅས་པའི་སྲོག་ལ་རྦད། རཾ་ཐོག་ཐོག་གནམ་ལྕགས་ཨུར་མོ་དགྲ་བོའི་སྲོག་ལ་བྷྱོཿབྷྱོཿ མཱ་ར་ཡ་རྦད། ཕོབས་ཕོབས། སེར་བའི་སྔགས་ནི། ཨོཾ་པདྨཱནྟ་ཀྲྀཏ་ཕྲོམ་ཕྲོམ། ཧ་ཡ་གྷཱི། ཕྲོམ་ཕྲོམ། མ་མ་ཏྲག་རཀྵ་ཕྲོམ་ཕྲོམ། ཧུ་ལུ་ཧུ་ལུ་ཕྲོམ་ཕྲོམ། བཛྲ་རཀྵ་ག་ཏེ་ཕྲོམ་ཕྲོམ། མ་ར་ཙ་ཤ་ཕྲོམ་ཕྲོམ། ཧྲཱིལ་ཧྲིལ་ཤར་ཤར་དྲག་ཏུ་ཧྲིལ་བྷྱོཿ ཧཱུྃ་ལ་ཕྲོམ། རཱ་ཧུ་ལ་བཛྲ་ཡཀྵ་མ་སྙིལ། ས་མ་ཁྲག་ཧྲིལ་ཤར་ལོ་ཐོག་ལ་ཕོོབ། མ་ཧཱ་ཁྲག་ལ་མུ་ཤམ། སྙིང་ཙ་ཤ་མ་མ་བྷྱོཿ མ་མ་རཱ་ཙ་ཤ་ཧྲིལ། འུ་ཡ་མ་ཏྲི་སིབ་བྷྱོཿ ལོ་ཐོག་ལ་ཕོབ། ཨོཾ་ཧྲཱིཿཝཱ་ཤཾ་ཀུ་རུ་པདྨ་ཤྲཱི་ཧེ་རུ་ཀ་ཧ་ཡ་གྷྲཱྀ་ཝ། པདྨ་རཱ་ག་ཙི་ནྲ་ཧྲི་ནཱ་ག་ཤུ་ལ། དེ་ཝཱི་ཏྲིག་ནན། ལོ་ཐོག་ལ་བྷ་རི་ཤ་ཡ་རྦད། ཧ་ན་ཧ་ན་ཤར་ཕོབ་ཡ། ཞེས་པ་རྣམས་ཉེར་མཁོའི་སླད་དུ་པོད་གཞུང་ལས་ཕྱུངས་པ་དགེ། །།

འཇམ་དཔལ་ཁྲོ་བོ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་ (Volume 17, Text 25)

འཇམ་དཔལ་ཁྲོ་བོ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་བཞུགས་སོ། །རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་དུས་ཀྱི་དགྲ །གསང་ཆེན་རྒྱུད་ཀུན་སྡུད་མཛད་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཕོ་མེད་མཆོག་བརྙེས་འཇམ་དཔལ་བཤེས་གཉེན་ཞབས། །གཤིན་རྗེའི་རྣལ་འབྱོར་གཙུག་ལག་དཔལ་དགེ་དང་། །འཁོར་འདས་དབང་བསྒྱུར་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དྲག་སྔགས་མཐུ་ཡི་བཀའ་བབས་ཤཱནྟིཾགྷར། །རྒྱལ་བ་གཉིས་པ་པདྨ་འབྱུང་གནས་དཔལ། །སྐད་གཉིས་སྨྲ་བའི་དབང་ཕྱུག་བཻ་རོ་རྗེ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇམ་དཔལ་ཞི་ཁྲོའི་སྨིན་གྲོལ་ངེས་གསང་སོགས། །སྙན་བརྒྱུད་ཟབ་མོའི་དངོས་གྲུབ་འདོད་རྒུའི་དཔལ། །སྩོལ་མཛད་ཁྱབ་བདག་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་དག་སྲིད་པའི་བདེ་ལ་མི་ཞེན་པར། །ཐུན་མོང་ཐུན་མོང་མིན་པའི་ལམ་ཞུགས་ཏེ། །སྨིན་བྱེད་དབང་བཞིའི་དགའ་སྟོན་བདུད་རྩིའི་ཆུས། །བདག་རྒྱུད་ཡོངས་འདུའི་འབྲས་བཟང་སྨིན་པར་ཤོག །ཆོ་ག་གསུམ་ལས་རྫོགས་པའི་ཕྱག་རྒྱའི་སྐུ །མེད་བཞིན་སྣང་བ་ཆུ་ཟླ་ལྟར་འཆར་ཞིང་། །བརྗོད་བྲལ་སྔགས་ཀྱི་སྒྲ་ཚིག་ནཱ་དའི་དབྱངས། །འགག་མེད་རྡོ་རྗེའི་དབྱངས་སུ་ལེན་པར་ཤོག །སྲུང་བའི་གོ་ཆས་ཕས་རྒོལ་གཡུལ་ངོ་བསྲུང་། །ཟློག་པའི་མཚོན་ཆས་བྱད་མ་རང་གཤེད་འབེབ། །བསད་མནན་བསྲེག་སོགས་མངོན་སྤྱོད་འཁྲུལ་འཁོར་གྱིས། །ནག་པོའི་རྩ་ལག་སྡེར་བཅས་ཚར་གཅོད་ཤོག །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་གར་བཞིན། །དངོས་ཀུན་སེམས་ཉིད་གཅིག་པུའི་རང་རྩལ་དུ། །རྟོགས་ནས་ཟུང་འཇུག་འཇམ་དཔལ་དཔའ་བོའི་སྐུ །ཚེ་འདིར་འགྲུབ་པའི་སྐལ་བཟང་ཐོབ་པར་ཤོག །ཅེས་འཇམ་དཔལ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་འདི་ནི་ལྷག་པའི་ལྷ་དེ་ཉིད་ལས་དངོས་གྲུབ་བརྙེས་པའི་སྔགས་འཆང་བློ་གྲོས་རྒྱལ་བའི་གསུང་གིས་བསྐུལ་བ་ལས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།

གུ་རུའི་ཐུགས་སྒྲུབ་བདེར་གཤེགས་འདུས་པ་དང་པདྨ་གསང་བའི་ཐིག་ལེ་གང་ལའང་སྦྱར་དུ་རུང་བའི། ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ (Volume 63, Text 25)

༄༅། །གུ་རུའི་ཐུགས་སྒྲུབ་བདེར་གཤེགས་འདུས་པ་དང་པདྨ་གསང་བའི་ཐིག་ལེ་གང་ལའང་སྦྱར་དུ་རུང་བའི། ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ཅེས་བྱ་བ་བཞུགས་སོ། ། རྩ་གསུམ་ཀུན་འདུས་པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་གསོ་ཞིང་དངོས་གྲུབ་ཀྱི་སྐལ་པ་རང་གི་རྒྱུད་ལ་ཉེ་བར་འགྱུར་བའི་ཕྱིར་སྐོང་བཤགས་ཀྱི་ཆོ་ག་བྱ་བར་འདོད་པས། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བར་ཁྲོ་བོ་དང༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་བསྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲིབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲིབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང༔ དེས་ནི་ཉམས་ཆག་མ་ལུས་བཤགས༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ཅེས་གསུངས་པའི་བསྟན་དོན་ཉམས་སུ་བླང་བར་འདོད་པས། སྒྲུབ་གཞི་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་སྟེང་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་འོག་གི་ཚུལ་དུ་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་བདུད་རྩིའི་བཀང་བ། དེ་སྟེང་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་མཱུྃཿཡིག་གིས་མཚན་པ་དར་དམར་གྱིས་བཀབ་པའི་སྟེང་འཇའ་ཤེལ་དང་བཅས་པ་བཤམས། ༼ཚེ་འབྲང་དང་རིལ་ཆང་མདའ་དར་རྣམས་ཀྱང་དགོས་ན་བཤམས།མཆན།༽ དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཚེ་ལྷའི་སྒྲུབ་གཏོར་དང་ཞི་བ་དང་ཁྲོ་བོའི་གཏོར་མ། སྨན་དང་རཀྟ་གཏོར་ཚོགས་ཉེར་སྤྱོད་བཅས་བརྒྱ་རྩ་ལ་སོགས་པ་ཅི་འབྱོར་བའི་མཆོད་པའི་རྣམ་གྲངས་དག་གཙང་བཀོད་ལེགས་སུ་བཀྲམ། སྒྲུབ་གཞི་ལྷ་ཡི་དཀྱིལ་འཁོར་སྣང་སྲིད་དག་པ་རབ་འབྱམས་ཡེ་གྲོལ་ལྷུན་རྫོགས་ཀྱི་དགོངས་པ་སྲོག་ཏུ་གཟུང་། བསྐྱེད་རིམ་ལྷ་ཡི་སྣང་ཆ་བདག་ཉིད་འཆི་མེད་པདྨ་ཚེ་དཔག་མེད་ཀྱི་སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ་ཚོགས་གསལ་འདེབས་པ། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཞེས་པའི་འདོན་འཕྲོས་སུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ༔ བདག་ཉིད་འཆི་མེད་ཚེ་དཔག་མེད་མགོན་གྱི༔ ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་ཁང༔ ལྟེ་བར་འཁོར་ལོ་རྩིབས་བཞིར་པད་ཉིའི་སྟེང༔ ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔ དབུས་སུ་བུདྡྷ་ཧེ་རུ་ཀཿདཔལ་ནི༔ སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀཿདཔལ་ནི༔ མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀཿདཔལ་ནི༔ སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔ རཏྣ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀཿདཔལ་ནི༔ དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔ པདྨ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀཿདཔལ་ནི༔ ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔ ཤར་ལྷོར་གོའུ་རཱི་དཀར་མོ་ཞིང་དབྱུག་འཛིན༔ ལྷོ་ནུབ་ཙོའུ་རཱི་སེར་མོ་མདའ་གཞུ་འགེངས༔ ནུབ་བྱང་པྲ་མོ་དམར་མོ་ཆུ་སྲིན་འཛིན༔ བྱང་ཤར་བཻ་ཏ་ལྗང་ནག་རྡོ་རྗེ་འཛིན༔ ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔ ཤར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔ ལྷོ་ནུབ་སྨེ་ཤ་ལྗང་དམར་བྷན་གྲི་འཛིན༔ ནུབ་བྱང་གྷསྨ་ལྗང་ཁུ་རལ་གྲི་འཛིན༔ བྱང་ཤར་པུཀྐ་མཐིང་སྐྱ་རྒྱུ་མ་འདྲེན༔ ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་ལ་ཞིང་གདན་ལ༔ ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟ༔ ལྷོ་རུ་བྱཱ་གྲྀ་དམར་མོ་ལག་གཉིས་བསྣོལ༔ ནུབ་ཏུ་སྲྀ་ལ་ཝ་གདོང་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔ ཤར་ལྷོར་གྲྀ་ཌྷ་རྒོད་མགོ་ཞིང་ལུས་ཕྲལ༔ ལྷོ་ནུབ་ཀཾ་ཀ་མཐིང་ནག་ཞིང་ཕྲག་ཁུར༔ ནུབ་བྱང་ཁཱ་ཁ་ནག་མོ་རལ་གྲི་ཕྱར༔ བྱང་ཤར་ཨུ་ལུ་མཐིང་ནག་རྡོ་རྗེ་འཛིན༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཆེན་མོ་རུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི༔ ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔ མགྲིན་པ་རོ་འདུས་འཁོར་ལོའི་གཞལ་ཡས་སུ། །པདྨ་འདབ་བརྒྱད་ལྟེ་བའི་གེ་སར་ལ། །རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནི། །སྐུ་མདོག་དམར་གསལ་རང་འོད་ཡུམ་དང་འཁྲིལ། །ཤར་དུ་ས་ལ་གནས་པའི་རིག་འཛིན་ནི། །དཀར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །ལྷོ་ཕྱོགས་ཚེ་ལ་དབང་བའི་རིག་འཛིན་ནི། །སེར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །ནུབ་ཕྱོགས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། །དམར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །བྱང་ཕྱོགས་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། །ལྗང་གསལ་མཛེས་འཛུམ་རང་འོད་ཡུམ་དང་འཁྲིལ། །ཡབ་ཡུམ་རྡོར་དྲིལ་གྲི་གུག་ཐོད་ཁྲག་འཛིན། །བརྐྱང་བསྐུམ་གར་གྱིས་འཇའ་འོད་ཀློང་དུ་བཞུགས། །སྙིང་ཁར་རིན་ཆེན་འབར་བའི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིའི་དབུས་དང་ཕྱོགས་རྣམས་སུ༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང༔ ཤང་ཤང་ཁྲི་དང་པདྨ་ཟླ་བའི་སྟེང༔ དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ དབྱིངས་ཕྱུག་སྔོན་མོ་འཁོར་ལོ་དྲིལ་འཛིན་འཁྱུད༔ ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ མཱ་ཀཱི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔ ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔ བྱང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང༔ རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྒྲོལ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔ རྩིབས་མཆན་རྣམས་སུ་ནང་གི་སེམས་དཔའ་ནི༔ ཤར་ལྷོར་ས་སྙིང་དཀར་པོ་མྱུ་གུ་འཛིན༔ ལཱ་སྱཻ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔ ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔ མཱ་ལྱེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔ ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔ གཱིརྟཱི་དམར་མོ་པདྨ་འཛིན་པས་འཁྱུད༔ བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔ ནིརྟཱི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔ གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔ ཤར་ལྷོར་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔ ལྷོ་ནུབ་སྒྲིབ་སེལ་དམར་སེར་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཕོར་འཛིན་པས་འཁྱུད༔ ནུབ་བྱང་ཀུན་བཟང་དམར་ལྗང་སྙེ་མ་འཛིན༔ མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔ བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔ དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པ་འོ༔ ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང༔ ཉི་ཟླའི་གདན་ལ་ཀུན་བཟང་ཡབ་ཡུམ་ནི༔ མཐིང་གསལ་མཉམ་གཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔ ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔ བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝཾ་སྒྲེང༔ ཐགས་བཟང་ལྗང་ཁུ་རལ་གྲི་གོ་ཆ་བསྣམས༔ ཤཱཀ་ཐུབ་སེར་པོ་གསེག་ཤང་པར་བུ་འཛིན༔ སེང་གེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔ ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔ ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔ ཆགས་བྲལ་ཆོས་གོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔ སྒོ་བཞིར་ཉི་མ་འབར་བའི་གདན་རེ་ལ༔ ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་འཛིན༔ གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔ གཡས་པས་བེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔ འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔ ནུབ་སྒོར་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར༔ གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔ གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང༔ གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔ མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྲིལ༔ འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང༔ ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔ གདོད་ནས་དག་པའི་ཡེ་ཤེས་པ༔ ཞེས་སོགས་ནས། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ལྟར་གསལ་བའི་གནས་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ དབྱངས་དང་རོལ་མོའི་འགྱུར་བ་དང་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་ནས། བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ ཧཱུྃ། འོག་མིན་མེ་རི་འབར་བའི་ཞིང་། །གསང་ཆེན་རོལ་པའི་དུར་ཁྲོད་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ན། །རིག་པ་འཛིན་པའི་སར་བཞུགས་པའི། །དབྱིངས་ལས་རིག་རྩལ་སྐུར་བཞེངས་པ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །དད་དང་གདུང་བས་སྤྱན་འདྲེན་ན། །མོས་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་། །མི་ཤིགས་ཐིག་ལེའི་ཞིང་ཁམས་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཧཱུྃ། ལྷུན་གྲུབ་ཐིག་ལེ་ཆེན་པོའི་ཀློང་། །འོད་གསལ་ཀ་དག་ཞིང་ཁམས་ནས། །རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི། །ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཞེས་སོགས་ནས་ཕྱག་འཚལ་མཆོད་པ་རྣམས་གཞུང་ལྟར་ནས། བདུད་རྩི་སྨན་མཆོད་ཀྱི་སྐབས་བརྒྱུད་མཆོད་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་པའི་སྐུར་སྣང་པདྨ་ཀུན་ཏུ་འཆང་། །གསང་བའི་གཟུངས་མ་རྒྱལ་ཡུམ་མཁར་ཆེན་བཟའ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ལང་འགྲོ་ལོ་ཙཱ་མཉམ་མེད་གྲགས་པ་དཔལ། །སྤྲུལ་པའི་གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས། །རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཁྲག་འཐུང་རིགས་ལྔ་གནས་ཡུལ་ཞིང་སྐྱོང་མ། །སྤོར་བྱེད་སྒོ་སྐྱོང་དབང་ཕྱུག་མ་མོའི་ཚོགས། ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རྣམ་སྨིན་ཚེ་དབང་སར་གནས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོ་ལྷུན་གྱི་གྲུབ་པ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞི་བ་རིགས་ལྔ་སེམས་དཔའ་སེམས་མ་དང་། །འགྲོ་འདུལ་ཐུབ་དྲུག་སྤྲུལ་པའི་སྒོ་བ་བཞི། །བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་མགོན་གཟའ་རྡོར་ཞིང་སྐྱོང་མ་མོ་བཅས། །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་སོགས། །སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་བདུད་རྩི་གནས་གསུམ་དུ་རེག་ལ་དངོས་གྲུབ་བླང་། གཏོར་མ་དང་རཀྟའི་མཆོད་པ་ནས་བརྩམ་བསྟོད་པའི་མཇུག་བརྗོད་མེད་གཞི་དོན་རིག་པར་ཤོག༔ ཅེས་པའི་འཕྲོས་སུ། ཧཱུྃ། རིག་རྩལ་རོལ་པའི་འཕྲོ་འདུ་ལས། །དུང་ཁང་འབར་བའི་གཞལ་ཡས་སུ། ཁྲག་འཐུང་རོལ་པའི་ལྷ་ཚོགས་རྣམས། །སྒེག་ཅིང་དཔའ་བ་མི་སྡུག་སྐུ། །རྒོད་པ་དྲག་ཤུལ་འཇིགས་རུང་གསུང་། །སྙིང་རྗེ་རྔམས་ཞི་ཡེ་ཤེས་ཐུགས། །འཁོར་བ་དབྱིངས་སྒྲོལ་ཕྲིན་ལས་ལྡན། །ལྔ་བཅུ་རྩ་བརྒྱད་ལྷ་ལ་བསྟོད། །ཧཱུྃ། ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །ཞི་ཆགས་ཁྲོ་བོའི་ཉམས་བརྒྱས་སྒེག །ཁམས་གསུམ་འཁོར་བའི་བག་ཆགས་བསྒྲལ། །ཡེ་ཤེས་རིག་རྩལ་གོང་དུ་སྤར། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གུས་པས་བསྟོད། །ཧཱུྃ། ཐུགས་ཉིད་དྭངས་མའི་ཐིག་ལེ་རུ། །ལྔ་ལྡན་འོད་ཀྱི་གུར་ཁང་དབུས། །ཕུང་ལྔ་རྣམ་དག་གཤེགས་པ་ལྔ། །འབྱུང་ལྔ་དག་པའི་ཡུམ་དང་འཁྲིལ། །དབང་ཡུལ་སེམས་དཔའ་སེམས་མ་དང་། །ཡིད་ཆོས་གནས་དག་ཀུན་བཟང་ཡུམ། །ཉོན་དྲུག་ཐུབ་དྲུག་ལུས་ཆོས་བཞི། །རྟག་ཆད་མཐའ་དག་སྒོ་སྲུང་བརྒྱད། །བཞི་བཅུ་རྩ་གཉིས་ཞི་བའི་ཚོགས། །འཁོར་འདས་རང་གྲོལ་ལྷ་ལ་བསྟོད། །དེ་ནས། ཧཱུྃ༔ མ་བཅོས་རིག་པ་འདུ་མ་བྱས༔ ཞེས་སོགས་ཛཔ྄་བསྐུལ་ནས་བརྩམ་བཟླས་པའི་ཐོག་མར། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ ཞེས་སོགས་ནས་གཞུང་གི་བཟླས་པ་སོང་ནས། ཨོཾ་ཨཱཿཧཱུྃ། རང་ཉིད་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །དུང་ཁང་འབར་བར་ཁྲོ་བོའི་དཀྱིལ་འཁོར་དང་། །མགྲིན་པའི་འཁོར་ལོར་རིག་འཛིན་བླ་མའི་ཚོགས། །སྙིང་ཁར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ། །དེ་དག་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་། །དུག་ལྔ་སྒྲིབ་པའི་འཁྲུལ་སྣང་ཀུན་བཅོམ་སྟེ། །འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསམ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་གང་མང་བཟླ། བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །རྩ་སྔགས་མཐར་ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པའི་མཆོད་ཡོན་ཕུལ་བས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ་མོ། །སྐབས་འདིར་རིགས་དྲུག་གནས་སྦྱོང་གི་དམིགས་པ་སྤྲོ་ན། རང་ཉིད་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འོད་ཟེར་འཇའ་ཚོན་ལྟ་བུའི་ཚོགས། །སྔགས་ཀྱི་རང་སྒྲ་སྒྲོག་བཞིན་འཕྲོས། ཁམས་གསུམ་སྣོད་བཅུད་འོད་ཀྱིས་གང་། །རིགས་དྲུག་གནས་རྣམས་དོང་ནས་སྤྲུག །དམིགས་ཡུལ་གཙོར་བྱས་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་འཐོབ་པར་བསམ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡི་གེ་བརྒྱ་པ་ཡང་ཅུང་ཟད་བཟླ། བྱེ་མ་དང་ཡུངས་དཀར་ལ་ཕུ་གདབ་བོ།། ༼ཚེ་འགུགས་དགོས་ན་ཟུར་བྱང་ལྟར་འདིར་གྱེར།མཆན།༽ དེ་ནས་སྤྱི་དང་བྱེ་བྲག་གི་སྲུང་མའི་གཏོར་འབུལ་སོང་ནས། དེ་ནས་བསོད་ནམས་གསག་པའི་ཕྱིར། ཕྱི་ཡི་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ཡན་ལག་བརྒྱད་ལྡན་ཆུ་བོ་ཀུན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ དག་བྱེད་སྨན་དང་སྤོས་ཆུའི་རིགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ངོ་མཚར་མེ་ཏོག་ལྟ་ན་སྡུག༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷན་ཅིག་སྐྱེས་དང་སྦྱར་པའི་དྲི༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ཉི་ཟླ་ལ་སོགས་སྣང་གསལ་སྒྲོན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ བདེ་བ་སྐྱེད་པའི་དྲི་ཡི་ཆབ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ དཀར་གསུམ་མངར་གསུམ་བཟའ་བཅའི་རིགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ སྙན་འགྱུར་རོལ་མོའི་སྒྲ་དབྱངས་སོགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ དེ་ནས་ནང་མཆོད་འབུལ་བ་ནི། ཧཱུྃ༔ སྤྱི་གཙུག་བདེ་ཆེན་བྷནྡྷ་རུ༔ གོ་རོ་ཙ་ནའི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ མགྲིན་པ་ལོངས་སྤྱོད་བྷནྡྷ་རུ༔ དམར་གསལ་བྱང་སེམས་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྙིང་ག་ཆོས་དབྱིངས་བྷནྡྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ལྟེ་བ་སྤྲུལ་པའི་བྷནྡྷ་རུ༔ སེར་གསལ་དྲི་ཆེན་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ གསང་བ་བདེ་སྐྱོང་བྷནྡྷ་རུ༔ དག་བྱེད་དྲི་ཆུའི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དེ་ནས་གསང་མཆོད་འབུལ་བ་ནི། ཧཱུྃ༔ གཏི་མུག་བསྒྲལ་པའི་བྷནྡྷ་རུ༔ ཆོས་ཀྱི་དབྱིངས་ཀྱི་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ འདོད་ཆགས་བསྒྲལ་པའི་བྷནྡྷ་རུ༔ སོར་རྟོག་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཞེ་སྡང་བསྒྲལ་པའི་བྷནྡྷ་རུ༔ མེ་ལོང་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ང་རྒྱལ་བསྒྲལ་པའི་བྷནྡྷ་རུ༔ མཉམ་ཉིད་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཕྲག་དོག་བསྒྲལ་པའི་བྷནྡྷ་རུ༔ བྱ་གྲུབ་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ༔ ཞིང་ཆེན་ལྤགས་པའི་གཏོར་གཞོང་དུ༔ ཤ་དང་རུས་པའི་གཏོར་མ་བཤམས༔ དབང་པོ་རྣམ་ལྔས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ འཁོར་ལོ་ལྔ་ཡི་གཏོར་གཞོང་དུ༔ བདུད་རྩི་ལྔ་ཡི་གཏོར་མ་བཤམས༔ དོན་སྣོད་ལྔ་ཡིས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དྭངས་གསལ་རྩ་ཡི་གཏོར་གཞོང་དུ༔ ཡེ་ཤེས་ཀློང་ལྔའི་གཏོར་མ་བཤམས༔ དཀར་དམར་ཐིག་ལེས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཐབས་དང་ཤེས་རབ་གཏོར་གཞོང་དུ༔ རྩ་རླུང་ཐིག་ལེའི་གཏོར་མ་བཤམས༔ བདེ་བ་ཆེན་པོས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཀུན་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ རང་གསལ་ཡེ་ཤེས་གཏོར་མ་བཤམས༔ སྣ་ཚོགས་སྣང་བས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཕྱི་ནང་གསང་གསུམ་ཁོ་ན་ཉིད། །ཐམས་ཅད་འདུས་པའི་མཆོད་པ་ནི། །ཧཱུྃ༔ ཐབས་དང་ཤེས་རབ་བྷནྡྷ་རུ༔ དགའ་བའི་རང་བཞིན་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ གཉིས་མེད་མཉམ་སྦྱོར་བནྡྷ་རུ༔ མཆོག་གི་དགའ་བའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དཀར་དམར་འབབ་པའི་བྷནྡྷ་རུ༔ ཁྱད་པར་དགའ་བའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བྱང་སེམས་འདྲེས་པའི་བྷནྡྷ་རུ༔ དགའ་བྲལ་ཡེ་ཤེས་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བདེ་བ་གྱེན་འཁྱིལ་བྷནྡྷ་རུ༔ ལུགས་ལྡོག་དགའ་བཞིའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ མཉམ་རྫོགས་ཡེ་ཤེས་མཆོད་པ་ནི། ཧཱུྃ༔ ཕུང་པོ་ལུས་ཀྱི་ཀོང་བུ་རུ༔ རྩ་གསུམ་འཁོར་ལོའི་སྡོང་བུ་བཙུག༔ བདུད་རྩི་རྣམ་ལྔའི་མར་ཁུས་གཏམས༔ ཡེ་ནས་དག་པའི་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཡབ་ཡུམ་ཐབས་ཤེས་ཀོང་བུ་རུ༔ བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས༔ རླུང་གི་འགྲོ་འོང་སྡོང་བུ་བཙུག༔ བདེ་བ་ཆེན་པོས་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྣང་བ་བདེ་བའི་ཀོང་བུ་རུ༔ མཆེད་པ་གསལ་བའི་མར་ཁུས་གཏམས༔ ཐོབ་པ་མི་རྟོག་སྡོང་བུ་བཙུག༔ འོད་གསལ་ཡེ་ཤེས་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཡུལ་སྣང་སྟོང་པའི་ཀོང་བུ་རུ༔ དབང་པོའི་བྱེད་ལས་མར་ཁུས་གཏམས༔ རྣམ་ཤེས་ཚོགས་བརྒྱད་སྡོང་བུ་བཙུག༔ གཉིས་མེད་སྤྲོས་བྲལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྐྱེ་བ་མེད་པའི་ཀོང་བུ་རུ༔ འགག་པ་མེད་པའི་མར་ཁུས་གཏམས༔ འགྲོ་འོང་གནས་མེད་སྡོང་བུ་བཙུག༔ ཕྱི་ནང་ཟང་ཐལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བཅས་སོ།། ༈ །།སྐབས་འདིར་རིགས་དྲུག་གནས་སྦྱོང་བྱ་བར་སྤྲོ་ན་ཚེ་འདས་གནས་འདྲེན་སྐབས་ལྟར་ཚིག་ཁ་ཅུང་ཟད་བསྒྱུར་ནས་འདིར་བྱའོ།། ༈ །།དེ་ནས་དང་པོ་ལུས་སྒྲིབ་སྦྱོང་ཕྱིར་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེས་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོ༔ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་ཏུ་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་རྐྱེན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ འགྲོ་དྲུག་འདྲེན་ཕྱིན་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་ལ་ཁྲོ་བར་བསྟན་པ་དང༔ སྙིང་རྗེ་རྔམས་དང་ཞི་བར་སྐུར་སྟོན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཐབས་མཁས་མ་རུངས་འདུལ་མཛད་ཅིང༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔ སྲིད་གསུམ་བླ་མེད་དབྱིངས་སུ་སྒྲོལ་མཛད་པ༔ རིགས་བཞིའི་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་ལོ༔ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞིའི་ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ གོའུ་རཱི་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སིང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེག་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ མི་དགེ་ཚར་གཅོད་དགེ་བཅུ་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ དུས་གསུམ་སངས་རྒྱས་ཡོན་ཏན་ཀུན་རྫོགས་ཤིང༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པ༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔ་ལས་སྐུར་བཞེངས་པ༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔའ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གཉིས་པ་ངག་གི་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཨཱཿ རང་གི་སྤྱི་བོར་པད་ཟླའི་སྟེང་། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི། །དྲི་མེད་སྟོན་ཀའི་ཟླ་བའི་མདངས། །རྡོ་རྗེ་དྲིལ་བུ་འཛིན་པའི་རྒྱས། །ཡུམ་ཆེན་སྙེམས་མ་དཀར་མོ་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཡིག་བརྒྱའི་སྔགས་ཀྱིས་བསྐོར་བ་དང་། །སྙོམས་འཇུག་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་རྒྱུན་བབས། །རང་གི་སྤྱི་གཙུག་ནས་ཞུགས་ཏེ། །ལུས་ཀྱི་ནང་གང་སྡིག་སྒྲིབ་དག །སྟོང་གསལ་འོད་ཀྱི་སྐུ་རུ་གྱུར། །ཨ་ལ་ལ་ཧོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡིག་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཧོ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་ལུང་དང་འགལ༔ གསང་སྔགས་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ མ་གུས་ཉེས་པར་བྱས་ལ་སོགས༔ སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང༔ ཚོགས་དང་གཏོར་མ་ཆག་ལ་སོགས༔ གསུང་གི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲགས་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ སྤྱད་བྱ་ལྔ་དང་མི་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་པར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔ བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔ ཕུད་དང་གཙང་སྦྲ་མ་མཆིས་འབགས་བཙོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ འདི་ནས་གཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔ ལུས་དང་སྲོག་ལ་བབས་ཀྱང་མི་བགྱིད་པར༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའ་འོ༔ ཁྱེད་ཀྱི་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱང་དུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པས་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ་ཞེས་གནང་བ་བསྩལ་ཏེ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ཡིད་ཀྱི་རྟོག་སྒྲིབ་སྦྱོང་བ་ཆོས་ཉིད་དོན་གྱི་བཤགས་པ་ནི། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡི༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་གྲོལ་འཁོར་ཡུག་འདི༔ ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་བསྒོམས་པ་མཐོལ་ལོ་བཤགས༔ ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིང་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ འཐོབ་བྱ་ཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང༔ ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ༔ དྲན་པས་བཟུང་དང་མ་གཟུང་མེད༔ དྲན་པས་སྒྲོག་བཅིངས་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་གློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་གློད་མཐོལ་ལོ་བཤགས༔ རིས་མེད་སྟོང་པ་ནམ་མཁའི་ངང༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་འཚོལ་སྡུག་བཙིར་མཐོལ་ལོ་བཤགས༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་གློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིང༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང༔ སྨིག་སྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་བཤགས༔ མི་རྟོག་གནས་པའི་འཁོར་ཡུག་ངང༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ སྟོང་ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ་བཤགས༔ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱིས་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ་བཤགས༔ ཐོས་བསམ་འབད་རྩོལ་སྒོམ་པ་དང༔ མི་བསྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ གཏང་བཞག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་ཀློད་ངོ་བལྟ་ལ་སོགས་དང༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལམ༔ བྱར་མེད་ཀ་དག་ཀློང་དུ་བཤགས༔ མ་བྱས་དགེ་ལ་རྗེས་ཡི་རང༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་བར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ དེ་ནས་སྒོ་གསུམ་ཐུན་མོང་གི་དམ་ཚིག་ཉམས་པ་བསྐང་བ་ཚོགས་ཀྱི་མཆོད་པ་ནི། རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ སོགས་ནས། སརྦ་ག་ན་ཙཀྲ་པཱུ་ཛ་ཧོ༔ ཚོགས་བར་པ་བསྐང་བའི་མགོ་ལ། སྐོང་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ། ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་བ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེ་མཆོག་བླ་མ་རྣམས་ཀྱི་ཐུགས༴ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས༴ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགས༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས༴ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགས༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགས༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ སློབ་དཔོན་ཆེན་པོའི་བཀའ་ཡིས་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པའི༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི་ཐུགས༴ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་ཐུགས༴ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཏིའི་ཐུགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས༴ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་ཤན་པ་དམར་ནག་ཐུགས༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་ཐུགས༴ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧཱ་རའི་ཐུགས༴ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་ཐུགས༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས༴ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ པདྨ་མཱཾ་སར་བཅས་པའི་རཀྟ་དང༔ ཛཔ྄་དང་གར་འཆམ་གིང་དང་སྟངས་སྟབས་དང༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགས༴ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས༴ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཞི་བ་གནས་དག་གི་བསྐང་བ་ནི། ཨོཾ༔ ཡིད་ཀྱི་རྣམ་ཤེས་གནས་དག་པ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༔ ཆོས་ཀྱི་ངོ་བོ་གནས་དག་པ༔ ཀུན་ཏུ་བཟང་མོའི་ཐུགས༴ ཕུང་པོ་ལྔ་པོ་གནས་དག་པ༔ རྒྱལ་བ་ཡབ་ལྔའི་ཐུགས༴ འབྱུང་བ་ལྔ་པོ་གནས་དག་པ༔ རྒྱལ་བ་ཡུམ་ལྔའི་ཐུགས༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ༔ སེམས་དཔའ་བརྒྱད་ཀྱི་ཐུགས༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ༔ སེམས་མ་བརྒྱད་ཀྱི་ཐུགས༴ ལུས་ཀྱི་ཆོས་བཞི་གནས་དག་པ༔ ཁྲོ་བོ་བཞི་ཡི་ཐུགས༴ རྟག་ཆད་མུ་བཞི་གནས་དག་པ༔ ཁྲོ་མོ་བཞི་ཡི་ཐུགས༴ ཉོན་མོངས་དྲུག་པོ་གནས་དག་པ༔ ཐུབ་པ་དྲུག་གི་ཐུགས་དམ་བསྐང༔ ཁྲོ་བོ་གནས་གྱུར་གྱི་བསྐང་བ་ནི། ཧཱུྃ༔ ཀུན་གཞི་ཡིད་ཆོས་གནས་གྱུར་པ༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང༔ ཉོན་མོངས་དུག་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡབ་ལྔའི་ཐུགས༴ འབྱུང་བ་ལུས་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡུམ་ལྔའི་ཐུགས༴ རྣམ་བཞིའི་རྟོག་པ་གནས་གྱུར་པ༔ ཧེ་རུ་ཀཿབཞིའི་ཐུགས༴ སྐྱེ་གནས་བཞི་པོ་གནས་གྱུར་པ༔ ཀྲོ་དྷཱི་རིགས་བཞིའི་ཐུགས༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ༔ ཁྲོ་མོ་བརྒྱད་ཀྱི་ཐུགས༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ༔ ཕྲ་མེན་བརྒྱད་ཀྱི་ཐུགས༴ རྟག་ཆད་མཐའ་བཞི་གནས་གྱུར་པ༔ སྒོ་མ་བཞི་ཡི་ཐུགས༴ སྣ་ཚོགས་རྟོག་པ་གནས་གྱུར་པ༔ དབང་མོ་ཉེར་བརྒྱད་ཐུགས༴ མི་ཤིགས་སྐུ་ཡི་ཐུགས་དམ་བསྐང༔ འགག་མེད་གསུང་གི་ཐུགས༴ འགྱུར་མེད་ཐུགས་ཀྱི་ཐུགས༴ ཡོན་ཏན་མི་ཟད་ཐུགས༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དེ་ནས་ལས་གཞུང་གི་ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ ཞེས་སོགས་ནས་ཞལ་བསྟབ་ཀྱི་བར་སོང་ནས། དེ་ནས་བདག་ཉིད་འཇུག་ཅིང་བྱིན་རླབས་དབང་ལེན་བྱ་བ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ཁྲུས་བགེགས་མཎྜལ་ནས་རྗེས་ཀྱི་གཏང་རག་གི་མཎྜལ་ཕུལ་བའི་བར་སོང་ནས། བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པས་དབང་བཞིའི་དམ་ཚིག་ཉམས་པ་སོར་ཆུད་པར་བསམ། དེ་ནས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་པའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དུ་དབུགས་ཕྱུང་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆག་ཐམས་ཅད་བསྐངས་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔ ཏ་ན་ག་ཎའི་ལྟ་སྤྱོད་དབང༔ སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ཞིང༔ ན་རཀ་གནས་ཀྱང་དོང་སྤྲུགས་ནས༔ འགྲོ་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔ དེ་ལས་བྱུང་བའི་དགེ་བ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དང་ལོ་ཕྱུགས་ལེགས་གྱུར་ཅིག༔ དགེ་འདུན་དགེ་བཅུ་སྤྱོད་གྱུར་ཅིག༔ དེ་ནས་ལྷག་མ་ནས་བརྩམ་ལས་བྱང་མཐར་དབྱུང་ལ། རྗེས་ཀྱི་གཏང་རག་གི་བསྟོད་པའི་སྐབས། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་པུས་བསྟོད། རྟེན་ཡོད་མེད་དང་འབྲེལ་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་སོགས་གཞུང་ལྟར་བྱས་པས་གྲུབ་བོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ། །དཀྱིལ་འཁོར་གཅིག་ཏུ་བསྒྲུབས་བྱས་ཏེ། །དམ་ཚིག་ཉམས་ཆག་གསོ་བའི་ཐབས། །གཏེར་གཞུང་ཇི་བཞིན་བསྡེབས་པའི་དགེས། །བདག་ཅག་སྔགས་ཀྱི་སྒོར་ཞུགས་རྣམས། །རྩ་བ་ཡན་ལག་གིས་བསྡུས་པའི། །ཉམས་ཆག་མ་ལུས་སོར་ཆུད་དེ། །སྐུ་ལྔའི་འབྲས་བཟང་མྱུར་སྨིན་ཤོག །ཅེས་པའང་རྩ་གསུམ་པདྨ་གསང་ཐིག་དང་། ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ་བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁས་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨཱཀ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།། །།

ཡེ་ཤེས་རབ་འབར་ལས༔ བསྐྱེད་རིམ་སྔོན་འགྲོ་ཐུན་མོང་འཇུག་པ་ (Volume 13, Text 25)

ཡེ་ཤེས་རབ་འབར་ལས༔ བསྐྱེད་རིམ་སྔོན་འགྲོ་ཐུན་མོང་འཇུག་པ་བཞུགས་སོ༔ ྈྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསྐྱེད་རིམ་ཐུན་མོང་ཡོངས་ལ་ཉེར་མཁོ་བའི༔ འཇུག་པ་སྔགས་ཀྱི་སྡོམ་པ་བླང་བའི་ཐབས༔ བློ་གྲོས་ཡངས་པར་མཁོ་བའི་ཟུར་བཀོད་འདི༔ ཕྲིན་ལས་རང་གཞུང་ཟབ་མོའི་ཁ་སྐོང་ངོ་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དལ་འབྱོར་རྙེད་དཀའ་མི་རྟག་འཆི་དྲན་རྗེས༔ མདུན་གྱི་ནམ་མཁར་མཚན་ལྡན་བླ་མ་དང༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་དབྱེར་མེད་ལ༔ སྙིང་ནས་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ༔ ཧཱུྃ་ཧྲཱི༔ ཡེ་ཤེས་རྩེ་མོའི་རྣམ་རོལ་པའི༔ སློབ་དཔོན་ཁྱོད་ཉིད་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པའི༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དབང་དྲག་པདྨར་སྐྱབས་སུ་མཆི༔ ངན་སོང་སྡུག་བསྔལ་གཞོམ་དུ་གསོལ༔ འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ སྐྱབས་ཡུལ་ཐུགས་རྗེའི་གཟི་མདངས་ཆེར་རྒྱས་ནས༔ མཁྱེན་བརྩེས་གཟིགས་པ་སེམས་བསྐྱེད་ཡུལ་བྱའོ༔ མ་གྱུར་འགྲོ་བ་མཐའ་དག་ཀུན༔ དྲག་པོའི་གོ་འཕང་ཐོབ་བྱའི་ཕྱིར༔ བདག་ཉིད་དྲག་པོའི་སྐུར་བཞེངས་ནས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ལྟར་བླ་མ་ཡི་དམ་དབྱེར་མེད་ལ༔ འཇུག་པ་སྔགས་ཀྱི་སྡོམ་པ་བླང་བ་ནི༔ ཤེས་རབ་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་ཡང་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བྱ༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་བྱས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱིན་པ་དབུགས་ཕྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ས་མ་ཡ༔ ལམ་དབང་བླ་མའི་དཀྱིལ་འཁོར་ལས་བླང་བ་ནི༔ ཧྲཱི༔ སྐྱབས་ཡུལ་ལྷ་ཚོགས་བླ་མའི་སྐུར་གྱུར་ཏེ༔ ཕྱོགས་བཅུའི་སངས་རྒྱས་རྒྱུད་སྡེའི་དཀྱིལ་འཁོར་ལྷ༔ མདོ་རྒྱུད་གསུང་རབ་ཀུན་གྱི་བཅུད་འཛིན་པའི༔ རིགས་འདུས་མཚན་ལྡན་བླ་མར་གསོལ་བ་འདེབས༔ སྨིན་གྲོལ་མངོན་རྫོགས་གྲུབ་པའི་དངོས་གྲུབ་སྩོལ༔ རིགས་འདུས་དཀྱིལ་འཁོར་འབྲུ་གསུམ་འོད་ཟེར་གྱིས༔ ནུས་པའི་བྱིན་རླབས་བདག་གི་སྒོ་གསུམ་ཐིམ༔ བུམ་དབང་གསང་དབང་ཤེས་རབ་དབང་ཐོབ་ནས༔ ཀུན་ནས་བདག་ལ་ཐིམ་སྟེ་ཚིག་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ སྨིན་ལམ་དབང་བཞིའི་སྡོམ་པའི་སྲོག་བཟུང་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་ཡེ་ཤེས་རབ་འབར་ཡབ་ཡུམ་ལ༔ རྟོག་པའི་མཚན་མས་བར་མ་ཆོད་བྱ་ཞིང༔ ངག་གི་འཕྲོ་འདུའི་གསང་སྔགས་ནུས་པ་བསྐུལ༔ ཡིད་དབང་གང་ཤར་རང་གྲོལ་ཡེངས་མེད་ཀྱི༔ བསྐྱེད་རྫོགས་དབྱེར་མེད་ལམ་དུ་ཁྱེར་བར་བྱ༔ དེ་ལྟར་སྔགས་སྡོམ་སྨིན་གྲོལ་རིམ་གཉིས་ཀྱིས༔ འདུན་པ་ཟབ་མོ་ལམ་དུ་ཁྱེར་བའི་མཐུས༔ མཐོང་ཐོས་དྲན་རེག་འགྲོ་བའི་སྒྲིབ་ཞི་ནས༔ ཀུན་ཀྱང་བདེ་ཆེན་དག་པའི་སར་དྲང་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པ། ཀློང་གསལ་སྙིང་པོས་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་བཤུས་ཏེ། ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ།། །།

བསང་གི་ཆོ་ག་བདེ་ལེགས་ཀུན་འབྱུང་རྒྱགས་བརྔན་དང་བཅས་པ་ (Volume 43, Text 25)

༄༅། །བསང་གི་ཆོ་ག་བདེ་ལེགས་ཀུན་འབྱུང་རྒྱགས་བརྔན་དང་བཅས་པ་བཞུགས་སོ། ། ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །རྒྱགས་བརྔན་འདི་ལ་དོན་ལྔ་སྟེ། མཛད་པ་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད། གནས་གང་དུ་མཛད་ན་བྲག་དམར་དཔལ་གྱི་བསམ་ཡས་སུ་མཛད། དགོས་ཆེད་གང་ལ་མཛད་ན། སྔོན་བྱུང་རྒྱལ་པོའི་ཐུགས་དམ་དགོངས་པ་བཞེངས་པ་དང་། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་འདོད་དོན་བསྒྲུབ་པའི་དོན་དུ་མཛད། ཕན་ཡོན་ཇི་ལྟར་འབྱུང་ན། ལམ་འཕྲང་བགྲོད་པ་ལ་སོགས་གང་འདོད་ཐམས་ཅད་འགྲུབ། གང་དངོས་དོན་དུ་བསྟན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོའི་ལས་རིམ་རྣམས་ལས། དང་པོ་སོག་ནི། རི་རྩེའམ་ཁང་ཐོག་གམ་ཆུ་འགྲམ་ལ་སོགས་ཕྱོགས་གཙང་མར། དར་མདུང་ལ་སོགས་པའི་རྟེན་བཙུགས་པའི་མདུན་དུ། རས་དཀར་རམ། ཕྱིང་དཀར་རམ། སྣམ་དཀར་དྲི་མ་མེད་པའི་ལྷ་གདན་གྱི་སྟེང་དུ་འབྲུའི་གཡུང་དྲུང་རིས་བྲི། ཚོམ་བུ་མང་དུ་བཀོད་པའི་མཐར། ཡོན་ཆབ་བདུག་སྤོས་སོགས་མཆོད་པ་རྣམ་པ་མང་པོ་དང་། དཀོན་མཆོག་སྤྱིའི་དཔལ་གཏོར། ཆོས་སྐྱོང་སྤྱིའི་དམར་གཏོར་གྲུ་གསུམ། རིགས་དྲུག་སྤྱིའི་དཀར་གཏོར་ཟླུམ་པོ། ཡུལ་ལྷ་གཞི་བདག་སྤྱིའི་དཀར་གཏོར། འབྱུང་པོ་སྤྱིའི་བགེགས་གཏོར་གྱི་དམར་གཏོར་དང་ལྔ། སྐུ་གླུད་སྡེར་ཆ་གང་དང་དྲུག་བཤམ། དེའི་མཐར་གཟུགས་འགྲོས་རྟ་དྲེལ། མཛོ་གཡག །འབྲོང་། ཤ་བ། ར་ལུག །སྟག་གཟིག །དོམ། དྲེད། བྱ་ནག །ཕག་ནག །ཁྱི་ནག །སྦྲུལ། རུས་སྦལ། མཆོག་ཆེན་མི། སྦལ་པ། ལྕོང་མོ། ཉ་དང་དུང་། གསེར་བྲེ། དངུལ་བྲེ། དོང་ཙེ། སྐུ་གླུད་ཀྱི་ཆས་རྣམས་མཐའ་བསྐོར། སྡེར་ཆ་གཙང་མར་དཀར་གསུམ་དང་མངར་གསུམ་ཟས་སྣ་འཛོམ་གང་ཆེ། ཆང་ཕུད་རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བཅས་པ་བཤམ། དེའི་མདུན་དབུས་མར་བསང་བཤོས་གཙང་མར་ཟས་སྣས་བསྐོར་བ་བཤམ། དེའི་གཡས་སུ་ཆང་ཕུད་གྲལ་ཐབས་དང་། གཡོན་དུ་དྲི་བཟང་དང་རིན་པོ་ཆེའི་ཕྱེ་མ་བཏབ་པའི་ཆུ་སྣའི་སྣོད་བཤམ། ཀུན་གྱི་གཡས་རོལ་དུ་ཤིང་སྣའི་མེ་དང་། ཕྱེ་མར་གྱིས་བཀང་བའི་སྣོད་བཤམ། ཕྱོགས་མཚམས་སུ་དར་པོ་ཆེ་དང་མདུང་དར་མདའ་དར་དར་སྣ་རྣམས་གཟུག །རྔ་དུང་ཆ་ལང་ལ་སོགས་པའི་རོལ་མོས་བསྐོར་བའི་ནང་དུ། བསང་བཤོས་ལ་ཉེ་བར་བསང་གཡོག་འགྲེང་བ་བཅས་ཏེ་འདུག་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། རང་གི་མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ་བར་གྱུར། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་པ་ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། ཐུན་མོང་དང་མཆོག་གཉིས་ལས། དང་པོ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སེམས་ཅན་ཀུན་ལ་ཕན་དོན་དུ། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱའོ། །གཉིས་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། བཞི་པ་གསང་སྔགས་བླ་ན་མེད་པའི་སྡོམ་པ་གཟུང་བ་ནི། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་པ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་མ་ལུས་གཟུང་བར་བགྱི། །ལན་གསུམ། དེ་ནས་ལྔ་པ་མཆོད་པ་བྱིན་བརླབ་པ་ནི། ཀུ་ཤས་བསང་ཆུ་འཐོར་ཞིང་། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ མཆོད་རྫས་ཀྱི་ཉེས་སྐྱོན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ༴ ཨོཾ་བཛྲ་དྷཱུ་པེ༴ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གནྡྷེ༴ ཨོཾ་བཛྲ་ནཻ་ཝིདྱཱ༴ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། དེ་ནས་སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ བྷནྡྷ་གཞལ་ཡས་ཁང་ནང་དུ། །བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ། །སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ། །འཆིང་གྲོལ་མེད་པའི་རང་བཞིན་གྱུར། །ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཉོན་མོངས་ཆགས་པ་རྣམ་དག་པ། །རཀྟ་བདེ་བའི་ངོ་བོར་གྱུར། །ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ གཏོར་མ་འདོད་ཡོན་ལྔ་ལྡན་གྱི། །ཕུན་ཚོགས་ནམ་མཁའ་གང་བར་གྱུར། །དེ་ནས་གཉིས་པ་དངོས་གཞི་ལས། དང་པོ་བདག་བསྐྱེད་གསལ་གདབ་པ་སོགས་ནི། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རིག་པ་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཨ་ཙརྻ་གཞོན་ནུའི་ཚུལ་ཅན། སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། སྔགས་པའི་ཆས་རྫོགས་མཐིང་ནག་དར་གྱི་ཕོད་ཁ། རབ་བྱུང་ཆས་རྫོགས་ལེ་བརྒན་དར་གྱི་ཆོས་གོས་གསེར་གྱི་ཧ་རིས་ཅན། འཁོར་ལོས་སྒྱུར་རྒྱལ་ཆས་རྫོགས་ཟ་འོག་བེར་སྨུག་གསོལ་བ། རིག་པའི་དབང་ལྔ་རྫོགས་ཤིང་ཡེ་ཤེས་ལྔ་དང་ལྡན་པའི་བརྡར་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གསང་བའི་དབང་རྫོགས་པའི་བརྡར་ཕྱག་གཡོན་མཚན་ལྡན་གྱི་ཐོད་པ་བདུད་རྩིས་གང་བ་ལྟེ་བར་བསྣམས་པ། ཡུམ་སྦས་པའི་ཚུལ་དུ་དུག་གསུམ་རྩད་གཅོད་ཀྱི་ཁ་ཊྭཱཾ་ག་གསུམ་པའི་དབང་རྫོགས་པའི་བརྡ་མཚོན་པའི་མེ་ལོང་དྲིལ་བུ་དར་དཔྱང་གཡེར་ཁས་བརྒྱན་པ་གྲུ་མོ་གཡོན་ན་འཆང་བ། སྐུ་ལྔའི་དབང་རྫོགས་རིགས་ལྔའི་རྟགས་ཀྱིས་སྤྲས་པའི་འདབ་ལྡན་པདྨའི་སྙན་ཞུ་དབུ་ལ་གསོལ་བར། སྐུ་དང་ཡེ་ཤེས་མཚོན་པའི་མེ་ལོང་ཉི་ཟླ་དར་སྣ་ལྔ་དང་ཐེག་མཆོག་ཨ་ཏིའི་ལྟ་བ་མཚོན་པའི་རྒོད་ལྡེམ་གྱིས་སྤྲས་པ། འཇའ་ཚོན་འོད་ལྔའི་གུར་ཁང་དང་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་གྱི་ཕུང་པོ་ལྟ་བུའི་དབུས་ན་མཚན་དཔེ་ཡོངས་རྫོགས་སྣང་སྟོང་སྒྱུ་མའི་ཚུལ་གྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ དེ་ནས་སྤྱན་དྲང་བ་ནི། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཞེས་པས་བཞུགས་སུ་གསོལ། མཆོད་བསྟོད་ནི། རྒྱས་པར་ལས་གཞུང་ལྟར་དང་། བསྡུ་ན། ཨོཾ་བཛྲ་གུ་རུ་པདྨ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། བསྟོད་པ་ནི། སྙན་པའི་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང་། །འཇིག་རྟེན་མགོན་གྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་མ་ལུས་བརྙེས། །ཝ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །རྡོ་རྗེ་གདན་དུ་བསྟན་པའི་རྒྱལ་མཚན་བཙུགས། །རྒྱ་གར་ཡུལ་དུ་བསྟན་པ་རྒྱས་པར་མཛད། །བོད་ཀྱི་ཡུལ་དུ་སྣང་སྲིད་ལྷ་འདྲེ་བཏུལ། ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེ་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ །དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན། །བདག་དང་དབྱེར་མེད་བླ་མ་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོ་འདིར། །མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ནས་གཉིས་པ་མདུན་བསྐྱེད་གསལ་གདབ་པ་སོགས་ནི། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མདུན་དུ་པཾ་ལས་པདྨ། ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ། ཧྲཱིཿལས་སྤྱན་རས་གཟིགས་ཨཱ་རོ་ལྀཀ྄་རྒྱན་ཆ་ལུགས་ཁ་སརྤ་ཎི་ལྟ་བུ། སྐུ་ཆེ་བ་རྣམ་སྣང་གངས་ཆེན་མཚོ་དང་མཉམ་པ། ཞིང་ཁམས་ཐམས་ཅད་ལ་སྐུས་ཁྱབ་ཅིང་སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་བ། བ་སྤུའི་བུ་ག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་གྱུར། དེའི་གཙུག་ཏོར་ནས་མགྲིན་པ་ཡན་ཆད་ལ་དཀོན་མཆོག་སྲི་ཞུའི་མགྲོན། ཐུགས་ཀ་ནས་ལྟེ་བའི་བར་ལ་མགོན་པོ་ཡོན་ཏན་གྱི་མགྲོན། སྐུ་སྨད་ཀྱི་ཆ་ལ་རིགས་དྲུག་སྙིང་རྗེའི་མགྲོན། པད་གདན་གྱི་ཆ་ལ་ཚེ་རབས་ལན་ཆགས་ཀྱི་མགྲོན་རྣམས་གསལ་བར་གྱུར། ཡེ་ཤེས་པ་རྣམས་སྤྱན་དྲངས་ནས་གཉིས་མེད་དུ་བཞུགས་པར་བསམ་ལ་འདི་སྐད་དོ། །ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །འཇིག་རྟེན་ལས་འདས་ཆོས་སྐྱོང་མགོན། །སེམས་ཅན་རྣམས་ནི་སྐྱོབ་པ་དང་། །བདག་གི་བསམ་པ་རྫོགས་སླད་དུ། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ཕྱི་ནང་ལྷ་སྲིན་སྡེ་བརྒྱད་རྣམས། །མཆོད་སྦྱིན་དོན་དུ་སྤྱན་འདྲེན་ན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་དམྱལ་བ་ཡན་ཆོད་དུ། ཁམས་གསུམ་རིགས་དྲུག་སེམས་ཅན་རྣམས། །བྱམས་ཐུགས་བརྩེ་བས་མགྲོན་ལ་གཤེགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ཚེ་རབས་གྲངས་འདས་ལན་ཆགས་བགེགས། །མཆོད་མགྲོན་དོན་དུ་སྤྱན་འདྲེན་ན། །བདེ་བར་གཤེགས་པའི་བཀའ་ལ་ཉོན། །ཞི་བའི་ཡིད་ཀྱིས་འཁོད་པར་གྱིས། །ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ལ། ཛྙཱ་ན་ལོ་ཀ་ས་པ་རི་ཝཱ་ར་པདྨ་སཱུརྻ་ཙནྡྲ་ཀ་མ་ལཱ་ཡ་སཏྭཾ། ཞེས་བཞུགས་སུ་གསོལ། དེ་ནས། མདུན་བསྐྱེད་འཕགས་པའི་ཚོགས་ལས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་མེད་སྤྲོས་པས། ནམ་མཁའ་གང་བའི་མཆོད་པའི་སྤྲིན་གྱིས་འཕགས་པའི་ཚོགས་རྣམས་མཉེས་ཤིང་དམ་ཅན་རྣམས་ཐུགས་དམ་སྐོང་བ་དང་། རིགས་དྲུག་རྣམས་འདོད་པ་ཚིམས་ནས་ཤ་འཁོན་བྱང་སྟེ། མགྲོན་རྣམས་དགྱེས་པའི་འདོད་དགུའི་འབྱོར་པས་ས་དང་བར་སྣང་ཐམས་ཅད་གང་བར་གྱུར་པར་དམིགས་ལ། མཆོད་པའི་ཚིག་ནི། མཆོད་ཡོན་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན། །ཇི་སྙེད་ནམ་མཁའི་ཁམས་གང་འབུལ། །ཨོཾ་ཛྙཱ་ན་ལོ་ཀ་ས་པ་རི་ཝ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རིགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་དྲངས་ཤིང་གསོལ་བར་གྱུར། ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཛྙཱ་ན་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་གཙུག་ལག་ཁང་གི་སྲུང་མ་དང་། བསྟན་པ་ལ་དད་པའི་དམ་ཅན་མཐུ་སྟོབས་ཅན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་བཞིའི་བསྡུས་པའི་སེམས་ཅན་རྣམས་ལ་སྦྱིན་ནོ། །རང་རང་གི་སྤྱོད་ཡུལ་དུ་མོས་པ་དང་མཐུན་པའི་ཆོས་དང་ཟང་ཟིང་གི་འབྱོར་པ་དཔག་ཏུ་མེད་པས་ཚིམས་ཏེ་སོ་སོའི་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ལན་ཆགས་ཀྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ལན་ཆགས་དང་བུ་ལོན་ཤ་འཁོན་གཉེར་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཚིམས་ནས། གནོད་པ་དང་གདུག་པའི་བསམ་པ་ཐམས་ཅད་ཞི་ཞིང་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་མགྲོན་རྣམ་བཞི་ལ་བསྔོས་ནས། བྱེ་བྲག་ཏུ་གཞི་བདག་གཏོར་མ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦཱ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱི་མཐར། སྟོང་གསུམ་སྤྱི་ཕུད་འཛམ་གླིང་དང་། ཁྱད་པར་བོད་ཡུལ་ཁ་བ་ཅན་ན་གནས་པའི་གཏེར་བདག་ཆེན་པོ་རྣམས་དང་། ཡུལ་ལྷ་གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་དང་། གནས་མགྲོན་གྱི་དམ་ཚིག་སྲུངས་ལ་འགོ་ཞིང་སྡོངས་གྲོགས་གཉན་པོ་མཛད་དུ་གསོལ། ཞེས་ཕུལ་ལ་མགྲོན་རིགས་རྣམས་དགྱེས་པས་རང་གིས་ཇི་ལྟར་བཅོལ་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ། དེ་ནས་གསུམ་པ་བསང་དངོས་ལ་འཇུག་པ་ནི། དྲི་ཞིམ་པོའི་བ་ལུ་མཁན་དཀར་སྤོས་སྣའི་བསང་གི་མེ་ལ་དཀར་གསུམ་མངར་གསུམ་ཟས་སྣ་འབྲུ་སྣ་སྨན་སྣ་རིན་པོ་ཆེ་དར་སྣ་སྤོས་སོགས་བསྲེག །ཇ་ཆང་ཞོ་འོ་མ་སོགས་བཏུང་བ་སྣ་ཚོགས་ཀྱིས་མཆོད་ནས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བས་སྦྱང་། བསང་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ། རྩི་ཤིང་སྣ་ཚོགས་ཀྱི་དུད་པ། ཞལ་ཟས་ཕྱེ་མར་གྱི་འོ་སྐོལ་གསུར་གྱི་དུད་སྤྲིན་ཆེན་པོ། དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། རྒོལ་བས་མི་སྡིགས་པ། རི་རྒྱལ་ལས་དཔངས་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ། ནད་པ་གསོ་བའི་སྨན། འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་སོགས་དང་། དུ་བ་བྱིན་བརླབ་ནི། དུ་བའི་ལྷ་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་བདུད་རྩིའི་བུམ་པ་འཛིན་ཞིང་གཡོན་སྨན་གྱིས་གང་བའི་གཞོང་པ་འཛིན་པ། ཞལ་འཛུམ་བག་གི་མདངས་དང་ལྡན་པ། གཡས་བདུད་རྩིའི་བུམ་པ་ནས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་ཐུ་ལུ་ལུ་བྱུང་བས། འགོ་བའི་ལྷ་ལ་སོགས་པ་ལ་ཁྲུས་བྱས་རོ་བག་ལ་སོགས་གྲིབ་དང་མི་གཙང་བ་ཐམས་ཅད་ཆུས་བཀྲུས་ནས་དག་པར་བྱས། གཡོན་སྨན་གྱིས་གང་བའི་གཞོང་པ་ནས་སྨན་དཔག་ཏུ་མེད་པ་ཐུ་ལུ་ལུ་བྱུང་བས། ཀླུ་གཉན་ས་བདག་རྨུགས་པ་ཐམས་ཅད་བསངས་ནས་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ཏེ་བདག་ཅག་ཅི་འདོད་པའི་སྡོངས་གྲོགས་བྱེད་པར་གྱུར། རོལ་མོའི་སྒྲ་དང་བཅས་པའི་དབྱངས་སྙན་པོས་མགྲིན་གཅིག་ཏུ་འདི་སྐད་དོ། །ཨེ་མ་ཧོ་དེ་དགོངས་སུ་གསོལ། །གླིང་བཞིའི་མཆོག་གྱུར་ལྷོ་ཡི་འཛམ་བུའི་གླིང་། །འཛམ་གླིང་བྱང་ཤར་རི་རྒྱལ་རྟ་རྣ་འཛིན། །དེ་ལ་འཆི་མེད་བདུད་རྩིའི་ཤིང་གསུམ་སྐྱེས། །རྩ་བར་མཁན་པ་གསེར་གྱི་མེ་ཏོག་ཅན། །རྐེད་པར་ཤིང་སྐྱེས་གཡུ་ཤུག་རལ་པ་འཛིན། །རྩེ་མོར་བ་ལུ་དུང་གི་མེ་ཏོག་ཅན། །ཡོན་ཏན་ལྡན་པའི་ཤིང་མཆོག་དེ་ལ་ནི། །འཆི་བ་མེད་པའི་དངོས་གྲུབ་བདུད་རྩི་གནས། །ནམ་ཟླ་དུས་བཞིར་སྔོ་ཞིང་དྲི་ངད་ལྡན། །འདི་ལྟར་ཤིང་མཆོག་ཡོན་ཏན་ཁྱད་པར་ཅན། །དུས་གསུམ་རྒྱལ་བ་རྣམས་ཀྱི་བྱིན་རླབས་ཀྱིས། །སེམས་ཅན་འཁྲུལ་པའི་རྣམ་རྟོག་བསལ་སླད་དུ། །ལྷ་འདྲེ་མི་གསུམ་སྲིད་འབྱུང་རྟེན་འབྲེལ་གྱིས། །ལས་དང་བསོད་ནམས་སྨོན་ལམ་རྒྱུ་མཐུན་པས། །འཆི་བ་མེད་པའི་ཡོན་ཏན་བདུད་རྩིའི་ཤིང་། །དྲི་ཞིམ་སྤོས་ངད་དུད་སྤྲིན་ནམ་མཁར་འཁྲིགས། །ལྷ་འདྲེ་མི་གསུམ་རྨུགས་ཤིང་འཐིབས་པ་སེལ། །འོད་གསལ་མེ་ལྕེ་འོད་ཟེར་ཕྲེང་བ་འཕྲོ། །མ་རིག་རྨོངས་པའི་མུན་ནག་ཐམས་ཅད་སེལ། །མེ་སྟག་ཚ་ཞིང་སྲེག་པའི་ངར་ལྡན་པས། །མནོལ་ཆགས་མི་གཙང་ལྗན་ལྗིན་སྲེག་པར་བྱེད། །དེ་ལྟར་ཡོན་ཏན་ཁྱད་འཕགས་ཤིང་གསུམ་འདི། །ཆོས་དབྱིངས་རྣམ་པར་དག་པའི་བྱིན་རླབས་དང་། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་ཚིག་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པའི་མཐུས། །ལྷ་འདྲེ་མི་གསུམ་སྲིད་པའི་དཔེ་ལུགས་ཀྱིས། །བསམ་སྦྱོར་དག་པས་གཅིག་ཏུ་བཀའ་བགྲོས་ནས། །ལྷ་འདྲེ་མི་གསུམ་འཁྲུགས་ན་བསང་བའི་ཐབས། །རྨེ་མནོལ་གཙང་བཙོག་བྱུང་ན་བསང་བའི་ཐབས། །དངོས་གྲུབ་བར་ཆད་འདྲེས་ན་བསང་བའི་ཐབས། །བདེན་རྫུན་ལེགས་ཉེས་འདྲེས་པ་བསང༴ བཟང་ངན་འབྲིང་གསུམ་འདྲེས་པ་བསང༴ ཆོ་ག་ནོར་འཁྲུལ་བྱུང་ན༴ ལྷ་འདྲེ་མི་གསུམ་བྱད་གྲིབ༴ རྨི་ལྟས་མཚན་མ་ངན་པ༴ ལ་ཉེ་མོ་རྩིས་ངན་པ༴ དབང་པོ་སྒོ་ལྔ་འགགས་པ༴ མགོན་ལྷ་གཡང་ལྷ་མནོལ་ན༴ འཁོན་འཛིན་ཕྲག་དོག་བྱུང་ན༴ ཆོ་འཕྲུལ་རྣམ་རྟོག་བྱུང་ན༴ ཡུལ་མཁར་བརྩིགས་ཉེས་བྱུང་ན༴ སྲུང་མ་ཐུགས་དམ་གཡེལ་ན༴ ས་བདག་ཀླུ་གཉན་འཁྲུགས་ན༴ ལོ་ཟླ་ཞག་དུས་ངན་ན༴ ཉི་ཟླ་གཟའ་སྐར་ངན་ན༴ བསང་ཁྲུས་ཆོ་ག་ཟབ་མོ་གྲུབ་པའི་མཐུས། །ལེགས་པར་སྤྱད་པས་མི་ཤེས་མི་མཐོང་མེད། །དྲང་སྲོང་བདེན་པའི་ཚིག་གིས་མི་འགྲུབ་མེད། །རྟེན་འབྲེལ་ཆོ་གས་མི་ཚངས་གང་ཡང་མེད། །རྒྱུ་རྐྱེན་ཚོགས་པས་ཐམས་ཅད་འགྲུབ་པར་འགྱུར། །ལག་ལེན་བྱས་པས་ཐམས་ཅད་དག་པར་གསུངས། །ཨེ་མ་ཧོ་དེ་དགོངས་སུ་གསོལ། །དེ་རིང་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་གཙང་ཉམས་གྲིབ་མཁོན་འཛིན་ཕྲག་དོག་དང་། །དལ་ཡམས་བར་གཅོད་ཞི་ཞིང་བསང་བའི་ཕྱིར། །མཁྱེན་ཅིང་གཟིགས་པའི་ལྷ་རྣམས་དགོངས་སུ་གསོལ། །དེ་རིང་གནམ་ལ་གཟའ་དང་སྐར་མ་བཟང་། །ས་གཞིར་དཔྱད་ལེགས་ཡོན་ཏན་འདོད་དགུ་ཚང་། །བར་དུ་དུས་ཚོད་ཚེས་གྲངས་བཀྲ་ཤིས་སོ། །བསང་དང་ཞི་བའི་ཆོ་ག་བྱེད་པ་ལ། །ཉི་མ་དགེ་ཞིང་རྒྱུ་སྐར་བཟང་པོ་ཡིན། །སངས་རྒྱས་བྱམས་ཆེ་དགྲ་བཅོམ་ཟག་པ་ཟད། །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་པ་མེད་དེ་བདེན་པའི་མཆོག །དགེ་འདུན་མི་ཕྱེད་འདུན་པ་བདེན་པའི་མཆོག །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བསང་གི་ཆོ་ག་ལེགས་པར་འགྲུབ་པར་ཤོག །ཨེ་མ་ཧོ་དེ་དགོངས་སུ་གསོལ། །བསང་རྫས་མཆོད་དོ་ཀུན་བཟང་མཆོད་པའི་སྤྲིན། །ཙན་དན་དཀར་པོ་ཨ་ཤུག་ཕ་ཡིས་བསང་། །ཙན་དན་དམར་པོ་ཨ་ཤུག་མ་ཡིས་བསང་། །སྨན་གྱི་རྒྱལ་པོ་ཨ་ཀ་རུ་ཡིས༴ དྲི་ཡི་རྒྱལ་པོ་དུ་རུ་ཀ་ཡིས༴ བ་ལུ་དཀར་པོ་ལྷ་ཡི་སྤོས་ཀྱིས༴ ཤུག་པ་ལོ་བཟང་གཡུ་འོད་འབར་བས༴ མཁན་པ་དཀར་པོ་རྩི་བཟང་དྲི་ཡིས༴ ཕུར་མོང་དཀར་པོ་གླང་ཆེན་ངད་ཀྱིས༴ བླ་མེད་སྐྱབས་མཆོག་བླ་མ་བཀའ་བརྒྱུད༴ རྐང་གཉིས་གཙོ་གྱུར་རྫོགས་པའི་སངས་རྒྱས༴ བག་ཆགས་སྦྱོང་མཛད་དམ་ཆོས་དཀོན་མཆོག༴ བསོད་ནམས་ཞིང་གྱུར་འཕགས་པའི་དགེ་འདུན༴ རྒྱལ་བའི་དཀྱིལ་འཁོར་ཡི་དམ་ལྷ་ཚོགས༴ ཞིང་རྣམས་སྐྱོང་མཛད་དཔའ་བོ་མཁའ་འགྲོ༴ བསྟན་པ་སྐྱོང་མཛད་ཆོས་སྐྱོང་སྲུང་མ༴ ཕྱི་རྒྱུད་རྡོ་རྗེ་རིགས་ཀྱི་སྲུང་མ༴ བཀའ་སྲུང་རྒྱུད་སྲུང་གཏེར་གྱི་སྲུང་མ༴ སློབ་དཔོན་ཕ་མེས་རྒྱུད་ཀྱི་སྲུང་མ༴ དབེན་གནས་ཆོས་འཁོར་ཡོངས་ཀྱི་སྲུང་མ༴ བསྙེན་སྒྲུབ་སྐལ་ལྡན་ཡོངས་ཀྱི་སྲུང་མ༴ མཐུ་དཔུང་སྡོངས་གྲོགས་བྱེད་པའི་སྲུང་མ༴ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཉིན་གྱི་བྱ་ར་བྱེད་པའི་ལྷ་བསང་ངོ་། །མཚན་གྱི་མེལ་ཚེ་བྱེད་པའི་ལྷ་བསང་ངོ་། ཁ་འཛིན་ཤགས་འདེབས་བྱེད་པའི་ལྷ་བསང་ངོ་། །ཆུ་ལ་ཟམ་པ་བྲག་ལ་ཐེམ་སྐས་དང་། །མུན་པར་སྒྲོན་མེ་བྱེད་པའི་ལྷ་བསང་ངོ་། །དགྲ་ལ་སོ་བྱེད་གཉེན་ལ་བྱ་གཏོང་དང་། །དུག་ལ་སྨན་གཏོང་ནད་ལ་རྩི་གསོལ་དང་། །བདུད་ཀྱི་དཔུང་འཇོམས་འདྲེ་ཡི་གཉའ་གནོན་པ། །དམག་དཔུང་གཡུལ་ངོ་ཟློག་པའི་ལྷ་བསང་ངོ་། །མདུན་ནས་བསུ་ཞིང་རྒྱབ་ནས་སྐྱེལ་བ་དང་། །བར་ན་དོན་སྒྲུབ་ཡུལ་དུ་བུ་ནོར་སྐྱོང་། །བྱེས་སུ་མི་རྟའི་རྫི་བོ་བྱེད་པ་དང་། །ཕན་ཚུན་ཡུལ་འཁོར་སྐྱོང་བའི་ལྷ་བསང་ངོ་། །རྒྱབ་རྟེན་མཐུ་དཔུང་ལུས་སྲུང་བྱེད་པ་དང་། །གཏན་གྱི་ཕོ་ལྷ་ཡུལ་གྱི་དགྲ་བླ་དང་། །ཕ་མེས་མཚུན་ལྷ་མ་ཕྱིའི་སྨན་ལྷ་དང་། །ཟས་ནོར་གཡང་ལྷ་རྣོ་མཚོན་ངར་ལྷ་དང་། །ཡུལ་རིགས་ས་བདག་ཁམས་རིགས་ཀླུ་གཉན་དང་། །འབྱུང་བ་ནམ་ཟླ་དུས་བཞིའི་ས་བདག་དང་། །སྤར་ཁ་སྨེ་བ་ལོ་དང་ཟླ་བའི་ལྷ། །གཟའ་སྐར་ཞག་གྲངས་དུས་ཚོད་ཚེས་གྲངས་ལྷ། །ཕྱི་ནང་ལྷ་སྲིན་སྡེ་བརྒྱད་མཐུ་ཆེན་བསང་། ཁམས་གསུམ་མངའ་བདག་སྲིད་གསུམ་དབང་སྒྱུར་བ། །སྟོང་གསུམ་དྲེགས་པ་མཐུ་ཆེན་མ་ལུས་དང་། །རི་རབ་གླིང་བཞི་གསེར་གྱི་རི་བདུན་དང་། །རོལ་པའི་མཚོ་བདུན་ལྕགས་རི་མུ་ཁྱུད་དང་། །རྒྱ་མཚོ་ཆུ་ཀླུང་ནམ་མཁའ་ཉི་ཟླའི་ཁྱིམ། །དུར་ཁྲོད་ནགས་ཚལ་རི་བོའི་ཁྲོད་གནས་པའི། །ལྷ་དང་ཀླུ་དང་མི་འམ་ཅི་ལ་སོགས། །དྲི་ཟ་གྲུལ་བུམ་མཁའ་ལྡིང་ལྟོ་འཕྱེ་དང་། །གནོད་སྦྱིན་འབྱུང་པོ་འཕྲོག་མའི་ཚོགས་བཅས་བསང་། །རི་རྒྱལ་ཁོང་སེང་རྒྱ་མཚོའི་གླིང་བར་དང་། །རིན་ཆེན་རི་བོ་ནོར་བུའི་གླིང་གནས་པའི། །ལྷ་ཀླུ་དྲང་སྲོང་མངོན་ཤེས་སྨོན་ལམ་དབང་། །སྣ་ཚོགས་གཟུགས་སྤྲུལ་རྫུ་འཕྲུལ་ཅན་རྣམས་བསང་། །ས་འོག་གཏེར་དང་གྲུབ་པའི་བཅུད་དང་ནི། །རྩི་སྨན་ལྗོན་ཤིང་ལོ་ཏོག་སྲུང་བའི་ལྷ། །གཏེར་བདག་གནོད་སྦྱིན་མ་མོ་མི་འམ་ཅི། །དྲི་ཟ་སྲིན་པོའི་ཚོགས་བཅས་ཐམས་ཅད་བསང་། །དུ་བས་སྟེང་ཕྱོགས་ས་བླའི་སྲིད་པ་བསང་། །མེ་ལྕེས་ས་སྟེང་བར་སྣང་ལྷ་འདྲེ་བསང་། །མེ་སྟག་ས་འོག་ཀླུ་གཉན་སྲིད་པ་བསང་། །དྲི་ངད་ཕྱོགས་བཅུའི་ཕྱི་སྣོད་འཇིག་རྟེན་བསང་། །ནང་བཅུད་སྐྱེ་འགྲོ་སེམས་ཅན་ཐམས་ཅད་བསང་། །དུས་གསུམ་ཕ་མ་འགྲོ་བ་རིགས་དྲུག་བསང་། །ཚེ་རབས་སྔ་ཕྱིའི་ལན་ཆགས་གདོན་བགེགས་བསང་། ཁྱད་པར་བོད་ཡུལ་ཁ་བ་ཅན་གནས་པའི། །བོད་ཀྱི་མགུར་ལྷ་ཆེན་པོ་བཅུ་གསུམ་དང་། །མཐའ་ཡི་དགེ་བསྙེན་ཆེན་པོ་ཉི་ཤུ་གཅིག །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་། །ཡུལ་གྱི་གཞི་བདག་མཁར་གྱི་རྩེ་ལྷ་དང་། །སྒོ་ལྷ་སྟག་གཡག་ཁྱིམ་ལྷ་གེལ་ཐུང་དང་། །ཐབ་ལྷ་ཡུ་མོ་ཞིང་ལྷ་ཚངས་པ་དང་། །ལམ་ལྷ་དོན་གྲུབ་རྟ་ལྷ་དམག་དཔོན་དང་། །ཕྱུགས་ལྷ་རྨ་གཡང་ནོར་ལྷའི་རྒྱལ་པོ་དང་། །ཚོང་ལྷ་དོན་འགྲུབ་དགྲ་བླའི་རྒྱལ་པོ་དང་། །མཆོད་པར་འོས་པའི་མགྲོན་རིགས་ཚོགས་རྣམས་ལ། །ཕྱེ་མར་སྤོས་དང་དྲི་བསུང་ངད་དང་ལྡན། །ཞལ་ཟས་འདོད་རྒུ་སྣ་ཚོགས་ཕུད་ཀྱིས་མཆོད། །ཚེ་སྲིངས་དཔལ་སྐྱེད་རིགས་རྒྱུད་བཟང་པོ་སྤེལ། ཁ་རྗེ་དབང་ཐང་སྙན་གྲགས་ཆེན་པོ་སྐྱེད། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི། །རྣམ་རྟོག་གཟུང་འཛིན་ལ་ཉེ་ངན་པ་རྣམས། །མི་མཐོ་མགོན་སྐྱབས་ལྷ་ལ་མཐོལ་ཏེ་བསང་། །ཉ་མཐོ་གནས་པའི་ཆུ་ལ་མཐོལ་ཏེ་བསང་། །ཤ་མཐོ་གནས་པའི་རི་ལ་མཐོལ་ཏེ་བསང་། །ལྷ་འདྲེ་མི་གསུམ་ཉི་ཟླ་གཟའ་སྐར་དང་། །ས་འོག་ཀླུ་དང་ས་སྟེང་བཙན་རྣམས་དང་། །ས་བླ་སྟེང་གི་གཟའ་སྐར་མཐོལ་ཏེ་བསང་། །མཁྱེན་གཟིགས་ཡེ་ཤེས་ལྷ་ལ་མཐོལ་ཏེ་བསང་། །དེ་ལྟར་མཐོལ་ཞིང་བསངས་པའི་མཐུ་སྟོབས་ཀྱིས། །ཉོན་མོངས་བག་ཆགས་ཉེས་སྐྱོན་དག་བྱས་ནས། །མི་གཙང་ཉམས་གྲིབ་བྱུར་ཡུག་ངན་པ་ཀུན། །བསང་ཁྲུས་ཆོ་གའི་བདེན་པས་ཐུར་དུ་བསལ། །ལུས་ངག་ཡིད་གསུམ་མནོལ་བའི་ཉེས་སྐྱོན་ནི། །རྨུ་གབ་རི་མགོ་རྨུགས་པས་གཏུམས་འདྲ་དང་། །མནོལ་ཆགས་ཤིང་མགོ་དབྱི་མོང་ནོན་འདྲ་དང་། །ཉམས་གྲིབ་ཉི་ཟླ་གཟའ་ཡིས་བཟུང་འདྲ་རྣམས། །བསང་ཁྲུས་རྟེན་འབྲེལ་ཆོ་གས་ཐུར་དུ་བསལ། །དམེ་མནོལ་སྡིག་སྒྲིབ་ཐབ་གཞོབ་འཁོན་གསུམ་གྱིས། །འཁོན་འཛིན་ཕྲག་དོག་ཉེས་པའི་སྐྱོན་ལ་སོགས། །མགོན་སྐྱབས་ལྷ་སྲུང་ཐུགས་དང་འགལ་བ་རྣམས། །བསང་ཁྲུས་ཆོ་ག་ཟབ་མོ་གྲུབ་པའི་མཐུས། །མནོལ་ཆགས་རྨོངས་པའི་ཉམས་གྲིབ་དག་པ་དང་། །རྐྱེན་ངན་བར་གཅོད་ནད་གདོན་ཞི་བ་དང་། །ཕས་རྒོལ་རྦོད་གཏོང་གནོད་པ་ཟློག་པར་མཛོད། །འདོད་དགུའི་བསམ་པ་ཡིད་བཞིན་སྒྲུབ་པ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ས་སྐྱོང་ཡུལ་ཁམས་བདེ་ལེགས་བཀྲ་ཤིས་ཏེ། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུར་གྱུར་ཅིག །བསང་གི་ཆོ་ག་བདེ་ལེགས་ཀུན་འབྱུང་ཞེས་བྱ་བ་རྫོགས་སོ།། ༈ །།དེ་ནས་བཞི་པ་རྒྱགས་བརྔན་གྱི་ཆོ་ག་དངོས་ལ་འཇུག་པ་ནི། མགྲོན་རིགས་རྣམས་རེ་རེ་བཞིན་བརྔན་པའི་མཚམས་སུ་བསང་ཕུད་དྲངས་པའི་རས་མ་དང་ཟས་སྣ་ཚོགས་མཆོད་འབྲུ་དང་བཅས་པ་བླུགས་ལ་བཤམས་ཏེ། ཕུད་འཐོར་བ་དང་ཆུ་སྣ་དང་ཆང་ཕུད་སྦྲེང་ཞིང་། ཤིང་སྣའི་བསང་དེ་ཁར་ཕྱེ་མར་འབྲུ་སྣ་མེ་ཏོག་སྣ་ཚོགས་དང་། རིན་པོ་ཆེའི་ཕྱེ་མ་མེ་ལ་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིག་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ཕྱི་ནང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ཀྱི་མཆོག་གྱུར་པའི། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི །གནས་བདག་ཆེན་པོ་ཐམས་ཅད་དང་། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །གཙུག་ལག་ཁང་དང་དབེན་གནས་ཀྱི། །སྲུང་མ་གཉན་པོ་ཐམས་ཅད་དང་། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས། །བརྔན་པར་འོས་པའི་མགྲོན་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ཀུན། །སངས་རྒྱས་བསྟན་པ་སྲུང་བ་དང་། །སྒྲུབ་པའི་སྡོངས་གྲོགས་བྱེད་པ་དང་། །དགོན་གནས་བར་ཆད་བསལ་བ་དང་། །དགྲ་དང་བགེགས་རྣམས་གཞོམ་པ་དང་། །ནད་གདོན་གནོད་པ་ལ་སོགས་པ། །ཆག་ཆེ་ཉམ་ང་ཟློག་པ་དང་། །འདོད་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཡིད་ལ་རེ་བ་སྐོང་བ་དང་། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། །བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ནས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མཆོག །སྒྲུབ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ལ་སོགས་པའི། །ཆོས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །མཚན་དཔེ་འབར་བའི་ཞིང་ཁམས་ནས། །ཞི་ཁྲོ་རབ་འབྱམས་ལ་སོགས་པའི། །ལོངས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །སྣ་ཚོགས་གདུལ་བྱའི་ཞིང་ཁམས་ནས། །རིག་འཛིན་པདྨ་ཐོད་ཕྲེང་སོགས། །སྤྲུལ་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ༴ ཁྱད་པར་འགྲོ་བའི་གཉེན་གཅིག་པུ། །ཨོ་རྒྱན་པདྨའི་རྒྱལ་པོ་ལ། །ཕྱག་འཚལ༴ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤྲུལ་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཕྱག་འཚལ༴ ཡུམ་ལྔ་རིན་ཆེན་ཕྲེང་བ་ལ། །ཕྱག་འཚལ༴ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ། །ཕྱག་འཚལ༴ རིགས་གསུམ་མགོན་པོ་འཁོར་བཅས་ལ། །ཕྱག་འཚལ༴ གདུང་བ་སེལ་བ་ལ་སོགས་པའི། །འཕགས་པ་རང་རྒྱལ་ཐམས་ཅད་ལ། །ཕྱག་འཚལ༴ འོད་སྲུངས་ཆེན་པོ་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴ བྷ་ར་དྷྭ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་ལ། །ཕྱག་འཚལ༴ ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཚོགས་གཉིས་རྒྱ་མཚོ་རྫོགས་པར་མཛོད། །ཨིནྡྲ་བོ་དྷི་ལ་སོགས་པའི། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ༴ ས་ར་ཧ་པ་ལ་སོགས་པའི། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཕྱག་འཚལ༴ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ། །ཕྱག་འཚལ༴ དོན་ཡོད་ཞགས་པ་ལ་སོགས་པའི། །ཀྲི་ཡ་བྱ་རྒྱུད་ལྷ་རྣམས་དང་། །པདྨ་བརྩེགས་པ་ལ་སོགས་པའི། །ཨུ་པ་སྤྱོད་རྒྱུད་ལྷ་རྣམས་ལ། ཕྱག་འཚལ༴ ངན་སོང་སྦྱོང་བ་ལ་སོགས་པའི། །ཡོ་ག་རྣལ་འབྱོར་ལྷ་རྣམས་དང་། །གསང་འདུས་རྡོ་རྗེ་གདན་བཞི་དང་། །མཱ་ཡཱ་འཇིགས་བྱེད་སྒྱུ་འཕྲུལ་དྲྭ། །རྡོ་རྗེ་ཕུར་པ་ལ་སོགས་པའི། །མ་ཧཱ་ཨ་ནུ་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ༴ མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བཟང་རྡོ་རྗེ་སེམས་དཔའི་ཚོགས། །སྙིང་པོ་དོན་གྱི་ལྷ་རྣམས་ལ། །ཕྱག་འཚལ༴ འཇམ་དཔལ་སྐུ་དང་པདྨ་གསུང་། །ཕུར་པ་ཕྲིན་ལས་ལ་སོགས་པའི། །སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ། །ཕྱག་འཚལ༴ ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ༴ གནས་དང་ཉེ་བའི་གནས་དང་ཡུལ། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །སྲུང་མ་ཞིང་སྐྱོང་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་རྒུའི་རེ་བ་བསྐང་དུ་གསོལ། །ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དྲི། །ཞལ་ཟས་རོལ་མོ་གཏོར་མ་དང་། །སྐུ་གླུད་བསང་ཕུད་སྣ་ཚོགས་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །སྲུང་མ་གཉན་པོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །ན་བཟའ་ལྷབ་ལྷུབ་སྣ་ཚོགས་དང་། །རིན་ཆེན་ལྔ་ཡི་ཕྲེང་བ་ཡིས། །ལྷ་ཡི་དབང་པོ་ཚངས་པ་བརྔན། །བརྒྱ་བྱིན་གསེར་གྱི་ཕྱེ་མས་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །ལེགས་ལྡན་ནག་པོ་འཁོར་བཅས་བརྔན། །རྒྱ་ཆེའི་མཆོད་པ་སྣ་ཚོགས་དང་། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་། །མཁའ་ལྡིང་ནག་པོ་གསེར་མིག་གིས། །དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན། །ཕྱི་ནང་གསང་བའི་མཆོད་གཏོར་དང་། །བྱ་ནག་ཁྱི་སྤྱང་དོམ་དྲེད་དང་། །བསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས། །སྔགས་བདག་ཤན་པ་གཟའ་མཆོག་དང་། །དམར་ནག་དམ་ཅན་ལ་སོགས་པ། །དམ་ཅན་རྒྱ་མཚོ་འཁོར་བཅས་བརྔན། །ལྷ་རྣམས་འདོད་ཡོན་སྣ་ལྔས་བརྔན། །ལྷ་མོ་མེ་ཏོག་ཕྲེང་བས༴ ཀླུ་རྣམས་དཀར་གསུམ་གཏོར་མས༴ གཉན་རྣམས་མངར་གསུམ་དར་ཟབ༴ ས་བདག་གསེར་དངུལ་རིན་ཆེན༴ ལྷ་མོ་བརྟན་མ་བུམ་པས༴ དྲི་ཟ་དྲི་དང་གསུར་གྱིས༴ གཤིན་རྗེ་ཤ་ཆང་གཏོར་མས༴ ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི། །མཁའ་ལྡིང་མཆོད་སྦྱིན་གཏོར་མས༴ གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས། །གསེར་གཡུ་སྦ་དང་སྨྱུག་མས༴ དགེ་བསྙེན་ཤ་དང་ཆང་གིས༴ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །ཡིད་དང་མཐུན་པའི་གཏོར་མས༴ བཙན་རྣམས་ཇ་དང་ར་དཀར༴ ཀླུ་བདུད་སྦྲུལ་དང་སྦལ་པས༴ ལན་ཆགས་མགྲོན་རྣམས་གཏོར་མས༴ དམ་སྲི་གནོད་བྱེད་འབྱུང་པོ་རྣམས། །སྐུ་གླུད་དར་ཟབ་གཏོར་མས༴ རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད། །ཀླུ་རྟ་རྒྱན་དང་བཅས་པས༴ བར་སྣང་གནས་པའི་གཟའ་ཆེན་བརྒྱད། །ནས་ནག་ར་དང་སྙིང་གིས༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་རྩ་བདུན་རྣམས། །རིན་ཆེན་གསེར་དངུལ་ཕྱེ་མས༴ འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས། །ཆངས་བུ་དག་གི་གཏོར་མས༴ རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་དགྱེས་པའི་གཏོར་མས༴ སྒོ་བཞིའི་སྲུང་མ་འཁོར་བཅས་རྣམས། །རིན་ཆེན་དར་ཟབ་དོང་ཙེས༴ ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འཁོར་སྲུངས་རྐྱེན་ཟློགས་བར་ཆོད་སོལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ཤར་ནུབ་རི་ཆེན་པོ། །མ་མོ་མཁའ་འགྲོ་འདུ་བའི་གནས། །རི་བོ་ཏ་ལའི་ས་བདག༴ རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བྱ་རྒོད་ཕུང་པོའི་རི་དང་ནི། །སྤོས་ངད་ལྡན་པའི་རི་བོ་ཡི། །ས་བདག་གཉན་པོ་ཐམས་ཅད་བརྔན། །ཙ་རི་ཙ་གོང་ལ་སོགས་པའི། །རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི། །ས་བདག་གཉན་པོ་ཐམས་ཅད༴ བསིལ་བ་ཚལ་གྱི་དུར་ཁྲོད་དང་། །རྔམ་པ་སྒྲ་སྒྲོག་ཚང་ཚིང་འཁྲིགས། །ཧ་ཧ་རྒོད་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་ཀྱི་ས་བདག༴ རྒྱལ་པོའི་ཁབ་དང་ཡངས་པ་ཅན། །མཉན་ཡོད་གནས་བཅས་ལ་སོགས་པའི། །གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི། །ས་བདག་གཉན་པོ་ཐམས་ཅད༴ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ། །ལི་ཡུལ་བལ་ཡུལ་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད༴ འཇིག་རྟེན་གསུམ་སྣང་མནྡྷཱ་ར། །འབིགས་བྱེད་ལ་སོགས་འཛམ་གླིང་འདིའི། །ས་བདག་གཉན་པོ་ཐམས་ཅད༴ མ་དྲོས་ལ་སོགས་མཚོ་རྣམས་དང་། །གངྒཱ་སིནྡྷུ་ལ་སོགས་པའི། །ཆུ་ཆེན་རྣམས་ཀྱི་ས་བདག༴ ཏི་སེ་གངས་རི་ལ་སོགས་པའི། །མགུར་ལྷ་གཉན་པོ་ཐམས་ཅད༴ མ་ཕམ་ཀླུ་གཉན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད༴ རི་བོ་གནྡྷོ་ལ་སོགས་པའི། །ལི་ཡི་ས་བདག་ཐམས་ཅད༴ ལྕང་ར་སྨུག་པོ་ལ་སོགས་པའི། །སོག་ཡུལ་གཞི་བདག་གཉན་རྣམས༴ གཞན་ཡང་གྲུ་གུ་ཞང་ཞུང་དང་། །གར་ལོག་ལ་སོགས་མཐའ་འཁོབ་ཡུལ། །གཞི་བདག་གཉན་པོ་ཐམས་ཅད༴ རྒྱ་གར་རྒྱ་ནག་ཧོར་དང་འཇང་། །བལ་ཡུལ་བོད་ཡུལ་ལ་སོགས་པའི། །གཞི་བདག་གཉན་པོ་ཐམས་ཅད༴ ཁྱད་པར་མངའ་རིས་དབུས་གཙང་དང་། །མདོ་ཁམས་གཞི་བདག་གཉན་པོ་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་སྲུངས་རྐྱེན་ཟློགས་བར་ཆོད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། ༈ །ཧཱུྃ། ཡུལ་ནི་རྡོ་རྗེའི་བྲག་དམར་གྱི། །སྲིང་གཅིག་གངས་དཀར་ཤ་མེད་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ཡི། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་དབུ་རུའི་ཉིན་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་མནྡྷཱ་དེ་བ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་ལྷོ་ཡུལ་དེ་ཉིན་གྱི། །སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་དཔེ་མེད་ལྟེ་བ་ཡི། །སྲིང་གཅིག་ཁུག་ཆོས་གཡའ་མ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་ནཱ་ལེནྡྷ་ར་ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །སྲིང་གཅིག་གངས་ཀྱི་གཡུ་བུན་མ། །ཆིབས་སུ་སྟག་མོ་རིས་ཁྲ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་མང་ཡུལ་མང་ཏིང་ན། །ཆེ་ཞེ་གཙུག་གི་འོད་འཆང་མ། །ཆིབས་སུ་འབྲོང་བུ་དར་མ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་དབུ་རུ་སྙིང་པོ་ཡི། །བྱང་གི་མ་ཏིང་ཏིང་མོ་བཙུན། །ཆིབས་སུ་འབྲོང་ཆེན་འགྱིང་བ་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་ནུབ་ཡུལ་རྒན་ཚལ་གྱི། །བརྡལ་ལྷ་བཙན་མོ་གདུག་པ་འདུལ། །ཆིབས་སུ་དོམ་ནག་སྙིང་དཀར་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། བོད་ཡུལ་ཀུན་གྱི་གཞི་བདག་ནི། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །རྡོ་རྗེ་ལེགས་པ་ལ་སོགས་པའི། །གཙང་གི་གཡས་རུ་ཉིན་སྲིབ་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། ཁ་རག་ཁྱུང་བཙུན་ལ་སོགས་པའི། །གཙང་གི་གཡོན་རུ་ཉིན་སྲིབ་ཀྱི། །གཞི་བདག་གཉན་པོ་ཐམས་ཅད༴ ཐང་ལྷ་ཡར་ཞུར་ལ་སོགས་པའི། །དབུ་རུ་ཉིན་སྲིབ་གཞི་བདག༴ ཤམ་པོ་གང་བཟང་ལ་སོགས་པའི། །གཡོན་རུ་ཉིན་སྲིབ་གཞི་བདག༴ ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན། །བྱང་གི་གནམ་མཚོ་ཕྱུག་མོ་བརྔན། །སྟོད་ཀྱི་ལྷ་རྒོད་མདུང་རྩེ་བརྔན། །འོད་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོ་འོལ་ཁའི་གཞི་བདག༴ སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་གཞི་བདག་གཉན་རྣམས༴ ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ཡུལ་གྱི་གཞི་བདག༴ རྡོ་རྗེ་བྲག་སྐྱེས་ལ་སོགས་པའི། །མོན་ཡུལ་རྡོ་དང་ཀློ་རྣམས་ཀྱི། །གཞི་བདག་གཉན་པོ་ཐམས་ཅད༴ སྐུ་ལྷ་མཁའ་རི་ལ་སོགས་པའི། །ལྷོ་བྲག་ཡུལ་གྱི་གཞི་བདག༴ ནགས་སོག་ཆུ་རྒྱུད་དགེ་བསྙེན་དང་། །ཨ་ལ་རྔོད་ཀྱི་གཞི་བདག༴ རྔུ་ཡི་ཉིན་སྲིབ་གཞི་བདག༴ ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་དང་། །དབང་ཆེན་ལྷ་མོ་མཆེད་བརྒྱད་དང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། །སྨུག་རི་མོ་ནམ་ལ་སོགས་པའི། །ཚ་བ་སྒང་གི་གཞི་བདག༴ ཀཾ་གྱི་ཐོད་རྒལ་རྨོག་ཞུ་དང་། །གཟེ་ཡི་ག་གཡོག་གྭ་པ་དང་། །སྤྱི་ཡི་བྲག་ལ་མདའ་ཟུག་དང་། །ཟླ་སྙིང་དཀར་ནག་སུམ་མདོ་དང་། །རྩི་ཡི་བང་རྒོད་མཐོན་པོ་དང་། །རྒྱམ་རྡོའི་གངས་དཀར་མཆེད་བརྒྱད་དང་། །ཟླ་ཡི་གཞི་བདག་ཐམས་ཅད༴ ཀླུ་ནི་མི་མགོན་དཀར་པོ་སོགས། །སྨར་ཁམས་ཡུལ་གྱི་གཞི་བདག༴ ལྷ་ཡི་མགོན་པོ་དཀར་པོ་སྟེ། །མགྱོགས་བྱེད་སྡོང་ར་ལ་སོགས་པའི། །འབྲི་ཀླུང་ཉིན་སྲིབ་གཞི་བདག༴ ལྡན་གྱི་ཝང་སྙེ་སྨྲེ་རུ་དང་། །གེར་མཛོད་རིང་མོ་དབང་ཞུ་དང་། །མཚམས་ལྷའི་གཞི་བདག་གཉན་རྣམས༴ མཛའ་དང་ཤབ་རྨེ་ལ་སོགས་པའི། །སྤོམ་འབོར་སྒང་གི་གཞི་བདག༴ ཤར་གྱི་རྨ་གཉན་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད། །སྲིང་ལྕམ་བཞི་བཅུ་ཞེ་ལྔར་བཅས། །རྨ་ལུང་ཉིན་སྲིབ་གཞི་བདག༴ བེའུ་རི་ཡི་ནི་དུག་མཚོ་དང་། །སྟོང་རི་ཡི་ནི་མཚོ་ནག་དང་། །དེ་འུམ་ཚ་མཚོ་དཀར་མོ་དང་། ཁྲི་ཤོག་རྒྱལ་མོའི་མཚོ་དང་ནི། །ཙོང་ཁ་ཡི་ནི་མཚོ་སྔོན་གྱི། །མཚོ་སྨན་རྒྱལ་མོ་མཆེད་ལྔ༴ སྐྱི་རི་གཉན་པོ་ལ་སོགས་པའི། །ཙོང་ཁ་ཉིན་སྲིབ་གཞི་བདག༴ ཨེ་ཆེ་རི་དང་ཧ་ལ་ཤན། །དགའ་དང་བྱང་ངོས་གཞི་བདག༴ རྨ་ལུང་དན་ཏིག་རི་བོའི་ལྷ། །གཞོན་ནུ་ཀར་ཏི་ཀ་ལ་སོགས། །མདོ་ཁམས་སྒང་གི་གཞི་བདག༴ ཞང་ཤོད་ལ་བོ་ཆེ་ལ་སོགས། །དབྱར་མོ་ཐང་གི་གཞི་བདག༴ རྩི་ཡི་འདུས་རི་མཐོན་པོ༴ སྤོ་ཏི་ཤག་དམར་སྒང་རྒྱུད༴ སྤོ་ཏིའི་ཤེལ་ལུང་ཕྱུག་མོ༴ གྲོལ་གྱི་གཡའ་ལུང་རལ་གསུམ༴ རྨང་གྲོལ་རལ་གསུམ་གཞི་བདག༴ དགུ་རིམ་བཞི་གསུམ་གཞི་བདག༴ སྙེ་གོང་སྙེ་མར་གཞི་བདག༴ སྙན་གོང་ཉིན་སྲིབ་གཞི་བདག༴ བྲག་དམར་བྱ་རྒོང་ལ་སོགས་པའི། །ཏེ་ཆུའི་གཞི་བདག་ཀླུ་གཉན༴ ལྷ་སྲིན་གདུག་པ་མང་བྱེད་པའི། །འོ་དེ་རལ་གསུམ་གཞི་བདག༴ ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི། །རྒྱལ་མོ་རོང་གི་གཞི་བདག༴ འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་གཞི་བདག་ཐམས་ཅད༴ ཤར་ཕྱོགས་རྒྱ་ནག་འོ་དེ་ཤན། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་གཞི་བདག༴ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ཆེ་དགུ་གཉན་དགུ་ཐམས་ཅད་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རེ་བ་ཐམས་ཅད་སྐོང་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ། །ས་འོག་ས་སྟེང་ས་བླ་ཡི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ས་ལ་གནས་པའི་ས་བདག༴ ཆུ་ལ་གནས་པའི་ཆུ་བདག༴ བྲག་ལ་གནས་པའི་བྲག་བཙན༴ བར་སྣང་གནས་པའི་གཉན་རྣམས༴ ཡུལ་ལ་གནས་པའི་གཞི་བདག༴ ལམ་ལ་གནས་པའི་གཞི་བདག༴ འཕྲང་ལ་གནས་པའི་གཞི་བདག༴ བྲག་ལ་གནས་པའི་གཞི་བདག༴ གྲུ་ཟམ་ལ་གནས་གཞི་བདག༴ གཞི་བྱེས་འགོ་བའི་གཞི་བདག༴ གཞི་བདག་གཉན་པོ་ཁྱེད་རྣམས་ཀྱང་། །མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཆེ། །དཔལ་དང་འབྱོར་པ་སོ་སོར་ཆེ། །མངའ་རིས་མངའ་ཐང་སོ་སོར་ཆེ། །མཛད་པའི་ཕྲིན་ལས་སོ་སོར་ཆེ། །མཆོད་པའི་འོས་སུ་སོ་སོར་ཆེ། །དེ་བས་གཞི་བདག་གཉན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་པའི་དོན་ལ་གསོལ་འདེབས་ཀྱིས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ། །དགྱེས་པའི་མཆོད་ཡོན་བཞེས་ནས་ཀྱང་། །བདག་གི་རེ་བ་བསྐང་དུ་གསོལ། །བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་བརྔན་པར་འོས་པའི་མགྲོན། །མིང་དང་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་དང་། །ལྷ་དང་དྲང་སྲོང་ཐམས་ཅད་བརྔན། །ཡུལ་ལྷ་ནོར་ལྷ་ནང་ལྷ་དང་། །ལམ་ལྷ་གཉན་པོ་ཐམས་ཅད༴ གཞན་ཡང་དུས་གསུམ་ཕ་མ་དང་། ཁམས་གསུམ་རིགས་དྲུག་ཐམས་ཅད༴ ཡི་དྭགས་རྣམས་དང་བགེགས་རྣམས་དང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན། །གློ་བུར་ལྷགས་པའི་མགྲོན་རྣམས་དང་། །ལྷག་མའི་མགྲོན་རིགས་ཐམས་ཅད་བརྔན། །ཕམ་རྒྱལ་མེད་པར་ཐོབ་ནས་ཀྱང་། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཧཱུྃ། དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱི། །མངའ་རིས་སྤྱན་ལམ་སོ་སོ་རུ། །མཆོད་སྦྱིན་གཏོར་མ་འདིས་བརྔན་པས། །ལོངས་སྤྱོད་ནམ་མཁའི་མཛོད་གྱུར་ཏེ། །གང་ལ་ཅི་འདོད་ཐོབ་པར་ཤོག །རྒྱགས་བརྔན་ཆེན་མོ་འདི་མཛད་པས། །མགྲོན་རིགས་བརྔན་པའི་བྱིན་རླབས་ཀྱིས། །བདག་གི་དོན་རྣམས་འགྲུབ་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །རྒྱགས་བརྔན་ཆེན་མོ་འདི་མཛད་པས། །གཙུག་ལག་གྲུབ་ཅིང་མཐའ་དམག་ཐུལ། །རྗེ་ཡི་དགོངས་པ་གྲུབ་པ་དང་། །བོད་ཁམས་བདེ་སྐྱིད་བྱུང་བ་ལྟར། །བདག་གིས་མགྲོན་རྣམས་བརྔན་པ་ཡིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློགས། །ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ། །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས། །རྟག་ཏུ་འགོ་ཞིང་སྡོངས་གྲོགས་མཛོད། །མགྲོན་ལམ་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བགྲོད་པ་དང་། །རྙེད་པ་ཆེན་པོ་འགྲུབ་པ་དང་། །གཞི་བྱེས་ཀུན་ཏུ་བདེ་ལེགས་མཛོད། །ཅེས་མགྲོན་རིགས་རྣམས་བརྔན་ལ། གསུམ་པ་རྗེས་ཀྱི་ཆོ་གའི་བཟོད་གསོལ་སོགས་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་དང་། ཨཱ་ལི་ཀཱ་ལིས་ལྷག་ཆད་ཁ་བསྐངས། དེ་ནས་མགྲོན་རིགས་རྣམས་གཤེགས་སུ་གསོལ་བ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་པས་ཡེ་ཤེས་པ་རྣམས་རང་སར་གཤེགས་ཤིང་། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ ཞེས་པས་འབྱུང་པོ་རྣམས་རང་གནས་སུ་བཏང་ལ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། གཟུགས་འགྲོས་རྣམས་གཤེགས། བསང་རས་དང་ཤ་ཆང་ལ་སོགས་པའི་དགའ་སྟོན་ལ་རོལ། རྡོ་རྗེའི་གླུ་དང་ཤིན་ཏུ་སྐྱིད་པའི་བྲོ་བརྡུང་། རྗེས་སུ་མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སོགས་བརྗོད་དགའ་སྟོན་གྱི་ཉམས་བསྐྱང་། འདི་ལྟར་རབ་དཀར་དགེ་ཚོགས་རྣམ་དག་མཐུས། །རྡོ་རྗེ་སྙིང་པོའི་བསྟན་པ་དར་བ་དང་། །དེ་སྐྱོང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །སྐྱེ་དགུ་སེམས་ཅན་བདེ་སྐྱིད་ཀུན་ལྡན་ཞིང་། །ལོ་ཕྱུགས་རབ་ལེགས་ཚེ་དཔལ་ཡེ་ཤེས་རྒྱས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ། །མཐར་ཐུག་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་འཁྱིལ་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེ་ལྟར་སློབ་དཔོན་སངས་རྒྱས་གཉིས་པ་པདྨཱཀ་རས་བསམ་ཡས་ས་འདུལ་གྱི་དོན་དུ་མཛད་པའི་རྒྱགས་བརྔན་ཆེན་མོ་ཕན་ཡོན་བསམ་ལས་འདས་པ་འདི་ཉིད་ཟུར་མཁར་རྡོའི་མཆོད་རྟེན་དུ་སྦ་བར་མཛད་པ། རྒྱལ་སྲས་ལེགས་པས་སྤྱན་དྲངས་པ་ཉིད་བར་སྐབས་སུ་དཔེ་མ་དག་པ་རྒྱུན་འབྱམས་པ་ལས། ༧ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་བཟང་པོས་ཞུས་དག་པར་མཛད་ཅིང་། དེ་མཐུན་ལྷ་བསང་གི་ཆོ་ག་བདེ་ལེགས་ཀུན་འབྱུང་ཞེས་པ་མཛད་དེ་དཔེ་སོ་སོར་སྣང་བ་དང་། སྐྱབས་སེམས། མཆོད་པ་བྱིན་རླབས། བདག་བསྐྱེད་མཆོད་བསྟོད་སོགས་ལས་གཞུང་གཞན་ལ་ཞལ་འཕངས་ཀྱིས་ལྟོས་དགོས་པར་འདུག་པ་ཀུན་མཁྱེན་རང་གི་ཡིག་ཆ་ལས་བསྡུས་ཤིང་། རང་བཟོའི་དྲི་མས་དབེན་པར་ཆོ་གའི་གོ་རིམ་ནག་པོ་འགྲོ་ཤེས་ཆུ་འབབ་མའི་ཚུལ་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ནི་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་༧ཚུལ་ཁྲིམས་རྡོ་རྗེ་རིགས་བདག་ཏུ་ཐོབ་པའི་བན་ཆུང་ཕྲིན་ལས་ལྷུན་གྲུབ་ཀྱིས། སྟོན་གསུམ་རྩི་བཅུད་དང་འབྲས་བུ་སྨིན་པའི་དུས་སུ་སྒྲུབ་རྒྱུད་ཀྱི་གདན་ས་དར་རྒྱས་ཆོས་གླིང་དུ་བཀོད་པའི་ཡི་གེ་པ་ནི་ཀརྨ་མཆོག་གྱུར་གྱིས་བགྱིས་པའི་དགེ་བས་སྐྱེ་དགུ་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །དགེའོ།། །།

ལྷ་མོ་མོ་རྒྱུད་ཐ་དག་གི་གཙོ་བོ་སྔགས་ཀྱི་སྲུང་མ་དྲག་པོ་སུམ་སྒྲིལ་གྱི་ལམ་ཁྱེར་ལས་ཀྱི་བྱང་བུ་ (Volume 38, Text 25)

༄༅། །ལྷ་མོ་མོ་རྒྱུད་ཐ་དག་གི་གཙོ་བོ་སྔགས་ཀྱི་སྲུང་མ་དྲག་པོ་སུམ་སྒྲིལ་གྱི་ལམ་ཁྱེར་ལས་ཀྱི་བྱང་བུ་བཞུགས་སོ། ། ལྷ་མོ་མོ་རྒྱུད་ཐ་དག་གི་གཙོ་མོ་དཔལ་ལྡན་སྔགས་ཀྱི་སྲུང་མ་དྲག་པོ་སུམ་སྒྲིལ་གྱི་ལམ་ཁྱེར་ལས་ཀྱི་བྱང་བུ་ནི༔ བདག་ཉིད་དབང་ཆེན་ཡབ་ཡུམ་གསལ་བ་ཡི༔ མདུན་དུ་སྔགས་སྲུང་ཨེ་ཀ་ཙཱ་ཏི་མ༔ སྨུག་ནག་རལ་གཅིག་སྤྱན་གཅིག་ནུ་གཅིག་མ༔ ཁྲོ་མོ་མི་བཟད་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞིང་དབྱུག་བྷནྡྷ་བརྐྱང་བསྐུམ་མི་རོ་མནན༔ དྲང་སྲོང་གཟའ་མཆོག་སྐུ་མདོག་དུད་པ་ཁ༔ དབུ་དགུ་ཁ་གདངས་སྐུ་སྨད་སྦྲུལ་དུ་འཁྱིལ༔ ཤིན་ཏུ་མི་བསྲུན་མགོ་ལུས་མིག་གིས་གང༔ ཕྱག་བཞི་ཆུ་སྲིན་སྦྲུལ་ཞགས་མདའ་གཞུ་འགེངས༔ རྡོ་རྗེ་ལེགས་པ་དམར་ནག་ཁྲོས་པའི་ཞལ༔ སྐུ་ལ་སྭག་ཞུ་བེར་གསོལ་འཁོར་གསུམ་བསྐོར༔ རྡོ་རྗེ་དགྲ་སྙིང་དམར་བསྣམས་སེང་གེ་འཆིབ༔ ཕོ་ཉ་ལས་བྱེད་སྤྲུལ་པ་གཡོག་འཁོར་བཅས༔ ཐམས་ཅད་མ་ལུས་ཚུར་བྱོན་དམ་ལ་འདུས༔ ཧཱུྃ༔ ངང་ཉིད་ཆོས་སྐུ་འགྱུར་མེད་དག་པའི་ཀློང༔ འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་ནས༔ དཔལ་ཆེན་སྐུ་ལ་གཉིས་མེད་འཁྲིལ་སྦྱོར་མ༔ ཨེ་ཀ་ཙཱ་ཏི་གྷུ་ཧྱ་གསང་བའི་ཡུམ༔ དཔལ་གྱི་འཁོར་ཚོགས་ཡེ་ཤེས་རོལ་པ་ལས༔ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་ལ༔ ཡེ་ཤེས་མཐོངས་ཕྱེས་མ་རིག་མུན་པ་སོལ༔ མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེ༔ ཨོཾ་བཛྲ་ཌྷྲྀག་ཛཿརུ་ལུ་རུ་ལུ་མ་ཧཱུྃ་བྷྱོ་ཧཱུྃ༔ སྣང་སྲིད་ཟིལ་གནོན་པདྨ་ཁྲག་འཐུང་གིས༔ དབང་བསྐུར་དམ་ཕོག་དམ་ཅན་ཀུན་གྱི་གཙོ༔ ཨེ་ཀ་གཟའ་དང་བཛྲ་ཐིག་ལེ་རྩལ༔ འདིར་གཤེགས་ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ ཧཱུྃ༔ བསྐལ་པ་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས༔ ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི༔ དཔལ་ལྡན་གཙོ་མོ་ཨེ་ཀ་ཙཱ་ཏི་མ༔ བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོག༔ ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་སྣ་ཚོགས་སྟོན༔ གློག་ལྟར་འཁྱུག་ཅིང་གང་ལའང་ཐོགས་པ་མེད༔ དུས་བཞིར་ཉུལ་ཞིང་རྟེན་པའི་དམ་རྫས་སྲུང༔ རྣལ་འབྱོར་སྐྱོང་ཞིང་རེ་བ་བསྐང་ངོ་ཞེས༔ ཞལ་བཞེས་གང་ལགས་རྗེས་སུ་མཐུན་དགོངས་ལ༔ དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ བདག་ལ་བྱིན་རློབས་དཀྱིལ་འཁོར་གཉན་པོ་སྲུངས༔ ཕྱི་ནང་གསང་བའི་མཆོད་ཡོན་འདི་བཞེས་ལ༔ འདོད་པའི་དོན་དགོངས་ཕྲིན་ལས་རྫོགས་པར་མཛོད༔ ཉི་ཟླ་པདྨ་རིན་ཆེན་གདན་སྟེང་དུ༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་མ་མ་ར་ཏྲི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ གཡར་དམ་གཅིག་པས་ཐུགས་རྗེས་དགོངས་སུ་གསོལ༔ སྐུ་མདོག་ཕྱག་མཚན་མོས་པས་གསལ་བར་བྱ༔ ལུས་ངག་ཡིད་གསུམ་གདུང་བ་དམ་པ་ཡིས༔ ལྷ་མཆོག་ཉིད་དང་ཇི་སྲིད་གནས་ཀྱི་བར༔ བདག་དང་མི་འབྲལ་སེམས་ཀྱིས་བསྒོམ་པར་བགྱི༔ བདག་ནི་ཁྱོད་མཐོང་དངོས་སུ་བལྟར་མེད་པས༔ མུན་པའི་ཚོགས་དང་འདྲ་བར་མཆིས་མོད་ཀྱི༔ གདུང་སེམས་དམ་པས་ཡིད་ཆེས་དངོས་ཇི་བཞིན༔ རེ་ཞིང་ལྟོས་སོ་བྱམས་ལྡན་ཐུགས་རྗེའི་ཡུམ༔ ཁྱོད་ནི་ཡེ་ཤེས་སྒྲིབ་མེད་ཞལ་མངའ་བས༔ དུས་འདིར་བྱིན་རློབས་ཐུགས་རྗེའི་ཞལ་བཟང་སྟོན༔ རྡོ་རྗེ་མཆོག་གསུམ་སྒྲུབ་པའི་དམ་ཚིག་མཆོག༔ དེང་ནས་བརྩམ་སྟེ་བདག་གིས་གཟུང་བར་བགྱི༔ དཔལ་གྱི་ཡུམ་ཆེན་དམ་ཅན་རྒྱ་མཚོའི་ཚོགས༔ མ་ལུས་འཁོར་བཅས་གསན་ཅིང་དགོངས་སུ་གསོལ༔ བདག་ནི་སྒྲུབ་མཆོག་ངེས་པའི་རྣལ་འབྱོར་པ༔ གསང་ཆེན་བླ་ན་མེད་པའི་ལམ་ཞུགས་ཏེ༔ རྩ་བ་ཡན་ལག་དམ་ཚིག་མནོས་པ་ལ༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས༔ སྔོན་ཚེ་དཔལ་ཆེན་འབར་བའི་སྤྱན་སྔ་རུ༔ ཉམས་ཆག་སྐོང་ཞིང་བསྟན་པ་བསྲུང་ངོ་ཞེས༔ ཞལ་བཞེས་གང་ལགས་དུས་འདིར་སྒྲུབ་ལགས་ཀྱིས༔ བདག་གི་འགལ་འཁྲུལ་ཉམས་ཆག་སྦྱང་དུ་གསོལ༔ བེམ་པོའི་རང་བཞིན་ནོར་བུ་འབར་བ་ཡང༔ ལྷ་མིའི་རེ་འདོད་ཡིད་བཞིན་སྐོང་མཛད་ན༔ ཁྱེད་ནི་བསམ་འཕེལ་ཡིད་བཞིན་ཅིས་མི་མཛད༔ བདག་གི་མངོན་འདོད་རེ་བ་བསྐང་དུ་གསོལ༔ ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན༔ གཡེལ་མེད་དམ་ལྡན་སྒྲུབ་པོའི་གྲོགས་མཛད་ཅིང༔ དམ་ཉམས་དགྲ་བགེགས་བླ་ཚེ་སྲོག་དབུགས་སྡུས༔ བདག་དང་བདག་གི་འཁོར་དུ་གཏོགས་པ་ཡིས༔ རྫོགས་ཆེན་སྙིང་ཐིག་བཀའ་ཡི་ཟབ་གཏེར་འདི༔ བསྐྱེད་རྫོགས་སྒོམ་སྒྲུབ་མཐར་ཕྱིན་འབྲས་བུའི་བར༔ ཕྱི་ནང་བགེགས་དང་གོལ་ས་བར་ཆད་སྲུངས༔ རྣལ་འབྱོར་ཚེ་སྲིངས་མཐུན་རྐྱེན་བསོད་ནམས་སྤེལ༔ སྣང་སྲིད་དབང་སྡུས་གདུག་པའི་དགྲ་བགེགས་ཆོམས༔ བྱད་ཁ་རྦོད་གཏོང་མི་མཐུན་རྐྱེན་ངན་ཟློག༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་སྔགས་བསྟན་པ་དར་རྒྱས་ཕྲིན་ལས་མཛོད༔ མ་ར་ཏྲི་ས་མ་ཡ་ཧཱུྃ་ཛ༔ ཨོཾ་མ་མ་ཏྲྑླ་ར་ཏྲི་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ཛ་ཛ་ཛ༔ ཨི་དམ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ རྡོ་རྗེ་བཀའ་དར་གྱི་དམ་ལ་གནས་པ༔ བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ༔ མ་སྲིང་དབང་ཕྱུག་འབར་མ་འཁོར་བཅས་ཚུར་གཤེགས༔ ཨེ་ཧྱེ་ཧི་རྣལ་འབྱོར་པ་བདག་གི་ཕྲིན་ལས་གཉན་པོ་སྒྲུབས་ཤིག༔ མ༔ དཔལ་ལྡན་གཙོ་མོ་ཨེ་ཀ་ཙཱ་ཏི་མ༔ ཞལ་གཅིག་ཕྱག་གཉིས་རུ་ལུའི་སྒྲ་སྐད་སྒྲོག༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག༔ ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོར་བསྟོད༔ ར༔ དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར༔ ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས༔ སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད༔ ཏྲི༔ དམ་ཅན་སྐྱེས་བུ་དམར་ནག་ཐིག་ལེ་རྩལ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས༔ ཐོད་ཕྲེང་གཡང་གཞི་སྟག་གི་ཤམ་ཐབས་ཅན༔ མཆེད་ཟླ་བརྟན་མ་འཁོར་དང་བཅས་ལ་བསྟོད༔ ཧཱུྃ༔ འབར་བའི་འཁོར་ན་བཀའ་ཉན་སྲུང་མའི་ཚོགས༔ བསྟན་པ་སྲུང་ཞིང་བཀའ་ཡི་བྱ་ར་མཛད༔ རྣལ་འབྱོར་སྐྱོང་ཞིང་བདུད་འདུལ་དྲག་པོའི་སྐུ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྔོན་ཚེ་རང་བྱུང་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དམ་ཚིག་མ་འགལ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ མ་ར་ཏྲི་དགྲ་བགེགས་ཧུར་ཐུམས་ཛ༔ མཱ་ར་ཡ་སོད༔ ཅེས་དཔལ་ཀུན་ཏུ་བཟང་མོ་བསྟན་སྲུང་གི་སྐུར་སྣང་བ། དབྱིངས་ཀྱི་མ་མོ་མུ་ཁ་ལེ་རྡོ་རྗེ་རལ་གཅིག་མ་ལྕམ་དྲལ་དྲག་པོ་གསུམ་སྒྲིལ་འདི་ཉིད་བཀའ་གཏེར་སྤྱི་དང་། ཁྱད་པར་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྲུང་མ་གཅིག་པུ་སྟེ། དབྱིངས་ཀྱི་མ་མོ་མུ་ཁ་ལེ་རྡོ་རྗེ་རལ་གཅིག་མ་སྙིང་ཐིག་ཉམས་ལེན་མཁན་ཀུན་གྱིས་གསོལ་མཆོད་གལ་ཆེ་ལ། འདིའི་སྒྲུབ་ཐབས་རྒྱ་མཚོར་གྱུར་ཀྱང་འདི་ནི་གསང་བ་སྙིང་ཐིག་ཡ་བཞིའི་སྲུང་མར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པ་དང་། ཀློང་གསལ་ཌཱ་ཀི་སྙིང་ཐིག་གི་གཏེར་སྲུང་གསོལ་མཆོད་གཉིས་བསྲེས་ནས་ཚེ་དབང་ནོར་བུས་རང་ལོ་ཉེར་བཞི་ཆུ་སྟག་དབོ་ཟླར་བཀོད་པའི་ཡི་གེའི་རིས་བྱེད་རབ་འབྱམས་པས་བགྱིས་པའོ། །སྤྱིར་མ་མོའི་བྱེ་བྲག་བསམ་ལས་འདས་ཀྱང་དོན་གྱི་ངོ་བོ་གཅིག་པས་འདིར་མ་འདུས་པ་མེད་དོ། །མངྒ་ལཾ།། །།

ཤ་བརྒྱ་ཟན་བརྒྱའི་ལག་ལེན་གསལ་བྱེད (Volume 44, Text 25)

ཤ་བརྒྱ་ཟན་བརྒྱའི་ལག་ལེན་གསལ་བྱེད་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡ། བན་བོན་བྱད་ཁ་མཐུ་གཏད་སོགས་གདོན་ཆེན་པོ་དང་། ལྷག་པར་མི་དང་རྟ་ཕྱུགས་ཀྱི་ནད་གདོན་གློ་བུར་ཟློག་པ་ལ་ཆེད་དུ་བསྔགས་པའི་ཤ་བརྒྱ་ཟན་བརྒྱའི་གླུད་གཏོང་ཚུལ་ནི། པདྨ་དབང་ཆེན་ལྟ་བུའི་ཡི་དམ་གང་བྱེད་ཆོས་སྲུང་དང་བཅས་པའི་མཆོད་གཞིའི་མདུན་དུ། སྟེགས་ནག་པོའི་དབུས་སུ་བསྲུང་བྱ་མི་ཕྱུགས་གང་ཡིན་དང་མཐུན་པའི་འདྲ་གླུད་སྐྱེ་མཆེད་དོད་ཅིང་རྒྱན་དང་བཅས་པ་བདུན་ནམ་ལྔའི་མཐའ་སྐོར་དུ་ཡུལ་འབྲོག་གི་ཡོ་བྱད་དང་གཟུགས་འགྲོས་སྲིད་ཚད་འབྱོར་ཚད་ཀྱི་གཟུགས་དང་། ལ་རྫས་ཀླུང་རྫས། དར་ཟབ་སྣམ་རས་འབྲུ་སྣ་རིན་ཆེན་ཟས་སྣ་སོགས་དངོས་སུ་འབྱོར་པ་རྣམས་དངོས་སུ་བཞག །རྟ་ཁལ་དྲེལ་ཁལ་སྤྲེའུ་མཛོ་ཁལ་དུ་མ་བྱ། དེ་དག་གི་ཕྱོགས་བཞིའི་ཤར་དུ་བག་ཟན་གྱི་སྤྲེའུ་དཀར་པོ་ལ་ཁལ་བཀལ་པ་ཀེང་རུས་ཀྱིས་འདེད་མི། ལྷོར་རྟ་དམར་ཁལ་བཀལ་བ་བཙུན་པ་ཞྭ་དམར་གྱོན་པས་འདེད་པ། ནུབ་ཏུ་དྲེལ་ནག་ཁལ་བཀལ་བ་བཙུན་པ་ཞྭ་སེར་གྱོན་པས་འདེད་པ། བྱང་དུ་མཛོ་རོག་ཁལ་བཀལ་བ་སྒྲུབ་པ་དོམ་ར་ཅན་གྱིས་འདེད་པ། བཞི་ཀའང་རྒྱབ་ཏུ་འབོག་ཁུར་བ། ཕྱོགས་བཞི་སོ་སོར་ཆངས་བུའམ་མཐེབ་ཀྱུ་ཤ་དམར་གྱིས་བརྒྱན་པ་ཉེར་ལྔ་རེ་དཀོར་ཆ་དང་བཅས་པ་བཤམ། གལ་ཏེ་བྱད་ཁ་ཟློག་པ་ལྟ་བུའི་དགོས་པ་འབྲེལ་ནས་ཟོར་བྱེད་ན། དམར་གཏོར་མཚེ་ཡུངས་ཀྱིས་བརྒྱན་པ་བརྒྱད་དམ་བཞིའམ་གཅིག་གང་འབྱོར་ཡི་དམ་གྱི་གཏོར་མའི་མདུན་དུ་བསྒྲིག །ཕྱོགས་གང་བདེར་རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་གཙང་མ་དང་། གུ་གུལ་ཡུངས་ཐུན་རོལ་མོ་སོགས་འདུ་བྱ། མཆོད་གཏོར་རྣམས་སྤོས་ཆབ་ཀྱིས་ཕྱུང་། ཡི་དམ་ཆོས་སྲུང་གི་གཞུང་བསྲང་། སྐོང་ཚོགས་སོགས་གྲུབ་པ་དང་། ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་རྒྱས་པར་བྱ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཤིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོའམ། ཡུལ་ཕྱོགས་འདིའི་མི་ཕྱུགས་ལྟ་བུ་སྐབས་ཐོབ་ཁ་སྒྱུར། འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་རྦོད་གཏོང་ནད་རིམས་དལ་ཡམས་གློ་བུར་ཡེ་འདྲོག་གི་བདག་པོ་བདག་མོ་ལན་ཆགས་བུ་ལོན་ཤ་འཁོན་གཉེར་བ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་ལན་ཆགས་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཊཱ་ཀི་ཧཱུྃ་ཛཿ ལན་གསུམ་གྱིས་འགུགས། ཛཿཧཱུྃ་བཾ་ཧོཿ བྱམས་པའི་སེམས་དང་ལྡན་པས་རྟེན་དང་གཉིས་མེད་དུ་འཁོད་ཅིང་སྒྲུབ་པ་པོས་ཅི་བསྒོ་བའི་བཀའ་ལ་ཉན་པར་བསམ། དབྱངས་རོལ་བཅས། ཧཱུྃ༔ དང་པོ་རྒྱལ་བྱུང་གང་ནས་བྱུང༔ སོགས་ནས། སུ་དང་འཕྲད་པ་དེ་ལ་སྒྱུར༔ ཅེས་པའི་བར་གྱེར་ལ། འགལ་འཁྲུལ་ནོངས་པ་སོགས་ཀྱི་ཚིག་མཚམས་སུ་མཆོད་གཡོག་པས་གླུད་གཏོར་རྣམས་ཕྱོགས་བཞི་སོ་སོར་སྣོད་སོ་སོར་སྡུས། ཚིག་མཐའི་རོལ་འོག་ཏུ་ཕྱོགས་མ་ནོར་བར་སྐྱེལ། ཟོར་མི་བྱེད་ན་མཚམས་གཅོད་སྲུང་འཁོར་བྱས་ནས་རྗེས་ཆོག་ལ་འཇུག་ཅིང་། ཟོར་བྱེད་ན་ཡི་དམ་གྱི་ཟློག་སྔགས་བཟླས་པས་ཟོར་བྱིན་གྱིས་བརླབས་ལ། བྷྱོ༔ བདག་ལ་ཕུར་ཁའི་རྦོད་ཁ་སོགས་ལན་གྲངས་གསུམ་ལྔ་བདུན་སོགས་བརྗོད། གཞུང་གི་ཆད་མདོ་བཏང་། གསེར་སྐྱེམས་སྤྱི་འཚམ་འབུལ་མཐར། ཡི་དམ་ཆོས་སྐྱོང་གི་བསྐུལ་ཟློག་དམིགས་བསལ་ཡོད་ན་དེ་དང་། མེད་ན། བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞག་གི་དཔུང་གྲངས་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཆུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚེས་ངན་པ་ཟློག༔ ལོ་ཟླ་ཞག་དུས་བབས་པ་ཟློག༔ ཁྲམ་དང་བྱད་དུ་བཅུགས་པ་ཟློག༔ ཧོམ་དང་སྤར་བུའི་བསྐོར་པ་ཟློག༔ དགྲ་ཆེན་བདུད་དུ་ལངས་པ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒུགས་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་རིམས་སྣ་ཡམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང༔ བདག་ལ་གནོད་པའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ བར་ཆད་བགེགས་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟློགས༔ དམ་ཉམས་བྱད་མའི་སྟེང་དུ་ཟོར༔ ཅེས་པ་ལྟ་བུ་སྤྱི་འཚམ་གྱི་ཟློག་པ་འདོན་ལ་ཕྱོགས་བཞིའམ། གཉན་པོ་རྒྱུ་བའི་གདོང་མ་ཐུག་པར་གནོད་པའི་ཕྱོགས་སུ་འཕངས་ལ་བརྟན་མ་བསྐྱང་། གཏོར་སྣོད་སྦུབ་ལ་རྟ་བྲོ་བརྡུང་། ཟོར་ཡོད་མེད་གང་ལྟར་ཡང་ཚེ་འགུགས་རྒྱས་པར་བྱ། རྗེས་ཀྱི་བྱ་བ་བཀྲ་ཤིས་བཅས་སྤྱི་ལྟར་བྱ་བ་ནི་ལག་ལེན་གྱི་རྒྱུན་མ་ཆད་ལ་ཁུངས་བཙུན་རང་བཟོ་མ་འདྲེས་པའི་གཏོ་ཆོག་ཁྱེར་བདེ་བྱིན་རླབས་དང་ལྡན་པ་ཡིན་ནོ། །ཞེས་པའང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་གཞན་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

རྩ་གསུམ་སྤྱི་འདུས་སྙིང་ཏིག་ལས༔ ཕྲིན་ལས་ཡེ་ཤེས་ལམ་བཟང་ (Volume 5, Text 25)

༁ྃ༔ རྩ་གསུམ་སྤྱི་འདུས་སྙིང་ཏིག་ལས༔ ཕྲིན་ལས་ཡེ་ཤེས་ལམ་བཟང་བཞུགས༔ རྩ་གསུམ་སྤྱི་འདུས་ལྷ་ལ་འདུད༔ ཕྲིན་ལས་ཡེ་ཤེས་ལམ་བཟང་ནི༔ དབང་ཐོབ་དམ་ཚིག་ལ་གནས་པས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ དབེན་ཞིང་བྱིན་བརླབས་གནས་མཆོག་ཏུ༔ དཀྱིལ་འཁོར་སྐུ་གསུང་ཐུགས་རྟེན་དང༔ མཆོད་པ་ཚོགས་གཏོར་བཟང་དུ་བཤམ༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ན་མོ༔ བླ་མ་རྩ་གསུམ་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་སར་འགོད་ཕྱིར༔ སྙིང་པོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་གཉིས་པ་བགེགས་བསྐྲད་ནི༔ ཧཱུྃ༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་འདིར༔ འདུ་བའི་སྲུང་མ་མ་གཏོགས་པ༔ བར་ཆད་བྱེད་པའི་གདོན་བགེགས་ཀུན༔ སོ་སོ་རང་རང་གནས་སུ་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ གསུམ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ངང་ཉིད་ཡེ་ནས་ཆོས་ཀྱི་དབྱིངས༔ འབར་བ་ཁྲོ་བོའི་རོལ་པར་ཤར༔ གཉིས་མེད་རྡོ་རྗེ་སྲུང་འཁོར་གྱིས༔ འཁྲུལ་སྣང་བགེགས་ཚོགས་མཚམས་བཅད་དོ༔ ཨོཾ་བཛྲ་ཀྲོ་དྷ་རཀྵ་ཧཱུྃ་ཧཱུྃ༔ བཞི་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱི༔ བརྡལ་ཁྱབ་ཆོས་སྐུའི་ཡེ་ཤེས་ལས༔ འགག་པ་མེད་པའི་ཆོ་འཕྲུལ་ཆེ༔ རྩ་གསུམ་ལྷ་ཚོགས་རབ་འབྱམས་ཀྱིས༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ གཟུང་འཛིན་ཆོས་ཀུན་སྒྱུ་མར་སྦྱངས༔ སྣང་སྲིད་པདྨ་དྲྭ་བའི་ཞིང༔ སྣོད་བཅུད་མཆོད་པའི་ཕྱག་རྒྱར་རྫོགས༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿསརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་དང་པོ་ལ༔ དམ་ཚིག་ཕྱག་རྒྱ་བསྐྱེད་པ་ནི༔ ཨ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་ཀྱི་ངང༔ ཀུན་ཏུ་སྣང་བ་རང་བྱུང་སྙིང་རྗེའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿཡིག་དཀར་དམར་མདངས༔ ནམ་མཁའི་དབྱིངས་སུ་འཇའ་ཚོན་ལྟ་བུར་ཤར༔ བདེ་ཆེན་རོལ་པའི་འོད་ཟེར་བསམ་ཡས་ཀྱིས༔ བརྟན་གཡོའི་སྣང་ཞེན་འོད་གསལ་དབྱིངས་སུ་སྦྱངས༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་དང༔ རྡོ་རྗེའི་སྲུང་འཁོར་སྤྲུལ་པའི་གཞལ་མེད་ཁང༔ མཚན་ཉིད་ཡོངས་རྫོགས་སྣང་སྟོང་འོད་འབར་དབུས༔ ཆུ་སྐྱེས་པདྨ་ཉི་ཟླའི་གདན་གྱི་སྟེང༔ རྒྱུ་ཡི་ཧྲཱིཿཡིག་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ས་བོན་མཚན་པ་ཡོངས་གྱུར་ལས༔ དཀོན་མཆོག་རྩ་གསུམ་སྤྱི་འདུས་པདྨ་འབྱུང༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མཚན་དཔེའི་སྐུ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀའི་སྟོད་དུ་འཛིན༔ གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས༔ གསང་གོས་ཕོད་ཀ་ཆོས་གོས་བེར་ཕྱམ་བརྗིད༔ གྲུ་མོར་ཁ་ཊྭཱཾ་རྩེ་གསུམ་འོད་འབར་འཆང༔ དབུ་ལ་འདབ་ལྡན་པདྨའི་མཐོང་གྲོལ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས༔ རིག་འཛིན་བླ་མ་བྱེ་བའི་ཚོགས་ཀྱིས་བསྐོར༔ ཐུགས་ཀར་པད་ཟླའི་སྟེང་དུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་ཡུམ་དང་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་འོད་ལྔའི་ཀློང་ན་བཞུགས༔ སྙོམས་ཞུགས་བདེ་བའི་ཐིག་ལེ་ཧཱུྃ་དང་བྷྱོ༔ ཡིད་བཞིན་རིན་ཆེན་ཡི་གེའི་ཆོ་འཕྲུལ་ལས༔ གཙོ་བོའི་གཡས་སུ་པད་ཉི་རྒྱལ་བསེན་སྟེང༔ ཧཱུྃ་ལས་གུ་རུ་དྲག་པོ་ཆེ་བའི་མཆོག༔ བསྐལ་པའི་མེ་ཕུང་མདོག་ཅན་ཁྲོ་གཏུམ་ཉམས༔ རྡོ་རྗེ་སྡིག་པ་འཛིན་ཅིང་དུར་ཁྲོད་ཆས༔ ཟུར་ཞལ་གཡོན་གཟིགས་རྡོ་རྗེའི་མེ་འོད་འཕྲོ༔ རབ་འབྱམས་ཡི་དམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ གཡོན་དུ་པད་ཉི་བྱད་མ་བསྣོལ་བའི་སྟེང༔ བྷྱོཿལས་སེང་གེའི་གདོང་ཅན་ནམ་མཁའི་མདོག༔ ཟུར་ཞལ་གཡས་གཟིགས་གནམ་ལྕགས་རལ་པ་བསྒྲེངས༔ གྲི་གུག་ཐོད་འཛིན་ཁ་ཊྭཱཾ་རྩེ་གསུམ་འཆང༔ སེང་གེའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་གྲོལ༔ རིན་ཆེན་རུས་རྒྱན་གར་སྟབས་རོལ་པས་བཞུགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཕོ་ཉར་འགྱེད༔ སྒོ་བཞིར་དཔའ་བོ་རིགས་བཞི་ཡུམ་དང་བཅས༔ གཙོ་བོ་གསུམ་གྱི་གནས་གསུམ་འབྲུ་གསུམ་གྱི༔ ཡི་གེས་རྒྱས་གདབ་རྡོ་རྗེ་གསུམ་གྱི་དངོས༔ ཡེ་ཤེས་དབང་བསྐུར་རང་བྱུང་ཅོད་པན་གྱིས༔ དབུར་བརྒྱན་སྣང་སྟོང་རོལ་པའི་འོད་ཟེར་གྱིས༔ མཁའ་ཁྱབ་རྒྱལ་བ་སྲས་དང་བཅས་པ་ཀུན༔ རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་དྲང་བསྟིམ་ནི༔ ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ དགོངས་ཤིག་དྲག་པོ་ཡི་དམ་དཀྱིལ་འཁོར་ལྷ༔ སྐྱོད་ཅིག་གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ རྡོ་རྗེའི་སྐུ་ཡི་གཟི་བརྗིད་ལུས་ལ་སྩོལ༔ སྙིང་པོ་སྔགས་ཀྱི་བྱིན་རླབས་ངག་ལ་ཕོབ༔ འོད་གསལ་ཐུགས་ཀྱི་དགོངས་པ་ཡིད་ལ་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ དག་པ་རབ་འབྱམས་ཕྱག་རྒྱའི་དཀྱིལ་འཁོར་འདིར༔ ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལྷ་ཡི་ཚོགས༔ གཉིས་མེད་དགྱེས་པ་ཆེན་པོར་བཞུགས་ནས་ཀྱང༔ མོས་པའི་བུ་ལ་དགོངས་པར་མཛད་དུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་མཆོད་པ་འབུལ་བ་ནི༔ བརྡ་ཡི་ཕྱག་འཚལ་སྔོན་འགྲོ་བས༔ རབ་འབྱམས་མཆོད་པས་དགྱེས་པ་བསྐྱེད༔ རྡོ་རྗེའི་གླུ་ཡིས་བསྟོད་པར་བྱ༔ ན་མོ༔ སྐྱེ་འགག་འགྱུར་མེད་ཆོས་སྐུའི་ངང་ཉིད་ལས༔ རང་བྱུང་ཐུགས་རྗེ་མ་འགག་ལོངས་སྤྱོད་རྫོགས༔ ཡིད་བཞིན་རིན་ཆེན་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ རབ་འབྱམས་རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་མཁའ་ཁྱབ་ཀུན་བཟང་རོལ་པའི་རྒྱན༔ ནང་མཆོད་འདོད་ཡོན་བདེ་བ་ཆེན་པོའི་སྤྲིན༔ གསང་མཆོད་སྨན་གཏོར་རཀྟ་ཚོགས་འཁོར་ལོ༔ དབྱེར་མེད་བློ་འདས་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་དྷརྨཱ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་རིག་འཛིན་བླ་མའི་ཚོགས༔ བདེ་ཆེན་ལོངས་སྤྱོད་ཡི་དམ་དཀྱིལ་འཁོར་ལྷ༔ གང་འདུལ་རྣམ་རོལ་དཔའ་བོ་མཁའ་འགྲོར་བཅས༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བཞི་པ་བཟླས་པས་ཐུགས་དམ་བསྐུལ༔ དང་པོ་བསྙེན་པའི་རིམ་པ་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཚེ་དཔག་མེད་མགོན་ཐུགས་ཀའི་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿཡིག་དཀར་དམར་མདངས༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་འཁོད༔ འོད་ཀྱིས་རྩ་གསུམ་རྒྱལ་བ་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སྡིག་སྒྲིབ་ཞི་ཞིང་རིག་རྩལ་རྒྱས༔ གཉིས་མེད་ཡེ་ཤེས་དབང་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་བཟླས་པ་ཡིས༔ སྣང་བ་བླ་མའི་སྐུ་རུ་འཆར༔ གྲགས་པ་གསུང་དུ་ལྷང་ངེར་རྟོགས༔ རིག་སྟོང་ཆོས་ཉིད་དོན་དང་མཇལ༔ བདག་དོན་བྱིན་བརླབས་རྒྱུད་སྨིན་འགྱུར༔ ས་མ་ཡ༔ བར་དུ་དངོས་གྲུབ་བསྒྲུབ་པ་ནི༔ དྲག་པོའི་ཐུགས་ཀར་པད་ཉིའི་སྟེང༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་པའི༔ ལྟེ་བར་ཧཱུྃ་དམར་མེ་འོད་འཕྲོ༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཚོགས༔ མེ་ཕུང་རྡོ་རྗེའི་ཚྭ་ཚྭ་འཕྲོས༔ རྩ་གསུམ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དམ་ཅན་སྲུང་མ་ལས་ལ་གཟིར༔ སྡེ་བརྒྱད་དྲེགས་པ་ཐམས་ཅད་བཏུལ༔ རྒྱལ་འགོང་དམ་སྲི་ཐལ་བར་བརླག༔ སྣང་བ་ལྷ་དང་གྲགས་པ་སྔགས༔ དྲན་རྟོག་པདྨ་ཧེ་རུ་ཀའི༔ ཡེ་ཤེས་ཆེན་པོར་ལྷུན་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ འབུམ་ཕྲག་བཞི་ཡིས་དངོས་གྲུབ་ཐོབ༔ གཞན་དོན་མཛད་པ་ལྷུན་གྲུབ་འགྱུར༔ ས་མ་ཡ༔ ཐ་མ་ལས་ལ་སྦྱར་བ་ནི༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀའི་དབུས༔ ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ བྷྱོཿཡིག་མཐིང་ནག་སྔགས་ཀྱིས་བསྐོར༔ སྐུ་ཡི་ཆ་རྣམས་ཐམས་ཅད་ཀུན༔ སྔགས་ཀྱི་གོ་སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་བར་རཿསཿ བརླ་གཡས་མཿརཿ གཡོན་ལ་ཡཿཕཊ༔ ཆས་གཏམས་པ་ལས༔ རང་འདྲའི་སྤྲུལ་པ་རིགས་ལྔ་དང༔ ལྔ་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོས༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ ཁམས་གསུམ་དབང་བསྡུས་དགྲ་བགེགས་བསྒྲལ༔ བྱད་ཕུར་རྦོད་གཏོང་ཚར་བཅད་ཅིང༔ བདེ་ཆེན་ཡེ་ཤེས་འཕེལ་བར་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ལས་བཞིའི་སྔགས་དང་ཤམ་བུ་གདགས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཁམས་གསུམ་རླུང་སེམས་སྣང་བ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ བདུན་ཕྲག་ཞག་ཏུ་རྩེ་གཅིག་བརྩོན༔ གང་འདོད་ཕྲིན་ལས་དབང་བསྒྱུར་ཐོབ༔ ལས་ཀྱི་ཁ་སྒྱུར་ཆུ་གཙང་ལ༔ སྔགས་བཏབ་འཐོར་འཐུང་ནད་གདོན་ཞི༔ ཁ་ཟས་ལ་བཏབ་ཚེ་བསོད་རྒྱས༔ ཆང་ལ་བཏབ་པས་དབང་དུ་འགྱུར༔ གུ་གུལ་ཡུངས་དཀར་ལ་བཏབ་ནས༔ བདུགས་དང་བྲབས་པས་གདོན་བགེགས་དང༔ བྱད་ཕུར་རྦོད་གཏོང་ཚར་གཅོད་བྱེད༔ རྟག་ངུ་སྦྲང་རྒོད་ཁབ་ལེན་རྡོ༔ བྱ་རྒོད་ཤ་དང་མགྲོན་བུའི་ཐལ༔ བྱང་སེམས་སྐྱེ་བདུན་རྫས་སྦྱར་བསྔགས༔ འཿཨཿཤཿསཿམཿཧཿ ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ྄༔ སྤྱི་བོར་བྱུགས་པས་མཁའ་སྤྱོད་འཕོ༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ ལྔ་པ་ཐུན་མཚམས་བྱ་བ་ནི༔ སྔགས་ཀྱི་ལྷག་ཆད་བསྐང་ཞིང་བརྟན༔ དང་པོར་ཆེ་བའི་ང་རྒྱལ་བསྐྱེད༔ བར་དུ་མཆོད་བསྟོད་གཟི་བྱིན་སྦར༔ ཐ་མར་དགོངས་པའི་གདེང་བཟུང་བྱ༔ ཧཱུྃ་ཧཱུྃ༔ ང་ནི་འཆི་མེད་པདྨ་འབྱུང༔ བླ་མ་རྒྱ་མཚོ་འདུས་པའི་སྐུ༔ ཡི་དམ་རྒྱ་མཚོ་འདུས་པའི་གསུང༔ མཁའ་འགྲོ་རྒྱ་མཚོ་འདུས་པའི་ཐུགས༔ གཞི་ལམ་འབྲས་གསུམ་དབྱེར་མེད་ངང༔ སྐུ་དང་ཡེ་ཤེས་ཡོན་ཏན་ཚོགས༔ འཁོར་འདས་ཀུན་གྱི་བདག་པོར་ཤར༔ མ་བཅོས་ཐིག་ལེ་གཅིག་ཏུ་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཧྲཱི༔ རྩ་གསུམ་ལྷ་ཚོགས་ཡེ་ཤེས་དབྱིངས་ནས་གཤེགས༔ འདོད་ཡོན་མཆོད་བཞེས་དམ་ཚིག་ཉམས་ཆག་བསྐང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ བྱིན་རླབས་ནུས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ རང་རིག་རྩ་བ་གསུམ་དུ་ཤར༔ རྩ་གསུམ་རིག་སྟོང་ངོ་བོ་ཉིད༔ ལྷ་དང་བདག་ཉིད་དབྱེར་མེད་པ༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ཞེས་བརྗོད་བློ་འདས་ངང་དུ་བཞག༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ཕྲིན་ལས་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ བདུད་རྩིས་བསང་ཞིང་སྟོང་པར་སྦྱང༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡེ་ཤེས་མེ་རླུང་བྱང་སེམས་ཆུས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ་ཧྲཱི༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འདོད་ཡོན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ ཚོགས་ཁང་འོག་མིན་གསང་ཆེན་ཞིང་དུ་སྒྱུར༔ རྣལ་འབྱོར་རྒྱུད་ལ་བདེ་སྟོང་ཡེ་ཤེས་སྤོར༔ འདོད་ཡོན་མཆོད་པ་ཀུན་བཟང་རོལ་པའི་རྒྱན༔ མྱོང་གྲོལ་དམ་ཚིག་རྫས་སུ་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ ཕྱི་སྣོད་འཇིག་རྟེན་ཡངས་པའི་ཚོགས་གཞོང་དུ༔ ནང་བཅུད་སྣང་བ་སྣ་ཚོགས་གཏོར་མར་བཤམས༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་མཆོད་པའི་སྤྲིན༔ དགྱེས་པར་བཞེས་ལ་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཉོན་མོངས་དབང་གྱུར་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཨེ་ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་བྷྱོ༔ དབྱིངས་ནས་སྐུ་སྐྱོད་རྩ་གསུམ་རྒྱལ་བའི་ཚོགས༔ དྲག་ཏུ་བསྐུལ་ལོ་འབར་བའི་བརྟུལ་ཞུགས་སྐྱེད༔ དགྲ་བགེགས་འབྱུང་པོའི་རྣམ་ཤེས་དབྱིངས་སུ་སྤོར༔ ཤ་ཁྲག་བདེ་ཆེན་ཚོགས་ཀྱི་མཆོད་པར་བཞེས༔ ནྲྀ་ཏྲི་ཤ་ཏྲཱུན་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ བདེ་ཆེན་གསང་བ་མཆོག་གི་ཕོ་བྲང་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་པའི་དམ་ཚིག་རྫས་མཆོག་སྐར་ལྟར་བཀྲམ༔ འདོད་པའི་ཡོན་ཏན་སྤྲིན་ལྟར་གཏིབས་པ་འདིས༔ བླ་མ་རྒྱ་མཚོའི་ཚོགས་རྣམས་ཐུགས་དམ་བསྐང༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་གྱིས་རློབས༔ ཡི་དམ་རྒྱ་མཚོའི་ཚོགས་རྣམས་ཐུགས་དམ་བསྐང༔ བདེ་ཆེན་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཐུགས་དམ་བསྐང༔ གསང་བ་ཆེན་པོའི་ལམ་གྱི་རྟེན་འབྲེལ་སྒྲིགས༔ ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཐུགས་དམ་བསྐང༔ འགལ་རྐྱེན་ཀུན་སོལ་རྣམ་བཞིའི་ཕྲིན་ལས་སྒྲུབས༔ ཧཱུྃ་ཧྲཱི༔ བསྐང་དུ་མེད་དེ་འོད་གསལ་དབྱིངས་སུ་བསྐང༔ མཆོད་དུ་མེད་དེ་ཡེ་ཤེས་རོལ་པས་མཆོད༔ སྦྱོར་དུ་མེད་དེ་བདེ་སྟོང་ཐིག་ལེར་སྦྱོར༔ བསྒྲལ་དུ་མེད་དེ་གཉུག་མའི་ཀློང་དུ་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་དོན་གྱི་དགྱེས་མཆོད་བཞེས༔ ཉམས་ཆག་ཀུན་བཤགས་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་བརྗོད་བློ་འདས་དགོངས་པ་བསྐྱང༔ དམ་རྫས་གསལ་ཁྱབ་ངང་དུ་རོལ༔ ལུས་དཀྱིལ་ལྷ་རྣམས་ཚིམ་པར་བསམ༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ པཉྩ་ཨ་མྲྀཏ་ཧཱུྃ་ཧོ༔ ཧཱུྃ་ཧྲཱི༔ རྩ་གསུམ་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང༔ ལྷག་ལ་དབང་བའི་མཁའ་འགྲོ་གིང་ལངྐ་༔ དཔལ་གྱི་ཕམ་ཕབ་གཏོར་མ་འདི་ལོངས་ལ༔ ཞལ་བཞེས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་གཏོར་མ་བསྐྱང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་རིག་འཛིན་བླ་མ་དང༔ བར་དུ་ཡི་དམ་ཁྲག་འཐུང་རྒྱ་མཚོའི་ལྷ༔ ཐ་མ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔ བཀའ་བསྒོས་དམ་བཞག་རྒྱུད་གསུམ་དྲེགས་པའི་ཚོགས༔ འདིར་གཤེགས་བཀའ་ཡི་གཏོར་མའི་མཆོད་པ་བཞེས༔ འཁོར་སྲུངས་རྐྱེན་ཟློག་མི་མཐུན་བར་ཆད་སོལ༔ ཚེ་སྲིངས་དཔལ་སྐྱེད་སྙན་པའི་གྲགས་པ་སྤེལ༔ ཟབ་གཏེར་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་དྷརྨཱ་པཱ་ལ་ས་མ་ཡ་ཀརྨ་ཀུ་རུ་ཧོ༔ ཧཱུྃ༔ བོད་ཁམས་མཐའ་དབུས་ཀུན་ན་གནས་པ་ཡི༔ བརྟན་མ་ཆེན་མོ་འཁོར་དང་བཅས་པ་ཀུན༔ འདིར་བྱོན་དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ རྣམ་བཞིའི་ཕྲིན་ལས་མ་གཡེལ་སྒྲུབ་པར་མཛོད༔ མ་མ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ འབར་བ་ཨེ་དབྱིངས་རྡོ་རྗེའི་ལྷུན་པོའི་འོག༔ དམ་སྲི་འབྱུང་པོ་དཔུང་དང་བཅས་པ་མནན༔ ཡེ་ཤེས་རོལ་པའི་བྲོ་ཡིས་རྒྱས་བཏབ་པས༔ བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག༔ སརྦ་བིགྷྣཱན་སཏྭཾ་བྷ་ཡ་ནན༔ གསུམ་པ་དངོས་གྲུབ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས༔ མོས་ཤིང་གདུང་བའི་བསྙེན་སྒྲུབ་མཐར་ཕྱིན་ནས༔ རྩེ་གཅིག་གུས་པས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུན་མོང་མཆོག་གི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ བཞི་པ་མཐའ་གཉིས་བསལ་བ་ནི༔ ཧཱུྃ༔ བདག་དང་སྣང་བ་ཐམས་ཅད་ཡེ་ཤེས་རྩལ༔ རིག་སྟོང་ཟུང་འཇུག་གདོད་མའི་དབྱིངས་སུ་ཐིམ༔ དམིགས་མེད་སྙིང་རྗེ་སྒྱུ་མའི་རོལ་པ་ལས༔ ཅིར་སྣང་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་བཞེངས༔ ཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ ལྔ་པ་བསྔོ་སྨོན་ཤིས་བརྗོད་བྱ༔ ཧོ༔ རྩ་གསུམ་ལྷ་ཚོགས་སྒྲུབ་ཅིང་མཆོད་པ་ཡི༔ བསོད་ནམས་གང་མཆིས་འགྲོ་བའི་དོན་དུ་བསྔོ༔ ཀུན་ཀྱང་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ ཀུན་བཟང་པདྨ་ཐོད་ཕྲེང་འགྲུབ་པར་ཤོག༔ ཧཱུྃ་ཧྲཱི༔ རིག་འཛིན་བླ་མ་ཐུགས་རྗེའི་སྤྲིན་ཕུང་འཁྲིགས༔ བྱིན་རླབས་ཆར་དུ་འབེབ་པའི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་ཡིད་བཞིན་རིན་ཆེན་གཏེར༔ དངོས་གྲུབ་འདོད་རྒུ་འབྱུང་བའི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་མཐུ་རྩལ་གཟི་བྱིན་འབར༔ ཕྲིན་ལས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག༔ རྩ་གསུམ་དཀྱིལ་འཁོར་རང་རིག་ངོ་བོར་རྫོགས༔ དབྱེར་མེད་མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་སྔོན་དངོས་རྗེས་གསུམ་གྱིས༔ རྩ་གསུམ་སྤྱི་འདུས་སྒྲུབ་པའི་ཐབས༔ ཕྲིན་ལས་ཡེ་ཤེས་འཆར་བའི་ལམ༔ མ་འོངས་དོན་དུ་པདྨས་བཀོད༔ ཚིག་ཉུང་དོན་གསལ་ལམ་ཁྱེར་བདེ༔ བྱིན་རླབས་དངོས་གྲུབ་འབྱུང་བའི་གཏེར༔ འདི་ཉིད་འཕྲད་ཅིང་ཉམས་ལེན་ཀུན༔ གནས་སྐབས་གདོན་བགེགས་བར་ཆད་དང༔ ནད་མུག་མཚོན་འཁྲུགས་རྒུད་པ་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ ཕུན་སུམ་ཚོགས་ཀུན་དབང་དུ་འགྱུར༔ སྡེ་བརྒྱད་བྱད་ཕུར་ཚར་ཐག་ཆོད༔ མཐར་ཐུག་ལྔ་ལྡན་འོད་ཀྱི་སྐུ༔ པདྨ་བདག་དང་འདུ་འབྲལ་མེད༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ཐོས་དོན་ཉམས་ལེན་སྙིང་པོར་དྲིལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ལམ་ཟབ་འདི་དང་འདྲ་མིན་ཙམ་གཏེར་ཁ་གསུམ་དུ་སྦས་པ་ལས། འདི་ནི་མདོ་ཁམས་ཤར་ཕྱོགས་པདྨ་ཤེལ་རིའི་གསང་ཕུག་ནས་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་སྤྱན་དྲངས་ཤིང་གཏད་པའི་ཤོག་སེར་ཞིང་སོར་དོ་། དཀྱུས་སོར་དྲུག་པ་ཞིག་ལས་འཇའ་ཚོན་ལས་འཕྲོ་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་ཟབ་གཏེར་གསང་བའི་མཛོད་འཛིན་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་སྟེ་རྒྱལ་བས་ལུང་བསྟན་གཏེར་འབྱིན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་བློ་གྲོས་མཐའ་ཡས་པའི་སྡེ་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པའི་སྤྱན་སྔར་ཕུལ་བ་ཟབ་ཆོས་རིན་པོ་ཆེའི་གཏེར་མཛོད་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཚིག་བདུན་སྒྲུབ་ཐབས་ཟབ་མོའི་སྨིན་གྲོལ་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་ལྡིང་ཁང་ (Volume 11, Text 25)

༄༅། །ཚིག་བདུན་སྒྲུབ་ཐབས་ཟབ་མོའི་སྨིན་གྲོལ་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་ལྡིང་ཁང་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཐར་འདོད་སྐྱེས་བུ་རྣམ་གྲོལ་དགའ་ཚལ་དུ། །འདྲེན་པའི་དེད་དཔོན་ཨོ་རྒྱན་བླ་མ་དང་། །དབྱེར་མེད་རྗེ་བཙུན་པདྨ་གར་གྱི་དབང་། །མི་འབྲལ་བདེ་ཆེན་འཁོར་ལོར་རྟག་ཏུ་རོལ། །མཁའ་འགྲོའི་ཐུགས་ཀྱི་གསང་མཛོད་རྡོ་རྗེའི་གནས། །བདག་ལྟའི་རྨོངས་པས་དབྱེ་བར་འོས་མིན་ཡང་། ཁྱབ་བདག་བླ་མའི་བྱིན་རླབས་ལ་བསྟེན་ནས། །ཅུང་ཟད་བཤད་ལ་བཀའ་ཡིས་གནང་བ་སྩོལ། །མཆོག་གསང་མཐར་ཐུག་སྨིན་གྲོལ་སྦྲང་རྩིའི་ཆར། །སྐལ་བཟང་སྙིང་ལ་སིམ་པའི་དགའ་སྟོན་གྱི། །འོད་གསལ་ཐེག་པའི་དཀྱིལ་འཁོར་མཛེས་བྱེད་པའི། །རྒྱན་ཕྲེང་ཉུང་ངུ་རྣམ་གསལ་འདི་ན་སྤེལ། །འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཟབ་གཏེར་གྱི་ཆ་ཤས། དགོངས་པའི་ཀློང་སྒྲོམ་ལས་བྱོན་པའི་ཆོས་སྡེ། དག་པའི་སྣང་བ་རབ་འབྱམས་ཀྱི་རྐྱེན་ལ་བརྟེན་ནས་གཏན་ལ་འབེབ་པར་མཛད་པ། དཀྱིལ་འཁོར་ཁྱབ་བདག་གུ་རུ་པདྨ་བདེ་བ་ཆེན་པོ་ཉིད། བསམ་ཡས་གང་འདུལ་དེར་སྣང་གི་མཚན་དང་སྐུའི་བཀོད་པ་འབྱམས་བཀླས་སུ་བཞེངས་པའི་སྒྲུབ་ཐབས། རྩ་བ་རྡོ་རྗེའི་ཚིག་རྐང་བདུན་དང་རྗེས་སུ་འབྲེལ་བའི་བསྐྱེད་རྫོགས་སྨིན་ལམ་མཆོག་དང་ཐུན་མོང་སྒྲུབ་པའི་ཁ་ཚར་དང་བཅས་པ་རྒྱ་ཆེ་བ་བཞུགས་པ་ལས། འདིར་སྨིན་གྲོལ་ཆབས་ཅིག་ཏུ་འབོག་པའི་ཕྱག་བཞེས་རིག་འཛིན་བླ་མའི་མན་ངག་ལྟར་འགོད་པ་ལ་གཉིས། སྤྱིའི་ཆིངས་དང་། བྱེ་བྲག་ལག་ལེན་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ། སྦྱོར་བ་དཀྱིལ་འཁོར་གྱི་སྔོན་འགྲོ་དང་། ལས་བྱང་ཆོ་གའི་སྔོན་འགྲོའོ། །དང་པོ་ནི། སྣོད་བཅུད་རྟེན་འབྲེལ་འཛོམས་པའི་ཚེ༔ བྱིན་ཆགས་གནས་སུ་ཚེས་བཅུའི་དུས༔ མཎྜལ་མེ་ཏོག་ཚོམ་བུས་བརྒྱན༔ བུམ་པ་གཏོར་མ་ཕྱག་རྒྱ་སྐུ༔ སྔགས་ཕྲེང་རང་བྱུང་ཤེལ་རྡོ་བཀོད༔ ཕྱི་ནང་ཚོགས་མཆོད་ཅི་འབྱོར་སྤུངས༔ ཞེས་གསུངས་པ་བཞིན། བཀྲ་ཤིས་བྱིན་ཆགས་དབེན་པའི་གནས་སུ། ཡར་མར་ཚེས་བཅུའམ་གཞན་ཡང་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར། སྟེགས་བུ་ཡངས་པའི་དབུས། མཎྜལ་མེ་ཏོག་ཚོམ་བུ་ལྷ་གྲངས་དང་མཚུངས་པར་བཀོད་པའི་ཁར་ཁྲིའུ་ལ་རྣམ་རྒྱལ་བུམ་པ། མདུན་དུ་སོ་སོའི་སྐུ་ཙཀ །རྒྱབ་ཏུ་བླ་གཏོར་དང་ཁྲོ་བོའི་རིགས་ལ་དཔལ་གཏོར། གཡས་གཡོན་དུ་ཞི་དྲག་ལས་མཐུན་གྱི་ཕྲེང་བ་དང་ཤེལ་རྡོ། མཆོག་དབང་དགོས་རིགས་ལ་ཐོད་པའི་བདུད་རྩི་དང་རིག་ཙཀ །དངོས་གྲུབ་ཀྱི་རྫས་བཅས་བཀོད། གཞན་ཡང་མཆོད་པའི་ཡོ་བྱད། སྨན་རཀ །ཉེར་མཆོད། ཚོགས་ཐབས་ཤེས་ཀྱི་རྫས་ལྡན་དང་། སྔོན་གཏོར། ཆད་བརྟན། བཀའ་སྲུང་གི་འབུལ་གཏོར་དཀར་ཟླུམ་བཐེབ་ཀྱུ་དཀར་དམར་དང་ཟས་སྣས་བརྒྱན་པ། བསང་ཆུ། མཎྜལ་མེ་ཏོག་སོགས་དང་། སློབ་དཔོན་མདུན་ཐོད་རྔ། རྡོར་དྲིལ། ནང་མཆོད། མེ་ཏོག །གུལ་ཡུངས། ལས་ཕུར་སོགས་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱའོ། །གཉིས་པ་ལའང་། སྐྱབས་སེམས། ཚོགས་གསག །བགེགས་བསྐྲད། སྲུང་འཁོར། གནས་ཡོ་བྱིན་རླབས་བཅས་ཀྱི་ལས་རིམ་བདུན་པོ་རྣམས་གཏེར་གཞུང་གི་ཕྲིན་ལས་སྤྱི་ཆིངས་བཞིན་མཐར་ཆགས་སུ་གཏང་། བགེགས་གཏོར་སྐབས་རང་ཉིད་ལས་ཀྱི་ཧེ་རུ་ཀ་གང་ཡང་རུང་བར་གསལ་སྣང་གི་ང་རྒྱལ་བཅས་བྱིན་རླབས། མགྲོན་དགུག །བསྔོ་བ་རྣམས་སྤྱི་ལྟར་བྱ་བ་ནི་ཁྱད་པར་རོ། །གཉིས་པ་དངོས་གཞི་ནི། དབང་རབ་དྲན་རྫོགས་ཏིང་འཛིན་གསལ༔ སྤྱན་འདྲེན་བཟླས་པ་ཙམ་གྱིས་འགྲུབ༔ བློ་དམན་ཕྲིན་ལས་གཞུང་བསྲངས་ལ༔ བླ་མ་སྐུ་གསུམ་སྐུ་བཞི་སོགས༔ གང་དགོས་བསྐྱེད་བཟླས་ཁ་བསྒྱུར་དང༔ བདག་མདུན་སྒྲུབ་ཚུལ་སྤྱི་ལྟར་སྤྱད༔ ཅེས་གསུངས་པ་བཞིན། གང་ཟག་གི་དབང་པོའི་རིམ་པས་མཐའ་གཅིག་ཏུ་མ་ངེས་ཀྱང་། འདིར་གཏེར་གཞུང་གི་དགོངས་པ་ཕྱི་མ་བཞིན་བདག་མདུན་བུམ་པ་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་ཚུལ་དུ་ཏིང་འཛིན་གསུམ་གྱི་ཁོག་ཕུབ་ཅིང་། ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་དང་། མཆོད་བསྟོད། ཛཔ྄་བསྐུལ། ཏིང་འཛིན། བསྙེན་བཟླས། དབང་ལེན་བཅས་པའི་ལས་རིམ་རྣམས་གཏེར་གཞུང་ཉིད་མཐར་ཆགས་སུ་བཏང་ཞིང་། དམིགས་གསལ་ལྷ་བསྐྱེད་སོ་སོར་སྦྱོར་བ་དང་། བསྙེན་བཟླས་ཀྱི་ཏིང་འཛིན་ནི། བྱེ་བྲག་ཏིང་འཛིན་འཁྲུལ་འཁོར་བཅས༔ སོ་སོའི་འཛབ་བསྙེན་གྲངས་རྟགས་སྦྱར༔ ཞེས་གསུངས་པ་བཞིན། སྤྲོ་ན་ཛཔ྄་བསྐུལ་སྔོན་དུ་འགྲོ་བས། སྒྲུབ་ཐབས་ནས་འབྱུང་བའི་སོ་སོའི་ཏིང་འཛིན་བསྙེན་སྒྲུབ་ལས་སྦྱོར་གྱི་བསྙེན་པ་བཅས་བགྱིས་ན་ལེགས་པའི་ཡན་ལག་ཏུ་འགྱུར་མོད། འདིར་དབང་རྐྱང་ཙམ་ལ་མདུན་བསྐྱེད་ཀྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་ཕྲིན་ལས་གཞུང་གི་ཏིང་འཛིན་དེ་ཉིད་དང་ལྡན་པས། སོ་སོའི་བསྙེན་སྔགས་ཚིག་བདུན་འདོན་ཐབས་ནས་འབྱུང་བ་ཉིད་ཅི་འགྲུབ་བཟླས་པས་འཐུས་ཤིང་། དེ་ཙམ་མམ་བློས་གང་ལྕོགས་ཀྱི་བཟླས་པ་གྲུབ་མཚམས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཞེས་གསལ་བཏབ་ནས་གཟུངས་ཐག་བླངས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ནས་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་པའི་ཏིང་འཛིན་དང་བཅས་བཟླས་པ་བརྒྱ་རྩ་ཉུང་མཐར་བྱས་པ་དང་། མཐར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་དགྱེས་པ་ཆེན་པོ་ཡིས། །ཡེ་ཤེས་བདུད་རྩིའི་ངོ་བོར་ཞུ། །བུམ་པའི་ཆུ་དང་རོ་གཅིག་འདྲེས། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ། །མཐར་མདུན་བསྐྱེད་ལ་དམིགས་ཏེ། ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས་ཀྱི་མཆོད་བསྟོད་ཀྱང་དབུལ། ཛཔ྄་ཁང་མི་བསྡུ་བར་ཚོགས་བསྒྲལ་བསྟབ་རྗེས་སློབ་མར་ཇི་ལྟར་བསྐུར་བ་བཞིན་བདག་འཇུག་ལེན་པ་ཡིན་ཡང་སྤྲོས་པ་བསྡུ་བའི་སྐབས། འདིར་གཞུང་གི་དཀྱུས་བཞིན་དངོས་གྲུབ་བསྐུལ་བའི་སྔགས་ཚིག་བརྗོད་པས་ཏིང་འཛིན་གྱི་དབང་བླངས་པ་ཁོ་ནས་ཀྱང་རུང་། གང་ལྟར་ཡང་། ཧོཿ རྡོ་རྗེའི་ཡེ་ཤེས་རྨད་པོ་ཆེ། །ལྷུན་གྲུབ་དཀྱིལ་འཁོར་དམ་པ་འདིར། །བདག་གིས་སློབ་མ་འཇུག་ལགས་པས། །ཐུགས་རྗེས་བཟུང་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ་ཅིང་གནང་བ་ནོད་པ་བཅས་བྱ། སྐབས་འདིར་ཚོགས་མཆོད་ནི་ངེས་པར་དགོས་སྟེ། གང་ཡང་ག་ཎ་ཙཀྲ་ཡིས༔ ཐུགས་དམ་བསྐང་ཞིང་བྱིན་རླབས་འབེབ༔ ཅེས་གསུངས་པས། ཚོགས་བྱིན་བརླབ་ནས་སྤྱན་འདྲེན་མཆོད་བཤགས་བསྒྲལ་བསྟབ་བཅས་ཕྲིན་ལས་བཞིན་གཏང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་གསལ་བཏབ་ལ་སྔགས་བརྒྱ་རྩ་བརྗོད་པས་ནུས་ལྡན་དུ་བསྒྲུབས། དབང་བསྐུར་དངོས་ནི་སྣོད་དུ་གྱུར་པའི་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ནང་དུ་འོང་ནས་ཕྱག་བཅས་གྲལ་དུ་འཁོད་པ་ན་གོང་བཞིན། བགེགས་གཏོར་གཏང་ཞིང་མཚམས་བཅད། ལས་ཀྱི་རྡོ་རྗེས་མཎྜལ་མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ་ན་མར་གྱུར་ནམ་མཁའ་མཐའ་མཉམ་གྱི་འགྲོ་བ། མེད་བཞིན་འཁྲུལ་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མཐའ་མེད་དུ་ལྷུང་བ་འདི་རྣམས། བདག་ཁོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་བླ་མ་པདྨཱ་ཀ་རའི་གོ་འཕང་ལ་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་གསེང་ལམ་ཐམས་ཅད་ཀྱི་རྩེ་མོ་ཕུལ་དུ་བྱུང་བ་ཟབ་ལམ་བླ་མ་སྒྲུབ་པའི་ཐབས། ཀུན་བཟང་འོད་མི་འགྱུར་བ་རྡོ་རྗེ་སློབ་དཔོན་གྱི་སྐུར་སྣང་བ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝའི་དཀྱིལ་འཁོར་དུ་རྡོ་རྗེའི་གཏོར་བླུག་གི་ཆོ་ག་ཟབ་མོས་རྒྱུད་སྨིན་པར་བྱས་ནས། གྲོལ་བྱེད་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པ་ཆེན་པོས་འབད་ཅིང་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་ཐབས་མང་དཀའ་བ་མེད་པ་སོགས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལ་གངས་ཅན་བོད་ཀྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་སྔ་འགྱུར་རྙིང་མ་དེ་ལའང་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་བཞུགས་པ་ལས་འདིར་ཕྱི་མའི་ཕྱོགས་སུ་གཏོགས་པ་ལགས། དེ་ཡང་རྩ་གསུམ་ཆོས་སྲུང་དང་བཅས་པའི་རྒྱུད་ལུང་མན་ངག་ཇི་སྙེད་ཅིག་བྱུང་བ་ལས་འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་མན་ངག་ཟབ་མོ་ཡིན་ཏེ། དེའང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པའི་མངའ་བདག །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ནམ་མཁའ་དང་མཉམ་པའི་གདུལ་བྱ་རིས་སུ་མ་ཆད་པ་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་སྐུ་དང་ཞིང་ཁམས་ཕྲིན་ལས་ཀྱི་རོལ་པ་མཐའ་ཡས་པར་སྣང་བར་མཛད་པ་སྟེ། འདི་ཉིད་ཀྱི་གཞུང་ལས། ཆོས་དབྱིངས་བརྗོད་བྲལ་འདུས་མ་བྱས༔ ཐོག་མའི་ཀ་དག་ཀུན་གྱི་གཞི༔ ངོ་བོ་སྤྲོས་པའི་མཐའ་ལས་འདས༔ དྭངས་མ་འོད་ལྔའི་ཐིག་ལེར་ཟླུམ༔ རང་བྱུང་རིག་པས་འཁྲུལ་པ་སངས༔ ཡེ་ཤེས་ཀུན་ཏུ་འཆང་བར་རྒྱས༔ སུས་ཀྱང་མ་བྱས་བྱར་མེད་པར༔ སྲིད་ཞིའི་ཁྱབ་བདག་ཆེན་པོར་གྲུབ༔ རང་བཞིན་འོད་གསལ་ཚེ་དཔག་མེད༔ འཁྲུལ་སྣང་དུག་ལྔའི་མུན་པ་འཇོམས༔ ཐུགས་རྗེ་མཚོ་སྐྱེས་རྡོ་རྗེར་ཤར༔ གྲོལ་བ་བཞི་ལྡན་འདུལ་ཐབས་སྟོན༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ རང་སྣང་བླ་མ་སྐུ་བཞིར་བསྟན༔ ཡེ་ཤེས་རྣམ་པ་ལྔ་ཡི་རྩལ༔ གུ་རུ་ཐོད་ཕྲེང་སྡེ་ལྔར་སྣང༔ ཉོན་དྲུག་རྩད་གཅོད་ཕར་ཕྱིན་དྲུག༔ འགྲོ་འདུལ་གུ་རུ་རིགས་དྲུག་འདྲེན༔ དོན་དམ་དཀོར་བདུན་རང་རྩལ་དུ༔ རབས་བདུན་གུ་རུ་རིམ་པར་བྱོན༔ ཀློང་དགུའི་ཡེ་ཤེས་ཆེན་པོའི་འཕྲུལ༔ མཚན་བརྒྱད་གཙོ་དང་དགུ་རུ་སྤྲུལ༔ ཡེ་ཤེས་རོལ་པ་མཐའ་རྒྱས་པས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གར༔ ཇི་ལྟར་འདུལ་བ་དེ་ལྟར་སྣང༔ སྲིད་པའི་འཁྲུལ་འཁོར་ཐབས་ཀྱིས་གཅོད༔ སངས་རྒྱས་གར་མཁན་བླ་ན་མེད༔ ཡེ་ཤེས་རབ་འབྱམས་རྨད་ཀྱི་འཕྲུལ༔ བདེ་ཆེན་དགྱེས་པའི་གསང་བ་མཆོག༔ ཀུན་ཁྱབ་ཀུན་ལས་འདས་པ་འོ༔ ཞེས་འབྱུང་བ་ལྟར་ཆོས་སྐུའི་ཞིང་ན་པདྨ་ཀུན་ཏུ་འཆང་། ལོངས་སྐུའི་ཞིང་ན་ཨོ་རྒྱན་ཚེ་དཔག་ཏུ་མེད་པ། སྤྲུལ་སྐུའི་ཞིང་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་སྟེ་བླ་མ་སྐུ་གསུམ་དང་། དེ་བཞིན་དུ་ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་བདེ་བ་ཆེན་པོ་དང་བཅས་པའི་སྐུ་བཞི། ཐོད་ཕྲེང་རྩལ་འཆང་རྣམ་པ་ལྔ། འགྲོ་འདུལ་གུ་རུ་རིགས་དྲུག །སངས་རྒྱས་རབས་བདུན་དང་མཚུངས་པའི་གུ་རུ་རབས་བདུན། སྤྲུལ་པའི་མཚན་མཆོག་བརྒྱད། འཕྲུལ་མཚན་ཉི་ཤུ་ཕྲག་གཉིས། མདོ་སྔགས་ཀྱི་སྟོན་པ་ལྔ་བཅུ། མཚན་མཆོག་བརྒྱ་རྩ་བརྒྱད་གཙོ་བོར་གྱུར་པའི་ནམ་མཁའི་རང་བཞིན་གྱི་སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཚད་མེད་པར་བསྒྱུར་བ། དེ་དག་རེ་རེ་ལའང་སྒྲུབ་པའི་ཐབས་དང་བསྐྱེད་རྫོགས་ཀྱི་མན་ངག་ལས་ཀྱི་རིམ་པ་མང་དུ་མཆིས་ཤིང་ཕལ་ཆེར་བོད་ཡུལ་རྗེ་འབངས་རྣམས་ཀྱི་དབང་སྐལ་དུ་བསྩལ་པ་ལས། བླ་སྒྲུབ་དེ་དག་ཐམས་ཅད་ཀྱི་གཞི་དང་རྩ་བའམ་སྙིང་པོར་གྱུར་པ་ནི་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ཡིན་ཏེ། གཞུང་ལས། བདག་ཉིད་པདྨ་ཀུན་ཏུ་འཆང༔ གདོད་མའི་དབྱིངས་སུ་སྙོམས་ཞུགས་ཚེ༔ ཆོས་ཉིད་རང་རྩལ་རྡོ་རྗེའི་སྒྲ༔ ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔ ལོངས་སྐུ་གཟི་བརྗིད་དཔག་མེད་བཞེངས༔ མཁའ་ཁྱབ་ངེས་པ་ལྔ་ལྡན་གྱི༔ ཞིང་དང་སྐུ་ཡི་བཀོད་པ་བསྟན༔ དེ་ཚེ་དབྱིངས་ཀྱི་ཡུམ་ལྔ་ཡིས༔ འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔ བདེ་ཆེན་ཞིང་དུ་འོ་མའི་མཚོར༔ པད་སྡོང་རྩེ་ལ་སྐུར་བཞེངས་པ༔ ཐོད་ཕྲེང་སྡེ་ལྔ་ཞེས་སུ་གྲགས༔ རྣམ་ཐར་མཛད་པ་བསམ་ཡས་འདས༔ སླར་ཡང་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་ཕྲག་བརྒྱས་མགྲིན་གཅིག་ཏུ༔ ཛཾ་གླིང་ཤཱཀྱའི་གདུལ་ཞིང་དུ༔ གསང་སྔགས་བསྟན་པ་སྤེལ་བའི་ཆེད༔ ཚིག་བདུན་དབྱངས་ཀྱིས་སྤྱན་དྲངས་པས༔ སྔགས་ཀྱི་འབྱུང་གནས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ ངོ་མཚར་པདྨའི་སྡོང་པོའི་རྩེར༔ བདེ་ཆེན་ཞིང་ནས་སྤྲུལ་སྐུར་བྱོན༔ མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་བསྟན༔ ཡ་མཚན་བཀོད་པ་ཚད་ལས་འདས༔ མཚོ་གླིང་དཔའ་བོ་མཁའ་འགྲོ་མར༔ གསང་ཆེན་གསང་བའི་ཡང་སྙིང་ནི༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ རྒྱུད་ལུང་མན་ངག་བྱེ་ཕྲག་བརྒྱ༔ གདུལ་བྱའི་བསམ་པ་ཐ་དད་པ༔ བྱུང་དང་འབྱུང་འགྱུར་དོན་ཕྱིར་གསུངས༔ ཀུན་ཀྱང་རྩ་གསུམ་གཅིག་འདུས་དངོས༔ བདག་ཉིད་གུ་རུ་སྒྲུབ་པའི་ཐབས༔ དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་སྐོར་བདུན་འབྲས་བུར་རྫོགས༔ ཞེས་པའི་བསྟན་དོན་ལྟར་ཡིན་ལ། འདིའི་ཕན་ཡོན་ཡང་། དེ་ལྟར་རྡོ་རྗེའི་སྒྲ་དབྱངས་འདིས༔ བསྐུལ་བ་ཙམ་གྱིས་པདྨ་བདག༔ དབང་མེད་བྱོན་ནས་བྱིན་གྱིས་རློབ༔ ཡེ་ཤེས་ཆེན་པོའི་དབང་སྐུར་བསྩལ༔ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ༔ དངོས་གྲུབ་རྣམ་གཉིས་ཐོགས་མེད་སྟེར༔ དངོས་ཉམས་རྨི་ལམ་ང་དང་མཇལ༔ འཇའ་འོད་འཁྱིལ་ཞིང་དྲི་བཟང་འཐུལ༔ བརྡ་དབྱངས་ཅང་ཏེའུ་སྒྲ་སྐད་ཐོས༔ ལུས་ངག་ཡིད་ལ་བྱིན་ཆེན་ཕེབས༔ རིག་རྩལ་ཐོད་རྒལ་རྟོགས་པ་སྐྱེ༔ སྡེ་བརྒྱད་དྲེགས་པར་བཀའ་བཙན་ཞིང༔ འབྲེལ་ཚད་དོན་ལྡན་བྱིན་ནུས་ཐོབ༔ མྱུར་དུ་རིག་འཛིན་སར་གཤེགས་ནས༔ པདྨ་བདག་དང་དབྱེར་མེད་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་རྡོ་རྗེའི་ཚིག་གཅིག་ལས་བྱེ་བྲག་དུ་མར་འཕྲོ་བའི་སྒྲུབ་ཐབས། སྐལ་ལྡན་གྱི་རེ་བའི་ཤིང་རྟ་ཡོངས་སུ་སྐོང་བ་ལ་སྣ་ཚོགས་ནོར་བུའི་རྒྱལ་པོ་ལྟ་བུ་སྔ་ན་མ་བྱོན་པའི་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད། སྙིགས་ལྔའི་རྒུད་པས་གཙེས་པའི་སྐྱེ་འགྲོ་རྣམས་ཀྱི་ཕན་བདེའི་གསོས་སུ་གསལ་བར་མཛད་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་བའི་སླད་དུ། ཀུན་གཟིགས་འཇམ་པའི་རྡོ་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀས་བསྐུལ་ཏེ། པདྨའི་ཞལ་སྐྱིན་འབྲེལ་ཚད་དོན་ལྡན་འཁོར་ལོའི་མགོན་པོ་༧མཚན་བརྗོད་པར་དཀའ་བ་དེ་ཉིད་མདོ་ཁམས་ཀྱི་གནས་ཆེན་རྣམས་སུ། རྩ་གསུམ་དགོངས་པ་འདུས་པའི་བླ་མ་རིག་འཛིན་མཆོག་སྒྲུབ་དང་འབྲེལ་བའི་ཚིག་བདུན་གསོལ་འདེབས་འབུམ་ཕྲག་མཛད་པའི་སྐབས། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཆེན་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་གི་ཕུག་པར་ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཉིད་རྣམ་པ་ཁྱབ་བདག་བླ་མ་མཁྱེན་བརྩེའི་དབང་པོའི་སྐུར་སྣང་བས། ཚིག་བདུན་འདོན་ཐབས་བརྡ་རིས་ཀྱི་ཚིག་དོན་བཀྲོལ་ཞིང་བྱིན་རླབས་བསྩལ་བའི་ཚུལ་ཐུགས་ཉམས་སུ་ཤར་བ་ཉིད་རྒྱུ་རྐྱེན་དུ་བྱས་ཤིང་རྟེན་འབྲེལ་ཁྱད་པར་ཅན་གྱི་མཚམས་སྦྱར་ཏེ། ཟབ་མོ་ཐུགས་ཀྱི་ཀློང་སྒྲོམ་ནས་ཕྱུང་བའི་ཆོས་མཛོད་ཆེན་པོ་འདིར་བླ་མ་སྐུ་གསུམ་སྐུ་བཞི། ཐོད་ཕྲེང་སྡེ་ལྔ། འགྲོ་འདུལ་གུ་རུ་དྲུག་སོགས་ཀྱི་སྒྲུབ་ཐབས་སོ་སོ་དང་འབྲེལ་བའི་སྨིན་དབང་རྣམས་རིམ་པ་བཞིན་དུ་འབུལ་བའི་ཐོག་མར། བླ་མ་ཆོས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བགྱི་བ་ལ་སོགས་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་ཀུན་བདག་པོ་ཁྱོད་ལ་འདུད༔ ཡེ་ཤེས་སྙིང་པོའི་དཀྱིལ་འཁོར་དུ༔ གཞུག་ཅིང་སྒོ་གསུམ་སྨིན་བྱའི་ཕྱིར༔ ཀུན་ཏུ་འཆང་གི་འདིར་སོ་སོའི་མཚན་ལ་བསྒྱུར་མཆན། དབང་བསྐུར་སྩོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་དམ་ཚིག་གི་མདོ་འདྲི་ཞིང་གནང་བ་སྦྱིན་པ་ལགས་པས་སྙན་གཏོད་པར་འཚལ། འདིར་ཞུགས་བུ་ཁྱོད་ལེགས་པར་འོངས༔ རྡོ་རྗེའི་དམ་ཚིག་བསྲུང་ནུས་ན༔ དགོངས་པས་རྗེས་བཟུང་བཀའ་བཞིན་སྒྲུབས༔ ཚེ་གཅིག་བླ་མེད་ས་ཐོབ་འགྱུར༔ ཞེས་དྲིས་པའི་ལན་དུ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྡོ་རྗེའི་དམ་ཚིག་རྣམས་བཟུང་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། མ་ཧཱ་གུ་རུ་བདག་ལ་དགོངས༔ བཀའ་ལས་མི་འདའ་དམ་ཚིག་བསྲུང༔ ཐུགས་རྗེས་རྟག་ཏུ་བཟུང་བ་དང༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ཞེས་ལན་གཅིག །དེ་ལྟར་ཁས་བླངས་པའི་སྙིང་པོ་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ་བས་དེ་དག་སྲོག་གི་ཕྱིར་ཡང་འདའ་བར་བྱ་བ་མ་ཡིན་པས་ཁེ་ཉན་གྱི་བླང་དོར་ཚུལ་བཞིན་སྤྱོད་དགོས་པས། དེའི་དཔང་པོར་རྡོ་རྗེའི་ཆུ་ནན་བྱིན་པ་འདི་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོར་གཟུག་པར་མོས་ཤིག །ནང་མཆོད་ཀྱི་བདུད་རྩི་ཐིག་པ་རེ་བྱིན་ལ། ཇི་སྙེད་དམ་ཚིག་གསང་བ་ཆེ༔ བླ་མའི་སྐུ་གསུང་ཐུགས་སུ་འདུས༔ དེ་ཉིད་མི་འབྲལ་སྲོག་བཞིན་དུ༔ མོས་གུས་བརྟན་པོས་བསྒྲུབ་པར་གྱིས༔ བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་མཆོག་དང་རྣམ་དབྱེར་མེད་པ་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་གཞན་འགྲོ་བ་མ་ལུས་པ་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ རིགས་ཀུན་ཁྱབ་བདག་བདེ་བ་ཆེ༔ དཀོན་མཆོག་རྩ་བ་གསུམ་གྱི་དངོས༔ སྐུ་ལྔ་ཡོངས་རྫོགས་གུ་རུ་རྗེར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ལན་གསུམ། ནམ་མཁའ་དང་མཉམ་པའི་མར་གྱུར་རིག་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་མ་ཧཱ་གུ་རུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་ལམ་བླ་མའི་དཀྱིལ་འཁོར་དུ་ཞུགས་ནས་རྒྱུད་སྨིན་ཅིང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་བསྒོམ་པར་བགྱིའོ་སྙམ་པའི་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གཞན་གཉིས་སུ་འཛིན་པའི་བློས༔ སྡུག་བསྔལ་འཁོར་བའི་འགྲོ་བ་རྣམས༔ བདེ་ཆེན་སངས་རྒྱས་སར་འགོད་ཕྱིར༔ ཟབ་ལམ་བླ་མ་བསྒྲུབ་པར་བགྱི༔ ལན་གསུམ། གསག་སྦྱང་སྤེལ་གསུམ་གྱི་སྙིང་པོ་བསྡུས་པ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་ཀུན་རྫོབ་དམིགས་པའི་རྣམ་པ་སོ་སོ་སྤྱི་དང་མཐུན་པ་དང་། དོན་དམ་རང་བྱུང་རང་གསལ་ཡེ་ཤེས་ཆེན་པོའི་དགོངས་ཀློང་དུ་མཉམ་པར་བཞག་པ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་མཛོད། ཁྱབ་བདག་གུ་རུ་སྐུ་གསུམ་ལྷ༔ ཆོས་དབྱིངས་རང་བྱུང་ཀློང་ནས་གཤེགས༔ ཡེ་ཤེས་ལྷུན་རྫོགས་ངང་དུ་བཞུགས༔ འདུ་འབྲལ་མེད་པའི་ཕྱག་གིས་འདུད༔ འོད་གསལ་ཡེ་ཤེས་རོལ་མོས་མཆོད༔ སྤང་བླང་མཉམ་ཉིད་ཆེན་པོར་བཤགས༔ བྲལ་ཐོབ་མེད་ལ་རྗེས་ཡི་རངས༔ དུས་གསུམ་སྐྱེ་འགག་བྲལ་བའི་ངང༔ ངེས་པའི་ཐེག་པས་འགྲོ་སྒྲོལ་གསོལ༔ ཆོས་ཟད་བློ་ལས་འདས་པར་བསྔོ༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཆེན་པོའི་བྱིན་དབབ་པའི་སླད་དུ། སྒོ་གསུམ་གྱི་གནད་བཅུན་ལ་འདི་ལྟར་གསལ་འདེབས་པར་ཞུ། རྟོག་ཚོགས་འོད་གསལ་དབྱིངས་སུ་སྦྱངས༔ སྐད་ཅིག་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་གཅེར་བུ་རུས་རྒྱན་ཅན༔ གྲི་ཐོད་འཛིན་ཅིང་གར་སྒྱུར་བའི༔ སྙིང་ནང་གཡུང་དྲུང་ལྟེ་བར་ཧྲཱི༔ ཡན་ལག་ཧ་རི་ནི་སས་མཚན༔ བདག་ཐུགས་འོད་ཟེར་གྱིས་བསྐུལ་བས༔ གཡོན་སྐོར་དྲག་ཏུ་འཁོར་བ་ཡི༔ འོད་ཟེར་ནམ་མཁའི་དབྱིངས་ཀུན་ཁྱབ༔ ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་དང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ བླ་མ་དཀོན་མཆོག་རྩ་བ་གསུམ༔ གུ་རུ་ཆེ་གའི་རྣམ་པ་རུ༔ ཉི་ཟེར་རྡུལ་འཁྲིགས་ལྟ་བུར་བྱོན༔ དབྱེར་མེད་ཐིམ་ནས་བྱིན་བརླབས་བསམ༔ ཞེས་དམིགས་པ་འབོག །སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་འདོན་ཐབས་པདྨ་དྲྭ་བ་ནས་འབྱུང་བའི་ཤམ་བུ་སྔགས་བཅས་སོ་སོར་སྐབས་ཐོབ་ཀྱི་བསྒྱུར་ཁ་ཤེས་པར་བྱ་དགོས་པས་སྐབས་འདིར་མཚོན་ན། ཀུན་ཏུ་འཆང་གི་རྣམ་པར་བྱོན༔ གཞི་སྣང་འཁྲུལ་པ་དབྱིངས་སུ་སོལ༔ ཀ་དག་གཞི་ཐོག་ཕེབས་པ་དང༔ ཆོས་སྐུའི་དགོངས་པ་མངོན་གྱུར་མཛོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷ་ར་ཧཱུྃ༔ ཤམ་བུར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་གྲངས་མེད་བརྗོད་པས་ཡེ་ཤེས་ཀྱི་བྱིན་དབབ། མཐར་སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བསྟིམས་པས་ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བ་དེ་གནས་འགྱུར་ནས། པདྨ་ཀུན་ཏུ་འཆང་གི་་་་མཚན་སོ་སོར་ཁ་བསྒྱུར་དགོས།མཆན།་་་སྐུར་གྱུར་པ་ནི་འདིར་སོ་སོའི་མངོན་རྟོག་སྒྲུབ་ཐབས་པདྨ་རྒྱལ་པ་ལྟར་བསྒྱུར་དགོས་པས། བླ་མ་ཆོས་སྐུ་ལ་མཚོན་ན། དག་གསལ་ཆོས་དབྱིངས་ཁྱབ་བརྡལ་ཀློང༔ ཆགས་མེད་པདྨ་རྒྱས་པའི་སྟེང༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་ལ༔ ས་བོན་དོར་བ་འགྲེ །ཆོས་སྐུ་པདྨ་ཀུན་ཏུ་སོགས་སྒྲུབ་ཐབས་ལྟར། ཆེན་པོར་བཞུགས༔ བར་བརྗོད་དགོས་པ་དབང་ཚང་མར་འགྲེ་ཞིང་འཕྲུལ་མཚན་སོགས་ཀྱི་འཁོར་རྣམས་ཡོངས་རྫོགས་འདོན། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་བརྟན་ཅིང་ལྷར་བསྐྱེད་པ་དེ་ཉིད་ལས་མི་འདའ་བའི་ཕྱིར་དབང་རྣམས་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བླ་མའི་ཐུགས་ལས་འོད་འཕྲོས་པས༔ ནམ་མཁའ་གང་བའི་དབང་གི་ལྷ༔ སྤྱན་དྲངས་བུམ་པའི་བདུད་རྩི་ཡིས༔ རྡོ་རྗེའི་གཏོར་བླུགས་སྦྱིན་པར་བསམ༔ ཞེས་བུམ་པས་དབང་བསྐུར། ཧྲཱི༔ ཇི་ལྟར་ནུས་ལྡན་རྡོ་རྗེ་ཡིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ བྱིན་རླབས་ཆུ་བོས་རྟོག་སྒྲིབ་བཀྲུ༔ དབང་བཞིའི་ཡེ་ཤེས་རྩལ་རྫོགས་ཤོག༔ སོ་སོའི་སྔགས་མཐར། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་སྔགས་སྦྱར། བུམ་པའི་བདུད་རྩི་འཐོར་འཐུང་བྱ༔ བུམ་ཆུས་ལུས་གང་རྟོག་སྒྲིབ་དག༔ ཕུང་ཁམས་དག་པའི་འཁོར་ལོར་སྨིན༔ ཆུ་ལྷག་ཡར་ལུད་སྤྱི་བོ་རུ༔ རིགས་ཀྱི་བདག་པོས་རྒྱས་གདབ་རྫོགས༔ དེའི་རྗེས་འབྲེལ་དུ་ཁྱད་པར་གྱི་བྱིན་རླབས་བྱ་བ་ལ་སྐུའི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། སྐུ་དང་ཨོཾ་ཡིག་འོད་ཟེར་དཀར༔ གུ་རུའི་དཔྲལ་བའི་གནས་ནས་འཕྲོས༔ བུ་ཡི་དཔྲལ་བར་ཐིམ་བསམས་ལ༔ མཚོན་བྱེད་སྐུ་བརྙན་སྤྱི་བོར་བཞག༔ ཨོཾ༔ གུ་རུ་ཆེ་གེ་ཡི༔ ཡེ་ཤེས་ཕྱག་རྒྱ་སྐུ་ཡི་དབང༔ སྤྱི་བོར་ཐིམ་པས་ལུས་སྒྲིབ་དག༔ སྣང་སྟོང་སྤྲུལ་སྐུ་འགྲུབ་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་དག །སྣང་སྟོང་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་དག་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་སྤྱན་དྲངས་སྤྱི་བོ་ནས་རིམ་པར་བབས་པ་དང་ཡབ་ཡུམ་གྱི་བདེ་རྒྱུན་གཅིག་ཏུ་འདྲེས་པས་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་ལྗགས་ཐོག་ཏུ་བྱིན་པའི་མོས་པ་མཛོད། ཨཱ༔ ཐབས་ཤེས་མཉམ་པར་སྦྱོར་བའི་བཅུད༔ དཀར་དམར་ལྷག་པའི་བྱང་སེམས་ཀྱིས༔ རྩ་རླུང་ཐིག་ལེར་བྱིན་བརླབས་པས༔ གསང་བའི་ལམ་མཆོག་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ ལྷག་པའི་བྱང་ཆུབ་སེམས་ཀྱི་ལུས་གང་། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པར་མོས་ཤིག །རྗེས་འབྲེལ་དུ་གསུང་གི་བྱིན་བརླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སྔགས་ཕྲེང་ཨཱཿཡིག་འོད་ཟེར་དམར༔ གུ་རུའི་མགྲིན་པའི་གནས་ནས་འཕྲོས༔ བུ་ཡི་མགྲིན་པར་ཐིམ་བསམས་ལ༔ མཚོན་བྱེད་སྔགས་ཕྲེང་མགྲིན་པར་བཞག༔ ཨཱ༔ གུ་རུ་ཆེ་གེ་ཡི༔ གསང་སྔགས་ཡིག་འབྲུ་གསུང་གི་དབང༔ མགྲིན་པར་ཐིམ་པས་ངག་སྒྲིབ་དག༔ གྲགས་སྟོང་ལོངས་སྐུར་འགྲུབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་དང་ལྡན་ཅིང་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་རིག་མ་ཕྱག་ཏུ་བྱིན་པར་མོས་ཤིག །ཧོ༔ རྒྱལ་ཀུན་དམ་ཚིག་བླ་ན་མེད༔ རྡོ་རྗེ་རིག་མའི་བརྟུལ་ཞུགས་ཀྱིས༔ ཉེ་རྒྱུའི་སྤྱོད་པ་མཐར་ཕྱིན་ནས༔ ས་ལམ་གཅིག་ཆོད་བགྲོད་གྱུར་ཅིག༔ ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་མའི་གཟུགས་བརྙན་སྦྱིན་ལ། དེ་ལྟར་བྱིན་པའི་ཕྱག་རྒྱ་མོ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོོམས་པར་ཞུགས་པས། ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་རིམ་པར་སྐྱེས་པའི་མཐར། འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །རྗེས་འབྲེལ་དུ་ཐུགས་ཀྱི་བྱིན་བརླབས་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཕྱག་མཚན་ཧཱུྃ་ཡིག་འོད་ཟེར་མཐིང༔ གུ་རུའི་ཐུགས་ཀའི་གནས་ནས་འཕྲོས༔ བུ་ཡི་སྙིང་གར་ཐིམ་བསམས་ལ༔ མཚོན་བྱེད་ཤེལ་རྡོ་སྙིང་གར་བཞག༔ ཧཱུྃ༔ གུ་རུ་ཆེ་གེ་ཡི༔ རིག་རྩལ་རོལ་པ་ཐུགས་ཀྱི་དབང༔ སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ རིག་སྟོང་ཆོས་སྐུ་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །རིག་སྟོང་བདེ་བ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །སྔར་དཔེ་ལས་སྐྱེས་པའི་ཕྱག་རྒྱའི་ཡེ་ཤེས་ཀྱི་མཚོན་བྱེད་དུ་བྱས་ནས་མཚོན་བྱ་ཀ་དག་སྤྲོས་པ་དང་བྲལ་བའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཨ་ཧོ༔ སྨྲ་མེད་བདེ་བའི་ངོ་བོ་ཉིད༔ རང་བྱུང་ཆོས་སྐུ་དེ་ཁོ་ན༔ དགག་སྒྲུབ་བྲལ་བའི་ངང་དུ་ཞོག༔ སྐད་ཅིག་མངོན་པར་བྱང་ཆུབ་བོ༔ ཨ་ཨ་ཨ༔ སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །རྩལ་སྣང་འགག་མེད་དུ་ཤར་བ་སྤྲུལ་སྐུ་སྟེ། སྐུ་གསུམ་ངོ་བོ་རང་གི་སེམས་ལ་རྫོགས་པ་ངོ་སྤྲད་པས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་མོས་མཛོད། ཧྲཱི༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས༔ མ་འགག་རྩལ་ཤར་སྤྲུལ་པའི་སྐུ༔ དབྱེར་མེད་དགོངས་པའི་གདིང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཡེ་ཤེས་ཡོངས་རྫོགས་ཀྱི་བྱིན་རླབས་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བྱིན་རླབས་ཧྲཱིཿཡིག་འོད་སྣ་ཚོགས༔ གུ་རུ་གནས་བཞི་དག་ནས་འཕྲོས༔ བུ་ཡི་གནས་བཞིར་ཐིམ་བསམས་ལ༔ གཏོར་མ་ལྷར་གསལ་གནས་བཞིར་བཞག༔ ཧྲཱི༔ གུ་རུ་ཆེ་གེ་ཡི༔ བྱིན་བརླབས་ཡོངས་རྫོགས་གཏོར་མའི་དབང༔ གནས་བཞིར་བསྐུར་བས་སྒྲིབ་བཞི་དག༔ སྐུ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་འཕོ་བའི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་རྣམས་ཀྱི་རྩ་བའི་དབང་བསྐུར་རྣམས་ལེགས་པར་གྲུབ། སླར་ཡང་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་རྫོགས་བྱ་བ་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་སྣོད་ཡེ་ཤེས་གཞལ་ཡས་སུ༔ གཏོར་མ་གུ་རུ་སོ་སོར་གསལ༔ གནས་བཞི་ནས་སྤྲོས་ཡིག་འབྲུ་བཞི༔ འོད་ཟེར་དཀར་དམར་མཐིང་སེར་རྣམས༔ སློབ་མའི་གནས་བཞིར་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་གྱུར་བསམས་ལ༔ གཏོར་ཆེན་བཏེགས་མཐར་གནས་བཞིར་བཞག༔ ཧཱུྃ་ཧྲཱི༔ གདོད་ནས་མངོན་རྫོགས་བརྡལ་ཁྱབ་ནམ་མཁའི་དབྱིངས༔ དུས་གསུམ་འགྱུར་མེད་ཐིག་ལེ་ཆེན་པོའི་ཀློང༔ འོད་གསལ་ཉི་མ་འབུམ་བརྡལ་ཞིང་ཁམས་ན༔ རིག་པ་རང་བྱུང་གཞོན་ནུ་བུམ་པའི་སྐུ༔ མ་འགག་རང་རྩལ་རིགས་བརྒྱའི་འཁོར་ལོའི་བདག༔ བླ་མེད་བླ་མ་བདེ་ཆེན་ཕྱག་རྒྱར་བཞེངས༔ ཆེ་བའི་ཆེ་མཆོག་གུ་རུ་ཐོད་ཕྲེང་རྩལ༔་་་་འདི་སོ་སོའི་མཚན་བསྒྱུར།མཆན། ཐོགས་མེད་ཟང་ཐལ་ཞིང་ཀུན་སྐུ་ལ་རྫོགས༔ འཁོར་འདས་ཀུན་ཁྱབ་གསུང་མཆོག་གསང་སྔགས་མཛོད༔ བསམ་ཡས་ཡེ་ཤེས་དགོངས་པ་ཕྱོགས་ལྷུང་བྲལ༔ ཡོན་ཏན་འགྲོ་བའི་རེ་བ་ཡིད་བཞིན་སྐོང༔ ལྷུན་གྲུབ་ཕྲིན་ལས་འཁོར་བ་དོང་ནས་སྤྲུགས༔ བྱིན་རླབས་སྤྲིན་འཁྲིགས་སྨིན་གྲོལ་ཆར་རྒྱུན་འབེབ༔ རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་འཁོར་དང་བཅས༔ དད་མོས་གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ དབྱིངས་ནས་སྐུ་བསྐྱོད་སྐལ་ལྡན་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ སྒྲིབ་བཞིའི་བག་ཆགས་བྱིན་རླབས་ཆུ་བོས་བཀྲུས༔ རྩ་རླུང་ཐིག་ལེ་ཡེ་ཤེས་ཆེན་པོར་སྨིན༔ གནས་སྐབས་རིག་འཛིན་རྣམ་བཞི་བདེ་བླག་འགྲུབ༔ མཐར་ཐུག་བདེ་ཆེན་སྐུ་བཞི་མྱུར་ཐོབ་མཛོད༔ སྙིང་པོའི་ཐོག་དྲང་ལས་སྦྱོར་སྔགས༔ བ་ལིཾ་ཏ་ཛྙཱ་ན་མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། གཏོར་མ་བདུད་རྩིའི་རྒྱུན་དུ་གྱུར་པ་མྱངས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །དབང་སྐུར་དེ་དག་ཐམས་ཅད་ཀྱི་གྲུབ་མཐའ་རང་བྱུང་ཡེ་ཤེས་ཆེན་པོ་ལམ་དུ་ལྷོང་དགོས་པས། ངོ་སྤྲོད་ཟབ་མོ་དགོངས་པའི་གདིང་གདོད་མའི་དབྱིངས་སུ་བསྐྱལ་བ་ལགས་པས་ཚིག་འདིའི་དོན་རྗེས་སུ་རྟོགས་ནས་མཉམ་པར་འཇོག་པར་ཞུ། ཨ༔ ཐོག་མཐའ་མེད་པ་ཆོས་ཀྱི་སྐུ༔ རང་བྱུང་རིག་པའི་གཤིས་སུ་རྫོགས༔ དེ་ཉིད་བླ་མ་ཕྱག་རྒྱ་ཆེ༔ བློ་འདས་བརྗོད་མེད་དབྱིངས་སུ་ཞོག༔ དོན་དམ་བླ་མ་ཀུན་ཏུ་བཟང༔ རིག་པ་འོད་གསལ་འདི་ཁོ་ན༔ མ་བཙལ་གདོད་ནས་ལྷུན་གྱིས་གྲུབ༔ དོན་རྟོགས་དབང་ཆེན་བརྙེས་པ་འོ༔ ཨ་ཨ་ཨ༔ ཤིས་པ་བརྗོད་པ་ནི། ཤིས་པར་བྱ་བའི་སླད་དུ་ནམ་མཁའ་གང་བའི་དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་གླུ་དབྱངས་ལྡིར་བ་དང་ལྷན་ཅིག་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་གོང་དུ་འཕེལ་ཞིང་བརྟན་པར་མོས་མཛོད། ཅེས་བརྡའ་སྦྱར་ལ་ཤིས་པ་བརྗོད་པའི་རིམ་པ་རྒྱ་ཆེར་བསྟར། དེས་བླ་མ་ཆོས་སྐུ་ཀུན་ཏུ་འཆང་ལ་བསྟེན་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་ནས། གྲོལ་བྱེད་ཀྱི་གདམས་པ་འབོག་པ་ལ་ཁྲིད་ཀྱི་རིམ་པ་སྤྱིར་འཇུག་པའི་སྔོན་འགྲོ་དང་། རྗེས་ཀྱི་བྱ་བ། དངོས་གཞི་སོ་སོའི་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རིམ་པར་འབྱུང་བའི་ཐོག་མར་སྤྱི་ལ་གཅེས་པའི་སྔོན་འགྲོ་ནི། རྩ་བའི་གཞུང་ལས་འདི་སྐད་དུ། སྔོན་འགྲོ་བསམ་གཏན་སྣོད་རུང་ཕྱིར༔ སོགས་འདི་རིགས་ཐམས་ཅད་སྒྲུབ་ཐབས་སུ་གསལ། བརྩོན་འགྲུས་གཅེས༔ ཞེས་འཁོར་བ་ལ་ཞེན་ལོག་སྙིང་ནས་ངེས་པར་འབྱུང་བའི་བློས་བསྐུལ་ཏེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷག་བསམ་རྣམ་པར་དག་པས་ལམ་གྱི་གཞི་བཟུང་། རྡོ་རྗེ་ཐེག་པའི་ཟབ་ལམ་མཐའ་དག་གི་གནད་དོན་སྙིང་པོར་དྲིལ་བ་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ་ལམ་གྱི་དངོས་གཞི་ལ་འཇུག་པར་བསྟན་པ་ལགས། དངོས་གཞི་ལ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས། དང་པོ་ལའང་བསྐྱེད་བཟླས་ཀྱི་རྣལ་འབྱོར་གཉིས་སུ་ཡོད་པ་ལས། དང་པོ་བསྐྱེད་པ་ལྷའི་རྣལ་འབྱོར་སྒོམ་པའི་ཚུལ་ནི་འདི་ལྟ་སྟེ། དག་གསལ་ཆོས་སོགས། ཆེན་པོར་བཞུགས༔ ཞེས་འབྱུང་བ་ལྟར་ལགས། གཉིས་པ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ཡང་། ཏིང་འཛིན་སོགས། ཆེན་པོར་སྦ༔ ཞེས་འབྱུང་བ་ལྟར་ངག་དང་ཡིད་ཀྱི་བཟླས་པ་བྱ། གསུམ་པ་རྫོགས་རིམ་ཏིང་ངེ་འཛིན་གྱི་རིམ་པ་ནི། །རྫོགས་རིམ་སྒོ་གསུམ་སོགས། ཟད་པར་འགྱུར༔ ཞེས་གསུངས་པའི་རྡོ་རྗེའི་ཚིག་རྐང་ཟབ་འདྲིལ་འདི་ཉིད་ལ་ཉམས་ལེན་སྙིང་པོར་དྲིལ་བར་ཞུ། དེ་རྣམས་ཀྱི་སྒོ་ནས་བླ་མ་ཆོས་སྐུ་ཀུན་ཏུ་འཆང་བའི་སྨིན་གྲོལ་ལེགས་པར་ཕུལ་ཟིན་པས་དེ་དག་གི་སྐབས་སུ་ཐོབ་པ་ཁས་བླངས་པའི་རྡོ་རྗེ་ཐེག་པ་སྤྱི་དང་། ཁྱད་པར་གྱི་དམ་ཚིག་ཡར་མར་གྱི་ཚེས་བཅུར་བརྩོན་ཞིང་བླ་མའི་སྐུ་གསུང་ཐུགས་རྟེན་བཅང་བ་དང་། དུས་དྲུག་ཏུ་བླ་མའི་རྣལ་འབྱོར་ལ་བརྩོན་ཞིང་བླ་མའི་དམ་ཚིག་སྲོག་ལས་གཅེས་པར་འཛིན་པ་སོགས་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བསྲུང་སྡོམ་མཛད་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་མཐར་དབྱུང་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་རིམ་ནི། ཚོགས་ལ་རོལ། ལྷག་མ། སྲུང་མའི་གཏོར་ཆོག །ཆད་བརྟན། རྟ་བྲོ། མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་ཕྲིན་ལས་དང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་མཐར་དབྱུང་ངོ་། ༈ །གཉིས་པ་བྱེ་བྲག་གི་ལག་ལེན་ནི། འདིའི་དབང་རྣམས་དཀྱུས་གཅིག་ཏུ་བསྐུར་ན་བཤམ་བཀོད། མཎྜལ། དབང་རྫས་བུམ་གཏོར། སྐུ་ཙཀ་བཅས་སོ་སོ་དང་། དབང་ཕྲེང་། ཤེལ་རྡོ། མཆོག་དབང་ཆས་རྣམས་གཅིག་པོ་དེ་ཉིད་བསྐྱར་བས་ཆོག །དབང་སྒྲུབ་གོང་བཞིན་ལ་དབང་ལེན་གསོལ་གདབ་བཅས་གྲུབ་ནས་རྗེས་མ་རྣམས་ལ་བྱིན་འབེབ་ནས་བརྩམ་ལྷ་བསྐྱེད་སྤྱན་འདྲེན་སོ་སོར་འདོར་ལེན་བྱ། བསྐུར་ཐེང་གཅིག་ལ་ལྔ། བདུན། བཅུ་བར་ཇི་ཙམ་བསྐུར་དགོས་པ་རྣམས་བསྒྲུབས་ནས་རྗེས་མའི་སྐབས་ཚོགས་མཆོད་སྦྱར། དབང་རྣམས་གྲུབ་རྗེས་ལྷག་མ་ཕྱིན་མཐར་དབྱུང་། མཆོད་བསྟོད་ཕྱིན་དབང་སོ་སོར་སྦྱར་བ་ནི་འབྲིང་པོའི་ལུགས་དང་། ཏིང་ངེ་འཛིན་གྱིས་ལྕོགས་ན་མཆོད་བསྟོད་ཕྱིན་ཀྱང་ལན་གཅིག་གིས་གྲུབ་པར་བྱས་ཀྱང་ཆོག །རྒྱས་པར་བྱེད་ན་ཕྲིན་ལས་རྣམས་ལ་རེ་རེ་བཞིན་དུ་ཚོགས་མཆོད་སྦྱར། རྗེས་ཀྱང་ཚོགས་ལ་རོལ་ཞིང་ལྷག་མ་ནས་བཀྲ་ཤིས་བར་སོ་སོར་བྱེད་པ་ཡིན་ལ། ༈ དྲིལ་སྒྲུབ་སྐབས་པདྨའི་སྙིང་པོ་ནས་གསུངས་པའི་ལྷ་བསྐྱེད། སྤྱན་འདྲེན། བསྙེན་སྒྲུབ་ལས་སྦྱོར་གྱི་དམིགས་བཟླས་སྦྱོར་བ་དང། བུམ་བཟླས་བྱེད་ན། བུམ་དཀྱིལ་གསལ་བཏབ་ནས་ཐོད་ཕྲེང་རྩལ་གྱི་སྔགས་བཟླ་ཞིང་གཞན་དཀྱུས་ལྟར་དང་། ༈ དབང་དངོས་རྒྱས་པ་མཚམས་སྦྱོར་བཅས་ཚར་གཅིག་སྔོན་དུ་སོང་ནས་དམ་ཚིག་ཁས་བླངས་རྗེས། དེས་བླ་མ་ཆོས་སྐུ་ཀུན་ཏུ་འཆང་གི་སྨིན་གྲོལ་ལེགས་པར་གྲུབ་པའི་གཏང་རག་དང་། སླར་ཡང་བླ་མ་ལོངས་སྐུ་ཚེ་དཔག་མེད་པའི་སྨིན་གྲོལ་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། ལྟ་བུའི་མཚམས་སྦྱོར་མདོར་བསྡུས་ཙམ་དང་། ཕལ་ཆེར་གཞུང་ཉིད་མཐར་ཆགས་སུ་བཀླགས་པས་འཐུས། བྱིན་དབབས་རྗེས། ཡེ་ཤེས་བསྟིམས་པས་མཁའ་འགྲོའི་སྐུ༔ གནས་འགྱུར་གུ་རུ་ཚེ་དཔག་མེད༔ དམར་གསལ་མཚན་རྫོགས་སོགས་ནས་ རྟགས་པར་རྫོགས༔ བླ་མའི་ཐུགས་ལས༴ སོགས་དང་སྦྲེལ། མངོན་རྟོགས་བརྗེ་ལུགས་འདིས་ཐམས་ཅད་ལ་མཚོན་ཞིང་། འཕྲུལ་མཚན་བཞི་བཅུ། སྟོན་པ་ལྔ་བཅུ། མཚན་བརྒྱ་རྩ་བརྒྱད། དྲིལ་སྒྲུབ་རྣམས་ཀྱི་མངོན་རྟོགས་གཙོ་འཁོར་ཡོངས་རྫོགས་འབོགས་དགོས། བླ་མ་སྐུ་གསུམ། སྐུ་བཞི་རྣམས་དང་། མཚན་བརྒྱད་ནས། མ་ཧཱ་ཡ་ན་དང་འབྲེལ་བའི་སེང་སྒྲོག །གྲོ་ལོད། པད་འབྱུང་། གཙོ་བོ་བླ་མ་ཡིད་ནོར། ཐོར་བུ་ལས། རྡོ་རྗེ་དྲག་རྩལ་ཕྱིན་སྒྲུབ་ཐབས་ལྔ་དང་། དྲིལ་སྒྲུབ་རྣམས་ལ་མཆོག་དབང་གསུམ་སྦྱོར་དགོས་པས་དབང་བསྒྲིག་གོང་དུ་སྨོས་པ་བཞིན་དང་། དེ་ཕྱིན་རྣམས་ལ། བླ་མའི་ཐུགས་ལས་འོད་འཕྲོས་པས༔ ནམ་མཁའ་གང་བའི་སོགས་བུམ་དབང་དང་། ཁྱད་པར་སྐུ་གསུང་ཐུགས་ཡོངས་རྫོགས་གཏོར་དབང་བཅས་དང་། སླར་མཐའ་རྟེན་གཏོར་དབང་ནས་མཐའི། དོན་རྟོགས་དབང་ཆེན་བརྙེས་པ་འོ༔ ཨ་ཨ་ཨ༔ ཞེས་དང་། མཇུག་གི །ཐ་མལ་སྒོ་གསུམ་སྒྲིབ་གཉིས་སྦྱོང༔ རྒྱུད་སྨིན་སོགས་སྦྲེལ། དེ་ལྟར་སྨིན་བྱེད་ལེགས་པར་ཐོབ་ནས་གྲོལ་བྱེད་ཀྱི་ལམ་ལའང་བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་སོ་སོར་འབྱུང་བའི་དོན་ཐུགས་ལ་ངེས་པར་ཞུ། བླ་མ་ལོངས་སྐུའི་སྒྲུབ་ཐབས་ནི༔ ཀུན་ཁྱབ་ཡེ་ཤེས་སོགས་སོ་སོའི་གཞུང་ལྟར་བཀླགས་པས་འཐུས། ཚེ་དབང་རིག་འཛིན་ལ། ཚེ་རིལ། ཚེ་ཆང་། མདའ་དར་བཅས་བཤམས། དབང་སྒྲུབ་རྩ་གཞུང་བཟླས་པ་བཅས་གྲུབ་ནས། གཞུང་གི་དཀྱུས་སུ་གསལ་བའི་མདུན་བསྐྱེད་བཟླས་པ་དང་། ཚེ་འགུག་བཅས་སྦྱར། དབང་གི་སྐབས་ངོ་སྤྲོད་རྗེས། སླར་ཡང་གུ་རུ་པདྨ་ཚེ་དབང་རིག་འཛིན་ལ་བསྟེན་པའི་རྡོ་རྗེ་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་སོགས་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ནས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་སོགས་གསོལ་གདབ་ལན་གསུམ། དེ་ནས་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་བླ་མ་ཚེ་དཔག་མེད༔ པདྨ་ཚེ་མཆོག་བྱི་རུའི་མདོག༔ ཞལ་གསུམ་སོགས་ནས། ལ་ཐིམ་དམིགས༔ ཞེས་དམིགས་པ་ཕོག་ནས། ཚེ་མདའ་གཡབ་ཅིང་། སྤོས་བརྟུལ་རོལ་མོའི་སྒྲ་དང་བཅས། ཧྲཱི༔ ཀ་དག་ལྷུན་གྲུབ་གསང་བའི་དབྱིངས༔ འཆི་མེད་སོགས་སྔགས་བཅས་གྱེར་མཐར། བླ་མ་ཚེ་དཔག་མེད་ཡབ་ཡུམ༔ སྦྱོར་མཚམས་སོགས་བརྗོད་ཅིང་དབང་བསྐུར། བླ་མ་ཡབ་ཡུམ་བདེ་སྦྱོར་གྱི་རྒྱུན་སྲིད་ཞིའི་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་མྱང་བས་བདེ་ཆེན་དགའ་བ་བཅུ་དྲུག་གི་ལང་ཚོ་རྒྱས་ཤིང་རྩ་རླུང་ཐིག་ལེ་ཟག་པ་མེད་པའི་ཡེ་ཤེས་སུ་གྱུར། མི་འགྱུར་རྟག་པ་རྡོ་རྗེའི་ཚེ་ཐོབ་པར་མོས་ཤིག །ཧཱུྃ༔ ཚེ་དཔག་མེད་ཀྱི་སོགས་མཐར་གོང་གི་སྔགས་བརྗོད་བཞིན་བུམ་ཆུ་སྦྱིན། འཁོར་འདས་བརྟན་གཡོའི་སྙིང་པོའི་དྭངས་མ་གཅིག་ཏུ་བསྡུས་པའི་དངོས་གྲུབ་ཀྱི་རྫས་མཆོག་དམ་རྫས་ཆེན་པོའི་བདུད་རྩི་དང་། རྡོ་རྗེ་ཚེའི་རིལ་བུ་ལ་ལོངས་སྤྱད་པས་ཐུན་མོང་དངོས་གྲུབ་འཆི་མེད་ཚེའི་རིག་འཛིན་དང་། མཆོག་གི་དངོས་གྲུབ་འཆི་མེད་གཉུག་མ་འཕོ་ཆེན་ཆོས་ཀྱི་སྐུ་ཐོབ་པའི་ཐུགས་འདུན་མཛོད། ཧཱུྃ༔ འཁོར་འད་བརྟན་གཡོ་སོགས་མཐར་སྒྲུབ་སྔགས་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་སྦྱིན། ཚེ་མདའ་ལག་ཏུ་ཐོགས་ནས། གུ་རུ་ཚེ་དབང་རིག་འཛིན་གྱི་གསང་གསུམ་རྒྱན་གྱི་འཁོར་ལོའི་རང་མདངས་མདའ་དར་འདི་ཉིད་ཀྱིས་གནས་ལྔར་རྒྱས་བཏབ་པས་ཉོན་མོངས་པ་ལྔའི་བདུད་བཅོམ། སྐུ་ལྔའི་ཡེ་ཤེས་མངོན་དུ་གྱུར། དབང་རྟགས་སུ་ཕྱག་མཚན་ལྔས་གནས་ལྔར་རྒྱས་བཏབ་པས། ཚེ་དབང་མཆོག་གི་དངོས་གྲུབ་ནམ་ཡང་མི་ཉམས་པར་བརྟན་པའི་ཕྱག་རྒྱས་བཏབ་པར་མོས་ཤིག །ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་སྔགས་བཅས་ཀྱིས་གནས་ལྔར་རྒྱ་གྲམ་དུ་བཞག །རྗེས་རིམ་དབང་གི་དག་པ་བརྗོད་པ་ནས་ཁྲིད་དང་སྦྲེལ་བ་སོགས་སྤྱི་ལྟར་བྱ། ༈ ཡང་འདི་ཉིད་ཀྱི་ཚེ་དབང་རྐྱང་པ་བྱེད་ན། དབང་སྒྲུབ་དཀྱུས་བཞིན་དང་། ལོ་རྒྱུས་མཚམས་སྦྱོར་འབྲེལ་ཆགས་བཅས་མཎྜལ་ནས་བྱིན་འབེབ་མཐའ་བར་སྦྱོར་དགོས་ཤིང་དེ་ཕྱིན་འདི་ཉིད་ཀྱི་ཚེ་དབང་རྐྱང་པ་མཐར་ཆགས་སུ་བསྐུར་ཞིང་ཁྲིད་བཀླག་མི་དགོས་པ་བཅས་ཀྱི་འགྲུབ་བོ། །གུ་རུ་པདྨའི་རྒྱན་འཁོར་རྒྱ་མཚོའི་དཔལ། །ངོ་མཚར་མཚན་དང་སྐུ་ཡི་རྣམ་པར་འཕྲུལ། །གྲངས་མེད་མོས་པ་དང་མཚུངས་བཞེངས་པ་ཡི། །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་བྱིན་རླབས་རྒྱུན། །དངོས་གྲུབ་འདོད་འཇོའི་བུམ་བཟང་ལས་འོང་འདི། །སྣོད་ལྡན་ཡིད་ཀྱི་རྒྱ་མཚོར་ཞུགས་ནས་ཀྱང་། །བསྐྱེད་སྔགས་རྡོ་རྗེའི་རྣལ་འབྱོར་གྱིས་བསྲུབས་པས། །དོན་གཉིས་གྲུབ་པའི་ཟླ་གཞོན་འཁྲུངས་གྱུར་ཅིག །ཅེས་པའང་ཉེར་མཁོའི་ཞབས་ཏོག་ཏུ་དམིགས་ཏེ་འཇམ་མགོན་ཆོས་ཀྱི་རྒྱལ་པོས་བསྩལ་པའི་མཚམས་སྦྱོར་ཉིད་ཕྱག་བཞེས་ཀྱིས་བརྒྱན་ཏེ་འདུས་གསལ་ཁྱེར་བདེར་སྦྱོར་བ་པོ་རྗེ་བཙུན་དེ་ཉིད་ཀྱི་འབངས་མཁའ་ཁྱབ་རྡོ་རྗེར་འབོད་པས་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོག་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་ (Volume 7, Text 25)

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོག་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་བཞུགས་པའི་དབུའོ།། བདུད་བཞི་འདུལ་མཛད་དཔལ་ཆེན་ཧེ་རུ་ཀ །ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ནས། །བདག་དང་བདག་འདྲ་གཞན་ལའང་ཕན་པའི་ཕྱིར། །ཟབ་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །བོགས་འདོན་གཅོད་ཁྲིད་ལྷན་ཐབས་འདིར་བཀོད་བྱ། །ཆོས་བདག་གཏེར་སྲུང་ཌཱ་ཀིས་བཀའ་གནང་ཞིང་། །བརྩེ་བའི་ཐུགས་རྗེས་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལ་རྣལ་འབྱོར་པ་ཐུགས་སྒྲུབ་ཀྱི་དབང་རྒྱས་བསྡུས་གང་རུང་ཐོབ་ཅིང་། སྐུ་གསུམ་སྒྲུབ་པ་གསུམ་ཀའམ་རེ་རེ། ཡང་ན་ཀུན་དྲིལ་ཡིད་བཞིན་ནོར་བུའི་བསྙེན་པ་ཐེམ་པ། གསང་ཁྲིད་རིམ་ལྔའམ། ཐུགས་སྒྲུབ་ཀྱི་བསྐྱེད་རྫོགས་ལ་ངེས་ཤེས་ཐོབ་པའི་རྣལ་འབྱོར་པས། རང་གི་རྟོག་པ་བོགས་འདོན་པའམ། གདུལ་བྱ་གཞན་ལ་ཕན་པའི་ཕྱིར་དུ་གཉན་ཐོག་བཅད་པར་བྱ་སྟེ། དང་པོ་གང་དུ་འགྲོ་བསམ་པའི་གནས་དེ་གསང་བ་གལ་ཆེ་སྟེ། ང་འདི་ན་འགྲོ་རྒྱུ་ཡིན་མི་སྨྲ །གལ་ཏེ་རིངས་ཀྱང་ཟིལ་གནོན་འཕང་མ་ཚར་བར་དུ་གསང་བར་བྱའོ། །ཟིལ་གནོན་ནི། ཕཊཿ རང་ཉིད་རྣལ་འབྱོར་མ་མཐིང་ནག་འཇིགས་སུ་རུང་བའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རི་བོ་ཙམ་གཅིག་འཕྲོས་ནས། མདའ་འཕངས་པ་ལྟར་སོང་། གཉན་ས་དེ་ལ་ཕོག་པས་ས་གཞི་ཐམས་ཅད་རྩམ་གཞོང་བསིགས་པ་ལྟར་གྱུར། རི་ཉིལ་མཚོ་དཀྲུགས་ཤིང་ཐམས་ཅད་བཅག་ལམ་བསྣོགས་བྲག་དང་ཕ་ཝང་ཐམས་ཅད་ཆག་ནས་རྡུལ་དུ་བརླག །དེ་ནས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལྟར་ཁྲོས་མ་མཐིང་ནག་དགུར་གྱུར་ཏེ། ཕྱོགས་མཚམས་བརྒྱད་དབུས་དང་དགུ་ནས་བསྲུངས་པས་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ས་ཆ་རྒྱུས་མེད་པ་ལ་ཟིལ་གནོན་འཕེན་པ་ནི། རང་ཕག་མོ་མཐིང་ནག་གི་ཐུགས་ཀ་ནས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཆ་དེ་རྩམ་གཞོང་བསིགས་པ་ལྟར་གྱུར། ཕཊཿ དེ་ཡོངས་སུ་གྱུར་པ་ལས་དཔའ་བོ་ཌཱ་ཀིར་གྱུར། དེ་རྒྱབ་མི་ནག་ལག་སྦྲེལ་གྱི་གུར། དེ་རྒྱབ་མུན་ནག་གི་གུར་ཁང་དུ་གྱུར་ནས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། དེ་ནས་ཁྱིམ་ནས་སྒོར་འགྲོ་ཚེ། ཕཊཿ རང་གི་སྤྱི་བོར་བླ་མ་དང་ཀརྨ་ཐོད་ཕྲེང་རྩལ་བསྒོམས་ལ། ལུས་གདོན་གནས་གདོན་གྱིས་གཙོར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་གཉན་ས་རི་ཁྲོད་དུ་འགྲོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་ཀརྨ་ཐོད་ཕྲེང་རྩལ་ལ་ཕུལ་བར་བསྒོམ། གསོལ་འདེབས་ཀྱང་བྱ། དེ་ནས་ལུས་འདི་རོའི་ཚུལ། རིག་པ་འདི་རོ་ཁུར་མི། གཉན་ས་དེ་དུར་ཁྲོད། ལྷ་འདྲེ་རྣམས་བྱ་དང་གཅན་གཟན་གྱི་ཚུལ་དུ་དམིགས་ལ་གཉན་སའི་ས་མགོ་མ་མཐོང་བར་དུ་འགྲོ །ས་མགོ་མཐོང་ནས། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་གཅིག་ཏུ་གྱུར། མི་རྐང་གི་གླིང་བུ་ཚག་ཚག་འབུད་པས་ལྷ་འདྲེ་ཐམས་ཅད་འདར་ཆོམ་ཆོམ་བྱེད་ཅིང་། ལམ་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་ནས་རང་ལ་བསྐོར་ནས་འགྲོ་བར་བསྒོམ། མ་ཡེངས་པར་འགྲོ །ལམ་དུ་ཆུ་གཅིག་ཤིང་གཅིག་བྲག་ཟུར་ཕ་ཝང་རྟགས་ཅན་འདུག་ན། ཕཊཿ བརྗོད་ཅིང་། གཉན་སར་མ་ཕྱིན་བར་དུ་འགྲོ །དེ་ནི་ལམ་གྱི་དབང་སྡུད་དང་སོ་པ་གཟིར་བ་གཉིས་ཀ་ཡིན་ནོ། །དེ་ནས་གཉན་ས་དེར་ཕྱིན་ནས། ད་ཅིའི་ཟིལ་གནོན་དུས་ཀྱི་ཁྲོས་མ་དབུས་མ་དེ་རང་ལ་བསྟིམ། ཕཊཿ ཕྱོགས་མཚམས་ཀྱི་མཁའ་འགྲོ་ནག་མོ་བརྒྱད་དེས་སྔར་ལྟར་བསྲུངས་པས་གནས་དེའི་ལྷ་འདྲེ་དང་ལམ་ནས་ཁྲིད་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམས་ལ། ཕཊཿ བརྗོད་ཅིང་རྐང་དུང་འབུད་དོ། ༈ །དེ་ནས་གཉན་མིག་གསལ་བ་ནི། ཆུ་མིག་མགོ་གཅིག་པའི་མགོ །གཉིས་པའི་བར། མགོ་གསུམ་པ་ཡན་གྱི་འདུས་མདོ། །དགུ་ཡན་གྲངས་མེད་ཀྱི་དཀྱིལ་སྐམ་པ་ས་ཆ་གདུགས་རྒྱལ་མཚན་རིན་པོ་ཆེ་མཆོད་རྟེན་འདྲ་བའི་རྩེ། པདྨ་དཔལ་བེའུ་དུང་ཕུག་པ་འདྲ་བའི་དཀྱིལ། གསས་མཁར་མང་པོ་དང་སྨན་ཡམ་གྱི་དཀྱིལ། ལུང་གསུམ་དང་སྒང་གསུམ་གྱི་འདུས་མདོ། ཁང་པ་འདྲེ་ཅན་ལྷ་ཁང་དཀོར་ཁང་གི་སྒོ་ཐེམ། ཁང་རལ་གྱི་མཛོད་སྒོ །མཁར་གྱི་ཞོལ་ར། ཆུ་བོའི་ཁུག་སོ་དང་ཆུ་འདུས་སྣ། མཚོའི་དཀྱིལ་སྣ། སྒང་པོའི་སྣ། ཐང་ཆེན་ལམ་རྒྱ་གྲམ་ཚོང་འདུས་རྣམས་ཀྱི་དཀྱིལ། བྱ་དང་མི་དང་སྦལ་པ་གྱེན་དུ་རྒྱུག་འདྲའི་སྙིང་ཁ། གླང་ཆེན་གྱི་གཙུག །སེང་གེའི་གཡུ་རལ། དུད་འགྲོའི་རྭ་བར། ནགས་འཐུག་པོའི་སྲབ་ས། སྲབ་པའི་འཐུག་ས། མདོར་ན་གནས་དེའི་གནད་ཆེ་ཞིང་ཕར་ཞེན་པས། དཔེར་ན་མིའི་སྙིང་ལྟ་བུ་ལ་རང་འདུག་གོ །དུད་འགྲོའི་རྭ་རྩེ་གཅན་གཟན་མཆེ་བ་ལྟ་བུ་ལ་འདུག་མི་རུང་ངོ་། །དེ་ཡང་གཉན་ས་ཆེན་པོ་ཡིན་ན། གཅོད་དཔོན་རང་གང་གཉན་སར་བསྡད། དེ་མཆན་གཉན་ས་གཅིག་ན་ནད་པ་བཞག །དེ་མཆན་གཉན་ས་གཅིག་ལ་ཐབ་ཀ་བཅའོ། །ནད་པ་དང་གཅོད་དཔོན་ཐག་ཉེ་བ་གལ་ཆེའོ། །གཉན་ས་ཆུང་ན་གཉན་སར་ནད་པ་བཞག །དེ་མཆན་གཉན་སར་གཅོད་པ། དེ་མཆན་ཐབ་ཀ་བཅའོ། །ཡང་གཉན་སའི་ས་མིག་མ་རྙེད་པའམ། ན་བུན་གྱིས་བཏུམས་ནས་མ་རྙེད་ན། ཕཊཿ རང་ཉིད་ཕག་མོ་མཐིང་ནག་སྐུ་ལ་མི་ལྤགས་གསོལ་བར་བསམ། དྷ་དྲིལ་འཁྲོལ་ཞིང་ཕཊཿསྒྲ་དང་བཅས་པས་གར་སྟབས་འཆམས་ཤིང་ས་ཆ་དེར་བསྐོར་བ་བྱས་ལ། སྦྲིད་ཟིང་ངེ་བའམ། སྐྱི་ཤ་ཟ་བའམ། སྐྲག་ཛབ་པའམ། འཇིགས་འུབ་འུབ་པའམ། བག་དྲོ་བ་ཉམས་དགའ་ཡ་ལེ་བ། དེ་འདྲ་གར་བྱུང་ས་དེར་བསྡད། དེ་ནས་གུར་རམ་ཁྲ་ཐེར་ཅོག་པུའམ། གཡབ་དེར་ཕུབ་ལ། གུར་དེ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། ཆོན་ཐག་འཇའ་ཚོན་གྱི་དྲ་བ། ཆོན་ཕུར་རྣམས་རིགས་བཞི་མཁའ་འགྲོར་བསྒོམ། ཕུར་པ་རྣམས་ཤར་ནས་རིམ་པར། ཧ་བཛྲ་ཌཱ་ཀི་ནཱི་ཧཱུྃ༔ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ༔ ནི་པདྨ་ཌཱ་ཀི་ནཱི་ཧཱུྃ༔ ས་ཀརྨ་ཌཱ་ཀི་ནཱི་ཧཱུྃ༔ ཞེས་དང་གུར་ལ། ཨོཾ་བྷུདྡྷ་ཌཱ་ཀི་ནཱི་ཧཱུྃ༔ དེ་ལྟར་བྱིན་གྱིས་བརླབས་ནས་མི་འགོང་པ་དམ་ཚིག་གོ །དེ་ནས་དེའི་ནང་དུ་ཉལ་ས་བདེ་མོ་གཅིག་བཅས། ས་དེའི་ཤིང་ལོ་སྣ་ཚོགས་བཏིང་། ཕཊཿ ཉལ་ཞབས་དེར་ལྕགས་ཁང་གྲུ་གསུམ་ཁ་རུབ་ལ་གཏིང་ཟབ་པ། རྒྱ་ཆེ་ལ་རྔམས་འཐུག་པ་གཅིག་ཏུ་གྱུར། སྟན་མཆན་ཁུང་དུ་བཅུག་ལ། ཕཊཿ རང་རྗེ་བཙུན་མ་དམར་མོ་ཕྱག་གཡས་གཡང་གཞི་གཡབ་ཅིང་། གཡོན་རྐང་གླིང་ཚག་ཚག་འབུད་པ་གཅིག་ཏུ་བསྒོམ། ཅོག་བུའི་ཕྱོགས་བཞིར་རྐང་དུང་འབུད། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་བཀུག་པར་བསྒོམ། ཕཊཿབརྗོད། ལྷ་འདྲེ་འདུས་རབ་གཉན་འབོད་བྱེད། ནད་པ་ཡོད་ན། ནད་པ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་ཐམས་ཅད་ཚུར་འདུས་ཤིག །ཅེས་འབོད་པ་བྱ། ལྷ་འདྲེ་ཐམས་ཅད་རང་གི་དྲུང་དུ་འཁོད། ཕྱི་ནས་མཁའ་འགྲོ་བརྒྱད་པོས་བསྲུངས་པས་འགྲོ་དབང་མེད་པར་བསམ། གནས་གདོན་ལུས་གདོན་གཉིས་ཞབས་ལྕགས་ཁང་དུ་ཚུད་པར་བསྒོམས་ལ་འགུག་གཞུག་ལན་གསུམ་བྱེད། གཉན་སར་ཇག་རྐུན་འོང་དོགས་ན། ཕཊཿ ལྕགས་ཁང་ཁ་ལྕགས་སྲོག་གི་དྲྭ་བས་བཀབ་པའི་དྲ་མིག་ཏུ་རྣིྲ་མགོ་མཐུར་བསྟན་གྲངས་མེད་ལས་བྱུང་བའི་ཇག་རྐུན་ཐམས་ཅད་མགོ་མཐུར་དུ་རྐང་པ་དྲྭ་བ་ལ་ཐོགས་པར་བསྒོམས་ལ་འགུག་གཞུག་སྐབས་སུ་བྱའོ། །དེ་ནས་སྟན་དེ་མི་ལྤགས་ཀྱི་གཡང་གཞིར་གྱུར་པས་ལྕགས་ཁང་དེའི་ཁ་བཀབ་པར་བསམས་ལ་སྟན་བཏིང་། དེ་ནས་རྐང་དུང་བུས་ལ། ནད་པ་ཡོད་ན་ལྷ་འདྲེ་ཐམས་ཅད་ལ་འབོད་པ་ཆེན་པོ་བྱས་ལ། ༈ འཽ་ལྷ་འདྲེ་ཁྱེད་རྣམས་ཉོན་ཅིག །མི་འདིའི་ལུས་ལ་ནད་བྱུང་ནས་འོང་བ་ཡིན་པས། མི་འདི་ད་ལྟ་ཉིད་ལ་སྐད་ཅིག་ཉིད་དུ་མནར་མེད་པའི་དམྱལ་བར་བསྐྱུར་ནས་གཏན་དུ་ཐར་དུས་མེད་པ་གཅིག་གྱིས། ལུས་འདི་ད་ལྟ་ཉིད་དུ་ཟོ་ལ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པ་གཅིག་ད་ལྟ་སྐད་ཅིག་ཉིད་དུ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གློ་བུར་ཉི་ཁྲི་ཆིག་སྟོང་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ད་ལྟ་སྐད་ཅིག་ཉིད་ལ་ཐོངས། ན་མི་ཐུབ་ཤི་མི་ཐུབ་དབུགས་ཕྱི་ནང་དུ་རྒྱུ་མི་ཐུབ་པ་གཅིག་ད་ལྟ་ཉིད་ལ་མ་བྱེད་པ་ན་ར་ཀན། ད་ལྟ་ཉིད་དུ་དེ་མི་བྱེད་ན་ནད་འདི་དང་གདོན་འདི་ལོང་། ལུས་དང་ལུས་གདོན་ཕྲོལ། གལ་ཏེ་དེ་གཉིས་གཅིག་མི་བྱེད་ན། ང་གནས་འདིར་ཅི་སྲིད་འཁོར་བ་མ་སྟོང་གི་བར་དུ་འདུག །མཛེ་ཤ་དམེ་ཤ་ནལ་ཤའི་ཐང་མར་བརྡལ། མཛེ་ཁྲག་དམེ་ཁྲག་ཡུག་ས་མའི་མངལ་ཁྲག་དུག་ཁྲག་གི་རྒྱ་མཚོ་བསྐྱིལ། དཀར་ཐབ་དམར་ཐབ་སྔོ་ཐབ་སྣ་ཚོགས་བཏང་། རྫས་རྒོད་ཀྱི་དུ་བས་ཡུལ་ཁམས་བཀང་། བྲག་བཤིགས་ཤིང་གཅོད་མཚོ་དང་ཆུ་མིག་དཀྲུག །རི་བསྙིལ་གསས་མཁར་བརྫོགས། གནམ་ས་ཁ་ཞབས་བཟློག །ནམ་མཁའ་འདི་མ་ཞིག་གི་བར་དུ་ཁྱོད་ལྷ་འདྲེ་རྣམས་དང་འབྲལ་བ་མེད་པར་སྐད་ཅིག་ཀྱང་གཡོ་འགུལ་མི་བྱེད་དོ། །ཞེས་བརྗོད། དེ་བསམ་ཡང་བསམ། དེ་བས་ད་ལྟ་ཉིད་དུ་ཕྲིན་ལས་སྒྲུབས་ཤིག །ཕཊཿ །ཅེས་ལན་གསུམ་བརྗོད། ནད་པ་མེད་ན་ལྷ་འདྲེ་ལ་འབོད་པ་བྱས་ལ། ཁྱོད་རྣམས་ཉོན་ཅིག །ཁྱོད་རྣམས་ལ་བདག་གིས་དམ་པའི་ཆོས་བཤད། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་འོང་བ་ཡིན་པས། བདག་གི་ཕྲིན་ལས་སྒྲུབས་ཤིག །ཆར་འབོད་ཡིན་ན། སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་སྐྱོབ་པའི་དོན་དུ་ཆར་འབེབ་པའི་ཕྱིར་དུ་འོང་བ་ཡིན་པས། འཛམ་གླིང་ཁྱབ་པའི་ཆར་ཆེན་པོ་ཕོབ། གལ་ཏེ་དེ་ཙམ་མེད་ན་ཡུལ་ཆེ་གེ་རྣམས་སུ་ཆར་ཆེན་པོ་ཕོབ། དེ་ལྟར་མི་བྱེད་ན། ཞེས་སོགས་གོང་ལྟར་བརྗོད། དེ་ནས་སྟན་ཐོག་ཏུ་འདུག་པ་དང་མཉམ་དུ། རང་ཉིད་ཁྲོས་མ་མཐིང་ནག་འཇིགས་སུ་རུང་བ་ཐོ་བ་དང་ལྕགས་ཀྱུ་བསྣམས་པར་བསྒོམ། ཧཱུྃ་ལན་བདུན་བརྗོད་པས་སྐུ་ལས་ཁྲོ་མོ་རང་འདྲ་བ་གྲངས་མེད་པ་འཕྲོས་པས། ཕྱི་རོལ་ཐམས་ཅད་ཁྲོ་མོའི་གུར་དུ་གྱུར་ནས་ལྷ་འདྲེ་གར་ཡང་འགྲོ་དབང་མེད་པར་གྱུར་པས། ཟིལ་གྱིས་ནོན་ནས་རང་ལ་ཐལ་མོ་སྦྱར་ནས་བཀའ་ཉན་པར་བསྒོམ། ཕཊཿ མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་གསུམ་དང་ཐུགས་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་ལྟར་བཞུགས་པར་བསྒོམ། ཕཊཿ རང་ཉིད་ཐ་མལ་པར་གྱུར་ཏེ་ལྷ་འདྲེ་རྣམས་ཀྱང་རང་གི་རམ་བུ་བཀྱག་ནས་སྐྱབས་འགྲོ་སེམས་བསྐྱེད་མཉམ་དུ་བྱེད་པར་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཞེས་སོགས་བརྗོད་ཅིང་ལྷ་འདྲེ་ལ་སྙིང་རྗེ་བསྐྱེད་ཅིང་། ན་མོ་འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཞེས་སོགས་གཞུང་ལྟར་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་རྣམས་བྱ། དེ་ནས་གཉན་མིག་ཏུ་ཐབ་ཁ་བཅས་ལ། འོ་ཅི་སྲིད་སངས་མ་རྒྱས། བྱང་མ་ཆུབ། བྱམས་པ་མགོན་པོ་མ་བྱོན་བར་དུ། ལྷ་འདྲེ་ཁྱེད་རྣམས་དང་འབྲལ་བ་མེད་པར་གནས་འདི་ན་ཕོ་བྲང་བཏབ་པ་ཡིན་ནོ། །བརྗོད། ཐབ་གསུར་ཤོར་དོགས་ན་ཐབ་འཕྲག་ཡང་བྱེད་ཐབས། དང་པོ་ནས་སྣོད་གཅིག་ཏུ་འོ་མ་ཆང་ཇ་སོགས་བླུགས་ལ་དེའི་ནང་དུ་མེ་གཅིག་བཅུག་ལ། གཅིག་གིས་ཐབ་ཐལ་ཞེས་འབོད་དོ། །གལ་ཏེ་ཐབ་གསུར་ཤོར་ན། གཅོད་པ་སློབ་དཔོན་ཐམས་ཅད་ཁྲོས་མ་དམར་མོར་བསྒོམས་ལ། ཀུན་གྱི་ཐབ་འདུལ་བརྗོད་ཅིང་ཕཊཿམང་དུ་བརྗོད་པས་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་དང་ལྕགས་ཀྱི་རྡོ་རྗེ་གཉིས་རེས་མོས་སུ་འཕྲོས་ནས། ཁོའི་གནས་ཁང་བཤིགས་ནས་ཁོ་ལ་རྒྱབ་བསྡིགས་བྱས་པས་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ན་ཐབ་འདུལ་དམིགས་པ་ནི། རང་གི་ཤ་ཁྲག་ཉིལ་གྱིས་སོང་བ་ལྷ་འདྲེ་ཐབ་བདག་ཐམས་ཅད་ཀྱིས་ཟོས་འཐུང་ཚིམ་ཞིང་དགྱེས། ཐབ་བདག་དེའི་ནད་དང་ཐབ་ཀྱི་རླངས་པ་ཐམས་ཅད་ལ་ཐིམ་པར་བསམ། ཐབ་ཀྱི་ནད་དང་ཐབ་རླངས་ཐམས་ཅད་བདག་ལ་ཐིམ་པར་གྱུར། ཕཊཿ ཅེས་བརྗོད་དེ། དམིགས་མེད་དུ་བཞག །འདི་ཚོའི་དམིགས་པ་ཀུན་གྱིས་བཟུང་བ་གལ་ཆེའོ། །དེ་མིན་ཐབ་གསུར་ཤོར་ན་ཤུ་ཐོར་འོང་བས་ཇ་ཧུབ་ནམ་འཕུར་ཤོར་ཡང་དམིགས་པ་བྱ་དགོས། དེ་རྣམས་སྔོན་འགྲོ་ཡིན་ནོ། །ྀཨཚ། ས་མཱ་ཡ། དངོས་གཞི་ལ། དཀར་བགེགས་ནི་མི་བྱེད། དེ་མིན་མཆོད་གཏོར་ཡང་བསྡུས་པ་གཅིག་བཤམ། ལྷ་འདྲེ་དེ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་བསྐྱེད་རྫོགས་ཉམས་སུ་ལེན་པར་བྱ་སྙམ་དུ་སེམས་བསྐྱེད་ལ། རང་གིས་རྒྱུན་ཁྱེར་གྱི་ཐུགས་སྒྲུབ་མང་ཉུང་གང་རུང་ངམ། ཉུང་བ་ཙམ་བྱས། དེ་ཡང་མཚམས་གཅོད་ནི་མི་བྱེད། ཐུན་མཚམས་ཡིན་པས་ཐུན་རེ་མ་རྫོགས་བར་སྲུང་འཁོར་ལྕགས་ཁང་གི་ཁ་དེར་བསྒོམ་ཆོག །གཏོར་བསྔོས་སོགས་ཚང་བར་བྱས། ཐུན་བསྡུས་མི་དམིགས་པར་བྱས། དེ་ནི་སྔ་ཕྱི་ནམ་བྱེད་ཀྱང་ཐུན་ལ་མི་བརྩི། དེ་མིན་པའི་ཐུན་རི་བོས་གསེར་ཞུ་གྱོན་དུས། ཉིན་ཕྱེད་དང་པོ། གྲིབ་ཆེན་འདུས་དུས། སྲོད་སྐར་མ་ཤར་དུས་མཚན་ཕྱེད་དང་དུས་དྲུག་ལ་ཐུན་བཟུང་། ཐུན་དྲུག་ཀ་ལ་དང་པོ། ཕཊཿ རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཁ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས། གནོད་བྱེད་ཐམས་ཅད་དང་སྣང་སྲིད་ཀྱི་ལྷ་འདྲེ་ཁྱད་པར་དུ་གནས་གདོན་དང་ལུས་གདོན་ཐམས་ཅད་རང་དབང་མེད་པར་བཀུག་ལ། ཐམས་ཅད་ཁྲོམ་ཚོགས་པ་ལྟར་རང་གི་མཐའ་སྐོར་དུ་དཔུང་ངེ་བཀོད། གནོད་བྱེད་རྣམས་འོག་གི་ལྕགས་ཁང་དུ་ཚུད་པར་དམིགས། ཀྱེ་མ་འདི་ཐམས་ཅད་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་ད་རུང་ཡང་ངན་སོང་དུ་ཡང་ནས་ཡང་དུ་འཁོར་བ་འདི་སྙིང་རེ་རྗེ། ཞེས་ཞེ་ཐག་པ་ནས་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། ཞེས་རྒྱང་འབོད་བྱེད། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་དམིགས་ལ། ལྷ་འདྲེ་དང་རིགས་དྲུག་ཐམས་ཅད་ཀྱིས་རམ་བུ་བྱེད་པར་བསམས་ལ། སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་བྱེད། རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་བྱས་ལ། བླ་མ་སྤྲུལ་སྐུའི་གསོལ་འདེབས་སོགས་དང་ཐུགས་སྒྲུབ་གསོལ་འདེབས་སོགས་བྱས། དེ་ཡང་རང་དང་ནད་པའི་ནད་གདོན་ཞི་བའི་ཕྱིར་སྐྱབས་འགྲོ་སོགས་བྱས་ན་མི་རུང་བས། ལྷ་འདྲེ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་སྐྱབས་འགྲོ །ལྷ་འདྲེ་བྱང་ཆུབ་ཐོབ་པའི་ཕྱིར་དུ་སེམས་བསྐྱེད། ལྷ་འདྲེ་ཚོགས་རྫོགས་ཕྱིར་མཎྜལ། ལྷ་འདྲེའི་རྒྱུད་བྱིན་གྱི་བརླབ་ཕྱིར་བླ་མའི་རྣལ་འབྱོར་དང་གསོལ་འདེབས་བྱེད་པ་ཡིན། བྱེད་ལུགས་འདྲ་སྟེ་བསམ་ལུགས་མི་འདྲའོ། །དེ་ཡང་སྐྱབས་ཡུལ་རྣམས་མཁའ་ལ་མི་བསྡུ་བར་བཞག །དེ་ཟིལ་གནོན་ཡང་ཡིན། མཎྜལ་དེ་ལ་འབུལ། རྡོར་སེམས་དུས་ལྷ་འདྲེ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོར་སེམས་བསྒོམས་ལ་བདུད་རྩིའི་རྒྱུན་གྱིས་བཀྲུ་བར་བྱེད། རྡོར་སེམས་ཐམས་ཅད་རང་གི་རྡོར་སེམས་ལ་བསྟིམས་ནས་རང་ལ་བསྟིམ་པ་སོགས་བྱ། བླ་མའི་རྣལ་འབྱོར་དུས་ཀྱང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ལྷ་འདྲེའི་གནས་གསུམ་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསྒོམ། དེ་ནས་རང་ལ་བྱང་སེམས་ཀྱི་དབང་བསྐུར་སོགས་གཞུང་ལྟར་བྱས། དེ་ནས་རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་བསྒོམས་ལ། གནོད་བྱེད་ལྷ་འདྲེས་གཙོ་བྱས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཁོ་ན་ཡིན། འདི་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན། བདེ་བའི་རྒྱུ་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམས་ལ། དབུགས་ཕར་བཏང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་བ་ཐམས་ཅད་གདོན་དང་གཞི་བདག་གིས་གཙོས་པའི་སེམས་ཅན་ཐམས་ཅད་ལ་གཅིག་ཀྱང་མ་ལུས་པར་སིབ་ཀྱིས་ཐིམ་པས། ཁོང་རྣམས་གནས་སྐབས་སུ་བདེ་སྐྱིད་ཕུན་སུམ་ཚོགས་ནས། མྱུར་དུ་སངས་རྒྱ་བའི་སྐལ་པ་ཅན་དུ་གྱུར་པར་བསྒོམས་ལ། བདག་གི་བདེ་དགེ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད། ལྷ་འདྲེ་དང་གནོད་བྱེད་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་སྔར་ཡང་འཁོར་བ་མཐར་མེད་དུ་འཁྱམས། ད་རུང་ཡང་གནོད་སེམས་དང་གདུག་རྩུབ་ཀྱིས་ངན་སོང་མཐའ་མེད་དུ་འཁྱམ་དགོས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམ། རླུང་ཚུར་རྔུབ་པ་དང་བསྟུན། ལྷ་འདྲེ་གཞི་བདག་གནོད་བྱེད་ཀྱིས་གཙོས་བྱས་སེམས་ཅན་ཐམས་ཅད་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་གཅིག་མ་ལུས་ཚུར་སིབ་ཀྱིས་རང་གི་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས། མེ་ལྕེ་ལ་ཤིང་བསྣན་པ་ལྟར་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་སང་གིས་བསྲེགས་ནས། རང་དང་ཧྲཱིཿཡིག་སྔར་བས་བཀྲག་མདངས་རྒྱས་པར་བསྒོམ། ལྷ་འདྲེ་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་དམ་པ་དང་མ་བྲལ་ན་དགའ་བ་ལ་སྙམ་པ་དང་། ལྷ་འདྲེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་མཉམ་པས་ཐམས་ཅད་ཁྱད་མེད་པའི་བཏང་སྙོམས་བསྒོམ། རྒྱས་པར་སྤྲོ་ན་ལུས་སྦྱིན་མང་ཉུང་གང་རིགས་གཅིག་ཁ་སབ་རུང་ལ། མ་བྱས་ཀྱང་རང་གཞུང་འདིས་ཆོག་པས། ཉམས་ལེན་རྩ་བ་ཆོས་སྤྱོད་ལམ་རིམ་ནས་གསུངས་པའི་ཀུ་སུ་ལུ་པའི་ཚོགས་གསོག་དང་། གསང་ཁྲིད་གཞུང་གི་ཐོད་ཞལ་མའི་དམིགས་པ་འདི་གཉིས་ཡིན་པས། ཐུན་རེ་ལ་དམིགས་པ་བརྒྱ་རྩའམ། ལོ་གྲངས་སམ་ཉེར་གཅིག་གམ། ཟིན་དཀའ་ན་ཚར་བདུན་རེ་ཙམ་བྱེད། དེ་ཡང་ནམ་མཁའ་གོ་འབྱེད་དུས་བསྲེ་བ་གལ་ཆེ་སྟེ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་གསང་གནས་ནས་སྤྱི་གཙུག་བར་དུ་སྦ་ལྕག་ཙམ་ཟང་ཐལ་དུ་ཡོད་པར་བསྒོམས་ལ། ལྟེ་འོག་སོར་བཞི་ན་རང་གི་རྣམ་ཤེས་བླ་ཚེའི་ངོ་བོ་ཐིག་ལེ་དཀར་དམར་མདངས་ཅན། བྱ་མ་སར་གྱི་སྒོ་ང་འམ། རྒྱ་སྲན་རློན་པ་ཙམ་གཅིག་བསྒོམ། དེ་ནས་ནད་པ་དང་འཁོར་དང་རྟ་ཁལ་རྣམས་ཀྱི་རྣམ་ཤེས་ཐིག་ལེ་སྦར་པ། གསང་གནས་ནས་ལྟེ་འོག་རང་གི་ཐིག་ལེ་ལ་བསྟིམ། དེ་ནས་ཕཊཿཅེས་ཐིག་ལེ་སྤྱི་བོ་ནས་རྒྱང་སྟེ་ཐོན་ནས། སྤྱི་བོའི་ནམ་མཁའ་ལ་རྡོ་རྗེ་ཕག་མོ་གཞུང་ལྟར་གསལ་བའི་ཐུགས་ཀར་བསྟིམ། རྣལ་འབྱོར་མ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཐིམ། དེ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་དུ་དར་གཅིག་བཞག་ལ་དབྱིངས་རིག་བསྲེ། སླར་ཡང་རང་སེམས་རྗེ་བཙུན་མ་ཆུ་ལ་ཉ་ལྡང་བ་ལྟར་བྱོན། འཁོར་དང་རྟ་ཁལ་ནད་པའི་རོ་རྣམས་རང་གི་རོ་ལ་བསྟིམ། དེ་ནི་རོ་བསྲེའོ། ༈ །དེ་ནས་བདག་གི་ལུས་ཚོགས་མཆོད་དམིགས་པ་ནི་ཁྲིད་གཞུང་ལྟར་ཡིན་ལ། ཕཊཿ དཀར་འགྱེད་ནི་རོ་དེ་བདུད་རྩི་འོ་མའི་རྐྱལ་པ་ལྟ་བུ་དཀར་གསུམ་མངར་གསུམ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ལ་སོགས་པར་གྱུར་ནས་དཀོན་མཆོག་མཆོད། ཕཊཿ བསྟེན་རྫས་བསྒྲུབ་རྫས་སུ་གྱུར་ནས་ཆོས་སྐྱོང་བསྐང་། ཕཊཿ རང་གི་ཙིཏྟ་འདོད་པའི་བཟའ་གཏུང་ལོངས་སྤྱོད་དུ་གྱུར་ནས་རིགས་དྲུག་ཚིམ། ཕཊཿ ལན་ཆགས་བུ་ལོན་བྱང་། ཕཊ༔ འབྲུ་སྨན་རིན་ཆེན་དར་ཟབ་གོ་ཁྲབ་ཏུ་གྱུར་ནས་གཞི་བདག་མཉེས། ཕཊཿ བདུད་རྩི་ཀླུ་སྨན་སྣ་ཚོགས་སུ་གྱུར་ནས་ཀླུ་ནད་སེལ་བར་བསྒོམ། ཕཊཿ དབང་ཆུང་བ་རྣམས་རང་རང་གི་ལོངས་སྤྱོད་ཅི་འདོད་པའི་ལྷག་མ་ཐོབ་པར་དམིགས། ༈ དམར་འགྱེད་ནི། ཕཊཿ རང་ཉིད་རྗེ་བཙུན་མས་གྲི་གུག་གིས་ལྤགས་པ་བཤུས་ནས་བཏིང་ནས་སྟོང་གསུམ་ཁྱབ། དེའི་སྟེང་དུ་བམ་རོ་ལ་གྲི་གུག་ཚད་ཙམ་གྱིས་ཤ་རི་ཁྲག་མཚོ་བཙོས་བསྲེགས་རློན་གསུམ་ཅི་འདོད་པར་གྱུར་པ་ལ། ལྷ་འདྲེ་ཤ་ཁྲག་ལ་དགའ་བ་ཐམས་ཅད་ཀྱིས་ལྷག་མེད་དུ་ཟོས་པས་དགའ་མགུ་ཡི་རང་བར་བསྒོམ། དེ་ནས་ཐུན་མཚམས་ཐམས་ཅད་དུ་ནད་པའི་དོན་ཡིན་ན་ནད་སོ་སོའི་དམིགས་པ་གཞན་ནས་འབྱུང་བས་རྒྱས་བཏབ་པའམ། རང་གཞུང་གེགས་སེལ་ནས་བྱུང་བའི་དམིགས་པ་གནད་དུ་བསྣུན། བོགས་འདོན་ཡིན་ན། བྱམས་སྙིང་རྗེ་སྒྱུ་ལུས་བསྐྱེད་རིམ་སྟོང་ཉིད་གང་ལ་བོགས་འདོན་པ་དེའི་དམིགས་པ་གཞུང་ན་ཡོད་ལྟར་འབད། དེ་ལྟར་བྱས་པས་སློང་རྟགས་མ་བྱུང་ན། རང་ཉིད་རྗེ་བཙུན་མ་ནག་མོ་འཇིགས་སུ་རུང་བར་བསྐྱེད་ལ་བརྟུལ་ཞུགས་བྱ་སྟེ། མཚོ་ཡིན་ན་ཕྱག་གཡས་གསེར་གྱི་རྡོ་རྗེས་མཚོ་དེ་དང་ཀླུའི་ཕོ་བྲང་ཐམས་ཅད་དཀྲུག་པར་བསྒོམ། ན་བ་ལ་ཕྱག་ན་འཇོར་བསྣམས་པས་ཁོའི་གནས་ཁང་དང་བཅས་པ་རྨིངས་ནས་རློག་པར་བསྒོམ། བྲག་ལ་ཕྱག་གཡས་གནམ་ལྕགས་གྱི་རྡོ་རྗེ་ཁོའི་གནས་ཁང་ལ་བརྒྱབ་པས་ཤིག་ཤིག་བྱེད་པར་བསྒོམ། ཤིང་ལ་ཕྱག་ན་གསེར་གྱི་ཟོར་བ་བསྣམས་པས་ཁོའི་བ་སྤུ་སྨ་ར་ཨག་ཚོམ་ཅོ་ཐོ་ཐམས་ཅད་བྲེག་པར་བསྒོམ། རི་ལ་རྡོ་རྗེ་བརྒྱབ་པས་ཐལ་ཕུང་ལ་གྱད་བརྒྱབ་པ་ལྟར་བསྒོམ། དེ་རྣམས་དངོས་སུ་གཞུང་ནས་བྱེད་པ་ལྟར་གསུངས་ཀྱང་། དངོས་སུ་བྱེད་ན་ཤན་པ་ལག་དམར་དང་འདྲ་བར་གསུངས་པས། ཡིད་ཀྱིས་བྱེད་རྒྱུ་ཡིན་ནོ། །ཐབ་བཏད་གསུངས་པ་ཡང་དངོས་སུ་མི་རུང་བས། དམིགས་པ་དཀར་ཐབ་དམར་ཐབ་ཆེན་པོ་གཉན་ས་དེར་བཏང་རྒྱུ་འུར་རི་ཉིལ་བ་ཙམ་དུ་བསྒོམ་མོ། །གཞུང་ལྟར་ཕུར་པ་ཐོགས་ལ་སྟངས་སྟབས་འཆམ་མོ། །དེ་ཡང་མགར་བ་དང་སོལ་ཁང་མགར་བྱེད་པ་རྨི་བ་ཉམས་ལ་ལྕགས་རྡུང་བའི་སྒྲ་དང་། ས་འོག་ནས་སྒྲ་གྲགས་པ་རྐང་པ་སྦྲིད་ཆིལ་ཆིལ་བྱེད་ན་སྟེང་འོག་གི་ཐོག་ཡོད་ལ། ཚྭ་ཚྭ་དང་ཟེར་སྒྲ་ཙིར་སྒྲ་གྲགས་ན་ད་ལྟ་ཉིད་དུ་འོང་། ཐོག་སྲུང་སྟེང་གི་ནམ་མཁར་གསེར་གྱི་འཁོར་ལོའི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་སངས་རྒྱས་སྟོང་། རང་ཉིད་རྗེ་བཙུན་མ་རིགས་ལྔས་དབུ་བརྒྱན་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་ནང་དུ་ནད་པ་རྟ་ཁལ་བསྲུང་བྱ་ཐམས་ཅད་བཙུད། རང་གྱི་ཕྱོགས་མཚམས་མཁའ་འགྲོ་མའི་རྭ་གུར། རྐང་ཞབས་སུ་གཡུའི་གྲོད་པ་ཆེན་པོ་གཅིག་བསྒོམ་ལ་ཐོག་སྲུང་ཡིན། རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས་ཐོག་སེར་བདག་པོ་དང་བཅས་པ་མཐའི་རྒྱ་མཚོའི་ཕར་འགྲམས་སུ་རྒྱང་བཏང་བར་བསྒོམས་ལ་ཕཊཿདྲག་ཏུ་བརྗོད་སྡིགས་མཛུབ་བྱའོ། །དེ་ནས་དགེ་སྦྱོར་ཐུན་དུ་བཅད་པས་སློང་ཚད་ནི་དངོས་སུ་ཡང་རང་ལ་མ་ཉེས་ཁ་ཡོག་དང་འབར་ཤ་སྐུར་འདེབས་བྱེད་པ། བཀྱིག་བརྡུང་གསོད་གྲབ་བྱེད་པ། སློབ་དཔོན་མཆེད་གྲོགས་སྔར་མཐུན་པ་རྣམས་བྱེ་བ་འགྲས་པ། འབྲུག་གློག་ཐོག་སེར་རླུང་ཐོག་རྦབ་འོང་བ། འབོད་པ་འགྲམ་ལྕག་རྡེག་པ། སྐྲགས་ཟིང་བ་སྤུ་ལོང་བ་ལུས་བསྔངས་ཤིང་རྔུལ་བ་འོང་། རྨི་ལམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བརྗོད་ཀྱིས་མི་ལང་ངོ་། ནང་སློང་ནད་སྣ་ཚོགས་དང་གློ་བུར་དུ་སྐྲགས་སྔངས་འབྱུང་ངོ་། །གསང་སློང་ཐེ་ཚོམ་འཁུ་འཁྲིག་དང་ཉོན་མོངས་ཀྱི་རྣམ་རྟོག་སྣ་ཚོགས་སྔར་བས་ཆེ་བ་འབྱུང་ངོ་། ཁྱད་པར་དུ་གཟུགས་མཛེས་པར་སྤྲུལ་ནས་བསླུ་བ་དང་། མི་སྡུག་པར་སྤྲུལ་ནས་མ་སྡོད་ཟེར་བ་དང་། འཆི་དུས་འདེབས་པ་དང་། ལྷ་དང་བླ་མར་སྤྲུལ་ནས་ཆོས་དང་འགལ་བའི་ལུང་སྟོན་པ་རྣམས་སློང་ཚད་དོ། །དེ་ནས་ཉམས་ལེན་ངང་ལ་བསྡད་པས། ཆོད་ཚད་དམ་ཚར་ཚད་ནི། ནད་པ་ཡོད་ན། རུ་བ་སྐྱས་པ་ཚོང་པའི་སྒར་བཀྱག་པ། དམག་འུར་བྲོས་ཞོག་དང་། སྐྱེ་ཤིང་ཆག་པ། ཆུ་མིག་སྐམ་པ། བཅིང་ཐག་བཅད་པ། བུད་མེད་ངུ་བ་དང་། བུད་མེད་ཤི་བ་བསྲེགས་པ། དུད་འགྲོ་བཏག་པ་གྲོལ་བ། ཟས་ནོར་མི་ལ་ཤོར་བ། གོས་ཕུད་པ། གཅེར་བུར་བུད་པ། གྲོང་ཞིག་པ། ཁོང་ཁྲག་ཤད་པ། ཁྲུས་བྱེད་པ། ངོ་ཤེས་པའི་སེམས་ཅན་ཤི་བ་དང་བསྲེགས་པ་དང་། ཤ་ཉེ་ཤི་བ་དང་། ནོར་ཤོར་བ་ཆུ་སྐམ་པ། ཤིང་སྐམ་པ་རི་མེ་ཤོར་བ། སྲོ་ཤིག་འབུ་སྲིན་སེམས་ཅན་བུད་པ། གོས་རུལ་ཕུད་པ། སྐྱུག་སྦྱངས་དྲི་ཆེན་དྲི་ཆུ་འདོར་བ། ལུད་སྙིགས་ཕྱག་པ། ལྷ་ཁང་འགྱེལ་པ། ཁྲག་རྣག་ཆུ་སེར་འཛག་པ། ན་ཚ་སྔར་བས་ཆུང་ཞིང་ལུས་ཡང་ཟ་མ་འདོད་པ་རྣམས་ནད་ཆོག་རྟགས་སོ། ༈ །ནད་པ་མེད་ན་འཐབ་པ་དུ་མ་བྱས་པ། ཕོ་བྲང་བསྟན་པ། གློ་སྙིང་སོགས་སྲོག་འཕྲོག་པ། ཚུར་གཏད་པ། མེ་ཏོག་དཀར་སེར་ཐུ་བ་དང་། ཆོ་འཕྲུལ་ཞི་བ་སོགས་བཟང་རྟགས་སྤྱི་དང་མཐུན་ཞིང་། ཕྱག་འཚལ་ཞིང་རྫས་ཁྱད་པར་ཅན་སྟེར་ན་ཚར་ཚད་ཡིན་ནོ། །དེ་ཡང་དངོས་སུ་འབུལ་བ་སོགས་སྙད་སྙོད་མེད་པར་བྱུང་ན་ཆོད་རྟགས། ཟས་ནོར་སྙད་སྙོད་མེད་པར་བྱུང་ན་མ་ཆོད་པའོ། །རྨི་རྟགས་བཟང་ཡང་ཡིད་མི་བདེ་ན་མ་ཆོད། རྨི་ལྟས་ཚར་ཚད་བརྡའ་ཅི་བྱུང་བས་ཡིད་བདེ་ན་ཆོད་རྟགས་སོ། །དད་པ་དག་སྣང་སྐྱེ་བ། ཏིང་འཛིན་གསལ་བ། རྟོགས་པ་ལ་བོགས་བྱུང་ན་ཆོད་རྟགས་སོ། །དེ་ཡང་ངོ་ཤེས་པ་རྣམས་ལུས་གདོན། ངོ་མི་ཤེས་པ་རྨི་བ་གནས་གདོན། དང་པོ་ངོ་ཤེས་པ་རྒྱབ་ནས་ངོ་མི་ཤེས་པར་འགྱུར་ན། གནས་གདོན་ལུས་གདོན་དུ་བརྫུས་པ་ཡིན། དང་པོ་ངོ་མི་ཤེས་པ་དེ་ནས་ཤེས་པར་འགྱུར་ན། ལུས་གདོན་གནས་གདོན་དུ་བརྫུས་པ་ཡིན། སྔར་ནས་རྒྱུན་དུ་རྨི་བའི་གདོན་རྨི་རྣམས་ལུས་གདོན། ངོ་མི་སྟོན་ཞིང་འགྱུར་ལྡོག་ཆེ་ན་གནས་གདོན་ཡིན་ནོ། །དེ་ཡང་དང་པོ་ལུས་གདོན་ཆོ་འཕྲུལ་བྱུང་དེ་ནས་གནས་གདོན་ཆོ་འཕྲུལ་བྱུང་ན་གཉན་ས་ཞན་པ་ཡིན་ནོ། །སྔོན་དུ་གཉན་སའི་ཆོ་འཕྲུལ་རྗེས་ནས་ལུས་གདོན་གྱི་རྟགས་བྱུང་ན་གཉན་ས་འབྲིང་ཡིན། གཉན་སའི་ཆོ་འཕྲུལ་རྟག་པར་བྱུང་ལུས་གདོན་འོང་རྒྱུ་མ་རྙེད་ན་གཉན་ས་ཆེན་པོ་ཡིན་ནོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། ཚུར་ལ་མཚོན་བརྒྱབ་པའི་རྭ་ཅོས་བརྡུང་བ་མཆེ་བས་རྨས་པ། རང་བཤས་པ། ཉེ་དུ་གང་དམར་ཤི་བ། རང་གི་ཁང་པ་འགྱེལ་པ། མེ་ལ་ཤོར་བ། ཟོག་རྩིས་གང་ཆེ་བོར་བ། དགྲ་ལ་ཤོར་བ། དུག་ཟོས་པ། རང་གིས་རང་ཟོས་པ། ཁྱུང་སྦྲུལ་ཉ་ཡིས་རང་མིད་པ། རང་ལུས་རྡུལ་བཞིན་གཏོར་བ། རང་གི་སྙིང་རང་གིས་ཟོས་པ། གཞན་གྱི་གློ་སྙིང་རང་ལ་བྱིན་པ་རྣམས་ཆོ་འཕྲུལ་འདྲ་ཡང་ཚར་ཚད། ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་སྟི་བྱེད་པ་དང་། གཤིན་པོ་མང་པོས་བཀུར་སྟི་བསུ་སྐྱེལ་བྱེད་པ་དང་། ཞྭ་ནག་པོ་དང་སྔོན་པོ་གྱོན་པ། གདན་སྔོན་པོ་དང་ནག་པོ་བཏིང་བ། གོས་སྔོན་ཁྲབ་གོས་ནག་བལ་ནག །སྦང་མ་ཚྭ་གཡེར་ཤ་ཁྲག་རློན་པ་དང་ཤ་བཙོས་པ་རྣམས་ཕུལ་བ་དང་། སྒོག་པ་དང་སྔོ་ཚང་ཟོས་པ། གྲོ་མ་དང་རམ་པ་མོན་བུ་མར་ནག་ལྕགས་སྤྱད་བུ་རམ་ནག་འདུར་བྱེད་པ། མེ་ཏོག་གསར་པའི་གླིང་དུ་ཕྱིན་པ་རྣམས་མགོ་གཡོགས་ཡིན་པས་ད་རུང་འདུག་གོ །སེམས་ཅན་རང་རྒྱུད་པ་དང་ཆོ་འཕྲུལ་གཉིས་ཀྱི་དབྱེ་བ་ནི། རང་གི་ཉལ་ས་སོགས་སུ་སྦྲུལ་དང་སྦལ་པ་སོགས་སེམས་ཅན་གདའ་ན། ཕཊཿ རང་ཉིད་རྗེ་བཙུན་མ་མཐིང་ནག་གི་ཐུགས་ཀ་ནས་མདའ་རྒོད་སྒྲོ་མ་ཉེར་གཅིག་གནམ་ལྕགས་ཀྱི་མདེའུ་ཚྭ་ཚྭ་ཁོལ་བ་འཕྲོས། སེམས་ཅན་དེའི་སྙིང་དཀར་ནག་མཚམས་སུ་བརྒྱབ་པས་ཐལ་བ་བུན་ནེ་སོང་བར་བསྒོམས་ལ། ཕཊཿཤར་དྲག་པོ་ཉེར་གཅིག་བྱའོ། །ངེས་སེམས་ཅན་དེ་ཆེར་སོང་ངམ་ཆུང་དུ་སོང་ངམ་སྟེང་དུ་མཆོང་བྱུང་ན་ཆོ་འཕྲུལ་ཡིན་པས། ཕཊཿ སེམས་ཅན་དེ་འཇིགས་སུ་རུང་བ་གཅིག་ཏུ་གྱུར་པའི་ཁའི་ནང་དུ་རང་འཛུལ་བས་ཁོས་ཟོས་པར་བསྒོམས་ལ། རང་གི་ཁོག་སྨད་བརྗེས་ལ་ཁོའི་ཐོག་ཏུ་འདུག་ལ་ཕུག་པར་བྱའོ། །ཡང་གོང་དུ་དམིགས་པ་དང་ཕཊཿཤར་བྱས་པས་སེམས་ཅན་དེ་བྲོས་ནས་ཐལ་ན་སེམས་ཅན་རང་ག་ཡིན་གར་འགྲོར་བཏང་ལ་རྗེས་སུ་ཐེ་ཚོམ་མི་བྱེད་པ་གལ་ཆེའོ། །སེམས་ཅན་རང་གི་སྟེང་དུ་བསྡད་ན་བསད་པས་སྡིག་ཆེའོ། །ཆོ་འཕྲུལ་གྱི་སེམས་ཅན་ལ་རྣམ་རྟོག་གིས་འཇིགས་པར་བྱས་ན་རང་ལ་ནད་སོགས་བར་ཆད་འོང་བས་སྙེམས་ཐག་ཆོད་པར་བྱའོ། །ནུབ་མོ་ལྷ་འདྲེ་དང་ཇག་རྐུན་མ་འབྱེད་ན། ཕཊཿ རང་ཉིད་ཁོའི་ཁ་ནང་དུ་ཞུགས་པས་ཁོས་རང་ལུས་ཟོས་བར་བསྒོམས་ལ། ཕཊཿ དྲག་ཏུ་བརྗོད་པས་ལྷ་འདྲེ་ཡིན་ན་མེད་ནས་འགྲོ །དེ་ནས་སྟོང་ཉིད་ངང་ལ་བཞག་པར་བྱའོ། །གལ་ཏེ་གཉན་ས་འམ་དུས་གཞན་དུ་མིའི་དགྲ་བྱུང་ནས་ཆས་ཀ་ཤོར་ན། བྱམས་སྙིང་རྗེ་བསྒོམས་ནས་བསྔོ་བ་བྱས་ཏེ་གནོད་ལན་དུ་ཕན་བྱས་ན་གཅོད་པ་རབ་ཡིན་ནོ། །དེ་མ་ཐུབ་ན་རྗེས་ས་བཟུང་ལ་གཉན་ས་དེའམ་གཞན་དུ་ཚར་ཚད་མ་བྱུང་བར་དུ་མཐའ་གཏད་བྱེད། ཚར་ཚད་བྱུང་ནས་མནན་པ་སོགས་ཞལ་ལས་ཤེས་སོ། །གཅོད་ཀྱི་གེགས་སེལ་བ་ནི། གཉན་སར་སློང་ཆོ་འཕྲུལ་བྱུང་ནས་བྲོས་པ་དང་སློང་གིས་ནད་སོགས་བྱུང་བ་དང་། སློང་གིས་ནད་པ་ཐུ་བ་ལ་སྐྲགས་ནས་ཁྱིམ་དུ་ཁྲིད་ནས་གཏོ་དགེ་རིམ་འགྲོ་བྱས་ན། གཅོད་ལོག་པ་ཡིན་པས་རང་ལ་ཡང་མི་དགེ་བ་དུ་མ་འབྱུང་། ནད་པ་མྱུར་དུ་འཆི་བས་སླར་གཉན་ས་དེ་ཉིད་དུ་སོང་ལ་ཚར་ཚད་མ་བྱུང་བར་དུ་བསྡད། ཁྱད་པར་དུ་རང་ཉིད་མཁའ་འགྲོ་ཁམ་ནག་གཟི་བརྗིད་དང་ལྡན་པར་བསྒོམ། ཕྱག་གཡས་གནམ་དང་གཡོན་ས་བཟུང་ནས་གནམ་ས་ཆ་ལང་ལྟར་བརྡབ་པས། ལྷ་འདྲེ་རྣམས་བཅར་ཞིང་སྐྲགས་ནས་སྐད་ངན་ཙེར་ཙེར་ཁས་བླངས་དམ་བཅས་པར་བསྒོམ་ཞིང་ཚར་ཚད་མ་བྱུང་བར་དུ་གཟིར་བར་བྱའོ། །ཡུན་རིང་དུ་བསྡད་ཀྱང་རྟགས་ཅི་ཡང་མེད་ན་གཅོད་རྡུགས་པ་ཡིན་པས་མཐའ་གཏད་གང་རུང་གཅིག་བྱའོ། །ཡང་རྨི་ལམ་དུ་བུ་ལོན་སོད་སྟེང་བདས་པ་དང་། ཁམ་ཆུ་དུམ་སྟེང་ཟློག་ཟེར་བ་དང་གྱེན་ལ་འགྲོ་བ་དེ་ཐུར་ལ་འགྲོ་ཆིས་བྱེད། གོས་ཕུད་ནས་གྱོན་ཆིས། ཁྲལ་སོད་རྒྱབ་དེད་པ། སྤྱད་པ་ཁྱེར་རྒྱབ་གཏད་པ། སེམས་ཅན་གྲོལ་བ་བཏག་ཆིས། གོས་ནག་བསྐོན་ཆིས། མི་རྣམས་ངོ་འཛུམ་ནག་པ། ཞིང་རྨོ་ཆིས་བྱེད་པ་རྣམས་བསྡད་ཡུན་རིང་ནས་གཅོད་འབྱམས་པའི་རྟགས་ཡིན་པས་མྱུར་དུ་སྤོའོ། །གལ་ཏེ་མ་སྤོས་ན་ནད་པ་ལ་ནད་སྣ་ཚོགས་ནི་འོང་ངོ་། །གཉན་ས་ནས་ཉིན་སྐོར་ལ་སོང་ཞག་པོ་ཐོག་ན་གཅོད་བུག་པ་ཡིན་པས་གཉན་ས་དེར་རང་ཉིད་ཡོད་པར་བསྒོམས་ལ་ཉམས་ལེན་བྱ་སྟེ། གཅོད་བུག་ན་དམིགས་པའི་རྒྱང་ཞགས་གཅེས། །ཞེས་གསུངས་སོ། །གཉན་ས་མ་ཆོད་པར་འགྲོ་དགོས་བྱུང་ན། གཅོད་རལ་པ་ཡིན་པས། རང་ཉིད་རྗེ་བཙུན་མར་བསྐྱེད་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་འདྲེ་ཐམས་ཅད་བསྡུས་ཏེ། རང་གི་མལ་ཞབས་རྡེའུ་གཅིག་ལ་ཧཱུྃ་བྲིས་པ་ལ་བསྟིམ། སོར་མཛུབ་ཌཱ་ཀི་སྡེ་ལྔས་གནས་པོ་དེ་ཙེར་གྱིས་བཟུང་བར་བསྒོམས་ལ་སྣོད་ལྕགས་ཀྱི་པར་བུར་བསྒོམས་པའི་ནང་དུ་བཅུག །ཁ་སྦྲུལ་ནག་གིས་བཅིངས་ལ་ལུས་ལ་འཆང་ཞིང་ཞབས་སུ་བཅུག་ལ། རང་གར་འདུག་ཀྱང་གཉན་ས་དེ་ཡིན་པར་བསྒོམས་ལ་ཉམས་ལེན་བྱ། གཅོད་པ་མང་པོའི་ནང་ན་གཅིག་འགྲོ་ན། དཔོན་དེས་འགྲོ་མི་བྱས་ཐལ་ནས། རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་དཔག་མེད་འཕྲོས་པས། རྡོ་རྗེའི་གུར་དུ་གྱུར་པའི་ནང་དུ་གཅོད་སྒར་ཚུད་པར་བསྒོམ། གཅོད་རབ་རྡོ་རྗེའི་གོར་ཞེས་པའི་དོན་ནོ། །ཡང་འདུག་ས་དེ་གཉན་མིག་མ་ནོན་ནས་དེའི་གཉན་ས་གཞན་དུ་གདའ་ན་གཅོད་འཁྱམས་པ་ཡིན་པས། ས་དེའི་གཉན་མིག་གར་གདའ་ནས་ས་རྡོ་ཤིང་གསུམ་བླངས་ལ་རང་གི་ཞབས་སུ་བཅུག་གོ །དེ་ནས་ཚར་ཚད་བྱུང་ཡང་ཞག་གཅིག་བསྡད་ལ་མགོ་སྐོར་དང་རྗེས་བསྙེག་ཨེ་འདུག་བརྟག །དེ་ནས་ཕྱིར་ནང་ལུས་སྦྱིན་ཚར་གཅིག་བྱས། ནམ་མཁའི་སྐྱབས་ཡུལ་གཤེགས་པའམ་རང་ལ་བསྡུ། བྷུདྡྷ་ཌཱ་ཀི་ནཱི་ཧཱུྃ། ཞེས་སོགས་བརྗོད་ཅིང་ཕུར་པ་རྣམས་ཕྱུངས་ལ། ཟིལ་གནོན་གྱི་མཁའ་འགྲོ་མ་རྣམས་རང་གི་ཐུགས་ཀར་བསྡུ། སྟན་བཀྱག་རྡོ་རྗེ་ལ་ཡོད་ན་སྐུད་པ་བཀྲོལ། ལྕགས་ཁང་ནང་གི་གནས་གདོན་ལུས་གདོན་རྣམས་རྒྱ་གྲོག་ཚང་རློག་པ་ལྟར་ཡར་བུད་པར་བསྒོམ། དེ་ནས་དཀར་ནག་ཤན་འབྱེད། ལྷ་འདྲེ་རལ་ཁྲིད་ནི་མདུན་དུ་རྡེའུ་གཅིག་བཞག་ལ་རང་ཁྲོས་མར་བསྒོམ། བདེན་སྟོབས་བརྗོད་ལ། ལྷ་འདྲེ་ཁྱེད་རྣམས་ཀྱི་ནང་ནས་བདག་གི་བཀའ་ལ་མི་ཉན་གསུང་མི་སྡོད་ཕྲིན་ལས་མི་བསྒྲུབ་དངོས་གྲུབ་མི་སྟེར། མགོ་སྐོར་རྗེས་བསྙག་ཕྱི་འབྲང་བྱེད་པའི་ལྷ་འདྲེ་གང་ཡིན་པ་ཐམས་ཅད་རྡེའུ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཅེས་རྡོར་དྲིལ་བཟུང་བའི་དམིགས་པ་ལྟར་ཁྱེར། དེ་ནས་ཁ་ཆར་བབ་ནས་འགྲོ་དཀའ་ན། མལ་སྟན་ཐམས་ཅད་བསྲེག་ཅིང་། རང་གཞན་ཀུན་རྗེ་བཙུན་མ་དམར་མོ་བསྒོམ། ཀུན་གྱིས་ཚེར་ལྕག་བྲ་མས་གོ་ཁ་བཤད་ཅིང་། ངེད་རྣམས་གནས་སྤོ་བ་ཡིན་པས། གནས་སུ་མ་སླེབ་བར་ཁ་ཆར་མ་གཏང་ཞིག །བརྗོད། གནས་དེའི་ལྷ་ཀླུ་ས་བདག་བྲ་མའི་ལྕག་ཚན་གྱིས་བཤད་པས་ཁ་ཆར་མི་བཏང་བར་ཁས་བླངས། དབང་པོ་སྒོ་ལྔ་ནས་མེ་འུ་རུ་རུ་འབར་ནས་ལྷ་ཀླུ་སྣང་སྲིད་ཚིག་ལ་ཁད་དུ་བསྒོམ་ཞིང། ཕཊཿ བརྒྱ་བརྗོད་ཅིང་ནམ་མཁའ་དྭངས་ཤིང་ཉི་མ་ཚ་བར་བསྒོམ། དེ་ནས་ཁལ་མ་ཡང་བཀལ་ལ། ཕཊཿ སྔར་གྱི་ལྕགས་ཁང་རིན་པོ་ཆེའི་ས་གཞིའི་དབུས་ན་རང་དང་ལྷ་འདྲེ་སློབ་དཔོན་དང་མིའི་ཚུལ་དུ་བསྒོམས་ལ་སྐྱབས་སེམས་དང་། རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིར་བསྒོམས་ལ་ཡིག་དྲུག་བརྒྱ་བཟླས། ཐུགས་ཀའི་ཧྲཱིཿདང་ཡིག་འབྲུ་ལས་བདུད་རྩི་འདོད་ཡོན་ཕུན་སུམ་ཚོགས་པ་སྤྲོས། ལྷ་འདྲེའི་སྡིག་སྒྲིབ་སྡུག་བསྔལ་སྣད་པ་སྨས་འགྲམ་གནས་ཁང་ཞིག་རལ་ལོངས་སྤྱོད་ཤོར་གོད་བཀྲག་མདངས་ཉམས་པ་ཐམས་ཅད་སོས། སྔར་བས་ཀྱང་དར་ཞིང་རྒྱས་ནས་ལྷ་འདྲེ་གཞན་རྣམས་ཟིལ་གྱིས་ནོན་པར་བསྒོམ། ཕཊཿ རང་ཉིད་མཁའ་འགྲོ་མ་དཀར་མོ་དང་མདུན་དུ་ཡུམ་ཆེན་མོ་སེར་མོ་བསྒོམས་པའི་བར་དུ་ལྷ་འདྲེ་ཐམས་ཅད་འཁོད་པ་ལ། རང་མདུན་བསྐྱེད་ཐུགས་ཀར་ཨཱཿདཀར་སེར་ལས་བདུད་རྩི་བབ་པས་ལྷ་འདྲེ་ཐམས་ཅད་སྔར་ལྟར་སོས་ཤིང་གཟི་བརྗིད་རྒྱས་པར་བསྒོམས་ལ། ག་ཏེ་བཟླས། ཕཊཿ ལྷ་འདྲེ་ཐམས་ཅད་རབ་ཏུ་དགའ་ནས་བྱིས་པ་དཀར་པོ་མཛེས་ཤིང་ཡིད་དུ་འོང་བའི་རོ་གཅིག་འཆི་མེད་ཚེའི་དངོས་གྲུབ་ཏུ་ཕུལ། ཕཊཿ རང་ཉིད་རྗེ་བཙུན་མའི་གྲི་གུག་གིས་བླངས་ཐོད་པར་བཅུག་གྲི་གུག་བརྒྱབ་པས་དམར་ལྟེམས་སེ་སོང་བ། རཾ་ཡཾ་ཁཾཿ ཐུགས་ཁ་ནས་མེ་ཆུ་རླུང་གསུམ་འཕྲོས་བསྲེགས་སྦྱངས་བཀྲུས། ཨོཾ་ཨཱཿཧཱུྃ། དྭངས་མ་ཟག་མེད་ཀྱི་བདུད་རྩིར་གྱུར་པ་རང་གིས་འཐུང་བས་གཟི་བརྗིད་ཕུན་སུམ་ཚོགས་ཏེ་ཚེའི་དངོས་གྲུབ་ཐོབ་པར་བསྒོམ། སྔར་གྱི་རྡོ་རྗེ་ལ་ཁྲིད་པ་ཡོང་ན་ཡིག་བརྒྱ་བཟླས་ཤིང་རྡོ་ལ་ཕུ་བྱ། རྡོ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ། སྔར་གྱི་གཉན་ས་ལ་རང་གི་རྒྱབ་བསྟེན་ལ་འཕང་། ལྷ་འདྲེ་གནས་སུ་སོང་བར་བསྒོམ། ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་ཅིང་མལ་ས་ཐབ་ཀ་བཤིགས། འགྲུབ་ན་རྡོ་ལ་ཡིག་དྲུག་བརྐོས་ལ་རབ་གནས་བྱ། ལྷ་འདྲེའི་ཕྱག་དང་མཆོད་པའི་གནས་སུ་བྱིན་གྱིས་བརླབས་ལ་བཞག །ཕཊཿ རང་གི་ཤ་ཁྲག་གི་གཉན་ས་དེ་ལྟེམ་མེ་གང་བ་ལ་ལྷ་འདྲེས་བགོ་བཤའ་བྱེད་པར་བསྒོམས་ལ། འོ་ང་ཡི་གནས་པོ་གནས་བདག་ཆེན་པོ་འདི་ལ། ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་འཚེ་མ་བྱེད། གལ་ཏེ་བྱས་ན་ཡེ་ཤེས་ལྷའི་དམག་འདྲེན། གནམ་ལྕགས་རྡོ་རྗེའི་སྒྱོགས་རྒྱབ། ཡུངས་ཀར་གྱི་ཐུན་བྲབ། འཁོར་ལོའི་རྩིབས་ལ་བསྐྱོན། དེ་བས་ལུས་ཤ་ཁྲག་གི་སྦྱིན་པ་འདིས་ཚིམ་པར་གྱིས་ལ། སྤྱིའི་ལྷ་འདི་ཐམས་ཅད་ཀྱིས་གནས་བདག་འདི་ལ་གནོད་པ་མ་བྱེད་པར། དགའ་མགུ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་སོ་སོ་རང་རང་གནས་སུ་བྱེར་ཅིག །གྱེས་ཤིག་སོང་ཞིག །བརྗོད། དེ་ནས་རང་འགྲོ་དུས། ཕཊཿ རང་ཉིད་ཀེང་རུས་ཀྱི་མཁའ་འགྲོ་མ་ཤ་ཁྲག་རྐང་དང་ཆུ་རྒྱུས་མེད་པ། ངང་སིང་ངེ་བ། རྐང་དང་ལྷུ་ཚིགས་ནས་མེ་འབར་ཞིང་དུ་བ་འཐུལ་བ་ཞལ་ནས། ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧཾ་ཧ༔ གད་རྒྱངས་བཅུ་གཉིས་སྒྲོག་ཅིང་ནམ་མཁའ་ལ་ཇེ་མཐོ་འགྲོ་བར་བསྒོམ། ཕྱི་ལྟས་མི་བྱེད། གཉན་ས་དང་གནས་ཁང་གཉིས་ཀ་མི་མཐོང་སར་ཐོ་བརྩིག་ཁྲོཾ་བྲིས་ལ་ཁ་ཕར་བསྟན། ཁྲོཾ་ཁྲོཾ་ཁྲོཾ་ཁྱུང་ནག་མེ་གཤོག་ཅན་གསུམ་ལག་སྦྲེལ་ནས་ཁ་ཕྱིར་གྱུ་ནས་ཡོད་པར་བསྒོམ། ཕཊཿ རང་དང་གནས་ཁང་འོད་ཀྱི་སྣམ་བུས་འབྲེལ་པ་ལ། རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་འོད་ཀྱི་ལམ་ནས་ཁྱིམ་དུ་ཕྱིན་པར་བསྒོམས་ལ་འོང་ངོ་། །གཅོད་མགོ་གཟབ་པ་གཙང་རྒྱལ་ཡུར་ཆུད་ཡིན་ཞེས་གསུངས་པས། དང་པོ་གཉན་ས་གང་དུ་གཅོད་པ་དེ་ཆོད་ངེས་བྱས་པས་དེ་ཕྱིན་ཆད་ལམ་དུ་འགྲོ །གཅོད་འཕྲོ་གཟབ་པ་རྣལ་འབྱོར་དམ་ཚིག་ཡིན་གསུངས་པས། གཉན་ས་གང་དུ་བཅད་ནས་ཁྱིམ་དུ་འོང་བའི་ས་དེ་ཆོད་ངེས་བྱས་པས་བཀྲ་ཤིས་སོ། །དེ་ཡང་ཨོ་རྒྱན་པདྨའི་གཏེར་གཅོད་ལས། འདུས་བྱས་ཀྱི་ཟས་ནོར་དཔག་མེད་དངོས་སུ་བཏང་བ་བས། ཞེན་འཛིན་དང་བྲལ་བའི་དམིགས་པས་ལུས་སྦྱིན་པར་བཏང་ཞིང་དགེ་སྦྱོར་ཐུན་རེས་བསོད་ནམས་ཆེའོ། །ཕལ་པའི་གནས་སུ་ལོ་གཅིག་བསྒོམས་པ་ལས། གཉན་ས་རི་ཁྲོད་དུ་ཞག་གཅིག་ཉམས་ལེན་བྱེད་པ་འགྱུར་ཆེ། ཆོས་སྤྱིའི་ཉམས་ལེན་རྒྱུན་དང་ཟླ་བ་གཅིག་བྱས་པ་བས། བདུད་གཅོད་པའི་གདམ་པ་ཐུན་གཅིག་ཉམས་སུ་བླངས་པས་ལམ་རྟགས་མྱུར། ལར་ཆོ་འཕྲུལ་དང་། བར་ཆད་ཅི་བྱུང་ཡང་། བདག་ལ་བསྲུང་དུ་གསོལ་བརྒྱ་ཐམ་པ་བས། སོད་ཅིག་ཟོ་ཞིག །ཁྱེར་ཅིག་ཅེས་པའི་ཚིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ལ་ར་མདའ་བཟློག་པ་བས། ལྷ་འདྲེ་སྟོང་ལ་ཟ་རྒྱུ་བཅོལ་བས་དགའ་བ་ཡིན། ལུས་སྲུང་བརྒྱ་བཏག་པ་བས། ན་དགའ་ཤི་སྐྱིད་ལན་གཅིག་དགའ་བ་ཡིན། ཞེས་གསུངས་སོ། །ཞེས་པ་འདི་ནི་གསང་ཁྲིད་རིམ་ལྔ་ཡི། །བོགས་འདོན་གཅོད་ཀྱི་ཁྲིད་ཀྱི་ལྷན་ཐབས་སུ། །པདྨའི་གཏེར་གཅོད་ལ་སོགས་གཅོད་གཞུང་དང་། །ཤེས་རབ་བླ་མ་ལ་སོགས་ཀཿཐོག་གི །ཚིག་ཉུང་དོན་འདུས་གོ་བདེ་གསལ་བར་བཀོད། །འདི་བྲིས་ཉེས་པ་ཆོས་བདག་ཌཱ་ཀི་དང་། །གཏེར་སྲུང་དམ་ཅན་རྣམས་ལ་རབ་ཏུ་བཤགས། །འདི་བྲིས་དགེ་བས་ཉམས་ལེན་རྟོགས་པའི་བོགས། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །པདྨ་འབྱུང་གནས་ཚེ་འདིར་འགྲུབ་གྱུར་ཅིག །དེ་སྐད་སྨྲས་གང་རཱ་གའི་མིང་ཅན་དེས། །དབེན་པའི་ཁང་བུར་ཕན་པའི་བསམ་པས་བཀོད། །བྷ་ཝནྟུ། ས་མ་ཡ། ྀཨཚ།། །།

ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་ཕྲིན་ལས་ཀྱི་བྱང་བུ་བདེ་ཆེན་དགྱེས་དབྱངས་ (Volume 55, Text 25)

༄༅། །ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་ཕྲིན་ལས་ཀྱི་བྱང་བུ་བདེ་ཆེན་དགྱེས་དབྱངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱཙ་ལཱ་ཡ། ཡང་དག་སྙིང་པོ་བདེ་བ་མཆོག །བདུད་བཞིའི་དཔུང་གིས་མི་གཡོ་བ། །བཅོམ་ལྡན་དཔལ་ལ་ཕྱག་བྱས་ཏེ། །ཕྲིན་ལས་བྱང་བུ་ཉུང་གསལ་བསྡེབ། །འདི་ལ་ནང་སྒྲུབ་རལ་གྲི་ཞགས་པ་ཅན་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དང་། གསང་སྒྲུབ་གྲི་ཐོད་ཅན་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་གཉིས་སུ་གསུངས་པ། གཉིས་ཀའང་མངོན་རྟོགས་བརྗེ་བ་ཙམ་ལས་ཕྲིན་ལས་གཅིག་གིས་འཐུས་པས་དེ་ལྟར་དགོད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་རྟེན་དང་མཆོད་གཏོར་ཇི་ལྟར་འོས་པ་འདུ་བྱས་ལ། ཐོག་མར་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང༔ རྟོག་པའི་དབང་གིས་འཁོར་བ་ལས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་སོགས་མེད་ལས་ཐམས་ཅད་སྣང༔ སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ༔ མཚམས་གཅད་པ་ནི། ཧཱུྃ༔ ཀུན་བཟང་ཀློང་ནས་ཞེ་སྡང་རྡོ་རྗེ་བཞེངས༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ཁྲོ་བོ་དང༔ མཚོན་ཆ་མེ་ཡིས་བགེགས་ཚོགས་ཚར་བཅད་ནས༔ བདེ་ཆེན་རང་མདངས་སྲུང་བའི་འཁོར་ལོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཤགས་པ་ནི། ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་ཆོས་སྟོན༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དམ་བཅའ་བ་ནི། ཨོཾ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དེ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་གཟུང་བར་བྱ༔ བྱིན་དབབ་པ་ནི། ཨོཾ་ཨཱཿཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་བཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་འཁོར་དང་བཅས༔ རང་བཞིན་གནས་ནས་སྐུ་བསྐྱོད་དེ༔ སྒྲུབ་པའི་གནས་མཆོག་འདིར་གཤེགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་རླབས་ནི། ཡི་གེ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དབྱིངས་ཀྱི་བྷནྡྷར་ཡེ་ཤེས་ལྔ་ཡི་རྫས༔ དེ་དབུས་ཆེ་མཆོག་བདག་ཉིད་བདུད་རྩི་འཁྱིལ༔ མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་རང་འོད་ཀྱིས༔ བདུད་རྩི་བསྡུས་ནས་ཐིམ་པས་འོད་དུ་ཞུ༔ རྟ་མགྲིན་ཡབ་ཡུམ་བྱང་སེམས་དེ་དང་འདྲེས༔ གང་ལ་ཕོག་པས་དོན་གྲུབ་བདུད་རྩིར་གྱུར༔ བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋ༔ གཏོར་གཞོང་ཡུམ་ལྔའི་མཁའ་ལ་གཏོར་མ་ནི༔ ཡེ་ཤེས་ལྔ་ཡི་འདོད་ཡོན་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཕཊ༔ པདྨ་འབར་བའི་སྣོད་དུ་ཡེ་ཤེས་ཀྱི༔ རྦ་ཀློང་འཁྲུགས་པས་ཁམས་གསུམ་རཀྟ་འདུས༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ གཞན་ཡང་སྣོད་རྣམས་དབྱིངས་ཀྱི་ཞིང་ཁམས་སུ༔ མཆོད་རྫས་ཡེ་ཤེས་ལྷ་མོའི་རོལ་པར་གྱུར༔ ན་མསྶ་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ གཉིས་པ་དངོས་གཞི་ནང་སྒྲུབ་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། ཆོས་རྣམས་སྤྲོས་པའི་མཐའ་བཞི་བྲལ༔ མ་རྟོགས་འགྲོ་ལ་སྙིང་རྗེས་ཁྱབ༔ ཟུང་འཇུག་ཧཱུྃ་ཡིག་མཐིང་ནག་འབར༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ སྤྲོས་པས་འབྱུང་བ་རིམ་ལྔ་བརྩེགས༔ རྡོ་རྗེ་སྲུང་བའི་གུར་གྱི་དབུས༔ བྷནྡྷ་འབར་བའི་གཞལ་ཡས་ཁང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ འཁོར་ལོ་འབར་བའི་ལྟེ་བ་ལ༔ པད་ཉི་རུ་དྲ་བསྣོལ་བའི་གདན༔ ཧཱུྃ་ལས་བདག་ཉིད་ཁྲོ་བོའི་རྒྱལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འཆང༔ ཕྱག་གཡས་རལ་གྲི་གཡོན་ཞགས་པ༔ རང་འདྲའི་གཏུམ་མོ་ཡུམ་དང་འཁྲིལ༔ ཕྱོགས་བཞིར་བདུད་བཞིའི་གདན་སྟེང་དུ༔ རིགས་བཞིའི་ཁྲོ་བོ་ཡབ་དང་ཡུམ༔ སྨུག་སེར་དམར་ལྗང་གཙོ་དང་མཚུངས༔ རལ་གྲི་ཕྱར་ཞིང་ཞགས་པ་འཕེན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཡས་བརྐྱང་རོལ་པའི་སྟབས་ཀྱིས་བཞེངས༔ གར་དགུ་རོལ་པའི་ཉམས་དང་ལྡན༔ སྤྲུལ་པ་གཟིག་དང་ཁྭ་ཏའི་གདོང༔ མཐིང་ནག་རལ་གྲི་ཞགས་པ་འཛིན༔ གྲྭ་བཞིར་གསང་བའི་ཡུམ་བཞི་དང༔ སྒོ་བཞིར་གདོང་མོ་ཆེན་མོ་རྣམས༔ རང་རྟགས་འཛིན་ཅིང་དྲག་པོའི་ཆས༔ འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས༔ སྤྱི་བོར་རིགས་ལྔ་སྙོམས་ཞུགས་པས། །དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། །ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ། གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །རྒྱལ་མཆོད་བྱིན་བསྡུས་ཡོངས་གྱུར་ལས། །རིགས་གསུམ་ལྷ་ཡིས་རྒྱས་བཏབ་གྱུར། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་པ་གཞུག་པ་ནི། རང་རིག་ཧཱུྃ་སྔོན་རྟག་འཆར་བའི༔ འོད་ཀྱིས་ཆོས་དབྱིངས་མཐར་ཐུག་ཁྱབ༔ ཆོས་སྐུ་གཟུགས་སྐུའི་སྐུར་བཞེངས་གྱུར༔ བཛྲ་ས་མཱ་ཛཿཡིས་སྙན་གསན་དབབ༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་སྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་སྐྱེད༔ ཨེ་ཧྱེ་ཧི་ཨཱ་ན་ཡ་བཛྲ༔ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ༔ ཏིཥྛ་བཛྲས་བརྟན་པར་བྱ༔ ཧཱུྃ༔ རྡོ་རྗེ་རྐང་ལག་མཛེས་པའི་གར༔ ནམ་མཁའི་རྡུལ་སྙེད་རབ་སྤྲུལ་ཏེ༔ འབར་བའི་དཀྱིལ་འཁོར་མཉེས་བྱའི་ཕྱིར༔ ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས༔ མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ འབྱུང་བ་ཆེན་པོ་ནམ་མཁའ་ནི༔ འབྱུང་བ་ཆེན་པོ་ལྔ་ཡི་མཛོད༔ ནམ་མཁའ་ལས་ནི་འདོད་པ་འབྱུང༔ འདོད་པའི་མཆོད་པ་འབྱུང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ སུ་ར་ཏོ་མ་ཧཱ་རཱ་ག༔ པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལྷ་རྣམས་ཡབ་ཡུམ་སྦྱོར་བས་བདེ་མཆོད་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བྱང་སེམས་འོད་ཀྱིས་འཁོར་བའི་འཁྲུལ་རྟོག་འོད་གསལ་དུ་སྦྱངས་པར་མོས་ལ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། ཧོ༔ ཕྱོགས་དུས་བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་དགོངས༔ ཕྱི་ནང་གསང་བ་སྐུ་གསུང་ཐུགས་རྒྱུད་མཉེས༔ དེ་མཐུས་འགྲོ་ཀུན་རྡོ་རྗེ་འཆང་གྲལ་ཐོབ༔ བདག་ཅག་རྣམས་ཀྱི་དམ་ཚིག་ཉམས་ཆག་བསྐང༔ དངོས་གྲུབ་རྣམ་པ་གཉིས་ཀྱི་སྣོད་གྱུར་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ ཨ་ལ་ལ་ཧོ༔ བཟླས་པ་ནི། ཐུགས་ཀར་སྙིང་ཉིད་མཆོང་གུར་ཕུབ༔ ཡེ་ཤེས་སེམས་དཔའ་མི་བསྐྱོད་པ༔ མཐིང་གསལ་ས་གནོན་མཉམ་གཞག་མཛད༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ གཡོ་མེད་ཟླ་སྐར་བཞིན་ལ་འགོད༔ ཅེས་སེམས་གཟུང་བ། གཡས་སུ་མྱུར་བར་མགལ་མེ་བཞིན༔ ཞེས་ཉེ་བསྙེན། འོད་ཟེར་རྒྱལ་པོའི་བྲན་དུ་མངག༔ འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ལྷ་སྐུ་ཡིག་འབྲུ་ཕྱག་མཚན་རྣམས༔ ཤིན་ཏུ་ཕྲ་བའི་རྣམ་པ་ཅན༔ བྱུང་བ་འཕྲོ་འདུས་སྣང་སྲིད་ཀུན༔ ལྷ་སྔགས་ཡེ་ཤེས་ཉིད་དུ་བསྒོམ༔ ཞེས་སྒྲུབ་པ་དང་སྒྲུབ་ཆེན་གྱི་དགོངས་པ་དང་སྦྱར་ལ་ཁྲོ་བོ་སྤྱི་བསྡུས་ནི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་དང་། མཆོག་སྒྲུབ་ཡང་སྙིང་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དགོངས་པའི་གཟེར་དང་ལྡན་པས་ཐུན་མོང་དང་ཁྱད་པར་གྱི་རྟགས་མཐོང་བར་དུ་བཟླ་འོ། །ཐུན་མཐར། ཧཱུྃ། བླ་མེད་ཡང་དག་ཧེ་རུ་ཀ༔ རྡོ་རྗེའི་སྙིང་པོ་མཁའ་འདྲ་བ༔ མི་གཡོ་རལ་པ་གཅིག་གིས་བསྒྱིངས༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ཧོཿ ཧཱུྃ། བླ་མེད་གོང་ན་མེད་པ་ཡི༔ ཡང་དག་དྲི་མེད་ངོ་བོའི་སྐུ༔ ཧེ་ནི་ངོ་བོ་སྟོང་པ་ཉིད༔ རུ་ནི་རང་བཞིན་ལྷུན་གྲུབ་གསལ༔ ཀ་ནི་ཟུང་འཇུག་ཐུགས་རྗེའི་རྩལ༔ རྡོ་རྗེ་འགྱུར་བ་མེད་པའི་སྐུ༔ སྙིང་པོ་གསུང་ནི་ཡེ་ཤེས་དོན༔ མཁའ་འདྲ་རོ་གཅིག་ཀུན་ཁྱབ་ཐུགས༔ མི་གཡོ་དོན་དམ་འགྱུར་བ་མེད༔ རལ་པ་ཀུན་རྫོབ་ཆོས་རྣམས་ཀུན༔ མཉམ་པ་ཆེན་པོའི་ངང་དུ་གཅིག༔ ལྷག་པའི་ཆོས་སྐུ་ཆེན་པོར་བསྒྱིངས༔ ར་ལི་ཐབས་དང་ཤེས་རབ་ཉིད༔ ཨེ་ཝཾ་ཟུང་འཇུག་དབུ་མ་ཆེ༔ སྒྲ་ཆེན་གཞི་འབྲས་རྟེན་ཅིང་འབྲེལ༔ སྒྲོག་པ་གདུལ་བྱར་གསང་གསུམ་སྣང༔ཧོཿ ཞེས་གཞི་བསྟོད་བྱ། བཟོད་པར་གསོལ། ཡིག་བརྒྱས་བརྟན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དང་པོ་ཚོགས་མཆོད་ནི། ཡོ་བྱད་རྣམས་ལ་བསང་གཏོར་བྱ། ཨོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ནེ་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཧཱུྃ༔ ཡེ་ཤེས་མེ་རླུང་ཆུ་འཕྲོས་པས༔ དངོས་འཛིན་རྣམ་རྟོག་ཐམས་ཅད་སྦྱངས༔ ཚོགས་གཞོང་བྷནྡྷའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ འདོད་ཡོན་མཆོད་སྤྲིན་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿཛ༔ མཆོད་པ་ནི། ཨོཾ༔ དགྱེས་པར་ཚིམ་པའི་ལོངས་སྤྱོད་དག༔ ཇི་ལྟར་ཡིད་བཞིན་ནོར་བུ་འམ༔ དཔག་བསམ་ཤིང་ཆེན་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་རྒྱས་པ་ལྟར༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག༔ ནམ་མཁའི་ཁམས་སུ་གཏིབས་ནས་ཀྱང༔ རྡོ་རྗེ་དགྱེས་ཚོགས་ཀུན་འདུས་ནས༔ སྐལ་ལྡན་རྣམས་ཀྱིས་རབ་སྤྲུལ་ཅིང༔ རྡོ་རྗེ་གར་གྱིས་དབང་བསྒྱུར་ནས༔ སྒེག་སོགས་ལྷ་མོའི་འཇོ་ཚུལ་དག༔ འདུད་ཅིང་བསྟོད་པའི་ཚུལ་གྱིས་ནི༔ རོལ་མོའི་ཚོགས་ཀྱིས་དགྱེས་པར་མཛོད༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ ཨི་དཾ་ དྷཱུ་པེ་ པུཥྤེ་ དཱི་པཾ་ གྷནྡྷཾ་ བ་ལིཾ་ཏ་པྲ་ཏཱིཙྪ་ཧོ༔ ཤྲཱི་མཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི། ཚེ་རབས་ཐོག་མ་མེད་པའི་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་བསམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་རྩོམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ་བཟླ། ཚོགས་ཐ་མར་དགྲ་བགེགས་བཀུག་བསྟིམ་བྱས་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དུ་བཅས་པ་ལ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཤ་ཁྲག་བདུད་རྩིར་སྦར་ནས་བསྟབ་པ་ནི། ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་རཾ་ཁཱ་ཧི༔ བརྡ་དང་བརྡའི་འབུལ་ལེན་བྱས་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ༔ ཀུན་ལ་ཕན་པའི་སྨན་ཡིན་ཏེ༔ རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས༔ ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ༔ ཨ་ལ་ལ་ཧོ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ནམ་མཁའི་སྤྲིན་ལྟར་གཏིབས་སྤུངས་ནས༔ དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ༔ ཨ་ལ་ལ་ཧོ༔ ཞེས་ནང་གི་སྲེག་བླུག་ཚུལ་གྱིས་རོལ། རྡོ་རྗེའི་གླུ་དང་གར་བྱ་ཞིང་སྤྲོ་ན་རྒྱུད་ཀྱང་བཀླག །ལྷག་མ་བསྡུས་ལ་ཞལ་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞལ་ཆབ་བདུད་རྩིས་ནུས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ལྷག་མའི་མགྲོན་རྣམས་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷག་མའི་མགྲོན་རྣམས་ཚིམ་པར་རོལ༔ ཨོཾ་ཨཱཿཧཱུྃ༔ ཕུང་པོ་ལྷ་ཡི་རྩལ་སྣང་ལས༔ ཡེ་ཤེས་ལྷག་སྡུད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གཉིས་མེད་དོན་རྟོགས་ནས༔ ལྷ་འདྲེ་དབྱིངས་རིག་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ གཏོར་སྐྱོང་མདོར་བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བརྒྱུད་གསུམ་བླ་མའི་སྤྱན་སྔར་ཞལ་བཞེས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང༔ བོད་སྐྱོང་བརྟན་མ་ཆེན་མོ་འཁོར་བཅས་ཀྱིས༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དངོས་གྲུབ་གསོལ་བ་ནི། ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ གཏང་རག་མཆོད་བསྟོད་དང་བཟོད་གསོལ་ཡང་སྤྲོ་ན་བྱ་ཆོག །ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་རང་ལ་ཐིམ༔ སེམས་དཔའ་གསུམ་ཡང་ཧཱུྃ་ལ་འདུས༔ དེ་ཡང་དབྱིངས་ཡེ་གཉིས་མེད་པའི༔ བྱང་ཆུབ་ཐིག་ལེའི་ཀློང་དུ་བཞག༔ སྔགས་ཀྱི་རྐྱེན་གྱིས་སད་པ་ལས༔ དཔལ་ཆེན་ཞལ་གཅིག་ཕྱག་གཉིས་པ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ བཛྲ་ཀཱ་བཱ་ཙི་རཀྵ་ཧཾ༔ ལུས་རྡོ་རྗེའི་གོ་ཆས་གཡོགས་པར་བསམ། བཛྲ་ཀ་པཱ་ལ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ ཨོཾ་ཨཱརྻ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿ དབུ་རྒྱན་ཅོད་པན་བཅིང་བར་མོས། ཨོཾ་གུ་ཧྱ་ས་མ་ཡ་སཏྭཾ༔ བརྟན་པར་བྱ་ཞིང་ཡིག་བརྒྱ་བཟླ་འོ།། ༈ །།གསང་སྒྲུབ་ལྷ་བཅུ་གསུམ་པའི་ཕྲིན་ལས་གཏང་ན་སྤྱི་ཁོག་ཐམས་ཅད་འདྲ་བ་ལས། དངོས་གཞིའི་ལྷ་བསྐྱེད་སྐབས་སུ། འདི་ལྟར་སྣང་བའི་ཕྱི་ནང་ཆོས༔ སྟོང་ཉིད་ཀུན་ཏུ་བཟང་མོ་མཁའ༔ མ་འགགས་རང་རྩལ་ཀུན་ཏུ་བཟང༔ དབྱེར་མེད་སྲས་མཆོག་བདེ་བ་ཆེ༔ དཀྱིལ་འཁོར་གསུམ་པོ་རོ་གཅིག་པའི༔ བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུྃ༔ ཆོ་འཕྲུལ་ཆེན་པོའི་རང་བཞིན་ལས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ གདངས་ལས་འབྱུང་ལྔ་ཡུམ་གྱི་དབྱིངས༔ མཁའ་ཀློང་སྟོབས་ལྡན་དམར་ཆེན་པོ༔ དབང་ཆེན་ལྷུན་པོ་འབར་བའི་རྩེར༔ འཁྲུལ་མེད་མི་འགྱུར་རྡོ་རྗེའི་མཁར༔ ཡུལ་སྣང་དུར་ཁྲོད་ཆེན་པོ་བརྒྱད༔ མ་ཆགས་ཐབས་ཀྱི་འདབ་མ་སྟོང༔ འཁོར་ལོ་སྣ་ཚོགས་རྒྱ་གྲམ་དབུས༔ ཕུང་པོ་ཤ་ཁྲག་རུས་པ་རྣམས༔ གཞལ་ཡས་ཆེན་པོར་ལྷུན་གྱིས་གྲུབ༔ གྲུ་བཞི་སྣམ་བུ་བརྒྱད་དང་ལྡན༔ ཐོད་པ་སུམ་བརྩེགས་དྲེགས་པས་བརྒྱན༔ རྡོ་རྗེ་འབར་བའི་ཏོག་ཀྱང་མཛེས༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ ཆེ་བའི་ཡོན་ཏན་རྫོགས་པའི་དཔལ༔ བྲག་ཆེན་པདྨ་ཉི་མའི་སྟེང༔ ཤེས་སྒྲིབ་ཅན་གྱི་རུ་དྲའི་གདན༔ ཧཱུྃ་ལས་རང་རིག་བྱང་ཆུབ་སེམས༔ སློབ་དཔོན་ཆེན་པོ་ཧེ་རུ་ཀ༔ འགྱུར་མེད་ནམ་མཁའི་རང་བཞིན་ཉིད༔ ཐིག་ལེའི་ཞལ་ལྡན་ཐབས་ཤེས་ཕྱག༔ བདེན་གཉིས་མཉམ་པའི་གཡས་བརྐྱང་བཞེངས༔ གཉིས་འཛིན་བདུད་ལ་ཁྲོས་ཤིང་གཏུམ༔ སྐུ་གསུམ་སྤྱན་ལྡན་སྟོང་ཉིད་བཞིའི༔ མཆེ་བ་རབ་གཙིགས་རྣམ་འགྱུར་ལྗགས༔ ཀུན་འདུས་ཨཱ་རལླི་སྒྲོག་བཞད༔ བརྒྱད་ཁྲི་བཞི་སྟོང་ཐེག་པ་ཀུན༔ གཅིག་ཏུ་རྟོགས་པའི་དབུ་སྐྲ་ཡང༔ མེ་ལོང་ལྟ་བུའི་སྦྲུལ་གྱིས་བཅིངས༔ རྡོ་རྗེ་འཆང་གི་ཅོད་པན་ཅན༔ གཡས་པས་གྲི་གུག་སྐྱེ་ཤི་གཅོད༔ གཡོན་པས་བྷནྡྷ་བདུད་ཁྲག་རོལ༔ ཕྲག་དོག་མགོ་བོ་བཅད་པ་ཡི༔ དབུ་རྒྱན་དོ་ཤལ་ཕྱག་རྒྱ་དྲུག༔ ང་རྒྱལ་ལྤགས་བཤུས་ཤམ་ཐབས་མཛད༔ འདོད་རྨོངས་ཞིང་གིས་སྟོད་གཡོགས་ཤིང༔ ཁོང་ཁྲོ་སྦྲུལ་མདུད་བཀྲོལ་ཏེ་བཅིངས༔ ཡིད་བཞིན་རེ་སྐོང་ནོར་བུའི་ཚོགས༔ རབ་བརྒྱན་སྐྱེ་འགག་གནས་མེད་པའི༔ ཁྲག་ཆེན་ཞག་དང་ཐིག་ལེས་བྱུགས༔ མི་ཕྱེད་གོ་དང་ཉོན་མོངས་ཀུན༔ སྲེག་པའི་ཡེ་ཤེས་མེ་ཆེན་འབར༔ གཏུམ་མོ་མཐིང་ནག་ཤེས་རབ་དབྱིངས༔ ཕྱག་རྒྱ་ལྔ་འཆང་གྲི་ཐོད་ཅན༔ གཉིས་མེད་འཁྲིལ་སྦྱོར་བདེ་བ་ཆེ༔ ཕྱོགས་བཞིར་འབར་བའི་ཧཱུྃ་སྒྲ་ལས༔ པད་ཉི་བདུད་བཞི་བསྣོལ་བའི་སྟེང༔ ཤར་དུ་གཏི་མུག་རྡོ་རྗེ་སྨུག༔ འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན༔ ལྷོ་རུ་ང་རྒྱལ་རྡོ་རྗེ་སེར༔ རིན་ཆེན་གྲི་གུག་ཐོད་ཁྲག་འཛིན༔ ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར༔ པདྨ་གྲི་གུག་ཐོད་ཁྲག་འཛིན༔ བྱང་དུ་ཕྲག་དོག་རྡོ་རྗེ་ལྗང༔ རྒྱ་གྲམ་གྲི་གུག་ཐོད་ཁྲག་འཛིན༔ ཀུན་ཀྱང་རང་འདྲའི་ཡུམ་དང་འཁྲིལ༔ གྲྭ་བཞིར་པད་ཉི་ཞིང་གི་གདན༔ ཛཿཧཱུྃ་བཾ་ཧོཿགསང་བའི་ཡུམ༔ དཀར་མོ་རྒྱས་འདེབས་རྡོ་རྗེ་འཛིན༔ སེར་མོ་ཚེ་འཕེལ་མདའ་གཞུ་བཀང༔ དམར་མོ་དབང་སྡུད་རྒྱལ་མཚན་སྒྲེང༔ ནག་མོ་རྨོངས་བྱེད་དྲིལ་བུ་འཁྲོལ༔ ཚད་མེད་བཞི་ཡི་ཡི་གེ་ཕཊ༔ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ཕག་གདོང་སེར་མོ་ཞགས་པ་འཕེན༔ སྤྲེལ་གདོང་དམར་མོ་ལྕགས་སྒྲོག་བསྡམས༔ སྤྱང་གདོང་ནག་མོ་དྲིལ་བུ་འཛིན༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་འཐུང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ བརྐྱང་བསྐུམ་གར་གྱིས་བཞེངས་པ་འོ༔ ཡེ་ནས་རྣམ་པར་དག་པ་ལ༔ གློ་བུར་དྲི་མ་བསལ་བའི་སླད༔ དབང་བསྐུར་བྱིན་གྱིས་བརླབ་པར་བྱ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་བསྒྱུར། སྙན་གསན་དབབ་ཅིང་དྲང་སྟིམ་མཆོད་བསྟོད་གསོལ་བ་སྨོན་ལམ་གྱི་བར་དུ་དེ་ཀ་ལྟར་ལ། ཛཔ྄་ཀྱི་དགོངས་པ་ནི། ལུས་ལྷ་འགུལ་བསྐྱོད་གར་གྱིས་རོལ༔ སྨྲ་བརྗོད་བཟླས་པའི་རང་བཞིན་ལ༔ དྲན་རྟོག་བདེ་ཆེན་དབྱིངས་ཀྱི་ངང༔ ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་ཉིད༔ གྲགས་པ་གསང་བ་སྔགས་ཀྱི་ཚིག༔ ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༔ མ་བསྐྱེད་ཡེ་ནས་ཡོངས་སུ་དག༔ མ་འགགས་སྣང་བ་གྲུབ་པ་མེད༔ མི་གནས་སྐུ་དང་ཡེ་ཤེས་འཆར༔ རྟག་པ་མ་ཡིན་ཡོངས་སུ་སྟོང༔ ཆད་པ་མ་ཡིན་ལྷུན་གྱིས་གྲུབ༔ ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལཱ་ཧཱུྃ་ཕཊ༔ ཅེས་གསང་སྔགས་ཡི་གེ་བཅུ་པ་བཟླ་བ་ནི་ཁྱད་པར་རོ། །སེམས་ཅན་སེམས་ཉིད་དཔལ་ཆེན་དབྱིངས། །གདོད་ནས་མ་འཁྲུལ་རོ་མཉམ་ཕྱིར། །རྣམ་ཤེས་ཡེ་ཤེས་ངང་དུ་རྫོགས། །བདུད་འཇོམས་མི་གཡོ་མངོན་གྱུར་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་བཀས་རྗེས་སུ་གནང་ཞིང་། གང་དེའི་སྲས་ཡུམ་ལྷན་རྒྱས་ཀྱི་བཞེད་པ་སྐོང་བའི་སླད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་ཡང་དབེན་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ (Volume 32, Text 25)

༄༅། །སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། འཇིགས་རུང་ཞལ་གདངས་མི་བཟད་མཆེ་བ་གཙིགས། །གཏུམ་ཆེན་རབ་འབར་རྔམས་པའི་གད་རྒྱངས་སྒྲོག །བཅོམ་ལྡན་སྲིད་གསུམ་སྒྲོལ་བྱེད་ཀུ་མཱ་རར། །བཏུད་དེ་ལས་བཞིའི་སྲེག་བླུག་ཆོ་ག་སྤེལ། །དེ་ལ་འདིར་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་མཐར་སོན་པའི་རྣལ་འབྱོར་པས་ཕྲིན་ལས་མྱུར་དུ་འགྲུབ་པའི་སླད་དུ་རྣོ་མྱུར་མེ་ཡི་ཆོ་ག་བྱ་བར་འདོད་པས་འདིར་འཇུག་པར་བྱ་སྟེ། དེ་ལའང་ཞི་རྒྱས་དབང་དྲག་གི་ལས་ཀྱི་དབྱེ་བས་བཞི་ཡི། དང་པོ་ཞི་བ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། སྒྲུབ་མཆོད་སོགས་ཀྱི་སྐབས་ཐུན་མཚམས་གང་བདེར་ལྷ་ཡི་ང་རྒྱལ་ལ་གནས་པས་དང་། སྦྱིན་སྲེག་ཁོ་ནའི་སྐབས་བདག་བསྐྱེད་ཀྱི་རྣལ་འབྱོར་བསྡུ་ལྡང་བཅས་སྔོན་དུ་འགྲོ་བས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་བཤམས་ལ་བྱིན་བརླབ་བསྔོ་བ་བཅས་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ལྟར་བྱ། རྩ་སྔགས་ཀཱི་ལ་ཡ་བརྒྱ་རྩ་དང་། ཤཱུནྱ་ཏཱའི་སྔགས་བརྗོད་དེ་ཆོས་ཉིད་ཀྱི་དོན་དྲན་པར་བྱས་པས་ས་གཞི་ལས་རུང་དུ་བྱའོ། །དེར་བཀྲ་ཤིས་པའི་ས་ལས་སྟེགས་བུ་བཅོས་ཏེ་ཐབ་ཁུང་ཟླུམ་པོ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཁ་དོག་དཀར་པོ་གཅད་ཚོན་དམར་སྐྱས་བྲིས་པ་ལ་བལ་བུ་དང་ལྕང་མ་སོགས་འོ་མ་ཅན་གྱི་ཤིང་གིས་ཁྲུ་གང་ཙམ་ཟླུམ་པོར་བརྩིགས། ཤར་ལྷོར་མེ་ཚང་བཅའ། སློབ་དཔོན་གྱི་གཡས་སུ་སྟེགས་བུ་ཁེབས་དཀར་པོས་དགབ་པའི་སྟེང་བདུད་རྩི་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་མར་ཁུས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དང་། ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དཱུར་བ། ཀུ་ཤ །གཞན་ཡང་སྨན་སྣ་འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་མེ་ཏོག་དཀར་པོ་དར་ཟབ་སོགས་ཅི་འབྱོར་བའི་སྲེག་རྫས་རྫས་སྤུངས་ཅན་དང་། གོས་ཟུང་། སོ་རྩི་བཅས་འདས་མ་འདས་ཉིས་རིམ་དུ་དགོད། གཡོན་དུ་སྟེགས་ལ་གཏོར་མ་དཀར་ཟླུམ་ཆེ་ཆུང་གཉིས་སྨན་རཀ་བཅས་དང་། ཉེར་སྤྱོད་ཆ་གཉིས་སོགས་བཤམས། མདུན་དུ་མེ་ཡོལ་ལ་གངས་རི་དང་བཾ་ཡིག་བྲིས་པ། རྡོར་དྲིལ། དགང་བླུག །ལས་བུམ། ལས་མཐུན་གྱི་མེ་དར། ཀུ་ཤའི་ཆུན་པོ་བརྒྱད། རླུང་གཡབ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རིགས་འདུ་བྱ། དེ་ཐམས་ཅད་ཀྱང་སྣོད་དང་ཁ་དོག་ཐམས་ཅད་དཀར་པོ་འབའ་ཞིག་བྱ། དུས་ར་བ་བཞི་དང་ནམ་ལངས་ལ་སློབ་དཔོན་ཆས་གོས་རྒྱན་དཀར་པོ་དང་བཅས་ཁ་ཤར་དུ་ཕྱོགས་པས་འཇམ་པའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་ཞི་ཞིང་དེས་པའི་སེམས་ཀྱིས་འཁོད་ལ། །གཉིས་པ་དངོས་གཞི་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ། མེ་ལྷར་གཏང་རག་འབུལ་བའོ། །དང་པོ་ནི། རབ་གནས་དང་སྒྲུབ་མཆོད་སོགས་ལ་དཀྱིལ་འཁོར་གྱི་གཙོ་བོ་ལས་རང་མར་མེ་གཅིག་ལས་གཉིས་མཆེད་དུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་བ་དང་། སྦྱིན་སྲེག་ཁོ་ནའི་སྐབས་བདག་ཉིད་ལྷ་ཡི་རྣལ་འབྱོར་བཟླས་པ་བཅས་གྲུབ་པའི་རྗེས་འདི་ལ་འཇུག །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ལས་བུམ་ཀྱི་ཆུ་བྱིན་གྱིས་བརླབས། རྡོར་དྲིལ་བསང་སྦྱང། ཧཱུྃ། ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན། །འདས་དུས་འགྲོ་རྣམས་སད་པ་དང་། །འགྲོ་རྣམས་སྨིན་པར་བྱ་བའི་ཕྱིར། །རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །ཨོཾ་བཛྲ་གཎྜེ་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ཎ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་རྡོ་རྗེ་གསོར། དྲིལ་བུ་དཀྲོལ། འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དང་དུ་བླང་ངོ་། །ཡོ་བྱད་རྣམས་ལ་དམིགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩིའི་རང་བཞིན་ཅན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿ སརྦ་ཛྙཱ་ན་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་བྷོ་དྷི་ཙིཏྟ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་ཐབ་བསང་སྦྱང་། ཆོས་རྣམས་སྐྱེ་མེད་རྣམ་ཀུན་མཆོག་ལྡན་དབྱིངས། སྣ་ཚོགས་སྒྱུ་འཕྲུལ་འགག་མེད་རྡོ་རྗེའི་སྤྲིན། །ཞི་བའི་་་རྒྱས་པའི། དབང་གིི །དྲག་པོའི།་་་ཞེས་ཁ་བསྒྱུར། ཕྲིན་ལས་ཡོངས་རྫོགས་ཐབ་ཀྱི་དབུས། །གོས་དཀར་ཌཱ་ཀིའི་ངོ་བོར་རོ་གཅིག་པའི། །ཆགས་བྲལ་བདེ་བ་ཆེན་པོའི་མེ་དཔུང་འབར། །ཨོཾ་སརྦ་ཛྙཱ་ན་ཛྭ་ལ་རཾ། ཞེས་དགེ་འདུན་གྱི་ཐབ་ལས་བྱུང་བའི་མེ་སྦར། ལས་བུམ་གྱི་ཆུས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་ཐམས་ཅད་ལ། །བགེགས་རྣམས་ཐམས་ཅད་ཞི་བར་མཛོད། །སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་ལ་ཤར་ནས་བརྩམ་ཕྱོགས་མཚམས་རྣམས་སུ་བཀྲམ། དེ་དབུས་རཾ་ལས་ཡོངས་གྱུར་མེ་ལྷ་ནི། །ཞི་བའི་་་རྒྱས་པའི། དབང་གིི །དྲག་པོའི།་་་ཞེས་བསྒྱུར། རྒྱན་རྫོགས་འོད་ཟེར་ཕྲེང་བས་དཀྲིགས། །ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་གུནྡྷེ་བསྣམས། །སྐུ་གསུང་ཐུགས་ལ་རྡོ་རྗེའི་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་དམ་ཚིག་སྤྱན་དྲངས་བསྟིམ། །སྤྱན་འདྲེན་པ་ནི། དབྱུག་གུ་རྩེ་གཅིག་པའི་རྒྱས་མེ་དར་གཡབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྣི་རི་ཥི་རཱ་ཛ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། བསྟོད་པ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །བྱོན་སྐྱེམས་ནི། མེ་ལྷ་ཞལ་གདངས་པའི་ལྗགས་རྡོ་རྗེའི་སྦུ་གུས་སྲེག་བླུག་གི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་བླུག་ཁ་སྦྱར་ལ། ཨོཾ་ཨགྣ་ཡེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་སྦྱར་བ་ཚར་གསུམ་གྱིས་བྱོན་སྐྱེམས་ཕུལ། དེ་ནས་རྫས་གཞན་ལག་གིས་གཟུང་དུ་བཏུབ་པ་རྣམས་མཐེབ་སྲིན་གྱིས་དབུལ། གཞན་རྣམས་བླུག་གཟར་གྱིས་ཕུལ་ཏེ་སྔགས་ནི། ཡམ་ཤིང་ལ། ཨོཾ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། རྫས་སྤུངས། ཨོཾ་ཨགྣི་དེ་ཝ་རི་ཥི་ཧ་བྱ་ཀ་བྱ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་བདུན་ལ་སོགས་པའི་རྗེས་འདོད་གསོལ་སོ་སོར་སྦྱར་བས་ཕུལ། རྫས་རྫོགས་པ་དང་སྔར་བཞིན་མཆོད་བསྟོད་བྱ། ཡུངས་དཀར་ཐབ་ཏུ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་སྲེག་བླུག་གི་རྫས་རྣམས་ལྷ་ཡི་ཞལ་དུ་དབུལ་བ་དང་། ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་ཞི་བའི་་་རྒྱས་པའི། དབང་གིི །དྲག་པོའི། ཕྲིན་ལས་ཐམས་ཅད་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། བཛྲ་མུཿ ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི། ཐབ་ལ་ལས་ཆུས་བྲན། བསང་སྦྱང་། ཨ། སྐྱེ་མེད་དབྱིངས་ཀྱི་ཆོ་འཕྲུལ་ལས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་གནས། །ཞི་བའི་་་རྒྱས་པའི། དབང་གིི །དྲག་པོའི། ཐབ་ཁུང་མཚན་རྫོགས་པ། །ཡེ་ཤེས་མེ་ལྕེ་འབར་བའི་དབུས། །ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང༔ སོགས་ནས་བསྟོད་པའི་བར་ཕྲིན་ལས་སྤྲོས་པ་རྒྱས་བསྡུས་གང་འོས་སྦྱར། སྒྲུབ་མཆོད་ལ་སོགས་པའི་སྐབས། གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ ཞེས་པའི་མཚམས། ལས་བྱང་གི་སྤྱན་འདྲེན་བརྗོད་ལ་ལས་རྡོར་གྱིས་ཚོམ་བུ་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ནས་ཕུལ་བས་རྩ་སྔགས་བརྗོད་ཅིང་མེ་ཏོག་ཐབ་ཏུ་དོར་ལ། དབུས་སུ་མ་བཅོས་རྩ་བའི་ལྷ༔ སོགས་ཀྱིས་ལྷ་ཚོགས་ཡོངས་རྫོགས་བསྐྱེད་ཅིང་དབང་བསྐུར་གྲུབ་རྗེས། བཞུགས་གསོལ་ནས་ལས་རིམ་རྣམས་བྱ་དགོས་སོ། །གང་ལྟར་ཡང་བསྟོད་པ་ཡན་གྲུབ་པ་དང་་དགང་བླུགཁ་སྦྱར་ལ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ། སྒྲུབ་སྔགས་ལན་བདུན་དང་བཅས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བ་ཕུལ་རྗེས། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་སྦྱར་བ་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། རྩ་སྔགས་ལ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པས་ཡམ་ཤིང་། མར་ཁུ། རྫས་སྤུང་རྣམས་བརྒྱ་རྩ་སོགས་དང་། བསྙེན་སྒྲུབ་ཀྱི་ཁ་སྐོང་ལ་རྫས་ཏིལ་ཁོ་ན་བསྙེན་གྲངས་གང་ཐེམ་དེའི་བཅུ་ཆ་རྩ་སྔགས་ཁོ་ནས་ཕུལ། དམིགས་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་སྲེག་བླུག་གི་མཆོད་པ་ཕུལ་པས། ཐུགས་དགྱེས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི། འོད་ཟེར་དཀར་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་མ་ལུས་པའི་སྒྲིབ་གཉིས་རྒྱུ་དང་བཅས་པ་ཞི་བར་མཛད་པར་བསམ། མཐར་རྫས་ཐམས་ཅད་རྫོགས་པ་དང། མེ་ཏོག་དཀར་པོ་ཐབ་ཏུ་ཕུལ་ལ། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་རྫས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །ཞི་བའི་་་རྒྱས་པའི། དབང་གིི །དྲག་པོའི། ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ལན་གསུམ་གྱིས་ཕྲིན་ལས་གསོལ། གང་ལ་རེག་ན་འཇམ་པའི་ལྷ་རྫས་ཀྱང་། །དབང་པོའི་ཚོན་གྱིས་བསྒྱུར་བའི་སྨིག་རྒྱུ་ཡིས། །བར་སྣང་ཟ་འོག་གཅལ་དུ་བཀྲམ་པ་ལྟར། །འབར་བས་འགྲོ་ཀུན་བཟོད་པའི་གོས་ཐོབ་ཤོག །ཨོཾ་བཛྲ་ཝསཏྲ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་ཏཾ་བུ་ལཱ་ཡེ་སྭཱ་ཧཱ། ཞེས་པས་རྡོ་ཐལ་མེད་པའི་སོ་རྩི་འཇམ་པོ་ཕུལ། གཏང་རག་གི་མཆོད་བསྟོད་མདོར་བསྡུས་བྱ། འཇིགས་པ་བརྒྱད་སོགས་ཞི་བའི་དངོས་གྲུབ་སྩོལ། །འབྱོར་པ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལ། །མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལ། །དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ། །ཅེས་བསྐུལ་ལ། རྩ་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་དངོས་གྲུབ་ཀྱང་བླང་། དཀྱིལ་འཁོར་པའི་ལྷ་ཚོགས་སོགས་གོང་ལྟར་གྱིས་གཤེགས་སྐྱེམས་དགང་བླུག་ལན་གསུམ་དབུལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་་ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུས་ཡེ་ཤེས་པ་གཤེགས་སུ་གསོལ། སྒྲུབ་མཆོད་སྐབས། དཀྱིལ་འཁོར་པའི་ལྷ་ཚོགས་དགྱེས་པ་ཆེན་པོས་སྒྲུབ་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གཤེགས་པར་བསམ་ལ་ཚོམ་བུའི་མཎྜལ་སྒྲུབ་ཁང་དུ་སླར་སྤྱན་དྲང་། གསུམ་པ་མེ་ལྷར་གཏང་རག་ནི། བསང་སྦྱང་། དམ་ཚིག་མེ་ལྷ་རང་བཞིན་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བྱོན་སྐྱེམས་དགང་བླུག་ལན་གསུམ་སྔ་མ་ལྟར་ཕུལ། གོས་ཟུང་དང་སོ་རྩི་ཡང་སྔར་ལྟར་ཕུལ། མེ་གསོས་ཏེ་གཏང་རག་གི་ཚུལ་དུ་རྫས་ལྷག་མ་རྣམས་སོ་སོའི་རྫས་སྔགས་མཐར། ཨོཾ་ཨགྣ་ཡེ་རི་ཥི་རཱ་ཛ་ཡ། བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ། སྔར་ལྟར་མཆོད་ཅིང་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོས་ལ། མཆོད་སྦྱིན་གཏོར་མ་འདིས་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། གོང་བཞིན་ནོངས་པ་བཤགས། གཤེགས་སུ་གསོལ་བ་ནི། དོན་གཉིས་སྒྲུབ་པའི་མེ་ཡི་ལྷ། །རང་རང་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཕྲིན་ལས་བསྒྲུབ་པའི་ཕྱིར། །དུས་སུ་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ཤིས་བརྗོད་བཅས་ལས་བྱང་ལྟར་བྱས་པས་གྲུབ་བོ། །ཞི་བ་ལ་མེ་རང་ཞིར་འཇོག །ལོང་ཁྱབ་ཀྱིས་མ་ཁོམ་ན་འོ་མའི་ཆུས་བཏུལ་ལ། ཨ་ཀཱ་རོ་བརྗོད་ལ་ཐལ་སོལ་རྒྱ་མཚོ་ཆེན་པོར་བསྐྱལ་བར་བྱའོ། །དེ་ལྟར་ཕྱི་དོན་དུ་གཙོ་བོར་སྨྲོས་པའི་སྦྱིན་སྲེག་གི་ཆོ་ག་སྙིང་པོ་སྟེ། གཞན་དུ་ན་ཚིམ་པ་དྲུག་ལྡན་གྱི་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱ་བ་དང། རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་ཉེ་བའི་འདུ་བ་ལྷན་སྐྱེས་བདེ་སྟོང་བདུད་རྩིས་མཆོད་པ་ནང་དང་གསང་བའི་སྲེག་བླུག་གི་ཆོ་ག་རྣམས་ཀྱང་སྐབས་སུ་གང་བབས་ཉམས་སུ་ལེན་པར་གཅེས་སོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་གི་ཁྱད་པར་ནི། སྔོན་དངོས་རྗེས་ཀྱི་ཆིངས་ཞི་བའི་སྐབས་ལྟར་ལ། རྒྱལ་པོའི་བང་མཛོད་ཀྱི་ས་ལས་ཐབ་སྟེགས་སེར་པོ་གྲུ་བཞི་པ་དབུས་དང་ཁ་ཁྱེར་གྲྭ་བཞི་བཅས་ལ་ནོར་བུ་འབར་བས་མཚན་པའི་ཐབ་སེར་པོ་ཚོན་དམར་པོས་བཅད་པར། འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞི་པར་བརྩིགས། ཡམ་ཤིང་ཡང་དེ་མཚུངས་མར་ཁུ་དྲི་བཟང་གིས་སེར་པོར་སྒྱུར། གཏོར་མ་གྲུ་བཞི་སེར་པོ། སྟར་ག་སོགས་འབྲུ་དང་གུར་གུམ་སོགས་མེ་ཏོག་སེར་པོ། དཱུར་བ་དང་རིན་པོ་ཆེ་དར་ཟབ་གཙོ་བོར་གྱུར་པའི་རྫས་རྣམས་དང་། སྣོད་གསེར་ལ་སོགས་པའི་སེར་པོ་འབའ་ཞིག་བྱ། དུས་སྟོན་ར་དང་ཉིན་གུང་ལ་བསྔགས། སློབ་དཔོན་ཆས་གོས་སེར་པོ་རིན་པོ་ཆེའི་རྒྱན་དང་བཅས་ཁྲིའུ་སེར་པོའི་སྟེང་བཟང་པོའི་སྟབས་ཀྱིས་ཞལ་བྱང་དུ་ཕྱོགས་པར་དགའ་བའི་སེམས་ཀྱིས་བཞུགས། རྒྱལ་པོའི་ཕོ་བྲང་ལས་བྱུང་བའི་མེ་སྦར། འདོད་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། གྲངས་གསག་གི་རྩ་སྔགས་ལ་ཤམ། པུཥྚིཾ་ཀུ་རུ་ཨོཾ། དམིགས་པའི་སྐབས་འོད་ཟེར་སྤྲོ་དམིགས། འོད་ཟེར་སེར་པོའི་ཚོགས་གསེར་ཞུན་འཁྱིལ་པ་ལྟ་བུ་རང་དང་བསྲུང་བྱ་ལ་ཕོག་པས་ཚེ་བསོད་བཀྲག་མདངས་ཉམས་རྟོག་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྒྱས་པར་བསམ། རྗེས་མེ་རང་ཞིའམ་དྲི་སེར་པོའི་ཆུས་བཏུལ། ཐལ་བ་མཛོད་དུ་གཏེར་བུམ་ལ་བཙལ་ཏེ་སྦ་བར་གསུངས་སོ།། ༈ །།གསུམ་པ་དབང་གི་སྦྱིན་སྲེག་ནི། ཡིད་མཐུན་པའི་མཛའ་བཤེས་སམ་སྨད་ཚོང་མ་ཉལ་པོ་བྱས་པའི་མལ་འོག་གི་ས་ལ་སྟེགས་བུ་དམར་པོ་ཟླ་གམ་གྱི་དབུས་དང་ཁ་ཁྱེར་གྲྭ་བཞི་བཅས་ལ་ལྕགས་ཀྱུ་ཁ་ཕྱིར་བསྟན་དང་པདྨའི་ཕྲེང་བས་བསྐོར་བ་ཚོན་སེར་པོས་བཅད། ཙནྡན་དམར་པོ་དང་མཛོ་མོ་ཤིང་སོགས་རོ་སྐྱུར་ལ་མདོག་དམར་བའི་བུད་ཤིང་ཟླ་གམ་དུ་བརྩིགས། ཡམ་ཤིང་དེ་མཚུངས་དང་མར་ཁུ་ཡང་དམར་པོ་བྱ། གཏོར་མ་ཟླ་གམ་དམར་པོ། ཙནྡན་དམར་པོ་དང་གླང་སྣ་སོགས་དམར་ལ་རོ་སྐྱུར་བ་དང་སྣུམ་པའི་བཟའ་བཅའ་གཙོར་གྱུར་གྱི་རྫས་སྤུངས། སྣོད་ཀྱང་ཟངས་སོགས་ཁ་དོག་དམར་པོའི་རིགས་བྱ། སློབ་དཔོན་ཆས་གོས་དམར་པོ་བྱེ་རུ་ལ་སོགས་པའི་རྒྱན་དང་བཅས་ཆགས་པའི་སེམས་ཀྱིས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པར་འཁོད། དུས་དཔྱིད་ར་འམ་ཉི་མྱུར་ལ་བསྔགས། སྨད་ཚོང་མའི་ཁྱིམ་ལས་བྱུང་བའི་མེ་སྦར། འདོད་གསོལ། བདག་སྒྲུབ་པ་པོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གྲངས་གསག་རྩ་སྔགས་ཤམ་ལ་ཝ་ཤཾ་ཀུ་རུ་ཧྲཱིཿ དམིགས་པའི་སྐབས། ཐུགས་བདེ་སྟོང་ཆགས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི་འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས། ཁམས་གསུམ་སྲིད་གསུམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་དངོས་གྲུབ་རྣམ་ཤེས་ཡེ་ཤེས་ཐམས་ཅད་དབང་དུ་བསྡུས་པར་བསམ། མེ་རང་ཞིའམ་ཆང་དང་ཙནྡན་གྱི་ཆུས་གཞིལ། ཐལ་བ་རི་རྩེར་རླུང་ལ་འཕྱར་རོ།། ༈ །།བཞི་པ་དྲག་པོའི་སྦྱིན་སྲེག་ནི། རྡོ་རྗེ་ཐབ་ཀྱི་ཁུང་བུ་རུ༔ ཞལ་དུ་གྱུར་པའི་མེ་སྦར་ལ༔ ལྷར་བསྐྱེད་དགྲ་བགེགས་བསྲེག་ཅིང་སྦྱང༔ རྡོ་རྗེ་མེ་ཡི་དབལ་གྱིས་བསྲེག༔ ཅེས་གསུངས་པ་གཏེར་གཞུང་རྩ་བའི་དངོས་བསྟན་ཏེ། ཕུང་སའི་སྟེགས་བུ་གྲུ་གསུམ་པ་རོ་སོལ་བྱུགས་པའི་སྟེང་ཐལ་ཚོན་གྱིས་མ་ཏྲཾ་གཟུགས་ཀྱི་ལྟོ་བར་ཐབ་ཁུང་གྲུ་གསུམ་གྱི་ལྟེ་བར་འཁོར་ལོ་རྩིབས་བཅུའི་དབུས་ཆོས་འབྱུང་མཐིང་ནག་རཾ་གྱིས་མཚན་པ་ལ་ཚེར་མ་ཅན་གྱི་ཤིང་ངམ་དུག་ཤིང་དུག་ཁྲག་གིས་སྦགས་པ་གྲུ་གསུམ་དུ་བརྩིགས། ཐབ་ཀྱི་ཟུར་གསུམ་དུ་ཤིང་གསུམ་མཆེ་བའི་ཚུལ་དུ་བསླང་། དྲག་པོའི་ཤིང་གི་ཡམ་ཤིང་དུག་ཁྲག་གིས་ཉུག་པ། ཚ་བ་གསུམ་དང་ཁྲག་སྣ་སྦྱར་བའི་མར་ནག་གི་ཁུ་བ། གཏོར་མ་གྲུ་གསུམ་ནག་པོ། ཁྱད་པར་གྱི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པ། ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། ལྕགས་ཟངས་རྡོའི་ཕྱེ་མ། ཏིལ་དང་ཡུངས་དཀར་ཚ་བ་གསུམ་སོགས་ཕྱོགས་གཅིག་ཏུ་བསྡུས་པ་རྣམས་བསགས། སྣོད་དང་རྫས་སོགས་ཀྱང་ཁ་དོག་ནག་པོ་དབྱིབས་གྲུ་གསུམ་པ་ཤ་སྟག་བྱ། སློབ་དཔོན་ཆས་གོས་ནག་པོ་རུས་པའི་རྒྱན་དང་ལྡན་པ་དུར་ཁྲོད་ཀྱི་རས་ལ་ཞིང་ཆེན་བྲིས་པའི་སྟེང་ཁ་ལྷོར་བལྟ་བས་ཁྲོས་པའི་སེམས་དང་ལྡན་པས་ཙོག་པུར་འདུག །གདོལ་བཤན་དམེ་ཡུགས་ཀྱི་ལག་ནས་བྱུང་བའི་མེ་སྦར། འདོད་གསོལ། གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མ་རཱ་ཡ་ཕཊཿ ཅེས་སྦྱར། འདས་པའི་མེ་ལྷ་མཆོད་པའི་བྱོན་སྐྱེམས། ཡམ་ཤིང་། མར་ཁུ་བཅས་རྩ་སྔགས་ཤམ་དགྲ་བགེགས་མཱ་ར་ཡ་ཕཊཿ ཅེས་སྦྱར་བ་སྤྱི་ཆིངས་ཞི་བའི་སྐབས་ལྟར་སོང་བ་དང་། ལིངྒ་རྣམས་མདུན་དུ་བཞག་ལ་གཏོར་ཟློག་སྐབས་ལྟར་ཧོམ་སྐྱེད་འགུགས་པ་བཅས་དང་། དངོས་གཞིའི་བསྒྲལ་བ་ལས་བྱང་གི །ཧཱུྃ་བྷྱོ༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ སོགས་མཐར་དྲག་སྔགས་སྤུ་གྲི་དགྲ་བགེགས་དམ་སྲི་མཱ་ར་ཡའི་ཤམ་ཅན་གྱིས་བསྒྲལ་ལ། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔སོགས་བསྟབ་པ་བྱ་བའམ་མ་བྱས་ཀྱང་ཆོག །ལིང་རོ་དྲག་རྫས་ལ་བསྲེས་ཏེ། བསང་སྦྱང་། ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་དྲག་པོའི་མཆོད་རྫས་བསམ་མི་ཁྱབ་པར་གྱུར། ཅེས་བྱིན་གྱིས་བརླབས་པ་སློབ་དཔོན་གྱི་ལག་གཡས་པར་བཟུང་། གཡོན་པ་སྡིགས་མཛུབ་ཁ་ཕྱིར་བསྟན་གྱིས་ཕུལ་ལ། ཧཱུྃ། སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གཤེད་དུ་དབབ་དང་ནད་ངན་གྱིས། །ཅི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་དང་རྩ་སྔགས་ལ། དགྲ་བགེགས་མཱ་ར་ཡ་ཕཊ་སྦྱར་བ་གྲངས་གསག །དམིགས་པ། འོད་ཟེར་མེ་དཔུང་ཁྲོ་ཚོགས་མཚོན་ཆའི་ཚྭ་ཚྭ་དུས་མཐའི་མེ་རླུང་ལྟར་འབར་ཞིང་འཕྲོ་བས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་དམ་སྲིའི་སྡེ་དང་བཅས་པ་ཐལ་བའི་རྡུལ་བཞིན་དུ་མིང་གི་ལྷག་མ་ཙམ་ཡང་མེད་པར་བརླག་པའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་བསམ། མེ་དུག་ཁྲག་གི་ཆུས་བསད་ལ་ཐལ་བ་ལམ་གྱི་བཞི་མདོར་མནན་ལ་རྟ་བྲོ་བྱ། ལས་ཐམས་ཅད་ལ་ལས་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་སྐབས་སུ་གང་བབ་ཀྱི་འདོན་ཚིགས་བསྒྱུར་འོས་ཅན་རྣམས་མཆན་གྱིས་གསལ་བ་ལྟར་བྱས་པས་གྲུབ། ཚུལ་འདིས་ནི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་བྱེད་པ་རྣོ་ལ་ངར་གྱིས་བཏགས་པ་དང་འདྲ་བར་གསུངས་པས་བསྙེན་སྒྲུབ་གྱི་ཁ་སྐོང་སོགས་ལ་གཅེས་ཤིང་། དེར་མ་ཟད་སྤྱིའི་ཁོག་དབུབ་འདི་ལྟར་ལ་སྐབས་སུ་བབས་པའི་ལྷ་སྔགས་ཁ་བསྒྱུར་བྱས་པས་གཤིན་རྗེ་སོགས་སྙན་བརྒྱུད་ཀྱི་རིགས་སྤྱི་ལའང་སྦྱར་བས་དོན་འགྲུབ་པ་ཡིན་ནོ། །སླར་སྨྲས་པ། མཐུ་སྟོབས་དུས་མཐའི་ཞུགས་ལྕེ་རབ་རྣོ་བས། །མ་རུངས་བདུད་དགྲའི་ཚོགས་རྣམས་སྐད་ཅིག་སྲེག །མཆོག་གི་ཡེ་ཤེས་མེ་ཡི་འོད་ཟེར་གྱིས། །ཞི་དང་རྒྱས་མཛད་དབང་གི་ལས་ལ་མྱུར། །དེ་ལྟའི་སྲེག་བླུག་ཆོ་གའི་ལས་རིམ་འདི། །སྤེལ་པས་བདག་རྟོག་ཡེ་ཤེས་མེས་བསྲེགས་ནས། །བདག་མེད་རིག་སྟོང་བཛྲ་ཀུ་མཱ་རའི། །གོ་འཕང་ཚེ་འདི་ཉིད་ལ་མངོན་བྱེད་ཤོག །ཅེས་པའང་ནང་ཆེན་ཚེས་བཅུའི་བླ་མ་བློ་གྲོས་མཆོག་ལྡན་གྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་དང་བཀྲ་ཤིས་དཔལ་འབྱོར་་་༼དིལ་མཁྱེན་རིན་པོ་ཆེ།༽ཟུང་གིས་ལེགས་པར་དཔྱད་ནས་ཤིན་ཏུ་མདོར་བསྡུས་སུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ཨོཾ་སྭསྟི། ལས་རྣམས་མྱུར་དུ་འགྲུབ་བྱེད་པ། །རྡོ་རྗེ་ཡེ་ཤེས་མེ་བོ་ཆེས། །ཀུན་ཏུ་རྟོག་པའི་ཚང་ཚིང་བསྲེག །དངོས་གྲུབ་དཔལ་སྟེར་འདི་ལོངས་ཤིག །བཀྲ་ཤིས་ཞལ་གྲོ །དགེའོ། །དགེའོ། །དགེའོ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ ཕྲིན་ལས་སྙིང་པོར་བསྡུས་པ་ (Volume 16, Text 25)

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ ཕྲིན་ལས་སྙིང་པོར་བསྡུས་པ་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་ཀུན་འདུས་ལས༔ ཕྲིན་ལས་སྙིང་པོར་བསྡུས་པ་བསྟན༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ དང་པོ་སྔོན་དུ་འགྲོ་བ་ནི༔ ཧཱུྃ༔ རང་རིག་གདོད་ནས་དག་པ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ སྣང་སྲིད་སྐུ་དང་ཡེ་ཤེས་ངང༔ འཇའ་ཟེར་ཐིག་ལེ་ཀུན་ཏུ་འབར༔ རྡོ་རྗེ་སྲུང་བའི་འཁོར་ལོ་ཡིས༔ གློ་བུར་བགེགས་ཚོགས་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཀུན་བཟང་མཆོད་སྤྲིན་ཆེ༔ ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ༔ འདི་ལྟར་སྣང་བའི་འདོད་ཡོན་ཀུན༔ བདེ་བ་ཆེན་པོའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ཏིང་འཛིན་ནི༔ ཧཱུྃ༔ ངོ་བོ་ཀ་ནས་དག་པ་ལ༔ རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ༔ ཐུགས་རྗེ་མཁའ་ཁྱབ་དཀྱིལ་འཁོར་ཆེ༔ དབུས་སུ་ཀུན་བཟང་ཡབ་དང་ཡུམ༔ འོག་ཏུ་དཔལ་ཆེན་ཆེ་བའི་མཆོག༔ སྟེང་དུ་བཀའ་དྲིན་སུམ་ལྡན་རྗེ༔ ཕྱོགས་བཞིར་རིགས་བཞི་ཞི་དང་ཁྲོ༔ དེ་ཡི་མུ་རན་འཇའ་ཟེར་ཀློང༔ རྒྱལ་བ་སྲས་བཅས་ཁྲོ་བོའི་ཚོགས༔ བར་ཁྱམས་སྒྲུབ་སྡེ་ཆེན་པོ་བརྒྱད༔ མུ་རན་བཀའ་སྡོད་ཕོ་ཉའི་ཚོགས༔ ཕྱི་ཁྱམས་ཐེག་པ་རིམ་དགུའི་ལྷ༔ ཡེ་ཤེས་མགོན་པོ་ལྕམ་དྲལ་སོགས༔ བསྟན་སྲུང་ཕྲིན་ལས་རྣམ་བཞིའི་བདག༔ ཉི་མ་ལས་ནི་འོད་ཟེར་བཞིན༔ སྣང་བ་གཞིར་རྫོགས་དཀྱིལ་འཁོར་གསལ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ལྷུན་གྱིས་གྲུབ་པའི་བདག་ཉིད་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ ཆོས་དབྱིངས་འགྱུར་མེད་ཞིང་ཁམས་ནས༔ འོད་གསལ་ཡེ་ཤེས་ཆེན་པོའི་ལྷ༔ ཀུན་བཟང་ཆེ་མཆོག་ཞི་དང་ཁྲོ༔ གཉིས་མེད་ཚུལ་གྱིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ དབྱིངས་ཀྱི་རྒྱན་རྫོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ བདེ་བ་ཆེན་པོའི་ངང་དུ་བཞེས༔ མ་ཧཱ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ ངོ་བོ་ཀ་དག་སྤྲོས་དང་བྲལ༔ རང་བཞིན་ལྷུན་གྲུབ་འོད་གསལ་མདངས༔ ཐུགས་རྗེ་རིག་རྩལ་ལུག་རྒྱུད་ལྷ༔ ཡེ་རྫོགས་ཞི་ཁྲོའི་ལྷ་ལ་བསྟོད༔ ཀུན་ཀྱང་འོད་འབར་གཟི་བརྗིད་ཆེ༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཚོགས༔ རབ་འཕེལ་མཁའ་ཁྱབ་རྒྱལ་བ་མཆོད༔ སེམས་ཅན་རྣམས་ལ་ཞུགས་པ་ཡིས༔ གནས་འགྱུར་ཞི་ཁྲོའི་ལྷ་རུ་གྱུར༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཧཱུྃ༔ དབྱིངས་ཀྱི་རང་བཞིན་བྷནྡྷ་རུ༔ རིག་པ་ཡེ་ཤེས་བདུད་རྩིས་བཀང༔ ལྷུན་གྲུབ་མདངས་རྩལ་འདོད་ཡོན་འཕྲོ༔ ཆོས་དབྱིངས་རྒྱན་དུ་སྤྲིན་ལྟར་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཡེ་ཤེས་རང་ཤར་ལྷ་ཚོགས་ལ༔ འདོད་ཡོན་རང་གྲོལ་ཚོགས་མཆོད་འབུལ༔ དབྱེར་མེད་ངང་དུ་བསྐང་ཞིང་བཤགས༔ གཉིས་འཛིན་བློ་ཟད་ངང་དུ་བསྒྲལ༔ མ་དག་འཁྲུལ་པའི་ཕུང་པོ་རྣམས༔ རེ་དོགས་མེད་པའི་དབྱིངས་སུ་བསྟབ༔ བྷྱོ༔ རིག་པ་རང་ཤར་བཀའ་སྡོད་རྣམས༔ རྟེན་ཅིང་འབྲེལ་འབྱུང་དམ་ཚིག་རྫས༔ བཀའ་ཡི་ཕ་འབབ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད༔ ཧཱུྃ༔ ལྷུན་གྲུབ་རིག་རྩལ་ཕྱིར་ཤར་བ༔ ནང་དབྱིངས་ཆེན་པོའི་དབྱིངས་སུ་བསྡུ༔ གདོད་ནས་སྐྱེ་བ་མེད་པ་ལས༔ རང་བཞིན་དཀྱིལ་འཁོར་འཇའ་ལྟར་ཤར༔ སྣང་སྲིད་སྐུ་དང་ཡེ་ཤེས་ངང༔ ལྷུན་གྲུབ་ངང་དུ་མངོན་སངས་རྒྱས༔ ཨ་ཨ་ཨ༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ སྣང་བཞི་མཐར་ཕྱིན་རྡོ་རྗེའི་སྐུ༔ འོད་གསལ་འཕོ་བ་ཆེན་པོ་འགྲུབ༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།

རྩ་གསུམ་བསྐང་བ་ (Volume 67, Text 25)

རྩ་གསུམ་བསྐང་བ་ནི། ཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་གནས་ལུགས་མངོན་གྱུར་པའི། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཏིང་འཛིན་གསལ་དྭངས་བླ་མེད་བརྡའ་སྟོན་པའི། །རིག་འཛིན་བརྡའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བཀའ་ལུང་ལྷག་ཆད་མེད་པར་མཁྱེན་མཛད་པའི། །གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བརྩེ་སེམས་མཁྱེན་པས་འགྲོ་ཀུན་འདྲེན་མཛད་པའི། །ཐུགས་རྗེ་བྱིན་བརྒྱུད་བླ་མའི་ཐུགས༴ བཀའ་གཏེར་གསང་མཛོད་སྦས་པའི་གཉེར་དུ་བསྐོས། །མཁའ་འགྲོ་གཏད་བརྒྱུད་བླ་མའི་ཐུགས༴ མ་འོངས་ལས་འཕྲོ་ལྡན་ཞིང་ལུང་སྟོན་པའི། །སྨོན་ལམ་དབང་བརྒྱུད་བླ་མའི་ཐུགས༴ བཀའ་བབས་ལུང་གིས་འགྲོ་ཀུན་སྨིན་གྲོལ་བཀོད། །ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ སྟོང་གསལ་འགག་མེད་ཡེ་ནས་མངོན་རྫོགས་པའི། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །རང་བཞིན་རྣམ་དག་མཚན་དཔེས་སྤྲུལ་པའི་སྐུ། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས༴ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་པདྨ་འབྱུང་གནས་ཐུགས༴ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་པདྨ་སམྦྷའི་ཐུགས༴ ཤེས་བྱར་མ་རྨོངས་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་བློ་ལྡན་མཆོག་སྲེད་ཐུགས༴ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་པདྨ་རྒྱལ་པོའི་ཐུགས༴ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་ཉི་མ་འོད་ཟེར་ཐུགས༴ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་ཤཱཀྱ་སེང་གེའི་ཐུགས༴ མུ་སྟེགས་དམ་སྲི་འདུལ་མཛད་དངོས་གྲུབ་བརྙེས། །གུ་རུ་སེང་གེ་སྒྲ་སྒྲོག་ཐུགས༴ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས་མཛད་པའི། །གུ་རུ་རྡོ་རྗེ་གྲོ་ལོད་ཐུགས༴ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས་མཛད་པའི། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །ཐམས་ཅད་མ་ལུས་ལྷུན་གྱིས་གྲུབ་མཛད་པའི། །སངས་རྒྱས་ཐོད་ཕྲེང་རྩལ་གྱི་ཐུགས༴ ལས་དང་ཉོན་མོངས་སྡིག་སྒྲིབ་སྦྱོང་མཛད་པའི། །རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས༴ དཔལ་འབྱོར་ཚེ་དབང་ལོངས་སྤྱོད་རྒྱས་མཛད་པའི། །རཏྣ་ཐོད་ཕྲེང་རྩལ་གྱི་ཐུགས༴ ཐམས་ཅད་མ་ལུས་དབང་དུ་སྡུད་མཛད་པའི། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས༴ གནོད་བྱེད་དགྲ་བགེགས་གདུག་པ་འདུལ་མཛད་པའི། །ཀརྨ་ཐོད་ཕྲེང་རྩལ་གྱི་ཐུགས༴ གསང་བ་དབང་སྡུད་དངོས་གྲུབ་ཆར་འབེབ་པའི། །མཁའ་འགྲོ་མཚོ་རྒྱལ་ཡུམ་གྱི་ཐུགས༴ འགྲོ་རྣམས་མ་ལུས་བླ་མེད་འདྲེན་མཛད་པའི། །དྲིན་ཅན་རྩ་བའི་བླ་མའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི། །གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ཤིང་བྱ་ར་མཛད། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་། །པདྨ་མཱཾ་ས་སྦྱར་བའི་རཀྟ་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ལང་ལིང་དང་། །འབྲུ་མར་ཞུན་ཆེན་སྣང་གསལ་མར་མེ་དང་། །རྔ་དུང་ཆ་ལང་ཐོད་རྔ་དྲིལ་བུ་དང་། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་ཐུགས་དམ་བསྐང་། །གཡར་དམ་སོར་སྩོལ་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཧྲཱིཿ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་། །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བའི་དཀྱིལ་འཁོར་ནས། །ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས། །རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ ཟླ་གམ་དབང་གི་དཀྱིལ་འཁོར་ཆེན་པོ་ནས། །རྟ་ཕག་ཡབ་ཡུམ་འཁོར་བཅས་ཐུགས༴ ལངྐ་མགྲིན་བཅུ་སྲིན་པོ་འདུལ་བའི་གཙོ། །དྲག་སྒྲུབ་ཕྱི་ནང་ལྷ་ཚོགས་ཐུགས༴ འཆི་མེད་དམར་པོ་ཟླ་གསང་ཨཱཿཡུའི་མཛོད། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐུགས༴ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་། །པདྨ་མཱཾ་ས་སྦྱར་བའི་རཀྟ་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ལང་ལིང་དང་། །འབྲུ་མར་ཞུན་ཆེན་སྣང་གསལ་མར་མེ་དང་། །རྔ་དུང་ཆ་ལང་ཐོད་རྔ་དྲིལ་བུ་དང་། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་ཐུགས་དམ་བསྐང་། །གཡར་དམ་སོར་སྩོལ་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཧྲཱིཿ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་དམ་པ་ནས། །སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཐུགས་དམ་བསྐང་། །ཤར་ཕྱོགས་གཏུམ་དྲག་འབར་བའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ཐུགས༴ ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་ཐུགས༴ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་ཡབ་ཡུམ་ཐུགས༴ བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ཐུགས༴ ཤར་ལྷོ་རབ་འཇིགས་འབར་བའི་དུར་ཁྲོད་ནས། །དམ་ཚིག་མཁའ་འགྲོ་ཡབ་ཡུམ་ཐུགས༴ ལྷོ་ནུབ་རབ་གཏུམ་འབར་བའི་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་ཐུགས༴ ནུབ་བྱང་རབ་ཏུ་འཁྱིལ་བའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་ཡབ་ཡུམ་ཐུགས༴ བྱང་ཤར་རྒྱུག་བྱེད་ཤུག་དྲག་དུར་ཁྲོད་ནས། །རྒྱུད་འཛིན་མཁའ་འགྲོ་ཡབ་ཡུམ་ཐུགས་དམ་བསྐང་། །ཧཱུྃ། ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་། །བསྟན་པ་བཤིག་པའི་རུ་ཏྲ་ཀུན་གྱི་གཤེད། །སྔགས་སྲུང་ཨེ་ཀ་ཛཱ་ཊིའི་ཐུགས༴ དམ་ལ་གནས་ཤིང་རྣལ་འབྱོར་གྲོགས་མཛད་པའི། །ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས༴ སྟོང་ཁམས་ཀུན་ཏུ་དྲག་རྩལ་གཟེར་གྱིས་ཁྱབ། །གཟའ་བདུད་རཱ་ཧུ་ལ་ཡི་ཐུགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད། །གནོད་སྦྱིན་ཤན་པ་དམར་ནག་ཐུགས༴ རྒྱུད་སྡེ་གསང་སྔགས་ཀུན་གྱི་གཉེར་དུ་བསྐོས། །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ དགྲ་བགེགས་གདུག་པ་མ་ལུས་སྒྲོལ་མཛད་པའི། །ལས་མགོན་སྲོག་བདུད་ནག་པོའི་ཐུགས༴ ནད་དང་རིམས་ཀྱིས་དགྲ་བགེགས་ཐལ་བར་རློག །མ་གཅིག་དཔལ་ལྡན་ལྷ་མོའི་ཐུགས༴ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི། །ནོར་བདག་རྣམ་ཐོས་སྲས་ཀྱི་ཐུགས༴ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི། །རྒྱལ་པོ་པེ་ཧར་འཁོར་བཅས་ཐུགས༴ སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་པའི། །མཐུ་ཆེན་དཔལ་མགོན་འཁོར་བཅས་ཐུགས༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ གཏོར་ལེན་རྣལ་འབྱོར་བར་ཆད་ཀུན་སེལ་བའི། །བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས༴ གཞི་དང་སྒྲུབ་གནས་བར་ཆད་སྲུང་མཛད་པའི། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ ས་ལམ་འཕགས་པ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས༴ འཁོར་འདས་སྲིད་གསུམ་ཡོངས་ཀྱི་ཐུགས༴ ས་འདིའི་བདག་པོ་རྣམས་ཀྱི་ཐུགས༴ གཞི་འདིའི་བདག་པོ་རྣམས་ཀྱི་ཐུགས༴ གནས་འདིའི་བདག་པོ་རྣམས་ཀྱི་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང། །པདྨ་མཱཾ་ས་སྦྱར་བའི་རཀྟ་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ལང་ལིང་དང་། །འབྲུ་མར་ཞུན་ཆེན་སྣང་གསལ་མར་མེ་དང་། །རྔ་དུང་ཆ་ལང་ཐོད་རྔ་དྲིལ་བུ་དང་། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་། །འདོད་ཡོན་ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་ཉམས་ཆག་ཐམས་ཅད་གཉན་བསྐངས་ལ། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རིག་འཛིན་པདྨ་གླིང་པ་རང་གིས་མཛད་པའི་ནོར་རྒྱམ་ལས་བྱང་པདྨའི་ལྗོན་ཤིང་ཁ་སྐོང་བཅས་བཀླག་ཆོག་ཏུ་བསྡེབས་པ་ལས་ཁོལ་དུ་ཕྱུང་བའོ།། །།

བཏགས་གྲོལ་རྒྱུད་དྲུག་ (Volume 42, Text 25)

༄༅༔ བཏགས་གྲོལ་རྒྱུད་དྲུག་བཞུགས་སོ༔ དབང་སོགས་ཀྱི་མན་ངག་སྙིང་པོ་ཡང་དཀྱུས་སུ་ཡོད། ྈྈྈྈྈྈྈ བཏགས་གྲོལ་སྙིང་པོའི་རྒྱུད་དོ༔ ཨོ་རྒྱན་སྐད་དུ༔ པྲད་རྡ<!TCC Tibetan character 4,200 undefined in unicode!>ྷཱ་ནིར་ཨ༔ བོད་སྐད་དུ༔ བཏགས་གྲོལ༔ སྟོང་གསལ་ཏི་ལ་མཐའ་དབུས་བྲལ༔ རང་བྱུང་དབྱིངས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཆོས་དབྱིངས་གསལ་མདངས་ཀློང་དཀྱིལ་ནས༔ རང་བྱུང་རང་ཤར་རྒྱུད་གསུངས་པ༔ ཨེ་མ༔ རང་བྱུང་རིག་པའི་འཁོར་རྣམས་གསོན༔ སྲིད་པའི་རྩ་བ་བདག་འཛིན་ཉིད༔ ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ༔ སྟོང་གསལ་གདངས་ལྔའི་སྒོ་ཕྱེ་སྟེ༔ ཏི་ལ་གསལ་སྟོང་མཐའ་བྲལ་ཉིད༔ རྐྱེན་མེད་རྩོལ་བྲལ་ལྷུག་པར་བཞག༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ བཏགས་གྲོལ་ཉིད་དུ་བུདྡྷ་འོ༔ ཚིག་བདུན་རྒྱུད་ཀྱི་ཡང་སྙིང་འདི༔ བཏགས་གྲོལ་བཅངས་པས་འཁོར་བ་སྟོང༔ ཀུན་བཟང་ཡབ་ཡུམ་ཀློང་ནས་རང་བྱུང་བ༔ བཏགས་གྲོལ་སྙིང་པོའི་རྒྱུད་ཚིག་བདུན་པ་རྫོགས་སོ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་འོ༔ ྈྈྈ ྈྈྈ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ །ྀཨཚ།༔ གཅིག་ཤེས་ཀུན་གྲོལ་རྒྱུད་བཞུགས༔ ྈྈྈྈྈྈྈྈ བུདྡྷ་ཌཱ་ཀིའི་སྐད་དུ༔ ཨེ་ཀ་དུ་བར་དྷེ་ཤོྷཀ༔ བོད་སྐད་དུ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད༔ ཏི་ལ་མཐའ་བྲལ་དབྱིངས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ ཉག་གཅིག་ཀློང་ནས་བཀའ་བསྩལ་པ༔ མ་འགགས་རིག་མདངས་འཁོར་རྣམས་གསོན༔ ཨེ་མ་ཧོ༔ སྟོང་གསལ་ཏི་ལ་ཉག་གཅིག་འདི༔ འཁོར་འདས་ཀུན་གྱི་རྩ་བ་ཡིན༔ རང་བྱུང་ཡེ་ཤེས་དོན་རྟོགས་ན༔ གཅིག་ཤེས་ཀུན་ལ་མཁས་པར་འགྱུར༔ ཉག་གཅིག་གསལ་གདངས་ཡེ་ཤེས་ལྔ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས༔ ས་ལམ་ཐེག་པའི་བྱེ་བྲག་ཀུན༔ རྩ་བ་ཏི་ལ་གཅིག་ལས་གྱེས༔ བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན༔ སྡེ་གསུམ་རིམ་གསུམ་ཨ་ཏིར་འདུས༔ ཨ་ཏི་ཕྱི་ནང་གསང་བའི་སྐོར༔ ཡང་གསང་བླ་མེད་ལ་སོགས་པ༔ གཅིག་ཤེས་ཀུན་ལ་མཁས་པར་རྫོགས༔ ཤེས་བྱའི་རྒྱུད་རྣམས་ཐམས་ཅད་ཀུན༔ ལྟ་སྤྱོད་ཏིང་འཛིན་དབང་དང་ནི༔ དམ་ཚིག་དཀྱིལ་འཁོར་ལྷ་མཆོད་སྔགས༔ ཕྲིན་ལས་ཉམས་རྟོགས་ས་ལམ་རིམ༔ གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན༔ ཉག་གཅིག་ཀློང་དུ་རྟོགས་གྱུར་ན༔ རྒྱུད་དོན་ཀུན་ལ་མཁས་འགྱུར་ཞིང༔ ཏི་ལ་ཉག་གཅིག་ཀློང་དུ་གྲོལ༔ འདི་ཉིད་བཅངས་ཤིང་དོན་རྟོགས་པས༔ གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར༔ འདི་ནི་རེག་པ་ཙམ་གྱིས་ཀྱང༔ ཀུན་བཟང་བདེ་ཆེན་དབྱིངས་ལ་འཁོད༔ ཆོས་སྐུ་ཏི་ལ་ཉག་གཅིག་གི་ཀློང་ནས་རང་བྱུང་བ༔ ཡང་སྙིང་བཅུད་ཀྱི་ཐིགས་པ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་རྫོགས་སོ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱའོ༔ ྈྈྈྈྈ ྈྈྈྈ ྈྈྈ ༁ྭ༔༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༄༔ ཡང་ཏིག་སྙིང་པོའི་རྒྱུད་དོ༔ ྈྈྈྈྈ ཡང་དག་སྐད་དུ༔ ཨ་ཏི་ཀཾ་ཙཱ་མནྡྷ་ལ༔ བོད་སྐད་དུ༔ ཡང་ཏིག་གསེར་གྱི་འབྲུ་གཅིག་པའི་རྒྱུད༔ མི་འགྱུར་ལྟ་བའི་ཀློང་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ མི་འགྱུར་དབྱིངས་ནས་བཀའ་བསྩལ་པ༔ ཉོན་ཅིག་སྟོང་གསལ་རིག་མདངས་འཁོར༔ ཨེ་མ་ཧོ༔ ཏི་ལ་ཉག་གཅིག་ཡེ་ཤེས་དོན༔ སྟོང་གསལ་མི་འགྱུར་མཐའ་དང་བྲལ༔ ཡང་ཏི་སྙིང་པོ་ཇི་བཞིན་ནོ༔ མི་དམིགས་དབྱིངས་ནས་རང་བྱུང་ངོ༔ ཡང་ཏི་སྙིང་པོའི་རྒྱུད་འདི་ཉིད༔ བཅངས་ཤིང་མཐོང་ཐོས་རེག་པས་ཀྱང༔ གསལ་མདངས་ཀློང་དུ་བུདྡྷ་འོ༔ ཡང་ཏི་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱའོ༔ ྈྈྈྈ ྈྈྈྈ ྈྈྈྈ རྒྱ་རྒྱ་རྒྱ༔ ༄༔ སངས་རྒྱས་སྲས་གཅིག་གི་རྒྱུད་དོ༔ ྈྈྈྈ ཀ་ལ་པིང་ཀ་ཛཱོ་གི་ནཱིའི་སྐད་དུ༔ བུདྡྷ་ཀུརྐྨ་ཀྭཱ་ྷམྞེ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད༔ རང་བྱུང་དོན་གྱི་ཀློང་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ རང་བཞིན་ཀློང་ནས་བཀའ་བསྩལ་པ༔ གནས་ལུགས་རང་རྩལ་འཁོར་རྣམས་གསོན༔ ཉག་གཅིག་རང་བྱུང་ཡེ་ཤེས་འདི༔ སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན༔ ཏི་ལ་སྟོང་པས་ལས་ཀུན་བྱེད༔ ཀུན་ཏུ་བཟང་པོའི་ས་བོན་ནོ༔ ཐམས་ཅད་འདི་ལས་བྱུང་ཞིང་གྲོལ༔ རང་བྱུང་ཉག་གཅིག་རྒྱུད་འདི་ནི༔ མཐོང་ཐོས་བཅངས་པས་སངས་རྒྱ་འོ༔ སངས་རྒྱས་སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད་རྫོགས་སོ༔ རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ་འོ༔ ྈྈྈྈ ྈྈྈྈ ྈྈྈྈ རྒྱ་རྒྱ་རྒྱ༔ ྀཨཚ༔ ༄༔ རང་བྱུང་རིག་པའི་རྒྱུད་བཞུགས༔ ྈྈྈྈྈྈ ཡང་དག་གསང་བའི་སྐད་དུ༔ མ་མ་ཀོ་ལིཾ་ས་མན་ཏ༔ བོད་སྐད་དུ༔ རང་བྱུང་རིག་པའི་རྒྱུད༔ རང་བྱུང་རྒྱུན་ཆད་མེད་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས༔ རང་བྱུང་རིག་པའི་རྒྱུད་གསུངས་པ༔ ཨེ་མ་རང་རིག་འཁོར་རྣམས་གསོན༔ རང་བྱུང་ཡེ་ཤེས་ཉག་གཅིག་དོན༔ རང་ཤར་ལྷུག་པ་གཟའ་གཏད་བྲལ༔ དེ་ཡིས་མཐར་འཛིན་གྲོལ་གྱུར་ན༔ འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན༔ རང་བྱུང་རིག་རྩལ་ཀློང་དུ་གྲོལ༔ འདི་ལ་བཏགས་གྲོལ་སངས་རྒྱས་ཞེས༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཀུན་བཟང་རིག་པའི་ཀློང་ནས་རང་བྱུང་བ༔ རང་བྱུང་རིག་པའི་རྒྱུད་རྫོགས་སོ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱའོ༔ ྈྈྈྈ ྈྈྈ ྈྈྈྈ རྒྱ་རྒྱ་རྒྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ༄༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་བཞུགས་སོ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ ྈྈྈྈྈྈ བོད་སྐད་དུ༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད༔ རང་བྱུང་རང་ཤར་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན༔ མཐོ་དམན་ཕྱི་ནང་མེད་གནས་སུ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ ཡབ་ཀྱི་དགོངས་པ་ཀུན་ཏུ་བཟང༔ ཨ་ཏི་རང་ཤུགས་ཚིག་ཏུ་བྱོན༔ ཨེ་མ་འདི་འཛིན་སྐལ་པ་ཆེ༔ འདི་ནི་རང་བྱུང་ཆེན་པོ་འོ༔ ྈྈྈ ྈྈྈྈ ཨེ་མ་ཀི་རི་ཀི་རི༔ མས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི་སུ་བྷ་ས་ཏ་ཡེ༔ ཙ་ཀི་ར་བྷུ་ཡེ་ཏ་ལི་ཀོ་ཏ༔ ལྕེ་ཡེ་ས་མུནྟ༔ ཙརྱ་སུ་གྷ་བི་ཏི་ཡེ༔ བྷི་ཏི་ས་ན་བྷ་གུ་ཡེ༔ ཀེ་ས་ཀེ་ར་དུ་ཀ་ན༔ མ་ཧ་ཏ་རི་བེ་ཏ་ནི༔ པ་ར་ལི་ཧི་ལཾ་ཧ་སི་ན༔ སཾ་བྷུ་ད་ར་ཏ་མེ་གྷ་ཙ་ར་ཏཾ་པ༔ སུ་རྱ་གྷ་ཏ་ར༔ ཨྱེ་བ་ཤ་ན་མ་ས༔ ར་ན་བྷ་ཏི་ས༔ གུ་ལི་ཏ་ཡ་ཐཱ༔ གྷུ་ར་གྷུ་ར་པ་ག༔ ཁ་ར་ན་ལཾ༔ ན་ར་ན་ར་ཨི་ཐ་ར༔ བྷུད་དྷ་བུད་ཚི༔ ཤ་ས་གྱེ་ལཾ༔ ས་ར་རི་རི་ལ་ཁྱེ༔ ས་ཏྲ་ལ་སིར་སྣ༔ བྷེ་ས་བྷེ་ས་རས་པ་ལཾ༔ ཨི་ཨཱི༔ མ་མཱ༔ ར་རཱ༔ ཨཱ༔ ཨཱོྃ་ཨཱཿཧཱུྃ༔ ཡབ་ཀྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་པོ་འོ༔ ྈྈྈྈྈ དེ་ནས་ཡུམ་ཆེན་ཀུན་ཏུ་བཟང་མོས༔ དགོངས་པ་རང་བྱུང་བཀའ་བསྩལ་པ༔ ཨཱོྃ་ཨཱཿཧཱུྃ༔ ཨེ་མ་ཀི་རི་ཀི་རི༔ རྨས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨི་ཀ་རི་ལི་བྷ་ཏ་ཡེ༔ ཙ་ཀི་ར་བྷུ་ལི་ཏ༔ ལྕེ་ཡེ་ས་མུན་ཏ༔ ཙརྱ་སུ་གྷ་ཡེ་བྷི་ཏི༔ ས་ན་བྷྱ་གྷུ་ཡེ༔ ཀེ་རི་རྡ་ཀེ་ནི༔ རྡ་ཀ་མ་ཧཱ་རི་བེ༔ ཏ་ན་པ་རི་ལི་ཧི༔ ས་ནཾ་ཁ་ར་ཏཀྵེ་ལ་ན༔ སཾ་བྷུ་ད་ར་ཏ༔ མེ་གྷ་ཙ་ར་ཏི༔ རྡ་པ་སུརྱ་གྷ་ཏ་ར་ཨཱ༔ མ་ཤ་ན་པ་ར༔ བྷི་ཧི་ཏི་ས་གྷུ་ར་ལ༔ མ་སྨིན་ས་གྷུ་ཏི་ལ༔ ཏ་ཡ་གྷུ་ར་གྷུ་ར༔ བརླངས་ག་ཁ་ཀ་བ་ལ་ན་ར་ལཾ་པ༔ ན་ར་ན་ར་ལཾ༔ ཨི་ཐ་ལ་པ་ཏ་ལཾ༔ སིརྣ་བྷེ་ས་ར་ལཾ༔ ས་གེ་ལཾ༔ མ་ས་སཱ༔ རྀ་རཱྀ༔ ལྀ་ལཱྀ༔ ཨི་ཨཱི༔ མ་མཱ༔ ར་རཱ༔ ྈྈྈྈ ཡུམ་གྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་མོ་འོ༔ དེ་ནས་ཡབ་ཡུམ་གཉིས་མེད་འཁྲིལ༔ དགོངས་པ་གཅིག་ཏུ་བཀའ་བསྩལ་པ༔ ཡོན་ཏན་ཀུན་རྫོགས་མཚོན་བྱེད་ཕྱིར༔ ཡི་གེ་ཉི་ཤུ་རྩ་ལྔ་བསྟན༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨ་རཀྴ་གྷྲི་ཧཾ་ཏི༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ན་སོ་གད་གླིང༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ བྷུ<!TCC Tibetan character 4,200 undefined in unicode!>ྙ་རི་ལ་བྷ་རྡུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རཾ་པ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་གཅད་པའི་ཕྱིར༔ མ་ཏང་ཕས་ཕེར་རས་མི་ཏ༔ འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར༔ ཁ་ཊ་རེཀྵ་ས་མིག་ཀླུང༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨ་ཀ་རེ་ན་བྷེ་ཙག་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཏ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡཱ༔ འཁོར་བ་དོང་ནས་འདོན་པའི་ཕྱིར༔ མ་མ་ཀོ་ལིཾ་ས་མནྟ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རི་ཡཾ་པ་རི་མཾ་ཏི༔ རོ་ཡི་ཡུལ་ཁུངས་སྤུར་བའི་ཕྱིར༔ བྷུ་ཀ་སིང་ཧ་ཕ་གྷ་ལ༔ ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར༔ ར་མི་པི་པི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བི་ཁུ་མ་ལ་པ་ཏཾ་གི༔ ལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར༔ ས་མ་ཉི་ཁ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་ཏྲི་ཏོ་མེ༔ ས་ལམ་དུས་གསུམ་གཅད་པའི་ཕྱིར༔ གྷེ་ཝ་སུ་གྷར་རྣ་མ་ཡེ༔ ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར༔ དྷརྨཱ་པ་ཏི་ས་གྷུ་ལི༔ སྐུ་གསུམ་ལམ་དུ་བསླང་བའི་ཕྱིར༔ ར་མི་ས་མ་ཁ་གད་ཙེ༔ སྣང་བ་དངོས་སུ་བླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྒྲ་ཡི་ཞེན་པ་གཅད་པའི་ཕྱིར༔ ང་ཏིག་པ་ལ་ཀི་ལི་ས༔ བསམ་གཏན་ཆེན་པོའི་ས་གནོན་ཕྱིར༔ གྷ་ཙ་པ་ལ་ཨི་དཾ་ས༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨ་ཨེ་ཨ་ཨ་ནུ་ས༔ སངས་རྒྱས་ཞེན་པ་བཟློག་པའི་ཕྱིར༔ སང་ཀྲི་མ་མ་ཀཱཏྨ་ཏ༔ རྒྱལ་སྲས་རྣམས་ཀྱི་ས་གནོན་ཕྱིར༔ ང་ལ་ཁེ་པ་ཀི་ལི་ས༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དགོངས་པ་ཀུན་ཏུ་བཟང་པོ་འོ༔ འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་རྫོགས་སོ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྈྈྈ ྈྈྈ ྈྈྈ ས་མ་ཡ༔ ྈ ༈ བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོ་བཞུགས་སོ། །རིན་ཆེན་ཤོག་འདྲའི་སྐོར། བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་མཛད་ཀུན་བཟང་རིགས་ལྔའི་ཚོགས། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་རྣམས་ནི་འབད་མེད་གྲོལ་བྱའི་ཕྱིར། །བཏགས་གྲོལ་རྒྱུད་དྲུག་ཆོས་སྐུའི་སྟོན་པས་གསུངས། །དེ་ཉིད་བྲི་དང་རབ་གནས་དབང་བསྐུར་བཅང་། །ཀློག་ཅིང་བཞུ་བའི་རིམ་པ་ལེགས་པར་བསྟན། །དང་པོ་བྲི་བ་ནི། མཐིང་ཤོག་ཟུར་ནས་ཟུར་དུ་སོར་བརྒྱད་པ་ལ། གསེར་གྱི་གཟབ་མར་དབུ་གཉིས་གྱེན་ལ་ཡོད་པས། བཏགས་གྲོལ་རྣམས་དང་འདས་རྗེས་གསུམ་པོ་བྲིས་ཏེ། དར་ཚོན་གྱིས་དྲིལ་ལོ། །རབ་ཏུ་གནས་པ་ནི། ཟླ་བ་རྒྱས་པའི་ཚེ་དབེན་ཞིང་ཉམས་དགའ་བར་མཎྜལ་མདའ་གང་མཐིང་ཁ་དཀར་སེར་དམར་ལྗང་ལྔའི་མུ་ཁྱུད་བསྐོར་ལ། དེའི་ནང་དུ་རིགས་ལྔའི་འོད་ཀྱི་ཚོམ་བུ་ལྔ་བྲིས་པ་ལ་སོ་སོའི་ཁ་དོག་གིས་གང་བར་ཁྱམས་མཐིང་གས་གང་། ཚོམ་བུའི་མུ་ཁྱུད་མཐིང་དམར་དཀར་པོའི་ར་བ་གསུམ་གསུམ་གྱིས་བསྐོར་བའི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བ་གཅིག་གི་སྟེང་དུ་བཏགས་གྲོལ་རྣམས་ན་བཟའ་དང་བཅས་པ་གཞུག །དཀྱིལ་འཁོར་གྱི་མཐར་ཕྱི་ནང་གི་མཆོད་པ་དང་། ཚོགས་གཏོར་བཟང་དུ་བཤམ་མོ། །དེ་ནས་བགེགས་གཏོར་བྱིན་ལ་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད་དེ། ཐམས་ཅད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་རིན་པོ་ཆེའི་རྒྱན་ཅན་དུ་བསྐྱེད། ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་ཅུང་ཟད་བྱས་ལ། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་ནས་ལ་བཟླས་པ་ཡང་སྟ་གོན་དུ་བྱའོ། །དེ་ནས་སྟོང་པའི་ངང་ལས་བདག་དང་གནས་དང་རྣལ་འབྱོར་པ་རྣམས་འོག་མིན་གྱི་ཞིང་དང་སོ་སོའི་སྟོན་པ་དང་འཁོར་དུ་བསམ་སྟེ། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བའི་དབུས་ན། རྩ་བའི་བླ་མ་བརྒྱུད་པས་བསྐོར་བ་རྣམས་དཔལ་རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་མཐིང་ག་འཁོར་ལོ་རྩིབས་བརྒྱད་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་བའི། ཤར་དུ་མི་བསྐྱོད་པ་དཀར་པོ་བདུད་འདུལ་གྱིས་རྡོ་རྗེ་དང་། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱིས་ཨུཏྤལ་དང་། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱིས་པདྨ་དང་། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱིས་རྒྱ་གྲམ་འཛིན་པ། སོ་སོའི་ཡུམ་དང་བཅས་པ་བསྐྱེད་ལ། འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བར་བཏགས་གྲོལ་དེ་ཉིད་བསམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབྱངས་དང་བཅས་ཏེ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་འཁོར་བཅས་གཤེགས། །ཞེས་པས་འོག་མིན་ནས་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་། བླ་མ་བརྒྱུད་པ་ཐམས་ཅད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་དཔག་ཏུ་མེད་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པ་ལ། མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ནང་མཆོད་པའི་སྤྲིན་ཕུང་གིས། །བདེ་གཤེགས་མ་ལུས་འཁོར་བཅས་མཆོད། །ཨཱོྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ། ཨཱོྃ། ཡེ་ནས་འོད་གསལ་ཆོས་སྐུར་དག་པ་ལ། །སྣ་ཚོགས་གཟུགས་སྐུ་མཚན་དཔེའི་གཟི་འོད་ཅན། །བླ་མ་ཡི་དམ་རིགས་ལྔའི་སངས་རྒྱས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །ཨཱོྃ་བཛྲ་ཨཱཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་པྲ་བེ་ཤ་ཧོཿས། བཏགས་གྲོལ་ལྷའི་སྐུར་གསལ་བ་ལ་གཉིས་སུ་མེད་པར་ཐིམ། ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར། ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་རྒྱས་བཏབ་ལ། སྔར་གྱི་བཟླས་པའི་མེ་ཏོག་གིས་གཏོར་ཞིང་། རིགས་ལྔའི་རྩ་སྔགས་རྟེན་འབྲེལ་སྙིང་པོ་དང་བཅས་པ་བརྒྱ་རྩ་བརྒྱད་བརྗོད་ནས། འབྲུ་དང་སྨན་དང་རིན་པོ་ཆེའི་མཎྜལ་ལན་གསུམ་ཕུལ་ཏེ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨཱོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པ་དང་། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པས་མཆོད་ལ། བླ་མ་དང་རིགས་ལྔའི་བསྟོད་པ་རྒྱས་པར་བྱས་ཏེ། མེ་ཏོག་གིས་སྙིམ་པ་བཀང་ལ་མགྲིན་གཅིག་ཏུ། གང་འདིར་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་སྲས་དང་བཅས་པ་དང་། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ། ཆེ་གེ་མོ་ཞེས་བགྱི་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་པ་གསུམ་དང་། རྒྱུད་དང་འདས་རྗེས་རྣམས་ཚར་གཅིག་བརྗོད་པའམ། རྒྱུད་ཀྱི་སྙིང་པོ་ཚར་བདུན་བརྗོད་ལ། བཀྲ་ཤིས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བཀྲ་ཤིས་བརྗོད་པར་བསམ་ལ་མེ་ཏོག་འཐོར། རོལ་མོ་སྒྲོག་ཅིང་མགྲིན་གཅིག་ཏུ། བདེ་གཤེགས་མི་འགྱུར་སྐུ་ལྔ་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་ཕྲིན་ལས་ཕུན་སུམ་ཚོགས། །གདོད་མའི་མགོན་པོ་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་ཕུན་ཚོགས་ཤོག །འོག་མིན་ཡེ་ཤེས་བདེ་ཆེན་རྒྱ་མཚོའི་ཞིང་། །རྒྱལ་བ་རྒྱ་མཚོ་དཔག་མེད་ཚོགས་མངའ་བས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བདེ་ཆེན་རིག་འཛིན་བདེ་གཤེགས་འགྲོ་བའི་ཡབ། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །སོ་སོའི་སྐུ་དང་ཡེ་ཤེས་ཕུན་ཚོགས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །དགའ་རབ་རྡོ་རྗེ་ཤྲཱི་སིཾ་ཧ་དང་། །ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་རྒྱ་མཚོར་བཅས། །དངོས་གྲུབ་སྣ་ཚོགས་འབར་བའི་སྤྲིན་འཕྲོ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །ཞེས་པ་ལ་སོགས་པའི་ཤིས་པ་རྒྱས་པར་བརྗོད་པའི་ཚེ། ཕྱོགས་བཅུར་བཀྲ་ཤིས་བདུད་རྩི་དང་འོད་ཟེར་གྱི་དྲྭ་བས་འཇིག་རྟེན་ཐམས་ཅད་གྲོལ་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་བསམ་ཞིང་། ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱས་བརྟན་པར་བྱའོ། །དེ་ནས་རབ་འབྱམས་རིག་པའི་རྩལ་དབང་བསྐུར་ཏེ། སྐལ་ལྡན་དེའི་གནས་ལྔར། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལྔ་བསམས་པ་ལས་འོད་འཕྲོས། བདག་དང་སྣང་སྲིད་ཡི་གེ་དག་ཏུ་བསམས་ཤིང་། ཨཱོྃ་ཨཱོྃ་ཨཱོྃ་ཞེས་པ་ལ་སོགས་པ་བརྒྱ་རྩ་རེ་བརྗོད་ནས་སྣང་སྲིད་ལོངས་སྐུའི་ཞིང་དུ་བསམ་ལ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་སྣང་སྲིད་རང་གི་སེམས། །གདོད་ནས་མ་སྐྱེས་རྩ་བ་བྲལ། །སྟོང་གསལ་རིག་སྟོང་ཆོས་ཀྱི་སྐུ། །གང་ཤར་རང་གྲོལ་སྦྲུལ་མདུད་བཞིན། །སྤང་བླང་གཉིས་མེད་ཤེས་པར་གྱིས། །ཞེས་ངོ་སྤྲད་ལ་ཡང་། ཨེ་མ་སྐལ་ལྡན་སྙིང་གི་བུ། །མིག་རྩེ་ནམ་མཁའི་ཁམས་སུ་ལྟོས། །སྣང་བ་སྣ་ཚོགས་འོད་གསལ་ཞིང་། །ཐིག་ལེ་དབྱིངས་དང་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བའི་གསང་ཆེན་དབང་། །དོན་གྱི་སྙིང་པོ་འདི་ཉིད་དོ། །ཞེས་པས་མངོན་སུམ་ངོ་སྤྲད་དོ། །རྒྱུད་ཀྱི་གླེགས་བམ་ལ། མཎྜལ་ཚན་པ་གསུམ་ཕུལ་ནས། སློབ་མའི་སྤྱི་བོར་ཨཱོྃ་བསམ་ལ་རྒྱུད་དེར་བཞག་པས། རྒྱུད་ལས་འོད་ཟེར་བྱུང་བས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམ་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་མིང་འདི་ཞེས་བགྱི་བ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །སྨིན་པར་མཛད་དུ་གསོལ་ལོ། །གྲོལ་བར་མཛད་དུ་གསོལ་ལོ། །གང་བར་མཛད་དུ་གསོལ་ལོ། །ཆེར་འཕེལ་བར་མཛད་དུ་གསོལ་ལོ། །རྒྱས་པར་མཛད་དུ་གསོལ་ལོ། །སྐུ་རྡོ་རྗེ་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོྃ་གྷ་ཛྷ་ནིརྨཱ་ཀཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་བརྗོད་ནས་མགྲིན་པར་ཚིག་དེ་རྣམས་བརྗོད་ཅིང་ཁྱད་པར་དུ་གསུང་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོྃ་གྷ་ཛྷ་སམྦྷོ་ཀཱ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་པ་དང་སྙིང་གར་ཚིག་སྔ་མ་བཞིན་བརྗོད་ཅིང་ཁྱད་པར་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་དངོས་གྲུབ་ཆེན་པོ་འགྲུབ་པར་མཛད་དུ་གསོལ་ལོ། །ཨཱོྃ་གྷ་ཛྷ་དྷརྨ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ནས་སྤྱི་བོའམ། སྙིང་གའམ། མཆན་ཁུང་གང་རུང་དུ་གདགས་སོ། །རྗེས་ནི་ཚོགས་ཀྱི་དགའ་བ་རྒྱ་ཆེན་པོ་བྱའོ། །དེ་ནས་ཀློག་པ་ནི། དུས་མ་ཡིན་པའི་སྒྲ་དང་། སད་དང་། སེར་བ་དང་། འབྲུག་དང་། ས་གཡོ་བ་དང་། འཇའ་འོད་དང་། ཉི་ཟླ་གཟས་ཟིན་པ་དང་། མུ་གེ་དང་། ནད་ལ་སོགས་པའི་མཚན་མ་བྱུང་དུས། སྟེང་དང་འོག་དང་། ཕྱོགས་བཞི་གང་དུ་བྱུང་བ་བརྟགས་ལ། སྟེང་འོག་ཏུ་བྱུང་ན། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་བསྒོམས་པའི་ལྕེ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པར་བསམ། ཉི་ཟླ་གཟས་ཟིན་པ་དེ་ཉིད་ལ་སོགས་པའི་རྟགས་མཚན་ཡང་ཀུན་བཟང་ཡབ་ཡུམ་དུ་བསམས་ཏེ། རྒྱུད་དྲུག་འདས་རྗེས་དང་བཅས་པ་ཚར་གསུམ་མམ་ལྔའམ་བདུན་ནམ། བརྒྱ་སྟོང་ཅི་འགྲུབ་བཟླས་པའི་འོད་ཟེར་གྱིས། གནོད་པའི་མཚན་མ་ཐམས་ཅད་ཞི་ཞིང་། འཇིག་རྟེན་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པར་བསམ་མོ། །རྗེས་ལ་སྣང་སྲིད་རིགས་ལྔའི་ཞིང་དུ་བསམ་སྟེ་བསྔོ་བ་བྱའོ། །དེ་བཞིན་དུ་ཤར་དང་ཤར་ལྷོར་བྱུང་ན། བདག་དང་མཚན་རྟགས་དེ་ཉིད་མི་བསྐྱོད་པ་ཡབ་ཡུམ་དུ་བསམས་པའི་རང་གི་ལྕེ་རྡོ་རྗེར་བསམ་ལ། ཞིང་ཁམས་མངོན་དགར་མོས་པ་བྱའོ། །ལྷོ་དང་ལྷོ་ནུབ་ལ་རང་དང་མཚན་རྟགས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དུ་བསམས་པའི་ལྕེ་རིན་པོ་ཆེར་བསམ་ལ། ཞིང་ཁམས་དཔལ་དང་ལྡན་པར་མོས་པ་བྱའོ། །ནུབ་དང་ནུབ་བྱང་ལ་འོད་དཔག་མེད་ཡབ་ཡུམ་གྱི་ལྕེ་པདྨ་དམར་པོ་འདབ་མ་བརྒྱད་པ། ཞིང་ཁམས་བདེ་བ་ཅན་ནོ། །བྱང་དང་བྱང་ཤར་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ལྕེ་རལ་གྲིར་བསམ་ལ། ཡུལ་དེ་ལས་རབ་གྲུབ་པའི་འཇིག་རྟེན་དུ་བསམ་ལ་བརྗོད་དོ། །དེའང་མཚན་མ་གང་བྱུང་གི་ཕྱོགས་དེར་ཁ་བལྟས་ལ་བཀླག་པར་བྱའོ། །དེའང་མཚན་མ་དེ་དག་འགྲོ་བ་གང་གིས་མཐོང་བ་དང་། ཐོས་པ་དང་། རེག་པ་ཐམས་ཅད་སྤྲུལ་པའི་སྐུར་སངས་རྒྱའོ། །དེ་ནས་སྐལ་ལྡན་དེའམ་གཞན་ཡང་རུང་སྟེ་འདས་པའི་ཚེ་སྙིང་གར་བཏགས་ནས་བསྲེགས་པས་བར་དོར་སངས་རྒྱའོ། །དེའང་སྐུ་ཐོབ་པའི་རྟགས་སུ་པུར་ཁང་གི་དབུས་སུ་འཇའ་འོད་འཁྱིལ་བ་འམ། དུད་པ་སྔོན་པོ་གྱེན་ལ་འགྲེང་བའམ། གཡས་སུ་འཁྱིལ་བ་དང་། མེའི་འོད་དཀར་གསལ་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པ་འབྱུང་ངོ་། །གདུང་ཤ་རཱི་རམ་སེར་པོ་དང་། ཆུ་རཱི་རམ་དཀར་པོ་དང་། བ་རཱི་རམ་དམར་པོ་དང་། ཉ་རཱི་རམ་ལྗང་གུ་དང་། པཉྩ་རམ་མཐིང་ག་ལ་ཁ་དོག་ལྔ་ལྡན་ཏེ་རིགས་ལྔའི་གདུང་དང་། སྐུ་འབྱུང་ངོ་། །གསུང་གི་རྟགས་སུ་འོད་ཁྱིམ་གྱེན་འགྲེང་དང་། སྒྲ་འུར་བ་དང་། ཐུག་པ་དང་ས་གཡོ་བའོ། །ཐུགས་ཀྱི་རྟགས་སུ་ནམ་མཁའི་སྤྲིན་མེད་ཅིང་དྭངས་ལ་གསལ་བ་དང་། འཇའ་ཚོན་ཁ་དོག་སྣ་ལྔའི་སྣང་བ་དཔག་ཏུ་མེད་པ་འབྱུང་ངོ་། །གཞན་ཡང་ཡི་གེ་དང་། སྐུ་དང་། རིང་བསྲེལ་དུ་མ་འབྱུང་ངོ་། །ཕན་ཡོན་ནི་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཨེ་མ་འདི་ནི་ཁྱད་པར་འཕགས། །དབང་པོ་རྣམ་ལྔ་འོན་གྱུར་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་འཚང་རྒྱ་འོ། །ཐ་མ་དབུགས་ལ་སླེབ་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཞེས་པ་དང་། རྡོ་རྗེ་འཆང་གི་དུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་པ་ཙམ་གྱིས་དེ་གྲོལ་ན། །འགྲོ་བ་མི་རྣམས་སྨྲོས་ཅི་དགོས། །ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོ་འམ། །མགུལ་དུ་འདི་བཏགས་བསྲེག་ན་ནི། །དེ་ཉིད་གྲོལ་བར་སྨྲོས་ཅི་འཚལ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐལ་ལྡན་དེ་ལ་བསྲེག་མི་དགོས། །འཆི་ཁར་འཕྲོད་པས་འགྱུར་བ་ཡིན། །ཞེས་པ་ལ་སོགས་དཔག་ཏུ་མེད་པ་གསུངས་སོ། །ཨེ་མ་ཧོ། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས། །བཅངས་པ་ཙམ་གྱིས་གྲོལ་བའི་མན་ངག་འདི། །སྐལ་ལྡན་རྣམས་ལ་རབ་ཏུ་འཕྲད་ནས་ཀྱང་། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཨོ་རྒྱན་ཐུགས་སྲས་དྲི་མེད་འོད་ཟེར་གྱིས། །ཨོ་རྒྱན་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་ལས། །ཨོ་རྒྱན་དགོངས་དོན་ཇི་བཞིན་བཤད་པ་འདི། །ཨོ་རྒྱན་རྫོང་དུ་ཕྱི་རབས་དོན་དུ་བཀོད། །བཏགས་གྲོལ་མན་ངག་རིན་ཆེན་སྙིང་པོ་ཞེས་བྱ་བ། པདྨ་ལས་འབྲེལ་རྩལ་གྱིས་བཀོད་པ་རྫོགས་སོ། །དགེའོ།། །།

རིག་འཛིན་ཡོངས་འདུས་ལས། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་གསང་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་ཡེ་ཤེས་འོད་ཀྱི་ཐིག་ལེ་ (Volume 19, Text 25)

༄༅། །རིག་འཛིན་ཡོངས་འདུས་ལས། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་གསང་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་ཡེ་ཤེས་འོད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨཱཔ་རི་མི་ཏཱཡུ་ཥེ། མཁྱེན་གཉིས་དྲི་མེད་ཡེ་ཤེས་འོད་མཆོག་གིས། །སྒྲིབ་གཉིས་དུས་ཀྱི་མུན་པའི་རྒྱ་དབྲལ་ནས། །གྲུབ་གཉིས་རིང་འཚོའི་དགའ་ཚལ་བཞད་པའི་གཉེན། །བླ་མ་འཆི་མེད་མགོན་པོས་ཐུགས་བརྩེས་སྐྱོང་། །ཨ་ཏི་སེམས་ཀྱི་དཀྱིལ་འཁོར་མཆོག །སྒྲ་དོན་རང་བྱུང་རྡོ་རྗེའི་ཚིག །བརྗོད་པ་ཀུན་ལས་ཁྱད་འཕགས་པའི། །ཕྲིན་ལས་ཟབ་མོ་འདི་རྨད་དོ། །བཀའ་འདུས་ཕྱི་མར་གྲགས་པའི་ཡན་ལག་གི་ཆོས་སྡེ་རིག་འཛིན་ཚེའི་སྒྲུབ་པ་ཡང་གསང་བླ་ན་མེད་པའི་སྙིང་ཏིག་ཡེ་ཤེས་འོད་མཆོག་གི་སྒྲུབ་ཐབས་ལས་བྱང་ལྟར་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། དབང་དང་སྒྲུབ་མཆོད་སོགས་སྐབས་སུ་བབས་པའི་དཀྱིལ་འཁོར་སྒྲུབ་རྫས་དང་། མཆོད་གཏོར་རྣམས་འདུ་བགྱིས་ཏེ་བརྒྱུད་པའི་གསོལ་འདེབས་དང་། བསྙེན་སྒྲུབ་ཀྱི་ཐོག་མ་ལྟ་བུར་གཞི་བགེགས་ཀྱི་གཏོར་མའང་སྤྱི་ལྟར་གཏང་། གཞུང་དངོས་བསྟན་གྱི་སྔོན་འགྲོ་ལ་བཅུ་གསུམ་ལས། དང་པོ་སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ རང་བྱུང་རིག་པ་སངས་རྒྱས་ཆོས་ཀྱི་སྐུ༔ གསལ་མདངས་ལོངས་སྐུ་ཆགས་བྲལ་དམ་པའི་ཆོས༔ སྣ་ཚོགས་རང་གྲོལ་སྤྲུལ་སྐུ་དགེ་འདུན་ལ༔ རང་ཤར་རང་གྲོལ་དོན་དམ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་པ་རང་ཤར་གསལ་བའི་འོད་པོ་ཆེ༔ རང་ཤར་ཀུན་ཁྱབ་བདེ་ཆེན་བརྩེ་བའི་སེམས༔ མ་བཅོས་ལྷུན་གྲུབ་གཉུག་མ་དོན་གྱི་ལྷ༔ མཆོག་ཏུ་མི་འགྱུར་བདེ་ཆེན་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཚོགས་གསག་ཚད་མེད་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ སྣང་སེམས་གཉིས་སུ་མེད་པ་ལ༔ སྒྱུ་མ་ལྟ་བུས་སྤྱན་འདྲེན་གཤེགས༔ འཕོ་དང་འགྱུར་བ་མེད་མོད་ཀྱང༔ ལྷུན་གྲུབ་ངོ་ཤེས་ཚུལ་གྱིས་བཞུགས༔ ཡུལ་དང་ཤེས་པ་གཉིས་མེད་ཀྱང༔ རྟོག་འཛིན་དག་ཕྱིར་ཕྱག་འཚལ་ལོ༔ ལོངས་སྤྱོད་རོལ་པ་མི་དམིགས་ཀྱང༔ ནམ་མཁའ་མཛོད་ལྟར་མཆོད་པ་འབུལ༔ གཤིས་ལ་སྡིག་སྒྲིབ་མེད་མོད་ཀྱང༔ གློ་བུར་དྲི་མ་བཤགས་པར་བགྱི༔ རང་རིག་དུས་གསུམ་འགྱུར་མེད་ཀྱང༔ རང་རྩལ་སྣང་ལ་རྗེས་ཡི་རང༔ རྟག་ཏུ་ངེས་པ་ལྟར་བཞུགས་ཏེ༔ རིག་རྩལ་ཆོས་འཁོར་བསྐོར་དུ་གསོལ༔ ཇི་ལྟར་སྣང་ཡང་ཆོས་ཀྱི་སྐུ༔ སྐྱེ་འཆི་མེད་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་པ་མེད་པ་ཡི༔ དོན་དམ་འགྱུར་མེད་ཀློང་དུ་བསྔོ༔ རྣམ་ཤེས་འཁོར་བ་གདོད་མེད་ཀྱང༔ ཡེ་ཤེས་རྟག་རྒྱུན་སྨིན་བྱེད་ཤོག༔ དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་འཕྲོས་པས་སེམས་ཅན་བདེ་བ་དང་ལྡན་པར་བྱས། སེར་པོ་མཉམ་ཉིད་ཀྱིས་སྡུག་བསྔལ་བྲལ་བར་བྱས། དམར་པོ་སོར་རྟོག་གིས་བདེ་བ་དང་མི་འབྲལ་བར་བྱས། ལྗང་གུ་བྱ་གྲུབ་ཀྱིས་ཆགས་སྡང་བྲལ་བར་བྱས་པར་བསམ་ལ། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ བཞི་པ་གསོལ་བ་འདེབས་ཤིང་དབང་ལེན་པ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ སྤྲོས་བྲལ་དོན་དམ་བདེ་ཆེན་ཆོས་ཀྱི་སྐུ༔ ཀུན་ཁྱབ་འོད་གསལ་རང་བྱུང་རིག་པའི་ལྷ༔ དྲན་རྟོག་བླ་མ་པདྨ་བདེ་ཆེན་རྩལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ ལྷུན་གྱིས་གྲུབ་པའི་རིག་པ་ལ༔ ལྷ་དང་འདྲེ་བགེགས་མིང་ཙམ་མེད༔ ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི༔ འོད་ཀྱིས་མ་རིག་མུན་པ་བཅོམ༔ བཀའ་ནི་ཀུན་བཟང་དོན་གྱི་བཀའ༔ ལོག་རྟོག་འཁྲུལ་པ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ དྲུག་པ་སྲུང་འཁོར་ནི། ཧཱུྃ་ཧྲཱི༔ འཁོར་འདས་མིང་ཙམ་མེད་པས་ན༔ མྱ་ངན་འདས་པ་ཀུན་ཏུ་ཁྱབ༔ ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ༔ འཁྲུལ་རྟོག་བག་ཆགས་སྲུང་མཚམས་གཅོད༔ བཛྲ་རཀྵ་རཀྵ་ཧཱུྃ༔ བདུན་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ་ཧྲཱི༔ ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ༔ འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་བྲལ༔ རང་ཤར་རང་ངོ་ཤེས་པ་ཡིས༔ ཀློང་ཡངས་ཞིང་ཁམས་སྒོ་དབྱེ་འོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བརྒྱད་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ༔ ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང༔ རྟག་ཆད་བྲལ་བ་དོན་གྱི་མཆོག༔ རང་ངོ་ཤེས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨ་ལ་ལ་ཧོ༔ དགུ་པ་དམ་བཅའ་བ་ནི། ཧཱུྃ་ཧྲཱི༔ འཆར་དང་ནུབ་པ་མེད་པ་ལ༔ སྤང་བླང་བྱས་པས་གོལ་སར་ལྷུང༔ རེ་དོགས་བྲལ་བའི་བྱང་ཆུབ་སེམས༔ སྲོག་གི་ཐིག་ལེར་གཟུང་བར་བགྱིའོ༔ ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔ བཅུ་པ་བྱིན་འབེབ་ནི། ཧཱུྃ་ཧྲཱི༔ གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས༔ བྱིན་རླབས་ཡེ་ཤེས་རྨད་པོ་ཆེ༔ སྤྲོ་བསྡུ་མེད་པའི་ངང་ཉིད་ལས༔ ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཅུ་གཅིག་པ་ཕྱི་མཆོད་བྱིན་བརླབ་ནི། ཧཱུྃ་ཧྲཱི༔ སྣང་དུ་རུང་བའི་ཆོས་རྣམས་ཀུན༔ ཡོན་ཏན་ལོངས་སྤྱོད་རོལ་པར་ཤར༔ སྤྲོ་བསྡུ་བྲལ་བའི་ཡེ་ཤེས་ཆེ༔ ཆོས་ཉིད་མངོན་སུམ་མཆོད་པར་བརླབ༔ སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ༔ བཅུ་གཉིས་པ་ནང་མཆོད་བྱིན་བརླབ་ནི། ཧཱུྃ་ཧྲཱི༔ གདོད་ནས་དག་ཅིང་དྲི་མ་མེད༔ སྦྱང་དང་སྤེལ་དུ་མེད་མོད་ཀྱང༔ རང་ངོ་ཤེས་པའི་ཡིད་ཆེས་ཀྱིས༔ སྔོན་འགྲོའི་ཐིག་ལེ་རང་བྱིན་བརླབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བཅུ་གསུམ་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ གློ་བུར་ཤར་བ་རིག་པའི་རྩལ༔ ཐམས་ཅད་ངོ་བོ་ཉིད་ཀྱི་ངང༔ སྐྱེ་འགག་གཉིས་སུ་མེད་པའི་ཕྱིར༔ རྟག་ཆད་མཐར་འཛིན་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ༔ བཛྲ་སཏྭ་ཨཱ༔ ཞེས་དང་། ན་ར་ཀ །པྲེ་ཏ་ཀ །ཏིརྻ་ཀ །ནི་ཝེ་ཤ །དེ་ཝ་ཨ་ལི་བི་ཤུདྡྷེ་དག་ཤ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ གཉིས་པ་དངོས་གཞི་ལ་སུམ་ཅུ་སོ་གཅིག་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཧཱུྃ༔ ཆོས་རྣམས་ཡེ་ནས་སྨྲ་བསམ་བརྗོད་ལས་འདས༔ མཉམ་ཉིད་ཐིག་ལེ་ཀུན་ཏུ་ཁྱབ་ཅིང་གདལ༔ གསལ་འཚེར་དྭངས་མ་ཀུན་བཟང་ཆོས་ཀྱི་སྐུ༔ རང་རིག་རྒྱལ་པོ་བཅོས་བསླད་བྲལ་བར་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ལོངས་སྐུ་ཀུན་སྣང་ཏིང་འཛིན་ནི། ཨཱ༔ ཅིར་ཡང་ཀུན་ཏུ་མ་འགགས་སྣང་བ་ནི༔ མཁའ་དང་མཉམ་པའི་འགྲོ་ལ་བརྩེ་བ་ཡི༔ སྒྱུ་མ་ལྟ་བུའི་སེམས་ཉིད་ལོངས་སྤྱོད་རྫོགས༔ འོད་ལྔ་གསལ་བའི་ཡེ་ཤེས་སྙིང་རྗེར་ཤར༔ ཨཱཿདྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གསུམ་པ་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་ནི། ཨོཾ༔ སྟོང་པ་དང་ནི་སྙིང་རྗེ་གཉིས་སུ་མེད༔ འཁོར་བ་མྱང་འདས་སྤྲོས་པའི་མཐའ་དང་བྲལ༔ སྣང་སྟོང་ཤེས་རིག་རྒྱལ་པོ་རྡོ་རྗེ་སེམས༔ སྒྱུ་འཕྲུལ་འོད་ལྔའི་ཕུང་པོ་ཧྲཱིཿརུ་འབར༔ ཧཱུྃ་བཛྲ་ཙིཏྟ་ཧྲཱི༔ བཞི་པ་ཡེ་ཤེས་འོད་ལྔའི་འབྱུང་རིམ་ནི། ཧཱུྃ་ཧྲཱི༔ ནམ་མཁའ་ཀློང་ཡངས་ཆོས་དབྱིངས་ཡེ་ཤེས་ངང༔ མཐིང་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་ཁྱབ༔ རླུང་ཆེན་རྒྱ་གྲམ་བྱ་གྲུབ་ཡེ་ཤེས་ངང༔ ལྗང་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་གང༔ ཆུ་ཆེན་ཟླུམ་པོ་མེ་ལོང་ཡེ་ཤེས་ངང༔ དཀར་གསལ་དྭངས་མ་འོད་ཀྱིས་མ་ལུས་ཁྱབ༔ ས་ཆེན་གྲུ་བཞི་མཉམ་ཉིད་ཡེ་ཤེས་ངང༔ སེར་གསལ་དྭངས་མ་འོད་ཀྱིས་ཀུན་ཏུ་ཁྱབ༔ མེ་ཆེན་གྲུ་གསུམ་ཀུན་རྟོག་ཡེ་ཤེས་ངང༔ དམར་གསལ་འཁྲུགས་པའི་འོད་ཀྱིས་ཀུན་ནས་དཀྲིགས༔ ཨེ་ཡཾ་བཾ་ལཾ་རཾ༔ མཎྜལ་ཧཱུྃ༔ ལྔ་པ་ལྷུན་གྲུབ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ འབྱུང་ལྔ་ཡེ་ཤེས་མ་འདྲེས་འོད་ཀྱི་དཀྱིལ༔ འགྱུར་མེད་རྡོ་རྗེ་བྲག་རི་བརྩེགས་པའི་སྟེང༔ ཆགས་མེད་པད་ཉི་འོད་ཀྱི་དཀྱིལ་འཁོར་གསལ༔ བཛྲ་པདྨ་སཱུརྱ་མཎྜལ་ཧཱུྃ༔ ཧཱུྃ་ཧྲཱི༔ སྟོང་གསལ་འོད་ལྔ་འདུས་པའི་གུར་ནང་ན༔ སྣང་བ་སྒོ་འབྱེད་ཀུན་བཟང་ཕོ་བྲང་མཛེས༔ འོད་ལྔའི་རྩིག་པ་གྲུ་ཆད་བར་ཁྱམས་བརྡལ༔ གྲུ་བཞི་སྒོ་བཞི་རྟ་བབས་ཀ་བ་དང༔ ཀ་ཞུ་ཐོག་ཕུབ་རྒྱན་ཕྲེང་དྲྭ་བར་ལྡན༔ བུམ་བཟང་གདུགས་དང་རྒྱལ་མཚན་ཏོག་གིས་མཛེས༔ ཁྲུས་ཀྱི་རྫིང་བུ་དཔག་བསམ་ལྗོན་པའི་ཚལ༔ གླུ་དབྱངས་ཚིགས་བཅད་སྙན་པའི་སྒྲ་སྒྲོག་ཅིང༔ བཅུ་དྲུག་ལྷ་མོ་མཛེས་པའི་ཚོགས་ཀྱིས་གང༔ དེ་དབུས་འདབ་བརྒྱད་གེ་སར་པདྨ་དང༔ ཉི་ཟླ་འོད་འབར་ལྟེ་དབུས་རྨ་བྱའི་ཁྲི༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ རང་བྱུང་རིག་པ་འོད་ཀྱི་ཕུང་པོར་གསལ༔ བྱང་ཆུབ་སེམས་ལས་ཀུན་འབྱུང་རྫོགས་པ་ཆེ༔ སྣང་སྲིད་དག་པ་ཡེ་ཤེས་ལྷུན་གྱིས་གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དྲུག་པ་རང་རིག་ལྷ་བསྐྱེད་ནི། ཧཱུྃ་ཧྲཱི༔ སྒྱུ་འཕྲུལ་ཡེ་ཤེས་ཀ་དག་དཀྱིལ་འཁོར་ནས༔ ལྷུན་གྲུབ་ཡེ་ཤེས་འོད་གསལ་ཡི་གེ་ཧྲཱི༔ རང་བྱུང་ཡེ་ཤེས་གདན་སྟེང་ཐིག་ལེ་ལ༔ ཐིམ་པས་ཡེ་ཤེས་ལྷ་རྣམས་གསལ་བར་བསྐྱེད༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་ཐོག་མའི་མགོན་པོ་ནི༔ ཀུན་བཟང་སྣང་བ་མཐའ་ཡས་ཚེ་དཔག་མེད༔ དམར་པོ་ཞལ་གསུམ་ཕྱག་དྲུག་ཆགས་པའི་ཉམས༔ ཞི་ཞིང་འཛུམ་དང་ཁྲོ་གཏུམ་གཡས་གཡོན་ཞལ༔ ཉི་མ་ཟླ་བ་ནམ་མཁའི་ངང་ཚུལ་ཅན༔ སྤྱན་གསུམ་ཞི་དང་ཁྲོ་གཏུམ་རྣམ་པར་སྤེལ༔ དབུ་སྐྲ་གཙུག་ཏོར་མཐིང་ཤུན་ལྟ་བུར་མཛེས༔ དང་པོ་མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ གཉིས་པ་གྲི་གུག་ཐོད་ཁྲག་ཕྱར་བའི་ཚུལ༔ ཐ་མ་པད་ཕྲེང་པདྨ་དམར་པོ་བསྣམས༔ གོས་དཀར་ཡུམ་ཆེན་པདྨ་རཱ་གའི་མདོག༔ པདྨའི་སྐྱིལ་ཀྲུང་གྲི་གུག་ཐོད་ཁྲག་བསྣམས༔ ཕྱོགས་བཞིར་རིགས་བཞིའི་སྣང་མཐའ་ཚེ་དཔག་མེད༔ གཙོ་བོ་དང་མཚུངས་ཡེ་ཤེས་གྲུབ་ཕྱིར་སྣང༔ ཡེ་ཤེས་སྒྱུ་མ་རིགས་བདག་གཙུག་ན་མཛེས༔ བདེ་ཆེན་སྒྱུ་མ་མཉམ་སྦྱོར་བདེ་བས་གང༔ སྣང་སྟོང་སྒྱུ་མ་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ དྭངས་མ་འོད་ལྔ་འཁྱིལ་པའི་ཀློང་དཀྱིལ་ན༔ མཚན་དང་དཔེ་བྱད་ས་ལམ་ཡོངས་སུ་རྫོགས༔ བལྟ་བས་མི་ངོམས་ལྷམ་མེ་ལྷན་ནེར་བཞུགས༔ དེ་ཉིད་ཐུགས་ཀར་འདབ་བརྒྱད་པདྨའི་དབུས༔ རང་འདྲའི་ཡེ་ཤེས་མགོན་པོ་ཚེ་དཔག་མེད༔ འོད་ལྔའི་དཀྱིལ་ན་སྐུ་ལྔའི་ངོ་བོར་བཞུགས༔ འོད་ལྔའི་མདངས་ཀྱིས་སྐུ་ཡི་གནས་ཀུན་གང༔ ཐིག་ལེ་ལྔ་ལྡན་ཀུན་ཏུ་ལྷང་ངེར་གསལ༔ དེ་ཡི་ཐུགས་ཀར་གསེར་གྱི་རྡོ་རྗེ་ནི༔ འོད་ལྔ་ཀུན་འཕྲོ་སྐུ་ལྔ་ཡེ་ཤེས་ལྔ༔ རང་གསལ་ཡོངས་རྫོགས་བུམ་པར་ཉི་ཟླའི་དབུས༔ ཧྲཱིཿདམར་དྭངས་མ་མར་མེའི་མདོག་ལྟར་གསལ༔ གནས་གསུམ་འཁོར་ལོ་པདྨ་རྒྱ་གྲམ་གྱི༔ ལྟེ་བར་གསང་སྔགས་རྒྱལ་པོ་ཨོཾ་ཨཱཿཧཱུྃ༔ མཁའ་གསང་རྡོ་རྗེ་པདྨ་བདེ་སྟོང་གི༔ ཡེ་ཤེས་ལྷུན་གྲུབ་ཟག་མེད་བདག་རྒྱུད་གང༔ སྣང་སྲིད་བདེ་བ་ཆེན་པོར་བྱིན་གྱིས་བརླབས༔ ཧྲཱི༔ གཙོ་བདག་ཐུགས་ཀྱི་ཧྲཱིཿལས་འོད་འཕྲོས་པས༔ སྟོང་གསུམ་འོད་ཀྱི་ཆོ་འཕྲུལ་འགྲོ་དོན་མཛད༔ སླར་འདུས་འདབ་བརྒྱད་པདྨ་ཉི་ཟླའི་སྟེང༔ འདུ་འཕྲོ་འབར་ཞིང་འཕྲོ་འདུས་ཞུ་བ་ལས༔ གུ་རུ་པདྨ་ཡེ་ཤེས་ཚེ་དཔག་མེད༔ པདྨ་འབྱུང་གནས་པདྨ་སམ་བྷ་ཝ༔ བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་རྩལ༔ ཉི་མ་འོད་ཟེར་ཤཱཀྱ་སེང་གེ་དང༔ སེང་གེ་སྒྲ་སྒྲོག་རྡོ་རྗེ་གྲོ་ལོད་རྩལ༔ ཀུན་ཀྱང་པདྨ་རཱ་གའི་སྐུ་མདོག་འཛིན༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་དཔག་བསམ་བརྒྱན༔ དེ་སྟེང་ཐོད་པ་ཚེ་ཡི་བདུད་རྩིས་གང༔ དབང་གི་ཐོར་ཚུགས་མཐོ་ཞིང་དར་དམར་བརྒྱན༔ དར་དམར་ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་མཛེས༔ འོད་ལྔའི་རྒྱལ་ཡོལ་འཛུམ་ཞལ་གཟི་བརྗིད་འབར༔ རང་འོད་ཡུམ་བཅས་གྲི་ཐོད་བུམ་པ་འཛིན༔ སྒྲུབ་མཆོག་ཀུན་ལ་བུ་བཞིན་གཟིགས་པར་མཛད༔ འཁོར་དུ་ལྷ་དང་རིག་འཛིན་མཁའ་འགྲོས་བསྐོར༔ གྲུ་ཆད་བར་ཁྱམས་མཚམས་ཀྱི་གྲུ་བཞི་ལ༔ སྒེག་མོ་ཕྲེང་ལྡན་གླུ་དང་གར་མཁན་མཛེས༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ གཡོན་པས་ཚེ་བུམ་གཡས་པས་རང་རྟགས་འཛིན༔ དར་དང་རིན་ཆེན་འཇོ་སྒེག་ཉམས་དང་ལྡན༔ བར་ཁྱམས་བདུད་བཞིའི་དཔུང་འཇོམས་ཁྲོ་བཅུའི་ཚོགས༔ མདའ་གཞུ་འབར་བས་དགའ་རབ་དབང་ཕྱུག་དང༔ བེ་ཅོན་འཆང་བའི་སྡེ་ཚོགས་སྙིང་ནང་འདེབས༔ ཁྲོས་པའི་ཞལ་མདོག་བསྐལ་པའི་མེ་ལྟར་འབར༔ དུར་ཁྲོད་རིན་ཆེན་རུས་པའི་རྒྱན་གྱིས་མཛེས༔ བརྐྱང་བསྐུམ་ཞབས་ཀྱིས་ཕྱོགས་སྐྱོང་ཕོ་མོ་གནོན༔ སྤྲུལ་པའི་ཁྲོ་ཚོགས་ཕྱོགས་བཅུའི་འཇིག་རྟེན་འགེངས༔ ཧ་ཧའི་གད་མོ་ཧཱུྃ་ཧཱུྃ་ང་རོ་སྒྲོག༔ སྒོ་བཞིར་ཉོན་མོངས་འཆི་བདག་ཕུང་པོ་དང༔ ལྷ་བུ་གཞོན་ནུའི་སྟེང་བཞུགས་རྟ་མཆོག་དཔལ༔ རིགས་བཞིའི་རྟ་མཆོག་དཀར་སེར་དམར་དང་ལྗང༔ ཕྱག་གཡས་འཁོར་ལོ་རིན་ཆེན་པདྨ་དང༔ རྒྱ་གྲམ་དབྱུག་ཏོ་གཡོན་པ་ཐམས་ཅད་དུ༔ ཚེ་བུམ་བདུད་རྩིས་ཡོངས་གང་དཔག་བསམ་ཤིང༔ མེ་ཏོག་འབྲས་ལྡན་དགོས་འདོད་རིན་ཆེན་འབེབ༔ དུར་ཁྲོད་རུས་རྒྱན་རྔམ་སྟབས་མེ་ཀློང་ན༔ དཔའ་བོ་ཆེན་པོ་འབར་བའི་ཚོགས་ཀྱིས་བསྐོར༔ རི་རབ་གླིང་དང་རྒྱ་མཚོ་འཁྲུགས་པའི་སྟོབས༔ ཀུན་ཏུ་མེ་ཡི་དཀྱིལ་ན་སྲུང་མཚམས་ཀྱི༔ ལས་མཛད་འཇིགས་བྱེད་ཆེན་པོའི་ཚུལ་གྱིས་བཞུགས༔ གཞལ་ཡས་ཕྱི་རོལ་པདྨའི་ཟེའུ་འབྲུ་ལ༔ ལྷ་དང་རིག་འཛིན་མཁའ་འགྲོ་བསམ་མི་ཁྱབ༔ ཚེ་དང་ལས་དང་ཆོས་ཀྱི་དངོས་གྲུབ་སྟེར༔ སྤྲིན་ཕུང་སྟུག་པོ་ཀུན་ནས་འཁྲིགས་པ་ལྟར༔ སྣང་སྟོང་མ་འགགས་ལྷ་སྐུ་ཕྱག་མཚན་བཅས༔ གསལ་སྟོང་མ་འདྲེས་ཆུ་ཟླ་མེ་ལོང་གཟུགས༔ བདེ་སྟོང་རོ་མཉམ་དབྱིངས་རིག་གཉིས་མེད་ལྷ༔ རིག་སྟོང་ལྷུན་གྲུབ་ཐིག་ལེ་གཅིག་གི་ངང༔ ཐམས་ཅད་མཉམ་ཉིད་དག་པའི་སྐུ་རུ་བཞུགས༔ སརྦ་དྷེ་ཝ་མཎྜ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུན་པ་དབང་བསྐུར་བ་ནི། ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་ལྡན་རང་རིག་སྐུ་གསུང་ཐུགས༔ སྣང་སྲིད་དབང་བསྒྱུར་འཁོར་བ་རྣམ་པར་དག༔ བཟང་ངན་རྟོག་པའི་དྲི་མ་སྦྱང་བའི་ཕྱིར༔ རང་བྱུང་ཡེ་ཤེས་རང་དབང་ཐོབ་པར་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱད་པ་གོ་ཆས་གདབ་པ་ནི། ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་རྡོ་རྗེ་འཆང༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ སྒྲ་འོད་ཟེར་གྱི་ཆོ་འཕྲུལ་གྱིས༔ བྱིན་རླབས་གོ་ཆ་ཆེན་པོ་བགོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཧྲཱི༔ དགུ་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱི༔ ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ༔ ཀུན་མཁྱེན་ཀུན་རིག་ཀུན་ཏུ་བཟང༔ ཀུན་གསལ་པདྨ་ཚེ་དཔག་མེད༔ རང་རྩལ་རྫོགས་ཕྱིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ་ཛ༔ བཅུ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱི༔ མངོན་སུམ་འཕོ་འགྱུར་འདུ་འབྲལ་མེད༔ ཉམས་སྣང་གོང་དུ་འཕེལ་བའི་ཕྱིར༔ རིག་པ་རང་གསལ་དྭངས་མ་ལྔ༔ ཆོས་ཉིད་ཟད་མཐར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན་མ་ཧཱ་བཛྲ༔ བཅུ་གཅིག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ རང་དང་གཉིས་མེད་ཡེ་ཤེས་ལ༔ འདུ་དང་འབྲལ་བ་ཡོངས་ཀྱི་མེད༔ རང་རིག་ཐིག་ལེ་ཆེན་པོའི་ངང༔ ཙིཏྟ་འོད་ཀྱི་གཞལ་ཡས་སུ༔ རང་ཞལ་མཇལ་ལ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མོ་པཱུ་རུ་ཤ་ཨ་ལ་ལ་ཧོ༔ བཅུ་གཉིས་པ་ཕྱག་རྒྱ་གར་མཆོད་ནི། ཧཱུྃ་ཧྲཱི༔ ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་དུ༔ ཐིག་ལེ་སྟོང་སྒྲོན་ཡངས་པ་ལ༔ རིག་པ་དབྱིངས་སྒྲོན་ལུ་གུ་རྒྱུད༔ སྐུ་དང་ཐིག་ལེའི་མཆོད་པ་འབུལ༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ བཅུ་གསུམ་པ་གླུ་བྲོའི་མཆོད་པ་ནི། ཧཱུྃ་ཧྲཱི༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ དགའ་བཞིའི་ཡེ་ཤེས་བཞི་དང་ལྡན༔ ཆོས་དབྱིངས་ནཱ་ད་གཞོམ་མེད་སྒྲ༔ འདུ་འབྲལ་མེད་པའི་མཆོད་པ་འབུལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ ཏེ་ཏེ་ཏེ་ཏེ་ཧཱུྃ༔ བཅུ་བཞི་པ་ཕྱི་མཆོད་འབུལ་བ་ནི། ཧཱུྃ་ཧྲཱི༔ སྙིང་ནང་སྒྲོན་མ་འོད་དུ་འཁྱིལ༔ རང་བྱུང་འོད་ཀྱིས་ཕྱི་ནང་ཁྱབ༔ མཁའ་གསལ་རྡོ་རྗེ་འོད་ཕུང་ཅན༔ སྣང་བཞི་རྒྱས་པའི་མཆོད་པ་འབུལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་བཛྲ་པུཥྤེ་པུ༔ དྷཱུ་པེ་དྷཱུ༔ ཨཱ་ལོ་ཀེ་ཨཱ༔ གནྡྷེ་གན༔ ནཻ་བིདྱ་ན༔ ཤབྡ་ཤ༔ བཅོ་ལྔ་པ་ནང་གི་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱི༔ རྩ་ཁམས་རླུང་གི་དྭངས་མ་ལས་བྱུང་བའི༔ ཡེ་ཤེས་ཆེན་པོ་མཆོག་གི་ཐིག་ལེ་གསལ༔ གཟུགས་སྒྲ་དྲི་རོ་རེག་བྱ་འོད་ཕུང་འཁྱིལ༔ ཀུན་ཏུ་བཟང་པོའི་རོལ་པའི་མཆོད་པ་བཞེས༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ བཅུ་དྲུག་པ་དུག་ལྔ་རྣམ་དག་གི་མཆོད་པ་ནི། ཧཱུྃ་ཧྲཱི༔ གཏི་མུག་འོད་དཀར་ང་རྒྱལ་སེར་པོའི་འོད༔ འདོད་ཆགས་དམར་པོ་ཕྲག་དོག་ལྗང་གུར་གསལ༔ མཐིང་གསལ་དྭངས་མ་ཆོས་དབྱིངས་ཡེ་ཤེས་ངང༔ དུག་ལྔ་རང་གྲོལ་ཐིག་ལེའི་མཆོད་པ་འབུལ༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བཅུ་བདུན་པ་དུག་གསུམ་རྣམ་དག་གི་མཆོད་པ་ནི། ཧཱུྃ་ཧྲཱི༔ སྣང་བ་འོད་ཀྱི་དཀྱིལ་འཁོར་སྐུ༔ སྒྲ་སྒྲག་སྔགས་ཀྱི་ང་རོ་ཅན༔ ཐུགས་སྲོག་ཟེར་གྱི་འཕྲོ་འདུ་གསལ༔ དུག་གསུམ་དག་པའི་མཆོད་པ་བཞེས༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ བཅོ་བརྒྱད་པ་བདུད་རྩི་སྨན་མཆོད་ནི། ཧཱུྃ་ཧྲཱི༔ རང་བྱུང་ཐིག་ལེས་དུག་ལྔ་འཇོམས༔ སྐུ་དང་ཡེ་ཤེས་ལྔ་དང་ལྡན༔ སྣང་སྲིད་འོད་ལྔ་ལྷུན་གྱིས་གྲུབ༔ རླུང་ལྔ་དྭངས་མ་ལྔ་རུ་གྲོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ་ཧྲཱི༔ ཀུན་གཞི་ཐིག་ལེ་ཆེན་པོ་ལ༔ སྤང་བླང་རྟོག་པ་ཀུན་ཏུ་བྲལ༔ ཐུན་མོང་མཆོག་གི་འོད་གསལ་བ༔ ལྔ་ལྡན་བདེ་བ་ཆེན་པོས་མཆོད༔ སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ་ཧྲཱི༔ སྟོང་འབྱམས་མ་ཡིན་དངོས་གྲུབ་ཆེ༔ སྣང་འབྱམས་མ་ཡིན་མཐའ་དང་བྲལ༔ གཉིས་མེད་ཟུང་འཇུག་རང་རིག་མཆོག༔ བདེ་ཆེན་བདེ་བའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧྲཱི༔ བཅུ་དགུ་པ་འདོད་ཡོན་གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱི༔ སྣང་བ་སྟོང་པའི་སྣོད་ནང་དུ༔ རིག་པ་འོད་ལྔའི་གཏོར་མ་བཤམས༔ སྣང་སྲིད་ཡོངས་རྫོགས་འོད་ལྔའི་རྫས༔ རང་ཤར་རང་གྲོལ་མཆོད་པ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཉི་ཤུ་པ་རཀྟའི་མཆོད་པ་ནི། ཧཱུྃ་ཧྲཱི༔ འབྲལ་མེད་ཐིག་ལེ་འོད་པོ་ཆེ༔ སྤྱོད་ལམ་ཀུན་ཏུ་སྤང་དུ་མེད༔ རང་ཤར་རང་ངོ་ཤེས་པ་ཡི༔ ཆགས་པ་ཆེན་པོའི་མཆོད་པ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཉེར་གཅིག་པ་གསང་ནན་གྱི་མཆོད་པ་ནི། ཧཱུྃ་ཧྲཱི༔ མངོན་སུམ་ཡེ་ཤེས་མཐོང་བ་ལ༔ ཡིད་ཆེས་གདིང་རྙེད་ངོ་སྤྲོད་ཀྱིས༔ དུས་གསུམ་དུས་མེད་མཉམ་སྦྱོར་བ༔ གསང་བ་ནན་ཏན་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི༔ ཉེར་གཉིས་པ་སྦྱོར་མཆོད་ནི། ཧཱུྃ་ཧྲཱིཿ གློ་བུར་བྲལ་བའི་འོད་གསལ་བ༔ རིག་སྟོང་འོད་ལྔ་ཀུན་ཏུ་སྣང༔ ཉིན་དང་མཚན་དུ་མཉམ་སྦྱོར་བའི༔ འདུ་འབྲལ་མེད་པའི་མཆོད་པ་འབུལ༔ ཨོཾ་པདྨོ་ཡོ་གི་ནཱི་ག་ཎ་པདྨ་པྲ་ཝེ་ཤ་ཡ་ཕཊ༔ ཉེར་གསུམ་པ་སྒྲོལ་མཆོད་ནི། ཧཱུྃ་ཧྲཱི༔ འཁྲུལ་སྣང་ཤེས་པ་ཐ་མལ་པ༔ ཇི་ལྟར་སྣང་བ་དངོས་པོའི་སྤྲིན༔ དངོས་མེད་ཐིག་ལེ་དྭངས་མའི་མཚོན༔ ཀུན་ཁྱབ་ཀུན་བསྒྲལ་མཆོད་པ་འབུལ༔ མ་ཏྲཾ་རུ་ཏྲ་པྲ་བྷཉྩཀྲ་མཱ་ར་ཡ་ཕཊ༔ ཉེར་བཞི་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ རབ་འབྱམས་སྣང་ལ་འོད་གསལ་བ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འུར་ཏིང་སིལ་ཆོལ་གང་བུར་སྒྲར༔ གྲགས་པའི་གསུང་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མི་འགྱུར་ཐིག་ལེ་ཆེ༔ མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ རིག་པ་རང་གསལ་ཀུན་ཏུ་སྣང༔ ཡོན་ཏན་རྒྱས་ལ་ཕྱག་འཚལ་བསྟོད༔ རྟོག་འདུས་ཡེ་ཤེས་འོད་ལྔ་གསལ༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཉེར་ལྔ་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ སྡུག་བསྔལ་ཀུན་དང་གདོད་ནས་བྲལ༔ མ་རིག་ལོག་རྟོག་སྡུག་བསྔལ་བཅིང༔ རྣམ་སྣང་ཆོས་བདུན་འཁྲུལ་འཁོར་གྱིས༔ དུག་ལྔ་གློ་བུར་རང་སར་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཡིག་བརྒྱ་བརྗོད། ཉེར་དྲུག་པ་ཛཔ྄་བཟླ་བ་ནི། བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་བཞི་ལས། དང་པོ་ནི་རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་དང་སྦྱར་བའི་རྡོར་བཟླས་དང་། ཐུགས་ཀའི་ཧྲཱིཿཡིག་ལ་དམིགས་ཏེ། ཧྲཱི༔ཞེས་ཅི་ནུས་བཟླ། གཉིས་པ་ཉེ་བསྙེན་ནི། ཧྲཱིཿཧྲཱིཿཧྲཱི༔ ཞེས་སུམ་སྦྲེལ་ཅི་ནུས་བཟླ། གསུམ་པ་སྒྲུབ་སྔགས་བཟླ་བ་ནི། ཐུགས་ཀར་པད་སྟེང་ཡེ་ཤེས་སེམས་དཔའ་ནི༔ རང་འདྲའི་ཚེ་ལྷའི་ཐུགས་ཀར་གསེར་རྡོར་ལྟེར༔ ཧྲཱིཿཡིག་དམར་གསལ་མཐའ་སྐོར་སྔགས་ཕྲེང་གསལ༔་་་ཚིག་འདི་གསུམ་ལྷ་བསྐྱེད་སྐབས་ལྟར་གསར་དུ་བསྣན། མཆན། དེ་ལས་སྔགས་ཕྲེང་སྐུ་ཡི་དབྱིབས་བརྒྱུད་ནས༔ ཡབ་ཀྱི་ཞལ་ནས་འཐོན་ཏེ་ཡུམ་ཞལ་ཞུགས༔ ཡུམ་གྱི་པདྨ་འོད་ཀྱི་བདེ་བས་གང༔ གསང་བའི་སྦུབས་ནས་འོད་ནི་ལྟེ་བ་དང༔ སྙིང་གར་ཐིམ་པའི་ཚུལ་གྱིས་བདེ་ཆེན་ངང༔ ཡེ་ཤེས་ཆེན་པོ་ཚེ་ཡི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཅི་ནུས་བཟླ། བརྒྱ་སྟོང་སོགས་སོང་མཚམས་སུ་གོ་ལྡོག་ཏུ་སྔགས་ཕྲེང་ཡབ་ཀྱི་གསང་གནས་ནས་ཡུམ་གྱི་གསང་གནས་དང་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་བརྒྱུད་ཐུགས་ཀར་ཐིམ་པར་བསམས་ཏེ་བཟླ་བར་གསུངས་སོ། །བཞི་པ་སྒྲུབ་ཆེན་གྱི་སྔགས་བཟླ་བ་ནི། ཐུགས་ཀའི་སྔགས་ལས་བྱུང་བའི་སྔགས་ཕྲེང་གིས༔ སྐུ་ཡི་དབྱིབས་བརྒྱུད་ཞལ་འཐོན་ཕྱོགས་བཅུ་ཡི༔ ལྷ་རྣམས་ཀུན་གྱི་ཐུགས་ཀར་ཐིམ་པ་ཡིས༔ སྐུ་ཡི་བྱིན་རླབས་སྲོག་གི་དྭངས་མ་བསྡུས༔ རིམ་པར་གྱེན་བྱོན་ཞལ་ནས་འཐོན་པ་ཡི༔ འོད་ཀྱིས་འཇིག་རྟེན་ཁམས་ཀུན་ཡོངས་སུ་གང༔ སངས་རྒྱས་མཆོད་ཅིང་སེམས་ཅན་དོན་ཀུན་བྱས༔ འཁོར་འདས་ཀུན་གྱི་ཚེ་བསོད་ཡེ་ཤེས་བསྡུས༔ ཚུར་འདུས་རང་གི་ཞལ་དུ་མ་ལུས་ཞུགས༔ སྙིང་ནང་འོད་ཁེངས་ལུས་སེམས་སྨིན་པར་གྱུར༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨ་པ་རི་མི་ཏ༔ ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨ་ར་ཧ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐར་པ་རི་ཤུདྡྷེ་དྷརྨ་ཏེ༔ ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ༔ བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཞེས་ཚེ་གཟུངས་མཚན་བརྒྱ་རྩ་བརྒྱད་པར་གྲགས་པ་ཅི་ནུས་བཟླས་ཏེ་བཟླས་པའི་དངོས་གཞི་འདི་ལ་བྱའོ། །ལྔ་པ་ལས་སྦྱོར་གྱི་བཟླས་པ་ནི། སྤྱི་བོའི་རིགས་བདག་གི་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་མཆོད། དེ་རྣམས་ཀྱི་གནས་བཞིའི་འོད་ཟེར་རང་གི་གནས་བཞིར་ཐིམ་པས་དབང་བཞི་དང་། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ཀྱི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་མཆོད། བྱིན་རླབས་དང་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་བསྡུས། སྦྱོར་མཚམས་ནས་བདུད་རྩི་རང་གི་གནས་བཞིའི་འཁོར་ལོར་བབས་པས་དབང་བཞི་དང་། སྤྱི་བོའི་བླ་མ་བདུད་རྩིར་ཞུ་བ་རང་གི་འཁོར་ལོ་བཞིར་བབས་པས་དགའ་བཞི་སྐྱེས། དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་དང་རྡོ་རྗེ་བཞི་ཐོབ་ཅིང་ཁྱད་པར་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ནས་ཚེ་གཟུངས་ཨོཾ་གསུམ་མ་བཟླ་བ་ཚན་གསུམ་བྱའོ། །ཡང་སྙིང་གར་པདྨ་འདབ་བརྒྱད་དཀར་དམར་སྟེང་འོག་གཉིས་ལ་སྟེང་མར་དབྱངས་དང་འོག་མར་གསལ་བྱེད་བཀོད་ནས་དབྱངས་གསལ་བཟླ་བར་གསུངས་པ་ལྟར་མཐར་བདུན་ཙམ་དང་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བཅས་བཟླའོ། །ཉེར་བདུན་པ་ཐུན་མཚམས་ཀྱི་མཆོད་བསྟོད་ནི། ཧཱུྃ་ཧྲཱི༔ སྣང་བ་མ་འགགས་གསལ་ལེ་བ༔ སྐུ་ཡི་མཆོད་པ་བཞེས་སུ་གསོལ༔ སྒྲ་ཀུན་མ་འདྲེས་སྟོང་གསལ་བ༔ གསུང་གི་མཆོད་པ་བཞེས་སུ་གསོལ༔ དྲན་རིག་མ་འདྲེས་བདེ་གསལ་བ༔ ཐུགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཕྱོགས་ཆོས་མ་འདྲེས་ས་ལམ་རྫོགས༔ ཡོན་ཏན་མཆོད་པ་བཞེས་སུ་གསོལ༔ ཕྲིན་ལས་མ་འདྲེས་ལྷུན་གྱིས་གྲུབ༔ ལྔ་ལྡན་མཆོད་པ་བཞེས་སུ་གསོལ༔ ཨ་ལ་ལ་ཧོ༔ ཀ་དག་སྤྲོས་དང་བྲལ་བ་ལ༔ ལྷུན་གྲུབ་འོད་གསལ་རྒྱུན་ཆད་མེད༔ མངོན་སུམ་ཡེ་ཤེས་ཟང་ཐལ་བ༔ གློ་བུར་རྟོག་སྒྲིབ་མཐོལ་ལོ་བཤགས༔ ཧཱུྃ་ཧྲཱི༔ ཆོས་སྐུ་རིག་པ་ཟང་ཐལ་བ༔ ཀུན་ཏུ་སྣང་ལ་ཕྱག་འཚལ་བསྟོད༔ ལོངས་སྐུ་འོད་གསལ་དྭངས་གསལ་བ༔ ཀུན་ཏུ་ཁྱབ་ལ་ཕྱག་འཚལ་བསྟོད༔ སྤྲུལ་སྐུ་འཛིན་པ་རང་གྲོལ་བ༔ ཀུན་ཏུ་གྲོལ་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཉིད་སྐུ་ཁྱབ་གདལ་བ༔ ཀུན་ཏུ་མཉམ་ལ་ཕྱག་འཚལ་བསྟོད༔ མངོན་པར་བྱང་ཆུབ་མི་གཡོ་བ༔ ཀུན་མཁྱེན་ཀུན་རིག་ཕྱག་འཚལ་བསྟོད༔ ཕྱག་འཚལ་རང་རིག་ཆོས་ཀྱི་སྐུ༔ ཕྱག་འཚལ་ཀུན་མཁྱེན་ཡེ་ཤེས་ཆེ༔ ཕྱག་འཚལ་ཀུན་ཁྱབ་ཀུན་ཏུ་བཟང༔ ཕྱག་འཚལ་དེ་བཞིན་གཤེགས་པའི་སྐུ༔ ཕྱག་འཚལ་ཐོག་མའི་མགོན་པོ་ཆེ༔ ཕྱག་འཚལ་རྣམ་པར་སྣང་མཛད་ལ༔ ཕྱག་འཚལ་ཡང་དག་སངས་རྒྱས་ལ༔ ཕྱག་འཚལ་ཡེ་ཤེས་ལྔ་བདག་ལའོ༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨ་པ་རི་མི་ཏ་སོགས་ཚེ་གཟུངས་བརྗོད། ཉེར་བརྒྱད་པ་ཐུན་མཚམས་དངོས་གྲུབ་བླང་བ་ནི། ཧཱུྃ་ཧྲཱི༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེ༔ རྟེན་འབྲེལ་ཆོ་འཕྲུལ་ཟུང་འཇུག་དོན༔ མཆོག་དང་ཐུན་མོང་ཡེ་ཤེས་སེམས༔ གྲུབ་པ་རྟགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧཱུྃ༔ ཉེར་དགུ་པ་ཆེ་བ་བསྐྱེད་པ་ལ། སྐུའི་ང་རྒྱལ་ནི། ཧཱུྃ་ཧྲཱི༔ བདག་ཉིད་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་ཡེ་ནས་དག་པ་ཡིན་པའི་ཕྱིར༔ སྣང་རུང་སྲིད་པའི་མིང་ནི་ཡེ་ནས་མེད༔ གལ་ཏེ་སྣང་ཡང་སངས་རྒྱས་ང་ཡི་རྩལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ གསུང་གི་ང་རྒྱལ་ནི། ཧཱུྃ་ཧྲཱི༔ བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་དཔའ་བོའི་སྐུ༔ དབྱུག་ཏོ་ཞགས་པ་དུར་ཁྲོད་ཆས་བརྒྱད་ལྡན༔ རྟ་སྐད་རྔམ་སྒྲོག་བསྐལ་པའི་མེ་ལྟར་འབར༔ པདྨ་ཉི་ཟླ་ལྷ་ཆེན་གདན་དུ་བཏིང༔ སྐུ་ཆེ་ཡན་ལག་རགས་པས་སྟོང་གསུམ་གང༔ ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཐུགས་ཀྱི་ང་རྒྱལ་ནི། ཧཱུྃ་ཧྲཱི༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྔ་ཡི་མདངས༔ གཟུགས་སྣང་ཐམས་ཅད་ཀུན་བཟང་རིག་པའི་རྩལ༔ སྙིང་གི་ཐིག་ལེ་སངས་རྒྱས་ཀུན་གྱི་སྲོག༔ རྟག་ཏུ་འཆི་བ་མེད་པའི་བདག་ཉིད་ཆེ༔ ཧྲཱིཿཧྲཱིཿཧྲཱི༔ ཡོན་ཏན་གྱི་ང་རྒྱལ་ནི། ཧཱུྃ་ཧྲཱི༔ སྐུ་ཡི་ཡོན་ཏན་མངོན་སུམ་ཡེ་ཤེས་གསལ༔ གསུང་གི་ཡོན་ཏན་རྒྱུན་ཆད་མེད་པའི་སྒྲ༔ ཐུགས་ཀྱི་ཡོན་ཏན་འཆར་ནུབ་མེད་པའི་དཔལ༔ སངས་རྒྱས་ལྔ་ཡི་བདག་ཉིད་ང་རྒྱལ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྲིན་ལས་ཀྱི་ང་རྒྱལ་ནི། ཧཱུྃ་ཧྲཱི༔ དྭངས་མའི་རླུང་ལྔ་སྙིང་གི་ཐིག་ལེ་ལ༔ ལས་ཀྱི་རླུང་ལྔ་ལྟེ་བའི་གཏུམ་མོ་འབར༔ སྣང་མཆེད་ཐོབ་པའི་ཕྲིན་ལས་མྱུར་བའི་སྟོབས༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་བདག་ཉིད་ཆེ༔ ཧཱ་ཧཱ་ཧཱ༔ སུམ་ཅུ་པ་དབང་དང་སྒྲུབ་ཆེན་དུས་སུ་ཚེ་རྫས་དབང་རྫས་རྣམས་སྐབས་འདིར་བསྒྲུབ་དགོས་པས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་སྒྲུབ་སྔགས་དང་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་རྣམས་ཅི་ནུས་བཟླ། ཚེ་རྟེན་འབྲང་རྒྱས་ཚེ་ཆང་ཚེ་མདའ་ཚེ་རིལ་སྨན་རྫས་ཕུར་པ་རྣམས་ལ། ཚེ་རྟེན་ནང་དུ་མགོན་པོ་ཚེ་དཔག་མེད༔ དམར་པོ་ཕྱག་གཉིས་ཚེ་བུམ་རྒྱན་གྱིས་མཛེས༔ པདྨ་ཉི་ཟླ་འོད་ཀྱི་དབུས་སུ་གསལ༔ ཐུགས་ཀར་ཚེ་བདག་མགོན་པོ་ཚེ་དཔག་མེད༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཚེ་བུམ་འཛིན༔ ཡབ་ཡུམ་སྦྱོར་བས་ཚེ་རྒྱུན་འབེབ་པར་གྱུར༔ ༈ ཚེ་ཆང་ནང་དུ་ཧྲཱིཿལས་ཚེ་དབང་རྩལ༔ དམར་གསལ་ཕྱག་གཉིས་པད་སྟེང་ཐོད་པ་འཛིན༔ ཟ་འོག་བེར་གསོལ་དར་དམར་ཅོད་པན་ཅན༔ འཛུམ་ཞལ་རིགས་བཞིའི་མཁའ་འགྲོས་བསྐོར་བ་ཡི༔ ཐུགས་ཀར་པདྨ་འདབ་བཞི་ཉི་མའི་སྟེང༔ ཧྲཱིཿདམར་ཚེག་དྲག་ལྡན་པའི་འོད་ཟེར་གྱིས༔ གཉིས་མེད་སྦྱོར་བའི་བདུད་རྩི་ཆེན་པོ་འབེབ༔ ༈ ཐུགས་རྟེན་ཚེ་མདའ་ཚེ་གཡུ་འཁོར་ལོ་དང༔ ཚེ་རིལ་རེ་རེའང་དཀྱིལ་འཁོར་ལྷ་རུ་གྱུར༔ སྐྱེ་ཤི་མེད་པའི་གཡུང་དྲུང་འོད་དུ་འབར༔ ༈ ཡོན་ཏན་སྨན་རྫས་རིགས་ལྔ་ཡབ་ཡུམ་སྐུ༔ པདྨ་ཐོད་ཕྲེང་ལྟ་བུའི་ཆ་ལུགས་ལ༔ པདྨ་འདབ་བཞིར་རིགས་བཞི་ཡབ་ཡུམ་དང༔ མཚན་བརྒྱད་ལྷ་མོ་བརྒྱད་དང་སྒོ་བ་དང༔ སྨན་གྱི་ལྷ་དང་དྲང་སྲོང་ཚོགས་བཅས་གསལ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ དམར་སེར་འོད་ཀྱིས་ཐམས་ཅད་གང་བར་གྱུར༔ ༈ ཕྲིན་ལས་ཚེ་རྟེན་རྟ་མགྲིན་རྒྱལ་པོ་ལ༔ ཁྲོ་རྒྱལ་འབུམ་གྱི་ཚོགས་ཀྱིས་བསྐོར་བ་རྣམས༔ གཡས་པས་མཚོན་ཆ་སྣ་ཚོགས་འདེབས་ཤིང་འདུལ༔ གཡོན་པ་འཁོར་འདས་ཀུན་གྱི་ཚེ་བཅུད་ཀྱིས༔ ཡོངས་སུ་གང་བའི་བུམ་པ་ཐུགས་ཀར་འཛིན༔ འབར་ཁྲོ་རྔམ་བརྗིད་བདུད་རྣམས་འདུལ་བར་གྱུར༔ སྤྱན་འདྲེན་སོགས་ནི། ཧཱུྃ་ཧྲཱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་རྣམས་ཀུན་གྱི་ཡེ་ཤེས་རིག་པའི་རྩལ༔ སྐུ་གསུང་ཐུགས་ལྡན་སྲོག་གི་ཡེ་ཤེས་ལྡན༔ མ་ལུས་ཀུན་ཁྱབ་རྡུལ་སྙེད་འཁོར་ཚོགས་ཀུན༔ གཉིས་མེད་སྙོམས་འཇུག་ཕྲིན་ལས་ལྷུན་གྱིས་གྲུབ༔ སྤྱན་འདྲེན་གཤེགས་དང་བཞུགས་པར་མི་དམིགས་ཀྱང༔ རྟོག་འདུལ་དམ་ཚིག་རྟེན་ལ་སྤྱན་འདྲེན་ན༔ སྒྱུ་མའི་རྣམ་འཕྲུལ་གློག་ལྟར་མྱུར་བ་ཡི༔ འདིར་གཤེགས་འདིར་བཞུགས་གཉིས་མེད་ཐིམ་པར་མཛོད༔ ཕྱག་དང་ཕྱག་རྒྱ་ཕྱི་ནང་གསང་མཆོད་བཞེས༔ དངོས་གྲུབ་ཆོ་འཕྲུལ་ཅིར་ཡང་སྣང་བར་མཛོད༔ ཨ་རལླི་ཛ༔ ཛཿཧཱུྃ་བཾ་ཧོ༔ སརྦ་པཱུ་ཛཿཧོ༔ དེ་ནས་བདག་ཉིད་ལྷར་གསལ་བའི༔ ཐུགས་ནས་བྱུང་བའི་འོད་དམར་པོས༔ མདུན་གྱི་ལྷ་རྣམས་ཐམས་ཅད་ཀྱི༔ ཐུགས་རྒྱུད་བདེ་བ་ཆེན་པོར་བསྐུལ༔ ཐུགས་ནས་བྱུང་བའི་འོད་ཟེར་ནི༔ ཀུན་ཏུ་དམར་བའི་ཕྲེང་བ་ཡིས༔ ལྟེ་བའི་ཁུང་བུ་ནས་བརྒྱུད་དེ༔ ཡབ་ཡུམ་ལྟེ་བའི་ཁུང་དུ་ཞུགས༔ སྐུ་ལུས་མ་ལུས་གང་བའི་འོད༔ ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་འཕྲོས༔ དངོས་གྲུབ་ཡེ་ཤེས་ཚེ་ཡི་བཅུད༔ ནམ་མཁའི་ཁམས་ཀུན་གང་བར་བྱོན༔ ཡབ་ཡུམ་ཞལ་གྱི་དཀྱིལ་འཁོར་ནས༔ སླར་འདུས་སྐུ་གང་སྦྱོར་མཚམས་ལུད༔ སྣང་སྲིད་བདེ་བ་ཆེན་པོར་བསྒྱུར༔ ཞེས་མོས་ལ། ཚེ་རྟེན་འབྲང་རྒྱས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཚེ་ཆང་མདའ་སོགས་ལ། ཧྲཱི༔དང་རྩ་སྔགས་དང་ཚེ་གཟུངས་དང་རྟེན་འབྲེལ་སྙིང་པོ་བཟླ། སྨན་ལ་བསྙེན་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ་བྷྲཱུྃ་ཨཱཿབྷྲཱུྃ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ རཏྣ་མུ་ཏྲ་ཨཱ་ཡུརྫྙཱ་ན་ཧཱུྃ་ཧྲཱིཿཋཱ༔ སྒྲུབ་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ༔ བཻ་རོ་ཙ་ན་ཨོཾ༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ ཨ་མི་དེ་ཝ་ཧྲཱི༔ ཀརྨ་བཛྲ་ཧཱ༔ ལས་སྦྱོར་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱ༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་ཏིཥྛ་ཨོཾ༔ ཕུར་པ་ལའང་དེ་ཉིད་བཟླ། ཀུན་ལ་ཐུན་མོང་དུ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨོཾ་བཛྲ་རཀྵ་ཀཱ་ཝཱ་ཙི་ཧཱུྃ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབ་བོ། །བུམ་སྒྲུབ་ནས་འདིའི་བར་དབང་གི་སྐབས་མ་གཏོགས་ལས་བྱང་དཀྱུས་ཙམ་ལ་མི་དགོས་སོ། །སོ་གཅིག་པ་ཚེ་འགུགས་བསྐུལ་བ་ནི་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ལས་རོལ་པའི་དཔལ༔ ཞི་ལྷ་ཡོངས་རྫོགས་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཆེ་མཆོག་ཁྲོ་རྒྱལ་ཧཱུྃ་ཆེན་གཉིས་སུ་མེད༔ འདོད་པའི་སྐྱོན་སྦྱོང་ཡེ་ཤེས་ཕ་རོལ་ཕྱིན༔ སྐྱེ་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ སྟོང་ཉིད་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ སྣང་མཐའི་ཐུགས་ལས་སྤྲུལ་པའི་དཔལ་ཆེན་ཚོགས༔ ཁྲག་འཐུང་ང་བརྒྱད་སྟོབས་ཆེན་གཉིས་སུ་མེད༔ བརྣབ་སེམས་སྐྱོན་སྦྱོང་བཟོད་པའི་ཕ་རོལ་ཕྱིན༔ སྨོན་ལམ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ མེ་ལོང་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ པདྨ་འབྱུང་གནས་ཡབ་ཡུམ་སྤྲུལ་འཁོར་བཅས༔ ས་སྙིང་ཡང་དག་རྣམ་རྒྱལ་གཉིས་སུ་མེད༔ མ་བྱིན་ལེན་སྤོང་སྦྱིན་པའི་ཕ་རོལ་ཕྱིན༔ ཡོ་བྱད་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ མཉམ་ཉིད་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ བློ་ལྡན་མཆོག་སྲེད་ཡབ་ཡུམ་སྤྲུལ་འཁོར་བཅས༔ ནམ་སྙིང་འཇམ་དཔལ་གཤེད་པོ་གཉིས་སུ་མེད༔ སྲོག་གཅོད་ལས་སྦྱོང་བསམ་གཏན་ཕ་རོལ་ཕྱིན༔ ཚེ་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ ཉི་མ་འོད་ཟེར་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྤྱན་གཟིགས་རྟ་མཆོག་པདྨ་གཉིས་སུ་མེད༔ ཕྲ་མའི་སྐྱོན་སྦྱོང་ཚུལ་ཁྲིམས་ཕ་རོལ་ཕྱིན༔ ཡེ་ཤེས་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ སེངྒེ་སྒྲ་སྒྲོག་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཕྱག་རྡོར་ཕུར་པ་འཁྱིལ་པ་གཉིས་སུ་མེད༔ ཚིག་རྩུབ་སྐྱོན་སྦྱོང་སྨོན་ལམ་ཕ་རོལ་ཕྱིན༔ ལས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཀློང་འགྱུར་ཡེ་ཤེས་དབྱིངས་ལས་རོལ་པའི་དཔལ༔ པདྨ་སཾ་བྷ་ཡབ་ཡུམ་སྤྲུལ་འཁོར་བཅས༔ བྱམས་པ་མངོན་རྫོགས་དབྱུག་སྔོན་གཉིས་སུ་མེད༔ ལོག་ལྟའི་སྐྱོན་སྦྱོང་བརྩོན་འགྲུས་ཕ་རོལ་ཕྱིན༔ མོས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ལྷུན་གྲུབ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ པདྨ་རྒྱལ་པོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྒྲིབ་སེལ་རིག་འཛིན་མི་གཡོ་གཉིས་སུ་མེད༔ རྫུན་གྱི་སྐྱོན་སྦྱོང་ཐབས་ཀྱི་ཕ་རོལ་ཕྱིན༔ ཆོས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ དབྱིངས་སྒྲོལ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ ཤཱཀྱ་སེང་གེ་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཀུན་བཟང་དྲེགས་འདུལ་འདོད་རྒྱལ་གཉིས་སུ་མེད༔ ངག་འཁྱལ་སྐྱོན་སྦྱོང་ཤེས་རབ་ཕ་རོལ་ཕྱིན༔ སེམས་ལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ འདའ་དཀའ་ཡེ་ཤེས་དབྱིངས་ནས་རོལ་པའི་དཔལ༔ རྡོ་རྗེ་གྲོ་ལོད་ཡབ་ཡུམ་སྤྲུལ་འཁོར་བཅས༔ འཇམ་དཔལ་སྟོབས་ལྡན་གསུམ་རྒྱལ་གཉིས་སུ་མེད༔ གནོད་སེམས་སྐྱོན་སྦྱོང་སྟོབས་ཀྱི་ཕ་རོལ་ཕྱིན༔ རྫུ་འཕྲུལ་དབང་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཡེ་ཤེས་རྣམ་བཞིའི་ངང་ལས་བཞེངས་པ་མོ༔ སྒེག་ཕྲེང་གླུ་དང་གར་གྱི་ཕྱག་རྒྱ་འཛིན༔ རང་རང་སྤྲུལ་འཁོར་བསམ་འདས་བརྗོད་མེད་ཚོགས༔ དགའ་བཞི་འཕེལ་བའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚད་མེད་རྣམ་བཞིའི་ངང་ལས་བཞེངས་པ་མོ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་འཛིན༔ རང་རང་སྤྲུལ་འཁོར་ནམ་མཁའི་ཁམས་གང་ནས༔ བསྡུ་བ་བཞི་འགྲུབ་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཕྲིན་ལས་རྣམ་བཞིའི་ངང་ལས་སྐུར་བཞེངས་ལྷ༔ རྡོ་རྗེ་རིན་ཆེན་པདྨ་ལས་བྱེད་དཔལ༔ ཁྲོ་རྒྱལ་རིགས་བཞི་རང་རང་སྤྲུལ་འཁོར་གྱིས༔ བདུད་བཞི་འཇོམས་པའི་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ འཁོར་གྱི་མཁའ་འགྲོ་རྩི་དང་སྨན་གྱི་ལྷ༔ དྲང་སྲོང་རིག་འཛིན་ནམ་མཁའི་ཁམས་གང་བས༔ མྱུར་མགྱོགས་ལས་ཀྱིས་ཚེ་ཁུག་བྱིན་ཆེན་སྡུས༔ ཡེ་ཤེས་ལྔ་རྫོགས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། ཚེ་གཟུངས་ཀྱི་མཐར། ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊ༔ ཅེས་བསྐུལ་ལ་རོལ་མོ་བྱ། བུམ་སྒྲུབ་ཡོད་སྐབས་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དགོས་སྐབས་རྟ་མགྲིན་བསྐྱེད་བཟླས་སྤྱི་འགྲེ་དང་། ཆོས་སྲུང་གཏོར་འབུལ་སྤྱི་དང་བྱེ་བྲག་གཏེར་སྲུང་ཙིའུ་དམར་པོའི་གསོལ་མཆོད་སོགས་སྐབས་འདིར་སྦྱར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་དགུ་ལས། དང་པོ་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཧྲཱི༔ ཀ་དག་རིག་པ་ཀུན་ཏུ་བཟང༔ ལྷུན་གྲུབ་བདེ་ཆེན་འོད་ལྔ་ཡིས༔ རྟོག་འཛིན་ཚོགས་ཀྱི་ཡོ་བྱད་རྣམས༔ ཡེ་ཤེས་འོད་ལྔར་བྱིན་གྱིས་བརླབ༔ ཨོཾ་ཨུ་ཙུཥྨ་ཀྲོ་ཏ་བཻ་ཏཱ་ལི་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་དང་སྐུ་ལྔའི་ཀློང༔ ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ༔ རིག་པ་མངོན་སུམ་ཐིག་ལེའི་སྐུ༔ སྣང་སྲིད་འོད་ལྔའི་ཚོགས་ལ་གཤེགས༔ བཛྲ་ས་མཱ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱི༔ རྟག་ཏུ་མི་འགྱུར་ཆོས་ཀྱི་སྐུ༔ སྟོང་གསལ་འོད་ལྔ་ལྷམ་མེ་བ༔ གང་དུའང་གཤེགས་པའི་ཡུལ་མེད་ཅིང༔ ཀུན་ལ་ཁྱབ་ཅིང་གསལ་བར་བཞུགས༔ ས་མ་ཡ་ཏིཥྛ་ལྷན་བཛྲ༔ བཞི་པ་གུས་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ སྙིང་ནང་པདྨའི་འོད་པོ་ཆེ༔ རང་དང་ཡེ་ནས་འདུ་འབྲལ་མེད༔ རང་ངོ་རང་ཤེས་ཡིད་ཆེས་ཀྱིས༔ རང་ཞལ་མཇལ་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ལྔ་པ་སྐོང་བ་ནི། ཧཱུྃ་ཧྲཱི༔ རང་དང་འདུ་འབྲལ་མེད་པའི་དོན་གྱི་ལྷ༔ མ་བཅོས་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང༔ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་བ་ལ༔ རང་སྣང་དག་པའི་འོད་ཀྱིས་ཐུགས་དམ་བསྐང༔ ཀ་དག་བསམ་བརྗོད་བྲལ་བའི་ཆོས་སྐུ་ལ༔ སྟོང་གསལ་རྣམ་རྟོག་བྲལ་བའི་ཚོགས་ཀྱིས་བསྐང༔ ལྷུན་གྲུབ་ཐིག་ལེ་ལྔ་ལྡན་ལོངས་སྐུ་ལ༔ མ་འདྲེས་ཡོངས་རྫོགས་ཞི་ཁྲོ་ཚོགས་ཀྱིས་བསྐང༔ མངོན་སུམ་ཡེ་ཤེས་ཟང་ཐལ་སྤྲུལ་སྐུ་ལ༔ ཉམས་སྣང་གོང་འཕེལ་ཡེ་ཤེས་ཚོགས་ཀྱིས་བསྐང༔ དབྱིངས་རིག་གཉིས་མེད་ངོ་བོ་ཉིད་སྐུ་ལ༔ རིག་པ་ཚད་དུ་ཕེབས་པའི་ཚོགས་ཀྱིས་བསྐང༔ རང་བྱུང་ཡེ་ཤེས་རྫོགས་པའི་མངོན་བྱང་ལ༔ ཆོས་ཉིད་ཟད་སར་འཁྱོལ་བའི་ཚོགས་ཀྱིས་བསྐང༔ བར་དོ་བཞི་སྦྱོར་རྒྱལ་བའི་ཚོགས་རྣམས་ལ༔ སྒྲ་འོད་ཟེར་གསུམ་རྒྱས་པའི་ཚོགས་ཀྱིས་བསྐང༔ བསྐང་ངོ་བསྐང་ངོ་དོན་དམ་བྱང་ཆུབ་སེམས༔ སྐོང་བར་གྱུར་ཅིག་འཁོར་འདས་རང་གྲོལ་ལོ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ དྲུག་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ ཡེ་ནས་འཁྲུལ་པ་མེད་པ་ལ༔ རྟོག་འཛིན་སྐྱེས་པ་ཚོགས་ཀྱིས་བཤགས༔ སྣང་སྲིད་རིག་པ་ཆོས་སྐུ་ལ༔ ཐ་དད་བཟུང་བ་ཚོགས་ཀྱིས་བཤགས༔ རིགས་དྲུག་ཡུལ་རྣམས་མེད་པ་ལ༔ འཇིགས་སྣང་ལས་དབང་ཚོགས་ཀྱིས་བཤགས༔ ཕན་གནོད་ཅི་ཡང་མེད་པ་ལ༔ ལྷ་དང་འདྲེར་འཛིན་ཚོགས་ཀྱིས་བཤགས༔ དགྲ་བགེགས་གདོད་ནས་མེད་པ་ལ༔ སྲུང་ཟློག་བྱས་པ་ཚོགས་ཀྱིས་བཤགས༔ སེམས་ཅན་སེམས་ཀྱི་སྣང་བ་ལ༔ གཞན་དུ་བཟུང་བ་ཚོགས་ཀྱིས་བཤགས༔ མཉམ་གཞག་སངས་རྒྱས་ཞིང་ཁམས་ལ༔ རྣམ་གཡེང་འཁྲུལ་པ་ཚོགས་ཀྱིས་བཤགས༔ བྱར་མེད་ལྷུག་པར་གནས་རྒྱུ་ལ༔ བྱ་བྱེད་ལས་རྣམས་ཚོགས་ཀྱིས་བཤགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཡིག་བརྒྱ་བརྗོད། བདུན་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ་ཧྲཱི༔ ཀུན་བཟང་འོད་ལྔའི་ལྷ་ཚོགས་ལ༔ ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི༔ ཀུན་བཟང་མཆོད་པ་རྒྱ་མཚོའི་ཚོགས༔ ཀུན་ཏུ་དགྱེས་པར་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མ་ཡ་སྭཱ་ཧཱ༔ བརྒྱད་པ་ཚོགས་ཀྱིས་བཤགས་པ་ནི། ཧཱུྃ་ཧྲཱི༔ བཟང་ངན་མེད་པའི་དཀྱིལ་འཁོར་ལ༔ བཟང་ངན་གཉིས་སུ་འཛིན་པའི་བློ༔ གློ་བུར་རྟོག་པའི་སྒྲིབ་པ་རྣམས༔ བློ་འདས་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཧོ༔ ཡིག་བརྒྱ་བདུན་བརྗོད། དགུ་པ་བསྒྲལ་ཞིང་བསྟབ་པ་ནི། ཧཱུྃ་ཧྲཱི༔ བློ་འདས་ཆོས་སྐུར་དྭངས་པ་ལ༔ བློ་འདས་རྟོག་པའི་གདིང་མ་རྙེད༔ གློ་བུར་རྟོག་པ་ལྷན་ཅིག་སྐྱེས༔ བློ་འདས་ཐིག་ལེ་མཚོན་ཆས་བསྒྲལ༔ མཱ་ར་ཡ་རྦད༔ འོད་གསལ་རྡོ་རྗེ་སེམས་དཔའི་ཚེ༔ དྭངས་མ་འོད་ལྔའི་ཀློང་དུ་བསྟིམ༔ ཧཱུྃ་ཨཱ་ཡུཿནྲྀ་བྷྲཱུྃ༔ བདག་སྲོག་འཁྲུལ་པ་ཅིར་ཡང་སྣང༔ སྐད་ཅིག་དྲན་གསལ་འོད་ཀྱིས་སྦྱང༔ སརྦ་བི་ཤུདྡྷེ་ཧཾ༔ ཀློང་ཡངས་ཆེན་པོའི་འོད་རུམ་དུ༔ རང་ཤེས་རིག་པ་གནས་སུ་བསྟབས༔ ཨ་ཡཾ་ཡུ་ཏི་ཛ༔ སྥ་ར་ཎ་ཕཊ༔ ཧཱུྃ་ཧྲཱི༔ བདག་ཏུ་འཛིན་པ་རང་གི་སེམས༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་འཁྲུལ༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་བོ་ཀུན་བཟང་ཞལ་དུ་བསྟབ༔ སྐྱེ་འགག་མེད་པའི་ཀློང་དུ་བསྟབ༔ དངོས་པོ་ཆོས་ཉིད་ཀློང་དུ་བསྟབ༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ གསལ་བ་ཆོས་ཉིད་ཀློང་དུ་བསྟབ༔ གློ་བུར་རིག་པའི་ཀློང་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་པ་ཚོགས་དྲང་བ་ནི། ལས་ཀྱི་རྡོ་རྗེས། ཀྱེ༔ ཀུན་བཟང་དབྱེར་མེད་བླ་མ་དགོངས་སུ་གསོལ༔ སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ བདེ་སྟོང་དབྱེར་མེད་ཆེན་པོའི་ཚུལ་གྱིས་འབུལ༔ རིག་སྟོང་དབྱེར་མེད་ངང་དུ་བཞེས་སུ་གསོལ༔ ཀྱེ༔ སྣང་སྲིད་དག་པ་འོད་ལྔའི་ལྷ་ཚོགས་དགོངས༔ ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི༔ རྟོག་པའི་བློ་ལ་དག་སྣང་ཚུལ་གྱིས་འབུལ༔ འཁྲུལ་མེད་དག་པའི་ངང་དུ་བཞེས་སུ་གསོལ༔ ཀྱེ༔ རྡོ་རྗེ་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ༔ དགའ་མགུ་རྣམ་དག་ཚོགས་ཀྱི་ལོངས་སྤྱོད་འདི༔ སོ་སོར་མ་མཆིས་གཡར་དམ་ཚུལ་གྱིས་འབུལ༔ འཁོན་འཛིན་མེད་པའི་ངང་དུ་བཞེས་སུ་གསོལ༔ ཞེས་དྲངས་པའི་ལན་དུ། ཨེ་མ་ཧོ༔ སྐུ་གསུམ་ཞིང་ཁམས་མཐོང་བས་དང་རེ་སྤྲོ༔ ཆོས་ཉིད་བློ་འདས་རྟོགས་པས་བློ་རེ་བདེ༔ ཕུན་སུམ་ཚོགས་པ་ལྔ་ལྡན་ངོ་མཚར་ཆེ༔ བླང་དོར་མི་འཚལ་ཡི་རང་དགའ་བས་རོལ༔ ཞེས་དང་། ཨ་ལ་ལ་ཧོ༔ ཞེས་ལན་གསུམ་བརྗོད་དེ་བླང་ལ་དགྱེས་པར་རོལ། བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། ཧཱུྃ་ཧྲཱི༔ དུས་གསུམ་མི་གཡོ་ཐིག་ལེ་གཅིག་གི་ངང་ཉིད་དུ༔ ལོངས་སྤྱོད་མི་གཡོ་འདོད་པའི་ཡོན་ཏན་ཀུན་ཏུ་སྣང༔ ཀུན་བཟང་རྣམ་འཕྲུལ་ཚོགས་ཀྱི་མཆོད་པས་མཉེས་བྱས་མཐུས༔ ཚོགས་གཉིས་མི་འགགས་འོད་གསལ་མཆོག་གི་ཚེ་འཕེལ་ཤོག༔ ཅེས་བརྗོད། བཅུ་གཉིས་པ་ལྷག་མ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ་ཧྲཱི༔ དམ་ཚིག་ཕྱག་རྒྱ་ཕུད་ཀྱིས་མི་མཆོད་དུ༔ ཐོག་མའི་ཀུན་བཟང་སྐྱོན་བྲལ་ཆོས་ཀྱི་སྐུ༔ རྟག་ཏུ་མི་གཡོ་དམ་ཚིག་མཆོག་ལ་གནས༔ མ་འཁྲུལ་སངས་རྒྱས་སྟོང་རྩ་ཕུད་ཀྱིས་མཆོད༔ ཆོས་ཀྱི་ཕྱག་རྒྱ་ཚོགས་ཀྱིས་མི་མཆོད་དུ༔ ལྷུན་གྲུབ་འོད་གསལ་ཚོགས་དྲུག་ཞི་ཁྲོའི་ལྷ༔ སྣང་སྲིད་སྐུ་དང་ཡེ་ཤེས་ཉིད་ལ་གནས༔ གར་གྱི་དབང་ཕྱུག་སྒྱུ་འཕྲུལ་ཚོགས་ཀྱིས་མཆོད༔ ལས་ཀྱི་ཕྱག་རྒྱ་ལྷག་མས་མི་མཆོད་དུ༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ ཁམས་གསུམ་རྒྱུ་དྲུག་བདེ་སྟོང་ཉིད་ལ་གནས༔ རྩ་ཁམས་རྣམ་དག་རླུང་སེམས་ལྷག་མས་མཆོད༔ ཕྱག་རྒྱ་ཆེན་པོ་གཅིག་ཏུ་མི་བསྲེ་རུ༔ དུས་གསུམ་དུས་མེད་འོད་གསལ་སྙིང་པོར་འཁྱིལ༔ འཕོ་འགྱུར་མེད་པའི་བྱང་ཆུབ་སེམས་སུ་གནས༔ རྣམ་གྲོལ་མཆོག་གི་ཐིག་ལེ་གཅིག་ཏུ་བརྡལ༔ མི་འགྱུར་ཀུན་འགྲོ་ལྷག་མའི་མགྲོན་ཚོགས་རྣམས༔ སྣང་སྲིད་ཕྱག་རྒྱའི་ངང་ནས་འདིར་གཤེགས་ལ༔ རྟག་ཏུ་རིག་རྩལ་དོན་གྱི་དཀྱིལ་འཁོར་དུ༔ འདིར་བྱོན་མེད་པའི་ཀློང་དུ་བཞུགས་སུ་གསོལ༔ ཕེཾ་ཕེཾ་ཕེཾ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཧ་ཡ་གྲཱི་ཝ་ག་རུ་ཌ་ཀྲོ་དྷ་ཀིཾ་ཀ་ར་ཎ་ས་མ་ཡ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ ཐིག་ལེ་མི་འགྱུར་དཔལ་གྱི་ལྷག་སྡུད་ནི༔ འོད་གསལ་དབྱིངས་ལས་གཡོ་བ་མེད་མོད་ཀྱང༔ སྐྱེ་བའི་ཆོ་འཕྲུལ་གར་སྒྱུར་རྩལ་སྣང་བ༔ ཆུ་ཚོད་སོ་གཉིས་མཁའ་འགྲོ་སྤྲིན་ལྟར་གཏིབས༔ རླུང་ཁམས་ཤུགས་འགྲོ་འབྱུང་ལྔ་ཆར་ལྟར་འབེབ༔ རྩ་ཁམས་ཉེར་གཅིག་དབང་ཕྱུག་མཚོ་ལྟར་འཁྱིལ༔ དུར་ཁྲོད་སྒོ་བཞི་མ་མོ་གློག་ལྟར་འཁྱུག༔ སྐྱེ་མཆེད་བཅོ་བརྒྱད་ཀིཾ་ཀང་ཐོག་ལྟར་འཕྲོ༔ དུས་ཚོད་འབར་མ་མེ་འོད་ལྟ་བུར་འབར༔ ཡུལ་བརྒྱད་སྤོར་མ་དཔག་བསམ་ཤིང་ལྟར་རྒྱས༔ དྲུག་ཅུ་རྩ་བཞི་དབྱུག་གུའི་ཕོ་ཉ་འཕྲོ༔ ཕོ་ཉ་དྲུག་ཅུ་ལང་ཀ་འཇིགས་པའི་གཟུགས༔ ཚོགས་བརྒྱད་དྲག་རྩལ་སྡེ་བརྒྱད་སྡེ་དང་དཔུང༔ དུས་དང་སྲིད་པ་མ་བདུན་ནམ་གྲུའི་ཚོགས༔ ནམ་ཟླ་དུས་བཞིའི་སྲིང་མོ་འཇོ་སྒེག་ཅན༔ ཀུན་ཀྱང་མ་ངེས་དཔལ་གྱི་བཀའ་སྡོད་ཚོགས༔ ཀློང་ཡངས་འཁྱིལ་པ་འོད་ཀྱི་དཀྱིལ་འཁོར་ན༔ ཀུན་བཟང་ཐུགས་མཆོག་གཅིག་ཏུ་ཁྱབ་པའི་སྐུ༔ རང་རང་རིག་རྩལ་འཁོར་དང་བཅས་པ་རྣམས༔ གནས་བཟང་མཆོག་གི་ཐིག་ལེའི་ཕོ་བྲང་ན༔ གོས་བཟང་འཇའ་འོད་མ་འདྲེས་ཀུན་ཏུ་གསལ༔ རྒྱན་བཟང་ཟེར་ལྔ་ཐུགས་རྗེའི་གློག་ཏུ་འཁྱུག༔ སྐྱོགས་བཟང་སྟོང་ཉིད་ཆོས་སྐུའི་བདེ་བས་གང༔ ཟས་བཟང་ཡེ་ཤེས་ལྔ་དང་སྐུ་ལྔར་བཅས༔ སྐྱེམས་བཟང་དམ་པ་རླུང་ལྔའི་དྭངས་མ་རོལ༔ རྣམ་དག་འོད་ཀྱི་ཐིག་ལེ་ཟས་སུ་ཟ༔ ལས་སུ་གློ་བུར་རྟོག་ཚོགས་དག་པར་བྱེད༔ དབྱིངས་རིག་གཉིས་མེད་གཏོར་མ་འདི་བཞེས་ལ༔ མི་གཡོ་ཚེ་མཆོག་སྐུ་གསུང་ཐུགས་ཐོབ་པའི༔ རང་བཞིན་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཤ་ཏྲཱུཾ་ཨ་མུ་ཀ་ཙི་ཕྲེང་དམ་ཡཀྵ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་གསུམ་པ་ཆད་ཐོ་ནི། ཧཱུྃ་ཧྲཱི༔ དུས་གསུམ་མི་གཡོ་བསྐལ་པ་ཐོག་མ་ལ༔ སྲིད་གསུམ་དམིགས་མེད་ཆོས་སྐུའི་ཞིང་ཁམས་སུ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང༔ གསལ་མདངས་འགག་མེད་ལྷག་མཐོང་ཡེ་ཤེས་ཀྱིས༔ སྐྱེ་མེད་མཐའ་བྲལ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགག་མེད་རང་རྩལ་གཟུགས་སྐུའི་འཁོར་འདུས་ཤིང༔ གནས་མེད་ཟུང་འཇུག་རང་རང་གཟུགས་བསྟན་ནས༔ དམིགས་མེད་མཐའ་བྲལ་རྟོགས་པར་མ་ཆད་དམ༔ འགྲོ་དང་འོང་མེད་ལྟ་བར་མ་ཆད་དམ༔ གདོད་ནས་དག་པའི་གཏོར་མ་འདི་བཞེས་ལ༔ ཡེ་སངས་རྒྱས་པའི་ས་ལམ་ཐོབ་པར་མཛོད༔ ཧཱུྃ་ཧྲཱི༔ ལྷུན་གྲུབ་དྲི་བྲལ་བསྐལ་པའི་བར་མ་ལ༔ ཀུན་གཞི་གསང་བ་དག་པའི་གནས་མཆོག་ཏུ༔ རང་བྱུང་རྒྱལ་པོ་ཤེས་རིག་འོད་ལྔ་ལ༔ ཆོས་ཅན་ཀུན་སྣང་འོད་ཟེར་སྣང་སྟོང་གིས༔ ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡང་སངས་རྒྱས་པའི་དཀྱིལ་འཁོར་ཡོངས་འདུས་ཤིང༔ སྐུ་དང་ཡེ་ཤེས་རང་རང་གཟུགས་བསྟན་ནས༔ སྙིང་ནང་ཐིག་ལེ་བསྟན་པར་མ་ཆད་དམ༔ དཀར་འཇམ་ལམ་འགགས་བསལ་བར་མ་ཆད་དམ༔ ཆོས་ཉིད་མངོན་སུམ་གཏོར་མ་འདི་བཞེས་ལ༔ སྣང་བཞི་ཚད་དུ་འཁྱོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ མ་འདྲེས་ཡོངས་རྫོགས་བསྐལ་པའི་ཐ་མ་ལ༔ འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ༔ ངེས་པ་ལྔ་ལྡན་དྲུག་པ་རྡོ་རྗེ་འཆང༔ རྟོག་ཚོགས་རང་གྲོལ་ཞི་ཁྲོ་བཀའ་བརྒྱད་ཀྱི༔ སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕུང་ཁམས་སྐྱེ་མཆེད་རང་རྩལ་འཁོར་འདུས་ཤིང༔ གདན་གསུམ་ཚང་བས་རང་རང་གཟུགས་བསྟན་ནས༔ སྤྱོད་ཡུལ་ཡོངས་སུ་དག་པར་མ་ཆད་དམ༔ ཐ་མལ་དགྲར་འཛིན་འདུལ་བར་མ་ཆད་དམ༔ དབྱིངས་རིག་རང་གསལ་གཏོར་མ་འདི་ལོངས་ལ༔ བརྒྱུད་གསུམ་ཆོས་འཁོར་བསྐོར་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པ་དང་པོ་ལ༔ བདེ་བ་ཅན་དང་མངོན་དགའ་ལ་སོགས་སུ༔ རིགས་བཞིའི་སངས་རྒྱས་སྲས་ཡུམ་འཁོར་བཅས་ཀྱིས༔ རང་རང་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཚོགས་གཉིས་རྫོགས་པའི་གང་ཟག་འཁོར་འདུས་ཤིང༔ སྒྲིབ་གཉིས་སྤངས་པས་རང་རང་གཟུགས་བསྟན་ནས༔ རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ༔ ཆོ་འཕྲུལ་རྩལ་ཆེན་སྤྲོ་བར་མ་ཆད་དམ༔ ཡེ་ཤེས་དག་སྣང་གཏོར་མ་འདི་ལོངས་ལ༔ ཀུན་ཏུ་འོད་ཀྱི་སར་ཕྱིན་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ དགའ་ལྡན་བརྩེགས་དང་རྡོ་རྗེ་གདན་རྣམས་སུ༔ བདེ་གཤེགས་སྟོན་པ་དམ་པ་བཅུ་གཉིས་དང༔ རང་ཉིད་འཁོར་གྱི་དཀྱིལ་འཁོར་ཡོངས་འདུས་ནས༔ སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ སྐལ་ལྡན་ལས་ཅན་དག་པའི་འཁོར་འདུས་ཤིང༔ སྨོན་ལམ་དག་པས་རང་རང་གཟུགས་བསྟན་ནས༔ རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ༔ འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ༔ སྐྱོན་བྲལ་དམ་ཆོས་གཏོར་མ་འདི་ལོངས་ལ༔ རང་རང་ཁས་བླངས་དམ་བཅའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ ཨོ་རྒྱན་བསམ་ཡས་འཛམ་གླིང་གནས་རྣམས་སུ༔ རིག་འཛིན་དཔའ་བོ་པདྨ་ཐོད་ཕྲེང་དང༔ རྒྱ་བོད་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས༔ ཐེག་དགུ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་འདུས་ཤིང༔ རྒྱུ་འབྲས་བླང་དོར་རང་རང་གཟུགས་བསྟན་ནས༔ དལ་འབྱོར་དོན་ཡོད་བྱེད་པར་མ་ཆད་དམ༔ རྒྱུ་འབྲས་བླང་དོར་བྱེད་པར་མ་ཆད་དམ༔ དབང་དང་དམ་ཚིག་གཏོར་མ་འདི་ལོངས་ལ༔ བསྐྱེད་རྫོགས་དམ་ཚིག་སྒྲུབ་པའི་ཕྲིན་ལས་མཛོད༔ ས་མ་ཡ༔ བཅུ་བཞི་པ་གཏོར་ཟློག་ནི། ཧཱུྃ་ཧྲཱི༔ ང་ནི་ཀུན་བཟང་དོན་གྱི་ལྷ༔ རང་རྩལ་སྐུ་དང་ཡེ་ཤེས་རྩལ༔ སྤྲོས་པས་གཉིས་སྣང་རྡུལ་དུ་བརླག༔ བསྡུས་པས་འོད་གསལ་ཀློང་དུ་འཁྱིལ༔ ངས་ནི་མ་ཉེས་མ་ཐོ་ཞིང༔ ང་ནི་འགྱུར་མེད་རྡོ་རྗེ་ཆེ༔ གློ་བུར་འཁྲུལ་རྟོག་དགྲ་བགེགས་དཔུང༔ ཡེ་ཤེས་རིག་པའི་གཏོར་མས་ཟློག༔ ཟབ་ཞི་སྤྲོས་བྲལ་འོད་གསལ་ལ༔ ཡིད་གཉིས་ཐེ་ཚོམ་གཏོར་མས་ཟློག༔ སྐྱེ་མེད་ཀ་དག་ཟང་ཐལ་ལ༔ བདག་རྟོག་མཚན་མ་གཏོར་མས་ཟློག༔ ཀུན་གཞི་གསང་བ་དག་པ་ལ༔ རྟོག་ཚོགས་འཁྲུལ་པའི་དམག་དཔུང་ཟློག༔ སེམས་དང་རིག་པ་གཉིས་མེད་ལ༔ གོལ་སར་ལྷུང་བའི་ལྟས་ངན་ཟློག༔ དབྱིངས་དང་རིག་པ་གཉིས་མེད་ལ༔ ཐ་དད་རྟོག་པའི་ཕུང་སྲི་ཟློག༔ སྐུ་དང་ཡེ་ཤེས་གཉིས་མེད་ལ༔ གཉིས་སུ་རྟོག་པའི་གདོན་བགེགས་ཟློག༔ ཆོས་ཉིད་དོན་གྱི་ཐིག་ལེ་ལ༔ རྟག་ཆད་གཉིས་འཛིན་ཁོར་ཡུག་ཟློག༔ ཐ་དད་བྲལ་བའི་ཡེ་ཤེས་ལ༔ བློས་བརྟགས་ཅན་གྱི་བྱོལ་ཁ་ཟློག༔ གནད་ཀྱི་སངས་རྒྱས་ལག་ལེན་ལ༔ ཐེ་ཚོམ་ལོག་ལྟའི་ཕུར་ཁ་ཟློག༔ མི་འགུལ་གསུམ་ལྡན་ལམ་མཆོག་ལ༔ རྣམ་གཡེང་མཚེ་མདའི་ཟོར་ཁ་ཟློག༔ སྡོད་པ་གསུམ་གྱི་ཚད་འཛིན་ལ༔ བག་ཆགས་འཁྲུལ་པའི་གཡོ་ཐབས་ཟློག༔ ཐོབ་པ་གསུམ་གྱི་གཟེར་འདེབས་ལ༔ ཡིད་དཔྱོད་བློ་ཡི་ཀོང་ཟོར་ཟློག༔ འོད་གསལ་ནམ་མཁའི་ཁྱུང་ཆེན་ལ༔ གཏི་མུག་བག་ཆགས་བྱད་སྟེམས་ཟློག༔ ཆོས་ཉིད་ཟད་སར་འཁྱོལ་བ་ལ༔ མེད་པར་ལྟ་བའི་འབེབ་སྤར་ཟློག༔ གཏིང་གསལ་ནུབ་པ་མེད་པ་ལ༔ ཉམས་སུ་ཞེན་པའི་བཙོ་དམར་ཟློག༔ སངས་རྒྱས་ཡེ་ཤེས་མངོན་སུམ་ལ༔ ཡིད་ཆེས་མེད་པའི་ངན་སྔགས་ཟློག༔ ཐུན་མོང་མ་ཡིན་ས་ལམ་ལ༔ ཐུན་མོང་མཆོག་འཛིན་བདུད་ཞགས་ཟློག༔ རྒྱ་གསུམ་གྲོལ་བའི་དམ་ཚིག་ལ༔ ལོག་པར་རྟོག་པའི་ངན་སེམས་ཟློག༔ མཐོང་ལམ་ཡེ་ཤེས་ཐིག་ལེ་ལ༔ རྨི་ལམ་དུས་ཀྱི་བག་ཆགས་ཟློག༔ གཡོ་མེད་ཏིང་འཛིན་རྒྱ་མཚོ་རུ༔ སྣང་ཞེན་འཁོར་བའི་གཏད་ཁྲམ་ཟློག༔ སྒོ་གསུམ་ཟབ་མོའི་རུ་དབྱེ་ལ༔ ལེ་ལོ་སྙོམ་ལས་དལ་ཡམས་ཟློག༔ འཁོར་བའི་དགྲ་ལ་གཏོར་ཟོར་ཕོབ༔ བག་ཆགས་བགེགས་ལ་གཏོར་ཟོར་ཕོབ༔ ལོག་ལྟའི་བདུད་ལ་གཏོར་ཟོར་ཕོབ༔ ཐམས་ཅད་ཀུན་བཟང་ཀློང་དུ་བྷྱོ༔ མ་ལུས་ཆོས་ཀྱི་དབྱིངས་སུ་བྷྱོ༔ མཉམ་ཉིད་ཐིག་ལེའི་མཐིལ་དུ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ པྲ་མོ་ཧཱ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཛ་ཡེ་ཛ་ཡེ་སྭཱ་ཧཱ༔ བི་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ༔ བཅོ་ལྔ་པ་བརྟན་མ་མཆོད་པ་ནི། རང་ཉིད་གུ་རུ་དྲག་པོ་དབུ་དགུ་ཕྱག་བཅོ་བརྒྱད་རྣམས་གཡས་རྡོ་རྗེ་དང་གཡོན་ལྕགས་སྡིག་འཛིན་པར་གསལ་ལ། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས་ཏེ། མ་མ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ས་མ་ཡ་སཏྭཾ༔ ཨཱ་ས་ན་ཏིཥྛ་བཛྲ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་རྗེ་ཀན་ལ༔ མ་ནི་ནག་མོ་བཞིན་མི་སྡུག༔ བུ་མོ་བདུད་མོ་ཆེན་མོ་བཞི༔ ཡེ་ཤེས་བཞི་ལས་སྤྲུལ་པ་མོ༔ མཁའ་འགྲོ་ལཱ་མ་དུམ་སྐྱེས་མ༔ གཟུགས་ཅན་མ་དང་མ་རིག་པ༔ འདུ་བྱེད་རྣམ་ཤེས་མིང་གཟུགས་དག༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་གློག་ཆེན་མ༔ མ་ནི་དམར་མོ་གནོད་སྦྱིན་ཆེ༔ བུ་མོ་གནོད་སྦྱིན་ཆེན་མོ་བཞི༔ དགའ་བ་བཞི་ལས་སྤྲུལ་པ་མོ༔ ཁཱ་དང་འུག་པ་ཁྱི་ཕག་གདོང༔ སྐྱེ་མཆེད་དྲུག་དང་རེག་པ་དང༔ ཚོར་བ་སྲེད་པ་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཕ་ནི་གནམ་གྱི་སྐྱ་འོད་ལ༔ མ་ནི་དཀར་མོ་བཞིན་བཟང་མ༔ བུ་མོ་སྨན་བཙུན་ཆེན་མོ་བཞི༔ ཚད་མེད་བཞི་ལས་སྤྲུལ་པ་མོ༔ གཤིན་རྗེ་བརྟན་མ་ཕོ་ཉ་མོ༔ མཆེ་བ་མ་དང་འཇོམས་པ་མ༔ ལེན་དང་སྲིད་སྐྱེ་རྒ་ཤི་དག༔ འདི་ཡང་ཡེ་ཤེས་ཆེན་པོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ༔ ཀུན་བཟང་དོན་གྱི་ཡེ་ཤེས་དང༔ གཅིག་སྟེ་རྣམ་པ་མང་མོད་ཀྱང༔ ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཕྱིར༔ ཡེ་ཤེས་བཞི་དང་དགའ་བ་བཞི༔ ཚད་མེད་བཞི་པོ་ལུགས་ལས་བྱུང༔ ལུགས་ལས་ལྡོག་པ་མ་རིག་དག༔ རིག་པ་ཡེ་ཤེས་ཐིག་ལེར་སྨིན༔ འདི་ཡང་དོན་གྱི་ཡེ་ཤེས་ཡིན༔ རྟགས་ཀྱི་ཆོ་འཕྲུལ་བསྟན་པ་ནི༔ བདག་ཉིད་མཐིང་ཁྲམ་ཤ་བ་ཞོན༔ དཔལ་ལྡན་སེར་ཞགས་རྟ་ལ་ཞོན༔ གངས་དཀར་དམར་ཐོད་བོང་བུ་ཞོན༔ འབྲོག་ཆེན་ལྗང་དབྱུག་རྔ་མོང་ཞོན༔ ཡུམ་ཆེན་དཀར་གྲི་སྟག་ལ་ཞོན༔ ཁ་རག་སེང་དགྲ་རྐྱང་ལ་ཞོན༔ མཁའ་དམར་ལྕགས་ཀྱུ་དོམ་ལ་ཞོན༔ རྨ་རི་ལྗང་སྙིང་དྲེད་མང་ཞོན༔ ཀོང་བཙུན་དཀར་ཞགས་ཤ་བ་ཞོན༔ བཙན་རོལ་སེར་དྲིལ་གཙོད་ལ་ཞོན༔ སྨན་བཙུན་དམར་མཚོན་འབྲི་ལ་ཞོན༔ དྲིལ་སྙན་ནག་མོ་ལྕགས་སྤྱང་ཞོན༔ ཐམས་ཅད་ཕྱག་གཡས་རྡོ་རྗེ་བསྣམས༔ ཀུན་ཀྱང་འབུམ་འབུམ་འཁོར་དང་བཅས༔ རྒྱན་ཆ་དར་ནི་པུ་རུ་རུ༔ སིལ་སྙན་སྒྲ་བསྒྱུར་མང་པོ་སྒྲོག༔ ཨ་སུ་ར་སོགས་གནས་རྣམས་སུ༔ རིག་པ་རང་རྩལ་ཤར་བའི་ཚེ༔ དམ་ལ་བཏགས་པའི་མཁའ་འགྲོ་མ༔ མཆོད་སྦྱིན་བཟང་པོའི་ཡོན་གྱིས་མཆོད༔ འདི་བཞེས་རྣལ་འབྱོར་བསམ་པ་སྒྲུབས༔ རང་སྣང་ལོག་ལྟའི་མུ་སྟེགས་དང༔ བདུད་དང་བགེགས་རྣམས་མེད་པར་མཛོད༔ གལ་ཏེ་དམ་ལས་འདས་གྱུར་ན༔ ཡཀྴ་མེ་དབལ་ཁྲོས་པ་ཡི༔ རྡོ་རྗེས་མགོ་བོ་བཅོམ་ནས་ནི༔ སྡིག་པས་སྙིང་ཁྲག་འཐུང་བར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ རྣལ་འབྱོར་བཅོལ་པའི་ལས་རྣམས་མཛོད༔ ཆོས་དང་རིགས་རྒྱུད་འཕེལ་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ འཁོར་དང་སྙན་གྲགས་འཕེལ་བར་མཛོད༔ མངོན་སུམ་ཟང་ཐལ་མཐོང་བར་མཛོད༔ མ་མ་ཁ་ཁ་ལ་ལ་ལེ་ལེ་ཏ་ཏ་ཏེ་ཏེ་སྲིང་འགྲོ་མ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བ་ལིཾ་ཏ་ཁཱ་ཧི༔ རཀྟ་ཁཱ་ཧི༔ ག་ཎ་ཙཀྲ་ཁཱ་ཧི༔ སརྦ་པཱུ་ཙ་ཁཱ་ཧི༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ ཕྱི་རོལ་སྲིད་པའི་བརྟན་མའི་ཚོགས༔ རང་རང་ལས་ཀྱི་གནས་སུ་གཤེགས༔ རྩ་རླུང་ཐིག་ལེ་བརྟན་མའི་ཚོགས༔ རོ་རྐྱང་ལམ་ནས་དབུ་མར་གཤེགས༔ དོན་དམ་ཡེ་ཤེས་བརྟན་མའི་ཚོགས༔ མི་འགྱུར་ཐིག་ལེའི་ཀློང་དུ་གཤེགས༔ ཡ་ཧི་གཙྪ༔ བཅུ་དྲུག་པ་རྟ་བྲོ་ནི། ཧཱུྃ་ཧྲཱི༔ གླུ་དྲུག་བླངས་པས་དོན་དྲུག་འགྲུབ༔ བདེ་གཤེགས་ཡོངས་རྫོགས་དྲུག་རྫོགས་ཤིང༔ ཕ་རོལ་ཕྱིན་དྲུག་གླུ་དྲུག་ཐོབ༔ བརྟུལ་ཞུགས་དྲུག་གི་ཡོན་ཏན་རྒྱས༔ ཨོཾ༔ གཏི་མུག་ཤ་ཆེན་འདུས་པ་ལ༔ མེ་ལོང་ཡེ་ཤེས་དཀར་གསལ་བྲོ༔ ཨོཾ་གྱི་གླུ་བླངས་བརྡུངས་བྱས་པས༔ སྤྲུལ་སྐུ་བརྟུལ་ཞུགས་སྐུ་རུ་གསལ༔ ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ༔ ཨཱཾ༔ འདོད་ཆགས་ཁྲག་མཚོ་འཁྱིལ་པ་ལ༔ སོར་རྟོག་ཡེ་ཤེས་དམར་གསལ་བྲོ༔ ཨཱཾ་གི་གླུ་བླངས་བརྡུངས་བྱས་པས༔ ལོངས་སྐུའི་བརྟུལ་ཞུགས་གསུང་དུ་རྒྱས༔ ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ༔ ཧཱུྃ༔ ཞེ་སྡང་རུས་པའི་རི་རྒྱལ་རྩེར༔ ཆོས་དབྱིངས་ཡེ་ཤེས་མཐིང་གསལ་བྲོ༔ ཧཱུྃ་གི་གླུ་བླངས་བརྡུངས་བྱས་པས༔ ཆོས་སྐུའི་བརྟུལ་ཞུགས་ཐུགས་སུ་རྒྱས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྭཱ༔ ང་རྒྱལ་ནང་ཁྲོལ་བརྡལ་བ་ལ༔ མཉམ་ཉིད་ཡེ་ཤེས་སེར་གསལ་བྲོ༔ སྭཱ་ཡི་གླུ་བླངས་བརྡུངས་བྱས་པས༔ ཉིད་སྐུའི་བརྟུལ་ཞུགས་ཡོན་ཏན་རྒྱས༔ སྭཱ་སྭཱ་སྭཱ་སྭཱ་སྭཱ༔ ཧཱ༔ ཕྲག་དོག་རྩ་ཁམས་གཟིངས་པ་ལ༔ བྱ་གྲུབ་ཡེ་ཤེས་ལྗང་གསལ་བྲོ༔ ཧཱ་ཡི་གླུ་བླངས་བརྡུངས་བྱས་པས༔ མངོན་བྱང་བརྟུལ་ཞུགས་ཕྲིན་ལས་གྲུབ༔ ཧཱ་ཧཱ་ཧཱ་ཧཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་དྲུག༔ བྲེང་ངེ་བ་དང་དུང་ངེ་བ༔ ཤབྡ་བ་དང་གརྟ་བ༔ ཅང་ཀ་ཏེའུ་དང་པང་ག་ཏེ༔ གླུ་དྲུག་བླངས་པས་དོན་དྲུག་འགྲུབ༔ བདེ་གཤེགས་ཡེ་ཤེས་དྲུག་རྫོགས་ཤིང༔ ཕ་རོལ་ཕྱིན་པ་དྲུག་དང་ལྡན༔ ཕྱི་ཡི་བྲོ་བརྡུངས་ལས་བཞི་འགྲུབ༔ ལྷ་དང་ཡེ་ཤེས་གཉིས་མེད་རྟོགས༔ ནང་གི་བྲོ་བརྡུངས་བདེ་ཆེན་འབར༔ རྩ་རླུང་ཐིག་ལེ་དབུ་མར་ཐིམ༔ གསང་བའི་བྲོ་བརྡུངས་དུག་ལྔ་འཇོམས༔ བདུད་དང་གོལ་ས་ཐིག་ལེར་འཁྱིལ༔ དོན་དམ་བྲོ་བརྡུངས་འཁོར་བ་འཇིག༔ སྣང་སྲིད་རྫོགས་པ་ཆེན་པོར་གྲོལ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྭཱ་ལཾ་ཧཱ་ལཾ་སཏྭམ་བྷ་ཡ་ཡཀྴ་ཏི་ར་ནན༔ སེམས་ལ་སངས་རྒྱས་རེ་བ་ཡི༔ ཆེ་སྲི་ཐིག་ལེའི་ཀློང་དུ་མནན༔ མངོན་སུམ་གནད་དུ་སྟོན་པ་ཡི༔ ཆུང་སྲི་འོད་ལྔའི་ཀློང་དུ་མནན༔ རང་གྲོལ་རང་ངོ་མི་བལྟ་བའི༔ དགྲ་སྲི་ཟེར་ལྔའི་ཀློང་དུ་མནན༔ མི་འགུལ་གསུམ་ལས་ཕྱིར་གྱུར་པའི༔ གོད་སྲི་ཀ་དག་ཀློང་དུ་མནན༔ སྡོད་གསུམ་གཟེར་དང་བྲལ་བ་ཡི༔ ནོར་སྲི་ལྷུན་གྲུབ་ཀློང་དུ་མནན༔ ཐོབ་གསུམ་ཚད་དུ་མི་སྐྱོལ་བའི༔ ཕུང་སྲི་ཆོས་ཉིད་ཀློང་དུ་མནན༔ ས་ལམ་རེ་དོགས་གཡེང་བའི་བདུད༔ གདིང་ཐོབ་སྐུ་ལྔའི་ཀློང་དུ་མནན༔ སྣང་བཞི་ཚད་དུ་ཕྱིན་པས་ན༔ མནན་ཏེ་འཁྲུལ་རྟོག་ལྡང་མི་འགྱུར༔ ཐིག་ལེ་ཆེན་པོ་འགྱུར་སྲིད་ན༔ ནམ་མཁའི་ཁམས་ཀྱང་ས་གཞིར་གྱུར༔ སྒྲ་འོད་ཟེར་གསུམ་རྒྱུན་ཆད་ན༔ སྲིད་གསུམ་གོ་ལྡོག་ཉིད་དུ་གྱུར༔ ཡེ་ཤེས་ཞིང་ཁམས་སྟོངས་སྲིད་ན༔ མནན་པ་ལས་ཀྱང་ལྡང་བར་འགྱུར༔ ཆོས་དབྱིངས་སྐྱེ་འཇིག་འགྱུར་བ་ན༔ ལས་དབང་གིས་ཀྱང་འཆི་མི་འགྱུར༔ མནན་ཏེ་གཏང་བར་མི་བྱ་བ༔ དོན་དམ་བདེན་པའི་བཀའ་ཡི་མཐུ༔ གལ་ཏེ་ཡེ་ཤེས་ངོ་ཤེས་ན༔ ཐིག་ལེ་ལྔ་ལྡན་ཉིད་དུ་ལྡང༔ དེ་ཉིད་འགྱུར་མེད་གཏོར་གཞོང་གིས༔ དོན་དམ་མནན་པ་དེ་བཞིན་གྱུར༔ བཅུ་བདུན་པ། རྩ་གཞུང་དུ་མི་གསལ་ཡང་གསང་བ་སྤྱི་ཆོག་གི་འགྲོས་ལྟར་སྦྱར་ན་བྱིས་པའི་བློ་ཅན་རྣམས་ལ་འཐད་པས། མཆོད་བསྟོད་མདོར་བསྡུས། དངོས་གྲུབ་བསྐུལ་པ། ནོངས་བཤགས་བཟོད་གསོལ། དཀྱིལ་འཁོར་རས་བྲིས་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བདག་བསྐྱེད་བསྡུ་ལྡང་རྣམས་རིག་འཛིན་ཕྲིན་ལས་སྤྱི་འགྲོ་ལྟར་བྱའོ། །བཅོ་བརྒྱད་པ་བསྔོ་བ་ནི། ཨེ་མ་ཧོ༔ ཡེ་ཤེས་རོལ་པ་ཆོས་སྐུའི་བྱིན་རླབས་ཀྱིས༔ འགག་མེད་རྩལ་གདངས་དགེ་བཅུའི་ཆོ་འཕྲུལ་ལས༔ ཀུན་ནས་མ་འདྲེས་ཐུགས་རྗེ་ཆེན་པོ་ཡིས༔ ཡོངས་ལ་དབང་སྒྱུར་ལྷུན་གྲུབ་ས་རུ་བསྔོ༔ རྒྱུ་འབྲས་ཐམས་ཅད་ཐིག་ལེ་གཅིག་གི་ངང༔ འཁྲུལ་དང་གྲོལ་བ་གློ་བུར་དྲི་མའི་ཆ༔ རང་སར་དྭངས་པའི་དགེ་རྩ་གང་ཡིན་པ༔ འགྱུར་མེད་ཐིག་ལེ་ཆེན་པོའི་ཀློང་དུ་བསྔོ༔ འཁོར་དང་འདས་པའི་ཆོས་རྣམས་སེམས་ཀྱི་རྩལ༔ སེམས་ཉིད་རང་བཞིན་དག་པའི་ནམ་མཁའ་ལྟར༔ བཅིངས་དང་གྲོལ་མེད་བྲི་དང་གང་མེད་པའི༔ ཀ་དག་འབྱམས་ཀླས་གདལ་ཁྱབ་ཀློང་དུ་བསྔོ༔ གདོད་ནས་སངས་རྒྱས་ཡིན་པའི་ཕྱིར༔ བསྐྱར་མི་དགོས་ཏེ་རང་ངོ་ཤེས༔ འབྲེལ་ཚད་བྱང་ཆུབ་དོན་ལྡན་པ༔ མཐོང་བས་སངས་རྒྱས་ཐོབ་པར་ཤོག༔ བཅུ་དགུ་པ་བཀྲ་ཤིས་ནི། ཨེ་མ་ཧོ༔ ཀུན་བཟང་བདེ་ཆེན་སྣང་མཐའ་ཡས༔ ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད༔ དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ༔ ཡང་སངས་རྒྱས་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་བྲལ་བའི་ཞིང་ཁམས་སུ༔ ལྔ་ཕུང་ཟད་པའི་འོད་པོ་ཆེ༔ ཆོས་དང་ཡེ་ཤེས་མིང་འདོགས་བྲལ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ རྟེན་འབྲེལ་ཆོས་ཀུན་མ་འགགས་པ༔ བྱས་དང་བྱེད་པ་ཆོས་སྐུའི་རྩལ༔ འཁོར་བ་མིང་དུ་ཟད་པ་ཡི༔ རྟོགས་པའི་གདིང་ཐོབ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དང་རོལ་མོའི་སྒྲས་དགེ་ལེགས་ཀྱི་དཔལ་ཡོན་སྤེལ་བར་བྱའོ། །ཐོས་མཐོང་དྲན་པས་གྲོལ་བ་ཐེག་དགུའི་རྩེ། །དེ་དོན་རང་ཤར་རྡོ་རྗེ་ནཱ་དའི་དབྱངས། ཁམས་གསུམ་སྐྱེ་དགུའི་རྣ་བའི་བཅུད་ལེན་དུ། །འབབས་ནས་རང་གྲོལ་དགོངས་པའི་གདིང་ཐོབ་ཤོག །འདིའི་གཏེར་གཞུང་ཤིན་ཏུ་ཟབ་ཅིང་རྒྱས་པས་ཁྱེར་བདེ་བའི་སླད་དུ་འདོན་ཆ་ཡོངས་རྫོགས་གཞུང་སོར་བཞག་དང་། དཀྱུས་སུ་མཁོ་བའི་ཛཔ྄་དམིགས་ཙམ་ཁོལ་དུ་ཕྱུང་སྟེ་ཚེ་དབང་པདྨའི་རིག་པ་འཛིན་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་ཀྱི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

རིགས་གསུམ་སྙིང་ཐིག་ལས། དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་གཤོམ་དང་དབང་སྒྲུབ་ཕྱོགས་གཅིག་ཏུ་བཀོད་པ་ཡེ་ཤེས་རྡོ་རྗེའི་བུམ་བཟང་ (Volume 59, Text 25)

༄༅། །རིགས་གསུམ་སྙིང་ཐིག་ལས། དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་གཤོམ་དང་དབང་སྒྲུབ་ཕྱོགས་གཅིག་ཏུ་བཀོད་པ་ཡེ་ཤེས་རྡོ་རྗེའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་ཀུ་ལ་ནཱ་ཐ་ཡ། རྒྱལ་ཀུན་གསང་གསུམ་གཅིག་བསྡུས་རིགས་གསུམ་མགོན། །གངས་ཅན་བསྟན་འགྲོའི་དཔལ་ཤར་མཁན་སློབ་ཆོས། །གདུལ་བྱའི་སྣང་ངོར་བླ་མའི་སྐུར་སྟོན་པ། སྙིང་གི་དབུས་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི། །ཆ་ལག་རིགས་གསུམ་སྙིང་ཐིག་གི །ཐེག་དགུའི་སྨིན་བྱེད་གཤོམ་བཀོད་དང་། །སྒྲུབ་ཐབས་ཆོ་གའི་རིམ་པ་བཤད། །དེའང་ཟབ་ཆོས་འདི་ཉིད་སྤྱིར་མན་ངག་ཨ་ཏི་ཡོ་གའི་ཆོས་སྡེ་ཡིན་པ་གཞིར་བྱས། དེ་ཉིད་ལའང་ནང་གསེས་རྒྱུད་ལུང་མན་ངག་གསུམ་དུ་དབྱེ་བའི། རྒྱུད་འཇམ་དཔལ་སྙིང་ཐིག །ལུང་གར་དབང་སྙིང་ཐིག །མན་ངག་གསང་བདག་སྙིང་ཐིག་གིས་གཙོ་བོར་བསྟན་ཅིང་། དེ་གསུམ་ཀ་ལའང་ཐེག་པ་རིམ་དགུའི་རྣམ་གཞག་འབྱུང་བས། སྨིན་བྱེད་ལའང་ཤིན་ཏུ་རྒྱས་པར་བྱེད་ན་རེ་རེ་བཞིན་ཐེག་རིམ་དགུའི་དབང་སོ་སོར་བསྐུར་བ་དང་། བསྡུས་པར་གཏེར་གཞུང་གི་བཞུགས་ཚུལ་ལྟར། ལྷ་མི་ཉན་རང་གསུམ། བྱང་སེམས་རྣམས་འཇམ་དཔལ་ཁོ་ན་ལ་སྦྱར། ཀྲི་ཡ་རིགས་གསུམ་སྤྱིའི་བུམ་པ་དང་ཅོད་པན། ཡོ་ག་འཇམ་དཔལ་ཡེ་ཤེས་སེམས་དཔས་སྐུ་གསུང་ཐུགས་དབང་། བླ་མེད་མ་ཧཱ་འཇམ་དཔལ་ཞི་བས་གསང་དབང་། ཁྲོ་བོས་ཤེར་དབང་། ཟུང་འཇུག་ངོ་སྤྲོད་རྣམས་ཀྱིས་འཇམ་དཔལ་སྙིང་ཐིག་གྲུབ་ནས། གར་དབང་སྙིང་ཐིག་དཀྱིལ་འཁོར་གཉིས་ལ་དབང་གཉིས། གསང་བདག་སྙིང་ཐིག་དཀྱིལ་འཁོར་གཉིས་ལ་དབང་གསུམ། རིགས་གསུམ་གཅིག་དྲིལ་སྒྲུབ་ཁོག་དཀྱིལ་འཁོར་དང་འབྲེལ་བའི་དབང་། འཇམ་དཔལ་དཔའ་བོ་གཅིག་པ། འགྲོ་འདུལ་དང་ཚེ་དབང་། བཀའ་སྲུང་བཀའ་གཏད་བཅས་ཀྱིས་ཚང་བར་གྲུབ་པའི་ཕྱག་བཞེས་འབྱུང་བ་ལས། རྒྱས་པའི་ལུགས་ནི་ཧ་ཅང་སྤྲོས་པ་རྒྱས་དྲགས་པས་འཆད་ཉན་ཚེགས་ཆེ་བས་འདིར་མ་སྨྲོས་ལ། བསྡུས་པར་ལྷ་མི་སོགས་འཇམ་དཔལ་ཁོ་ན་ལས་གཞན་གཉིས་ལ་མ་ཚང་ངམ་སྙམ་པ་ལྟ་བུའི་ཐེ་ཚོམ་འབྱུང་སྲིད་ན། འདིར་ཕྱག་ལེན་འབྲིང་པོའི་ལུགས་ལྟར་འཆད་པ་ལ། ༈ དང་པོ་ལྷ་མིའི་ཐེག་པ་སྐྱབས་སྡོམ་འབོགས་པ་ལ། གནས་ཁང་བྱི་དོར་བྱ། དྲི་བཟང་ཆུས་ཆག་ཆག་གདབ། སྟེགས་གཙང་མར་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་ཐུབ་པའི་དབང་པོའི་སྐུ་བརྙན། གཡས་སུ་གསུང་རབ་ཀྱི་གླེགས་བམ། གཡོན་དུ་མཆོད་རྟེན་རྣམས་སྣོད་གཅིག་ཏུ་བཞུགས། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཉན་རང་བྱང་སེམས་ཡན་བསྐུར་བསྒྲུབ་དུས་གཅིག་བྱེད་ན་འོག་ནས་སོ་སོའི་སྐབས་འབྱུང་བའི་གཤོམ་རྣམས་ཀྱང་སྟེགས་བུ་གཅིག་གི་སྟེང་གྲལ་ཐབས་སམ་ཕྱོགས་བཞི་ལྟ་བུར་བཀོད། སློབ་དཔོན་གྱིས་རྗེས་དྲན་དྲུག་གི་རྣལ་འབྱོར་བྱ་བར་གསུངས་པས་དོན་ཞགས་ལས་འབྱུང་བའི་ཐེག་ཆེན་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གི་སྔགས་བཟླ། སྦྱིན་པ་ལ་ཆབ་གཏོར་རྒྱས་བསྡུས་གང་འགྲུབ་གཏང་། དཀོན་མཆོག་རྗེས་དྲན་འདོན། རྟེན་ལ་ཕྱག་མཆོད་བསྐོར་བ་དངོས་སམ་ཡིད་ཀྱིས་བྱ། ལྷ་རྗེས་དྲན་ལ་རིགས་གསུམ་མགོན་པོའི་རྒྱུན་ཁྱེར་བསྒོམ་བཟླས་བྱ་བའི་ཕྱག་ལེན་སྣང་ངོ་།། ༈ །།གཉིས་པ་ཉན་ཐོས་ཐེག་པ་ལ། འོག་ནས་གསལ་བ་ལྟར་འཇམ་དཔལ་སོགས་ཉན་ཐོས་ཚུལ་བཟུང་བའི་འབུར་སྐུའམ་ཙཀླི་གསུམ། སོ་ཐར་མདོ་ལྟ་བུའི་གླེགས་བམ། མཆོད་རྟེན་རྣམས་སོ་སོར་བཞུགས། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ འཕགས་པ་རིགས་གསུམ་མགོན་པོ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ འཇིགས་པ་མ་ལུས་བསལ་བ་དང༔ ཐར་པའི་གནས་སུ་དྲང་དུ་གསོལ༔ ལན་གསུམ། གནས་ཡོ་བྱིན་བརླབ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། མཆོད་སྤྲིན་གཟུངས་བརྗོད། གཞུང་ལས། སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་མཆོད༔ ཅེས་པའི་དོན་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གསལ་གདབ་པ་ནི། བཀོད་ལེགས་གདན་ལ་སངས་རྒྱས་དང་། །འཕགས་མཆོག་རིགས་གསུམ་མགོན་པོ་ནི། །ཉན་ཐོས་ཚུལ་བཟུང་ཤཱ་རིའི་བུ། །རིན་པོ་ཆེ་བསྣམས་ཀུན་དགའ་བོ། །བསིལ་གཡབ་གཡོབ་པ་མཽ་གལ་བུ། །པདྨ་འཛིན་པ་ལ་སོགས་པ། །འཕགས་ཚོགས་འདུས་པ་རྒྱ་མཚོ་རྣམས། །དགྱེས་པས་དགོངས་ཏེ་བཞུགས་པར་གྱུར། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཤཱ་རིའི་བུ་དང་མཽངྒལ་གྱི་བུ། །ཀུན་དགའ་ཉེ་བར་འཁོར་དང་མ་འགགས་པ། །གང་པོ་རབ་འབྱོར་འོད་སྲུང་ཆེན་པོ་སོགས། །འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་བ་དང་། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་པ། །ཡ་བརྒྱད་ཅེས་གྲགས་བསོད་ནམས་ཞིང་གི་ཕུལ། །ཚོགས་མཆོག་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་བྱ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་སོགས་ཤློ་ཀ་གསུམ་གྱིས་མཆོད། ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཅི་འགྲུབ་བཟླ། དེ་ནས་དབང་གྲུབ་པའི་རྗེས། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ།། ༈ །།གསུམ་པ་རང་རྒྱལ་ཐེག་པ་ལ། ཙནྡན་དཀར་པོས་བྱུགས་པའི་མཎྜལ་གྱི་སྟེང་དུ་འོག་ནས་བཤད་པ་ལྟར་རིགས་གསུམ་རང་རྒྱལ་གྱི་སྐུ་བྲིས་འབུར་གང་རུང་དང་། ཕྱི་མཆོད་བཤམ། སྐྱབས་འགྲོ། བྱིན་རླབས། སྤྱན་འདྲེན་བཞུགས་གསོལ་ཡན་གོང་ལྟར་བྱས་ལ། གསལ་གདབ་པ་ནི། ལྗོན་པའི་ཤིང་མཆོག་མཛེས་པའི་དྲུང༔ ཀུ་ཤ་བཀྲམ་པའི་གདན་སྟེང་དུ༔ རིགས་གསུམ་རང་རྒྱལ་ཚུལ་བསྟན་པ། །དགེ་སློང་ཞི་ཞིང་འཛུམ་པའི་ཉམས༔ དབུ་ཡི་གཙུག་ཏོར་ཕྱེད་དང་ལྡན༔ ཕྱག་གཉིས་འཁར་གསིལ་ལྷུང་བཟེད་བསྣམས༔ ཞབས་གཉིས་ཙོག་པུའི་ཚུལ་དུ་བཞུགས༔ རང་རྒྱལ་ཚོགས་ཀྱིས་བསྐོར་བར་གྱུར༔ དཀོན་མཆོག་གསུམ་གྱི་ཕྱག་གོང་ལྟར་གཏང་། ཤཱ་རིའི་བུ་སོགས་ཤློཀ་གཉིས་བསྐྱུར། བསོད་ནམས་ཞིང་རབ་ཕུལ་གྱུར་པ། །ལྷ་དང་མི་ཡིས་མཆོད་པའི་གནས། །ཚོགས་སྤྱོད་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་ལ་ཕྱག་འཚལ། །རྟེན་འབྲེལ་ལུགས་འབྱུང་ཚུལ་ལ་ལེགས་རྟོགས་ནས། །ལུགས་ལྡོག་འཕགས་པའི་བདེན་པ་མངོན་དུ་གྱུར། །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱིས། །ཞི་བསིལ་བདུད་རྩི་བརྙེས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས། མཆོད་པ་སྔར་བཞིན། རྟེན་འབྲེལ་སྙིང་པོའི་གཟུངས་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ་ཅི་འགྲུབ་བཟླ། དབང་གི་རྗེས་ཆོག་སྔར་ལྟར་བྱའོ།། ༈ །།བཞི་པ་བྱང་སེམས་ཐེག་པ་ལ། དཀྱིལ་འཁོར་རྟ་བབས་མེད་པའི་སྒོ་རྐྱང་ཁྲུས་རྫིང་སྐྱེད་ཚལ་རིན་པོ་ཆེའི་ལྕགས་རིས་བསྐོར་བའི་དབུས་སུ་པད་གདན་སུམ་བསྒྲིགས་ལ་རིགས་གསུམ་བྱང་སེམས་འོག་ནས་བཤད་པ་ལྟ་བུའི་སྐུ་བརྙན་ནམ་ཙཀླི་དང་། ཕྱི་མཆོད་བཤམ། གོང་སྨྲོས་སྐྱབས་འགྲོ། གནས་ཡོ་བྱིན་རླབས་དང་མཆོད་པའི་སྤྲིན་གྱི་གཟུངས་སྔགས་བརྗོད། སྤྱན་འདྲེན་དང་བྱོན་ལེགས། ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ༴ འདི་ནི་ཁྲུས་མཆོག༴ དེ་དག་སྐུ་ལ༴ དེ་ནས་དེ་ལ་སོགས་ཀྱིས་ཁྲུས་སྐུ་ཕྱི་གོས་ཟུང་འབུལ་བ་རྣམས་བྱ། བདག་དང་འགྲོ་ལ་སོགས་ཀྱིས་བཞུགས་སུ་གསོལ་ལ། གསལ་གདབ་པ་ནི། རིན་ཆེན་ཁང་བཟང་ཡིད་འོང་བ༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ དབུས་སུ་འཇམ་དཔལ་བྱང་སེམས་ཚུལ༔ གསེར་མདོག་མཆོག་སྦྱིན་ཨུཏྤལ་བསྣམས༔ ཟུར་ཕུད་ལྔ་དང་ལྡན་པར་བཞུགས༔ གཡས་སུ་སྤྱན་རས་གཟིགས་དབང་དཀར། །གཡས་པ་མཆོག་སྦྱིན་གཡོན་ཨུཏྤལ། །གཡོན་དུ་ཕྱག་ན་རྡོ་རྗེ་སྔོ། །གཡས་པ་སྐྱབས་སྦྱིན་གཡོན་ཨུཏྤལ། །ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ རྒྱལ་སྲས་རྒྱ་མཚོས་བསྐོར་བར་གྱུར༔ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཚང་བར་བརྗོད་ལ་ཡན་ལག་བདུན་པ་འབུལ་ཞིང་ཕྱག་འཚལ། དེ་ནས་བྱང་སྡོམ་ལེན་པ་ནི། རྒྱལ་སྲས་རིགས་གསུམ་མགོན་པོ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཚད་མེད་བཞི་ཡིས་ཀུན་བསླངས་ཏེ༔ ཕ་རོལ་ཕྱིན་པ་དྲུག་དང་ནི༔ བསྡུ་བའི་དངོས་པོ་བཞི་ལ་སོགས༔ བསླབ་བྱ་ཀུན་ལ་བསླབ་པར་བགྱི༔ ལན་གསུམ་བརྗོད་ལ་ཀུན་རྫོབ་སེམས་བསྐྱེད། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པས་དོན་དམ་བྱང་སེམས་བསྒོམ། ན་མོ་རཏྣ་ཡཱ་ཡ༔ ན་མོ་མཉྫུ་ཤྲཱི་ཡེ༔ ཀུ་མཱ་ར་བྷུ་ཏཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀ་ཡ༔ ཏདྱ་ཐཱ༔ ཨོཾ་མ་ཧཱ་ཀ་རུ་ཎི་ཀ་ཝརྡྷ་ནི༔ བོ་དྷི་སཏྭཱ་ཝརྡྷ་ནི༔ མ་ཧཱ་སཏྭཱ་ཝརྡྷ་ནི༔ བོ་དྷི་བོ་དྷི་མ་ཧཱ་བོ་དྷི་སྭཱ་ཧཱ༔ ཞེས་བྱང་སེམས་འཕེལ་བའི་སྔགས་བཟླ། དབང་གི་རྗེས་རིམ་སྔ་མ་དང་འདྲའོ།། ༈ །།ལྔ་པ་ཀྲི་ཡཱ་སྟེ་བྱ་བའི་རྒྱུད་ལས། དཀྱིལ་འཁོར་རྒྱུད་སྡེ་འོག་མ་ལྟར་རམ་གཤོམ་བཀོད་དངོས་བསྟན་ལྟར་ན། ཙནྡན་དཀར་པོ་ལ་སོགས་པའི་དྲི་ལྡན་ཤིང་ལེབ་ཀྱི་གཞི་ལ་པདྨ་འདབ་བརྒྱད་སུམ་བསྒྲིགས་ཀྱི་སྟེང་དུ། ཡོད་ན་དབུས་སུ་འཇམ་དབྱངས། གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར་རྣམས་ཙན་དཀར་ལས་བྱས་པའི་སྐུ་གཟུགས་བཞག །མེད་ན་ཙཀླི་བཀོད། གཡས་གཡོན་དུ་རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པ། ནོར་བུའི་ཅོད་པན། སྟོད་གཡོགས་སྨད་གཡོགས་དར་དཔྱང་བཅས་དངོས་སམ་རི་མོར་བྲིས་པ། རྫས་རྟགས་རྒྱལ་སྲིད་བཅས་ཀྱི་ཙཀླི། ཉེར་སྤྱོད་རྣམ་བདུན་གཡས་སྐོར་དུ་བཤམ། སློབ་དཔོན་གྱི་མདུན་དུ་ཁྲུས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱའོ། །དེ་ནས་སྤྲོ་ན་སྤྲོས་བྲལ་བདེ་ཆེན་ལྟ་བུའི་གསོལ་འདེབས་བྱ། གོང་དུ་འབྱུང་བའི། ན་མོ༔ བླ་མ་དཀོན་མཆོག་སོགས་དང་། རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་ཀྱི་སྐྱབས་སེམས་ལན་གསུམ། ཚོགས་གསག་པ་ནི། རིགས་གསུམ་མགོན་པོའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ ཡི་རངས་བསྐུལ་ཞིང་མི་འདའ་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ མཆོད་པ་བྱིན་རླབས་ནི། སངས་རྒྱས་བྱང་སེམས་བྱིན་རླབས་དང་། །བདག་གི་བསོད་ནམས་སྨོན་ལམ་སྟོབས། །རིགས་སྔགས་མཐུ་ཡིས་མཆོད་རྫས་རྣམས། །ཀུན་བཟང་སྤྱོད་ལས་མངོན་མཐོ་བའི། །མཆོད་སྤྲིན་རྒྱ་ཆེན་འཕྲོ་གྱུར་ཅིག །ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། སྔགས་ལན་བརྒྱད་བརྗོད། མདུན་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་མདུན་གྱི་གཞིར༔ མཚོ་གླིང་གསེར་གྱི་བྱེ་མ་བརྡལ༔ དེ་དབུས་བྱང་ཆུབ་སེམས་དཔའ་ཡི༔ ནོར་བུའི་གཞལ་མེད་ཁང་ཆེན་དབུས༔ པདྨ་ཟླ་བའི་གདན་གསུམ་སྟེང༔ དྷཱིཿཧྲཱིཿཧཱུྃ་ཡིག་ཡོངས་གྱུར་ལས༔ དབུས་སུ་འཇམ་དཔལ་གསེར་གྱི་མདོག༔ གཡས་སུ་སྤྱན་རས་གཟིགས་དབང་དཀར༔ གཡོན་དུ་གསང་བའི་བདག་པོ་སྔོ༔ གསུམ་ཀ་མཛེས་ཤིང་འཛུམ་པའི་ཉམས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད༔ ཕྱག་གཡོན་ཆོས་འཁོར་ཕྱག་རྒྱ་ཡིས༔ རྣམ་པར་བཀྲ་བའི་ཨུཏྤལ་བསྣམས༔ མེ་ཏོག་སྙན་ཐད་ཁ་བྱེ་བར༔ རལ་གྲི་དང་ནི་པུསྟི་དང༔ ནོར་བུ་རྡོ་རྗེ་རྩེ་ལྔས་མཚན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འོད་ཀྱི་ཕུང་པོ་འབར་བར་གྱུར༔ སྤོས་བཏུལ་ལ། མ་ལུས་སེམས་མགོན་སོགས་དང་། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨེ་ཧྱེ་ཧིཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདིར་ནི་སོགས་དང་། པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་པས་སྤྱན་དྲངས་ཤིང་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་རིགས་ཀྱི་བདག་པོ་ནི༔ རྣམ་པར་སྣང་མཛད་འོད་དཔག་མེད༔ མི་བསྐྱོད་པ་ཡིས་དབུར་བརྒྱན་གྱུར༔ ཅེས་དབང་བསྐུར་ཞིང་རྒྱས་གདབ། མཆོད་པ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདིས། །རིགས་གསུམ་མགོན་པོ་འཁོར་བཅས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ་ནས་རོལ་མོའི་བར་ཚིག་དང་སྔགས་ཁ་བསྒྱུར། བསྟོད་པ་ནི། དྷཱི༔ རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་ཉིད༔ མ་ལུས་འདུས་པའི་བདག་ཉིད་དཀྱིལ་འཁོར་གཙོ༔ ཉི་མའི་དཀྱིལ་འཁོར་འོད་སྟོང་འབར་བ་ཡི༔ འཇམ་དཔལ་རལ་གྲི་ཅན་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྒྱལ་ཀུན་གསུང་གི་མངའ་བདག་སྙིང་རྗེའི་གཏེར༔ ཀཻ་ལཱ་ཤ་ཡི་ལྷུན་པོ་འོད་འབར་བ༔ ཆགས་མེད་འགྲོ་དོན་མཛད་པའི་པདྨ་འཛིན༔ འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་རོལ་པའི་ཐབས༔ ཨིནྡྲ་ནཱི་ལའི་ལྷུན་པོ་ཉི་འོད་འབར༔ རྡོ་རྗེ་ཐེག་པའི་གསང་བ་ཀུན་འཛིན་པའི༔ ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཟླས་པ་ནི། ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ས་བོན་དྷཱིཿཧྲཱིཿཧཱུྃ་ཡིག་གསལ༔ ཞེས་པ་ལ་སེམས་རྩེ་གཅིག་གཏད་ནས་ཡིད་བཟླས་བྱ། མཐར། སྔགས་ཕྲེང་གཡོན་བཀོད་གཡས་སུ་འཁོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ནས༔ སྣང་སྲིད་རིགས་གསུམ་ཞིང་དུ་གྱུར༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཅེས་བཟླ། བུམ་བཟླས་ནི། བྷྲཱུྃ༔ རྣམ་རྒྱལ་བུམ་ནང་བདུད་རྩིའི་སྟེང༔ རིགས་གསུམ་མགོན་པོའི་སྔགས་ཕྲེང་གསལ༔ དེ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ། གཟུངས་ཐག་བླངས་ལ་བུམ་བཟླས་བྱས་མཐར། སྔགས་ཕྲེང་འོད་ཞུ་བདུད་རྩིར་གྱུར༔ ཅེས་དམིགས། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊཿ ཅི་ནུས་བཟླས། དེ་ནས་དབང་བསྐུར་གྲུབ་པའི་རྗེས་མཆོད་ཁ་གསོས་ལ་སྔགས་ལན་གསུམ་གྱིས་བྱིན་བརླབས། སྔགས་ཙམ་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མཐའ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ནོངས་བཤགས་གཤེགས་གསོལ་སྔ་མ་རྣམས་ལྟར་དང་། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སོགས་བསྔོ་སྨོན། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་སྤྱན་རས་གཟིགས་ཀྱི་གསུང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བཅོམ་ལྡན་མཐིང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །ཅེས་ཤིས་པ་བརྗོད་དོ།། ༈ །།སྤྱོད་རྒྱུད་ནི་གོང་འོག་གཉིས་ཀྱི་ཁོངས་སུ་འདུ་བས་ལོགས་སུ་དབྱེ་བར་མ་མཛད་དོ།། ༈ །།དྲུག་པ་ཡོ་ག་ལ་རིགས་གསུམ་ལྷ་ཉེར་གཅིག་པའི་དཀྱིལ་འཁོར་གསུམ་དུ་འབྱུང་བ་ལས། དང་པོར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། རྒྱས་པར་ན་ས་ཆོག་ཐིག་ཚོན་གྱི་བྱ་བ་འབྱུང་ཡང་དཀྱུས་ཙམ་རས་བྲིས་ཀྱི་དཀྱིལ་འཁོར་རྟ་བབས་སྣམ་བཞི་མ། འཇིག་རྟེན་པའི་ཁོར་ཡུག་རྡོར་ར་འོད་ཟེར་དང་བཅས་པ། ནང་པདྨ་འདབ་བརྒྱད། གྲུ་ཆད་ཕྱི་ནང་དང་། སྒོ་བཞི་རྣམས་ལ་སྐུའམ་ལྷ་མཚན་བཀོད་པ་བཀྲམ་པའི་དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་བརྙན་བྲིས་འབུར་གང་རུང་བཞུགས། སྔགས་བྱང་ངམ་ཕྲེང་བ་དང་ཕྱག་མཚན་བཞག །འདིའི་དབང་བསྐུར་སྒེར་དུ་བྱེད་ན་རྣམ་བུམ་བཀོད། ཕྱི་མཆོད་བཤམ། ཐོག་མར་སྔོན་འགྲོ་དཀར་གཏོར་སྤྱི་ལྟར་གཏང་། སྐྱབས་འགྲོ་ནི། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་འཇམ་པའི་རྡོ་རྗེ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། རྒྱལ་སྲས་འཇམ་དཔལ་དཔའ་བོ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། སུམྦྷ་ནི་དང་རོལ་མོ་སོགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་ལན་གསུམ་གྱིས་སྲུང་འཁོར་བསྒོམ། མཆོད་རྫས་བྱིན་རླབས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་། །ཨོཾ་ལས་བྱུང་བའི་མཆོད་པའི་རྫས། །དྭངས་ཤིང་ཐོགས་མེད་ཀུན་བཟང་གི །རྣམ་ཐར་ལས་ལྷག་མཆོད་སྤྲིན་གྱུར། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝཱརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཤབྡའི་བར་བརྗོད། བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་རྣམས་ཐམས་ཅད་སྟོང་པའི་ངང༔ སྙིང་རྗེ་ཆེན་པོའི་རང་གདངས་ལས༔ ཟླ་བའི་སྟེང་དུ་དྷཱིཿཡིག་སེར༔ དེ་ལས་འོད་འཕྲོས་སྲུང་འཁོར་དབུས༔ རྣམ་པར་སྣང་མཛད་ཞིང་གི་གཞིར༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ ཚད་དང་མཚན་ཉིད་ཡོངས་སུ་རྫོགས༔ རྒྱན་གྱིས་སྟུག་པོར་བྱས་པའི་ནང༔ གསེར་གྱི་པདྨ་འདབ་བརྒྱད་ལ༔ དབུས་སུ་ཉི་མ་ཟླ་བའི་སྟེང༔ དྷཱིཿལས་རལ་གྲི་འོད་འབར་བས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ༔ ཞལ་གཅིག་ཕྱག་བཞི་མཚན་དཔེ་རྫོགས༔ ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས༔ ཤེས་རབ་རལ་གྲི་མདའ་གཞུ་ཐོགས༔ ཞབས་ཟུང་རྫོགས་པའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ འོད་དང་འོད་ཟེར་རབ་ཏུ་འབར༔ ཐུགས་ནས་ལས་ཀྱི་སེམས་དཔའ་སྤྲོས༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ལྷུན་གྱིས་གྲུབ་པའི་སྤྲུལ་པ་མཛད༔ དོན་གཉིས་བསམ་གྱིས་མི་ཁྱབ་པ༔ ད་ལྟ་ཉིད་དུ་མངོན་པར་མཛོད༔ ཅེས་གསོལ་ཐུགས་ཀར་ཐིམ་མ་ཐག༔ ས་བོན་ཕྱག་མཚན་ཕྱིར་སྤྲོས་པས༔ ཤར་དུ་ཤེས་རབ་མཆོག་གི་དཔལ༔ ཟླ་བའི་མདོག་ཅན་གཡས་མཆོག་སྦྱིན༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ ལྷོ་རུ་སྨྲ་བའི་སེང་གེ་ནི༔ གུར་གུམ་གསར་པའི་མདངས་ལྟར་མཛེས༔ ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་མཛད༔ ནུབ་ཏུ་གསུང་གི་དབང་ཕྱུག་ནི༔ རིན་ཆེན་པདྨ་རཱ་གའི་མདོག༔ ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་མཛད༔ བྱང་དུ་རྡོ་རྗེ་རྣོན་པོ་ནི༔ ཨིནྡྲ་ནཱི་ལའི་མདོག་ཏུ་འབར༔ ཕྱག་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག༔ ཀུན་ཀྱང་ཨུཏྤལ་རྒྱས་པའི་དབུས༔ གླེགས་བམ་རལ་གྲིས་མཚན་པ་འཛིན༔ ཤར་ལྷོར་རྡོ་རྗེའི་དབྱངས་ཅན་དཀར༔ ལྷོ་ནུབ་རིན་ཆེན་དབྱངས་ཅན་སེར༔ ནུབ་བྱང་པདྨའི་དབྱངས་ཅན་དམར༔ བྱང་ཤར་ལས་ཀྱི་དབྱངས་ཅན་ལྗང༔ ཀུན་ཀྱང་རིན་ཆེན་པི་ཝང་སྒྲེང༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ སྒོ་བཞིར་ཕྱག་རྒྱ་བཞི་འཛིན་པའི༔ ལྷ་མོ་དཀར་སེར་དམར་ལྗང་བཅས༔ ཐམས་ཅད་དར་དང་རིན་ཆེན་བརྒྱན༔ ཕྱི་ནང་མཆོད་པའི་ལྷ་མོ་དང༔ འཁོར་ཡུག་དཔལ་མགོན་འཁོར་དང་བཅས༔ མ་ལུས་སྤྲིན་བཞིན་གཏིབས་པར་གསལ༔ རྡོ་རྗེའི་གླུས་སྙན་གསན་དབབ་པ་ནི། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་དགོངས་སུ་གསོལ། །མཉྫུ་ཤྲཱི་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུྃ་བཾ་ཧོཿ སྤྱན་དྲངས་ཤིང་བསྟིམ་པ་ནི། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་པས༔ སོ་སོའི་རིགས་བདག་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུར་བརྒྱན་གྱུར༔ མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དེ་བཞིན་དུ་པཱ་དྱཾ་ནས་ཤབྡའི་བར་བཅུག་ལ་སོ་སོའི་ཕྱག་རྒྱས་འབུལ་ལོ། །ཨོཾ་བཛྲ་ལཱ་སྱཻ་ཧཱུྃ། ཨོཾ་བཛྲ་མཱ་ལྱེ་ཏྲཱཾ། ཨོཾ་བཛྲ་གཱིརྟཱི་ཧྲཱིཿ ཨོཾ་བཛྲ་ནིརྟཱི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །བཟླས་པ་ནི། ཐུགས་ཀར་ཟླ་སྟེང་དྷཱིཿཡིག་ལས༔ སྒྱུ་འཕྲུལ་དྲྭ་བའི་གཟུགས་སྐུ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་བ་ལ༔ སངས་རྒྱས་མཛད་པ་རབ་ཏུ་སྒྲུབ༔ ཚུར་འདུས་དྷཱིཿལ་ཐིམ་པ་ཡིས༔ བྱིན་རླབས་དངོས་གྲུབ་སྩོལ་བར་གྱུར༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་གཙོ་བོར་བཟླ། སྙིང་པོའི་སྔགས་ནི། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་ཝཱ་ཙ་སརྦ་དྷརྨཱ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་པའང་ཇི་ལྟར་རིགས་པ་བཟླ། མཐར་སྔགས་ཙམ་གྱིས་མཆོད། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཅོམ་ལྡན་འཇམ་དཔལ་འཁོར་བཅས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང་། །ཡེ་ཤེས་སྣང་བ་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ་པར་གྱུར། དེ་ནས་མདུན་བསྐྱེད། ཨོཾ་བཛྲ་ཡཀྵས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། ཆོས་རྣམས་ཐམས་ཅད་སོགས་ནས། དབུར་བརྒྱན་གྱུར༔ བར་བདག་བསྐྱེད་ལྟར། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ། །ས་བོན་ཆོས་ཀྱི་ཕྱག་རྒྱས་མཚན། །དམ་ཚིག་ཕྱག་རྒྱས་རབ་བཅིངས་ནས། །ལས་ཀྱི་ཕྱག་རྒྱས་ཕྲིན་ལས་གཞོལ། །པད་ཀོར་བཅས་ཐལ་མོ་སྦྱར་ལ། སྙིང་པོ་བརྗོད། བཅོམ་ལྡན་འཇམ་དཔལ་འཁོར་བཅས་སོགས་ཕྲིན་ལས་བཅོལ་བ་སྔར་ལྟར་བྱས་པས་ཕྱག་རྒྱ་བཞིའི་དོན་མདོར་བསྡུས་ཚང་ངོ་། །ཉེར་སྤྱོད་དང་སྒེག་སོགས་སྔར་ལྟར། སྤྲོ་ན་རིན་ཆེན་བདུན་དང་འདོད་ཡོན་ལྔས་མཆོད། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་བསྟོད་པ་དང་བཟླས་པ་མཆོད་བསྟོད་བཅས་སྔར་བཞིན་བྱ་བ་དང་། འདིའི་དབང་ཁོལ་འདོན་སྐབས་བུམ་སྒྲུབ་སྤྱི་ལྟར་བྱས་ལ་བདག་འཇུག་བླང་། ཨོཾ་མཉྫུ་ཤྲཱི་སརྦ་མཎྜ་ལ་དྷཱ་ར་ས་མ་ཡ་མ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་དྷཱ་ར་ཨཱཏྨ་ཀོ྅་ཧཾཿ ཞེས་ང་རྒྱལ་གཟུང་། བཟླས་པ་བརྟན་པར་བྱས་ལ་གསོལ་བ་གདབ། ཡིག་བརྒྱ་བརྗོད། ལས་བུམ་ལ་རྡོ་རྗེ་གནོད་སྦྱིན་སྔགས་ཀྱིས་བྱིན་བརླབ། དེ་ནས་དབང་བསྐུར་གྲུབ་པའི་རྗེས་མཆོད་པ་ཁ་གསོས་ལ་བྱིན་བརླབས། མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྟེན་ལ་བསྟིམ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །སོགས་བཀྲ་ཤིས་གང་ཤེས་བརྗོད་དོ།། ༧ །།གཉིས་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་ལ། དཀྱིལ་འཁོར་སྔ་མ་དང་མཚུངས་པ་ལས་སྐུའམ་ཐིག་ལེ་སོགས་རང་གཞུང་ལྟར་བཀོད་པའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་དང་། སྐུ་གཟུགས་བྲིས་འབུར་གང་རུང་། སྔགས་བྱང་ངམ། ཕྲེང་བ། ཕྱག་མཚན་བཞག །ཕྱི་མཆོད་བཤམ། ཕྱི་མ་གཉིས་ཀ་སྔ་མ་དང་དབང་སྒྲུབ་སྦྲེལ་ན། སྐྱབས་སེམས་དང་མཆོད་རླབས་ཕྱིན་གྱིས་འཐུས། ཟུར་དུ་བྱེད་ན་སྔོན་འགྲོ་དཀར་གཏོར་ཡང་བཏང་། སྐྱབས་འགྲོ་ནི། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་པདྨ་གར་དབང་ལ༔ ཞེས་སོགས་དང་། རྒྱལ་སྲས་སྤྱན་རས་གཟིགས་དབང་གིས༔ སོགས་ཀྱིས་སེམས་བསྐྱེད། བགེགས་བསྐྲད་སྲུང་འཁོར་ཡང་སྔ་ཕྱི་སྦྲེལ་ན་མི་དགོས། མཆོད་པ་བྱིན་རླབས་གོང་ལྟར་བྱ། བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཆོས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཉི་ཟླའི་སྟེང༔ ཧྲཱིཿཡིག་འོད་ལས་སྲུང་བའི་གུར༔ ཞིང་ཁམས་ཆེན་པོར་དག་པའི་དབུས༔ ཡེ་ཤེས་ལས་གྲུབ་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས༔ འདབ་བརྒྱད་གེ་སར་ཡངས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ༔ འོད་འབར་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཁྱེ་འུ་མཚན་དཔེ་རྫོགས་པའི་ཚུལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཐོར་ཚུགས་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འཛིན༔ གཡོན་པས་ཁྲུས་ཀྱི་བུམ་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་མཉམ་པར་བཞེངས་པའི་ཚུལ༔ འོད་ཕུང་དམར་པོ་ཀུན་ཏུ་འབར༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་སེར་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ ཤར་དུ་ཁ་སར་པཱ་ཎི་དཀར༔ མཆོག་སྦྱིན་ཕྱག་རྒྱས་པད་དཀར་འཛིན༔ ལྷོ་རུ་དོན་ཡོད་ཞགས་པ་སེར༔ ཡིད་བཞིན་ནོར་བུ་ཞགས་པ་འཛིན༔ ནུབ་ཏུ་པདྨ་གཙུག་ཏོར་དམར༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ བྱང་དུ་རྡོ་རྗེ་སྙིང་པོ་སྔོ༔ ཕྱག་གཉིས་རྡོ་རྗེ་ཞགས་པ་འཛིན༔ མཚམས་བཞིར་རིགས་བཞིའི་སྒྲོལ་མ་བཞི༔ དཀར་སེར་དམར་ལྗང་ཨུཏྤལ་འཛིན༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ བདེ་བའི་ཉམས་ལྡན་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ལྷ་མོ་དཀར་སེར་དམར༔ ལྗང་ཁུ་ཕྱག་རྒྱ་བཞི་འཛིན་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྙན་གསན་དབབ་པ་གོང་ལྟར་ལ། མཉྫུ་ཤྲཱིའི་མལ་དུ། འཇིག་རྟེན་དབང་ཕྱུག་ཅེས་བསྒྱུར་ལ་མཆོད་པའི་རྗེས་བར་གཏང་། བསྟོད་པ་ནི། ཨོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། །རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། །གང་ལ་མཁོ་བ་དེའི་གཙོ་བོ། །འདྲེན་པ་གཟུགས་བརྙན་དུ་མ་འཆང་། །སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། །བདེ་བ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་རྣམ་དག་བྱང་ཆུབ་ལམ། །ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། །སྟོབས་དང་མི་འཇིགས་བརྩོན་མཛད་པ། །ཆོས་རྣམས་ལྷུན་གྲུབ་སྐུར་ཕྱག་འཚལ། །རྣམ་དག་རྒྱ་མཚོར་ལྡན་རྣམས་ལ། །ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་ནས། །ཞིང་ཁམས་རྒྱ་མཚོ་སྤྱོད་མཛད་པ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །བཟླས་པ་ནི། ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སླར་ཡང་འགྲོ་བའི་སྒྲིབ་པ་སྦྱངས༔ ཐམས་ཅད་འཕགས་པའི་ས་རུ་བཀོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་ཅི་གྲུབ་བཟླ། སྤྲོ་ན་འཁོར་བ་དོང་སྤྲུག་གི་གཟུངས་ནི། ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ་ནིརྡེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལེ༔ སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭཱ་ལ་ཛྭཱ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ ཨོཾ་པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་པའང་ཅི་འགྲུབ་བཟླས། མཐར་སྔགས་ཙམ་གྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྱན་རས་གཟིགས་དབང་འཁོར་བཅས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང་། །བྱང་ཆུབ་སེམས་གཉིས་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། ནོངས་བཤགས། གཤེགས་བསྟིམ་རྣམས་གོང་ལྟར་བྱ། དེ་ནས་མདུན་བསྐྱེད་བསང་སྦྱང་། བསྐྱེད་བསྟིམ་ཕྱག་རྒྱ་བཞི་ལྡན། མཆོད་བསྟོད། བཟླས་པའི་བར་སྔ་མས་རིགས་འགྲེས། བུམ་པ་སྔགས་ཀྱིས་བྱིན་རླབས་ཙམ་བྱས་ཀྱང་ཆོག་མོད། སྤྲོ་ན་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་བུམ་པ་མཚན་རྫོགས་ནང་། །འདབ་བརྒྱད་གེ་སར་ཡངས་པའི་དབུས༔ སོགས་ནས་བསྐྱེད་བསྟིམ་མཆོད་བསྟོད་བར་བྱ། གཟུངས་ཐག་བླངས་ལ་དམིགས་པ་སྤྱི་མཐུན་བཅས་ཡིག་དྲུག་དང་གཟུངས་བཟླ། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་བྱ། བདག་འཇུག་བླང་། ང་རྒྱལ་གཟུང་བའི་སྔགས། ཨོཾ་ལོ་ཀེ་ཤྭ་ར་སརྦ་མཎྜ་ལ་སོགས་བརྗོད་པ་དང་། དབང་བསྐུར་བའི་རྗེས་ཆོག་ནི་འཇམ་དབྱངས་སྐབས་སུ་བཤད་པ་ལྟར་བྱའོ།། ༧ །།གསུམ་པ་གསང་བདག་ངན་སོང་ཀུན་འདྲེན་ལ། དཀྱིལ་འཁོར་སྔ་མ་དང་མཚུངས་པ་ལ་སྐུའམ་ལྷ་མཚན་རང་གཞུང་ལྟར་བཀོད་པའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་དང་། སྐུ་གཟུགས་བྲིས་འབུར་གང་རྙེད། སྔགས་བྱང་ངམ་ཕྲེང་བ། ཕྱག་མཚན་ཙཀླི་བཀོད། ཕྱི་མཆོད་བཤམ། ཕྲིན་ལས་སྤྱི་ཁོག་སྔ་མ་རྣམས་ལྟར་ལ། སྐྱབས་སེམས་སྐབས། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་གསང་བའི་བདག་པོ་ལ༔ ཞེས་དང་། རྒྱལ་སྲས་གསང་བའི་བདག་པོ་ཡིས༔ ཞེས་བསྒྱུར། མཆོད་པ་བྱིན་བརླབས། ཤཱུནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས༔ འབར་བའི་འོད་འཕྲོས་སྣོད་བཅུད་སྦྱངས༔ མི་འགྱུར་སྲུང་བའི་འཁོར་ལོའི་དབུས༔ ཞིང་གི་བཀོད་པ་ཕུན་སུམ་ཚོགས༔ ཡེ་ཤེས་རང་བཞིན་གཞལ་ཡས་ཁང༔ འདབ་བརྒྱད་བརྡལ་བའི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ ཕྱོགས་བཞིར་བདེ་གཤེགས་རིན་པོ་ཆེ༔ པདྨ་ལས་ཀྱི་གསང་བའི་བདག༔ དཀར་སེར་དམར་ལྗང་རང་རྟགས་འཛིན༔ མཚམས་བཞིར་སྒྲོལ་མ་དཀར་སེར་དམར༔ ལྗང་བའི་མདངས་ལྡན་ཨུཏྤལ་བསྣམས༔ ཁྱམས་ལ་སྒེག་ཕྲེང་གླུ་གར་མ༔ བདུག་སྤོས་མེ་ཏོག་མར་མེ་དང༔ དྲི་ཆབ་མ་རྣམས་དཀར་སེར་དམར༔ གཡུ་ཡི་མདོག་ལྡན་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ཚད་མེད་བཞི་ཡི་དངོས༔ ལྕགས་ཀྱུ་མ་དཀར་ཞགས་པ་སེར༔ ལྕགས་སྒྲོག་མ་དམར་དྲིལ་བུ་ལྗང༔ གར་བསྒྱུར་རང་མདངས་འོད་ཟེར་འབར༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འབར་ཡེ་ཤེས་སྤྱན་དྲངས་གྱུར༔ སྙན་གསན་དབབ་པའི་མཉྫུ་ཤྲཱི་ལ། རྡོ་རྗེ་འཛིན་པ་ཞེས་བསྒྱུར་ལ་མཆོད་པའི་བར་གཏང་། བསྟོད་པ་ནི། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བགྱི། ཁྱོད་ནི་གླང་པོའི་རྣ་བ་ཅན། ཁྱོད་ནི་སེང་གེའི་ལྟ་སྟངས་ཅན། ཁྱོད་ནི་མེ་ལྕེ་འབར་བ་ཅན། ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། ཁྱོད་ནི་ཕ་ལྟར་སློབ་པ་ཡིན། ཁྱོད་ནི་མ་ལྟར་སློབ་པ་ཡིན། ཁྱོད་ནི་བརྟན་པའི་ས་ཡང་ཡིན། ཁྱོད་ནི་ཆུ་བོའི་གཞུང་ཡང་ཡིན། ཁྱོད་ནི་འཐོར་བྱེད་རླུང་ཡང་ཡིན། ཁྱོད་ནི་རིན་ཆེན་འབྱུང་གནས་མཛོད། །བཅོམ་ལྡན་རྡོ་རྗེ་འཛིན་ལ་བསྟོད། །བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ཁྱབ༔ སྲས་བཅས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཐམས་ཅད་སངས་རྒྱས་ས་ལ་བཀོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། ནུས་ན་ངན་སོང་ཀུན་འདྲེན་གཟུངས་ནི། ཨོཾ་བཛྲ་པཱ་ཎི་སྥོ་ཊ་ཡ༔ སརྦ་ཨ་པཱ་ཡ་བྷནྡྷ་ནི་པྲ་མོཀྵ་ཡ༔ སརྦ་ཨ་པཱ་ཡ་ག་ཏི་བྷྱ༔ སརྦ་སཏྭ་ནཱཾ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ྄༔ ཅེས་པའང་ཅི་འགྲུབ་བཟླ། མཐར་སྔགས་ཙམ་གྱིས་མཆོད། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གསང་བའི་བདག་པོ་འཁོར་བཅས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྒྲིབ་པའི་དྲི་མ་བསལ་བ་དང་། །འཇིགས་པ་ཀུན་ལས་སྐྱོབ་པར་མཛོད། །ཅེས་གསོལ་བ་གདབ། ནོངས་བཤགས། གཤེགས་བསྟིམ་རྣམས་གོང་ལྟར་བྱ། དེ་ནས་མདུན་བསྐྱེད་བསང་སྦྱང་། བསྐྱེད་བསྟིམ་ཕྱག་རྒྱ་བཞི་ལྡན། མཆོད་བསྟོད་བཟླས་པའི་བར་སྔ་མས་རིགས་འགྲེ། བུམ་པ་སྔགས་ཀྱིས་བྱིན་རླབས་ཙམ་བྱས་ཀྱང་ཆོག་མོད། སྤྲོ་ན་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་བུམ་པ་མཚན་རྫོགས་ནང་། །འདབ་བརྒྱད་བརྡལ་བའི་ལྟེ་བ་ལ༔ སོགས་ནས་བསྐྱེད་བསྟིམ་མཆོད་བསྟོད་བར་བྱ། གཟུངས་ཐག་བླངས་ལ་དམིགས་པ་སྤྱི་མཐུན་བཅས་སྙིང་པོ་དང་གཟུངས་བཟླ། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་བྱ། བདག་འཇུག་བླང་། ང་རྒྱལ་གཟུང་བའི་སྔགས། ཨོཾ་བཛྲ་པཱ་ཎི་སརྦ་མཎྜ་ལ་སོགས་བརྗོད་པ་དང་། དབང་བསྐུར་བའི་རྗེས་ཆོག་ནི་འཇམ་དབྱངས་སྐབས་སུ་བཤད་པ་ལྟར་བྱའོ།། ࿊ །།འདིར་ཞར་བྱུང་རྒྱུན་ཁྱེར་ཉམས་ལེན་སོགས་ལ་མཁོ་བའི་འཇམ་དཔལ་ཕྱག་རྒྱ་གཅིག་པའི་དབང་འདི་ཁོ་ན་ཟུར་ཕྱུང་ཆོག་པའི་དོན་གྱིས་ཕྱག་རྒྱུན་མཛད་པས། མཎྜལ་ཚོམ་བུ་གཅིག་པའི་སྟེང་རྣམ་བུམ་དང་སྐུ་བརྙན་ནམ་ཙཀླི་བཞག །སྔགས་བྱང་ངམ་ཕྲེང་བ་དང་། མེ་ལོང་། ཕྱི་མཆོད་བཤམ། སྐྱབས་སེམས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་ནི། ཨ༔ མ་བཅོས་སྟོང་པ་ཉིད་ཀྱི་ངང༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ ས་བོན་ཕྱག་མཚན་འོད་འབར་བ༔ དེ་ལས་འཇམ་དཔལ་རྡོ་རྗེའི་སྐུ༔ གསེར་མདོག་མཚན་དང་དཔེ་བྱད་རྫོགས༔ རལ་གྲི་དང་ནི་པུསྟི་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ འོད་ཟེར་བྱེ་བ་བསམ་ཡས་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ རལ་གྲི་དྷཱིཿཡིག་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ ཕར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བཟླས་པ་ཅི་འགྲུབ་བྱ། མདུན་བུམ་ལྷན་ཅིག་ཏུ་གསལ་གདབ་པ་ནི། ཨ༔ མ་བཅོས་སྟོང་པ་སོགས་ནས། ཨོཾ་ཨཱཿཧཱུྃ་གིས་མཚན༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱི༔ རྣམ་དག་ཆོས་དབྱིངས་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་འོག་ནས་འབྱུང་བའི་ལས་བྱང་ལྟར་གཏང་། མདུན་བུམ་ལ་དམིགས་པའི་འཕྲོ་འདུ་སྤྱི་མཐུན་བཅས་བཟླས་པ། མཆོད་བསྟོད། བུམ་ལྷ་འོད་ཞུ། ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་མེ་དོར་ལ་གསོལ་གདབ་བྱ། དབང་བསྐུར་གྲུབ་ནས་རྗེས་མཆོད་བསྟོད་ནས་ཤིས་བརྗོད་བར་ལས་བྱང་སྔ་མའི་འགྲོས་ལྟར་བྱའོ།། ༈ །།བདུན་པ་རྒྱུད་མ་ཧཱ་ཡོ་ག་འཇམ་དཔལ་རྡོ་རྗེ་ལ་ནང་གསེས་རྒྱུད་ལུང་མན་ངག་གསུམ་དུ་འབྱུང་བ་ལས། དང་པོ་རྒྱུད་༵ལུགས་ནི། གཞུང་གི་བཞུགས་ཚུལ་ལྟར་ན་ཀྲི་ཡོག་གིས་ཕན་ནུས་ཀྱི་དབང་གྲུབ། འདིར་ཟབ་དབང་གསུམ་ཁོ་ན་བསྐུར་བ་ཡིན་ཡང་། དབང་རྫོགས་པར་མི་བསྐུར་བར་འདི་ཉིད་ཁོལ་འདོན་དུ་བསྐུར་བ་ལྟ་བུའི་ཚེ་ཞི་བ་ལ་དབང་ཚང་བ་མེད་དུ་མི་རུང་བས་བླ་མའི་ཕྱག་བཞེས་ལྟར་དགོད་པ་ལ། ཞི་དཀྱིལ་བླ་མེད་སྤྱི་འགྲོ་ནང་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་བཞི་རྩིབས་མཆན་ཁྱམས་བཞི་སྒོ་རྫོགས་བཅས་གཙོ་འཁོར་ཉེར་གཅིག་གི་ལྷ་མཚན་ཅི་རིགས་བཀོད་པའི་རས་བྲིས་སམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སེར་པོ་ཁ་རྒྱན་གྱིས་སྤྲས་པ། གཡས་སུ་གསང་དབང་ཐོད་པ་མཚན་ལྡན་དང་། གཡོན་དུ་ཁྲོ་བོའི་གསང་ཐོད་ཁྱེའུ་དང་བུ་མོ་བཅུ་དྲུག་ལོན་པའི་ཐོད་པ་ཁ་སྦྱོར་དགོས་པར་གསུངས་ཀྱང་འབྱོར་དཀའ་བས་ཕོ་མོའི་ཐོད་པ་ཁ་སྦྱོར། གཉིས་ཀའི་ནང་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ། རྒྱབ་ཏུ་ཁྲོ་བོའི་དཔལ་གཏོར་སྐུ་ཙཀ་དར་གདུགས་མཐིང་གས་སྤྲས་པ། རིག་མ་དང་སྒྲོལ་གིང་ལས་གཤིན་གྱི་ཙཀླི། འཇའ་ཤེལ། མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བསྐོར་བཤམ། ལས་བུམ་དང་ཚོགས་ཀྱི་ཡོ་བྱད། བཀའ་སྲུང་འབུལ་གཏོར་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ཀྱི་རིམ་པ་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ་དྲུག་ལས། དང་པོ་སྐྱབས་འགྲོ་དང་། གཉིས་པ་སེམས་བསྐྱེད་གོང་སྨྲོས་འཇམ་དཔལ་ལྟར་བྱ། གསུམ་པ་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གྱུར། བགེགས་གཏོར་བསང་སྦྱང་བྱིན་རླབས་འགུགས་བསྔོ་སོགས་སྤྱི་ལྟར་ལ། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་འཛིན་ལོག་པར་འདྲེན་པའི་བདུད༔ འཇམ་དཔལ་རྡོ་རྗེའི་བཀའ་བྱུང་བས༔ བརླག་པར་འགྱུར་གྱིས་གཞན་དུ་སོང༔ དྲག་སྔགས་ཐུན་དང་རོལ་མོས་བསྐྲད། བཞི་པ་མཚམས་གཅོད་པ་ནི། ཧཱུྃ༔ ཀུན་ཀྱང་རྡོ་རྗེའི་རང་བཞིན་ལ༔ ཡེ་ཤེས་མེ་ཕུང་ཀུན་ཏུ་འབར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ གཉིས་མེད་ཡེ་ཤེས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ལྔ་པ་བྱིན་འབེབ་པ་ནི། ཧཱུྃ༔ མཁའ་མཉམ་སྒྱུ་འཕྲུལ་དྲྭ་བའི་ཞིང༔ ཡོངས་རྫོགས་རྒྱལ་བ་སྲས་བཅས་དང༔ རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ སྐུ་བཞེངས་གནས་འདིར་བྱིན་ཆེན་ཕོབ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ དྲུག་པ་མཆོད་པ་བྱིན་རླབས་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་རང་རྩལ་ལས༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤྲིན༔ ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན༔ མཁའ་དབྱིངས་ཡོངས་སུ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ གཉིས་པ་དངོས་གཞི་ལའང་དྲུག་གི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མ་སྐྱེས་སྟོང་པ་ཆེན་པོ་ལས༔ སྙིང་རྗེ་སྒྱུ་མའི་རྣམ་རོལ་ནི༔ ཆོ་འཕྲུལ་ཆེན་པོའི་ཡེ་གེར་ཤར༔ འབྱུང་བ་རིམ་བརྩེགས་གཞལ་མེད་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ འཁོར་ལོ་རྩིབས་བཞི་གདན་དང་བཅས༔ དེ་དབུས་ཐུགས་སྲོག་དྷཱིཿདང་ཧྲཱི༔ ཡོངས་གྱུར་རལ་གྲི་པི་ཝང་ནི༔ ས་བོན་མཚན་པ་འོད་དུ་ཞུ༔ འཇམ་དཔལ་རྡོ་རྗེ་སྐུ་མདོག་སེར༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ ཨུཏྤལ་རལ་གྲི་གླེགས་བམ་འཛིན༔ ཐབས་ཤེས་དབྱེར་མེད་མདའ་གཞུ་འགེང༔ གསང་བའི་ཡུམ་མཆོག་དབྱངས་ཅན་མ༔ ལང་ཚོ་རབ་རྒྱས་གསེར་གྱི་མདོག༔ རིན་ཆེན་པི་ཝང་འཛིན་པ་འཁྲིལ༔ རྡོ་རྗེ་པདྨ་བདེ་ཆེན་རོལ༔ བྱང་སེམས་ཡི་གེའི་སྤྲིན་ཕུང་ནི༔ དྷཱིཿདང་ཧྲཱིཿཡིག་རིགས་ཀྱི་མདངས༔ ཕྱོགས་མཚམས་སོ་སོའི་གནས་སུ་འཕྲོས༔ ཤར་དུ་རྡོ་རྗེའི་འཇམ་དཔལ་དཀར༔ ལྷོ་རུ་རིན་ཆེན་འཇམ་དཔལ་སེར༔ ནུབ་ཏུ་པདྨའི་འཇམ་དཔལ་དམར༔ བྱང་དུ་ལས་ཀྱི་འཇམ་དཔལ་ནག༔ རལ་གྲི་དང་ནི་པུསྟི་འཛིན༔ རིགས་བཞིའི་ཡུམ་འཁྲིལ་འོད་ཟེར་འབར༔ མཚམས་བཞིར་གསང་བའི་ཡུམ་བཞི་དང༔ ཁྱམས་ལ་མཆོད་པའི་ལྷ་མོའི་ཚོགས༔ སྒོ་བཞིར་ཕྱག་རྒྱ་བཞི་འཛིན་པའི༔ སྒོ་སྲུང་ལྷ་མོ་ཆེན་མོ་བཞི༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་གསལ༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་བདག༔ ཡེ་ཤེས་ལྔ་བདག་ཅོད་པན་འཆང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་ནི། བཛྲ་ས་མཱ་ཛ༔ ཧྲཱི༔ རྣམ་དག་ཆོས་དབྱིངས་འོད་གསལ་ལས༔ ཡེ་ཤེས་ཐུགས་རྗེའི་སྐུར་སྣང་བ༔ སྒྱུ་འཕྲུལ་དྲྭ་བ་འཇམ་པའི་དབྱངས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ མ་ཧཱ་ཀ་རུ་ཎཱི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་མཆོད་འབུལ་བ་ནི། ཧོཿ སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ རྣམ་དག་ལྷ་རྫས་ཕྱི་ཡི་མཆོད་པ་དང༔ རང་བྱུང་ཡེ་ཤེས་སྨན་རཀ་གཏོར་མའི་ཚོགས༔ གཉིས་མེད་ཟུང་འཇུག་བདེ་སྟོང་གསང་མཆོད་རྣམས༔ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོ༔ བཞི་པ་བསྟོད་པ་ནི། ཧྲཱི༔ མི་གཡོ་མཉམ་ཉིད་བདེ་ཆེན་དག་པའི་སྐུ༔ བརྗོད་བྲལ་འགག་མེད་ཚངས་པའི་གསུང་དང་ལྡན༔ སྤྲོས་པ་ཀུན་བྲལ་མཁྱེན་གཉིས་རྒྱས་པའི་ཐུགས༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལྔ་པ་ཛཔ྄་ཁང་དབྱེ་བ་ནི། སྔགས་མཐར་ཕཊ་ཛཿབཏགས་པ་བརྗོད་པས་ཕྱེས་ཏེ་ཛཔ྄་ལ་བསྐུལ་བ་ནི། ཧྲཱི༔ སྣང་སྲིད་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ༔ སྔོན་གྱི་ཐུགས་དམ་གཉན་པོ་འདིར་དགོངས་ལ༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་མཛོད༔ དྲུག་པ་ཛཔ྄་བཟླ་བ་ནི། ཐུགས་ཀར་པདྨ་ཟླ་བའི་གདན༔ དེ་དབུས་དྷཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ ཕར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་ཏིང་འཛིན་རྩེ་གཅིག་པས་བཟླ། བུམ་པ་གསལ་འདེབས་སྤྱི་ལྟར་བྱ། གཟུངས་ཐག་བླངས་ལ་སྙིང་པོ་ཅི་འགྲུབ་བཟླ། ལས་བུམ་ལས་གཤིན་ནམ་སྤྱི་འགྲོ་འཁྱིལ་པ་བསྐྱེད་པས་ཀྱང་ཆོག་ཅིང་དེའི་སྔགས་བཟླ། མཐར་མཆོད་བསྟོད་དང་བུམ་ལྷ་འོད་ཞུ་བྱའོ། །གཉིས་པ་ལུང་༵ལུགས་ཁྲོ་བོར་སྒྲུབ་པའང་། གསང་བུམ་དང་གཏོར་མ་ལ་དམིགས་ཏེ། ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང༔ སྔགས་ཀྱི་རྐྱེན་གྱིས་བསྐྱེད་པ་ཡི༔ འཇམ་དཔལ་རོལ་པའི་ཞིང་ཁམས་ནི༔ རྟེན་དང་བརྟེན་པར་བཅས་པ་གསལ༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་སྲུང་བའི་གུར་ཁང་དབུས༔ དུར་ཁྲོད་ཆེན་པོའི་ས་གཞི་ལ༔ རྔམ་བརྗིད་རོལ་པའི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞི་མེ་རླུང་འཚུབས༔ རུ་དྲ་ཆུ་གླང་གདན་སྟེང་དུ༔ འཇིགས་བྱེད་དཔལ་ཆེན་གཤིན་རྗེའི་གཤེད༔ མུན་པ་ལྟར་གནག་མ་ཧེའི་ཞལ༔ འཁོར་ལོ་དང་ནི་ཐུན་ཁྲག་འཛིན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡུམ་ནི་གཏུམ་མོ་དུག་ཧྲུལ་མ༔ དམར་ནག་བེ་ཅོན་ཐོད་ཁྲག་འཛིན༔ གཉིས་མེད་རོལ་པའི་སྲས་མཆོག་ལས༔ རིགས་བཞིའི་གཤེད་ཆེན་སྡེ་བཞི་ནི༔ དཀར་སེར་དམར་ལྗང་རྔམ་པའི་སྐུ༔ ཆུ་གླང་ཁྲོས་པའི་ཞལ་དང་ལྡན༔ སྒྲོལ་བའི་ཡུམ་མཆོག་རྣམས་དང་སྦྱོར༔ སྒོ་བཞིར་སྒོ་བ་དྲེགས་པ་བཞི༔ ཕྱི་རོལ་ཕྱོགས་སྐྱོང་འཁོར་བཅས་གསལ༔ སྐུ་གསུང་ཐུགས་ལྡན་ཡེ་ཤེས་ལྷ༔ འབར་བའི་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ དེ་ལྟར་གསལ་བཏབ་རབ་བསྒོམས་ནས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་འབྲུག་ལྟར་སྒྲོག༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ ཕྲིན་ལས་དྲག་པོའི་འོད་ཟེར་ལས༔ ཏ་ན་ག་ཎའི་མངོན་སྤྱོད་མཐུས༔ འགྲོ་རྣམས་བླ་མེད་ས་ལ་བསྒྲལ༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ འཇིགས་བྱེད་ཁྲག་འཐུང་འཁོར་ལོར་རྫོགས༔ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཅེས་སྙིང་པོ་ཅི་འགྲུབ་བཟླས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿགིས་གསང་མཆོད་འབུལ། སླར་མཆོད་བསྟོད་སྤྱི་ལྟར་བྱས་ལ། དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ མ་བཅོས་དབྱིངས་ལས་ཐུགས་རྗེའི་རྩལ་ཤར་བ༔ འཇིགས་བྱེད་རོལ་པ་ཁྲག་འཐུང་དཀྱིལ་འཁོར་ལྷ༔ མཁའ་མཉམ་སྐུ་མངའ་རྡོ་རྗེའི་གསུང་གདངས་ཅན༔ མི་གཡོ་རྩེ་གཅིག་དགོངས་པའི་ཐུགས་དང་ལྡན༔ མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང༔ མཛད་པའི་ཕྲིན་ལས་འགྲོ་བའི་དོན་བརྩོན་པ༔ རྣལ་འབྱོར་བདག་གིས་རྩེ་གཅིག་སྒྲུབ་ལགས་པས༔ དངོས་གྲུབ་རྣམ་གཉིས་དེང་འདིར་མྱུར་དུ་སྩོལ༔ སིདྡྷི་ཕ་ལ་ཧོ༔ ཞེས་དང་ཡིག་བརྒྱ་བརྗོད་དོ། །གསུམ་པ་མ༵ན་ངག་ཨ་ཏིའི་དཀྱིལ་འཁོར་ནི། སློབ་དཔོན་ཉིད་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་གི་དགོངས་པ་ལས་མ་གཡོས་པའི་ངང་། ཨ་ཅི་འགྲུབ་བརྗོད་ལ། དབྱིངས་ཀ་དག་གི་ངང་ལས་མ་གཡོས་བཞིན་དུ་རིག་རྩལ་ལྷུན་གྲུབ་སྣང་སྲིད་གཞིར་རྫོགས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ། བཀའ་སྲུང་ལ་གཏོར་མ་འབུལ། རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གསོལ་བ་གདབ། དེ་ནས་དབང་བསྐུར་གྲུབ་ནས། གསུམ་པ་རྗེས་ཀྱི་བྱ་བ་ལ་དྲུག་གི་དང་པོ་ཚོགས་མཆོད་འབུལ་བ་ནི། ཐབས་ཤེས་སུ་འོས་པའི་དམ་ཚིག་གི་རྫས་བཤམ་ལ་བསང་ཆུ་དང་བདུད་རྩིས་བྲན་ཏེ་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཞེས་མང་དུ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོཿ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་མཆོད་ནི། ཧཱུྃ། ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྐབས་འདིར་སྤྲོ་ཞིང་ནུས་ན་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ་ཇི་ལྟར་རིགས་པའང་བྱ། སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཞེས་དམ་ཚིག་གི་རྫས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམས་པར་རོལ། གཉིས་པ་ལྷག་མ་བདུད་རྩི་བྲན་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོས་ལ་ཕྱི་རོལ་དུ་དོར། གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་བཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཅེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པས་སྨོན་ལམ་གདབ་བོ། །གསུམ་པ་གོང་བཞིན་མཆོད་བསྟོད་དང་ནོངས་བཤགས་བྱ། དངོས་གྲུབ་གསོལ་བ་ནི། ཧཱུྃ༔ འཇམ་དཔལ་དཔའ་བོ་འཁོར་དང་བཅས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན༔ བདེ་བ་ཆེན་པོའི་དངོས་གྲུབ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་མཛོད༔ སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་བསྡུ་རིམ་ནི། ཧཱུྃ༔ སྣང་སྲིད་སྣོད་བཅུད་མ་ལུས་པ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ༔ མཐའ་ཀླས་ནམ་མཁའི་མཐའ་མཉམ་པ༔ བདེ་ཆེན་ཐིག་ལེ་གཅིག་ཏུ་བསྡུ༔ ལྔ་པ་བསྔོ་སྨོན་ནི། ཧཱུྃ༔ ཀུན་ཀྱང་སེམས་ཉིད་འོད་གསལ་བ༔ འགྲོ་བའི་ཡེ་ཤེས་མར་མེ་ཡིས༔ ཉོན་མོངས་མ་རིག་ཀུན་བསལ་ནས༔ ཡེ་ཤེས་བླ་མའི་ས་ནོན་ཤོག༔ དྲུག་པ་བཀྲ་ཤིས་ནི། ཨོཾ༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇམ་དཔལ་རྡོ་རྗེའི་སྣང་བས་ཁྱབ༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པ་རྣམས་ཀྱིས་གྲུབ། འོག་མ་རྣམས་ལའང་མངོན་རྟོགས་ཁ་བསྒྱུར་བ་ལས་ཕྲིན་ལས་སྤྱི་ཁོག་འདི་ལྟར་སྦྱར་ཆོག་གོ། ༈ །།བརྒྱད་པ་ལུང་ཨ་ནུ་ཡོ་ག་གར་དབང་སྙིང་ཐིག་ལ་ནང་གསེས་རྒྱུད་ལུང་མན་ངག་གསུམ་དུ་དབྱེ་ཞིང་དབང་སྔ་མའི་འགྲོས་སྦྱར་བ་དང་། གསང་བདག་ལའང་དེ་མཚུངས་གཏེར་ཆེན་ཉིད་ཀྱི་ཕྱག་སྲོལ་བཞུགས་པ་ལྟར་ན། དཀྱིལ་འཁོར་ལྷ་མཚན་རང་གཞུང་མཐུན་པ་དང་། གཏོར་ཙཀ་པདྨ་ཧེ་རུ་ཀ་དར་གདུགས་དམར་པོ། སྒྲོལ་གིང་དམར་པོ་རལ་གྲི་དང་ཕུར་པ་ཐོགས་པ་བརྗེ་བ་ལས་བཤམ་བཀོད་གཞན་རྣམས་འཇམ་དཔལ་རྡོ་རྗེ་ཇི་ལྟ་བ་བྱའོ། །དང་པོ་རྒྱུད་༵ལུགས་ཞི་བའི་སྒྲུབ་མཆོད་ཕྲིན་ལས་ཀྱང་དེ་ཁོ་ན་ལྟར་ལ། མཚམས་ལྷ། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀའི་སྐུར་གྱུར། ཅེས་དང་བགེགས་བསྐྲད་ལ། འཇམ་དཔལ་རྡོ་རྗེའི་ཞེས་པ། རྡོ་རྗེ་ཁྲོ་བོའི་ཞེས་སྒྱུར། དངོས་གཞིའི་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དེ་བཞིན་ཉིད་ལས་ཀུན་ཏུ་སྣང༔ རྒྱུ་ཡི་ཧྲཱིཿལས་འོད་འཕྲོས་པས༔ སྣང་སྲིད་པདྨ་དྲྭ་བའི་ཞིང༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ པདྨ་རིན་ཆེན་འབར་བའི་དབུས༔ ཧྲཱིཿལས་སྤྱན་རས་གཟིགས་དབང་ཕྱུག༔ དམར་གསལ་ཁྲོ་འཛུམ་སྤྱན་གསུམ་ལྡན༔ པདྨ་དང་ནི་ཚེ་བུམ་འཛིན༔ གསང་བ་ཡེ་ཤེས་དམར་མོ་འཁྲིལ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ རུས་པའི་རྒྱན་གསོལ་གར་གྱིས་བཞེངས༔ རྩིབས་ལ་རིགས་བཞིའི་གར་གྱི་དབང༔ དཀར་སེར་དམར་ལྗང་གཙོ་དང་མཚུངས༔ གཉིས་མེད་ཡུམ་འཁྲིལ་འོད་ཟེར་འབར༔ འདབ་བཞིར་གསང་བའི་ཡུམ་ཆེན་བཞི༔ ཁྱམས་སྒོར་མཆོད་པའི་ལྷ་མོ་དང༔ སྒོ་སྲུང་རྒྱལ་བ་སྲས་དང་བཅས༔ མ་ལུས་ཉི་དང་འོད་བཞིན་གསལ༔ རྡོ་རྗེ་གསང་བ་གསུམ་ལྡན་པ༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཆེ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐྱེད། སྤྱན་འདྲེན་སྐབས། སྒྱུ་འཕྲུལ་དྲྭ་བ་གར་གྱི་དབང༔ ཞེས་དང་སྔགས། ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་སོགས་དང་། ཕྱག་གི་གཤམ། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཞེས་བསྒྱུར། བསྟོད་པ་ནི། ཧཱུྃ༔ ཆོས་སྐུ་མཆོག་མངའ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་བདག་ཉིད་གར་གྱི་དབང༔ སྤྲུལ་པས་འཁོར་བ་དོང་ནས་སྤྲུགས༔ འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད༔ གསང་བ་ཡེ་ཤེས་བདེ་བ་མཆོག༔ ཕྲིན་ལས་རོལ་པས་འཁོར་བ་སྒྲོལ༔ ཀུན་བཟང་རྣམ་ཐར་སྤྲིན་སྤྲོ་བ༔ འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད༔ ཛཔ྄་ཁང་དབྱེ། ཛཔ྄་བསྐུལ་བྱས་ལ་བཟླས་པ་ནི། ཡབ་ཡུམ་བདེ་ཆེན་བྱང་ཆུབ་སེམས༔ མགལ་མེ་བཞིན་དུ་འཁོར་བ་ཡིས༔ མཁའ་ཁྱབ་རྒྱལ་བ་ཐམས་ཅད་དགྱེས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་འཁྱིལ༔ འགྲོ་ཀུན་རྒྱལ་བའི་སྲས་པོ་རུ༔ དབང་མཆོག་དམ་པ་བསྐུར་བར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་བཟླ། རྣམ་བུམ་བསྐྱེད་བཟླས་དང་ལས་བུམ་རྟ་མགྲིན་བསྐྱེད་བཟླས་སོགས་སྔ་མས་འགྲེའོ། །གཉིས་པ་ལུང་༵ལུགས་ཁྲོ་བོར་སྒྲུབ་པ་ནི། གསང་བུམ་དང་གཏོར་མ་ལ་དམིགས་ཏེ། ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང༔ སྔགས་ཀྱི་རྐྱེན་གྱིས་བསྐྱེད་པ་ཡི༔ པདྨ་རོལ་པའི་ཞིང་ཁམས་ནི༔ རྟེན་དང་བརྟེན་པར་བཅས་པ་གསལ༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་སྲུང་བའི་གུར་ཁང་དབུས༔ དུར་ཁྲོད་ཆེན་པོའི་ས་གཞི་ལ༔ རྔམས་བརྗིད་རོལ་པའི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞི་མེ་རླུང་འཚུབ༔ ཀླུ་དབང་ཕོ་མོའི་གདན་སྟེང་དུ༔ དབང་མཆོག་དཔལ་ཆེན་རྟ་མགྲིན་རྒྱལ༔ བསྐལ་པའི་མེ་འབར་རྟ་གདོང་བཞད༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡུམ་ནི་གསང་བ་ཡེ་ཤེས་མ༔ དམར་ནག་གྲི་གུག་ཐོད་ཁྲག་འཛིན༔ གཉིས་མེད་རོལ་པའི་སྲས་མཆོག་ལས༔ རིགས་བཞིའི་དབང་ཆེན་སྡེ་བཞི་ནི༔ དཀར་སེར་དམར་ལྗང་རྔམ་པའི་སྐུ༔ རྟ་མཆོག་ཁྲོས་པའི་ཞལ་དང་ལྡན༔ གསང་བའི་ཡུམ་མཆོག་རྣམས་དང་སྦྱོར༔ སྒོ་བཞིར་དབང་གི་ཁྲོ་མོ་བཞི༔ ཕྱི་རོལ་བཀའ་སྲུང་ཚོགས་བཅས་གསལ༔ སྐུ་གསུང་ཐུགས་ལྡན་ཡེ་ཤེས་ལྷ༔ འབར་བའི་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ དེ་ལྟར་གསལ་བཏབ་རབ་བསྒོམས་ནས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་འབྲུག་ལྟར་སྒྲོག༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ ཕྲིན་ལས་དྲག་པོའི་འོད་ཟེར་ལས༔ ཏ་ན་ག་ཎའི་མངོན་སྤྱོད་མཐུས༔ འགྲོ་རྣམས་བླ་མེད་ས་ལ་བསྒྲལ༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ དབང་ཆེན་ཁྲག་འཐུང་དཀྱིལ་འཁོར་རྫོགས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧཱུྃ་ཕཊ༔ ཅེས་སྙིང་པོ་ཅི་འགྲུབ་བཟླས། གསང་མཆོད་ཕྱིན་དང་། གསུམ་པ་མ༵ན་ངག་དགོངས་རླབས། དབང་དང་རྗེས་ཆོག་རྣམས་སྔ་མ་ལྟར་ལ་འཇམ་དཔལ་དཔའ་བོ་སོགས་ལ། པདྨ་གར་དབང་ཞེས་བསྒྱུར་བ་རྣམས་ཁྱད་པར་རོ།། ༈ །།དགུ་པ་མན་ངག་རྫོགས་པ་ཆེན་པོ་གསང་བདག་སྙིང་ཐིག་ལའང་རྒྱུད་ལུང་མན་ངག་གསུམ་དུ་ཡོད་པ་ལས། རྒྱུད་ལུང་གཉིས་ཀྱི་བཤམ་བཀོད་སྔ་མ་དང་འདྲ་བ་ལས་དཀྱིལ་འཁོར་ལྷ་མཚན་རང་གཞུང་ལྟར། གཏོར་ཙཀ་བཛྲ་ཧེ་རུ་ཀ་དང་དར་གདུགས་མཐིང་ནག །སྒྲོལ་གིང་མཐིང་ནག་རལ་གྲི་དང་ཕུར་པ་ཐོགས་པ་བཀོད། མན་ངག་ལ་ཐིག་ལེ་ལྔ་ཚོམ་དབུས་མཐིང་ཤར་དཀར་སོགས་ཕྱོགས་མདོག་ཅན་གྱི་ལྟེ་བར་ཧཱུྃ་སྔོན་པོ། ཤར་དུ་ཨོཾ་དཀར་པོ། ལྷོར་ཏྲཱཾ་སེར་པོ། ནུབ་ཏུ་ཧྲཱིཿདམར་པོ། བྱང་དུ་ཨཱཿལྗང་གུ། མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་དཀྱིལ་འཁོར་སྟེང་རྣམ་བུམ་མགུལ་ཆིངས་སྔོན་པོ། ཁ་རྒྱན་གསེབ་ཏུ་མདའ་དར་ཤེལ་ཕྲེང་མེ་ལོང་བཏགས་པ་དང་། རིག་མའི་མཚོན་བྱེད་པདྨ་དམར་པོ་རྡོ་རྗེ་དཀར་པོས་མཚན་པ་རྣམས་བཀོད། དང་པོ་རྒྱུད་༵ལུགས་ཞི་བའི་ཕྲིན་ལས་སྔ་མ་ལྟར་ལས་མཚམས་ལྷ། རང་ཉིད་སྐད་ཅིག་གིས་བཛྲ་ཧེ་རུ་ཀའི་སྐུར་གྱུར། ཅེས་བསྒྱུར། དངོས་གཞིའི་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཉིད་དབྱིངས་ལས་སྙིང་རྗེའི་རྩལ༔ རྒྱུ་ཡི་ས་བོན་ཧཱུྃ་ཡིག་ལས༔ འོད་འབར་ཡུམ་ལྔའི་མཁའ་ཀློང་དུ༔ མི་ཕྱེད་རྡོ་རྗེ་སྲུང་བའི་གུར༔ རང་སྣང་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་རྒྱན་གྱིས་སྟུག་པོར་བཀོད༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ ཕྱོགས་བཞིར་རིགས་བཞི་ཡབ་དང་ཡུམ༔ མཆོད་པའི་ལྷ་མོ་སྒོ་མ་བཞི༔ སངས་རྒྱས་བྱང་སེམས་རྩ་བ་གསུམ༔ ཉི་ཟེར་རྡུལ་བཞིན་དཀྲིག་པར་གསལ༔ སྤྱན་འདྲེན་སྐབས། སྒྱུ་འཕྲུལ་དྲྭ་བ་གསང་བའི་བདག༔ ཅེས་དང་སྔགས། ཨོཾ་བཛྲ་པཱ་ཎི་ས་པ་རི་སོགས་དང་། ཕྱག་གི་མཐའ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར། མཆོད་བསྟོད་གྲུབ་ནས་ཛཔ྄་ཁང་དབྱེ་ཞིང་ཛཔ྄་བསྐུལ་བྱ། བཟླས་དམིགས་ཡབ་ཡུམ་བདེ་ཆེན་བྱང་ཆུབ་སེམས༔ མགལ་མེ་བཞིན་དུ་འཁོར་བ་ཡིས༔ མཁའ་ཁྱབ་རྒྱལ་བ་ཐམས་ཅད་དགྱེས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་འཁྱིལ༔ འགྲོ་ཀུན་རྒྱལ་བའི་སྲས་པོ་རུ༔ དབང་མཆོག་དམ་པ་བསྐུར་བར་གྱུར༔ ཅེས་དང་སྙིང་པོ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་བཟླ། རྣམ་བུམ་བསྐྱེད་བཟླས་སོགས་འཇམ་དཔལ་གྱིས་རིགས་འགྲེའོ།་་་ལས་སྔགས་འཁྱིལ་པ།མཆན། གཉིས་པ་ལུང་༵ལུགས་ཁྲོ་བོར་སྒྲུབ་པ་ནི། གསང་བུམ་དང་གཏོར་མ་ལ་དམིགས་ཏེ། ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང༔ སྔགས་ཀྱི་རྐྱེན་གྱིས་བསྐྱེད་པ་ཡི༔ ཁྲག་འཐུང་རོལ་པའི་ཞིང་ཁམས་ནི༔ རྟེན་དང་བརྟེན་པར་བཅས་པ་གསལ༔ ཨེ་ཡཾ་ར་སུ་ཀེཾ་རཾ་བྷྲཱུྃ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་སྲུང་བའི་གུར་ཁང་དབུས༔ དུར་ཁྲོད་ཆེན་པོའི་ས་གཞི་ལ༔ རྔམ་བརྗིད་རོལ་པའི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞི་མེ་རླུང་འཚུབ༔ རུ་ཏྲ་ཕོ་མོའི་གདན་སྟེང་དུ༔ འཇིགས་བྱེད་དཔལ་ཆེན་ཁྲག་འཐུང་རྒྱལ༔ བཻ་ཌཱུར་སྔོན་པོ་དྭངས་པའི་མདོག༔ རྡོ་རྗེ་དང་ནི་དུང་ཁྲག་འཛིན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡུམ་ནི་རྡོ་རྗེ་ཕག་མོ་ནི༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ གཉིས་མེད་རོལ་པའི་སྲས་མཆོག་ལས༔ རིགས་བཞིའི་གསང་བའི་བདག་པོ་ནི༔ དཀར་སེར་དམར་ལྗང་རྔམ་པའི་སྐུ༔ མི་བཟད་ཁྲོ་གཏུམ་འབར་བའི་ཞལ༔ གསང་བའི་ཡུམ་མཆོག་རྣམས་དང་སྦྱོར༔ སྒོ་བཞིར་རྟ་གདོང་སྒོ་མ་བཞི༔ ཕྱི་རོལ་བཀའ་སྲུང་ཚོགས་བཅས་གསལ༔ སྐུ་གསུང་ཐུགས་ལྡན་ཡེ་ཤེས་ལྷ༔ འབར་བའི་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ དེ་ལྟར་གསལ་བཏབ་རབ་བསྒོམས་ནས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་འབྲུག་ལྟར་སྒྲོག༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ ཕྲིན་ལས་དྲག་པོའི་འོད་ཟེར་ལས༔ ཏ་ན་ག་ཎའི་མངོན་སྤྱོད་མཐུས༔ འགྲོ་རྣམས་བླ་མེད་ས་ལ་བསྒྲལ༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ ཁྲག་འཐུང་རོལ་པའི་འཁོར་ལོར་རྫོགས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བཟླས་མཐར། གསང་མཆོད་སོགས་དང་། གསུམ་པ་མ༵ན་ངག་དཀྱིལ་འཁོར་ཡང་དགོངས་པས་བྱིན་རླབས་གོང་སོང་དེ་ལྟར་བྱ། དབང་བསྐུར་གྲུབ་པའི་རྗེས་ཆོག་ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་ཡང་འཇམ་དཔལ་ཕྲིན་ལས་ལྟར་ལས། འཇམ་དཔལ་དཔའ་བོ་སོགས་ཀྱི་མལ་དུ། གསང་བའི་བདག་པོ་ཞེས་བསྒྱུར་བ་ཙམ་གྱི་ཁྱད་པར་རོ།། ༈ །།བཅུ་པ་རིགས་གསུམ་འདུས་པ་ལ། ཞི་དཀྱིལ་བླ་མེད་སྤྱི་འགྲོའི་ནང་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་སྒོ་བཞི་རྣམས་ལ་ལྷ་གཙོ་འཁོར་དགུའི་ལྷ་མཚན་བཀོད་པའི་རས་བྲིས་སམ་ཚོམ་བུ་གྲངས་དེ་ལྟར་བཀོད་པའི་མཎྜལ་གྱི་དབུས་སུ་རྣམ་རྒྱལ་བུམ་པ། གཡས་གཡོན་དུ་གསང་ཐོད། རིག་ཙཀ་གམ་རྡོར་པད། རང་བྱུང་འཇའ་ཤེལ་རྣམས་དང་། འགྲོ་འདུལ་སྐོར་ལས་ཕྲིན་ལས་ཀྱི་དབང་གི་ཆས། རིགས་གསུམ་མཆོད་རྟེན་རྩེ་ལྔ་པ་བྲིས་འབུར་གང་རུང་འཛོམ་ན་དང་། མེད་ན་མཆོད་རྟེན་རབ་གནས་ལྡན་པ། སངས་རྒྱས་ཀྱི་རིང་བསྲེལ་དངོས་དང་དེ་ཉིད་ཕབས་གཏར་སྦྱར་ནས་དྲིལ་བའི་རིལ་བུ། ཤེས་རབ་རིལ་བུ་གཞུང་གསལ་བསྡུ་སྒྲུབ་བྱས་པ་བཅས་སོ་སོར་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པའི་སྣོད་དུ་བཞག་པ། ཚེ་དཀྱིལ་རིན་ཆེན་ཟུར་བཞིའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན། ཚེ་རིལ་ཚེ་ཆང་བཅས་ཕྱོགས་གང་བདེར་བཀོད། བཀའ་སྲུང་དུད་སོལ་མའི་རྗེས་གནང་འདིར་སྦྲེལ་ན་བདེ་བས་འོག་ནས་བཤད་པའི་ཆས་རྣམས་མདུན་ཕྱོགས་ལྟ་བུར་བསྒྲིགས། སྨན་རཀ་གཏོར་གསུམ། ཉེར་སྤྱོད་ཀྱིས་མཚོན་བཤམ་བཀོད་དང་ཉེར་མཁོ་སྔ་མ་རྣམས་ལྟར་བྱ། ཕྲིན་ལས་སྔོན་རྗེས་སྤྱིར་གོང་གསལ་འཇམ་པའི་རྡོ་རྗེ་ལྟར་ལ། དངོས་གཞི་ལྷ་བསྐྱེད་ནི། ཧཱུྃ༔ ཆོས་རྣམས་མ་ལུས་བྱང་ཆུབ་སེམས༔ ཧཱུྃ་གི་སྒྲ་ཡིས་སད་པ་ལས༔ ཕུང་ཁམས་རྣམ་དག་ཡུམ་ལྔའི་ཀློང༔ བདེ་ཆེན་ཐབས་ཀྱི་གཞལ་ཡས་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ ཁྲི་མཆོག་པདྨ་ཉི་ཟླའི་སྟེང༔ བདེ་གཤེགས་འཇམ་དཔལ་རྡོ་རྗེའི་སྐུ༔ མཚན་དཔེའི་དཔལ་འབར་གསེར་གྱི་མདོག༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ ཕྱག་དྲུག་དང་པོའི་ཕྱག་གཉིས་ཀྱིས། །ཐབས་ཤེས་རྡོ་རྗེ་དྲིལ་བུ་དང་། །བར་པས་རལ་གྲི་གླེགས་བམ་བསྣམས། །འོག་མ་གཉིས་ཀྱིས་མདའ་གཞུ་འགེངས། །སྒྲ་དབྱངས་ལྷ་མོ་གཉིས་མེད་འཁྲིལ༔ ཕྱག་གཉིས་རིན་ཆེན་པི་ཝང་སྒྲེང༔ ཤར་དུ་ས་སྙིང་རྣམ་རྒྱལ་དཀར༔ རིན་ཆེན་སྙེ་མ་འཁོར་ལོ་འཛིན༔ ལྷོ་རུ་བྱམས་པ་ཚེ་འཕེལ་སེར༔ དཔག་བསམ་ཤིང་དང་ཚེ་བུམ་འཛིན༔ ནུབ་ཏུ་གར་དབང་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་སྐུ་མདོག་དམར༔ པདྨ་དམར་པོ་ཚེ་བུམ་འཛིན༔ བྱང་དུ་གསང་བདག་ཕག་མོ་མཐིང༔ རྡོ་རྗེ་གྲི་གུག་འབར་བ་འཛིན༔ ཡབ་རྣམས་གཡོན་པས་དྲིལ་བུ་འཁྲོལ༔ རིགས་ཀྱི་ཡུམ་རྣམས་ཕྱག་གཡོན་ན༔ ཌཱ་རུ་དྲིལ་བུ་ཁ་ཊྭཱཾ་ག༔ ཐོད་པ་བདུད་རྩིས་གང་བ་བསྣམས༔ ཀུན་ཀྱང་དར་དང་རིན་པོ་ཆེ༔ རུས་པའི་རྒྱན་ལྡན་འོད་ཟེར་འབར༔ སྒོ་བཞིར་གཤིན་རྗེ་སྟོབས་པོ་ཆེ༔ རྟ་མགྲིན་བདུད་རྩི་འཁྱིལ་པ་རྣམས༔ དབྱུག་ཏོ་ཐོད་པ་ཁྲག་བཀང་འཛིན༔ ཕྱག་རྒྱ་བཞི་འཛིན་ཡུམ་དང་འཁྲིལ༔ མཐིང་སེར་དམར་ལྗང་ཁྲོ་བོའི་ཆས༔ བདུད་བཞི་བརྫིས་པའི་གདན་ལ་རོལ༔ འབར་བའི་མེ་ཕུང་ཀུན་ཏུ་འཁྲིགས༔ རྩ་གསུམ་ཆོས་སྲུང་སྤྲིན་ལྟར་གཏིབས༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་བདག༔ སོགས་ལས་བྱང་ལྟར་གཏང་། སྤྱན་འདྲེན་སྐབས། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་པ༔ ཞེས་དང་། ཕྱག་གི་གཤམ། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར། བཟླས་པ་གཙོ་བོ་འཇམ་དཔལ་གྱི་སྙིང་པོ། འགྲུབ་ན། ཨོཾ་ཧཱུྃ་ཧྲཱིཿསོགས་ཀྱང་བཟླ། སྤྱན་རས་གཟིགས་དང་ཕྱག་རྡོར་གཞུང་ལྟར། ས་སྙིང་ལ། ཨོཾ་ཀྵི་ཏི་གརྦྷ་སྭཱ་ཧཱ། བྱམས་པ། ཨོཾ་ཨཱརྻ་མཻ་ཏྲི་སྭཱ་ཧཱ། ཞེས་པའང་བཟླ། རྣམ་བུམ་བསྐྱེད་བཟླས་སྤྱི་ལྟར་གྲུབ་ནས། མཆོད་རྟེན་ལ་དམིགས་ཏེ། ཇི་སྙེད་ཞིང་ཁམས་རབ་འབྱམས་རྣམས༔ གསེར་སྦྱངས་ལས་གྲུབ་མཆོད་རྟེན་གྱི༔ བུམ་པ་གཞལ་ཡས་ཁང་ཆེན་དབུས༔ འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་བཞུགས༔ དེ་ལས་སྐུ་གདུང་གྲངས་མེད་སྤྲོས༔ སངས་རྒྱས་མཛད་པ་སྒྲུབ་པར་གྱུར༔ ཅེས་པའི་ཏིང་འཛིན་བཅས་གྲུབ་ནས་མཚན་བརྗོད་བཀླག །གཟུངས་དང་སྙིང་པོ་ཅི་འགྲུབ་བཟླ། རིང་བསྲེལ་ལ་དམིགས་ཏེ། ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས༔ རིང་བསྲེལ་འོད་ཀྱི་གོང་བུའི་ཚོགས༔ ནམ་མཁའི་མཐའ་ཁྱབ་སྤྲོ་ཞིང་བསྡུ༔ སངས་རྒྱས་མཛད་པ་སྒྲུབ་པར་བསམ༔ ཨོཾ་མ་ཧཱ་ཤ་རཱི་རཾ་གི་ལི་གི་ལི་ཧཱུྃ་ཕཊ༔ ཅེས་བཟླ། ཤེས་རབ་རིལ་བུ་ལ་དམིགས་ཏེ། ཟ་མ་ཏོག་ནི་གཞལ་ཡས་ཁང༔ རིལ་བུ་འཇམ་དཔལ་ཡབ་དང་ཡུམ༔ གཉིས་མེད་སྦྱོར་བའི་མཁའ་གསང་ནས༔ སྲས་ཀྱི་ཚོགས་རྣམས་རབ་སྤྲོས་པས༔ རང་རིག་ཡུམ་དང་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱིས་རྒྱལ་བ་མཆོད༔ མཁྱེན་རབ་ཡེ་ཤེས་ཐམས་ཅད་བསྡུས༔ འགྲོ་བ་ཀུན་ལ་དབང་བསྐུར་པས༔ ཡེ་ཤེས་སེམས་དཔའི་ས་ལ་བཀོད༔ སྣོད་བཅུད་ཀུན་གྱི་དྭངས་མ་བསྡུས༔ རིལ་བུའི་ལྷ་ལ་ཐིམ་པ་ཡིས༔ གསང་སྔགས་གཟི་བྱིན་འབར་བ་དང༔ དངོས་གྲུབ་བཅུད་དུ་འཁྱིལ་བར་གྱུར༔ འཇམ་དབྱངས་སྙིང་པོའི་གཤམ་དུ། པྲ་ཛྙཱ་ཛྙཱ་ན་སིདྡྷི་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ༔ ཞེས་པ་ཅི་འགྲུབ་དང་། མཐར་དེའི་གཤམ་དུ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོྃ༔ ཞེས་དངོས་གྲུབ་བླངས་སྔགས་བཏགས་པའང་ཉེར་གཅིག་ཙམ་བཟླ། ཚེ་བུམ་སོགས་སྐད་ཅིག་གིས་ལྷར་གསལ་བཏབ་ལ། ཐུགས་ཉིད་དཔལ་གྱི་བེ་འུ་རུ༔ ཉི་ཟླའི་གྭ་འུ་བྷྲཱུྃ་གྱིས་མཚན༔ དེ་ལས་འོད་ཟེར་རབ་འབར་བས༔ འཁོར་འདས་ཚེ་བཅུད་བསྡུས་པར་གྱུར༔ ཅེས་དམིགས་ལ། སྙིང་པོ་རྣམས་ཀྱི་གཤམ་དུ། ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་བཏགས་པ་ཅི་འགྲུབ་བཟླས། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་དང་། མཆོད་བསྟོད། བུམ་ལྷ་འོད་ཞུ་སྤྱི་ལྟར། ཤེས་རབ་རིལ་བུའི་ལྷ་རྣམས་འོད་དུ་ཞུ་ནས་དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་སྩོལ་བའི་བདུད་རྩིའི་གོང་བུར་གྱུར། ཅེས་མོས། བཀའ་སྲུང་སྲོག་གཏད་ཆེད་དུ་འོག་ནས་སྨྲོས་པ་ལྟར་བསྒྲུབ། རིག་མེ་དོར་ལ་རྗེས་འཛིན་གསོལ་བ་གདབ། དབང་རྫོགས་པར་བསྐུར། ༼སྤྲོ་ན་གཏེར་གཞུང་ཕྲིན་ལས་ནང་ལྟར་སྐོང་བ་དང་། ཟུར་བྱང་ཕྱག་འཚལ་དང་སྨྲེ་ཀློང་བཤགས་པ་རྣམས་བྱའོ།མཆན།༽ རྗེས་ཀྱི་བྱ་བ་ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་དཀྱུས་ལྟར་བཏང་བས་འགྲུབ་བོ།། ༈ །།བཅུ་གཅིག་པ་བཀའ་སྲུང་དུད་སོལ་མའི་སྲོག་གཏད་ལ། འབྲུ་ནག་གི་ཚོམ་བུའི་སྟེང་དུ། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཤ་ཁྲག་གིས་སྦགས་པའི་གཏོར་མ་ཟུར་གསུམ་མེ་རི་དང་གདུགས་ཀྱིས་སྤྲས་པ་བཀོད། གཡས་གཡོན་དུ་སྐུ་ཙཀ །སྔགས་བྱང་། དྲི་བཟང་གི་ཆུ། ཕྱག་མཚན་བཞི་དངོས་སམ་བྲིས་པ་རྣམས་དང་། སྨན་རཀ་ཉེར་སྤྱོད་སྤྱི་ལྟར་བཤམ། ཁྲག་ཆང་གི་སྐྱེམས། འབུལ་གཏོར་སོགས་ཀྱང་བསྡོག །བདག་བསྐྱེད་རིགས་གསུམ་ཁྲོ་བོ་གང་ཡང་རུང་བས་ཆོག་མོད། གཤིན་རྗེ་འཇིགས་བྱེད་རོལ་པའི་བསྒོམ་བཟླས་གཏང་ན་འབྲེལ་ཆེ། རིགས་གསུམ་དཀྱིལ་འཁོར་གྱི་ཞར་བྱུང་ཡིན་ན། སྐབས་འདིར་དེའི་ང་རྒྱལ་འཕྲོས་པས་ཆོག །གཏོར་མ། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་སྨིན་ལུགས་དམ་ཅན་སྤྱི་གཏོར་ལས་འབྱུང་བ་ལྟ་བུ་དང་། ཨོཾ་ཨཱཿཧཱུྃ་ཧོ༔ ལན་གསུམ་གྱིས་བྱིན་བརླབས། གཏོར་མ་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོའི་ནང་དུ་ཁྲག་འཐུང་རྒྱལ་མོ་དུད་པའི་སོལ་བ་མ་འཁོར་མ་གཤིན་དྲེགས་བྱེད་འབུམ་སྡེའི་ཚོགས་དང་བཅས་པ་གསལ་བར་གྱུར། བདག་གི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་གྱིས་གནས་ནས་དཔལ་ལྷ་མོ་ནག་མོ་འཁོར་དང་བཅས་པ་སྤྱན་དྲངས་གཉིས་མེད་དུ་ཐིམ་པར་གྱུར། ཅེས་གསལ་བཏབ་ལ། གཏེར་གཞུང་ལྟར་སྤྱན་འདྲེན་ནས་བསྟོད་ཕྲིན་བར་གཏང་། དམིགས་པ་གཞུང་གསལ་ལྟར་ལ་སྙིང་པོ་བརྒྱ་རྩ་ལས་མི་ཉུང་བ་དང་། མཐར་ཤཱནྟིཾ་སོགས་ཤམ་བུ་བཏགས་པའང་ཅུང་ཟད་བཟླ། ཐུན་གཏོར་མར་པའི་སྙན་བརྒྱུད་ཤོག་དྲིལ་ལྟར་ཤེས་ན་ལེགས། མི་ཤེས་ན་སྤྱི་ལྟར་འབུལ་ལ། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། སྲོག་གཏད་གྲུབ་པའི་རྗེས་མཆོད་བསྟོད་ནོངས་བཤགས་བཟོད་གསོལ། བྲིས་སྐུ་ཡོད་ན་བརྟན་བཞུགས་སམ་གཤེགས་གསོལ་གང་འོས། ཤིས་བརྗོད་རྣམས་གསང་བ་སྤྱི་ལྟར་བྱའོ།། །།དེ་དག་རྣམས་ཀྱིས་རིགས་གསུམ་སྙིང་ཐིག་གི་དབང་བསྐུར་སྤྱི་དང་བྱེ་བྲག་པ་ཡོངས་སུ་རྫོགས་པའི་གཤོམ་དང་དབང་སྒྲུབ་ཚང་བ་ཡིན་ནོ། །སྒྱུ་འཕྲུལ་དྲྭ་བ་རྒྱུད་༵ཀྱི་རྒྱལ་པོ་ལས། །སྙིང་པོར་ཕྱུང་དང་དགོངས་པ་བཀྲལ་བའི་ལུང་༵། །མ༵ན་ངག་ངེས་པའི་ཚུལ་གྱིས་ལེགས་ཕྱེས་པ། །ཟབ་ཆོས་ཁྱད་འཕགས་རིགས་གསུམ་སྙིང་ཐིག་གི །ཕྲིན་ལས་རྒྱས་ཤིང་སྐལ་མཉམ་འཇུག་བདེའི་ཆེད། །དབང་གི་སྒྲུབ་ཐབས་བཀླག་ཆོག་བཀོད་པའི་དགེས། །རིགས་གསུམ་གསང་བའི་དབྱིངས་སུ་བྱང་ཆུབ་ནས། །སྲིད་གསུམ་ངང་རྫོགས་ཆེན་པོར་འགོད་ནུས་ཤོག །ཅེས་རིགས་གསུམ་སྙིང་ཐིག་རྩ་བ་བསྡུས་ཆེས་པས་རྟོགས་དཀའ་ཞིང་ཕྱག་ལེན་འདྲ་མིན་འགའ་ཞིག་འདུག་ཀྱང་། གཙོ་བོར་གཏེར་གཞུང་ཉིད་ལ་ཞིབ་མོར་དཔྱད། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་བཞེས་རྩ་བར་གཟུང་། གཏེར་ཆེན་ཉིད་ཀྱི་ཕྱག་ལེན་དང་མི་འགལ་ཞིང་འཐད་འོས་རྣམས་ཀྱིས་ཁ་བསྐངས་ཏེ། ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

གསོ་ཐབས་བདུད་རྩི་བུམ་ཆེན་གྱི་སྐོར་ལས༔ འཆི་མེད་བདུད་རྩི་བུམ་པ་རྩ་བའི་རྒྱུད་ (Volume 29, Text 25)

༄༅༔ གསོ་ཐབས་བདུད་རྩི་བུམ་ཆེན་གྱི་སྐོར་ལས༔ འཆི་མེད་བདུད་རྩི་བུམ་པ་རྩ་བའི་རྒྱུད་བཞུགས་སོ༔ ྈྈ ྈྈྈྈ ྈྈྈྈ རྒྱ་གར་སྐད་དུ༔ ཨ་མཱ་ར་ཎ་ཨ་མྲྀཏ་ཀ་ལཱ་ཤ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ འཆི་མེད་བདུད་རྩི་བུམ་པའི་རྒྱུད་ཅེས་བྱ་བ༔ བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་འཚོ་བྱེད་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ སྔོན་གྱི་དུས་ན་་་སྐལ་པ་བཟང་པོ། སྒྱུ་ལུས་གསོ་བའི་སྨན་དཔྱད། བྱང་སེམས་གསོ་བའི་དམ་ཆོས། བསྟན་པ་སྲུང་བའི་སྐུ་མཐུ་དང་གསུམ་མོ།ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ སློབ་དཔོན་པདྨ་འབྱུང་གནས་ལ་ཞུ་བ་ལན་གསུམ་ཕུལ་བའི་དང་པོ༔་་་སྨན་དཔྱད་ནི། ད་ལྟ་དུས་བཟང་སྤྱོད་པ་བཟང༔ ལྷ་དང་མི་མ་བྱེ༔ ཇོ་བོ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ཀྱི་བྱིན་རླབས་མ་ཡལ༔ འདྲེ་སྲིན་མ་རུངས་པ་རྣམས་་་པདྨ་ཉིད་ཀྱིས།དམ་ལ་བཏགས་པའི་དུས་སུའང༔ སེམས་ཅན་འདི་རྣམས་ལ་ནད་དང་གནོད་པ་དུས་མ་ཡིན་པའི་གདུག་རྩུབ་འབྱུང་ཞིང༔ སྐབས་ལ་མ་བབས་པར་འཆི་བའི་དུས་བྱེད་པར་གྱུར་ན༔ ཕྱི་མའི་དུས་སུ་སྙིགས་མ་ལྔ་བདོ་ལ་འདྲེ་སྲིན་མ་རུངས་པ་རྣམས་ཀྱི་ཁ་རླངས་ནད་གདུག་པ་ཅན་གྱིས་ཉེན་ནས༔ དམ་པའི་ཆོས་སྒྲུབ་ལོང་མེད་པའམ༔ དུས་མ་ཡིན་པར་སྲོག་གི་བར་ཆད་དུས་ད་ལྟ་བས་དར་བར་འགྱུར་རམ་མི་འགྱུར༔ ཞེས་གུ་རུ་ལ་ཞུས་པ་ནི༔ ཨེ་མ་ཧོ༔་་་ངོ་མཚར་ཆེ། སློབ་དཔོན་པདྨ་ཆེན་པོ་ལགས༔ ཉིད་ནི་མངོན་ཤེས་་་དུས་གསུམ་མཁྱེན་པ།ཆེ་དང་ལྡན༔ སྙིགས་དུས་སེམས་ཅན་མི་ལུས་ལ༔ ནད་ཀྱི་གནོད་པ་དར་མི་དར༔ མཐའ་མི་དབུས་སུ་ལྟུང་མི་ལྟུང༔ སངས་རྒྱས་བསྟན་པ་ཇི་ཙམ་གནས༔ ལུང་བསྟན་ཐོབ་པ་དུ་ཙམ་མཆིས༔ མ་འོངས་དོན་དུ་བསྟན་པར་ཞུ༔ ཞེས་་་ཡུམ་གྱིས།ཞུས་པས༔ ཇོ་མོས་ཞུ་བའི་བསམ་པ་དང༔ སློབ་དཔོན་གྱིས་གནང་བའི་ཐུགས་རྗེ་འཛོམ་སྟེ༔ གདུལ་བྱ་སྐབས་ལ་བབས་པར་མཁྱེན་ནས་་་སློབ་དཔོན་གྱིས། སེམས་ཅན་གྱི་དོན་དུ་ཞུ་བ་ངོ་མཚར་ཆེ།ལན་གསུངས་པ༔ ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སེམས་ཅན་མ་རིག་སྡོང་པོ་་་མི་ལུས་འདི།ལ༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ མི་དགེ་སྡིག་སྤྱོད་ལོ་ཏོག་འཁྲུངས༔ རྣམ་སྨིན་འབྲས་བུ་ནད་དུ་སྨིན༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ དུ་རུ་ཀ་ཡི་དམག་ཀྱང་འབྱུང༔ བསྟན་པའི་ཚོང་དུས་བཅོམ་པར་བྱེད༔ ལུང་བསྟན་ཐོབ་པ་ཉི་ཤུ་གཅིག༔ དགེ་དང་སྡིག་པ་སྤེལ་མར་སྤྱོད༔ དེ་རྣམས་སྙིགས་དུས་དར་བར་འགྱུར༔ ཅེས་གསུངས་སོ༔ ཡུམ་གྱིས་གུ་རུ་ཆེན་པོ་ལ༔ གསེར་དང་གཡུ་ཡི་མཎྜལ་ཕུལ༔ རོ་མཆོག་བརྒྱ་ལྡན་ཞལ་དུ་དྲངས༔ ཕྱི་ནང་གསང་བའི།་་་མཆོད་པའི་བྱེ་བྲག་དཔག་མེད་བཤམས༔ དར་ཟབ་ན་བཟའ་སྐུ་ལ་གསོལ༔ ལུས་ངག་ཡིད་གསུམ་གྱི།་་་བླ་མ་མཉེས་པའི་ཞབས་ཏོག་བྱས༔ དེ་ནས་ཡུམ་གྱི།་་་གུས་པའི་ཡིད་ཀྱིས་ཐལ་མོར་སྦྱར༔ བརྩེ་སེམས་སྙིང་རྗེ་དྲག་པོ་ཡིས༔ ཞུ་བའི་ཚིག་འདི་སྙན་དུ་ཕུལ༔ ཨེ་མ་གུ་རུ་ཆེན་པོ་ལགས༔ དུས་གསུམ་མ་འགགས་ས་ལེར་མཁྱེན༔ མ་ལུས་མི་ལུས་ཀུན་མཁྱེན་ན༔ སྙིགས་དུས་སེམས་ཅན་འགྲོ་མཆོག་མི༔ དཀའ་བས་རྙེད་པའི་རྟེན་མཆོག་འདི༔ དུས་མིན་སྲོག་གི་བར་ཆད་ཀྱིས༔ ཆོས་མེད་སྟོང་ལོག་བྱེད་དགོས་ན༔ སྐྱི་ཤ་འབུང་ཞིང་མི་བཟོད་པས༔ ནད་ཀྱི་རྒྱུ་རྐྱེན་་་རྣམ་སྨིན་འབྲས་བུ་ནད་དུ་སྨིན་ཅེས་པ།མིང་ཅི་ལགས༔ དུས་ཡུན་སྲུང་བརྟག་གསོ་ཐབས་ཅི༔ གཉེན་པོའི་་་སྨན།སྦྱོར་བ་མ་ལུས་པ༔ ཐུགས་རྗེས་བདག་ལ་བཀའ་སྩོལ་ཅིག༔ འཆི་མེད་བདུད་རྩི་བུམ་པ་ལས༔ ཞུས་པ་ལན་དང་བཅས་པ་གླེང་གཞིའི་ལེའུ་སྟེ་དང་པོའོ༔ ཡུམ་གྱིས་དེ་ལྟར་ཞུས་པའི་ལན༔་་་རྣམ་པ་བརྒྱད་ཕུལ་བའི། ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ དང་པོ་རྒྱུ་བསྟན་པ།་་་སྙིགས་མའི་དུས་ཀྱི་སེམས་ཅན་རྣམས༔ ལོག་པའི་འཁྲུལ་འཁོར་སྣ་ཚོགས་སྤྱོད༔་་་སྡིག་པ། སྔགས་པ་རྩ་བའི་དམ་ཚིག་ཉམས༔་་་སྟག་མོ་ཁ་འཐབ་བྱེད། བཙུན་པ་རྩ་བའི་འདུལ་ཁྲིམས་ཉམས༔་་་དང་པོ་བླ་མས་མི་ཐུབ་སྟེ་སློབ་དཔོན་ཉམས། སྐྱེ་བོ་ངོ་ཚ་ཁྲེལ་ལས་བུད༔་་་མནའ་ཟ་བ་ལ་སོགས། དགེ་བཤེས་་་རྣམས་ནི།འཁྲུག་པའི་ཡོ་ལང་བྱེད༔ སྟོན་པའི་དམ་ཆོས་་་རྣམས།ཟོང་དུ་འཚོང༔ རྣལ་འབྱོར་་་རྣམས།ཐོ་ཅོས་ཉ་མ་བསླུ༔ སྒོམ་ཆེན་རྫུན་གྱིས་བུ་སྨད་གསོ༔ ཆོས་པ་རྣམས་ནི།་་་བླ་མ་དཀོན་མཆོག་རྒྱབ་ཏུ་བསྐྱུུར༔ བདུད་དང་མུ་སྟེགས་དང་དུ་ལེན༔་་་ལོག་པའི་སྤྱོད་པ། འཇིག་རྟེན་ལྷ་འདྲེ་སྲོག་གིས་མཆོད༔་་་གཉའ་དམར་ལ་སོགས། ལོག་པའི་སྤྱོད་ངན་་་དེ་འདྲ།སྣ་ཚོགས་ཀྱི༔ རང་གི་སྤྱོད་པས་རང་ཉིད་ཕུང༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་གཉིས་པའོ༔ གཉིས་པ་རྐྱེན་བསྟན་པ་ནམ་མཁའི་རཱ་ཧུ་ལ་སོགས་པ།་་་ཡ་བདུད་གཟའ་མཆོག་རྒྱལ་པོ་ཁྲོས༔ མ་བདུད་གཏིང་ཁམས་མ་མོ་་་རྣམས།གཡོས༔ ས་བདག།་་་ཧལ་ཁྱི་ལ་སོགས་སྡེ་བརྒྱད་འཁྲུགས༔ གདུག་པ་ཅན་་་དེ་རྣམས།གྱི་ཁ་རླངས་འཕྲོས༔་་་པ་ལས། ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས༔ ནད་མཚོན་མུ་གེ་ཆར་ལྟར་བབས༔ མཛེ་དང་དམུ་ཆུ་གཉན་ནད་་་བལ་ནད་རྒྱུ་གཟེར་གཞང་འབྲུམ་ལ་སོགས།དང༔ དྲེགས་པ་ཅན་གསུམ་ལས་དང་པོ།་་་རུས་ནད་ནག་པོ་མཛེ་ཡིས་འཛིན༔ ཁྲག་ནད་དམུ་ཆུ་རྫིང་དུ་འཁྱིལ༔ ཤ་ནད་དོན་སྙིང་གཉན་གྱིས་རྨུག༔ ཅེས་གསུངས་སོ༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་ཀྱི་རྐྱེན་བསྟན་པའི་ལེའུ་སྟེ་གསུམ་པའོ༔ གསུམ་པ་མིང་བསྟན་པ།་་་གསུམ་གྱི་ཐ་མ་གཉན་ནད་དེ༔ འདེགས་བྱེད་རླུང་གི་རྟ་ལ་ཞོན༔ རིམ་པས།་་་ཚ་བ་སྦུགས་པའི་བེར་ཆེན་གོན༔་་་རྒས་པོ། མཆིན་མཁྲིས་ཚ་བའི་གནས་སུ་བབས༔ མིང་གི་རྣམ་གྲངས།་་་རྒྱ་ནད་མིག་སེར་ཞེས་ཀྱང་བྱ༔ བལ་ནད་རིམས་ཚད་ཅེས་ཀྱང་བྱ༔ གཉན་ཚད་ཐོག་བབས་ཞེས་ཀྱང་བྱ༔ ནག་པོ་རྒྱུག་འགྱེལ་ཞེས་ཀྱང་བྱ༔ ཅོག་འགྱེལ་ལྟག་དགྱེད་ཅེས་ཀྱང་བྱ༔ ནག་པོ་གསུམ་བསྒྲིལ་ཞེས་ཀྱང་བྱ༔ མིང་གི་རྣམ་གྲངས་བརྗོད་མི་ལངས༔ ཁོ་ཡིས་སྤྲུལ་པ་་་ཐམས་ཅད་ཀྱིས་རྟ་ལ་ཞོན།ཅིར་ཡང་སྟོན༔ སྙིགས་མའི་དུས་ཀྱི་ནད་ཐམས་ཅད་།་་་ཁོ་ལ་མི་གཏོགས་གཅིག་ཀྱང་མེད༔ སྨན་པས་རྩ་རྒྱུག་མཁྲིས་པར་འཆོས༔ སྐྱེ་བོ།་་་བླུན་པོ་རྣམས་ནི་རླུང་བཅོས་བྱེད༔ ཡང་ན་་་བུད་མེད་རྣམས་ནི།རུས་ནད་གྲང་བར་འཆོས༔ ཕལ་ཆེར་་་འདེགས་པ་མང་སྟེ།ཁ་དམར་ཐོགས་པ་ཉུང༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་ཀྱི་མིང་བསྟན་པའི་ལེའུ་སྟེ་བཞི་པའོ༔ བཞི་པ་རིམས་འབྱུང་བའི་དུས་བསྟན་པ།་་་ཚེ་ལོ་དྲུག་ཅུ་ཁ་རལ་ལ༔ སེམས་ཅན་གྱི།་་་སྲོག་གཅོད་སྙིང་རྗེ་མེད་པའི་དམག༔ མཐའ་མིས་་་ཧོར་གྱི།དབུས་ཡུལ་བཟུང་ནས་སུ༔ བོད་ཁམས་་་སེམས་ཅན་བཞི་གསུམ་དབུགས་དང་བྲལ་ནས།ཆམ་ལ་འབེབ་པའི་ཚེ༔ ས་ཡི་འཕྲུལ་འཁོར་་་ས་གཡོས་པ།ཆེན་པོ་འབྱུང༔ རྩི་ཤིང་ནགས་ཚལ་འགུལ་ཞིང་ལྡེག༔ རི་རྡོ་ཀླུང་དུ་ཆར་ལྟར་བབས༔ སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲགས༔་་་འགའ་ཞིག་ལུས་སྲོག་དབུགས་དང་བཞི་གསུམ་འབྲལ། དེ་རྗེས་མཁའ་ལ་མེ་འབར་ནས༔ ཉི་ཟླ་གཟའ་སྐར་གཟི་མདངས་ཉམས༔ ཆར་རྒྱུན་མེ་ཏོག་རི་བོང་རྭ༔་་་འདྲ་སྟེ་མེད། སྐྱེ་འཁྲུངས་ལོ་ཏོག་མ་རུངས་་་བརླག་པར།བྱས༔ རྡོ་ཡི་འཕྲུལ་འཁོར་་་ཡོས་འཐག་པ།རྒྱུན་ཐག་ཆད༔ ཚ་གྲང་འཐབ་པའི་ང་རོ་ཉམས༔ ཀུག་ཅེས་བྱ་བའི་ནད་ཀྱང་འབྱུང༔་་་ལྷོག་པ་ལ་ཟེར། དབང་པོའི་གྲྭ་ཆག་གཟི་མདངས་ཤོར༔་་་ནད་དེས་བཞི་གསུམ་འཇོམས་པར་བྱེད། ཡི་དྭགས་ལྟ་བུར་རིད་ཅིང་ཉམས༔ བག་མེད་ལུས་པོ་སྟན་ལ་འབྱར༔ གསོ་བའི་ཐབས་བྲལ་སྨན་མཆོག་དཀོན༔ དེ་བྱུང་སྤྱོད་པ་སྔ་ལྟས་ནི༔ གོས་ངན་ཁྱི་ཐུལ་གོན་པ་འོང༔ ཞྭ་ངན་རྩིད་ཞུ་གྱོན་པ་འོང༔ ཕུ་དུང་ཁ་མཐུད་དམར་པོ་འདོགས༔ ལྟ་བ་མཐོན་པོར་ཁས་བླངས་ནས༔ ཕཊ་ཀྱི་དེ་ཉིད་མི་ཤེས་པར༔་་་མཚན་ཉིད་མི་ཤེས་པ། ཁ་ལ་ཕཊ་ཅེས་་་གང་གིས་ཀྱང་ཅི་བྱེད་འཆི་བ་འོང་བར་གདའ་ཟེར་འདོད་སྲེད་སུ་བས་ཆེ་བ་ཞིག་གོ།ཟེར་བ་འོང༔ ཆོས་མེད་ལོག་ཆོས་སྤྱོད་པ་འོང༔ དེ་འདྲའི་དུས་རྣམས་བྱུང་དུས་སུ༔ ནག་པོ་རྒྱུག་འགྱེལ་དར་བར་འགྱུར༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་འབྱུང་བའི་དུས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ལྔ་པ་ཡུན་བསྟན་པ་ནི།་་་ཡུན་ནི་ཟླ་གཅིག་ལོ་གཅིག་གམ༔ ཡང་ན་ལོ་སྐོར་གཅིག་བར་དུ༔ མཛེ་ཡུལ་གྲོང་ཟན་ཟ་བ་ལྟར༔ འདྲིས་པའི་ས་རུ་ཡང་ཡང་བཟློག༔་་་པར་བཤད་པ། རྒྱ་མོ་དར་བལྟབས་་་རིམ་པ་རིམ་པས།བཞིན་དུ་གནས༔ སྨྱོན་ཐབས་རྐུན་བུ་བཞིན་དུ་་་དུས་མ་ཡིན་པར་རྟགས་མ་ཡིན་པས་འཆི་བར་བཤད།འོང༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་གནས་པའི་ཡུན་བསྟན་པའི་ལེའུ་སྟེ་དྲུག་པའོ༔ དྲུག་པ་སྲུང་ཐབས།་་་དེ་ལ་སྲུང་ཐབས་རྣམས་པ་གསུམ༔ ཕྱི་ནང་གསང་གསུམ་སྲུང་ཐབས་བསྟན༔ དང་པོ།་་་ཕྱི་སྲུང་སྤྱོད་ལམ་ཆོ་གས་བསྲུང༔ ནང་སྲུང་ཟུ་གུ་གྱད་ཀྱིས་བསྲུང༔ གསང་སྲུང་ལྟ་སྒོམ་་་ཏིང་འཛིན་གྱི།དམིགས་པས་བསྲུང༔ དང་པོ་ཕྱི་ཡི་སྲུང་བ་ནི༔ འཁོན་ཐབས་སྤང་དང་གོང་མ་བཅོས༔ དུས་ཀྱི་རིམ་གྲོ་ལུགས་བཞིན་བྱ༔ ཆོས་སྤྱོད་དགེ་ལ་བརྩོན་པར་འབད༔ དཀར་ཆོས་་་མདོ་ཁྱད་པར་ཅན་ལ་སོགས་པ།གསུང་རབ་བསྒྲག་པ་བསྔགས༔ གཉིས་པ་་་དཔའ་བོ་དགུའི།ནང་གི་སྲུང་བ་ནི༔ ཟུ་གུ་ནང་དུ་གཞུག་པ་དང༔ མཐའ་བཞིའི་གྱད་་་བྱུག་པ། ཕུར་མ། སྔགས། འཁོར་ལོ།ཀྱིས་བསྐོར་ལ་བསྲུང༔ གསུམ་པ་གསང་བའི་སྲུང་བ་ནི༔ མི་རྟོག་སྟོང་པའི་ངང་ཉིད་ལས༔ ལྷ་ཡི་ང་རྒྱལ་མ་བྲལ་བར༔ སྤྲུལ་པའི་བྱ་ཁྱུང་སྔོན་པོ་དང༔ ཉི་ཟླ་འབར་བའི་དཀྱིལ་འཁོར་བསྒོམ༔ ཆོས་རྣམས་ཐམས་ཅད་སྟོང་པ་ཉིད༔ རྣམ་པར་མི་རྟོག་ངང་ལ་བཞག༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་སྲུང་ཐབས་བསྟན་པའི་ལེའུ་སྟེ་བདུན་པའོ༔ བདུན་པ་བརྟག་ཐབས་བསྟན་པ་ནི།་་་ནད་ཀྱི་རིགས་ལ་རྣམ་པ་་་ལྔ།བཞི༔ མེ་ཆུ་ས་རླུང་འདུས་པའོ༔་་་འབྱུང་བ་བཞིས་བསྐྱེད། བརྟག་ཐབས་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ སྔོན་འགྲོ་འབྱུང་བའི་རིགས་་་རྣམ་པ་ལྔས།ལ་བརྟག༔ དངོས་གཞི་གཟུང་ཡུལ་དོན་ལ་བརྟག༔ ཐ་མ་འཚོ་འཆི་བརྟག་པ་སྟེ༔ དང་པོ་སྐྱ་རིམས་སྤྱི་ཡི་རྟགས༔ བར་དུ་ཁྱད་པར་གཉན་གྱི་རྟགས༔ ཐ་མ་དོན་ལ་བབས་པའི་རྟགས༔ རླུང་དང་ཚད་པ་གཉན་གསུམ་རྟགས༔ འབྱུང་བཞི་་་མེ་ཆུ་ལ་སོགས།རིགས་དང་བསྟུན་ནས་སུ༔ འཇུག་པའི་སྒོ་དང་འགྲིམ་པའི་སྲང༔ གནས་པའི་ཡུལ་དང་འཁྲས་པའི་རྫོང༔ ནད་དང་གདོན་གྱི་བྱེ་བྲག་གིས༔ སྤྱི་དང་ཁྱད་པར་སོ་སོར་བརྟག༔ འཆི་མེད་བདུད་རྩི་བུམ་པ་ལས༔ རིམས་བརྟག་ཐབས་་་་ལ་ནག་པོ་རྒྱུག་འགྱེལ་ཡིན་མིན།བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ བརྒྱད་པ་བཅོས་ཐབས་བསྟན་པ།་་་དེ་ལ་བཅོས་ཐབས་རྣམ་པ་གསུམ༔ གཉན་དང་ཚད་པ་རླུང་དུ་བཅོས༔ དང་པོ་གཉན་གྱི་རི་བོ་བསྙིལ༔ བར་དུ་ཚད་པའི་མེ་དབལ་བསད༔ ཐ་མ་རླུང་བཅོས་ལུས་པོ་གསོ༔ གཉན་གྱི་རི་བོ་བསྙིལ་བ་ལ༔ བཅོས་ཐབས་རྣམ་པ་གསུམ་ཡོད་དེ༔ རྒྱལ་པོ་གདན་ལས་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་པ་དང༔ ནད་རིགས་ངོ་ཡི་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བ་དང༔ སྒྱུ་ལུས་དུམ་བུར་བཏུབས་ནས་སུ༔ མདེའུ་ཐུང་གར་བབས་བཅོས་པ་འོ༔ རྒྱལ་པོ་གདན་ལས་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་ཐབས་ནི༔ སྨིན་བྱ་ནད་དཔྱད་སྦྱང་བ་དང༔ གཏར་སྲེག་དཔྱད་ཀྱི་འཁོར་ལོ་རྣམས༔ ལུས་ཟུངས་ནད་ཀྱི་གཞི་ལ་དྲིས༔ ནད་རིགས་ངོ་ཡིས་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བ་ནི༔ མེ་ཆུ་ས་རླུང་འབྱུང་བཞི་ལ༔ གཉེན་པོ་གྲང་དྲོ་གཏོང་བ་སྟེ༔ ས་མེ་ཚ་བ་བསིལ་དུ་བཅོས༔ ཆུ་རླུང་གྲང་བ་དྲོད་དུ་བཅོས༔ འགྱུར་བ་མེད་པར་བརྟགས་ནས་སུ༔ འཆོར་བ་མེད་པར་བརྩོན་པར་བཅོས༔ སྒྱུ་ལུས་དུམ་བུར་གཏུབས་ནས་སུ༔ མདེ་ཐུང་སྨན་གྱིས་བཅོས་པ་ནི༔ གདུགས་་་མགོ་བོ།དང་འཁོར་ལོའི་་་རྐང་མཐིལ།བར་དག་ཏུ༔ འབྱུང་བ་ཚ་གྲང་མ་སྙོམས་པར༔ བྱེ་བྲག་ཁོལ་བུར་ཟུག་བྱུང་ན༔ མགར་བ་མཁས་པའི་ལག་ཆ་བཞིན༔ རིག་པའི་མདའ་ཡིས་བསྣུན་ལ་བཅོས༔ སྤྱིར་དུ་ནག་པོ་གསུམ་སྒྲིལ་ལ༔ གཉན་དང་ཚད་པ་རླུང་དུ་བཅོས༔ བདུད་རྩི་ཆེན་པོའི་སྦྱོར་བ་ཡིས༔ དང་པོ་གཉན་གྱི་རི་བོ་གཞོམ༔ བསིལ་སྨན་གཉེན་པོ་སྦྲགས་པ་ཡིས༔ བར་དུ་ཚ་བའི་མེ་དབལ་བསད༔ བཅུད་བཅོས་ཚད་དང་ལྡན་པ་ཡིས༔ ཐ་མ་རླུང་བཅོས་ལུས་པོ་གསོ༔ སྨན་རྣམས་བུངས་མཉམ་བསྲེས་ལ་བཏགས༔ སྨན་ཆེན་སུམ་འགྱུར་ཁ་གནོན་བཏང༔ རྒྱ་བྲག་ངོས་ཀྱི་ཞུན་ཆེན་དང༔ ཡོན་ཏན་རྒྱས་པའི་ཆབ་་་ལོ་བརྒྱད་དམ་དགེ་སློང་གཙང་མ།ཀྱིས་བསྡུས༔ རིལ་བུ་སྲན་མ་འབྲིང་པོ་ཙམ༔ ལྔ་འམ་བདུན་ནམ་དགུ་བཅུ་གཅིག༔ བཅོ་ལྔ་ལ་སོགས་ཐུན་གྱི་ཚད༔ ལུས་ཟུངས་ནད་ཀྱི་དབྱིབས་དང་སྦྱར༔ ནད་སོས་དང་ག་མི་ལེན་ན༔ སེའུ་འབྲུ་བཞི་པའི་སྦྱོར་བ་བྱ༔ རྒས་དང་བྱིས་པ་ལུས་ཟུངས་ཟད༔ ཉམས་དང་ལྡན་པས་སྤང་བར་བྱ༔ གཅེས་པ་སྙིང་དང་འདྲ་བ་ལ༔ ཤིན་ཏུ་འབད་ལ་བརྩོན་པར་བཅོས༔ རྟོག་བྲལ་བྱང་སེམས་ལྡན་པ་ཡིས༔ མཁའ་མཉམ་སེམས་ཅན་དོན་ཆེད་དུ༔ ལྷ་ཡི་ང་རྒྱལ་མ་བྲལ་བར༔ བརྩེ་སེམས་སྙིང་རྗེ་དྲག་པོས་བཅོས༔ འཆི་མེད་བདུད་རྩི་བུམ་པ་ལས༔ ནག་པོ་རྒྱུག་འགྱེལ་གྱི།་་་རིམས་ནད་བཅོས་པའི་ལེའུ་སྟེ་དགུ་པའོ༔ ཚ་གྲང་ནག་པོ་རྒྱུག་འགྱེལ་ལ༔ འདི་བས་ལྷག་པའི་བཅོས་ཐབས་ནི༔ འཛམ་གླིང་ཉི་མ་ལྟར་རྒྱུག་ཀྱང༔ ཤིན་ཏུ་དཀོན་ཏེ་གསེར་དང་འདྲ༔ གསོ་དཔྱད་བདུད་རྩི་བུམ་པ་འདི༔ ཡུམ་གྱི་སྐོར་འདི།་་་གཞན་ལས་ཁྱད་འཕགས་་་ལུས་ཀྱི།མགོ་དང་འདྲ༔ སྙིང་ངམ་དབང་པོའི་མིག་དང་མཚུངས༔ ལྷ་མི་ཀླུའི་རྒྱལ་པོ།་་་ཀུན་ལ་མེད་དོ་ནོར་བུ་འདྲ༔ གསོ་བྱེད།་་་འདི་ཡོད་་་ནད་རྒྱུག་འགྱེལ་གྱི།འཆི་བ་མི་འབྱུང་སྟེ༔ བདུད་རྩི་བུམ་པ་ཞེས་ཀྱང་བྱ༔ དེ་ཕྱིར་སུ་ལའང་མི་བསྟན་ཏེ༔་་་ཨོ་རྒྱན་གྲུབ་པའི་སྙིང་པོ་དང་གནུབས་ནམ་མཁའི་སྙིང་པོ་དང་། མངའ་བདག་རྒྱལ་པོས་ཞུས་པ་རྣམས་ནི་ཡན་ལག་དང་ཉིང་ལག་འདྲའོ། །གཅེས་ཤིག་པར་གདམས་པའོ། །གདམས་པ་འདི།་་་ཙིཏྟ་བུམ་པའི་དཀྱིལ་དུ་ཆོངས༔ གསོ་བ་ཡན་ལག་་་རྒྱུ་རྐྱེན་མིང་དུས་ཡུན་སྲུང་བརྟག་གསོ་བ་ལོག་གནོན་ནོ།བརྒྱད་པ་སྟེ༔ གཞན་ལ་བསྟན་ན་་་དམ་ཚིག་ཉམས་ཏེ་གོང་མ་རྣམས་ཀྱི།བྱིན་རླབས་ཉམས༔ མཁའ་འགྲོ་ཆོས་སྐྱོང་་་གཏེར་བདག་རྒྱལ་པོ་སྡེ་བཞི་སོགས་བཀའ་སྲུང་རྣམས་ཀྱིས།བཀའ་ཆད་འབྱུང༔ སྲོག་ལ་བབས་ཀྱང་ས་མ་ཡ༔་་་མི་གཏོང་སྟེ་དམ་ཚིག་ལ་དགོངས་ཤིག་པའོ། །གསོ་དཔྱད་་་རྒྱུད་དོན།དོན་སྐོར་་་སྲུང་བརྟགས་སོ།གསུམ་པ་འདི༔ གཅེས་སྤྲས་སྙིང་དང་འདྲ་བར་གདམས༔་་་གདམས་སོ་ཟབ་བོ། །འདི་སྟོན་བླ་མ་མགོ་ལྟར་་་དུ།ཁུར༔་་་ཅིག །མིག་བས་གཅེས་པའི་དམ་ཚིག་སྲུངས༔ འཆི་མེད་བདུད་རྩི་བུམ་པ་ལས༔ ཆེ་བ་བསྟན་པ་དང༔ གཅེས་སྤྲས་གྱིས་ཤིག་པར་བསྟན་པ་མཇུག་གི་ལེའུ་སྟེ་བཅུ་པའོ༔ འཆི་མེད་བདུད་རྩི་བུམ་པ་འདི༔ སྤེལ་བའི་གནས་མེད་ས་ལ་སྦོས༔ སྙིགས་མའི་དུས་སུ་ནད་བྱུང་ཚེ༔ ང་མིན་ང་དང་འདྲ་བ་ཡིས༔ ང་ཡི་གདུང་རྒྱུད་འཛིན་པ་དང༔ སེམས་ཅན་རྣམས་ལ་ཕན་གདགས་ཕྱིར༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་གདབ༔ འདོད་པ་བྲལ་བས་གཏེར་དུ་སྦོས༔ ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས་གསུངས་པ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་བདག་གིས་དཀར་ཆག་གི་རྟེན་དུ་ཡི་གེར་བཀོད་པའོ༔ འཆི་མེད་བདུད་རྩི་བུམ་པ་རྩ་བའི་རྒྱུད་རྫོགས་སོ༔ གཞུང་ཡན་ལག་བརྒྱད་པ་ཞེས་ཀྱང་བྱ༔ རྒྱུད་དོན་སྐོར་གསུམ་ཞེས་ཀྱང་བྱ༔ གསོ་དཔྱད་དོན་སྐོར་གསུམ་པ་ཞེས་ཀྱང་བྱའོ༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ ྈྈྈྈ ྈྈྈ ྈྈྈྈ ༈ འཇམ་པའི་དབྱངས་ཀྱི་ཐུགས་བཅུད་ཉི་ཟླ་ཁ་སྦྱོར་དང་འཆི་མེད་བདུད་རྩི་བུམ་པའི་ཆུ་རྒྱུན་ཀུན་ལ་མེད་པའི་ཁྱད་ཆོས་ཡོད་པ་ལགས་སོ༔ ྈ ྈྈྈྈྈྈ གཞོན་ནུའི་ཆ་ལུགས་འཆང་བ་པོ༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག༔ བློན་པོ་ཁྲིམས་ཀྱི་སྒྲོ་བ་རལ༔ སངས་རྒྱས་བསྟན་པའི་དར་མདུད་གྲོལ༔ ལོག་པའི་སྤྱོད་པ་སྣ་ཚོགས་ཀྱིས༔ ནག་པོའི་ཕྱོགས་རྣམས་སྤོབས་པ་སྐྱེས༔ སྲིད་པའི་དལ་བདག་ཆེན་མོ་གཅིག༔ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་སྟེགས་བཅས་ཏེ༔ ཐལ་མོ་བར་སྣང་ཁམས་སུ་བརྡབས༔ དུག་མདའ་ཁ་རླངས་འཕངས་པ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁྲུགས༔ ནད་མཚོན་མུ་གེའི་བསྐལ་པ་དར༔ ཁྱད་པར་གདུག་པ་གཉན་གྱི་ནད༔ གསུམ་བསྒྲིལ་ནག་པོ་རྒྱུག་འགྱེལ་ལངས༔ དེ་ཡི་རྟགས་ལ་གསུམ་ཡོད་དེ༔ དང་པོ་སྐྱ་རིམས་སྤྱི་ཡི་རྟགས༔ བར་དུ་ཁྱད་པར་གཉན་གྱི་རྟགས༔ ཐ་མར་དོན་ལ་བབ་པའི་རྟགས༔ དང་པོ་སྐྱ་རིམས་གཡོ་དུས་སུ༔ གདོན་གྱི་སོ་པས་བཟུང་བ་དང༔ ནད་ཀྱི་རླངས་ཀྱིས་ཐེབས་པའི་རྟགས༔ སྔོན་ལ་རྨི་ལམ་ཉག་ཉོག་འོངས༔ ལུས་པོ་ཁ་ལྕེ་རྩེ་འདར་ཁྱེར༔ ལུས་ན་མགོ་འཁྱོམས་ཡན་ལག་འཁྱུག༔ དཔྱི་རྐེད་ཚིགས་དང་རུས་མིག་ཁོལ༔ མིག་རིལ་ན་ཞིང་གཡའ་སྦྲིད་མང༔ ལུས་འདར་ཁོང་ལྕི་ཤེས་པ་ཉོག༔ རྩ་ནི་གྲིམས་ཤིང་འཕྲ་ལ་སྦུན༔ སྙིང་མི་དགའ་ཞིང་འགྲོ་སྙིང་འདོད༔ རྣ་བ་འུར་ཞིང་མགོ་བོ་འཕྱོ༔ མགོ་ན་ལུས་ལྕི་ཕྲུམ་སེར་ཁྱེར༔ ཁམ་ངལ་ལྕེ་སེར་དང་ག་འགག༔ རླུང་ཚད་གཉིས་ཀྱི་རྟགས་འབྱུང་བས༔ བརྟག་པ་ཤིན་ཏུ་དཀའ་བ་ཡིན༔ བར་དུ་ཁྱད་པར་གཉན་གྱི་བརྟག༔ ཨན་སྟོང་དང་པོ་ན་ཞིང་སྐྲངས༔ གཟུགས་འཛིན་ཆུ་ཡི་དཀྱིལ་འཁོར་ལ༔ རྩ་རིས་དམར་པོ་ཐུར་ལ་འོང༔ རོ་འཛིན་འོག་ཏུ་ནག་ཐིབ་འོང༔ སྟེང་དུ་འབྲུམ་པ་དཀར་པོ་འོང༔ དྲི་འཛིན་སྣ་ཡི་རྩེ་མོ་དང༔ རྣ་བའི་རྩེ་མོ་ནག་པོར་འགྲོ༔ སོག་པའི་སྟེང་དུ་ཤ་བཀྲ་འོང༔ སྲིན་ལག་རྩ་འཕར་དྲག་ཏུ་རྡེབ༔ ཆུ་ནི་མར་ནག་འདྲ་བ་འབྱུང༔ ན་མ་ཐག་ནས་གཟེར་བ་འོངས༔ གཟེར་མ་ཐག་ནས་ལུ་བ་འབྱུང༔ ལུ་མ་ཐག་ནས་དུད་ཁུར་འོངས༔ རྟགས་རྣམས་ཐམས་ཅད་ཚང་ན་འཆི༔ གཉིས་གསུམ་ལ་སོགས་བྱུང་ཡང་ཐུབ༔ ཐ་མ་དོན་ལ་བབ་རྟགས་ནི༔ སྙིང་བབས་ནུ་མཆིན་སོག་ཐོག་ན༔ ཤེས་པ་གསལ་འགྲིབ་བླ་ཅོལ་སྨྲ༔ དབུགས་ཐུང་མིག་རྒོད་འགུལ་ན་འགྱེལ༔ རོ་འཛིན་སེར་ནག་སྒྲིལ་མར་འོངས༔ གློར་བབས་རྒྱབ་སྟོད་གཟེར་ཞིང་ན༔ གློ་ལུ་མི་ཤེས་དབུགས་མི་བདེ༔ ལུད་པ་དམར་སེར་སྨུག་པོར་འོངས༔ དྲི་འཛིན་ཀླུ་ཡིས་བཟུང་བ་འདྲ༔ མཆིན་བབས་རྩིབས་མ་གཡས་སུ་གཟེར༔ རོ་སྟོད་ན་ཞིང་དབུགས་ཀྱིས་འདེགས༔ ལུད་པ་སེར་སྨུག་དག་ཏུ་འབྱུང༔ གཟུགས་འཛིན་མི་གསལ་མཁྲིས་པས་འཕྲོག༔ མཚེར་བབས་རྩིབས་མ་གཡོན་དུ་གཟེར༔ ཁོང་སྨད་སྦོ་ཞིང་རྩ་ཆུ་སྡོམ༔ སྨྲ་བྱེད་མཆུ་སྐམ་རྩ་ཆུ་་་གྲེ་བ།འགག༔ མཁལ་མ་གཉན་གྱི་ལམ་ཡིན་པས༔ སྒྲ་འཛིན་མི་གསང་འུར་སྒྲ་འབྱིན༔ ཁ་ཆུ་འཛག་ཅིང་མཁལ་རྐེད་ན༔ མཁལ་བབས་མཁལ་ཁུང་རྐེད་པར་གཟེར༔ རྒྱུ་ལོང་སྒྲ་འབྱིན་སྒྲེགས་བུ་འབྱིན༔ རྐང་པ་བཤལ་ཞིང་རྣ་བ་གཟེར༔ ཚོན་ཚོགས་ཀུན་གྱི་ལུད་པ་ཡིན༔ རྒྱུག་འགྱེལ་ནག་པོ་གསུམ་བསྒྲིལ་དེ༔ འཇུག་པའི་སྒོ་དང་འགྲིམ་པའི་སྲང༔ གནས་པའི་ཡུལ་དང་འཁྲས་པའི་རྫོང༔ རྒྱལ་རིགས་ཚ་བ་མེ་ལ་ཞོན༔ སྤྱི་གཙུག་ཚངས་པའི་སྒོ་ནས་འཇུག༔ རྒྱལ་རིགས་ཟུར་གསུམ་སྙིང་གི་ལམ༔ རོ་འཛིན་ལྕེ་ཡི་འཕྲང་ལ་འགྲིམ༔་་་རོ་མི་ཚོར། རྒྱུ་མའི་ཡུལ་དུ་གནས་བཅས་ཏེ༔་་་འཁྲུ་བ་འོང་། སྙིང་གི་རྫོང་ལ་འཁྲས་པར་བྱེད༔་་་མི་དགའ། དམངས་རིགས་གྲང་བ་ཆུ་ལ་ཞོན༔ རྐང་མཐིལ་ཆུ་རྒྱུས་སྒོ་ནས་འཇུག༔ སྒྲ་འཛིན་རྣ་བའི་འཕྲང་ལ་འགྲིམ༔་་་སྒྲ་མི་ཚོར། ལྒང་བའི་ཡུལ་དུ་གནས་བཅས་ཏེ༔་་་ཆུ་སྡོམ། མཁལ་མའི་རྫོང་ལ་འཁྲས་པར་བྱེད༔་་་རྐེད་པ་ན། རྗེ་རིགས་རླུང་གི་རྟ་ལ་ཞོན༔ དབུགས་དང་སྣ་ཡི་ལམ་ནས་འཇུག༔ དྲི་འཛིན་སྣ་ཡི་འཕྲང་ལ་འགྲིམ༔་་་མི་ཚོར། ལོང་གི་ཡུལ་དུ་གནས་བཅས་ཏེ༔་་་འཁྲུ་བ་འོང་། གློ་བའི་རྫོང་ལ་འཁྲས་པར་བྱེད༔་་་ལུ་བ་འོང་། བྲམ་ཟེ་ས་ཡི་རྟ་ལ་ཞོན༔ རོ་རྐྱང་རྩ་བའི་ལམ་ནས་འཇུག༔ གཟུགས་འཛིན་མིག་གི་འཕྲང་ལ་འགྲིམ༔་་་མི་གསལ། མཁྲིས་པའི་ཡུལ་དུ་གནས་བཅས་ཏེ༔ མཆིན་པའི་རྫོང་ལ་འཁྲས་པར་བྱེད༔་་་ན་བ་འོང་། གདོལ་པ་ནམ་མཁའི་རྟ་ལ་ཞོན༔ ཀུན་འདར་མ་ཡི་སྒོ་ནས་འཇུག༔་་་གདོན་སོགས་ཀྱང་དེ་ནས་འཇུག །སྨྲ་བྱེད་མཆུ་ཡི་འཕྲང་ལ་འགྲིམ༔ ཕོ་བའི་་་་ཕོ་བ་དང་ལོང་གི་ནང་དུ་གནས་བཅས་ཏེ༔ མཚེར་བའི་རྫོང་ལ་འཁྲས་པར་བྱེད༔་་་འཕར་འོང་། སྤྱི་རུ།་་་ཆུ་སེར་ནག་པོ་་་ཐམས་ཅད།ནད་ཀྱི་རྒྱུ༔་་་དེ་ལ། གྲོགས།་་་ཚ་བར་བྱེད་པའི་མེ་ཡིས་སྲེག༔ གཡོ་བར་བྱེད་པའི་རླུང་གིས་སྐྱོད༔ ལྕི་བར་བྱེད་པའི་ས་ལ་བརྟེན༔ རྒྱུག་པར་བྱེད་པའི་ཆུ་ལ་ཞོན༔ ནམ་མཁས་གོ་འབྱེད་འབྱུང་བཞི་འཁྲུགས༔ རྒྱུག་འགྱེལ་ནག་པོ་གསུམ་བསྒྲིལ་གྱིས༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ རྒྱ་དར་བཞིན་དུ་བལྟབ་ཅིང་འོངས༔ འཁྲུལ་པ་མེད་པའི་བརྟག་པ་འདི༔ སྙིགས་མའི་དུས་སུ་ཐོན་པར་ཤོག༔ ཅེས་མཁར་ཆེན་བཟའ་ལ་གདམས་པའོ༔ བརྟགས་པ་ཉི་ཟླ་ཁ་སྦྱོར་གྱི་རྩ་རྒྱུད་རྫོགས་སོ༔ ༈ འཇམ་པའི་དབྱངས་ཀྱི་ཐུགས་བཅུད་ཉི་ཟླ་ཁ་སྦྱོར་གྱི་བཤད་རྒྱུད་བཞུགས་སོ༔ ྈྈྈྈྈ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ སུམ་བསྒྲིལ་ནག་པོ་རྒྱུག་འགྱེལ་གྱི༔ བྱེ་བྲག་ཆ་ཤས་འབྱེད་པའི་ལྷ༔ གཞོན་ནུའི་ཆ་ལུགས་འཆང་བ་པོ༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ རྒྱུག་འགྱེལ་ནག་པོ་སུམ་བསྒྲིལ་ལ༔ བརྟག་ཐབས་རྣམ་པ་གསུམ་ཡོད་དེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ སྔོན་འགྲོ་་་སྐྱ་ནད་འབྱུང་བའི་དུས་སུ།འབྱུང་བའི་རིགས་ལ་བརྟག༔ དངོས་གཞི་་་དོན་ལ་བཟུང་བའི་དུས་སུ།བཟུང་ཡུལ་དོན་ལ་བརྟག༔ ཐ་མར་འཚོ་འཆི་བརྟག་པ་སྟེ༔ དེ་ལ་སྤྱི་དང་བྱེ་བྲག་གོ༔ དང་པོ་སྐྱ་རིམས་གཡོ་དུས་སུ༔ གདོན་གྱི་སོ་པས་བཟུང་བ་དང༔ ནད་ཀྱི་རླངས་ཀྱིས་ཐེབས་པ་རྟགས༔ སྔོན་ལ་རྨི་ལམ་ཉག་ཉོག་འོང༔ ངལ་ལ་་་དོན་ལ་བཟུང་བའི་དུས་སུ།ལུས་ལྕི་ལྕེ་འདར་ཁྱེར༔ མགོ་བོ་ན་ཞིང་ཡན་ལག་འཁྱོལ༔ ཁམ་ངལ་དང་ག་མི་བདེ་ལྡོག༔ ཁྱད་པར་མགོ་བོ་ན་ཞིང་འཁྱོམ༔ ཁ་སྐམ་ཡན་ལག་བརྐྱང་སྙིང་འདོད༔ དཔྱི་རྐེད་རུས་མིག་བདུད་སྒོ་ཁོལ༔ ཤེས་པ་ཟི་ལ་ཚིག་པ་ཟ༔ རྒྱང་མིག་བལྟ་བཞིན་སྙིང་མི་དགའ༔ འགྲོ་སྙིང་འདོད་དེ་འགྲོ་བ་དཀའ༔ ཤེས་པ།་་་ཡེད་ཡེད་པོ་ལ་སེམས་རྩ་གཡོ༔ ལུས་འདར་ཁོང་གྲང་ཤེས་པ་ཡང༔ སྐབས་སུ་མགོ་ལུས་མེད་པར་འཁྱུག༔ མགོ་འཁོར་རྣ་བ་འུར་བ་དང༔ མིག་རིལ་ན་ཞིང་གཡལ་སྦྲིད་མང༔ རྩ་ནི་རླུང་ཚད་སྐྱེས་པ་འདྲ༔ ཡང་ན་གྲིམས་ཤིང་ཕྲ་ལ་སྦུན༔ སྐྱ་རིམས་སྤྱི་ཡི་བརྟག་པ་འོ༔ སྐྱ་རིམས་ཀྱི།་་་བྱེ་བྲག་སོ་སོའི་བརྟག་པ་ལ༔ བརྟག་པ་དང་པོ་རླུང་ལྟར་གཡོ༔ སྙིང་མི་དགའ་ལ་འགྲོ་སྙིང་འདོད༔ ཧ་ལས་རྒྱང་མིག་ལྟ་བཞིན་བྱེད༔ རྣ་བ་འུར་ཞིང་མགོ་བོ་འཁྱོམ༔ མིག་རིལ་ན་ཞིང་འགྱེལ་སྙམ་བྱེད༔ ཚིགས་ཁ་ཁོལ་ཞིང་འཕྱོ་སངས་ཁྱེར༔ དགོང་དང་ཐོ་རངས་་་རླུང་དུས་སུ།ཤིན་ཏུ་ན༔ ཟས་ཀྱི་དྲོད་ཆུང་འདར་བུ་ལྡང༔ རྩ་སྟོང་བྱིང་ལ་ཉམས་པ་ཆུང༔ ཡང་ན་གྲང་བའི་ནད་ལྟར་གཡོ༔ རོ་སྨད་རུས་པ་ཁོལ་ལ་ན༔ དྲད་དྲེད་འོང་བ་འདྲ་བ་སྟེ༔ རྩ་ཆུ་དམ་ལ་རྩ་ཁ་ཚ༔ ཡང་ན་ཆུ་གྲངས་མང་བ་སྟེ༔ ཕྱིན་ན་ཕན་སྙམ་བྱེད་པ་འོང༔ ཁ་སྐ་རློན་ལ་ལུས་དྲོད་ཆུང༔ ངལ་ཞིང་གྲངས་ཉུང་འདར་བར་འབྱུང༔ ཡང་ན་་་འབྱུང་བ་མེའི་རིགས་ཡིན་པས།ཚད་པའི་ནད་ལྟར་གཡོ༔ ཤེས་པ་ལྕི་ལ་ཕྲུམ་སེར་ཁྱེར༔ སྐོམ་དད་ཆེ་ཞིང་་་ལུས་ཀྱི།ཟུངས་མི་ཐུབ༔ ཁ་མངར་ལྕེ་སེར་དང་ག་འགག༔ ཁ་སྣ་སྐམ་ལ་ཤེས་པ་ལྕི༔ སྔ་དྲོ་བདེ་ཞིང་ཕྱི་དྲོ་ན༔ རྩ་ཕྲ་མགྱོགས་དང་མྱུར་བ་དང༔ རྒྱས་ཤིང་གྲིམས་ལ་དྲག་ཏུ་འཕར༔ ཡང་ན་་་འདུས་པའི་རིམས་།བད་མཁྲིས་ནད་ལྟར་གཡོ༔ ཤེས་པ་ལྕི་ཞིང་དབང་པོ་ཉམས༔ མགོ་ན་ལུས་ལྕི་སྐོམ་དད་ཆེ༔ དང་ག་ལྡོག་ལ་ཁ་ལྕེ་རྩུབ༔ གཉིད་ནི་མ་ངེས་་་ཆེ་ཆུང་།ལྷུ་ཚིགས་འཁྱུག༔ འདི་ནི་ངོས་བཟུང་དཀའ་བ་འབྱུང༔ རྩ་ནི་ཁ་བྱིང་གཏིང་ཤེད་ཆེ༔ གྲིམས་ཤིང་ཕྲ་ལ་ཉེ་བར་འཕར༔ ཡང་ན་་་ནམ་མཁའི་རིགས།གཟེར་ཐབས་ན་་་བུན།ལྟར་ལྡང༔ ཟས་མ་འཕྲོད་པ་་་ལྟ་བསྒོ།འདྲ་བ་འོང༔ འབྱུང་བའི་རིགས་དང་བསྟུན་པ་ལ༔ འཇུག་པའི་སྒོ་་་ལྔ།དང་འགྲིམ་པའི་སྲང༔་་་ལྔ། གནས་པའི་ཡུལ་་་ལྔ།དང་འཁྲས་པའི་རྫོང༔་་་ལྔ། འགོ་བའི།་་་ནད་དང་གདོན་གྱི་བྱེ་བྲག་གི༔ བརྟག་པ་སོ་སོར་དགོས་པ་ཡིན༔ སྐྱ་རིམས་སྔོན་འགྲོ་དག་གི་དུས༔ བརྟག་པ་ཞིབ་མོར་བསྟན་པ་འོ༔ དངོས་གཞི་་་གཟུང་ཡུལ།དོན་ལ་བརྟག་པ་ནི༔ སྤྱི་དང་བྱེ་བྲག་སོ་སོ་ལས༔ སྤྱི་རྟགས་མགོ་ལུས་ན་ཞིང་འཁྱུག༔ ལྷུ་ཚིགས་རུས་པ་ན་ཞིང་ཁོལ༔ ཤ་མདོག་འགྱུར་ཞིང་ངན་སྐྱུག་འཛག༔ དབང་པོ་མི་གསལ་འཁྲུལ་རྒོད་འབྱུང༔ གང་ལ།་་་བབས་པའི་ཡུལ་དུ་ཟུག་གཟེར་ཆེ༔ སྤྱིར་དུ་ཅོག་འགྱེལ་ནག་པོ་འདི༔ གཉན་ཚད་རླུང་།་་་གསུམ་དུ་འཁྲིལ་ནས་གཅིག་ལ་ཞོན༔ རྟགས་ཀྱང་བྱ་སྤུ་རླུང་སྐྱོད་འདྲ༔ ལུས་སྲོག་དབུགས་ལ་འཇབ་པར་བྱེད༔ འཛམ་གླིང་མི།་་་བཞི་གསུམ་ཕྱགས་མས་འདེབས་པར་བྱེད༔ དོན་སྣོད་སྤྱི་ཡི་བརྟག་པ་འོ༔ བྱེ་བྲག་སོ་སོའི་བརྟག་པ་ནི༔ སྙིང་གི་མཚོ་ལ་བབས་པ་ན༔ དྲན་པ་མི་གསལ་རོ་སྟོད་ན༔ སྐབས་སུ་དྲན་གསལ་ཤེས་པ་འཚུབས༔ མགོ་ན་ལུས་ལྕི་མིག་རྩ་རྒོད༔ ཧོང་ཀྲོག་ཆེ་ཞིང་ཤེས་པ་ཡང༔ ཚིག་པ་ཟ་ལ་སྨྲ་ཅོལ་མང༔ སྙིང་ཁོང་གཟེར་ཞིང་དབུགས་སྣ་ཐུང༔ རོ་འཛིན་སེར་ནག་བསྒྲིལ་མར་འོང༔ གློ་བའི་མཚེ་ལ་བབ་པ་ན༔ མགོ་ལུས་ན་ཞིང་གློ་ཆུང་འོང༔ གློ་ལུད་དམར་སེར་སྨུག་པོ་སྟེ༔ དུད་ཁའམ་སེར་པོ་ཅི་རིགས་ལུ༔ དབུགས་སྣ་ཐུང་ཞིང་རྩིབས་ཁྲོད་གཟེར༔ དྲི་འཛིན་་་སྣ།ཀླུ་ཡིས་བཟུང་བ་འདྲ༔ མཆིན་པའི་་་ཁྲག་གི།མཚོ་ལ་བབ་པ་ན༔ ཡུན་དུ་ན་ཞིང་ཤེས་པ་ལྕི༔ ཤ་མདོག་ར་གན་ལྟ་བུར་འགྲོ༔ ཁྲག་མཁྲིས་དྭངས་མ་སྣ་ནས་འབྲུབ༔ ཁྲག་ཆད་ཀླད་པའི་རྒྱས་སུ་གཟེར༔ གཟུགས་འཛིན་མི་གསལ་མཁྲིས་པས་འཕྲོག༔ མཚེར་པའི་མཚོ་ལ་བབ་པ་ན༔་་་ཚ་གྲང་འདུས་པས། ཤེས་པ་ཤིན་ཏུ་ལྕི་བ་སྟེ༔ རི་ཡིས་མནན་པ་འདྲ་བ་འབྱུང༔ མཆུ་ནི་ནག་འཐུག་ཐུང་བ་སྟེ༔ རྟ་རྒན་ངོམ་པོ་སྟོན་པ་འདྲ༔་་་འཛུམ་དང་བཅས་ནས། རྒྱུ་ལོང་གྲི་ཡིས་བཏུབས་སྙམ་བྱེད༔ ཟུག་གཟེར་ཆེ་ཞིང་འཕངས་ཁྲག་འཛག༔ མཁལ་མའི་མཚོ་ལ་བབ་པ་ན༔་་་གྲང་བ་ཆུ། མཁལ་ཁུང་་་གཡས་གཡོན་དང་།ཚིགས་པའི་ཐོག་ཏུ་གཟེར༔ ཁོང་སྨད་སྦོ་ཞིང་འོག་རླུང་སྡོམ༔ སྒྲེགས་བུ་གྱེན་ལ་འགྲོ་བ་འབྱུང༔ རྩ་ཆུ་དམ་མམ་རྩ་ཁ་ཚ༔ ཡང་ན་ཆུ་གྲངས་མང་བབས་ཏེ༔ འགྲོ་ན་ཕན་སྙམ་བྱེད་པ་འོ༔ སྒྲ་འཛིན་མི་གསང་འུར་སྒྲ་འོང༔ སོ་སོའི།་་་དོན་སྙིང་དབང་པོའི་བརྟག་ཐབས་ཀྱི༔ བྱེ་བྲག་གསལ་བར་བསྟན་པ་འོ༔ ཐ་མ་རྗེས་ཀྱི་བརྟག་ཐབས་ནི༔ རྣམ་པ་གཉིས་སུ་ཤེས་པར་བྱ༔ འཚོ་བ་དང་ནི་འཆི་བ་འོ༔ དེ་ལ་་འང་།སྤྱི་དང་བྱེ་བྲག་གཉིས༔ དང་པོ།་་་སྤྱི་བརྟག་ངེས་པར་འཆི་བ་ནི༔ སྣ་རླུང་་་གཡས་གཡོན།འགྱུ་ཆད་ལོག་ན་འཆི༔ རོ་ལྡན་དྲོད་མེད་རྩུབ་ན་་་སྙིང་ལ་བབས་རྟགས།འཆི༔ སྒྲ་འཛིན་མི་གསང་འགགས་ན་་་མཁལ་མ་ལ་བབ།འཆི༔ འཁྲུལ་དགོད་ཁྲོ་ལ་འཆི་བ་ཡོད༔་་་ཀླད་པའམ་མགྲིན་པའམ་སྙིང་ལ་བབས་ན་མྱུར་དུ་འཆི། མཁྲིས་པ་ལ་བབས་རྟགས།་་་མིག་སེར་མཁྲིས་པ་སྣ་ནས་འོང༔ མཚེར་པ་ལ་བབས་རྟགས།་་་གཡལ་མང་སྐྱིག་ཅིང་འཁུན་པ་དང༔ གློ་བ་ལ་བབས་རྟགས།་་་བརྐྱང་བསྐུམ་མང་ཞིང་དབུགས་སྣ་ཐུང༔ ལྕེ་ཐུང་ཁ་སྣ་གྲང་ན་འཆི༔ གཉིས་པ་འབྱུང་བ་ཐིམ་རྟགས།་་་བྱེ་བྲག་དབང་པོའི་ཐིམ་ལུགས་དང༔ འཕར་བ་རྩ་ཡི་སྒོ་ནས་བརྟག༔ དང་པོ་སྲིད་པ་རླུང་ནས་ཆགས༔ ཐ་མ་ས་ནས་འཇིག་པ་ཡིན༔ ཆུ་ལ་ས་ཐིམ་ལུས་པོ་ལྕི༔ མཚེར་བའི་ཁམས་ཉམས་བཞད་པ་འདྲ༔ ཆབ་ལ་གོར་མོ་ལྟུང་བ་བཞིན༔ ཡར་ཐེགས་སློངས་དང་ཟེར་བ་འོང༔ མེ་ལ་ཆུ་ཐིམ་ཁ་སྣ་སྐམ༔ མཁལ་མའི་ཁམས་ཉམས་རྣ་བ་འགག༔ ཡང་ན་ཁ་ཆུ་སྣ་ཆུ་འབྲུབ༔ གདོང་བར་ཧམ་སྐྱ་འདྲ་བ་འབྱུང༔ རླུང་ལ་མེ་ཐིམ་ལུས་དྲོད་ཆུང༔ མཆིན་པའི་ཁམས་ཉམས་་་མིག།གྱེན་ལ་འདྲེན༔ རྣམ་ཤེས་རླུང་ལ་ཐིམ་ཙ་ན༔ དབུགས་ལྡོག་ཡན་ལག་གཡོབ་པ་དང༔ གློ་བའི་ཁམས་ཉམས་་་སྣ་ཡི།ཀ་བ་འགྱེལ༔ མཁའ་ལ་རྣམ་ཤེས་ཐིམ་ཙ་ན༔ སྙིང་གི་ཁམས་ཉམས་རོ་འཛིན་འགག༔་་་ལྕེ་ཡིས་རོ་མི་ཚོར། འབྱུང་བ་ཡུལ་ལ་ཐིམ་རྟགས་སོ༔ དོན་དང་དབང་རྟེན་འབྲེལ་པ་ཡིས༔ རང་རྟགས་རང་ལ་འབྱུང་བ་ལ༔ འཇིགས་ཤིང་སྐྲག་པར་མི་བྱ་སྟེ༔ ཁ་དམར་གདགས་པར་མི་བྱ་འོ༔ མེ་རྟགས་ཆུ་ལ་འབྱུང་བ་འམ༔ དེ་བཞིན་ལོགས་ནས་འབྱུང་བ་འམ༔ འཆི་རྟགས་ཀུན་ལ་ཁྱབ་པས་ན༔ ཀྱི་ཧུད་ཕལ་ཆེར་ཨེ་མ་ཧོ༔ ༈ རྩ་བརྟག་ཚང་བའི་ནད་ལ་ནི༔་་་མེ་རིགས་སྙིང་ལ་བབས་པའམ། གྲང་བའི་རྩ་འཕར་གསུམ་ན་འགྲོ༔ གྲང་བའི་ནད་ལ་ཚད་པའི་རྩ༔་་་ཆུ་རིགས་མཁལ་མ་ལ་བབ་ན། འཕར་ན་ཞག་གསུམ་དག་ནས་སོ༔ བགེགས་རྩ་བཞིན་དུ་མངོན་མི་བཏུབ༔ ཡང་ན་སྡོད་ཅིང་སྤུན་ན་འཆི༔ སྦལ་པ་ཆུ་ལ་འཕྱོང་འདྲ་འཆི༔ ཐིགས་ཟག་སྒུམ་ཐུ་འདྲ་ན་འཆི༔ དར་ཆེན་རླུང་གིས་བསྐྱོད་འདྲ་འཆི༔ བ་གླང་ཁ་ཆུ་ཟགས་འདྲ་འཆི༔ རྩ་དང་འབྱུང་བ་ལུས་མདོག་དང༔ ནད་ཀྱི་བྱེ་བྲག་མ་བརྟགས་པ༔ འོ་དོད་གནམ་དུ་མི་འབོད་དེ༔ ཁ་དམར་གཏིང་དུ་སྦེད་པ་ནི༔ དྲི་བའི་གནད་ཀྱི་ཡན་ལག་ཡིན༔ ལེགས་པར་འཚོ་བའི་རྟགས་བསྟན་པ༔ ཧོང་ཀྲོག་ཆུང་ཞིང་ཉམས་པ་མེད༔ ལུས་མདོག་ཟོ་བདེ་ཡང་བ་དང༔ སྨན་སྐྱེད་ཆེ་ན་སོས་པ་ཡིན༔ འགྱུར་བ་མེད་པའི་བརྟག་པ་འདི༔ སྤེལ་བའི་གནས་མེད་ས་ལ་སྦ༔ སྙིགས་མའི་དུས་སུ་ནད་བྱུང་ཚེ༔ ང་མིན་ང་དང་འདྲ་བ་ཡིས༔ ང་ཡི་གདུང་རྒྱུད་བཟུང་དོན་དུ༔ སྐལ་ལྡན་ཞིག་གིས་རྙེད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་གདབ༔ འདོད་པ་བྲལ་བས་གཏེར་དུ་སྦ༔ བརྟག་པ་སྣང་གསལ་སྒྲོན་མ་འདིས༔ མ་ནོར་ལེགས་པར་བརྟགས་ནས་སུ༔ རྟོག་བྲལ་བྱང་སེམས་ང་རྒྱལ་གྱིས༔ ཤིན་ཏུ་བརྩོན་ལྡན་མྱུར་བར་བཅོས༔ བརྟག་པ་ཉི་མ་ཤར་བ་འདྲ༔ ཀུན་ལ་མེད་པས་གསེར་བས་དཀོན༔ བསྡུར་ཁ་བྱས་ན་གསལ་བ་ཡིན༔ དེ་ཕྱིར་སྲོག་དང་འདྲ་བར་སྡོམས༔ འཆི་མེད་བདུད་རྩི་བུམ་པ་ལས༔ བརྟག་པ་སྣང་གསལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བའི་བཤད་རྒྱུད་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གནམ་ལྕགས་རྡོ་རྗེ་ཁྲབ་རིང་གི་བཤད་རྒྱུད་བཞུགས༔ ྈྈྈྈྈྈ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ འགོས་པའི་ནད་ལས་སྐྱོབ་པའི་ལྷ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཅོག་འགྱེལ་ནག་པོ་འགོས་རིམས་ལ༔ སྲུང་ཐབས་རྣམ་པ་གསུམ་ཡོད་དེ༔ ཕྱི་ནང་གསང་བའི་སྲུང་བ་བཤད༔ ཕྱི་སྲུང་སྤྱོད་ལམ་ཆོ་གས་བསྲུང༔ ནང་སྲུང་ཟུ་གུ་གྱད་ཀྱིས་བསྲུང༔ གསང་སྲུང་ལྟ་བསྒོམ་དམིགས་པས་བསྲུང༔ དང་པོ་ཕྱི་ཡི་སྲུང་བ་ནི༔ མཁོན་ཐབ་མནོལ་གྲིབ་བཙོག་ལ་འཛེམ༔ དུས་ཀྱི་རིམ་གྲོ་སྲུང་མ་བཅོས༔ ཆོས་སྤྱོད་་་གཏོར་མ་ལ་སོགས།དགེ་ལ་བརྩོན་པར་འབད༔ དཀར་ཆོས་གསུང་རབ་་་མདོ་ཁྱད་པར་ཅན།བསྒྲག་པར་བསྔགས༔ སྡིག་སྤྱོད་ལོག་པའི་ལས་ལ་འཛེམ༔ དུས་མིན་ཉིད་དུ་ཆགས་པའི་ལས༔ ཉིན་མོའི་གཉིད་དང་ངལ་དུབ་དང༔ ཁམས་དང་མི་འཕྲོད་ཟས་ངན་སྤང༔་་་ཞོ་མ་ཆགས་པ་དང་ཆང་མ་ལངས་པ་བུད་མེད་རྒན་དང་ལ་ཕུག་ནར་སོན། མདོར་ན་སྤྱོད་ལམ་བག་ལྡན་བྱ༔ གཉིས་པ་ནང་གི་སྲུང་བ་ནི༔ ནང་དུ་་་དཔའ་བོ་རྣམ་པ་དགུའི།ཟུ་གུ་འཛུད་པ་དང༔ མཐའ་བཞི་གྱད་ཀྱིས་བསྐོར་ལ་བསྲུང༔ དཔའ་བོ་དགུ་ཡི་ཟུ་གུ་ནི༔ ལྟོ་སྟོང་དྲོ་ལ་ནང་དུ་གཞུག༔ བྱུག་པའི་གྱད་ཀྱིས་གསང་སྒོ་བསྲུང༔ ཕུར་མའི་གྱད་ནི་མགུལ་དུ་གདགས༔ སྔགས་ཀྱི་གྱད་་་ཐིམ་ཐར་ཏི་སོགས།ནི་དྲོ་ལ་བཟླ༔ འཁོར་ལོའི་གྱད་ནི་ལུས་ལ་བཅང༔ གང་ཡང་མ་ཚང་མེད་པ་གཅེས༔ དེས་ནི་ནད་ཀྱི་འཇིགས་དང་བྲལ༔ གསུམ་པ་གསང་བའི་སྲུང་བ་ནི༔ མི་རྟོག་སྟོང་པའི་ངང་ཉིད་ལས༔ ལྷ་ཡི་ང་རྒྱལ་མ་བྲལ་བར༔ སྤྲུལ་པའི་བྱ་ཁྱུང་སྔོན་པོ་དང༔ ཐབས་ཤེས།་་་ཉི་ཟླ་འབར་བའི་དཀྱིལ་འཁོར་བསྒོམ༔ ནང་དུ་ཟུ་གུ་་་གཉིས་པ་ནང་གི་སྲུང་བ་ནི།བཅུག་པ་ཡིས༔ རོ་ཡི་ཇག་པ་་་ཟས་ལོག་བཟློག་པ་ཡིན༔ འཁོར་ལོ་་་བྲིས་པ་འཁོར་ལོའི་གྱད།སྔགས་ཀྱི་གྱད་གཉིས་ཀྱིས༔ རེག་བྱའི་་་འགོས་པ།འཇིགས་པ་་་སྒྲ་སྐད་ལ་སོགས་པ།ཐུབ་པ་ཡིན༔ ཕུར་མ་བྱུག་པའི་གྱད་གཉིས་ཀྱིས༔ དྲི་ཡི་འཇིགས་པ་བཟློག་པ་ཡིན༔་་་སྲུང་བ་བདུད་རྩིའི་མན་ངག་ལས། ལྷ་དང་ལུས་པོ་ངན་པ་ལ། རྫི་གསུམ་བགས་ཀྱིས་བགོ་བར་བཤད། ཅེས་གསུངས། རྟོག་བྲལ་སྟོང་པར་བསྒོམས་པ་ཡིས༔ འགོ་བར་བྱ་བའི་ཡུལ་མ་གྲུབ༔ བཙན་པོའི་མཁར་དུ་འཇུག་པའི་གནད༔ ལྷ་ཡི་ང་རྒྱལ་མ་བྲལ་བས༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང༔ དྲེགས་པ་བྲན་དུ་ཁོལ་བའི་གནད༔ སྤྲུལ་པའི་བྱ་ཁྱུང་་་སྔོན་པོ།བསྐྱེད་པ་ཡིས༔ ལྷ་སྔགས་རྫས།་་་རྣོ་གསུམ་མཚོན་དུ་བརྡུང་བ་དང༔ འགལ་རྐྱེན་ཆམ་ལ་འབེབ་པའི་གནད༔ ཉི་ཟླའི་འཁོར་ལོ་་་ཤེས་རབ་ཐབས།ཆ་ལང་རྡེབ༔ བསྣོལ་མར་འཁྲུགས་པར་བརྡབས་པ་ཡིས༔ བར་ཆད་འབྱུང་པོ་ཐལ་བར་རློག༔ བཟླས་པ་སྔགས་ཀྱི་སྲུང་བ་ནི༔ ནངས་རེ་་་མང་ན།བརྒྱ་རྩ་འགའ་རེ་་་ཉི་ཤུ་རྩ་གཅིག་རེ།བཟླ༔ དེ་ཡི་སྔགས་ནི་འདི་རྣམས་སོ༔ ཡི་དམ་ལྷའི་སྲུང་སྔགས་ལྟེ་བར་བྲི།་་་ཨོཾ་ཐིམ་ཐར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔་་་དྲི་ཆུ་བར་པ་ལ་བཏབ་བོ། །གུ་རུའི་ཐུགས་སྔགས་མུ་ཁྱུད་དང་པོ་ལ་བྲི།་་་མ་ཧཱ་གུ་རུ༔ ཨུ་ཧ་གུ་རུ༔ ཏྲི་ན་གུ་རུ༔ ནི་ནཱ་ག་ཤད༔ རཾ་རཾ་ཐུལ་ཐུལ༔ ནཱ་ག་ཙི་ཏ་ཕོས༔ ནཱ་ག་རྦུད་ལིང་ཤག༔ ཐུཾ་མྱགས་སོད༔ ཁྱུང་ཕོའི་ལྡིང་སྔགས་ཟུར་བཞི་རྩིབས་ལ་བྲི།་་་ཧུར་ཁྱུང་ཧུར་ཁྱུང་སོད༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སོད༔ ནཱ་ག་ནཱ་ག་སོད༔ དེ་བ་དེ་བ་སོད༔ ཁྱུང་མོའི་འདུར་སྔགས་ཕྱོགས་བཞིའི་རྩིབས་ལ་བྲི།་་་ཨོཾ་ཧུར་ཁྱུང་ཧུར་ཁྱུང་སྲུངས༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སྲུངས༔ ནཱ་ག་ནཱ་ག་སྲུངས༔ དེ་བ་དེ་བ་སྲུངས༔ མཆུ་ཡིས་བཟུང་བའི་ཚུལ་དུ་བྲི།་་་ཨོཾ་ཧུར་ཁྱུང་ཧུར་ཁྱུང་ནད་ཐམས་ཅད་ལ་བྷྱོ༔ སྦྲུལ་ཁྱུང་སྦྲུལ་ཁྱུང་གདོན་ཐམས་ཅད་ལ་བྷྱོ༔ ནཱ་ག་ནཱ་ག་ནད་རིམས་ཐམས་ཅད་ལ་བྷྱོ༔ དེ་བ་དེ་བ་གདོན་རིམས་ཐམས་ཅད་ལ་སྭཱ་ཧཱ༔ གཟུངས་སྔགས་མུ་ཁྱུད་གཉིས་པ་ལ་བྲི།་་་ཏདྱ་ཐཱ༔ ཨ་ལི་མ་ཏ་ལི༔ ཧ་ལ་ཧ་ལ༔ ཆེ་གེ་མོ་་་ཨ་མུ་ཀ།ཛཱ་ར་ན་ཙནྡྷ་ལཱི༔ ཨ་ཀ་ཧ་ཧི་ཀན་ཏ་ན་ཏེ་ཧོ༔ ཀན་ཏ་ཙ་རུ་ཀ་ཐ༔ མུ་ནི་ཨཱརྱ་སྭཱ་ཧཱ༔ གཉན་སྔགས་ལྟོ་སྦྱོར་སྦྲགས་མ་ནི་མུ་ཁྱུད་བཞི་པར་བྲི།་་་ཨོཾ་སེ་པུར་ན་སེ་པུར་ན༔ བཛྲ་ཙིག་ཙིག་གོ་གོ་རོ་ནན༔ བྱ་པུར་ནན༔ ཁྱུང་པུར་ནན༔ ཨོཾ་ཀུ་རུ་ན་ཀུ་རུ་ན་སྭཱ་ཧཱ༔ ཨོཾ་ག་རུ་ན་ག་རུ་ན་སྭཱ་ཧཱ༔ གྷྲཱི་གྷྲཱི་བ་གྷྲཱི་ནན༔ ནད་དུ་གྱུར་ཅོག་ལ་སྭཱ་ཧཱ༔ དེ་ཡི་སྙིང་པོ་འདི་སྐད་དུ༔ ཨོཾ་དྷ་རུ་ན་དྷ་རུ་ན་སྭཱ་ཧཱ༔ ནད་ཐམས་ཅད་ལ་བྷྱོ༔ གདོན་ཐམས་ཅད་ལ་བྷྱོ༔ རིམས་ཐམས་ཅད་ལ་བྷྱོ༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ༔ ཕོ་སྔགས་གཤོག་པ་གཡས།་་་ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་ཡ་ཡཱ༔ མོ་སྔགས་གཡོན།་་་ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ༔ སརྦ་ཡ་ཡ་འཆང་བ་པོ་ལ་སྲུངས་ཤིག༔ མཇུག་སྔགས་མཇུག་མའི་ཁོང་དུ་བྲི།་་་ཨོཾ་ཨ་ཀ་སེ་བྷི་ཀ་སེ་མ་ཧཱ་ཀ་སེའུ༔ ལུང་ཀ་སེ་སྭཱ་ཧཱ༔ མ་ཏི་ཤད་ཕྱེ༔ ཕྱེ་མ་པུས་ཕྱེ༔ ས་ར་པ་པུས་ཕྱེ༔ མ་དུར་ཕཊ་སྭཱ་ཧཱ༔ ཨོཾ་ལི་རི་ཙཀྲ་ཧཱུྃ༔ ཨོཾ་པྲ་ཕོབ༔ གཞབ་མདའ་སོད༔ སྐུལ་སྔགས་མུ་ཁྱུད་ལྔ་པའི་རྩིབས་བཅུ་ལ་བྲི།་་་ཁྲོ་བོ་རཱ་ཙས་ནད་ཁ་ཁོག༔ རིམས་ཁ་ཆིངས༔ ཞེས་པ་སྔགས་ཀྱི་འཁོར་ལོ་རྣམས༔་་་བྲི་ཐབས་གཞན་ལ་བལྟ། ལུགས་བཞིན་བྲིས་ལ་མགུལ་དུ་གདགས༔ ཡིད་ལ་་་འཁོ་དྲན།དྲན་ཅིང་་་སྔགས།བཟླས་པས་ཐུབ༔ དམིགས་པ་འཁོར་ལོ་སྔགས་་་ཐམས་ཅད་ཚོགས་པ་ནི།རྣམས་ཀྱིས༔ ནད་སོགས་གང་ཡང་ཐུབ་པར་ངེས༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ཐུབ༔ གག་པ་ལྷོག་པ་མཆོག་ཏུ་ཐུབ༔ རྒྱུ་གཟེར་སྲུང་བའི་མཆོག་ཡིན་ནོ༔ ཐམས་ཅད་ཚོགས་པའི་་་གྱད་དང་ཟུ་གུ་ལ་སོགས་པ་འདི་རྣམས་ཚང་བར་ཡོད་ན།ནུས་མཐུ་ཡིས༔ ནད་ཀྱི་བསྐལ་པ་བྱུང་གྱུར་ཀྱང༔ རང་ལ་འགོ་བར་མི་སྲིད་དོ༔་་་འཁོར་ལོ་སྔགས་དང་བྱུག་པ་སྒོའི་ཡ་ཐེམ་ལ་བཏགས་པས་ཁྱིམ་ཐུབ། ལུས་སྲུང་རྡོ་རྗེའི་གོ་ཆ་འདིས༔ འགོ་བའི་ནད་ཐུབ་སྨོས་ཅི་དགོས༔་་་ཟོན་ཆེར་དགོས་ན་ཟླ་རེ་ལ་རེ་རེ་སྤོ། ཆུང་བས་ཆོག་ན་དབྱར་དགུན་རེ་ལ་རེ་རེ་སྤོ་བར་བྱའོ། །དེ་མ་གྲུབ་པའམ་ཟོན་ཆུང་བས་ཆོག་ན་ལོ་རེ་ལ་སྤོས་པས་ཆོག་གོ །ཟླ་རེ་ལ་རབ་གནས་རེ་བྱའོ། །གནམ་ལྕགས་འབར་བའི་ཐོག་ཀྱང་ཐུབ༔ འཆི་བདག་བདུད་ལས་བཟློག་པར་འགྱུར༔ ཡུལ་ཁམས་བསྲུང་བར་འདོད་པ་ཡིས༔་་་ཨོཾ་ཨཱཿཧཱུྃ༔ ཨོཾ་ཚི་བརྟུལ་བརྟུལ༔ རྨུག་ཤི་ཤི༔ ཧྲཱི་ཀྲཾ་ཙཀྲ་ཏྲི་སད་རྦད༔ ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ མཱ་ར་ཡ་ཏྲི་ཐུབ་ཐུབ་སྭཱ་ཧཱ༔ འཆང་བ་པོ་ལ་རིམས་ནད་ཐམས་ཅད་རཀྵ་རཀྵ༔ འདི་ཟུར་ན་འདུག་གོ །འཆི་མེད་བདུད་རྩི་བུམ་པ་འདི༔ ཆ་ལག་མ་ལུས་མི་ལུས་པ༔ ལུགས་བཞིན་བྲིས་ལ་དར་ལ་དྲིལ༔་་་དར་སྣ་ལྔའམ་ཟ་འོག་གིས་དྲིལ་ལ་ལུས་ལ་བཅངས་པས་རིམས་ནད་ཐུབ། དྲིལ་ལུགས་གཞན་ལས་ཤེས་སོ། །རྒྱལ་མཚན་མཐོན་པོའི་རྩེ་ལ་བཏགས༔ རི་བོ་ཆེན་པོའི་ཟོམ་ལ་གདགས༔ དཔག་མེད་སྨན་གྱི་་་སྨན་གྱི་བྱེ་བྲག་ལྷག་ཆད་མེད་པར་དྲིལ།དུད་པ་བཏང༔ ཐོ་བརྩིག་་་ཕྱོགས་བཞི་མཚམས་བརྒྱད།སྔགས་དང་འཁོར་ལོ་་་ལྷག་ཆད་མེད་པ་བྲིས་པ།གདགས༔ ཆོས་མཛད་བན་བོན་ཅི་ཡོད་དང༔ སྐྱེ་བོ་མཛའ་བ་ཀུན་ཚོགས་ལ༔ དཀར་དམར་ཕུད་ཀྱི་་་དཀར་དམར་གྱི་ཕུད་མ་ཉམས་གྲོང་ཁྱེར་ལས་བསྡུས་ལ།གཏོར་མ་སྐྱིལ༔ རང་རང་་་ཕྲིན་ལས།ཅི་བྱེད་ལས་གཞུང་བསྲང༔ མ་ཉམས་ཚོགས་འཁོར་དགའ་སྟོན་་་དགེ་བ་ལ་སོགས་པ།བྱ༔ དཀར་ཆོས་གསུང་རབ་་་མདོ་ཁྱད་པར་ཅན།མང་དུ་བསྒྲག༔ སྨོན་ལམ་གདབ་ཅིང་ཤིས་པ་བརྗོད༔ ཉམས་ཀྱི་་་རྟ་མགྲིན།བྲོ་བརྡུང་གླུ་སྐད་བླང༔ བཀའ་བསྒྱུར་གདོང་ཟློག་ཟོར་ཐུན་འདྲིལ༔ གོ་གསར་མཚོན་དབལ་ཕྱི་རུ་བསྟན༔ བྷྱོ་དང་ཟློག་གི་གདངས་སྒྲ་འདོན༔ དེ་ལྟར་བྱས་པར་གྱུར་པ་ན༔ ཡུལ་དུ་རིམས།་་་ཡོད་ན་ཆད་ཅིང་མེད་ན་ཐུབ༔ རིམས་དང་འབྲེལ་བའི་གྲོང་ཁྱེར་ནས༔་་་འདི་རྣམས་མཆོག་ཏུ་སྨན་པ་ལ་གལ་ཆེའོ། །འཚོ་བའི་ཡོ་བྱད་ལེན་འདོད་ན༔་་་ཟས་ལ་རོལ་ཐབས། རང་ཉིད་་་གསང་བདག།ལྷ་ཡི་ང་རྒྱལ་གྱིས༔ འཁོར་ལོ་བརྡབས་པས་དེ་ཉིད་གཞོམ༔་་་རྩ་ལྟ་བའི་སྔོན་ལ་འཁོར་ལོ་བསྐོར་ཅིང་སྟེང་ལ་བརྡབས་པས་ནད་གཞི་གཞོམ། སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྦྱང༔ རཏྣ་ཏྲཱཾ་གིས་བདུད་རྩིར་སྤེལ༔ ཡང་ན་དགྲ་བགེགས་ཤ་རུས་བསམ༔ ཁྲོ་ཞལ་ཧོམ་ཁུང་གདངས་པར་བསམ༔ རིམས་དང་འབྲེལ་བའི་གྲོང་ཁྱེར་ནས༔ སྒྱུ་མའི་ལོངས་སྤྱོད་ལེན་འདོད་ན༔ འཁོན་སེལ་ལ་འདི་ལས་ཟབ་པ་མེད།་་་རང་ཉིད་་་གསང་བདག་གཏུམ་པོ།ལྷ་ཡི་ང་རྒྱལ་གྱིས༔ ཁྱིམ་གང་ཡིན་གྱི་ནད་གཅོད་ན་དཀར་ཆོས་བྱ་འཁོར་ལོ་ལ་སོགས་ཀ་བ་ལ་གདགས།་་་ཚེར་མ་ཅན་གྱི་ཁྲི་བརྩིགས་ལ༔ འོད་དཔག་མེད་ཉིད་སྤྱན་དྲངས་ལ༔ གཉེན་པོར་གྱུར་པའི་མཆོད་པ་འབུལ༔ འོད་དཔག་མེད་ཀྱི་ལྗགས་སྟེང་དུ༔ ཐབས་ཤེས་འཁོར་ལོ་འབར་བས་བསྲེག༔ སུམྦྷ་ནི་ཡིས་་་ནད་རིམས་ཀྱི།བགེགས་བསྐྲད་ལ༔ སྭ་བྷཱ་ཝ་ཡིས་་་སྔགས་ཀྱིས།སྟོང་པར་བསྒོམ༔ རཏྣ་་་རྒྱུ་ཡི་གེ།ཏྲཱཾ་གིས་མཁའ་ལ་ཤར༔ དངོས་པོ་རྣམ་དག་མཆོད་སྡོང་བསྐྱེད༔་་་ཅེས་པ་རིན་པོ་ཆེའི་མཆོད་སྡོང་རྩེ་གསུམ་པ་ལ་རིན་པོ་ཆེའི་འོད་འབར་བ། སྡོང་པོ་ལས།་་་ཅི་འདོད་འབྱུང་བའི་དབྱིག་ཏུ་བསྒོམ༔ དེ་ནི་ནད་གདོན་གྱིས་མི་ཚུགས་ཏེ་ཕྱིར་ལ་དངོས་གྲུབ་འབྱུང་བ་ཡིན་པས་ན།་་་ལྟས་ངན་གཡང་དུ་འགུགས་པ་ཡི༔ ཁྱད་པར་ཟབ་པའི་གདམས་པ་འདི༔ ཟས་དང་ནོར་ཕྱིར་མི་བཏང་ངོ༔ རང་ལ་དམ་པར་འཛིན་པ་་་བརྒྱུད་འཛིན་རེ་རེ།དང༔ སྒོ་གསུམ་བཀའ་བཞིན་བསྒྲུབས་པ་ཡི༔་་་ཟས་ནོར་ལ་ཐོགས་ཆགས་མེད་པར་འབུལ་བའི། སྙིང་དང་འདྲ་བ་འགའ་ལ་སྤེལ༔ ཇོ་མོ་མཁར་ཆེན་རྒྱལ་མོ་དང༔ ཨོ་རྒྱན་་་སྤྲུལ་པ།གྲུབ་པའི་སྙིང་པོ་དང༔ མངའ་བདག་རྒྱལ་པོ་་་ཁྲི་སྲོང་།མ་ལགས་པ༔ བདག་གིས་ནི།་་་གཞན་ལ་བསྟན་པ་མི་བདོག་གོ༔ ཕྱིས་ཀྱང་གཞན་ལ་མ་བསྟན་མཛོད༔ ལུས་སྲོག་སྲུང་བའི་གོ་ཆ་་་རྡོ་རྗེ་ཁྲབ་རིང་གི་སྲུང་བའི་གོ་ཆ།དང༔ འགྱུར་བ་མེད་པའི་་་ཉི་ཟླ་ཁ་སྦྱོར།བརྟག་པ་དང༔ གསོ་བ་བདུད་རྩི་བུམ་པ་གསུམ༔ རྣལ་འབྱོར་ཁྱད་པར་ཅན་མ་གཏོགས།་་་སྤེལ་བའི་གནས་མེད་ས་ལ་སྦ༔ སྙིགས་མའི་དུས་ལ་བབ་པའི་ཚེ༔་་་ཚེ་ལོ་དྲུག་ཅུའི་ཁ་རལ་ན་ནག་པོ་རྒྱུག་འགྱེལ་དར་བས་ན། ང་མིན་ང་དང་འདྲ་བ་་་སྤྲུལ་པ།ཡིས༔ ང་ཡི་བསྟན་པ་བསྲུང་བའི་ཕྱིར༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ མི་འགྱུར།་་་སྐུ་མི་འགགས།་་་གསུང་མི་འཁྲུལ།་་་ཐུགས་ཀྱི་རྒྱ་ཡིས་གདབ༔ འདོད་པ་བྲལ་བས་གཏེར་དུ་སྦ༔ འཆི་མེད་བདུད་རྩི་བུམ་པ་ལས༔ འཆུགས་པ་མེད་པའི་གདམས་ངག༔ ལུས་སྲོག་སྲུང་བའི་གོ་ཆ༔ གནམ་ལྕགས་རྡོ་རྗེ་ཁྲབ་རིང་ཞེས་བྱ་བ་བཤད་པའི་རྒྱུད་རྫོགས་སོ༔ ལུས་སྲུང་མེད་པའི་སྨན་པ་ནི༔ གོ་མེད་གཡུལ་དུ་འཇུག་པ་འདྲ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ཞེས་གུ་རུས་གསུངས་སོ༔ ཡང་གསང་སྦས་པའི་མཛོད་ཆེན་འཆི་མེད་སྲོག་གི་ཀ་ཆེན་པདྨའི་ཐུགས་ཀྱི་ཉིང་ཁུ་ྀཨཚ༔ ༈ སྣོད་རུང་བསྡུས་པ་དབང་གི་གྱད་བཞུགས་སོ༔ ྈྈྈྈྈ བླ་མ་དང་ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ སྣོད་རུང་བསྡུས་པ་ནི༔ ཀ་པཱ་ལ་མཚན་དང་ལྡན་པ་ཞིག་གི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་གཏོར་མའི་དངོས་པོ་ཇི་ཙམ་བཟང་བ༔ ཨ་མྲྀཏས་བྲན་པ་ཞིག་བཤམ༔ སྣོད་གང་རུང་གཙང་མ་གཅིག་གི་ནང་དུ་དཀར་གཏོར་་་མར་སོགས་དཀར་ཕུད་བཅས།གཙང་མ་རྒྱན་གྱིས་བརྒྱན་པ་ཞིག་བཤམ་མོ༔ བདག་ཉིད་གསང་བདག་ཏུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས་པས་མཚམས་བཅད་དོ༔ ཡང་བདག་ལྷར་གསལ་བའི་ཐུགས་ཀ་ནས་ཡིག་འབྲུ་་་ཨོཾ་ཨཱཿཧཱུྃ།གསུམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་གནས་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་ནས༔ བླ་མ་དང་དཀོན་མཆོག༔ ཞི་བ་དང་ཁྲོ་བོ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པ་སྤྱན་དྲངས་ནས༔ གདན་ཉི་ཟླ་པདྨ་བརྩེགས་པ་ལ་བཞུགས་པར་བསམ་ལ༔ ཡང་བདག་གི་ཐུགས་ཀ་ནས་ཡིག་འབྲུ་གསུམ་འཕྲོས་སྦྱངས་བསྒྱུར་སྤེལ་ཏེ་གཏོར་མའི་དངོས་པོ་དེ་རྣམས་པཱུ་ཛའི་བྱེ་བྲག་དང༔ ཚོགས་ཀྱི་འཁོར་ལོ་དང༔ བདུད་རྩིའི་རྒྱ་མཚོ་དང༔ མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་བསམ་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་གུ་རུ་བྷ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བུདྡྷ༔ དྷརྨཱ༔ སཾ་གྷ༔ དེ་ཝ་ཌཱ་ཀི་ནཱི་བ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་བརྗོད་ལ་འབུལ་ལོ༔ མཆོད་པས་མཉེས་པར་བསམ་ལ་བདག་ལ་བསྡུའོ༔ དེ་ནས་སློབ་བུ་རྣམས་ཀྱིས་བླ་མ་ལ་ཕྱག་དང་བསྐོར་བ་བྱས་ནས་ཅི་འབྱོར་པའི་མེ་ཏོག་བླ་མ་ལ་འབུལ་ལོ༔ དེ་ནས་རང་ལྷར་གསལ་བའི་ཐུགས་ཀ་ནས་ཡིག་འབྲུ་བྷྲཱུྃ་ཞིག་འཕྲོས་གཏོར་མའི་སྣོད་ལ་ཕོག་པས༔ གཏོར་སྣོད་དེ་ཕྱི་སྣོད་ཀྱི་འཇིག་རྟེན་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བསམ༔ ནང་བཅུད་ཀྱི་འགྲོ་བ་རྣམས་་་ལྷ་དང་ལྷ་མོར་བསམ། རྫས་ཀྱི་དངོས་པོ་་་རྣམས།ཚོགས་ཀྱི་འཁོར་ལོ་དང་འདོད་པའི་ཡོན་ཏན་དུ་བསམ་ལ༔ གཏོར་མ་སློབ་མའི་སྤྱི་བོའི་ཐོག་ཏུ་བཞག་ལ༔ རུ་ཡིས་ངག་ཏུ་འདི་སྐད་དོ༔ སྣོད་ནི་བྷནྡྷ་འབར་བའི་གཞལ་ཡས་ཁང༔ བཅུད་ནི་ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས༔ རྫས་ནི་མཆོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ བུ་འདིར་་་ཤོག་ཅིག།དབང་མཆོག་དམ་པ་ཁྱོད་ལ་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཧྱ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥེ་ཀ་ཏ་བ་ལིཾ་ཏ་མ་ཧཱ་སིདྡྷི་ས་མ་ཡ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་ལན་ལྔའམ་བདུན་བརྗོད་པས༔ རིགས་གསུམ་མགོན་པོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་བུའི་གནས་ལྔར་ཐིམ་པར་བསམ་ལ་འདི་སྐད་དོ༔ བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག༔་་་ཆེ་གེ་མོས་མཁྱེན་རབ་རྡོ་རྗེ་དགོངས་སུ་གསོལ།ཞེས་འདིར་གསང་མཚན་གདགས་ལ་ཞུའོ། །ཅེས་བརྗོད་ལ་དྲིལ་བུ་ལ་སོགས་པའི་སྒྲ་་་དང་གསང་མཚན།བསྒྲགས་ལ༔ སློབ་བུ་ཐ་མལ་པ་གནས་འགྱུར་ཏེ་ལྷ་དང་དབྱེར་མེད་དུ་གྱུར་པར་བསམ་མོ༔ དེ་ནས་ཚོགས་ཀྱི་ཡོ་བྱད་དངོས་སུ་བཏེགས་ལ༔ བདག་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས་ཨོཾ་གྱིས།་་་སྦྱངས་ཨཱཿཡིས།་་་བསྒྱུར་ཧཱུྃ་གིས།་་་སྤེལ་ལ་ཚོགས་ཀྱི་ཕུད་ཕྱོགས་བཞིར་གཏོར་ལ༔ སློབ་དཔོན་དང་སློབ་མ།་་་རང་རང་ལྷར་གསལ་བས་རོལ་ལོ༔་་་སློབ་དཔོན་གྱིས་སིདྡྷི་ས་མ་ཡ་ཨ་ལ་ལ་ཧོ་ཨ་ཧོ་སུ་ཁ་ཧོཿཞེས་པས་ཚོགས་ཀྱི་སིདྡྷི་བུའི་ལག་ཏུ་གཏད། བུས་ཀྱང་དེ་ལྟར་བརྗོད་ཅིང་བླང་ངོ་། །དེ་ནས་ཀ་པཱ་ལ་ཡི་དབང་བསྐུར་བའི་གཏོར་མ་དེ་ཡང་སློབ་བུ་རྣམས་རོལ་དུ་གཞུག་གོ༔་་་སིདྡྷི་ཨ་ལ་ལ་ཧོཿབ་ལིཾ་ཏ་སིདྡྷི་ས་མ་ཡ་ཧོཿབ་ལིཾ་ཏ་སིདྡྷི་ས་མ་ཡ་ཨ་ཧོ་སུ་ཁ་ཧོཿཞེས་པས་རུ་ཡིས་གཏོར་མའི་སིདྡྷི་བུ་ཡི་ལག་ཏུ་གཏད་པས་ཀྱང་དེ་ལྟར་བརྗོད་ལ་རོལ། དཀར་གཏོར་དེ་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པའི་གཏེར་བདག་རྣམས་དང་གཞི་བདག་རྣམས་ལ་བསྔོས་ལ་ས་གཙང་སར་བསྐྱལ་ལོ༔ སློབ་དཔོན་པདྨའི་ཞུས་ལེན་རྣམ་པ་གསུམ་ལ་སོགས་པ་མདོར་ན་གུ་རུས་མཛད་པའི་རིག་པའི་གནས་ཐམས་ཅད་ཀྱི་སྣོད་རུང་འདིས་ཆོག་གོ༔ ནད་པ་གསོ་བ་ལ་ཡང་སྔོན་ལ་སྣོད་རུང་བྱས་ལ་དེ་ནས་སྨན་གཏང་བས་བཀྲ་ཤིས་སོ༔ སློབ་བུ་སྙིང་དང་འདྲ་བ་ལ་སྲུང་བ་བྱེད་པ་ན་ཡང་སྔོན་ལ་སྣོད་རུང་བྱས་ལ་མེ་ཏོག་འབུལ་དུ་བཅུག་ལ་དེ་ནས་སྲུང་བ་་་ལུགས་བཞིན་བྲིས་པ།བཏགས་པས་ནད་གདོན་གྱིས་མི་ཚུགས་སོ༔ ཚེགས་ཆུང་ལ་དོན་ཆེ་བ་སྣོད་རུང་བསྡུས་པའོ༔ ྀཨཚ༔ གདམས་པ་གཏེར་ནས་ཐོན་པའི་དུས་སུ་ཡང༔ རང་གི་སློབ་དཔོན་ཐག་ཉེ་བ་དེའི་ཕྱག་ཏུ་སྣོད་རུང་གི་དཔེ་དེ་ཕུལ་ལ་སྣོད་རུང་མཛད་པར་ཞུས་ལ༔ མེ་ཏོག་ཅི་འབྱོར་པ་ཕུལ་ལོ༔ ཡང་ན་རང་གིས་རང་ཉིད་ལ་སྣོད་རུང་གི་དབང་བསྐུར་གོང་དུ་བསྟན་པ་བཞིན་བྱས་ལ༔ མེ་ཏོག་ཅི་འབྱོར་ཚོགས་དང་མཆོད་པ་་་རང་གི་བླ་མའམ་བརྒྱུད་པའི་བླ་མའམ་མཆེད་པོ།གོང་མ་ལ་འབུལ་ལོ༔ དེ་ལྟར་བྱས་པས་འགལ་བ་མེད་དོ༔ སྣོད་རུང་བསྡུས་པ་དབང་གི་གྱད་འདི༔ བུམ་པ་འདེགས་པའི་གྱད་ཅིག་ཡིན༔ ྀཨཚ༔ ༈ ཇི་ལྟར་བལྟམས་པའི་ཚེ་ན་བར་སྣང་གི༔ ལྷ་རྣམས་ཀྱིས་ནི་བདུད་རྩིས་ཁྲུས་གསོལ་ལྟར༔ རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང༔ སེམས་ཅན་མ་རིག་ལས་ངན་བག་ཆགས་རྣམས༔ དག་ནས་དམ་ཆོས་བདུད་རྩིའི་སྣོད་རུང་ཞིང༔ རྡོ་རྗེ་གོ་མཚོན་དབང་མཆོག་ཐོབ་བྱའི་ཕྱིར༔ མདོག་ལེགས་དྲི་ཞིམ་སྐུ་ཁྲུས་བཞེས་སུ་གསོལ༔ བདག་བདེ་གཞན་ཕན་དངོས་གྲུབ་རྒྱ་ཆེན་ཞུ༔ ཡི་གེ་བརྒྱ་པ་དང༔ ཨཱ་ལི་ཀཱ་ལི༔ རྟེན་འབྲེལ་སྙིང་པོས་སྐུ་ཁྲུས་གསོལ༔་་་མེ་ལོང་བསྟན་ལ་ཆུ་དེ་བུ་ལ་སྦྱིན། བུ་འདིར་ཤོག་ཅིག་སྐལ་ལྡན་དམ་ཚིག་ཅན༔ ཁྱོད་ཀྱི་བླ་མ་དམ་པ་ང་ཡིན་པས༔ དམ་ཆོས་བདུད་རྩིའི་ཆུ་རྒྱུན་སྒོ་ཕྱེས་ནས༔ མདོག་ལེགས་དྲི་ཞིམ་རོ་མཆོག་བརྒྱ་དང་ལྡན༔ མཐོང་ཐོས་དྲན་རེག་མྱང་བ་ཙམ་གྱིས་ཀྱང༔ ཚེ་དང་སྟོབས་དང་ཁ་དོག་བསོད་ནམས་དང༔ ལོངས་སྤྱོད་གཟི་བརྗིད་མཐུ་རྩལ་ཐོགས་མེད་འགྲུབ༔ བདུད་རྩིའི་རྦ་ཀློང་འཁྱིལ་བའི་རྒྱ་མཚོ་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ནས༔ བླ་མེད་དོན་མཆོག་དམ་པ་ཐོབ་པར་ཤོག༔ དེ་ནས་འདི་སྐད་དོ༔ དུག་གསུམ་རྣམ་དག་སྐུ་གསུམ་ལྷུན་གྱིས་གྲུབ༔ རྒྱལ་བ་སྐུ་བཞིའི་དཀྱིལ་འཁོར་ཆེན་པོ་འདིར༔ འབྲི་བ་དང༔ འཆང་བ་དང༔ ཀློག་པ་དང༔ འཛིན་པ་དང༔ ཁ་ཏོན་བྱེད་པ་དང༔ མཆོད་པ་བྱེད་པ་ན་རིགས་ཀྱི་བུ་ཚད་མེད་པ་བཞི་ཡི་དབང་ཐོབ་པར་གྱུར་ཅིག༔ འགྲེའོ། །རིགས༴ དལ་འབྱོར་ཕུན་སུམ་ཚོགས་པའི་དབང་དམ་པ༴ རིགས༴ འཁོར་ལོའི་དལ་འདིས་ཚུར་ལ་དགྲ་བགེགས༔ ནད་མཚོན༔ བར་ཆད་འགལ་རྐྱེན་གང་གིས་ཀྱང་མི་ཚུགས་པ་རྡོ་རྗེ་ཁྲབ་རིང་གི་དབང་དམ་པ༴ རིགས་ཀྱི་བུ་ཕར་གང་ལའང་ཐོགས་བརྡུག་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུར་རྡོ་རྗེའི་གོ་མཚོན་གྱི་དབང༴ རིགས༴ དལ་འཁོར་ལོ་ཆེན་པོ་འདིས་མི་དགེ་བཅུ་ཐུབ༔ མཚམས་མེད་པ་ལྔ༴ དེ་དང་ཉེ་བ་ལྔ༴ ཁ་ན་མ་ཐོ་བ་གསུམ་རྣམས་སྤོང་བའི་དབང་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ལ༔ དཀྱིལ་འཁོར་ཙཀྲས་སྡོམ་པ་གསུམ་རྒྱུད་ལ་སྐྱེ་བའི་དབང་དམ་པ༴ རིགས་ཀྱི་བུ་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༔ བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ཐོབ་པར༴ རིགས་ཀྱི་བུ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མངའ་བརྙེས་པའི་དབང༴ རིགས༴ ལམ་ལྔ་ས་བཅུ་བགྲོད་པའི་དབང༴ རིགས༴ དབང་བཞིས་རྒྱུད་བཞི་སྨིན་པའི་དབང་ཐོབ༴ རིགས༴ ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི༴ རིགས༴ ཞི་རྒྱས་དབང་དྲག་གི་ལས་བརྩམ་པ་ཙམ་གྱིས་འགྲུབ་པའི༴ རིགས་ཀྱི་བུ་ལ་བར་དོ་ལྔ་རང་སར་གྲོལ་བའི་དབང༴ རིགས་ཀྱི་བུ་ལ་འབྲས་བུ་རྒྱལ་བ་སྐུ་གསུམ་མངོན་དུ་གྱུར་པའི་དབང༴ རིགས་ཀྱི་བུ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དབང༴ ཀྱེ་རིགས་ཀྱི་བུ༔ དུག་གསུམ་རྣམ་དག་སྐུ་གསུམ་ལྷུན་གྱིས་གྲུབ༔ རྒྱལ་བ་སྐུ་བཞིའི་དཀྱིལ་འཁོར་ཆེན་པོ་འདིར༔ ཐུགས་རྗེ་ཆེན་པོ་བཞི་རྒྱུད་ལ་སྐྱེས་ཏེ༔ རྟེན་བཅས་རྟེན་མེད་ངོ་བོ་ཉིད་ཀྱིས་གདུལ་བྱ་དཔག་ཏུ་མེད་པའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ དེ་ནས་བུ་ཡིས་ཕྱག་རྒྱས་བླངས་ལ་འདི་སྐད་བརྗོད།་་་བླ་མ་དམ་པ་སྐུ་དྲིན་ཆེ༔ ལུས་ངག་ཡིད་གསུམ་རྗེ་ལ་འབུལ༔ ཅི་གསུང་ཉན་ཅིང་ཕྲིན་ལས་བསྒྲུབ༔ ཅེས་ལན་གསུམ་བརྗོད་དོ༔ འདི་ནི་དུག་གསུམ་རྣམ་དག༔ སྐུ་གསུམ་ལྷུན་གྲུབ་རྒྱལ་བ་སྐུ་བཞིའི་དཀྱིལ་འཁོར་འཁོར་ལོ་ཆེན་པོ༔ ཡེ་ཤེས་གཏིང་རྫོགས་རྡོ་རྗེ་གོ་མཚོན་གྱི་ཚིག་དབང་ངོ༔ ྀཨཚ༔ དབང་ཚིག་འདིའང་དཔེ་རྙིང་ཁུངས་བཙུན་ཁ་ཅིག་ལ་སྣང་བས་དེ་ལྟར་བཀོད་པའོ།། ༈ སྲུང་བ་ཉི་མའི་འོད་ཟེར་འདིས༔ གདོན་བགེགས་སྤྲིན་ལྟར་གཏིབས་གྱུར་ཅིང༔ ནད་ངན་ཆུ་ལྟར་འབྲུབ་གྱུར་ཀྱང༔ ཉི་མས་གྲིབ་མ་དེད་དང་མཚུངས༔ དེ་ལ་སྨན་བཟང་དྲུག་ནི༔ རྒྱལ་པོ་དྲུག༔ བཙུན་མོ་གཉིས་ནི༔ ག་པུར༔ གུ་གུལ༔ དམངས་དྲུག་ནི༔ བ་བླ༔ ར་དུག་པ༔ བོང་ང༔ སྤྲུ་ནག༔ ཏང་ཀུན༔ སྤྱང་བྲུན་ནོ༔ བློན་པོ་གཉིས་ནི༔ ཤུ་དག༔ ཐར་ནུའོ༔ དེ་རྣམས་ཡུངས་དཀར་གྱིས་ངར་བསྐྱེད༔ ཡུང་བས་མདོག་འདོན༔ ཤི་སྐྲ་དང་ཤི་སེན་གཏང༔ གཉན་སྔགས་བརྒྱའམ་སྟོང་དུ་གདབ༔ ཨོཾ་ནག་པོ་ཚལ་པ་ཤག་ཏི་རྦད༔ ཅེས་རས་ཀྱི་ཁུད་དུ་བྱེའུ་ཕྲན་གྱི་སྒོ་ང་གང་ཙམ་རེ་བསྟུམས་ལ་གདགས༔ དྲི་ཡལ་དུས་སུ་སྤོ་བར་བྱ༔ སྲུང་བ་འདི་དང་མ་བྲལ་ན༔ འགོ་བའི་ནད་ཀྱིས་ཚུགས་མི་འགྱུར༔ ཞེས་པདྨས་མཚོ་རྒྱལ་ལ་གདམས་པའོ༔ རང་སྲུང་བ་ཕུར་མའི་གྱད༔ བུམ་པ་འདེགས་པའི་གྱད་ཁྱད་པར་ཅན་གནད་ཀྱི་གདམས་པ་ྀཨཚ༔ ༈ བྱིན་ལོག་ལས་རྣམ་པར་རྒྱལ་བ་བཞུགས༔ རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཉྭ་ལོག་སྲུང་བརྟག་གསོ་ཐབས་བཤད༔ ཡོད་ནི་གཅིག་ལས་མེད་པ་ལ༔ འཕོག་ས་འབེམ་གྱིས་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ ཉྭ་བཞིར་བབས་པའི་ལྷོག་པ་ལ༔ དེ་ལ་སྟོབས་ཆེན་སྟོབས་ཆུང་གཉིས༔ སྲུང་ཐབས་་་སྤྱིར་དུ་རྡོ་རྗེ་ཁྲབ་རིང་གྱོན།རྣམ་པར་རྒྱལ་བ་ལ༔ སྔགས་་་ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། གཟུངས་བརྒྱ་རྩ་རེ།གདབ་བྱིན་བརླབས་སྐེ་རུ་གདགས༔ བརྟག་ཐབས་དང་པོ་སོ་མའི་དུས༔ བད་རླུང་ཤས་ཆེ་དངངས་ལ་སྐྱུག༔ བད་མཁྲིས་ཤས་ཆེ་དངངས་ལ་འཁྲུ༔ སྐབས་སུ་ལུས་ངལ་སྐོམ་ལ་སྲེད༔ མལ་དུ་ཐང་ཆད་ཤ་སྣ་འཕྲིག༔ དངོས་གཞི་སྟོབས་ཆེན་འབྲོས་པ་བཞི༔་་་མིག་ལྟག་ཁུང་དུ་འབྲོས། ལྕེ་རྐན་ཕུགས་སུ་འབྲོས། རྩ་རུས་མིག་ཏུ་འབྲོས། ཉྭ་བཞི་ངར་གདོང་དུ་འབྲོས། འཆོར་བ་བཞི་་་སྐད་སྣ་རུ་འཆོར། སྒྲ་རང་སངས་འཆོར། རེག་བྱ་གྲང་འདར་དུ་འཆོར། སེམས་ཟི་ལོང་དུ་འཆོར།སྟེ་བརྒྱད་དུ་འདོད༔ མིག་ལྡོག་ཡན་ལག་གཡོབ་པ་དང༔ སོ་བརྩེག་ངར་ལྷག་མཁས་ཀྱང་སྤང༔ དེ་ལ་བཅོས་ཐབས་རྣམ་པ་ལྔ༔ དང་པོ་རྟ་རྒོད་གཏོད་ལ་མནན༔ གཉིས་པ་སྨྱོན་པ་མལ་དུ་གཞུག༔ གསུམ་པ་འགྱུར་བ་རང་སོར་གཞུག༔ བཞི་པ་ལོག་གནོན་ལྔ་པ་རྗེས༔ རྒྱལ་པོ་་་ཤ་ཡི་རྒྱལ་པོ་ནི་སྲིན་པོ་ངོ་དམར་གྱི་ཤ།་་་མི། བདུད་བྱ་ནག་པོ།་་་བྱ་རོག །ཀླུ་བྱ་སེར་པོ།་་་ངུར་པ། སྨན་གྱི་རྒྱལ་པོ་གསུམ་ནི། གསེར་མདོག།་་་ཨ་རུ། རི་དྭགས་ལྟེ་བའི་དྲི།་་་གླ་རྩི། ཐང་ཤིང་ནག་པོའི་ཁྲག །གུ་གུལ། རིལ་བུ་སྲན་མ་ཙམ་གསུམ་ཡང་གཏང་།་་་དྲུག་དང་བློན་པོ་་་བོང་ང་རྒྱལ་པོའི་དྲུག་ཆ། སྤྲུ་ཆུག་སུག་ཤ་བ།གསུམ༔ དེ་ལ་དམངས་གཉིས་་་ཤུ་དག་རྒོད་སྤོས།བསྣན་ལ་གཏང༔ སྟོབས་ཆེན་སྨན་གསུམ་་་རྒྱལ་བློན་དམངས་གསུམ། ཛཱ་ཏི་ཤིང་ཀུན་བིག་པན་གསུམ་ཞེས་པའང་སྣང་།་་་ཆང་སྦྱར་གཏང༔ དེ་ཡིས་ཉལ་བར་ཐེ་ཚོམ་མེད༔ བཅུད་རྒོད་་་ཞུན་ཆེན་ནམ་ལོ་མར་ཞུན།བྱུག་པའི་རྩལ་གྱིས་འདུལ༔ ཤ་འཐེན་ཤིང་ཚས་རས་ཀྱིས་བསྡམ༔ སྨན་ནི་གཙོ་བོ་ལྔ་སྦྱོར་་་ལོག་གནོན་གླ་བ་མུ་ཟི་སེར་མཚུར་ཤུ་དག་ནག་པོ་སྐྱེར་པའི་བར་ཤུན།གཏང༔ སྤྱི་གཙུག་དྲུག་བདུན་དཀར་ནག་བསྲེག༔ ཤ་ཆེན་ལོ་ཤའི་ཚོ་ཁུ་ལ༔ སྤོད་སྣ་གསུམ་་་པི་པི་ལིང་ཤིང་ཀུན་སྒོག་སྐྱ།གྱིས་བརྒྱན་པ་གཏང༔ རྙིང་པ་གསུམ་་་རུས་རྙིང་མར་རྙིང་བུར་རྙིང་།གྱི་ཆང་སྐོལ་བཏུང༔ སྤྱོད་ལམ་དྲོ་བའི་མལ་དུ་ཉལ༔ ཨ་ཀྲོང་ཁ་སྐོམ་ཚུགས་ཚད་བསྟེན༔ རྗེས་ནི་དཀར་གསུམ་མངར་གསུམ་དང༔ འཁོན་ཐབ་གྲིབ་དང་འདྲེ་ཅན་བསྲུང༔ རླན་ཅན་བསེར་བུ་གྲང་སར་མིན༔ ཐོར་བུའི་རླུང་སྔ་བྱུག་པས་བླན༔ དཀར་ཆོས་རིམ་གྲོའི་དམག་དཔུང་བསྐྱེད༔ དེ་ལྟར་གསོ་བ་མ་འཁྲུལ་ན༔ བྱིན་ལྷོག་ནད་ལས་ཐར་བར་བཤད༔ བྱིན་ལྷོག་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ༔ མ་བས་ལྷག་པའི་བུ༔ ྀཨཚ༔ ༈ གཟེར་ཐུང་ལས་རྣམ་པར་རྒྱལ་བ་བཞུགས༔ བཅོམ་ལྡན་སངས་རྒྱས་སྨན་བླ་དང༔ རིགས་གསུམ་མགོན་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་གསུམ་སྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་ན་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་གཅེས་པའི་ཡུལ་ལྔར་འདུས༔ དོན་ལ་བབས་པའི་གཟེར་ཐུང་ལ༔ དང་པོ་བསྲུང་ཞིང་བར་དུ་བརྟག༔ ཐ་མ་བཅོས་ཐབས་གསུམ་གྱིས་བསྟན༔ སྲུང་བ་བདུད་རྩི་བུམ་པ་ཡི༔ རྡོ་རྗེ་ཁྲབ་རིང་རྒྱུད་དུ་ལྟོས༔ བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་རྩ་ནི་ཕྲ་ཞིང་སྤུན༔ བརྩི་རུ་མི་བཏུབ་གྲངས་ལས་འདས༔ འཁྲུགས་ལས་གྱུར་པས་རྩ་རྒྱས་དྲག༔ ཆུ་ནི་དམར་སེར་རླངས་པ་ཆེ༔ ཡང་ན་སྨུག་ནག་དུད་ཁུར་འབྱུང༔ སྔངས་འདར་བ་སྤུ་གཏིང་ནས་གཡོ༔ ཁ་སྣ་སྐམ་ཞིང་སྐོམ་དད་ཆེ༔ དབུགས་ཐུང་མིག་གདང་རྔམ་པ་རྒོད༔ ཤེས་པ་གསལ་ཅིང་སྙིང་མི་དགའ༔ གློ་སོར་ལུད་པ་མི་གཙང་ཞིང༔ མདུན་རྒྱབ་ན་ཞིང་གཟེར་བ་ནི༔ སྨད་ནས་ལངས་ཤིང་སྟོད་དུ་འགྲིལ༔ སྤྱིར་ཡང་གཟེར་ཐུང་མཚན་ཉིད་ནི༔ གར་མཁན་ལག་པའི་ཕྱག་རྒྱ་འདྲ༔ དེ་ལ་གཉན་ཅན་གཉན་མེད་གཉིས༔ གཉན་མེད་རྒྱས་ཚད་འཁྲུགས་པ་དང༔ གཉན་ཅན་ཨན་སྟོང་ནའང་སྦོ༔ སོག་པའི་སྟེང་ཡང་དེ་བཞིན་ཏེ༔ ལྕེ་མཆུ་སོ་སེན་མཐིལ་བཞི་ཡི༔ མདངས་འཆོར་ཁ་རྙིལ་ན་ཞིང་ཁོལ༔ བྱེ་བྲག་སོ་སོའི་ངོས་འཛིན་ལ༔ མདུན་རྒྱབ་སྙིང་དང་གློ་བ་དང༔ གཡས་དང་གཡོན་དུ་མཆིན་མཚེར་ན༔ མཆན་འོག་མ་བུ་འདོམས་པའི་གཟེར༔ ལུད་པ་སྐྱ་སོབ་སྙིང་ལ་ཡོད༔ དམར་པོ་གློ་བའི་གནས་ན་ཡོད༔ མཆིན་མཚེར་ལུད་པ་སེར་ལ་དུག༔ སྲོག་རྩའི་གནས་ནས་དུད་ཁུ་འབྱུང༔ དེ་ལ་བཅོས་ཐབས་སྨན་དང་དཔྱད༔ ཟས་དང་སྤྱོད་ལམ་བཞི་ཡིས་བཅོས༔ སྨན་ལ་བསྡུ་བསད་རྣམ་པ་གཉིས༔ སྡུད་པ་རྒྱ་སྐྱེགས་ཚྭ་ལ་བཙོད༔ ཨ་རུ་ར་དང་བཞི་བསྡུས་ཐང༔ ཁ་ཚར་ཀ་ར་བཏབ་འཐུངས་ན༔ ཕྱི་ནང་ནད་རྣམས་སྡུད་པར་འགྱུར༔ དེ་ལ་བསད་པར་གླ་བ་དང༔ གུ་གུལ་སྟག་ཤ་རྣམ་པ་་་དཀར་ནག།གཉིས༔ རུ་རྟ་ཤུ་དག་འཛིན་པ་རྣམས༔ བྲག་ཞུན་བྱིས་པའི་ཆུ་ཡིས་སྦྲུ༔ རིལ་བུ་སྲན་མ་བཅོས་པ་ཙམ༔ གསུམ་ཡར་ལྔ་ལྔ་བཏང་བས་སེལ༔ གལ་ཏེ་སྐྱེད་ཆུང་ཕྱེ་མ་ནི༔ ག་པུར་བཟང་དྲུག་གྷི་ཝང་དང༔ པུ་ཤེལ་ཙེ་དང་་་ཧོང་ལེན།ལི་ག་དུར༔ བོང་ང་་་དཀར་པོ།ཨ་ཀྲོང་ཤིང་མངར་གྱི༔ ཕྱེ་མ་གངས་ཆུ་གྲང་མོས་དབུལ༔ གཟེར་འཇོམས་བདུད་རྩི་དཔའ་བོ་ཡིན༔ དཔྱད་ལ་དྲངས་གསུམ་མེ་དང་བཞི༔ དྲངས་པ་བུ་ག་རྩ་དང་སྣོད༔ ཤ་པགས་ཚ་བ་བུ་གར་དྲང༔ ཁྲག་གི་ཚ་བ་རྩ་རུ་དྲང༔ དོན་སྣོད་གཟེར་བ་བཤལ་གྱིས་དྲང༔ རླུང་གཟེར་གང་ན་མེ་ཡིས་བསྡམ༔ བུ་གར་དྲང་བ་ཕྱེ་མ་ལ༔ ག་པུར་ཆ་ཕྱེད་ཆང་སྦྱར་བཏང༔ རྡུལ་འདོན་སྦྱོར་བ་ཅི་རིགས་བྱ༔ སྣོད་ནས་དྲང་བ་དུར་བྱིད་དང༔ ཐར་ནུ་ཆུ་རྩ་རེ་ལྕག་པ༔ གུ་གུལ་གླ་བ་སྟག་ཤ་བ༔ ཡོན་ཏན་རྒྱས་པའི་་་དགེ་སློང་གཙང་མའམ་བྱིས་པ་ལོ་བརྒྱད་པའི།ཆུ་ཡིས་སྦྲུ༔ རིལ་བུ་སྲན་མ་བཙོས་པ་ཙམ༔ ལྔ་བདུན་ལ་སོགས་ལུས་ཟུངས་སྦྱར༔ རྗེས་ཀྱི་བྱ་བ་གཞན་དང་མཚུངས༔ ད་རུང་བག་རེ་གཟེར་སྲིད་ན༔ ནད་རླངས་ཚ་བའི་ཁྲག་རོ་ལུས༔ གང་དུ་གཟེར་བའི་རྩ་སྒོ་དབྱེ༔ ཁྲག་ལ་རྣག་ཆགས་མང་བར་གཏར༔ དམར་ནག་ལྦུ་བ་ཆེ་ན་གཅད༔ ད་རུང་བག་རེ་གཟེར་སྲིད་ན༔ ཕྱེ་མའི་སྦྱོར་བས་སྙུགས་སུ་བསྲིང༔ རླུང་གཟེར་ཚད་གཞུག་མེ་ཡིས་བསྡུ༔ སྲང་བཙལ་ཡང་ན་ཨ་ན་ཚུགས༔ མཁས་པས་ལག་ལེན་ཤེས་པར་བྱ༔ ལས་དང་གདོན་གྱིས་མ་ཁྱེར་ན༔ སྨན་དཔྱད་འདི་ལས་ལྷག་པ་མེད༔ ཟས་ནི་དཀར་མངར་སྐྱུར་གྱི་རིགས༔ རུལ་སུངས་ཚ་སྐྱུར་དྲོད་བཅུད་སྤང༔ ནས་འབྲས་ཁུར་མོང་ཚོད་མ་དང༔ དེ་ལས་བྱས་པའི་ཁ་ཟས་བསྟེན༔ སྤྱོད་ལམ་ལྷོག་པའི་སྐབས་དང་འདྲ༔ མདོར་ན་བསིལ་བའི་གནས་སུ་འདུག༔ གཉན་མེད་རྒྱས་ཚད་བཞིན་དུ་བཅོས༔ ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སྨན་དཔྱད་ཟས་སྤྱོད་རྣམ་བཞི་ཡིས༔ གསོ་དཀའ་གདུག་པ་གཉན་གྱི་ནད༔ གཟེར་ཐུང་འཇོམས་པའི་བདུད་རྩིར་ཤོག༔ གཟེར་ཐུང་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་ཞེས་བྱ་བ་མ་བས་ལྷག་པའི་བུ༔ ྀཨཚ༔ ༈ ལྷོག་པ་ལས་རྣམ་པར་རྒྱལ་བ་བཞུགས༔ བཅོམ་ལྡན་སངས་རྒྱས་སྨན་བླ་དང༔ རིགས་གསུམ་མགོན་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་སུམ་བསྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ འཕོག་ས་འབེན་གྱི་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་ན་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་གཅེས་པའི་བུ་ལྔར་འདུ༔ ཕྱི་རུ་བབས་ན་ལྷོག་པར་འགྱུར༔ སྲུང་དང་བརྟག་དང་བཅོས་ཐབས་གསུམ༔ རྩ་བ་བསྡུས་པ་ལུས་ཀྱི་ཆིངས༔ སྲུང་ཐབས་ཕྱི་ནང་གསང་བ་གསུམ༔ རྡོ་རྗེ་ཁྲབ་རིང་ནང་དུ་ལྟོས༔ ཁྱད་པར་བདག་ཉིད་ཆེན་པོ་ལ༔ ལྕགས་ཀྱི་ཕག་རྒོད་མགོ་དགུ་པ༔ ཁ་ནས་མེ་ཡི་བུ་ཡུག་འཕྲོ༔ སྣ་ཡིས་ཐམས་ཅད་རློག་པར་བྱེད༔ ལྕེ་ཡིས་ཐམས་ཅད་འཇོམས་པར་བྱེད༔ སོ་ཡིས་མ་ལུས་སྒྲོལ་བར་བྱེད༔ ཉམ་ང་མེད་པའི་སྲུང་བ་ཡིན༔ བརྟག་པ་ཕྱི་ནང་གསང་གསུམ་མོ༔ དང་པོ་མགོ་ན་རོ་སྟོད་གཟེར༔ གྲང་ཤུམ་ཕྲུམ་སེར་བ་སྤུ་ལངས༔ ཉྭ་བཞི་མི་བདེ་ཚིགས་བཞི་ན༔ ཤེད་ཆུང་ལུས་པོ་བརྡུང་སྙམ་བྱེད༔ འགྲོ་སྙིང་འདོད་ཅིང་སྙིང་མི་དགའ༔ ཤེས་པ་ཁྲོ་ཞིང་ཚིག་པ་ཟ༔ གཏམ་སྨྲས་གཏིང་ལ་འདར་སྐད་འོང༔ མདོར་ན་རིམས་ཀྱིས་བཏབ་པ་འདྲ༔ རྩ་ནི་ཁ་རྒྱུག་གཏིང་ན་གྲིམ༔ ཁོང་ན་འདར་སློད་གདོན་རྩ་འདྲ༔ ཨན་སྟོང་རྩ་དང་མིག་གི་རྩ༔ འགྲམ་རྩ་ལྕེ་རྩ་འགུལ་ན་ཡིན༔ ཆུ་ནི་མདོག་ནག་རླངས་པ་འཐིབས༔ ཀུ་ཡ་འཁྲུགས་ན་ཡིན་པར་ངེས༔ ནང་རྟགས་འབྱུང་བ་བཞི་ཡི་རིགས༔ རླུང་ལྷོག་སྐྱ་ལ་སོབ་པ་ཡིན༔ སྐྲངས་པ་མི་རྟག་འཕར་ཞི་བྱེད༔ གྲོད་པ་ཞོ་ཆུས་བཀང་བ་འདྲ༔ མེ་ལྷོག་དམར་ལ་ན་ཚ་ཆེ༔ མཆེད་པ་སྐྱེན་ཞིང་དྲོད་དང་ལྡན༔ མེ་ཡི་གཞལ་ཡས་ཁང་དང་འདྲ༔ ཆུ་ལྷོག་སྐྲངས་འཇམ་སྙོལ་ལ་ཞང༔ བསིལ་ཞིང་དྲོད་ཆུང་ཆུ་བུར་ཅན༔ དཔེར་ན་གཡུ་མཚོ་འཁྱིལ་བ་འདྲ༔ ས་ལྷོག་སྲ་ཞིང་འཁྲེགས་པ་འདྲ༔ སྐྲངས་བརྟན་མདོག་ནག་མགོ་བོ་ལེབ༔ སླང་ངའི་ཁ་ཡིས་སྦུབ་པ་འདྲ༔ ཡང་ན་རྒོད་དང་ཡང་རྒོད་གཉིས༔ རྒོད་ནི་རླངས་ཆེ་འབྲོས་པ་སྐྱེན༔ ཟུག་གཟེར་ཆེ་ཞིང་རྩ་ལ་ཞེན༔ ཡང་རྒོད་མེ་རིགས་སྐྲངས་པ་ཆེ༔ འཁོར་ལ་ཁྲོ་ཞིང་འཐོར་བ་ཡིན༔ གཟེ་མ་མགོ་དགུ་ཞེས་ཀྱང་བྱ༔ ད་རུང་ནད་ངོས་མ་ཟིན་ན༔ གསང་བ་རྫས་ཀྱི་བརྟག་པ་ནི༔ ཤུ་དག་ཆུ་ངན་སྦྱར་བ་གཉིས༔ སྐྲངས་ལ་བསྐུས་པས་འཕར་ན་ཡིན༔ སེམས་ཅན་ལུས་སྐྱེས་ཐུལ་མ་་་བྱིང་བྱིང་ཐུ་ལུ།ཡིས༔ སྐྲངས་ཀྱི་ཕྱོགས་བཞི་དབུས་དང་ལྔར༔ དབུག་ཚུལ་བསྟན་ཏེ་དབུས་ཉིད་དུ༔ ཚྭ་མར་བསྐུས་ནས་ནད་པ་ཡི༔ ལྟེ་ཁུང་དམར་ཐིག་འདུག་ན་ཡིན༔ སྐྲངས་པའི་སྟེང་དུ་གཟི་རྙིང་གིས༔ དབུར་བས་སླར་སྐྲངས་ཡིན་པར་ངེས༔ བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་སྨན་དཔྱད་ཟས་སྤྱོད་བཞི༔ སྨན་ལ་བྱུག་པ་ཁོང་སྨན་གཉིས༔ ཁོང་སྨན་བྱ་ཁྱུང་ལྔ་སྦྱོར་བཟང༔་་་བཙན་དུག་ཨ་རུ་ར་གླ་བ་ཤུ་དག་རུ་རྟ་བ་ཆུས་སྦྱར་བའི་རིལ་བུ། ཡང་ན་མྱོས་བྱེད་སྨན་སྣ་གསུམ༔་་་གླ་བ་གུ་གུལ་ཤིང་ཀུན། ཡང་ན་དཔའ་བོ་ལྔ་སྦྱོར་བཟང༔་་་མུ་ཟི་སྤྲུ་ནག་སྟག་ཤ་ཤུ་དག་གླ་བ་དང་ལྔ་རིལ་བུ་བྱ། སྤྱིར་དུ་རྒྱུད་ལས་བཤད་པ་་་རྒྱལ་པོ་གདན་ལས་ཕབ་པ་བཞིན།ཟབ༔ ནང་དུ་ཟུ་གུ་མ་བཅུག་པར༔་་་ཁོང་སྨན་མ་བཏང་ན། ཕྱི་ནས་དམག་གིས་མི་བསྐོར་རོ༔་་་སྔགས་དང་ནན་མི་བྱ། བྱུག་པའི་སྔོན་དུ་་་གཉན་ས་ནས་མི་གཉན་སར།སྣ་འདྲེན་གཅེས༔ འཛིན་པ་མངར་གསུམ་་་བུ་རམ་ཀ་ར་སྦྲང་རྩི་འོ་མ།ལྡེ་གུ་ཡིས༔ མི་གཉན་སར།་་་གང་དུ་སོང་ཡང་དགུག་པར་བྱེད༔ བྱུག་པ་བཙན་དུག་མུ་ཟི་དང༔ སྟག་ཤ་བ་ཡིས་གསོད་པ་ཡིན༔ བྲག་སྤོས་སྤྲུ་རྩ་ཆུ་རྩ་དང༔ མི་ཁྱི་སྤྱང་ཀི།་་་བྲུན་གསུམ་སྐྲངས་པ་འཇོམས་པའི་སྨན༔ ར་ཐུག་སྦྲེ་དང་པདྨའི་ཁྲག༔ བྲག་ཞུན་དུད་པ་ཆུ་ངན་གྱིས༔ སྡོམ་པར་བྱེད་པའི་སྲ་རྩི་ཡིན༔ ཤུ་དག་ཟངས་རྩི་ཀུན་གྱི་གྲོགས༔ དེ་རྣམས་སྦྱར་བ་་་དྲི་ཆུས་གར་སླ།ཞོ་དཀྲུགས་ཙམ༔ སྐྲངས་མཐའ་མ་ཤོར་མཐའ་ནས་བསྡུ༔ ཚང་ཁ་མི་བསྲུབ་དཀར་ཁུང་དབྱེ༔་་་དཀྱིལ་དུ་མི་བསྐུ། མངར་གསུམ་སྦྱར་བའི་ཐིག་ལེ་་་དཀྱིལ་དུ།བྱ༔ སྟེང་ནས་བལ་འདབ་་་བྱུག་པ།འཇམ་པོས་མནན༔ སྐྲངས་པ།་་་འབུར་འཇོམས་མན་ངག་དམ་པ་ཡིན༔ དཔྱད་ལ་འཁྲུ་དང་མེ་བཙའ་གཉིས༔ འཁྲུ་ལ་ཐར་ནུ་ཆུ་རྩ་དང༔ དབྱི་མོང་རེ་ལྕག་དུར་བྱིད་དང༔ སྟག་ཤ་གུ་གུལ་ཁྲོན་བུ་དང༔ ལོ་བརྒྱད་ཆུ་སྦྱར་ཁོང་དུ་བཏང༔ ལོག་དང་འཇམ་དང་འགྱིངས་པ་དང༔ སྟོང་སྦོས་ཟུག་གཟེར་ཆེ་བ་ལ༔ ལོག་གནོན་དཔའ་བོས་གཡུལ་དུ་གཞུག༔ མེ་བཙའ་མགོ་སྐེ་ཡན་ཆོད་ལ༔་་་སྲོག་རྩ་དང་སྙིང་རྩ་ལ་ཤོར་དོགས། སྤྱི་གཙུག་རྩེ་ཆུང་གཡས་གཡོན་ལ༔ བདུད་སྒོ་རྣ་བའི་ནང་རྩ་བསྲེག༔ ལག་པའི་དཔུང་འཛུམ་རཏྣ་བསྲེག༔་་་སྦྲིད་ན་གྲེ་མོ་རླུང་རྩ། མཆན་ཁུང་ཨ་སོ་ལི་ཁ་བསྲེག༔ རྐང་པ་་་བྱུང་བའི་ནང་།རྐང་མཐིལ་མིག་དམར་བསྲེག༔ སྤྱི་རུ་དྲུག་བདུན་དཀར་ནག་མཚམས༔་་་སྲོག་རྩ་དང་སྙིང་ལ་ཤོར། ཤ་སུལ་རྩ་ཡི་འབྲོས་འཕྲང་བསྡམ༔ མཐའ་བཞི་མེ་ཡིས་གཏོད་ལ་མནན༔ རི་བོའི་རྩེ་ལ་གནམ་ལྕགས་བརྡེག༔ ཟས་བཅོས་དཀར་གསུམ་མངར་གསུམ་སྤང༔ དམར་དང་ལན་ཚྭ་དྲོད་བཅུད་སྤང༔ སྒ་སྒོག་ཚ་བའི་རིགས་རྣམས་སྤང༔ རུལ་སུངས་སྐྱུར་གྱི་རིགས་ཆགས་སྤང༔ སྤྱོད་ལམ་རླུང་ལྷོག་རྟ་ཞོན་དང༔ རྔ་སྒྲ་ཆུ་སྒྲ་་་རང་འཐག་སྒྲ་སོགས།བསེར་བུ་སྤང༔ མེ་ལྷོག་ཟས་དྲོད་ཉི་མ་དང༔ མེ་ལ་ལུས་པོ་བདུག་པ་སྤང༔ ཆུ་ལྷོག་སྤྱོད་པ་ཆུ་རྒལ་དང༔ ཆུ་འཐུང་ཟམ་པར་འགྲོ་བ་སྤང༔ ས་ལྷོག་སྤྱོད་པ་ངལ་དུབ་དང༔ བསྒུལ་བསྐྱོད་ལུས་ཀྱི་རྩོལ་བ་ནི༔ ཐམས་ཅད་ཀུན་ལ་སྤང་བར་བྱ༔ རླུང་གི་རིགས་ལ་རླུང་མི་བསྒོམ༔ མེ་ཡི་རིགས་ལ་མེ་བཙའ་སྤང༔ ཆུ་ཡི་རིགས་ལ་སྔགས་མི་གདབ༔ ས་ཡི་རིགས་ལ་མནན་མི་བྱ༔ བྱེ་བྲག་གློ་ལ་ཤོར་བ་ལ༔ གློ་མང་ལྦུ་བ་སྐྱ་སོབ་འབྱུང༔ ཁ་སྐམ་ལོང་འཁྲོལ་འཁྲུ་ཡང་སྲིད༔ རྔམ་པ་རྒོད་ཅིང་རོ་སྟོད་བརྒྱངས༔་་་སྒྱུ་ལུས་དུམ་བུར་གཏུབས་པའི་ལྡེ་ཐུང་གར་བབས་བཅོས་པའི་སྐབས་བལྟས་སོ། །ག་པུར་གུར་གུམ་ཅུ་གང་དང༔ ཤིང་མངར་ཤིང་ཚྭ་་་དཔྱད།ཧོང་ལེན་དང༔ ཤུ་དག་ནུ་འཐུང་ཆུ་སྦྱར་བཏང༔ སྙིང་ལ་ཤོར་ན་སྦྲིད་པ་ལུ༔ མིག་རྩ་རྒོད་ཅིང་འགྲོ་ཚུལ་སྟོན༔ གྱེན་ལ་མིག་ལྡོག་ཧ་རེ་མིག༔ འདར་ཞིང་གཉིད་འཁུན་བྱེད་པ་ལ༔ ག་པུར་བཟང་དྲུག་ཤིང་ཀུན་དང༔ སྙི་བུ་ཞོ་ཤ་སྦྱར་ལ་བཏང༔ མཆིན་པར་ཤོར་ན་གདོང་པ་སྣུམ༔ མཁྲིས་པ་སྐྱུག་ཅིང་མིག་མི་འཛུམ༔ བསྒུལ་བསྐྱོད་དཀའ་ཞིང་གླལ་དང་ལུ༔ དོམ་ཕག་ཕྱི་བ་བྱ་རྒོད་མཁྲིས༔ བཟང་དྲུག་ཤིང་ཀུན་ཏིག་ཏ་རྣམས༔ འོ་མའི་རྟ་ལ་བསྐྱོན་ལ་བཏང༔ མཁལ་མ་གཉིས་བབས་སྐྱིགས་བུ་མང༔ ཁ་ཆུ་སྣ་ཆུ་མང་དུ་འཛག༔ དེ་ལ་སྡིག་སྲིན་ཨ་ཀ་རུ༔ མཁལ་མ་ཞོ་ཤ་ལྕམ་པ་དང༔ རྒྱ་རུ་རྒྱ་ཚྭ་ཀྱི་ལྕེ་དཀར༔ ཁ་རུ་ཚྭ་རྣམས་ཆུ་སྦྱར་བཏང༔ མཚེར་པ་ལ་བབས་སྒྲེགས་བུ་འོང༔ དྲོད་ཆེ་ཁྲག་དང་ཆུ་སེར་འཛག༔ ལུས་ལྕི་དབང་པོའི་གཟི་མདངས་ཉམས༔ དེ་ལ་བཟང་དྲུག་གི་ཝང་དང༔ གླ་བ་དོམ་མཁྲིས་སྦྱར་ལ་བཏང༔ བཞིན་སྔོ་ཁ་མངལ་འཕོངས་ཁྲག་འཛག༔ སྲོག་པ་རྩ་ལ་ཤོར་བ་ཡིན༔ གླ་བ་གུ་གུལ་ཤིང་ཀུན་དང༔ ཨ་གར་ནག་པོ་ཆང་སྦྱར་བཏང༔་་་ཨ་རུ་ར་དང་བོང་ང་ནག་པོ། ཞེས་པའང་སྣང་། སྔགས་ནི༔ ཧུར་ཁྱུང་ཧུར་ཁྱུང་སོད༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སོད༔ ནཱ་ག་ནཱ་ག་སོད༔ དེ་བ་དེ་བ་སོད༔ གཞན་ཡང་མཆུ་སྔགས་གཉན་སྔགས་རྣམས༔ སྨན་དང་ཆུ་དང་ཟས་རྣམས་ལ༔ མང་བར་བཟླས་ལ་ཁོང་དུ་བཏང༔ སྤྱི་གཙུག་མཐིལ་བཞི་ལྟེ་ཁུང་དང༔ གསང་གནས་རྣམས་སུ་གདབ་པར་བྱ༔ སྐྲངས་ཀྱི་མཐའ་སྐོར་དབུས་སུ་བསད༔ མགོ་བོར་སྐམ་པོ་འཕྲེད་ལ་གདབ༔ ཉྭ་བཞིར་རློན་པ་ཐུར་ལ་གདབ༔ མང་བར་བཟླས་ལ་དྲག་པར་གདབ༔ སྨན་དཔྱད་ཟས་སྤྱོད་སྔགས་རྣམས་ཀྱིས༔ གསོ་དཀའི་ནད་རྣམས་སོས་པར་ཤོག༔ ལྷོག་པ་ལས་རྣམ་པར་རྒྱལ་བ་འབུར་འཇོམས་ཞི་སྦྱོང་སྦྲགས་མ་ཞེས་བྱ་བའི་མ་ལས་ལྷག་པའི་བུ༔ ྀཨཚ༔ ༈ གག་པ་ལས་རྣམ་པར་རྒྱལ་བ་བཞུགས༔ བཅོམ་ལྡན་སངས་རྒྱས་སྨན་གྱི་བླ༔ བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་གསུམ་བསྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ ཕོག་ས་འབེན་གྱི་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་བ་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་གཅེས་པའི་བུ་ལྔར་འདུ༔ གྲེ་བར་བབས་པའི་གག་པ་ལ༔ སྲུང་དང་བརྟག་དང་བཅོས་ཐབས་གསུམ༔ སྲུང་བ་མི་འཇིགས་སྟོབས་ལྡན་པའི༔ གོ་བགོ་ཕྱི་ནང་གསང་བ་གསུམ༔ རྡོ་རྗེ་ཁྲབ་རིང་རྒྱུད་དུ་ལྟོས༔ ཐུན་མོང་རྫས་ཀྱིས་སྲུང་བ་ནི༔ མཁའ་ལྡིང་འདབ་ཆགས་གོ་བོའི་མཆུ༔ སྐེ་རུ་བཏགས་ན་གག་པ་ཐུབ༔ བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་མགོ་ན་རྩེ་འདར་ཁྱེར༔ བ་སྤུ་གཡོ་ཞིང་ཚིགས་བཞི་ན༔ ལྕེ་མདོག་སྐྱ་སེར་ལྕེ་ཆུང་འབབ༔ གྲེ་ལྐོག་ན་ཞིང་གཏམ་སྨྲ་དཀའ༔ ཟས་མི་ཐར་ཞིང་སྐོམ་ལ་སྲེད༔ བྱེ་བྲག་གནས་དང་རིགས་ཀྱིས་དབྱེ༔ གནས་ནི་སྟོད་སྨད་བར་གསུམ་སྟེ༔ ཡར་གྱི་རྫོང་དང་མར་གྱི་རྫོང༔ ལྐུག་པ་རྣམ་གསུམ་གག་པའི་ཚང༔ ཡར་རྫོང་སྟོད་ཡིན་སིང་སོང་ཁྲོད༔ མར་རྫོང་སྨད་ཡིན་ལྐོག་མའི་སྦུབས༔ ལྐུག་པ་བར་ཡིན་གཡས་གཡོན་གཉིས༔ དེ་ལ་སྐད་ཀྱི་དབྱེ་བ་འབྱུང༔ སྟོད་གག་ངར་ལ་བར་གག་སིང༔ སྨད་གག་བཤུ་བ་ལྐོག་མའི་སྒྲ༔ དེས་ཀྱང་ཉམས་སུ་མ་ལོན་ན༔ ཡར་གྱི་རྫོང་ལ་བབས་པའི་རྟགས༔ མིག་དམར་གྱེན་ལ་བཟློག་ན་ཡིན༔ མ་ཐུབ་ཀླད་པའི་རྒྱས་ལ་འཆིང༔ ཁྲག་ཆུ་སྣ་ནས་བབས་ཀྱང་སྲིད༔ ལྐུག་པ་གཉིས་སུ་བབས་པའི་རྟགས༔ གྲེ་བ་སྐད་འགག་ཟས་མི་ཐར༔ མ་ཐུབ་གློ་བའི་སྦུབས་ལ་འཆོར༔ གློ་སོབ་སྐད་ངར་སྣ་ཡང་ཞོམ༔ མར་གྱི་རྫོང་ལ་ཤོར་བའི་རྟགས༔ མིག་ནི་མདུང་ཚུགས་ཧ་རེ་བལྟ༔ ཟུག་གཟེར་ཆུང་མེད་དབུགས་མི་བདེ༔ མ་ཐུབ་སྲོག་རྩ་སྙིང་ལ་འཆོར༔ ལྕེ་ཐུང་མིག་གི་གཟི་མདངས་ཉམས༔ ཡན་ལག་གཡོབ་ཅིང་ཤེས་པ་འཚུབས༔ མ་མཐོང་སྒྲ་རྟགས་ངོས་འཛིན་ཡིན༔ མིག་མཐོང་རིགས་ཀྱི་དབྱེ་བ་ནི༔ སྟོད་སྨད་བར་གསུམ་གར་བྱུང་ཡང༔ རིགས་ནི་ལྔ་ལས་མ་འདས་ཏེ༔ རྐྱེན་པའི་གདོན་གྱིས་ཁ་དོག་དྲུག༔ རིགས་ནི་ཕ་མ་བུ་དང་གསུམ༔ ཡམས་གག་བུ་ཡི་རིགས་དང་ལྔ༔ ཕ་རིགས་ཚད་པ་ས་ཡིས་བསྐྱེད༔ ཟན་ལ་སྲན་མ་བཏབ་པ་འདྲ༔ མ་ཐུབ་སྐར་ཆེན་བཞིན་དུ་འགྲོ༔ མ་རིགས་མེ་དང་ཁྲག་གིས་བསྐྱེད༔ རྒྱ་ཕོར་ཁ་ཡིས་སྦུབ་པ་འདྲ༔ མ་ཐུབ་ལྕེ་རྐན་སྔོ་འམ་ནག༔ བུ་རིགས་ཆུ་དང་རླུང་གིས་བསྐྱེད༔ ཆུ་རླུང་འཐབས་པས་ཞོ་ཕྲུམ་འདྲ༔ མ་ཐུབ་ཁ་བ་བབས་པ་བཞིན༔ ཡམས་གག་རླུང་དང་ཚ་བས་བསྐྱེད༔ ཐོང་བུ་ཉ་ཚ་གཏོར་བ་འདྲ༔ མ་ཐུབ་རལ་གྲིའི་ཤུབས་ཕྱུངས་བཞིན༔ བུ་གག་དཀར་དང་མངར་གྱིས་བསྐྱེད༔ སྐྱ་ལ་བཀྲག་མེད་ཐ་མ་སྐྲངས༔ གང་སློང་དང་པོའི་ཟས་ཀྱིས་ཐུ༔ སྤྱིར་དུ་རིགས་ནི་གང་ཡིན་ཀྱང༔ རྐྱེན་པ་གདོན་གྱིས་ཁ་དོག་བསྒྱུར༔ བདུད་ནག་བཙན་དམར་ས་བདག་སེར༔ ཀླུ་སྔོ་རྒྱལ་པོ་དཀར་བ་ཡིན༔ མོ་རིགས་དམ་སྲི་སྐྲངས་མཐའ་དམར༔ སྤྱིར་དུ་ཕོ་ལ་མོ་རིགས་གཉན༔ གཡས་སུ་ཟུག་ན་ཤིན་ཏུ་གཉན༔ མོ་ལ་ཕོ་རིགས་བྱུང་ན་གཉན༔ གཡོན་དུ་ཟུག་ན་གཉན་པ་ཡིན༔ ངོས་འཛིན་གསལ་བའི་སྒྲོན་མེ་ཡིན༔ ༈ བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས༔ སྤྱི་ལ་སྨན་དཔྱད་ཟས་སྤྱོད་སྔགས༔ སྨན་ལ་ཁོང་སྲུང་བསད་བཞུ་བཅད༔ དཔྱད་ལ་བཤལ་སྐྱུག་བཞར་བ་གསུམ༔ ཟས་དང་སྤྱོད་ལམ་སྔགས་དང་གསུམ༔ ཕྱི་མ་ལྷོག་པའི་སྐབས་དང་འདྲ༔ ཁོང་སྲུང་རྒྱུད་ལས་སྨོས་པ་བཞིན༔ བསད་པ་གུ་གུལ་རུ་རྟ་དང༔ ཤུ་དག་གསེར་ཐིག་གྲེ་བའི་སྨན༔་་་ཨ་རུ་ར། བཞུ་བ་རྒྱ་ཚྭ་ཟི་ཚྭ་དང༔ ཁ་རུ་ཚྭ་དང་མཚུར་གྱིས་འཇུ༔ བཅད་པ་དཔའ་རྒོད་དྭ་རྒོད་པ༔ རྒྱ་ཚྭ་རྡོ་སོལ་ཨ་རུ་ར༔ མི་རུས་བསྲེགས་པའི་ཐལ་བས་བཅད༔ བསད་བཅད་བཞུ་བ་གསུམ་པོ་ཡིན༔ བྱ་ཐབས་ལྕེ་ནི་ཐུར་མས་མནན༔ སྦུ་གུའི་ནང་དུ་སྨན་བླུགས་ཏེ༔ ཆེ་ཆུང་རན་པའི་ཕུ་ཡིས་གདབ༔ ཐེབས་པས་ལྐུག་པའི་གག་པ་སེལ༔ འཚུབས་པས་སིང་སོང་གག་པ་སེལ༔ མིད་པས་ལྐོག་མའི་འབྲུམ་པ་སེལ༔ དེས་ཀྱང་སེལ་བར་མ་གྱུར་ན༔ དཔྱད་དུ་ཀྱོང་བུས་གག་པ་བཞར༔ བསད་བཅད་བཞུ་ཡི་སྨན་རྒྱ་གདབ༔ ཡང་ཅིག་སྤོགས་པའི་དཔྱད་མཆོག་ནི༔ གག་པ་སྐྱུག་ལས་མི་འདའ་བས༔ སྤྱང་ཚེར་ཤུ་དག་པོ་སོ་ཆ༔ ཐར་ནུ་གུ་གུལ་ལྡེ་གུ་བཏང༔ བསྐྱུགས་པས་གག་པ་འཇོམས་པར་བྱེད༔ ལོག་གནོན་ཁྲུས་ཀྱི་བྱ་ཐབས་ལ༔ སྣ་ཁྲུས་ལྟོ་ཁྲུས་རྣམ་པ་གཉིས༔ ཡར་གྱི་རྫོང་ལ་ཤོར་བ་ལ༔ ཁྲོན་བུ་བོང་དཀར་གུ་གུལ་གཉིས༔ སུག་པ་རུ་རྟ་མཚུར་སྐྱུར་རྣམས༔ དྲི་ཆུར་སྦྱར་ལ་སྣ་ཁྲུས་བཏང༔ མར་གྱི་རྫོང་ལ་བྲོས་པ་ལ༔ ཐར་ནུ་ཆུ་རྩ་དུར་བྱིད་དང༔ གཉེན་པོ་སྨན་བཏང་སྦྱང་བར་བྱ༔་་་ག་བུར་རྒྱལ་བློན་གསུམ་པ། མེ་བཙའ་སྟོད་དུ་སྤྱི་གཙུག་དང༔ བདུད་སྒོ་སྨིན་མའི་མཚམས་སུ་བསྲེག༔ སྨད་དུ་རྩེ་ཆུང་གཡས་གཡོན་དང༔ ཨོལ་མདུད་སྐེ་ཡི་ལྟོང་ལྟོང་བསྲེག༔ བྱེ་བྲག་ཚ་བས་བསྐྱེད་པ་ལ༔ རྒྱལ་བློན་གསུམ་སྦྱོར་བསེལ་དུ་སྦྱོར༔ གྲང་བས་བསྐྱེད་པའི་གག་པ་ལ༔ ཤིང་ཀུན་སྤོད་ནག་དྲོ་ངར་གདབ༔་་་དྲོ་བར་སྦྱར། ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སྨན་དཔྱད་ཟས་སྤྱོད་སྔགས་རྣམས་ཀྱིས༔ གསོ་དཀའ་གག་པའི་ནད་སེལ་ནས༔ འགྲོ་བ་བདེ་ལ་འགོད་པར་ཤོག༔ གག་པ་ལས་རྣམ་པར་རྒྱལ་བ༔ ཞི་སྦྱོང་སྦྲགས་མ་ཞེས་བྱ་བ་མ་བས་ལྷག་པའི་བུ༔ ྀཨཚ༔ ༈ རྒྱུ་གཟེར་ལས་རྣམ་པར་རྒྱལ་བ་བཞུགས༔ ཉེས་པ་རྣམ་གསུམ་གཉེན་པོ་གསུམ༔ རིགས་གསུམ་མགོན་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཤེས་རབ་བློ་ལྡན་མ༔ ནག་པོ་གསུམ་བསྒྲིལ་ཐོག་གི་མདའ༔ རྒྱུ་ལ་ཁྱད་པར་མེད་མོད་ཀྱང༔ ཕོག་ས་འབེན་གྱི་ཐ་དད་དེ༔ གནས་ཀྱིས་བསྒྱུར་བས་མི་འདྲ་འབྱུང༔ དབྱེ་ན་དཔག་ཏུ་མེད་མོད་ཀྱང༔ བསྡུ་ན་རྒྱལ་བུ་རིགས་ལྔར་འདུས༔ ཕྱི་རུ་བྱུང་ན་ལྷོག་པ་སྟེ༔ ནང་དུ་བྱུང་ན་གག་པ་ཡིན༔ དོན་ལ་བབས་ན་གཟེར་ཐུང་ཡིན༔ ཡན་ལག་ལ་བབས་བྱིན་ལྷོག་གོ༔ སྣོད་བབས་རྒྱུ་གཟེར་མཚན་ཉིད་ལ༔ ཐོག་མདའ་སྣོད་ཀྱི་འབེན་ལ་ཕོག༔ རྒྱུ་གཟེར་ཞེས་བྱའི་ནད་དེ་དར༔ མི་འཇིགས་སྲུང་བརྟག་གསོ་ཐབས་བཤད༔ ཡོད་ནི་གཅིག་ལས་མེད་པ་ལས༔ རིགས་ནི་རྣམ་པ་གསུམ་དུ་བྱུང༔ སྲུང་ཐབས་ཕྱི་ནང་གསང་བ་གསུམ༔ འཁྲུ་མདོག་བཅུ་དང་ནད་རྟགས་བཞི༔ གསོ་ཐབས་རྣམ་གསུམ་ལུས་མདོར་བཞག༔ རྒྱས་བཤད་རྒྱུ་གཟེར་མཚན་ཉིད་ནི༔ མཆིན་མཁྲིས་མེ་ཡི་རང་བཞིན་ཏེ༔ ཚ་བ་ཐུར་དུ་ལྷུང་བ་ལ༔ ཟས་སྐོམ་སྤྱོད་ལམ་་་མི་མཐུན་པ།བུད་ཤིང་གིས༔ མཁྲིས་པའི་མེ་འབར་རླུང་གིས་བསྐྱོད༔ གཉན་དང་ཆུ་སེར་མཁྲིས་པ་ལས༔ རྣམ་འགྱུར་མ་སྙོམས་ཁོང་གསུམ་འཁྲུགས༔ ཚ་བའི་མེ་དྲོད་ཐང་ལ་ལྷགས༔ འོད་ཟེར་འཕྲོས་པས་གཞན་རྒྱུད་སྲེག༔ དེ་ནས་དོན་དང་སྣོད་ལ་བབས༔ ཕལ་ཆེར་རྒྱུ་ལོང་གཉིས་ལ་བབས༔ འཁྲུ་བ་བུང་ཆུང་ཡང་ཡང་འཁྲུ༔ འཁྲུ་དུས་ཟུག་གཟེར་ཤིན་ཏུ་ཆེ༔ གནས་ཀྱིས་བསྒྱུར་བས་འཁྲུ་མདོག་བཅུ༔ སྙིང་དང་རྒྱུ་མ་ཀླད་པ་ཁྲག༔ གློ་ལོད་ལྦུ་བ་དཀར་སེར་ལྗང༔ མཆིན་མཁྲིས་ཁྲག་ནག་རང་མདོག་འཁྲུ༔ ཕོ་མཚེར་རྩམ་པ་བེའུ་སྣབས་དུད༔ མཁལ་ལྒང་ཤེ་རུལ་བེའུ་སྣབས་ཆུ༔ འདུས་པ་ངེས་མེད་ཅིར་ཡང་འཁྲུ༔ ཁ་དོག་སྣ་ཚོགས་འཇའ་ཚོན་འདྲ༔ རིགས་གསུམ་རླུང་མཁྲིས་བད་ཀན་གསུམ༔ ཡང་ན་གཉན་དང་ཚད་རླུང་གསུམ༔ མདོར་ན་མིང་གི་རྣམ་པ་སྟེ༔ དེ་གཉིས་དོན་གཅིག་ཡིན་པར་བཤད༔ རླུང་ནད་ཀླད་ཆུ་འདྲ་བ་ལ༔ སྒྲ་དང་ལྡན་ཞིང་ལྦུ་བ་ཆེ༔ མཁྲིས་པ་དམར་སེར་ཉ་མིག་འདྲ༔ དུད་ཁུ་ཟ་ཁུ་དྲི་མ་ཆེ༔ བད་ཀན་རྩམ་པ་བེའུ་སྣབས་སམ༔ རྒྱབ་ཤལ་ཤ་ཁུ་འདྲ་བ་འཁྲུ༔ སྲུང་བ་ཕྱི་ནང་གསང་བ་གསུམ༔ ཕྱི་སྲུང་འཁོར་ལོའི་ལག་ལེན་དང༔ ནང་སྲུང་ཟུ་གུ་གཞུག་པ་དང༔ གསང་སྲུང་ཡི་དམ་གཙོ་འཁོར་བསྒོམ༔ བརྟག་ཐབས་རྩ་ཆུ་འཁྲུ་མདོག་དང༔ འབྱོར་འབྲེལ་དབང་པོའི་སྒོ་ནས་བརྟག༔ བཅོས་ཐབས་སྔོན་འགྲོ་དངོས་གཞི་རྗེས༔ སྔོན་འགྲོ་སྨིན་བྱ་དངོས་གཞི་བཅོས༔ ཐ་མ་རྗེས་བཅད་ལུས་ཟུངས་གསོ༔ རྟགས་ལ་དང་པོ་ཕྲུམ་སེར་ཁྱེར༔ མེ་དང་ཉི་མ་མཐོང་ཚེ་སྙོགས༔ མགོ་བོ་རྐང་ཚིགས་ན་ཞིང་ཁོལ༔ ཕོ་ལོང་རྒྱུ་འཁྲོག་འུར་སྒྲ་ཆེ༔ རྩ་ཆུ་དབང་པོའི་སྒོ་ལ་བརྟག༔ ཁ་ཁ་སྐོམ་ཞིང་དང་ག་འགག༔ རྩ་ནི་འཕྲ་ཕྲེམ་མྱུར་བར་འཕར༔ སྐབས་སུ་འདར་སྡོད་གདོན་རྩ་འདྲ༔ ཆུ་དམར་དྲི་དུག་རླངས་པ་ཆེ༔ ཀུ་ཡ་འཐུག་ཅིང་ཚ་ལྡོག་བྱེད༔ ཡང་ན་མི་ལྡོག་སྨུག་ལ་གར༔ མདོར་ན་བད་མཁྲིས་ཆུ་དང་འདྲ༔ འཁྲུ་མདོག་སྤྱི་དང་བྱེ་བྲག་གཉིས༔ དང་པོ་རླུང་འཁྲུ་རྩམ་པར་འཁྲུ༔ སེལ་ལ་བེའུ་སྣབས་འདྲེས་པ་འདྲ༔ དེ་རྗེས་མཁྲིས་པ་རྒྱ་བཤལ་འདྲ༔ ཟ་ཁུ་དུད་པ་ཤི་རུལ་འཁྲུ༔ དེ་རྗེས་བད་ཀན་བེའུ་སྣབས་ཏེ༔ གནས་དང་ནད་གཞི་སྦྱར་ནས་འཁྲུ༔ བྱེ་བྲག་གོང་དུ་སྨོས་པས་གསལ༔ དང་པོ་རླུང་ལ་མིག་སྤྲིན་དམར༔ མིག་ལྤགས་མཐོ་ལ་རླུང་གི་ལྕེ༔ དམར་རྩུབ་སྐམ་ལ་ལུད་པ་སྐྱ༔ མཁྲིས་པའི་མིག་ལྕེ་ལུད་པ་རྣམས༔ དམར་སེར་དུད་ཁུ་ཡུང་བའི་མདོག༔ བད་ཀན་མིག་ལྕེ་དུད་པ་གསུམ༔ དཀར་སྔོ་སྐྱ་འཇམ་འབྱར་བག་ཅན༔ གསོ་ཐབས་སྔོན་འགྲོ་དགོས་མི་དགོས༔ གསར་རྙིང་དུས་དང་སྦྱར་བ་གཅེས༔ ཞག་གསུམ་ཚུན་ཆད་གསར་པ་སྟེ༔ ཞག་བཞི་འདས་ན་རྙིང་པ་ཡིན༔ སྔོན་འགྲོ་སྨིན་པར་མ་བྱས་ན༔ མ་སྨིན་སྦྱོང་སྔས་གཉན་མི་ཆོམ༔ ལུས་ལ་བྱེར་ནས་སྲོག་ལ་རྒྱུག༔ མ་ཚོས་་་འཐོར་འགྲོ་བས།ལྕགས་ལ་ཐོ་བརྡེག་འདྲ༔ དེ་བས་སྨིན་བྱ་གནས་སུ་བསྡུ༔ དངོས་གཞི་གསོ་བྱ་གསོ་བྱེད་དང༔ གསོ་ཐབས་གཉེན་པོ་རྣམ་པ་གསུམ༔ གསོ་བྱ་དོན་སྣོད་རྣམ་པ་བཅུ༔ གསོ་བྱེད་སྨན་དཔྱད་ཟས་སྤྱོད་སྔགས༔ གསོ་ཐབས་སྤྱི་དང་བྱེ་བྲག་གཉིས༔ སྤྱི་ལ་བཅོས་ཐབས་གསུམ་ཡོད་དེ༔ རྒྱབ་རྟེན་ལྷ་དང་མ་ཕྲལ་ན༔ འཇིགས་པའི་འཕྲང་ཁ་མི་ཁེགས་པས༔ གཉན་གྱི་རི་རྒྱལ་ཐོག་གིས་བསྙིལ༔ བརྟེན་པའི་གྲོགས་དང་མ་ཕྲལ་ན༔ ནད་ཀྱི་དངོས་པོ་མི་ཆོམས་པས༔ མཁྲིས་པའི་མེ་དབལ་ཆར་གྱིས་བསད༔ ཡན་ལག་འགྲུལ་ཐག་མ་བཅད་ན༔ མྱུར་བར་སྲོག་ལ་རྒོལ་སྲིད་པས༔ ཚ་གྲང་འབྲོས་འདེད་ཤེས་པར་བྱ༔ བྱེ་བྲག་ཉེས་བྱེད་ཆམ་ལ་དབབ༔ མཚང་ཅན་དགྲ་བོ་དམིགས་སུ་གཤོར༔ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་གཅོག༔ ཉེས་བྱེད་ཆམ་ལ་དབབ་པ་ལ༔ སྟོད་དུ་ཆུ་བོའི་འོལ་ཁ་བསྒྱུར༔ བར་དུ་རྒྱ་མཚོ་གནས་སུ་སྐོམ༔ མཐའ་མ་རྫིང་གི་འོལ་ཁུང་བསལ༔ དགྲ་བོ་དམིགས་སུ་གཤོར་བ་ལ༔ སྙིང་དང་གློ་བ་མཆིན་མཚེར་མེ༔ མཁལ་མ་ངེས་མེད་ཕལ་ཆེར་ཆུ༔ མེ་བཞིའི་སྟེང་དུ་ཆུ་བཞི་ཕོབ༔ ཕོ་ལོང་ལྒང་པ་རྒྱུ་མ་ཆུ༔ མཁྲིས་པ་ངེས་མེད་ཕལ་ཆེར་མེ༔ ཆུ་བཞིའི་སྟེང་དུ་མེ་བཞི་སྤོར༔ རིགས་གསུམ་ཁ་འཛིན་གཉེན་པོ་བརྟེན༔ ཐ་མ་རྗེས་ལ་གཉིས་ཡིན་ཏེ༔ འབྱམས་དྲགས་ཉེན་ཆེ་གྱེན་ལ་ལྡོག༔ བྱང་སེམས་བརྟན་ལ་ལུས་ཟུངས་གསོ༔་་་ཀུན་གྱི་ཞིང་ས་ཟེར་བ་འདུག །རྒྱུད་དཀྲུགས་ལུང་གཅུས་གབ་པ་རྣམས༔ སྟོན་པ་རྡོ་རྗེའི་ཐུགས་ལ་གསལ༔ རྒྱལ་སྲིད་རང་ལུས་ནོར་གྱི་དབྱིག༔ བུ་དང་ཆུང་མ་ཕུལ་ལ་ཞུ༔ གསོ་བྱའི་ཡུལ་དང་འཕྲད་ཙ་ན༔ གསོ་བྱེད་སྨན་དཔྱད་ཟས་སྤྱོད་བཞི༔ རྩ་བ་གཅིག་ཏུ་དྲིལ་ལ་བཅོས༔ སྨན་བླ་བྱོན་ཀྱང་དེ་ལས་མེད༔ བདུད་རྩི་ཞི་སྦྱོང་སྦྲགས་མ་འདི༔ མ་འོངས་སེམས་ཅན་རྣམས་དོན་དུ༔ ང་ཡིས་བཀོད་དོ་མཁར་ཆེན་བཟའ༔ སྙིང་ལ་ཆོངས་ཤིག་སྐལ་ལྡན་མ༔ འདི་ལྷག་འཛམ་གླིང་གཞན་དག་ན༔ འདི་ལས་ཟབ་པ་ཡོད་རེ་ཀན༔ རིགས་ཀྱི་བུ་མོ་མཁར་ཆེན་བཟའ༔ རྟ་མཆོག་རོལ་པའི་ཐུགས་ལ་ལྟོས༔ འཆི་མེད་བདུད་རྩི་བུམ་པ་ལས༔ རྒྱུ་གཟེར་ལས་རྣམ་པར་རྒྱལ་བའི་ཞི་སྦྱོང་སྦྲགས་མ་ཞེས་བྱ་བ༔ མ་བས་ལྷག་པའི་བུ་ཡི་རྩ་བ༔ ྀཨཚ༔ ༈ འབྲུམ་བཅོས་བདུད་རྩིའི་སྲོག་སྟེར་བཞུགས༔ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ༔ རྒྱས་དང་ཞི་དང་དྲག་པོ་ཡིས༔ འགྲོ་བའི་དོན་མཛད་རིགས་གསུམ་ལ༔ བདག་ཉིད་གུས་པས་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ འགྲོ་བ་ནད་ལས་སྐྱོབ་པའི་ཕྱིར༔ གདམས་ངག་ཟབ་མོ་འདི་གསུངས་སོ༔ སྙིགས་དུས་ནད་ངན་དར་གྱུར་ནས༔ འཛམ་བུ་གླིང་པའི་བདུད་དུ་འོངས༔ གཅེས་པ་འབྲུམ་བཅོས་གདམས་པ་ནི༔ བྱམས་སྤྲིན་རྡོ་སྐུའི་འོག་ཏུ་སྦེད༔ སྙིགས་དུས་ནད་ངན་དར་བའི་ཚེ༔ ལས་ཅན་གཅིག་གིས་ཐོན་པར་ཤོག༔ འབྲུམ་བུ་བཅོས་པའི་ཐབས་ལ་ནི༔ རྒྱུ་རྐྱེན་བརྟག་པ་རིགས་དང་དབྱེ༔ བཅོས་ཐབས་ལོག་གནོན་སྲུང་བ་དང༔ རྣག་པ་སྐམ་དང་འབྲུམ་རྗེས་བསྲུབ༔ ཐ་མ་རྫས་གཅོད་ཕྱིར་མི་ལྡོག༔ རྒྱུ་ནི་ཁྲག་དང་ཆུ་སེར་དང༔ རུས་ནད་ཚ་བ་གཉན་འདྲེས་ཡིན༔ རྐྱེན་ནི་མི་གཙང་གཉན་དང་འདྲེས༔ རྟགས་ནི་ཤ་དང་རུས་པ་ཁོལ༔ མགོ་ན་ཕྲུམ་སེར་དཔྱི་རྐེད་ན༔ སྐྱུག་ཅིང་དང་ག་འགག་པ་ན༔ རིགས་ནི་དཀར་ནག་གཉིས་སུ་འདུས༔ དབྱེ་ན་བདུན་དུ་འདོད་པ་འོ༔ བཅོས་ཐབས་དང་པོ་ཐང་གིས་འཕུལ༔ འཕུལ་ཐང་སྨིན་བྱེད་འབྲས་བུ་གསུམ༔ མཁྲིས་པ་ཧོང་ལེན་ཏིག་ཏ་བཏང༔ གསོད་བྱེད་རུ་རྟ་བ་ཤ་ཀ༔ ཞག་གསུམ་བར་དུ་བཏང་བར་བྱ༔ འབྲུམ་པ་བྱུང་ཚེ་དཀར་ནག་གཉིས༔་་་ཙནྡན་གཉིས་ཞེས་པའང་སྣང་། གི་ཝང་བསིལ་གསུམ་གུལ་ནག་བཏང༔ ཚད་པ་ཆེ་ན་ག་བུར་བཏང༔ དེས་ཀྱང་མ་ཐུབ་འབྲུམ་ལེབ་ན༔ ཐོད་བདར་ལྡང་རོས་གླ་བ་བཏང༔ དོན་སྣོད་ཁ་འཛིན་བཏང་བ་གཅེས༔ གུ་གུལ་དཀར་ནག་ཐལ་ཀར་དང༔ མུ་ཟི་ཆང་སྦྱར་འཁྱོར་གང་བཏང༔ དེ་ནི་ཁོང་འཕུལ་གདམས་པ་ཡིན༔ ལོག་གནོན་རེ་ལོག་བྱུང་བ་ན༔ རང་ཤིའི།་་་ཐོད་བསྲེགས་ཐལ་བ་འཇིམ་ནག་དང༔ གུ་གུལ་གླ་བ་ག་བུར་རྣམས༔ ཞོའམ་ཆང་སྦྱར་ལོག་གནོན་ཡིན༔ རྣག་ཆུར་ཐལ་ཀར་སོ་མ་ར༔ སྤོས་དཀར་སུག་ཐལ་ཆུ་རྩ་དང༔ ཚོས་ཐལ་མར་སྦྱར་བསྐུས་ལས་སྐམ༔ རྣག་པ་སྐམ་པ་ཐེ་ཚོམ་མེད༔ འབྲུམ་རྗེས་བསྲུབ་པ་བུམ་ཆུས་བཀྲུ༔ སྣུམ་སྦང་སུག་པ་སྤོས་དཀར་བྱུགས༔་་་དྲི་ཆུས། འབྲི་མོག་་་ར་ཚིལ་ལ་སྦྱར།བྱུགས་ན་ཤ་མདོག་ལེགས༔ རྗེས་གཅོད་སྨན་བསྲིང་ཉམས་བརྟན་པར༔ ཁ་ཟས་སྤྱོད་ལམ་བསྲུང་བར་བྱ༔ དེས་ནི་ལོག་ནས་འོང་མི་སྲིད༔ མིག་ལ་གླ་ཆུ་སྐྱེར་ཆུ་བྱུག༔ གྲེ་བར་གླ་རྩི་ར་ཁྲག་དང༔ བིག་པན་དག་གིས་གཅད་པར་བྱ༔ ཆུ་སོར་རྒྱ་ཚྭ་ལྕམ་པ་བཏང༔ སྲུང་བ་གུ་རུའི་ཐུགས་སྔགས་དང༔ རྫས་ལ་སྲན་ནག་གླ་རྩི་དང༔ ཤུ་དག་མུ་ནག་ཤིང་ཀུན་དང༔ སྲུང་སྔགས་བཟླས་ལ་གདགས་པར་བྱ༔་་་སྲོག་སྔགས། དྷར་དུ་ནན་ཤཱ་ཡ་ཕཊ་ཕཊ༔ སྲུང་སྔགས། རཾ་ཤི་ཁས་རྒྱ་ཀརྨ་བྷ་དྷི་སུ་ཐ་རྦད་རྦད་ཧ་ར་བྷ་མ་ར་ཙ་དུར་རྦད་རྦད༔ སྲོག་སྔགས་ལུགས་གཅིག་ལ། ཨོཾ་མ་ར་བྷ་ཏྲ་སྭཱ་ཧཱ༔ སྲུང་བའི་མཐར་ཐུག་དམ་པ་ཡིན༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ འབྲུམ་བཅོས་བདུད་རྩི་སྲོག་སྟེར་འདི༔ བྱམས་སྤྲིན་རྡོ་སྐུའི་འོག་ཏུ་སྦེད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཅེས་པའི་སྙིང་གི་ཤོག་དྲིལ་བྱ་བ༔ ཤིན་ཏུ་ཟབ་པའི་གདམས་པ་ྀཨཚ༔ བྱམས་སྤྲིན་རྡོ་སྐུ་མའོ༔ ཟབ་རྒྱ་རྒྱ་རྒྱ༔ ༈ འབྲུམ་བུ་གཏར་གས་བཅོས་པ་བཞུགས༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ འདི་ལ་ན་ལུགས་གསུམ་ཡོད་དོ༔ དང་པོ༔ མགོ་བོ་ན་ཞིང་སྣ་ཁྲག་འོང༔ མིག་ལ་འབྲུམ་པ་དག་ཀྱང་འོང༔ གྲེ་བ་ན་ཞིང་འགགས་པ་ཡིན༔ དེ་ལ་དཔྱད་ནི་འདི་འདྲ་ཤིས༔ གསེར་མདུང་སྣ་རྩེ་ལྕེ་རྩ་དང༔ རྐན་རྩ་མཆུ་རྩ་གཏར་བའོ༔ གཉིས་པ༔ རོ་སྟོད་ན་ཞིང་ལུད་པ་ཁྲག་ཏུ་འོང༔ རུ་ཐུང་གློ་རྩ་སྙིང་རྩ་དྲུག་འདུས་གཏར༔ གསུམ་པ༔ རྒྱུ་མ་ན་ཞིང་རྒྱུ་ཞབས་གཟེར༔ སྨད་དུ་གཟེར་ཅིང་འཁྲུ་བ་ན༔ ལོང་རྩ་བྱིན་གཞུག་ཡོབ་ཆེན་གོང་ཡང་གཏར༔ དེ་རྣམས་ཀུན་ལ་སྨན་པ་གཞན་དག་ཀུན༔ མགོ་གཟེར་སྟོད་གཟེར་རྒྱུ་གཟེར་གསུམ༔ ནད་གཞན་དག་ནི་ཡིན་ནམ་ཟེར༔ དེ་ནི་མ་ཡིན་འབྲུམ་པ་རང་གི་ན་ལུགས་སོ༔ འབྲུམ་པ་གཏར་བའི་མན་ངག་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་མའི་དོན་དུ་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འབྲུམ་པ་གཏར་གས་གསོ་བའི་ཡན་ལག༔ མ་བས་ལྷག་པའི་བུ་ྀཨཚ༔ ༈ བེག་གེ་་་མིང་གཞན་རྩ་གེའང་ཟེར།ལས་རྣམ་པར་རྒྱལ་བའི་གདམས་པ་བཞུགས༔ ན་མོ་གུ་རུ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བེག་གེའི་ནད་ལས་རྣམ་རྒྱལ་ནི༔ གཉན་ཚད་ཆུ་སེར་ནད་ཡིན་པས༔ ངོས་འཛིན་པ་དང་བཅོས་པ་ནི༔ ཕལ་གྱིས་མ་ཤེས་ལོག་བཅོས་ནས༔ གློ་སྙིང་ལ་བབས་གྲེ་འགགས་འཆི༔ དེ་ཡི་བཅོས་ཐབས་འདི་ལྟ་སྟེ༔ ཆ་གཉིས།་་་བཙན་དུག་གཅིག།་་་ར་དུག་ཆ་བཞི།་་་ཤུག་ཚེར་བ༔ མུ་ཟི་་་ཐུན་ཕྱེད།གུ་གུལ་ཤུ་དག་དང༔ དངུལ་ཆུ་ལོ་བརྒྱད་ཆུ་ལ་སྦྱར༔ གླ་བ་་་བག་ཙམ།བདུད་རྩི་ཤིང་ཀུན་དང༔ ཐུན་གསུམ་རིལ་བུ་་་སྲན་མ་ཙམ།ལྔ་བདུན་བཏང༔་་་གཉན་སོད་ཆུ་སེར་ཕྱི་ཕུལ། དེ་ནས་འཇམ་པོས་སྦྱང་བར་བྱ༔ བསིལ་གསུམ་གུ་གུལ་བདུད་རྩི་ནི༔ ཆུ་ལ་སྦྱར་ལ་ལྟོ་སྟོང་བཏང༔ ཆུ་བུར་མ་ཐོན་མར་གསར་ནི༔ འཁྱོར་གང་འཁྱོར་དོ་ཁད་ཀྱིས་བཏང༔ གྲེ་བ་སྐད་འཛིང་འགགས་པ་ལ༔ ར་ཁྲག་དྲོན་མོ་བག་རེ་བཏང༔ སྐམ་དུ་ར་ཤའི་ཚོད་མ་བཏང༔ དེ་ཡིས་གྲེ་བའི་ནད་ལས་གྲོལ༔ བེག་གེའི་ནད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ༔ མ་བས་ལྷག་པའི་བུ༔ ྀཨཚ༔ ༈ བདུད་རྩི་བུམ་པའི་ལག་ལེན་བཞུགས༔ ྈྈྈྈྈྈ ཨོཾ་མ་ཎི་པདྨེ་ཧཱུྃ༔ འགོས་པའི་ནད་ལས་སྐྱོབ་པའི་ལྷ༔ རྟག་པར་བརྩེ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཅོག་འགྱེལ་ནག་པོ་གསུམ་བསྒྲིལ་ལ༔ བཅོས་ཐབས་རྣམ་པ་གསུམ་ཡོད་དེ༔ གཉན་དང་ཚད་པ་རླུང་དུ་བཅོས༔ དང་པོ་གཉན་གྱི་རི་བོ་བསྙིལ༔་་་དཔའ་བོ་དྲུག་གིས། བར་དུ་ཚད་པའི་མེ་དབལ་བསད༔་་་བསིལ་ཆེན་དྲུག་གིས། ཐ་མ་ཟས་དང་སྤྱོད་ལམ་བཅོས༔་་་ལུས་ཟུངས་གསོ། གཉན་གྱི་རི་བོ་བསྙིལ་བ་ལ༔ རྒྱལ་པོ་གདན་ལས་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་པ་དང༔ ནད་རིགས་ངོ་ཡི་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བ་དང༔ སྒྱུ་ལུས་དུམ་བུར་གཏུབས་ནས་སུ༔ ལྡེ་ཐུང་གར་བབས་བཅོས་པའོ༔ རྒྱལ་པོ་གདན་ལས་ཕབ་ནས་ནི༔ གཞུང་བཞིན་སྨན་གྱིས་བཅོས་པ་ལ༔ ལྟག་ཚན་རྒྱལ་པོས་བཅོས་པ་དང༔ དཔའ་ཚན་བློན་པོས་བཅོས་པ་དང༔ རྣོ་མྱུར་འབངས་ཀྱིས་བཅོས་པའོ༔ བཅུ་སྦྱོར་རྒྱལ་པོས་བཅོས་པ་ནི༔་་་འདི་ནད་བྱིངས་ཆེ་ལ་བརྟུལ་བ་གཅིག་བྱུང་ན་བཏང་། སྨན་ཆེན་ར་དུག་ཤུག་ཚེར་བ༔ སྤྲུ་ནག་ཤུ་དག་ལྡོང་རོས་དང༔ གླ་བ་གུ་གུལ་སྟག་ཤ་བ༔ ག་བུར་གསེར་མདོག་ཤ་ཆེན་ཏེ༔ རྒྱལ་བློན་འབངས་དང་བཅས་པ་ཡིས༔ ནག་པོའི་ཕྱོགས་རྣམས་འཇོམས་པར་བྱེད༔ དགུ་སྦྱོར་བློན་པོས་བཅོས་ཐབས་ནི༔་་་འདི་ནད་བྱིངས་ཆེ་ལ་རྣོ་བ་གཅིག་བྱུང་ན་བཏང་། བཙན་དུག་ར་དུག་ཤུག་ཚེར་བ༔ མུ་ཟི་གུ་གུལ་ཤུ་དག་དང༔ གླ་བ་ཤིང་ཀུན་བདུད་རྩི་སྟེ༔ དཔའ་བོ་དགུ་ཡི་སྦྱོར་བ་ཡིས༔ ནག་པོའི་ཕྱོགས་རྣམས་འཇོམས་པར་བྱེད༔ དྲུག་སྦྱོར་དམངས་ཀྱི་བཅོས་ཐབས་ནི༔་་་འདི་ནད་བྱིངས་ཆུང་ལ་ཁ་རྣོ་བ་གཅིག་བྱུང་ན་བཏང་། བོང་ནག་གུལ་ནག་མུ་ཟི་ནག༔ ཤུ་དག་ནག་པོ་ཤུག་ཚེར་བ༔ རྩི་གཉིས་་་གླ་རྩི་ཤིང་ཀུན།དོམ་་་བྲག་ཞུན།དང་བཅས་པ་ནི༔ རྣོ་མྱུར་དྲག་པོ་དྲུག་སྦྱོར་རོ༔ ནག་པོའི་ཕྱོགས་རྣམས་འཇོམས་པར་བྱེད༔ རྒྱལ་པོ་གདན་ལས་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་པའོ༔ ༈ ནད་རིགས་ངོ་ཡིས་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བ་ནི༔ མེ་ཆུ་ས་རླུང་འབྱུང་བཞི་ལ༔ གཉེན་པོ་བྲང་སྤྲོད་གཏོང་བ་སྟེ༔ ས་མེ་ཚ་བ་བསིལ་དུ་བཅོས༔ ཆུ་རླུང་གྲང་བ་དྲོད་དུ་བཅོས༔ འབྱུང་བ་རླུང་གི་རིགས་ལ་ནི༔ རྣ་བ་འུར་ལ་མགོ་བོ་འཁྱོམས༔ ཟས་ལ་དྲོད་ཆུང་གཉིད་མེད་ན༔ སྨན་ཆེན་ར་དུག་ཤུག་ཚེར་བ༔ གླ་བ་གུ་གུལ་ཨ་རུ་ར༔ ཤ་གསུམ་མི་ཤ་སྦལ་ཤ་སྦྲེ་མོའི་ཤ།ཛཱ་ཏི་ཤུ་དག་རྣམས༔ ཤིང་ཀུན་ཆུ་ལ་སྦྱར་ལ་བཏང༔ འབྱུང་བ་ཆུ་ཡི་རིགས་ལ་ནི༔ ཁ་སྣ་རློན་ལ་ལུས་དྲོད་ཆུང༔ རོ་སྨད་རུས་པ་ཁོལ་འཁྱུག་ན༔ སྨན་ཆེན་ར་དུག་ཤུག་ཚེར་བ༔ སྤྲུ་ནག་མུ་ཟི་ཤུ་དག་དང༔ གླ་བ་གུ་གུལ་ཤིང་ཀུན་དང༔ ཤ་གསུམ་་་མི་སྦལ་སྦྲེ་མོ།རྒྱལ་བློན་རྒྱ་ཚྭ་རྣམས༔ བྲག་ཞུན་ཆུ་ལ་སྦྱར་ལ་བཏང༔ འབྱུང་བ་མེ་ཡི་རིགས་ལ་ནི༔ ཁ་སྣ་སྐམ་ལ་སྐོམ་དད་ཆེ༔ གཉིད་ཆག་ཚ་བ་དྲག་པོ་སྐྱེས༔ ར་དུག་བོང་དཀར་གསེར་མདོག་དང༔ གུ་གུལ་ཀྱི་ལྕེ་གསེར་མེ་ཏོག༔ ག་བུར་རྒྱལ་་་གུར་གུམ།བློན་་་གི་ཝང་།གསུམ་པ་་་ཨ་རུ་ར།དང༔ ཤུ་དག་རུ་རྟ་གང་ཚོགས་རྣམས༔ ཐར་ནུ་ཆུ་རྩ་བ་ཏོལ།་་་བྲག་ཞུན་ཆུ་ལ་སྦྱར་བ་བཏང༔ འབྱུང་བ་ས་ཡི་རིགས་ལ་ནི༔ གཉིད་ཆག་ལུས་ལྕི་ཤེས་པ་ཉོག༔ ཉལ་སྙིང་འདོད་ལ་ཁ་ཁ་ན༔ ར་དུག་ཤུག་ཚེར་སྤྲུ་ནག་་་ཤུ་དག་ཟེར་བ་གཅིག་འདུག།དང༔ གསེར་གྱི་མེ་ཏོག་དུག་མོ་ཉུང༔ སྤང་རྒྱན་ཁྲོན་བུ་བ་ལེ་ཀ༔ ཤུ་དག་གུ་གུལ་གསེར་མདོག་རྣམས༔ གི་ཝང་བྲག་ཞུན་ཆུ་ལ་སྦྲུ༔ ཁོང་དུ་བཏང་བས་གཉན་ཚད་འཇོམས༔ ནད་རིགས་ངོ་ཡི་བཟུང་ནས་སུ༔ གྱེན་པོ་ཐུས་སུ་བཏུ་བའོ༔ ༈ སྒྱུ་ལུས་དུམ་བུར་གཏུབས་ནས་སུ༔ ལྡེ་ཐུང་སྨན་གྱིས་བཅོས་པ་ནི༔ གདུགས་་་མགོ་བོ།ནས་འཁོར་ལོའི་་་རྐང་པ།བར་དག་ཏུ༔ འབྱུང་བ་ཚ་གྲང་མ་སྙོམས་པས༔ བྱེ་བྲག་ཁོལ་བུའི་ཟུག་སྐྱེས་ན༔ མགར་བ་ནག་པོའི་ལག་ཆ་བཞིན༔ གཉེན་པོའི་སྦྱོར་བ་འདི་ལྟ་སྟེ༔ ཀླད་གཟེར་སྐྱེས་ན་གུ་གུལ་བཏང༔ གང་འཁྱུག་རྩ་ལ་སྤྲ་བ་བཞག༔ ནད་རོ་ཕྱེ་བའི་དུགས་ཀྱང་བྱ༔་་་སྦང་མའམ་ཕྱེ་བསྲོས་ལ་དུགས་བྱ། རོ་སྟོད་མདུན་རྒྱབ་གཟེར་བ་འམ༔ ཙིའུ་ཐུང་ངུ་ཟུག་སྐྱེས་ན༔ གློ་སྙིང་གཉིས་ལ་ཤོར་བ་ཡིན༔ ག་བུར་རྒྱལ་བློན་གསུམ་པ་བཏང༔ སྙིང་ཁོང་མི་བདེ་མཆིན་གཟེར་འོང༔ སྐྱུག་ཅིང་དང་ག་མི་ལེན་ན༔ མཆིན་པའི་ཡུལ་དུ་བབས་པ་ཡིན༔ སྔོན་དུ་གུར་གུམ་མཆིན་རྩི་བཏང༔ བརྐྱང་བསྐུམ་མང་ཞིང་སྨྲེ་སྔགས་འདོན༔ ས་དོ་ཆད་པ་ལྟར་བྱེད་ན༔ མཚེར་པའི་ཡུལ་དུ་ཤོར་བ་ཡིན༔ གསེར་གྱི་མེ་ཏོག་གྲང་ཐང་བཏང༔ གི་ཝང་ཏིག་ཏ་ལ་སོགས་དང༔ མཁྲིས་སྣ་གང་ཡོད་ཤིས་པ་ཡིན༔ གཉིད་ཆུང་སེམས་སྐྲག་ཚིག་པ་ཟ༔ སྐབས་སུ་རྒྱལ་འབོག་རྩ་འཐུལ་ན༔ རླུང་ཟུག་སྐྱེས་པས་ཤ་གསར་དང༔ སྲེ་ལོང་པ་དང་ཝ་གདོང་པ༔ རུས་པའི་ཐང་ཡང་ཤིས་པ་ཡིན༔ ཁོང་སྨད་སྦོ་ཞིང་གྲང་གྱུར་ཏེ༔ གྲང་བའི་ནད་དུ་ངོས་ཟིན་ན༔ བྱེ་མ་བག་ཙམ་བསྲེས་ལ་བདུག༔ ཕྱེ་དུད་སྣ་ཕུག་ལུས་ལ་བདུག༔ སྒྱུ་ལུས་དུམ་བུར་གཏུབ་ནས་སུ༔ ལྡེ་ཐུང་སྨན་གྱིས་བཅོས་པའོ༔ ༈ གཉན་གྱི་རི་བོ་བསྙིལ་བ་ཡིས༔ ཚད་པ་རང་ཞིར་ཆོམས་ནས་འགྲོ༔ གཉན་གྱི་རི་བོ་བསྙིལ་བའོ༔ ༈ གལ་ཏེ་ནད་གཞིའི་བྱེ་བྲག་གིས༔ གཉན་སོད་ཚད་པ་མ་ཆོམས་ན༔ ཚད་པའི་མེ་དབལ་བསད་ཐབས་ལ༔ རྣམ་པ་བཞི་རུ་ཤེས་པར་བྱ༔ དྲག་པོ་མེ་ཡི་ཚད་པ་དང༔ མགོ་ཕུར་ས་ཡི་ཚད་པ་དང༔ སྟོང་པ་རླུང་གི་ཚད་པ་དང༔ རྙིང་པ་ཆུ་ཡི་ཚད་པའོ༔ རོ་སྟོད་ཚ་བ་རྒྱས་པའི་ཡུལ༔ གློ་དང་བསྡོངས་ནས་ཁོལ་བུར་གཟེར༔ གྲང་འདར་ཁྱེར་ཅིང་ལུས་མི་ཐུབ༔ དང་ག་མི་བདེ་མགོ་བོ་ན༔ དེ་ལ་སྟར་བུ་ཅུ་གང་དང༔ གི་ཝཾ་སྐྱུ་རུ་རྒྱ་སྐྱེགས་དང༔ ཧོང་ལེན་གངས་ཆུས་ཕུལ་ལ་བཏང༔ ཞག་གསུམ་བར་དུ་དེ་ལྟར་བྱ༔ དྲག་པོ་མེ་ཡི་ཚད་པ་སེལ༔ མགོ་ཡིབས་ས་ཡི་ཚད་པ་ནི༔ རྐང་ལག་ཁོལ་ཞིང་དཔྱི་རྐེད་ན༔ ཁ་མངལ་ལྕེ་སེར་དང་ག་འགག༔ སྔ་དྲོ་བདེ་ཞིང་ཕྱི་དྲོ་ཐུ༔ དེ་ལ་སླེ་ཏྲེས་འབྲས་བུ་གསུམ༔ བ་ལེ་ཀ་དང་བ་ཤ་ཀ༔ ཆུ་གཙང་དག་ལ་བགྲུང་ལ་བཏང༔ དེས་ཀྱང་སེལ་བར་མ་གྱུར་ན༔ གི་ཝཾ་ཅུ་གང་གུར་གུམ་དང༔ རུ་རྟ་བོང་ང་དཀར་པོ་ལྔ༔ སྔ་དྲོ་ཕྱི་དྲོ་གམ་ཕྱིར་བཏང༔ མགོ་ཕུར་ས་ཡི་ཚད་པ་སེལ༔ སྟོང་པ་རླུང་གི་ཚད་པ་ནི༔ རྣ་བ་སྒྲ་འབྱིན་མགོ་བོ་འཁྱོམ༔ ཐོ་རངས་ཕྱི་འཕྲེད་གྲང་འདར་བྱེད༔ ཟས་དྲོད་ཆུང་ཞིང་གཉིད་མི་ཁུག༔ སྐོམ་དད་ཆུང་ཞིང་ཆུ་མདོག་་་སྔོའམ།དཀར༔ དེ་ལ་བཅུད་ཀྱི་སོ་པ་གཟུག༔ ཆང་ཕུལ་ཕྱེད་རེའི་སོ་པ་བཏང༔ གཉིད་དང་དྲག་ཤུལ་རུལ་སུངས་སྤང༔ སྟོང་པ་རླུང་གི་ཚད་པ་སེལ༔ རྙིང་པ་ཆུ་ཡི་ཚད་པ་ནི༔ མགོ་ན་ཚིགས་གཞི་ཡན་ལག་ཁོལ༔ སྣ་གོང་ཟིལ་པ་ཆགས་པ་དང༔ མིག་རྩ་དམར་ཞིང་ཚེག་པ་དང༔ ལུད་པ་སླ་ཞིང་གཉིད་མི་ཁུག༔ ཤ་སྔོ་བ་སྤུ་ལོག་པ་ལ༔ རྒྱ་སྐྱེགས་ཤིང་བུའི་ཐང་བཏང་ལ༔ དགོང་ཀའི་དུས་སུ་རྔུལ་འདོན་བྱ༔ ཆུ་ཚན་རླངས་པས་སྣ་འདྲེན་བྱ༔ སྔས་ནི་མཐོ་བ་དག་ལ་དབབ༔ ཇི་ལྟར་རྔུལ་ཁ་སྲ་སྙི་ཡིས༔ ལུག་རེ་བཤའ་རིང་བྱིབས་ལ་བཞག༔ དེས་ཀྱང་ཕན་པར་མ་གྱུར་ན༔ ཧོང་ལེན་དང་ནི་སྐྱུ་རུ་ར༔ ཀ་ཀོ་ལ་དང་ལི་ཤི་དང༔ རུ་རྟ་དང་ནི་རྣམ་པ་ལྔ༔ ཐང་དུ་བྱས་ལ་བཏང་བར་བྱ༔ དེས་ཀྱང་ཕན་པར་མ་གྱུར་ན༔ བློན་པོ་ཧོང་ལེན་་་སྐྱུ་རུ་ར་དང་དུར་བྱིད།གྲང་བཤལ་བཏང༔ དེས་ནི་མི་ཕན་གཅིག་མ་མཆིས༔ གཉན་དུ་མ་ཟད་ཚད་རིགས་ཀུན་ལ་ཕན།་་་བདུད་རྩི་ལྟ་བུའི་སྦྱོར་བ་ཡིན༔ དེ་ལྟར་ཚད་པའི་ནད་རྣམས་ལ༔ ར་དུག་པ་དང་བྲག་ཞུན་དང༔ གུ་གུལ་དཔའ་སེར་སྨན་བཞི་བསྲེ༔ བསིལ་སྨན་གཉེན་པོ་སྦྲགས་མར་འགྱུར༔ ཚད་པའི་མེ་དབལ་བསད་པའོ༔ ༈ ཐ་མར་ཟས་དང་སྤྱོད་ལམ་ནི༔ ངལ་དུབ་ལོག་པའི་སྤྱོད་པ་སྤང༔ འཚོ་བ་ངན་སྤང་བཟང་པོ་བསྟེན༔ དེ་ཡང་ཚད་ལྡན་མཁས་པས་དཔྱད༔ ནད་དྲག་ལུས་པོ་མ་སོས་ན༔ སྐྱོན་ཅན་ནད་དུ་་་གྲང་བའམ་རྨུ་ཆུ་སོགས།སོང་དོགས་ཡོད༔ དེ་ཕྱིར་ཤ་མར་བཅུད་ལྡན་བསྔགས༔ མཁས་པས་ན་བ་ལོག་དོགས་བྱ༔ འཆི་མེད་བདུད་རྩི་བུམ་པ་ལས༔ འཆོར་བ་མེད་པའི་སྨན་དཔྱད་འདི༔ སྤེལ་བའི་གནས་མེད་ས་ལ་སྦ༔ སྙིགས་མའི་དུས་སུ་བབས་པའི་ཚེ༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ འཆོར་བ་མེད་པའི་སྨན་དཔྱད་འདི༔ ཁྱད་པར་འཕགས་པའི་ལག་ལེན་ཡིན༔ བདུད་རྩི་བུམ་པའི་སྙིང་པོ་ྀཨཚ༔ སྨན་དེ་རྣམས་སྐྱ་ནད་ཀྱི་དུས་སུ་ཐེངས་ན༔ འཆི་མི་སྲིད་རྐང་ཐུང༔ དངོས་གཞི་དོན་ལ་བཟུང་ནས་འདུག་ན༔ སྨན་བུང་ཆེ་བ་དུས་མྱུར་བར་བཏང༔ སོས་འགྲོ་རྐང་རིང༔ འཆི་ལྟས་ཚང་ནས་འདུག་ན༔ འདོམ་སྟོད་བདུད་རྩི་ཆེན་པོ་བུངས་ཆེར་བཏང༔་་སྟེ་འཚོ་དཀའོ། །རྟོགས་པ་དང་ལྡན་ཞིང་ལྷའི་ང་རྒྱལ་དང་ལྡན་པས་བཅོས་སོ༔ ྀཨཚ༔ བདུད་རྩི་བུམ་པའི་སྙིང་པོ་ལག་ལེན་གསལ་བའི་སྒྲོན་མའོ༔ ཨེ་མ་ཧོ༔ གསོ་ཐབས་མེད་པའི་སྨན་པ་དེ༔ ལག་རྡུམ་བྲག་ལ་འཛེག་པ་འདྲ༔ དེས་ན་འདི་ལ་གཅེས་པར་ཟུངས༔ ཞེས་གསུངས་སོ༔ ཡང་གསང་སྦས་མཛོད་གནད་ཀྱི་གདམས་པའོ༔ ྀཨཚ༔ ༈ སྲོག་སྟེར་ཆེན་པོའི་གྱད་བཞུགས༔ ྈྈྈྈ ཀྱེ་ཧོ༔ རྣམ་དག་སྐུ་མངའ་བཻ་ཌཱུརྱ༔ གཟུགས་བཟང་གསེར་གྱི་ལྷུན་པོ་འདྲ༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཧ་ལ་ཅོག་འགྱེལ་ཞེས་བྱ་བ༔ ཤིན་ཏུ་མ་རུངས་འཇིགས་པའི་ནད༔ འཛུམ་བཅས་ལྟག་དགྱེད་སོ་གཙིགས་ན༔ ན་ལོངས་མེད་པར་དབུགས་དང་བྲལ༔ གློ་བུར་ནད་ཀྱིས་སྲོག་བཅད་ནས༔ གདོན་བགེགས་འབྱུང་པོ་འཁྱུས་ཞེས་ཟེར༔ སྲོག་གཅོད་མཁྲིས་པ་གཉན་གྱི་རིགས༔ རླུང་གི་རྟར་ཞོན་སྲོག་རྩར་རྒྱུག༔ དོན་སྣོད་ཀླད་མགྲིན་གཉན་སར་བབས༔ འདི་ནི་སྤང་ལ་མེ་མཆེད་བཞིན༔ འགོས་སླ་འཆི་སྐྱེན་གསོ་བ་དཀའ༔ གང་བྱུང་ས་དེར་མི་ཐོག་གཅོད༔ འཛམ་བུ་གླིང་གི་བཞི་གསུམ་འཇོམས༔ ཐོས་པ་ཙམ་གྱིས་འཇིགས་སྐྲག་སྔངས༔ དྲན་པ་ཙམ་གྱིས་འདར་ཞིང་འཁྲུགས༔ སྐྱི་ཤ་འབུང་ཞིང་མི་བཟོད་པས༔ དེ་དག་བཅོས་ཐབས་ཁྱད་པར་ཅན༔ རྒྱལ་སྲས།་་་པདྨའི་མགུལ་གྱི་བུམ་པ་ནས༔ སྲོག་སྟེར་ཆེན་པོའི་སྦྱོར་བ་བཤད༔་་་པ་ཡིན་པས་མི་ལ་གསང་བར་བྱ། སྤྱི་རྒྱུ་མ་རིག་འཁྲུལ་འཁོར་ལས༔ རྡུལ་དང་མུན་པ་སྙིང་སྟོབས་བྱུང༔ ཉེ་རྒྱུ་རླུང་མཁྲིས་བད་ཀན་གསུམ༔ ཕལ་ཆེར་མ་སྙོམས་ལུས་ཟུངས་འཁྲུགས༔ ཁྱད་པར་ཆུ་སེར་ཐོགས་མེད་འཁྲོས༔ དུག་ཅན་སྲིན་དང་ངན་ཁྲག་རྒྱས༔ ལུས་ཟུངས་དྲི་མར་བཅས་པ་གཡོ༔ སྟོད་དུ་གཟེར་ཐུང་གློ་ཚད་བྱེད༔ བར་དུ་རྩར་རྒྱུག་མཁྲིས་པར་བྱེད༔ སྨད་དུ་རྒྱུ་གཟེར་རིམས་སུ་བྱེད༔ དེ་ཡང་་་ནད་དེ།མ་ངེས་ཅི་ཡང་བྱེད༔ ཕལ་ཆེར་རྒྱལ་བློན་རྣམ་གསུམ་ལ༔་་་མཆིན་པ་གློ་བ་མཁྲིས་པ། བབས་པ་མང་བ་ཁོ་བོས་མཐོང༔ དེ་རྐྱེན་བསིལ་སྨན་ཚད་ལྷག་འདས༔ མ་འཕྲོད་ལོག་པས་སྔ་མ་བསྐྱེད༔ སྤྱོད་དམན་ནད་འཇུག་ལྷག་པར་གདོན༔ ལོག་པས་གཉན་དུ་གྱུར་པ་ཡིན༔ གསུམ་དུ་འཁྲིལ་ནས་་་གཉན་དང་ཚད་པ་རླུང་།གཅིག་ལ་ཞོན༔ ལུས་སྲོག་དབུགས་ལ་འཇབ་པར་བྱེད༔ རྩ་ནི་མ་སྨིན་འཕྲ་མགྱོགས་གཡོ༔ སྨིན་ནས་མགྱོགས་རྒྱས་གྲིམས་པར་འཕར༔ འདི་ནི་དཔྱོད་པ་ཡུལ་རིག་ཡིན༔ འཚོ་འཆིའི་ལ་ཤན་རྩ་ཡིས་དབྱེ༔ ཆུ་མདོག་དམར་སེར་རླངས་པ་ཆེ༔ དྲི་མནམ་ཆ་ལོག་སྨུག་ལ་གར༔ འོན་ཀྱང་གཅིག་པུར་མ་ངེས་ཏེ༔ རྒྱས་ཚད་དཀར་སྔོ་རྟགས་དང་ལྡན༔ རླུང་ཆེས་དཀར་སྔོ་འཁྲུལ་གཞི་འདི༔ སྲིད་སྡེ་གཟན་ལ་བབས་སམ་བལྟ༔ གདོན་འཛིན་ལྡོག་པའི་དུས་སུ་བརྟག༔ མིག་སྤྲིན་གཟི་མདངས་ལྕེ་སོ་སེན༔ བཤང་གཅི་མཐིལ་བཞི་སྐྲ་འདབ་སེར༔ ཤེད་ཆུང་ཤ་འབྲོས་ལུས་སྟོབས་ཤོར༔ ཁ་ཤུ་མིག་རྒོད་བརྐྱང་བསྐུམ་མང༔ ལུས་ཚ་དྲི་མནམ་སྐོམ་དད་ཆེ༔ འདི་རྣམས་མཐོང་བ་ཡུལ་རིགས་ཡིན༔ རྨི་ལམ་ཉོག་མང་སྙིང་མི་དགའ༔ བྱིང་ཞིང་སྤྲོ་ལྡང་ན་ཞིང་འཁྱུག༔ ཤ་ན་ལུས་རྩེ་ཕྲུམ་སེར་ཁྱེར༔ འཁྲུ་སྐྱུག་ལུས་ཚད་དྲི་མ་མནམ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ ཐོས་པ་སྒྲ་རིགས་སྤྱི་རྟགས་ཡིན༔ ཀླད་བབས་མགོ་ན་ཤེས་པ་རྨོངས༔ ཁ་ལབ་དྲན་ཉམས་དྲི་ཆུ་འཆོར༔ གྲེར་བབས་སྐད་འགགས་ཟས་མི་ཐར༔ ངར་ལྷག་མགྲིན་པ་ལག་པས་འབྲད༔ སྲོག་རྩར་བབས་ན་ཤེས་པ་འཁྲུལ༔ མིག་དམར་ཁུས་འདེབས་མཁའ་ལ་ལྟ༔ ལག་ནོམ་རྡུལ་སེལ་མཐང་ཀ་འཛིན༔ སོ་འཐམ་ལུད་པ་དུད་ཁུར་འོང༔ སྙིང་བབས་འདར་སྔངས་དབུགས་ཀྱིས་འདེགས༔ མཆན་འོག་ནུ་མཆིན་སོག་དབྲག་གཟེར༔ མྱོས་ཤིང་དྲན་ཉམས་ལུས་བསྐྱེད་དཀའ༔ སྨྲ་འཁྲུལ་ལུད་པ་སྐྱ་སོབ་འོང༔ གློར་བབས་དབུགས་ཐུང་གློ་རྩ་འབུར༔ བྲང་རྒྱབ་གཟེར་ཞིང་གློ་སྙིང་འཕར༔ སྦྲིད་པ་མི་ཐོན་སྐད་འདར་འཚོར༔ གློ་བར་ལུད་པ་ཁྲག་ཏུ་འོང༔ མཆིན་བབས་བྱད་ཀྱི།་་་མདོག་སྨུག་གཡས་སུ་གཟེར༔ སྟོད་རྒྱངས་མཆིན་ཁྲི་འཁོར་ཞིང་ན༔ རྔམ་རྒོད་ཟས་འགགས་ཚ་བ་ཆེ༔ ཁྲག་འཛག་མིག་དང་ལུད་པ་སེར༔ མཚེར་བབས་རྩིབས་ཐུང་གཡོན་དུ་གཟེར༔ རྒྱུ་ལོང་སྦོ་འཁྲོག་ཕོ་བ་རྫིང༔ རྐང་ལག་མི་ཚུགས་ཡན་ལག་སྦྲིད༔ ལུད་པ་ཁམ་ནག་སྨུག་སེར་འོང༔ མཁལ་བབས་མཁལ་ཁུང་རྐེད་པ་གཟེར༔ རྒྱུ་ལོང་སྒྲ་འབྱིན་སྐྱིག་བུ་འདྲེན༔ རྐང་པ་བཤལ་ཅིང་རྣ་བ་གཟེར༔ ཚོན་་་ཁ་དོག་སྣ།ཚོགས་ཀུན་གྱི་ལུད་པ་ཡིན༔ མཁྲིས་པའི་གནས་སུ་བབས་པ་ཡིས༔ ཁ་ལུད་མཆིན་པའི་ཁྲག་དང་འདྲེས༔ རླུང་གིས་སྣ་དྲངས་རྩ་རུ་ཁྲིད༔ ཟུག་ཆེ་རྔམ་བརྩེགས་སྒོ་བཞི་སེར༔ ལོང་དུ་བབས་པས་ཟུངས་མཁྲིས་འཁྲོས༔ གནས་འགྱུར་འཕེལ་བས་རྒྱུ་མར་འདས༔ རྩ་རྒྱུད་འཕྲ་གྲིམས་རྒྱུ་ལོང་འཁྲོག༔ ཁྲག་འགོང་འདྲ་ལ་འཁྲུལ་ཞིང་གཟེར༔ ཕོ་ལོང་་་ཕོ་ཁར་ཟེར་བའང་འདུག།གཟེར་ཞིང་ན་་་བུན།ལྟར་ལྡང༔ འབུ་འགྲོ་འདྲ་ཞིང་ཕོ་ཁར་གཟེར༔ ཡང་ན་ཟས་མ་འཕྲོད་པ་འདྲ༔ ཟས་ཟོས་ན་ཞིང་འཁྲུ་སྐྱུག་འབྱུང༔ ལྒང་པར་བབས་ན་ཆུ་ཁ་སྙི༔ ཡང་ན་སྲ་ཞིང་རྩ་སྦུབས་ཚ༔ རྒྱུ་ཞབས་མི་བདེ་རྐེད་པ་ན༔ དྲོད་དུགས་བྱས་ན་ཕན་སྙམ་བྱེད༔ སྟོབས་ཆེན་མཁྲིས་པའི་རྟ་ལ་ཞོན༔ རླུང་གིས་ཁ་སྒྱུར་རྩ་རུ་རྒྱུག༔ ཁ་ལུད་གནས་འགྱུར་མཁྲིས་པའི་རིམས༔ ཤ་སེར་མིག་སེར་རྩ་རྒྱུག་ཡིན༔ ཁྱད་པར་གསང་བའི་རྟགས་དྲུག་ནི༔ གནམ་ལ་གཉན་པའི་ཉི་ཟླ་ལ༔་་་མིག་གཉིས། གཟའ་ཆེན་ཁྲོ་བོ་བཀྱེས་མ་བཀྱེས༔་་་རྩ་རིས་དམར་པོ་ཐུར་ལ་འོང་། པུ་རི་སྲིན་པོའི་རྒྱུན་ལམ་ལ༔ འཆི་བདག་ཇག་པ་ཆས་མ་ཆས༔་་་སྲིན་ལག་གི་རྩ་དྲག་ཏུ་འཕར། རི་བོ་བརྩེགས་པའི་དང་པོ་ལ༔ གནམ་ལྕགས་འཁོར་ལོ་བརྒྱབ་མ་བརྒྱབ༔་་་ཨན་སྟོང་དང་པོ་ནའམ་སྐྲངས། སྟོད་ཁབ་དངུལ་གྱི་མེ་ལོང་ལ༔ གཡའ་བྲལ་བཙའ་ཡིས་ཁྱེར་མ་ཁྱེར༔་་་སོག་པའི་སྟེང་དུ་ཤ་ཁྲ་འོང་། པདྨ་དར་གྱི་དབང་པོ་ལ༔ བདུད་ཀྱི་ཐིག་ཆེན་་་སྟེང་འབྲུམ་དཀར་པོ།བཏབ་མ་བཏབ༔་་་ལྕེ་ཞབས་ནག་ཐིག་འོང་། དྲི་སྒྲ་འཛིན་པའི་རྩེ་མོ་ལ༔ མདོག་གཉིས་སོ་པ་བཙུགས་མ་བཙུགས༔་་་སྣ་དང་རྣ་བའི་རྩེ་མོ་ནག་པོར་འགྲོ །གོང་གི་རྟགས།་་་གཉིས་གསུམ་བྱ་གཏོང་འཚོ་སླ་བ༔ བཞི་ལྔ་ཡིན་ངེས་ཐོབ་ཤ་བྱ༔ དྲུག་ཚང་ལ་འདས་རང་ས་བཟུང༔་་་མི་སོས་པ། ཁྱད་པར་གསང་བའི་བརྟག་ཐབས་ཡིན༔ ཕྱི་ནང་གསང་གསུམ་བརྟག་ཐབས་འདི༔ མི་འགྱུར་ངོས་འཛིན་གསང་བ་ཡི༔ བརྟག་པ་འཕྲུལ་གྱི་མེ་ལོང་ཡིན༔ བཅོས་ཐབས་གཉན་དང་དབྲལ་བ་ལ༔ བསྡུ་བསད་སྦྱོང་བ་རྣམ་པ་གསུམ༔ སྡུད་པ་ནོར་བུ་སྦུར་ལེན་འདྲ༔ གསོད་པ་གཤེད་མར་གོ་བཏང་འདྲ༔ སྦྱོང་བ་བདུད་རྩིའི་ཆུ་རྒྱུན་འདྲ༔ དང་པོ་རྣམ་རྒྱལ་་་ཡང་ན་ཨ་རུ་ར་དང་བཙོད་རྒྱ་སྐྱེགས།དམར་པོ་གཉིས༔ ཕག་བྲུན་ཚྭ་ལ་སྟག་ཤ་བ༔ སླེ་ཏྲེས་ཐང་བཏང་་་གུ་གུལ་ཀྱང་བཏང་།དོན་སྣོད་བསྲུང༔ མ་སྨིན་སྨིན་བྱེད་བྱེར་བ་སྡུད༔ དེ་རྗེས་བ་ཟལ་འོ་མ་ལ༔ ཀ་ར་བཏབ་་་མངར་གསུམ་མཐེ་བོང་ཙམ་རེ།བཏང་ངེས་པར་བསྡུ༔ སྡུད་པ་ནོར་བུ་སྦུར་ལེན་ཡིན༔ གསོད་བྱེད་་་བོང་ང་།རྣམ་རྒྱལ་་་ཨ་རུ་ར།མ་གི་ཏ༔་་གླ་རྩི། འཛིན་པ་་་ར་དུག།ལྷོག་དུག་་་སྟག་ཤ།འདྲེ་ཡི་བདུད༔་་་གུ་གུལ། རུས་ཆེན་་་རུ་རྟ།ཕུད་བུ་་་གསེར་གྱི་ཕུད་བུ།གསེར་རྩི་་་གི་ཝཾ།དང༔ མེ་ཏོག་་་གསེར་མེ།འཛིམ་་་བོང་ང་།དཀར་དུག་་་མོ།ཉུང་ཏིག༔་་་ཏིག་ཏ། དར་ཤུག་་་ཤུག་ཚེར།བྲག་་་ཞུན།བཅུད་མི་བསྐྱོད་་་ལོ་བརྒྱད་ཆུ།སྦྱར༔ ལྡེ་གུ་རིལ་བུ་ཅི་རིགས་པ༔ ཐུ་རྔུབ་རྦད་ཁཾ་ཁྱུར༔ འབྲུ་ལྔས་བྱིན་རླབས་གཉེན་པོ་མཆོག༔ དྲག་པོ་ཀུན་འདུས་སྦྱོར་བ་ཡིན༔ སྦྱོང་བ་རྒྱལ་པོ་་་ཆུ་རྩ་མཐེབ་ཙམ།བློན་པོ་་་ཐར་ནུ་ཕྱེད་ཙམ།དང༔ བཙུན་མོ་་་ཤུ་དག་རིལ་མ་ཙམ།འབངས་་་མི་ཤ་སྦྲེ་ཤ་མཐེབ་ཙམ།དང་ཕོ་ཉ་་་དུར་བྱེད་རིལ་མ་ཙམ།དང༔ དཔའ་བོ་་་ར་དུག་སྲན་ཙམ།དྲག་པོ་་་བོང་ང་སྲན་ཙམ།གཏུམ་པོ་་་རེ་ལྕགས་མཐེབ་ཙམ།དང༔ གཤེད་མ་་་སྟག་ཤ་ཚོམ་ཅིག་འདྲེ་གསོད་་་གུ་གུལ་རིལ་མ་ཙམ།དྲི་ཡི་རྩི༔་་་གླ་རྩི་དྲི་ཐོན། གཉེན་པོ་་་ཨ་རུ་ར་དང་།རྡོ་བཅུད་་་བྲག་ཞུན་མཐེབ་ཙམ།ཨ་བྱག་་་ཚོམ་པོ་གཅིག།པ༔ ཡོན་ཏན་རྒྱས་པའི་ཆུ་ཡིས་དབུལ༔་་་ལོ་བརྒྱད་བྱིས་པའི་ཆུ། རིལ་བུ་སྲན་མ་འབྲིང་པོ་ཙམ༔ ཐུན་ཚད་ནད་གཞི་ལུས་ཟུངས་སྦྱར༔ བདུད་རྩི་ཆེན་པོའི་སྦྱོར་བ་་་སློབ་དཔོན་པདྨས་གསུངས་པའི་ཟབ་ཁྱད་ཅན།ཡིན༔ གཉིས་པ་སྡོང་ཟླ་བསད་པ་ནི༔ མཁྲིས་པ་ཆེ་ན་རྣམ་རྒྱལ་བཏང༔ མཁྲིས་པ་དང་བསྡོངས་ན་ལུགས་གསུམ༔ ཁ་ལུད་གནས་འགྱུར་རྩ་རྒྱུག་གོ༔ བཅོས་ཐབས་ཁ་ལུད་ཁ་སྡོམ་དང༔ གནས་འགྱུར་གནས་སུ་གཞུག་པ་དང༔ རྩ་རྒྱུག་མཁྲིས་པའི་འཕྲང་ཁ་དགག༔ དཔུང་བཞིའི་སྦྱོར་བ་གཅིག་ཏུ་དྲིལ༔ དྲང་སྲོང་རྣམས་ཀྱི་དགོངས་པ་ཡིན༔ ནམ་གུང་ཉིན་གུང་ཐུན་ཆེར་བཏང༔ ཚད་པ་དང་བསྡོངས་མིག་རྩ་དམར༔ རྩ་རྒྱས་ཆུ་དམར་ལྕེ་མཆུ་སྐམ༔ ཆུ་མདོག་དམར་སྨུག་བཀྲག་མདངས་ཆེ༔ དེ་ལ་བློན་པོ་གི་ཝང་གི༔ སྦྱོར་བ་ཡན་ལག་བཅུ་པ་བསྔགས༔་་་གི་ཝང་ཅུ་གང་གླ་བ་བ་ཤ་ཀ་ཏིག་ཏ་ཧོང་ལེན་བ་ལེ་ཀ་བོང་དཀར་ཙི་ཏྲ་ཀ་བྲག་ཞུན་ནོ། །ཚད་སྟོབས་ཆེ་ན་བློན་པོ་མཆོག༔ རླུང་དང་བསྡོངས་ན་རྩ་སྟོངས་རྒྱུག༔ མིག་སྤྲིན་དམར་ལ་མིག་དབང་མཐོ༔ ལྕེ་ནི་དམར་རྩུབ་་་ཡང་ན་ནག་ལ་སྐམ་པ།རྣ་བ་འུར༔ དྲོད་ཆེན་་་ལྡང་དུབ་འོང་།གཉིད་ཡེར་སྐབས་སུ་འདར༔ རླུང་ཁྲག་འཐབས་པའི་ཚ་བ་ཡིན༔ དེ་ལ་རྟགས་ཀྱི་སོ་པ་་་སྲེ་ལོང་ཁུ་བ།གཟུག༔ བྱ་གཏོང་བྱུང་ན་སྲིད་སྡེ་སྦྲན༔་་་སྲེ་ལོང་བའི་ཁུ་བ་ལ་ཛཱ་ཏི་བཏབ་ལ་བཏང་། དེས་ཀྱང་རླུང་ཚད་མ་ཆོམས་ན༔ དེ་ལ་རྒྱལ་པོ་བིག་པན་གྱི༔ སྦྱོར་བ་བསྔགས་པ་ཁོ་བོས་མཐོང༔ ངན་བྱེད་མཚང་ཅན་གྱད་ཀྱིས་་་ཡང་ན་བོང་ང་ར་དུག་པ་གུ་གུལ་མི་ཤ་ཛཱ་ཏི་ཤིང་ཀུན་སྦྱར་བའི་རིལ་བུ་བག་རེ་བཏང་།གཅུན༔ བད་ཀན་དང་བསྡོངས་་་སྒོག་སྐྱ་སླང་ངར་དུ་བ་མ་ཤོར་བ་བསྲེགས་པའི་ཐལ་བ་བཟང་དྲུག་དོམ་མཁྲིས་ཆང་གིས་དབུལ།ལུས་པོ་ལྕི༔ དང་ག་མི་བདེ་ལུ་བ་དཀའ༔ རྩ་བྱིང་སྤྱན་སྔོ་ཆུ་སྐྱ་ལྕེ༔ སྐྱ་འཇམ་རློན་ལ་སྐད་མདངས་ཤོར༔ དེ་ལ་འབྲས་གསུམ་མ་ནུ་དང༔ འུ་སུ་ཅོང་ཞིའི་ཕྱེ་མ་བཏང༔ སྤང་རྒྱན་གསུམ་པའི་ཐང་གིས་དབུལ༔ གློ་དང་བསྡོངས་ནས་གློ་ཆུང་འབུད༔ ལུད་པ་མི་གཙང་གློ་རྩ་འཁྱུག༔ དེ་ལ་ཅུ་གང་ལི་ག་དུར༔ སྲོ་ལོ་ཨ་ཀྲོང་རུ་རྟ་མངར༔ རྒྱ་སྐྱེགས་བཙོད་ཁུ་སྦྱར་ལ་བཏང༔ ལུད་པ་འགྱུར་དུ་མ་འདོད་ན༔ འཕྲུལ་འཁོར་ཆེན་པོའི་སྦྱོར་བ་་་བསིལ་སྨན་དང་སྦྲགས།བྱ༔ སྲོག་སྟེར་ཆེན་པོའི་གྱད་ཆེན་འདི༔ བུམ་པ་འདེགས་པའི་གྱད་ཅིག་ཡིན༔ ྀཨཚ༔ ༈ རབ་གནས་བདུད་རྩིའི་སྨན་སྒྲུབ་བཞུགས༔ ྈྈྈྈྈྈྈྈ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ སྙིགས་དུས་སེམས་ཅན་མི་ལུས་ལ༔ ནད་མཚོན་མུ་གེའི་གདོན་གྱིས་གཟིར༔ སྡེ་བརྒྱད་ཁ་རླངས་དུག་གིས་མྱོས༔ འདི་ལ་ལྷག་པར་མི་གཟིགས་ན༔ རྒྱལ་བའི་ཐུགས་རྗེས་ཅི་ཞིག་བྱ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྐྱེ་བ་བདུན་གྱི་སྲིང་གཅིག་མ༔ འགྲོ་བ་དྲུག་གི་མ་གཅིག་མ༔ གབ་པ་གཏེར་གྱི་ཡང་སྙིང་འདི༔ ལག་ལེན་གསལ་བའི་སྒྲོན་མེ་ཡིན༔ མ་བས་ལྷག་པའི་བུ་ཆེན་ཡིན༔ ཡང་གསང་སྦས་པའི་དཀོར་མཛོད་ཡིན༔ མཁའ་འགྲོ་དྲུག་གི་སྙིང་ཁྲག་ཡིན༔ བུམ་པ་འདེགས་པའི་གྱད་དྲུག་ཡིན༔ ཟུག་རྔུ་འབྱིན་པའི་སྐམ་པ་ཡིན༔ བཙལ་བ་སླ་ལ་སྒྲུབ་པ་མྱུར༔ ཉེ་བར་འཁོར་ལ་སྙིང་ཐག་ཉེ༔ ཁྱབ་པ་ཆེ་ལ་ནུས་པ་རྣོ༔ རྒྱབ་རི་བཟང་ལ་བློ་གདིང་ཆེ༔ སེང་གེར་འབྲུག་སྐད་འདོན་པ་ལྟར༔ ཉམ་ང་བག་ཚ་མེད་པ་ཡི༔ བཀའ་སྲུང་མཐུ་ཆེན་དགུ་ལ་བཅོལ༔ གཉེར་ཁ་ཇོ་མོ་ཁྱོད་ལ་གཏད༔ ལན་གཅིག་དགོས་པའི་དུས་བབས་ཚེ༔ ཕ་ནོར་བུ་ཡིས་ལེན་པ་ལྟར༔ འོད་ཀོར་རྨ་བྱའི་མདོངས་ཅན་ཞིག༔ ཤར་གྱི་ཕྱོགས་ནས་འོང་གི་གཏོད༔ དེ་ཡིས་ལས་ཅན་གཅིག་ལ་བྱིན༔ སྣོད་ལྡན་གཅིག་ནས་གཅིག་བརྒྱུད་ལ༔ ནད་རིམས་རྒྱ་མཚོ་སྐེམ་པར་ཤོག༔ སྣོད་མིན་རྣམས་ལ་ས་མ་ཡཱ༔ འཆི་མེད་བདུད་རྩི་བུམ་པ་ཡིས༔ ནད་གདོན་བསྲུང་དང་ཞི་བྱའི་ཕྱིར༔ རབ་གནས་བདུད་རྩི་སྨན་སྒྲུབ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་གཙང་མའི་ཁྲི་སྟེང་དུ༔ གཏན་པ་དང་ནི་གཏུན་བཤམས་ལ༔ འབྱུང་བ་རིམ་བརྩེགས་སེང་གེའི་ཁྲི༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བཅོམ་ལྡན་སྨན་བླ་དབུས་སུ་བཞུགས༔ སྲས་མཆོག་བརྒྱད་་་མཚན་བརྒྱད།ཀྱིས་ཕྱོགས་མཚམས་་་གཞན་ཡང་བྱང་ཆུབ་སེམས་དཔའ་གཉིས། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས།གཏམས༔ བླ་མ་ཡི་དམ་དཀོན་མཆོག་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ སྟེང་འོག་ཕྱོགས་མཚམས་གུར་དུ་ཕུབ༔ སེམས་བསྐྱེད་སྐྱབས་འགྲོ་ཚད་མེད་བསྒོམ༔ མཆོད་བཤམས་བགེགས་བསྐྲད་མཚམས་གཅོད་བྱ༔ དེ་རྣམས་སྔོན་འགྲོ་སྟ་གོན་ནོ༔ དངོས་གཞི་ཁྲོལ་བུ་ཕྱེ་མ་དང༔ རིལ་བུའི་སྒྲུབ་པ་རྣམ་པ་གསུམ༔ ཀུན་ལ་ལྷག་པའི་ང་རྒྱལ་བསྐྱེད༔ སྨན་ནི་སོ་སོ་རང་རང་གི༔ ལྷར་བསྐྱེད་དེ་ཡི་སྟེང་དུ་ཡང༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ༔ མཆོད་བསྟོད་གསོལ་བ་གདབ་པར་བྱ༔ ཡེ་ཤེས་པ་ལས་བདུད་རྩི་ཡི༔ ཆུ་རྒྱུན་དམ་ཚིག་པ་ལ་ཐིམ༔ དེ་ལས་བདུད་རྩི་སྨན་ལ་ཐིམ༔ སྨན་རྣམས་བདུད་རྩིའི་ངོ་བོར་བསམ༔ དེ་ནི་ཁྲོལ་བུའི་སྒྲུབ་པ་འོ༔ དེ་ནས་ཕྱེ་མའི་སྒྲུབ་པ་ནི༔ རྣམ་པ་སྨན་དུ་འདུག་པ་ལ༔ ངོ་བོ་བདུད་རྩིའི་རང་བཞིན་ནོ༔ གཏན་གཏུན་མཁའ་གསང་ནང་དུ་བརྡུང༔ ཡང་བརྡུང་འགྲོས་ཀྱི་རང་བཞིན་གྱིས༔ དཀར་དམར་ཐིག་ལེ་དབྱིངས་ནས་ཕབ༔ དམ་ཚིག་པ་ལ་ཡེ་ཤེས་བསྟིམ༔ དེ་ལ་ཛཔ྄་བསྟོད་མཆོད་པ་འབུལ༔ དེ་ནི་ཕྱེ་མའི་སྒྲུབ་པ་འོ༔ དེ་ནས་རིལ་བུའི་སྒྲུབ་པ་ནི༔ འདམ་འཐག་བྱས་ལ་ཉི་ཟླ་ཡི༔ གཞལ་ཡས་ཁང་དུ་དམ་ཚིག་པ༔ བསྐྱེད་ལ་ཡེ་ཤེས་དགུག་གཞུག་བསྟིམ༔ དབང་བསྐུར་རབ་གནས་མཆོད་བསྟོད་བྱ༔ བཀྲ་ཤིས་ཚིགས་བཅད་སྨོན་ལམ་བཏབ༔ དེ་ནི་རིལ་བུའི་སྒྲུབ་པ་འོ༔ ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་དང༔ བླ་མ་ཡི་དམ་ལྷ་ཚོགས་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ དཔའ་བོ་ཌཱ་ཀི་ཁྲོ་ཚོགས་དང༔ མཐུ་སྟོབས་གཟི་བརྗིད་ལྡན་རྣམས་ཀྱིས༔ སྨན་རྣམས་བདུད་རྩིར་བྱིན་གྱིས་རློབས༔ ནད་གདོན་བར་ཆད་ཞི་བར་མཛོད༔ སྐྱབས་དང་དཔུང་གཉེན་མཛད་དུ་གསོལ༔ བཟའ་བ་དང་ནི་འཛིན་པ་ཡིས༔ བསྲུང་བ་དང་ནི་ནད་ཐམས་ཅད༔ འཇོམས་པའི་གཉེན་པོ་མཆོག་གྱུར་ཅིག༔ ཅེས་སྨོན་ལམ་གདབ་བོ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ རྣམ་པ་་་ཚ་གྲང་གཉེན་པོ་རང་རང་གིས་འཇོམས།ལྷ་ཡི་རང་བཞིན་ཏེ༔ ལུས་ལ་བཅང་ཞིང་སྲུང་སྔགས་བཟླ༔ མ་འགོམ་མི་ལག་མི་བརྒྱུད་པར༔ སྣ་རུ་བདུག་ཅིང་གནས་ལྔར་བྱུག༔ རྡོ་རྗེ་ཁྲབ་རིང་སྔགས་དྲོ་གོང་བརྒྱའམ་ཉི་ཤུ་རྩ་གཅིག་བཟླ།་་་ཁོང་དུ་བཏང་བས་ནད་གདོན་འཇོམས༔ ནད་གདོན་དག་གིས་མི་ཚུགས་ཏེ༔ རང་ལུས་རྡོ་རྗེར་གྱུར་པ་འོ༔ ནད་པ་དག་ལ་གཏོང་ཙ་ན༔ སྨན་གྱི་མངའ་བདག་གུ་རུ་ལ༔ རྣམ་པ་སྨན་བླར་བསྒོམས་བྱས་ལ༔ སྨན་པས་ལྷ་དང་བདུད་རྩི་གཉིས༔ ལག་ཏུ་བླངས་ལ་ཤིས་པ་བརྗོད༔ དེ་ནས་གསོ་བྱ་གསོ་བ་པོ༔ མི་དམིགས་རྒྱ་ཡིས་་་སྟོང་ཉིད་ཡེ་ཤེས་ཀྱིས།གདབ་པར་བྱ༔ དེ་ལ་ཕུལ་བའི་ཡོན་ཏན་གྱིས༔ གུ་རུ་དཀོན་མཆོག་མཉེས་པར་བྱ༔ སྡུག་ཕོངས་རྣམས་ལ་སྦྱིན་གཏོང་བྱ༔ དེ་ལྟར་བྱང་ཆུབ་སེམས་བསྐྱེད་ནས༔ གསོ་དཔྱད་འགྲོ་དོན་བྱས་གྱུར་ན༔ རང་གཞན་གཉིས་ཀའི་དོན་འགྲུབ་འགྱུར༔ འཆི་མེད་བདུད་རྩི་བུམ་པ་དང༔ བདུད་རྩི་རྦ་ཀློང་འཁྱིལ་བ་ཡི༔ སྨན་སྦྱོར་གང་དང་གང་བྱེད་ཀྱང༔ སྨན་རྣམས་རིགས་གསུམ་མགོན་པོ་དང༔ སྨན་བླ་ཡབ་ཡུམ་བདུད་འདུལ་་་གུ་རུ་ཡབ་ཡུམ་བདུད་འདུལ།བསྐྱེད༔ ཁྲོལ་ཕྱེ་རིལ་བུ།་་་སྒྲུབ་པ་གོང་བཞིན་ཤེས་པར་བྱ༔ གཏིང་ནས་མུ་ཅོར་སྨྲ་བ་དང༔ གཞན་སྨོད་རང་བསྟོད་ཆེ་བ་དང༔ སྙིང་རྗེ་དམ་ཚིག་མེད་པ་དང༔ ཟས་དང་ནོར་ཕྱིར་མི་གཏང་ངོ༔ སློབ་དཔོན་བླ་མར་འཛིན་པ་དང༔ གདམས་ངག་བདུད་རྩིར་མཐོང་བ་དང༔ ཟས་དང་ནོར་གྱིས་མཉེས་བྱེད་པ༔ དེ་ལྟ་བུ་ལ་སྦྱིན་པར་བྱ༔ བདུད་རྩི་སྨན་གྱི་སྒྲུབ་པ༔ རིགས་གསུམ་མགོན་པོའི་བཅུད་ཕྱུང་བ༔ མཁའ་འགྲོ་གསང་བའི་སྙིང་ཁྲག་གི་གྱད་དོ༔ སྨན་བླ༔་་་ཨ་རུ་ར། སྨན་ཆེན།་་་གུ་རུ་ཡབ་་་གླ་བ།ཡུམ༔ ཐུགས་རྗེ་ཆེན་པོ༔་་་ཤུ་དག །མཉྫུ་ཤྲཱི༔་་་གི་ཝང་། གསང་བདག༔་་་གུ་གུལ། རྟ་མགྲིན༔་་་ཤིང་ཀུན། བདུད་རྩི་འཁྱིལ་བ༔་་་མུ་ཟི། སྒྲོལ་མའོ༔་་་ཆིག་སྐྱེས། ཁམས་ཀྱི་དཔེ་རྒྱུན་ལས་སོ།། ྀཨཚ༔ ༈ ཡང་གསང་སྲོག་གི་ཀ་བ་བཞུགས༔ ྈྈྈྈྈྈྈ སྐྱོབ་པ་སངས་རྒྱས་སྨན་གྱི་བླ༔ བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྙིང་དང་འདྲ་བ་དགྲར་ལངས་ནས༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག༔ བློན་པོ་ཁྲིམས་ཀྱི་སྒྲོ་བ་རལ༔ སངས་རྒྱས་བསྟན་པའི་དར་མདུད་གྲོལ༔ བག་མེད་གླང་ཆེན་སྨྱོན་སྤྱོད་ལྟར༔ སེམས་ཅན་ལོག་སྤྱོད་སྣ་ཚོགས་ཀྱིས༔ རྒྱལ་པོ་ཀླུ་གཉན་ས་བདག་དང༔ མ་མོ་དམ་སྲི་དགྲར་ལངས་ཏེ༔ ཁྱད་པར་ས་ཡི་ཌཱ་ཀི་དང༔ སྲིད་པའི་དལ་བདག་ཆེན་མོ་ནི༔ རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ༔ རི་རབ་ཟོམ་ལ་གནས་བཅས་ནས༔ ཐལ་མོ་བར་སྣང་ཁམས་ལ་བརྡབས༔ རྐང་པ་རི་རབ་ཟོམ་ལ་བརྡབས༔ འཇིག་རྟེན་སྡེ་བརྒྱད་ཐམས་ཅད་དཀྲུགས༔ ཁ་ནས་གདུག་པའི་ངན་སྔགས་བཟླས༔ དུག་མདའ་ཁ་རླངས་ཕྱོགས་བཅུར་འཕངས༔ སྟེང་གི་ལྷ་བྲན་གནས་གཞན་ནས༔ ས་འོག་སྲོག་ཆགས་ལྡེམ་བུའི་བར༔ མ་ལུས་མི་ལུས་ཐམས་ཅད་ཀྱི༔ གཟི་མདངས་བཀྲག་འཕྲོག་བརླམས་སུ་བཅུག༔ དྲན་པའི་སེམས་འཕྲོག་སྨྱོ་རུ་བཅུག༔ སྨྲ་བའི་ངག་འཕྲོག་ལྐུག་ཏུ་བཅུག༔ མཚོན་གྱི་བསྐལ་པ་ཆར་ལྟར་དབབ༔ ཚ་ནད་ཚ་བ་མེ་བཞིན་་་འདི་རིམས།འབར༔ ཁྱད་པར་ཁོང་ལྷོག་ནག་པོ་དེ༔ གནོད་པའི་གདོན་ཆེན་ལྔ་དང་སྦྲགས༔ འབྱུང་བ་བཞི་ཡི་་་ནམ་མཁའ་དང་ལྔའི།རྟ་ལ་ཞོན༔ འཇུག་པའི་སྒོ་དང་འགྲིམ་པའི་སྲང༔ གནས་པའི་ཡུལ་དང་འཁྲས་པའི་རྫོང༔ སྲུང་བརྟག་་་ཐབས་གསུམ།འདྲེ་འཛིན་བཅོས་པའི་ཐབས༔་་་གཉིས་སོ། །ཡང་གསང་སྲོག་གི་ཀ་བ་བསྟན༔ བགེགས་རྣམས་འབྱུང་བཞིའི་རྟ་ལ་ཞོན༔་་་རྒྱུ་མཚན། དེ་ཕྱིར་ནད་་་ཆེ་ཆུང་གང་ཡིན།ལ་་་མེ་ཆུ་གང་ཡིན།བརྟག་པ་གཅེས༔ ཆུ་སེར་ནག་པོ་ནད་་་ཐམས་ཅད།ཀྱི་རྒྱུ༔ ཚ་བར་བྱེད་པ་མེ་ཡིས་བཏེགས༔ གཡོ་བར་བྱེད་པ་རླུང་གིས་བསྐྱོད༔ ལྕི་བར་བྱེད་པ་ས་ལ་བརྟེན༔ ནམ་མཁས་གོ་འབྱེད་འབྱུང་བཞི་འཁྲུགས༔ རྒྱུག་འགྱེལ་ནག་པོ་སུམ་བསྒྲིལ་གྱིས༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ དེ་རྣམས་འཇུག་པའི་སྒོ་བསྟན་པ༔ རྒྱལ་རིགས་ཚ་བ་མེ་ལ་ཞོན༔ སྤྱི་གཙུག་ཚངས་པའི་བུ་ག་སྟེ༔ སྲོག་འཁོར་ཚངས་པའི་སྒོ་ནས་འཇུག༔ དམངས་རིགས་འབྱུང་བ་ཆུ་ལ་ཞོན༔ འདུ་བྱེད་ལས་ཀྱི་རླུང་སྒོ་འམ༔ རྐང་མཐིལ་ཆུ་རྒྱུས་སྒོ་ནས་འཇུག༔ རྗེའུ་རིགས་འབྱུང་བ་རླུང་ལ་ཞོན༔ དབུགས་སམ་རོ་མའི་སྒོ་ནས་འཇུག༔ ནད་གཞི་ཐམས་ཅད་འགྱུར་བར་བྱེད༔ བྲམ་ཟེ་ས་ཡི་རྟ་ལ་ཞོན༔ རྩ་རྣམས་ཐམས་ཅད་ཁྱབ་པར་ཉུལ༔ ཁྱད་པར་རྐྱང་མའི་སྒོ་ནས་འཇུག༔ གདོལ་པ་ཅན་ནི་མཁའ་དང་སྦྲགས༔ ཀུན་འདར་མ་ཡི་སྒོ་ནས་འཇུག༔ སེམས་རྩ་ཐམས་ཅད་གཡོ་བར་བྱེད༔ གདོན་རྣམས།་་་ནག་པོ་ཀླུ་ཡི་དམག་ཅེས་བྱ༔ སྲིད་པ་ཆགས་བྱེད་འབྱུང་བ་ལྔ༔ ནད་ཀྱི་བདག་མོ་ལྔ་ཡིན་པས༔ བརྡུང་བཙོག་ལ་སོགས་ཡུལ་མ་ཡིན༔ འཇུག་པའི་སྒོ་ལྔ་བསྟན་པ་འོ༔ ༈ ཞུགས་ནས་འགྲིམ་པའི་སྲང་བསྟན་པ༔ རྒྱལ་རིགས་ཟུར་གསུམ་སྙིང་གི་ལམ༔ ལྕེ་ཡི་སྲང་ལ་འགྲིམ་པར་བྱེད༔ རྗེ་རིགས་གངས་རི་གློ་བའི་ལམ༔ དྲི་འཛིན་སྲང་ལ་འགྲིམ་པར་བྱེད༔ བྲམ་ཟེ་མཆོང་རི་མཆིན་པའི་ལམ༔ གཟུགས་འཛིན་སྲང་ལ་འགྲིམ་པར་བྱེད༔ དམངས་རིགས་མཁལ་མ་གཉན་གྱི་ལམ༔ སྒྲ་འཛིན་སྲང་ལ་འགྲིམ་པར་བྱེད༔ གདོལ་པ་མཚེར་པ་འདུས་པའི་ལམ༔ མཆུ་ཡི་སྲང་ལ་འགྲིམ་པར་བྱེད༔ འགྲིམ་པའི་སྲང་ལྔ་བསྟན་པ་འོ༔ ༈ འགྲིམ་ནས་གནས་པའི་ཡུལ་བསྟན་པ༔ རྒྱལ་རིགས་ཟུར་གསུམ་སྙིང་གི་ཡུལ༔ རྒྱུ་མའི་ནང་དུ་གནས་པར་བྱེད༔ རྗེ་རིགས་གངས་རི་གློ་བའི་ཡུལ༔ ལོང་གི་ནང་དུ་གནས་པར་བྱེད༔ བྲམ་ཟེ་མཆོང་རི་མཆིན་པའི་ཡུལ༔ མཁྲིས་པའི་ནང་དུ་གནས་པར་བྱེད༔ དམངས་རིགས་མཁལ་མ་གྲང་བའི་ཡུལ༔ ལྒང་བའི་ནང་དུ་གནས་པར་བྱེད༔ གདོལ་པ་ཕོ་མཚེར་ས་ཡི་ཡུལ༔ ཕོ་བའི་ནང་དུ་གནས་པར་བྱེད༔ གནས་པའི་ཡུལ་ལྔ་བསྟན་པའོ༔ ༈ ད་ནི་འཁྲས་པའི་རྫོང་ལྔ་བསྟན༔ རྒྱལ་རིགས་ཙིཏྟ་དྲན་པའི་མཚོ༔ སྙིང་གི་རྫོང་ལ་འཁྲས་པར་བྱེད༔ རྗེ་རིགས་གུར་ཁྱིམ་དབུགས་ཀྱི་མཚོ༔ གློ་བའི་རྫོང་ལ་འཁྲས་པར་བྱེད༔ བྲམ་ཟེ་མཆོང་རི་ཁྲག་གི་མཚོ༔ མཆིན་པའི་རྫོང་ལ་འཁྲས་པར་བྱེད༔ དམངས་རིགས་གྲང་བ་ཆུ་ཡི་མཚོ༔ མཁལ་མའི་རྫོང་ལ་འཁྲས་པར་བྱེད༔ གདོལ་པ་ཚ་གྲང་འདུས་པའི་མཚོ༔ མཚེར་པའི་རྫོང་ལ་འཁྲས་པར་བྱེད༔ ནད་གདོན་འཁྲས་པའི་རྫོང་ལྔ་བསྟན་པའོ༔ ༈ རིན་ཆེན་ཁྱད་པར་གྱི་རྫོང་གསུམ་བྱ་བ་བཞུགས༔ སྤྱི་རུ་གཅེས་པའི་རྫོང་གསུམ་ནི༔ གྷུ་ཧ་ཡ་ཡི་རང་བཞིན་ནོ༔ དེ་ལ་སྲུང་ཐབས་རྣམ་པ་གསུམ༔ དོན་དང་སྣོད་ལ་ཟུ་གུ་འཛུད༔ སྒོ་དང་སྲང་ལ་གྱད་པ་བཞག༔ སྤྱི་རུ་སྔགས་འཁོར་ཏིང་འཛིན་གཅེས༔ བརྟག་ཐབས་རྣམ་པ་གསུམ་ཡིན་ཏེ༔ ཕྱི་ལྟར་འབྱུང་བའི་རིགས་ལ་བརྟག༔ ནང་ལྟར་དོན་དང་སྣོད་ལ་བརྟག༔ གསང་བ་འཚོ་འཆི་ཁ་ཡིས་བླངས༔ དེ་ལ་བཅོས་ཐབས་རྣམ་པ་གཉིས༔ ནད་དང་གདོན་དུ་བཅོས་པའོ༔ གདོན་ནི་སྙིང་ལ་རྒྱལ་པོ་བཅོས༔ གློ་བ་ན་ན་སྨྱོ་འདྲེ་བཅོས༔ མཆིན་པ་ས་བདག་ཀླུ་བཙན་བཅོས༔ མཁལ་མ་ཀླུ་དང་མ་མོ་བཅོས༔ ཕོ་མཚེར་ཐེ་བྲང་དམ་སྲི་བཅོས༔ རྒྱུ་མ་ན་ན་ས་སྲིན་བཅོས༔ གདོན་གྱི་བཅོས་ཐབས་བསྟན་པའོ༔ ནད་ལ་བཅོས་ཐབས་རྣམ་པ་ལྔ༔ དཔའ་བོ་རྣམ་དགུའི་སྲུང་བ་དང༔ འཇམ་པོ་སྦྱར་ལ་བཟློག་པ་དང༔ རྩུབ་མོ་སྦྱར་ལ་བསད་པ་དང༔ རྣོན་པོའི་སྦྱོར་བས་དབྱུང་བ་དང༔ འདུ་བ་ངོས་བཟུང་རྗེས་གཅོད་དོ༔ དང་པོ་སྲུང་བ་གཞུང་བཞིན་དང༔ གཉིས་པ་འཇམ་པོས་བཟློག་པ་ལ༔ སྤྱི་ཕུད་དམག་དཔོན་་་སྨན་ཆེན་ག་བུར་དང་ཨ་རུ་རའང་ཟེར།དབུས་སུ་གཞུག༔ རྩ་བའི་རྒྱལ་ཕྲན་་་གླ་བ་གུ་གུལ་ཤིང་ཀུན་མུ་ཟི་ཤུ་དག་ར་དུག་ཤ་ཆེན་སྤྲུ་ནག་གོ།བརྒྱད་ཀྱིས་བསྐོར༔ བློན་པོ་་་གི་ཝཾ་ཧོང་ལེན་ཆུ་རྩ་ཐར་ནུ།བཞི་ཡིས་ཁ་ལོ་སྒྱུར༔ དམག་མི་་་བྲག་ཞུན།གཅིག་གིས་མཐུན་རྩི་སྦྱར༔ བདུད་རྩིའི་་་སྟག་ཤ།ལྡེ་གུ་ཞལ་དུ་དྲང༔ སྨན་མ་ཞུ་བར་ཟས་མི་ཟ༔ གལ་ཏེ་དེ་ཡིས་མ་བཟློག་གམ༔ ཟློག་པའི་དུས་ལས་ཡོལ་གྱུར་ནས༔ སྣོད་དུ་སླེབ་པའི་རྟགས་བྱུང་ན༔ ལོག་གནོན་རྩུབ་མོས་བསད་དགོས་ཏེ༔ སྨན་ཆེན་གསེར་མདོག་་་བདུན་འགྱུར་གྱི།ཁ་ནོན་ཅན༔ བྲག་ཞུན་གྲུངས་པའི་ཁུ་བ་དང༔ བརྒྱད་པའི་ཆུ་སྦྱར་རིལ་བུ་བྱ༔ ལྔ་བདུན་བཅུ་གཅིག་ལ་སོགས་པ༔ ནད་ཀྱི་གཞི་དང་སྦྱར་ལ་བཏང༔ རྒྱུད་ནས་སྨོས་པ་བཞིན་དུ་ལ༔ བདུད་རྩི་ཉིང་ཁུའི་མཐུན་སྦྱོར་བྱ༔ ཤམ་བུ་དྲིལ་ལ་ཞལ་དུ་དྲང༔ གལ་གུལ་མི་བྱ་ཉལ་ལ་བསྡད༔ ཉི།་་་ཕྱེད་ཆུང་ཚུན་ཆད་སྨན་རྟགས་འོང༔ འཁྲུ་བ་བྱུང་ན་ཤིན་ཏུ་དགའ༔ རང་བཞིན་རྩུབ་མོས་བསད་པ་དང༔ འབུར་འཇོམས་རྩུབ་མོས་བསད་པའོ༔ གལ་ཏེ་དེས་ཀྱང་མ་སོད་དམ༔ ཚད་འདས་དོན་ལ་སླེབས་པ་ན༔ གསུམ་པ་ལོག་གནོན་བཅོས་ཐབས་ནི༔ སྤྱི་ཕུད་་་སྟོབས་མི་མཐུན་པ་བོང་ང་དང་ག་བུར།རྒྱལ་པོ་རྣམ་གཉིས་ལ༔  དམག་མི་་་གུ་གུལ་ར་དུག་སྤྲུ་ནག་གླ་བ་ཤུ་དག་ནག་མཚུར་མུ་ཟི་སྐྱེར་པ།བརྒྱད་ཀྱིས་ལྟག་ཚན་བསྐྱེད༔ བློན་པོ་་་ཐར་ནུ་དུར་བྱིད་འགྲོན་བུ་ཤྲཱི་ཁཎྜ་རེ་ལྕག་པ་སྔོན་བུ།དྲུག་སྦྱོར་རྣོ་ངར་བླུད༔ འཇམ་མཉེན་ལྡན་པ་རྩི་ཡིས་་་བྲག་ཞུན་པ།སྦྱར༔ རྣོན་པོར་་་ཁོང་དུ།བརྡུངས་ལ་རྫོང་ལ་བརྡེག༔  རྟགས་གཉིས་བར་འདི་དཔེ་གཞན་འགའ་ལ་འདི་ལྟར་ཡང་སྣང་།་་་དམག་དཔོན་བརྒྱད་ཀྱིས་ལྟག་ཚན་བསྐྱེད༔་་་གུ་གུལ། ར་དུག །སྤྲུ་ནག གླ་བ། མཚལ་དཀར། མཚལ་སྨུག །མཛེ་ཚ། སྐྱེར་པ། བློན་པོ་དྲུག་གིས་རྣོ་ངར་བླུད༔་་་ཐར་ནུ། དུར་བྱིད། ཤྲཱི་ཁཎྜ། དན་རིག །ཨ་རུ་མཆུ་སྨྱུང་། ཤ་སྦྱོར་བཅུ་གཉིས་ནུས་པ་བསྐྱེད༔་་་མི་གྲིར་ཤི་བའི་ཉྭ་ཤ །རྒོད། སྲེ་མོང་། ཏེ་ལོ། སྦལ་ནག །སྲམ། སྡིག་པ། ཅེ་སྤྱང་མོ། པུ་ཤུད། སྦྲུལ། ཕག་པའི་སྣ། གླང་པོ་ཆེ་རྣམས་ཀྱི་ཤ །བདུད་རྩི་ཁཎྜ་འདིས་ཀྱང་ནུས་པ་བསྐྱེད༔ རིལ་བུ་བྲ་བའི་རིལ་མ་ཙམ༔ ལྔའམ་བདུན་དགུ་ནད་ཚབས་སྦྱར༔ ཕྱི་རུ་བསྐུས་ན་སྐྲངས་པ་འཇོམས༔ ནང་དུ་བཏང་ན་གཉན་ནད་སེལ༔ སྨན་ཞུ་འདར་བུ་ཕྱི་རུ་ལྡངས༔ ཤེད་ཆག་ཉམ་ཆུང་ང་འཆི་ཟེར༔ བྱ་ལྟར་སྤུར་ཅིང་་་ཟུག་གཟེར་ལངས་པ་ཡིན།རྩ་སྟོབས་ཆུང༔ ག་བུར།་་་དྲི་ཡི་རུས་པ་ལྷ་བ་བཅས།་་་བཅུད་ཀྱིས་ཕྱི་ནས་བདུག༔ བསིལ་བཅུད་ཐང་གིས་ནང་ནས་གསོ༔ བསྒུལ་བསྐྱོད་མི་བྱ་གདན་ས་བཟུང༔ ཁ་ཟས་མི་ཟ་སྐྱུག་ན་མནན༔ འཁྲུ་བ་བྱུང་ན་ཤིན་ཏུ་བཟང༔ སྤྱོད་ལམ་འདུ་བའི་ཁྲུས་དང་མཐུན༔ ནད་དང་སྨན་རྩིགས་ལུས་དོགས་ན༔ ཆུ་བསྐོལ་གཙང་མས་བཀྲུ་བར་བྱ༔ ནད་ཉམས་སྦྱར་ལ་འཁྲུ་རུ་གཞུག༔ ཚད་ལྡན་མཁས་པས་དུས་ལ་བཅད༔ ཞག་གསུམ་ཚུན་ཆད་སྤྱོད་ལམ་གཟབ༔ ངལ་དུབ་སེམས་ལས་དྲག་པོ་དང༔ རུལ་སུངས་བཅུད་དང་ཚ་སྐྱུར་ཆང༔ ནད་དང་མི་མཐུན་ཐམས་ཅད་སྤང༔ ཚེ་ཟད་ལས་ཀྱིས་མ་གཏུགས་ན༔ འདི་ལས་ལྷག་པའི་གསོ་དཔྱད་མེད༔ རྒྱ་མ་ཞིག་པའི་རོ་ཡང་ལྡངས༔ དེ་ཕྱིར་སྲོག་གི་ཀ་བ་བཞིན༔ གཞན་གྱིས་མ་ཐུབ་བོར་བ་དང༔ སྙིང་དང་འདྲ་བ་འགའ་ལ་བྱ༔ ཀུན་ལ་བྱ་བ་མ་ཡིན་ནོ༔ ཚེ་ཟད་དུས་ལ་བབས་གྱུར་ནས༔ ངེས་པར་འཆི་བའི་རྟགས་བསྟན་པ༔ བཞི་བསྡུས་འཁྲུལ་འཁོར་རི་རྩེ་ལ༔ གཡུ་ཡི་ན་བུན་ཡལ་ན་འཆི༔་་་མགོ་བོའི་རླངས་པ། ནགས་འདབས་གསང་བའི་བྲག་ཕུག་ཏུ༔ མཁའ་འགྲོའི་ངར་སྒྲ་ཆག་ན་འཆི༔་་་རྣ་བའི་སྒྲ། རྒྱ་མཚོ་མདངས་ཀྱི་སྒྲོན་མ་ལ༔ ཡེ་ཤེས་རང་མདངས་ཡལ་ན་འཆི༔་་་མིག་གི་རྒྱལ་མོ་འདལ་བ། གནམ་ས་གཉིས་ཀྱི་ཀ་གདུང་དེ༔ བར་སྣང་ཁམས་སུ་ཆག་ན་འཆི༔་་་ལག་ངར་སྨིན་ཕྲག་བལྟས་པས་ཆད་པ། སྡུད་བྱེད་གྲོང་ཁྱེར་མི་ལྔ་ནས༔ སོ་པ་མི་གཅིག་ལངས་ན་འཆི༔་་་སྲིན་ལག་གི་རྩ། སྤྲུལ་པ་འཁོར་ལོའི་གྲོང་ཁྱེར་ནས༔ ཉི་མ་གྱེན་ལ་འཛེག་ན་འཆི༔་་་རྐང་པའི་དྲོད་ཡལ་ན། བདེ་ཆེན་ཆུ་ཡི་དཀྱིལ་འཁོར་ནས༔ ཟླ་བ་ཐུར་ལ་བབས་ན་འཆི༔་་་ས་བོན་འཛག་པ། དེ་ལས་ངེས་པར་འཚོ་བ་ནི༔ དབང་པོ་ཚང་ལ་དྲན་རིག་གསལ༔ ཧོང་ཀྲོག་ཆུང་ཞིང་ཉམ་ང་མེད༔ དབུགས་བདེ་སྨན་སྐྱེད་ཆེ་བ་དང༔ ལུས་མདོག་ཟོ་མདོག་བདེ་ན་འཚོ༔ འདུ་བ་ངོས་བཟུང་རྗེས་གཅོད་ནི༔ རླུང་མཁྲིས་བད་ཀན་གང་ཤས་ཆེ༔ བརྟགས་ལ་དེ་བཅོས་བཅུད་ཀྱིས་གསོ༔ ནད་དྲག་ལུས་པོ་མ་གསོས་ན༔ དཀྱེལ་ཆེན་ནད་དུ་སོང་དོགས་ཡོད༔ དེ་ཕྱིར་ཤ་མར་བུ་རམ་དང༔ ཆང་སོགས་ཚེ་འཛིན་་་རྩམ་པ།བཅུད་ཐུག་བསྔགས༔ གསོ་དཔྱད་འདི་དང་སུ་ལྡན་པ༔ འདམ་སྐྱེས་པདྨ་ཇི་བཞིན་དུ༔ སྐྱོན་མེད་འདབ་རྒྱས་ལེགས་པར་འཚོ༔ དེ་ཕྱིར་འདི་ལ་ནན་ཏན་བྱ༔ འཆི་མེད་བདུད་རྩི་བུམ་པ་ལས༔ ཡང་གསང་སྲོག་གི་ཀ་ཆེན་འདི༔་་་ཡང་གསང་སྦས་པའི་མཛོད་ཆེན་ཡིན། ཀུན་ལ་མེད་དེ་གསེར་དང་འདྲ༔ དེ་ཕྱིར་སྙིང་དང་འདྲ་བར་གདམས༔ འདི་མེད་གསོ་དཔྱད་མཁན་པོ་རྣམས༔ སྦུངས་ཆུང་རྟ་རྒོད་འདུལ་བ་འདྲ༔ རེ་དོགས་འཕྲང་ལས་སྒྲོལ་མི་ནུས༔ ཨེ་མ་ཡུམ་གཅིག་མཁར་ཆེན་བཟའ༔ སྙིགས་མའི་དུས་ལ་བབས་པའི་ཚེ༔ གདུག་པ་ཅན་གྱི་ཁ་རླངས་ལས༔ ནག་པོ་སུམ་བསྒྲིལ་དར་བའི་ཚེ༔ ལོག་གནོན་ཆིངས་ཀྱི་ཤོག་དྲིལ་འདི༔ མཁའ་འགྲོའི་ལུང་བསྟན་འབྱུང་གནས་ལས༔ བརྒྱུད་འཛིན་རེ་རེས་ཐོན་པར་ཤོག༔ འཆི་མེད་བདུད་རྩི་བུམ་པ་ལས༔ ཡང་གསང་སྲོག་གི་ཀ་ཆེན་ཞེས་བྱ་བ་ལོག་གནོན་ཆིངས་ཀྱི་ཤོག་དྲིལ་ལོ༔ ྀཨཚ༔ ༈ རྒྱུ་གཟེར་ཟུག་གཟེར་བཅག་པའི་ལྡེ་མིག་བཞུགས༔ ལས་ཀྱི་མཐའ་བསྒྱུར་་་ཚད་པ་ཆེ་ན་ག་བུར། རླུང་ཆེ་ན་ཛཱ་ཏི།་་་ཟུག་གཟེར་བཅག༔ ཅེས་པ་ལས་ཀྱི་མཐའ་བསྒྱུར་བ་ནི༔ སྨན་ལ་བྱེ་བྲག་ཏུ་ངར་འདོགས་པ་ཡིན་ཏེ༔ དགུ་སྦྱོར་་་རྒུ་དྲུས། ཐོད་རུས། ཐོག་རུས། ཙནྡན། གླ་བ། བྲག་ཞུན། ཨ་བྱག །བོང་ང་། དོམ་མཁྲིས་དགུའོ།གྱི་སྟེང་དུ་བསྣན་པའི་སྨན་ནི༔་་་འཁྲུ་མདོག་དང་སྦྱར་ནས་བསྒྱུར་བ་དང་སྨན་གྱི་བསྒྱུར་བ་གཉིས་ལས་གཏར་ཁ་གཞན་དུ་གསལ་ལོ། །འཁྲུ་མདོག་དམར་ན་མེ་ཏོག་བྱ་རྐང་བསྡེབ༔ སྨུག་པོ་རྒྱ་བཤལ་ལྡུམ་བུ་རེ་རལ་བསྡེབ༔ སེར་ན་དུག་ཉུང་སྐྱེར་པ་བསྡེབ༔ དམར་སེར་གསེར་ཕུད་མཁྲིས་པ་བསྡེབ༔ ཟ་ཁུ་སྐྱི་འབྲུམ་མཁྲིས་ཆེན་བསྡེབ༔ དུད་ཁུ་རྒུ་དྲུས་་་སྐྱེར་པ་ཟེར་བའང་སྣང་།བསྐྱེད་ལ་བཏང༔ ལྦུ་སྐྱ་རླུང་སྒྲ་ཅན་ལ་ཛཱ་ཏི་ཆང་སྦྱར་བཏང༔ སྨན་དེ་རྣམས་ནི་ནད་གཞིའི་ཁ་དོག་དང་བརྟགས་ལ༔ ཆུ་བོའི་འོལ་ཁ་བསྒྱུར་བ་ལ་ངར་དུ་གདགས་སོ༔ ྀཨཚ༔ ཟུག་གཟེར་བཅག་པ་ནི༔ བོང་ང༔ ཀྱི་ལྕེ་དཀར་པོ༔ དུག་མོ་ཉུང༔ ཧོང་ལེན་བཞི་ཞིབ་པར་བཏགས༔ གངས་ཆུ་གྲང་མོ་ལ་བཏབ་ལ༔ གྲོད་པར་བླུགས་ལ་ན་ས་བདུག་གོ༔ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་བཅག་པའི་ལྡེ་མིག་ྀཨཚ༔ རྒྱ་རྒྱ་རྒྱ༔ སྱ་མྱ་ཡྱ༔ ལུད་པ་འགྱུར་དུ་མ་འདོད་ན༔ འཕྲུལ་འཁོར་ཆེན་པོའི་སྦྱོར་བ་ཞེས་བྱ་སྟེ༔ ལུད་པ་དམར་ན་དོམ་མཁྲིས༔ མཚལ༔ རྒྱ་སྐྱེགས་དང་གསུམ་བསྣན་ནོ༔ སེར་ན་དོམ་མཁྲིས༔ གསེར་གྱི་མེ་ཏོག༔ སྟར་བུ་དང་གསུམ་བསྣན་ནོ༔ སྐྱ་སོབ་ཏུ་བྱུང་ན༔ ཛཱ་ཏི༔ ལི་ཤི༔ སྒོག་སྐྱའི་ཐལ་བ་བསྣན་ནོ༔ དུད་ཁུ་ལ་བསེ་རུ༔ གི་ཝང༔ སྟག་ཤ་བ་དཀར་པོ་སྦྱོར༔ གླ་བ་གུ་གུལ་ཤུ་དག་ནག་པོ་གསུམ་ཀུན་ལ་བསྣན་ནོ༔ འཕྲུལ་འཁོར་ཆེན་པོའི་སྦྱོར་བ་ྀཨཚ༔ གདམས་པ་གནད་ཀྱི་ཡིག་ཆུང་གསང་སྒོ་འབྱེད་པའི་ལྡེ་མིག་ཀུན་ལ་མེད་དོ་ཨེ་མ་ཧོ༔ ༈ གསང་བའི་མཛོད་སྒོ་འབྱེད་པའི་ལྡེ་མིག་བཞུགས་སོ༔ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྐྱེ་བ་བདུན་གྱི་སྲིང་གཅིག་མ༔ འགྲོ་བ་དྲུག་གི་མ་གཅིག་མ༔ གསང་མཛོད་སྒོ་འབྱེད་ལྡེ་མིག་འདི༔ ཡེ་ཤེས་མཁའ་འགྲོའི་ཕྱག་ཏུ་ཟུངས༔ གཏེར་སྲུང་སྡེ་བརྒྱད་རྣམ་གཉིས་གཙོ༔ ང་སོང་སུམ་བརྒྱ་ཉི་ཤུ་ནས༔ བསྐལ་པའི་ཆ་ཉམས་འབྱུང་བཞི་གཡོ༔ ལས་ཀྱི་ཆར་རྒྱུན་བབས་པའི་ཚེ༔ བོང་ཐུང་ག་ལི་རྐན་སོ་ཅན༔ འོད་ཀོར་རྨ་བྱའི་མདོངས་ཅན་གྱིས༔ བློ་གསལ་རི་བོང་ལོ་ལ་འདོན༔ དྲན་པར་གྱིས་ཤིག་སྡེ་བརྒྱད་ཀུན༔ ལུས་སྲུང་མེད་པའི་སྨན་པ་ནི༔ གོ་མེད་གཡུལ་དུ་འཇུག་པ་འདྲ༔ དེ་ཕྱིར་རྡོ་རྗེ་ཁྲབ་རིང་གཅེས༔ བརྟག་པ་མེད་པའི་སྨན་པ་ནི༔ རྒྱུས་མེད་མུན་པར་རྫས་འཚོལ་འདྲ༔ དེ་ཕྱིར་ཉི་ཟླ་ཁ་སྦྱོར་གཅེས༔ གསོ་ཐབས་མེད་པའི་སྨན་པ་ནི༔ ལག་རྡུམ་བྲག་ལ་འཛེག་པ་འདྲ༔ དེ་ཕྱིར་བདུད་རྩི་བུམ་པ་གཅེས༔ ལོག་གནོན་མེད་པའི་སྨན་པ་ནི༔ སྦུངས་ཆུང་རྟ་རྒོད་འདུལ་བ་འདྲ༔ དེ་ཕྱིར་སྲོག་གི་ཀ་ཆེན་གཅེས༔ ཐུན་ཚད་མེད་པའི་སྨན་པ་ནི༔ གཡུ་ཚོད་རྡོ་ལ་ལེན་པ་འདྲ༔ དེ་ཕྱིར་རིལ་བུའི་ཕྲེང་བ་གཅེས༔ དེ་ཉིད་མེད་པའི་སྨན་པ་དེ༔ དམུས་ལོང་དག་ལ་མདོག་བསྟན་འདྲ༔ དེ་ཕྱིར་ཉམས་མྱོང་ལག་ལེན་གཅེས༔ གདུགས་དང་འཁོར་ལོའི་བར་དག་ཏུ༔ བྱེ་བྲག་ཁོལ་བུར་ཟུག་བྱུང་ན༔ མ་ལས་ལྷག་པའི་བུ་བདུན་གཅེས༔ དོན་སྣོད་སྦས་པའི་དཀོར་མཛོད་དུ༔ མཚང་ཅན་རྐུན་མོ་ཞུགས་སྲིད་ན༔ འཆི་མེད་འགྲུབ་པའི་དཀོར་སྲུང་གཅེས༔ རྡོ་རྗེ་གདན་གྱི་་་བདུད་རྩི་སྨན་གྱི་ཞེས་པའང་འདུག།ཕོ་བྲང་དུ༔ དུ་རུ་ཀ་ཡི་དམག་བྱུང་ན༔ དཀོན་མཆོག་གསུམ་པོ་སྦྲན་པ་གཅེས༔ བལྟ་རེག་དྲི་བ་རྣམ་གསུམ་གྱིས༔ མ་རྟོགས་བློ་གདིང་མ་ཐོབ་ན༔ སོ་པ་འཁྱམས་སུ་བཏང་བ་གཅེས༔ ཡིན་པར་ངེས་པའི་གདིང་ཐོབ་ནས༔ མ་བསྡུས་གསོད་དཀའ་ཡང་ན་བྱེར༔ ནོར་བུ་སྦུར་ལེན་སྦྱོར་བ་གཅེས༔ འདི་ལ་ཡུན་རིང་སློད་ལོངས་མེད༔ དཔའ་བོ་སྟག་ལྟར་མྱུར་དུ་མཆོངས༔ གནམ་ལྕགས་གྱད་ཀྱི་རལ་བསྐོར་གཅེས༔ ཉི་མ་ཟླ་བའི་ཕོ་བྲང་དུ༔ མ་ཏྲཾ་བསྒྲལ་བའི་གྲིབ་ཕོག་ན༔ འཁྲུད་པ་བདུད་རྩིའི་ཆུ་རྒྱུན་གཅེས༔ རི་ཐང་མཚམས་སུ་སླེབས་ཙ་ན༔ མ་འཁྲུལ་མ་ལྷག་མ་ཆད་པར༔ སྔོན་བསུ་འཕྲང་བསལ་རྗེས་གཅོད་གཅེས༔ ཉོན་ཅིག་འཚོ་བྱེད་སྨན་པ་རྣམས༔ ནད་ལ་དབྱེ་བ་དཔག་མེད་ཀྱང༔ ཚ་གྲང་གཉིས་སུ་བསྡུ་བ་གཅེས༔ གསོ་བྱེད་གཉེན་པོ་གྲངས་མང་ཡང༔ བསིལ་དྲོད་གཉིས་སུ་བསྡུ་བ་གཅེས༔ གསོ་ཐབས་སུམ་བརྒྱ་དྲུག་ཅུ་ཡང༔ ཞི་སྦྱོང་གཉིས་སུ་བསྡུ་བ་གཅེས༔ བརྟག་པའི་ཐབས་ལ་མང་ཡོད་ཀྱང༔ བལྟ་རེག་དྲི་བར་བསྡུ་བ་གཅེས༔ བུམ་པ་འཛིན་པའི་སྨན་པ་རྣམས༔ སྔགས་དགུ་་་སྲུང་བ་རྡོ་རྗེ་ཁྲབ་རིང་གི་སྔགས་ཚོ་དགུ་པོ།བཟླས་ན་ཇི་ལྟར་འཆི༔ གག་ལྷོག་རྫོང་ལ་ཤོར་བ་ན༔ དྲག་པོར་གཅིག་ཤུར་་་རིལ་བུ་ཆིག་སྦྱོར།རྐྱང་དེད་བསྔགས༔ ནད་གདོན་དུག་ནད་བསྲུང་བ་ལ༔ ཐབས་ཤེས་ཟུང་འཇུག་སྦྱོར་བ་བསྔགས༔ གློ་བུར་གཉན་ནད་བྱིན་ལྷོག་ལ༔ རྣོ་གསུམ་མཚོན་ཆ་བཏགས་པ་བསྔགས༔ གཉན་ཚད་རླུང་ལྡན་དགུ་འགྱུར་ལ༔ དཔའ་བོ་བཞི་ཡི་སྦྱོར་བ་བསྔགས༔ གཉན་སྲིན་ཕོ་ལྷོག་མཛེ་ནད་ལ༔ རྒྱལ་པོ་བྱ་ཁྱུང་སྦྱོར་བ་བསྔགས༔ གག་ལྷོག་ཚད་རིམས་གཟེར་ཐུང་ལ༔ དཀར་པོ་དྲུག་གི་སྦྱོར་བ་བསྔགས༔ བལ་ནད་ཚ་བ་གཟེར་རིམས་ལ༔ གི་ཝང་ཡན་ལག་བདུན་པ་བསྔགས༔ མ་སྨིན་སྨིན་གསོད་རྩང་ཕྲེང་བསྲུང༔ དྲི་ལྡན་བརྒྱད་ཀྱི་སྦྱོར་བ་བསྔགས༔ རྐྱང་ལྡན་འདུས་རིམས་ཐམས་ཅད་ལ༔ ཆེན་པོ་དགུ་ཡི་སྦྱོར་བ་བསྔགས༔ བདུད་རྩི་རིལ་བུའི་ཕྲེང་བ་ཡི༔ བསྡུས་དོན་ཁོག་དབུབ་ལྡེ་མིག་ཡིན༔ ཡིད་ཆེས་ནང་ཡན་ལ་ཟློ་ཡིན༔ དམ་ཚིག་མེད་པའི་མི་ལ་ནི༔ སྙིང་གི་དཀྱིལ་དུ་ས་མ་ཡ༔ ༈ ྈྈྈ འཁོར་ལོའི་ལྡེ་མིག་བཞུགས༔ དུག་གསུམ་རྣམ་དག་གི་ཞིང་ཁམས༔ སྐུ་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར༔ རྒྱལ་བ་སྐུ་བཞི་ཡི་སྲུང་བ༔ ལས་བཞི་བརྩམ་པ་ཙམ་གྱིས་འགྲུབ་པ༔ རྡོ་རྗེ་སྲིན་པོའི་གོ་མཚོན༔ མི་འཇིགས་སྟོབས་ལྡན་གྱི་བློ་གདིང༔ དྲག་པོ་བདུད་འདུལ་གྱི་ཐོ་བ༔ མ་རིག་མུན་སེལ་གྱི་སྒྲོན་མེ༔ དུག་ལྔ་ནད་སེལ་གྱི་སྨན་མཆོག༔ བདུད་རྩི་དབང་གི་ཆུ་རྒྱུན༔ སིདྡྷི་ཐམས་ཅད་ཀྱི་གཞི་མ༔ ཁམས་གསུམ་དབང་སྡུད་ཀྱི་ལྕགས་ཀྱུ༔ སྲིད་གསུམ་ཟིལ་གནོན་གྱི་སེང་ཆེན༔ སྟོང་གསུམ་ཁུས་འདེབས་ཀྱི་འབྲུག་སྒྲ༔ དུག་གསུམ་དབྱེར་མེད་འཁྱེར་བའི་གདམས་པ་འདི༔ གནད་ཀྱི་ཉིང་ཁུ་བཅུ་ཡིས་བསྟན་ཏེ༔ དང་པོ་མཐིང་ཤོག་འབྲི་གཞིའི་གནད༔་་་རས་སམ་ཤིང་ཤུན། འབྲི་རྒྱུ་སྣག་ཚའི་གནད༔་་་གསེར་དངུལ་རྒྱ་སྣག་མཚལ། འབྲི་མཁན་མཆོད་གནས་ཀྱི་གནད༔་་་སྡོམ་པ་གསུམ་མམ་དབང་བཞི་རྫོགས་པར་ཐོབ་པའི་སྔགས་པ། བྱུག་པ་རྫས་ཀྱི་གནད༔་་་དྲི་བཟང་རོ་ཞིམ་ནུས་པ་ཆེ། དུས་ཚོད་གཟའ་སྐར་གྱི་གནད༔་་་རང་གི་བླ་གཟའ་བླ་སྐར་དར་བ་ལྟ་བུ། ན་བཟའ་དཀྲི་བ་ཤུན་གྱི་གནད༔་་་དར་ཟབ་སྣ་ལྔ། རབ་གནས་བཀྲ་ཤིས་ཀྱི་གནད༔་་་གུ་གུལ་གྱི་དུད་པས་བདུག་བགེགས་བསྐྲད་ལ་སྟན་དཀར་པོ་གཙང་མའི་སྟེང་དུ་བཞག་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་པ་དབུལ། གཉིས་སུ་མེད་པར་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་དང་རང་གི་སྔགས་བཟླས་པའི་མེ་ཏོག་ཀྱང་གཏོར། རང་སྔགས་ཀྱི་མེ་ཏོག་གཏོར་བས་བརྟན་པར་བཞུགས་སུ་གསོལ། བཀྲ་ཤིས་བྱའོ། །བལྟབ་པ་གཅོག་གི་གནད༔་་་འཁོར་ལོ་གཉིས་ཞལ་སྤྲད་དབུ་གྱེན་ལ་ཡོང་བ་བྱས་གདགས་སོ། །ཚོགས་གསོག་མཆོད་སྦྱིན་གྱི་གནད༔་་་བླ་མ་ལ་འབུལ་བ། རྩ་བ་གསུམ་ལ་ཚོགས་མཆོད། རིགས་དྲུག་ལ་སྦྱིན་གཏང་། དམ་ཚིག་བསྲུང་བྱའི་གནད༔་་་མིས་མི་རེག །ཞལ་མི་བཤུ །རང་དང་མི་འབྲལ། ཟླ་བ་རེ་ལ་དབང་བསྐུར་རེ་བྱ། མཆོད་པ་རེ་ཕུལ། བཀྲ་ཤིས་རེ་བྱའོ། །ཡ་ང་བག་ཚ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལས་མི་འདའ་བའི་དམ་ཚིག །རྩ་བ་ཡེ་ཤེས་ཀྱི་ཁྱུང་ལ༔ དྲི་བཟང་པོ་རོ་ཞིམ་པོ་ནུས་པ་ཆེ་བ་ཁ་དོག་དང་ལྡན་པ་བྱུག་གོ༔ གཤོག་པ་་་སྔགས།བོང་ང་དཀར་སེར་གྱིས་མནན༔ མགྲིན་པ་་་སྔགས།གི་ཝང་དང་དཔའ་སེར་གྱིས་མནན༔ རྐང་པ་སེར་པོ་ཁྲ་རྐང་དང་དཔའ་སེར་གྱིས་མནན༔ མཇུག་སྔགས་དཔའ་བོ་དཀར་པོ་དང་བོང་ང་དཀར་སེར་གྱིས་མནན༔ མཆུ་སྔགས་མུ་ཟི་ཤུ་དག་བཙན་དུག་གིས་མནན༔ སྦྲུལ་ལ་་་རྫས་ཀྱིས་མནན།མི་དགོས་སོ༔ མཚལ་ཡིག་དམར་གསུམ་གྱིས་མནན་ནོ༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ ལྕེ་བརྒྱས་བསྐལ་པ་འབུམ་ཕྲག་ཏུ༔ སྨྲས་ཀྱང་འཛད་པར་མི་ནུས་ཏེ༔ འདི་ཉིད་གང་ན་གནས་པའི་སར༔ ལས་བཞི་བསམ་པ་ཙམ་གྱིས་འགྲུབ༔་་་འདི་ཡན་ཆད་ཀྱིས་གསང་མཛོད་འབྱེད་པའི་ལྡེ་མིག་རྣམས་ཚང་བར་ཡོད་དོ། །འདི་ཕྱི་གཉིས་ཀྱི་བདེ་འབྲས་འགྲུབ༔ ཁྱད་པར་འཕགས་པའི་གདམས་པ་ལགས་པས་དམ་མེད་རྣམས་ལ་གསང་བར་བྱའོ༔ ྈྈྈྈྈྈྈ ༈ ལྡེ་མིག་་་བརྡ་འགྲོལ།བཞུགས༔ དེ་ལ་མགྱོགས་པའི་རྟ་བཞི་ནི༔་་་སྟོད་སྨད་བར་གསུམ་དུ་གཅེས་སོ། །ལྷ་རྟ་དཀར་པོ་་་བ་ར་འབྲི་མཛོ་དང་བཞིའི་འོ་མ་བུ་རམ་བཟང་པོ་དང་བསྲེས།ཀླུ་རྟ་སེར༔་་་ཆང་། བཙན་རྟ་དམར་པོ་་་ར་དཀར་མོའི་ཁྲག།བདུད་རྟ་ཁམས༔་་་བུ་རམ་ལ་ཟེར། དེ་ལ་བསྐྱོན་པའི་མི་གསུམ་ནི༔་་་གླ་བ་གུ་གུལ་ཤིང་ཀུན། སྣ་ཁྲིད་དོན་ལྔ་བཟང་པོ་ལྔ༔་་་ཀ་ཀོ་ལ་མིན། སྣོད་དྲུག་སེ་འབྲུ་གསེར་མེ་ཏོག༔ པི་པི་ལིང་དང་སྡིག་སྲིན་ལྔ༔་་་གཅིག་མ་ཚང་། ནང་ཡན་ལ་ནི་ལི་ཤི་བཟང༔ ཕུགས་འཚོལ་སྟོབས་ལྡན་ནག་པོ་གསུམ༔་་་གླ་བ་གུ་གུལ་ཤིང་ཀུན། ལྷ་རྟ་དཀར་པོ་་་འོ་མ།བསྐྱོན་ལ་བཏང༔ མཚང་ཅན་ནད་དང་འཕྲད་ཙ་ན༔ འདར་སྔངས་འཕྱོ་འཁྲུལ་སྔ་བས་ཆེ༔ སྟོབས་ཆུང་ཞ་ནས་ལྡང་མི་ནུས༔ སྟོར་ན་གྷོ་ར་སྤོས་་་བཙན་རྟ།ལ་བཙལ༔ ཡང་སྟོར་མདོ་བ་་་བདུད་རྟ་ཁམས་པ།སྤོས་ལ་རྒྱུག༔ དེ་ལ་རྟགས་མེད་ཡིན་མི་སྲིད༔ ཁྲག་མཁྲིས་ཚ་བ་རྐྱང་པར་བཅོས༔ ངོས་འཛིན་རྟགས་ཀྱི་སོ་པ་ཡིན༔ གདིང་ཐོབ་དཔའ་བོ་་་གཉེན་པོ།གཡུལ་དུ་གཞུག༔ འདི་དུས་ལེ་ལོ་བྱར་མི་བཏུབ༔ སྟག་ལྟར་མཆོང་བའི་དུས་ལ་བབ༔ བར་གྱི་སོ་ལེན་སྣ་ཁྲིད་དང༔ ནང་ཡན་གོང་དུ་བསྟན་པ་གཅེས༔ ཕུགས་འཚོལ་ནག་པོ་དྲི་ལྡན་གསུམ༔་་་གླ་བ་ཤིང་ཀུན་གུ་གུལ། བཙན་རྟ་དམར་པོ་བསྐྱོན་ལ་བཏང༔ དཔའ་བོས་ཆོམས་ན་རང་རྟགས་ནུབ༔ ཚོད་བཟུང་ངང་རྒྱུད་འཇམ་པོ་བསྲིང༔ མ་ཐུབ་ཆུ་འཕྲུལ་གོང་བཞིན་བཏང༔ གཟེར་གསུམ་གང་བྱུང་གཉེན་པོས་གཅུན༔ གཉན་གཟེར་དཔའ་བོའི་སྦྱོར་བས་གཅུན༔ རླུང་གཟེར་དུག་དང་བཅུད་ཀྱིས་གཅུན༔ ཁྲག་གཟེར་བསིལ་དང་གཏར་གྱིས་གཅུན༔ ཉམས་དང་ལྡན་པས་ཤེས་པར་གྱིས༔ ཕྱི་སོ་བ་དང་སྣ་ཁྲིད་དང༔ ནང་ཡན་གོང་དུ་བསྟན་པས་གསལ༔ ཕུགས་འཚོལ་སེར་ནག་རྣམ་པ་གསུམ༔་་་གླ་བ་གུ་གུལ་ཤུ་དག །ཀླུ་རྟ་སེར་པོ་བསྐྱོན་ལ་བཏང༔ དེས་ནི་རྨེ་རོ་ཡོད་ན་ལྡང༔ མི་ལྡང་ནད་རྩད་ཆོད་པ་ཡིན༔ རྒས་དང་ཟུངས་ཟད་ནད་ཀྱིས་གཙེར༔ སྨན་དཔྱད་དྲག་པོ་བྱས་པའི་རྗེས༔ རླུང་ཆེ་ཁ་ཟས་སྔ་བར་གློད༔ དར་མ་ཟུངས་བཟང་ཁྲག་མཁྲིས་ཆེ༔ དེ་ལ་དུས་ཚོད་རན་པ་གཅེས༔ བྱིས་པ་བད་ཀན་གྲང་ཤས་ཆེ༔ ནད་ལྷག་ཟུངས་སུ་བསྒྱུར་བར་གཅེས༔ མ་རྟོགས་ཐེ་ཚོམ་གདིང་མེད་ན༔ སོ་པ་འཁྱམས་སུ་གཏང་བར་གཅེས༔ དེས་ན་འདི་ལ་གཅེས་པར་ཟུངས༔ ཞེས་གསུངས་སོ༔ ༈ དོན་སྣོད་ཁ་འཛིན་ལྡེ་མིག་བཞུགས༔ དོན་སྣོད་ཁ་འཛིན་བསྡེབ་པ་ནི༔ སྙིང་ལ་ཛཱ་ཏི་སྙིང་ཞོ་ཤ༔ ཙནྡན་་་དཀར་པོ།ཨ་གར་རུ་རྟ་བསྡེབ༔ གློ་ལ་ཅུ་གང་ལི་ག་དུར༔ ཨ་ཀྲོང་ཤིང་མངར་རུ་རྟ་བསྡེབ༔ མཆིན་པར་བྲག་ཞུན་བ་ཤ་ཀ༔ གུར་གུམ་ཨུཏྤལ་སྔོན་པོ་བསྡེབ༔ མཚེར་པར་ལི་ཤི་ཨ་རུ་ར༔ དུག་ཉུང་་་རྒུན་འབྲུམ།གསེར་གྱི་མེ་ཏོག་བསྡེབ༔ མཁལ་མར་སྡིག་སྲིན་སུག་སྨེལ་དང༔ སོ་ར་ཤུག་ཚེར་ཉི་དགའ་བསྡེབ༔ མགོ་ལ་མི་ཐོད་འབྲུག་རུས་དང༔ རུ་རྟ་བོང་དཀར་ཏིག་ཏ་བསྡེབ༔ གྲེ་བར་རྒྱ་ཚྭ་རུ་རྟ་དང༔ གུ་གུལ་དཔའ་རྒོད་ཤུག་པ་དང༔ ཨ་རུ་ར་དང་གསེར་ཏིག་བསྡེབ༔ མཁྲིས་པར་གུ་གུལ་དཔའ་རྒོད་དང༔ ཤུ་དག་ཨ་རུ་སེར་ཐིག་་་བྲག་སྤོས།བསྡེབ༔ ཕོ་པའི་ཁ་འཛིན་སེ་འབྲུ་བསྡེབ༔ མཁྲིས་པའི་ཁ་འཛིན་གསེར་ཐིག་བསྡེབ༔ མཁལ་མའི་ཁ་འཛིན་བྱི་ཚེར་བ༔ ལོང་གི་ཁ་འཛིན་གསེར་མེ་ཏོག༔ ལྒང་པའི་ཁ་འཛིན་མཁལ་ཞོ་ཤ༔ དོན་སྣོད་ཁ་འཛིན་བསྡེབ་པའོ༔ ཡང་གསང་སྦས་པའི་མཛོད་ཆེན་ལྡེ་མིག༔ རྒྱ་རྒྱ་རྒྱ༔ ༈ ཁྲག་དར་ཡ་ཀན་བཞུགས༔ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བཅོམ་ལྡན་སངས་རྒྱས་སྨན་གྱི་བླས༔ ཁྲག་དང་མཁྲིས་པ་ལ་སོགས་པའི༔ ཚད་པའི་གཉེན་པོར་བྱིན་གྱིས་བརླབས༔ རྒྱུ་ནི་ཆུ་དང་རླུང་འདུས་ལས༔ ངོ་བོ་བསིལ་ལ་རོ་ཁ་བ༔ ནུས་པས་ཞི་སྦྱོང་གཉིས་ཀ་བྱེད༔ གྲོགས་ཀྱི་སྟོབས་ཀྱིས་ཚད་ནད་སེལ༔ ཁྱད་པར་མཁྲིས་པའི་ནད་རྣམས་ལ༔ བདུད་རྩི་ལྟ་བུར་ཕན་པར་བྱེད༔ འདི་འཁྲུངས་པ་ཡི་གནས་དག་ནི༔ གཡའ་རི་མཐོ་ལ་གངས་རིའི་འདབས༔ གསེར་གྱི་མདོག་ཅན་ཁྱལ་ཁྱིལ་ཅན༔་་་གཡའ་ཀྱི་མ། འདབ་མ་པདྨ་ལྟ་བུ་ལ༔ རོ་མཆོག་ཁ་ལ་ལྡང་བ་སྟེ༔ མེ་ཏོག་སེར་པོ་ཟངས་གསེར་འདྲ༔ ས་ཕྱོགས་ཀུན་ཀྱང་བསིལ་བར་བྱེད༔ བདུད་རྩི་སྟོང་འདྲེན་ཞེས་སུ་གྲགས༔ ཁྱེའུའམ་བུ་མོ་གཙང་མ་ཡིས༔ སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ནས༔ ཉ་ཡི་བར་དུ་བཏུ་བར་གསུངས༔ གནས་ཁང་གཙང་མར་གྲིབ་སྐམ་བྱ༔ ལྷ་མོ་གཡའ་ཡི་བདུད་རྩི་མ༔ ཞི་སྦྱོང་བདུད་རྩི་ཞེས་སུ་གྲགས༔ མིང་དང་ཡོན་ཏན་བསམ་མི་ཁྱབ༔ དེ་ཡི་སྦྱོར་བ་གང་བྱེད་ཀྱང༔ གཞི་མ་ཆ་ཕྱེད་སུམ་ཆའམ༔ བཞི་ཆ་ལ་སོགས་འདི་ལ་བསླང༔ ཉེས་གསུམ་ནང་ནས་བྱེད་ལས་མྱུར༔ གདུག་པ་ཆེ་ལ་བྱེད་ལས་ཚ༔ གཉིས་པོ་ཁོ་ཡི་བྲན་ཡིན་ཏེ༔ རྒྱལ་པོ་འདྲ་བ་མཁྲིས་པའི་ནད༔ དེ་ལ་རྒྱུ་རྐྱེན་དབྱེ་བ་དང༔ བརྟག་དང་བཅོས་ཐབས་བཞི་ཡིས་བསྟན༔ གླེང་གཞིའི་ལེའུའོ༔ ༈ རྒྱུ་ནི་མ་རིག་ཞེ་སྡང་ལས༔ རྐྱེན་ནི་གནོད་སྦྱིན་ཕོ་མོས་བྱས༔ ཉེས་གསུམ་འདུ་བ་གཏིང་ནས་དཀྲུགས༔ གསོ་དཀའ་མཁྲིས་པའི་ནད་རྣམས་བསྐྱེད༔ དབྱེ་བ་གཅིག་གཉིས་གསུམ་བཞི་ལྔ༔ ཀུན་རྩ་སྣོད་ཀྱི་མཁྲིས་པ་གཅིག༔ སྨིན་པ་ཀྵ་ཡ་སེར་ནག་གཉིས༔ ཁ་ལུད་གནས་འགྱུར་རྩ་རྒྱུག་གསུམ༔ འཇུ་མདངས་སྒྲུབ་མཐོང་མདོག་གསལ་ལྔ༔ ཀུན་ཀྱང་བསྡུ་ན་ཚ་གྲང་གཉིས༔ ནད་ཀྱི་རྒྱུ་རྐྱེན་དབྱེ་བའི་ལེའུའོ༔ ༈ བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་ཚ་གྲང་གཉིས་སུ་བརྟག༔ གོང་མ་མིག་ལྕེ་འཁྲུ་སྐྱུག་ལུ༔ ཆུ་ལྤགས་ཤ་མདོག་དམར་སེར་འགྲོ༔ ཁ་སྐོམ་གཉིད་ཆུང་སྐོམ་དད་ཆེ༔ པགས་པ་ཟ་ལ་དྲི་མ་མནམ༔ རྩ་གྲིམ་རུལ་སྐྱུར་དྲོད་བཅུད་གནོད༔ ནམ་གུང་ཉིན་གུང་ཞུ་དུས་ན༔ གྲང་མཁྲིས་རྩ་དམ་པགས་མདོག་སྔོ༔ མདུན་སེར་ཁོང་ལྷོད་དྲི་མ་ཆུང༔ འཇུ་དཀའ་བསིལ་གནོད་སྐོམ་དད་ཆེ༔ ལྕེ་སེར་འཇུ་དཀའ་དང་ག་འགག༔ མདངས་བསྒྱུར་ཆུ་སེར་ཕོ་བ་ལྟེམས༔ ལུས་པོ་ལྕི་ལ་ཤེད་ཉམས་ཆུང༔ སྒྲུབ་བྱེད་སྙིང་འཕྱོ་སྐོམ་དད་ཆེ༔ དང་ག་མི་བདེ་གློ་སྙིང་ཚ༔ མཐོང་བྱེད་མགོ་ན་ཆང་འཐུང་ཟེར༔ མིག་སེར་ཉེ་མཐོང་རིང་མི་གསལ༔ མདོག་གསལ་ནད་གྱུར་ལུས་དྲོད་ཆེ༔ ཤ་པགས་སྔོ་ནག་རྩུབ་ལ་ཚ༔ ཁ་ལུད་མཆིན་པའི་ཁྲག་དང་འདྲེས༔་་་མཁྲིས་ཡུལ་དུ་ནད་གཞན་ཞུགས་པ་དང་། གཞན་ཡུལ་དུ་མཁྲིས་པ་ཞུགས་པའོ། །རླུང་གིས་སྣ་དྲངས་ལུས་ལ་བྱེར༔ ལུས་ལྕི་ཁོང་ལྷོད་ཤེས་པ་བརྟུལ༔ རྔམ་རྩེག་ཟ་འཕྲུག་དང་ག་འགག༔ གནས་འགྱུར་ཟུངས་ཀྱི་མཁྲིས་པ་ལྔའི༔་་་ལོང་དང་མཁྲིས་པ་ལ་ཁྲག་ཆུ་མཁྲིས་པ་འཕེལ་བར་རྒྱུ་མར་བབས་རྩ་རྒྱུད་འཕྲ་ལ་རྒྱུ་ལོང་འཁྲོག །ཁྲག་དང་འདྲ་བའི་གནས་སུ་འབུལ་འགོང་འདྲའོ། །གནས་སུ་རླུང་ཁྲག་་་ནད་གཞན་བབས་པ།མ་ཞུ་བའི༔ རྐྱེན་གྱིས་ཞུགས་པས་་་ལོང་དང་མཆིན་པ་ཁྲག་ཆུ་མཁྲིས་པ་འཕེལ་བ།གཞན་དུ་འགྱུར༔ རྟགས་ནི་གོང་དུ་བསྟན་པས་ཤེས༔ རྩ་རྒྱུག་རིམས་ནད་མཁྲིས་པར་བབས༔ རླུང་གིས་ཁ་བསྒྱུར་རྩ་རུ་འཁྲིད༔ ཀུན་གྱི་རྟགས་ལྡན་སྟོབས་ཆེན་ནད༔ ཤ་སེར་མིག་སེར་རྩ་རྒྱུག་ཡིན༔ མཁྲིས་པ་དེ་རྣམས་གང་ཡིན་ཀྱང༔ ཡུན་རིང་སྨིན་རྒྱས་ལུས་ལ་འཛིན༔ ཀྵ་ཡ་སེར་ནག་གཉིས་སུ་འགྱུར༔ སེར་པོ་ཟུངས་མཁྲིས་ཤེད་ཉམས་ཆུང༔ མེ་ཉི་གནོད་ཅིང་སྒྱིད་པ་སྐྱུར༔ དགོང་ཀ་བསིལ་དུས་བདེ་བར་མངོན༔ དབང་པོའི་མདངས་འགྲིབ་ཡུལ་ལོག་འཛིན༔ ཀྵ་ཡ་ནག་པོ་ཟ་འཕྲུག་བྱེད༔ མདོག་ནག་སེན་མོར་ནག་ཐིག་ཆགས༔ རྨ་ཤུལ་ཆུ་སེར་གཏར་ག་ཡི༔ ཁ་དོག་མར་ནག་སོལ་ཁུ་འདྲ༔ མིག་སྤུ་འབྱི་ཞིང་རྩ་ཚད་ཆུང༔ འཆི་བདག་ཁར་སླེབས་ཚོགས་གསོག་བསྐུལ༔ མཚན་ཉིད་ཤེས་པས་སྤང་བར་བྱ༔ བརྟག་པའི་ལེའུའོ༔ ༈ བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས༔ དང་པོ་ཟས་སྤྱོད་སྨན་དཔྱད་བཞི༔ ཁ་ཟས་ཤ་དགོ་བ་གླང་གི༔ ཤ་གསར་ཆབ་ཚ་ཆུ་གྲང་བཏུང༔ བ་རའི་འོ་མ་ཞོ་དང་མར༔ སྐྱབ་དང་འཁུར་ཚོད་འབྲུ་རྙིང་ཟན༔ ཆག་ཙེ་ཕྱེ་ཐུག་བསྟེན་པར་བྱ༔ བསིལ་ལ་ཡང་བའི་ཟས་ཀྱིས་བཅོས༔ གཡག་ལུག་ཤ་རྙིང་ཟོ་ཤེ་ཚ༔ སྒོག་བཙོང་མར་རྙིང་འབྲུ་མར་ཆང༔ ལྕི་ལ་དྲོ་སྣུམ་སྤང་བར་བྱ༔ ཟས་ཀྱིས་བཅོས་པའི་ལེའུའོ༔ ༈ སྤྱོད་ལམ་སེར་བུ་བསིལ་གྲིབ་དང༔ ཆུ་འགྲམ་ནེའུ་གསེང་བསིལ་བའི་སར༔ མི་འཁྲུག་དལ་བར་བག་རེ་བཅག༔ མེ་ཉི་ལུད་སྟེང་ཞེ་སྡང་སྤང༔ སྤྱོད་པས་བཅོས་པའི་ལེའུའོ༔ ༈ སྨན་ནི་ལྷ་མོ་་་གཡའ་ཀྱི་མ།བཞི་ཆ་ཙམ༔ སྤང་རྩི་ཧོང་ལེན་ཕུག་རོན་་་རེ་རྐོན་པ།རྐང༔ ཏིག་ཏ་ཀྱི་ལྕེ་སུམ་ཅུ་ཏིག༔ པར་པ་སྲོ་ལོ་སེ་རྒོད་སྐྱེར༔ བསྡུས་ཁུ་གྲང་མོ་གུང་གཉིས་བཏང༔ ཡང་ན་གྲང་ཐང་ཁོ་ན་ཤིས༔ ཏིག་ཏ་དུག་ཉུང་པ་ཏོ་ལ༔ དོམ་མཁྲིས་ཐང་ཕྱེ་གང་འཕྲོད་སྦྱར༔ ཕྱེ་མ་བསིལ་གསུམ་་་ཅུ་གང་གུར་གུམ་ལི་ཤི།བོང་ང་དཀར༔ རུ་རྟ་བ་ལེ་བ་ཤ་ཀ༔ ཀ་རས་ཁ་བརླན་གངས་ཆུའམ༔ གོང་གི་ཐང་གིས་དབུལ་བར་བྱ༔ ཚད་སྟོབས་སྦྱར་ལ་རིག་པས་བཅད༔ སྨན་གྱིས་བཅོས་པའི་ལེའུའོ༔ ༈ དཔྱད་དུ་རུ་ཐུང་གཤའ་རིང་གཏར༔ གང་རྒྱས་རྩ་ལ་གཏར་ག་གདབ༔ རྔུལ་དབྱུང་ཆུ་ཡི་འཁོར་ལོ་བསྐོར༔ བཤལ་དང་སྐྱུག་གཉིས་གང་འཇུག་བྱ༔ དཔྱད་ཀྱིས་བཅོས་པའི་ལེའུའོ༔ ༈ བྱེ་བྲག་བཅོས་ཐབས་ཚ་གྲང་གཉིས༔ ཁ་ལུད་གནས་འགྱུར་རྩ་རྒྱུག་གསུམ༔ འཇུ་བྱེད་ལ་སོགས་མཁྲིས་པ་ལྔ༔ ཀུན་ཀྱང་ཡུན་ལོན་རྙིང་པ་ཡིས༔ ཀྵ་ཡ་དཀར་ནག་གཉིས་སུ་འགྱུར༔ དེ་རྣམས་ལུགས་འབྱུང་མཁྲིས་པའི་ནད༔ ལུགས་ལྡོག་མཁྲིས་པ་རྩ་རྒྱུག་ནི༔ མཁྲིས་པ་མེ་ཡི་རྟ་ཕོ་ལ༔ དྲག་པོ་གཉན་གྱི་མི་ཕོ་ཞོན༔ མགྱོགས་པ་རླུང་གི་ལྕག་གིས་བསྐུལ༔ བད་ཀན་དམག་དཔུང་འཁོར་གྱིས་བསྐོར༔ གདུགས་དང་འཁོར་ལོའི་བར་དག་ཏུ༔ ཐོགས་པ་མེད་པར་ཀུན་ལ་རྒྱུག༔ ཤ་སེར་མིག་སེར་མཁྲིས་པའི་རིམས༔ ལ་ལ་རྟགས་མེད་ཐོག་བབས་སུ༔ སྣོད་ལ་ལྷུང་ངམ་དོན་ལ་བབས༔ འཇིགས་པའི་འཕྲང་ལ་འགེགས་པའང་སྲིད༔ ཞག།་་་ལྔ་དྲུག་བདུན་དགུས་གཤིན་རྗེ་ཡི༔ གནས་སུ་ཐོགས་པ་མེད་པར་འཁྲིད༔ འདི་ནི་རྩྭ་ལ་མེ་མཆེད་བཞིན༔ འགོས་སླ་འཆི་སྐྱེན་གསོ་བ་དཀའ༔ གང་བབས་ས་རུ་མི་ཐོག་གཅོད༔ ཐེམ་པ་བྲང་ནས་ཨོག་ཐོན་བྱེད༔ རྒྱ་ནད་ཐོག་བབས་བྱ་བ་ཡིན༔ འདི་ནི་སྟོབས་ཆེན་ནད་ཡིན་པས༔ གསོ་ཐབས་དཔག་ཏུ་མེད་མོད་ཀྱང༔ དྲང་སྲོང་རྣམས་ཀྱི་མཆོག་གྱུར་པ༔ འཚོ་མཛད་པདྨས་འདི་ལྟར་གོ༔ དང་པོ་་་སཏྭ་རེ་དྲུག་གིས།དུག་སྡོང་རྩད་ནས་གཅོད༔ དུག་སྡོང་རྩད་ནས་མི་བཅད་དུ༔ དུག་ལོ་ཕྱོགས་བཅུར་རྒྱས་ཀྱིས་དོགས༔ དེ་ནས་མེ་འབར་ཆུ་་་བསིལ་ཆེན་ལྔ།ཡིས་བསད༔ མེ་འབར་ཆུ་ཡིས་མི་བསད་དུ༔ མེ་ལྕེས་དོན་སྣོད་བསྲེགས་ཀྱིས་དོགས༔ དེ་ནས་འཇིགས་པའི་འཕྲང་ཁ་་་འཇིགས་པའི་སྒོ་བཞི།དགག༔ འཇིགས་པའི་འཕྲང་ཁ་མི་དགག་ཏུ༔ འཚོང་ཅན་རྐུན་མོ་ཞུགས་ཀྱིས་དོགས༔ དེ་ནས་་་རྣོན་པོ་ལྔ་ཡིས།ནད་རོ་ཕྱིར་ལ་དབྱུང༔ ནད་རོ་ཕྱི་ལ་མི་དབྱུང་དུ༔ ངན་སྐྱུག་རྒྱ་མཚོར་འཁྱིལ་གྱིས་དོགས༔ དེ་ནས་སོ་པ་་་བང་ཆེན་གསུམ།ཁྱིམ་དུ་བཏང༔ སོ་པ་ཁྱིམ་དུ་མི་བཏང་དུ༔ སྲིད་ལོག་ཁུ་ཡིས་བཏབ་ཀྱིས་དོགས༔ དེ་ནས་་་བོན་པོ་དྲུག་གིས།ལྟས་ངན་གཡང་དུ་དགུག༔ ལྟས་ངན་གཡང་དུ་མི་དགུག་ཏུ༔ དུག་ལ་སྨན་དུ་བསྒྱུར་བ་ཡིན༔ འདི་དྲུག་མཁའ་འགྲོའི་སྙིང་ཁྲག་ཡིན༔ ཡང་གསང་སྤས་པའི་གསང་མཛོད་ཡིན༔ ཁ་སྒོར་མ་ཕྱུངས་སྙིང་སྒོར་སྡོམས༔ རིམས་མཁྲིས་རྩ་རྒྱུག་བཅོས་པའི་ལེའུའོ༔ ༈ དེ་ནས་མཁྲིས་ཚད་བཅོས་པ་ལ༔ ཐང་དང་ཕྱེ་མ་གཏར་དང་འདྲེས༔ ཐང་ནི་ལྷ་མོ་་་ཆུང་བར་བྱ།སླེ་ཏྲེས་ཏིག༔ དུག་ཉུང་གསེར་མེ་ཀྱི་ལྕེ་བ༔ བོང་དཀར་བསྡུས་ཐང་གྲང་བའམ༔ ཡང་ན་གྲང་ཐང་ཁོ་ནའོ༔ མཁྲིས་རིམས་ལྷ་མོ་ལི་ག་དུར༔ རུ་རྟ་པར་པ་ཏ་ཡི་ཐང༔ སྟོད་དུ་་་གློ་སྙིང་ལ།མཁྲིས་པ་ལུད་པ་ལ༔ ལྷ་མོ་བ་ཤ་བ་ལེ་ཀ༔ སླེ་ཏྲེས་སྐྱུ་རུ་ར་ཡི་ཐང༔ ཕྱེ་མ་ལྷ་མོ་ཨུཏྤལ་སྔོ༔ ཏིག་ཏ་གསེར་གྱི་མེ་ཏོག་དང༔ བྲག་ཞུན་མཁྲིས་སྣ་ཚོགས་ཚད་དང༔ ཀ་ར་དྲུག་འགྱུར་གངས་ཆུས་དབུལ༔ དུག་ནད་མཁྲིས་སྟེང་བབས་པ་ལ༔ གི་ཝང་ལྡུམ་བུ་ཨ་རུ་ར༔ སྟག་ཤ་འོམ་བུ་བོང་ང་དཀར༔ ཀ་ར་དྲུག་འགྱུར་སྦྱར་ལ་བཏང༔ སྔོ་སྦྱོར་རྣམས་ནི་ཐང་དུ་ཤིས༔ གཏར་ག་རུ་ཐུང་གཤའ་རིང་དང༔ སྣོད་ཁ་ལ་སོགས་གང་རྒྱས་གཏར༔ བཤལ་གྱི་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་ལྷ་མོ་པ་ཏོ་ལ༔ བྲག་ཞུན་ནིམ་པ་ཨ་རུ་ར༔ ཏིག་ཏ་རྒུན་འབྲུམ་ལྕུམ་རྩ་སྐྱེར༔ རི་ཤོ་ཤིང་མངར་ཀ་ར་སྦྱར༔ གསེར་གྱི་མེ་ཏོག་བ་ཆུ་ལ༔ སྦངས་པའི་ཁུ་བས་ཕྱེ་མ་དབུལ༔ དེ་ཡིས་མཁྲིས་པ་ཕོ་བར་བསྡུས༔ རྟགས་ནི་མིག་ཆུ་བཞིན་མདོག་དཀར༔ ཁ་སྐོམ་དང་ག་འགག་པ་ཡིན༔ དངོས་གཞི་ལྷ་མོ་དུར་བྱིད་དང༔ མཆུ་སྨྱུང་་་ཨ་རུ་ར།དན་ད་གསུམ་མམ་ལྔ༔་་་ཐམས་ཅད་མཛུབ་ཚིགས་ཙམ་དུག་ཕྱུང་། དང་ཁྲ་་་དུར་བྱིད་ཕྱེད་ཙམ་རེ།ལྕུམ་རྩ་ཆུ་མ་རྩི༔ ཁྲོན་བུ་ཚ་ལ་གསེར་མེ་ཏོག༔ རྒྱ་ཚྭ་དྲི་ཆུར་སྦྱར་བས་སྦྱང༔ སྐྱུག་ན་ལྡོག་པའི་འཁོར་ལོ་བྱ༔ བ་ཆུའམ་གངས་ཆུ་མཆུ་སྙུག་གིས།་་་གཉིས་གསུམ་འཁྲུས་ན་ལྕག་གིས་བསྐུལ༔ རྗེས་ནི་བསིལ་འཇམ་ཡང་བས་་་བ་ཤ་མར་གསར་འབྲས་ཚོད།བཅད༔ མཁྲིས་གླང་ཕོ་བར་བབས་པ་དང༔ རིམས་འཁྲུགས་དུག་གི་རྗེས་གཅོད་དང༔ སྣོད་དུ་མཁྲིས་ཚད་ལུད་པ་དང༔ ཁྲག་ཚད་འདོན་པའི་སྨན་མཆོག་ཡིན༔ མཁྲིས་པ་སྣོད་ལྷུང་ཕོ་ཁར་གཟེར༔ མཆིན་དྲིའི་ཁུད་དུ་འདྲིལ་བ་དང༔ སྟོད་དུ་་་གློ་སྙིང་།མཁྲིས་པ་ལུད་པ་ལ༔ ཡར་འདྲེན་ལྷ་མོ་་་ཕྱེད་ཆ་བཏང་བར་བྱ།རྒྱམ་ཚྭ་དེ༔་་་ར་ཡི་རིལ་མ་ཙམ། ཆུ་ཕུལ་གང་བཏབ་བག་ཙམ་བསྡུས༔ བཏང་ནས་་་ཕུག་རོན་སྒྲོས་བྱབ་པར་བྱ།ཅུང་ཞིག་ལོན་ནས་སྐྱུགས༔ ནད་ཚབ་ཆེ་ན་ཡང་ཡང་བསྐྱར༔ སྟོང་འདྲེན་ཞེས་བྱ་་་མཁྲིས་པ་སྟོད་དུ་ལུད་པ་ལ།བདུད་རྩི་ཡིན༔ ཚ་མཁྲིས་བཅོས་པའི་ལེའུའོ༔ ༈ གྲང་མཁྲིས་ལྷ་མོ་དར་ཡ་ཀན༔ ཕག་རིལ་་་དུ་བ་མ་ཤོར་བར།བསྲེགས་པའི་ཐལ་བ་དང༔ སེ་འབྲུ་སྟར་བུ་སྐྱུ་རུ་ར༔ ཤིང་ཚ་ནིམ་པ་གསེར་མེ་ཏོག༔ བུར་དཀར་སྦྱར་བ་ཆུ་སྐོལ་དབུལ༔ མ་སེལ་བའམ་མ་ཞུ་ན༔ ལྷ་མོ་་་ཕྱེད་གཏོང་།གསེར་ཕུད་རི་ཤོ་བ༔ རྒྱམ་ཚྭ་དུར་བྱིད་པི་པི་ལིང༔ བ་ཆུར་བསྐོལ་བའི་ཐང་གིས་དྲང༔ དེས་ཀྱང་སྐྱེད་མེད་ཐང་བཤལ་བྱ༔་་་གོང་གི་བཤལ་སྨན་གྱིས། རྗེས་ལ་ཟས་སྤྱོད་དྲོད་ཀྱིས་བཅོས༔ མ་ཞུ་མིག་སེར་སེ་འབྲུའི་སྦྱོར་བ་བྱ༔ མཁྲིས་པ་པགས་བྱེར་ཟ་འཕྲུག་ལ༔ ལྷ་མོ་རའི།་་་ཟོ་མར་སྒ་སྐྱ་ཚྭ་མར་་་རྒྱ་ཚྭ་ཟེར།བྱུག༔ མེ་ཉིས་བདུག་ཅིང་བྲང་སོས་བྲད༔ ཟ་འཕྲུག་སེལ་བྱེད་བདུད་རྩི་ཡིན༔ གྲང་མཁྲིས་བཅོས་པའི་ལེའུའོ༔ ༈ ལུས་ཟུངས་མཁྲིས་པ་རྣམ་པ་ལྔ༔ འཕེལ་ཟད་མ་སྙོམས་གཞན་རྐྱེན་གྱིས༔ གནས་འགྱུར་བཅོས་པའི་ཐབས་བསྟན་པ༔ འཇུ་བྱེད་ནད་སོགས་ཕོ་མཆིན་རྫིངས༔ རྒྱམ་ཚྭ་བཞི་པའི་ཐང་བཏང་ལ༔ ལྷ་མོ་གསེར་ཕུད་སྐྱུག་གིས་དྲང༔ མདངས་སྒྱུར་ནད་སོགས་གནས་བརྒྱད་སེར༔ ལྷ་མོ་དུར་བྱིད་ལྕུམ་རྩ་ཡིས༔ བཤལ་བཏང་སེ་འབྲུ་བརྒྱད་པ་སྦྱར༔ སྒྲུབ་བྱེད་ནད་སོང་བརྗེད་ངས་ཆེ༔ དྲན་པ་མི་གསལ་ཤེས་པ་རྨོངས༔ གུར་གུམ་བདུན་དང་་་ལྷ་མོ་དང་།མཁྲིས་སྣ་ཡིས༔ ཕྱེ་མ་ཀར་སྦྱར་གངས་ཆུས་དབུལ༔ འབྲས་བུ་གསུམ་དང་ཞོ་ཤ་ཡི༔ སྨན་མར་་་བ་དམར་མོའི་འོ་མར།ཛཱ་ཏི་ཁ་བླངས་བཏང༔ མཐོང་བྱེད་ནད་སོང་མིག་་་རབ་རིབ་བམ་དམར་སེར།མི་གསལ༔ ལྷ་མོ་སྦྲུལ་ཤ་་་ལྕགས་སྦྲུལ།ཏིག་ཏ་དང༔ བ་དམར་མོ་ཡི་འོ་མ་ལ༔ སྨན་མར་ལྡེ་གུ་གང་འཕྲོད་བལྟ༔ མཚོག་གསང་དཔྲལ་རྩ་གསེར་མདུང་གཏར༔ གངས་ལས་བྱུང་བའི་བསིལ་གྱིས་བྲན༔ མཐོང་གསལ་ནད་ལ་ལྷ་མོ་དང༔ ཙན་དན་གསེར་གྱི་མེ་ཏོག་དང༔ སོ་མ་ར་ཙ་སེ་འབྲུ་གསུམ༔ ཐང་དང་ཕྱེ་མ་གང་འཕྲོད་སྦྱར༔ མཁྲིས་ནད་རྣམ་ལྔ་བཅོས་པའི་ལེའུའོ༔ ༈ ཁ་ལུད་གནས་འགྱུར་རྩ་རྒྱུག་གསུམ༔ བཅོས་ཐབས་ཁ་ལུད་ཁ་བསྡམ་དང༔ གནས་འགྱུར་གནས་སུ་གཞུག་པ་དང༔ རྩ་རྒྱུག་མཁྲིས་པའི་འཕྲང་ཁ་དགག༔ དཔུང་བཞི་གཅིག་ཏུ་དྲིལ་ལ་བཅོས༔ མཁྲིས་པ་གསུམ་བཅོས་པའི་ལེའུའོ༔ ༈ ཀྵ་ཡ་སེར་ནག་རྣམ་པ་གཉིས༔ ཚ་མཁྲིས་གྲང་མཁྲིས་བཅོས་ཐབས་གཅིག༔ ཡུན་ལོན་རྙིང་པས་ལུས་ལ་ཞེན༔ ལུང་ཟུངས་དྲི་མར་བཅས་པ་བསྲེགས༔ བཅོས་དང་འཚོ་དཀའ་མཁས་པས་སྤང༔ ཀྵ་ཡ་བཅོས་པའི་ལེའུའོ༔ ༈ ཀུན་ཀྱང་མཁྲིས་ནད་བརྒྱ་རྩ་གཅིག༔ བསྡུས་པས་བཅུ་དང་རྐྱང་པ་བདུན༔ བཅོས་ཐབས་སུམ་བརྒྱ་དྲུག་ཅུ་ཡང༔ བསྡུ་ན་ཟས་སྤྱོད་སྨན་དཔྱད་བཞི༔ དཔུང་བཞིའི་སྦྱོར་བ་གཅིག་ཏུ་དྲིལ༔ ཡིན་མིན་འཕྲུལ་ཤེས་མན་ངག་ཡིན༔ ངན་པ་མུ་ཅོར་སྨྲ་བ་དང༔ གཞན་ལ་ཅི་ངན་བྱེད་པ་དང༔ སྙིང་རྗེ་དམ་ཚིག་མེད་པ་ལ༔ ནོར་ཕྱིར་ནམ་ཡང་མི་གཏང་ངོ༔ ཁ་སྒོར་ཆུགས་ལ་སྙིང་སྒོར་སྡོམས༔ སློབ་དཔོན་བླ་མར་འཛིན་པ་དང༔ གདམས་ངག་བདུད་རྩིར་མཐོང་བ་དང༔ ནོར་རྫས་ཕངས་མེད་འབུལ་བ་དང༔ སེམས་ཅན་དོན་བྱེད་དེ་ལ་བྱིན༔ ལྷ་མོའམ་ཁྲག་དར་ཡ་ཀན་ཞེས་བྱ་བ༔ བུམ་པ་འདེགས་པའི་གྱད་ྀཨཚ༔ ༈ ཁྲག་དར་ཡ་ཀན་གྱི་ལྡེ་མིག་བཞུགས༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ རྒྱ་ནད་མིག་སེར་ཞེས་བྱ་བ༔ སྟོབས་ཆེན་དྲག་པོའི་རིམས་ནད་དེ༔ མཁྲིས་ཡུལ་དཔའ་བོ་གཉན་གྱིས་འཕྲོག༔ ཁ་ལུད་གནས་འགྱུར་རྩ་ལ་ཞོན༔ མཁྲིས་པ་ཁྲོས་པས་ལུས་ཟུངས་སྲེག༔ ཕྱི་སེར་ནང་ཟུག་བར་དུ་འཁྱུག༔ ན་ལོང་མེད་པར་སྲོག་ལ་འཁྱུད༔ འདི་ལ་སོས་དལ་སློད་ལོང་མེད༔ དུག་སྡོང་བཅད་ལ་མེ་དཔུང་བསད༔ འཇིགས་པ་བསྲུངས་ལ་ངན་སྐྱུག་དབོ༔ སོ་པ་བཀྱེ་ལ་གཡང་དུ་འགུག༔ འདི་དྲུག་ཤེས་ན་མཁས་པ་ཡིན༔ སཏྭ་རེ་དྲུག་་་དངུལ་ཆུ་བོང་ང་ཨ་རུ་ར་གླ་བ་གུ་གུལ་མུ་ཟི་རྣམས་ཀྱི་རིལ་བུ་བྱའོ།གིས་་་སྟག་ཤ་ཆང་ལ་བཏབ་ལ་དབུལ།དུག་སྡོང་རྩད་ནས་བཅད༔ བསིལ་ཆེན་དྲུག་་་གུ་གུལ་གཡའ་ཀྱི་མོ་དུག་ཉུང་པར་པ་ཏ་བྲག་ཞུན་ཏིག་ཏ་གསེར་མེ་ཏོག་ཐང་ངམ་ཕྱེ་མ་གངས་ཆུས་དབུལ།གིས་ཚད་པ་གཏིང་ནས་གཞིལ༔ དཔའ་བོ་དྲུག་་་བཟང་པོ་དྲུག།གིས་འཇིགས་པའི་འཕྲང་ཁ་བསྲུང༔ རྐང་མགྱོགས་དྲུག་་་ཐར་ནུ་དུར་བྱིད་རེ་ལྕག་སྔོན་བུ་འགྲོན་བུ་ཤྲཱི་ཁཎྜའོ།གིས་ངན་སྐྱུག་ཐམས་ཅད་དབོ༔ སོ་པ་དྲུག་་་ཤུ་དག་སྟག་ཤ་འོ་མ་ལ་བཏབ་ལ་བཏང་། སྤྲུ་ནག་སྤང་རྩི་ཆང་ལ་བཏབ་ལ་བཏང་། གླ་བ་གུ་གུལ་ཀ་ར་བཏབ་ལ་བཏང་།གིས་གྲོས་ཐག་རྩད་ནས་བཅད༔ བོན་པོ་དྲུག་་་ཏིག་ཏ་དུག་ཉུང་གསེར་མེ་འབྲས་བུ་གསུམ། ཏིག་ཏ་དྲུག་པའི་སྨན་མར་འདིས་ནད་ལྷག་ཟུངས་སུ་བསྒྱུར་བ་བྱ།གིས་ལྟས་ངན་གཡང་དུ་དགུག༔ འདི་དྲུག་མཁའ་འགྲོའི་སྙིང་ཁྲག་དྲུག༔ ཤིན་ཏུ་གཅེས་པའི་ཡང་སྙིང་ཡིན༔ ཁ་སྒོར་མ་ཕྱུངས་སྙིང་སྒོར་སྡོམས༔ ངོམ་གྱིན་ངོམ་གྱིན་སོངས་ལ་སྤྱོད༔ ཕོ་ཁྱད་འདོན་ན་དགོས་པ་ཡིན༔ སྲོག་འཛིན་རྡོ་རྗེའི་ལྕགས་ཀྱུ་ཡིན༔ མི་སྲོག་འཛིན་པ་རྡོ་རྗེའི་ཞགས་པ་ཡིན༔ ལྷ་མོའི་སྙིང་ཁྲག་འབྱེད་པའི་ལྡེ་མིག་ཡིན༔ ྀཨཚ༔ ༈ གནམ་ལྕགས་གྱད་ཀྱི་རལ་བསྐོར་བཞུགས༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ལོག་གནོན་གྱད་ཀྱི་སྦྱོར་བ་ནི༔ རླུང་དུ་ལོག་ན་མགོ་བོ་འཁྱོམ༔ མིག་རྒོད་ཤུ་འདོན་རླུང་སྲང་ན༔ ཆུ་སྐྱ་རྩ་སྟོང་ཞུ་རྗེས་ན༔ ཨ་རུ་ཛཱ་ཏི་ཤིང་ཀུན་རྣམས༔ ཆང་ལ་བསྐོལ་བའི་ཐང་གིས་སེལ༔ མཇིང་རེངས་ལྟག་དགྱེ་རོ་སྟོད་གཟེར༔ བསྐུ་མཉེ་བྱ་ཞིང་བཅུད་ཅན་བཏང༔ ཚིགས་པ།་་་དང་པོ་དྲུག་བདུན་བསྲེག་པ་ནི༔ གནད་ཀྱི་གདམས་པ་དམ་པ་སྟེ༔ དུས་ཚོད་ཟིན་པ་ཤིན་ཏུ་གཅེས༔ མཁྲིས་པར་ལོག་ན་སྒོ་བཞི་སེར༔ བཤང་གཅི་ཚ་ཆེ་ལུས་མདོག་སེར༔ རྩ་གྲིམས་ཞུ་བའི་དུས་སུ་ན༔ ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་།་་་བཞི་པའི་ཐང་བཏང་གཏར་བཤལ་བྱ༔ ཁ་ཟས།་་ཡང་བ་བཟའ་ཤིང་སྤྱོད་ལམ།་་་བསིལ་བ་བསྟེན༔ བད་ཀན་དག་ཏུ་ལོག་པ་ན༔ ཕོ་མཆིན་ན་ཞིང་རོ་སྟོད་རྒྱངས༔ མིག་འགྲིབ་འཇུ་དཀའ་རྩ་ཆུ་འཛག༔ ཆུ་སྐྱ་རྩ་བྱིང་ཟོས་རྗེས་ན༔ སྐྱུ་རུ་ར་དང་བ་ཤ་ཀ༔ སྲད་མའི་མེ་ཏོག་རི་ཤོ་བ༔ སྟར་བུ་ལ་སོགས་བསྐོལ་བའི་ཐང༔ སུམ་ཡར་དག་ཏུ་བཏང་བར་བྱ༔ ཟས།་་གསར་བཅུད་བཟའ་ཞིང་དྲོད་བཅུད་བསྟེན༔ གྲང་བར་ལོག་ན་མཁལ་མ་སྐྲང༔ མཁལ་མ་ན་ཞིང་ཕོ་བ་འཁྲོག༔ ཆུ་དཀར་རྩ་ནི་དལ་ཞིང་ན༔ རྒྱམ་ཚྭ་སུག་སྨེལ་པི་པི་ལིང༔ ཐང་དང་ལྡེ་གུ་་་སྦྲང་དང་བུ་རམ།ཅི་རིགས་བྱ༔ མཁན་པ་རུས་རྙིང་མཚེ་དུགས་བྱ༔ ཁྲག་ཏུ་ལོག་ན་རོ་སྟོད་གཟེར༔ ལུས་པོ་ལྕི་ལ་རྐང་ལག་འཁྱུག༔ ཆུ་དམར་རྩ་ནི་འབུར་ལ་འགྲེལ༔ ཏིག་ཏ་ཧོང་ལེན་བ་ཤ་ཀ༔ སྤང་རྩི་མཛེ་ཚྭ་བསྐོལ་ལ་བཏང༔ སྲིན་བུར་ལོག་ན་གླང་ཐབས་ན༔ ཕོ་ཁར་གཟེར་ཞིང་འཁྲུ་སྐྱུག་འོང༔ སྲིན་བུ་དམར་ལེབ་བྱི་ཏང་ཀ༔ གླ་བ་ཤིང་ཀུན་བསྐོལ་བ་བཏང༔ འདུས་པར་ལོག་ན་འདི་ན་མེད༔ ལུས་ལྕེ་ཁ་སྐམ་ཟས་མི་ཞིམ༔ རྔུལ་འོང་གཉིད་ཆེ་མཚུལ་པ་འགགས༔ འབྲས་གསུམ་གྭ་དོར་ཤུག་འབྲས་དང༔ བསེ་རུ་རྒྱ་རུ་ཨུཏྤལ་སྔོ༔ བསྐོལ་བའི་ཐང་ནི་སུམ་ཡར་བཏང༔ ཁ་ཟས་བསིལ་དྲོད་སྐབས་དང་སྦྱར༔ སྤྱོད་ལམ་འདུ་བ་རང་སར་བཞག༔ དང་པོ་གང་སྡོངས་ནད་དེར་ལྡོག༔ དེས་ན་ཕྱིས་ཀྱང་གཞི་མ་བཅོས༔ མདོར་ན་དང་པོ་གཉན་དང་དབྲལ༔་་་འདི་རྣམས་གཞུང་ནས་བཤད་པ་བཞིན་བྱ། བར་དུ་ཡན་ལག་སྡོང་ཟླ་བསད༔ ཐ་མ་དོན་སྣོད་ཁ་འཛིན་བསྡེབ༔ མཇུག་ཏུ་ལོག་ན་གཉེན་པོ་བསྐྱར༔ རྒྱུན་དུ་དགེ་བའི་ལས་ལ་འབད༔ ཁྲག་འཐུང་རྒྱལ་པོ་པདྨ་ངས༔ སུམ་སྟོང་ལོན་ནས་བོད་དུ་འོངས༔ བརྒྱ་དང་བཅུ་གཉིས་བོད་དུ་བསྡད༔ ད་ཡང་འདི་རུ་མི་སྡོད་པས༔ སྲོག་སྟེར་འཆི་མེད་གྲུབ་པ་འདི༔ ཆིག་ཆོད་མཚན་མའི་ངང་ཉིད་དུ༔ ལས་ཀྱི་ཕྱག་རྒྱ་ཡུམ་ལ་གཏད༔ དྲེགས་པ་ཟིལ་གནོན་ཐུགས་ཀར་་་པྲ་ཁྲིད་བསྡུས་པའི་མན་ངག་དམག་དཔོན་དགེ་བསྙེན་ཡང་ལེ་བེར་གྱི་ཐུགས་ཀར།སྦས༔ བཀའ་སྲུང་རྒྱལ་པོ་བཞི་ལ་བཅོལ༔ བཀའ་ཟབ་གསང་གཏེར་རྒྱ་ཡིས་བཏབ༔་་་དུས་ཀྱི་ཐ་མ་ལ་རིམ་གྱིས་མིང་དང་དཀར་ཆག་ཀུན་ཡི་གེར་བཀོད་པ་ཀུན་ལ་རྣ་བར་བཅུག །ཕྱི་མའི་དུས་བབས་རིམས་དར་ཚེ༔ གཉེན་པོ་འདི་ཡིས་འཇོམས་པར་ཤོག༔ མཚན་ལམ་དུ་བྱུང་བའི་མན་ངག༔ འཆི་མེད་གྲུབ་པ་ཞེས་བྱ་བ་ཁྱད་པར་འཕགས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནམ་མཁའི་མེ་ཏོག་བས་དཀོན་ནོ༔ འདི་ལས་ཟབ་པ་ཡོད་ན་ཙིཏྟ་ཨེ་ཐུང༔ སྙིང་ལ་ཆོངས༔ ཉམས་སུ་ལོངས༔ གཏེར་དུ་སྦོས༔ རྒྱ་ཡིས་ཐོབ༔ འགྲོ་དོན་གྱིས༔ གནམ་ལྕགས་གྱད་ཀྱི་རལ་བསྐོར་ཞེས་བྱ་བ་གཅེས་པའི་ཤོག་དྲིལ་ྀཨཚ༔་་་གསང་མཛོད་སྦས་པའི་མཛོད་ཆེན་ཁྱད་པར་གནད་ཀྱི་གདམས་པ་ཡིན། ༈ བདུད་རྩི་རིལ་བུའི་ཕྲེང་བ་བཞུགས༔ ཀྱེ་ཧོ༔ རྣམ་དག་སྐུ་མངའ་བཻ་ཌཱུརྱ༔ གཟུགས་བཟང་གསེར་གྱི་ལྷུན་པོ་འདྲ༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ཧ་ལ་ཅོག་འགྱེལ་ཞེས་བྱ་བ༔ ཤིན་ཏུ་མ་རུངས་འཇིགས་པའི་ནད༔ འཛུམ་བཅས་ལྟག་དགྱེད་སོ་གཙིགས་ནས༔ ན་ལོང་མེད་པར་དབུགས་དང་ཕྲལ༔ གློ་བུར་ནད་ཀྱིས་སྲོག་བཅད་ནས༔ གདོན་ཆེན་འབྱུང་པོ་འཆུས་ཞེས་ཟེར༔ སྲོག་གཅོད་མཁྲིས་ཚད་གཉན་གྱི་རིགས༔ རླུང་གི་རྟ་ཞོན་སྲོག་རྩར་རྒྱུག༔ དོན་སྣོད་ཀླད་མཁྲིས་གཉན་སར་བབས༔ དེ་ནས་སྤང་ལ་མེ་མཆེད་འདྲ༔ འགོས་སླ་འཆི་སྐྱེན་གསོ་བ་དཀའ༔ གང་བྱུང་ས་རུ་མི་ཐོགས་གཅོད༔ འཛམ་བུ་གླིང་པའི་བཞི་གསུམ་འཇོམས༔ ཐོས་པ་ཙམ་གྱིས་འཇིགས་སྐྲག་སྔངས༔ དྲན་པ་ཙམ་གྱིས་འདར་ཞིང་དཀྲུག༔ སྐྱི་ཤ་འབུངས་ཤིང་མི་བཟོད་པས༔ དེ་དག་བཅོས་ཐབས་ཁྱད་པར་ཅན༔ པདྨའི་མགུལ་གྱི་བུམ་པ་ནས༔ བདུད་རྩི་རིལ་བུའི་ཕྲེང་བ་བཤད༔ དེ་ལ་དྲག་པོ་ཆིག་རྒྱུག་ནི༔ སྨན་ཆེན་་་ཞིབ་པར་བཏགས་ལ།པདྨ་རཀྟས་་་གཙང་མས།སྦྲུ༔ གག་ལྷོག་འཇོམས་པའི་ཐོ་བ་ཡིན༔ ལོག་གནོན་བཏང་ཐབས་བྱ་ཁྱུང་བཞིན༔ ཐབས་ཤེས་ཟུང་འཇུག་སྦྱོར་བ་ནི༔ སྨན་ཆེན་ཆ་གཅིག་གསེར་མདོག་བརྒྱད༔ ཡོན་ཏན་རྒྱས་པའི་ཆུ་ཡིས་སྦྲུ༔ རིལ་བུ་སྲན་ཆུང་ཚད་ཙམ་བྱ༔ ལྕེ་ལ་པདྨ་འདབ་བཞི་ལ༔ ཡི་གེ་བཞི་ཡིས་རིམ་པས་བརྒྱན༔ སྤྱི་གཙུག་ཨོཾ་ལས་འོད་འཕྲོས་པས༔ རང་བཞིན་བདུད་རྩིས་ཁེངས་པར་བསམ༔ བརྒྱའམ་སྟོང་བཏབ་དགོས་དུས་སྤྱད༔ གདོན་རིམས་དུག་དང་གསུམ་ལ་བསྔགས༔ ཁྱད་པར་གྲང་རླུང་ནད་ལ་བསྔགས༔ ས་བདག་ནད་ལ་མཆོག་ཏུ་ཤིས༔ རྒྱུ་དང་མི་རྒྱུའི་དུག་ལ་ཕན༔ གདོན་རིགས་བཅོ་བརྒྱད་ལས་ཀྱང་སྲུང༔ ཞག་གཅིག་ཟོས་ན་ཟླ་གཅིག་ཐུབ༔ ཟླ་གཅིག་ཟོས་ན་ལོ་གཅིག་ཐུབ༔ རྒྱུན་དུ་བསྟེན་ན་ཤིན་ཏུ་བསྔགས༔ རྣོ་གསུམ་མཚོན་ཆ་བརྡར་བ་ནི༔ སྨན་ཆེན་ཆ་གཅིག་གླ་རྩི་གསུམ༔ སྨན་མཆོག་བདུན་འགྱུར་བུ་རམ་སྦྱར༔ རིལ་བུ་བྲ་བའི་རིལ་མ་ཙམ༔ ལུས་ཟུངས་ནད་སྟོབས་སྦྱར་ལ་བཏང༔ རྣོ་གསུམ་སྔགས་ཀྱིས་མཚོན་ཆ་བརྡར༔ གཉན་དང་བྱིན་ལྷོག་ལ་སོགས་པའི༔ གློ་བུར་སྟོབས་ཅན་ཀུན་ལ་བསྔགས༔ སངས་རྒྱས་སྨན་གྱི་བླ༔ སེམས་ཅན་སྐྱོབ་པའི་མགོན༔ འོད་ཀྱི་རྒྱལ་པོ་ལ༔ གུས་པས་ཕྱག་འཚལ་ལོ༔ ལྔ་བརྒྱ་སྙིགས་མའི་དུས༔ ཐོབ་དཀའ་མི་ལུས་ནི༔ དྲུག་ཅུ་ཁ་རལ་ལ༔ གཞུང་ནས་མ་བཤད་པའི༔ སྲོག་གཅོད་ནད་དར་ཏེ༔ བཅོས་ལོང་མེད་པ་འབྱུང༔ གནོད་སྦྱིན་རྒོད་མ་ཁ༔ བར་སྣང་གློག་མ་སྤྲིན༔ ནམ་མཁའི་སྐར་མདའ་གདོང༔ ཁོང་གསུམ་ཁྲོས་པའི་ནད༔ ནག་པོ་རྒྱུག་འགྱེལ་གྱིས༔ འཛམ་བུ་གླིང་པ་ཡི༔ སྐྱེ་འགྲོ་ཡོངས་ལ་གནོད༔ ཁྱད་པར་མགོ་ནག་མིའི༔ ལུས་སྲོག་དབུགས་ལ་རྒོལ༔ ནད་དེའི་མཚན་ཉིད་ནི༔ ཁོལ་ལམ་འཁྱུགས་པ་འབྱུང༔ ཡང་ན་རྩེ་འདར་སྐྱེ༔ མེ་དང་ཉི་མ་སྙེགས༔ ཁོལ་བུར་ཤ་འཕྲིག་ཅིང༔ རྩ་བཞི་འདར་བའོ༔ ཉིན་ཞག་ཕྲུག་གཅིག་ལ༔ རྩ་རྒྱུད་རྣམ་དགུ་འཕར༔ ཟུག་གཟེར་མི་འདྲ་བ༔ རྣམ་འགྱུར་རིགས་དགུ་སྟོན༔ ཡང་ན་གློ་སྙིང་སྤྲུགས༔ གྲེ་མཚུལ་འཚུབས་པ་འོང༔ ལ་ལའི་ཤ་མདོག་འགྱུར༔ ངན་སྐྱུག་འཛག་པ་འོང༔ ཡང་ན་དམུ་ཐོའི་ནད༔ བེམས་སེ་ན་བ་འོང༔ དེ་ལ་བཅོས་པའི་ཐབས༔ མཐུན་པའི་སྨན་བཅོས་དང༔ མི་མཐུན་དུག་བཅོས་ལས༔ འདི་ནི་གཉིས་ཀ་ཡིན༔ རྣོ་བསྡེབས་མཚོན་ཆ་ཡིས༔ དཔའ་བོ་བཞི་སྦྱོར་བསྟན༔ སྨན་ཆེན་ཨ་རུ་ར༔ གླ་བ་གི་ཝང་བཞི༔ འཇལ་བྱེད་སྲང་ལ་བཏེགས༔ མཐོ་དམན་མེད་པར་བྱས༔ ཞིབ་བཏགས་ཆང་གིས་སྦྲུ༔ རིལ་བུ་པད་ཡུངས་ཙམ༔ ལྔ་བཅུ་རྩ་ལྔ་བཏང༔ འབྲུ་བཅུད་བཟང་པོས་ཕུལ༔ ལྟོ་དྲོས་རྔུལ་ཐོན་བལྟ༔ བཞི་བརྒྱ་རྩ་བཞིའི་ནད༔ མ་ལུས་ཀུན་ལ་ཕན༔ ཁྱད་པར་གཉན་ཚད་དང༔ གྲང་རླུང་ནད་ལ་ཕན༔ སྤྱིར་དུ་མི་ཕན་པ༔ གཅིག་ཀྱང་ཡོད་མ་ཡིན༔ གཉན་ཚད་རླུང་གསུམ་ལ༔ བསིལ་བཅུད་གཉེན་པོ་བསྟེན༔ རྒྱུན་ནི་འཁོར་མོར་བཏང༔ གང་རྒྱས་ཀླད་ནས་གཞོམ༔ ཁྱད་པར་འཕགས་པའི་སྨན༔ དཔའ་བོ་བཞི་སྦྱོར་ཡིན༔ ཨེ་མ་གསང་བར་བྱའོ༔ དེ་ནས་ཁྱུང་ལྔའི་སྦྱོར་བ་ནི༔ སྙིང་་་སྨན་ཆེན།ཤ་་་ཨ་རུ་ར།རུས་པ་་་རུ་རྟ།རྩ་་་ཤུ་དག།ཁྲག་་་གླ་བ།ལ༔ དཔའ་བོ་འབྲུ་་་སྨན་ལྔ་ལ་སྔགས་ལྔ་བརྒྱ་རྩ་རེ།ལྔའི་འཕྲ་བཀོད་ལ༔ ཀླུ་ལྔ་་་གཉན་རིགས་ལྔ་དང་གཟེར་ནད་ལ་སོགས།དུག་གི་ཉེས་པ་འཇོམས༔ ཐུན་་་ཆེ་ཆུང་།ཚད་ནད་སྟོབས་ཡུན་རྐྱེན་དང༔ རྒན་གཞོན་་་ལུས་ཟུངས་བཟང་ངན་དྲུག་ཅུ་ཡན་ཆད་རྒན་བཅོ་ལྔ་མན་ཆད་གཞོན།ལང་ཚོའི་བྱེ་བྲག་གིས༔ དང་པོ་་སྙིང་ངམ་གཙོ་བོ།སྲན་མ་རབ་་་ལང་ཚོ་དར་མ་ལ།འབྲིང་་་དེ་རྣམས་འབྲིང་ལ།ཕྱེད༔་་་དེ་རྣམས་ཐ་མ་ལ། ཤ་རུས་་་སྙིང་དང་།མཉམ་གསུམ་བདུན་དུ་སྦྱར༔ ཁྲག་ནི་མཉམ་་་སྙིང་དང་།དང་ཉིས་འགྱུར་དུ༔ རྩ་གཙོ་མཉམ་དང་ཕྱེད་ཀྱི་ཆ༔ ཆུ་གསུམ་སྦྱར་ལ་ཨུ་ཆུས་དབུལ༔་་་དགེ་སློང་བྱིས་པ་བྲག་ཞུན་ཁ་དམར་ཐལ། འདི་ནི་བྱ་ཁྱུང་རིལ་བུ་སྟེ༔ བདེ་བའི་མལ་དུ་དྲོ་འཇམ་བསྐོན༔་་་རྔུལ་ཐོན་ན་དགའོ། །བསྒུལ་བསྐྱོད་མི་བསིག་སྐྱིལ་ཀྲུང་བྱ༔ ཅུང་ཞིག་ལོན་ནས་སྨན་ཟུག་འབྱུང༔་་་སྦྲིད་པ་དང་རེངས་པ་དང་སོ་འཐམ་པ་དང་མིག་གིས་མི་མཐོང་བ་དང་འདར་བ་དང་སྐྱུག་པ་དང་བླ་འཆོལ་སྨྲ་བའོ། །དེ་གསོ་སྐྱུག་ན་མནན་པར་བྱ༔་་་བ་ལ་སྔགས་དང་སྨན་ནོ། །དང་པོ་ནི། ཨོཾ་དཀྲུག་ཁ་ལེ་སྭཱ་ཧཱ༔་་་དཀྲུག་ལེ་ཧྲཱིཿསྭཱ་ཧཱ༔་་་ཟེར་བའང་འདུག །ཆུ་ལ་བཏབ་ལ་བཏང་ངོ་། །གཉིས་པ་ནི་མར་དཀར་ལ་བཏབ་ལ་བཏང་ངོ་། །གསུམ་པ་ནི་རྒྱ་ཚྭ་ཨ་རུ་ར་ལྡུམ་བུ་རེ་རལ་བྱིས་པའི་ཆུ་ལ་བཏབ་ལ་བཏང་ངོ་། །ཡོན་ཏན་དྲོད་སྐྱེད་སྲིན་ནད་འཇོམས༔ ཕོ་ལོག་སྙིང་རླུང་མཛེ་ལ་ཕན༔ སྤྱིར་དུ་གློ་བུར་ནད་ལ་བསྔགས༔ ཕྱི་ནང་གཉན་གཟེར་མ་ལུས་འཇོམས༔ རྒྱུན་དུ་བསྟེན་ན་མནའ་མཐུ་བཟློག༔ ལུས་ལ་བཅངས་ན་ནད་གདོན་ཐུབ༔ དེ་སོགས་ཡོན་ཏན་དཔག་མེད་ཀྱིས༔ རྟག་ཏུ་ཉམས་སུ་ལེན་པར་གྱིས༔ དགེ་བས་འགྲོ་ཀུན་སོས་པར་ཤོག༔ དཀར་པོ་དྲུག་གི་སྦྱོར་བ་ནི༔ ཚྭ་ཡི་རྒྱལ་པོ་་་རྒྱ་ཚྭ།ཆ་གཅིག་དང༔ ཐར་ནུ་དུར་བྱིད་རེ་ལྕག་པ༔ གངས་ཐིག་སྟག་ཤ་བཞི་བཞི་འགྱུར༔ སྐྱེས་པ་གཙང་མའི་ཐིག་ལེས་སྦྲུ༔ གཟེར་ཐུང་གག་ལྷོག་རྒྱུ་གཟེར་དང༔ གཉན་ཚད་རིམས་སུ་གཏོགས་ཚད་དང༔ གློ་བུར་ནད་རྣམས་ཐམས་ཅད་སེལ༔ བཏང་དུ་མི་རུང་དུག་དང་རྣག༔ རྨ་ཡི་རིགས་ལ་མི་ཤིས་ཙམ༔ དེ་མིན་ནད་རིགས་ཀུན་ལ་འཇུག༔ ཐུན་ཚད་རྒན་གཞོན་དར་གསུམ་མོ༔ རིལ་ཚད་ཆེ་འབྲིང་ཆུང་གསུམ་མོ༔ ཐུར་མགོ་ཆེ་འབྲིང་ཆུང་གསུམ་ཡིན༔ གྲོགས་ནི་ཚད་པའི་ནད་གཞི་ལ༔ ག་བུར་བསིལ་གསུམ་གང་འཕྲོད་སྦྱར༔ གག་ནད་བྱང་བ་རྒྱ་ཚྭ་བསྐྱེད༔ གཉན་ནད་ལྕོང་མོ་སྦལ་འགྱུར་བསྣན༔ སྲིན་ལ་དམར་ལེབ་བྱི་ཏང་ཀ༔ མདོར་ན་མང་པོ་སྨོས་ཅི་དགོས༔ ཚ་གྲང་བསིལ་དྲོད་རིག་པས་བཅོས༔ སྨན་རྩིགས་བདའ་ཕྱིར་ཆུ་ལྕག་བརྡེག༔ འདི་རྣམས་ལེགས་པར་བྱས་གྱུར་ན༔ ནད་རྣམས་ཀུན་ལས་གྲོལ་བར་འགྱུར༔ གི་ཝང་ཡན་ལག་བདུན་པ་འདིས༔ བལ་ནད་ཚ་བ་གཟེར་ཐུང་སོགས༔ རིམས་ཀྱི་ནད་རིགས་ཐམས་ཅད་ལ༔ ངོ་ཡིས་ཟིན་རུང་མ་ཟིན་རུང༔ བདུད་རྩི་འདི་ཡིས་སེལ་བར་བྱེད༔ གི་ཝང་ཤུ་དག་བོང་ང་དཀར༔་་་ལོང་པོ་དང་ཁམས་ཀྱི་དཔེ་རྒྱུན་ལ་ལར་ཤུ་དག་དང་བོང་དཀར་གྱི་ཚབ་ཏུ་ཅུ་གང་དང་གུར་གུམ་བཏང་བ་ཡང་འདུག །དུར་བྱིད་ཆུ་རྩ་གླ་རྩི་དང༔ ཨ་རུ་ར་དང་རྣམ་པ་བདུན༔ ཞིབ་བཏགས་གོང་ལྟར་་་བྲག་ཞུན་ཆུས་སྦྲུ།བཏང་ཡང་འགྲུབ༔ འདི་ཡི་ཡོན་ཏན་བརྗོད་མི་ལང༔ ནད་རྣམས་ཐམས་ཅད་སེལ་བར་བྱེད༔ ༈ དྲི་ལྡན་བརྒྱད་ཀྱི་སྦྱོར་བ་ནི༔ གླ་བ་གུ་གུལ་ཤིང་ཀུན་དང༔ སྤྲུ་ནག་སྟག་ཤ་མུ་ཟི་དང༔ མཁྲིས་ཆེན་ཤུ་དག་ཆ་མཉམ་བརྒྱད༔ མཁྲིས་དུས་རིལ་བུ་སྲན་ཆེན་ཙམ༔ བཅུ་དང་ཉི་ཤུ་སུམ་ཅུ་དང༔ ཕྱེད་ཕྱེད་ན་སོ་ནད་སྟོབས་སྦྱར༔ ཡོན་ཏན་བརྗོད་པར་མི་ནུས་ཏེ༔ ཁོང་སྨན་དགོས་པའི་ནད་རིགས་ལ༔ མ་སྨིན་སྨིན་བྱེད་ཡང་ན་བཟློག༔ སྨིན་པ་གསོད་ཅིང་བྱེར་བ་སྡུད༔ རྩ་འཕྲད་སྡོམ་ཞིང་དོན་སྣོད་སྲུང༔ ནད་རྣམས་འཇོམས་ཤིང་ཞུ་རྗེས་འཇམ༔ ཀུན་གྱི་སྔོན་འགྲོར་ཤེས་པར་བྱ༔ འདི་འདྲ་འཛམ་བུ་གླིང་ན་དཀོན༔ ༈ དགུ་སྦྱོར། སེར་པོ་དགུ་ཡི་སྦྱོར་བ་ལ༔ སྤྱི་དོན་རྣམ་པ་བརྒྱད་ཡིན་ཏེ༔ ངོས་འཛིན་ཐུན་ཚང་སྦྱར་ཐབས་དང༔ བཏང་བའི་ལུགས་དང་ཟས་སྤྱོད་དང༔ འཕྲུལ་འཁོར་ཕན་ཡོན་ལོག་གནོན་ནོ༔ དང་པོ་རྒྱལ་་་ཐར་ནུ།བློན་་་ཆུ་རྩ།བཙུན་མོ་་་ཧོང་ལེན།དང༔ ཤོག་ཤིང་་་རེ་ལྕག་དཀར་པོའི་རྩ་བ།ཁྲོ་གཉེར་་་ཤུ་དག་གཏུམ་པོའི་ཤ༔་་་བོང་ང་། མ་གི་ཏ་་་གླ་རྩི།དང་ལྗོན་པའི་བཅུད༔་་་གུ་གུལ། བསིལ་གྱི་གཙོ་བོ་གསེར་རྩི་་་གི་ཝང་།དགུ༔ ཐུན་ཚད་རྒྱལ་པོ་ཆ་གཅིག་དང༔ བཙུན་མོ་དེ་ཡི་ཉིས་འགྱུར་ཏེ༔ བློན་པོ་ལས་བྱེད་གང་ཡང་རུང༔ ཤོག་ཤིང་གཏུམ་པོ་རྒྱལ་པོའི་ཕྱེད༔ ཁྲོ་གཉེར་ཅན་ཡང་ཤོག་ཤིང་ཕྱེད༔ གླ་བ་ལྗོན་བཅུད་གསེར་རྩི་གསུམ༔ རྒྱལ་བློན་བཙུན་མོའི་ཆ་དང་མཉམ༔ སྦྱར་ཐབས་ཨེ་ཀྲོ་བར་པ་ལ༔ རྒྱ་ཚྭ་བྲག་ཞུན་བུ་རམ་སྦྲུ༔ འདམ་བཏགས་བྱས་ལ་བྱིན་གྱིས་བརླབ༔ རིལ་བུ་འཇམ་མཁྲེག་གའུར་བཅང༔ བཏང་ཐབས་ཁུ་བ་ཕྱེ་མ་དང༔ ལྡེ་གུ་རིལ་བུ་གནས་དང་ནི༔ ལུས་ཟུངས་ནད་ཀྱི་སྟོབས་ལ་དྲིས༔ དམན་ལྷག་ལོག་གསུམ་རྟགས་ལ་དབབ༔ དཀར་དམར་མངར་སྐྱུར་གནོད་པའི་ཟས༔ ལུས་ངག་དྲག་ཤུལ་སྤྱོད་ལམ་སྤང༔ མཐུན་པའི་གྲོགས་དང་དགའ་བའི་གཏམ༔ ཡིད་དུ་འོང་བའི་ཟས་སྤྱོད་སྤེལ༔ འཕྲུལ་འཁོར་ལྟ་རེག་དྲི་བ་ཡི༔ རྟགས་ལ་བརྟེན་ནས་རྗེས་སུ་དཔག༔ ལྡན་འདུས་ཉེས་པ་ཁོང་ནས་མཉམ༔ གནས་དང་ནད་གཞིའི་ཁ་འཛིན་བསྡེབ༔ ཡོན་ཏན་གྲང་རླུང་མ་གཏོགས་པའི༔ གློ་བུར་ནད་རྣམས་མ་ལུས་འཇོམས༔ ཁྱད་པར་བལ་ནད་རིམས་ཚད་དང༔ འབྲུམ་ནག་མེ་དབལ་རྩར་རྒྱུག་སེལ༔ མཆོག་ཏུ་མགོ་ནད་སྟོད་གཟེར་དང༔ གློ་ཚ་གག་ལྷོག་རྒྱུ་གཟེར་དང༔ བྱིན་ལྷོག་ཁྲག་ཚང་གླང་ཐབས་སོགས༔ ཏྲེ་ཏྲེ་ཧོ་ཡི་ནད་སེལ་ཞིང༔ ལྟོ་རུ་ལུས་ཀྱང་ཉེས་པ་མེད༔ ལྟོག་སྐོམ་མི་འབྱུང་ཤེད་མི་ཆག༔ འབྱུང་བ་མི་འཁྲུག་ནད་མི་ལྡང༔ དེ་སོགས་ཡོན་ཏན་བརྒྱད་དང་ལྡན༔ ལོག་ནོན་ལྟོར་བཙལ་སྦོས་པ་གཞིལ༔ སྐྱུག་ན་བཟློག་ལ་འབྱམས་ན་བཅད༔ སྨན་རྩིགས་བདའ་ཕྱིར་ནད་རྗེས་གཅད༔ མཁས་པའི་ཞལ་གྱི་གདམས་པ་ཡིན༔ བདུད་རྩི་རིལ་བུའི་འཕྲེང་བ་འདི༔ འོ་མ་བསྲུབས་ལས་མར་འབྱུང་བཞིན༔ རྒྱུད་སྡེ་བཞི་ཡི་བཅུད་ཕྱུང་ནས༔ གསོ་དཔྱད་ཀུན་གྱི་སྙིང་པོ་ཡིན༔ བདུད་རྩི་རིལ་བུའི་ཕྲེང་བ་འདིས༔ འགྲོ་མཆོག་རྒྱལ་པོ་མི་ལུས་ཀྱི༔ བཞི་བརྒྱ་རྩ་བཞིའི་ནད་གྲོལ་ནས༔ ཚེ་རིང་བདེ་སྐྱིད་ལྡན་པར་ཤོག༔ བདུད་རྩི་རིལ་བུའི་ཕྲེང་བ་ཞེས་བྱ་བ༔ རྗེ་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་ལ་གདམས་པ༔ ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རྣོ་གསུམ་མཚོན་ཆའི་ངར་འདོགས།་་་ཨོཾ་ཏྲི་དུ་མ་ར་དུ་སྭཱ་ཧཱ༔ ཨོཾ་ཏྲ་ཏྲི་མ་ར་དུ་སྭཱ་ཧཱ༔ ཨོཾ་ཏྲི་ཏོ་མ་ར་དུ་སྭཱ་ཧཱ༔ ཨོཾ་ཏྲི་རུ་མ་ར་དུ་སྭཱ་ཧཱ༔ ཐུམ་ཏུམ་རྦད་ཁཾ་ཁྱུར༔ ༈ དང་པོ་དྲི་ཆུ་བར་པ་ལག་མཐིལ་དུ་སྲིན་ལག་གིས་དཀྲུགས་ནས༔ སྣ་བུག་གཉིས་ཀྱི་རླུང་སྒོར་བྱུགས་ནས་ཡར་རྔུབས་ནས༔ དེ་ནས་རླུང་རོ་ཕྱིར་འབུད་དོ༔ ཁྱད་པར་འཕགས་པའི་སྲུང་བ་ཡིན༔ ཞལ་གྱི་གདམས་པ་ཡི་གེར་བྲིས་པའོ༔ ྀཨཚ༔ ༈ ན་མོ་གུ་རུ༔ དཔའ་བོ་བཞི་སྦྱོར་གྱི་ཞལ་གདམས་ལ༔ རྣོ་ལ་ངར་གྱིས་འདོགས་པའི་ཚུལ་དུ་རང་སྲུང་བ་ལ༔ ཤིང་ཀུན་དང་ཤུ་དག་གི་ཕྱེ་མ་ཆ་གཅིག་བཏགས་པ་སྒོག་སྐྱས་སྦྲུས་ལ༔ ལྟོ་སྟོང་ལ་རིལ་བུ་རེ་བཏང་ངོ༔ གཉན་ཤས་ཆེ་ན་གུ་གུལ་ཆེར་བཏང་ངོ༔ ཚད་ཤས་ཆེ་ན་ག་བུར་ཆ་གཅིག་བཏང༔ རླུང་ཤས་ཆེ་ན་ཤིང་ཀུན་དང༔ ཛཱ་ཏི་ཕྱེད་མ་ཆ་གཅིག་བཏང་ངོ༔ བཤལ་དུ་བྱེད་ན་དུར་བྱིད་དང༔ ཐར་ནུ་ཕྱེད་ཆ་གཅིག་བཏང་ངོ༔ སྔོན་ལ་འཁོག་སྨན་གངས་ཐིག་གི་ཆུ་ལ་བཏང་ངོ༔ དེ་ནས་རིལ་བུ་བཏང༔ འགྱིང་ན་མཆུ་སྙུང་གི་ཐང་བཏང་ངོ༔ རྗེས་ཀྱི་ཟས་སྤྱོད་གཞན་དང་མཐུན་ནོ༔ དཔའ་བོ་བཞི་སྦྱོར་གྱི་གདམས་པ་ྀཨཚ༔ ༈ སྦྱིན་སྲེག་གི་ལྡེ་མིག་བཞུགས༔ གུ་རུ་པདྨ་ལ་ན་མ༔ རིམས་དང་འདྲེས་པའི་གྲོང་ཁྱེར་ནས༔ ཞེས་པ༔ རིམས་ནད་ལ་སོགས་པ་ཡོད་པའི་ཁྱིམ་དང་ཡུལ་ལམ་ས་ཕྱོགས་གྲོང་དག་ནས༔ སྒྱུ་མའི་ལོངས་སྤྱོད་ལེན་འདོད་ན༔ ཞེས་པ༔ དཀོར་རྫས་ནོར་ལོངས་སྤྱོད་གང་དང་གང་ལེན་པའམ་འཛིན་པར་འདོད་ན༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཞེས་པ༔ བདག་ཉིད་གསང་བདག་ཏུ་གསལ་བའི་ཏིང་ངེ་འཛིན་གྱིས༔ ཚེར་མ་ཅན་གྱི་ཁྲི་བརྩིགས་ཏེ༔ ཞེས་པ༔ བྲ་མ༔ སྐྱེར་པ༔ ཚེར་མ་ལ་སོགས་གྲུ་གསུམ་དུ་བརྩིགས་ཏེ༔ འོད་དཔག་མེད་པ་སྤྱན་དྲངས་ལ༔ ཞེས་པ༔ མེ་ལྷ་དམར་པོ་ར་སྐྱེས་ལ་ཆིབས་པ༔ བགྲང་ཕྲེང་འཛིན་པ་བསྐྱེད་ལ༔ གཉེན་པོར་གྱུར་པའི་མཆོད་རྫས་དབུལ༔ ཅེས་པ༔ རྒྱལ་པོ་གདན་ལ་ཕབ་པའི་སྨན་དང༔ ཕུར་མ་རྫས་དང་བྱུག་པའི་སྨན་རྣམས་དབུལ༔ འོད་དཔག་མེད་པའི་ལྗགས་སྟེང་དུ༔ ཞེས་པ༔ མེ་ལྷའི་ཞལ་དུ༔ ཐབས་ཤེས་འཁོར་ལོ་འབར་བས་བསྲེག༔ ཅེས་པ༔ ལག་པ་གཡས་པ་ཐབས་དང༔ གཡོན་པ་ཤེས་རབ་ཀྱིས་བཟུང་ལ་བསྲེག་གོ༔ སུམྦྷ་ནི་ཡིས་བགེགས་བསྐྲད་དོ༔ ཞེས་པ༔ སུམྦྷ་ནིའི་སྔགས་བཟླས་པས༔ བགེགས་དང་ལོག་འདྲེན་རིམས་ནད་བར་གཅོད་མི་དང་མི་མ་ཡིན་པ་རྣམས་བསྲེགས༔ མ་ཚིག་ལུས་པ་རྣམས་དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ཏུ་བསྐྲད་ནས་བྱེར་བར་བསམ་ལ༔ སྭ་བྷཱ་ཝ་ཡིས་སྟོང་པར་བསམ༔ ཞེས་པ་དེའི་སྔགས་བརྗོད་པས༔ བདག་དང་གཞན་དང༔ གནོད་བྱ་གནོད་བྱེད༔ འགོ་བྱ་འགོས་བྱེད༔ དེ་ལས་གཞན་པའང་སྲིད་ན༔ མ་ལུས་པར་ཐམས་ཅད་སྟོང་པར་བསམ་མོ༔ རཏྣ་ཏྲཱཾ་གིས་མཁའ་ལ་ཤར༔ ཅེས་པ༔ རྒྱུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་སྡོང་རྩེ་གསུམ་པ་འོད་འབར་བར་བསམ༔ དངོས་པོ་རྣམ་དག་མཆོད་སྡོང་བསྐྱེད༔ ཅེས་པ༔ དེའི་ངོ་བོའང་དངོས་པོར་འཛིན་པ་རྣམ་པར་དག་པའི་མཆོད་པའི་སྡོང་པོ་ཆེན་པོར་བསྐྱེད་དོ༔ ཅི་འདོད་འབྱུང་བའི་དབྱིག་ཏུ་བསྒོམ༔ ཞེས་པ༔ སྡོང་པོ་དེའང་ཅི་འདོད་པའི་དངོས་གྲུབ་འབྱུང་བ༔ རིན་པོ་ཆེ་ནོར་གྱི་དབྱིག༔ ཟས་ཀྱི་བཅུད༔ གོས་ཀྱི་ལྷབ་ལྷུབ༔ འདོད་འཇོའི་བ༔ ཅང་ཤེས་ཀྱི་རྟ༔ གསེར་གྱི་བུམ་པ༔ བདུད་རྩིའི་རྒྱ་མཚོ་དགོས་དགུ་བསམ་བཞིན་འབྱུང་བ༔ དེ་ལྟ་བུའི་གདམས་ངག་ཟབ་མོ་འདི་ནི༔ ལྟས་ངན་གཡང་དུ་འགུག་པའི་གདམས་ངག་ཁྱད་པར་ཅན༔ ཟས་དང་ནོར་ཕྱིར་མི་བཏང་སྟེ༔ རང་ལ་དམ་པར་འཛིན་པ་དང༔ སྒོ་གསུམ་བཀའ་བཞིན་བསྒྲུབ་པ་དང༔ སྙིང་དང་འདྲ་བ་འགའ་ལ་སྤེལ༔ ྀཨཚ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ སྦྱིན་སྲེག་གི་འགྲེལ་པ༔ ལྡེ་མིག་གི་ཡི་གེར་བཀོད་པའོ༔ ༈ རྒྱུ་གཟེར་ལས་རྣམ་པར་རྒྱལ་བའི་འགྲེལ་པ་བཞུགས༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ རྒྱུ་གཟེར་སྲུང་བརྟག་གསོ་ཐབས་བཤད༔ དང་པོ་ཕྱི་ཡི་སྲུང་བ་ལ་བཞི་ཡིན༔ སྲུང་ཐབས་ཕྱི་ནང་གསང་བ་གསུམ་ཞེས་པས༔ དང་པོ་ཕྱི་ཡི་སྲུང་བ་ལ་གཉིས༔ འཁོར་ལོ་དང༔ དྲི་ཆུའི་ལག་ལེན་ནོ༔ དང་པོ་འཁོར་ལོ་ནི༔ འཁོར་ལོའི་གྱད་ལུགས་བཞིན་བྲིས་པའི་དུས་སུ༔ མཚལ་རྒྱ་སྐྱེགས༔ བཙོད་མདུད༔ རིམས་ཀྱིས་ཤི་བའི་ཀླད་པའམ།་་་ཐོད་ཁྲག་རྣམས་བསྲེས་ལ་བྲི༔ ལྤགས་ཆེན་ནམ་སག་ཏིས་ཕུར་ལ༔ སྐུད་པ་སེར་པོས་བཙེམས་ལ་མགུལ་དུ་གདག་གོ༔ བསྡུས་པ་བྱེད་ན་སྔགས་རྐྱང་གཅིག་ཏུ་དམར་པོ་གསུམ་དང་ཐོད་ཁྲག་གིས་བྲིས་ལ་སག་ཏི་ལ་སྐུད་པ་སེར་པོས་བཙེམས་ལ་རྟེན་འབྲེལ་སྙིང་པོ་ཉི་ཤུ་རྩ་གཅིག་གིས་རབ་གནས་བྱས་ལ་མགུལ་དུ་གདག་གོ༔ གཉིས་པ་དྲི་ཆུའི་ལག་ལེན་ནི༔ ཐོ་རངས་ལྟོ་སྟོང་གི་དུས་སུ་དྲི་ཆུ་བར་པ་ལག་པ་གཡས་སུ་བཏང་བར་འོག་ཏུ་བསྟན་པའི་སྔགས་བཏབ་ལ་གཡོན་གྱི་སྲིན་ལག་གིས་དཀྲུགས་ལ་ཕུད་རིགས་གསུམ་ལ་མཆོད༔ ཤངས་ཀྱིས་རྔུབས་ལ་བཏུང༔ ལྷག་མས་ཁྲུས་བྱའོ༔ ནད་སྲུང་ཟུ་གུ་གཞུག་པ་ལ་གཉིས༔ སྨན་དང་སྔགས་སོ༔ དང་པོ་སྨན་ནི༔ རྒྱུ་གཟེར་གྱིས་ཤི་བའི་ཐོད་རུས་བཞི་ཆ༔ བདུད་རྩི་་་ཆོས་སྨན།བཞི་གསུམ་གླ་བ་དྲི་ཐོན་གཅིག་དང་གསུམ་སྔགས་པ་ནུས་པ་ཅན་གྱི་དྲི་ཆུས་སྦྲུས་ལ༔ རིལ་བུ་རི་བོང་གི་རིལ་མ་ཙམ་བྱས་ལ༔ དགོང་མོ་ལྟོ་བཀུག་ལ་ནངས་པར་རང་གི་དྲི་ཆུ་་་བར་པ།ཧུབ་གཅིག་ལ་སྔགས་བཏབ་ལ་བཏུང་ངོ༔ དེ་ནས་རིལ་བུ་བཏང་ངོ༔་་་དྲི་ཆུ་བར་པ་ལ་སྔགས་བཏབ་པས་དབུལ། སྨན་མ་ཞུ་བར་ཟས་མི་ཟ༔ ཞག་གཅིག་ཟས་ངན་པ་སྤང༔ རིལ་བུ་ཟ་རྒྱབ་བུད་མེད་དང༔ བཤལ་སྐྱུག༔ གཏར་ག༔ སྐྱུར༔ རུལ་སུངས༔ ངལ་དུབ་དྲག་ཤུལ་སྤང་ངོ༔ རིལ་བུ་རེས་ཟླ་བ་རེ་ཐུབ་བོ༔ ནངས་མ་བདུན་བཏང་ན་ལོ་གཅིག་ཐུབ༔ ཟླ་བ་གཅིག་ལ་མ་ཆད་པར་བཏང་ན་ཚེ་གང་ཐུབ་བོ༔ གཉིས་པ་སྔགས་བཟླ་བ་ནི༔ ཨོཾ་ཀུནྡྷེ་ལ་ཀུནྡྷེ་བི་ལི་ཤར་ཤར་སྭཱ་ཧཱ༔་་་ཨོཾ་ཀུནྟེ་ཀུནྟེ་བཾ་ལཾ་བྷྲཱུྃ་ཤལ་ཤལ་སྭཱ་ཧཱ༔་་་ཞེས་པ་ལུགས་གཅིག་ཡིན་འདུག །བསྙེན་པའི་དུས་སུ་རབ་འབུམ་ཚོ༔ འབྲིང་ཁྲི་ཚོ༔ ཐ་མ་སྟོང་ཚོ་བསྐྱལ་ལོ༔ ལས་ལ་སྦྱོར་དུས་བརྒྱ་རྩ་བརྒྱད་བཟླས་སོ༔ གསང་སྲུང་ལྷ་བསྒོམ་པ་ནི༔ གསང་བདག་སྤྲུལ་པའི་ཁྱུང་དང་བཅས་པ་དུག་གསུམ་འཇིགས་པའི་འཁོར་གྱིས་བསྐོར་བར་བསྒོམ༔ བརྟག་པའི་ཐབས་ལ་བཞི་སྟེ༔ རྩ་ཆུ་འཁྲུ་མདོག་དབང་པོ་བཞི་ལ་བརྟག་པ་སྟེ༔ དེ་རྣམས་རྩ་བའི་ནང་ན་གསལ་ལོ༔ བཅོས་ཐབས་ལ་གསུམ་སྟེ༔ གསོ་ཐབས་སྔོན་འགྲོ་དངོས་གཞི་རྗེས༔ ཞེས་པ་དང་པོ་སྔོན་འགྲོ་ནི༔ ནད་མ་སྨིན་པ་སྨིན་པར་བྱེད་པ་དང༔ སྨིན་པ་སྡུད་པར་བྱེད་པ་ལ༔ ཞུ་མཁན༔ བཙོད་དང༔ མ་ནུ༔ ཏིག་ཏའི་ཐང་བཏང༔ ཞག་བདུན་ཕན་ཆོད་ལོན་ན་རྙིང་པས་སྨིན་པར་བྱ་མི་དགོས་པར་རང་བཞིན་དུ་སྨིན་ནས་རང་གནས་ན་ཡོད་པ་ཡིན༔ ཁ་ཅིག་སྨིན་པར་བྱེད་མི་དགོས་ཟེར་ནས་སྨན་གཏོང་སྟེ༔ མ་སྨིན་སྦྱང་སྔས་གཉན་མི་ཆོམ༔ ཞེས་པས་ནད་མ་སྨིན་པར་གཉེན་པོ་བཏང་ན༔ ཕྱིར་ལ་ནད་ལུས་ལ་བྱེར་ན་ནད་རྐང་རིང་བའམ༔ གསོ་དཀའ་བའམ༔ མཐར་སྲོག་ལའང་ཉེན་ཏེ༔ དཔེར་ན་ལྕགས་མ་ཚོས་པ་ལ་ཐོ་བ་རྒྱབ་ན་དུམ་བུར་ཆག་པ་དང་འདྲའོ༔ དེས་ན་སྨིན་པར་བྱས་ནས་རང་གནས་སུ་གོང་གི་སྨན་གྱིས་བསྡུས་ལ་ད་གཟོད་གཉེན་པོའི་སྨན་བཏང་ངོ༔ ཡང་ན་ལུས་ཟུངས་བཟང་བ་ལ༔ སྐྱེད་ཐུང་སྦུད་ཐུང་གིས་དཔྱད་སྦྱོང་བའང་བཤད་དོ༔ དངོས་གཞི་ལ་གསུམ༔ དང་པོ་གསོ་བྱ་དོན་སྣོད་དང་ནད་གཞིའི་རིགས་དང༔ གསོ་བྱེད་ཟས་སྤྱོད་སྨན་དཔྱད་སྔགས༔ གསོ་ཐབས་སྤྱི་དང་བྱེ་བྲག་གཉིས༔ ཞེས་པ༔ སྤྱི་བཅོས་ལ་གསུམ་ཡོད་པ་ལས༔ དང་པོ་རྒྱུ་གཟེར་ཞེས་བྱའི་ནད་འདིའི་རྒྱབ་རྟེན་ཡང་གཉན་ཡིན་ཏེ༔ གཉན་མ་ཆོམ་པར་ནད་མི་དྲག༔ དེ་ཡང་འདི་སྐད་དུ༔ རྒྱབ་རྟེན་ལྷ་དང་མ་བྲལ་ན༔ འཇིགས་པའི་འཕྲང་ཁ་མི་ཁེགས་པས༔ གཉན་གྱི་རི་བོ་ཐོག་གིས་བསྙིལ༔ ཞེས་པ༔ དེ་ལ་སྨན་དཔྱད་ཟས་སྤྱོད་སྔགས་དང་ལྔས་གསོ་བར་བྱ་སྟེ༔ དང་པོ་སྨན་ནི༔ རྒྱལ་པོ་གདན་ལས་ཕབ་ནས་གཞུང་བཞིན་སྨན་གྱིས་བཅོས་པའི་རིལ་བུ་འགའ་རེ་བཏང་ངོ༔ དཔྱད་ནི༔ སྤྱི་གཙུག་ཨན་སྟོང་དྲུག་བདུན་དུ་སྤྲ་བ་ལ་མེ་བསྐྱོད་པ་ཤ་ལ་མ་རེག་ཙམ་དུ་ཡེ་རེ་བཞག༔ དེ་ནི་སྡིགས་པ་རྟེན་འབྲེལ་གྱི་མེའོ༔ སྔགས་ནི༔ ཨོཾ་ཧུར་ཁྱུང་ཧུར་ཁྱུང་སོད༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སོད༔ ནཱ་ག་ནཱ་ག་སོད༔ དེ་བ་དེ་བ་སོད༔ ཅེས་པ་ཆུ་གཙང་དང་སྨན་གཉིས་ཀ་ལ་བཏབ་ལ་བཏང་ངོ༔ ཟས་ནི་དཀར་གསུམ་མངར་གསུམ་ཚ་སྐྱུར་དྲོད་བཅུད༔ རུལ་སུངས༔ ཞོ་ཆང་སྔོ་ངད་ལ་སོགས་པ་སྤང་ངོ༔ འབྲས་དང་འབྲུ་རྙིང་གི་ཟན་ཚོད་བཏང་ངོ༔ སྤྱོད་ལམ་དྲག་ཤུལ་གྱི་བྱ་བ་སྤངས་ལ༔ བསིལ་སར་གོས་ལག་དྲོ་བ་གྱོན༔ ཡིད་དུ་འོང་བའི་ནད་གཡོག་པས་ནད་པ་དགའ་བའི་གཏམ་གཏོང་གིས་བསྡད༔ དེ་ནི་རྒྱབ་རྟེན་ལྷ་དང་བྲལ་བ་ཞེས་བྱ་སྟེ་གཉན་གསོད་པའི་འཇིགས་པའི་འཕྲང་ཁ་ཁེགས་ཏེ་དོན་སྣོད་དང་སྲོག་རྩ་ལ་སོགས་པར་སྔར་མ་ཤོར་བ་ལ་མི་འཆོར་རོ༔ ཤོར་བ་རྣམས་གསོད་སླ༔ གཉིས་པ་རྟེན་པའི་གྲོགས་དང་མ་ཕྲལ་ན༔་་་རྐྱེན་ངན་གྲོགས་མ་བྲལ་ན་ཟེར་བ་འདུག །ནད་ཀྱི་དངོས་པོ་མི་ཆོམ་པས་མཁྲིས་པའི་མེ་བསད་པར་བྱ་སྟེ༔ ཇི་སྐད་དུ༔ བརྟེན་པའི་གྲོགས་དང་མ་བྲལ་ན༔ ནད་ཀྱི་དངོས་པོ་མི་ཆོམ་པས༔ མཁྲིས་པའི་མེ་དབལ་ཆར་གྱིས་བསད༔ ཅེས་པས༔ སྤྱིར་བཅོས་མཁྲིས་པའི་མེ་བསད་པ་དང༔ སྒོས་བཅོས་ཆུ་ཡི་འོལ་ཁ་བསྡམ་པ་དང༔ བྱེ་བྲག་མཚང་ཅན་དགྲ་བོ་དམིགས་སུ་གསོད་པ་དང༔ དོན་ལྔ་མེ་བཞིའི་སྟེང་དུ་ཆུ་བཞི་དབབ་པ་དང་བཞི༔ མིང་གི་རྣམ་གྲངས་སོ་སོར་ཐ་དད་ཡོད་ཀྱང༔ འཆོས་པའི་དུས་སུ་གཅིག་ཏུ་དྲིལ་ནས་བཅོས་ཏེ༔ དེ་ཅིའི་ཕྱིར་ཞེ་ན༔ མཁྲིས་པ་མེ་ཡི་དབལ་ཚད་པ་དང་འདྲ་བས་བསིལ་གྱིས་མ་བསད་ན༔ དོན་ལྔ་བུད་ཤིང་དང་འདྲ་བ་ཚིག་པས༔ དེས་སྟོད་དུ་ལུས་ཟུངས་གངས་རི་འདྲ་བ་བཞུ་ནས་དེ་ཡི་ཁུ་བ་བར་དུ་སྣོད་དྲུག་རྒྱ་མཚོ་དང་འདྲ་བར་བབས་ཏེ༔ དེས་སྨད་གཞང་ཡུར་བ་དང་འདྲ་བ་ནས་ཞུ་ནས༔ ནད་དང་ལུས་ཟུངས་ཆུ་ལྟར་འབྲུབས་ཏེ༔ དེ་ཡིས་བར་ན་ལུས་ཟུངས་སྲེག༔ སྙིང་དང་གློ་བ་མཆིན་མཚེར་མེ༔ མེ་བཞིའི་སྟེང་དུ་ཆུ་བཞི་ཕོབ༔ ཅེས་པ༔ གཉེན་པོ་སྨན་དཔྱད་ཟས་སྤྱོད་སྔགས་དང་ལྔས་བཅོས་པ་སྟེ༔ དེ་ལ་སྨན་ནི་ཚད་པ་ཆེ་ཆུང་བརྟགས་ཏེ༔ ཚ་བ་ཆེ་ན་ག་བུར་བདུན་པ༔་་་ག་བུར། གུར་བུམ། ཅུ་གང་། ཏིག་ཏ། ཧོང་ལེན། བ་ཤ་ཀ །ཨུཏྤལ་སྔོན་པོ། ཚ་བ་ཆུང་ན་གུར་གུམ་བདུན་པའི་་་གུར་གུམ། ཨ་རུ་ར། ཅུ་གང་། གི་ཝང་། ཙནྡན། དོམ་མཁྲིས། ཏིག་ཏ། ཕྱེ་མ་ཀ་རས་ཁ་བླངས་ལ་ནམ་གུང་མཁྲིས་དུས་སུ་གངས་ཆུས་འཕུལ་ལ་བཏང་ངོ༔ ཐང་ཆེན་ཏིག་ཏ་བདུན་པའི་་་ཏིག་ཏ། ཧོང་ལེན། གསེར་གྱི་མེ་ཏོག །དུག་མོ་ཉུང་། བོང་ང་དཀར་པོ། བ་ལེ་ཀ །ཀྱི་ལྕེ་དཀར་པོ། གྲང་ཐང་བཏང༔ ཀ་ར་གངས་ཆུ་ལ་བཏབ་ལ་ཁ་བཤལ་ལོ༔ ཡང་ན་ཚད་པ་ཆེ་ཆུང་གིས་ག་བུར༔ གུར་གུམ་གི་ཝང་ཕྱེ་མ་ཀ་རས་ཁ་བླངས་ལ་གངས་ཆུས་ཕུལ་ལ་གུང་གཉིས་བཏང༔ བ་ལེ་ཀ༔ བ་ཤ་ཀ༔ ཏིག་ཏ༔ ཧོང་ལེན༔ དུག་མོ་ཉུང༔ སུམ་ཅུ་ཏིག༔ གངས་ཆུས་རྟ་བྱས་གུང་གཉིས་ཡང་ཡང་བཏང་ལ་ཁ་བཤལ་བར་བྱ༔ ཁ་ཅིག་རྒྱུ་གཟེར་གཉན་རིམས་ཡིན་པས་ཀ་ར་བཏང་བ་འགལ་ཞེ་ན༔ དེ་ནི་གཞན་ལ་འགལ་ཡང་གདམས་པ་འདིའི་ལུགས་ལ་མི་འགལ་ཏེ༔ ཅིའི་ཕྱིར་ཞེ་ན༔ གོང་དུ་གཉན་གྱི་རི་རྒྱལ་ཐོག་གིས་བསྙིལ་ནས་གཉན་མེད་པར་བྱས་ནས༔ ད་ཚ་བའི་དབལ་འབྲིད་པ་རྒྱུ་ལོང་གི་བམ་རུལ་དང་མཆིན་པའི་རུལ་བཅད༔ འཁྲུ་བའི་འོལ་ཁ་གཅད་པའི་ཕྱིར་ཀ་ར་ཡང་བཏང༔ གཏར་ག་ཡང་བྱེད་དོ༔ དཔྱད་དུ་ཚད་པ་ཆེ་ཆུང་གིས་མཆིན་རྩ་རུ་ཐུང་དང་བཤལ་རིང་རིམ་པར་གཏོང༔ སྔགས་ནི༔ ཆབ་ཆབ་ཀར་ཤག༔ ཆུབ་ཆུབ་ཀར་ཤག༔ འབྲུག་འབྲུག་ཚལ་ཚལ༔ ཞེས་གངས་ཆུ་དང་སྨན་ལ་བཏབ་ནས་བཏང༔ ཟས་སྤང་བ་གོང་དང་འདྲའོ༔ བསྟན་བྱ་འབྲས་དང་ཡོས་ཀྱི་ཚོད་མ་ཕྱེ་ཐུག་ཚྭ་མོ་དང་ནས་དཀར་སྔོའི་ཟན་ལྕུར་རེ་བ་བཏང་ངོ༔ སྐོམ་དུ་གངས་ཅུ་གཡའ་ཆུ་བྲག་ལས་བྱུང་བའི༔ མདོར་ན་བ་ཚྭ་མེད་པའི་ཆུ་ཐོ་རངས་སྐར་མ་ལ་བླངས་ལ་བསྐོལ་གྲངས་ཡོག་ཚད་བཏང་ངོ༔ སྤྱོད་ལམ་འོག་རླན་མེད་པའི་གནས༔ ཁང་པ་བསིལ་སར་བརྐྱང་བསྐུམ་ལྡང་ཉལ་དྲག་ཤུལ་མི་བྱ༔ གྲང་དྲོ་རན་པར་བྱས་ལ་མཐུན་པའི་གྲོགས་ཀྱིས་ཡིད་དུ་འོང་བའི་གཏམ་ཟེར་ཞིང་བསྡད༔ གཞན་ཡང༔ སྙིང་དང་གློ་བ་མཆིན་པ་མཚེར༔ མེ་བཞིའི་སྟེང་དུ་ཆུ་བཞི་ཕོབ༔ ཅེས་པས༔ སྨན་ནི་དོན་ལྔ་གང་འཁྲུའི་རྩ་ཆུ་འཁྲུ་མདོག་དབང་པོ་ལ་བརྟགས་ལ༔ དོན་ལྔ་གང་འཁྲུའི་་་དོན་ལྔ་གང་འཁྲུའི་དབང་པོ་ཉམས་པར་འགྱུར་རོ། །སྙིང་ལ་ཛཱ་ཏི་གློ་བ་ལ་ཅུ་གང་མཚེར་པ་ལ་ལི་ཤི་མཁལ་མ་ལ་སུག་སྨེལ་མཆིན་པ་ལ་གུར་གུམ།ཁ་འཛིན་བུང་ཆེ་བར་བཏང་སྟེ༔ དེ་སྨན་གྱིས་ཚད་པ་བཅག་པ་དང༔ འོལ་ཁ་བསྒྱུར་བ་དང༔ དོན་ལྔའི་མེ་བསད་པའོ༔ དཔྱད་ཀྱི་ཆུ་ཡིས་ཚད་པ་བཅག་པ་དང༔ འོལ་ཁ་བསྒྱུར་བ་དང༔ མེ་བསད་པ་གསུམ་ནི༔ དོན་ལྔ་གང་འཁྲུ་གོང་ལྟར་བརྟགས་ལ་དེའི་རྩ་གཏར་རོ༔ ཟས་དང་སྤྱོད་ལམ་གྱི་ཆུ་ཡིས་མེ་བསད་པ་དང༔ འོལ་ཁ་བསྒྱུར་བ་གོང་དང་འདྲའོ༔ དེ་རྣམས་ཀྱི་སྒོ་ནས་མཁྲིས་པའི་མེ་བསད་པ་དང༔ ཆུ་བོའི་འོལ་ཁ་བསྒྱུར་བ་དང༔ མེ་བཞིའི་སྟེང་དུ་ཆུ་བཞི་དབབ་པའི་ཐབས་ཕྱི་ནང་དྲིལ་གཅིག་ཏུ་བསྡེབས་ནས་རྒྱུད་དཀྲུགས་པ་བསྡེབས༔ ལུང་བཅུས་པ་བསྲངས༔ མན་ངག་གབ་པ་མངོན་དུ་ཕྱུང་ནས་བསྟན་པའོ༔ དེ་ནས་སྤྱི་བཅོས་ཀྱི་མཐའ་ལ༔ ཡན་མན་འཁྲུལ་ཐག་མ་གཅོད་ན༔ མྱུར་བར་སྲོག་ལ་རྒོལ་སྲིད་པས༔ ཚ་གྲང་འབྲོས་འདེད་རིགས་པས་འཕྲུལ༔ ཅེས་པ༔ ཡན་ཅེས་པ་ཚད་པ་ཡིན་ལ༔ མན་ཅེས་པ་གྲང་བའམ་རླུང་ཡིན་པས༔ རྒྱུ་གཟེར་ལ་གཉིས་ཀ་རང་ཆས་སུ་ཡོད་པས་ཚད་པའི་དུས་སུ་དཔུང་བསིལ་གྱིས་བཅོས༔ ནངས་དགོང་སྲོད་ཐོ་རངས་ལ་ཐོར་བུའི་རླུང་ཁ་མནན་ཏེ༔ མིག་རྩ་རྒོད༔ ཁ་ལབ༔ ཤེས་པ་ཡང་བ་ལ་སོགས་པ་མདོར་ན་རླུང་སྐྱེས་པའི་རྟགས་བྱུང་ན་གསུར་དུད་བཏང༔ སྲེ་ལོང་བའི་ཁུ་བའང་བག་རེ་བཏང༔ རྐང་ལག་གྲང་ན་མཐིལ་བཞི་ལ་བསྐུ་མཉེ་དང་དྲོད་དུགས་བྱ༔ ཚད་པ་བྲི་སྟེ་རླུང་ཆེར་སྐྱེས་ན་ཤ་གསར་པའི་ཚོ་ཁུ་དང་ཕྱེ་ཐུག་ལ་འོ་མ་བླུགས་པ་དང༔ ཟན་ཚོད་ལ་མར་སྤགས་ལ་བག་རེ་བཏང༔ ཆང་གསར་འཇམ་ལ་ཛཱ་ཏི་བཏབ་པའང་བག་རེ་བཏང་ངོ༔ དེ་ལྟར་ཚ་གྲང་འབྲོས་འདེད་མ་ཤེས་ན༔ རླུང་གི་ལས་མྱུར་བས༔ ཚ་བ་རྐྱང་པར་བཅོས་ན་རླུང་གིས་སྲོག་འདོར་བའི་དཔེ་ཡོད་པས༔ ཚ་གྲང་འབྲོས་འདེད་རིགས་པས་ཤེས་པར་བྱའོ༔ དེ་རྣམས་སྤྱི་བཅོས་སོ༔ བྱེ་བྲག་ཉེས་བྱེད་འཁྲུ་བ་སྤྱིར་བཅོས་པ༔ སྣོད་ཀྱི།་་་མཚང་ཅན་དགྲ་བོ་དམིགས་སུ་ཤོར་བ་དང༔ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་བཅག་པ་དང་གསུམ་ལས༔ དང་པོ་འཁྲུ་བ་སྤྱིར་བཅོས་པ་ལ་གསུམ༔ དང་པོ་ཆུ་བོའི་འོལ་ཁ་བསྒྱུར་བ༔ བར་དུ་རྒྱ་མཚོ་གནས་སུ་སྐམ་པ༔ ཐ་མ་རྫིང་གི་འོལ་ཁུང་སྦྱང་བའོ༔ དང་པོ་ཆུ་བོའི་འོལ་ཁ་བསྒྱུར་བ་ལ༔ སྨན་དཔྱད་ཟས་སྤྱོད་སྔགས་ཀྱིས་འཇིགས་པའི་འཕྲང་ཁ་དགག༔ མཁྲིས་པའི་མེ་བསད༔ མེ་བཞིའི་སྟེང་དུ་ཆུ་བཞི་དབབ་པ་དང་གསུམ་གྱིས་བཅོས་ཏེ་གོང་དུ་བསྟན་ནོ༔ གཉིས་པ་རྒྱ་མཚོ་གནས་སུ་སྐམ་པ་དང༔ སྣོད་ལྔ་ཆུ་ཡི་སྟེང་དུ་གཉེན་པོ་མེ་བཞི་སྤར་བ་གཉིས་མིང་གི་རྣམ་གྲངས་ཐ་དད་དུ་འདུག་ཀྱང༔ གནས་གོང་འོག་ཏུ་འདུག་ཀྱང་གཅིག་ཏུ་དྲིལ་ནས་འཆོས་ཏེ༔ དཔེར་ན་སྟོད་དུ་ཆུ་སྐྱེ་འཕྲོ་མ་ཆད་ན་བར་དུ་རྫིང་མི་སྐམ༔ རྫིང་མ་སྐམ་ན་སྨད་དུ་ཡུར་བའི་ཆུ་མི་འཆད་པ་འདྲའོ༔ སྟོད་དུ་ཆུ་བོའི་འོལ་ཁ་བསྒྱུར་བ་དང༔ བར་དུ་རྒྱ་མཚོ་གནས་སུ་སྐམ་དགོས་ཏེ༔ དེའང་ཇི་སྐད་དུ༔ ཕོ་ལོང་ལྒང་པ་རྒྱུ་མ་ཆུ༔ ཆུ་བཞིའི་སྟེང་དུ་མེ་བཞི་སྤོར་ཅེས་པ་དེ་གཉིས་དོན་གཅིག་ཡིན་ཏེ༔ རྒྱ་མཚོ་ཞེས་པ་ནི་སྣོད་ལྔ༔ ཆུ་ཞེས་པ་ནི་ནད༔ མེ་ཞེས་པ་ནི་གཉེན་པོ་སྨན་དཔྱད་ཟས་སྤྱོད་སྔགས་ཏེ་ནད་སྐེམ་པའི་ཕྱིར་ལ་མིང་མེར་བཏགས་ཀྱང་དོན་བསིལ་ཡིན༔ དེ་ལ་སྨན་གྱི་མེ་ནི་དགུ་སྦྱོར་་་རྒུ་དྲུས་ཐོད་རུས་ཐོག་རུས་གསུམ། །ཙནྡན་གླ་བ་བྲག་ཞུན་གསུམ། །ཨ་བྱག་བོང་ང་དོམ་མཁྲིས་གསུམ། །ཡིན་ཏེ་ཀ་རས་སྐྱོབས་ལ་གངས་ཆུས་ཕུལ་ལ་དྲུག་ཡར་དུ་བཏང་ངོ༔ དཔྱད་ཀྱིས་རྒྱ་མཚོ་སྐམ་པ་ནི་མེ་གཏར་གཉིས་ཏེ༔ མེ་ནི་སྣོད་ལྔ་གང་འཁྲུ་འཁྲུ་མདོག་་་རྩ་བ་ན་གསལ།དང༔ རྩ་དང་ཟུག་གཟེར་ལ་བརྟགས་ལ༔ གང་ན་ས་དེ་ལ་བརྟགས་བཏབ་ལ༔ མདུན་རྒྱབ་མེ་ལོང་བཙུགས་ལ་མེ་ལོང་གི་གཟུགས་ཀྱི་རྟགས་ལ་བཙོད་ཀྱིས་མེ་བཙས་བསྲེགས་ཏེ་རྟེན་འབྲེལ་གྱི་མེའོ༔ དངོས་སུ་ཚིགས་པ་བཅུ་དྲུག་པ་དང༔ ལྟེ་བའི་འོག་ཚོན་གང་དང༔ ལྟེ་བའི་གཡས་གཡོན་དུ་སྤྲ་རྡོག་རེ་བཞག་ལ་དུ་བ་ལང་བྱས་ལ་ཤ་ལ་མ་ཕེབས་ཙམ་ལ་བསལ་ལོ༔ གཏར་བ་ནི་དམར་པོ་དང་དུད་ཁ་ལ་སོགས་པའི་འཁྲུ་བའི་མདོག་ལ་བརྟགས་ལ༔ དོན་སྣོད་གང་ཟུག་ཆེ་བ་ལ་གཏར་རོ༔ དེས་ནི་ཆུ་དཔུང་དཔྱད་ཀྱི་མེས་སྐམ་པའོ༔ སྔགས་ནི༔ ཨོཾ་ནིར་སིང་ཡེར་རྦད་སྭཱ་ཧཱ༔ གངས་ཆུ་དང་སྨན་ལ་བཏབ་ལ་ཡང་ཡང་བཏང་ངོ༔ ཟས་དང་སྤྱོད་ལམ་གོང་དང་འདྲའོ༔ དེ་ནི་རྒྱ་མཚོ་གནས་སུ་སྐམ་པའི་མེ་བཞིའི་སྦྱོར་བའོ༔ ཐ་མ་རྫིང་གི་འོལ་ཁུང་བསལ་བ་ནི༔ བཅོས་ཐབས་ཀྱི་ནང་ནས་ལོག་གནོན་ཡིན་ཏེ༔ དགྲ་བོ་གནས་ནས་དབྱུང་བ་ཞེས་ཀྱང་བྱ༔ ཚ་བ་ཡུལ་འདོན་པ་ཞེས་ཀྱང་བྱ་སྟེ༔ གོང་གི་སྦྱོར་བ་རྣམས་ཀྱིས་ཚ་བ་ཡང་མ་ཆོམ༔ འཁྲུ་བ་ཡང་མ་ཆད༔ ནད་པའི་ལུས་སྟོབས་དང་རྩ་ཤེད་མ་ཤོར་བར༔ ཞག་བཅུ་ཟླ་ཕྱེད་ཕར་འདས་ན་ནད་ཀྱི་གཉའ་མ་ཆོག་པ་ཡིན་པས༔ ཐ་མ་ལོག་གནོན་རྫིང་གི་འོལ་ཁུང་སྤྱོད་པ་ཤེས་པར་བྱའོ༔ ཡང་ན་དང་པོ་རང་གསར་པའི་དུས་སུ་སྦྱངས་ན་་་འཚོ་འཆི་གང་ཡང་སླ་བས་ཉེན་ཆེ།ནད་རྐང་ཐུང་བར་འོང་སྟེ༔ དེ་ལའང་སྨན་དཔྱད་ཟས་སྤྱོད་སྔགས་དང་ལྔས་སྦྱང་བར་བྱ་སྟེ༔ སྨན་ནི་དང་པོ་འཁྲོག་སྨན་ཨ་རུ་ར་མཆུ་སྙུང་དང༔ མཛེ་ཚྭ་གྲང་ཐང་བཏང་ངོ༔ དེ་ནས་ལྕུམ་རྩ༔ རེ་ལྕག༔ ཐར་ནུ༔ ཏིག་ཏ་བཞི་བྱིས་པ་ལོ་བརྒྱད་པའི་ཆུ་ལ་སྦྱར་བ་བཏང༔ དེ་རྗེས་དུག་ཉུང༔ བོང་དཀར༔ བ་ལེ་ཀ༔ ལི་ག་དུར༔ དོམ་མཁྲིས་ཀ་རས་སྐྱོབས་ལ་ཆུ་བསྐོལ་གང་གི་ལྕག་གིས་འཕུལ་ལ་བཏང༔ ཡང་ན་བཀྲུ་སྨན་དང་བསྡེབས་ལ་འདྲའོ༔ ཕན་པའི་རྟགས་ནི་འཁྲུ་བ་བུང་ཆེ་ལ་གྲངས་ཉུང་བ་ཟུག་ཆུང་ཞིང་འཁྲུ་བ་སླ་བ་ཙམ་བྱུང་ན་ལེགས་པ་ཡིན༔ སྐོམ་དུ་ཆུ་བསྐོལ་གྲང་བཏུང་ངོ༔ ཤེལ་་་ཀྱི་ལྕེ་དཀར་པོ།མོ་་་ཐང་།དང༔ ཚོ་ཁུ་ལ་བཅོས་པའི་ཕྱེ་ཐུག་བཏང་ངོ༔ རྩམ་པ་ཞིབ་མོ་ཚོས་པའི་ཟན་དུམ་རེ་བཏང༔ བ་མར་དུམ་རེ་ཟན་ཆུ་གྲང་མོ་ལ་བླུགས༔ བ་ཡི་འོ་མ་དུམ་རེ་ཚོད་མར་བླུགས༔ རྗེས་ལ་གུར་གུམ་བདུན་པ་ཀ་རས་སྐྱོབས་ལ་གངས་ཆུས་ཕུལ་ལ་བཏང་ངོ༔ དེས་ནི་རྐང་ཐུང་བ་དང་ཕྱིར་མི་ལྡོག་གོ༔ སྤྱོད་ལམ་བཤལ་རྗེས་ལྟ་བུར་བྱའོ༔ དཔྱད་ནི་རྒྱུ་ལོང་ཟུག་ཆེ་བའམ༔ འཁྲུ་བ་འགྱིངས་ན་ལོང་རྩ་གཉིས་པ་གཏར་རོ༔ སྤྱོད་ལམ་ངལ་དུབ་ལྡང་ཉལ་སྤངས་ལ༔ མི་གྲང་བ་དང༔ ཟས་སྐོམ་འགྲང་ཆེས་པ་མ་ཡིན་པ་བསྟེན་ནོ༔ དེས་ནི་ལོག་གནོན་དགྲ་བོ་ཡུལ་ནས་དབྱུང་བའོ༔ ཐ་མ་རྗེས་གཅོད་ལུས་ཟུངས་གསོ་བ་ཞེས་པ་འཁྲུ་བ་མ་ཆད་ན་བཅད་པ་དང༔ ལུས་ཟུངས་གསོ་བ་གཉིས་ལས༔ དང་པོ་འཁྲུ་བ་མ་ཆད་པར་འབྱམས་ན་འཆི་བ་ལ་ཉེན་ཆེ་བས༔ འབྱམས་པ་གཅད་དགོས་ཏེ༔ སྨན་དཔྱད་ཟས་སྤྱོད་སྔགས་དང་ལྔ་ལས༔ སྨན་ནི་ཀ་བེད༔ མོན་ཆར༔ ད་ཏྲིག༔ ཐ་རཾ་པ༔ བྱ་རྐང་དེ་རྣམས་གང་རྙེད༔ ཟས་ཞོ་བཙོས༔ སྦྲེ༔ འབྲས་ཡོས༔ ཀླད་པ་བཙོས་པ་རྣམས་བཏབ་ལ་བཏང་ངོ༔ ཤ་གསར་ཚོས་ཁུ་ལ་སྒ་སྤོད་བཏབ་པ་བག་རེ་བཏང་ངོ༔ ཆང་གསར་འཇམ་ཐང་བག་རེ་བཏང་ངོ༔ སྔགས་ནི༔ ཨོཾ་ནིར་སེང་ཡེར་རྦད་སྭཱ་ཧཱ༔ སྨན་དང་ཟས་དང་ཆུ་ལ་བཏབ་ལ་བཏང༔ དཔྱད་ནི་མཐིལ་བཞི་ལ་བྱུག་པ་བསྐུ་མཉེ་དང་ལྕགས་སྲོས་ཀྱིས་བདུག་གོ༔ དེས་ཀྱང་མ་ཆོད་ན༔ ཚིགས་པ་བཅུ་དྲུག་བཅུ་བདུན་ལྟེ་བའི་གཡས་གཡོན་ཚོན་རེ་དང༔ ལྟེ་འོག་ཚོན་གང་དུ་མེ་གདབ་བོ༔ སྤྱོད་པ་གོང་དང་འདྲའོ༔ ཟླ་ཕྱེད་ཞག་བཅུར་སྤྱོད་པ་གཟབ་བོ༔ དེས་འབྱམས་པ་གཅོད༔ གལ་ཏེ་དེས་ཀྱང་མ་ཆོད་ན་ལོག་གནོན་ནི༔ འབྱམས་དྲགས་ཉེན་ཆེ་གྱེན་ཏུ་ལྡོག་ལ་སྐྱུག་བྱའོ༔ དེས་མི་ཆོད་མི་སྲིད་དོ༔ དེ་ནས་ལུས་ཟུངས་གསོ་བ་ནི༔ རྩ་བ་ལྔའི་སྨན་མར་ཁམ་རེ་ཟ༔་་་དེས་རྒྱུ་མའི་ཤེད་བསྐྱེད་པས་ཕྱིས་ནད་རོ་མི་ལྡང་། ཟས་ངན་པ་སྤངས་ལ་བཟང་པོ་ཟླ་བ་གཅིག་གི་བར་དུ་བསྟེན་པར་བྱའོ༔ པདྨ་ང་ཡིས་འདི་བཤད་པས༔ སྙིགས་དུས་སེམས་ཅན་མ་འོངས་ལ༔ ནད་ངན་རྒྱུ་རིམས་དར་དུས་སུ༔ གདམས་པ་འདི་དང་འཕྲད་པར་ཤོག༔ གཅེས་པས་སྙིང་གི་དཀྱིལ་དུ་ཆོངས༔ འདི་བཤད་ཉམས་སུ་ལེན་པ་ན༔ ནད་དྲག་ལུས་པོ་ཆོས་དང་མཇལ༔ ནད་པ་མཐར་འཚང་རྒྱ་བར་འགྱུར༔ རྒྱུ་གཟེར་ནད་རྣམས་སོས་པར་ཤོག༔ རྒྱུ་གཟེར་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མའི་ལག་ལེན་ཞེས་བྱ་བ༔ མ་བས་ལྷག་པའི་བུ༔ ྀཨཚ༔ ༈ འབྲུམ་ནག་སྲུང་བའི་ཤོག་དྲིལ་ཏེ་བདུན་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ འབྲུམ་ནག་གོ་ཤོལ་ནད་བདག་མོའི༔ སྲོག་སྔགས་སྲུང་བ་བསྟན་པ་ནི༔ ཧ་ར་བྷརླ་མ་ར་ཙ་དུར་རྦད་རྦད༔ རཾ་་་གྲཾ། ཤིང་་་ཤི། ཁས༔ རྒྱ་གར་མ་བྷ་ཏི་་་དྷཱི་ཟེར་བའང་འདུག །སུ་ཐ་རྦད་རྦད༔ བ་བླ་ཤུ་དག་གླ་བས་བྱུག༔ མདུང་ཚུགས་སུ་བྲིས་ལ་མགུལ་དུ་གདགས༔ སྲོག་སྔགས་སྲུང་བ་བྲི་བཟླས་བྱ༔ མ་ཡམས་ཁ་འབར་ཆུ་གཏོར་བཏང༔ རབ་གནས་ལ་སོགས་གོང་བཞིན་བྱ༔ འབྲུམ་ནག་སྲུང་བའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ བྱིན་ལོག་བཅོས་པའི་ཤོག་དྲིལ་ཏེ་ཉེར་གསུམ་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བྱིན་ལོག་བཅོས་ཐབས་བསྟན་པ་ནི༔ དེ་ལ་རྟགས་གསོ་རྣམ་པ་གཉིས༔ དང་པོ་མགོ་དང་ཕོ་བ་ན༔ སྐོམ་དད་ཆེ་ལ་ལུས་པོ་གྲང༔ བར་དུ་རྩ་ནི་བུལ་ལམ་ཞན༔ འབྲོས་ས་རྣམ་པ་བཞི་ཡིན་ཏེ༔ མིག་ནི་གཏིང་དུ་འབྲོས་པ་ཡིན༔ ཉྭ་ནི་ངར་གདོང་སྟེང་དུ་འབྲོས༔ ཉྭ་རྣམས་འགྱུར་ཞིང་གཤོང་འབུར་བྱེད༔ ཤིན་ཏུ་ཟུག་གཟེར་ཆེ་བ་ཡིན༔ ལྕེ་ནི་རྐན་ཕུག་འབྲོས་པར་བྱེད༔ རྩ་ནི་རུས་མིག་འབྲོས་པར་བྱེད༔ འཆོར་བ་བཞི་བརྒྱད་བརྟག་པ་ལ༔ སྐད་ནི་སྣ་རུ་འཆོར་བ་ཡིན༔ སྒྲ་ཏལ་སྤང་དུ་འཆོར་བ་ཡིན༔ རེག་བྱ་གྲང་འདར་འཆོར་བ་ཡིན༔ སེམས་ཟི་ལོང་དུ་འཆོར་བ་ཡིན༔ ཤིན་ཏུ་ཟུག་གཟེར་ཆེ་བ་ཡིན༔ འཁྲུ་སྐྱུག་རྒྱ་བཤལ་དག་ཏུ་འོང༔ དེ་ལྟར་བྱུང་ན་ཉྭ་ལྷོག་ཡིན༔ དེ་ལ་རིགས་ནི་རྣམ་པ་གཉིས༔ ཚ་ལྷོག་ཆུ་དམར་ལུས་དྲོད་ཆེ༔ རྩ་ཚ་དེ་ནི་ཉུང་བ་ཡིན༔ དེ་བཅོས་སྨིན་བྱེད་པར་པ་ཏའི༔ ཐང་ནི་ཧུབ་གསུམ་ཙམ་རེ་བཏང༔ བདུད་རྩི་ཆེན་པོ་བཏང་བར་བྱ༔་་་བཙན་དུག་ར་དུག་ཤུག་ཚེར་མུ་ཟི་གུ་གུལ་ཤུ་དག་གླ་རྩི་ཤིང་ཀུན་བདུད་རྩི་རྣམས་རིལ་བུ་བྱས་ལ་བཏང་བར་བྱ། ཡང་ན་ཚ་གྲང་སྨན་ཇི་ལྟར་སྨོས་པ་བཞིན་བཏང་། ལི་ཤི་གུར་གུམ་དོམ་མཁྲིས་དང༔ ས་ལེ་ལྗང་པ་བཏང་བར་བྱ༔ གྲང་ལྷོག་ཡིན་ན་རྩ་ཆུ་དང༔ ཕྱི་ཡུལ་ཐམས་ཅད་གྲང་བ་ལ༔ ཕྱི་དྲོད་ཆུང་ཞིང་རྩ་བུལ་ལོ༔ བོང་ང་ཁ་གནོན་ཤིང་ཀུན་་་བཞི་འགྱུར།དང༔ ཛཱ་ཏི་པི་ལིང་རྒྱ་ཚྭ་དང༔ རྒྱམ་ཚྭ་ཁ་རུ་ཚྭ་རྣམས་ནི༔ ཞིབ་བཏགས་རིལ་བུ་སྲན་མ་ཙམ༔ གསུམ་ལྔ་ལ་སོགས་རིགས་པས་དཔྱད༔ འཁྲུ་བ་བཅད་པ་ཝ་གདོང་པ༔ བརྡུང་བསྐོལ་ཁུ་བར་ཚྭ་བ་གསུམ༔ ཤིང་ཀུན་བཏབ་ལ་བཏང་བར་བྱ༔ ལྟེ་འོག་ཚོན་གང་བཅལ་བའི་སར༔ མེ་བཙའ་བཏབ་པས་འཁྲུ་བ་ཆད༔ སྐྱུག་པ་ལ་ནི་ས་ལེ་ལྗང༔ ཕྱེ་མ་ཆང་ལ་བསྐོལ་བ་བཏང༔ སྤྲ་བ་གསུམ་གྱིས།་་་སྐེ་ཡི་ཏོང་ཏོང་པ་ལ་བསྲེག༔ སྤྱིར་དུ་སྨན་ནི་་་ཚ་གྲང་ཐམས་ཅད་ལ།བོང་ང་དང༔ ཨ་རུ་ར་ནི་ལྔ་འགྱུར་བཏང༔ གླ་རྩི་རྒྱ་ཚྭ་སྦྱར་བ་ཡི༔ རིལ་བུ་བྱས་ལ་ལྔ་གསུམ་བཏང༔ རིགས་པའི་བློ་དང་སྦྱར་ལ་བཏང༔ རོ་སྟོད་དག་ལ་ཟུག་ཆེ་ན༔ ཚིགས་པ་དྲུག་བདུན་མདུན་་་སྤྱི་གཙུག་སྙིང་དཀར་ནག།རྒྱབ་བསྲེག༔ ཉྭ་འགྱུར་ཟུག་ཆེ་ཚིལ་ཆེན་ལ༔ བོང་ང་ནག་པོ་བཏབ་ལ་བྱུགས༔ དེ་ནས་གསོན་ཆིངས་བྱ་བ་གཅེས༔ དེས་ནི་ཟུག་ཆག་ལོག་གནོན་ལ༔ སྨན།་་་དྲི་ཆུ་བར་པས་་་ཚ་གྲང་།ཁ་བསྒྱུར་བྱ༔ ཆང་ཞིམ་དང་ནི་ལུག་ཤ་དང༔ ཤ་ཆེན་ཚོ་ཁུ་བཏང་བར་བྱ༔ དེ་ཡིས་འཚོ་བར་ངེས་པ་ཡིན༔ བྱིན་འཆུས་གསོ་བ་འཕྲུལ་གྱི་ཡང་ཞུན་ཅེས་བྱ་བའི་མདེ་ཐུང་ངོ༔ ྀཨཚ༔ ༈ མིག་སེར་སྲུང་བའི་ཤོག་དྲིལ་ཏེ་ལྔ་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ མིག་སེན་ལུས་པོ་སྒྱུར་བ་ཡི༔་་་སེར་པོར་འགྲོ། ནད་བདག་ཕོ་མོའི་སྲོག་སྔགས་་་ན་ཤ་ཡི།དང༔ སྲུང་བའི་རིམ་པ་བསྟན་པ་ནི༔ མཐིང་ག་ལ་སོགས་སྔོན་པོ་་་གཡུའམ་སྤང་ངམ།ཡིས༔ ཕྲེང་གཅིག་ཏུ་ནི་བྲིས་ལ་གདགས༔ ཨོཾ་ཚལ་དུ་ཚལ་དུ༔ པ་ཏ་ཤ་ཧ༔ ན་ཤ་ཡ་ན་ཤ་ཡ༔ ཏྲིཾ་ཛ་ཏྲིཾ་ཛཿ བྷ་དྷ་ཡ༔ བྷ་དྷ་ཡ་ཕཊ་ཕཊ་སྭཱ་ཧཱ༔་་་སྔགས་ལུགས་གཅིག་ལ། སྲོག་སྔགས།་་་ཨོཾ་ཚལ་དུ་ཚལ་དུ༔ པ་ཏ་བྷ་ན༔ ན་ཤ་ཡ་ན་ཤ་ཡ༔ ཏྲི་མ་ཛ་ཏྲི་མ་ཛ༔ བྷ་དྷ་ཡ་ཕཊ་སྭཱ་ཧཱ། བཙན་དུག་ནག་པོ་ཁྲག་གིས་བྱུགས༔ གྲི་ཤི་དར་མའི་པགས་པས་བསྟུམ༔ ཉི་མའི་གུང་ལ་་་སྲོག་སྔགས།བདུན་བདུན་བཟླས༔ རབ་གནས་མི་ལག་མ་བརྒྱུད་གདགས༔ རྒྱ་ནད་མིག་སེར་སྲུང་བའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ མངྒ་ལཾ༔ ༈ ཤོག་དྲིལ་ནག་པོ་བཞུགས༔ གདུལ་དཀའ་མཐའ་དག་འདུལ་མཛད་པ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ཤིན་ཏུ་མ་རུངས་འཇིགས་པའི་ནད༔ ཧ་ལ་ཅོག་འགྱེལ་ཞེས་བྱ་བ༔ འཛུམ་བཅས་ལྟག་དགྱེད་སོ་གཙིགས་ནས༔ ན་ལོང་མེད་པར་འཆི་བ་འབྱུང༔ འདི་ནི་སྤང་ལ་མེ་མཆེད་བཞིན༔ འགོས་སྐྱེན་འཆི་སླ་གསོ་བ་དཀའ༔ གང་བྱུང་ས་དེར་མི་ཐོག་གཅོད༔ ཐོས་པ་ཙམ་གྱིས་འཇིགས་སྐྲག་སྔངས༔ དེས་ན་དེ་གསོའི་གདམས་པ་འཛིན༔ སྙིང་གི་དཀྱིལ་དུ་ས་མ་ཡ༔ ངན་ན་བུ་ལའང་མ་སྟེར་ཅིག༔ སིདྡྷི་ཕ་ལ་ཧོ༔ དེ་ལ་རྒྱུ་རྐྱེན་བརྟག་པའི་ཐབས༔ གསོ་ཐབས་གཉེན་པོ་བཞི་ཡིས་བསྟན༔ དེ་རྒྱུ་ལྷ་ཆེན་སྤྲུལ་པའི་གདོན༔ མ་མོ་ཌཱ་ཀི་ས་བདག་ཀླུ༔ གཉན་རྣམས་རབ་ཏུ་འཁྲུགས་ལས་བྱུང༔ དེ་ཡིས་ནད་དང་ལུས་ཟུངས་དང༔ དྲི་མར་བཅས་པ་ཤིན་ཏུ་བརླག༔ རྐྱེན་མེད་ཅར་ཕོག་ཡམས་སུ་འབྱུང༔ དེས་དྲག་གཉུག་ཐུང་སྲོག་ལ་རྒོལ༔ དྲུག་བདུན་ཁོངས་ལས་འདའ་མི་སྲིད༔ དེ་རྟགས་མ་ངེས་ཅིར་ཡང་འབྱུང༔ དང་པོ་ཆམ་པའི་རྣམ་པ་འདྲ༔ ཕྲུམ་སེར་བྱུང་ན་རབ་ཏུ་ལེགས༔ དེ་མ་བྱུང་ན་ཤིན་ཏུ་འཇིགས༔ ན་རྒྱུ་མེད་ཀྱང་སྙིང་མི་དགའ༔ ཕལ་ཆེར་མགོ་དང་མགྲིན་པ་ན༔ གློ་སྙིང་གཉིས་ལ་བབས་པ་ཡིན༔ མཆོག་ཏུ་ཆུ་ནི་མར་ནག་འདྲ༔ ཁྱད་པར་གསང་བའི་རྟགས་ལྔ་ཡོད༔ མེ་ལོང་གཡའ་དང་བྲལ་མ་བྲལ༔་་་སོག་པ་ནའམ་བ་སྤུ་ལྡོག །ཉི་ཟླ་ཐང་ལ་ལྷུང་མ་ལྷུང༔་་་མིག་གི་རྩ་རིགས་ལ་ཁྲག་གི་ཐིག་ལེ་འོང་། སྲིན་པོའི་རྒྱུ་ལམ་ཆད་མ་ཆད༔་་་སྲིན་ལག་གི་རྩ་དྲག་ཏུ་འཕར། རི་བོ་རྩེ་ནས་ཉིལ་མ་ཉིལ༔་་་ཨན་སྟོང་ནའམ་སྐྲངས་པ། དར་ཆེན་རླུང་གིས་བསྐྱོད་མ་བསྐྱོད༔་་་ལྕེ་སྟེང་དུ་འབྲུམ་པ་དཀར་པོ་དང་འོག་ཏུ་ནག་པོ་འོང་། ལྔ་ཀ་ཚང་ན་ལ་ཆེན་འདའ༔་་་རྟགས། དེ་མ་ཡིན་ན་འདི་ལྟར་གསོ༔ ན་མ་ཐག་ཏུ་དཔའ་བོ་་་འཛིན་པ།དང༔ མ་གི་ཏ་་་གླ་རྩི།དང་ཨ་མྲྀཏ༔་་་ཆོས་སྨན། མི་བསྐྱོད་པ་་་ལོ་བརྒྱད་དྲི་ཆུ།དང་སྦྱར་ལ་བཏང༔ གསང་བ་སུམ་སྦྱོར་ཞེས་བྱ་བ༔ གག་ལྷོག་ཅོག་འགྱེལ་གཉེན་པོ་སྟེ༔ ཉི་མ་གཅིག་ལ་ལན་གསུམ་དུ༔ འདི་ལ་ཡུན་རིང་ཀློད་ལོངས་མེད༔ མི་ཤ་འཕྲང་ལ་འཕྲད་པ་བཞིན༔ སུ་ཤི་ལག་གཏོད་ཚོད་མི་ལེན༔ ཡང་ན་དཔའ་བོ་སུམ་ཆ་་་ར་དུག་པ།དང༔ རྣམ་རྒྱལ་་་ཨ་རུ་ར།སུམ་གཉིས་མ་གི་ཏ༔་་གླ་རྩི། དེ་ལ་རྣོ་འདོད་རྒྱ་ཚྭ་དང༔ ངར་གླུད་ཤུག་པ་ཚེར་མ་ཅན༔ རྒྱབ་རྟེན་དམར་པོ་་་རྒྱ་མཚལ་རྒྱ་སྐྱེགས།རྣམ་པ་གཉིས༔ དྲི་མཆོག་རྣམ་གཉིས་་་གུ་གུལ་ཤིང་ཀུན།བྲག་གི་བཅུད༔ ལོ་བརྒྱད་བྱིས་པའི་རྟ་ལ་བསྐྱོན༔ ཐུམ་རྦུད་་་རྔུབ།རྦད་ཁཾ་ཁྱུར༔་་་སྔགས་འདི་བྱིན་རླབས་ཆེ་ཀུན་ལ་འགྲོ། སྔགས་རྒོད་ལྔ་ཡིས་བྱིན་བརླབས་ནས༔ བཏང་ན་གག་ལྷོག་ཅོག་འགྱེལ་ལ༔ འདི་མཚུངས་གཉེན་པོ་ཡོད་མ་ཡིན༔ དེས་ཀྱང་མ་དྲག་ནངས་པར་དུས༔ རྒྱལ་པོ་ཆུ་རྩ་མཐེབ་ཙམ།བློན་པོ་་་ཐར་ནུ་སུམ་ཆ།འབངས་་་ཤུ་དག་རིལ་མ་ཙམ།དང་གསུམ༔ དཔའ་བོ་་་འཛིན་པ་སྲན་ཙམ།གྲོགས་པོ་་་རེ་ལྕག་མཐེབ་ཙམ།གཏུམ་པོ་་་བོང་ང་སྲན་ཙམ།གསུམ༔ མི་་་ཤ་རླུང་གནོན་མཐེབ་ཙམ།དང་རྒྱ་སྟག་་་བྱང་བ་རྩ་ནད་འཁྲུད་པ་གསུམ།བོད་སྟག་་་སྦྲེ་ཅན་ཤ་མཐེབ་ཙམ།གསུམ༔ རི་དྭགས་་་གླ་རྩི་སྲན་ཙམ།ལྷོག་དུག་་་སྟག་ཤ་ཚོམ་གཅིག།འདྲེ་གསོད་་་གུ་གུལ་རིལ་མ་ཙམ།གསུམ༔ སྨན་མཆོག་་་ཨ་རུ་ར།རྒྱལ་པོ་དྲུག་འགྱུར་ཏེ༔ བཅུ་གསུམ་ཚོགས་པའི་སྨན་མཆོག་འདི༔ ལོ་བརྒྱད་བྱིས་པའི་རྟ་ལ་བསྐྱོན༔ རིལ་བུ་སྲན་མ་འབྲིང་པོ་ཙམ༔ བྱས་ཏེ་ན་ཚོད་ནད་སྟོབས་དང༔ སྦྱར་ལ་ཅི་རིགས་བཏང་བར་བྱ༔ གག་ལྷོག་ཅོག་འགྱེལ་གཉེན་པོ་སྟེ༔ ནད་རྣམས་རྩ་དང་དོན་སྣོད་ནས༔ རང་དབང་མེད་པར་འདོན་པ་ཡིན༔ འདི་ནི་བདུད་རྩི་ཤི་སོས་ཏེ༔ འཆི་བར་དུས་བཏབ་ངེས་པར་བཟློག༔ ཡ་ཐག་ཆད་པ་མ་གཏོགས་པ༔ སྨན་འདི་སླེབས་པས་ཤི་བ་མེད༔ དེ་རྗེས་རིམས་སྨྱོན་ཏྲེ་ཏྲེ་ཧོ༔ གཅིག་ལ་གཅིག་ཕན་འཕྲུལ་ལ་བཅོས༔ རྟ་རྒྱུག་རིམས་སྨྱོན་ཏྲེ་ཏྲེ་ཧོ༔ ཇི་བཞིན་འདིར་ཡང་ཤེས་པར་བྱ༔ སྤྱིར་དུ་ནད་འདི་གདོན་གྱིས་བསྐྱེད༔ དེ་ཕྱིར་དཀར་ཆོས་དགེ་ལ་འབད༔ གཟུངས་བསྡུས་ཕ་རོལ་ཕྱིན་པ་དང༔ མཚན་བརྗོད་བདེ་གཤེགས་མཆོད་པ་དང༔ གཏོར་མ་སྦྱིན་སྲེག་ཁྲུས་ཆོག་ལ༔ རབ་ཏུ་འབད་པ་གཅེས་པ་ཡིན༔ དེ་ཡིས་ནད་ལས་ཐར་བར་ངེས༔ ཅོག་འགྱེལ་ཞེས་པའི་ནད་ངན་ལ༔ འདི་མེད་གསོ་བའི་རེ་ཐག་ཆད༔ འདི་ཡིས་འགྲོ་བ་མི་ཡི་ལུས༔ སྲོག་གི་ཉེ་འདོན་བྱེད་པར་ཤོག༔ ཅོག་འགྱེལ་ནག་པོ་བཅོས་པའི་ཐབས༔ བདུད་རྩི་ཤི་སོས་ཞེས་བྱ་བ༔ ཀུན་གྱི་ཐུན་མོང་མ་ཡིན་པ༔ ཤིན་ཏུ་གསང་བའི་གདམས་པའོ༔ ྀཨཚ༔ ༈ རབ་གནས་མངའ་གསོལ་གྱི་ཤོག་དྲིལ་ཏེ་བཅུ་བཞི་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ རྫས་ལ་ནུས་པ་བསྐྱེད་པའི་ཕྱིར༔ རབ་ཏུ་གནས་པ་བསྟན་གྱིས་ཉོན༔ གཟའ་སྐར་ཚེས་གྲངས་བཟང་པོ་ལ༔ དམ་ཉམས་ཡུགས་ས་མཛེ་ཕོ་དང༔ དབང་པོ་མ་ཚང་ནད་གྲིབ་ཅན༔་་་རིམས་བྱུང་བའི་མི་ལ་སྲུང་བ་མི་སྦྱིན། སྤངས་ཏེ་མཚམས་བཅད་་་རྣལ་འབྱོར་དམ་ཚིག་ཅན།བག་ལྡན་པས༔ རྫས་སྨན་ཐམས་ཅད་འཚོགས་པ་གསོག༔ དཀར་སེར་སྔོན་པོ་གསུམ་བྱས་ལ༔ རིགས་གསུམ་མགོན་པོར་གསལ་བཏབ་ལ༔ ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ༔ ཡེ་དྷརྨཱ་ཡིས་རབ་གནས་བྱ༔ དེ་དག་ཐམས་ཅད་འོད་དུ་ཞུ༔ ཧཱུྃ་་་དུ་གྱུར་པས་རིལ་བུ་བྱུག་པ་ཕུར་མ་གསུམ་ཀ་རིགས་གསུམ་བསྐྱེད་པ་འདྲ། རིལ་བུ་ཧཱུྃ་དུ་གསལ།དང་ཕཊ་ཀྱི་སྒྲ་ཅན་དུ༔ གྱུར་པས་ཐམས་ཅད་སྲུང་བར་བྱེད༔ མི་ལག་མི་བརྒྱུད་བདུག་ཅིང་བཅང༔ དེས་ནི་གདོན་བགེགས་ནད་ལས་ཐར༔ རབ་གནས་དཔའ་བོ་གོ་ཆ་སྲུང་བ་མངའ་གསོལ་གྱི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱའོ༔ ྀཨཚ༔ ༈ ཟུ་གུ་གཟུད་པའི་གྱད་བཞུགས༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ནང་་་གི་སྲུང་བ།དུ་ཟུ་གུ་གཟུད་པ་ལ༔་་སྨན་དགུ་སྟེ། གླ་བ་་་བག་ཙམ།གུ་གུལ་་་ཆ་གསུམ།ཤིང་ཀུན་་་བག་ཙམ།དང༔ ཤུ་དག་་་ཆ་ཕྱེད་དང་གཉིས།སྨན་ཆེན་་་ཆ་གཅིག།ཁ་ནོན་་་ཨ་རུ་ར་དྲུག་འགྱུར།དང༔ ལྡོང་རོས་་་སེ་བ་གཉིས།གི་ཝང་་་གི་ཝང་ཆ་གཅིག།གཅིག་པུར་སྐྱེས༔་་་སྒོག་སྐྱ་དང་། ལོ་བརྒྱད་བྱིས་པའི་ཆུས་སྦྲུས།་་་དཔའ་བོ་རྣམ་དགུའི་ཟུ་གུ་གཞུག༔་་་ནང་ནས་ཟུ་གུ་མ་བཅུག་པར་ཕྱི་ནས་དམག་གིས་མི་བསྐོར་ཞེས་སོ། །མཐའ་བཞི་གྱད་ཀྱིས་བསྲུང་བ་ལ༔ འཁོར་ལོ་སྔགས་ཕུར་བྱུག་པ་སྟེ༔ གླ་བ་ཤིང་ཀུན་ཛཱ་ཏི་དང༔་་་བྱུག་པ་སྨན་གྱི་གྱད། གུ་གུལ་སྤྲུ་ནག་བདུད་རྩི་གཉིས༔་་་བཤང་གཅི། ཤུ་དག་མུ་ཟི་སྒོག་པ་གསུམ༔ བཅུད་སྦྱར་་་མིའམ་ཕག་པའི་ཚིལ་བུ་མར་རྙིང་ལ་སྦྱར།མཐིལ་དུ་སྲིན་ལག་མཉེ༔ དྲི་ལྡན་གནས་ཆེན་་་སྤྱི་བོ་སྨིན་མཚམས་ལྟག་ཁུང་སྙིང་ཁ་སྣ་རྩེ་ལྟེ་བ་བཤང་གཅི།བརྒྱད་དུ་བྱུགས༔ ཤ་ཆེན་སྟག་ཤ་སྤྲུ་ནག་དང༔་་་ཕུར་མ་རྫས་ཀྱི་གྱད། གླ་བ་རུ་རྟ་མུ་ཟི་དང༔ རིགས་གསུམ་མགོན་པོ་་་བོང་ང་ཡུང་བ་ཤུ་དག།མགུལ་དུ་གདགས༔ ཟས་དང་སྒྲ་སྐད་མ་འདྲེས་པར༔ ཤངས་ཀྱིས་དྲི་ཡི་སྙིང་པོ་བླང༔་་་ཕུར་མ་རྫས་ཀྱི་གྱད་གཅིག་པོས་ཀྱང་རིམས་ཐུབ། སྔགས་དང་འཁོར་ལོ་གཞན་དུ་བལྟ༔ ྀཨཚ༔ ༈ ཟུ་གུ་འཛུད་པའི་ཤོག་དྲིལ་ཏེ་བཅུ་པ༔ སྐྱོབ་པ་སངས་རྒྱས་སྨན་གྱི་བླ༔ བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ནང་དུ་ཟུ་གུ་འཇུད་པ་ནི༔ རྒྱ་ཚྭ་་་བག་ཙམ།མུ་ཟི་་་ཆ་གཅིག་སྟར་བུ་ལ༔ སེ་འབྲུ་ཤིང་ཚ་པི་པི་ལིང༔ སུག་སྨེལ་སྨན་བཞི་བསྡེབས་ལ་བཏང༔ རྩ་རུ་འདྲེན་ཅིང་མེ་དྲོད་སྐྱེད༔ འབྱུང་བ་གསོ་ཞིང་ལྗོན་པར་བྱེད༔ ཟུ་གུ་འཛུད་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ ཕུར་མས་སྲུང་བའི་ཤོག་དྲིལ་ཏེ་བཅུ་གཅིག་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ གཉིས་པ་ཕུར་མས་སྲུང་བ་་་་ནད་གདོན་དྲིས་སྲུང་བ་འདི་གཅེས་གསུངས།ལ༔ སྒོག་སྐྱ་ཁ་ཚར་བཏབ་ལ་གདགས༔ འགོ་བའི་ནད་རྣམས་མ་ལུས་ཐུབ༔ ྀཨཚ༔ ༈ བྱུག་པས་སྲུང་བའི་ཤོག་དྲིལ་ཏེ་བཅུ་གཉིས་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ གསུམ་པ་བྱུག་པས་སྲུང་བ་ལ༔ བཙན་དུག་ར་དུག་ལོ་བཙན་པ༔ སྦྲུལ་ཤ་སྤོས་དཀར་ཁ་ཚར་གདབ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང༔ འགོ་བའི་ནད་རྣམས་མ་ལུས་ཐུབ༔ ཁ་ཚར་སྨན་གྱི་མདེ་ཐུང་ནི༔ མེད་ན་སྲུང་བ་དོན་དང་བྲལ༔ ཞེས་གསུངས་སོ༔ ྀཨཚ༔ ༈ ཀླད་གཟེར་བཅོས་པའི་ཤོག་དྲིལ་ཏེ་བཅུ་དགུ་པ༔ བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ མགོར་བབས་ཀླད་གཟེར་ཞེས་བྱ་བ༔ འཛམ་གླིང་མི་རྣམས་ཕྱགས་མས་འདེབས༔ དེ་ཡི་གསོ་ཐབས་བསྟན་གྱིས་ཉོན༔ སྐྱ་ནད་གོང་དང་འདྲ་བ་ལ༔ མུར་གོང་ལྟག་པ་གཟེར་བ་དང༔ འཕར་རྩ་འཁྱུགས་ལ་འཕར་བ་འོང༔ མིག་སྤྲིན་དམར་ལ་ཤ་ལྤགས་ཚ༔ སྟོད་དུ་་་ཨན་ཙམ་རེ།གཟེར་ཞིང་གློ་ཡང་འོང༔ ཀླད་གཟེར་ནད་རྟགས་དེ་རྣམས་ཡིན༔ གསོ་བའི་ཐབས་ལ་རྣམ་པ་གསུམ༔ སྔོན་འགྲོ་རྒྱ་སྐྱེགས་ཐང་བཏང་ལ༔ དངོས་གཞི་གཉན་སྦྱོང་བཏང་བར་བྱ༔ རྒྱལ་པོ་ཐར་ནུ་སུམ་གཉིས་བཏང༔ བཙུན་མོ་ཧོང་ལེན་རན་པར་བཏང༔ བློན་པོ་ཆུ་རྩ་གསུམ་ཆ་བཏང༔ དེ་གསུམ་གྱིས་ནི་ནད་རྣམས་འཇོམས༔ གཙོ་བོ་གསུམ་ལ་སྐྱོབ་དྲུག་བཏང༔ རེ་ལྕག་རྩ་བ་ཆུ་རྩའི་ཕྱེད༔ སྟག་ཤ་དེ་དང་མཉམ་པ་གཅིག༔ གུ་གུལ་གླ་རྩི་ཤུ་དག་གོ༔ དགུ་སྦྱོར་འདི་ཡིས་མི་སོས་མེད༔ བྱེ་བྲག་ཀླད་པ་གཟེར་བ་ལ༔ གུ་གུལ་གླ་རྩི་བུང་ཆེར་བཏང༔ ཞི་བའི་སྨན་ལ་གུར་གུམ་དང༔ ཅུ་གང་ཐུན་རེ་གླ་རྩི་དྲུག༔ ལྡོང་རོས་ཆ་གཅིག་གུ་གུལ་ཕྱེད༔ ཁྱེའུའི་ཆུ་ཡིས་རྟ་བྱས་ལ༔ ཉིན་རེ་ལ་ཡང་ཐུན་གསུམ་བཏང༔ འབྲི་རྟ་བཟང་པོ་མཆོག་ཏུ་བསྔགས༔ ནད་མ་འབྱོངས་ན་ཁྲུས་བསྐྱར་བྱ༔ རྗེས་ནི་དཔྱད་ཀྱིས་བཅད་པ་སྟེ༔ སྔོན་ནས་མི་གཏར་ཕྱི་ནས་གཏར༔ མུར་གོང་འཁྱུགས་ན་རེ་ཐག་གཏར༔ ལྟག་ཟུར་འཁྱུགས་ན་ལྟག་རྩ་གཏར༔ དཔྲལ་བར་འཁྱུགས་ན་དཔྲལ་རྩ་གཏར༔ དེ་ནི་གཟེར་དམིགས་རྩ་ཡིན་ནོ༔ རོ་སྟོད་བག་རེ་ན་བ་ཡང༔ དབྱིབས་ནི་ཚད་པ་འཁྲིད་པ་ཡིན༔ རུ་ཐུང་གཡས་གཡོན་གཏར་བར་བྱ༔ སྙིང་རྩ་རྩེ་ཆུང་ཚོད་དང་སྦྱར༔ དེ་ལ་འཚོ་འཆིའི་རྟགས་རྣམས་ནི༔ མིག་སྤྲིན་སེར་པོ་ཡལ་ན་འཚོ༔ ཟུག་ཆུང་དང་ག་བདེ་ན་འཚོ༔ དེ་ལ་འཆི་བའི་རྟགས་བསྟན་པ༔ དང་ག་འགག་ཅིང་་་སྣ་བུག་ནས།ཆུ་སེར་འོང༔ དབུགས་སྣ་ཐུང་ན་འཆི་བ་ཡིན༔ ཀླད་གཟེར་བཅོས་པའི་ཐབས་འཚོ་འཆི་བརྟག་པ་དང་བཅས་པ༔ གསལ་བྱེད་ཉི་མའི་ཉིང་ཁུ་ཞེས་བྱ་བ༔ ཐུན་མོང་མ་ཡིན་པའི་གདམས་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ༈ སྟོད་གཟེར་བཅོས་པའི་ཤོག་དྲིལ་ཏེ་ཉི་ཤུ་པ༔ སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ སྲོག་གཅོད་ཁ་འདྲ་གཉན་གྱི་ནད༔ སྟོད་གཟེར་བཅོས་པའི་མདེ་ཐུང་ནི༔ མཚོ་རྒྱལ་ཁྱོད་ལ་བཤད་ཀྱིས་ཉོན༔ སྤྱི་རྟགས་ཀུན་དང་འདྲ་བ་ལ༔ ཁྱད་པར་གཟེར་ཐུང་རྟགས་བསྟན་པ༔ ནང་ལྷོག་ནག་པོ་ཡིན་པས་ན༔ སྙིང་ཁ་ནའམ་མཆན་འོག་གཟེར༔ ལུད་པ་དམར་སེར་ཁམ་ནག་འོང༔ མགོ་བོ་ན་ཞིང་མིག་སྤྲིན་སེར༔ གློ་འགག་དབུགས་ཐུང་རྔམ་པ་རྒོད༔ ཟུག་གཟེར་ཆེ་ཞིང་ཆུ་ཐོར་འོང༔་་་མུ་ཅོར་སྨྲ། བཅོས་པའི་ཐབས་ལ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ རྒྱ་སྐྱེགས་ཏིག་ཏ་ཧོང་ལེན་དང༔ བ་ཤ་ཀ་ཡི་གདུས་ཐང་བཏང༔ དངོས་གཞི་ཁོང་སྨན་གཞུང་དུ་ཤེས༔ རྒྱ་སྐྱེགས་ཐང་ནི་རྒྱུན་དུ་བཏང༔ རི་ཐང་མཚམས་སུ་་་བཅུད་གཞན་མི་གཏང་བར་སྲེ་ལོང་དང་ཆང་གསར་བཏང་།གཟབ་པར་བྱ༔ དྲུག་བདུན་འདས་ནས་གློ་ལུ་འོང༔ ཟུག་གཟེར་ཆུང་ན་སྒོག་ཆབ་བཏང༔ གུར་གུམ་ཅུ་གང་ལི་ག་དུར༔ ཤིང་མངར་སྦྲང་རྩི་བཞི་སྦྱར་བའི༔ རིལ་བུས་ཚད་གཞུག་སེལ་བར་བྱེད༔ གཉན་མ་ཆོམས་པར་གཏར་བ་ན༔ ཉེས་དམིགས་ཆེ་བས་ལེགས་པར་བརྟག༔ ཁྲག་གཟེར་ཆེ་ན་རྩེ་ཆུང་གཏར༔ རྟ་ཡིས་བརྡབས་པ་དང་གཡང་དུ་ལྷུང་བ་ལའང་།་་་བ་ཤ་ཀ་དང་ག་བུར་བཏང༔ བཤལ་གྱིས་གཉན་ནད་ཐུར་དུ་སྦྱང༔ གཏའ་ནི་བྱིས་པའི་ཆུ་ལ་སྦྱར༔ ནང་ལྷོག་ནག་པོ་ཡིན་པས་ན༔ དཀར་དང་མངར་ནི་བསྲུང་བར་བྱ༔ འདིས་ནི་ངེས་པར་འཚོ་བར་འགྱུར༔ གལ་ཏེ་དེས་ཀྱང་མ་ཐུབ་ན༔ བཙན་དུག་་་ཆ་གཅིག།ར་དུག་རེ་ལྕག་པ༔་་་ཆ་གཉིས། སྒ་སྐྱ་་་ཆ་གཅིག།ལྕེ་ཚ་་་ཀུན་དང་མཉམ།ཐར་ནུ་བ༔་་་ཆ་གཅིག །དུར་བྱིད་་་ཆ་གཅིག།མི་ཤ་་་ཀུན་དང་མཉམ།ཀ་ར་་་དྲུག་འགྱུར།རྣམས༔ ལོ་བརྒྱད་བྱིས་པའི་རྟ་ལ་བསྐྱོན༔ དར་མ་རྣམས་ལ་བཤལ་དུ་བཏང༔ རྒན་པོ་རྣམས་ལ་རང་བཞིན་བཏང༔ ལོག་ན་དེ་ཉིད་བསྐྱར་ལ་བཏང༔ སྦྱངས་རྗེས་ཤ་གསར་ཚོ་ཁུས་བཅད༔ སྨན་བུངས་ཆེ་ཆུང་ནད་དང་སྦྱར༔ ན་ནས་ཞག་གསུམ་བར་ལ་བཏང༔ གཟེར་ཐུང་ཚབས་ཆེན་བྱུང་བ་འམ༔ གག་ལྷོག།་་་ནག་པོ་ཚབས་ཆེན་མ་ལགས་པའི༔ ཚ་བ་གཞན་ལ་སྤང་བར་བྱ༔ གཉན་རྟགས་ཡལ་ལམ་མ་ཡལ་གཞུང་ལྟར་བརྟགས་ལ།་་་རྗེས་ལ་གཟེར་དམིགས་རྩ་ལ་གཏར༔་་་གཉན་སོད་པ་དང་དུས་མ་ཡོལ་བར་གཏར་བ་གཅེས་སོ། །ཐོར་བུའི་རླུང་ལ་སྣ་ཁ་ལེན༔ རྗེས་ལ་ཤ་ཆང་བཅུད་ལྡན་བསྔགས༔ སྟོད་བབས་གཟེར་ཐུང་བཅོས་པའི་མདེ་ཐུང་ངོ༔ བསིལ་བྱེད་ཟླ་བའི་བདུད་རྩི་ཞེས་བྱ་བ༔ ྀཨཚ༔ ༈ རྒྱུ་གཟེར་བཅོས་པའི་ཤོག་དྲིལ་ཏེ་ཉེར་གཅིག་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ སྨད་བབས་རྒྱུ་གཟེར་བཅོས་པའི་ཐབས༔ རྒྱ་ནད་དང་ནི་བྱིས་རིམས་སོ༔་་་གཉིས་ཀ་གཅིག་ལ་གཅིག་དགོས་པས་འཕྲུལ་ལ་བཅོས་སོ། །རྒྱ་ནད་དག་གི་རྟགས་རྣམས་ནི༔ ལུས་ཀྱི་འབྱུང་བཞི་འཁྲུགས་པ་ཡིན༔ ཚ་སྐྱུར་དྲག་ཤུལ་ལས་ཀྱིས་ལྡང༔ ཕོ་མཚན་རྩིབས་མའི་སྣ་རུ་ན༔ འཕྲལ་དུ་བཤལ་བ་དྲག་པོ་འབྱུང༔ འདི་ལ།་་་སྐྱ་ནད་དག་གི་རྟགས་མི་འོང༔ ཚ་འཁྲུ་གྲང་འཁྲུ་གཉིས་ཡིན་ཏེ༔ ཚ་འཁྲུ་སྨུག་སེར་འོང་བ་སྟེ༔ ཆུ་རུ་བླུག་ན་གཏིང་དུ་འགྲོ༔ གྲང་འཁྲུ་རྩམ་པའི་མདོག་མི་འགྱུར༔ ལྦུ་བ་བེའུ་སྣབས་དམར་རྩ་འབྱུང༔ ཆུ་རུ་བླུགས་ཀྱང་ཁ་རུ་འོང༔ རྒྱ་ནད་དག་གི་རྟགས་ཡིན་ནོ༔ འཁྲུགས་ཀྱི་ནད་ཡིན་རུ་ཐུང་་་གཡོན།གཏར༔ ཆུ་རྡོ་གྲང་མོས་ཕོ་མཆིན་བདུག༔ ཁོང་དུ་ཆུ་གྲང་ཡོག་ཚང་བཏང༔ ཐར་ནུའི་ཁཎྜ་ཆ་གཉིས། དུར་བྱིད་ཁྲོན་བུ་དོང་ག་ཆུ་རྩ་མཆུ་སྙུང་རྣམས་ཆ་རེ་སྦྱར་ལ་ཁྲུས་བྱའོ།་་་སྐབས་སུ་འཇམ་བཤལ་བཏང་བར་གཅེས༔ བཅད་ཐབས་ལ་སོགས་འཕྲུལ་ལ་བྱ༔ ཆད་ན་ཟན་དྲོན་བག་རེ་བཏང༔ རྒྱ་ནད་བཅོས་པའི་མདེ་ཐུང་ངོ༔ ྀཨཚ༔ ༈ གག་པ་དངོས་སུ་བསད་པའི་ཤོག་དྲིལ་ཏེ་བཅུ་བདུན་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ གག་པའི་བཅོས་ཐབས་བསྟན་གྱིས་ཉོན༔ སྐྱ་ནད་ཀུན་དང་འདྲ་བ་ལ༔ ཁྱད་པར་གག་པའི་རྟགས་བསྟན་པ༔ སྣ་ཁུང་འཁྱུག་ཅིང་ཕྲུམ་སེར་ཁྱེར༔ ཟ་ཡུ་བ་ནི་བསྡམས་པ་འདྲ༔ རིགས་གསུམ་དག་ཏུ་ཤེས་པར་བྱ༔ བྱ་ཐལ་བཞིན་དུ་འོང་བ་དང༔ ཟོ་ཤ་བཞིན་དུ་འོང་བ་དང༔ ཉ་སྐོག་བཞིན་དུ་འོང་བའོ༔ ཐོར་པ་ལ་ཡང་གསུམ་ཡིན་ཏེ༔ གསོར་མིག་ལྟ་བུ་འོང་བ་དང༔ སྨུག་པོ་རྡོག་པོར་འོང་བ་དང༔ འབྲུམ་པ་ཕྲ་མོར་འོང་བའོ༔ ཁོང་སྨན་བཏང་ལ་བུས་པར་བྱ༔་་་བཅོད་སྨན་གྱི་རིལ་བུ་སོགས་བཏང་བས་ནད་སོས་ཁག་གསོ། འཁྲུ་སྐྱུག་གི་ཆུ་སེར་སེལ་ལོ། །བྱང་བ་རྒྱ་ཚྭ་བིག་པན་དང༔ མེ་ཏོག་གསུམ་པ་ལི་ཤིས་བཅད༔་་་ཐེམ་པ་འོག་མར་རིལ་བུ་རྟ་རྔ་ལ་བཏགས་ལ་ཡར་འཐེན་མར་འཐེན་བྱ། རྒྱ་སྐྱེགས་བཙོད་དང་རྒྱ་ཚྭ་དང༔ བོང་ང་ནག་པོ་བཞིས་ཀྱང་བཅད༔་་་ཐེམ་པར་པ་ལ་བཅད་སྨན་ཕྱེ་མ་སྨྱུག་སྦུབ་ལྟ་བུས་གྲེ་བར་བུས་པས་སྐྱུག་པའམ་ཆུ་སེར་བྱུང་ན་སེལ་ལོ། །ཐར་ནུ་ཆུ་རྩའི་ཁཎྜ་ལ༔ རྒྱ་ཚྭ་བིག་པན་བཏབ་པས་དྲང༔ གི་ཝང་གླ་རྩི་རྒྱ་ཚྭ་དང༔ གུ་གུལ་བིག་པན་རུ་རྟ་དང༔ ཤུ་དག་ཟེ་ཚྭ་རྩི་བོ་ཆེ༔་་་རུ་རྟ་ཟེར་བའང་འདུག །དེ་དགུ་སྣ་ནས་བུས་པར་བྱ༔་་་ཐེམ་པ་གོང་མ་ལ། དེས་ཀྱང་མ་ཆོད་ཨོལ་མདུད་ཀྱི༔ ཏོང་ཏོང་པོ་ལ་མེ་བཙའ་བྱ༔ བཤལ་སྐྱུག་སྦྲེལ་མ་བསྟུད་ལ་བྱ༔ ཐེམ་པ་མཐོ་དམན་སྒྲ་ལ་བརྟག༔ དར་ན་ཐེམ་པ་དང་པོ་ལ༔ སོག་ན་ཐེམ་པ་བར་པ་ལ༔ བཤུ་ན་ཐེམ་པ་ཐ་མ་ལ༔ བབས་པས་འབད་ལ་བཅོས་པར་བྱ༔ གཞན་གྱིས་མ་ཐུབ་དྲག་པོས་བཅོས༔ མངར་སྐྱུར་དཀར་གསུམ་སྤང་བར་བྱ༔ རྗེས་ལ་ནག་ཐུག་ཚྭ་མེད་བཏང༔ དེ་ཡིས་འཚོ་བའི་རྟགས་བསྟན་པ༔ སྣ་ཁུང་གཟེར་འཁྱུགས་ཁྱོགས་ན་འཚོ༔ དང་ག་བདེ་ལ་སྐོམ་དད་ཆུང༔ མ་འཐིབས་ཤེས་པ་ཡང་བ་དང༔ གྲེ་བ་སྐོམ་པ་ཞི་ན་འཚོ༔ དེ་ཡིས་འཆི་བའི་རྟགས་བསྟན་པ༔ ཤེས་པ་འཁྲུལ་ཅིང་སྲོག་རྩ་གཟེར༔ སྣ་ཁྲག་བྱུང་ནས་ཀླད་སྙིང་གཟེར༔ དབུགས་ཐུང་ཁ་ནས་ཁྲག་བྱུང་འཆི༔ གག་པའི་འཚོ་འཆི་བརྟག་པའོ༔ གག་ཁྲག་སྐྱུག་གི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ དྲག་པོ་་་ར་དུག་པ་དྲུག་ནམ།གཏུམ་པོ་་་བོང་ང་དྲུག་ནམ།ཤོག་ཤིང་་་རེ་ལྕག་པ་ཞོ་ཕྱེད།དང༔ གསེར་གྱི་་་ལྕུམ་རྩ་ཞོ་གསུམ།མེ་ཏོག་ཀ་མོ་ཉ༔་་་ཐར་ནུ་ཞོ་གསུམ། མཱཾ་ས་་་ཤ་ཆེན་ཞོ་གསུམ་ཆ་མཉམ།ཀ་ར་གླ་བ་་་དྲི་ཐོན།གུལ༔་་་ཞོ་ཕྱེད། མི་བསྐྱོད་པ་་་ལོ་བརྒྱད་པའམ་བྱིན་རླབས་ཅན་གྱི་ཆུ།ལ་སྦྱར་བ་བཏང༔ ཐུབ་པ་ཆེན་པོ་་་ཨ་རུ་དང་དྲི་ཆེན་དུམ་གཅིག།གལ་ཆེའོ༔ ༈ ལྷོག་པ་དངོས་སུ་བསད་པའི་ཤོག་དྲིལ་ཏེ་བཅུ་དྲུག་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ འཆི་བདག་ཁ་འདྲ་སྲོག་གཅོད་ནད༔ ལྷོག་པའི་བཅོས་ཐབས་བཤད་ཀྱིས་ཉོན༔ འདི་ལ་ཚིག་དོན་བཅུ་བཞི་སྟེ༔ རིམ་བཞིས་་་མན་ངག།གནད་ཀྱིས་ནད་ངོས་བཟུང༔ སྟོབས་བཅུས་རང་སྲུང་གོ་ཆ་བགོ༔ སེམས་གསུམ་ལྡན་པས་གཞན་བཅོས་ཏེ༔ ནང་དུ་ཟུ་གུ་གཞུག་པ་དང༔ ལུང་པའི་མདོ་སྒོ་སྲུང་བ་དང༔ འཇུག་པའི་སྒོ་གསུམ་དགག་པ་དང༔ གྲོང་ཁྱེར་གྲོས་ཐག་བཅད་པ་དང༔ རྒྱལ་པོ་གདན་ལས་དབབ་པ་དང༔ ཐ་མ་དམག་གིས་བསྐོར་བ་དང༔ དོན་པོ་གཡུལ་དུ་བསད་པ་དང༔ ལྷག་མ་མེད་པར་བཟའ་བ་དང༔ མཐུན་བསྟེན་འགལ་བ་སྤངས་བ་དང༔ གཉན་དང་མི་གཉན་རིམ་པ་དང༔ འཚོ་མི་འཚོ་ཡི་བརྟག་པའོ༔་་་སྟེ་མདོར་བསྟན་པའོ། །དེ་དག་རྒྱས་པར་བཤད་པ་ལ༔ རིམ་བཞིན་ནད་ངོས་བཟུང་བ་ནི༔ རྟགས་ཆེན་་་ལྟག་པའི་བདུད་སྒོའི་ཁ་འཕར།༡ ཚིགས་པ་དང་པོ་ན།༢ མིག་ལ་རྩ་རིས་དམར་པོ་འོང་།༣ བ་སྤུ་ལྡོག༤ །ཤ་མདོག་འགྱུར།༥ སྙིང་མི་དགའ་བ་དྲུག་གོ༦ །དྲུག་གིས་སོ་པ་གཟུག༔ ལྷོག་པར།་་་དྲག་པོ་སྔགས་ཀྱི་ནུས་པས་གཟིར༔་་་བས་སླར་སྐྲངས་ན་ཡིན། གཉེན་པོ་སྨན་གྱི་སྟོབས་ཀྱིས་སློང༔་་བྱུག་པས་སླར་སྐྲངས་ན་ཡིན། རྟེན་འབྲེལ་རྫས་་་ཕག་སྣས་དྲུད། གཟི་རྙིང་གིས་ཨུར། བྱི་ཐུར་གྱིས་དབུག།ཀྱིས་བརྟག་པའོ༔ སྟོབས་བཅུའི་གོ་ཆ་བགོ་བ་ནི༔ དཔའ་བོ་མི་གསུམ་་་གླ་བ་གུ་གུལ་ཤིང་ཀུན་ཆུ་གཙང་ལ་སྦྱར།ནང་དུ་འཛུད༔ ནོར་བུ་དུང་གི་རྒྱན་ཆ་་་གླ་བ་མུ་ཟི་བྱ་རྒོད་ཤ་ཕག་ཚིལ་གྱིས་ཕུར་མ་བྱས་ལ་གདགས།གདགས༔ དྲི་ལྡན་དགུ་་་གླ་བ་ཤིང་ཀུན་དྲི་ཆེན་ཛཱ་ཏི་གུ་གུལ་སྤྲུ་ནག་མུ་ཟི་བྱ་རྒོད་ཤ་ཕག་ཚིལ་ལམ་མི་ཡི་ཞུན་དང་སྦྱར་ལ་གསང་སྒོ་བརྒྱད་དུ་བྱུག་པར་བྱ།ཡིས་བྱུག་པར་བྱ༔ གཉེན་པོ་ལྷ་ཡི་ཏིང་འཛིན་་་གཞུང་བཞིན།བསྒོམ༔ གྲོང་ཁྱེར་དྲུག་པའི་སྔགས་རྒོད་་་ཁ་ལ་ཛ་ཤག་ཏི་རྦད།བཟླ༔ འཁུ་མེད་གསུམ་་་སྤང་རྩི་དོ་བོ་ཆ་ཕྱེད་ཆུ་རྩ་ཆ་བཞི་སྟག་ཤ་བ་ཞིབ་པར་བཏགས། ལོ་བརྒྱད་ཆུ་ལ་སྦྱར་ལ་བཏང་།གྱི་ཟུ་གུ་འཛུད༔ ཡང་ན་དྲེགས་པ་སྡེ་བདུན་སྦྲན༔་་་བོང་ང་གསེར་མདོག་གུ་གུལ་གི་ཝང་ཤུ་དག་ཤིང་ཀུན་གླ་བ་དྲི་ཆུར་སྦྱར་བ་སྲན་མ་ཙམ་རེ་བཏང་ངོ། །དཔའ་བོ་གསུམ་གྱིས་མདོ་སྒོ་བསྲུང༔་་་སྟག་ཤ་སྤང་རྩི་ཆུ་རྩ་གསུམ་དྲི་ཆུས་སྦྲུས་པ་མཐིལ་བཞི་དང་རྩ་སྒོར་བྱུག །ཡང་ན་གཉེན་པོ་མི་གཉིས་བཞག༔་་་ར་དུག་པ་ཁྱི་ནག་ཁྲག་གིས་བྱུག །དངོས་གྲུབ་བར་པས་གྲོས་ཐག་བཅད༔་་་དྲི་ཆུ་བར་པས་སྐྲངས་པ་དག་པར་བཀྲུ། ཡང་ན་གཙང་མ་གསུམ་གྱིས་བཀྲུ༔་་་སྔགས་པ་དགེ་སློང་བྱིས་པ་གསུམ་གྱི་དྲི་ཆུ། མངར་གསུམ་རོ་ལ་རྒྱལ་པོ་བརྟེན༔་་་ཀ་ར་བུ་རམ་སྦྲང་རྩི་སྦྱར་བས་སྐྲངས་ཀྱི་དཀྱིལ་དུ་བག་ཙམ་བྱུགས། ཡང་ན་སྙིང་པོ་རྣམ་གསུམ་སྦྱིན༔་་་མར་བུ་རམ་ཏིལ་དང་གསུམ་སྦྱར་ལ་དཀྱིལ་དུ་བསྐུ །ཚ་གྲང་མེ་ཡི་རང་བཞིན་ལ༔ བསིལ་བྱེད་བདུན་པའི་ཆུ་དམག་དྲང༔་་་སྟག་ཤ་ཀྱི་ལྕེ་པར་པ་ཏ་བྲག་ཞུན་ཆུ་རྩ་ཐར་ནུ་དུད་པ་བདུན་ཞིབ་པར་བཏགས་ལ་དྲི་ཆུ་ལ་སྦྱར་ལ་དཀྱིལ་མིན་པར་བསྐུའོ། །གྲང་སྐྲངས་ཆུ་ཡི་རང་བཞིན་ལ༔ དྲོད་ཅན་ལྔ་ཡི་དམག་གིས་བསྐོར༔་་་བོང་ང་སྤྲུ་ནག་རེ་ལྕག་པ་ར་དུག་པ་ཆུ་རྩ་རྣམས་ཆུ་གཙང་ལ་སྦྱར་བསྐུ། མདོར་ན་སྐྲངས་པ་ཐམས་ཅད་ལ༔ བོང་ངས་དངོས་གཞི་གསོད་པར་བྱེད༔ གླ་རྩི་ཤུ་དག་ཤིང་ཀུན་གསུམ༔ དེ་ལ་དྲི་ཅན་གསུམ་ཞེས་བྱ༔ ཆུ་སེར་དཀར་ནག་གཉིས་ཀ་སྐེམ༔ བཟང་པོ་གསུམ་གྱི་དྲོད་སྨན་ལ༔ དེ་ལ་དྲོད་ཅན་གསུམ་ཞེས་བྱ༔ ཆུ་སེར་ནག་པོ་སྐེམ་པ་ཡིན༔ གུ་གུལ་སྤྲུ་ནག་ཤ་ཆེན་གསུམ༔ དེ་ལ་ནག་པོ་གསུམ་ཞེས་བྱ༔ དེ་ཡིས་གཉན་ཚད་མ་ལུས་སེལ༔ མཁན་རྩ་སྤོས་ཀྱི་རྩ་བ་གཉིས༔ དེ་ལ་ཚན་སྣ་གཉིས་ཞེས་བྱ༔ མི་གཙང་གྲིབ་རྣམས་སེལ་བར་བྱེད༔ ཁྱི་དང་ཕག་པ་སྤྱང་ཀིའི་བྲུན༔ དེ་ལ་བྲུན་སྣ་གསུམ་ཞེས་བྱ༔ འབྲོས་མི་ནུས་པའི་རྫས་སུ་བསྟན༔ སྤྱང་ཚེར་སྟག་ཤ་རུ་རྟ་གསུམ༔ ནུས་པ་ཅན་གྱི་རྫས་སུ་བསྟན༔ རླག་པར་བྱེད་པའི་རྫས་གསུམ་ཡིན༔ གཏའ་ནི་སྦང་མ་གར་པོས་བྱ༔ ཞག་གསུམ་བར་དུ་ངོ་ཏི་བཞག༔ དེ་ནས་གཟོད་དེ་ཐམས་ཅད་མནན༔ དེ་ནས་དམག་གིས་བསྐོར་བའོ༔་་་དེ་ལྟར་མ་ནོར་བ་བྱས་ན་གཉན་གྱི་རིགས་ཐམས་ཅད་ཐུབ། གཤེད་མ་བཅུ་ཡིས་་་བོང་ང་གསེར་མདོག་སྟག་ཤ་རུ་རྟ་གླ་རྩི་ཤིང་ཀུན་བྱང་བ་དུར་བྱིད་རྒྱ་ཚྭ་ཐར་ནུའི་ཁཎྜ་དྲི་ཆུས་སྦྲུས་ལ་རིལ་བུ་སྲན་མ་ཙམ་ལྔའམ་བདུན་ནམ་ནད་སྟོབས་དང་སྦྱར་ལ་བཏང་། སྨན་ནད་བྱུང་ན་ནག་པོ་ཚན་དྷེ་དང་རིལ་བུ་གྲངས་མཉམ་པ་བཏང་ངོ་།དོན་པོ་བསད༔ རྔམས་བྱེད་བཞི་ཡིས་ཕུང་པོ་བཟའ༔ མཐུན་བསྟེན་འགལ་བ་སྤངས་པ་ནི༔ ཟས་དང་སྤྱོད་ལམ་རྣམ་གཉིས་སོ༔ ཕག་ཤ་བ་ཤ་གཡེར་ཆབ་དང༔ ཟན་དང་ཆབ་ཚ་ཟ་བར་བྱ༔ ཆང་དང་མར་རྙིང་རུལ་སུངས་ཤ༔ བཤུལ་ཤ་དཀར་མངར་བུ་རམ་སྤང༔ ལག་བསྐོར་རྔ་སྒྲའི་རྩར་མི་བསྡད༔ ཕྱུགས་ཀྱི་ལྷས་སུ་ཉལ་མི་བྱ༔ ཆ་རྐྱེན་མ་ཚོགས་སྨན་མི་བཏང༔ སྐྲངས་ཡར་འཁྱུགས་མར་འཁྱུགས་བྱེད་ན།་་་ཐབ་འདོན་ཁྲུས་དང་སྐོང་བཤགས་བྱ༔ གཉན་མི་གཉན་གྱི་རིམ་པ་ནི༔ མགོ་སྙིང་རྐང་པ་གསང་གནས་སུ༔ བབས་པ་རྣམས་ནི་གཉན་པ་ཡིན༔ སྲ་དང་མཆོང་ན་གཉན་པ་ཡིན༔ ཐོག་བབས་བྱུང་ན་་་ཀླུ་ཆོག་བྱ།གཉན་པ་ཡིན༔ སྨད་གཟེར་སྟོད་དུ་མཆོང་ན་གཉན༔ ཆེ་ཞིང་ལྕི་ལ་ཆུ་སྦུར་ཅན༔ སྟོད་གཟེར་སྨད་མཆོང་མི་གཉན་ནོ༔ ཐུབ་མི་ཐུབ་ཀྱི་བརྟག་པ་ནི༔ གློ་བུར་སྐྲངས་ཤིང་ནང་རོལ་གཟེར༔ མི་བཟློག་པ་དང་མཁུར་ཚོས་རྡིབ༔ སྣ་ཁྲག་འོང་རྣམས་མི་འཚོ་འཆི༔ ཟས་ཞིམ་སེམས་དགའ་ཤེས་པ་ཡང༔ སྐྲངས་པ་མཐོ་ཞིང་བྱུང་སར་ཆེ༔ སྐྲངས་པ་གཉེར་མང་ན་ཟུག་མེད༔ དེ་དག་ཐུབ་པའི་རྟགས་ཡིན་ནོ༔ ཞེས་གསུངས་སོ༔ ལྷོག་པ་དངོས་སུ་གསོད་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ དཀར་གསུམ་མངར་གསུམ་ཟས་ཀྱི་སྤྱང་ཀི་ཡིན༔ ག་བུར་གི་ཝང་སྨན་གྱི་སྤྱང་ཀི་ཡིན༔ ྀཨཚ༔ ༈ སྲུང་བ་མེ་དང་ཐོད་པའི་ཤོག་དྲིལ་ཏེ་བཅུ་གསུམ་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བདག་གཞན་བར་ཆད་སྲུང་བ་ལ༔ ཡང་དག་དོན་ལྡན་རྣལ་འབྱོར་པས༔ སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ མེ་རི་མེ་ཕུང་འབར་བའི་ཀློང༔་་་དུ་བ་འཐུལ་བ། དེ་དབུས་ཐོད་པའི་གཞལ་ཡས་ཁང༔ དཀར་ལ་དམར་བའི་མདངས་ཅན་བསྒོམ༔ དེ་ནང་རྡོ་རྗེའི་གཞལ་ཡས་ཁང༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ སྟོང་ཉིད་དོན་ལྡན་བསམ་པར་བྱ༔ རྡོ་རྗེའི།་་་ལྟེ་བར་བདག་གཞན་ཡོ་བྱད་བསམ༔ སྲུང་བ་འདི་ལྡན་་་ནད་དང་གདོན་དང་ལྷ་སྲིན་སྡེ་བརྒྱད་ཀྱིས།ཚུགས་པ་མེད༔ འཆི་ལྟས་ཚང་ཡང་བསྒོམས་པས་ཆོག༔ སྲུང་བ་མེ་དང་ཐོད་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ རྒྱུ་གཟེར་སྲུང་བའི་ཤོག་དྲིལ་ཏེ་གསུམ་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱ་ནད་རྒྱུ་གཟེར་ནད་བདག་མོའི༔ སྲོག་སྔགས་སྲུང་བ་བསྟན་པ་ནི༔ བདག་ཉིད་བཛྲ་པཱ་ཎིར་བསྒོམ༔ སྲོག་སྔགས།་་་ཨོཾ་མ་ར་བྷ་ཏང་སརྦ་བྷ་ར་ཏུ་ན༔ ན་ཤ་ཡ་ཕཊ༔ རུས་པ་་་ཐོད་རུས་བསྲེགས་པ།མུ་ཟི་གླ་བ་དང༔ སྟག་ཤ་སྤུ་ཡིས་་་སྔགས་རྩ་བ་མནན།བྱུག་པར་བྱ༔ སྔགས་བཟླས་གཟིར་ལ་སྲུང་བ་གདགས༔ རབ་གནས་ལ་སོགས་གོང་བཞིན་བྱ༔ མ་མོ་རྒྱུ་གཟེར་ནད་བདག་མོའི༔ སྲོག་སྔགས་མངོན་དུ་བསྟན་པའོ༔ རྒྱུ་གཟེར་སྲུང་བའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ འབྲོས་བཞི་བྱིན་འཆུས་སྲུང་བའི་ཤོག་དྲིལ་ཏེ་བཞི་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ འབྲོས་བཞི་བྱིན་འཆུས་ནད་བདག་མོའི༔ སྲོག་སྔགས་སྲུང་བ་བསྟན་པ་ནི༔ རིན་ཆེན་གསེར་རམ་དངུལ་དག་གིས༔ བྲིས་པ་དཔུང་པ་ཕོ།་་་གཡས་མོ།་་་གཡོན་གདགས༔ ཨོཾ་ར་ཙ་ཧ་ཤི་མ༔ རུ་དུ་ཏྲི་ཡཾ་རྦད༔ ཏྲིཾ་རྦད་ནི་ཤེ༔ དུ་ཡ་ཏྲཾ་རྦད་བྷྱོ༔་་་སྲུང་སྔགས། སྔགས་ལུགས་གཅིག་ལ། ཨོཾ་ར་ཙ་ཏ་ཤི་བ༔ རུ་དུ་ཏྲི་ཡཾ་རྦད༔ ཏྲིང་རྦད་ནི་ཤི་དུ༔ ཡ་ཏྲཾ་རྦད་བྷྱོ༔ བྱུགས་དུས་་་སྲོག་སྔགས།སྔགས་ཆུ་ནང་དུ་བཏང༔ དྲི་ལྡན་གསུམ་་་གླ་བ་གུ་གུལ་ཤིང་ཀུན།གྱིས་རྩ་བ་མནན༔ རབ་གནས་ལ་སོགས་གོང་བཞིན་བྱ༔ འབྲོས་བཞི་བྱིན་འཆུས་སྲུང་བའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ མངྒ་ལཾ༔ ྀཨཚ༔ ༈ གག་ལྷོག་སྲུང་བའི་ཤོག་དྲིལ་ཏེ་དྲུག་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ས་ནད་གག་ལྷོག་ནད་བདག་མོའི༔ སྲོག་སྔགས་སྲུང་བ་བསྟན་པ་ནི༔ རིན་ཆེན་གསེར་བྲིས་ཧ་ལས་བྱུག༔ སྲོག་སྔགས།་་་ཨོཾ་ནཱ་ག་ས་རཱུ་པ་ཚ་ཧ་ལེ་ཕོས་སོད༔ སྲུང་སྔགས།་་གྷ་ཡ་ཧུར་ཁཾ་ཁྱུར་རྦད༔་་་ལུགས་གཅིག་ལ།་་་ཨོཾ་ནཱ་ག་ས་རུ་པ་ཙ་ཧ་ལེ་ཕེས་སོང་གྷ་ལ་ཧུར་ཁྱུང་རྦད༔་་་ཟེར་བའང་འདུག །ཕག་ཁྲག་བྱ་རྒོད་ཁྲག་གིས་བྱུག༔ ཕྲེང་གཅིག་བྲིས་ལ་སྤྱི་བོར་གདགས༔ དུས་་་བཟང་ངོ་།གསུམ་དྲོ་ལ་་་རིམས་དྲག་པོ་བྱུང་དུས།ཉེར་གཅིག་བཟླ༔ རབ་གནས་ལ་སོགས་གོང་བཞིན་བྱ༔ ས་ནད་གག་ལྷོག་སྲུང་བའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ ཉི་ཟླ་འཁོར་ལོའི་ཤོག་དྲིལ་ཏེ་བརྒྱད་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཐབས་ཤེས་ཉི་ཟླའི་འཁོར་ལོ་ནི༔ རྩིབས་བརྒྱད་འདབ་བརྒྱད་འོད་ཟེར་འཕྲོ༔ དབུས་སུ་སྐྱེད་པའི་ས་བོན་་་ཨ་དང་མ།དང༔ ཙཀྲའི་རྩིབས་འདབ་སྔགས་འདི་བྲི༔ ཨ་་་ཉི།མ་་་ཟླ།ནཱི་ལཾ་ཛ་ཏི་བྷྲཱུྃ་ས་ཏྲི་རྦད༔ སྔགས་མགོ་ཉི་མ།་་་ཕྱི་དང་ཟླ་བ།་་་ནང་དུ་བསྟན༔ ཐབས་ཤེས་འཁོར་ལོ་འབར་བ་འདིས༔ ཕྱག་རྒྱ་བསྣོལ་ཞིང་གདབ་པ་ཡིས༔ གནོད་བྱེད་སྒྲོལ་ཞིང་སྲུང་བར་བྱེད༔ ཉི་ཟླ་འཁོར་ལོའི་མདེ་ཐུང་ངོ༔ འདི་ན་ཐབས་ཤེས་ཀྱི་འཁོར་ལོ་ཡིག་འབྲུ་དང་མེ་རིས་མཚན་པ་གཉིས་ཡོད་དོ།་་་ཨེ་མ་རབ་ཏུ་གསང་བར་བྱ༔ ྀཨཚ༔ ༈ མཚོ་རྒྱལ་ལ་གདམས་པའི་ཤོག་དྲིལ་ཏེ་དགུ་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ པདྨ་འབྱུང་གནས་བདག་གིས་ཀྱང༔ སྣ་ཚོགས་སྐུལ་ནས་ལྷ་སྲིན་བཏུལ༔ ཁྱད་པར་ནད་བདག་ལྷ་སྲིན་གྱི༔ སྲོག་སྔགས་སྲུང་བ་གཅིག་ཏུ་དྲིལ༔ བརྩེ་བའི་སེམས་ཀྱིས་ཁྱོད་ལ་གཏད༔ བྱང་སེམས་ལྡན་པས་་་་སྲུང་བ་དང་སྔགས་ཆུས།གཞན་ཕན་བྱ༔ གདམས་པ་མ་སྤེལ་་་ཀུན་གྱིས་ཤེས་ན་ལྷ་སྲིན་ཀུན་ལ་གནོད་པས།སེམས་ལ་ཆོངས༔ དལ་ཡམས་དར་ན་བསྲུང་བར་གྱིས༔ ཟླ་སྟོད་གཟའ་སྐར་བཟང་པོ་ལ༔་་་རྒྱལ་ལམ་སྨིན་དྲུག་དར་བ་ལ། རྫས་སྔགས་རབ་གནས་ལྡན་པ་གཅེས༔ གསུངས་ནས་མཚོ་རྒྱལ་ལ་གདམས་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ རུས་པ་དར་ཡ་ཀན་གྱི་བཤད་པ་བཞུགས༔ ྈྈྈྈྈྈྈྈ ྈྈྈ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ སྙིགས་དུས་སེམས་ཅན་མ་ལུས་ལ༔ ནད་མཚོན་མུ་གེའི་གདོན་གྱིས་གཟིར༔ སྡེ་བརྒྱད་ཁ་རླངས་དུག་གིས་མྱོས༔ འདི་ལ་ལྷག་པར་མི་གཟིགས་ན༔ རྒྱལ་བའི་ཐུགས་རྗེས་ཅི་ཞིག་བྱ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྐྱེ་བ་བདུན་གྱི་སྲིང་གཅིག་མ༔ གབ་པ་གཏེར་གྱི་ཡང་ཞུན་འདི༔ མ་བས་ལྷག་པའི་བུ་ཆེན་ཡིན༔ ཡང་གསང་སྦས་པའི་དཀོར་མཛོད་ཡིན༔ མཁའ་འགྲོ་དྲུག་གི་སྙིང་ཁྲག་ཡིན༔ ཟུག་རྔུ་འབྱིན་པའི་ཁྱད་སྨན་ཡིན༔ བུམ་པ་འདེགས་པའི་གྱད་དྲུག་ཡིན༔ བཙལ་བ་སླ་ལ་སྒྲུབ་པ་མྱུར༔ ཉེ་བར་མཁོ་ལ་སྙིང་ཐག་ཉེ༔ ཁྱབ་པ་ཆེ་ལ་ནུས་པ་རྣོ༔ རྒྱབ་རི་བཟང་ལ་བློ་གདིང་ཆེ༔ སེང་གེས་འབྲུག་སྐད་འདོན་པ་བཞིན༔ ཉམ་ང་བག་ཚ་མེད་པ་ཡིན༔ བཀའ་སྲུང་མཐུ་ཆེན་དགུ་ལ་བཅོལ༔ གཉེར་ཁ་ཇོ་མོ་ཁྱེད་ལ་གཏད༔ ལན་གཅིག་དགོས་པའི་དུས་བབས་ཚེ༔ ཕ་ནོར་བུ་ཡིས་ལེན་པ་ལྟར༔ གཏེར་སྟོན་དཔྲལ་བ་ན།་་་འོད་ཀོར་རྨ་བྱའི་མདོངས་ཅན་གཅིག༔ ཤར་གྱི་ཕྱོགས་ནས་འོང་གིས་གཏོད༔ དེ་ཡིས་ལས་ཅན་གཅིག་ལ་སྦྱིན༔ སྣོད་ལྡན་གཅིག་ནས་གཅིག་བརྒྱུད་ལ༔ ནད་རིམས་རྒྱ་མཚོ་སྐེམ་པར་ཤོག༔ སྣོད་མིན་རྣམས་ལ་ས་མ་ཡ༔ རླུང་དང་མཁྲིས་པ་བད་ཀན་སོགས༔ རིམས་ནད་ཐམས་ཅད་འགྱེལ་བའི་སྨན༔ འཚོ་བྱེད་དྲོད་སྐྱེད་ཁ་ཟས་འཇུ༔ མི་གནད་གདོན་སེལ་ཤ་སྐྱེད་ཅིང༔ རུལ་གཅོད་དོན་འགྲུབ་བཀྲ་ཤིས་པའི༔ རྒྱལ་བས་བྱིན་བརླབས་སྨན་གྱི་མཆོག༔ རིགས་ལྔ་རོ་དྲུག་ནུས་པ་བརྒྱད༔ ཞུ་རྗེས་གསུམ་ལྡན་ནད་རིགས་འཇོམས༔ རིམས་ཀྱི་མེ་དཔུང་འཇིལ་བའི་ཆུ༔ དེ་ཡི་ཡོན་ཏན་བརྗོད་མི་ལང༔ མིང་གཞན་ཀུན་རྒྱུག་ལན་ཚྭ་ཕབས༔ ཀུན་གྱི་རྟ་དང་ཡིད་རོ་མེད༔ ཧ་རི་ཏ་ཀ་སྨན་གྱི་མཆོག༔་་་ཨ་རུ་ར་གསེར་མདོག །མིང་དང་ཡོན་ཏན་བསམ་མི་ཁྱབ༔ སྦྱོར་བ་གང་དང་གང་བྱེད་ཀྱང༔ གཞི་མ་ཆ་ཕྱེད་འདི་ལ་བླང༔ རྣམ་ཐར་གླེང་གཞིའི་ལེའུའོ༔ ྈྈྈ རིམས་ནད་སྤྱི་ཡི་དོན་བསྡུས་པ༔ རྒྱུ་རྐྱེན་ངོ་བོ་ངེས་ཚིག་དང༔ མཚན་ཉིད་དབྱེ་བ་བཅོས་ཐབས་སོ༔ རྒྱུ་ནི་སྡེ་བརྒྱད་འཁྲུགས་པ་དང༔ གདུག་པ་ཅན་གྱི་ཁ་རླངས་ལས༔ མི་ཤིས་སྣ་ཚོགས་དེ་ལས་བྱུང༔ རྐྱེན་ནི་ལོག་སྤྱོད་སྣ་ཚོགས་ཡིན༔ ངོ་བོ་ཐམས་ཅད་ཚ་བ་སྟེ༔ ངེས་ཚིག་རིམ་གྱིས་འཇུག་པས་ཡིན༔ དབྱེ་བ་རླུང་མཁྲིས་བད་ཀན་འདུས༔ ལེ་བརྒན་ཀླད་གཟེར་རྨོངས་བུ་དང༔ གློ་རིམས་ཁྲག་རིམས་སྨྱོ་བ་དགུ༔ སྡོམ་གྱི་ལེའུའོ༔ མཚན་ཉིད་སྤྱི་དང་བྱེ་བྲག་ལས༔ དང་པོ་གྲང་ཤུམ་མེ་ཉི་སྙིགས༔ ཚིགས་བཞི་ན་ལ་སྙོམ་ལས་ཆེ༔ དང་ག་་་མི་བདེ།གཉིད་ཆག་སྐོམ་ལ་སྲེད༔ བྱེ་བྲག་རླུང་རིམས་ཚིག་པ་ཟ༔ གཉིད་ཆུང་སེམས་སྐྲག་རླུང་སྲང་ན༔ སྤྲོ་ཐུང་བླ་འཆོལ་སེམས་གཉིས་འོངས༔ མཁྲིས་རིམས་ཁོང་ལྕི་ལུས་པོ་་་དང་ཁ་ལྕེ།རྩུབ༔ དྲི་མནམ་མགོ་ན་སྐོམ་དད་ཆེ༔ མིག་ལྕེ་སྐྲ་འདབས་སེར་བ་ཡིན༔ བད་ཀན་ལུས་དང་ཤེས་པ་ལྕི༔ དང་ག་མི་བདེ་ཕོ་མཆིན་ན༔ སྐྱུག་ཅིང་ཤེས་པ་དལ་བ་ཡིན༔ འདུས་པའི་རྟགས་ནི་འདྲེས་མར་སྟོན༔ ལེ་བརྒན་འདུ་བའི་རྟགས་མེད་པར༔ ཤ་བཀྲ་དམར་པོ་བྱས་ནས་ནི༔ ཀླད་གཟེར་མགོ་ན་དུམ་བུར་གཟེར༔ མིག་ནི་ཐད་ཀར་འདེགས་པ་ཡིན༔ རྨོངས་བུ་ཤེས་པ་མི་གསལ་ཉམས༔ གང་ནའི་གནས་མེད་མགོ་ཟུག་ཆུང༔ གློ་རིམས་མགོ་ལུས་ཐམས་ཅད་ན༔ གློ་ལུ་དབུགས་འདེག་གྲེ་བ་ངར༔་་་ཚ་བ་ཆེ། ཁྲག་རིམས་རོ་སྟོད་རྩིབས་ལོག་གཟེར༔ མགོ་ལུས་ཀུན་ལ་ཚ་བ་ཆེ༔ སྨྱོན་ཐབས་གློ་བུར་དྲག་པོའི་ནད༔ གཉན་ནད་གདོན་གྱིས་བསྐྱེད་པ་ཡིན༔ མཚན་ཉིད་ཀྱི་ལེའུའོ༔ བཅོས་པའི་ཐབས་ལ་བཞི་ཡིན་ཏེ༔ ཟས་དང་སྤྱོད་ལམ་སྨན་དཔྱད་དོ༔ རླུང་ལ་རུས་ཐང་ཤ་གསར་བཏང༔ ཚབས་ཆེ་རུས་ཆང་བཅུད་ཆེན་སྤྲུགས༔ རྡེའུ་དོ་དྲོས་གཉིད་ལོག་གཞུག༔ མཐིལ་བཞིར་བྱུག་པ་བག་རེ་བྱ༔ སྨན་མཆོག་ཆ་ཕྱེད་སླེ་ཏྲེས་བཏང༔ བཤལ་སྐྱུག་གཏར་ག་དུག་དང་མཚུངས༔ ཟུག་ཆེ་ལ་བརྒལ་མེ་ཡིས་བླན༔ མཁྲིས་རིམས་བསིལ་ལ་ཡང་བ་སྦྱིན༔ སྤྱོད་ལམ་མེ་ཉི་དྲག་ཤུལ་སྤང༔ སྨན་མཆོག་དུག་ཉུང་གསེར་ཏིག་བཏང༔ རྔུལ་དབྱུང་ཆུ་འཁོར་རུ་ཐུང་གཏར༔ མདོར་ན་ཐམས་ཅད་བསིལ་བ་བྱ༔ བད་ཀན་རིམས་ལ་འབྲུ་རྙིང་ཟན༔ ཉ་ལུག་གཡག་རྒོད་ཤ་དང་ཆང༔ རྐང་རུས་བསྡུས་པའི་ཁུ་བ་བཏང༔ གོས་དྲོ་གོན་ལ་རན་པར་གཅག༔ སྨན་མཆོག་མ་ནུ་སེ་འབྲུ་སྦྱར༔ སྐྱུག་དང་ཧོར་གྱི་མེ་བཙའ་གདབ༔ མགོ་བོ་ན་ཡང་གཏར་མི་བྱ༔ རླུང་དང་མཁྲིས་པ་བད་ཀན་ལ༔ ཞག་དགུ་བདུན་དང་བཅུ་གཅིག་ན༔ ཞོ་བཏང་དེ་ནི་བདུད་རྩི་ཡིན༔ མ་ཐིམས་བཏང་ན་དུག་ཏུ་འགྱུར༔ ལེ་བརྒན་ཁ་ཟས་ཆག་ཚེ་དང༔ རྐང་རུས་བསྡུས་ཁུ་ངད་ཡལ་བཏང༔ སྤྱོད་ལམ་བསིལ་ལ་དལ་བར་བསྡད༔ སྨན་མཆོག་གི་ཝང་ཅུ་གང་དང༔ གུར་གུམ་ཀ་རའི་ཕྱེ་མ་བཏང༔ གཟེར་སར་བསིལ་དུགས་གཏར་ག་བྱ༔ ཀླད་གཟེར་ལ་ཡང་དེ་བཞིན་ནོ༔ རྨོངས་བུ་མི་གཏར་སྨན་མཆོག་དང༔ བ་ལེ་ཀ་དང་བོང་དཀར་བཏང༔ གློ་རིམས་སྤྱོད་ལམ་ཁ་ཟས་བསིལ༔ སྨན་མཆོག་ཅུ་གང་ཨ་ཀྲོང་དང༔ སྲོ་ལོ་གླ་སྒང་ལི་ག་དུར༔ རུ་རྟ་ཤིང་མངར་ཀར་སྦྱར་བཏང༔ གློ་རྩ་འདབས་རྩ་རུ་ཐུང་སོགས༔ ནད་དང་བསྟུན་ལ་གང་རིགས་གཏར༔ ཁྲག་རིམས་ཟས་དང་སྤྱོད་ལམ་གཉིས༔ ཤིན་ཏུ་བསིལ་ལ་ཡང་བར་བྱ༔ སྨན་མཆོག་བ་ལེ་བ་ཤ་ཀ༔ ཏིག་ཏ་ཧོང་ལེན་ཙནྡན་གཉིས༔ ཐང་བཏང་དེ་རྗེས་གཏར་བ་བསྔགས༔ དེ་རྗེས་གོང་ལ་བསིལ་གསུམ་བསྣན༔ ཕྱེ་མ་ཀ་རས་བརྒྱན་པ་བཏང༔ རིམས་རྒོད་སྨྱོན་པ་ཏྲེ་ཏྲེ་ཧོ༔ ཤིན་ཏུ་གསོ་དཀའ་གཞན་དུ་ཤེས༔ སྨན་མཆོག་རྒྱལ་པོ་ཆིག་ཐུབ་འདི༔ ཧ་རི་ཏ་ཀ་གསེར་གྱི་མདོག༔ རུས་པ་དར་ཡ་ཀན་ཞེས་བྱ༔ རིམས་ཀྱི་མེ་དཔུང་འཇིལ་བའི་ཆུ༔ བུམ་པ་འདེགས་པའི་སེང་ཁྲི་ཡིན༔ ངན་པ་མུ་ཅོར་སྨྲ་བ་དང༔ གཞན་ལ་ཅི་ངན་བྱེད་པ་དང༔ སློབ་དཔོན་གསང་ནས་རང་བསྟོད་སྨྲ༔ དམ་ཚིག་སྙིང་རྗེ་མེད་པ་ལ༔ ནོར་ཕྱིར་ནམ་ཡང་མི་གཏང་ངོ༔ སློབ་དཔོན་བླ་མར་འཛིན་པ་དང༔ གདམས་པ་བདུད་རྩིར་མཐོང་བ་དང༔ ནོར་རྫས་ཕངས་མེད་འབུལ་བ་དང༔ སེམས་ཅན་དོན་བྱེད་དེ་ལ་སྦྱིན༔ མཁའ་འགྲོ་གསང་བའི་སྙིང་ཁྲག་གྱད༔ བུམ་པ་འདེགས་པའི་ཀ་ཆེན་ྀཨཚ༔ རུས་པ་དར་ཡ་ཀན་ཞེས་བྱ་བའི་གདམས་པ་ཟབ་མོ་ཐུན་མོང་མ་ཡིན་པ་རི་བོང་རྭ་དང་མཚུངས་པ་ཨེ་མ་ངོ་མཚར་ཆེ༔ ༈ ཤ་དར་ཡ་ཀན་བཞུགས༔ ྈྈྈྈྈྈྈ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ས་བདག་ཀླུ་གཉན་བྱིས་གདོན་དང༔ ལྷོག་པ་ལ་སོགས་ནད་དང་ནི༔ ཁྲག་དང་ཆུ་སེར་མི་བཟད་པའི༔ སྐྲངས་པ་ཞི་བར་བྱེད་པ་དང༔ ནད་ཀྱི་རྒྱ་མཚོ་སྐེམ་པའི་སྨན༔ དར་ཡ་ཀན་ཞེས་བྱ་བ་སྟེ༔་་་སྟག་ཤ །མིང་གཞན་ནག་པོ་ལྷོག་པའི་བདུད༔ ལོ་མ་སྨུག་ལ་མེ་ཏོག་མཐུག༔ དྲི་ཆེ་ལྷང་ཞིང་གཏིང་ན་ཞིམ༔ སྲིད་པའི་ཁུ་ཁྲག་འདུས་པ་ཤ༔ ས་མཐོན་བསིལ་ས།་་་སྐམ་ས་དག་ལ་སྐྱེས་པའི་མཆོག༔ སྟོན་ཟླ་ར་བའི་ཉེར་གསུམ་ལ༔ སེམས་བསྐྱེད་བྱས་ལ་སྨན་བླར་བསྒོམ༔ སྔ་དྲོ།་་་སྔགས་བཟླས་བཀྲ་ཤིས་གྱེར་ཞིང་བཏུ༔ གྲིབ་སྐམ་བྱས་ལ་ག་འུར་བཅང༔ འདི་ལ་སྤྱི་དོན་དྲུག་ཡིན་ཏེ༔ རྣམ་ཐར་ལོ་རྒྱུས་གླེང་གཞི་དང༔ ཆུང་གསུམ་བསྐྱེད་དང་རང་ལུས་བསྲུང༔ སྒོ་ལྔའི་མདངས་འདོན་ན་བ་གསོ༔ ནད་རོ་བཤལ་གྱིས་སྦྱང་བའོ༔ སྦྱོར་བ་གང་དང་གང་བྱེད་ཀྱང༔ གཞི་མ་ཆ་ཕྱེད་ཤ་ལ་བླང༔ རྣམ་ཐར་གླེང་གཞིའི་ལེའུའོ༔ བུ་ཚ་བཙས་ཐོག་རྒྱུ་སྟོང་་་ཟས་མ་སོང་གོང་།ལ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ས་འབྲུ་གུར་གུམ་ཛཱ་ཏི་ཕྱེད༔ ལྟོར་བཏང་ཉེས་གསུམ་སྙོམས་པར་འགྱུར༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ཀླུ་བདུད་རྡོ་རྗེ་གླ་རྩི་ཕྱེད༔ ལྟོར་བཏང་མཛེ་དང་གདོན་མི་འབྱུང༔ ཤ་རྒྱལ་ཕྱེད་དང་ཤུ་དག་་་དཀར་པོ།ཕྱེད༔ ཤེས་རབ་སྐྱེད་པའི་སྔགས་བཏབ་སྦྱིན༔ འཇམ་དཔལ་ལྟ་བུའི་ཤེས་རབ་འབྱུང༔ ཆུང་གསུམ་བསྐྱེད་པའི་ལེའུའོ༔ ཤ་ཡི་རྒྱལ་པོ་ཆ་གཅིག་ལ༔ གུ་གུལ་མུ་ཟི་གྲི་ཤ་དང༔ གླ་རྩི་སྤྲུ་ནག་ཤུ་དག་དང༔ སྒོག་སྐྱ་བོང་ང་རྣམ་པ་དགུ༔ གཙང་སྦྲ་ལྡན་པས་དུས་བཟང་ལ༔ སྦྱར་ཏེ་ལྷ་བསྟིམ་རབ་གནས་བྱས༔ ལྟོ་རུ་བཟའ་ཞིང་ལུས་ལ་བཅང༔ དུད་པས་བདུག་ཅིང་དྲི་དང་འགྲོགས༔ འགོས་རིམས་ཐམས་ཅད་ཐུབ་པ་ཡིན༔ སྒོ་ལ་བཏགས་བྱུགས་གདོན་ཡང་ཐུབ༔ ཕུགས་སུ་བཞག་ན་ལྷ་ཡང་མཉེས༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ བོང་དཀར་ལོ་མ་ཨ་རུ་ར༔ མ་གསར་ནུ་འཐུང་ཁྱེའུའི་ཆུ༔ དེ་ལ་བྷིས་གསུམ་་་ཨོཾ་མ་ཧཱ་བྷིས་ཀ་ར་རྩ་བྷིས་ཏོར་བྷོ་ལུ་་་ཏི་བྷུ་ལུ་ཞེས་པའང་།བྷིས༔ ག་སིང་་་ན་གཱ་ཞེས་པའང་སྣང་།ནན་རྦད་སྭཱ་ཧཱ༔ཉི་ཤུ་ཡིན༔ རྫས་ལ་སད་བཞི་་་ས་འེལ་སད། ནུབ་བྲམ་ཟེ་སད། སྐར་བྲམ་ཟེ་སད། འོག་གི་བྲམ་ཟེ་སད་དོ།བཏགས་པ་གཅིག༔ སྦྱར་ལ་ལྟོར་སྟོང་ཁྱོར་གང་བཏུང༔ ཉི་ཕྱེད་ཟན་མར་འབྲུ་ལུ་བཏང༔ དེ་ལྟར་ལན་གསུམ་སྦྱོར་བ་ཡིས༔ ཤ་དུག་སྦྱར་དུག་བཙན་དུག་རྣམས༔ ལོ་གཅིག་ཐུབ་པར་གདོན་མི་ཟ༔ ལན་རེས་ཟླ་བ་བཞི་བཞི་ཐུབ༔ སྔགས་མེད་འཐུང་ན་ཟླ་གཅིག་ཐུབ༔ ཤ་རྒྱལ་རང་གི་དྲི་ཆུ་གཉིས༔ སྦྱར་བ་འཐུང་ན་ཞག་བདུན་ཐུབ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ཚོས་དང་ཞུ་མཁན་ཚྭ་ལ་ཕྱེད༔ བཞི་པོ་སྦངས་པའི་ཁུ་བ་ལ༔ ལྷང་ཚེར་བྱ་རོག་ནོར་བུ་དང༔ རྒྱ་སྣག་རྟའམ་དྲེའུའི་ཁྲག༔་་་མཛོ་ཡང་ཟེར། གསེར་གྱི་དྲི་མའམ་ཡང་ན་དངོས༔ བཏབ་ནས་ཞག་གསུམ་ཞོ་ལྟར་མནན༔ རཀྟ་ཆད་རྗེས་ལྟོ་སྟོང་བཏང༔ ཉི་ཕྱེད་ཟན་མར་ཁམ་གསུམ་བཟའ༔ ལོ་བསྐོར་གཅིག་གི་བུ་ཚ་ཐུབ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ལུག་རུ་སེར་པོ་བསེབ་མོ་དང༔ མར་སྦྱར་ཟོས་ན་ཟླ་གཅིག་ཐུབ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ རུ་རྟ་བ་བླ་གུ་གུལ་ནག༔ དེ་གསུམ་ཕྱེད་སྦྱར་ལྟོར་བཏང་ན༔ གག་ལྷོག་གཉན་རིགས་ཁོང་སྲུང་ཡིན༔ རང་ལུས་སྲུང་བའི་ལེའུའོ༔ དབང་པོ་སྒོ་ལྔའི་མདངས་འདོན་ནི༔ ཤ་རྒྱལ་ཨ་བ་ཆ་ཕྱེད་གཉིས༔་་་ཤ་རྒྱལ་ཕྱེད་དང་ལུག་མཆིན་གཉིས་ཟེར་བ་གཅིག་ན་འདུག །བཙོ་མའི་མར་སྦྱར་ཐུར་མ་རེ༔ ལྟོ་སྟོང་ཟོས་ན་རབ་རིབ་འདག༔ སྤྱན་མིག་འུག་པ་ལྟ་བུར་གསལ༔ ཤ་རྒྱལ་ཕྱེད་དང་ཕོ་བ་རིལ༔ ཕྱེད་མའི་ཆུ་ནས་ལུག་མཆིན་བཏོན༔ དེ་ཡིས་མིག་ཕྱིས་ཟོས་པ་ན༔ སྲོད་ལོང་སེལ་བའི་གདམས་པ་ཡིན༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ དུང་ཡུངས་་་སེར་པོ་དང་།ཏི་ཚ་་་དམར་པོ།གསུམ་པོ་བྱེད༔ བུད་མེད་གསར་མའི་་་ཁྱེའུ་དང་པོ་སྐྱེས་པའི།ནུ་ཞོ་ལ༔ སྦྱར་ནས་བསྐུས་ན་ཚིག་ཚག་སེལ༔ ཀུན་ལ་བི་ཤུད་བརྒྱ་རྩ་རེ༔་་་ཨོཾ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། སྲིན་ལག་སྔགས་བཏབ་དེ་ཡིས་དབྱི༔ ཤ་རྒྱལ་ཕྱེ་མར་བཏགས་པ་དེ༔ མར་ཁུ་ཁོལ་བ་ལ་བཏབ་སྟེ༔ རྣ་བར་བླུགས་ན་གསང་བར་འགྱུར༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ལ་ཕུག་སྒ་སྐྱའི་ཕྱེ་མ་གཉིས༔ བཙོས་པའི་ཁུ་བར་ཤིང་ཀུན་བཏབ༔ རྣ་བར་བླུགས་ལ་གྱེན་ཉལ་་་རྣ་བ་སྟེང་དུ་བསྟན་ཏེ།བསྡད༔ བག་ཟན་དྲོན་མོས་ཁ་བཅད་ལ༔ ཞག་གསུམ་བཞག་ལ་ཐུར་མས་གཞིལ༔ ཁྲག་བྱུང་ན་ནི་ཕྱད་པ་ཡིན༔ རྗེས་ལ་བཅུད་དུགས་རླུང་བཅོས་བྱ༔ རྣ་བ་ལ་ནི་ཟུག་བྱུང་ན༔ ལ་གཞིའི་མར་ཁུར་རྒྱ་ཚྭ་བཏབ༔ མེ་ལ་བསྲོས་ལ་ཐིགས་འགའ་བླུག༔ སྲིན་བལ་ཁ་བཅད་སོས་པ་ཡིན༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ཡུངས་དཀར་ཡུངས་ནག་རྒྱ་ཚྭ་དང༔ ཤིང་མངར་ཆ་ཕྱེད་མར་ནག་ལ༔ སྦྱར་ཟོས་རྣར་བླུགས་རླུང་ནད་ཀྱིས༔ མགོ་འཁོར་རྣ་འུར་མཚུལ་འགགས་སེལ༔ ཤ་ཕྱེད་ནག་མཚུར་ཨ་རུ་ར༔ སེང་ཕྲམ་ཕྱེད་སྦྱར་གྲང་ཐང་གིས༔ ཁ་བསྐང་དཀྲོག་ལ་ཡང་ཡང་ཕོ༔ ཁ་རྙིལ་སོ་ཡི་ཚ་བ་འཇོམས༔ ཤ་རྒྱལ་ཕྱེད་དང་ཨུག་ཆོས་ཕྱེད༔ དུད་པ་བུལ་ཏོག་ཨ་རུ་ར༔ ཐར་ནུ་རེ་ལྕག་དེ་རྣམས་ཕྱེད༔ ཆང་ལ་བསྐོལ་ལ་སྨད་ཁྲུས་བཏང༔ གླང་ཐབས་སྦོས་པ་སེལ་བའི་མཆོག༔ ཤ་རྒྱལ་ཕྱེད་དང་སྣ་རིང་་་བསེབ་སོ།ཕྱེད༔ བུ་རམ་རིལ་བུ་མས་བཏང་ན༔ དྲི་མ་འགགས་པ་སེལ་བའི་མཆོག༔ ཤ་རྒྱལ་ཕྱེད་དང་པི་པི་ལིང༔ ཉི་དགའ་སྡིག་སྲིན་སུག་སྨེལ་དང༔ གླ་རྩི་སེ་འབྲུ་བྱང་བ་དང༔ རྒྱ་ཚྭ་བུ་རམ་དེ་རྣམས་ཕྱེད༔ ཆང་ལ་བཏབ་བཏང་ཆུ་འགགས་སེལ༔ དབང་པོ་སྒོ་འབྱེད་ལེའུའོ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ གངྒཱ་ཆུང་ཕྱེད་སྦྱར་བའི་ཐང༔ ཉེས་གསུམ་མགོ་ནད་གང་ཡིན་སེལ༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ གུར་གུམ་གི་ཝང་ཙནྡན་དང༔ ཅུ་གང་ཏིག་ཏ་ཧོང་ལེན་དང༔ བ་ཤ་བོང་དཀར་དེ་རྣམས་ཕྱེད༔ ཕྱེ་མ་ཀར་སྦྱར་གངས་ཆུས་དབུལ༔ དོན་སྣོད་གློ་མཆིན་ཁྲག་མཁྲིས་རིམས༔ ཚད་པ་གསར་རྙིང་མ་ལུས་གསོད༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ དབྱི་མོང་དཀར་པོ་ཕོ་བ་རིས༔ རྒྱ་ཚྭ་རྒྱམ་ཚྭ་པི་པི་ལིང༔ ཅོང་ཞི་བསྲེགས་ཐལ་ལུགས་དྲེག་་་ཟངས་དང་ར་གན་ལུགས་སུ་བླུགས་པའི་སྦུར་བ།དང༔ ཤིང་ཀུན་ལ་སོགས་དེ་རྣམས་ཕྱེད༔ གམ་ཕྱེ་བཟང་པོ་ཆང་གིས་དབུལ༔ གྲང་བ་ཆུ་སེར་འཇོམས་པའི་སྨན༔ ཤ་ཡི་རྒྱལ་པོ་ཆ་གཅིག་ལ༔ སྒ་སྐྱ་ཀ་ར་སྦྱར་བ་ཕྱེད༔ གམ་ཕྱེ་བཏང་བས་ཆམ་པ་སེལ༔ བད་ཀན་ནད་སྦྱོང་སྐྲན་ནད་བཤིགས༔ ཤ་རྒྱལ་ལོ་བརྒྱད་ཆུ་དང་སྦྱར༔ གག་པ་འབྲུམ་པ་སེལ་བའི་སྨན༔ ཤ་རྒྱལ་ཕྱེད་དང་ཨ་ཀྲོང་དང༔ མེ་ཏོག་གསུམ་པ་ཅུ་གང་ཕྱེད༔ སྦྱར་བ་བཏང་བས་ལྐོག་འགགས་སེལ༔ ཤ་ཡི་རྒྱལ་པོ་ཆ་གཅིག་ནི༔ རྟ་དཀར་ཆུ་ཕུལ་གང་ལ་སྦྱར༔ འཐུང་ན་རྒྱུ་གཟེར་བྱིས་རིམས་འཇོམས༔ ཤ་ཡི་རྒྱལ་པོ་ཆེན་པོ་དེ༔ རའམ་བུད་མེད་འོ་མ་ལ༔ བསྐ་སླ་ཞོ་ཙམ་་་ཉིན་རེ།ལན་གསུམ་བསྐུ༔ དཀྱིལ་དུ་སྒོ་འབྱེད་་་དམར་གསུམ།ལྕགས་ཀྱུས་དགུག༔ སྐྲངས་དཀྱིལ་གཤོང་ན་འཆི་རྟགས་ཡིན༔ ཚ་འདུས་འོད་དང་ལྡན་ན་བཟང༔ ནད་སྲུང་བཏང་ལ་ཡང་ཡང་བྱུགས༔ ལྷོག་པ་ཁྲག་ཆུ་སྐྲངས་ནད་གསོད༔ སྐྲངས་པ་ཕལ་ཆེར་རང་སར་བསྐམ༔ ཤ་རྒྱལ་ཕྱེད་དང་མི་རུས་ཕྱེད༔ འོ་མ་ལ་སྦྱར་ཤུ་འབྲས་དང༔ རྨེན་བུ་མེ་དབལ་རྨ་རྒན་ལ༔ བསྐུས་ན་བདུད་རྩི་ལྟ་བུར་ཕན༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ སྤང་རྩི་དོ་བོའི་མེ་ཏོག་དང༔ ཆུ་རྩ་མཁྲིས་པ་སྣ་ཚོགས་དང༔ བྱིས་པ་ཆུང་ངུའི་བདུད་རྩི་དང༔ དེ་རྣམས་སྦྱར་བའི་ལྡེ་གུ་དེ༔ ཁོང་དུ་བཏང་ཞིང་རྨ་ལ་བྱུགས༔ རྨ་ལྡོག་མི་ཡོང་ཁྲག་ཐིམས་འགྲོ༔ གཞན་ཡང་ཤ་ཕྱེད་དོམ་མཁྲིས་ཕྱེད༔ བུད་མེད་ཞོ་སྦྱར་རྨ་བསྐུས་འབྱར༔ ནད་གསོ་བའི་ལེའུའོ༔ ཤ་རྒྱལ་ཕྱེད་དང་ལྕུམ་རྩ་དང༔ ཤ་ལ་ཡུ་རིང་མཛེ་ཚྭ་དང༔ ཆང་སྦྱར་བུ་དང་བུ་རོག་ཐོན༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ དུར་བྱིད་ཐར་ནུ་རེ་ལྕག་པ༔ ཟབ་སླག་ཅན་དང་བཞི་པོ་ཕྱེད༔ དྲི་ཆུས་སྦྲུས་པའི་རིལ་བུ་བཏང༔་་་ལུག་གི་རིལ་མ་ཙམ་དྲུག་གཅིག་ཞུ་ཙམ་ན་རིམ་གྱིས་བཏང་། ལྡོག་ན་མི་ལྡོག་སྦྱོར་བ་་་སྐྱུག་པ་མནན་པ་སོགས།་གྱིས༔ བཞི་གསུམ་འཁྲུས་ན་་་ཚ་གྲང་གང་ཡིན།ལྕག་གིས་བསྐུལ༔ འཁྲུ་བ་ཆད་ནས་ཁྱ་མ་་་ཟན་དྲོན་སླ་མོ།སྦྱིན༔ བཤལ་རྗེས་བསྲུང་སླ་བདུད་རྩི་འདྲ༔ གལ་ཏེ་འཁྲུ་བ་འབྱམས་པའམ༔ རང་བཞིན་འཁྲུ་བ་གང་ཡིན་ཡང༔ ཤ་ཡི་རྒྱལ་པོ་ཆ་ཕྱེད་དང༔ ཐ་རམ་ན་རམ་མོན་ཆ་ར༔ ཀ་པེད་ད་ཏྲིག་པུ་ཤུད་་་རུས་པ།རྣམས༔ ཆ་ཕྱེད་ཚ་ན་གངས་ཆུ་ལ༔ གྲང་ན་ཆང་ལ་སྙོམས་ན་ཞོ༔ ཡང་ན་ལུག་གི་ཀླད་པ་ལ༔ བཏབ་བཏང་འཁྲུ་བ་ཆད་པར་ངེས༔ མཚོན་གྱི་རྩེ་ལ་་་ཤ་རྒྱལ་དང་ཚྭ་བསྲེས་ཞིབ་པར་བཏགས། རང་གང་བྱེད་ཀྱི་ཡི་དམ་གྱི་ལྷ་སྔགས་བཏབ་པའི་རློན་པ་བུ་རམ་གྱི་རྩི་བྱས་ལ་སྦྲུས་པ་མཚོན་ལ་བསྐུས། དགུན་ཐོག་གམ་ཡུན་རིང་ཞིག་བཞག་ལ།བསྐུས་བྱས་ཏེ༔ མཚོན་གྱི་ལས་བྱས་སྐྲངས་མི་སྲིད༔ དེ་བཞིན་འདི་ཡི་ཡོན་ཏན་ནི༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ ཕུགས་སུ་བཞག་པས་ལྷ་སྲུང་མཉེས༔ མཛོད་དུ་བཞག་པས་དཀོར་རྫས་འཕེལ༔ ར་བར་གཞག་པས་ཕྱུགས་ནད་ཐུབ༔ སྒོ་ལ་བཏང་བྱུགས་སྟག་གཡག་ནི༔ ནག་པོ་ཆིག་ཐུབ་ཅེས་སུ་གྲགས༔ ཤ་དར་ཡ་ཀན་ཞེས་བྱ་བ༔ བུམ་པ་འདེགས་པའི་གྱད་ཁྱད་པར་ཅན་ཤིན་ཏུ་ཟབ་པས་སྙིང་གི་དཀྱིལ་དུ་ཆོངས༔ ྀཨཚ༔ ༈ ཟླ་ཟིལ་དར་ཡ་ཀན་བཞུགས༔ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ དང་པོ་ཅི་ཡང་མེད་པ་ལ༔ བསྐལ་པ་དང་པོའི་དབུ་མ་ལ༔ ཆེན་པོ་གནམ་དང་ས་ཡི་སྲས༔ གཟུགས་མཛེས་མདངས་ལྡན་ཡིད་དུ་འོང༔ དྲི་ཞིམ་གསུང་སྙན་ཡིད་དུ་འོང༔ ལྷ་སྲས་ཡིད་བཞིན་ནོར་བུ་དེ༔ གངས་རི་ནགས་འདབས་མཚོ་འགྲམ་དང༔ འཛེད་བྲག་དཀར་པོའི་སྟེང་དུ་བྱོན༔ ལྷ་ཀླུ་སྡེ་བརྒྱད་བུ་མོས་མཐོང༔ ཡིད་འགྱུས་ཆགས་སྐྱེས་སྐུ་ལ་འཁྱུད༔ ཞལ་གྱིས་ཞལ་གྱི་ལྗགས་ལ་འཇིབ༔ དགའ་བའི་སྐད་དང་མཛེས་པའི་མདངས༔ ནུ་མའི་གར་དང་པདྨའི་འགྲོས༔ ཀུནྡས་ཡིད་གཡོས་དཀར་དམར་ཤོར༔ དཀར་པོ་འཛེད་བྲག་སྟེང་དུ་བབས༔ རྡོ་ལ་དྲོད་སྐྱེས་ཚིལ་བུར་ཆགས༔ དམར་པོ་ངོ་ཚ་བྲག་དམར་བྲོས༔ བྲག་ལ་དྲོད་སྐྱེས་བྲག་ཞུན་བྱུང༔ དཀར་པོའི་དྭངས་མ་འཐོར་བ་ལ༔ དམར་དང་རྗེས་འབྲང་ཕྱི་ནས་གབ༔ གཉིས་ཀའི་བཅུད་འདུས་རིན་ཆེན་མཚལ༔ ཞུ་བ་སྟོན་པས་དངུལ་ཆུ་ཟེར༔ ཐིག་ལེ་དར་ཡ་ཀན་ཞེས་གྲགས༔ གཞན་ཡང་མིང་གི་རྣམ་གྲངས་ནི༔ བསམ་གྱིས་མི་ཁྱབ་བརྗོད་མི་ལངས༔ འདི་ལ་སྐྱོན་དང་ཡོན་ཏན་གཉིས༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ ལྕེ་བརྒྱས་བསྐལ་པ་སྟོང་སྨྲས་ཀྱང༔ ཐམས་ཅད་མི་དབོག་ཕྱོགས་ཙམ་ཞིག༔ རྒྱ་མཚོའི་ནང་ནས་ཆུ་ཐིགས་ཙམ༔ ཉེ་བར་བསྟན་གྱིས་ཇོ་མོ་ཉོན༔ རྟག་ཏུ་ཁྱབ་པར་གནས་པས་ན༔ ས་བདག་བཅུད་འདུས་རྒྱལ་པོ་ཟེར༔ ཉེས་གསུམ་འདུ་བ་སྙོམས་པས་ན༔ སྨན་གྱི་གཙོ་བོ་སྤྱི་པ་ཟེར༔ གཅོང་ནད་ཞི་བར་བྱེད་པས་ན༔ ཟུག་རྔུ་ཞི་བྱེད་བྱ་བ་ཡིན༔ དུག་ལ་གཉེན་པོར་ཆེ་བས་ན༔ ཆུ་ཡི་སྨན་པ་དཀར་པོ་ཡིན༔ ཁྲག་མཁྲིས་ཚ་བ་འཇོམས་པས་ན༔ བསིལ་ཆེན་གངས་ཀྱི་ཆུ་རྒོད་ཡིན༔ སྡེ་བརྒྱད་གནོད་པ་ཟློག་ཙ་ན༔ གནམ་གྱི་བྱ་ཁྱུང་དཀར་པོ་ཡིན༔ གག་ལྷོག་གཉན་ནད་འཇོམས་པའི་ཚེ༔ ལྕགས་ཀྱི་དུར་ཕག་སྔོན་པོ་ཡིན༔ རྣག་ཁྲག་ཆུ་སེར་སྐེམ་པའི་ཚེ༔ སྤྲུལ་སྐུ་མེ་ཕུང་འོད་ལྡན་ཡིན༔ གློ་བུར་ནད་རྣམས་འཇོམས་པའི་ཚེ༔ བདུད་རྩི་གངས་ཀྱི་སེང་ཆེན་ཡིན༔ དུས་འདིའི་བར་ཆད་ཟློག་ཙ་ན༔ བདུད་རྩི་ཆུ་རྒྱུན་རྒྱལ་པོ་ཡིན༔ མཐར་ཐུག་ལམ་སྣ་འཛིན་ཙ་ན༔ བདེ་ཆེན་མཆོག་འགྲུབ་བྱ་བ་ཡིན༔ ནད་གདོན་གནོད་པ་སྲུང་བའི་ཚེ༔ གནམ་ལྕགས་རྡོ་རྗེའི་གོ་ཆ་ཡིན༔ དེ་ཡི་གདུག་རྩུབ་འཇོམས་པའི་ཚེ༔ དུག་རལ་འབར་བའི་རྩེ་དགུ་ཡིན༔ ཚུར་ལ་ཅིས་ཀྱང་མི་ཚུགས་ཤིང༔ ཕར་ལ་ཐམས་ཅད་འཇོམས་པས་ན༔ རྫས་ཀྱི་རྡོ་རྗེ་ཕ་ལམ་ཡིན༔ གཅན་གཟན་ཟིལ་གྱིས་གནོན་པ་དང་།་་་སེང་གེ་ཀུན་ལ་སྟོབས་ཆེ།་་་གླང་ཆེན་དཔའ་བས།་་་རྒྱ་སྟག་དང༔ དུག་ལ།་་རྨ་བྱ་སྟེང་དུ་འཕྱོ་བ།་་་མཁའ་ལྡིང་ཀུན་གྱིས་བཀུར་བ།་་་དཔོན་ཆེན་དང༔ ཅིས་ཀྱང་མི་ཚུགས།་་་རྡོ་རྗེ་ཚེ་རིང་བ།་་་ཉི་ཟླའི་དཔེ་དང་མཚུངས༔ སྨན་སྔགས་ཡིད་བཞིན་ནོར་བུ་ལྟར༔ རྟོག་པ་མེད་ཀྱང་འདོད་པ་བཞིན༔ གང་ལ་གང་འདོད་དེར་སྟོན་པའི༔ སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན༔ ལེགས་པར་བཤད་པ་ཞི་བྱེད་ཀྱི་གླེང་གཞིའོ༔ ཆེན་པོའི་གནམ་དང་མཐུག་པོའི་ས༔ སྲིད་པའི་ཁུ་ཁྲག་འདུས་པའི་བུ༔ ནལ་བུ་དུག་ལྔའི་རང་སྒོང་ཡིན༔ ཐིག་ལེ་ཡིན་པས་འདོད་ཆགས་ཆེ༔ རྣོ་ལ་ཐུང་བས་ཞེ་སྡང་ཆེ༔ ཁྲོ་ལ་གཏུམ་པས་གཏི་མུག་ཆེ༔ གྱོང་ལ་རྩུབ་པས་ང་རྒྱལ་ཆེ༔ ལྷང་ཀྱོག་བྱེད་པས་ཕྲག་དོག་ཆེ༔ ལྟས་ངན་ཁ་དགུ་མིག་དགུ་ཟེར༔ གྱད་ཐུང་རྩུབ་ལ་དྲེགས་པ་ཆེ༔ ཁྲོ་གཏུམ་གོ་ལོག་བསྟུན་ཆ་ཆུང༔ གདོང་སྣང་ཆེ་ལ་ཕྱི་ཐག་ཐུང༔ རོ་མཐུ་གྱོང་ལ་ཕོག་ཐུག་ཆེ༔ ངན་ཀྱོག་ཆེ་ལ་བཟང་སེམས་མེད༔ གདོང་ལ་གདུག་ཅིང་གཏིང་ལ་འཁྲང༔ ལོགས་ལ་འཛེར་ཞིང་ཀྱག་ཀྱོག་མང༔ ལྟས་ངན་ནལ་ཕྲུག་ལྟོ་འཕྱེ་ཡིན༔ གང་ཞིག་ང་དང་འགྲོགས་ཤེས་པ༔ རྒྱ་དར་སྲིན་བལ་ཡིན་ནམ་ཅི༔ གལ་ཏེ་ཇི་སྲིད་འགྲོགས་དགོས་ན༔ ལྔ་བརྒྱ་སྙིགས་མ་ཤར་བའི་རྟགས༔ མཐའ་དམག་བོད་དུ་ལྷགས་པའི་རྟགས༔ སྡེ་བརྒྱད་ནང་འཁྲུགས་འབྱུང་བའི་རྟགས༔ མི་ཆེན་ཆེ་རྩོད་བྱེད་པའི་རྟགས༔ སིང་ལྤགས་ཝ་ཡིས་གྱོན་པའི་རྟགས༔ ནད་མཚོན་མུ་གེ་དར་བའི་རྟགས༔ མེ་ཆུ་འཁྱམས་པོ་འབྱུང་བའི་རྟགས༔ སྒྲ་དང་འུར་ཚེགས་སྒྲོག་པའི་རྟགས༔ ས་འགུལ་འུར་སྟོང་འཐམ་པའི་རྟགས༔ རྟགས་བཅུ་ཤར་ན་དགོས་པ་ཡིན༔ ཉེས་པར་བརྗོད་པ་གྱོད་རྩུབ་ཀྱི་ལེའུའོ༔ ཀུན་གྱི་རྗེ་རྒྱལ་རིན་པོ་ཆེ༔ དཔའ་བོ་ཆེན་པོ་ཡང་རྩལ་ཅན༔ སྟོབས་ཆེན་་་དུག་འཇོམས།དམག་དཔོན་མ་གི་ཏ༔་་་གླ་རྩི། སྐྱོན་ཡོན་སོ་སོར་མི་སྨོས་ཏེ༔ མིང་བརྒྱ་པོ་ལ་མཚན་སྟོང་པོ༔ ཟླ་བ་ཀུནྡའི་རང་བཞིན་འདི༔ ལུས་ཟུངས་སེམས་རྟེན་སྲོག་གི་གནས༔ ཐིག་ལེ་བདུད་རྩི་དར་ཡ་ཀན༔ དེ་ལ་སྦྱར་ཐབས་ལྔ་ཕྲག་གཉིས༔ གཡའ་ཕྱི་དུག་འདོན་འཇམ་བཙལ་བཤིག༔ བདེ་བྱེད་སྣོད་རུང་ནུས་བསྐྱེད་སྲུང༔ ནང་ཡན་ལོག་གནོན་བཅུ་ཡིས་ཤེས༔ དེ་བསྲུང་བཅོས་དང་ཚེ་སྒྲུབ་བོ༔་་་བཅུད་ལེན། ཞོན་པའི་རྟ་དང་རྣོ་བའི་མཚོན༔ ཁ་འཛིན་དམག་དཔུང་བསྡེབས་ཤེས་ན༔ མི་མཐུན་གཡུལ་ལས་རྒྱལ་བ་ཡིན༔ ལུས་རྣམ་པར་བཞག་པའི་ལེའུའོ༔ དང་པོ་དྲི་ལྡན་ནམ་མཁའ་ནི༔་་་ར་ལྤགས་སྐྱི་དཀར་ཅན་དུ། བྱང་སེམས་་་དངུལ་ཆུ།ཉི་མ་་་སྤོད།ཟླ་བ་་་ཚྭ་སྣ།གསུམ༔ ཡང་ཡང་སྤྲིན་དང་བྲལ་བར་བྱ༔་་་མཉེས་ལ་གཡའ་ཐོན་པར་བྱ། མ་ཕྱེད་སྡིག་ཅན་གདུག་རྩུབ་ཀྱིས༔ གཟའ་བདུན་རྒྱུ་སྐར་འཇོམས་པར་བཤད༔ གཉིས་པ་ཚིལ་ཆེན་་་དངུལ་ཆུ།བདུད་རྩིར་་་ལོ་བརྒྱད་དྲི་ཆུ།བཙོ༔ དེ་ལ་བཙོ་བཀྲུ་གང་རིགས་བྱ༔ གསུམ་པ་ཚ་བ་་་སྒ་སྤོད།གཉིས་དང་ཚིལ་ཆེན་སྐྱུར༔་་་མཚུར། འདུལ་ཐུབ་པོ་རྣམས་ཚད་ལྡན་སྦྱར༔ བཞི་པ་སྐྱུར་པོ་བཤད་་་པའི།ཁུ་ལྕགས་ཁུ་གསུམ༔ རྡོ་ཡི་གཏུན་དུ་མཉེ་བར་བྱ༔ ལྔ་པ་ཁ་ཆེ་་་གཡེར་མ།ལྕེ་འབིགས་་་རྒྱ་ཚྭ།ཐང༔་་་ཐང་ཕྲོམ་པ། དྲུག་པ་་་སྐྱུ་རུ་དང་སྟར་བུ་ཆང་སྐྱུར་སོགས་སྐྱུར་པོའི་རིགས་ཐམས་ཅད།དམར་ཐལ་་་ཟངས་ཐལ།གཙོ་མཉམ་བསྡེབ༔ སྨན་གྱི།་་་སྔོན་དུ་ཞུན་མར་ཞག་འགའ་བསྟེན༔ བདུན་པ་རིལ་བུ་འབྲུ་ཁུས་དབུལ༔་་་ཆང་གིས་དབུལ། བརྒྱད་པ་ནད་་་ཚ་གྲང་།སྦྱར་མར་་་དཀར་ནག།གྱིས་བྱུགས༔ དགུ་པ་ནད་དང་དོན་སྣོད་ཀྱི༔ ཁ་འཛིན་རང་སར་བསྡེབ་པར་བྱ༔ བཅུ་པ་བྱིང་འཐིབས་བཟང་དྲུག་དང༔ ཀ་ར་སྦྱར་བའི་ཕྱེ་མ་བསྟེན༔ འཁྲུ་ན་བཟང་དྲུག་ཟངས་ཐལ་དང༔ སོ་རའི་ཕྱེ་མ་བཏབ་པས་ཆད༔ ཁ་ལྕེ་ལ་སོགས་ལུས།་་་རྨ་བྱུང་རྒྱུ་ལོང་གཟེར་བ་དང༔ ཕོ་བ་འཇུ་དཀའ་སྐྲན་དུ་འདྲིལ༔ འཇམ་བཙལ་བ་དང་བཤིག་པའི་སྨན༔ བསྐོལ་ཐང་ཚ་མོ་ཡང་ཡང་བཏང༔ ཡང་ན་ཕྱེ་མ་ཆུའམ་ཆང༔ ཚ་མོས་འཕུལ་ལ་ཕོ་བ་བལྟེམས༔ ནད་ལ་མ་འཕོག་ཕྱིར་ཐོན་ན༔་་་ཟས་ཕྱིར་ཐོན་པ་ལ་ཟེར། ལྟར་བུ་བ་ཆུར་བསྐོལ་ལ་བཏུང༔ མགོ་བོ་འཁོར་ཞིང་གདོང་པ་གཡོ༔ སོ་སྙིལ་ན་ལ་གཉིད་ཆུང་ན༔ ཤ་ཆང་ཞུན་མར་སྒོག་སྐྱ་དང༔ ཛཱ་ཏི་ཤིང་ཀུན་རིམ་གྱིས་བསྟེན༔ རྐང་འཁྱུགས་རུས་ཚིགས་ནའམ་ཁོལ༔ རྒྱ་རྒྱམ།་་་ཚ་གཉིས་སྟར་བུའི་གྲང་ཐང་བཏང༔ བདུད་རྩི་ཟླ་ཟིལ་དར་ཡ་ཀན༔ མུ་ཏིག་དཀར་པོའི་ཆར་རྒྱུན་གྱིས༔ ནད་ཀྱི་མེ་དཔུང་འཇིལ་བར་ཤོག༔ བདུད་རྩི་ཟླ་ཟིལ་དར་ཡ་ཀན་ལས༔ ཐིག་ལེ་རྩ་བའི་སྦྱོར་བའོ༔ ༈ དེ་ནས་སྲུང་བ་བསྟན་པ་ནི༔ ནད་གདོན་དུག་དང་སྐྱེ་རྒྱུན་བཞི༔ གང་བསྲུང་གོང་གི་དཀྱིལ་འཁོར་ལ༔ གླ་བ་གུ་གུལ་མུ་ཟི་དང༔ བཙན་དུག་བསྡེབས་པས་གདོན་གྱི་རིགས༔ སྟེང་འོག་བར་གསུམ་ཐམས་ཅད་ཀྱི༔ ཆེ་འབྲིང་ཆུང་གསུམ་མ་ལུས་ཐུབ༔ ཁྱད་པར་མནན་གཏད་བྱད་རྦོད་བཟློག༔ སྨན་ཆེན་ར་དུག་ཨ་རུ་ར༔ སྤྲུ་ནག་ཤུ་དག་སྟག་ཤ་བ༔ གླ་བ་དྲི་ཆེན་གུ་གུལ་དགུ༔ སྔགས་ཀྱི་བྱིན་རླབས།་་་ཆེ་ཞིང་དགེ་སློང་།་་་གཙང་མའམ་ལོ་བརྒྱད་་་བྱིས་པ།པའི༔ ཆུར་སྦྱར་་་རིལ་བུ།བྲ་ཕུས་རིལ་མ་ཙམ༔ སྔ་དྲོ་གསུམ་གསུམ་མུར་བ་ཡིས༔ ནད་ཀྱི་བསྐལ་པ་བྱུང་ཡང་ཉམ་ང་མེད༔ ཕེལ་ཀ་་་ཆར་ཉུང་།གནམ་གྱི་བུ་རམ་ལ༔ བཅུད་ཀྱི་རྒྱལ་པོ་ཁཎྜ་ཕྱུང༔ ཨ་རུ་གསེར་མདོག་གསུམ་ཆ་སྦྱར༔ རི་དྭགས་ལྟོ་བའི་དྲི་དང་ནི༔ ཁ་ཚ་མ་ཡི་སྤོད་ཀྱིས་བརྒྱན༔ སྒོག་གཅིག་འདམ་འཐག་བྱས་པ་ཡི༔ རིལ་བུ་སྲན་མ་བཙོས་མ་ཙམ༔ རིལ་བུ་རེ་ཡིས་ཉིན་རེ་ཐུབ༔ ཟླ་གཅིག་བསྟེན་ན་དབྱར་དགུན་གཅིག༔ ཟླ་གཉིས་བསྟེན་ན་ལོ་གཉིས་ཐུབ༔ ཟླ་གསུམ་བསྟེན་ན་ལོ་གསུམ་ཐུབ༔ དེ་བཞིན་ཟླ་རེས་ལོ་རེ་ཐུབ༔ རྩ་ཁ་འབྱེད་སྡོམ་ཤེས་པར་བྱ༔ ཕྱག་ཚང་དངོས་འཛིན་དེ་འབྲོག་་་དུག་ཕྱུང་མ་ཐག།སྐྱུགས༔ མ་སྐྱུག་རྨ་བྱ་རྒོད་པོ་ཡིན༔ རྒྱ་རུ་རྒྱ་ཚྭ་རྒྱ་སྐྱེགས་གསེར༔ སྟག་ཤ་བུལ་ཏོག་རྒྱ་སྣག་སྤྲུལ༔ མཛེ་དྲེའི་རྒྱུངས་སྦྱར་སྐྱེ་རྒྱུན་ཐུབ༔ བདུད་རྩི་ཟླ་ཟིལ་དར་ཡ་ཀན་ལས༔ སྲུང་བའི་ལེའུའོ༔ དེ་ནས་བདུད་རྩི་ཟླ་ཟིལ་དར་ཡ་ཀན་གྱིས་ནད་གསོ་བའི་སྐབས་བསྟན་པར་བྱའོ༔ ཟླ་ཟིལ་བདུད་རྩི་དར་ཡ་ཀན༔ ཟླ་བ་ཀུནྡའི་དཀྱིལ་འཁོར་ལ༔ གསེར་རྟ་་་གུར་གུམ།ཞོན་ནས་མཚོན་ཆ་་་ཅུ་གང་།གཟུང༔ ཁ་འཛིན་་་གི་ཝང་།དམག་དཔུང་་་གཞན།བསྡེབ་པ་ནི༔ ཛཱ་ཏི་་་ཨ་ག་རུ།སྙིང་་་ཞོ་ཤ།རུ།་་་རྟས་སྙིང་ཚད་སེལ༔ ཤིང་མངར་ཨ་ཀྲོང་རུ་རྟས་གློ་ཚད་སེལ༔ པྲི་ཡང་བྲག་ཞུན་ཨུཏྤལ་མཆིན་ཚད་སེལ༔ པི་ལིང་ལི་ཤི་གསེར་མེས་་་རྒྱ་མེ་ཏོག།མཚེར་ཚད་སེལ༔ ཨ་རུ་་་གསེར་མདོག།ཤུག་ཚེར་སུག་སྣེས་མཁལ་ཚད་་་དྲག་ཞུན་ཡང་དགོས།སེལ༔ པྲི་ཡང་བོང་དཀར་དོམ་མཁྲིས་ཕོ་ཚད་སེལ༔ དོམ་མཁྲིས་ཀྱི་ལྕེ་བོང་དཀར་སྣོད་ཚད་སེལ༔ ལི་་་ག་དུར།ཤི་་་མངར།རེ་ཀོན་དོམ་མཁྲིས་རྩ་ཚད་སེལ༔ སྦལ་རྒྱབ་གངས་ཐིག་འདམ་བུས་་་ཀ་ར།རུས་ཚད་སེལ༔ ཏིག་ཏ་དུག་ཉུང་བོང་དཀར་མཁྲིས་ཚད་སེལ༔ ཛཱ་ཏི་སྒོག་ཐལ་སླེ་ཏྲེས་རླུང་ཚད་སེལ༔ སྟར་་་བུ།འུ་་་སུ།སེ་འབྲུ་བསེ་ཡབ་བད་ཚད་སེལ༔ སྤང་རྩི་རེ་ཀོན་ཧོང་ལེན་ཁྲག་ཚད་སེལ༔ སྤར་ཏ་ག་དུར་གསེར་མེས་རིམས་ཚད་སེལ༔ ཟླ་ཟིལ་ཐིག་ལེ་དར་ཡ་ཀན༔ བདུད་རྩི་ཀུནྡའི་དཀྱིལ་འཁོར་ལ༔ གཡུ་རྟ་་་རེ་ཀོན་སྲོ་ལོ་པར་པ་ཏ།ཞོན་ནས་མཚོན་ཆ་་་འཇིབ་རྩི་སྒོ་ཐོག་རྟ་ལྤགས་་་སྤ་ཡག་ཞེས་པའང་སྣང་།ཟེར།བཟུང༔ ཁ་འཛིན་་་སྤང་རྩི།དམག་དཔུང་བསྡེབ་པ་ནི༔ རིམས་ཚད་སྐྲ་བཟང་་་པར་པ་ཏ།སྔོ་སྤྲིན་་་རིམས།དེ་གས་སེལ༔ འགྲམས་ཚད་རི་ཚོས་་་འབྲི་མོག།སེང་ཕྲོམ་སེལ༔ ཁྲག་ཚད་རྒྱལ་མཆོད་་་གངྒཱ་ཆུ།བོང་དཀར་བཙོད་ཀྱིས་སེལ༔ མཁྲིས་ཚད་རྩ་མཁྲིས་བོང་དཀར་སྐྱེར་པས་སེལ༔ སྙིང་ཚད་རྒོད་སྤོས་ཙནྡན་དཀར་པོས་སེལ༔ བྱང་ཁོག་རྣག་ཁྲག་སེར་མཚུར་སྟག་ཤས་སེལ། ཕུར་་་མོའི་ཐལ་བ།ཐལ་མགྲོན་བུའི་ཐལ་བས་སྐེམ་པར་བྱེད༔ ཁོང་གཉན་ཨ་བྱག་དུག་ཉུང་སྤྲུ༔་་་རྩས་སེལ། གག་ལྷོག་ཆིག་ཐུབ་སྤྲུ་ནག་སྟག༔་་་ཤས་སེལ། འབྲུམ་ནག་གཡེར་ཤིང་སྲན་མ་བཙོད༔་་་ཀྱིས་སེལ། ཟླ་ཟིལ་ཐིག་ལེ་དར་ཡ་ཀན༔ བདུད་རྩི་ཀུནྡའི་དཀྱིལ་འཁོར་ལ༔ དུང་རྟ་་་འགྲོན་ཐལ།ཞོན་ནས་མཚོན་ཆ་་་ཟིར་དཀར།བཟུང༔ ཁ་འཛིན་་་ཅོང་ཞི།དམག་དཔུང་བསྡེབ་པ་ནི༔ བཟང་དྲུག་འབྲས་གསུམ་ཙནྡན་གཉིས༔ སོ་ར་སྤོས་དཀར་ཐལ་རྡོར་དང༔ དོམ་མཁྲིས་རུ་རྟ་མུ་ཟི་ཡིས༔ དམུ་འོར་སྐྱ་རྦབ་རྣག་ཆུ་སྐེམ༔ ཚད་རྙིང་འབྲས་དང་སུར་ཡ་རྩ་ནད་སེལ༔ བཟང་དྲུག་གླ་རྩི་ཚ་ན་ཀ༔་་་རས་བྱ། གི་ཝང་བྲག་ཞུན་བོང་ང་གཉིས༔ ཁྱུང་སྡེར་སྐྱེར་ཞུན་ཨ་རུ་ར༔ མ་ནུ་རུ་རྟས་དུག་ཚད་སེལ༔ གླ་རྩི་རུ་རྟ་བསིལ་གསུམ་དང༔ བོང་དཀར་རུ་རྟ་བྱིའུ་ལ་ཕུག་གིས༔ ཤ་དུག་ཤ་ནད་ཐམས་ཅད་སེལ༔ སྦལ་རྒྱབ་གཅིག་ཐུབ་ཅོང་ཞི་མཚལ༔ གླ་རྩི་སྦྱར་བས་འབྲུམ་ནག་སེལ༔ གླ་རྩི་གུ་གུལ་བཙན་དུག་སྟག༔་་་ཤ །མུ་ཟི་ཤུ་དག་ལྕོང་འགྱུར་ཤ༔་་་སྦལ་པ། གཉན་ནད་བཅོ་བརྒྱད་འཇོམས་པར་བྱེད༔ ཟླ་ཟིལ་དར་ཡ་ཀན་གྱིས་ནད་སེལ་བའི་ལེའུའོ༔ བདུད་རྩི་ཟླ་ཟིལ་དར་ཡ་ཀན༔ ཐིག་ལེ་ཀུནྡའི་དཀྱིལ་འཁོར་ལ༔ བྱང་སེམས་་་དཀར་དམར།གཉིས་དང་འབྲས་བུ་གསུམ༔ རྩ་བ་ལྔ་དང་གསལ་བྱེད་སྨན༔་་་ཨ་བ་རྟག་ཏུ་ངུ་ལ་སོགས། ད་བྱིད་རྩངས་པ་སྦྲུལ་གྱི་ཤ༔ འབྲས་བུའི་རིགས་་་རླིད་པ།དང་ཅོང་ཞིའི་སྨན༔ མངར་གསུམ་ཞུན་མར་སྦྱར་ཟོས་ན༔ སེང་གེ་གླང་ཆེན་རྒྱ་སྟག་དང༔ རྨ་བྱ་མཁའ་ལྡིང་ཆེན་པོ་དང༔ རྡོ་རྗེ་ཉི་མའི་དཔེ་དང་མཚུངས༔ བཅུད་ལེན་ཚེ་སྒྲུབ་ལེའུའོ༔ བདུད་རྩི་ཀུནྡའི་དཀྱིལ་འཁོར་ལ༔ ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ༔ སྨན་དང་སྔགས་དང་ནོར་བུ་ལྟར༔ རྟོག་པ་མེད་ཀྱང་འདོད་པ་བཞིན༔ གང་ལ་གང་འདོད་དེར་སྟོན་པའི༔ སྤྲུལ་པའི་སྐུ་ཞེས་བྱ་བ་ཡིན༔ ཀུནྡའི་རྒྱལ་པོ་ཟླ་ཟིལ་འདི༔ སྨན་གྱི་ནང་ནས་བདུད་རྩི་ཡིན༔ སྦྱོར་བ་སྨན་འདྲེད་ཁྱེར་བ་དང༔ ནད་ལོག་རྟགས་ལོག་སྟོན་པ་དང༔ སྦྱོར་ལོག་ནད་གཉའ་རེངས་པ་དང༔ ནད་ངན་མགོ་ལོ་རྒོད་པ་དང༔ གཞན་གྱིས་བཅོས་ཉེས་རྙོགས་པ་དང༔ ཡུན་ལོན་རྙིང་པའི་གཉེན་པོ་ཡིན༔ ཀུན་གྱི་དཔའ་བོ་ཆེན་པོ་འདི༔ ངན་པ་མུ་ཅོར་སྨྲ་བ་དང༔ གཞན་ལ་ཅི་ངན་བྱེད་པ་དང༔ སྙིང་རྗེ་དམ་ཚིག་མེད་པ་ལ༔ ནོར་ཕྱིར་ནམ་ཡང་མི་གཏང་ངོ༔ སློབ་དཔོན་བླ་མར་འཛིན་པ་དང༔ གདམས་པ་བདུད་རྩིར་མཐོང་བ་དང༔ ནོར་རྫས་ཕངས་མེད་དབུལ་བ་དང༔ སེམས་ཅན་དོན་བྱེད་དེ་ལ་སྦྱིན༔ བདུད་རྩི་ཟླ་ཟིལ་དར་ཡ་ཀན༔ ཀུནྡའི་དཀྱིལ་འཁོར་ཞེས་བྱ་བ༔ གབ་པ་གཏེར་གྱི་སྙིང་པོའོ༔ མ་བས་ལྷག་པའི་བུ་ཚ་ནི༔ ཡང་གསང་སྦས་པའི་དཀོར་མཛོད༔ མཁའ་འགྲོ་དྲུག་གི་སྙིང་ཁྲག༔ ལག་ལེན་གསལ་བའི་སྒྲོན་མེ༔ ཟུག་རྔུ་འབྱིན་པའི་སྐམ་པ༔ བུམ་པ་འདེགས་པའི་གྱད་དྲུག༔ ཀུན་གྱི་ལོག་གནོན་ཡང་དག་པའོ༔ ྀཨཚ༔ ༈ འཛུམ་ལྟག་དགྱེ་བཅོས་པའི་ཐབས་བཞུགས༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ཁ་གཙིགས་ཞེས་བྱ་འཇིགས་པའི་ནད༔ གཞུང་ནས་མ་བཤད་ནད་འབྱུང་སྟེ༔ དེ་བཅོས་བདུད་རྩི་འཆི་མེད་བཤད༔ འདི་རྒྱུ་ལྷ་ཆེན་སྤྲུལ་པའི་ནད༔ གཉན་ནད་གདུག་པ་མཁྲིས་པར་བསྡོངས༔ རླུང་གི་རྟར་ཞོན་སྲོག་རྩར་རྒྱུག༔ ཁ་ཅིག་ཀླད་པ་ལ་ཡང་བབས༔ གཅིག་ཏུ་མ་ངེས་ཅིར་ཡང་འབྱུང༔ ན་བ་མེད་པར་འཆི་བ་སྲིད༔ དེ་ལ་སྟོབས་ཅན་སྟོབས་ཆུང་གཉིས༔ ཚ་སྟོབས་ཅན་དང་གྲང་སྟོབས་ཅན༔ མདོར་ན་ནད་རིགས་གཉིས་ལས་མེད༔ དེ་རྟགས་ཅུང་ཟད་སྙིང་མི་དགའ༔ ན་མ་ཐག་ནས་ལུས་སྟོབས་འཆོར༔ ལུས་ཀུན་བཙོ་མའི་གསེར་དང་འདྲ༔ དྲི་ཆུ་ཁྲག་གམ་མར་ནག་འདྲ༔ ཟུངས་མི་ཐུབ་ལ་ལྟག་དགྱེ་འགྱེལ༔ སྲོག་རྩ་ལ་བབས་རོ་སྟོད་གཟེར༔ ཀླད་པ་ལ་བབས་མགོ་བོ་གཟེར༔ རྒྱུ་མ་ལ་བབས་འཁྲུ་བ་དང༔ མཁལ་མ་ལ་བབས་སྤྱི་སྐེད་ན༔ ཞག་ནི་དྲུག་གམ་བདུན་དག་ལ༔ འཛུམ་དང་བཅས་ནས་གཤིན་རྗེས་འཁྲིད༔ ནད་འདི་སྟོབས་ཆེ་མཁས་ཀྱང་སྤང༔ སྟོབས་ཆུང་དང་པོ་ཕག་པའི་བྲུན༔ རྒྱ་སྐྱེགས་བཙོད་དང་སྟག་ཤའི་ཐང༔ བཏང་རྗེས་དཔའ་བོའི་་་བོང་ང་།རིལ་བུ་དང༔ དམར་སེར་བཞི་རྒྱབ་སྤྲད་ལ་བཏང༔ དེ་རྗེས་ནད་སྟོབས་ཆེ་བ་ན༔ ཤི་གསོས་སྦྱོར་བས་སྦྱང་བ་གཅེས༔ ནད་དེ་ཚད་སྟོབས་ཆེ་བ་ན༔ གསེར་གྱི་མེ་ཏོག་ཨ་རུ་ར༔ གླ་སྒང་ཤིང་མངར་ཧོང་ལེན་ཐང༔ ནང་ནུབ་བཏང་སྟེ་ཙནྡན་དང༔ གི་ཝང་གུར་གུམ་ཅུ་གང་དང༔ ཏིག་ཏ་ཧོང་ལེན་བ་ཤ་ཀ༔ བོང་ང་དཀར་པོ་སྦྱར་བའི་ཕྱེ༔ ཆུ་དང་སྦྱར་ལ་གུང་གཉིས་བཏང༔ ཡང་ན་སྒོག་སྐྱ་སྲད་དཀར་དང༔ ཀྱི་ལྕེ་ཕག་རིལ་བསྲེགས་པ་ཡི༔ ཐལ་བ་གུང་གཉིས་བཏང་བར་བྱ༔ ཡང་ན་གི་ཝང་གླ་རྩི་དང༔ ཏིག་ཏ་ཧོང་ལེན་བོང་ང་དཀར༔ ཁྲག་རྐང་སྤྱི་ཞུར་ཀྱི་ལྕེ་དཀར༔ གསེར་གྱི་མེ་ཏོག་ཐང་དུ་བཏང༔ ཚ་སྟོབས་རབ་ཏུ་ཆེ་བ་ན༔ ག་བུར་གླ་བ་ཤུ་དག་དང༔ བོང་དཀར་ཧོང་ལེན་སྟག་ཤ་བ༔ བཟང་དྲུག་སྦྱར་ལ་བཏང་བའམ༔ ཡང་ན་ག་བུར་བསིལ་གསུམ་དང༔ གི་ཝང་གླ་རྩི་གུ་གུལ་ནག༔ དམར་གསུམ་ཏིག་ཏ་དུག་མོ་ཉུང༔ ཧོང་ལེན་བོང་དཀར་ཀྱི་ལྕེ་དཀར༔ སྐྱེར་པའི་བར་ཤུན་གསེར་མེ་ཏོག༔ ཁུར་མོང་ཆུ་ལ་སྦྱར་ལ་བཏང༔ ག་བུར་བཅོ་བརྒྱད་ཅེས་བྱ་བ༔ ནད་འདིར་མ་ཟད་གཉན་ཚད་ནི༔ ཐམས་ཅད་ཀུན་གྱི་གཉེན་པོ་ཡིན༔ གལ་ཏེ་ལུད་པ་མ་གཙང་ན༔ ག་བུར་ཙནྡན་དཀར་དམར་གཉིས༔ ཅུ་གང་གུར་གུམ་གི་ཝང་མཚལ༔ བསེ་རུ་རྒྱ་རུ་དོམ་མཁྲིས་དང༔ ཨ་བྱག་བོང་དཀར་འཛིན་པ་སྦྱར༔ བཙོད་དང་རྒྱ་སྐྱེགས་ཁུ་བས་དབུལ༔ ཕོ་བ་ན་ན་དོམ་མཁྲིས་དང༔ ཕག་རིལ་ཐལ་བ་ཨ་རུ་ར༔ སྦྱར་བཏང་དེ་ཡིས་འཇོམས་པ་ཡིན༔ གལ་ཏེ་ནད་དེ་གྲང་སྟོབས་ཆེ༔ ག་བུར་ནག་པོ་གསེར་མེ་ཏོག༔ རྩ་བ་ལྔ་པ་ཆང་སྦྱར་བཏང༔ ཡང་ན་བོང་ང་ཨ་རུ་ར༔ ཛཱ་ཏི་སྦྱར་བའི་རིལ་བུ་དང༔ མཇིང་རེངས་ལྟག་དགྱེ་རོ་སྟོད་གཟེར༔ དང་པོ་དྲུག་བདུན་བསྲེགས་པ་ནི༔ གནད་ཀྱི་གདམས་པ་དམ་པ་སྟེ༔ འབྲོས་ལམ་དགག་པ་ཤིན་ཏུ་གཅེས༔ སྲེ་ལོང་ལྔ་བདུན་ཁུ་བའི་ཐང༔ ཛཱ་ཏི་ཤིང་ཀུན་བཏབ་ལ་བཏང༔ ཁ་ཟས་བསིལ་དྲོད་སྐབས་དང་སྦྱར༔ སྤྱོད་ལམ་འདུ་བ་རང་སོར་བཞག༔ མདོར་ན་དང་པོ་གཉན་དང་དབྲལ༔ བར་དུ་མཁྲིས་པའི་རྒྱ་མཚོ་སྐམ༔ ཐ་མ་རླུང་ལ་སྣ་ལེན་བྱ༔ རྒྱུན་དུ་དགེ་བའི་ལས་ལ་འབད༔ དེ་ཡིས་མ་སོས་ཚེ་ཟད་ཡིན༔ འདི་བྲིས་དགེ་བས་འགྲོ་བ་རྣམས༔ ནད་བྲལ་བདེ་བ་ཐོབ་གྱུར་ཅིག༔ ཁ་གཙིགས་རྒྱུག་འགྱེལ་བཅོས་པའི་ཐབས༔ གདམས་པ་བདུད་རྩི་འཆི་མེད་ཅེས་བྱ་བ༔ ྀཨཚ༔ འདི་ལ་རྒྱས་འབྲིང་གསུམ་ཡོད་པ་ལས༔ འདི་རྒྱས་པ་སྙིང་ལྟ་བུ་ཡིན་ནོ༔ གཏེར་ཁ་གཞན་རྣམས་ཡན་ལག་ཙམ་ཡིན་ནོ༔ ཞེས་གུ་རུ་ཆེན་པོས་གསུངས་སོ༔ སྲོག་སྙིང་དང་སྲུང་སྔགས་ཐམས་ཅད་སྦྲེལ་ནས་བྲི༔ འཁོར་ལོ་ཆེན་པོ་དང་བསྡེབས་གསུངས་སོ༔ ནད་ཀྱི་བསྐལ་པ་དར་བའི་ཚེ༔ སྲུང་བ་རྡོ་རྗེ་ཁྲབ་རིང་ལས༔ མ་དང་མཉམ་པའི་བུ་བརྒྱད་ཅེས་གསུངས༔ ཟབ་རྒྱ༔ ྀཨཚ༔ ༈ དྲག་པོ་ཀུན་འདུལ་གྱི་ཤོག་དྲིལ་ཏེ་ཉེར་བདུན་པ༔ བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ཡང་ནི་གསོ་བའི་མན་ངག་ལ༔ དྲག་པོ་ཀུན་འདུལ་སྦྱོར་བ་ནི༔ སྤང་རྩི་ཆུ་རྩ་ཐར་ནུ་གསུམ༔་་་ཀ་མ་ཐེབ་འོད་ཙམ། རྒྱལ་པོ་ཡིན་པས་དམག་དཔུང་བཤིག༔ ཤ་གཉིས་་་མི་ཤ་སྦྲེ་ཤ་མཐེ་བོང་ཙམ།ཧོང་ལེན་་་རིལ་མ་ཙམ།བོང་ང་་་སྲན་ཙམ།བཞི༔ བློན་པོ་ཡིན་པས་ཁ་ལོ་བསྒྱུར༔ ཁ་གནོན་གཉེན་པོ་ཨ་རུ་ར༔་་་དྲུག་འགྱུར། གླ་བ་་་སྲན་མ་ཙམ།གུ་གུལ་་་རིལ་མ་ཙམ།སྟག་ཤ་བ༔་་་སྟག་ཤ་ཐུམ་གཅིག །ཤུ་དག་་་རིལ་མ་ཙམ།རེ་ལྕག་་་སྲན་མ་ཙམ།ར་དུག་པ༔ གཤེད་མ་ཡིན་པས་ཐམས་ཅད་གསོད༔ དུར་བྱིད་པདྨོ་རྟ་ལྟར་རྒྱུག༔ ཞིབ་བཏགས་བརྒྱད་པའི་ཆུ་ལ་སྦྱར༔ རིལ་བུ་སྲན་མ་འབྲིང་པོ་ཙམ༔ བྱས་ལ་ནད་སྟོབས་སྦྱར་ལ་བཏང༔ རིལ་བུ་རེ་ཡིས་ཁྲུས་རེ་འོང༔ མི་རེ་སོས་པས་རྟ་རེ་རི༔ སྲོག་འཛིན་འཆི་མེད་སྦྱོར་བ་ནི༔ གླ་བ་་་སྲན་མ་ཙམ།གུ་གུལ་སྟག་ཤ་བ༔ ཤུ་དག་རུ་རྟ་གཙོ་བོ་ལྔ༔་་་རྣམས་ཐུན་རེ་རེ། གི་ཝང་ཅུ་གང་ལྕེ་ཚ་བ༔ གསེར་གྱི་མེ་ཏོག་དུག་མོ་ཉུང༔ འཁོར་ལྔ་དག་ཏུ་ཤེས་པར་བྱ༔ ཁ་ནོན་དཔའ་བོ་སེར་པོའོ༔ བརྒྱད་པའི་ཆུ་ལ་སྦྱར་ལ་བཏང༔ སྙིང་ལ་སོང་ཡང་ཐུབ་པར་ངེས༔ ྀཨཚ༔ ༈ དཔའ་པོ་བདུན་པའི་ཤོག་དྲིལ་ཏེ་ཉེར་བརྒྱད་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ དཔའ་བོ་བདུན་པའི་སྦྱོར་བ་ལ༔ བོང་ང་དཀར་་་ཞོ་དོ།ནག་་་ཞོ་ཕྱེད།སེར་པོ་་་ཞོ་གང་།གསུམ༔ གསེར་མདོག་་་དྲུག་འགྱུར།གླ་བ་གུ་གུལ་་་ཞོ་ཕྱེད་རེ།གསུམ༔ བྲག་ཞུན་་་ཐུན་གཅིག།དང་བདུན་ཞིབ་པར་བཏགས༔ བརྒྱད་པའི་ཆུར་སྦྱར་རིལ་བུ་བྱ༔ དེ་རྣམས་སྦྱོང་དང་ཁོང་གསོད་ཡིན༔ ཞི་དྲག་རིགས་པས་དཔྱད་པར་བྱ༔ གང་འགྲོ་གང་འགྲུབ་བྱ་བར་གསུངས༔ གཉན་ནད་འཇོམས་པའི་བདུད་རྩི་ཡིན༔ ྀཨཚ༔ ༈ བད་ཀན་གྲང་རིམས་བཅོས་པའི་ཤོག་དྲིལ་ཏེ་ཉེར་དགུ་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བད་ཀན་གྲང་རིམས་བྱ་བ་ནི༔ ནད་ཀྱི་མཚན་ཉིད་འདི་ལྟར་འོངས༔ ལུས་ཀྱི་དྲོད་ཤོར་ཤིན་ཏུ་ན༔ ཤ་རུས་མིག་ཏུ་འབྲོས༔ མིག་ལྟག་ཁུང་དུ་འབྲོས༔ ལྕེ་རྐན་ཕུགས་སུ་འབྲོས༔ རྩ་ཞན་ནས་རུས་པ་ལ་ཁད་པར་འཕྲོས༔ ཡན་ལག་གི་ཉྭ་ཐམས་ཅད་འགྱུར༔ ཡང་ན་ཉྭ་བཞི་འཁྱུག་ཅིངཟུག་སྲན་ཐབས་མེད་པའོ༔ རྟགས་དེ་རྣམས་དང་ལྡན་ན་བཅོས་ཐབས་འདི་ལྟར་བྱ་སྟེ༔ དང་པོ་ཁོང་དུ་བུར་ཆང་བཏང༔ ཕྱི་ནས་ཉི་མར་བསྐུ་མཉེ་བྱ༔ སྟོད་དུ་བྲོས་ན་མེ་ཡིས་བསྡམ༔ ཕོ་ཁར་གཟེར་ན་ཁྱུང་རིལ་བཏང༔ ཡི་ག་འགག་ན་སེ་འབྲུ་ལྔ་བདུན་བཏང༔ འདིས་ནི་འཆི་བ་དུར་ནས་སློང༔ རིམས་བཅོས་ཤི་གསོས་བདུད་རྩི་ཡིན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སེམས་ཅན་དོན་དུ་བཀོད༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ྀཨཚ༔ ༈ དངུལ་ཆུས་བཅོས་པའི་ཤོག་དྲིལ་ཏེ་སུམ་ཅུ་ཐམ་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ནག་པོ་སྲོག་གཅོད་རྒྱུག་འགྱེལ་ལ༔ གསོ་བའི་སྨན་ནི་འདི་ལྟ་སྟེ༔ གྱི་ལིང་ཆུ་རྟ་སྔོན་པོ་་་དངུལ་ཆུ།ལ༔ ཧོར་སྟན་ཁྲ་བོ་་་བྱང་བ་ཁྲ་བོ།སྟེང་དུ་བཀབ༔ དེ་ལ་གཡུ་སྒ་སྔོན་པོ་་་སྔོན་བུ།གཏད༔ སྟེང་དུ་དཔའ་བོ་ཆེན་པོས་་་ཐར་ནུ་འམ་བོང་ང་།ཞོན༔ དབུ་ལ་གསེར་ཞུ་སེར་པོ་་་ཨ་རུ་ར།གསོལ༔ ཕྱག་ན་མཚོན་ཆ་རྣོན་པོ་་་རྒྱ་ཚྭ།བསྣམས༔ རྒྱུག་འགྱེལ་ནག་པོ་འཇོམས་བྱེད་པའི༔ མི་རྟ་ཆབས་ཅིག་ཞེས་བྱའོ༔ ནག་པོ་མི་དྲུག་ཅེས་ཀྱང་བྱ༔ ཆ་མཉམ་་་ལོ་བརྒྱད་ཆུས་སྦྲུས་ལ་རིལ་བུ།སྲན་མ་འབྲིང་པོ་ཙམ༔ ཐུན་ཚད་དགུ་རུ་ཤེས་པར་བྱ༔ སྙིང་ལ་ཙནྡན་དཀར་དམར་དང༔ ཛཱ་ཏི་སྙིང་བུ་ཞོ་ཤ་བསྡེབས༔ གློ་ལ་རུ་རྟ་ཅུ་གང་དང༔ གླ་གོར་ཞོ་ཤ་སྟར་བུ་དང༔ མཆིན་པར་ཁ་ཆེ་བྲག་ཞུན་བསྡེབས༔ ཆུ་སེར་སྨན་བརྒྱད་དུག་ཉུང་བསྡེབས༔ གཉེ་མ་བྱི་ཏང་ཀ་པེད་བསྡེབས༔ ལོང་ལ་ཡ་བཀྵ་ར་བསྡེབས༔ དེ་ཡིས་ནད་ལས་གྲོལ་བར་འགྱུར༔ ྀཨཚ༔ ༈ མཁྲིས་པ་རླུང་གྱུར་བཅོས་པའི་ཤོག་དྲིལ་ཏེ་སོ་གཅིག་པ༔ སྨན་གྱི་བླ་དང་བླ་མ་དང༔ དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་བབས་ནད་དར་ཚེ༔ གཞུང་ནས་མ་བཤད་ནད་བྱུང་ན༔ སྨན་པ་རྣམས་ཀྱིས་འཆོས་མི་ཤེས༔ གློ་བུར་ནད་ཀྱིས་སྲོག་གཅོད་ནས༔ འབྱུང་པོ་ཆེན་པོས་འཁྱུས་ཞེས་ཟེར༔ དེ་ཡི་གསོ་ཐབས་ཁྱད་པར་ཅན༔ པདྨས་ཕྱི་རབས་དོན་དུ་བྲི༔ མཁྲིས་པ་རླུང་གྱུར་ཞེས་བྱའི་རིམས༔ མྱུར་དུ་གསོད་པའི་ནད་འབྱུང་སྟེ༔ དེ་ཡི་ན་ལུགས་བསྟན་པ་ནི༔ རྩ་ནི་ཕྲ་ལ་གྲིམས་པ་ལ༔ ཤེད་ཆུང་རུས་ལ་ཁད་པར་འབྱུང༔ ཤ་དུག་འདྲ་ལ་འཁྲུ་སྐྱུག་འོང༔ ཤེད་ཆུང་ཤ་རྣམས་འབྲོས་པ་སྐྱེན༔ རྐྱེན་ནི་ཤ་རུལ་ཆང་རྒན་ནམ༔ སྐྱུར་མོས་བསླངས་ནས་ཐོག་བབས་ན༔ དེ་ལ་བཅོས་ཐབས་སྨན་ཟས་གཉིས༔ སེ་འབྲུ་པི་ལིང་ཨ་རུ་ར༔ གུར་གུམ་ཆོས་སྨན་ཐུན་རེ་བཏང༔ ཤ་ཆེན་ཤིང་ཀུན་ཛཱ་ཏི་དང༔ གླ་བ་རིལ་མ་ཙམ་ཞིག་བཏང༔ བུ་རམ་ལ་སྦྱར་ཆང་གིས་དབུལ༔ ཟས་ནི་ཆབ་འཇམ་བསྲོས་པ་དང༔ ལུག་ཤ་བརྡུངས་པའི་ཁུ་བ་དང༔ འབྲས་ཐུག་དག་ཀྱང་བཏང་བར་བྱ༔ དེ་ཡིས་སོས་པར་ཐེ་ཚོམ་མེད༔ མཁྲིས་པ་རླུང་གྱུར་བཅོས་པའི་ཐབས༔ ཀུན་གྱི་ཐུན་མོང་མ་ཡིན་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ༔ ྀཨཚ༔ ༈ ལོག་གནོན་གཉེན་པོའི་ཤོག་དྲིལ་ཏེ་སོ་གཉིས་པ༔ འགྲོ་མགོན་བཻ་ཌཱུརྱ་ལ་ཕྱག་འཚལ་ལོ༔ ཅོག་འགྱེལ་ཞེས་བྱ་འཇིགས་པའི་ནད༔ འཆི་བདག་ཞགས་པས་ཟིན་འདྲ་ལ༔ ཅིས་ཀྱང་ཐུབ་པར་མ་གྱུར་ན༔ ལོག་གནོན་གཉེན་པོའི་མཐར་ཐུག་ནི༔ ཤཱི་ལ་་་ཚུལ་ཁྲིམས།ལྡན་ནམ་ནུས་པ་ཅན༔་་་སྔགས་པ། གནས་ལུགས་རྟོགས་པའི་གང་ཟག་གིས༔ ནས་དཀར་ཟོས་པའི་བདུད་རྩི་་་དྲི་ཆེན།ནི༔ ཞིབ་བཏགས་ཕོ་ཚོམ་གཅིག་ལ་ནི༔ དཔའ་རྒོད་ཕྱེ་མ་ཅུང་ཟད་བཏབ༔ བ་དམར་ཆུས་སྦྲུས་སྲན་འབྲིང་ཙམ༔ མཚལ།་་་ལྕོག་ལ་མ་ཡིས་མདོག་བསྒྱུར་ལ༔ ཚབས་ཆེ་བདུན་ལ་འབྲིང་ལ་ལྔ༔ ནད་ཚབས་ཆུང་ལ་རིལ་བུ་གསུམ༔ ནད་ཚབས་སྦྱར་ལ་བཏང་བར་བྱ༔ འདར་ཞིང་ཟུག་འོང་དྲེད་མི་དགོས༔ ཟན་མར་དྲོན་མོ་ཁམ་གསུམ་བཏང༔ མ་ཐུབ་རྩི་མར་ཧུབ་གསུམ་བཏང༔ དེས་ནི་འཕྲལ་དུ་ཟུག་རྣམས་འཆག༔ དེ་སྟེང་སྟག་ཤ་ཤུ་དག་ནག༔ གུ་གུལ་ནག་པོ་གླ་རྩི་དང༔ དོན་སྣོད་གང་བབས་ཁ་འཛིན་བཏང༔ སྲོག་སྟེར་ཆེན་པོའི་སྦྱོར་བ་སྟེ༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ ནད་འདི་ཕལ་ཆེར་མཁས་ཀྱང་སྤང༔ དེ་ཕྱིར་འབྲུ་བཅུད་དཔའ་བོ་ཡི༔ སྦྱོར་བ་མཇུག་ཏུ་དགོས་དོགས་ཡོད༔ དེ་ཕྱིར་རིག་པའི་མདའ་ཡིས་བསྣུན༔ མི་ཟད་ནད་ངན་ཅོག་འགྱེལ་ལ༔ ལོག་གནོན་དཔའ་རྒོད་སྦྱོར་བ་ཡིན༔ འདི་ཡིས་མ་སོས་ཚེ་ཟད་ཡིན༔ ལོག་གནོན་འཆི་བདག་གསོད་བྱེད་ཡིན༔ ྀཨཚ༔ ༈ ཁོང་ལྷོག་འཇོམས་པའི་ཤོག་དྲིལ་ཏེ་སོ་གསུམ་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཁོང་ལྷོག་ནག་པོ་ཅོག་འགྱེལ་ལ༔ རྒྱུ་རྐྱེན་བརྟག་པ་གསོ་ཐབས་བཞི༔ རྒྱུ་ནི་མ་མོ་ས་བདག་དང༔ ཀླུ་གཉན་ལྷ་འདྲེ་འཁྲུགས་པའོ༔ རྐྱེན་ནི་རང་ལུས་ངན་ལ་འབྱུང༔ བརྟག་ཐབས་རྣམ་པ་དྲུག་ཡིན་ཏེ༔ ཚངས་པའི་ཐིག་ཆེན་བཏབ་མ་བཏབ༔་་་མིག་ལ་རྩ་རིས་དམར་པོ་འཐུར་ལ་འོང་། མེ་ལོང་གཡའ་དང་བྲལ་མ་བྲལ༔་་་སོག་ཐོག་ནའམ་སྒོས་སམ་བ་སྤུ་ལྡོག །རི་བོར་སྤྲིན་གྱིས་གཏིབས་མ་གཏིབས༔་་་ཨན་སྟོང་དང་པོ་ནའམ་སྐྲངས། བདུད་ཀྱི་ཐིག་ཆེན་བཏབ་མ་བཏབ༔་་་ལྕེ་སྟེང་འབྲུམ་པ་དཀར་དང་འོག་ཏུ་ནག་ཐིག་འོང་། འཆི་བདག་སྲོག་རྩ་་་སྲིན་ལག་གི་རྩ་དྲག་ཏུ་འཕར།བསྐྱོད་མ་བསྐྱོད༔ རྒྱ་མཚོ་ཁྲག་གིས་གང་མ་གང༔་་་ཆུ་དམར་ནག་གམ་ལོ་ཁུ་འདྲ་བ་འབྱུང་། དོན་རྟགས་དྲུག་ཚང་ལ་ཆེན་འདའ༔ བཞིའམ་ལྔ་ལ་སྲིད་པ་ཙམ༔ གཉིས་གསུམ་པ་ལ་གསོ་བ་སླ༔ གཉན་ཚད་གསོ་བར་བྱེད་པ་ནི༔ བོང་ང་སྲན་མ་ཙམ༔ གསེར་མདོག་བཞི་འགྱུར༔ ག་བུར་བྱེའུའི་སྒོང་གང༔ གུ་གུལ༔ ར་དུག་པ༔ སྤྲུ་ནག་པ༔ གླ་བ་དྲི་ཐོན་ཙམ༔ བྲག་ཞུན་ཆུ་ལ་སྦྱངས་པ་ནངས་མ་གསུམ་བཞིར་ཟས་གོང་དུ་བཏང་ངོ༔ ཡང་ན་ག་བུར༔ ཨ་རུ་ར༔ གླ་བ༔ གུ་གུལ་ཆུས་དབུལ་ལ་བཏང༔ གཉན་རླུང་དང་བསྡོངས་ན༔ བོང་ང་ཆ་ཕྱེད༔ ར་དུག་པ་ཆ་ཕྱེད༔ ཨ་རུ་ར་བཞི་འགྱུར༔ ཤུག་པ་ཚེར་མ་ཅན་ཆ་ཕྱེད༔ གུ་གུལ་གླ་བ་ཆ་རེ་རེ༔ མི་ཤ་དང་སྦྲེ་ཤ་ཆ་རེ༔ དེ་རྣམས་ཞིབ་པར་བཏགས་ལ་ཤིང་ཀུན་ཆུ་ལ་སྦྱངས་ལ་བཏང༔ རིལ་བུ་རིལ་མ་ཙམ་གཅིག་གཉིས་གསུམ་རིམ་པས་བཏང་ངོ༔ མིག་སེར་བྱུང་བའམ༔ ཆབས་ཆུང་ན་སྐྱ་ནད་བྱུང་དུས༔ གསེར་གྱི་མེ་ཏོག༔ ཏིག་ཏ༔ དུག་མོ་ཉུང༔ ཨ་རུ་ར༔ བོང་ང་དཀར་པོ་ལྔ་ཡི་ཐང་བཏང་ངོ༔ བད་མཁྲིས་དང་བསྡོངས་ན༔ འབྲས་བུ་གསུམ་གྱི་ཐང་བཏང་ངོ༔ མཁྲིས་ཚད་དང་བསྡོངས་ན༔ ཀྱི་ལྕེ་དཀར་པོ༔ སྤང་རྩི་དོ་བོ༔ བྲག་ཞུན༔ བྲེ་གུ་གསེར་ཐིག་རྣམས་ཀྱི་ཐང་བཏང་ངོ༔ རིལ་བུ་འགྱིང་ན་ཨ་རུ་ར་མཆུ་སྙུང་དང༔ མཛེ་ཚྭའི་ཐང་བཏང་ངོ༔ འཛིན་པ་ཆུ་རྩ༔ ཨ་རུ་ར༔ ཤ་ཆེན༔ གླ་རྩི༔ ཤོག་ཤིང༔ གི་ཝང༔ ཤུ་དག་ཞིབ་ཏུ་བཏགས་ཏེ༔ གངས་ཆུས་ཕུལ་བཏང་བས་གཉན་འཐོར་བ་སྡུད༔ སྙིགས་མའི་དུས་སུ་ནད་དར་ཚེ༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ ྀཨཚ༔ ༈ གཉན་ཚད་གག་ལྷོག་གསུམ་གྱི་ཤོག་དྲིལ་ཏེ་སོ་བཞི་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཐར་ནུ་ཤུ་དག་ཆུ་རྩ་གསུམ༔ ཨ་རུ་ཤ་ཆེན་ལྕུམ་རྩ་གསུམ༔ མཆུ་སྙུང་རྣམ་པ་བཅུ་གསུམ་དང༔ ཨ་ཀ་རུ་དཀར་ནག་ཆ་གཅིག་དང༔ དེ་རྣམས་དགེ་སློང་གཙང་མའམ༔ བྱིས་པ་ལོ་བརྒྱད་ཆུ་ལ་སྦྱར༔ ཚོས་པར་བཙོས་ལ་གུད་དུ་བསྡུ༔ གའུར་བླུགས་ལ་ལུས་ལ་བཅང༔ ལྷོག་པ་བྱུང་ན་བྱུག་པར་བྱ༔ རིལ་ཙམ་ཁོང་པའི་སྨན་དུ་ཆེ༔ གག་པ་ལ་ཡང་ཁོང་དུ་བཏང༔ ཕོ་བར་ཟུག་བྱུང་རིལ་ཚད་གསུམ༔ བཏང་བས་དེ་ཡིས་ཐུབ་པར་འགྱུར༔ བཤལ་དུ་བྱེད་ན་དུར་བྱིད་་་མཐེབ་ཙམ།དང༔ སྐྱུག་ཏུ་བྱེད་ན་བྱ་་་སྤྱང་ཚེར་བ།ཁྲ་ཕད༔་་་མཐེབ་རྡོག་ཙམ། གང་བྱེད་དེ་གཉིས་བསྡེབས་ལ་བཏང༔ གག་ལྷོག་གཉིས་ཀྱི་སྲུང་བ་དང༔ ནན་དང་བཤད་དང་སྐྱུག་དང་བསད༔ དེ་ལ་འདི་ལས་ཟབ་པ་ནི༔ འཛམ་བུ་གླིང་ན་ཡོད་མ་ཡིན༔ སྙིགས་དུས་ནད་ངན་དར་དུས་སུ༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ དེ་བར་སྡེ་བརྒྱད་ཁྱོད་ཀྱིས་སྲུངས༔ ཞེས་གསུངས་ནས་གཏེར་དུ་སྦས་སོ༔ ྀཨཚ༔ ༈ ཁྱད་པར་སྲུང་བརྟག་གསོ་གསུམ་བཞུགས༔ སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ བསམ་ཡས་བཞེངས་ནས་རབ་གནས་མཛད་པའི་ཚེ༔ མ་འོངས་མཁྱེན་པའི་མངའ་བདག་གིས༔ གུ་རུ་པདྨ་ལ་ཞུས་པ༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ མི་རྣམས་ལོག་སྤྱོད་སྣ་ཚོགས་ཀྱིས༔ ནད་ངན་སྣ་ཚོགས་འབྱུང་བ་ན༔ བརྟག་སྲུང་གསོ་བ་ཇི་ལྟར་ལགས༔ ཞེས་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ དུས་ཀྱི་སྙིགས་མར་གྱུར་པའི་ཚེ༔ དྲུག་ཅུ་ཁ་རལ་དུས་ཚོད་ལ༔ མི་རྣམས་ལོག་སྤྱོད་སྣ་ཚོགས་ཀྱིས༔ མ་མོ་མཁའ་འགྲོ་གཏིང་ནས་འཁྲུགས༔ ནག་པོ་བདུད་དང་གནོད་སྦྱིན་བགེགས༔ ས་འོག་ཀླུ་རྣམས་ཀུན་འཁྲུགས་ནས༔ ས་ནད་མེ་བཞིན་འབར་བར་འགྱུར༔ ནད་ངན་སྣ་ཚོགས་འབྱུང་བར་འགྱུར༔ བྱེ་བྲག་གཉན་གྱི་ནད་ལྷོག་ནི༔ ནག་པོ་རྒྱུག་འགྱེལ་ཞེས་བྱ་བས༔ མི་རྣམས་བཞི་གསུམ་འཇོམས་པར་བྱེད༔ དེ་ལ་སྲུང་བརྟག་གསོ་བ་ཡོད༔ ཅེས་གསུངས་སོ༔ མངའ་བདག་གིས་ཞུས་པ༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ ནག་པོ་རྒྱུག་འགྱེལ་ཅི་ལྟ་བུ༔ ནད་དེའི་རྟགས་ནི་ཇི་ལྟར་འཆར༔ དེ་ལ་གང་གིས་བསྲུང་བར་བྱ༔ བཅོས་པའི་ཐབས་ནི་ཇི་ལྟར་བགྱི༔ ཞེས་ཞུས་པས་གུ་རུས་གསུངས་པ༔ ནད་དེ་བརྟག་པའི་ཐབས་ལ་གསུམ༔ སྤྱིར་ནི་ནད་ཀྱི་མཚན་ཉིད་དང༔ བྱེ་བྲག་ནག་པོ་རྒྱུག་འགྱེལ་རྟགས༔ ཁྱད་པར་དོན་ལ་བབས་རྟགས་སོ༔ དང་པོ་རིམས་ཀྱི་མཚན་ཉིད་་་སྤྱི་རྟགས།ནི༔ མགོ་ལུས་མེད་པར་ན་ཞིང་ཉོག༔ རྩ་ནི་གྲིམས་ཤིང་ཚད་རྩ་འདྲ༔ ཚིགས་བཞི་ཁོལ་ལ་རླུང་ལོང་འདྲ༔ ཁྱད་པར་མགོ་ན་མགོ་བོ་འཁྱོམ༔ དཔུང་པ་གཉའ་མཇིང་སོག་པ་ན༔ རྨི་ལམ་ཉོག་མང་ཕྲུམ་སེར་ཁྱེར༔ རྒྱང་མིག་བལྟ་ཞིང་སྙིང་མི་དགའ༔ བྱིང་ཞིང་འཐིབས་ལ་ཚིགས་པ་ཟ༔ ལུས་རྩེ་་་དང་པོ་སྤྱི་ལ་བབས་ན།ཤེད་ཆུང་བ་སྤུ་ལྡངས༔ ཕྲུམ་སེར་ཁྱེར་ལ་་་ལྤགས་ལ་བབས་ན།མེ་ཉི་སྙེགས༔ རྩ་ལ་བབས་ན།་་་རྩ་འཁྱུག་ཁ་ཁ་ཆུ་དད་ཆེ༔ ཤ་ལ་བབས་ན།་་་ལུས་ལྕི་ཤ་ཚ་མགོ་བོ་འཐོམ༔ སྣོད་ལ་བབས་ན།་་་ལྕེ་སྐམ་འཁྲུ་ཞིང་དང་ག་འགག༔ དོན་ལ་བབས་ན།་་་ལུས་ཀྱི་མདོག་འགྱུར་དོན་སྣོད་ན༔ བྱེ་བྲག་རྒྱུག་འགྱེལ་ནག་པོའི་རྟགས༔ ཚངས་པའི་ཐིག་ཆེན་བཏབ་མ་བཏབ༔་་་མིག་གི་རྩ་རིགས་ལ་ཐིག་ལེ་འོང་། མེ་ལོང་གཡའ་དང་བྲལ་མ་བྲལ༔་་་སོག་ཐོག་ལྕིའམ་ན། རི་བོ་སྤྲིན་གྱིས་གཏིབས་མ་གཏིབས༔་་་ཨན་སྟོང་དང་པོ་ནའམ་སྐྲངས། བདུད་ཀྱི་ཐིག་ཆེན་བཏབ་མ་བཏབ༔་་་ལྕེ་ཐོག་ཏུ་དཀར་ཁྲ་དང་འོག་ཏུ་དམར་ནག་འོང་། འཆི་བདག་སྲོག་རྩ་བསྐྱོད་་་སྲིན་ལག་གི་རྩ་དྲག་ཏུ་འཕར།མ་བསྐྱོད༔ རྒྱ་མཚོ་ཁྲག་གིས་གང་མ་གང༔་་་དྲི་ཆུ་མར་ནག་འདྲ་བ་འོང་། གཅིག་གཉིས་གསུམ་ལ་གསོ་བ་སླ༔ བཞིའམ་ལྔ་ལ་སྲིད་པ་ཙམ༔ རྟགས་དྲུག་ཚང་ན་ལ་ཆེན་འདའ༔ ཁྱད་པར་དོན་ལ་བབས་པའི་རྟགས༔ སྲོག་རྩར་བབས་ན་ནམ་མཁར་ལྟ༔ ཤེས་པ་འཁྲུལ་ཞིང་མིག་རྩ་དམར༔ སྙིང་ལ་བབས་ན་སྙིང་འཕར་སྤྲུག༔ སྙིང་གཟེར་དབུགས་ཐུང་སྙིང་མི་དགའ༔ གློ་བར་བབས་ན་བྲང་རྒྱབ་གཟེར༔ གློ་ལུ་ལུད་པ་སེར་ནག་འོང༔ མཆིན་པ་དག་ལ་བབས་པ་ནི༔ མཆིན་ཁོང་མི་བདེ་ཟུག་གཟེར་འོང༔ ཁ་ནས་ཁྲག་འོང་མཆིན་པ་ན༔ མཁལ་མ་དག་ལ་བབས་པ་ན༔ མཁལ་ཁུང་མི་བདེ་མཁལ་མ་ན༔ རྣ་བ་མི་གསང་ཟུག་གཟེར་ཆེ༔ རྒྱུ་ལོང་དག་ལ་བབས་པ་ན༔ ཁྲག་ཏུ་འཁྲུ་ཞིང་ཟུག་གཟེར་ལྡངས༔ རྒྱུ་ལོང་གནས་སུ་འུར་སྒྲ་འོང༔ མཁྲིས་པ་དག་ལ་བབས་པ་ན༔ ལུས་དང་མིག་མདོག་སེན་མོ་སེར༔ ཁ་ཁ་དང་ག་འགག་པ་ཡིན༔ ཕོ་བར་བབས་ན་ཕོ་སྟོང་གཟེར༔ གླང་ཐབས་ན་ཞིང་འཁྲུ་རུ་འོང༔ དང་པོ་བརྟག་པའི་ཡན་ལག་གོ༔ ༈ གཉིས་པ་ནད་དེ་སྲུང་བ་ལ༔ ཕྱི་སྲུང་ནང་སྲུང་གསང་སྲུང་གསུམ༔ དང་པོ་ཕྱི་ཡི་སྲུང་བ་ལ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ ཆོས་སྐྱོང་སྤྱི་ལ་གཏོར་མ་བཏང༔ ནད་བདག་ཚོགས་ལ་མཐུན་རྫས་སྦྱིན༔ ཀློག་འདོན་གཏོར་མ་དགེ་ལ་འབད༔ དེ་དག་བྱས་ན་ནད་མི་འབྱུང༔ ལྷ་འདྲེ་རང་སར་གནས་པ་ཡིན༔ ༈ གཉིས་པ་ནང་གི་སྲུང་བ་ནི༔ སྔགས་དང་ཏིང་འཛིན་འཁོར་ལོ་སྨན༔ སྔགས་དང་ཏིང་འཛིན་ཐུན་མོང་་་དུ་བསྟན།སྟེ༔ གསང་བདག་བསྒོམས་ལ་ཡི་དམ་་་སྙིང་པོ།བཟླ༔ ཨོཾ་ཐིམ་ཐ་ར་ཏི་པ་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ གུ་རུ་བསྒོམས་ལ་ཐུགས་སྔགས་བཟླ༔ མ་ཧཱ་གུ་རུ༔ ཨུ་ཧཱ་གུ་རུ༔ ཏྲི་ན་གུ་རུ༔ ནི་ནཱ་ག་ཤད༔ རཾ་རཾ༔ དུལ་དུལ༔ ནཱ་ག་ཙིཏྟ་ཕོ༔ ནཱ་ག་རྦུད་ལིང་ཤག༔ ཐུམ་མྱོག་སོད༔ ཁྱུང་དུ་བསྒོམས་ལ་ཁྱུང་སྔགས་བཟླ༔ ཧབ་རྩེ་ཧབ་རྩེ་ཧཱུྃ་སོད༔ སུ་རུ་སུ་རུ་ཧཱུྃ་སོད༔ སུ་ཀ་ཛུ་ཀ་ཧཱུྃ་སོད༔ ས་ཏི་ཀ་རུ་ཧཱུྃ་སོད༔ ཐུ་ལ་རག་ཤི་ཧཱུྃ་སོད༔ མེ་རུ་ཐུན་རྩེ་ཧཱུྃ་སོད༔ ཕག་པར་བསྒོམས་ལ་་་གནོད་སྦྱིན་ཕོ་མོའི།སྲོག་སྔགས་བཟླ༔ ཕོ་སྔགས།་་་ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ༔ མོ་སྔགས།་་་ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་ཡ་ཡཱ༔་་་སོ། །སྔ་དྲོ་གང་འགྲུབ་བརྒྱ་རྩའམ༔ ལྔ་བཅུ་དག་གམ་ཉེར་གཅིག་བཟླ༔ ཁྱད་པར་གཉེན་པོ་ཁྱུང་སྔགས་ཡིན༔ བཞི་པ་བསྡོམས་ནས་བཟླ་བ་ནི༔ བདག་ཉིད་གསང་བའི་བདག་པོར་བསྒོམ༔ སྙིང་གི་དཀྱིལ་དུ་གུ་རུ་བསྒོམ༔ སྤྱི་བོར་གཉེན་པོ་བྱ་ཁྱུང་བསྒོམ༔ དུག་གསུམ་་་བྱ་ཕག་སྦྲུལ་གསུམ།འཁོར་གྱིས་བསྐོར་བ་རུ༔ བསམས་ལ་སྔགས་བཞི་སྦྲེལ་ལ་བཟླ༔ ༈ གསུམ་པ་འཁོར་ལོས་སྲུང་བ་ནི༔ ཡི་དམ་་་གྱི་སྔགས།གསང་བདག་་་གི།ལྟོ་བ་རུ༔ ཐུགས་སྔགས་གུ་རུའི་ཐུགས་ཀར་བྲི༔ ཁྱུང་སྔགས་ཁྱུང་གི་ཁོག་པར་བྲི༔ སྲོག་སྔགས་ཕག་པའི་ལྟོ་བར་བྲི༔ བཞི་ཀ་དྲིལ་བའི་འཁོར་ལོ་ནི༔ གཉེན་པོ་ཁྱུང་གི་ལྟོ་བ་རུ༔ མུ་ཁྱུད་རིམ་པ་གསུམ་དུ་བསྐོར༔ དབུས་སུ་ཡི་དམ་སྙིང་པོ་་་ཨོཾ་ཐིམ་ཐར་སོགས།བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གུ་རུའི་ཐུགས་ཀྱི་སྙིང་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འཁོར་ལོ་རྩིབས་དྲུག་འབར་བ་བྲི༔ རྩིབས་ལ་ཁྱུང་སྔགས་་་ཧབ་ཙེ།སྡེ་དྲུག་བཀོད༔ རྩིབས་མཆན་རྡོ་རྗེ་མེ་རི་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་འབྲི་བར་བྱ༔ སྲོག་སྔགས་་་ཕོ་སྔགས་མོ་སྔགས།གཤོག་པ་གཡས་གཡོན་བྲི༔ རབ་གནས་སྔགས་བཞི་སྦྲེལ་བ་དང༔ རྟེན་འབྲེལ་སྙིང་པོ་ཉེར་གཅིག་བཟླ༔ བྲིས་པའི་ས་ལས་མ་ལངས་པར༔ འཁོར་ལོ་གང་བསྲུང་མགུལ་དུ་གདགས༔ སྤྱིར་ནི་ནད་རིགས་ཐམས་ཅད་ཐུབ༔ ཁྱད་པར་རྒྱུག་འགྱེལ་ནག་པོ་ཐུབ༔ གསེར་དང་མཚལ་དང་རྒྱ་སྣག་གསུམ༔ བྱིན་རླབས་རབ་འབྲིང་ཐ་མ་ཡིན༔ ༈ བཞི་པ་སྨན་གྱིས་སྲུང་བ་ནི༔ གཉིས་ལས་ཕུར་མས་སྲུང་བ་ནི༔ གུལ་ནག་སྤྲུ་ནག་བོང་ནག་གསུམ༔ གླ་བ་ཤིང་ཀུན་ཤུ་དག་གསུམ༔ མུ་ཟི་སྟག་ཤ་ལྡོང་རོས་གསུམ༔ ས་མཚུར་གཉིས་ཏེ་བཅུ་གཅིག་གོ༔ མཉམ་པོར་བཏགས་ལ་དྲི་ཆུས་སྦྲུ༔ གླ་་་རྩི།ཆུས་ངར་བླུད་མགུལ་དུ་གདགས༔ ལྟོ་སྟོང་ལ་མནམ་རིམས་ཀུན་ཐུབ༔ ཁྱད་པར་གཉན་གྱི་རིགས་ལ་བསྔགས༔ ཆེ་ཆུང་ཤོར་ཡང་མི་ལྟོའོ༔ གཉིས་པ་རིལ་བུས་སྲུང་བ་ནི༔ བོང་ང་ཆ་གཅིག་གསེར་མདོག་དྲུག༔ གུ་གུལ་ཆ་གསུམ་གི་ཝཾ་གཉིས༔ ཤུ་དག་ཕྱེད་གཉིས་ཤིང་ཀུན་ཕྱེད༔ གླ་བ་དྲི་ཐོན་ཙམ་ཞིག་བཏང༔ དཀར་སེར་ནག་པོ་གསུམ་དུ་བརྡུང༔ རིགས་ལྔར་བསྐྱེད་ལ་སྔགས་བཏབ་ལ༔ སྒོག་སྐྱ་སྦྲུས་ལ་རིལ་བུ་བྱ༔ དེས་མ་འབྲུས་ལ་དྲི་ཆུས་སྦྲུ༔ ནངས་མ་གསུམ་ལྔ་བདུན་དུ་བཏང༔ ནད་གདོན་ཅིས་ཀྱང་མི་ཚུགས་སོ༔ ༈ གསུམ་པ་གསང་བའི་སྲུང་བ་ནི༔ གནས་ལུགས་སྤྲོས་བྲལ་ངང་ལ་བཞག༔ རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ༔ ནམ་མཁའ་ལྟ་བུའི་ཏིང་འཛིན་ཡིན༔ དྲི་ལ་ཅིས་ཀྱང་མི་ཚུགས་སོ༔ གཉིས་པ་སྲུང་བའི་ཡན་ལག་གོ༔ གསུམ་པ་ནད་དེ་གསོ་བ་ལ༔ རྩ་བ་གཉན་ནད་གཞོམ་པ་དང༔ ཡན་ལག་བསྡོང་ཟླ་བསད་པ་དང༔ དོན་སྣོད་ཁ་འཛིན་བསྡེབ་པ་དང༔ ལོག་ན་གཉེན་པོས་བསད་པའོ༔ དང་པོ་རྩ་བ་གཞོམ་པ་ནི༔ ནད་འདིའི་རྩ་བ་གཉན་ཡིན་པས༔ གཉན་གྱི་ནུས་པ་གཞོམ་པ་ནི༔ གླ་བ་་་ཆེ་ན་དགའ།གུ་གུལ་་་སྲན་ཙམ།ཤིང་ཀུན་གསུམ༔ ཤ་ཆེན་་་རིལ་མ་ཙམ།བོང་ང་་་ནས་ཙམ།སྤྲུ་ནག་་་ཐེ་བོང་ཙམ།གསུམ༔ ཤུ་དག་་་རིལ་མ་ཙམ།མུ་ཟི་་་མཐེབ་ཙམ།བ་བླ་་་སྲན་ཙམ།གསུམ༔ ར་དུག་་་སྲན་ཙམ།ཐར་ནུ་་་མཐེ་བོང་ཙམ།ས་མཚུར་་་ཚོམ་གཅིག།གསུམ༔ གསེར་མདོག་གཅིག་གམ་་་ཕྱེད།ལན་ཚྭ་་་རིལ་ཙམ།བཏང༔ ར་དུག་ཐར་ནུའི་དྲེག་པ་བཤུ༔ ཞིབ་བཏགས་བྲག་ཞུན་ཆུ་ལ་སྦྱར༔ རྒན་བྱིས་ཐུན་བསྐྱུང་དར་མ་བསྐྱེད༔ ཡང་ན་རིལ་བུ་གླ་རིལ་ཙམ༔ རྒན་བྱིས་ལྔ་གཏོང་དར་མ་བདུན༔ རིལ་བུ་ཆུ་ཡིས་ཕུལ་ལ་བཏང༔ སྐྱུག་ན་རྡོ་གྲང་ཆུ་ལྕག་བརྡེག༔ ཡུན་རིང་ལོན་ནས་བཤལ་སྐྱུག་འོང༔ སྨན་རྩིགས་ཆུ་སྐོལ་དག་གིས་བཅད༔ ཞག་གསུམ་བར་དུ་མངར་སྐྱུར་སྤང༔ རྗེས་སུ་སྤྱོད་ལམ་བཤལ་བཞིན་བྱ༔ གཉིས་པ་སྡོང་ཟླ་བསད་པ་ནི༔ གཉན་དེ་ཚད་པ་དང་བསྡོངས་ན༔ བོང་ང་་་སྲན་ཙམ།གསེར་མདོག་་་དྲུག་འགྱུར།ག་བུར་་་རིལ་མ་ཙམ།གསུམ༔ ར་དུག་མུ་ཟི་་་ནག་པོ།སྤྲུ་ནག་་་བོང་ངའི་གསུམ་འགྱུར་ཡིན།གསུམ༔ གླ་བ་དྲི་ཐོན་ཙམ་ཞིག་བཏང༔ དེ་དག་བྲག་ཞུན་ཆུས་སྦྲུས་ལ༔ ཐེངས་ནི་གསུམ་མམ་བཞི་ལ་བཏང༔ ཡང་ན་ག་བུར་ཨ་རུ་ར༔ གླ་བ་གུ་གུལ་ཆུས་ཕུལ་བཏང༔ གཉན་དེ་རླུང་དང་བསྡོངས་པ་ན༔ གསོད་བྱེད་་་བོང་ང་།ཆ་གཅིག་གཉན་པོ་་་ར་དུག།ཕྱེད༔ ཞི་བྱེད་་་ཨ་རུ་ར།ཆ་གཉིས་ངར་བླུད་་་ཤུག་ཚེར།གཅིག༔ དཔའ་བོ་་་གུ་གུལ།ཆ་གཅིག་དྲག་པོ་་་གླ་བ།གཅིག༔ རླུང་བསྡོངས་ཤ་གཉིས་་་མི་ཤ་སྦྲེ་ཤ།མཐེབ་ཙམ་རེ༔ ཞིབ་བཏགས་ཆུས་སྦྲུས་སྲན་མ་ཙམ༔ གཅིག་གཉིས་གསུམ་སོགས་རིམ་པས་བཏང༔ གཉན་དེ་བད་ཀན་དང་བསྡོངས་ན༔ འབྲས་བུ་གསུམ་པའི་ཐང་གིས་སེལ༔ གཉན་དེ་མཁྲིས་པ་དང་བསྡོངས་ན༔ སྤང་རྩི་དོ་བོ་ཀྱི་ལྕེ་དཀར༔ བྲག་ཞུན་གསེར་ཐིག་ཐང་བཏང་ངོ༔ གློ་བསྡོངས་སྲོ་ལོ་ཨ་ཀྲོང་དང༔ མིག་སེར་བྱུང་ན་གསེར་མེ་ཏོག༔ དུག་ཉུང་ཏིག་ཏ་ཨ་རུ་ར༔ བོང་ང་དཀར་པོའི་ཐང་བཏང་ངོ༔ གལ་ཏེ་རིལ་བུ་འགྱིངས་གྱུར་ན༔ མཛེ་ཚ་སྨན་མཆོག་ཐང་གིས་སེལ༔ གསུམ་པ་དོན་སྣོད་ཁ་འཛིན་ནི༔ སྙིང་ལ་བབས་ན་ཛཱ་ཏི་བསྡེབ༔ མཚེར་པ་ལ་བབས་ལི་ཤི་བསྡེབ༔ མཆིན་པ་ལ་བབས་གུར་གུམ་བསྡེབ༔ གློ་བ་ལ་བབས་སྲོ་ལོ་བསྡེབ༔ མཁལ་མ་ལ་བབས་སོ་ར་བསྡེབ༔ མགོ་ལ་བབས་ན་རུ་རྟ་བསྡེབ༔ མཁྲིས་པ་ལ་བབས་ཏིག་ཏ་བསྡེབ༔ རྒྱུ་མ་ལ་བབས་བྱི་ཚེར་བསྡེབ༔ སྨན་རྟ་བྲག་ཞུན་དག་དང་བསྡེབ༔ གཞི་མར་གང་བསྡོངས་དེ་དག་བསྡེབ༔ ༈ བཞི་པ་ལོག་ན་མནན་པ་ནི༔ རླུང་དུ་ལོག་ན་མགོ་བོར་བྱེར༔ མིག་རྒོད་ཤུགས་འདོན་རླུང་སྲང་ན༔ སྙིང་མི་དགའ་ཞིང་བླ་འཆོལ་སྨྲ༔ ཆུ་སྐྱ་རྩ་སྟོང་ཟོས་རྗེས་ན༔ ཨ་རུ་ར་བདུན་ཆང་ཞིམ་ལ༔ བསྐོལ་བའི་ཐང་ནི་སུམ་ཡར་བཏང༔ བཀུ་མཉེ་བྱ་ཞིང་རླུང་སྲང་བསྲེག༔ ཁ་ཟས་བཅུད་ཅན་བཏང་བར་བྱ༔ མཁྲིས་པར་ལོག་ན་བྱད་དང་མིག༔ ལུས་མདོག་སེན་སོ་སེར་པོ་འོང༔ ཆུ་སེར་རྩ་གྲིམས་འཁུན་ཆེ་ན༔ ཏིག་ཏའི་ཐང་བཏང་གཏར་བཤལ་བྱ༔ ཡང་བ་བཟའ་ཞིང་བསིལ་བ་བསྟེན༔ བད་ཀན་དག་ཏུ་ལོག་པ་ན༔ ཕོ་མཆིན་ན་ཞིང་རོ་སྟོད་རྒྱངས༔ མིག་འགྲིབ་མིག་ཆུ་ཁ་ཆུ་འཛག༔ ཆུ་སྐྱ་རྩ་བྱིང་ཟོས་རྗེས་ན༔ སྐྱུ་རུ་ར་དང་བ་ཤ་ཀ༔ སྤྲུ་མའི་མེ་ཏོག་རི་ཤོ་བ༔ བསྐོལ་བའི་ཐང་ནི་གསུམ་ཡར་བཏང༔ སྣུམ་པ་བཟའ་ཞིང་དྲོད་ཅན་བསྟེན༔ གྲང་བར་ལོག་ན་མཁལ་མ་སྐྲངས༔ མཁལ་རྐེད་ན་ཞིང་ཕོ་བ་འཁྲོག༔ ཆུ་དཀར་རྩ་ནི་དལ་ཞིང་ཞན༔ སྤོད་དང་རྒྱམ་ཚྭ་ཕོ་བ་རིས༔ སྦྲང་དང་བུ་རམ་སྦྱར་ལ་བཏང༔ མཁན་པ་རུས་རྙིང་མཚེ་དུགས་བྱ༔ ཁྲག་ཏུ་ལོག་ན་སྟོད་གཟེར་འོང༔ ལུས་པོ་ལྕི་ལ་རྐང་ལག་འཁྱུག༔ ཆུ་དམར་རྩ་ནི་འབུར་ཞིང་འདྲིལ༔ ཏིག་ཏ་ཧོང་ལེན་བྲག་ཞུན་དང༔ སྤང་རྩི་མཛེ་ཚྭ་བསྐོལ་ལ་བཏང༔ སྲིན་བུར་ལོག་ན་གླང་ཐབས་ན༔ ཕོ་བ་གཟེར་ཞིང་འཁྲུ་སྐྱུག་འོང༔ སྲིན་བུ་དམར་ལེབ་བྱི་ཏང་ཀ༔ གླ་བ་ཤིང་ཀུན་བསྐོལ་ལ་བཏང༔ འདུས་པར་ལོག་ན་་་ལུས་པོ་ཐམས་ཅད་ཁྱབ་པར་ན་ཞིང་ཟུག་གར་ཡོད་སྟོན་མི་ཤེས།འདི་ན་མེད༔ ལུས་ལྕི་ཁ་སྐམ་ཟས་མི་ཞིམ༔ རྔུལ་འོང་གཉིད་ཆེ་མཚུལ་པ་འགག༔ གྭ་དོར་ཤུག་འབྲས་སྐྱུ་རུ་ར༔་་་ཁ་ཟས་བསིལ་འབྲས་གསུམ་གོ་སྙོད་ཤུག་འབྲས་དང༔ ཞེས་པའང་སྣང་། བསེ་རུ་རྒྱ་རུ་ཨུཏྤལ་སྔོ༔ གསེར་མདོག་རྣམས་ནི་བསྐོལ་ལ་བཏང༔་་་བསྐོལ་བའི་ཐང་ནི་སུམ་ཡར་བཏང༔ ཞེས་པའང་འདུག །ཁ་ཟས་བསིལ་དྲོད་སྐབས་དང་སྦྱར༔ སྤྱོད་ལམ་འདུ་བ་རང་སར་བཞག༔ དང་པོ་གང་བསྡོངས་ནད་དེར་ལྡོག༔ དེས་ན་ཐམས་ཅད་གཞི་མ་བཅོས༔ མདོར་ན་དང་པོ་གཉན་དང་ཕྲལ༔ བར་དུ་ཡན་ལག་སྡོང་ཟླ་བསད༔ ཐ་མ་དོན་སྣོད་ཁ་འཛིན་བསྡེབ༔ མཇུག་ཏུ་ལོག་ན་གཉེན་པོ་བསྐྱར༔ རྒྱུན་དུ་དགེ་བའི་ལས་ལ་འབད༔ ཁྲག་འཐུང་པདྨ་རྒྱལ་པོ་ངས༔ སུམ་སྟོང་ལོན་ནས་བོད་དུ་འོང༔ བརྒྱ་དང་བཅུ་གཅིག་བོད་དུ་བསྡད༔ ང་ནི་འདི་རུ་མི་སྡོད་པས༔ སྲོག་སྟེར་འཆི་མེད་སྒྲུབ་པ་འདི༔ ལས་ཀྱི་ཕྱག་རྒྱ་ཡུམ་ལ་གཏད༔ ཆོས་ཉིད་མཚན་མའི་ངང་ཉིད་དུ༔ དྲེགས་པ་ཟིལ་གནོན་ཐུགས་ཀར་སྦས༔ བཀའ་སྲུང་རྒྱལ་པོ་བཞི་ལ་བཅོལ༔ བཀའ་ཟབ་གསང་གཏེར་རྒྱ་ཡིས་བཏབ༔ ཕྱི་མའི་དུས་བབས་རིམས་དར་ཚེ༔ གཉེན་པོ་འདི་ཡིས་འཇོམས་པར་ཤོག༔ འཆི་མེད་སྒྲུབ་པ་ཞེས་བྱ་ཟབ༔ ྀཨཚ༔ ༈ ཆིག་རྐྱ་ཐུབ་པའི་འཁོར་ལོའི་གྱད་བཞུགས༔ ྈྈ སྤྲུལ་པའི་་་ཡེ་ཤེས།ཁྱུང་ལ་ཕྱག་འཚལ་ལོ༔ འཁོར་ལོ་ལུགས་བཞིན་བྲི་བ་་་བའི་མན་ངག་ནི༔ རབ།་་་མཐིང་ཤོག་འབྲིང་།་་་རས་སམ་ཐ་མ།་་་ཤིང་ཤུན་ལ༔ རབ།་་་གསེར་རམ་འབྲིང་།་་་མཚལ་ལམ་ཐ་མ།་་་རྒྱ་སྣག་ལ༔ གླ་བ་ཤུ་དག་་་བསྲེས་ལ།སྨན་ཆེན་གྱིས༔ སྤྲུལ་པའི་ཁྱུང་གི་ལྟོ་བ་རུ༔ ཡབ་ཀྱི་འཁོར་ལོ་གཡས་སུ་བསྐོར༔་་་ཡིག་མགོ་ཕྱིར་བསྟན་དཔུང་པ་གཡས་ལ་གདགས། ཡུམ་གྱི་འཁོར་ལོ་གཡོན་དུ་བསྐོར༔་་་ཡིག་མགོ་ཕྱིར་བསྟན་དཔུང་པ་གཡོན་ལ་བཏགས། དེ་བཞིན་་་གྲུབ་ན་གཉིས་ཀ་མ་གྲུབ་གཅིག་ལ་རྫོགས་པར་བྱའོ།ཡབ་ནི་་་གི་ཝང་གིས་བྱུགས།སེར་པོ་བྱ༔ ཡུམ་གྱི་འཁོར་ལོ་་་རྒྱ་ཚོས་དང་གུར་གུམ་གྱིས་བྱུགས།དམར་པོ་བྱ༔ ཁྱུང་ཞལ་གཡས་གཡོན་་་གཉིས་ཀ།དབུས་སུ་ལྟ༔་་་བར་བྱེད། འཁོར་ལོ།་་་མུ་ཁྱུད་དྲུག་ལྡན་ལྟེ་བར་བཅས༔་་་བྲི། དབུས་སུ་ཡི་དམ་་་གསང་བདག་གི།སྙིང་པོ་་་ཐིམ་ཐར་ཏི་སོགས།བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་་་དང་པོ།ལ༔ གུ་རུའི་ཐུགས་ཀྱི་སྙིང་པོ་་་མ་ཧཱ་གུ་རུ་སོགས།བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་་་གཉིས་པ།ལ༔ ཏདྱ་ཐཱ་གཟུངས་་་ཨ་ལི་མ་ཏ་ལི།སྔགས་རྒྱལ་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་་་གསུམ་པ།ལ༔ རྩིབས་བརྒྱད་་་གཅིག་ཏུ་དྲིལ་ནས་བྱེད་ན།འཁོར་ལོ་འབར་བ་་་རཾ་རེ་དང་བཅས་པ་བྲི། ཨ་ཞེས་པའང་སྣང་།བྲི༔ ལོགས་་་བཞིར།ལ་གསོད་པའི་ཕོ་སྔགས་་་ཨོཾ་ཧུར་ཁྱུང་ཧུར་ཁྱུང་སོད།བྲི༔ ཟུར་་་བཞིར།ལ་སྲུང་བ་མོ་སྔགས་་་ཨོཾ་ཧུར་ཁྱུང་ཧུར་ཁྱུང་སྲུངས།བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་་་བཞི་པར།ལ༔ བསྙེན་སྔགས་ལྟོ་སྦྱོར་སྦྲགས་མ་་་ནང་དུ་མགོ་ཕྱི་ལ་བསྟན་སེ་ཕུར་ན་སོགས།བྲི༔ དེ་ཡི་ཕྱི་རིམ་་་ཕྱི་ནས་མགོ་ནང་དུ་བསྟན་པ་དྷཱ་ཏུ་སོགས།མུ་ཁྱུད་་་ལྔ་པ།ལ༔ འཁོར་ལོ་རྩིབས་བཅུ་འབར་བ་་་ཧཱུྃ་བཅུ་དང་བཅས་པ་བྲི།བྲི༔ ཁྲོ་བོ་ལས་ལ་བསྐུལ་སྔགས་་་ཁྲོ་བོ་རཱ་ཛས་སོགས།འགོད༔ རྩིབས་མཆན་་་རྡོ་རྗེ་ཕྱེད་པ།འཁོར་ལོའི་གོང་རས་ལ༔་་་རྡོ་རྗེ་ཡོངས་རྫོགས། གསང་བདག་ཕྱག་མཚན་རྡོ་རྗེ་དགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་་་དྲུག་པ།ལ༔ རྟེན་འབྲེལ་སྙིང་པོས་་་ཡེ་དྷརྨཱ།ཐ་མར་བསྐོར༔ མཆུ་སྔགས་་་ཨོཾ་ཧུར་ཁྱུང་ཧུར་ཁྱུང་ནད་ཐམས་ཅད་ལ་བྷྱོ༔གཟུང་བའི་ཚུལ་དུ་བྲི༔ མགྲིན་པར་སྐུ་གསུང་ཐུགས་སྔགས་་་ཨོཾ་ཨཱཿཧཱུྃ།དགོད༔ ཕྱག་ལ་གཏུམ་པོའི་སྔགས་རྒོད་་་ནཱི་ལཾ་ཛ་ཏི་བྷྲཱུྃ་ས་ཏྲི་རྦད་ཅེས་སོ།དགོད༔ ཕོ་སྔགས་་་པིས་ཁྲི་ལི།གཤོག་པ་གཡས་ལ་བྲི༔ མོ་སྔགས་་་པིས་ཁྲི་ལི་མི།གཤོག་པ་གཡོན་ལ་དགོད༔ མཇུག་སྔགས་་་ཨོཾ་ཨ་ཀ་སེ་དྷ་ཀ་སེ།མཇུག་མའི་ཁོང་དུ་བྲི༔ རྒྱབ་ལའང་རྟེན་འབྲེལ་སྙིང་པོ་བྲི༔ འབྲི་མཁན་སྟན་ལས་མ་ལྡང་བར༔ མཉེས་པའི་ཡོན་ཕུལ་མཆོད་པ་བཤམ༔ རབ་གནས་སྔགས་རྣམས་ཐམས་ཅད་དང༔ རྟེན་འབྲེལ་སྙིང་པོ་ཉི་ཤུ་གཅིག༔ ཚང་བར་སྔགས་ལ་ནས་ལ་གདབ༔ རབ་གནས་བྱས་ལ་ཉི་ཟླ་་་ཕྱག་གི།སྤྲད༔ སྣ་ལྔ།་་་དར་གྱིས་དྲིལ་ལ་མགུལ་དུ་གདགས༔ དམ་ཚིག་ཡོད་ཅེས་མི་སྨྲའོ༔་་་འཁོར་ལོ་དང་སྲུང་བ་མི་ལ་མི་བསྟན་གསང་བ་གལ་ཆེ། གྱད་དེ་མི་ལག་མ་བརྒྱུད་པར༔་་་ཙཀྲ་ལ་སོགས་གཞན་གྱི་མི་ལག་མ་བརྒྱུད་པ། འཁོར་ལོ་སྔགས་དང་ལྷ་བསྒོམ་རྣམས༔ འཁོར་ལོ་སྔགས་སོགས།་་་ཡིད་ལ་དྲན་ཞིང་བཟླས་པ་ཡིས༔ འགོ་བག་ཅན་གྱི།་་་ནད་སོགས་གང་ཡང་ཐུབ་པར་ངེས༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ཐུབ༔ གག་པ་ལྷག་པ་ཁྱད་པར་ཐུབ༔ མཆོག་ཏུ་རྒྱུ་གཟེར་དམར་བཤལ་ཐུབ༔ མཛེ་དང་སྲིའུ་སྨྱོན་པ་ཐུབ༔ གཟའ་དང་གནམ་ལྕགས་་་ནམ་མཁའི་ཐོག་སྲུང་ན་ཤིང་ལ་བྲིས་ནམ་མཁའི་མཐོངས་ལ་འཕྱར་རོ།སེར་བ་ཐུབ༔ རྦོད་གཏོང་དམག་་་མདུང་ལ་བཏགས་ཕྱར།དང་ཆུང་སྲི་་་འཁོར་ལོ་ལུས་ལ་བཏགས།ཐུབ༔ ལོ་སྐེག་ཟླ་སྐེག་ཕྱོགས་ངན་ཐུབ༔ འཁོར་ལོ་འདི་བཏག་ངན་དགུ་ཐུབ༔ ནོར་ལ་བཏགས་་་ལམ་རྒྱ་གྲམ།བཞག་་་རྐུན་མ་ཐུབ།རེག་མི་ནུས༔ རྟ་ལ་བཏགས་ན་བྱ་དང་མཉམ༔ ཁྱི་ལ་བཏགས་ན་རྡོ་མི་ཕོག༔ ཕོ་ལ་བཏགས་ན་དཔའ་ལ་མཛངས༔ མོ་ལ་བཏགས་ན་གཤིམས་ལ་མཛངས༔ དཔལ་དང་བསོད་ནམས་ཕུན་སུམ་ཚོགས༔ ཅི་བསམ་འགྲུབ་པར་ཐེ་ཚོམ་མེད༔ ཡིད་བཞིན་ནོར་བུ་འདྲ་བ་ཡི༔ གནམ་ལྕགས་རྡོ་རྗེའི་་་ཁྲབ་རིང་གི།སྲུང་བ་འདི༔ འགོ་བའི་ནད་ཐུབ་སྨོས་ཅི་དགོས༔ གནམ་ལྕགས་འབར་བའི་ཐོག་ཀྱང་ཐུབ༔ དུས་མིན།་་འཆི་བདག་བདུད་ཀྱང་བཟློག་པར་འགྱུར༔ ཕར་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཐུབ་ཚུར་ལ་ཅིས་ཀྱང་མི་ཚུགས།་་་དེ་ཕྱིར་ཀུན་ཐུབ་རྡོ་རྗེ་ཡིན༔ འཆི་མེད་བདུད་རྩི་བུམ་པ་ལས༔ ལུས་སྲོག་སྲུང་བའི་གོ་ཆ༔ གྱད་བཞིའི་དཔོན་པོ༔ ཆིག་རྐྱ་ཐུབ་པ་འཁོར་ལོའི་གྱད༔ ཡང་ཏིག་གཅེས་པའི་ཤོག་དྲིལ་་་བྲིས་པ་འཁོར་ལོའི་གྱད་འདི་གཅིག་པུས་ཀྱང་རིམས་ནད་ཐམས་ཅད་ཐུབ།ྀཨཚ༔ སྲུང་བ་རྡོ་རྗེའི་ཁྲབ་རིང་ལས༔ ཤིན་ཏུ་གསང་བའི་ཤོག་དྲིལ་འདི༔ རིལ་བུ་བྱུག་པ་ཕུར་མ་གསུམ༔ རིགས་གསུམ་མགོན་པོར་བསྐྱེད་པར་བྱ༔ རིགས་གསུམ་འོད་དུ་ཞུ་བ་ལས༔ རིལ་བུ་བྱུག་པ་ཕུར་མ་རྣམས༔ ཡི་གེ་ཧཱུྃ་དུ་གྱུར་པར་བསམ༔ ཡང་ན་རིགས་གསུམ་སོ་སོ་ཡི༔ རྩ་བའི་སྔགས་སུ་གྱུར་པར་བསམ༔ ྀཨཚ༔ ༈ ལྡེ་མིག་ཁྱད་པར་ཅན་བཞུགས༔ ྈྈྈྈ ཨོཾ་སྭསྟི༔ ཆུ་ལ་བརྟག་པའི་དུས་སུ༔ ཚད་རྟགས་རླུང་དུ་སྟོན༔ གཉན་རྟགས་མཁྲིས་པར་སྟོན༔ མཁྲིས་རྟགས་གཉན་དུ་སྟོན༔ ཐམས་ཅད་གཉན་དང་བསྡོངས་ནས༔ རྟགས་དངོས་སུ་སྟོན་པ་མིན་ཏེ༔ བརྟག་པ་ཤིན་ཏུ་དཀའ་བས་ཆུ་ལ་ངེས་པ་རྙེད་པར་བྱའོ༔ དེའང་ཚད་པ་ཤས་ཆེ་བའི་ནད་ལ༔ ཆུ་དཀར་པོའམ་སྔོན་པོ་བྱུང་ན་གྲང་བ་ཡིན་པའི་ངེས་པ་མེད་པས༔ གཉན་ཚད་གཏིང་དུ་གབ་པ་ཡིན་པས་ཆུ་རླུང་གྲང་བ་ཡིན་ནོ༔ རླུང་ཤས་ཆེ་བའི་ནད་ལ་ཆུ་སེར་པོའམ་དམར་པོ་བྱུང་ན༔ ཚད་པ་ཡིན་པའི་ངེས་པ་མེད་ཅིང༔ རླུང་ནད་མཁལ་མར་འགྲིམས་པ་ལ༔ ཆུ་ནི་དམར་པོ་འབྱུང་བ་ཡིན༔ དེ་ལ་སྲིད་སྡེ་གཟན་ལ་བབས་སམ་བལྟ༔ ཞེས་འབྱུང་བས༔ དེ་ནི་སད་མདས་བརྟག་པ་ཡིན་ཏེ༔ ཆུ་མདོག་གཡའ་ཆུ་ལྟ་བུར་མི་ལྡོག་པ་ཞིག་བྱུང་ན༔ དེ་ལ་ཛཱ་ཏི་དང༔ ན་ལེ་ཤམ་དང༔ སུག་སྨེལ་དང༔ དབྱི་མང་དཀར་པོ་དང་བཞི་ཞིབ་པར་བཏགས་ལ༔ ཆུ་ལ་བཏབ་ལ༔ སང་དུས་མ་ལྡོག་ན་གྲང་བ་ཡིན༔ ལྡོག་ན་ནི་གཏིང་དུ་གབ་པའི་ཚད་པ་ཡིན༔ ཆུ་མདོག་དམར་པོ་ཚད་པ་འདྲ་བ་ལ༔ ག་བུར་ཙན་དན་དཀར་པོ་ཏིག་ཏ་བ་ཤ་ཀ་བཞི་ཞིབ་པར་བཏགས་ལ༔ ཆུ་ལ་བཏབ་པས༔ དུས་སུ་ལྡོག་ན་གཉན་ཚད་ཡིན་ནོ༔ དུས་སུ་མི་ལྡོག་པ་ནི་གཉན་རླུང་བསྡོངས་པ་ཡིན་ནོ༔ འདི་ནི་བརྟགས་པ་ཤིན་ཏུ་ཟབ་བོ༔ ལྡོག་དུས་ཚ་གྲང་སྙོམས་ལྡོག་གསུམ༔ རླངས་མ་ཡལ་བར་ལྡོག་ན་ཚད་པ་ཡིན༔ གྲང་ནས་ལྡོག་ན་གྲང་བ་ཡིན༔ ཡལ་ནས་ལྡོག་ན་སྙོམས་པ་ཡིན༔ རླངས་དང་ཀུ་ཡ་འོད་མེད་འཆི༔ ཞག་དང་ལྦུ་བ་ཆགས་ན་འཚོ༔ གུར་གུམ་འདྲ་ལ་རླངས་པ་སྙོམས༔ ནད་མེད་ཆུ་རུ་ཤེས་པར་བྱ༔ གདོན་ངོས་བཟུང་བ་བསྟན་པ་ནི༔ ཤར་ནས་ལྡོག་ན་རྒྱལ་པོ་གནོད༔ ལྷོ་ན་བཙན་དང་དམུ་གནོད་དོ༔ ནུབ་ན་ལྷ་བདུད་དམ་སྲི་གནོད༔ བྱང་ནས་ཀླུ་དང་མ་མོ་གནོད༔ མཚམས་ན་ས་བདག་དགེ་བསྙེན་གནོད༔ པདྨ་ལྟར་ལྡོག་མཆོད་འདྲེ་གནོད༔ ཟླ་གམ་ལྟར་ལྡོག་བརྡུང་འདྲེ་གནོད༔ ཟླུམ་པོ་ལྟར་ལྡོག་གདོན་མེད་དོ༔ གདོན་ངོས་བཟུང་བའི་གདམས་པ་ནི༔ པདྨ་ང་ཡི་གདམས་པའོ༔ གཞན་ལ་བསྟན་པ་མ་ཡིན་ནོ༔ ྀཨཚ༔ ༈ ནང་ཡན་ཕུགས་འཚོལ་གྱི་ལྡེ་མིག་བཞུགས༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ གཉན་ནད་ཆུ་སེར་རྣམ་པ་གཉིས༔ རླུང་གིས་བསྐྱོད་ནས་གར་བབས་ཀྱང༔ འདི་ལ་མགོ་མཇུག་བར་གསུམ་དུ༔ ཤིན་ཏུ་གཅེས་པའི་སད་མདའ་གསུམ༔ མེད་ན་རྒྱལ་པོའི་དམག་དཔུང་ཡང༔ སོ་པ་བྲལ་ན་ཤ་ཡི་མཛོད༔ དེ་ཕྱིར་སྔ་སོ་ཕྱི་སོ་དང༔ སོ་ལེན་པ་དང་རྣམ་གསུམ་གཅེས༔ དེ་ལ་མགྱོགས་པའི་རྟ་བཞི་ལ༔ འགྲོ་མཁས་ཚོད་ཆེ་མི་གསུམ་བསྐྱོན༔ སྣ་ཁྲིད་ནང་ཡན་ཕུགས་འཚོལ་བྱེད༔ དེ་ཡིས་གདིང་ལྡན་རྟགས་ཐོབ་ནས༔ དང་པོ་དཔའ་སྟེ་སྟག་ལྟར་མཆོང༔ བར་དུ་ཚོད་བཟུང་ངང་རྒྱུད་བསྲིང༔ ཐ་མ་སྤྱང་སྟེ་བྱ་ར་བསྒྲིམ༔ དང་པོ་སྟག་ལྟར་མི་མཆོང་དུ༔ འདི་ནི་མེ་ཡི་རང་བཞིན་ཏེ༔ མེ་ལྕེ་གྱེན་ལ་འབར་བ་ཡིས༔ ལུས་ཟུངས་དོན་ལྔ་བསྲེགས་ཀྱིས་དོགས༔ ཚ་བ་ལ་འདས་སྲོག་ལ་རྒོལ༔ ཡང་ན་ཆུ་ཡི་རང་བཞིན་ཏེ༔ ཆུ་རྫིང་ཐུར་དུ་སོང་བ་ཡིས༔ རྒྱ་མཚོ་ཁྲག་གིས་གང་གི་དོགས༔ གྲང་བ་གཏིང་མཁར་སྲོག་ལ་རྒོལ༔ བར་དུ་ངང་རྒྱུད་མི་བསྲིང་དུ༔ འདི་ནི་ཉེས་གསུམ་རང་བཞིན་ཏེ༔ དམན་ལོག་ལྷག་གསུམ་བྱུང་ནས་སུ༔ འདུ་བས་ལུས་ཟུངས་དཀྲུགས་ཀྱིས་དོགས༔ ཞན་ན་ནད་ཀྱི་དཔུང་མི་ཆོམས༔ ལྷག་ན་དེ་ཞི་གཞན་མཐུ་བསྐྱེད༔ ལོག་ན་གནམ་ལྕགས་དུག་མཚོན་འདྲ༔ ཐ་མ་བྱ་ར་མི་སྒྲིམ་དུ༔ རི་ཐང་མཚམས་ནས་ཤོར་གྱིས་དོགས༔ དཀྱེལ་ཆེན་ནད་དུ་སོང་དོགས་ཡོད༔ རྐང་གཉིས་སྲོག་དང་བྲལ་གྱི་དོགས༔ དེ་ཕྱིར་རླུང་ལ་སྔོན་བསུ་ཞིང༔ མཁྲིས་པའི་འཕྲང་ལ་དགུག་པར་བྱ༔ བད་ཀན་ཕྱི་རྗེས་གཅད་པར་བྱ༔ འདི་ལྟར་མི་ཤེས་སྨན་པ་རྣམས༔ མི་སྲོག་ཚོད་ལེན་བྱེད་པ་ཡིན༔ དེ་ཕྱིར་བླ་མ་མཉེས་པར་བསྟེན༔ གདིང་ལྡན་སློབས་ལ་ཚད་ལྡན་ཤོག༔ ྀཨཚ༔ ནང་ཡན་ཕུགས་འཚོལ་གྱི་ལྡེ་མིག་ཟབ་མོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཚད་རིམས་ཆམ་པ་སྲུང་བའི་ཤོག་དྲིལ་ཏེ་གཉིས་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཚད་རིམས་ཆམ་པའི་ནད་བདག་མོའི༔ སྲོག་སྔགས་སྲུང་བ་བསྟན་པ་ནི༔ ར་ཁྲག་དུག་གསུམ་་་བོང་ང་ར་དུག་ཁྱི་དུག་སྤྱང་དུག།སྦྱར་ལ་བྲི༔ ཧ་ས་བྷ་ས་ཡཾ༔ རྦད་ས་ཏྲི་རྦད༔ ཏྲེ་རྦད་པ་རི་རྦད་སྭཱ་ཧཱ༔ འདི་མན་ཆད་བྲི།་་་ཏདྱ་ཐཱ༔ ཨོཾ་ཨ་ལི་མ་ཏི༔་་་འདི་ལ་སྲུང་སྔགས་མི་སྦྲེལ། ལེ་མེ་ཧ་ནི༔ ཨུ་ཧ་ནི༔ ཨ་དྱན༔ ཛ་ཡརྣ་བྷནྡྷ༔ མི་ཨྃ་ཀ་ཧི་ཀན་རྩ་ཐ་ཀུ་ནི༔ ར་ཛ་ཡ་ཛ་ར་ན་ཧཱུྃ་ཕཊ་སྭཱ་ཧཱ༔་་་སྔགས་ལུགས་གཅིག་ལ།་་་ཧ་ས་བྷ་ས་ཡི་བྷད་ག་རི་རྦད༔ ཏྲེ་རྦད་པ་རི་རྦད་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨ་ལི་མ་ཏེ་ལཾ་མེ་ཧ་ནེ༔ ཨུ་ཧ་ནེ༔ ཨ་དྱན་ཛ་ཧ་རན་བྷནྡྷ་ལི་མི་ཨཾ་ཀ་ཧི་ཀན༔ རྩ་ཐ་ཀུ་ནི་ར་ཡ་ཛ་ར་ན་ཧཱུྃ་ཕཊ་སྭཱ་ཧཱ༔་་་ཟེར་བའང་འདུག །ཤུ་དག་གླ་བས་ཡིག་རྩ་མནན༔ རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི༔ བདུན་བཟླས་སྲུང་བ་མགུལ་དུ་གདགས༔ རབ་གནས་ལ་སོགས་གོང་དང་མཐུན༔ ཚད་ནད་ཆམ་པ་ཞེས་ཀྱང་བྱ༔ རྐུན་བུ་སྲོག་གཅོད་ཅེས་ཀྱང་བྱ༔ ཐམས་ཅད་སྐྱེད་བྱེད་ཅེས་ཀྱང་བྱ༔ ཚད་རིམས་ཆམ་པ་སྲུང་ཐབས་མདེ་ཐུང༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ༈ ཡང་གསང་གཅེས་པའི་ཤོག་དྲིལ་ཏེ་བཅུ་གསུམ་པ༔ སྐྱོབ་པ་མགོན་པོ་བཻ་ཌཱུརྱ༔ རིགས་གསུམ་མགོན་དང་རྒྱལ་སྲས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་བ་སེམས་ཅན་ཕན་གདགས་ཕྱིར༔ ཡང་གསང་གཅེས་པའི་ཤོག་དྲིལ་དགོད༔ དོན་ཐིག་ཤོག་དྲིལ་བཅུ་གསུམ་འདི༔ སྙིང་དང་འདྲ་བས་སེམས་ལ་ཆོངས༔ འདི་མེད་བུམ་པ་འཆང་བ་རྣམས༔ གོ་མེད་གཡུལ་དུ་ཞུགས་པ་འདྲ༔ དེས་ན་འདི་ལ་གཅེས་པར་གྱིས༔ ཞེས་གསུངས་སོ༔ དང་པོ་གཉན་གྱི་ཁོང་གསོད་ནི༔ རྒྱ་སྐྱེགས་ཀ་ར་ཁོང་དུ་བཏང༔ སྨན་ཆེན་རིལ་མ་འབྲིང་པོ་ཙམ༔ གླ་རྩི་དེ་དང་མཉམ་པ་གཅིག༔ ཨ་རུ་གསེར་མདོག་དྲུག་འགྱུར་བཅས༔ བཏང་བས་གཉན་ནད་མཐའ་དག་འཇོམས༔ ལྷོག་པ་ཁོང་གསོད་ཤོག་དྲིལ་ཡིན༔ ྀཨཚ༔ ༈ ཕོ་ལྷོག་བཅོས་པའི་ཤོག་དྲིལ་ནི༔ བོང་ནག་གུལ་ནག་གླ་བ་དང༔ རྒྱ་ཚྭ་རྒྱམ་ཚ་སྤོད་ནག་དང༔ ཐང་ཕྲོམ་དམར་ལེབ་བྱི་ཏང་ཀ༔ ཞིབ་བཏགས་མར་ལ་སྦྱར་བཏང་བས༔ ཕལ་ཆེར་འཚོ་བར་ངེས་པ་ཡིན༔ དུགས་དང་མེ་བཙའ་བཤལ་སྐྱུག་ནི༔ གང་འཇུག་རིག་པས་དཔྱད་ལ་བྱ༔ དེ་ཡིས་མ་ཕན་ལས་ཟད་ཡིན༔ ཕོ་ལྷོག་བཅོས་པའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ ནད་ཀྱི་རིགས་ནི་དབྱེ་མི་དགོས༔ གཉན་ནད་མ་ལུས་མཐའ་དག་ལ༔ སྨན་ཆེན་རི་བོང་རིལ་འབྲིང་ཙམ༔ སྨན་མཆོག་་་ཨ་རུ་གསེར་མདོག་དེ་ཡི་སུམ་འགྱུར་ཅིག༔ གི་ཝང་གུལ་ནག་རིལ་མ་རེ༔ བཏང་བས་ནད་རྣམས་ཐམས་ཅད་འཇོམས༔ གཉན་ཚད་འཇོམས་པའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ ལྐོག་འགགས་དྲག་པོ་བྱུང་བ་ལ༔ ཐར་ནུའི་ཁཎྜ་རིལ་མ་ཙམ༔ རྒྱ་ཚྭ་ལི་ཤི་རིལ་མ་རེ༔ སྦྱར་བ་ཏོང་སྐུད་རྩེ་ལ་གཏོད༔ མིད་བསྐྱུར་དར་ཅིག་ལོན་ནས་འཐེན༔ ཆུ་བུར་ཐམས་ཅད་སྐྱུག་སྟེ་འབྱུང༔ གག་པ་སྐྱུག་གི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ གག་པ་འཇམ་པོས་གསོད་པ་ནི༔ མེ་ཏོག་གསུམ་པ་མགྲོན་ཐལ་དང༔ བིག་པན་ལི་ཤི་རྒྱ་ཚྭ་ལྔ༔ བུས་པས་གག་པ་སེལ་བ་ཡིན༔ མིད་དཀྱུས་སེལ་བའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ དམར་བཤལ་ཅིས་ཀྱང་མ་ཐུབ་ན༔ སྨན་ཆེན་སྨན་མཆོག་གླ་བ་དང༔ གུ་གུལ་དང་སྦྱར་ཆུ་གྲང་ལ༔ བསྐྱོན་ལ་ནད་པའི་ཁོང་དུ་བཏང༔ དམར་བཤལ་གསོ་བའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ བྱིན་ལྷོག་བཅོས་པས་མ་ཐུབ་ན༔ མི་ཡི་ཉྭ་ཤ་སྐམ་པོ་དང༔ ཕོ་རོག་སྦྲེ་ཤ་ཉ་ཤ་དང༔ ཛཱ་ཏི་ཤིང་ཀུན་སྒོག་སྐྱ་གསུམ༔ སྨན་ཆེན་གསེར་མདོག་རུ་རྟ་གསུམ༔ ཞོའམ་མར་ལ་སྦྱར་ལ་བཏང༔ བྱིན་ལྷོག་བཅོས་པའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ ལྷོག་པ་ཅིས་ཀྱང་མ་ཐུབ་ན༔ དངུལ་ཆུ་བཤིགས་པ་སྲན་མ་ཙམ༔ སྟར་བུ་སྨན་ཆེན་ཨ་རུ་ར༔ གུར་གུམ་གླ་རྩི་སྦྱར་བ་ཡིས༔ གཉན་རྣམས་ཐམས་ཅད་འཇོམས་པ་ཡིན༔ དངུལ་ཆུས་ཁོང་གསོད་ཤོག་དྲིལ་ཡིན༔ ྀཨཚ༔ ༈ གློ་ཚ་ཅིས་ཀྱང་མ་ཕན་ན༔ རྒྱ་ཚྭ་སྨན་མཆོག་གུར་གུམ་གསུམ༔ སྤང་སྤོས་ལྡུམ་བུ་རེ་རལ་དང༔ ཨ་བྱག་ཚེར་སྔོན་སྦྱང་བ་ཡིས༔ གློ་ཚའི་ནད་རྣམས་སེལ་བར་བྱེད༔ སྟོད་གཟེར་གློ་ཚ་འཇོམས་པའི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ གག་ལྷོག་ནན་ལྟར་རྒོད་པ་ལ༔ སྨན་ཆེན་རིལ་མ་འབྲིང་པོ་གཅིག༔ ཀ་ར་དཀར་པོ་དེ་དང་མཉམ༔ ཁོང་དུ་བཏང་ལ་དར་ཅིག་བསྙལ༔ སྨན་ནད་ཆེ་ན་རྒྱ་ཚྭ་བཏང༔ དཔའ་བོ་རྐྱང་དེད་སྦྱོར་བ་ཡིན༔ ྀཨཚ༔ ༈ དཔའ་བོ་རྐྱང་དེད་ཤོག་དྲིལ་ལ༔ དྲག་པོ་གཏུམ་པོ་ཤོག་ཤིང་་་བོང་ནག་ར་དུག་རེ་ལྕག།དང༔ གསེར་གྱི་མེ་ཏོག་་་ལྕེ་ཚ།ཀ་མོ་ཉ༔་་་ཐར་ནུ། མཱཾ་ས་་་གྲི་ཤ།མི་བསྐྱོད་པ་་་དྲི་ཆུ།ལ་བསྐྱོན༔ ཐུབ་པ་ཆེན་པོ་་་ཨ་རུ་ར།ཤིན་ཏུ་གཅེས༔ བདེ་ལྡན་ཚངས་པའི་སྨན་མཆོག་གིས༔ ལྷོག་པ་སྙིང་ལ་སོང་ཡང་ཐུབ༔ ནག་པོ་སྲོག་འཛིན་རིལ་བུ་ཡིས༔ ལྷོག་པ་རྩད་ནས་འདོན་པར་བྱེད༔་་་ཐུན་ཚད་གོང་མ་གཉིས་སྲན་མ་རེ་ཙམ། དེ་འོག་གཉིས་རིལ་མ་རེ་ཙམ། དེ་འོག་གཉིས་མཐེབ་ཚིགས་རེ། ཐུབ་ཆེན་ཧྲིལ་པོའམ་སུམ་གཉིས། འཁྲུ་དང་སྐྱུག་པ་མནན་པ་ཡང༔ འབྲས་དང་ཤ་གསར་ཚོད་མས་གཅད༔ ྀཨཚ༔ ༈ གཉན་གྱིས་བཅོས་ཉེས་རིམ་པ་རྣམས༔ དྲག་པོ་བཤལ་གྱིས་བཅོས་པ་ལ༔ དན་རོག་ལྔ་དང་དུར་བྱིད་མཉམ༔ ཐར་ནུ་མཆུ་སྙུང་བྱང་པ་གཅིག༔ ཤྲཱི་ཁཎྜ་སྨན་ཆེན་ནི༔ སྲན་མ་ཙམ་གཅིག་སྦྱར་བྱས་ལ༔ བཏང་བས་ནད་རྣམས་ཕྱི་རུ་འབྱིན༔ གཏོང་ལུགས་གཞན་གྱི་ལུགས་དང་མཐུན༔ གཉན་སྦྱོང་གི་ཤོག་དྲིལ་ཡིན༔ ྀཨཚ༔ ༈ ལྷོག་པ་དངོས་སུ་བསད་པའི་ཐབས༔ ཕག་མོ་ནག་མོའི་ལྗགས་འཇིབས་ལ༔ སྔགས་པ་ཐོད་ཀྱིས་མཉེས་པར་བྱ༔ གོང་མ་རྣམས་ནི་སོ་རུ་གཞུག༔ དེ་ནས་སྔགས་པའི་ཁོང་དུ་ནི༔ དྲག་པོ་བཞི་སྦྱོར་་་རིལ་བུའི་ཕྲེང་བར་སྟར།བཏང་བར་བྱ༔ ནད་པའི་ལྟོ་རུ་གླ་རྩི་དང༔ གུ་གུལ་བཏང་བས་གཉེན་པོ་ཡིན༔ རང་ཉིད་ཕག་མོ་ནག་མོ་ལ༔ གནམ་ལྕགས་མཆུ་སྡེར་རྣོན་པོ་ཡིས༔ གཉན་རྣམས་བསད་ནས་ཟ་བར་བསྒོམ༔ ཁྲག་དང་ཆུ་སེར་འཐུང་བར་བསྒོམ༔ མངར་གསུམ་ཐིག་ལེས་་་མི་གཉན་སར་དྲང་།དབང་དུ་སྡུད༔ གཙགས་བུ་མ་རྒྱབ་ཐེངས་གཅིག་འཇིབས༔ ཨོཾ་ཏུག་ཏུག་ཙིར་ཙིར་ཁཾ་ཁཾ་ཚིག་ཚིག༔ སྲོག་གི་སྙིང་པོ་སོད་སོད༔ ཆོད་ཆོད༔ དྲོངས་དྲོངས༔ ནན་ནན༔ དུལ་དུལ་སྭཱ་ཧཱ༔ ཁ་ལ་ཛ་ཤ་ཏི་རྦད་ཅེས་རྗེས་སུ་འདོགས་པའི་ཞལ་གདམས་ཀྱི་སྔགས་ཡིན༔ ཉི་ཤུ་རྩ་གཅིག་བཟླས་ལ་གདབ༔ གཙགས་བུ་ཕག་རྒོད་མཆེ་བར་བསྒོམ༔ སྐྲངས་པའི་ཕྱོགས་བཞི་དབུས་ལྔར་གཙགས༔ དམིགས་པ་གསལ་པོས་འཇིབ་ཅིང་བསད༔ ས་འདག་རྒྱུས་པ་ཀླད་པས་དགབ༔ མང་ཉུང་ཅི་རིགས་རིག་པས་གདོན༔ གཙགས་བུའི་ཤུལ་ནི་གསེར་གྱིས་བསྲེག༔ དེ་སྟེང་གུ་གུལ་གླ་རྩི་བྱུག༔ ཁོང་གསོད་ནན་དང་དཔྱད་རྣམས་ཀྱིས༔ མ་ཐུབ་ལོག་གནོན་འདི་ཡིན་ནོ༔ ཟུངས་ཟད་རྒས་དང་བྱིས་པར་སྤང༔ ལོག་གནོན་ཕག་མོའི་ལྗགས་འཇིབས་འདི༔ ཤིན་ཏུ་གཅེས་པས་གསང་བར་གྱིས༔ ཞེས་གསུངས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཅེས་པའི་ཤོག་དྲིལ་བཅུ་གསུམ་འདི༔ བདུད་རྩི་བུམ་པའི་གདམས་པ་ཡིན༔ མ་བུ་རྣམས་ཀྱི་སྙིང་པོར་བཞག༔ ཤོག་དྲིལ་རེ་ཡིས་ནད་རེ་འཇོམས༔ སྲོག་མ་ཆད་པར་སླེབས་པས་ཆོག༔ དོན་སྐོར་གསུམ་པའི་སྙིང་ཕྱུང་ནས༔ གཅེས་པས་གུད་དུ་སྦས་ནས་བཞག༔ སྨན་དང་ལུས་ཟུངས་ནད་ཀྱི་དཔུང༔ རིག་པའི་མདའ་ཡིས་བསྣུན་པ་གཅེས༔ ཡང་གསང་གཅེས་པའི་ཤོག་དྲིལ་བཅུ་གསུམ་པ༔ བདུད་རྩི་བུམ་པའི་སྙིང་པོ་རྫོགས་སོ༔ ལས་ཀྱི་ཕྱག་རྒྱ་ཁྱོད་ལ་གཏད༔ གཅེས་པ་ཡིན་པས་གུད་དུ་སྦོས༔ ཅེས་གསུངས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྀཨཚ༔ འདི་མེད་ནད་པ་གསོ་བ་རྣམས༔ སྲབ་མེད་རྟ་རྒོད་འདུལ་བ་འདྲ༔ དེས་ན་འདི་ལ་གཅེས་པར་གྱིས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཅེས་པའི་ཤོག་དྲིལ་བཅུ་གསུམ་བརྩམས༔ མཚོ་རྒྱལ་སྙིང་གི་དཀྱིལ་དུ་ཆོངས༔ བུ་ཆུ་མགོན་པོའི་ཐུགས་ཀར་སྦོས༔ སྙིགས་དུས་ནད་ངན་བྱུང་དུས་སུ༔ རྙེད་ནས་སེམས་ཅན་ནད་སེལ་ཤོག༔ ཅེས་གསུངས་སོ༔ ཤོག་དྲིལ་བཅུ་གསུམ་པ་ཟབ་བོ༔ ༈ འཁྲུད་པ་བདུད་རྩིའི་ཆུ་རྒྱུན་བཞུགས༔ ྈྈྈྈྈ རིགས་གསུམ་མགོན་ལ་ཕྱག་འཚལ་ལོ༔ རྒྱལ་པོ་གདན་ལས་ཕབ་ནས་སུ༔ གཞུང་བཞིན་སྨན་གྱིས་བཅོས་པ་ནི༔ འབྲས་བུ་གསུམ་གྱི་དྲོ་ཐང་བཏང༔ མགུལ་སྐྱེམས་འདི་ལ་ཡོན་ཏན་བརྒྱ༔ མ་སྨིན་སྨིན་པར་བྱེད་པ་དང༔ དྭངས་སྙིགས་འབྱེད་ཅིང་བྱེར་བ་སྡུད༔ རྩ་ཁ་དོན་སྣོད་འགྱུ་འཕྲང་སྡོམ༔ བདུད་རྩི་ལྟ་བུའི་སྦྱོར་བ་ཡིན༔ གཉིས་པ་གྲལ་དུ་བསད་པ་ནི༔ རྒྱལ་པོ་མྱོས་བྱེད་སྨན་སྣ་གསུམ༔་་་གླ་བ་གུ་གུལ་ཤིང་ཀུན། གསོད་བྱེད་ལས་མཁན་གཤེད་མ་གཉིས༔་་་བོང་ང་ཨ་རུ་ར། དཔའ་བོ་དམག་མི་བརྒྱད་་་གི་ཝང་ཡུང་བ་བོང་ང་དཀར་པོ་སེར་པོ་སྤྲུ་ནག་ར་དུག་སྟག་ཤ་རུ་རྟ།ཀྱིས་བསྐོར༔ ཁྱད་པར་འཕགས་པ་གསང་བའི་སྨན༔ གསོད་བྱེད་གཤེད་མའི་སྦྱོར་བ་ཡིན༔ གལ་ཏེ་སོད་པར་མ་གྱུར་ན༔ འཛའ་མོའི་ཁུ་བའི་་་པདྨ་རཀྟ།སྐྱོ་མ་གཞུག༔ ཁ་དྲག་རྒྱབ་རྟེན་ལྷ་དང་ཕྲལ༔ དེ་རྗེས་དྲག་པོའི་ལས་ཀ་བྱ༔ རྣོ་མྱུར་མགྱོགས་པའི་རྟ་ཕོ་་་དུར་བྱིད།ལ༔ ཁ་ལོ་སྒྱུར་བྱེད་་་དན་རོག་ཁྲོན་བུ།སྲབ་མཐུར་བཅུག༔ ཡོན་ཏན་རྒྱས་པའི་་་མི་ཤ་ཨ་རུ་ར།སྒ་སྟན་གཏད༔ མི་འཇིགས་དཔའ་བོ་ཆེན་པོ་་་བོང་ང་ག་བུར།ཞོན༔ མཚོན་ཆ་གྲི་མདུང་རྣོན་པོ་་་ཤྲཱི་ཁཎྜ་ཡ་བཀྵ་རྒྱ་ཚ་ར་དུག།ཁྱེར༔ ཐར་ལྡན་དར་་་ཤུག་ཚེར་བྱང་བ་མཛེ་ཚྭ་མཆུ་སྙུང་།གྱིས་ཐོན་པར་བྱ༔ གསོད་བྱེད་གཤེད་མའི་ཚོགས་་་གླ་བ་གུ་གུལ་ཤུ་དག་ཤིང་ཀུན་སེར་ཏིག་ཆུ་རྩ་ཧོང་ལེན་སྤང་རྩི་དོ་བོ་སྟག་ཤ།དང་བཅས༔ ཕྱི་ནང་ནད་རྣམས་འཇོམས་པར་བྱེད༔ དྲག་པོ་ཀུན་འདུལ་སྦྱོར་བ་ཡིན༔ སྙིང་ལ་སོང་ཡང་ཐུབ་པར་ངེས༔ དུར་དུ་སོང་བ་འགུགས་པའི་སྨན༔ འཆི་བ་སློང་བྱེད་ཨེ་མ་ཧོ༔ ཀུན་ལ་གཅེས་པའི་སྦྱོང་བྱེད་ཡིན༔ དང་པོ་ཁོང་སྨན་མ་ཐེངས་བར༔ གཏར་དང་ག་བུར་དུག་དང་འདྲ༔ སྨན་མ་བཏང་བར་ཁྲག་མི་དབྱུང༔ གཉན་སོད་ཁྲག་ཚད་ཟུག་ཆེ་ན༔ གང་ནའི་རྩའམ་རུ་ཐུང་གཏར༔ ཁྲག་མཁྲིས་ལྕགས་གཡའ་ཆགས་པ་འདྲ༔ རྩ་རུ་ཡོད་པས་དྲང་བར་བྱ༔ རྩ་ལམ་འབྲོས་འཕྲང་མེ་ཡིས་བསྲུང༔ རླུང་ཟུག་ཚིགས་པ་མེ་ཡིས་མནན༔ ཟས་སྤྱོད་ཕན་གནོད་བརྟགས་ལ་བཅོས༔ ཞལ་གདམས་ཡིན་པས་གསང་བར་བྱ༔ འཁྲུད་པ་བདུད་རྩི་ཆུ་ཡི་རྒྱུན༔ ཁྱད་པར་འཕགས་པའི་གདམས་པ་ྀཨཚ༔་་་ཕོ་བའི་དྲོད་ཉམས་འབྱུང་བའི་ཁམས་མི་རྒྱས་པ་ནི་སྨན་རྩིགས་ཕོ་ཁར་ལས་པ་ཡིན་གསུངས་སོ། །མཆན། ༈ རིལ་བུ་ཕྱག་ཚད་ཀྱི་ཤོག་དྲིལ་ཏེ་བཅོ་ལྔ་པ༔ སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྨན་གྱི་ཕྱག་ཚད་བསྟན་པ་ནི༔ གཉན་ནད་འཇོམས་པའི་རིལ་བུ་ནི༔ ཕྲ་བ་ཕུས་པའི་རིལ་མ་ཙམ༔ ཚད་པ་སེལ་བའི་རིལ་བུ་ནི༔ སྲན་མ་ཚོས་པའི་ཚོད་ཙམ་བྱ༔ རླུང་ནད་སེལ་བའི་རིལ་བུ་ནི༔ གླ་བའི་རིལ་མ་ཙམ་དུ་བྱ༔ སྲུང་བ་བྱེད་པའི་རིལ་བུ་ནི༔ གླ་སྲན་པ་ཡི་འབྲས་བུ་ཙམ༔ གང་འོས་ལ་སོགས་རིག་པས་དཔྱད༔ སྨན་གྱི་ཕྱག་ཚད་བསྟན་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ ཡུ་མོ་བཅོས་པའི་ཤོག་དྲིལ་ཏེ་བཅོ་བརྒྱད་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཡུ་མོ་བཅོས་པ་བསྟན་གྱིས་ཉོན༔ ཡུ་མོའི་རིགས་ལ་གསུམ་ཡིན་ཏེ༔ གྲམ་པ་ཆུ་འཛག་རླུང་འབུད་དོ༔ སྐྱ་ནད་ཀུན་དང་འདྲ་བ་ལ༔ གྲམ་པོ་ལུས་པོ་ཕལ་ཆེ་ལ༔ འབྲུམ་པ་ཕྲ་མོ་བྱས་ནས་སྐྲངས༔ བདུད་རྩི་་་སྨན་སྒྲུབ།གླ་བ་གུ་གུལ་དང༔ ཤིང་ཀུན་སྦྱར་བ་ཁོང་དུ་བཏང༔ ཡུང་བ་ཆུ་རྩ་སྐྱེར་པ་དང༔ ཀྱི་ལྕེ་མུ་ཟི་རྭ་གཞོབ་དང༔ དུད་པ་ཚིག་ལ་སྦང་སྦྱར་མནན༔ ཆུ་འཛག་སྐྲངས་པ་རྒྱ་ཆེ་ལ༔ ཟུག་ཆུང་འཕྲལ་དུ་ཆུ་སེར་འཛག༔ ཁོང་སྨན་སྔ་མ་་་དྲི་ཆུར།སྦྱར་ལ་བཏང༔ གཡེར་མ་རྭ་རུ་བསྲེག་པའི་ཐལ༔ རྟ་བོན་གཞོབ་སྣ་གཉིས་ཀྱིས་མནན༔ བག་ཆུས་སྦྱར་ལ་ཤོག་འཐེམ་བྱ༔ ཡུ་མོ་རླུང་འབུད་བྱ་བ་ནི༔ ལུས་ཀྱི་ཡན་ལག་ཐམས་ཅད་་་ཟུག་ཆེར་མེད་པར།སྐྲངས༔ ཁོང་སྨན་སྔ་མ་བཏང་ལ་མནན༔ བྲག་ཞུན་དུད་པ་ནས་ཀླད་ཁུ༔ ས་ཞག་བག་ཕྱེ་སྦྱར་ལ་མནན༔ ཤོག་བུུས་འཐེམ་བྱ་དེས་མི་འཆོར༔ ཐ་མ་རྗེས་ཀྱི་བྱ་བ་ནི༔ ཁ་ཟས་་་མངར་སྐྱུར་ཆང་ཤ་ཁྲག་ཚོད་ཉུང་བཅུད་མཐའ་དག།དྲག་དྲག་བར་དུ་བསྲུང༔ འབྲུ་ཟན་གྲང་ཐུག་བ་ཤ་དང༔ གླ་བ་གཡེར་མའི་ཆབ་མིག་བཏང༔ སྐོམ་དུ་གངས་ཆུ་སྐོལ་གྲང་བཏང༔ ཚད་པ་ཡིན་པས་བསིལ་ཆུ་བཏང༔ རྟ་དང་ཉིན་གཉིད་སྒོག་པ་སྤང༔ ནད་པའི་དྲུང་།་་་ཆུ་དང་རྔ་སྒྲ་སྤྱོད་པ་གཟབ༔ གདོན་བཅོས་བྱ་ཞིང་ཐབ་ལ་འཛེམ༔ ཤ་ལ་སྤར་བས་བྲད་འདྲ་ན༔ གདོན་ངོ་ཡིན་པས་གདོན་བཅོས་བྱ༔ ཐབ་ཀྱིས་ཉེས་པས་ཐབ་འདོན་བྱ༔ ཡུ་མོ་ཕྱི་རུ་འདྲིལ་བ་ལ༔ ཁོང་སྨན་གོང་བཞིན་ཀུན་ལ་བཏང༔ ཡུ་མོའི་རིགས་སུ་གྱུར་ཚད་ལ༔ གཡེར་མ་བུལ་ཏོག་སྟག་ཤ་བ༔ ཆུ་རྩ་དུད་པ་རྭ་གཞོབ་བཏགས༔ ནུ་ཞོར་སྦྱར་ལ་ཀུན་ལ་བྱུག༔ ཡུ་མོ་བཅོས་པའི་མདེ་ཐུང་ངོ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ ྀཨཚ༔ ༈ བྱིས་རིམས་བཅོས་པའི་ཤོག་དྲིལ་ཏེ་ཉེར་གཉིས་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ བྱིས་རིམས་ནད་ཀྱི་རྟགས་རྣམས་ནི༔ སྐྱ་ནད་གོང་གི་སྤྱི་རྟགས་ལྡན༔ འཁྲུ་ལུགས་རྣམ་པ་ལྔ་ཡིན་ཏེ༔ མཆིན་པ་སྨུག་པོར་འཁྲུ་བ་དང༔ ཕོ་བ་ལྗང་གུར་འཁྲུ་བ་དང༔ མཁྲིས་པ་སེར་པོར་འཁྲུ་བ་དང༔ ལོང་ནི་འཇའ་ཚོན་འཁྲུ་བ་དང༔ རྒྱུ་མ་འབྱུང་བའི་ལམ་ཡིན་པས༔ རྒྱུ་རྩི་རུལ་ནས་ཤ་ཁུ་འཁྲུ༔ ཕལ་ཆེར་མཆིན་པ་འཁྲུ་བ་ཡིན༔ གསོ་ཐབས་རྣམ་པ་ལྔ་ཡིན་ཏེ༔ མཁྲིས་པའི་མེ་བསད་ཚ་དབལ་བསད༔ དོན་གྱི་ཟག་བཅད་སྣོད་ཁ་བསྡམ༔ ཕོ་བའི་ནད་རྣམས་གདོན་པ་དང༔ རྒྱུ་མའི་རུལ་བསྲུང་བཤང་ཁ་བསྡམ༔ མཁྲིས་པའི་མེ་དབལ་གསད་པ་ནི༔ ཏིག་ཏ་བོང་དཀར་གསེར་མེ་ཏོག༔ དུག་མོ་ཉུང་དང་དཔའ་སེར་ལྔ༔ ཕྱེ་མ་ལྕེར་བཞག་ཆུ་ཡིས་དབུལ༔ ཟག་གཅད་སྣོད་ཁ་བསྡམ་པ་ནི༔ རུ་ཐུང་གཡས་གཡོན་ནད་ཚབས་སྦྱར༔ སྨན་གྱིས་ཟག་ཁ་བསྡམ་པ་ལ༔ དོམ་མཁྲིས་གུར་གུམ་ཞིབ་པར་བཏགས༔ ཉི་མ་རེ་ལ་ཐུན་གསུམ་བཏང༔ དེས་ནི་རྩ་ཁ་བསྡམ་པའོ༔ ཕོ་བའི་ནད་རོ་གདོན་པ་ནི༔ དུར་བྱིད་་་ཆ་གཅིག་གཞན་རྣམས་ཆ་ཕྱེད་དེ།ཁྲོན་བུ་དང་ག་དང༔ ཆུ་རྩ་་་ཆང་ལ།སྦྱར་བས་སྦྱང་བར་བྱ༔ རུལ་སྲུང་བ་ཡང་དེ་དང་མཐུན༔ རྗེས་དང་སྤྱོད་ལམ་སྤྱི་དང་མཚུངས༔ ཕོ་བའི་ནད་རོ་གདོན་པའོ༔ རྒྱུ་མའི་རྩི་སྲུང་གངས་ཆུ་བསྔགས༔ ལྒང་པའི་ནང་དུ་གངས་ཆུ་བླུགས༔ བྱ་རྐང་བཅུག་ལ་མས་ཡར་བཏང༔ རྒྱུ་མའི་རུལ་སྲུང་མཆོག་ཡིན་ནོ༔ འཁྲུ་བ་གཅོད་པ་འདི་ལྟར་བྱ༔ བ་དམར་འོ་མ་བསྐོལ་ནང་དུ༔ ད་ཏྲིག་གུར་གུམ་བཏབ་པའམ༔ ད་ཏྲིག་བུ་རམ་སྦྱར་བས་ཐུབ༔ གཅོད་དུས་བཅུའམ་བཅུ་གཅིག་ཡིན༔ མར་ཟན་ཁད་ཀྱིས་གཏང་བར་བྱ༔ བཙོད་ཁྲག་ད་ཏྲིག་མོན་ཆ་ར༔ ཆང་ལ་སྦྱར་བ་ཡང་ཡང་བཏང༔ ཟས་ཀྱིས་གཅད་པ་འདི་ལྟར་བྱ༔ སྤོད་ནི་མར་དུ་བཙོས་ནས་ནི༔ ལུག་མཆིན་་་སྐམ་པོ།གུར་གུམ་བཏབ་ལ་བཏང༔ དེ་ནི་མཆིན་པའི་ཟག་བསྡམ་མོ༔ ལུག་གི་མཁལ་མ་སྐམ་པོ་ལ༔ སྤོད་དང་སྡིག་སྲིན་བཏབ་ལ་བཏང༔ དེ་ནི་མཁལ་མའི་ཟག་བཅད་དོ༔ ཁ་ཟས་བསྲུང་བ་འདི་ལྟར་ཡིན༔ ཤ་ཆང་དཀར་གསུམ་་་ཚྭ་དང་མར་རྙིང་དྲོད་སོགས།མངར་གསུམ་སྤང༔ སྤྱོད་ལམ་སྲུང་བ་འདི་ལྟར་བྱ༔ རྐང་པ་མི་བརྐྱང་མི་ལྡང་ལ༔ སྔས་མེད་འཕྲེད་ལ་མི་ཉལ་ལོ༔ བྱིས་རིམས་བཅོས་པའི་མདེ་ཐུང་སྙིང་ལྟ་བུའོ༔ ྀཨཚ༔ ༈ བྱིས་རིམས་བཅོས་པའི་ལག་ལེན་གྱི་ཤོག་དྲིལ་ནི༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ འདི་ཡི་ལག་ལེན་ལ༔ སྔོན་ལ་འཚོ་འཆི་རིལ་བུ་ཐུན་གསུམ་་་རྒྱུ་མའི་ཁ་འཛིན།བཏང༔ དེ་ནས་རིམ་བཞིན་བཅོས་པའོ༔ ཡང་ན་ལུགས་གཅིག་ལ་འདི་ལྟར་བཅོས་པས་ཆོག༔ གླ་རྩི༔ གུར་གུམ༔ གི་ཝང༔ ཤུ་དག༔ རྒུན་འབྲུམ༔ ལི་ཤི༔ ཐོག་རུས་བསྲེགས་ཐལ༔ དེ་རྣམས་ཞིབ་པར་བཏགས་ལ་བཏང༔ དེ་ནི་རྒྱུ་མའི་རུལ་བསྲུང་བའོ༔ དེ་ནས་ཞག་འགའ་འཁྲུ་རུ་བཅུག་པས་ཆོག༔ གཅོད་ཐབས་ལ་སོགས་གོང་དང་འདྲ༔ དབུགས་མ་ཆད་པར་སླེབས་ཆོག༔ སྙིང་ལྟ་བུའི་ཤོག་དྲིལ༔ ལག་ལེན་གསལ་བ་དངུལ་གྱི་མེ་ལོང་ཞེས་བྱ་བ༔ ྀཨཚ༔ ༈ བསིལ་སྦྱོར་ཆེན་མོའི་ཤོག་དྲིལ་ཏེ་ཉེར་བཞི་པ༔ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཚ་བ་མེ་ལྟར་འབར་བ་ལ༔ བསིལ་སྦྱོར་ཡན་ལག་བཅུ་ལྡན་བསྟན༔ གཙོ་བོ་ག་བུར་གི་ཝང་དང༔ བཟང་དྲུག་་་ཚ་བ་རྒྱས་པ་ལ།བསིལ་གསུམ་ཨ་རུ་ར༔ རུ་རྟ་གུ་གུལ་ཤུ་དག་དང༔ ཨུཏྤལ་སྔོན་པོ་གཡའ་ཀྱི་མོ༔ ཞིབ་པར་བཏགས་ལ་་་དེ་ལ།ཡན་ལག་བསྡེབ༔ མགོ་ལ་རུ་རྟ་ཛཱ་ཏི་སྙིང༔ མཚེར་པ་ལ་ནི་ལི་ཤི་བསྡེབ༔ ཅུ་གང་སྲོ་ལོ་གླ་བ་དང༔ རྒྱུ་མའི་ནད་ལ་བྱི་ཚེར་བ་དང༔ མཆིན་པ་ལ་ནི་གུར་གུམ་བསྡེབ༔ མཁྲིས་པ་ལ་ནི་ཏིག་ཏ་སྟེ༔ སོ་མ་ར་ཙ་་་སྣོད་ཀྱི་ཚད་པ་སེལ།མཁལ་མ་ལ༔ ཆེ་ཆུང་སུམ་གཉིས་སུམ་ཆ་སྟེ༔ སྨན་རྟ་ཀ་ར་་་གཉན་ཚད།བྲག་ཞུན་ཆུས༔ ཚད་པ་ཐམས་ཅད་འཇོམས་པ་ཡིན༔ ཚད་པ་ཞག་གསུམ་ཐང་གིས་དབུལ༔ རྨ་རྒོད་ཞག་གསུམ་རླན་ལ་བཙོ༔ ཡང་ནི་ཚད་པའི་ཡན་ལག་ལ༔ ཐར་ནུ་་་བློན་པོ་ཆ་གཉིས།ཧོང་ལེན་་་བཙུན་མོ་ཆ་གཅིག།སྟག་ཤ་བ༔་་་གཏུམ་པོ་ཆ་གཅིག །ཆུ་རྩ་་་རྒྱལ་པོ་ཆ་གཅིག།ཤུ་དག་་་ཁྲོ་གཉེར་ཆ་གཅིག།རེ་ལྕག་་་ཤོག་ཤིང་ཆ་གཅིག།ལ༔ གླ་བ་་་མ་གི་ཏ།གུ་གུལ་་་ལྗོན་པའི་བཅུད།གི་ཝང་་་གསེར་རྩི་གསུམ་པོའི་ཡང་དགའ་ཆུང་ཡང་ཆོག།རྣམས༔ ཆུ་གྲང་ངམ་ནི་དྲོན་མོ་ལ༔ སྦྱར་ནས་བཏང་བས་འཁྲུ་དང་སྐྱུག༔ འདིས་ནི་གཉན་དང་ཚད་པ་སེལ༔ མཆོག་ཏུ་ཚད་པ་གསར་པ་འཇོམས༔ ཞག་གསུམ་ཚུན་གྱི་སྐབས་དང་སྦྱར་ནས།་་་སྨན་མཆོག་འདི་ཉིད་བཏང་བ་ཡིས༔ སྐྱེ་འཕྲོ་ཆད་དམ་ལམ་ནས་ལྡོག༔ སྨིན་དུ་འཇུག་ཀྱང་མི་དགོས་སོ༔ སྙིང་ལྟ་བུའི་ཤོག་དྲིལ༔ ཐུན་མོང་མ་ཡིན་པའི་མདེ་ཐུང་ངོ༔ ྀཨཚ༔ ༈ དམིགས་པས་སྲུང་བའི་ཤོག་དྲིལ་ཏེ་ཉེར་ལྔ་པ༔ གུ་རུ་པདྨ་ལ་ཕྱག་འཚལ་ལོ༔ སྔགས་ཀྱི་དམིགས་པ་བསྟན་པ་ནི༔ ཡི་དམ་ཏིང་འཛིན་ལྡན་པ་ཡིས༔ སྔགས་བཟླས་རླུང་རོ་ལན་གསུམ་འབུད༔ གཡས་གཡོན་དབུས་དང་གསུམ་དུའོ༔ སྨིན་མཚམས་ནང་དུ་གཡུང་དྲུང་རིས༔ དམར་པོ་གསལ་བ་གནད་དུ་ཆེ༔ ཞལ་ནས་སྣ་གཡས་རླུང་བུས་པས༔ གཡུང་དྲུང་འཁོར་ཅིང་རོ་མར་སོང༔ མེ་འབར་ནད་གདོན་སྡིག་སྒྲིབ་སྦྱངས༔ དེ་བཞིན་གཡས་གཡོན་དབུ་མར་འགྲེ༔ ཡང་ནི་སྔར་བཞིན་རླུང་བུས་པས༔ གཡུང་དྲུང་འཁོར་ཅིང་རྩར་སོང་བས༔ བདུད་རྩིས་རྩ་གསུམ་ཁེངས་པར་བསམ༔ དེ་ནས་རང་ལུས་ཀུན་ཀྱང་ཁེངས༔ ཟག་མེད་བདེ་བས་གང་བར་བསམ༔ ཡང་ནི་སྔར་བཞིན་རླུང་བུས་པས༔ གཡུང་དྲུང་འཁོར་ཅིང་དབུ་མར་སོང༔ ཨ་དཀར་ཕྲེང་བས་དབུ་མ་གང༔ གཡས་གཡོན་གཉིས་པོ་ཧཱུྃ་གིས་གཏམས༔ ཁྲོ་ཆུང་སྣ་ཚོགས་མེ་འབར་བས༔ ཁྲབ་བྱང་བཞིན་དུ་གཏམས་པར་བསམ༔ དེ་ནས་འབྲུ་བདུན་སྔགས་་་ཤ་ར་བྲུཾ་པ་ཏི་ཧཱུྃ་བྷྱོཿཀྱི་ནི༔ རྒྱ་ཡིས་བཏབ་པས་མི་ཤིགས་བརྟན༔ སྣ་སྒོར་ཧཱུྃ་་་མཐིང་ནག།གཉིས་ཁྲོ་ཆུང་གཉིས༔ སྔོན་པོ་གཏུམ་པོའི་རང་བཞིན་བསམ༔ རྒྱུན་དུ་སྔགས་རྣམས་མི་ཚར་ཏེ༔ རིམས་ལ་འབབ་ན་གཞུང་བཞིན་ནོ༔ གལ་ཏེ་དྲི་ཆུའི་མན་ངག་བྱ༔ ཞལ་གདམས་གནད་དུ་ལྡན་པ་ན་ནད་གདོན་བར་ཆད་ཀྱིས་མི་ཚུགས་ཏེ་སྲུང་བ་རྡོ་རྗེའི་ཁྲབ་རིང་ཡིན་ནོ༔ ྀཨཚ༔ ༈ གཉེན་པོ་བདུད་རྩི་འཆི་མེད་ཀྱི་ཤོག་དྲིལ་ཏེ་ཉེར་དྲུག་པ༔ སྔོན་བྱོན་རྒྱལ་བ་འཕགས་པའི་ཚོགས༔ ལྷ་དང་བླ་མ་རྣམས་ལ་འདུད༔ ལྔ་བརྒྱ་དུས་ཀྱི་རིམས་རྣམས་ལ༔ གཉེན་པོ་འཆི་མེད་བདུད་རྩི་བཤད༔ དེ་ཡི་རྒྱུ་རྐྱེན་བརྟག་པའི་ཐབས༔ བཅོས་ཚུལ་བཞི་ཡིས་སྤྱི་ཁོག་དབུབ༔ རྒྱུ་ནི་རླུང་མཁྲིས་བད་ཀན་གསུམ༔ ཚ་གྲང་འཐབས་པས་ཉེས་པ་འཕེལ༔ རྐྱེན་ནི་ཟས་སྤྱོད་དམན་ལྷག་ལོག༔ ངོས་འཛིན་གསལ་བའི་མེ་ལོང་ཡིན༔ བཅོས་ཐབས་བསྡུ་བསད་སྦྱང་བ་གསུམ༔ ནད་དང་གཉེན་པོ་སྤྲོད་པ་ཡིན༔ རྩ་བ་བསྡུས་པ་ལུས་ཀྱི་ཆིངས༔ ས་བོན་ཚུལ་དུ་བཞག་པ་ཡིན༔ ཀུན་མཁྱེན་རྒྱལ་པོ་པདྨ་ངས༔ སེམས་ཅན་དོན་ལ་དགོངས་པ་ཡིན༔ སྲོག་སྟེར་འཆི་མེད་གྲུབ་པ་འདི༔ ལས་ཀྱི་ཕྱག་རྒྱ་ཡུམ་ལ་གཏད༔ དེ་བྱུང་དགེ་མཆོག་བཟང་པོ་དེས༔ འགྲོ་རྣམས་ནད་བྲལ་བདེ་ཐོབ་ཤོག༔ ྀཨཚ༔ ༈ གདམས་པ་ལག་ཏུ་གཏད་པའི་ཤོག་དྲིལ་ཏེ་སོ་ལྔ་པ༔ འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ གཉན་ཚད་འདིའི་ལག་ལེན་ལ༔ རྟགས་ཉུང་དུ་སོང་བ་དང་འོ་མ་འཁྱོར་གང་ལ་གླ་བ་དང་ཀ་ར་བཏབ་ལ་བཏང༔ གཉན་མ་སོད་ན་དང་པོ་ནས་དེར་ཟུག་འབྱུང༔ བྱུང་ན་ད་དུང་གཉན་སྨན་བཏང༔ མ་བྱུང་ན་གཏར་བས་ཆོག༔ དེའང་དང་པོ་ལ་རུ་ཐུང་གཏར༔ ཁྲག་སེར་པོ་མཁྲིས་པ་འདྲ་བ་བྱུང་ན་སྣོད་ན་ཡོད་པས་བཤལ་བཏང་ངོ༔ རྣག་བྱུང་ན་ཡང་ཡང་གཏར་རོ༔ གཉན་ཚད་འདི་ལ་སྨན་བཏང་བས་མཇུག་དུ་ལུད་པ་འགྱུར་ཏུ་མ་འདོད་ན༔ ག་བུར༔ ཅུ་གང༔ སྟར་བུ༔ གུར་གུམ༔ གླ་རྩི༔ མཚལ༔ ལི་ཤི༔ རྒུན་འབྲུམ༔ བསེ་རུ༔ གི་ཝང༔ ཤུ་དག་དཀར་པོ༔ སྟག་ཤ་བ༔ ཀ་ར་དང་སྦྱར་ཏེ་གངས་ཆུས་ཕུལ་ལ་བཏང་ངོ༔ གཉན་ཚད་འདི་ལ་གཉན་མ་སོད་བར་དུ་དཀར་གསུམ་མངར་གསུམ་ཟས་ཀྱི་སྤྱང་ཀི་ཡིན༔ རྩེ་ཆུང་སྙིང་རྩ་དཔྱད་ཀྱི་སྤྱང་ཀི་ཡིན༔ ག་བུར་གུར་གུམ་སྨན་གྱི་སྤྱང་ཀི་ཡིན༔ དེས་ན་དེ་གསུམ་སྤང་བར་བྱ༔ འདི་ཡི་སྨན་གྱིས་སླེབས་པ་ན༔ ངེས་པར་འཆི་བ་བཟློག་པ་ཡིན༔ དེས་ན་སྲོག་གི་ཀ་བའོ༔ འདི་ཡིས་གཉན་ཚད་མ་སོས་ན༔ པདྨ་ང་ཡིས་ཕྱི་རབས་བསླུས༔ ཞེས་གསུངས་ནས་གདམས་པ་གཏེར་དུ་སྦས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ གཏེར་བདག་རྒྱལ་པོ་སྡེ་བཞི་དང༔ དམག་དཔོན་ཡང་ལེ་བེར་ལ་གཏད༔ ཐ་མར་དར་བའི་སྨོན་ལམ་བཏབ་ནས་རྒྱ་ཡིས་གདབ་བོ༔ དེ་ནས་བློ་གསལ་ཡོས་བུའི་ལོ་ལ། གཏེར་སྟོན་ཆོས་གྲགས་ཞེས་ཀྱང་བྱ། འོོད་སྐོར་རྨ་བྱའི་མདོངས་ཅན་ཞེས་ཀྱང་བྱ། རྡོ་རྗེ་འབུམ་ཞེས་བྱ་བས་གཙང་སྤྲ་དུན་ནས་བཏོན་པ་འདི་རྒྱས་པ་སྙིང་ལྟ་བུ་ཡིན་ནོ། །ཤུ་བྷཾ། སྨན་གྱི་གཏང་ལུགས་རིག་པས་དཔག༔ སེ་འབྲུ་བཞི་དང་ཚྭ་བ་གསུམ༔ ཚྭ་གསུམ་བསྡེབས་པས་མ་ཞུ་སེལ༔ སེ་འབྲུ་བཞི་དང་ཚྭ་བ་ལྔ༔ ཚ་གསུམ་བསྲེགས་པས་མེ་དྲོད་སྐྱེད༔ ཨ་རུ་རྒྱམ་ཚྭ་པི་པི་ལིང༔ རྒོད་བཏུལ་བསྡེབས་པས་ལྕགས་དྲེག་འགོག༔ ཨ་རུ་བྱ་ཐལ་པི་པི་ལིང༔ རྒོད་བཏུལ་བསྡེབས་པས་ལྷན་ནད་འཇོམས༔ ཙནྡན་ཤུ་ཏི་སྐྱུ་རུ་ར༔ རྒོད་བཏུལ་བསྡེབས་པས་ཚ་སྐྲན་འཇོམས༔ སེ་འབྲུ་ད་ལི་ཙི་ཏྲ་ཀ༔ ཚ་བ་གསུམ་དང་ཚྭ་སྣ་ལྔ༔ ཚ་བཏུལ་བསྡེབས་པས་གྲང་སྐྲན་འཇོམས༔ སེ་འབྲུ་བཞི་དང་ཐལ་བ་བསྡེབ༔ རྒོད་བཏུལ་བསྡེབས་པས་སྐྲན་ཆུ་སྐེམ༔ རིན་ཆེན་གསུམ་དང་ཐལ་བ་གསུམ༔ གྲང་འདུལ་བསྡེབས་པས་ཆུ་སེར་སྐེམ༔ འབྲས་བུ་གསུམ་དང་ཚ་བ་ལྔ༔ སྦྲང་་་རྩི།ལྕགས་་་ཕྱེ།བསྡེབས་པས་སྐྱ་རྦབ་སེལ༔ རྟ་རྨིག་ཐོད་ལེ་འགྲོན་བུ་དང༔ འབྲས་གསུམ་ཤ་ཚྭ་སྒ་ཚའི་རིགས༔ ཚིལ་རྒྱལ་རྡོ་ཞོ་ཚ་བ་ལྔ༔ སོལ་མེས་ཀོང་བུར་ཚོས་པར་བསྲེག༔ སེ་སྤོད་ཁ་བླན་ཆང་གིས་དབུལ༔ འགུལ་མཉེ་གསིག་ཅིང་མ་གྲང་གཅག༔ སྐྱིགས་བུ་འདོན་ཞིང་ལྟེ་བ་མཉེ༔ ཟས་སྤྱོད་གནོད་སྤང་ཕན་པ་སྒྲུབ༔ ཕོ་བའི་དྲོད་སྐྱེད་མ་ཞུ་འཇུ༔ ལྕགས་དྲེག་འགོག་ལ་ལྷན་སྐྲན་བཤིག༔ ྀཨཚ༔ ཞེས་པའང་སྣང་ངོ་། ༈ ཁྱད་པར་རྫོང་གསུམ་གྱི་ལྡེ་མིག་བཞུགས༔ ྈྈྈྈྈྈྈྈྈ སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ སྤྱིར་དུ་ནད་རིགས་མཐའ་དག་དང༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ལ༔ ནད་རིགས་ལྔ་དང་གདོན་རིགས་ལྔ༔ འཇུག་པའི་སྒོ་ལྔ་འགྲིམ་སྲང་ལྔ༔ གནས་པའི་ཡུལ་ལྔ་འཁྲས་རྫོང་ལྔ༔ བཅོས་པའི་ཐབས་ལྔ་ཁྱད་རྫོང་གསུམ༔ མདེ་ཐུང་དཔྱད་གསུམ་གསུངས་པ་ལ༔ དེ་ལས་ཁྱད་པར་རྫོང་གསུམ་ནི༔ མཆིན་པ་རྒྱལ་པོ་དང་འདྲ་སྟེ༔ མཆིན་པའི་ཐོག་ཏུ་བབས་པ་ན༔ གཏིང་རིང་གཉེན་པོས་བཅོས་པ་དཀའ༔ གློ་བ་བློན་པོ་དང་འདྲ་སྟེ༔ གློ་དང་མི་བསྡོང་མི་སྲིད་དོ༔ མཁྲིས་པ་ཕྱག་ཚང་དང་འདྲ་སྟེ༔ མཁྲིས་པའི་སྟེང་དུ་བབས་པ་ན༔ ཚད་པར་མི་འགྲོ་མི་སྲིད་དོ༔ མདོར་ན་གསུམ་ག་ཚད་པར་འགྲོ༔ ཁྱད་པར་ནད་ཀྱི་རྫོང་གསུམ་མོ༔ བཅོས་ཐབས་ཁྱད་པར་ཅན་གསུམ་ནི༔ དམར་པོ་གསུམ་་་ཙནྡན་གུར་གུམ་བྲག་ཞུན།གྱིས་མཆིན་པའི་ཚད་པ་སེལ༔ དཀར་པོ་བཞི་་་ག་བུར་ཅུ་གང་སྲོ་ལོ་བོང་དཀར།ཡིས་གློ་བའི་ཚད་པ་སེལ༔ སེར་པོ་ལྔ་་་གི་ཝང་ཡུང་བ་དཔའ་སེར་སྐྱེར་པ་བོང་ང་སེར་པོ།ཡིས་མཁྲིས་པའི་ཚད་པ་སེལ༔ གཞུང་བཞིན་བཅོས་པའི་སྨན་སྟེང་དུ༔ དམར་གསུམ་དཀར་བཞི་སེར་ལྔ་བསྣན༔ ཡང་ན་མདེ་ཐུང་སྨན་དང་བསྡེབ༔ དེ་རྣམས་ལྡེ་གུ་ཤིས་པ་ལ༔ མཆིན་པ་ལ་ནི་གམ་ཕྱེ་བསྔགས༔ ཡང་ན་བསིལ་སྨན་གཉེན་པོ་སྦྲགས་མ་ཡིས༔ བར་དུ་ཚད་པའི་མེ་དབལ་བསད་ཅེས་པ༔ ར་དུག་གུ་གུལ་ནག་པོ་དང༔ ཤུ་དག་ནག་པོ་བྲག་ཞུན་རྣམས༔ བཏང་བས་སོས་པར་ཐེ་ཚོམ་མེད༔ གཉན་མི་སྦྲག་པའི་གཟེར་ཐུང་ངམ༔ ཚད་པ་སྤྱི་ནི་གར་བབས་ཀྱང༔ གཉེན་པོའི་སྨན་ནི་མི་དགོས་ཏེ༔ དམར་གསུམ་དཀར་བཞི་སེར་པོ་ལྔ༔ བཏང་བས་སོས་པར་འགྱུར་བ་ཡིན༔ ཁྱད་པར་རྫོང་གསུམ་གྱི་ལྡེ་མིག་ཡིན༔ ཡང་གསང་སྲོག་གི་ཀ་བའི་ལྡེ་མིག་ཅེས་བྱ་བ་ྀཨཚ༔ ༈ སྒོམ་པ་ཏིང་ངེ་འཛིན་གྱི་གྱད་བཞུགས༔ མི་རྟོག་སྟོང་པར་བསྒོམ་པ་ནི༔ སྣང་གྲགས་འཁོར་འདས་མ་ལུས་སེམས༔ སེམས་ནི་སྐྱེ་འགག་གནས་གསུམ་བྲལ༔ མདོག་དབྱིབས་་་གྲུ་བཞི་ལ་སོགས་དབྱིབས་སུ་མ་གྲུབ།ཚད་དང་་་དེའི་ཕྱིར་ན་ཁ་དོག་ལ་སོགས།དངོས་པོས་སྟོང༔ སྟོང་པ་ཆེན་པོར་ཡེ་་་ཐོག་མ་མེད་པ།ནས་གནས༔་་་པའོ། །སྟོང་ཉིད་ལྟ་བའི་སྲུང་བ་་་འདི་གཅིག་པུས་རིམས་ཐམས་ཅད་ཐུབ་པ།ཡིན༔ ྀཨཚ༔ ༈ ཡི་དམ་ལྷ་བསྒོམ་གྱི་གྱད་བཞུགས༔ ལྷ་ཡི་ང་རྒྱལ་བསྒོམ་པ་ནི༔ རང་བཞིན་སྐྱེ་མེད་སྟོང་ཉིད་་་ཀྱི་ངང་།ལས༔ ཡིག་འབྲུ་ལ་སོགས་པ།་་་རྒྱུ་རྐྱེན་སྔགས་ཀྱིས་མ་བསྐྱེད་པར༔ རོལ་པ་འགག་མེད་རྡོ་རྗེའི་སྐུ༔ སུས་ཀྱང་མི་ཆོད་མི་ཤིགས་པ༔ ཀུན་གྱི་རྗེ་བཙན་ཆེན་པོ་ཡིན༔ དུག་གསུམ་འཇིགས་པའི་འཁོར་གྱིས་བསྐོར༔་་་འདོད་ཆགས་བྱ་ལ་བྱ་ཁྱུང་བྱ་ནག་གཉིས། གཏི་མུག་ཕག་ལ་རྒོད་གཡུང་གཉིས། ཞེ་སྡང་སྦྲུལ་ལ་དུག་སྦྲུལ་སྨན་སྦྲུལ་གཉིས་དེ་རྣམས་སྟེང་དུ་ལྡིང་བ་དང་རོལ་དུ་འཁྲིད་པ་དང་། འཁྱུགས་སེ་འཁྱུག་པའོ། །མེ་དཔུང་འབར་བའི་དབུས་ན་བཞུགས༔ ཞལ་བགྲད་ཚེམས་གཙིགས་ཟིལ་གནོན་་་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་སྡིགས་མཛུབ།བསྒོམ༔ སྤྲུལ་པའི་བྱ་ཁྱུང་བསྒོམ་པ་ནི༔་་་འདིས་ཀྱང་འགོ་བའི་རིམས་ཐམས་ཅད་ཐུབ། རྡོ་རྗེའི་སྐུ་ཡི་སྤྱི་གཙུག་ཏུ༔་་་གསང་བདག་ཕྱག་རྡོར། སྤྲུལ་པའི།་་་ཁྱུང་སྔོན་མེ་ཡི་རལ་པ་ཅན༔ གནམ་ལྕགས་འབར་བའི་མཆུ་སྡེར་གྱིས༔ རྒྱ་མཚོའི་གཏིང་དཀྲུགས་ཀླུ་ནད་འཇོམས༔ གཤོག་པ་བརྒྱངས།་་་ཕྱག་གཉིས་ཉི་ཟླའི་འཁོར་ལོ་བསྐོར༔ ཉི་ཟླ་འབར་བའི་སྡང་མིག་གིས༔ གདུག་པ་ཐམས་ཅད་འཇོམས་པར་བསམ༔ སྲུང་བ་ནང་གསང་རྣམ་གཉིས་ལ༔ ཁྱད་པར་གཅེས་པའི་གདམས་ངག་ཡིན༔ སྙིང་དང་འདྲ་བར་ཐུགས་ལ་ཆོངས༔ མིག་དང་འདྲ་བར་་་འདི་གཅིག་པུས་ཀྱང་རིམས་ཐུབ།དམ་ཚིག་སྲུངས༔ ྀཨཚ༔ ཉི་ཟླའི་འཁོར་ལོ་བསྒོམ་པ་ནི། ལག་པ།་་་གཡས་གཡོན་ཐབས་དང་ཤེས་རབ་ལ༔ གཡས་པ།་་་རྩིབས་བརྒྱད་་་གཡོན་པ།འདབ་བརྒྱད་འཁོར་ལོ་འབར༔ དབུས་སུ་བསྐྱེད་པའི་ས་བོན་སྔགས༔་་་ཨ་ཙནྡྲ་མཎྜ་ལ་ཞེས་པས་གཡས་སུ་ཟླ་བའི་དཀྱིལ་འཁོར་རོ། །མ་སཱུརྱ་མཎྜ་ལ་ཞེས་པས་གཡོན་ཉི་མའི་དཀྱིལ་འཁོར། རྩིབས་ལ་གཏུམ་པོའི་སྔགས་རྒོད་་་ནཱི་ལཾ་ཛ་ཏི་བྷྲཱུྃ་ས་ཏྲི་རྦད༔བཀོད༔ ཐབས་ཤེས་གཡས།་་་ཉི་གཡོན།་་་ཟླའི་འཁོར་ལོ་་་འབར་བ།བསྒོམ༔ འཁོར་ལོ་ལྟོ་སྦྱོར་་་གཡས་སྟེང་དུ་གཡོན་འོག་ཏུ།སྦྲགས་མར་བསྐོར༔ ཕྱག་རྒྱ་གཡས་འཁོར་ལོ།་་་བསྒྱུར་ཏེ་གཡོན་པདྨ།་་་བརྡབས་པ་ཡིས༔ ཉི་ཟླའི་འོད་ཟེར་གྱིས།་་་གནོད་བྱེད་ཐལ་བར་བརླག་པར་བསམ༔ ལུས་སྲོག་སྲུང་བའི་གོ་ཆ་ལས༔ ཕྱག་རྒྱ་འཁོར་ལོའི་ཡང་ཐིག་ཡིན༔ ཡང་ཏིག་གཅེས་པའི་ཤོག་དྲིལ༔ ཨེ་མ་ཤིན་ཏུ་གསང་བར་བྱ༔ མངྒ་ལཾ༔ ༈ ཚིལ་བུ་དར་ཡ་ཀན་བཞུགས༔ སྨན་བླ་རྒྱལ་བ་རིགས་གསུམ་ལ༔ མཚོ་སྐྱེས་རྡོ་རྗེས་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ དང་པོ་ཅི་ཡང་མེད་པ་ལ༔ བསྐལ་པ་དང་པོའི་དབུ་མ་ལ༔ ཚངས་པ་དང་ནི་སྐྱེ་དགུའི་སྲས༔ གཟུགས་ལེགས་མདངས་ལྡན་ཡིད་དུ་འོང༔ དྲི་ཞིམ་སྐད་སྙན་རིགས་རྒྱུད་བཟང༔ ལྷ་བུ་ཡིད་བཞིན་ནོར་བུ་དེ༔ གངས་རི་ནགས་འདབས་རྒྱ་མཚོའི་འགྲམ༔ འཛེང་བྲག་སྟེང་དུ་བྱོན་པ་ལ༔ ལྷ་ཀླུ་སྡེ་བརྒྱད་བུ་མོས་མཐོང༔ ཆགས་སེམས་སྐྱེས་ནས་སྐུ་ལ་འཁྲིལ༔ ཐིག་ལེ་དཀར་དམར་གཉིས་ཀ་ཤོར༔ དཀར་པོ་འཛེང་བྲག་སྟེང་དུ་བབས༔ དམང་པོ་བྲག་གི་ཕུགས་སུ་བྲོས༔ རྡོ་ལ་དྲོད་སྐྱེས་ཚིལ་བུ་ཆགས༔ མིང་ཡང་བདུད་རྩི་ཅོང་ཞི་ཟེར༔ གཞན་ཡང་དཀར་པོ་ཆིག་ཐུབ་ཟེར༔ བཞི་བརྒྱ་རྩ་བཞིའི་ནད་སེལ་བས༔ ཚིལ་བུ་དར་ཡ་ཀན་ཞེས་ཟེར༔ དེ་ལ་རིགས་་་ཕོོ་རིགས་སྐམ་ལ་གནས་ཏེ་སྲ་ལ་མཁྲེགས། མོ་རིགས་གཤེར་ལ་གནས་ཏེ་མཉེན་ལ་འབོལ་ཅེས་སོ།གཉིས་འདྲ་དཔེ་བཞི༔་་་དཀར་པོ་ཤེལ་འདྲ་བ། རྟའི་སོ་འདྲ་བ། བ་ཡི་ནུ་མ་འདྲ་བ། འཁྱགས་རམ་བཅག་པ་འདྲ་བའོ། །ཁ་དོག་ལྔ་རུ་ཤེས་པར་བྱ༔ དེ་ལ་འདུལ་བའི་ཐབས་བཞི་སྟེ༔་་་ཞི་འདུལ། དྲག་འདུལ། ཚ་འདུལ། གྲང་འདུལ་ལོ། །བསྟེན་ཐབས་ལྔ་་་སྨན་དུ་བསྟེན་པ་ནི་ཟླ་སྟོད།དང་སྤང་བླང་གཉིས༔ བསྲུང་བའི་དམ་ཚིག་་་བརྒྱད་དམ་བཅུ་ནས་ཉའི་བར་དུ་སྒྲུབ་པོ་དབང་ཐོབ་ཅིང་དམ་ཚིག་དང་ཚུལ་ཁྲིམས་ལྡན་པ།ཤེས་པར་བྱ༔ གནས་དང་དུས་དང་གང་ཟག་དང༔ ཐུགས་རྗེ་ཆེན་པོ་དང་ཚེ་དཔག་མེད་རྣམས་ཀྱི་འཕྲོ་འདུས་བདུད་རྩིར་བྱིན་བརླབ།་་་ལྷ་དང་སྔགས་དང་ཏིང་འཛིན་དང༔ དམ་རྫས་སྟ་གོན་་་སྟེགས་བུ་མཎྜལ་སྐུ་ལ་སོགས།ཕན་ཡོན་་་གནས་སྐབས་ཀྱི།དང༔ འབྲས་བུ་ཐོབ་པའི་རིམ་པའོ༔ སྦྱོར་བ་གང་དང་གང་བྱེད་ཀྱང༔ གཞི་མ་ཆ་ཕྱེད་ཁོ་ལ་བླང༔ གླེང་གཞི་སྡོམ་གྱི་ལེའུའོ༔ དེ་ནས་ཚིལ་བུ་དར་ཡ་ཀན་ལ་གཞི་བླངས་ཏེ༔ ནད་སེལ་ཞི་བྱེད་དུ་བསྟན་པ་ནི༔ ཚིལ་ཆེན་རྒྱལ་པོས་གཙོ་བྱས་ཏེ༔ རྩི་ཆེན་ལོ་མར་ཨ་རུ་ར༔ ར་ཤག་གཟེ་མས་རླུང་ནད་སེལ༔ བུར་ཤ་སྦྱར་བ་དེ་བཞིན་ནོ༔ གསེར་གྱི་མེ་ཏོག་ཨ་རུ་ར༔ པར་པ་ཏ་དང་ཧོང་ལེན་དང༔ ཤུག་འབྲས་སྦྱར་བས་མཁྲིས་ནད་སེལ༔ ཏིག་ཏ་སྦྱར་བའང་དེ་བཞིན་ནོ༔ ཨུཏ་སྔོན་ཤུག་འབྲས་བ་ཤ་ཀ༔ སྐྱུ་རུ་སྦྱར་བས་བད་ཀན་ཞི༔ བཟང་དྲུག་སྐྱེར་ཤུན་ཨ་རུ་ར༔ སེ་འབྲུ་སྦྱར་བས་མཁྲིས་སྐྱུག་དང༔ སྐོམ་ཚད་མཁྲིས་པ་ཁ་ཤོར་ཞི༔ སྤོད་གཉིས་སེ་འབྲུ་རྩི་བོ་ཆེ༔ ར་མོ་ཤག་སྦྱར་མཁལ་མ་ལ༔ གྲང་རླུང་ནད་རྒྱས་སྐེད་བསྐོར་ན༔ སྟོད་དུ་བད་རླུང་རྒྱས་པ་ཞི༔ སྐྱེར་ཤུན་ཚ་ལ་ཨ་རུ་ར༔ བད་མཁྲིས་མགོ་ན་མཁྲིས་པ་སྐྱུག༔ མུར་གོང་དཔྲལ་བར་བདུག་པས་ཞི༔ སྒ་སྐྱ་སྲན་མ་སྦྱར་བ་ཡི༔ རིལ་བུས་བད་ཀན་སྐྱ་སྨུག་ཞི༔ ཉེས་པ་གསུམ་གསོ་བའི་ལེའུ་འོ༔ ཚིལ་བུ་རྒོད་བཏུལ་དར་ཡ་ཀན༔ གསུམ་གཉིས་ཕྱེད་ཆས་རིགས་པས་དཔག༔ ཚིལ་བུ་རྒོད་བཏུལ་དར་ཡ་ཀན༔ གསུམ་གཉིས་བཞི་གསུམ་ཕྱེད་ཆ་མཉམ༔ ཆེ་ཆུང་གང་གཏོང་རིགས་པས་དཔག༔ དབྱི་ཀར་བུལ་ཏོག་སྦྱར་བ་ཡིས༔ མ་ཞུ་གསར་པ་ཞི་བར་བྱེད༔ རུ་རྟ་བིག་པན་ཙི་ཏྲ་ཀ༔ ཤིང་ཚྭ་རྭ་ཚ་ལྕམ་འབྲུ་ཡིས༔ སྐྲན་ནད་ཐམས་ཅད་ཞི་བར་བྱེད༔ ཨ་རུ་སྨན་ཚྭའང་་་བུལ།དེ་བཞིན་ནོ༔ ཚྭ་སྣ་ཚོགས་ཚད་སྤང་རྩི་དང༔ འབྲས་བུ་གསུམ་གྱིས་དམུ་ཆུ་ཞི༔ པི་ལིང་སྦྱར་བའང་དེ་བཞིན་ནོ༔ སེ་འབྲུ་བཞི་དང་ཚ་བ་གསུམ༔ ཚྭ་གསུམ་བསྡེབས་པས་མ་ཞུ་འཇུ༔ སེ་འབྲུ་བཞི་དང་ཚ་བ་ལྔ༔ ཚྭ་གསུམ་བསྡེབས་པས་མེ་དྲོད་བསྐྱེད༔ ཨ་རུ་རྒྱམ་ཚྭ་པི་པི་ལིང༔ རྒོད་བཏུལ་བསྡེབས་པས་ལྕགས་དྲེག་འགོག༔ ཨ་རུ་བྱ་ཐལ་པི་པི་ལིང༔ བསྡེབས་པས་ལྷན་གྱི་གནོད་པ་འཇོམས༔ ཙནྡན་ཨུཏ་ཏིག་སྐྱུ་རུ་ར༔ རྒོད་བཏུལ་བསྡེབས་པས་ཚ་སྐྲན་ཞི༔ སེ་འབྲུ་ད་ལི་ཙི་ཏྲ་ཀ༔ ཚྭ་བ་གསུམ་དང་ཚྭ་སྣ་ལྔ༔ ཚྭ་བཏུལ་བསྡེབས་པས་གྲང་སྐྲན་སེལ༔ སེ་འབྲུ་བཞི་དང་ཚ་བ་གསུམ༔ རྒོད་བཏུལ་བསྡེབས་པས་གྲང་ཆུ་སྐེམ༔ རིན་ཆེན་གསུམ་དང་རུས་ཐལ་གསུམ༔ གྲང་བཏུལ་བསྡེབས་པས་ཚ་ཆུ་སྐེམ༔ འབྲས་བུ་གསུམ་དང་ཚྭ་བ་ལྔ༔ སྦྲང་ལྕགས་བསྡེབས་པས་སྐྱ་རྦབ་སེལ༔ རྟ་རྨིག་ཐོད་ལེ་འགྲོན་བུ་དང༔ འབྲས་གསུམ་བི་ཥ་ཚྭ་སྣའི་རིགས༔ ཚིལ་རྒྱལ་རྡོ་ཞོ་ཚྭ་བ་ལྔ༔ སོལ་མེས་ཀོང་བུར་ཚོས་པར་བསྲེག༔ སེ་སྤོང་ཁ་བླན་ཆང་གིས་དབུལ༔ བསྐུལ་གསིག་མཉེ་ཞིང་མ་གྲང་བཅག༔ སྐྱིགས་བུ་འདོན་ཞིང་ལྟོ་བ་མཉེ༔ ཟས་སྤྱོད་གནོད་སྤོང་ཕན་པ་སྒྲུབ༔ ཕོ་བའི་དྲོད་སྐྱེད་མ་ཞུ་འཇུ༔ ལྕགས་དྲེག་འགོག་ཅིང་སྐྱ་རྦབ་ཞི༔ དམུ་འོར་སྐེམ་ཞིང་སྐྲན་ལ་རྐོ༔ མདོར་ན་བད་རླུང་གྲང་གཞིའི་ནད༔ གཅོང་ནད་སེལ་བའི་བདུད་རྩི་ཡིན༔ གཅོང་ནད་བཅོས་པའི་ལེའུའོ༔ ཨ་རུ་ལྕགས་ཕྱེ་ཏིལ་མར་སྦྱར༔ མགོར་བསྐུས་སྐྲ་མདོག་བུང་བ་འདྲ༔ ཚིལ་རྒྱལ་འོ་སྦྱར་སྣ་ནས་གཏིག༔ ཁོང་དུ་བུ་རམ་ཚ་གསུམ་བཏང༔ ཀླད་པ་འཁོར་ཞིང་ན་བ་ཞི༔ ག་བུར་གུར་གུམ་ཤིང་མངར་སྦྱར༔ སྣ་ནས་བཏང་བས་ཀླད་ནད་ཞི༔ ཚིལ་བུ་སྦལ་རྒྱབ་ཆིག་ཐུབ་གཉིས༔ དྲུག་སྦྱོར་རྒྱུན་དུ་ཁོང་དུ་བཏང༔ རྨ་ལ་སྐྱི་དཀར་ལྕོ་ག་ཡི༔ ཀླད་སྨན་བདུད་རྩི་སྦྱར་བས་མནན༔ དོམ་མཁྲིས་ལྡེ་གུ་ནང་དུ་གཞུག༔ ཀླད་པ་འཛག་གཅོད་བདུད་རྩི་ཡིན༔ ཨ་བིའི་ཁཎྜ་ལུག་ཞོ་ཙམ༔ བདུད་རྩི་དུལ་མ་སྦྲང་རྩི་དང༔ སྦྱར་ཟོས་མིག་ནད་རབ་རིབ་ཞི༔ འབྲས་གསུམ་ཨ་བ་རྟག་ཏུ་ངུ༔ ལྕགས་སྦྲུལ་དང་སྦྱར་མིག་ལ་ཕན༔ སྤྱི་ཞུར་དང་སྦྱར་དེ་བཞིན་ནོ༔ རུ་རྟ་འབྲུ་མར་སྦྱར་བླུག་རྣ་ནད་ཞི༔ ཟེར་མོའི་མགོ་རུས་ཐལ་བ་དང༔ བདུད་རྩི་དུལ་མ་སྦུ་གུ་ཡིས༔ བུས་པས་སྣ་ཁྲག་ཆད་པ་ཡིན༔ བདུད་རྩི་དྲག་འདུལ་ཨ་རུ་ར༔ བཏབ་པས་མཆུ་ཡི་བད་ཀན་ཞི༔ སོ་ཡི་སྲིན་ནད་གས་ཆག་ལ༔ བྱི་ཏང་ཀ་བསྣན་བཏབ་པས་འཚོ༔ དྲག་འདུལ་ཕྱེད་དང་ན་ལེ་ཤམ༔ རུ་རྟ་སྦྱར་བཏང་གག་པ་བཅོས༔ སྒོ་ལྔ་བཅོས་པའི་ལེའུའོ༔ སྙིང་རླུང་གྲང་བའི་ནད་གཞི་ལ༔ ལུག་མར་འབྲས་གསུམ་ཆུ་བཙོས་བྱ༔ ཛཱ་ཏི་ཤིང་ཀུན་ཞོ་ཤ་དང༔ བུ་རམ་བདུད་རྩིའི་ཁ་ཚར་བཏབ༔ སྙིང་རླུང་སེལ་བའི་བདུད་རྩི་ཡིན༔ སྙིང་ཁ་ཁྲག་ནད་སྐྱེས་པ་ན༔ ཛཱ་ཏི་ཀ་ར་སྐྱུ་རུ་ར༔ བདུད་རྩི་དུལ་མར་སྦྱར་ཟོས་སེལ༔ གློ་བའི་གྲང་བ་སྐྱ་རྦབ་ལ༔ ཚྭ་བ་གསུམ་དང་བདུད་རྩིས་སེལ༔ གློ་བ་ཁྲག་ཚད་རྒྱས་པ་ལ༔ སྲོ་ལོ་ཤིང་མངར་བ་ལེ་ཀ༔་་་ཅུ་གང་ཤིང་མངར་བ་ལེ་ཀ །བདུད་རྩི་ཀར་སྦྱར་གློ་ཚད་འཇོམས༔་་་སྲོ་ལོ་ཀར་སྦྱར་བདུད་རྩིས་སེལ། གློ་ལ་རྣག་ཆུ་རྒྱས་པ་ལ༔ བདུད་རྩི་བོང་བུའི་ཡར་ཞོ་དང༔ སྦྲང་རྩི་དུལ་མ་ཀ་ར་སྦྱར༔ བཏང་བས་གློ་བའི་རྣག་ཆུ་སྐེམ༔ བདུད་རྩི་ཅུ་གང་གུར་གུམ་གྱིས༔ གློ་བའི་ནད་གཞི་ཐམས་ཅད་སེལ༔ མཆིན་པར་གྲང་བ་རྒྱས་པ་ལ༔ བུ་རམ་ཚ་བ་གསུམ་སྦྱར་ཞི༔ མཆིན་ཚད་བད་ཀན་སྨུག་པོ་ལ༔ མ་ནུ་གུར་གུམ་པི་པི་ལིང༔ སེ་འབྲུ་སུག་སྨེལ་སྦྱར་བས་ཞི༔ བདུད་རྩི་གུར་གུམ་ལི་ཤི་དང༔ ཙནྡན་སྦྱར་བས་མཆིན་ནད་ཞི༔ རྒྱམ་ཚྭ་རུ་རྟ་པི་པི་ལིང༔ བསྡེབས་པས་ཕོ་བའི་གྲང་བ་སེལ༔ གསེར་གྱི་མེ་ཏོག་བསྡེབས་པ་ཡིས༔ མཚེར་པའི་ཚད་པ་རྒྱས་པ་སེལ༔ བདུད་རྩི་དུལ་མ་བུ་རམ་དང༔་་་བདུད་རྩི་སུག་སྨེལ་བུ་རམ་ཆང་། །ཆང་སྦྱར་མཁལ་མའི་གྲང་རྒྱས་སེལ༔་་་སྤོད་སྦྱར་མཁལ་མའི་གྲང་རྒྱས་སེལ། །མཆུ་སྙུང་དུར་བྱིད་ཨ་རུ་ར༔ བུ་རམ་སྦྱར་བས་ནད་ཀུན་སྦྱོང༔ རྟ་ལུག་ལ་སོགས།་་་ཐུག་འབྲས་འོ་བསྡུས་ཁུ་བ་ལ༔ བདུད་རྩི་དབང་ལག་ཁ་ཚར་བཏབ༔ མཁལ་མའི་རྩ་དང་ས་བོན་གསོ༔ ཡང་ན་ཀ་ར་ཤིང་མངར་དང༔ བདུད་རྩི་འོ་མ་སྦྱར་བས་གསོ༔ འོ་དྲོན་བདུད་རྩིའང་དེ་བཞིན་ནོ༔ ད་བྱིད་རྩངས་མཆིལ་རྨིག་པའི་ཤ༔ བ་འོ་ཚིལ་སྦྱར་རྒས་པ་གསོ༔ བདུད་རྩི་གླ་བ་སྡིག་སྲིན་གྱིས༔ མཁལ་རྩ་འགྲམས་པའི་ཚད་པ་སེལ༔ རྒྱ་ཚྭ་ཤིང་ཚྭ་རྭ་ཚྭ་དང༔ སུག་སྨེལ་ཉི་དགའ་ཀ་ཀ་རི༔ གསེར་ཕྱེ་བསྡེབས་པས་རྡེ་ནད་སེལ༔ རྒྱུ་ལོང་མཁྲིས་པ་ལ་སོགས་ལ༔ ཚ་གྲང་བརྟགས་ལ་འོལ་ཁ་བསྒྱུར༔ དོན་སྣོད་གསོ་བའི་ལེའུའོ༔ བདུད་རྩི་དྲག་འདུལ་བ་ཆུ་དང༔ སོ་ར་སྤོས་དཀར་སེང་ལྡེང་གིས༔ ཆུ་སེར་པགས་ནད་སེལ་བ་ཡིན༔ བདུད་རྩི་སོ་ར་མུ་ཟི་དང༔ ཐལ་ཀ་ཤུག་ཚེར་སྦྱར་བྱུག་ཟ་འཕྲུག་སེལ༔ པགས་ནད་སེལ་བའི་ལེའུའོ༔ གླ་རྩི་བྲག་ཞུན་སྤང་རྒྱན་དཀར༔ བོང་དཀར་འོམ་སྙག་ལྕགས་ཁུ་དང༔ རེ་རལ་སྐྱེར་པས་དུག་ནད་སེལ༔ གི་ཝང་ཙནྡན་བོང་ང་དཀར༔ ལྕུམ་བུ་འོམ་བུ་ཨ་རུ་ར༔ བསྡེབས་པས་སྦྱར་དུག་བདུད་རྩི་ཡིན༔ གི་ཝང་བྲག་ཞུན་ཨ་རུ་ར༔ བཟང་དྲུག་བོང་དཀར་རེ་རལ་དང༔ འོམ་བུ་བསྡེབས་པས་ཤ་དུག་སེལ༔ བོང་དཀར་བྱང་བུལ་ཨ་རུ་ར༔ ཕྱྭ་ཚན་གསུམ་བསྡེབས་བཙན་དུག་སེལ༔ བཟང་དྲུག་གླ་རྩི་གི་ཝང་དང༔ བ་སྤྲུ་ཀར་བསྡེབས་མཆེ་དུག་སེལ༔ གླ་རྩི་ཨ་རུ་གྲི་ཁྲག་བསྡེབ༔ གཟའ་དུག་འཇོམས་པའི་དཔའ་བོ་ཡིན༔ དུག་ནད་སེལ་བའི་ལེའུའོ༔ དེ་ནས་གླང་ཐབས་བཅོས་པ་ནི༔ གི་ཝང་ཙནྡན་བོང་ང་དཀར༔ ཏིག་ཏ་གསེར་མེ་བ་ཤ་ཀ༔ ཆུ་རྒོད་བསྡེབས་པས་ཚ་གླང་སེལ༔ ཚྭ་བ་གསུམ་དང་ཚྭ་སྣ་ལྔ༔ སེ་འབྲུ་བསྡེབས་པས་གྲང་གླང་སེལ༔ བདུད་རྩི་སྒོག་སྐྱ་བྱི་ཏང་ཀ༔ དྭ་བ་ཐང་ཕྲམ་མ་རུ་ཙེ༔ རྒྱལ་པོ་བསྡེབས་པས་སྲིན་གླང་སེལ༔ བཙན་དུག་གླ་བ་ནས་ཙམ་རེ༔ རུ་རྟ་བརྒྱད་འགྱུར་དམར་ལེབ་དང༔ སྒོག་སྐྱ་སྒ་དང་རྣམ་པ་དྲུག༔ དེ་རྣམས་དང་མཉམ་ཕུར་ཐལ་དང༔ ཀུན་དང་མཉམ་པའི་རྒོད་བཏུལ་བསྡེབས༔ འབྱང་སྲིན་སེལ་བའི་བདུད་རྩི་ཡིན༔ འབྲུམ་དང་དམར་ལེབ་བྱི་ཏང་ཀ༔ ཚིལ་་་ཤ།བསྡེབས་ཆང་འཕུལ་སྲིན་ནད་སེལ༔ སྤྲུ་ནག་སྟག་ཤ་བཙན་དུག་དང༔ གུ་གུལ་གླ་བ་བདུད་རྩི་བསྡེབ༔ གཉན་གླང་སེལ་བའི་བདུད་རྩི་ཡིན༔ གླང་ཐབས་སེལ་བའི་ལེའུའོ༔ བད་ཀན་རླངས་ཀྱིས་སྐད་འཛེར་ཅིང༔ ལུད་པ་སྐམ་པོ་གཏིང་ནས་འོང༔ དེ་ལ་ཨོལ་ཏོང་རྙེད་ཚད་དང༔ རྭ་ཚྭ་དྭ་ཚྭ་བ་ཤ་ཀ༔ ཀ་ར་ཚིལ་བུ་བསྡེབས་པ་ཡིས༔ ཚངས་པའི་གསུང་དང་འདྲ་བར་འགྱུར༔ མཁྲིས་པའི་རླངས་ཀྱིས་འཛེར་ཞིང་ཚ༔ དམར་ཁྲོམ་སྐྲངས་ནས་མིད་པ་དོག༔ རུ་རྟ་ཏིག་ཏ་བ་ཤ་ཀ༔ གསེར་གྱི་མེ་ཏོག་བསྡེབས་པས་སེལ༔ རླུང་གིས་འགག་ཅིང་འཛེར་བ་ལ༔ ཨར་སྙིང་ཤིང་ཀུན་བ་མར་དང༔ ཚིལ་ཆེན་སྦྱར་བས་སེལ་བ་ཡིན༔ སྐད་ནད་བཅོས་པའི་ལེའུའོ༔ སྤང་བྱ་ར་ཤ་རི་བོང་ཤ༔ ཉ་ཤ་བྱ་ཤ་གསེར་ཤ་མོ༔ གཡག་ཤ་རུལ་དང་སུམ་པ་དང༔ ཆང་རྒན་སྐྱུར་པོ་སྔོ་ངད་ཟྭ༔ ཤིང་ཏོག་ཁམ་བུ་ལོ་མ་བཙོང༔ སྣུམ་ཁུར་མར་ནག་བསྐུ་བྱུག་སྤང༔ གཏར་ག་མི་བྱ་དྲི་ཆུ་བཏུང༔ དཀར་གསུམ་ཟ་ཞིང་ལྷ་དཀར་བསྒོམ༔ ཡིག་དྲུག་བཟླ་ཞིང་ཁྱེར་སོ་བསྒོམ༔ རྩ་རླུང་བསྒོམ་ཞིང་འཕྲུལ་འཁོར་བྱ༔ དམ་ཚིག་གི་ལེའུའོ༔ ལོག་གནོན་ཕོ་བར་འདྲིལ་ཞིང་མེར༔ སྐྱུག་ལོག་བྱེད་ན་མ་ཞུ་བས༔ བཏུལ་ལ་མ་བཏུལ་མ་བཏུལ་བཏུལ༔ ཐུན་གསུམ་བཏང་ལ་ཐང་གིས་བདའ༔ པི་པི་ལིང་སོགས་ཆ་མཉམ་བཏབ༔ བྲག་ཞུན་བདུར་ཐང་སྲན་མའི་ཐང༔ འོ་ཆང་བསྐོལ་ཐང་དྲོན་མོ་ཤིས༔ རྡོ་ཆུ་དྲི་ཆུ་བཏུང་བར་བྱ༔ སྦྲང་དཀར་སྲན་མའི་ཁ་ཟས་བསྟེན༔ གཏུན་བརྡུང་གློ་རྡེག་ཕོ་སྐོར་བྱ༔ རླུང་སྐྱེས་མགོ་ལྕི་སྡོད་སྙིང་འདོད༔ བསྐུ་མཉེ་བྱ་ཞིང་གསར་བཅུད་བཏང༔ བད་ཀན་པི་ལིང་འོ་བསྡུས་བཏང༔ མཁྲིས་སྐྱེས་རྒྱམ་ཚྭ་རུ་རྟ་དང༔ ཚིལ་དང་ཞོ་བསྡུས་ཡང་ན་ཆུར༔ གདུས་ཁུ་ཉེས་གསུམ་བདུད་རྩི་ཡིན༔ རྐང་ལག་ལྷུ་ཚིགས་ན་བ་འམ༔ གྲེ་བ་འགག་ན་གྲང་ཐང་བཏང༔ ཚིལ་བུ་མཆུ་སྙུང་གསེར་མེ་ཏོག༔ དུར་བྱིད་བུ་རམ་རིལ་བུ་ཡིས༔ འགྱིངས་ལོག་སྦོ་བའི་ནད་རྣམས་སྦྱོང༔ ལོག་གནོན་གྱི་ལེའུའོ༔ ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ༔ རྟོག་བྲལ་ནད་མེད་ཚེ་དབང་ཐོབ༔ གཉིས་ཐོབ་སྐྲ་དཀར་གཉེར་མ་མེད༔ མིག་གསལ་་་ཚིགས་དང་སོ་ཚགས་ཤ་དང་རུས་པ།དམ་འཁྲེག་སོ་ཞོ་དཀར༔ སྟོབས་་་སྦྱོར་བའི་སྟོབས་ཆེ་ས་བོན་མི་འཛད་ཁུ་ཤུགས་ཆེ་རྒྱ་མཆིལ་ལྟ་བུ་དེ། སྒྱུ་རྩལ་གླང་པོ་ཆེ་ལྟར།་་་ཆེ་རྨ་བྱ་ལྟར།་་་མདོག་ལེགས་སྲ་ཞིང་གྲིམ༔ ཉེས་པ་གསུམ་སོགས།་་་ནད་གསོ་དངོས་དང་སྦྱར་དུག་མ་ཞུ་བ་སོགས།་་་དུག་སྦྱོང་ཉོན་མོངས་པའི།་་་ཉེས་དཔུང་འཇོམས༔ བར་ཆད་ཞི་ནས་་འཆི་རྐྱེན་ཀུན་ལས་ཐར། ཚེའི།་་་རིག་འཛིན་འགྲུབ༔ རྐང་མགྱོགས་གློག་འདྲ་མངོན་ཤེས་འཆར༔་་་རིག་པ་དྭངས་བས་ཡུལ་སྣ་ཚོགས་མཐོང་བའམ་ལྷའི་ཞལ་མཐོང་བ་ལ་སོགས་པ་འབྱུང་ངོ་། །རང་བཞིན་གྱིས་སྒྲིབ་གཡོགས་དང་བྲལ། ཞེན་མེད་ངག་གསལ་བཏང་བཞག་ཉན༔ འོད་གསལ་རིག་འཛིན་མཆོག་ཐོབ་ནས༔ སངས་རྒྱས་གཉིས་པ་ལྟ་བུར་འགྱུར༔ ཡོན་ཏན་གྱི་ལེའུའོ༔ ཉེས་གསུམ་སྤྱོད་དང་སྒོ་ལྔ་དང༔ དོན་སྣོད་དྲུག་དང་གླང་ཐབས་དང༔ སྐད་དང་ཚ་གྲང་ཤ་ལྤགས་དང༔ ལོག་གནོན་སྤྱོད་དང་དམ་ཚིག་དང༔ སྤང་བླང་ཕན་ཡོན་གཏད་རྒྱ་ཡོད༔ མཇུག་སྡུད་གཏད་རྒྱའི་ལེའུའོ༔ ངན་པ་མུ་ཅོར་སྨྲ་བ་དང༔ གཞན་ལ་ཅི་ངན་བྱེད་པ་དང༔ སྙིང་རྗེ་དམ་ཚིག་མེད་པ་ལ༔ ཁ་སྒོར་མ་ཕྱུངས་སྙིང་སྒོར་སྡོམས༔ སློབ་དཔོན་བླ་མར་འཛིན་པ་དང༔ གདམས་ངག་བདུད་རྩིར་མཐོང་བ་དང༔ ནོར་རྫས་ཕངས་མེད་འབུལ་བ་དང༔ སེམས་ཅན་དོན་བྱེད་དེ་ལ་བྱིན༔ མཁའ་འགྲོ་གསང་བ་སྙིང་གི་ཁྲག༔ ཚིལ་བུ་དར་ཡ་ཀན་ཞེས་བྱ༔ བུམ་པ་འདེགས་པའི་གྱད་ཆེན་ཡིན༔ ྀཨཚ༔ ༈ ནད་བདག་འདུལ་བ་སྲུང་བའི་ཤོག་དྲིལ་ཏེ་གཅིག་པ༔ རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ ཁྱད་པར་ནད་བདག་སྲོག་སྙིང་བསྟན༔ ནག་པོ་གསུམ་བསྒྲིལ་གཟེར་ནད་བདག༔ ཐམས་ཅད་འདུས་པའི་ནད་བདག་ཡིན༔ སྔགས་འདིས་སྲོག་སྙིང་།་་་གཟིར་ཅིང་བསྲུང་བར་བྱ༔ ཨོཾ་ཚི་བརྟུལ་བརྟུལ་རྨུག་ཤི་ཤི༔ ཧྲི་ཏྲཾ་ཙཀྲི་སད་རྦད༔ ཧ་ལ་བྷེ༔ སརྦ་མཱ་ར་ཡ་རྦད༔ འདི་ནི་བཟླས་ཤིང་མགུལ་དུ་གདགས༔ ཡུལ་ཁམས་སྲུང་བར་བྱེད་པ་ན༔ མཁར་གྱི་རྩེ་འམ་རི་རྩེར་གདགས༔ གླ་བ་ཤུ་དག་སྨན་ཆེན་དང༔ མུ་ཟི་སྤྲུ་ནག་གུར་གུམ་བྱུགས༔ རྩ་མནན་མདུང་བསྐོར་བཞིན་དུ་བྲི༔་་་ཕྲེང་གཅིག་ཏུ་བྲི། རབ་གནས།་་་རང་སྔགས་རྟེན་འབྲེལ་སྙིང་པོ་བཟླ༔ དགེ་སློང་སྔགས་པ་གཙང་མས་བྱ༔ མི་ལག་མི་བརྒྱུད་མགུལ་དུ་གདགས༔ བྱང་སེམས་ལྡན་པས་གཞན་དོན་དུ༔ དུས་བཟང་གསུམ་ལ་་་ཉ་སྟོང་ཚེས་བརྒྱད་དང་གཟའ་སྐར་བཟང་པོ་ལ།ཉིན་རེ་བཟླ༔ ནད་པ་ལ།་་་བདེན་པའི་སྟོབས་བརྗོད་གསུང་རབ་སྒྲོག༔ ཟོར་དང་དྲག་པོའི་ལས་མི་བྱ༔ གོང་མ་སོར་བཞག་ཁྲུས་ཆོག་བྱ༔ རིམ་པ།་་་ནན་ལྟར་གདུག་ན་སྲོག་སྔགས་བཟླ༔ པདྨ་ང་ཉིད་མ་ལགས་པ༔ སྲོག་སྔགས་མངོན་དུ་བསྟན་པ་མེད༔ སྲོག་སྔགས་དམ་ཚིག་དང་ལྡན་པའི་སློབ་བུ་སྙིང་དང་འདྲ་བར་གཏད་དོ།་་་ཨེ་མ་ཤིན་ཏུ་གསང་བར་བྱ༔ སྲུང་བ་རྡོ་རྗེའི་ཁྲབ་རིང་ལས༔ ནད་བདག་འདུས་པའི་སྲོག་སྙིང་ྀཨཚ༔ རྡོར་འབུམ་ཆོས་ཀྱི་གྲགས་པའི་གཏེར་མའོ། །དགེའོ།། །།

ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ (Volume 46, Text 25)

༄༅། །ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ཞེས་བྱ་བ་བཞུགས་སོ། ། ནག་ཕྱོགས་གདོན་བགེགས་སྟེང་དུ་རྡོ་རྗེའི་རྭ། །སྲིད་པའི་རྩེ་མོར་གདེངས་པ་བྱ་ཁྱུང་གི །སྒྲུབ་ཐབས་ཕྲིན་ལས་རིམ་པ་སྤེལ་བ་ལ། །ཆོས་བདག་གཏེར་སྲུང་དགྱེས་པའི་གནང་བ་སྩོལ། །དེ་ལ་འདིར་ལྷ་བྲག་གཏེར་བྱོན་གྱི་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་དང་། ལས་ཁྱུང་གཉིས་ལས། ལས་ཁྱུང་གི་འཕྲིན་ལས་ངག་འདོན་སྔོན་འགྲོའི་རིམ་པ་ལ། སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་བརྗོད། ཚོགས་གསག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་བརྗོད། སྲུང་འཁོར་ནི། ཧཱུྃ། རང་ཉིད་ལས་ཀྱི་ཁྱུང་ཆེན་གསལ་བ་ཡི། །ཐུགས་ལས་སྤྲུལ་པའི་ཕོ་ཉ་དཔག་མེད་འཕྲོས། །གནོད་བྱེད་མཐར་བསྐྲད་རྡོ་རྗེའི་གུར་ཁང་དང་། །ཡེ་ཤེས་མེ་ཡིས་བར་མཚམས་མེད་པར་གཏམས། །སུམྦྷ་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། བྱིན་དབབ་པ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་ཀྱི་ཁྱུང་ནག་འཇིགས་པ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །ཆིག་དྲིལ་སྔགས་ཨོཾ་དྲུང་དྲུང་། དུར་དུར། ཆེམ་ཆེམ། ཁཾ་ཁཾ། སོད་སོད། རྦད་རྦད་སྭཱ་ཧཱ། ཞེས་པའི་མཐར། ཀརྨ་ག་རུ་ཌཿས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ སྨན་རག་གཏོར་གསུམ་མཆོད་པ་བརླབ་པ་ནི། ཨཱོྃ་ཧཱུྃ་སྭཱ་ཨཱཿཧཱ༔ ཧྲཱིཿམ༔ ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རཀྟ་མནྡྷ་ལ་ཧཱུྃ༔ ཨ་དྷཱུ་པུ་ཨཱ་གྷ་ཧཱུྃ༔ དངོས་གཞིའི་རིམ་པ་ལ་ལྷ་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང་། ཆོས་ཀུན་ཀ་ནས་དག་པ་སྟོང་པའི་དབྱིངས། །པཾ་ལས་པདྨ་རཾ་ལས་ཉི་མ་དང་། །ཀླུ་རྒྱལ་མང་པོ་གདན་དུ་བཏིང་བའི་སྟེང་། །རང་སེམས་རིག་པའི་ངོ་བོ་ཁྲོཾ་མཐིང་ནག །དེ་ལས་འོད་འཕྲོས་རྩ་གསུམ་ལྷ་ཚོགས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །བདག་ཉིད་ལས་ཀྱི་བྱ་ཁྱུང་གནག་ཅིང་འཚེར། །དབུ་དགུ་རྡོ་རྗེའི་རྭ་བར་ནོར་བུས་བརྒྱན། །དབུ་སྐྲ་སྨིན་མ་དམར་སེར་རབ་ཏུ་འབར། །ཉི་ཟླ་ལྟར་འཁྱིལ་སྤྱན་མིག་ཕྱོགས་བཅུར་གཟིགས། །ཞལ་ནས་ཧཱུྃ་དང་ཀྲིང་ཀྲོང་སྒྲ་ཆེན་སྒྲོག །ཕྱག་གཉིས་ཀླུ་ཕྲན་མང་པོ་བཟུང་ནས་ཟ། །སྐུ་ལུས་གནམ་ལྕགས་མེ་ཡི་ཚྭ་ཚྭ་འཕྲོ། །ཡེ་ཤེས་གནམ་ལྕགས་རལ་གྲིའི་སྒྲོ་གཤོག་བརྐྱང་། །མཆུ་དང་ཕྱག་ཞབས་སྡེར་མོ་མ་ལུས་པ། །སྤུ་གྲི་ལྟར་རྣོ་ལྕགས་ཀྱུ་བཞིན་དུ་བཀུག །བསྐལ་པའི་མེ་དཔུང་འབར་བའི་དབུས་བཞུགས་པའི། །དཔྲལ་བར་ཨཱོྃ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་རུ་གྱུར། །སྤྱན་འདྲེན་ནི། ཁྲོཾ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ལས་ཀྱི་བྱ་ཁྱུང་ནག་པོ་སྙན་གསོན་ཅིག༔ ས་བདག་ཀླུ་གཉན་འདུལ་ཕྱིར་སྤྱན་འདྲེན་གྱིས༔ རིངས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ༔ ཁྲོཾ་ཀརྨ་ག་རུ་ཌཿས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི། ཁྲོཾ༔ རབ་འཇིགས་དྲག་པོ་འབར་བའི་གཞལ་ཡས་འདིར༔ ས་བདག་ཀླུ་གཉན་མ་ལུས་བསྒྲལ་བའི་ཕྱིར༔ ལས་ཀྱི་བྱ་ཁྱུང་ནག་པོ་འཁོར་བཅས་རྣམས༔ གཉིས་མེད་བརྟན་པར་བཞུགས་ལ་འཕྲིན་ལས་མཛོད༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་པ་ནི། ཁྲོཾ༔ དྲི་མེད་ཡིད་འོང་གཙང་མར་སྦྱར་པ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བདུད་རྩི་སྨན་དང་རཀྟ་བ་ལིཾ་རྒྱན༔ ས་བདག་ཀླུ་གཉན་ཤ་ཁྲག་རུས་ལ་སོགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ ཁྲོཾ་ཀརྨ་ག་རུ་ཌཿམ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བྷ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་མཐུ་སྟོབས་མ་ལུས་པ། །ལས་ཀྱི་བྱ་ཁྱུང་ནག་པོའི་སྐུར་བསྟན་ནས། །ས་བདག་ཀླུ་གཉན་གདོན་བགེགས་འབྱུང་པོའི་ཚོགས། །བརླག་མཛད་མཐུ་སྟོབས་དབང་པོ་ཁྱོད་ལ་བསྟོད། །མན་ངག་ལྟར་ཆིག་དྲིལ་གྱི་ཛཔ྄་ཨོཾ་དྲུང་དྲུང་། དུར་དུར། ཆེམ་ཆེམ། ཁཾ་ཁཾ། སོད་སོད། རྦད་རྦད་སྭཱ་ཧཱ། ཞེས་བཟླ། དེ་ནས་དྲག་ཏུ་བསྐུལ་བ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་ཀྱི་ཁྱུང་ནག་འཇིགས་པ་ལ༔ ཁྱུང་རུ་མི་མངོན་དབྱིངས་སུ་གསིགས༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན༔ སྤྱི་གཙུག་ནོར་བུ་འབར་བས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྐུ་ལུས་གནམ་ལྕགས་འབར་བ་ལ༔ གནམ་ལྕགས་རལ་གྲིའི་གཤོག་སྒྲོ་འདེབས༔ ཉི་ཟླ་འབར་བའི་སྤྱན་མིག་གིས༔ ལོག་འདྲེན་ཐམས་ཅད་སྐྲག་པར་མཛད༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་གྱིས༔ གདུག་པ་ཅན་རྣམས་འཇོམས་པར་མཛད༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང༔ ཀླུ་བྲན་མང་པོ་ཟས་སུ་ཟ༔ ཧཱུྃ་ཕཊ་ཀྲིཾ་ཀྲོང་སྒྲ་སྒྲོག་ཅིང༔ ཀླུ་རྣམས་འདུལ་ལ་ཕྱག་འཚལ་ལོ༔ ཕུལ་བའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་གཏོར་བསྐུལ་གཞུང་ལྟར་བྱ། མཇུག་ཆོག་གི་རིམ་པ་ལ། ཚོགས་མཆོད་ནི། ཐུགས་སྒྲུབ་འབྲིང་པོའི་ཚོགས་མཆོད་ལ་ལྷ་སྔགས་ཁ་བསྒྱུར་ནས་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། སྣོད་བཅུད་འོད་གསལ་དུ་བསྡུས་ཏེ། དེའི་ངང་ལ་ཀ་དག་རིག་པའི་ཀློང་དུ་ཅུང་ཟད་མཉམ་པར་བཞག །སྨོན་ལམ་ཤིས་བརྗོད་ནི། དགེ་འདིས་འགྲོ་ཀུན་ས་བདག་ཀླུ་གཉན་གྱི། །དུག་དབལ་མྱོང་དང་མྱང་འགྱུར་སྡུག་བསྔལ་ཀུན། །བྱང་སྟེ་རང་རིག་དག་པའི་ཡེ་ཤེས་ཁྱུང་། །མངོན་སུམ་རང་ངོ་འཕྲོད་ནས་གྲོལ་བར་ཤོག །ལུས་ལ་སྣང་སྟོང་ལྷ་སྐུའི་བཀྲ་ཤིས་ཤོག །ངག་ལ་གྲགས་སྟོང་སྔགས་ཀྱི་བཀྲ་ཤིས་ཤོག །སེམས་ལ་རིག་སྟོང་ཏིང་འཛིན་བཀྲ་ཤིས་ཤོག །རྟག་ཏུ་བདེ་སྟོང་ཡེ་ཤེས་བཀྲ་ཤིས་ཤོག །ཅེས་སྨོན་ལམ་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་པ་སྐབས་སྦྱར་ནས་བྱའོ། །གང་ཞིག་བསྒྲུབས་པས་ཕྱོགས་ལས་རྣམ་རྒྱལ་བ། །བྱ་ཁྱུང་ཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག །ལྷ་བྲག་གཏེར་གྱི་དགོངས་དོན་འཁྲུལ་མེད་ལས། །རང་བཟོས་བསླད་པའི་ཟོག་ཆོས་འདི་ན་མེད། །ལ་ལ་མི་ཤེས་བཞིན་དུ་རྩོམ་འདོད་བློས། །མུན་པའི་མདའ་ལྟར་སྔ་འགྱུར་སྒྲུབ་འཕྲིན་ལ། །གསར་མའི་རྒྱས་འགེབས་བྱེད་རྣམས་རང་གཞན་གྱི། །དོན་དུ་མི་འགྱུར་སྣག་ཤོག་གྲོན་དུ་ཟད། །སྔགས་རློམ་རིགས་ཀྱི་སྙེམས་པ་ཙམ་མིན་པར། །སྨིན་གྲོལ་གདམས་པར་སྒྲོ་འདོགས་ཡོངས་བཅད་མཐུས། །སྨྲ་བའི་མགྲིན་པ་བཏེག་ནས་བཀོད་པའི་དགེས། །མཆོག་ཐུན་དངོས་གྲུབ་རྣམ་གཉིས་འགྲུབ་གྱུར་ཅིག །ཅེས་ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་འདི་ནི་ངག་དབང་ཤེས་རབ་ཀྱིས་བསྙེན་མཚམས་བྱེད་ཁར་ནན་གྱིས་བསྐུལ་བ་ལ་བརྟེན་ནས། ཅུང་ཟད་ཁ་འགེངས་དགོས་པ་རྣམས་གཏེར་ཚེག་མེད་ཅིང་། ཕལ་ཆེར་གཏེར་གཞུང་མཁའ་འགྲོའི་ཁ་རླངས་ཉམས་པ་མེད་པ་ཁོ་ནས་བརྒྱན་ཏེ། །ཀུན་བཟང་ཐུགས་རྗེའི་ཟློས་གར་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་པས་ཆོས་ཚུལ་འདི་ལ་གོམས་པ་ཟ་ཧོར་གྱི་བན་དྷེས་བཀོད་པའི་ཡི་གེ་པ་ནི་ཆང་ཁྱིམ་བློ་བཟང་དངོས་གྲུབ་བོ། །སརྦ་མངྒ་ལཾ།། །། ༄༅། །ལྷ་བྲག་གཏེར་བྱོན་ལས་ཀྱི་བྱ་ཁྱུང་ནག་པོའི་བྱིན་རླབས་ཀྱི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱི་གཏེར་བྱོན་ལས་ཀྱི་བྱ་ཁྱུང་ནག་པོའི་སྒོ་ནས་སློབ་མ་ལ་བྱིན་རླབས་བྱ་བར་འདོད་ན། སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་གཏོར་མ་དཔལ་གཏོར་བརྗིད་ལྡན་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་ལ་རྩི་དམར་བྱུགས། སྐུ་ཙཀ་ཡོད་ན་འཛུག །མཐར་མཆོད་གཏོར་དང་། ཉེ་ལོགས་ཅི་རིགས་པར་ལས་བུམ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ནས། དེ་ལ་འདིར་ཀླུ་དང་ས་བདག་གི་གཉེན་པོ་རྡོ་རྗེ་ཁྱུང་གི་སྐོར་ལ་གསར་རྙིང་བཀའ་གཏེར་གྱི་ལུགས་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། ད་ལམ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆ་ལག་རྒྱལ་སྲས་ཁྱུང་ཆེན་ཡོངས་རྫོགས་དང་། གསང་མཚན་ཐུགས་ཀྱི་སྒྲུབ་པའི་ལས་ཚོགས་ལས་ཀྱི་ཁྱུང་ནག་པོ་གཉིས་ཀྱི་ཕྱི་མ་འདིའི་སྒོ་ནས་བྱིན་རླབས་གཏོར་དབང་གི་རིམ་པ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། སློབ་མས་བྱ་བའི་རིམ་པ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ། ཐོག་མར་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་ཀྱི་བྱ་ཁྱུང་འཇིགས་པ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ༔ རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་སྩོལ་བའི་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སྤྲུལ་པའི་ཁྱུང་ཆེན་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། གཏོར་མའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། དང་པོ་སྐུའི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཁྲོཾ་མཐིང་ནག་གཅིག་ཏུ་གསལ་བ་དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ལས་ཀྱི་བྱ་ཁྱུང་ནག་པོ་མགོ་དགུ་པ༔ ཕྱག་གཉིས་པ༔ ཀླུ་རྒྱལ་མང་པོ་གདན་དུ་བཏིང་བ༔ ཀླུ་ཕྲན་མང་པོ་ཟས་སུ་ཟ་བ༔ སྐུ་ལུས་ལས་གནམ་ལྕགས་ཀྱི་མེ་འབར་བ༔ ཡེ་ཤེས་འབར་བའི་གཤོག་པ་ཅན༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ལྕགས་ཀྱུ་འབར་བའི་མཆུ་སྡེར་ཅན་དུ༔ གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། དེ་ལྟར་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་སྤྲུལ་པའི་ཁྱུང་ནག་ཆེན་པོའི་སྐུའི་རྣམ་པ་བསམ་གྱིས་མི་ཁྱབ་པ། སྟེང་ནས་ཁ་ཆར་འབབ་པ་ལྟ་བུ། འོག་ནས་ས་རླངས་ཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབ་པ་ལྟ་བུ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱོན་ནས། ཁྱེད་རང་རྣམས་ཀྱི་གཞི་ལུས་ལྷར་གསལ་བ་ལ་དབྱེར་མེད་དུ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་། རྡོ་རྗེ་ཁྱུང་གི་སྐུའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཨོཾ་དྲུང་དྲུང་། དུར་དུར། ཆེམ་ཆེམ། ཁཾ་ཁཾ། སོད་སོད། རྦད་རྦད་སྭཱ་ཧཱ།་་་དཔེ་ཕལ་ཆེར་ལ་མེད། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སྤོས་རོལ་བྱ། གསུང་གི་བྱིན་རླབས་ཀྱི་སླད་དུ། ཁྱེད་རང་རྣམས་ལས་ཀྱི་བྱ་ཁྱུང་ནག་པོར་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་སྤྲུལ་པའི་ཁྱུང་ནག་ཆེན་པོའི་གཟུངས་སྔགས་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ནས། ངག་སྔགས་སུ་གསལ་བ་ལ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །རྡོ་རྗེ་ཁྱུང་གི་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿདང་སྤོས་རོལ་བྱ། སླར་ཡང་ཐུགས་ཀྱི་བྱིན་རླབས་ཀྱི་སླད་དུ། ཁྱེད་རང་རྣམས་ལས་ཀྱི་བྱ་ཁྱུང་ནག་པོར་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་སྤྲུལ་པའི་ཁྱུང་ནག་ཆེན་པོའི་ཐུགས་ས་བོན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ནས། ཡིད་ཡེ་ཤེས་སུ་གསལ་བ་ལ་དབྱེར་མེད་དུ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །རྡོ་རྗེ་ཁྱུང་གི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་དང་སྤོས་རོལ་བྱ། མཐའ་རྟེན་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ནི། གཏོར་མ་འདི་ཉིད་སྤྲུལ་པའི་བྱ་ཁྱུང་ཆེན་པོར་གསལ་བཏབ་ནས་ཡེ་ཤེས་པ་བསྟིམས། མཆོད་བསྟོད་བཟླས་པས་མཉེས་པར་བྱས་པ་ཡིན་པས། རྡོ་རྗེ་ཁྱུང་གི་ཡེ་ཤེས་ཀྱི་སྐུ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། རང་རང་སོ་སོའི་སྤྱི་བོར་བྱོན་ནས་ཁྱུང་ནག་གི་སྐུ་ཚོན་གང་བ་དཔག་ཏུ་མེད་པ་མར་མེ་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བང་བ་འབྲུས་ཁེངས་པ་ལྟར་སྤྲུལ་པའི་ཁྱུང་ནག་གི་སྐུས་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་གནོད་བྱེད་ཀྱི་ཚོགས་ཐམས་ཅད་གཞོབ་ཐུལ་གྱིས་ལྷག་མེད་དུ་སོང་། ལུས་སེམས་ལ་བདེ་སྟོང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས། སྤྲུལ་པའི་བྱ་ཁྱུང་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། སྤྲོ་ན་བརྒྱུད་པའི་བཤར་འདེབས་དང་། བསྡུ་ན། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་། ཁྱད་པར་ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིག་གསུམ་ལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ལྟར་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་འབྱུང་པོ་རྒྱལ་བཙན་ལ་སོགས་པ་འགལ་རྐྱེན་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་དང་། དཔལ་དང་འབྱོར་པ། མཐུ་དང་ནུས་པ། ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། སྔགས་མཐར། བ་ལིནྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། མཐར་གཏོར་མའི་ལྷ་འོད་དུ་མེར་གྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པས་བྱང་ཆུབ་བར་དུ་འབྲལ་བ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་སྔགས་ཀྱི་མཐར་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། རྗེས་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱས་ལ། སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་བདག་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཞེས་པའང་ཡིག་རྙིང་མཛད་བྱང་མི་གསལ་བ་ཞིག་ལ་མཚམས་སྦྱོར་སོགས་ཀྱི་གསལ་བྱེད་རྣམས་བླ་མའི་ཕྱག་བཞེས་ལྟར་སྦྱར་ཏེ། མཁས་ཤིང་དངོས་གྲུབ་བརྙེས་པའི་སྒྲོལ་སྟོན་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་ལས་ཚུལ་འདིའི་བཀའ་དྲིན་ནོས་པའི་ཚེ་མཁྱེན་བརྩེའི་དབང་པོས་ཟིན་བྲིས་སུ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།འདིའི་བྱིན་རླབས་ཚར་གྲངས་བྱེད་ན། ཐོག་མར་གཏོར་དབང་གི་རྗེས་བར་རྒྱས་པར་བྱ། དེ་ནས། སླར་ཡང་ཁྱེད་རང་རྣམས་ལས་ཀྱི་བྱ་ཁྱུང་ནག་པོར་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་སྤྲུལ་པའི་ཁྱུང་ནག་ཆེན་པོའི་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ས་བོན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ནས་སྒོ་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག རྡོ་རྗེ་ཁྱུང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་ཨོཾ་དྲུང་དྲུང་། དུར་དུར། ཆེམ་ཆེམ། ཁཾ་ཁཾ། སོད་སོད། རྦད་རྦད་སྭཱ་ཧཱའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་བརྟན་པར་བྱ་བའི་སླད་དུ། གཏོར་མ་ལྷར་གསལ་བ་རང་རང་གི་སྤྱི་བོར་བྱོན་པ་ལས་རྡོ་རྗེ་ཁྱུང་གི་སྐུ་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བསྲེགས་ཤིང་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྤྲོ་ན་གསོལ་འདེབས་དང་། བསྡུ་ན་སྔགས་མཐར་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་བཏགས་པས་དབང་བསྐུར། ཤིས་བརྗོད་གང་རུང་ཤྭ་ལོ་ཀ་རེ་བྱ། གྲངས་རྫོགས་པའི་ཚེ། མཐར་གཏོར་མའི་ལྷ་འོད་དུ་མེར་གྱིས་ཞུ་སོགས་དཀྱུས་ལྟར་རོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།

གཟུངས་རིང་ཟུར་བྱང་ (Volume 49, Text 25)

ཐོག་མར་ལེགས་སོ་སྟེར་བའི་ཕྱག་རྒྱ་ཞེས་པ་ལག་གཉིས་སྙིང་གར་ཐལ་མོ་མཉམ་པར་སྦྱར་བ་ཕྲེད་དུ་བཞག །མཛུབ་མོ་གཉིས་ཀྱི་ཚིགས་བར་པ་བཅག་པ་དང་མཐེ་བོང་རྩེ་སྤྲད། མེ་ཏོག་ཐོགས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོཀྱ། པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ་ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ། བ་ར་བ་ཙ་ནཱ་ཨ་མྲྀཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་མ་མ་ཨཱ་ཡུཿསཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ་མ་མ་ཨཱ་ཡུཿ བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར་སྨཱ་ར་ཡ་སྨཱ་ར་ཡ། སྥ་ར་སྥ་ར་སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ་བུདྡྷེ། བུདྡྷེ་བཛྲེ་བཛྲེ། མ་ཧཱ་བཛྲ་སུ་བཛྲེ། བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོདྦྷ་བེ་བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲམྦྷ་བ་ཏུ་མ་མ་ཤཱ་རཱི་རཾ། སརྦ་སཏྭཱ་ནཱཉྩ། ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། མ་མ་སཱ་དཱ་སརྦ་ག་ཏི། པ་རི་ཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྡྷ་བུདྡྷ་སིདྡྷ། སིདྡྷ་བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱནྨོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ཞེས་མགོ་དུད་པ་བྱས་ལ་འབྲུ་འཐོར། གཟུངས་རིང་འདི་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་གསུང་ཀ་ལ་པའི་བྱིང་སྒྲུབ་བྱས་པའི་དཔེ་དང་བསྟུན་པས་ཡིད་སྟོན་ཕེར་བ་ཡིན་ནོ།། །།

རྗེ་བཙུན་སྒྲོལ་མའི་སྒོ་ནས་དགྲ་ཇག་འཆིང་བའི་མན་ངག་ར་རུ་མར་གྲགས་པའི་གདམས་སྐོར་གསལ་བྱེད་དང་བཅས་པ་ (Volume 45, Text 25)

༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་དགྲ་ཇག་འཆིང་བའི་མན་ངག་ར་རུ་མར་གྲགས་པའི་གདམས་སྐོར་གསལ་བྱེད་དང་བཅས་པ་བཞུགས་སོ། ། ན་མོ་གུ་རུ། ཇག་ཆིངས་ར་རུ་མ་འདི་ལ་ལོ་རྒྱུས་དང་། གདམས་པ་གཉིས་ལས་ལོ་རྒྱུས་ནི། བླ་མ་བྱ་མང་པོ་བརྩོན་འགྲུས་གྲགས་བྱ་བ་དེ། སྔོན་གྱི་སྦྱིན་ཤུགས་ཀྱིས་ནོར་དང་ལོངས་སྤྱོད་ཤིན་ཏུ་བཟང་བ་ཡོད་པས་ས་མདོ་རྣམས་སུ་མགྲོན་ཁང་བརྒྱ་རྩ་བརྒྱད། ལམ་མདོ་རྣམས་སུ་ཀཀྣི་བརྒྱ་རྩ་བརྒྱད་བཞེངས་པའི་དགོངས་པ་བྱུང་བ་ལ་མདུན་གྱི་ནམ་མཁའ་ལ་རྗེ་བཙུན་སྒྲོལ་མ་གཙོ་འཁོར་གསུམ་བྱོན་ནས་ཁྱེད་ཀྱི་བསམ་པའི་ཕྲིན་ལས་སྒྲུབ་པའི་གྲོགས་ངས་བྱའོ། ཁྱད་པར་དུ་རང་བསམ་པའི་ཕྱོགས་སུ་གཏོང་བའི་དངོས་པོ་མ་གཏོགས་དགྲ་ཇག་ཆོམ་རྐུན་ལ་སོགས་པ་རྐུན་འཕྲོག་སློང་གསུམ་ལ་ཁབ་ཀྱི་དངོས་པོ་ཙམ་ཡང་མི་འཆོར་བའི་གདམས་པ་སྦྱིན་གྱིས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེའི་ནངས་པར་བུ་མོ་ལོ་བཅོ་ལྔ་ལོན་པ་ཞིག་གིས་ཡི་གེ་འདི་ཅི་རུ་འདུག་གཟིགས་དང་ཟེར་ནས་བླ་མའི་ཕྱག་ཏུ་ཕུལ་ཏེ་སོང་ངོ་། །རྗེ་བཙུན་མའི་ཐུགས་རྗེར་ཤེས་ནས་ཁོང་གི་འདིའི་གདམས་པ་མཛད་པས་མན་ངག་ཤིན་ཏུ་ཟབ་པར་བྱུང་བས། བླ་མ་ཀླུ་སྟོན་བྱ་མང་པོའི་གནས་བསྲུང་ཟབ་པའི་གྲགས་པ་ཆེན་པོ་བྱུང་ངོ་། །དེ་ནི་ལོ་རྒྱུས་སོ། །གདམས་པ་དངོས་ནི། ཤོག་བུ་ལ་ལིང་ག་གཅིག་བྲིས་ལ་མཐའ་སྔགས་ཀྱིས་བསྐོར། རྡེའུ་དཀར་ནག་ཉེར་གཅིག་རེ། ཡུངས་དཀར་ཉེར་གཅིག །དེ་རྣམས་རེ་བས་བསྟུམས། ར་རུའི་ནང་དུ་བཅུག །སཱཙྪ་རབ་གནས་བྱས་པ་གཅིག་གི་ནང་དུ་མིང་རུས་ཅི་མང་བྲིས་པ་ནང་དུ་བཅུག །ཁ་ལ་ཆས་བཀག །ཐི་གུ་ནག་པོས་བཅིངས་ལ། ཁ་ལ་སྔགས་ཉེར་གཅིག་བཏབ། ཀ་ཤ་ཀ་ཤ་མགོ་རེ་ནན། དྲག་ཐལ་དྲག་ཐལ་སྙིང་རེ་ཆོད། ཡ་ཡ་ཙེ་ཙེ་སྙིང་རེ་ཆོད། ཀ་བ་ལ་གཡོན་སྐོར་བྱའོ། །སྔགས་ནི་འདིའོ། །ཀ་ཤ་ཀ་ཤ །དྲག་ཐལ་དྲག་ཐལ། སྙིང་ཆོད་སྙིང་ཆོད། ཡ་ཡ་ཙེ་ཙེ་ནན་ནན། རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། དགྲ་ཇག་ཆོམ་རྐུན་ཐམས་ཅད་སཏྭཾ་བྷ་ཡ་རཀྴ་རྦད། ཅེས་པ་འདི་ལ་གོང་བསྙེན་ཞག་རེ་བྱའོ། །དེ་ལྟར་བྱས་པས་ཐ་ནའང་རང་གི་ཀ་ཆ་ཁྱེར་མི་དེ་རེངས་པར་འགྱུར་རོ། །བསམ་ངན་བྱེད་པ་ཐམས་ཅད་ཀྱི་བློ་འགྱུར་ནས་རང་ལ་གནོད་པར་མི་བྱེད་དོ། །གཡས་སྐོར་རེ་བྱས་ཀྱང་ནུས་པ་འཇིག་པས་སྤང་ངོ་། །རྫས་ཀྱི་ཞལ་གདམས་ནི། རྡེའུ་དཀར་པོ། ནག་པོ། ཡུངས་དཀར་རྣམས་རེ་ནག་གིས་སོ་སོར་དྲིལ་ལ་རེ་བས་བསྟུམས། དགྲ་ཇག་རྐུན་མ་རང་ལ་གནོད་པ་ཐམས་ཅད་དང་། གཞན་ཡང་རང་འགྲོ་ཕྱོགས་ཀྱི་རྐུན་མ་རང་ལ་གནོད་པ་ཐམས་ཅད་བྲིས་ལ་གཞུག་གོ །དགུག་གཞུག་དྲག་ཏུ་བྱས་ནས་ལིངྒ་ལ་དུག་ཁྲག་བྱུག །སཱཙྪ་མཐེ་བོང་ཙམ་ཞིག་གིས་ཁ་བཅད། སྡོད་དུས་ཀ་བ་དང་། འགྲོ་དུས་སྣོད་ནང་དུ་གཞུག་གོ །འདི་དབུས་སུ་ཡོད་ན་བསྐོར་བ་གཡོན་སྐོར་བྱེད་དགོས། གཡས་སུ་བྱས་ན་སྒྲུབ་པ་འཇིག་གོ །ཡུལ་གྱི་མིང་མ་བྲིས་ན་དགྲ་ཇག་རྐུན་མ་སུ་འོང་མི་ཤེས་སོ། །ར་རུ་བཞི་ལྔ་ཙམ་དུས་གཅིག་ལ་བསྒྲུབས་ནས། འགའ་རེ་གཞིས་ཀྱི་བསྲུང་བ། འགའ་རེ་བྱེས་ཀྱི་བསྲུང་བ། འགའ་རེ་མི་ལ་བསྐུར་ཡང་ཐུབ་བོ། །ཅི་མང་དུ་བསྒྲུབ་པ་གནད་ཡིན་ནོ། །བླ་མ་ཀུ་སུ་པཱ་ལའི་ཇག་ཆིངས་ཞལ་གདམས་ནི། རྡེའུ་དཀར་ནག་ཡུངས་དཀར་གྲི་རུས་རེ་བ་སཱཙྪ་རྣམས་རྫས་ཡིན། ལིངྒའི་ཞལ་གདམས་ལ། གཞན་ལིངྒ་སྤྱི་དང་འདྲ་བ་ལ་རྐང་པ་འགྲོ་བ་བཤོལ་བ་གཅིག་བྲི། ཕྱི་རིམ་སྔགས་གཤམ་དུ་དགྲ་འདྲེ་རྐུན་ཇག་ཐམས་ཅད་ཆིངས་ཤིག་བྱ་བ་དབུ་ཅན་བྲིས། དགུག་བསྟིམ་ལན་ཅི་མང་བྱ། དེ་ནས་ར་རུ་ལྕགས་ཀྱི་ཁང་སྒྲོམ་སྲུབས་མེད་པ་གཅིག་ཏུ་བསྒོམ། ལིང་གའི་ལྟེ་བར་གྲི་རུས་བཅུག་ལ་ར་རུའི་མཐིལ་དུ་བརྫང་། དེའི་སྟེང་དུ་འཇམ་དཔལ་གྱི་སྤྲུལ་པ་གསེར་གྱི་སེང་གེ་ཉེར་གཅིག་གིས་དགྲ་བོའི་ལུས་མནན་པར་སྒོམ་ཞིང་སྔགས་བཟླ། དེའི་སྟེང་དུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དུང་གི་གླང་ཆེན་ཉེར་གཅིག་གིས་ངག་མནན་པར་སྒོམ་ཞིང་བཟླ། དེའི་སྟེང་དུ་ཕྱག་རྡོར་གྱི་སྤྲུལ་པ་མུ་མན་དོམ་ནག་ཉེར་གཅིག་གིས་དགྲ་བོའི་ཡིད་མནན་པར་སྒོམ་ཞིང་སྔགས་བཟླ། དེའི་སྟེང་དུ་རེ་བ་དེ་རླུང་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསྒོམ། དེའི་སྟེང་དུ་སཱཙྪ་དེ་རྗེ་བཙུན་སྒྲོལ་མ་ལ་རྒྱལ་བ་རིགས་ལྔས་བསྐོར་ནས་བཞུགས་པར་བསྒོམ། དེའི་ཕྱི་ལ་ཆས་བསྡམ། ཡི་གེ་ཏཱཾ་གྱིས་རྒྱས་བཏབ་ནས་སྔགས་བཟླས་ཚར་རྗེས་བསྐོར་བ་གཡོན་སྐོར་བྱ་ཞིང་། དགྲ་ཇག་ཐམས་ཅད་ལྕགས་ཀྱི་ཁང་སྒྲོམ་ནང་དུ་སིབ་སིབ་སོང་བར་བསམ། བཟླས་པའི་གྲངས་ཉེར་གཅིག་བྱ། འདི་ཀུན་ལ་མི་བསྟན་ཁྱད་ཆོས་ཡིན། ར་རུ་མ་ཤེས་པ་མང་ཡང་ཞལ་གདམས་འདི་ཁོ་བོ་ཙམ་ལས་མེད། བར་བར་དུ་རེ་བས་མཚམས་གཅད། དུས་དུས་སུ་བསྐོར་བ་གསུམ་གསུམ་བྱ། སྙིང་གི་དཀྱིལ་དུ་སྦའོ། །ཤིན་ཏུ་གསང་ནས་བྱེད་པ་གནད་ཡིན་ནོ། །སྔགས་བྱང་ནི། ཀ་ཤ་ཀ་ཤ །དྲག་ཐལ་དྲག་ཐལ། སྙིང་ཆོད་སྙིང་ཆོད། ཡ་ཡ་ཙེ་ཙེ་ནན་ནན། རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། རུས་པ་ལ་རཀྴ་རྦད། རྩ་ལ་རཀྴ་རྦད། ཤ་ལ་རཀྴ་རྦད། ཁྲག་ལ་རཀྴ་རྦད། གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད། དགྲ་བོའི་ལུས་ངག་ཡིད་གསུམ་ཆིངས་ཤིག་སཏྭམ་བྷ་ཡ་ནན། དགྲ་ཇག་ཆོམ་རྐུན་མ་རཱ་ཡ་རེངས་རེངས། མྱོགས་མྱོགས། ཐིབས་ཐིབས། ཞེས་པ་འདིས་ལིང་གའི་མཐའ་བསྐོར། ཧ་རཀྴ་རྦད། ཧེ་རཀྴ་རྦད། ཏུམ་རཀྴ་རྦད། ཧཱུྃ་རཀྴ་རྦད། ཕཊ་རཀྴ་རྦད། ཡིག་ཕྲེང་གཅིག་རྫོགས་པར་བྲིས་ཏེ་གྲི་རུས་བསྟུམ་ནས་ལིང་གའི་དཀྱིལ་དུ་བཅུག་གོ །ཟབ་ཁྱད་ཟུར་པ་ཡིན་པས་གསང་ངོ་། །གསང་བའི་ཞལ་གདམས་ལ་ལིང་གའི་མཐའ་ལ་སྔགས་གཡོན་སྐོར་དུ་བྲིས། གནོད་བྱེད་འུ་ཆུ་ཁམས་པའི་དགྲ་ཇག་ཆོམ་རྐུན་བསམ་སྦྱོར་ངན་པ་ཐམས་ཅད་ཆིངས་ཤིག །ཇི་མེ་ཁམས་པའི༴ ཀུང་ས་ཁམས་པའི༴ ཀེག་ཤིང་ཁམས་པའི༴ ཤང་ལྕགས་ཁམས་པའི༴ གཟའ་བརྒྱད་རེ་རེའི་མིང་བྲིས་ཏེ། དེ་དག་རེ་རེ་ལ་སྐྱེས་པའི་དགྲ་ཇག་ཆོམ་རྐུན་ཕོ་མོ་ཆིངས་ཤིག །དེ་བཞིན་ལོ་བཅུ་གཉིས་ལས་སྐྱེས་པའི་ཆོམ་རྐུན་ཆིངས་ཤིག །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་ཆོམ་རྐུན་ཆིངས་ཤིག །ཡུལ་དང་ས་ཆ་འདི་ཞེས་བྱ་བའི་དགྲ་ཇག༴ རུས་ཆེན་ལྔའི་དགྲ་ཇག་ཆོམ་རྐུན་ཆིངས་ཤིག །དེ་བཞིན་དམོད་མོ་བྱ། རྡེའུ་དཀར་པོ། །རྡོ་ཞུན། རྡེའུ་ནག་པོ་ལྕགས་རྡོ། །རེ་བ་རོ་རས་གང་རྙེད། སཱཙྪའི་ནང་དུ་རིགས་ལྔའམ་སྒྲོལ་མའི་སྙིང་པོ་དང་ཡེ་དྷཱར་བཅུག །ཞབས་ལ་རྡོ་རྗེ་རྒྱ་གྲམ་བྲིས། བདག་བསྐྱེད་རྗེ་བཙུན་སྒྲོལ་མའི་སྒོམ་བཟླས་ནི། རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་སུ་བསྒོམས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་ལ་བསྟིམ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ཡང་བྱའོ། །བཟླས་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྒྱ་འམ་ཉེར་གཅིག་བཟླ། དེ་རྗེས་སྒྲུབ་སྔགས་བཟླས་སོ། ཟབ་རྒྱ། ཞལ་ཤེས་གྲི་རུས་ཚལ་བུ་སེན་མོ་ཙམ་ལ་ནྲྀ་བྲིས་ལིངྒའི་ནྲྀ་དང་ཁ་སྦྱོར་རོ། །བར་གྱི་གཅད་མཚམས་རྣམས། ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈ བུ་གཉིས་ཀྱིས་བྱེད། མངྒ་ལཾ།། ༈ ཇག་ཆིངས་ར་རུ་མའི་གསལ་བྱེད་བཞུགས། ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡཻ། འདིར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་མང་པོ་ཀླུ་པ་བརྩོན་འགྲུས་གྲགས་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བའི་ཇག་ཆིངས་ར་རུ་མའི་ལོ་རྒྱུས་དང་བཅས་བཤམས་ནི་གཞུང་དུ་གསལ། འདིར་སྒྲུབ་ཚུལ་ཁོལ་འདོན་དུ་འབྲི་ན། རང་གི་མདུན་དུ་ལྕགས་སླང་སོགས་དྲག་པོའི་སྣོད་ཀྱི་ནང་ལིངྒ་བཞག །ཡང་སྣོད་གཞན་གཅིག་ཏུ་སཱཙྪ། ཡུངས་དཀར། རྡེའུ་དཀར་ནག །རོ་རས་སམ། རས་ནག །རྩིད་སྐུད། ར་རུ། ལ་ཆ་རྣམས་བཤམས་ལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ། ཚད་མེད་བཞི་བསྒོམ། སྭཱ་བྷཱ་ཝའི་སྔགས་ཀྱིས་བདག་དང་སྣོད་བཅུད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་སུ་རང་ཉིད་སྐད་ཅིག་གིས་སེང་ལྡེང་ནགས་ཀྱི་སྒྲོལ་མ་དང་། ཕྱོགས་མཚམས་བརྒྱད་དུ། སེང་གེ །གླང་ཆེན། མེ། ཆོམ་རྐུན། དུག་སྦྲུལ། བཙོན་ཁང་། ཆུ་དང་འབྱུང་པོའི་གདོན་རྣམས་ལས་སྐྱོབ་པའི་རྗེ་བཙུན་སྒྲོལ་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན། གཡོན་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་སོར་ཁ་བྱེ་བ། ཞབས་གཡས་བརྐྱང་། གཡོན་བསྐུམ། རལ་པའི་ཐོར་ཅོག་དང་ནུ་འབུར་ཟུང་གིས་མཛེས་པ། དར་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨརྒྷཾ། པ་དྱཱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ། འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱའམ་ཉེར་གཅིག་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། ཀ་ཤ་ཀ་ཤ །དྲག་ཐལ་དྲག་ཐལ། སྙིང་ཆོད་སྙིང་ཆོད། ཡ་ཡ་ཙེ་ཙེ་ནན་ནན། རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། རུས་པ་ལ་རཀྴ་རྦད། རྩ་ལ་རཀྴ་རྦད། ཤ་ལ་རཀྴ་རྦད། ཁྲག་ལ་རཀྴ་རྦད། གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད། དགྲ་བོའི་ལུས་ངག་ཡིད་གསུམ་ཆིངས་ཤིག་སཏྭཾ་བྷ་ཡ་ནན། དགྲ་ཇག་ཆོམ་རྐུན་མཱ་ར་ཡ། རེངས་རེངས། མྱོགས་མྱོགས། ཐིབས་ཐིབས། ཞེས་ཅི་ནུས་བཟླས་པའི་མཐར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ལ་བདེན་བདར་སྤྱི་འགྲོའི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཡུལ་དང་སྒར་པ་ཆེ་གེ་མོར་གནོད་ཅིང་འཚེ་བར་བྱེད་པའི་དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་འཆང་བ་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་གཟུགས་དང་ལིང་ག་འདི་ལ་མཆིས་པར་གྱུར་ཅིག །ཅེས་དང་། དམིགས་པ་ནི་རང་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བའི་ཐུགས་ཀ་ནས་རིགས་གསུམ་མགོན་པོའི་སྤྲུལ་པ་གསེར་གྱི་སེང་གེ །དུང་གི་གླང་ཆེན། མུ་མེན་གྱི་དོམ་རྒྱགས་ཤིང་ཁྲོས་པ་བསམ་གྱིས་མི་ཁྱབ་པས་དགྲ་ཇག་ཐམས་ཅད་ལུག་ཁྱུ་འདེབས་པ་བཞིན་དེད་ནས་མདུན་གྱི་ལིང་ག་ལ་ཐིམ་པར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དགྲ་ཇག་ཆོམ་རྐུན་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿ ཞེས་དང་། འགུགས་པའི་སྟངས་ཀ་བྱེད། དེ་འདྲ་བ་དམིགས་པ་གསལ་ཞིང་བརྟན་པོས་ལན་གྲངས་ཅི་རིགས་བྱས་ལ་སྔགས་བཟླ་ཞིང་ལིང་གར་དུག་ཁྲག་གིས་བྱུག །སྐམ་པ་དང་། ར་རུ་དེ་ལྕགས་ཀྱི་ཁང་སྒྲོམ་དུ་བསམས་ལ། ལིང་ག་བཅུག་པའི་སྙིང་གར་གྲི་རུས་དེ་ཧ་རཀྴ་སོགས་སྔགས་ཟུར་བྲིས་ཀྱིས་བསྟུམས་ལ་གྲི་རུས་ཀྱི་རྣྲྀ་དང་སྙིང་གའི་རྣྲྀ་ཐད་ཀར་ཡོད་པར་བྱས། ཤོག་ལྷག་རྣམས་ལིང་གའི་སྟེང་དུ་བསྡུས། རོ་རས་སམ། རས་ནག་གི་ཁུད་དུ་ཡུངས་དཀར་རྡོག་ཉེར་གཅིག་བསྟུམས་ནས་བཅུག་ལ་འཇམ་དཔལ་གྱི་སྤྲུལ་པ་གསེར་གྱི་སེང་གེ་ཉེར་གཅིག་གིས་ལུས་མནན་པར་བསྒོམས་ལ་ཀ་ཤ་སོགས་སྔགས་བཟླ། ཡང་རས་ནག་གི་ཁུད་གཅིག་ཏུ་རྡིལ་དཀར་ཉེར་གཅིག་བསྟུམས་ནས་དེའི་ཁར་བཅུག་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དུང་གླང་ཉེར་གཅིག་གིས་ངག་མནན་པར་བསམ་སྟེ་སྔགས་བཟླ། ཡང་རས་ནག་གི་ཁུད་གཅིག་ཏུ་རྡེལ་ནག་ཉེར་གཅིག་བསྟུམས་ནས་བཅུག་ལ་ཕྱག་རྡོར་གྱི་སྤྲུལ་པ་མུ་མེན་གྱི་དོམ་ཉེར་གཅིག་གིས་ཡིད་མནན་པར་བསམ་ལ་སྔགས་བཟླ། དེའི་ཁར་རས་ནག་གིས་ཁ་ཕུར་ལ་རླུང་རྡོ་རྗེ་རྒྱ་གྲམ་གྱིས་བཏུམས་པར་བསྒོམ་ཞིང་སྔགས་བཟླ། དེའི་ཁར་སཱཙྪ་དེ་རྗེ་བཙུན་སྒྲོལ་མ་འོད་དཔག་མེད་ཀྱི་ཅོད་པན་ལ་རྣམ་སྣང་། རིན་འབྱུང་། མི་བསྐྱོད་པ། དོན་ཡོད་གྲུབ་པ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་ཞིང་། སྒྲོལ་མའི་སྔགས་ཅི་ནུས་བཟླས་ལ་རྡོ་ཤིང་སོགས་ཁ་གཅོད་གང་རུང་གི་ཕྱི་ནས་ལ་ཆས་བསྡམས་པའི་ཁར་ཏཱཾ་ཡིག་ཐེལ་འབྱར་ལྟ་བུར་བྱས་པའི་ར་རུ་དེ་རྩིད་སྐུད་ཀྱིས་བཅིངས་ལ། ནང་ངམ་གུར་གང་རུང་གི་ཀ་བར་ར་རུའི་རྩེ་ཐུར་བལྟས་སུ་སྦྲགས་ལ་གཡོན་སྐོར་བྱ་ཞིང་སྒྲོལ་མའི་གཟུངས་དང་གོང་གི་སྔགས་ཀ་ཤ་སོགས་ཅི་ནུས་བཟླས་ནས་སྟན་ལ་འཁོད་དེ། །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱས་ལ་ཡུལ་དུ་འཆང་བའམ། བྱེས་ལ་འཁུར་བའམ། གཞན་ལ་བསྐུར་བ་གང་བྱེད་ཀྱང་རང་གཞན་གྱིས་གཡས་སྐོར་གཏན་ནས་མི་འབྱུང་བར་བྱེད། གལ་ཏེ་གཡས་སྐོར་དུ་བྱུང་ན་ནུས་པ་ཉམས་འགྲོ་བས་ར་རུའི་རྫས་ཕྱུང་ལ་སྔར་བཞིན་བསྒྲུབ། ཇག་ཆེན་ཆེ་སར། སྔགས་ཉེར་གཅིག་བཟླས་ལ་ར་རུ་ཁ་ལ་ཕུས་འདེབས་པ་མ་ཆག་པར་བྱས་པས་ངེས་པར་ཆོམ་རྐུན་གྱི་འཚེ་བ་ལས་སྐྱོབ་པར་གསུང་སོ། །ཞེས་ཇག་ཆིངས་ར་རུ་མར་ཉེ་བར་མཁོ་བ་འདི་ཡང་ས་སྐྱ་བ་ཀུན་བློས་བྲིས་པའི་ཡི་གེ་པ་ནི་གཞུ་ལུང་པའོ། །འགྲུལ་ལ་འགྲོ་བའི་ཚེ་རྒྱུན་དུ་ཉམས་ལེན་བྱེད་ན། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །སོགས། ནས་དྲག་སྔགས་ཅི་ནུས་བཟླས་པའི་བར་གོང་བཞིན་ལ། མཐར་ཐལ་མོ་སྦྱར་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་རྗེ་བཙུན་འཕགས་མ་སྒྲོལ་མའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཅེས་ཐལ་མོ་ལན་གསུམ་བརྡབ་པ་ཚར་གསུམ། །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་སོགས་བྱའོ། །འདི་ལ་གཞུང་ལས་བདེན་བརྡར་ཐལ་རྡེབ་མ་གསུངས་ཀྱང་། བྱས་པ་ལ་འགལ་བ་གཏན་ནས་མེད་དེ། དྲག་སྔགས་ཀྱི་འདོགས་ཅན་ཡིན་པས་སོ། །ཞེས་པའང་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་བྲིས། མངྒ་ལཾ།། །།

ཚེ་སྒྲུབ་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་འཆི་མེད་ལམ་བཟང་ (Volume 20, Text 25)

༁ྃ༔ ཚེ་སྒྲུབ་ཡང་གསང་བླ་མེད་ལས༔ ཕྲིན་ལས་རང་གཞུང་འཆི་མེད་ལམ་བཟང་བཞུགས་སོ༔ ༔ འཆི་མེད་ཚེའི་ཆོ་གའི༔ དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི༔ ཧྲཱི༔ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ དུས་མིན་འཆི་བའི་འཇིགས་པ་བསྐྱབ་ཏུ་གསོལ༔ འཆི་མེད་གདམ་པའི་བཅུད་ཀྱི་ཡོན་ཏན་སྒྲུབ༔ འགྲོ་ཀུན་སྡུག་བསྔལ་ཞི་བའི་དཔལ་ཐོབ་ཤོག༔ གཉིས་པ་བཀའ་བསྒོ་ཞིང་མཚམས་བཅད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་བར་ཆད་གང༔ གླུད་འདིས་ཚིམས་མཛོད་གཞན་དུ་འགྲོ་བར་གྱིས༔ བདག་གཞན་ཚེ་དཔག་མེད་ཀྱི་སྐྱབས་འོག་ཏུ༔ འཆི་མེད་བསྲུང་བའི་དམ་ཚིག་མི་འདའ་བཟུང༔ ཨཱོཾ་སུམྦྷ་ནི་བརྗོད༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་རཀྵ་རཀྵ་ཧཱུྃ༔ གསུམ་པ་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི༔ ཧྲཱི༔ མ་རིག་ཡེ་ཤེས་སྒྲིབ་པའི་དྲི་དག་ནས༔ རང་སྣང་ཞལ་མཐོང་ཡེ་ཤེས་ལྷ་དང་གཅིག༔ རང་ངོར་ཕྱག་འཚལ་ཕྱོགས་བཅུའི་བདེ་གཤེགས་ཀྱིས༔ ཡེ་ཤེས་སྙིང་པོ་ཚེ་ཡི་དཔལ་སྟེར་ཅིག༔ བཞི་པ་བྱིན་དབབ་པ་ནི༔ ཧྲཱི༔ དུས་གསུམ་ཕྱོགས་བཅུའི་ཡི་དམ་ཞི་ཁྲོའི་ཚོགས༔ ཐུགས་རྗེས་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབ༔ རྣམ་སྨིན་ཕྱག་རྒྱ་ཚེ་དབང་ལྷུན་གྲུབ་ཏུ༔ འཕོ་འགྱུར་གཉིས་མེད་གོ་འཕང་མྱུར་འཐོབ་ཤོག༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ས་མ་ཡ་ཕེཾ་ཕེཾ་ཛ་ཛ༔ ལྔ་པ་སྨན་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ རྩ་བརྒྱད་ཡན་ལག་རིགས་ལྔའི་བཅུད་ཀྱི་རྒྱུན༔ འཆི་མེད་སྒྲུབ་པའི་རྫས་སུ་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ དྲུག་པ་རཀྟ་བྱིན་གྱིས་བརླབ་པ་ནི། ཧྲཱི༔ རྟེན་འབྲེལ་མཱུ་ལ་གྷིརྟི་དབྱིངས་ཀྱི་རྒྱུན༔ སྐྱེ་འཆིའི་འཛིན་པ་བཤིག་ཕྱིར་གསང་བར་བསྒྲུབ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ བདུན་པ་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ་རོལ་པའི༔ བསྒྲུབས་པའི་ཚོགས་རྫས་འཆི་མེད་ལོངས་སྤྱོད་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིན་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དངོས་གཞིའི་དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ སྐྱེ་མེད་ཆོས་དབྱིངས་སྐྱེ་འཆི་འཛིན་བྲལ་ལ༔ ཨཱ༔ སྐྱེ་བའི་ཆོ་འཕྲུལ་བརྩེ་བའི་སྐུར་བཞེངས་པའི༔ ཧཱུྃ༔ ཐམས་ཅད་བསྐྱེད་པའི་རྟེན་གྱི་ཧེ་རུ་ཀ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཧྲཱི༔ གང་འདུལ་འགྲོ་བའི་དཔལ་དུ་བཞེངས་པ་པོ༔ གཉིས་པ་སྣོད་བསྐྱེད་པ་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འཕྲོས་པས༔ ཡུམ་ཆེན་མཁའ་ཀློང་ཡངས་པ་འབྱུང་བའི་དབུས༔ གཟུགས་ཕུང་བྷྲཱུྃ་ལས་རྣམ་སྣང་སྣོད་ཀྱི་རྟེན༔ རང་སྣང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ མཚན་རྫོགས་ཡོན་ཏན་དུ་མས་སྤྲས་པའི་དབུས༔ གསུམ་པ་རྟེན་བསྐྱེད་པ་ནི༔ ཧྲཱི༔ དྲི་མེད་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ བདེ་གཤེགས་གསུང་གི་དབང་ཕྱུག་རིགས་ཀྱི་མདངས༔ སྙིང་པོ་ཧྲཱིཿཡིག་ཟེར་གྱིས་རྒྱལ་བ་མཆོད༔ ཐུགས་རྗེའི་ཚེ་བཅུད་འདུས་པའི་ངོ་བོ་ཉིད༔ སེམས་ཉིད་སྣང་མཐའ་དྲི་མེད་ཚེ་དཔག་མེད༔ སྣང་བའི་ངོ་བོ་བདེ་གཤེགས་བཅོམ་ལྡན་འདས༔ སྟོང་པའི་བདག་ཉིད་པདྨ་གར་དབང་འཁྲིལ༔ རྡོར་སེམས་རིན་འབྱུང་རྣམ་སྣང་དོན་ཡོད་གྲུབ༔ ཐབས་ཤེས་བདེ་སྦྱོར་བདེ་སྟོང་ཚེ་དབང་རོལ༔ ཐབས་སུ་ཏིང་འཛིན་མཉམ་གཞག་ཚེ་བཅུད་བུམ༔ ཤེས་རབ་འགུག་པའི་ཚེ་དར་ཚེ་བུམ་འཁྲིལ༔ ལོངས་སྤྱོད་ཚེ་ཡི་ཡོན་ཏན་མཛེས་པས་བརྒྱན༔ རིགས་ལྔའི་ཕུང་པོ་ལྔ་ལ་བྱིན་བརླབས་ཤིང༔ ཡུམ་ལྔའི་འབྱུང་བ་ལྔ་ཡི་བཅུད་བསྡུས་པའི༔ སྣང་རིག་ཚེ་དབང་ལྷ་དང་དབྱེར་མེད་དུ༔ སྒྲུབ་མཆོག་ཚེ་ཡི་དབང་ཕྱུག་འགྲུབ་པར་འགྱུར༔ ཨཱོཾ་གྷུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ བཞི་པ་དད་པས་སྤྱན་འདྲེན་པ་ནི༔ ཧྲཱིཿ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས༔ འདུས་པ་ཀུན་གྱི་གཙུག་རྒྱན་ཚེ་ཡི་ལྷ༔ ཚེ་བདག་བཅོམ་ལྡན་རིགས་ལྔ་ཡུམ་དང་བཅས༔ རྣལ་འབྱོར་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཆོས་སྐུ་ལོངས་སྤྲུལ་འཁོར་བཅས་གང་འདུལ་གྱིས༔ གཞོམ་གཞིག་ཀུན་བྲལ་ཚེ་ཡི་དངོས་གྲུབ་བདག༔ འཆི་མེད་ཚེ་ཡི་བུམ་པའི་བཅུད་གཡོ་བར༔ བདག་སོགས་ཚེ་དབང་སྩོལ་ཕྱིར་སྤྱན་དྲང་ངོ༔ བཛྲ་ས་མ་ཡ་ཛ་ཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རང་སྣང་ལྷུན་གྲུབ་དག་པའི་གཞལ་ཡས་སུ༔ བདེ་གཤེགས་ཚེ་ཡི་ལྷ་ཚོགས་བཞུགས་སུ་གསོལ༔ དགྱེས་པའི་ཐུགས་རྗེས་དབང་བཞི་བདག་རྒྱུད་ལ༔ སྨིན་གྲོལ་གྲུབ་པ་བརྒྱད་ལ་སྤྱོད་པར་ཤོག༔ ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི༔ ཧྲཱི༔ ཕྱོགས་བཅུའི་རྒྱལ་བ་སྲས་འཁོར་ཞི་ཁྲོ་ཡི༔ ཐུགས་རྒྱུད་བསྐུལ་ཕྱིར་དད་པས་ཕྱག་བགྱིད་ན༔ དགྱེས་པའི་ཐུགས་རྗེས་ནུས་པའི་ཚེ་དབང་བཅུད༔ མ་ལུས་བདག་གི་རྒྱུད་ལ་འཇུག་གྱུར་ཅིག༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ བདུན་པ་ཕྱི་མཆོད་འབུལ་བ་ནི༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་མཆོད་ཡོན་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཞབས་བསིལ་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་མེ་ཏོག་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་བདུག་སྤོས་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་སྣང་གསལ་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་དྲི་ཆབ་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཞལ་ཟས་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ནཻ་བིདྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་རོལ་མོའི་རིགས༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ བརྒྱད་པ་ནང་མཆོད་འབུལ་བ་ནི༔ ཧྲཱི༔ སྣོད་བཅུད་དག་པ་བདེ་ཀློང་ཡངས་པའི་མདངས༔ ཆོས་དབྱིངས་རྒྱལ་བའི་ཞིང་དང་འཇིག་རྟེན་གྱི༔ གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་འབུལ་བས༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ དགུ་པ་སྨན་འབུལ་བ་ནི༔ ཧྲཱི༔ བདེར་གཤེགས་ཀུན་འདུས་རིགས་ལྔའི་ཡེ་ཤེས་བཅུད༔ ལྷ་ལ་ཕོག་ན་དགྱེས་པའི་ར་སཱ་ཡན༔ བགེགས་ལ་ཕོག་ན་ཕྱེ་མར་འཐོར་བའི་ཐུན༔ འཆི་མེད་གྲུབ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧིཿ བཅུ་པ་རཀྟ་འབུལ་བ་ནི༔ ཧྲཱི༔ དུག་ལྔ་རྟེན་འབྲེལ་ཌཱ་ཀིའི་མཁའ་ཀློང་ནས༔ གསང་ཆེན་མཆོག་གི་མཆོད་པ་ཆེན་པོ་འདི༔ སྐྱེ་འཆི་གཉིས་འཛིན་འཁྲུལ་འཁོར་བཤིག་པ་དང༔ ཡེ་ཤེས་འཆི་མེད་རང་གྲོལ་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁཱ་ཧི༔ བཅུ་གཅིག་པ་གཏོར་མ་འབུལ་བ་ནི༔ ཧྲཱི༔ ལྷ་མིའི་འབྱོར་པ་སྣ་ཚོགས་བཅུད་ཀྱི་རིགས༔ སྣང་སྟོང་མཛེས་པ་ཏིང་འཛིན་རོལ་པའི་མདངས༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ བཅུ་གཉིས་པ་བསྟོད་པ་ནི༔ ཧྲཱི༔ པདྨའི་རིགས་མཆོག་འཆི་མེད་ཚེ་ཡི་ལྷ༔ སྐྱེ་འཆི་གཉིས་མེད་ཡོན་ཏན་འདོད་དགུའི་གཏེར༔ སྐྱོན་བྲལ་བདེ་ཆེན་མགོན་པོ་ཚེ་ཡི་ལྷ༔ འཆི་མེད་ཚེ་བུམ་འཛིན་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ བདེར་གཤེགས་ཀུན་འདུས་སྐྱེ་འཆི་མེད་པའི་སྐུ༔ མཁྱེན་བརྩེ་བྱིན་རླབས་དངོས་གྲུབ་མཆོག་གི་གཏེར༔ གང་གིས་སྒྲུབ་ཚད་གྲུབ་པའི་དཔལ་སྟེར་བའི༔ བདེར་གཤེགས་རིགས་ལྔའི་ཚེ་བདག་ལ་ཕྱག་འཚལ༔ ཡེ་ཤེས་སྐྱེ་འཆི་གཉིས་མེད་ཆོས་དབྱིངས་ཀྱི༔ རིག་མདངས་ཡེ་ཤེས་རྣམ་ལྔའི་ཕྲིན་ལས་ཀྱིས༔ ཕྱག་རྒྱས་འཆི་མེད་དཔལ་གྱི་རྒྱུན་སྩོལ་བའི༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ལ་བསྟོད༔ བཅུ་གསུམ་པ་ཛཔ྄་བཟླ་བ་ནི༔ ཧྲཱི༔ ཕུང་ལྔ་རིགས་ལྔའི་རྒྱུ་མཆོག་ལྷན་སྐྱེས་ལ༔ ཡེ་ཤེས་ཡུམ་ལྔའི་འབྱུང་བའི་བཅུད་ཀྱི་རྒྱུན༔ རྒྱུ་རྐྱེན་འདུས་མ་ཡེ་བྱས་རྡོ་རྗེའི་ཚེ༔ སྣང་སྟོང་སོར་རྟོག་ཡེ་ཤེས་སྐྱེ་འཆི་བྲལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ༔ བསྙེན་པ་ཡིན༔ སྒྲུབ་པ་ནི༔ ཨོཾ་བཛྲ་གྷུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཧཱུྃ་ཛ༔ ས་མ་ཡ་རྒྱ་རྒྱ་རྒྱཿ ཚོགས་འཁོར་ནི༔ དང་པོ་སྦྱང་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃཿཧྲཱི༔ འཆི་མེད་ཡེ་ཤེས་ཚེ་ཡི་ལྷ་ཚོགས་རྣམས༔ དགྱེས་པའི་ཚོགས་ཀྱི་འདོད་ཡོན་ལོངས་སྤྱོད་ཀུན༔ འཆི་མེད་ཚེ་ཡི་བདུད་རྩིར་བྱིན་གྱིས་བརླབས༔ ཡེ་ཤེས་འཆི་མེད་གྲུབ་པའི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་པ་ནི༔ ཧྲཱི༔ སྐྱེ་མེད་ཆོས་སྐུའི་ཞིང་ཁམས་ནས༔ འཆི་མེད་ཐོག་མའི་མགོན་པོ་ཡང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ འགག་མེད་ལོངས་སྐུའི་ཞིང་ཁམས་ནས༔ ལོངས་སྐུ་ཚེ་དཔག་མེད་མགོན་ཡང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ འཆི་མེད་པདྨ་འབྱུང་གནས་ཀྱང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀུན༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ བཞུགས་པའི་གནས་མཆོག་ཉམས་རེ་དགའ༔ ཚོགས་ཀྱི་མཆོད་རྫས་དང་རེ་སྤྲོ༔ ཚོགས་མཆོད་པ་ནི༔ ཧྲཱི༔ འཆི་མེད་ལྷ་ཡི་པཉྩ་འདི༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ སྐྱེ་འཆི་གཉིས་མེད་དངོས་གྲུབ་སྩོལ༔ ཀ་དག་རང་གྲོལ་དངོས་གྲུབ་སྩོལ༔ བར་པ་བཤགས་པ་ནི༔ ཡེ་ཤེས་འཆི་མེད་ཞལ་ཟས་ཀྱིས༔ དྲི་མེད་དག་པར་སོར་ཆུད་ནས༔ བདེ་ཀློང་སྐྱེ་འཆི་མེད་པའི་ཀློང༔ འཆི་མེད་རང་གྲོལ་ས་ཐོབ་ཤོག༔ བསྒྲལ་བའི་ཚོགས་འབུལ་བ་ནི༔ ཧྲཱི༔ མ་རྟོགས་བདུད་བགེགས་བསྒྲལ་བ་ཡི༔ རང་གྲོལ་ཡེ་ཤེས་བདུད་རྩིའི་ཚོགས༔ འཆི་མེད་ལྷ་ལ་འབུལ་བ་ཡིས༔ འབྲས་བུ་ཡེ་ཤེས་ཚེ་དཔལ་གྱུར༔ ཨོཾ་ཨཱཿཧཱུྃཿཧ་ཧོཿཧྲཱི༔ ཕུད་ལྷག་རིམ་གསུམ་ནི༔ ཧྲཱི༔ དང་པོ་ཕུད་ཀྱིས་ཡེ་ཤེས་ཚེ་བཅུད་བསྡུས༔ བར་དུ་ཚོགས་ཀྱིས་ཚོགས་གཉིས་ཚེ་དཔལ་སྤེལ༔ ཐ་མ་ལྷག་མས་ཚེ་འཕེལ་ཕྲིན་ལས་སྒྲུབས༔ འཁོར་ཡུག་ལྷག་སྡུད་ཚོགས་རྣམས་ལྷག་ལ་རོལ༔ རྒྱལ་བའི་ཞིང་གནས་གཏེར་དང་ཏིང་འཛིན་གྱིས༔ མུ་རན་སྐྱོང་བའི་སྐྱོང་མ་ལྷག་ལ་རོལ༔ བྷྱོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ གཅེར་བུ་ཁྲག་ཞག་ཐིག་ལེས་སྤྲས༔ དམ་ལྡན་རྣལ་འབྱོར་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ཆོས་ཉིད་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ གཟིག་ཤམ་དུང་དམར་ཞིང་གཡང་ཐོགས༔ ཞིང་ཁམས་ཀུན་གྱི་གནས་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ དམ་ཚིག་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ ཟབ་གཏེར་གཉན་གྱི་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ལེགས་ཉེས་སྟངས་འཛིན་ཡེ་ཤེས་ཀྱི༔ དམ་ཚིག་ཉུལ་བའི་ལྷག་སྡུད་མ༔ ཁ་དོག་ཆ་ལུགས་མ་ངེས་ཀྱང༔ ཚུལ་དང་ཚུལ་མིན་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ཨུཙྪིཥྚ་མ་མ་ཧྲིཾ་ཧྲིཾ་ཛ་ཛ་ཁཱ་ཧི་ཁཱ་ཧི༔ ཆད་མདོ་ཐ་ཚིག་བསྒྲག་པ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་ཐོག་མ་ལ༔ འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཐོག་མའི་མགོན་པོ་སྣང་བ་མཐའ་ཡས་ཀྱིས༔ འཆི་མེད་ཚེ་ཡི་དལ་ཞལ་ཕྱེས་པའི་ཚེ༔ ཡེ་ཤེས་དབྱིངས་ཀྱི་སྲུང་མ་ཐམས་ཅད་ཀྱིས༔ སྒྲུབ་མཆོག་ཚེ་ཡི་བར་ཆད་བཟློག་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ བྲག་ཕུག་མཱ་ར་ཏཱི་ཀའི་ཀེའུ་ཚང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཤེས་རབ་ལྷ་ལྕམ་མནྡྷཱ་ར་བ་ཡིས༔ འཆི་མེད་ཚེ་ཡི་དལ་ཞལ་ཕྱེས་པའི་ཚེ༔ མགོན་པོ་ཚེ་དཔག་མེད་པས་བྱིན་བརླབས་པས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྲུབ༔ དེ་ཚེ་ཡེ་ཤེས་སྲུང་མ་ཐམས་ཅད་ཀྱིས༔ སྒྲུབ་མཆོག་ཚེ་ཡི་བར་ཆད་བཟློག་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པའི་ཕྱི་མ་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཤེས་རབ་གཟུང་མ་མཁར་ཆེན་མཚོ་རྒྱལ་གྱིས༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ འཆི་མེད་ཚེ་ཡི་དལ་ཞལ་ཕྱེས་པའི་ཚེ༔ ལང་གྲོས་ཚེ་ཡི་རིག་འཛིན་དབང་ཐོབ་དུས༔ ཡེ་ཤེས་གྲུབ་ཀྱང་ལེགས་ཉེས་སྲུང་མ་ཡིས༔ སྒྲུབ་མཆོག་ཚེ་ཡི་བར་ཆད་བཟློག་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ རིག་འཛིན་ཧཱུྃ་ནག་ནམ་མཁའི་སྙིང་པོ་ལ༔ དབང་བསྐུར་ལུང་བསྟན་ཞལ་ཚབ་མངའ་གསོལ་ཚེ༔ འཁོར་འདས་གནས་གཏེར་སྲུང་མ་ཐམས་ཅད་ཀྱིས༔ སྒྲུབ་མཆོག་ཚེ་ཡི་བར་ཆད་བཟློག་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་སྙིགས་མ་ཤིན་ཏུ་བདོ་བའི་ཚེ༔ རིག་འཛིན་ཧཱུྃ་ནག་ནམ་མཁའི་སྙིང་པོ་ཡིས༔ པདྨའི་ཟབ་བཅུད་སྙིང་ཁྲག་རོལ་པའི་ཚེ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས༔ མ་བཟོད་རང་རང་སྲོག་སྙིང་ཕུལ་ནས་ཀྱང༔ སྒྲུབ་མཆོག་ཚེ་ཡི་བར་ཆད་བཟློག་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ བརྟན་སྐྱོང་ནི༔ ཧཱུྃྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཞག་པའི་བོད་ཁམས་བརྟན་མའི་ཚོགས༔ བདུད་མོ་གནོད་སྦྱིན་སྨན་མོའི་ཚོགས་རྣམས་ཀྱིས༔ འཁོར་བཅས་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ ཐ་ཚིག་ཐུགས་དམ་ཇི་བཞིན་ཕྲིན་ལས་མཛོད༔ མནན་པ་ནི༔ ཧཱུྃ་ཧཱུྃ༔ ཡེ་ཤེས་སྙིང་པོ་ཚེ་ཡི་ཏིང་འཛིན་གྱིས༔ ཚེ་ལ་བར་ཆད་གཏན་ནས་མི་ལྡང་བའི༔ ཡེ་ཤེས་མནན་པའི་ཕྲིན་ལས་གཟེར་འདེབས་ཀྱི༔ ཆོས་ཉིད་རོལ་པའི་ཆོས་དབྱིངས་ཡེ་ཤེས་སོ༔ ཨཱོཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ་སཏྭཾ་བྷ་ཡ་ནན༔ བཀྲ་ཤིས་ནི༔ ཧྲཱི༔ བཀྲ་ཤིས་གང་ཞིག་ཚེ་དང་ཡེ་ཤེས་ཀྱི༔ སྙིང་པོ་རྒྱལ་བ་རྣམས་ཀྱི་ཡོན་ཏན་དང༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་ཕན་བདེའི་གཏེར༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་ཤོག༔ བསྔོ་བ་ནི༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པ་ཡི༔ དགེ་བའི་འབྲས་བུ་མཁའ་ཁྱབ་འགྲོ་ལ་བསྔོ༔ སྨོན་ལམ་ནི༔ ཧྲཱི༔ མཁའ་མཉམ་ལུས་ཅན་སྐྱེ་འགྲོ་མ་ལུས་ཀུན༔ འཆི་མེད་ཚེ་ཡི་གོ་འཕང་མྱུར་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚེ་དང་བསོད་ནམས་ཡེ་ཤེས་བཅུད༔ སྒྲུབ་པའི་འབྲས་བུ་འབྱིན་པ་ཡི༔ རང་གཞུང་ཕྲིན་ལས་རིམ་པ་ནི༔ ཕྱི་རབས་རྗེས་འཇུག་བཅུད་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་རྡོ་རྗེའི་ཡངས་རྫོང་ནས། ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་བཤུས་པའི་ཡི་གེའི་མཐུན་རྐྱེན་སྐལ་ལྡན་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བྱས་སོ།། །། ༈ ཚོགས་འཁོར་བྱིན་རླབས་དང་པོ་སྦྱང་བ་ནི༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་རཾ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡཾ་ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རླབས་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿཡིས་མཐུན་སྣང་ལྷ་ཚོགས་དགྱེས༔ སྤྱན་འདྲེན་ནི༔ རྗེ་བཙུན་པདྨ་རིག་འཛིན་རྒྱ་མཚོའི་ཚོགས༔ དཔའ་བོ་དབང་ཆེན་ཞི་ཁྲོའི་ལྷ་ཚོགས་བཅས༔ རྡོ་རྗེ་ཕག་མོ་མ་རྒྱུད་མཁའ་འགྲོ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་སྐུའི་ཞིང་ཁམས་ནས༔ འཆི་མེད་ཐོག་མའི་མགོན་པོ་ཡང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ འགག་མེད་ལོངས་སྐུའི་ཞིང་ཁམས་ནས༔ ལོངས་སྐུ་ཚེ་དཔག་མེད་མགོན་ཡང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ འཆི་མེད་པདྨ་འབྱུང་གནས་ཀྱང༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀུན༔ འཆི་མེད་བདུད་རྩིའི་ཚོགས་ལ་གཤེགས༔ བཞུགས་པའི་གནས་མཆོག་ཉམས་རེ་དགའ༔ ཚོགས་ཀྱི་མཆོད་རྫས་དང་རེ་སྤྲོ༔ མཆོད་རྫས་ཀྱི་ཆེ་བ་བསྐྱེད་པ་ནི༔ ཚོགས་ཀྱི་ངོ་བོ་ནི༔ འབྱོར་ཚོགས་སྤེལ་བའི་ཡིད་སྤྲུལ་རྒྱུ་ཡི་ཚོགས༔ བྱང་ཆུབ་སེམས་ཀྱི་ཚོགས་ཆེན་གཞི་ཡི་ཚོགས༔ དངོས་པོ་ཡོངས་སུ་བསྔོ་བ་ལམ་གྱི་ཚོགས༔ སྨོན་པ་འདོད་དགུར་གྲུབ་པ་འབྲས་བུའི་ཚོགས༔ དག་པ་གཉིས་ལྡན་ལོངས་སྤྱོད་ཆོས་སྐུའི་ཚོགས༔ ངེས་པ་ལྔ་ལ་དབང་འབྱོར་ལོངས་སྐུའི་ཚོགས༔ མ་ངེས་ལྷུན་གྱིས་གྲུབ་པ་སྤྲུལ་སྐུའི་ཚོགས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་འབྲས་བུར་འགྱུར༔ ངེས་ཚིག་ནི༔ འདོད་ཡོན་སྣ་ཚོགས་འཛོམ་པ་བཟའ་བའི་ཚོགས༔ དངོས་པོའི་མཆོད་རྫས་འདུས་པ་འབྱོར་པའི་ཚོགས༔ བཅུད་རྫས་སྣ་ཚོགས་འདུས་པ་འདུས་པའི་ཚོགས༔ བདུད་རྩི་སྣ་ཚོགས་འདུས་པ་བཏུང་བའི་ཚོགས༔ ལྷ་ཚོགས་མ་ལུས་འདུས་པ་ལྷ་ཡི་ཚོགས༔ མཆོད་སྦྱིན་མཐའ་དག་འདུས་པ་བསོད་ནམས་ཚོགས༔ སྔགས་དང་ཕྱག་རྒྱ་དག་པ་བྱིན་རླབས་ཚོགས༔ སྨིན་དང་གྲོལ་བའི་སྒོ་དབྱེའི་དགའ་སྟོན་ཚོགས༔ དྲི་མེད་དག་པ་ཆེན་པོར་བསྐང་བའི་ཚོགས༔ ཏིང་འཛིན་འཕེལ་བའི་བཅུད་ལྡན་ཡེ་ཤེས་ཚོགས༔ དམ་ལྡན་མཆེད་ལྕམ་འདུས་པ་འདུས་པའི་ཚོགས༔ སེམས་བསྐྱེད་མཐའ་ཡས་དོན་སྤྱོད་འཁོར་ལོའི་ཚོགས༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལྷུན་གྱིས་གྲུབ༔ དཔའ་བོ་ཚོགས་ཀྱི་རྣམ་པར་རོལ་པའི་རྣམ་པ་ནི༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ གསང་བའི་ཕོ་བྲང་གཞུང་བཞིན་བཀོད་ནས་ཀྱང༔ སྒྲུབ་རྫས་གཉེན་པོ་ཚུལ་ལྟར་བཀྲམ་པ་ནི༔ རྡོ་རྗེ་དྲི་ཆུའི་ཚོགས་ནི་མཚོ་ལྟར་འཁྱིལ༔ མཱཾ་ས་གལ་ཕྱེའི་ཚོགས་ནི་ཐང་ལྟར་བརྡལ༔ བྱང་ཆུབ་སེམས་ཀྱི་ཚོགས་ནི་སྤྲིན་ལྟར་གཏིབས༔ གོ་རོ་ཙ་ནའི་ཕུང་པོ་གངས་ལྟར་ཆགས༔ ཞིང་ཆེན་གསར་རྙིང་ཚོགས་ནི་རི་ལྟར་སྤུངས༔ མ་ཧཱ་ཙིཏྟའི་ཚོགས་ནི་རྫ་ལྟར་འཕྲོ༔ གསུར་ཆེན་དུད་པའི་ཚོགས་ནི་ཕྱུ་རུ་རུ༔ ཞུན་ཆེན་སྣང་གསལ་འོད་ནི་ཡ་ལ་ལ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་ཏི་རི་རི༔ རྐང་ཆེན་དུང་གི་གླིང་བུ་ཀྱུ་རུ་རུ༔ བདུད་རྩི་སྨན་གྱི་རྒྱ་མཚོ་མེ་རེ་རེ༔ རཀྟ་དམར་གྱི་རྦ་རླབས་ཅི་ལི་ལི༔ བརྗིད་ལྡན་དཔལ་གྱི་གཏོར་མ་རི་ལྟར་སྤུངས༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་བསམ་མི་ཁྱབ༔ བཀོད་མཛེས་སྤྱན་གཟིགས་ཡིད་འོང་དམ་པ་འདི༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་སྐོང་བའི་རྫས༔ དེ་དག་ཐམས་ཅད་རོ་གཅིག་ཏུ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་དངོས་པོ་ཤ་སྣ་སྙིང་སྣ་སྟོང༔ ཚོགས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཚོགས་ཀྱི་རང་བཞིན་རིགས་ལྔའི་བདུད་རྩིའི་རྒྱུན༔ ཚོགས་ཀྱི་ཐུགས་རྗེ་ཨཱ་ལི་ཀཱ་ལིའི་ཟེར༔ གང་ལ་རེག་རྣམས་ཐར་པའི་དངོས་གྲུབ་མཆོག༔ བརྟུལ་ཞུགས་མཆོག་གི་འདོད་ཡོན་རི་ལྟར་སྤུངས༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རིགས་ལྔའི་ཡེ་ཤེས་ཆུ་རྒྱུན་ན་ར་ར༔ ཞི་ཁྲོ་ཡབ་ཡུམ་གསང་ཆེན་ནུ་རུ་རུ༔ ལྷ་མི་ཡོངས་ཀྱི་བསོད་ནམས་སྤུངས་སེ་སྤུང༔ རྩི་བཅུད་འབྱུང་ལྔའི་བཅུད་ཀྱི་ཞུན་མར་བཅས༔ ནུས་པ་གཅིག་ཆར་སྟོང་དུ་ཚོགས་པ་འདི༔ རེག་ཚད་རྣམ་པར་གྲོལ་བའི་ནུས་པར་བཅས༔ དགོས་ཆེད་ཀྱི་གསལ་འདེབས་ནི༔ དམ་རྫས་གཏོར་ཆེན་བཤམ་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང༔ མ་དང་མཁའ་འགྲོ་བསྟེན༴ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང༔ མ་དང་མཁའ་འགྲོ་བསྟེན༴ རྐང་གླིང་ཐོད་རྔ་སྒྲོག་པ་ཡང༔ མ་དང་མཁའ་འགྲོ་བསྟེན༴ ཞུན་ཆེན་སྣང་གསལ་བལྟམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན༴ མཱཾ་སའི་གསུར་དུད་གཏོང་བ་ཡང༔ མ་དང་མཁའ་འགྲོ་བསྟེན༴ འདོད་ཡོན་རོ་མཆོག་སྤུངས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ སྐོང་བ་བསྡུས་པ་ནི༔ ཨོཾ༔ ལྷ་མིའི་སངས་རྒྱས་ཞིང་གི་མཆོད་པའི་སྤྲིན༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་རྫས༔ རབ་འཕེལ་རྒྱས་པ་ཚངས་ཆེན་བསྐལ་པ་འམ༔ ཚངས་པ་རྔ་སྒྲ་འོད་གསལ་རྡོ་རྗེའི་སྙིང༔ མཆོད་ཚོགས་དུ་མས་རྒྱལ་བ་སྲས་བཅས་བསྐང༔ ཧྲཱི༔ ཆོས་སྐུ་ཀུན་བཟང་རྡོར་འཆང་རྡོ་རྗེ་སེམས༔ རིགས་ལྔ་མངོན་རྫོགས་སྟོན་པ་བཅུ་གཉིས་དང༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་འཁོར་བཅས༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ དགའ་རབ་འཇམ་དཔལ་བཤེས་གཉེན་ཤྲཱི་སིང༔ ཡེ་ཤེས་མདོ་དང་པད་འབྱུང་བི་མ་ལ༔ མཁས་པ་ཉེར་གཅིག་གྲུབ་ཆེན་བརྒྱད་ཅུ་སོགས༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས༴ མཚོ་རྒྱལ་ཆོས་རྒྱལ་བཻ་རོ་ཙ་ན་དང༔ འབྲོག་བན་ལང་གྲོ་རིན་ཆེན་མཆོག་ལ་སོགས༔ རྗེ་འབངས་ཉེར་ལྔ་རྒྱ་བོད་མཁས་གྲུབ་ཀྱི༔ སྙན་བརྒྱུད་ཕྱོགས་མེད་བླ་མའི་ཐུགས༴ གསང་ཆེན་དམ་ཆོས་སྲུང་མར་གཉེར་གཏད་ཚལ༔ སྨོན་ལམ་དབང་དང་བཀའ་བབས་ལུང་སྟོན་སོགས༔ ཐུགས་རྗེ་བྱིན་རླབས་ཤོག་སེར་ཚིག་བརྒྱུད་ཀྱི༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས༴ པདྨ་བཛྲ་བྷུདྡྷ་ཐོད་ཕྲེང་རྩལ༔ མི་བསྐྱོད་རྡོ་རྗེ་དབང་ཆེན་གསང་བདག་དང༔ སེང་སྒྲོག་གྲོ་ལོད་པདྨ་དྲག་པོ་སོགས༔ བླ་མ་དགོངས་འདུས་ལྷ་ཚོགས་ཐུགས་དམ་བསྐང༔ ཆེ་མཆོག་ཁྲག་འཐུང་གཤིན་རྗེ་དབང་ཆེན་དང༔ ཕུར་པ་བླ་མེད་རིག་འཛིན་དྲེགས་པ་དང༔ དྲག་སྔགས་བཀའ་ཡི་སྲུང་མ་མ་ལུས་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས༴ གསང་འདུས་སྒྱུ་འཕྲུལ་ཟླ་གསང་དམ་ཚིག་བཀོད༔ གདན་བཞི་ཀྱཻ་རྡོར་བདེ་མཆོག་དུས་འཁོར་དང༔ མ་ཧཱ་མཱ་ཡཱ་ལ་སོགས་རྒྱུད་སྡེ་ཡི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས༴ རྣལ་འབྱོར་མ་དང་ཕག་མོ་བདག་མེད་མ༔ མུ་ཁ་ལེ་དང་ཨེ་ཀ་ཛཱ་ཊི་སོགས༔ རྒྱུད་སྡེའི་དཀྱིལ་འཁོར་བདེ་བ་སྐྱེད་པ་མོ༔ མཁའ་འགྲོ་ཤུགས་འགྲོ་རྣམས་ཀྱི་ཐུགས༴ ལེགས་ལྡན་ཚོགས་བདག་གུར་ཞལ་ཕྱག་བཞི་པ༔ ཕྱག་དྲུག་མ་ནིང་བེར་ནག་ཏྲག་ཤད་དང༔ བདུད་མགོན་ལྷ་མོ་རྣམ་སྲས་རྡོར་ལེགས་སོགས༔ རྒྱུད་སྡེའི་སྲུང་མ་རྣམས་ཀྱི་ཐུགས༴ གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང༔ དེ་བཞིན་ཚནྡྷོ་ཧ་དང་འདུ་བ་ཅན༔ དུར་ཁྲོད་ཉེ་བའི་དུར་ཁྲོད་ལ་སོགས་པའི༔ ཞིང་སྐྱོང་དཔའ་བོ་དཔའ་མོའི་ཐུགས༴ ནམ་མཁའ་རི་བྲག་མཚོ་ཆུ་གཙུག་ལག་ལ༔ རང་བྱུང་གབ་སྦས་གསང་ཆེན་ཟབ་མོའི་གཏེར༔ བཅོལ་ལམ་རང་བདག་གཏེར་གྱི་སྲུང་མའི་ཚོགས༔ ཕོ་མོ་སྡེ་བརྒྱད་ཚོགས་ཀྱི་ཐུགས༴ ལྷ་གཤིན་མ་བདུད་བཟའ་བཙན་གནོད་སྦྱིན་ཀླུ༔ དྲེགས་ཆེན་བཅོ་བརྒྱད་ཆོས་རྒྱལ་སྐུ་ལྔ་དང༔ འབར་བ་སྤུན་བདུན་ཁྲོ་འབར་བེར་བརྩེགས་སོགས༔ ལྷ་ཆེན་སྡེ་དཔོན་སུམ་ཅུའི་ཐུགས༴ ཕ་མེས་རྒྱུད་སྲུང་མ་ལྷ་ལེ་འུའི་ལྷ༔ དགྲ་བླ་ཡུལ་ལྷ་འགོ་བའི་ལྷ་ལྔ་དང༔ ཚེ་རབས་ལས་ལྷ་ད་ལྟ་སྐྱོབ་པའི་ལྷ༔ མཆོད་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ གཞན་ཡང་ནམ་མཁའ་གླིང་བཞི་རྒྱ་མཚོར་བཅས༔ སོ་སོར་དབང་བྱེད་ཞི་དྲག་མི་མ་ཡིན༔ བགེགས་རིགས་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན༔ རྣམ་ཀུན་ཚིམས་ནས་བྱང་ཆུབ་མྱུར་ཐོབ་ཤོག༔ བྱང་ཆུབ་སེམས་ཀྱིས་ཚོགས་ཆེན་བསྐྱེད་པ་ཡིས༔ བསྐང་བའི་ཡུལ་དང་སྐོང་བའི་ཚུལ་རྣམས་དང༔ སྐོང་བ་པོ་རྣམས་དམིགས་མེད་ཡེ་ཤེས་ཀྱི༔ བྱང་ཆུབ་ཆེན་པོ་ཆོས་ཀྱི་དབྱིངས་སུ་བསྔོ༔ འབུལ་བ་ནི༔ ཚེ་ཆང་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བཞིན་བྲན་ཏེ༔ ཨོཾ་ཨཱཿཧཱུྃ༔ དམ་ཚིག་ཅན་གྱི་བདུད་རྩི་འདི༔ ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ༔ བཀའ་བརྒྱུད་བླ་མ་རིན་ཆེན་ལ༔ རྣམ་དག་བདུད་རྩི་དམ་པའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་གྱི༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ རྣམ་དག་བདུད་རྩི་དམ་པའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ༔ ཕ་མེས་རྒྱུད་ཀྱི་སྲུང་མ་ལ༔ རྣམ་དག་བདུད་རྩི་དམ་པའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཧཱུྃ་ཧྲཱི༔ བླ་མེད་གསང་ཆེན་ཚོགས་ཀྱི་འདོད་ཡོན་ལ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་སྙིང་པོ་ཁོལ༔ དབྱངས་དང་གསལ་བྱེད་གཟུགས་ཀྱི་འདོད་ཡོན་འཁྲིགས༔ ཡེ་ཤེས་རྣམ་ལྔའི་འོད་ཟེར་འཕྲོ་བ་འདི༔ རྨད་བྱུང་དཀྱིལ་འཁོར་གཙོ་མཆོག་ལྷ་ལ་འབུལ༔ བར་པ་ནི༔ འབྱོར་ཚོགས་འདོད་ཡོན་སྒྲུབ་རྫས་དཔག་མེད་ལས༔ བདུད་རྩི་ཡེ་ཤེས་འདྲེས་པའི་རླངས་པ་ཕྱུར༔ པདྨ་དྲག་རྩལ་ལྷ་ལ་མཆོད་འབུལ་བས༔ རྩ་ལྟུང་དམ་ཚིག་ཆགས་མཆིས་ཉེས་པ་བཤགས༔ གྷ་ཎ་ཙཀྲ་སཏྭ༴ སླར་ཚོགས་དེ་ཉིད་གཟུགས་ཕུང་དུ་དམིགས་ཏེ། བསྒྲལ་ལས་ནི་འགུགས་སྔགས་དང་། ཆེ་མཆོག་པདྨ་དྲག་པོ་རྩལ༔ རྔམས་དྲག་གཏུམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱུར༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི༔ ཧཱུྃ་ཧྲཱི༔ བདག་འཛིན་རུ་ཏྲ་དུག་ལྔར་བཅས༔ བསྟན་དགྲ་བསྒྲལ་བ་བམ་གྱི་ཚོགས༔ དབང་དྲག་དགྱེས་པ་བསྐང་བའི་ཕྱིར༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ རྡོ་རྗེ་སློབ་དཔོན་ལ་འབུལ་བ་ནི༔ ཧོ༔ སྟོན་པ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ལྷ་མིའི་འདོད་འབྱུང་བཅུད་ཆེན་རྣམ་གྲོལ་ཚོགས༔ སངས་རྒྱས་ཐུགས་རྗེས་གང་འདུལ་གསང་ཆེན་བཅུད༔ དགྱེས་པར་དགོངས་ཏེ་བཞེས་པ་ཆེན་པོར་རོལ༔ ག་ཎ་ཙཀྲ་པཱུ་ཙ་ཧོ༔ བླང་བ་ནི༔ ཨེ་མ་ཧོ༔ རྒྱལ་བའི་བཅུད་ལྡན་ཟག་མེད་འདོད་འབྱུང་མཆོག༔ གཉིས་མེད་བདེ་བ་ཆེན་པོའི་དངོས་གྲུབ་ནི༔ སྒོ་གསུམ་གུས་པས་བདག་གིས་རྣམ་པར་རོལ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སིདྡྷི་ཕ་ལ་ཧོ༔ མཆེད་ལྕམ་ལ་དྲང་སྟེ༔ མཆེད་ལྕམ་ལྷ་ཡི་རྣལ་འབྱོར་ལྡན་པ་པོ༔ རིན་ཆེན་རིན་ཐང་བྲལ་བའི་དབང་གི་རྫས༔ ཐ་མལ་བག་ཆགས་བཤིག་བྱེད་རྫས་མཆོག་འདི༔ གསང་སྔགས་ཐེག་པ་མཆོག་གི་ཚུལ་ལྟར་རོལ༔ ཅེས་དང༔ ཕུད་ལྷག་རིམ་གསུམ་ནི༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐང༔ ཐ་མ་ལྷག་མ་དབང་བའི་མཁའ་འགྲོ་གིང༔ དཀྱིལ་འཁོར་མུ་རན་སྐྱོང་ཞིང་སྒྲུབ་པའི་གྲོགས༔ དབང་ཕྱུག་གིང་རྣམས་ལྷག་མའི་ལོངས་སྤྱོད་བཞེས༔ ཚེ་སྒྲུབ་ལྟར༔ དང་པོ་ཕུད་ཀྱིས་ཡེ་ཤེས་ཚེ་བཅུད་བསྡུས༔ བར་དུ་ཚོགས་ཀྱིས་ཚོགས་གཉིས་ཚེ་དཔལ་སྤེལ༔ ཐ་མ་ལྷག་མས་ཚེ་འཕེལ་ཕྲིན་ལས་བསྒྲུབས༔ འཁོར་ཡུག་ལྷག་སྡུད་ཚོགས་རྣམས་ལྷག་ལ་རོལ༔ རྒྱལ་བའི་ཞིང་གནས་གཏེར་དང་ཏིང་འཛིན་གྱིས༔ མུ་རན་སྐྱོང་བའི་སྐྱོང་མ་ལྷག་ལ་རོལ༔ བྷྱོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ གཅེར་བུ་ཁྲག་ཞག་ཐིག་ལེས་སྤྲས༔ དམ་ལྡན་རྣལ་འབྱོར་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ཆོས་ཉིད་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ གཟིག་ཤམ་དུང་དམར་ཞིང་གཡང་ཐོགས༔ ཞིང་ཁམས་ཀུན་གྱི་གནས་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ དམ་ཚིག་དབྱིངས་ཀྱི་མཁའ་འགྲོ་ཡི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ ཟབ་གཏེར་གཉན་གྱི་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ལེགས་ཉེས་སྟངས་འཛིན་ཡེ་ཤེས་ཀྱི༔ དམ་ཚིག་ཉུལ་བའི་ལྷག་སྡུད་མ༔ ཁ་དོག་ཆ་ལུགས་མ་ངེས་ཀྱང༔ ཚུལ་དང་ཚུལ་མིན་དྲོད་ཉུལ་མ༔ མ་འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ ཨུཙྪིཥྚ་མ་མ་ཧྲིང་ཧྲིང་ཛ་ཛ་ཁཱ་ཧི་ཁཱ་ཧི༔ ཡོན་ཏན་གྱི་གོ་དོན་སྨོན་པའི་རྒྱས་འདེབས་པ་ནི༔ རྒྱུ་རྐྱེན་བྱིན་རླབས་ནུས་པའི་ཚོགས་ཆེན་འདི༔ འབྲེལ་ཚད་དུག་བཅོམ་འགྱོད་ཚངས་སྒྲིབ་ཀུན་ཞི༔ སྔོན་གྱི་ལས་དང་རྣམ་སྨིན་འཕྲལ་རྐྱེན་དག༔ བཅུད་ཀྱིས་ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས༔ ཁམས་གསུམ་སྲིད་གསུམ་མོས་པ་ལྷུན་གྱིས་གྲུབ༔ བྱང་ཆུབ་སེམས་སྐྱེད་སྨོན་པའི་ཚོགས་ཆེན་འདིས༔ སངས་རྒྱས་ཞིང་ཁམས་གྲངས་མེད་དབང་ཐོབ་དང༔ ཕྲིན་ལས་མཐའ་ཡས་པ་ཡི་ཆོས་སྒོ་འབྱེད༔ ཐེག་མཆོག་སྔགས་ཀྱི་ནུས་པའི་ཚོགས་ཆེན་འདིས༔ འཇིགས་བརྒྱད་དགྲ་བགེགས་མི་མཐུན་ཕྱོགས་ཀུན་གཞོམ༔ ཚོགས་གཉིས་གཏེར་ཆེན་ཆོས་སྐུ་ལོངས་སྤྲུལ་གྱིས༔ གང་འདུལ་འགྲོ་བའི་དཔལ་འབྱོར་ལྷུན་གྲུབ་ཤོག༔ ཅེས་པ་ཡང་ཀཿཐོག་ཏུ་དང་པོ་སླེབས་དུས་ལོངས་སྤྱོད་བཀྲེན་པ་ཙམ་བྱུང་དུས་རྨི་ལམ་ཞིག་ལ། མི་ཞིག་གིས་ཚེ་མཚམས་སྤྲུལ་སྐུ་འདི། དང་པོ་ཀར་ལུགས་ཀྱི་བན་དེ་ཞིག་ཡིན་པས་ཚོགས་འཁོར་བསྐོར་བས་སྐྱེ་བ་དྲན་པ་དང་འདི་ལྟར་བྱུང་བ་ཡིན་ཞེས་རྨིས་པས། ཕྱི་ཉིན་ཚོགས་གཅིག་བསྔོས། ཚོགས་ཕུད་དང་། ཁ་བཏགས་རས་ཡུག་ལེ་ཚན་ལྔ་ཙམ། ཀུན་བཟང་དབང་པོ་དགོན་ཉིན་བླ་རྒན་དྲུང་དུ་ཕུལ་བར་བཏང་། དེ་འདྲ་བ་ལན་གསུམ་གསུམ་ཙམ་ཕུལ། སླར་བུམ་སྒྲུབ་སོགས་དུས་ཚིགས་རེ་ལ་བརྩོན་པའོ། །དེ་ལ་ཆུ་སྤྲེལ་བཅུ་བཞི་ནུབ་རྨི་ལམ་ཞིག་ལ་ཚོགས་ཤ་ཆེན་པོ་མི་འདུག་ཀྱང་ཚོགས་རེ་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཀྱི་ཞིང་མཐའ་ཡས་དྲུང་དུ་འབུལ་བ་རྨིས། ༁ྃ༔ ཧྲཱི༔ བཀྲ་ཤིས་དཔག་བསམ་ཤིང་གི་སྡོང་པོ་ལ༔ དགོས་འདོད་ནོར་བུའི་འབྲས་བུ་མཆོག་ཏུ་སྨིན༔ འགྲོ་ཀུན་བདུད་རྩིའི་བཅུད་ཀྱིས་ཚིམས་མཛད་པ༔ བྱིན་རླབས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བཀྲ་ཤིས་གངས་རི་ལྷུན་སྡུག་ཆགས་པ་ལ༔ འགྲོ་ལ་དགོས་འདོད་ཆུ་བོའི་ཆར་རྒྱུན་འབེབ༔ ཚ་གདུང་ཉོན་མོངས་སྡུག་བསྔལ་སེལ་མཛད་པའི༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ བཀྲ་ཤིས་ཡེ་ཤེས་མེ་ཆེན་རབ་འབར་ཞིང༔ མེ་ཡི་ཚ་ཚ་རབ་ཏུ་འཕྲོ་བ་ལས༔ དགྲ་བགེགས་བུད་ཤིང་མ་ལུས་བསྲེག་མཛད་པའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག༔ བཀྲ་ཤིས་ས་གཞི་བརྟན་པའི་ཞིང་ས་ལ༔ དོན་གྲུབ་ལོ་ཏོག་འབྲས་བུ་མཆོག་ཏུ་སྨིན༔ སྐྱེ་འགྲོ་སེམས་ཅན་བདེ་བར་འཚོ་བྱེད་པ༔ ཡངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག༔ སྒྲུབ་པའི་གནས་མཆོག་ཕུན་སུམ་ཚོགས་པ་འདིར༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ བཀྲ་ཤིས་བདེ་ལེགས་རྒྱ་མཚོ་རྣམས༔ སྐལ་ལྡན་རྣམས་ལ་བསྩལ་དུ་གསོལ༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ གནས་མཆོག་འདི་རུ་བསྩལ་དུ་གསོལ༔ བཀྲ་ཤིས།། །།

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་གི་ཆོ་ག་དྲེགས་པ་དབང་སྡུད་ (Volume 33, Text 25)

༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་གི་ཆོ་ག་དྲེགས་པ་དབང་སྡུད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། སྟོང་སྲོག་ཐིག་ལེ་གཅིག་ཏུ་རྫོགས་པ་ལས། །འབར་བའི་གར་གྱིས་འཁོར་འདས་ཟིལ་གྱིས་གནོན། །བླ་མ་དཔལ་ཆེན་གཙུག་ཏུ་མི་འབྲལ་བས། །འདི་དགོད་དགེ་བ་གསུམ་དུ་བྱིན་གྱིས་རློབས། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ལས་འབྱུང་བའི། དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གོང་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་རྟེན་དང་མཆོད་གཏོར་ལ་སོགས་པ་བཤམས་པའི་མདུན་དུ། དཀྱིལ་འཁོར་ཁྲོ་དཀྱིལ་སྤྱི་མཐུན་ལ་ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར། དེ་རྒྱབ་མུ་ཁྱུད་རྡོ་རྗེ་རྒྱ་གྲམ་གྱི་ཕྲེང་བ། དེ་རྒྱབ་གྲུ་བཞི་སེར་པོ། བར་ཁྱམས་ཕྱོགས་མདོག །ལྷ་མཚན་དབུས་སུ་རྡོ་རྗེ་ཐོད་ཁྲག །ཟླ་གམ་གསུམ་ལ་ཐིག་ལེ་དཀར་དམར་མཐིང་གསུམ། གྲུ་བཞིའི་ཟུར་བཞིར་ཐིག་ལེ་སེར། བར་ཁྱམས་མདུན་ལོགས་ཀྱི་ནང་ངོས་སུ་མཐིང་ནག་གཉིས། ཁྱམས་ཀྱི་ཕྱོགས་བཞིར་ནག་མཐིང་བཅུ་གསུམ། དཀར་པོ་དྲུག །དམར་པོ་ལྔ་རྣམས་ཕྱོགས་རེར་དྲུག་དྲུག་ཆ་བགོ །སྒོ་བཞིར་ནག་གཉིས། དཀར་གཅིག །དམར་གཅིག་བཅས་བཀོད། དེ་སྟེང་ལྷ་གྲངས་དང་མཉམ་པའི་ཕུར་པ་སྐུ་རྟེན་དང་བཅས་པ་འགོད་པར་གསུངས་ཀྱང་། ཕུར་པ་སུམ་ཅུ་སོ་བཞི་དགོས་པར་འདུག་པས་མ་འབྱོར་ན། དཀྱིལ་འཁོར་དབུས་ཀྱི་ཁྲིའུར་ཨེ་ཁྲམ་ལ་གནམ་ལྕགས་ཕུར་པ་ཁྲོ་ཞལ་དར་མཐིང་ནག་གི་ཅོད་པན་དང་ལྷན་ཅིག་དྲེགས་འདུལ་ཕྱག་རྡོར་རྟ་མགྲིན་རྡོར་སེམས་རྣམས་ཀྱི་སྐུ་ཙཀ་བཀོད། མདུན་ངོས་སུ་དྲེགས་པ་སྤྱི་བསྡུས་ཀྱི་རྟེན་ཕུར་པ་ཅོད་པན་མཐིང་ནག་ཅན་དང་ལྷན་ཅིག་སྡེ་དཔོན་སུམ་ཅུའི་ཙཀླི་བཀོད། གཡས་ཕྱོགས་སུ་ཐོད་པ་མཚན་ལྡན་གྱི་ནང་དུ་དྲག་པོའི་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ཨེ། མཐའ་སྐོར་དུ་སྙིང་པོ། རྩིབས་བརྒྱད་ལ། ཤར་རྩིབས་ཀྱི་ནང་ངོས་སུ། ཨོཾ་མ་ཧཱ་དེ་བ་ཨུ་མ་དེ་བཱི། རྒྱབ་རྩིབས་རྩེའི་ཕྱོགས་སུ། ཡ་མ་ཡ་མ་མ་རུ་ལུ། ཤར་ལྷོར། མ་མ་རུ་ལུ། ཨེ་ཀ་ཙཱ་ཊི་དུ་ཁྲག་དུནྟིང་། ལྷོར། རཱ་ཛ་གིང་ཀ་ར་བཛྲ་སཱ་དྷུ་རཱ་ཧུ་ལ། ལྷོ་ནུབ་ཏུ། རཀྴ་རཀྨོ་ཡཀྴ་ཡཀྨོ། ནུབ་ཏུ། མ་ཧཱ་ཀཱ་ལ་རུ་ཏྲ་མུན་མུན་ཏིར་ཏི་ཀ །ནུབ་བྱང་དུ། དེ་བ་ཨ་སེ་ལ་ཏིག་སྣ་འདྲེ་རུམ་ཨ་བི་ཤུ །བྱང་དུ། ཏྲི་ཙ་པ་ཧཾ་ཤཾ་ཏྲི་བི་ནཱ་ཡ་ཀ་ཌཱ་ཀི་ནཱི། བྱང་ཤར་ལ། ནཱ་ག་རཱ་ཛ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཛཿ ཞེས་བྲིས་པ་དར་ནག་གིས་བཀླུབས་པ་བཀོད། གཡོན་ཕྱོགས་སུ་རི་རབ་བང་རིམ་བཞིའི་སྟེང་དུ་མར་མེ་ལྔ་ཕྱོགས་བཞི་དབུས་ལྔར་བཀོད་པའི་དབུས་མདུན་དུ་ཞལ་ཟས་གཉིས། མཚམས་བཞིར་བཞི། དེ་འོག་བང་རིམ་གསུམ་པོའི་ཕྱོགས་མཚམས་བརྒྱད་དུ་ལྷ་བཤོས་རེ་རེ་བཞག་པ་བཀོད། མདུན་རྒྱབ་ཅི་བདེ་བར། བ་དན། རྒྱལ་མཚན། སཱཙྪ་ནག་པོ། དུག་སྣ་དང་སྦྱར་བའི་ཐུན་རྫས། རཀྟ། ཡུངས་དཀར། ཕུར་བུ། མཚོན་ཆ་སྣ་ཚོགས་བཅས་བཀོད། མདུན་དུ་མཆོད་གཏོར་ཟུར་གསུམ་གཙོ་འཁོར་སུམ་ཅུ། གཡས་གཡོན་སྨན་རཀ །དྲག་མཆོད་གཡོན་སྐོར་དུ་བཤམ་མོ། །གཉིས་པ་དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གཞུང་ལས། བདག་བསྐྱེད་ཆེ་མཆོག་དབུ་དགུ་དམིགས་བསལ་དུ་བསྟན་པས་ལས་བྱང་བདེ་རོལ་གཏང་ན་བསྐྱེད་རྫོགས་འབྲིང་པོའི་མངོན་རྟོགས་སྦྱར་ལ་བཟླས་པ་སྟོང་ཚིགས་ཡན་གྲུབ་པར་བྱ། དེ་ནས། གཞུང་ལས། དེ་ནས་ལྷ་རྣམས་བསྐྱེད་ནས་སུ༔ མཆོད་བསྟོད་རྫོགས་པར་བྱས་ནས་ནི༔ དམ་ཅན་དྲག་ཏུ་བསྐུལ་བར་བྱ༔ ཤེལ་དང་ཙ་ར་ཤེལ་གོང་གིས༔ མངའ་གསོལ་སྐོང་ཆེན་བྱས་ནས་ནི༔ ཐོ་རངས་སྐྱ་རེངས་ཤར་བ་ལ༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་གསུངས་པས། ཐོག་མར་བསྐྱེད་ཆོག་མདོར་བསྡུས་པ་ནི། ཤཱུནྱ་ཏཱས་བསང་། སྟོང་པའི་ངང་ལས། མདུན་དུ་ཡཾ་རཾ་བཾ་ཁཾ་ཀིཾ་རྣམས་ལས་བྱུང་བའི་འབྱུང་བཞི་ཀེང་རུས་ཀྱི་རི་རབ་རྣམས་རིམ་པར་བརྩེགས་པའི་སྟེང་དུ། བྷྲཱུྃ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དྲག་པོའི་རྒྱན་དང་བཀོད་པ་ཚད་མེད་པ་འཇིགས་སུ་རུང་བ་དང་ལྡན་པའི་དབུས་གྲུ་གསུམ་མཐིང་ནག་གི་ལྟེ་བར་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ། ཡི་གེ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཆེན་དྲེགས་པ་ཀུན་འདུལ་མཐིང་ནག་ཞལ་གསུམ་གཡས་སེར་གཡོན་སྨུག །ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་བྷནྡྷ། འོག་མའི་གཡས་གཉིས་ལྷ་བརྒྱད་དང་གཡོན་གཉིས་ཀླུ་བརྒྱད་མགོ་བོ་བསྣམས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྗིད་ཅིང་ཞབས་བརྐྱང་བསྐུམ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། ཡུམ་ཁམས་གསུམ་སྤྱི་འདུལ་མཐིང་ནག་ཁ་ཊྭཱཾ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཡས་གཡོན་མདུན་དུ་དཔལ་གསང་བའི་བདག་པོ་དབང་ཆེན་རྟ་མགྲིན་རྡོ་རྗེ་སེམས་དཔའ་རྣམས་དང་། རྒྱས་པའི་གྲུ་ཆད་ལ་ཤཱཀྱ་སེངྒེ་སྟེ་གཉེན་པོ་སྟོབས་ཀྱི་ལྷ་རྣམས་བཞུགས་པའོ། །དཔལ་ཆེན་པོ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཡི་གེ་ཛཿགཉིས་སྒྲ་དྲག་པོ་དང་བཅས་པ་འཕྲོས་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ཞིང་འཁྲུགས་པའི་ཆོ་འཕྲུལ་ལས་སྟེང་འོག་གཉིས་སུ་ཡ་ཡིག་མཐིང་ནག་འོད་འབར་བ་རེ་བྱུང་། དེ་གཉིས་འབར་བའི་བར་ཁྱམས་ཀྱི་ནང་ངོས་སུ་བབས་ནས་ཕྲུགས་ཀྱིས་འདྲེས་པ་ལས་ཨཱེཿཡིག་མཐིང་ནག་ཏུ་གྱུར། དེ་ལས་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཡབ་ཡུམ་གཉིས་སུ་གྱུར་པ་ནི། དབང་ཕྱུག་མ་ཧཱ་དེ་བ་མཐིང་ནག་གྲི་གུག་དང་ཙིཏྟ་ཐོགས་ཤིང་བེར་ནག་གསོལ་ནས་སེང་གེ་ལ་འཆིབ་པ། ཡུམ་ཨུ་མ་དེ་བཱི་ལྗང་ནག་ཁ་ཊྭཱཾ་དང་ཐོད་ཁྲག་ཐོགས་ཤིང་བེར་ལྗང་ནག་གྱོན་ནས་གླང་ཆེན་ལ་ཞོན་པ། དེ་གཉིས་ཀྱི་ཐུགས་ཀ་ནས་དྲེགས་པ་སོ་སོའི་ས་བོན་ཁྱམས་ཀྱི་ཕྱོགས་བཞི་དང་སྒོ་བཞིར་འཕྲོས་པ་ལས་ཁྱམས་སུ་དྲེགས་པའི་སྡེ་དཔོན་ཉེར་བཞི། སྒོ་བཞིར་སྲིད་པའི་དབང་ཆེན་སྡེ་བཞི་རྣམས་རང་རང་གི་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་ཤིང་འཁོར་བྱེ་བ་གྲངས་མེད་པ་དང་བཅས་ཏེ་འཁོད་པ། སོ་སོའི་ཐུགས་ཀར་རང་སྲོག་ས་བོན་གྱིས་མཚན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་དང་དྲེགས་པ་གཙོ་དང་གཡོག་ཏུ་བཅས་པ་རྣམས་རང་རང་གི་གནས་ནས་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་པ་ཙམ་གྱིས་གསལ་བཏབ་ལ། སྤྱན་འདྲེན་མཆོད་བསྟོད་ཕྲིན་ལས་བཅོལ་བའི་ལས་རིམ་རྣམས་གཏེར་ཁ་འོག་མ་གསང་རྫོགས་ནས་འབྱུང་བ་ལྟ་བུ་ཞིག་གཏང་ན་ལེགས་སོ། །དེ་ནས་རང་ཉིད་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་དྲེགས་པ་རྣམས་ཀྱི་ས་བོན་ལ་ཕོག །སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ། ཅེས་བཟླ། མཐར་གཏོར་མ་འབུལ་ལ་འདོད་དོན་གསོལ། བཀའ་བརྒྱད་ཀྱི་ཚོགས་བསྒྲལ་བསྟབ་ཡན་གཏང་། སྤྲོ་ན་མདངས་སྐོང་ཆེ་ཆུང་གང་རུང་གི་དྲེགས་པའི་སྐོང་བའང་གཏང་ངོ་། །དེ་ནས་ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་བྱ། དམ་ལྡན་འོས་སུ་གྱུར་པའི་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་བ་ལ་མེད་དུ་མི་རུང་བ་མཐུ་རྩལ་ཆེ་ཞིང་ཕྲིན་ལས་མྱུར་བའི་འཇིག་རྟེན་གྱི་དྲེགས་པ་སངས་རྒྱས་ཀྱི་ཞལ་མཐོང་ཞིང་རྡོ་རྗེ་འཛིན་པའི་དམ་ལ་གནས་པ་རྣམས་ཡིན་ལ། འཇིག་རྟེན་དེ་དག་ནི་གཙོ་བོར་མཆོད་དང་བསྟོད་པས་འགྲུབ་པ་སྟེ། འདིར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ལས་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་འདུས་ཤིང་ཚོགས་པ་འདི་རྣམས། ངོ་བོ་གསང་བདག་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ལས་ཤར་བ་ཤ་སྟག་ཡིན་ཅིང་། རྣམ་པ་དཔལ་ཆེན་ཧེ་རུ་ཀའི་བཀའ་ལ་སྡོད་ཅིང་ཐ་ཚིག་གཉན་པོའི་གཡར་དམ་ཅན་འཇིག་རྟེན་དྲེགས་པ་ཡོངས་ཀྱི་སྡེ་དཔོན་གྱི་ཚུལ་དུ་གནས་པས་འགྲན་ཟླ་དང་བྲལ་བའི་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་ཡིན་ཏེ། གཞུང་ལས། རྒྱལ་པོ་དེད་དཔོན་སུམ་ཅུ་ཡིན༔ གཞན་མ་ཐམས་ཅད་བྲན་གཡོག་ཡིན༔ དེད་དཔོན་སུམ་ཅུ་བསྒྲུབ་པས་ན༔ ལྷ་སྲིན་སྡེ་བརྒྱད་འགྲུབ་འགྱུར་ཏེ༔ དཔེར་ན་རྒྱལ་པོ་སྤྱན་དྲངས་ན༔ འཁོར་རྣམས་སྤྱན་དྲངས་མ་དགོས་ཡོང༔ དཔེར་ན་རྒྱལ་པོ་མཉེས་པ་ན༔ འཁོར་ལ་སོགས་པ་གཞན་མཉེས་འདྲ༔ དཔེར་ན་རྒྱལ་པོར་ལས་བཅོལ་ན༔ འཁོར་ལ་སོགས་པ་ལས་བྱེད་འདྲ༔ དཔེར་ན་རྒྱལ་པོ་བཙོན་བཟུང་ན༔ འཁོར་རྣམས་མངའ་འོག་འདུས་པ་འདྲ༔ དེས་ན་དེད་དཔོན་གཅེས་པར་སྟེན༔ ཅེས་གསུངས་ཤིང་། དེ་ལྟ་བུའི་སྒྲུབ་ཐབས་ཟབ་མོ་འདིའང་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ཐམས་ཅད་ཀྱི་གཙོ་བོ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྡེ་ལས་བྱུང་བ་སྟེ། དེ་དང་འབྲེལ་པའི་དྲེགས་པ་མཐུའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཚོན་ཆ་སོགས་ཀྱི་མཎྜལ་ཕུལ། བླ་མ་དཔལ་ཆེན་ཁྲག་འཐུང་དངོས་སུ་གསལ་བ་ལ་དད་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་བསྟན་པ་བསྲུང་བའི་ཕྱིར༔ བདེ་བར་གཤེགས་པའི་བཀའ་སྐྱོང་ཕྱིར༔ དྲེགས་པ་མཐུ་ཡི་དབང་ཞིག་ཞུ༔ ལན་གསུམ། སློབ་དཔོན་གྱིས། བུ་ ཚུར་ཤོག་སྐལ་ལྡན་རིགས་ཀྱི་བུ༔ བསྟན་པ་བསྲུང་བར་དགོངས་པ་ལེགས༔ དྲེགས་པ་མཐུ་ཡི་དབང་བསྐུར་གྱི༔ སངས་རྒྱས་བསྟན་པ་བསྲུང་བར་གྱིས༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་མ་ལུས་པས་བསྐོར་ནས་མངོན་སུམ་བཞུགས་པའི་སྤྱན་སྔར། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པས་གསག་སྦྱོང་སྤེལ་གསུམ་བྱ་བའི་བློས་ཚིག་དང་མཐུན་པའི་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ དེང་ཕྱིན་ཆད་གསང་སྔགས་སྤྱི་དང་དྲེགས་པ་སྒོས་ཀྱི་དམ་ཚིག་ལ་ཚུལ་བཞིན་དུ་གནས་པར་གྱིས་ཤིག །ཅེས་གདམས། དེ་ནས་འདི་སྐད་བརྗོད། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ཡིས༔ ཇི་ལྟར་དམ་ལ་བཏགས་པ་བཞིན༔ དེ་ཡི་རྗེས་སྒྲུབ་བདག་ཡིན་པས༔ ས་མ་ཡ་ལས་མ་འདའ་དབང་ཞིག་སྐུར༔ སུམ་ཅུ་རྩ་གསུམ་གནས་དག་ཏུ༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་གིས༔ ཇི་ལྟར་དམ་ལ་བཏགས་པ་བཞིན༔ དེ་ཡི་རྗེས་སྒྲུབ་བདག་ཡིན་པས༔ ས་མ་ཡ་ལས་མ་འདའ་དབང་ཞིག་སྐུར༔ བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་དམ་ལ་བཏགས་པ་བཞིན༔ དེ་ཡི་རྗེས་སྒྲུབ་བདག་ཡིན་པས༔ ས་མ་ཡ་ལས་མ་འདའ་དབང་ཞིག་སྐུར༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དབང་ཕྱུག་ཆེན་པོས་དབང་དང་དངོས་གྲུབ་སྩོལ༔ ཨུ་མ་དེ་བཱིས་ལྷ་མོའི་དངོས་གྲུབ་སྩོལ༔ གཤིན་རྗེས་དྲེགས་པའི་དངོས་གྲུབ་སྩོལ༔ མ་མོས་མ་རིག་བསལ་བའི་དངོས་གྲུབ་སྩོལ༔ སྔགས་སྲུང་བསྟན་པ་སྲུང་བའི་དངོས་གྲུབ་སྩོལ༔ བདུད་རྣམས་གིང་ཆེན་བཙན་དང་ནི༔ རྒྱལ་པོས་ཀུན་གྱིས་བཀུར་བའི་དངོས་གྲུབ་སྩོལ༔ གིང་གིས་གིང་ཚོགས་སྒྲོལ་བའི་དངོས་གྲུབ་སྩོལ༔ དགྲ་ལྷས་དགྲ་རྣམས་འདུལ་བའི་དངོས་གྲུབ་སྩོལ༔ གཟའ་ཡིས་བྱེད་ཏིང་ཡོངས་ཁྱབ་དངོས་གྲུབ་སྩོལ༔ སྲིན་པོས་དགྲ་བོ་གསོད་པའི་དངོས་གྲུབ་སྩོལ༔ གནོད་སྦྱིན་གཏེར་ལྡན་ནོར་གྱི་དངོས་གྲུབ་སྩོལ༔ འགོང་པོས་འགོང་ཞིང་སྲུང་བའི་དངོས་གྲུབ་སྩོལ༔ རུ་དྲས་གདུག་པ་འདུལ་བའི་དངོས་གྲུབ་སྩོལ༔ དམུ་ཡིས་ཚེ་རིང་དམུ་ཡི་དངོས་གྲུབ་སྩོལ༔ མུ་སྟེགས་དྲག་བཙན་ཆེ་བའི་དངོས་གྲུབ་སྩོལ༔ ལྷ་ཡིས་མགོན་ཞིང་བཙུན་པའི་དངོས་གྲུབ་སྩོལ༔ སྨན་གྱིས་གཟི་མདངས་ཆེ་བའི་དངོས་གྲུབ་སྩོལ༔ མ་སང་དཔའ་རྩལ་ཆེ་བའི་དངོས་གྲུབ་སྩོལ༔ བཙན་རྣམས་བཙན་དར་ཆེ་བའི་དངོས་གྲུབ་སྩོལ༔ གནམ་ཐེའུ་རྫུ་འཕྲུལ་ཆེ་བའི་དངོས་གྲུབ་སྩོལ༔ འགོང་པོས་མྱུར་མགྱོགས་ཆེ་བའི་དངོས་གྲུབ་སྩོལ༔ བགེགས་ཀྱིས་དགྲ་བགེགས་འདུལ་བའི་དངོས་གྲུབ་སྩོལ༔ མཁའ་འགྲོས་བྱིན་རླབས་ལྡན་པའི་དངོས་གྲུབ་སྩོལ༔ ཀླུ་བདུད་དྲག་རྩལ་ཆེ་བའི་དངོས་གྲུབ་སྩོལ༔ ས་མ་ཡ་སཏྭཾ༔ ནང་མཆོད་བདུད་རྩི་རང་གིས་མྱང་། སློབ་མ་ལའང་སྦྱིན། ཐོག་མར་གཉེན་པོ་སྟོབས་ཀྱི་དབང་བསྐུར་བ་ལ། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལ་ཐིམ་པས་ཁྱེད་རང་ཡང་ལྷ་དེ་དག་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དངོས་སུ་གྲུབ་པར་མོས་ཤིག །དྲེགས་འདུལ་སོགས་ཀྱི་སྐུ་རྣམས་རིམ་བཞིན་སྤྱི་བོར་བཞག་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཁྲོ་གཏུམ་གདུག་པ་ཅན༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བདེ་གཤེགས་ཁྱོད་ཀྱི་བྱིན་རླབས་ཀྱིས༔ དྲེགས་པ་དབང་དུ་སྡུད་པར་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཨ་ཨཱ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་དབང་ས་མ་ཡ་ལྷན༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་དབང་ས་མ་ཡ་སཏྭཾ༔ མཐུ་སྟོབས་ཕྱག་ན་རྡོ་རྗེ་ཡིས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བདེ་གཤེགས་ཁྱོད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རི་ཤོ་ན་དབང་ཨ་ཨཱ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རི་ཤོ་ན་དབང་ས་མ་ཡ་ལྷན༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རི་ཤོ་ན་དབང་ས་མ་ཡ་སཏྭཾ༔ ཧྲཱི༔ དབང་ཆེན་རྟ་མགྲིན་དབང་གི་ལྷ༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བདེ་གཤེགས་ཁྱོད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཧྲཱིཿཔདྨ་ཏ་ཀྲྀཏ་དབང་ཨ་ཨཱ༔ ཧྲཱིཿཔདྨ་ཏ་ཀྲྀཏ་དབང་ས་མ་ཡ་ལྷན༔ ཧྲཱིཿཔདྨ་ཏ་ཀྲྀཏ་དབང་ས་མ་ཡ་སཏྭཾ༔ རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བདེ་གཤེགས་ཁྱོད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་ཚེ་དབང་སྐུར༔ བྷ་ག་བཱན་ཏ་ཐཱ་ག་ཏ་དབང་ཨ་ཨཱ༔ བྷ་ག་བཱན་ཏ་ཐཱ་ག་ཏ་དབང་ས་མ་ཡ་ལྷན༔ བྷ་ག་བཱན་ཏ་ཐཱ་ག་ཏ་དབང་ས་མ་ཡ་སཏྭཾ༔ དེ་ལྟར་དབང་བསྐུར་པས་ཁྱེད་རང་ཡང་སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ། དཔལ་ཆེན་དྲེགས་པ་ཀུན་འདུལ་མཐིང་ནག་སོགས་གོང་གི་མངོན་རྟོགས་ལྟར་ལ། མཉམ་པར་སྦྱོར་བ། ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པ་ལ། དྲེགས་པའི་སྡེ་དཔོན་རྣམས་རེ་རེ་བཞིན་དུ་གཏད་པས་སོ་སོའི་སྲོག་ལ་དབང་སྒྱུར་བའི་དྲག་པོ་མཐུའི་དབང་བསྐུར་རྫོགས་པར་གྱུར་པའི་མོས་པ་མཛོད་ཅིག །དྲེགས་པའི་སྡེ་དཔོན་ཙཀླི་རྣམས་གཏད་ལ། ཧཱུྃ༔ ལྷ་སྲིན་སྡེ་བརྒྱད་དབང་བསྐུར་གཙོ་བོ་སྟེ༔ དབང་ཕྱུག་མ་ཧཱ་དེ་བ་དང༔ བཙུན་མོ་ཨུ་མ་དེ་བཱི་གཉིས༔ ཡབ་ཡུམ་སྲས་དང་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་སྐུར་བས༔ ཡབ་ཡུམ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ མ་ཧཱ་དེ་བ་ཨེ་ཨུ་མ་དེ་བཱི་ཨེ་དབང་ཨ་ཨཱ༔ མ་ཧཱ་དེ་བ་ཨེ་ཨུ་མ་དེ་བཱི་ཨེ་དབང་ས་མ་ཡ་ལྷན༔ མ་ཧཱ་དེ་བ་ཨེ་ཨུ་མ་དེ་བཱི་ཨེ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་གཤིན་རྗེའི་གཙོ་བོ་སྟེ༔ འཆི་བདག་གཤིན་རྗེ་ནག་པོ་དང༔ སྐྱེ་འགྲོ་སྲོག་གི་བདག་མོ་ནི༔ ཡབ་ཡུམ་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ ཡབ་ཡུམ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཡ་མ་ཡ་མ་མ་རུ་ལུ་དབང་ཨ་ཨཱ༔ ཡ་མ་ཡ་མ་མ་རུ་ལུ་དབང་ས་མ་ཡ་ལྷན༔ ཡ་མ་ཡ་མ་མ་རུ་ལུ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་མ་མོའི་གཙོ་མོ་སྟེ༔ སྲིད་པའི་རྒྱལ་མོ་བློན་མོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ མ་མོ་ཁྱོད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ མ་མ་རུ་ལུ་མ་དབང་ཨ་ཨཱ༔ མ་མ་རུ་ལུ་མ་དབང་ས་མ་ཡ་ལྷན༔ མ་མ་རུ་ལུ་མ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་སྔགས་སྲུང་གཙོ་བོ་སྟེ༔ ཨེ་ཀ་ཛཱ་ཊི་བློན་མོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ སྔགས་སྲུང་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཨེ་ཀ་ཙཱ་ཏི་ཏྲག་དབང་ཨ་ཨཱ༔ ཨེ་ཀ་ཙཱ་ཏི་ཏྲག་དབང་ས་མ་ཡ་ལྷན༔ ཨེ་ཀ་ཙཱ་ཏི་ཏྲག་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་བདུད་ཀྱི་གཙོ་བོ་སྟེ༔ བདུད་པོ་སྐོས་རྗེ་བྲང་དཀར་དང༔ བདུད་མོ་ནག་མོ་རེ་མ་ཏཱི༔ ཡབ་ཡུམ་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ ཡབ་ཡུམ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ དུ་ཁྲག་དུ་དུནྟིཾ་དུ་དབང་ཨ་ཨཱ༔ དུ་ཁྲག་དུ་དུནྟིཾ་དུ་དབང་ས་མ་ཡ་ལྷན༔ དུ་ཁྲག་དུ་དུནྟིཾ་དུ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་རྒྱལ་པོ་ཀུན་གྱི་གཙོ༔ པེ་དཀར་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་སྐུར་བས༔ རྒྱལ་པོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ རཱ་ཛ་ཙ་དབང་ཨ་ཨཱ༔ རཱ་ཛ་ཙ་དབང་ས་མ་ཡ་ལྷན༔ རཱ་ཛ་ཙ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་གིང་གི་གཙོ་བོ་སྟེ༔ སྲོག་བདག་ཚངས་པ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ སྲོག་བདག་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ གིང་ཀ་ར་ཏྲི་དབང་ཨ་ཨཱ༔ གིང་ཀ་ར་ཏྲི་དབང་ས་མ་ཡ་ལྷན༔ གིང་ཀ་ར་ཏྲི་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་དགྲ་ལྷའི་གཙོ་བོ་སྟེ༔ སྐུ་ལྷ་གསང་བ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ དགྲ་ལྷ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ བཛྲ་སཱ་དྷུ་ཏྲི་དབང་ཨ་ཨཱ༔ བཛྲ་སཱ་དྷུ་ཏྲི་དབང་ས་མ་ཡ་ལྷན༔ བཛྲ་སཱ་དྷུ་ཏྲི་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་གཟའ་ཡི་གཙོ་བོ་སྟེ༔ ཁྱབ་འཇུག་ཆེན་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ གཟའ་བདུད་ཁྱོད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ རཱ་ཧུ་ལ་རཱ་དབང་ཨ་ཨཱ༔ རཱ་ཧུ་ལ་རཱ་ས་མ་ཡ་ལྷན༔ རཱ་ཧུ་ལ་རཱ་ས་མ་ཡ་སཏྭཾ༔ སྣང་སྲིད་སྲིན་པོའི་གཙོ་བོ་སྟེ༔ སྲིན་པོ་ནག་པོ་གློག་ཕྲེང་དང༔ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ ཡབ་ཡུམ་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ སྲིན་པོ་ནག་མོའི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ རཀྴ་ར་རཀྨོ་ར་དབང་ཨ་ཨཱ༔ རཀྴ་ར་རཀྨོ་ར་དབང་ས་མ་ཡ་ལྷན༔ རཀྴ་ར་རཀྨོ་ར་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་གནོད་སྦྱིན་གཙོ་བོ་སྟེ༔ གནོད་སྦྱིན་ཡག་ཤ་མེ་དབལ་དང༔ གནོད་སྦྱིན་མོན་མོ་ནག་མོ་དང༔ ཡབ་ཡུམ་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ གནོད་སྦྱིན་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཡཀྴ་ཀྵ་ཡཀྨོ་ཀྵ་དབང་ཨ་ཨཱ༔ ཡཀྴ་ཀྵ་ཡཀྨོ་ཀྵ་དབང་ས་མ་ཡ་ལྷན༔ ཡཀྴ་ཀྵ་ཡཀྨོ་ཀྵ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་མགོན་པོའི་གཙོ་བོ་སྟེ༔ མ་ཧཱ་ཀཱ་ལ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ མགོན་པོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ མ་ཧཱ་ཀཱ་ལ་ཀྵིཾ་དབང་ཨ་ཨཱ༔ མ་ཧཱ་ཀཱ་ལ་ཀྵིཾ་དབང་ས་མ་ཡ་ལྷན༔ མ་ཧཱ་ཀཱ་ལ་ཀྵིཾ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་རུ་ཏྲའི་གཙོ་བོ་སྟེ༔ བན་ཆེན་རྡོ་རྗེ་བདུད་འདུལ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ རུ་ཏྲ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ རུ་ཏྲ་རྣྲྀ་དབང་ཨ་ཨཱ༔ རུ་ཏྲ་རྣྲྀ་དབང་ས་མ་ཡ་ལྷན༔ རུ་ཏྲ་རྣྲྀ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་དམུ་བདུད་གཙོ་བོ་སྟེ༔ ནག་པོ་བཀྲག་མེད་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ དམུ་བདུད་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ མུན་མུན་པ་དབང་ཨ་ཨཱ༔ མུན་མུན་པ་དབང་ས་མ་ཡ་ལྷན༔ མུན་མུན་པ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་མུ་སྟེགས་གཙོ་བོ་སྟེ༔ ཀཱ་ལ་ནག་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ མུ་སྟེགས་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཏིར་ཏི་ཀ་ཐ་དབང་ཨ་ཨཱ༔ ཏིར་ཏི་ཀ་ཐ་དབང་ས་མ་ཡ་ལྷན༔ ཏིར་ཏི་ཀ་ཐ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་ལྷ་རྣམས་གཙོ་བོ་སྟེ༔ ལྷ་རབས་ཤམ་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ ལྷ་ཆེན་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ དེ་བ་ཨ་དབང་ཨ་ཨཱ༔ དེ་བ་ཨ་དབང་ས་མ་ཡ་ལྷན༔ དེ་བ་ཨ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་སྨན་གྱི་གཙོ་བོ་སྟེ༔ ཐོག་གི་བུ་ཡུག་བྲན་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ སྨན་མོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཨ་སེ་ལ་ཨ་དབང་ཨ་ཨཱ༔ ཨ་སེ་ལ་ཨ་དབང་ས་མ་ཡ་ལྷན༔ ཨ་སེ་ལ་ཨ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་མ་སངས་གཙོ་བོ་སྟེ༔ སྤྱི་བདུད་གུ་རུམ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ མ་སངས་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཏིག་སྣ་འདྲེ་རུཾ་ཙམ་དབང་ཨ་ཨཱ༔ ཏིག་སྣ་འདྲེ་རུཾ་ཙམ་དབང་ས་མ་ཡ་ལྷན༔ ཏིག་སྣ་འདྲེ་རུཾ་ཙམ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་བཙན་རྣམས་གཙོ་བོ་སྟེ༔ བྲག་བཙན་དམར་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བཙན་རིགས་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཨ་བི་ཤུ་ཀྵུ་དབང་ཨ་ཨཱ༔ ཨ་བི་ཤུ་ཀྵུ་དབང་ས་མ་ཡ་ལྷན༔ ཨ་བི་ཤུ་ཀྵུ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་ཐེའུ་རང་གཙོ་བོ་སྟེ༔ གནམ་ཐེའུ་དཀར་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ ཐེའུ་རང་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཏྲི་པ་ཤ་ལ་ཏྲི་དབང་ཨ་ཨཱ༔ ཏྲི་པ་ཤ་ལ་ཏྲི་དབང་ས་མ་ཡ་ལྷན༔ ཏྲི་པ་ཤ་ལ་ཏྲི་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་འགོང་པོའི་གཙོ་བོ་སྟེ༔ ཡམ་ཤུད་དམར་པོ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ འགོང་པོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཧཾ་ཤཾ་ཏྲི་དབང་ཨ་ཨཱ༔ ཧཾ་ཤཾ་ཏྲི་དབང་ས་མ་ཡ་ལྷན༔ ཧཾ་ཤཾ་ཏྲི་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་བགེགས་རྣམས་གཙོ་བོ་སྟེ༔ བི་ནཱ་ཡ་ཀ་བློན་པོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ བགེགས་རྒྱལ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ བི་ནཱ་ཡ་ཀ་ཨུ་དབང་ཨ་ཨཱ༔ བི་ནཱ་ཡ་ཀ་ཨུ་དབང་ས་མ་ཡ་ལྷན༔ བི་ནཱ་ཡ་ཀ་ཨུ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་མཁའ་འགྲོའི་གཙོ་བོ་སྟེ༔ ནག་མོ་མགྱོགས་བྱེད་བློན་མོར་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ མཁའ་འགྲོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ཌཱ་ཀི་ནཱི་མཾ་དབང་ཨ་ཨཱ༔ ཌཱ་ཀི་ནཱི་མཾ་དབང་ས་མ་ཡ་ལྷན༔ ཌཱ་ཀི་ནཱི་མཾ་དབང་ས་མ་ཡ་སཏྭཾ༔ སྣང་སྲིད་ཀླུ་དང་ཀླུ་མོ་ཀུན་གྱི་གཙོ༔ ཀླུ་བདུད་ནག་པོ་མགོ་དགུ་ཁྱོད༔ ཀླུ་མོ་ཡཀྴ་ནག་མོ་ནི༔ ཡབ་ཡུམ་བློན་པོ་འཁོར་དང་བཅས༔ དེ་རིང་མཐུ་ཡི་དབང་བསྐུར་བས༔ ཡབ་ཡུམ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་ལ་མཐུ་དབང་སྐུར༔ ནཱ་ག་རཱ་ཛ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཕུ་དབང་ཨ་ཨཱ༔ ནཱ་ག་རཱ་ཛ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཕུ་དབང་ས་མ་ཡ་ལྷན༔ ནཱ་ག་རཱ་ཛ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཕུ་དབང་ས་མ་ཡ་སཏྭཾ༔ དེས་དབང་གི་དངོས་གཞི་སོང་ནས་མཐའ་རྟེན་དུ་རྟེན་སྒྲུབ་མཆོད་བསྟོད་ལས་སྦྱོར་གྱི་རྫས་རྣམས་བྱིན་པས་ལས་དེ་དང་དེ་དག་ལ་མངའ་དབང་འབྱོར་པར་མོས་ཤིག །བྷནྡྷ་གཏད་ལ། ཡང་དག་གསང་བའི་ཐོད་པ་ནི༔ སྡེ་བརྒྱད་ཕོ་བྲང་གནས་དང་རྟེན༔ བནྡྷ་འདི་ཡིས་དབང་བསྐུར་བས༔ སྡེ་བརྒྱད་ལས་ལ་འགྱེད་པར་ཤོག༔ རི་རབ་གཏད་ལ། ལྷ་བཤོས་བཞི་བརྩིགས་མར་མེ་ལྔ༔ སྲིད་པ་གསུམ་དང་མཉམ་པའི་རི་རབ་ལྷུན་པོ་སྟེ༔ སྡེ་བརྒྱད་མཉེས་ནས་དབང་ཐོབ་ཤོག༔ རི་རབ་གླིང་བཞིར་བཅས་པ་འདི༔ སྐུ་རྟེན་འདི་ཡིས་དབང་བསྐུར་བས༔ རང་དབང་མེད་པར་འདུས་པར་ཤོག༔ བ་དན་གཏད། བ་དན་རིང་པོ་སྐུ་ཡི་རྒྱན༔ བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔ དར་ལྕེ་མང་པོ་པུ་རུ་རུ༔ ཡང་དག་རྒྱན་དང་ལྡན་པར་ཤོག༔ རྒྱལ་མཚན་གཏད་ལ། རྒྱལ་མཚན་མངའ་ཐང་ལོངས་སྤྱོད་རྒྱས༔ བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔ སཱཙྪ་གཏད། དྲག་པོའི་མཆོད་རྟེན་འདི་བྱིན་པས༔ སྡེ་བརྒྱད་འདུལ་བའི་དབང་ཐོབ་ཤོག༔ དུག་ཐུན་གཏད། གདུག་པ་སྣ་ཚོགས་སྦྱོར་བའི་རྫས༔ སྔགས་པའི་ཕོ་ཉ་གདུག་པའི་ནད༔ མཚོན་ཆ་གདུག་པའི་དབལ་ཅན་དུ༔ དྲག་པོའི་ལས་རྣམས་འགྲུབ་པར་ཤོག༔ རཀྟ་གཏད། ཆགས་པ་བསྒྲལ་བའི་རཀྟ་འདི༔ གསོད་པ་མཚོན་ཆ་མ་མོའི་ནད༔ སྔགས་ཀྱི་དམོད་མོ་འགྲུབ་པར་ཤོག༔ ཡུངས་དཀར་གཏད། ཡུངས་དཀར་རྒྱལ་པོ་དྲང་སྲོང་མདའ༔ སྔགས་པའི་ཕོ་ཉ་གསོད་པའི་མདའ༔ མཚོན་དང་དུག་གི་དབལ་ཡིན་པས༔ ལས་རྣམས་མ་ལུས་འགྲུབ་པར་ཤོག༔ ཕུར་བུ་གཏད་། སྔགས་པ་ཐལ་འབྱིན་ཕུར་པ་འདི༔ སྔགས་པའི་མཚོན་ཆ་ཕུར་པའི་དབལ༔ དགྲ་བགེགས་གདུག་པ་སྒྲོལ་བར་ཤོག༔ མཚོན་ཆ་གཏད་ལ། སྐྱེ་ཤི་རྩད་གཅོད་མཚོན་ཆ་འདི༔ ནད་དང་གདུག་པ་དབལ་ཅན་དུ༔ སྔགས་པའི་ཕོ་ཉ་གསོད་པའི་མཚོན༔ དགྲ་སྲོག་རྩད་ནས་གཅོད་པར་ཤོག༔ ཅེས་བསྐུར། དེ་ནས་ཤིས་པ་ཅི་རིགས་པ་བརྗོད། སྤྱི་འགྲོའི་མཚམས་སྦྱོར་བཅས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་བྱ། གསུམ་པ་རྗེས་ནི། སླར་ཡང་མཆོད་གཏོར་གསོས་ལ་འགྲུབ་ན་སྐོང་བ་བསྐྱར་ལ་བྱ། ཚོགས་ལ་རོལ་ཅིང་ལྷག་མ་གཏོར་སྐྱོང་སོགས་གྲུབ་ནས། གཏང་རག་མཆོད་བསྟོད་ནོངས་བཤགས་རྒྱས་པར་བྱ། དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་གྲུབ་བོ། །སྙིགས་དུས་སྔགས་མཁན་རིམ་གཉིས་སྒོམ་པ་དཀོན། །རྔ་གྱེར་བརྩོན་རྣམས་འདྲེ་གདོན་མི་མཆོད་པར། །དཀྱིལ་འཁོར་གཉན་པོའི་ལྷ་སྲུང་འདི་རྣམས་ལ། །མཆོད་ཅིང་བསྟོད་པས་རྒྱལ་ཁམས་བདེ་བྱེད་ཤོག །ཚུལ་འདིའང་བཀའ་བརྒྱད་དབང་མོ་ཆེའི་ཞར་བྱུང་ཙམ་དུ་རྫོགས་པར་མཛད་པས་དཀྱིལ་འཁོར་སྒྲུབ་མཆོད་སོགས་གཏེར་གཞུང་གི་དགོངས་པ་ཇི་བཞིན་མཛད་པ་དཀོན་པར་སྣང་བས། ཉེར་མཁོའི་སླད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྡོ་རྗེའི་རྫོང་ལྔ་འདུས་པའི་སྒྲུབ་ཆེན་བརྒྱད་ཀྱི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན་ (Volume 30, Text 25)

༄༅། །བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། དོན་དམ་སྣང་སྲིད་ཐམས་ཅད་ཀུན། །བདུད་རྩིའི་ངོ་བོར་རབ་བཏུད་ནས། །ཀུན་རྫོབ་འགྲོ་བ་དྲང་བའི་སླད། །འཆི་མེད་རྟག་པའི་བཅུད་ལེན་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་། གནས་གང་དུ་བྱ་བ། དུས་ནམ་གྱི་ཚེ་བྱ་བ། སྨན་གསག་ཅིང་སྦྱར་བ། ཡོ་བྱད་ཀྱི་གཤོམ་ཇི་ལྟར་འགོད་པའི་ཚུལ་ཏེ་བཞི་ལས། དང་པོ་གསུམ་ནི་མན་ངག་གི་ཡི་གེ་དང་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ལྟར་ཤེས་པར་བྱ་ལ། བཞི་པ་ནི། སྟེགས་བུའི་ཁར་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་སྟེང་ཐོད་པ་མཚན་ལྡན་དཔྲལ་བ་རང་ལ་བསྟན་པའི་ནང་བདུད་རྩི་ཆོས་སྨན་གྱིས་གཏམས་པའོ། །ཉུང་ངུ་ལས་མེད་ན་འབྲས་བུས་བཀང་བའི་སྟེང་དུ་ཆོས་སྨན་ཐུམ་བུ་བྱས་ལ་འཇུག །དར་དམར་གྱི་ཁ་གཅོད་དང་ཚོན་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས་ལ་འགོད། མཐར་ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་ཐམས་ཅད་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཁྲོལ་སྒྲུབ་ཁ་འགེངས་པའི་ལུགས་དང་། ཕྱེ་མ་རྐྱང་པ་བཤད་པའི་ལུགས་གཉིས་ལས། འདིར་ཕྱི་མ་ལྟར་བཤད་པ་ལ་རང་གི་ལྷག་པའི་ལྷའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་སྒྲུབ་རྫས་ཐ་མི་དད་པའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། བདག་རང་བཞིན་གྱི་དཀྱིལ་འཁོར་ལ་གནས་པས་མདུན་གྱི་སྒྲུབ་རྫས་ལ་དམིགས་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ཡིག་ལས། །རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་། །ཨ་ལས་མཚན་ལྡན་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེ་དཔྲལ་བ་རང་ལ་བསྟན། །དེ་དབུས་འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ། །བྱང་སེམས་སེངྒེའི་ཤ་དང་བཟང་པོ་དྲུག །དྲི་ཆེན་གླང་པོའི་ཤ་དང་ཛཱ་ཏི་ཤར། །ཤ་ཆེན་རྟ་མཆོག་ཤ་དང་ཀ་ཀོ་ལྷོ། །པད་རཱག་རྨ་བྱའི་ཤ་དང་ལི་ཤི་ནུབ། །དྲི་ཆུ་ཁྱུང་ཆེན་ཤ་དང་གུར་གུམ་བྱང་། །ཀུན་ཀྱང་ཁ་དོག་དྲི་རོ་ནུས་པར་ལྡན། །རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཀུན། །འོད་ཞུ་ཡོངས་སུ་གྱུར་ལས་ཕྱག་མཚན་བཅུ། །སོ་སོའི་ལྟེ་བར་ཧཱུྃཿཨོཾཿསྭཱཿཨཱཾཿཧཱཿ མཱུཾཿལཱཾཿམཱཾཿཔཱཾཿཏཱཾཿགྱིས་མཚན་པ་ལས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས། །འཁོར་འདས་ཀུན་གྱི་བཅུད་རྣམས་བསྡུས་ཏེ་ཐིམ། །སྐད་ཅིག་ཉིད་ལ་རིགས་ལྔ་ཡབ་ཡུམ་བཅུ། །ཟུང་འཇུག་བདེ་སྟོང་སྐུ་རུ་ལམ་གྱིས་གསལ། །ཞེས་བདུད་རྩི་རང་བཞིན་གྱི་དཀྱིལ་འཁོར་གསལ་བཏབ་ནས། བདུད་རྩིའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །དབྱུག་སྔོན་མི་གཡོ་འདོད་རྒྱལ་ཁམས་གསུམ་རྒྱལ། །སྟེང་འོག་གཉིས་སུ་ཧཱུྃ་མཛད་སྟོབས་པོ་ཆེ། །རང་རྟགས་མཚོན་ཆ་ཐོགས་ནས་རྔམ་བརྗིད་འབར། །འགྲོ་འདུལ་དཀྱིལ་འཁོར་ཆེན་པོའི་རྣམ་པར་གསལ། །དེ་སྟེང་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་གྱི། །དབུས་དང་ཕྱོགས་བཞིར་རིགས་ཀྱི་ཧེ་རུ་ཀ །ས་ནུ་རཀྴ་གུ་ཧྱ་བི་ཤྭ་དང་། །ཡཀྴ་ཁྲོ་རྒྱལ་མཐིང་སྨུག་སེར་དམར་ལྗང་། །གནག་པའི་མདངས་ཆགས་རིགས་ཀྱི་ཕྱག་མཚན་དང་། །དུང་ཁྲག་ཐོགས་པའི་ཡུམ་དང་མཉམ་པར་སྦྱོར། །དེ་སྟེང་མཁའ་དབྱིངས་དཀྱིལ་འཁོར་གནམ་ཞལ་མའི། །ཞབས་བཞི་ཕྱོགས་བཞིའི་ཁྲོ་བོའི་དབུ་སྟེང་བརྐྱང་། །སྐུ་མདོག་སྔོ་ནག་དབུ་དགུ་བཅོ་བརྒྱད་ཕྱག །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་པའི་འདུག་སྟངས་ཚུལ་གྱིས་བཞུགས་པ་ཡི། །བྷ་གར་ས་ནུ་ཧེ་རུ་ཀའི་དཔྲལ་བ། །ཕྱེད་ནུབ་ཙམ་ཆུད་གནམ་ཞལ་ཡུམ་གྱི་སྟེང་། །རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དཔལ་ཆེན་པོ། །ཆེ་མཆོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མའི་སྤྱན། །ནང་དུ་བཅུག་པའི་ཆེ་མཆོག་དབུའི་ནང་དུ། །རིགས་ལྔ་ཡབ་ཡུམ་འཇའ་ཚོན་ལྟ་བུར་བཀྲ །དབུ་གཙུག་རྟ་ཞལ་ངར་སྐད་ཕྱོགས་བཅུར་སྒྲོག །རྟ་མགྲིན་དབང་གི་དཀྱིལ་འཁོར་ཆེན་པོར་གསལ། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྤྲོས་པའི་མཆོད་པའི་རང་བཞིན་གྱིས། །བདུད་རྩིའི་སྟེང་གི་རིགས་ལྔ་ཡབ་ཡུམ་མཆོད། །ཐུགས་དམ་རྒྱུད་བསྐུལ་འོད་ཟེར་གོང་དུ་སྤྲོས། །འགྲོ་འདུལ་མཁའ་དབྱིངས་ཏ་ཀྲྀཏ་ཚེ་རྟའི་བར། །མས་རིམ་མཆོད་པས་དགྱེས་པ་བསྐྱེད་པའི་མཐར། །ཆེ་མཆོག་དབུ་ཡི་རིགས་ལྔ་ཡབ་ཡུམ་རྣམས། །མཆོད་ཅིང་ཚིམས་ནས་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་བྱིན་རླབས་དངོས་གྲུབ་བསྡུས། །ལྔ་ལྡན་འོད་དང་བདུད་རྩིའི་རྣམ་པར་བཀྲག །དུང་ཁང་ནང་གི་རིགས་ལྔའི་ཚངས་བུག་ཞུགས། །ཆེ་མཆོག་སྐུར་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། །ཡུམ་ཞལ་བབས་པ་མཁར་ཐོན་ས་ནུ་ཡི། །ཚངས་བུག་བབས་པ་བདུད་རྩིའི་ཟེགས་མ་རྣམས། །རིགས་བཞིའི་ཁྲོ་བོ་ཀུན་གྱི་སྐུ་ལ་ཕོག །ཁྲག་འཐུང་རིགས་ལྔའི་སྦྱོར་མཚམས་ནས་བརྒྱུད་དེ། ཁྲོ་བཅུར་ཕོག་པའི་བདུད་རྩི་ཐོད་པའི་ནང། །རིགས་ལྔ་ལས་བརྒྱུད་ཡབ་ཡུམ་སྦྱོར་མཚམས་ནས། །བབས་པས་བདུད་རྩིའི་རྒྱུན་དང་གཅིག་ཏུ་འདྲེས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལས། །འོད་ཟེར་འཕྲོས་པས་སྣོད་བཅུད་ཡོན་ཏན་རྣམས། །མཁའ་ལས་ཆར་ཆེན་འབེབ་པ་བཞིན་དུ་བཀུག །སྔར་བཞིན་ཡས་འབེབ་བདུད་རྩིའི་རྒྱུན་ཆེན་པོ། །ཆད་མེད་བབས་པས་བྱིན་གྱིས་བརླབས་པར་གྱུར། །ཅེས་བསམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་པ་རྩེ་གཅིག་ཏུ་བཟླ། ཐུན་བསྡུ་བ་ན། རྟ་མགྲིན་དབང་གི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་པར་གྱུར། །ཅེས་བསྡུས་ནས། དཀྱིལ་འཁོར་གྱི་ཉེར་བསྡུ་སོགས་རྗེས་ཆོག་རྣམས་དཀྱུས་ལྟར་བྱས་ལ། ཐུན་མཚམས་ཀྱི་ལྷར་ལང་། དེ་ལྟ་བུའི་རིམ་པས་ཐུན་ཕྱི་མ་གསུམ་ལའང་ལས་བྱང་རྫོགས་པ་རེ་བྱ། དེ་ལྟ་བུ་ཞག་གཅིག་བགྱིས་པའི་ཉིན་གཉིས་པ་ལ་གཞན་གོང་ལྟར་གྱི་ཐུན་རེར་ཆ་གཉིས་སུ་བགོས་པའི་ཕྱེད་ཉིན་སྔ་མ་བཞིན་ལས་དཀྱིལ་འཁོར་དྲུག་འོད་ཞུ་བགྱིས་རྗེས། མདུན་དུ་ཐོད་པར་བདུད་རྩི་འཁྱིལ་བ་ཡིས། །ཕྱག་གཉིས་ཉི་ཟླའི་ག་འུ་ཁ་སྦྱོར་འཛིན། །འཁོར་འདས་བཅུད་བསྡུས་དེ་ཡི་ནང་དུ་བསྐྱིལ། །ཕྱིར་འཛག་བདུད་རྩིའི་རྒྱུན་དང་འདྲེས་པར་གྱུར། །ཅེས་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་ནས་བསྡུ་བ་ནི། བདུད་རྩི་འཁྱིལ་བ་ཚེ་བཅུད་དང་བཅས་པ། །འོད་དུ་ཞུ་ནས་བདུད་རྩིར་ཐིམ་པར་གྱུར། །ཅེས་བརྗོད། ཉིན་གསུམ་པར་གཞན་གོང་ལྟར་ལ། ཐུན་རེར་ཆ་གསུམ་རེ་བགོས་པའི་གསུམ་པའི་ཚེ། རང་སྲོག་སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་བདུད་རྩིར་ཐིམ་པ་ལས། །དཀར་དམར་མདངས་ཆགས་འཆི་མེད་ཚེའི་བདུད་རྩི། །འཛད་མེད་ར་སཱ་ཡཱ་ན་ཆེན་པོར་གྱུར། །ཅེས་བརྗོད་ལ་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཡེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླའོ། །འདི་ནི་ཉི་མ་གསུམ་གྱི་དབང་དུ་བགྱིས་ཀྱི། གཞན་དུ་ཆ་བགོས་པའི་སྒྲུབ་ཚུལ་ཤེས་པས་བདུན་ཕྲག་གཅིག་དང་གསུམ་སོགས་ཇི་ལྟར་རིགས་པར་བསྒྲུབ་པར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་ཁར་གོང་གི་དཀྱིལ་འཁོར་དྲུག་པོ་བསྐྱེད་ཚིག་གིས་གསལ་མཐར་བཟླས་པ་ཅུང་ཟད་ཅིག་བགྱིས་ནས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱཿ ཅེས་ཅི་འགྲུབ་ཏུ་བཟླ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ཨ་མྲྀཏ་སིདྡྷི་ཧྲཱིཿཋཱཿ ཞེས་སྨན་ཐོད་བླངས་ནས་དཀྲིས་པའི་སྲད་བུ། བཛྲ་པྲ་ཝེ་ཤཱ་ཡ་ཕཊཿ ཅེས་པས་རིམ་པར་བཀྲོལ། ཁ་ཕྱེ་བས། སྨན་གྱི་དྭངས་མ་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་རློབ་པར་གྱུར། ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། ཐོད་པ་ཆང་གིས་བཀང་བར་བསྒྲུབས་མ་ཐག་པའི་ཕུར་མ་ནས་ཅུང་ཟད་བཏབ། གོང་གི་བདུད་རྩིའི་དཀྱིལ་འཁོར་བསྐྱེད་ཆོག་གི་གཤམ་དུ། རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་སྔགས་དང་བཅས་པས་བྱིན་གྱིས་བརླབས་ཏེ། རང་བྱུང་གདོད་ནས་དག་པའི་རྫས། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡཱ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཅེས་སོགས་ཀྱིས་མཚོན་ཏེ་རྩ་གསུམ་ལ་སྨན་མཆོད་རྒྱས་པར་ཕུལ། རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་སྟེ་བར་ཧཱུྃ་ཡིག་གིས་མཚན་པར་བསམ་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ནས་ལྕེ་ཐོག་ཏུ་བཞག །སྤྲོ་ན། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱོང་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་མྱང། རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་མཉམ་པར་གཞག །སླར་ཡང་མཐེབ་སྲིན་གྱིས་བདུད་རྩི་གནས་གསུམ་ཙམ་མམ། རྣ་བ་སྙིང་ཁ་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱ། །ཞེས་གསུངས་པ་ལྟར་བདུད་རྩིས་ཐིག་ལེ་གདབ། བཅང་ཚུལ་སོགས་རྒྱུད་དང་གྲུབ་པའི་མན་ངག་གིས་རྒྱ་ཆེར་ཕྱེས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་འབད་པས་ཡུལ་ཕྱོགས་བཀྲ་ཤིས་བྱིན་ཆེ་བ་དང་། རྣལ་འབྱོར་པ་ཉམས་རྟོགས་རྩལ་ཁ་ཕྱོགས་མེད་དུ་རྒྱས་པ་དང་། བདུད་རྩི་མཐོང་རེག་མྱོང་བ་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་སོགས་ཡོན་ཏན་མཐའ་ཀླས་པ་ཉིད་དོ། །མཆི༵་མེ༵ད་བདུད་རྩིའི་ཟིལ་མངར་གྱིས། །རྟག༵་པའི༵་ལང་ཚོ་རྒྱས་འདོད་པས། །རྡོ་རྗེའི་བཅུ༵ད་ལེན༵་འདི་བསྟེན་ན། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་འགྱུར། །བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་ཏེ་ལག་ཏུ་བླང་བའི་ཚུལ་ཉུང་གསལ་སྙིང་པོར་དྲིལ་བ་འདིའང་༧རིག་འཛིན་གཏེར་བདག་གླིང་པའི་གསུང་གི་རྗེས་སུ་འབྲང་ཏེ་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་བྲིས་པ་སརྦ་དཱ་སིདྡྷི་རསྟུ།། །།

འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ (Volume 18, Text 25)

༄༅། །འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ན་མོ་མ་ཧཱ་གུ་རུ་ཀྲོ་དྷ་རཱ་ཛ་ཡ་མཱ་རི་ཙ་ར་ཎཱ་ཡ། རྒྱལ་ཀུན་མཐུ་སྟོབས་ནུས་བྱིན་འདུས་པའི་དཔལ། །འཇམ་དབྱངས་གཟི་འོད་འབར་བའི་ཞུགས་ཆེན་གྱིས། །བདུད་ཚོགས་ཚང་ཚིང་གཅིག་ཅར་བསྲེགས་ནས་སླར། །ཕན་བདེ་ཡོངས་འདུ་བསྐྱེད་དེས་བཀྲ་ཤིས་སྩོལ། །ལོག་འདྲེན་འདུལ་ཕྱིར་མི་བཟད་ཁྲོ་ཆེན་པོ། །ཡང་དག་བདེ་ཆེན་དབྱིངས་སུ་རྟག་པར་ཞི། །ཞི་དང་ཁྲོ་འདུས་འཇམ་དཔལ་གདོད་མའི་མགོན། ཁྱེད་ལ་ཕྱག་འཚལ་རྟག་པར་བྱིན་གྱིས་རློབས། །གང་གི་སྒྲུབ་ཐབས་མདོར་བྱས་པ། །རྣལ་འབྱོར་གསལ་བ་མན་ངག་བཞིན། །འདི་རུ་བཀོད་ལ་འཇམ་དཔལ་གྱིས། །དགེ་ལེགས་ཉིད་དུ་དབུགས་དབྱུང་མཛོད། །དེ་ལ་ལྷག་པའི་ལྷ་འདི་ཉིད་ཀྱི་དབང་བསྐུར་བྱིན་རླབས་ཐོབ་ཅིང། དམ་ཚིག་ལ་བརྩོན་པའི་སྒྲུབ་པ་པོས་ཉམས་སུ་ལེན་པར་བྱ་སྟེ། དེ་ཡང་བསྙེན་སྒྲུབ་ཀྱི་ཐོག་མར། སྔོན་འགྲོ་གཏོར་མ་གཏང་བ་ནི། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ལན་གསུམ་གྱིས། བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བཏབ། གཏོར་མ་ཡ་མཱནྟ་ཀས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མཱ་ཡཥྚཱི། ཝ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲྀ །ཨཱི་ཤྭ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནིྱྱྀ་ཏྱེ་ན། ཝ་ཡ་ཝེ་ན། བྲཧྨཱ་ཡེ་ཧཱུྃ། བ་སུན་དྷཱ་ར་ཎ་ཡེ་ཕཊ། སརྦ་བྷཱུ་ཏེ་བྷྱོཿ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིས་ཕྱོགས་སྐྱོང་ལ་བསྔོས། ཨ་ཀཱ་རོ་གསུམ་མམ། བདུན་གྱིས་ས་ལྷ་གཞི་བདག་ལ་ཕུལ་ནས། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་སློང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་དོར་རོ། །བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་སྲུལ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་ཅིག་བཀའ་ལས་འདས། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །ཞེས་ཨ་ཀྲོ་དྷེ་ཀ་དང་། སུམ་བྷ་ནི་སོགས་དྲག་སྔགས་དྲག་ཏུ་བཟླ། རོལ་མོ་དང་བཅས། གུ་གུལ་བདུག །ཡུངས་དཀར་འཐོར་ལ་བགེགས་བསྐྲད་དོ། །ཕུར་བུ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཁྲོ་བོ་བགེགས་མཐར་བྱེད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཱཾ་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏེ་སརྦ་བིགྷྣཱན་ཀཱ་ཡ་ཝཱ་<!TCC Tibetan character 4,200 undefined in unicode!>ྨིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བགེགས་ཀྱི་སྤྱི་བོར་ཕུར་བུ་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཐོ་བས་བརྡུང་། ཕུར་བུ་ཁྲོ་བོ་ལས་འོད་ཟེར་འཕྲོས་ཏེ་བགེགས་ཀྱི་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བསྲུང་སྟེ། ཕུར་པ་དངོས་སུ་གདབ་ན་སྒྲུབ་པ་མ་གྲོལ་བར་དེ་ཚུན་ཆད་མཚམས་བཟུང་། ཡི་དམ་ལ་གཏོར་མ་འབུལ་སྐབས་ཡིད་ཀྱིས་ཕུར་པའི་ལྷ་ལ་ཡང་མཆོད་པའོ། །དེ་ནས་བསྙེན་པ་ལ། ནར་མ་རྒྱུན་གྱི་བསྙེན་པ་དང་། སྒྲུབ་པ་དུས་ཀྱི་བསྙེན་པ་གཉིས་སོ། །དང་པོ་ནར་མ་རྒྱུན་གྱི་བསྙེན་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། སྒོ་གསུམ་ལྷ་སྔགས་ཡེ་ཤེས་ནང་གི་རྣལ་འབྱོར་ཁོ་ནས་ཉམས་སུ་ལེན་པའོ། །ཐོག་མར་སྐྱབས་སུ་འགྲོ་བ་ནི། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ནི་མི་ཕྱེད་དད། །སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཚོགས་གསག་པ་ནི། ཡ་མཱནྟ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་སྙིང་གར་ཉི་སྟེང་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། མཁའ་ཁྱབ་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ བཛྲཱ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཚོགས་ཞིང་རྣམས་ཛཿཧཱུྃ་བཾ་ཧོཿས། །རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པར་བཞག །དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་སྒྱུ་མ་ལྟ་བུ་ལ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བར་བྱའོ། །དེ་ནས་སྲུང་འཁོར་ནི། སྟོང་པའི་ངང་ལས་སྐད་ཅིག་གིས། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་གཡས་སུ་འཁོར་བའི་ནང། དབུས་སུ་ཉི་མར། བྷྲཱུྃ་ལས་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། དབུ་སྟེང་གདུགས་དཀར་པོ་ཅན་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཕྱི་རིམ་རྩིབས་བཅུར་ཉི་སྟེང་ཧཱུྃ་ལས་ཁྲོ་བོ་བཅུ་ཐམས་ཅད་མཐིང་ནག་བེ་ཅོན་དང་ཞགས་པ་འཛིན་པ། འཁོར་ལོའི་ཕྱི་རོལ་དུ་རྡོ་རྗེའི་ས་གཞི་ར་གུར་དྲྭ་བ་བླ་བྲེ་དང་། དེའི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཕྱག་མཚན་སྣ་ཚོགས་ཀྱི་གུར་ཁང་དང་། མེ་དཔུང་རབ་ཏུ་འབར་བ། ནང་གི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཁྲོ་བོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་ཡི་དམ་དཔའ་བོ་མཁའ་འགྲོས་བསྐོར་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། དེ་ལ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དམ་ཚིག་པ་ལ་ཐིམ། ཡེ་ཤེས་དང་དབྱེར་མེད་འདྲེས། ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་སོ་སོ་ལ་སོ་སོས་དབུ་བརྒྱན། གཙོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད་འཕྲོས། ཁྲོ་བོ་རྣམས་ལ་ཕོག་པས་དེ་རྣམས་ཀྱིས་སྔགས་བཟླས། འཁོར་ལོ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་ཕྱེ་མ་དུམ་བུར་གྱུར་པར་བསམས་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀཱི་ཀ་ལོ་ཀོཏྟཱ་ར་ཡནྟྲ་མནྟྲ་པྲ་ཡོ་ག་དི་ནཱི་སརྦ་བི་ཥ་བིཙུརྞཱ་ཡ་བི་ཙུརྞཱ་ཡ། མ་མ་ཀྲི་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲི་ཏནྟ་ནི་ཀ་ནི་ཏ་ནི་སརྦ་བིགྷཱན། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཀཾ་པ་ཡ། ཀཾ་པ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭནྶ་ཡ་བི་དྷྭནྶ་ཡ། ཤ་ཏ་ས་ཧ་སྲ། སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ། ཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ་རཀྵ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ་ལ། རྗེས་གོང་བཞིན་མཆོད་བསྟོད་བྱ་སྟེ། དེ་སྲུང་བ་དམ་པའོ། །དེ་ནས་དངོས་གཞི་ཉམས་སུ་ལེན་པ་ལ། སྐུ་བསྐྱེད་པའི་རིམ་པ་ནི། སྲུང་བའི་འཁོར་ལོའི་དབུས་ཀྱི་གཙུག་ཏོར་འཁོར་ལོས་བསྒྱུར་བ་འོད་གསལ་དུ་བསྡུས། དེ་ནས་སྐད་ཅིག་གིས་སྲུང་འཁོར་དབུས་དེར། རྟེན་གཞལ་ཡས་ཁང་མེ་རི་རྡོར་ར་བཅས་པར། བརྟེན་པ་གཤིན་རྗེ་གཤེད་ལྷ་ལྔ་ཚིག་འདིས་གསལ་བཏབ་པ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ངང་བྷཱུྃ་ལས་གཞལ་ཡས་ཁང་། །ཕོ་བྲང་རྟ་བབ་སྒོ་ཁྱུད་བཅས། །ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར། །ཕྱི་བལྟས་རིན་ཆེན་གཞལ་ཡས་ཁང་། །མཛེས་ཤིང་ཡིད་འོང་འོད་ཟེར་འཕྲོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །འཇིགས་ཤིང་ཡ་ང་གཟི་བརྗིད་འབར། །རྒྱ་ཁྱོན་དབྱིངས་དང་མཉམ་པར་དམིགས། །དེ་དབུས་རྡོ་རྗེ་ཕ་ལམ་ལས། །གྲུབ་པའི་འཁོར་ལོ་རྩིབས་བཞི་ནི། །རྣོ་ངར་ལྡན་པ་གསལ་བའི་དབུས། །པདྨ་ཉི་མ་རོ་སྟེང་དུ། །ཐོད་དབྱུག་ཡ་ཡིས་མཚན་པ་ལས། །འོད་འཕྲོས་བདེ་གཤེགས་འཕགས་པ་མཆོད། །འགྲོ་དྲུག་སྐྱེ་འགྲོའི་སྒྲིབ་གཉིས་སྦྱངས། །བགེགས་དང་ལོག་འདྲེན་བར་ཆད་བཏུལ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་རིག་ཁྲོ་རྒྱལ་གཤིན་རྗེའི་སྐུ །དབྱར་ཁའི་ཆར་སྤྲིན་འཁྲིགས་འདྲའི་མདོག །ཞལ་གཅིག་ཕྱག་གཉིས་གཟི་བརྗིད་ཅན། །ཞལ་གདངས་མཆེ་གཙིགས་རྐན་སྒྲ་སྒྲོག །སྨིན་མ་ཨག་ཚོམ་མེ་ལྟར་འབར། །སེ་ཡན་རལ་པ་ཁམ་ནག་ཚོགས། །གྱེན་དུ་འཕྱོ་ཞིང་ཐུར་དུ་འཕྱང་། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག །ཕྱག་གཡས་ཐོད་དབྱུག་ནམ་མཁར་གདེངས། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །ཞབས་གཉིས་དོར་སྟབས་བརྐྱང་བསྐུམ་བསྒྲད། །དབུ་ལ་ཐོད་སྐམ་རིན་ཆེན་སྤྲས། །སྙན་ཆ་མགུལ་ཆུ་ཕྱག་ཞབས་རྣམས། །རིན་ཆེན་གདུག་པ་སྦྲུལ་གྱིས་བརྒྱན། །ཐོད་རློན་སྐྲ་འཕྱང་དོ་ཤལ་ཅན། །གླང་ལྤགས་སྟོད་གཡོགས་སྟག་ཤམ་དཀྲིས། །ཞིང་གཡང་སྐེད་དཀྲིས་ཁྲག་ཞག་གི །ཐིག་ལེ་ཟོ་རིས་ཐལ་ཆེན་ཚོམ། །རབ་བརྒྱན་བསྐལ་པའི་མེ་དཔུང་ཀློང་། །སྲིན་པོ་ཁྲོས་ཚུལ་འགྱིང་བ་ཡི། །ཕྱོགས་ཀྱི་རྩིབས་བཞི་ལ་གནས་པའི། །རིགས་བཞི་གཤིན་རྗེ་འབར་བ་ནི། །ཤར་དུ་ཞེ་སྡང་གཤིན་རྗེ་མཐིང་། །ཕྱག་གཉིས་རྡོ་རྗེ་ཐོད་དབྱུག་གཡས། །ལྷོ་ཕྱོགས་ང་རྒྱལ་གཤིན་རྗེ་སེར། །ཕྱག་གཡས་རིན་ཆེན་བེ་ཅོན་འཕྱར། །ནུབ་ཏུ་འདོད་ཆགས་གཤིན་རྗེ་ནི། །དམར་ནག་ཕྱག་གཡས་པདྨ་ཡི། །བེ་ཅོན་བསྒྲེང་ཐབས་ཚུལ་གྱིས་འཕྱར། །བྱང་དུ་ཕྲག་དོག་གཤིན་རྗེ་ལྗང་། །ཕྱག་གཡས་རྒྱ་གྲམ་བེ་ཅོན་འཕྱར། །ཀུན་ཀྱང་གཡོན་པ་ཐོད་ཁྲག་འཛིན། །ཆ་ལུགས་ཐམས་ཅད་གཙོ་དང་མཐུན། །དེ་ལྟར་གསལ་བའི་ལྷ་རྣམས་ཀྱི། །གནས་གསུམ་ཡིག་འབྲུ་ཨོཾ་ཨཱཿཧཱུྃ། །གཙོ་བོའི་ཐུགས་ཀར་ཡ་མཐིང་ནག །ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་དངོས་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷེ་བྷྱཿ ཀྲོ་དྷ་བ་ཡི་རི་ས། ས་མ་ཡེ་ན། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཨོཾ་ཨཱཿཧཱུྃ། སི་ཏ་པྲེ་ཏ་ཨ་ས་མ་ནཾ། པྲེ་ཏོར་ཀ་ཊ་ན། ར་ཤ་ཡ་ཧཱུཾ་ཕཊ། ཅེས་པས་ཡེ་ཤེས་པ་སྤྱན་འདྲེན། ཡང་གསུར་ཆེན་དུད་པ་རོལ་མོ་བཅས། །གདུང་བའི་དབྱངས་བཅས་འདི་སྐད་དོ། །ཧཱུྃ། འཇིགས་པའི་སྐུར་སྟོན་འཇམ་དཔལ་ནག་པོའི་སྐུ། ཁྲོ་རྒྱལ་འབར་བ་ཆོས་ཉིད་འགྱུར་བ་མེད། །ཞི་བའི་ངང་ལས་དྲག་པོའི་ཚུལ་སྣང་ཞིང་། །ཅིར་ཡང་བསྒྱུར་བའི་རྣམ་འཕྲུལ་དུ་མ་ཡིས། །དགྲ་བགེགས་བར་ཆད་ལོག་འདྲེན་འདུལ་བར་མཛད། །འདོད་པའི་དོན་རྣམས་མ་ལུས་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་པ་བདག་གིས་སྤྱན་འདྲེན་ན། །ཕྲིན་ལས་སྟོབས་འགྱེད་གང་ཡང་ཐོགས་པ་མེད། །བདག་གི་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། དེ་ལྟར་ཡེ་ཤེས་པ་དངོས་སུ་བྱོན་པ་བདག་གིས་བསྒོམས་པའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བཞུགས་པར་བསམས་ལ། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ། །འབྱུང་བ་རྣམ་ལྔ་འཁྲུག་པའི་ཕོ་བྲང་དབུས། །དགྲ་བགེགས་བསྒྲལ་བ་ཁྲག་གི་ཀློང་རུམ་ན། །དྲེགས་པ་ཁྲོ་ཆེན་དུར་ཁྲོད་གཞལ་ཡས་ཁང་། །དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ། །བམ་རོ་གསར་རྙིང་ཉི་མའི་གདན་ཁྲི་ལ། །དཔལ་ཆེན་ཁྲོ་རྒྱལ་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ཡི་དབང་ཕྱུག་འཕགས་པ་འཇམ་དཔལ་ཏེ། །ངང་ཉིད་ཆོས་དབྱིངས་ཞི་བའི་བདེ་ཀློང་ནས། །གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིང་། ཁྲོ་བོའི་ཆ་ལུགས་དགྲ་བགེགས་ལོག་འདྲེན་འདུལ། །ཐུགས་རྗེ་ཡེ་ཤེས་འབར་བའི་མེ་དཔུང་གིས། །ཉོན་མོངས་ལོག་རྟོག་གཞོབ་ཏུ་སྲེག་མཛད་པ། ཁྲོ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཨ་ཧྱེ་ཧི། ཞེས་གདུང་ཤུགས་ལྡན་པས་ཕྱག་འཚལ་ནས། མཆོད་ཅིང་བསྟོད་པ་ནི། ཧཱུྃ། སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་། །དུག་ལྔ་རྣམ་དག་རང་བྱུང་ནང་གི་རྫས། །བདེ་ཆེན་རང་གྲོལ་གསང་བའི་མཆོད་པ་རྣམས། །གཤིན་རྗེ་གཤེད་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨཱ་ཧ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིནྟ་ཁཱ་ཧི། མ་ཧཱ་བཛྲ་པདྨ་ཡོ་གི་ནཱི་ཨ་ཧོ་སུ་ཁ་ཧོཿ གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ཆེན་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་ཏུ་གསོལ། བསྣམ་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོ། ཆགས་པ་མེད་ཅིང་ཆགས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི། །ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད། །སྤྲོས་མེད་ནམ་མཁའ་ལྟ་བུ་ལས། །སྙིང་རྗེ་ཐབས་ཀྱིས་སྐུར་སྤྲུལ་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཅན་སྐུ་ལ་འདུད། །གར་དགུའི་ཉམས་དང་ལྡན་པ་ཡི། །གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད། །སྐྱེ་མེད་དོན་དམ་ངང་ཉིད་ལས། །ཐབས་ཀྱིས་སྤྲུལ་པའི་སྐུར་བསྟན་པ། །འཇིགས་བྱེད་དྲག་པོའི་ཆ་ལུགས་ཅན། །ཟླ་བ་ཉ་འདྲ་ཁྱོད་ལ་འདུད། །བསྐལ་པའི་མེ་ལྟར་འབར་བ་ཡི། །སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད། །འཛིན་པ་པོ་ལས་གྲོལ་བ་ཡིས། །གདུག་པ་འདུལ་ཕྱིར་ཁྲོ་བོར་སྤྲུལ། །གཏེར་འཆང་སེར་སྣ་ཁྲོལ་མཛད་པ། །བཙོ་མ་གསེར་འདྲ་ཁྱོད་ལ་འདུད། །ཆགས་པས་མ་ལུས་དབང་མཛད་པའི། །འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད། །སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས། ཁམས་གསུམ་པ་དག་ཁྲོ་བོར་སྤྲུལ། །མ་ཆགས་སྤྱན་ལྡན་ཐུགས་རྗེ་ཅན། །བིནྡྷུ་ལྟ་བུའི་སྐུ་ལ་འདུད། །ཤེས་རབ་ཐབས་ལྡན་ཧེ་རུ་ཀ །ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད། །རྣམ་གྲོལ་དཔེ་དང་བྲལ་བ་ལས། །ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་ནི། །འགྲོ་དོན་བརྩོན་པའི་རལ་གྲི་ཅན། །སྣ་ཚོགས་མདོག་ཅན་ཁྱོད་ལ་འདུད། །ཅེས་པས་མཆོད་ཅིང་བསྟོད་དོ། །གསུང་བཟླས་པ་སྔགས་ཀྱི་རིམ་པ་ཛཔ྄་བསྐུལ་བ། ཧཱུྃ། སྐྱེ་མེད་ངང་ལས་འགག་མེད་སྐུར་བཞེངས་ཏེ། །ཐུགས་སྲོག་ཧཱུྃ་ལས་གྲགས་སྟོང་གསུང་གི་སྒྲ །རང་བྱུང་ཐུགས་ལས་ལྷུན་གྲུབ་དབྱིངས་ཀྱི་ངང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཛཔ྄་ཀྱིས་བསྐུལ། །ཛཔ྄་ཀྱི་དགོངས་པ། དེ་ནས་གཙོ་བོའི་ཐུགས་ཀ་རུ༔ ཉི་སྟེང་ཡ་མཐར་སྔགས་ཕྲེང་འཁོད༔ དེ་ལ་མ་ཡེངས་རིག་པ་གཏད༔ ངག་ནས་གསང་སྔགས་བཟླས་པའི་ཚེ༔ ཡིག་འབྲུ་རྣམས་ལས་སྔགས་རང་སྒྲ༔ འུར་འུར་གཡས་སྐོར་འོད་ཟེར་འཕྲོས༔ ཕྱོགས་བཞིར་འཁོར་གྱི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་གཙོ་འཁོར་ཐམས་ཅད་ཀྱིས༔ སྔགས་སྒྲ་ལྡིར་སྒྲོག་རྒྱལ་ཀུན་གྱི༔ རྒྱུད་བསྐུལ་སེམས་ཅན་སྡིག་སྒྲིབ་བསལ༔ བདག་གི་ཚེ་བསོད་ཡེ་ཤེས་རྒྱས༔ དགྲ་བགེགས་བྱད་མ་ཐམས་ཅད་ཞི༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བཟླ། ཐུན་དངོས་གཞིར་མི་ཚིག་གིས་བར་མ་ཆོད་པ་སྔགས་ཀྱི་སྐྱོན་ལྔ་སྤངས་ལ་བཟླའོ། །ཐུགས་ཡེ་ཤེས་ཀྱི་རོལ་པར་ལ་བཟླ་བ་རང་རིག་ལྷའི་སྐུར་སྣང་བ་དེ་ལ་སེམས་མ་ཡེངས་རྩེ་གཅིག་ཏུ་གཏད། ཕྱི་ནང་རྟོག་ཚོགས་ཀྱི་རྗེས་སུ་མི་འབྲང་། དྲན་རིག་ལྷ་དང་དབྱེར་མེད་ཧྲིག་གེ་ངོ་བོ་ངོས་བཟུང་དང་བྲལ་བ་དེ་ཀ་ཟབ་གསལ་དབྱེར་མེད་ཡིན། དེའི་ངང་ལ་སྔགས་བཟླ། ཐུན་མཚམས་སུ་ཡང་། སྤྱིར་ཡེངས་མེད་དགོས་ཀྱང་། རེ་ཞིག་ནམ་དྲན་དུ་དེ་ཀའི་ངང་དུ་ཅི་གནས་སུ་བསྐྱང་། ལྷ་སྐུ་ལ་སེམས་འཛིན་པ་རང་བབ་བཞག་པ་ཉིད་དང་། སྐབས་སུ་རེས་བསྒྲིམ་རེས་ལྷོད་ནས་འཇོག །དེ་རྣམས་སེམས་ལ་གང་བདེ་གཙོ་བོར་བྱ། དོན་དམ་པར་སེམས་ཉིད་སྐྱེ་མེད་ཀྱི་ངང་ལས། རང་གདངས་འགག་མེད་ལྷའི་སྐུ་ཟུང་འཇུག་བདེ་བ་ཆེན་པོར་གྲུབ་པ་ཉིད་དུ་ཤེས་བཞིན་སྐྱོང་བའོ། །དེ་ལྟར་ལྷ་སྔགས་ཡེ་ཤེས་ཏིང་ངེ་འཛིན་དང་ལྡན་པས་གྲངས་དང་རྟགས་ཀྱི་བསྙེན་པའི་ཚད་ནི། གཞུང་ལས། གྲགས་སྟོང་ངང་ལས་ངར་བསྐྱེད་ཅིང༔ འབུམ་ཕྲག་བཅུ་གཅིག་ཐེམས་པར་བཟླ༔ དེ་བར་གཞན་ཚིག་མ་འདྲེས་གཅེས༔ ཞེས་དང་། ཡང་ན་རྟགས་རྫོགས་བར་དུ་སྟེ༔ དེ་ལ་ངེས་མེད་རབ་འབྲིང་བློས༔ ཁྱད་པར་ཅི་བཞིན་ཤེས་པར་བྱ༔ རྟགས་ནི་ཐོད་མཁར་མེ་འབར་དང༔ གླང་སྨྱོན་མི་ནག་ཐོག་སེར་འབབ༔ དར་ནག་ཕྱར་དང་རལ་ནག་བསིག༔ ཆར་མུན་འཁྲིགས་སོགས་འཇིགས་པའི་ལྟས༔ ཕལ་ཆེར་བློ་ཡིས་དཔྱད་པར་བྱ༔ འཇིགས་ཤིང་སྐྱི་གཡའ་བག་དྲོ་དང༔ འོད་དང་གཟི་བརྗིད་འབར་བ་ན༔ གྲུབ་རྟགས་ཡིན་པས་ཤེས་པར་བྱ༔ ཞེས་པའོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། ནར་མ་རྒྱུན་གྱི་བསྙེན་པའི་སྐབས་འདིར། རྩ་གཞུང་དུ་ལྷའི་ང་རྒྱལ་ལས་མཆོད་གཏོར་རྫོགས་རིམ་སོགས་མ་དགོས་པ་ནི། རྣལ་འབྱོར་ལ་ཤིན་ཏུ་བརྩོན་པ་དང་དྲག་སྔགས་ཆིག་ཤུར་གྱི་སྒྲུབ་ཚུལ་དུ་ཡང་སྣང་རུང་དེ་ལྟར་མི་ལྕོགས་པས་ནི། ཐུན་མཚམས་སུ་གཏོར་མ་སོགས་བྱ་བ་ཡང་ཡིན་ནོ། །གཏོར་མ་ནི། ཐོད་ཚལ་སོགས་སམ་སྣོད་བཟང་པོ་གཞན་ཡང་རུང་སྟེ། དེར་ཤ་ཁྲག་ཟན་ཆང་སོགས་བལྡག་གཞིབ་སྤུངས་པ་ལྔ་ཚར་ལ། རཀྟ་བདུད་རྩིས་བྲན། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་ལ་སྡིགས་མཛུབ་གཏད་ལ། ཨོཾ་བཛྲ་ཡཀྴ་ཧཱུྃ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་བི་ཤུདྡྷོ྅་ཧཾ༔ དེ་དག་ངག་ཏུ་བརྗོད་པས། ཉེས་སྐྱོན་རྣམས་བསངས་ཤིང་སྦྱངས་ཏེ་སྟོང་པའི་ངང་ཉིད་ལས། འོག་ཏུ་ཡཾ་ལས་རླུང་གི་དལ་གཞུའི་དབྱིབས་ཅན་འཆང་བཟུང་ཡཾ་གིས་མཚན་པ། དེའི་སྟེང་རཾ་ལས་མེའི་དལ་གྲུ་གསུམ། དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ། དེའི་སྟེང་དུ་སྣོད་ཀ་པཱ་ལ་ཨ་ལས་སྐྱེ་མེད་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ནང་དམར་ཆོས་ཀྱི་དབྱིངས་དང་མཉམ་པར་གསལ། དེའི་ནང་དུ་རྫས་ཀྱི་ངོ་བོ་རྣམས། དབུས་སུ་ཤུ་ལས་བྱང་ཆུབ་སེམས། ན་ལས་མི་ཡི་ཤ། ཤར་དུ་མ་ལས་ཤ་ཆེན་གྱི་དྭངས་མ་ཀླད་པ། ད་ལས་རྟའི་ཤ །ལྷོར་ར་ལས་རཀྟ། ཧ་ལས་གླང་པོ་ཆེའི་ཤ། ནུབ་ཏུ་བཾ་ལས་དྲི་ཆེན། གོ་ལས་བ་གླང་གི་ཤ། བྱང་དུ་མུ་ལས་དྲི་ཆུ། ཀུ་ལས་ཁྱིའི་ཤ །དེ་ལྟར་རྫས་རྣམས་དཔག་ཏུ་མེད་པར་བསམ་ལ། དེ་ལ་ལག་མཐིལ་གཡོན་བསྟན་ལ། ལག་གཡོན་མཐིལ་དུ་ཨོཾ་ལས་ཟླ་བ་ཨོཾ་དཀར་གྱིས་མཚན་པ་དེ་ལས་འོད་ཟེར་དཀར་པོ་འཕྲོས། ཉེས་སྐྱོན་དྲི་མ་སྦྱངས། ཨོཾ་ཨོཾ་ཨོཾ། ལག་མཐིལ་གཡས་བསྟན། ལག་གཡས་མཐིལ་དུ་ཨཱཿལས་ཉི་མ་ཨཱཿདམར་གྱིས་མཚན་པ་དེ་ལས་འོད་ཟེར་དམར་པོ་འཕྲོས་སྣོད་གང་ཞིང་རྒྱ་ཆེར་འཕེལ། ཨཱཿཨཱཿཨཱཿ ལག་གཉིས་ཀའི་ལག་མཐིལ་དུ་ཧཱུྃ་འོད་ཟེར་སྔོན་པོ་བྱུང་། ཧཱུྃ་ཧཱུྃ་ཧཱུྃ། རླུང་གཡོས་མེ་སྦར་ཐོད་པ་དྲོས་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ། ཉེས་སྐྱོན་ལྦུ་བར་ལུད། རླངས་པ་འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་བཀུག །དབྱེར་མེད་འདྲེས་ཟག་མེད་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། མང་དུ་བརྗོད། ཕེཾ་ཕེཾ་ཞེས་འབར་བའི་ཕྱག་རྒྱ་དང་བཅས། གཏོར་མགྲོན་མ་ལུས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་རྣམས་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་དགྱེས་པར་གསོལ་བར་བསམས་ལ། གཏོར་མ་དབུས་ཀྱི་གཡས་མར་དམིགས་ཏེ། གུ་རུ་ཞི་དྲག་ཕུར་པ་རྟ་མགྲིན་ཕྱག་རྡོར་སོགས་བླ་མ་ཡི་དམ་གྱི་སྙིང་པོ་ལ་གཏོར་སྔགས། ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་ལ་འབུལ། གཏོར་མ་དབུས་མར་དམིགས་ཏེ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་ལ་གོང་གི་གཏོར་སྔགས་བཏགས་པའམ། ཡང་ན། ཨོཾ་ཡ་མཱནྟ་ཀ་ཏེ་ཛོ་བ་ལིནྟ་སྭཱ་ཧཱ། ཞེས་བཏགས་པ་ལན་བདུན་ལས་མི་ཉུང་བས་ཕུལ། དབུས་ཀྱི་གཡོན་མར་དམིགས་ལ། ལེགས་ལྡན་ལྕམ་དྲལ་ལྟ་བུ་རང་གིས་བསྟེན་པའི་སྲུང་མ་འཇིག་རྟེན་འདས་པ་བྱེ་བྲག་དང་། སྤྱི་ལ་ཡང་དམིགས་ཏེ་ཕུལ། གཡས་ཀྱི་གཡས་དེ། གོང་གི །ཨོཾ་ཨིནྡྲ་ཡ་ཧྲཱིཿསོགས་ལན་བཞིས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་ཚོགས་དང་། རང་གིས་བརྟེན་པའི་སྲུང་མ་འཇིག་རྟེན་པ་ལའང་དབུལ། གཡོན་གྱི་གཡོན་ཏེ། འགྲོ་བ་ཁམས་གསུམ་རིགས་དྲུག་ཐམས་ཅད་པར་དམིགས་ཏེ། ཨ་ཀཱ་རོ་ལན་བརྒྱད་ཀྱིས་བསྔོས་པས་ཚིམ་པར་བསམ། མགྲོན་དེ་ཐམས་ཅད་ཀྱང་ཁྲོ་ཆེན་གཤིན་རྗེ་གཤེད་ཀྱི་རོལ་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཨརྒྷཾ་སོགས་པས་ཀྱང་མཆོད། ཧཱུྃ། ཐུགས་རྗེ་ཆེན་པོའི་དབྱིངས་ནས་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཁྲོ་བོ་ཀུན་གྱི་རྗེ། །ཐབས་དང་ཤེས་རབ་གཉིས་མེད་ཆོས་ཀྱི་སྐུ། ཁྲོ་རྒྱལ་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་གཤིན་རྗེ་གཤེད་ལ་སོགས། །བླ་མ་བདེ་གཤེགས་མ་ལུས་དང། །ཡ་མ་རཱ་ཙ་ལ་སོགས་ཏེ། །ལས་ཀྱི་གཤིན་རྗེ་གདུག་པ་ཅན། །གཏུམ་པོ་འཇིགས་བྱེད་ཕོ་མོའི་ཚོགས། །བྱེ་བ་ཐེར་འབུམ་འཁོར་དང་བཅས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཀའ་ཡི་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །གཞན་ཡང་འདོད་དོན་གང་ཡིན་གྱི་གསོལ་བ་དྲག་ཏུ་གདབ། སླར་ཡང་མགྲོན་ཐམས་ཅད་ལ་དམིགས་མཆོད་པ་བསྡུས་པ་གཅིག་བྱས་ལ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་ཁྲོ་ཆེན་པོ༔ ཁམས་གསུམ་སྐྱེ་འགྲོ་འཇམ་དཔལ་དཀྱིལ་འཁོར་ཆེར༔ གུས་པས་མཆོད་བསྟོད་གསོལ་བཏབ་བྱིན་རླབས་ཀྱིས༔ བླུན་རྨོངས་བློ་ཡི་རབ་རིབ་བསལ་བ་དང༔ བདུད་དང་ལོག་འདྲེན་བར་ཆད་ཐུལ་བ་དང༔ གྲིབ་དང་མི་གཙང་གཅོང་ནད་ཞི་ལ་སོགས༔ འདོད་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ༔ ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང༔ མཐུ་དང་རྫུ་འཕྲུལ་ནུས་སྟོབས་ཆེ་བ་དང༔ འཇིག་རྟེན་སྣང་སྲིད་ཟིལ་གྱིས་ནོན་པ་དང༔ ངན་སོང་ཐམས་ཅད་སྟོང་པར་གྱུར་ལ་སོགས༔ དཔལ་ཆེན་ཁྱེད་དང་མཐུ་རྩལ་མཉམ་པར་ཤོག༔ ཅེས་དངོས་གྲུབ་ཞུ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་མུཿ སརྦ་ལོ་ཀ་གཙྪཿ གཏོར་མགྲོན་གཤེགས་སུ་གསོལ། ཐུན་མཚམས་སྤྱོད་ལམ་ཀུན་ལྷ་སྐུ་སྒྱུ་མ་ལྟ་བུ་དང་མི་བྲལ་བའི་ལམ་ཁྱེར་གསུམ་ལ་བསླབ་པ་དང་། ཐུན་ཀུན་གྱི་ཐོག་མཐར། སྲུང་འཁོར་གྱི་དམིགས་པ་དྲན་ཅིང་སྔགས་ཅི་རིགས་བགྲངས་ལ། ལྟས་འཚུབས་པའི་སྐབས་སུ་བགེགས་དྲག་ཏུ་བསྐྲད་སྲུང་འཁོར་དང་གཏོར་མ་ལ་འབད་པ་ཡང་ཞལ་གྱི་གདམས་པའོ། །ཚོགས་ཀྱི་འཁོར་ལོ་བྱ་བ་ནི། སྒྲུབ་པའི་སྐབས་སུ་འཇུག་ཆེ་ཡང་། འདིར་བཤད་ན་སྟབས་བདེ་བས། དེ་ཡང་ཚོགས་རྫས་ཡོ་བྱད་འདུ་བྱས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་དང་། ཨོཾ་སརྦ་བིགྷྣཱན་ཏ་ཀྲྀཏ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བདུད་རྩི་རྡོ་རྗེའི་ཆུ་འཐོར་ལ། ཧཱུྃ། བདག་ཉིད་འཇམ་དཔལ་ཁྲོ་བོའི་ཐུགས་ཀ་ནས། །ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས། །མེ་རླུང་ཆུ་ཡིས་ཚོགས་ཀྱི་དངོས་འཛིན་དྲི། །བསྲེགས་གཏོར་བཀྲུས་ནས་གཙང་མ་རྙོགས་མེད་གྱུར། །རཾ་ཡཾ་ཁཾ། ཞེས་ལན་གསུམ་བརྗོད་པས་ཚོགས་ཀྱི་སྐྱོན་ཐམས་ཅད་དག་པར་བསམ། དེ་ནས་བྱིན་རླབས་ནི། ཧཱུྃ། སླར་ཡང་དཔའ་བོ་འབྲུ་ལྔ་ཚོགས་ལ་འཕྲོས། །སྒྲ་དང་བཅས་པས་ཚོགས་རྣམས་འོད་དུ་ཞུ། །ཡེ་ཤེས་བདུད་རྩི་འོད་ཕུང་ལྡེམས་སེ་ལྡེམ། །འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་པས་ཚོགས་རྫས་བདུད་རྩིའི་རང་བཞིན་བསམ། ཚོགས་ཀྱི་ཡུལ་སྤྱན་དྲང་བ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུ་ཀུན་བཟང་ཀློང་ཡངས་ནས། །མ་འགག་གཟུགས་ཀྱི་སྐུར་བཞེངས་འཇམ་དཔལ་ལྷ། །ཞི་ཁྲོའི་དཀྱིལ་འཁོར་གཞན་ཡང་བསྐང་འོས་མགྲོན། །མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ཡོན་ཏན་ལྷུན་གྲུབ་ཚོགས་ཁང་འདིར། །ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན། དེ་ནས་ཚོགས་ཕུད་རིམ་གསུམ་བཅད་ལ། དང་པོ་ཕུལ་ལ། ཧཱུྃ། བཅོམ་ལྡན་གཏུམ་ཆེན་གཤིན་རྗེ་གཤེད་ཀྱི་འཁོར། །གཞན་ཡང་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ལ། །ཕྱི་ནང་གསང་མཆོད་བདུད་རྩི་སྨན་རཀ་གཏོར། །རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་ཚོགས་མཆོད་འབུལ། །ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་ནས་ཀྱང་། །དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་ཚོགས་བཤགས་ནི། ཧཱུྃ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འཇམ་དཔལ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ། །ལོངས་སྤྱོད་འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་སརྦ་ས་མ་ཡ་སོགས་བརྗོད། ཐ་མ་བསྒྲལ་བསྟབ་ནི། བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། ཚོགས་སྣོད་དེ་ཉིད་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ། ཚོགས་རྫས་དགྲ་བགེགས་དངོས་སུ་གསལ། བདག་ཅག་གི་སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་སྟེ། ལུས་ངག་ཡིད་ལ་གནོད་འཚེ་བར་ཆད་དགྲ་བགེགས་ཐམས་ཅད་གཅིག་ཏུ་དྲིལ་ནས་གཟུགས་ལིངྒ་ལ་ཐིམ་པར་གྱུར། བདེན་སྟོབས་ཀྱིས་བཀུག་ལ། ཧཱུྃ། བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན། །བླ་མ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས། །སྐད་ཅིག་ཙམ་གྱིས་གཟུགས་ལིང་འདི་ལ་ཁུག །ཛཿཧཱུྃ་བཾ་ཧོཿ བསྒྲལ་བ་ནི། ཧཱུྃ། དུག་ལྔའི་ལས་ཀྱིས་བསགས་པའི་བག་ཆགས་རྣམས། །སྐུ་གསུམ་སྐུ་ལྔའི་ཀློང་དུ་ད་ལྟ་སྒྲོལ། །མ་རིག་བདག་འཛིན་ཨ་འཐས་རུ་དྲ་འདི། །རང་ཤེས་རིག་པའི་དབྱིངས་སུ་མཱ་ར་ཡ་ཕཊ། །ཞལ་དུ་བསྟབ་པ་ནི། ཧཱུྃ། ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས། །ཞལ་དུ་སྟོབས་ཤིག་གཤིན་རྗེའི་ལྷ་ཚོགས་ཀྱི། །ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་བསྟིམས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་བྷྱོཿཨ་མུ་ཀ་ནྲྀ་ཏྲིཿཤ་ཏྲཱུཾ་མཱ་ར་ཡ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་ཚོགས་ལ་རོལ་པས། བརྡ་དང་བརྡ་ཡིས་ལེན་པ་སྔོན་དུ་འགྲོ་བས་རྫས་ལ་ལོངས་སྤྱོད། གསང་བའི་མཆོད་པས་ཀྱང་དགྱེས་པའི་དམ་ཚིག་བཟུང་། ཚོགས་ལྷག་འབུལ་བ། ཞལ་ཆབ་བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབརྗོད་ནས་བྱིན་བརླབས་ལ། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོའི་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་ལ་དགྱེས་པས་མཆོད། །ཐ་མ་ཆོས་རྣམས་རྒྱུ་འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་འཁོར་ནི། །དྲེགས་པ་ཕོ་མོ་མ་སྲིང་གིང་ལངྐ་། །དུར་ཁྲོད་བདག་བྱེད་བརྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླངས་དམ་བཅའ་མ་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིནྟ་ཁཱ་ཧི། ཞེས་བྱང་ཤར་གཙང་མའི་གནས་སུ་བསྟབ། གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་སྨོན་ལམ་གཏབ་བོ། །ད་ནི་སྤྱི་དོན་གཉིས་པ། སྒྲུབ་པ་དུས་ཀྱི་བསྙེན་པ་ནི། གོང་གི་ནར་མའི་བསྙེན་པ་ལ་གོ་བ་ཆགས་ན། སྒྲུབ་གཞུང་ཉིད་ཤིན་ཏུ་ཁ་གསལ་བས། དེ་ཁོ་ན་ལྟར་ཉམས་སུ་བླངས་པས་འགྲུབ་པའོ། །འདི་རུ་ས་བཅད་ཙམ་སྨོས་ན། བྲིས་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ། དཀྱིལ་འཁོར་བྲིས་པའི་དབུས། རྐང་གསུམ་ཁར་ཐོད་པ་ཇ་རིལ་ཐུན་རྫས་ཀྱིས་བཀང་བའི་སྟེང་། ཨག་རྩེར་ཕུར་བུ་ལྷ་སྔགས་ཅན་འཛུགས། དར་ནག་གི་གུར་ཕུབ། མཐའ་སྐོར་དྲག་པོའི་མཆོད་རྫས་སྤྱན་གཟིགས་བག་དྲོ་བཤམ། བཅས་འདི་རྣམས་གོང་གི་བསྙེན་པའི་སྐབས་ཉིད་ནས་བཅའ་ན་ལེགས། ཞེས་མན་ངག་ལས་འབྱུང་། དེ་ནས་སྔོན་འགྲོ་གཏོར་མ་བགེགས་བསྐྲད་མཚམས་བཅད་དང་། སྐྱབས་སེམས་ཚོགས་གསག་སྲུང་འཁོར་རྣམས་གོང་ནས་བཤད་བཞིན་མཐར། གཙུག་ཏོར་འཁོར་ལོས་བསྒྱུར་བ་འོད་གསལ་དུ་བསྡུས་པའི་བར་བསྟར་ཆགས་སུ་བྱས་ལ། དེ་ནས་སྐད་ཅིག་དྲན་པའི་རིག་པ་ངར་བསྐྱེད་ལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པ་ནས་མཆོད་འབུལ་བར་གཞུང་བཞིན་བྱ། འོན་ཀྱང་འདིར། བདག་དང་མདུན་གྱི་ཕུར་པ་དེ་ལྷ་རུ་ལྷན་ཅིག་བསྐྱེད་དགོས། དེ་ནས་བསྟོད་པ་གཞུང་ནས་འབྱུང་བ། ཧཱུྃ། ཡ་ལས་བྱུང་བའི་གཤིན་རྗེ་ནག་པོ་ནི། །སོགས་ཀྱིས་བསྟོད་པའམ། ཡང་བསྡུ་ན་སྤྱན་འདྲེན་མན་ཆད་གོང་དུ་བཤད་བཞིན་པས་རུང་། དེ་ནས་བཟླས་པའི་རིམ་པ། རྩ་བ་བདག་བསྐྱེད་ཀྱི་ཛཔ྄་དགོངས་ཤས་ཆེ་ཞིང་། དེ་ཡང་མདུན་བསྐྱེད་དང་སྔགས་ལྷན་ཅིག་བཟླས་པར་བསམས་ལ་ཐུན་གསུམ་གྱི་ཆ་གཉིས་བྱ། ཐུན་གཅིག་མདུན་བསྐྱེད་དང་འོད་ཟེར་མགལ་མེ་ཀླད་འཁོར་ལྟར་བྱ། དེའི་མདུན་བསྐྱེད་ཀྱི་ནུས་པ་ཕུར་པ་དང་རྫས་ལ་བསྟིམ། གང་ལྟར་དམིགས་པའི་ངོ་བོ་གཏེར་གཞུང་ནས་གསུངས་པ་འདི་ལྟ་སྟེ། བདག་ཉིད་གཙོ་མཆོག་ཐུགས་ཀར་ཉི་མའི་སྟེང་། །གནམ་ལྕགས་མཆོད་རྟེན་ཁྲི་འཕང་དགུ་པའི་དབུས། །བྲེ་ཡི་ནང་དུ་རྡོ་རྗེ་ཧཱུྃ་གིས་མཚན། །བུམ་པའི་ནང་དུ་བེ་ཅོན་ཡ་ཡིས་མཚན། །རི་རབ་ནང་དུ་ཐོད་དབྱུག་བྷྱོཿཡིས་མཚན། །མཆོད་རྟེན་ཕྱི་སྐོར་སྔགས་འབྲུ་འདི་དག་རྣམས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་བྷྱོཿ གསལ་འཚེར་གཟི་བརྗིད་ལྡན་པར་དམིགས་ནས་ཀྱང་། །ངག་ཏུ་བརྗོད་པས་སྔགས་རྣམས་སྒྲ་དང་བཅས། །གཡས་སུ་འཁོར་ཞིང་སྔགས་ལས་འོད་འཕྲོས་པས། །ཕྱི་ནང་སྣང་སྲིད་ཡོངས་ལ་ཕོག་པ་ཡིས། །ནུས་མཐུ་བཅུད་བསྡུས་སྔགས་ལ་ཐིམ་པས་ཀྱང་། །བཀྲག་དང་ནུས་མཐུ་འོད་ཟེར་འབར་དམིགས་ཤིང་། །ཡིག་འབྲུ་བསྐོར་ལ་བཟླས་པ་དྲག་ཏུ་བྱ། །དེ་ལྟར་ཕྱོགས་ཀྱི་གཤེད་ཆེན་བཞི་ལ་ཡང་། །བཟླས་པའི་འཁྲུལ་འཁོར་གཙོ་དང་མཐུན་པར་བྱ། །དེ་ནི་བདག་བསྐྱེད་བཟླས་པའི་རིམ་པ་སྟེ། །མདུན་བསྐྱེད་དག་ཀྱང་ཚུལ་ལུགས་དེ་ལྟར་ལས། །ཐོད་པ་དུར་ཁྲོད་གཞལ་ཡས་ཁང་དུ་བསྐྱེད། །སྔགས་ཀྱི་རྣལ་འབྱོར་འགལ་མེའི་འཁྲུལ་འཁོར་བྱ། །ཐུན་གསུམ་ལ་ནི་ལྷ་ཚོགས་ཕུར་པ་དང་། །ཐོད་པའི་ཐུན་རྫས་རྣམས་ལ་བསྟིམ་པར་བྱ། །དེ་ལྟར་རྣམས་ཀྱིས་བསྙེན་ཅིང་བསྒྲུབ་ལ་འབད། །ཅེས་པ་ཇི་བཞིན་པའོ། །དེ་ལྟར་བསྒྲུབས་པའི་རྟགས་ཀྱི་རིམ་པ། སྤྱིར་བསྙེན་པའི་སྐབས་དང་འདྲ་ལ། བྱེ་བྲག་ཏུ་ཡང་འདི་ལྟར་གསུངས་ཏེ། དེ་ལྟར་རིམ་པས་བསྙེན་ཅིང་བསྒྲུབས་པ་ཡིས༔ རྟགས་དང་མཚན་མའི་རིམ་པ་འདི་ལྟར་འབྱུང༔ དངོས་དང་ཉམས་སྣང་རྨི་ལམ་ལ་སོགས་པར༔ རབ་འབྲིང་ཐ་མའི་བློ་དང་མཐུན་རྣམས་ལ༔ ཞལ་སྟོན་ཉམས་འབར་སྔགས་ཀྱི་སྒྲ་སྒྲོག་དང༔ ལུང་སྟོན་ཆོས་སྨྲ་ཕུར་པ་འཕུར་བ་དང༔ ཐོད་པ་འཚེག་དང་ཐུན་འཁོར་འོད་ཆེན་འབར༔ ཐོག་དང་སེར་བ་བབ་སྙམ་འཇིགས་སྐྲག་སྔངས༔ བག་དྲོ་བྱིན་ཆགས་རང་སྣང་འགྱུར་བ་དང༔ ཁྲོམ་ཚོགས་དམག་འདུས་དར་ཕྱར་དུང་འབུད་དང༔ ཉི་ཟླ་འཆར་དང་ཁྲུས་བྱས་གོས་གསར་གྱོན༔ གཅན་གཟན་བཏུལ་ནས་བྲན་བཀོལ་བྱ་གཅན་བཟུང༔ དེ་སོགས་གཞན་ཡང་བསམ་གྱིས་མི་ཁྱབ་འབྱུང༔ དེ་དག་རྣལ་འབྱོར་རང་རང་རིག་པས་དཔྱད༔ ཅེས་པ་ཉིད་དོ། །སྒྲུབ་པའི་སྐབས་འདིར། ཐུན་མཚམས་རྣམས་སུ་ཚོགས་གཏོར་ངེས་པར་གལ་ཆེ་བས། དེ་ཡང་གྲུབ་ན་ཉིན་མཚན་གུང་གཉིས་ཟེར་གཉིས་སུ་བྱ། མ་ལྕོགས་ཚེ་གུང་གཉིས་གང་རུང་གཅིག་ལ་བཏང་། སྲོད་ཐུན་ལ་ཚོགས་བྱ་བ་ཡིན་ནོ། །བསྙེན་སྒྲུབ་ཐེམས་ནས། བྱད་ཟློག་གཏོར་མ་ལ་བརྟེན་པའི་བཅས་གཞུང་བཞིན་བྱས་ལ། གཏོར་མའི་རྗེས་སམ་ཁྱད་པར་དགོང་མོ་དམར་ཐག་སྐབས་གཏོར་ཟོར་རེ་ངེས་པར་བྱ་སྟེ། ཟློག་སྔགས་དམིགས་པ་ངར་བསྐྱེད་དེ་འཕང་། གལ་ཏེ་གཏོར་ཟོར་འཕང་པ་མི་བྱེད་ན་ཡང་། ཉི་མ་དམར་ཐག་གི་སྐབས་སུ་ཟློག་སྔགས་བརྒྱ་རྩ་བརྒྱད། བདེན་སྟོབས་ལན་གསུམ་བཅས་ཐལ་མོ་བརྡེབ་པ་ནི་མ་ཆག་པར་བྱ་སྟེ། དེ་ནི་གཞན་གྱིས་མི་ཐུབ་པའི་ནུས་པ་ཟླ་མེད་པའོ། །དེ་རྗེས་རང་ཉིད་འཁོར་བཅས་ལ་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་ཅི་ལྟར་རིགས་པ་བཟླ་བའང་མན་ངག་གོ །རྗེས་ཀྱི་རིམ་པ་ནི། མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླས་ལ། མ་འབྱོར་བ་དང་ཉམས་པ་སོགས་ནས། བཟོད་པར་གསོལ། ཞེས་ལན་གསུམ་གྱིས་ནོངས་པ་བཤགས་ལ། གོང་བཞིན་གཤེགས་སུ་གསོལ། དཀྱིལ་འཁོར་བསྡུ་བའི་རྫོགས་རིམ་ནི། སྣང་སྲིད་གཞལ་ཡས་ཚོགས་དང་བཅས་པ་རྣམས། །རང་ལ་བསྡུ་ཞིང་རང་ཡང་ཐུགས་ཀ་ཡི། །ཡིག་འབྲུ་བཅས་པ་མཆོད་རྟེན་དག་ལ་སྟེ། །དེ་ཉིད་ཧཱུྃ་ཡ་བྷྱོཿགསུམ་དག་ལ་བསྡུ། །དེ་གསུམ་དག་ཀྱང་རིམ་གྱིས་མས་རིམ་བཞིན། །གཅིག་ལ་གཅིག་ཐིམ་ཧཱུྃ་ལ་ཐིམ་ནས་ནི། །ཧཱུྃ་ཉིད་དམིགས་མེད་མཁའ་ལ་འཇའ་ཡལ་ལྟར། །ཞེན་མེད་རྟོག་བྲལ་ཁྱབ་བདག་རོལ་པར་བལྟ། །ཞེས་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་ལ་ཅི་ནུས་སུ་མཉམ་པར་གཞག །སླར་ཡང་སྔགས་ཀྱི་རང་སྒྲས་འཇམ་དཔལ་དཔའ་བོའི་སྐུར་ལྡང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་སོགས་བསྔོ་སྨོན་བཟང་པོས་རྒྱས་བཏབ། བཀྲ་ཤིས་པའི་ཚིག་ངག་གི་སྦྱོར་བ་རྒྱ་ཆེར་སྤེལ་ལོ། །ལྷ་མཆོག་གཤིན་རྗེ་གཤེད་ནག་པོའི། །བསྙེན་པའི་རིམ་པ་གསལ་ཕྱེས་ཤིང་། །སྒྲུབ་པའི་གནད་ཀྱང་ཇི་སྙེད་བཅས། །དབང་ཕྱུག་དམ་པས་བཞེད་བཞིན་བཀོད། །བཅོམ་ལྡན་འཇམ་དཔལ་ནག་པོ་སྒྲུབ་པའི་ཐབས། །གཤོར་དང་ཁ་ཐུན་ཚེ་བདག་ཀུན་གྱི་བཅུད། །ཟླ་མེད་གཅིག་ཆོག་རྡོ་རྗེ་ཕ་ལམ་ཆེ། །ཐུགས་ཀྱི་ཡང་ཞུན་ཡིན་ཅེས་ཀུན་ཏུ་བསྔགས། །གང་གི་ཚུལ་འདི་ཅུང་ཟད་བཤད་པ་ཡི། །དགེ་བས་ཀྱང་ནི་རྒྱལ་བསྟན་སྙིང་པོ་དར། །ས་དབང་ཐུགས་བཞེད་དམ་པའི་ཆོས་བཞིན་འགྲུབ། །སྐྱེ་དགུས་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་། །གངས་ཅན་དབྱིག་འཛིན་ལ་དབང་བསྒྱུར་བ་མིའི་ལྷ་གཅིག་པུ་ཟླ་མེད་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཆོས་ཀྱི་རྒྱལ་པོ་འགྱུར་མེད་ཕྱོགས་ལས་རྣམ་རྒྱལ་མི་འཇིགས་དབང་པོའི་སྡེའི་ཞལ་སྔ་ནས་བཀའ་ལུང་ཡང་ཡང་བསྩལ་པ་ལ་བརྟེན། མེ་ཡོས་སྨིན་དྲུག་ཟླ་བའི་ཤེར་ཕྱོགས་དགའ་བ་དང་བཟང་པོ་གཉིས་པར་བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རིར་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་གྲུབ་པར་སྦྱར་བ། སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ། དགེའོ།། །།

ཆད་བརྟན་ (Volume 34, Text 25)

ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ སྒྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ དམ་རྫས་གཏོར་མ་འདི་ལོངས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་ལྷ་འདྲེ་དྲེགས་པ་ཀུན༔ བཀའ་སྡོད་ཕོ་ཉར་རྩིས་སུ་ཕབ༔ དམ་ལ་བཏགས་ནས་གཉེར་གཏད་པའི༔ ཐ་ཚིག་གཉན་པོ་བདག་བསྐུལ་ལོ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོ་རྒྱན་རྗེས་འཇུག་རིག་འཛིན་དང༔ བསྟན་པ་མཆོད་པའི་ཡོན་བདག་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བར་མཛོད༔ རུ་བཞི་བོད་ཀྱི་རྒྱལ་ཁམས་འདིར༔ མཐའ་དམག་གདུག་པ་བསྲུང་བ་དང༔ ནད་མུག་འཁྲུག་རྩོད་ཀུན་ཞི་ཞིང༔ ལོ་ཕྱུགས་ལེགས་ཤིང་བདེ་བར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བརྟན་མ་སྐྱོང་བ་ནི༔ གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ཏེ་བྱིན་གྱིས་བརླབས་ནས༔ བྷྱོ༔ པདྨ་དབང་གི་བཀའ་ཉན་པའི༔ མ་མོ་བརྟན་མ་བཅུ་གཉིས་པོ༔ རང་རང་འཁོར་གཡོག་དཔུང་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལ་གོམ་པ་བདུན་ཅུའི་ཕྱི་རོལ་དུ་འབུལ༔ དེ་ནས་གྲལ་གཤམ་དུ་གཏོར་གཞོང་ཁ་སྦུབས་པའི་སྟེང་དུ་སློབ་དཔོན་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་བྱས་ནས༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས༔ རྡོ་རྗེའི་བྲོ་བརྡུང་དམ་ཚིག་ཆེ༔ དཔལ་ཆེན་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རོལ་པ་རྡོ་རྗེའི་བྲོ༔ ཉོན་མོངས་དུག་ལྔའི་ཕུང་པོ་རྣམས༔ ཡེ་ཤེས་ལྔ་རུ་ཆེམས་སེ་ཆེམ༔ སྐུ་ལྔ་ལྷུན་གྲུབ་ཏ་ལ་ལ༔ བདེ་བ་ཆེན་པོར་ཤིགས་སེ་ཤིག༔ འདི་ནི་དཔལ་གྱི་དམ་ཚིག་སྟེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཐིམ༔ ཨོཾ་ཨཱཿཧཱུྃ་སཏྭམྦྷ་ཡ་ལམ་ནན༔ ཞེས་བྲོ་བརྡུང་ངོ་།།

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས། རྩ་གསུམ་སྤྱིའི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ (Volume 26, Text 25)

༄༅། །ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས། རྩ་གསུམ་སྤྱིའི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ། ། གསུང་གི་དབང་ཕྱུག་རྟ་མཆོག་དཔལ། །དབྱེར་མེད་བླ་མ་ལ་བཏུད་ནས། །འཕགས་ཞབས་རྡོ་རྗེའི་གསུང་ཉིད་ལ། །མཚམས་སྦྱོར་མཛེས་པའི་རྒྱན་འདི་བསྟར། །ཡི་དམ་དགོངས་འདུས་དབང་ཆེན་ཞི་དྲག་སྤྱིའི་བྱིན་རླབས་འཕོ་བ་རྗེས་གནང་གི་ཆོ་ག །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་ལས་འབྱུང་བ་འདི་ཉིད། ཆོས་ལོངས་སྤྲུལ་གསུམ། རྟ་མགྲིན་ཕྱི་ནང་གསང་བ། ཁྱུང་དང་མཁའ་འགྲོ །ཆོས་སྐྱོང་སྐོར་ཐམས་ཅད་ལ་མངོན་རྟོགས་དང་སྔགས་ཀྱི་ཁ་བསྒྱུར་ནས་བསྐུར་ཆོག་ཅིང་། དེའང་དེ་དག་གི་དབང་ཆེན་སྔོན་དུ་ཐོབ་པ་ཞིག་གིས་འདི་ཉིད་སྒྲུབ་ཐབས་པད་སྡོང་དང་སྦྲེལ་བའི་རྒྱུན་གཅིག་ཙམ་ཐོབ་ནས་གང་འདོད་བསྐུར་ཆོག་པར་མངོན་པས་ཁུངས་ཆེ་ཞིང་བྱ་སླ་བས། འདིར་ཞི་དྲག་སྤྱི་འགྲོའི་ལག་ལེན་གྱི་ཆིངས་སུ་འབྲི་ན། སྦྱོར་བ་སྟེགས་བུའི་སྟེང་དུ་དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཚོམ་བུ་བཀོད་པ་ཙམ་གྱིས་ཀྱང་འཐུས། དེའི་སྟེང་མཉྫིའི་ཁར་བུམ་པ་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བུམ་རྫས་ཀྱི་བཅུད་དང་ལྡན་པ། མདུན་དུ་ཞི་དྲག་གང་ཡིན་གྱི་ཟླུམ་གཏོར་རམ། དཔལ་གཏོར་རྒྱན་ལྡན་དང་། གཙོ་བོའི་སྐུ་ཙཀ་དང་ཕྱག་མཚན། གཡས་སུ་ཞི་བ་ལ་དར་དང་རིན་ཆེན་རྒྱན། ཁྲོ་བོ་ལ་དཔལ་གྱི་ཆས། རྒྱབ་ཏུ་བགྲང་ཕྲེང་དང་སྔགས་བྱང་། གཡོན་དུ་ཕྲིན་ལས་བཞིའི་ཙཀ་ལི་རྣམས་བཀོད། མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད། ཆོས་སྲུང་གི་གཏོར་མ་དང་ཚོགས་ཀྱི་ཆས། ཆད་བརྟན། སྔོན་གཏོར་སོགས་འདུ་བྱའོ། །དངོས་གཞི་སྒྲུབ་ཐབས་པད་སྡོང་དངོས་ལ་མཚོན་ན་བདག་བསྐྱེད་འོད་དཔག་མེད་གང་རུང་བཟླས་པ་བཅས་བྱ། དེ་ནས་གཞུང་གསལ་བུམ་པ་བསྐྱེད་ཅིང་འོག་ནས་འབྱུང་བའི་སྤྱན་འདྲེན་མཆོད་བསྟོད་སོགས་རྒྱས་པར་བྱས་ལ་ཛཔ྄་བསྙེན་ཅི་འགྲུབ་བཟླས་དམིགས་རྒྱས་པར་སྦྱར། མཐར་མཆོད་བསྟོད་དང་སྲུང་མའི་གཏོར་འབུལ་སོགས་བྱ། རྟ་མགྲིན་ཐུགས་དྲིལ་གསང་བ་གཅིག་འགྲུབ་ལ་མཚོན་ན་ལས་བྱང་གིས་བདག་མདུན་དབྱེར་མེད་བཟླས་པ་བཅས་གྲུབ་ནས། བུམ་པ་བིགྷྣཱཾ་གྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བུམ་པ་བྷྲཱུྃ་སེར་པོ་ལས། ཕྱི་བུམ་པའི་རྣམ་པ་མཚན་ཉིད་དང་ལྡན་པ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། རྐེ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། ལྷ་རྫས་གོས་ཀྱིས་མགུལ་ཆིངས་དང་དར་དཔྱང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། རིག་པ་ཡེ་ཤེས་ཀྱི་རྡོ་རྗེ་ལ་ཐུགས་རྗེ་ཡེ་ཤེས་ལྔའི་གཟུངས་ཐག་དང་ལྡན་པ། ནང་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཟླ་གམ་དབང་དྲག་འབར་བའི་ཀློང་ཆེན་པོར་དྲེགས་པ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ། ཁྲོ་བོ་ཆེན་པོ་རྟ་མགྲིན་དབང་ཆེན་ཡབ་ཡུམ་གནས་གསུམ་གྱི་ལྷ་དང་བཅས་པར་གསལ་བའི་ཐུགས་ཀར་འོད་དཔག་མེད་ཐུགས་སྲོག་ཕྱག་མཚན་བཅས་པར་སྙིང་པོས་བསྐོར་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲ་ས་མ་ཡ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཤོ་ལོ་ཀ་གཅིག་གིས་བསྟོད། ཐུགས་ཀའི་ཧྲཱིཿལས་འོད་ཀྱི་བདུད་རྩིའི་འཕྲོ་འདུས་བུམ་པ་གང་བར་གྱུརཔར་དམིགས་ལ་སྙིང་པོ་བཟླའོ། །ལས་བུམ་གྱི་ཆུའང་། ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། བཟླས་པས་བྱིན་གྱིས་བརླབ། རྩ་གསུམ་ལྷ་ཚོགས་དང་ཆོས་སྲུང་རྣམས་ལ་གཏོར་བསྔོ་རྒྱས་བསྡུས་གང་ཡང་རུང་བ་དང་། ཚོགས་མཆོད་ཀྱི་བར་བྱ། བདག་འཇུག་ལེན་པའམ་རིག་པའི་མེ་ཏོག་དོར། དེ་ལྟར་དབང་སྒྲུབ་ཀྱི་ཚུལ་འདིས་དགོངས་འདུས་དཀྱིལ་འཁོར་རྒྱས་པ་སོགས་ཞི་དྲག་གཞན་ལའང་མཚོན་པར་བྱའོ། །དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ཐུན་བྲབ་ཅིང་བཀའ་བསྒོའམ་དྲག་སྔགས་བརྗོད་ལ་བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པའི་རྫོགས་བྱང་གི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་དཔལ་རྟ་མཆོག་རོལ་པའི་བྱིན་རླབས་རྗེས་སུ་གནང་བའི་རིམ་པ་ཟབ་མོ་ཞུ་སྙམ་པའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་གསན་པར་ཞུ། དེའང་དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་བདག་ཉིད་འགྲོ་བའི་འདྲེན་པ་མཆོག་ཏུ་གྱུར་པ་དྷ་ན་ཀོ་ཥའི་མཚོ་གླིང་དུ་མེ་ཏོག་པདྨ་ལས་འཁྲུངས་པའི་ཚུལ་བསྟན་པ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ། འཆི་མེད་ཚེ་ཡི་རིག་འཛིན་ཐོབ་ནས་འགྲོ་བ་ཡོངས་ཀྱི་དོན་མཛད་པ་དེས་ཨོ་རྒྱན་ཧེ་རུ་ཀའི་འདུ་ཁང་དུ་རྡོ་རྗེ་རྣལ་འབྱོར་མ་དང་ལྷན་ཅིག་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གསང་སྔགས་ཕྱི་ནང་མ་ལུས་པ་གུ་རུ་ལ་གཏད་ཅིང་། ཁྱད་པར་པདྨ་གསུང་གི་རྒྱུད་ཡོངས་སུ་རྫོགས་པ་བསྩལ་པ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་བརྙེས་ཤིང་། འགྲོ་བ་མཐའ་ཀླས་པ་སྨིན་གྲོལ་དུ་མཛད་པ་ལས། ཁྱད་པར་དབང་ཆེན་འདུས་པ་སྐུ་ཡི་རྒྱུད། རྟ་མཆོག་རོལ་པ་གསུང་གི་རྒྱུད། རྡོ་རྗེ་པད་དྲྭ་ཐུགས་ཀྱི་རྒྱུད་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། ཕྱི་མ། ཕྱི་མའི་ཕྱི་མ། མན་ངག་རྒྱུད་ཆེན་སྣང་སྟོང་དབྱེར་མེད་འཁོར་འདས་རང་གྲོལ་དང་བཅས་པའི་རྒྱུད་ཆེན་འདི་རྣམས་ལ་བརྟེན་ནས་ཡི་དམ་དགོངས་འདུས་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་མཛད་པ་ཡིན་ལ། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བླ་མ་ཡི་དམ་དབྱེར་མེད་པ་ལ་འདུ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པ་ནི་པདྨ་དབང་ཆེན་ཁོ་ན་ལ་འདུས་ཤིང་། ཡི་དམ་དེའི་དགོངས་པ་དམ་ཆོས་འདི་ལ་འདུས་པས་ན། ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ཞེས་བྱ་སྟེ་མདོར་ན་རྒྱུད་ལུང་མན་ངག་ཐེག་དགུ་ཐམས་ཅད་ཀྱི་དགོངས་པ་འདུས་པ་ཡིན་ལ། རྒྱ་གར་ཟ་ཧོར་གྱི་ཡུལ་དུ་འཁོར་འབངས་སྤྱི་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གནང་། རྒྱལ་པོ་བཙུན་མོ་ནང་བློན་རྣམས་ལ་ཡི་དམ་དགོངས་འདུས་ནང་སྐོར་རྣམས་གཙིགས་སུ་གནང་། གསང་སྐོར་མནྡཱ་ར་བ་ཁོ་ན་ལ་གནང་། བལ་ཡུལ་དུ་བལ་རྗེ་འབངས་དང་བཅས་པ་ལ་སྒྱུ་འཕྲུལ་དགོངས་འདུས་གནང་། ལྷ་ལྕམ་དཀོན་པ་སྐྱེས་ན་རཀ་ནས་དྲང་བར་མཛད། བ་སུ་དྷ་ར་ལ་རྟ་མགྲིན་གྱི་རྒྱུད་སྒྲུབ་ཐབས་མན་ངག་གནང་། ཤཱཀྱ་དེ་མ་ལ་མཁའ་འགྲོའི་སྐོར་གནང་སྟེ་དེ་དག་སྨིན་གྲོལ་དུ་བཀོད། གངས་ཅན་བོད་ཀྱི་ཡུལ་འདིར་འཇམ་དབྱངས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་མཐའ་འཁོབ་ཀྱི་སྐྱེ་འགྲོ་རྣམས། འཕགས་མཆོག་ཐུགས་རྗེའི་བདག་པོ་ཡབ་ཡུམ་གྱི་སྒོ་ནས་སྨིན་གྲོལ་དུ་མཛད་ཅིང་ལྷ་འདྲེ་གདུག་པ་ཅན་རྣམས་དབང་ཆེན་རྡོ་རྗེ་སྲིན་པོའི་གཟི་བྱིན་གྱིས་བཏུལ་ཞིང་དམ་ལ་བཏགས། རྒྱལ་པོའི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས་པའི་ཐོག་མར་ཨརྱ་པཱ་ལོ་རྟ་མགྲིན་གྱི་གླིང་བཞེངས་སུ་གསོལ་བས་ས་གཞི་དུལ་ཞིང་བར་ཆད་ཐམས་ཅད་ཞི་ནས། ཐུགས་དམ་གྱི་གཙུག་ལག་གེགས་མེད་དུ་འབྱོངས་པ་དེ་དག་གི་སྐབས་སུ་སློབ་དཔོན་ཆེན་པོའི་རྟ་མགྲིན་གྱི་ཆོས་སྐོར་དུ་མ་ཞིག །རྗེ་འབངས་ཐ་དད་ཀྱི་སྐལ་བ་དང་འཚམ་པར་གནང་བ་ལ། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་གྱི་སྐུ་དངོས་སུ་བཞེངས་ཏེ་རྟ་སྐད་འཛམ་གླིང་ཁྱབ་པར་བསྒྲགས་པས་མཚོན་དབང་ཆེན་གྲུབ་པའི་སྐྱེས་བུ་དུ་མ་རྒྱུན་མ་ཆད་པར་བྱུང་ཞིང་། ཟབ་ཆོས་རྣམས་མ་འོངས་པའི་དོན་དུ་གཏེར་གནས་ཀུན་ཏུ་ཁྱབ་པར་སྦས་པ་ལས། ཐམས་ཅད་ཀྱི་གཙོ་བོར་གྱུར་པ་འདི་ནི། མཆིམས་ཕུ་དགེའུ་གོང་དང་། ཏི་གྲོ་མཁའ་འགྲོའི་ཚོགས་ཁང་། ལྷོ་བྲག་དུང་གི་ཕུག་པ་ལ་སོགས་པར། དགེ་སློང་ནམ་མཁའི་སྙིང་པོ། ཤེས་རབ་མཁར་ཆེན་མཚོ་རྒྱལ། རིག་འཛིན་རྒྱལ་བ་མཆོག་དབྱངས། འབྲེ་ཡི་ཆོས་བློ་མགོན་པོ། ཆོས་རྒྱལ་མུ་ནེ་བཙན་པོ་ལ་སོགས་པ་ཐུན་མོང་མ་ཡིན་པའི་འཁོར་ལས་ཅན་དག་པའི་མཆེད་པོ་བཅུ་བདུན་ལ་གསུངས་ཤིང་། མཚོ་རྒྱལ་གྱིས་བཀའི་བསྡུ་བ་པོ་བྱས་ནས་ཡི་དམ་དགོངས་པ་འདུས་པའི་ཆོས་སྐོར་ཡོངས་རྫོགས་གྲུབ་པའི་གནས་ཆེན་པདྨོ་བཀོད་པའི་བྱང་གླིང་དུར་ཁྲོད་དགའ་བའི་ཚལ་ཕ་བང་ཕག་སྡིག་ཁྱུང་གསུམ་གྱི་ནང་དུ། བཀའ་ཡི་སྲུང་མ་མ་མགོན་དམ་ཅན་གནོད་སྦྱིན་གྱི་ཚོགས་ལ་གཉེར་དུ་གཏད་དེ། ཨཱརྱ་ཆོས་བློ་མགོན་པོའི་སྐྱེ་མཐའ་དང་འཕྲད་པར་སྨོན་ལམ་བཏབ་སྟེ་སྦས་པ་ལས། ཕྱི་མའི་དུས་ན་ཇི་ལྟར་འབྱུང་བའི་དུས་རྟགས་ལུང་བྱང་དང་རྗེས་སུ་མཐུན་པར་ཨཱརྻ་ས་ལའི་སྐྱེ་བ་ཕྱི་མ་འབྲེ་བན་ཆོས་བློ་མགོན་པོའི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་སྤྱན་དྲངས་ཏེ་བཀའ་བབ་ལས་འཕྲོ་ཅན་གྱི་ཆོས་བདག་རྣམས་ལ་རིམ་པར་བསྩལ་ཏེ་སྐལ་ལྡན་སྤྱི་དང་། ཁྱད་པར་སྦས་པའི་ཡུལ་གྱི་སྐྱེ་དགུ་མཐའ་དག་སྨིན་ཅིང་གྲོལ་བར་མཛད་པའི་ཟབ་ཆོས་ཁྱད་པར་དུ་མས་འཕགས་ཤིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འདི་ལ་རྩ་གསུམ་ཆོས་སྲུང་བཅས་པའི་དབང་བཀའ་རྒྱས་བསྡུས་ཇི་སྙེད་བཞུགས་པ་ལས། ད་ལམ་འཕགས་མཆོག་ཀླུ་སྒྲུབ་ཀྱི་གདམས་ངག་དང་སྦྲེལ་ཏེ་ཆེ་གེ་མོའི་བྱིན་རླབས་འཕོ་བའི་རྗེས་སུ་གནང་བ་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱི་བྱ་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་རྒྱལ་ཀུན་འདུས་པའི་རང་གཟུགས་སུ་འདུ་ཤེས་པའི་དག་སྣང་བརྟན་པོ་དང་ལྡན་པའི་སྒོ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དབང་གི་དཀྱིལ་འཁོར་མཐོང་བ་དང༔ བདག་ཉིད་ཆེན་པོ་རང་འགྲུབ་ཕྱིར༔ བྱིན་རླབས་ཐུགས་རྗེས་བདག་དགོངས་ནས༔ སྐུ་གསུམ་བྱིན་རླབས་འདིར་སྩོལ་ཅིག༔ ཅེས་ལན་གསུམ་བརྗོད་དུ་གཞུག །རྒྱུད་རྣམ་པར་དག་པར་བསྒྲུབ་པའི་སླད་དུ། མདུན་གྱི་ནམ་མཁར་མཆོག་གསུམ་ཡོངས་སུ་འདུས་པ་བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་ཆེ་གེ་མོའི་ལྷ་ཚོགས་མངོན་སུམ་ལྟ་བུར་བཞུགས་པའི་དྲུང་དུ། བདུན་རྣམ་པར་དག་པ་སྔོན་དུ་འགྲོ་བས་སྡོམ་པ་གསུམ་གྱི་བསླབ་པ་དང་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། མཆོག་གསུམ་ཡོངས་འདུས་ཆེ་གེ་མོའི། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས། །འདིར་གཤེགས་ཕྱག་འཚལ་མཆོད་པ་འབུལ། །སྡིག་བཤགས་སྐྱབས་མཆི་མཛད་ལ་རང་། །འགྲོ་ཕན་བྱང་ཆུབ་སེམས་བསྐྱེད་ཅིང་། །དུས་གསུམ་བསགས་པའི་དགེ་བ་རྣམས། །རྣམ་པར་གྲོལ་བ་འཐོབ་རྒྱུར་བསྔོ། །བླ་མེད་སྡོམ་པ་བཟུང་བར་བགྱི། །ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་ཅིང་ཐ་མལ་གྱི་རྟོག་པ་བསལ་ཕྱིར་སྣོད་བཅུད་ཕུང་ཁམས་དག་པ་ཡེ་ཤེས་ཀྱི་འཁོར་ལོར་སྦྱངས་ཏེ་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་མ་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཞེས་ཞི་དྲག་གང་ཡིན་གྱི་གཙོ་བོ་བསྐྱེད། དབང་སྐུར་བྱེད་རྡོ་རྗེ་སློབ་དཔོན་ལའང་ཐ་མལ་གྱི་འདུ་ཤེས་སྤངས་ཏེ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་པས། དག་པའི་མོས་གུས་ཐུན་མོང་མ་ཡིན་པ་བསྐྱེད་ཅིང་གསོལ་བ་བཏབ་པ་ལ་བརྟེན་ནས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་བཅོམ་ལྡན་འདས་ཆེ་གེ་མོའི་ལྷ་ཚོགས་ཀྱི་རྣམ་པ་བླ་མའི་ཐུགས་ལས་སྤྲོས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག །སྤོས་སྦྱོར་རོལ་མོའི་སྒྲ་དང་བཅས་ཏེ། སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཞེས་བརྗོད་ཅིང་སྤྲོ་ན་སྤྱན་འདྲེན་བྱིན་འབེབ་ཀྱི་ཚིགས་བཅད་ཀྱང་བརྗོད། དེ་ལྟར་ཡེ་ཤེས་པ་ཕེབས་པ་དེ་ཉིད་བརྟན་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། བརྗོད་ཅིང་མེ་ཏོག་འཐོར། དེ་ནས་དངོས་གཞི་དབང་བསྐུར་བགྱིད་པ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྗེས་སུ་གནང་བའི་དང་པོར་སྐུ་དབང་བུམ་པས་བསྐུར་བ་ནི། བུམ་པ་ཡེ་ཤེས་ལྔའི་རང་བཞིན་ཅན་གཞལ་ཡས་ཁང་གི་ནང་དུ་བཅོམ་ལྡན་འདས་ཆེ་གེ་མོའི་ལྷ་ཚོགས་མ་ལུས་པ་དངོས་སུ་བཞུགས་པ་སྤྱི་བོར་བཞག་པའི་ཚེ། ལྷ་རྣམས་བདུད་རྩིའི་རང་བཞིན་དུ་གྱུར་པའི་རྒྱུན་གྱིས་དབང་བསྐུར་ཞིང་ཁྲུས་བྱས། བུམ་ཆུ་མྱང་བ་ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་མཐའ་དག་དག་ཅིང་ལུས་སྣང་སྟོང་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཧྲཱིཿ བུམ་པ་ཡེ་ཤེས་གཞལ་ཡས་སུ། །སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི། །ཐབས་ལ་དབྱིངས་བྱོན་བཞུགས་པར་འཚལ། །སྣང་སྟོང་ལྷ་ཡི་དབང་ཐོབ་ཤོག །རྩ་སྔགས་ཤམ་བུར། ཨོཾ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་གང་ཆུ་ལྷག་གྱེན་དུ་འཁྱིལ་བ་ལས་རིགས་བདག་ཆེ་གེ་མོས་དབུ་བརྒྱན་པར་གྱུར། སླར་ཡང་སློབ་དཔོན་ཉིད་བཅོམ་ལྡན་འདས་ཆེ་གེ་མོར་གསལ་བའི་ཐུགས་ཀ་ནས་རང་འདྲའི་ལྷ་ཚོགས་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་སྐུ་ཡི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཡོངས་སུ་ཐོབ་པར་གྱུར་པའི་མོས་པ་མཛོད། སྐུ་གཟུགས་ཀྱི་ཙཀ་ལི་སྤྱི་བོར་བཞག་ཅིང་། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །སྐུ་འཕྲོས་ལུས་ལ་འཇུག་པ་ནི། །སྐུ་ཡི་ལྷག་པའི་ཏིང་འཛིན་དེ། །སྐུ་ཡི་བྱིན་རླབས་ཁྱོད་ལ་འཕོ། ཁྱོད་དང་གཉིས་མེད་བརྟན་པར་གྱུར། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་དོར་བས་སྐུ་ཡི་བྱིན་རླབས་དེ་ཉིད་བརྟན་པར་བྱ། གཉིས་པ་གསུང་དབང་སྔགས་ཕྲེང་གི་དབང་བསྐུར་བ་ནི། སློབ་དཔོན་ལྷར་གསལ་བའི་ཐུགས་སྲོག །ཧྲཱིཿསོགས་གང་ཡིན་གྱི། ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ནས། རང་ལྷའི་སྔགས་ཕྲེང་དང་གཉིས་མེད་དུ་གྱུར་ནས་གྲགས་སྟོང་གསང་བ་སྔགས་ཀྱི་སྒྲ་ཆེན་པོ་སྒྲོག་པའི་མོས་པས་སྔགས་འདི་ཡི་རྗེས་ཟློས་བྱར་གཞུག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ། བདག་ཉིད་ལྷག་པའི་ལྷར་གསལ་བའི། །སྔགས་ཀྱི་ཕྲེང་བ་ལས་འཕྲོས་སྔགས། །ངག་གི་སྔགས་ལ་འཇུག་པ་ནི། །སྔགས་ཀྱི་དངོས་གྲུབ་ཁྱོད་ལ་འཕོ། ཁྱོད་ཀྱིས་དངོས་གྲུབ་ཐོབ་པར་ཤོག །རྩ་སྔགས་ཤམ་བུར། ཨོཾ་ཝཱ་ཀ་སིདྡྷི་ཧོཿ ཕྲེང་བ་མགྲིན་པ་དང་ལག་ཏུ་སྦྱིན་ལ། གསང་སྔགས་རིག་སྔགས་གཟུངས་སྔགས་བཅས། །མ་ལུས་ཁྱོད་ཀྱིས་འགྲུབ་གྱུར་ནས། །ངག་གི་ནུས་པ་བརྟན་པ་དང་། །དངོས་གྲུབ་དམ་པ་ཐོབ་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་དོར་བས་གསུང་གི་བྱིན་རླབས་མཆོག་ཏུ་བརྟན་པར་བྱའོ། །གསུམ་པ་ཐུགས་དབང་གཏོར་མས་བསྐུར་བ་ནི། དེ་ནས་ཁྱེད་རང་གི་སེམས་ཉིད་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་སེམས་སྐད་ཅིག་མ་ལ་གང་གིས་ཀྱང་མ་བསླད་པའི་ངོ་བོ་རིག་སྟོང་རང་གནས་རྗེན་པའི་ངང་དུ་མཉམ་པར་ཞོག་ཅིག །དེའི་ངང་ལས་མི་དམིགས་པའི་དམིགས་པ་རང་བཞིན་འགག་མེད་ཀྱི་རྩལ་སྣང་དུ་ཤར་བའི་དཔལ་གྱི་གཏོར་མ་འདི་ཉིད་ཆེ་གེ་མོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀྱི་ཐིག་ལེ་ལས་འཕྲོས་པའི་བྱིན་རླབས་ཡེ་ཤེས་ཀྱི་ཐིག་ལེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། རིག་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་རོ་མཉམ་པའི་མོས་པ་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ། ཐུགས་ཀྱི་ཐིག་ལེ་ལས་འཕྲོས་པའི། །ཐིག་ལེ་ཡིད་ལ་བསྟིམ་པ་ནི། །ཆོས་ཀྱི་ཐིག་ལེར་རྒྱས་གདབ་པས། །ཐུགས་ཀྱི་རྟོག་པ་རྟོགས་པར་འགྱུར། །ཕྱག་རྒྱ་ཆེན་པོར་གྲོལ་གྱུར་ཅིག །རྩ་སྔགས་ཤམ་བུར། ཨོཾ་ཙིཏྟ་སིདྡྷི་ཧོཿ སླར་ཡང་སློབ་དཔོན་ཡི་དམ་ཆེ་གེ་མོར་གསལ་བའི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་མཚན་ཆེ་གེ་མོའི་འོད་ཟེར་ཐིག་ལེ་དང་བཅས་པའི་རྣམ་པར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྟོགས་གྲོལ་དུས་མཉམ་སངས་རྒྱས་ཀྱི་ཡེ་ཤེས་རྒྱུད་ལ་ཞུགས་པར་མོས་ཤིག །ཕྱག་མཚན་སྙིང་གར་རེག་ལ། ཐུགས་ཀྱི་རྡོ་རྗེ་ཁྱེད་ལ་འཕོས། ཁྱེད་སེམས་རྟོག་པ་ཕྱག་རྒྱ་ཆེ། །རྟོགས་གྲོལ་དུས་མཉམ་གྱུར་བྱས་ནས། །སངས་རྒྱས་ཡེ་ཤེས་གཉིས་མེད་གྱུར། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་དོར་བས་བྱིན་རླབས་བརྟན་པར་བྱ། སླར་ཡང་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཆེ་གེ་མོར་གསལ་བའི་གནས་ལྔ་ལས་འོད་ཟེར་ལྔ་ལྡན་འཕྲོས་ཁྱེད་རང་ལ་ཐིམ་པས་བུ་ཁྱོད་ཀྱི་ལུས་ངག་ཡིད་གསུམ་དྲི་མ་མཐའ་དག་སྦྱངས་ཏེ། སྐུ་མི་འགྱུར་བ་ཨོཾ། གསུང་མི་འགྱུར་བ་ཨཱཿ ཐུགས་མི་འགྱུར་བ་ཧཱུྃ་དུ་གྱུར་ཏེ། དེ་ཡང་ཆོས་ཀྱི་ཐིག་ལེར་གྱུར། ཐིག་ལེ་རྟོག་བྲལ་ཕྱག་རྒྱ་ཆེན་པོར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་གཏུགས་ཤིང་ཤིས་པ་བརྗོད། དེ་ལྟར་ཡང་། རྒྱུད་ནག་པོ་ཀླུ་འདུལ་ལས། ཡི་གེ་གསང་བའི་རྒྱས་གདབ་བྱ། །ཞེས་པའི་དོན་ཡིན་ལ། དེ་ནས་ཕྲིན་ལས་ཅིར་སྤྱོད་ཀྱང་། །ཡོན་ཏན་འབྱུང་བའི་རྗེས་གནང་སྦྱིན། །ཞེས་གསུངས་པའི་དོན། ཡོན་ཏན་གྱི་རྗེས་སུ་གནང་བ་ནི། ཞི་བ་ལ། དར་དང་རིན་པོ་ཆེའི་རྒྱན་སོགས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཆས་རྣམས་ཀྱིས་ཁྱེད་རང་ལྷར་གསལ་བའི་སྐུ་ལ་བརྒྱན་པར་གྱུར་པའི་མོས་པ་མཛོད། ཅེས་སམ། ཁྲོ་བོ་ལ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་ཁྱེད་རང་ཁྲོ་རྒྱལ་འབར་བའི་སྐུ་ལ་ཡོངས་སུ་བརྒྱན་པར་གྱུར་པའི་མོས་པ་མཛོད། ཅེས་ཞི་ཁྲོའི་ཆས་སྐབས་བསྟུན་གཏད་ལ། ཡོན་ཏན་ཀུན་འབྱུང་རྒྱན་གྱི་དབང་། །སྐྱེས་བུ་ཁྱེད་ལ་བསྐུར་བ་ཡིས། །སངས་རྒྱས་ཡོན་ཏན་རབ་སྒྲུབ་ཅིང། །ཐོགས་མེད་འགྲོ་དོན་སྤྱོད་པར་ཤོག །རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། དེ་ལྟར་ཡོན་ཏན་ཀུན་འབྱུང་རྒྱན་གྱིས་དབང་བསྐུར་པས་རྒྱལ་བ་ཀུན་གྱི་ཡོན་ཏན་རིན་པོ་ཆེའི་གཏེར་མཛོད་ལ་དབང་འབྱོར་པ་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སུ་པྲ་ཏིཥྛ་སོགས་ཀྱིས་མེ་ཏོག་འཐོར། དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ནི། ཕྲིན་ལས་རྣམ་པ་བཞིའི་ཕྱག་རྒྱས་དབང་བསྐུར་བས། རང་གཞན་གྱི་དོན་མ་ལུས་པ་བསྒྲུབ་པའི་མཐུ་བརྟས་ཤིང་། རྒྱལ་བ་ཀུན་གྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཔལ་ཐོབ་པར་གྱུར་པའི་མོས་པ་མཛོད། ཕྲིན་ལས་བཞི་མཚོན་བྱེད་ལྕགས་ཀྱུ་ལ་སོགས་པའི་ཙཀ་ལི་གཏད་ནས། ཞི་རྒྱས་དབང་དྲག་ཕྲིན་ལས་དབང་། །སྐྱེས་བུ་ཁྱོད་ལ་བསྐུར་བ་ཡིས། །རྒྱལ་བའི་ཕྲིན་ལས་ཡོངས་བསྒྲུབ་པ། །འགྲོ་དོན་ཕྱོགས་མེད་སྤྱོད་པར་ཤོག །སརྦ་ཀརྨ་དྷརྨ་དྷཱ་ཏུ་ཧཱུྃ། སུ་པྲ་ཏིཥྛས་མེ་ཏོག་འཐོར་བས་བརྟན་པར་བྱ་ཞིང་། ཤིས་བརྗོད་ཅི་རིགས་སུ་སྤེལ་ལོ། །དེ་དག་གིས་ལྷག་པའི་ལྷ་ཆེ་གེ་མོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་ཏེ། རྒྱུད་ལས། དབང་ཐོབ་ཡོན་ཏན་བསམ་མཐའ་ཡས། །དམ་སྲུང་རྒྱལ་སྲས་ཀུན་གྱི་མཆོག །ཉམས་པའི་ཉེས་དམིགས་བརྗོད་མི་ལང་། །ཞེས་གསུངས་པ་ལྟར་གྱི་ཕན་ཡོན་དང་ཉེས་དམིགས་དྲན་པར་བྱས་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྡོམ་བགྱིད་པར་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་སློབ་མའི་རྗེས་ཀྱི་བྱ་བ་སྤྱི་ལྟར་བྱའོ། །ཆོ་གའི་རྗེས་རིམ་སྒྲུབ་ཐབས་པད་སྡོང་ལྟར་ན་བུམ་ལྷ་ལ་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་བྱ། གསང་བ་གཅིག་འགྲུབ་ལ་ཚོགས་རོལ་ཞིང་ལྷག་མ་སོགས་ལས་བྱང་མཐར་དབྱུང་བས་གཞན་ལའང་མཚོན་ཞིང་རིགས་འགྲེ་བར་བྱའོ། །བྱིན་རླབས་ཀུན་གྱི་སྙིང་པོ་འདིས། །བདག་གཞན་འགྲོ་བའི་རྒྱུད་སྨིན་ཅིང་། །འཕགས་པ་ཀླུ་དང་པདྨ་བཞིན། །དབང་ཆེན་རྫོགས་པར་བརྙེས་གྱུར་ཅིག །འདིའང་སྨིན་གྲོལ་སྙིང་པོའི་གཏེར་གྱི་མཛོད་ཡོངས་སུ་གང་བའི་ཆ་རྐྱེན་དུ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྩ་བའི་གཞུང་དང་བརྒྱུད་པའི་ཕྱག་བཞེས་མ་འཁྲུལ་བ་བསྡེབས་ཏེ་བཤད་སྒྲུབ་རྟག་བརྟན་དར་རྒྱས་གླིང་དུ་བལྟས་ཆོག་མར་བསྡེབས་པ་དགེ་ལེགས་འཕེལ།། །།

གནམ་ཆོས་ལས་རྩ་གསུམ་སྤྱིའི་གཏོར་བསྔོས་ (Volume 41, Text 25)

གནམ་ཆོས་ལས་རྩ་གསུམ་སྤྱིའི་གཏོར་བསྔོས་བཞུགས་སོ༔ ༁ྃ༔ ཐཐ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷནྡྷའི་ནང་དུ་ཟག་མེད་བདུད་རྩི་ཡི༔ གཏོར་མ་འདི་ཉིད་འབུལ་བའི་གནས་རྣམས་ནི༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་མཆོད༔ གུ་རུ་ཞི་བ་དྲག་པོ་བཀའ་བརྒྱད་མཆོད༔ དགོངས་འདུས་ཕུར་པ་ཡི་དམ་རྒྱ་མཚོ་མཆོད༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོ་སོགས༔ མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་མཆོད་པར་བགྱི༔ དཔལ་མགོན་མ་ནིང་ཤན་པ་དམར་ནག་སོགས༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་མཆོད་པར་བགྱི༔ རྣམ་སྲས་ཛཾ་དམར་ཛཾ་ལྷ་ནག་པོ་སོགས༔ ནོར་ལྷ་རྒྱ་མཚོར་གཏོར་མའི་མཆོད་པ་འབུལ༔ རྡོ་རྗེ་ལེགས་པ་དྲང་སྲོང་ཆེན་པོ་སོགས༔ དམ་ཅན་རྒྱ་མཚོ་ཀུན་ལ་མཆོད་པ་འབུལ༔ བདག་གི་ནད་རིགས་ཀུན་ཞི་ཚེ་བསོད་དཔལ༔ རྒྱས་ཤིང་སྣང་སྲིད་དབང་དུ་འདུ་བར་མཛོད༔ དགྲ་བགེགས་ལོག་འདྲེན་ཆོས་ལོག་དམ་ཉམས་རྣམས༔ སྐད་ཅིག་ཐལ་བའི་རྡུལ་བཞིན་བརླགས་ནས་ཀྱང༔ བདག་གི་བསམ་པ་ཐམས་ཅད་བསྒྲུབ་ཏུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈ ྈ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཅུ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་པ་མངྒ་ལཾ།། །། ༁ྃ༔ གནམ་ཆོས་ལས་རྩ་གསུམ་སྤྱི་ཡི་སྐོང་བ་རྒྱུན་ཁྱེར་ལེགས་པར་བཞུགས་སོ༔ ༁ྃ༔ ྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སྐོང་བ་བྱ་ཐབས་འདི་ལྟ་སྟེ༔ ཧཱུྃ༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ སྨན་གཏོར་རཀྟ་གླུ་གར་མས༔ བླ་མ་སྐུ་གསུམ་ཐུགས་དམ་བསྐང༔ སྐུ་ལྔ་མཚན་བརྒྱད་ཐུགས་དམ་བསྐང༔ བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ གུར་དྲག་བཀའ་དགོངས་ཕུར་གསུམ་སོགས༔ ཡི་དམ་རྣམས་ཀྱི་ཐུགས་དམ་བསྐང༔ ཕག་ཁྲོས་སེང་གསུམ་མཚོ་རྒྱལ་སོགས༔ མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས༔ རྗེ་འབངས་རྣམས་ཀྱི་ཐུགས་དམ་བསྐང༔ མ་ནིང་ཤན་པ་གཟའ་བདུད་སོགས༔ ཆོས་སྐྱོང་བཀའ་སྲུང་ཐུགས་དམ་བསྐང༔ རྣམ་སྲས་ཛཾ་ལྷ་ལ་སོགས་པ༔ ནོར་ལྷ་ཀུན་གྱི་ཐུགས་དམ་བསྐང༔ དེ་ལྟར་ཐུགས་དམ་བསྐངས་ནས་ཀྱང༔ བདག་གིས་བསམ་པ་འགྲུབ་པ་དང༔ ཞི་རྒྱས་དབང་དྲག་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈྈ ཞེས་པ་བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་པ་བྱ་ལོ་ནག་པ་ཟླ་བའི་བཅོ་བརྒྱད་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག། །། ༁ྃ༔ གནམ་ཆོས་ལས་ཨུ་པ་རཱ་ཙའི་སྐོང་བཤགས་བཞུགས༔ ༁ྃ༔ ྈྈྈྈྈ ྈ མཆོད་པ་འབུལ་ནས་འདི་ལྟར་བརྗོད་དོ༔ ཧཱུྃ༔ བཅོམ་ལྡན་ཆེ་གེ་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ བདག་ཅག་འཁོར་དང་བཅས་པ་ཡིས༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ཞེས་སོ༔ མངྒ་ལཾ༔ <!TCC Tibetan character 4,35 undefined in unicode!> ྈྈྈྈྈ ྈ ཧཱུྃ༔ བཅོམ་ལྡན་ཆེ་གེ་ལ༔ འཁོར་བའི་མ་རིག་འཁྲུལ་པ་ཡིས༔ མ་ཤེས་ཐུགས་དང་འགལ་གྱུར་ཏེ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ ཞེས་བརྗོད་དོ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གཅིག་ངོ་མཐོང་ཙམ་ལ་ཨོ་རྒྱན་རིན་པོ་ཆེས་གསུངས་ཏེ་འདི་སྤྱི་ལ་སྦྱར་ཆོག༔ མཾཀླལབྷིལྷི༔ ཆེ་གེ་ཞེས་པར་ཡི་དམ་གང་འདོད་སྦྱར་ཤེས་པར་གྱིས་ཤིག༔ འོ་ན་རྟེན་འབྲེལ་ལེགས་པོ་བསྒྲིག་ཤེས་དཀའ་དོ་བས། དེ་འདྲ་མ་ལེགས་པ་གང་བྱུང་ཡང་སྐྱོན་མེད་པའི་གདམས་པ་ཨོ་རྒྱན་ལ་ཞུས། ཞེས་ཞུས་པས། སྐོང་བ་ཤློ་ཀ་གཅིག་དང་། བཤགས་པ་ཤློ་ཀ་གཅིག་བྱུང་བ་བདག་གིས་ཐུགས་དམ་བྱས་སོ། །ཞེས་ཨ་རཱ་གས་བྲིས།།

ཟབ་ལམ་ཐུགས་ཀྱི་ནོར་བུའི་བརྒྱུད་འདེབས་ཉུང་བསྡུས་ (Volume 9, Text 25)

ཟབ་ལམ་ཐུགས་ཀྱི་ནོར་བུའི་བརྒྱུད་འདེབས་ཉུང་བསྡུས་བཞུགས་སོ། །རིགས་ཀུན་བདག་ཉིད་མགོན་པོ་འོད་དཔག་མེད། །འགྲོ་དྲུག་དོན་མཛད་འཕགས་པ་སྤྱན་རས་གཟིགས། །རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་པདྨ་འབྱུང་། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །རྒྱལ་སྲས་ལྷ་རྗེ་ཡེ་ཤེས་མཆོག་གྲུབ་རྒྱལ། །ངམ་འབྲེའི་རིགས་འཁྲུངས་ཨརྻ་ས་ལེ་འོད། །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་མང་ཞབས། །ཨ་ཏིའི་བསྟན་བདག་བསམ་གཏན་རྡོ་རྗེ་གླིང་། །ཟབ་གཏེར་མངའ་བདག་ཨོ་རྒྱན་ཆོས་རྗེ་གླིང་། །རྣམ་ཐར་རྨད་བྱུང་ཏྲེ་ཆེན་ཆོས་ཀྱི་དབང་། །མཁྱེན་གཉིས་རྩལ་རྫོགས་བསྟན་པའི་ཉིན་མོར་བྱེད། །པད་དཀར་འཆང་དངོས་བདུད་འདུལ་རྡོ་རྗེ་འཛིན། །གུ་རུས་ལུང་བསྟན་སྐྱེས་ཆེན་ཆོས་ཀྱི་བདག །ཟབ་ལམ་གདམས་པ་ནོར་བུའི་ཕྲེང་འཛིན་པའི། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྨིན་གྲོལ་དབང་དང་དངོས་གྲུབ་རྣམ་གཉིས་སྩོལ། །བྱིན་རླབས་ཀུན་འབྱུང་གུ་རུ་རིན་པོ་ཆེ། །དངོས་གྲུབ་སྩོལ་ཕྱིར་ཡི་དམ་མཁའ་འགྲོའི་ཚུལ། །བཀའ་སྲུང་གཏེར་བདག་རྣམས་ལ་གསོལ་བ་འདེབས། །སྨིན་གྲོལ་དབང་དང་དངོས་གྲུབ་རྣམ་གཉིས་སྩོལ། །རང་རྒྱུད་ལེགས་སྦྱངས་ཟབ་མོའི་སྣོད་དུ་རུང་། །དབང་བཞིས་རྒྱུད་སྨིན་སྣང་སྟོང་བསྐྱེད་རིམ་འབྱོངས། །ཐབས་ལམ་མཐར་ཕྱིན་ཀ་དག་ལྟ་བ་རྟོགས། །ལྷུན་གྲུབ་སྒོམ་པ་ཚད་ཕེབས་བྱིན་གྱིས་རློབས། །རིག་འཛིན་རྒྱལ་བ་རྣམས་ལ་གསོལ་བཏབ་མཐུས། །ཟབ་ལམ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བདག་གཞན་འགྲོ་ཀུན་དོན་གཉིས་ལྷུན་གྲུབ་སྟེ། །རྒྱལ་བའི་གདུང་འཚོབ་ཟིན་པར་བྱིན་གྱིས་རློབས། །ཞེས་གཏེར་ཆེན་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་རྒྱས་པ་ལས་ཁྱེར་བདེ་བའི་ཕྱིར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཉུང་ངུར་བསྡུས་པ་དགེ་ལེགས་འཕེལ།། །།

རྩིབས་ཞབས་མུ་ཁྱུད་ལ་མོ་འཁོར་ལྟར་བྲི་ (Volume 53, Text 25)

རྩིབས་ཞབས་མུ་ཁྱུད་ལ་མོ་འཁོར་ལྟར་བྲི།

བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོང་བ་རིན་པོ་ཆེ་ (Volume 54, Text 25)

བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོང་བ་རིན་པོ་ཆེ་བཞུགས། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་འོ། །འདིར་འཇམ་དཔལ་གཤིན་རྗེའི་ཆག་ཉམས་བསྐང་བར་འདོད་ན། གཏོར་སྒྲུབ་གཞུང་ལས་བཤད་པ་ལྟར་དཀྱིལ་འཁོར་བཅའ་ལ། མདུན་དུ་ཚོགས་ཀྱི་མཆོད་པ་ཤ་ཆེན། ཁྲག་ཆེན། དབང་པོའི་མེ་ཏོག །གསུར་ཆེན་ཞུན་ཆེན་དང་། སྒྲུབ་རྫས་ཅི་ལྟར་བཤད་པ་བཞིན་བསགས་ལ། ཚོགས་བྱིན་གྱིས་བརླབ་ཅིང་སྤོས་བསྲེག་རོལ་མོ་བསྒྲགས་ལ་འདི་སྐད་དོ། །ཧཱུྃ། རང་བཞིན་དག་པའི་གཞལ་ཡས་ཐམས་ཅད་ནས། །རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །འཇམ་དཔལ་གཤིན་རྗེ་གཤེད་པོ་འཁོར་དང་བཅས། །བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ཧཱུྃ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་དམར་པོ་གཅེར་བུ་རྒྱན་མེད་པ། །ཞལ་གཅིག་ཕྱག་གཉིས་གཡས་པས་དགྲ་སཏྭ་བསྣམས། །གཡོན་པས་ཐོ་བ་ལྕགས་སྒྲོག་དགྲ་རྐུན་འཇོམས། །འཁོར་དུ་རང་འདྲའི་གཤིན་རྗེའི་ཚོགས་ཀྱིས་བསྐོར། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་། །གཡས་ནས་ལས་བྱེད་ཕོ་ཚོགས་སྤྲིན་ལྟར་གཏིབས། །ལས་བྱེད་ཕོ་ཚོགས་ཁྱེད་ཀྱི་ཐུགས་དམ་བསྐང་། །གཡོན་ནས་ལས་བྱེད་མོ་ཚོགས་རླུང་ལྟར་འཚུབས། །ལས་བྱེད་མོ་ཚོགས་འཁོར་བཅས་ཐུགས་དམ་བསྐང་། །མདུན་ནས་སྤྲུལ་པ་ཡང་སྤྲུལ་རླུང་ལྟར་འགྱུ། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །རྒྱབ་ནས་ཆོས་སྐྱོང་སྲུང་མ་ཐོག་ལྟར་འབེབ། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཐུགས་དམ་བསྐང་། །ཧཱུྃ། ཁྱེད་ཀྱི་ཐུགས་དམ་བསྐང་བའི་དམ་རྫས་ནི། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་གྱིས། །བླ་མ་འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་། །ཤ་ཆེན་ཁྲག་ཆེན་གསུར་ཆེན་དང་། །དབང་པོ་རྣམ་ལྔའི་མཆོད་པ་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་ཀྱིས། །གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་། །དགྲ་རྐུན་ཇག་གསུམ་འཁོར་བཅས་ཀྱི། །ཤ་ཁྲག་རུས་དང་བཅས་པ་ཡིས། །གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་། །བསྐངས་ནས་བསྟན་དགྲ་སྒྲོལ་བ་དང་། །དགྲ་རྐུན་ཇག་གསུམ་མེད་པར་མཛོད། །བདག་ཅག་རྣལ་འབྱོར་ཕྲིན་ལས་སྒྲུབས། །ཅེས་པས་གཤིན་རྗེ་འཁོར་བཅས་དགྱེས་པར་བསམ་ཞིང་དབྱངས་དང་བཅས་པ་བྱའོ། །ཅེས་པ་འདི་ཡང་འཇམ་དཔལ་གཤིན་རྗེ་དམར་ཆུང་གི་ཁ་སྐོང་དུ། ཚོགས་མཆོད་ཡོད་པར་གདའ་བས་རུང་བར་བསམ་ནས་རཱ་ག་ཨ་སྱས་སྦྱར་བའོ།། །།

གར་ཚེའི་བརྒྱུད་འདེབས་ (Volume 24, Text 25)

གར་ཚེའི་བརྒྱུད་འདེབས་བཞུགས། ཀུན་ཁྱབ་ཆོས་སྐུའི་མགོན་པོ་འོད་དཔག་མེད། །ལོངས་སྤྱོད་རྫོགས་སྐུ་པདྨ་གར་གྱི་དབང་། །སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་བཻ་རོ་རྗེ། །འཕོ་མེད་བདེ་ཆེན་མཆོག་བརྙེས་མཁར་ཆེན་བཟའ། །འཇམ་མགོན་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་ཀུན་དངོས་གཏེར་བདག་གླིང་། །རིགས་ཀྱི་སྲས་མཆོག་མི་འགྱུར་དཔལ་གྱི་སྒྲོན། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རབ་འབྱམས་དཀྱིལ་འཁོར་ཀུན་འདུས་འཆི་མེད་ལྷ། །ཡི་དམ་ཞི་ཁྲོ་མཁའ་འགྲོ་གཏེར་སྲུང་ཚོགས། །ངོ་མཚར་གནས་མཆོག་ཤ་འུག་སྟག་སྒོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྣོད་བཅུད་དག་པ་རབ་འབྱམས་གར་དབང་ལྷའི། །རྒྱས་ཐེབས་དཀྱིལ་འཁོར་འཁོར་ལོ་རོལ་པ་ཆེ། །མཁའ་ཁྱབ་འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི། །དྭངས་བཅུད་སྙིང་གི་ཐིག་ལེར་རོ་གཅིག་ཤོག །འཆི་མེད་གཉུག་མའི་ཡེ་ཤེས་དོན་གྱི་ལྷ། །མཁའ་ཁྱབ་ཡེ་ཤེས་གསལ་སྟོང་གདོད་མའི་གཞི། །རྟག་བརྟན་མི་འགྱུར་བདེ་ཆེན་རྡོ་རྗེའི་སྐུ །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག ༈ །བླ་མ་ལྷ་དང་དཀྱིལ་འཁོར་ལྷ་ཚོགས་དགོངས། །འདིས་མཚོན་དུས་གསུམ་དགེ་ཚོགས་མ་ལུས་ཀུན། །མཁའ་མཉམ་འགྲོ་ཀུན་གར་དབང་ཚེ་ཡི་ལྷའི། །གོ་འཕང་དཀའ་བ་མེད་པར་མྱུར་འགྲུབ་ཤོག །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང་། །མཁའ་ཁྱབ་འགྲོ་ལ་བདེ་སྐྱིད་སྣང་བ་ཡིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་འདི་ནི་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་པདྨ་མཆོག་གྲུབ་ཀྱིས་བསྐུལ་བའི་ངོར་མི་འགྱུར་དཔལ་སྒྲོན་གྱིས་གང་ཤར་དུ་བགྱིས་པའོ།། །།

ཀར་ལུགས་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བསྐྱེད་རྫོགས་དམིགས་རིམ་གསལ་བར་བཀོད་པ་དངོས་གྲུབ་དཔལ་འབར་ (Volume 4, Text 25)

༄༅། །ཀར་ལུགས་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བསྐྱེད་རྫོགས་དམིགས་རིམ་གསལ་བར་བཀོད་པ་དངོས་གྲུབ་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བུདྡྷ་ཀརྨ་ཀཱ་ཡ། སངས་རྒྱས་གཉིས་པ་ཀརྨ་ཀ །རྩ་གསུམ་ཀུན་འདུས་དེར་བཏུད་ནས། །དེ་སྒྲུབ་རིམ་པ་གཉིས་ཀྱི་ལམ། །གསལ་བྱེད་གོང་མའི་གསུང་བཞིན་དགོད། དེའང་རྩ་གསུམ་ཆོས་སྲུང་དང་བཅས་པ་བླ་མ་ཚེ་དཔག་མེད་ཡབ་ཡུམ་གྱི་ངོ་བོར་དྲིལ་ཏི་བསྒྲུབ་པ་བྱིན་རླབས་ཀྱི་བཀའ་བབས་ཁྱད་པར་འཕགས་པ་དང་ལྡན་པ་འདི་ཉིད་ཉམས་སུ་ལེན་པར་འདོད་པས། སྣོད་རུང་བྱ་བ་ནི། སྔོན་གྱི་ཕྱག་རྒྱུན་དུ་བླ་མ་ལ་གསེར་ཞོ་གང་ངམ་གཡུ་གྲུས་དཀར་གཅིག །ལུག་ཤ་ཁོག་པ་མགོ་ཅན་ཞིག་ཕུལ་ལ་གདམས་ངག་ནོད་པར་བྱ་བར་གསུངས། རྗེ་བརྒྱད་པ་ནས་བརྩམས་དབང་དང་བྱིན་རླབས་སྟེར་བའི་རྒྱུན་བྱུང་བ་ལྟར་ལེགས་པར་ཞུས་ནས་དམ་ཚིག་ལ་གནས་པར་བྱའོ། །དེ་ལ་གསུམ། སྦྱོར་བ་ཡོ་བྱད་སྟ་གོན། དངོས་གཞི་བསྐྱེད་རྫོགས་ཀྱི་ཉམས་ལེན། རྗེས་སུ་ཇི་ལྟར་བྱ་བའོ། །དང་པོ་ནི། དབེན་ལ་ཉམས་དགའ་ཞིང་བྱིན་རླབས་དང་ལྡན་པའི་གནས་སུ། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱས་ལ། མཚམས་གཡོག་སོགས་ལས་གཞན་པའི་སྐྱེ་བོས་རང་ཚུར་མི་མཐོང་ཞིང་། རང་གིས་ཕར་མ་མཐོང་བ་དང་། ཆུ་དང་འོ་མ་སོགས་ལེན་དགོས་པར་གྱུར་ཀྱང་། གདོང་དང་ངག་མ་འཕྲད་པར་སྤོས་ཀྱིས་བསངས་ནས་བླང་བ་དང་། སྒྲུབ་པ་ལ་འཇུག་པའི་སྔ་ལོགས་མ་གཏོགས་ཕྱག་དར་མི་བྱ་བ་དང་། སྟན་མི་སྤྲུག །སྐྲ་སེན་མི་འབྲེག །མཆོད་གཏོར་སོགས་ཕྱིར་མི་འདོར་བའི་སྤྱོད་ལམ་ལ་གནས་པས་ནུབ་ནས་ཤར་དུ་བལྟ་བར་སྟན་བཤམ་པའི་འོག་ཏུ་ཡང་ནས་སམ་འབྲས་སམ་གྲོ་ལ་སོགས་པས་གཡུང་དྲུང་བཀོད། མདུན་ངོས་སུ་འདི་ཉིད་ཀྱི་བྲིས་ཐང་སོགས་རྟེན་བཀྲམ། སྟེགས་དཀར་པོར་ནས་འབྲས་ཀྱི་གཡུང་དྲུང་རིས་བྲིས་པའི་དབུས་སུ་ཚེ་གཏོར། གཡོན་ངོས་ཐོད་ཆང་། མདུན་དུ་འབུལ་གཏོར། ཕྱི་མཆོད་ནང་མཆོད་སོགས་ཆོ་གའི་དབུར་གསལ་བ་ལྟར་བཀོད་དོ། །གཉིས་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལའང་གཉིས། བསྙེན་པ་དང་སྒྲུབ་པའོ། །དང་པོ་ནི། ཉིན་དང་པོར་སྔོན་འགྲོ་གཏོར་མ་བཏང་། བགེགས་བསྐྲད་ཅིང་མཚམས་བཅད། ཐུན་གཉིས་པ་ཕན་ཆད་ལ་མི་དགོས་པས་སྐྱབས་སེམས་ནས་འཇུག་ཆོག །གང་ལྟར་ལུས་གནད་བསམ་གཏན་གྱི་ཆོས་ཅི་རིགས་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པར་བསྒོམས་ནས། ཧཱུྃ་ཞེས་པའི་སྒྲ་གདངས་དྲན་པ་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། ཧཱུྃ་སྔོན་དམར་གྱིས་ཁྲིག་མེར་གྱིས་གང་བའི་སྔོན་པོ་རྣམས་འདྲེས་པས། རྡོ་རྗེའི་ས་གཞི་ར་གུར་སྲ་ཞིང་བརྟན་ལ་ཡངས་ཤིང་རྒྱ་ཆེ་བ་དང་། དམར་པོ་རྣམས་འདྲེས་པ་ལས་མེ་རི་མེ་ལྕེ་ཕྱོགས་ཀུན་ཏུ་འཕྲོ་བ་ཡུན་ཅི་རིགས་སུ་བསྒོམ། ཡང་བྷྲཱུྃ་གྱི་གདངས་ལས། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ། པདྨ་དམར་པོ་འདབ་མ་བརྒྱད་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་ཤེས་ཀྱི་ངོ་བོ། ཧྲཱིཿརིང་ཆ་ཚེག་དྲག་དང་བཅས་པ། འོད་ཟེར་དང་ལྡན་པ། སྟན་ལ་ཁབ་བཙུགས་པ་ལྟར་གནས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་པདྨ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དམར་པོ་ཆགས་པའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོས་པ། ཞི་བའི་ཞལ་གཉིས་སྤྱན་གཉིས་གཉིས་མངའ་བ། ཁྲོ་ཞལ་སྤྱན་གསུམ་པ། དབུ་སྐྲ་གནག་ལ་སྣུམ་པ་ཐོར་ཚུགས་བྱས་ཤིང་། རིན་པོ་ཆེའི་དབུ་རྒྱན། རྣ་ཆ། མགུལ་རྒྱན། དོ་ཤལ། སྐ་རགས། ཕྱག་གདུབ་ཞབས་གདུབ་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན། ཕྱག་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱས་རིན་པོ་ཆེའི་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ། བར་པ་གཉིས་གྲི་གུག་དང། ཐོད་པ་བདུད་རྩིས་གང་བ། མཐའ་མ་གཉིས་པདྨ་དམར་པོའི་ཕྲེང་བ་དང་། པདྨ་དམར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། འཇིག་རྟེན་ཐམས་ཅད་ཁྱབ་པའི་འོད་དང་ལྡན་པ་བསྒོམ་པར་བྱའོ། །དེ་གསལ་ནས། རང་གི་མདུན་དུ་ཡང་། སྐད་ཅིག་དྲན་རྫོགས་ཀྱི་པདྨ་ཚེ་དཔག་མེད་གསལ་བར་བསྒོམས་ལ། བདག་མདུན་གྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། མེ་ལོང་ལ་བྲིས་པ་ལྟར། ཧྲཱིཿདམར་པོ་གསལ་བར་བལྟས་ལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་མེ་ཏོག་ཕྲེང་བ་ལྟར་འཐོན་ནས། ཞལ་ནས་བྱུང་བའི་སྔགས་ལས་འོད་ཟེར་དམར་པོ་འཕྲོས་བརྟན་པ་སྣོད་ཀྱི་བཅུད་བཀྲག་མདངས་ནུས་པ་གཟི་བརྗིད། གཡོ་བ་བཅུད་ཀྱི་སེམས་ཅན་གྱི་ཚེ་སྲོག་དབང་ཐང་བསོད་ནམས་འབྱོར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་རང་གི་ཞལ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། ཡང་དེ་ལས་སྔགས་ཕྲེང་བྱུང་ལྟེ་བ་ནས། མདུན་བསྐྱེད་ཀྱི་ལྟེ་བར་ཞུགས། ཐུགས་ཀ་ནས་སྔར་བཞིན་འཁོར་བ་ལ་རྩེ་གཅིག་ཏུ་དམིགས། བསྒོམས་པས་དུབ་ན་སྔགས་འཁོར་ལ་དམིགས་པ་མ་ཡེངས་ཙམ་དུ་བཟླས་པ་བྱ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ག་ཨཀྵོ་བྷྱ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ བདག་གི་ཚེ་འཕེལ་བར་གྱུར་ཅིག །ཚེ་རྒྱས་པར་གྱུར་ཅིག །ཚེ་ལ་དབང་ཐོབ་པར་གྱུར་ཅིག །སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ་བར་བྱའོ། །ཐུན་ལས་ལྡང་བའི་ཚེ། གཏོར་མ་བདུད་རྩིའི་རྒྱ་མཚོར་དམིགས་ལ། བསྙེན་སྔགས་འབྲུ་ཉེར་བདུན་མའི་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་ལ་གསུམ་མམ་བདུན་གྱིས་ཕུལ་ཏེ། ཡིད་ཀྱིས་མཆོད་པ་ལྔ་སོགས་ཕུལ་ལ། མཚན་དཔེའི་གཟི་འོད་རབ་ཏུ་འབར་བའི་སྐུ། །ཡན་ལག་དྲུག་ཅུ་ཆོས་རབ་སྒྲོག་པའི་གསུང་། །ཇི་ལྟ་ཇི་སྙེད་མ་ལུས་མཁྱེན་པའི་ཐུགས། །ཚེ་དབང་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ། གོང་གི་སྤེལ་ཚིག་ལ་བདག་གི་ཚེ་འཕེལ་བར་བྱིན་གྱིས་རློབས། སོགས་སྦྱར་ལ་གསོལ་བ་བཏབ་ལ། མདུན་བསྐྱེད་འོད་དུ་ཞུ། རང་ལ་ཐིམ་པས་ཆུ་ལ་ཆུ་བླུགས་པ་བཞིན་དབྱེར་མེད་དུ་བསམ། སྤྱོད་ལམ་གྱི་ཚེ་ཡང་། པདྨ་ཚེ་དཔག་མེད་ཀྱི་ང་རྒྱལ་གྱིས་བྱའོ། །དེ་ལྟར་རྟགས་སམ་གྲངས་འབུམ་ཕྲག་ལ་སོགས་པའི་བསྙེན་པ་སྔོན་དུ་སོང་ནས། གཉིས་པ་སྒྲུབ་པ་ལ་བཞི། བུམ་དབང་གི་ཉམས་ལེན། གསང་དབང་གི་ཉམས་ལེན། ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན། བཞི་པའི་ཉམས་ལེན་ནོ། །དང་པོ་ནི། ཐུན་གྱི་འགོར་བཟླས་པའི་བར་སྔ་མ་བཞིན་ལ། མདུན་བསྐྱེད་རང་ལ་ཐིམ་པར་བསྒོམས་ནས། རང་གི་སྤྱི་བོར། པདྨ་དམར་པོ་དང་། ཟླ་བའི་གདན་ལ། པདྨ་ཚེ་དཔག་མེད་མདུན་བསྐྱེད་དང་འདྲ་བར་གསལ་བའི་པང་དུ། ཡུམ་གོས་དཀར་མོ་དམར་མོ། ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཉིས་ཡབ་ཀྱི་སྐེད་པ་ནས་འཁྲིལ་བར་བསྒོམས་ལ། དེ་ནས་ཡབ་ཡུམ་གྱི་སྤྱི་བོ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་བོར་ཐིམ། སྨིན་མཚམས་ཡན་ཆད་གང་བ་ལ་དམིགས་པ་གཏད། དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང། རང་གི་མགྲིན་པར་ཐིམ་པས་མགྲིན་པ་ཡན་འོད་ཀྱིས་གང་། ཡང་ཐུགས་ཀ་ནས་འོད་སྔོན་པོ་བྱུང་སྙིང་གར་ཐིམ་པས་སྙིང་ག་ཡན་འོད་ཀྱིས་གང་། ཡང་ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་། རང་གི་ལྟེ་བར་ཐིམ་པས། ལྟེ་བ་ཡན་འོད་ཀྱིས་གང་། མཐར་འོད་བཞི་པོ་འདྲེས་པས། ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་ཡན་ལྟེམ་གྱིས་གང་བ་ལ་མཉམ་པར་གཞག །དམིགས་པས་སྐྱོ་ན། འབྲུ་ཉེར་བདུན་སྤེལ་ཚིག་དང་བཅས་པ་བཟླ། ཐུན་བསྡུ་བར་འདོད་པའི་ཚེ། ཚེ་ཟན་དང་ཚེ་ཆང་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་བདུད་རྩིའི་རྒྱ་མཚོར་བསམས་ལ། སྔར་ལྟར་ཕུལ། གཏོར་མ་དང་བདུད་རྩི་གསོལ་བས། སྤྱི་བོའི་པདྨ་ཚེ་དཔག་མེད་མཉེས་པར་མོས་ཏེ། ཡིད་ཀྱིས་མཆོད་ཅིང་བསྟོད་ལ། གསོལ་བ་བཏབ་པའི་མཐར། ཡབ་ཡུམ་རང་ལ་ཐིམ་པས་དབྱེར་མེད་ཀྱི་ང་རྒྱལ་བྱ་ཞིང་། བསྔོ་བས་རྒྱས་གདབ་བོ། །གཉིས་པ་ནི། བསྙེན་པ་ནས། བུམ་དབང་གི་བར་སྔར་ལྟར་བསྒོམས་ལ། རང་གི་ལུས་ལྷར་གསལ་བའི་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ། རྩ་དབུ་མ་གསང་བ་ནས་སྤྱི་བོར་ཟུག་པ། རོ་རྐྱང་གཉིས་ལྟེ་འོག་ནས་སྤྱི་བོའི་བར་སོང་ནས། ཡར་སྣེ་སྣ་བུག་ཏུ་ཟུག་པ། སྤྱི་བོར་རྩ་འདབ་མ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་་་་རྩ་བཞི་ལས་གསུམ་གསུམ་དུ་གྱེས། དེ་རེ་རེ་ལ་ཡང་ལྔ་ལྔར་གྱེས་པ་དྲུག་ཅུ་རྩ་བཞི་ཡིན་པར། ཟབ་མོ་ནང་དོན་ལས་གསུངས་སོ། །དྲུག་ཅུ་རྩ་བཞི། ཚིག་བཅུ་གཉིས་སུ་རྩ་འདབ་སུམ་ཅུ་སུམ་ཅུ། ཉིང་ལག་གི་སོར་ཚིག་ལ་དྲུག་དྲུག་དེ་རྣམས་ལས་གྱེས་པའི་རྩ་ཕྲན་བ་སྤུའི་མཐར་ཐུག་གི་བར་ཐམས་ཅད་ཀྱང་ཉི་མའི་འོད་ལྟར་གསལ་ཞིང་དང་བ། སོག་སྦུབས་ལྟར་སྟོང་པར་བསྒོམ། དེ་ནས་སྤྱི་བོའི་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཞུགས། རྡོ་རྗེ་ནས་ཡུམ་གྱི་པདྨར་བབས་པར་བསམ། ཨོཾ་ཨཱཿགུ་རུ་ཀཱ་ཝཱ་ཙི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསོལ་བ་བཏབ་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་ཆི་ལི་ལི་བྱུང་ནས། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་བར་རིམ་གྱིས་གང་། དེ་རྗེས། རྩ་ཕྲན་ཐམས་ཅད་ཀྱང་མེར་གྱིས་གང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ཡང་བསྒོམ་པས་སྐྱོ་ན་བཟླས་པ་བྱ། གཏོར་མ་དང་བདུད་རྩི་དབུལ། མཆོད་བསྟོད་གསོལ་བ་བཏབ་ལ། ཡབ་ཡུམ་རང་ལ་ཐིམ་པར་མོས་ཏེ་བསྔོ་བ་བྱ། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །བུམ་དབང་དང་། གསང་དབང་གི་སྐབས་ཀྱི་སྤྱི་བོ་ལ་སོགས་པའི་གནས་བཞི་འོད་དང་བདུད་རྩིས་གང་བ་ལ། བུམ་དབང་ནང་གསེས་ཀྱི་དབང་བཞི་དང་། གསང་དབང་གི་དབང་བཞིར་ཡང་ཐ་སྙད་མཛད་དོ། །ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན་ནི། བསྙེན་པ་ནས་གསང་དབང་གི་བར་སྔ་མ་ལྟར་བསྒོམས་ལ། སྤྱི་བོའི་བླ་མས་བདག་ལ་ཡུམ་གནང་བར་མོས་པའམ། ཡབ་ཡུམ་རང་ལ་ཐིམ་པས། ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ། རང་གི་པང་དུ་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པ་བཞུགས་པ་དང་། སྙོམས་པར་ཞུགས་པས། སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པར་བསམ་པ་འདི་ཉིད་ཀྱི་བུམ་དབང་། འོད་དེ་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས། སྣོད་བཅུད་བཀྲག་མདངས་དང་ལྡན་པར་བསྒོམ་པ་གསང་དབང་། སྣོད་བཅུད་ཀྱི་བཀྲག་མདངས་བསྡུས་ཏེ་རང་གི་ལུས་ཀྱི་ཆ་ཐམས་ཅད་དུ་ཐིམ་པ་ཤེས་རབ་ཡེ་ཤེས། རང་ཉིད་ཀྱི་ཚེ་བསོད་ནམས་གཟི་བརྗིད་བཀྲག་མདངས་ཕུན་སུམ་ཚོགས་པར་བསྒོམ་པ་དབང་བཞི་པ་སྟེ། དེ་དག་ལ་རིམ་བཞིན་མཉམ་པར་གཞག་ནས། ཚེའི་རྟེན་ཕུར་འདེབས་པ་ནི། སླར་སྙོམས་པར་ཞུགས་པའི་བདེ་བ་ལ་སེམས་ལྟེ་བར་གཏད་པས། སྤྱི་བོ་ནས་དཀར་ཆ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ཏེ། ལྟེ་བའི་འཁོར་ལོ་ཙམ་དུ་སླེབ་པ་དང་། ཡུམ་འོད་དམར་པོར་ཞུ་བ། རྡོ་རྗེའི་བུ་ག་ནས་བྱུང་། ལྟེ་འོག་མེ་གནས་སུ་ཐིག་ལེ་དམར་པོའི་རྣམ་པས། དབུ་མའི་མར་སྣ་བཀག་པའི་ཚུལ་དུ་གནས། ལྟེ་བར་བབས་པའི་བྱང་ཆུབ་ཀྱི་སེམས་ཡར་སྐྱ་ཆི་ལེ་ལོག་པ་དེ། དབུ་མའི་ཡར་སྣ་ཚངས་བུག་ཏུ་ཐིག་ལེ་དཀར་པོའི་རྣམ་པར་གནས་པ་ལ། ཡུན་ཅི་རིང་མཉམ་པར་གཞག །དེ་ནས་ཡབ་རྐྱང་རང་གི་སྤྱི་བོར་བཞུགས་པ་ཉིད་ན། དེ་ལ་གཏོར་མ་སོགས་དབུལ། ཡབ་ཡུམ་བསྟིམས་ཟིན་ན། སྙིང་གའི་ས་བོན་གསལ་བཏབ་ལ། དེའི་འོད་ཀྱིས་བླ་མ་པདྨ་ཚེ་དཔག་མེད་ཡབ་ཡུམ་སྤྱན་དྲངས་ལ། གཏོར་མ་བདུད་རྩི་འབུལ་བ་སོགས་སྔར་ལྟར་བྱས་ལ་ཐུན་བསྡུའོ། །བཞི་པའི་ཉམས་ལེན་ལ། བསྙེན་པ་ནས་ཤེས་རབ་ཡེ་ཤེས་ཀྱི་ཚེའི་རྟེན་ཕུར་གྱི་བར་བསྒོམས་ནས། སྐྱེ་མེད་མི་འགྱུར་ཚེ་ཡི་རང་བཞིན་ལས། །སྤྲོས་ན་ཁམས་གསུམ་ཀུན་ཀྱང་བཀྲག་དང་ལྡན། །བསྡུས་ན་སྲིད་པ་གསུམ་གྱི་གཟི་མདངས་འཕྲོག །འདུ་འབྲལ་མེད་པ་ཚེ་ཡི་ལུ་གུ་རྒྱུད། །བརྟན་པས་མི་འགྱུར་རྡོ་རྗེའི་གདན་དང་འདྲ། །བཅིངས་པས་མི་ཕྱེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་གསོལ་བ་བཏབ་ནས། རང་གི་ལུས་འོད་དུ་ཞུ་བ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལུས་ཚད་དང་མཉམ་པར་བསྒོམ་པ་ནི་བཞི་པའི་བུམ་དབང་། དེའི་ལྟེ་བར་ཧྲཱིཿདམར་པོ་ལ་སེམས་གཏད་པ་གསང་དབང་། ཧྲཱིཿདེའི་གཡས་བསྐོར་དུ། རང་གི་མིང་མཚལ་གྱིས་བྲིས་པ་ལྟར་དམར་ཧྲམ་མེ་བསམ་པ་ཤེས་རབ་ཡེ་ཤེས། མཐར་དེ་ཐམས་ཅད་དབྱེར་མེད་དུ་འདྲེས་པའི་ངང་ལ་སེམས་རང་བབས་སུ་བཞག་པ་བཞི་པའོ། །སླར་ཡང་ཐུན་ལས་ལྡང་བ་ན། སྐད་ཅིག་གིས་རང་པདྨ་ཚེ་དཔག་མེད་དུ་གྱུར་པའི་སྙིང་གར་པད་ཟླའི་དབུས་ཀྱི་ཧྲཱིཿལས་འོད་འཕྲོས། གཏོར་མགྲོན་སྤྱན་དྲངས་པ་ལ། གཏོར་མ་དང་བདུད་རྩི་མཆོད་བསྟོད་གསོལ་བཏབ་བྱས་ལ། མཐར་རང་ལ་ཐིམ་པར་བསམ། སྨོན་ལམ་བཏབ་ཅིང་། ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག །དེ་ལྟར་ཉམས་སུ་བླངས་པས་སཱཙྪ་ལ་སོགས་པའི་གྲངས་ཀྱིས་མཚོན་ནས་ལོའི་ཚད་ཀྱི་ངེས་པ་སྟེར་བ་མ་བྱུང་གི་བར་དུ་ནན་ཏན་བྱ་ཞིང་། ལོ་དུས་སམ། ཆག་ཆེ་བའི་སྐབས་གང་ཡིན་དུ་སྒྲུབ་པ་ལ་འབད་པར་བྱའོ། །གཉིས་པ་རྫོགས་རིམ་ནི། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུང་ལས། ཚེ་སྒྲུབ་ཀྱི་ཡིག་གཞུང་སངས་རྒྱས་མཉན་པ་ལ་ཕྱག་བཙལ་ཏེ་བརྗོད་པར་བྱའོ། །སྐྱབས་སེམས་སྔོན་དུ་སོང་ནས་བཅོམ་ལྡན་འདས་རྩ་གསུམ་དྲིལ་སྒྲུབ་ཏུ་གསལ་བཏབ། རླུང་རོ་ལན་གསུམ་དག་པར་བུས་ནས་ལྟེ་བར་རྡོ་རྗེ་ཟླ་བའི་ཁ་ཆོད་ཅན་གྱི་ཀ་པཱ་ལ་འཆི་མེད་བདུད་རྩིས་གང་བ་རྡོ་རྗེའི་ཁོང་གསེང་ནས་ཡར་རྩ་དབུ་མ་མཚན་ཉིད་བཞི་ལྡན་དུ་བསྒོམ། དེ་ནས་རླུང་རྔུབ་པ་ན། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུྃ། ཞེས་པ་དེ་རླུང་གི་སྒྲ་གཟུགས་ཀྱིས་དྲངས་ནས་དབུ་མ་ནས་མར་བབས། རྡོ་རྗེའི་ཁ་ཆོད་ཅན་གྱི་ཀ་པཱ་ལའི་ནང་དུ་སོང་བས་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པར་བསྒོམས་ཏེ་རླུང་དགང་ནས་ཀ་པཱ་ལའི་ནང་གི་བདུད་རྩི་ཁོལ། རྩ་དབུ་མ་ནས་བརྒྱུད། ལུས་ཐམས་ཅད་བདུད་རྩིས་ཁེངས། འཆི་བ་དང་བྲལ་བར་བསམ་ཞིང་། ཡང་རླུང་མ་ནོན་ན་ཕྱི་ནང་དུ་གཞིལ་ཞིང་དྲག་ཏུ་མནན། རྩ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ག་ཨཀྵོ་བྷྱ་བཛྲ་ས་མ་ཛཿཧཱུྃ་བྷྲཱུྃ་ནྲྀ་ཛཿཚེ་བསོད་རྒྱས་དབང་དུ་གྱུར་ཅིག་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡིད་ཟླས་སུ་བྱ། དེ་ནས་རླུང་རང་བབས་སུ་དབྱུང་། དེ་ཐུན་རེ་ཡིན་ཞིང་འདི་གོང་ནས་གོང་དུ་བརྩེགས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན། ཞར་བྱུང་སྒྲུབ་རྟགས་ཀྱང་སྔ་མའི་འཕྲོས་ལས། དེ་ལྟར་བསྐྱེད་རྫོགས་གཉིས་ཀྱིས་མཚུངས་མེད་རྡོ་རྗེ་དབྱངས་ཅན་ཚེ་དཔག་མེད་དུ་བསྒྲུབས་པས་འགྲུབ་པའི་རྟགས་སུ་དངོས་སམ་རྨི་ལམ་དུ། རྗེ་མི་བསྐྱོད་རྡོ་རྗེ་ཞལ་རས་འཛུམ་པར་སྟོན་པ། གུར་གུམ་གྱི་ཚལ་དུ་ཕྱིན་པ། སྒྲ་སྙན་པ་ཐོས་པ། ཡི་དམ་གྱི་སྣང་བ་དངོས་སམ་རྨི་ལམ་དུ་གསལ་པོར་སྟོན་པ། སྣང་བ་ལ་བདེན་འཛིན་ཆུང་བ། འཁོར་བ་ལ་སྡུག་བསྔལ་དུ་ཤེས་པ། མོས་གུས་རྣལ་མ་སྐྱེས་པ་རྣམས་བྱུང་ན་འགྲུབ་པའི་རྟགས་ཡིན། དེ་ལས་ཟློག་ན་བར་ཆད་ཡིན་པས་སེལ་ཐབས་ལ་འབད་དོ། །ཞེས་འབྱུང་བ་ལྟར་ཚེ་འགྲུབ་པའི་རྟགས་སྤྱི་དང་ཡང་མཚུངས་སོ། །བསྐྱེད་རིམ་སྐབས་སུ་ཆོ་ག་གཞུང་དང་འདྲ་མིན་ཁྱད་པར་ཅུང་ཟད་སྣང་བ་ནི་ཆོག་གཞུང་རྗེ་དགུ་པའི་བཞེད་པ་སོར་བཞག་ཏུ་བཀོད་པ་དང་། ཁྲིད་ཡིག་ལོ་ཆེན་བསོད་ནམས་རྒྱ་མཚོའི་ཞལ་སྔ་ནས་སྤྱན་ལྔ་ཆོས་ཀྱི་གྲགས་པ་ལ་བརྒྱུད་པའི་ལུགས་སུ་བཀོད་ཀྱང་དོན་གྱི་གནད་ལ་ཁྱད་པར་ཅི་ཡང་མེད་པས་སྨིན་ཁྲིད་ཉམས་སུ་ལེན་ན་འདི་བཞིན་དང་། ཚེ་སྒྲུབ་ཙམ་ལ་ཆོ་གའི་འགྲོས་ཉིད་ཁྱེར་བདེ་བ་ལགས་སོ། །སྐྱེ་དགུའི་སྙིང་གི་ཀུནྡའི་ཁ། །རིམ་གཉིས་བདུད་རྩི་བསིལ་ཟེར་གྱིས། །ལེགས་ཕྱེས་ཚེ་དཔལ་འདབ་ཕྲེང་བཞད། །འཆི་མེད་ཟིལ་མངར་རྟག་འཇོ་ཤོག །ཅེས་པ་འདིའི་རྒྱུན་ཤིན་ཏུ་ཕྲ་བས་ཞབས་ཏོག་ཏུ་དམིགས་པའི་ལྷག་བསམ་བློས་བླངས་ཏེ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བགྱིས་པ་དགེ་ལེགས་འཕེལ།། །།

དཔལ་མགོན་མ་ནིང་ནག་པོའི་ལས་བྱང་རཏྣ་གླིང་པའི་བཀའ་སྲུང་ཐུགས་སྒྲུབ་བཀའ་ཡི་སྲུང་མ་ (Volume 37, Text 25)

ྈ དཔལ་མགོན་མ་ནིང་ནག་པོའི་ལས་བྱང་རཏྣ་གླིང་པའི་བཀའ་སྲུང་ཐུགས་སྒྲུབ་བཀའ་ཡི་སྲུང་མའོ༔ ྈྈྈྈྈྈྈ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕྲིན་ལས་ཀུན་གྱི་བདག་ཉིད་ཅན༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ དཔལ་མགོན་ནག་པོའི་སྐུ་ལ་འདུད༔ དེ་ཡི་བསྐང་མཆོད་རིམ་པ་ནི༔ དང་པོ་མཆོད་པའི་རྫས་གསག་པ༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ བཤོས་ནག་འབར་བ་ཁྲུ་གང་ལ༔ བཤོས་བུ་དགུ་འམ་གསུམ་གྱིས་བསྐོར༔ སྙིང་དང་གཡག་ལུག་ཤ་དང་ཁྲག༔ བདུད་རྩི་སྨན་གཏོར་རཀྟས་བརྒྱན༔ སྤོས་དང་གསུར་ཆེན་དུད་པ་དང༔ འབྱོར་ལྡན་ཚོགས་ཀྱི་འཁོར་ལོ་བཤམ༔ རང་ཉིད་ཆེ་མཆོག་ལྷར་གསལ་བས༔ མཆོད་རྫས་བསང་ཞིང་བྱིན་གྱིས་བརླབ༔ རང་མདུན་པད་ཉི་མི་རོའི་སྟེང༔ བདག་ལས་རྒྱུ་ཡི་ཧཱུྃ་སྤྲོས་པས༔ ལྷ་ཆེན་མཐིང་ནག་རབ་འཇིགས་པ༔ ཞལ་གཅིག་ཕྱག་གཉིས་བེར་ནག་གསོལ༔ རུ་མཚོན་སྙིང་དང་ཞགས་པ་བསྣམས༔ ཐོད་སྐམ་ལྔ་དང་སྦྲུལ་ནག་རལ༔ སྦྲུལ་ནག་མགོ་ཕྲེང་སྙིང་གིས་སྤྲས༔ གསེར་སྐ་མི་ལྤགས་བིང་ཆེན་བཙུགས༔ སྤྱན་གསུམ་ཁྲག་འདྲ་གྱེན་ཐུར་བསྒྲད༔ གྱད་ཀྱི་འདོར་ཐབས་ཚུལ་གྱིས་བཞུགས༔ གཡས་སུ་སྲོག་བདུད་རྟ་ནག་ཞོན༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོག༔ བདུད་མདའ་ཕྱིར་བཀང་གླིང་བཞིར་རྒྱུག༔ གཡོན་དུ་དཔལ་འབར་སྐུ་མདོག་དམར༔ རལ་གྲི་ཕྱར་ཞིང་ཐོད་ཁྲག་སྟོབ༔ གཡང་གཞི་སྟག་ཤམ་ཉི་ཟླས་བརྒྱན༔ ཕྱི་རོལ་ཡང་འཁོར་བརྒྱད་པོ་ནི༔ ལྷ་དང་གནོད་སྦྱིན་གཤིན་རྗེ་ཀླུ༔ གཟའ་དང་མ་མོ་བདུད་བཙན་སོགས༔ འཁོར་གྱི་དམག་ཚོགས་ཁྲོམ་ལྟར་བསྐྱེད༔ ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས༔ རང་བཞིན་གནས་ནས་སྤྱན་དྲངས་ཏེ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་དམ་ཅན་ལྷ་ཆེན་པོ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ གསང་བདག་ཁྲོ་རྒྱལ་སྟོབས་ཀྱི་བདག༔ མ་ནིང་ནག་པོ་ཀུན་གྱི་རྗེ༔ འོག་མིན་གནས་མཆོག་དམ་པ་ནས༔ གསང་ཆེན་ལྷུན་གྲུབ་དུར་ཁྲོད་དུ༔ མཆོད་ཕྱིར་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ བདུད་རྒྱལ་ཐོད་ཕྲེང་གཤེགས༴ གནམ་ལྕགས་སྤུ་གྲི་གཤེགས༴ ཚོགས་བདག་ཆེན་པོ་གཤེགས༴ ཛཾ་ལྷ་ནག་པོ་གཤེགས༴ ནག་པོ་ཚེ་བདག་གཤེགས༴ བྱ་རྒོད་ཐང་ནག་གཤེགས༴ ནག་པོ་ཐོད་ཕྲེང་གཤེགས༴ མཁའ་ལྡིང་ནག་པོ་གཤེགས༴ ཏཱ་ཀི་ནག་པོ་གཤེགས༴ ཀླུ་བདུད་ནག་པོ་གཤེགས༴ གཟའ་བདུད་ཆེན་པོ་གཤེགས༴ ཤེལ་གིང་ནག་པོ་གཤེགས༴ དགྲ་བགེགས་གཉེན་པོ་གཤེགས༴ ཆོས་སྐྱོང་ཆེན་པོ་གཤེགས༴ བདུད་འདུལ་ལྷ་ཚོགས་གཤེགས་སུ་གསོལ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་གནས་མཆོག་དམ་པ་འདིར༔ མཐིང་ནག་རུ་ཏྲའི་གདན་སྟེང་དུ༔ སངས་རྒྱས་བསྟན་པ་གནས་བར་དུ༔ སྲུང་སྐྱོབ་མཛད་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་གི་མཆོད་པ་ནི༔ ཧོ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས༔ སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ༔ མཉམ་ཉིད་ཐུགས་མངའ་གཏུམ་ཆེན་མེ་རླུང་འབར༔ རུ་ཏྲ་འདུལ་མཛད་བདུད་དཔུང་ཐལ་བར་བརླག༔ མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན༔ མ་ཧཱ་ཀཱ་ལའི་སྐུ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ཁྲོ་བོ་སྔོན་པོའི་མདོག་གྱུར་པ༔ སྐུ་མདོག་སྔོན་པོ་དབྱར་གྱི་ཆར་སྤྲིན་བཞིན༔ གདུག་པའི་རུ་ཏྲ་ཐམས་ཅད་འཇོམས་མཛད་པ༔ ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ༔ དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྱིས་གྲུབ༔ དུས་གསུམ་སངས་རྒྱས་བསྟན་པ་བསྲུང་མཛད་ཅིང༔ ཕྱི་ནང་བར་གསུམ་དགྲ་བགེགས་ཐལ་བར་བརླག༔ གཙུག་ལག་ཁང་སྲུང་རྣལ་འབྱོར་ཡོངས་ཀྱི་མགོན༔ དཔལ་མགོན་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་གི་མཆོད་ཚོགས་འབུལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་ཐུགས་དམ་ཅན༔ ཁྱོད་ལ་མཆོད་ཚོགས་འབུལ་བ་ནི༔ ཨུཏྤལ་མེ་ཏོག་སྣ་ཚོགས་དང༔ རྒྱ་ཤུག་ཛཱ་ཏི་ཨ་ག་རུ༔ གླ་རྩི་ག་པུར་ལ་སོགས་དྲི༔ ཞུན་ཆེན་སྣང་གསལ་ཁྲག་སྣའི་ཆབ༔ ནས་ནག་བྲ་འོ་སྦྱར་བའི་བཤོས༔ རྐང་གླིང་རྔ་དུང་མཁར་རྔའི་སྒྲ༔ མཐུན་པའི་དམ་རྫས་དཔག་མེད་པ༔ ལྷ་ཆེན་དཔལ་འབར་འཁོར་བཅས་ལ༔ ཕྲིན་ལས་བསྒྲུབ་ཕྱིར་མཆོད་པར་འབུལ༔ གཞན་ཡང་ཁྱེད་ལ་མཆོད་པའི་རྫས༔ ཛ་གད་གསེར་སྐྱེམས་བྲེངས་སེ་བྲེང༔ ཞལ་ཟས་ལོངས་སྤྱོད་ལྷུབས་སེ་ལྷུབ༔ སྨན་གཏོར་རཀྟ་ཆི་ལི་ལི༔ དགྲ་བོའི་ཤ་ཁྲག་གློ་སྙིང་དང༔ ཁྲག་རུལ་ཉ་སོགས་མཐུན་པའི་རྫས༔ འདོད་ཡོན་མཆོད་པ་དཔག་མེད་འདིས༔ མ་ནིང་ནག་པོ་འཁོར་དང་བཅས༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ ཧཱུྃ༔ དཔལ་མགོན་ནག་པོ་འཁོར་བཅས་ལ༔ གཞན་ཡང་མཐུན་པའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བ་ཡི༔ རང་བྱུང་བདུད་རྩི་ཨ་མྲྀཏ༔ དུག་ལྔ་སེལ་བའི་བདུད་རྩི་སྨན༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ བཤོས་ནག་འབར་བ་ཁྲག་གིས་བྱུགས༔ ཙིཏྟ་སྙིང་གི་རྒྱལ་མཚན་དང༔ གཡག་ལུག་ནག་པོ་ཁྱི་ནག་མཚན༔ དགྲ་བོའི་ཤ་རུས་ཐོད་ཚིལ་སྤུངས༔ རཀྟ་དམར་གྱི་ཞམ་ཆུ་འབབ༔ དམ་རྫས་གཏོར་ཆེན་འབར་བ་འདིས༔ དཔལ་མགོན་ནག་པོའི་ཐུགས་དམ་བསྐང༔ གཞན་ཡང་ཐུགས་དམ་བསྐང་བ་ནི༔ བདུད་རྩི་སྨན་གཏོར་རཀྟ་དང༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང༔ ཆིབས་རྟ་འགེལ་གཡག་རྟེན་ལུག་དང༔ བིང་དང་རུ་མཚོན་གསང་བའི་རྫས༔ མཐུན་རྫས་དུ་མས་ཐུགས་དམ་བསྐང༔ མ་ནིང་ནག་པོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ནས་སྦྱོར་སྒྲོལ་ལྟ་བའི་མཆོད་པ་ནི༔ ཧཱུྃ༔ སྣང་སྲིད་ཐབས་ཤེས་ཡབ་ཡུམ་དུ༔ གཉིས་སུ་མེད་པར་མཉམ་སྦྱོར་བའི༔ དབྱེར་མེད་བདེ་བའི་མཆོད་སྤྲིན་འདི༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ༔ གཱ་ཎའི་མཆོད་པ་ཆེན་པོ་འདི༔ དཔལ་མགོན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་ཀཱ་ལ་པདྨ་ཡོ་གི་ནཱི་ཨ་ཧོ་པཱུ་ཙ་ཧོ༔ ཧཱུྃ༔ ཀུན་ཁྱབ་བྱང་ཆུབ་སེམས་ཉིད་འདི༔ དབྱིངས་ལས་མ་གཡོས་དབྱེར་མེད་ཀྱང༔ རྟོགས་ན་ཀུན་བཟང་ཧེ་རུ་ཀ༔ མ་རིག་བདག་འཛིན་རུ་ཏྲའི་རྒྱུ༔ གཉིས་མེད་མ་ནིང་དགོངས་པ་ཡིས༔ ང་བདག་གཟུང་འཛིན་དབྱིངས་སུ་བསྒྲལ༔ མ་ཧཱ་ཀཱ་ལ་མ་ཏྲཾ་རུ་ཏྲ་པྲ་བན་ཙཀྲ་ཨེ་སྥ་ར་ན་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་སོགས། ཤབྡ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཕུད་སྐོང་འདི་ཡིས་བསྐང༔ ཧོ༔ དགོངས་སུ་གསོལ༔ གསན་དུ་གསོལ༔ སྤྲོས་པ་མེད་པའི་དབྱིངས༔ ཡངས་པ་ཆེན་པོའི་གནས༔ དུར་ཁྲོད་མེ་རླུང་འབར་བའི་ཀློང༔ རང་བཞིན་གྱི་རྣམ་པར་དག་པའི་གནས་ནས༔ དཔལ་ཡེ་ཤེས་ཀྱི་མགོན་པོ༔ བདུད་རྒྱལ་ཐོད་པའི་ཕྲེང་བ༔ གནམ་ལྕགས་དུག་གི་སྤུ་གྲི༔ སངས་རྒྱས་བསྟན་པའི་སྲོག་ཤིང༔ ཆོས་སྐྱོང་ཡོངས་ཀྱི་དེད་དཔོན༔ རིན་ཆེན་གཏེར་གྱི་སྲུང་མ༔ དམ་ཉམས་དགྲ་བོའི་གཤེད་མ༔ འཁོར་དུ་ཤན་པ་ཕོ་མོ༔ ལས་མགོན་སྲོག་བདུད་ནག་པོ༔ ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ ཕོ་ཉ་ཡང་འཁོར་སྡེ་བརྒྱད༔ ཤར་ན་དྲེགས་པ་ལྷ་བརྒྱད༔ ལྷོ་ན་གཤིན་རྗེ་རྔམས་བརྒྱད༔ ནུབ་ན་གདུག་པའི་ཀླུ་བརྒྱད༔ བྱང་ན་གནོད་སྦྱིན་འཇིགས་བརྒྱད༔ གཞན་ཡང་ཤན་པ་གྲི་ཐོགས༔ བདུད་པོ་ཟོར་ཐོགས༔ མ་མོ་ཁྲོམ་ཐོགས༔ བདུད་དམག་བྱེ་བ་དུང་ཕྱུར་དང་བཅས་པ༔ འཁོར་ནག་པོ་སྟོང་དང་བཅས་པ་ཁྱེད་རྣམས་ལ་མངའ་གསོལ་སྐྱེམས་སུ་འབུལ་བ་ནི༔ སྨན་གཏོར་རཀྟའི་མཆོད་པ་དང༔ དམ་རྫས་མཐུན་རྫས་འདི་དག་འབུལ་བས༔ བདག་གི་བླ་མ་དང་སློབ་དཔོན་བདག་ཅག་འཁོར་དང་བཅས་པ་སྐུ་ཚེ་རིང་བ་དང༔ ཐུགས་དམ་འཕེལ་ཞིང་ཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༔ ཁྱད་པར་དུ་བདག་ཅག་གི་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཕྱིར་ཟློག་ཏུ་གསོལ༔ མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཁྱེད་རྣམས་ཀྱི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ༔ ཁྱེད་རྣམས་ལ་རྣལ་འབྱོར་པ་བདག་གིས་ཕྲིན་ལས་སུ་བཅོལ་བ་ནི༔ སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔ་དང༔ བར་དུ་ཨོ་རྒྱན་ཆེན་པོ༔ མཐའ་མར་སྤྲུལ་སྐུ་རཏྣ་གླིང་པའི་སྤྱན་སྔར་ཅི་ལྟར་ཁས་བླངས་ཞལ་གྱིས་བཞེས་པ་བཞིན་དུ༔ སྒྲུབ་པ་པོ་བདག་ཅག་རྣམས་ལ་བརྩེ་བར་དགོངས་ལ༔ ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་སྐབས་འདིར་རོལ་མོ་ཐམས་ཅད་ཀྱིས་བྱིན་དབབ་བོ༔ དེ་ནས་རྔ་བརྡུང་རོལ་མོ་ཐམས་ཅད་བསྒྲག༔ འཆམ་སྟབས་བྱ་ཞིང་བསྟོད་པ་འདི་ཉིད་དོ༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ སྲིད་རྩའི་བདག་འཛིན་རུ་ཏྲ་སྡེ་གསུམ་བསྒྲལ༔ རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ༔ འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད༔ ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ན༔ རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས༔ རབ་འཇིགས་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམས༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ གཡས་པས་རུ་མཚོན་གཡོན་པས་སྙིང་ཞགས་བསྣམས༔ ཙན་དན་བིང་ཆེན་རྐེད་བཙུག་ལྷ་དམག་འགྱེད༔ ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས༔ དར་ནག་བེར་གསོལ་གསེར་སྐ་མི་ལྤགས་གསོལ༔ གཏེར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བདུད་འདུལ་མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ རབ་འཇིགས་སྲིན་པོའི་གཟུགས་ཅན་རྔམ་པའི་སྐུ༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་གློག་ལྟར་འཁྱུག༔ ཧཱུྃ་ཧཱུྃ་ཕཊ་ཅེས་སྒྲ་ཡི་སྟོང་གསུམ་གཡོ༔ ཁམས་གསུམ་གཡུལ་རྒྱལ་སྟག་གི་ཤམ་ཐབས་ཅན༔ དབུ་སྐྲ་གྱེན་བརྫེས་བསྐལ་པའི་མེ་དཔུང་འབར༔ བདུད་ལས་རྣམ་རྒྱལ་འཇིགས་བྱེད་ཆེན་པོའི་སྐུ༔ བམ་ཆེན་གདན་བཞུགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཆོས་སྐྱོང་མགོན་པོའི་ཚོགས་ཀྱིས་དབུས་ན་འགྱིང༔ སྣང་སྲིད་ཕོ་རྒྱུད་མོ་རྒྱུད་ལས་ལ་འགྱེད༔ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ལྷ་ཆེན་པོ༔ བྱིན་རླབས་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད༔ མ་ཧཱ་ཀཱ་ལའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་ནི༔ སྐུ་མཆོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར༔ དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན༔ སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན༔ བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འཕྲོ༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད༔ ཅི་བཅོལ་ལས་རྣམས་སྐད་ཅིག་ཉིད་ལ་སྒྲུབ༔ རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ༔ མ་བསྐུལ་པར་ཡང་བརྣགས་པའི་དགྲ་བགེགས་སྒྲོལ༔ གར་བསྐུལ་ས་རུ་མི་རོ་ཚར་མར་བརྩེགས༔ བཟློགས་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད༔ སྡེ་བརྒྱད་བྲན་ཁོལ་སྟག་ཤམ་མི་ལྤགས་བརྒྱན༔ གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད༔ དྲེགས་པ་ཀུན་འདུལ་ཁྱེད་ལ་ཕྱག་འཚལ་བསྟོད༔ གཏེར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་ཆེན་དཔལ་འབར་སྐུ་ལ་ཕྱག་འཚལ་བསྟོད༔ མ་ནིང་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་གི་གྲོགས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ མགོན་པོའི་ལྕམ་གཅིག་ལྷ་མོ་དཔལ་འབར་མ༔ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་མ༔ མི་ལྤགས་གཡང་གཞི་སྟག་ལྤགས་ཤམས་ཐབས་གསོལ༔ རྣལ་འབྱོར་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕྱག་ན་རལ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ བྱང་ཤར་མཚམས་ཀྱི་དཔལ་ལྡན་རེ་མ་ཏི༔ སྤྲུལ་པ་སྣ་ཚོགས་རྫུ་འཕྲུལ་ཅིར་ཡང་སྟོན༔ མ་གཅིག་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ དེ་ནས་ནག་པོ་ལས་ལ་བསྐུལ༔ གོས་ནག་གོན་ཞིང་རལ་ཐོད་གདེངས༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་བྱང་ཤར་མཚམས་དང་ནི༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཨུ་ཙ་ལ་ཡི་གནས་མཆོག་གི༔ མེ་རླུང་འབར་བའི་དཀྱིལ་འཁོར་ན༔ ཐོད་པ་སྐམ་རློན་བརྩེགས་པ་ཡི༔ ཞེ་སྡང་བདུད་ཀྱི་སྐུ་མཁར་དེ༔ ཤར་ཕྱོགས་མི་ཡི་ཐོད་པས་བརྩེགས༔ མི་མགོའི་གད་མོ་ཡ་ལ་ལ༔ ལྷོ་ཕྱོགས་རྟ་ཡི་ཐོད་པས་བརྩེགས༔ གྱི་ལིང་རྟ་སྐད་ཙེ་རེ་རེ༔ ནུབ་ཕྱོགས་སྤྲེ་འུའི་ཐོད་པ་བརྩེགས༔ འདུ་མོའི་བཞད་བགད་ལྷངས་སེ་ལྷང༔ བྱང་ཕྱོགས་ལུག་གི་ཐོད་པ་བརྩེགས༔ གཡང་མོ་འབའ་སྒྲ་ཏི་རི་རི༔ ཟུར་བཞི་རིན་ཆེན་ཟངས་ལ་བགྱིས༔ རིན་ཆེན་ཤེལ་གྱི་སྒོ་མོ་ལ༔ གསེར་གྱི་རེ་བཞི་མཛེས་པར་གསལ༔ མུ་མེན་འཕྲུལ་གྱི་ཡག་ཤིང་ལ༔ དཀར་པོ་དུང་གི་འདན་བུས་གདབ༔ ཁ་བད་སྔོན་པོ་གཡུ་ལས་བྱས༔ བརྟན་པོ་ལྕགས་ཀྱི་རྨིང་རྡོ་བཙུག༔ ནང་ནི་དམར་ནག་གྲུ་གསུམ་ལ༔ ཕྱི་ནང་ཐོད་མཁར་མེ་རླུང་འཚུབས༔ སྐུ་མཁར་དེ་ཡི་རྩེ་མོ་ན༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ བྱ་ནག་ཤ་ཟན་འཐིབས་སེ་ཐིབ༔ སྐུ་མཁར་དེ་ཡི་ཟུར་བཞི་ལ༔ དུག་སྦྲུལ་ཆུན་པོ་ཉི་ལི་ལི༔ སྐུ་མཁར་དེ་ཡི་ལོགས་བཞི་ལ༔ མི་ཁྲག་རྟ་ཁྲག་ཞམས་སེ་ཞམ༔ སྐུ་མཁར་དེ་ཡི་རྨིང་གཞི་ལ༔ ཆུ་གླང་ལྕགས་སྐད་ཐངས་སེ་ཐང༔ སྐུ་མཁར་དེ་ཡི་ཕྱོགས་བཞི་ལ༔ ཀང་ཀ་ལྕེ་སྤྱང་ཁྱི་ནག་དང༔ རྟ་ནག་མང་པོ་ཙེ་རེ་རེ༔ གཡག་ནག་མང་པོ་ངུར་རུ་རུ༔ ལྕགས་སྤྱང་གཅན་སྤྱང་འདུ་རུ་རུ༔ ཐོད་མཁར་དེ་ཡི་ནང་ཤེད་ན༔ མེ་རླུང་འཚུབས་མ་འུ་རུ་རུ༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ མི་ཁྲག་རྟ་ཁྲག་མཚོ་ལྟར་བསྐྱིལ༔ མི་ལྤགས་རྟ་ལྤགས་ཡོལ་དུ་བྲེས༔ མི་མགོ་རྟ་མགོ་ཧྲི་ལི་ལི༔ མི་རྟའི་གསུར་དུད་ཐུ་ལུ་ལུ༔ མི་རྐང་གླིང་བུ་ཅངས་སེ་ཅང༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན༔ མ་ནིང་ནག་པོ་བཞུགས་པ་ནི༔ སྲོག་བདུད་ནག་པོ་མི་བཟད་པ༔ རཱུ་ཏྲ་ཕོ་མོ་བསྣོལ་བའི་སྟེང༔ ལེ་བརྒན་འབར་བའི་གདན་སྟེང་དུ༔ དཔལ་འབར་ཡུམ་དང་གཉིས་སུ་མེད༔ ཚུར་བྱོན་ནག་པོ་ལྷ་ཆེན་པོ༔ ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ འདོད་པ་ཁམས་ཀྱི་དབང་ཕྱུག་ཆེ༔ རི་རབ་བྱང་ཤར་མཚམས་ནས་ནི༔ གླིང་བཞི་བར་སྣང་རྒྱུག་བྱེད་ཅིང༔ སྣང་སྲིད་བྲན་ཁོལ་བདུད་དཔུང་འཇོམས༔ བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང༔ ཧེ་རུ་ཀ་ཡི་དངོས་སྤྲུལ་ཏེ༔ ཞིང་བཅུ་བསྒྲལ་བའི་ལས་ལ་བརྩོན༔ དར་ནག་བེར་ཆེན་རབ་བརྗིད་པའི༔ མུན་པའི་གཡུང་དྲུང་སྐུ་ལ་གསོལ༔ དར་ནག་ཕྱར་ཞིང་རུ་མཚོན་གཡབ༔ སྙིང་ཞགས་འདེབས་ཤིང་བདུད་མདའ་འཕེན༔ སྐྱེ་འགྲོའི་སྲོག་ལ་དབང་བྱེད་ཅིང༔ དགྲ་བོ་བདུན་རྒྱུད་རྩད་ནས་གཅོད༔ སྲོག་བདུད་ནག་པོ་རྟ་ནག་ཅན༔ མཆོག་དཀར་གཞུ་མོ་གྲུ་ཁུག་ལ༔ བདུད་མདའ་སྟོང་དམར་དགྲ་ལ་རྒྱོབ༔ སངས་རྒྱས་བསྟན་པ་བཤིག་པ་དང༔ བླ་མའི་སྐུ་ལ་བསྡོ་བ་དང༔ དབེན་གནས་གཉན་པོ་འཇོམས་པ་དང༔ དགེ་འདུན་སྡེ་ཡི་དབྱེན་བྱེད་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ གསང་སྔགས་ཆོས་ལ་སྨད་པ་དང༔ སྡེ་དགོན་ཡོ་བྱད་རྐུ་བ་དང༔ བསམ་གཏན་པ་ཡི་སེམས་དཀྲུག་དང༔ སྐྱེ་བོ་སྡིག་ལ་དགའ་བ་དང༔ དགེ་ལས་སྡིག་པར་སྒྱུར་བྱེད་པའི༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི༔ ལོ་ཟླར་གཞག་པའི་གནས་མེད་པས༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ སྲོག་བདུད་ནག་མོ་མཐུ་རྩལ་ཅན༔ དུས་ལ་བབ་པོ་ས་མ་ཡ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དམ་ཉམས་དགྲ་བོ་གཉིད་ལོག་གིས༔ བླ་ཚེ་འཁྱམས་པོ་ཁྲིད་ལ་ཤོག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ་ན་ལས་ལ་ཐོགས་པ་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་བྱུང་གནས་ཀྱིས༔ གསང་གཏེར་གཉན་གྱི་བཀའ་སྲུང་ཕྱིར༔ དགེ་རིའི་བྲག་ལ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ྈྈྈྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ྀཨཚ༔ ཁ་ཐཾ༔ ྈྈྈ སྤྲུལ་སྐུ་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་ (Volume 23, Text 25)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་བཞུགས། ། ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་ར་ཡེ། རྒྱལ་ཀུན་མཁྱེན་བརྩེ་ནུས་པ་གཅིག་བསྡུས་པ། །རིག་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་ཞབས། །མི་ཕྱེད་དད་པས་ཕྱག་བགྱིད་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་ཕྲིན་ལས་མཛད་པའི་མགོན། །འགྲོ་ཀུན་སྲིད་མཚོར་འཁོར་བའི་སྡུག་བསྔལ་ལས། །ཐར་ལམ་དབྱིངས་སུ་སྒྲོལ་མཛད་ཐུགས་རྗེའི་ལྷ། །ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ། །མགོན་ཁྱོད་ལྷག་པའི་ལྷར་བསྟེན་བསྙེན་སྒྲུབ་ཀྱི། །ལག་ལེན་རབ་གསལ་དྭངས་མའི་ཨཱ་དརྴ། །སྐལ་ལྡན་གདུལ་བྱའི་སྣང་ངོར་ལེགས་བསྟན་གྱི། །ཆོས་སྲུང་ཚོགས་ཀྱིས་གནང་བའི་སྐབས་ཕྱེ་ཞིག །དེ་ལ་འདིར་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་གཏེར་སྟོན་ཉི་ཟླ་འོད་ཟེར་གྱིས། དཔལ་བསམ་ཡས་དབུ་རྩེའི་སྟེང་ཁང་རྣམ་སྣང་ཐུགས་ཀྱི་ཀློང་སྒྲོམ་ནས་སྤྱན་དྲངས་པ་ཟབ་ཆོས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་སྒྲུབ་ལག་ཏུ་བླང་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཐོག་མར་མཚན་ལྡན་རྡོ་རྗེའི་སློབ་དཔོན་ལས་དབང་ཆོག་བདེ་ཆེན་དབྱིངས་སྦྱོར་ལྟར་སྨིན་བྱེད་ཀྱི་དབང་བསྐུར་ལེགས་པར་ནོས་ཤིང་། རྫོགས་རིམ་འཇའ་ལུས་མཆོག་སྦྱིན་རྩ་འགྲེལ་དང་། ཁྲིད་ཡིག་རིག་འཛིན་ཞལ་ལུང་ལྟར་ཉམས་ཁྲིད་ལེགས་པར་ཐོབ་པའམ་ཡང་ན་དབང་བསྐུར་དང་སྒྲུབ་སྐོར་གྱི་ལུང་ཚང་བར་ཐོབ་པའི་གང་ཟག་གིས། རྡོ་རྗེའི་ཚིག་གི་རྩ་བ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་སོགས༔ རབ་ཏུ་དབེན་པ་བྱིན་གྱིས་བརླབས་པའི་སར༔ ཞེས་སོགས་གང་རུང་གི་གནས་སུ། ཚོགས་གཏོར་དབང་ཡོན་ཁམས་ཀྱི་འཚོ་བའི་རྟེན༔ ཡོ་བྱད་མ་ཚང་མེད་པར་སྟ་གོན་བྱ༔ ཞེས་གསུངས་པའི་ཡོ་བྱད་ཚོགས་པས་གནས་ཁང་ཕྱག་བདར་སོགས་བྱ། རྒྱས་པར་སྤྲོ་ན་རྡུལ་ཚོན་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ན་དབང་ཆོག་ལྟར་ས་ཆོག་སྟ་གོན་དང་ཐིག་ཚོན་བྱིན་རླབས་སོགས་སྤྱི་ལྟར་བྱས་ལ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ། སྤྲོས་པ་ཉེར་བསྡུར་ལྷ་གྲངས་ཀྱི་ཚོམ་བུ་དང་སྨན་གཏོར་རཀྟ་ཙམ་ལ་བརྟེན་དུ་རུང་ཞིང་། རྒྱས་བསྡུས་གང་བྱེད་ཀྱང་དཀར་དམར་གཏོར་མ་བཏང་ཞིང་གཞི་བགེགས་ལ་བཀའ་བསྒོ །སྒོ་དྲུང་དུ་མཚམས་ཐོ་དཀར་པོ་བརྩིགས། སྤྲོས་འབྱོར་ཆེ་ན་རྒྱལ་ཐོ་སྤྱི་ལྟར་འཛུགས། རང་གི་སྟན་འོག་ཏུ་ས་དཀར་གྱི་གཡུང་དྲུང་བྲི། དཀྱིལ་འཁོར་རམ་ཚོམ་བུའི་དབུས་སུ་མཉྫིའི་ཁར་དབང་དུས་བུམ་པ་དགོས་ཀྱང་བསྙེན་སྒྲུབ་ལ་བུམ་པའི་ཚབ་ཏུ་གཙོ་བོའི་སྒྲུབ་གཏོར་ཟླུམ་པོ་པད་འདབ་བཞི་པ་རྟ་མགོས་མཚན་པ་འབྲི་སྨུག་གིས་བྱུགས་ཤིང་རྒྱན་སྤྲོས་གང་མཛེས་བྱས་པ། སྐུ་རྟེན་གཙོ་བོའི་ཙཀླི་གཏོར་གདུགས་དམར་པོ་ཅན་དང་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་སྔོན་འགྲོའི་ཉེར་མཆོད་རྣམས་སྒོར་མཆོད་དམ་ཐད་མཆོད་གང་རུང་དུ་བཤམ། གཏེར་སྲུང་དྲང་སྲོང་གི་སྒོས་གཏོར་གཡས་གཅུས་མཐེབ་སྐྱུ་དང་རིལ་བུ་བརྒྱད་ཀྱིས་བསྐོར་བ་རྩེར་ལིང་ག་མགོ་མཇུག་ལྡོག་པ་བཙུག་པ་ཁྲག་བྱུགས་ཤ་དམར་གྱིས་བརྒྱན་པ་དང་། རྩ་གསུམ་གཏོར་མ། གཞན་ཡང་རང་ཉམས་ལེན་གང་བྱེད་ཀྱི་རྩ་བ་གསུམ་གྱི་བྲིས་འབུར་མཆོད་གཏོར་སོགས་གང་འོས་སུ་བཤམ། རང་གི་མདུན་དུ་རྡོར་དྲིལ་ཌཱ་རུ་ནང་མཆོད་འཐོར་ནས་གདབ་ཕུར་སྒྲོལ་གྲི་སོགས་བཤམ། གསང་སྔགས་ལས་རིམ་རྩ་བ་ལས། ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་དགོང་འཇུག༔ ཅེས་གསུངས་པ་ལྟར། གཟའ་སྐར་དང་དུས་ཚོད་བཟང་པོའི་སྔ་ཐུན་ནམ་དགོང་ཐུན་ནས་ཞུགས་ཏེ། གཉིས་པ་དངོས་གཞི་ཉམས་ལེན་གྱི་རིམ་པ་ནི། བརྒྱུད་འདེབས་ནས་བརྩམ་སྟེ། ལས་བྱང་ཡེ་ཤེས་འཁོར་ལོའི་ལས་གཞུང་གྱེར་ཞིང་། ལྷ་བསྐྱེད་སྐབས་ཡོ་ག་གསུམ་གྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ཟུར་ན་བཞུགས་པ་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས་མ་ཧཱ་ཡོ་གའི་སྒོམ་རིམ། ཨོཾ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱི༔ ཞེས་པ་ནས། བསྐལ་མེ་རབ་འབར་བམ་ཆེན་སྟེང་ན་འགྱིང༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ཀྱི་བར་བླངས་ཏེ་སྤྱན་འདྲེན་ནས་ལས་གཞུང་དཀྱུས་ལ་འཇུག །བཟླས་པའི་སྐབས་ཡོ་ག་གསུམ་གའི་སྒོམ་རིམ་གསལ་འདེབས་ཤིང་ཞི་ཁྲོ་དྲིལ་བའི་བཟླས་པ་བྱ་དགོས་ཏེ། དབང་ཆོག་ལས། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལྟར་བསྙེན་སྒྲུབ་བྱ་ཞིང་མཚན་མའི་བསྙེན་པ་རྟགས་ཐོན་དུ་གྲོལ་ནས༔ ཞེས་གསུངས་པའི་ཕྱིར་རོ། །བཀའ་སྲུང་དྲང་སྲོང་དུག་གི་སྤུ་གྲིའི་གསོལ་ཀ་ཟུར་ནས་བླང་། ཚོགས་ཐོག་མཐའ་བར་གསུམ་དང་རྩ་གསུམ་སྐོང་གསོ་གཏང་ཞིང་གནམ་ཕུད་འབུལ། ལྷག་མ་བསགས་ནས་ཕྱིར་མི་གཏོང་། ཆད་ཐོས་རྒྱུན་གཏོར་འབུལ་ཞིང་བཤལ་ཆུས་བརྟན་མ་བསྐྱང་གཏོར་མནན་བྱ། དངོས་གྲུབ་བསྐུལ་བ་མི་གཏོང་ངོ་། །རྗེས་ཆོག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། ཉེར་བསྡུའི་ཚིག་འདོན་བཞག་སྟེ་རྫོགས་རིམ་གྱིས་རྟག་མཐའ་བསལ། ཆད་མཐའ་བསལ་ཕྱིར་ལྷར་ལྡང་། ལས་གཞུང་གི་བསྔོ་བ་དང་ཤིས་བརྗོད་བྱས་ཏེ། དགོང་ཐུན་ལ་ཚུགས་པ་ཡིན་ན་ཉལ་བའི་རྣལ་འབྱོར་བྱ། དེ་ལྟར་ཐུན་བཞིར་བཅད་པའི་ཐུན་རེར་ལས་བྱང་ཚོགས་དང་བཀའ་སྲུང་བཞག་པ་རེ་གཏང་། དགོང་སྲོད་གང་རིགས་ཀྱི་ཐུན་ལ་བཀའ་སྲུང་ཚོགས་མཆོད་སོགས་སྔར་ལྟར་བྱ། སྔ་ཐུན་ལ་ཕྲེང་བ་བྱིན་རླབས་དང་དབྱངས་གསལ་ཞབས་བཅད་མ་གསུམ་སྲོད་ཐུན་ལ་དབྱངས་གསལ་ཞབས་བཏགས་མ་ལན་གསུམ་བཟླ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བགྱི་བའི་བསྙེན་ཚད་གཞུང་འདིར་གསལ་བར་མ་གསུང་མོད། འོན་ཀྱང་མ་ཧཱ་ཡོ་གའི་ཕྱི་སྒྲུབ་ཀྱི་མཇུག་ཏུ། བརྒྱ་སྟོང་ཁྲི་འབུམ་ཐུན་སྦྱར་བཟླས་པ་སྟེ༔ དེ་ཡིས་དངོས་གྲུབ་ཡིད་བཞིན་འགྲུབ་པ་དང༔ ཞི་སོགས་ལས་རྣམས་ཐོགས་མེད་མཐར་ཕྱིན་འགྱུར༔ ཞེས་གསུངས་པས་དུས་གྲངས་མཚན་མའི་བསྙེན་པ་གསུམ་ལས་གྲངས་བསྙེན་འབུམ་ཕྲག་གཅིག་གམ་ཡང་ན་བཞི་འབུམ། སྤྲོ་ན་ས་ཡ་ཕྱི་བཞག་གི་བྱེ་བ་སྟེ་འབུམ་བཅུ་ཙམ་བྱས་ན་རིགས་སམ་སྙམ། དུས་བསྙེན་ནི་གྲངས་ཀྱི་ཤུགས་ལས་ཤེས་ལ། མཚན་མའི་བསྙེན་པ་ནི་གང་ཟག་གི་དབང་པོའི་ཁྱད་པར་ལས། རབ་ཏུ་སྐུ་མཐོང་བ། གསུང་ཐོས་པ། རྟོགས་པ་འཆར་བ་སོགས་ནས་ཐ་མ་ཡང་རྨི་ལམ་བཟང་བ་སོགས་ལྟས་སྣ་ཚོགས་སུ་འཆར་བ་ཉམས་མྱོང་དང་སྦྱར་རོ། །དེ་ལྟར་ཉམས་སུ་བླང་བའི་གནད་ཀྱི་གཙོ་བོ་ནི་སྤྱིར་གསར་རྙིང་གི་ལྷ་ཁྲིད་གནད་དུ་ཐེམས་པ་ཐོབ་པའམ། ཁྱད་པར་ལམ་འདིའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་ཉམས་སུ་མྱོང་བ་རྣམས་ཀྱིས་རྟོགས་པར་སླ་མོད་ཀྱང་། ཁྲིད་མ་ཐོབ་པའི་རིགས་རྣམས་གོ་ཡུལ་གྱིས་བསྐྱེད་རྫོགས་ལ་ཐོས་བསམ་གྱི་སྒྲོ་འདོགས་རགས་པ་ཆོད་ཅིང་། བྱེ་བྲག་ཏུ་ཡོ་ག་གསུམ་གྱི་སྒོམ་རིམ་ཤེས་པ་དང་། ལུགས་འདིར་བདག་མདུན་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་འཆར་བ་ལ་ངེས་ཤེས་བརྟན་པོ་ཐོབ་དགོས་ལ། དེ་ཙམ་ཡང་བློས་མ་འཆུན་ཞིང་སྒོམ་མི་བདེ་ན་རྡུལ་ཚོན་རས་བྲིས་ཚོམ་བུ་ཙམ་བསྐྱེད་གཞིར་བྱས་པའི་བདག་མདུན་མེ་རི་འདབས་འབྲེལ་ཚིག་གཅིག་གྱེར་བ་ཙམ་གྱིས་མེ་ལོང་གི་གཟུགས་བརྙན་ལྟར་སོ་སོར་འཆར་ཞིང་སྒོམ་པ་གནད་དུ་ཆེ་ལ། རྟོགས་པས་ཆུན་ན་ཞུགས་སྒྲུབ་བམ་དཀྱིལ་འཁོར་བདག་རྫོགས་གང་རིགས་ཀྱིས་རྟེན་དང་བརྟེན་པ་གཅིག་བསྒོམ་པ་ཁོ་ན་རིགས་ཤིང་འཐད། དེ་ཡང་མ་ཧཱ་ཡོ་ག་ཕྱི་དཀྱིལ་གྱི་བཟླས་དམིགས་ནི། ལས་གཞུང་གི་འཛབ་དགོངས་ལས། ཧྲཱི༔ རང་བྱུང་རྣམ་དག་གཞལ་ཡས་འདིར༔ ཆོས་སྐུ་ཐུགས་རྗེ་ཞི་ཁྲོའི་ལྷ༔ སྣ་ཚོགས་སྐུ་དང་ཆ་ལུགས་ལ༔ ཐུགས་སྲོག་འཛབ་ཀྱི་རང་སྒྲ་སྒྲོག༔ མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས༔ ཚུར་འདུས་དངོས་གྲུབ་བཅུད་དུ་སྡུད༔ རྟགས་མཐོང་བར་དུ་རྒྱུན་མི་བཅད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཞེས་བྱ་ཞི་ཁྲོའི་ཐུགས་སྲོག་སྔགས༔ འཛབ་དགོངས་འཛབ་དབྱངས་གྲངས་ལྡན་བསྒྲུབ༔ ཅེས་དང་། མ་ཧཱའི་སྒོམ་རིམ་ལས། དེ་ལྟར་མ་ཧཱ་ཕྱི་སྒྲུབ་བཟླས་པའི་ཚེ༔ བདག་ཉིད་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར༔ དེ་མཐར་སྔགས་བསྐོར་འོད་ཟེར་འཕྲོས་པ་ལས༔ རྒྱལ་བ་རྒྱ་མཚོའི་བྱིན་རླབས་འོད་དུ་བསྡུས༔ བདག་ཉིད་ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དབང་ཐོབ་མོས༔ བདག་གི་རིགས་འགྲེས་ལྷ་རྣམས་ཀུན་ལ་སྦྱར༔ ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང༔ ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ ཞེས་གསུངས་པའི་གསལ་བྱེད་དུ་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོའི་རྡོ་རྗེའི་གསུང་ཁྲིད་ཡིག་རིག་འཛིན་ཞལ་ལུང་ལས། བཟླས་པའི་ཚེ་རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཞེས་སོགས་ནས། ཞི་སོགས་ཀྱི་ལས་རྣམས་ཐོགས་པ་མེད་པར་བྱིན་ནོ། །ཞེས་གསུངས་པའི་བར་ལྟར་བྱ་བ་ལས་གཞན་པའི་རྒྱས་བཤད་མ་དགོས། འོན་ཀྱང་དེར་མི་གསལ་བའི་སྔགས་ཕྲེང་ནི་རང་ཐུགས་རྗེ་ཆེན་པོ་ཞི་བའི་གཙོ་བོའི་ཐུགས་སྲོག་ཧྲཱིཿདམར་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཡིག་འབྲུ་དྲུག་དམར་པོའི་ཕྲེང་བས་བསྐོར་བ་དང་། དེ་བཞིན་དུ་ཤར་གྱི་མི་བསྐྱོད་ཐུགས་རྗེ་ཆེན་པོ་སོགས་རིགས་བཞི་པོའི་ཐུགས་སྲོག་ཧྲཱིཿདཀར་སེར་དམར་ལྗང་ལ་ཡིག་དྲུག་གི་ཕྲེང་བ་དཀར་སེར་དམར་ལྗང་གིས་བསྐོར་བ། གཙོ་བོ་ཡུམ་དང་ཕྱོགས་བཞིའི་ཡུམ་ལ་ཐུགས་སྲོག་གོང་གིས་རིགས་འགྲེ་ཞིང་སྔགས་ཕྲེང་མ་བསྐོར་ཡང་འཐུས། སྤྲོ་ན་དབང་ཆོག་གི་ལྷ་དབང་རྒྱབ་བྱང་ལྟར། ག་ག་ཤྭ་རི། མཱ་མ་ཀཱི །བུདྡྷ་ལོ་ཙ་ནི། ཙཎྜ་རི། བཛྲ་ཏཱ་རེ་ལྔ་ལ་ཐོག་མཐར་ཨོཾ་ཧཱུྃ་སྦྱར་བས་ཁ་དོག་རིགས་འགྲེ །གཙོ་བོའི་སྐུ་རྒྱབ་ཁྲོ་བོ་དབང་ཆེན་སོགས་དབང་ཆེན་རིགས་ལྔ་ཡབ་ཡུམ་ཡང་ཐུགས་སྲོག་ཞི་བ་དང་འདྲའོ། །སྔགས་ཕྲེང་གཙོ་བོ་ལ་ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ དེ་བཞིན་དུ་ཕྱོགས་བཞིར་ཨོཾ་བཛྲ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ ཨོཾ་རཏྣ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་པདྨ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་ཀརྨ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཞེས་དང་། ཡུམ་ལྔར། ཨོཾ་བུདྡྷ་ཝཱ་ར་ཧཱི་ཧཱུྃ༔ བཛྲ་ཝཱ་ར་ཧཱི། རཏྣ་ཝཱ་ར་ཧཱི། པདྨ་ཝཱ་ར་ཧཱི། ཀརྨ་ཝཱ་ར་ཧཱི། ཐོག་མཐའ་ཨོཾ་ཧཱུྃ་སྦྱར། སྒོ་བ་ཡབ་ཡུམ་རྣམས་ལ་ཐུགས་སྲོག་ཛ་ཧཱུྃ་བཾ་ཧོ༔ དཀར་སེར་དམར་ལྗང་དང་། ཡབ་གིང་ཆེན་བཞིའི་སྔགས་ཕྲེང་ཨོཾ་བཛྲ་གིང་ཀ་ར་ཧཱུྃ། རཏྣ་གིང་ཀ་ར། པདྨ་གིང་ཀ་ར། ཀརྨ་གིང་ཀ་ར་སོགས། ཡུམ་མཁའ་འགྲོ་བཞིར། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཐོག་མཐར་ཨོཾ་ཧཱུྃ་སྦྱར་བ་སོགས་འགྲེ །རིགས་བདག་འོད་དཔག་མེད་ལ་ཐུགས་སྲོག་ཧྲཱིཿདམར་དང་སྔགས་ཕྲེང་ཨོཾ་ཨ་མི་ཏཱ་བྷ་ཝ་ཧཱུྃ་ཞེས་སོགས་དང་། འཕྲོ་འདུ་ནི་དཀྱུས་ལྟར་ལ། ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང༔ ཞེས་པའི་སྐབས་ཞི་ཁྲོའི་གཙོ་བོ་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཕགས་ཚོགས་མཆོད། རྣམ་སྣང་རིགས་ཀྱི་སངས་རྒྱས་རྣམས་ཀྱི་བྱིན་རླབས་འོད་ཟེར་དམར་པོ་ཤས་ཆེ་བའི་རྣམ་པས་བསྡུས་ཤིང་རང་ལ་ཐིམ་པས་རང་རྒྱུད་ཀྱི་ཉོན་མོངས་པ་གཏི་མུག་གི་རྟོག་ཚོགས་སྦྱངས། གཟུགས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། དེ་བཞིན་དུ་ཤར་གྱི་མི་བསྐྱོད་ཐུགས་རྗེ་ཡབ་ཡུམ་དང་བཛྲ་ཁྲག་འཐུང་ཡབ་ཡུམ་གྱི་འཕྲོ་འདུས་རྡོ་རྗེའི་རིགས་ཀྱི་སངས་རྒྱས་རྣམས་ཀྱི་བྱིན་རླབས་རྣམས་འོད་ཟེར་དཀར་པོ་ཤས་ཆེ་བས་བསྡུས་ཐིམ། ཞེ་སྡང་སྦྱངས། རྣམ་ཤེས་ཕུང་པོ་སྟོང་ཉིད་ཡེ་ཤེས་སུ་གནས་གྱུར། རིན་འབྱུང་ཐུགས་རྗེ་ཡབ་ཡུམ་དང་རིན་ཆེན་ཁྲག་འཐུང་ཡབ་ཡུམ་གྱི་འཕྲོ་འདུས་རིན་ཆེན་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་སེར་པོ་ཤས་ཆེ་བར་བསྡུས་ཐིམ། ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། སྣང་མཐའ་ཐུགས་རྗེ་དང་པདྨ་དབང་ཆེན་ཡབ་ཡུམ་གྱི་འཕྲོ་འདུས་པདྨའི་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་དམར་པོ་ཤས་ཆེ་རུ་བསྡུས་ཐིམ། འདོད་ཆགས་སྦྱངས། འདུ་ཤེས་ཕུང་པོ་སོར་རྟོག་ཡེ་ཤེས་སུ་གནས་གྱུར། དོན་གྲུབ་ཐུགས་རྗེ་དང་ཀརྨ་དབང་ཆེན་ཡབ་ཡུམ་གྱི་འཕྲོ་འདུས་ལས་ཀྱི་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་ཤས་ཆེར་བསྡུས་ཐིམ། ཕྲག་དོག་སྦྱངས། འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར་པའི་འཕྲོ་འདུ་དང་། ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ ཞེས་པའི་སྐབས། ཞི་ཁྲོའི་ལྷའི་སྔགས་ཕྲེང་གི་འོད་ཟེར་དཀར་པོ་ཤར་སྒོའི་ཡབ་ཡུམ་ལ་ཕོག །དེ་ལས་ཀྱང་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱོང་བ་དང་། དེའི་རིགས་འགྲེས་སྦྱར་ཏེ་ལྷོ་སྒོའི་ཡབ་ཡུམ་གྱི་འོད་ཟེར་སེར་པོའི་འཕྲོ་འདུས་འཁོར་འདས་ཀྱི་ཚེ་བཅུད་བསྡུས། བདག་གཞན་གྱི་འབྱོར་དྲུག་རྒྱས་པ་དང་། ནུབ་སྒོའི་ཡབ་ཡུམ་གྱི་འོད་ཟེར་དམར་པོའི་འཕྲོ་འདུས་འཁོར་འདས་རང་སྣང་གཞན་སྣང་ཐམས་ཅད་དབང་དུ་བསྡུ་བ་དང་། བྱང་སྒོའི་ཡབ་ཡུམ་གྱི་འོད་ཟེར་ལྗང་གུའི་འཕྲོ་འདུས་དགྲ་བགེགས་ཚར་གཅོད་པ་སོགས་རིགས་པས་སྤྲོས་ཏེ་རྒྱ་ཆེར་ཤེས་པར་བྱའོ། །དེ་ལྟར་མ་ཧཱ་ཡོ་གའི་དམིགས་སྐོར་འདི་རྣམས་གཙོ་ཆེ་བར་བྱེད་དགོས་ལ། ནང་སྒྲུབ་ཨ་ནུ་ཡོ་གའི་རྣལ་འབྱོར་ཇི་ལྟར་བྱ་བ་ནི། རྩ་སྒྲུབ་ལས། གསང་ཆེན་ཨ་ནུ་ཡོ་གའི་ལུང༔ ལུས་དཀྱིལ་ནང་གི་སྒྲུབ་པ་བསྟན༔ དེ་བཞིན་ཀུན་སྣང་རྒྱུ་དག་ལས༔ སྲུང་འཁོར་དབུས་སུ་བདག་ཉིད་ནི༔ འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་སྐུ༔ ཞེས་པ་ནས། འབྲས་བུ་སྐུ་དང་ཡེ་ཤེས་རྣམས༔ དག་པ་ཡབ་ཡུམ་ལུས་དཀྱིལ་ཡིན༔ ཞེས་པའི་བར་གྱི་གསལ་བྱེད་རིག་འཛིན་ཞལ་ལུང་ལྟར། དོན་བསྡུར་གཙོ་བོ་ཡབ་ཡུམ་གཉིས་ཀའི་དབུ་མ་ལ་བརྟེན་པའི་སྙིང་ག་དང་སྤྱི་བོ་གཉིས་སུ་རྩ་འཁོར་འདབ་བརྒྱད་གདུགས་རྩིབས་ལྟར་གསལ་བའི་གཙོ་བོ་ཡབ་ཀྱི་སྙིང་གའི་འཁོར་ལོའི་དབུ་མའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞི་བ་ཡབ་ཡུམ་གྱི་སྤྱི་བོར་རིགས་བདག་དང་བཅས་པ། ཕྱོགས་བཞིར་ཞི་བ་རིགས་བཞི་ཡབ་ཡུམ། དེ་བཞིའི་རྒྱབ་ཏུ་སྒོ་མ་བཞི། མཚམས་བཞིའི་རྩ་ནང་ཡེ་ཤེས་ལྔའི་འོད་ཟེར་གྱི་དྲ་བས་འབྲེལ་བ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཐུགས་སྲོག་ལས་འོད་ཟེར་དམར་པོ་དབུ་མའི་ལམ་བརྒྱུད་ཀླད་པ་དུང་ཁང་གི་འཁོར་ལོའི་ནང་དུ་དབང་དྲག་ཟླ་གམ་དམར་པོ་པད་ཉི་བདུད་བཞིའི་སྟེང་དུ་རྟ་མགྲིན་ཡབ་ཡུམ། ཕྱོགས་བཞིའི་རྩ་ནང་དུ་དབང་ཆེན་རིགས་བཞི་ཡབ་ཡུམ། དེའི་རྒྱབ་ཏུ་སྒོ་བ་ཁྲོ་བོ་གིང་ཆེན་བཞི། རང་གི་གཙོ་ཡུམ་གྱི་སྐུ་ནང་སྟོང་སང་དབུ་མ་འཁོར་ལོ་གཉིས་དང་བཅས་པ་རྩ་དབྱིབས་མ་ཡིན་པ་འཇའ་ཚོན་གྱི་རྣམ་པར་སྒོམ་པའོ། །འཕྲོ་འདུ་ནི། སྙིང་དབུས་བཅོམ་ལྡན་ཐུགས་སྲོག་ཧྲཱི༔ འོད་ཟེར་དམར་པོ་དབུ་མར་བརྒྱུད༔ རྟ་མགྲིན་ཐུགས་དམ་རྒྱུད་བསྐུལ་ནས༔ ཞེས་སོགས་ཀྱི་དོན། ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་དམར་པོ་དབུ་མའི་ནང་བརྒྱུད་དུང་ཁང་གི་རྟ་མགྲིན་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས། རང་ཉིད་ཕྱི་དཀྱིལ་གྱི་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཐུགས་ཀར་ཐིམ། ཧྲཱིཿལས་བདུད་རྩིའི་རྒྱུན་བབས། རྡོ་རྗེའི་ལམ་ནས་ཡེ་ཤེས་སེམས་དཔའི་ཡུམ་མཁར་འཕྲོས། ཡུམ་གྱི་སྐུ་གང་ཞལ་ནས་ལུད་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་ཐིམ། རཾ་ལས་འོད་ཟེར་འཕྲོས་ལུས་དཀྱིལ་ཡབ་བཞིའི་ཞལ་དུ་ཞུགས་སོ་སོའི་ཐུགས་སྲོག་ལས་བདུད་རྩི་བབས་གསང་རྡོར་བརྒྱུད་སོ་སོའི་ཡུམ་མཁར་བབས་སྐུ་གང་ཞལ་ནས་ཞལ་དུ་བརྒྱུད་ཐུགས་ཀར་ཐིམ། དེ་ལས་འོད་འཕྲོས་རྒྱབ་ཀྱི་སྒོ་མ་བཞིའི་ཞལ་དུ་ཞུགས་ཐུགས་ཀར་ཐིམ། མཁའ་གསང་ནས་འཕྲོས་མཚམས་བཞིའི་རྩ་འདབ་གང་། སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་དབུ་མའི་ལམ་བརྒྱུད་དུང་ཁང་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། ཐུགས་སྲོག་གི་བདུད་རྩི་བབས་མཁའ་གསང་བརྒྱུད་ཞལ་ནས་ཞལ་དུ་བརྒྱུད་པ་སོགས་གཙོ་འཁོར་ཀུན་ལ་འཕྲོ་འདུ་སྙིང་གའི་ཞི་བ་ལྟར་སྦྱོར། དེ་ལྟར་ལུས་དཀྱིལ་གྱི་དོ་ལིའི་འོད་ཟེར་སྤྲོ་བསྡུ་ཚར་ནས། ཕྱི་དཀྱིལ་གཙོ་བོ་ཡབ་ཀྱི་སྐུ་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང་བ་གསང་བའི་ནོར་བུ་ནས་གཙོ་ཡུམ་གྱི་མཁའ་གསང་དུ་འཕྲོས་ཏེ་སྐུ་ལུས་དབུ་མ་འཁོར་ལོ་གཉིས་དང་བཅས་པ་གང་སྟེ་ཡུམ་བཀྲག་དང་ལྡན་པར་བསམ། ཡུམ་གྱི་ཞལ་ནས་རླུང་དང་བདུད་རྩི་ཨོཾ་ཡིག་གི་རྣམ་པས་ཐོན་གཙོ་བོ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཨཱཿའི་རྣམ་པར་གནས། གསང་རྡོར་ནས་ཧཱུྃ་གི་རྣམ་པས་ཐོན་ཏེ་ཡུམ་གྱི་པདྨར་ཞུགས་པ་སོགས་རླུང་འགྲོ་འོང་དང་བསྟུན་པའི་རྡོར་བཟླས་སམ་དོ་ལིའི་བཟླས་པ་སྟེ་འདི་ལྟར་ཉམས་སུ་བླངས་པས་རྩ་ཁམས་བྱིན་གྱིས་བརླབས། བདེ་སྟོང་གི་ཡེ་ཤེས་སྐྱེས། རླུང་སེམས་དབུ་མར་འཇུག་པ་སོགས་མཆོག་ཐུན་དངོས་གྲུབ་ཐོབ་བོ། །གསང་སྒྲུབ་ཨ་ཏི་ཡོ་གའི་རྣལ་འབྱོར་སྒོམ་རིམ་ནི། རྩ་སྒྲུབ་ལས། གསང་ཆེན་སྒྲུབ་པ་དོན་གྱི་ཆོས༔ ཨ་ཏི་སེམས་ཀྱི་དཀྱིལ་འཁོར་བསྟན༔ རང་སེམས་སྐྱེ་མེད་དེ་བཞིན་ཉིད༔ ཅེས་པ་ནས། སེམས་ཉིད་ཐེག་པ་ཨ་ཏིའི་དོན༔ རྫོགས་ཆེན་ལྷུན་གྲུབ་སྒྲུབ་པ་འོ༔ ཞེས་པའི་བར་གྱི་དོན་རིག་འཛིན་ཞལ་ལུང་དུ་བཀྲལ་བ་ལྟར། རང་སེམས་སྐྱེ་འགག་གནས་གསུམ་སྐུ་གསུམ་ལྷུན་གྲུབ་ཟུང་འཇུག་གི་རིག་པ་ཡོན་ཏན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་། རིག་པ་རང་བྱུང་ཞི་བའི་ལྷ། རིག་རྩལ་ཁྲོ་བོའི་ལྷ། གྲགས་སྟོང་བཟླས་པ། འཁོར་འདས་ཐམས་ཅད་སེམས་སུ་རྫོགས་ཤིང་སེམས་ཉིད་ལྷ་དང་གཞལ་ཡས་སུ་སྣང་བ་ཤར་གྲོལ་བདེ་ཆེན་ལྷུན་གྱིས་གྲུབ་པའི་ངང་དུ་འཇོག་པ་ནི་ཨ་ཏིའི་རྣལ་འབྱོར་སོགས་དངོས་གཞི་ཡོ་ག་གསུམ་གྱི་རྣལ་འབྱོར་ཡང་དག་པའོ། ཁ་སྐོང་སྦྱིན་སྲེག་བྱ་བར་འདོད་ན་གཞུང་འདིར་དམིགས་བསལ་མེད་ཀྱང་བྱང་གཏེར་དང་སྦྱར་བའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དྲི་མེད་ཟླ་ཤེལ་ཁོ་བོས་ལོགས་སུ་བྲིས་ཡོད་པ་ལྟར་ཤེས་དགོས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། བསྙེན་སྒྲུབ་ཐོན་ཁར་ཕྱེ་མར་མངར་གསུམ་དང་སྤོད་ཀྱིས་བརྒྱན་པ་ཆང་གིས་སྦྲུས་པའི་དཔལ་བཤོས་ཚེ་རིལ་ལས་བཞིའི་དབྱིབས་སོགས་བཟོས་པ་དང་། ཤ་མར་ཐུད་ཕྲུམ་ཁུར་བ་ཤིང་འབྲས། ཛ་གད་ཆོས་སྨན་གྱིས་བྲན་པ་སོགས་བཟའ་བཅའ་བཏུང་བའི་རིམ་པ་དངོས་གྲུབ་ཀྱི་རྫས་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམས་ལ། བཟླས་པའི་སྐབས་འོད་ཟེར་འཕྲོ་འདུས་བརྟན་གཡོའི་ལེགས་ཚོགས་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་བསྡུ་ཞིང་བསྟིམ་པའི་དམིགས་པ་བྱ། ཚོགས་ལྷག་ཀྱང་བཏང་། ཆད་ཐོས་ཆོས་སྲུང་གི་གཏོར་མ་རྣམས་ཕུལ། བརྟན་སྐྱོང་གཏོར་མནན་གྱི་མཐར། ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཐུགས་རྗེ་འགག་མེད་ཞི་ཁྲོའི་ལྷ༔ མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ༔ སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ༔ ཞེས་ལས་གཞུང་ལྟར་དངོས་གྲུབ་བསྐུལ། གཏོར་མ་ལྷར་གསལ་བར་དབང་བཞི་བླང་བའི་དམིགས་པ་དང་བཅས་སྤྱི་མགྲིན་སྙིང་ལྟེར་གཏུགས། གཏོར་མའི་དམ་ཡེ་ཕྲལ། དམ་ཚིག་པ་བདུད་རྩིར་ཞུ་བ་དངོས་གྲུབ་ཀྱི་རྫས་རྣམས་རོལ། རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ་དང་། རས་བྲིས་ཡིན་ན་བརྟན་བཞུགས། རྡུལ་ཚོན་དང་ཚོམ་བུ་ལ་གཤེགས་གསོལ་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་རིམ་པ་རྒྱས་པར་བྱ་ཞིང་རྒྱལ་ཐོ་ཡོད་ན་བསྡུ། མེད་ན་མཚམས་ཐོ་བསྡུས་ཏེ་རིམ་བཞིན་མཚམས་གྲོལ་ལོ། །དེ་ལྟར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ཡང་རྣམ་པར་རྒྱལ་བའི་ཕན་བདེ་གླིང་པའི་འདུས་གྲྭ་ནས་ལྷོ་བྲག་པ་དགེ་བཤེས་བློ་བཟང་རབ་རྒྱས་ཀྱིས་གསུང་གིས་བསྐུལ་བ་ལྟར། བླ་མ་ཐམས་ཅད་མཁྱེན་པ་ལྔ་པའི་ཞབས་རྡུལ་ལ་རེག་སྟེ་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་བྱས་པ། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བ་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཉེར་གསུམ་རིག་འཛིན་རྗེའི་དུས་མཆོད་ཉིན་བྲིས་པའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་སོ། །འདི་དགེས་བདག་གཞན་འགྲོ་བ་མ་ལུས་པ། །བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་ལྷས། །རྗེས་བཟུང་རྡོ་རྗེ་ཐེག་པའི་མྱུར་ལམ་ལ། །རབ་བརྟེན་གདོད་མའི་གཞི་དབྱིངས་འཚང་རྒྱ་ཤོག །བཀྲ་ཤིས།། །།

ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་ཐུན་མོང་བ་ (Volume 27, Text 25)

༁ྃ༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་ཐུན་མོང་བ་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོའི་སྒོ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་འདི་ལ་གསུམ༔ ཆོས་ཀྱི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ༔ དངོས་གཞི་ཕྱག་རྒྱ་ཆེན་པོ་ཡང་དག་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་རིམ༔ རྗེས་བོགས་འདོན་ལམ་ཁྱེར་དུམ་བུ་ཁྲིགས་ཀྱི་སྐོར་རོ༔ དང་པོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཐུན་མོང་བའི་ལམ་ལ༔ བླ་མ་དང་སློབ་མའི་མཚན་ཉིད༔ བསྒྲུབ་པའི་གནས་ཀྱི་གཞི༔ དགོས་པའི་ཡོ་བྱད༔ ཉམས་ལེན་དངོས་ལ་འཇུག་པའི་ཆོས་སོ༔ དེ་ལ་དང་པོ་བླ་མའི་མཚན་ཉིད་བསྟེན་དུ་མི་རུང་བའི་རིགས༔ ང་རྒྱལ་ཆེ་བ༔ བློ་རྨོངས་པ༔ ཚིག་ཙམ་གྱི་རྗེས་སུ་འབྲང་བ༔ གསང་སྔགས་ཀྱི་དོན་མི་ཤེས་པ༔ གཞན་གྱི་ཞེ་གཅོད་པ༔ ཁོང་ཚིག་པའི་རང་བཞིན་ཅན༔ ལོག་པའི་ལམ་ལ་ཞུགས་པ༔ ལྷའི་མཚན་མ་མ་མཐོང་བ༔ དམ་ཚིག་འཆལ་བ༔ ཐེ་ཚོམ་གཅོད་མི་ནུས་པ༔ ཐོས་པ་ཆུང་བ་སྟེ་དེ་ལྟ་བུའི་མ་བརྟགས་སློབ་དཔོན་ནི་བསྟེན་དུ་མི་རུང་ངོ༔ བསྟེན་དུ་རུང་བའི་ཡོན་ཏན་ནི༔ ཆོས་ལ་མཁས་ཤིང་འཇིག་རྟེན་གྱི་བྱ་བ་བྲལ་བ༔ སྟོང་ཉིད་ཀྱི་བདེན་པ་མཐོང་ཞིང་ཉམས་མྱོང་ཚད་ལ་ཕེབས་པ༔ སློབ་མའི་འདོད་པའི་དོན་ལ་མ་རྨོངས་པ་སྟེ་མཚན་ཉིད་དེ་ལྡན་ལ་བསྟེན་པར་བྱའོ༔ གཉིས་པ་སློབ་མའི་སྣོད་ལ་བརྟག་པ་ནི༔ སྣོད་དུ་མི་རུང་བའི་རིགས་སློབ་དཔོན་ལ་ཞབས་ཏོག་རྣམ་པ་གསུམ་དང་མི་ལྡན་པ༔ གསང་སྔགས་འཆལ་བར་སྤྱོད་པ༔ ཐེག་པ་མཆོག་གི་རིགས་བརྒྱུད་དང་མི་ལྡན་པ༔ ཤེས་རབ་ཆུང་བ༔ བཀའ་དྲིན་ཁྱད་དུ་གསོད་པ༔ དོན་མེད་འཆལ་བར་གྱུར་པ་རྣམས་སོ༔ སྣོད་དང་ལྡན་པ་ནི༔ དད་པ་དང་ཤེས་རབ་ཆེ་བ༔ ཡིད་གཞུང་ཞིང་ནོར་འཁྲུལ་མེད་པ༔ དབང་པོ་གསལ་བ༔ བརྩོན་འགྲུས་དང་ལྡན་པ༔ འཛིན་ཆགས་ཆུང་ཞིང་གཏོང་ཕོད་པ༔ བརྟུལ་ཤུགས་དང་ལྡན་པ༔ དམ་ཚིག་ལ་གནས་པ་དེ་ལྟ་བུའོ༔ གསུམ་པ་བསྒྲུབ་པའི་གནས་ཀྱི་གཞི་ནི༔ ཡིད་དང་མཐུན་ཞིང་འཚེ་བ་མེད་པ༔ འདུ་འཛི་ལས་ཕྱོགས་ཤིང་ས་ཕྱོགས་བཀྲ་ཤིས་ཤིང་བྱིན་བག་དང་ལྡན་པ༔ གཞི་བདག་ནག་ཕྱོགས་པ་མ་ཡིན་པ༔ རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གནས༔ གངས་རི་དང༔ གཡའ་རི༔ དུར་ཁྲོད༔ མཚོ་གླིང༔ ནགས་ཁྲོད་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ཁད་མཐོ་བ༔ ཤར་ནུབ་ཀྱི་རི་དམའ་བ༔ མདུན་རི་བསྣོལ་བ༔ རྒྱབ་རི་མཐོ་ཞིང་དཔྱད་བཟང་བ༔ ཆུ་འཇམ་པ༔ མཐུན་རྐྱེན་ཐམས་ཅད་ཚང་ཞིང་ཚོགས་སླ་བའི་གནས་སུ་བསྒྲུབ་པར་བྱའོ༔ བཞི་པ་དགོས་པའི་ཡོ་བྱད་ནི༔ སྒྱུ་ལུས་འཚོ་བའི་ཡོ་བྱད་ཟས་གོས༔ བསྟེན་པར་བྱ་བའི་དམ་རྫས་ཤ་ལྔ་དང་བདུད་རྩི་ལྔ་སོགས༔ མཁོ་བའི་ཡོ་བྱད་རྡོར་དྲིལ་དང་ཕྱག་རྒྱ༔ མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་ཀ་ཆའི་རིགས༔ ཁྱད་པར་གྱི་ཡོ་བྱད་མཁའ་འགྲོ་མཉེས་པའི་གཏོར་ཚོགས་སོགས་མ་ཚང་བ་མེད་པ་གསག་པར་བྱའོ༔ ལྔ་པ་ཉམས་ལེན་དངོས་ལ་བློ་འཇུག་པར་བྱ་བའི་ཆོས་ལ༔ དལ་འབྱོར་རྙེད་དཀའ་བ༔ དེ་འཇིག་པའི་ཚུལ༔ འཁོར་བའི་ཉེས་དམིགས༔ རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་དང་བཅས་པའོ༔ དང་པོ་དལ་འབྱོར་རྙེད་དཀའ་བར་བསམ་པ་ནི༔ དེ་ཡང་དལ་བ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ༔ དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་འགྲོ་གསུམ༔ ལྷ་ཚེ་རིང་པོ་པ་དང༔ མི་ཡིན་དུ་ཟིན་ཀྱང་ཡུལ་མཐའ་ཁོབ་པ་དང༔ ཀླ་ཀློ་དང༔ དབང་པོ་མ་ཚང་བ༔ ལོག་ལྟ་ཅན་རྣམས་ནི་ཆོས་བྱར་མི་ཁོམ་པ་ཉིད་ཡིན་ལ༔ དེ་ལྟ་ན་རང་ཉིད་དགེ་བའི་ཆོས་བཅུས་འབྱོར་པ་སྟེ༔ དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ༔ དབང་པོ་ལྔ་ལ་སྐྱོན་མེད་པ༔ མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས་པ༔ དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པ༔ སངས་རྒྱས་འཇིག་རྟེན་དུ་བྱོན་པ༔ དེས་ཆོས་གསུངས་པ༔ བསྟན་པ་གནས་པ༔ ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡོད་པ༔ གཞན་དག་ཀྱང་བདག་ལ་རྗེས་སུ་བརྩེ་བའི་སེམས་དང་ལྡན་པ་སྟེ་ཆོས་བྱེད་དུ་ཁོམ་ཞིང་ཡོད་པའི་མི་ལུས་རིན་པོ་ཆེ་ཐོབ་པར་ནི་རྙེད་པར་དཀའ་བ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ནོ༔ དེ་ཕྱིར་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་དང་རྣམ་གྲངས་དུ་མའི་སྒོ་ནས་བསམ་ཞིང་དཔྱད་དེ་ཚེ་འདི་དོན་ཡོད་ཀྱི་བློ་དང་ལྡན་པར་བྱའོ༔ གཉིས་པ་དེ་འཇིག་པའི་ཚུལ་ནི༔ འཆི་བ་མི་རྟག་པ་བསམ་པ་སྟེ༔ དང་པོ་ཕྱི་སྣོད་འཇིག་རྟེན་རི་གླིང་དང་བཅས་པ་འདི་ཡང་དང་པོ་ཆགས༔ བར་དུ་གནས༔ མཐའ་མར་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཆོས་ཅན་དང༔ བཅུད་ཀྱི་སྐྱེས་བུ་འདི་དག་ཀྱང་དང་པོ་ཕ་མའི་རྐྱེན་གྱིས་ཆགས༔ བར་དུ་མཚམས་སྤྲིན་ཉི་མ་བཞིན་དུ་ཡུད་ཙམ་གནས༔ མཐའ་མར་འཆི་ཞིང་འདིར་འགྲོའི་ལྟོས་མ་མཆིས་པས་ན་མི་རྟག་པའོ་སྙམ་པ་དང༔ ནམ་ཟླ་དུས་བཞིའི་འགྱུར་ལྡོག༔ ཉི་ཟླ་འཆར་ནུབ་ཀྱི་ཚུལ༔ སྐད་ཅིག་མ་སྔ་ཕྱིའི་བྱེ་བྲག་སོགས་དང༔ གཞན་ཡང་སྔར་མ་ཤི་བ་ལུས་པ་མེད་པ་དང༔ ཚེ་སྐད་ཅིག་མས་འཛད་པ་དང༔ ལུས་འདུས་བྱས་ཡིན་པས་འཇིག་པར་འགྱུར་བ་དང༔ ནམ་འཆིའི་ངེས་པ་སྤུ་ཙམ་ཡང་མེད་པ་སྟེ༔ དེ་བས་ན་འཆི་བ་བསམ་ཞིང་དེའི་ཚེ་དམ་པའི་ཆོས་མ་གཏོགས་པ་ཕན་པ་གང་ཡང་མི་འདུག་པས་ཅི་ནས་ཀྱང་བདག་འཆི་ཁར་ཕན་ངེས་ཀྱི་ཆོས་ཤིག་བྱའོ༔ དེ་ཡང་སང་བྱ་གནངས་བྱའི་ངང་ལ་ཟད་ན་འཆི་བ་ནམ་ཡོང་གི་གཏད་སོ་མེད་པས༔ མགོ་ལ་མེ་ཤོར་བ་གསོད་པའམ༔ པང་དུ་སྦྲུལ་བྱུང་བ་མཐོང་བ་ལྟར་ལ་འུར་བདག་གིས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་ཉམས་ལེན་ལ་འཇུག་པར་བྱའོ་སྙམ་དུ་བསམ་མོ༔ གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ནི༔ བདག་གིས་སྔོན་ཆད་ཀྱང་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས༔ ད་དུང་ཡང་འཁོར་བ་ལས་ལྡོག་པའི་གདིང་ནི་བདག་ལ་མེད༔ འཁོར་བ་མཐའ་མེད་དུ་སྡུག་བསྔལ་མི་བཟོད་པ་དཔག་ཏུ་མེད་པ་མྱང་དགོས༔ འདི་ལྟར་བདག་གཅིག་པུར་མ་ཟད་ཕ་མ་སེམས་ཅན་འདི་ཀུན་ཡང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་ཡོད་དེ༔ དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་དེ་འདྲ་བ་དང༔ ཡི་དྭགས་ལ་བཀྲེས་ཤིང་སྐོམ་པ་མི་བཟད་པས་ཉེན་པ་དང༔ དུད་འགྲོ་ལའང་གསོད་པ་དང་ཟ་བ་དང་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་དེ་ལྟ་བུ་དང༔ མི་ལའང་སྐྱེ་བ་དང༔ ན་བ་དང༔ རྒས་ཤིང་འཁོགས་པ་དང༔ འཆི་བའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་དང༔ ལྷ་མིན་ཡང་ལྷའི་དཔལ་ལ་སྡང་ཞིང་ཕྲག་དོག་གི་ཟུག་རྔུ་ལྡན་པ་དང༔ ལྷ་ཡང་འདོད་ཡོན་ལ་མི་ངོམས་པར་སྲེད་པའི་སྡུག་བསྔལ་དང་འཆི་འཕོ་ལྟུང་བའི་སྡུག་བསྔལ་མྱོང་བ་སོགས་མདོར་ན་འཁོར་བའི་གནས་ཁབ་ཀྱི་རྩེ་མོ་ཙམ་དུའང་བདེ་བའི་འབྲས་བུ་ཡུངས་དཀར་ཙམ་ཡང་མེད་པར་བསམ་མོ༔ དེས་ན་འཁོར་བའི་ཚུལ་འདི་ལ་ཡིད་སྐྱོ་བས་ནག་ཅན་ཁྲི་མུན་ནས་འབྲོས་པ་དང་འདྲ་བར་བྱའོ༔ བཞི་པ་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་ལ་བསམ་པ་ནི༔ དེ་ལྟར་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་བཟོད་མེད་མྱང་དགོས་པ་དེ་དག་ཀྱང༔ མི་དགེ་བ་བྱས་པ་ལས་བྱུང་ཞིང༔ མཐོ་རིས་དང་ཐར་པའི་བདེ་བ་ཡང་དག་པ་ནི་དགེ་བ་བྱས་པ་ལས་བྱུང་བ་དེའི་ཕྱིར༔ དགེ་སྡིག་གི་འདོར་ལེན་དང་སྤང་བླང་ཚུལ་བཞིན་དུ་བྱའོ་སྙམ་པས༔ ལུས་ཀྱི་མི་དགེ་བ་གསུམ༔ ངག་གི་བཞི༔ ཡིད་ཀྱི་གསུམ་སྟེ་བཅུ་དང༔ མཚམས་མེད་ལྔ༔ དེ་དང་ཉེ་བ་ལྔ༔ ལྕི་བ་བཞི༔ ལོག་པ་བརྒྱད་སོགས་ཕྲ་ཞིང་ཕྲ་བ་ནས་སྤང་ལ༔ དེའི་གཉེན་པོར་དགེ་བ་བཅུ་དང༔ ཆོས་སྤྱོད་བཅུ་སོགས་རྣམ་པར་དཀར་བའི་བྱ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པར་བྱའོ༔ དེ་དག་ཀྱང་ཚིག་ཙམ་དུ་མ་ཡིན་པར་རྒྱུད་དང་འདྲེས་ངེས་སུ་བྱ་ཞིང༔ རྟག་ཏུ་བློ་ཆོས་སུ་འགྲོ་བ་ལས་འཇིག་རྟེན་གྱི་བྱ་བ་ལ་ཅི་ནས་ཀྱང་སེམས་མི་འཇུག་པར་མ་གྱུར་གྱི་བར་དུ་བསམ་ཞིང་གཞིག་པར་བྱའོ༔ ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཐུན་མོང་བའི་ལམ་པདྨས་ཕྱི་རབས་སྐྱེས་བུའི་དོན་དུ་སྙིང་པོར་བསྡུས་ཏེ་བཀོད་པ་སྐལ་ལྡན་ལས་ཅན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ ར་པཱ་ན༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ། །ཨོ་རྒྱན་ཆོས་རྗེ་གླིང་པའི་ཕྱག་དཔེ་ལས་ཞལ་བཤུས། མངྒ་ལཾ།། །། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་བཞུགས༔ ༁ྃ༔ ྈྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ལྟར་ཐུན་མོང་གི་ཆོས་ཀྱིས་སྲིད་པའི་ཕུན་ཚོགས་ལ་ཞེན་པ་མེད་ཅིང༔ ཡང་དག་གི་ལམ་ལ་བློ་འཕྲིགས་ཚུད་པ་དང༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་ཉམས་སུ་ལེན་པ་ལ༔ ནང་པ་སངས་རྒྱས་པའི་བསྟན་པ་ལ་འཇུག་ཅིང་བར་ཆད་སེལ་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ༔ ཐོག་མེད་ནས་བསགས་པའི་སྡིག་ལྟུང་གི་ཕུང་པོ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་བཟླས་བརྗོད་བྱ་བ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་ཕྱིར་སྐུ་གསུམ་གྱི་མཎྜལ་འབུལ་བ༔ བྱིན་རླབས་དོན་གྱི་འཕོ་བ་སྙིང་ལ་འཇུག་ཕྱིར་གསོལ་འདེབས་དབང་བཞི་བླང་བ་དང་བཅས་པའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཀྱེ་མ༔ བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲག་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང༔ འདི་ལྟར་རང་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་ཀུན་ཡང་སྡུག་བསྔལ་དེ་འདྲ་བ་འབའ་ཞིག་ལ་སྤྱོད་ཅིང༔ ད་དུང་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པར་སྨྱོན་པ་བཙན་དུག་ཟ་བ་ལྟར་རང་གིས་རང་ཕུང་སྒྲུབ་པ་འདི་ཚོ་ཨ་རེ་སྡུག༔ སྙིང་རེ་རྗེ༔ ཞེས་ངག་ནས་ཀྱང་བརྗོད་ཅིང་ཡིད་ལའང་ཞེ་ཐག་པ་ནས་བསམ༔ འདི་རྣམས་བདེ་བ་དང་ལྡན་སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་གྲུབ་པ་ཞིག་ཅི་མ་རུང༔ དེ་གྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ༔ ད་གདོད་ཁམས་གསུམ་འཁོར་བ་འདི་ན་འཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ༔ དེ་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ་བསམ་པས༔ མདུན་གྱི་ནམ་མཁར་དཔག་བསམ་ཤིང་ཡལ་ག་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་གྱི་བླ་མས་བསྐོར་བ༔ མདུན་དུ་དཔལ་ཧེ་རུ་ཀ་ལ་ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གཡས་སུ་དུས་གསུམ་གྱི་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་བསྐོར་དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བཏབ༔ ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་མཆོག་ཐུན་ཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་དང༔ བདག་གི་ཕ་མ་ཁམས་གསུམ་འགྲོ་བ་ཀུན༔ ཐོག་མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ལས་མ་བསྒྲལ་བདག་གིས་བསྒྲལ༔ ཐེག་མཆོག་དབུགས་མ་ཕྱུང་རྣམས་བདག་གིས་དབྱུང༔ ཞི་བདེར་གནས་པའི་སེམས་དཔའ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱིས༔ སེམས་ཅན་མི་དགེའི་ལས་ལ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་ལས་རབ་ལྡོག་སྟེ༔ སྡུག་བསྔལ་ཡོངས་བྲལ་བདེ་བ་དམ་པ་ཡིས༔ གཉིས་མེད་བྱང་ཆུབ་སེམས་སུ་གནས་གྱུར་ཅིག༔ གཉིས་པ་སྡིག་སྦྱོང་རྡོ་རྗེ་སེམས་དཔའི་བཟླས་བརྗོད་ནི༔ རང་ཐ་མའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་མཐའ་མར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་པ་ལྟར་གྱུར་པར་བསམ་ལ་ངག་ཏུ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་བཟླས་མཐར་ལྷ་ཡང་བདག་ལ་བསྟིམ༔ དེ་ལྟ་བུས་སྡིག་པ་དག་པའི་རྟགས་མཐོང་གི་བར་དུ་འབད་དེ་བསྒོམ་པར་བྱའོ༔ གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་ནི༔ རིན་པོ་ཆེའི་ཚོམ་བུ་བཀོད་ལ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་པས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་པས་དབུལ་ལོ༔ བཞི་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གསོལ་འདེབས་ཀྱི་རིམ་པ་ནི༔ རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ༔ བདག་ལ་བཀའ་ལུང་དབང་དང་མན་ངག་བསྩལ་ཞིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔ རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་བའི་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ཀློང་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་ཡོ་གའི་སློབ་དཔོན་པྲ་ཧསྟི༔ དེའི་དབུ་གཙུག་ཏུ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀཱ་ར༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ༔ ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟར་བསམ༔ དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པ་ལ་བསམ་སྟེ༔ སྐྱོན་རྟོག་གི་བློ་ངན་སྤངས་ལ་མོས་གུས་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་དེ་འཕྲལ་དུའང་ལུས་འདར་བ་དང་མཆི་མ་འཁྲུག་པ་ཙམ་དུ་མ་བྱུང་གི་བར་བསྐྱེད་ལ་བརྒྱུད་པའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཆོས་ཉིད་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ གསེར་བྲག་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ༔ ཐུགས་ཀྱི་རིག་འཛིན་ཕྱག་རྒྱ་ཆེན་པོ་བརྙེས༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ལ་གསོལ་བ་འདེབས༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ ཕྲིན་ལས་གྲུབ་པས་རྡོ་རྗེ་ཕུར་པ་བརྙེས༔ སློབ་དཔོན་པྲ་བྷ་ཧསྟི་ལ་གསོལ་བ་འདེབས༔ རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་བསྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ ཞེས་པ་དང༔ བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་པར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་མཐོང་བར་བྱིན་གྱིས་རློབས་ཤིག༔ ཚེ་གཅིག་ལུས་གཅིག་ལ་ཡང་དག་བདེ་ཆེན་སྙིང་པོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཅེས་ཕུར་ཚུགས་སུ་གསོལ་བ་བཏབ་པ་ལ་བརྟེན་ནས། བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས༔ བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ༔ གསུང་གསང་བ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔ མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་པདྨ་བདག་གིས་ཕྱི་རབས་ཀྱི་དོན་དུ་བཀོད་པ་སྐལ་ལྡན་ལས་ཅན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་དུས་ཀྱི་མཐའ་ལ་འཕྲད་པར་ཤོག༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ། །ཨོ་རྒྱན་ཆོས་རྗེ་གླིང་པའི་ཕྱག་དཔེ་དངོས་ལས་ཞལ་བཤུས༑། །། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཐུགས་ཀྱི་སྒྲུབ་པ་ཉུང་ངུར་དྲིལ་བ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཤྲཱི་བཛྲ་སུ་ཁ་ཧྲྀ་ད་ཡ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ དཔལ་ཧེ་རུ་ཀ་བདེ་ཆེན་སྙིང་པོ་ཐུགས་ཀྱི་སྒྲུབ་ཐབས་ཞེས་བྱ་བ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕྱག་རྒྱ་ཆེན་པོ་ཡང་དག་པའི༔ མཆོག་གི་དངོས་གྲུབ་ཚེ་གཅིག་ལ༔ ཐོབ་ཕྱིར་རྒྱལ་བའི་གསེང་ལམ་མཆོག༔ ཡང་དག་མཆོག་གི་སྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་རྫས་རྣམས་ཚོགས་པར་བསགས༔ སྔོན་འགྲོ་ཐུན་མོང་མ་ཡིན་པའི༔ ཆོས་ཀྱིས་བདག་ཉིད་རྒྱུད་སྦྱངས་ལ༔ དངོས་གཞིའི་གསང་སྔགས་རིམ་པ་ལ༔ དབང་དང་བྱིན་རླབས་རིམ་པ་གཉིས༔ འདི་ནི་མཆོག་གི་སྐལ་བ་ཅན༔ དབང་རྣོན་དད་པའི་རྗེས་འཇུག་ལ༔ བླ་མའི་བྱིན་རླབས་འཕོ་བ་ཡིས༔ སྨིན་པར་བྱས་ལ་རང་རྒྱུད་ཀྱི༔ ཡེ་ཤེས་རྟོགས་པར་བྱེད་པ་འོ༔ དེ་ཡང་མཐའ་གཉིས་ཞེན་པ་གང༔ གཅོད་ཕྱིར་བསྐྱེད་དང་རྫོགས་པ་ཡི༔ རྣལ་འབྱོར་འདི་ལ་བསླབ་པར་བྱ༔ ཆོས་རྣམས་གཟོད་ནས་སྟོང་པ་ཉིད༔ མ་སྐྱེས་པ་ལས་འགག་མེད་ཀྱི༔ རྩལ་སྣང་མ་རྟོགས་འགྲོ་བ་ལ༔ བཟོད་མེད་སྙིང་རྗེ་གཞའ་ཚོན་ལྟར༔ དངོས་མེད་དངོས་ཀུན་ཡེ་ཤེས་སྤྲིན༔ འགྱུར་བ་མེད་པའི་མཐིང་གསལ་ཧཱུྃ༔ ཆུ་ལས་ཆུ་བུར་བཞིན་དུ་ཤར༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ བདག་ཉིད་བདེ་ཆེན་ཧེ་རུ་ཀ༔ མཁའ་དབྱིངས་མདོག་ཅན་རྡོར་དྲིལ་བསྣོལ༔ ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པས་འཁྱུད༔ རིན་ཆེན་རུས་པའི་རྒྱན་ཆ་དང༔ སྟག་ཤམ་དྲིལ་གཡེར་དར་དཔྱང་ཅན༔ དཔའ་བོའི་གཡས་བརྐྱང་སྟབས་ཀྱིས་འགྱིང༔ པད་ཉི་དབུགས་བྲལ་འཇའ་འོད་ཀློང༔ སྣང་སྟོང་རང་བཞིན་མེད་པའི་སྐུའི༔ སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་བའི་མདོག་ཅན་ལས༔ འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས༔ ལྷ་དང་ལྷ་མོའི་རྣམ་པར་གྱུར༔ ཚུར་འདུས་བདག་ལ་གཉིས་མེད་ཐིམ༔ ནམ་མཁའ་གང་བའི་རྒྱལ་བ་ཡིས༔ རིན་ཆེན་བྱང་ཆུབ་སེམས་དབང་བསྐུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་ཏུཥྱ་ཧོ༔ མཉམ་པ་ཉིད་དུ་དགྱེས་པར་གྱུར༔ ཐུགས་སྲོག་ཧཱུྃ་ལས་སྔགས་ཕྲེང་ནི༔ ངོ་བོ་བྱང་ཆུབ་སེམས་ཉིད་ལས༔ རྣམ་པ་ཡིག་གཟུགས་དཀར་དམར་ཕྲེང༔ བར་མ་ཆད་པ་ཐུར་དུ་སོང༔ རྡོ་རྗེའི་ལམ་ནས་ཡུམ་མཁར་བབས༔ སྐུ་དབྱིབས་གྱེན་བརྒྱུད་ཞལ་ནས་ཐོན༔ ཡབ་ཀྱི་ཞལ་ཞུགས་ཧཱུྃ་ལ་ཐིམ༔ བདེ་ཆེན་ཡེ་ཤེས་ངང་ནས་བཟླ༔ ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཇི་སྲིད་མི་སྐྱོའི་བར་དུ་བཟླ༔ དེ་ལས་དུབ་ཅིང་སྐྱོ་བ་ན༔ སྣོད་བཅུད་ཀུན་ཞུ་བདག་ལ་ཐིམ༔ བདག་ཀྱང་སྤྱི་གཙུག་གདན་གྱི་ནི༔ སྟེང་འོག་གཉིས་ནས་མས་ཡར་དུ༔ ཧཱུྃ་ལ་རིམ་གྱིས་བསྡུ་བར་བྱ༔ དེ་ཡང་ཐིག་ལེའི་བར་དུ་འོ༔ དེ་ལ་ཅུང་ཟད་སེམས་བཟུང་ངམ༔ དམིགས་མེད་ངང་ནས་ཉིན་མོའི་ཚེ༔ སྒྱུ་ལུས་མཚན་སྣང་རྨི་ལམ་དང༔ འདའ་ཁ་འཕོ་བ་བར་དོ་རྩྱོ༔ སྤྱོད་པའི་སྐབས་སུ་གསང་སྤྱོད་དང༔ ཀུན་ལ་ཕྱག་རྒྱ་ཆེན་པོ་སྟེ༔ རྫོགས་པའི་རིམ་པ་བསྒོམ་པར་བྱ༔ དེ་ལྟར་བསྐྱེད་དང་རྫོགས་པ་ཡི༔ རྣལ་འབྱོར་མཆོག་གི་ལམ་འདི་ལ༔ དམ་ཚིག་དག་ཅིང་བརྩོན་ལྡན་ན༔ ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེའི༔ ཡང་དག་ཡེ་ཤེས་འཐོབ་པར་འགྱུར༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ དཔལ་ཧེ་རུ་ཀ་བདེ་ཆེན་སྙིང་པོ་ཐུགས་ཀྱི་སྒྲུབ་པ་རྩྱོ་རྩྱོ་རྩྱོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁས་གྲུབ་བླ་མ་དཔག་མེད་བསྙེན༔ ཁྱད་པར་དགའ་རབ་ཤྲཱི་སིཾ་སོགས༔ གྲུབ་མཆོག་ཉེར་ལྔའི་ཐུགས་མཛོད་རྟོགས༔ རྣལ་འབྱོར་རིག་འཛིན་རྣམ་བརྒྱད་དང༔ གདམས་པ་ཟབ་མོ་བགོ་བཤར་བྱས༔ ཁྱད་པར་ཐུགས་རིག་ཧཱུྃ་ཀཱར་དང༔ ཕྲིན་ལས་གྲུབ་པ་པྲ་ཧསྟིར༔ ཡང་ཕུར་རྒྱུད་དང་མན་ངག་གཙོས༔ ཟབ་དགུ་འདུས་པའི་ཉིང་ཁུ་ལོངས༔ བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ རྗེ་འབངས་རྣམས་ལ་རྒྱ་ཆེར་བཤད༔ ཁྱད་པར་ད་ལྟ་རྗེ་སྲས་གྲོགས༔ ཨཱརྱ་ས་ལེ་རྣམ་བཞི་ལ༔ བླ་མ་དྲག་པོ་དང་འབྲེལ་བའི༔ ཡང་ཕུར་སྙིང་ཐིག་ཉུང་ངུ་ནི༔ དོན་བཅུད་ཉམས་སུ་དྲིལ་ཏེ་གདམས༔ སྙིང་གི་དཀྱིལ་དུ་ས་མཱ་དྷི༔ ཨ་ཐཾ་རྒྱ༔ དུས་མཐར་རིག་པ་འཛིན་པ་རྡོ་རྗེའི་མཚན༔ ངེས་པའི་དོན་སྤྱོད་ཉི་ཟླ་ཟུང་གཅིག་དང༔ འཕྲད་པར་མ་གྱུར་དེ་སྲིད་ཟབ་པའི་བཀའ༔ བདུད་མགོན་ཆེན་པོ་བཤན་པ་ལག་དམར་དང༔ ཤུ་བ་སྲོག་ལེན་ཀླུ་རྗེ་མྱོས་པ་གསུམ༔ ཐུབ་པར་སྲུངས་ཤིག་བདག་ཉིད་པདྨའི་བཀའ༔ ར་པཱ་ཞ༔ ད་ན་རཀྵ་རཀྵ༔ སོ་ཕག་ཤི་ཐཾ༔ བདག་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པའོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས༔ ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་རིམ་བཞུགས༔ ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས༔ ཐེག་པ་མཆོག་གི་དོན་ལ་འཇུག་རུང་དུ་གྱུར་པ་ན༔ དངོས་གཞི་ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་ཀྱི་རིམ་པ་ལ་གསུམ༔ ཁྲིད་པའི་རིམ་པ་དང༔ ངོ་སྤྲོད་པའི་རིམ་པ་དང༔ རྗེས་སྐྱོང་ཚུལ་གྱི་རིམ་པའོ༔ དང་པོ་ལ་གཉིས༔ ཞི་གནས་ཀྱི་སྒོ་ནས་ཁྲིད་པ་དང༔ ལྷག་མཐོང་གི་སྒོ་ནས་ཁྲིད་པའོ༔ དང་པོ་ཞི་གནས་ཀྱི་སྒོ་ནས་ཁྲིད་པ་ལའང་གཉིས་ཏེ༔ མཚན་མ་དང་བཅས་པ་དང༔ མཚན་མ་མེད་པའོ༔ མཚན་བཅས་ལའང་རྟེན་ཅན་དང་རྟེན་མེད་དོ༔ དང་པོ་ནི༔ ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱ་བ་སྟེ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ རྒལ་པ་བསྲང་ཞིང་ལུས་ཀུན་བསྒྲིམ༔ དཔུང་པ་གྲུ་མོ་བརྒྱང༔ མགྲིན་པ་བཀུག༔ ལྕེ་རྩེ་ཡ་རྐན་ལ་ཅུང་ཟད་གཏད༔ མིག་སྣ་རྩེ་ལ་ཕབ་ཅིང་མི་འགུལ་བར་བྱའོ༔ དེ་ནས་ལྟ་སྟངས་ཀྱི་ཐད་སོར་རྡེའུ་འམ་ཤིང་བུ་ལྟ་བུའི་མཚན་མ་བཞག་ལ༔ དེ་ལ་བརྟག་དཔྱད་མི་བྱ་བར་སེམས་ལྷོད་ཀྱིས་གཏད་པ་ཙམ་བྱ་ཞིང༔ གཞན་དུ་ནམ་ཡང་མ་འཕྲོས་མ་ཡེངས་ཙམ་བྱས་ལ་གནས་སུ་འཇུག་གོ༔ མཚན་མོ་རང་གི་སྨིན་ཕྲག་ཏུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་བཟུང་བ་དང༔ གནས་ཆ་ཧ་ཅང་རྙེད་དཀའ་ཞིང་དུབ་ན་མདུན་གྱི་ནམ་མཁར་སངས་རྒྱས་ཀྱི་སྐུ་ཚོན་གང་བ་ཞིག་བསྒོམས་ལ་དེ་ལ་སེམས་འཛིན་ནོ༔ གཉིས་པ་རྟེན་མེད་ལ་རླུང་གི་འགྲོ་འོང་ལ་བསླབ་པ་དང༔ རླུང་མེད་དོ༔ དང་པོ་ནི༔ རླུང་འབྱིན་འཇུག་གཉིས་དྲན་ཙམ་བྱ་ཞིང་གཞན་དུ་མ་ཡེངས་པར་སེམས་གཟུང་བའོ༔ གཉིས་པ་རླུང་མེད་ནི༔ ཕྱིའི་གཟུགས་སྒྲ་ནང་རླུང་གི་འགྲོ་འོང་གང་ལའང་སེམས་རྟེན་མི་བྱ་ཞིང༔ འདས་མ་འོངས་ད་ལྟར་བའི་རྟོག་པ་གང་ཡང་མི་སྤྲོ་མི་སེམས་ཡིད་ལ་མི་བྱེད་པར་ལྷོད་དེ་བར་གནས་སུ་འཇུག་གོ༔ དེ་ལྟར་བཞག་པས་སེམས་རྒོད་ན་ལྟ་སྟངས་སྨད་སེམས་ལྟེ་བའི་འོག་ཏུ་གཏད༔ ཕོ་རླུང་མནན༔ བྱིང་ན་རླུང་རོ་བསལ་ལྟ་སྟངས་དཔངས་བསྟོད་འགྲོ་འཆག་བྱ་ཞིང་དུབ་པ་གསེང་ངོ༔ གཉིས་པ་མཚན་མེད་ལ་གཉིས༔ སྒྲིམ་པ་དང༔ གློད་པའོ༔ དང་པོ་སྒྲིམ་པ་ནི༔ ལྟ་སྟངས་ཐད་ཀར་གཏད་སེམས་ངར་བསྐྱེད་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསྒྲིམ༔ ཡུན་ཐུང་ངུ་ནས་བཤིག༔ ཡང་ཧྲིལ་གྱིས་བསྒྲིམས་ལ་མ་ཡེངས་པའི་ངང་དུ་ཙེན་གྱིས་འཇོག་པ་ལ་སྦྱོར༔ གཉིས་པ་གློད་པ་ནི༔ སྒོམ་མི་སྒོམ་གནས་མི་གནས་ཀྱི་ཞེ་འདོད་སྤོངས་ལ་སེམས་ལྷོད་གློད༔ སེམས་རང་བབས་སུ་ཆམ་མེ་བའི་ངང་ནས་མ་ཡེངས་ཙམ་གྱིས་དྲན་པ་གུ་ཡངས་ཀྱིས་བསྐྱང་ངོ༔ གཉིས་པ་ལྷག་མཐོང་གི་སྒོ་ནས་ཁྲིད་པ་ལ་གཉིས༔ སྣང་བ་སྣ་ཚོགས་ཀྱི་ངོ་བོ་གཏན་ལ་དབབ་པ་དང༔ དེའི་གཞི་རྩ་བ་ལ་སྒྲོ་འདོགས་གཅད་པའོ༔ དང་པོ་ལའང་རྩ་བ་སེམས་ཀྱི་ངོ་བོ་གཏན་ལ་དབབ་པ་དང༔ རིག་རྩལ་སྣང་བའི་ངོ་བོ་གཏན་ལ་དབབ་པའོ༔ དང་པོ་ནི༔ ཞི་གནས་ཀྱི་སྟེང་དུ་ལྷང་ངེར་བཞག་ལ༔ དེའི་ངང་ལ་སེམས་ཉིད་ལ་རྗེན་ལྷང་གིས་བལྟས་ཏེ༔ དབྱིབས་དང་ཁ་དོག་སོགས་ཇི་ལྟ་བུར་འདུག༔ གནས་དང་རྟེན་ས་གང༔ ངོས་བཟུང་རྣམ་འགྱུར་ཇི་ལྟར་འདུག་རིམ་པས་བརྟགས་ཤིང་དཔྱད༔ དེ་ཡང་དབྱིབས་སུ་སྣང་ན་ཟླུམ་པོ་གྲུ་བཞི་སོགས་དང་སྣོད་བཅུད་ཀྱི་དབྱིབས་སུ་འདུག་གམ༔ ཁ་དོག་ཏུ་སྣང་ན་དཀར་པོ་ནག་པོ་སོགས་སུ་སྣང་རེ་རེ་བཞིན་བརྟག༔ དེ་བཞིན་དུ་སེམས་འདི་ཕྱི་རོལ་གྱི་ས་རྡོ་རི་བྲག་རྩི་ཤིང་སོགས་ལ་གནས་སམ་ནང་རྣམ་སྨིན་གྱི་ལུས་ལ་གནས༔ ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ལྷུ་དུམ་ལ་གནས་སམ་སྤྱི་ཁྱབ་ཏུ་གནས༔ སྤྱི་ཁྱབ་ཏུ་གནས་ན་ཕྱི་ནང་གི་ཚུལ་ལམ་འདྲེས་པའི་ཚུལ་དུ་གནས༔ འདྲེས་ན་སེམས་ཡུལ་སྣང་ལ་འཕྲོ་བའི་ཚེ་ཇི་ལྟར་སོ་སོར་བརྟག༔ དེ་བཞིན་དུ་སེམས་ཀྱི་ངོ་བོ་དེ་སྟོང་པའམ་གསལ་བའམ་ངོས་བཟུང་དུ་འདུག༔ སྟོང་པར་འདུག་ན་ཅི་ཡང་མེད་པ་ནམ་མཁའ་ལྟ་བུའམ་གསལ་རིག་ཅན་ཉི་ཟླ་མར་མེ་ལྟ་བུའི་ཚུལ་ཅན་དུ་འདུག་ལེགས་པར་བརྟག་གོ༔ གཉིས་པ་རིག་རྩལ་སྣང་བའི་ངོ་བོ་གཏན་ལ་དབབ་པ་ནི༔ སེམས་གསལ་སྟོང་དེ་ཁའི་ངང་ནས་དུག་གསུམ་གྱི་རྟོག་པ་རགས་པ་ཞིག་འགྱུར་བཅུག་ལ༔ དབྱིབས་དང་ཁ་དོག་གནས་རྟེན་ངོས་བཟུང་རྣམ་འགྱུར་སོགས་ཇི་ལྟར་འདུག་བརྟགས་ཤིང་དཔྱད༔ དེ་བཞིན་དུ་རྣམ་རྟོག་ཕྲ་མོ་ཤར་བའམ་སྤྲོས་ཏེ་སྔར་བཞིན་ལྟ་ཞིང་དཔྱད༔ གཞན་ཡང་སྣོད་བཅུད་དགྲ་གཉེན་གྱི་སྐྱིད་སྡུག་སོགས་སྣང་བའི་འཆར་སྒོ་ཕྲ་རགས་ཐམས་ཅད་ལ་བརྟགས་ཤིང་དཔྱད་དེ༔ འདི་ལྟར་སྣང་ཆ་མ་འགགས་པ་ལ་ཨ་འཐས་ཀྱི་བདེན་འཛིན་བྲལ་བའི་སྣང་བ་བཀྲག་མེད་འདི་ཞེས་བརྗོད་དུ་མེད་པ་ཞིག་འདུག་པར་རྟོགས་ན་རང་སའི་མྱོང་བ་སྐྱེས་པའོ༔ གཉིས་པ་དེའི་གཞི་རྩ་བ་ལ་སྒྲོ་འདོགས་གཅད་པ་ལ་བཞི་སྟེ༔ རྣམ་རྟོག་གི་འཆར་སྒོ་སེམས་སུ་ཐག་བཅད་པ༔ སྣང་བ་སེམས་སུ་ཐག་བཅད་པ༔ གནས་འགྱུའི་རྩ་བ་བཅད་པ༔ གང་ཤར་སྐྱེ་མེད་དུ་ལ་བཟླ་བའོ༔ དང་པོ་ནི༔ མཉམ་གཞག་གི་ངང་ནས་ཞེ་སྡང་གི་རྟོག་པ་ཞིག་སྤྲོས་ལ༔ དེ་གཞི་ཅི་ལས་བྱུང༔ མཉམ་གཞག་ངང་དེ་ལས་བྱུང་ན་མ་ལས་བུ་སྐྱེས་པའམ་མར་མེ་གཅིག་ལས་དུ་མ་མཆེད་ལྟར་རམ་སེམས་དེ་རྣམ་རྟོག་དེ་རང་སོགས་བརྟག༔ ཞེ་སྡང་གི་རྣམ་པར་སྣང་བ་དེ་བདེན་འཛིན་ཅན་ནམ་ངོ་བོ་ངོས་བཟུང་མེད་དུ་འདུག༔ མཐར་རྟོག་པ་དེ་བཀག་གམ་བཀག་ན་རྐྱེན་ཇི་ལྟ་བུས་དགག༔ སངས་ན་རང་སང་ངམ་རྐྱེན་གྱིས་ཡལ་བརྟག༔ དེས་མཚོན་ཏེ་རྣམ་རྟོག་ཕྲ་རགས་སྦོམ་གསུམ་སྣ་ཚོགས་པར་སྔར་བཞིན་བརྟགས་དཔྱད་བྱ་ཞིང༔ སེམས་འགག་མེད་ཀྱི་འཆར་སྒོ་རྣམ་རྟོག་ཏུ་ཤར་བའམ་དེར་སྣང་བ་ཙམ་ལས་རྣམ་རྟོག་དང་སེམས་ཉིད་དབྱེར་མེད་པར་རྒྱ་མཚོ་དང་རླབས་བཞིན་དུ་རྟོགས་པར་བྱའོ༔ གཉིས་པ་སྣང་བ་སེམས་སུ་ཐག་གཅད་པ་ནི༔ མཉམ་གཞག་གི་ངང་ནས་ཕྱི་རོལ་གྱི་གཟུགས་སྣང་གང་ཡང་རུང་བ་ཞིག་འཆར་བཅུག་ལ༔ བྱུང་གནས་འགྲོ་གསུམ་ལ་བརྟག༔ གཟུགས་སྣང་དང་སེམས་གཉིས་གཅིག་གམ་ཐ་དད༔ ཐ་དད་ན་ཕན་ཚུན་ཕྱི་ནང་སྟེང་འོག་ཇི་ལྟར་འདུག༔ རང་ཚུགས་ཐུབ་པའི་ངོ་བོ་སོ་སོར་གྲུབ་བམ་དེར་སྣང་ཙམ་དུ་འདུག༔ དེར་སྣང་ཙམ་ལ་སེམས་གཅིག་ལས་མེད་པས་གཉིས་སུ་སྣང་བ་འགལ༔ སྣང་སེམས་ཐ་མི་དད་ན་སེམས་སྣང་བར་སོང་ངམ་སྣང་བ་སེམས་སུ་སོང་བརྟགས་ཏེ༔ དཔེར་ན་ཤེལ་གོང་དྭངས་པར་ཡུལ་རྐྱེན་གྱིས་ཚོན་རིས་སོ་སོར་སྣང་བ་ལྟར༔ འགག་མེད་ཀྱི་སེམས་ལས་མ་དག་བར་དུ་ཡུལ་རྐྱེན་དང་འཕྲད་ཚེ་སྣ་ཚོགས་སུ་སྣང་བ་ལས་ངོ་བོ་སེམས་ལས་གཞན་དུ་མ་ཡིན་པར་ཐག་ཆོད་ནས་སྣང་བ་སྣ་ཚོགས་སེམས་སུ་ངེས་པར་བྱའོ༔ གསུམ་པ་གནས་འགྱུའི་རྩ་བ་གཅད་པ་ནི༔ མཉམ་གཞག་གི་ངང་དུ་ལྷན་ནེར་གནས་སུ་བཅུག་སྟེ་གནས་ཆའི་རང་ངོ་ལ་བལྟ༔ ཡང་གནས་པའི་ངང་ནས་འགྱུ་བ་ཞིག་ཡེར་གྱི་འགྱུར་བཅུག་སྟེ་དེའི་རང་ངོ་ལ་བལྟ༔ གནས་འགྱུ་དེ་གཉིས་ཀྱིས་བྱུང་གནས་འགྲོ་གསུམ་ངོས་བཟུང་གི་ཁྱད་པར་ལ་བརྟག༔ དེ་གཉིས་ལ་ཁྱད་པར་འདུག་ན་བཟང་ངན་ནམ་བསྟོད་མི་བསྟོད་དེ་གྲུབ་མ་གྲུབ་ངོས་བཟུང་ཡོད་མེད་ཀྱི་ཁྱད་པར་བརྟག༔ ཁྱད་པར་མ་གྲུབ་ན་ཐ་དད་ཀྱང་མཚུངས་དཔེར་བཞག་གམ༔ ཐ་མི་དད་ན་དུས་གསུམ་གང་དུ་ཐ་དད་མེད༔ མཚུངས་དཔེར་བཞག་ན་ཇི་ལྟར་མཚུངས་སོགས་བརྟགས་ཤིང་དཔྱད་དེ༔ གཉིས་ཀ་སེམས་ཉིད་གཅིག་པུ་རྩ་བྲལ་ངོས་བཟུང་མེད་པ་རང་རིག་རང་དག་རང་གསལ་སྟོང་དུ་ངོ་བོ་གཅིག་པར་རྟོགས་ནས༔ གནས་འགྱུའི་དགག་སྒྲུབ་སྤང་བླང་མི་དགོས་པར་གནས་ན་གནས་ཐོག་འགྱུ་ན་འགྱུ་ཐོག་གསལ་སྟོང་རང་གྲོལ་དུ་ངེས་པར་བྱའོ༔ བཞི་པ་གང་ཤར་སྐྱེ་མེད་དུ་ལ་བཟླ་བ་ནི༔ མཉམ་གཞག་གི་ངང་ནས་འདི་ལྟར་རྣམ་རྟོག་དང་སྣང་བ་སྣ་ཚོགས་ནི་སེམས་ཉིད་འགག་མེད་ཀྱི་རོལ་རྩལ་དུ་འདུག༔ ད་ནི་སེམས་ཉིད་འདི་ཀའི་རང་ངོ་དེ་ཅི་ལྟ་བུ་སྙམ་དུ་ཅེར་གྱིས་བལྟས་ལ་བྱུང་གནས་འགྲོ་གསུམ་པོར་བརྟག༔ དེ་ཡང་དང་པོ་རྒྱུ་ཡིས་མ་བསྐྱེད་དེ་ཡེ་ནས་རྩ་བྲལ༔ བར་དུ་དབྱིབས་རྣམ་འགྱུར་སོགས་གང་དུ་ཡང་མི་གནས་ཤིང་ངོས་བཟུང་བྲལ་བ༔ མཐར་འདིར་སོང་གི་རྗེས་མེད་པ་རང་སང་དུང་ངག་ལྟ་བུར་རྟོགས་པས༔ གདོད་ནས་སྐྱེ་འགག་གནས་གསུམ་ངོས་བཟུང་དང་བྲལ་བ་གསལ་སྟོང་རིག་པའི་སྙིང་པོ་ཅན་གྱི་ཡིན་ལུགས་གཏན་ལ་ཕེབས་ཏེ༔ གང་ཤར་གྱི་རང་ངོ་ལ་བཟང་པོས་བརྒྱན་པ་དང་ངན་པས་སྦགས་མི་ཚུགས་པར་བཅོས་བསླད་དང་དབྲི་བསྣན་མི་དགོས་པར་རང་རིག་རང་གྲོལ་དུ་ཐག་ཆོད་པའོ༔ དངོས་གཞིའི་ཞི་གནས་དང་ལྷག་མཐོང་གི་ཁྲིད་ཀྱི་རིམ་པ་རྩྱཽ་རྩྱཽ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ཤེས་རབ་སྙིང་རྗེ་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ རྩ་བའི་གཉིས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲད་པ་ལ་གསུམ༔ སེམས་ཉིད་ལྷན་སྐྱེས་སུ་ངོ་སྤྲོད་པ་དང༔ རྟོག་པ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་དང༔ སྣང་བ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པའོ༔ དང་པོ་ནི༔ ངོ་སྤྲོད་ཀྱི་ཚེ་གནས་དབེན་པར་བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་གཏོར་དང་མཆོད་པ་བཟང་པོ་བཤམ༔ སློབ་དཔོན་ལ་མཎྜལ་གསེར་གྱི་མེ་ཏོག་སོགས་ཅི་འབྱོར་གྱི་མཆོད་པ་འབུལ༔ སློབ་མས་བླ་མའི་རྣལ་འབྱོར་དང་གསོལ་འདེབས་རྩེ་གཅིག་ཏུ་བྱ༔ མཉམ་གཞག་སྔར་ལྟར་བྱེད་བཅུག་ལ༔ འོ་ཁྱོད་ཀྱི་སེམས་མ་བཅོས་རང་ལུགས་སུ་བཞག་པའི་དུས་རྣམ་རྟོག་གི་འཆར་སྒོ་ཐམས་ཅད་རང་སར་ཞི་ནས་རང་ལུགས་སུ་གནས་པ་དེ་ཞི་གནས་བྱ་བ་ཡིན༔ དེའི་ངང་ནས་ལུང་མ་བསྟན་དུ་མ་སོང་བར་སེམས་ཀྱི་ངོ་བོ་འདི་ཞེས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་རང་རིག་པའི་ཤེས་པ་གསལ་ལེ་སིང་ངེ་བ་དེ་ལྷག་མཐོང་བྱ་བ་ཡིན༔ དོན་ལ་ཞི་གནས་དེ་དང་ལྷག་མཐོང་དེ་ཐ་དད་མེད་པར་ཞི་གནས་དེ་ཡང་ངོས་བཟུང་མེད་པའི་རང་རིག་རང་གསལ་གྱི་ལྷག་མཐོང༔ ལྷག་མཐོང་དེ་ཡང་རང་བབས་སུ་གནས་ཤིང་རྟོག་པའི་མཚན་མས་མ་གོས་པའི་ཞི་གནས་ཀྱང་དེ་ཁ༔ དེ་ཕྱིར་ཞི་ལྷག་ཟུང་འཇུག་སྟེ་སེམས་སྐད་ཅིག་མའི་སྟེང་དུ་རྫོགས་པའི་ཕྱིར༔ འདི་ནི་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་བུར་མཐོང་བའོ༔ མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ཀྱི་ཕུག་ནི་འདིར་འབབ་པའོ༔ གཉིས་པ་རྟོག་པ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་ནི༔ ཡང་སེམས་གསལ་སྟོང་རྗེན་པའི་ངོ་བོ་དང༔ བདེ་སྡུག་གི་རྟོག་པ་འཕྲོ་དུས་ཀྱི་ངོ་བོ་དང་རྟོག་པ་དེ་ཡང་ངོས་བཟུང་མེད་པའི་གསལ་སྟོང་རྗེན་པའམ༔ སེམས་ཉིད་དང་ཁྱད་མེད་དུ་འདུག་བལྟས་པས༔ རྣམ་རྟོག་ནི་སྤང་མ་དགོས་ངོ་བོ་ཆེད་དུ་བསྒྲུབ་མ་དགོས་པར་རྟོག་པ་ལམ་མེ་བ་དེ་ཀ་གསལ་སྟོང་རྗེན་པར་འདུག་པ་དེ་རྣམ་རྟོག་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་རྣམ་རྟོག་ཆོས་སྐུར་ཤར་བ་ཡིན༔ སྔར་རྟོག་པ་གཏན་ལ་དབབ་པ་དང་གནས་འགྱུའི་རྩ་བ་བཅད་དུས་ལྟར་རང་རིག་རང་གསལ་གྱི་སེམས་གཅིག་པུ་དེ་མིན་པ་གཞན་མེད་དེ་ཆུ་དང་རླབས་ཀྱི་དཔེ་བཞིན་ནོ༔ དེ་ལྟར་ན་རྟོག་པ་སྐྱེས་ན་སྐྱེས་ཐོག་ཏུ་བསྐྱང༔ མ་སྐྱེས་ན་མ་སྐྱེས་པའི་ངང་རང་ལུགས་སུ་བསྐྱང༔ གནས་འགྱུ་ལ་ཉེ་རིང་མི་བྱ་བར་རྟོག་པ་འདིས་རིགས་འགྲེས་པས་ཤེས་པར་བྱའོ༔ གསུམ་པ་སྣང་བ་ལྷན་སྐྱེས་ཡེ་ཤེས་སུ་ངོ་སྤྲོད་པ་ནི༔ ཕྱི་རོལ་གྱི་རི་ར་བ་ཁང་ཁྱིམ་སོགས་གཟུགས་སྣང་ཤར་བ་དེ་ལ་བལྟས་པའི་ཚེ་སྣང་བ་དེ་ངོས་བཟུང་མེད་པའི་གསལ་སྟོང་ངམ༔ སེམས་ཀྱི་ངོ་བོ་གསལ་སྟོང་དུ་འདུག༔ དེ་གཉིས་ཀྱི་ཁྱད་པར་ལ་བརྟགས་པས༔ སྣང་ཆ་དེ་ཉིད་ཡལ་བ་དང་བཀག་མ་དགོས་པར་སྣང་བཞིན་དུ་ངོས་བཟུང་མེད་པའི་གསལ་སྟོང་དེ་སྣང་བའི་མཚང་རིག་པ་ཡིན༔ སྔར་སྣང་བའི་སྒྲོ་འདོགས་བཅད་པ་ལྟར་སྣང་བ་ཕྱི་ན་མེད་སེམས་ཉིད་ནང་ན་མེད་སེམས་གསལ་སྟོང་དེ་ཀ་སྣང་བར་ཤར་བ་མ་གཏོགས་གཞན་མེད་དེ་དཔེ་རྨི་ལམ་གྱི་ཡུལ་དང་ཤེས་པ་ལྟ་བུའོ༔ སྣང་ལ་ངོས་བཟུང་མེད་པ་རྗེན་ནེ་བ་འདི་ལ་སྣང་སྲིད་ལྷན་སྐྱེས་ཀྱི་རང་ངོ་མཐོང་བའམ་ཆོས་སྐུར་འཆར་བ་དེ་ཡིན༔ དེས་ན་སྟོང་པས་བཟང་རྒྱུ་མེད་སྣང་བས་ངན་རྒྱུ་མེད་སྣང་སྟོང་ཐ་མི་དད་དུ་རྟོགས་པས༔ སྣང་ན་སྣང་ཐོག་སྟོང་ན་སྟོང་ཐོག་གང་ཤར་སྒོམ་དུ་ཁྱེར་ཞིང༔ ཉམས་ལེན་གྱིས་བསླེབས་ནས་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་ཅིར་སྣང་ལམ་དུ་ཁྱེར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ ཤིན་ཏུ་ཟབ་རྒྱ༔ གསུམ་པ་རྗེས་ཉམས་ལེན་སྐྱོང་ཚུལ་གྱི་རིམ་པ་ནི༔ འདི་ལྟར་ནམ་མཁའ་ལྟར་དཔངས་བསྟོད་དེ་སྣང་བ་གུ་ཡངས་སུ་བཞག༔ ས་གཞི་ལྟར་རྒྱ་བསྐྱེད་དེ་དྲན་པས་ཁྱབ་ཆེར་བཞག༔ རི་བོ་ལྟར་ལྷུན་ཆགས་པ་གཡོ་མེད་དུ་བཞག༔ མར་མེ་ལྟར་གསལ་ལ་དྭངས་པ་གསལ་ལེ་ལམ་མེར་བཞག༔ མན་ཤེལ་དྲི་མ་མེད་པ་ལྟར་རྟོག་མེད་ངང་སེང་ངེར་བཞག་གོ༔ གཞན་ཡང་ཉམས་ལེན་གྱི་གེགས་ཤོར་ས་དང་གོལ་ས་གཅད་པ་ནི༔ མཉམ་གཞག་གི་དོན་ཇི་ལྟ་བ་གོ་ཞིང་འཆད་ཤེས་ཀྱང་རང་གི་མྱོང་ཐོག་ཏུ་མ་ཁེལ་བ་ནི་ཤེས་བྱའི་གཤིས་ལ་ཤོར་བ༔ ལམ་འབྲས་དབྱེར་མེད་ཀྱི་འབྲས་བུ་རང་ཆས་སུ་ཡོད་པ་མ་ཤེས་པ་ད་གཟོད་འབྲས་བུ་གཞན་ཞིག་རེ་བ་ནི་ལམ་ཤོར༔ སྤང་གཉེན་དབྱེར་མེད་ཀྱི་སྤང་བྱ་གཉེན་པོར་འཆར་བ་མ་གཏོགས་སོ་སོར་བཟུང་བ་ནི་གཉེན་པོར་ཤོར་བ༔ གསལ་སྟོང་གཉིས་མེད་ངོ་བོ་ཉིད་ཀྱི་མཚང་མ་རིག་པར་དམིགས་བཅས་རང་བཞིན་མ་གྲུབ་པས་རྒྱས་འདེབས་སུ་ཤོར་བའོ༔ གོལ་ས་ནི་བདེ་གསལ་མི་རྟོག་པ་གསུམ་ལ་སྟེ༔ བདེ་བ་ལ་ཞེན་ན་འདོད་ཁམས་དང༔ གསལ་བ་ལ་འཛིན་པས་གཟུགས་ཁམས་དང༔ མི་རྟོག་པ་ལ་བློས་བྱས་སུ་གྱུར་ན་གཟུགས་མེད་དུ་གོལ་བའི་སའོ༔ དེ་ལྟར་གོལ་འཆུགས་མེད་པར་བསྐྱངས་པ་ལ་བརྟེན་ནས༔ མཉམ་གཞག་དང་རྗེས་ཐོབ་གཅིག་ཏུ་གྱུར༔ ཉིན་མཚན་གྱི་སྣང་བ་ཁོར་ཡུག་ཏུ་འདྲེས་ཏེ༔ བྱ་རྩོལ་དང་བྲལ་བ་སྒོམ་མེད་ཆེན་པོའི་རྟོགས་པ་མཐར་སོན་ཏེ༔ ཚེ་གཅིག་ལུས་གཅིག་ལ་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཆེན་པོ་བདེ་བླག་ཏུ་འཐོབ་པར་འགྱུར་བ་སྟེ༔ རྒྱས་པར་ན་རྟགས་དང་འཆར་ཚུལ་སོགས་ཕྱག་རྒྱ་ཆེན་པོ་གཞན་དང་རིགས་འགྲེ་ཤེས་པར་བྱའོ༔ དངོས་གཞི་ཕྱག་རྒྱ་ཆེན་པོ་དྲི་མེད་རང་གསལ་ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པའི་ཁྲིད་ཀྱི་རིམ་པ་པདྨ་བདག་གིས་ཕྱི་རབས་སྐྱེས་བུའི་ཆེད་དུ་མདོ་དོན་དྲིལ་ཏེ་བཀོད་པ་རྩྱཽ་རྩྱཽ་རྩྱཽ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་དེར༔ འདི་འབྱིན་དེས་ཀྱང་རང་ཉམས་ཆུད་པར་བླང༔ ཇི་བཞིན་རྟོགས་ནས་སྐལ་ལྡན་ཤེས་རབ་ཅན༔ སྙིང་རྗེ་བརྩོན་འགྲུས་ཆེས་ཆེན་རིགས་ལ་བཤད༔ དེས་ཀྱང་སྒྲུབ་པའི་དམ་བཅའ་སྙིང་རུས་སྐྱེད༔ ངེས་པའི་དོན་གྱི་སྙིང་པོ་ལོན་པར་གྱིས༔ ཟབ་པའི་བཀའ་འདི་བདུད་མགོན་ཁྱེད་ལ་བཅོལ༔ དམ་མེད་གཏེར་རྐུན་རྣམས་ལ་བཀའ་འདི་སྲུངས༔ བདུད་ཏྲི་ད་ན་ས་མ་ཡ་རཀྵ་རཀྵ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པའོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས་ཉིན་མཚན་དང་འདའ་ཁའི་བོགས་འབྱིན་སྐོར་བཞུགས་སོ༔ ྈ ྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གསུམ་པ་རྗེས་ལམ་གྱི་བོགས་འབྱིན་དུམ་བུ་ཁྲིགས་ཀྱི་སྐོར་ལ༔ ཉིན་མཚན་གྱི་བོགས་འབྱིན་སྒྱུ་ལུས་དང་རྨི་ལམ༔ འདའ་ཁའི་བོགས་འདོན་སྐུ་གསུམ་འཕོ་བ་དང་བར་དོ༔ སྤྱོད་པའི་བོགས་འདོན་གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་གྱི་སྐོར་རོ༔ དང་པོ་ཉིན་སྣང་གི་བོགས་འབྱིན་སྒྱུ་ལུས་ཞེན་པ་རང་གྲོལ་ལ་གསུམ༔ འཁོར་བ་དང༔ མྱང་འདས༔ ཆོས་ཀུན་སྒྱུ་མར་སྦྱོང་བའོ༔ དང་པོ་ནི༔ རང་ཉིད་ལ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་མཐུན་ཕྱོགས་བཞིའི་སྒོ་ནས་འདི་ལྟར༔ ལུས་གུས་པའི་སྒོ་ནས་ཕྱག་དང་བསྐོར་བ༔ ངག་གུས་པའི་སྒོ་ནས་སྐྱེས་བུ་དམ་པ་མཁྱེན་བརྩེ་ནུས་ལྡན་ཞེས་བྱ་བ་ལ་སོགས་པའི་བསྟོད་པ༔ ཡིད་གཞན་གྱིས་དབྲོག་ཏུ་མེད་པའི་དད་པ་དང་གུས་པ་ཕུན་སུམ་ཚོགས་པར་བྱས་པར་བསམ༔ ཚུལ་དེ་ལྟ་བུར་དགའ་བ་དང་སྤྲོ་བ་མི་བྱ་བར་རྨི་ལམ་ཡིན་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སྣང་བའོ༔ ཞེས་བརྗོད་ཅིང་བསམ༔ ཡང་སེམས་ཅན་དེ་དག་གི་མི་མཐུན་པ་བཞིའི་སྒོ་ནས་ལུས་ཀྱིས་བརྡུང་བརྡེག་ནོར་ལ་རྐུ་འཕྲོག༔ ངག་གི་དམོད་ཚིག་དང་ཡ་ག༔ ཡིད་ཀྱིས་མ་རུངས་པའི་སྦྱོར་བ་སྣ་ཚོགས་པའི་སྒོ་ནས་བདག་ལ་གནོད་ཅིང་འཚེ་བར་བསམ༔ དེ་ལྟ་བུར་མི་དགའ་བ་དང་ཁོང་ཚིག་པ་མི་བྱ་བར་རྨི་ལམ་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སྣང་བའོ༔ ཞེས་བརྗོད་ཅིང་བསམ༔ འདི་ལྟར་སེམས་འགག་མེད་ཀྱི་འཆར་སྒོ་ལས་རིགས་དྲུག་ཏུ་སྣང་ཞིང་དགའ་མི་དགའི་ཁྱད་པར་དུ་བཅོས་པ་ལ༔ དོན་ལ་དངོས་སྣང་དུ་གྲུབ་པ་མེད་པ་འདི་ཅི་ལྟ་བ་བཞིན་དུ༔ བདག་ལའང་ད་ལྟ་ཕ་རོལ་པོའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་སྒོ་ནས་བདེ་སྡུག་གི་སྣང་བ་ཤར་བ་ཐམས་ཅད་ཀྱང༔ དངོས་གཞིའི་ཁྲིད་ཀྱི་སྐབས་སུ་ཡུལ་སྣང་ཐམས་ཅད་སེམས་སུ་ངོ་སྤྲད་པ་བཞིན༔ རྨི་ལམ་ཡིན་སྒྱུ་མ་ཡིན༔ མི་བདེན་བཞིན་དུ་སེམས་འགག་མེད་ཀྱི་འཆར་སྒོར་སྣང་བའོ་སྙམ་དུ་བསམ་ཞིང་ངག་ནས་ཀྱང་བརྗོད༔ གཞན་ཡང་བདག་ལ་བསྟོད་པས་དགའ་བ་དང་སྨད་པས་མི་དགའ་བ་མེད་དེ༔ ཡོན་ཏན་དང་སྐྱོན་དེ་ཡོད་ནས་བརྗོད་ན་དངོས་སྣང་བརྗོད་པ་ཡིན་པས་དགའ་བ་དང་མི་དགའ་བ་མེད༔ མེད་ནས་བརྗོད་ན་སྒྲོ་བཏགས་ཡིན་པས་ཚིག་ཙམ་དུ་ཟད་དེ་དེ་བཞིན་དུ་དགའ་བ་དང་མི་དགའ་བ་མེད་པར་བསམ༔ གཉིས་པ་མྱང་འདས་ནི༔ དཔལ་ཧེ་རུ་ཀའི་སྐུའི་གཟུགས་བརྙན་བཀྲ་ལམ་མེ་ལོང་ངམ་ཆུ་སྣོད་དུ་འཆར་བཅུག་ལ༔ ལྷ་སྐུ་སྣང་ལ་རང་བཞིན་མེད་པ་དེ་ལ་བལྟས་ཏེ་རྨི་ལམ་སྒྱུ་མ་དང་འདྲ་སྟེ༔ མེད་བཞིན་དུ་སྣང་བར་བསམ༔ སྣང་ལ་རང་བཞིན་མེད་པའི་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་གསལ་བ་དེ་འདྲ་བ་བསྒོམས་ལ༔ རྨི་ལམ་སྒྱུ་མ་དང་འདྲ་སྟེ་སེམས་ཀྱི་འཆར་སྒོའི་སྟོང་གཟུགས་སུ་སྣང་བའོ་སྙམ་དུ་བསམ༔ དེ་བཞིན་དུ་སྣོད་བཅུད་ཞིང་ཁམས་རབ་འབྱམས་ལ་དེས་མཚོན་ཏེ༔ མེད་བཞིན་དུ་སེམས་འགག་མེད་ཀྱི་འཆར་སྒོ་དག་པའི་ཞིང་དང་སྐུ་དང་ཡེ་ཤེས་སུ་སྣང་བར་བསམ་མོ༔ གསུམ་པ་ཆོས་ཀུན་སྒྱུ་མར་སྦྱོང་བ་ནི༔ སྣང་བའི་ཆོས་ཀུན་སྒྱུ་མར་སྦྱོང་བ་སྟེ༔ ཚོགས་དྲུག་གི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ལེགས་མི་ལེགས་སུ་སྣང་ཞིང་འཛིན་པ་ཐམས་ཅད་སེམས་འགག་མེད་ཀྱི་འཆར་སྒོ་མེད་སྣང་མེད་འཛིན་ལས༔ བདེན་གྲུབ་ཏུ་སྣང་བ་སྤུ་ཙམ་ཡང་མེད་དེ༔ རྨི་ལམ་གྱི་ཆོས་དང་སྒྱུ་མ་མཁན་པོའི་སྤྲུལ་པ་དེ་ཅི་ལྟ་བར་རྟོགས་པས༔ སྣང་སྟོང་གྲགས་སྟོང་ཚོར་སྟོང་མྱོང་སྟོང་རེག་སྟོང་མདོར་ན་རིག་པ་རང་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་འཛིན་མེད་དུ་བཞག་གོ༔ སྒྱུ་མ་འབྱོངས་པའི་ཚུལ་ནི་འཁོར་འདས་སྣང་བའི་མཚང་རིག་སྟེ༔ གཉིས་སུ་འཛིན་པའི་རྫུན་ཕུག་བརྡིབས་ནས་དགའ་སྡུག་ཆོས་བརྒྱད་ཀྱི་ཞེན་འཛིན་རང་སར་དག་པའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྒྱུ་ལུས་ཞེན་པ་རང་གྲོལ་གྱི་ཁྲིད་རྩྱཽ་རྩྱཽ༔ གཉིས་པ་མཚན་སྣང་གི་བོགས་འབྱིན་རྨི་ལམ་ཉིང་འཁྲུལ་རང་སངས་ལ་གསུམ༔ རྨི་ལམ་ཟིན་པར་བྱེད་པ༔ དེ་བརྟན་པར་བྱ་བ༔ སྤྲུལ་བསྒྱུར་གྱི་རྩལ་སྦྱང་ཞིང་རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བའོ༔ དང་པོ་ནི༔ ཉིན་སྣང་སྒྱུ་ལུས་ཀྱི་སྣང་བ་གོམས་པའི་སྟེང་ནས་མཚན་མོ་ཉལ་ཁར་རང་དཔལ་ཧེ་རུ་ཀར་གསལ་བའི་མགྲིན་པར་པདྨ་དཀར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་རང་སེམས་དང་བླ་མ་ཐ་མི་དད་པའི་རྣམ་པ་ཡི་གེ་ཨོཾ་དམར་པོ་གསལ་ཞིང་འཚེར་བ་ཨོཾ་གྱི་སྒྲ་གདངས་དང་བཅས་པ་ཞིག་བསམ༔ སྣོད་བཅུད་སྦྱངས་པའི་རྣལ་འབྱོར་གྱིས་ཨོཾ་ལ་བསྡུས་ཏེ༔ རིག་པ་གཞན་དུ་མ་ཡེངས་པར་ཨོཾ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཉལ་བས་རྨི་ལམ་གྱི་ཉིང་འཁྲུལ་ངོས་ཟིན་པར་འགྱུར་རོ༔ གཉིས་པ་དེ་བརྟན་པར་བྱ་བ་ནི༔ དེ་ལྟར་བཟུང་བས་ཟིན་པ་དང་དེ་མ་ཐག་ཏུ་སྤྲུལ་བསྒྱུར་སོགས་མི་བྱ་བར་རྨི་ལམ་གྱི་རྣམ་པ་གསལ་བ་དེ་ཁའི་ངང་དུ་མཉམ་པར་འཇོག་གོ༔ གསུམ་པ་སྤྲུལ་བསྒྱུར་གྱི་རྩལ་སྦྱང་ཞིང་རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བ་ནི༔ དེ་ཉིད་བརྟན་ནས་སྤྲུལ་བསྒྱུར་གྱིས་རྩལ་སྦྱོང་བ་ནི༔ དངོས་པོ་གཅིག་མང་པོར་སྤེལ་བ༔ སྤེལ་བའི་རྣམ་པ་གནས་བསྒྱུར་བ༔ སྤྲུལ་པའི་བྱེ་བྲག་དུ་མར་སྤྲུལ་པ༔ དེས་སངས་རྒྱས་ཀྱི་ཞིང་ཉུལ་བ་དང་ཆོས་ཉན་པ་སོགས་ཉིང་འཁྲུལ་གྱི་འཆར་སྒོ་སྣ་ཚོགས་འདོད་དགུར་བསྒྱུར་བའོ༔ རྨི་ལམ་གྱི་སྣང་བ་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བ་ནི༔ ཉིན་སྣང་རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ལ་བཟླ་བ་བཞིན་དུ༔ མཚན་མོའི་ཉིང་འཁྲུལ་ཀྱང་དེ་ཉིད་ཀྱི་སྟེང་དུ་ངོ་བོ་ངོས་བཟུང་སྟེ་སྐྱེ་མེད་འོད་གསལ་གྱི་ངང་ལ་ལམ་དུ་ཁྱེར་བའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ རྨི་ལམ་ཉིང་འཁྲུལ་རང་སངས་ཀྱི་ཁྲིད་རྩྱཽ་རྩྱཽ༔ རྩ་བའི་གཉིས་པ་འདའ་ཁའི་བོགས་འབྱིན་ལ་གཉིས༔ སྐུ་གསུམ་འཕོ་བའི་གདམས་པ་སྐར་ཁུང་མདའ་འཕངས་དང༔ སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་ལོ༔ དང་པོ་ལ་གསུམ༔ ཆོས་སྐུ༔ ལོངས་སྐུ༔ སྤྲུལ་སྐུར་འཕོ་བའོ༔ དང་པོ་ནི༔ འཕོ་བྱ་འཕོ་བྱེད་འཕོ་ཡུལ་ལ་དམིགས་པ་སྟེ་འཁོར་གསུམ་ཡང་དག་བློ་འདས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རིག་ཐོག་གི་ངང་དུ་ཡེངས་མེད་དུ་མཉམ་པར་འཇོག་པའོ༔ གཉིས་པ་ལོངས་སྐུར་འཕོ་བ་ནི༔ འདོད་ཆགས་བདེ་སྟོང་སོར་རྟོག་ཡེ་ཤེས་སུ་འཕོ་བ༔ ཞེ་སྡང་འཛིན་མེད་མེ་ལོང་ཡེ་ཤེས་སུ་འཕོ་བ༔ གཏི་མུག་འོད་གསལ་ཆོས་དབྱིངས་ཡེ་ཤེས་སུ་འཕོ་བ༔ ང་རྒྱལ་ལྷར་གསལ་མཉམ་ཉིད་ཡེ་ཤེས་སུ་འཕོ་བ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་སུ་འཕོ་བའོ༔ གསུམ་པ་སྤྲུལ་སྐུར་འཕོ་བ་ནི༔ རང་སྣང་རྣམ་དག་དག་པའི་ཞིང་ཁམས་རྒྱ་མཚོར༔ སེམས་གཉུག་མའི་ཡེ་ཤེས་སུ་ཧེ་རུ་ཀར་རྣམ་པར་འཕོ་བ་སྟེ༔ དེ་ཡང་ཕྱི་ནང་གསང་བའི་འཆི་ལྟས་ཐམས་ཅད་དང་ལྡན་པའི་ཚེ་བྱ་སྟེ༔ དུས་མིན་དུ་ནི་མ་ཡིན་ནོ༔ དེ་ཡང་རང་ཉིད་དཔལ་ཧེ་རུ་ཀར་གསལ་བའི་སྐུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་སྦ་ལྕག་ཙམ་པ་དྲང་ཞིང་འགྲོངས་པ་དམར་ཞིང་སྣུམ་པ་འཇམ་ཞིང་མཉེན་པ་གསལ་དྭངས་ཅན་ཡར་སྣ་ཚངས་བུག་དང་མར་སྣ་གསང་གནས་སུ་ཟུག་པ༔ འོག་རླུང་ཅུང་ཟད་དྲང་བས་མར་རྩ་ཟུམ་ཞིང་སྤྱི་གཙུག་མཐོངས་ཁུང་ཁ་ཕྱེ་བ་ལྟར་གྱུར་པའི་སྟེང་དུ༔ ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་མི་བསྐྱོད་པ་མཐིང་ག་མཆོག་གི་སྤྲུལ་པའི་ཆ་བྱད་ཀྱི་ཐུགས་ཀར་ཧཱུྃ་མཐིང་ག༔ རང་གི་སྙིང་གའི་ཐད་དུ་རླུང་སེམས་གཉིས་མེད་ཧཱུྃ་སྔོན་པོ༔ འདི་ལྟར་ལུས་གནད་དང་རླུང་སྦྱོར་གྱིས་ཧིཀ་ཅེས་བརྗོད་པ་ལ་བརྟེན་ནས་རྣམ་ཤེས་མདའ་འཕངས་པ་ལྟར་དབུ་མའི་ལམ་ནས་མི་བསྐྱོད་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ་རླུང་རིག་ཐུབ་ཚད་དེར་བཅུན༔ སླར་སྙིང་ཁར་ཚད་ལ་ཕབས་ཏེ་ཀ་ཞེས་བརྗོད༔ དེ་ལྟ་བུའི་སྦྱོར་བས་གོམས་པར་བྱས་པའི་རྟགས་སྤྱི་བོ་འཕར་བ་དང་ཕིགས་པ་དང་འབྲུམ་བུ་ཆུང་ངུ་དང་ཆུ་བུར་འབྱུང་བ་དང་རླུང་སྟོད་དུ་འཚངས་པ་སོགས་སོ༔ མཐར་ལས་ལ་སྦྱར་བ་ནི་ཧཱུྃ་ལ་ཐིམ་པའི་མཐར་རང་སེམས་དང་དབྱེར་མེད་པའི་བླ་མ་མཆོག་གི་སྤྲུལ་པའི་སྐུ་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་གྱེན་དུ་འཕགས་ཏེ་ཉི་ཟླ་ལྷ་གནས་སོགས་འཇུར་ཏེ་མངོན་པར་དགའ་བའི་ཞིང་དུ་གཤེགས་པར་མོས་ཤིང་ཞིང་ཁམས་ཀྱི་ཡོན་ཏན་དང་སྟོན་པའི་སྣང་བ་དང་མ་བྲལ་བར་བྱའོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐུ་གསུམ་འཕོ་བའི་གདམས་པ་སྐར་ཁུང་མདའ་འཕང་གི་ཁྲིད་རྩྱཽ་རྩྱཽ༔ གཉིས་པ་སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་ལ་གསུམ༔ སྐྱེ་ཤི༔ རྨི་ལམ༔ སྲིད་པ་བར་དོའོ༔ དང་པོ་ནི༔ འདི་ལྟར་མའི་མངལ་དུ་ཉིང་མཚམས་སྦྱར་བ་ནས་བཟུང་སྟེ་སྐྱེས་ནས་མ་ཤིའི་བར་དུའོ༔ གཉིས་པ་རྨི་ལམ་བར་དོ་ནི༔ མཚན་སྣང་ཐིམ་རིམ་ནས་རྨི་ལམ་གྱི་སྣང་བ་མ་ཟད་བར་དུའོ༔ གསུམ་པ་སྲིད་པ་བར་དོ་ནི༔ འཆི་ཀའི་ཐིམ་རིམ་ནས་བཟུང་སྟེ་ཇི་སྲིད་ཕྱི་མའི་ལུས་སུ་མ་གྲུབ་བར་དུའོ༔ འདིར་ཕྱི་མའི་ཉམས་ལེན་ལ་ཕྱི་ནང་གི་ཐིམ་རིམ་གྱི་མཐར་འོད་གསལ་མ་བུ་འདྲེས་པ་ངོས་བཟུང་སྟེ་དབང་རྣོན་ཆོས་སྐུར་འཚང་རྒྱ་བ༔ བར་དོར་མ་ངེས་པའི་རྟགས་རྫོགས་ནས་ལྷའི་གསལ་སྣང་ཟུང་འཇུག་གི་སྐུར་ལྡང་བ་དབང་འབྲིང་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བ༔ གཟོད་སྐྱེ་བ་བརྒྱུད་དེ་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་ནས་དབང་པོ་ཐ་མ་སྤྲུལ་སྐུར་འཚང་རྒྱ་བའོ༔ དང་པོ་ནི༔ ཉེ་བ་དང་རིང་བའི་འཆི་རྟགས་རྣམས་རྫོགས་ནས་དག་པའི་འོད་གསལ་བུ་དང་ལྷུན་གྲུབ་ཀྱི་འོད་གསལ་མ་གཉིས་ཆུ་སྣ་རྒྱ་མཚོར་འཕྲད་པ་ལྟར་གྱུར་པ་དེའི་ཚེ་རིག་ཐོག་ཏུ་མཉམ་པར་བཞག་པས་དབང་པོ་རྣོན་པོ་གོམས་པའི་སྟོབས་ཅན་ཆོས་ཀྱི་སྐུར་འཚང་རྒྱ་བའོ༔ གཉིས་པ་ནི༔ འོད་གསལ་ངོས་མ་ཟིན་པར་ལས་རླུང་གི་རྣམ་པར་ཤེས་པ་ཕུང་པོ་ལས་ཕྱིར་བསྐྱོད་དེ་སྲིད་པ་བར་དོའི་སྣང་བ་འཆར་བར་འགྱུར་ཏེ༔ འདི་ལ་མ་ངེས་པའི་རྟགས་དྲུག་ནི༔ གནས་དང༔ སྤྱོད་ལམ་དང༔ འདོད་ཡོན་དང༔ ཡིད་ཀྱི་ཆོས་དང༔ གྲོགས་དང༔ རང་ལུས་རྣམས་མ་ངེས་པར་འགྱུར་ཞིང༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བཟོད་མེད་དུ་འཆར་བ་དེའི་ཚེ༔ བར་དོར་ངེས་པར་བྱས་ཏེ་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་ལྟར་དཔལ་ཧེ་རུ་ཀ་རང་འོད་ཀྱི་རིག་མ་དང་བཅས་པ་གསལ་སྟོང་ཟུང་འཇུག་གི་སྐུར་མཉམ་པར་བཞག་པས་དབང་པོ་འབྲིང་པོ་བར་སྲིད་ཀྱི་ཡིད་ལུས་དེ་ཉིད་ལྔ་ལྡན་ལོངས་སྤྱོད་རྫོགས་པར་འཚང་རྒྱ་བའོ༔ གསུམ་པ་ནི༔ དྲི་ཟ་མངལ་སྒོ་འཚོལ་ཞིང་ཕྱི་མ་གར་སྐྱེའི་ཕ་མ་སོགས་ལ་ཆགས་སྡང་གི་རྟོག་པ་སྐྱེ་བ་དེའི་ཚེ༔ ཡུལ་བླ་མ་ཡབ་ཡུམ་དང་རང་དཔལ་ཧེ་རུ་ཀར་གསལ་བས་དབང་བཞིའི་ཡེ་ཤེས་བསྐྱེད་དེ༔ མངལ་གཞལ་ཡས་ཁང་དུ་རིག་པ་རྒྱུའི་རྡོ་རྗེ་འཛིན་པ་ལས་འབྲས་བུའི་སྐུར་གྱུར་པ་ས་བཅུ་རྫོགས་ཏེ་མངལ་ནས་ཕྱིར་ཕྱུང་བ་སྤྲུལ་པའི་སྐུ་དེ༔ ཚེ་དེར་སྔར་སྦྱངས་གོམས་པའི་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་ལམ་ལ་བརྟེན་ནས་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་དེ་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་གྱི་ཁྲིད་རྩྱཽ་རྩྱཽ༔ བདག་འདྲ་ཆོས་རྗེ་གླིང་པ་ཡེ་ཤེས་རོལ་པ་རྩལ་གྱིས། རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ནས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པ་ལགས་སོ།། ༈ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོ་ལས༔ གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྩ་བའི་གསུམ་པ་སྤྱོད་པའི་བོགས་འདོན་གསང་སྤྱོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་ལ༔ གང་དུ་བྱ་བའི་གནས༔ ནམ་བྱ་བའི་དུས༔ ཇི་ལྟར་བྱ་བའི་ཚུལ༔ ལམ་ལྷོང་དང་ཚར་ཆོད་པའི་ཚད་དོ༔ དང་པོ་ནི༔ རི་བོ་ཆེན་པོའི་རྩེ༔ ཐང་ཆེན་པོ་དང་རྒྱ་མཚོའི་འགྲམ༔ ཚོང་དུས་གྱེས་ས་དང་ལམ་གྱི་བཞི་མདོ༔ མཚན་མོ་དང་ལྗོན་ཤིང་རྐང་པ་གཅིག་པ༔ དུར་ཁྲོད་དང་མ་མོའི་ཁྱིམ༔ གཙུག་ལག་ཁང་དེ་ལ་སོགས་པ་མི་མ་ཡིན་དྲག་པོ་གནས་པའི་ས་རུའོ༔ གཉིས་པ་དུས་ནི༔ སྤྱིར་དྲོད་ཅུང་ཟད་ཐོབ་པ་བརྟན་ཅིང་བོགས་དབྱུང་ཕྱིར་དང༔ ཁྱད་པར་ནི་སེམས་ལ་བདག་འཛིན་འཁུ་འཁྲིག་ལྡན་པའི་སྐབས་སོགས་ཡིན་ལ༔ བྱེ་བྲག་ཏུ་མཚན་མོའི་དུས་དང་སྦྱར་བའོ༔ གསུམ་པ་ཇི་ལྟར་བྱ་ཚུལ་ལ་གཉིས༔ དཀར་འགྱེད་དང༔ དམར་འགྱེད་དོ༔ དང་པོ་ནི༔ སྔོན་འགྲོའི་ཆོས་དང་ལྡན་པས་ཕཊ་ཅེས་བརྗོད་པས་རང་གི་སེམས་ཉིད་དཔལ་ཧེ་རུ་ཀ་ཀ་ཏ་རི་འཛིན་པའི་རྣམ་པར་སྙིང་ནང་ནས་ཕྱི་རོལ་དུ་རྒྱང་གིས་འཐོན༔ ཤུལ་གྱི་རང་ལུས་ཚོ་སྣུམ་བཅུད་དང་ལྡན་པ་ཤར་ནུབ་ཀྱི་གླིང་ཁྱབ་པ་གཅིག་ཏུ་བསྒོམ༔ ཕཊ་རང་སེམས་ལྷ་སྐུ་ཀ་ཏ་རི་འཛིན་པས་སྨིན་མཚམས་ནས་ཐོད་པ་ཕོག་ནམ་མཁའ་དང་མཉམ་པར་གྱུར༔ ཤ་རུས་རྣམས་ཏིལ་འབྲུ་ཙམ་བསིལ་ཏེ་བླུགས༔ གཡས་གཡོན་དུ་དཀྲུགས་ཉེས་སྐྱོན་རྣམས་ལྦུ་བའི་རྣམ་པར་ཕྱིར་ལུད༔ ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྐྱིལ༔ རླངས་པ་ལས་མཆོད་པའི་སྤྲིན་རབ་འབྱམས་དང་འདོད་ཡོན་གྱི་ཕུང་པོ་ཅིར་ཡང་འཆར་བས་བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་མཁའ་འགྲོ་ཆོས་སྐྱོང་སོགས་ཡས་མགྲོན་དང༔ རིགས་དྲུག་སེམས་ཅན་གནོད་བྱེད་འདྲེ་གདོན་སོགས་མས་མགྲོན་ཐམས་ཅད་དགྱེས་ཤིང་ཚིམས་པར་བསྒོམ་མོ༔ གཉིས་པ་དམར་འགྱེད་ནི༔ སྔར་བཞིན་ལས་པགས་པ་གསེར་གྱི་ས་གཞི་ལྟར་ཐང་མར་བརྡལ༔ མགོ་བོ་རི་རབ་ལྷུན་པོ༔ ཡན་ལག་དང་ཉིང་ལག་གླིང་བཞི་གླིང་ཕྲན༔ གཞན་ཡང་ཤ་རུས་ཀྱི་རྩིག་པ་དང་ལྷུ་དུམ༔ ཁྲག་ཞག་གི་མཚོ་དང༔ ནང་ཁྲོལ་ཆུ་སེར་གྱི་ལྗན་ལྗིན་སོགས་མཐའ་ཡས་པར་བསྒོམས་ལ༔ རྒྱལ་བ་རྣམས་མཉེས་པའི་རང་ལུས་དབང་པོའི་མ་རྡལ༔ རིགས་དྲུག་འགྲོ་བ་དང་གནོད་བྱེད་འདྲེ་གདོན་རྣམས་ཚིམ་བྱེད་ཤ་ཁྲག་ཏུ་མོས་ཤིང་ཕུལ་བ་དང་བསྔོས་པ་ལ་བརྟེན་ནས་མཉེས་ཤིང་ཚིམས་པ་དང་བུ་ལོན་ཤ་འཁོན་ཐམས་ཅད་བཀྲུས་ཤིང་དག་པར་བསྒོམ་མོ༔ བཞི་པ་ལམ་ལྷོང་ནི༔ དེ་ལྟར་སྒྱུ་ལུས་ཀྱི་མཆོད་སྦྱིན་ལ་བརྟེན་ནས༔ སྔོན་ལས་དང་འཕྲལ་རྐྱེན་འདྲེ་གདོན་སོགས་ལམ་དུ་ལྷོང་ཐུབ་པའི་རྟགས༔ ལུས་ལ་ན་ཚ༔ སེམས་ལ་ཟུག་རྔུ༔ འཇིགས་སྐྲག་གི་སྣང་བ་སྣ་ཚོགས་པ་སྒོ་གསུམ་གྱི་སྟེང་དུ་འཆར་བའོ༔ ལྔ་པ་ཚར་ཆོད་པའི་ཚད་ནི༔ དེ་ཉིད་ལམ་དུ་ཁྱེར་ནས་རོ་སྙོམས་ཏེ་གནས་ལུགས་ཀྱི་ངང་དུ་བཞག་པས་རྐྱེན་ངན་གྱི་མཚང་རིག་ནས༔ སྡུག་བསྔལ་དང་འཇིགས་སྐྲག་གི་སྣང་བ་སྒོམ་དུ་ཤར་ཏེ་བོགས་ཐོན་པར་འགྱུར་རོ༔ ར་པཱ་ཞ༔ རྒྱ་རྒྱ་རྒྱ༔ ཕུང་པོ་གཟན་སྐྱུར་བདུད་རྩི་ཀུན་ཁྱབ་ཀྱི་ཁྲིད་རྩྱཽ་རྩྱཽ༔ བདག་འདྲ་ཆོས་རྗེ་གླིང་པས་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས། གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་ཕབ་པའོ།། །།

རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་གའི་ཟིན་བྲིས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་ (Volume 48, Text 25)

༄༅། །རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་གའི་ཟིན་བྲིས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། རྩ་གསུམ་ཀུན་འདུས་ཧཱུྃ་ནག་མེ་འབར་ལ། །གུས་པས་ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས། །རང་གཞན་ཉེས་ལྟུང་དྲི་མ་སྦྱོང་བའི་ཕྱིར། །རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ཀྱི། །ལྟུང་བཤགས་ཆོ་ག་རྒྱས་པར་བྱས་ནས་ཀྱང་། །གཤིན་པོ་རྣམས་ཀྱི་ལྟུང་བ་སྦྱོང་བའི་ཐབས། །ལྟུང་བཤགས་ལྷ་གྲངས་ཞལ་ཐང་ཡོད་ན་བཤམ། །ཡང་ན་ཤོག་བུར་ཟླུམ་སྐོར་བྲིས་པའི་ནང་། །པད་འདབ་བཅུ་ཚོ་སུམ་རིམ་བྲིས་པའི་དབུས། །འདབ་བཞི་བྲིས་སྟེང་རང་མདོག་ཐིག་ལེ་བཀོད། །བསྡུ་ན་ལྷ་གྲངས་ཚོམ་བུ་བཀོད་པ་འམ། །ཐུབ་དབང་སྐུ་ཞིག་བཤམས་ཀྱང་ཆོག་པ་ཡིན། །བུམ་པ་མཆོད་གཏོར་ལ་སོགས་སྤྱི་ལྟར་བཤམ། །སྨན་རཀ་མི་དགོས་གཏོར་མ་ཟླུམ་གཏོར་བཤམ། །གཤིན་དོན་ཡིན་ན་བྱང་ཆས་རྣམས་ཀྱང་བཞག །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སོགས་སྐྱབས་སེམས་བསྡུས་པ་ལན་གསུམ་བརྗོད། རང་ལུས་ཨོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱང་། ཧྲཱི༔ རང་བཞིན་ལྷུན་གྲུབ་མཉམ་ཉིད་རང་མདངས་ལས༔ པདྨ་ཉི་ཟླའི་གདན་སྟེང་ཡི་གེ་ཧྲཱི༔ དེ་ལས་འོད་འཕྲོས་རང་གཞན་དོན་གཉིས་བྱས༔ སླར་ཡང་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ༔ ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་ཀྲོང་གིས་བསྐྱེད༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་གྱི༔ ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད༔ མེ་ཏོག་ཁ་ཕྱེ་འདབ་བརྒྱད་འོད་ཟེར་འབར༔ ཞི་འཛུམ་མཛེས་པའི་མདངས་ལྡན་རྒྱན་གྱིས་བརྒྱན༔ དབུ་སྐྲ་གྱེན་བརྫེས་དབུས་སུ་སྣང་མཐའ་བཞུགས༔ སྣང་སྟོང་སྒྱུ་མ་འཇའ་འོད་ཀློང་དུ་གསལ༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ དུས་གསུམ་བདེ་གཤེགས་མ་ལུས་དེ་ལྟ་བུར༔ སྤྱན་དྲངས་བདག་དང་གཉིས་མེད་ཐིམ་པར་གྱུར༔ བཛྲ་ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་ཀྱིས༔ ཁྲུས་གསོལ་དབང་བསྐུར་སྐུ་གང་དྲི་མ་དག༔ ཆུ་ལྷག་ཡར་ལུད་རིགས་བདག་གསལ་བར་གྱུར༔ ཐུགས་ཀར་པདྨ་འདབ་དྲུག་གྱེས་པའི་དབུས༔ ཧྲཱིཿཡིག་མཐའ་རུ་ཡི་གེ་འབྲུ་དྲུག་འཁོར༔ འོད་ཟེར་དཔག་མེད་མཆོད་སྦྱིན་བསམ་མི་ཁྱབ༔ གང་ལ་གང་འདུལ་འགྲོ་བའི་སྐྱབས་མགོན་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ནས་མདུན་བསྐྱེད་བུམ་བསྐྱེད་གཉིས། །སྤྱན་འདྲེན་མཆོད་བསྟོད་དུས་གཅིག་བྱ། །ན་མོ་བཙོ་མའི་མདོག་འདྲ་ས་གཞི་ཁོད་སྙོམས་ཤིང༔ མེ་ཏོག་བཀྲ་ལེགས་དྲི་བཟང་ངད་པ་འཐུལ༔ ཡིད་འོང་སྙན་པའི་བྱ་སྐད་སྣ་ཚོགས་སྒྲོག༔ འཇའ་ཚོན་འཁོར་ཡུག་དྲྭ་བ་དྲྭ་ཕྱེད་བྲེས༔ དེ་དབུས་སངས་རྒྱས་སུམ་ཅུ་རྩ་ལྔ་བཞུགས༔ བདག་སོགས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་ཞུ༔ ལས་ངན་སྡིག་སྒྲིབ་ཉེས་ལྟུང་དག་པ་དང༔ ཚུལ་ཁྲིམས་རྣམ་པར་དག་པར་བྱིན་གྱིས་རློབས༔ དབུས་ཕྱོགས་རྡོ་རྗེའི་གདན་སྟེང་དུ༔ བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ནི༔ གསེར་མདོག་ས་གནོན་མཉམ་གཞག་མཛད༔ དེ་ཡི་གཡས་སུ་སངས་རྒྱས་ནི༔ རྡོ་རྗེ་སྙིང་པོས་རབ་འཇོམས་བཞུགས༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་བསྣམས༔ རྒྱབ་ཏུ་རིན་ཆེན་འོད་འཕྲོ་ནི༔ དཀར་པོ་རྡོ་རྗེ་ཉི་མ་བསྣམས༔ གཡོན་དུ་ཀླུ་དབང་རྒྱལ་པོ་ནི༔ སྔོན་པོ་ཀླུ་ཤིང་སྦྲུལ་སྔོན་བསྣམས༔ མདུན་དུ་སེར་པོ་དཔའ་བོའི་སྡེ༔ ཕྱག་གཉིས་པོ་ཏི་རལ་གྲི་བསྣམས༔ ཕྱི་རིམ་པད་འདབ་བཅུ་ཡི་སྟེང༔ དཔའ་དགྱེས་དམར་སེར་ཕྱག་གཉིས་སུ༔ ཉི་ཟླ་པདྨ་བསྣམས་པ་འོ༔ སྐུ་མདོག་དམར་པོ་རིན་ཆེན་མེ༔ ཕྱག་གཉིས་རིན་ཆེན་མེ་དཀྱིལ་བསྣམས༔ རིན་ཆེན་ཟླ་འོད་སྐུ་མདོག་དཀར༔ ཕྱག་གཡས་རིན་ཆེན་ཟླ་བ་གཡོན༔ མཐོང་བ་དོན་ཡོད་སྐུ་མདོག་ལྗང༔ ཕྱག་གཉིས་སངས་རྒྱས་སྤྱན་མིག་བསྣམས༔ རིན་ཆེན་ཟླ་བ་དཀར་ལྗང་མདོག༔ ཕྱག་གཉིས་རིན་ཆེན་ཟླ་བ་བསྣམས༔ དྲི་མ་མེད་པ་དུད་པའི་མདོག༔ ཕྱག་གཉིས་མེ་འོད་དྲི་མེད་བསྣམས༔ དཔའ་སྦྱིན་དཀར་པོ་ཕྱག་གཉིས་སུ༔ དཔལ་འབྲས་སྡོང་པོ་ལོ་འདབ་བཅས༔ སྐུ་མདོག་དམར་སེར་ཚངས་པ་ནི༔ ཕྱག་གཉིས་མེ་ཏོག་པདྨ་འཛིན༔ ཚངས་པས་བྱིན་ནི་སྐུ་མདོག་སེར༔ ཕྱག་གཉིས་པདྨ་དཀར་པོ་བསྣམས༔ ཆུ་ལྷ་སྐུ་མདོག་སྔོན་པོ་ལ༔ ཆུ་ཡི་དཀྱིལ་འཁོར་ཆོས་འཆད་མཛད༔ དེ་ཡི་ཕྱི་རིམ་འདབ་བཅུ་ལ༔ ཆུ་ལྷའི་ལྷ་ནི་སྐུ་མདོག་དཀར༔ ཆུ་ཡི་དཀྱིལ་འཁོར་མེ་ལོང་བསྣམས༔ དཔལ་བཟང་སྐུ་མདོག་དམར་པོ་ལ༔ ཕྱག་གཉིས་པདྨ་དཔག་བསམ་ཤིང༔ སྐུ་མདོག་དམར་སེར་ཙན་དན་དཔལ༔ ཕྱག་གཉིས་ཙན་དན་དཔལ་འབྲས་བསྣམས༔ དམར་ལྗང་གཟི་བརྗིད་མཐའ་ཡས་ནི༔ ཕྱག་གཉིས་ཉི་མ་ཟླ་བ་བསྣམས༔ འོད་དཔལ་སྐུ་མདོག་དཀར་པོ་ལ༔ ཕྱག་གཉིས་ཟླ་བའི་དཀྱིལ་འཁོར་འཛིན༔ སྔོ་སྐྱ་མྱ་ངན་མེད་པའི་དཔལ༔ མྱ་ངན་མེད་པའི་ཕྱག་རྒྱ་མཛད༔ སྲེད་མེད་བུ་ནི་སྐུ་མདོག་སྔོ༔ ཕྱག་གཉིས་རི་རབ་པདྨ་བསྣམས༔ སྐུ་མདོག་སེར་པོ་མེ་ཏོག་དཔལ༔ ཕྱག་གཉིས་ཤིང་ཐོག་དཔལ་འབྲས་བསྣམས༔ ཚངས་པའི་འོད་ཟེར་རྣམ་རོལ་ནི༔ དཀར་པོ་པདྨ་འོད་ཕུང་བསྣམས༔ པདྨའི་འོད་ཟེར་རྣམ་རོལ་ནི༔ དམར་པོ་པད་ཉིའི་ཕྱག་རྒྱ་ཅན༔ དེ་ཡི་ཕྱི་རིམ་འདབ་བཅུ་ལ༔ ནོར་དཔལ་དཀར་ལ་དམར་མདངས་ཅན༔ ཕྱག་གཉིས་རིན་ཆེན་ཕྱག་རྒྱ་མཛད༔ དྲན་པའི་དཔལ་ནི་སྐུ་མདོག་སེར༔ ཕྱག་གཉིས་པོ་ཏི་རལ་གྲི་བསྣམས༔ མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ནི༔ སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས༔ དེ་བཞིན་གཤེགས་པའི་གཙུག་ཏོར་ནི༔ དབུ་ཡི་སྟེང་དུ་འདེགས་ཚུལ་བསྣམས༔ དབང་པོ་ཏོག་གི་རྒྱལ་མཚན་ནི༔ སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས༔ རིན་ཆེན་ཏོག་དང་རྒྱལ་མཚན་བསྒྲེང༔ ཤིན་ཏུ་རྣམ་པར་གནོན་པའི་དཔལ༔ དཀར་པོ་ས་གནོན་ཕྱག་རྒྱ་མཛད༔ གཡུལ་ལས་ཤིན་ཏུ་རྣམ་རྒྱལ་ནི༔ སྐུ་མདོག་ནག་པོ་རལ་གྲི་བསྣམས༔ རྣམ་པར་གནོན་པས་གཤེགས་པའི་དཔལ༔ དཀར་པོ་ས་གནོན་མི་འཇིགས་རྒྱ༔ ཀུན་ནས་སྣང་བ་བཀོད་པའི་དཔལ༔ སྐུ་མདོག་སེར་པོ་ཕྱག་གཉིས་སུ༔ ཉི་མ་རིན་ཆེན་སྡོང་པོ་བསྣམས༔ རིན་ཆེན་པདྨས་རྣམ་པར་གནོན༔ དམར་པོ་རིན་ཆེན་པདྨ་བསྣམས༔ རི་དབང་རྒྱལ་པོ་ནམ་མཁའི་མདོག༔ ཕྱག་གཉིས་རི་རབ་འདེགས་པ་འོ༔ ཀུན་ཀྱང་མཚན་དང་དཔེ་བྱད་རྫོགས། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །མཚན་ཉིད་ཡོངས་རྫོགས་བུམ་པའི་ནང་། །བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ནི། །གསེར་མདོག་ས་གནོན་མཉམ་གཞག་མཛད། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །ལས་བུམ་ནང་དུ་བདུད་རྩི་འཁྱིལ། །ལྗང་སྔོན་རྡོར་དབྱུག་སྡིགས་མཛུབ་མཛད། ཁྲོ་བོའི་ཆ་ལུགས་ལྡན་པར་བསྐྱེད། །དེ་ལྟར་གསལ་བའི་ལྷ་རྣམས་ཀྱི། །སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿཡིག་དམར་པོ་དང་། །ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན། །ཐུགས་ནས་འོད་ཟེར་དཔག་མེད་འཕྲོས། །བདེ་གཤེགས་ཐམས་ཅད་སྐད་ཅིག་ལ། །སྤྲིན་འཁྲིགས་ལྟ་བུར་སྤྱན་དྲངས་གྱུར། །ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། མ་ལུས་ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །དེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔ་དང་། །སྐྱབས་གནས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་ཤཱཀ་ཐུབ་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུ་དུས་བཞིའི་བཅོམ་ལྡན་བདེ་གཤེགས་རྣམས། །དེང་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་འབྱོན་པར་མཛད་དུ་གསོལ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །འགྲོ་བའི་དོན་དུ་མཆོད་པའི་ཕྱིར། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་སྟོང་གེ་སར་ལྡན། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ བདག་བསྐྱེད་འཕགས་པའི་ཐུགས་ཀ་ནས། །ཐ་མལ་ལུས་ནི་གྲངས་མེད་སྤྲུལ། །ཚེ་ལས་འདས་པས་གཙོར་བྱས་པའི། །སེམས་ཅན་ཀུན་གྱིས་ཕྱག་འཚལ་དམིགས། །དུས་རྟག་པར་བླ་མ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ལ་ཕྱག་འཚལ་ལོ༔ ཆོས་ལ་ཕྱག་འཚལ་ལོ༔ དགེ་འདུན་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དཔའ་དགྱེས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དཔའ་སྦྱིན་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཚངས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཚངས་པས་བྱིན་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཆུ་ལྷ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དཔལ་བཟང་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཙན་དན་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ནོར་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དྲན་པའི་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་རིན་ཆེན་པདྨས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆི་འོ༔ མཆོད་པ་འབུལ་ལོ༔ སྡིག་པ་བཤགས་སོ༔ དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ༔ དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་འོ༔ མདོ་ལུགས་མཆོད་པ་བྱིན་རླབས་མཆོག །མཆོད་པའི་སྤྲིན་གྱི་གཟུངས་འདི་ཉིད། །དྲན་པ་ཙམ་གྱིས་མཆོད་སྤྲིན་གྱིས། །སངས་རྒྱས་ཞིང་ཀུན་ཁྱབ་པར་གསུངས། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཧཱུྃ་ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །རྒྱལ་བ་སྲས་བཅས་མཉེས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཧྲཱིཿ གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཧྲཱིཿ ཇི་ལྟར་མི་དབང་འཁོར་ལོས་སྒྱུར་བ་ནི། །རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་བཅས་འབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཧྲཱིཿ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་དག་ནི་འབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ། གཞན་ཡང་ཕྱི་ནང་གསང་བ་དང་། །དེ་བཞིན་མཆོད་བྱ་མཆོད་བྱེད་རྣམས། །ཀུན་བཟང་ཡངས་པའི་ཀློང་དུ་འབུལ། །འཁོར་གསུམ་ཡོངས་དག་དབྱིངས་སུ་བསྔོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡིས། །སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ། །དངོས་གྲུབ་བདུད་རྩིའི་རྒྱ་མཚོ་འཁྱིལ། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །བདག་གི་ཐུགས་ལས་འོད་འཕྲོས་པས། །མདུན་བུམ་ལྷ་ཡི་ཐུགས་རྒྱུད་བསྐུལ། །མདུན་བུམ་གཙོ་བོའི་ཐུགས་ཀ་རུ། །ཟླ་སྟེང་ཧཱུྃ་སེར་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །དུས་གསུམ་བདེ་གཤེགས་བྱིན་རླབས་བསྡུས། །བུམ་ལྷར་ཐིམ་པས་བདུད་རྩི་བབ། །བུམ་པའི་ཆུ་དང་དབྱེར་མེད་གྱུར། །གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་། །བསྐལ་པ་བྱེ་བ་བརྒྱ་ཕྲག་ནས། །བརྒྱད་ཁྲིའི་བར་དུ་བྱས་པ་ཡི། །སྡིག་ལྟུང་ཐམས་ཅད་བྱང་བར་གསུངས། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བདུན་ནས་ཉེར་གཅིག་གང་འགྲུབ་དང་། །སྦྱོང་རྒྱུད་གཙུག་དགུ་ནས་གསུང་སྔགས། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བརྒྱ་རྩ་ཡན་ཆད་ཅི་འགྲུབ་བཟླས། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཚིནྡ་ཚིནྡ་ཧཱུྃ་ཕཊ། ལས་བུམ་ལ་དམིགས་ཅུང་ཟད་བཟླ །དེ་ནས་ཚེ་འདས་གནས་འདྲེན་ནི། །རོ་འམ་གཟུགས་བྲིས་མདུན་དུ་བཞག །ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་ཡི་གེ་ནྲྀ་ཡིག་ལས་ཚེ་ལས་འདས་པ་དེ་ཉིད༔ གསོན་པོའི་གནས་སྐབས་དང་འདྲ་བ་ལ་བཀྲག་མདངས་འོད་དང་ལྡན་པ༔ ལག་ན་མེ་ཏོག་པདྨ་འདབ་བརྒྱད་བསྣམས་ནས་ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་ལ་སྐྱབས་ཞུ་བའི་འདུན་པ་མཛད་པར་གྱུར༔ ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཁྱད་པར་དུ་ལྟུང་བཤགས་ཀྱི་ལྷ་ཚོགས་སུམ་ཅུ་སོ་ལྔའི་བཀའ་བདེན་པ་དང༔ ཆོས་ཉིད་རྣམ་པར་དག་ཅིང་ལས་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས༔ འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ༔ ས་འོག་ས་སྟེང་ས་བླ༔ མཐོ་སྲིད་པའི་རྩེ་མོ་ནས༔ དམའ་ན་རག་དམྱལ་ཁམས་ཡན་གར་དང་གར་ཡོད་ཀྱང་རང་དབང་མེད་པར་གཟུགས་རྟེན་འདི་དང་གཉིས་སུ་མེད་པར་གྱུར༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ ཞེས་ལན་གསུམ། ཁུ་ཚུར་གཉིས་ཀྱི་ཧཱུྃ་གཉིས་བཀུག་པ་ཁ་སྦུབ་ནས་བརྐྱངས་ཏེ་ཚུར་དྲངས་པ་གྱེན་དུ་བཀན་ཏེ་དགྲོལ་བ་ལྟུང་བ་སློང་བའི་ཕྱག་རྒྱས། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། བསྡམས་པ་ལས་ཨོཾ་ཏྲཱཾ་ཨཱཿགསུམ་བརྐྱངས་ཏེ་སྦྱར་ནས་ཕན་ཚུན་འདུད་པ་སྡིག་པ་འཇོམས་པའི་རྒྱས། ཨོཾ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ། རྒྱ་དེ་ལན་གསུམ་དྲལ་བས། ཨོཾ་སརྦ་བིད་ཏྲཊ། དེ་ནས་ཅོག་རྡོག་གསུམ་བྲན་ལ་རིམ་པར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གཏོར་མ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་འདིས། གསོན་པོ་རྣམས་ཀྱི་ཚེ་སྲོག་ལ་གནོད་ཅིང་། འཆི་ཁ་དབུགས་སྡུད་ཕུང་པོ་བདག་ཏུ་བཟུང་ནས། ཚེ་འདས་ཀྱི་གཟུགས་སུ་སྤྲུལ་ཏེ་ཉེ་འབྲེལ་ལ་གནོད་པ། མཛའ་བཤེས་སུ་སྤྲུལ་ནས་འབོད་ཅིང་ཚེ་འདས་ཐར་པ་ཐོབ་ཏུ་མི་འཇུག་པ། གཤེད་མར་སྤྲུལ་ནས་ངན་སོང་གི་ལམ་སྟོན་ཅིང་གཤིན་རྗེའི་ཡུལ་དུ་ཁྲིད་པར་བྱེད་པ་བདུད་བགེགས་གནོད་སྦྱིན་དང་། ཤ་ཟ་དང་འབྱུང་པོའི་རིགས་དང་། གཤིན་རྗེ་ཆད་པ་ཞེས་བྱ་བའི་ཡི་དྭགས་དང་། དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་དང་། དྲི་ཟ་ཁྱབ་བྱེད་དང་། དྲི་ཟ་པི་ཤཱ་ཙ་ན་རྣམས་ཀྱི་རིགས་དང་། གནོད་སྦྱིན་སྨྲ་འདོད་དང་། གནོད་སྦྱིན་ཝ་ར་ཧི་ཏ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བའི་རིགས་སུ་གཏོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐུག་པ་མེད་པ། བར་སྣང་ཁམས་ན་གནས་པ་ཐམས་ཅད་ལ་བསྔོ་འོ། །སྦྱིན་ནོ། །མགུ་ཞིང་ཚིམས་ནས་དམིགས་ཡུལ་མིང་དུ་བྲིས་པ་འདི་རྣམས་ལ་གནོད་ཅིང་འཚེ་བ་སྤོངས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། གཡས་གཡོན་དུ་ལན་གསུམ་བསྐོར་ལ་དོར། ཏིང་ལོ་དང་ཆངས་བུ་གསུམ་ཡང་དེ་བཞིན་ལན་གསུམ་བསྐོར་ཞིང་དོར། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་ལན་གསུམ་བརྗོད། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས། བཛྲ་ཀྲོ་དྷ་ས་མཱ་ཛ༔ ཧཱུྃ༔ བསྒོ་བའི་བཀའ་ལ་མི་ཉན་པའི༔ བགེགས་དང་ལོག་འདྲེན་འབྱུང་པོ་རྣམས༔ ཁྲོ་བོ་བརྩོན་འགྲུས་མཐའ་ཡས་ཀྱིས༔ རྡོ་རྗེ་ཕུར་པས་དམ་དུ་ཐོབས༔ གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་གྱིས༔ བགེགས་ཀྱི་རྫུ་འཕྲུལ་མེད་པར་གྱིས༔ ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས༔ དེ་ཡི་བརྩོན་འགྲུས་ཉམས་པར་གྱིས༔ དབྱུག་སྔོན་ཅན་གྱིས་དབྱུག་ཏོས་རྡུངས༔ གནོད་མཛེས་ཀྱིས་ནི་རེངས་པར་གྱིས༔ མི་གཡོ་མགོན་པོས་དམ་དུ་ཆིངས༔ ཡེ་ཤེས་མེ་ཡི་འོད་ཀྱིས་སྲེགས༔ ཨོཾ་སུམྦྷ་ནི་སོགས་གསུམ། ཡུངས་དཀར་མེད་ན་ནས་ཐུན་གྱིས་བྲབ་བོ། །དེ་ནས་གཡས་སུ་མར་མེའམ་མེ། གཡོན་དུ་ཆུ་སྣོད། དབུས་སུ་མེ་ལོང་སྟེང་དུ་ཏིལ་ནག་བཞག་ལ། ཚེ་ལས་འདས་པའི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་སྡིག་སྒྲིབ་ཀྱི་ས་བོན་ཀཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་ཏེ་ཡོད་པ། རླུང་གཡོས་ལྟེ་བའི་གཏུམ་མོ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྙིང་ཁའི་ཀཾ་དེ་སྡིག་པ་རྭ་ཙའི་རྣམ་པར་སྣ་སྒོ་ནས་ཕྱིར་ཐོན། མདུན་གྱི་ཏིལ་ནག་ལ་ཐིམ་པར་གྱུར། མདུན་གྱི་མེ་ཆུ་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས། མེ་ནང་དུ་ཁྲོ་མོ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དྲིལ་བུ་འཛིན་པ་ཞལ་ཤིན་ཏུ་གདངས་པའི་ནང་དུ་སྡིག་གཟུགས་བསྲེགས་པར་གྱུར། ཏིལ་ཚེ་འདས་ལ་པད་ཀོར་བཅས་ཀྱིས་བསྐོར་ཞིང་ལན་དགུར་བསྲེག་ཅིང་། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། དགུ། བཛྲ་མུཿ མི་དམིགས་པར་བསམ། བདེ་གཤེགས་སུམ་ཅུ་སོ་ལྔའི་སྐུའི་འོད་ཟེར་གྱིས་སྡིག་སྒྲིབ་རྣམས་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསམ་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནེ་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎ་ནི་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྷྲཱུྃ་བི་ནཱ་ཤ་ཡ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བྱེ་མས་བྲབ། དཀྱིལ་འཁོར་རམ་གསེར་སྐུ་མེ་ལོང་ངོས་ལ་འཆར་བ་ལ་ཁྲུས་བྱ་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་ལྔ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱི་འོ། །ཧཱུྃ། རྒྱལ་བའི་སྐུ་ལ་ཉེས་སྐྱོན་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་དྲི་མ་སྦྱང་སླད་དུ། །ཆུ་གཙང་འདག་ཆལ་སྨན་སྤོས་ཁྲུས་བགྱིས་པས། །སེམས་ཅན་སྒོ་གསུམ་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ཤོ་དྷ་ནེ་སྭཱ་ཧཱ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ཤོ་དྷ་ནེ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ཤོ་དྷ་ནེ་སྭཱ་ཧཱ། ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ཚེ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་གྱུར། །སྤྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། གོས་འབུལ་བ་ནི། ཧཱུྃ་ཧྲཱིཿ སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསཏྲཾ་ཨཱཿཧཱུྃ། ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ལ་བུམ་པ་གཞན་མེད་ཀྱང་སླར་བླུགས་ལ་དེ་གས་རུང་། དམིགས་རྟེན་བཀྲུ་ཞིང་། ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །གཟུངས་སྔགས་རིང་ཐུང་གང་རུང་གི་མཇུག་ཏུ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། འོག་གི་ཚིག་མཚམས་ཀུན་ལ་འགྲེ་འོ། །ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་ཁྲུས་གསོལ་ལོ། །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱང་སླད་དུ། །སྦྱིན་པའི་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཧཱུྃ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །འཆལ་བའི་དྲི་མ་སྦྱང་སླད་དུ། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱང་སླད་དུ། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱང་སླད་དུ། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱང་སླད་དུ། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱང་སླད་དུ། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །གཟུངས་དང་། དམིགས་ཡུལ་གྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །གཟུངས་དང་། དམིགས་ཡུལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱོད་ལ་སྡིག་པར་མ་གྱུར་ཅིག །དམིགས་ཡུལ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །དེ་ཡང་བར་དོ་རྩ་བའི་ཚིག་ལས། ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོའི་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ ཅེས་དང་། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། ཁྱེད་རང་གི་མདུན་གྱི་ནམ་མཁར་རང་གི་རྩ་བའི་བླ་མ་དེ་ཉིད་ངོ་བོ་བླ་མ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་སྒོམས། དེ་ལ་དཀྱིལ་འཁོར་ནང་མ་ལ་སངས་རྒྱས་བཞིས་བསྐོར་བ། དེའི་ཕྱི་རིམ་གསུམ་ལ་སངས་རྒྱས་སུམ་ཅུས་བསྐོར་བ། སྟེང་གི་ནམ་མཁའ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུར་བཞུགས་པའི་དྲུང་དུ། ཚེ་འདས་ཁྱེད་རང་གིས་ཕྱག་འཚོལ་ཅིག་དང་། ཁྱེད་ཀྱི་གྲོགས་ལྡན་དུ་དམིགས་ནས་ངེད་དཔོན་སློབ་དང་། ཁོང་གཉེན་འདུན་རྣམས་ཀྱིས་ཀྱང་ཕྱག་འཚལ་རོགས་བྱེད་པ་ཡིན་ནོ། །ཉེ་དུ་སེམས་བརྩེ་བ་ལ་ཕྱག་འཚལ་བཅུག །རང་གི་ཡང་ཐལ་མོ་སྦྱར་ཏེ་མགོ་བོ་འདུད་པ་རེ་དང་བཅས། ཚེ་ལས་འདས་པ་ཆེ་གེ་དུས་རྟག་པར་བླ་མ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ལ་ཕྱག་འཚལ་ལོ༔ སོགས་ནས། རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བར་བརྗོད། དེ་དག་ཀུན་ལ་ཕྱག་འཚལ་བས། །སྡིག་སྒྲིབ་མ་ལུས་འདག་པར་འགྱུར། །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི་འོ། །ད་ཚེ་ལས་འདས་པ་ཁྱོད་རང་གིས་སྡིག་པ་ཐམས་ཅད་བཤགས་པའི་མོས་པས་ངེད་ཀྱི་ལད་མོ་གྱིས། དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་། འཕྲོག་ཏུ་བསྩལ་བ་དང་། ཕྲོགས་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་བསྩལ་བ་དང་། ཞུགས་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་དུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པ་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །བདག་གམ། གཞན་ནམ། ཚེ་འདས་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་ལྟུང་བ་བཤགས་པ་འདི་བརྗོད་པས། །དེ་དག་མ་ལུས་ཡོངས་སུ་བྱང་བར་འགྱུར། །ད་ལས་བཟང་པོའི་འཕྲོ་མཐུད་ནས། དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཕྱིར་མཎྜལ་དང་རྗེས་ཟློས་རྣམས་ཀྱི་ལད་མོ་གྱིས། ས་གཞི་སྤོས་སོགས། ཨེ་མ་བླ་མ་རིན་པོ་ཆེ༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ འདི་ལ་ཐུགས་རྗེས་གཟིགས་སུ་གསོལ༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ བླ་མས་ལན་གདབ་པ། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཡང་སློབ་བུས་ཞུ་བ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་བུ་གཅིག་པུ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ཞེས་བླ་མ་དང་དཀྱིལ་འཁོར་ལ་ཕྱག་དང་བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། མིག་དར་བཀབ་ལ། ཧོ༔ རྩ་གསུམ་བླ་མའི་དཀྱིལ་འཁོར་འདིར༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་ཀྱི་འཕྲོ་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ མེ་ཏོག་དཀྱིལ་འཁོར་ནང་དུ་དོར། ཁྱོད་ཀྱི་མིང་ནི་དྲི་མེད་རྡོ་རྗེའོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཚེ་འདས་ཉིད།་་་ཚེ་ལྡན་ཉིད།མཆན། བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ནི༔ གསེར་མདོག་ས་གནོན་མཉམ་གཞག་མཛད། །གནས་གསུམ་འབྲུ་གསུམ་ཧཱུྃ་འོད་ཀྱིས། །འོག་མིན་གནས་ནས་དེ་བཞིན་གཤེགས། །སུམ་ཅུ་སོ་ལྔ་ཆར་བཞིན་བབས། ཁྱེད་དང་དབྱེར་མེད་གཅིག་ཏུ་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ཝེ་ཤ་ཡ་ཨཱཿཨཱཿ དྲིལ་བུ་འཁྲོལ་ཞིང་ལན་མང་བརྗོད། །བརྟན་ཕྱིར་རྡོ་རྗེ་སྤྱི་བོར་བཞག །ཏིཥྛ་བཛྲཿ ཧོ༔ ཇི་ལྟར་མིག་མཁན་མིག་དབྱེ་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཏོག་ནི༔ རིག་པའི་ངང་དུ་ད་དབྱེ་བས༔ དཀྱིལ་འཁོར་ལྷ་ལ་ལེགས་པར་ལྟོས༔ ཨོཾ་བཛྲ་པ་ཤྱ་ཧོཿ ཞེས་ལྷ་ངོ་སྤྲད་དོ༔ བུམ་པ་བཟུང་ལ་དབྱངས་དང་བཅས། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ལྟུང་བ་བཤགས་པའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱལ་བ་རབ་འབྱམས་ཅོད་པན་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ བྱང་ཆུབ་ཆེན་པོ་བསྒྲུབ་པར་གྱིས༔ ཅོད་པན་དབང་ནི་ཁྱོད་ཀྱིས་ལོངས༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ སྐལ་ལྡན་བུ་ལ་འདི་བསྐུར་བས༔ རྡོ་རྗེའི་དབང་ནི་ཁྱོད་ཀྱིས་ལོངས༔ པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ འགྲོ་དོན་མཉམ་ཉིད་དྲིལ་བུའི་དབང༔ སྐལ་ལྡན་བུ་ལ་འདི་བསྐུར་བས༔ དྲིལ་བུའི་དབང་ནི་ཁྱོད་ཀྱིས་ལོངས༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེའི་མིང་གི་དབང་བསྐུར་ནི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ མིང་གི་དབང་ནི་སྦྱིན་པར་བྱ༔ ཁྱོད་ཀྱི་མིང་ནི་དྲི་མེད་རྡོ་རྗེ་ཞེས་བྱའོ། །དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་པས༔ དུག་ལྔའི་ཕུང་པོ་གནས་དག༔ ཡེ་ཤེས་ལྔ་དང་སྐུ་ལྔ་རང་བཞིན་ལྷུན་གྲུབ་ཀྱི་དབང་ཐོབ་སྟེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་གསུང་ཡིག་འབྲུ་ལ་ཨཱ་ལི་ཀཱ་ལིས་བསྐོར་བ་ངག་ལ་ཐིམ་པའི་མོས་པ་གྱིས། ཧཱུྃ༔ དུས་གསུམ་རྒྱལ་བའི་སྒྲ་དབྱངས་ནི༔ ཐབས་ཤེས་ཡིག་འབྲུའི་རྣམ་པ་ཅན༔ མ་ངེས་ཁ་དོག་སྣ་ཚོགས་པ༔ ཨཱ་ལི་ཀཱ་ལི་བཞི་བཅུ་བརྒྱད༔ ཡིག་འབྲུ་གསུང་གི་དབང་ཐོབ་ཤོག༔ ཡིག་བརྒྱ་དང་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དང་བཅས་པ་བཟླས་ཤིང་མགྲིན་པར་བསྐུར། ཕྱག་མཚན་ལྔའི་ཙཀ་ལི་སྙིང་ཁར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ནི༔ རྡོ་རྗེ་རིན་ཆེན་པདྨ་དང༔ རལ་གྲི་འཁོར་ལོ་རྣམ་པ་ལྔ༔ གཞན་ཡང་ཕྱག་མཚན་བསམ་མི་ཁྱབ༔ ཐུགས་མཆོག་དབང་བསྐུར་ཐོབ་པར་ཤོག༔ དེ་ནས་ཐིག་ལེ་དཀར་སེར་དམར་ལྗང་སྔོ་བ་རྣམས་ལྟེ་བའི་གནས་སུ་བཞག་ལ། ཧཱུྃ༔ སྲིད་པ་ཆགས་བྱེད་ལྟེ་བ་ལ༔ ཁ་དོག་ལྔ་ཡིས་དབང་བསྐུར་བས༔ ཉོན་མོངས་བག་ཆགས་རྩད་ནས་འབྱིན༔ རྩ་མདུད་ཐམས་ཅད་རང་གྲོལ་ནས༔ ཡོན་ཏན་རང་བཞིན་རྒྱས་པར་ཤོག༔ ས་ཆུ་མེ་རླུང་ནམ་མཁའི་གཟུགས་དབྱིབས་ལྔའི་ཙཀ་ལི་གསང་གནས་སུ་བཞག་ལ། ཧཱུྃ༔ ཕྱི་ནང་དབྱེར་མེད་ཟང་ཐལ་ཡང༔ འབྱུང་བ་ལྔ་ནི་སོ་སོར་གསལ༔ གང་ལ་གང་འདུལ་དེ་བཞིན་སྟོན༔ འབྱུང་བས་གར་ཁྱབ་དེ་ཉིད་དུ༔ དམ་པའི་ཆོས་ཀྱིས་ཁྱབ་པར་ཤོག༔ བསྡུ་ན་དེས་ཆོག་ལ། རྒྱས་པར་སྤྲོ་ན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་རྣམས་ཀྱིས་མཐའ་རྟེན་བྱའོ། །ཐེག་པ་སྤྱི་དབང་ནས་ཁོལ་འདོན་རུང་བར་གསུངས་ལྟར་ཡིན་པས་འདི་གུད་དུ་ཐོབ་མི་དགོས་སོ། །དེ་ནས་དབང་གི་མཐའ་རྟེན་ནི། བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ལ༔ ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོག༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ པདྨ་དྲི་བྲལ་མདངས་དང་ལྡན༔ དམ་ཆོས་ཀུན་གྱི་ཆར་འབེབ་ཤོག༔ བུམ་པ་དགོས་འདོད་རེ་བ་སྐོང༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག༔ རྒྱལ་མཚན་མི་ནུབ་བརྟན་པའི་དཔལ༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ དཔལ་གྱི་བེ་འུ་འོད་འབར་ཆེ༔ འཁྲུལ་མེད་ཐུགས་དང་ལྡན་པར་ཤོག༔ འཁོར་ལོ་རྩིབས་བརྒྱད་ཕྱག་ཞབས་མཚན༔ མི་ཤིགས་རྡོ་རྗེ་བརྟན་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨཱ་དརྴ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུས་པར་ཤོག༔ པདྨ་ལི་ཁྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གི་ཝཾ་དུག་གསུམ་སེལ་བ་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ དུཿཁ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུངས་དཀར་དྲག་པོའི་རྫས་མཆོག་དམ་པ་སྟེ༔ བར་ཆད་གདོན་བགེགས་ཞི་བའི་དབང་ཐོབ་ཤོག༔ ཛཿཐུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྩ་མཆོག་དཱུར་བས་ཚེ་ཡི་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལེན་པར་ཤོག༔ ཧྲྀ་ད་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དུང་དཀར་པོ་སྙན་པས་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ ན་མཿསརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཆོད་རྫས་བིལ་བ་བཀྲ་ཤིས་རྫས་འདུས་ཏེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བཱི་ཛ་པཱུ་རཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བཀྲ་ཤིས་རྫས་བརྒྱད་ཀྱིས་དབང་བསྐུར་པས༔ རྒྱལ་བུ་རྒྱལ་སར་ཁྲི་སྟོན་བྱེད་པ་ལྟ་བུར་འགྱུར་རོ༔ དེ་ནས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་དབང་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་སྡོམ་བརྒྱད་གཏེར༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པཱ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་དབང་ཐོབ་ཤོག༔ མ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ རྫུ་འཕྲུལ་རྐང་ལྡན་དབང་ཐོབ་ཤོག༔ ཨ་ཤོ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྒྱལ་སྲིད་སྣ་བདུན་གྱིས་དབང་བསྐུར་པས༔ འཕགས་པའི་ནོར་བདུན་དང་ལྡན་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག༔ དེ་ནས་ཟས་བསྔོ་བྲན་གསུར་བྱས་ལ། ཨོཾ་ལས་ལྷ་རྫས་འདོད་ཡོན་ནམ་མཁའ་གང་བར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ འཇིག་རྟེན་འདི་ནས་ཚེ་ལས་འདས་པ་འདི་ལ་སྦྱིན་ནོ༔ བསྔོ་འོ༔ མིག་གི་ཡུལ་དུ་གཟུགས་མཛེས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ༔ སྣའི་ཡུལ་དུ་དྲི་ཞིམ་པ༔ ལྕེའི་ཡུལ་དུ་རོ་བྲོ་བ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ༔ ཡིད་ཀྱི་ཡུལ་དུ་བདེ་བས་ཚིམ་པ༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ཅིག༔ ཧཱུྃ༔ སྣང་སྲིད་འགྲོ་བ་རིགས་དྲུག་དང༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང༔ རང་གི་ཚེ་རབས་ཡུན་གྱི་རྒྱགས༔ ལོངས་སྤྱོད་ཚེ་ཡི་རྒྱགས་འདི་ལོངས༔ འདི་ནི་སྔོན་གྱི་དམ་ཚིག་སྟེ༔ དེ་ཕྱིར་ལོངས་སྤྱོད་ཟས་འདི་ལོངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་འཛད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་གནས་སུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་ལ༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོ་ཡུལ་རེ་ཡངས༔ འགྲོ་བ་རིགས་དྲུག་གཅོང་རོང་ཆེ༔ པདྨོ་བཀོད་པའི་ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷུན་རེ་སྡུག༔ སེམས་དཔའ་སེམས་མ་གྲོགས་རེ་བཟང༔ དེ་བས་ཚེ་འདས་ཆེ་གེ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ འདོད་པའི་ཡོན་ཏན་ལྔ་ལ་སོགས་དག་ཅིང་འབྱོར་པ་འདི་དག་ཐམས་ཅད་ཡུན་གྱི་ཟས་སྐལ་དང༔ མི་འཛད་པའི་ལོངས་སྤྱོད་དང༔ དགེ་བའི་རྩ་བར་བསྔོས་པའི་ཟས་གཏད་འདི་ལོངས་ལ༔ འཁོར་བའི་གནས་འདིར་མ་ཞེན་པར༔ སེམས་སྟོང་པ་སྐྱེ་ཤི་མེད་པའི་དོན་ལྟོས་ལ་བདེ་ཆེན་དག་པའི་ཞིང་དུ་བཞུད་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལཾ་བྷ་ཏ་བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི༔ ཨརྒྷཾ་པྲ་ཏཱིཙྪ་ཧོ༔ འཕྲལ་དུ་བྱང་བུ་བཞུའམ་མི་བཞུ་ན་ཡང་འདིར་མར་མེ་བསྟན་ཙམ་བྱས་ལ་འདོན། ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། །བསྒྲུབ་བྱ་ལྷ་ཡི་སྐུར་གནས་པའི། །ལྟེ་འོག་ཨ་ཐུང་ཡེ་ཤེས་མེ། །འབར་བས་སྡིག་སྒྲིབ་སྡུག་བསྔལ་དང་། །རྣམ་སྨིན་ལུས་དང་ཡིད་ལུས་ཀྱི། །སྒྲིབ་པའི་བག་ཆགས་ཐམས་ཅད་བསྲེགས། །དག་པ་བཅོམ་ལྡན་ཤཱཀ་ཐུབ་ཀྱི། །སྐུ་རུ་མངོན་སུམ་ཉིད་དུ་གྱུར། །འོད་ཕུང་འཁྲིགས་པའི་དབུས་ན་བཞུགས། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྡོར་སེམས་ལ་སོགས་བཅོམ་ལྡན་འདས། །དཀར་པོ་གྲངས་མེད་སྤྱན་དྲངས་བསྟིམས། །སྡིག་སྒྲིབ་ནད་གདོན་ཐམས་ཅད་ཞི། །འཇམ་དབྱངས་ལ་སོགས་སེམས་དཔའི་ཚོགས། །སེར་པོ་དཔག་མེད་སྤྱན་དྲངས་བསྟིམས། །བསོད་ནམས་ཡེ་ཤེས་མཁྱེན་པ་རྒྱས། །ཕག་མོ་ལ་སོགས་ཌཱ་ཀིའི་ཚོགས། །དམར་མོ་གྲངས་མེད་སྤྱན་དྲངས་བསྟིམས། །རླུང་སེམས་རང་དབང་ཐོབ་པར་གྱུར། །ཧེ་རུ་ཀ་སོགས་ཁྲོ་བོའི་ཚོགས། །མཐིང་ནག་དཔག་མེད་སྤྱན་དྲངས་བསྟིམས། །བདུད་བཞི་ཉོན་མོངས་ཟད་པར་བྱས། །དམིགས་ཡུལ་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །ཨོ་རྒྱན་སོགས་ཀྱི་མཚན་ནས་རྒྱང་འབོད་དང་། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །གོང་གི་གཟུངས་རིང་བཟླས་ཤིང་བསྲེག །ཚེ་འདས་ཀྱི་རྣམ་ཤེས་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་དེ་ཉིད་ནམ་མཁར་བཏེགས་ཏེ། ཧོ༔ ཚེ་ལས་འདས་པ་ཁྱོད་ཉོན་དང༔ འདི་ནས་ནུབ་ཕྱོགས་བདེ་ཆེན་ཞིང༔ མགོན་པོ་སྤྱན་རས་གཟིགས་དབང་དང༔ སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ བྱང་ཆུབ་སེམས་དཔའི་འཁོར་དང་བཅས༔ སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ༔ ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔ སུ་ཞིག་དེ་ཡི་མཚན་འཛིན་ནས༔ མོས་ཤིང་གུས་པ་མཆོག་བསྐྱེད་ན༔ ཞིང་མཆོག་དེར་ནི་སྐྱེ་བར་གསུངས༔ དེ་ཕྱིར་ཁྱོད་ཀྱིས་གུས་ཆེན་སྐྱེད༔ ང་ནི་ཐུགས་རྗེ་ཆེན་པོ་སྟེ༔ ཁྱོད་ཀྱི་ལམ་མཆོག་འདྲེན་པ་ཡིན༔ འདི་དང་ཞིང་དེའི་བར་ལམ་དུ༔ ཁྱོད་ཀྱི་ཕ་མ་ང་ཡིན་ཟེར༔ ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར༔ འོ་དོད་ལྷང་ལྷང་འབོད་པ་ལ༔ དེ་ལ་སྐད་ལན་མ་སྦྱིན་ཅིག༔ དེ་ལ་ཕྱི་མིག་མ་བལྟ་ཞིག༔ ཉེ་འཁོར་ཡུལ་ལ་མ་ཆགས་ཤིག༔ སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག༔ བདེ་བ་ཅན་གྱི་ཞིང་དུ་བཞུད༔ ཀྱཻ། ཚེ་ལས་འདས་པ་ཆེ་གེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །འདི་ནས་ངེས་པར་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དང་། འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར་ནས་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར་རིགས་ཀྱི་བུ་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོང་ཞིག །གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག །ཞིང་ཁམས་དེའི་ཡོན་ཏན་ལ་མོས་གུས་དུང་དུང་བའི་ངང་ནས་རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕངས་པ་ལྟར་བཞུད་ཅིག །རྩེ་གཅིག་ཏུ་བཞུད་ཅིག །བདེ་བ་ཅན་གྱི་ཞིང་ཁམས་དམ་པ་དེ་ཟུངས་ཤིག །ཨོཾ་པདྨེ་པདྨེ་པདྨ་སམྦྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱཿ བདེ་བ་ཅན་གྱི་འོད་དཔག་མེད་གཙོ་འཁོར་གསུམ་ལ་མོས་གུས་དུང་དུང་བྱས་པ་ཙམ་གྱིས་སྐུ་གསུང་ཐུགས་ལས་ཐུགས་རྗེའི་འོད་ཟེར་འཇའ་སྣམ་གྱི་ཤར་བུ་བརྐྱང་བ་ལྟར་ནར་གྱིས་བྱུང་བའི་སྣ་ལ་ཚེ་འདས་ཀྱིས་འཇུས་པ་དང་ཡར་ཙེན་གྱིས་བླངས་ཏེ། མདུན་གྱི་པདྨའི་སྦུབས་སུ་ཐིམ་པས་བརྫུས་སྐྱེས་སྤྲུལ་པའི་སྐུ་ཐོབ་པར་གྱུར། ཕཊ། ཕཊ། ཕཊ། སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་སོ་ལྔའི་ལྷ་ཚོགས་དེ་དག་ཐམས་ཅད་ཚེ་ལས་འདས་པ་ལ་དགོངས་སུ་གསོལ། ཚེ་འདས་ཀྱི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་པའི་དགེ་བའི་རྩ་བ་གང་ལགས་པ་དང་། ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བླ་ན་མེད་པ་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་ཚེ་འདས་ཀྱིས་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །ཚེ་འདས་ཀྱིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །པད་མོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པད་མོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག ༈ །དེ་ནས་རྗེས་ཆོག་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོར་བཟོད་པར་གསོལ། །ཡིག་བརྒྱ་བཟླ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་དེ་ཡིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སོགས་ཀྱིས་དགེ་རྩ་རྣམས་བསྔོ་འོ། །མདུན་བསྐྱེད་ཀྱི་དེ་བཞིན་གཤེགས་པའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ༔ དེས་བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འཕྲལ་དུ་དག་པར་འགྱུར་རོ༔ ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུ་ལས་ཕྱི་མདོ་དང་བསྟུན་ནས་མདུན་བསྐྱེད་སྒྲུབ་པའི་གདམས་པ་ཟབ་མོ༔ བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་གསུངས་པའི་ཆོས་ཉ་པ་ལྔ་བརྒྱའི་དོན་དུ་མཛད་པས༔ ཉ་དང་མི་ཐམས་ཅད་དག་པའི་ཞིང་དུ་སྐྱེས་པ་འོ༔ སངས་རྒྱས་སུམ་ཅུ་རྩ་ལྔ་འདི་དག་གི་མཚན་རེ་རེ་ཙམ་རྣ་བར་ཐོས་པས་ཀྱང་ལས་ངན་སྡིག་སྒྲིབ་མ་ལུས་པར་དག་ནས་ཕྱིར་མི་ལྡོག་པའི་ས་ལ་སྐྱེ་བར་གསུངས་སོ༔ ཕྱི་སྒྲུབ་འདི་ནི་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་ཡིན་ལ། ངན་སོང་སྦྱོང་རྒྱུད་ཤཱཀྱ་ཐུབ་པའི་སྐུའི་དཀྱིལ་འཁོར་གྱི་སྐབས་སུ། ཤི་བའི་རོའམ་གཟུགས་སམ་མིང་ལ་སོགས་པ་བྲིས་ཏེ། བཟླས་པ་དང་། སྦྱིན་སྲེག་དང་དབང་རྣམས་སྔ་མ་བཞིན་དུ་བསྐུར་བས་ངན་སོང་ཐམས་ཅད་ལས་གྲོལ་བར་བྱེད་དོ། །ཞེས་གསུངས་པའི་དོན་ཡིན་ནོ། །ཞེས་པ་ཆོས་འདིའི་བདག་པོ་རིན་པོ་ཆེ་བསྟན་པ་དར་རྒྱས་ཀྱི་སྤྲུལ་པའི་སྐུ་དང་དབོན་པོའི་གསུང་གིས་བསྐུལ་བ་ལ། རྩ་བ་གསུམ་གྱི་ལྷ་ཚོགས་ལ་མཎྜལ་བརྒྱ་རྩ་ཕུལ་ནས་གསོལ་བ་བཏབ་པས་མ་བཀག་ཅིང་འགྲོ་དོན་ཨན་ཙམ་འབྱུང་བའི་ལྟས་མཐོང་བས། ཆུ་ཕོ་བྱི་བའི་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་དྲུག་ནས་བཟུང་སྟེ་ཐུབ་པའི་བཀའ་དང་གཏེར་གཞུང་ནས་བཏུས་ཏེ། རཱ་ག་ཨ་སྱས་བསྒྲིགས་པ་ཚེས་བརྒྱད་ལ་ལེགས་པར་གྲུབ་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ། །འདི་ལ་ཉེས་འགལ་གང་མཆིས་ཆོས་བདག་གཏེར་སྲུང་རྣམས་ལ་བཤགས་ཤིང་། དགེ་བས་འདི་དང་འབྲེལ་པ་ཐོབ་ཚད་ཀྱི་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །སརྦ་མངྒ་ལཾ། །བྷ་ཝནྟུ། ཤུ་བྷཾ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ་ (Volume 10, Text 25)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་སྙིང་པོའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། བྱིན་རླབས་ཆར་འབེབ་དངོས་གྲུབ་མཛོད། །བར་ཆད་ཀུན་སེལ་བླ་མ་ལྷར། །བཏུད་ནས་དེ་ཡི་སྨིན་བྱེད་དབང་། །འབྲིང་བསྡུས་སྙིང་པོའི་སྣང་བ་དབྱེ། །འདི་ལ་གསུམ། སྦྱོར་བ་ལྷག་པ་གཟུགས་བརྙན་གྱི་རྟེན་འདུ་བྱ་བ། དངོས་གཞི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྙེན་ཅིང་སྒྲུབ་པ། གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་མཐའ་རྒྱས་དང་བཅས་པའོ། །དང་པོ་ནི། གནས་གཙང་ཞིང་བཀོད་པས་མཛེས་པར་སྟེགས་བུའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་རབ་གནས་དང་ལྡན་པའམ། མཎྜ་ལར་དྲི་བཟང་གི་ཐིག་ལེ་བཀོད་པར་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ། དེའི་སྟེང་དུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན། ཐོད་པ་མཚན་ལྡན་བདུད་རྩིའི་བཅུད་ཀྱིས་གང་བ་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་ཧྲཱིཿཡིག་གིས་མཚན་པ་བཀོད་པས་ཁ་བཅད་པ་རྣམས་བརྩེགས་མར་བཤམ། གཡས་སུ་དབང་གཏོར་རི་རབ་བང་རིམ་བཞི་པའི་ཁར་རིན་ཆེན་ཟུར་བརྒྱད་དེའི་སྟེང་དུ་པད་འདབ་བཞིའི་དབུས་སུ་དཔལ་གཏོར་བརྗིད་ལྡན་དམར་པོ་རྒྱན་སྤྲོས་གང་མཛེས་དར་གདུགས་བཅས། གཡོན་དུ་གུ་རུའི་སྐུ་འབག །དཀྱིལ་འཁོར་གྱི་དབུས་སམ་གང་བདེར་ལྷ་ཙཀ །སྔགས་ཕྲེང་། མེ་ལོང་། མཐའ་རྟེན་འགྲོ་འདུལ་ཚེའི་དབང་བསྐུར་ན་ཚེ་བུམ། ཚེ་རིལ། ཚེ་ཆང་། ཚེ་མདའ། གཞན་ཡང་མཆོད་པའི་ཡོ་བྱད་ཉེར་སྤྱོད་སྨན་གཏོར་རཀྟ་ཚོགས་ཀྱི་མཆོད་པ། བཀའ་གཏེར་སྲུང་མའི་གཏོར་མ། སྔོན་གཏོར། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ་ཌཱ་མ་རུ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ནི། གསོལ་འདེབས་ཆོས་སྐུ་ཀུན་བཟང་དང་བརྒྱུད་པའི་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། གཞི་མ་དུལ་བ་ཡིན་ན་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་བཏང་། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་པས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ལས་བྱང་རྒྱས་འབྲིང་གང་རུང་གི་སྐྱབས་སེམས་ནས་འཇུག་དགོས་ཀྱང་། འདིར་རེ་ཞིག་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་ཕྲིན་ལས་སྙིང་པོའི་རྣལ་འབྱོར་དང་སྦྱར་ཏེ་བརྗོད་ན། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ་གྱིས་སྐྱབས་སེམས་བྱ། སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། བགེགས་གཏོར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་ལྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་མཐར། ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟ་སྭཱ་ཧཱ། ལན་གསུམ་གྱིས་བསྔོའོ། །ཧཱུྃ༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ སུམྦྷ་སོགས་དྲག་སྔགས་བཟླ་ཞིང་། གུ་གུལ་བདུག །རོལ་མོའི་ཚམ་རྔམ་བཅས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བརྟན་པར་བསྒོམ། བྱིན་འབེབ་ནས་བརྩམ་བསྟོད་པའི་བར་གཞུང་ལྟར་མཐར་ཆགས་སུ་བཏང་རྗེས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱིས་ཛཔ྄་བསྐུལ། སྤྱི་བོའི་རིགས་བདག་སོགས་བཟླས་དམིགས་དང་བཅས། སྐུ་གསུམ་དང་། སྤྱི་དྲིལ། ལས་སྦྱོར་རྣམས་རིམ་པར་ཇེ་ཉུང་བཏང་བའི་བཟླས་པ་གྲངས་ཅི་རིགས་པའི་རྗེས། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་གཟུངས་ཐག་ནས་བཟུང་སྟེ་གོང་གི་བཟླས་པ་ཇི་ལྟར་ནུས་པ་དང་། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང་། གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ། ཚེ་དབང་དང་འབྲེལ་ན། བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་ལྔར་རིགས་ལྔ་ཚེ་དཔག་མེད་སྐད་ཅིག་གིས་གསལ་བའི་སྐུ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་ཅིང་ནུས་ལྡན་དུ་གྱུར་པར་བསམས་ལ། ཚེ་མདའ་གཡབ་ཅིང་། ཧཱུྃ་ཧྲཱི༔ རྣམ་སྣང་ཡབ་ཡུམ་སོགས་ཞལ་གདམས་སྙིང་བྱང་ལས་བྱུང་བའི་ཚེ་འགུགས་བཏང་། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ ཞེས་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་དམ་ཡེ་དབྱེར་མེད་དུ་བྱ། དམ་ཅན་སྤྱི་གཏོར། བཀའ་སྲུང་ཚེ་རིང་མཆེད་ལྔ་དང་། གཏེར་སྲུང་ཁྱུང་བཙུན་མའི་གཏོར་འབུལ་སྐོང་བཤགས་རྒྱས་བསྡུས་གང་རིགས། གཏེར་སྲུང་སྤྱི་གཏོར། གཞི་བདག་གཏོར་མ། ཚོགས་བྱིན་རླབས་བསྒྲལ་བསྟབ་ཡན་ཕྱག་ལེན་ལྟར་གྲུབ་པར་བྱའོ། །གསུམ་པ་ནི། སློབ་མ་རྣམས་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ནང་དུ་འཇུག་པ་ན། ཨོཾ་ཧ་ཡ་གྲཱི་བ་སོགས་བགེགས་གཏོར་བསང་སྦྱང་ནས་བརྩམ་སྟེ་བསྐྲད་པའི་བར་གོང་ལྟར་དང་། གཉིས་མེད་ཡེ་ཤེས་སོགས་ནས། རཀྵ་བྷྲཱུྃ༔ ཞེས་བརྗོད་པས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་གསལ་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲད། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བ་ལས། འདིར་རྒྱུའི་ཆོས་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་རྒྱ་གར་འཕགས་པའི་ཡུལ་དུ་གསར་རྙིང་ཞེས་གྲགས་པ་མེད་ཀྱང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བའི་འགྱུར་སྔ་ཕྱིའི་བྱེ་བྲག་ལས་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་ཞེས་ཡོངས་སུ་གྲགས་པའི་ནང་གསེས། སྔ་འགྱུར་རྡོ་རྗེ་ཐེག་པ་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པ་ལས། འདིར་ཉེ་བརྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་གཏེར་ཁ་གོང་འོག་གིས་མཚོན་པའི་བཀའ་སྲོལ་མི་འདྲ་བ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། འཇམ་པའི་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པ་ས་བཅུའི་དབང་ཕྱུག་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། ཚད་མ་གསུམ་གྱིས་གྲུབ་ཅིང་། སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བསྔགས་པས་རྩོད་པ་ཐམས་ཅད་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་སྟོབས་ཀྱི་རིག་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པ་ལས། རྗེ་ཉིད་དགུང་གྲངས་ཉི་ཤུར་སོན་པ་ས་ཕོ་སྤྲེའུ་ལོའི་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར། སྐུ་ཡི་ཡོན་ཏན་གྱི་གནས་མཆོག་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་རྡོ་རྗེའི་ཞབས་འོག་ནས་བར་ཆད་མེད་པར་སྤྱན་དྲངས། ལོ་བརྒྱད་ཤིན་ཏུ་གསང་ཞིང་ཐུགས་ཉམས་སུ་བཞེས། སླར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང། དབང་བསྐུར། གདམས་པ་གནང་། ལུང་བསྟན་དབུགས་དབྱུང་གི་ཁྱད་པར་ཅན་གྱིས་སྐབས་ཕྱེ་སྟེ་རིམ་བཞིན་དུ་སྤེལ་བར་མཛད་པའི་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཐམས་ཅད་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོར་ཡིན། དེ་ལ་ཟབ་ལམ་འདི་ཉིད་རྒྱུད་སྡེའི་དབང་དུ་བྱས་ན། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ནང་ཚན། བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ཅིང་། མན་ངག་གི་ངེས་པས་སྒྲུབ་སྡེ་བཀའ་བརྒྱད་ཀྱི་བྱེ་བྲག་པདྨ་གསུང་གི་ཕྱོགས་སུ་བསྡུས་ཀྱང་མི་འགལ་ལ། མདོར་ན་རྒྱུད་དང་སྒྲུབ་སྡེའི་བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་མཐའ་དག་གི་དོན་གྱི་སྙིང་པོའི་བཅུད་ཕྱུང་བ་ལའང་རྩ་བ་བུམ་པ་བཅུད་བཀང་ལྟ་བུ། རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ། ཟུར་བཀོལ་རྒྱབ་ཆོས་རིན་པོ་ཆེའི་ཕྲ་བཏབ་པ་ལྟ་བུ། ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུ་སྟེ་སྐོར་ཚོ་ཆེན་པོ་བཞིར་བཞུགས་པ་ལས། འདིར་རྩ་བ་བུམ་པ་བཅུད་བཀང་ལྟ་བུའི་ཆོས་སྡེ་ལ། ཐོག་མར་སྨིན་བྱེད་དབང་གི་རིམ་པ་ཟབ་མོ་བསྒྲུབ་པའི་སྐབས་སུ་བབས་པ་སྟེ། དེ་ལའང་རྒྱས་འབྲིང་བསྡུས་གསུམ་ལས། འདིར་འབྲིང་པོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་དང་། བསྡུས་པ་བྱིན་རླབས་གཏོར་མའི་དབང་། མཐའ་རྟེན་བཀྲ་ཤིས་ཚེའི་དབང་རྣམས་རིམ་པ་བཞིན་དུ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ། ཐོག་མར་བླ་མ་ལ་སྐུ་གསུམ་དབྱེར་མེད་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་ཧོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། བླ་མ་ཨོ་རྒྱན་རིན་པོ་ཆེས་མཁྱེན་བརྩེའི་སྒོ་ཕྱེས་ནས་བཀའི་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་གི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན་པར་བྱ༔ དེ་ནས་ཚོགས་གསག་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཆི་མེད་པདྨ་ཐོད་ཕྲེང་ལ་སྐུ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་ཞིང་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱིས་བསྐོར་བ་བྱིན་ཐིབས་སེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། ཡན་ལག་བདུན་གྱི་སྒོ་ནས་ཚོགས་གཉིས་གསག་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སོགས་སྐྱབས་སེམས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ ཞེས་ཡན་ལག་བདུན་པ་བྱ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། སྔར་གསལ་བཏབ་བཞིན་པའི་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་ཞིང་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་པས་རྒྱུད་སྡོམ་པ་དང་ལྡན་པར་བྱས་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། སློབ་མ་མི་དམིགས་སྟོང་པའི་ངང༔ དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ གྲི་ཐོད་འཛིན་ཅིང་གར་བསྒྱུར་བ༔ ཐུགས་ཀར་གཡུང་དྲུང་གཡོན་དུ་འཁོར༔ སྟེང་དུ་ཕག་མོ་གར་བྱེད་པ༔ བསྒོམ་ཞིང་སློབ་དཔོན་ཐོད་ཕྲེང་རྩལ༔ དངོས་ཡིན་སྙམ་དུ་མོས་གུས་ཀྱི༔ གདུང་ཤུགས་དྲག་པོ་བསྐྱེད་པའི་མཐུས༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་འཕྲོས༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ ཨོ་རྒྱན་བཞུགས་པའི་ཐུགས་ཀར་ཕོག༔ ཐམས་ཅད་ཐུགས་དམ་བསྐུལ་བྱས་ཏེ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཆར་ལྟར་བབས་ཏེ་སློབ་མ་ཡི༔ བ་སྤུའི་ཁུང་བུ་ནས་ཞུགས་ཏེ༔ ལུས་གང་སྙིང་གའི་ཕག་མོ་ལ༔ སིབ་སིབ་ཐིམ་པས་ཡེ་ཤེས་བསྐྱེད༔ བཟོད་མེད་བདེ་བ་འབར་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་སྤོས་རོལ་དང་བཅས་གདངས་ཀྱི་འགྱུར་བ་སྙན་པོས། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པའམ། མེ་ཏོག་འཐོར་བ་དང་བཅས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས། ཐོག་མར་བུམ་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པས་བརྒྱན༔ རང་རིག་བྱང་ཆུབ་སེམས་ཀྱི་ཆུས་བཀང་བས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཅེས་སྔགས་ལན་གསུམ་བརྗོད་པས་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱ། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན། སྙིང་གར་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་ཉམས་བསྐྱང་དུ་གཞུག །དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པས་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་པས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །བདུད་རྩིས་དབང་བསྐུར་བའི་སླད་དུ། བླ་མ་འཆི་མེད་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བྷནྡྷ་ཟླུམ་པོ་ཡུམ་གྱི་མཁའ་དབྱིངས་སུ༔ ཤ་ལྔ་བདུད་རྩི་ཐབས་མཆོག་ཡབ་ཀྱི་རྫས༔ བདེ་སྟོང་ཟུང་འཇུག་བདུད་རྩིས་བཀང་བ་འདིས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ལན་གསུམ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་བདུད་རྩི་བླུད་པས་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་པས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་གིས་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་སིནྡྷུ་རའི་ཐིག་ལེ་དང་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ མེ་ལོང་ཟླུམ་པོ་སྟོང་ཉིད་རྫོགས་པ་ཆེ༔ སྣང་སྟོང་གཟུགས་སུ་ཤར་བ་བསྐྱེད་པའི་རིམ༔ ཟུང་འཇུག་མཉམ་པར་སྦྱོར་བའི་སིནྡྷུ་རས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ། དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པས་གསང་དབང་། སྙིང་གར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་པས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཏོར་མས་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷཉྫ་ཡངས་པར། གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་ཟླུམ་པོ་ཆོས་ཀྱི་དབྱིངས་དང་མཉམ༔ གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ༔ དབྱིངས་ཡེ་ཟུང་འཇུག་མཁའ་འགྲོ་དབང་སྡུད་ཕྱིར༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བ་ལིནྟ་ཨཱ་བྷི་ཥིཉྩ་ཧྲཱི༔ ལན་གསུམ། དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་པས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གུ་རུའི་སྐུ་འབག་གིས་དབང་བསྐུར་བའི་སླད་དུ། སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་རྩལ་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ། དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་མ་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་པས། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱོང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་རྩ་བའི་དབང་རྣམ་པ་ལྔ་ལ་ནང་གསེས་ཀྱི་ལྡོག་ཆ་དབང་བཞིའི་ངེས་པས་ཕྱེ་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་སྟེ། སྤྱི་དབང་འབྲིང་པོའི་ཚུལ་དུ་བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་པས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་པ་ཐ་མི་དད་པའི་སོ་སོའི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་སོ་སོའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཧྲཱི༔ ངོ་མཚར་ཕུན་ཚོགས་བདེ་ཆེན་ཞིང༔ ཞེས་སོགས་དབང་གི་བཀོལ་བྱང་ལྟར་ལྷ་དབང་རྫོགས་པར་བསྐུར་ལ། དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ཧྲཱིཿཡིག་གི་མཐར་འཁོད་པས་གསུང་བཟླས་པ་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྡ་སྤྲད་ལ་སྐུ་གསུམ། སྤྱི་དྲིལ། ལས་སྦྱོར་བཅས་སོ་སོར་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྔགས་ཕྲེང་མགྲིན་པར་བཞག །དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། ལྷ་སྔགས་ཀྱིས་མཚོན་པའི་སྤྲོས་པ་ཐམས་ཅད་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་བྱས་ནས། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་པར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་འཇོག་མཛོད། ཅེས་གདམས་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེ་མཚོན་པར་བྱ་བའི་ཕྱིར་མེ་ལོང་དྭངས་པ་བསྟན་ཏེ་ཚིག་གི་སྒོ་ནས་ངོ་སྤྲད་པ་ནི། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་སྡིག་སྒྲིབ་ཕྱི་ནང་གསང་བའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། གནས་སྐབས་ལྷ་སྔགས་ཆོས་སྐུའི་རྣལ་འབྱོར་ཟབ་མོ་བསྒོམ་པ་ལ་དབང་ཞིང་། མཐར་ཐུག་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །དེས་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བསྙེན་སྒྲུབ་རྣམ་གསུམ་གྱི་རྩ་བའི་དབང་བསྐུར་བ་གྲུབ་ནས། སླར་ཡང་དོན་དབང་མདོར་བསྡུས་པ་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ། སྤྱིར་གཏོར་མ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང་རྩ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་དང་། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ་གདངས་ཀྱི་འགྱུར་བ་སྙན་པོས་ཐུགས་དམ་བསྐུལ་བའི་ཕྱིར། ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུའི་དབང་བསྐུར་ན༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ གུ་རུའི་དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ གུ་རུའི་ནུས་པས་འདི་ཡི་བར་ཆད་སོལ༔ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ༔ གཟུང་འཛིན་གསང་བའི་བར་ཆད་དབྱིངས་སུ་སོལ༔ སྐལ་ལྡན་སློབ་མ་རྣམས་ལ་བསྐྱབ་ཏུ་གསོལ༔ བྱིན་རླབས་དབང་དང་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་བཞག །རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱོང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། གཏོར་ཟན་དངོས་སམ། མཐའ་སྐོར་གྱི་མཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན། མཐའ་རྟེན་འགྲོ་འདུལ་ཚེའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཚེ་བདག་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་བར་ཆད་སོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་ནས་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཚེ་རྟེན་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་ལྔར་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་སྣོད་བཅུད་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་གྱི་དྭངས་བཅུད་མ་ལུས་པ་བསྡུས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་བདུད་རྩིའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ་མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ རྣམ་སྣང་ཡབ་ཡུམ་སོགས་ཚེ་འགུགས་བྱ། དངོས་གཞིའི་དབང་བསྐུར་བ་ལ། ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཚེའི་ལྷ་ཚོགས་རྣམས་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པས་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། ཁོལ་ཞིང་ལུད་པའི་འཆི་མེད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པ་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱི༔ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་ཡུམ་དང༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལཱི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡཱ་ར༔ འདི་ནས་ཚིག་རྐང་གསུམ་སྤྲུལ་པའི་གཏེར་སྟོན་ཆེན་པོའི་གསུང་་་བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབ་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱི༔ མི་འགྱུར་སྙིང་པོའི་བཅུད་རྣམས་བསྡུས་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་ཡི་ལོངས་སྤྱོད་འདིས༔ ཡིད་ལ་ཟག་མེད་བདེ་བ་རབ་འཕེལ་ནས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཕྱག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་བྱིན་པས་ཤེས་རབ་སྟོང་པ་ཉིད་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱི༔ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང༔ ཚེ་ཆང་བདུད་རྩིའི་བཅུད་ཀྱིས་དངོས་གྲུབ་བརྙེས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུན་མི་འཆད་པའི་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་དབང་བསྐུར་པས་འཆི་མེད་ཚེའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང༔ དྭངས་བཅུད་ཐམས་ཅད་སྙིང་གའི་ནྲྀ་ཡིག་ལ་སིབ་སིབ་ཐིམ་པས་འོད་ཟེར་ཁ་དོག་ལྔ་ལྡན་དུ་འབར་བས་ཉི་ཟླའི་གའུ་སྲུབ་མེད་པར་གྱུར་པའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པ་ལ་གཟུངས་སྔགས་དམར་པོའི་ཐག་པས་ལན་གསུམ་དུ་བསྡམས་པས་རྡོ་རྗེའི་སྲོག་ལ་དབང་འབྱོར་ཞིང་། རྡོ་རྗེའི་རྭ་རྩེར་ཧྲཱིཿདམར་པོ་ལས་སྐྱེས་པའི་དབང་ཆེན་རྟ་མགྲིན་གྲི་ཐོད་འཛིན་པས་ཚེའི་གེགས་དང་བར་དུ་གཅོད་པ་ཐམས་ཅད་སྲུང་བར་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་གཉུག་མའི་ངང་དུ་མཉམ་པར་འཇོག་མཛོད། ཧཱུྃ་ཧྲཱི༔ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲྀ་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་རཀྵ་བྷྲཱུྃ༔ ཞེས་དང་། མེ་ཏོག་འཐོར་ཞིང་ཚེ་གཟུངས་དང་རྟེན་འབྲེལ་སྙིང་པོ་བརྗོད་པས་བརྟན་པར་བྱ། ཤིས་པར་བྱ་བའི་སླད་དུ། བླ་མ་རྩ་གསུམ་འཆི་མེད་ཚེའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའི་རྡོ་རྗེའི་གླུ་ལེན་ཞིང་། མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་བྱས་པའི་མོས་པ་མཛོད། ཨོཾ༔ གྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག༔ ཅེས་དང། གཞན་ཡང་ལས་བྱང་རྒྱས་འབྲིང་གང་རུང་གི་བཀྲ་ཤིས་སོགས་ཇི་ལྟར་རིགས་པ་བརྗོད་ཅིང་། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་རྒྱུན་རིང་བར་བྱའོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་བྱ་བ་མདོར་བསྡུས་ཏེ་གྲུབ་པ་ལགས་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད།དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་རྒྱས་གདབ། ཆོ་གའི་མཐའ་རྒྱས་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་ལྷག་མ་བསྔོ། དམ་ཅན་སྤྱི་གཏོར་ལྟར་སྲུང་མའི་གཏོར་འབུལ་དང་། དཀྱིལ་འཁོར་བ་ལ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱི་མཐར། ཐོད་ཕྲེང་རྩལ་གྱི་ཛཔ྄་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དངོས་གྲུབ་བླང་། ཨོཾ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཕྱག་རྒྱ་མ་གསལ་ཛཔ྄་བཟླས་གཡེལ༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ བྱིང་རྒོད་འཆལ་བར་གྱུར་པ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་། ཡིག་བརྒྱ་ལན་གསུམ་གྱི་མཐར། ཨ་ཨ་ཨ༔ ཞེས་བརྗོད་པས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་རྟེན་ལ། ཨོཾ། འདིར་ནི་རྟེན་དང་སོགས་བརྟན་བཞུགས་བྱ། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས། སྣང་ཆ་ལྷའི་འཁོར་ལོ་འོད་གསལ་གྱི་དབྱིངས་སུ་ཐིམ། ཕཊ་ཕཊ་ཕཊ༔ ཅེས་བརྗོད་པས། སླར་ཡང་རང་དང་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར་པར་བསམས་ལ། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །ཞང་བྱུང་འཕྲོས་དོན་ཅུང་ཟད་བཤད་ན། དེ་ལྟ་བུའི་དབང་འབྲིང་པོའི་ཚུལ་འདི་གཞུང་གཞན་དུ་བསྙེན་སྒྲུབ་རྣམ་གསུམ་གྱི་རྩ་བའི་དབང་ཞེས་ཀྱང་གསུངས་པ་འདི་ཙམ་ཐོབ་པས་བསྙེན་སྒྲུབ་ལས་སྦྱོར་ལ་དབང་བ་ཡིན་མོད། འགའ་ཞིག་འདི་རིགས་ཀྱི་དབང་འབྲིང་པོ་ཙམ་བསྐུར་བས་རྒྱས་པའི་གོ་ཆོད་མཛད་པ་སོགས་ནི། ཆོས་ལ་དབང་ཟ་བའི་སྙིང་ཁམ་ཆེན་པོ་ཡིད་སྲུབས་ཀྱི་ཕྲིན་ལས་པར་ངེས་པའི་ཕྱིར། ལག་ལེན་ཞིབ་མོས་འགགས་བསྡམ་པ་ལས་དེས་ཆོག་དང་སླ་ཆོས་དང་དབང་ཡོད་ཀྱིས་བསྟན་པའི་སྙིང་པོ་ཆུད་མི་གསན་པ་གལ་ཆེ་བས་རྣམ་པ་ཀུན་ཏུ་ཐུགས་ཀྱིས་དགོངས་འཚལ་ལོ། །དུས་བཟང་ཚེས་བཅུའི་མཆོད་པ་ལྟ་བུར་དངོས་གྲུབ་བླང་བའི་ཆོ་ག་དང་རྗེས་སུ་འབྲེལ་བས་མཚོན། སྐབས་འགའ་ཞིག་ཏུ་གཏོར་དབང་རྐྱང་པ་ཁོ་ན་བསྐུར་ན། སྦྱོར་བའི་སྐབས་སུ་དབང་འབྲིང་པོའི་བཅས་བཤམས་དང་། དངོས་གཞིར་རྣམ་བུམ་སྒྲུབ་པ་སོགས་མི་དགོས་ཤིང་། མཚམས་སྦྱོར་གྱི་སྐབས། དེ་ལའང་རྒྱས་འབྲིང་བསྡུས་གསུམ་ལས། འདིར་དོན་དབང་མདོར་བསྡུས་པ་གཏོར་མ་ལ་བརྟེན་ནས་དབང་བཞི་ཆིག་རྫོགས་སུ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་སོགས་སྦྲེལ། ཡེ་ཤེས་དབབ་པ་བརྟན་པའི་རྗེས། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ། སྤྱིར་གཏོར་མ་བསྙེན་སྒྲུབ་ཀྱི་དུས་སུ་སོགས་སྦྲེལ་ནས། དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་པའི་བར་གོང་ལྟར་དང་། གཞན་ཡང་གཏེར་གཞུང་རྩ་བར་མ་གསུངས་པས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་མོད། འོན་ཀྱང་སྤྲུལ་པའི་གཏེར་སྟོན་ཆེན་པོས་དབང་འབྲིང་བསྡུས་གང་ལའང་སྐུ་གསུང་ཐུགས་དབང་བསྐུར་བ་ཕྱག་བཞེས་སུ་མཛད་པས། དེ་ལྟར་ན། དེ་ནས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་ནུས་ལྡན་དུ་བྱ་བའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། སོགས་ནས། སྐལ་བ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་པའི་བར་གོང་ལྟར་མཐར། ཤིས་པར་བྱ་བའི་སླད་དུ་སོགས་སྦྲེལ་ནས་དགེ་བ་བསྔོ་བའི་བར་བྱས་པས་གྲུབ་བོ། །གཏོར་དབང་གི་མཐར་ཚེ་དབང་སྦྲེལ་ནའང་རུང་བས། དེ་ལྟར་ན་སྐུ་གསུང་ཐུགས་ཀྱི་དབང་གི་མཐར་ཚེ་དབང་གོང་བཞིན་བྱ། ཚེ་དབང་གྲངས་གསོག་ལྟ་བུ་དགོས་ན། ཚེ་ཆང་སྦྱིན་པ་ཡན་དཀྱུས་ལྟར་ཚར་གཅིག་གི་མཚམས། ཨོཾ༔ གྲུབ་པར་གྱུར་ཅིག་ལྟ་བུས་མཚོན་ཤིས་བརྗོད་གང་རིགས་ཤོ་ལོ་ཀ་རེ་བྱ། སླར་ཡང་ཚེའི་འབྲང་རྒྱས་འདི་ཉིད་སོགས་བརྡ་སྤྲད་ལ་བསྐྱར། རྗེས་མར་ཚེ་ཆང་སྦྱིན་པའི་རྗེས་སུ། དེ་ལྟར་དབང་བསྐུར་པས་སོགས་གོང་དུ་སྨོས་པ་བཞིན་སྦྲེལ་ལོ། །བླ་མའི་ཐུགས་སྒྲུབ་བྱེ་བའི་ཕུལ། །བར་ཆད་ཀུན་སེལ་སྨིན་བྱེད་ཀྱི། །ཆོ་ག་སྙིང་པོའི་སྣང་བ་འདིས། །ཕན་བདེའི་པདྨོ་རྒྱས་གྱུར་ཅིག །ཅེས་པའང་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་ཟབ་ཆོས་འདི་ཉིད་ཀྱི་གཏེར་ཤོག་ཐོག་མར་འབེབ་རིམ་བཞིན་དུ་སྨིན་གྲོལ་གྱི་གདམས་པ་ཡོངས་སུ་རྫོགས་པར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་་་་་གཟི་བརྗིད་རྩལ་གྱིས། དོན་དུ་གཉེར་བའི་སྐྱེས་ཆེན་དམ་པ་དུ་མས་ཡང་དང་ཡང་དུ་གསུང་གིས་བསྐུལ་བའི་བཞེད་པ་བསྐང་ཕྱིར་ཉེར་མཁོ་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་འཇིག་རྟེན་གསུམ་དུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། འདི་ནི་དབང་འབྲིང་བསྡུས་ཀྱི་མཚམས་སྦྱོར་ཉེར་མཁོ་ཙམ་སྟེ། དབང་རྒྱས་པར་བསྐུར་བའི་ཚུལ་སོགས་ནི་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་རྟོགས་པར་བྱ་བ་ཁོ་ནའོ།། །།

འཆི་མེད་འཕགས་མ་སྙིང་ཏིག་གི་གཏོར་མའི་དཔེ་རིས་ (Volume 36, Text 25)

བདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར་ (Volume 14, Text 25)

༄༅། །བདེ་གཤེགས་འདུས་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། ། སྒྲུབ་ཆེན་བཀའ་བརྒྱད་བདེར་གཤེགས་འདུས་པའི་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ། བཅོམ་ལྡན་འདས་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །རང་རི༵ག་མེ་ཡིས་གཟུང་འཛི༵ན་བུད་ཤིང་ཀུན། །བསྲེགས་ལས་འ༵གྱུར་བཅས་ལྕགས་ཁམས་འཕོ་མེ༵ད་གཞིར། །རྒྱས་ཐེབས་རྡོ༵་རྗེ༵་འཁོར་ལོའི་འོད་ཟེར་གྱིས། །སྒྲིབ་མུན་མཐར་བྱེད་ཧེ་རུ་ཀ་དཔལ་རྒྱལ། །གང་ཞིག་ཚུལ་འདིར་ཞུགས་ཚེ་འདོད་འབྲས་གཏེར། །སྙིང་པོར་འབབ་གང་དགེ་མཚན་བདེ་ཆེན་གྱི། །སྣང་བ་རབ་འབྱམས་དངོས་གྲུབ་ཉིན་བྱེད་འོད། །འབར་བའི་དགའ་སྟོན་དོན་གཉེར་འདིར་འདུས་ཤིག །དེ་ཡང་རྟེན་གྱི་གང་ཟག་དབང་ཐོབ་ཅིང་བསྙེན་སྒྲུབ་ཚད་དུ་ཐེམས་པའི་སྔགས་པས་མྱུར་ལམ་སྦྱིན་སྲེག་གི་རིམ་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། ཕྱི་ནང་གསང་བ་ཡང་གསང་བཞིའི། དང་པོ་ལ་སྦྱོར་བ་དང་། དངོས་གཉིས། དང་པོ་ནི། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བཞི་དོར་བར་རྒྱ་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་མུ་རན་ལ་མེ་རི་གཡས་སྐོར། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པའི་ཚད་ཅན་རྩེ་མོ་ཤར་དུ་ཕྱོགས་པས་མཛེས་པ། ཐབ་སྟེགས་ཀྱི་སྟེང་གི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པའོ། །བརྐོས་ཐབ་ཏུ་བྱེད་ན་སྟེགས་བུའི་དབུས་སུ་མཆུ་དམའ་བ་དང་ཐབ་ཀྱི་ཟབས་བརྐོས་ལ་དེ་ནས་མཆུ་སོར་བཞི་ཕྱིར་འགྱེད་པ་ནས་ཁ་ཁྱེར་རྒྱ་དཔང་སོར་བཞི་པ་བྱ་བ་ཙམ་ཁྱད་པར་ཡིན། བྲིས་ཐབ་ཏུ་བྱེད་ན་སྟེགས་བུའི་སྟེང་དྲི་བཟང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བའི་ཆག་ཆག་བཏབ་ལ་ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར། སོར་བཞི་པའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་འགོད། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པ་ཙམ་མམ་འདབ་བརྒྱད་ཀྱི་དབུས་སུ་རྡོ་རྗེ། ཟླུམ་བསྐོར་བར་མར་མེ་རི་དཀར་པོ་གཡས་སྐོར། ཕྱི་མར་རྡོ་རྗེའི་ཕྲེང་བ་རྣམས་བྲི། བརྩིག་ཐབ་སོགས་གང་གི་ཚེ་ཡང་ཁ་དོག་དཀར་པོར་བྱ་ཞིང་། བཅད་ཚོན་སོགས་ཀྱང་དམར་སྐྱ་ས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེ་ལྟར་ཡང་ཞི་བ་རིགས་བརྒྱའི་སྦྱིན་སྲེག་རྩ་བ་ལས། དེ་ནས་སྦྱིན་སྲེག་སྦྱོར་བ་ནི༔ ཐབ་བརྩིག་རྒྱར་ནི་ཁྲུ་གང་བ༔ ཟབས་སུ་ཁྲུ་ཕྱེད་ཟླུམ་པོར་བརྐོ༔ སོར་བཞི་གསུམ་ནི་དོར་བྱས་ལ༔ དབུས་སུ་རྡོ་རྗེ་བརྒྱད་པའི་ཚད༔ ཐབ་དཀར་བར་དུ་མེ་རི་འོ༔ སྟེང་དུ་རྡོ་རྗེ་ཕྱི་རོལ་ཏུ༔ འོད་ཟེར་དཀར་པོ་དང་མཚུངས་སོ༔ ཞེས་སོ། །དེར་སྲོག་ཆགས་མེད་པའི་བ་ལྕིའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་ལ་ཙནྡན་དཀར་པོའི་ཆུ་འོ་མ་དང་སྦྱར་བས་ཅུང་ཟད་བྲན་པ་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིག་སྟེ། སྔ་མ་ལས། བུད་ཤིང་དཀར་པོ་ཁྲུ་གང་ཚད༔ ཙནྡན་དཀར་པོ་འོ་མས་སྦང༔ མཆོད་སྦྱིན་འདིར་ནི་ཁྲུ་གང་ཚད༔ ཅེས་སོ། །རང་གི་གཡས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ལ་རིམ་པ་བཞིན་དུ། སྔ་མ་ལས། འདབ་མ་དང་བཅས་རྩེ་མོ་ངོས༔ སྔར་བཞིན་སྦངས་ལ་ཡམ་ཤིང་བྱ༔ ཞེས་པ་ལྟར་རམ་སྤྱི་མཐུན་པ་འོ་མ་ཅན་གྱི་ཡམ་ཤིང་མཐོ་གང་བ་མངར་གསུམ་དང་མར་ཁུར་ཉུག་པ། དེ་བཞིན་དུ་མངར་གསུམ་སྦྱར་བའི་ཞུན་མར་དང་། ཏིལ་དཀར་པོ། གུར་གུམ་འོ་མར་བཅས་པའི་ཞོ་ཟན་དང་། འབྲས་མ་གྲུག་པ་དང་། སོ་བ་བྲ་མ་མེད་པ་དང་། ནས་དང་། སྲན་མ་དང་། གྲོ་དང་། དཱུརྦ་དང་། ཀུ་ཤ་རྣམས་དང་། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རིམ་པས་ཉིས་རིམ་དུ་འགོད། གཡོན་ངོས་སུ་གོང་འདྲའི་སྟེགས་ལ་འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་སྨན་རཀ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ལས་བུམ། མདུན་དུ་རྡོལ་དྲིལ་དགང་བླུགས་དང་བཅས་འདུ་བྱ་སྟེ། སྔ་མ་ལས། མར་དང་དཀར་གསུམ་མངར་གསུམ་དང༔ ཡམ་ཤིང་འོ་མ་ཆན་དང་ནས༔ དེ་ལ་སོགས་པའི་མཐུན་རྫས་རྣམས༔ རིམ་པ་བཞིན་དུ་དབུལ་བར་བྱ༔ ཏིལ་ནི་མེད་དུ་མི་རུང་ངོ༔ ཞེས་དང་། ཆོག་བྱང་རྩ་བར། དེ་ནས་སྒྲུབ་པ་པོའི་གཡས་ཕྱོགས་སུ་ནི༔ ཞེས་པ་ནས། ཏིལ་དཀར་སོགས་པ་ནི་མདུན་དུ་བཞག་སྟེ༔ དེ་ཡང་ཕྲེང་བའི་ཚུལ་དུའོ༔ ཞེས་སོ། །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ཟླ་བ་ཡར་གྱི་དེའི་བཀྲ་ཤིས་པའི་ཉི་མའི་སྲོད་ཀྱི་ཆ་ལ་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དེས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུག་སྟེ། རྩ་བར། དེ་ནས་དཀར་པོའི་རྒྱན་ཆ་བགོ༔ ཡིད་དང་བས་ནི་ཀུ་ཤའི་སྟེང༔ སེམས་དཔའི་སྐྱིལ་ཀྲུང་རབ་ཏུ་བརྟན༔ ཞེས་སོ། །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་ལས་བུམ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿཕཊ་ཛཿ ཞེས་བརྗོད་པས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀ་ན་གསོར། ཨོཾ་བཛྲ་གྷཎྜཻ་ཨཱཿ ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་བསམ། མཆོད་བསྲེག་གི་རྫས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིན་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གཙུབ་ཤིང་ལས་བྱུང་བའམ་དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྤར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ། །རྩ་བར། དེ་ནས་ཀུ་ཤ་དག་ལ་ནི༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསང༔ བྲམ་ཟེའི་ཁྱིམ་མམ་གཙུབས་ཤིང་མེ༔ རླུང་གཡབ་ཀྱིས་སྦར་ལས་ཀྱིས་བསང༔ ཞེས་སོགས་ཀྱི་དོན་ནོ། །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམས་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡཿ མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསྭཱ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང་། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿནས་ཤབྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད། བུམ་ཆུས་གཏོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བུམ་ཆུས་གཏོར་ཞིང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུ་སྤེལ་ཚིག་སྦྲེལ་བས་འབུལ། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལས། ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དཱུརྦ་དང་། ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་དབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཕུ་ལེ་མ་ཧཱ་ད་ར་པེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་འབྱུང་བ་ལྟར་རམ། སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཅེས་སོགས་གོང་བཞིན་སྦྲེལ། དེ་དག་གི་དམིགས་པ་ནི། ཆོག་བྱང་རྩ་བར། བསྲེག་རྫས་བདུད་རྩི་ཕུལ་བས་མེ་ལྷ་མཉེས་ཏེ༔ འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་ཏེ༔ སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་པར་བསམས་ཏེ༔ བཤང་བའི་ལམ་ནས་འཐོན་པར་བསམ་པའམ༔ ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ༔ སྙིང་ག་ནས་བརྩམ་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ་རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ༔ དེ་བཞིན་དུ་ནད་དང༔ དགྲ་དང༔ འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལའང་སྦྱར་བར་བྱའོ༔ གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ན་ཡང་དེ་བཞིན་དུ་བྱའོ༔ ཞེས་སོ། །སྐབས་འདིར་སྤྲོ་ན་དངོས་གྲུབ་བླང་བའི་དོན་དུ་དགང་བླུགས་ཀྱང་འབུལ་བར་གསུངས་ཤིང་མ་འབྱོར་ཀྱང་སྐྱོན་མེད། གང་ལྟར་ཡང་། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུྃ་མུཾ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ་ལ། གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས། །རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང། །མརྒད་བཻ་ཌཱུར་ཡི་རང་བཞིན་ཅན། །ཞེས་པ་ནས། ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །ཞེས་པའི་བར་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་བཞིན་ནོ། །སྐབས་འདིར་སྦྱིན་སྲེག་རྐྱང་པའི་སྐབས་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་མོད། འདིར་སྒྲུབ་མཆོད་དང་རྗེས་འབྲེལ་གྱི་དབང་དུ་བྱས་ཏེ། ཧཱུྃ། འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་ནས། །ཞེས་པ་ནས། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་དཔལ་དགུའི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་དཔལ་དགུ་པོ་སོ་སོའི་སྔགས་བརྗོད་མཐར་གསལ་གདབ་པ་ནི། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། །ཞེས་པ་ནས་བཀའ་སྡོད་བསྐྱེད་པའི་བར་དང་། ཧཱུྃ། འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་སུ། །ཞེས་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བདེ་གཤེགས་སྐུ་ལྔའི་སོགས་ཀྱིས་བསྟོད་པའང་ལས་བྱང་གི་དཀྱུས་བཞིན་ནོ། །དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། གཙོ་སྔགས་ཀྱིས་དགང་ཞིང་ཁྲོ་བོ་སྤྱི་སྔགས་ཀྱིས་འབུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ཁྲོ་བོ་སྤྱི་སྔགས་ཀྱིས་ཐུན་མོང་ངམ། ཞི་བ་དང་དཔལ་དགུ་སོ་སོའི་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྲེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། དེའི་ཚུལ་ཡང་ཆོག་བྱང་རྩ་བ་ལས། དེ་ནས་མར་གྱི་དགང་བླུགས་གསུམ་མམ་བདུན་ཕུལ་ལ༔ བསྲེག་བླུགས་སུམ་འགྱུར་དུ་དབུལ་ལོ༔ དེ་ནས་ཡམ་ཤིང་ངོ༔ དེ་ནས་འོ་མ་དང་ཞོ་དང་གུར་གུམ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་འབུལ་ལོ༔ རྫས་རེ་རེ་དང་སྔགས་རེ་རེ་སྤེལ་ལ་དབུལ་ལོ༔ སྔགས་ཉུང་ལ་རྫས་མང་བ་ནི་སྤང་བར་བྱའོ༔ རྫས་ཉུང་ལ་སྔགས་མང་བ་ནི་འགལ་བ་མེད་དོ༔ ཞེས་སོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་གནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་ནས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་བསཏྲཱ་ཡ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མུཾ། ཞེས་བརྗོད་ཅིང་། སྒྲུབ་མཆོད་དང་སྦྲེལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་། མཎྜལ་མེ་ཏོག་གིས་མཚོན་པ་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ནི་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམ་པས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བསམས་ཀྱང་ལེགས་སོ། །གསུམ་པ་ནི། ལས་སྔགས་ཀྱིས་བསང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་དབྱེར་མེད་དུ་གྱུར། དེ་ནས་དགང་བླུགས་བྱོན་སྐྱེམས་བཞིན་དང་། གོས་ཟུང་དང་སོ་རྩི་སྔར་ལྟར་འབུལ། རྫས་ལྷག་རྣམས་སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་འཛིན་མ་གསལ་བ་དང་། ཆོ་ག་ལྷག་པ་དང་། ཉམས་པ་དང་། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། དེ་ཡང་ཆོག་བྱང་དུ། དེ་ནས་ཡང་མེ་ལྷ་ལ་སོགས་པ་ཀུན་བསངས་ལ༔ ཡེ་ཤེས་ཀྱི་མེ་ལྷ་གང་ན་བཞུགས་པའི་ས་ནས་སྤྱན་དྲངས་ལ་བསྟིམ༔ དེ་ལ་རྫས་རྣམས་དབུལ༔ དགང་བླུགས་གསུམ་མམ་ལྔ་བདུན་ཅི་འབྱོར་ཕུལ༔ རྫས་ལྷག་མ་ནི་རེ་རེ་གསུམ་གསུམ་ལྔ་ལྔ་ཙམ་ལྡང་ན་རེས་མོས་གོང་བཞིན་དབུལ༔ མི་ལྡང་ན་གཅིག་ཏུ་བསྡུས་ཏེ་དབུལ་ལོ༔ དེ་ཡང་རྒྱུན་དུ་བྱེད་ན་རྫས་ཀྱི་ལྷག་མ་བཞག་ཏུ་རུང༔ མི་བྱེད་ན་བཞག་ཏུ་མི་རུང་བས་སྐབས་དེ་ཉིད་དུ་རིངས་པར་འབུལ་ལོ༔ ཞེས་སོ། མཐར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཾ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམས་ཤིང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུག་བརྡལ་སོགས་མི་བྱ་བར་རང་གར་འཇོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་པ་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་གྱི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པ་སྟེ། ཡེ་ཤེས་ཐིག་ལེར། ཁ་ནི་ཐབ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་སོ། །གསུམ་པ་ནི། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེར་ཧཾ་ཡིག་བདེ་བ་ཆེན་པོར་བཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་སྟེ། ཕྱག་ཆེན་ཐིག་ལེར། དབང་པོ་གཉིས་ཀྱི་སྦྱོར་བ་ལས། །རླུང་གིས་མེ་ནི་སྦར་བ་འོ། །མར་ཡོད་པ་ནི་སྟེང་འཁོར་ལོ། །དེ་ནི་མར་སྣོད་ཅེས་པ་བརྗོད། །བྱང་ཆུབ་སེམས་ཀྱི་མར་ནི་སྲེག །ཅེས་སོ། །བཞི་པ་ནི། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ། ཐབས་ཤེས་ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས་སྐུ་གསུང་ཐུགས་མི་ཤིགས་པ་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་སྟེ། སྲེག་པ་ཧོམ་གྱི་གཟེར་བུ་ལས། དབྱིངས་དང་ཡེ་ཤེས་ཧོམ་བསྟན་པ༔ ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ༔ མི་གནས་ཡེ་ཤེས་ཧོམ་ཁུང་དུ༔ དུས་གསུམ་བདེ་གཤེགས་ཡམ་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ འཁོར་བ་ངན་སོང་ཐམས་ཅད་བསྲེགས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཅེས་སོ། དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པ་ལས་གྲུབ་པའི་འབྲས་བུ་ཐོགས་མེད་དུ་འབྱུང་བར་གདོན་མི་ཟའོ། །བདེ༵་ཆེ༵ན་ཡེ་ཤེས་ཞུགས་སུ་རབ༵་འབ༵ར་མེས། །སྒྲིབ་གཉིས་བུད་ཤིང་གཅིག་ཅར་བསྲེགས་ནས་སླར། །དངོས་གྲུབ་འདོད་འཇོའི་ངོ་མཚར་འོད་པོ་ཆེས། ཁྱབ་པའི་དགེ་མཚན་སྣང་བ་ཀུན་གསལ་ཤོག །ཅེས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ་འདིའང་ཕུལ་དུ་བྱུང་བའི་མཁྱེན་དཔྱོད་ཅན་རིགས་ཀྱི་གཅུང་འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོའི་གསུང་གིས་ནན་ཏན་དུ་བསྐུལ་བ་བཞིན་བདེ་གཤེགས་འདུས་པ་ཞི་བ་རིགས་བརྒྱའི་སྲེག་ཆོག་གི་དགོངས་པ་ཉིད་གཞིར་བཟུང་། ཚིག་དོན་གནད་གཅིག་པ་རྣམས་འཛིན་སླ་བའི་ཕྱིར་སྐྱབས་རྗེ་བླ་མ་དམ་པས་མཛད་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་དང་མཚུངས་པར་བཀོད་དེ་སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་མགོ་ཟླའི་གྲལ་ཚེས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟི་གནས་ཉིད་དུ་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བཻ་ཌཱུརྱའི་བུམ་བཟང་ (Volume 31, Text 25)

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བཻ་ཌཱུརྱའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། བདེ་སྟོང་ཡེ་ཤེས་རྣམ་པ་ཐམས་ཅད་པ། །འཁོར་འདས་ཀུན་གྱི་སྲོག་ཏུ་ཐལ་བར་འབྱིན། །གདུག་ཅན་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ངང་ཉིད་རྡོ་རྗེར་སྒྲུབ་པ་དེས་སྐྱོངས་ཤིག །ཨོ་རྒྱན་བླ་མའི་གསུང་རབས་ལས། །རིག་མཆོག་འབུམ་སྡེའི་བཅུད་ཀྱི་ཐིགས། །ཤིང་རྟའི་ལམ་འདྲེན་གྱུར་པ་གང་། །ཆོས་སྒོ་འབྱེད་པའི་ཕྱག་ལེན་བྲི། །དེ་ལ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཡང་གསང་སྤུ་གྲི་འབར་བའི་དཀྱིལ་འཁོར་དུ་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྐལ་པ་དང་ལྡན་པའི་སློབ་མ་གཞུག་པ་ན། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། རས་བྲིས་སམ་མཎྜལ་ལ་ཚོམ་བུ། གཙོ་བོ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག །སྒོ་མ་བཞི་བཅས་ཆེ་ཆུང་གཙོ་འཁོར་འགྲོས་སྦྱར་དུ་བཀོད་པའི་ཁར་ཕུར་སྒྲོམ་ཡོད་ན་རས་བྲིས་ལ་ལྷ་གནས་སོ་སོར་ཨེ་ཁྲོམ་གྱི་ཁར་བཀོད། ཚོམ་བུ་ལ་ལྕགས་སྣོད་འབྲུ་ནག་གིས་བཀང་བར་གོ་རིམ་ལྟར་བཙུགས་ནས་དཀྱིལ་འཁོར་གྱི་སྟེང་འཕྲུལ་སྟེགས་ལ་བཀོད། ཕུར་ཁྲོམ་ཚང་བ་མེད་ནའང་གཙོ་ཕུར་ཚད་ལྡན་དར་ནག་གི་ཅོད་པན་ཅན་བཞུགས། ཁྲོ་བཅུ་དང་སྲས་ཉེར་གཅིག་དམ་ཅན་བཅུ་དྲུག་སོ་སོ་ཕྱོགས་བསྡམས་ཙཀ་ལི་གསུམ། ལས་བཞི་སོ་སོར་བཅས་ཕུར་པའི་ཙཀ་ལི་བདུན་དེ་མཉམ་བཞག །ཡང་གཙོ་བོ་ཁྲོ་བཅུ་སྲས་ཉེར་གཅིག་རྣམས་ཀྱི་ལྷ་ཙཀ་ཡོད་ན་བུམ་པའི་ཁ་རྒྱན་གསེབ་བམ་གཙོ་ཕུར་མདུན་དུ་བཀོད་ལ་དེའི་ཚེ་ཁྲོ་བཅུ་དང་སྲས་ཕུར་རྣམས་མི་དགོས་སོ། །གང་ལྟར་དེའི་ཁར་ལྡིང་ཁྲི་ལ་བུམ་པ་ཆས་ལྡན་རྫས་སོ་ལྔ་དང་དྲིའི་ཆུས་བཀང་བ་གཟུངས་རྡོར་དང་བཅས་པ། རྒྱབ་ཏུ་དབང་གཏོར་དཔལ་གྱི་གཏོར་ཆེན་གྱི་གཡས་གཡོན་དུ་རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ་དང་། གསང་དབང་ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་སྦྱར་བ། རྡོར་སེམས་ཀྱི་སྐུ་ཙཀ་སྔགས་བྱང་དང་བཅས་པ། དཀྱིལ་འཁོར་གྱི་གཡས་སུ་དབུ་རྒྱན་དང་། ཐོད་སྐམ་ལྔའི་ཅོད་པན། གཡོན་དུ་ཚེ་གཏོར་བུམ་གཟུགས་དང་དངོས་གྲུབ་ཀྱི་རྫས། མདུན་དུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཕྱི་མཆོད་གཡས་སྐོར་དུ་བཤམ། གཞན་གར་བདེར་ཐལ་རཀ་ཞག་གསུམ་ཐོད་སྦྲུལ་གྱི་རྒྱན་གཉིས་གླང་ཀོ་ཞིང་ལྤགས་སྟག་ཤམ་མེ་ཕུང་རྣམས་ཀྱི་ཙཀ་ལི་སོ་སོ་བ་དང་། གདབ་ཕུར་ཐོ་བ། ཕུར་སྲུང་གཏོར་འབུལ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད། མིག་དར་མེ་ཏོག་སོགས་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་སྒྲུབ་ཅིང་མཆོད་པ་ནི། བརྒྱུད་འདེབས་ནས་བརྩམ་སྔོན་འགྲོ་རྣམས་ལས་བྱང་གི་དཀྱུས་བཞིན་དང་། དངོས་གཞིའི་སྐབས་སྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཐམས་ཅད། དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་ཀྱི་རང་བཞིན་ཀུན་སྣང་སྙིང་རྗེ་ཆེན་པོའི་ངང་ལས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་པ་བདག་མདུན་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒོམས་ནས། དགོངས་གསོལ་ནས་བཟུང་ཛཔ྄་བཟླས་ཀྱི་བར་དང་། ཁྱད་པར། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་བཟུང་ལ་བུམ་བཟླས་བྱ། ལས་བུམ་ནང་དུ་པད་ཉི་གནོད་སྦྱིན་སྟེང་། །བདུད་རྩི་ལྗང་ནག་གཡས་སེར་གཡོན་དུད་ཁ། །ཕྱག་དྲུག་དང་པོས་རྡོ་རྗེ་བྷན་དམར་དཀྲུགས། །བར་པའི་ཕྱག་གཉིས་རྒྱ་གྲམ་དབྱུག་ཏོས་སྡིགས། །ཐ་མ་གཉིས་ཀྱིས་དྲག་པོའི་ཕུར་བུ་འདྲིལ། །རླུང་འབྱིན་ལྗང་ནག་གཡོན་ནས་འཁྲིལ་བའི་ཡུམ། །གཡས་པ་དྲིལ་འཁྱུད་གཡོན་པ་དུང་དམར་སྟོབ། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་གསལ། །ཞེས་མོས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཅེས་བཟླས་ལ་མཐར། ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པའི་ཁར་ས་བོན་འབྲུ་ལྔས་མཚན་པར་གྱུར། གཙོ་བོའི་སྙིང་པོ་བརྗོད་ལ་དུང་ཞལ་གྱིས་དྲི་ཆབ་བུམ་པ་རྣམས་སུ་འབུལ་ལོ། །ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། རྩ་སྔགས་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱ་བེ་ཤ་ཡ་ཨ་ཨཱཿདང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿཞེས་སྔགས་ཀྱིས་བྱིན་བརླབ། ཆོས་སྐྱོང་སྤྱི་དང་ཕུར་སྲུང་གི་གཏོར་འབུལ། ཚོགས་མཆོད་རྣམས་བྱས་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཧེ་རུ་ཀས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་རྒྱས་པར་འཆད་འགྱུར་བཞིན་དབང་རྣམས་རྫོགས་པར་བླང་བའམ། བསྡུ་ན། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་ནས། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱས་ལ། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱིས་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་བ་བདབ་པ་ནི། རྡོར་དྲིལ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་འཇུག་པའི་ཆོས། དབང་གི་དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ཡོད་པ་ལས་དང་པོ་ནི། དཀྱིལ་འཁོར་ཡོལ་བས་བཅད། སློབ་མ་ཁྲུས་དང་ཕྱག་བྱས་ནས་གྲལ་དུ་འཁོད་པ་ལ། སྔོན་གཏོར་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་སོགས་ཀྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་རྭ་བ་དྲྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་མོས་ལ་སྲུང་འཁོར་བསྒོམ། དེ་ནས་ཆོས་བཤད་པ་ནི། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་གི་ངོ་བོ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོ་གང་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས། ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ། ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཀྱང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ལ། དེའང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ལས་འདིར་སྐབས་སུ་བབས་པ་ནི། ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ཡིན་ཅིང་། དེ་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེ་ལ་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་འདིར་སྒྲུབ་སྡེ། དེ་ལ་ཡེ་ཤེས་ལྷའི་སྒྲུབ་པ་ལྔ་དང་། འཇིག་རྟེན་པའི་གསུམ་སྟེ་བརྒྱད་ལས། འདིར་ནི་གདུག་པ་ཅན་འདུལ་བའི་ཐབས་གཙོ་བོར་སྟོན་པ་ཕྲིན་ལས་ཕུར་པའི་སྒྲུབ་སྡེ་སྟེ། དེ་ཡང་ཇི་སྐད་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ ཅེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་རྒྱ་བལ་མཚམས། དགུན་དུས་ཀྱང་མེ་ཏོག་རྣམ་པར་བཀྲ་ཞིང་། བཀྲ་ཤིས་བྱིན་ཆགས་པའི་གནས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་མཆོག་གི་རིག་འཛིན་སྒྲུབ་པ་ན་མི་བསྲུན་ནག་པོའི་ཕྱོགས་ཀྱིས་སློབ་དཔོན་ཆེན་པོའི་དགོངས་པར་ཐོ་འཚམས་མ་ཐུབ་ཀྱང་། རྒྱ་བལ་བོད་གསུམ་དུ་སད་སེར་མུ་གེ་ཡམས་ནད་བཏང་བ་ལ། བར་ཆད་འདུལ་བའི་ཆོས་རྒྱ་གར་གྱི་སློབ་དཔོན་རྣམས་ལས་ལེན་པའི་ཆེད་དུ་ཕོ་ཉ་མངགས་པས་སློབ་དཔོན་པྲ་བྷ་ཧསྟིས་བི་དྱོཏྟ་མ་ལ་འབུམ་སྡེ་ནས་དགྲ་བགེགས་འདུལ་བའི་ཕྲིན་ལས་མི་ཁུར་གཉིས་བརྫངས། གླེགས་བམ་ཕེབས་པ་ཙམ་གྱིས་བདུད་སྡེའི་རུ་མཚོན་དུས་གཅིག་ཏུ་སྙོལ་བའི་མཐུ་རྩལ་ཅན་གྱི་རྡོ་རྗེ་ཕུར་པ་འདི་ཉིད་ལ་བཀའ་མ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས་ལ་སོགས་པ་དུ་མ་དང་། གཏེར་མ་གཏེར་ཁ་སོ་སོ་ནས་བྱོན་པའི་ཆོས་ཚན་ཆེ་ཆུང་མཐའ་ཡས་པར་བཞུགས་པ་ལས། འདི་ནི་གཏེར་བྱོན་ཕུར་པ་ཐམས་ཅད་ཀྱི་ཕྱི་མོའམ་རྩ་བ་ལྟ་བུར་གྱུར་པ་སྟེ། དེའང་མངའ་བདག་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཟབ་མོའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཤིང་། ཁྱད་པར་ལྷོ་བྲག་གནམ་སྐས་བྲག་ནས་ཁྲོ་ཆུ་ལས་གྲུབ་པའི་ཀླུ་བདུད་ཀྱི་གཟུགས་མགོ་དགུ་རྭ་ཅན་རྡོ་རྗེའི་གཙུག་རྒྱན་ལྡན་པ་ཁྲུ་གང་བ་ཞིག་གི་སྐུ་སྟོད་ནས་དམ་ཆོས་བདུད་རྩིའི་སྐོར། སྐུ་སྐེད་ནས་ཁྱད་འཕགས་སྒྲུབ་ཐབས་ཀྱི་སྐོར། སྐུ་སྨད་ནས་ཕན་གནོད་ཕྲིན་ལས་ཀྱི་སྐོར། དབུའི་ནང་ནས་ཡང་གཏེར་གྱི་ངེས་དོན་སྒྲུབ་སྐོར་ལས་ཚོགས་རྣམས་བྱོན་པའི་ནང་ཚན། བཀའ་རྩིས་ལས། ཐུགས་ཀྱི་ཕུར་གཅིག་ཡང་གསང་འདུས་པའི་ཏོག༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་འགྲུབ་ཅིང༔ བར་གཅོད་ཀུན་འཇོམས་ང་ཡི་སྙིང་ལ་གདམས༔ ཡིད་ལ་བརྣག་ཅིང་མཆུ་སྒོར་དབྱུང་མི་རུང༔ གསང་བའི་ཡང་སྙིང་སྐལ་ལྡན་བུ་ལ་གཏད༔ ཅེས་གསུངས་པ་ལྟར་ཨོ་རྒྱན་ཆེན་པོའི་ཐུགས་དམ་སྐོར་གསུམ་གྱི་ནང་ཚན་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲི་འབར་བའི་སྐོར་ཏེ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་བའི་རིམ་པ་སྒྲུབ་པར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱིད་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ནས་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཞེས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་མེ་ཏོག་གི་ཕྲེང་བ་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གནས་ཀྱི་ཁང་པ་འདི་ཉིད་ཐ་མལ་གྱི་གནས་ཁང་མ་ཡིན་པར་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྱུར་པ་ལ། གང་ལས་དབང་ནོད་པའི་སློབ་དཔོན་ཉིད་ཀྱང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་རྣམ་པར་བཞུགས་པ་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཅག་འདིར་འཚོགས་རྣལ་འབྱོར་རྣམས༔ རྡོ་རྗེ་སློབ་དཔོན་གསུང་སྒྲུབ་ཅིང༔ དཀྱིལ་འཁོར་གཉན་པོར་འཇུག་འཚལ་ན༔ ཐུགས་རྗེས་བརྩེར་དགོངས་གནང་བར་ཞུ༔ ཞེས་ལན་གསུམ་ཞུ། དེ་ནས་སྤྲོ་བ་དྲི་བ་ནི། སློབ་དཔོན་གྱིས། ཧོ༔ རིགས་ཀྱི་བུ་ཁྱོད་རྣམས་དགོངས་ཤིག༔ གསང་བའི་དཀྱིལ་འཁོར་ཆེན་པོར་འཇུག་པ་ནི་ཤིན་ཏུ་དཀའ་ན་འདིར་འཇུག་པ་ནི་ཚེ་རབས་དུ་མ་ནས་རྒྱུད་སྦྱངས་པ་ལས་འཕྲོ་དང་ལྡན་པ་སྡོམ་པ་དམ་ཚིག་གིས་བཅིངས་ཤིང་རང་རྒྱུད་ཕུན་སུམ་ཚོགས་པ༔ དབང་ཐོབ་པ༔ བློ་ཆེ་བ༔ ཤེས་རབ་གསལ་བ༔ རིན་ཆེན་གསེར་སྣོད་ལྟ་བུ་དགོས་ལ་དེ་ལྟར་ཡིན་ན་དཀྱིལ་འཁོར་དུ་འཇུག་ཅིང་གདམས་པ་ཡང་སྦྱིན་ནོ༔ གལ་ཏེ་དེ་ལྟར་མ་ཡིན་པར་དུག་སྦྲུལ་ལྟ་བུར་རྒྱུད་རྩུབ་ཅིང་ངན་པས་སློབ་དཔོན་བཀའ་གཅོག་མཆེད་ལ་མི་གདུང༔ དམ་ཚིག་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་སྲིད་ན་རྡོ་རྗེ་དམྱལ་བའི་དོང་ཁར་ལྟུང་སྲིད་པས་ཕྱིར་དེངས་ཤིག༔ ཅེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ཅག་རྣམས་སྐྱེ་བ་སྔོན་རོལ་ནས་ཐེག་མཆོག་ཆོས་ལ་བློ་སྦྱངས་ཤིང་དམ་ཚིག་སྡོམ་པ་གཙོ་བོར་འཛིན༔ དབང་ཐོབ་ཅིང་བླ་མ་ཡི་དམ་ལྷ་མཆེད་ལྕམ་དྲལ་སྲོག་གི་ཕྱིར་ཡང་མི་འདོར་བའི་ལས་དང་སྐལ་བ་ཅན་ལགས་པས་ཐུགས་རྗེས་དགོངས་ནས་གནང་བར་ཞུའོ༔ ཞེས་ཞུས་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། དེ་བཞིན་གྱུར་ན་ལེགས་འོངས་པས༔ ཚུར་ཤོག་ལྷ་ལ་མེ་ཏོག་དོར༔ དེ་ནས་ཁྱོད་རང་རྣམས་དཀྱིལ་འཁོར་གྱི་ལྷ་ལ་དམིགས་ཏེ་ཕྱག་གསུམ་རེ་འཚོལ་ཅིག །ཅེས་ཕྱག་བྱེད་དུ་གཞུག །སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ཐལ་མོའི་བར་དུ་བཟུང་བཞིན་པས། རང་གི་རིགས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་དཀྱིལ་འཁོར་དུ་ལྟོས་པ་མེད་པར་དོར་མཛོད། ཧོ༔ བླ་མ་ཡི་དམ་ལྷ་ཚོགས་དགོངས༔ སྔོན་འདས་སྐྱེ་བ་གྲངས་མེད་ནས༔ ལས་དང་ཐུགས་རྗེར་རབ་འབྲེལ་བས༔ བསྙེན་ཅིང་བསྒྲུབ་པའི་ལྷ་གང་ཡིན༔ དེ་ལྟར་མེ་ཏོག་འབབ་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་ལ་གང་དུ་བབ་པའི་མིང་། དབུས་སུ་བབ་ན་རྡོ་རྗེ་དྲག་པོ་རྩལ། ཤར་དུ་བུདྡྷ། ལྷོར་རཏྣ། ནུབ་ཏུ་པདྨ། བྱང་དུ་ཀརྨ་དྲག་པོ་རྩལ་ཞེས་གསང་མཚན་གདགས། དེ་ནས་ལས་ཀྱི་རྡོ་རྗེས་ཁྲིད་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱེད་དུ་འཇུག་པའམ་བྱས་པར་མོས་ལ། ལས་རྡོར་གྱིས་ཕྱག་དང་བཅས། ཧོ༔ ལས་དང་སྐལ་ལྡན་སྙིང་གི་བུ༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་སློབ་དཔོན་མཆོག་གིས་ཟུངས༔ ནམ་མཁའི་རྡོ་རྗེ་འདི་ལ་སྩོལ༔ ཅེས་སློབ་དཔོན་ལ་གཏད། དེ་ནས་མིག་དར་དབྱེ་བ་ནི། མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧཱུྃ༔ སྔོན་ཚེ་མིག་མཁན་མིག་འབྱེད་ལྟར༔ ང་ཡིས་ཁྱོད་ཀྱི་མ་རིག་བསལ༔ ཤེས་རབ་གསུམ་སྐྱེད་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་སྐྱེད༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གསེར་ཐུར་གྱིས་མིག་དར་བཀྲོལ་ལ་ཡོལ་བ་བསལ། དེ་ལྟར་ཁྱོད་རང་རྣམས་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའང་ཡིན་པས། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་པར་ཞུ། ཞེས་བརྗོད། དེ་ནས་དམ་ཚིག་འབོགས་པ་ནི། དམ་ཆུ་ལྕེ་ཐོག་ཏུ་བཞག་ཅིང་དམ་བསྒྲགས་ཏེ། ཧཱུྃ༔ གཉིས་མེད་རྡོ་རྗེ་དམ་ཚིག་ཆུ༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ ཁྱོད་ཀྱི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་སེམས་དཔའ་ཚོན་གང་བར༔ འདི་གྱུར་བསམ་པ་རྫོགས་གྱུར་ཅིག༔ དམ་ཚིག་འདི་ལས་ཁྱོད་འདས་ན༔ ཡཀྴ་སྡིག་མགོ་དགུ་པར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་སྲེག༔ དེ་ཕྱིར་དམ་ཚིག་སྲོག་བཞིན་སྲུངས༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད་ལ། བདུད་རྩི་དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་ནང་དུ་སོང་སྟེ་ཧཱུྃ་མཐིང་ནག་གི་རྣམ་པར་གནས་པ་ལས། དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་ནས་བྱིན་གྱིས་རློབ་ཅིང་། ཉམས་ན་རྡོ་རྗེ་གནོད་སྦྱིན་ཞེས་ལྕགས་སྡིག་མགོ་དགུ་པའི་རྣམ་པར་གྱུར་ནས་གཤེད་མ་བྱེད་པར་འགྱུར་རོ། །དེ་བས་དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བསྐྱལ་ལོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་སོང་ནས་ཞུགས་པ་ལ་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གཉིས་པ་དངོས་གཞི་དབང་བསྐུར་བ་ལ་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་བདག་ཉིད་དུ་བཞུགས་པ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ་ཏུ་གཞུག །དངོས་གཞི་ལ་དོན་ཚན་བཅུ་དགུར་གསུངས་ཀྱང་མེ་ཏོག་དོར་བ་དང་གསོལ་གདབ་སྔོན་དུ་སོང་བས་འདིར་བཅུ་བདུན་ཏེ། དང་པོ་སློབ་བུ་སྣོད་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །འོད་ཀྱི་གོང་བུར་གྱུར་པ་སློབ་དཔོན་གྱི་ཞལ་དུ་ཞུགས། ཧཱུྃ་དུ་གྱུར། ཧཱུྃ། ཞེས་ཤངས་ནས་མདུན་དུ་ཧཱུྃ་གི་གཟུགས་སུ་ཕྱུང་། སླར་ལྗགས་ལ་བཞག་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རང་གྲལ་དུ་བཞག་པས། སྲས་མཆོག་ཕུར་བུའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུ་དང་མེ་དཔུང་། བར་པ་གཉིས་རྩེ་ལྔ་དང་ཁ་ཊྭཱཾ་ག །ཐ་མ་གཉིས་རི་རབ་ཀྱི་ཕུར་བུ་བསྒྲིལ་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། ཡུམ་འཁོར་ལོ་རྒྱས་འདེབས་མ་ཨུཏྤལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དུར་ཁྲོད་རོལ་པའི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་པད་ཟླ་ཉི་མ་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ་ཞིག་ཏུ་གསལ་ཐོབ་ཅིག །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སད་ནས་བཞུགས་པ་ལ་མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབུ་རྒྱན་ལ་སོགས་པའི་དབང་རྣམས་རིམ་པར་བསྐུར་བའི་མོས་པ་མཛོད་ཅིག །གཉིས་པ་དབུ་རྒྱན་གྱི་དབང་ནི། རིགས་ལྔའི་དབུ་རྒྱན་བཀོན་ལ། ཧཱུྃ༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ བྱང་ཆུབ་སེམས་ནི་མངོན་དུ་བསྟན༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ དབུ་ལ་རིགས་ལྔས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ པཉྩ་ཛྙཱ་ན་ཀུ་མཱ་ར་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་པས༔ འོག་མིན་རྡོ་རྗེ་ཆོས་ཀྱི་གཙོ་བོ་དང་བསོད་ནམས་ཡེ་ཤེས་སྐལ་པ་མཉམ་པར་གྱུར་ཏེ༔ ཆོས་ཀྱི་རྒྱལ་སྲིད་ཉམས་པ་མེད་པའི་གཏེར་ལྡན་མངོན་དུ་ཐོབ་ནས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུམ་པ་ཅོད་པན་གྱི་དབང་ནི། ཐོད་སྐམ་ལྔའི་ཅོད་པན་བཀོན་ལ། ཧཱུྃ༔ འཁོར་འདས་མ་ལུས་ཟིལ་གནོན་ཅིང༔ བཅོམ་ལྡན་འདས་དང་སྐལ་པ་མཉམ༔ རྣམ་པར་རྟོག་པ་ཀུན་འཇོམས་ཕྱིར༔ གཙུག་ཏུ་ཅོད་པན་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་པས༔ ཆོས་ཀྱི་རྒྱལ་སྲིད་ཐོབ་ནས་ཀུན་གྱི་གཙུག་ཏུ་བསྐུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཞི་པ་ཉན་བཤད་ཀྱི་དབང་ནི། རྒྱུད་ཀྱི་གླེགས་བམ་གཏད་ལ། ཧཱུྃ༔ ཆོས་ཉིད་བདུད་རྩི་ཆོས་ཀྱི་ཆར༔ སྐལ་ལྡན་འདི་ལ་དབབ་པའི་ཕྱིར༔ མཐུན་པར་གསང་སྨྲ་ཆོས་ཀྱི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ལི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཉན་ཅིང་འཆད་པའི་དབང་བསྐུར་པས༔ གསང་སྔགས་འབྲས་བུའི་ཐེག་པ་མཆོག་ཉན་ཅིང་བསམ་པ་དང་སྟོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ལྔ་པ་བུམ་པའི་དབང་ནི། རྣམ་བུམ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་དེ། ཧཱུྃ༔ བུམ་པའི་ངོ་བོ་ཆོས་ཀྱི་སྐུ༔ བུམ་པའི་རང་བཞིན་ལོངས་སྤྱོད་རྫོགས༔ བུམ་པའི་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་བུམ་པའི་དབང་བསྐུར་པས༔ གསང་སྔགས་ཀློང་དུ་གྱུར་ཅིང་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་དག་གིས་རྒྱལ་བུ་རྒྱལ་རིགས་ཀྱི་སྤྱི་བོ་ནས་ཁྲུས་བྱས་ཤིང་ཅོད་པན་བཅིངས་ཏེ་བཀའ་རྟགས་ཀྱི་ཕྱག་རྒྱ་གཏད་པས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་སྒྱུར་བ་ལྟར། ཁྱེད་རང་རྣམས་གསང་མཆོག་རྣལ་འབྱོར་ཆེན་པོའི་དམ་པ་ཆོས་ཀྱི་རྒྱལ་ཐབས་ལ་མངའ་དབང་སྒྱུར་བའི་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ༔ དྲུག་པ་དཀྱིལ་འཁོར་རྣམ་པ་གསུམ་གྱི་དབང་ལ། བདག་རྩ་བའི་ལྷ་ཕུར་རམ་སྐུ་ཙཀ་སྤྱི་བོར་བཞག་སྟེ། བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམས་ལས་རང་འདྲ་བའི་སྐུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་བདག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྩ་བའི་དཀྱིལ་འཁོར་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཕྱོགས་བཅུའི་ཁྲོ་བོའི་ལྷ་ཕུར་རམ་སྐུ་སྤྱི་བོར་བཞག་སྟེ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྲུལ་པའི་མགོ་བརྙན་ཕྲ་མེན་ཚོགས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་སྲས་མཆོག་ཉེར་གཅིག་གི་ལྷ་ཕུར་རམ་སྐུ་ཙཀ་སྤྱི་བོར་བཞག་སྟེ། ཧཱུྃ༔ ཟླ་གམ་དམར་ནག་ཨེ་ཡི་དཀྱིལ་འཁོར་དུ༔ ཁམས་གསུམ་མ་ལུས་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་སྲས་མཆོག་གདུག་པ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་བདག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་ཀ་བཱ་ཙི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བདུན་པ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། བླ་མ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་འཁོར་བའི་ཆོས་ཐམས་ཅད་དབྱིངས་སུ་བསྒྲལ་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨེ་མ་ཧོ༔ ང་ནི་རང་བྱུང་རྡོ་རྗེ་སྟེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བོ་དྷི་ཙིཏྟ་ཨོཾ༔ ཞེས་བྱིན་པ་མྱང་། ཧོ༔ སྐལ་ལྡན་ཁྱོད་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་པས༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་ནས་འཁོར་བ་ཐམས་ཅད་མྱ་ངན་ལས་འདས་ཏེ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག༔ བརྒྱད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ནི། སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བཞིན་པའི་ཕྱག་མཐིལ་གཡས་སུ་ཟླ་བའི་དཀྱིལ་འཁོར་ཨས་མཚན་པའི་དབུས་སུ་རྡོ་རྗེ་གཞོན་ནུ། ཕྱག་མཐིལ་གཡོན་དུ་ཉི་མའི་དཀྱིལ་འཁོར་མས་མཚན་པའི་དབུས་སུ་འཁོར་ལོ་རྒྱས་འདེབས་མ། གཡས་ཀྱི་སོར་མོ་ལྔ་ལ་ཟླ་བ་སྲན་ཟླུམ་ཙམ་ལྔ་ལ་ཁྲག་འཐུང་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཉི་མ་སྲན་ཟླུམ་ཙམ་ལྔ་ལ་ཀྲོ་དྷཱི་ཡུམ་ལྔ་གསལ་བར་གྱུར། ཐལ་མོའི་བར་ཕུར་བུ་ཐམས་ཅད་སྦམས་ཏེ་བཟུང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའམ་ཅུང་ཟད་བཟླས་ཏེ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་རིགས་ལྔ་ཁྲག་འཐུང་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་སྲས་མཆོག་ཕུར་པའི་ལྷ་ཚོགས་འཁྲུངས་ཏེ། ཡེ་ཤེས་ཀྱི་ཕུར་པ་ཞལ་གསུམ་ཕྱག་དྲུག་མཚོན་ཆ་སྣ་ཚོགས་འཛིན་པ། སྐུ་སྨད་ལྕགས་ཕུར་ཟུར་གསུམ་འོད་དང་ཚྭ་ཚྭ་འཕྲོ་བ་དང་། ཕྲིན་ལས་བཞིའི་ཕུར་པ་ལ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་བཞིའི་ནུས་སྟོབས་ཐིམ་པར་གྱུར། སྦམས་ཕུར་བསྒྲིལ་ཞིང་སློབ་མའི་དཔྲལ་བར་བཞག་སྟེ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་སཏྭ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་དབང་བསྐུར་པས༔ སྐུས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་སྐུར་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། དབང་རྟགས་སུ་དཔྲལ་བར་ཨོཾ་དཀར་པོས་མཚན་པར་བསམ༔ ཡང་སྦམས་ཕུར་མགྲིན་པར་བཞག །ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཝཱ་ཀ་བཛྲ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱཾ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་གསུང་གི་དབང་བསྐུར་པས༔ གསུང་གིས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་དབྱིངས་སུ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་རྟགས་སུ་མགྲིན་པར་ཨཱཿདམར་པོས་མཚན་པར་བསམ༔ ཡང་སྦམས་ཕུར་སྙིང་ཁར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཧྲྀ་ད་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་ཐུགས་ཀྱི་དབང་བསྐུར་པས༔ ཐུགས་ཀྱིས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་ཀློང་དུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་རྟགས་སུ་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ་མོ༔ དགུ་པ་ཕྲིན་ལས་རྣམ་བཞིའི་དབང་ནི། ཐོག་མར་ལས་བཞི་སྤྱི་ལ་དམིགས་ཏེ། གྲུ་ཆད་ཀྱི་ཕུར་བུ་བཞི་སྦམས་ལ་གཏད་དེ། ཧཱུྃ༔ དཔལ་ཆེན་སྐུ་ཡི་ཕྱག་རྒྱ་ཡིས༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ལས་རྣམས་རྫོགས་པར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིམ་པར་གཏད་དེ། ཧཱུྃ༔ བྱང་སེམས་སྐུ་ཡི་ཁྱད་པར་ལས༔ དངུལ་གྱི་ཕུར་བུ་ཟླུམ་པོ་ཡིས༔ ཐམས་ཅད་ཞི་བར་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་ཡོན་ཏན་ཁྱད་པར་ལས༔ གསེར་གྱི་ཕུར་བུ་གྲུ་བཞི་ཡིས༔ ཐམས་ཅད་རྒྱས་པར་དབང་བསྐུར་རོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲྀ་ད་ཡ་ཧྲཱིཾ་ཧྲཱིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་གསུང་གི་ཁྱད་པར་ལས༔ ཟངས་ཀྱི་ཕུར་བུ་ཟླ་གམ་གྱིས༔ ཐམས་ཅད་དབང་སྡུད་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་ཕྲིན་ལས་ཁྱད་པར་ལས༔ ལྕགས་ཀྱི་ཕུར་བུ་ཟུར་གསུམ་གྱིས༔ ཐམས་ཅད་སྒྲོལ་བར་དབང་བསྐུར་རོ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི་ཡོངས་སུ་རྫོགས་པའི་དབང་བསྐུར་པས༔ དེ་དེ་བཞིན་དུ་ཡོངས་སུ་རྫོགས་པའི་ངོ་བོར་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་པ་སྒོམ་ཞིང་སྒྲུབ་པའི་དབང་ནི། སྒྲུབ་ཕུར་ཆེན་མོ་ཕྱག་ཏུ་གཏད་པས་སྣང་སྲིད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་རྟོགས་ནས་ཐལ་འབྱིན་རྣམ་པ་བཞིའི་དགོངས་པ་ལ་མངའ་བརྙེས་པར་མོས་ཤིག །ཧཱུྃ༔ སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར༔ སྲིད་གསུམ་ཕུར་བུའི་རང་བཞིན་དུ༔ སྒོམ་ཞིང་སྒྲུབ་པར་དབང་བསྐུར་བས༔ སྦྱངས་དང་བསྐྱེད་པ་བརྟན་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷ་ག་ཝཱན་སཱ་དྷ་ཀ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་མངགས་ཕུར་ཆེན་པོ་འདི་ལག་ཏུ་བྱིན་ཏེ་དབང་བསྐུར་པས༔ སྲིད་གསུམ་ཕུར་བུའི་རང་བཞིན་དུ་རྟོགས་ནས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་ཅིག༔ བཅུ་གཅིག་པ་ཛཔ྄་བཟླ་བའི་དབང་ནི། དཀྱིལ་འཁོར་གཙོ་བོའི་ཐུགས་སྲོག་ཡེ་ཤེས་སེམས་དཔའ་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྤྲུལ་པའི་སྣང་བརྙན་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་འཁོད་པས་སྲོག་ཡེ་ཤེས་སུ་བྱིན་གྱིས་བརླབས། གསུང་རིག་སྔགས་ཀྱི་ནུས་མཐུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སེམས་དཔའི་སྐུ་དང་སྔགས་བྱང་གཏད་དེ། ཧཱུྃ༔ སྒྲུབ་པའི་ཡེ་ཤེས་ཚོན་གང་བ༔ གསང་བ་སྔགས་ཀྱིས་བསྐྱེད་པའི་ཕྱིར༔ རྒྱུན་དང་དུས་སུ་བཟླ་དགོས་པས༔ ཛཔ྄་སྔགས་འདི་ཡིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་མན་ངག་གི་སྙིང་པོ་འདི་བྱིན་ཏེ་དབང་བསྐུར་པས༔ དེ་རིང་ཕན་ཆད་བདེ་བར་གཤེགས་པའི་གསུང་གི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་གཉིས་པ་ཕུར་པ་བྱིན་གྱིས་རློབ་པའི་དབང་ལ་གཉིས་ལས། དང་པོ་ནི། དུར་ཁྲོད་ཀྱི་ཆས་ཆེན་བརྒྱད་དང་སྲས་མཆོག་ཕུར་བུས་མངའ་གསོལ་བས་ཧེ་རུ་ཀ་འབར་བ་ཆེན་པོའི་བརྡ་དོན་རྟགས་ཀྱི་ཕྱག་རྒྱ་ཡོངས་སུ་རྫོགས་ཏེ། འཁོར་འདས་ཀུན་ཟིལ་གྱིས་གནོན་ཅིང་གདུག་ཅན་ཐལ་བར་འབྱིན་པའི་མཐུ་ཐོབ་པར་མོས་ཤིག །དེ་ལ་དང་པོ་བྱུགས་པའི་རྫས་གསུམ་ལས་རཀྟའི་ཐིག་ལེ་ནི། གདུག་པ་འདུལ་བའི་མ་ཧཱ་རཀྟ་དང༔ རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང༔ མཁའ་དབྱིངས་རྣམ་དག་པདྨ་རཀྟ་སྟེ༔ དུག་གསུམ་དབང་སྡུད་རཀྟའི་ཐིག་ལེ་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་དཔྲལ་ཀོས་མཁུར་ཚོས་བཞིར་གདབ། ཞག་གི་ཟོ་རིས་ནི། དུག་གསུམ་གཏན་ནས་སྟོང་པར་བསྒྲལ་བའི་ཕྱིར༔ བསོད་ནམས་ཚོགས་མཆོད་བསྒྲལ་བའི་སྤྲིན་ཆེན་པོ༔ རྒྱུད་དྲུག་འཁོར་བ་ཀུན་གྱི་བཅུད་བླངས་ཏེ༔ བདུད་རྩི་བཅུད་མཆོག་ཞག་གི་ཟོ་རིས་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་བྲང་ལ་གདབ། ཐལ་ཆེན་གྱི་ཚོམ་བུ་ནི། ཧཱུྃ༔ དུག་ལྔ་འཁོར་བའི་རྩ་བ་ཀུན་བསྒྲལ་ཏེ༔ ཞེ་སྡང་ཆེན་པོས་གདུག་པ་བཏུལ་ནས་ནི༔ སྐྱེ་ཤི་རྩད་ནས་བཅད་པའི་ཐལ་ཆེན་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་སྨིན་མཚམས་སུ་ཚོམ་བུ་གདབ། གདགས་པའི་རྒྱན་གཉིས་ལས། ཐོད་པ་ཚར་གསུམ་གྱི་ཕྲེང་བ། ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་སེང་ཅན༔ དབང་པོ་སྣ་ལྔ་ཡེ་ཤེས་ལྔ་དང་ལྡན༔ ཤ་ཁྲག་བརླན་ཞིང་ཐུགས་རྗེ་ཆགས་པའི་ངང༔ ལྕང་ལོ་མང་པོ་འགྲོ་དོན་མཛད་པའི་རྟགས༔ ང་རྒྱལ་མ་སྤངས་ཐོད་པའི་ཕྲེང་བ་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་སྦྱིན། སྦྲུལ་ཆུན། ཧཱུྃ༔ ཐུགས་རྗེ་ཆེན་པོས་རྒྱུད་དྲུག་འདྲེན་པའི་ཕྱིར༔ སྙིང་རྗེ་ཐབས་ཀྱིས་ཞེ་སྡང་གདུག་པ་སྒྲོལ༔ མཉེན་ལྕུགས་འཁྲིལ་བས་ཡུམ་གྱི་ཚུལ་སྟོན་ཅིང༔ རྩུབ་ལ་གདུག་པས་ཕྱིན་ཅི་ལོག་བཞི་འདུལ༔ ཞེ་སྡང་མ་སྤངས་སྦྲུལ་གྱི་ཆུན་པོ་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་གདགས། བགོ་བའི་གོས་གསུམ་ལས། ཞིང་ཆེན་གྱི་གཡང་གཞི་ནི། ཧཱུྃ༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་ཕྱིར༔ སྲིད་པ་གསུམ་གྱི་སྡུག་བསྔལ་ཀུན་བསྒྲལ་ནས༔ ཚད་མེད་བཞི་ལ་མ་ལུས་ཀུན་བཙུད་དེ༔ ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས༔ ཕྲག་དོག་མ་སྤངས་ཞིང་ཆེན་གཡང་གཞི་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་བསྐོན། གླང་ཆེན་གྱི་ཀོ་རློན། ཧཱུྃ༔ དོན་དམ་སྤྲོས་མེད་ཆོས་ཀྱི་དབྱིངས་རྣམས་ལས༔ ཡེ་ཤེས་ཆེན་པོས་འགྲོ་བའི་དོན་མཛད་ཕྱིར༔ ཅིར་ཡང་འགྱུར་བའི་ཐུགས་རྗེ་ཀོ་རློན་འདྲ༔ ཐུགས་རྗེ་ཅན་གྱིས་འགྲོ་བ་སྒྲོལ་བའི་རྟགས༔ གཏི་མུག་མ་སྤངས་གླང་ཆེན་ཀོ་རློན་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་བསྐོན། སྟག་ཤམ། ཧཱུྃ༔ ཐུགས་རྗེ་ཆགས་པས་འཁོར་བ་སྨིན་མཛད་ཕྱིར༔ སོ་སོར་འཛིན་པའི་རྟོག་པ་གཞོམ་སླད་དུ༔ ཁྲོ་གཏུམ་ཆེན་པོས་འདོད་ཆགས་གནས་སུ་སྦྱོང༔ ཁམས་གསུམ་བསྒྲལ་བའི་དཔའ་མཚན་ཆེན་པོ་དང༔ འདོད་ཆགས་མ་སྤང་སྟག་གི་ཤམ་ཐབས་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་སྦྱིན། དེ་ལྟར་ཆས་བརྒྱད་དང་ལྡན་པ་ལ་མེ་རི། ཧཱུྃ༔ འཁོར་བའི་བུད་ཤིང་མ་ལུས་སྲེག་པའི་ཕྱིར༔ ཡེ་ཤེས་ཆེན་པོ་མེ་དཔུང་འབར་བ་ཡིས༔ རྣམ་པར་རྟོག་པའི་བག་ཆགས་ཀུན་བསྲེགས་ནས༔ མ་རིག་ལྡོངས་པའི་མུན་ཚོགས་སེལ་མཛད་པའི༔ བསྐལ་པའི་མེ་ཡི་ཆས་མཆོག་དམ་པ་འདི༔ དུར་ཁྲོད་གསང་བ་མཆོག་གི་རྒྱན་གྱི་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཞེས་ལུས་ལ་བསྐོན་ཚུལ་བྱ། དེ་ནས་སྲས་མཆོག་གི་ཕུར་པ་གཏད་དེ། ཧཱུྃ༔ རྡོ་རྗེ་འབར་བའི་ཀཱི་ལ་ཡ༔ ཡབ་ཡུམ་ཕྱག་རྒྱས་བྱིན་བརླབས་ནས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ བྱིན་གྱིས་རློབ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་དྷིཥྛཱ་ན་ཏེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་གདབ་ཕུར་གཏད་དེ་དབང་བསྐུར་པས༔ རྫས་ཀྱི་ཕུར་པ་ཡེ་ཤེས་ཁྲོ་བོའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་གསུམ་པ་གདབ་ལས་ཀྱི་དབང་ནི། བྲུབ་ཁུང་ལིངྒ་མདུན་དུ་བཀོད་ལ། རྡོ་རྗེ་ཕུར་བུའི་ཕྲིན་ལས་ཀྱི་འདེབས་ཁ་གཙོ་བོར་གྱུར་པ་གདབ་པའི་ལས་ཀྱི་དབང་བསྐུར་བ་ལ་དམིགས་འདུན་མི་གཡེལ་བར་མཛོད་ཅིག །ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་པའི་ནང་དུ་ནྲྀ་ཏྲི་ལས་སྐྱེས་པའི་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ དེ་ལྟར་བཀུག་ཅིང་བསྟིམས་པས་ལིངྒ་གནོད་བྱེད། ཁྱེད་རང་རྣམས་དཔལ་ཆེན་པོ། ཕྱག་གི་ཕུར་བུ་སྲས་མཆོག་ཡཀྴ་ཀྲོ་དྷ་དངོས་སུ་གྱུར་པ་སྟེ། གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས་ལས་ཀྱི་ཕུར་བུ་འདྲིལ་ཞིང་དམིགས་པའི་རྟེན་ལ་འདེབས་པར་མཛོད་ཅིག །ཧཱུྃ༔ བདག་དང་ལག་པའི་མཆོག་རྣམས་ཀྱིས༔ རབ་ཏུ་འདྲིལ་ཏེ་གསོར་བྱས་ནས༔ དུག་གསུམ་རྩ་བ་རྩད་གཅད་ཕྱིར༔ འདྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཕུར་བུ་འདྲིལ་ཞིང་འདེབས་པའི་དབང་བསྐུར་པས༔ དུག་གསུམ་གྱིས་བསྐྱེད་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་སྒྲོལ་ཞིང་རྡུལ་དུ་རློག་པའི་མཐུ་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་བཞི་པ་རྡུལ་དུ་རློག་པའི་དབང་ནི། རྡོ་རྗེའི་ཐོ་བ་གཏད་དེ། ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོ་འབར་བའི་ཐོ་ཚོགས་ཀྱིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ ཕུར་བུ་ཐོ་བའི་དབང་བསྐུར་བས༔ ཐམས་ཅད་སྒྲོལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མུ་ཏི་བཾ་གྷྲི་ན་ཨཱ་ཀོ་ཊ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཕུར་བུ་ཐོ་བའི་དབང་བསྐུར་པས༔ ཁམས་གསུམ་གྱི་དགྲ་བགེགས་ཐམས་ཅད་བསྒྲལ་ཞིང་ཚར་བཅད༔ རྣམ་པར་ཤེས་པ་མི་གནས་མྱ་ངན་ལས་འདས་ནས་ཀུན་བཟང་མཁའ་དབྱིངས་སུ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅོ་ལྔ་པ་དམ་ཅན་བྲན་བཀོལ་གྱི་དབང་ནི། དམ་ཅན་གྱི་ཕུར་བུ་ཡོངས་རྫོགས་སམ་མེད་ན་གཅིག་ལ་བསྡུས་པ་གཏད་དེ། ཁྱེད་རང་དཔལ་ཆེན་པོའི་སྙེམས་པ་ཤིན་ཏུ་བརྟན་པ་ལ་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཅི་བགྱིའི་འབངས་དང་གཡོག་ཏུ་གཏད་པར་མོས་ཤིག །ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཧེ་ཧེ་ཧེ་ཧེ་བྷྱོ་བྷྱོ་བྷྱོ་བྷྱོ༔ མོ་ཧ་གྷཱ་ཏ་ཡ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་བཀའ་སྡོད་དམ་ཅན་གྱི་དབང་བསྐུར་པས༔ ཕྲིན་ལས་ཐོགས་མེད་དུ་འགྲུབ་ཅིང་མི་ནུབ་པའི་རྒྱལ་མཚན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་དྲུག་པ་གཏོར་མའི་དབང་ནི། དཔལ་གཏོར་ཆེན་པོ་གཙུག་ཏུ་བཞག་སྟེ། གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན། གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པའི་མོས་པ་མཛོད། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་གྱུར། ཧོ༔ སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་ཕྱག་རྒྱས་དབང་བསྐུར་པས༔ བདེ་གཤེགས་ཀུན་གྱི་ཐུགས་དམ་བསྐངས་ཏེ་བར་གཅོད་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་བདུན་པ་ཚེ་དང་ཞལ་ཟས་དངོས་གྲུབ་ཀྱི་དབང་ནི། བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་གྱི་ནང་དུ་བླ་མ་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བསྡུས་ནས་བསྐྱིལ་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་སྦྲང་ཆར་བབས་པ་ལྟར་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་ལ་ཐིམ་པས། དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་དུ་གྱུར་པར་མོས་ཤིག །ཚེ་བུམ་ཞལ་ཟས་དངོས་གྲུབ་ཀྱི་རྫས་རྣམས་སྤྱི་བོར་བཞག་སྟེ། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཨཱ་ཡུ་ཥེ་སིདྡྷི་ཧཱུྃ༔ ཀཱ་ཡ་བཛྲ་སིདྡྷི་ཧཱུྃ༔ ཝཱ་ཀ་བཛྲ་སིདྡྷི་ཧཱུྃ༔ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧཱུྃ༔ ཀརྨ་བཛྲ་སིདྡྷི་ཧཱུྃ༔ ཤཱནྟིཾ་སིདྡྷི་ཧཱུྃ༔ པུཥྚིཾ་སིདྡྷི་ཧཱུྃ༔ ཝ་ཤཾ་སིདྡྷི་ཧཱུྃ༔ ཀརྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཚེ་དབང་དངོས་གྲུབ་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱིས་དབང་བསྐུར་པས༔ བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་ཤིང་མཆོག་ཐུན་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་དབང་སོ་སོའི་མཐར་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་པ་རྣམས་བྱའོ། །གསུམ་པ་དབང་གི་རྗེས་རིམ་ནི། དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་གསང་སྤུ་གྲིའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་པས། རིག་པ་འཛིན་པའི་གོ་འཕང་ལ་མངའ་དབང་འབྱོར་པའི་ཕྱིར་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་དགོས་པས། དམ་ཚིག་གི་གནས་རྣམས་ལ་ནན་ཏན་དུ་བསྒྲུབ་པར་བགྱི་སྙམ་པའི་དམ་ཚིག་བསྲུང་སེམས་ཀྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ནས། ཚོགས་ལ་རོལ་པ་དང་ལྷག་མ་གཏོང་བ་སོགས་རྗེས་ཆོག་རྣམས་ལས་གཞུང་ལྟར་ཤེས་པར་བྱའོ། །གྲུབ་པའི་སློབ་དཔོན་ཆེན་པོའི་མགུལ་ཁུག་མ། །གནམ་སྐས་ཐུགས་ཀྱི་གཏེར་ལས་ཕྱུང་པའི་དབང་། །གོང་མའི་གསུང་བཟང་དཔང་པོར་བཀོད་ནས་ཀྱང་། །ལག་ལེན་རྣམ་གསལ་བཀླག་ཆོག་ཉིད་དུ་བསྡེབས། །ཕྲིན་ལས་དབང་སྒྱུར་དཔལ་ཆེན་པོའི། །སྙིང་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་སྟོབས་ཀྱིས་ལེགས་ཞུགས་ནས། །སྲིད་པ་རྡོ་རྗེར་སྒྲུབ་བྱེད་ཤོག །ཅེས་པའི་ཚུལ་འདིར་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་ཆོག་ཁྲིགས་ལུང་རྒྱུན་མ་བཞུགས་པས། ཁ་སྐོང་ཕྲན་བུས་བརྒྱན་ཏེ་བལྟས་ཆོག་ཉིད་དུ་པདྨའི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྙིང་པོ་དཔལ་ཆེན་ཐུགས་ཀྱི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

མ་བསྒོམ་སངས་རྒྱས་ཀྱི་གནད་དྲུག་ལས༔ ཡེ་ཤེས་མཐོང་གྲོལ་གྱི་གདམས་པ་ (Volume 22, Text 25)

༁ྃ༔ མ་བསྒོམ་སངས་རྒྱས་ཀྱི་གནད་དྲུག་ལས༔ ཡེ་ཤེས་མཐོང་གྲོལ་གྱི་གདམས་པ་བཞུགས་སོ༔ ྈྈྈྈ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ ཡེ་ཤེས་མཐོང་གྲོལ་གྱི་གདམས་པ་ནི༔ རྒྱུད་ལས༔ ཨེ་མ༔ ཡེ་ཤེས་སྐུ་མཆོག་ཐུགས་རྗེ་ཅན༔ འདི་ཉིད་མཐོང་བ་ཙམ་གྱིས་ཀྱང༔ ཉོན་མོངས་སྐྱེ་མེད་དོན་མཐོང་ཞིང༔ མ་བསྒོམ་པར་ཡང་མཐོང་གྲོལ་ལོ༔ ཞེས་གསུངས་པས༔ འདི་ལ་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་མཐོང་གྲོལ༔ ལམ་གྲོལ་བྱེད་དོན་གྱི་མཐོང་གྲོལ༔ འབྲས་བུ་མངོན་དུ་བྱེད་པ་རྟགས་ཀྱི་མཐོང་གྲོལ་ལོ༔ དང་པོ་ནི༔ གནས་དབེན་པར་བདག་དང་གཟུངས་མ་མཚན་ལྡན་གཉིས་ཀྱིས༔ ཐུགས་རྗེ་ཆེན་པོ་དང་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་དུ་ཞུགས་ཏེ༔ མདུན་དུ་ད་ལའི་དབུས་སུ༔ བུམ་པ་དྲི་ཞིམ་པོའི་ཆུས་བཀང་བ་ལ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་བསྐྱེད་ཅིང་བདག་གིས་ཡི་གེ་བཅུ་པ་བཟླ༔ གཟུངས་མས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་ཞག་གསུམ་དུ་བཟླས་ལ༔ དེ་ནས་བྱང་སེམས་དཀར་པོ་དང་ཨ་མྲྀཏ་ལ༔ བདག་གིས་ཨོཾ་ཨཱཿཧཱུྃ་འབུམ་བཟླ༔ བྱང་སེམས་དམར་པོ་དང་སིནྡྷུ་ར་ལ་གཟུངས་མས༔ ཨོཾ་ཨཱཿཧཱུྃ་འབུམ་བཟླ༔ དེ་ནས་ཤོག་བུ་ལ་བུམ་ཆུས་སྤྱིན་དང་སྦྱར་ལ་ཆག་བྱ༔ བྱང་སེམས་དཀར་དམར་གྲོགས་དང་བཅས་པ་མཚལ་དང་སྦྱར་ཏེ༔ ཡེ་ཤེས་རང་ཤར་འཁོར་ལོ་ཡི་གེ་དྲུག་གི་འཁོར་ལོ་དཔེའུ་ཆུང་ལྟར་བྲིས་པའི་དབུས་སུ་རིང་བསྲེལ་དང་བཅས་པ་ཡང་ཡང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་སོགས་པའི་ཡེ་ཤེས་སེམས་དཔའ་བསྟིམ་ཞིང་འོད་གསལ་བསྒོམ་སྟེ༔ བདག་གིས་ཨཱ་ལི་བཟླ༔ གཟུངས་མས་ཀཱ་ལི་བཟླས་ཏེ༔ རབ་དངོས་སུ་ལྷ་ཡིས་ཞལ་མཐོང་བ་དང༔ ལུང་སྟོན་པ་དང༔ རྟོགས་པ་འཆར་བ་དང༔ འཁོར་ལོ་ལས་འོད་དང༔ སྒྲ་དང༔ དྲི་དང༔ ནམ་མཁའ་ལ་འཇའ་དང༔ སྒྲ་དང་ས་གཡོ་བ་འབྱུང༔ འབྲིང་ཉམས་སུ་བདེ་ཉམས་ཆེན་པོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱའི་གསལ་སྣང་དང༔ མི་རྟོག་པ་རྣམས་འཆར་བར་འབྱུང་ངོ༔ ཐ་ན་རྨི་ལམ་དུ་བླ་མ་དང༔ ཁྱེའུ་དང༔ བུ་མོ་དང༔ གླེགས་བམ་དང༔ མཆོད་རྟེན་དང༔ འཇའ་འོད་དང༔ ཉི་ཟླ་དང༔ ཤེལ་དང༔ སྒྲོན་མེ་ཐོགས་པ་དང༔ རོལ་མོ་སྒྲོག་པ་དང༔ མི་མང་པོ་ལ་ཆོས་བསྟན་པ་ལ་སོགས་པ་བྱུང་ནས༔ འཁོར་ལོ་ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ནང་དུ་བཞུགས་སུ་གསོལ་ལ༔ ཡི་གེ་བཅུ་པ་ཁྲི་དང༔ རྟེན་འབྲེལ་སྙིང་པོ་སྟོང་དང༔ རྒྱུད་ཚར་བརྒྱ་དང༔ ཚོགས་འཁོར་བཅུ་ལ་སོགས་པས་རབ་ཏུ་གནས་པར་བྱ་སྟེ༔ སྨོན་ལམ་འདི་ལྟར་གདབ་པར་བྱའོ༔ ཨེ་མ་ཨེ་མ༔ ཐོག་མའི་བྱམས་མགོན་ཀུན་བཟང་སྣང་མཐའ་ཡས༔ ཡེ་ཤེས་རིགས་ལྔ་ཐུགས་རྗེ་ཆེན་པོའི་ཚོགས༔ གང་ལ་གང་འདུལ་རང་བྱུང་སྤྲུལ་པའི་སྐུ༔ ཡབ་ཡུམ་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ ཀུན་གཞི་མཐའ་བྲལ་མཁའ་ལྟར་ཡངས་པའི་ཀློང༔ ཀ་དག་ལྷུན་གྲུབ་རང་བྱུང་ཡེ་ཤེས་དེ༔ རང་ལ་ཡོད་ཀྱང་རང་ངོ་མ་ཤེས་པས༔ འཁོར་བར་གནས་པའི་སེམས་ཅན་སྙིང་རེ་རྗེ༔ བདེ་གཤེགས་བྱམས་མགོན་སྲས་དང་བཅས་པ་ཡིས༔ བདེ་གསལ་འདུས་མ་བྱས་པའི་བདེན་སྟོབས་ཀྱིས༔ བདག་ལ་སངས་རྒྱས་ཡོན་ཏན་རབ་རྫོགས་ནས༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱེད་པར་ཤོག༔ བདག་གིས་འདི་ལྟར་བསགས་པའི་དགེ་བ་འདིས༔ མཐོང་ཐོས་དྲན་རེག་མྱོང་ཚོར་འབྲེལ་བ་ཡིས༔ འབད་རྩོལ་མ་དགོས་སྐད་ཅིག་འདི་ཉིད་ལ༔ སྐྱེ་འགྲོ་མ་ལུས་དུས་གཅིག་གྲོལ་བར་ཤོག༔ ཧྲཱིཿབརྒྱ་བཟླས་ལ་ཡིད་ལ་བྱར་མེད་པའི་དོན་བསྒོམ༔ དེ་ནས་སྐུ་དེའི་མཛོད་སྤུར་བྱང་སེམས་དཀར་པོ་དང་ཚོན་དཀར་པོས་ཨོཾ་བྲི༔ མགུལ་དུ་བྱང་སེམས་དམར་པོས་ཨཱཿབྲི༔ ཐུགས་ཀར་བྱང་སེམས་འདྲེས་མ་དང་ཚོན་མཐིང་གས་ཧཱུྃ་བྲིས་ལ་འགྲོ་དོན་ཆེ་བའི་སར་བཞུགས་སུ་གསོལ་ན༔ སྐུ་དེ་གང་མཐོང་བའི་སེམས་ཅན་དེ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ༔ མཚམས་མེད་པ་ལྔ་བྱས་པ་ཡང་ངན་འགྲོ་ལས་བཟློག་པར་འགྱུར་རོ༔ འཁོར་ལོ་རང་གི་མཆན་འོག་ཏུ་བཅང་ན༔ རང་ཉིད་གང་གིས་མཐོང་བ་ཐམས་ཅད་སྨིན་ཅིང་མཐོང་གྲོལ་དུ་འགྱུར་རོ༔ སློབ་མ་ལ་མཐོང་གྲོལ་གྱི་དབང་བསྐུར་ན༔ བྱང་སེམས་ཀྱིས་ཡི་གེ་ལུས་ཀྱི་གནས་གསུམ་དུ་གོང་ལྟར་བྲིས་ལ༔ སྤྱི་བོར་མཐོང་གྲོལ་གྱི་སྐུ་བཞག་ལ་འདི་སྐད་དོ༔ ཨོཾ༔ མཐའ་བརྒྱད་གྲོལ་བའི་ཡེ་ཤེས་སྐུ༔ རང་ལ་གནས་པ་རེ་དོགས་མེད༔ ཆོས་སྐུ་སྐྱེ་བ་མེད་པའི་དོན༔ མཐོང་གྲོལ་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿཧྲཱིཿཧྲཱིཿཞེས་དབང་བསྐུར་རོ༔ དེ་ནས་རྟེན་མི་འབྲལ་བར་བཅངས་ཤིང་འོད་དང༔ སྒྲ་དང༔ ས་གཡོས་དང༔ ཉི་ཟླ་གཟས་ཟིན་དུས་དང༔ སད་སེར་དང༔ མུ་གེ་དང༔ ནད་ཡམས་དང༔ མཚོན་འཁྲུག་དུས་དང༔ རླུང་དང༔ ཤྭ་དང༔ ཆར་དྲག་དང༔ མེ་ཆེན་པོ་ལ་སོགས་པ་འབྱུང་བའི་ལྟས་ཆེན་པོ་བྱུང་བའི་ཚེ༔ མཐོང་གྲོལ་ལ་ཚོགས་དང་གཏོར་མ་འབུལ་ཞིང༔ འབྱུང་བའི་ལྟས་དེ་ཕྱོགས་དང་བསྟུན་པའི་རིགས་ལྔའི་སངས་རྒྱས་སུ་བསྐྱེད་པས་འབྱུང་ལྟས་ངན་པ་བཟང་པོར་འགྱུར་ཞིང༔ དེ་མཐོང་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་འགྱུར་རོ༔ དེ་དག་ནི་གཞི་སྨིན་བྱེད་བརྡའི་མཐོང་གྲོལ་ལོ༔ གཉིས་པ་ལམ་གྲོལ་བྱེད་ཀྱི་མཐོང་གྲོལ་ནི༔ རྡོ་རྗེ་བླ་མས༔ སློབ་བུ་དེ་ལ་འདི་སྐད་དོ༔ ཀྱེ་རིགས་ཀྱི་བུ༔ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཚོགས་དྲུག་གི་ཡུལ་ལ་མ་ཤར་བ་མེད་པས༔ ཚོགས་དྲུག་གི་སྣང་བ་འདི་དག་ལུས་ལས་ཤར་བ་ཡིན་ནམ་སེམས་ལས་ཤར་བ་ཡིན་ལྟོས་ཤིག༔ ཅེས་སྨོས་ཏེ༔ དཔེ་དོན་དུ་མས་སེམས་ཐང་ཆད་དུ་གཞུག་གོ༔ དེས་ནི་འཁོར་འདས་ཐམས་ཅད་སེམས་སུ་གྲོལ་བས་གཉིས་འཛིན་རང་སར་གྲོལ་བ་དེས་ན་མཐོང་གྲོལ་ཞེས་ངོ་སྤྲད་དོ༔ དེ་དག་ནི་ལམ་གྲོལ་བྱེད་དོན་གྱི་མཐོང་གྲོལ་ལོ༔ གསུམ་པ་འབྲས་བུ་མངོན་དུ་བྱེད་པ་རྟགས་ཀྱི་མཐོང་གྲོལ་ནི༔ མིག་གཉིས་བཙིར་བས་རྨ་བྱའི་མདོངས་ལྟ་བུར་འཆར་བ་དེ་བསྟན་ཏེ༔ རང་རིག་ཡེ་ཤེས་ལྔའི་རང་མདངས་འོད་དུ་འཆར་བ་ཡིན་ནོ༔ རང་འཆི་བའི་ཚེ་མདུན་གྱི་ནམ་མཁར་འོད་འདི་ལྟ་བུའི་ཚོམ་བུ་ལྔ་འཆར་ཏེ༔ དེ་ལ་ཤེས་པ་མ་ཡེངས་པར་གཏད་ཅིང༔ རང་སྣང་གི་ཡེ་ཤེས་སུ་ངོ་ཤེས་ན༔ ཡར་གྱི་ཟང་ཐལ་དུ་འགྲོ་བ་ཡིན་ནོ༔ འདི་ལྟ་བུའི་གནད་དང་ལྡན་ན༔ སྐུ་གསུམ་གྱི་རྟགས་ལ་སོགས་པ་ངོ་མཚར་ཅན་མངོན་དུ་འབྱིན་ནས་སངས་རྒྱས་པར་འགྱུར་རོ༔ ཞེས་ངོ་སྤྲད་དོ༔ དེ་དག་ནི་འབྲས་བུ་མངོན་དུ་འབྱིན་པ་རྟགས་ཀྱི་མཐོང་གྲོལ་ཞེས་བྱའོ༔ ཡེ་ཤེས་མཐོང་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ ཨེ་མ་ཧོ༔ འདི་ལྟར་མ་བསྒོམ་སངས་རྒྱས་གནད་རྣམས་ཀྱིས༔ སྐྱེས་བུ་དེ་ཉིད་འཆི་བའི་དུས་ཉིད་དུ༔ འཆི་རྟགས་ཆོས་སྐུའི་མཚོན་པ་སྤྲིན་མེད་མཁའ༔ ལོངས་སྐུ་འཇའ་འོད་སྤྲུལ་སྐུ་མེ་ཏོག་ཆར༔ དེ་དག་སྐྱེ་བ་ལྔ་ནས་རིགས་ལྔ་ཡི༔ ཞིང་དུ་སྐྱེས་ནས་སངས་རྒྱས་ཐོབ་པའི་རྟགས༔ ཕྱི་ཡི་ནང་རྟགས་ཆོས་སྐུ་ས་གཡོས་དང༔ ལོངས་སྐུ་འོད་སྒྲ་དྲི་ཞིམ་སྐུ་གསུང་ཐུགས༔ སྤྲུལ་སྐུ་ཉི་མའི་དཀྱིལ་འཁོར་འོད་ལྔས་བསྐོར༔ དེ་དག་སྐྱེ་བ་གསུམ་ནས་མངོན་སངས་རྒྱས༔ ཕྱི་ཡི་གསང་རྟགས་ཆོས་སྐུ་མཐོང་རྟགས་སུ༔ འབྱུང་བ་རང་སར་འཁྱིལ་ཞིང་གནས་པ་དང༔ ལོངས་སྐུའི་རྟགས་སུ་ནམ་མཁར་འོད་ལྔའི་སྐུ༔ སྤྲུལ་སྐུའི་རྟགས་སུ་སྤྲུལ་པ་སྣ་ཚོགས་སྣང༔ དེ་དག་སྐྱེ་བ་གཅིག་གིས་སྐུ་གསུམ་འགྲུབ༔ ནང་གི་ཕྱི་རྟགས་ཆོས་སྐུ་ཐོབ་པ་ན༔ འཆི་ཁར་སྤྱི་གཙུག་འོད་ཀྱི་རླངས་པ་འབྱུང༔ ལོངས་སྐུའི་རྟགས་སུ་ལུས་མཉེན་འོད་དང་ལྡན༔ སྤྲུལ་སྐུའི་རྟགས་སུ་ཞག་མང་དྲོད་མི་ཡལ༔ ནང་གི་ནང་རྟགས་ཆོས་སྐུ་ཐོབ་པ་ན༔ མེ་ལ་བསྲེགས་པས་མེ་ཡིས་མི་ཚུགས་ཤིང༔ ཐུགས་ལྗགས་ཚེམས་སྤྱན་ལ་སོགས་འབྱོན་པ་དང༔ ལོངས་སྐུའི་རྟགས་སུ་མེ་ལྕེ་གཡས་འཁྱིལ་དང༔ རིགས་ལྔའི་ཕྱག་མཚན་དབྱིབས་སུ་བྱོན་པ་དང༔ སྤྲུལ་སྐུ་དུ་བ་གཡོན་འཁྱིལ་མཆོད་པའི་དབྱིབས༔ ནང་གི་གསང་བའི་ཆོས་སྐུ་ཐོབ་རྟགས་སུ༔ རིགས་ལྔའི་གདུང་བྱོན་ཁ་དོག་ལྔ་རུ་གསལ༔ ལོངས་སྐུ་སྐུ་དང་ཡིག་འབྲུ་ཕྱག་མཚན་འབྱོན༔ སྤྲུལ་སྐུའི་རྟགས་སུ་རིང་བསྲེལ་ཕྲ་ཞིབ་མང༔ དེ་དག་ངེས་པར་བར་དོར་མངོན་སངས་རྒྱས༔ གསང་བའི་ཕྱི་རྟགས་སྤྲུལ་སྐུ་ཐོབ་རྟགས་སུ༔ འགྲོ་བ་མང་པོ་བདེ་ཞིང་མོས་པ་དང༔ གསང་བའི་ནང་རྟགས་ལོངས་སྐུ་ཐོབ་རྟགས་སུ༔ ཉེ་བར་གནས་རྣམས་མ་བསྒོམ་ཏིང་འཛིན་སྐྱེ༔ གསང་བའི་གསང་རྟགས་ཆོས་སྐུ་ཐོབ་པ་ནི༔ ཕུང་པོ་ལྷག་མེད་ཡང་དག་རྫོགས་སངས་རྒྱས༔ ཆོས་དང་གདམས་པའི་གནད་མེད་འཆི་བ་རྣམས༔ ནམ་མཁའ་སྔོ་སྐྱ་གཟུགས་མེད་ཁམས་སུ་སྐྱེ༔ སྤྲིན་འཇའ་དཀར་པོ་གཟུགས་ཁམས་གནས་སུ་སྐྱེ༔ སྤྲིན་དཀར་ལང་ལོང་འདོད་ཁམས་ལྷ་གནས་སོ༔ དྲག་པོ་རླུང་འཚུབས་ལྷ་མིན་གནས་སུ་སྐྱེ༔ སྤྲིན་དཀར་ཉི་འོད་མི་ཡི་གནས་སུ་སྐྱེ༔ ཡུལ་ངན་ཐལ་འཚུབས་དུད་འགྲོར་སྐྱེ་རྟགས་སོ༔ ཁ་ཆར་སེར་བ་ཡི་དྭགས་གནས་སུ་ལྟུང༔ མུན་ནག་ཐིབས་ན་མར་གྱི་ཟང་ཐལ་ལོ༔ ནང་རྟགས་འཆི་དུས་དྲོད་ཀྱི་ཐ་མ་དེ༔ ལུས་ཀྱི་རིགས་དྲུག་གནས་རྣམས་གར་ཆད་པ༔ དེ་དང་དེར་འཕོ་ངེས་པར་འཆུགས་མེད་རྟགས༔ གསང་བ་མེ་དང་དུ་བ་ཐུར་དུ་འབར༔ བསྲེགས་ཤུལ་ནག་ན་ངེས་པར་དམྱལ་བར་འགྲོ༔ རིང་བསྲེལ་ནག་པོ་དམར་ནག་སེར་ནག་སོགས༔ བདུད་དང་རུ་དྲར་སྐྱེ་བའི་རྟགས་ཉིད་དོ༔ དེ་ཡི་ཕྱིར་ན་མ་བསྒོམ་སངས་རྒྱས་འདི༔ སྐལ་ལྡན་དད་བརྩོན་ཤེས་རབ་སྙིང་རྗེ་ཆེ༔ འགྲོ་བའི་དོན་ལ་བརྩོན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈ ྈྈྈ ཆོས་ཉིད་ཐོས་གྲོལ་གྱི་གདམས་པ་བཞུགས་སོ༔ ༁ྃ༔ ྈྈ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ ཆོས་ཉིད་ཐོས་གྲོལ་གྱི་གདམས་པ་ནི༔ རྒྱུད་ལས༔ ཆོས་ཉིད་གསུང་མཆོག་ཟབ་མོའི་དོན༔ འདི་ཉིད་ཐོས་པ་ཙམ་གྱིས་ནི༔ ཡེ་ཤེས་འགག་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་ཐོས་གྲོལ་ལོ༔ ཞེས་པ་འདི་ལ་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་མཐོང་གྲོལ་ལྟར་བྱས་ལ༔ འཁོར་ལོ་བྲི་བའི་རྒྱུ་དེས་རྒྱུད་བཞེངས་ལ་འཁོར་ལོ་དང་ལྷན་ཅིག་ཏུ་སྦྲགས་ཏེ༔ རབ་གནས་དང་སྨོན་ལམ་ཡང་གོང་ལྟར་གདབ་བོ༔ དེ་ནས་རང་གི་ལྕེ་འོག་ཏུ་གོང་གི་བྱང་སེམས་ཀྱི་རིལ་བུ་བཞག༔ མགུལ་དུ་འཁོར་ལོ་བཏགས་ཏེ༔ ཇི་སྐད་སྨྲས་པ་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲར་གྱུར་ཏེ༔ སེམས་ཅན་གང་གིས་ཐོས་པ་ཐམས་ཅད་སྨིན་ཅིང་ཐོས་གྲོལ་དུ་འགྱུར་རོ༔ སློབ་བུ་ལ་ཐོས་གྲོལ་གྱི་དབང་བསྐུར་ན༔ མགྲིན་པར་ཐོས་གྲོལ་རྒྱུད་ཀྱི་པོ་ཏི་བཞག་ལ༔ འདི་སྐད་དོ༔ ཨཱ༔ ཟབ་ཅིང་སྤྲོས་བྲལ་ཆོས་ཉིད་གསུང༔ མ་བཅོས་གནས་པས་གཟུང་འཛིན་མེད༔ ལོངས་སྐུ་འགག་པ་མེད་པ་ཡི༔ མཐོང་གྲོལ་གསུང་གི་དབང་བསྐུར་རོ༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་དབང་བསྐུར་རོ༔ དེ་ནས་རྒྱུད་དེ་མི་འབྲལ་བར་བཅང་ཞིང༔ འབྱུང་བའི་ལྟས་དང་སེམས་ཀྱི་སྡུག་བསྔལ་དྲག་པོ་འཆི་ཁ་མ་ལ་སོགས་པ་མཐོང་བའི་ཚེ༔ རང་ཉིད་ཐུགས་རྗེ་ཆེན་པོ་ལ་ལྕེ་ནི་འབྱུང་ལྟས་ཀྱི་ཕྱོགས་དང་བསྟུན་ལ༔ རིགས་ལྔའི་ཕྱག་མཚན་དུ་བསྐྱེད་ལ༔ རྒྱུད་ལན་ཅི་རིགས་སུ་བཀླགས་པས་འབྱུང་ལྟས་མཐོང་བ་དེ་དག་གི་འགྲོ་བ་ངན་འགྲོ་ལས་སྐྱོབ་ཅིང༔ རྒྱུད་འདི་གང་གིས་ཐོས་པའི་འགྲོ་བ་མི་དང་མི་མ་ཡིན་པ་དང༔ དུད་འགྲོ་ལ་སོགས་པ་ཐམས་ཅད་ཀྱིས་སངས་རྒྱས་འཐོབ་པར་འགྱུར་རོ༔ དེ་ནི་གཞི་སྨིན་བྱེད་བརྡའི་ཐོས་གྲོལ་ལོ༔ གཉིས་པ་ལམ་གྲོལ་བྱེད་དོན་གྱི་ཐོས་གྲོལ་ཞེས་བྱ་བ་ནི༔ རྡོ་རྗེ་བླ་མས༔ སློབ་བུ་དེ་ལ་འདི་སྐད་དུ༔ ཀྱེ་རིགས་ཀྱི་བུ༔ འཁོར་འདས་ཐམས་ཅད་སེམས་ལས་བྱུང་ཞིང་མ་ཤར་བ་མེད་པས་སེམས་གང་ཡིན་དེ་བཤད་རྒྱུ་མ་རྙེད་ན༔ ནང་གི་སེམས་སྨྲ་བསམ་བརྗོད་དུ་མེད་པའོ༔ ཡང་ཕྱི་རོལ་གྱི་དངོས་པོ་ངོ་མི་ཤེས་པ་གཅིག་བསྟན་ལ༔ འདི་ཅི་ཡིན་ལ་འུར་ཤོད་ཅིག་ཅེས་པས༔ སེམས་ཀྱི་རྟོག་དཔྱོད་མ་བྱས་པས་བཤད་དུ་མེད་དེ༔ སེམས་སྟོང་པའི་དོན་གྱིས་སྣང་བ་དེ་ཡང་སྟོང་པའོ༔ དེ་བས་ན་ཕྱི་སྣང་བ་ནང་སེམས་ལ་སོགས་པ་གང་ཡང་རྟོག་པ་མེད་པར་གྱིས་ཤིག༔ དེ་ལས་བསྒོམ་དུ་མེད་དེ་མ་ཡེངས་ཤིག༔ ཅེས་དཔེ་དོན་དུ་མས་བཤད་ཅིང་ཐག་གཅད་དུ་བཅུག་གོ༔ དེ་ནས་བླ་མའི་གདམས་ངག་ཐོས་པས་འཁྲུལ་སྣང་རང་སར་གྲོལ་བ་ཡིན་ནོ༔ དེས་ན་ཐོས་གྲོལ་ཞེས་བྱའོ༔ ཞེས་ངོ་སྤྲད་དོ༔ ལམ་གྲོལ་བྱེད་དོན་གྱི་ཐོས་གྲོལ་ལོ༔ གསུམ་པ་འབྲས་བུ་མངོན་དུ་བྱེད་པ་རྟགས་ཀྱི་ཐོས་གྲོལ་ནི༔ རྣ་བ་གཉིས་བཀག་པས་ཆོས་ཀྱི་སྒྲ་འུ་རུ་རུ་བ་དེ་བསྟན་ཏེ༔ ཆོས་ཉིད་ཀྱི་རང་སྒྲ་འདི་ཡིན་ནོ༔ རང་འཆི་བའི་ཚེ༔ དབུགས་སྣ་སྒོར་ཆད་མ་ཆད་ཀྱི་མཚམས་སུ༔ ནམ་མཁར་འོད་ཀྱི་ཚོམ་བུའི་ནང་ནས་སྒྲ་འདི་ལྟ་བུ་འུ་རུ་རུ་འབྱུང་ངོ༔ དེ་ལ་ཤེས་པ་མ་ཡེངས་པར་གཏོད་ཅིང༔ རང་སྣང་ཆོས་ཉིད་ཀྱི་སྒྲར་ངོ་ཤེས་ན༔ ཡར་གྱི་ཟང་ཐལ་དུ་འགྲོ་བ་ཡིན་ནོ༔ སྐུ་གསུམ་གྱི་རྟགས་དངོས་སུ་འབྱིན་པར་འགྱུར་རོ༔ དེས་ནི་འབྲས་བུ་མངོན་དུ་འབྱིན་པ་རྟགས་ཀྱི་ཐོས་གྲོལ་ཞེས་བྱའོ༔ ཆོས་ཉིད་ཐོས་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ ཨེ་མ་སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈ ྈྈ རིག་པ་བཏགས་གྲོལ་བཞུགས་སོ༔ ༁ྃ༔ ྈྈྈ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ རིག་པ་བཏགས་གྲོལ་གྱི་གདམས་པ་ནི༔ རྒྱུད་ལས༔ རིག་པའི་ཐུགས་མཆོག་འདུས་མ་བྱས༔ འདི་ཉིད་བཏགས་པ་ཙམ་གྱིས་ནི༔ རང་སེམས་འཁྲུལ་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་བཏགས་གྲོལ་ལོ༔ ཞེས་གསུངས་པས༔ འདི་ལ་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་བརྟགས་གྲོལ༔ ལམ་གྲོལ་བྱེད་དོན་གྱི་བཏགས་གྲོལ༔ འབྲས་བུ་མངོན་དུ་བྱེད་པ་འབྲས་བུའི་བཏགས་གྲོལ་ལོ༔ དང་པོ་ནི༔ བུམ་ཆུ༔ བྱང་སེམས་བཏགས་གྲོལ་གྱི་འཁོར་ལོ་བསྒྲུབ་པ་དང༔ རྒྱུད་བཞེངས་ཤིང་རབ་ཏུ་གནས་པ་སྨོན་ལམ་ལ་སོགས་གོང་ལྟར་བྱས་ལ༔ འཁོར་ལོ་དེ་དར་སྣ་ལྔས་དྲིལ་ཏེ༔ རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་ནས་སྒོའི་ཡ་ཐེམ་དུ་སྦས་ན༔ དེའི་འོག་ཏུ་འཛུལ་བའི་མི་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་ཐམས་ཅད་སྨིན་ཅིང་སངས་རྒྱས་པར་འགྱུར་རོ༔ འཁོར་ལོ་རྒྱུད་དང་བཅས་པ་རང་གི་མཆན་ཁུང་གཡོན་དུ་བཅངས་ན༔ རང་གི་ལུས་ཀྱི་ཤིག་སྲོ་ལ་སོགས་ཏེ་ཕྱི་ནང་གི་འབུ་སྲིན་དང་བཅས་པ་སངས་རྒྱས་པར་འགྱུར་རོ༔ ཤི་བའི་ཚེ་རང་གི་རོ་དང་འགྲོག་པ་གཅེས་སོ༔ སློབ་བུ་ལ་བཏགས་གྲོལ་གྱི་དབང་བསྐུར་ན༔ སྙིང་གར་བཏགས་གྲོལ་བཞག་ལ༔ འདི་སྐད་དོ༔ ཧཱུྃ༔ གཟུང་འཛིན་བྲལ་བའི་རང་རིག་ཐུགས༔ མཉམ་ཉིད་གནས་པ་སྤང་བླང་མེད༔ སྤྲུལ་སྐུ་འཁྲུལ་པ་མེད་པ་ཡི༔ བཏགས་གྲོལ་ཐུགས་ཀྱི་དབང་བསྐུར་རོ༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་དབང་བསྐུར་རོ༔ དེ་ནས་བཏགས་གྲོལ་མི་འབྲལ་བར་བཅངས་ཤིང༔ འབྱུང་ལྟས་དང་སེམས་ཅན་གྱི་སྡུག་བསྔལ་དྲག་པོ་དང༔ དུས་གཉན་རྣམས་སུ༔ འཁོར་ལོ་ལ་ཚོགས་དང་མཆོད་པ་འབུལ་ཞིང་རྒྱུད་བཀླགས་ན༔ སེམས་ཅན་དཔག་ཏུ་མེད་པ་གདུལ་བྱའི་ཞིང་དུ་སྨིན་ཅིང་སངས་རྒྱས་པར་འགྱུར་རོ༔ འདི་ནི་གཞི་སྨིན་བྱེད་བརྡའི་བཏགས་གྲོལ་ལོ༔ གཉིས་པ་ལམ་གྲོལ་བྱེད་ཀྱི་བཏགས་གྲོལ་ནི༔ རྡོ་རྗེ་བླ་མས་སློབ་བུ་དེ་ལ་འདི་སྐད་དུ༔ ཀྱེ་རིགས་ཀྱི་བུ༔ སེམས་སྟོང་པ་ཉིད་ལ་དང་པོ་བྱུང་ས་འདུག་གམ༔ བར་དུ་གནས་ས་འདུག་གམ༔ ཐ་མ་འགྲོ་ས་འདུག་གམ༔ ཞེས་བརྟགས་པས་མ་རྙེད་དོ༔ སྨྲ་བསམ་བརྗོད་མེད་དུ་གྲོལ་བས་བཏགས་གྲོལ་ཞེས་བྱའོ༔ ཞེས་ངོ་སྤྲད་དོ༔ ལམ་གྲོལ་བྱེད་དོན་གྱི་བཏགས་གྲོལ་ལོ༔ གསུམ་པ་འབྲས་བུ་མངོན་དུ་འབྱིན་པའི་བཏགས་གྲོལ་ནི༔ མན་ཤེལ་ཉི་འོད་ལ་ཕྱར་བའི་འོད་ལྔ་ལ་བཏགས་ཏེ༔ དེ་དཀར་པོའི་རྒྱུ་རྐྱེན་ཅི་ལ་བྱས༔ དེ་བཞིན་དུ་སེར་པོ་དམར་པོ་སྔོན་པོ་ཐམས་ཅད་ཁ་དོག་སོ་སོར་སྣང་ཡང༔ མན་ཤེལ་ཉིད་ལས་བྱུང་ཞིང༔ ཕྱི་རོལ་དུ་མེད་པ་བཞིན་དུ་རང་གི་སེམས་ལས་ཅི་ཤར་ཡང་རང་སེམས་མ་གཏོགས་པ༔ གང་ནས་ཀྱང་མ་བྱུང་བ་ངོ་སྤྲད་དོ༔ དེ་བཞིན་བར་དོའི་སྣང་བ་ཅི་ཤར་ཐམས་ཅད་ཀྱང༔ རང་སྣང་དུ་ངོ་ཤེས་ན་འཁྲུལ་པ་མེད་པས༔ ཡར་གྱི་ཟང་ཐལ་དུ་འགྲོ་ཞིང༔ སྐུ་གསུམ་གྱི་རྟགས་མངོན་དུ་འབྱིན་པར་བྱེད་དོ༔ དེས་ན་འབྲས་བུ་མངོན་དུ་འབྱིན་པའི་རྟགས་ཀྱི་བཏགས་གྲོལ་ཞེས་བྱའོ༔ རང་རིག་བཏགས་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ མཐོང་གྲོལ་ཐོས་གྲོལ་བཏགས་གྲོལ་གསུམ་པོ་འདི༔ མ་བསྒོམ་སངས་རྒྱས་ཀྱི་རྩ་བ་གསུམ་ཡིན་ནོ༔ སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈ ྈྈྈ ཚོར་གྲོལ་གྱི་གདམས་པ་ཞེས་བྱ་བ་བཞུགས༔ ༁ྃ༔ ྈྈྈ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་རྫོགས་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ འདོད་ཡོན་ཚོར་གྲོལ་གྱི་གདམས་པ་ཞེས་བྱ་བ་ནི༔ རྒྱུད་ལས༔ འདོད་པའི་ཡོན་ཏན་རང་གྲོལ་བ༔ འདི་ཉིད་ཚོར་བ་ཙམ་གྱིས་ནི༔ ཆོས་ཉིད་རོལ་པའི་དོན་རྟོགས་པས༔ བསྒོམ་མི་དགོས་ཏེ་ཚོར་གྲོལ་ལོ༔ ཞེས་པས་འདི་ལ་དོན་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་ཚོར་གྲོལ་དང༔ ལམ་གྲོལ་བྱེད་དོན་གྱི་ཚོར་གྲོལ་དང༔ འབྲས་བུ་མངོན་དུ་བྱེད་པ་འབྲས་བུའི་ཚོར་གྲོལ་ལོ༔ དང་པོ༔ བུམ་ཆུ༔ བྱང་སེམས་འཁོར་ལོ་བསྒྲུབ་ཅིང་རབ་གནས་དང་སྨོན་ལམ་ནི་གོང་ལྟར་རོ༔ དེ་ནས་བྱང་སེམས་དཀར་པོ་དང་ག་བུར་སྦྱར༔ དམར་པོ་དང་གླ་རྩི་སྦྱར༔ གུ་གུལ་དཀར་པོ་དང་ལི་ཤི་སྦྱར་ལ༔ ཨཱ་ལི་ཀཱ་ལིའི་བསྙེན་པ་རྟགས་ཐོན་པར་བྱས་ཏེ༔ ལུས་དང་འཁོར་ལོ་ལ་བྱུག༔ མེར་བསྲེགས་ཅིང་དུད་པས་གང་དུ་ཁྱབ་པའི་དེའི་འགྲོ་བ་ཐམས་ཅད་ངན་སོང་དུ་མི་འགྲོ་ཞིང༔ དྲི་ཚོར་བ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་པར་འགྱུར་རོ༔ གཉིས་པ་དོན་གྱི་ཚོར་གྲོལ་ནི༔ དབང་པོའི་ཡུལ་དུ་ལེགས་མི་ལེགས་ཅི་ལྟ་བུ་ཚོར་ཡང༔ བླང་དོར་བྲལ་ཞིང་འཛིན་མེད་དུ་གྲོལ་བར་བྱེད་པས་ན་ཚོར་གྲོལ་ཞེས་བྱའོ༔ གསུམ་པ་རྟགས་ཀྱི་ཚོར་གྲོལ་ནི༔ མགྲིན་པའི་རྩ་གཉིད་ལོག་ལྟེམ་པ་ལ༔ བརྒྱལ་བས་ཆོས་ཉིད་དོན་དམ་བློ་འདས་ཀྱི་ཉམས་འཆར༔ དེ་ཡིས་ཚོར་བ་རང་སར་གྲོལ་ཏེ༔ དེའི་ཚེ་ཤེས་པ་ཆོས་ཉིད་དུ་ངོས་བཟུང་བས༔ བར་དོ་དང་པོ་ལ་ཆོས་ཉིད་ཀྱི་དོན་ངོས་ཟིན་ནས༔ ཡར་གྱི་ཟང་ཐལ་དུ་གྲོལ་ལོ༔ སྐུ་གསུམ་གྱི་རྟགས་སྟོན་པར་བྱེད་དོ༔ འདོད་ཡོན་ཚོར་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈ ༁ྃ༔ ྈྈྈ ཐུགས་རྗེ་མྱོང་གྲོལ་གྱི་གདམས་པ་བཞུགས་སོ༔ ༁ྃ༔ ྈྈྈ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ ཐུགས་རྗེ་མྱོང་གྲོལ་གྱི་གདམས་པ་ཞེས་བྱ་བ་ནི༔ རྒྱུད་ལས༔ ཐུགས་རྗེའི་ཕྲིན་ལས་ཤུགས་འབྱུང་བ༔ འདི་ཉིད་མྱོང་བ་ཙམ་གྱིས་ནི༔ བློ་དང་བྲལ་བའི་དོན་རྟོགས་ནས༔ བསྒོམ་མི་དགོས་ཏེ་མྱོང་གྲོལ་ལོ༔ ཞེས་པས༔ འདི་ལ་དོན་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་མྱོང་གྲོལ་དང༔ ལམ་གྲོལ་བྱེད་དོན་གྱི་མྱོང་གྲོལ་དང༔ འབྲས་བུ་མངོན་དུ་བྱེད་པ་རྟགས་ཀྱི་མྱོང་གྲོལ་ལོ༔ དང་པོ་ནི༔ བུམ་ཆུ༔ བྱང་སེམས་འཁོར་ལོ་བསྒྲུབ་པ་གོང་ལྟར་རོ༔ དེ་ལྟར་བུམ་ཆུ་བྱང་སེམས་ཨ་མྲྀཏ༔ སིནྡྷུ་ར་རྣམས་དབང་པོ་ལག་པ་དང་སྦྱར་བ་ལ་གཞི་བླངས་ཏེ༔ མཆོག་གི་དམ་རྫས་མྱོང་གྲོལ་ལ་སོགས་དང་སྦྱར་ཏེ༔ སྒྲུབ་པ་རབ་གནས་གོང་ལྟར་བྱས་ཏེ༔ འགྲོ་བ་མི་དང་དུད་འགྲོ་དང་འབྱུང་པོ་ལ་སོགས་ཏེ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱེད་ཅིང་འབྱུང་བ་ལྔ་ལ་ཡང་སྤེལ་བར་བྱའོ༔ རྫས་དེ་དག་གང་གིས་ཐོབ་པ་ངན་སོང་དུ་མི་ལྟུང་ཞིང༔ མྱུར་དུ་སངས་རྒྱས་འཐོབ་པར་འགྱུར་རོ༔ གཉིས་པ་དོན་གྱི་མྱོང་གྲོལ་ནི༔ རང་སེམས་དུས་གསུམ་གྱི་རྟོག་པ་དང་ཕྲལ་ཏེ་མ་བཅོས་པར་བཞག་པས༔ བདེ་གསལ་མི་རྟོག་ཞེན་པ་མེད་པའི་ཉམས་མྱོང་སྐྱེས་ནས་གྲོལ་བར་འགྱུར་ཏེ་མྱོང་གྲོལ་ཞེས་བྱའོ༔ གསུམ་པ་རྟགས་ཀྱི་མྱོང་གྲོལ་ནི༔ རང་ཉིད་འཆི་བའི་ཚེ༔ རང་གི་སྙིང་དང་ནམ་མཁའི་ཐིག་ལེ་བཞིའམ་ལྔའི་བར་ཏུ་འོད་ལྔ་བ་ཐག་བརྒྱངས་པ་ལྟ་བུ་འོང༔ དེ་ལ་ཤེས་པ་བཅུག་སྟེ་སེམས་གཞན་དུ་མ་ཡེངས་པར་བྱས་ན༔ ཟག་མེད་ཀྱི་བདེ་བ་ཉམས་སུ་མྱངས་ནས༔ བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྱུར་རོ༔ སྐུ་གསུམ་གྱི་རྟགས་སྟོན་པར་བྱེད་དོ༔ ཐུགས་རྗེ་མྱོང་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ ཨེ་མ༔ ལྷུན་གྲུབ་བདེ་ཆེན་པདྨ་རྒྱལ་པོ་ངས༔ ཀ་དག་ཀུན་བཟང་དགོངས་པའི་བཅུད་བླངས་ནས༔ མ་བསྒོམ་སངས་རྒྱས་གདམས་པ་ཡང་ཟབ་དྲུག༔ ཕྱི་རབས་འགྲོ་བ་རྒྱ་ཆེན་དོན་དུ་སྦས༔ སྙིགས་མའི་དུས་སུ་ཚེ་ཐུང་ནད་མང་ཞིང༔ ལོངས་སྤྱོད་དབུལ་ཕོངས་ཉོན་མོངས་རང་གར་སྤྱོད༔ ཆོས་ཀྱི་ཉན་བསམ་སྒོམ་གསུམ་ནུས་པ་མེད༔ དེ་དུས་ཚེགས་ཆུང་དོན་ཆེའི་དམ་རྫས་འདི༔ འགྲོ་དོན་ཕྱོགས་བཅུར་སྐྱོ་ངལ་མེད་པར་སྤེལ༔ འདི་ལ་མཆོག་གི་དམ་རྫས་འདི་ལྟ་སྟེ༔ པདྨ་བདག་གིས་རི་བོ་ཏ་ལའི་རྩེར༔ ཡི་གེ་བཅུ་པ་དུང་ཕྱུར་ཕྲག་བརྒྱ་བཟླས༔ སངས་རྒྱས་བྱེ་བ་ཕྲག་བརྒྱས་དངོས་བྱིན་བརླབས༔ དེ་ལྟར་བསྒྲུབས་པའི་གཟུངས་ཀྱི་རིལ་བུ་དང༔ རྒྱ་གར་སོ་ཤ་གླིང་དུ་སྒྲུབ་པའི་ཚེ༔ ནུབ་གཅིག་མཁའ་འགྲོས་སྐྱེ་བདུན་བམ་གཅིག་གནང༔ བམ་དེ་ཐོར་ཅོག་ཅན་གྱི་གྲོང་དུ་ཁྱེར༔ གང་གིས་ཟོས་པ་མངོན་སུམ་མཁའ་ལ་སྤྱོད༔ གཞན་ཡང་རྒྱ་གར་ཙནྡན་ནགས་ཚལ་ཕུག༔ ཇོ་བོ་རང་བྱུང་ཙནྡན་ཤིང་ཉིད་ལ༔ ཉིན་མཚན་འཁོར་ཡུག་འོད་ཟེར་སྣང་བས་སྤྲས༔ དྲི་ཚོར་ཙམ་གྱིས་སངས་རྒྱས་ཐོབ་པ་དང༔ ཨོ་རྒྱན་འཛམ་བུ་མ་ལའི་གཙུག་ལག་ཏུ༔ གྲུབ་ཆེན་ཕོ་མོ་བརྒྱ་དང་བཅུ་གསུམ་གྱིས༔ དམ་རྫས་སྨན་ལ་བསྒྲུབས་པའི་ཨ་མྲྀཏ༔ དྷ་ན་ཀོ་ཥའི་གླིང་གི་སིནྡྷུ་ར༔ པདྨ་མཚོ་རྒྱལ་བྱང་སེམས་དཀར་དམར་བཅས༔ འདི་ཉིད་ཕྲ་རབ་རྡུལ་ཕྲན་ཙམ་གྱིས་ཀྱང༔ ཚེ་འདིར་བར་ཆད་ཐམས་ཅད་སེལ་བ་དང༔ བསམ་པ་ཡིད་བཞིན་དངོས་གྲུབ་འབྱུང་བར་ངེས༔ བར་དོའི་འཕྲུལ་སྣང་འཇིགས་པ་ཀུན་སྐྱོབ་སྟེ༔ ཕྱི་མ་སངས་རྒྱས་སྲས་སུ་སྐྱེ་བར་འགྱུར༔ མཆོག་གི་དམ་རྫས་མྱོང་གྲོལ་འབུམ་འགྱུར་སྤེལ༔ ཡི་གེ་བཅུ་པའི་སྒྲུབ་པ་རྒྱས་པར་མཛོད༔ བདུད་རྩིའི་གཟུངས་ཀྱི་རིལ་བུས་ངན་སོང་ཁེགས༔ བྲམ་ཟེ་མཆོག་གི་ཤ་ཡིས་ཐར་ལམ་སྟོན༔ ཙནྡན་ཧ་རིའི་ཚལ་པས་ཉོན་མོངས་སེལ༔ ཡོན་ཏན་ཡོངས་རྫོགས་སྨན་གྱིས་བདེ་ཆེན་བགྲོད༔ བྷ་ག་གསང་བའི་སིནྡྷུས་ས་ལམ་བགྲོད༔ པདྨའི་བྱང་ཆུབ་སེམས་ཀྱིས་འཁྲུལ་པ་སང༔ མཚོ་རྒྱལ་རཀྟ་ཉིད་ཀྱིས་ཡེ་ཤེས་རྒྱས༔ མཆོག་གི་དམ་རྫས་བདུན་པོ་འཛམ་གླིང་བཅུད༔ འདུས་བྱས་རྫས་ཀྱིས་འདུས་བྱས་འཁྲུལ་པ་སེལ༔ འཁྲུལ་པ་མེད་ན་མྱ་ངན་འདས་ཞེས་བྱ༔ མཚམས་མེད་ལྔ་པོ་བྱས་ཀྱང་འདི་འཕྲད་ན༔ ངན་འགྲོ་བཟློག་འགྱུར་ཐེ་ཚོམ་ཡོད་རེ་ཀན༔ སྐལ་ལྡན་སྦྱངས་པའི་ལས་ཅན་རྣམས་ཀྱིས་སྤྱོད༔ སྐལ་མེད་རྣམས་ཀྱིས་འདི་ཉིད་སྤང་བར་འགྱུར༔ དེ་བས་སྐལ་ལྡན་སྐྱེས་བུ་ཕོ་མོ་རྣམས༔ སྤྱན་རས་གཟིགས་བསྒོམ་ཁྱེར་སོ་གསུམ་ལྡན་པས༔ མ་ཎི་བཟླས་ཤིང་རིལ་བུ་ཧྲཱིཿར་བསམ་བཟའ༔ དེ་ནས་མཚམས་མེད་ལྔ་ལ་མ་སྤྱད་ན༔ ཅིས་ཀྱང་མི་འཇིགས་བྱང་ཆུབ་སྐལ་ལྡན་འགྱུར༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈ ྈྈྈ དགོངས་པ་རེག་གྲོལ་གྱི་གདམས་པ་ཞེས་བྱ་བཞུགས་སོ༔ ༁ྃ༔ བཅོམ་ལྡན་འདས་རང་རིག་སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ་ལོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་ལས༔ དགོངས་པ་རེག་གྲོལ་གྱི་གདམས་པ་ནི༔ རྒྱུད་ལས༔ དགོངས་པ་དོན་མཆོག་བདེ་བ་ཆེ༔ འདི་ལ་རེག་པ་ཙམ་གྱིས་ནི༔ བདེ་ཆེན་ཟག་མེད་དོན་རྟོགས་ཤིང༔ མ་བསྒོམ་པར་ཡང་རེག་གྲོལ་ལོ༔ ཞེས་པས༔ འདི་ལ་དོན་གསུམ་སྟེ༔ གཞི་སྨིན་བྱེད་བརྡའི་རེག་གྲོལ༔ ལམ་གྲོལ་བྱེད་དོན་གྱི་རེག་གྲོལ༔ འབྲས་བུ་མངོན་དུ་བྱེད་པ་རྟགས་ཀྱི་རེག་གྲོལ་ལོ༔ དང་པོ་ནི༔ བུམ་ཆུ༔ བྱང་སེམས༔ འཁོར་ལོ་སྦྲག་ཅིང་རབ་ཏུ་གནས་པ་སྨོན་ལམ་དང་བཅས་པ་གོང་ལྟར་བྱས་ལ༔ བུ་མོ་གཞོན་ཞིང་མཛེས་པ༔ དད་པ་དང་དམ་ཚིག་ཆེ་བ་ལ་བུམ་ཆུས་ཁྲུས་བྱ༔ བྱང་སེམས་ཀྱིས་གནས་གསུམ་དུ་འབྲུ་གསུམ་བྲི༔ འཁོར་ལོ་མཆན་ཁུང་གཡས་སུ་བཅངས་ནས༔ རྒྱུད་དང་ཆོས་སྤྱོད་ལ་སོགས་ལ་དད་པས་བརྩོན་པར་བྱེད་དུ་གཞུག་ན༔ བདུད་ཀྱི་བུ་མོ་ཡང་ཡེ་ཤེས་ཀྱི་ཌཱ་ཀི་མར་འགྱུར་རོ༔ དེ་ལ་གང་གིས་རེག་པ་ཐམས་ཅད་བདེ་བ་ཆེན་པོའི་ཞིང་དུ་ཐེ་ཚོམ་མེད་པར་སྐྱེའོ༔ གཉིས་པ་དོན་གྱི་རེག་གྲོལ་ནི༔ རང་སེམས་ངོ་བོ་སྟོང་པ་ཡུམ༔ རང་བཞིན་གསལ་བ་ཡབ༔ གཉིས་སུ་མེད་པར་སྦྱོར་བ༔ དེའི་ངང་དུ་ཡིད་ལ་བྱ་རྒྱུ་མེད་པ་ནི་སངས་རྒྱས་ཀྱི་དགོངས་པ་ལ་རེག་པ་ཡིན་ཅིང༔ འཁྲུལ་རྟོག་རང་སར་གྲོལ་བས་རེག་གྲོལ་ཞེས་བྱའོ༔ གསུམ་པ་རྟགས་ཀྱི་རེག་གྲོལ་ནི༔ ཡུམ་དང་སྦྱོར་བའི་ཚེ་ཡང༔ བྱང་སེམས་མ་ཤོར་བར་ཀློད་ཅིང་བདེ་བ་སྐྱེས་ནས་ཐིག་ལེ་གཡོས་ན་འགུལ་བསྐྱོད་བཤོལ་ཏེ༔ བདེ་བ་ཡིད་ལ་བྱར་མེད་སྟོང་ཉིད་དང་བསྲེ་ཞིང༔ རིག་པ་སྤྱི་བོར་གཏད་དེ་ཡུམ་དང་བྲལ་བར་བྱའོ༔ དེ་ལྟར་བདེ་སྟོང་འདྲེས་པའི་རྩལ་སྦྱངས་ནས་འཆི་ཁར་རླུང་སེམས་འདུས་པའི་བདེ་བ་སྟོང་ཉིད་དང་འདྲེས་ནས་ཡར་གྱི་ཟང་ཐལ་དུ་གྲོལ་བར་འགྱུར་རོ༔ སྐུ་གསུམ་གྱི་རྟགས་དངོས་སུ་སྟོན་པར་བྱེད་དོ༔ དགོངས་པ་རེག་གྲོལ་གྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གྷུ་ཧྱ་རྒྱ༔ ྈྈྈ མ་བསྒོམ་སངས་རྒྱས་ཀྱི་གནད་དྲུག་གོ༔ ཙ་རི་རྡོ་རྗེ་སྒོམ་ཕུག་ནས་དྲི་མེད་ལྷུན་པོས་གདན་དྲངས་པའོ།། །།

གཟུངས་སྒྲུབ་ཟིན་བྲིས་ (Volume 52, Text 25)

གཟུངས་སྒྲུབ་ཟིན་བྲིས་ནི། འདི་ཉིད་ཆེད་སྒྲུབ་སྐབས། ཐོག་མར་དཀོན་མཆོག་རྗེས་དྲན་སོགས་ཆོས་སྤྱོད་འོས་འཚམ་དང་། རྩ་བའི་ཡི་དམ་ལྟ་བུའི་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་ནས། མདུན་གྱི་མཆོད་པ་བྱིན་རླབས་བྱ། དེ་ནས་གཟུངས་གཞུག་རྣམས། བསང་སྦྱང་། སྟོང་པའི་ངང་ལས། སེང་གེས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་བདེ་གཤེགས་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་དཀར་པོ། གླང་པོས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རྡོ་རྗེའི་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་སྔོན་པོ། རྟ་མཆོག་གིས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རིན་ཆེན་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་སེར་པོ། རྨ་བྱས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་པདྨའི་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་དམར་པོ། མཁའ་ལྡིང་གིས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་ལས་ཀྱི་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་ལྗང་གུ །ཐམས་ཅད་ཀྱང་རང་མདོག་གི་འོད་ཟེར་འབར་ཞིང་རང་སྒྲ་སྒྲོག་བཞིན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་དག་གི་གནས་གསུམ་ལས་གསང་བ་གསུམ་གྱི་བྱིན་རླབས་དང་། ཁྱད་པར་གསུང་དབྱངས་ཡན་ལག་དྲུག་ཅུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བཅུད་ཐམས་ཅད། སོ་སོའི་སྙིང་པོ་ཉེ་སྙིང་སྔགས་ཕྲེང་ཁ་དོག་སྣ་ཚོགས་པའི་ཚུལ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་དམ་ཚིག་པའི་ཡིག་འབྲུ་རྣམས་ལ་ཐིམ་པས་གཟི་བརྗིད་འོད་དུ་འབར་བར་གྱུར། ཅེས་བརྗོད་ནས་ནང་གཞུག་གང་ཡོད་ཀྱི་གཟུངས་སྔགས་རྣམས་ཇི་ལྟར་རིགས་པ་བཟླ་བ་དང་། དབྱངས་གསལ།་་་ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། རྟེན་སྙིང་།་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། སུ་པྲ་ཏིཥྛ།་་་ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། བྷཱུ་ཁཾ།་་་ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲི་བྷ་ཝ་ཌི་ཌྷཾ་ཏིཥྛ་བྷཱུ་ཁཾཿ རིག་པ་ཕུག་རོན།་་་ན་མཿས་མཱནྟ་བུདྡྷ་ནཱཾ། ཨ་ཙིནྟྱ་བྷཱུ་ཏ་རུ་པི་ཎི། ཨོཾ་ཏཱ་རེ་སྭཱ་ཧཱ། ཨཱ་ཡུ་ཥེ།་་་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྙིང་།་་་ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཚེ་གཟུངས།་་་ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། རྣམས་བཟླ། མཐར་མཆོད་བསྟོད་རྒྱས་པ་ཕུལ་ལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ།། ༈ །།བསྡུས་པ། གཟུངས་ཐམས་ཅད་གསུང་རྡོ་རྗེ་འོད་དཔག་མེད་ཁོ་ནར་བསྐྱེད། ཆོ་གའི་ཡན་ལག་རྫོགས་པར་བྱས་ལ་དེའི་སྔགས། ཨོཾ་ཨཱ་རོ་ལིཀ྄་ཧཱུྃ་སྭཱ་ཧཱ། ཁོ་ནའམ། ནུས་ན་ནང་གཞུག་གཟུངས་ཇི་རིགས་བཟླ་འོ། །མཐར་མཆོད་བསྟོད་སོགས་གོང་དང་འདྲ་འོ། །ཞེས་པའང་གཟུངས་འབུལ་ལག་ལེན་གྱི་ཁ་སྐོང་དུ་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །། ༈ མཆོད་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། ཞེས་སྦྱར་བ་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་རྣམས་བཅུག་པས་མཆོད། བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བརྟན་བཞུགས་དང་ཤིས་བརྗོད་ནི། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་བརྟན་བཞུགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཤིས་བརྗོད་བཅས་བྱའོ།། །། ༈ དཔེ་ཚན་འདི་སྔོན་མེད་གསར་བཞག་གིས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཡུམ་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས་ (Volume 35, Text 25)

ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཡུམ་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས་བཞུགས་སོ༔ ྈྈ ྈྈ དཔལ་གར་གྱི་དབང་ཕྱུག་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ཕོ་རྣམས་འདུལ་བའི་དོན་དུ་སྤྱན་རས་གཟིགས་དང༔ མོ་རྣམས་འདུལ་བའི་དོན་དུ་གསང་བ་ཡེ་ཤེས་དང༔ གདུག་པ་ཅན་རྣམས་འདུལ་བའི་དོན་དུ་དཔའ་བོ་རྟ་མགྲིན་རྣམས་སུ་སྤྲུལ་ལོ༔ དེ་གསུམ་གྱི་དགོངས་པ་གཅིག་ཏུ་གྱུར་པ་ནི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ་ནས་གདུལ་བྱ་རིགས་གསུམ་སྤྱི་དང་ཁྱད་པར་མཐའ་འཁོབ་བོད་ཀྱི་ཡུལ་གདོང་དམར་འདྲེ་སྲིན་ཐམས་ཅད་འདུལ་བར་བྱིན་བརླབས་དབང་བསྐུར་ཏེ༔ བདག་ཅག་གིས་སྡོངས་གྲོགས་བགྱིའོ་ཞེས་དམ་བཅའ་དང་ལུང་བསྟན་པ་ལྟར་རྒྱ་གར་གྱི་ཡུལ་མཐའ་དབུས་ཀུན་ཏུ་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་དོ༔ དེའི་ཚེ་པུར་རྒྱལ་བོད་ཀྱི་བཙན་པོ་ཁྲི་སྲོང་སྔོན་ལས་ཀྱི་འཕྲོ་སད་པས་སྤྱན་དྲངས༔ གདུག་པ་ཅན་ཐམས་ཅད་འདུལ་བ་སོགས་ཕྲིན་ལས་རྣམ་བཞི་གང་གིས་གང་འདུལ་བ་དེ་དང་དེའི་སྒོ་ནས་འགྲོ་བའི་དོན་མཛད༔ དམ་པའི་ཆོས་ཀྱི་སྟངས་གཏོད༔ ཁྱད་པར་བཙན་པོས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད༔ རིན་པོ་ཆེའི་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ལས༔ སློབ་དཔོན་གྱིས་ཟབ་མོའི་གདམས་པ་སྒྲུབ་ཐབས་ཀྱི་གནད་སྙིང་པོར་དྲིལ་ཏེ་བཙན་པོ་དང༔ ཇོ་མོ་མཚོ་རྒྱལ་དང༔ བཻ་རོ་བདག་རྣམས་ལ་གནང་བ་རྣམས་ལས་ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མའི་བསྐྱེད་རྫོགས་ཀྱི་སྒྲུབ་པའི་ཐབས་རྩ་བ་ལེ་ལག་དང་བཅས་པ་རྣམས་དགེ་སློང་བཻ་རོ་ཙ་ནས་ཡི་གེར་བཏབ་ནས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པའོ༔ གསང་བ་ཟབ་མོའི་སྙིང་པོའི་དོན༔ གནད་དུ་དྲིལ་བའི་གདམས་པ་འདི༔ དུས་ཀྱི་ཐ་མར་ཕྱོགས་པ་ན༔ སྐལ་ལྡན་གཅིག་ལ་གཏད་རྒྱ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཡེ་ཤེས་མཁའ་འགྲོའི་བྱིན་རླབས་བཞུགས་སོ༔ ྈྈ ྈྈ ྀཨཚ༔ གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཟབ་མོའི་ལམ་གྱི་སྐལ་པ་ཅན་ལ་དབང་བསྐུར་བར་འདོད་ན༔ དབེན་པའི་གནས་སུ་མ་དྷ་ལ་སོགས་སྒྲུབ་པའི་དུས་བཞིན་གསག༔ སྒྲུབ་ཅིང་མཆོད་བསྟོད་བྱས་ནས་ལྷ་ལ་གསོལ་བ་བཏབ༔ དེ་ནས་སློབ་མ་ལ་ཁྲུས་བྱས༔ དགའ་འཁྱིལ་བྲིས་པའི་གདན་ལ་བཞག༔ གཏོར་མ་སྒྲོན་མེ་བཙུགས་པ་དེ་ལ་བསྐོར་ཞིང་སྙིང་པོའི་མཐར༔ སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སློབ་མའི་རྒྱུད་ལ་གནས་ནས་དངོས་གྲུབ་ལ་བར་དུ་གཅོད་པ་རྣམས་ཧཱུྃ་བཞི་པའི་སྔགས་དང་བཅས་པས་བསྐྲད་ནས་གཏོར་མ་ཕྱིར་དོར༔ མགོ་བོར་རྡོ་རྗེ་བཞག་ནས་བསྲུང་བ་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ ཞེས་བདུད་རྩི་སྦྱིན༔ དེ་ནས་སློབ་མ་ལུས་ཉྭ་བཞི་བསྒྲིམ༔ སྟོང་པར་སྦྱངས་ནས་ལྷ་མོར་བསྐྱེད༔ རྐང་པ་རླུང་གི་དཀྱིལ་འཁོར༔ སུམ་མདོར་ཆོས་འབྱུང་ཧྲཱིཿའབར་བ་དང་བཅས་པར་བསམ༔ སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་ལྷ་དང་བཅས་པ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལྷ་མོའི་རྣམ་པས་ལྟེ་བའི་ཧྲཱིཿལ་ཐིམ༔ ཧྲཱིཿལྷ་མོའི་སྐུར་གྱུར༔ བདེ་བའི་གར་མཛད་པས་མེའི་འོད་ཀྱིས་ལུས་གང་བར་འབར༔ བྱང་སེམས་ཞུ་བའི་བདེ་བས་ཁྱབ༔ འོད་ཟེར་ལྔ་འབར་བས་ལུས་གང༔ ཆོས་འབྱུང་མི་མངོན་པ་ཙམ་དུ་འཁོར་བ་ལ་སེམས་བསྒྲིམ༔ བདུད་རྩི་ལྔ་དང༔ རྡུལ་གྱི་རས་དང༔ གུ་གུལ་དང༔ བྱི་ལའི་བྲུན་རྣམས་བསྲེག༔ རོལ་མོ་སྒྲོག༔ རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྦྲེལ་ནས་བཟླ༔ སྤྱི་བོར་རྡོ་རྗེ་བཞག་སྟེ༔ ཛྙཱ་ན་བཛྲ་ཏིཥྛ༔ ཞེས་བརྗོད༔ དེ་ནས་མཎྜལ་ཕུལ་ནས༔ ལྷ་མོ་སྐུ་གསུང་ཐུགས་རྡོ་རྗེ༔ སྒྱུ་འཕྲུལ་རྒྱལ་པོ་ཁྱོད་ལ་འདུད༔ ཁྱོད་ཀྱི་གོ་འཕང་མཉམ་མེད་པ༔ དེ་རིང་བདག་གིས་ཐོབ་པར་མཛོད༔ ཅེས་གསོལ་བ་གདབ༔ སློབ་དཔོན་ལྷ་མོར་གསལ་བས༔ དཔའ་བོ་རྣལ་འབྱོར་མ་ཀུན་གྱི༔ གསང་བ་གསུམ་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་རོ༔ སྙིང་པོ་དང་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར༔ ཆུ་རྒྱུན་སྤྱི་བོར་ལུད༔ འོད་དཔག་མེད་ཀྱིས་དབུ་བརྒྱན༔ སྔགས་ཀྱི་འོད་ཟེར་སློབ་མའི་ཞལ་དུ་ཞུགས༔ ལྟེ་བའི་ས་བོན་ལ་ཐིམ་པར་བསམ་ནས་སྔགས་ཀྱི་རྗེས་ཟློས་བྱའོ༔ དེ་ནས་ལྷ་མོའི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་བསྐུལ༔ ཞལ་དུ་ཞུགས༔ བྱང་ཆུབ་ཀྱི་སེམས་སུ་ཞུ་བ་གསང་བ་ནས་ཐོན༔ ཐོད་པའི་བདུད་རྩི་ལ་འདྲེས་པ་ཁར་བྱིན་ལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ལྟེ་བའི་ཧྲཱིཿལ་ཐིམ༔ དེ་ལས་མེ་འབར་སྤྱི་བོའི་ཧཾ་བཞུ་བའི་བདེ་བ་ལ་བློ་བཞག༔ དེ་ནས་སིནྡྷུ་རའི་དཀྱིལ་འཁོར་གྱི་དགའ་འཁྱིལ་གཡོན་པའི་སྲིན་ལག་གིས་བླངས་པ་སློབ་མའི་གནས་བཞིར་སྙིང་པོ་བརྗོད་ཅིང་ཐིག་ལེ་བྱ༔ ལྟེ་བའི་གཏུམ་མོ་འབར༔ སྤྱི་བོའི་ཧཾ་ཞུ༔ གནས་བཞིར་དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ་ཞིང་ང་རྒྱལ་བྱའོ༔ དེ་ནས་ལུས་དྲང་པོར་བསྲང༔ དབུགས་ཕྱིར་དབྱུང་ནས་གཟུང༔ ལྷ་སྐུ་དྭངས་གསལ་སྒྱུ་མ་ལྟ་བུ་ལ་སེམས་གཟུང༔ རླུང་ནང་དུ་རྔུབ༔ ལྟེ་བའི་ཆོས་འབྱུང་གཡོན་དུ་འཁོར་བ་ལ་སེམས་བཞག༔ རླུང་ཕྱིར་དབྱུང༔ ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས༔ སྨིན་མཚམས་ནས་ཐོན༔ དེའི་འོད་ཀྱིས་རང་ལུས་མཐའ་ནས་དབུས་སུ་རིམ་བཞིན་ཡལ་ནས་ནམ་མཁའ་ལ་ཡལ་དུ་བཅུག༔ སླར་ལྡང་ངོ༔ དེ་ལྟར་དབང་རིམ་པ་བཞིན་བསྐུར་ནས༔ དམ་ཚིག་བསྒྲག༔ ཚོགས་དང་གཏོར་མ་བྱ༔ གསང་བ་ཡེ་ཤེས་དྷཱ་ཀི་མའི་བྱིན་རླབས་དབང་གི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ ྈྈ དཔལ་གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲུབ་པར་འདོད་པས༔ དུར་ཁྲོད་དང་ནགས་ཚལ་སོགས་དབེན་པའི་གནས་སུ་ཟླ་བ་གང་ཡང་རུང་བའི་ཚེས་བཅུ་ལ༔ ས་གཞི་རྐྱང་ནུལ་བྱ༔ མཎྜལ་ཁྲུ་གང་ཙམ་པ་ཆང་དང་བདུད་རྩིས་ཆག་ཆག་གདབ༔ དེའི་དབུས་སུ་ཆོས་འབྱུང་དམར་པོ་གྲུ་གསུམ་གཡུང་དྲུང་བཞིས་མཚན་པ༔ རྡོ་རྗེའི་རྭ་བ་དང་མེ་རིས་བསྐོར་བའི་དབུས་སུ་མེ་ཏོག་དམར་པོའི་ཚོམ་བུ་བཀོད༔ དེའི་ཁར་ཐོད་པ་སྲུབས་མེད་ཆང་གིས་བཀང་བ་ལ་ཨ་མྲྀཏ་དང་རིན་པོ་ཆེ་སོགས་འདོད་པའི་རྫས་ཀྱིས་བྲན༔ དར་དམར་པོས་ཞལ་བཀབ༔ དེའི་ཁར་མེ་ལོང་ལ་སིནྡྷུ་རས་བྱུག༔ གསེར་གྱི་ཐུར་མས་ཆོས་འབྱུང་གཡུང་དྲུང་ཅན་དབུས་སུ་ཧྲཱིཿདང་ཟུར་གསུམ་དུ་ཨོཾ་ཨཱཿཧཱུྃ་བྲི༔ དར་ལེ་བརྒན་གྱི་གུར་ཕུབ་ནས་མི་མཐོང་བར་བྱ༔ དམར་གྱི་གཏོར་མ་དང༔ ཚིལ་ཆེན་གྱི་སྤོས༔ ཞུན་གྱི་མར་མེ༔ བདུད་རྩིའི་དྲི་ཆབ༔ རྐང་གི་དུང་དང་ཅང་ཏེའུ་སོགས་དམ་རྫས་ཐམས་ཅད་ཚོགས་པར་བྱས་ནས༔ ཁ་ནུབ་ཏུ་ཕྱོགས་པས་འདུག་སྟེ༔ སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ལ༔ རང་ཉིད་སྐད་ཅིག་གིས་དྷཱ་ཀི་མར་བསྐྱེད༔ ཐུགས་ཀའི་འོད་ཟེར་གྱིས་ཨོ་རྒྱན་ནས་ཡེ་ཤེས་པ་སྤྱན་དྲངས་མཎྜལ་ལ་བཀོད༔ མཆོད་པ་ལྔ་དང་བདུད་རྩིས་མཆོད༔ ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས༔ ལྟེ་བར་ཧྲཱིཿདང་ཨོཾ་ཨཱཿཧཱུྃ་འོད་འབར་བར་བསམ༔ དེ་ལས་འོད་འཕྲོས་ཁམས་གསུམ་པོ་ཡིག་འབྲུ་གསུམ་ལ་བསྟིམ༔ ཧྲཱིཿའི་འོད་ཉི་མ་ལྟར་འབར་བས་རང་ལུས་ཧྲཱིཿདང་བཅས་པ་འོད་དམར་པོར་བསམ༔ དེ་ནས་སྐད་ཅིག་གིས་སྟོང་པ་ཉིད་དུ་བསྒོམ༔ དེའི་ངང་ལས་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་རོ་དང་ཉི་མའི་སྟེང་དུ་ཧྲཱིཿདམར་པོར་བསྒོམ༔ དེ་ལས་རང་ཉིད་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ་གཅེར་བུ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ༔ ཐོད་པའི་ཅོད་པན་དང་དོ་ཤལ་ཅན༔ མེ་ཏོག་གི་ཕྲེང་བ་དང་དྲིལ་གཡེར་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ སྐྲ་གྲོལ་བ་ཐུར་ལ་འཕྱང་བ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ༔ འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ༔ སྐུ་འགྱིང་བག་ཅན༔ གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་དྷཱ་ཀི་སྡེ་བཞིས་བསྐོར་ནས་བཞུགས་པ༔ ཐུགས་ཀར་ཧྲཱིཿསྔགས་ཕྲེང་དང་བཅས་པ་བསམ༔ དེ་ལས་འོད་ཟེར་འཕྲོས་ཨེ་ཨཱ་རལླི་ཛཿ ཕཻཾ་ཞེས་བརྗོད་པས༔ ཨོ་རྒྱན་ནས་མཁའ་འགྲོ་མ་འཁོར་དང་བཅས་པ་སྤྱན་དྲངས་ནམ་མཁར་བཀོད༔ དེའི་སྐུ་ལས་སྐུ་དཔག་ཏུ་མེད་པ་བྱོན༔ སྤྱི་བོ་ནས་ཐིམ༔ ལུས་བདེ་བ་དང་ལྡན་པར་བསམ༔ ཡང་མགྲིན་པ་ནས་གསུང་གསང་སྔགས་ཨཱ་ལི་ཀཱ་ལི་དཀར་དམར་དུ་བྱོན༔ མགྲིན་པ་ནས་ཐིམ༔ ངག་ནུས་པ་དང་ལྡན་པར་བསམ༔ ཡང་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་སེམས་ཀྱི་འོད་ཟེར་བྱུང༔ སྙིང་ག་ནས་ཐིམ༔ སེམས་རྟོགས་པ་དང་ལྡན་པར་བསམ༔ དེ་ནས་ལྷ་མོ་ཡང་རང་ལ་ཐིམ་པས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་བསམ༔ དེ་ནས་ལྷ་སྐུའི་རྣལ་འབྱོར་ཤིན་ཏུ་གསལ་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་མཐའ་བསྐྱང་བར་བྱའོ༔ དེ་ནས་སྙིང་གའི་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ སྣང་སྲིད་མཁའ་འགྲོ་མའི་དཀྱིལ་འཁོར་དུ་བསྒྱུར༔ དེ་རྣམས་ལ་མཆོད་པས་དགྱེས་ཤིང་བྱིན་གྱིས་བརླབས༔ སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དུ་བསམ་ནས༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་བཟླ༔ ཡང་སྙིང་གའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་སེམས་བརྟན་པར་བཅིངས་ནས་ཡིད་ཀྱི་བཟླས་པ་དུམ་གཅིག་བྱ༔ ཡང་དེ་ལྟ་བུས་རླུང་ཁ་སྦྱོར་དུ་བཅིངས་ནས་མི་གཡོ་བས་ཀྱང་སྔགས་བཟླ༔ ཡང་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཞལ་ནས་ཐོན༔ ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་བསྡུས༔ བརྟན་པ་མེད་པར་བྱས༔ འོད་དམར་པོར་ཞུ་བ་རང་གི་པདྨ་ནས་ཞུགས༔ སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ཞིང་རྩ་སྔགས་ཀྱི་མཐར་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ནས་བཟླས་པས་སྣང་སྲིད་དབང་དུ་འདུའོ༔ ཡང་ལས་ཀྱི་མདེའུ་བསྒྱུར་ན༔ གཙོ་མོའི་ཐུགས་ཀའི་འོད་ཟེར་འཁོར་གྱི་དྷཱ་ཀི་ལས་གང་ལ་མངགས་པ་དེ་ལ་ཕོག༔ རྒྱུད་བསྐུལ༔ དཀར་པོ་ལ་སོགས་པའི་འོད་ཀྱིས་ཞི་སོགས་འདོད་པའི་དངོས་གྲུབ་ཐོགས་མེད་དུ་སྒྲུབ་པར་མོས་ལ༔ རྩ་བའི་སྔགས་ཀྱི་ཤམ་བུར་བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་པ་བཏགས་ནས་བཟླ༔ དེ་བཞིན་དུ༔ པུཥྚིཾ་ཀུ་རུ་ཧོ༔ པཱ་ཤཾ་ཀུ་རུ་ཛ༔ མཱ་ར་ཡ་ཕཊ༔ ཅེས་སྦྱར་ན་ལས་དེ་དང་དེ་འགྲུབ་པའོ༔ མཐར་སྙིང་གའི་ཧྲཱིཿལས་འོད་འཕྲོས༔ སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་རང་ལ་བསྡུ༔ རང་རིམ་བཞིན་ཧྲཱིཿལ་བསྡུ༔ ཧྲཱིཿཐིག་ལེ་ལ་བསྡུས་ནས་འཇའ་ལྟར་ཡལ་བ་ཆོས་ཉིད་རྣམ་པར་མི་རྟོག་པ་འོད་གསལ་སྟོང་པ་ཉིད་ལ་མཉམ་པར་གཞག༔ དེ་ནས་སྐད་ཅིག་གིས་ལྷར་ལངས་ནས་སྤྱོད་ལམ་ལ་འཇུག་གོ༔ དེས་ནི་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་སྲོག་དབང་དུ་བསྡུ་བས་མི་དལ་བ་གསུམ་གྱིས་རྟག་ཏུ་བསྐུལ་བར་བྱའོ༔ ཐུན་མཚམས་རྣམས་སུ་ཚོགས་དང་གཏོར་མ་འབུལ༔ བསྟོད་པ་དང་མཆོད་པ་བྱ༔ གསོལ་བ་གདབ་པ་རྣམས་བྱའོ༔ དུས་ཀྱི་བསྙེན་པ་ནི་ཟླ་བ་གསུམ༔ གྲངས་ནི་འབུམ་ཚོ་ལྔ༔ མཚན་མ་ནི༔ མ་སྲིང་བུ་མོ་རྒྱན་བཟང་གླུ་ལེན་པ༔ ཤོན་རྩེ་བ༔ ཕྱག་དང་སྐོར་བ་བྱེད་པ༔ བཟའ་བཏུང་སྟོབ་པ༔ བག་ཕེབས་པ་རྣམས་ནི་བཟང་ངོ༔ ཕོ་མོ་འདྲེས་མར་བྱུང་ན་ཉམས་སད་པ་ཡིན་པས་ཏིང་འཛིན་གསལ་ཞིང་སྔགས་དྲག་ཏུ་བཟླའོ༔ ཕོ་ཉི་ཚེ་བ་བྱུང་ན་བར་ཆད་ཡིན་པས་སྦྱིན་སྲེག་བྱ༔ སྤྲང་པོར་བྱུང་ན་ཚོགས་གཏོར་བྱ༔ བུད་མེད་མང་པོ་ཕྱིར་འགྲོ་ན་སྒྲུབ་པ་ལ་བརྩོན་པ་བསྐྱེད༔ བུད་མེད་སྐྱུག་པ་བྱེད་པ་གསང་ཤོར་བ་ཡིན་པས་བཤགས་པ་བྱ་ཞིང་བསྡམ༔ མཁའ་འགྲོ་མའི་གཟུགས་སྟོན་པ་དང༔ ཆོས་གསུང་ཞིང་ལུང་སྟོན་པ་དང༔ དམ་རྫས་སྟེར་ཞིང་ཌཱ་མ་རུའི་སྒྲ་ཐོས་པ་དང༔ ཉིན་མོ་མི་དང་མཚན་མོ་མཁའ་འགྲོ་ནང་ནུབ་ཟས་ཏེ་འདུ་བ་གསུམ་དང༔ ལུས་ལ་བདེ་བ་ངག་ལ་ནུས་པ་སེམས་ལ་རྟོགས་པ་སྟེ་འབར་བ་གསུམ་འབྱུང༔ དེའི་ཚེ་གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་ནུས༔ ལུས་ཡོད་དུ་མི་ཚོར༔ དབུགས་འགྱུ་བ་མི་ཚོར༔ རྟོགས་པ་ལ་འཕེལ་འགྲིབ་མེད་པ་སྟེ་དྲོད་གསུམ་ཐོབ༔ དེ་ནས་གཡེང་བ་སྤངས་ཏེ་དབང་པོ་སྒོ་ལྔ་ཡན་པར་མི་གཏང་བར༔ གཟུང་འཛིན་གྱི་འཁྲི་བ་གཅད༔ རྣམ་རྟོག་ཐོག་བརྫིས་ཀྱི་བརྟུལ་ཞུགས་བྱའོ༔ དེས་ནི་དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར་རོ༔ གསང་བ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་ཀྱི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ མཁའ་འགྲོ་མའི་བསྟོད་སྐུལ་བཞུགས་སོ༔ ས་མ་ཡ༔ ྀཨཚ༔ གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཚོགས་དང་མཆོད་པ་ལ་སོགས་པའི་དུས་སུ་བསྟོད་པ་བྱ་བ་ནི༔ ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ དུར་ཁྲོད་མེ་རི་འབར་བའི་ཀློང༔ མ་གཅིག་ཡེ་ཤེས་མཁའ་འགྲོ་མ༔ ཞལ་གཅིག་མ་ལ་ཕྱག་བཞི་མ༔ བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན༔ སྤྱན་གསུམ་སྡང་མིག་དགྲ་ལ་ལྟ༔ རྣོ་གདུག་མཆེ་བ་བགེགས་ལ་གཙིགས༔ ལེ་བརྒན་ལྗགས་ནི་གློག་ལྟར་གཡོ༔ འཛུམ་ཞལ་དམ་ཚིག་ཅན་ལ་སྟོན༔ ཕྱག་བཞིས་གྲི་གུག་ཐོད་ཁྲག་དང༔ རལ་གྲི་དང་ནི་ཁ་ཊྭཱཾ་འཛིན༔ མི་མགོ་རློན་པའི་དོ་ཤལ་ཅན༔ པད་ཉི་མི་རོའི་གདན་སྟེང་ན༔ བརྐྱང་བསྐུམ་གར་སྟབས་ཚུལ་དུ་བཞུགས༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་མཁའ་འགྲོ་ལ་སོགས་པའི༔ རིགས་བཞིའི་དྷཱ་ཀིའི་འཁོར་གྱིས་བསྐོར༔ ཁམས་གསུམ་དབང་དུ་སྡུད་མཛད་ཅིང༔ མདངས་དང་སྙིང་ཁྲག་རྔུབ་ཅིང་འཐུང༔ བདེ་བ་ཐམས་ཅད་སྒྲུབ་མཛད་མ༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ མཁའ་འགྲོ་མ་ཡི་རིགས་ཀྱི་གཙོ༔ བར་གཅོད་སྲུང་ཞིང་དངོས་གྲུབ་སྩོལ༔ རྣལ་འབྱོར་བདེ་ཆེན་སྤོར་མཛད་མ༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་སོགས༔ ཕྱོགས་བཅུ་སྤྲུལ་པའི་ཞིང་ཀུན་ནས༔ འདིར་གཤེགས་དབང་སྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ༔ ཅེས་ཚོགས་ཀྱི་མཆོད་པ་དང་བཅས་ཏེ་ཚེས་བཅུ་དང་ཉི་ཤུ་ལྔ་ལ་སོགས་པ་དུས་ཁྱད་པར་ཅན་ལ་བསྟོད་ཅིང་ཐུགས་དམ་བསྐུལ་ལོ༔ མཁའ་འགྲོ་མའི་བསྟོད་སྐུལ་གྱི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ མཁའ་འགྲོ་མའི་རྣལ་འབྱོར་རིམ་བཞི་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ ས་མ་ཡ༔ གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ དྷཱ་ཀི་མའི་རྣལ་འབྱོར་ལམ་དུ་བྱེད་པ་ནི༔ དང་པོར་འཁོར་བའི་ལས་སྣང་ལ་ཞེན་པ་ལོག་པ༔ ངེས་འབྱུང་གིས་བློ་སྦྱངས་ནས༔ སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་དེ༔ བདེ་བའི་གདན་ལ་འདུག་ནས་ལུས་དྲང་པོར་བསྲང༔ ཤེས་པ་རྣལ་དུ་ཕབ༔ སྤྱི་བོར་བླ་མ་རྡོ་རྗེ་ཆོས་སུ་བསྒོམས་པ་ལ་བདག་བདེ་འམ་སྡུག་བསྔལ་ཡང་རུང་རེ་དོགས་མེད་པར་ཁྱེད་ཤེས་ཀྱི་བློ་གཏད་ལིངས་བསྐྱུར་ནས་མོས་གུས་རྩེ་གཅིག་པས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་རང་ལ་ཐིམ༔ རང་ཉིད་ལྷ་མོའི་སྐུ་ཆ་བྱད་ཚང་བ་དྭངས་ཤིང་གསལ་ལ་རྙོག་པ་མེད་པ་ཆུ་ཟླ་ལྟ་བུར་གོམས་པར་བསླབ༔ དེ་ནས་ལྷ་སྐུ་སྟོང་གསལ་གྱི་སྤྱི་བོ་ནས་གསང་བའི་བར་དུ་དྷཱུ་ཏི་དམར་གསལ་ཁོང་སྟོང་དུ་གནས་པའི་སྙིང་གར་ཆོས་འབྱུང་གི་ནང་དུ་ཧྲཱིཿདམར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་ལ་སེམས་བརྟན་པོར་བསྒོམ༔ ཧྲཱིཿལས་ཧྲཱིཿའི་སྒྲ་བྲག་ཅ་ལྟར་ལྷང་གིས་གྲགས་པའི་རྐྱེན་གྱིས་སྣོད་བཅུད་ཐམས་ཅད་འོད་དམར་པོར་ཞུ་ནས་རང་ལ་ཐིམ༔ དེ་དྷཱུ་ཏི་ལ༔ དེ་ཆོས་འབྱུང་ལ༔ དེ་ཧྲཱིཿལ༔ ཧྲཱིཿའཇའ་ཡལ་བ་བཞིན་སྟོང་པར་སྦྱངས་ནས་མི་དམིགས་པར་བསྒོམ་པ་ལ་ནན་ཏན་དུ་བསླབ༔ དེ་གོམས་ནས་ཡང་སྔར་བཞིན་བསྒོམས་པའི་ཧྲཱིཿའོད་ཟེར་འཕྲོ་བ་ལ་སེམས་བཟུང་ནས་ཡིད་བཟླས་བྱེད༔ དེའི་ཚེ་རླུང་ནང་དུ་འཇུག་པ་ན་སྟེང་རླུང་མནན་ནས་འོག་རླུང་གྱེན་དུ་དྲངས་པས་འབྱུང་བཞིའི་རླུང་ཐམས་ཅད་འོད་ཟེར་ལྔའི་རྣམ་པས་དྷཱུ་ཏིའི་ལམ་ནས་ཧྲཱིཿལ་བསྟིམ༔ བྱིང་ན་སྨིན་མཚམས་ཀྱི་དབུ་མའི་ནང་དུ་བསྒོམ༔ རྒོད་ན་གསང་བའམ་ལྟེ་བར་བསྒོམ༔ ཡང་ཧྲཱིཿསྣོད་བཅུད་འོད་གསལ་དུ་བསྡུས་ནས་མི་རྟོག་པ་སྔར་བཞིན་བསྒོམ༔ ཉིན་མོ་སྨིན་མཚམས་དང་སྙིང་གར་བསྒོམ༔ མཚན་མོ་སྙིང་ག་དང་གསང་བར་བསྒོམ༔ ཤེས་པ་ཡུལ་ལ་འཕྲོ་ན་གང་སྣང་དེ་ལ་ཡུད་དེ་གསལ་ལེ་འཇོག༔ དེ་ནི་རོ་རྐྱང་གི་རླུང་དྷཱུ་ཏིར་འཇུག་པའི་རྣལ་འབྱོར་རོ༔ ས་མ་ཡ༔ ྈ ལྷ་མོའི་ཙཎྜ་ལཱིའི་རྣལ་འབྱོར་ནི༔ རང་ཉིད་ལྷ་མོའི་སྐུ་སྟོང་གསལ་ཤེལ་ལྟར་དྭངས་པ་དང༔ སྣ་རྩེར་གཡུང་དྲུང་དང་ལྟེ་བར་ཆོས་འབྱུང་དམར་པོ་དེའི་ནང་དུ་རྩ་བ་ཟུག་པའི་དྷཱུ་ཏིའི་ནང་དུ་གཏུམ་མོ་འབར་བ་ཨཾ་དང་བཅས་པ་བསམ༔ རླུང་ཁ་སྦྱར༔ ཁྱད་པར་འོག་རླུང་དྲངས་པས་ཆོས་འབྱུང་གཡོན་དུ་མྱུར་བར་འཁོར་བ་ལ་སེམས་གཟུང༔ ཨཾ་ལས་མེ་རླུང་ཤུགས་དྲག་ཏུ་འབར༔ དྷཱུ་ཏི་བརྒྱུད༔ སྣ་སྒོའི་གཡུང་དྲུང་ལ་ཕོག༔ གཡོན་ཕྱོགས་སུ་དྲག་ཏུ་འཁོར་བ་ལ་སེམས་བཟུང་ནས་བུམ་ཅན་གྱི་སྦྱོར་བ་ལ་བསླབ༔ དེ་གོམས་ནས་དྷཱུ་ཏིའི་ནང་གི་ལྟེ་བའི་ཆོས་འབྱུང་གི་ནང་དུ་ཨཾ་དམར་པོ་ཡུངས་འབྲུ་ཙམ་དང་སྤྱི་བོར་ཧཾ་དཀར་པོ་བསྒོམ༔ རླུང་ཁ་སྦྱར་ནས་ཨཾ་ལས་མེ་ཕྲ་མོ་གསལ་དྭངས་གློག་ལྟ་བུ་སོར་རེ་ཙམ་འབར༔ དེ་ནས་རིམ་གྱིས་ཇེ་ཆེར་སྤར་ནས་ཧཾ་ལ་རེག༔ རྩ་ཐམས་ཅད་ཐོགས་མེད་དུ་ལམ་ལམ་མཐོང་བ་དང༔ མེས་གང་བར་བསྒོམ༔ འོག་རླུང་ལན་གསུམ་དུ་ལྟེ་བར་འཆིང༔ དེ་ལ་སྟེང་རླུང་བརྡབས་པས་དུ་བ་ལྟ་བུའི་རླུང་བཤང་སྒོ་ནས་འཐོན་པར་བསམ༔ ལག་གཉིས་སར་བཙུགས་ནས་ལུས་འདེགས་ཤིང་ས་ལ་བརྡབ༔ དེ་ནས་རླུང་ཐེངས་རེ་རེ་བཞིན་ཧཾ་ལས་བ་ཐག་ལྟ་བུའི་བྱང་སེམས་རིམ་གྱིས་བབས༔ རྩ་ཐམས་ཅད་གང༔ འཁོར་ལོ་སོ་སོར་སླེབས་པ་ན་དགའ་བ་བཞིའི་ཉམས་དངོས་སམ་མོས་པ་ལ་བསླབ༔ དེ་ལ་རྟགས་སྣང་ཅུང་ཟད་མཐོང་ནས་སྟེང་རླུང་ལྟེ་བའི་ཨཾ་ལ་བརྡབས་པས་སོལ་མེ་ལ་མར་གསར་གྱིས་རེག་པ་ལྟར་སྒྲ་དང་བཅས་མེ་ཧར་གྱིས་འབར༔ བྱང་སེམས་འཁྱོར་ཏེ་ཞུ༔ ལྟེ་བའི་མེ་དང་འདྲེས་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་འཇོག༔ དེ་གོམས་པས་རྟགས་ལྔ་སོགས་ཡོན་ཏན་རྣམས་རིམ་གྱིས་ཐོབ་པར་འགྱུར་རོ༔ ཙཎྜ་ལཱིའི་རྣལ་འབྱོར་རོ༔ ས་མ་ཡ༔ ྈ དེ་ནས་ཡང་ལྷ་མོའི་སྐུ་སྔར་ལྟར་བསྒོམ༔ རླུང་གཉིས་རྩེ་སྤྲད་པས་ལྟེ་བའི་གཏུམ་མོ་སྦར༔ དྷཱུ་ཏིའི་ལམ་ནས་སོང༔ བ་སྤུའི་སྒོ་ནས་མེའི་ཟེར་ཕྱིར་སྤྲོས་བགེགས་ཐམས་ཅད་བསྲེགས༔ མེ་ལྕེ་སྤྱི་བོའི་ཧཾ་ལ་རེག༔ རྩ་ནང་གི་བྱང་སེམས་ཐམས་ཅད་ཞུ་ཧཾ་ལ་འདུས༔ སྤྱི་བོའི་རྩ་འཁོར་གྱི་བྱང་སེམས་ཐམས་ཅད་ཧཾ་ཡིག་བརྒྱུད་ནས་བབས༔ དེ་བཞིན་དུ་འཁོར་ལོ་འོག་མ་རྣམས་སུ་ཡང་རིམ་བཞིན་བབས༔ ལྟེ་བ་ཡན་ཆད་དུ་འཁྱིལ༔ དྭངས་མའི་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་འོད་འཕྲོ་བ་གསང་བར་འཁོར་བས་བདེ་བ་བཟོད་མེད་དུ་སྐྱེས་པར་བསམ་ལ་སེམས་གཟུང༔ དེ་གོམས་ནས་གྱེན་དུ་དྲངས་པ་ལ་སྤྱི་བོར་སེམས་གཏད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར༔ དེ་ནས་སྣོད་བཅུད་འོད་གསལ་དུ་བསྡུས་ནས་སྟོང་པ་ཉིད་ལ་བློ་བཞག༔ གལ་ཏེ་མི་གནས་ན་སྐད་ཅིག་གིས་ལྷར་བསྐྱེད་ལ་ཡང་ཡང་སྦྱང༔ དེ་གཉིད་དང་མཚམས་སྦྱར་བ་གོམས་པ་ལས་འོད་གསལ་དང་ལྷ་སྐུར་འཆར་བར་འགྱུར་རོ༔ བདེ་བའི་རྣལ་འབྱོར་རོ༔ ས་མ་ཡ༔ ྈ ཡང་རང་ཉིད་ལྷ་མོར་གསལ་བའི་སྤྱི་བོར་བདུད་རྩིའི་ཐིག་ལེ་དང་ལྟེ་བར་མེའི་ཐིག་ལེ་རྣམས་གསལ་གདབ༔ རླུང་དྲག་ཏུ་བུས་ནས་ཕྱིར་གཟུང༔ ཁོང་འདྲེན་དྲག་པོས་ལྟེ་བའི་མེ་སྦར༔ དྲག་ཏུ་རྔུབ༔ སྤྱི་བོའི་བདུད་རྩི་ཕབ་ནས་ཐུར་སེལ་ལ་བསྣུན༔ སེམས་ནམ་མཁའ་དང་བསྲེ༔ ལྟོ་བ་ཕྱིར་བསྐྱེད༔ ལུས་གཅུ་ཞིང་ཧ་ཞེས་སྤྲུགས་ནས་འབུད༔ དེ་གོམས་ནས་སྟེང་འོག་གི་རླུང་རང་འགྲོས་མེ་ཆུའི་ཏིང་འཛིན་དང་སྦྱར་ནས་རྒྱུན་ཆགས་པར་བསྒོམས་པས་བདེ་དྲོད་ཀྱི་ཉམས་སྲོལ་དུ་ཆུག་པར་འགྱུར་རོ༔ ྈ ཡང་རྨི་ལམ་གཟུང་བ་ནི༔ མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཐིག་ལེ་དམར་པོ་ལྔ་ཚོམས་སུ་བསྒོམ༔ རྨི་ལམ་གྱི་འདུན་པ་བྱས་ནས་པདྨ་ཐིག་ལེ་ལ་ཐིམ༔ ཐིག་ལེ་བཞི་པོ་ཐིག་ལེ་དབུས་མ་ལ་ཐིམ༔ དེ་ལ་སེམས་རྩེ་གཅིག་ཏུ་འཇོག༔ ཐིག་ལེ་དེ་ལ་སེམས་ཡང་ཡང་གཏད་པས་རྨི་ལམ་ཟིན་པར་འགྱུར་རོ༔ དེ་ནས་ཉིན་མཚན་ཐམས་ཅད་ཏིང་ངེ་འཛིན་ལ་གོམས་ཤིང་རྒྱས་ཐེབས་པར་འགྱུར་རོ༔ ཡན་ལག་གི་རྣལ་འབྱོར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ མཁའ་འགྲོ་མའི་དམ་ཚིག་བཞུགས་སོ༔ ྈྈྈ ྈྈ གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ གསང་བ་སྔགས་ཀྱི་རྣལ་འབྱོར་པས༔ དངོས་གྲུབ་མྱུར་དུ་ཐོབ་པའི་གཞི༔ དམ་ཚིག་གནས་ལ་བསླབ་པ་གཅེས༔ གསང་བ་སྤྱི་ཡི་ཡལ་གམ་དང༔ ཁྱད་པར་མཁའ་འགྲོའི་དམ་ཚིག་ནི༔ འདི་ལྟར་སྣང་བའི་བུད་མེད་ཀུན༔ ཕྱི་ཡི་དྷཱ་ཀིར་ཤེས་པར་བྱ༔ ལུས་ལ་གནས་པའི་རྩ་རྣམས་ཀུན༔ ནང་གི་དྷཱ་ཀིར་ཤེས་པར་བྱ༔ རྩ་ལ་རྒྱུ་བའི་བྱང་ཆུབ་སེམས༔ གསང་བའི་དྷཱ་ཀིར་ཤེས་པར་བྱ༔ བློ་འདས་སྤྲོས་དང་བྲལ་བ་ནི༔ དེ་བཞིན་དྷཱ་ཀིར་ཤེས་པར་བྱ༔ རྡོ་རྗེ་དྷཱ་ཀིའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་བྱམས་པར་བྱ༔ རིན་ཆེན་དྷཱ་ཀིའི་དམ་ཚིག་ཏུ༔ དངོས་པོ་ཀུན་ལ་ཆགས་མི་བྱ༔ པདྨ་དྷཱ་ཀིའི་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ ལས་ཀྱི་དྷཱ་ཀིའི་དམ་ཚིག་ཏུ༔ རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ༔ གསང་བ་ཡེ་ཤེས་དམ་ཚིག་ཏུ༔ དྲག་ཅིང་རྩུབ་པའི་ལས་རྣམས་བྱ༔ ཡེ་ཤེས་དྷཱ་ཀིའི་དམ་ཚིག་ཏུ༔ ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད༔ དྷཱ་ཀི་སྤྱི་ཡི་དམ་ཚིག་ཏུ༔ ཚོགས་དང་གཏོར་མའི་ལས་ལ་འབད༔ གང་འདོད་སྒྲ་ཡི་བྱེ་བྲག་བསྒྱུར༔ རྐྱེན་ངན་ཚོགས་དང་གཏོར་མས་བསལ༔ རེས་འགའ་དཀྲུག་པའི་སྔགས་ཀྱང་བཟླ༔ ཚུལ་བཞིན་ཉམས་སུ་བླངས་པ་ན༔ ཇི་ལྟར་འདོད་པའི་ལས་རྣམས་འགྲུབ༔ སྔོན་ལ་ཐུགས་རྗེ་ཆེན་པོ་བསྒྲུབ༔ དེ་ནས་འདི་ཡི་སྒྲུབ་པ་བྱ༔ སྒྲུབ་པ་ཐོན་པའི་དུས་སུ་ནི༔ འཇིག་རྟེན་མི་དང་བློ་མི་བསྟུན༔ རེ་དོགས་མེད་པའི་བརྟུལ་ཞུགས་ཀྱིས༔ དངོས་འཛིན་ཡུལ་ལ་ཐོག་བརྫིས་བྱ༔ དེ་ལྟར་བསྒྲུབས་པས་ཕྲིན་ལས་ཀུན༔ ཐོགས་མེད་འགྲུབ་པར་ཐེ་ཚོམ་མེད༔ དམ་ཚིག་གནད་ཀྱི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ མཁའ་འགྲོ་མའི་མེ་མཆོད་བཞུགས་སོ༔ ྈྈྈ ྈྈ གར་དབང་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཕྲིན་ལས་གང་བྱེད་ཀྱང་འགྲུབ་པའི་མྱུར་ལམ་མེ་མཆོད་བསྒྲུབ་ན༔ ལས་དང་མཐུན་པའི་ཐབ་ཁུང་བཅའ༔ རྒྱ་ཤུག་དང་ཙན་དན་སོགས་ཀྱིས་མེ་སྦར་ལ༔ དཀར་གསུམ་མངར་གསུམ་ཤ་དམར་ལ་སོགས་པ་ཚོགས་ཚད་བསགས༔ ཐམས་ཅད་ཆང་དང་བདུད་རྩིས་བྲན༔ མེའི་དབུས་སུ་མཁའ་འགྲོ་མ་འཁོར་དང་བཅས་པ་བསྐྱེད༔ སྤྱན་དྲངས་ནས་མཆོད་པར་བསམ་ཞིང༔ མཆོད་རྫས་རྣམས་ལག་གཡོན་པས་འབུལ༔ རྩ་བའི་སྔགས་ལ་ཧ་རི་ནི་ས་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི༔ ཞེས་པ་དང༔ རྩ་བའི་སྔགས་དེ་ཉིད་ལ་ཆེ་གེ་མོ་སོགས་ལྷ་འདྲེ་མི་གསུམ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿཛཿཧཱུྃ་བཾ་ཧོ༔ ཞེས་དང༔ ཡང༔ བཱ་སུ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་སོགས་སྔགས་ཀྱིས་ཁ་བསྒྱུར་ནས་བདུད་རྩིར་ཕུལ་བས་མཁའ་འགྲོ་མ་ཐམས་ཅད་མཉེས་པས་བདག་ལ་ཐུགས་ཆགས་པར་བསམ༔ ཚེས་བརྒྱད་དང་ཉི་ཤུ་གཉིས་སོགས་ལ་བྱ༔ དེས་གང་འདོད་པའི་དོན་འགྲུབ་བོ༔ སྲིད་གསུམ་ཟིལ་གནོན་རྡོ་རྗེའི་རིགས༔ དགོས་འདོད་ཆར་འབེབ་རིན་ཆེན་རིགས༔ ཁམས་གསུམ་དབང་སྡུད་པདྨའི་རིགས༔ བར་ཆད་ཀུན་སེལ་ལས་ཀྱི་རིགས༔ རིགས་འདུས་གསང་བ་ཡེ་ཤེས་མ༔ མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར༔ འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་གསོལ་བ་གདབ༔ སྐོང་བཤགས་བྱ༔ ཚོགས་ལ་རོལ༔ གཏོར་མ་གཏང༔ སྨོན་ལམ་གདབ༔ སྦྱིན་སྲེག་གི་ཐལ་བ་ཆ་གསུམ་དུ་བྱ༔ ཆ་གཅིག་རང་གི་ལུས་ལ་བྱུག༔ ཆ་གཅིག་རླུང་ལ་ཕྱར༔ ཆ་གཅིག་འབབ་ཆུ་སོགས་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་འབོ༔ དུར་ཁྲོད་ལ་སོགས་པར་སྤྱོད་པ་བྱ་ཞིང་འགྲོ་བའི་དོན་ལ་བརྩོན་པར་བྱའོ༔ མཁའ་འགྲོ་མའི་སྦྱིན་སྲེག་གི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་ལས། མི་ལོ་སོ་བཞི་ལོན་པ་ཆུ་མོ་སྦྲུལ་གྱི་ལོ་ལ་རྩ་བའི་ཆོས་བདག་རིགས་ཀྱི་བུ་པདྨ་འགྱུར་མེད་རྒྱ་མཚོས་བུ་དཔེར་ཕབ་པའོ།། །།

ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས། ཉང་ལུགས་ཁྲོ་མོ་སྨེ་བརྩེགས་མའི་སྒྲུབ་ཐབས་དབང་བསྐུར་ཁྲུས་ཆོག་དང་བཅས་པ་ (Volume 47, Text 25)

༄༅། །ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས། ཉང་ལུགས་ཁྲོ་མོ་སྨེ་བརྩེགས་མའི་སྒྲུབ་ཐབས་དབང་བསྐུར་ཁྲུས་ཆོག་དང་བཅས་པ་བཞུགས་སོ། ། བླ་མ་དང་ཁྲོ་མོ་སྨེ་བ་བརྩེགས་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་མཁའ་འགྲོ་མ་སྨེ་བ་བརྩེགས་མའི་སྒྲུབ་ཐབས་ཉང་ལུགས་ཉམས་སུ་ལེན་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་བས་ཆོས་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧཱུྃ་ནག་པོ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་མོ་སྨེ་བ་བརྩེགས་མ་སྐུ་མདོག་སོལ་བའི་མདོག་ཅན་ཆར་སྤྲིན་ལྟར་གནག་པ་ཁྲོ་ཞིང་རབ་ཏུ་གཏུམ་པ། ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་དག་བྱེད་ཁྲུས་ཀྱི་བུམ་པ་བདུད་རྩིས་གང་བ་འཛིན་ཅིང་། གཅེར་བུ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། སྨིན་མ་སྨ་ར་ཨག་ཚོམ་དང་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་རྣམ་པར་གཙིགས་ཤིང་། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས། དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར་པ་ལ། ཨོཾ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། ཧཱུྃ། གདུག་པ་མ་ལུས་འདུལ་མཛད་ཁྲོ་མོ་ཆེ། །རྡོ་རྗེའི་དམ་ཚིག་མི་གཙང་ཟས་སུ་ཟ། །སྒྲུབ་པ་པོ་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཁྲོ་མོ་སྨེ་བརྩེགས་མ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རང་ཉིད་ཁྲོ་མོ་སྨེ་བ་བརྩེགས་མར་གསལ་བའི་ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་ནག་པོའི་མཐར་སྔགས་ཕྲེང་གིས་གཡས་སུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་བདུད་རྩི་འོད་ཟེར་ཁ་དོག་ནག་པོའི་རྣམ་པར་སྤྱན་དྲངས། རང་ཉིད་ལ་ཐིམ་པར་གྱུར། ཅེས་སྨྲ་བ་བཅད་ནས། ཨོཾ་ཁརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷཱི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སྔར་ལྟར་མཆོད་བསྟོད་སྔོན་དུ་འགྲོ་བས། བླ་མ་དང་དཔལ་ཁྲོ་མོ་སྨེ་བ་བརྩེགས་མ་གཉིས་སུ་མེད་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་གྲིབ་ཉམས་གྲིབ་མི་གཙང་བའི་དྲི་མ་ཐམས་ཅད་བྱང་ཞིང་དག་པ་དང་། བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ་བོ།། །། ༄༅། །འདིའི་དབང་བསྐུར་བྱེད་ན། སྟེགས་བུའི་དབུས་སུ་མཎྜལ་མེ་ཏོག་ཚོམ་བུ་དང་བཅས་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན། གཡས་སུ་མཁའ་འགྲོའི་དཔལ་གཏོར། གཡོན་དུ་འབུལ་གཏོར། གཞན་ཡང་ཉེར་སྤྱོད་སོགས་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། བདག་བསྐྱེད་བཟླས་པ་བཅས་གོང་ལྟར་རྗེས་མདུན་གྱི་བུམ་པ་དང་རྟེན་གཏོར་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ལྟོ་བ་ཡངས་པ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གི་ཁ་རྒྱན་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷའི་དལ་འགྲོའི་རྒྱུན་ཡན་ལག་བརྒྱད་དང་ལྡན་པས་བུམ་པའི་སུམ་གཉིས་གང་བ་ལ་སྨན་ལྔ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ། རིན་པོ་ཆེ་ལྔ། བདུད་རྩི་ལྔ་རྣམས་ཀྱིས་ཡོངས་སུ་གང་བའི་དབུས་དང་། རྟེན་གཏོར་གཉིས་ཀར་པད་ཉི་ལ་གནས་པའི་ཧཱུྃ་ནག་པོ། དེ་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཁྲོ་མོ་སྨེ་བ་བརྩེགས་མ་ཞེས་པ་ནས། མ་ལ་ཕྱག་འཚལ་བསྟོད་། །ཅེས་པའི་བར་གོང་བཞིན་བྱས་ལ། བླ་མ་དང་ཁྲོ་མོ་སྨེ་བ་བརྩེགས་མ་གཉིས་སུ་མེད་པར་གསལ་བའི་ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་ནག་པོའི་མཐར་ཞེས་པ་ནས། རྣམ་པར་སྤྱན་དྲངས། བུམ་པའི་ནང་གི་ལྷ་དང་། རྟེན་གཏོར་ལྷར་གསལ་བ་ལ་སིབ་སིབ་ཐིམ་པར་གྱུར། དེ་ནས་གཟུངས་ཐག་བཟུང་ལ། རང་གི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན་གཟུངས་ཐག་ལ་འཁྲིལ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་པས་དུང་ཆོས་ཁེངས་ཤིང་ལུད། བུམ་ནང་གི་ལྷའི་སྐུ་ལ་ཕོག་པས། སྐུ་ལས་བདུད་རྩིའི་རྒྱུན་བབས་ཤིང་བུམ་པ་གང་བར་དམིགས་ལ་སྔགས་ཅི་ནུས་དང་། ཁྲུས་ཆོག་དང་འབྲེལ་ན་ཤམ་བུར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཞེས་པའང་བཟླ། མཐར་མཆོད་བསྟོད་དང་། བཅོམ་ལྡན་འདས་མས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའང་གསོལ། འདས་པའི་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས། རླུང་མེ་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཐོད་པ་མཚན་ལྡན་ནང་དུ་གཏོར་མ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་གསུམ་གྱིས་བྱིན་བརླབས་ནས། བུམ་ནང་གི་ཁྲོ་མོ་སྨེ་བ་བརྩེགས་མའི་ལྗགས་ཧཱུྃ་གི་འོད་ཟེར་གྱིས་གཏོར་མའི་རོ་བཅུད་དྲངས་ཏེ་གསོལ་བས་མཉེས་ཤིང་ཚིམས་པར་གྱུར། ཅེས་རྩ་སྔགས་ཀྱི་མཇུག་ཏུ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱཿ ཞེས་གསུམ་གྱིས་བསྔོས་ནས། མཆོད་བསྟོད་སྔོན་དུ་འགྲོ་བས། ཁྱོད་ཉིད་དགྱེས་ཕྱིར་མཆོད་སྦྱིན་གཏོར་མ་འབུལ། །རྨད་བྱུང་མཆོད་པ་འདི་དག་ཡོངས་བཞེས་ལ། །བདག་གི་ཉོན་མོངས་སྡིག་སྒྲིབ་ཉེས་ལྟུང་ཀུན། །མ་ལུས་དག་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། འཇིག་རྟེན་པའི་གཏོར་མ་གཉིས་སྔར་ལྟར་བྱིན་གྱིས་བརླབ། རང་ཉིད་ཁྲོ་མོ་སྨེ་བ་བརྩེགས་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་སྐྱོང་འབྱུང་པོ་སྡེ་བརྒྱད་ཀྱི་རིགས་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཞེས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ཅིང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཞེས་སོགས་ལན་གསུམ་གྱིས་བསྔོས་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་འབྱུང་པོ་སྡེ་བརྒྱད་རྣམས་གཏོར་མ་འདིས་ཚིམས་པར་གྱིས་ལ་བདག་ཅག་འཁོར་དང་བཅས་པའི་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཨོཾ་བཛྲ་ཨ་མྲྀཏེ་ཧཱུྃ་ཕཊ། ཅེས་བརྗོད་ནས། འབྱུང་པོ་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་གཏོར་མ་འདིས་ཚིམས་པར་གྱིས་ལ། འདིར་མ་འདུག་པར་གཞན་དུ་སོང་ཞིག །སརྦ་བིགྷྣཱན་གཙྪ། ཞེས་རྩ་སྔགས་རོལ་མོ་དང་བཅས་ཏེ་གཏོར་མ་ཕྱིར་དོར་རོ། །དེ་ནས་སློབ་མར་ཁྲུས་བྱ། གྲལ་དུ་འཁོད་ནས་མཎྜལ་ཕུལ། འདིར་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་མན་ངག །མངའ་བདག་ཉང་རལ་པ་ཅན་གྱི་ཟབ་གཏེར་ནས་བྱོན་པའི་ནད་གདོན་དམ་གྲིབ་མི་གཙང་བའི་ཚོགས་ཞི་བ་ལ་མཆོག་ཏུ་བསྔགས་པའི་ཁྲོ་མོ་སྨེ་བ་བརྩེགས་མའི་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་སྦྱོང་བའི་སླད་དུ་བླ་མ་དང་མདུན་བསྐྱེད་ཐ་མི་དད་པའི་སྤྱན་སྔར་གསག་སྦྱོང་སྡོམ་གཟུང་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དངོས། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཉིད། །ཀུན་འདུས་ཡིད་བཞིན་ནོར་བུ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་སྐོར། །མྱ་ངན་མི་འདའ་རྣམ་དཀར་གྱི། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དམ་ཚིག་སྡོམ་པ་མ་ལུས་གཟུང་། །དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ། །དེ་ནས་དབང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་སློབ་མ་རྣམས་ཁྲོ་མོ་སྨེ་བ་བརྩེགས་མ་སོགས་ནས། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། སློབ་དཔོན་མདུན་བསྐྱེད་བུམ་པ་དང་གཏོར་མའི་ལྷ་ཚོགས་ཁྱེད་རང་རྣམས་དང་བཅས་པ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་ཁྲོ་མོ་སྨེ་བརྩེགས་མའི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་ཤིག །ཅེས་དང་། སྔགས་མཐར་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་ཤིང་སྤོས་རོལ་དང་བཅས་བྱིན་དབབ། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ནས་དབང་དངོས་ལ་བཞི་ལས། དང་པོ་སྐུའི་དབང་གི་སླད་དུ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། མདུན་བསྐྱེད་གྱི་དཔྲལ་བར་ཐིམ། དེའི་དཔྲལ་བ་ནས་འོད་ཟེར་དཀར་པོའི་སྣེ་ལ་ཁྲོ་མོ་སྨེ་བརྩེགས་མའི་སྐུ་རྡོ་རྗེའི་ལྷ་ཚོགས་དཀར་མོ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །འབྲས་བུ་སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། རྩ་སྔགས་དང་། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་བུམ་ཆུ་སྦྱིན། གཉིས་པ་གསུང་གི་དབང་གི་སླད་དུ། སློབ་དཔོན་གྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། མདུན་བསྐྱེད་ཀྱི་མགྲིན་པར་ཐིམ། དེའི་མགྲིན་པ་ནས་འོད་ཟེར་དམར་པོའི་སྣེ་ལ་ཁྲོ་མོ་སྨེ་བརྩེགས་མའི་གསུང་རྡོ་རྗེའི་ལྷ་ཚོགས་དམར་མོ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །འབྲས་བུ་ལོངས་སྐུའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད། རྗེས་འབྲེལ་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཉི་གདན་ལ་ཧཱུྃ་གི་མཐར་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་ལན་གསུམ། དབྱངས་གསལ་དང་ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། གསུམ་པ་ཐུགས་ཀྱི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣེ་ལ་ཁྲོ་མོ་སྨེ་བརྩེགས་མའི་ཐུགས་རྡོ་རྗེའི་ལྷ་ཚོགས་མཐིང་ག་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད། བཞི་པ་སྐུ་གསུང་ཐུགས་དབྱེར་མེད་པའི་དབང་གི་སླད་དུ། སློབ་དཔོན་གྱི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་བསྐྱེད་ཀྱི་གནས་གསུམ་དུ་ཐིམ། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་སྣེ་ལ་ཁྲོ་མོ་སྨེ་བརྩེགས་མའི་ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་མཛོད། སྤྲོ་ན་སོ་སོའི་མཐར་རྩ་སྔགས་བརྗོད་ཅིང་སྤོས་རོལ་བྱ། དེ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་འདི་ཉིད་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མར་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་འོད་དུ་ཞུ། རང་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་དྭངས་མ་མི་ཤིགས་སུམ་ལྡན་མཁའ་འགྲོའི་དབང་མོའི་གོ་འཕང་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ། གཏོར་མ་ཁྲོ་མོ་སྨེ་བ་བརྩེགས། །སྤྱི་བོར་བཞག་པས་གཉིས་མེད་ཐིམ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྡོ་རྗེའི་ངོ་བོར་དབང་བསྐུར་རོ། །རྩ་སྔགས་དང་། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་གཏོར་རྫས་སྦྱིན། བཀྲ་ཤིས་བརྗོད། རྗེས་དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱའོ། །དེ་ནས་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད། ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་བཀྲ་ཤིས་བྱའོ།། །། ༄༅། །བཀྲུ་བྱབ་སྲུང་གསུམ་བྱེད་ན། རྟེན་གཏོར་བཤམ་སྒྲུབ་མི་དགོས། བུམ་པ་གོང་ལྟར་བསྒྲུབ། འདས་པའི་གཏོར་འབུལ་རྗེས་ཡིག་བརྒྱ་དང་། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས་ལྷ་འོད་དུ་ཞུ་བར་བསམ། དེ་ནས་འཇིག་རྟེན་པའི་གཏོར་མ་གོང་ལྟར་ཕུལ། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། འོ། མཁའ་འགྲོ་མ་སྨེ་བ་བརྩེགས་མའི་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་བགྱིད་པ་ལ། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་མཁའ་འགྲོ་མ་སྨེ་བ་བརྩེགས་མར་གསལ་བའི་སྐུའི་གནས་ལྔ་ནས། དག་བྱེད་འབྱུང་ལྔའི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཁྲུས་བགྱིས་པས། ཉོན་མོངས་པ་དུག་ལྔས་བསྐྱེད་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བཀྲུས་པའི་མོས་པ་མཛོད། ཧཱུྃ། ནམ་མཁའི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་མཐིང་གི་བུམ་པ་བསྣམས། །བདུད་རྩི་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་ཞེ་སྡང་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག །རྩ་སྔགས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། ས་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །བདུད་རྩི་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་གཏི་མུག་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག །རྩ་སྔགས་དང་། ཨོཾ་ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། ཆུ་ཡི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་དངུལ་གྱི་བུམ་པ་བསྣམས། །བདུད་རྩི་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་ང་རྒྱལ་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག །རྩ་སྔགས་དང་། ཨོཾ་བཾ་ཧོ་ཤུདྡྷེ་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། མེ་ཡི་ལྷ་མོ་སྐུ་མདོག་དམར། །ཕྱག་ན་རཱ་གའི་བུམ་པ་བསྣམས། །བདུད་རྩི་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་འདོད་ཆགས་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག །རྩ་སྔགས་དང་། ཨོཾ་རཾ་ཧོ་ཤུདྡྷེ་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། རླུང་གི་ལྷ་མོ་སྐུ་མདོག་ལྗང་། །ཕྱག་ན་བཻ་ཌཱུར་བུམ་པ་བསྣམས། །བདུད་རྩི་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་ཕྲག་དོག་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག །རྩ་སྔགས་དང་། ཨོཾ་ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ། ཡེ་ཤེས་ལྔ་དང་ལྡན་པ་ཡི། །བདུད་རྩི་ཆུ་ཡིས་ཁྲུས་བགྱིས་པས། །ཉོན་སྒྲིབ་ཐམས་ཅད་དག་གྱུར་ཅིག །ཤེས་སྒྲིབ་ཐམས་ཅད་དག་གྱུར་ཅིག །དམ་ཚིག་ཉམས་ཆག་དག་གྱུར་ཅིག སྡིག་ལྟུང་ཐམས་ཅད་དག༴ ནད་རིགས་ཐམས་ཅད་དག༴ གདོན་རིགས་ཐམས་ཅད་དག༴ བགེགས་རིགས་ཐམས་ཅད་དག༴ འཁོན་གྲིབ་ཐམས་ཅད་དག༴ དམེ་གྲིབ་ཐམས་ཅད་དག༴ དམ་གྲིབ་ཐམས་ཅད་དག༴ ཟས་གྲིབ་ཐམས་ཅད་དག༴ ནལ་གྲིབ་ཐམས་ཅད་དག༴ མཛེ་གྲིབ་ཐམས་ཅད་དག༴ གདོན་གྲིབ་ཐམས་ཅད་དག༴ ཡུགས་གྲིབ་ཐམས་ཅད་དག༴ བཙོག་གྲིབ་ཐམས་ཅད་དག༴ མི་གཙང་ཐམས་ཅད་དག་གྱུར་ཅིག །ཕྱི་བཀྲུས་དུང་བས་དཀར་གྱུར་ཅིག །ནང་བཀྲུས་མཆོང་བས་དམར་གྱུར་ཅིག །ཕྱི་ནང་དྲི་མ་དག་གྱུར་ཅིག །ཤེལ་སྒོང་བཞིན་དུ་དྲི་མེད་ཤོག །ཡི་དམ་ལྷ་ཚོགས་མི་དགྱེས་པ། །བླ་མ་མཁའ་འགྲོ་མི་དགྱེས་པ། །སྲུང་མ་དམ་ཅན་མི་དགྱེས་པ། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་རྣམས། །དག་པར་གྱུར་ཅིག་ཞི་གྱུར་ཅིག །སྟོང་པར་གྱུར་ཅིག་མི་གནས་པར། །ཆོས་ཉིད་ཆེན་པོར་དག་གྱུར་ཅིག །ཅེས་དང་། རྩ་སྔགས་དང་། ཨོཾ་ཨེ་ཧོ་སོགས་སྔགས་ཚན་ལྔ་སྦྲེལ་ལ་བརྗོད་ཅིང་ཅི་མང་བཀྲུ། སྤྲོ་ན། ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཞེས་པའི་འཁོན་སྦྱོང་གི་སྔགས་ཀྱང་བཟླའོ། །དེ་ནས་བྱབ་པའི་སླད་དུ་ལྷ་མོ་ལྔའི་སྐུ་ལས་འོད་ཟེར་སྣ་ལྔ་རླུང་གི་ཤུགས་ཅན་འཕྲོས་པས་བཀྲུས་པས་མ་དག་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་དག་པའི་མོས་པ་མཛོད། ཁ་རྒྱན་གྱིས་བྱབ་ཅིང་། ཧཱུྃ། ནམ་མཁའི་ལྷ་མོའི་ཐུགས་ཀ་ནས། །མེ་ལོང་ཡེ་ཤེས་འོད་ཟེར་འཕྲོས། །ཉོན་མོངས་ཞེ་སྡང་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་བྱང་གྱུར་ཅིག །གསང་སྔགས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ། ས་ཡི་ལྷ་མོའི་ཐུགས་ཀ་ནས། །ཆོས་དབྱིངས་ཡེ་ཤེས་འོད་ཟེར་འཕྲོས། །ཉོན་མོངས་གཏི་མུག་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་བྱང་གྱུར་ཅིག །རྩ་སྔགས་དང་། ཨོཾ་ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ། ཆུ་ཡི་ལྷ་མོའི་ཐུགས་ཀ་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་ང་རྒྱལ་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་བྱང་གྱུར་ཅིག །རྩ་སྔགས་དང་། ཨོཾ་བཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ། མེ་ཡི་ལྷ་མོའི་ཐུགས་ཀ་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །ཉོན་མོངས་འདོད་ཆགས་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་བྱང་གྱུར་ཅིག །རྩ་སྔགས་དང་། ཨོཾ་རཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་པ་ན་ཡེ་སྭཱ་ཧཱ། ཧཱུྃ། རླུང་གི་ལྷ་མོའི་ཐུགས་ཀ་ནས། །བྱ་གྲུབ་ཡེ་ཤེས་འོད་ཟེར་འཕྲོས། །ཉོན་མོངས་ཕྲག་དོག་ལས་གྱུར་པའི། །ནད་གདོན་སྡིག་སྒྲིབ་བྱང་གྱུར་ཅིག །རྩ་སྔགས་དང་། ཨོཾ་ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་པ་ན་ཡེ་སྭཱ་ཧཱ། སླར་ཡང་སྲུང་བའི་སླད་དུ་ནམ་མཁའ་གང་བའི་ལྷ་མོ་རིགས་ལྔ་འོད་དུ་ཞུ། རྡོ་རྗེ་ཁ་དོག་སྣ་ལྔར་གྱུར། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཀྱི་ཚུལ་དུ་གཡོགས་པས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་གང་གིས་ཀྱང་མི་ཚུགས་པར་བསྲུང་བ་ཆེན་པོར་བྱས་པའི་མོས་པ་མཛོད། ཧཱུྃ། ཡེ་ཤེས་མཁའ་འགྲོ་ཆེན་མོ་ལྔའི། །རྡོ་རྗེའི་གོ་ཆ་བླ་ན་མེད། །ཅིས་ཀྱང་མི་ཆོད་མི་ཤིགས་པས། །བསྒྲུབ་བྱའི་ལུས་ངག་ཡིད་གསུམ་སྲུངས། །ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ། ཅེས་བརྗོད་ཅིང་རྡོ་རྗེ་སྤྱི་བོར་བཞག །རྒྱལ་བར་བྱ་བའི་སླད་དུ་བཀྲ་ཤིས་རྒྱས་པར་བརྗོད་དོ། །རྗེས་ཆོག་བུམ་པའི་ལྷ་འོད་དུ་ཞུ་ཚར་བས། བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད། ནོངས་བཤགས། བསྔོ་སྨོན་བཀྲ་ཤིས་བྱའོ། ༈ །འདི་དང་འབྲེལ་བར་གྲིབ་གླུད་བྱེད་ན། ནད་པའི་དྲི་མ་བསྲེས་པའི་གླུད་ནག་པོ་མཐོ་གང་ལས་མི་ཆུང་བར་གླུད་ཕྲན་དང་ཆངས་བུ་ཤ་དུམ་སོགས་ཀྱིས་བསྐོར། གོས་རྙིང་པ་བཀོན། བཀྲུ་བྱབ་ཚར་ནས། གླུད་གཏོར་སྔགས་དྲུག་ཕྱག་དྲུག་གམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས། །ནད་གདོན་གྲིབ་དང་མི་གཙང་བདག །གནས་འདིར་མྱུར་དུ་མཆིས་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿ ཞེས་པས་དགུག །ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ་གིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་གྲོལ་དང་ཞི་བར་མཛོད། །ཅེས་བརྗོད། དེ་ལྟ་བུ་ལོ་གྲངས་སམ་ཅི་རིགས་ཀྱིས་བསྔོ། དེ་ནས་གླུད་ཁ་ཕྱིར་སྒྱུར། ཧཱུྃ། དྲི་མ་གནས་སུ་བསྐྱལ། །མི་ལས་བསྡུས་ཏེ་གཤེགས། །མི་ལས་གྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །འདོད་ཡོན་དཀོར་ཆའི་ཚོགས། །ནམ་མཁའི་མཛོད་ལྟ་བུའི། །ལོངས་སྤྱོད་རྫོངས་སུ་བཏབ། །གྲིབ་སྐྱོལ་ཕྱོགས་སུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཀྱེ། གྲིབ་དང་གླུད་བདག་ཕོ་མོ་རྣམས། །གྲིབ་གླུད་རྒྱན་ལྡན་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །གནོད་ཅིང་སྡིག་པར་མ་བྱེད་ཅིག །ན་མོ། བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་བདེན་པ་དང་། །བསླུ་མེད་རྟེན་འབྲེལ་བདེན་སྟོབས་ཀྱིས། །གྲིབ་དང་གླུད་བདག་གནོད་བྱེད་རྣམས། །གླུད་དང་དཀོར་ཆ་འདི་ཁྱེར་ལ། །རང་རང་སོ་སོའི་གནས་སུ་སོང་། །གལ་ཏེ་འགྲོ་བར་མི་བྱེད་ན། །བརླག་པར་འགྱུར་བ་གདོན་མི་ཟ། །ཞེས་དང་། དྲག་སྔགས་བརྗོད། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གླུད་གནོད་པའི་ཕྱོགས་རྒྱང་རིང་པོར་བསྐྱལ། དེ་ནས་སྲུང་བ་སོགས་གོང་ལྟར་བྱའོ། །ཞེས་མངའ་བདག་ཉང་རལ་པ་ཅན་གྱི་ལུགས་ཁྲོ་མོ་སྨེ་བ་བརྩེགས་མའི་སྒྲུབ་ཐབས་དབང་སྐུར་ཁྲུས་ཆོག་དང་བཅས་པ་འདི་ཉིད་ཆོས་མེད་ཀྱི་བྱ་བཏང་༼བོ་དོང་ཨེ་ནེ་རིང་པ།༽་་་པདྨ་གར་གྱི་དབང་ཕྱུག་གིས། སྣ་ཚོགས་དབྱིག་གི་ལོ་སྨལ་པོ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ་མེ་ལོང་བཀྲ་ཤིས་རབ་བརྟན་བདེ་ཆེན་ཆོས་འཁོར་གླིང་དུ་ལེགས་པར་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

བསྐྱེད་རིམ་སྤྱིའི་རྣམ་ངེས་དང་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་མདོར་བསྡུས་པ་རབ་གསལ་ནོར་བུའི་སྒྲོན་མེ་ (Volume 40, Text 25)

༄༅། །བསྐྱེད་རིམ་སྤྱིའི་རྣམ་ངེས་དང་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་མདོར་བསྡུས་པ་རབ་གསལ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། རྣམ་དག་ཡེ་ཤེས་འཁོར་ལོས་མ་དག་པའི། །སྣང་ཞེན་གཅོད་མཛད་རྩ་གསུམ་རྒྱལ་བའི་ལྷ། །རང་རིག་ཡེ་ཤེས་སུམ་ལྡན་ངོ་བོ་རུ། །འབྲལ་མེད་བསྙེན་ནོ་འཁྲུལ་རྟོག་དབྱིངས་སུ་སོལ། །ཐོས་ཆུང་སྔགས་པ་དམུས་ལོང་མིག །འབྱེད་བྱེད་གདམས་ཟབ་གཅེས་བཏུས་དབྱིག །ནོར་བུའི་སྒྲོན་མེ་འདི་སྦར་གྱིས། །ལམ་ནོར་གཡང་ལས་ལྡོག་པར་འཚལ། །དེ་ལ་བསྐྱེད་རྫོགས་ཀྱི་རྣམ་བཤད་གོ་དོན་གྱི་རིམ་པ་ནི་མཁས་པ་རྣམས་ཀྱིས་བཤད་པའི་བསྟན་བཅོས་དག་ལས་རྟོགས་པར་བྱ་དགོས་ཤིང། འདིར་མང་དུ་མ་ཐོས་པའི་སྔགས་པ་ལས་དང་པོ་པ་བསྙེན་སྒྲུབ་འདོད་པ་ལ་ཉེ་བར་མཁོ་བ་ཅུང་ཟད་བཤད་པ་ལ་གཉིས། བསྐྱེད་རིམ་སྤྱིའི་གནད། བསྙེན་སྒྲུབ་ཀྱི་ལག་ལེན་ནོ། །དང་པོ་ལ་ལྔ། བསྐྱེད་རིམ་དགོས་པའི་རྒྱུ་མཚན། མོས་སྒོམ་དམིགས་པའི་གནད། ཡན་ལག་བཟླས་པའི་རྣལ་འབྱོར། ཐུན་མཚམས་བྱ་བའི་རིམ་པ། ངེས་རྫོགས་འབྲས་བུ་བཅས་སྨྲོས་པའོ། །དང་པོ་ནི། དཔེར་ན་ཞིང་ས་དུལ་བ་ལ་ས་བོན་སྐྱོན་མེད་པ་བཏབ་ནས་དྲོད་དང་ཆུ་ལུད་ཀྱིས་བསྐྱེད་སྲིང་ཞིང་ལོ་དགྲ་བསྲུངས་ན་ཐེ་ཚོམ་མེད་པར་འབྲས་བུ་སྨིན་པས་ལུས་སྲོག་འཚོ་བའི་བཅུད་དུ་བྱེད་པ་བཞིན། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་རྣམས་ཀྱིས་ཐོག་མ་ཁོ་ནར་སྐྱོ་ཤས་དང་ངེས་འབྱུང་དྲགས་པོས་འཁོར་བའི་སྣང་ཚུལ་ལ་བློ་ལྡོག་སྟེ། ཁ་ཙམ་མིན་པར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་བློས་སྒྲིབ་སྦྱོང་དང་ཚོགས་གསག་གི་རིམ་པས་རྒྱུད་ལེགས་པར་སྦྱོང་བ་ཞིང་ས་དུལ་བ་དང་འདྲ་བ་གཞིར་བྱས། ཐུན་མོང་ཐེག་པའི་ལྟ་སྤྱོད་ཚུལ་བཞིན་དུ་བསླབས་ཀྱང་སངས་རྒྱས་འཐོབ་པ་ལ་བསྐལ་པ་གྲངས་མེད་དུ་མར་འགོར་ཞིང་། ཚེ་གཅིག་གམ་སྐྱེ་བ་བདུན་དང་བཅུ་དྲུག་ཚུན་ཆད་ལ་སངས་རྒྱས་ངེས་པར་འཐོབ་པའི་གནད་ནི་རྡོ་རྗེ་ཐེག་པ་བླ་མེད་ཁོ་ན་ལ་ཡོད། དེའི་ལམ་གྱི་གཞིའམ་རྩ་བ་ནི་དབང་བསྐུར་བ་ཁོ་ན་ཡིན་ཞིང་ས་བོན་སྐྱོན་མེད་པ་བཞིན་མེད་ན་མི་འབྱུང་བའི་རྒྱུར་གྲུབ་པས། ཅལ་སྒྲོག་རྗེས་སུ་མི་རྒྱུག་པར་ལེགས་པར་བརྟགས་པའི་བླ་མ་མཚན་ལྡན་ལས་དབང་བཞི་ཚད་ལྡན་གྱིས་རྒྱུད་སྨིན་པར་བྱ་དགོས། དེ་ཉིད་ཐོབ་པ་ཁོ་ནས་མི་ཆོག །དབང་དོན་གྱི་ཡེ་ཤེས་གོང་འཕེལ་དུ་སྐྱོང་བས་སྐྱེད་སྲིང་ཞིང་དམ་ཚིག་སྤུ་ཙམ་ཡང་མི་ཉམས་པར་བྱེད་པ་གཙོས་ལམ་གྱི་བར་ཆད་བསྲུངས་ན། དངོས་གྲུབ་རྣམ་པ་གཉིས་ཀྱི་འབྲས་བུ་ངེས་པར་འབྱིན་པ་ནི་རྒྱུད་དང་མན་ངག་ཉམས་མྱོང་སྟེ་ཚད་མ་གསུམ་གྱིས་གྲུབ། དེའང་བླ་མེད་ཀྱི་དབང་ཐམས་ཅད་བུམ་གསང་ཤེར་ཡེ་ཚིག་དབང་བཞིར་རིགས་ངེས་ཤིང་། དེ་བཞིའི་ཡེ་ཤེས་སྐྱོང་བ་ལ་རིམ་པར་བསྐྱེད་རིམ། རང་ལུས། གཞན་ལུས། རྫོགས་རིམ་རྣམས་གཙོ་བོར་བསྒོམ་དགོས་ཤིང། རྫོགས་རིམ་གྱི་མངོན་རྟོགས་ཁྱད་པར་ཅན་སྐྱེད་པ་ལའང་ཐོག་མར་བསྐྱེད་རིམ་ལ་བརྟེན་ནས་སེམས་དུལ་བར་བྱེད་དགོས་པ་སོགས་སྔ་མ་སྔ་མའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་ཕྱི་མ་རྣམས་ལ་རིམ་གྱིས་འཇུག་ཏུ་རུང་བ་ལས། དབང་རྣོན་ཁ་ཅིག་མ་གཏོགས་ཐོག་མ་ཉིད་ནས་རྫོགས་རིམ་ལ་ཞུགས་ཀྱང་ལམ་གྱི་མངོན་རྟོགས་ཇི་བཞིན་པ་རྒྱུད་ལ་སྐྱེ་བར་མི་འགྱུར་ཏེ། གསང་སྙིང་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་ནི། །སྔགས་དང་ཕྱག་རྒྱ་རབ་བརྟེན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཅེས་སོ། །དེས་ན་དང་པོར་རྟོག་སྒོམ་ལ་ལམ་བྱེད་ལྔའི་གནད་ཡོད་པས་དངོས་གྲུབ་ངེས་པར་འཐོབ་པ་སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བཤད་དེ། བྱང་རྩེའི་རིམ་ལྔའི་ཁྲིད་ཡིག་ལས། རྟོག་སྒོམ་འདི་ཐམས་ཅད་ལ་ར་གདུང་རྐྱང་གི་ཟམ་པ་ལ་འགྲོ་བ་ལྟར་གཅིག་གི་སྟེང་ནས་གཅིག་ཁྲིག་ཁྲིག་པ་རྟོག་པ་གཞན་གྱིས་བར་མ་ཆོད་པ་གཅིག་གནད་དུ་ཆེ། ཞེས་དང་། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་ཚུལ་ལྔ་ཡོད་དེ། མོས་པ་ལམ་བྱེད་ནི། འགུགས་གཞུག་ལ་སོགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སྐྱེའི་རྒྱུད་ལ་འཇུག་པ་མིན་ཡང་དེར་མོས་པ་བྱེད་པ་ལྟ་བུ། བྱིན་རླབས་ལམ་བྱེད་ནི། དེ་ལྟར་ཡང་ཡང་བསྒོམས་པས་རྒྱུད་ལ་བྱིན་རླབས་ངང་གིས་འཇུག་པ། རྣམ་པ་ལམ་བྱེད་ནི། དེ་བཞིན་གཤེགས་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱིན་རླབས་མདོག་དབྱིབས་ཅན་མིན་ཡང་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་དང་། བདག་གི་ལས་ཉོན་སྡིག་སྒྲིབ་ཀཾ་དང་དྲི་མའི་རྣམ་པ་བསྒོམ་པ་ལྟ་བུ། ངོ་བོ་ལམ་བྱེད་ནི། རང་སེམས་ངོ་བོ་སྤྲོས་ཀུན་བྲལ་བ་ཡིན་པ་ལ་ཡིན་ཐོག་ཏུ་འཇོག་པའམ། འཁོར་བ་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་ལྟ་བུ། འབྲས་བུ་ལམ་བྱེད་ནི། ལན་གཅིག་ཐོབ་རྒྱུ་སྐུ་དང་ཡེ་ཤེས་མཛད་པ་བཅས་ད་ལྟ་ཉིད་ནས་བློས་སྒོམ་པ་སྟེ། དེའང་ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བ་ཞེས་བྱ་བ། སངས་རྒྱས་ཀྱི་ཐུགས་རྗེ་ལ་སོགས་པ་དེ་དག་ཡིག་འབྲུ་ཕྱག་མཚན་སོགས་སུ་ཞེན་པས་དེ་བསྒོམ་པ་ལ་འཇུག་ཅིང་། ཞུགས་ནས་ཡང་ཡང་བསྒོམས་པས་སྒྲུབ་པ་པོའི་རྒྱུད་ལ་བྱིན་རླབས་བསླུ་བ་མེད་པར་འཇུག་པ་ནི་ཆོས་ཉིད་དོ། །ཞེས་གསུངས། གཞན་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ནས། དུས་ཀྱི་ཐ་མ་ལ་གསང་སྔགས་ཚིག་གིས་བསྒྲིབས་ནས་དོན་མི་གོ་བས་བྱིན་རླབས་འགྲིབ། གྲུབ་པ་ཐོབ་པ་ཉུང་། གསང་སྔགས་ཀྱི་ཆོས་ནུབ་ལ་ཉེ་བའི་དུས་ཞིག་འོང་བར་གསུངས་པ་དེང་སང་ཡིན་ཏེ། ཐམས་ཅད་སྔགས་ལ་ཞུགས་པར་རློམ་ཡང་གཟུང་བ་རྣམ་པ་ལྔས་བཅིངས་པ་ཁོ་ན་མང་། དེས་ན་གོ་རྒྱུའི་དོན་དེ་གང་ཡིན་ན། གསང་སྔགས་ཞེས་པ་དེ་བསྐྱེད་རྫོགས་གཉིས་ཡིན་གྱི་གྱེར་མོ་བཤམ་བཀོད་ཛཔ྄་བཟླས་སོགས་བསྐྱེད་རིམ་གྱི་ཡན་ལག་ཙམ་ལས་དངོས་གཞི་མིན། དེང་སང་ཕལ་མོ་ཆེས་འདོན་བཟླས་ཀྱི་གྲངས་ཁོ་ན་ལ་གསང་སྔགས་ཉམས་སུ་ལེན་པར་རློམ་ནས་བསྒོམ་དོན་ཆེད་དུ་མི་གཉེར་བ་དང་། འགའ་ཞིག་གིས་ཅུང་ཟད་བསྒོམས་པར་བརླམས་ནས་ཡིད་ཡུལ་དུ་གསལ་ཙམ་པའི་བསྐྱེད་རིམ་དང་། གསལ་རིག་ཟུང་འཇུག་ཉིད་མ་བཅོས་པར་བཞག་པས་ཆོག་པའི་གོ་མྱོང་ཙམ་ལ་རྫོགས་རིམ་དུ་གདིང་བཅས་ནས་སྤྲོས་བཅས་ཀྱི་རིམ་པ་ཁྱད་དུ་གསོད་པ་དང་། ཤིན་ཏུ་མ་གོ་བ་ཁ་ཅིག་བཤམ་བཀོད་དང་དབྱངས་རོལ་ཙམ་ལ་ཡིད་ཀྱི་གཏད་སོ་འཆའ་བ་སོགས། ཡོ་ག་རྣམ་གསུམ་གྱི་བསྟན་པ་འཇིག་པའི་སྔ་ལྟས་གདོད་མའི་མགོན་པོས་ལུང་བསྟན་པ་ཇི་སྙེད་དར་སྲོལ་ཆེ་བ། སྤྱིར་རྒྱལ་བ་རྡོ་རྗེ་འཆང་ཐབས་མཁས་ཤིང་གདུལ་བྱའི་རྒྱུད་ཚོད་ཐམས་ཅད་མཁྱེན་པས་གང་འདུལ་གྱི་མཛད་པས་སྒོ་ཐམས་ཅད་ནས་ཐར་པར་དཀྲི་བའི་ཕྱིར་སོ་སོའི་དེ་ཡང་ངོ་མཚར་བ་ཡིན་མོད་ཀྱི། དེ་ཙམ་ལ་སྔགས་སུ་རློམ་ན་ར་གན་གསེར་དུ་བཟུང་བ་དང་མཚུངས་པས་གསང་སྔགས་ཉམས་སུ་ལེན་འདོད་ན་སྤྲོས་བཅས་པས་བསྐྱེད་རིམ་དང་། སྤྲོས་མེད་པས་རྫོགས་རིམ་ཁོ་ན་ལ་ནན་ཏན་བྱེད་དགོས། ཆོ་གའི་འགྲིགས་དང་སྔགས་བཟླ་བ་སོགས་སྒྲུབ་པ་ཆེན་པོའི་སྐབས་མ་གཏོགས་གཞན་དུ་དབང་པོས་གང་ལྕོགས་རེས་ཆོག་གི །དེ་ཁོ་ན་གཙོ་བོར་བྱ་མི་དགོས། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་ཀྱི་མན་ངག་སྣ་རེ་ལ་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེས་ཤིང་གྲུབ་པ་ཐོབ། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེམ་ལ་ཁད་དང་དུང་ཕྱུར་ཁ་གྲངས་མང་པོ་བཟླས་ཀྱང་ངག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་གསང་སྔགས་ཉམས་སུ་ལེན་པར་བརླམས་ཀྱང་གནད་དུ་མ་སོང་བའི་རྟགས་ཡིན་པས། རྒྱུན་ཁྱེར་ཁྱུག་ཙམ་ཡན་ཆད་ལ་སོ་སོའི་སྒོམ་དོན་དང་ར་འཕྲོད་པ་ཞིག་ཅི་ནས་གལ་ཆེའོ།། །།གཉིས་པ་མོས་སྒོམ་དམིགས་པའི་གནད་ནི། དེའང་སྦྱང་གཞི་སེམས་ཅན་ཀུན་གྱི་རྒྱུད་ལ་རང་བཞིན་གྱིས་བཞུགས་པའི་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་ཚང་གི་སངས་རྒྱས་དེ་ཉིད། སྦྱང་བྱ་གཟུང་འཛིན་འཁྲུལ་པ་གློ་བུར་བ་སྤྲིན་ལྟ་བུས་བསྒྲིབས་པ་ལ། སྦྱོང་བྱེད་གཞི་འབྲས་དང་རྣམ་པ་མཐུན་པའི་སྔགས་ཀྱི་ཐབས་མཁས་ཁྱད་པར་ཅན་བསྒོམས་པས། སྦྱངས་འབྲས་གཞི་ལ་བཞུགས་པའི་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་གོ་དོན་ཆགས་པ་ཞིག་གིས། ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གསལ་དག་བརྟན་གསུམ་གྱི་ཚད་རིམ་པར་མཐར་ཕྱིན་པའི་བར་བསྒོམ་པ་ནི་ངེས་རྫོགས་ཀྱི་བསྐྱེད་རིམ་མཚན་ཉིད་པ་སྟེ་ད་ལྟ་ནི་སྲིད་པ་ཙམ་མོ། །སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཀྱི་ཆོ་ག་ཆ་ཚང་ཉམས་སུ་ལེན་ཏེ་སོ་སོའི་སྐབས་སུ་བབ་པའི་ཏིང་ངེ་འཛིན་མོས་པ་ལམ་བྱེད་ཁྱུག་ཙམ་རེ་ལས་གསལ་སྣང་རིམ་ཅན་དུ་བསྒྲུབ་མི་ནུས་པ་ནི་མོས་སྒོམ་གྱི་བསྐྱེད་རིམ་རྗེས་མཐུན་པ་སྟེ་དེང་སང་འདི་ཉིད་མང་ངོ་། །དེའང་ལས་དང་པོ་པས་སྔོན་དུ་མོས་སྒོམ་དང་བསྙེན་པ་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། དབང་རྣོན་དང་ལས་འཕྲོ་ཅན་རེ་རེ་ཙམ་ལས་དེ་ཁོ་ནས་བསྐྱེད་རིམ་གྱི་གསལ་སྣང་མི་འགྲུབ། དེ་མ་འགྲུབ་ན་བསྐྱེད་བཟླས་ཀྱི་འབྲས་བུ་མི་འབྱིན་པས་སླར་ངེས་རྫོགས་ལ་ཅིས་ཀྱང་འབད་དགོས་སོ། །དེས་ན་དང་པོ་མོས་སྒོམ་ལྟར་ན། སྤྱིར་ཐེག་ཆེན་ཐུན་མོང་བའི་བསམ་སྦྱོར་ཚད་ལྡན་རྒྱུད་ལ་མ་སྐྱེས་ན་སྔགས་ཀྱི་སྒོར་གཏན་ནས་འཇུག་མི་རུང་ཞིང་། ཞུགས་སུ་ཟིན་ཀྱང་རུ་དྲ་སྲིན་པོ་ཡི་དྭགས་ཆེན་པོ་སོགས་ཀྱི་རྒྱུ་སྔགས་ལོག་ཏུ་འགྲོ་བས། ཐོག་མར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཟུང་འཇུག་གི་གོ་འཕང་ལ་བཀོད་འདོད་ཀྱི་བྱང་ཆུབ་སེམས་བློ་བཅོས་མ་མ་ཡིན་པས་ཟིན་པ། བར་དུ་སྒོམ་བསྒྲུབ་ཅི་བྱེད་རང་དོན་ཡིད་བྱེད་དང་གཏན་ནས་མ་འདྲེས་པ། ཐ་མར་དགེ་རྩ་ཐམས་ཅད་ནུས་ན་འཁོར་གསུམ་ཡོངས་དག་གི་བསྔོ་བ། མི་ནུས་ན་རྒྱལ་བ་སྲས་བཅས་ཀྱིས་མཛད་པའི་རྗེས་སུ་སློབ་པར་བསྔོ་བ་བཅས་རིམ་གཉིས་གང་ལའང་མེད་དུ་མི་རུང་བའི་གལ་པོ་ཆེ་ཡིན་པར་ཤེས་པར་བྱས་ནས། གང་ལ་འཇུག་པའི་གཞི་ནི། བསྐྱེད་ཚུལ་སྤྱིར་དབང་བརྟུལ་ལ་ལྟོས་ཏེ་སྦྱང་བྱ་ཕ་མའི་འདུ་འཕྲོད་རགས་པ་ལ་བརྟེན་པའི་མངལ་སྐྱེས་དང་སྒོང་སྐྱེས། སྦྱོང་བྱེད་མ་ཧཱ་ཡོ་གའི་དགོངས་པས་མངོན་བྱང་ལྔ་དང་ཆོ་ག་གསུམ་གྱིས་བསྐྱེད་པ། དབང་འབྲིང་ལ་ལྟོས་ཏེ་སྦྱང་བྱ་དྲོད་གཤེར་ལ་བརྟེན་པའི་སྐྱེ་གནས། སྦྱོང་བྱེད་ཨ་ནུ་ཡོ་གའི་དགོངས་པ་མཚན་ནམ་སྙིང་པོ་བརྗོད་པ་ཙམ་གྱིས་དབྱིངས་ཡེ་གཉིས་མེད་ཀྱི་སྐུར་ལྡང་བ། དབང་རབ་ལ་ལྟོས་ཏེ་སྦྱང་བྱ་རྫུས་སྐྱེས་སྐད་ཅིག་གིས་ལུས་སུ་གྲུབ་པའི་སྐྱེ་གནས། སྦྱོང་བྱེད་ཨ་ཏི་ཡོ་གའི་དགོངས་པ་སྐད་ཅིག་དྲན་རྫོགས་སུ་གདོད་ནས་ལྷུན་གྲུབ་ཀྱི་ལྷར་གསལ་བ་རྣམས་སུ་ཡོད་ལ། ཐམས་ཅད་ཀྱང་གཞུང་ནས་ཇི་སྐད་གསུངས་པའི་ཆོ་གའི་གོ་རིམ་དང་དམིགས་པའི་རིམ་པ་ནོར་འཁྲུལ་མེད་པར་ཤེས་ཤིང་གསལ་ཐེབས་ན། སྦྱང་བྱ་འཁོར་བའི་སྐྱེ་འཆི་དང་རྣམ་པ་མཐུན་པས་དེ་དག་སྦྱང་ཞིང་དག །སྦྱངས་འབྲས་མྱང་འདས་དང་བཞུགས་ཚུལ་མཐུན་པས་སྐུ་གསུམ་གྱི་ས་བོན་གསོས་འདེབས་ཏེ་འབྲས་བུ་གཞི་ལ་རྫོགས། ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་སྟེ་ལས་དང་པོ་པ་ལ་ཐབས་མཁས་ཁྱད་པར་ཅན་ཡིན་ནོ། །ཇི་ལྟར་སྒོམ་པའི་ཐབས་ནི། མོས་སྒོམ་གྱི་སྐབས་འདིར་ཕྲིན་ལས་ཀྱི་སྒྲོམ་དུ་གཞུག་པ་ཁོ་ན་མང་ཞིང་དེའང་གཙོ་ཆེ་བའི་དབང་དུ་བྱས་ནས་མ་ཧཱ་ཡོ་གའི་ལུགས་ཉིད་ཁྱབ་ཆེ་བས། དེ་དག་སོ་སོའི་དམིགས་པའི་གནད་དང་གོ་དོན་ཤེས་པ་ཅི་ནས་གལ་ཆེའང་འདིར་ཡི་གེས་འཇིགས་ནས་མ་སྤྲོས་ལ། སྤྱིར་ཕྲིན་ལས་ཀྱི་རིམ་པ་ཐམས་ཅད་ཀྱང་སྔོན་འགྲོ །དངོས་གཞི། རྗེས་གསུམ་གྱིས་བསྡུས། སྔོན་འགྲོའི་ཐོག་མར་ནང་པ་སངས་རྒྱས་པའི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ་སྐྱབས་འགྲོ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སངས་རྒྱས་སྒྲུབ་པ་ལ་མེད་ན་མི་འབྱུང་གི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ནི་ལས་རིམ་རྒྱས་བསྡུས་གང་ལའང་མེད་ཐབས་མེད་ཅིང་། བགེགས་བསྐྲད་སྲུང་འཁོར་བར་གཅོད་སེལ་བ་དང་། ཚོགས་གསག་བྱིན་འབེབ་མཆོད་བརླབ་སོགས་མཐུན་རྐྱེན་སྒྲུབ་བྱེད་ཀྱི་ཡན་ལག་ཡིན། དེ་དག་ཀྱང་རྟེན་འབྲེལ་འགྲོས་མཚུངས་དབང་གིས་སྦྱང་བྱ་འཁོར་བའི་དུས་ཇི་ལྟ་བར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་། ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱོང་ཞིང་སྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་། ཚོགས་གཉིས་གསོག་ཅིང་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུར་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ལའང་བསྐྱེད་རིམ་དངོས་དང་། དེ་རྫོགས་བྱེད་ཀྱི་ཡན་ལག་གཉིས་སུ་ཡོད། དང་པོ་རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་གསུམ་ལས། དང་པོ་ནི། དེའང་སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་ལ་སྦྱོང་བར་བྱེད་པའི་ལམ་གྱི་གནད་ཚང་བས། སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་བསྒྲིག་ནུས་པ་སོགས་དཀྱིལ་འཁོར་བསྒོམ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་གལ་པོ་ཆེའི་ཏིང་ངེ་འཛིན་གསུམ་ལས། དེ་ཏིང་སྟོང་པ་ཆེན་པོ་ནི། ཐོས་བསམ་ལས་བྱུང་བའི་གོ་བའི་ལྟ་བ་ཡོད་ན་དེ་ཀས་སྟོང་ཉིད་རྒྱས་འདེབས་སུ་བསྒོམ། བསྒོམས་བྱུང་ལྷག་མཐོང་ཚད་ལྡན་ཡོད་ན་དེ་ཀའི་གཤིས་ཐོག་འཇོག །གང་ཡང་མེད་ན། བདག་གཞན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཟུང་འཛིན་མཚན་མའི་མཐའ་ལས་འདས་པ་ནམ་མཁའི་དབྱིངས་ལྟ་བུའོ་སྙམ་དུ་ངེས་ཤེས་བསྐྱེད་ལ་མཚན་འཛིན་གང་ཡང་མི་དམིགས་པར་སྟོང་ཕྱལ་གྱིས་གཏང་། འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་ང་རྒྱལ་གཟུང་། འདིས་མར་འཁོར་བའི་དྲི་མ་འཆི་སྲིད་དང་རྟག་ལྟ་གཟུགས་མེད་ཀྱི་ཁམས་སྦྱང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་ཐེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མ་རྫོགས་རིམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཀུན་ཏིང་སྙིང་རྗེ་སྒྱུ་མ་ནི། གནས་ལུགས་དེ་ལྟར་མ་རྟོགས་འཁྲུལ་པར་གྱུར་པའི་སེམས་ཅན་རྣམས་ལ་སྟོང་ཉིད་དེའི་རང་རྩལ་འགག་པ་མེད་པ་ཀུན་ཁྱབ་ཐུགས་རྗེ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྟར་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ། བར་དོ་དག་པ་ལོངས་སྐུའོ་སྙམ་པའི་ང་རྒྱལ་བྱེད། འདིས་བར་སྲིད་དང་ཆད་ལྟ་གཟུགས་ཁམས་དག་པར་བྱེད། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་བས་སྨིན་བྱེད་དོ། །རྒྱུ་ཏིང་ཕྱག་རྒྱའི་རྣལ་འབྱོར་རྩ་བའི་ཐབས་སམ་རྒྱུ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རྒྱུ་ལས་རང་གི་རིག་པ་ཉིད་ཡི་གེ་ཨཿཧཱུྃ་ཧྲཱིཿསོགས་སོ་སོའི་ས་བོན་དུ་སྣང་བ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ། སྐྱེ་བ་གནས་སུ་དག་པ་སྤྲུལ་སྐུའོ་སྙམ་པའི་ང་རྒྱལ་བསྐྱེད། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་བདེ་བ་དང་རླུང་སེམས་ལས་བྱུང་བའི་ལྷ་སྐུར་ལྡང་བའི་གཞི་འདིང་བས་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། སྣོད་ཆགས་པའི་རྗེས་སུ་བཅུད་རིམ་པར་ཆགས་པའི་ཞེན་པ་སྦྱང་བ་དང་། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་རྣམ་པར་དག་པ་དེར་འཚང་རྒྱ་བ་དང་། རྫོགས་རིམ་སྐུ་རྡོ་རྗེས་རྩ་རགས་པ་དག་པར་བྱས་ནས་གསུང་ཐུགས་གཉིས་ཀྱིས་དེ་ལ་བརྟེན་པའི་རླུང་སེམས་དག་པར་བྱེད་པའི་སྨིན་བྱེད་དུ་འགྱུར་བས་གོ་རིམ་ངེས་པ་ཅན་དུ་བསྒོམ་དགོས་ལ། བསྐྱེད་ཚུལ་དངོས་ལ་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་འབྱུང་བཞི་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་གདན་དང་བཅས་པར་བསྒོམ། འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་ང་རྒྱལ་བསྐྱེད། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་པ་དྲུག་པོ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་དང་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཅིང་དུལ་བའི་གཞི་འདིང་བའོ། །དེའི་སྟེང་གཞལ་ཡས་ཁང་ལ་མདོ་དང་སྒྱུ་འཕྲུལ་སོགས་རྒྱུད་སྡེ་དང་བཀའ་བརྒྱད་སོགས་སྒྲུབ་སྡེ་རྣམས་ལས་རྣམ་གཞག་དང་སྒོས་ཆོས་ཐ་དད་པ་མང་ཡང་། སྤྱི་ཙམ་དུ། འཁོར་ཡུག །འོག་གཞི། ལོགས། ཐོག་འབུབས། སྒོ། རྟ་བབས་དྲུག །ལོགས་ལ་རྩིག་པ། འདོད་སྣམ། ཕ་གུ །དྲྭ་ཕྱེད། བྱ་འདབ། ཤར་བུ། པུ་ཤུ་བདུན། ཐོག་འབུབས་ལ་སྟེང་འོག་བར་གསུམ། རྟ་བབས་ལ་རྒྱུ་འབྲས་དབྱེ་བ་བརྒྱད་གཉིས་བཅུ་དྲུག་རྣམས་སུ་རགས་པར་མཚན་ཉིད་ཐམས་ཅད་ཚང་བས་དེ་ལྟ་བུའི་གཞལ་ཡས་ཁང་དང་། དེའི་ནང་དུ་པདྨ་ཟླ་བ་ཉི་མ་སོགས་ལྷའི་གདན་རྣམས་བསྒོམ། ཡུལ་དང་ཁང་ཁྱིམ་སོགས་རྣམ་པར་དག་པ་སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་ངོ་སྙམ་པའི་ང་རྒྱལ་གཟུང་། འདིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པད་ཟླ་ཉི་མས་མའི་མངལ་ལ་ཁུ་ཁྲག་བཅས་པ་དང་། གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་སྒྲུབ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་སྟེ། འབར་འཛག་གི་ཞུ་བདེས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་བའོ། །བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ། ལས་དང་པོ་པ་ལ་བསྔགས་པ་སྒོང་སྐྱེས་སྦྱོང་བྱེད་སྤྲོས་བཅས་རྒྱས་པ་ཆེན་པོ་ནི་བདག་གི་སྲས་སུ་གཞན་བྱ་བ་དང་གཞན་གྱི་སྲས་སུ་བདག་བྱ་བ་གཉིས་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་ལུགས་སྲོལ་གཉིས། དབང་པོ་དང་སྤྲོས་པ་འབྲིང་གི་དབང་དུ་བྱས་ནས་གལ་པོའི་དགོངས་པ་ལྟར་ཆོ་གའམ་མངོན་བྱང་བཞི། ཕ་རྒྱུད་སྤྱི་ལྟར་རྡོ་རྗེའི་ཆོ་ག་གསུམ། མ་རྒྱུད་ལྟར་མངོན་བྱང་ལྔ་བསྐྱེད། དབང་རབ་སྤྲོས་མེད་ལ་ལྟོས་ནས་ཡོ་ག་གོང་མ་གཉིས་ཀྱི་བསྐྱེད་ཚུལ་རྣམས་སོ་སོའི་སྐབས་སུ་བབས་པ་ལྟར་བསྒོམ་ཞིང་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བསྐྱེད། དེ་དག་རེ་རེ་བཞིན་སྨྲོས་ཀྱིས་མ་ལོངས་ཤིང་ཆོ་ག་གསུམ་བསྐྱེད་ལ་མཚོན་ན། རྒྱུའི་ས་བོན་གདན་སྟེང་དུ་བབ་པ་ནི་གསུང་ཡིག་འབྲུའི་ཆོ་ག །དེ་ཞུ་བ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལྷའི་སྐུར་གསལ་བ་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱི་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ། རླུང་བཅུས་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་ནས་ལྷུམས་ཞུགས་དང་། བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ས་བོན་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེ་ནས་གཙོ་འཁོར་ཡོངས་སུ་རྫོགས་པ་ཚུལ་བཞིན་དུ་བསྐྱེད་པས་བྱིས་པ་དེ་མའི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགགས་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གསུམ་པ་བྱིན་རླབས་དབང་བསྐུར་བ་ནི། དམ་ཚིག་གི་འཁོར་ལོ་གསལ་ལ་མ་འདྲེས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བར་གྱུར་པ་དེ་དག་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ལྷའམ་དེ་དག་གི་ངོ་བོ་ཡི་གེ་གསུམ་གསལ་བར་བལྟས་ཏེ། ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རྫོགས་པའི་ང་རྒྱལ་བརྟན་པོ་བྱ། དེ་ནས་མགོ་བོའི་གནས་ལྔར་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་རྒྱུན་གྱིས་དབང་བསྐུར་ཞིང་རིགས་ལྔས་རྒྱས་བཏབ་ལ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན། འདིས་བྱིས་པ་དེའི་རྩ་ཁམས་འཕེལ་བས་ཉོན་མོངས་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་། འབྲས་བུ་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་རྟེན་འབྲེལ་སྒྲིག །དེས་དགའ་བཞིའི་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བའོ། །གཉིས་པ་དེ་ཉིད་རྫོགས་བྱེད་ཡན་ལག་རྣམས་ཀྱི་ཐོག་མ་ཡེ་ཤེས་པ་གཞུག་པ་ནི། དོན་དམ་པར་རང་ལུས་ཀྱིས་མཚོན་པའི་སྣང་བའི་འཁོར་ལོར་དམ་ཚིག་སེམས་དཔའ། སེམས་ཉིད་དམ་རིག་སྟོང་གི་གཤིས་ཡེ་ཤེས་སེམས་དཔར་གདོད་ནས་འབྲལ་མེད་ཀུན་ཁྱབ་ཏུ་བཞུགས་ཀྱང་ཚུལ་བཞིན་མ་རྟོགས་པས་གནས་སྐབས་གཉིས་འཛིན་གྱི་དྲི་མ་སྦྱང་བའི་སླད་དུ། དམ་ཚིག་སེམས་དཔའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཆོས་ཀྱི་དབྱིངས་དང་རང་བཞིན་ལྷུན་གྲུབ་ཀྱི་གནས་རྣམས་ནས་ཆོས་ཀྱི་སྐུ་ལས་གཟུགས་སྐུའི་རྣམ་པར་བཞེངས་ཏེ་སྐད་ཅིག་གིས་བྱོན་ནས་ཐིམ་སྟེ་གཉིས་སུ་མེད་པར་གྱུར་པར་བསམ། འདིས་བྱིས་པ་དེ་རང་དང་རིགས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུ་འཚང་རྒྱ་བའི་ཚེ་སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་རྣམས་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་ལ་ཀུན་རྫོབ་དང་དོན་དམ་རྟོགས་པས་ཕྱག་འཚལ། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཕྱི་ཆུ་གཉིས་ཉེར་སྤྱོད་རྫས་རྟགས་རིན་ཆེན་བདུན་ལ་སོགས་པ། ནང་འདོད་ཡོན་ལྔ་དང་དུར་ཁྲོད་དྲག་པོའི་ཉེར་སྤྱོད། ནང་མཆོད་ཁྱད་པར་ཅན་སྨན་རཀ་གཏོར་གསུམ། གསང་བ་སྦྱོར་སྒྲོལ་གྱི་བརྟུལ་ཞུགས། དེ་ཁོ་ན་ཉིད་ཀྱི་ལྟ་བའི་ངང་དུ་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་བསྟོད་དེ་མཆོད་ལྷ་བསྡུ། འདི་དག་གིས་བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་ཡུལ་དོན་གྱི་སྤྱད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །སྐབས་འདིར་དམིགས་པའི་གཙོ་བོར་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབ་ཅིང་ང་རྒྱལ་བརྟན་པོ་བསྐྱེད། ལྷ་སྐུ་རང་གི་རིག་རྩལ་དུ་ཐག་ཆོད་ཅིང་ཐམས་ཅད་འཛིན་མེད་གཉུག་མར་ལ་བཟླ། གསལ་སྣང་གོམས་ནས་དམིགས་པ་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་བཟླས་པའི་རིམ་པ་སྐབས་དང་བསྟུན་པར་བྱ། དེས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། ཚོགས་ཀྱི་འཁོར་ལོ་འགྲུབ་དཀའ་ཡང་ཏིང་ངེ་འཛིན་ཟབ་མོ་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་བ་ལའང་ཕན་ཡོན་ཚད་མེད་པར་གསུངས་ཤིང་། ཚོགས་མཆོད་ལན་གཅིག་གིས་ཟླ་བ་དེའི་རིང་གི་ཉམས་ཆག་ཐམས་ཅད་བྱང་བར་བཤད་པས་བསྙེན་སྒྲུབ་གྲུབ་པའི་སྐབས་ཁོ་ནར་མ་ཟད་དུས་བཟང་སོགས་སུ་གྲུབ་ན་ལེགས་ཤིང་། དེའང་ཚོགས་རྫས་རྣམས་སྦྱང་རྟོགས་སྤར་གསུམ་གྱིས་བདུད་རྩིར་བྱིན་བརླབས་ལ་ཚོགས་ཞིང་གསར་དུ་སྤྱན་འདྲེན་པའམ། མདུན་བསྐྱེད་རང་ལ་དམིགས་ཏེ་ཚོགས་ཕུད་འདོད་ཡོན་ལྔའི་སྤྲིན་ཆེན་པོ་རུ་སྤྲོས་ཏེ་མཆོད། བར་པ་བདུད་རྩི་ལྔར་དམིགས་ལ་སྐོང་ཞིང་ཉམས་ཆག་བཤགས། ཚོགས་ཐ་མ་འདུ་བར་འོས་མིན་སོགས་བསྒྲལ་བྱའི་རྟེན་བྱས་ཏེ་ཚེ་ཁྲུས་དགོངས་པས་བསྒྲལ་ཞིང་བསྟབ། དམ་རྫས་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱད། ལྷག་མ་བདུད་རྩི་འདོད་ཡོན་གྱི་ཕུང་པོར་དམིགས་ནས་ཕོ་ཉ་རྣམས་ལ་སྦྱིན་པའོ། །དེ་ནས་ཕྲིན་ལས་ལ་ཐུགས་དམ་བསྐུལ་ཞིང་བཀའ་སྲུང་ལ་གཏོར་མ་ཕུལ་ཏེ་ཆད་མདོའི་ཐ་ཚིག་བསྒྲག །བོད་ཁམས་སྐྱོང་བའི་གཡར་དམ་ཅན་བརྟན་མ་རྣམས་བཤལ་ཆུས་བརྔན་ཏེ་ལས་སླར་མི་ལྡོག་པའི་ཕྱིར་རྡོ་རྗེའི་བྲོས་རྒྱས་གདབ། བསྙེན་སྒྲུབ་མཐར་ཕྱིན་པ་ན་དངོས་གྲུབ་བླང་། གཏང་རག་མཆོད་བསྟོད་ཕུལ་ལ་ནོངས་པ་ཐམས་ཅད་བཤགས། ཐུན་ཐམས་ཅད་ཀྱི་མཐར་ཡང་བསྐྱེད་པའི་གསལ་སྣང་རྫོགས་རིམ་འོད་གསལ་དུ་བསྡུ་བར་བྱ་སྟེ། རང་གི་སྙིང་གའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་སྣང་བ་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ཡང་ནང་གི་སྣོད་རིམ་བཞིན་སྲུང་འཁོར་དུར་ཁྲོད་སོགས་གཞལ་ཡས་ཁང་དང་། དེའང་ལྟེ་བའི་གདན་གྱི་བར་དུ་བསྡུས་པ་འཁོར་རྣམས་ལ་ཐིམ། བཅུད་ལྷའི་འཁོར་ལོ་ཀུན་ཀྱང་གཡོན་སྐོར་དུ་རིམ་གྱིས་འོད་དུ་ཞུ་ནས། འཁོར་རྣམས་བདག་ཉིད་གཙོ་བོ་ཡབ་ཡུམ་དང་། ཡུམ་ཡབ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ་ཐུག་སྲོག་ས་བོན་ལ་ཐིམ། ས་བོན་དེའང་གྱེན་རྫོགས་སུ་ཡལ་བས་བདག་དང་གཞན་དུ་མ་གྲུབ་པའི་སྟོང་པ་ཉིད་དེ། གང་དུའང་མི་དམིགས་ཤིང་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་མཐོང་བས་སྤྲོས་པ་དང་བྲལ་བའི་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་རྟག་མཐའ་བསལ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དྲན་རིག་ཡི་དམ་ལྷའི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱངས་པས་ཆད་མཐའ་བསལ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱོར། འདིས་འདུ་བྱེད་ཀྱི་ཐ་མ་ལ་འཇིག་ཅིང་ལྡང་བ་སྦྱོང་སྟེ་སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ས་བོན་ལ་བསྡུ་བའི་བར་སྣང་གསུམ། དེ་ཡང་བསྡུ་བ་འོད་གསལ་ཏེ་འཁོར་བར་སྐྱེ་བ་ལ་སླར་ཡང་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱོང་། འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་དུས་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་འདིང་བར་བྱེད་དོ། །དེ་ནས་འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་འདེབས། ཐེག་ཆེན་ཐུན་མོང་དང་ཐུན་མིན་གྱི་སྨོན་ལམ་གདབ། བཀྲ་ཤིས་པའི་ཚིགས་གཅད་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱ་བ་བཅས་ཀྱིས་ཕྲིན་ལས་རིམ་པ་སྤྱི་འགྲོ་འགྲུབ་བོ། །དེའང་ལས་དང་པོ་པས་སྔོན་འགྲོ་སྐྱབས་སེམས་ནས་གཟུང་། ཉེར་བསྡུ་བསྔོ་སྨོན་གྱི་བར་རེ་རེ་ནས་ཞིབ་ཏུ་གསལ་བཏབ་ནས་བསྒོམ། དེའང་ཆོ་གའི་ཡན་ལག་རྣམས་དུམ་བུར་བཅད་ནས་སོ་སོའི་གསལ་སྣང་འདོན། བྱིང་རྒོད་ཀྱི་དབང་དུ་མི་བཏང་བར་བསྒོམ་བྱ་དེ་ཉིད་ལ་བློ་བར་མ་ཆད་དུ་འཇུག་པ་ལ་བསླབ་དགོས། སྤྱིར་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་པ་བརྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པ་ཡིས་ཀུན་སྲོག་ཐོབ། །ཅེས་སོགས་གསུངས་པ་ལྟར་བསྐྱེད་རིམ་སྤྱིའི་ཆིངས་སུ་སྲོག་སྡོམ་གཟེར་བཞིས་གདབ་པ་གལ་ཆེ་སྟེ། དེའང་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་ཏིང་ངེ་འཛིན་དམིགས་པའི་གཟེར། གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏད་པ་སྙིང་པོ་སྔགས་ཀྱི་གཟེར། ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་རྟག་རྟག་པོ་གུད་ན་མེད་པར་ཤེས་པ་དགོངས་པ་མི་འགྱུར་བའི་གཟེར། ཕྲིན་ལས་རྣམ་བཞི་སོགས་དམིགས་པའི་ལྡེ་ཁ་གང་ལ་གང་དགོས་སུ་སྒྱུར་བ་འཕྲོ་འདུ་སྣ་ཚོགས་པའི་གཟེར་བཞིའི་མན་ངག་གནད་ཐོག་ཏུ་ཁེལ་ན་སྐུ་དངོས་སུ་མཐོང་། ངག་ལ་བདེན་པ་འགྲུབ། ཆོས་ཉིད་ལ་རང་དབང་ཐོབ་སྟེ་གསང་བ་གསུམ་གྱི་སྲོག་འཕྲོག །རིག་པའི་རྩལ་འབྱང་། ཕྲིན་ལས་རང་དབང་བསྒྱུར་བར་གསུངས་སོ། །དེ་ལ་མོས་སྒོམ་གྱི་སྐབས་འདིར་གསལ་སྣང་ཇི་བཞིན་པ་འགྲུབ་དཀའ་ཡང་། ཐོག་མ་ནས་བློ་མ་དྲེད་པ་གལ་ཆེ་བས་ཐ་མལ་གྱི་འཁྲུལ་སྣང་གཅོད་པའི་ཕྱིར་རྣམ་པ་གསལ་བ་ནི། མངོན་རྟོགས་འདོན་སྐབས་གཤར་སྒོམ་དང། བཟླས་པའི་སྐབས་སུ་བྱིང་རྒོད་ལེ་ལོར་མ་ཤོར་བར་ཞིབ་པར་གསལ་གདབ་སྟེ། དེའང་ལྷ་གཙོ་འཁོར་ཅན་རྣམས་ལ་དང་པོ་གཙོ་བོ་གཅིག་པུའི་གསལ་སྣང་དང་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད། ཅུང་ཟད་སེམས་ཟིན་པ་ན་སྤྱན་ནས་གཟུང་སྐུའི་ཆ་ཤས་རེ་རེ་ནས་གསལ་སྣང་མཐར་འདོན། རིམ་གྱིས་ཕྱག་མཚན། རྒྱན་དང་ན་བཟའ། སྐུའི་ཉམས་འགྱུར། གསུང་གི་གདངས་སྐད། ཐུགས་ཀྱི་དགོངས་པ། ཡེ་ཤེས་ཀྱི་འོད་ཟེར་དང་མེ་ཕུང་། གདན་བརྩེགས་མ་སོགས་ལ་སེམས་གཟུང་། སྐབས་རེར་རྗོད་ཚིག་གི་སྒོ་ནས་གསལ་སྣང་འདོན། རེས་འགའ་དམིགས་པ་རྩེ་གཅིག་པས་སེམས་གཟུང་། གཙོ་བོ་ལ་སེམས་ཟིན་ནས་འཁོར། གཞལ་ཡས་ཁང་། སྲུང་འཁོར་རྟེན་དང་བརྟེན་པར་བཅས་ནང་ནས་ཕྱི། ཕྱི་ནས་ནང་དུ་གསལ་འདེབས་ཤིང་སེམས་གཟུང་། དེས་སྐྱོ་ན་རྟག་པར་ལྟ་བའི་ཞེན་འཛིན་དགག་པའི་ཕྱིར་རྣམ་དག་དྲན་པ་སྟེ་ནུས་ན་སོ་སོའི་མངོན་རྟོགས་དང་བསྟོད་པ་སོགས་ནས་འབྱུང་བ་ལྟར་རེ་རེ་བཞིན་ཡིད་ལ་བྱ། ཐམས་ཅད་མི་ནུས་ན་མདོར་བསྡུས་ཙམ་མམ། ཡང་ན་དག་དྲན་རྗེས་མཐུན་ནི། སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་ཉག་གཅིག་ཡིན། ཆོས་སྐུ་ལ་ཞལ་ཕྱག་སོགས་མཚན་མ་རྡུལ་ཙམ་མེད་ཀྱང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཞལ་ཕྱག་རྒྱན་ཆའི་རྣམ་པར་ཤར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་སྒྱུར་བ་ཡིན། རང་རྒྱུད་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་བསྒོམ། ཐ་མལ་གྱི་བདག་འཛིན་དགག་པའི་ཕྱིར་ང་རྒྱལ་བརྟན་པ་སྟེ། ལྷ་གསལ་རུང་མ་གསལ་རུང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ངའོ་སྙམ་པའི་ལྷའི་ང་རྒྱལ་ལ་རྟག་ཏུ་གནས་པ་ཤིན་ཏུ་གལ་ཆེ། མི་གསལ་བཞིན་དུ་འཁྲུལ་རྟོག་ལ་འཁྲུལ་རྟོག་གིས་ལྷན་པ་འདེབས་པ་ལས་དོན་གྱི་གནད་དུ་འདི་ཟབ་པས་ནན་ཏན་དུ་བྱའོ། །རྩལ་སྦྱང་བའི་ཕྱིར་སྣང་སྲིད་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་གང་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ། ངོ་བོ་སྟོང་པ། རང་བཞིན་བདེ་བ། རྣམ་པ་གསལ་བ་ལ་ཡང་ཡང་བསླབ། ཁྱད་པར་དུ་ལྟ་དགོངས་ཀྱི་གཟེར་ནི་ཤིན་ཏུ་གཅེས་སྟེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང༔ མཆོག་དང་ཐུན་མོང་འབྲས་བུ་གང༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང༔ གནས་སྐབས་ལྡན་འབྲས་ཕྲ་འུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པས་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བརྟགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ངང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པས་སླར་སྟོང་པས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་ཡང་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བས་ཅི་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་གཞག་གི་ཆོས་སྐུ །འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ། རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་ལས། སྣང་གྲགས་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྤངས་པ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་ཀློང་། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུངས། །ཞེས་གསུངས་པ་ལྟ་བུའི་གནད་གསང་མ་རྟོགས་ན་ནམ་དུ་ཡང་བསྐྱེད་རྫོགས་ལ་མཚན་རྟོག་གི་གོལ་ས་ཆོད་པའི་དུས་མེད་པས། རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མ་གོ་བ་ཕྱིན་ཅི་མ་ལོག་པས་ངེས་ཤེས་རྙེད་པ་ཙམ་ཅི་ནས་གལ་ཆེའོ། །དེ་ལྟར་བསྐྱེད་རྫོགས་ཚད་ལྡན་ལ་སྨིན་སློབ་བྱེད་ན་ཐོག་མར་ཐུན་ཚད་ཀྱང་། གྲོལ་ཐིག་དགོངས་པ་རང་གྲོལ་ལས། ཐུན་གཅིག་ལྷ་ལ་སེམས་གཏད་བསྒོམ༔ ཐུན་གཅིག་གསང་སྔགས་བཟླས་པ་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ ཅེས་གསུངས་པ་ལྟར་བྱ་བ་གནད་དུ་ཆེའོ། །འདི་ལྟར་བསྒོམས་པས་ཐོག་མར་ཡིད་ཀྱི་ཡུལ་དུ་རྟེན་དང་བརྟེན་པའི་གསལ་སྣང་མ་འདྲེས་པར་སྐད་ཅིག་གིས་འཆར་ཞིང་ཡུན་རིང་དུ་སེམས་ཟིན། བར་དུ་རླུང་སེམས་ལྷ་སྐུ་ལ་ཟིན་པས་སྟོང་གཟུགས་ཀྱི་ལྷ་སྐུ་དབང་པོའི་མངོན་སུམ་མཐོང་། མཐར་རླུང་སེམས་ལྷ་སྐུར་སྨིན་པས་རགས་པའི་ལུས་རྟེན་རེས་འགའ་ལྷར་ཤར་བ་སྟེ། དེ་ལྟ་བུའི་གསལ་བ་གསུམ་ཚད་དུ་ཕྱིན་ནས་རིང་པོར་མི་ཐོགས་པ་རྣམ་པར་སྨིན་པའི་རིག་འཛིན་འཐོབ་པར་འགྱུར་བ་ཡིན་ནོ། །གཞན་ཡང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གསུང་ལས། བསྐྱེད་བཟླས་རྫོགས་གསུམ་ཀུན་ལ་གཅེས་པའི་དམིགས་པའི་མདོ་འགག་ནི། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སེམས་ཀྱི་རྩལ་སྣང་ཙམ་སྟེ། སེམས་ཉིད་གདོད་མ་ནས་ལྷ་སྐུར་དག་པས་རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་ཉིད་མེད། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་ཞེན་བྲལ་དུ་ལྷག་གིས་ཤེས་པའི་མོས་པ་བརྟན་པོ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ལ། དེ་ཡང་སྔར་ལྷའི་རྣམ་པ་ལ་གསལ་སྣང་ཐོབ་ཟིན་པ་ཡིན་ན་སྐབས་འདིར་ཞལ་ཕྱག་སོགས་ཀྱི་རྣམ་པ་ཆེད་དུ་མ་བསྐྱེད་ཀྱང་། གང་སྣང་རྟོག་ཚོགས་ཀྱི་ལྡོག་ཆ་སོ་སོ་ལྷ་དེ་དང་དེའི་རང་བཞིན་དུ་ཤེས་པའི་མོས་པས་ལྷའི་གསལ་སྣང་རང་ཤར་དུ་འདྲེན་ནུས་ཤིང་། གཞན་དུ་སྔར་བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་ན་མཉམ་གཞག་གི་དུས་སུ་མ་ཟད་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་གང་ཤར་གྱི་སྣང་བ་དེ་ཀ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པར་སྒོམ་པ་དག་ལམ་དུ་ཁྱེར་བས། སྣང་བ་ཐམས་ཅད་རང་སྣང་རང་ཤར། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མའི་ཡོ་ལང་། སྣང་སྟོང་ཞེན་བྲལ་གྱི་ལྷ་སྐུ་དག་པ་རབ་འབྱམས་ཀྱི་འཁོར་ལོར་འཆར་ཞིང་མོས་པ་བརྟན་པོར་བྱུང་ན་གོམས་པའོ། །དེ་བཞིན་དུ་ཟིན་པ་དང་མ་ཟིན་པའི་སྒྲ་གང་ལྟར་སྣང་ཡང་། ཐམས་ཅད་གྲགས་སྟོང་ཞེན་བྲལ། དེ་ག་རླུང་སྔགས་གཞོམ་མེད་ཡི་དམ་གྱི་གསུང། གསུང་སྔགས་ཀྱི་འཁོར་ལོ་བརྗོད་མེད་ཀྱི་རང་སྒྲ་རྣམ་པ་ཐམས་ཅད་པའི་སྒྲ་སྐད་དུ་ཤེས་པའི་མོས་པ་ལམ་དུ་ཁྱེར་ཞིང་། ཡིད་ལ་དྲན་རྟོག་ཅི་བྱུང་ཡང་དེ་ཀའི་རང་ཞལ་ལ་ཅེ་རེ་བལྟས་པས་གསལ་རིག་ངོས་གཟུང་དང་བྲལ་བའི་ཟུང་འཇུག་དེ་ཀ་ཡི་དམ་གྱི་ཐུགས་གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་དེའང་མཁྱེན་པ་གཉིས་ལྡན་དུ་ཤེས་པའི་མོས་པ་བརྟན་པོས་རང་གསལ་འཛིན་མེད་ཀྱི་ངང་དེར་ཆམ་ཆམ་བསྐྱུར་ནས་བསྲེ་ཞིང་། མདོར་ན་མཉམ་རྗེས་ཀུན་ཏུ་ཅིར་སྣང་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པས་རང་སེམས་ལས་ལོགས་སུ་མི་བཙལ་ཞིང་། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་ཆེན་རང་ཤར་ལ་བསླབ་པར་བྱ་བ་ཡིན་ནོ། །ཞེས་འབྱུང་ངོ་།། །།གསུམ་པ་བསྐྱེད་རིམ་གྱི་ཡན་ལག་བཟླས་པའི་རྣལ་འབྱོར་ལའང་། སྔགས་བཟླ་བའི་དགོས་པ་ནི། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་པས་ལྷའི་གསལ་སྣང་གི་ཏིང་ངེ་འཛིན་གྱི་མེ་ངར་མ་ལ་བཟླས་བརྗོད་རླུང་གི་རྩོལ་བས་བསྐྱོད་པ་ལས་ནུས་པའི་མེ་ལྕེ་འབྱིན་ཏེ་སེམས་ཀྱི་དྲི་མ་སྦྱོང་། ངག་ལ་ནུས་པ་འབར། རང་ལས་རྒྱུད་གཞན་དུ་སྣང་བའི་ལྷའི་ཐུགས་རྒྱུད་སྐུལ་བར་བྱེད་པའོ། །བཟླ་ཡུལ་ཕྲེང་བ་ནི། རབ་རིན་པོ་ཆེ། འབྲིང་ཤིང་འབྲས། ཐ་མ་ས་རྡོ་ལས་བྱུང་བ། ཞི་བར་དུང་ཤེལ། རྒྱས་པར་གསེར་དང་མུ་ཏིག །དབང་ལ་བྱེ་རུ་ཙནྡན་དམར་པོ་པདྨའི་སྙིང་པོ་སོགས། དྲག་པོ་ལ་ལྕགས་དང་གཡུ་ཕྲེང་སེང་ལྡེང་སོགས། གཟི་མཆོང་བ་སོས་ལས་སྣ་ཚོགས་འགྲུབ་ཅིང་། ཐོད་ཕྲེང་གིས་དྲག་པོའི་མཁའ་འགྲོ་དབང་དུ་སྡུད་པར་གསུངས། སྤྱིར་ཡི་དམ་ཞི་བའི་རིགས་ལ་བོ་དྷི་ཙི་དང་། ཁྲོ་བོ་ལ་རུ་རཀྴ་ཤིས་པ་དང་། བོ་དྷི་ཙི་ཡིས་གྲངས་མེད་འགྱུར། །ཞེས་པས་དེ་ཉིད་ལས་དང་དངོས་གྲུབ་ཐམས་ཅད་ལ་མཆོག་ཏུ་འགྱུར་རོ། །ཕྲེང་ཐག་ཀྱང་བུ་མོ་ལང་ཚོ་རྒྱས་ཤིང་སྐྱེས་པའི་སྐྱོན་གྱིས་མ་གོས་པ་གཟུགས་མཛེས་པས་བཀལ་བའི་ཕྲེང་ཐག་གསུམ་ལྔ་དགུ་བསྒྲིལ་གང་རིགས་མདོ་འཛིན་སུམ་བརྩེགས་ཅན། གཞན་གྱིས་ལོངས་མ་སྤྱད་པ་བ་བྱུང་རྣམ་ལྔས་བཀྲུས་ཤིང་དྲི་བཟང་གིས་བྱུགས་པས་དེ་ཉིད་ཐོག་མར་བྱིན་གྱིས་བརླབ་པར་བྱ་སྟེ། དེའང་སོ་སོའི་གཞུང་ལ་དམིགས་བསལ་ཡོད་ན་དེ་ལྟར་དང་། སྤྱི་ཙམ་དུ། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཕྲེང་བ་ལག་པ་གཡོན་དུ་བསྐྱིལ༔ མདོ་འཛིན་སྟེང་དུ་ཡོད་པར་བྱ༔ ཞེས་པ་ལྟར་བྱས་ལ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ༔ གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱཿས་མཚན་པར་གྱུར༔ ཨོཾ་སྭ་བྷཱ་བས་སྦྱང༔ སྟོང་ལས་པདྨ་ཉི་ཟླའི་སྟེང༔ མདོ་འཛིན་གཙོ་བོ་ཡབ་ཡུམ་ལ༔ ཕྲེང་བ་འཁོར་གྱི་རྣམ་པས་བསྐོར༔ གནས་གསུམ་འབྲུ་གསུམ་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཛ་ཧཱུྃ་བཾ་ཧོཿགཉིས་མེད་གྱུར༔ ཨརྒྷཾ་སོགས་ཀྱིས་མཆོད༔ སོ་སོའི་བསྟོད་པ་ཤྭ་ལོ་ཀ་གཅིག་ཙམ་གྱིས་བསྟོད། ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་བབས་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། རྩ་སྔགས་དང་། ཨོཾ་རུ་ཙི་པྲ་མརྟ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླ། ལྷ་རྣམས་འོད་ཞུ་ཕྲེང་བར་གྱུར༔ ཆོས་དབྱིངས་ཀུན་ཁྱབ་རྩ་གསུམ་ལྷ༔ གདོད་ནས་ཕྲེང་བའི་ངོ་བོར་ཤར༔ ཐབས་ཤེས་སོར་མོའི་སྦྱོར་བ་ཡིས༔ བགྲང་བ་ཙམ་གྱིས་མཆོག་ཐུན་དངོས༔ ཐོགས་མེད་འགྲུབ་པའི་མཐུ་ཅན་གྱུར༔ ཅེས་མོས་ལ་སླར་རྩ་སྔགས་མཐར་དབྱངས་གསལ་རྟེན་སྙིང་བཏགས་པ་གང་འགྲུབ་མེ་ཏོག་ལ་སྔགས་ཏེ་གཏོར་ཞིང་ཤིས་པ་བརྗོད་པས་ཕྲེང་བ་དེ་ལ་བཟླས་པ་གྲུབ་ཚད་འབུམ་འགྱུར་འགྲོ་བར་གསུངས། ཕྲེང་བ་དེའང་དྲོད་དང་མ་བྲལ་བར་བཅང་བ་དང་གཞན་ལ་མི་བསྟན། དམ་ཚིག་མི་གཅིག་པ་སོགས་གཞན་ལག་མི་འགྲིམ། ཁྱད་པར་ཁྱི་དང་བྱི་ལ་བུད་མེད་ཀྱིས་མ་རེག་ཅིང་སུས་ཀྱང་མ་འགོམ་པར་བྱ། ས་རྗེན་དུ་མི་བཞག །བཟླས་པ་མི་བྱ་དུས་མི་འདྲེན། མི་གཙང་བའི་ཕྲེང་བ་མི་བཅང་བ་སོགས་ཀྱི་དམ་ཚིག་བསྲུང་། བཟླས་པའི་ཐོག་མར་ཡང་། བསྒྲུབ་བྱ་གང་ཡིན་གྱི་ལྷ་རྣམས་སྔགས་སོ་སོའི་རྣམ་པ་ལས་མཐུན་གྱི་ཁ་དོག་ཅན་ཆར་བབས་པ་ལྟར་ཕྲེང་བ་ལ་ཐིམ་པར་བསམ་ལ་འབྲུ་གསུམ་ཅི་འགྲུབ། དབྱངས་གསལ་ལན་གསུམ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་སྭཱ་ཧཱ། ཞེས་སམ། སྭཱ་ཧཱའི་ཚབ་ཏུ་ཧཱུྃ་ཕཊ་སྦྱར་བའང་ཡོད་པ་དང་། ཨོཾ་ཀི་རི་ཀི་རི་རི་ནུ་ཧྲི་ནེ་སྭཱ་ཧཱ། ཞེས་པ་ལན་བདུན་རེ་བཟླས་པའི་ཧས་བཏབ་ན་བཟླས་པ་བྱེ་བ་ཕྲག་བརྒྱར་འགྱུར་བར་གསུངས། གཞན་ཡང་ཆོས་དབང་རིན་པོ་ཆེའི་གསུང་ལས། དགེ་སྦྱོར་བཟླས་པ་གང་བྱེད་ཀྱི་སྔོན་དུ། ཨོཾ་རུ་རུ་རུ་རུ་པདྨ་ཨ་མོ་གྷ་སིདྡྷི་ཧཱུྃ། ར་ས་ཧ་རི་ནི་ས་ཧྲྀ་ཏ་ཙ་པ་ལ་ནུ་རུ་ཧྲྀ་ད་སྭཱ་ཧཱ། ཞེས་པ་ལན་གཅིག་བཟླས་པས་འཕགས་པ་མྱུར་དུ་འབྱོན་ཞིང་མཁའ་འགྲོ་རྣམས་རང་དབང་མེད་པར་འདུ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་སོ། །ཕྲེང་བ་དེ་ཉིད་དུས་རྒྱུན་དུ་ལག་པ་གཡོན་པ་ཁོ་ནས་འདྲེན། དྲག་པོའི་ལས་འགའ་ཞིག་གི་སྐབས་སུ་གཡས་པའི་མཐེབ་སྲིན་སྦྱར་བས་འདྲེན་པར་བཤད་པ་ལས་ལག་གཡས་ཀྱིས་ནམ་ཡང་མི་འདྲེན། གཡོན་པའི་མཐེབ་སྲིན་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་བཞིན་ཡི་དམ་གྱི་ལྷ་བཀུག་ནས་རང་ལ་ཐིམ་པར་བསྒོམ་མོ། །བཟླས་པའི་སྐབས་སུ། སེམས་རྣམ་པར་གཡེང་བས་ཇི་ཙམ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པ་ཙམ་ལས་འདོད་པའི་དངོས་གྲུབ་མི་འགྲུབ་སྟེ། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པ་ལྟར་གཙོ་བོ་ཏིང་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་པའི་ངང་། སྔགས་སྒྲ་ཆེ་ཆུང་རིང་ཐུང་མྱུར་བུལ། སྔགས་འབྲུ་ལ་ཆད་ལྷག་དང་ཀློག་པའི་སྒྲ་གདངས་ནོར་བ་སོགས་ཀྱི་སྐྱོན་སྤང་ཞིང་། མི་ཚིག་གིས་བར་དུ་ཆོད་པ་སོགས་སེལ་མ་ཞུགས་པ་དང་། རྫུན་དང་ངག་འཁྱལ་སྨེ་ཅན་གྱི་ཟས་སོགས་ངག་གི་ནུས་པ་ཉམས་པའི་རྒྱུ་སྤང་ཞིང་ལན་ཚྭ་སོགས་སྤང་མི་ནུས་ནའང་གཉེན་པོའི་བྱིན་རླབས་མན་ངག་ལས་འབྱུང་བ་ལྟར་བྱ་དགོས་ཀྱི། འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་ལྷོངས་སུ་མ་གྱུར་བཞིན་དུ་ཐབས་ཁྱད་པར་ཅན་གྱི་རྒྱུ་འབྲས་ཁྱད་དུ་གསོད་པ་ནམ་ཡང་མི་བྱ་བར་དགོངས་འདུས་སོགས་གཞུང་ཆེན་པོ་རྣམས་དང་། འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡི་གེ་སོགས་ལ་ཞིབ་མོར་རྟོག་ཅིང་ལག་ཏུ་ལེན་པ་གལ་ཆེ། འདིར་ནི་ཡི་གེས་འཇིགས་པས་མ་སྤྲོས་སོ། །བཟླས་དམིགས་རྣམས་ཀྱི་ཐོག་མར་བཟླ་བའི་གཞི་འགོད་པ་ནི། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པའམ་འོད་ལྔའི་ཐིག་ལེའི་ཀློང་དུ་ཉི་ཟླའི་གདན་ལ། ཡེ་ཤེས་སེམས་དཔའ་རང་འདྲ་བའམ་རང་སྤྲུལ་སྐུའི་ཐུགས་ཀར་སྤྲུལ་གཞི་ལོངས་སྐུའི་རྣམ་པ། འགའ་ཞིག་ཏུ་རྒྱན་དང་ཕྱག་མཚན་སྤངས་པ། དེའི་ཐུགས་ཀར་རིགས་སོ་སོའི་ཕྱག་མཚན་རྡོ་རྗེ་ལྟ་བུ་འགྲེང་སྟབས་སུ་འཁོད་པའི་ལྟེ་བར་ཉི་ཟླ་བརྩེགས་པའམ། ཞི་བར་ཟླ་བ། ཁྲོ་བོར་ཉི་གདན་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཏིང་འཛིན་སེམས་དཔའ་ཧཱུྃ་དང་ཧྲཱིཿསོགས་སོ་སོའི་ས་བོན་གྱེན་འགྲེང་འོད་འབར་བ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་བཟླ་བྱའི་སྔགས་ཕྲེང་སྤུས་བྲིས་པ་ལྟ་བུ་མགོ་མཇུག་ཐད་ཀར་འགྲིག་པར་བཀོད། ཁ་ཅིག་གིས་ཡིག་གཟུགས་ལཉྩ་སོགས་སུ་བསྒྱུར་བར་སྨྲ་བ་ནི་གནད་དོན་མ་གོ་བའི་བབ་ཅོལ་ཏེ། ངེས་དོན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པ་ནི་དོན་ལ་བརྟོན་པ་ཁོ་ན་ཡིན་པ་མ་ཟད། སངས་རྒྱས་ཀྱི་ཐུགས་རྗེ་ནི་མོས་པ་གང་ལ་ཡོད་པ་དེ་ལ་འཇུག་པ་ལས་ཚིག་དང་ཡི་གེའི་རྗེས་སུ་འབྲང་བ་མ་ཡིན་པས་ཡུལ་སོ་སོའི་སྐད་ཀྱིས་དོན་གོ་བ་ཉིད་གཙོ་བོར་ཡིན་པའི་ཕྱིར། བོད་ཡིག་ཉིད་ངོ་བོ་གསུང་རྡོ་རྗེ་རྣམ་པ་སྔགས་འབྲུར་ཤར་བ་མོས་པས་ཆོག་གོ །བཟླས་པའི་ཏིང་འཛིན་ལ་རྣམ་གྲངས་མང་ཡང་སྤྱི་ཁྱབ་ཛཔ྄་ཀྱི་དགོངས་པ་རྣམ་པ་བཞིར་གྲགས་ཆེ་སྟེ། དང་པོ་བསྙེན་པའི་ཡན་ལག་བཀོད་པའི་བཟླས་པའམ་ཟླ་བ་སྐར་ཕྲེང་ལྟ་བུ་ནི། ས་བོན་དང་སྔགས་ཕྲེང་འོད་འཕྲོ་བ་ལ་ཡང་ཡང་སེམས་གཟུང་། ལྷ་ཐམས་ཅད་དང་ཞལ་ཐམས་ཅད་ནས་སྔགས་སྒྲ་སྒྲོག་པར་མོས་ལ་གསལ་ཐེབས་པ་ན། སྔགས་འབྲུ་རྣམས་རང་སྒྲ་དང་བཅས་གདན་ལས་ཅུང་ཟད་འཕགས་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་དལ་བུས་འཁོར། རིམ་གྱིས་ཇེ་མགྱོགས་མི་མངོན་པར་གྱི་ལི་ལི་འཁོར་བ་ལ་སེམས་གཏད་པ་དང་། འོད་ཟེར་གྱིས་ལུས་ཀྱི་ནང་གང་། མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་བསལ་བར་མོས་པའོ། །གཉིས་པ་ཉེ་བར་བསྙེན་པ་མགལ་མེ་འཁོར་བ་ལྟ་བུའམ་ཁྱོགས་ཀྱི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། རང་སྒྲ་དང་བཅས་བར་མ་ཆད་པར་བྱུང་། ཡེ་ཤེས་སེམས་དཔའི་ཞལ་དང་དམ་ཚིག་པའི་ཞལ་བརྒྱུད་ཡུམ་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ། སྐུའི་ནང་བརྒྱུད་པདྨ་ནས་བྱུང་སྟེ་རྡོ་རྗེའི་སྦུབས་ནས་བདེ་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བདེ་ཕྲིལ་ཕྲིལ་བྱུང་བ་ཐུགས་ཀའི་ས་བོན་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་པར་མོས་པ་ནི་ཡེ་ཤེས་ཀྱི་བཟླས་པ་སྟེ་ཐིག་ལེ་བརྟན། གསལ་ཉམས་སྐྱེ། ཐུར་སེལ་དབུ་མར་ཐིམ་པར་བྱེད། རྒྱུན་རིང་ན་རླུང་སྟོད་དུ་འཆུགས་པའི་གེགས་འབྱུང་བ་སྲིད་དོ། །ཡང་སྔགས་ཕྲེང་ཕྱི་རོལ་ནས་བྱུང་སྟེ་རང་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སོན་པ་དབུ་མའི་ལམ་ནས་སྟེང་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས་སྙིང་གའི་ས་བོན་ལ་ཐིམ། དེ་ལས་སྔགས་ཕྲེང་བྱུང་སྟེ་འཁོར་བ་བར་མ་ཆད་དུ་བསྒོམ་པ་ནི་དོ་ལིའམ་ཁྱོགས་ཀྱི་བཟླས་པ་སྟེ་མི་རྟོག་པའི་ཉམས་སྐྱེ། སྲོག་རླུང་དབུ་མར་ཐིམ། སྟོད་འཚང་གི་གེགས་སེལ། རྒྱུན་རིང་ན་ཐིག་ལེ་ཉམས་པ་དང་དམིགས་པ་གསལ་ཆ་ཆུང་བ་འགྱུར་ཉེན་ཡོད་པས། དེ་གཉིས་སོ་སོར་སྤེལ་ནས་བསྒོམ་ན་ལེགས་པའི་ཕྱིར། སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམ་པར་བཞེད་དོ། །དེ་གཉིས་ཀ་ལ་འཁོར་ལོའི་བཟླས་པ་ཞེས་བྱ་སྟེ་མདུན་བསྐྱེད་ལ་དམིགས་ན་བདག་མདུན་གྱི་བར་དུ་སྤྲོ་བསྡུ་བྱའོ། །གསུམ་པ་སྒྲུབ་པའི་ཡན་ལག་རྒྱལ་པོའི་ཕོ་ཉ་ལྟ་བུའམ་སྤྲོ་བསྡུའི་བཟླས་པ་ནི། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བ་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་སོ་སོ་ཐོགས་པ་རྣམས་ཀྱིས། ཉེར་སྤྱོད་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན་སོགས་ཕྱིའི་མཆོད་པ། རྡོ་རྗེའི་འདོད་ཡོན་ལྔ། སྨན་གཏོར་རཀྟ་ནང་གི་མཆོད་པ། སྙོམས་འཇུག་དགའ་བཞིའི་རོལ་མོ་སྤེལ་བ་སྦྱོར་བ་དང་། བསྟན་དགྲ་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྤེལ་ནས་སྟོབ་པ་སྒྲོལ་བ་སྟེ་གསང་བའི་མཆོད་པ། འཁོར་གསུམ་ཀ་དག་གི་ལྟ་བའི་རྩིས་ཟིན་པ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད་པར་དམིགས། གསལ་མི་ཐེབས་ན་འོད་ཟེར་ཁ་དོག་ལྔ་ལྡན་མཆོད་ཡུལ་གྱི་དབང་པོ་ལྔ་སོ་སོར་རེག་པ་ཙམ་གྱིས་དགྱེས་པ་སྐོང་བའི་ནུས་པ་ཅན་འཕྲོས་པས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་རམ། འོད་ཟེར་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་བྱོན་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཚོགས་གཉིས་ཡོངས་སུ་རྫོགས། དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པ་སྟེ། དང་པོའི་སྐབས་སུ་འདི་ལ་གནད་དུ་བསྣུན་པས་སྒྲིབ་པ་དག་ཅིང་བྱིན་རླབས་འཇུག་པའི་སྟོབས་ཆེ་བ་ཡིན་ནོ། །ཡང་འོད་ཟེར་འཕྲོས་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལས་ཉོན་གྱི་སྡིག་སྒྲིབ་དང་སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ་སྦྱངས། ཉན་རང་བྱང་སེམས་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས། ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གནས་བསྒྱུར་བར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། ཕྱི་མ་འདི་ལ་འོད་ཟེར་གྱི་ཚབ་ཏུ་ལྷ་སྐུ་ནམ་མཁའ་གང་བ་སྤྲོས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱས། སླར་འདུས་པ་སྙིང་གའི་ས་བོན་ལ་ཐིམ་པའི་སྤྲོ་བསྡུ་དབུགས་འབྱིན་འཇུག་དང་སྦྱར་བའང་ཡོད་དེ་སྔ་འགྱུར་གྱི་ལུགས་སུ་ཁྲོ་བོའི་བཟླས་པར་འཇོག་དགོས། སྤྲོ་བསྡུའི་བཟླས་པ་དེ་རྣམས་ནི་དམ་ཚིག་གི་བཟླས་པ་ཞེས་བྱའོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་པ་ལྟ་བུ་ནི། ལྷ་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་གཞལ་ཡས་ཁང་། བཅུད་ལྷའི་འཁོར་ལོ། སྒྲ་གྲགས་སྔགས་ཀྱི་རང་བཞིན། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བར་མོས་ལ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཛཔ྄་དགོངས་བཞི་པོ་འདི་རིམ་ཅན་དུ་སྦྱོར་བ་དང་། གང་ཡང་རུང་བ་རེ་ཟུང་སྦྱོར་བ་སོགས་ཡོད་པ་ལས་རང་གཞུང་དངོས་བསྟན་ལྟར་སྦྱར་བ་གལ་ཆེའོ། །བཟླ་ཚུལ་གཞན་ཡང་སྐད་གསང་མཐོན་པོར་བཟླ་བ་དང་། མཆུ་དང་ལྕེ་རྩེ་འགུལ་ཙམ་གྱིས་ཤུབ་བུར་བཟླ་བ་དང་། རླུང་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་ལ་སེམས་གཏད་པ་འགོག་བཟླས་དང་། རླུང་འཛིན་པ་ཙམ་ཡང་མི་བྱ་བར་ཡིད་ཁོ་ནས་སྔགས་ཀྱི་གཟུགས་སམ་སྒྲ་གདངས་དྲན་པ་ཡིད་བཟླས་དང་། ས་བོན་གྱི་ནཱ་ད་ལས་དབུགས་ཕྱིར་དབྱུང་བ་དང་ལྷན་ཅིག་ཧཱུྃ་གི་སྒྲས་སྐུའམ་འོད་ཟེར་སྤྲོས་ཏེ་དོན་གཉིས་བསྒྲུབས། ནང་དུ་འཇུག་པའི་ཚེ་ཨོཾ་གྱི་སྒྲས་ཚུར་བསྡུས། གནས་པའི་ཚེ་ཨཱཿའི་སྒྲས་ནཱ་ད་ལ་ཐིམ་པའམ། ཡང་ན་རང་སྔགས་ལ་སྦྱར་བ་ནི་རྡོ་རྗེའི་བཟླས་པའོ། །གཞན་ཡང་སྤྲོ་བསྡུའི་བཟླས་པ་གཞིར་བྱས་པ་ལ་ངག་བཟླས་རྣམས་དང་སྦྱར་བ་ནི་ཕྱིའི་བཟླས་པ། ཡིད་བཟླས་དང་སྦྱར་བ་ནི་ནང་གི་བཟླས་པ། དོ་ལིའམ་ཁྱོགས་བཟླས་དང་སྦྱར་བ་གསང་བའི་བཟླས་པ། ཀ་དག་གི་དབྱིངས་ལས་རིག་རྩལ་ཆུ་ཟླ་ལྟ་བུའི་སྤྲོ་བསྡུ་དང་སྦྱར་བ་དེ་ཁོ་ན་ཉིད་ཀྱི་བཟླས་པ་བཞི་དང་། དེ་རེ་རེ་ལའང་འོད་ཟེར་དཀར་པོ་བ་ཐག་འཛིངས་པ་ལྟ་བུ་སྤྲོས་ཏེ་དོན་གཉིས་སྒྲུབ་པ་བསྙེན་པ། དཀར་སེར་མགལ་མེ་ཀླད་སྐོར་ལྟ་བུ་ཉེ་བསྙེན། དམར་རྔམ་མགར་གྱི་ཚྭ་ཚྭ་ལྟ་བུ་སྒྲུབ་པ། ནག་རྩུབ་ཐོག་ཆར་འབེབ་པ་ལྟ་བུའི་སྤྲོ་བསྡུ་སྒྲུབ་པ་ཆེན་པོ་རྣམས་སུ་སྦྱར་བའང་བཤད་དོ། །བསྙེན་སྒྲུབ་མཐར་ཕྱིན་ནས་ལས་སྦྱོར་གྱི་བཟླས་པའི་ཏིང་འཛིན་ནི། བླ་སྒྲུབ་རྣམས་སུ་སྤྱི་བོར་ཞི་བ། མགྲིན་པར་རྒྱས་པ། སྙིང་ཁར་མཆོག །ལྟེ་བར་དབང་། གསང་བར་དྲག་པོའམ། མགྲིན་པར་དབང་། ལྟེ་བར་རྒྱས་པ་སྟེ་གནས་ལྔར་སྐུའམ་ས་བོན་སྔགས་འཁོར་དང་བཅས་པ་ལས་སོ་སོའི་ལས་མཐུན་གྱི་ཁ་དོག་ཅན་གྱི་སྐུའམ་འོད་ཟེར་སྤྲོ་བསྡུས་ནད་གདོན་འཇིགས་བརྒྱད་ཞི། འབྱོར་དྲུག་ཡེ་ཤེས་རྒྱས། ཁམས་གསུམ་མོས་བཞི་སྡུད། གཟུང་འཛིན་དགྲ་བགེགས་བཅོམ་པ་སོགས་ཐུན་མོང་ཕྲིན་ལས་བཞི། ཁྱད་པར་མཆོག་གི་དངོས་གྲུབ་སྒྲུབ་པར་བསམ་པ་དང་། སྤྱི་ཁྱབ་ཏུ་ཞི་བར་སྔགས་ཕྲེང་འོད་ཟེར་དཀར་པོ། རྒྱས་པར་སེར་པོ། དབང་ལ་དམར་པོ། དྲག་པོར་ནག་པོ། མཆོག་ལ་མཐིང་ཁའི་སྤྲོ་བསྡུས་ལས་སྒྲུབ་པ་དང་། འགའ་ཞིག་ཏུ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་སྒོ་བ་བཞི་ལྟ་བུ་ཕོ་ཉའི་ལྷ་རྣམས་བསྐུལ། དེ་རྣམས་ལས་འོད་ཟེར་རམ་ཡང་སྤྲུལ་ཕོ་ཉ་སྤྲོས་ཏེ་ཕྲིན་ལས་རྣམས་སྒྲུབ་པར་དམིགས་པ་སོགས་སོ་སོའི་ལུགས་ལྟར་སྐབས་ཕྱེད་པ་དགོས། ཡང་གསར་མའི་བདེ་མཆོག་གི་ལུགས་ལྟར་ཁྱོགས་བཟླས་ཀྱི་སྔགས་འགྲོ་ཚུལ་ཞི་བ་ལ་ལྷོད་ཅིང་དལ་གྱིས་འགྲོ་བ། རྒྱས་པ་ལ་རྨ་བྱའི་སྒྲོ་ཆུན་ལྟ་བུ། དབང་ལ་ལུ་གུ་བརྒྱུད། དྲག་པོར་ཐག་པ་བསྒྲིལ་བའི་ཚུལ་གྱིས་འགྲོ་བ་རྣམས་སྦྱོར་བའང་ཁ་ཅིག་གིས་བཞེད་དོ། །བཟླས་པའི་ཚད་ལ་གསུམ། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་རྟགས་ཐོན་པ། དུས་བསྙེན་ཟླ་དྲུག་སོགས་རང་རང་གཞུང་ནས་བཤད་ཚོད། གྲངས་བསྙེན་ནི། དཀྱིལ་འཁོར་གྱི་གཙོ་བོའི་སྔགས་འབྲུ་རེ་ལ་འབུམ་ཕྲག་རེ། འཁོར་གྱི་ལྷ་རྣམས་གཙོ་བོའི་བཅུ་ཆ་རེ། ཀུན་ལ་འབུམ་གྱི་རྗེས་སུ་ཁྲི་རེ། ཁྲིའི་རྗེས་སུ་སྟོང་སྟེ་རང་རང་གི་བཅུ་ཆ་ཁ་སྐོང་དུ་བཟླ། ཡང་ཡི་གེ་བཅོ་ལྔ་མན་ཆད་ལ་འབྲུ་འབུམ། སུམ་ཅུ་ཡན་ཆད་ལ་ཁྲིའི་ཚད་ཡིན་པར་ཡང་བཤད། ཐམས་ཅད་ཀྱང་རྫོགས་ལྡན་ལ་གྲངས་དངོས་བསྟན། སུམ་ལྡན་གྱི་དུས་སུ་ཉིས་འགྱུར། གཉིས་ལྡན་གྱི་དུས་སུམ་འགྱུར། རྩོད་ལྡན་གྱི་སྐབས་འདིར་བཞི་འགྱུར་བཟླ་དགོས་པ་གསུངས་སོ། །དེ་ལྟར་སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་བསྟོད་བྱེད་པ་ལ་སྟོང་ཚིགས་འབུལ་བ་ཞེས་གྲགས་ཤིང་མི་འགྲུབ་ན་བཟླས་པ་གྲུབ་པའི་མཇུག་ཏུ་མཆོད་བསྟོད་བྱ། དབྱངས་གསལ་ལ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་སྦྲེལ་བ་ཞབས་བཏགས་མར་གྲགས་པ་དང་ཡིག་བརྒྱ་ལན་གསུམ་བརྗོད་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་བསྐང་། ཡེ་དྷར་གྱིས་བརྟན་པར་བྱེད་དོ། །གཞན་ཡང་སློབ་དཔོན་ཆེན་པོའི་ཞལ་ནས། སྔགས་བཟླ་བའི་ཚེ་མཚོན་རྩེ་ཁར་མི་བཅུག །མཆིལ་མ་ཕྱིར་མི་འདོན་ལྷའི་དྲན་པ་གཟུང་། སྟོང་པའི་རྒྱས་གདབ། ལྷ་ཡིན་ནོ་བསམ་པ་ནི་དོན་སྤྱི་ཡིན། སེམས་ཉིད་ལྷའི་ངོ་བོར་ཧྲིལ་སོང་ནས་ལྷ་དང་རིག་པ་དབྱེར་མེད་པ་ནི་དོན་རང་མཚན་ནོ། །ཞེས་སོགས་ཀྱང་གསུངས་སོ། །ཡང་བྱིང་བའི་དུས་སུ་ཛཔ྄་དབྱངས་བྱ་ཞིང་དལ་བུས་འཆག །རྒོད་པའི་དུས་སུ་བྲིས་སྐུ་སོགས་ལ་ལྟ་ཞིང་སེམས་འཛིན། སྒོ་ལྔའི་ཤེས་པ་ཡུལ་སྣང་ལ་ཆམ་མེར་གློད་ནས་ངལ་གསོ་བ་སོགས་ཁམས་དང་བསྟུན་པ་གནད་ཡིན་ནོ།། །།ཐུན་མཚམས་སུའང་དགོས་མེད་ཀྱི་གཏམ་མི་སྨྲ་ཞིང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཡང་ཡང་བཟླས་པས་ངག་ནུས་བསྐྱེད་པ་དང་། བྱིན་རླབས་རྒྱུན་ཆགས་སུ་འབྱུང་བའི་དགོས་པ་ཡོད་ཅིང་བསྙེན་པའི་གྲངས་ལ་ནི་མི་བརྩི། སྔགས་བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་ངེས་ཅན་གྱི་སྒྲིག་མ་མི་བྱེད་པར་འགྲོ་གང་ཆེ་བྱའོ། །འདི་དག་གིས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བ་ཡིན་ནོ།། །།བཞི་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྤྱིར་དབང་བཞི་སོ་སོའི་ཉམས་ལེན་གྱིས་སྐབས་དང་བསྟུན་པའི་ལམ་ཁྱེར་གྱི་རིམ་པའང་དེ་ལྟར་བྱ་དགོས་མོད། འདིར་བུམ་དབང་བསྐྱེད་པའི་རིམ་པ་དང་གཙོ་བོར་འབྲེལ་བའི་དབང་དུ་བྱས་ཏེ་འཆད་པ་ལ་བདུན། དང་པོ་ཉལ་བའི་རྣལ་འབྱོར་ལའང་། སྒྲུབ་པ་པོ་གང་ལ་བརྩོན་པའི་རྣལ་འབྱོར་གྱི་རིམ་པས་གཉིས་ཏེ་སྟོང་པ་དང་བདེ་བའོ། །དང་པོ་ནི། སྙིང་གའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་རང་ལུས་ཐུགས་སྲོག་ལ་རིམ་པར་བསྡུས་ཏེ་དེ་ཉིད་སྟོང་པའི་དབྱིངས་སུ་ཞུགས་པ་ལ་བློ་བཞག་ནས་སེང་གེའི་སྟབས་ཀྱིས་ཉལ་ལོ། །གཉིས་པ་བདེ་བ་ནི། གདན་གཞལ་ཡས་ཁང་སོགས་མི་བསྡུ་བར་འཁོར་རྣམས་གཙོ་བོའི་ཐུགས་སྲོག་ལ་བསྡུ། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས། བདེ་བ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ལ་སེམས་གཟུང་ངོ་། །གཉིས་པ་ལྡང་བའི་རྣལ་འབྱོར་ལའང་གཉིས་ཏེ། སྟོང་པའི་ངང་ལས་ལྡང་བ་ནི། གཉིད་སད་མ་ཐག་རྩ་སྔགས་སམ་ས་བོན་བརྗོད་པས་འོད་གསལ་གྱི་ངང་ལས་སྐད་ཅིག་གིས་ཡི་དམ་ལྷའི་སྐུར་ལྡང་། ཐུགས་སྲོག་ལས་འོད་འཕྲོས། སླར་ཡང་སྔགས་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་ཞིང་། རང་དང་གཟུགས་ཀྱི་སྐུ་སྣོད་བཅུད་ཐམས་ཅད་ཕྲིན་ལས་འཇུག་པའི་ཡུལ་དུ་བསམས་ནས་ལྡང་བའོ། །བདེ་བའི་ངང་ནས་ལྡང་བ་ནི། རང་བཞིན་གྱི་ངང་ནས་སྐྱོད་བྱེད་ཀྱི་མཁའ་འགྲོ་ལྔ་བྱོན་ནས་བརྡས་བསྐུལ་ཞིང་། འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པའི་ཚུལ་གྱིས་རྣལ་འབྱོར་པ་ལངས་ལ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་སྣོད་གཞལ་ཡས་ཁང་དང་། བཅུད་ཀྱི་ལྷ་ཐམས་ཅད་སྔར་ལྟར་རྫོགས་པར་བལྟ། གཞན་ཡང་ལངས་མ་ཐག་པར་རླུང་རོ་ལན་གསུམ་མམ་དགུ་དབྱུང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཉམས་ཆག་འགལ་འཁྲུལ་ལ་སོགས་པའི་ཉེས་ཚོགས་ཐམས་ཅད། ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས། ཉོན་མོངས་པའི་རླུང་དང་བསྡོངས་ཏེ་སྣ་སྒོར་སང་སང་ཐོན། མདུན་དུ་ཡེ་ཤེས་ཀྱི་མེས་སྦྱངས་པར་མོས་ལ། ཨོཾ་ཨཱཿཧཱུྃ་ན་མོ་གུ་རུ་ཡ༔ བུདྡྷཱ་ཡ༔ དྷརྨཱ་ཡ༔ སཾ་གྷཱ་ཡ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཀརྨ་པཱ་པཾ་ད་ཧ་ན་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་གསུམ་ཡན་གང་འགྲུབ་བརྗོད། ངག་བྱིན་རླབས་ཤིན་ཏུ་གལ་ཆེ་བས་བླ་མ་དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྟ་བུ་འགྲུབ་ན་མཆོག་ཏུ་འགྱུར། ཡང་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་མན་ངག་ཆེས་ཟབ་པ་ནི། བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་ལས། །མེ་འབར་བསྲེགས་ནས་འོད་ཀྱི་རྣམ་པའི་ངང་། །མི་ཤིགས་མི་ཚུགས་སྲ་བརྟན་ཕ་ལམ་གྱི། །རྒྱ་གྲམ་དམར་པོ་དྭངས་གསལ་ལྟེ་བའི་སྦུགས། །དབྱངས་གསལ་མདོག་དཀར་མུ་ཏིག་ཕྲེང་ལྟར་བསྐོར། །རྒྱ་གྲམ་ཐ་མར་ཡེ་དྷར་དཀར་པོས་བསྐོར། །སྔགས་ཕྲེང་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །འོད་དམར་ཚུར་བཀུག་རྡོ་རྗེ་སྔགས་ཕྲེང་ལ། །ཐིམ་པས་དབྱེར་མེད་གཅིག་གྱུར་ངག་སྒྲིབ་སོགས། །དག་ནས་གསུང་གི་དངོས་གྲུབ་ཐོབ་པར་བསམ། །ཞེས་དམིགས་པ་དང་བཅས། ཨོཾ་ཨཱཿཧཱུྃ་མགོར་བཏགས་པའི་དབྱངས་གསལ་གསུམ་མམ་བདུན། རྟེན་འབྲེལ་སྙིང་པོ་བརྒྱའམ་ཉེར་གཅིག་བཟླས་པས་ངག་མནན་སོགས་ངག་སྐྱོན་ཐམས་ཅད་སྐད་ཅིག་གིས་སངས་ཤིང་ནུས་པ་མྱུར་དུ་སྐྱེད་པ་སོགས་ཕན་ཡོན་ཆེན་པོར་གསུངས་སོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། ཆབ་ལྡན་གྱི་ཁྲུས་བུམ་དུ། རྣམ་འཇོམས་རྨེ་བརྩེགས་བདུད་རྩི་འཁྱིལ་པ་སོགས་བསྐྱེད་བཟླས་སྤྱི་དང་། ཁྱད་པར་ཡི་དམ་གང་ཡིན་དཀར་པོ་དག་བྱེད་བདུད་རྩིའི་ཁྲུས་བུམ་བསྣམས་པའི་སྐུ་དང་བུམ་པ་ནས་བདུད་རྩིའི་རྒྱུན་བབས་ཁྲུས་ཆབ་དང་འདྲེས། མཐར་ལྷ་ཡང་འོད་དུ་ཞུ་ཆུ་དང་དབྱེར་མེད་དུ་གྱུར་པར་མོས་ལ་ཡི་དམ་སྔགས་གཤམ་དུ། ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། བཏགས་པ་ཅི་འགྲུབ་བཟླ། རང་གི་སྙིང་གའི་ཧྲཱིཿལས་འོད་འཕྲོས་པས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པས་ཕྱི་ནང་གི་དྲི་མ་ཐམས་ཅད་དག་ནས། ཡེ་ཤེས་ཀྱི་བདུད་རྩིས་ལུས་མེར་གྱིས་གང་བར་བསམ་ལ་བཏུང་བ་དང་ཁྲུས་བྱ། གཞན་ཡང་ལག་པ་གཡོན་པར་མེ་ཏོག་གི་ཕྲེང་བ་ཐོགས་པ་སྤྱི་བོར་བཞག་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་ལན་བདུན་བཟླས་པས། མི་མཐུན་པའི་ཕྱོགས་ངན་ཐམས་ཅད་ལས་བསྲུང་བར་འགྱུར་བའང་དགོངས་འདུས་ལས་བཤད་དེ་ཞར་བྱུང་ངོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། རྒྱས་པར་དགོངས་འདུས་འཚོ་བ་ཟས་ཀྱི་རྣལ་འབྱོར་དང་གྲོལ་ཏིག་ཨ་ནུའི་རྣལ་འབྱོར་སོགས་ལྟར་བྱ། བསྡུ་ན་བདག་ཉིད་ལྷའི་ང་རྒྱལ་དུ་གསལ་བས་ལག་པ་གཡས་དགང་གཟར། གཡོན་བླུག་གཟར། ཁ་ཐབ་ཁུང་དུ་ལྷུན་གྱིས་གྲུབ་པ་ལ། ལྟེ་བར་གཏུམ་མོའི་མེ་སྦར་བས་ལུས་ཐམས་ཅད་གང་། མེའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཆོས་སྐྱོང་སྲུང་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་གསལ་གདབ་ལ། མཆོད་པ་འབུལ་བའི་བསམ་པས་བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཆགས་ཞེན་སྲེད་པ་དང་བྲལ་བས་ལོངས་སྤྱོད། ལྷག་མ་རྣམས་ཀྱང་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ། ཞེས་སེ་གོལ་གྱི་སྒྲ་དང་བཅས་པས་སྦྱིན་པར་བྱ། གུང་ཚིགས་ཚུལ་བཞིན་བྱེད་པ་པོས་ནི་ཕུད་འབུལ་བ་སོགས་མདོ་སྔགས་གང་རུང་གི་ལུགས་དང་བསྟུན་པར་བྱའོ། །ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཞལ་ཡས་ཁང་། བཅུད་ཐམས་ཅད་ལྷ་དང་ལྷ་མོ། གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་ལས་མི་འདའ་ཞིང་། སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་ཞེན་ཆགས་མེད་པར་ཆོས་ཉིད་ལ་ཆོས་ཉིད་སྤྱོད་པའམ། ཡང་ན་ཅི་བྱས་ཐམས་ཅད་བླ་མའི་རིམ་གྲོ་དང་སེམས་ཅན་གྱི་དོན་ལ་འཇུག་པའི་མོས་པ་བྱ། དོན་མདོར་བསྡུ་ན། བླ་མར་སངས་རྒྱས་དངོས་སུ་བལྟ་བ། གདམས་ངག་བདུད་རྩིར་བལྟ་བ། དམ་ཚིག་སྲོག་ཏུ་བལྟ་བ་གསུམ་དང་མ་བྲལ་བ་ཞིག་དགོས་སོ། །དྲུག་པ་དུས་གནད་ཀྱི་རྣལ་འབྱོར་ནི། ཐོ་རངས་སྔ་དྲོ་ཤེས་པ་གྲུང་ཐོན་པའི་དུས། སྲོད་ཉལ་ཁ་འཆི་བ་དང་ཆོས་མཐུན་པའི་དུས། ཉོན་མོངས་དང་རྣམ་རྟོག་དྲག་པོར་སྐྱེ་བ་བར་ཆད་ཀྱི་ས་བོན་ལྡང་བའི་དུས། མི་རྟོག་པའི་ཏིང་ངེ་འཛིན་རང་བཞིན་གྱིས་སྐྱེ་བ་ཡེ་ཤེས་སད་པའི་དུས། འཆི་ཁ་མ་དང་། བར་དོར་རྣམ་རྟོག་སྐད་ཅིག་མས་ཡར་མར་གྱི་ཤན་འབྱེད་པའི་དུས་བཅས་དྲུག་པོ་ལ་སྐྱོན་ཡོན་གཉིས་ཀའི་སྟོབས་ཤིན་ཏུ་ཆེ་བས་རྣམ་རྟོག་དང་ལེ་ལོའི་གཞན་དབང་དུ་མི་གཏང་བར་ལམ་ལ་གནད་དུ་བསྣུན་དགོས་པས། བསྐྱེད་རིམ་པས་གཙོ་ཆེར་ལམ་བསྒྱུར་བའི་གནད་ཀྱིས་བཟུང་སྟེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བལྟས་ལ་ཡེངས་མེད་ཀྱི་དྲན་པ་བསྟེན་དགོས་སོ། །བདུན་པ་རྗེས་ཆགས་ཀྱི་རྣལ་འབྱོར་ལ་གཉིས་ཏེ། ཁྱད་པར་བ་ནི་ཟབ་ལམ་པའི་སྤྱོད་ཡུལ་ལོ། །འདིར་ཐུན་མོང་ཡིད་རིག་ལ་བསྟེན་ན་བསྟོད་པའི་མཐའ་སོགས་སུ། བདག་ཉིད་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་བྱིན་རླབས་དང་། ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། བདེ་བ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་གསུམ་དང་ལྡན་པའི་ངང་ནས་ཆགས་པའི་བློ་དང་བྲལ་བས་སྙོམས་པར་འཇུག་པར་མོས་ཤིང་། དེ་ལས་བྱུང་བའི་བདེ་བས་ལུས་ཐམས་ཅད་ཁྱབ་ཅིང་རྩ་ཁམས་དང་ལུས་དཀྱིལ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་ཤིང་ཚིམས། ངོ་བོ་སྟོང་པར་བསམས་པས་བདེ་སྟོང་ཟུང་འཇུག་གི་ཏིང་འཛིན་བསྐྱེད་པར་བྱའོ། །དེ་ལྟར་གཙོ་བོ་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་ཞིང་གྲངས་དུས་མཚན་མའི་བསྙེན་པ་ཚུལ་བཞིན་བྱས་པས་བགེགས་དང་བར་ཆད་ཞི་བ་དང་། ལྷ་མཉེས་པས་རྒྱུད་བྱིན་གྱིས་རློབ་པ་དང་། ཚོགས་གཉིས་དང་ཁྱད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་དང་། གཞི་ལམ་འབྲས་གསུམ་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྒྱུད་སྨིན་པ་དང་། ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང་། གནས་སྐབས་སུའང་ལས་དང་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་མཐའ་ཡས་པ་ལ་དབང་བ་དང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་ལས་ལ་དབང་བ་སོགས་དགོས་པ་ཆེན་པོ་ཡོད་པས་གསང་སྔགས་ཀྱི་སྒོར་ཞུགས་ཕྱིན་འདི་ཙམ་ཡང་ཉམས་སུ་ལོན་པར་བྱའོ།། །།ལྔ་པ་ངེས་རྫོགས་འབྲས་བུ་དང་བཅས་པ་ནི། ད་ལྟ་ལག་ཏུ་ལེན་པ་དཀོན་ཀྱང་སྐལ་ཅན་མཐའ་མ་བཀག་པ་དང་མི་ཤེས་སུ་མི་རུང་བས། ཉང་གཏེར་བླ་མ་དམར་ཁྲིད་ཀྱི་མཚོ་རྒྱལ་ཞུས་ལན་དང་། ཆོས་དབང་བཀའ་བརྒྱད་མ་ཧཱའི་སྒོམ་ཁོག །བླ་མ་དགོངས་འདུས་ཞལ་གདམས་དམར་ཁྲིད་ལས་འབྱུང་བ་རྣམས་ཚིག་དོན་མཚུངས་ཤིང་། དེའང་དབང་བརྟུལ་ལས་དང་པོ་པའི་དབང་དུ་བྱས་ཏེ་འཆད་པ་ལ་བདུན། ལྷ་ལ་སེམས་གཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དང་དབྲལ་བ། ལྷ་ལམ་དུ་བསླང་བ། ལྷ་དང་བསྲེ་བ། ལྷ་དོན་ལ་སྦྱར་བ། ལྷ་ལམ་དུ་ཁྱེར་བའོ། །དང་པོ་ལྷ་ལ་སེམས་གཟུང་བ་ལ་གསུམ། གསལ་བར་བྱ་བ་དང་། བརྟན་པར་བྱ་བ་དང་། ཡུན་བསྲིང་བར་བྱ་བའོ། །དང་པོ་ནི། བླ་མའི་མན་ངག་ཐོབ་ནས་བླ་མས་སློབ་མ་ལ་བྱིན་རླབས་དང་བགེགས་སྲུང་བ་བྱས་ལ། སློབ་མ་ཁམས་སྙོམས་པའི་དུས་སུ་ཁམས་གསོ་བའི་ཟས་བཅུད་ཅན་བརྟེན། སྟོན་དང་དགུན་ལྟ་བུ་ཁམས་དྭངས་བའི་དུས་སུ་ཉམས་མྱོང་ཅན་གྱི་བླ་མའི་སྤྱན་སྔར་བསྒོམ། དེ་ཡང་རབ་ཏུ་དབང་པོ་རྣོ་ན་དམིགས་རྟེན་གཞན་མེད་པར་ཐོག་མར་ལྷའི་དབུ་ནས་སྐུའི་ཆ་ཤས་སོ་སོར་རིམ་པས་གཅིག་ལ་སེམས་གཟུང་སྟེ། གསལ་ཐེབས་པ་དང་གཅིག་ཤོས་བསྒོམ་པའམ། བློ་ཆེན་ཐོག་མ་ནས་ཡོངས་རྫོགས་ལ་གཟུང་ཡང་ཆོག་སྟེ། ཐུན་ཆུང་ལ་གྲངས་མང་བ་ཁམས་མ་སུན་པར་བསྒྲིམས་ཏེ་བསྒོམས་པས་དབང་པོ་རབ་ཀྱིས་ཞག་གསུམ། འབྲིང་གིས་བདུན་ནམ་བཅུ་གཅིག །ཐ་མས་ཟླ་བ་གཅིག་གིས་བརྟན་པ་ཐོབ་པར་གསུངས་ཀྱང་དེང་སང་དེ་ལྟ་བུའི་རིགས་ཅན་དཀོན་ཞིང་དབང་བརྟུལ་ཤས་ཆེ་བས། བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས་ཏེ་མདུན་དུ་ཡི་དམ་ལྷའི་བྲིས་སྐུ་ལེགས་པ་ཞིག་བཀྲམ་ལ་མཆོད་པ་བཤམས་ནས། ཐོག་མར་ཅིའང་མི་བསམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་བཞག །དེ་ནས་སྐུ་ཐང་དེའི་དབུ་ནས་མར་ཞབས་ཀྱི་བར་དུ་བལྟ། ཞབས་ནས་དབུའི་བར་མས་རིམ་གྱིས་བལྟ། ཡང་སྐུ་རིལ་པོ་སྤྱི་ཁྱབ་ཏུ་བལྟ། སྐབས་སུ་མི་རྟོག་པར་བཞག་སྟེ་ངལ་གསོ། དེ་ལྟར་ཡང་ཡང་བྱ་བས་ཉིན་གཅིག་འཁྱོངས་པར་བྱས་ལ། དེའི་ནུབ་མོ་གཉིད་ཚིམས་པར་ལོག །ནམ་ལངས་ནས་སྔར་བཞིན་བསྒོམ། ནུབ་མོ་ལྷ་མི་བསྒོམ་པར་མི་རྟོག་པའི་ངང་ལ་བཞག །དེ་ལྟར་བྱས་པས་མ་བསྒོམ་པའི་དུས་སུ་ཡིད་ལ་ལྷའི་སྐུ་བཀྲ་ལམ་གྱི་འབྱུང་སྟེ། དེ་བྱུང་ན་དམིགས་རྟེན་དེ་མེད་པར་ཡིད་ཡུལ་དུ་བསྒོམ། གལ་ཏེ་མ་བྱུང་ན་སྐུ་ལ་བསྒྲིམས་ཏེ་བལྟས་རྗེས་མིག་བཙུམས་ལ་ལྷའི་སྐུ་སྔར་ལྟར་ཨི་གསལ་བལྟ། དེ་ཡང་མོག་མོག་པོར་མི་གསལ་ན། ཡང་མིག་ཕྱེ་སྟེ་སྐུ་ལ་བལྟས་ལ་གསལ་བཏབ་སྟེ། རྣམ་པ་ཝལ་ལེ་གསལ་བ་ལས་རྣམ་རྟོག་གི་འགྱུ་བ་གཞན་བཅད་ལ་མ་ཡེངས་པར་བསྒོམ། དེ་ཡང་བློ་ཤིན་ཏུ་ཆུང་ན་ཐོག་མར་བྲིས་སྐུའམ་འབུར་སྐུ་ལྡེར་བཟོ་ལྟ་བུ་གདོས་བཅས་ཀྱི་སྐུའི་རྣམ་པ་འདྲ་བ་ལས་མ་ཤར་ཡང་དེ་ག་ལ་བསྒོམ། དེ་གོམས་ནས་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུ་དང་། དེ་ཡང་སྣང་ཙམ་ལས་ངོ་བོ་ལ་བལྟ་དུས་ངོས་གཟུང་མེད་པ་སྒྱུ་མ་ལྟ་བུར་སྦྱང་། བློ་ཆེ་ན་དང་པོ་ནས་གཟུགས་བརྙན་ལྟ་བུ་སྣང་སྟོང་གཉིས་མེད་དུ་བསྒོམ་པར་བྱ་སྟེ་ས་བཅད་དང་པོ་ལྷ་གསལ་བར་བྱ་བའོ། །གཉིས་པ་བརྟན་པར་བྱ་བ་ནི། སྒོམ་ཉམས་ལྔ་དང་སྦྱར་དགོས་ཏེ། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་ཏེ་ལྔའོ། །དེ་ལ་དང་པོ་གཡོ་བའི་ཉམས་ནི། དེ་ལྟར་བསྒོམ་པའི་ཚེ་སེམས་མི་གནས་པར་རྣམ་རྟོག་མང་དུ་འགྱུ་འཕྲོ་བྱེད་པ་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་རྟོག་པ་འཕྲོ་མི་ཆོད་པར་གཅིག་ཤུལ་གཅིག་ནོན་དུ་སྐྱེ་བ་འབྱུང་སྟེ། སྔར་རྣམ་རྟོག་ངོས་མི་ཟིན་ཐ་མལ་པར་ཤོར་བ་དགྲ་ངོ་མི་ཤེས་པ་ལྟ་བུ་ལ། འདིར་དགྲ་ངོས་ཟིན་པ་ལྟ་བུ་སེམས་ཅུང་ཟད་གནས་ཤིང་ཟིན་པར་ཉེ་བ་རི་གཟར་གྱི་འབབ་ཆུ་ལྟ་བུ་སྟེ་གཡོ་བའི་ཉམས་ཞེས་བྱའོ། །དེ་ནས་སྒྲིམ་གློད་སྤེལ་མ་རྒྱུན་མཐུད་དེ་འབད་ནས་བསྒོམས་པས་རྣམ་རྟོག་ཇེ་ཉུང་དུ་སོང་བའི་རྟགས་སུ་ལྷའི་སྐུའི་དབྱིབས་དང་སྐུ་མདོག་གཉིས་དུས་གཅིག་ཏུ་སེམས་ལ་ཝལ་ཝལ་འཆར་ན། གསལ་ཞིང་བརྟན་པ་ཐོབ་པ་རྫིང་གི་ཆུ་འཁྱིལ་བ་ལྟ་བུ་སྟེ་ཐོབ་པའི་ཉམས་ཞེས་བྱའོ། །དེ་ནས་ཀྱང་བསྒོམས་པས་ལྷའི་སྐུ་ཡིད་ལ་འཆར་བ་དེ་གྱང་ལོགས་སམ། རི་རྩེ་དང་རི་ལྡེབས་ལྟ་བུ་ཐག་རིང་ཐུང་ཉེ་འགྱང་གང་དུ་གསལ་བཏབ་ཀྱང་ཁྱད་མེད་དུ་གསལ་ཐེབས་པ་དང་། ཡུན་ཡང་ཐུན་གྱི་སུམ་ཆའམ་ཐུན་ཕྱེད་ཙམ་དུ་རྣམ་རྟོག་རགས་པ་མི་འགྱུ་བར་གནས་ཐུབ་ན་ཆུ་ཀླུང་སྟེ་རྒྱུག་ཆུ་དལ་གྱིས་འབབ་པ་ལྟ་བུ་སྟེ་གོམས་པའི་ཉམས་ཞེས་བྱའོ། །དེ་ནས་ཀྱང་བསྒོམས་པས་ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རགས་པ་ཐམས་ཅད་ཝལ་ལེར་གསལ་ཞིང་རྣམ་རྟོག་གཞན་གྱིས་བསྐྱོད་མི་ནུས་པར་ཐུན་རེ་རེ་ཙམ་འཁྱོངས་པར་འབྱུང་བ་ནི་བརྟན་པའི་ཉམས་ཞེས་བྱ་སྟེ། དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་རབ་ལྟ་བུའོ། །དེ་ནས་ཀྱང་བསྒོམས་པས་མཐར་ལྷའི་སྤྱན་གྱི་དཀར་ནག་དང་རྫི་མ་བ་སྤུ་ཡན་ཆད་དངོས་སུ་མཐོང་རྒྱུ་དང་རེག་རྒྱུ་ཡོད་པ་ལྟར་གསལ་བ་དང་། དེ་ཡང་ཉིན་མཚན་ནམ་འདོད་ཀྱི་བར་འཁྱོངས་པ་ནི་མཐར་ཕྱིན་པའི་ཉམས་ཏེ། འདི་ལ་ས་ལེ་སང་ངེ་། ལྷག་གེ །ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་གྱད་དུ་འགྱུར་བར་གསུངས་ཤིང་། གཞན་དུ་རེག་མཐོང་གི་མཚན་མ་རྙེད་པ་ཞེས་བཤད་པ་དེའོ། །དེ་ཡང་ལྷ་སྐུ་མི་གསལ་བའི་དུས་སུ་དེ་ཀའི་འཕྲོ་ལ་ཨུ་ཚུགས་ཀྱིས་རྒྱུན་རིང་བསྐྱངས་ན་ཁམས་འཁྲུག་ཅིང་སྣ་སུན་སྐྱེ་སྟེ། སླར་བསྒོམ་སྙིང་མི་འདོད་པ་འབྱུང་ཞིང་བསྒོམ་ལ་བོགས་སྐྱེད་མི་འབྱུང་། སླར་རྣམ་རྟོག་འཕྲོ་རྐྱེན་བྱེད་པས་སྤྱིར་ཐུན་ཆུང་ལ་གྲངས་མང་བ་དང་། ལྷ་སྐུ་གསལ་བདོ་བའི་སྒང་ལ་འཕྲོ་བཅད་དེ་བསྒོམས་པས་སླར་ཕྱི་རེས་བསྒོམ་སྙིང་འདོད་པ་འབྱུང་། ཐུན་མཚམས་རྒྱུན་མི་རིང་བར་དེ་མ་ཐག་ཡང་བསྒོམ་པ་ལ་འཇུག །དེ་ཡང་གཉིད་སད་མ་ཐག་གི་གཉིད་ཀྱི་གཟི་མ་སངས་པ་ཟ་ཟི་ཉག་ཉོག་གི་སྐབས་དང་། ཉིན་པར་ལྟོ་འགྲངས་པ་དང་ར་བཟི་བ་སོགས་ཀྱིས་ཁམས་ཉོག་པའི་དུས་དང་། ས་རབ་རིབ་དང་གནས་ཁང་དཀར་རིབ་ནག་རིབ་ཏུ་མི་བསྒོམ། ཉིན་མོ་ཉིན་མདངས་གསལ་བ་ནམ་མཁའ་དྭངས་པའི་དུས་དང་། མཚན་མོ་མར་མེའི་འོད་ཡོད་པ་སོགས་བྱིང་འཐིབ་མི་འབྱུང་བའི་དུས་སུ་བསྒོམ། མཚན་མོ་གཉིད་བཅག་ཉིན་པར་ཁམས་ཉོག་སྟེ་གནད་དུ་མི་འགྲོ་བས་ཉལ་དུས་གཉིད་ཚིམས་པར་ལོག །ཉིན་མོ་ཐུན་ཆུང་བརྒྱད་ཙམ་བཅད་དེ་བསྒོམ། ཐུན་འཇོག་དུས་བཙན་ཐབས་སུ་འཕྲོ་བཅད་དེ་ཧར་ལངས་བྱས་ན་སྒོམ་འཆོར་བས་དལ་བུས་སྒོམ་གསལ་བ་རང་གི་སྒང་ལ་དེ་མ་ཤོར་བར་བྱས་ལ་ཐུན་མཚམས་ལ་འཇུག །གསལ་བཏབ་མ་ཐག་ཝལ་གྱིས་ཡོད་ན་མཚན་མོར་ཡང་སྲོད་ཐོ་རངས་ལ་སྒོམ་པས་ཆོག །སྤྱིར་མ་སུན་ཅིང་སྣ་མ་འགྲས་ཙམ་དུ་ལྷ་སྐུའི་ཆ་ཤས་ཡིད་ལ་གང་གསལ་བ་གཅིག་ལ་སེམས་གཏད་ལ་དེ་བརྟན་ན་སྐུ་རྫོགས་པར་གསལ་བ་ལ་བསླབ་སྟེ་བརྟན་པར་བྱ་བའོ། །གསུམ་པ་ཡུན་བསྲིང་བར་བྱ་བ་ནི། དེ་ལྟར་གསལ་ཞིང་ཅུང་ཟད་བརྟན་པ་ན་བསྒོམ་པའི་ཐུན་ཚོད་ཁྲིགས་ཆགས་སུ་གཅོད་པ་གལ་ཆེ་སྟེ། ཕྱིའི་ཐུན་ཚོད་ཉིན་མོ་ཡིན་ན་ཐུར་ཤིང་གི་གྲིབ་མ་ལྟ་བུས་ཉི་གྲིབ་གཞལ་ཏེ་གྲངས་བརྩི། མཚན་མོ་ལྟ་བུ་དང་ནང་གི་ཐུན་ཚོད་དབུགས་འགྱུ་བའི་གྲངས་ཀྱིས་གཟུང་སྟེ། ཐུན་ཚོད་རེ་ལ་དབུགས་ཕར་གཏོང་ཚུར་རྔུབ་ཀྱི་ཁུགས་པ་བདུན་སྟོང་ཉིས་བརྒྱ་རེ་འབྱུང་ཞིང་། ཉིན་ཞག་ཕྲུགས་རེ་ལ་ཐུན་ཚོད་བརྒྱད་རེ་འབྱུང་བས་ནམ་ཟླ་དུས་བཞིའི་དབང་གིས་ཉིན་མཚན་རིང་ཐུང་ལ་དཔགས་ཏེ། ཉིན་བཞི་དང་མཚན་བཞིར་བགོས་ཏེ་ཆ་དབྱེ་ཞིང་ཚད་ལ་ཕབ་སྟེ་བསྒོམས་པས་ཁམས་མི་འཁྲུགས། བསྒོམ་པའི་ཚད་ཟིན། ཏིང་འཛིན་བོགས་ཆེ། ཡུན་རིང་དུ་གནས་པར་འགྱུར། གྲངས་ཀྱང་ངག་གིས་མི་འདྲེན་པར་ཡིད་ཀྱིས་ཕྲེང་བ་ལ་བགྲང་། ཐུན་ཚོད་བརྒྱད་པོའང་གཉིས་གཉིས་སུ་བཅད་དེ་ཐུན་ཆུང་བཅུ་དྲུག་ཏུ་བགོས་པ་ཉིན་མོ་གྲིབ་ཚོད་ཀྱིས་གཞལ་ཏེ་གྲིབ་ཚོད་རེ་རེ་བསྒོམ། རེ་རེ་ངལ་གསོ། དེ་ཡང་ཐུན་བརྒྱད་བསྒོམ། བརྒྱད་ངལ་གསོ་བ་ལྟ་བུ་སྤེལ་མར་བྱ། དེ་ལ་བརྟན་ན་ཐུན་ཆུང་གཉིས་གཉིས་བསྲིངས་ཏེ་བསྒོམ། དེ་ནས་རིམ་གྱིས་ཉི་མ་རེ་དང་ཉིན་ཞག་ཕྲུགས་རེ་དང་ཟླ་བ་ཕྱེད་ལ་སོགས་པར་བསྒོམ་ནུས་པ་འབྱུང་ངོ་། །མདོར་ན་ཐུན་རིང་ཐུང་ཇི་ལྟར་ཡང་མ་སུན་ཅིང་ལྷ་སྐུ་གསལ་ལ་མི་རྟོག་པ་དེའི་ངང་ལ་ཡུན་བགས་ཀྱིས་བསྲིངས་ཏེ། དེ་ནི་ལྷ་གསལ་བ་ཡུན་རིང་བར་བྱ་བའོ། །དེ་ཡན་ཆད་ནི་དོན་ཚན་དང་པོ་ལྷ་ལ་སེམས་གཟུང་ཞིང་གསལ་བར་བྱ་བའི་ཐབས་སོ། །རྩ་བའི་གཉིས་པ་འགྱུར་བའི་སྐྱོན་བཅོས་པ་ལ་གཉིས། སྐྱོན་ངོས་གཟུང་བ་དང་། དེ་བཅོས་པའོ། །དང་པོ་སྐྱོན་ངོས་གཟུང་བ་ལ་གཉིས། སྤྱིའི་སྐྱོན་དང་། ཁྱད་པར་གྱི་སྐྱོན་ནོ། །དང་པོ་སྤྱིའི་སྐྱོན་ནི་བདུན་ཏེ། དམིགས་པ་བརྗེད་ངས་པ་ཞེས་བསྒོམ་རྒྱུའི་དམིགས་པ་གང་ཡིན་འཕྲལ་འཕྲལ་བརྗེད་དེ་བསྒོམ་དུས་བསྒོམ་ལུགས་མི་ཤེས་པ་དང་། ལེ་ལོ་ཞེས་པ་སྙོམ་ལས་དང་རྒྱུ་ངན་གྱིས་སླར་བྱས་པས་ཆོག་སྙམ་ཕྱི་བཤོལ་དུ་བཞག་སྟེ་སྒོམ་གཅོག་པ་དང་། དོགས་པ་ཞེས་པ་བསྒོམས་ཀྱང་མ་བྱུང་དོགས་པས་ཐེ་ཚོམ་ཟོས་ནས་མི་བསྒོམ་པ་དང་། བྱིང་བ་ཞེས་པ་རང་བཞིན་ཤུགས་ཀྱིས་རྐྱེན་ལ་མ་ལྟོས་པར་ཤེས་པ་ལ་གསལ་ཆ་མེད་པར་བྱིང་རྨུགས་སུ་ཤོར་བ་དང་། ཁ་ཟས་དང་གོས་དང་གནས་མལ་དང་གྲིབ་རྐྱེན་སོགས་རྐྱེན་གྱིས་བྱིང་བ་དང་། རྒོད་པ་ཞེས་པ་རྣམ་རྟོག་འཕྲོ་རྒོད་སྣ་ཚོགས་རྐྱེན་མེད་པར་རང་བཞིན་དུ་ཤར་བ་དང་། ཆེད་དུ་མ་བཅོས་ཀྱང་རྐྱེན་གྱིས་འཕྲོ་བ་དང་། ཆེད་གཏད་བཅོས་ཏེ་རྣམ་རྟོག་འཕྲོ་བཅུག་པ་ལྟ་བུ་དང་། རྩོལ་བ་ཞེས་པ་ལྷ་གསལ་ཞིང་སེམས་གནས་བཞིན་དུ་ད་དུང་ཧ་ཅང་དེ་བས་གསལ་ཞིང་གནས་པ་ཞིག་འདོད་དེ་རིག་པ་གཅུན་པས་སྤན་སྤུན་དུ་སོང་སྟེ་རླུང་ལྡངས་ཏེ་འཕྲོ་ཅན་བྱེད་པ་དང་། མི་རྩོལ་བ་ཞེས་པ་བསྒོམ་ལ་ཆོག་ཤེས་ཏེ་མི་བསྒོམ་པ་དང་བྱིང་རྒོད་སོགས་བྱུང་དུས་འགོག་པའི་རྩོལ་བ་མི་བྱེད་པའོ། །འདི་དག་ཐུན་མོང་གི་གཞུང་བྱམས་ཆོས་སོགས་སུ་ཏིང་ངེ་འཛིན་བསྒོམ་པའི་གེགས་ཉེས་པ་ལྔ་ཞེས་གསུངས་པ་དང་དབྱེ་བསྡུའི་ཁྱད་པར་ཙམ་མ་གཏོགས་དོན་འདྲའོ། །གཉིས་པ་ཁྱད་པར་གྱི་སྐྱོན་ནི་བཅུ་གཉིས་ཏེ། ལྷ་སྐུ་མི་གསལ་བར་རབ་རིབ་བྱེད་པ་དང་། མོག་མོག་པོ་དང་། གྲིབ་མ་ཕོག་པ་ལྟ་བུར་བཀྲག་མདངས་མི་གསལ་བ་དང་། སྐུ་ཚད་ཆེན་པོ་བསྒོམ་དུས་ཆུང་ངུར་འགྱུར་བ་སོགས་སྐུ་ཚད་འགྱུར་བ་དང་། རྒྱན་ཅན་བསྒོམ་དུས་རྒྱན་མེད་དུ་འཆར་བ་ལྟ་བུ་ཆ་ལུགས་འགྱུར་བ་དང་། ཞལ་རས་དུད་འགྲོའི་གདོང་བརྙན་དུ་བསྒོམས་པ་མིའི་གདོང་དུ་འགྱུར་འགྲོ་བ་ལྟ་བུ་དབྱིབས་འགྱུར་བ་དང་། ལྷ་གཅིག་བསྒོམས་པ་གཉིས་སུ་འགྱུར་འགྲོ་བ་ལྟ་བུ་གྲངས་འགྱུར་བ་དང་། ཐོག་མར་བཞུགས་པ་བསྒོམས་པ་བཞེངས་པར་སོང་བ་ལྟ་བུ་བཞུགས་ཚུལ་འགྱུར་བ་དང་། སྒྲོལ་མ་ལྟ་བུ་བསྒོམ་ན་ལྗང་གུའི་ཁ་དོག་ཙམ་ལས་སྐུའི་བཟོ་དབྱིབས་མེད་པ་ཁ་དོག་འབའ་ཞིག་ཏུ་སྣང་བ་དང་། སྐུའི་དབྱིབས་ཤར་ཡང་ཁ་དོག་བསྒོམས་པ་ལྟར་མི་འཆར་བ་གང་མིན་དུ་འགྲོ་བ་དབྱིབས་འབའ་ཞིག་ཏུ་སྣང་བ་དང་། ཐོག་མར་གསལ་ཡང་དེ་མ་ཐག་རིམ་གྱིས་མི་གསལ་བར་འགྲོ་བ་རིམ་པར་ནུབ་པ་དང་། རྒྱན་ཆ་ལུགས་ཕྱག་མཚན་སྐུའི་ཆ་ཤས་སོགས་མ་ཚང་བར་འཆར་བ་ནི་མ་རྫོགས་པ་སྟེ་བཅུ་གཉིས་སོ། །གཉིས་པ་སྐྱོན་དེ་རྣམས་བཅོས་པ་ནི། སྤྱིའི་སྐྱོན་བདུན་གྱི་ལོག་གནོན་གྱི་གཉེན་པོ་ནི་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པ་ཡིན་ཏེ་འདི་ནི་ཐུན་མོང་བའི་གཞུང་ལས་འབྱུང་བ་དང་མིང་དོན་གཉིས་ཀ་མཚུངས་སོ། །དེ་ཡང་དམིགས་པ་བརྗེད་ངས་པའི་གཉེན་པོར། དམིགས་པ་དེ་ལ་ཐོག་མར་ཡུན་རིང་དུ་འདྲིས་པར་བྱས་རྗེས་དེ་མི་བརྗེད་པར་བྱའོ་སྙམ་དུ་དྲན་པ་བསྟེན། ལེ་ལོའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པའི་ཕན་ཡོན་ལ་སེམས་དང་བའི་དད་པ་དང་། དེ་བསྒྲུབ་པ་ལ་འདུན་པའི་འདུན་པ་དང་། ཕན་ཡོན་མཐོང་བས་སྤྲོ་ཤུགས་བསྐྱེད་དེ་རྩོལ་བའི་བརྩོན་འགྲུས་རྣམས་བསྒོམ། དོགས་པའི་གཉེན་པོར་རྟོགས་པའི་གདིང་བསྐྱེད་དེ་ཐེ་ཚོམ་མེད་པའི་ངེས་ཤེས་བསྟེན། བྱིང་བའི་གཉེན་པོར་སེམས་ཡི་ཤི་བ་བསལ་ཏེ་སྒོམ་གྱི་ཕན་ཡོན་ལ་བྲོད་པ་དང་། སྒོམ་ལ་བྲོད་ཁ་བསྐྱེད་དེ་ཤེས་པ་གཟེངས་བསྟོད་སྤྱོད་ལམ་ཁྲུས་བྱ་ཞིང་། རྩོལ་བཅག་བྱ། གོས་སྲབ་ཏུ་གཏོང་། ས་བསིལ་བ་དང་། སྣང་གཡེལ་ཆེ་སར་སྡོད། རྒོད་པའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམས་ལ་སྐྱོ་ཤས་བསྐྱེད། སེམས་དྲན་པའི་ཐག་པས་བཅིངས་ཏེ་དམིགས་པའི་སྡོང་པོ་ལ་བཏགས་ཞེས་པ་ཡེངས་སུ་མི་འཇུག་པར་དྲན་པས་བཟུང་ལ་དམིགས་པ་ཡང་ཡང་གཅུར། བྱིང་རྒོད་གཉིས་ཀ་ལ་མ་བྱུང་གོང་ནས་བྱུང་མ་བྱུང་ཚོར་བའི་ཤེས་བཞིན་གྱི་བྱ་ར་བསྟེན། རྩོལ་བའི་གཉེན་པོར་འདུ་བྱེད་བཏང་སྙོམས་ཞེས་པ་རྩོལ་བ་གློད་དེ་རང་བབས་སུ་བཞག །མི་རྩོལ་བའི་གཉེན་པོར་བརྩོན་འགྲུས་ཀྱི་གཉེན་པོ་གསལ་གདབ་བོ། ཁྱད་པར་གྱི་སྐྱོན་བཅོས་པ་ལ། རབ་རིབ། མག་མོག །གྲིབ་མ་ལྟར་སྣང་བ་གསུམ་ལ་སྟོང་ཉིད་མི་རྟོག་པ་བསྒོམ་ཞིང་སྒོ་གསུམ་མ་བཅོས་པར་ལས་མེད་དུ་ཅི་གནས་བཞག་རྗེས་བྲིས་སྐུ་ལ་ཞིབ་ཏུ་བལྟས་ལ་བསྒོམ། ཡང་མི་རྟོག་པ་བསྒོམ་པ་སོགས་སྤེལ་མར་བྱ། སྐུ་ཚད། ཆ་ལུགས། བཞུགས་ཚུལ། དབྱིབས་འགྱུར་ལྡོག་བྱེད་པ་ལ། སྐུ་དེ་གདོས་བཅས་འཇིམ་སྐུ་ལྷ་ཁང་གོག་པོའི་ལྡེར་བཟོ་ལྟ་བུ་ཤིན་ཏུ་ཆེ་བ། ཤངས་ཀྱི་བུ་གའི་ནང་དུ་ཕུག་རོན་འཚངས་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་པ། ཕྱག་ཞབས་སོགས་ལ་བྱ་དང་བྱེའུ་འབབ་པ་དང་། རི་དྭགས་ར་ལུག་སོགས་ཀྱིས་རྡུང་ཁ་རྩེད་མོ་བྱེད་པ། སྐུའི་ཆ་ལ་བྱ་བྲུན་དང་བག་ཟན་ཞེས་པ་སྐྱོ་རལ་ཁལ་ལེར་ཞིག་ཏུ་བསྒོམ། གྲངས་འགྱུར་བ་ལ། དང་པོར་གཅིག་གམ་གཉིས་སམ་གྲངས་སུ་བཅད་པ་ལྟར་བྱ། ཁ་དོག་འབའ་ཞིག་ཤར་ན་དེ་བཞག་ལ་དབྱིབས་ཀྱི་རྣམ་པ་ཡང་ཡང་གསལ་གདབ། འགའ་ཞིག་ལ་རང་གི་གཟུགས་ཁམས་ཁྲག་མཁྲིས་སོགས་ཤས་ཆེ་ཆུང་གི་དབང་ལས་ཁྲག་ཤས་ཆེ་བ་ལ་དམར་པོ་དང་། མཁྲིས་ཤས་ཆེ་བ་ལ་སེར་པོ་རྐྱང་པ་འཆར་བ་ལྟ་བུའང་སྲིད་པས་ནད་ཀྱི་འཕྲུལ་ཡིན་མིན་བརྟགས་ལ་ནད་བཅོས་བྱ། འདིར་དབྱིབས་འབའ་ཞིག་ཏུ་སྣང་བའི་བཅོས་དམིགས་བསལ་མེད་ཅིང་མ་ཚང་། མཆན། རིམ་པས་ནུབ་པ་ལ་སྐུའི་དབུ་ཞལ་རས་ཕྱག་ཞབས་ལྟ་བུའི་སྐུའི་ཆ་ཤས་གཙོ་ཆེ་བ་རྣམས་ཡང་ཡང་ངེས་ངེས་སུ་གསལ་བཏབ་སྟེ་ཁོག་བསྲང་། མ་རྫོགས་པའི་སྐྱོན་ལ་བྲིས་འབུར་གྱི་སྐུ་འདྲར་བལྟས་ལ་ཡོངས་རྫོགས་ཝལ་གྱིས་ཡང་ཡང་བསྒོམས་ལ་འབད་པའམ། ཡང་ན་ཆ་ཤས་གང་མ་རྫོགས་པ་དེ་ཀ་ལ་དམིགས་ཕུག་སྟེ་ཡང་ཡང་གསལ་འདེབས་པ་ནི་སྐྱོན་བཅུ་གཉིས་བཅོས་པ་སྟེ། དོན་ཚན་གཉིས་པ་འགྱུར་བའི་སྐྱོན་བཅོས་ཐབས་སོ། །དོན་ཚན་གསུམ་པ་ལྷ་དབྲལ་བ་ནི། དེ་ལྟར་སྐྱོན་དེ་དག་མ་སེལ་གྱི་བར་དུ་མི་རྟོག་པ་བསྒོམས་པས་ཤེས་པ་ཐང་ཆད་པ་ངལ་སོས་ཤིང་སེམས་དྭངས་སྙིགས་ཕྱེད་ནས་ལྷ་གསལ་བར་འགྱུར་བས་ལྷ་དང་མི་རྟོག་པ་སྤེལ་མར་བསྒོམ། ལྷ་སྐྱོན་མེད་དུ་གསལ་ཐེབས་ནས་ཆེད་དུ་མི་རྟོག་པ་བསྒོམ་མི་དགོས་པས་ལྷ་ཁོ་ན་བསྒོམས་ཏེ་ལྷ་དབྲལ་བ་ཞེས་བྱའོ། །དོན་ཚན་བཞི་པ་ལྷ་ལམ་དུ་བསླང་བ་ནི། དེ་ལྟར་ལྷའི་སྐུ་སྐྱོན་དང་བྲལ་བར་གསལ་ཐེབས་ན་ལྷ་དེ་རེས་འགའ་བཞེངས་པར་བསྒོམ། རེས་འགའ་བཞུགས་པར་བསྒོམ། རེས་འགའ་གཟིམས་པར་བསྒོམ། རེས་འགའ་སྤྱིའུ་ཚུགས་སུ་བསྒོམ། དེ་བཞིན་དུ་གན་རྐྱལ། ཁ་སྦུབ། ཐག་རིང་བ། ཉེ་བ། རི་བོའི་ཁོང་གསེང་། ཐང་གི་དཀྱིལ། རྡོའི་དཀྱིལ། ཆུའི་གཏིང་སོགས་གང་དུ་བསྒོམ་མམ་ཇི་ལྟར་བསྒོམ་ཡང་སྐྱོན་མེད་དུ་གསལ་ཞིང་མི་བདེ་བ་མེད་ན་ལྷ་ལམ་དུ་བསླངས་པ་ཡིན་ནོ། །དོན་ཚན་ལྔ་པ་ལྷ་བསྲེ་བའམ་ལྷ་རང་དང་བསྲེ་བ་ཞེས་བྱ་བ་ནི། དེ་ཡན་ཆད་ཀྱི་དམིགས་པ་དེ་རྣམས་ལྷའི་སྣང་བ་ལ་གོམས་སུ་གཞུག་ཅིང་བྱང་ཆུབ་པའི་ཕྱིར་ལྷ་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ་པ་ཡིན་ལ། དེ་ནས་ལྷ་ལམ་དུ་བསླངས་ཤིང་བྱང་བར་གྱུར་པ་དེ་མདུན་དུ་གསལ་བཏབ་སྟེ། དེ་རང་ལ་བསྟིམས་པས་རང་དེ་དང་མཚུངས་པའི་ལྷ་སྐུ་ཡོངས་རྫོགས་གསལ་ལ་མ་འདྲེས་པར་གྱུར་པར་བསྒོམ་སྟེ། གཙོ་རྐྱང་ངམ་འཁོར་ཅན་གཞལ་ཡས་ཁང་དང་བཅས་པ་སོགས་གང་མོས་སུ་གསལ་གདབ་པ་ཡང་ཡང་བྱ་སྟེ། སྔོན་མ་ལ་གོམས་པ་དེས་འདིར་དཀྱིལ་འཁོར་བསྒོམ་པའང་དཀྱུས་ལས་སླ་བ་ཡིན་ནོ། །རྩ་བའི་དྲུག་པ་ལྷ་དོན་ལ་སྦྱར་བ་ནི། བདག་གི་རྣམ་རྟོག་གི་རྩོལ་བས་བསྐྱེད་དེ་བདག་ཉིད་ལྷའི་སྐུར་བསྒོམ་པ་དེ་གསལ་ཞིང་བརྟན་པར་གྱུར་པ་ན། དེ་ཉིད་གདོས་བཅས་ལྟ་བུ་མ་ཡིན་པ་ཆུ་ནང་གི་ཟླ་གཟུགས་སམ། བར་སྣང་གི་འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པ་སྟེ་སྣང་བའི་དངོས་པོར་གྲུབ་ཀྱང་རེག་པའི་ཡུལ་དུ་མ་གྲུབ་པ་ཐོགས་མེད་དུ་བསྒོམ། དེ་ནས་དེ་བརྟན་པ་ན། འདི་ལྟར་སྣང་བའི་ལྷ་འདི་གང་ནས་འོང་། ངོ་བོ་ཇི་ལྟར་གནས་ཞེས་དཔྱད་པ་ན། ཕྱི་རོལ་གྱི་ཡུལ་གང་ནས་ཀྱང་མ་འོང་། གང་དུའང་མི་གནས། གང་དུའང་མི་འགག །རང་སེམས་ཀྱི་སྣང་བ་ལྷར་ཤར་བ་ཙམ་སྟེ། སེམས་ཚོགས་དྲུག་ཡུལ་དུ་སྣང་བའི་འཇུག་ཤེས་དྲུག་དང་། དེ་གང་ལས་འཆར་བའི་གཞི་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་དེ། རྣམ་ཤེས་ཚོགས་བརྒྱད་པོ་ལྷའི་སྐུ་དང་ཡེ་ཤེས་སུ་སྣང་བ་དེ་ཉིད་དོན་ལ་གཞི་དབྱིངས་ཀུན་གཞི་ཡེ་ཤེས་རང་བྱུང་གི་རིག་པ་བྱང་ཆུབ་ཀྱི་སེམས། གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ་འམ་དོན་དམ་པའི་ལྷར་གྲུབ་པ་དེའི་རྩལ་ལམ་མདངས་ལས་སྒྲིབ་གཡོགས་ཀྱི་ཚུལ་དུ་ཤར་བས་དེའི་ངོ་བོ་ཉིད་དེ་དེ་ལས་ལོགས་སུ་མེད་ལ། ད་ལྟ་ལྷར་སྣང་བ་འདི་ཡང་རྣམ་པ་ཡིད་ཀྱིས་བསྒོམས་པའི་མཐུ་ལས་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྣང་ཡང་། བཙལ་ན་རང་བཞིན་མི་རྙེད་པས་འདི་ཞེས་བརྟག་ཏུ་མེད་ཅིང་བསྟན་དུ་མེད་པ་དོན་དམ་པའི་རང་བཞིན་ནི་ཆོས་སྐུའོ། །ཞེས་དྲན་པར་བྱེད་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་སྒོམ་པའི་དམ་ཚིག་དྲུག་ལ་གནས་པ་གལ་ཆེ་སྟེ། མན་ངག་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་བའི་མོས་གུས་ཀྱི་གདུང་བ་རྒྱུན་མི་ཆད་པ་དང་གཅིག །ཏིང་ངེ་འཛིན་བསྒོམ་པའི་མཐུན་ཕྱོགས་གྲོགས་སུ་འགྱུར་བ་རྣམས་བསྒྲུབ་པ་དང་གཉིས། མི་མཐུན་པའི་ཕྱོགས་འགལ་རྐྱེན་རྣམས་འདོར་བ་དང་གསུམ། འགྲོ་འཆག་ཉལ་འདུག་སོགས་སྤྱོད་ལམ་ཀུན་ཏུ་བསྒོམ་བྱའི་ཏིང་ངེ་འཛིན་ཡིད་ནས་ཡལ་བར་མི་འདོར་བ་དང་བཞི། ཡི་དམ་གང་བསྒོམ་པ་དེ་མི་སྤངས་ཤིང་དེ་ཉིད་བསྒོམ་བསྒྲུབ་མཐར་དབྱུང་བ་དང་ཡི་དམ་གྱི་ལྷ་ལ་སྤང་ལེན་མི་བྱ་བར་ལྷ་གང་བསྒོམ་ཡང་སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་རྟོགས་པས་གཅིག་བསྒོམ་ཡང་སངས་རྒྱས་ཐམས་ཅད་བསྒོམ་པ་ཡིན། སངས་རྒྱས་ཀྱང་རང་གི་སེམས་རྟོགས་པ་ལས་ལོགས་ནས་བསྒོམ་དུ་མེད། ཡི་དམ་གྱི་ལྷ་ཡང་རང་སེམས་ཀྱི་སྣང་བ་ཡིན་པས་ལོགས་ནས་བསྒྲུབ་རྒྱུ་དང་བསྒོམ་རྒྱུ་གཅིག་ཀྱང་མེད། མདོར་ན་སངས་རྒྱས་ཐམས་ཅད་ཡི་དམ་གྱི་ལྷ་ལ་འདུས། ཡི་དམ་གྱི་ལྷ་མང་པོ་བསྒོམ་ཡང་རང་སེམས་ཀྱི་སྣང་བ། གཅིག་བསྒོམ་ཡང་རང་སེམས་ཀྱི་སྣང་བ་ཡིན་སྙམ་དུ་ཤེས་པ་དང་ལྔ། རང་གི་བསྒོམ་བྱའི་ཡི་དམ་གྱི་ལྷ་དང་སྒོམ་དོན་དང་སྤྱོད་པ་རྣམས་སྣོད་མིན་ལ་ཤིན་ཏུ་གསང་ཞིང་སྦ་བ་དང་དྲུག་སྟེ། དམ་ཚིག་དེ་རྣམས་ལ་གནས་པར་བྱའོ། །དེ་དག་ནི་ལྷ་དོན་ལ་སྦྱར་བ་ཞེས་བྱའོ། །དོན་བདུན་པ་ལྷ་ལམ་དུ་ཁྱེར་ཞིང་བསྒྲུབ་པ་ནི། དེ་ལྟར་གསལ་སྣང་ཐོབ་ཅིང་བསྐྱེད་རིམ་བརྟན་པ་དེས་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་སྒྲུབ་པའི་དཀྱིལ་འཁོར་བཤམ་ཞིང་ལས་གཞུང་བསྲངས་ཏེ་སྒོམ་བཟླས་མཆོད་བསྟོད་ཚོགས་ལ་སོགས་པ་སྒྲུབ་ཚུལ་གཞུང་བཞིན་བགྱིས་པས་རྟགས་ནི། ལྷ་ལ་སེམས་ཟིན་པས་དབང་པོའི་ཤེས་པ་རྣམས་ཡུལ་ལ་འཕྲོ་བའི་རྒྱུན་ཁེགས་ཏེ། དབང་ཤེས་ཀྱི་བཞོན་པའི་རླུང་རྣམས་ནང་དུ་ལྡོག་ཉེ་བའི་ལྟས་སུ། དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ། ནམ་མཁའ་ལྟ་བུ་སྟེ་མཚན་རྟགས་ལྔ་ཉམས་ཀྱི་ཚུལ་དུ་འཆར་བ་དང་། རྨི་ལམ་དུ་སངས་རྒྱས་བྱང་སེམས་མཐོང་བ་དང་ཆོས་ཐོས་པ་སོགས་མཆོག་གི་ལྟས་ལྔ། སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྡིག་སྒྲིབ་བག་ཆགས་དག་པ། འཇིགས་པ་བྲལ་བ། ས་ཐོབ་པ། ས་ནོན་པ། རྒྱལ་བའི་སྲས་སུ་འགྱུར་བ། ཆོས་ལ་དབང་ཐོབ་པ། བདེན་པ་མཐོང་བ། ལུང་བསྟན་འབྱུང་བ་བཅས་བཟང་པོའི་ལྟས་བརྒྱད་འབྱུང་བ་དང་། ལྷ་བསྒོམ་པའི་ཚེ་སྐུ་གསུང་ཐུགས་ཀྱི་སྤྱོད་ཡུལ་རགས་པ་མཐོང་བ་སོགས་སྦྱོར་བ་ཕྱིའི་དྲོད། དབུགས་རྒྱུ་བ་དང་ལུས་ཡོད་དུ་མི་ཚོར་བ་སོགས་མཚན་མ་ནང་གི་དྲོད། སྙིང་རྗེ་དང་ཡེ་ཤེས་རང་གསལ་བ་གསང་བ་རང་བཞིན་གྱི་དྲོད་གསུམ་ཐོབ། ལྷའི་གཟུགས་བརྙན་འཛུམ་པ། སྒྲ་འོད་དྲི་ཞིམ་འབྱུང་བ། མར་མེ་རང་འབར། བནྡྷ་རང་འཕར་སོགས་ཕྱིའི་རྟགས། སྙིང་རྗེ་དད་གུས་ཆེ་བ། ཕྱོགས་རིས་ཆགས་སྡང་ཆུང་བ། རེ་དོགས་མེད་པ་སོགས་ནང་གི་རྟགས་རྣམས་འབྱུང་བར་འགྱུར་ལ། བྱུང་ཡང་ང་རྒྱལ་དང་འཛིན་ཞེན་མེད་པར་བསྒོམས་པས། ལམ་གྱུར་གྱི་འབྲས་བུ་རིགས་འཛིན་བཞི་རིམ་པར་ཐོབ། མངོན་ཤེས་དྲུག་དང་ཆོ་འཕྲུལ་བཞི་ལ་མངའ་བརྙེས། མཐར་ཐུག་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ལ་སྦྱོར་བར་འགྱུར་རོ། །དེ་དག་གིས་བློ་དམན་ཉེར་མཁོ་མདོར་བསྡུས་པ་སྟེ་བསྐྱེད་རིམ་སྤྱིའི་ཁོག་ཁྲོལ་བ་དང་སོ་སོའི་བསྒོམ་དོན་རྒྱས་པ་གཞན་ལས་རྟོགས་པར་བྱ་དགོས་སོ།། ༈ །།རྩ་བའི་གཉིས་པ་བསྙེན་སྒྲུབ་སྤྱིར་གཅེས་པའི་ལག་ལེན་ནི། དེའང་གནས་དུས་གང་ཟག་ཡོ་བྱད་སྒྲུབ་པའི་ཐབས་བཅས་ཕུན་སུམ་ཚོགས་པ་ལྔས་བསྙེན་སྒྲུབ་ཀྱི་གཞི་གཟུང་དགོས་ཏེ། དེ་ལ་དང་པོ་གནས་ནི། གོང་མས་བྱིན་བརླབས་ཤིང་བཀྲ་ཤིས་པ་འཛོམ་ན་རབ། མ་འཛོམ་ཡང་ཕྱི་རོལ་ས། ནང་སྒྲུབ་ཁང་། གསང་བ་སྡོད་མལ་བཅས་ལ་ས་དགྲའི་སྐྱོན་མེད་པ་དང་། ཁྱད་པར་སྡེ་འཁྲུགས། རྨེ་ཡུགས། སྡོམ་ཤོར། དམ་ཉམས་སོགས་ཀྱིས་མ་འབགས་པ། གདོན་ཆེན་མ་རུངས་པ་ནག་ཕྱོགས་ཀྱིས་བདག་ཏུ་མ་བཟུང་བ། གཙང་ཞིང་དབེན་ལ་མི་དང་མི་མ་ཡིན་གཅན་གཟན་སོགས་ཀྱི་བར་ཆད་མི་འབྱུང་བ་ཞིག་བརྟེན་དགོས་སོ། །གཉིས་པ་དུས་ནི། སྤྱིར་ར་བ་བཞི། ཉི་མ་བྱང་བགྲོད། ཟླ་བ་ཡར་ངོ་། བྱེ་བྲག་ལས་སོ་སོ་གཙོ་བོར་བྱེད་སྐབས་དབྱར་སྟོན་དགུན་དཔྱིད་ཀྱི་ར་བ་བཞི་ལ་རིམ་བཞིན་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པར་བསྔགས་ཤིང་། དེ་དག་གང་ལའང་གཟའ་སྐར་སྦྱོར་བྱེད་འཕྲོད་སྦྱོར་དགེ་ཞིང་ཤིས་པ། དྲག་པོའི་ལས་གཙོར་བཏོན་པའི་རིགས་ལ་ཉི་མ་ལྷོ་བགྲོད་དང་མར་ངོའི་འཕྲོད་སྦྱོར་རྩུབ་པ་སོགས་གོང་སྨྲོས་རྣམས་ལས་ལྡོག་པ་དགོས་ལ། ཐུན་གྱི་ཐོག་མ་ཉི་མ་རི་རྐེད་ལ་ཤར་བའམ་སྔ་དྲོ་དང་། མཁའ་འགྲོ་འདུ་བའི་དུས་མཚན་ཕྱེད་ལ་འཛིན་པའང་ཡོད་ཅིང་། ཉི་མ་ནུབ་པར་གྱུར་པ་ན། །ལྷ་ཡང་བྱིན་གྱིས་རློབ་ཕྱིར་འདུ། །ཞེས་པས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་སོགས་ཀྱི་དགོང་ཐུན་ནམ་སྲོད་ཐུན་ནས་འཇུག་པ་ཤས་ཆེ་བ་ཡིན་ནོ། །གསུམ་པ་སྒྲུབ་པ་པོའི་གང་ཟག་ནི། ཁྱད་པར་གྱི་ཆོས་དྲུག་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། དེའང་དད་པ་ཆེན་པོས་དཀར་པོའི་ཆོས་ལ་འཇུག་ནུས་པ། མོས་གུས་ཆེན་པོས་བླ་མ་སངས་རྒྱས་སུ་མཐོང་བ། དབང་བཞི་ཐོབ་པས་མན་ངག་གི་སྣོད་དུ་རུང་བ། དམ་ཚིག་ཆེ་བས་སྒྲུབ་པའི་གཞི་ཐེངས་པ། ཤེས་རབ་ཆེ་བས་ངེས་པའི་དོན་གོ་ནུས་པ། ལྟ་བའི་གདིང་དང་ལྡན་པས་ཉམ་ང་དང་ཁུ་འཕྲིག་མེད་པའོ། །དེ་དང་མི་ལྡན་པས་གསང་སྔགས་སྒྲུབ་ཀྱང་མི་འགྲུབ་པ་མ་ཟད་རང་ཕུང་གི་རྒྱུར་འགྱུར་རོ། །བཞི་པ་ཡོ་བྱད་རྫས་ནི། འཚོ་བ་ཟས་བཟའ་བཏུང་གི་རིགས་མཚམས་ཀྱི་རིང་འདང་ངེས་པ་འབྱོར་ན་འཐེབ་འཁྲོལ་ལྡབ་འཕར། གོས་བརྗེ་བཀྲོལ་འཐེབ་བཅས། ནང་རྐྱེན་ཟློག་པའི་སྨན་སྔགས་རྟེན་འབྲེལ། དགྲ་ཟློག་མཚོན་ཆ། བགེགས་ཟློག་གུ་གུལ་ཡུངས་ཐུན་ཕུར་བུ། སྒྲུབ་པའི་རྟེན་རྫས་སོ་སོའི་གཞུང་ལས་ཇི་སྐད་བཤད་པ་ཚད་ལྡན་དང་། མཆོད་པའི་རྫས་ཕྱི་ནང་གསང་བ་རྣམས་རྒྱུ་གཙང་ཞིང་དག་ལ་ཅི་འབྱོར་སེར་སྣས་མ་འཕྲིས་པ་རྣམས་ཚོགས་པ་དགོས་སོ། །ལྔ་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་ཉམས་སུ་ལེན་པ་སྟེ། དེའང་ལམ་རིམ་ཡོངས་རྫོགས་ལ་སྦྱར་བ་དང་། ཆོ་ག་ཆ་ཚང་བ་གཅིག་ལ་སྦྱར་བ་དང་། སྦྱོར་དུས་ཀྱི་ཡན་ལག་བཞི་དང་། དཀྱིལ་འཁོར་གང་ཡང་རུང་བའི་མངོན་རྟོགས་ཀྱི་སྐབས་སུ་གསུངས་པ་བཞིན་བསྐྱེད་གཞིའི་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ་ནི་བསྙེན་པ། དེ་ལས་བདག་ཉིད་ལྷའི་ང་རྒྱལ་ལ་ཞུགས་པ་ནི་ཉེ་བར་བསྙེན་པ། ཡུམ་དང་བཅས་པའི་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་སྒྲུབ་པ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་རྒྱས་གདབ་ལ་སོགས་པ་ནི་སྒྲུབ་པ་ཆེན་པོར་བཤད་པ་སོགས་རྣམ་གྲངས་མང་ཡང་། ཕྲེང་བ་ལས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་ནས་བསྙེན་པས་ཚོགས་གསོག་ཅིང། །བགེགས་ཀྱི་རྣམ་པ་ཉམས་བཞེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག །དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླ། །ཞེས་སོགས་ཀྱིས་བསྟན་དོན་ཐོག་མར་བྱ་དགོས་པའི་བསྙེན་པ་ནི། ཡུལ་གྱི་རྒྱལ་པོ་ལྟ་བུ་ལ། དང་པོ་མཇལ་ཁ་ཞུས་ཏེ་འདྲིས་འདོགས་པ་ལྟ་བུ་དང་། སྒྲུབ་པ་ནི། འདྲིས་ཐོག་ནས་སྤྱན་བསྐྱངས་ཆེར་སོང་བ་ནས་རིས་སོགས་རང་གང་འདོད་ཀྱི་ཞུ་དོན་འཛུག་པ་ལྟ་བུ་དང་། སྒྲུབ་པ་ཆེན་པོ་ནི། ས་རིས་ཀྱི་བཀའ་ཤོག་གམ་ཞལ་བཞེས་གནང་སྟེ་དོན་གྲུབ་ནས་དེ་ཡི་དགའ་སྟོན་བྱེད་པ་ལྟ་བུ་ཡིན་པར་བཤད་དོ། །དེས་ན་དེ་ལྟ་བུའི་དོན་ཅན་གྱི་ད་ལྟ་རྩ་བའི་བསྙེན་པའམ་གཞི་བསྙེན་དུ་གྲགས་པ་སྟེ། དེ་ཉིད་ལག་ཏུ་ལེན་པའི་ཚུལ་ཡང་ཐོག་མར་བསྙེན་པ་ལ་འཇུག་ཉེ་བའི་གོང་དུ། དཀོན་མཆོག་གི་རྟེན་ལ་མཆོད་འབུལ། མདོ་རྒྱུད་གསུང་སྒྲོག །དགེ་འདུན་ལ་བསྙེན་བཀུར། སཱཙྪ་འདེབས་པ། སྲོག་བསླུ། ཉེ་འདོན། མཁའ་འགྲོ་ཆོས་སྲུང་གཏོར་འབུལ་དང་གསོལ་སྐོང་། བསང་བརྔན་གསེར་སྐྱེམས། ཆུ་སྦྱིན་དང་ལན་ཆགས་གཏོར་མ། ཀླུང་བསྐྱེད་དང་ལམ་འཕྲང་བཅོས་པ། ཕྱག་སྐོར་མཎྜལ། ཚོགས་སྐོང་དང་རྡོར་སེམས་སྒོམ་བཟླས། བདག་འཇུག་བླང་བ། བླ་མའི་རྣལ་འབྱོར་སོགས་ཉིན་ཁ་ཤས་ལ་ཅི་འགྲུབ་བྱས་པས་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །འདི་རྣམས་རྒྱབ་སྐྱོར་དགེ་བའི་དཔུང་སྐྱེད་ཡིན་པས་འབྱོར་སྤྲོས་ཆུང་ཞིང་ལོང་ཁྱབ་མེད་ལ་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་གསང་སྔགས་ལམ་རིམ་ལས། མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ། །ཞེས་པས། ཐོག་མ་ནས་བློ་མ་དྲེད་པ་གལ་ཆེ་སྟེ་དེའང་རང་འགྲེལ་ལས། དགྲ །གཉེན། ནོར་ཟས། གཟུང་འཛིན། ཆགས་སྡང་། ཉོན་མོངས། རྣམ་རྟོག་ལ་སོགས་པའི་ཕྱོགས་སུ་ཤོར་ན། ངན་དྲེད་དུ་སོང་བས་དོན་མི་འགྲུབ། སྒྲུབ་པའི་དུས་ན། འབྲི་བ། ཀློག་པ། འཛིན་པ། བསམ་མནོ་བརྩམ་པ་ལ་སོགས་པའི་བློར་སོང་ན། བཟང་དྲེད་ཡིན་པས་མི་འགྲུབ། དེས་ན་དེ་གཉིས་ཀ་དང་བློ་མ་དྲེད་པར། གང་སྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་ཕུར་ཚུགས་སུ་དྲིལ་ཏེ། ལྟོགས་མོད། འཁྱག་མོད། ཤི་མོད། ཆད་མོད། བསམ་པའི་སྡུག་བསྲན་བསྐྱེད། དཀའ་ཐུབ་ཀྱིས་རྡེ་བཙུགས་ནས་སྙིང་རུས་ཆེན་པོས་སྒྲུབ་པ་འདི་མཐར་འདོན་དགོས་སྙམ་པའི་སྒོ་ནས་དམ་བཅའ་མཐར་འདོན་པར་བྱ། དེའང་དང་པོ་འཇུག་པའི་དུས་སུ་སྐྱབས་འགྲོ་བྱ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལྷའི་ང་རྒྱལ་དང་ལྡན་པར་བྱས་ལ། གཏོར་མ་གསུམ་བཤམས་ཏེ། དང་པོ་བླ་མ་དཀོན་མཆོག་ལ་ཕུལ་ལ་གསོལ་བ་གདབ། བར་པ་ཆོས་སྐྱོང་ལ་ཕུལ་ལ་བར་ཆད་མ་གཏོང་ཞིག་པར་ཕྲིན་ལས་བཅོལ། ཐ་མ་གཞི་བདག་ལ་ཕུལ་ལ་གནས་པོ་ཞུ། དེ་ནས་རང་དང་གནས་དང་གནས་བདག་གསུམ་ག་མི་དམིགས་པའི་ངང་ལ་བཞག་གོ །དེ་ནས་མཚམས་བཅད་དེ། སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིག །བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན། མལ་འོག་ཏུ་ས་དཀར་པོའི་གཡུང་དྲུང་རིས་བྱ། སྡོད་ཚུགས་པའི་རྟེན་འབྲེལ་ཡིན། ཅེས་གསུངས་པ་ལྟར་ཐུན་ལ་འཇུག་ཀ་མར་གཏོར་འབུལ་རྣམས་འགྲུབ་ན་ལེགས། སྤྱི་འགྲོའི་གཞི་བདག་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ཚུལ་བཞིན་བྱ། ཐོ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོ་འབར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་གྱིས་བརླབ། ཐོ་བསང་སྦྱང་། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི །ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་སུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་དབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་དང་སྔར་གྱི་སྔགས་མཐར། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་བསྲུང་བར་བསམ། དེ་ནས་སྲུང་འཁོར་བརྟན་པོར་བསྒོམས་ལ། བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་དུ་འགྱུར་ཏེ་སྲུང་བ་རྣམས་ཀྱི་ནང་ནས་མཆོག་གོ །འདི་ནི་མཚམས་འགྲོལ་རྒྱུའི་ནུབ་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་དོ། །འདི་སྐབས་མི་འཕྲད་ཀ་མེད་ཀྱི་མི་དང་། མཐུན་རྐྱེན་ཟས་གོས་སྨན་པས་མཚོན་རྒྱུ་འགྲུལ་གཞན་ནས་འོང་དགོས་པ་ཐམས་ཅད་དམིགས་རྡིལ་བཞག་ལ་སྲུང་འཁོར་དུ་བཅུག །མཚམས་གཡོག་སྨན་པ་སོགས་ཀྱང་འདིས་མ་བྱུང་ན་འདི་ནས་འབོད་སྙམ་པ་བྱ། དམིགས་འོག་འཇུག་རྒྱུ་ཧ་ཅང་རྒྱ་ཆེས་པ་མི་ལེགས་ཀྱང་། གལ་ཆེ་དམིགས་བསལ་བྱུང་ན། འདི་ལྟར་བྱེད་སྙམ་པའི་དོགས་ཟོན་གྱིས་རྒྱ་ཆེ་ཙམ་བཅུག་ན་སླར་མཚམས་མི་རལ་བའི་དགོས་པ་ཡོད་ཅིང་། དམིགས་བསལ་ཁྱད་པར་ཅན་མ་བྱུང་ཕྱིན་དངོས་སུ་གཏོང་ལེན་བྱེད་དུས་རྒྱ་ཆུང་བ་རང་མཚམས་དམ་ཞིང་ལེགས། དེ་ཡང་ལོ་མཚམས་བྱེད་རྒྱུ་ཡིན་ནའང་རེ་ཞིག་བདུན་གསུམ་ཙམ་བྱ་སྙམ་པའི་འཕེན་པ་གཏོང་ཞིང་མི་གཞན་ལ་ཡང་དེ་ལྟར་འཆད། རིམ་གྱིས་སྤར་ནས་ཡུན་བསྲིང་ན་བར་ཆད་ཆུང་བས་འགྲུབ་ན་ཡུན་རིམ་པར་བསྲིང་ཞིང་དང་པོའི་དམ་བཅའ་ཐུང་སེ་བ་བྱ། དམ་གཙང་རེ་གཉིས་མ་གཏོགས་པ་སུ་ལའང་ལྷ་འདིའི་མཚམས་བྱེད་རྒྱུ་ཡིན་པའི་འཕྲོས་པ་མི་བྱེད་པ་གལ་ཆེ། ཡང་ལམ་རིམ་སྔར་གྱི་འཕྲོས་ལས། དེ་ནས་སྡུག་བསྲན་དང་། སྙིང་རུས་དང་། གོ་ཆ་དང་འདུན་པ་བསྐྱེད་ལ་མཚམས་དམ་པོར་བཅད་པས་བར་ཆད་མི་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན་ནོ། །ཉིན་མོ་སྣང་བ་བཟོ་མེད་ལྷུག་པར་བཞག །སྲོད་ལ་རིག་པ་གཟེངས་བསྟོད། མ་བྱིང་མ་རྨུགས་པར་སིང་ངེ་ཡེ་རེ་བཞག་གོ །ནམ་གུང་གཉིད་དང་ཆོས་ཉིད་བསྲེས་ལ་རྟོག་མེད་དུ་ཉལ། ཐོ་རངས་དྲན་པ་གསལ་བཏབ་ལ་ལྷའི་ང་རྒྱལ་གྱིས་ལྡང་། ལུས་ལྷར་བསྒོམ། ངག་སྔགས་བགྲང་། སེམས་སྤྲོས་བྲལ་ལ་བཞག །དམ་བཅའ་ཡུན་ཐུང་ལ་གྲངས་མང་བར་བསླབ་བོ། །ཞེས་དང་། སྒྲུབ་པ་མ་ཐོན་བར་དུ་གཞན་དོན་མི་བྱ། ཆོས་མི་བཤད། གནས་མི་སྤོ། སྟན་མི་སྤྲུག །གདོང་དང་ལག་པ་མི་བཀྲུ། སྐྲ་དང་ཁ་སྤུ་མི་འདྲེག །ཐོན་པ་དང་དངོས་གྲུབ་བླང་། བཤགས་པ་བྱ། གཏང་རག་གཏོང་། དགེ་བའི་རྩ་བ་བསྔོ་བ་བྱའོ། །ཞེས་གསུངས་ཤིང་། བླ་མ་དགོངས་འདུས་ཞལ་གདམས་དམར་ཁྲིད་ལས། སྒྲུབ་པ་མ་ཐོན་གྱི་བར་དུ་གཞན་གྱི་གོས་མི་གྱོན༔ གྲིབ་འཇུག༔ སྒྲུབ་པ་གཡེལ་ལ་འཆོར་བ་ཡིན༔ ཟས་བཟང་ཐལ་ན་ཉོན་མོངས་པའི་དབང་དུ་འགྲོ༔ ངན་ན་ལུས་སྟོབས་ཉམས་ནས་དཀའ་ཐུབ་མི་ནུས་པས་བཟང་ངན་སྙོམས་ཤིང༔ ཚོད་ཟིན་པར་བྱ༔ དམ་ཉམས༔ ཡུགས་ས༔ དམེ་པོ༔ རྐུན་མ༔ སྡོམ་ཤོར་ལ་སོགས་པ་ཉམས་གྲིབ་ཅན་དང༔ གདོན་ཅན་གྱི་ལག་ནས་ཟས་མི་ཟ༔ དེ་ཟོས་ན་སྒྲུབ་པ་ཁ་འགྱང༔ མཐར་མི་ཕྱིན་པར་བར་ཆད་འབྱུང་བ་ཡིན༔ མལ་གྱི་སྟན་མི་སྤོ༔ སྒྲུབ་པ་དང་དམ་བཅའི་ཚད་མ་ཐེམས་བར་དུ་སྟན་སྤོས་སམ༔ མལ་སྤོས་ན་དྲོད་རྟགས་ཡལ་བ་དང༔ གློ་བུར་ཡེ་འདྲོག་འབྱུང༔ གཞན་གྱི་སྲུང་སྐྱོབ་བྱས་ན་ནུས་པ་ཉམས་པས༔ གཞན་གྱི་སྲུང་སྐྱོབ་དང་འདྲེ་བརྡུང་མི་བྱ༔ གོས་དྲེག་པ་ཅན་དང་ལུས་མི་བཀྲུ༔ དངོས་གྲུབ་ཡལ་ནས་འགྲོ་བ་ཡིན༔ སྐྲ་སེན་དང་ཁ་སྤུ་བྲེགས་ན་སྔགས་ཀྱི་ངར་ཉམས་པ་ཡིན་པས་མི་བྲེག༔ མཚམས་ཁུང་ནས་ཆོས་མི་བཤད༔ སྒྲུབ་རྟགས་མི་ཐོན་པ་ཡིན༔ དམ་བཅའི་ཁས་ལེན་ཡུན་རིང་པོར་བྱེད་ཅེས་དུས་གཅིག་ལ་མི་བྱ༔ བདུད་འཇུག་པ་ཡིན་པས་བསྲིང་ཞིང་བྱ༔ གཞན་དང་ངག་བསྲེས་ན་སྔགས་གྲས་སུ་མི་འདོད་པས་སྨྲ་བ་གཅད༔ གསང་སྔགས་དང༔ རྡོ་རྗེ་ཁྲོ་བོའི་བཟླས་པ་རྣམས་གསང་མཐོན་པོར་བཀླགས་ན༔ ནུས་པ་ཉམས་ཤིང་མི་མ་ཡིན་ཕྲ་མོ་སྐྲག་ནས་དངངས་ཤིང་བརྒྱལ་བར་འགྱུར་བས་ཤབ་ཤུབ་ཏུ་དག་པར་བཟླ༔ གན་རྐྱལ་དུ་ཉལ་ནས་ཕྲེང་བ་བྲང་གི་སྟེང་དུ་འདྲེན་ཞིང་བཟླས་པ་བྱས་ན༔ རང་གིས་རང་མནན་པ་ཡིན༔ ལར་ཡང་ལུས་དྲང་པོར་གནས་ན༔ རྩ་དྲང་པོར་གནས༔ དེས་རླུང་དྲང་པོར་རྒྱུ༔ རླུང་རིག་གཉིས་ཟུང་དུ་འབྲེལ་བས༔ རླུང་དྲང་པོར་འགྱུ་ན༔ རིག་པ་གང་ལ་གཏད་པའི་དམིགས་པ་དང༔ ཏིང་ངེ་འཛིན་ལས་སུ་རུང་བའི་དགོས་པ་ཡོད༔ ལུས་གནད་བསམ་གཏན་གྱི་ཆོས་བདུན་ལ་སོགས་པ་ཤིན་ཏུ་གཟབ་པ་གལ་ཆེ༔ ཕུ་མི་བཏབ༔ མཆིལ་སྣབས་གསད་ཟློག་མངོན་སྤྱོད་ཀྱི་དུས་མ་གཏོགས་པ་ཕྱིར་མི་འདོར༔ སྔགས་ལ་སེལ་འཇུག༔ ངག་གནོན་དུ་འགྱུར་བས་མཆིལ་སྣབས་འགྲིམ་ལམ་དུ་མི་འདོར༔ ཉིན་པར་གཉིད་མི་ཉལ༔ འདི་ལ་སྐྱོན་གྱི་རྣམ་གྲངས་ཤིན་ཏུ་མང་བས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་སྤང༔ སྒྲུབ་པ་མ་ཐོན་གྱི་བར་དུ་བྱ་བྱེད་རྣམ་གཡེང་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུག་ཅིང་གཟིང་བའི་ལས་མི་བྱ་བར༔ གང་ཡིན་པའི་སྒྲུབ་པ་དེ་ཉིད་ལ་རབ་ཏུ་འབད་དེ་མཐར་དབྱུང༔ འགྲུབ་རྟགས་བཟང་ངན་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང༔ དགའ་བ་དང་མི་དགའ་བའི་བླང་དོར་གྱི་བརྟག་དཔྱད་གང་ཡང་མི་བྱེད་པར་རྣལ་འབྱོར་པའི་བློ་རང་མལ་དུ་ཕབ་ལ་སྒྲུབ་པ་ནར་གྱིས་བསྲིང༔ དཀའ་ཐུབ་དང་སྒྲུབ་པ་ཐོན་ནས༔ གཏང་རག་གི་མཆོད་པ་ཡང་རིམ་པར་གཏང༔ མཚམས་གློད་ནས་ཀྱང་ཞག་འགའི་བར་དུ་མཚམས་རྗེས་བསྲུང་ཞིང་གྲོང་ཡུལ་ལ་སོགས་པར་མི་འཁྱམས༔ རང་གི་མལ་དུ་ཞག་གསུམ་གྱི་བར་དུ་གཞན་མི་བསྙལ༔ སྒྲུབ་རྫས་དམ་ཚིག་མི་གཅིག་པའི་མིས་མ་མཐོང་བ་བྱ༔ སྒྲུབ་རྫས་གཞན་ལ་མི་བསྟན༔ དངོས་གྲུབ་ཀྱི་རྫས་མི་ལ་མི་སྦྱིན༔ རང་གིས་ལོངས་སྤྱོད༔ སྒྲུབ་པའི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་ཅི་བྱུང་ཡང་མཚམས་ཧར་འདོན་མི་བྱ༔ བར་གཅོད་ཀྱི་བདུད་ཡིན་པས་ངོས་བཟུང་ལ་རྐྱེན་ཁར་མི་གཏང༔ ལར་བསྙེན་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས་སྤྱོད་ལམ་གང་བྱུང་བྱུང་མི་བྱ༔ ཟས་ཅི་རྙེད་རྙེད་མི་ཟ༔ གོས་དྲེག་པ་ཅན་བེམ་པོ་ལ་སོགས་གྲིབ་ཅན་མི་གོན༔ གར་ཐོད་ཐོད་དུ་མི་ཉལ༔ ཟག་པ་མིས་མཐོང་བ་དང་འགྲིམ་ལམ་དུ་མི་འདོར༔ བརྟུལ་ཞུགས་ཀྱི་སྤྱོད་པ་དུས་མ་ཡིན་པར་མི་བྱ་བ་སོགས་ཏེ༔ རྣམ་པ་ཐམས་ཅད་དུ་སྤྱོད་ལམ་ཤིན་ཏུ་གཟབ་པ་གལ་ཆེ༔ སྤྱིར་བདེ་བར་འདོད་ན་དང་པོ་དཀའ་ཐུབ་ལ་སོགས་སྡུག་བསྔལ་གྱིས་ཐོག་དྲངས་ནས༔ ཉིན་ནུབ་ཀྱི་ཆ་བགོས་ཏེ༔ ཉམས་ལེན་སྲང་ལ་གཅུར་ན་བདེ་ཡུན་རིང་བར་ཡོང་བ་ཡིན་པས་སེམས་ལ་ཞོག༔ ཅེས་དང་། ཡང་དེ་ཉིད་ལས། གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་རྒྱུན་དུ་ངག་གི་མཚམས་སྨྲ་བ་བཅད་པ་གལ་ཆེ༔ གཡེང་བ་རྣམས་ཀྱི་ནང་ནས་ཆེ་བ་དེ་སྨྲ་བ་མང་བ་ཡིན་པས༔ ལོང་གཏམ་དབ་དིབ་དགེ་སྦྱོར་གྱི་སད་ཡིན༔ སྨྲ་བཅད་བྱས་ན་མཚམས་ཀྱི་ནང་ནས་མཆོག་དམ་པ་སྟེ༔ ལུས་ཚོང་དུས་ན་འདུག་ཀྱང་མི་ལྟོའོ༔ དཀའ་ཐུབ་ཇི་ཙམ་བྱེད་པ་སྨྲ་གཅད་ནུས་ན་ཤིན་ཏུ་ཡང་ལེགས༔ དེ་ཙམ་མ་འགྲུབ་ཀྱང་དགེ་སྦྱོར་གང་དང་གང་གི་ཐུན་མཚམས་ཀྱི་བར་དུ་སྨྲ་གཅད་ཅི་ནས་ཀྱང་བྱེད་དགོས༔ གང་བྱེད་པའི་དགེ་སྦྱོར་སྨྲ་བ་བཅད་དེ་གཞན་ཚིག་གི་བར་མ་ཆོད་པར་བྱས་ན༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་ཀྱི་བྱ་བ་མ་ཡིན་པའི༔ སྨྲ་བ་མང་བ་ལ་དགོས་པ་མེད་ཅིང༔ སྨྲ་བ་བཅད་ནས་བཟླས་བརྗོད་ལ་སོགས་པ་ངག་གི་སྒོ་ནས་བྱང་ཆུབ་སྒྲུབ་པའི་བྱ་བ་མ་བྱས་ན་ལྐུག་པ་དང་འདྲ་བས་སེམས་ལ་ཞོག༔ ཅེས་གསུངས་པ་དང་། རཏ་གླིང་རྟ་མགྲིན་གསང་འདུས་ཞལ་གདམས་སྲོག་ཁྱིམ་ལས། རྟེན་འབྲེལ་གནད་ཀྱི་སྤང་བྱ་འདི་ལྟ་སྟེ༔ མལ་སྟན་ནམ་མཁར་སྤྲུགས་དང་འཛིན་གཏོར་ཁྱི་ལ་ཤོར༔ རྭ་འམ་རུས་པའི་ཕྲེང་འདྲེན་གང་བྱེད་ཀྱང༔ མི་འགྲུབ་ཞུད་པས་སྤང་བ་གནད་གཅིག་ཡིན༔ མདུན་བསྐྱེད་རང་ལས་མཐོ་དང་རྫས་མ་ཚང༔ གོང་གནོན་མེད་པས་འགྲུབ་དཀའ་མཁས་པས་སྤང༔ འདི་དག་གཅེས་པས་སྐལ་ལྡན་སྙིང་ལ་ཆོངས༔ གཞན་ཡང་མན་ངག་གནད་བསྡུས་བསྟན་པར་བྱ༔ སེར་བ་མུན་ཁུང་སྒྲུབ་ཅིང་ཁ་ཟས་མངར༔ བཟའ་བཏུང་རླངས་པ་ཅན་ཟོས་གདན་དྲོད་ཡལ༔ ཁྱི་དང་བུད་མེད་འགྲོགས་ན་ཞུད་ནས་འགྲོ༔ ལྟས་ངན་བསྒྲུབ་པར་སྐུ་གསུང་ཐུགས་རྟེན་སྤང༔ མོ་དང་པྲ་སྒྲུབ་ས་རུ་མི་ཤ་རྟ་ཁྲག་སྤང༔ ནོར་སྒྲུབ་བྱེད་དུས་གཏོར་གཞོང་སྣོད་མི་བཤལ༔ ནང་ཁྲོལ་ཤ་རྣམས་གཏོར་མར་བྲན་མི་བྱ༔ མཐུ་ཕྲན་སྒྲུབ་སར་དབང་བསྐུར་ཚེ་སྒྲུབ་སྤང༔ ལྟས་ངན་སྒྲུབ་སར་ངེས་དོན་སྟོང་ཉིད་སྒོམ༔ ཐམས་ཅད་སྒྱུ་མར་ལྟ་བ་སྤང་བར་བྱ༔ ཚེ་གཟུངས་མི་འདོན་སྟན་ཡང་སྤྲུག་མི་བྱ༔ རྭ་དང་རུས་པའི་ཕྲེང་བ་བྱིན་རླབས་ནུས་མི་འབྱུང༔ མདུན་བསྐྱེད་རང་ལས་མཐོ་ན་འཁུ་ལྡོག་འབྱུང༔ མནན་པ་བྱེད་ན་མཚོ་དང་སྲང་ཆུ་མིག༔ དེ་རུ་མི་རྐོ་རྒྱབ་ཏུའང་བཞག་པ་མིན༔ ཞེས་སོགས་འབྱུང་བ་རྣམས་ཀྱི་བླང་དོར་གྱི་གནད་དང་ལྡན་པ་དང་། གཞན་ཡང་རྟག་ཏུ་ཐིག་ལེ་མ་ཉམས་པ་གལ་ཆེ་སྟེ་ཉམས་ན་མཁའ་འགྲོ་རྣམས་མི་དགྱེས་ཤིང་ཏིང་ངེ་འཛིན་མི་གསལ་ནུས་པ་ཆུང་བ་སོགས་ཉེས་པ་མང་དུ་བསྐྱེད་པས་ངེས་པར་འཛེམ། ནཱ་རོ་པས། ཁ་མ་བཤལ་བར་སྔགས་ཟློས་སྤང་། གསུངས་པ་བཞིན་གཟུངས་ཆུས་ཁ་ངེས་པར་བཤལ་དགོས། སྒྲུབ་ཁང་དུ་ཁྱི་ཞིམ་བུ་ཡུགས་ས་སོགས་བུད་མེད་གྲིབ་ཅན། མཛེ་ཕོ། དམེ་ཅན། སྡིག་ཅན་དམ་ཉམས་ཀྱི་རིགས་མི་གཏོང་ཞིང་། ཐོག་སྟེང་དུ་ཡང་འགྲིམ་དུ་མི་འཇུག །མན་ངག་དང་མི་ལྡན་པར་སྒོག་བཙོང་། ལ་ཕུག །ལན་ཚྭ་ཧ་ཅང་ཆེས་པ། མཚོན་རྩེ་ཁ་ནང་དུ་འཇུག་པ། མེ་ལ་ཕུ་འདེབས་པ་སོགས་སྔགས་ཀྱི་ནུས་པ་ཉམས་བྱེད་སྤྱི་དང་། ཁྱད་པར་ལྕེ་ཤ་ངེས་པར་སྤང་། རང་གི་མལ་སར་མི་མི་གཏོང་བ་དང་། སྟན་དྲོན་མོའི་ཁར་གཞན་སྡོད་དུ་མི་འཇུག །གོས་དྲོད་མ་ཡལ་བ་གཞན་ལ་མི་བསྐོན། གཞུ་མི་ཕབ། མདའ་མི་གཅོག །མཚོན་ཆའི་རིགས་ལ་འགོམ་པ་དང་། གཅོག་པ་སོགས་བགྱིས་ན་ལྷ་སྲུང་མི་དགྱེས་པས་འཛེམ་དགོས་པ་ཆོས་སྲུང་གི་དམ་ཚིག་གཞན་ནས་ཀྱང་གསུངས། འགྲུབ་ན་གོས་དྲེག་པ་ཅན་དང་། བེམ་དུག་ལྕི་པོ་སོགས་གྲིབ་ཅན་གྱི་རིགས་མི་གྱོན་ཞིང་སྣོད་གས་ཆག་བརྡོལ་བ་དྲི་མ་ཅན་སོགས་སུ་ལོངས་མི་སྤྱད། རྟགས་མཚན་ཅི་བྱུང་ཡང་གཞན་ལ་མི་བཤད། དམ་སེལ་དང་གདོན་ཅན་གྱི་རིགས་ལ་སྲུང་འཁོར་དང་འདྲེ་བརྡུང་སྔགས་ཆུ་དང་སྲུང་སྐུད་སྟེར་བ་སོགས་གཏན་ནས་མི་བྱེད། དམིགས་འོག་ཏུ་མ་ཆུད་པའི་མི་ཕར་མ་མཐོང་བ་དང་། དེས་ཀྱང་རང་མི་མཐོང་བར་བྱ། རྒྱུད་ལས་འབྱུང་བའི་སྒྲུབ་པ་ལྷག་པའི་དམ་ཚིག་ཉི་ཤུ་པོ་རྣམས་ཀྱང་ལེགས་པར་བསྲུང་། བསྙེན་བཟླས་ཀྱི་སྐབས་སུ་ཡེངས་འཁྲུལ་སོང་ནས་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མར་འཇུག །བགེགས་བསྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམས་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བའི་ཆེད་དང་། ལུས་ངག་ཡིད་ཀྱི་མཚམས་མ་བསྡམས་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས། ཡང་བཟླས་པའི་ཕྱེད་གཅིག་ཏུ་བྱས། ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བསྙེན་པའི་གོ་མི་ཆོད་དོ། །དུས་ལས་འདས་ཞེས་པ་ནི་བསྙེན་སྒྲུབ་ཀྱི་ཐོག་མ་ནས། ཐུན་དྲུག་གམ་ལྔའམ་བཞི་སོགས་གང་བཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོན་བར་སྒྲིག་ལ་འདེབས་དགོས་ཀྱི་རང་གི་དལ་ཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་པར་གསུངས་སོ། །ཡང་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་ལས། རྒྱུན་དུ་རང་ཉིད་ཡི་དམ་ལྷ་དེའི་སྐུ་གསུང་ཐུགས་དངོས་ཡིན་སྙམ་པའི་ང་རྒྱལ་མ་བྲལ་བའི་ངང་། བཟླས་པ་ཕྲེང་སྐོར་རེ་སོང་མཚམས་སུ་སེམས་ཅན་རྣམས་ལ་བཅོས་མིན་གྱི་སྙིང་རྗེའི་ཤུགས་དྲགས་པོ་རེ་དང་། བླ་མ་ལ་མོས་གུས་གདུང་བས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། ཡི་དམ་ལ་ལྷ་མཆོག་ཐུགས་རྗེའི་བདག་ཉིད་ཁྱེད་རང་མཁྱེན་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་བྱེད་པ་རྣམས་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་དམ་པ་ཡིན་པར་གསུངས་པ་དང་། ལྷག་པར་རྐྱེན་ངན་ལྷོངས་པ་དང་རེ་དོགས་འཁུ་འཕྲིག་གི་བསམ་པ་ཤར་དུས། ན་ནའང་ན་གོ་ཆོད་ཤི་ནའང་ཤི་གོ་ཆོད། ད་རེས་སྒྲུབ་པ་འདི་མ་ཐོན་གྱི་བར་དུ་རྐྱེན་ངན་བར་ཆད་ཀྱི་དབང་དུ་གཏོང་རི་ཤིའོ་སྙམ་དུ་ཞེ་དམ་དྲག་པོ་ཡང་ཆགས་མེད་དུ་བྱ་དགོས་པར་གསུངས་ཤིང་། དྲེགས་འདུལ་བསྙེན་ཡིག་ལས། ཐུན་བཞི་མ་ཧ་ཅང་ཐུན་ཁྲིགས་མང་བས་བཟླས་པ་ལ་འགོར་ན་ཐུན་གསུམ་མམ་གཉིས་སུ་དྲིལ་བའི་ཕྱག་ལེན་ཡང་ཡོད། དེའི་ཚེ་ཐོར་ཐུན་དང་སྔ་ཐུན་གཅིག་ཏུ་བྱ་ཞིང་། དགོང་ཐུན་དང་སྲོད་ཐུན་གཅིག་ཏུ་བྱས་པས་བཟླས་པ་མང་དུ་འགྲོ་བའི་དགོས་པ་ཡོད། ཐུན་ཇི་ལྟར་ཐུང་ཡང་བཟླས་པ་འབྲུ་བཅོ་ལྔ་ཚུན་ཅན་སྟོང་ཕྲག་མ་སོང་བས་མི་རུང་། ཐུན་མཚམས་ཇི་ལྟར་རིང་ཡང་ཐུན་གྱི་བཞི་ཆ་ལས་རིང་བ་མི་རུང་བ་ཡང་སྤྱི་ཙམ་དུ་ཤེས་པར་བྱའོ། །ཞེས་འབྱུང་། ཡང་རྒྱལ་སྲས་རིན་རྣམ་ཞལ་ནས། སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི་ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་ཅིང་བློ་དཔངས་གཏོད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་ཐམས་ཅད་རྒོད་ནས་དམིགས་པ་མི་གསལ་ན་ཏིང་ངེ་འཛིན་སེམས་དཔའ་ཁོ་ན་ལ་སེམས་བཟུང་སྟེ་ཤུབ་བུར་བཟླ། འཇིག་རྟེན་གྱི་རྣམ་རྟོག་ལ་གཡེངས་ནས་སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱིས་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིག་སྟེ་ཧུར་བསྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན། མྱུར་དུ་འགྲོ་བར་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་བསྐྱེད་ནས་དལ་བ་མི་བྱ། སྐབས་རེར་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བརྟེན། གཡེངས་ཞིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀག་པའི་གཏམ་བྱ་བ་སྐད་དང་། གཞན་ལ་བྱིན་རློབ་དང་སྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ །མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། འཇུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེང་ཞིང་ཉོག་པ་སེམས་མི་བདེ་བ་དང་གཉིད་ཡར་བ་སོགས་བྱུང་ནས་སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན། དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་བར་ལོངས་མི་སྤྱད། སྤྱིར་ཡང་མཚམས་ཀྱི་འགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟར་སྐྱེས་ན་ཐོལ་སྐྱེས་དེ་ཁ་དྲན་པས་ཆེར་བཟུང་སྟེ་ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འབྲེག །སྟན་མི་སྤྲུགས། ཁ་ལག་མི་བཀྲུ། ཁམས་གསེང་བ་སོགས་ཀྱི་དུས་ཕྲེང་བ་ལ་མདུད་པ་རྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་སྲུང་ཞིང་སྟན་གྱི་དྲོད་མ་ཡལ་བ་བྱེད། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་གི་བསྙེན་པ་ཡིན་གཞན་སུས་ཀྱང་མ་ཤེས་པར་བྱ་སྟེ། བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད། མཚམས་གྲོལ་ནས་ཀྱང་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པ་བྱས་ཏེ་གྲིབ་དང་བགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །ཞེས་གསུངས་པ་དེ་རྣམས་ཀྱིས་མཚམས་ཀྱི་ལག་ལེན་སྤང་བླང་གི་གནད་ཡོངས་སུ་རྫོགས་པ་བསྟན་གྲུབ་པ་ཡིན་ནོ། །བསྙེན་པ་གྲུབ་ནས་ཁ་སྐོང་དུ་སཱཙྪ་གདབ། ཆུ་གཏོར་དང་ཚོགས་སྐོང་བརྒྱ་རྩ་སོགས་བྱེད་པར་བཤད་ཅིང་། ཁྱད་པར་མཚམས་ཁོང་དེ་ཉིད་དུ་ཁ་སྐོང་བཟླས་པའི་བཅུ་ཆའི་སྦྱིན་སྲེག་ཀྱང་གྲུབ་ན་ལེགས་ལ། མ་འགྲུབ་ཚེ་སླར་ལོང་སྐབས་དང་བསྟུན་ནས་བགྱིས་པས་ཆོག་གོ །ཐོ་དྲུང་དུ་ཕྱིན་ཏེ་རྒྱལ་ཆེན་ལ་མཆོད་གཏོར་ཕུལ། བསྟོད་པ་བགྱིས་རྗེས་སྔར་གྱི་ཕྲིན་ལས་བཅོལ། གཤེགས་གསོལ་བགྱིས་ཏེ་ཐོ་འགྲོལ། མཚམས་གྲོལ་མ་ཐག་མིག་དགྲ་ཕྱོགས་སུ་བལྟས་ལ་ལྟ་སྟངས་བྱས་པས་དེ་མྱུར་དུ་ཐུལ་བའི་དགོས་པ་ཡོད། རྟེན་གསུམ་ལ་ཕྱག་དང་མཆོད་པ་སྤང་སྐོང་ཕྱག་བརྒྱ་པ་བཀླགས་ན་དོན་གཉིས་འགྲུབ་པའི་རྟེན་འབྲེལ། སཱཙྪ་ཆུ་སྦྱིན་བྱས་ན་གཞན་དོན་རྒྱ་ཆེན་འབྱུང་བའི་རྟེན་འབྲེལ། མིག་ཉི་ཟླའི་ཕྱོགས་སུ་བལྟ་བ་ཡང་བྱ་སྟེ། ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་གསུངས་སོ། །ཡིག་ཆ་འདི་སྟེང་འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་བསྙེན་སྒྲུབ་སྤྱི་གཅེས་ཉིད་བསྡེབ་པར་བྱས་ན་སྤང་བླང་གི་གནད་མ་ལུས་པ་རྟོགས་པར་འགྱུར་བ་ཡིན་ནོ། །གྲལ་གཤོག་བསྙེན་སྒྲུབ་མིང་ཙམ་བྱེད་མང་ཡང་། །ཚུལ་བཞིན་ཤེས་ནས་ལག་ཏུ་ལེན་པ་དཀོན། །དེས་ན་སྔགས་སྤྱོད་གསར་བུ་མ་མཐོང་བའི། །གཡང་ལས་སྲུང་བའི་དམིགས་བུ་འདི་རྨད་དོ། །ཡན་ལག་བཞི་ལྡན་བསྙེན་སྒྲུབ་ཚུལ་བཞིན་དུ། །ཉམས་འོག་ཆུད་ནས་ལམ་གྱུར་རིག་འཛིན་བཞིའི། །གོ་འཕང་དཀའ་བ་མེད་པ་ཐོབ་པ་དང། ཁམས་གསུམ་དཀྱིལ་འཁོར་གསུམ་དུ་སྒྲོལ་གྱུར་ཅིག །ཅེས་རྩ་གསུམ་སྤྱིའི་བསྙེན་པའི་ཆ་རྐྱེན་དུ་ཉེ་བར་མཁོ་བར་མཐོང་ནས། རྒྱལ་དབང་པདྨའི་སྔགས་རིག་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

གཉན་ཆེན་ཐང་ལྷའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ལས་ལོ་རྒྱུས་ (Volume 39, Text 25)

༄༅༔ གཉན་ཆེན་ཐང་ལྷའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ལས་ལོ་རྒྱུས་བཞུགས་སོ༔ ས་མ་ཡ་ཁ་ཐམ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱང་ལམ་བར་པ་ནས༔ བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ༔ གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ལ་ཡེ་རེ་བ༔ རྨིག་བཞིས་རུ་བཞིའི་ས་མདུད་ནོན་པ་གཅིག་བྱས་ནས༔ སློབ་དཔོན་གྱི་དྲུང་ན་ཚུར་བྱུང༔ ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང༔ གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིགས་ནས༔ སྐྱེས་པ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན༔ གཡུའི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ༔ རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ༔ དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ༔ གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་ཡལ་གམ་ཅན་ཞིག་འདུག་སྟེ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་སྟོངས་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུངས་སོ༔ ཐང་ལྷས་ཞུས་པ༔ བདག་གཉིས་ལ་འབྲེལ་བ་བཞི་མཆིས་སོ༔ བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ༔ ཆེ་མཉམ་དཔུང་གིས་འབྲེལ་ལོ༔ བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ༔ བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས༔ རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ༔ བདག་སྡེ་པ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས༔ ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ད་ནངས་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི༔ བདག་དམ་ཚིག་ཉམས་པའི་སྲོག་བདུད༔ དམ་ཚིག་ཉམས་པའི་གཤེད་མ༔ གྲིབ་གནོན་མ་རབས་ཀྱི་གཉའ་ནོན༔ སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས༔ དེ་རྣམས་མཐོང་བ་དང་བདག་ལ་རང་བཞིན་གྱིས་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་སློབ་དཔོན་གྱིས་གསུངས་པ༔ འོ་ན་གཉན་ཆེན་ཐང་ལྷ་ཁྱོད༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་རང་བཞིན་གྱིས་འགོ་བར་འདུག་པས༔ རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་རྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག༔ རྒྱལ་པོས་མཆོད་ཅིག་གསུངས་སོ༔ ལྷ་ཆེན་པོ་ཐང་ལྷ་དང་བོད་ཀྱི་ཆོས་སྐྱོང་རྒྱལ་པོ་སྨོན་ལམ་འབྲེལ་བའི་ལོ་རྒྱུས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱེ༔ ༈ གཉན་ཆེན་ཐང་ལྷའི་མཆོད་ཕྲེང་ལས་བཞི་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་སློབ་དཔོན་པདྨ་འབྱུང་གནས་མཐའ་འཁོབ་བོད་ཀྱི་ཡུལ་དུ་བྱོན་པའི་དུས་སུ༔ བོད་ཀྱི་ལྷ་སྲིན་ཐམས་ཅད་ཀྱིས་ཐོ་འཚམ་སྟེ༔ ཐང་ལྷ་ཡར་ཞུར་གྱིས༔ སློབ་དཔོན་ལ་ཁ་བ་ཕབ་བུ་ཡུག་འཚུབས༔ སྨུག་པས་ཤུལ་ལམ་བཀག་པ་ལ༔ སློབ་དཔོན་པདྨ་ཐུགས་ཁྲོས་ཏེ༔ དཔལ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་པས༔ ལྷ་སྲིན་ཐམས་ཅད་བྲེད་ཅིང་འདུ་བའི་ཚེ༔ དེ་ཡི་དུས་སུ་ཐང་ལྷ་ཡར་ཞུར་བཏུལ་ནས༔ དམ་ལ་བཏག་སྟེ་སློབ་དཔོན་གྱིས་གསུངས་པ༔ ལྷ་ཆེན་ཐང་ལྷ་ཡར་ཞུར་ཁྱེད་ཀྱི་སྲོག་གི་སྙིང་པོ་གང་ཡིན༔ ནུས་པའི་ཕྲིན་ལས་ཅི་ནུས་གསུངས་པས༔ ཐང་ལྷས་སྲོག་གི་སྙིང་པོ་རང་དབང་མེད་པར་ཕུལ་བ་ནི༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་ཛ་ཛཿས་མ་ཡ་ཧཱུྃ་ཕཊ༔ དེ་ནས་གསང་མཚན་ཕུལ་བ་ནི༔ རྡོ་རྗེ་འབར་བ་རྩལ་ཨ་ཛ་ཛ་ཧཱུྃ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་གི་ཕྲིན་ལས་ནི་སྨྱོ་བའི་འདྲེ་འདུལ་ཞིང་སྡང་བའི་དགྲ་སྲོག་གཅོད་པ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཐང་ལྷ་ན་རེ༔ སློབ་དཔོན་ཉིད་ཀྱིས་བཀའ་ལ་མི་ཉན་པའི་དབང་མེད་དོ༔ བདག་ལ་ཟས་སྐལ་གཅིག་སྩོལ་ཅིག༔ ཞེས་ཞུས་སོ༔ ཁྱོད་ཀྱི་ཟས་སྐལ་ཇི་ལྟར་ཡིན༔ ཐང་ལྷས་ཞུས་པ༔ བདག་དངོས་ཀྱི་ཟས་སྐལ་ནི༔ འབྲུའི་ཟན་སོར་བཅུ་གཉིས་པ་ཟུར་གསུམ་པ༔ གསེར་གཡུ་བྱེ་རུ་རིན་ཆེན་སྣ་ལྔ་བརྡར་ལ༔ རྔོན་ཆ་གཅིག༔ གཙང་ལུག་གཅིག༔ ཆུ་ཕུད་གཙང་མ་གཅིག༔ གྲ་ཕྱིང་གཙང་མའི་སྟེང་དུ་བཞག་ལ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་གསོལ་ཅིག་ཅེས་ཟེར་ནས་ཐང་ལྷ་ཡར་ཞུར་མི་སྣང་བར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱིས་ཤེལ་གྱི་རྔ་ཆུང་ཕྱག་ཏུ་བསྣམས་ནས༔ ཕྱི་རབས་ཀྱི་དོན་དུ་འདི་སྐད་གསུངས་སོ༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང༔ སེངྒེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྟེན་ཅིང་རྒྱང་མ་རིང༔ འཇིག་རྟེན་སྲུང་མ་སྒྲུབ་ཅིང་མཐུ་མ་ཆུང༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྐུ་ལྷའི་ཡབ་སྨྲོས་པ༔ འོད་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨྲོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨྲོས་པ༔ ཡར་ཞུར་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་ལྡེམ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་ཞུར་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་ན༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་འཆིབ་ན༔ ལྷ་རྟ་ངང་དཀར་འཆིབ༔ ཁམས་གསུམ་ཀུན་དུ་རྒྱུ༔ མདོག་དཀར་འོད་ཟེར་འབར༔ ཕྱག་གཡས་སྦ་ལྕག་ཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་ཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློ༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་བྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང༔ སྡང་བའི་དགྲ་སྲོག་གཅོད༔ མགྱོགས་སུ་རྟ་གཏོད་ཀྱི༔ རྨིག་ཐོག་ཟོར་མ་ལྕི༔ རྣོ་རུ་མཚོན་བརྡར་གྱི༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ཏ་རེ༔ མགྱོགས་དང་དཀྱུས་འགྲན་ན༔ དཀྱུས་ཐོག་ཤོར་ར་རེ༔ སྡང་དགྲས་ཁྱེར་ར་རེ༔ བྱམས་གྱིས་སྐྱོང་ལ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་བསྒོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་རྒྱུད་ཆགས་པའི་གདུང་རྒྱུད་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ༔ ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་པ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མར་རི་རྒྱལ་བཀྲ་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ༔ ཐུགས་རྗེ་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གཡའ་ཆུ་གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ རྔོན་ཆ་དར་དང་ཟ་འོག་མཆོད༔ བསང་ལུག་འབྲས་དཀར་གཙང་མས་མཆོད༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དགུང་སྔོན་མཐོངས་སུ་མཆོད༔ དེའི་དུས་སུ་ཕྱག་ན་རྡོ་རྗེར་བསྒོམ༔ རྔ་ཆུང་དལ་གྱིས་བརྡུངས་ལ༔ དང་པོ་སེང་གེའི་མཆོང་དབྱངས་ཀྱིས་བསྐུལ༔ རྗེས་སུ་དཔའ་བོའི་འགྱིང་གླུའི་དམ་ཚིག་བསྒྲག་ཅིང་མཆོད་ན་རྣལ་འབྱོར་པའི་མགོན་དང་སྲུང་མ་བྱེད༔ སྡེ་པ་ཆོས་ལ་དཀར་བ་རྣམས་ཀྱི་མགོན་སྐྱོབ་དང་དགྲ་བླར་འགྱུར་རོ༔ གཉན་ཆེན་ཐང་ལྷའི་མཆོད་ཕྲེང་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ལྷ་ཆེན་ཐང་ལྷའི་གསང་སྒྲུབ་བཞུགས་སོ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ དྲེགས་པ་ཀུན་འདུལ་པདྨ་འབྱུང༔ བླ་མ་རིག་འཛིན་སྤྲུལ་སྐུ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདིར་ལྷ་ཆེན་པོ་ཐང་ལྷའི་གསང་བའི་སྲོག་སྒྲུབ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོའི་ལོ་རྒྱུས་དང་བསྒྲུབ་རྫས་བཤམ་པ༔ དངོས་གཞིའི་རྗེས་གནང་དང་སྒྲུབ་པ་བྱ་བ༔ རྗེས་གཏོར་མ་དང་བསྟོད་བསྐུལ་བྱ་བའོ༔ དང་པོ་ལོ་རྒྱུས་ནི༔ ཨོ་རྒྱན་ཆེན་པོས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཚར་བཅད་པའི་ཚེ༔ ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ༔ བདག་ལ་རིགས་མཐོ་བའི་རྗེས་མི་འབྲང་ཞིང༔ གཞན་ལ་མི་གནོད་པ༔ དོན་ཡེ་ཤེས་པ་ཡིན་པས་ཕྱི་མ་བདེ་གནས་སུ་འདྲེན་ནུས་པ༔ ཚུལ་འཇིག་རྟེན་པ་དང་མཐུན་པ༔ ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་སྒྲུབ་ནུས་པ༔ སྙིང་ཉེ་ཞིང་དམ་ཚིག་ལ་གནས་པས་བདག་གི་རྗེས་འབྲང་བརྒྱུད་པ་དང་བཅས་པ་འབྲལ་མེད་བུ་བཞིན་སྐྱོང་བ༔ མཐུ་རྩལ་ཐོགས་པ་མེད་པས་སྨྱོ་འདྲེ་དང་རྒྱལ་པོ་མངོན་སུམ་དུ་འདུལ་བ༔ བདག་ཆོས་སྐྱོང་བའི་རྒྱལ་པོའི་སྲོག་གི་ལྷར་བཅང་ཐུབ་པ་གཅིག་བརྩེ་བས་གནང་བར་ཞུ་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ སྤྱིར་བོད་ཀྱི་ལྷ་འདྲེ་ཕལ་ཆེ་བ་སྡེ་བརྒྱད་གདུག་པ་ཅན་གྱི་རིགས་ཡིན་པས་སྐུ་ལྷ་མི་ཉན་ཡང༔ ལྷ་ཆེན་པོ་ཐང་ལྷ་ནི༔ སྔོན་སངས་རྒྱས་མང་པོས་བྱིན་གྱིས་བརླབས་ཤིང༔ ས་ལ་གནས་ཤིང་བདེན་པ་མཐོང་བའི་དྲི་ཟའི་རྒྱལ་པོ་ཆེན་པོར་མདོ་ལས་གསུངས་པ་དེ་ཡིན་པས༔ གོང་གི་ཡོན་ཏན་མ་ལུས་པར་ལྡན་པས་དེ་ཉིད་རྒྱལ་པོའི་སྲོག་ལྷར་བསྐོ་བར་བྱ་ཞེས་གསུངས་ནས༔ སློབ་དཔོན་དཔལ་རྟ་མགྲིན་གྱི་དགོངས་པ་ལ་བཞུགས་པས༔ ལྷ་ཆེན་པོ་འཁོར་བཅས་མངོན་སུམ་དུ་བྱོན་ནས༔ བདག་གིས་ཅི་ལྟ་བུའི་ཕྲིན་ལས་བགྱི་ཞུས་པ་ལ༔ སློབ་དཔོན་གྱིས་ལྷ་ཆེན་དང་རྒྱལ་པོ་གཉིས་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་དམ་བསྲེས༔ ལྷ་ཆེན་གྱི་གསང་མཚན་རྡོ་རྗེ་འབར་བ་རྩལ་དུ་བཏགས་ནས་རྒྱལ་པོའི་སྲོག་གི་ལྷར་བསྐོས༔ ལྷག་པར་དུ་ཡང་རྗེ་དཔོན་རིགས་མཐོ་བ་ཀུན་གྱི་དགྲ་བླར་བསྟེན་ན་བཀྲ་ཤིས་རྟགས་མཚན་ཆེ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས༔ ཕྲིན་ལས་དང་དགོས་འདོད་ཡིད་བཞིན་དུ་བསྒྲུབ་བོ༔ འོན་ཀྱང་འདིའི་དམ་ཚིག་ཏུ་མཛེ་ཕོ་དང་ནལ་ཡུགས་སོགས་གྲིབ་ཆེ་བའི་རིགས་ཀུན་ལ་མཆོག་ཏུ་འཛེམ༔ བཀའ་དྲིན་ནོད་པའི་བླ་མ་ལ་དམ་ཚིག་གི་སེལ་མེད་ཅིང༔ འདི་ལྷ་ཆེན་གནད་ནས་གཟིར་བའི་སྲོག་སྒྲུབ་ཡིན་པས༔ དམ་ལྡན་རེ་རེ་ལ་གཅིག་བརྒྱུད་བྱེད་ཅིང་དེས་ཀྱང་ཚུལ་བཞིན་དུ་བསྟེན་པ་ལས་ཀུན་ལ་འཆོལ་བར་སྤེལ་ན་ཆོ་འཕྲུལ་དང་འཁུ་ལྡོག་མངོན་སུམ་དུ་བྱེད་པས་དམ་དུ་བྱ་ཞིང༔ འདི་མཆོད་པའི་སར་ལྷ་རིགས་དམན་པ་དང་ནག་པོའི་ཕྱོགས་སུ་གཏོགས་པ་རྣམས་ཀྱི་གསོལ་མཆོད་མི་བྱེད༔ དུས་ཀྱི་གཏོར་མ་མི་ཆག་པ་རྣམས་དམ་ཚིག་ལགས་སོ༔ ད་བསྒྲུབ་རྫས་བཤམ་པ་ནི༔ རས་དཀར་དྲི་མ་མེད་པ་ལ་དྲི་བཟང་པོའི་སྨན་གྱིས་བྱུག་པའི་གདན་ལ་དབུས་སུ་རིན་པོ་ཆེའི་སྣོད་གཙང་མར་གཏོར་མ་གྲུ་བཞི་ཤེལ་མཁར་གྱི་དབྱིབས་ཅན༔ རྩ་བ་དང་རྩེ་རྒྱལ་རཏྣ་གསུམ་འཛོམ་གྱིས་བསྐོར་ཞིང༔ པདྨ་འདབ་མ་བརྒྱད་ཀྱིས་མཚན་པ༔ ཁྲུ་གང་ངམ༔ རྐང་གང་ངམ༔ མཐོ་གང་སོགས་ཇི་ལྟར་འཚམ་པར་བྱ༔ དེའི་གཡས་གཡོན་རྒྱབ་གསུམ་དུ༔ གཡའ་ཆུ་གངས་ཆུ་སྐྱེ་ཆུ་གཙང་མའི་སྣོད་དང་མདུན་དུ་མཆོད་པའི་གཏོར་མ་ཟུར་གསུམ་མཐོ་གང་མཐེབ་སྐྱུས་བསྐོར་བ༔ མར་རྒྱན་དང༔ པདྨ་ཁ་དོག་དམར་བ༔ དེའི་ཕྱི་སྐོར་ལ་འབྲས་དཀར་དང༔ འབྲུ་དཀར་མོས་ཟླུམ་པོར་བསྐོར་བའི་ཕྱོགས་མཚམས་བརྒྱད་མཐོ་བར་བྱ་ཞིང༔ དར་ཟབ་སྣ་ལྔའི་གུར་དང༔ ལྡ་ལྡི་དང༔ གོ་མཚོན་སྤྱན་གཟིགས་མང་པོ་དང༔ རོལ་མོ་མང་པོ་དང༔ ཤིང་སྣ་མང་པོའི་བསང་ཁང་གསུམ་སོགས་གཏང་ངོ༔ མཆོད་པའི་ཚོགས་ཡིད་དུ་འོང་ཞིང༔ དྲི་ཞིམ་སྤོས་དཀར་གྱི་དུད་པ༔ ཛ་གད་བཟང་པོའི་ཕུད་རྣམས་ནི་བསྒྲུབ་རྫས་ཀྱི་རིམ་པའོ༔ དོན་གཉིས་པ་རྗེས་གནང་དང་སྒྲུབ་པའི་རིམ་པ་ལ༔ རྗེས་གནང་ནི༔ སློབ་དཔོན་རྟ་མགྲིན་རྒྱལ་པོ་དྲེགས་པ་ཀུན་འདུལ་དུ་གསལ་ནས༔ སློབ་མའི་ལུས་གངས་ཆུ་གཙང་མའི་ཁྲུས་ནས་བཏོན་ཞིང༔ སྤོས་དང་གུ་གུལ་དཀར་པོས་བདུག་ཅིང༔ ཕྱག་དང་མཎྜལ་སྔོན་དུ་འགྲོ་བས༔ སློབ་མས་སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བ་ལ་གསོལ་བ་འདི་ལྟར་དུ་བཏབ་བོ༔ དབང་ཆེན་རྒྱལ་པོ་ཧེ་རུ་ཀ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ བདག་ལ་རྡོ་རྗེ་འབར་བ་རྩལ༔ སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་དང༔ སློབ་དཔོན་དབང་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ལྷ་ཆེན་གྱི་སྐུ་ལ་ཕོག་པས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཟླ་བ་ཤར་བ་ལྟ་བུས་སློབ་མའི་ལུས་ཀྱི་བར་དུ་གཅོད་པ་སྦྱངས་ནས༔ ལུས་འོད་ཀྱི་ཕུང་པོར་དཀར་ལམ་གྱིས་སོང་བར་བསམ་ལ༔ འདི་སྐད་ཅེས་བརྗོད་དོ༔ ཧཱུྃ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ སྐལ་ལྡན་སློབ་མའི་སྒོ་གསུམ་ལ༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛ་ཧཱུྃ་བཾ་ཧོ༔ ཞེས་གཏོར་མ་སྤྱི་བོ་སོགས་སུ་བཞག་ཅིང་གདངས་དང་བཅས་པས་བརྗོད་དོ༔ གསུང་གི་རྗེས་གནང་ལས་གསོལ་བ་གོང་ལྟར་ལས་གསུང་ཞེས་འདོན་པ་བསྒྱུར༔ སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས༔ ལྷ་ཆེན་གྱི་གསུང་གི་ནུས་པ་སློབ་མའི་ལྕེ་ལ་ཐིམ་པར་བསམ་ཞིང༔ གདངས་ཚིག་སྔ་མ་ལྟར་བྱ་ཞིང༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་བཟླས་ལུང་སྦྱིན༔ ཐུགས་ཀྱི་རྗེས་གནང་ནི༔ གསོལ་བ་བཏབ་ཅིང༔ སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས༔ ལྷ་ཆེན་གྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བས༔ ལུས་འོད་སྔོན་པོའི་ཕུང་པོར་བསམ༔ ཚིག་གོང་ལྟར་འདོན་པ་བསྒྱུར༔ ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་ནི༔ གསོལ་བ་གོང་ལྟར་ལས༔ ལྷ་ཆེན་འཁོར་བཅས་ཀྱི་སྐུ་ལས༔ རིན་པོ་ཆེའི་ཆར་དང་འོད་ཟེར་སྣ་ལྔས་སློབ་མའི་ལུས་གང་བར་བསམ་ཞིང༔ གཞན་གོང་ལྟར་བྱ༔ དེ་ནས་དམ་བསྲེ་བ་ནི༔ རྡོ་རྗེ་འབར་བ་རྩལ་འཁོར་བཅས་སློབ་མའི་ལུས་ལ་ཐིམ་ནས་རྟག་ཏུ་འདུ་འབྲལ་མེད་པར་བསམ༔ དམ་ལྡན་རེ་རེ་མ་གཏོགས་པ༔ ཀུན་ལ་ལུང་བྱིན་དམ་ཚིག་ཉམས༔ རིན་ཆེན་སྲོག་བཞིན་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔ ྈྈྈྈྈ དེ་ལྟར་རྗེས་གནང་དང་ལུང་ཐོབ་ནས་བསྒྲུབ་པ་བྱ་བ་ནི༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ལུང་ཐོབ་ཅིང་བསྙེན་པ་ཁྲི་ཕྲག་གཅིག་བྱ༔ དེས་ལྷ་ལས་ལ་ཁོལ་བ་ཡིན་ནོ༔ དེ་ནས༔ རང་གི་མདུན་དུ་སྒྲུབ་གཏོར་ཤེལ་གྱི་ཁང་བཟང་རིན་ཆེན་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ་རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ༔ རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ༔ རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབ་པ༔ ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ༔ འཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ༔ དེ་ཡི་དབུས་སུ་ཉི་ཟླ་པདྨའི་གདན་ལ༔ སྟོབས་ལྟན་རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་རྒྱན་དུ་མས་མཛེས་པའི་སྟེང་ན༔ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལྟར་དུ་བརྗིད་པ༔ ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ༔ སྤྱན་གསུམ་རབ་ཏུ་བཀྲ་བ༔ དབུ་སྐྲའི་ཐོར་ཚུགས་དར་དཀར་པོས་བཅིངས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་བ༔ གཡོན་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ༔ ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ༔ སྤྱི་བོར་ནོར་བུ་འབར་བའི་ཏོག་དང༔ རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ༔ སྐུ་གཞོན་ཞིང་མཛེས་པ༔ རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་པ༔ དེའི་འཁོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ༔ དམག་ཚོགས་བྱེ་བ་འབུམ་སྡེ༔ ཐམས་ཅད་ཀྱང་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ༔ སྟེང་དང་ཕྱོགས་མཚམས་ཀུན་ནས༔ སྤྲུལ་པའི་དུང་ཁྲ་དཀར་པོ་དང༔ དུང་སྤྱང་ཕོ་མོ་དང༔ འབྲོང་གཡག་ཞོལ་ཅན་མང་པོ་ལྡིང་ཞིང་ངར་བ༔ དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོའི་མཐར༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་པ་དུང་གི་ཕྲེང་བ་ལྟ་བུས་བསྐོར་བ༔ རང་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ༔ ཧྲཱིཿཡིག་དམར་པོ་ལ་རྩ་སྔགས་ཀྱིས་བསྐོར་བ༔ དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས༔ ལྷ་ཆེན་གྱི་ནུས་པ་དང་གཟི་བྱིན་འོད་ཟེར་སྣ་ཚོགས་སུ་རང་ལ་ཐིམ་པར་བསམ་ཞིང༔ གོང་གི་སྙིང་པོ་འབུམ་ཕྲག་གསུམ་བཟླས་སོ༔ དེ་ལྟར་བཟླས་པ་རེ་ཞིག་ལ་དང་པོ་ལྷོང་ཚད་འབྱུང་བ་ཡང་ཡོད༔ གྲུབ་པའི་རྟགས་སུ་མི་དཀར་པོ་དང༔ ཁྲ་དང་སྤྱང་ཀི་དང༔ འབྲོང་གཡག་དང༔ དམག་ཚོགས་དང༔ གོ་མཚོན་ཐོགས་པ་དང༔ བུད་མེད་མང་པོས་བསྟོད་པ་དང༔ ཚོགས་དང་བཟའ་བཏུང་མང་པོ་དང༔ ཉི་ཟླ་ཤར་བ་དང༔ འབྲུ་དང་རིན་པོ་ཆེའི་རིགས་རྙེད་པ་དང༔ རིག་པ་བྱིན་ཕེབས་ཤིང་དྲི་ཞིམ་པོ་དང༔ སྨྱོ་འདྲེ་དང་རྒྱལ་པོའི་རིགས་འདུལ་བ་སོགས་བཟང་རྟགས་དུ་མ་དངོས་ཉམས་རྨི་ལམ་གསུམ་དུ་ངེས་པར་འབྱུང་ངོ༔ འདི་ནི་ཤིན་ཏུ་གཉན་ཞིང་ཟབ་པས༔ དམ་ཚིག་དང་ལྡན་པས་གསང་སྟེ་བསྒྲུབ་ན༔ ཤིན་ཏུ་དངོས་གྲུབ་མྱུར་ལ་ཚན་ཆེ་བས་རིགས་རྒྱུད་དང་བཅས་པ་ཕུན་སུམ་ཚོགས་ཤིང་རྒྱས་པར་འགྱུར་རོ༔ ྈྈྈ ྈ ྈྈྈ གསུམ་པ་རྗེས་ནི༔ གཏོར་མ་དང་བསྟོད་བསྐུལ་ལས༔ གཏོར་མ་ནི༔ བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གཏོར་མ་དཀར་གསུམ་མངར་གསུམ་གྱི་སྟེང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པ་འདི༔ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ཞལ་དུ༔ ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨོཾ་ཨཱཿཧཱུྃ༔ ཞེས་པ་བདུན་གྱིས་ཕུལ་ནས༔ ལྷ་ཆེན་འཁོར་བཅས་དགྱེས་ཤིང་བཀྲག་མདངས་ལྡན་པར་བསྒོམ་མོ༔ དེ་ནས་བསྟོད་པ་ནི༔ རོལ་མོ་དང་བཅས་པས༔ ཧཱུྃ༔ དཔལ་ལྡན་ལྷ་ཡི་ལྷ་མཆོག་ཁྱོད༔ འཛམ་གླིང་བྱང་ཕྱོགས་ཁ་བ་ཅན༔ ཁ་བ་ཅན་གྱི་བྱང་ལྗོངས་སུ༔ ས་གཞི་ལྗང་སྔོན་རྩི་བཅུད་རྒྱས༔ མེ་ཏོག་པདྨ་འོད་དུ་འབར༔ གངས་དཀར་ཤེལ་གྱི་ཕྲེང་བས་བསྐོར༔ ཡིད་འོང་མཚོ་ཆེན་མདངས་དང་ལྡན༔ ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར༔ རྩ་བར་ཡིད་བཞིན་རྒྱ་མཚོར་ལྡན༔ རྐེད་པར་འཇའ་འོད་ན་བུན་འཐིབས༔ རྩེ་མོར་སྤྲིན་དཀར་དགོས་འདོད་ཀྱི༔ རིན་ཆེན་ཆར་འབེབ་འབྲུག་སྒྲ་སྒྲོག༔ གཞལ་ཡས་དེ་ཡི་ནང་ཤེད་ན༔ ཉི་ཟླ་པདྨ་རྟ་མཆོག་སྟེང༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་མདོག་དཀར་གསལ་ཁྲོ་འཛུམ་འགྱིང༔ ཕྱག་གཡས་རྡོ་རྗེ་སྦ་ལྕག་འཕྱར༔ གཡོན་པས་ཟླ་བའི་ཤེལ་ཕྲེང་འདྲེན༔ དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར༔ ཡིད་བཞིན་ནོར་བུ་འབར་བས་བརྒྱན༔ སྐུ་ལ་བེར་ཆེན་ཕྲུགས་གསུམ་གསོལ༔ གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དམག་དཔུང་བྱེ་བ་འབུམ་སྡེས་བསྐོར༔ ཀུན་ཀྱང་ཁྲོ་འཛུམ་བརྗིད་པའི་གཟུགས༔ དར་ཚོན་རོལ་མོས་ནམ་མཁའ་གང༔ བདེར་གཤེགས་སྟོང་གི་བསྟན་པ་སྲུང༔ པདྨ་འབྱུང་གནས་བཀའ་བཞིན་སྒྲུབ༔ ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང༔ དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད༔ རྗེ་དཔོན་ཡོངས་ཀྱི་དགྲ་བླར་གྱུར༔ རྡོ་རྗེ་འབར་བ་རྩལ་ལ་བསྟོད༔ ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད༔ དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེང་ནས་རིག་འཛིན་མཆོག་ཐོབ་བར༔ སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས༔ གྲགས་པ་གཟའ་སྐར་འོད་ལྟར་ཁྱེ༔ དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད༔ རིགས་རྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ༔ དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ༔ སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ༔ སྨྱོ་འདྲེ་རྒྱལ་འགོང་རྡུལ་བཞིན་ཐུལ༔ དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ༔ བདག་གི་ལུས་དང་གྲིབ་མ་བཞིན༔ འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ༔ ཞེས་བསྟོད་བསྐུལ་བྱ་ཞིང༔ སྒྲུབ་དུས་གཏོར་མ་ཐུན་བཞིར་འབུལ་ལོ༔ རྗེ་དཔོན་ཡོངས་ཀྱི་སྲོག་ལྷའི་སྒྲུབ་ཐབས་བརྟེན་པ་ཙམ་གྱིས་ཡིད་ཆེས་ཀྱི་མཚན་མ་འཕྲལ་དུ་འབྱུང་ངོ༔ ཁྱད་པར་ལོངས་སྤྱོད་དང་སྲིད་ཀྱི་དངོས་གྲུབ་འཕྲལ་དུ་འབྱུང་བར་འདོད་ན༔ བགེགས་བསྲུང་བའི་ཕྱིར་ཁྲོ་བོ་རྟ་མགྲིན་གྱི་བཟླས་པ་ཕོ་མོ་གཉིས་ཀས་བྱ་ཞིང༔ སྲིད་འཕེལ་བའི་དོན་དུ་ལྷ་ཆེན་གྱི་སྙིང་པོ་གསེར་དངུལ་གྱིས་བྲིས་པ་མགུལ་དུ་བཏགས༔ སྨྱོ་འདྲེ་དང་རྒྱལ་པོ་འདུལ་ན༔ ནད་པ་གུ་གུལ་གྱིས་བདུག་ཅིང༔ ལྷ་ཆེན་པོ་ཡང་ཡང་བསྟིམས་པས་ཕན་ངེས་སོ༔ གཞན་ཡང་ཕྲིན་ལས་གང་བསྒྲུབ་ཀྱང༔ མཆོད་གཏོར་བཟང་བར་བཤམས་ལ་འདོད་པའི་དོན་ལ་གསོལ་བ་བཏབ་པས་བདེ་བླག་ཏུ་འགྲུབ་བོ༔ འདི་ནི་རིན་ཆེན་སྲོག་བཞིན་དམ་དུ་སྦོས༔ ཤིན་ཏུ་ཟབ་པས་བཀའ་རྒྱ་དམ་པོས་ཐོབས༔ ནུབ་ཟངས་མཛོད་དམར་པོའི་བཀའ་སྲུང་གི་སྒྲུབ་ཐབས༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ༔ ྈྈྈྈ ྈྈྈ ྈྈྈ ྈྈྈ ༈ ལྷ་ཆེན་ཐང་ལྷའི་ཕྱི་སྒྲུབ་ནུབ་ཟངས་མཛོད་ནས་བྱོན་ནོ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ སྐུ་ལྷ་གཉན་པོ་བསྒྲུབ་པར་འདོད་པས༔ གངས་རི་མཐོན་པོའི་མདུན་ནམ༔ རི་མཐོན་པོ་གངས་རི་མཐོང་བའི་སར༔ གནས་གཙང་སར་སྤོས་དཀར་གྱི་དུད་པ་བདུག༔ མཎྜལ་གྲུ་བཞིའི་སྟེང་དུ་སྨྱུག་རྒོད་ལ་དར་དང་ཟ་འོག་གི་རྒྱལ་མཚན་དང༔ དེའི་འོག་ཏུ་ཐང་ལྷའི་བྲིས་སྐུ་བཀྲམ༔ ནས་གཙང་མའི་ཕུང་པོའི་སྟེང་དུ་གསེར་དངུལ་རིན་ཆེན་སྣ་ཚོགས་བཞག༔ དེའི་སྟེང་དུ་དར་དཀར་ལ་མཚལ་གྱིས་ཐང་ལྷའི་སྲོག་སྙིང་བྲིས་ལ་བཞག༔ དཀྱིལ་འཁོར་གྱི་མཐའ་མར་མཆོད་པའི་ཞལ་ཟས་བསང་ལུག་དང་བཅས་པ་བཤམས་ཏེ༔ སྔགས་པ་བདག་ཉིད་དཔལ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་བཞུགས་ལ༔ ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ༔ རྡོ་རྗེ་འབར་བ་རྩལ་ཨ་ཛ་ཛ༔ ས་མ་ཡ་ཧཱུྃ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ༔ ཐང་ལྷ་གནས་ནས་སྤྱན་དྲང་ངོ༔ ཤེས་པ་ཟི་བུན་བུན་པ་འོང༔ སྐུ་ལྷ་བྱོན་ངེས་བསམ་པ་བྱུང་ནས་བྲིས་སྐུ་ལ་ཏིང་ངེ་འཛིན་གྱིས་བསྟིམ༔ དེ་ནས་མིག་དང་རིག་པ་བྲིས་སྐུ་ལ་གཏད་དེ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་ཛ་ཛ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་ཞག་ཉི་ཤུ་རྩ་གཅིག་ཏུ་ངག་སྨྲ་བཅད༔ ཟས་ངན་ཤ་ཁྲག་དང་མི་གཙང་བ་སྤང༔ ཡིད་མ་ཡེངས་པར་བཟླ༔ གྲུབ་པའི་རྟགས༔ གནས་ཁང་དུ་ཐུག་ཆོམ་དང༔ འོད་དང་ས་གཞི་འགུལ་བ་འོང༔ རྟ་དཀར་པོ་དང༔ ཁྱེའུ་གཡུའི་ཟུར་ཕུད་ཅན་དང༔ གཡག་དཀར་པོ་དུང་རུ་གནམ་དུ་ཟིང་ངེ་བ་དང༔ དུང་ཁྲ་དཀར་པོ་ལྡིང་བ་དང༔ དུང་སྤྱང་དཀར་པོ་འདུར་བ་དང༔ གངས་རི་སྐྱ་ཡེ་རེ་བ་དང༔ གཡུ་མཚོ་སྔོ་མེ་རེ་བ་རྣམས་རབ་མངོན་སུམ་དུ་འོང༔ འབྲིང་ཉམས་སུ་འོང༔ ཐ་མ་རྨི་ལམ་དུ་འོང༔ དེ་ལྟར་གྲུབ་པ་དང༔ དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་ཞེ་འགྲས་པར་མི་བྱ༔ ཁ་མནའ་དང་ཞེ་མནའ་མི་ཟ༔ རྨིག་ཟླུམ་རྔོག་ཆགས་ཀྱི་ཤ་མི་ཟ༔ ཐབ་དང་གྲིབ་ལ་འཛེམ༔ རྨེ་ཕོ་དང་ཡུགས་སའི་ཟས་མི་ཟ༔ ལྷ་རུ་རྒྱལ་འགོང་མི་བརྟེན༔ ལྷ་ཟུང་དུ་གཡག་དཀར་པོ་གཟུག་གོ༔ ཐང་ལྷ་མཆོད་པའི་རྣལ་འབྱོར་པ་ལ་སྡང་བའི་དགྲ་བྱུང་ན༔ སྐུ་ལྷ་ཐང་ལྷ་རྦད་དེ༔ ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་གྱིས༔ ཐང་ལྷའི་སྲོག་སྙིང་དུས་དྲུག་ཏུ་བཟླ༔ སྲོད་ཐོ་རངས་ཉི་ཟེར་ཟླ་ཟེར་ཉི་མ་འཐུར་ཕུབ་དང་ལྔ་ཀ་ལ་དགུག་པའི་ཕྱག་རྒྱ་བཅས་ཏེ༔ དགྲ་བོའི་བླ་འགུག་པའི་སྔགས༔ དགྲ་བོ་ཆེ་གེ་མོ་ནྲྀ་ཤ་ཀུ་རུ་ཛཿཛ༔ ཞེས་མང་དུ་བཟླ༔ དགྲ་བོའི་ལིང་ག་ཡང་བྲིས་ལ་སྤྱང་ཀི་དར་མའི་ཐོད་པར་བཅུག་སྟེ༔ དགུག་གཞུག་མང་དུ་བྱ༔ འདི་སྐད་ཅེས་བསྐུལ་ལོ༔ ཧཱུྃ༔ དགུང་སྔོན་མཐོན་པོ་ནས༔ ཡར་ཞུར་གཉན་གྱི་ལྷ༔ འདིར་བྱོན་ཕྲིན་ལས་མཛོད༔ དབུས་གཙང་གཉིས་ཀྱི་ལྷ༔ རྣལ་འབྱོར་བདག་གི་དཔལ༔ བྱང་ལམ་བར་པ་རུ༔ ཁས་བླང་དྲན་པར་གྱིས༔ བདག་ལ་དགྲ་བྱུང་གི༔ ཐང་ལྷ་གཉན་པོ་ཁྱོད༔ ལྷ་གཡག་དཀར་པོ་ཆིབས༔ སྤུ་གྲི་གླད་ལ་སྐོར༔ བདག་གི་དགྲ་བོ་འདི༔ རི་དྭགས་བཞིན་དུ་ཁུག༔ སྡང་དགྲ་ཡིན་པས་སྒྲོལ༔ དགྲ་རབས་རྩད་ནས་ཆོད༔ བདག་དང་ལྷ་ཆེན་ཁྱོད༔ ཆད་དོན་མཉམ་པར་གྱིས༔ དྲི་རྟ་ཨེ་ལ་གཏད༔ སྡང་བའི་དགྲ་བོ་ལ༔ མངོན་པའི་རྟགས་ཐོན་ཅིག༔ དགྲ་སྲོག་མྱུར་དུ་ཆོད༔ ཅེས་བརྗོད་ལ་གོས་སྤྲུག་ཆོ་ངེ་གདབ༔ མ་ཉེས་པའི་དཔང་གཟུག༔ དེ་ལྟར་ཡང་ཡང་བསྐུལ་ནས༔ རྟགས་སུ་ར་དང་རི་དྭགས་ཁྲིད་པ་དང༔ རྔོན་པས་རི་དྭགས་འགུགས་པ་དང༔ གཅན་གཟན་རི་དྭགས་འདེད་པ་དང༔ དགྲ་བོ་དངོས་སུ་ཁུག་པའི་རྟགས་འོང་ངོ༔ དེ་ནས་དམར་གཏོར་གཅིག་བཤམས་ལ༔ ཐང་ལྷ་ལྕམ་དྲལ་དཔོན་གཡོག་བསྡུས་པའི་སྔགས་འདི་བཟླས་སོ༔ ལྕེ་དར་མ་སོད༔ ལྕེ་དུར་མ་སོད༔ ཐོག་ཐོག་དབལ་གྱིས་སོད༔ གནམ་ཐོག་དབལ་གྱིས་སོད༔ ལྕེ་ཡར་མ་ཡར་གྱིས་སོད༔ ལྕེ་དུར་མ་དུར་གྱིས་སོད༔ སྤྲུ་འོས་སོད༔ རམ་སོས་སོད༔ ཨོཾ་བཛྲ་ཀྲོ་དྷ་ན་ཤི་ལི་མི་ལི་དུ་ཡིས་ཤེས་བསྟན་ཁྲོ་ན་སོད༔ ཅེས་གསད་པའི་སྔགས་མང་དུ་བཟླས་ཏེ༔ དམར་གཏོར་ལག་ཏུ་ཐོགས་ཏེ༔ གོང་ལམ་བཞི་མདོར་ཕྱིན་ཏེ༔ དགྲ་བོའི་མིང་བྱང་རྐང་པའི་འོག་ཏུ་བཅུག༔ བོད་པའི་སྔགས་གོང་མ་བཟླས༔ སྙིང་པོ་ཀུན་བཟླས༔ དེ་ནས་འདི་སྐད་ཅེས་བྱའོ༔ ཀྱཻ་ དམ་ཅན་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ དམ་ཉམས་ཀུན་གྱི་གཤེད༔ གོང་གསུམ་གོང་གསུམ་ན༔ དུང་ཁྲ་མེལ་ཚེ་ཞིག༔ ལ་ཉེ་ཕྲི་ལི་ལི༔ སྙེ་འབྲང་སྙེ་འབྲང་ན༔ རི་ཁྱི་སྔོན་པོ་ཞིག༔ དགྲ་བོའི་སྙིང་ནས་འདྲེན༔ ལས་མཛོད་ད་ཚུར་བྱོན༔ བདག་ལ་སྡང་བ་ཡི༔ དགྲ་བོའི་སྙིང་ནས་དྲོངས༔ བདག་ལ་སྲི་ལངས་ན༔ སྲི་ལ་གཉའ་གཟུང་མཛོད༔ ཕྱི་རབས་རྣལ་འབྱོར་ཀུན༔ ཕྱུགས་སྐྱོང་གཡང་སྐྱོང་ན༔ བིས་རྫི་ལུག་རྫི་བ༔ མཚན་ལྷ་ཞལ་དཀར་ལགས༔ འབྲི་རྫི་དབྲལ་རྫི་བ༔ ལག་སོར་ཕྱུག་མོ་ལགས༔ རྟ་རྫི་གནག་རྫི་བ༔ དགྲ་བླ་གཉན་པོ་ལགས༔ མཛོ་རྫི་རྟོལ་རྫི་བ༔ སྐྱེས་བུ་ལྷ་གཅིག་ལགས༔ ཨོཾ་ས་ནད་ཀུ་མ་ར་མུར་རྦད་ཁར་ཉིད་ཨ་ཤུག་མེ་དགྲ་བོ་མཱ་ར་ཡ་རྦད༔ ཅེས་བཟླས་ལ་དགྲ་ཡི་མིང་བྱང་གཏོར་མ་ཟོར་དུ་འཕང༔ ཡང་ན་མིང་བྱང་མནན་པར་བྱའོ༔ མཆོད་པའི་རྫས་རྣམས་ཕུལ་ལ་གཏང་རག་གཏོང་ངོ༔ བསྒྲུབ་ན་མི་འགྲུབ་མི་སྲིད་དོ༔ ཐང་ལྷའི་སྲོག་གི་སྒྲུབ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉན་ཆེན་པོ་ཐང་ལྷ་འདི༔ སྨྱོ་འདྲེ་དང་རྒྱལ་འགོང་གི་གཤེད་མ་ཡིན་པས༔ བདག་ཉིད་བཅོམ་ལྡན་འདས་གཏུམ་པོར་བསྐྱེད་ལ༔ ནད་པའི་སྲིན་ལག་ནས་བཟུང་སྟེ༔ དེ་ཡི་སྟེང་དུ་ལྷ་གཡག་དཀར་པོ་བསྒོམས་ལ༔ འདི་སྐད་ཅེས་གཟིར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་ཡུལ་འདམ་ཤོད་སྣར་མོ་ནས༔ ཡར་ཞུར་གཉན་པོ་སྐུ་བཞེངས་ཤིག༔ བླ་མཚོ་འཁྱིལ་བའི་ནང་ཤེད་ནས༔ གཉན་ཆེན་ཐང་ལྷ་སྐུ་བཞེངས་ཤིག༔ བྲག་དཀར་གཉན་པོའི་རྩེ་མོ་ནས༔ དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག༔ གངས་དཀར་མཐོན་པོའི་རྩེ་མོ་ནས༔ ཡུལ་ལྷ་གཉན་པོ་སྐུ་བཞེངས་ཤིག༔ སྤྲིན་དང་ན་བུན་གསེབ་ཤེད་ནས༔ ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག༔ སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག༔ གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག༔ སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག༔ སྤྲུལ་པའི་ཚུལ་དུ་སྐུ་བཞེངས་ཤིག༔ སྤྲུལ་པ་འཇིགས་པའི་ལུས་པོ་དེ༔ ལྷ་གཡག་དཀར་པོ་ཞིག༔ དུང་རུ་གནམ་དུ་གཡུག༔ དུང་རུ་དཀར་པོ་ཞིག༔ གནམ་གྱི་བདུད་ལ་སྒྱུར༔ ནང་གི་གོད་ཁ་སྒྱུར༔ རྨིག་བཞི་ས་ལ་འཁྲབ༔ དུང་རྨིག་དཀར་པོ་ཡིས༔ ལྷ་སྲིན་དམྱལ་ཐག་ཆོད༔ རྔ་མ་དར་དཀར་གཡུག༔ རྔ་དཀར་སྤྲུགས་པ་ཡིས༔ ལྷ་བཙན་བྲན་དུ་འཁོལ༔ ངར་སྐད་ཐེངས་གསུམ་ངར༔ ཁམས་གསུམ་དབང་དུ་སྡུད༔ རུ་བསིགས་ལན་གསུམ་སྤྲུག༔ སྲིད་གསུམ་དབང་དུ་སྡུད༔ མཐོ་མཐོ་གོང་གསུམ་ནས༔ དུང་ཁྲ་མེལ་ཚེ་བཞིན༔ དུང་ཁྲ་དཀར་པོ་ཞིག༔ ལ་ཉེ་ཕྲི་ལི་ལི༔ རོང་དང་འཕྲང་སྒོ་ནས༔ དུང་སྤྱང་དཀར་པོ་གཅིག༔ དགྲ་བོའི་བླ་ལ་རྒྱུག༔ དྲག་ཏུ་བསྐུལ་བའི་ཚེ༔ སྡང་བའི་དགྲ་བོ་སོད༔ གནོད་པའི་བགེགས་རྣམས་ཐུལ༔ ཨོཾ་བཛྲ་ཀྲོ་ཏ་ན་ཤི་ལི་མི་ལི་དུ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ལན་བདུན་གསུམ་བརྗོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཀྱི་དཀོར་བདག་པེ་དཀར་འདུལ་བའི་དོན་དུ་མཛད་པ༔ སྨྱོ་འདུལ་རྒོད་ཀྱི་འགྲིམ་ཤུལ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་དབུས་སུ་བྱོན༔ བསམ་ཡས་ཀྱི་ས་འདུལ་མཛད་པའི་དུས་ན༔ གཉན་ཐང་ལྷའི་སྒྲུབ་ཐབས་འདི་མཛད་ནས༔ ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་པའི་ཚེ༔ བྱང་ཕྱོགས་རི་བོ་བཀྲང་བཟང་གི་རྩེར༔ བོད་ཀྱི་ལྷ་སྲིན་ཐམས་ཅད་ལ་བཀའ་ནན་གྱི་དམ་ཚིག་ཕོག༔ གཉན་ཆེན་པོ་ཐང་ལྷ་ལ་འདི་སྐད་ཅེས་གསུངས་སོ༔ ཧོ༔ ཡུལ་ལྷ་ཆེན་པོ་ཐང་ལྷ་ཁྱོད༔ དབང་ཆེ་བསོད་ནམས་ལྡན༔ མཐུ་དང་གཟི་བརྗིད་ཆེ་བ་ཞིག་འདུག་པས༔ ཟང་ཟང་ལྷ་བྲག་གི་རྐེད་ལ་མ་འོངས་པའི་དུས༔ གུང་ཐང་རྒྱལ་པོ་ལ་ཕན་པའི་ཕྱིར་མཛོད་བཞི་འདུས་པའི་གཏེར་སྦེད་དོ༔ དེ་ཡི་ནུབ་ཕྱོགས་ན་ཟངས་མཛོད་དམར་པོ་ན་རྟ་མགྲིན་ཁྱད་པར་ཅན་གྱི་ཆོས་གཏེར་ཡོད་པས༔ དེ་ཡི་གཏེར་སྲུང་ཐང་ལྷས་གྱིས་ཤིག༔ ལས་ཅན་བྱུང་ཚེ་གཏད་པར་གྱིས༔ ལས་མེད་ལེན་ན་དབང་པོ་སྣུབས༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱང་ཟང་ཟང་ལྷ་བྲག་གི་སྐེད་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ༔ དགེའོ༔ མངྒ་ལཾ༔ བཀྲ་ཤིས༔ ཤུ་བྷཾ༔ ༈ ལྷ་ཆེན་ཐང་ལྷའི་ལས་ཚོགས་གསང་སྒྲུབ་ཀྱི་ཤོག་དྲིལ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ དྲེགས་པ་ཀུན་འདུལ་ཆོས་སྐྱོང་མཆོག༔ ནུབ་ཕྱོགས་ཟངས་མཛོད་དམར་པོ་ཡི༔ གཏེར་བདག་ལྷ་ཆེན་ལས་ཚོགས་ནི༔ ཡང་གསང་སྙིང་གི་སྒྲུབ་ཐབས་བསྟན༔ དེ་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ་པ་དམ་ཅན་ཤེལ་གིང་དཀར་པོའམ༔ ལྷ་གནམ་ཐེ་དཀར་པོའམ༔ གནམ་ལྷ་བྱང་ཆུབ་སེམས་དཔའ་འམ༔ ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན་ནམ༔ དྲི་ཟ་ཟུར་ཕུད་ལྔ་པའམ༔ ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སོགས་མིང་དང་རྟེན་གནས་དང་སྐུ་དུ་མར་སྤྲུལ་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་ཞིང༔ ཁྱབ་པར་སྙིགས་མའི་དུས་སུ་ནད་དང་སྡེ་བརྒྱད་ཀུན་གྱི་སྣ་འདྲེན༔ རྒྱབ་རྟེན་རྒྱལ་པོ་པེ་དཀར་གྱིས་བྱས་ནས༔ དང་པོ་ཕོ་ལྷར་བསྟེན་ན་ཕྱིས་རྒབ་འདྲེར་འབྲང༔ ཐ་མ་དབུགས་ལེན་སྲོག་བདུད་ཀྱི་ཁྱེར་འདྲེ་བྱེད་ཅིང༔ མི་རབས་ཚུན་ཆད་ཕུང་བར་བྱེད་ལ༔ དེ་ནི་རུ་ང་དང་ཕྲག་དོག་ཆོ་འཕྲུལ་ཆེ༔ ཁྱད་པར་སྐྱེ་བོ་ཀུན་གྱི་སྙིང་ལ་ཞུགས་ནས༔ བརྒྱལ་ནད༔ སྨྱོ་འབོག༔ སྙིང་རླུང་སྟོད་འཚང༔ སྨུག་འཆལ༔ བརྒྱལ་གཟེར༔ འཁྲུག་ལོང་སོགས་ཀྱིས་བོད་ཁམས་ཕུང་བར་བྱེད་པའི་དུས་སུ༔ དེའི་གཉེན་པོ་ངོ་བོ་ཡེ་ཤེས་ཀྱི་ལྷ་ལ༔ ཚུལ་འཇིག་རྟེན་པ་དེ་དང་མཐུན་པ་གཅིག་གིས་འདུལ་དགོས་པའི་ཕྱིར༔ ཨོ་རྒྱན་བདག་གིས་ལྷ་ཆེན་པོ་འདིའི་སྒྲུབ་སྐོར་བསྟན་ནས་ཟངས་མཛོད་དབང་གི་སྲུང་མར་སྦས་སོ༔ ྈྈྈ རྒྱ་རྒྱ་རྒྱ༔ དང་པོ་རྗེས་གནང་དང་གོང་བསྙེན་སོང་ནས༔ བདག་མདུན་གོང་ལྟར་གསལ་བས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་ཡང་གསང་སྲོག་གི་སྙིང་པོ་འདི་འབུམ་བཟླས་པས་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འབྱུང་ངོ༔ ྈྈྈ དེ་ནས་སྡེ་བརྒྱད་དང་སྨྱོ་འདྲེ་རྒྱལ་པོ་འདུལ་བ་ནི༔ རང་ཉིད་ལྷ་ཆེན་གྱི་ངོ་བོ་ལ༔ རྣམ་པ་འབྲོང་གཡག་ཞོལ་ཆེན་དཀར་པོ་རི་བོ་ཙམ་པ༔ རྭ་གཉིས་ཐང་ཤིང་བརྒྱངས་པ་ཙམ་རྣོ་བ༔ ཁ་རླངས་ན་བུན་ལྟར་འཐིབས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ༔ གནམ་ལྕགས་ཀྱི་ཚིལ་པོ་མེ་ལྟར་འབར་བ༔ མཐོང་བས་འཇིགས་པ་གཅིག་གིས༔ དཀོར་བདག་རྒྱལ་པོ་དེ་མི་རེངས་སྐྱ་བོའམ༔ སྤྲེའུ་འམ༔ བུ་ཆུང་གི་རྣམ་པ་ཤིན་ཏུ་རིད་པ་གཅིག་འདུག་པ༔ དེའི་སྟེང་དུ་འཁྲབ་ཅིང་བརྫིས་པས༔ ནང་རོལ་ཐམས་ཅད་ཕྱིར་དམར་རྗིར་རྗིར་འདོན་ཅིང༔ ལྕེ་གློག་དམར་ལྟ་བུ་དེས་བལྡགས་པས་ཤ་ལྤགས་ཀུན་ཟུལ་ཟུལ་ཞུ་ནས་རུས་པ་སྐྱ་ལྷག་ལྷག་བྱུང་ཞིང༔ མཐར་གཞོབ་ཏུ་ཐུལ་ཐུལ་ཚིག་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བིག་ནཱན་རཱ་ཛ་མཱ་ར་ཡ་ཕཊ༔ ཅེས་པ་བཟླས་ལ༔ ཡང་ན་ཁོ་རང་གི་རྟེན་དང་གནས་ཡོད་སར་དེ་བཞིན་བསྒོམ༔ ནད་པ་ལ་གནོད་ན་ཡང་གོང་བཞིན་བྱས་པས་ངེས་པར་ཐུལ་ལོ༔ ཡང་ན་རང་ངོ་བོ་ལྷ་ཆེན་ལ་རྣམ་པ་དུང་ཁྲ་དཀར་པོ་མཁའ་ལྡིང་ཙམ་དུ་བསྒོམས་ལ༔ དེ་ནམ་མཁའི་དབྱིངས་ནས་གཟན་ལ་བཤུར་བ་བཞིན་བྱུང་བ༔ རྒྱལ་པོ་དེ་བྱ་དཀར་ཆུང་ཕུག་རོན་འདྲ་བ་གཅིག་ཏུ་འདུག་པ་དེ་ཚིར་གྱིས་བཟུང་ནས་སྤུ་ལོང་ལོང་བཏོགས་ནས་དུང་ཁྲས་ཟོས་པར་བསྒོམ་ཞིང༔ སྔགས་གོང་ལྟར་བཟླས་པས་ཐུལ་ལོ༔ ཡང་ན་རང་ལུས་ལྕགས་ཀྱི་སྡིག་པ་ནག་པོ་ལུས་ཀྱིས་ས་གཞི་ཐམས་ཅད་ཁྱབ་ཅིང༔ རྭ་དང་མཇུག་མ་ནམ་མཁར་གདེངས་པ་གཅིག་གི་ཁ་ནས་འོད་ཟེར་ལྕགས་ཀྱི་དྲ་བ་ལྟ་བུ་འཕྲོས་པས༔ དཀོར་བདག་དེའི་ནང་དུ་ཚུད་པ་དེ་ཚུར་འུབ་ཀྱིས་དྲངས་ནས་སྙིང་དཀར་ནག་གི་མཚམས་སུ་ལྕགས་ཀྱི་མཆེ་བས་བཏབ་ནས༔ ལུས་ཀྱི་ཕྱེད་ཡན་ཁོང་པར་ཚུད་པར་བསྒོམ་ཞིང༔ སྔགས་གོང་ལྟར་བཟླ༔ འདི་གསུམ་ལས་ཟབ་པའི་རྒྱལ་པོ་པེ་དཀར་འདུལ་ཐབས་སྔོན་ཆད་གང་ན་ཡང་མེད༔ དེའི་གཉེན་པོ་ཡིན་པའི་ཕྱིར་རོ༔ སྙིང་འདྲ་གཅིག་ལ་གཅིག་བརྒྱུད་གྱིས༔ དེས་ཀྱང་བླ་མའི་གསུང་བཞིན་སྒྲུབས༔ མང་ན་དམ་ཉམས་བཀའ་ཆད་ཡོང༔ ྈྈྈྈྈྈྈྈྈྈྈ ཡུལ་ཁམས་ཀྱི་ནད་ཡམས་དང་རིམས་བསྲུང་བར་འདོད་ན༔ རང་རྟ་མགྲིན་དུ་གསལ་བའི་མདུན་དུ༔ རྡོ་རྗེ་འབར་བ་རྩལ་དཀར་པོ་གཡས་སྨན་གྱི་ལྗོན་ཤིང་དང༔ གཡོན་བདུད་རྩིའི་བུམ་པ་འཛིན་པ་རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ན་བཟའ་མཛེས་པ༔ རང་འདྲའི་དྲང་སྲོང་སྨན་གྱི་ལྷ་ཚོགས་དུ་མས་བསྐོར་བ་ལས་འོད་ཟེར་འཕྲོས་པས༔ ཡུལ་ཕྱོགས་ཐམས་ཅད་སྨན་གྱི་དྲིས་ཁྱབ་ཅིང་བདུད་རྩིའི་ཆུས་བཀྲུས་པས་ནད་ཡམས་ཐམས་ཅད་ཞི་བར་བསམ་ཞིང༔ སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ་ཧྲཱི་བཛྲ་འབར་བ་རྩལ་ཡུལ་ཕྱོགས་འདིའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང༔ གསུང་སྒྲོག་དང་བསང་ཁང་མང་དུ་གཏང༔ ཁྱད་པར་ཕུར་དཀར་གྱི་ལོ་མ༔ གླ་རྩི་སྔོ་མིང་ཆེན་ནག་པོ་རྣམས་ཆ་གསུམ༔ བཙན་དུག་ཆ་གཅིག་རྣམས་བཏགས་པའི་རིལ་བུ་སྲན་མ་ཙམ་ནངས་རེ་ཁོང་སྲུང་དུ་གཏང་ཞིང་རང་གི་དྲི་ཆུ་བར་པ་ལ་སྔགས་ཉེར་གཅིག་བཏབ་ནས་འཐུང་ན༔ འགོ་བའི་ནད་རིམས་ཀུན་ལས་ཐར་བ་ཐེ་ཚོམ་མེད་དོ༔ ྈྈྈྈྈྈྈ ཡང་ནོར་དང་ལོངས་སྤྱོད་རྒྱས་པར་འདོད་ན༔ རང་གི་མདུན་དུ་རྡོ་རྗེ་འབར་བ་རྩལ་སེར་པོ་གཡས་ནོར་བུ་འབར་བ་དང༔ གཡོན་རིན་པོ་ཆེའི་སྒྲོམ་བུ་འཛིན་པ༔ རིན་པོ་ཆེ་དང་དར་གྱིས་བརྒྱན་པ་ནེའུ་ལེ་དམར་སེར་གྱི་གདན་ལ་འགྱིང་བག་དང་ལྡན་པ་གཅིག་བསམ་ལ༔ དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ འཇིག་རྟེན་གསུམ་གྱི་ལོངས་སྤྱོད་ཐམས་ཅད་རིན་པོ་ཆེའི་ཆར་གྱི་རྣམ་པར་འདུས་ནས་རང་ལ་ཐིམ་ཞིང་ཁྱིམ་དང་ཡུལ་ཕྱོགས་ཐམས་ཅད་འདོད་དགུའི་ལོངས་སྤྱོད་ཀྱིས་གང་བར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་མ་ཎི་རཏྣ་སིདྡྷི་ཧཱུྃ༔ ཞེས་བཟླས་པས༔ རྣམ་ཐོས་བུ་བས་ལོངས་སྤྱོད་རྒྱས་པར་འགྱུར་རོ༔ ྈྈྈྈྈྈ ལས་ཀྱི་ཕྱག་རྒྱ་མཚན་ལྡན་མ་དབང་དུ་སྡུད་པར་འདོད་ན༔ རང་རྡོ་རྗེ་འབར་བ་རྩལ་དམར་ལ་འཚེར་བ་པདྨ་དམར་པོའི་ཕྲེང་བ་དང་དར་དམར་ན་བཟས་མཛེས་པ༔ གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང༔ གཡོན་ཞགས་པས་མགུལ་ནས་འཆིང་བ་གཅིག་ཏུ་བསྐྱེད༔ བསྒྲུབ་བྱའི་ཆུ་ཤུལ་གྱི་ས༔ མེ་ཏོག་གླང་སྣ་དམར་པོ༔ བོང་བུའི་ས་བོན་གསུམ་དང༔ བག་ཟན་བསྲེས་པ་ལ་དེའི་གཟུགས་བྱས་ལ༔ དེ་ལ་རང་གི་ལྕགས་ཀྱུས་བསྒྲུབ་བྱ་དེ་བཀུག་ནས་ཞགས་པས་དབྱེར་མེད་དུ་ཡང་ཡང་བཅིངས་པས༔ རང་ལ་དད་ཅིང་གུས་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སི་སི་སི་སི༔ ཡེར་ཡེར༔ ལྷེང་ལྷེང༔ ཐེག་ཐེག༔ ཕུག་ཕུག༔ སྙིལ་སྙིལ༔ བློང་བློང༔ མཐོང་སྟེ་གནད་ལོག༔ ཅེས་བཟླས་པས༔ ལྷ་མོ་ཨུ་མ་ཡང་ཐེ་ཚོམ་མེད་པར་ཁུག་ན༔ འགྲོ་བ་གཞན་ལ་ཐེ་ཚོམ་ག་ལ་ཡོད༔ དམ་ཚིག་དང་ལྡན་པའི་བུད་མེད་དེ༔ གསང་སྔགས་བསྒྲུབ་པའི་གྲོགས་སུ་བསྟེན་པས་ཕྱག་རྒྱ་དེ་ཡང་ཕྱིས་ངན་སོང་གསུམ་ལས་གྲོལ་ལོ༔ ལག་ལེན་འཕྲལ་འབྱུང་ཤིན་ཏུ་ཟབ་པས༔ གསང་བའི་བཀའ་རྒྱ་བཏབ༔ འཆོལ་ན་བཀའ་ཡི་ཆད་པ་ཆོད༔ ྈྈྈྈྈྈྈྈ ཡང་མི་མཐུན་པའི་དགྲ་བོ་འཇོམས་ཤིང་གཡུལ་ལས་རྒྱལ་བར་འདོན་ན༔ རང་གི་མདུན་དུ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ༔ མིག་རྩ་དམར་ཞིང་མཆེ་བ་གཙིགས་པ༔ གཡས་པས་མདུང་དམར་དང༔ གཡོན་པས་ལྕགས་ཀྱི་མདའ་གཞུ་འཛིན་པ༔ རྟ་མཆོག་བྲ་ནག་རླུང་ཤུགས་ཅན་བཅིབས་ཤིང༔ དམག་ཚོགས་སྡེ་བརྒྱད་བྱེ་བ་འབུམ་སྡེས་བསྐོར་བ༔ དེས་ཕ་རོལ་གྱི་དཔུང་དང་ཡུལ་ཕྱོགས་ཐམས་ཅད་རྗེས་མེད་དུ་བརླགས་པར་ཡང་ཡང་བསམ་ལ༔ ཐལ་ཆེན་དང་དུག་ཁྲག་གི་ཐུན་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཕཊ༔ ཅེས་བཟླས་ནས་དགྲ་ཕྱོགས་སུ་གཏོར༔ གསོལ་མཆོད་དྲག་ཏུ་བྱས་པས་དགྲ་བོ་བརླག་ཅིང་གཡུལ་ལས་རྒྱལ་བར་ཐེ་ཚོམ་མེད་དོ༔ འདིས་ནི་ཁྱབ་འཇུག་ཡིན་ཡང་བརླག་པར་འགྱུར་ན༔ འགྲོ་བ་མི་ལ་ལྟ་ཅི་སྨྲོས༔ ྈྈྈྈྈྈྈྈྈ ཚེ་བསྒྲུབ་པར་འདོད་ན༔ རང་ལུས་རྡོ་རྗེ་འབར་བ་རྩལ་བྱུ་རུའི་རི་བོ་ལྟར་དམར་བ༔ ཞི་མ་ཁྲོའི་ཉམས་ཅན་མཉམ་གཞག་རཱ་གའི་ཚེ་བུམ་འཛིན་པ༔ རྡོ་རྗེའི་རྒྱན་ཆས་བརྗིད་པའི་ཐུགས་ཀར་ཟླ་བའི་དབུས་སུ་ཧྲཱིཿཡིག་གི་མཐར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ཨཱ་ཡུཿསིདྡྷི་ཧཱུྃ༔ ཞེས་པ་ལས་འོད་འཕྲོས་ཁམས་གསུམ་གྱི་ཚེ་སྲོག་ཐམས་ཅད་འདུས་པར་བསམ་ཞིང༔ རྒྱལ་རྟ་སྤྲེའུ་ཟླ་བ་ལ་ཞག་བདུན་བདུན་མ་ཆག་པར་ཉམས་སུ་བླང༔ དེས་འཆི་ངེས་པ་ཡིན་ཡང་ལོ་བརྒྱ་ཐུབ་པར་ཐེ་ཚོམ་མེད་དོ༔ ལྷ་ཆེན་པོ་འདིས་ཀྱང་ཚེ་ལོ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་ལ་སྐྱེ་འཆི་བགྲེས་རྒུད་མེད་པར་རྒྱལ་བའི་བསྟན་པ་སྲུང༔ དེ་ནས་སྤྲུལ་པ་ཆོས་ཀྱི་དབྱིངས་སུ་སྡུད་དོ༔ དེ་ཕྱིར་ཡང་ཟབ་ཚེ་སྒྲུབ་ཡིན༔ གཅིག་ལས་མང་བར་མ་སྤེལ་ཅིག༔ ྈྈྈྈྈྈྈྈྈ ཡང་མཐུ་གཏད་བྱད་ཁ་ཕུར་ཁ་ཕུང་སྲི་བྱུར་ངན་སོགས་སྔར་བཞིན་ཟློག་པ་གང་གིས་ཀྱང་མ་བཟློགས་པ་ཟློག་པའི་གདམས་པ་ནི༔ དང་པོར་རང་ལུས་བྲ་ཡོས་ལྟར་ཕྱི་ནང་ལོག་གིས་བཟློག་པས༔ རང་ལུས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བ་སྟོང་པའི་ཕྱིར༔ ནང་རོལ་དོན་སྙིང་རྣམས་ལྕགས་ཀྱི་རྡོ་རྗེ་རེ་རེར་གྱུར་ནས༔ ཕྲོལ་ཕྲོལ་འདུག་པའི་བར་མཚམས་ཐམས་ཅད་ཁྲོ་ཆུ་ཞུན་མས་དམར་ཁྱིལ་ཁྱིལ་འདུག་པ་ལ༔ བསྐལ་པའི་རླུང་གིས་བུས་ནས་མེ་འོད་ཐོག་སེར་ལྟར་དཔག་ཚད་ཀྱི་བར་འཕྲོས་པས༔ སྦྲང་མ་མེ་གསེབ་ཏུ་བཏབ་པ་བཞིན་བར་ཆད་ཐམས་ཅད་བསྲེགས་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ཨེ་ཡཾ་རཾ་བཾ་ལཾ་རྦད་བྷྱོ༔ ཞེས་པ་བཟླས་ཤིང་མལ་གྱི་བཅའ་གཞི་བསྒྱུར༔ ཡིག་བདུན་རྡོ་རྗེ་ཕ་ལམ་འབྱུང་ལྔ་ཕྱིར་ལོག་གི་ཟློག་པ་འདིས༔ ཕ་རོལ་ནུས་པ་ཇི་ལྟར་ཆེ་ཡང་ཁོ་རང་ལ་ཟློག་སྟེ༔ གཤིན་རྗེ་སྟོང་དང་སྔགས་ནག་འབུམ་དང་འགྲས་ཀྱང་ཕྱིར་ཟློག་པའི་གདམས་པ༔ དབང་ཆེན་འདུས་པའི་ཟློག་རྒྱུད་ལས༔ པདྨ་བདག་གིས་ཕྱི་རབས་དོན༔ ཟངས་མཛོད་རྟ་མགྲིན་སྲུང་མར་སྦས༔ ཆིག་རྒྱུད་ཡིན་པས་དམ་དུ་སྦོས༔ ྈྈྈྈྈྈྈྈྈྈ ཡང་སྲིད་དང་རིགས་རྒྱུད་འཕེལ་བར་འདོན་ན༔ རང་ཉིད་ལྷ་ཆེན་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པའི་མདུན་དུ་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་གསེར་གཡུ་རིན་པོ་ཆེའི་རྒྱན་དང་དར་གོས་ཅན་མཛེས་ཤིང་ཡིད་དུ་འོང་བ༔ སྨན་བཙུན་མཛེས་མ་བྱེ་བ་འབུམ་གྱིས་བསྐོར་བ་གཅིག་བསམ་ལ༔ རང་ལས་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་འོད་ཟེར་ཤེལ་གྱི་ཕྲེང་བ་ལྟ་བུར་འཕྲོས་པས༔ ཡུམ་གྱི་གནས་སུ་ཐིམ་པས་བདེ་བའི་ཉམས་དང་ལྡན་པ་དེ་རང་གི་གཟུང་མར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་པུ་ཏྲ་སིདྡྷི་ཧཱུྃ༔ ཞེས་བཟླས་ཤིང་བདེ་སྟོང་གི་ཉམས་བསྐྱེད་པས་ཉེ་དབང་ལྟར་དུ་བུ་རྒྱུད་འཕེལ༔ སྲིད་ཀྱི་ཆོ་ག་གངས་རིའི་ཆུ་རྒྱུན་ཞེས་བྱ་བ༔ ྈྈྈྈྈྈྈྈྈ ཡང་དགྲ་བོའི་ཡུལ་ཕྱོགས་ཐོག་སེར་ཆུ་འོད་ཀྱིས་བརླག་པར་འདོད་ན༔ ཆུ་མིག་ཁ་ལྷོ་ནུབ་ཏུ་ལྟ་བ་ཀླུ་བདུད་གདོལ་པ་གནས་ངེས་གཅིག་ཏུ༔ སྨྱུག་ཚིགས་སོར་དགུ་པའམ་ལྕགས་སྦུབས་ཀྱི་ནང་དུ༔ རྨེ་རུ་ཙེ༔ ཀྲ་ཙི༔ རྩི་ཤུ་ཀོག༔ ཡུགས་ས་མོའི་དོར་རྟ༔ ཁྲག་རྩོད༔ དཔའ་བོ༔ ཀླུ་དུག་པ༔ ཕག་ཚིལ༔ མི་རྟ་ཁྱི་གསུམ་གྱི་ཁྲག་རྣམས་དང༔ མངལ་ཁྲག་གིས་ཡུལ་འདི་ཞེས་པར་ཐོག་དང་སེར་བས་མྱུར་དུ་བརླག་པར་གྱིས་ཤིག་ཅེས་བྲིས་པ་རྣམས་བཙུད་ནས༔ འབྲོང་ཆུང་སྙིང་རྩིད་དང༔ རེ་ནག་གིས་དཀྲིས༔ ཀླུ་ཤིང་འབྲུག་ཤིང་མ་ཉམས་པ་དང་ལྷན་དུ་ཕུགས་སུ་ཁྲུ་དོའི་འོག་ཏུ་བྲུས་ལ་སྦས༔ རང་ལྷ་ཆེན་གྱི་ངོ་བོ་ལ་རྣམ་པ་ཁྱུང་ནག་མགོ་དགུ་པ་ས་བདག་ཀུན་ཟ་ཞིང་ཀཾ་ཀཾ་གི་སྒྲ་སྒྲོག་པ༔ གནམ་ལྕགས་མེའི་མཆུ་སྡེར་དང༔ ས་ལྕགས་སྤུ་གྲིའི་གཤོག་པ་ཅན་གྱིས་ས་གཉན་དེ་བཀབ་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ག་རུ་ཌ་ནཱ་ག་ཙིཏྟ་རྦད་རྦད༔ ཅེས་བཟླས་པས༔ དགྲའི་ཡུལ་ཕྱོགས་འཕྲལ་དུ་བརླག༔ ༈ དེ་ནས་དགྲ་བོ་ཞིང་བཅུ་ཚང་ངེས་ལ་གཏད་ཁྲོམ་བྱེད་ན༔ གོང་གི་རྫས་ཀྱི་དཀྱིལ་དུ་རོ་ཐལ་དང་དགྲའི་ཟག་རྫས་ཀྱིས་བྱུག་པའི་ལིང་གའི་མཐར༔ གནས་འདིའི་བདག་པོ་དང་ལྷ་སྲིན་སྡེ་བརྒྱད༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་བཅས་པས༔ མིང་འདི་ཞེས་བྱ་བ༔ སྨྱོ་རུ་ཆུག༔ མཛེ་རུ་ཁྱེར༔ ནད་རིགས་བཞི་བརྒྱ་རྩ་བཞིས་ཤི་མིན་གསོན་མིན༔ ཕོལ་མིག་དང༔ སྐམ་མཛེས་སྨད་ནས་སྐོམས༔ སྟོད་ནས་གཟེར༔ ཐ་མ་དགུ་རྒྱུད་ཡན་ཆད་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་མཱ་ར་ཡ་ནཱ་ག་རྦད༔ ཅེས་པས་བསྐོར་ནས༔ སྣོད་དུ་གོང་ལྟར་བཅུག་ནས༔ བསྙེན་པ་དམིགས་པ་གོང་བཞིན་བྱས་པས༔ དགྲ་བོ་དགུ་རྒྱུད་མི་རབས་ཚུན་ཆད་འཆད་པར་ངེས་སོ༔ འདི་ནི་གཏད་ཁྲམ་བཅས་ཆོག་ནག་པོ་ཡིན་པས་ལག་ལེན་བྱས་ན་ངེས་པར་ཐེ་ཚོམ་མེད་ཀྱང་རང་ལ་ལྟ་སྒོམ་དང་ལྡན་པའི་གདིང་མེད་ན༔ སྤུ་གྲིའི་གྲལ་བརྡེག་བཞིན་ཚུར་ལ་བཟློག་པས༔ གདིང་དང་ལྡན་པ་གནད་དུ་གཅེས༔ གཏད་ཁྲམ་བཅས་ཆོག་ནག་པོ་འདི༔ དམོད་པ་དྲག་སྔགས་ཀུན་བསྡུས་ནས༔ སྙིགས་དུས་བརྒྱུད་འཛིན་སྲུང་མར་སྦས༔ གཅིག་ལས་མང་བར་མ་སྤེལ་སྡོམས༔ མང་ན་བཀའ་ཆད་སྙིང་ཁྲག་སྐྱུགས༔ ཤན་པ་དམར་པོར་གཉེར་དུ་གཏད༔ ྈྈྈྈྈྈྈྈྈྈྈྈྈྈ ཡང་ལོག་ལྟ་འགྲན་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང༔ སྙན་གྲགས་ཕྱོགས་བཅུར་ཁྱབ་པ་དང༔ ཕྲིན་ལས་རྣམ་བཞི་མ་ལུས་པ་བསྒྲུབ་པར་འདོད་ན༔ རང་ཉིད་པདྨ་ཧེ་རུ་ཀར་གསལ་བའི་མདུན་དུ༔ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་ཚངས་པའི་རྒྱལ་པོ་ཆེན་པོ་དུང་གི་ཐོར་ཚུགས་ཅན་གྱི་ངོ་བོ་སྐུ་མདོག་དམར་སེར་སྤྱན་གསུམ་མཆེ་བ་གཙིགས་པ་ཨག་ཚོམ་དང་སྨིན་མ་གློག་སྟོང་འབར་བ༔ དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུག་གི་རྩེ་མོར་དུང་དཀར་པོ་གཡས་སུ་འཁྱིལ་བ་གསུམ་འཛོམ་གྱིས་ཐོར་ཚུགས་བྱས་པའི་ཏོག་ལ་ནོར་བུ་འབར་བས་མཚན་པ༔ ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་འབར་བ་ནམ་མཁར་འཕྱར་ཞིང༔ གཡོན་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་གདེངས་པ༔ ཟབ་ཆེན་སྔོ་དམར་གྱི་འཇོལ་བེར་དང་རིན་པོ་ཆེའི་མཆིལ་ལྷྭམ་ཅན༔ པདྨ་དང་ནོར་བུ་རིན་པོ་ཆེ་འོད་འབར་དུ་མའི་དོ་ཤལ་དང༔ སྦྲུལ་ནག་དང་སྟག་གིས་བརྒྱན་པ་ཞབས་གཉིས་པདྨ་ཉི་ཟླ་དགྲ་བགེགས་ཀྱི་སྟེང་ན་དྲང་ཚུགས་སུ་བཞེངས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན༔ བསྐལ་པའི་མེ་འབར་བའི་ཀློང་ན་བཞུགས་པ༔ དེའི་འཁོར་དུ་གཙང་རིགས་ཀྱི་ལྷ་ཆེན་པོ་རྣམས་དང༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ སྡེ་བརྒྱད་བརྟན་མའི་ཚོགས་བྱེ་བ་མང་པོས་བསྐོར་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བྲཧྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་པས༔ རང་གི་སྐུ་ལས་འོད་འཕྲོས་མི་མཇེད་སྟོང་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུས་ཤིང་བྲན་དུ་བཀོལ་ནས༔ འདར་ཡེད་ཡེད་འདུག་ཅིང༔ ཅི་དང་ཅི་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བསམ་ལ༔ ཁྱད་པར་ཞི་བའི་ལས་ལ་སྐུ་མདོག་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་མཐིང་ག༔ ཐམས་ཅད་ལ་དམར་སེར་དུ་བསྒྱུར་ནས༔ མཆོད་གཏོར་དང་བསྟོད་བསྐུལ་གྱི་ཕྲིན་ལས་བཟང་དུ་བྱ་ཞིང༔ བསང་ཁང་དགུའམ་བཅུ་སོགས་ཀྱིས་ཡུལ་ཕྱོགས་ཐམས་ཅད་ཁྱབ་པར་བྱས་པས༔ འདོད་དོན་གང་ཡིན་ཡིད་བཞིན་སྩོལ༔ འདི་ནི་སྲིད་པ་གསུམ་གྱི་བདག་པོ་ཡིན་པས༔ གབ་ཅིང་སྦས་ནས་གསང་བའི་ཆོས་སྐྱོང་དུ་བསྟེན་ན༔ གཞན་གྱི་ཆོས་སྐྱོང་དང་དམ་ཅན་ཕོ་མོ་ཀུན་གྱི་ནུས་པ་ཚུར་ལ་འཕྲོག་ཅིང༔ དམ་ཅན་དྲེགས་པ་ཐམས་ཅད་འདིའི་བཀའ་འོག་ན་ཡོད་པས༔ རྒྱལ་པོ་ཉིད་དམ་ལ་ཐོགས་ན་བློན་འབངས་ཞོར་ལ་འདུ་བ་དང་འདྲའོ༔ འོན་ཀྱང་འདི་ནི་ཤིན་ཏུ་བཀའ་གཉན་པས༔ གཞན་ལ་མིང་ཙམ་ཡང་མི་སྨྲ་བར་ཤིན་ཏུ་གསང་ཞིང༔ རབ་ཏུ་སྦས་ནས་བསྟེན་པ་དང༔ བླ་མ་དང་དམ་ཚིག་མི་ཉམས་པ་རྣམས་འདིའི་བཀའ་རྒྱ་དང་དམ་ཚིག་ཡིན་ནོ༔ ལྷ་མཆོག་སྲིད་གསུམ་བདག་པོ་ཡི༔ སྒྲུབ་ཐབས་ཡང་གསང་སྲོག་སྙིང་འདི༔ ནུབ་ཕྱོགས་དབང་ཆེན་སྲུང་མར་སྦས༔ ཆིག་བརྒྱུད་མིང་ཙམ་མ་སྨྲ་སྦོས༔ ཀུན་ལ་འཆོལ་བར་སྤེལ་བྱེད་ན༔ སྡེ་བརྒྱད་ཤན་པ་དམར་པོ་ཡིས༔ དམ་མེད་དེ་ཡི་ལུས་སྲོག་ཕྲོལ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ ཡང་རྟེན་གཏོར་བླ་རྡོ་བཅའ་བ་ནི༔ མི་དང་སྲོག་ཆགས་ཀྱི་གྲིབ་དང་འཚེ་བ་མེད་པའི་སར༔ གཏོར་མ་བཟང་པོ་གཅིག་རྣམས་རྟག་ཏུ་བཤམས་ལ༔ འབྱོར་ན་ཞག་རེ་བཞིན་སྒྲོན༔ མ་འབྱོར་ན་ཟླ་རེའི་ཚེས་བཅོ་ལྔ་ལ་གསོ་ཞིང༔ དར་དཀར་གྱི་ཡོལ་བས་བཅད་ནས༔ སྐྱེས་བུ་སྒྲུབ་པ་པོ་དེའི་སྲོག་གི་རྟེན་དུ་བཙུགས་ནས་འདི་སྐད་བརྗོད་དོ༔ ལྷ་ཆེན་པོ་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ལ་མཉེས་མཆོད་རྟེན་གཏོར་འདི་ཕུལ་བས༔ བདག་གི་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༔ ལེགས་ཉེས་ཀྱི་མཚན་མ་དང་རྟགས་རྣམས་གསལ་བར་བསྟན་དུ་གསོལ༔ ཞེས་དམོད་བོར་ན༔ གཏོར་མ་ཉེས་པ་མེད་ཅིང་འཚེ་བ་དང་བྲལ་ན་ལོ་རེའི་བར་ཆད་ལས་རྒྱལ༔ ཡང་སྤུ་ནག་ཕག་པའི་ཟེ་བ་འདྲ་བ་སྐྱེས་པ་དང༔ མདོག་དམར་ནག་ཏུ་འགྱུར་བ༔ ཚལ་པར་གྱེས་པ་དང༔ གསེབ་ནས་སྒྲ་མི་སྙན་པ་སོགས་བྱུང་ན༔ ནད་དང་འཁྲུགས་པ་དང༔ ཚེའི་བར་ཆད་དང༔ ལོངས་སྤྱོད་དང་འཁོར་ལ་གློ་བུར་དུ་བར་ཆད་སོགས་འབྱུང་བའི་ལྟས་ཡིན་པས༔ གོང་གི་རིམ་འགྲོ་དང་ཟློག་པའི་ཆོ་ག་རྣམས་ལ་འབད་པར་བྱའོ༔ འདི་ནི་རང་དང་སློབ་མ་དམ་ཚིག་ཐུབ་པ་རེ་རེའི་དོན་དུ་བཙུགས་ན༔ ཚེགས་ཆུང་ལ་དོན་ཆེ་བ་ལྷག་པའི་ལྷ་ལ་གཉེར་གཏད་པའི་ཆོ་ག་ཡིན་པས༔ སྲིའུ་གསོ་བ་སོགས་ཀྱི་ཡང་མཆོག་ཏུ་འགྱུར་རོ༔ ཀུན་གྱི་ཕྱིར་དུ་མི་བྱ་སྟེ༔ བྱས་ན་མང་བས་གསང་སྒོ་འཆོལ༔ ྈྈྈྈྈྈྈྈྈ ཡང་བྱིན་རླབས་ལྷ་དང་སློབ་མ་དམ་བསྲེས་ནས་ལེགས་ཉེས་ཀྱི་པྲ་བརྟག་པ་ནི༔ དབེན་པའི་གནས་སྐྱེ་བོ་དང་མི་ནག་གི་ཡ་ག་དང་གྲིབ་དང་སེམས་གཡེང་བ་མེད་པའི་གནས་བག་ཕེབས་པར༔ འབྲས་དཀར་དང་བསྲེས་པའི་ཛ་གད་བཟང་པོ་ཐོད་པ་མཚན་ལྡན་ནམ༔ ཤེལ་ཕོར་སོགས་བཀང་ལ་དེའི་ནང་དུ་ལྷ་ཆེན་བསྐྱེད་ལ༔ བླ་མ་པདྨ་ཧེ་རུ་ཀ་གསལ་བས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛཿཧཱུྃ་བཾ་ཧོ་ཧྲཱི༔ ཞེས་ཞག་བདུན་ནམ་གསུམ་བཟླས་པས༔ ལྷ་ཆེན་གྱི་སྐུ་ཡི་འོད་ཟེར་གྱིས་མི་མཇེད་སྟོང་གསུམ་གྱི་ཚེ་དང་དངོས་གྲུབ་ཐམས་ཅད་བདུད་རྩིའི་ནང་དུ་ཐིམ་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་དེ༔ བདུད་རྩི་བཟང་པོ་བུམ་པ་གང་དང་བསྲེས་ལ་དམ་རྫས་གཞན་ལ་མི་སྦྱིན་པར་དམ་རྫས་ཀྱི་སྣོད་གཅིག་ཏུ་རོལ་པས༔ བཅུད་ཡེ་ཤེས་ཕེབས་པའི་ཚེ༔ བླ་མ་ལ་བཅོས་མིན་གྱི་མོས་གུས་སྐྱེས་ན་བྱིན་རླབས་འཇུག་ཅིང་ཅི་བསམ་འགྲུབ་པའི་རྟགས༔ བདེ་གསལ་མི་རྟོག་པའི་ཉམས་སྐྱེས་ན་མཆོག་གི་དངོས་གྲུབ་ཐོབ༔ ལུས་མི་གཡོ་ཞིང་བརྟན་པར་སྡོད་ན་ཚེ་རིང༔ གར་དང་གླུ་དང་དགའ་བདེའི་སྣང་བ་དང་སྤྱོད་ལམ་བྱེད་སྙིང་འདོད་ན་འཁོར་དང་ལོངས་སྤྱོད་རྒྱས༔ ཉམས་དགའ་ཡལ་བ་ལ་བྱིན་ཐིབས་ཐིབ་པ་བྱུང་ན་སྐྱོབ་པའི་ལྷ་དངོས་སུ་འགོ་བའི་རྟགས་ཡིན་ཞིང༔ བླ་མ་དང་སློབ་མ་ཉམས་མཐུན་ན་བཟང༔ ཡང་སྙིང་མི་དགའ་ཞིང་ཤེས་པ་སྐྱོ་སྟོང་སྟོང་བྱེད་ན་ཚེ་ལ་བར་ཆད་ཡོང༔ ངུ་ཞིང་མྱ་ངན་བྱེད་སྙིང་འདོད་ན་ཉེ་འབྲེལ་འཆི༔ བཀྲེས་པའི་སྣང་བ་དང་འཁྲུག་ལོང་སོགས་བྱེད་སྙིང་འདོད་ན༔ ཡུལ་གཞིས་འཕོ་ཞིང་འཁོར་དང་ལོངས་སྤྱོད་ལ་གོད་ཁ་ཡོང་བའི་རྟགས་ཡིན་པས༔ དེ་ཟློག་པ་ནི་དཀར་ཕྱོགས་རིམ་གྲོ་དང༔ ཁྱད་པར་སློབ་མ་ལ་བླ་མས་ལྷ་ཆེན་འཁོར་བཅས་ལན་ཉི་ཤུ་རྩ་གཅིག་བསྟིམ་ཞིང༔ གཉིས་ཀས་མ་ཡེངས་པར་དམིགས་པ་གསལ་བས་གོང་གི་སྔགས་བརྗོད༔ དེས་ནི་ངེས་པར་བཟློག་ཅིང་འདི་ནི་ལྷ་ཆེན་དང་དམ་བསྲེ་བའི་བྱིན་རླབས་རྫས་ཀྱི་དབང་ཡིན་པས་ཤིན་ཏུ་ཟབ་ཅིང་ལྷག་པའི་ལྷས་དབྱེར་མེད་རྟག་ཏུ་སྲུང་བ་དམ་བསྲེ་བའི་མན་ངག་གོ༔ བརྒྱུད་འཛིན་གཅིག་ལས་མང་བ་ན༔ ཤན་པ་མི་དམར་སྤུ་གྲི་ཅན༔ འཁུ་ལྡོག་བར་ཆད་ཁྲག་ཏུ་སྐྱུགས༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ ཡང་སྙིགས་མའི་དུས་སུ་བརྒྱལ་གཟེར་གནམ་དགྲ་སྲུང་བ་ནི༔ རང་ལྷར་གསལ་ནས༔ སྙེ་བྲམ་ཟེ་སོད༔ དཀར་བྲམ་ཟེ་སོད༔ དུ་ལུ་ཏེར་པ་བྲམ་ཟེ་སོད༔ དོང་རྒན་མུན་པ་ནག་པོ་སོད༔ ཅེས་པ་སྟོང་ཕྲག་གསུམ་སྔོན་དུ་བཟླས་ལ༔ ལྕགས་ཞུན་མ་དམར་ཚེར་ཚིག་པ་དེ་ལ་ལྕེས་གསུམ་བལྡགས་པས་ལྕེ་ཡང་མི་ཚིག༔ དེ་རྒྱ་ཤོག་ལ་གསེར་གྱིས་བྲིས་པའི་ངོས་ལ་ལན་གསུམ་ལྡག་པས་རབ་གནས་བྱ༔ དེ་སྨྱུག་སྦུབས་སུ་ལ་ཆས་གྲིལ་ནས་མགུལ་དུ་བཏགས་པས་ངེས་པར་སྟེང་གདོན་གཟའ་རྣམས་ཐུབ༔ མང་ན་རང་ལ་གནོད་པས་དམ་དུ་སྦ་བ་གནད་དུ་ཆེའོ༔ གདམས་པ་འདི་རྣམས་བདེན་མི་བདེན༔ ལག་ལེན་ཟབ་ཁྱད་དངོས་སུ་བསྟན༔ སྙིང་འདྲ་གཅིག་ལ་གསང་ནས་བསྟན༔ ྈྈྈྈྈྈྈྈྈྈྈྈྈྈྈ ཡང་ལས་ཀུན་སྒྲུབ་པ་དང་དུས་གཏོར་མངའ་གསོལ་ཕྲིན་ལས་ནི༔ བསང་དང་གཏོར་མ་དང་མཆོད་པ་གཞུང་བཞིན་བཤམས་ལ༔ བསྟོད་པའི་རྗེས་སུ་རྔ་བརྡུང་ཞིང་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་ཀ་དག་རྡོ་རྗེ་དབྱིངས༔ ནང་གསལ་འོད་ཀྱི་གཞལ་ཡས་ཁང༔ འོག་མིན་འཕྲུལ་གྱི་ཞིང་ཁམས་སུ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང༔ སྤྲུལ་པ་ལྷ་ཆེན་འབར་བ་རྩལ༔ མི་མཇེད་ཀུན་ལ་དབང་བསྒྱུར་བའི༔ ཚངས་པའི་རྒྱལ་པོ་མཐུ་བོ་ཆེ༔ དྲེགས་པའི་སྡེ་དཔོན་ཀུན་གྱི་རྗེ༔ ཤེལ་གིང་གནམ་ལྷ་དཀར་པོར་གྲགས༔ གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ༔ བྱང་ཐང་གནམ་མཚོའི་བདག་མོ་སྟེ༔ མཆེད་འཁོར་གཙང་རིགས་ལྷ་ཡི་ཚོགས༔ བཀའ་སྡོད་དྲེགས་ལྡན་དུ་མས་བསྐོར༔ ལྷ་ཆེན་དཔལ་འབར་དྲག་ཤུལ་ཅན༔ རྫུ་འཕྲུལ་སྟོབས་ཀྱིས་སྐུ་སྐྱོད་ཚེ༔ ས་གཞི་རི་བྲག་ཐམས་ཅད་ཀྱང༔ མཐོ་དམའ་མེད་པར་ཞོངས་སེ་ཞོང༔ དཔུང་ཚོགས་ཆར་སྤྲིན་འཐིབས་པ་བཞིན༔ དགྱེས་པའི་གད་རྒྱངས་དི་རི་རི༔ སྤྱན་འདྲེན་དང་བའི་གནས་འདིར་གཤེགས༔ ཉི་ཟླ་པདྨ་རིན་ཆེན་ཁྲིར༔ ཡེ་ཤེས་གསང་བའི་ལྷ་མཆོག་ཁྱེད༔ བསྟན་སྲུང་རྒྱལ་པོར་མངའ་གསོལ་ཚེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ༔ གཟི་བརྗིད་ཉི་མ་འབུམ་བཞིན་རྒྱས༔ ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན༔ དཔའ་བོ་སྟོབས་ལྡན་སྙིང་རྗེ་ཅན༔ དེད་དཔོན་ཆེན་པོའི་སྤྱན་སྔ་རུ༔ བདག་གིས་ཁས་བླངས་དམ་བཅའ་གཡེལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ མཉེས་མཆོད་ཐུགས་དམ་བསྐང་བ་ནི༔ མན་ཤེལ་འོད་འཕྲོ་གསང་བའི་རྟེན༔ ཏིང་འཛིན་གསལ་བས་ཐུགས་དམ་བསྐང༔ དམ་རྫས་གཏོར་མ་ནང་གི་རྟེན༔ བསྙེན་སྒྲུབ་བཟླས་པས་ཐུགས་དམ་བསྐང༔ སྐུ་འབག་རྒྱན་ལྡན་ཕྱི་ཡི་རྟེན༔ འདོད་ཡོན་ལོངས་སྤྱོད་ཐུགས་དམ་བསྐང༔ གཞན་ཡང་མཉེས་པའི་དགྱེས་མཆོད་ནི༔ གཡའ་ཆུ་གངས་ཆུ་ལུ་མར་སྐྱེས༔ གཙང་མའི་ཡོན་ཆབ་སྣ་ཚོགས་མཆོད༔ པདྨ་དཀར་པོ་ཨུཏྤལ་དམར༔ མེ་ཏོག་སྣ་ཚོགས་སིལ་མས་མཆོད༔ སྤོས་དཀར་ཙནྡན་ལྷ་ཤུག་སྔོ༔ ཤིང་སྣ་སྣ་ཚོགས་བསང་གིས་མཆོད༔ སྣང་གསལ་མདངས་ལྡན་སྒྲོན་མེ་དང༔ དྲི་མཆོག་ག་པུར་སྨན་གྱིས་མཆོད༔ འབྲས་དཀར་ཕུང་པོ་འབྲུ་བཅུད་སྦྱར༔ བརྗིད་ལྡན་བཟང་རིགས་ཚོགས་ཀྱིས་མཆོད༔ རྔ་ཆེན་དུང་རྔ་གླིང་བུའི་ཚོགས༔ དྲི་ཟའི་སྒྲ་སྙན་དུ་མས་མཆོད༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱུན༔ ཤིང་ཐོག་འབྲས་བུ་དུ་མས་མཆོད༔ རྟ་མཆོག་དུང་ཁྲ་ཞོལ་དཀར་སོགས༔ མཐུན་པའི་རྟེན་རྫས་དུ་མས་མཆོད༔ གསེར་གཡུ་རིན་ཆེན་དར་ཟབ་དང༔ གོ་མཚོན་སྤྱན་གཟིགས་དུ་མས་མཆོད༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ དབྱིངས་རིག་དབྱེར་མེད་དགོངས་པས་མཆོད༔ མཆོད་བཞེས་ཕྲིན་ལས་བསྐུལ་བ་ནི༔ ང་ནི་དབང་དྲག་པདྨའི་སྲས༔ ཉིད་ནི་ལྷ་ཆེན་འབར་བ་རྩལ༔ སྔོན་གྱི་ཞལ་བཞེས་ཐུགས་དམ་དགོངས༔ མཐུ་དང་རྫུ་འཕྲུལ་སྟོབས་སྐྱེད་ལ༔ ནད་གདོན་བར་ཆད་མི་མཐུན་ཕྱོགས༔ མ་ལུས་ཞི་བའི་ཕྲིན་ལས་མཛོད༔ ཚེ་དང་བསོད་ནམས་ཕན་བདེའི་ཚོགས༔ འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་འཁོར་དང་ལོངས་སྤྱོད་ཚོགས༔ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ ལོག་ལྟ་གནོད་བྱེད་དགྲ་བགེགས་རྣམས༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ སྙན་པར་བསྔགས་དང་གྲགས་པའི་ཚོགས༔ ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ འགྲོ་ཀུན་སྨིན་གྲོལ་ལེགས་ལམ་སྟོན༔ དོན་གཉིས་མཐར་ཕྱིན་ཕྲིན་ལས་མཛོད༔ ཧཱུྃ༔ གཡས་རུ་རི་རྒྱལ་བཀྲ་བཟང་རྩེར༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ བཀའ་ཉན་ལྷ་སྲིན་ཀུན་འདུས་ཚེ༔ ཁྲི་སྲོང་ལྡེ་བཙན་སྐུ་ལྷ་ཁྱོད༔ ལྷ་བྲག་ཐུགས་གཏེར་བདག་པོར་བསྔགས༔ རྫོགས་པ་ཆེན་པོའི་རྣལ་འབྱོར་སྐྱོང༔ སྙིགས་དུས་རྒྱལ་འགོང་དམ་སྲི་ཡི༔ གཉེན་པོ་སྲོག་གི་གཤེད་མར་བསྐོས༔ རྒྱལ་བའི་བསྟན་པ་གུས་མཆོད་ཅིང༔ དཀར་ཕྱོགས་སྐྱོང་བའི་ལས་ལ་བརྩོན༔ གུས་པས་བསྟེན་ལ་སྙིང་ཉེ་ཞིང༔ མགོན་སྐྱོབ་དཔུང་གཉེན་མི་འབྲལ་སྲུང༔ མདོར་ན་བདག་སོགས་འཁོར་བཅས་ཀྱི༔ བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང༔ བསམ་དགུ་ཆོས་བཞིན་འགྲུབ་པ་དང༔ འདོད་དགུ་ཡིད་བཞིན་འབྱུང་བ་ཡི༔ མཆོག་ཐུན་དངོས་གྲུབ་མ་ལུས་རྣམས༔ འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོད༔ ཅེས་དབྱངས་དང་བཅས་པས་དམ་ཅན་ལ་དགྲ་བླ་དཔུང་བསྟོད་པའི་ཚུལ་གྱིས་དཀར་ཚེས་བཅོ་ལྔ་ལ་མ་ཆག་པར་བྱས་ན༔ འདོད་པའི་དོན་ཀུན་འགྲུབ་པར་ངེས༔ མངའ་གསོལ་མཆོད་འཕྲིན་ལས་རིམ་འདི༔ བརྒྱུད་འཛིན་བུ་ལ་ཆིག་བརྒྱུད་གྱིས༔ མང་ན་སྲོག་རྩ་གིང་དམར་གྱིས༔ བཀའ་ཆད་སྙིང་ཁྲག་ཐང་ལ་ཕྱུངས༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ ྈྈྈྈྈྈ ཨེ་མ་ཧོ༔ མ་འོངས་སྙིགས་མའི་དུས་ཀྱི་ཚེ༔ པད་མ་ང་ཡི་ཟབ་གཏེར་འཛིན་པ་རྣམས་ཀྱི་དོན་དུ༔ ཡང་ཟབ་གཅེས་པའི་ལས་རིམ་བཅུ་བདུན་ཡོད་པ་འདི་རྣམས་སྔོན་དུ་རྗེས་གནང་དང་བསྙེན་པ་སོང་ཞིང༔ ལྷག་པའི་ལྷ་དང་དམ་བསྲེ༔ ཡེ་ཤེས་འབེབ་པའི་དབང་ཐུན་མོང་མ་ཡིན་པ་རྣམས་ཐོབ་པའི་སློབ་མས་བླ་མའི་བཀའ་དང་དམ་ཚིག་ལ་གནས་པ༔ བརྒྱུད་འཛིན་ནུས་པ་གཅིག་ལ་ཆིག་བརྒྱུད་དུ་བསྟན་ཏེ༔ ཡང་འདི་ནི་ལྷ་ཆེན་པོ་འདི་འཇིག་རྟེན་པའི་ཚུལ་དུ་གབ་ཅིང་སྦས་ནས་ཡོད་པ་ལ༔ དེའི་གསང་བརྟོལ༔ མཚང་བསྟན༔ གནད་ནས་བརྗོད་པ་ཡིན་པས༔ ཤིན་ཏུ་གཉན་ལ་བཀའ་དོག་པས༔ ཆོ་འཕྲུལ་དང་འཁུ་ལྡོག་འཕྲལ་དུ་འབྱུང་བས༔ ཤིན་ཏུ་གབ་སྦས་གསང་སྟེ༔ གསང་བ་སྲོག་གི་ལྷ་དང་ཆོས་སྐྱོང་དུ་བསྟེན་པ་དམ་ཚིག་ལགས་པས༔ རང་ལས་གཞན་དུ་དཔེ་དང་ཡི་གེ་རླུང་ཕྱོགས་ཙམ་དུ་མི་བསྟན་སྦ་བ་གནད༔ དེས་ཚེ་དང་ལོངས་སྤྱོད་འཁོར་རྣམས་རྒྱས་པ་དང༔ ཚེ་རབས་ཀུན་ཏུ་འགོ་ཞིང་སྐྱོབ་ལ༔ ཐ་མ་བླ་ན་མེད་པའི་རིག་འཛིན་གྱི་འབྲས་བུ་ལ་སྦྱོར་བར་མཛད་དོ༔ འདི་ནི་རིགས་མཐོ༔ གཞུང་བཟང༔ རྟགས་མཚན་ཆེ༔ སྙིང་ཉེ༔ ཁྱད་པར་གཙང་རིས་ཀྱི་ལྷ༔ ལྷག་པར་སྙིང་རྗེ་དང་ལྡན་པ་ཞིག་ཡིན་པས༔ གཏོར་མ་དཀར་གསུམ་དང་མངར་གསུམ་འབྲས་བུ་བཟང་པོ་ལ་བརྟེན་ཅིང༔ གྲིབ་དང་དམ་སེལ་ལ་འཛེམ༔ འདི་བསྟེན་པའི་སར༔ ནག་ཕྱོགས་ཀྱི་ལྷ་འདྲེ་གཞན་ཕོ་ལྷར་མི་བསྟེན༔ ཁྱད་པར་སྙིགས་དུས་ཀྱི་སྒྲུབ་པ་པོ་དང༔ རྒྱལ་པོ་སྟོབས་དང་ལྡན་པ་དང༔ རྗེ་དཔོན་རྣམས་ཀྱིས་སྲུང་མར་བསྟེན་ན༔ ཀུན་ལས་བཀྲ་ཤིས་མཐུ་རྩལ་ཆེ་སྟེ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་ཕྱོགས་སྐྱོང་སྡེ་བརྒྱད་ཀུན་གྱི་རྗེ་བོ་ཡིན་པས་སོ༔ ནུབ་ཟང་ཟང་ལྷ་བྲག་གི་གཏེར་བདག་ཀུན་གྱི་གཙོ་བོ་ལྷ་ཆེན་འབར་བ་རྩལ་གྱི་གསང་སྒྲུབ་ལས་ཚོགས་རྫོགས་སོ༔ གལ་ཏེ་གསང་སྒོ་འཆོལ་བ་དང༔ དམ་ཉམས་བཀའ་ལས་འདའ་བྱེད་ན༔ ལས་མཁན་ཤན་པ་སྤུ་གྲི་ཅན༔ སྲོག་བདག་སྒྲོལ་གིང་དམར་པོ་དང༔ སྡེ་བརྒྱད་ཁྲོཾ་སྐྱེས་སྡེ་བཞི་ཡིས༔ ལུས་སྲོག་ཕྲོལ་ལ་ཟས་སུ་ཟོ༔ ྈྈྈ ྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈ ྈྈྈ ྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ ྈྈྈྈྈྈྈ ྈ ྈ ྈྈྈ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། །ཟབ་མོ་རྟེན་འབྲེལ་གྱི་སྐོར་རྣམས་ཤིན་ཏུ་དམ་པས་དུམ་བུ་རེ་རེ་ཙམ་མིན་པ་ཐམས་ཅད་རྫོགས་པར་བསྟན་ན་བཀའ་ཆད་ཡོང་གསུངས་འདི་ནི་ཆིག་བརྒྱུད་ཡིན་པས་དཔེ་དང་ ཡི་གེ་སྦ་བ་བརྒྱུད་པའི་ཕྱག་ལེན་ཡིན་ནོ།། །།

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་གཏུམ་པོ་སྙིང་དྲིལ་ (Volume 28, Text 25)

༄༅། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་གཏུམ་པོ་སྙིང་དྲིལ་ཞེས་བྱ་བ་བཞུགས་སོ། ། ན་མོ་ཨུཏྟ་ར་གུ་ཧྱ་པ་ཏ་ཡེ། མཐུ་སྟོབས་བསྐལ་པའི་མེ་ལྕེར་སྟེང་འོག་གི །ཁ་ཡི་མདུང་ཅན་བཟོད་པའི་སྐབས་མེད་ན། །མི་ཕྱེད་རྡོ་རྗེ་སྤོར་བས་སྲིད་དང་ཞིའི། །ལུས་ཅན་སྲུང་བར་མཛད་དེས་སྐྱོང་གྱུར་ཅིག །གཏུམ་པོའི་དྲག་སྔགས་རྒྱ་མཚོ་ཡི། །བཅུད་དྲིལ་གསང་བ་ཡང་ཁོལ་ཞེས། །ཡོངས་སུ་གྲགས་ཀྱང་ཀུན་ལ་དཀོན། །འབད་པས་རྙེད་འདིར་ཡི་རང་བྱོས། །དེ་ལ་གཉིས། བསྙེན་སྒྲུབ་ཕྲིན་ལས་ཀྱི་རིམ་པ། གཞན་དོན་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། སྦྱོར་བ་གཙང་མའི་སྟེགས་བུར་དཀྱིལ་འཁོར་དུར་ཁྲོད་མེད་པའི་སྒོ་རྫོགས་སྤྱི་ལྟར་ལ། དབུས་སུ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར། དེ་རྒྱབ་འཁོར་ལོ་རྩིབས་བཞི་སེར། དེ་དག་ལ་སྐུའམ་ཕྱག་མཚན་བཀོད་ནས་དབུས་སུ་རྡོ་རྗེ་སེར་པོ་དང་དེ་མདུན་རྡོ་རྗེ་དཀར་པོ། རྩིབས་བཞིར་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་རྣམས་བཀོད། མཐའ་སྐོར་དུ་ལྕགས་རི་ནག་པོ། དེ་རྒྱབ་པདྨ་རྡོར་ར་མེ་རི་སྤྱི་ལྟར་བྱ། མི་འགྲུབ་ན་མཎྜལ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་རིན་པོ་ཆེའི་བུམ་པ་ལ་གསེར་གྱི་རྡོ་རྗེའི་ལྷ་མཚན་གྱིས་སྤྲས་པའི་ནང་དུ། བཙན་དུག་མུ་ཟི་གུ་གུལ་བདུད་རྩི་གླ་རྩི་ལྡོང་རོས་སྒོག་སྐྱ་བུལ་ཏོག་བརྒྱད་པོ་ཞིབ་པར་བཏགས་པ་དང་ཆུ་གཙང་འོ་མར་སྦྱར་བས་བཀང་། མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་ཐག་དང་ལྡན་པའི་མདུན་དུ་དམར་གཏོར་གྲུ་གསུམ་གཙོ་འཁོར་ལྔ་པ་བཤམ། དབང་དང་འབྲེལ་ན་སྐུ་ཙཀ །ལྕགས་རྡོར། ཁྱུང་ཙཀ །སྦྲུལ་ཆུན། སྔགས་བྱང་། པོ་ཏི་རྣམས་ཀྱང་བཞག་ལ་མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། འཛོམ་ན་མདའ་དར་དང་རལ་གྲི་སོགས་ཀྱིས་བརྒྱན། སྟ་གོན་རྫས་མིག་དར་མེ་ཏོག །སྔོན་གཏོར་སོགས་ཉེར་མཁོ་རྣམས་འདུ་བྱའོ། །དངོས་གཞིའི་ཐོག་མར་སྐྱབས་སུ་འགྲོ་བ་ནི། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ སེམས་སྐྱེད་པ་ནི། བདག་གཞན་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་འཛིན་པའི་དགོངས་པ་ཡིས༔ ངེས་པའི་དོན་དུ་སེམས་བསྐྱེད་དོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ བགེགས་བསྐྲད་པ་ནི། རང་ཉིད་གསང་བའི་བདག་པོའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བདག་ཉིད་གསང་བདག་བཀའ་འདས་ན༔ གནོད་བྱེད་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་བགེགས་གཏོར་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་བཛྲ་པཱ་ཎི་ག་རུ་ཎ་འབྱུང་པོ་ཨུ་ཙ་ཊ་ཡ་ཕཊ༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བརྗོད་སྲུང་འཁོར་བསྒོམ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ་དང་། སྭཱ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཆུ་གཉིས་ཉེར་སྤྱོད་ལ་སོགས་པ་མཆོད་པའི་སྤྲིན་ཕུང་ནམ་མཁའི་དབྱིངས་གང་བར་གྱུར། ཨོཾ་ཨཱ་ཧ་ར་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་པཱུཥྤེ་ཧཱུྃ༔ནས་ཤབྡའི་བར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱནྣུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་དོ། །ཚོགས་གསག་པ་ནི། རང་གི་སྙིང་གའི་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས་པས། བླ་མ་གསང་བདག་ཁྱུང་ཆེན་རིགས་ལྔ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཧཱུྃ། བླ་མ་གསང་བདག་ཁྱུང་རྣམས་ལ༔ ལུས་ངག་ཡིད་གུས་ཕྱག་འཚལ་ལོ༔ སྟོང་གསུམ་མཆོད་པའི་བྱེ་བྲག་རྣམས༔ འགྲོ་བ་རྣམས་ཀྱི་དོན་དུ་འབུལ༔ བསྐལ་པར་བསགས་པའི་སྡིག་པ་རྣམས༔ བླ་མ་གསང་བདག་ཁྱུང་ལ་བཤགས༔ དགེ་བའི་ལས་ནི་ཐམས་ཅད་ལ༔ དམ་པའི་རྗེས་སུ་ཡི་རང་ངོ༔ སེམས་ཅན་མོས་པ་ཅི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ མྱུར་དུ་མྱ་ངན་འདའ་སྟོན་རྣམས༔ བསྐལ་པའི་མཐར་ཐུག་བཞུགས་སུ་གསོལ༔ དགེ་བ་ཐམས་ཅད་དྲིལ་ནས་ནི༔ བྱང་ཆུབ་ཆེན་པོར་བསྔོ་བར་བགྱི༔ ནམ་མཁའི་ལྷ་ཚོགས་རྣམས་ཀྱི་འོད་ཟེར་བདག་ལ་ཐིམ་པས་སྒྲིབ་པ་མ་ལུས་པ་བྱང་། ལུས་དང་སྣང་བ་ཐམས་ཅད་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཨོཾ། ཆོས་རྣམས་རང་བཞིན་སྤྲོས་དང་བྲལ། །ནམ་མཁའ་ལྟ་བུའི་ཏིང་འཛིན་ལས། །ཨཱཿ འགྲོ་དྲུག་ཀུན་ལ་ཁྱབ་པ་ཡི། །བརྩེ་བའི་སྙིང་རྗེ་རབ་ཏུ་བསྒོམ། །ཧཱུྃ། སྟོང་ཉིད་སྙིང་རྗེ་གསལ་བའི་ཀློང་། །རང་རིག་ཧཱུྃ་མཐིང་འོད་དུ་འབར། །དེ་ལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང་། །རྒྱན་དང་བཀོད་པ་ཡོངས་རྫོགས་དབུས། །མཐིང་ནག་གྲུ་གསུམ་ཨེ་དཀྱིལ་དུ། །པདྨ་ཉི་ཟླ་ཀླུ་གཉན་སྟེང་། །ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་རྡོ་རྗེ་ཧཱུྃ་མཚན་གྱུར། །འོད་འཕྲོས་དོན་བྱས་འདུས་པ་ལས། །བདག་ཉིད་གསང་བདག་དམ་ཚིག་པར། །གསལ་བའི་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །སྤྱན་འདྲེན་མཆོད་བསྟོད་ནི། ཧཱུྃ༔ ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས༔ བདེ་གཤེགས་རྒྱལ་བའི་ཐུགས་ཀྱི་སྲས༔ ཕྱག་ན་རྡོ་རྗེ་གསང་བའི་བདག༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ གསང་བདག་ཕྱག་རྡོར་ཐུགས་དཀྱིལ་ནས༔ སྤྲུལ་པའི་བྱ་ཁྱུང་ཤར་བ་ནི༔ ཁྱུང་རྒོད་མ་རུངས་གདུག་རྩུབ་ཅན༔ ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི༔ བཛྲ་གྷ་རུ་ཎ༔ བུདྡྷ། རཏྣ། པདྨ། ཀརྨ་གྷ་རུ་ཎ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ གསང་བདག་ཐུགས་རྗེས་བྱོན་པ་ལེགས༔ བདག་ནི་བསོད་ནམས་སྐལ་པར་ལྡན༔ བདག་གི་མཆོད་ཡོན་བཞེས་ནས་ཀྱང༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་སོགས་ཀྱི་མཐར། བུདྡྷ་ནཱ་ག་ས་མ་ཡེ་ཧཱུྃ༔ གསང་བདག་ཁྱུང་གི་ཚོགས་དང་བཅས། །མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ དེ་བཞིན་བདག་གིས་ལྷ་ཡི་ཆུ༔ དག་པ་ཡིས་ནི་སྐུ་ཁྲུས་གསོལ༔ ཨོཾ་པྲ་ཝ་ར་པྲ་ཏཱིཙྪ་ཧོ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ ཅི་སྲིད་མཆོད་པ་བདག་བགྱིད་ན༔ དེ་སྲིད་གསང་བདག་གདན་ལ་བཞུགས༔ ཨོཾ་པདྨ་ཀ་མ་ལཱ་ཡེ་ཧཱུྃ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ མེ་ཏོག་ཇི་སྙེད་མཆིས་པ་ཀུན༔ གསང་བདག་ཁྱུང་དང་བཅས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་གྷ་རུ་ཎ༔ པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དེ་བཞིན་དུ། བདུག་སྤོས། མར་མེ་ དྲི་ཆབ་ ཞལ་ཟས་ རོལ་མོའི་བར་དང་། དྷཱུ་པེ་ ཨཱ་ལོ་ཀེ་ གྷན་དྷེ་ ནཻ་ཝིདྱ་ ཤབྡའི་བར་འགྲེས་སུ་སྦྱར། བསྟོད་པ་རྒྱས་པར་ལྕོགས་ན། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་གོས་སྔོན་ཅན༔སོགས་སམ་མི་ལྕོགས་ན། ཧཱུྃ༔ གསང་བདག་ཕྱག་རྡོར་གོས་སྔོན་ཅན༔ སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས༔ ཐུགས་ཀྱིས་འགྲོ་དྲུག་ཐམས་ཅད་མཁྱེན༔ དབང་དུ་སྟོང་གསུམ་མ་ལུས་སྡུད༔ ཞལ་ནས་ཧཱུྃ་ཕཊ་ཁམས་གསུམ་སྒྲོལ༔ མཆེ་བཞི་གཙིགས་པས་སྐྱེ་ཤི་གཅོད༔ སྐུ་ལ་དུར་ཁྲོད་རྒྱན་ཆ་གསོལ༔ ཞབས་གཉིས་ཉི་ཟླའི་གདན་ལ་འགྱིང༔ ཕྱག་གཉིས་གསེར་གྱི་རྡོ་རྗེ་གསོར༔ གཡོན་པས་དྲིལ་བུས་ལོག་རྟོག་འཇོམས༔ ལྗགས་འདྲིལ་རྐན་བརྡབ་དགྲ་བགེགས་སྒྲོལ༔ གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩི་འདི་གསོལ་ལ༔ སྡང་དགྲ་གདོན་བགེགས་རྡུལ་དུ་རློགས༔ གྲུབ་པའི་རྟགས་སྟོན་ལས་མཛོད་ཅིག༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་སྤྲུལ་ཁྱུང་རྒོད་གདུག་རྩུབ་ཅན༔ ནམ་མཁའ་ཡང་སྤྲུལ་ཁྱུང་གིས་འགེངས༔ ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཁྱུང་ཆེན་མི་ལུས་འགྱིང་བག་ཅན༔ སྐུ་མདོག་དཀར་ལ་འོད་དུ་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ ཐུགས་ལས་ཡེ་ཤེས་ཉི་ཟླ་འཆར༔ ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོས༔ ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས༔ ལྕགས་མཆུ་ལྕགས་སྡེར་རྣོ་ལ་འགུག༔ དབུ་གཙུག་རིན་ཆེན་འོད་འབར་བའི༔ ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ བདག་ལ་གནོད་པའི་དགྲ་བགེགས་ལ༔ རྡོ་རྗེའི་གཤོག་གཉིས་སྟེང་ནས་རྡོབས༔ རྡོ་རྗེའི་གཞུག་མས་འོག་ནས་སྐྱོད༔ གནམ་ལྕགས་སྡེར་མོས་བར་ནས་གཟིར༔ རྡོ་རྗེའི་མཆུ་ཆེན་སྙིང་ནས་དྲོངས༔ ལས་ཀྱི་བྱ་ཁྱུང་གདུག་རྩུབ་ཅན༔ གསང་བདག་རྡོ་རྗེའི་བཀའ་བྱུང་གིས༔ དམ་རྫས་བདུད་རྩི་འདི་གསོལ་ལ༔ སྡང་དགྲ་གདོན་བགེགས་རྡུལ་དུ་རློགས༔ བཅོལ་པའི་ལས་མཛོད་མྱུར་དུ་སྒྲོལ༔ ཁྱུང་ཀ་རུ་ཎ༔ ལྷང་ལྷང༔ ཙེར་ཙེར༔ ཆུམ་ཆུམ༔ ཧྲིལ་ཧྲིལ༔ ཤར་ཤར༔ སིལ་སིལ༔ གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་རྦད་བྷྱོ༔ ཞེས་བསྟོད་ཅིང་བསྐུལ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་སེམས་དཔའ་རང་ལ་ཐིམ། །བདག་གི་སྒྲིབ་པ་མ་ལུས་པ། །སངས་ཀྱིས་དག་ནས་འོད་དུ་ཞུ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ག་རུ་ཎ་ཧཱུྃ། བདག་ཉིད་བཅོམ་ལྡན་གོས་སྔོན་ཅན། །སྔོ་སང་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར། །གཡོན་པས་དྲིལ་བུ་དང་བཅས་པའི། །སྡིགས་མཛུབ་རྩེ་ལ་མེ་ལྕེ་འབར། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྤྱན་གསུམ་གྲུ་གསུམ་གྱེན་ལ་གཟིགས། ཁྲོ་གཉེར་གསུམ་བརྩེགས་དཔྲལ་བར་བསྡུས། །སྨིན་མ་ཨག་ཚོམ་མེ་ལྟར་འབར། །རལ་པ་གྱེན་འཁྱིལ་ཐུར་དུ་ཉིལ། །ཐོད་སྐམ་རིན་ཆེན་རྩེ་བྲན་སྤྲས། །གླང་ཀོ་དར་སྔོན་སྟོད་ལ་གཡོགས། །བྷ་ཏི་དར་ལྗང་སྟག་ཤམ་དཀྲིས། །སྦྲུལ་བརྒྱད་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་བསྒྲད༔ །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །འགྱིངས་པའི་ཚུལ་གྱིས་སྲིད་གསུམ་ཁེངས། །ཐུགས་ཀར་ཀེཾ་ཡིག་དཀར་པོ་ལས། །དུང་སྒོང་ཞིག་གྱུར་དེ་ཉིད་བརྡོལ། །རྡོ་རྗེ་ཁྱུང་ཆེན་དཀར་ལ་འཚེར། །རལ་པ་ཚངས་པའི་དབྱིངས་སུ་སླེབ། །གཤོག་པས་ནམ་མཁའི་དབྱིངས་ཀུན་ཁྱབ། །གཤོག་གསེབ་བྱེ་ཚན་ཆར་པ་ཡིས། །ཀླུ་རྒྱལ་ཕོ་མོ་ཐུལ་ཐུལ་སྲེག །གནམ་ལྕགས་མཆུ་སྡེར་རྣོན་པོ་ཡིས། །ཀླུ་གཉན་སྙིང་ནས་འདྲེན་ཅིང་ཟ། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གནམ་ལྕགས་འབར་བའི་ལྕགས་ཀྱུ་གཡོན། །རྭ་བར་རིན་ཆེན་འོད་འབར་བརྒྱན། །ཉི་ཟླ་པད་སྟེང་བརྗིད་པར་བཞུགས། །ཐུགས་ལས་ཀེཾ་བཞི་སྤྲོས་པ་ལས། །ཤར་དུ་སྐུ་ཡི་ཁྱུང་རྒོད་སྔོ། །ལྷོ་རུ་ཡོན་ཏན་ཁྱུང་རྒོད་སེར། །ནུབ་ཏུ་གསུང་གི་ཁྱུང་རྒོད་དམར། །བྱང་དུ་ཕྲིན་ལས་ཁྱུང་རྒོད་ལྗང་། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་འབར་བ་གཡས་ན་བསྣམས། །གཡོན་པས་ལྕགས་ཀྱུས་གནོད་བྱེད་བཟུང་། ཁྲོ་རྔམ་ཆ་ལུགས་གཙོ་དང་མཐུན། །ཡང་སྤྲུལ་ཁྱུང་རྒོད་སྣང་སྲིད་གང། །འཕུར་འཇུམས་ལྡིང་ཞིང་འབབས་པ་ཡིས། །ཀླུ་གཉན་ས་བདག་རྡུལ་དུ་བརླག །གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །བྱིན་རླབས་ནུས་པ་ཚུར་བསྡུས་པས། །མཐུ་སྟོབས་གཟི་བརྗིད་རབ་འབར་གྱུར། །ཅེས་མོས་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཅེས་རྩ་བའི་བསྙེན་པ་འབྲུ་དྲུག་ལ་འབྲུ་འབུམ་མ་སོང་བར་བཟླ། དེ་ནས་དེའི་ཤམ་དུ། བཛྲ་ག་རུ་ཎ་ཧཱུྃ༔ བུདྡྷ་ག་རུ་ཎ་ཨོཾ༔ རཏྣ་ག་རུ་ཎ་ཏྲཱཾ༔ པདྨ་ག་རུ་ཎ་ཧྲཱི༔ ཀརྨ་ག་རུ་ཎ་ཨཱ༔ ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཏགས་པ་འབུམ་ཕྲག་ཙམ་བཟླ། དེ་སོང་ནས་སྔགས་དེ་གཉིས་ལ། ཏ་ཀི་ཙ་ཏེ་བྱི་ཙ་ཏེ༔ ཧུ་ཡ་ཧུ་ཡ༔ ཧུ་ལུ་ཧུ་ལུ༔ པུ་རུ་ཏེ་པུ་རུ་ཏེ་སྭཱ་ཧཱ༔ ཞེས་བཏགས་པ་ཞག་བདུན་ནམ་རྟགས་གཞུང་གསལ་མ་བྱུང་གི་བར་དུ་བཟླའོ། །དེ་ལ་སྔ་མ་གཉིས་ནི་བསྙེན་པ་ཡིན་པས་འོད་ཟེར་སྤྲོ་བསྡུའི་དམིགས་པ་གཙོ་བོར་སྦྱར་ཞིང་། ཕྱི་མ་སྒྲུབ་པ་ཡིན་པས་ཁྱུང་ཀླུ་འདུལ་གྱི་དམིགས་པ་གཙོ་བོར་སྦྱར་རོ། །གདུག་པ་འདུལ་བའི་ཤམ་བུ་དྲག་སྔགས་བཟླ་དགོས་པ་བྱུང་ན་རྫས་དང་སྔགས་སྦྲེལ་ཚུལ་གཞུང་གསལ་ལྟར་སོ་སོར་ཁ་བསྒྱུར་བ་བྱའོ། །བཟླས་པའི་ཐུན་མཚམས་སུ། ཡང་སྤྲུལ་ཁྱུང་རྒོད་ཐམས་ཅད་ཀུན། །ཚུར་འདུས་རིགས་ལྔའི་ཁྱུང་ལ་ཐིམ། །པྲ་བེ་ཤ་ཡ་ཕཊ། ཡེ་ཤེས་སེམས་དཔའ་བདག་ལུས་ལས། །ཐོན་ཏེ་མདུན་མཁར་བཞུགས་པར་གྱུར། །མཆོད་པ་བྱིན་བརླབས་ནས། མཆོད་བསྟོད་གོང་ལྟར། གཏོར་འབུལ་སྤྲོ་ན་འོག་ནས་འབྱུང་བ་ལྟར་བྱ། གསུམ་པ་རྗེས་ནི། གང་ལྟར་ནོངས་བཤགས་བཟོད་གསོལ་དགེ་བསྔོ་བྱས་ལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། རང་དམ་ཚིག་སེམས་དཔའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །བུམ་པ་བསྒྲུབ་ན་བདག་བསྐྱེད་བསྙེན་སྒྲུབ་ཀྱི་བཟླས་པའི་བར་སོང་ནས་མཆོད་པ་ཁ་གསོས་ཤིང་བྱིན་བརླབས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་དང་། སྭཱ་བྷཱ་བས་སྦྱང་། བུམ་པ་མི་དམིགས་སྟོང་པའི་ངང་། །བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་སུ། །བཾ་ལས་བདུད་རྩིའི་རྒྱ་མཚོའི་ནང་། །པཾ་ལས་པདྨའི་སྡོང་པོ་དང་། །ཉི་ཟླའི་སྟེང་དུ་བདག་ཉིད་ཀྱི། །ཐུགས་ལས་ཧཱུྃ་འཕྲོས་དེ་ལས་ཀྱང་། །འོད་འཕྲོས་འཕགས་མཆོད་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བུམ་ལྷ་གསང་བདག་གོས་སྔོན་ཅན། །དམ་ཚིག་སེམས་དཔའི་སྐུར་གྱུར་པའི། །ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །སྤྱན་འདྲེན་ནས་མཆོད་བསྟོད་བསྲེ་བའི་བར་གོང་བཞིན་ལ། ཡེ་ཤེས་སེམས་དཔའ་བུམ་ལྷར་ཐིམ། །གཉིས་རྟོག་བསལ་ནས་འོད་དུ་ཞུ། །དབུས་སུ་ལག་ན་རྡོ་རྗེ་ནི། །སྔོ་སང་རྡོ་རྗེ་དྲིལ་བུ་འཛིན༔ སྦྲུལ་དང་མི་སྡུག་རྒྱན་གྱིས་བརྒྱན༔ སྟག་ཤམ་བྷ་ཏི་ཁྲ་བོས་དཀྲིས༔ སྤྱན་གསུམ་དམར་ལ་ཟླུམ་པ་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཞབས་གཉིས་དཔའ་བོའི་འདོར་ཐབས་བགྲད༔ མེ་དཔུང་འབར་བའི་དབུས་ན་གནས༔ དེ་ཡི་ཐུགས་ཀར་ཁྱུང་ཆེན་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་སྦྲུལ་ཞགས་འཛིན༔ མཆུ་སྡེར་གཤོག་པ་འཁོར་ལོས་མཚན༔ འདབ་བཞིར་ཤར་དུ་རྡོ་རྗེའི་ཁྱུང༔ མཐིང་ནག་གཡས་གཡོན་རྡོ་རྗེ་དང༔ སྦྲུལ་འཛིན་མཆུ་སྡེར་གཤོག་པ་རྣམས༔ རྡོ་རྗེ་ཕ་ལམ་དག་ལས་གྲུབ༔ ལྷོ་རུ་རིན་ཆེན་ཁྱུང་ཆེན་སེར༔ གཡས་གཡོན་རིན་ཆེན་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་རིན་ཆེན་སྤྲས༔ ནུབ་ཏུ་པདྨའི་ཁྱུང་ཆེན་དམར༔ གཡས་གཡོན་པདྨ་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་པདྨས་སྤྲས༔ བྱང་དུ་ལས་ཀྱི་ཁྱུང་ཆེན་ལྗང༔ གཡས་གཡོན་རལ་གྲི་སྦྲུལ་ཞགས་འཛིན༔ མཆུ་སྡེར་འདབ་གཤོག་རལ་གྲིས་མཚན༔ ཐུགས་ཀར་ཉི་སྟེང་ས་བོན་གསལ། །བདག་བསྐྱེད་ཐུགས་ཀའི་སྔགས་འོད་ཀྱིས། །རྒྱུད་བསྐུལ་ཡེ་ཤེས་ཆུ་རྒྱུན་བབས། །ནུས་ལྡན་བདུད་རྩིས་བུམ་པ་གང་། །ཡང་སྤྲུལ་ཁྱུང་རྒོད་སྣང་སྲིད་གང་། །འཕུར་འཇུམས་ལྡིང་ཞིང་འབབས་པ་ཡིས། །ཀླུ་གཉན་ས་བདག་རྡུལ་བརླག་གྱུར། །ཅེས་བསྙེན་སྒྲུབ་ཀྱི་སྔགས་སུམ་སྦྲེལ་ཉིད་ཇི་ཙམ་ནུས་པ་བཟླས་ལ། གཏོར་མ་འབུལ་བ་ནི། གཙང་མའི་སྣོད་དུ་ཟན་མེ་ཏོག་ཤིང་ཏོག་ཆན་ཐུག་ཁུར་བ་འབྲུ་སྣ་སྨན་སྣ་དཀར་གསུམ་མངར་གསུམ་ཤ་ཁྲག་ཆང་སྣ་རྣམས་དང། གདོན་གྱི་གནོད་པ་རྨི་ལམ་དུ་གང་བྱུང་གི་གཟུགས་ཀྱང་བཤམ་པར་གསུངས་པ་རྣམས་གོང་གསལ་དམར་གཏོར་ཚོ་གཉིས་དང་ཆབས་ཅིག་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་མཚན་ལྡན་མཛེས་པའི་སྣོད་དུ་ཡིད་མཐུན་གྱི་གཏོར་མ་བདུད་རྩིའི་རང་བཞིན་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བུདྡྷ་ག་རུ་ཎ༔ བཛྲ་ག་རུ་ཎ༔ རཏྣ་ག་རུ་ཎ༔ པདྨ་ག་རུ་ཎ༔ ཀརྨ་ག་རུ་ཎ༔ ཡཀྵཾ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། ཧཱུྃ༔ རྨད་བྱུང་གཏོར་མ་དམ་པ་འདི༔ དུས་གསུམ་བླ་མ་ཐམས་ཅད་དང༔ ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ སྤྲུལ་པའི་ཁྱུང་རྒོད་ཐམས་ཅད་དང༔ ལས་མཁན་གནོད་སྦྱིན་སྲིན་པོ་ལ༔ ལས་རྣམས་མཛད་ཕྱིར་གཏོར་མ་འབུལ༔ བཅོལ་པའི་ལས་མཛོད་དགྲ་བོ་སྒྲོལ༔ ཅེས་དང་། མཆོད་བསྟོད་ནོངས་བཤགས་ཡེ་ཤེས་པ་གཤེགས་པ་རྣམས་བདག་བསྐྱེད་ལྟར་བྱ། དམ་ཚིག་པ་འོད་དུ་ཞུ་བ་ལས་ནུས་པ་དང་ལྡན་པའི་བུམ་ཆུར་གྱུར་པར་མོས། ལས་བུམ་རྡོ་རྗེ་གནོད་སྦྱིན་སྔགས་ཀྱིས་བྱིན་བརླབས་ལ་བཞག །བུམ་སྒྲུབ་གཙོར་བྱེད་ན་རྗེས་བཀྲུ་བྱབ་ཀྱི་ཆོ་ག་དང་དཀྱིལ་འཁོར་བསྡུ་བ་སོགས་སྤྱི་དང་མཐུན་པར་བྱའོ། ༈ །གཉིས་པ་གཞན་དོན་དབང་བསྐུར་བའི་ཚུལ་ལ་གསུམ། སྟ་གོན་སྒྲུབ་མཆོད་དབང་དངོས་སོ། །དང་པོ་ནི། བུམ་སྒྲུབ་གྲུབ་པ་དང་། སློབ་མ་རྣམས་ལ་ལས་བུམ་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་བསྒོམ། སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་བླང་བའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར། མཁའ་ཁྱབ་ཀྱི་འགྲོ་བ་རྣམས་དང་ལྷན་ཅིག་པར་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་ལམ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ བདག་གཞན་དུས་འདི་ནས་བཟུང་ནས༔ སངས་རྒྱས་ཆོས་དང་ཚོགས་བཅས་དང༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བས་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་ཀྱང་གཞན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ གསང་སྔགས་ངེས་པའི་བློ་འཛིན་ནོ༔ ཞེས་ལན་གསུམ་བརྗོད། དེ་ནས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ་ཞིང་། ཨོཾ་སྤྱི་བོར་བྱིན་པས་ལུས་རྡོ་རྗེ་རྩེ་ལྔ་པར་གྱུར༔ ཨཱཿམགྲིན་པར་བྱིན་པས་ངག་ཧཱུྃ་དུ་གྱུར༔ ཧཱུྃ་སྙིང་གར་བྱིན་པས་ཡིད་ཀྱི་རྣམ་པར་ཤེས་པ་མཆོད་རྟེན་དུ་གྱུར་པར་མོས་ཤིག༔ དེས་སྐུ་གསུང་ཐུགས་ཀྱི་དབང་རྟགས་ཆགས་པ་དང་སྐུ་གསུམ་གྱི་རང་བཞིན་དུ་རྟེན་འབྲེལ་འགྲིགས་པའི་དགོས་པ་ཡོད་དོ། །དེ་ནས་སོ་ཤིང་ལས་བུམ་གྱི་སྔགས་ཆུས་བསང་། ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསུམ། ཡེ་ཤེས་ལྔ་ལྡན་གྱི་རང་བཞིན་དུ་གྱུར། མཎྜལ་ཚོམ་བུ་ལྔ་པ་མདུན་དུ་བཀོད་ལ། ཚོམ་བུའི་དཀྱིལ་འཁོར་མི་བསྐྱོད་པ་གཙོ་བོར་གྱུར་པའི་རྒྱལ་བ་རིགས་ལྔར་སྐད་ཅིག་གིས་གསལ་བར་གྱུར། ཁྱེད་རང་རྣམས་ལག་པ་ཐལ་སྦྱར་གྱི་བར་དུ་སོ་ཤིང་བཅངས་ནས་རྩེ་མོས་སོ་རྩ་བྲུད་པའི་རྣམ་པས། རང་གི་སྒོ་གསུམ་གྱི་རྒྱུད་ལ་གནས་པའི་དུག་ལྔ། སོ་ཤིང་ཡེ་ཤེས་ལྔ་ལྡན་ལ་ཐིམ། དེ་ཁྲུ་གང་གི་ནམ་མཁའ་ནས་རིགས་ལྔའི་སྟེང་དུ་དོར་ཞིང་ཐིམ་པར་མོས་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཅིག །སོ་ཤིང་གཏད་ལ། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དངོས་གྲུབ་འགྱུར་མེད་རབ་བརྟན་ཕྱིར༔ སོ་ཤིང་འདི་དག་དོར་བ་ཡིས༔ དངོས་གྲུབ་ཅི་འགྲུབ་ལྟས་སྟོན་ཅིག༔ ཨོཾ་བཛྲ་ཧཱ་ས་ཧ༔ དེ་ལྟར་དོར་བས་དབུས་དང་ཕྱོགས་བཞིར་རྩེ་མོ་གང་དུ་བསྟན་པ་དེའི་རིགས་དང་མཐུན་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞི་རྒྱས་དབང་དྲག་གི་ལས་ཀྱི་དངོས་གྲུབ་སོ་སོར་འགྲུབ་པར་འགྱུར་བ་ཡིན་ནོ། །བཾ་ལས་བྱུང་བའི་དུང་ཆུ། བཾ་ལན་བདུན་བརྗོད་པས་ལག་པ་གཡས་སུ་སྦྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷེ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ༔ སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡེ་ཧཱུྃ༔ ཞེས་ལན་གསུམ་འཐུང་དུ་གཞུག །དེས་སྒྲིབ་པ་བྲལ་ཞིང་རྒྱུད་སྣོད་དུ་རུང་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །སྲུང་སྐུད་ལ་མདུད་པ་གསུམ། རྡོ་རྗེའི་མདུད་པ་དང་ལྡན་པའི་སྲུང་སྐུད་ཧཱུྃ་ལས་ཡེ་ཤེས་ཀྱི་ཁྲོ་བཅུའི་རང་བཞིན་དུ་གྱུར། རྩ་སྔགས་བཟླས་པས་བྱིན་བརླབས་ལ། ཨོཾ་བུདྡྷ་མེ་ཏྲི་སརྦ་རཀྵ་རཀྵ་སརྦ་སྭཱ་ཧཱ༔ སྲུང་སྐུད་དེ་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་བྱམས་པའི་གོ་ཆས་ཐམས་ཅད་དུ་བསྲུང་བར་འགྱུར་རོ། །མདུད་པའི་སྟེང་དུ་ལས་བུམ་གྱི་ཆུ་དང་རྡོ་རྗེས་རྒྱས་གདབ་ལ། སྲུང་བའི་གོ་བགོས་པས་ཐེག་ཆེན་གྱི་ཆོས་བསྒྲུབ་པ་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དོ། །ཡི་གེ་དྷཱི་དང་ཧཱུྃ་ལས་བྱུང་བའི་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་ཏུ་བྱིན་པའི་མོས་པ་མཛོད། ཨོཾ་བཛྲ་ཏཱིཀྵྞ་བཾ༔ སྔོན་ཚེ་བདེ་གཤེགས་ཤཱཀྱ་སེང་གེ་ཡིས༔ བདུད་སྡེ་བཅོམ་ནས་འགྱུར་མེད་ཏིང་འཛིན་ཐོབ༔ གཙང་ཞིང་རྣམ་པར་དག་པ་ཀུ་ཤའི་གདན༔ ཁྱོད་ལ་རབ་སྦྱིན་བདུད་སྡེ་འཇོམས་པར་འགྱུར༔ ཞེས་ཀུ་ཤ་སྦྱིན་ལ། དེ་དག་གིས་སྨིན་བྱེད་ཀྱི་ཐོག་མར་བྱ་བ་སྟ་གོན་གྱི་རིམ་པ་གྲུབ་པ་ཡིན་ནོ། །དེས་སྟ་གོན་གྱི་རིམ་པ་གྲུབ་པ་ཡིན་པས་དགེ་རྩ་གཞན་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས་སོ། །གཉིས་པ་སྒྲུབ་མཆོད་ནི། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་གཞལ་མེད་ཁང་པ་ན། །རྒྱན་དང་བཀོད་པ་ཡོངས་རྫོགས་དབུས། །འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ། །མཐིང་ནག་གྲུ་གསུམ་ཨེ་ཡི་དབྱིངས། །པདྨ་ཉི་ཟླ་ཀླུ་གཉན་སྟེང་། །ཧཱུྃ་ཡིག་མཐིང་ནག་འབར་བ་ལས། །འོད་འཕྲོས་འཕགས་མཆོད་སོགས་བུམ་བསྐྱེད་སྐབས་ལྟར་ལ། བུམ་ལྷ་ཞེས་པར། མདུན་བསྐྱེད་ཅེས་དང་། དམ་ཡེ་བསྲེས་ནས་ལྷ་བསྐྱེད་སྐབས། འདབ་བཞིར་ཞེས་པ་རྩིབས་བཞིར་བསྒྱུར། ཉི་སྟེང་ས་བོན་གསལ། ནས། ཡང་སྤྲུལ་ཁྱུང་སོགས་སྦྱར་ནས་བསྙེན་སྒྲུབ་སྦྲེལ་བའི་སྔགས་ཅི་འགྲུབ་བརྗོད། བུམ་བསྐྱེད་སྐབས་ལྟར་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་ལ་རིག་པའི་མེ་ཏོག་དོར་རོ། །གསུམ་པ་དབང་དངོས་ནི། སློབ་མ་རྣམས་འཚོགས་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཅུད་ཐིགས། ཕྱག་རྡོར་ཁྱུང་ཆེན་ཐམས་ཅད་ཀྱི་ཡང་སྙིང་། སྲུང་བ་དྲག་སྔགས་ཐམས་ཅད་ཀྱི་མཐར་ཐུག །རྒྱལ་བསེན་འབྱུང་པོ་ཐམས་ཅད་ཀྱི་གཉེན་པོ། ས་གདོན་མཛེ་ནད་ཐམས་ཅད་ཀྱི་ཕྱགས་ཤིང་ཁྱུང་རྒོད་གསང་བ་ཡང་ཁོལ་གྱི་སྒྲུབ་པ་འདི་ནི། བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་རྩ་བའི་རྒྱུད་གསུངས་ཤིང་ཕྱག་ན་རྡོ་རྗེས་བསྡུས། རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་དུ་མཁའ་འགྲོ་མ་བཞི་ལ་གདམས་ཤིང་གཏད། དེ་ལ་ཨོ་རྒྱན་པདྨ་འབྱུང་གནས་དང་། གུ་རུ་ཆོས་ཀྱི་རྡོ་རྗེ། པཎྜི་ཏ་ཡང་དག་པའི་བཤེས་གཉེན་གསུམ་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་བཀའ་རང་བབས་སུ་བྱུང་ཞིང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཕྱི་རབས་ཀྱི་དོན་དུ་ཐུགས་བརྩེ་བས་ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་ལ་གདམས་ཏེ་ཙ་རི་གསང་སྔགས་ཕོ་བྲང་གི་བྱང་ཕྱོགས་ལུང་པ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བའི་ནང་བྲག་ནག་སྲིན་པོའི་རོ་བཅིངས་པ་ལྟ་བུའི་ཁྲོད་དུ་སྦས་པ་ལས། ཕྱིས་ལྷ་སྲས་དམ་འཛིན་གྱི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པས་བཀའ་རྒྱ་བཀྲོལ་བར་མཛད་པ་གསང་བའི་བདག་པོ་ཁྱུང་གསང་བ་ཡང་ཁོལ་གྱི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། ཨོཾ་ཙཀྵུརྦནྡྷ་བཱ་ར་མཱ་ཎ་ཡེ་ཧཱུྃ། ཕྱག་རྟེན་དུ་མེ་ཏོག་སྔོན་པོའི་ཆུན་པོ་བྱིན་པར་མོས། ཨཱ་ཁཾ་བཱི་ར་ཧཱུྃ། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་འདེབས་ཀྱི་རྗེས་ཟློས། ཀྱེ་ཧོཿགསང་བདག་རྡོ་རྗེ་འཛིན༔ བདག་ཅག་ཐེག་ཆེན་སར་ཞུགས་ཤིང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ལག་ན་རྡོ་རྗེ་གསང་བ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཨེ་མ་དད་ལྡན་རིགས་ཀྱི་བུ༔ ང་ཡི་གསང་སྔགས་རྒྱལ་པོ་འདི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཆེན་པོའི་གསང་ཡིན་པས༔ གང་རུང་འཇུག་པ་མ་ཡིན་ཏེ༔ དམ་ཚིག་བསྲུང་བར་ནུས་ལ་སྦྱིན༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་གསང་བའི་བདག༔ བདག་ཅག་ཡིད་ཆེས་དད་པར་ལྡན༔ ཐབས་ཆེན་ཐེག་པར་འཇུག་པར་མོས༔ དམ་ཚིག་མིག་འབྲས་ལྟ་བུར་བཙའ༔ གསང་བདག་ཐུགས་རྗེས་གནང་བར་མཛོད༔ འདིར་སྟ་གོན་གྱི་སྐབས་ལྟར་མཚམས་སྦྱོར་བཅས་སྐྱབས་སེམས་སྡོམ་བཟུང་རྣམས་བྱར་གཞུག་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ༔ རིགས་ཀྱི་འཇུག་པ་བརྟགས་པའི་ཕྱིར༔ ཅོད་པན་མེ་ཏོག་དོར་བར་གྱིས༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་དུ་འབུལ་བའི་བློས་ཚིག་འདིའི་རྗེས་ཟློས་མཛད་བཞིན་དུ་འདོར་བར་ཞུ། ཀྱེ༔ ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ༔ ཕྲིན་ལས་རྣམ་བཞི་བསྒྲུབ་བྱའི་ཕྱིར༔ རིགས་ཀྱི་མེ་ཏོག་འདི་དོར་བས༔ རིགས་ཀྱི་ལྷ་ལ་ཕོག་པར་ཤོག༔ ཅེས་དོར་ལ་རིགས་མཐུན་གྱི་མིང་ངམ་སྤྱི་ཁྱབ་ཏུ། ཁྱེད་རྣམས་ཀྱི་ལྷག་པའི་ལྷ་དཔལ་གསང་བའི་བདག་པོ་ཡིན་པས་གསང་མཚན་རྡོ་རྗེ་འཛིན་པ་རྩལ་ཞེས་བྱ་བ་ཡིན་ནོ། །ཞེས་མེ་ཏོག་སླར་སྤྱི་བོར་བཅིང་། མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །ཁ་དོག་སོ་སོ་དང་མཐུན་པའི་ཞི་སོགས་ཕྲིན་ལས་འགྲུབ་པ་ཡིན་ནོ། །མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ལ་ཐུར་མ་ཐོགས་ཏེ། ཁྱོད་ཀྱི་རྨོངས་པའི་མ་རིག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ མཐོང་བ་དོན་ལྡན་འདི་ལ་ལྟོས༔ བལྟས་ཙམ་ཉིད་ནས་དོན་ཆེན་འགྲུབ༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་གྲུ་གསུམ་མཐིང་ནག་འབར་བའི་དབུས་པད་ཉི་ཀླུ་གཉན་གྱི་གདན་ལ་དཔལ་གསང་བའི་བདག་པོ་གོས་སྔོན་ཅན། ཐུགས་ཀར་སངས་རྒྱས་ཁྱུང་ཆེན། འཁོར་ལོ་རྩིབས་བཞི་ལ་རིགས་བཞིའི་ཁྱུང་། ཡང་སྤྲུལ་ཁྱུང་རྒོད་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད་ཅིག །རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་རྡོ་རྗེ་ཆེན་པོ་འདི༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིན༔ གསང་ཆེན་དམ་ཚིག་ཐུབ་པར་སྲུངས༔ བླ་མས་ཇི་ལྟར་བསྒོས་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་ཀྱེ་དཔལ་ཆེན་རྡོ་རྗེ་འཛིན༔ བདག་ཅག་དུས་འདི་ནས་བཟུང་སྟེ༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཇི་ལྟར་བསྟན་བཞིན་ཡེངས་མེད་བསྲུང༔ གསང་བདག་གྲལ་དུ་འགོད་པར་འཚལ༔ ཐོད་པའི་བདུད་རྩི་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ གསང་བའི་དམ་ཚིག་མ་ཉམས་ན༔ ཡེ་ཤེས་སེམས་དཔར་གྱུར་ནས་ནི༔ སྙིང་གི་དཀྱིལ་དུུ་རབ་ཞུགས་ནས༔ ཚེ་གཅིག་ཐེག་ཆེན་ས་ཐོབ་འགྱུར༔ དམ་ཚིག་ཆེན་པོ་ལས་འདས་ན༔ གཤེད་མའི་ཁྱུང་དུ་སྤྲུལ་ནས་ནི༔ སྙིང་གི་དཀྱིལ་དུ་རབ་ཞུགས་ཏེ༔ དམྱལ་བའི་གནས་སུ་སྲེག་པར་བྱེད༔ དེ་བས་དམ་ཚིག་སྲོག་ལྟར་སྲུངས༔ ས་མ་ཡ༔ ཨི་དན་ཏེ༔ ན་ར་ཀན༔ དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །མཐིང་ནག་གྲུ་གསུམ་ཨེ་དཀྱིལ་དུ། །པདྨ་ཉི་ཟླ་ཀླུ་གཉན་སྟེང་། །ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་རྡོ་རྗེ་ཧཱུྃ་མཚན་གྱུར། །འོད་འཕྲོས་དོན་བྱས་འདུས་པ་ལས། ཁྱེད་རང་བཅོམ་ལྡན་གོས་སྔོན་ཅན། །སོགས་བདག་བསྐྱེད་ལྟར་ལ། ཁྲོ་རྔམ་ཆ་ལུགས་གཙོ་དང་མཐུན། །རང་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་ཀའི་འོད་ཀྱིས་རབ་བསྐུལ་བས། །གསང་བདག་ཁྱུང་གི་ལྷ་ཚོགས་རྣམས། །ཡེ་ཤེས་སེམས་དཔའི་རང་བཞིན་དུ། །སྤྱན་དྲངས་སིབ་སིབ་ཐིམ་པར་གྱུར། །རོལ་མོ་བསྒྲགས་ལ། ལས་བྱང་ལྟར་སྤྱན་འདྲེན་བྱ། སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་ནས་དྲག་ཏུ་བརྗོད་དོ། །དེ་ནས་དངོས་གཞི་ལ་སྐུ་གསུང་ཐུགས་དབང་རྗེས་གནང་དང་བཅས་པ་རྣམས་སུ་ཡོད་པ་ལས་དང་པོ་སྐུའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ་བླ་མ་རྡོ་རྗེ་འཛིན༔ དཔལ་ལྡན་ལག་ན་རྡོ་རྗེ་ཡི༔ སྐུ་ཡི་དབང་མཆོག་དམ་པ་འདི༔ ད་ལྟ་བདག་ལ་བསྐུར་དུ་གསོལ༔ ཕྱག་རྡོར་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ སྐུ་ཡི་དབང་མཆོག་བསྐུར་བྱས་པས༔ རྡོ་རྗེ་ལྟ་བུའི་ལུས་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨོཾ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ སྐུ་ལས་འོད་ཟེར་འཕྲོས་པ་ཡིས༔ སློབ་མའི་ལུས་ཉིད་རབ་ཞུ་སྟེ༔ ལག་ན་རྡོ་རྗེའི་སྐུ་རུ་གྱུར༔ གཉིས་པ་གསུང་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཀྱཻ་གསང་བདག་རྡོ་རྗེ་འཛིན༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ གསུང་གི་དབང་མཆོག་དམ་པ་ནི༔ དེང་འདིར་བདག་ལ་གནང་དུ་གསོལ༔ རྣམ་རྒྱལ་མགྲིན་པར་བཞག་ལ། ཧཱུྃ༔ བཀྲ་ཤིས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་རྣམ་པ་བཅུ་ལ་དབང་བྱེད་ཅིང༔ ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ༔ རྣམ་པ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག༔ བུམ་ཆུ་སྦྱིན་ལ། རྣམ་དག་ཡེ་ཤེས་བདུད་རྩིའི་རང་བཞིན་འདི༔ ཇི་ལྟར་ལུས་ལ་ཁྱབ་བཞིན་ངག་གྲོལ་ཏེ༔ རྡོ་རྗེའི་གསུང་དབྱངས་ཡན་ལག་དྲུག་ཅུ་ལ༔ དབང་འབྱོར་ཐོབ་ཅིང་སྔགས་ལ་དབང་འབྱོར་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨཱ༔ དཔལ་ཆེན་ལག་ན་རྡོ་རྗེ་ཡི༔ གསུང་ལས་འོད་ཟེར་འཕྲོས་པ་ཡིས༔ སློབ་མའི་ངག་ཉིད་རྣམ་གྲོལ་ཏེ༔ ནུས་པའི་སྟོབས་དང་ལྡན་པར་གྱུར༔ གསུམ་པ་ཐུགས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཀྱཻ་གཙོ་བོ་རྡོ་རྗེ་འཛིན༔ བདག་ཅག་མ་རིག་འཁྲུལ་རྟོག་རྣམས༔ བསལ་ཕྱིར་ལག་ན་རྡོ་རྗེ་ཡི༔ ཐུགས་དབང་བདག་ལ་བསྩལ་དུ་གསོལ༔ ལྕགས་རྡོར་སྙིང་གར་རེག་ཅིང་མཉམ་པར་བཞག་ལ། ཧཱུྃ༔ དྲི་མེད་ཟླ་གསང་ཙིཏྟའི་ད་ལ་རུ༔ ལག་ན་རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་བས༔ སྐྱེ་མེད་ངང་ལས་སྐྱེ་བའི་ཚུལ་བསྟན་ནས༔ མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ན་རྡོ་རྗེའི་ཐུགས་ལས་འོད་འཕྲོས་པས༔ དད་དང་ལྡན་པའི་སློབ་མ་ཡི༔ སྙིང་གི་དཀྱིལ་དུ་ཞུགས་ནས་ཀྱང༔ མཁྱེན་པའི་ཡེ་ཤེས་རྒྱས་པར་གྱུར༔ བཞི་པ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཀྱཻ་བླ་མ་གསང་བའི་བདག༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ འགྲོ་རྣམས་བདེ་ལ་འཁོད་པ་དང༔ བར་གཅོད་གདུག་པ་བསྒྲལ་ཕྱིར་དང༔ ཕྲིན་ལས་རྣམ་བཞི་བསྒྲུབ་དོན་དུ༔ ལག་ན་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྗེས་གནང་སྩོལ༔ སྤྱི་བོར་པུསྟི་དང་སྐུ །ལག་གཡས་སུ་རྡོ་རྗེ། གཡོན་དུ་དྲིལ་བུ་དང་སྦྲུལ་ཆུན། མགྲིན་པར་སྔགས་བྱང་དང་བུམ་པ། སྙིང་གར་ལྕགས་རྡོར་དང་ཁྱུང་རིགས་ལྔའི་སྐུ་རྣམས་བཞག་ལ། ཁྱེད་རང་གསང་བའི་བདག་པོ་སྤྲུལ་པ་ཡང་སྤྲུལ་ཁྱུང་དང་བཅས་པའི་ང་རྒྱལ་ཆེན་པོ་ལ་གནས་པས། ངག་ནས་ཨོཾ་བཛྲ་པཱ་ཎི་ཧཱུྃ། བུདྡྷ། བཛྲ། རཏྣ། པདྨ། ཀརྨ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པའི་སྙིང་པོ་བགྲང་། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ་རྐང་པ་གཉིས་ཀྱང་རྡོ་རྗེའི་འདོར་ཐབས་སུ་བགྲད་པས་གདུག་པ་ཅན་ཐམས་ཅད་འབངས་སུ་ཁོལ་བར་མོས་མཛོད། ཧཱུྃ༔ དེང་ནས་བཟུང་སྟེ་བུ་ཁྱོད་ནི༔ ལག་ན་རྡོ་རྗེ་ཉིད་གྱུར་གྱིས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ལས་རྣམས་མ་ལུས་བསྒྲུབ་པ་དང༔ འགྲོ་རྣམས་བདེ་བའི་ལམ་ལ་ཁོད༔ སེམས་ཅན་དོན་ནི་བླ་མེད་བྱོས༔ རྡོ་རྗེ་ཆོས་ཀྱི་གོ་གྱོན་ལ༔ ཉོན་མོངས་འཁོར་བའི་དམག་དཔུང་ཟློག༔ གསང་ཆེན་ཐེག་པའི་ལས་ལ་སྦྱོར༔ ཨེ་མ་ཧོ༔ རྣམ་དག་སྐུ་ཡི་བསྐྱེད་རིམ་སྒོམས༔ འགག་མེད་གསུང་གི་སྙིང་པོ་བགྲོངས༔ དྲན་རྟོག་ལྷན་སྐྱེས་ངང་ལ་ཞོག༔ ཅེས་རྗེས་གནང་སྦྱིན། དེ་དག་གི་མཐའ་རྟེན་དུ་བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རྣམ་རྒྱལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །ཧཱུྃ༔ གསང་བདག་ཁྱུང་དང་བཅས་པ་ཡི༔ སྐུ་གསུང་ཐུགས་ནི་ཞུ་བའི་ཆུ༔ ལྷ་ཡི་ཆུ་ནི་དག་པ་ཡི༔ མི་བསྐྱོད་པས་ནི་དབང་བསྐུར་རོ༔ བསྙེན་སྒྲུབ་སྔགས་ལ། ཀ་ལཱཀྵ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བཏགས་ལ་དབང་བསྐུར། དེ་ནས་ཁྲུས་བྱ་ཞིང་། ཧཱུྃ༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ བྱིན་རླབས་ཡེ་ཤེས་ཁྲུས་ཀྱི་ཆུ༔ བདུད་རྩིའི་ཆུ་ནི་དག་བྱེད་འདིས༔ ཉོན་མོངས་ནད་གདོན་བཀྲུ་བར་བྱའོ༔ བསྙེན་སྒྲུབ་ཀྱི་སྔགས་བརྗོད། རྒྱས་པར་སྤྲོ་ན་བཀྲུ་བྱབ་སྲུང་གསུམ་སྤྱི་དང་མཐུན་པ་བྱ་ཆོག་གོ །དེ་ནས་ཞལ་ཟས་སྣ་ཚོགས་ལག་ཏུ་གཏད་ཅིང་མེ་ཏོག་གཏོར་ལ། ཧཱུྃ༔ བཀྲ་ཤིས་རྒྱལ་བྱེད་བུམ་པས་དབང་བསྐུར་བས༔ ཡེ་ཤེས་དབང་བཅུ་རྣམས་ལ་དབང་བྱེད་ཅིང༔ ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ༔ རྣམ་པ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག༔ ཆུ་གཙང་མདོག་དཀར་བདུད་རྩིས་ཁྲུས་བྱས་པས༔ རང་གཞན་རྒྱུད་ལ་དྲི་མ་མི་གནས་ཤིང༔ མི་མཐུན་ཉོན་མོངས་དྲི་མ་དག་གྱུར་ནས༔ ཆོས་ཉིད་དག་པའི་དོན་རྣམས་རྟོགས་པར་ཤོག༔ དྲག་པོའི་སྨན་དུག་རྫས་བརྒྱད་ཁྲུས་བྱས་པས༔ རྣམ་ཤེས་ཚོགས་བརྒྱད་དྲི་མ་དག་གྱུར་ཅིང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཕྱིར་བསལ་ཏེ༔ སྟོང་ཕྲག་བརྒྱད་ཅུའི་གདོན་ལས་ཐར་བར་ཤོག༔ བཀྲ་ཤིས་ཞལ་ཟས་ལོངས་སྤྱོད་དབང་བྱིན་པས༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་གྱུར་ཅིང༔ ཡིད་འོང་དགོས་འདོད་མ་ལུས་འབྱུང་བ་དང༔ འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་ཤོག༔ ཅེས་བརྗོད། རྗེས་དམ་ཚིག་བསྒྲག་བཟུང་སོགས་སྤྱི་ལྟར་བྱའོ། །དེ་ནས་བདག་མདུན་གཉིས་ཆར་ལ་དམིགས་ཏེ། པྲ་བེ་ཤ་ཡ་ཕཊ། ཅེས་དམ་ཡེ་དབྱེ་ཞིང་། མཆོད་པ་བྱིན་བརླབ། མཆོད་བསྟོད། གཏོར་འབུལ། ནོངས་བཤགས་རྣམས་བྱ། དགེ་བ་བསྔོ་བ་ནི། བླ་མ་དཀོན་མཆོག་གསུམ་དང་ནི༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ གུས་པས་བསོད་ནམས་ཚོགས་བསགས་པས༔ མྱུར་དུ་སངས་རྒྱས་ཉིད་ཐོབ་ཤོག༔ ཚེ་འདི་ཉིད་ལ་བདེ་བ་དང༔ འཇིགས་པ་ཀུན་ལས་གྲོལ་བ་དང༔ རིགས་དང་བརྒྱུད་རྣམས་འཕེལ་བ་དང༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ བདག་ཉིད་འཆི་བར་གྱུར་པའི་ཚེ༔ གསང་བདག་ཁྱོད་ནི་མདུན་བྱོན་ནས༔ སྐྱེ་ཤི་མེད་པའི་བྱང་ཆུབ་སེམས༔ བདག་ལ་མངོན་སུམ་སྟོན་པར་ཤོག༔ སྲིད་པ་བར་དོར་འཁྱམས་པའི་ཚེ༔ གསང་བདག་ཁྱེད་ཀྱིས་མདུན་བྱོན་ནས༔ མཐོ་རིས་དང་ནི་ཐར་པའི་ལམ༔ བདག་ལ་མངོན་སུམ་སྟོན་པར་ཤོག༔ མདོར་ན་བྱང་ཆུབ་སྙིང་པོའི་བར༔ དངོས་གྲུབ་ཡོན་ཏན་ཀུན་གྱི་གཞི༔ གསང་བདག་ཁྱེད་དང་མི་འབྲལ་བར༔ ཁམས་གསུམ་སེམས་ཅན་དོན་བྱེད་ཤོག༔ དེ་ལྟར་བདག་སོགས་སེམས་ཅན་གྱི༔ ཟག་བཅས་ཟག་མེད་དགེ་བ་ནི༔ བགྱིས་དང་བགྱིད་འགྱུར་དགེ་བ་རྣམས༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་རྣམ་མཁྱེན་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་བརྗོད་ལ་ནམ་མཁའི་ཡེ་ཤེས་པ་གཤེགས། མདུན་བསྐྱེད་ཀྱི་དམ་ཚིག་པ་རྟེན་ལ་བསྟིམ་པའམ་རང་ལ་བསྡུ་བ་སྐབས་བབ་བྱ། རང་ཉིད་དམ་ཚིག་པ་ཁྱུང་གི་གོ་ཆ་དང་བཅས་པས་ལུས་བསྲུངས་ལ། ཤིས་པ་བརྗོད་པ་ནི། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་བཀྲ་ཤིས་ནི། །ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །མཁྱེན་བརྩེ་ནུས་པའི་རྟགས་སུ་སེར་དཀར་མཐིང་། །ཡོན་ཏན་ཕྲིན་ལས་མཚོན་པའི་ཕྱག་རྒྱ་བསྣམས། །རིགས་གསུམ་མགོན་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །གསང་གསུམ་ནུས་པ་མཐུ་དང་ལྡན་པ་ཡིས། །སྒོ་གསུམ་ཉེས་སྐྱོན་འཇོམས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་གསང་བདག་ཕྱག་ན་རྡོ་རྗེ་ཡི། །ཐུགས་སྤྲུལ་ཁྱུང་རྒོད་གདུག་རྩུབ་ཅན་གྱི་མཐུས། །དགྲ་བགེགས་མ་ལུས་འདུལ་བའི་བཀྲ་ཤིས་གང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ། ཞེས་སོགས་རྒྱས་པར་བརྗོད་དོ། །དྲག་སྔགས་ཀུན་ལས་ཕྱག་རྡོར་ཉིད། །དེ་ལས་ཁྱུང་ཤམ་རིགས་གཅིག་ཀྱང་། །ཆེས་ཟབ་གྲགས་ཤིང་གྲུབ་པས་ན། །རིགས་ལྔ་གཅིག་བསྡུས་སྨོས་ཅི་དགོས། །འདིས་ཀྱང་སྙིགས་མའི་གདུག་ཅན་ཚང་ཚིང་ཀུན། །རིག་སྔགས་ནུས་མཐུས་སྲེག་པའི་རྒྱུར་གྱུར་ནས། །རབ་བརྗིད་རྡོ་རྗེ་སྤོར་བས་ཁམས་གསུམ་གྱི། །བདུད་ལས་རྣམ་རྒྱལ་མཐུ་སྟོབས་བདག་གྱུར་ཅིག །ཅེས་གདམས་པ་འདིའི་རྒྱུན་དང་གསལ་བྱེད་ཀྱི་ཡིག་ཆ་ཆེས་དཀོན་ཅིང་། རྩ་བའི་གཞུང་ཉིད་ཕྱག་ལེན་དུ་འདེབས་དཀའ་བར་མཐོང་ནས། དུས་ཞབས་ཀྱི་སྔགས་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ྈྈ སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ (Volume 62, Text 25)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ྈྈ སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་བཞུགས་སོ༔ ཉི་ཟླའི་རྒྱ་ཅན། སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈ ན་མོ་གུ་རུ་ཤྲཱི་སིཾ་ཧ༔ ནམ་མཁའི་མཐར་ཐུག་རྒྱལ་བ་སྲས་དང་བཅས༔ མ་ལུས་གཅིག་ཏུ་བསྡུས་པ་ཐུགས་རྗེའི་གཏེར༔ འབྱུང་བའི་རྒྱ་མཚོ་ཡོན་ཏན་མཐའ་ཀླས་པ༔ རྗེ་བཙུན་དཔལ་གྱི་སེང་གེར་གུས་པས་འདུད༔ དེ་ཡི་ཐུགས་བཅུད་རྫོགས་ཆེན་སྡེ་གསུམ་གྱི༔ སྤྱི་ལ་གཅེས་པ་རྩ་བའི་སྒྲུབ་ཐབས་ལས༔ ཟབ་མོའི་དབང་གི་གདམས་པ་རྣམ་བཞི་སྟེ༔ དེ་ལ་སྔོན་དུ་དཀྱིལ་འཁོར་བཤམ་པ་ནི༔ གཞལ་ཡས་ཁང་པ་པད་འདབ་ཁྲི་འུའི་ཁར༔ བུམ་པ་བཅུད་ལྡན་རིག་མ་ཆས་ལྡན་དང༔ ངོ་སྤྲོད་རྫས་ཀྱི་བྱེ་བྲག་སྨན་རཀ་གཏོར༔ མཆོད་པའི་ཚོགས་དང་རྒྱན་གྱིས་རྣམ་བཀྲ་བྱ༔ སྒྲུབ་ཅིང་ཚོགས་མཆོད་དབང་བླངས་མདུན་བསྐྱེད་ལ༔ ཧོ༔ རང་བྱུང་རིག་པ་ཡེ་ཤེས་ལྷ་ཚོགས་རྣམས༔ ཐུགས་རྗེ་རྨད་བྱུང་བརྩེ་བས་དགོངས་སུ་གསོལ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་ཡང་དག་འཛིན་པར་མཛོད༔ བདེ་ཆེན་ཡེ་ཤེས་བླ་མེད་འཕེལ་བ་དང༔ གྲོལ་བ་མཐར་ཕྱིན་དགོངས་པས་གཟུང་དུ་གསོལ༔ ཞེས་གསོལ་ལྷ་རྣམས་དགྱེས་པ་ཆེན་པོ་ཡིས༔ དེ་ལྟར་ཡིན་ན་རིག་པ་འཛིན་པ་གང༔ བློ་ཆེན་སྐལ་པར་ལྡན་པའི་སློབ་མ་དག༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འདིར་ཁྲིད་ལ༔ སྨིན་ཅིང་གྲོལ་བ་བླ་ན་མེད་པར་བྱོས༔ ཨ་ལ་ལ་ཧོ༔ སློབ་མ་མདུན་དུ་དགུག་ཅིང་ཁྲུས་བྱས་ཏེ༔ བགེགས་བསྐྲད་སྲུང་བའི་སྐུད་པ་དམར་པོ་ལ༔ ཨཱོྃ་ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕཊ྄་ཕཊ྄༔ བསྔགས་པ་གདགས་ཤིང་སྲུང་བའི་འཁོར་ལོ་བསྒོམ༔ སློབ་མས་གསེར་གྱི་ཡོན་འབུལ་ཕྱག་བཅས་པས༔ ཧོ༔ བདེ་གཤེགས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ༔ འཇིགས་བྲལ་དཔའ་བོ་ཤྲཱི་སིཾ་ཧ་དང༔ གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་གྲོལ་བ་མཐར་ཕྱིན་མཛད་དུ་གསོལ༔ སློབ་དཔོན་རྡོ་རྗེ་འཕྱར་ཞིང་སྤྲོ་བསྐྱེད་ནི༔ ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ཤྲཱི་སིཾ་ཧ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ སློབ་མས་ཐལ་མོ་སྦྱར་ཞིང་འདི་སྐད་གསོལ༔ ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ སློབ་དཔོན་རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན༔ འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སློབ་མས་དམ་ཆུ་འཐུང་ཞིང་བྲོ་བོར་བ༔ མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ དེ་ནས་དངོས་གཞིར་བྱིན་རླབས་ཆས་ཞུགས་ནི༔ ལུས་གནད་བསྲང་ཞིང་མིག་འཆིང་རླུང་བཟུང་ལ༔ རྣ་བ་རོལ་མོའི་སྒྲས་བཀག་སྦྱར་སྤོས་ཀྱིས༔ མྱོང་བའི་རྟོག་འཛིན་གཅིག་ཏུ་བྱས་ནས་སུ༔ ཡིད་ཀྱི་དམིགས་པ་རྩེ་གཅིག་བརྡ་སྤྲད་ནི༔ ཤྲཱི་སིཾ་ཧ་རྣལ་འབྱོར་གཞོན་ནུའི་ཚུལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་རུས་པའི་རྒྱན་དྲུག་གར་སྟབས་སྒྱུར༔ རྩ་གསུམ་འཁོར་ལོ་བཞི་ལྡན་ལྟེ་བའི་མདོར༔ གཏུམ་མོ་ཨ་ཤད་དབྱིབས་ཅན་རབ་འབར་བ༔ སྤྱི་བོར་ཐིག་ལེ་ཧྃ་ཡིག་མགོ་ཐུར་བསྟན༔ སྙིང་གར་རྣམ་ཤེས་ངོ་བོ་ཨ་དཀར་པོ༔ སློབ་མས་སློབ་དཔོན་ལ་ནི་མོས་གུས་བསྐྱེད༔ སློབ་དཔོན་ཤྲཱི་སིཾ་ཧ་ཡབ་ཡུམ་དུ༔ གསལ་བའི་སྦྱོར་མཚམས་ལས་ནི་འོད་འཕྲོས་པ༔ སློབ་མའི་གསང་བ་ནས་ཞུགས་གཏུམ་མོ་སྦར༔ སྤྱི་བོའི་ཐིག་ལེ་ཞུ་ཞིང་གསལ་བ་ལས༔ ལུས་ཀྱི་སྟོད་སྨད་དྭངས་མ་དཀར་དམར་གྱིས༔ གང་ཞིང་སྙིང་གའི་ཐད་དུ་གོ་སྐབས་ཅན༔ བདེ་བ་བསྒོམ་ཞིང་བདེ་བ་ཆེར་འཕེལ་ཚེ༔ དཀར་དམར་འདྲེས་ཤིང་ཨ་ཡིག་ལ་ཐིམ་པས༔ ཐིག་ལེ་ཆེར་འཕེལ་བདེ་བ་ཆེན་པོར་བསྒོམ༔ རྒྱལ་བའི་ཚོགས་རྣམས་བདེ་བ་ཆེན་པོར་ཞུ༔ བདུད་རྩིའི་རང་བཞིན་སྤྱི་བོའི་གཙུག་ནས་བྱུང༔ སྙིང་གི་ནང་ཞུགས་ལུས་ཀུན་མེར་གྱིས་གང༔ བདེ་བ་ཆེན་པོའི་ཡེ་ཤེས་རྩེ་གཅིག་བསྒོམ༔ ཡེ་ཤེས་བརྟན་པའི་སྔགས་ཀྱིས་བརྟན་པར་བྱ༔ སློབ་དཔོན་བུམ་པ་བཟུང་ཞིང་གཉིས་ཀ་ཡིས༔ བུམ་ནང་ཤྲཱི་སིཾ་ཧའི་སྤྱི་བོ་ཡི༔ ཨཱོྃ་ཡིག་གསལ་ཞིང་ཡབ་ཡུམ་སྦྱོར་བ་ཡིས༔ ཨཱོྃ་ལས་དགའ་བའི་བདུད་རྩི་དཀར་གསལ་བབས༔ སྐུ་གང་སྦྱོར་མཚམས་ནས་བབས་བུམ་པ་གང༔ ཁ་ནས་ལུད་ཅིང་སློབ་མའི་སྤྱི་བོར་བབས༔ བདེ་ཆེན་འཁོར་ལོའི་རྩ་ཁེངས་བདེ་ཆེན་བསྒོམ༔ དེ་བཞིན་མགྲིན་དང་ཐུགས་ཀའི་ཨཱཿཧཱུྃ་ལས༔ བདུད་རྩི་དམར་མཐིང་དགའ་ཆེན་ཁྱད་དགའ་ཡི༔ ངོ་བོར་བབས་ཤིང་སློབ་མའི་མགྲིན་པ་དང༔ སྙིང་ག་གང་བས་བདེ་མཆོག་རྒྱས་པར་བསྒོམ༔ དེ་རྗེས་ལྟེ་བའི་ཧྲཱིཿལས་ལྷན་སྐྱེས་ཀྱི༔ བདུད་རྩི་བབས་ཤིང་སློབ་མའི་ལྟེ་བ་ཁེངས༔ སྐུ་ཡི་གནས་རྣམས་མ་ལུས་ཐམས་ཅད་ནས༔ བདུད་རྩི་འོད་ལྔའི་མདངས་ལྡན་བབས་པ་ཡིས༔ སློབ་མའི་ལུས་གང་བདུད་རྩི་གྱེན་འཁྱིལ་བས༔ སྤྱི་བོའི་གཙུག་ཏུ་རྡོ་རྗེ་སེམས་དཔའ་བསམ༔ ཧཱུྃ༔ རང་བྱུང་བདེ་བ་ཆེན་པོའི་བུམ་པ་རུ༔ ལྷན་ཅིག་སྐྱེས་པའི་བླ་མ་ཡབ་ཡུམ་བཞུགས༔ བདེ་ཆེན་སྦྱོར་བའི་བདུད་རྩི་བསམ་མི་ཁྱབ༔ རང་གྲོལ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་ན་མེད་པ་བུམ་པས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་ཡབ་ཡུམ་ཤྲཱི་སིཾ་ཧ་ནི༔ མཉམ་པར་སྦྱོར་བར་གསལ་བའི་གནས་རྣམས་སུ༔ བུམ་དབང་བཞིན་དུ་ཡིག་འབྲུ་གསལ་བར་བསྒོམ༔ དགའ་བ་བཞི་དང་ཡོངས་རྫོགས་བདུད་རྩི་བབས༔ སློབ་མའི་ཁར་སྦྱིན་རྩ་བཞི་ལུས་ཀུན་གང༔ བདེ་ཆེན་བཞི་དང་ཡོངས་རྫོགས་ཐོབ་པར་བསྒོམ༔ ཧཱུྃ༔ ཡུལ་སྣང་རྣམ་པར་དག་པའི་ཐོད་པ་རུ༔ རྣམ་པར་དག་པའི་དབང་པོ་སྦྱོར་པ་ཡིས༔ རྣམ་ཤེས་ཡེ་ཤེས་སྒྱུར་བའི་བྱང་སེམས་བསྐྱིལ༔ ཀུན་གཞི་རྣམ་པར་གྲོལ་ཕྱིར་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སོགས། ཀཱ་ཡ་ཝཱ་ཀ་སོགས། སློབ་བུ་རིག་མ་བླ་མ་ཡབ་ཡུམ་གསལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པར་བསླབ༔ ཡབ་ཡུམ་གནས་བཞིར་ཡིག་འབྲུ་བཞི་གསལ་བ༔ དེ་ལས་རིམ་བཞིན་ཐིག་ལེ་འཕེལ་བ་ཡང༔ རྩ་བཞི་ལ་བབས་གྱེན་དུ་དྲངས་པ་ཡིས༔ དགའ་བཞི་ཡོངས་རྫོགས་ཉིད་དུ་བསྒོམ་པར་བྱ༔ ཧཱུྃ༔ སྣང་ཞིང་སྟོང་ལ་གསལ་བའི་རིག་མ་ལ༔ མི་རྟོག་ངང་དུ་མཉམ་པར་སྦྱོར་བ་ལས༔ བདེ་བའི་ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱེར་མེད་ལྷུན་གྲུབ་ཆེན་པོར་རྟོགས་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སོགས། ཀཱ་ཡ་ཝཱ་ཀ་སོགས། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧཱུྃ༔ ཕྱི་ནང་ཟང་ཐལ་ཀ་ནས་དག་པ་ལ༔ ལྷུན་གྱིས་གྲུབ་པའི་འཇའ་ཚོན་ཅི་ཡང་འཆར༔ རྣམ་པར་འཕྲུལ་པའི་བྱེ་བྲག་ཅིར་སྣང་ཡང༔ རང་བྱུང་དབྱིངས་ལས་འགྱུར་བ་མེད་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སོགས། ཀཱ་ཡ༴ རྨ་བྱའི་མདོངས་སྒྲོ་མེ་ལོང་བསྟན་བྱས་ལ༔ ཨ༔ དབྱིངས་ནི་རྣམ་པར་དག་པའི་རང་བཞིན་ལ༔ ཐིག་ལེ་གསལ་བའི་སྒྲོན་མ་རང་ལས་བྱུང༔ གཉིས་སུ་མེད་པའི་རང་གདངས་ངོ་མཚར་ཅན༔ ལྷུན་གྱིས་གྲུབ་པའི་ངང་དུ་བལྟ་བར་བྱ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ ཀཱ་ཡ༴ མདུན་གྱི་ནམ་མཁའི་གནས་སུ་བལྟར་བཅུག་ལ༔ ཧཱུྃ༔ ཕྱི་ནང་དབྱིངས་རིག་གཉིས་སུ་མེད་པ་ལ༔ གཉིས་སུ་འཛིན་པའི་ཀུན་བཏགས་བློ་ལས་འདས༔ ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཟང་ཐལ་ལེ༔ འདི་ཞེས་བརྗོད་ཚིག་བྲལ་བར་དབྱིངས་རིག་བསྲེས༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ ཀཱ་ཡ༴ ཨ་ཨ་ཨ༔ རང་བཞིན་ལྷུག་པར་གནས་པ་བལྟར་གཞུག་ལ༔ ཧཱུྃ༔ ཡེ་ནས་རྣམ་པར་དག་པའི་གཞི་ཐོག་ཏུ༔ བྱ་རྩོལ་བྲལ་བའི་བདེ་ཆེན་མཐར་ཕྱིན་ནས༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ དོན་དམ་དམིགས་མེད་མྱོང་བ་ངོས་གཟུང་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་མི་ཕྱེད་དབྱིངས་རིག་གཉིས་སུ་མེད༔ མཐར་ཐུག་འབྲས་བུའི་ས་ལ་ཕྱིན་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ དྷརྨ་ཀཱ་ཡ་ཨ༔ སློབ་མས་ལུས་དང་ལོངས་སྤྱོད་དགེ་རྩ་འབུལ༔ དེ་ལྟར་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་བ་ཆེན་པོའི་ཟབ་དབང་བསྐུར་བ་ནི༔ ཀུན་ལ་མ་ཡིན་བློ་ཆེན་ལྡན་ལ་གཏད༔ ཁྱད་པར་འདོན་པའི་སྐྱེས་བུའི་ཆོས་སྐལ་དང༔ ཡོངས་རྫོགས་དབང་བའི་འབྲུག་ལོ་ཨཱ་ཡུའི་མིང༔ གཙང་ལུང་ཕྱོགས་ནས་རྟ་ལོ་བདེ་བའི་མིང༔ ཡར་འབྲོག་ཕྱོགས་ནས་སྤྲེལ་ལོ་པདྨའི་མིང༔ ལྷོ་ཟླའི་ཕྱོགས་ནས་རྟ་ལོ་དྷརྨའི་མིང༔ དེ་དག་རྣམས་ལ་འདི་ཉིད་འཕྲོད་པར་གྱིས༔ གོང་མའི་དབང་རྣམས་བསྐུར་བའི་སྣོད་མིན་ཏེ༔ དད་པ་ཅན་ལ་གཏོར་མའི་དབང་བསྐུར་ཏེ༔ གཏོར་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ སློབ་མས་མཎྜལ་འབུལ་ཞིང་གསོལ་བ་གདབ༔ རྒྱུད་སྦྱོང་ལྷར་བསྒོམ་སྐུ་གསུང་ཐུགས་བསྟིམ་ཞིང༔ གཏོར་མ་སྤྱི་བོར་བཟུང་སྟེ་དབྱངས་སྙན་པོས༔ ཧཱུྃ༔ གཏོར་མའི་རང་བཞིན་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བླ་མ་ཤྲཱི་སིཾ་ཧ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་བཞུགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས༔ མ་དང་མཁའ་འགྲོ་བུ་ཡུག་བཞིན་དུ་འཚུབས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིས༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་བསལ་བ་དང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ནི༔ རིག་འཛིན་བླ་མའི་སྐུ་འབག་སྤྱི་བོར་བཞག༔ ཨཱོྃ༔ རྡོ་རྗེ་སེམས་དཔའ་བདེ་བའི་ལྷུམས་སུ་ཞུགས༔ མི་ཡི་ཡུལ་འཁྲུངས་ཐོས་བསམ་མཐར་ཕྱིན་མཛད༔ རྒྱལ་བའི་གསང་གསུམ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རིག་འཛིན་ཤྲཱི་སིཾ་ཧ་ཡི༔ སྐུ་ཡི་ཕྱག་རྒྱ་སྒོམ་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཟླས་ལུང་བྱ་ཞིང་སྔགས་ཕྲེང་གཏད༔ ཨཱ༔ རིག་འཛིན་གཙོ་བོ་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བླ་མའི་ཐུགས་དང་བསྲེ་ཞིང་མཉམ་པར་བཞག༔ ཧཱུྃ༔ རིག་འཛིན་བླ་མ་ཤྲཱི་སིཾ་ཧའི་ཐུགས༔ སྤྲོས་པ་ཀུན་བྲལ་སེམས་ཉིད་ཡེ་ཤེས་ཆེ༔ བདེ་གསལ་མི་རྟོགས་དབྱེར་མེད་ཀློང་དུ་ཆུབ༔ དབྱིངས་རིག་ཟུང་དུ་འཇུག་པའི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་ཁས་བླང་གཏང་རག་འབུལ༔ རྗེས་ཀྱི་བྱ་བ་ཐམས་ཅད་མཐའ་རྫོགས་བྱ༔ འདི་ཡི་གདམས་པ་སློབ་བུའི་སྣོད་བརྟག་ཅིང༔ བློ་དང་འཚམ་པར་རིམ་བཞིན་བསྟན་པ་ལས༔ པདྨའི་སྙིང་ཁྲག་ཡིན་པས་སྤེལ་བར་ཕངས༔ སྤྱིར་ཡང་དེ་དུས་བོད་ཀྱི་རྒྱལ་ཁམས་འདིར༔ མངའ་བདག་རྒྱལ་པོའི་གདུང་རབས་དམངས་སུ་འབེབ༔ མཐའ་མི་མང་པོས་རྗེ་བོ་བྱེད་པའི་དུས༔ བོད་རྣམས་ཕྱི་ནང་འཁྲུགས་ཤིང་ནད་མཚོན་དར༔ ས་བཅུད་ཉམས་ནས་བསོད་ནམས་མར་འགྲིབ་དུས༔ གློ་བོ་དགེ་སྐར་ཕྱོགས་སུ་གཙུག་ལག་འབྱུང༔ ཙ་རིའི་གནས་སུ་འཁྲུགས་ཤོར་མི་མང་འགུམ༔ དེ་ནས་ལོ་ནི་བཅུ་གཉིས་སྐོར་ཙམ་དུས༔ དབུས་གཙང་བར་ནས་རྒྱལ་པོ་ཁྱི་ཡི་མགོ༔ ལྷ་སར་ཕྱིན་ནས་ཆོས་ལུགས་མི་འདྲ་བྱེད༔ རྒྱལ་བའི་བསྟན་པ་སུམ་ཆ་ཙམ་ཞིག་ནུབ༔ སྨད་ཀྱི་མདོ་ཁམས་སྒང་གི་བྱང་སྟོད་དུ༔ ཉམ་ཐག་ཆོ་ངེ་གནམ་ལ་འབོད་པ་འབྱུང༔ ཚ་བ་རོང་གི་བྱང་ཁམས་སྟོད་ཀྱི་ཆར༔ མདུང་ཐོགས་གཉིས་ཀྱིས་ཟལ་མོ་སྒང་རྣམས་འཁྲུགས༔ དགེ་བའི་བཤེས་གཉེན་ཞིག་ལ་སུན་དབྱུང་བྱེད༔ ལྷོ་ཟླའི་སྨད་ཀྱི་རོང་ཆེན་ནག་པོ་རུ༔ ཟོག་པོ་ཞིག་གིས་ཨོ་རྒྱན་བསྟན་ལ་སྨད༔ དེ་ཡི་རྐྱེན་གྱིས་ཁྲག་གི་མཚོ་ཞིག་བརྡོལ༔ ཏྲེ་ཤོད་ཕྱོགས་སུ་ལོ་གསུམ་འཁྲུག་པ་འབྱུང༔ ཁྱད་པར་གདུག་པ་ཅན་ཞིག་ཡུལ་དུ་འོང༔ ཁ་རླངས་ནག་པོ་གཏམ་ངན་གནམ་དུ་འབྱུང༔ ས་ཁད་ཡངས་པའི་རྒྱལ་ཁམས་ནད་ཡམས་འཕེལ༔ ཁྱི་ཡི་ལོ་པ་ཞྭ་མོ་མཐའ་བཞིར་ཅན༔ སྤྱི་ཟླུམ་བྱས་པ་བོད་འདིར་སླེབས་ནས་སུ༔ བསྟན་པ་ཡིན་ཟེར་བསྟན་པའི་རྐང་འདྲེན་བྱེད༔ སོག་པོའི་ཡུལ་ནས་བསྟན་པ་རྒྱལ་མཚན་ཞེས༔ ལྷ་སར་ཐུགས་རྗེ་ཆེན་པོ་སྒྲུབ་པས་ཕན༔ ཟལ་སྒང་བར་གྱི་ཆབ་ཀྱི་མདོ་དག་ཏུ༔ མ་འོངས་ཆོས་སྡེ་ཆེན་པོ་འབྱུང་བ་ལ༔ ལོ་ཡི་སྐོར་དེར་གདུག་འདྲེའི་ཚ་རག་རྒྱུག༔ བྱང་ཁམས་ཕྱོགས་ཀྱི་འབྲི་ཀླུང་སྟོད་དག་ཏུ༔ རྒྱལ་བསྟན་སེམས་ཅན་རྣམས་ལ་སུན་འབྱིན་པའི༔ རྨུ་རྒོད་སྐྱེ་བོ་མདུང་ཐོགས་རྒྱུག་པར་འགྱུར༔ བདུད་ནག་སྤྲུལ་པ་ཟོག་པོ་ཆོས་མིང་ཅན༔ གྲུབ་པའི་མིང་འཛིན་ཞིག་གིས་ཕུང་སྦྱོར་བྱེད༔ དེ་ཉིད་བསད་པས་གདུག་འདྲེ་ནག་པོར་འགྱུར༔ རྒྱལ་འགོང་བདུན་གྱི་གཙོ་བོ་འདི་ཡིས་བྱེད༔ འབྲི་ཀླུང་ཕྱོགས་དང་ལྷོ་ཟླའི་ཕྱོགས་རྣམས་སུ༔ དེ་ཡི་གདུག་པའི་དབལ་གྱིས་སྡུག་བསྔལ་འགྱུར༔ འབྲི་ཀླུང་སྨད་ཀྱི་གཉན་ཐང་ཕྱོགས་དག་ཏུ༔ བསྟན་པའི་ཕུང་སེལ་བྱེད་པའི་འགོང་པོ་འབྱུང༔ ཤི་བའི་ཚེ་ན་གསོན་འདྲེ་ཕོ་མོར་འགྱུར༔ མ་འོངས་དུས་སུ་ཡུལ་ཕྱོགས་དེ་འཛིན་པའི༔ རྒྱལ་པོ་ཀ་པའི་མིང་ཅན་འབྱུང་བའི་ཚེ༔ ལོ་སྐོར་དེ་ལ་ཤར་ཕྱོགས་ནས་འོངས་པའི༔ ནག་པོ་བདུད་ཀྱི་ཕོ་ཉ་ཞིག་གིས་གནོད༔ འབྲི་ཀླུང་སྨད་ཀྱི་ཀཿཐོག་ཕྱོགས་ཉེ་བར༔ བདུད་ཀྱི་སྤྲུལ་པ་ཆ་ཤད་ཉམས་པ་འབྱུང༔ མདོ་ཁམས་སྨད་ཀྱི་བསྟན་འགྲོ་ཡོངས་ལ་གནོད༔ ད་ནི་དེ་ལ་ཕན་ཐབས་བཤད་པ་ནི༔ ལ་སྟོད་ཕྱོགས་ནས་དར་དཀར་བརྐྱངས་འདྲའི་རིར༔ ཕུག་པའི་མདོ་རུ་མཆོད་རྟེན་དཀར་པོ་བརྩེགས༔ ལྷ་སའི་ལྕགས་པོ་རི་ཡི་རི་སྣ་མཐུད༔ རྩེ་ཐང་མགོན་པོ་རི་ལ་གནས་རྟེན་བཞེངས༔ ཡར་ལུང་སྟོད་དུ་སྨན་གྱི་སྒྲུབ་པ་བྱ༔ དེ་ཡིས་དབུས་གཙང་ཕྱོགས་འདི་བདེ་ཐབས་འབྱུང༔ ཁམས་ཀྱི་གཉེན་ཐང་ཕྱོགས་སུ་མཆོད་རྟེན་བཞེངས༔ རི་ནག་སྲིན་པོ་ཁྲོས་འདྲའི་རི་གསུམ་འདབས༔ ཨེ་ཡི་དབྱིངས་སུ་མཆོད་རྟེན་ནག་པོ་བརྩེགས༔ ལྷོ་ཟླའི་ཕྱོགས་ཀྱི་རི་བོ་གཅན་གཟན་མགོ༔ དེ་ཡི་ཞོལ་དུ་ཚོམ་བུ་ཚོགས་སྒྲུབ་བྱ༔ ལྷོ་ཟླའི་བར་སྒང་ཆུ་བོ་ནག་པོའི་རྒྱུད༔ མཚོ་ནག་ཆེན་པོ་ཞོལ་གྱི་སྨད་དག་ཏུ༔ སེང་གེ་ཁྱི་ཚུག་འདྲ་བའི་བྲག་རི་ལ༔ གཏེར་ཆེན་སྦས་ཤིང་གནས་ཆེན་བྱིན་འབེབ་བྱ༔ དེ་ཡིས་ཁམས་ཕྱོགས་བསྟན་འགྲོ་ཅུང་ཞིག་བདེ༔ གཞན་ཡང་ཞིབ་པར་ལུང་བསྟན་མདོ་བྱང་ལྟོས༔ སྒྲུབ་ཐབས་ལུང་བྱང་པདྨའི་སྙིང་གཏམ་འདི༔ མ་འོངས་སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

བྱང་གཏེར་དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་འཁོར་ལོ་ (Volume 12, Text 25)

༄༅། །བྱང་གཏེར་དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། རྟག་ཏུ་ཞི་ཡང་གདུལ་དཀར་འབར་བའི་སྐུ །དུས་མཐའི་ཞུགས་ཆེན་ལས་ལྷག་གཟི་བྱིན་གྱིས། ཁམས་གསུམ་བདུད་འཇོམས་པདྨ་དྲག་པོ་རྩལ། །བདེ་ཆེན་འཁོར་ལོར་རྟག་བཞུགས་བྱིན་གྱིས་རློབས། །ཨོ་རྒྱན་ཐུགས་རྗེ་མི་ཟད་པས། །ཟབ་མོའི་ཆོས་ལ་མཐའ་མེད་ཀྱང་། །རིག་འཛིན་སྙིང་གི་བཅུད་མཆོག་འདི། །བདུད་ལས་རྒྱལ་འདོད་རྣམས་ཀྱིས་ཟུངས། །འདིའི་ཕྲིན་ལས་བརྩམ་པ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། དཔལ་གྱི་གཏོར་མ། སྨན་རཀ །ཕྱི་མཆོད། གཏེར་སྲུང་གི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཉེར་བསྡོག་གྲུབ་ནས། ཕྱི་སྒྲུབ་ལས། ཚོགས་ཀྱི་ཞིང་ལ་གསོལ་གདབ་སྐྱབས་འགྲོ་བྱ༔ ཚད་མེད་བྱང་ཆུབ་སེམས་བསྐྱེད་སྡོམ་པ་བཟུང༔ བླ་མའི་མཎྜལ་གསོལ་འདེབས་འདི་ལྟར་བྱ༔ ཞེས་དང། གཞུང་ལས། མཚམས་བཅད་སྒོ་དབྱེ་བརྡའ་ཕྱག་དམ་བཅའ་བྱིན༔ མཆོད་འབུལ་རྫས་བརླབ་བཤགས་པ་སྔོན་འགྲོའི་ཆོས༔ ཞེས་འབྱུང་བའི་ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། ཚིག་བདུན་སྔོན་དུ་འགྲོ་བས། གུ་རུ་པདྨ་སིདྡྷི་ཧཱུྃ། ཆོས་སྐུ་ཀུན་བཟང་ཁྲག་འཐུང་གདོད་མའི་མགོན། །ལོངས་སྐུ་ཞི་ཁྲོ་པདྨ་དབང་ཆེན་སྐུ །སྤྲུལ་སྐུ་ཨོ་རྒྱན་པདྨ་དྲག་པོ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྗེ་འབངས་གྲོགས་གསུམ་ནམ་སྙིང་མུ་ཁྲི་བཙན། །བདུད་འཇོམས་རྣམ་སྤྲུལ་གཏེར་སྟོན་ལེགས་ལྡན་ཞབས། །ལུང་ཟིན་ཆོས་བདག་དབང་ཕྱུག་རབ་བརྟན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེ་འཆང་དངོས་མགོན་པོ་བསོད་ནམས་ཞབས། །ཟུར་ཆེན་རིགས་ཀུན་བདག་པོ་པདྨ་དབང་། །ཀུན་མཁྱེན་རྒྱལ་དབང་བླ་མེད་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཞབས། །དྷརྨ་ཀཱིརྟི་ཀུན་བཟང་རྡོ་རྗེ་སྙིང་། །པདྨ་བཤེས་གཉེན་བསྟན་འཛིན་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཀུན་བཟང་འཇིགས་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་། །རིང་བརྒྱུད་ཉེ་བརྒྱུད་གདམས་པའི་བཀའ་སྲོལ་འཛིན། ཁྱབ་བདག་དཔལ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྩ་གསུམ་ཀུན་དངོས་ཁྲོ་རྒྱལ་དྲག་པོ་རྩལ། །དཀྱིལ་འཁོར་འཁོར་ལོ་བཀའ་སྐྱོང་གཏེར་སྲུང་ཚོགས། །ཟབ་གཏེར་གནས་མཆོག་འོན་ཕུ་སྟག་ཚང་བཅས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་བསྐྱེད་རྫོགས་མཐའ་རུ་ཕྱིན། །རྡོ་རྗེའི་ཚེ་བརྙེས་བདུད་ལས་རྣམ་པར་རྒྱལ། །ཟུང་འཇུག་ཀུན་བཟང་གོ་འཕང་མཆོག་ཐོབ་ནས། །སྲིད་མཚོ་སྒྲོལ་བའི་བཀྲ་ཤིས་ཀུན་ཁྱབ་ཤོག །སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་གུ་རུ་པདྨ་ཞི་བ་དང་དྲག་པོ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་གསལ་བར་གྱུར། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ན་མོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ། མཎྜལ་ནི། ཨེ་མ་ཧོ༔ ལྷུན་གྲུབ་འོད་ལྔ་གསལ་བའི་ཞིང་ཁམས་སུ༔ ལྷུན་གྲུབ་རྒྱུན་ཆད་མེད་པར་བཞུགས་པ་ཡི༔ ལྷུན་གྱིས་གྲུབ་པའི་བླ་མ་དཀོན་མཆོག་ལ༔ ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྒྱ་ཆེན་འབུལ༔ ལྷུན་གྲུབ་རང་བྱུང་གདོད་མའི་མགོན་པོ་དེ༔ བདག་གི་རྒྱུད་ལ་གནས་པའི་དོན་མཐོང་ཤོག༔ གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཀུན་མཁྱེན་རིག་པ་ཆོས་ཀྱི་སྐུ༔ ཀུན་རིག་སྟོན་པ་ལོངས་སྤྱོད་རྫོགས༔ ཀུན་བཟང་རྣམ་འཕྲུལ་བླ་མ་རྗེ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་བཞི་ལེན་པ་ནི། སྐུ་གསུང་ཐུགས་ལས་ཡི་གེ་གསུམ༔ དཀར་དམར་མཐིང་མདངས་འོད་དུ་འཕྲོ༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་དམ་བསྐུལ༔ སླར་ཡང་བདག་གི་གནས་གསུམ་དུ༔ ཞུགས་ནས་དབང་བཞིས་སྒྲིབ་བཞི་སྦྱངས༔ གང་བས་དབང་ཐོབ་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་ལྡན་འབྲས་བུ་ཐོབ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བརྒྱ་རྩ་བཟླས་ལ་དབང་ལེན་པའི་དམིགས་པ་བསྐྱང་། རྗེས་སུ་སྣང་གྲགས་བླ་མ་གསལ༔ ཐམས་ཅད་འོད་དམར་རབ་འབྱམས་ཞུ༔ བདག་ལུས་ལ་ཐིམ་དེ་ཡང་ཞུ༔ རིག་པ་འོད་ལྔའི་གོང་བུར་གསལ༔ མ་བཅོས་རིག་པ་བྱང་ཆུབ་སེམས༔ ཐམས་ཅད་ཀློང་གསལ་འོད་དུ་འབར༔ ལྷན་ནེ་ལྷང་ངེ་ལྷམ་མེར་བཞག༔ ཅེས་རང་རིག་གི་ངོ་བོ་བསྐྱང་། དེ་དག་ནི་བསྐྱེད་རིམ་བསྒོམ་པ་སྤྱིའི་སྔོན་འགྲོའོ། །དེ་ནས་སྒྲུབ་པའི་ཕྲིན་ལས་ཀྱི་སྔོན་འགྲོ་བགེགས་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་ཡེ་ཤེས་དྲག་པོ་རྩལ་གྱི་སྐུར་གྱུར། བགེགས་གཏོར་ཆབ་བྲན་ལ། རཾ་ཡཾ་ཁཾ། བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ༔ གསུམ། བདུད་རྩིའི་རྒྱ་མཚོ་ཅི་འདོད་འབྱུང་བའི་གཏེར་དུ་གྱུར། ཅེས་བྱིན་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ༴ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བགེགས་གཏོར་ཕྱིར་དོར། ཧཱུྃ་ཧཱུྃ་ཧཱུྃ༔ ཡང་དག་དོན་ལ་མི་མོས་པའི༔ རང་སྣང་ལོག་པའི་བདུད་སྡེ་ཀུན༔ སོང་ཞིག་གལ་ཏེ་འདའ་གྱུར་ན༔ ཡེ་ཤེས་རང་གསལ་ངང་དུ་བསྒྲལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཀའ་བསྒོ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དོན་དམ་ཆོས་ལ་བར་ཆད་བྲལ༔ སྣང་སྲིད་དག་པ་ཡུམ་གྱི་མཁའ༔ བདེ་ཆེན་གཡུ་དྲུང་ཐིག་ལེའི་སྐུ༔ ཀློང་ཡངས་ཆེན་པོར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཚམས་བཅད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་གདལ་བ་ཆེན་པོ་ལ༔ འཁོར་འདས་གཉིས་སུ་རྟོག་པའི་བློ༔ བློ་འདས་རིག་པ་རང་གསལ་གྱི༔ ཡེ་ཤེས་ཆེན་པོར་སྒོ་དབྱེ་འོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྡ་སྒོ་དབྱེའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་རིག་པ་རང་བྱུང་གི༔ ཡེ་ཤེས་ཉིད་ལས་མ་གཡོས་ན༔ མ་རིག་རྟོག་པའི་སྒྲིབ་བསལ་ནས༔ རང་ཞལ་མཇལ་ལ་བརྡ་ཕྱག་འཚལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྡ་ཕྱག་འཚལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་འགྱུར་མེད་ཐིག་ལེ་ལ༔ དུས་དང་ཕྱོགས་སུ་གང་བརྟགས་པ༔ སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར༔ རྟག་ཏུ་ཡིད་ཆེས་དམ་བཅའ་འོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དམ་བཅའ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ འོད་ལྔ་གསལ་བའི་རིག་པ་ལ༔ འགག་མེད་ཐུགས་རྗེའི་འོད་ཟེར་འཕྲོ༔ ཀུན་ཁྱབ་བྱིན་རླབས་རྨད་པོ་ཆེ༔ གདལ་བ་ཆེན་པོར་དབབ་ཏུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་དབབ་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་རྩལ་འོད་ཀྱི་ཆོ་འཕྲུལ་ལས༔ རང་བྱུང་རིག་པ་ཀུན་ཏུ་སྣང༔ ཀུན་མཁྱེན་ཀུན་རིག་བླ་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་དག་པའི་སྣོད་ནང་དུ༔ ཡེ་ཤེས་གསལ་བའི་ལྷ་དང་སྔགས༔ ཐམས་ཅད་མཆོག་གི་ཐིག་ལེར་གསལ༔ བྱིན་རླབས་རབ་ཏུ་གནས་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་རྫས་གནས་ཁང་ཡོ་བྱད་བྱིན་གྱིས་བརླབ་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ནས་གློ་བུར་དྲི་བྲལ་ལ༔ འཁྲུལ་རྟོག་བག་ཆགས་མི་འཚལ་ཡང༔ སྒྱུ་མར་སྣང་བའི་ལས་རྣམས་ཀུན༔ རང་སར་དག་ཕྱིར་བཤགས་པར་བགྱི༔ ཧཱུྃ་ཧཱུྃ་ཧཱུྃ༔ བཤགས་པ་བྱ་བ་སྟེ་དེ་དག་ནི་སྒྲུབ་པའི་སྔོན་འགྲོ་བསྙེན་པའི་རིམ་པའོ། །གཉིས་པ་སྒྲུབ་པའི་ཕྲིན་ལས་དངོས་གཞི་ནི། གཞུང་ལས། རྣམ་གསུམ་ཏིང་འཛིན་རིམ་བརྩེགས་གཞལ་ཡས་ལྷ༔ དབང་བསྐུར་བྱིན་བརླབ་སྤྱན་དྲངས་བཞུགས་གསོལ་ཕྱག༔ ཕྱག་རྒྱ་གླུ་སོགས་ཕྱི་ནང་གསང་བ་དང༔ དུག་གསུམ་སྨན་གཏོར་རཀྟ་སྦྱོར་སྒྲོལ་བསྟོད༔ བཤགས་པ་སྒོམ་བཟླས་སྟོང་ཚིགས་དངོས་གྲུབ་བླང༔ ཞེས་གསུངས་པ་ལྟར་ལས་ཐོག་མར་ཏིང་འཛིན་གསུམ་བསྒོམ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ མ་བཅོས་རིག་པ་བྱང་ཆུབ་སེམས་ཀྱི་སྐུ༔ ཐིག་ལེ་དམར་པོ་ཀུན་ལ་ཁྱབ་ཅིང་གདལ༔ མ་ནོར་དོན་གྱི་ཡེ་ཤེས་མ་བཅོས་པ༔ རྟག་ཏུ་ཀུན་དང་མཉམ་སྦྱོར་བལྟ་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣ་ཚོགས་སྣང་བ་འོད་ཀྱི་ཆོ་འཕྲུལ་ལས༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་འོད་ཀྱི་མདངས༔ ཕྱོགས་ཆ་བྲལ་བའི་ཡུལ་སྣང་བྱང་ཆུབ་སེམས༔ གཞི་རྩ་བྲལ་བའི་དོན་ལ་བསྒོམ་པར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་སྣང་གི་ཏིང་ངེ་འཛིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟོང་ཉིད་སྙིང་རྗེ་གཅིག་ཏུ་གྱུར་པ་ཡི༔ ཡང་དག་སྙིང་པོ་མཆོག་གི་ཐིག་ལེ་ཧཱུྃ༔ ཐམས་ཅད་སྐྱེད་བྱེད་རིག་པ་བྱང་ཆུབ་སེམས༔ ཡེ་ཤེས་སེམས་དཔའི་དོན་ལ་སྤྱད་པར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱུ་ཡི་ཏིང་ངེ་འཛིན་ནོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་ཡེ་ཤེས་ཐིག་ལེ་དམར་པོ་ཧཱུྃ༔ ཧཱུྃ་གི་སྒྲ་སྒྲོག་གསུང་གི་རྡོ་རྗེ་ལས༔ ཀུན་ཏུ་སྣང་བ་སྐུ་ཡི་རྡོ་རྗེ་ནི༔ འབྱུང་བ་དག་པ་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབང་ཆེན་ཡུམ་གྱི་དཀྱིལ་འཁོར་བསྟན་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བཟང་ཐུགས་མཆོག་ཡེ་ཤེས་ལྔ་ཡི་ཀློང༔ སྙིང་པོ་མཆོག་གི་ཐིག་ལེ་གཞལ་ཡས་ཁང༔ གྲུ་བཞི་སྒོ་ཁྱུད་རྒྱན་ཆས་ཀུན་ནས་མཛེས༔ མཁའ་དང་མཉམ་པའི་ཕོ་བྲང་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞལ་ཡས་ཁང་བསྐྱེད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་གཞི་གསང་བ་དག་པའི་དཀྱིལ་འཁོར་ན༔ རང་བྱུང་ཤེས་རིག་རྒྱལ་པོ་རྡོ་རྗེ་སེམས༔ ལྷ་ཡི་ལྷ་མཆོག་རིག་པ་རང་གསལ་བ༔ སྟོབས་ཆེན་དྲག་པོ་རྩལ་གྱི་དཀྱིལ་འཁོར་གསལ༔ ཅེས་པས་སྤྱིར་གསལ་བཏབ་ནས། ལྷ་བསྐྱེད་རྒྱས་པ་ཕྱི་སྒྲུབ་ཡེ་ཤེས་རང་གསལ་ལས་འབྱུང་བ་ནི། གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་སྡེ་བརྒྱད་སྲིན་པོའི་ཁྲི༔ ཉི་ཟླ་པདྨ་འབུམ་ལྡན་དབུས༔ རིག་པ་འོད་ཀྱི་གོང་བུ་ཧཱུྃ༔ རང་བྱུང་སྒྲ་དང་བཅས་པ་ཉིད༔ རང་གིས་བསྐུལ་ཞིང་ཡོངས་གྱུར་པས༔ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི༔ ཁྲོ་རྒྱལ་ཡེ་ཤེས་དྲག་པོ་རྩལ༔ དམར་གསལ་དབུ་དགུ་འབར་བའི་ཞལ༔ ཕྱོགས་མཚམས་དྲེགས་པའི་ལྷ་བརྒྱད་འདུལ༔ རྩ་ཞལ་སྲིན་པོ་རྔམ་པའི་ཞལ༔ སྲོག་བདག་གཏི་མུག་ཚངས་པ་འདུལ༔ དེ་སྟེང་ཁྱུང་ཞལ་མེ་ཡི་མདོག༔ གཟའ་དང་རྒྱུ་སྐར་ཀླུ་གདོན་འདུལ༔ རྡོ་རྗེ་འབར་བའི་རྭ་བར་ན༔ ཡིད་བཞིན་ནོར་བུ་རཱ་གའི་མདོག༔ སྟེང་ན་ཉི་མ་ཟླ་བས་བརྒྱན༔ ཕྱག་གཡས་འབར་བའི་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་འབར་དགུ་དགུ་ཕྱར༔ ཐེག་དགུའི་ལོག་ལྟ་མཐར་བྱེད་ལམ༔ ཡེ་ཤེས་དགུ་དང་མཉམ་པར་སྦྱོར༔ གཡོན་པས་ལྕགས་སྡིག་མགོ་དགུ་པ༔ འབར་བའི་རྭ་ནི་བཅོ་བརྒྱད་པ༔ མ་འདྲེས་བཅོ་བརྒྱད་མེ་སྟག་འཕྲོ༔ དམ་སྲི་སྤུན་དགུ་ཟ་བར་བྱེད༔ ཐེག་དགུའི་ལོག་ལྟ་འདུལ་མཛད་པ༔ དམ་སྲི་རྡོ་རྗེ་སྲིན་པོའི་ཚོགས༔ ཉམས་པའི་སྙིང་ཁྲག་འཐུང་བར་བྱེད༔ ཞབས་བརྒྱད་དྲེགས་པའི་སྟེང་ན་བརྫིས༔ ཚོགས་བརྒྱད་ལོག་པའི་ལྟ་ངན་འཇོམས༔ ཐེག་བརྒྱད་ཟིལ་གྱིས་གནོན་པའི་སྐུ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ འགྱུར་མེད་འོད་གསལ་མཐའ་ལས་འདས༔ དུར་ཁྲོད་ཆས་བརྒྱད་དུག་ལྔ་འཇོམས༔ དཔལ་གྱི་རྒྱན་བརྒྱད་ཡེ་ཤེས་རྫོགས༔ ཉམས་ཀྱི་གར་དགུས་དུག་གསུམ་འདུལ༔ སྤྱན་གསུམ་རྣམ་ཐར་གསུམ་དང་ལྡན༔ མཆེ་བ་བཞི་གཙིགས་སྐྱེ་ཤི་འཇོམས༔ སྨ་ར་སྨིན་མ་མེ་འབར་འོད༔ དུག་ལྔའི་མཐའ་འཇོམས་ཡེ་ཤེས་བརྒྱད༔ ཁམ་ནག་རལ་པ་སྲིད་རྩེར་འབར༔ དབྱིངས་དང་ཡེ་ཤེས་གཉིས་སུ་རྫོགས༔ ཧཱུྃ་ཧཱུྃ་ང་རོས་ཁམས་གསུམ་བསྡུས༔ ཕཊ་ཕཊ་རྐན་སྒྲས་འཁོར་བ་འཇིག༔ བ་སྤུ་ཁྲོ་ཆུང་ཁྱུང་གིས་གཏམས༔ དབུ་ལ་བདེ་གཤེགས་རིགས་ལྔ་རྫོགས༔ དཔྲལ་བར་འཇམ་དབྱངས་ཁྲོ་རྒྱལ་དམར༔ གཡས་གཡོན་མེ་རླུང་འཁོར་ལོ་འབར༔ མགྲིན་པར་རྟ་མགྲིན་ཁྲོ་རྒྱལ་དམར༔ དབྱུག་ཐོ་སྦྲུལ་ཞགས་རྟ་མགོས་མཛེས༔ ཐུགས་ཀར་རྡོ་རྗེ་གཏུམ་པོ་མཐིང༔ རྡོ་རྗེ་རྩེ་ལྔ་སྡིགས་མཛུབ་འབར༔ ལྟེ་བར་རྡོ་རྗེ་རྣལ་འབྱོར་མཐིང༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་ཕྲག༔ གསང་གནས་རྡོ་རྗེ་མེ་དབལ་མཐིང༔ ཐོ་བ་ལྕགས་ཀྱུས་དགྲ་བགེགས་འདུལ༔ སྤྱི་གཙུག་ནོར་བུའི་ནང་བཞུགས་པའི༔ སངས་རྒྱས་མགོན་པོ་སྣང་མཐའ་ཡས༔ བྱི་རུའི་མདོག་ཅན་ཚེ་བུམ་འཛིན༔ གོས་དཀར་བུམ་འཛིན་ཡུམ་དང་སྦྱོར༔ བདེ་ཆེན་ཡེ་ཤེས་ཚེ་དབང་བསྐུར༔ ལུས་ནི་རྡོ་རྗེའི་གོ་ཁྲབ་ལ༔ དུས་གསུམ་སངས་རྒྱས་སྟོང་རྩས་གང༔ རྭ་བར་སེམས་དཔའ་སྡིག་པའི་གཟུགས༔ འདབ་སྟོང་རང་འདྲའི་ཁྲོ་རྒྱལ་སྟོང༔ ཐམས་ཅད་རྒྱན་དང་ཆ་ལུགས་ལྡན༔ བདག་ཉིད་དཔལ་གྱི་ཐུགས་ཀ་རུ༔ འདབ་བརྒྱད་པདྨའི་གེ་སར་དབུས༔ གསེར་གྱི་མཆོད་རྟེན་རྣམ་པ་དགུ༔ རི་རབ་ཁང་བཟང་བུམ་པ་བྲེ༔ འཁོར་ལོ་བཅུ་གསུམ་ཏོག་དང་བཅས༔ བུམ་ནང་པདྨ་དམར་པོའི་དབུས༔ རང་བྱུང་གུ་རུ་དྲག་པོ་རྩལ༔ དམར་པོ་རྩེ་དགུ་སྡིག་པ་འཛིན༔ འདབ་བརྒྱད་ཤར་ནས་རིམ་པ་བཞིན༔ ཕྱག་ན་རྡོ་རྗེ་འཇམ་དཔལ་དབྱངས༔ རྟ་མགྲིན་ཡཀྴ་མེ་དབལ་དང༔ མཚམས་བཞིར་ཤར་ལྷོ་ནས་བཟུང་སྟེ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ མཁའ་འགྲོ་རིགས་བཞི་དང་བཅས་གསལ༔ བདག་བསྐྱེད་སྤྲོས་མེད་ལ་ལུས་དཀྱིལ་འདི་ཡན་ཆད་ཀྱིས་འཐུས་པས་འདི་ནས་དབང་དང་བྱིན་རླབས་ལ་འཇུག །དབང་དང་སྒྲུབ་པ་སོགས་མདུན་བསྐྱེད་དཀྱིལ་འཁོར་དང་འབྲེལ་ན་ཕྱི་དཀྱིལ་འདི་ལྟར་གསལ་འདེབས་པར་གསུངས་ཏེ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཕྱོགས་བཞིར་ཧཱུྃ་ཨོཾ་ཧྲཱིཿདང་ཕཊ༔ སྤྲོས་ནས་འགྲོ་བའི་དོན་བྱས་ཏེ༔ ཚུར་འདུས་རྩིབས་བཞིའི་གདན་སྟེང་དུ༔ དྲེགས་པ་མ་ཧེ་ཀླུ་དང་བགེགས༔ དེ་སྟེང་རྡོ་རྗེ་རལ་གྲི་དང༔ བེ་ཅོན་དབྱུག་པ་རང་རང་གི༔ ཡི་གེས་མཚན་པ་ཡོངས་གྱུར་པས༔ གཟུགས་དང་ཚོར་བ་འདུ་ཤེས་དང༔ འདུ་བྱེད་དག་པའི་ཁྲོ་རྒྱལ་བཞི༔ ཤར་དུ་ཕྱག་ན་རྡོ་རྗེ་སྟེ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ནུབ་ཏུ་རྟ་མགྲིན་དབང་གི་རྒྱལ༔ བྱང་དུ་ཡཀྴ་མེ་དབལ་རྣམས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ མི་བསྐྱོད་རིན་ཆེན་འབྱུང་ལྡན་དང༔ མཐའ་ཡས་དོན་གྲུབ་གུ་རུ་ཡིས༔ དབུ་ལ་བརྒྱན་པའི་རང་རང་གི༔ ཐུགས་ཀར་ཕྱག་མཚན་སོ་སོ་ལ༔ ཟླ་སྟེང་ཡི་གེ་བཞི་ཡིས་མཚན༔ དེ་ལ་རང་རང་སྔགས་ཀྱིས་བསྐོར༔ དེ་བཞིན་ཐུགས་ནས་འཕྲོས་པ་ཡི༔ ཧ་རི་ནི་སས་སྟོང་གསུམ་གང༔ འབྱུང་བ་བཞི་ལས་བསྐྱེད་པ་ཡི༔ འགྲོ་བ་རྣམས་ཀྱི་དོན་བྱས་ཏེ༔ མཚམས་བཞིར་པད་ཉི་རོ་སྟེང་དུ༔ ཡོངས་འདུས་ཡོངས་སུ་གྱུར་པ་ལས༔ རིམ་བཞིན་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་མཁའ་འགྲོ་བཞི༔ སྔོ་སེར་དམར་ལྗང་གྲི་ཐོད་དང༔ ཁ་ཊྭཱཾ་ག་འཕྱང་རུས་རྒྱན་དང༔ དར་དཔྱང་ཐོད་པའི་རྒྱན་ཕྲེང་འཛིན༔ འཛུམ་བཞད་སྒེག་མོ་རྣམ་བཞི་ཡི༔ ཐུགས་ཀར་ཟླ་སྟེང་ཡི་གེ་བཞི༔ རང་རང་སྔགས་ཀྱིས་བསྐོར་བར་གྱུར༔ ༈ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་དམ་ཚིག་སེམས་དཔར་ལྷུན་གྲུབ་ཅིང༔ ཡེ་ཤེས་སེམས་དཔའ་སྤྱན་འདྲེན་དབང་ཡང་བསྐུར༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་དབང་རང་བྱུང་ཐིག་ལེ་ཡི༔ དཀྱིལ་འཁོར་ཐམས་ཅད་རང་གསལ་ཕྱིར༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ལྷུན་གྱིས་གྲུབ་པའི་ཐིག་ལེར་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབང་དང་བྱིན་གྱིས་བརླབ་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ལས་འགྲོ་བ་ཐམས་ཅད་བྱུང་བའི་ཕྱིར༔ ང་ཡིས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན༔ ང་ནི་རང་བཞིན་ཡེ་ནས་ཆོས་ཀྱི་སྐུ༔ ང་དང་གཞན་མེད་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྱན་དྲང་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་སངས་རྒྱས་ཐམས་ཅད་དང༔ གདོད་ནས་གཉིས་སུ་མེད་པའི་ཕྱིར༔ གཉིས་སུ་འཛིན་པའི་བློ་སྤངས་ནས༔ གཉིས་མེད་གཅིག་པར་བཞུགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་སུ་གསོལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཤར་རང་ངོ་ཤེས་པས་ན༔ རང་བྱུང་ཡེ་ཤེས་དྲག་པོ་རྩལ༔ རང་དང་མཇལ་བའི་དགའ་ཆེན་གྱིས༔ རབ་ཡིད་དང་བས་ཕྱག་འཚལ་ལོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་འཚལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོ་འཕྲུལ་མ་འདྲེས་གསལ་བ་ལ༔ གཅིག་དང་དུ་མ་ཅིར་སྣང་ཡང༔ ཐིག་ལེ་མི་འགྱུར་ཉིད་ཡིན་ཕྱིར༔ ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་རྒྱ་གར་གྱི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་ཐིག་ལེ་གཅིག་ཡིན་ཕྱིར༔ གླུ་ཡང་ཡེ་ཤེས་ཆེན་པོའི་གླུ༔ བྲོ་ཡང་ཡེ་ཤེས་ཆེན་པོའི་བྲོ༔ རིག་པའི་ངང་དུ་བཞེས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གླུ་ཡེ་ཤེས་ཀྱི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ འོད་ལྔ་གསལ་བའི་མདངས་ཤར་ནས༔ རང་བྱུང་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་སྒྲ༔ མངོན་སུམ་ལྷུན་གྲུབ་མཆོད་པ་བཞེས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་མཆོད་འབུལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་དོན་གྱི་ཐིག་ལེ་ལས༔ མངོན་སུམ་མ་འདྲེས་གཟུགས་དང་སྒྲ༔ དྲི་རོ་རེག་བྱ་ཆོས་ཀྱི་ཚོགས༔ གོང་འཕེལ་སྣང་བས་བརྒྱན་ཏེ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ནང་གི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་ཟད་པའི་མཐར༔ ཡེ་ཤེས་ལྔ་ཡི་མདངས་ཤར་བས༔ ལྷག་མཐོང་མཆོད་པ་ཆེན་པོ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་བ་དུག་ལྔའི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་རྡོ་རྗེ་ཉིད་ཡིན་ཕྱིར༔ ཤ་ཁྲག་རུས་པ་རྣམ་པར་དག༔ ཡི་གེ་གསུམ་དང་ཡང་དག་ལྡན༔ དུག་གསུམ་དག་པའི་མཆོད་རྫས་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུག་གསུམ་གྱི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་དག་པ་ཡེ་ཤེས་ལྔ་དང་ལྡན༔ རྒྱུ་དྲུག་དག་པ་རིགས་ལྔ་བྱང་ཆུབ་སེམས༔ འཆི་མེད་བདུད་རྩི་མངོན་སུམ་ཐིག་ལེར་གསལ༔ རྣམ་དག་བདུད་རྩི་དམ་རྫས་མཆོད་པ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྨན་གྱི་མཆོད་པའོ༔ བརྒྱུད་མཆོད་སྤྲོ་ན། ཆོས་སྐུ་ཀུན་བཟང་ལོངས་སྐུ་པདྨ་དབང་། སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོའི་ལྷ། །དག་པའི་འཁོར་ལྔ་པདྨ་དབང་རྒྱལ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བདུད་འཇོམས་རྡོ་རྗེ་དབང་ཕྱུག་རབ་བརྟན་དང་། །བསོད་ནམས་མཆོག་ལྡན་ཆོས་དབྱིངས་རང་གྲོལ་དཔལ། །རྡོ་རྗེ་ཐོགས་མེད་པདྨ་ཕྲིན་ལས་དཔལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཆོས་གྲགས་རྒྱ་མཚོ་རྡོ་རྗེ་སྙིང་པོའི་མཚན། །པདྨ་བཤེས་གཉེན་བསྟན་འཛིན་ཕུན་ཚོགས་དང་། །ཀུན་བཟང་འཇིགས་མེད་མཁྱེན་བརྩེའི་དབང་པོ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་གཙོ་མཆོག་པདྨ་དྲག་པོ་རྩལ། །གནས་ལྔའི་ལུས་དཀྱིལ་ཕྱོགས་མཚམས་ཡི་དམ་ལྷ། །བཀའ་གཏེར་བསྟན་སྐྱོང་སྲུང་མར་བཅས་པ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་ཐིགས་གཏོར་འབུལ་ཞིང་ཡིག་བརྒྱས་སྨན་བཤགས་བྱ། ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་རང་ཆས་རང་ངོ་ཤེས༔ ཁམས་གསུམ་འཁོར་བ་རྩད་ནས་དག༔ བདེ་གསལ་མི་རྟོག་ཉམས་མྱོང་ལྡན༔ ཆོས་ཉིད་མངོན་སུམ་བདུད་རྩི་མྱོང༔ ཧཱུྃ་ཧཱུྃ་ཧཱུྃ༔ སྨན་གྱི་དངོས་གྲུབ་བླང་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་ཀ་དག་གཏོར་གཞོང་དུ༔ རིག་པ་ལུག་རྒྱུད་གཏོར་མས་བཀང༔ མངོན་སུམ་ལྷམ་མེར་གསལ་བ་ཡིས༔ དོན་གྱི་ལྷ་ཚོགས་ལྷན་ནེར་མཆོད༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་མའི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟོང་གསལ་ཡུམ་གྱི་བྷ་གའི་ནང༔ སྙིང་གའི་ཐིག་ལེ་བཅུད་ཀྱིས་བཀང༔ སྙིགས་མེད་ལམ་ནས་དྲངས་ནས་ནི༔ རང་བྱུང་ལྷག་མེད་རཀྟ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རཀྟའི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བ་དྷཱུ་ཏིའི་སྣོད་ནང་དུ༔ རོ་རྐྱང་ཛ་གད་དཔའ་བོའི་བཅུད༔ འབྱུང་འཇུག་རླུང་གིས་རབ་བཀང་ནས༔ ཟག་མེད་བདེ་བའི་གསང་ནན་མཆོད༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་ནན་གྱི་མཆོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་དང་རིག་པ་ཟུང་འཇུག་ལ༔ བདེ་དང་སྟོང་པ་གཉིས་སུ་མེད༔ ལས་རླུང་དབུ་མར་ཆུད་པ་ཡིས༔ གཟུང་འཛིན་དག་པའི་སྦྱོར་མཆོད་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱོར་མཆོད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་ནང་གྲུ་གསུམ་མཁའ་དབྱིངས་སུ༔ སྣང་ཞེན་རྟོག་པ་ཐིག་ལེར་བསྟིམ༔ རླུང་སེམས་གནད་ཀྱི་ཕུར་བུས་གདབ༔ སྒྲོན་གསལ་ཆོས་སྐུར་བསྒྲལ་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྒྲལ་མཆོད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཉམ་ཉིད་སྐུ་ལ་ནཱ་དའི་གསུང༔ ཐིག་ལེ་ཐུགས་ཀྱི་དཀྱིལ་འཁོར་ལས༔ ལྷུན་གྲུབ་ཡོན་ཏན་འོད་ཟེར་འཆར༔ ལས་དང་ཉོན་མོངས་དག་པའི་ལས༔ ཐིག་ལེ་གཅིག་པོ་ཀུན་གྱི་བདག༔ ཐོག་མའི་མགོན་པོར་ཕྱག་འཚལ་བསྟོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྟོད་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ནས་རང་ཉིད་སངས་རྒྱས་ཀྱང༔ སངས་རྒྱས་གཞན་ནས་ཚོལ་བ་དང༔ མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས༔ མཚམས་མེད་སྡིག་སྒྲིབ་ཉམས་ཆག་བཤགས༔ ཧཱུྃ་ཧཱུྃ་ཧཱུྃ༔ བཤགས་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་ནི་སྣང་སྟོང་ཆུ་ཟླ་ལྟར༔ རང་བཞིན་མེད་པའི་རང་བཞིན་ཅན༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ མཆོག་གི་དང་པོ་སྐུ་གསུམ་འཆང༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྷ་ལ་སེམས་བཟུང་བ་སྟེ། བསྐྱེད་པའི་ལྷ་རེ་རེ་བཞིན་གསལ་གདབ་ལ་སྣང་སྟོང་སྒྱུ་མ་འཇའ་ཚོན་ཆུ་ཟླའི་ཚུལ་ཅན་དུ་སེམས་ནན་གྱིས་བཟུང་ངོ་། །དེ་ནས་བཟླས་པའི་ཐོག་མར་ཛཔ྄་བསྐུལ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ གསུང་ནི་གྲགས་སྟོང་ནཱ་དའི་དབྱངས༔ ནུབ་པ་མེད་པའི་ཆོས་ཀྱི་མཆོག༔ འབྲུ་གསུམ་ཡིད་ཤེས་སྐྱོབ་པའི་གསུང༔ ཡིད་མཆོག་ཐེག་མཆོག་སྡུག་བསྔལ་གཅོད༔ ཧཱུྃ་ཧཱུྃ་ཧཱུྃ༔ མགོ་འདྲེན་ཞི་བཟླས་ཀྱི་དམིགས་པ་ནི། དེ་དག་རྣམས་ཀྱི་ཐུགས་ཀ་རུ༔ པདྨ་དམར་པོ་འདབ་བརྒྱད་དབུས༔ མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ མཉམ་གཞག་ཚེ་བུམ་དཔག་བསམ་ཅན༔ རང་འདྲའི་ཡུམ་དང་བཅས་པ་ཡི༔ ཐུགས་ཀར་པདྨ་འདབ་མའི་དབུས༔ རྡོ་རྗེ་དམར་པོ་རྩེ་དགུ་པ༔ ལྟེ་བར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་དམར་དྭངས་མ་ལྔ་དང་ལྡན༔ སྤུ་ཤད་སྔགས་ཀྱིས་བསྐོར་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞི་བསྙེན་འདི་གོང་གནོན་གྱི་ཚུལ་དུ་སྟོང་ཕྲག་གམ་ལྔ་བརྒྱ་སུམ་བརྒྱ་ཙམ་རེ་བཟླའོ། དངོས་གཞི་ཁྲོ་བཟླས་ཀྱི་དམིགས་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་རབ་འབྱམས་འཕྲོས་པས། སངས་རྒྱས་བྱང་སེམས་དང་གུ་རུ་པདྨའི་བྱིན་རླབས་ནུས་པ་ཐམས་ཅད་གུ་རུ་དབུ་དགུའི་རྣམ་པར་ཆར་བཞིན་དུ་བབ་ནས་རང་གི་སྤྱི་བོ་ལ་སོགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ འདི་བཟླས་པའི་དངོས་གཞི་ཡིན་པས་དབང་པོ་རབ་ཀྱིས་ཟླ་བ་གསུམ་དང་། འབུམ་ཕྲག་དྲུག །འབྲིང་གིས་ཟླ་བ་དྲུག་དང་འབུམ་ཕྲག་བཅུ་གཉིས། ཐ་མས་ལོ་གཅིག་དང་བྱེ་བ་ལ་འབུམ་ཚོ་གསུམ་དང་བཅས་པ་སྟེ་གྲངས་དུས་གསུམ་པོ་གང་རུང་མ་རྫོགས་ཀྱི་བར་དུ་བཟླ། སྔགས་ཤམ་ནི་བསྙེན་པའི་བཅུ་ཆའམ། རྩ་སྔགས་སུམ་བརྒྱ་ལ་བདུན་རེ་ཙམ་བཏགས་པ་ལྟ་བུའི་ཚད་དང་སྦྱར་ཏེ། བཛྲ་ཧཱུྃ༔ ག་རུ་ཌ་ཧཱུྃ༔ རཀྴ་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿསཿམཿཡཿ འཁོར་སྔགས་ནི། ཨོཾ་གུ་རུ་བཛྲ་པཱ་ཎི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་གུ་རུ་ཡ་མཱནྟ་ཀ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་གུ་རུ་པདྨཱནྟ་ཀྲྀཏ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་གུ་རུ་ཡཀྵ་བཛྲ་མཱ་ར་ཡ་ཕཊ༔ ཡབ་ཀྱིའོ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཡཻ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཌཱ་ཀི་ནཱི་ཡཻ་པུཥྚཱིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཡཻ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་ཡཻ་མཱ་ར་ཡ་ཕཊ༔ ཡུམ་བཞི་སྟེ་ཉེར་གཅིག་གམ་བདུན་ཙམ་བཟླས་མཐར། སྟོང་ཚིགས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་རང་གསལ་ལྷ་ཚོགས་ལ༔ རང་བྱུང་སྒྲ་འོད་ཟེར་གསུམ་གྱིས༔ རྒྱུན་ཆད་མེད་པའི་མཆོད་པ་འབུལ༔ རྟག་ཏུ་མ་བསྐྱངས་གཞན་དུ་བལྟས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ སྐུ་གསུམ་རང་ངོ་ཤེས་པ་ལ༔ རྗེས་སུ་ཡི་རང་འབུལ་བར་བགྱི༔ གློ་བུར་འཁྲུལ་པའི་ཉེས་ཟད་ནས༔ ཡང་དག་རྡོ་རྗེའི་གནས་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་རང་ངོ་ཤེས་པ་ཡི༔ ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ དངོས་པོར་འདོད་པའི་ཉེས་བྲལ་བའི༔ དངོས་གྲུབ་མངོན་སུམ་བསྩལ་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐབས་འདིར་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་སྒོས་སྲུང་མ་མགོན་སྡེ་བརྒྱད་བརྟན་མའི་གཏོར་འབུལ་རྣམས་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། ལས་གཞུང་ལས། ཆེ་བ་བསྐྱེད་ཅིང་ལས་བཅོལ་ཚོགས་མཆོད་བྱ༔ ལྷག་མ་བཀའ་བསྒོ་གཏོར་ཟོར་བརྟན་མ་བསྐྱང༔ སྲི་མནན་རྟག་ཆད་བསལ་དང་སྨོན་ལམ་གདབ༔ ལས་ཀྱི་རྗེས་སྡུད་རྗེས་ཀྱི་ཆོས་ཡིན་ནོ༔ ཞེས་གསུངས་པ་ལྟར་བྱ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་ཡེ་ཤེས་ཆེན་པོའི་ངང༔ དངོས་པོར་འཛིན་པའི་རྣམ་རྟོག་འཇོམས༔ ཀུན་གྱི་བདག་ཉིད་ཆེན་པོ་རུ༔ འཛིན་རྟོག་བྲལ་བའི་ང་རྒྱལ་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་བ་བསྐྱེད་པ་སྟེ། ཏིང་འཛིན་གསུམ་ནས་འདིའི་བར་བདག་མདུན་བུམ་གསུམ་ཐ་དད་དུ་མི་བལྟ་བར་ཡེ་ཤེས་གཅིག་གི་རོལ་པར་བསྒོམ། །འདི་ནས་བརྩམ་སྟེ་བདག་ཉིད་མར་མེ་གཅིག་ལས་གཉིས་ཆད་དུ་ཕྱེ་སྟེ་ཕྲིན་ལས་བཅོལ་བ་ནས་ཚོགས་འབུལ་གྱི་བར་རང་དབང་བསྐུར་གྱི་ལས་རྣམས་བྱ་བར་གསུངས་སོ། །ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་རོལ་པའི་རྩལ་ཆེན་གྱིས༔ རྣམ་རྟོག་གཟུང་འཛིན་ཞི་བ་དང༔ རང་སྣང་ཡེ་ཤེས་རྒྱས་པ་དང༔ འཁོར་འདས་ཐིག་ལེར་སྡུད་པ་དང༔ འཁྲུལ་སྣང་བསད་ཅིང་བཟློག་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྲིན་ལས་བཅོལ་པའོ། །ཚོགས་རྫས་ལ་ཆུ་ཆང་ནང་མཆོད་བྲན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་ཆོས་རྣམས་འོད་ལྔར་འཁྱིལ༔ སྦྱང་སྤེལ་བསྒྱུར་བའི་རྩོལ་བ་བྲལ༔ ཀུན་འབྱུང་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་རོལ་པའི་ཚོགས་མཆོད་སྦྱར༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱང་ཞིང་བྱིན་གྱིས་བརླབ་པའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བཟང་རྡོ་རྗེ་ཡེ་ཤེས་རྩལ༔ རིག་པ་མཁའ་འགྲོའི་འཁོར་ལོས་སྒྱུར༔ དམ་ཚིག་ཆེན་པོའི་ཚོགས་ལ་གཤེགས༔ འདུ་འབྲལ་མེད་པའི་ཚོགས་ཁང་དུ༔ འཆར་ནུབ་མེད་པར་བཞུགས་པ་ལ༔ རེ་དོགས་བྲལ་བའི་ཕྱག་འཚལ་ལོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱོར་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་བཅོས་གསུམ་ལྡན་སྣོད་ནང་དུ༔ དྭངས་མ་ལྔ་ལྡན་ལོངས་སྤྱོད་རྫོགས༔ རང་ཤར་རང་ངོ་ཤེས་པས་མཆོད༔ འཁྲུལ་རྟོག་གཞན་དུ་ཞེན་པ་བཤགས༔ སྐྱེ་མེད་ཀ་དག་ཀློང་དུ་བསྟབ༔ གཉིས་སྣང་ཤེས་པ་བསྒྲལ་བྱས་ནས༔ ཀུན་བཟང་རིག་པ་རྩལ་ལ་བསྟབ༔ བག་ཆགས་རྨི་ལམ་བསྒྲལ་བྱས་ནས༔ སྣ་ཚོགས་རང་གྲོལ་ལྷ་ལ་བསྟབ༔ ཆགས་སྡང་རྨོངས་པ་བསྒྲལ་བྱས་ནས༔ དངོས་པོ་སྟོང་ཉིད་ཀློང་དུ་བསྟབ༔ སྣང་ཞེན་འཁྲི་བ་བཅད་པའི་ཤ༔ སྟོང་ཉིད་མཁའ་འགྲོའི་ཞལ་དུ་བསྟབ༔ ཐེག་བརྒྱད་ལྟ་བའི་མཐའ་བསྒྲལ་ཁྲག༔ མཐའ་བརྒྱད་རང་གྲོལ་སྲུང་མར་བསྟབ༔ ཨ་འཐས་གྲུབ་མཐའ་ཕྱོགས་ཞེན་རྒྱུ༔ ཁྱབ་གདལ་དམ་ཅན་ཞལ་དུ་བསྟབ༔ བསྟབ་བོ་ཞལ་དུ་ཁ་རཾ་ཁཱ་ཧི༔ སྐྱེ་མེད་གནས་ལུགས་བསྟན་དུ་གསོལ༔ འགག་མེད་རང་ངོ་བསྟན་དུ་གསོལ༔ འཁྲུལ་རྟོག་འཁོར་བ་ཆོས་སྐུར་གྲོལ༔ བདུད་བཞིའི་དམག་དཔུང་ཐིག་ལེར་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ འདིར་རྩ་གསུམ་སྐོང་གསོ་གཏང་ངོ་། །ཚོགས་ལ་རོལ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་དབྱིངས་ཀྱི་ཐིག་ལེ་རུ༔ གཟུང་འཛིན་རྣམ་ཤེས་ཚོགས་བརྒྱད་ཀྱི༔ ཚོགས་ལ་རོལ་ཞིང་བཞེས་སུ་གསོལ༔ ཀ་དག་རིག་པ་རང་གསལ་ལ༔ ལྷུན་གྲུབ་འོད་ལྔའི་ཚོགས་མཆོད་འབུལ༔ མངོན་སུམ་ཐིག་ལེ་རོལ་པར་བྱ༔ ཨ་ལ་ལ་ཧོ༔ ཨ་ལ་ལ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཐུན་མོང་མ་ཡིན་པའི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ་ནས་སྨོན་ལམ་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ འདི་ལྟར་ལེགས་སྤྱད་དགེ་བསགས་པས༔ ཚོགས་ཀྱི་འབྲས་བུ་མཆོག་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྷག་མ་བསྡུས་ལ་འབྲུ་གསུམ་ལན་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ དག་པ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ དང་པོ་ཡེ་ཤེས་ཕུད་ཀྱིས་མཆོད༔ སྣང་བ་རང་གསལ་ལྷ་ཚོགས་རྣམས༔ བར་དུ་ཚོགས་ཀྱི་མཆོད་པས་བསྐངས༔ ཐ་མ་ཚོགས་བརྒྱད་རྟོག་ཚོགས་འཁོར༔ འདོད་ཡོན་ལྷག་མས་མཆོད་པར་བགྱི༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྷག་མའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ཚེ་མགོན་པོ་འོད་མི་འགྱུར༔ ཐིག་ལེ་ཉིད་དང་གཅིག་པའི་བཀའ༔ བར་དུ་རང་སྣང་རོལ་པའི་རྩལ༔ སྐུ་དང་ཐིག་ལེ་མངོན་སུམ་བཀའ༔ ཐ་མ་ལྷག་མཐོང་རིག་པའི་གཤིས༔ འཁོར་བ་རང་གྲོལ་ཆོས་ཉིད་བཀའ༔ ཚོགས་བརྒྱད་འཁྲུལ་འཁོར་གཏོར་མ་འོ༔ ཡེ་ཤེས་ཐིག་ལེའི་བཀའ་མ་བཅག༔ སྒྲ་འོད་ཟེར་གསུམ་དམ་མ་བཀྲལ༔ བར་དོའི་བར་ལག་རྨེངས་ནས་ཤིགས༔ ཟང་ཐལ་རིག་པའི་གཏོར་སྒོ་ཕྱེས༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་སྐྱོང་བཀའི་ཆད་ཐོ་བསྒོ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁྲུལ་རྟོག་བག་ཆགས་སྐྱེ་འཆི་མེད༔ སྟེང་དུ་སྐྱེ་མེད་གཏོར་ཟོར་ཕོབ༔ རྨི་ལམ་འཁྲུལ་པའི་བག་ཆགས་ལ༔ སྟོང་གསལ་འོད་ཀྱི་གཏོར་ཟོར་ཕོབ༔ ཡིད་དཔྱོད་ལྟ་བའི་སེམས་འཛིན་ལ༔ ལྷག་མཐོང་མངོན་སུམ་ཁྲག་ཟོར་ཕོབ༔ ལེ་ལོ་སྙོམ་ལས་འགབ་འདྲེ་ལ༔ གོང་འཕེལ་ཉམས་ཀྱི་མཚེ་ཟོར་ཕོབ༔ འཁྲུལ་རྟོག་བག་ཆགས་ཆ་ཆོ་ལ༔ རིག་པ་ཚད་ཕེབས་ཀོང་ཟོར་ཕོབ༔ སྣང་ཟད་སྟོང་པའི་བློ་སྒྱུར་ལ༔ ཡེ་ཤེས་ཟག་མེད་སྔགས་ཟོར་རྒྱོབ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་ཟོར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་ནང་རྟེན་འབྲེལ་བཅུ་གཉིས་པོ༔ དགའ་བ་བཅུ་གཉིས་བདེ་ཆེན་ཡུམ༔ སྣང་བ་འོད་ཀྱི་ཡབ་ལྔ་དང༔ འབྲལ་མེད་བརྟན་མ་གཏོར་མས་མཆོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྟན་མའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་འོད་ལྔའི་རི་རབ་འོག༔ འཁྲུལ་རྟོག་གློ་བུར་དམ་སྲི་མནན༔ སྐྱེ་མེད་ཆོས་སྐུར་མ་དྭངས་བར༔ མནན་པ་ལྡང་བར་མ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་གཞོང་གི་ལས་སོ༔ དཀྱིལ་འཁོར་དང་འབྲེལ་བའམ་ཚོགས་ཞིང་ལ་དམིགས་ཏེ་སྤྱི་ལྟར་མཆོད་བསྟོད་བྱ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ འོད་ལྔ་གསལ་བའི་སོགས་ཤྭ་ལོ་ཀ་གཅིག་དང་། ཧཱུྃ་ཧཱུྃ་ཧཱུྃ༔ མཉམ་ཉིད་སྐུ་ལ་སོགས་ཀྱིས་བསྟོད། ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ནས་རང་ཉིད་སོགས་ཀྱིས་བཤགས་པ་དང་ཡིག་བརྒྱ་བརྗོད། མདུན་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་མཐུན་བྱ། བདག་བསྐྱེད་ལ་དམིགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་འཁྲུལ་པ་འོད་ཀྱི་དབྱིངས༔ ཐིག་ལེ་གཅིག་ཏུ་བསྡུ་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྟག་མཐའ་བསལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ འགག་མེད་རིག་པ་འོད་པོ་ཆེ༔ ཐིག་ལེ་ནུབ་པ་མེད་པར་ལྡང༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆད་མཐའ་བསལ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་མི་གཡོ་ཐིག་ལེ་གཅིག༔ འགག་མེད་ཆོ་འཕྲུལ་འོད་ཟེར་འབར༔ དགེ་བ་བྱས་དང་བྱེད་འགྱུར་བ༔ ཀུན་བཟང་བྱང་ཆུབ་ཆེན་པོར་བསྔོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྔོ་བའོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྟག་ཆད་བྲལ་བའི་དེ་བཞིན་གཤེགས༔ སངས་རྒྱས་སྐུ་ལྔའི་བདག་ཉིད་མཆོག༔ ཀུན་ཁྱབ་འགྲོ་བའི་དཔལ་མགོན་དུ༔ ཀུན་ནས་ཀུན་ཏུ་སྣང་བར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྨོན་ལམ་མོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་རྡོ་རྗེ་ཡེ་ཤེས་ཆེ༔ འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འགག་མེད་རང་སྒྲ་བཅུ་དྲུག་དབྱངས༔ གཞོམ་མེད་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་མི་གཡོ་ཆོས་ཀྱི་མཆོག༔ ཐིག་ལེ་ཐུགས་ཀྱི་བཀྲ་ཤིས་ཤོག༔ མངོན་སུམ་སྣང་བཞི་ཚད་དུ་ཕེབས༔ ཡོན་ཏན་ལྷུན་གྲུབ་བཀྲ་ཤིས་ཤོག༔ བར་དོ་བཞི་ཆོད་ལས་བཞི་འགྲུབ༔ ཡེ་ཤེས་ཕྲིན་ལས་བཀྲ་ཤིས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བཀྲ་ཤིས་སོ༔ སྤྱོད་ལམ་གྱི་རྣལ་འབྱོར་ཡང་གཞུང་ལས། ནམ་གུང་འོད་ཀྱི་ནང་དུ་ཉལ༔ ཐོ་རངས་ཐིག་ལེ་ནཱ་དར་ལྡང༔ སྣང་སྲིད་དག་པ་འོད་ལྔར་སྦྱར༔ ཅེས་དང་། རྒྱས་པ་ཕྱི་སྒྲུབ་ཡེ་ཤེས་རང་གསལ་ནས་འབྱུང་བ་ལྟར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ཡོན་ཏན་ནི། སྐད་ཅིག་དྲན་པས་ཡེ་ཤེས་སྐུ༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཡེ་ཤེས་ལུས་ཅན་ཚེ་འདིར་འགྲུབ༔ འདི་ལས་གཞན་དུ་རྒྱལ་བས་ཀྱང༔ མཐར་ཐུག་དོན་ནི་གང་མ་བསྟན༔ ཅེས་དང་། དེ་ཕྱིར་པདྨ་རྒྱལ་པོ་ཡིས༔ སྙིང་ཁྲག་དྭངས་མའི་བཅུད་ཕྱུངས་ནས༔ ཚེ་དང་ཡེ་ཤེས་སྒྲུབ་པའི་ཐབས༔ ཡེ་ཤེས་རང་གསལ་འདི་གདམས་སོ༔ འདིས་ནི་བདུད་དང་གོལ་ས་ཆོད༔ དངོས་གྲུབ་ཐམས་ཅད་ལྷུན་གྲུབ་ཐོབ༔ ཅེས་ཕྲིན་ལས་ཙམ་ཀློག་སྒོམ་དུ་བགྱིས་པའི་ཕན་ཡོན་ཀྱང་རྒྱ་ཆེར་གསུངས་སོ། །འདིའང་གཏེར་གཞུང་གི་དངོས་བསྟན་ལྟར་ན་རང་དོན་བསྙེན་པ་ཙམ་ལ་ཡེ་ཤེས་རང་གསལ་གྱི་གཞུང་ལྟར་ཉམས་སུ་ལེན་པ་ལས་སྤྲོས་བཅས་མི་དགོས་པར་མངོན་ཞིང་། ཐུན་མཚམས་ལས་སྦྱོར་སྒྲུབ་པ་ཆེན་པོ་ཡི༔ ལས་འགྲིགས་གསང་བ་དོན་གྱི་ཐོ་འདི་འོ༔ ཞེས་གསུངས་པས་སྒྲུབ་ཆེན་དབང་སོགས་དང་འབྲེལ་བའི་སྐབས་སུ་ཕྲིན་ལས་འདི་ཉིད་བཏང་ནས་ཕྱི་དཀྱིལ་བསྒོམ་པའི་དོན་དུ་སྣང་ཡང་། རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་རྙིང་གཞུང་གཞན་དང་བསྟུན་ནས་བསྙེན་པ་ལའང་ལས་གུར་དང་སྦྲེལ་ཞིང་ཕྱི་དཀྱིལ་བསྒོམ་བྱར་མཛད་པས་འདིར་ཡང་དེའི་རྗེས་སུ་འབྲང་བའོ། །དྲང་དོན་ཚིག་གི་སྤུན་བྲལ་ངེས་པའི་དོན། །གསལ་འདེབས་སྙིང་པོ་ནཱ་དའི་རང་སྒྲ་འདིས། །གློ་བུར་དྲི་མའི་བགེགས་ཚོགས་གཞི་ཐོག་གྲོལ། །རང་རིག་བླ་མའི་ཞལ་བཟང་མཐོང་བྱེད་ཤོག །འདིའི་འགྲིགས་ཆོག་སྔ་མ་ཁ་ཤས་བྱང་ལུགས་གཏེར་གཞུང་མཆན་གསལ་ཅན་དུ་སོང་བས་ཅུང་ཟད་གོ་མ་བདེ་སྟབས་རང་ཉིད་འདོད་པ་འཇོ་བའི་ཆ་རྐྱེན་དུ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་བཞིན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་དང་རྗེས་འབྲེལ་བུམ་པ་དང་གཏོར་མའི་ལས་ཚོགས་ལ་བརྟེན་པའི་དབང་བྱིན་ཚན (Volume 61, Text 25)

ཨཱོྃ་སྭསྟི། བདུད་སྡེའི་དཔུང་ཚོགས་དྲེགས་པ་ཀུན། །འདུལ་མཛད་གསང་བའི་བདག་པོ་ལ། །བཏུད་ནས་དེ་ཡི་ནང་སྒྲུབ་དང་། །རྗེས་འབྲེལ་བྱིན་རླབས་ཆོ་ག་བཤད། །འདིར་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ནང་སྒྲུབ་དང་རྗེས་འབྲེལ་བུམ་པའི་ལས་མཐས་བྱིན་གྱིས་བརླབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། མཎྜལ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མཐིང་ནག་རྡོར་ར་མེ་རིས་བསྐོར་བ་ཚོན་གྱིས་བྲིས་པའམ་མཎྜལ་ལ་ཚོམ་བུ་བཀོད་པས་ཀྱང་རུང་། དེར་མཉྫི་ལ་བུམ་པ་རྫས་ཉེར་ལྔ་ཆུ་གཙང་གིས་བྲན་པས་བཀང་། ཁ་རྒྱན་དང་མགུལ་ཆིངས་སོགས་ཆས་སུ་བཅུག་པ་བཀོད། དེའི་མདུན་དུ་འདས་གཏོར་སྨན་རཀ་མཆོད་པ་དང་བཅས་པ་བཤམ། ནད་པའི་དོན་དུ་བྱེད་ན་གནོད་བྱེད་ལ་བསྔོ་རྒྱུ་དང་གཞི་བདག་གཏོར་མ་ཡང་ཇི་ལྟར་བདེ་བར་བཀོད། གཞན་ཡང་རྡོར་དྲིལ་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྤྱི་དང་མཐུན། དངོས་གཞི་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་རང་སེམས་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཕྱར་ཞིང་གསོར་བ། གཡོན་པ་སྡིགས་མཛུབ་ཀྱིས་ཁྱུང་ཁྲ་འགྱེད་པ། གར་དགུའི་ཉམས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ། ཞིང་གླང་གི་པགས་པས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་ཁྲག་ཞག་ཐལ་བས་མཚན་པ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་སྔོན་པོ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས་སྣང་གྲགས་དག་པ་ལྷ་སྔགས་སུ་སྦྱངས། འོད་ཟེར་ཚུར་འདུས་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་འབུམ་ཕྲག་གཅིག་ཏུ་བཟླ། ཐུན་འཇོག་པ་ན་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་འོད་གསལ་དུ་བཅུག་དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །རྟགས་ནི། རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ གཏུམ་པོ་དང་ནི་ཁྱུང་ཉིད་ཞལ་མཐོང་དང༔ རི་བོ་པང་འདེགས་ཉི་ཟླ་རྐེད་ལ་འཁོར༔ མེ་འབར་མཚོ་སྐེམ་ཀླུ་ཚོགས་གསོད་པ་དང༔ གདུག་པ་བཏུལ་ནས་བདག་ཉིད་རྒྱལ་བ་དང༔ དང་པོ་ཆོ་འཕྲུལ་ཆེ་ཞིང་དེ་ནས་ཞི་བ་དང༔ ཁྱུང་ལ་རྟ་བྱས་མཁའ་ལ་འཕུར་བ་དང༔ ཉམས་དགའ་རིག་པ་དྭངས་ཤིང་ངར་སྐྱེས་དང༔ ཤ་ཁྲག་ཉག་ཉོག་གསད་པའི་རྨི་ལྟས་འབྱུང༔ ཞེས་པའི་རྟགས་མཐོང་ནས་ལས་ཀྱི་སྦྱོར་བ་བརྩམ་པར་བཤད་དེ་སྐབས་སུ་བབ་ན་རྩ་བ་ལས་ཤེས་སོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། རཾ་ཡཾ་ཁཾ་གིས་སྦྱང་། ཨཱོྃ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་སྤེལ། གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས། རྩ་བའི་སྔགས་མཐར་བ་ལིནྟ་ཨི་དཾ་གྷྲྀཧྞ་ཁཱ་ཧི་ཁཱ་ཧི་ཙཀྲ་ནི་སྭཱ་ཧཱ༔ ཞེས་བཏགས་པ་གསུམ་གྱིས་ཕུལ། སྨན་རཀ་དང་ཉེར་སྤྱོད་ཀྱིས་ཀྱང་མཆོད། བསྟོད་པ་དང་ཕྲིན་ལས་གསོལ། ཀླུ་གཏོར་དང་གཞི་བདག་གཏོར་མ་རྣམས་ཀྱང་སྐབས་དོན་ཤེས་པས་འདིར་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། མཆོད་གཏོར་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། བདག་བསྐྱེད་བཟླས་པ་དང་བཅས་པ་གོང་བཞིན་སྔོན་དུ་འགྲོ་བས། མདུན་གྱི་བུམ་པ་སྭ་བྷཱ་བའི་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་གཞལ་ཡས་ཁང་གི་ནང་དུ། པདྨ་དང་ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་གསང་བདག་རྡོ་རྗེ་གཏུམ་པོ་ཞེས་སོགས་ནས། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ་འོ། །ཞེས་པའི་བར་སྔར་བཞིན་ལས། དེའི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་གསང་བདག་འཁོར་བཅས་བཛྲ་ས་མཱ་ཛཿསྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསམ་ཞིང་ཡུངས་དཀར་སྔགས་ཀྱིས་ཁྲོ་ཆུང་དང་མཚོན་ཆར་བསྐྱེད་པའང་ཅུང་ཟད་རེ་བླུག་སྟེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་ཐམས་ཅད་མཆོད་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་བསྡུས། བུམ་ནང་དུ་ཁྲོ་ཆུང་དང་ཁྱུང་གི་རྡུལ་ཕྲ་རབ་སྤྲོ་བའི་བདུད་རྩིར་འཁྱིལ་བར་བསམ་ལ། གཟུངས་ཐག་ནས་གཟུང་སྟེ་གོང་གི་སྙིང་པོ་ཅི་ནུས་སུ་བཟླ་ཞིང་། ལས་བུམ་གྱི་བུམ་ཆུ་ཡེ་ཤེས་ཀྱི་བདུད་རྩི་ནད་གདོན་ཐམས་ཅད་སྦྱོང་བའི་ནུས་ལྡན་དུ་བསམ་ལ། གོང་གི་སྔགས་མཐར་ཨཱོྃ་ཨེ་ཧོཿཤུདྡྷེ་ཤུདྡྷེ། དེ་བཞིན་དུ་སྦྱར་བས། ཡཾ་ཧོཿ བཾ་ཧོཿ ལཾ་ཧོཿ རཾ་ཧོཿ ཞེས་དང་ཨེ་ཡཾ་བཾ་ལཾ་རཾ་ཧོཿཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་སྔགས་ཅི་ནུས་སུ་བཟླ་ཞིང་། ཁྲུས་བུམ་ཟུར་དུ་མེད་ན་ལྷ་བུམ་གྱི་སྔགས་ཀྱི་རྗེས་སུ་བཟླས་ནས་མཐར། བུམ་པའི་ལྷ་ལ་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་སྨན་རཀ་གཏོར་མ་དང་བཅས་པ་འབུལ་ཚིག་རིགས་མཐུན་རྒྱས་བསྡུས་གང་འོས་ཀྱིས་ཕུལ། མདོར་བསྡུ་ན། ཨཱོྃ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་དང་། །ཞབས་བསིལ་མེ་ཏོག་སྤོས་མར་མེ། །དྲི་ཆབ་ཞལ་ཟས་རོལ་མོ་དབྱངས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དུག་གསུམ་བསྒྲལ་པའི་རཀྟ་ཁྲག །བ་ལིཾ་གཏོར་མའི་ཕུང་པོ་རྣམས། །གསང་བདག་ལྷ་ཚོགས་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོྃ་བཛྲ་པཱ་ཎི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཙམ་བརྗོད་ལ། བསྟོད་པ་ནི། ཧཱུྃ༔ བདུད་འདུལ་ཁྲོ་རྒྱལ་གཏུམ་པོ་རབ་ཏུ་འཇིགས༔ སྐུ་མདོག་མཐིང་ནག་ནམ་མཁའི་གློག་ལྟར་གསལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བགྲད༔ སྤྱན་གསུམ་སྡང་མིག་ཁྲོ་གཉེར་མཆེ་བ་གཙིགས༔ རལ་པ་ཁམ་ནག་ཨག་ཚོམ་སྨིན་མ་སེར༔ ཕྱག་གཡས་རྡོ་རྗེས་དྲེགས་པ་མ་ལུས་འཇོམས༔ ཕྱག་གཡོན་སྡིགས་མཛུབ་ཁྱུང་གིས་ཀླུ་རྣམས་འདུལ༔ སྦྲུལ་རིགས་རྣམ་ལྔས་སྐུ་ལ་བརྒྱན་པ་ནི༔ ཀླུ་རིགས་རྣམ་ལྔ་མ་ལུས་དབང་དུ་སྡུད༔ བ་སྤུ་ཀུན་ལས་བྱ་ཁྱུང་སྤྲུལ་པ་འགྱེད༔ བཀའ་ལས་འདའ་བྱེད་ཀླུ་རྣམས་ཟས་སུ་ཟ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི༔ ལྷ་སྲིན་སྡེ་བརྒྱད་མ་ལུས་བྲན་དུ་ཁོལ༔ ཀླུ་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་བདུད་འདུལ་ཁྲོ་རྒྱལ་གཏུམ་པོ་ནི༔ སྙན་ནས་འབྲུག་སྒྲོག་དྲེགས་པ་ཐམས་ཅད་བརྒྱལ༔ སྤྱན་ནས་མེ་འབར་ཁམས་གསུམ་བསྲེག་པར་མཛད༔ ཤངས་ནས་རླུང་འཐོར་སྟོང་གསུམ་ཐམས་ཅད་འགེངས༔ ཞལ་ནས་སྒྲ་སྒྲོག་ཉོན་མོངས་ཐམས་ཅད་སྒྲོལ༔ ཡུན་གྱི་ལྷར་ཡང་ཁྱོད་མཆོད་བདག་གིས་སྒྲུབ༔ གདུག་པ་ཀླུ་རྣམས་བཀའ་ལས་འདའ་བྱེད་ན༔ ད་ལྟ་རྡུལ་དུ་རློག་པའི་ཕྲིན་ལས་མཛོད༔ ཅེས་རྒྱུད་ལས་བྱུང་བས་བསྟོད་ཅིང་ཕྲིན་ལས་གསོལ། འབྲུ་གསུམ་གྱིས་ནང་མཆོད་ཐིགས་པ་གཅིག་བུམ་ནང་དུ་ཕུལ་ནས་ལྷ་འོད་དུ་ཞུ་བའམ་མ་ཞུས་ཀྱང་རུང་ངོ་། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། ཕྱག་ན་རྡོ་རྗེ་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་ཡོད་པ་ལས། འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་ས་བདག་ཀླུ་གཉན་རྣམས་འདུལ་བའི་དོན་དུ་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་དང་བཅས་པའི་སྤྲུལ་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་ནས། ནཱ་ག་བདུད་འདུལ་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་དུ་གསུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་བཀའ་བབས་ཤིང་། དེ་ཉིད་ཀྱིས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གཏད། དེས་རྒྱུད་དོན་དབང་དང་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་མན་ངག་ཏུ་བསྡེབས། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ཅིང་། ཁྱད་པར་བོད་ཡུལ་མུན་པའི་གླིང་དུ་དམ་ཆོས་ཀྱི་སྒྲོན་མས་འཕགས་ཡུལ་གྱི་བསྟན་པ་རྫོགས་ལྡན་གྱི་སྐབས་བཞིན་གསལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་བསྒྲིགས་ནས། གདམས་པ་འདི་ཉིད་ཇོ་མོ་མཚོ་རྒྱལ་དང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་བ་ལས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མཐུན་རྐྱེན་རྣམས་ཀྱང་འདིའི་སྒོ་ནས་ཅི་འདོད་པར་གྲུབ། རྒྱལ་པོ་ཀླུའི་མཐོང་དུག་གིས་ཟིན་པ་ཡང་ཡི་དམ་འདི་ཉིད་ཀྱི་སྒོ་ནས་ཚེགས་མེད་པར་གྲོལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་ཅན་དེ་ཉིད་སྙིགས་མའི་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་དུ་སྦས་པ་ལས། གཏེར་ཁ་དང་པོ་དྭགས་ལུང་ཕྲ་མོ་བྲག་ནས་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་པདྨ་ལས་འབྲེལ་རྩལ་གྱིས་བཏོན། གཉིས་པ་རྒྱ་གར་ཕ་བོང་རུས་སྦལ་ནག་པོ་ནས་རྡོ་རྗེ་གླིང་པས་བཏོན། གསུམ་པ་ཚལ་མདོ་ཁྲ་རིང་བྲག་ནས་པདྨ་གླིང་པས་བཏོན་པ་སྟེ། གཏེར་ཁ་རིམ་པ་གསུམ་ཀ་བླ་མ་དམ་པས་བརྒྱུད་སྲོལ་སོ་སོ་ལས་གསན་ཅིང་། དེ་རྣམས་ཚིག་དོན་མཚུངས་པའི་ཕྱིར་བྱིན་རླབས་ཀྱི་བཀའ་གཅིག་ཏུ་འདྲིལ་བའི་གདམས་པ་དེ་ཉིད་ཀྱི་ནང་ཚན་ནང་སྒྲུབ་དང་རྗེས་སུ་འབྲེལ་བ། བུམ་པའི་ལས་མཐའ་འམ། གཏོར་མའི་ལས་མཐའ་ཞེས་སྐབས་ཐོབ་སྦྱར་ནས་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། ཧོ༔ དུས་གསུམ་བླ་མ་གསང་བདག་སྐུ༔ བདག་ཅག་བདེ་བའི་ལམ་བགྲོད་ཅིང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ཕྱག་ན་རྡོ་རྗེ་གསང་བ་ཡི༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཚོགས་ཞིང་གསལ་འདེབས་ཀྱི་དམིགས་པ་ཕོག་ལ། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་པས་སྐྱབས་སེམས་དང་། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ ནམ་ཡང་བདག་གིས་མི་སྤང་ངོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ ཕྱི་ནང་གསང་བའི་ཐེག་གསུམ་གྱི༔ དམ་ཆོས་མ་ལུས་ཡོངས་སུ་གཟུང༔ སྡོམ་པ་ཐམས་ཅད་དང་ལྡན་པས༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱིད༔ བདག་གིས་སྡོམ་པ་མ་ལུས་གཟུང༔ ཞེས་སྡོམ་གཟུང་བྱ། དབང་དངོས་ལ་འགལ་རྐྱེན་ཞི་བར་བྱེད་པ་དང་། མཐུན་རྐྱེན་བྱིན་གྱིས་བརླབ་པའི་དབང་ངོ་། །དང་པོ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མཆོད་ཅིང་བསྟོད་ནས། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་དུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོས་པ། །དམ་བཅས་ཕྲིན་ལས་དེ་ནི་གྲུབ་པར་མཛོད། །དེ་སླད་བགེགས་དང་ལོག་འདྲེན་ཚར་བཅད་ནས། །འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་གསལ་བདེ་མཆོག་ལ་སྦྱོར་བའི། ཁྲོ་རྒྱལ་ཁྱོད་ཀྱིས་དེང་འདིར་བྱིན་རློབས་མཛོད། །ཅེས་ཕྲིན་ལས་གསོལ། བསྒྲུབ་བྱའི་གླུད་ཆངས་བུ་མཐེབ་ཀྱུ་དང་བཅས་པའི་གཏོར་མ་བཤམས་པ། བསང་སྦྱང་བྱིན་གྱིས་བརླབ། བསྒྲུབ་བྱ་ལ་གནོད་པའི་འབྱུང་པོ་གདོན་བགེགས་ཀྱི་ཚོགས་ཐམས་ཅད་ཨཱ་ཀརྵཱ་ཡ་ཛཿཞེས་བཀུག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨཱོྃ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་གྱིས་བསྔོས། བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བསྒྲུབ་བྱ་ལ་གནོད་ཅིང་འཚེ་བའི་འབྱུང་པོ་གདུག་པ་ཅན་འཁོར་དང་བཅས་པ་ཐམས་ཅད་མགུ་ཞིང་ཚིམས་པར་གྱིས་ལ། གནོད་ཅིང་འཚེ་བའི་བསམ་སྦྱོར་སྤངས་ནས་འགལ་རྐྱེན་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །གང་དག་མི་ཉན་པ་དེ་རྣམས་ཡེ་ཤེས་རྡོ་རྗེ་མེའི་ཆར་ཆེན་པོ་འབེབ་པས་འཇོམས་པར་གདོན་མི་ཟ་འོ། །ཞེས་དྲག་སྔགས་ཡུངས་ཐུན་སརྫའི་བདུག་པ་རོལ་མོ་དང་བཅས་པས་ཁྲོ་བོའི་སྤྲིན་སྤྲོས་ཏེ་བགེགས་བསལ། བསྡུ་ན་ཁྲོ་བོ་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆོག་གོ །དེ་ནས་ཁྲུས་བུམ་གྱི་ཆུ་རྒྱུན་ཁྱུང་དང་ཁྲོ་ཆུང་གི་རྡུལ་ཕྲ་རབ་འཕྲོ་བས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤང་གཅིའི་ལམ་དང་། བ་སྤུའི་ཁུང་བུ་ནས་རྣག་ཁྲག་དང་སྲོག་ཆགས་དང་དུད་ཁུའི་རྣམ་པ་ལྟར་ཐོན་ནས་དག་ཅིང་གཙང་བར་བསམ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཞེས་སོགས་ཚིགས་སུ་གཅད་པ་ཅི་རིགས་པའི་མཐར། རྩ་སྔགས་ལ་ཁྲུས་བདུན་གྱི་སྔགས་སྦྱར་བས་བཀྲུ་ཞིང་། མཐར་ཁྲུས་ཆུ་ཉུང་ཟད་ཅིག་ཁར་གཟུང་། སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཁྱུང་དང་ཁྲོ་ཆུང་མཚོན་ཆའི་ཆར་འབེབ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། བསྒྲུབ་བྱའི་བ་སྤུའི་ཁུང་བུ་ནས་ཞུགས་ནད་གདོན་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་སྦྱངས་པར་བསམ་ལ། རྩ་སྔགས་ལ་ཁྲུས་བདུན་གྱི་འཕྱོང་བཏགས་པ་བཟླ་ཞིང་། རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་སྤྱི་བོ་ནས་རིམ་བཞིན་བྱབས་པས་དག་ཅིང་གཙང་བར་བསམ་ལ་ཁར་བཟུང་བའི་ཁྲུས་ཁུ་ཕྱིར་དོར། བསྲུང་བའི་ཕྱིར་རྩ་སྔགས་ལ་རཀྵ་བཏགས་པ་བཟླ་ཞིང་གནས་གསུམ་དུ་རྡོ་རྗེས་རྒྱས་བཏབ། ལུས་རྡོ་རྗེའི་གོ་ཆས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ། འཁོར་ལོ་དང་སྲུང་སྐུད་ལ་སོགས་པས་ཀྱང་བསྲུང་བར་བྱའོ། །གཉིས་པ་ནི། མཐུན་རྐྱེན་བྱིན་རླབས་ཞུ་བའི་དོན་དུ། ཨེ་མ་བླ་མ་གསང་བའི་བདག༔ གསེར་འགྱུར་རྩི་ཡི་རྣམ་པ་ལྟར༔ ཉོན་མོངས་མ་སྤང་ལྷར་དག་པའི༔ གསང་བདག་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་ནས་སློབ་དཔོན་ལ་གུས་འདུད་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་ལ་ཕོག་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོས་མཚོན་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པར་བསམ་ཞིང་། ཨཱོྃ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་སོགས་ནས། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ་ཞེས་པའི་བར་གྱིས་གསལ་བཏབ། གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་དང་ལྕང་ལོ་ཅན་གྱི་གནས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད། ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བྱ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ མ་རིག་ཉོན་མོངས་དག་བྱའི་ཕྱིར༔ བཀྲ་ཤིས་བུམ་པ་གཞལ་ཡས་ཁང༔ གསང་བདག་ཡི་དམ་ལྷ་ཡི་མཆོག༔ ད་ལྟ་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་རྣམ་དག་ཡེ་ཤེས་སྐུ༔ སྣང་ལ་རང་བཞིན་མ་གྲུབ་པ༔ གསང་བདག་སྐུ་རུ་ཁྱོད་གྱུར་ནས༔ གདུག་པ་ཅན་རྣམས་ཐུལ་བར་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར་པས་སྐུའི་དབང་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་ལྷ་སྒོམ་པ་ལ་དབང་། གསང་བའི་བདག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས། དེ་ནས་སློབ་དཔོན་དང་མདུན་བསྐྱེད་ཁྱེད་རང་བཅས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་རེ་རེ། མདུན་བསྐྱེད་ཀྱི་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ། སློབ་དཔོན་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་མཆེད་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་སྙིང་གའི་ཧཱུྃ་གི་མཐར་འཁོད་པར་མོས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་སོ་སོའི་གསུང་རིག་སྔགས་ཐམས་ཅད་གསང་བའི་བདག་པོའི་སྔགས་ཀྱི་ཡིག་འབྲུའི་རྣམ་པར་བྱོན། ཁྱེད་རང་གི་སྙིང་གའི་སྔགས་འཁོར་ལ་ཐིམ་པར་མོས་ནས། སྔགས་མཐར་ཝཱ་ཀ་ཨ་དྷི་ཏིཥྛ་ཨཱ༔ ཞེས་བཟླ། དེས་གསུང་གི་དབང་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས། ངག་སྔགས་བཟླ་བ་ལ་དབང་། གསང་བའི་བདག་པོའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས། དེ་ནས་ཡང་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་སུ་བཅུག་ནས་རོལ་མོ་དང་བཅས་པས་སྔགས་མཐར་ཙིཏྟ་ཨ་དྷི་ཏིཥྛ་ཧཱུྃ༔ ཞེས་བརྗོད། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཡིད་ཆོས་ཉིད་སྒོམ་པ་ལ་དབང་། གསང་བའི་བདག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །རྒྱས་པར་བྱེད་ན་འོག་ཏུ་བཤད་པའི་གཏོར་དབང་སྐབས་འདིར་སྦྱར་ནས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་སུ་ཐ་སྙད་སྦྱར་ན་ཡང་དོན་ལ་གནས་ཤིང་། གང་ལྟར་ན་ཡང་། མཐར་སློབ་མ་གསང་བདག་གི་ངོ་བོར་གྱུར་པ་དེ་ལ་མངའ་གསོལ་གྱི་མཆོད་བསྟོད་དང་། བརྟན་བཞུགས་བཀྲ་ཤིས་བརྗོད་པ་རྣམས་བྱའོ། །རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་སོགས་སློབ་མའི་བྱ་བ་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་སྤྱི་དང་འདྲའོ།། །། ༄། ནང་སྒྲུབ་ཀྱི་ལས་མཐའ་གཏོར་དབང་ཟུར་དུ་བསྐུར་ན། སྟེགས་བུ་ལ་མཎྜལ་གོང་ལྟར་བྲིས་པའམ་ཚོམ་བུ་ལྔ་བཀོད་པས་ཀྱང་རུང་། དེར་མཉྫིལ་དཔལ་གཏོར་སྐུ་རྟེན་དང་དར་མཐིང་གི་གདུགས་ཅན་བཀོད། དེའི་མཐའ་དམའ་བའི་སར་མགྲོན་བཞིའི་གཏོར་མ་དང་། སྨན་རཀ་མཆོད་པ་དང་བཅས་པ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས། སྐྱབས་སེམས་ནས་གཟུང་བདག་བསྐྱེད་བཟླས་པའི་བར་སྔོན་དུ་འགྲོ་བས། སྲི་ཞུའི་ཡུལ་སོགས་མགྲོན་བཞི་ལ་བཤམས་པའི་གཏོར་མ་རྣམས་བྱིན་གྱིས་བརླབས་པས་སོ་སོར་མཆོད་པའི་མཐར། གཏོར་མ་བཞི་པ་ལན་ཆགས་ཀྱི་མགྲོན་གྱིས་མཚོན་ཏེ་གནོད་བྱེད་ལ་བསྔོས་ནས་ཕྱིར་བསྐྲད། དབང་གཏོར་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་གཏོར་མའི་ངོ་བོ་པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་གསང་བདག་རྡོ་རྗེ་གཏུམ་པོ་ཞེས་སོགས་ནས། དམ་ཚིག་པ་དང་གཉིས་སུ་མེད་པར་བསམ་པའི་བར་བུམ་ཆོག་ཏུ་བཤད་པ་བཞིན་ལ། བདག་མདུན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་སྔོན་པོ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་སྤྲོས། གཏོར་མའི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་མཆོད་ཕྲིན་ལས་བཞིའི་སྒོ་ནས་འགྲོ་བའི་དོན་བྱས། འོད་ཟེར་ཚུར་འདུས་གཏོར་མའི་ལྷའི་ཐུགས་ཀར་ཐིམ་པར་བསམ་ནས། ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་ཅི་ནུས་སུ་བཟླས་ནས། གཏོར་མའི་ལྷ་ལ་ཆུ་གཉིས་སྨན་རཀ་གཏོར་མ་བཅས་པས་མཆོད་ཅིང་བསྟོད་པ་བུམ་ཆོག་སྐབས་ལྟར་བྱའོ། །མགྲོན་བཞིའི་གཏོར་འབུལ་འདིར་བྱས་ན་འཇུག་པ་བདེ་བར་མངོན་ཡང་རྩ་བའི་ས་ཁོངས་བཞིན་གོང་དུ་སྨྲོས་པའོ། །སློབ་མའི་བྱ་བ་ནི། མཎྜལ་གསོལ་བཏབ་ཚོགས་གསོག་སྡོམ་གཟུང་གི་རྗེས་སུ་སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམས་པའི་མཐར། གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་མོས་པ་ལ། མོས་གུས་དུང་བ་བྱས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། འགལ་རྐྱེན་བར་ཆད་ཐམས་ཅད་བསལ། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་བསྩལ་ནས་རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་གྱིས་ཞེས་བརྡ་སྦྱར་ཏེ་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབ་ཅིང༔ དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི༔ གཏོར་མའི་དབང་བསྐུར་སྦྱིན་པར་བྱ༔ ཞེས་དང་བཀའ་བསྒོ་སྔགས་རྣམས་དྲག་ཏུ་བརྗོད་པའི་མཐར་གཏོར་མའི་ལྷ་འོད་དུ་ཞུ་ཁྱེད་རང་རྣམས་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་ཅིང་གཏོར་ཟན་དུམ་གཅིག་འཆི་མེད་ཀྱི་བདུད་རྩིར་མོས་པ་ཟར་འཇུག །དགོས་དོན་དང་འབྲེལ་ན་སྲུང་བའི་དོན་དུ་འཇོག་པའང་བཤད། སློབ་མ་དང་ཆོ་གའི་རྗེས་ཆོག་རྣམས་ཀྱང་སྔ་མ་བཞིན་ཤེས་པར་བྱའོ། །རྒྱལ་ཀུན་རྣམ་འ༵གྱུར་ཟག་མེ༵ད་ཐུགས། །ཡེ་ཤེས་རྡོ༵་རྗེ༵འི་རང་གཟུགས་ལྷར། །ཡོངས་ཤར་དྲེགས་འདུལ་ནང་སྒྲུབ་ཀྱི། །ལས་ཚོགས་སྙིང་པོའི་བཅུད་དུ་དྲིལ། །གསང་བདག་དྲེགས་འདུལ་ནང་སྒྲུབ་དང་རྗེས་འབྲེལ་བུམ་པ་དང་གཏོར་མ་ལ་བརྟེན་པའི་ལས་ཚོགས་དབང་བསྐུར་གྱི་ཆོ་ག་སྙིང་པོར་དྲིལ་ཏེ་བརྗོད་པའི་ལེའུ་ཚན་ནོ།། །།

དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་དབང་བཞི་ (Volume 15, Text 25)

དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་དབང་བཞི་བཞུགས་སོ༔ ༔ ྈྈྈྈྈྈ ཞི་ཁྲོ་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ སྙིང་པོ་དོན་གྱི་དབང་ནི༔ བཀའ་འདུས་རྩ་བའི་རྒྱུད་ལས༔ སྙིང་པོ་དོན་གྱི་དབང་བཞི་བསྟན་པ་ནི༔ ཕྱི་དང་ནང་དང་བདེ་དང་སྟོང་པའི་དབང༔ ཡེ་ཤེས་རིགས་ལྔའི་དབྱེ་བས་བསྐུར་བ་ཡི༔ རྣམ་པ་ཉི་ཤུས་དབང་རྣོན་སྐལ་ལྡན་སྨིན༔ ཞེས་པས༔ དབང་གི་ཆུ་བོ་བཞི་རྫོགས་པའི་སློབ་དཔོན་ལ༔ དད་པ་དང་ཤེས་རབ་ལྡན་པའི་སློབ་མས་ཐོག་མར་གསོལ་བ་གདབ་པ་ནི༔ སྤྱི་དཔལ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སྙིང་པོ་དོན་གྱི་དབང་བསྐུར་གསོལ༔ ལན་གསུམ་དུ་ཞུས་པས༔ སློབ་དཔོན་གྱིས༔ ང་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དམ་ཚིག་གཅན་འཕྲང་ཟབ་པས་ན༔ དབང་བསྐུར་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པ་ལ༔ དཔལ་ཆེན་པོ་དང་དབྱེར་མེད་པའི༔ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ རྟག་ཏུ་ཡིད་ལ་འཆང་བ་དང༔ སྲོག་ལ་བབས་ཀྱང་དམ་ཚིག་བསྲུང༔ ཞེས་ཁས་བླངས་པ་ལ༔ སྐྱབས་འགྲོ་སེམས་བསྐྱེད་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ལུང་ཕོག་སྟེ་བླངས་པ་ལྷ་ལ་གནང་བ་ནོད་པའི་བསྙེམས་པ་བྱ༔ བླ་མས་ཕྱག་མཚན་གནང་བའམ༔ ལྷའི་དགྱེས་ཞལ་བསྟན་པ་སོགས་ཉམས་དང་རྨི་ལམ་དུ་བྱུང་ན་གནང་བ་ཐོབ་པ་ཡིན་པས་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་མཆོད་བྱ་ཞིང་དམ་ཚིག་གསོ༔ དེ་ནས་སློབ་མས་མཎྜལ་ཕུལ༔ གདོང་དར་གྱིས་བཅིངས་ཤིང་མེ་ཏོག་གཏད༔ སྡོམ་པ་སྦྱིན༔ སྤྱི་དཔལ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་ཧཱུྃ་འབར་བར་བསྐྱེད་ལ་ཡེ་ཤེས་པ་དབབ༔ བརྟན་པར་བྱ༔ མེ་ཏོག་འདོར་བས་རིགས་བརྟག་སྟེ་དཀྱིལ་འཁོར་བསྟན་ནོ༔ དེ་ནས་ཧེ་རུ་ཀ་དགྱེས་པས་དབང་བསྐུར་བར་བསམས་ལ༔ བུམ་པ་བླངས་ཏེ༔ ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་གཞལ་ཡས་ཁང༔ ནང་ནི་ལྷ་དང་དབྱེར་མེད་བདུད་རྩིས་བཀང༔ སྣོད་བཅུད་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ དཔལ་ཆེན་ལྷ་ཚོགས་སྐུ་ཡི་དབང་ཐོབ་ཤོག༔ སྨན་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་ཐོབ་ཤོག༔ རིན་ཆེན་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་ཐོབ་ཤོག༔ དྲི་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ་ཤོག༔ སྙིང་པོ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་ཤོག༔ འབྲས་བུ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རྣམ་པར་སྣང་མཛད་མིང་གི་དབང་ཐོབ་ཤོག༔ དུག་ལྔ་གནས་དག་ཕུང་པོ་གནས་སུ་གྱུར༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་སྤྱི་བོའི་གནས་ལྔར་བཞག༔ ཨ་བྷི་ཥིཉྩ་ཧཱུྃ་ཞེས་ཁྲུས་བྱ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན༔ བཀྲ་ཤིས་རྒྱ་ཆེར་བརྗོད༔ སྤྲོ་ན་དཀྱིལ་འཁོར་ལྷ་ཚོགས་གཙོ་བསྡུས་ཀྱི་དབང་བསྐུར༔ བཟླས་ལུང་སྦྱིན༔ དགོངས་པ་ངོ་སྤྲད་པ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས༔ ལྷ་སྔགས་ཆོས་སྐུ་ཐམས་ཅད་དེ་ལ་རྫོགས༔ དབྱིངས་དང་རིག་པ་གཉིས་མེད་ཧེ་རུ་ཀ༔ ཡང་དག་ངེས་པའི་དོན་མཆོག་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་པའི་དོན་ལ་དགོངས་པ་བསྐྱང༔ བསྐྱེད་རིམ་བསྒོམ་པའི་ལུང་དབོག་གོ༔ སློབ་མས་བསྐྱེད་རིམ་འབྱོངས་ཤིང་རྟོག་པ་ཆུང་བར་གྱུར་པ་ན་གསང་བའི་དབང་བསྐུར་བ་ནི༔ བླ་མ་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པའི་ཤ་ལྔ་དང་བདུད་རྩི་ལྔ་སྦྱིན་ལ༔ ཧཱུྃ༔ སྣོད་ནི་མཚན་ལྡན་རང་བྱུང་ཀ་པཱ་ལར༔ བཅུད་ཀྱི་དྭངས་མ་ཤ་ལྔ་བདུད་རྩི་ལྔ༔ གཉིས་མེད་མཉམ་སྦྱར་བྱང་ཆུབ་སེམས་ཀྱི་ཆུས༔ དཔལ་ཆེན་ལྷ་ཚོགས་གསུང་གི་དབང་ཐོབ་ཤོག༔ བདུད་རྩི་དྲི་ཆེན་གླང་ཤས་དབང་བསྐུར་བས༔ ཁྱབ་བྱེད་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་ཤ་ཆེན་རྟ་ཤས་དབང་བསྐུར་བས༔ ཐུར་སེལ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་རཀྟ་བྱ་ཤས་དབང་བསྐུར་བས༔ གྱེན་རྒྱུའི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་དྲི་ཆུ་ཁྱུང་ཤས་དབང་བསྐུར་བས༔ མེ་མཉམ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་བྱང་སེམས་སེང་ཤས་དབང་བསྐུར་བས༔ སྲོག་གི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་ལྔ་དབང་དུ་འདུས༔ ཐིག་ལེ་ཟག་མེད་བདེ་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཐོད་པ་གནས་ལྔར་བཞག༔ བཛྲ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བདུད་རྩི་མྱང༔ འཁྲུལ་འཁོར་དང༔ རླུང་དང༔ འབར་འཛག་གི་དམིགས་པ་ཕོག༔ བསྒོམས་པས་རྩ་རླུང་ལས་སུ་རུང་བ་ན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་རྒྱུད་དག་པའི་རིགས་ལྔའི་གཟུངས་མ་གཏད་ལ༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་རིགས་ལྔ་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་བསྟེན་བྱའི་དམ་ཚིག་མཆོག༔ ཟག་མེད་བདེ་བའི་འབྱུང་གནས་འདི་གཏད་པས༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་དབང་ཐོབ་ཤོག༔ བདེ་གཤེགས་རིགས་ཀྱི་གཟུངས་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་ཁྱབ་པའི་དབང་ཐོབ་ཤོག༔ རྡོ་རྗེའི་རིགས་ཀྱི་གཟུངས་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་བརྟན་པའི་དབང་ཐོབ་ཤོག༔ རིན་ཆེན་རིགས་ཀྱི་གཟུངས་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ པདྨའི་རིགས་ཀྱི་གཟུངས་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་འབར་བའི་དབང་ཐོབ་ཤོག༔ ལས་ཀྱི་རིགས་ཀྱི་གཟུངས་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་སྨིན་པའི་དབང་ཐོབ་ཤོག༔ ལུགས་འབྱུང་དགའ་བ་རྣམ་བཞི་འཕེལ་བ་དང༔ ལུགས་ལྡོག་ལྷན་སྐྱེས་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་རིག་མ་ལྔ་སྦྱིན༔ མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱོར་བ་བྱེད་དུ་གཞུག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཨཿ ཞེས་བདེ་བ་ངོ་སྤྲད༔ འོག་སྒོ་བདེ་བ་ཆེན་པོའི་ལམ་བསྟན༔ བདེ་བ་ཆེན་པོ་མྱོང་བ་ཅན་དུ་ངོ་འཕྲོད་པ་ན༔ དབང་བཞི་པ་བསྐུར་བ་ནི༔ འཇའ་ཤེལ་བསྟན་ཅིང༔ ཨ༔ ཤེལ་འོད་ནང་དུ་འཁྱིལ་བ་ནི༔ རང་རིག་ཆོས་སྐུ་སྟོང་པ་ཉིད༔ དེ་ལས་འོད་ཟེར་འབྱུང་བ་ནི༔ རང་གསལ་ལོངས་སྐུ་ཡེ་ཤེས་ལྔ༔ དབྱེར་མེད་ངོ་བོ་གཅིག་པ་ནི༔ བློ་འདས་ཁྱབ་གདལ་ཆེན་པོ་སྟེ༔ འོད་ཟེར་དཀར་པོ་བདེ་གཤེགས་རིགས༔ སེམས་ཉིད་འདུས་མ་བྱས་པ་མཚོན༔ འོད་ཟེར་སྔོན་པོ་རྡོ་རྗེའི་རིགས༔ རིག་སྟོང་འགྱུར་བ་མེད་པ་མཚོན༔ འོད་ཟེར་སེར་པོ་རིན་ཆེན་རིགས༔ འཁོར་འདས་མཉམ་ཉིད་ཆེན་པོ་མཚོན༔ འོད་ཟེར་དམར་པོ་པདྨའི་རིགས༔ སོ་སོ་རང་གིས་རིག་པ་མཚོན༔ འོད་ཟེར་ལྗང་གུ་ལས་ཀྱི་རིགས༔ རང་རྩལ་ལྷུན་གྱིས་གྲུབ་པར་མཚོན༔ ཀ་དག་དབྱིངས་ནི་ཤེལ་ལྟ་བུ༔ ལྷུན་གྲུབ་རིག་པ་འཇའ་ཚོན་བཞིན༔ དབྱིངས་རིག་ཟུང་འཇུག་རྫོགས་པ་ཆེ༔ ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ པཉྩ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་མིག་ཏུ་བསྟན༔ སརྦ་ཀྲོ་དྷ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཞེས་སྙིང་གར་བཞག༔ ཨ་ཨ་ཨ་ཨ་ཨ༔ ཞེས་མཉམ་གཞག་བྱ༔ རྫོགས་པ་ཆེན་པོ་རྣལ་དབབ་དང་སོར་གཞུག་གི་ལམ་བསྟན་ལ་མངོན་དུ་བྱར་གཞུག་གོ༔ དེས་ནི་སྨིན་པ་དང་གྲོལ་བ་དུས་མཉམ་དུ་འོང་བ་སྟེ༔ རྒྱུད་ལས༔ དབང་དང་ལམ་ནི་ཟུང་དུ་འབྲེལ་བ་སྟེ༔ སྣོད་བཅུད་ཕུང་ཁམས་གཞལ་ཡས་ལྷ་རུ་བསྟན༔ ཤར་བ་གསུམ་གྱིས་འཁྲུལ་རྟོག་ཞེན་པ་བསྒྱུར༔ འཁྲུལ་འཁོར་རླུང་དང་འབར་བའི་གདམས་པ་བསྟན༔ འདུས་པ་གསུམ་གྱིས་སྒོ་གསུམ་ལས་སུ་རུང༔ དབབ་དང་ལྡོག་དང་བསྟིམ་པའི་མྱུར་ལམ་བསྟན༔ ལྷན་སྐྱེས་གསུམ་གྱིས་བདེ་སྟོང་ཟུང་དུ་ཆུད༔ རྣལ་དབབ་སོར་གཞུག་དབྱེར་མེད་དོན་ངོ་སྤྲད༔ འོད་གསལ་གསུམ་གྱིས་སྐུ་གསུམ་མངོན་དུ་འགྱུར༔ ཞེས་སོ༔ ཉམས་མྱོང་སྐྱེས་པ་བརྟན་པའི་ཕྱིར་དང༔ བྱིན་རླབས་བཙན་ཐབས་སུ་འབེབ་པ་གཏོར་མའི་དབང་ནི༔ གཏོར་ཆེན་སྤྱི་བོར་བཟུང་ལ༔ ཧཱུྃ༔ གཏོར་མའི་ངོ་བོ་དབྱིངས་དང་རིག་པ་སྟེ༔ དབྱིངས་ཀྱི་སྣོད་དུ་རིག་པའི་གཏོར་ཆེན་བཤམས༔ གཏོར་མའི་ངེས་ཚིག་ཐབས་ཤེས་བདེ་སྟོང་སྟེ༔ བྷ་གའི་མཁའ་ལ་བདེ་ཆེན་ལིངྒ་སྦྱོར༔ གཏོར་མའི་རང་བཞིན་ཤ་ལྔ་བདུད་རྩི་ལྔ༔ ཤ་ལྔའི་རྒྱུ་ལ་བདུད་རྩིའི་རྐྱེན་གྱིས་བྲན༔ གཏོར་མའི་ལས་ནི་ཚིམ་དང་དངོས་གྲུབ་སྟེར༔ ལྷ་རྣམས་མཉེས་ཤིང་རྣལ་འབྱོར་འདོད་དོན་སྒྲུབ༔ གཏོར་མའི་རྣམ་པ་སྣོད་བཅུད་ཡོངས་རྫོགས་ཏེ༔ གཞལ་ཡས་སྣོད་ལ་བཅུད་ནི་ལྷ་རུ་བཞུགས༔ བང་རིམ་བཞི་ལྡན་འབྱུང་བཞི་རིམ་བརྩེགས་སྟེང༔ པད་འདབ་སྤྲུལ་པ་ཉི་ཤུའི་དཀྱིལ་འཁོར་དབུས༔ གཏོར་ཆེན་སྤྱི་དཔལ་ཆེ་བཙན་ཧེ་རུ་ཀ༔ རྟེན་དང་བརྟེན་པ་ཡོངས་རྫོགས་འཇའ་ལྟར་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྱེས་པ་ཆེན་པོའི་གནས་གསུམ་འོད་ཟེར་གྱིས༔ སྒྲིབ་དག་སྨིན་ཅིང་གྲོལ་བའི་དངོས་གྲུབ་ཐོབ༔ བཀའ་འདུས་ཡོངས་རྫོགས་ལྷ་དང་གཉིས་མེད་ཤོག༔ ཛཔ྄་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཤྲཱི་སརྦ་ཀྲོ་དྷ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་བཞག་ཅིང༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ལྷ་ཚོགས་འོད་དུ་ཞུ་བའི་གཏོར་རྫས་དངོས་གྲུབ་ཏུ་སྦྱིན༔ ཚོགས་ཀྱི་འཁོར་ལོ་ཕྱི་ནང་གསང་བས་ཚིམ་པར་བྱ༔ བཀྲ་ཤིས་དང༔ གླུ་དང༔ རོལ་མོ་དང༔ རིག་མའི་གར་གྱིས་ཀྱང་བདེ་བ་ཆེན་པོ་ལྷག་པར་སྤེལ༔ དབང་འདི་ཐོབ་ནས་ལམ་མ་བསྒོམས་ན་དམ་ཚིག་དང་འགལ་བས་ཉམས་སུ་ལེན་པའི་དམ་བཅའ་ལེན་པར་བྱ༔ འདི་བསྐུར་བའི་བླ་མ་ལ་མིའི་འདུ་ཤེས་སྐྱེས་པས་ཀྱང་དངོས་གྲུབ་ལོ་དང་ཟླ་བས་འགྱངས་པར་འགྱུར་བས་ངེས་པར་དཔལ་ཆེན་ཧེ་རུ་ཀ་ཆེན་པོར་བལྟ་བར་བྱའོ༔ དབང་བཞི་དོན་གྱི་སྙིང་པོ་གུ་རུ་རིན་པོ་ཆེས་གསུངས་པ་བཞིན་མནྡཱ་ར་བས་ཟ་ཧོར་གྱི་སྐད་དང་ཡི་གེར་བྲིས༔ མཚོ་རྒྱལ་གྱིས་བོད་ཀྱི་སྐད་དང་ཡི་གེར་བསྒྱུར་ནས་རྒྱལ་སྲས་མཆོག་གྲུབ་རྒྱལ་པོར་གཏད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈ གཏེར་སྟོན་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་པའོ། །འདིའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། རིག་འཛིན་ཀུཉྫ་ར། རིགས་ལྡན་དེ་བ་བཟང་སྐྱོང་། མཁའ་འགྲོ་ལས་དབང་ཆོས་འཚོ། ཨོ་རྒྱན་པདྨ་འབྱུང་གནས། ལྷ་ལྕམ་མནྡཱ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། སྤྲུལ་སྐུ་ཨོ་རྒྱན་གླིང་པའོ།། །།

ཀར་གླིང་ཞི་ཁྲོའི་བསྙེན་ཡིག་གི་དཀྱུས་སུ་མཁོ་བའི་ཤོག་བྱང་། ཀུན་བཟང་དགོངས་པ་ཀུན་འདུས་ལས༔ ཞི་ཁྲོའི་བདག་དབང་ (Volume 3, Text 25)

ཀར་གླིང་ཞི་ཁྲོའི་བསྙེན་ཡིག་གི་དཀྱུས་སུ་མཁོ་བའི་ཤོག་བྱང་། ༁ྃ༔ ཀུན་བཟང་དགོངས་པ་ཀུན་འདུས་ལས༔ ཞི་ཁྲོའི་བདག་དབང་བཞུགས་སོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཐོག་མར་རང་ཉིད་དབང་བསྐུར་ཞུ༔ ངག་ཏུ་འདི་སྐད་བརྗོད་པར་བྱ༔ ཧཱུྃ༔ རིག་རྩལ་ལྷུན་གྲུབ་ལྷ་ཚོགས་ནི༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་གྲུབ་པའི་ལྷ༔ བསྐལ་པ་སྔོན་ནས་ད་ལྟའི་བར༔ ཡེ་ནས་རང་དང་གཉིས་མེད་གཅིག༔ མ་རིག་དབང་གིས་ཞལ་མ་མཇལ༔ ད་ནི་རང་རིག་རྟོགས་པའི་ལྷ༔ ངོ་བོ་རང་བཞིན་ཐུགས་རྗེར་ལྡན༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག༔ དབང་བསྐུར་ཆེན་པོ་བདག་ལ་སྩོལ༔ ལྷ་དབང་ལུས་ལ་ཞུགས་པ་ཡིས༔ ལུས་ཀྱང་ཡེ་ཤེས་ལྔ་རུ་གྲོལ༔ སངས་རྒྱས་སྐུ་ཡི་དབང་ཐོབ་ཤོག༔ སྐུ་ཡི་བྱིན་རླབས་ངག་ལ་སྩོལ༔ གྲགས་སྟོང་ཨཱ་ལི་ཀཱ་ལིའི་སྒྲ༔ རང་བྱུང་ཆོས་ཀྱི་སྒྲ་དབྱངས་ལྡན༔ སངས་རྒྱས་གསུང་གི་དབང་ཐོབ་ཤོག༔ གསུང་སྒྲ་སེམས་ལ་ཞུགས་པ་ཡིས༔ བདེ་གསལ་མི་རྟོག་ཆོས་ཀྱི་དབྱིངས༔ ཀ་དག་ཆེན་པོ་ཡངས་པའི་ཀློང༔ སངས་རྒྱས་ཐུགས་ཀྱི་དབང་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞི་ཁྲོའི་གཙོ་བུམ་སྤྱི་བོ་མགྲིན་པ་སྙིང་གར་བཞག༔ ཡེ་ཤེས་སེམས་དཔའ་བདག་དམ་ཚིག་སེམས་དཔའ་ལ་བསྟིམ༔ ཏིང་ངེ་འཛིན་གྱིས༔ ཨོཾ་ཨཱཿཧཱུྃ༔གསུམ་བདག་གི་གནས་གསུམ་དུ་བསྟིམ་མོ༔ དེ་ནས་རྡོ་རྗེ་སེམས་དཔའ་རུ་ཝལ་གྱིས་བསྐྱེད་པ་ནི༔ བདག་ཉིད་དབང་ལྡན་རྒྱལ་པོར་འགྱུར་རོ༔ ༈ དངོས་གྲུབ་བླང་བ་ནི༔ བདེ་གཤེགས་རྒྱ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔

རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ཡོངས་གྲོལ་ (Volume 8, Text 25)

༄༅། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ཡོངས་གྲོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། སྣང་བཞི་ཟད་པའི་སྦུབས་སུ་བུམ་པ་སྐུ །འཕོ་མེད་འཕོ་བ་ཆེན་པོས་འཁོར་བ་སྲིད། །འགྲོ་འདུལ་རྡོ་རྗེའི་གར་མཁན་རིགས་ཀུན་གྱི། ཁྱབ་བདག་སངས་རྒྱས་གཉིས་པས་རྗེས་འཛིན་མཛོད། །གང་ལ་མ་བསྟེན་རྒྱལ་རྣམས་མངོན་བྱང་ཆོས། །མི་བརྙེས་མཐར་ལམ་རྡོ་རྗེའི་ཚིག་གི་མཛོད། །རྡོ་རྗེ་ཅན་དངོས་ཀུན་བྱེད་བླ་མའི་རབས། །དེ་དང་མི་ཕྱེད་སྙིང་གི་དྭངས་མར་བསྟི། །བྱིན་གྱིས་རླབས་ཀྱི་འཕྲུལ་ཆེན་སྒྱུ་མའི་ཆང་། །ལས་འཕྲོའི་མགྲིན་པར་ཞུགས་ལས་ཡིད་མྱོས་པའི། །གྲུབ་པའི་སྤོབས་པ་སུས་ཀྱང་མི་ཆོམ་པ། །རྡོ་རྗེ་རྩེ་མོའི་ཤིང་རྟ་འདྲེན་རྣམས་རྒྱལ། །བདག་འདྲས་རྒྱལ་བའི་སྙིང་དགོངས་མ་རྟོགས་པས། །དོན་དེ་འཆད་པའི་སྐབས་སུ་མ་བབ་ཀྱང་། །མོས་ལྡན་ཡིད་ཀྱི་གདུང་བ་སེལ་བའི་སླད། །ཐོས་པའི་སྐལ་བཟང་སྙིང་པོར་ལེན་པར་བྱ། །འདིར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཀྱི་རིམ་པས་སྐལ་ལྡན་གྱི་རྒྱུད་དགྲོལ་བ་ལ། སྤྱི་དོན་དང་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱོང་བ་དང་། སྤྱི་དོན་གཉིས་པ་དབང་བཞིའི་ལམ་རིམ་དང་གུང་བསྟུན་པའི་རྡོ་རྗེ་བཞིའི་ཁྲིད་རིམ་གྱི་དང་པོ་མ་ཧཱ་ཡོ་གའི་བསྐྱེད་རིམ་ལྷ་ཁྲིད་ཀྱིས་རྒྱུད་སྨིན་པས་རྫོགས་རིམ་གྱི་གཞི་འདིང་བ་རྗེ་རིག་པ་འཛིན་པའི་ཡིག་ཆ་ལྟར་སྔོན་དུ་སོང་ནས། གཉིས་པ་ལོངས་སྐུ་ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་ཐབས་ལམ་ཙཎྜ་ལཱིའི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲོ་རང་བྱིན་གྱིས་རློབ་པ། དངོས་གཞི་ཐབས་ལམ་སྒོམ་པ། རྗེས་སྤྱོད་ཡོན་ཏན་དང་བཅས་པ་སྨོས་པའོ། །དང་པོ་ནི། སྔོན་འགྲོ་བསྐྱེད་རིམ་བསྒོམ་པ་དང་རྫོགས་རིམ་ལ་འཇུག་པའི་བར་མཚམས་སུ་དུས་གཞན་གྱིས་བར་ཆོད་ན་སྤྱིར་ཐུན་མིན་སྔོན་འགྲོ་བཞི་རིམ་ཇི་ཙམ་ནུས་པ་བསྐྱར་ནས་འབད་ཅིང་། ཁྱད་པར་རྡོར་སེམས་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན། སྤྲོ་ན་བདག་འཇུག་ལེན་པ་སོགས་མདོར་ན་དམ་ཚིག་ཉམས་པ་བསྐངས་ཤིང་རྒྱུད་དག་པ་གལ་ཆེ་ལ། མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་གྱིས་སྐོང་ཞིང་ཕྲིན་ལས་ཀྱི་གྲོགས་བཅོལ། དེ་ནས་མཐུན་རྐྱེན་འཛོམ་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་དེ། ཐོག་མར་རླུང་ཅུང་ཟད་ཁོང་དུ་བསྐྱིལ་ནས་ཤིན་ཏུ་དལ་ཞིང་འཇམ་པ་མི་མངོན་པ་ལྟར་འབུད་པ་ནི་མོ་རླུང་། དེ་ལས་ཅུང་དྲག་པར་འབུད་པ་ནི་མ་ནིང་གི་རླུང། སིང་སྒྲ་དང་བཅས་དྲག་པོར་འབུད་པ་ནི་ཕོ་རླུང་སྟེ། དེ་དག་གི་སྐབས་སུ་ལྷག་མ་མེད་པར་འབུད་པ་དང་། ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བའི་མི་མཐུན་ཕྱོགས་རྣམས་རླུང་གི་རྣམ་པར་རོ་རྐྱང་གི་ལམ་ནས་སྔོ་སངས་སངས་འཐོན་པར་བསམས་ལ་ཧཱུྃ་རིང་པོ་རེའི་ཡིད་བཟླས་དང་སྦྲེལ་ལ་འབུད། དེ་ནས་སྔར་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རང་ལུས་པདྨ་འོད་འབར་གྱི་སྐུ་གསལ་ལ་མ་འདྲེས་པ་སྣང་ལ་རང་བཞིན་མེད་པ། ལུས་ཀྱི་ནང་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་སྟོང་སང་ངེ་བ་ལ་དམིགས་པ་གཏད་དེ་སྟོང་ར་ལེགས་པར་འབྱོང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རང་ལུས་ཐབས་ལྡན་དང་། གཞན་ལུས་བདེ་ཆེན་ནོ། །དང་པོ་ལ་གསུམ། རྩ། རླུང་། ཐིག་ལེ་སྦྱོང་བའོ། །དང་པོ་རྩ་སྦྱོང་བ་ནི། རང་ལུས་སྟོང་རའི་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ། སྦོམ་ཕྲ་མདའ་སྨྱུག་ཙམ་ཡར་སྣ་ཚངས་བུག་ཏུ་ཟུག་ཅིང་། མར་སྣ་ལྟེ་འོག་ཏུ་ཡོད་པ་གཉིས་ཀ་ཁ་བྱེ་བ། གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་པོ་གཉིས་ཚངས་བུག་ནས་མདུན་དུ་འཁྱོགས་ཏེ་ཡར་སྣེ་སྣ་བུག་གཉིས་སུ་ཡོད་པ། མར་སྣ་ཡི་གེ་ཆའི་འཕོངས་ལྟ་བུར་བཀུག་ནས་དབུ་མའི་ནང་དུ་ཆུད་པ། སྦོམ་ཕྲ་གྲོ་སོག་ཙམ་པ། དབུ་མ་ལས་གདུགས་རྩིབས་ཀྱི་ཚུལ་དུ་གྱེས་པའི་སྤྱི་བོར་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་ཁ་དོག་སྔོན་པོ་རྩ་འདབ་སོ་གཉིས་པ། མགྲིན་པར་རོ་འདུས་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་སེར་པོ། སྙིང་གར་དྲན་འཛིན་གྱི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་བརྒྱད་པ། ལྟེ་བར་སྤྲུལ་པའི་འཁོར་ལོ་ཁ་དོག་ལྗང་གུ་རྩ་འདབ་དྲུག་ཅུ་རྩ་བཞི་བཅས་འཁོར་ལོ་བཞི་པོ་ཁ་སྦྱོར་གྱི་ཚུལ། ཐམས་ཅད་ནང་སྟོང་པ་སྦུ་གུ་སག་གེ་བ། ལྟེ་འོག་སུམ་མདོར་རོ་རྐྱང་གི་སྣེ་དབུ་མའི་ནང་དུ་ཉི་གདན་རེག་བྱ་ཚ་ཞིང་སྲེག་པ་ཅན་གྱི་དབུས་སུ་ཨ་ཤད་མེའི་རང་བཞིན་དམར་པོ། ཡི་གེ་གཟབ་ཀྱི་ཤད་གྱེན་ལོག་ལྟ་བུ། རྩེ་མོ་ཤིན་ཏུ་ཕྲ་ཞིང་སུམ་འཁྱོག་གི་རྣམ་པ། དབུ་མའི་ཡར་སྣེར་ཟླ་བའི་གདན་སྲན་མ་ཕྱེད་གཤག་ཙམ་གྱི་ངོས་སུ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བཅས་ནན་གྱིས་གསལ་བཏབ་སྟེ། དམིགས་པ་གཏད་ཙམ་ཉིད་ནས་སྟོང་ར་རྩ་འཁོར་ཐིག་ལེ་བཅས་མངོན་སུམ་བཞིན་དུ་གསལ་ཐེབས་པའི་འབྱོངས་ཚད་མ་བྱུང་གི་བར་དུ་གནས་པ་རྩའི་རྣལ་འབྱོར་བསྒོམ་པར་བྱའོ། །གཉིས་པ་རླུང་སྦྱོང་བ་ནི། ལུས་གནད་རླུང་རོ་བསལ་ལུགས་གོང་སྨོས་མ་འཁྲུལ་བར་བྱས་པའི་རྗེས། སྣ་སྒོ་ནས་རླུང་དལ་གྱིས་རྔུབས་ལ་ལྟེ་འོག་ཏུ་མེར་གྱིས་དགང་སྲིན་ཞལ་བསྐུམ། འོག་རླུང་ཅུང་ཟད་འཐེན། སླར་ཡང་མནན་ནས་ཁ་སྦྱོར་དུ་བཟུང་། དམིགས་པ་སྟེང་རླུང་རོ་རྐྱང་གི་ལམ་བརྒྱུད། འོག་རླུང་དང་ལྷན་ཅིག་ཕོག་པས་ཨ་ཤད་ཀྱི་མེ་དམར་ལམ་གྱིས་སོང་བར་བསམ། རླུང་སེམས་དེ་ཁོ་ན་ལ་དྲག་ཏུ་གཏད། མི་ཐུབ་ན་རྔུབ་ཆུང་བརྩེགས། གཡས་གཡོན་དབུས་ནས་གཞིལ། སླར་ཡང་མི་ཐུབ་པ་ན་སེང་སྒྲ་དང་བཅས་ལྷག་མེད་དུ་སྣ་ནས་འབུད། དམིགས་པ་རླུང་སྔོ་དྭངས་ཀྱི་རྣམ་པ་མདའ་གང་ཙམ་དུ་སོང་བར་བསམས་ནས་ཕྱི་འཛིན་ཅུང་ཟད་བྱ། དེ་ལྟར་རྔུབ་དགང་གཞིལ་འཕང་གི་སྦྱོར་བ་བཞི་དང་ལྡན་པས་བུམ་པ་ཅན་རབ་འབྲིང་ཐ་མ་གང་རུང་མ་ཁེངས་བར་དུ་སྦྱངས་ལ། འབར་འཛག་མི་བྱ་བར་མེ་དམིགས་འདི་ཁོ་ནས་དྲོད་ཀྱི་སྣེ་རྙེད་པར་བྱའོ། །དེ་ལ་གོམས་པ་དང་སྟེང་འོག་གི་རླུང་ཕོག་པའི་རྐྱེན་གྱིས་གཏུམ་མོའི་མེ་སོར་ཕྱེད་ཙམ་འབར། དེ་ནས་ཀྱང་རླུང་གི་གནད་སྔར་ལྟར་ལ་རླུང་ཁུག་ཇི་ལྟར་རིགས་པས་ཐོག་མར་ལྟེ་འཁོར་གྱི་རྩེ་ཚུན། དེ་ནས་སྙིང་ག །དེ་ནས་མགྲིན་པ་དང་ལག་སོར་གྱི་རྩེ་ཚུན། དེ་ནས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཀྱི་བར་གཏུམ་མོའི་མེས་གང་བར་བསམ། དེ་ནས་མཐར་སྤྱི་བོའི་ཧཾ་ཡིག་ལ་རེག་པས་བདེ་བའི་ཉམས་སྐྱེས་ཏེ་ཆིལ་ཆིལ་ཁོལ་བར་བསྒོམ། དྲོད་ཀྱི་སྐྱེ་ཚུལ་གཞན་དང་མཐུན་ལ་རས་རྐྱང་ཐུབ་ཀྱི་བར་དུ་གཡོ་བ་རླུང་གི་རྣལ་འབྱོར་ལ་བསླབ་པར་བྱའོ། །གསུམ་པ་ཐིག་ལེ་སྦྱོང་བ་ནི། གཏུམ་མོ་འབར་བའི་མེ་ལྕེས་སྤྱི་བོའི་ཧཾ་ཡིག་ཞུ། བྱང་སེམས་ཐིག་ལེ་བཅུ་དྲུག་འཛག་པས་སྤྱི་བོའི་འཁོར་ལོ་ཡོངས་རྫོགས་ཁེངས་པས་དགའ་བའི་ཡེ་ཤེས་སྐྱེས་པར་བསམ། ལུས་གནད་དང་རླུང་གི་གནད་སྔར་དང་འདྲ་བའི་རླུང་ཁུག་པ་ཇི་ལྟར་རིགས་པ་དང་བསྟུན། ཐིག་ལེ་དེའི་ཕྱེད་ཀྱི་ཆ་སྟེ་བརྒྱད་མགྲིན་པར་བབས་ནས་རྩ་འདབ་ཐམས་ཅད་གང་བས་མཆོག་དགའི་ཡེ་ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་སྟེ་བཞི་སྙིང་གར་བབས། རྩ་འདབ་ཐམས་ཅད་གང་ནས་དགའ་བྲལ་གྱི་ཡེ་ཤེས་སྐྱེས། དེའི་ཕྱེད་ཀྱི་ཆ་གཉིས་ལྟེ་བར་བབས། ལྟེ་བའི་རྩ་འདབ་ཐམས་ཅད་གང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས། འཁོར་ལོ་བཞི་པོ་དཀར་དམར་འདྲེས་པའི་ཐིག་ལེས་གང་། ལུས་བདེ་དྲོད་དང་། སེམས་བདེ་སྟོང་གིས་ཁྱབ་པར་བསྒོམས་ལ་ཡེ་ཤེས་ཀྱི་རང་ངོར་མཉམ་པར་གཞག །དེ་ལྟ་བུའི་སྐྲ་ཤད་འཛིངས་པ་ལྟ་བུ་དང་འབྲོས་འདེད་སོགས་འབར་འཛག་གི་དམིགས་པ་ཡང་ཡང་བསྒོམ་ཞིང་། ཐུན་བར་དུ་དཀར་དམར་འདྲེས་པའི་ཐིག་ལེས་ལུས་ཀྱི་བ་སྤུའི་མཐར་ཐུག་པར་གང་བར་བསམས་ལ་ལུས་སྤྲུགས་དང་འཕུར་སྲུབ་དྲག་ཏུ་བྱ། ཧ་ཅང་བདེ་བ་རྒྱས་དྲགས་ན་བྱང་ཆུབ་ཀྱི་སེམས་ལུགས་ལྡོག་གི་རྣམ་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་ནས་སྤྱི་བོའི་ཧཾ་ཡིག་ལ་བསྟིམ། གཏུམ་མོའི་མེ་རྣམས་ཨ་ཤད་ཉིད་ལ་བསྟིམ། སྟོང་ར་རྩ་འཁོར་ལ་སོགས་པའི་རྣམ་པ་ཡང་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་བསྡུས་ནས་གནས་ལུགས་ཀ་དག་གི་དབྱིངས་སུ་མཉམ་པར་གཞག །དེ་ལྟ་བུའི་ཚུལ་གྱིས་དྲན་པ་ཙམ་ནས་ལུས་སེམས་ལ་བདེ་བ་ཕྲིལ་ཕྲིལ་སྐྱེ་ནུས་པའི་བར་དུ་བསྒོམ་སྟེ་བཀོད་པ་བྱང་ཆུབ་ཀྱི་སེམས་ལ་རང་དབང་ཐོབ་པར་བྱའོ། །གཉིས་པ་གཞན་ལུས་འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ནི། གཞུང་འདིར་རྫོགས་ཆེན་གཞན་དང་མཐུན་པར་ཁ་འཕངས་པས། རང་ལུས་ཐབས་ལྡན་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་འབྱོངས་ཤིང་བརྟན་པ་ཐོབ་པའི་གང་ཟག་གིས་གདམས་ངག་ཉམས་མྱོང་གི་བརྒྱུད་པ་མ་ཆད་པའི་གྲུབ་ཐོབ་བླ་མ་དམ་པ་བསྟེན་ནས་མཁའ་འགྲོ་སྙིང་ཐིག་ལ་སོགས་པ་དང་། ཁྱད་པར་དུ་བཀའ་སྲོལ་མཚུངས་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དང་། ཚེ་དཔག་མེད་གནམ་ལྕགས་རྡོ་རྗེའི་ཆོས་སྡེ་ལས་འབྱུང་བ་ལྟར་ཉམས་སུ་ལེན་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། རྩ་སྦྱོང་གི་སྐབས་སུ་དབུ་མའི་སྤྲོ་བསྡུ། རླུང་གི་སྐབས་སུ་ཕྱི་ནང་གི་དུས་གནད། ཐིག་ལེའི་སྐབས་སུ་མེ་དམིགས་ཉིད་མཉམ་རྗེས་ཀུན་ཏུ་སེམས་འཛིན་གྱི་རྟེན་དུ་བྱ་བ་སོགས་དཀྱུས་ཀྱི་གནད་དང་གེགས་སེལ་བོགས་འདོན། འཁྲུལ་འཁོར་སྤྱི་འགྲོ་ལ་སོགས་པ་ཐབས་ལམ་གཞན་ལ་ལེགས་པར་གོམས་པ་ཞིག་གིས་ཁྲིད་དགོས་ཤིང་། བདེ་དྲོད་ལ་གནོད་པའི་ཟས་སྤྱོད་རྣམ་པ་ཀུན་ཏུ་སྤང་ཞིང་། ཕན་པའི་ཟས་སྤྱོད་བརྟེན། བདེ་དྲོད་སྐྱེས་པའི་སྐབས་དེ་ལ་མ་ཞེན་པར་རང་ངོ་ལ་ལྟ་བའི་སྟོང་ཉིད་དང་བསྲེ་བ་གནད་དུ་ཆེ། དབང་པོ་ཐ་མ་ཆོས་འདིའི་སྒོར་ཞུགས་ཀྱང་བདེ་དྲོད་ཀྱི་མྱོང་བ་མ་ཐོན་ན་སྐྱེ་བོ་ཕལ་པས་འཕྱ་སྨོད་སྤངས་པའི་ཆེད་དུ་རྫས་ཀྱི་གཏུམ་མོ་བདེ་དྲོད་རང་འབར་ནི་གཏེར་གཞུང་ལས་ཤེས་པར་བྱའོ། །ལམ་འདི་ལ་ཁྱད་པར་དུ་རྫས་སྔགས་དམིགས་པ་ཟས་དང་སྤྱོད་ལམ་སོགས་ཀྱི་སྤང་བླང་མ་ནོར་བས་རྒྱུའི་ཐིག་ལེ་མ་ཉམས་པར་བསྲུངས་ནས། རང་བཞིན་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱས་པས་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་དག །རྩ་མདུད་གྲོལ་ཅིང་ཕུང་པོ་ལྔ་དང་དུག་ལྔའི་ས་བོན་སྤངས་ཏེ་མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅན་མེ་ཏོག་རླན་གྱིས་བྲན་པ་ལྟར་འབྱུང་བར་གསུངས་སོ། །དེ་དག་ཀྱང་གཞུང་ལས། གཏུམ་མོ་བདེ་དྲོད་འོད་འབར་ལ༔ སྟོང་ར་འོད་ཀྱི་སྐུ་ཅན་བསྒོམ༔ ཕོ་མོ་མ་ནིང་རླུང་རོ་འདོན༔ ལུས་གནད་བཅས་ཤིང་ལྟེ་འོག་བཟུང༔ མི་དམིགས་རིམ་བཞིན་ཨ་ཧཾ་བསྒོམ༔ འཁོར་ལོ་ལྔ་ཡི་རྩ་རྣམས་བསྲོས༔ རྩ་ཐིག་རླུང་སེམས་དབྱེར་མེད་འདྲེས༔ མཆོག་ཐུན་དངོས་གྲུབ་དཔག་མེད་འབྱུང༔ ཞེས་ཚིག་ཉུང་ངུས་དོན་རྫོགས་པར་བསྟན་པའི་དགོངས་པའོ། །བདེ་སྟོང་གཏུམ་མོའི་ཉམས་ལེན་མདོར་བསྡུས་བཤད་ཟིན་ཏོ། །གསུམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་སྟོན་པ་ལ། འཕྲོས་དོན་སྨོས་པ་དང་། ཁྲིད་གཞུང་དངོས་འཆད་པའོ། །དང་པོ་ནི། གོང་སྨོས་སྔོན་འགྲོ །བསྐྱེད་རིམ། ཐབས་ལམ་གོ་རིམ་བཞིན་སྔོན་དུ་སོང་ན་ཁྲིད་གཞུང་དངོས་གཞི་ལ་འཇུག་པས་ཆོག་མོད། འོན་ཀྱང་དེ་དག་ཆོས་བཀའ་གཞན་ལྟར་སོང་བས་ལུགས་འདིའི་རྫོགས་རིམ་ལ་འཇུག་པར་སྤྲོ་བ་སོགས་བློ་རིགས་མ་ངེས་པ་བྱུང་ན། རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་མདོར་བསྡུས་བསྒོམ་དགོས་པས། དེའང་མ་ཧཱ་ཡོ་གའི་བསྐྱེད་རིམ་སྒོམ་བཟླས་ལྟར་རུང་མོད་ཀྱི་རྫོགས་རིམ་དང་འབྲེལ་བའི་བསྐྱེད་ཚུལ་ནི་ཨ་ནུ་ཨ་ཏི་གཉིས་ཡིན་ལ། དེ་གཉིས་ཀྱིའང་སྔ་མ་འདིར་བསྟན་བྱའི་བསྐྱེད་རིམ་དངོས་དང་། ཕྱི་མ་ལྟ་བས་ལ་ཟླ་བའི་སྐབས་སུ་རྒྱས་པར་འཆད་པར་བྱ་བ་ཡིན། དེ་ལ་ཨ་ནུའི་རྫོགས་རིམ་ལྷ་ཁྲིད་རྗེས་འབྲེལ་ཚུལ་གྱིས་གསུངས་མོད། རིག་འཛིན་བརྒྱུད་པ་རྣམས་དང་། རྗེ་རིག་པ་འཛིན་པའི་ཁྲིད་སྲོལ་གཞན་ལས་གསུངས་པ་འདིའང་རྣམ་གྲངས་སུ་བཀོད་ན། མཚན་བཅས། མཚན་མེད། སྣང་སྲིད་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ལུས་གནད་རྣམ་སྣང་ཆོས་བདུན་བཅའ་རང་ཉིད་གུ་རུ་པདྨ་འོད་འབར་སྐུ་སྣང་ལ་རང་བཞིན་མེད་པ། ཐུགས་སྲོག་སྔགས་ཕྲེང་དང་བཅས་གསལ་གདབ། རླུང་རོ་བསལ་བས་ནད་གདོན་སྡིག་སྒྲིབ་དག་པར་བསམ། རླུང་འབུད་པ་དང་བསྟུན་སྣ་བུག་གཡོན་ནས་ཕྱིར་ཐོན། ཕྱིར་འཛིན་དུས་ཡིག་མགོ་དབལ་ཁ་མདུན་དུ་ཕྱོགས་ཏེ་གནས་པར་རྔུབ་དུས་ཕྲེང་བ་དེ་སྣ་བུག་གཡས་ནས་ཚུར་འོང་། རླུང་ནང་དུ་མནན་སྐབས་ཐུགས་ཀར་འཁོར། འོད་ཀྱིས་ལུས་ཁྱབ། ལྷར་གསལ་བ་ནམ་མཁར་ཐིམ་སྙམ་བྱེད་པ་ལ་སེམས་བཟུང་། དེ་ལྟར་བསྐྱར་ནས་བསྒོམ་ཚེ་གཟུང་འཛིན་གྱི་རྟོག་པ་མང་ན་ཧྲིལ་འཛིན་གྱིས་བསྡུས་ཏེ། རང་ཉིད་གུ་རུའི་སྐུར་གསལ་བ་དེ་འོད་ཟེར་གྱི་གོང་བུར་རིམ་པས་འོད་དུ་ཞུ་སྟོང་པ་ཉིད་རང་རིག་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་གཞག །ཡང་ལྷར་ལྡངས་ནས་དམིགས་པས་བསྡུ་རིམ་ལ་རྩལ་སྦྱངས། རླུང་བུམ་ཅན་ནམ་འབྱིན་འཇུག་གནས་གསུམ་དང་སྦྱར་ཚེ་ནང་མནན་རྒྱུན་བསྲིང་། །གཉིས་པ་མཚན་མེད་ནི། དེ་ཀའི་མུར་རང་ལྷར་གསལ་བ་དེ་གདོད་མའི་ལྷ་སྐུར་བསམ། དེའི་ཐུགས་ཀར་ཕྱག་མཚན་དང་སྔགས་ཕྲེང་ལམ་གྱིས་གསལ། ངག་སྔགས་རླུང་དབྱེར་མེད་དག་པ་དང་། སེམས་རང་བཞིན་ཡེ་ཤེས་སུ་དག་པའོ། །ཞེས་ཤེས་པར་བྱས་ནས་གསལ་སྣང་ལ་མ་ཡེངས་པར་འཇོག །རྟོག་པའི་བུན་ལངས་ན་གོང་བཞིན་བསྡུ་བ་སོགས་ལ་བསླབ། གསུམ་པ་སྣང་སྲིད་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་ནི། རང་ལྷར་གསལ། སྣང་བ་ལྷ། གྲགས་པ་སྔགས། དྲན་ཚད་ཐུགས་སུ་མོས། དེ་ནས་ཀྱང་ཟུང་འཇུག་ཆོས་དབྱིངས་ལས་མ་གཡོས་ཤིང་ཞིང་ཁམས་མཐའ་དག་གི་བཀོད་པ་དང་ཡོན་ཏན་ཀུན་ཀྱང་རང་གི་ལུས་འོད་གསལ་དྲི་མ་མེད་པའི་སྙིང་པོ་རྡོ་རྗེའི་སྐུ་དང་དབྱེར་མི་ཕྱེད་པར། ཡེ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་གནས་པ་ཡིན་ལ་ཡིན་བཞིན་དུ་ངོ་ཤེས་པར་ཐག་བཅད་དེ་དགོངས་པ་གཡོ་མེད་ཀྱི་གཟེར་ཐེབས་སོ། །རྣམ་རྟོག་གཡོ་ན་རྗེས་གཞིག་གིས་བསྡུ་བ་ལ། རང་ལུས་འོད་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་གསལ་བར་བྱས། དེ་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ་ཞིང་རིམ་འདུས་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་རིག་པ་ཅི་གནས་སུ་མཉམ་པར་གཞག །ཡང་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་བསྐྱང་བའི་རྩལ་སྦྱང་ལ་འབད། དེ་དག་གི་ཚེ་རླུང་གོང་བཞིན་ནམ་རང་བབས་སུ་བཞག་ནས་རང་རིག་པའི་ཡེ་ཤེས་རང་བྱུང་རྡོ་རྗེའི་སྔགས་སྒྲ་ལ་མཉམ་པར་གཞག་པ་ཡང་གནད་དུ་ཆེ་བས་འབད་པར་བྱའོ། །གཉིས་པ་ཁྲིད་དངོས་འཆད་པ་ལ་གཉིས། ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱོང་བ། དངོས་གཞི་ཀ་དག་གི་ཉམས་ལེན་བསྟན་པའོ། །དང་པོ་སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་ཐོག་མར་བླ་མའི་རྣལ་འབྱོར་ལ་ནན་ཏན་བྱེད་པ་གལ་ཆེ་བས། སྤྱིར་སྔོན་འགྲོའི་སྐབས་སུ་བཤད་པའི་ཕྱིའི་བླ་མའི་རྣལ་འབྱོར་དེ་དག་ཀྱང་ལྷག་པར་ནན་ཏན་དུ་བྱེད་པ་ཡིན་མོད། འོན་ཀྱང་ནང་གི་རྣལ་འབྱོར་གཙོ་ཆེ་བས། རང་ལུས་སྣང་སྟོང་རྡོ་རྗེའི་རྩ་འཁོར་ལོ་ལྔ་ཡི་དབུས་སུ་བླ་མ་ཐོད་ཕྲེང་རྩལ་ལྔ་ཡུམ་དང་བཅས་པ་ཡེ་གདོད་མ་ནས་རང་བབ་རང་ཆས་སུ་བཞུགས་པར་ཤེས་པས། དབྱིངས་བཞུགས་ཨོ་རྒྱན་གཙོ་འཁོར་ཚིག་བདུན་མས་སྤྱན་འདྲེན་ལ་བྱིན་དབབ་ཅིང་ཏིང་ངེ་འཛིན་གྱིས་མཆོད། ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཞེས་སོགས་གནས་ལུགས་རྟོགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པས། བྱིན་རླབས་བདུད་རྩིའི་རྒྱུན་བྱུང་། འཁོར་ལོ་སོ་སོའི་ལྷ་ལ་ཐིམ། ཡེ་ཤེས་ཆེན་པོ་རང་གི་རྒྱུད་ལ་འཕོས། མཐར་ལྷ་ཚོགས་ཐམས་ཅད་འཁོར་ལོ་སོ་སོ་ལ་ཐིམ་པར་མོས་ལ། རང་སེམས་མ་བཅོས་ལྷུག་པ་སྟོང་གསལ་ངོས་བཟུང་དང་བྲལ་བ་འདི་ཀ་ཨོ་རྒྱན་བླ་མ་དབྱེར་མེད་ཀྱི་སྐུ་གསུམ་དང་རོ་མཉམ་ཆེན་པོར་ཐག་བཅད་ལ་རང་བབ་ཀྱི་དྲན་ཤེས་ཆུ་བོའི་རྒྱུན་བཞིན་དུ་བསྐྱངས་པས། དངོས་གཞིར་ཀ་དག་གི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བའི་རྟེན་འབྲེལ་འགྲིག་གོ །སྔོན་འགྲོ་དངོས་ལ་གསུམ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ །རྣལ་དབབ་སོར་གཞུག་གོ །དང་པོ་ལ་ཕྱི་ནང་གཉིས་ཀྱི་དང་པོ་ཕྱིའི་རུ་ཤན་དབྱེ་བ་ནི། བླ་མ་ལ་གསོལ་བ་གདབ། གནས་དབེན་ན་ས་སྟོང་དུ་ཕྱིན་ལ་གཞི་བདག་ལ་དཀར་གཏོར་ཕུལ་ལ་གྲོགས་བཅོལ། མི་འགྲུབ་ན་རང་གནས་སུའང་རུང་སྟེ་གཞི་འཁོར་འདས་བྱེད་པོ་རང་རིག་ཡིན་ལ། དེའི་རྣམ་འགྱུར་རམ་བྱེད་པ་སྣ་ཚོགས་སུ་སྣང་བ་སྟེ། གཉིས་ཀ་རང་གིས་བཅོས་པ་མ་གཏོགས་དོན་བདེན་མེད་དུ་ཤེས་པས། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས། རིགས་དྲུག་གི་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་ལུས་ཀྱིས་འཕྱོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེ་ཡི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་བསྐྱངས་པས་ངལ་དུབ་ཀྱིས་འགྱུ་བ་སྤུན་ཐག་ཆད་པར་གྱུར་པ་དང་། རྗེས་ཀྱི་ཤེས་པ་གསལ་སྟོང་དབྱེར་མེད་ཀྱི་རང་ངོ་བསྐྱང་། ཡང་ལུས་ཀྱི་བདེ་གཤེགས་ཞི་ཁྲོའི་རྣམ་འགྱུར་དང་། ངག་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་ཐུགས་ཡེ་ཤེས་བདེ་བ་ཆེན་པོར་གསལ་བའི་ང་རྒྱལ་བཟུང་། རིག་པ་སྟོང་པ་ཉིད་རྫོགས་རིམ། གསལ་ཆ་ལྷར་སྣང་བ་བསྐྱེད་རིམ། དེ་གཉིས་རིག་པ་གཅིག་པུར་དབྱེར་མེད་རང་རིག་བློ་འདས་རྗེན་པའི་ཐོག་ཏུ་བསྐྱང་། དེས་རྐྱེན་སྣང་ལམ་དུ་བསླངས། བསྐྱེད་རྫོགས་ཀྱི་གནད་ཟིན། རིག་པ་གསལ་སྟོང་གི་ཉམས་འཆར་རོ། །གཉིས་པ་ནང་གི་རུ་ཤན་དབྱེ་བ་ནི། རང་ཐ་མལ་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མི་ཡི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་ལྷན་སྐྱེས་སུ་གནས་པ་རྣམས་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམ་ཞིང་། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ། རྣམ་པ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམས་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་འབུམ་ཚོ་བདུན་གསལ་དག་བརྟན་པོར་བཟླ། དེས་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་། ལུས་བདེ་ངག་དག་སེམས་གསལ་སྟོང་གི་ཉམས་ཤར་བ་འབྱུང་ཞིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་ལམ་དུ་བསླངས་པས་ཕྱིས་འཁོར་བར་ལྡོག་པར་མི་འགྱུར་རོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ། ལུས། ངག །ཡིད་དོ། །དང་པོ་ལུས་སྦྱོང་བ་ནི། སྟན་འབོལ་ཞིང་ཡངས་པའི་སྟེང་དུ་རྐང་མཐིལ་གཉིས་སྤྲད། རྟིང་པ་གསང་བར་གཏད། ལུས་ཀྱི་ཆ་བསྲངས་ནས་ལག་པ་མགོ་ལ་མ་རེག་པར་ཐལ་མོ་སྦྱར་ཞིང་གྲུ་མོ་བརྒྱང་། མགྲིན་པས་ཨོལ་མདུད་ནོན་པར་བྱས། མིག་བར་སྣང་ལ་ལྟ། ཡིད་ཀྱིས་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ཅན་མེ་འབར་བ་ཞིག་ཏུ་གསལ་ལ་རིག་པ་རྡོ་རྗེ་དེར་བཅུག་པ་ལྟར་བསྲེས་ལ་བཞག །རྡོ་རྗེ་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། སྐེད་པ་གཅིག་ཏུ་དྲིལ་བས་ལམ་དབྱེར་མི་ཕྱེད་པའི་མཚོན་དོན་ཡང་བསམ། མི་ལྕོགས་ཚེ་ལུས་རྒྱབ་ངོས་སུ་ཁྲེས་སེ་འགྱེལ་བཅུག་ལ་ཧལ་ཞེས་དབུགས་མཐའ་བཅད་པ་ལྟ་བུ་བྱ། དེ་ལྟར་སྦྱངས་པས་ཐུན་མོང་དུ་ལུས་སྒྲིབ་འདག །བར་ཆད་ཞི། མངོན་ཞེན་ལྡོག །མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་སྦྱོང་བ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་ལ་ཕྱི་ནང་གཉིས་ཀྱི་དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ལུས་གནད་ཆོས་བདུན། ལྟ་སྟངས་ཐད་ཀར་གཏད། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམ་པ་གསལ་སྣང་ཐོན་པར་བྱས་ནས། རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་རླུང་དལ་བུས་རྒྱུ་བ་མི་ཚོར་བར་སོ་མཆུ་བར་ཡོད་ཙམ་བྱས་ལ། ཧཱུྃ་གི་སྒྲ་ཆེ་ཆུང་རན་པའི་གླུ་སྙན་ལ་རིང་བར་བླངས་པས་སྙིང་གའི་རྣམ་ཤེས་ཧཱུྃ་གི་ངོ་བོ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་ཧཱུྃ་སྒྲ་དིར་དིར་སྒྲོག་པར་བསྒོམས་པས་སྣང་བ་ཧཱུྃ་གི་རང་བཞིན་དུ་འཆར་རོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཧཱུྃ་གོང་ལས་ཐུང་བར་བསྒྲངས་པས་ཕྱི་རོལ་གྱི་ཧཱུྃ་དེ་དག་རླུང་དང་གཉིས་མེད་ནང་དུ་རྔུབས་པ་དང་མཉམ་དུ་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་རླུང་བཟུང་བས། ལུས་ཧཱུྃ་གིས་གང་བར་རྩོལ་མེད་དུ་འཆར་རོ། །གཉིས་པ་རྩལ་སྦྱོང་བ་ལའང་ཕྱི་ནང་གཉིས་ཀྱི་དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། སྙིང་གའི་ཧཱུྃ་ཡིག་ལས་ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་རང་གི་རིག་པ་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམ་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་པས་སྣང་བ་རང་བཞིན་མེད་པར་འཆར་རོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་བརྗོད་པས་ཧཱུྃ་ཡིག་སྔོན་པོ་མཚན་ཉིད་བཞི་ལྡན་མཐོ་གང་པ་གཅིག་གིས། རང་གི་ལུས་ཁོང་པ་ནས་སྤྱི་བོ་དང་། སྤྱི་བོ་ནས་རྐང་མཐིལ་དང་། མཐར་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་དུ་ཐལ་ཐལ་ཕྱིན་པས། ལུས་ཀྱི་ཤ་ཁྲག་དངོས་པོར་གྲུབ་པ་མེད་པར་སྟོང་སང་གིས་སོང་བར་བསམ། ལུས་ཆུ་ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་རོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་དྲིལ་བུའམ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུགས་ཏེ་ངག་ནས་ཧཱུྃ་ཞེས་སྙན་ཅིང་དྲག་ལ་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་སྔ་མའི་ཞབས་ཀྱུ་ཕྱི་མའི་ཀླད་ཀོར་ལ་རྒྱབ་པའི་ཕྲེང་བ་ལྟ་བུ་ཕར་སོང་བ། ཤིང་བུ་ལ་གཡས་སྐོར་གྱིས་དཀྲིས་ཏེ་རྩེ་མོར་སླེབས་པ་དང་ཧཱུྃ་སྔ་མ་མེ་རེ་འདུག་སྙམ་པ་ལ་དར་གཅིག་ཀློད་ལ་སེམས་གཏད། ཡང་ཧཱུྃ་དལ་བུས་བརྗོད་པས་ཧཱུྃ་གི་ཐག་པས་དཀྲིས་པ་དེ་གོ་ལྡོག་ཏུ་བསྐོར་ནས་བཤིག་པས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྟིམ་ཞིང་ངལ་གསོ། འདིས་རྣམ་རྟོག་གི་དབང་དུ་མི་འགྲོ །དམིགས་པ་གང་དུའང་བསྒྱུར་ཐུབ་པ་བྱུང་ན་འབྱོངས་པའོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་མདུན་དུ་ཕན་ཚུན་ཀྱོག་པའི་ལམ་སྲིན་མོ་འགྲོས་ཐོག་མར་མཐོང་ཚད། དེ་ནས་ཇེ་རིང་དུ་བསམ། རང་གི་ལུས་དང་རླུང་སེམས་གཅིག་ཏུ་དྲིལ། ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་ལམ་ལ་ཞུགས་ནས་སོང་སྟེ་ཧཱུྃ་རེ་བརྗོད་དུས་འཁྱོག་ཁུག་རེར་སླེབ། དེར་ངལ་གསོ། དེ་བཞིན་རྒྱང་རིང་པོའི་བར་སོང་། དེ་ནས་ཀྱང་ཕ་རོལ་རི་དང་ལུང་པ་ལ་སོགས་པ་མཐའ་མེད་པ་རྣམས་སུ་སོང་བར་བསམ་ཞིང་། ཧཱུྃ་རིང་པོ་བརྗོད་ལ་རང་གནས་སུ་ངལ་གསོ། ཡང་སྔར་བཞིན་ལམ་ལ་བརྒྱུད་དེ་ཚུར་ལོག་ནས་སྙིང་གའི་ཧཱུྃ་ལ་ཞུགས་པར་བསམ་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག །དེས་རྣམ་རྟོག་རང་ཤུགས་སུ་ཆོད། བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །སྔ་རྗེས་དེ་རྣམས་ཀྱི་བར་མཚམས་ངལ་གསོ་དུས་ཕཊ་བརྗོད་ལ་རྟོག་མེད་དུ་བཞག །དེ་རྣམས་ཀྱིས་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ངག་གི་མངོན་ཞེན་བཟློག །མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་སྦྱོང་བ་ནི། ནང་དུ་རང་གི་སེམས་ལ་བལྟས་ཏེ། སེམས་འདི་དང་པོ་བྱུང་ས་བརྟག་སྟེ་ཕྱི་འབྱུང་བཞི་ཡུལ་ཁམས་ཕ་མ་གྲོང་ཁྱེར། ནང་རང་ལུས་ཀྱི་སྟོད་སྨད་བར་གསུམ་གང་ལས་བྱུང་། སྟོང་པ་ལས་བྱུང་སྙམ་ན་བྱུང་ལུགས་ལ་དཔྱད། འཚོལ་བྱའི་སེམས་ལ་ཕར་དཔྱད། ཚོལ་མཁན་གྱི་རིག་པ་ལ་ཚུར་བལྟས་པས། ཡེ་ནས་གཞི་མེད་ངོ་བོ་སྟོང་པ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རིག་པའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད། བར་དུ་གནས་པ་ལ་བརྟགས་ཏེ་སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། སྙིང་ལྟ་བུ་ལ་གནས་སྙམ་ན་ཤ་པགས་རྩ་རྩེ་མཐའ་དབུས་གང་དུ་གནས། དབྱིབས་དང་ཁ་དོག་བྱེད་ལས་དངོས་པོ་གང་གིས་མཚོན་སོགས་བརྟགས་ཤིང་དཔྱད་པས་དེ་དག་གང་དུའང་མ་གྲུབ་པར་མཐོང་ན་རྟོག་བྱེད་ཀྱི་རིག་པ་ལ་ཚུར་བལྟས་པས་རིག་པ་གསལ་སྟོང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར། ཐ་མ་འགྲོ་ས་ལ་བརྟག་པ། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི། གང་དུ་འགྲོ །ཡུལ་གང་དུ་སོང་། མིག་གིས་གཟུགས་མཐོང་དུས་ནང་གི་མཐོང་མཁན་དེ་ཕྱིའི་ཡུལ་དེར་འགྲོའམ་དཔྱད། དེ་བཞིན་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་དུ་འགྲོ་རྩད་བཅད་པས་རིག་པའི་ངོ་བོ་ངོས་བཟུང་ཐམས་ཅད་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་རིག་པ་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབ་ཀྱི་བར་དུ་བསྐྱར། དེ་དག་གིས་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཡིད་ཀྱི་མངོན་ཞེན་ལྡོག །མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། གསུམ་པ་རྣལ་དབབ་སོར་གཞུག་ནི། སྔར་འགྱུ་བའི་སྤུན་ཐག་ཆད་པས་འཕྲོ་རྒོད་ཆམ་ལ་ཕབ་པ་དེ་རྣལ་དུ་དབབ་པས་མཚན་མེད་ཀྱི་ཞི་གནས་བསྒྲུབ། ལྟ་སྟངས་སོགས་ཀྱིས་སོར་གཞུག་པས་ཞི་ལྷག་མཚམས་སྦྱོར་ཞིང་གནས་ལུགས་རྟོགས་པ་ལམ་དུ་གཞུག་སྟེ། དངོས་གཞིའི་ཉམས་ལེན་ཁྲེགས་ཆོད་ཀྱི་ལྟ་བ་དང་ཐོད་རྒལ་གྱི་སྒོམ་པ་ཟུང་དུ་སྤེལ་བ་ནི་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་རང་ལུགས་ཡིན་ཡང་། འདིར་གང་ཟག་ཐུན་མོང་བ་ལ་དགོངས་ཏེ། ཞི་ལྷག་གི་འཇོག་ཚུལ་ཕྱག་ཆེན་སོགས་དང་མཐུན་པར་བཤད་པས། རྣལ་དབབ་སོར་གཞུག་ཞི་ལྷག་གི་ཁོངས་སུ་ཤུགས་ཀྱིས་འདུ་བས་ཟུར་དུ་མ་སྨྲོས་སོ། །གཉིས་པ་དངོས་གཞི་ལ་བཞི། ཞི་གནས་བཙལ། ལྷག་མཐོང་བསྒྲུབ། ཟུང་འཇུག་བསྒོམ། གནས་ལུགས་ཇི་བཞིན་ངོ་སྤྲོད་པའོ། །དང་པོ་ལ་གསུམ། དབང་པོ་ཐ་མ་རིམ་གྱིས་ཁྲིད་པ་དང་། དབང་རབ་དངོས་གཞི་ལ་དཀྲི་བ། ཐུན་མོང་དུ་གལ་ཆེ་བའི་བཞག་ཐབས་སྨོས་པའོ། །དང་པོ་ལའང་གཉིས། རྟེན་ཅན་དང་། རྟེན་མེད་དོ། །དང་པོ་རྟེན་ཅན་ལ་ལྔ་ཡོད་པའི་ཐོག་མ་མཚན་བཅས་ལ་བརྟེན་ནས་སེམས་འཛིན་པ་ནི། རི་བོ་ཅོག་གཞག་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། རིག་པ་ཅོག་གཞག་ངག་གནད་རླུང་རང་བབ་དང་། སེམས་གནད་སེམས་འཛིན་རྟེན་གང་ཡིན་དེ་ཉིད་མ་བརྗེད་པའི་དམིགས་རྟེན་ཙམ་ལས་བཅས་བཅོས་སྤྲོ་བསྡུ་མནོ་བསམ་གང་ཡང་མི་བྱེད་པ་ཐམས་ཅད་ལ་ཤེས་པར་བྱས་ནས། མདུན་དུ་ཤིང་བུའམ་རྡེའུ་ལྟ་བུ་ཞིག་བཞག་པ་ལ་རྒྱ་མཚོ་ཅོག་གཞག་མིག་གི་ལྟ་སྟངས་གཏད། ཡེངས་ན་སླར་དམིགས་རྟེན་ལ་སེམས་བསྡུས་ཏེ་ཧ་ཅང་བསྒྲིམ་མ་དྲགས་པར་ཆེར་རེ་བཞག །གཉིས་པ་ལྷ་སྐུ་ལ་དམིགས་པ་ནི། རང་གི་མདུན་དུ་ཐིག་ལེ་མཐིང་གའི་དབུས་སུ་པད་ཟླ་ལ་བཞུགས་པའི་ཀུན་བཟང་ཡབ་ཡུམ་མམ། གུ་རུ་རིན་པོ་ཆེའི་སྐུ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་བྲིས་འབུར་གང་རིགས་བཀོད་པ་ལ་སེམས་བཟུང་། གོམས་ནས་ཡིད་ཀྱིས་དམིགས་པ་ལ་སེམས་བཟུང་། དེའང་གོམས་ནས་རང་གི་སྙིང་དབུས་སུ་སྐུ་དེ་བསྒོམས་ལ་སེམས་བཟུང་། གསུམ་པ་གསུང་ཡིག་འབྲུ་ལ་དམིགས་པ་ནི། མདུན་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་བརྩེགས་མ་རེ་རེའམ་གསུམ་ཀའི་རྣམ་པ་ལ་སེམས་འཛིན། གོམས་ནས་རང་གི་གནས་གསུམ་དུ་བཀོད་པ་ལ་སེམས་བཟུང་། བཞི་པ་ཐུགས་ཕྱག་མཚན་ལ་དམིགས་པ་ནི། མདུན་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལ་སེམས་བཟུང་ཞིང་གོམས་ནས་སྙིང་དབུས་སུ་བསྒོམ། ལྔ་པ་ཐིག་ལེ་ལ་བརྟེན་པ་ནི། མདུན་དུ་ཐིག་ལེ་དཀར་དམར་སྔོ་གསུམ་དང་འབྱོངས་ནས་ལུས་ཀྱི་གནས་གསུམ་དུ་བསྒོམ་པ་གོང་ལྟར་རོ། །གཉིས་པ་རྟེན་མེད་ལ་གསུམ་གྱི་དང་པོ་རླུང་རྡོར་བཟླས་ལ་སེམས་འཛིན་པ་ནི། རླུང་ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿ དབྱུང་བ་ཧཱུྃ་ཞེས་དྲན་པ་ཡིད་ཀྱིས་བགྲང་སྟེ་མ་ཡེངས་པར་བྱ། གཉིས་པ་འཇམ་རླུང་ལ་བརྟེན་པ་ནི། རླུང་རོ་ལན་གསུམ་བསལ། འཇམ་རླུང་བཟུང་ལ་སེམས་འཛིན། གསུམ་པ་དྲག་རླུང་ལ་བརྟེན་པ་ནི། རླུང་རོ་བསལ། དྲག་རླུང་བུམ་པ་ཅན་བཟུང་ལ་སེམས་འཛིན་པར་བྱའོ། །དེ་དག་གིས་གནས་ཉམས་ཀྱི་སྣེ་ཟིན་ནས་དངོས་གཞིའི་ཞི་གནས་བཙལ་བར་བྱའོ། །གཉིས་པ་དབང་རབ་དངོས་གཞི་ལ་བཀྲི་བ་ལ་རིམ་པ་གསུམ་གྱི་དང་པོ་ཞི་བ་ཉན་ཐོས་ཀྱི་ལྟ་སྟངས་དང་སྦྱར་བ་ནི། ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་མི་སྨྲ་བར་རླུང་གི་འགྲོ་འོང་རང་ཤུགས་སུ་དལ་བར་བཞག །མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད། རིག་པ་རང་རིག་རང་གསལ་ལ་གཡོ་བ་མེད་པར་ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལ་འཛིན་ཞན་མ་ཞུགས་པར་རང་སོར་བཞག་པས་ཡུལ་སྣང་རང་གི་ངོ་བོ་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ། གཉིས་པ་བར་མ་བྱང་སེམས་ཀྱི་ལྟ་སྟངས་དང་སྦྱར་བ་ནི། གཞན་གོང་བཞིན་ལས་མིག་གི་ལྟ་སྟངས་བར་སྣང་ལ་ཧྲིག་གིས་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་རིག་པ་རྗེན་ལྷང་གིས་གསལ་ལ་མ་འགག་པར་འཆར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ། གསུམ་པ་དྲག་པོ་ཁྲོ་བོའི་ལྟ་སྟངས་དང་སྦྱར་བ་ནི། མ་ཡེངས་པའི་དྲན་པ་ཏུ་རེ་བསྒྲིམས་པའི་ངང་མདངས་མ་ཤོར་བ་ཉིད་ལས་ལངས་ཏེ་གོམ་པ་གྱ་ཚོམས་སུ་དོར། མིག་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུང་སྟེ་དྲན་པའི་སོ་མ་ཤོར་བར་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པར་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་རྐྱེན་སྣང་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་དག་ལས་ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་པར་བྱེད་ཅིང་ཞི་ལྷག་གི་ཉམས་རྟོགས་འཕྲལ་དུ་སྐྱེ་མྱུར་ལ། མཐར་ཐུག་མཉམ་རྫོགས་ལྷུན་གྲུབ་ཆེན་པོའི་དགོངས་པ་མངོན་སུམ་དུ་འཆར་བར་འགྱུར་རོ། །གསུམ་པ་དབང་རིམ་ཉེར་གཅིག་ཐུན་མོང་དུ་གལ་ཆེ་བའི་བཞག་ཐབས་གསུམ་ནི་མ་ཡེངས། མི་བསྒོམ། བཟོ་མེད་ཅེས་བྱ་བ་སྟེ། དེའང་ཕྱི་ནང་ཡུལ་རྐྱེན་གྱི་རྗེས་སུ་སེམས་ཡོངས་སུ་མི་འཇུག་པར་ཡེངས་མེད་སོ་མར་བཞག་པ་དང་། སྒོ་གསུམ་ཧ་ཅང་བསྒྲིམས་པས་བཅིངས་པ་མ་ཡིན་པར་རྩོལ་མེད་རང་བབ་ལྷུག་པར་བཞག་པ་དང་། རྣམ་རྟོག་དང་དྲན་རིག་གཉིས་ཡ་བྲལ་ཐ་དད་གཉེན་པོ་བརྟེན་པ་ལྟ་བུ་མ་ཡིན་པར་རང་གསལ་རང་དྭངས་སུ་བཞག་པ་ནི་ཐུན་མོང་ཐེག་པ་ལས་གསུངས་པའི་རྣམ་ཐར་སྒོ་གསུམ་གྱི་བསྒོམ་དོན་ཀྱང་འདུའོ། །སྐབས་འདིར་བྱིང་རྒོད་ཀྱི་འཕྲང་བསལ་བ་སོགས་ཁྲིད་གཞུང་གཞན་དང་མཐུན་ལ། ཁྱད་པར་ཞི་གནས་ལྟེངས་པོར་གྲགས་པ་སེམས་ལ་དྭངས་ཆ་མེད་པའི་མོག་གེ་བ་བྱུང་ན་ཁྲོ་བོའི་ལྟ་སྟངས་ཀྱིས་བསལ་ཅིང་རྟག་ཏུ་ཤེས་པ་ལ་གྲིམས་ཆ་ཐོན་པར་བྱ་བ་གནད་དུ་ཆེའོ། །གཉིས་པ་ལྷག་མཐོང་སྒྲུབ་པ་ལ་གཉིས། འཁོར་ལོ་བར་བའི་དགོངས་པ་དང་། འཁོར་ལོ་ཐ་མའི་དགོངས་པའོ། །དང་པོ་ལ་གཉིས་ཀྱི་དང་པོ་ཕྱི་གཟུང་བ་ཡུལ་མེད་དུ་གཏན་ལ་འབེབ་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་སྒྱུ་མའམ་རྨི་ལམ་ལྟ་བུ་རང་གི་སེམས་ཀྱིས་བཏགས་པ་ཙམ་ལས་བདེན་པར་གྲུབ་པ་རྡུལ་ཙམ་མེད་པར་ཐག་བཅད་དེ། སྣང་བ་གང་ཤར་གྱི་ངོ་བོ་ལ་བལྟས་པས་སྣང་སྟོང་འཛིན་མེད་དུ་འཆར། །གཉིས་པ་ནང་འཛིན་པའི་སེམས་རྩ་བྲལ་དུ་གཏན་ལ་འབེབ་པ་ནི། གོང་དུ་སེམས་སྦྱོང་གི་སྐབས་སུ་རྒྱས་པར་སོང་ན་འདིར་སྤྲོས་བྲལ་གྱི་རང་ངོ་ལ་མཉམ་པར་གཞག་པས་ཆོག་མོད། རྒྱས་པར་མ་སོང་པའམ། སོང་ཡང་གཏན་ལ་མ་ཕེབས་ན། །དང་པོ་རྟོག་པ་རྩད་བཅད་པ་ནི། འཁོར་བར་འཁྱམས་ཤིང་བདེ་སྡུག་མྱོང་མཁན་འདི་ལུས་ངག་ཡིད་གསུམ་གང་ཡིན། གང་གཙོ་ཆེ་བརྟགས་པས་ཀུན་གྱི་རྩ་བ་སེམས་བདག་ཏུ་འཛིན་པས་ལེན་པར་ཤེས་སོ། །བར་དུ་མཚང་བཙལ་བ་ནི། ལུས་ངག་ཡིད་གསུམ། བདག་གཞན་འཁོར་འདས་ཐམས་ཅད་སེམས་ཀྱིས་རྣམ་པར་བརྟག །གཅིག་ཐ་དད། ཡོད་མེད། ཡིན་མིན་སོགས་གང་དུའང་མ་གྲུབ་པར་གཏན་ལ་འབེབ་པའོ། །གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། སེམས་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། མཐར་གང་དུ་འགྲོ་བརྟགས་པས་གསུམ་ཀའི་ཡུལ་འདི་ཞེས་ངོས་བཟུང་མ་རྙེད་པའི་སྐྱེ་འགག་གནས་གསུམ་མཐའ་བྲལ་གྱི་ངང་དུ་མཉམ་པར་གཞག་པ་ནི་རིགས་ཚོགས་ཀྱིས་སྤྲོས་པ་གཅོད་པ་དང་མཐུན་ནོ། །གཉིས་པ་འཁོར་ལོ་ཐ་མ་དང་མཐུན་པར་བསྒོམ་པ་ནི། གོང་དུ་གཏན་ལ་ཕབ་པའི་སེམས་དེ་ཅིའང་མ་གྲུབ་བོ། །སྟོང་པ་འོ་སྙམ་དུའང་མི་འཛིན་པར་རང་བྱུང་རང་གསལ་གྱི་རིག་པ་གསལ་སྟོང་རྗེན་པ་ཉིད་བཟོ་མེད་རང་བབ་ཏུ་བསྐྱང་། བཞི་ཆ་སུམ་བྲལ་གྱི་དགོངས་པ་ལ་མཉམ་པར་གཞག་པས་སེམས་ཀྱི་རང་བཞིན་གཞི་མེད་རྩ་བྲལ། རིག་པ་གདོད་ནས་རང་བྱུང་གི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ཀུན་བཟང་པདྨ་འབྱུང་གནས་གཞན་ནས་བཙལ་དུ་མེད་པས། རང་སྣང་རིས་མེད་ཀྱི་དགོངས་པ་ལ་མངའ་དབང་འབྱོར་པར་འགྱུར་རོ། །གསུམ་པ་ཟུང་འཇུག་སྒོམ་པ་ལ་གཉིས། ཞི་ལྷག་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་དངོས་སྨྲོས། འཕྲོས་དོན་ཁྱད་པར་ཅན་བཤད་པའོ། །དང་པོ་ལ་ཁྲིད་གཞུང་རྣམས་སུ་གདམས་པའི་ཚུལ་མཐའ་ཡས་པ་འབྱུང་བ་ཐམས་ཅད་ཀྱང་ཟབ་པའི་གནད་འབའ་ཞིག་དང་འབྲེལ་མོད་ཀྱི། ལུགས་འདིའི་ཐུན་མོང་མ་ཡིན་པའི་གདམས་པའི་གནད་གསུམ་ནི། རང་སེམས་དབྱིབས་ཁ་དོག་མཚན་མའི་ཆོས་ལས་འདས་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ཀ་རང་གསལ་དུ་རྗེན་ནེ། ཧྲིག་གེ །ས་ལེར་རིག་པས་ཀ་དག་གདོད་མའི་གནས་ལུགས་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་དེ་ཉིད་རང་ཐོག་ཏུ་ངོ་ཤེས་པས། ངོ་རང་ཐོག་ཏུ་འཕྲོད་པ་ཞེས་བྱ། རིག་པ་རྗེན་པ་ངོ་ཤེས་ན་གནས་འགྱུ་བྱིང་རྒོད་བཟང་ངན་གྱི་རྟོག་པ་ཇི་ལྟར་སྣང་ཡང་། རིག་པའི་ངོ་བོ་ལ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། ཆུ་བུར་ཐམས་ཅད་ཆུར་རོ་གཅིག་པའམ་གསེར་གྱི་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་བཞིན་ཅི་སྣང་ཅི་ཤར་རང་བྱུང་གི་ཡེ་ཤེས་ཆོས་སྐུའི་རོལ་པ་ཉག་གཅིག་ཏུ་རྟོགས་པ་ནི། ཐག་གཅིག་ཐོག་ཏུ་བཅད་པ་ཞེས་བྱ། དེ་ལ་ངེས་པ་རྙེད་པས། ཡུལ་སེམས་ཀྱི་རྣམ་པར་རྟོག་པའི་འཕྲོ་འདུ་སྣ་ཚོགས་པ་ཐམས་ཅད་དང་པོར་ཆོས་ཉིད་ཀྱི་རྩལ་ལས་རང་བྱུང་། ད་ལྟ་ཆོས་ཉིད་ཀྱི་རོལ་པར་ཤར། མཐར་ཆོས་ཉིད་ཀྱི་ངང་དུ་རང་ཐིམ་པས་རྨི་ལམ་གྱི་སྣང་བ་ལྟར་གདོད་ནས་མ་བཅིངས་མ་གྲོལ་བར་རང་གྲོལ་ཆོས་སྐུའི་རང་བཞིན་དུ་ཡིད་ཆེས་པས་སྤང་གཉེན་སྤྲོད་དུ་མེད་པ་ནི། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་སྟེ། མདོར་ན་གནས་འགྱུ་གཉིས་ལ་བཟང་ངན་འདོར་ལེན་མི་བྱ་བ་སེམས་རང་བབ་ཏུ་ཀློད་ཅིང་ཁ་ཡན་དུ་བཞག །རང་རིག་རྗེན་པ་རང་ཚུགས་མ་ཤོར་བར་ཅིར་སྣང་ཆོས་སྐུའི་དགོངས་པར་ལ་བཟླ་བ་སྟེ། རིག་པ་ཁེར་འདེད་ཀྱི་གནད་འདི་ནི་ཁྲེགས་ཆོད་ཐམས་ཅད་ཀྱི་སྙིང་པོའོ། །གཉིས་པ་འཕྲོས་དོན་ནི། ཆོས་ཐམས་ཅད་དགོངས་པ་དང་གྲུབ་དོན་གཅིག་ཀྱང་ལམ་གྱི་གནད་ལ་ཁྱད་པར་ཆེ་ཞིང་། ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གནད་ཐུན་མོང་མ་ཡིན་པ་ནི་སེམས་དང་རིག་པ་དབྱེ་བ་ལ་ཡོད་ཅིང་། དེའང་གཞིའི་སྐབས་སུ། དྲི་བྲལ་འདུས་མ་བྱས་ཀ་དག་ཆོས་སྐུའི་ངོ་བོ་དང་། དྲི་བཅས་ལུང་མ་བསྟན་ཀུན་གཞི་མ་རིག་པའི་རང་བཞིན་གཉིས་ཤིན་ཏུ་ཐ་དད། ལམ་གྱི་སྐབས་སུ་ཀ་དག་ཆོས་སྐུའི་རང་མདངས་རིག་པའི་ཡེ་ཤེས་སྟོང་གསལ་གཉེན་པོའི་ཆོས་དང་། མ་རིག་ཀུན་གཞིས་བསྐྱེད་པའི་སེམས་ཉོན་མོངས་སྤང་བྱའི་ཆོས་སུ་གྱུར་པ་གཉིས་ཐ་དད། འབྲས་བུའི་སྐབས་སུ། སེམས་ཅན་ཀུན་གྱི་རྒྱུད་ལ་ཡོད་པའི་ཀ་དག་གི་ཡེ་ཤེས་མངོན་དུ་གྱུར་པ་ན། ཀུན་གཞི་བག་ཆགས་དང་བཅས་པའི་གློ་བུར་དྲི་མ་མཐའ་དག་སྤངས་པས་སངས་རྒྱས་པའོ། །གནད་འདི་དག་གི་ཕྱིར་ཆོས་འདིར་ནི་རིག་པ་ལམ་དུ་བྱེད་པ་སྟེ། རིག་པ་ཧར་སངས་རྗེན་ལ་བུད་པ་ན་སེམས་ཀྱི་འཁྲུལ་པ་རང་དེངས་སུ་འགྱུར་ཞིང་། འགྱུ་སྟོང་ལྟར་སྣང་བ་བྱུང་ཡང་དེས་རིག་པའི་ཡེ་ཤེས་ལ་གོས་པར་མི་འགྱུར་ཏེ་ཤེལ་གྱི་གཟུགས་བརྙན་གྱིས་ཤེལ་གོང་ལ་གདོད་ནས་མ་གོས་པ་བཞིན་ནོ། །དེ་ལྟ་བུའི་རིག་སྟོང་ལྷོངས་ཕུད་པའི་བོགས་འདོན་དུ་ནམ་མཁའ་སུམ་ཕྲུག་གི་གདམས་ངག་ལ་བརྩོན་པར་བྱ་སྟེ། སྤྲིན་མེད་པའི་ནམ་མཁར་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ནས་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའ་སྟོང་མདངས་ཀྱི་གོ་ཕྱེས་ནས་དཔེ་ཅན་ནང་གི་ཤེས་པ་རྣམ་པར་དག་པ་ལས། གསང་བ་འོད་གསལ་རྡོ་རྗེ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་མ་འཆར་བ་དེ་ཉིད་ཡུན་དུ་བསྐྱང་བར་བྱའོ། །བཞི་པ་གནས་ལུགས་ངོ་སྤྲོད་པ་ལ་གསུམ། ལྟ་བ། སྒོམ་པ། སྤྱོད་པའོ། །དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ནི། ཞི་ལྷག་གི་ཉམས་མྱོང་ལེགས་པར་སྐྱེས་པའི་གང་ཟག་དེ་ཉིད་དབེན་པའི་གནས་སུ་ཅོག་གཞག་གི་གནད་དང་ལྡན་པས་འདུག་ཏུ་བཅུག །དཔོན་སློབ་གཉིས་ཀས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། ཌཱ་ཀི་ཆོས་སྐྱོང་ཚོགས་གཏོར་གྱིས་བསྐངས་ལ་བླ་མས་ངོ་སྤྲད་པར་བྱ་སྟེ། རིགས་ཀྱི་བུ་ཉོན་ཅིག །དེའང་འཁོར་འདས་གང་ཡང་མ་གྲུབ་པའི་སྔོན་རོལ་ནས། ཆོས་དབྱིངས་སྟོང་གསལ་འགག་པ་མེད་པའི་ངོ་བོ་སྐུ་གསུམ་འདུ་འབྲལ་མེད་པའི་འབྱུང་གནས་ཆེན་པོར་བཞུགས་ཏེ། ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ། ཐུགས་རྗེའི་གདངས་འཆར་སྒོ་མ་འགག་པ་མེ་ལོང་གཡའ་དག་པའི་ངོ་བོ་ལྟ་བུ། སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་གཅིག་དང་དུ་མ་མེད་པའི་གནས་ལུགས་རང་རིག་དབྱིངས་ཀྱི་སྣང་བ་ཚད་མེད་པའི་ངོ་བོ་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ལ་རང་གདངས་འགག་པ་མེད་པའི་སྣང་ཆ་བརྟན་གཡོ་འཁོར་འདས་ཀྱི་ཆོས་གང་དང་གང་སྣང་བཞིན་པ་ཐམས་ཅད་ཀྱང་སྣང་དུས་ཉིད་ནས་དེ་དང་དེའི་ངོ་བོར་ཡོད་མ་མྱོང་བ་རིག་པ་ཁོ་ན་ལས་གཞན་དུ་མ་གྲུབ་ཅིང་། རིག་པའི་ངོ་བོ་ཡེ་ཤེས་ཆོས་ཀྱི་སྐུ་གུ་རུ་པདྨ་འོད་འབར་ལོགས་ནས་ཚོལ་མ་དགོས་པར་གདོད་ནས་ལྷུན་གྱིས་གྲུབ་པར་རང་ལ་རང་ཆས་སུ་བཞུགས་པའི་རང་རིག་བདེ་བ་ཆེན་པོའི་ངོ་བོར་ཤར་བ་འདི་ཀ་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡིན་ལ་ཡིན་བཞིན་དུ་རིག་བྱ་རིག་བྱེད་དང་གསལ་བྱ་གསལ་བྱེད་དང་བྲལ་བ། རིག་པ་རང་གསལ་རང་བཞིན་ལས་མི་གཡོ་བར་རྟག་ཏུ་འཇོག་པར་བྱ་སྟེ། ཇི་སྐད་དུ། ཨ་ཏི་ཁྱབ་བདལ་ཆེན་པོ་ནི། །གུ་རུ་པདྨ་འོད་འབར་དེ། །ལོགས་ན་ཡོད་པ་མ་ཡིན་ནོ། །ཞེས་དང་། རང་ཉིད་ལྷ་རུ་སྣང་བ་དེ། །ལྷ་ཉིད་རང་ལ་རང་ཉིད་ལྷ། །སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། །སེམས་ལས་སངས་རྒྱས་གཞན་མ་ཚོལ། །ཅེས་དང་། མ་བསྒྲུབས་ཡེ་ནས་སངས་རྒྱས་གནས། །མ་བཙལ་བཞག་པས་རང་ས་ཟིན། །དེ་ལྟར་རྟོགས་ན་ཨོ་རྒྱན་མཁན། །ཆོས་ཉིད་དོན་གྱི་པད་འབྱུང་ཡིན། །ཞེས་དང་། པདྨ་འབྱུང་གནས་ནི་རང་སེམས་ཀྱི་མདངས་ཆ་ཡིན་ཏེ། རང་སེམས་དུས་གསུམ་གྱི་སྤྲོས་པ་དང་བྲལ་ཏེ་ཀ་དག་ངོས་བཟུང་མེད་པ་རང་བཞིན་ལྷུན་གྲུབ་ཆེན་པོ། སངས་རྒྱས་ཀྱིས་མ་བསླད་སེམས་ཅན་གྱིས་མ་བསྒྲིབས་པ་དེ་བཞིན་དུ་རྟོགས་ན་པདྨ་བདག་དང་དགོངས་པ་གཅིག་ཏུ་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེའང་གཞིའི་ངོ་བོ་ཀ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་གནས་པ་སྟེ། དེ་གཉིས་ངོ་བོ་གཅིག་པའི་ཕྱིར་སྣང་སྟོང་གཉིས་མེད་དུ་བཞག་ལ། དེའི་གནས་ལུགས་སྟོང་པ་མི་འགྱུར་བ་ཆོས་སྐུའི་བདག་ཉིད། རང་བཞིན་གསལ་ཞིང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་སྐུ །རྩལ་ཐུགས་རྗེ་རིག་པ་སྣ་ཚོགས་འཆར་ཞིང་མ་འགག་པ་སྤྲུལ་པའི་སྐུ་སྟེ། དོན་ལ་སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལྟར་ནང་དུ་གསལ་ཡང་དངོས་པོའི་མཚན་མར་མ་གྲུབ། རང་བཞིན་ཡེ་གདངས་སུ་གསལ་ཡང་ཕྱི་ནང་དུ་ཁ་དོག་རིས་ཅན་དུ་མེད། དེ་ཉིད་ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱི་རོལ་ཡུལ་ལ་མི་སྤྱོད་པས་ཕྱི་རྒྱ་མ་རལ་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞོན་ནུ་བུམ་སྐུའི་གནས་ལུགས་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པ་རང་རིག་གཅེར་བུ་ཧྲིག་གེ་བ་འདི་ཡེ་གདོད་མ་ནས་རང་བྱུང་ལྷན་སྐྱེས་པདྨ་འབྱུང་གནས་སུ་ཤེས་པའི་རང་བབ་ངང་དེར་ཀློད་ཅིང་ཐག་ཆོད་ཡིད་ཆེས་བསྐྱེད་ལ། རང་རིག་གི་ངོ་ཐོག་ཏུ་རང་གྲོལ་བའི་ངེས་པ་བརྟན་པོར་གཟུང་བར་བྱ་སྟེ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ །མ་འགག་གསལ་བ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ །སྐུ་གསུམ་ཡེ་ནས་མ་བསྒྲུབ་འགྲུབ། །རང་རིག་ཡེ་ནས་པད་འབྱུང་ཡིན། །ཞེས་སོགས་གསུངས་སོ། །ཞེས་སོགས་ལྟ་བ་དང་འབྲེལ་བའི་ཚིག་རྣམས་ཀྱིས་ངོ་སྤྲད་དོ། །གཉིས་པ་སྒོམ་པའི་སྒོ་ནས་ངོ་སྤྲོད་པ་ལ་གཉིས། ཏིང་ངེ་འཛིན་གྱི་རྒྱུ་ལ་ངོ་སྤྲོད་པ། ཏིང་འཛིན་རང་གི་ངོ་བོ་ལ་ངོ་སྤྲོད་པའོ། །དང་པོ་ནི། གནད་དང་ལྡན་པའི་ཉམས་ལེན་ལེགས་པར་བསྐྱངས་པས་ཉམས་ཀྱི་རིམ་པ་འཆར་བར་འགྱུར་ཏེ། དེའང་སློབ་དཔོན་བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར་ཉམས་ལྔའི་རྣམ་གཞག་མཛད་པ་ལྟར་ན། དང་པོ་གཡོ་བའི་ཉམས་ནི། སྒོམ་པས་རྣམ་རྟོག་ཅུང་ཟད་མང་དུ་སོང་སྙམ་བྱེད་པར་འགྱུར་བ་སྒོམ་སྐྱེ་སྙིང་འདོད་པ་རྣམ་རྟོག་ངོ་ཤེས་པའི་ཉམས་ཏེ། དཔེ་རི་གཟར་གྱི་འབབ་ཆུ་ལྟ་བུའོ། །གཉིས་པ་ཐོབ་པའི་ཉམས་ནི། རྟོག་པ་ཡང་འཕྲོ་ལ་ཅུང་ཟད་ཞི་མལ་ལེ་གནས་པ་འབྱུང་བ་རྟོག་པ་ངལ་གསོ་བའི་ཉམས་ཏེ། དཔེ་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུའོ། །གསུམ་པ་གོམས་པའི་ཉམས་ནི། ཕལ་ཆེར་རྟོག་མེད་དུ་གནས་ལ་རེས་འགའ་རྟོག་པ་བན་བུན་རེ་འབྱུང་བ་རྣམ་རྟོག་ཐང་ཆད་པའི་ཉམས་ཏེ། དཔེ་མི་རྒན་པོའི་སྤྱོད་པ་ལྟ་བུའོ། །བཞི་པ་བརྟན་པའི་ཉམས་ནི། ཕལ་ཆེར་རྟོག་མེད་རྒྱ་འབྱམས་སུ་གནས་ལ་རེས་རྐྱེན་གྱིས་ཅུང་ཟད་གནོད་པས་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས། དཔེ་མཚོ་ཆུང་བསེར་བུས་སྐྱོད་པ་ལྟ་བུའོ། །གཞན་ཡང་སྒོ་གསུམ་ཤིན་སྦྱངས་ཐོབ་ཅིང་ཉམས་རྟགས་ལུས་ངག་ཡིད་ལ་སྣ་ཚོགས་པ་འབྱུང་བ་རྣམས་སྐྱེས་རིམ་བཞིན་ངོ་སྤྲོད་པར་བྱའོ། །གཉིས་པ་ཏིང་འཛིན་རང་གི་ངོ་བོ་ལ་ངོ་སྤྲོད་པ་ནི། ཞི་ལྷག་གི་ངོ་སྤྲད་པ་སྟེ། དེའང་རྣམ་རྟོག་གི་འཕྲོ་འདུ་ཕྲ་རགས་འཇམ་ཉལ་གྱི་ཞི་ནས་སེམས་བདེ་གསལ་མི་རྟོག་པའི་ངང་དུ་གནས་པ་ནི་ཞི་གནས་ཏེ། དེ་ཉིད་མཐར་ཕྱིན་པའི་རྟགས་ནི། གཞུང་ལས། ལུས་སོག་ཕོན་ཐག་པ་ཆད་པ་ལྟ་བུ༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་ལྟ་བུ༔ སེམས་རང་འཐག་གི་ཆུ་ཆད་པ་ལྟ་བུ༔ དེ་ཁོ་ན་ཉིད་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ་ངོ་སྤྲད༔ ཅེས་གསུངས་པ་ལྟར་རོ། །འགྱུ་བ་རང་ངོ་ཤེས། རིག་པ་ཡུལ་མེད་རང་གསལ་སྒྲོ་སྐུར་བྲལ་བ་རྗེན་ནེ་ལྷར་ངེར་མཐོང་བ་ནི་ལྷག་མཐོང་སྟེ། གང་གིས་སྒྲིབ་རྒྱུ་མེད་པར་གསལ་བ་ཉི་མའི་དཀྱིལ་འཁོར་ལྟ་བུ། མྱོང་བ་གཞན་ལ་བརྗོད་མི་ཤེས་པ་ལྐུགས་པས་བུ་རམ་མུར་བ་ལྟ་བུ། རང་གི་དེ་ཉིད་གཞན་ལ་མཚོན་དུ་མི་བཏུབ་པ་གཞོན་ནུ་མའི་བདེ་བ་ལྟ་བུ་ལ་ངོ་སྤྲོད་དོ། །ཚོགས་དྲུག་གི་སྣང་བ་གང་ལའང་ཨ་འཐས་ཀྱི་ཞེན་པ་མ་ཞུགས་པ་ཞི་གནས། འཆར་སྒོ་འགག་མེད་དུ་སྣང་བ་ལྷག་མཐོང་སྟེ་སྣང་ཐོག་ཏུ་ཞི་ལྷག་ཟུང་འཇུག །རྣམ་རྟོག་རང་ངོ་ཧྲིག་གིས་རིག་པ་ཞི་གནས། དེ་ཉིད་བློ་བྲལ་ཆོས་སྐུར་གྲོལ་བ་ལྷག་མཐོང་སྟེ་རིག་ཐོག་ཏུ་ཞི་ལྷག་ཟུང་འཇུག །མདོར་ན་མཉམ་རྗེས་གང་གི་ཚེ་ཡང་ཚོགས་དྲུག་གི་ཡུལ་མི་འགག་པར་སྒོ་ལྔ་རང་ཡན་དུ་ལྷོད་ལ། རིག་པའི་ངང་ཤེས་པ་ཡུལ་ཕྱིར་མི་འབྲང་བ། གསལ་དྭངས་ཕྱེད་པ། རེ་དོགས་བཅོས་བསླད་མེད་པའི་སོ་མར་ཉམས་སུ་བླངས་པས་སྣང་ཡུལ་དང་། འཛིན་སེམས་མ་སྤངས་མ་བསྒྱུར་བ་རང་སར་གྲོལ་བ་ནི་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་དང་། ཆུ་བརྒྱ་ཟམ་པ་གཅིག་གིས་སྒྲོལ་བའི་དཔེས་ངོ་སྤྲོད་པར་གསུངས་ཏེ། དེའང་བཙན་ཐབས་སུ་ངོ་སྤྲོད་ན། སློབ་མ་ལུས་གནད་བཅས་ལ། དེའང་རིག་པ་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པའི་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པ་ཆེ་རེ་ལྟ། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས། སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད། ཕཊ་ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་མི་རྟོག་པའི་ངང་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་ཞི་ཆ་ལེ་བ་ཞིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པ་ངོ་ཤེས་པར་བྱ། སྣང་སྲིད་སྣོད་བཅུད་སྣང་བ་ཐམས་ཅད་རང་སེམས་འཁྲུལ་སྣང་གི་ཆོ་འཕྲུལ་དུ་ཐག་བཅད། འཁྲུལ་འཛིན་རང་སེམས་ཀྱང་རྟེན་མེད་ནམ་མཁའ་ལྟར་ཐག་བཅད། རང་བྱུང་གི་ཡེ་ཤེས་རིག་སྟོང་ཆོས་སྐུར་ཐག་བཅད་ནས། ཡར་སངས་རྒྱས་ལ་རེ་མ་ཆེ། མར་འཁོར་བ་ལ་དོགས་མི་ཟ། འཁོར་འདས་སེམས་ཀྱི་གནས་ལུགས་རིག་མ་རིག་ཏུ་ཤེས་པས་གང་ཤར་གྱི་རིག་པ་རིག་བདོའི་དུས་ན་སྤང་བླང་བཟང་ངན་མེད་པ་ཟང་ཐལ་ཡེ་སངས་ཆེན་པོར་གདེང་འཆོས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ་སྟེ་བཟང་ངན་གཉིས་སུ་མེད་པའི་ཆ་ནས་ཡེ་ཤེས་ཟང་ཐལ་གྱི་གཟེར་འཁོར་འདས་གཉིས་ཀྱི་བར་གདབ་པ་རྩ་དང་མེ་འཕྲད་པ་ལྟ་བུ་དང་། ཡོད་མེད་ཕྱོགས་ཡན་དུ་ཤར་བས་ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་གདབ་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུ་ཡིན་ཏེ་ཆོས་ཐམས་ཅད་ཡེ་ནས་མ་གྲོལ་བ་མེད་པར་ཡེ་སངས་རྒྱས་སུ་རྟོགས་པས་གང་ཤར་ཆོས་ཉིད་དུ་སོང་བ་རི་རྒྱལ་གྱི་རྩེར་ཕྱིན་པས་དམའ་བའི་ལུང་ཕྲན་མཐོང་བ་ལྟ་བུ་ལ་རི་བོ་ཅོག་གཞག་གི་དགོངས་པ་ཞེས་བྱའོ། །འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་སུ་ཡང་རང་རིག་རང་བབ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་རྩོལ་མེད་དམ་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན། དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་མདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་ཟླ་བ་ཞེས་བྱའོ། །གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། མཉམ་གཞག་ལ་ཟླ་བའི་ལྟ་བ་དེའི་ངང་དུ་སྤྱོད་པ་སྒྱུ་མ་ཙམ་དུ་སྤྱོད་པ་ནི་ཅི་སྤྱོད་ཡེ་ཤེས་ཀྱི་རོལ་པ་ཡིན་མོད། འོན་ཀྱང་ལས་དང་པོ་པས་རྗེས་ཐོབ་ཤན་འབྱེད་ཀྱི་ཚུལ་འདི་ངེས་པར་གལ་ཆེ་བས། དེའང་བདག་གི་རྟོག་པ་དབྱིངས་སུ་མ་ནུབ་ཀྱི་བར་དེ་སྲིད་དུ་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་ཏེ། དཔེར་ན། རྨི་ལམ་དུ་གཅན་གཟན་སྣང་བའི་ཚེ་དེས་གསོད་པ་སོགས་དེ་ལ་བརྟེན་པའི་འཇིགས་སྐྲག་ཀྱང་སྣང་བ་བཞིན་ནོ། །དེས་ན་གང་ལའང་ཞེན་འཛིན་མེད་པའི་ངང་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་དགོས། དེ་ཡང་གནད་བསྡུ་ན། སོ་ཐར་གྱི་བསླབ་བྱ་དངོས་དང་བརྒྱུད་པའི་སྒོ་ནས་གཞན་གནོད་ཆ་དང་བཅས་པ་སྤངས། བྱང་སྡོམ་གྱི་བསླབ་བྱ་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པས་ཕན་པ་བསྒྲུབ། སྔགས་སྡོམ་གྱི་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་སེམས་ཉིད་སྒྲིབ་བྲལ་རྡོ་རྗེ་གསུམ་གྱི་ལྷར་ཡེ་ནས་རྫོགས་པའི་དག་སྣང་དང་མོས་གུས་བྱ་ཞིང་། ཁྱད་པར་བླ་མ་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པའི་མོས་གུས་དང་ཞབས་ཏོག་ལ་ཚད་བཟུང་མེད་པའི་སྒོ་ནས་བསྟེན་པར་བྱ་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བ་ལ་བསླབ་པ་ཞེས་བྱའོ། །དེ་དག་གིས་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་རིམ་ལེགས་པར་བཤད་ཟིན་ཏོ། །བཞི་པ་ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཡེ་ཤེས་རྡོ་རྗེ་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་དོན་ནོ། །དང་པོ་སྔོན་འགྲོ་ལ་གཉིས། དམིགས་པས་རྒྱུད་སྦྱོང་བ། བྱ་བ་དགུ་ཕྲུག་ཏུ་གཏང་བའོ། །དང་པོ་ནི། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ལུས་གནད་ཆོས་བདུན་ལྡན་པས། རང་ལུས་འོད་ཀྱི་ཕུང་པོར་འབར་བའི་ཐུགས་ཀར་ཡི་གེ་ཨ་དཀར་པོ་དྲི་མ་མེད་པ་ཞིག་གསལ་བཏབ། ཨ་དེའི་འོད་མདངས་ལས་ཕྱི་ནང་དབྱེར་མེད་ཟང་ཐལ་འོད་ཀློང་འབར་བའི་ངང་ནས་སྣང་སྲིད་ཐམས་ཅད་ཨ་རུ་གྱུར། ཨ་ཨ་ཨ། ཞེས་བརྒྱ་སྟོང་ཁྲི་འབུམ་བཟླ་བ་ནི་མུན་ཁང་ལ་འཇུག་པའི་སྔོན་འགྲོ་ཡིན་ཡང་། སྐབས་འདིར་ཨའི་བཟླས་པ་འབུམ་ཙམ་གཏང་ནས་མུན་ཁང་དངོས་གཞིའི་སྐབས་ཁྱུག་ཙམ་རེ་བཏང་ན་བདེ་བ་ཡིན་ནོ། །གཉིས་པ་བྱ་བ་དགུ་ཕྲུག་ཏུ་གཏང་བ་ནི། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་བྱའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། ལུས་ངག་ཡིད་ཀྱིས་དགུ་ཕྲུག་གཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་བྱ་བཞག་རྣམ་གཡེང་དང་། ནང་ཕྱག་དང་བསྐོར་བ་སོགས། གསང་བ་རྣམ་གཡེང་འགུལ་སྤྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་གནས་པའོ། །ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བར་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བའོ། །ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་ལ་སོགས་པ། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཁོ་ནར་གནས་པའོ། །དེས་ནི་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། གནས་པ་བརྟན་པ་དང་གྲོལ་བར་འགྱུར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལ་ལྔ། སེམས། སྒོ །ཡུལ། རླུང་། རིག་པའི་གནད་དོ། །དང་པོ་ཉམས་ལེན་སེམས་ཀྱི་གནད་ནི། ཐོད་རྒལ་གྱི་གཞི་ཁྲེགས་ཆོད་ཡིན་པས་སྔར་བཤད་པའི་ཀ་དག་གི་ཉམས་ལེན་སེམས་དང་རིག་པ་དབྱེ་བའི་གནད་ཀྱིས་ཞི་ལྷག་ཟུང་འཇུག་གི་ངོ་བོ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །གཉིས་པ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་གཟིགས་སྟངས་གསུམ་པོ་ཡིན་ཡང་དེའི་གཞི་བཞུགས་སྟངས་གསུམ་དང་འབྲེལ་དགོས་པ་སྟེ། དེའང་དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། སྟན་ཐོག་ཏུ་རྐང་མཐིལ་གཉིས་ཅུང་ཟད་སྤྲད། པུས་མོ་ཕྱིར་བསྐྱེད། ལག་པ་ཁུ་ཚུར་རྐང་པའི་བར་བཙུགས་ཏེ་ལག་ངར་བསྲང་། རོ་སྟོད་གསེང་བྱ། མཇིང་པ་ཡིད་ཙམ་དགྱེ་བོར་བཏང་། མིག་གྱེན་དུ་ཕྱོགས་ལ་གཙུག་ཏོར་གྱི་ནམ་མཁར་བལྟ། དེས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམ་ཞིང་། མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟན་ཐོག་ཏུ་ལུས་ཁ་སྦུབས་སུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུག །ལག་མཐིལ་གཉིས་ཀྱིས་ཨོས་ཀོ་བརྟེན། སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིག་བསྲང་། མགོ་བོ་གྱེན་དུ་དགྱེ་ཞིང་། མིག་གཡས་གཡོན་དུ་ཟུར་ཁྲིད་ཀྱིས་མདའ་མཁན་སྙུག་མ་སྲོང་བ་ལྟར་བལྟ། དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་འཆིང་། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའོ། །གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། སྟན་ཐོག་ཏུ་ཙོག་པུར་འདུག་པའི་རྐང་པའི་ལོང་བུ་གཉིས་གཤིབས། ལག་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་བསྲང་། མིག་ཅུང་ཟད་ཐུར་ལ་ཕབ་སྟེ་དྲང་སྲོང་བསམ་གཏན་སྒོམ་པ་ལྟར་བལྟ། དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེ། མཐར་ཐུག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །དེའང་རིག་པའི་ཡེ་ཤེས་ལུས་ལ་ཡོད་ཀྱང་། ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། དཔེར་ན། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གསུམ་པ་འཆར་གཞི་ཡུལ་གྱི་གནད་ནི། དེའང་ཡུལ་སྤྲིན་དང་བསེར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེའང་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་ལ་བལྟས་པས་མངོན་སུམ་གྱི་སྣང་བ་མཐོང་སྟེ། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། དེ་ཡང་། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའི་དབེན་པའོ། །བཞི་པ་གཡོ་བ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་གསུངས་པས། དེ་ཡང་རླུང་དལ་ཞིང་སྙོམ་པ་ཉིད་ལ་མ་བརྟེན་ན། རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམ་པ་ལས་ཅུང་ཟད་ཕྱི་རུ་ནུར་གཞུག་པས། རླུང་གི་འགྲོ་འོང་ཟད་ནས་རྟོག་པའི་འཕྲོ་འདུ་ཆད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །ལྔ་པ་རང་བྱུང་རིག་པའི་གནད་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད་ཐོག་མར་སྨིན་མཚམས་ནས་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ནམ་རྨ་བྱའི་མདོངས་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་མདངས་ཅན་ནམ་ཁྲོ་བོའི་སྤྱན་ལྟ་བུའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང་། དེ་ཡང་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་ལ་རྟོག་དཔྱོད་ཀྱི་ཞེན་པས་མ་བཅིངས་པར་ལྟ་མཁན་གྱི་རིག་པ་དེས་རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མིག་དང་སེམས་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུར་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་ཀྱིས་ངང་ཆེ་རེ་གཏད། བློས་བྱས་ཀྱིས་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་བ་མ་འགགས་ཤིང་། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ཏེ་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་དྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས། སྣང་བཞིའི་སྣང་ཉམས་ཀྱི་འཆར་སྒོ་རྣམས་རིམ་པས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ་སྟེ། སྣང་བཞིའི་འཆར་སྒོ་ངོས་བཟུང་བ། གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་གདབ་པ། མཐའ་རྟེན་མན་ངག་བཞིའི་སྒོམ་ཚུལ་བཤད་པའོ། །དང་པོ་ལ་བཞི། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ལུས་ངག་ཡིད་ཀྱི་འཁྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཞི་འཆུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་ཏེ་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་ངང་ལས་མི་གཡོ་བར་བཞག་པའི་ཤེས་པ་གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ། གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་གསུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ལྟར་སྣང་བའི་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སླར་ཡང་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་ནས་དྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་གྱེན་སྒྲེང་། རྩིབས་ཤར། དྲྭ་བ། དྲྭ་ཕྱེད། པདྨ། འཁོར་ལོ། རྡོ་རྗེ། རལ་གྲི། ཁ་ཊྭཱཾ། མཆོད་རྟེན། མིག་མང་རིས། ཉི་ཟླ། ཉ་མིག །མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ། མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང། རིག་པ་ལུ་གུ་རྒྱུད་ཀྱང་སྔར་མདའ་འགྲོ་བ་ཙམ་དང་། འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་འཆར་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། གནས་སྐབས་ཉམས་སྣང་གི་ཡོན་ཏན་ཐམས་ཅད་ཐོབ་ཅིང་། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །རྫོགས་རིམ་གཞན་ལས་སྐྱེས་པ་ནི་ཤེས་ཉམས་ཡིན་པས་མི་བརྟན་ཞིང་སླུ་བ་ཡིན་ལ། འདི་ནི་སྣང་ཉམས་བརྟན་ཞིང་མི་བསླུ་བའོ། །འདིར་འོད་སྣང་གྱེན་འགྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང་། གྲུ་གསུམ་ལ་ཐུར་དུ་གཅུན་པའང་གནད་ཡིན་ནོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུའང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་འཁོར་ལོ་ཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བའོ། །དེ་ནས་མ་བསྒོམ་ཡང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་ནས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་སྣང་ཉམས་ཀྱི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགག་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །གཉིས་པ་གནས་ལུགས་ཀྱི་དོན་ལ་ངོ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེན་བཤམས་ནས་མཆོད་ཅིང་གསོལ་བ་གདབ། སློབ་མ་རྣམས་ཀྱིས་མཎྜལ་དབུལ། ལུས་གནད་བཅས་ཏེ། བླ་མ་ཉིད་བསྒོམ་གཞིར་བྱས་ནས། སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་འབྱུང་། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ལ། ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིག་བྱས་ལ། བླ་མས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ཀློད་ནས་འཇོག་ཏུ་བཅུག་ལ། མོས་གུས་དང་བྱིན་རླབས་ཀྱི་རྟེན་འབྲེལ་ལས་ཤར་བའི་གནས་ལུགས་དེ་ཉིད་རྟག་ཏུ་རང་བབ་ཏུ་བསྐྱང་དུ་གཞུག་གོ །གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་ལ་གཉིས། བསྡུས་དོན་ངོ་སྤྲོད་དངོས་གདབ་པ་དང་། བོགས་འདོན་ཉམས་ལེན་རྒྱས་པར་སྨྲོས་པའོ། །དང་པོ་ནི། གནས་རྐྱེན་བྲལ་ཡངས་ཤིང་མཐོ་བའི་སར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས། སློབ་མའི་མིག་ལམ་དུ་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱེ་སྐལ་ལྡན་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། དེ་ཡང་། ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་། དྲི་བཅས་དེ་བཞིན་ཉིད། རྒྱུའི་རྒྱུད་ལ་སོགས་པར་གསུངས་པ་དེ། འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད་སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་རྣམ་པ་བཞིས་མཚོན་པར་བྱས་པ་སྟེ། དེ་ཡང་སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔའི་དཀྱིལ་འཁོར་དུ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། ཇི་སྐད་དུ། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་དབྱིངས་རྣམ་དག་སྒྲོན་མའི་གདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའ་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོ་གསལ་ཞིང་དྭངས་པ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེའང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་ཡིན་ནོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལ་ལེགས་པར་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་ཁོ་ན་ཡིན་ནོ། །དེ་ཡང་། ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ནི། གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་འདི་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་། ཀློང་གསལ་ལས། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་བསྒོམས་པས་བྱུང་བ་མིན། །ཡེ་ནས་གཞི་ལ་གནས་པ་འོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །གཉིས་པ་བོགས་འདོན་ཉམས་ལེན་རྒྱས་པར་སྨྲོས་པ་ལ། གཏེར་གཞུང་ནས་རྣམ་གྲངས་དྲུག་ཏུ་གསུངས་པའི་དང་པོ་དཀར་ཁྲིད་ནི། ཉིན་མོའི་རྣལ་འབྱོར་ཏེ་གོང་དུ་སྨོས་པ་དང་། གཞན་ཡང་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་བྱ་བ་ཤེལ་རྡོ་ལ་ཉི་མའི་མདངས་ཕོག་པར་བྱས་ལ། ཤེལ་འོད་ནང་དུ་གསལ་བ་ནི་རིག་པ་སྙིང་ནང་དུ་བཞུགས་པའི་དཔེའོ། །རྐྱེན་ཉི་མའི་མདངས་ཀྱིས་འཇའ་འོད་ཕྱི་རུ་གསལ་བ་ནི་སྒོ་དང་ཡུལ་གྱི་གནད་ལ་བརྟེན་ནས་རིག་གདངས་ཕྱི་རུ་འཆར་བའི་དཔེའོ། སྣང་བའི་ངོ་བོ་སྟོང་པ། སྟོང་པའི་རང་མདངས་སྣང་བ། དེ་གཉིས་ཐ་དད་མ་ཡིན་པ་དབྱིངས་དང་རིག་པ། ཡེ་ཤེས་དང་སྐུའི་རང་བཞིན་ཟུང་འཇུག་ཏུ་ཤེས་པར་གྱིས་ཤིག །ཅེས་སོགས་ཀྱིས་ངོ་སྤྲད་དོ། །གཉིས་པ་ནག་ཁྲིད་མུན་པའི་རྣལ་འབྱོར་ལ་གཉིས། མུན་ཁང་དང་། རྒྱ་མཚོ་ཨར་གཏད་དོ། །དང་པོ་མུན་ཁང་ལ་འཇུག་ཚུལ་གཉིས་ཏེ། ཐོག་མར་མུན་ཁང་ལ་ཞུགས་ནས་སྣང་བ་མཆེད་པ་ན་བོགས་འདོན་ཉིན་མོའི་རྣལ་འབྱོར་ལ་བརྟེན་པ་དང་། ཐོག་མར་ཉིན་མོའི་རྣལ་འབྱོར་གྱིས་སྣང་བ་མཐོང་ནས་སླར་མུན་ཁང་དུ་ཞུགས་པ་གཉིས་ལས། ད་ལྟ་ཕྱག་ལེན་ཕལ་ཆེར་ཕྱི་མ་ལྟར་མཛད་ཅིང་། དེའི་ལག་ལེན་ནི་འདིར་ཡི་གེས་འཇིགས་ནས་མ་སྤྲོས་པ་གཞན་དུ་ཤེས་པར་བྱའོ། རྒྱ་མཚོ་ཨར་གཏད་ནི། དྲང་སྲོང་ཙོག་པུའི་འདུག་སྟངས་ཀྱིས་ལག་པ་གཉིས་པུས་མོའི་སྟེང་དུ་བསླངས་ཏེ་མཐེབ་མཛུབ་ཀྱིས་མིག་གཉིས་ཀྱི་མཐའ་ནས་ཅུང་ཟད་བཙིར་བའམ། མིག་གི་འབྲས་བུའི་སྟེང་ནས་ཡ་ལྤགས་བཅར་ཞིང་དལ་བུས་མནན། ཡེ་ཤེས་ལྔའི་རང་མདངས་ཁ་དོག་ལྔ་ལྡན་གྱི་ཡི་གེ་སོགས་ཝལ་ཙམ་དང་དཔག་བསམ་གྱི་ཤིང་ལྟ་བུ་དང་། སྲོག་ཆགས་ཀྱི་གཟུགས་འདྲ་བ་དང་མཆོད་རྟེན་ཉི་ཟླ་སོགས་མ་ངེས་པ་དང་། ངེས་པའི་རྣམ་པ་མང་པོ་འཆར། ལག་པ་ཕྱེ་ནས་བལྟས་པས་དཔག་ཚད་ཙམ་དུ་འཇའ་འོད་སྣ་ལྔ་ཁྲ་ཆི་ལི་ལི་འོད་སི་ལི་ལི། རྡུལ་ཕྲ་རབ་གྲངས་དང་མཉམ་པའི་འོད་ཟེར་འཁྲུགས་པའོ། །སྣང་བ་དེ་དག་མ་ཡལ་བར་དུ་བལྟ་ཞིང་བསྒོམ། ཡལ་སོང་ན་སླར་མནན་ཞིང་བསྒོམ། དེ་ལྟར་འབད་རྩོལ་བྱས་ནས་ཞག་བདུན་ཕྲག་ཙམ་ན་མཐེབ་མཛུབ་ཀྱི་རྩོལ་བ་མི་དགོས་པར་འཆར་བ་ནི་འབྱོངས་པའོ། །གསུམ་པ་སེར་ཁྲིད་ནི། མཚན་མོ་ཟླ་བའི་དཀྱིལ་འཁོར་དྭངས་པའི་དབུས་སུ་ཧར་གྱིས་བལྟས་པས། སླར་མིག་ཟིམ་བུས་འོད་ཟེར་དེ་ཁྲིད་མཁས་སུ་བྱས་ལ་བསྒོམ་པས། མུན་པ་ཐམས་ཅད་འོད་དཀར་གྱི་རང་མདངས། ཕྱོགས་མཚམས་ཀུན་ཏུ་སྒྱུ་འཕྲུལ་གྱི་གཟུགས། ཐིག་ལེ་ལུ་གུ་རྒྱུད་ཀྱི་འགྲོ་འོང་དང་བཅས་པ་འཆར་རོ། །བཞི་པ་དམར་ཁྲིད་ནི། ཉི་མའི་དཀྱིལ་འཁོར་གྱིས་མཚོན་པ་སྟེ་གོང་དུ་བཤད་པ་ལྟར་རོ། །ལྔ་པ་ཁྲ་ཁྲིད་ནི། མིག་ལ་དར་རས་ནག་པོ་སྲབ་མོས་བཀབ་སྟེ་ཉི་མའི་དཀྱིལ་འཁོར་ལ་བལྟས་པས། ཐོག་མར་ཐིག་ལེ་ཉ་མིག་ཙམ་པ་གྲངས་མེད་འཆར། རིམ་གྱིས་འོད་ཟེར་ཐིག་ལེ་ཐིག་ཕྲན་ལ་སོགས་པ་རྒྱ་ཇེ་ཆེར་འཆར་བར་འགྱུར་རོ། །དྲུག་པ་མེ་ཁྲིད་ནི། དང་པོ་མར་མེ་གཅིག་ལ་ཟིམ་བུས་བལྟ་ཞིང་ཟེར་ཐིག་ལེགས་པར་ཁྲིད། དེ་ནས་གཉིས། དེ་ནས་གསུམ་ཙམ་ལ་བལྟ། མིག་ཁྲ་ཆི་ལེར་སོང་ནས་མར་མེ་ལ་རྒྱབ་གཏད་དེ་མུན་པའི་ནང་དུ་མིག་ཧྲིག་གེ་བྱས་པས། མར་མེ་ཇི་ལྟ་བ་བཞིན་དམར་ཙེ་རེ་འཆར། དེ་ནས་དཀར་སེར་དམར་ལྗང་སྔོ་མཐིང་ལ་སོགས་སྣ་ཚོགས་འཆར་ཏེ་མཐར་མིག་བཙུམས་ནས་བལྟ་བ་དང་། མིག་ཕྱེ་ནས་བལྟས་པ་ལ་ཁྱད་པར་མེད་པ་འཆར། དེའི་ངང་དུ་རང་སེམས་གློད་པས་མར་མེ་དང་མཐོང་མཁན་དང་འོད་ཟེར་དབྱེར་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག །ཡང་ཏི་འོད་གསལ་འཁོར་ཡུག་ཆེན་པོར་འགྱུར་རོ། །གསུམ་པ་མཐའ་རྟེན་གྱི་མན་ངག་བཤད་པ་ལ་བཞི། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིངས་བཞིའི་གྲོལ་ཚད་བསྟན་པ་དང་བཞིའོ། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་། ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ །སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་འོད་གསལ་གྱི་སྣང་བ་མངོན་སུམ་གྱིས་མཐོང་བ་ལས་མི་འགུལ་བར་བྱའོ། །དེ་ཡང་ཐུགས་རྗེའི་རིག་པ་ཕྱི་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། དབྱིངས་རིག་འབྲལ་མེད་དུ་གོམས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་རྨི་ལམ་འོད་གསལ་དུ་འཆར། ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལའང་གསུམ་གསུམ་སྟེ་བཅུ་གཉིས་ནི། ཆོས་ཉིད་མངོན་སུམ་གྱི་རྟགས་ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད་པར་གནས། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབ་ཆགས་རྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །ཉམས་སྣང་གོང་འཕེལ་གྱི་རྟགས། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་བྱི་དོར་དང་རྒྱན་ཆའི་སྒེག་འཆོས་བྲལ། ངག་སྨྱོ་བ་ལྟར་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར་ཁམས་གསུམ་དུ་ཕྱིར་མི་ལྡོག་པར་ཐག་ཆོད་དོ། །རིག་པ་ཚད་ཕེབས་ཀྱི་རྟགས། ལུས་གླང་ཆེན་འདམ་དུ་བྱིང་བ་ལྟར་སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཐལ་བྱུང་དུ་འགྲོ །ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་འཁོར་བར་མི་ལྡོག་པའི་གདིངས་ཐོབ་པའོ། །ཆོས་ཉིད་ཟད་པའི་རྟགས། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་མཐའ་སྐོར་ཡང་ཡ་ང་བག་ཚ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུང་ཟད་པས་གཞན་གྱི་རྗེས་ཟློས་བྱེད། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། གདོས་བཅས་འོད་དུ་གྲོལ་བས་སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། གཟུགས་སྣང་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད། མི་སོགས་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱའོ། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། དོན་མི་བྱེད་ན་རིག་པ་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་པ་ལྔ་བྱས་པ་ཡང་བྱང་ནས་རང་དང་མཉམ་དུ་འཚང་རྒྱ་སྟེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །དེའང་བེམ་པོ་ལའང་ཐོགས་མེད་ཟང་ཐལ་དུ་འགྲོ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །བཞི་པ་གདིངས་བཞིའི་གྲོལ་ཚད་བསྟན་པ་ལ། ཡར་གྱི་གདིངས་གཉིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིངས་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྷུང་དུ་རེ་བ་དང་། ལྷུང་གི་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི་གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་རོ། །དེ་དག་གིས་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་རིམ་བཤད་ཟིན་ཏོ། །ལྔ་པ་ཁྲིད་རིམ་གྱི་མཇུག་དོན་བཤད་པ་ལ་ལྔ། ཉམས་སུ་ལེན་པའི་ལག་ཁྲིད། གྲོགས་སྤྱོད་པའི་རྣམ་གཞག །ལམ་གྱི་ཆད་མཐུད་འཕོ་བ། ཉམས་སུ་བླངས་པའི་གྲོལ་ཚུལ། ཁྲིད་ཀྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། ལམ་ཟབ་མོ་འདི་ལ་འཇུག་པར་འདོད་པ་དག་གིས། སྔོན་འགྲོའི་སྐབས་སུ་སོ་སོ་ལ་རྟགས་ཐོན་པ་དང་ཚོགས་གསག་སྒྲིབ་སྦྱོང་གི་རིགས་ཟབ་མོ་གཞན་ཡང་ཅི་ནུས་སུ་འབད། བསྐྱེད་རིམ་ལ་གསལ་སྣང་བརྟན་པོ་མ་ཐོབ་ཀྱི་བར་དུ་བསྒོམ་པ་གཙོ་བོར་བྱ་ཞིང་གསལ་སྣང་ཐོབ་ནས་གྲངས་བསྙེན་ཐེམས་པར་བྱ། རྫོགས་རིམ་ཐབས་ལམ་གྱི་སྐབས་སུ་ཐོག་མར་གཏུམ་མོ་སྡུག་བསྔལ་གྱི་སྐབས་སྒྱིད་མ་ལུགས་པར་བརྩོན་འགྲུས་བརྩམ། བར་དུ་གཏུམ་མོ་འདོད་ཆགས་ཀྱི་སྐབས་སུ་ཞེན་ཆགས་ཀྱི་དབང་དུ་མ་ཤོར་བར་སྟོང་པའི་དབྱིངས་སུ་བསྲེ། ཐ་མ་གཏུམ་མོ་བདེ་བའི་སྐབས་སུ་དེས་ཆོག་སྙོམས་བསྐྱུར་དུ་མ་སོང་བ་ཞུ་བདེ་འགྱུར་མེད་ལ་རང་དབང་ཐོབ་པར་བྱ། ཉམས་ལེན་གྱི་སྙིང་པོ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་དབྱིངས་རིག་འབྲལ་མེད་ཀྱི་ངང་དུ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པ་རི་བོ་ཅོག་གཞག་གི་ལྟ་བ་དང་། སྣང་སྟོང་དབྱེར་མེད་འཛིན་མེད་བློ་འདས་རྒྱ་མཚོ་ཅོག་གཞག་གི་དགོངས་པ་དང་། རིག་གདངས་ལུ་གུ་རྒྱུད་བཙོན་ཏུ་ཟིན་པས་བག་ཆགས་འཁྲུལ་ཞེན་གྱི་ཤུན་པ་ཡལ་བ་རིག་པ་ཅོག་གཞག་གི་མན་ངག་དང་། བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མ་སོང་ཞིང་བདེ་གསལ་མི་རྟོག་གི་ཉམས་ཀྱིས་མ་བཅིངས་པར་ཡེ་ཤེས་མངོན་སུམ་གྱི་དོན་ལས་མ་ཡེངས་པར་སྣང་བ་ཅོག་གཞག་གི་ཉམས་ལེན་རྣམ་པ་བཞི་ལ་དྲིལ། ནུབ་མོའི་རྨི་ལམ་ཉིང་འཁྲུལ་གཏི་མུག་ཁ་ཡན་དུ་མི་གཏང་བར་འོད་གསལ་ཤེས་བྱ་བུམ་འཇུག་ལ་བསླབ། ནང་ནུབ་ལྟོ་གོས་རྣམ་གཡེང་གི་བྱ་བྱེད་ཀུན་ལ་ཨ་འཐས་རང་རྒྱུད་དུ་འཛིན་པའི་གཏོད་ཕུར་ཕུད་ལ། ཚོགས་དྲུག་གི་སྣང་བ་གང་ཤར་བདེན་ཞེན་དགག་སྒྲུབ་ཀྱིས་མ་བཅིངས་པར་རང་གྲོལ་ཅོག་གཞག་གི་དགོངས་པར་ལ་ཟླའོ། །གཞན་ཡང་ཁྲེགས་ཆོད་ཀྱི་གོལ་ཤོར། ཐོད་རྒལ་ལ་མིག་གི་གེགས་སེལ་སོགས་ཁྲིད་གཞུང་གཞན་ལས་རྒྱས་པར་ཤེས་པར་བྱའོ། །གཉིས་པ་གྲོགས་སྤྱོད་པའི་རྣམ་གཞག་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་སོགས་ལས་སྤྱོད་པའི་རྣམ་གྲངས་ཉེར་གཅིག་གིས་མཚོན་པའི་དབྱེ་བསྡུ་མང་དུ་གསུངས་པ་སྙིང་པོར་དྲིལ་ན། ལས་དང་པོ་བས་ཆོས་ཀྱི་སྒོ་མོ་ཀུན་ནས་བཏུ་བ་བུང་བ་ལྟ་བུའི་སྤྱོད་པས་ཐོས་བསམ་སྒོམ་གྱི་མཐའ་རྒྱ་བཅད། ཐི་བྱ་ཚང་འཇུག་གི་སྤྱོད་པས་གདམས་ངག་གི་སྒྲོ་འདོགས་ཆོད་ཅིང་ཐེ་ཚོམ་གེགས་སྐྱོན་གྱི་གོལ་ས་མི་འབྱུང་བར་བྱ། དེ་ནས་ཉམས་ལེན་གྱི་དུས་སུ། རི་དྭགས་རྨས་མ་ལྟ་བུའི་སྤྱོད་པས་འཇིག་རྟེན་རྣམ་གཡེང་གི་འཁྲི་བ་མེད་པར་མི་མེད་ཀྱི་རི་ཁྲོད་འགྲིམ། དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པས་སྨྲ་བ་བཅད་པ་ལ་མི་ཚེ་དྲིལ་ཏེ་བཟང་ངན་གྱི་རྗེས་ཕྱིར་མི་འབྲེང་། སྨྱོན་པ་ལྟ་བུའི་སྤྱོད་པས་དགྲ་གཉེན་ཆགས་སྡང་བར་མ་གསུམ་གྱི་དགག་སྒྲུབ་ཞེན་འཁྲིས་བསྐྱུར། ཁྱི་ཕག་ལྟ་བུའི་སྤྱོད་པས་ཟས་གོས་གནས་མལ་སོགས་ལ་གཙང་སྨེའི་རྣམ་རྟོག་མེད་པར་གང་བྱུང་གིས་ཆོག་ཤེས་ཤིང་ཅིར་སྣང་ལམ་དུ་ཁྱེར། མཐར་ཉམས་ལེན་ལ་གོམས་པ་ཐོབ་ཚེ་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་སྤྱོད་པས་སྣང་རྐྱེན་ལ་ཉམ་ང་མེད་ཅིང་རེ་དོགས་ཀྱི་འཆིང་བ་མཐའ་དག་བཙན་ཆོད་དུ་བཏང་ལ། འབྲས་བུ་མངོན་དུ་མ་གྱུར་གྱི་བར་དུ་གཞན་རྐྱེན་གྱི་དབང་དུ་སྐད་ཅིག་ཀྱང་མི་འཆོར་བའི་ཉམས་ལེན་ཚ་ཐུབ་གྲང་ཐུབ་ཤ་ཆོད་རུས་ཆོད་དུ་བྱའོ། །གསུམ་པ་ཨ་ཏིའི་ཉམས་ལེན་བྱེད་པའི་སྐལ་པ་དང་མི་ལྡན་པའམ་བྱས་ཀྱང་ཉམས་རྟོགས་ཀྱིས་མ་སླེབས་པ་རྣམས་ལ་ལམ་གྱི་མཚམས་སྦྱོར་བ་ནི། འཕོ་བའི་གདམས་ངག་ཉིད་མཆོག་ཏུ་ཟབ་པ་ཡིན་ཏེ། དེའང་རྒྱ་ནག་སྤྲུལ་སྐུའི་དྲིས་ལན་དུ། འཕོ་བ་ཡང་དབང་པོ་རབ་ལ་འཕོ་བྱ་འཕོ་བྱེད་མེད་པ་རང་སེམས་མ་བཅོས་ལྷུག་པ་ནི་ཆོས་སྐུའི་འཕོ་བའོ། །ཞེས་གསུངས་པ་ལྟར་མངོན་དུ་གྱུར་ན་ཐབས་ཚུལ་གཞན་ལ་མི་ལྟོས་ཤིང་། འབྲིང་ལ་ཡི་དམ་ལྷའི་བསྐྱེད་རིམ་དང་རླུང་སེམས་དམིགས་པ་ལ་བརྟེན་ནས་འཕོ་བའོ། །ཞེས་པ་ནི་གཞུང་རྩ་བར། འཕོ་བ་སྐར་ཁུང་མདའ་འཕང་ནི༔ འོད་ཀྱི་གོང་བུ་སྒྲ་ཡིས་འཕོ༔ ཡང་ཡང་སྦྱངས་པས་རྟགས་མྱུར་ཐོན༔ ཞེས་གསུངས་པའི་དོན་ལག་ལེན་དུ་བསྟན་པ་ནི། བདེ་བའི་སྟན་ལ་ལུས་གནད་ལེགས་པར་བཅས་ནས་པདྨ་འོད་འབར་གྱི་བསྐྱེད་རིམ་གསལ་དྭངས་རྙོག་པ་མེད་པ་སྣང་ཞིང་སྟོང་། སྟོང་ཞིང་གསལ་བ་ཆུ་ཟླ་ལྟ་བུར་བསྒོམས་པའི་སྐུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་ཁ་དོག་དཀར་ཞིང་གསལ་ལ་དྭངས་པ། མར་སྣ་ལྟེ་འོག་སོར་བཞིར་སླེབ་པ། སྨྱུག་ཚིགས་བཞིན་རང་འགགས་སུ་སོང་བ། ཡར་སྣ་སྤྱི་བོ་ཚངས་པའི་བུ་གར་འཐོན་པ། སྙིང་གར་རང་གི་རྣམ་པར་ཤེས་པ་རྡོ་རྗེ་དཀར་པོ་འོད་ལྷག་གེ་བ་གཅིག་དབུ་མའི་ནང་དབུས་སུ་གསལ་བཏབ། སྤྱི་བོར་པད་ཟླའི་གདན་ལ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་བཞུགས་པའི་ཐུགས་ཀ་ནས་ཁ་དོག་ལྔ་ལྡན་གྱི་འོད་ཟེར་བྱུང་བས་དབུ་མའི་ཡར་སྣ་རྒྱ་མཐོངས་ཕྱེས་པ་ལྟར་གྱུར་པའི་ནང་ནས་བརྒྱུད་དེ་སྙིང་གའི་རྡོ་རྗེ་ལ་ཟུག་པར་བསྒོམས་ལ་འཕོ་བའི་གསོལ་འདེབས་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མྱང་བན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །རིག་འཛིན་འཇའ་ཚོན་སྙིང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །བཀའ་བབ་ཆོས་བདག་སྐྱེས་བུ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བས་མཁའ་ལ་སྤྱོད་པ་དང་། །རྣམ་ཤེས་དབུ་མའི་སྦུབས་ནས་ཐོན་གྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་བརྗོད་ལ། དེ་ནས་རླུང་གནད་སྔར་གཏུམ་མོའི་སྐབས་བཞིན་དལ་བུས་རྔུབ། ལྟེ་འོག་ཏུ་མེར་གྱིས་བཀང་། སླར་ཡང་ཁོང་པའི་ནང་ནས་སྟེང་རླུང་གནོན་ཆུང་བྱས་ཏེ་གཞིལ། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་བཟུང་། སེམས་སྙིང་གའི་རྡོ་རྗེ་ལ་རྩེ་གཅིག་ཏུ་གཏད། རླུང་མི་ཐུབ་པ་སྙམ་ན་རྔུབ་ཆུང་བརྩེགས་ཏེ་གཞིལ། གཏང་བའི་སྐབས་ཧིཀ྄་ཅེས་བླ་མའི་ཐུགས་ཀར་སེམས་གཏད། ཕཊ་ཅེས་པས་སྙིང་གི་རྡོ་རྗེ་དེ་རྩལ་ཆེན་གྱིས་མདའ་འཕངས་པའི་ཤུགས་ལྟར་དབུ་མའི་ནང་ནས་འཇའ་འོད་ཀྱི་ལམ་བརྒྱུད་དེ། བླ་མ་སྣང་བ་མཐའ་ཡས་ཀྱི་སྐུ་འཇའ་ཚོན་ལྟ་བུ་ལ་ཐལ་བྱུང་སྒྲིབ་ཐོགས་མེད་པར་སོང་ནས་ཐུགས་ཀར་སླེབ་པར་མོས་སེམས་རྩེ་གཅིག་ཏུ་གཏད་ནས་རླུང་ཕྱི་འཛིན་ཅུང་ཟད་བྱ། ཡང་རླུང་རྔུབ་པའི་སྐབས་རྡོ་རྗེ་དེ་སྔར་གྱི་གནས་ནས་རིམ་པར་ཕབ་སྟེ་སྙིང་གར་གནས་པ་ལ་སེམས་གཏད། ཀ་ཞེས་རླུང་སྔར་བཞིན་འཛིན། དབྱུང་བ་ན་རླུང་གནས་སྒྲ་གདངས་དམིགས་པ་བཅས་སྔར་བཞིན་བྱས། རྡོ་རྗེ་དེ་བླ་མ་སྣང་མཐའི་ཐུགས་ཀར་སླེབ་ཅིང་རླུང་ཕྱིར་འཛིན་སྐབས་དེར་མཐར་ཐུག་གི་དོན་དུ་འཕོ་བྱ་འཕོ་བྱེད་འཕོ་བའི་ཡུལ་མ་གྲུབ་པའི་མཚོན་བྱེད་རྟོག་མེད་ཀྱི་ངང་དུ་ཅུང་ཟད་རེ་འཇོག །དེ་ལྟ་བུ་ནན་ཏན་ཏུ་བསྒོམ་ཞིང་། མཐར་ཐུན་འཇོག་པའི་ཚེ་རྡོ་རྗེ་སྙིང་ཁར་ཕབ། ལྷུང་བཟེད་ལས་བདུད་རྩི་བབས་པས་རང་ལུས་གང་བར་མོས་ལ་སིདྡྷི་ཚེ་ཤམ་ཅན་བཟླ། མཐར་བླ་མ་རང་ལ་བསྟིམ། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས་ལ་དགེ་བ་བསྔོའོ། །རླུང་དང་སྦྲགས་པའི་འཕོ་བ་འདི་གཞན་ལས་རྟགས་མྱུར་བའི་ཕྱིར། སྤྱི་བོ་སྐྲངས་པ་དང་། འཕྲིག་པ་དང་། ཆུ་སེར་ཐོན་པ་སོགས་འོང་བས་དེ་བར་དུ་ནན་གྱིས་བསྒོམ། རླུང་དང་སྦྲགས་ཚེ་ཧིཀ྄་དང་ཕཊ་ཅེས་གང་རུང་ཡིད་ཀྱིས་བསམ་པ་ལས་བརྗོད་མི་བདེ་ཡང་རླུང་དང་མི་སྦྲགས་ན་ཡར་སྤར་དུས་ཧིཀ྄་གམ་ཕཊ་དང་མར་བབ་དུས་ཀ་འམ་ཊ་ཞེས་བརྗོད། དེ་གཉིས་ཁྱད་པར་མེད་ཀྱང་སྦྱོང་བའི་སྐབས་ཕཊ་བརྗོད་པ་ཚེ་ལ་མི་གཟན་པས་ལེགས། ལས་ལ་སྦྱོར་སྐབས་ཁྱད་མེད་གསུངས། ཡང་ལ་ལ་ཞིག་ཚངས་བུག་མེད་པའི་དོན་གྱིས་སྦྱང་སྐབས་སུ་མགོ་བོ་ན་བ་དང་། ཀླད་ཡུ་འཁོར་བ་འོང་རིགས་ཀྱང་ཡོད་པས་གེགས་སེལ་དུ་སྤྱི་བོའི་བླ་མ་མཐོ་བར་བཏེགས་ནས་ཚངས་བུག་ཆེར་ཡངས་པ་ནས་རྣམ་ཤེས་ཐོན་པར་བསྒོམས་པས། སེལ་ཞིང་འབྱོངས་ཆེས་པས་ཚེ་ལ་གཟན་གྲབ་བྱུང་ན་དམིགས་པ་འོག་ཏུ་གཏད་པ་དང་ཚེ་བསྙེན་སོགས་བྱའོ། །དེ་ནས་ལས་ལ་སྦྱོར་བའི་དུས་ནི་འཆི་ལྟས་ལྡོག་ཏུ་མེད་པ་ཤར་བའི་སྐབས་སུ་ཡིན་གྱི་དུས་མིན་དུ་ཉེས་པར་འགྱུར་བས་མི་བྱ། རྟགས་ཐོན་ཀྱང་མ་བརྗེད་ཙམ་རེ་མ་བྱས་ན་དགོས་པའི་སྐབས་སུ་འཕོ་མི་བཏུབ་པས་ཉམས་ལེན་ནར་མར་བྱ། ཧ་ཅང་ཐལ་དྲགས་ན་ཚེ་ལ་གཟན་པས་ཚོད་འཛིན། ལས་ལ་སྦྱོར་དུས་རླུང་བུམ་པ་ཅན་ལ་རང་དབང་ཐོབ་ན་དཀའ་ཚེགས་མེད་ཀྱང་གལ་ཏེ་རྩོལ་བ་ཞན་པས་ལན་གཅིག་གིས་འཕོ་མ་ནུས་ན་ལན་ཁ་ཤས་བསྐྱར་པས་འཕོའོ། །འཕོས་ནས་མར་མི་དབབ་པར་བླ་མ་སྣང་བ་མཐའ་ཡས་དེ་ཉིད་ཐོག་མར་དཔག་ཚད་ཙམ་དང་། དེ་ནས་སྟེང་ཕྱོགས་ཀྱི་ལྷ་གནས་ཐམས་ཅད་ལས་བརྒལ་ཏེ་འོག་མིན་གྱི་ཞིང་ཁམས་སམ། བདེ་བ་ཅན་དུ་གཤེགས་པར་མོས། གཞན་ལ་འདེབས་དུས་རང་ཉིད་ལྷར་གསལ་ཞིང་། ཁྱད་པར་སྔར་སྦྱངས་པའི་སྐབས་ཅི་ལྟ་བར་ཚེ་འདས་ཀྱི་ཕུང་པོར་སྟོང་ར་དབུ་མ་རྣམ་ཤེས་ཀྱི་རྟེན་དང་སྤྱི་བོའི་བླ་མ་བསྒོམས་ནས་གསོལ་འདེབས་བྱས་ལ། ཀ་ཧིཀ྄་ཕཊ་ཅེས་བརྗོད་པས་ཀ་ཞེས་ཚེ་འདས་ཀྱི་སྙིང་གའི་རྣམ་ཤེས་ལ་སེམས་གཏད། ཧིཀ྄་ཅེས་དབུ་མའི་ལམ་ནས་སྣང་མཐའི་ཐུགས་ཀར་བསྟིམ། ཕཊ་ཅེས་པས་བདེ་བ་ཅན་དུ་སྤར་རོ། །དེ་ལྟར་སྐྲ་ནས་འཐེན་ཅིང་རྟགས་མ་ཐོན་བར་གསོལ་འདེབས་དང་རྡོ་རྗེ་ཕྱིར་མི་དབབ་པར་དམིགས་པ་བསྐྱར། མཐར་བསྔོ་སྨོན་བྱ། ཤི་ནས་ཞག་གྲངས་སོང་བ་ལ་ནི་ཕུང་པོར་རྣམ་ཤེས་བཀུག་ནས་འདེབས་པར་བཤད་ཀྱང་ལུས་ལས་རྣམ་ཤེས་ཐོན་ཚར་ནས་འཕོ་བ་བཏབ་པ་དོན་མེད་པས་ངན་སོང་སྦྱོང་ཐབས་གཞན་ལ་འབད་པར་བྱའོ། །རང་ཉིད་ཀྱང་འཆི་ཁར་དངོས་སུ་འཕོ་མ་ནུས་ཀྱང་དམིགས་པ་རྣམས་བསྒོམས་ན་ཕན་ཡོན་ཤིན་ཏུ་ཆེའོ། །དབང་པོ་ཡང་མཐའ་རྫས་ཀྱི་འཕོ་བའང་སྒོ་ཁྱད་པར་ཅན་དུ་རླུང་སེམས་དོན་ནུས་པའོ༔ ཞེས་གསུངས་པས། རྒྱ་འགྲོན་སྦྲུམ་མ་བསྲེགས་ཐལ་དང་། སྦྲང་རྒོད། རྡོ་ཁབ་ལེན། རྒྱ་ཚྭ། ལྕེ་ཚེའི་མེ་ཏོག་སྦྱར་ནས་སྤྱི་བོར་བྱུགས་པ་གཏེར་གཞུང་ལས་གསུངས་ཤིང་། གདམས་ངག་གཞན་ལས། ལྷ་སྔགས་ཀྱི་གཤམ་དུ། ཛྙཱ་ན་ཌཱ་ཀི་ནཱི་བཾ་པྲ་བེ་ཤ་ཡ་ཕཊ། ཅེས་པའི་སྔགས་འདི་རྫས་ལ་བཏབ་ན་ལས་མྱུར་བར་བཤད་དོ། །ཡུན་ནི་དབང་པོ་རབ་ལ་ཞག་གཅིག །འབྲིང་གསུམ། ཐ་མས་བདུན་གྱིས་འབྱོངས་ངེས་ཤིང་། དེས་ཀྱང་མ་འབྱོང་ན། རྩ་བའི་བླ་མ་དང་དམ་ཚིག་འགལ་བ་མ་ཡིན་པའི་ལས་སྒྲིབ་གཞན་བཤགས་སྡོམ་སྟོབས་ཆེན་བྱས་ལ་ཉམས་ལེན་གཉུག་བསྲིངས་པས་དགོས་དོན་འགྲུབ་བོ། །བཞི་པ་གྲོལ་ཚུལ་བཤད་པ་ལ་གསུམ། དབང་པོ་རབ། འབྲིང་། ཐ་མའི་གྲོལ་ཚུལ་ལོ། །དང་པོ་དབང་པོ་རབ་ཚེ་འདིར་གྲོལ་ཏེ་དེའང་རབ་ཀྱི་བྱེ་བྲག་བདུན་གྱི་རིམ་པ་དང་མཐུན་པར་ངོ་སྤྲོད་པའི་སྐད་ཅིག་གསུམ་ནས་འཆི་ཀ་ཚུན་ཉོན་མོངས་པ་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་བཅས་དག་ནས་འཆི་ལུགས་རྣམ་པ་བཞི་གང་ཡང་རུང་བས་གདོད་མའི་དབྱིངས་སུ་བྱང་ཆུབ་པར་འགྱུར་རོ། །གཉིས་པ་དབང་པོ་འབྲིང་གི་བྱེ་བྲག་བདུན་བར་དོར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་གསུམ། ངོ་བོ། དབྱེ་བ། ལམ་ཁྱེར་རོ། །དང་པོ་བར་དོའི་ངོ་བོ་ནི་གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་མ་དག་པ་འཁྲུལ་བའི་བར་དོ་ཡིན། དེ་ཡང་། དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིའོ། །དང་པོ་སྐྱེ་འཆིའམ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་མ་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་ཏེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་ལ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་རྣམས་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བླངས་ནས་སྒྲོ་འདོགས་ཆོད་པར་བྱའོ། །འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བ་བལྟ་བུ་ནི། སྔར་གོམས་པའི་གདམས་པ་རྣམས་རང་ངམ་གཞན་གྱི་རྐྱེན་གྱིས་བློ་ལ་གསལ་ཐེབས་པར་བྱའོ། །སྐབས་འདིར་ཕྱི་དབུགས་ཆད་པའི་དུས་རྡོ་རྗེ་སེམས་དཔའི་གསེང་ལམ་ཞེས་བྱ་བའི་འོད་ཟེར་མིག་ཏུ་ཟུག་པ་ལ་རིག་པ་གཏད་པས་ཡར་གྱི་ཟང་ཐལ་དུ་གྲོལ་བར་གསུངས་སོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིངས་ཚུད་དེ་ཤར་ལུགས་བརྒྱད་ལ། ཐིམ་ལུགས་བརྒྱད་ཀྱིས་གྲོལ་བ་ཀ་དག་གཞོན་ནུ་བུམ་པ་སྐུར་འགྱུར་རོ། །དེ་ལ་མ་གྲོལ་ན། སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི། འཁྲུལ་སྣང་དང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། སྐབས་འདིར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་ཅིང་མཚམས་སྦྱོར་བའོ། །གསུམ་པ་དབང་པོ་ཐ་མའི་བྱེ་བྲག་བདུན་པོ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བ་ནི། ཚེ་འདིར་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམ་ལོང་མ་བྱུང་བས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་ཏེ། སྲིད་པའི་བར་དོ་རྨི་ལམ་གྱི་ཆ་ཙམ་དུ་སྣང་བ་ལས་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་སློབ་དཔོན་པདྨཱ་ཀ་རའི་ཐུགས་རྗེས་རྨི་ལམ་སད་པའི་ཆ་ཙམ་ལ་པདྨ་འོད་དང་། མངོན་པར་དགའ་བ་སོགས་རང་སྣང་དག་པ་རིགས་ལྔའི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པ་རྣམས་སུ་བརྫུས་ཏེ་སྐྱེ་ཞིང་། ཨོ་རྒྱན་རྡོ་རྗེ་འཆང་དང་རིགས་ལྔའི་རྒྱལ་བ་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་གདམས་པ་ནོད་པས་ཉོན་མོངས་པའི་འཆིང་བ་ཀུན་ལས་གྲོལ་ནས། མཐར་ཐུག་སྟེང་གི་ནམ་མཁའ་མི་མཇེད་བརྩེགས་པའི་དུར་ཁྲོད་མེ་རི་འབར་བར་ཁྲོ་བོའི་ཞིང་ཁམས་མཐོང་སྟེ། གདོད་མའི་གཞི་ལ་སྐད་ཅིག་དེ་ཉིད་ལ་གྲོལ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ནས་ནམ་མཁའི་མཐའ་ཀླས་པའི་གདུལ་བྱ་གང་ལ་གང་འདུལ་གྱི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་དཔག་བསམ་གྱི་ཤིང་ལྟར་ལྷུན་གྱིས་གྲུབ་ལ། ཡིད་བཞིན་གྱི་ནོར་བུ་ལྟར་རྟོག་མེད་རྒྱུན་མི་ཆད་པའི་ཐུགས་རྗེ་འབྱུང་བར་འགྱུར་རོ། །ལྔ་པ་ཁྲིད་ཀྱི་དབྱེ་བསྡུ་བཤད་པ་ནི། ཤེས་རབ་མོས་གུས་བརྩོན་འགྲུས་གསུམ་དང་ལྡན་པའི་སྐྱེས་བུ་ཆོས་འདིའི་ལམ་སྲོལ་རྐང་ཚུགས་པར་འདོད་པ་དག་ལ། སྔོན་འགྲོ་ཐུན་མོང་དང་ཐུན་མིན་རྟགས་ཐོན། བསྐྱེད་རིམ་ཕྱི་ནང་གསང་བ་ཡང་གསང་དེ་བཞིན་ཉིད་སྒྲུབ་ལས་མཐའ་རྒྱས་དང་བཅས་པ་ལ་དུས་རྟགས་གྲངས་ཀྱི་བསྙེན་པ་སྔོན་དུ་སོང་ནས། ཐབས་ལམ་གཏུམ་མོའི་རྣལ་འབྱོར་གྱིས་རླུང་སེམས་རང་དབང་ཐོབ་པར་བྱས་ནས། གཟོད་རྫོགས་ཆེན་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྟགས་ཐོན་དུ་སྦྱངས་ནས་ཁྲེགས་ཆོད་ཀྱིས་རིག་པའི་ངོ་བོ་རྗེན་པར་མཐོང་བ་དང་། ཐོད་རྒལ་ལ་རྩེ་གཅིག་ཏུ་དྲིལ་ཏེ་དེའང་འགྲུབ་ཏུ་རུང་ན་གཙོ་བོར་མུན་པའི་རྣལ་འབྱོར་ལ་བརྩོན། ཞར་བྱུང་རྣ་བའི་སྒྲ་སྦྱོང་བླ་མ་དགོངས་འདུས་སོགས་རྫོགས་ཆེན་གཞན་ལས་འབྱུང་བའང་སྦྱར། དབྱིངས་སྣང་སྨིན་མཚམས་ལས་དྲལ་ཅིང་ཉིན་མཚན་ཁྱད་མེད་དུ་གྱུར་པའི་ཚེ་སྣང་མུན་སོགས་ལ་ཆེད་དུ་མི་ལྟོས་པར་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་དེ་འཕོ་བ་ཆེན་པོའི་སྐུ་བསྒྲུབ་པར་བྱའོ། །དད་པ་ཡོད་ལ་ཤེར་བརྩོན་དམན་པ་དག་གིས་ལམ་རིམ་དུམ་བུ་བ་ཉམས་སུ་ལེན་ན། དེའང་བསྐྱེད་རིམ་ཁོ་ནར་མོས་ན་བསྙེན་སྒྲུབ་ཀྱི་རིམ་པ་ཁོ་བོས་བྱས་པའི་བསྙེན་ཡིག་པདྨའི་ཞལ་ལུང་ལྟར་བྱ། གཏུམ་མོ་བསྒོམ་པར་འདོད་ན་སྔོན་འགྲོ་དང་བསྐྱེད་རིམ་རྒྱས་བསྡུས་གང་རུང་སྔོན་དུ་སོང་ནས་གཏུམ་མོ་བདེ་དྲོད་འོད་འབར་ལ་འཇུག །རྫོགས་ཆེན་ཁོ་ན་བསྒོམ་པར་འདོད་ན་སྔོན་འགྲོ་བཞི་སྐོར་གྲངས་ཐེམས་དང་། བསྐྱེད་བཟླས་གང་འགྲུབ་སྔོན་དུ་བཏང་ནས་རྫོགས་ཆེན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རུ་ཤན་དབྱེ་བ་སོགས་ལེགས་པར་བཏང་ནས་ཁྲེགས་ཆོད་དང་ཐོད་རྒལ་གྱི་གདམས་པ་སྟོན། བློ་ནུས་ཆེར་དམན་པས་དེ་ཙམ་ཡང་མི་ནུས་ན། སྔོན་འགྲོ་རྒྱས་པ་བཞག་ལ་ནང་གི་རུ་ཤན་དབྱེ་བ། རིགས་དྲུག་གནས་སྦྱོང་གི་དམིགས་བཟླས་རྟགས་ཐོན་བྱར་གཞུག་ལ་དངོས་གཞིའི་ཁྲིད་འཆད་དོ། །གཞུང་འདི་ཤིན་ཏུ་བསྡུས་པའི་དབང་གིས་རྩ་ཐོ་ཙམ་ལས་མ་གསུངས་པར་རྫོགས་ཆེན་གཞན་དུ་ཁ་འཕངས་པར་མཛད་པ་དང་། དོམ་ཚང་གཏེར་བྱོན་ཆོས་འདིའི་ཆ་ལག་རྫོགས་ཆེན་ཁྲིད་གཞུང་མ་གཟིགས་པ་སོགས་ཀྱིས་ཁ་ཅིག་གིས་ཐུན་མིན་སྔོན་འགྲོ་གལ་ཆུང་དུ་བཞག་པ་དང་། ཁྲེགས་ཆོད་ཀྱི་ཁྲིད་ཞི་ལྷག་ཐུན་མོང་བ་དང་བསྟུན་པ་སོགས་སྣང་ཡང་། རྫོགས་པ་ཆེན་པོའི་ལམ་ནས་ཕུང་པོ་འོད་ལུས་སུ་དེངས་པའི་གནད་ནི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་རིམ་པ་རྣམས་ལ་ཡོད་ཅིང་། བསྐྱེད་རིམ་དང་གཏུམ་མོ་སོགས་ནི་དབང་བཞིའི་ལམ་རིམ་ཆ་ཚང་བའི་རྐང་བསྒྲིགས་པ་ཡིན་གྱི་རྫོགས་ཆེན་བསྒོམ་པ་ལ་མེད་ཀ་མེད་ཀྱི་གོ་རིམ་ཁྲིགས་ཆགས་མིན་པ་གོ་བར་གྱིས་ཤིག །ཁྲིད་ཀྱི་མཇུག་སྡུད་པའང་། སྐལ་པ་དང་ལྡན་པ་ལ་རྩ་གསུམ་ཆོས་སྲུང་དཔང་དུ་བཀོད་དེ་གཏད་རྒྱ་བྱ་བ་དང་། དེས་ཀྱང་རབ་ཚེ་གཅིག །མ་མཐས་ལོ་ཟླས་མཐའ་བརྟེན་པའི་ཉམས་ལེན་དམ་བཅའ་བྱ་བ་དང་། དེ་ལྟར་སྐྱེ་བ་ཀུན་ཏུ་མཚན་ཙམ་ཐོས་པར་དཀའ་བ་ཐེག་དགུའི་རྩེ་རྒྱལ་ཨ་ཏི་གསང་བ་བླ་མེད་ཀྱི་ཁྲིད་གྲོལ་བ་བཞི་ལྡན་འཆད་ཅིང་ཉན་པའི་དགེ་བའང་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལས་གདོད་མའི་སངས་རྒྱས་འོད་མི་འགྱུར་བ་མཚོ་སྐྱེས་རྡོ་རྗེའི་གོ་འཕང་ཚེ་གཅིག་གིས་མངོན་དུ་བྱེད་པའི་རྒྱུར་བསྔོ་བར་བྱའོ། །དེ་དག་གིས་ཁྲིད་ཀྱི་མཇུག་དོན་རྒྱས་པར་བཤད་ཟིན་ཏོ།། །།དེ་ལྟར་བླ་སྒྲུབ་ཀུན་གྱི་ཡང་སྙིང་རྫོགས་ཆེན་དཀོན་མཆོག་སྤྱི་འདུས་ཀྱི་བསྐྱེད་རྫོགས་ཁྲིད་ཚུལ་སྔར་དུས་ཤིན་ཏུ་དར་རྒྱས་སུ་བྱུང་ཡོད་འདུག་ཀྱང་། དེང་སང་དུས་ཀྱི་དབང་གིས་དབང་དང་གཏེར་གཞུང་གི་བཀླག་ལུང་ཙམ་ལས་སྨིན་ཁྲིད་ཀྱི་རྒྱུན་དཀོན་པར་གྱུར་ཅིང་། དེ་ལས་ཀྱང་བསྐྱེད་རིམ་ལྷ་ཁྲིད་རྗེ་རིག་པ་འཛིན་པའི་ཡིག་ཆ་ལས་ཁྲིད་ལུང་གི་རྒྱུན་ཙམ་འདུག་མོད། རྫོགས་རིམ་གྱི་ཁྲིད་ཚུལ་ངེས་འདྲོངས་དཀོན་པར་མ་ཟད། འདི་ཉིད་གཞུང་ཆུང་བས་གྲ་གཤོག་པའི་འཆད་ཉན་དུ་མི་འགྱུར་བའི་སྟབས་དོན་གཉེར་མཁན་ཡང་དཀོན་པར་སྣང་བ་དང་། ལྷག་པར་རྗེ་རིག་པ་འཛིན་པའི་ཁྲིད་ཡིག་ལེ་ཚན་གཉིས་པོ་ཁྱད་པར་དུ་འཕགས་ཀྱང་། རྫོགས་རིམ་ཡིག་ཆ་དགོངས་པ་ལམ་ལུས་སུ་གྱུར་པ་མ་ཟད། ཕྱིས་སུ་རྗེ་བླ་མས་མཛད་པར་གྲགས་པ་འདིའང་གཞན་ངོར་དང་གཞན་མཐུ་ལ་བརྟེན་པའི་དགོངས་གཞི་དང་དགོས་པའི་དབང་གིས། རྗེ་ཉིད་ཀྱི་རང་བཞེད་མཐིལ་ཕྱིན་པ་མ་ཡིན་པར་རྟོགས་པའི་སྐྱེས་ཆེན་འགའ་ཞིག་གིས་ཡིག་ཆ་གསར་དུ་བསྐྲུན་པར་ཡང་ནས་ཡང་དུ་བསྐུལ་བ་ལས། ཁོ་བོས་ཆོས་འདིར་ཐོས་བསམ་སྒོམ་པ་མཁོས་ལྕོགས་བགྱིས་ཤིང་དབང་ལུང་གི་རྒྱུན་ཁྱད་པར་འཕགས་པའང་འགའ་ནོས། ལྷག་པར་རྫོགས་རིམ་ཡོངས་རྫོགས་ཀྱི་ཁྲིད་ཡིག་ཡེ་ཤེས་རྒྱ་མཚོ་ཀུན་ཁྱབ་ཀྱིས་མཛད་པའི་སྟེང་ནས་ནོས་པའི་བརྒྱུད་པ་ནི། རིག་འཛིན་ཚེ་དབང་ནོར་བུ། རྟ་ནག་པ་པདྨ་འོད་གསལ། དཔའ་བོ་གཙུག་ལག་དགའ་བ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཀརྨ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ཀརྨ་རཏྣ། མཆོག་གཟིགས་ནཱ་ཐའི་མཚན་ཅན། རྗེ་བླ་མ་འོད་གསལ་འགྱུར་མེད་ཀྱིས་བཀའ་དྲིན་དུ་བསྩལ། སྔོན་འགྲོ་བསྐྱེད་རིམ་རྫོགས་ཆེན་ཁྲེགས་ཐོད་ཀྱི་ལམ་ཚང་བའི་ཁྲིད་ཡིག་མན་ངག་གསལ་སྒྲོན་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ་ལས་ནོས་པའི་བརྒྱུད་པ་ནི། འཇའ་ཚོན་སྙིང་པོ། ཁྲག་འཐུང་ནམ་མཁའ་འཇིགས་མེད། གསང་བདག་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། ལྷ་བཙུན་འཇིགས་མེད་དཔའ་བོ། རྗེ་བཙུན་མི་འགྱུར་དཔལ་སྒྲོན། མཁན་ཆེན་ཨཽ་ཌཱི་ཡ་ན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་མཉྫུ་གྷོ་ཥའི་ཞལ་སྔ་ནས་ཐུགས་རྗེས་གཟིགས་ཏེ་བསྩལ་པ་དང་། ལྷག་པར་ཆོས་འདིའི་རྫོགས་རིམ་གྱི་ཁྲིད་གཞུང་སྙིང་ཐིག་ཆོས་དབྱིངས་རང་གསལ་དུས་རྟགས་མ་འགྲིགས་པས་སྤེལ་བར་མ་གནང་ཡང་། དེའི་སྙིང་པོ་ལྟ་བུ་ཁྲེགས་ཐོད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་ཡིག་གསལ་ལ་ཚང་བ་མོན་སྟག་སྒྲོ་དོམ་ཚང་ཤེལ་གྱི་ཕུག་པ་ནས་གསང་གཏེར་དུ་བཞེས་ཏེ་བཀའ་བབ་བསྟན་པ་དར་རྒྱས་ལ་གནང་བ་ཉིད་རིམ་པར་བརྒྱུད་དེ། དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་བློ་གྲོས་ལས་ལུང་ཁྲིད་ཀྱི་ཚུལ་དུ་ཐོས་པའི་ཡི་གེ་དེ་དག་གི་དགོངས་དོན་རྩ་བར་བཟུང་། རྟ་ནག་པ་པདྨ་འོད་གསལ་གྱི་ཟིན་བྲིས་ཡིན་ནམ་སྙམ། གང་ལྟར་རིག་འཛིན་ཆེན་པོའི་ཞལ་སློབ་རྫོགས་པ་ཆེན་པོ་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་གིས་མཛད་པར་ངེས་པའི་དཀོན་མཆོག་སྤྱི་འདུས་ཀྱི་རྫོགས་ཁྲིད་གཤམ་མ་ཚང་བའི་དཔེ་ཞིག་འབྱོར་པ་དང་ཡང་སྒོ་བསྟུན་ནས། ཡིག་ཚོགས་ལ་མ་འཛེམ་པར་འདུས་གསལ་གྱི་ཚུལ་དུ་བྲིས་པའོ། །ཉི་ཟླ་བྱེ་བ་ཕྲག་བརྒྱའི་འོག་རོལ་ན། །རྡུལ་སྙེད་སྐྱེ་བས་རིན་ཐང་མེད་པའི་ནོར། །བཙལ་བའི་རིན་དུ་མི་ཁུག་ཐེག་དགུའི་རྩེ། །གདོད་མའི་མགོན་པོའི་བསྟན་པ་འདི་རྨད་དོ། །ཡང་ཏིའི་མཁའ་འདིར་གསང་བ་འཛིན་རྣམས་ཀྱང་། །བློ་གྲོས་གཉིས་སྐྱེས་བཞིན་དུ་རྩལ་ཆུང་ན། །བྱིས་པ་སྦྲང་བུ་ལས་ཀྱང་ཉམ་ཆུང་བས། །དཔྱོད་ཉེས་གང་མཆིས་སྲས་བཅས་རྒྱལ་ལ་བཤགས། །དཀར་པོ་རྣམ་པར་འཕེལ་བ་ཕྲ་མོའི་ཆས། །ཆོས་འདིའི་སྣང་བ་ཞིང་ཀུན་ཁྱབ་པ་དང་། །དེས་ཀྱང་གདོད་མའི་གྲོལ་སར་སྐྱེ་བོ་ཀུན། །རང་གྲོལ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །ཅེས་པ་འདིའང་རང་སློབ་ཤེས་བྱ་ལ་བློ་ཡངས་ཤིང་དད་དམ་ལྷག་བསམ་གསེར་བཟང་གི་རང་བཞིན་མི་འགྱུར་བ་ཀརྨ་འགྱུར་མེད་ནས་ཐུགས་རྗེ་ཆེན་པོའི་ཞལ་ཐང་སྤུས་ལེགས་དང་སྒྲུབ་པའི་མཎྜལ་བཅས་ནན་ཏན་ཆེན་པོས་བསྐུལ་ཞིང་ཡི་གེའི་མཐུན་རྐྱེན་སྦྱར་བ་་་དང། ཆོས་འདིར་མོས་པའི་ལས་འཕྲོ་ཅན་པདྨ་རྣམ་རྒྱལ་སོགས་དོན་གཉེར་གཞན་གྱིས་ཀྱང་སྔ་རྗེས་བསྐུལ་བའི་ངག་མི་གཅོག་པའི་སླད་དུ། པདྨའི་ཞལ་ཚབ་པདྨ་དབང་ཆེན་སོགས་རྡོ་རྗེ་འཛིན་པ་རྣམས་ཀྱི་འབངས་སུ་གྱུར་པའི་རྒྱལ་ཁམས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་སྒྲུབ་ཁང་ཆེན་མོར་བྲིས་པ་དགེ་ལེགས་འཕེལ།། །།

དབྱུག་གུ་ལྷ་མོ་གསུམ་གྱི་གདམས་པ་གུད་སྦས་ཁྱད་པར་ཅན་ཤིན་ཏུ་ཡང་ཟབ་བཞུགས་པའི་དབུ་ (Volume 51, Text 25)

༄༅། །དབྱུག་གུ་ལྷ་མོ་གསུམ་གྱི་གདམས་པ་གུད་སྦས་ཁྱད་པར་ཅན་ཤིན་ཏུ་ཡང་ཟབ་བཞུགས་པའི་དབུའོ། ། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དབང་གི་ལྷ་མོ་གསུམ་གྱི་ཙཀྲའི་ལག་ལེན་གུད་སྦས་ཨུ་པ་དྷེ་ཤ་བསྟན་པ་ནི། བླ་མ་དང་མཁའ་འགྲོ་མས་བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ། འདི་ལ་དང་པོ་གོང་བསྙེན་སྔོན་དུ་འགྲོ་བ་སྐུ་རྟེན་དང་འབྲེལ་བ། བར་དུ་སྒྲུབ་པའི་ཐ་སྙད་ཙཀྲ་ལ་བརྟེན་པ། ཐ་མ་ལས་སྦྱོར་དངོས་གྲུབ་གང་འདོད་ཁ་སྒྱུར། རྒྱུན་གྱི་མན་ངག་སོགས་གོ་རིམ་ཚུལ་བཞིན་བྱེད་པ་ལག་ལེན་ཞལ་རྒྱུན་ལྟར་ལ། དེ་དག་ལ་སྔོན་དུ་མེད་ཐབས་མེད་པའི་གེགས་སེལ་ནི། གེགས་སེལ་ལ་གནོད་སྦྱིན་མོ་མི་ལུས་སྤྱང་མགོ་ཅན་རྐང་པ་ལྕགས་སྒྲོག་གིས་བསྡམས་པ། ལག་མགོ་གཉིས་པུས་མོའི་ཐད་ཀར་སླེབ་པ། གྲུ་མོ་གཉིས་དང་རྐང་པ་ལྕགས་སྒྲོག་གིས་བསྡམས་ཤིང་། ཡན་ལག་བཞིར་ཛཿཧཱུྃ་བཾ་ཧོཿ ནུ་མའི་བར་ཛ་ཏྲི་དང་། ནུ་གཡོན་བར་དུ་<!TCC Tibetan character 4,146 undefined in unicode!>ཿ ཕོ་བར་མཱ་ར་ཡ། ལྟེ་བར་རྦད། པུས་མོ་གཉིས་ལ་བྲང་བརྡུང་དང་། གཟུགས་ཀྱི་མགོ་བོའི་ཐད་ནས་གཡོན་སྐོར་དུ། ཡི་གེ་དབུ་ཆུང་ཚག་སྤང་གི །སརྦ་ན་ཏྲི་ནི་ཧཱུྃ་ཛཿ ཤ་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ཎི་ཏྲི་ནི་ཧཱུྃ་ཛཿཛཿ གནོད་སྦྱིན་སྤྱང་མོའི་མགོ་ཅན་སཏྭཾ་བྷ་ཡ་ནན། ལཾ་ནན། ཧཱུྃ་ནན། མཱ་ར་ཡ་ནན། གནོད་སྦྱིན་མོ་ནོར་ལ་འབྲང་བའི་ལུས་ངག་ཡིད་གསུམ་གྱི་གདུག་རྩུབ་མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ཡིག་མགོ་ནང་བསྟན་དུ་བྲི། མེ་ཆུ་རླུང་གསུམ་གྱིས་དྲི་མ་ཕྱུངས་ནས་ཧོམ་ཁུང་དུ་བཅུག་ནས་མདུན་དུ་བཞག །རང་ཡི་དམ་ཕྱག་རྡོར་གྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་དག་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པའི་སྟོབས་ཀྱིས། ནོར་ལྷ་ཀུན་འཁྱིལ་མ་སྒྲུབ་པ་ལ་བར་དུ་གཅོད་ཅིང་རྗེས་སུ་འབྲང་བ་དང་། འཁུ་ལྡོག་བྱེད་པའི་གནོད་སྦྱིན་སྤྱང་མགོ་ཅན་བསེ་རག་སྒབ་འདྲེ་དམ་སྲི་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བརྒྱ་ཚར་འགའ་ཞིག་གསོག་པའི་མཐར་གཟུགས་དེ་ཉིད་སྐེ་མཚམས་ནས་མར་བཅག །རྐང་འོག་ནས་ཡར་བཅག །རྐེད་པ་ནས་བལྟེབས་ཏེ་ཤོག་གུའི་མཐའ་གཉིས་ཀ་ནང་དུ་བཅུག་ལ་ཆག་པའི་ཕྱི་ནས་སྐུད་པ་སྔོ་དམར་གྱིས་རྒྱ་གྲམ་དུ་བཅིང་། ཞི་བ་བྱེད་ན་དམར་པོ་ནང་ན་བྱེད་དེ་འཕྲེད་ལ་བསྡམ། དེའི་ཕྱི་སྔོན་པོས་དཀྱུས་ནས་བསྡམ། དྲག་པོ་བྱེད་ན་དེ་ལས་གོ་ལྡོག་སྟེ་སྔོན་པོ་ནང་དམར་པོས་ཕྱི་ནས་བསྡམ། སླར་ཡང་འགུག་གཞུག་དང་སྔགས་བརྒྱ་ཙམ་བཟླས་ལ་རང་གི་མལ་འོག་གམ་སྐུ་རྟེན་གྱི་འོག་ཏུ་མནན། ཤིན་ཏུ་ལས་མྱུར་བར་འདོད་ན་མཆོད་རྟེན་ནག་པོའི་ཞབས་སུ་མནན་ཞེས་པ་སཱཙྪ་ནག་པོའི་ཞབས་སུ་མནན། དོང་དུ་བཅུག་ལ་གྲོག་མོ་མགོ་ཟླུམ་དུ་སྦ། འདི་ལྟ་བུ་སྒྲུབ་པའི་གེགས་སེལ་སུ་ཡིས་བྱས་པ་དེ་ཡི་སློབ་བརྒྱུད་བདུན་ཚུན་ཆད་མནན་པ་མ་བྱས་ཀྱང་མི་གནོད་གསུངས་སོ།། ༈ །།གུད་སྦས་ཙཀྲ་ཆེན་མོ་བྲི་བ་ནི། རྒྱ་ཤོག་ལ་གཟའ་སྐར་ཚེས་གྲངས་བཟང་པོར་རང་ཉིད་སྐྱབས་སེམས་དང་ལྡན་པས་མཚལ་གྱིས་འཁོར་ལོ་རྩིབས་བཞི། ལྟེ་བ་དང་རྩིབས་ཀྱི་རྩ་བ་དང་རྩེ་མཐའ་བཅས་ལ་མུ་ཁྱུད་རེ་ཡོད་པ་བྲིས་ལ། ལྟེ་བར་གང་དམིགས་པའི་མིང་བྲིས་པའི་མཐར་རུས་རྒྱུད་དང་བཅས་པ་དབང་དུ་སྡུས་ཤིག་ཅེས་པ་བྲི་གསུངས་པ་ཙམ་ལས་གཞུང་རང་དུ་མི་སྣང་ཡང་། འཁོར་ལོའི་ལག་ལེན་ཚད་ཐུབ་འགའ་ལས། ལྟེ་དབུས་སུ་ཐད་ཀར་བྲི་བས། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་བཙུན་མོ་འབངས་བྲན་བླ་མ་དགེ་འདུན་ཆེ་བཙན་དྲག་རྩལ་སྟོབས་འབྱོར་ཅན་རྣམས་དང་ཟས་ནོར་ལོངས་སྤྱོད་མཁོ་དགུའི་འབྱོར་པ་གསེར་དངུལ་གཡུ་བྱི་རུ་མུ་ཏིག་སྤོས་ཤེལ་དར་གོས་ཆེན་རས་སྣམ་བུ་ཐེར་ཕྲུག་ཤ་ཐུད་ཇ་མར་ནས་གྲོ་འབྲས་སྲན་མ་ཀ་ར་བུ་རམ་སྟར་ག་ཀུ་ཤུ་རྒུན་སྦྲང་རྟ་དྲིལ་མཛོ་ཕོ་མོ་གཡག་ར་ལུག་གོ་མཚོན་སྲིད་པ་གསུམ་གྱི་མངའ་ཐང་ཁ་ཟས་ལོངས་སྤྱོད་ཡིད་ལ་གང་བསམ་པ་དང་ཁྱད་པར་ཆེ་གེ་རུས་རྒྱུད་དང་བཅས་པ་བདག་གི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཧོཿ ཞེས་པ་ལྟ་བུའོ། །ལྟེ་མཐའ་དང་རྩིབས་ཀྱི་རྩ་བའི་མུ་ཁྱུད་ལ་དབུ་ཕྱོགས་ནས་གཟུང་གཡས་སྐོར་དུ། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་སྡུས་ཤིག །ཅེས་དང་། ཁྱད་པར་གང་དམིགས་པའི་མིང་རུས་རྒྱུད་དང་བཅས་པ་དབང་དུ་སྡུས་ཤིག །ཅེས་པ་བྲི་གསུངས་པས་དཔེར་ན། འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་རིན་ཆེན་རྐང་བཞི་དར་གོས་མཆོད་ཆ་རྟེན་གསུམ་གྲྭ་སློབ་ཡིད་ལ་བསམ་པ་ཐམས་ཅད་དབང་དུ་སྡུས་ཤིག །ལྟ་བུའོ། །ཡི་གེའི་དབུ་ཕྱོགས་ཀྱི་རྩིབས་དང་པོ་ལ། ཨོཾ་དང་། དེའི་འོག་ཏུ། ཨཾ་པ་ཀཾ་ གཡོན་སྐོར་གྱིས་རྩིབས་གཉིས་པ་ལ་ པ་དང་། དེའི་འོག་ཏུ་ཞི་པ་ཨ། རྩིབས་གསུམ་པ་ལ་ ཨོཾ་དང་། དེའི་འོག་ཏུ་མ་སེ་ལ། རྩིབས་བཞི་པ་ལ། དུམ་དང་། དེའི་འོག་ཏུ། པ་ཞི་སྭཱ་ཧཱ། ཞེས་པ་བྲི། རྩིབས་ཀྱི་རྩེ་ཡི་མུ་ཁྱུད་ལ། ཙཀྲ་ཤ་ནི་ཙཀྲ་ཤ་ནི། ཀྲོ་ཤ་ནི་ཀྲོ་ཤ་ནི། དྷི་རི་དྷི་རི་སྭཱ་ཧཱ། ཞེས་པ་དང་། དེའི་མཇུག་ཏུ་གང་དམིགས་པའི་རུས་རྒྱུད་དང་བཅས་པ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་སྡུས་ཤིག །ཅེས་པ་བྲི་ཞིང་བྲི་བའི་རྫས་མཚལ་ཁོ་ནས་བྱ་ཞིང་ལྷག་ཆད་བྲིས་སུབ་མེད་པར་བྱ། ཙཀྲ་བྲི་གྲུབ་ནས་སླར་ཡང་སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་དང་། རྟེན་སྙིང་གིས་ནས་ལ་བསྔགས་ཏེ་ཙཀྲ་ལ་གཏོར། རབ་གནས་སྔགས་བརྗོད་ཅིང་བཀྲ་ཤིས་འདོད་གསོལ་རྒྱས་པར་བྱ་བ་གལ་ཆེ།། ༈ །།ཡང་ཙཀྲའི་ཕྱག་བཞེས་མི་འདྲ་བའི་ཁྱད་ཆོས་སྲོག་འཁོར་ནི། དར་རམ་ཤོག་བུ་ལ་མཚལ་དང་། གྷི་ཝང་། གུར་གུམ། ཙནྡན་དམར་པོ། སིནྡྷུ་ར། པདྨ་རཀྟ། མ་རྙེད་ན་བུ་མོ་གཙང་མའི་མངལ་ཁྲག་གིས་རུང་ཞིང་། དུར་ཁྲོད་ཀྱི་རུས་ཕྱེ་བརྡར་ནས་རྒྱ་སྣག་དང་སྦྱར་བས། འཁོར་ལོ་མུ་ཁྱུད་བཞི་པའི་ལྟེ་བར་སྒྲུབ་བྱའི་མིང་རུས་ཀྱི་མཐར། པཱ་ཤཾ་ཀུ་རུ་ཧོཿ ཞེས་སམ། ཡང་ན། ཨ་རྣྲྀ་ཏྲིཿ བརྩེགས་པའི་མཐར། ལྷ་འདྲེ་མི་གསུམ་སོགས་འདོད་གསོལ་གང་དམིགས་པ་ཤཾ་ཀུ་རུའི་མཐའ་ཅན་གྱིས་བསྐོར་ནས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཨི་ལིང་ཀི་པི་ལིང་ཀི་སོགས་སྔགས་གསུམ་བྲི། རྩིབས་བཞི་ལ། སྟེང་།་་་ཤར་དུ། ཨོཾ་ཨ་བྷེ་ཤེ་པ་ལ། གཡས་རྩིབས།་་་བྱང་དུ། ཨོཾ་མས་དུ་པ་སྭཱ་ཧཱ། འོག།་་་ནུབ་ཏུ། ཨོཾ་ཨཾ་བྷ་ཀཾ་བྷ་ཤི་པ་ལ། གཡོན།་་་ལྷོར། ཨོཾ་མ་སེ་ལ་དུམ་པ་ཤི་སྭཱ་ཧཱ། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ། དེ་རྒྱབ་རྡོ་རྗེའི་ར་བ། དེ་རྒྱབ་མེ་རིས་བསྐོར། ཚོན་གྱིས་མཛེས་པར་བྱས་ལ་བསང་སྦྱང་། སྟོང་པའི་ངང་ལས་ཙཀྲ་ལྷ་མོ་གསུམ་སྔར་བཞིན་བསྐྱེད་བསྟིམ་བཟླས་པ་དང་བཅས་ཞག་གསུམ་མམ་བདུན་བྱས་ལ། ཐུན་མཚམས་སུ་ལྷ་འོད་དུ་ཞུ་བའི་འཁོར་ལོའི་ལྟེ་བ་མ་ཉམས་པར་བལྟེབས་ལ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། དར་སྣས་དྲིལ་ལ་རང་གི་ཐོང་ཀ་གཡས་སུ་ཚེམ་མོ། །ཕན་ཡོན་ནི་སྔ་མ་ལྟར་རོ།། ༈ །།བྱི་བ་ལ་བསྟེན་པའི་ལས་ཚོགས་ནི་མི་འདྲ་བའི་ཕྱག་བཞེས་ཟབ་ཁྱད་ཅན་གཅིག་ལ། མན་ངག་དང་ལྡན་པའི་པགས་པ་་་རི་དྭགས་རྒྱའི་པགས།ལ་བྱི་དོར་བྱས་ནས་ལྟོ་བ་ཡངས་པར་བྱི་བ་ཁ་སྤྲོད་ཁ་ནས་ནོར་བུ་རིན་པོ་ཆེ་སྐྱུགས་པ་སྦར་འོག་ཏུ་འཁྱིལ་བ་བྲིས་པའི་མཐའ་མ། གདོང་པ་ནས་ཨོཾ་སྭ་ཏི་སྒོ་རུ་སོགས་འོག་ནས་འབྱུང་བ་ལྟར་གྱི་སྔགས་དང་འདོད་གསོལ། ནོར་བདག་གསེར་གྱི་བྱི་བ་ཕོ་མོས་བདག་འཆང་བ་པོ་ལ་གསེར་དངུལ་དར་གོས་རས་སྣམ་བུ་ཇ་མར་ཤ་ཐུད་ཀ་ར་བུ་རམ་ནས་འབྲས་གྲོ་སྲན་རྟ་དྲེལ་རྒོད་མ་མཛོ་ཕོ་མོ་འབྲི་གཡག་ར་ལུག་ཞིང་ཁང་ཁྲབ་རྨོག་མཚོན་ཆ་རྟེན་གསུམ་སོགས་མཁོ་དགུའི་འབྱོར་པ་ཁ་ཟས་ལོངས་སྤྱོད་ཡིད་ལ་བསམ་པ་ཐམས་ཅད་ཀྱི་དངོས་གྲུབ་མྱུར་དུ་སྩོལ་ཅིག །ཅེས་པ་དང་། མུ་ཁྱུད་དང་པོ་ལ་སྔགས་གསུམ་འདོད་གསོལ་དང་བཅས་པ། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་བྲི། ལྷ་མོར་བསྐྱེད་བསྟིམ་རབ་གནས་བྱས་ནས་ལུས་ལ་བཅང་ངམ། ཡང་ན་བྱི་བ་སེར་པོ་དར་གྱིས་དྲིལ། གོས་ཀྱི་གོང་བ་དང་གསེར་གྱི་སྣོད་ཁར་བཏགས། ནས་འཕེལ་བར་འདོད་ན་བྱི་བ་ཁྲ་བོ་དར་ཁྲས་དྲིལ་འབྲུའི་གསེབ་ལ་སྦས། མར་འཕེལ་བར་བྱི་བ་དཀར་པོ་དར་དཀར་གྱིས་དྲིལ་ལ་མར་སྒྲོམ་ཁ་ལ་བཏགས། ཤ་ལ་དམར་པོ་དར་དམར་གྱིས་གཏུམ་ཤ་མཛོད་དམ་ཤའི་གསེབ་ཏུ་བཞག །ཆང་འདོད་ན་བྱི་བ་ལྗང་སེར་དར་ལྗང་དྲིལ་ནས་ཆང་ཁང་དུ་བཏགས། ཇ་འཕེལ་བར་འདོད་ན་བྱི་བ་ནག་པོ་དར་ནག་གིས་དྲིལ་ཇ་མཛོད་དམ་ཇ་ཁུག་ལ་བཏགས། མི་དང་གོ་ཆ་འཕེལ་བ་ལ་བྱི་བ་སྔོན་པོ་དར་སྔོན་གྱིས་དྲིལ་ལ་མི་དང་གོ་ཆ་ལ་བཏགས། ཕྱུགས་ལ་བྱི་བ་ནག་པོ་དར་ནག་གིས་དྲིལ་ལ་ལུས་བཅང་ངམ་ཕྱུགས་ལྷས་སུ་སྦས་ཤིང་ཙཀྲ་དང་མཉམ་དུ་ལྷ་མོ་མཆེད་གསུམ་ནག་པོ་དགྲ་སཏྭ་དང་གཡོན་ཐོད་པ་བསྣམས་པ་བྲིས་ནས་ཙཀྲ་དང་ལྷན་ཅིག་དྲིལ་བར་གསུངས་སོ། །སྤྱིར་བང་མཛོད་དུ་སྦ་བ་ལ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ། རིན་ཆེན་ལྔ། དར་སྣ་ལྔ། ས་སྣ་ཆུ་སྣ་བླ་མ་བཟང་པོའི་ཕྱག་ནས་དང་། རྒྱལ་པོ་མི་ཆེན་ཕྱུག་པོ་གཡང་ཅན་གྱི་ལག་ནས་བྱུང་བའི་ནོར་རྫས་འབྲུ་སྣ་ཚོགས་ཀྱིས་བཀང་བའི་ཟ་མ་ཏོག་གམ། ཟངས་གསེར་དངུལ་སོགས་ཀྱི་གྭའུ་གྲུ་བཞི་པར་གཞུག །མིས་མི་མཐོང་བར་མཆོད་ཅིང། ཟས་ནོར་གང་བྱུང་གི་ཕུད་ཀྱིས་མཆོད། སྔགས་བཟླས་པས་འགྲུབ་པར་འགྱུར་རོ། །དམིགས་པའི་ཟབ་ཁྱད་སོགས་ཞལ་ལས་ཤེས་ཤིང་། ཟས་ནོར་གཞན་ལ་སྟེར་ཚེ་ལྷ་མོ་ལ་གནང་བ་ཞུས་ཏེ་བྱིན་པ་བླ་མ་དམ་པའི་མན་ངག་གོ། ༈ །།བླ་རྡོ་ཡང་ཟབ་ལྷ་མོ་ལུས་དང་གྲིབ་མ་ལྟར་འགྲོགས་པའི་གདམས་པ་ནི། གོང་གི་རྫས་ཀྱིས་ལྷ་མོའི་སྔགས་རྒྱ་ཤོག་ལྷ་ཡི་མདོག་མཚུངས་སོ་སོ་ལ་བྲིས་པ་འགྲོན་བུ་བུ་མ་གསུམ་གྱི་སྲུབས་སུ། མུ་ཏིག་གསུམ་གསུམ། བྱེ་རུ་གསུམ་དང་བཅས་སོ་སོར་སྔགས་ཀྱིས་དྲིལ་སྐུད་པས་བཅིངས། མི་གྲིར་ཤི་བའི་པགས་པས་གཏུམ། ཟ་འོག་གི་ཁུག་མར་བཅུག །བསང་སྦྱང་བསྐྱེད་བསྟིམ་བཟླས་པ་རབ་གནས་བྱས་ལ། སྒྲུབ་པའི་རྟེན་དུ་བཞག །ལྷ་མོ་འགུགས་གཞུག་བསྟིམ་པ་ཡང་ཡང་ནན་ཏན་བགྱིས་པའི་མཐར་འོད་དུ་ཞུ་བླ་རྡོ་ལ་བསྟིམས། རབ་ཏུ་གནས་ཤིང་མཆན་ཁུང་གཡོན་དུ་མིས་མི་མཐོང་བར་སྦས་ན་ལྷ་མོ་ལུས་དང་གྲིབ་མ་ལྟར་འགྲོགས་པར་གདོན་མི་ཟའོ།། ༈ །།ཡང་ཅུང་ཟད་མི་འདྲ་བའི་ཁྱད་ཙཀྲ་ལ་བརྟེན་པའི་ལས་ཚོགས་ནི། རི་དྭགས་པགས་པ་ཞལ་ཤེས་ཤར་གྱི་ངོས་ལ་བྱི་བའི་ཁ་ནས་ནོར་བུ་རིན་པོ་ཆེ་སྐྱུགས་པ་ཁ་སྤྲོད་དུ་བྲིས་ལ། ཌཱ་ཀི་མའི་གོང་གི་སྔགས། ཨོཾ་ཨཾ་པ་ཀཾ་པ་སོགས་ཀྱི་མཇུག་ཏུ་གང་འདོད་སྤེལ་ཚིག་ཁ་བསྒྱུར་དང་བཅས་པ་བྲི། དར་དཀར་དམར་གྱིས་དྲིལ་ལ་ཁ་སྒྱུར་གྱི་རིམ་པ་སྔ་མ་ལྟར་རམ་ཟ་མ་ཏོག་ཏུ་འབྲུ་སོགས་ཀྱི་སྣོད་དུ་མི་མངོན་པར་སྦས། ཌཱ་ཀི་མའི་སྔགས་བཟླ་འོ། །བྱི་བ་ལ་བསྟེན་པའི་ཌཱ་ཀི་མའི་སྒྲུབ་པ་ལས་ཚོགས་ཀྱི་རིམ་པ་ནོར་བུ་སྣ་ཚོགས་མདོག་དགོས་འདོད་ཀུན་ཏུ་འབྱུང་བའོ། །བྱི་བ་ཕོ་མོའི་སྔགས་ཨོཾ་སྭ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས།་་ཕོ། ཨོཾ་མ་མ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས།་་མོ། ཞེས་སོ། །འདི་ནི་བྱི་བ་ལ་བསྟེན་སྒྲུབ་པ་ཟབ་མོ་ཕོ་སྔགས་མོ་སྔགས་གཉིས་བྱི་བ་ཁ་སྤྲོད་ཀྱི་ལུས་སམ་གདོང་པའི་ཁ་ལ་བསྐོར་ནས་བྲི་འོ། །ནུབ་མོའི་ཆར་རྣམ་པར་མི་རྟོག་པའི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་དུ་ཁ་ཐེན་སྭཱ་ཧཱ། ཞེས་དང་། ཡང་ན། ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་དང་། ཡང་ན། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྔགས་ཚན་གསུམ་པོ་གང་རུང་ཅི་ནུས་བཟླ་འོ།། ༈ །།རྒྱུན་གྱི་རྣལ་འབྱོར་ནི། ཟས་ཕུད་ལ་ཆངས་བུ་གསུམ་བཟོས་ལ་རིན་པོ་ཆེའི་སྣོད་དུ་བཞག །མདུན་དུ་ལྷ་མོ་གསུམ་ཡིད་ཀྱིས་གསལ་གདབ་བསྐྱེད་བསྟིམ་བྱའོ། །བདུད་རྩིར་མོས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྔགས་ཀྱིས་འབུལ་ཞིང་ལྷ་མོ་གསུམ་གྱིས་དངོས་གྲུབ་ཆར་ལྟར་འབེབ་པར་བསམ། འཁོར་ལོ་འདུ་བ་མ་ཚར་བར་བཞག་ནས་ལྷ་མོ་གསུམ་རང་ལ་བསྟིམ། ཆངས་བུ་སྐུ་རྟེན་གྱི་དྲུང་ངམ། ཁྱིམ་སྦུག་ཏུ་མཆོད། བྱ་ཁྱི་ལ་མི་སྦྱིན་པ་དམ་ཚིག་ཡིན། ཆངས་བུའི་མཆོད་པ་རྒྱུན་གྱི་རྣལ་འབྱོར་མན་ངག་འདི་དང་མ་བྲལ་ན་ཁ་ཟས་ལོངས་སྤྱོད་འདུ་བ་ལ་ཚེགས་གང་ཡང་མེད་གསུངས་སོ། །དེ་ལྟར་མཁའ་འགྲོ་འདུ་བའི་དུས་སྲོད་ཀྱི་ཆར། སྔགས་བརྒྱ་རེ་མ་ཆག་ན་ནོར་འདུ། སྲིས་སྨེ། མིས་བྱམས། མཁའ་འགྲོ་མ་འདུ་བར་འགྱུར་རོ། །དམ་ཚིག་ལ་ཡི་དྭགས་ཆུ་སྦྱིན་དང་། ཟས་ཟ་ཁ་སུ་རུ་པ་གལ་ཆེའོ། །གཏོར་མ་བཟང་དུ་འབུལ། སེར་སྣ་མེད་པར་སྦྱིན་པ་དང་། ཞེན་ཆགས་ཆུང་བར་བྱ། ཞེས་པའང་གནད་ཀྱི་མན་ངག་ཨུ་པ་དེ་ཤ་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་ཆུ་ཕག་ཟླ་ཚེས་བཟང་པོར་བྲིས་པ་གཞན་ལ་མ་སྤེལ་ཅིག །ས་མ་ཡ། ཁ་ཐཾ། གུ་ཧྱ།། །། ༄༅། །དབྱུག་གུ་ལྷ་མོ་གསུམ་གྱི་གཏོར་ཆོག་ཟིན་བྲིས་ཨུ་པ་དྷེ་ཤ་བཞུགས་སོ། །ན་མོ་ཨཱརྱ་ཛཾ་བྷ་ལ་ཡེ། འདིར་དབྱུག་གུ་ལྷ་མོ་གསུམ་གྱི་གཏོར་ཆོག་གི་གསོལ་མཆོད་བསྡུས་པ་ལ་བརྟེན་ནས་ཁ་ཟས་ལོངས་སྤྱོད་འདུ་བའི་ཐབས་ཟབ་མོ་ནི་རྒྱས་པར་སྒྲུབ་གཞུང་གཞན་དུ་གསལ་ལ། བསྡུས་པ་འདི་ཁོ་ནས་ཀྱང་དངོས་གྲུབ་འཛད་མེད་འབྱུང་བར་གདོན་མི་ཟ་ཞིང་། རིན་པོ་ཆེའི་སྣོད་དུ་བཤོས་བུ་ཟླུམ་པོ་རྩེ་མོ་ཉུག་གེ་བ་གསུམ་དཀར་བྱུག་དང་རྒྱན་གྱིས་བརྒྱན། ཁ་ཟས་སྣ་ཚོགས་པས་བསྐོར་ནས་བདག་བསྐྱེད་ཚིག་རིས་ལྟར་དྲན་རྫོགས་སུ། རང་ཉིད་ཛཾ་དཀར་གནོད་སྦྱིན་སྒེག་གཟུགས་སྐུ་ཤ་རབ་ཏུ་རྒྱས་པ་ཞི་མ་ཁྲོ་འཛུམ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེའི་བེ་ཅོན་དང་། གཡོན་ནེའུ་ལེའི་རྐྱལ་པ་འཛིན་པའི་གྲུ་མོར་སངས་རྒྱས་ཌཱ་ཀི་ཁ་ཊྭཱཾ་གའི་ཚུལ་དུ་བརྟེན་པ། གཡུ་འབྲུག་སྔོན་མོ་མེ་ཡི་ཟེ་བ་ཅན་ལ་འཆིབ་པ་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གསལ་བཏབ་ལ། མདུན་གྱི་གཏོར་མའི་ཐད་ཀྱི་བར་སྣང་ཅུང་ཟད་དམའ་བའི་སར། རིན་པོ་ཆེའི་ཁང་བཟང་གི་དབུས་སུ་པདྨའི་གདན་ཟླ་བའི་དཀྱིལ་འཁོར་གྱིས་མཛེས་པ་སུམ་སྒྲོམ་གྱི་སྟེང་། ཧ་རི་ནི་ལས་དབུས་དང་གཡས་གཡོན་དུ་ཟས་གོས་ནོར་གྱི་ལྷ་མོ་དམར་ལྗང་མཐིང་བའི་ཁ་དོག་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྒེག་ཅིང་ཆགས་པའི་ཉམས་དང་བཅུ་དྲུག་ན་ཚོད་ཅན་ཕྱག་ན་ནོར་བུ་གཏེར་བུམ་བསྣམས་པ་བསྐྱེད་པའི་ཐུགས་སྲོག་དང་། བདག་གི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་བྱེ་བ་དུང་ཕྱུར་མང་པོ་སྤྱན་དྲངས་པ་བསྟིམ་ནས་དབྱེར་མེད་དུ་གྱུར་པར་བསམ། དེ་ལ་དངོས་འབྱོར་ཡིད་སྤྲུལ་གཞུང་གི་ཚིག་རིས་དང་མཐུན་པའི་མཆོད་སྤྲིན་གྱིས་མཆོད་པར་བསམ་པ་དང་། ཁྱད་པར་གཏོར་མ་དང་གང་འདོད་པའི་ཁ་ཟས་ཀྱི་དངོས་པོ་དེ་འབྲུ་གསུམ་གྱིས་བྱིན་རླབས་དང་། བདུད་རྩིའི་རང་བཞིན་མི་ཟད་པར་དམིགས་ཏེ་ལྷ་མོ་གསུམ་གྱི་ལྗགས་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་ནས་མཉེས་པར་བསམ་ལ། འདོད་དོན་གསོལ། རང་ཉིད་ཛམ་ལྷའི་ཐུགས་ཀར་ཛཾ་ཡིག་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊཿ ཅེས་ཕྲེང་སྐོར་ཙམ་བཟླས་ནས་ལྷའི་ང་རྒྱལ་བརྟན་པོས་མ་ཡེངས་པར་མདུན་གྱི་ལྷ་མོ་གསུམ་གྱི་ཐུགས་རྒྱུད་བསྐུལ། ཧ་རི་ནི་ལས་འོད་ཟེར་འཕྲོས་ཨོ་རྒྱན་གྱི་ཡུལ་དང་རང་བཞིན་གར་བཞུགས་ནས་ལྷ་མོ་གསུམ་གྲངས་མེད་སྤྱན་དྲངས་བསྟིམ་སྟེ་སྔགས་བཟླས། སླར་ཡང་འོད་ཟེར་ལྕགས་ཀྱུ་ཕྱོགས་ཐམས་ཅད་དུ་འཕྲོས། སྟོང་གསུམ་སྲིད་གསུམ་གྱི་ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་སྟོབས་འབྱོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་ཕྱྭ་གཡང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ལྷ་མོ་གསུམ་ལ་ཐིམ། ལྷ་མོ་གསུམ་གྱི་སྐུ་ལས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་རིན་པོ་ཆེའི་ཆར་བབས་ནས་བདག་ལ་ཐིམ་པར་བསྒོམ། སླར་ཡང་ལྷ་མོ་གསུམ་གྱི་སྐུ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཀྱི་ཁ་ཟས་ལོངས་སྤྱོད་ནོར་རྫས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ཏེ་གཞལ་ཡས་ཁང་གི་འཁོར་ས་ལྕགས་རི་ཕྱོགས་མཚམས་ཐམས་ཅད་དུ་སྤུངས་ནས་ཕྱུར་གྱིས་གང་བར་དམིགས་ནས་སྔགས་བཟླ། མཐར་ལྷ་མོ་གསུམ་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་བསྐྱེད་ཉེར་བསྡུ་བྱས་ནས་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་ཐམས་ཅད་བཅད་དེ་སྨྲ་བསམ་བརྗོད་མེད་འོད་གསལ་ཀ་དག་ཆེན་པོའི་ངང་ནས་རྣམ་པར་མི་རྟོག་པའི་སྔགས་ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། བརྒྱ་རྩ་བཟླ། རྨི་ལམ་དང་དངོས་སུ་འགྲུབ་པའི་མཚན་མ་ཅི་རིགས་མཐོང་བར་འགྱུར་རོ། །གལ་ཏེ་བར་ཆད་ཀྱི་རྟགས་བྱུང་ན་ཟ་འཕྲོ་ལ་ཁ་འགོང་བཀར་བའི་མན་ངག་ཆགས་མེད་རིན་པོ་ཆེས་མཛད་པ་དེ་སྐབས་འགར་བཏང་བས་ཕན་པར་འགྱུར་རོ། །འདུ་བ་ཆད་པའམ་ཤིན་ཏུ་གལ་ཆེ་དམིགས་བསལ་མ་བྱུང་ན་ནངས་ནུབ་སྔགས་སྟོང་ཚར་རམ་བརྒྱ་ཕྲག་རེ་བཟླས་ན་ངེས་པར་ཟས་ནོར་འདུ་བ་ལན་མང་དུ་མྱོང་བས་གྲུབ། འདི་ནི་ཤིན་ཏུ་ཟབ་ཅིང་དངོས་གྲུབ་མྱུར་བས་བཀའ་རྒྱ་དམ་པས་གཞན་ལ་བྱིན་ན་ནོར་བུ་མི་ལ་འཆོར་བ་དང་འདྲ་བས་སྤིར་གྱི་ཁ་ལྟར་སྡོམས་ཤིག །འདིས་ལོངས་སྤྱོད་མ་བྱུང་ན་ངས་ཅི་སྨྲས་རྫུན་ཡིན་ནོ། །དྷེ་ཝཱི་ཏྲི་ན་རཀྴ་སེངྷས་བཀའི་ཆད་པ་ཆོད་ཅིག། །།

ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་ (Volume 21, Text 25)

༄༅། །ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་བཞུགས་སོ།། ཉི་ཟླ་སངས་རྒྱས་གཏེར་བྱོན། ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གུ་རུ་ཐུགས་རྗེ་ཅན་གྱིས་སྙིགས་མའི་སེམས་ཅན་མང་པོ་བདེ་བ་ཅན་གྱི་ཞིང་བཟང་པོ་ལ་སྦྱོར་བའི་གདམས་པ་ཁྱད་པར་ཅན་འཕོ་བ་འཇག་ཚུགས་མའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུའི་བྲག་དམར་དགེའུ་གོང་ན་བཞུགས་པའི་དུས། རྒྱལ་པོ་ཉིད་ཀྱི་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་ལ། དེ་ཡི་ཁང་པ་གོང་འོག་གཉིས་ཡོད་པ་ལས། ཁང་པ་འོག་མ་ལ་མེ་ཤོར་ནས། ཁང་པ་དང་ཡོ་བྱད་མང་པོ་ཚིག །ཁོ་རང་གི་ལུས་ཀྱི་ཆ་ཤས་ཀྱང་མི་འདུག་པས། མི་བཟོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་བྱུང་བའི་ཚེ། རྒྱལ་པོ་ཉིད་ཀྱིས་མ་བཟོད་པར། དགེའུ་གོང་དུ་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་ནས། ནོར་རྫས་མང་པོའི་འབུལ་བ་བྱས་ཏེ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་གི་བློན་པོ་འདི་ལྟ་བུའི་སྡུག་བསྔལ་གྱིས་ཟིན་པ་སེམས་ཀྱིས་མ་བཟོད་པ་ལགས་པས། སྡུག་བསྔལ་འདི་ལས་མྱུར་དུ་སྒྲོལ་བའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པ་དང་སློབ་དཔོན་ཆེན་པོས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་ཏེ། སྐད་ཅིག་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་བྱོན་ནས་གདམས་པ་འདི་ཉིད་ཞུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། བློན་པོ་ཉི་མ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འདི་ལས་ཐར་པའི་སྐལ་པ་དང་ཇི་ལྟར་ལྡན་ཞེས་གསོལ་པས། སློབ་དཔོན་ཆེན་པོའི་བཀའ་ལས། བློན་པོ་ཉི་མ་ད་ལྟ་འདིར་ཁྲིད་ཤོག །དོན་འགྲུབ་པར་འགྱུར་རོ་གསུངས། རྒྱལ་པོས་བློན་པོ་འབོད་མཁན་བཏང་བས། བློན་པོ་འབྱོན་མ་ཐུབ་པ་ལ། རྒྱལ་པོའི་བཀས་དོ་ལིའི་ཁྱོགས་ལ་བཏེགས་ནས། སློབ་དཔོན་གྱི་དྲུང་དུ་བསྐྱལ་བ་དང་། བློན་པོས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་ཞིག་དང་། དངུལ་གྱི་མཎྜལ་ཟླ་བ་འདྲ་བ་ཞིག་ཕུལ། དེའི་རྗེས་གཞན་མེད་པར་མཛད་དེ། བློན་པོ་ཉི་མ་གཅིག་པུ་ལ། འཕོ་བའི་གདམས་པ་ཟབ་མོ་འདི་གནང་། བློན་པོས་ཞག་བདུན་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་སོ། །དེ་ནས་གདམས་པ་འདི་གུ་རུའི་ཕྱག་མཛུབ་གཡོན་གྱི་མཚལ་ཁྲག་གིས་ཤིང་ཏཱ་ལའི་ལོ་མ་ལ་བྲིས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། ཆུ་དར་སྔོན་པོས་དྲིལ་ནས། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ། སྒམ་པོ་གདར་གྱི་བྲག་ལ་གཏེར་དུ་སྦས། གཏེར་བདག་ཀླུ་གཙུག་ན་རིན་ཆེན་ལ་བཅོལ། བློན་པོ་བདེ་བ་ཅན་ནས་སེམས་ཅན་གྱི་དོན་དུ་གཏེར་འདི་འདོན་པའི་གང་ཟག་ཉི་ཟླ་སངས་རྒྱས་ཞེས་བྱ་བའི་གཏེར་སྟོན་དུ་འགྱུར་ཏེ། མིང་དེ་ནི་བློན་པོ་ཉི་མས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་དང་། དངུལ་གྱི་མཎྜལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ཡིན་ནོ། །ལས་ཅན་གྱི་གང་ཟག་དེ་མ་བྱུང་གི་བར་དུ་ཐུབ་པར་སྲུངས་ཤིག །ཅེས་གསུངས་སོ། །གཏེར་སྟོན་ཀརྨ་གླིང་པའི་ཡབ་ཉི་ཟླ་སངས་རྒྱས་དེས། སྒམ་པོ་གདར་གྱི་རི་ལ་སྒྲུབ་པ་མཛད་པའི་ཚེ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཟིགས། གནས་དེའི་བྲག་ལ་ཕྱག་མཛུབ་གཏད་དེ། བྲག་འདི་ན་ཟབ་ལམ་འཕོ་བའི་གདམས་པ་ཡོད་པས་ལོངས་ཤིག་གསུངས་པའི་ལུང་བསྟན་བྱུང་བ་བཞིན། གདམས་པ་ཟབ་མོ་འདི་གཏེར་ནས་སྤྱན་དྲངས་ཏེ་རེ་ཞིག་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་སྐབས་ཞིག་ན། སླར་ཡང་རྡོ་རྗེ་ཕག་མོའི་ལུང་གིས། འཕོ་བའི་གདམས་པ་འདི་ནམ་མཁའ་རྒྱལ་མཚན་ལ་བྱིན་ཅིག་གསུངས་པ་བྱུང་ནས། ལུང་བསྟན་བཞིན་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། རང་ཉིད་ཀྱིས་གསང་སྟབས་སུ་ཐུགས་ཉམས་སུ་བཞེས་པས། ཞིང་དུ་གཤེགས་ཁར་རྡོ་རྗེ་ཕག་མོས་ཞལ་གཟིགས་ཏེ། གདམས་པ་ཟབ་མོ་འདི། སངྒྷ་བྷ་དྲ་ལ་བྱིན་ཅིག་གསུངས་ལུང་བསྟན་བྱུང་བ་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། ཡང་རང་ཉིད་ཉམས་སུ་བཞེས་པའི་སྐབས་ཤིག །རྡོ་རྗེ་ཕག་མོས་ལུང་བསྟན་ཏེ། གདམས་པ་ཟབ་མོ་འདི་དྲི་མེད་བློ་གྲོས་ལ་གཏོད་གསུངས། སྟོད་སྨད་བར་གསུམ་དུ་བཙལ་བས་མ་རྙེད་པར་ཡི་དམ་ལ་གསོལ་བ་བཏབ་པས་དེ་སྙེ་མོ་ན་ཡོད་གསུངས་པ་བྱུང་ནས། སྙེ་མོར་བྱིས་པ་འདྲ་འདུག་པས། ཡུལ་འདི་ན་དྲི་མེད་བློ་གྲོས་ཟེར་བ་ཡོད་དམ་དྲིས་པས། ར་རྫི་དྲི་མེད་བློ་གྲོས་ཟེར་བ་ཡོད་ཟེར། དེ་ག་ན་ཡོད་གསུངས་པས་ནུབ་ཕྱོགས་ཀྱི་རི་ལ་ར་འཚོ་བར་སོང་ཟེར། དེའི་རྩར་བྱོན་པས་ར་རྫི་དྲི་མེད་བློ་གྲོས་རྙེད། སླར་ཡང་ཡི་དམ་ལ་གསོལ་བ་བཏབ་ནས། དེ་ཡིན་མིན་བརྟག་པ་མཛད་པས། ཡིན་པར་ཡིད་ཆེས་ནས། ར་རྫི་དེ་ལ་ང་ལ་བླ་མ་བཟང་པོ་ཞིག་ཡོད་པ་དེས་གདམས་པ་ཟབ་མོ་ཞིག་གནང་ཡོད་པས་ཁྱོད་ལ་སྟེར་དགོས་ལུང་བསྟན་ཡོད་གསུངས་པས་དེ་འདྲ་བདག་ཡིན་པའི་ངེས་པ་མེད་ཟེར་བས། ངེད་ཀྱིས་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་དཔྱད་བྱས་པས་ཡིན་པར་འདུག་གསུངས། གདམས་པ་ཟབ་མོ་འདི་གནང་ཉམས་སུ་བཞེས་པས། ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་ཏེ། ཞུ་མཁན་བྱུང་ཚད་ལ་གནང་བས་ཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། རྩེ་གདོང་དུའང་མི་མང་པོ་ལ་གནང་བས། རྩེ་གདོང་དུ་འཕོ་ཆོས་གནང་བའི་བུ་མོ་གཅིག་ལ། ཕ་མས་བརྡུངས་ཤིང་འཛིངས་པས་སེམས་ཕམ་ནས་མཛོད་ཀྱི་ནང་ལ་སོང་བས། དེ་མ་ཐག་འཕོས་པ་མཐོང་། ཡང་ཞལ་སློབ་གཅིག་ལ་ནད་ཟུག་གཟེར་ཆེན་པོ་ཞིག་བྱུང་བའི་ཚེ། བླ་མའི་གདམས་ངག་ཡོད་བཞིན་དུ། འདི་ལྟ་བུའི་ཟུག་ཁུར་ནས་ཅི་བྱེད་ཟེར་འཕོས་སོང་བས་ཐག་སྒྲ་དང་བཅས་སྤྱི་བོ་འཕར་བ་མི་མང་པོས་མཐོང་བས། ཚུལ་དེ་ཉིད་ཀྱི་གཏམ་གསན་པས་བཀའ་རྒྱ་དམ་དུ་བཏང་ཞེས་གྲགས་པ་ཡིན་ནོ། །ལོ་རྒྱུས་སོ།། ༈ ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་བཞུགས་སོ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ འདིར་མ་བསྒོམ་པར་སངས་རྒྱ་བའི་གདམས་པ་ཟབ་མོ་འདི༔ རྒྱུད་སྡེ་ཐམས་ཅད་ཀྱི་ཁོང་པའི་སྙིང༔ ཟབ་པའི་མཐར་ཐུག་པ༔ སངས་མི་རྒྱ་བའི་དབང་མེད་པ༔ རྟགས་མངོན་སུམ་དུ་འབྱུང་བ་འདི་ལ༔ ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང༔ བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས༔ དང་པོ་ནི༔ ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་འོད་དཔག་མེད་ལས་མངོན་སུམ་དུ་གསན་ནས༔ བློན་པོ་ཉི་མ་ལ་གནང་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དེ་ནས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་གཏེར་ནས་སྤྱན་དྲངས་ཏེ། མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ་གནང་། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གནང་། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ་གནང་། དེས་མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་ལ་གནང་། དེས་རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གནང་། དེས་མངའ་རིས་འོད་གསལ་མཆོག་ལྡན་ལ་གནང་། དེས་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལ་གནང། དེ་ནས་རིམ་པར་བརྒྱུད་དོ། །བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ༔ རང་གིས་སྦྱོང་བ་དང༔ གཞན་ལ་རྒྱག་པ་དང༔ ལས་ལ་སྦྱོར་བ་དང་གསུམ་ཡོད་པ་ལས༔ དང་པོ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམ་པའི་རྟིང་པ་བརླ་ལ་སྦྱར་བ༔ གཡོན་པ་བརྐྱང་བས་བམ་རོ་དམར་སེར་གྱི་སྙིང་གར་མནན་ཏེ་གར་སྟབས་སུ་བཞུགས་པར་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ་དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ༔ གསལ་བ་ཏིལ་གྱི་མར་མེ་ལྟ་བུ༔ དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ༔ སྟོང་པ་ཤོག་བུ་ཁོང་སྟོང་ལྟ་བུ༔ མཚན་ཉིད་བཞི་ལྡན༔ ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུ༔ བུ་ག་སྐྱ་ཐལ་ལེར་ཡོད་པ༔ མར་སྣ་གསང་གནས་སུ་ཟུག་པ༔ མདའ་སྨྱུག་འབྲིང་པོ་ཙམ་ཞིག་གསལ་བཏབ༔ དེའི་སྤྱི་བོར་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན༔ བྱམས་བཞུགས་སུ་བཞུགས་པའི་ཞབས་གཉིས་ཀྱི་མཐེ་བོང་གིས་བུ་ག་བཀག་པ༔ སྙིང་ག་མན་ཆད་སྨྱུག་ཚིགས་བཀག་པ་ལྟར་ཟུམ་པ༔ དེའི་དབུས་སུ་སྙིང་པདྨ་འདབ་མ་བརྒྱད་པའི་དབུས་སུ༔ རང་གི་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ༔ འཕར་ལ་ཁད་འཕུར་ལ་ཁད་པ་གཅིག་གསལ་བཏབ༔ ཧིཀ་བྱས་པས་ཡར་འཕོས༔ ཀས་མར་ཕབ༔ རྟགས་མ་བྱུང་བར་སྦྱང༔ འབྱོངས་ཚད་ནི་བླ་མའི་ཞལ་ལས་ཤེས་སོ༔ རྟགས་བྱུང་བ་དང་ཚེ་དཔག་མེད་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་གསལ་བཏབ༔ གཟུངས་རིང་ཐུང་ཅི་མང་བཟླས་མཐར་རང་ལ་བསྟིམ༔ ཚངས་བུག་གསེར་གྱི་རྡོ་རྗེས་བཀག་པར་བསམ་མོ༔ གཟུངས་ཐུང་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཞན་ལ་རྒྱག་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ༔ ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ༔ ཕྱི་མའི་སྣང་བ་མ་ཤར༔ ད་ལྟ་བར་དོའི་སྣང་བ་ཡིན་ནོ༔ ཞེས་ལན་གསུམ༔ དམིགས་པ་འབོགས་པ་ནི༔ ཨོཾ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས༔ ཚེ་འདས་ཀྱི་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པས་བམ་རོ་སེར་པོ་གན་རྐྱལ་བྱས་པའི་སྙིང་ཁ་མནན་ཏེ༔ གར་སྟབས་སུ་བཞུགས་པ་གཅིག་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ༔ ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུའི་སྟེང༔ སྤྱི་བོའི་གཙུག་ཏུ་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དེའི་སྐུའི་རྩ་དབུ་མའི་མར་སྣ་དང༔ ཚེ་འདས་ཀྱི་དབུ་མའི་ཡར་སྣ་གཉིས་ཁ་སྤྲད་ལ༔ གཤིན་པོའི་རྣམ་པར་ཤེས་པ་དང་རང་གི་སེམས་ཉིད་དབྱེར་མེད་དུ་བསྲེས་ལ༔ སངས་རྒྱས་ཀྱི་ཐུགས་ཀར་འཕང་ངོ༔ དེའི་རྗེས་ལ་དབྱིངས་རིག་བསྲེས་ལ་མཉམ་པར་བཞག་གོ༔ ཐེབས་པའི་རྟགས་ནི་བླ་མའི་ཞལ་ལས་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ འཆི་རྟགས་ཐམས་ཅད་ཚང་ན་འཕོའོ༔ སྔས་ན་ལྷ་བསད་པའི་ཉེས་པ་དང༔ རང་སྲོག་རང་གིས་བཅད་པའི་ཉེས་པ་ཡོང་སྟེ༔ རྒྱུད་ལས༔ དུས་ལ་བབ་ན་འཕོ་བར་བྱ༔ དུས་མིན་ལྷ་རྣམས་གསད་པར་བྱེད༔ ལྷ་རྣམས་བསད་པ་ཙམ་གྱིས་ནི༔ དམྱལ་བ་དག་ཏུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ འཕོ་ལུགས་ནི༔ རང་ལུས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་སྒོམ་པ་སྔར་དང་འདྲ༔ རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་རྩ་དབུ་མའི་མར་སྣ་དང༔ རང་གི་ཡར་སྣ་གཉིས་ཁ་སྤྲད་ལ༔ ཧིཀ་བྱས་རང་གི་རྣམ་ཤེས་སངས་རྒྱས་ཀྱི་ཐུགས་ཀའི་ཧྲཱིཿལ་བསྟིམས་པའི་མཐར་མཉམ་པར་བཞག་གོ༔ དབུགས་ཧར་སོང་ནས་མཁའ་སྤྱོད་དུ་འགྲོ་བར་ཐེ་ཚོམ་མེད་དོ༔ ཡར་འདེགས་མར་འབེབ་རེས་མོས་ཀྱི༔ ཉི་ཤུ་རྩ་གཅིག་དབུགས་དག་གིས༔ འཆི་བ་ཞེས་བྱའི་རྣམ་རྟོག་གིས༔ མཁའ་སྤྱོད་གནས་སུ་སྐྱེ་བར་བྱེད༔ དེ་ཕྱིར་འདི་དང་འཕྲད་པ་དགའ༔ ཞེས་གསུངས་སོ༔ གསོལ་འདེབས་ཀ་དག་མ་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ༔ འདི་དམ་ཚིག་མི་གཙང་བ་ལ་བྱིན་ན་མཁའ་འགྲོའི་བཀའ་ཆད་ཡོང་བས༔ སྣོད་མིན་དང༔ དམ་ཚིག་མི་གཙང་བ་ལ་སྟེར་དུ་མི་རུང་ངོ༔ འདི་ཞུ་བའི་དུས་སུ་ཚོགས་འཁོར་མེད་ཐབས་མེད་དོ༔ འཕོ་ཆོས་མ་ཚུགས་བར་དུ་འཛིན་དུ་མི་རུང་ངོ༔ འཇག་མ་ཚུགས་ན་རྒྱག་ཏུ་མི་རུང༔ ཚེ་ལ་གནོད་དོ༔ འཕོ་བ་འཇག་ཚུགས་མའི་གདམས་པ་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་ནས་བྱོན་པ་ལགས་སོ།། ༈ །།གསོལ་འདེབས་ནི༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ དེ་བཞིན་སྔ་ཕྱིར་སྦྱར་བས། སངས་རྒྱས༴ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ༴ རྟོགས་ལྡན་སངྒྷ་བྷ་དྲ་ལ༴ ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ མཚུངས་མེད་མ་ཏིའི་མཚན་ཅན་ལ༴ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ༴ རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ༴ མངའ་རིས་འོད་གསལ་མཆོག་ལྡན་ལ༴ འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ ༈ གསོལ་འདེབས་ཀ་དག་མ་བཞུགས་སོ། །ཀ་དག་བདེ་ཆེན་ཞིང་ཁམས་དེ་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ལྷུན་གྲུབ་ཐུགས་རྗེའི་ཞིང་ཁམས་དེ་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དེ་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྣང་སྲིད་ཆོས་སྐུའི་ཕོ་བྲང་དེ་ནས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཟབ་ཡངས་ཆོས་སྐུའི་ཕོ་བྲང་དེ་ནས༔ མཚུངས་མེད་ནམ་མཁའ་རྒྱལ་མཚན་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཁྱབ་བརྡལ་གཉུག་མའི་ཕོ་བྲང་དེ་ནས། །རྟོགས་ལྡན་སངྒྷ་བྷ་དྲ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཟབ་དོན་གདམས་པའི་གཏེར་མཛོད་འཛིན་པའི། །ཕ་རྒོད་དྲི་མེད་བློ་གྲོས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྨིན་གྲོལ་ཐར་པའི་ལམ་མཆོག་སྟོན་པའི། །འདྲེན་མཆོག་སངས་རྒྱས་རྒྱལ་མཚན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྙན་བརྒྱུད་ཟབ་མོའི་ཆོས་ཆར་འབེབ་པའི། །མཚུངས་མེད་མ་ཏིའི་མཚན་ཅན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཆོས་ཀྱི་རྟོགས་པ་མངོན་དུ་གྱུར་པའི། །མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ལྷུན་གྲུབ་སྣང་བཞིའི་ཕོ་བྲང་དེ་ནས། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། འཆི་མེད་གྲུབ་པའི་ཕོ་བྲང་དེ་ནས། །མངའ་རིས་འོད་གསལ་མཆོག་ལྡན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ། །བླ་མེད་ཆོས་རྒྱལ་རྡོ་རྗེ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ༈ མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་བྱ་བ། བླ་མ་དང་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་ཟབ་ལམ་དཔྱིད། །སྟེང་སྒོ་རྣམ་གྲོལ་འཕོ་བའི་ལམ། །མ་བསྒོམ་སངས་རྒྱས་མངོན་བྱེད་པ། ཁོ་བོས་བཤད་ཀྱིས་ཉམས་སུ་ལོངས། །འདིར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་གདམས་པ་ཀུན་གྱི་མཐར་ཐུག་ཕོ་ཉའི་ལམ་སྲོལ་སྟེང་སྒོ་རྣམ་པར་གྲོལ་བ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས་སུ་འདུས་པ་ལས། །འདིར་སྟེང་སྒོ་རྣམ་པར་གྲོལ་བ་མ་བསྒོམ་པར་རྡོ་རྗེ་འཆང་མངོན་དུ་བྱ་བའི་ཐབས་ཟབ་ལམ་འཕོ་བའི་གདམས་པ་ནི། སྙིགས་མའི་སེམས་ཅན་ཚེ་ཐུང་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཡུན་རིང་དུ་བསྒོམས་ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་པ་ཤས་ཆེ་བས། དེ་དག་ལ་མ་བསྒོམ་ཡང་སྡིག་པོ་ཆེ་མཚམས་མེད་པ་ལྔ་སྤྱད་པའི་གང་ཟག་ཞིག་ཡིནཡང་། ལམ་འདི་དང་འཕྲད་ན་གྲོལ་ངེས་ཏེ། རྗེ་བཙུན་མར་པས། །བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས། ལམ་འདི་ཉིད་ཉམས་སུ་ལེན་པ་ལ་གཉིས་ཡོད་དེ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ལོ་རྒྱུས་ཀྱི་རྣམ་ཐར་དབྱེ་བ་དང་། གདམས་པ་དངོས་སོ། །དང་པོ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས་པའི་ས་འདུལ་དང་རབ་ཏུ་གནས་པར་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་སྤྱན་དྲངས་ཏེ་ཡོད་པའི་སྐབས་ཞིག་གི་ཚེ། རྒྱལ་པོའི་བློན་པོ་ཉི་མ་ཞེས་པ་བྱ་བ་ལོངས་སྤྱོད་མངའ་རིས་དཔལ་ཡོན་གྱིས་ཕྱུག་པ་ཞིག་ལ་ཕོ་བྲང་གཉིས་ཡོད་པས། ཀ་ཅ་འདོན་འཇུག་གི་ཆེད་དུ་ནུབ་གཅིག་བློན་པོ་ཉིད་ཀྱིས་སྒྲོན་མེ་བཏེགས་ཏེ་གཞན་རྣམས་ག་ལ་བ་དེར་དོང་པའི་ཚེ་སྒྲོན་མེའི་མེ་སྟག་ཕྲ་མོ་ཞིག་ཆད་པ་ཕོ་བྲང་གི་མེ་རྫས་ལ་ཟིན་ཏེ་མེ་འབར་ནས་བློན་པོའི་བླའི་མཆོད་གནས་ཤིག་དང་། བློན་པོ་ཉིད་ཀྱི་ཕ་མས་ཐོག་དྲངས་ཕོ་མོ་བཅུ་གསུམ། གཞན་ཡང་རྟ་བོང་དང་མཛོ་དྲེའུ་ཁྱི་ཕག་སོགས་རྐང་གྲངས་མང་དུ་ཚེའི་དུས་བྱས་སོ། །དེའི་མོད་ལ་བློན་པོའི་བསམ་པ་ལ་བདག་ཉིད་སྔོན་ལས་ཀྱི་འཕྲོ་ངན་པས་དགོས་པ་ཅི་ཡང་མེད་པར་ཕོ་བྲང་མེས་ཚིག་པས་མི་དགེ་བ་རྔམ་པོ་ཆེའི་རྒྱུར་སོང་སྙམས་ནས། མྱ་ངན་གྱིས་ལྗི་བར་ནོན་ནས་མུན་པའི་ཁང་བུར་འདྲེ་ལྡོག་ཅིང་སྨྲེ་སྔགས་དང་ཆོ་ངེས་དྲག་པོས་དུས་འདའ་བར་བྱས་པ་ན། མངའ་བདག་གིས་བློན་པོ་མྱ་ངན་གྱིས་གཟིར་བ་དེ་གཟིགས་ཏེ། མ་བཟོད་པར་འདི་སྙམ་དུ་བློན་པོ་རིག་པ་ཅན་འདི་ལྟ་བུས་ཉམས་ཉེས་པ་སོགས་ཀྱིས། ད་ནི་བློན་པོའི་གནས་སྐབས་སུ་ཚེ་འདིར་མྱ་ངན་གྱི་གདུང་བ་དྲག་པོ་འདི་ལས་སྐྱོབ་ཅིང་མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཤིག་དགོངས་པ་ལ། དེ་ལྟ་བུའི་ནུས་པ་བདག་ལ་མེད་པས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་དགོས་དགོངས་ཏེ། བྲག་དམར་བསམ་ཡས་མཆིམས་ཕུ་དགེའུ་མཚོ་རྒྱལ་ཕུག་པར་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་སྤྱན་སྔར་བྱོན་ཏེ། སྔར་གྱི་བློན་པོ་ཉི་མའི་ལོ་རྒྱུས་ཞུས་ཤིང་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོ་འཁོར་བཅས་ཟབ་ཡངས་ཀྱི་གཙུག་ལག་ཁང་ཆེན་པོར་སླར་ལོག་པའི་མོད་ལ་ཨོ་རྒྱན་ཉིད་དགོངས་པ་ལ་བཞུགས་ཏེ། བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་འོད་དཔག་མེད་པའི་སྤྱན་སྔར་བྱོན་ཏེ། མ་བསྒོམ་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་ལ་གནང་། ཟབ་ལམ་འཕོ་བའི་གདམས་པ་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ད་དུང་སྤེལ་བའི་དུས་ལ་མ་བབ་པས། བློན་པོ་ཉི་མ་གཅིག་པུ་ལ་ཤོད། གཞན་སུ་ལ་ཡང་མ་བསྟན་པར་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་མིའི་ཚུལ་བཟུང་ནས་འབྱུང་གི་དེའི་ཆོས་སྐལ་དུ་སྨོན་ལམ་ཐོབ་ལ་གཏེར་དུ་སྦོས་ཤིག །ཅེས་བཀའ་རྒྱས་བཏབ་ནས་གནང་ངོ་། །དེ་ནས་ཨོ་རྒྱན་ཉིད་སླར་ཡང་བདེ་བ་ཅན་གྱི་ཞིང་ནས་མཆིམས་ཕུ་དགེའུ་གོང་དུ་ཕེབས་ནས་དར་གཅིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག །མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་བློན་པོ་ཉི་མའི་དོན་དང་རྒྱལ་པོ་ཐུགས་ཆེས་པའི་གདམས་པ་བདེ་བ་ཅན་ནས་མཆིས་ལགས་སམ་ཞེས་ཞུས་པས། སྔོན་བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་ལ་འབྱུང་དཀའ་བའི་གདམས་པ་ཟབ་མོ་བཀའ་རྒྱས་བཏབ་པ་དག་བདོག་གི །ཁྱོད་ཀྱིས་སོང་ལ་རྒྱལ་པོ་འདིར་སྤྱན་དྲོངས་ཤིག །ཅེས་གསུངས་པ་དང་། མཚོ་རྒྱལ་གྱིས་དེ་མ་ཐག་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ཏེ་གུ་རུ་ཉིད་ཀྱི་སྤྱན་སྔར་སོན་པའི་ཚེ། བཀའ་བསྩལ་པ། ཀྱེ་མ་མངའ་བདག་རྒྱལ་པོ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཐེག་པའི་ལམ་སྲོལ་མན་ངག་དང་བཅས་པ་མ་ལུས་པ་བདག་ལ་བདོག་ལགས་ཀྱང་། སྙིགས་མའི་སེམས་ཅན་ཐམས་ཅད་ཐེ་ཚོམ་དང་ཡིད་གཉིས་ཀྱི་འཆིང་བས་དམ་པར་བཅིངས་པ་རྣམས་ཡིད་ཆེས་པའི་སླད་དུ། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་དོང་སྟེ། མགོན་པོ་འོད་དཔག་ཏུ་མེད་པ་ལ་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་སྔར་མེད་པ་ཞུས་ཀྱིས་བློན་པོ་ཉི་མ་ད་ལྟ་ཉིད་དུ་འདིར་བོས་ཤིག་གསུངས་པར། རྒྱལ་པོ་འཁོར་དང་བཅས་པས་ཕྱིན་ཏེ་བློན་པོ་ཉི་མ་མུན་པའི་ཁང་བུ་ནས་བཏོན་ཏེ་ཁྲིད་པར་བརྩམ་པ་ན། སྔར་གྱི་མྱ་ངན་གྱིས་འདྲེ་ལྡོག་སྟེ་རྐང་པ་ཉམས་ཉེས་ཏེ་འགྲོ་བའི་མཐུ་མི་འདུག་པས། སླར་ཤིང་རྟའི་ཁྲི་ལ་བཞག་ནས་ཨོ་རྒྱན་རིན་པོ་ཆེའི་སྤྱན་སྔར་ཁྲིད་དོ། །དེར་འཁོད་དེ་བློན་པོ་ཉི་མས་གུ་རུ་རིན་པོ་ཆེ་ལ་གསེར་ཉི་མའི་འོད་དང་ལྡན་པའི་ས་ལེ་སྦྲམ་གཅིག །དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བའི་མཎྜལ་སྟེང་དུ་བཞག་པ་ལ་རིན་པོ་ཆེ་སྣ་ལྔའི་ཕྱེ་མས་ལེགས་པར་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པའི་མོད་ལ། གུ་རུ་རིན་པོ་ཆེས་རྒྱལ་པོ་འཁོར་དང་བཅས་པ་ཕྱིར་བསྐྲད་དེ། བློན་པོ་ཉི་མ་ཁོ་ན་ལ་ཟབ་ལམ་འཕོ་བ་བསྟན་ནས་སླར་བློན་པོ་རང་གི་ཁྱིམ་དུ་ལྡོག་སྟེ་བསྒོམས་པས་ཞག་བདུན་ནས་བློན་པོས་འཕོ་བ་འབྱོངས་པའི་དྲོད་ཚད་དང་ངེས་པ་བརྟན་པོ་རྙེད་དེ་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་། སྔར་མེས་ཚིག་པའི་འགྲོ་བ་རྣམས་ཀྱང་ཉིད་ཀྱི་གདུལ་བྱར་གྱུར་ཏེ་དག་པའི་ཞིང་དུ་སྐྱེས་སོ། །དེར་དེ་ལྟ་བུའི་གདམས་པ་ངོ་མཚར་བར་རྒྱལ་པོས་གཟིགས་ཏེ། རྒྱལ་པོའི་དགོངས་པ་ལ་གུ་རུ་རིན་པོ་ཆེ་དང་བདག་ཅག་དམ་ཚིག་གི་འབྲེལ་བའི་སློབ་དཔོན་དུ་གྱུར་ཅིང་ཡུན་ཡང་རིང་བ་འདི་ཙམ་དུ་འགྲོགས་པས་གདམས་པ་ཟབ་མོ་འདི་བདག་གིས་ཀྱང་ཞུས་ན་བསྩལ་ཏེ་འོང་སྙམ་ནས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ཀྱང་། གུ་རུའི་ཞལ་ནས་རྒྱལ་པོ་ཆེན་པོ་ཆོས་ལ་མོས་ན་སྔར་རྡོ་རྗེ་ཐེག་པའི་ཟབ་ལམ་མང་དུ་བཤད་པ་དེ་ཙམ་གྱིས་ཆོག་མོད། གདམས་པ་འདི་ནི་བློན་པོ་ཉི་མ་ཁོ་ན་ལས་གཞན་ལ་སྤེལ་བའི་གནས་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་བཀའ་རྒྱ་ཡོད་པས་འབུལ་བར་མི་བྱ་ཡིས་ཕྱིར་ལྡོག་ཅིག །ཅེས་གསུངས་ཏེ་མ་གནང་ངོ་། །དེ་ནས་སྐབས་ཤིག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པའི་ལུང་བསྟན་དང་། རྗེས་སུ་གདམས་པ་དོན་ཡོད་པའི་ཕྱིར་གུ་རུ་ཉིད་ཀྱི་ཕྱག་གཡོན་སྲིན་འཛུབ་ལ་རྨ་བཏོད་དེ། སྐུ་མཚལ་བྱུང་བ་མཚོ་རྒྱལ་གྱི་དབུ་སྐྲ་ཉག་གཅིག་གིས་ཤིང་ཏཱ་ལའི་ལོ་མར་གདམས་པ་འདི་བྲིས་ཏེ་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་སྔར་ཆོས་ཀྱི་ཡོན་ལ་གསེར་ཉི་མ་ལྟར་དང་དངུལ་ཟླ་བ་བཞིན་ཕུལ་བའི་མིང་གིས་མཚོན་ཏེ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་པའི་ཚེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམས་འདུལ་བར་གྱུར་ཅིག །ཅེས་སྨོན་ལམ་གྱིས་མཚམས་སྦྱར་ནས་གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་དུ་གཅིག་བཅུག་པའི་ནང་དུ་ཆུ་དར་སྔོན་པོས་དྲིལ་བ་བཅུག །ཨོ་རྒྱན་ཡབ་ཡུམ་ཕྱག་རྒྱས་མནན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་རི་བོ་ཤཱནྟི་ཞེས་སམ། ཞི་བའི་རི་བོ་ཞེས་པ་དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་གཏིང་དུ་སྦས། གཏེར་སྟོན་ཉི་མ་མ་བྱུང་གི་བར་དུ་ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་དུ་བཀའ་བསྒོས་ལ་བཞག་གོ །དེ་ནས་ཕྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་སུ་གྲགས་པ་བློན་པོ་ཉི་མའི་སྐྱེ་བར་གྱུར་པ་དེ་ཉིད་ཕེབས་ཏེ། མཚོ་མཎྜལ་ནག་པོའི་དབུས་ནས་གདམས་པ་འདི་ཉིད་ཟབ་གཏེར་དུ་སྤྱན་དྲངས། དེར་ཀླུ་རྣམས་ཀྱིས་གདམས་པ་ཞུས་པའི་ཚེ། གཏེར་སྟོན་ཉིད་ཀྱིས་ཤོག་སེར་ཞལ་ཕྱེ་ནས་ཀླུ་རྣམས་ལ་གདམས་པ་བསྟན་པས། མཚོ་དེར་གནས་པའི་ཀླུ་རྣམས་ཀྱིས་བདེན་པ་མཐོང་ཞིང་ཕྱིར་མི་ལྡོག་པའི་ས་ལ་བཞག །མཚོ་དེའི་ཉ་སྲམ་སྲོག་ཆགས་སྦལ་པ་རྣམས་ཀྱང་ཚེ་འཕོས་མ་ཐག་མངོན་པར་མཐོ་བའི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལྟ་བུའི་གཏེར་སྟོན་དེ་ཉིད་ཀྱིས་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ། དེས་མཚུངས་མེད་བིདྱཱའི་མཚན་ཅན་ལ། དེས་རྗེ་བཙུན་དཀོན་མཆོག་རཏྣ་ལ། དེས་བདག་ལའོ། །དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གཉིས་ཏེ། སྦྱོང་བ་དང་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། མཇུག་རྣམས་སོ། །དང་པོ་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་བདེ་ཞིང་རྒྱབ་ཅུང་ཟད་མཐོ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལེགས་པར་འཁོད་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་ཞིང་གསག་སྦྱོང་གི་ལས་དང་བླ་མའི་རྣལ་འབྱོར་བསྒོམ་ཞིང་ཟབ་ལམ་འཕོ་བའི་གདམས་པ་མྱུར་དུ་འབྱོངས་པར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། འདིའི་ལྷ་བསྐྱེད་པ་དབང་པོ་ཐ་མ་དག་སྤྲོས་པ་ཆུང་བའི་དབང་དུ་མཛད་ནས་བླ་མ་གོང་མ་ལ་ལ་དག་ཡི་དམ་གྱི་ལྷ་ལ་རྒྱན་མེད་པར་བསྒོམ་པ་འདུག་ཀྱང་། དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་ལ་ཆོ་ག་རྒྱས་པ་ཁོ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཉིད་དུ་འགྱུར་ཞིང་། ཁྱད་པར་དུ་ཡང་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས་པ་རྗེ་འཇིག་རྟེན་མགོན་པོས་གསུངས་པས་འདི་ལྟར་ཉམས་སུ་ལེན་དགོས་ཏེ། དེ་ཡང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ངའོ་སྙམ་དུ་བསམ་པའི་ངང་ནས། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བའི་སྟེང་དུ་བམ་རོ་སེར་པོ་གལ་རྐྱལ་དུ་ཕྱོགས་པའི་སྟེང་དུ་ནམ་མཁའ་ལ་དར་ཕྱར་བའམ། ཆུ་ལ་ཉ་ལྡང་བའི་ཚུལ་ལམ། ནམ་མཁའི་དཀྱིལ་འཁོར་ལ་ཉི་མའི་འོད་ཟེར་ཤར་བ་བཞིན་དུ་སྐད་ཅིག་གིས་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དྲི་མ་མེད་པའི་འོད་ཟེར་ཚད་མེད་པ་འཕྲོ་བ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་རེག་པ་བཞིན་དམར་ཞིང་བརྗིད་ཆགས་པ། ཞབས་གཡོན་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་འགྱིང་བའི་རྟིང་པ་བྷ་ག་ལ་གཏད་པས་གསང་བའི་རྩ་ཁ་ཁ་མུ་ཁ་མནན་པར་མཛད་ཅིང་། གཡས་བརྐྱང་པའི་སྟབས་ཀྱིས་དབུགས་བྲལ་གྱི་སྙིང་ཁ་མནན་ཏེ་བཞེངས་པ། རྩ་བའི་ཞལ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་རྗེས་སུ་ཆགས་པའི་ཉམས་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་ཤིང་གར་དགུའི་རྣམ་རོལ་གྱིས་ཡང་དག་པར་སྤ་བ། གཙང་བ་དང་མི་གཙང་བའི་ཀུན་ཏུ་རྟོག་པས་དཀྲིས་པའི་བྲམ་ཟེ་སོགས་ཐེག་པ་དམན་ལ་འཁོད་པ་དང་། དེ་དག་གི་རྗེས་མཐུན་གྱི་ལམ་སྲོལ་གདལ་བ་དག་སྐྱོར་འབྱིན་དང་བགྲོད་པའི་སྟབས་ཀྱིས་ཚར་བཅད་དེ་གསང་ཆེན་རྣམ་པར་མི་རྟོག་པའི་ལམ་ལས་མི་སློབ་པའི་གོ་འཕང་ལ་དཀྲི་བའི་སླད་དུ་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན་ནམ་མཁར་ཕྱར་ཞིང་། གཡོན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པའི་མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱཾ་ག་སྒྲེང་བའི་ཚུལ་དུ་ཐོགས་པ། དབུ་ལ་ཐོད་སྐམ་རིན་ཆེན་གྱི་རྩེ་བྲན་ཅན་ལྔས་བརྒྱན་ཅིང་། ཐོད་པ་སྐམ་པོ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་ཤིང་། ཐོད་པའི་དུམ་བུ་དང་ནོར་བུའི་ཕྱག་གདུབ་ཞབས་གདུབ་སྐ་རགས་སེ་མོ་དོ་མགུལ་རྒྱན་རྣམས་འོད་འབར་བས་མཛེས་པར་བརྒྱན་པ། དབང་པོའི་གནམ་རུ་ལ་འགོང་པར་ནུས་པའི་ལྷ་རྫས་ཀྱི་གོས་དུ་མས་བཀླུབས་པ་སེར་བུས་བརླབ་པའི་ཚེ་སུམ་ཁུག་འཁྱོགས་ཤིང་གྱེས་པའི་རྣམ་པར་གཡོ་བ། ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་འཁྱུད་པའི་མཆོད་ཕྱིར་ཐོགས། དུར་ཁྲོད་ཀྱི་སྐྲ་ལས་བྱས་པ་ཉེ་བར་མདུད་པ་མི་མངོན་པས་སྤྲས་ཤིང་། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། བདེ་བ་ཆེན་པོའི་ཉམས་འོད་འབར་ཞིང་ལང་ཚོ་གསར་པས་ཡང་དག་པར་སྤྲས་པ། བྷ་ག་རབ་ཏུ་རྒྱས་ཤིང་བཅུ་དྲུག་ལོན་པའི་ཉམས་ལྡན་ནུ་འབུར་ཟུང་གིས་སྒེག་ཅིང་། བདེ་བ་དང་སྟོང་པ་རོ་མཉམ་པའི་རྗེས་སུ་ཆགས་པའི་ངོ་བོ་ཉིད་སྙིང་རྗེའི་དཔྱིད་ཀྱིས་ཉེ་བར་གང་བས་ཁྲོ་ཞིང་འཛུམ་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་བས་གདུག་པ་ཅན་ཐམས་ཅད་གཞོམ་ཞིང་བག་འཁུམ་པར་བྱེད་པ། སྐུ་སྣང་ལ་རང་བཞིན་མེད་པ་ཏིལ་གྱི་མར་མེ་ལྟ་བུར་གསལ་བའི་ཁོང་བུའི་ནང་དུ་རྩ་ཨ་བ་དྷཱུ་ཏི་ཕྱི་སྔོ་བ་ནང་དམར་བ་མདའ་སྨྱུག་འབྲིང་པོ་ཙམ་པ། དེ་ཡང་དྲང་བ། དྭངས་པ། གསལ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་སྤྱི་བོའི་ཚངས་པའི་བུ་གར་ཐལ་གྱིས་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་ལྟ་བུར་འགགས་པའི་ནང་གི་ཚིགས་ཀྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ངོ་བོ་རང་གི་རྣམ་པར་ཤེས་པའི་རྣམ་པ་ཕ་ལས་ཐོབ་པའི་དཀར་ཆ་དང་། མ་ལས་ཐོབ་པའི་དམར་ཆ་གཉིས་འདྲེས་པའི་ཚུལ་གྱིས་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་དཀར་ལ་དམར་བའི་མདངས་དང་ལྡན་པ་སྣུམ་ལ་འདྲིལ་བ་འཕར་ཞིང་གཡོ་བའི་རྣམ་པ་ཅན། སྤྱི་བོ་ཚངས་བུག་ཡར་སྣ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་སྟེང་། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་སོར་དོ་སོར་གསུམ་ཙམ་མ་རེག་པའི་ཚུལ་གྱིས་བཀླུབས་ཤིང་། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྟེ་འོག་ཏུ་མཛད་པ། སེང་གེའི་ཁྲི་ལ་བྱམས་བཞུགས་ཀྱི་ཚུལ་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཚངས་བུག་བཀག་པ། དེ་ཉིད་ལ་ལམ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་པའི་ངང་ནས་གསོལ་བ་བཏབ་ཅིང། རྣམ་པར་ཤེས་པའི་མདའ། རླུང་གི་གནམ་རུ་ལ་ཡིག་འབྲུའི་རྒྱུད་ཀྱིས་མཚམས་སྦྱར་ནས་བསྐུལ་བའི་ཚེ། ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས། སངས་རྒྱས་ཀྱི་ཞབས་མཐེབ་ལ་ཏུག་ཏུག་སོང་བར་བསམས་ཏེ། ཀ་དཔེ་ལས། སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་གི་རྒྱུད་ཀྱིས་རབ་བསྐུལ་བས། །ཞེས་གསུངས་པའི་དོན་བཤད་ལ་དམིགས་པ་རྣམས་གསལ་བའི་ངང་ནས་གསོལ་བ་འདེབས་པ་ནི། མོས་གུས་ཀྱི་གདུང་བ་དྲགས་པོས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་འདི་སྐད་དོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་འགྲེ །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ༴ སོགས་ཀུན་ལ་འགྲེ །སངས་རྒྱས་འོད་དཔག་མེད་ལ༴ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ༴ རྟོགས་ལྡན་སངྒྷ་བྷ་དྲ་ལ༴ ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ མཚུངས་མེད་མ་ཏིའི་མཚན་ཅན་ལ༴ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ༴ མཚུངས་མེད་བིདྱཱའི་མཚན་ཅན༴ རྗེ་བཙུན་དཀོན་མཆོག་རཏྣ་ལ༴ དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ བདག་སོགས་འདི་ནས༴ བདེ་བ་ཅན་དུ༴ ཞེས་གསོལ་བ་བཏབ་ཅིང་། ཧིཀ་ཅེས་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་སྤར་རོ། །དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་སུ་རབ་དྲན་མེད་དུ་འགྲོ་བ་དང་། འབྲིང་སྤྱི་བོ་ཟ་ཞིང་འབུར་བ་དང་། ཤུ་རྡོག་འབྱུང་བ་དང་། ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་ལ་བསྐྱར་ལ་འབད་པར་བྱའོ། །གསུམ་པ་མཇུག་ནི་ཐུན་མཚམས་སུ་ཀ་ཞེས་པའི་སྒྲས་རླུང་དམིགས་སེམས་གསུམ་ཕབ་ཅིང་ཐིག་ལེ་སྙིང་ཁའི་པད་སྟེང་དུ་ཕབ་ལ་བཞག །མཇུག་ཏུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་། སླར་གོང་ལྟར་འབད་པས་སྦྱང་། མཇུག་ཏུ་རྟགས་རྣམས་མངོན་སུམ་དུ་གྱུར་ནས་འཇག་མ་འཛུག་པ་སོགས་ལག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ། ཐུན་མཚམས་རྣམས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །རྟགས་ཐོན་ནས་མ་ཤིའི་བར་དུ་ཉིན་མཚན་གུང་གི་ཐུན་ལ་དམིགས་པ་མ་བརྗེད་ཙམ་དང་གསོལ་འདེབས་མ་ཆག་ཙམ་མ་གཏོགས་འབད་པ་ཆེར་བྱས་ན་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་ཉེན་ཆེ་བས་མི་བྱ། ཚེ་སྒྲུབ་ལ་འབད་ཅིང་སྨོན་ལམ་གྱི་ཁ་ཏོན་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། གཞན་ཕན་འགྲོ་དོན་གྱི་ཚུལ་དང་། རང་ཉིད་འཕོ་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་གང་ཡང་རུང་བ་ལས་ཀྱི་མཐའ་ཟད་ལྔ་པར་གྱུར་པ་ན། དེ་དག་ཤི་མ་ཐག་ལ་དར་གཅིག་སོང་བ་དང་། དྲོད་མཐའ་ནས་དབུས་སུ་འདྲིལ་ཞིང་སྙིང་ཁའི་དྲོད་སྟོད་དུ་འཕུང་པ། ཡན་ལག་བཞིའི་འཕར་རྩ་འཕྲོ་ཆད་ཅིང་། རྦ་རླབས་གཉིས་ཀྱང་ཅུང་ཟད་རེ་ཙམ་ལས་ཆེར་འཕར་དུ་མི་བཏུབ་ལ། ཕྱི་དབུགས་ཆད་ནས་ཅུང་ཟད་སོང་བའི་ནང་དབུགས་ཀྱང་ཆད་མ་ཐག་པའི་མོད་དེ་ཉིད་ལ་ཕུང་པོ་བསྒུལ་བསྐྱོད་དང་འཕུར་བསུབ་མ་བྱས་པའི་སྐབས་དེར། ཚེ་ལས་འདས་པའི་རྣ་བར་མཆུ་གཏད་དེ་སྐད་ཆེན་པོས་མིང་ནས་བོས་ལ། ཁྱོད་ཤི་བ་ཡིན་ནོ། །ཞེས་ལན་གསུམ་བརྡ་སྤྲད་ལ། ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། ཕྱི་མའི་སྣང་བ་ནི་མ་ཤར། ད་ལྟ་བར་དོ་ཆོས་ཉིད་ངང་དུ་གནས་པ་ལགས་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱོད་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ཐིམ་པས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རེངས། མིག་དབང་ཐིམ་པས་མིག་མི་གསལ་ཞིང་བཞིན་འགྱུར། གཟུགས་ཁམས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྔུལ་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་རྣམས་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣ་ཡི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ །དྲི་ཐིམ་པས་རང་གི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་རང་གི་བྱ་བ་ཐམས་ཅད་འཇུག་པར་མི་འགྱུར་རོ། །བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ཐུང་ཞིང་སྦོམ་པར་འགྱུར་རོ། །རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་། དེ་དག་ནི་རགས་པ་ཉི་ཤུ་ཐིམ་ཚུལ་ལོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་བཞི་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ང་འཐེན་ཟེར་བ་སོགས་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་གཡོ་ཞིང་མི་བརྟན་པ་འབྱུང་། ཆུ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་ཆུང་དུ་འགྲོ་ཞིང་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་གསལ་ལམ་པ་འབྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཐུབ། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རླུང་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལམ་པ་འབྱུང་། དེ་དག་ནི་ཕྲ་བ་འབྱུང་བཞི་ཐིམ་ཚུལ་ལོ། །དེ་ནས་དེའི་མོད་ལ་སྣང་མཆེད་ཐོབ་གསུམ་ཐོབ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་ཀུན་རྟོག་བཞི་བཅུ་འགགས། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་དག་པ་ལ་མུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ཤིང་ནག་ཐོམ་གྱིས་དྲན་མེད་དུ་འགྲོ །གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགགས། དེ་ནས་དྲན་མེད་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ཐོ་རེངས་ཀྱི་དུས་ནམ་མཁའ་དག་པ་ལྟ་བུ་ཞིག་འཆར་ཏེ། དེ་ནི་འཆི་བའི་འོད་གསལ་དངོས་གཞི་ཡིན་པས་ངོས་ཟིན་པར་གྱིས་ཤིག །ཅེས་ངོ་སྤྲད་ལ། ཆོས་པ་ཉམས་མྱོང་ཅན་ཐུགས་དམ་ལ་བཞུགས་པའི་རིགས་ཡིན་ན་སྐབས་འདིར་ཁོ་རང་གི་ཉམས་དགེ་སྦྱོར་དང་མཚམས་བསྟུན་པའི་ངོ་སྤྲོད་བྱས་ལ་བཞག་གོ །སོ་སོ་སྐྱེ་བོ་ཕལ་པ་ཡིན་ན་སྐབས་འདིར་བར་དོ་དངོས་མིན་པས་ལས་ཀྱིས་ཁ་བསྒྱུར་དུ་མི་བཏུབ་ཅིང་ཕྱི་མའི་སྣང་བ་མ་འཆར། ཚེ་འདིའི་སྣང་བ་ནུབ་པའི་སྐབས་ཡིན་པས་འཕོ་བ་ཐེབས་སླ་ཞིང་། དུས་འདི་ལས་འགྱང་ན་བར་དོ་གཉིས་པ་ཕན་ཆད་ནས་ལས་ཀྱིས་ཁ་བསྒྱུར་དུ་བཏུབ་ཅིང་རིམ་གྱིས་ཕྱི་མའི་སྣང་བ་འཆར་བས་འཕོ་བ་ཐེབས་ཕུལ་ཆུང་དུ་འགྲོ་བས་སྐབས་འདིར་གདབ་གལ་ཤིན་ཏུ་ཆེའོ། །དེ་ནས་འཕོ་བ་གདབ་པའི་ཐབས་ནི། དེ་ལྟར་ཁྱོད་ཀྱིས་ཐིམ་རིམ་ངོ་མ་ཤེས་ཤིང་འོད་གསལ་གྱི་ངང་ལ་མཉམ་པར་གཞག་མི་ཐུབ་པར་འདུག་ན་ཁྱོད་རང་སེམས་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་འདི་བཞིན་གྱིས་ཤིག །ཨོཾ་སྭ་བྷཱ་བ་སོགས་སྔར་སྦྱངས་པའི་དུས་ལྟར་ལ་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཞེས་དང་། མཇུག་ཏུ་ཕཊ་ཀྱི་བརྡ་སྦྱར་བའི་དུས་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ལུས་ལ་ཕྱི་མིག་མི་བལྟ་བར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐིམ་རིམ་དང་དམིགས་པ་རྣམས་ཚིག་ཟུར་མ་ཉམས་ཤིང་གསལ་གདངས་ཐོན་ཞིང་དལ་བུས་ངོ་སྤྲད་ལ། གསོལ་འདེབས་ཀྱི་ཚེ་བདག་ཉིད་ཅེས་པའི་མལ་དུ་ཚེ་འདས་འདི་ནས་ཞེས་འདོན་པ་བསྒྱུར། ཧིག་གི་མལ་དུ་ཕཊ་ཀྱི་བརྡ་སྦྱར། སྔར་བཤད་པའི་རྟགས་རྣམས་དང་རང་ཉིད་གྲོགས་བཅས་མགོ་ན་བ་དང་། དམིགས་ཡུལ་གྱི་ཐོད་པ་གོགས་པ་དང་འབུར་བ་དང་ཚེག་སྒྲ་འབྱིན་པ་དང་། ཁྲག་དང་ཆུ་སེར་འབབས་པ་སོགས་རྟགས་དངོས་སུ་འོང་བས་མ་བྱུང་གི་བར་དུ་བསྐྱར་ལ་གདབ། རྟགས་ཐོན་ནས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ལ་གདབ་པར་བྱའོ། །གཉིས་པ་རང་དོན་དུ་ལས་ལ་སྦྱར་བའི་ཚུལ་ནི། རང་ཉིད་འཆི་བའི་རྟགས་ཚང་ཞིང་དེ་ཉིད་ཀྱང་འཆི་བསླུའི་ཆོ་ག་སོགས་ཐབས་སྣ་ཚོགས་བྱས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། འཆི་ལྟས་ཀྱི་ངེས་པ་བརྟན་པོ་མ་མཐོང་བར་བབ་ཅོལ་དུ་འཕོ་ན་རང་ཉིད་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་མི་རུང་ངོ་། དེ་ལ་ལྟས་བརྟགས་པའི་ཚུལ་ལ་རང་གི་འཆི་ལྟས་ནི། གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་བུང་གཅིག་ཁོ་ན་ལ་འཕོ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་གཡས་ནས་འབྱུང་སྟེ། སྣ་བུག་གཡས་པ་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན། རིམ་པས་ལོ་གསུམ་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་སོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་། ཞག་བཅུ་དང་ལྔ་གསུམ་ན་འཆི་ལ། དེ་ནས་གཡོན་པ་ཞག་གཅིག་དང་དབུ་མར་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་གྱི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ་སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ནས་འཆི། དེ་བཞིན་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་བརྒྱད་དང་། ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་ཅུ་རྒྱུ་ན་རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ན་གཡོན་ནས་ཞག་སོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་གཅིག་རྒྱུ་ཞིང་འཆི་བར་འགྱུར་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི། རྣ་བའི་འུར་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་གཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ནས་འཆི་བར་བཤད་ལ། ཤིན་ཏུ་ཉེ་བའི་འཆི་ལྟས་ནི་སྔར་ཐིམ་རིམ་གྱི་དུས་སུ་བཤད་པ་ལྟར་འབྱུང་བར་འགྱུར་རོ། །འཆི་ལྟས་འདི་དག་ནི་གློ་བུར་དུ་འཆི་བ་དག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་། བྱུང་ན་འཆི་བའི་ལྟས་ཡིན་ལ། གཞན་ཡང་རྨི་ལྟས་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་བོང་བུ་ཞོན་ནས་སམ་ཞོན་པ་མེད་པར་ལྷོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐྱེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་ལ་སོགས་མང་དུ་བྱུང་ན་འཆི་བ་སོགས་མང་དུ་གསུངས་སོ། །འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་བའི་མཚན་མ་བརྟན་པོ་མཐོང་ན་རང་གི་ནོར་རྫས་རྣམས་བསོད་ནམས་སོགས་པའི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཆགས་ཞེན་སྤང་། དམ་ཚིག་ཉམས་ཆགས་བྱུང་བ་ལ་བཤགས་སྡོམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་མདུན་དུ་བཀྲམས་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ལ་འཆི་བ་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་གདབ། ཆགས་སྡང་སོགས་དུག་ལྔའི་རྟོག་པ་མཚམས་སྦྱོར་ངན་པ་ཐམས་ཅད་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ནམ་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་། དེར་འཕོ་བའི་འཕེན་པ་དྲགས་པོ་ཡང་བྱའོ། །དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན། ལས་སྦྱོར་དངོས་ནི། ལུས་གནད་སོགས་སྔར་སྦྱོང་བའི་སྐབས་ལྟར་བྱ་ཞིང་། གལ་ཏེ་ནད་ཀྱིས་མནར་བ་སོགས་ལུས་གནད་སྔར་ལྟར་འདུག་པར་དཀའ་ན་གྲོགས་ཀྱིས་སྐྱོར་པའམ། ཡང་ན་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན། གློ་གཡས་ལ་ཕབ། ལག་གཡས་འགྲམ་པ་གཡས་ལ་སྦྱར། ལག་གཡོན་བརླ་གཡོན་པའི་སྟེང་དུ་སྦུབས་ལ་བརྐྱང་། རྐང་པ་གཡས་འོག་དང་། གཡོན་སྟེང་དུ་བཞག་པའི་ལོང་བུ་བརྩེགས་ཏེ་བརྐྱང་། བག་ཙམ་བསྐུམས་ལ་འཕོས་ཀྱང་ངེས་པར་རུང་ལ། ལུས་གནད་ཕྱི་མ་འདི་ལ་ཆོས་དྲུག་པ་རྣམས་ལུས་བཅོས་ཏེ་འཕོ་བ་ཞེས་བཤད་དོ། །དེ་ནས་དམིགས་པ་རྣམས་སྔར་ལྟར་ལས། སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་སྐྱ་སེང་ངེ་ཡོད་པ། རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་དམིགས་པས་སྐྲ་གྱེན་དུ་འཐེན་ལ་ཧིཀ་དྲག་པོ་ཉེར་གཅིག་གིས་ཚངས་བུག་ནས་སྐར་མདའ་འཕངས་པ་ལྟར། སངས་རྒྱས་ཀྱི་ཐུགས་ཀར་འཕོས་པའི་སྦྱོར་བ་བྱས་པས་འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཐུམ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ །སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་ལྟར་མ་བྱུང་ན་རེ་ཞིག་ཆུར་དྲངས་ལ་ངལ་བསོས་ཏེ། སླར་ཡང་དམིགས་པ་གསལ་བཏབ་ལ་ཧིཀ་དྲག་པོ་སོགས་ཀྱིས་འཕོ། རྟགས་བྱུང་ན་གོང་ལྟར་ཧིཀ་ཉེར་གཅིག་གིས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་འཕོ་སྟེ། མཐར་མགོན་པོ་འོད་དཔག་མེད་ཀྱང་རང་ཉིད་གང་འདོད་པའི་ཞིང་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་བསྡུས་ཏེ། དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཀྱིས་གསལ་འདེབས་བྱ་བར་ཡང་བཤད་དོ། །ཡང་རང་ཉིད་ནད་དྲག་པོས་མནར་བ་སོགས་ཀྱིས་ཧིཀ་སྒྲ་འབྱིན་པར་མི་ནུས་ན། རང་གི་དམིགས་པ་དང་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་འཕོ་བའི་འདུན་པ་དྲག་ཏུ་བྱའོ། །གྲོགས་ཀྱིས་ཕཊ་དྲག་པོ་ཉེར་ལྔའམ་ཧིཀ་དྲག་པོ་ཉེར་ལྔ་སོགས་ཀྱིས་བསྐུལ་ཡང་ཉན་ནོ། །ལར་དུས་ངེས་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས། འཆི་ཁར་འཕོ་བ་ལྷག་པར་སླ་བར་བཤད་པའི་ཕྱིར་རོ། །གཞན་དེ་ལྟར་མི་ཤེས་པའི་མིའམ་དུད་འགྲོ་ལ་རྣལ་འབྱོར་པས་དམིགས་པ་ཁོ་ན་མ་གཏོགས་པ་ཡུལ་དེ་ལ་བརྡ་མ་སྤྲད་ཀྱང་ཐེབས་པ་མྱོང་བས་གྲུབ་ཅིང་། དེ་ཙམ་མི་ནུས་པ་ལ་ཡང་ཤི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་། སངས་རྒྱས་སྨན་པའི་རྒྱལ་པོའི་མཚན་ནས་བརྗོད་པ་ཙམ་གྱིས་ཀྱང་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་བཤད་ལ། དུད་འགྲོ་ལ་སོགས་པ་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་པས་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །སྨྲས་པ། མ་བསྒོམས་སངས་རྒྱས་མྱུར་ལམ་འཕོ་བའི་ཆོས། །འོད་དཔག་མེད་པས་ཨོ་རྒྱན་དངོས་ཉིད་ལ། །ལེགས་པར་གདམས་པའི་ཟབ་ཏིག་མ་འཆོལ་བ། ཁོ་བོས་བཤད་ཀྱི་གཞན་དུ་སུ་ཡིས་གདམས། །དཔེར་ན་གསེར་དང་ལྕགས་ཕྱེ་འདྲེས་པ་དག །དབྱེ་འབྱེད་ཁབ་ལེན་རྡོ་མིན་གཞན་སུ་ཞིག །དེ་ལྟར་མཁས་དང་རྨོངས་པའི་ཁྱད་པར་ཡང་། །ལེགས་བཤད་བརྩམས་ལས་འབྱུང་གི་གཞན་དུ་མིན། ཁོ་བོས་དང་པོ་ལམ་འདི་ཐོས་མ་ཐག །ངེས་པ་མ་མཐོང་བར་དུ་འབད་དེ་བསྒོམས། །སླར་ཡང་ཉམས་མྱོང་བཟང་པོས་ལེགས་འབད་ནས། །རང་བཟོ་སྤངས་ཏེ་སྦྱར་བ་ཁོ་ནར་ངེས། །དེང་སང་ཕལ་ཆེར་ཐོས་རློམ་སྤྱི་བརྟོལ་གྱིས། །གྲགས་པའི་རྗེས་སུ་བསྙེགས་དང་འདི་མི་འདྲ། །འདི་བརྩམས་པ་ལས་བྱུང་བ་ཡི། །དགེ་བ་དུང་ལྟར་དཀར་བ་དེས། །བདག་སོགས་རྨོངས་པའི་འགྲོ་བ་རྣམས། །འཆི་བ་ལམ་དུ་ལོངས་གྱུར་ཅིག །དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་འདི་ཉིད་ལ་སྔོན་ཆད་བཤེས་གཉེན་ཕལ་ཆེར་གྱི་རང་སྟོབས་དང་སྤྱི་བརྟོལ་གྱི་རང་བཟོའི་ཡིག་ཆ་དག་མ་དག་སྣ་ཚོགས་པ་དང་། ཁུངས་ཐུབ་པའི་ཡིག་ཆ་མདོར་བསྡུས་པ་ཞིག་ལས་མི་འདུག་པས། སླར་རུང་མཐུན་རྣམས་ཀྱིས་མཚམས་སྦྱར་ཏེ་དབུར་སྟོད་འབྲི་ཁུང་དུ་སྐྱུ་རའི་གདུང་རབས་ཐ་ཤལ་ཤཱཀྱའི་དགེ་སློང་རིག་པའི་གནས་བཅུ་ཕྲག་སྨྲ་ཞིང་གནས་ལུགས་རྟོགས་པ་མངོན་དུ་གྱུར་པ། འཆི་བ་འོད་གསལ་ཆོས་སྐུར་བརྟན་པ་ཐོབ་པའི་རིག་འཛིན་ཆོས་ཀྱི་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཤིང་བྱི་མཆུ་ཟླ་བ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བའི་དཀར་ཆའི་ཚེས་ལ། གཞོ་སྤྲོ་ལུང་གི་ཀུན་དགའ་ར་བའི་གཟིམས་ཆུང་དབང་ལྡན་ཕོ་བྲང་དུ་མགྱོགས་པར་སྦྱར་བ་དགེ་བར་གྱུར་ཅིག། །།

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཁྲོ་བོའི་སྒྲུབ་པ་ (Volume 58, Text 25)

༁ྃ༔ དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཁྲོ་བོའི་སྒྲུབ་པ་བཞུགས༔ ྈྈྈྈ ན་མ་ཤྲཱི་བཛྲ་ཧེ་རུ་ཀཾ༔ དགའ་རབ་རྡོ་རྗེའི་སྙིང་ཏིག་ལས༔ ཡི་དམ་ཁྲོ་བོའི་སྒྲུབ་པ་ནི༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ སྐུ་གསུམ་རྫོགས་པའི་རྣལ་འབྱོར་གྱིས༔ སྒྱུ་མ་བདེ་མཆོག་ལམ་དུ་བྱ༔ ས་མ་ཡ༔ ཧཱུྃ༔ ཡང་དག་གྲུབ་པ་དེ་བཞིན་གཤེགས༔ འོད་གསལ་ཆོས་སྐུ་གཅིག་པུ་ཉིད༔ སངས་རྒྱས་སྲས་བཅས་སྙིང་རྗེ་ཆེ༔ ཀུན་སྣང་ལོངས་སྤྱོད་རྫོགས་སྐུར་བཞེངས༔ བདེ་ཆེན་ཡེ་ཤེས་ཀུན་འདུས་པ༔ སྤྲུལ་སྐུ་རྒྱུ་ཡི་ཐིག་ལེ་ཧཱུྃ༔ རྣལ་འབྱོར་ཏིང་འཛིན་ཆོ་འཕྲུལ་ལས༔ སྣོད་བཅུད་དག་པ་ཡུམ་ལྔའི་ཀློང༔ ཧེ་རུ་ཀ་ཡི་ཕོ་བྲང་དབུས༔ ཟླ་གམ་འབར་བའི་སྙིང་པོ་ན༔ སྐུ་གསུམ་ཡོངས་རྫོགས་དཔལ་ཆེན་པོ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ བཞད་དང་གཤེ་དང་རྔམ་པའི་ཉམས༔ ཕྱག་དྲུག་ཡེ་ཤེས་རྟགས་ཀྱི་རྒྱ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གར་གྱི་ཉམས་དགུས་རབ་ཏུ་བརྗིད༔ ཡུམ་ནི་ཀྲོ་དྷཱི་ཤྭ་རཱི་མ༔ སྔོ་སྐྱ་གྲི་ཐོད་འཛིན་པས་འཁྱུད༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྙོམས་འཇུག་བདེ་སྟོང་སྦྱོར་མཚམས་ནས༔ བྱང་སེམས་ཧ་བརྒྱད་རྣམ་པར་འཕྲོས༔ ཕྱོགས་མཚམས་ཟླ་གམ་འབར་བའི་དབུས༔ གཽ་རཱི་བྷན་དམར་ཞིང་དབྱུག་སྔོ༔ ཙཽ་རཱི་མདའ་གཞུ་འགེངས་མ་སེར༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དམར༔ བཻ་ཏཱ་ཞིང་ཤ་རྡོར་འཕྱར་ནག༔ པུཀྐ་དམར་སེར་ཞིང་རྒྱུ་འདྲེན༔ གྷསྨ་དུང་དམར་དཀྲུགས་འཐུང་ལྗང༔ སྨ་ཤ་མཐིང་ནག་ཞིང་སྙིང་ཟ༔ ཙཎྜ་སེར་སྐྱ་མཆོག་ལུས་འདྲལ༔ ཀུན་ཀྱང་དྲག་མོ་རབ་ཏུ་ཁྲོས༔ དུར་ཁྲོད་ཆས་ཅན་གཡོན་བརྐྱང་གིས༔ ཞིང་གི་གདན་ལ་གར་སྟབས་རོལ༔ གཞན་ཡང་རབ་འབྱམས་རྩ་གསུམ་ལྷ༔ སྤྲོ་ཞིང་བསྡུ་བའི་ཆོ་འཕྲུལ་གྱིས༔ འཇིག་རྟེན་ཁམས་ཀུན་ཡོངས་འགེངས་པའི༔ སྣང་སྟོང་སྒྱུ་མའི་ཕྱག་རྒྱར་རྫོགས༔ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་སརྦ་མཎྜལ་ཨཱཿཧཱུྃ༔ སྤྲོ་ན་ཕྲིན་ལས་རྒྱས་པར་བྱ༔ མདོར་བསྡུས་དམ་ཡེ་དབྱེར་མེད་བསྒོམ༔ གང་ཡང་སྒྱུ་མའི་ལྷ་སྐུ་ལ༔ ང་རྒྱལ་བརྟན་པོའི་གསལ་སྣང་བསྒྲུབ༔ ཡུལ་གསུམ་གསལ་བར་གྱུར་པ་ན༔ སྙིང་གར་འོད་ལྔའི་གོང་བུའི་དབུས༔ ཙ་ནའི་འབྲུ་ཙམ་ཐིག་ལེ་ལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ ནམ་མཁའ་གང་བར་རབ་སྤྲོས་པས༔ སངས་རྒྱས་མཛད་པ་བསྒྲུབ་ཅིང་བསྡུ༔ དེ་ཚེ་སྣང་བའི་དངོས་པོ་ཀུན༔ སྒྱུ་མ་ཆུ་ཟླ་འཇའ་ཚོན་ལྟར༔ གསལ་སྟོང་ཟུང་དུ་འཇུག་པ་ཡི༔ ཁྲག་འཐུང་ཆེན་པོར་རང་ཤར་ན༔ དབྱིབས་ཀྱི་རྣལ་འབྱོར་ལ་བརྟེན་ནས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས༔ སྤྲུལ་སྐུའི་ཕྱག་རྒྱར་རྫོགས་པ་འོ༔ ས་མ་ཡ༔ རྡོ་རྗེ་ཛཔ྄་ཀྱི་དགོངས་པ་ལ༔ ཐུན་མོང་ངག་གི་བཟླས་པ་ནི༔ རང་གི་ཐུགས་ཀར་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་རིག་མས་དགྱེས་པ་ཡི༔ ཐུགས་དབུས་ཨ་ཝ་དྷཱུ་ཏིའི་སྦུབས༔ དྭངས་མ་མི་ཤིགས་ཧཱུྃ་མཐིང་ལས༔ རུ་ལུའི་སྔགས་ཕྲེང་འཕྲོ་ཞིང་འདུ༔ ཕར་འཕྲོས་འཁོར་གྱི་རྒྱུད་བསྐུལ་ཞིང༔ དེ་ལས་འོད་འཕྲོས་རྒྱལ་བ་མཆོད༔ ཚུར་འདུས་དངོས་གྲུབ་རང་ལ་ཐིམ༔ བདེ་ཆེན་ཡེ་ཤེས་འབར་བར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བདུན་གྱིས་ཧེ་རུ་ཀས༔ བྱིན་གྱིས་བརླབས་པའི་མཚན་མ་བྱུང༔ ཁྱད་པར་བདེ་ཆེན་བཟླས་པ་ནི༔ རང་གི་ཐུགས་སྲོག་ལས་བྱུང་བའི༔ སྔགས་ཕྲེང་རྩ་བའི་ཞལ་ནས་བརྒྱུད༔ ཡུམ་གྱི་ཞལ་ཞུགས་ཐུགས་ཀར་ཐིམ༔ སླར་འཕྲོས་གསང་བའི་པདྨ་ནས༔ རྡོ་རྗེ་ནོར་བུའི་ལམ་བརྒྱུད་དེ༔ བར་མ་ཆད་པར་འཁོར་བ་ཡིས༔ བདེ་ཆེན་འབར་ཞིང་གཡོ་བ་དང༔ བརྟན་ཅིང་ཁྱབ་པར་བསམ་བྱས་ལ༔ རྡོ་རྗེའི་བཞད་སྒྲ་འདི་བཟླ་འོ༔ ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ༔ རླུང་སེམས་ངང་གིས་དལ་བ་དང༔ བདེ་བ་འབར་ན་གྲུབ་པའི་རྟགས༔ མཆོག་ཏུ་རྡོ་རྗེའི་བཟླས་པ་ནི༔ ལུས་བསྲང་རླུང་རོ་བསལ་བྱས་ལ༔ འཇུག་པ་ཨོཾ་ཞེས་ནར་གྱིས་དྲང༔ གནས་པ་ཨཱཿལ་ཟིན་ཡུན་བསྲིང༔ ཧཱུྃ་ཞེས་ཕྱི་ལ་དལ་བུས་གཏང༔ དེ་ཡང་རང་བབས་བཟོ་མེད་བྱ༔ ཡང་ན་དཔལ་ཆེན་རྩ་བའི་སྔགས༔་་་རུ་ལུ། འཇུག་གནས་ལྡང་བར་སྦྱར་བས་གྲུབ༔ དེ་ཚེ་རླུང་སེམས་དབུ་མ་རུ༔ ཞུགས་གནས་ཐིམ་པའི་རྩལ་རྫོགས་ནས༔ ཡེ་ཤེས་བསམ་མི་ཁྱབ་པ་སྐྱེ༔ རྟགས་ཀྱི་རིམ་པ་མཐར་ཐུག་སྟེ༔ བདེ་རླུང་སེམས་ལས་ཧེ་རུ་ཀའི༔ སྔགས་དང་ཕྱག་རྒྱ་རང་ཤར་ན༔ སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས༔ ལོངས་སྐུའི་གོ་འཕང་སྨིན་པ་འོ༔ ས་མ་ཡ༔ རྡོ་རྗེ་བདེ་སྟོང་འོད་གསལ་བ༔ མི་འགྱུར་རྟག་པའི་དགོངས་པ་ནི༔ རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཤེས་རབ་ཀྲོ་དྷཱི་ཤྭ་རཱི་དང༔ མཉམ་པར་སྦྱོར་བའི་ལྷ་སྔགས་ཀྱི༔ འདུ་ཤེས་གསལ་བ་ཨོཾ་ཡིན་ཏེ༔ དེ་ལས་དགའ་དང་མཆོག་དགའ་དང༔ ཁྱད་དགའ་ལྷན་སྐྱེས་དགའ་བ་བཞི༔ རུ་ལུ་རུ་ལུའི་དབྱིངས་ནས་ཤར༔ ལུགས་ལྡོག་ཧཱུྃ་གི་ལྕགས་ཀྱུས་དྲང༔ བྷྱོ་ཡི་དགོངས་པས་རྩ་ཁམས་དགྲམ༔ ཧཱུྃ་ཞེས་སྤྱི་བོར་བརྟན་པ་ལས༔ མཚན་ལྡན་བྷ་གའི་རེག་བྱ་མཆོག༔ བདེ་བའི་གཟུགས་སུ་ཤར་བའི་འབྲས༔ སྟོང་དང་སྟོང་མིན་ལས་འདས་པ༔ ཧེ་རུ་ཀ་དཔལ་མངོན་སུམ་མཚོན༔ ཁྱད་པར་སྣང་བ་ཐམས་ཅད་ཀུན༔ རུ་ལུའི་གཟུགས་སྒྲ་ཡེ་ཤེས་སུ༔ ཤེས་ཤིང་གོམས་པ་མཐར་ཕྱིན་པས༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ཕྱི་རོལ་དོན་སྣང་རང་གི་སེམས༔ སེམས་ཉིད་ངོ་བོ་སྐྱེ་བ་མེད༔ རང་བཞིན་སྟོང་གསལ་འོད་ལྔ་ཤར༔ ཐུགས་རྗེ་རིས་མེད་ཀུན་ཏུ་ཁྱབ༔ དབྱིངས་ནི་ཀྲོ་དྷཱི་ཤྭ་རཱི་ཡུམ༔ རིག་པ་མི་འགྱུར་ཁྲག་འཐུང་ཆེ༔ དབྱིངས་རིག་དབྱེར་མེད་རོལ་པའི་རྩལ༔ རང་བྱུང་གཽ་རཱི་བརྒྱད་དུ་བཞེངས༔ ལྟ་བ་བློ་ཡི་ཡུལ་ལས་འདས༔ སྒོམ་པ་སོ་སོ་རང་གིས་རིག༔ སྤྱོད་པ་ཞེན་མེད་རྩིས་གདབ་བྲལ༔ འབྲས་བུ་ཐམས་ཅད་དབྱིངས་ཡེ་ཤེས༔ རང་ལས་ཤར་ཞིང་རང་སར་ཐིམ༔ དོན་གྱི་རུ་ལུ་འབྲུ་བརྒྱད་པོ༔ སྟོང་པ་བཞི་ཡི་ངང་ཉིད་ལས༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ ཧེ་རུ་ཀ་དཔལ་རང་ཤར་ན༔ ཆོས་ཉིད་ཟབ་མོའི་རྣལ་འབྱོར་ལ༔ བརྟེན་ནས་ཁམས་གསུམ་རྟོག་ཚོགས་ཀུན༔ ཆོས་སྐུའི་དབྱིངས་སུ་དག་པ་འོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་དགོངས་པ་ནི༔ འཆི་མེད་གཉུག་མ་ཧེ་རུ་ཀ༔ བདེ་ཆེན་འབར་བའི་འོད་ཟེར་སྤྲིན༔ ནམ་མཁའི་མཐས་གཏུགས་འཁོར་འདས་ཀྱི༔ སྣོད་བཅུད་ཀུན་ཏུ་ཁྱབ་ཅིང་གདལ༔ ཚུར་འདུས་དྭངས་མ་མི་ཤིགས་པའི༔ ཐིག་ལེ་ཆེན་པོར་རོ་གཅིག་བསྐྱིལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་དབྱིག༔ རྡོ་རྗེའི་སྲོག་ཏུ་འགྲུབ་པར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཟླས་སྐབས་སུ་ཚེ་འབྲང་དང༔ དངོས་གྲུབ་རྫས་བཤམ་ཚེ་བཅུད་བསྟིམ༔ དབང་བླང་རོལ་པས་དངོས་གྲུབ་ནི༔ བརྟན་ཅིང་ནུས་པ་མཆོག་ཏུ་འགྱུར༔ ས་མ་ཡ༔ སློབ་མ་རྗེས་འཛིན་ཟབ་དབང་ནི༔ མཚན་མའི་དལ་དང་དབང་རྫས་བཤམ༔ བསྙེན་ཅིང་བསྒྲུབས་ལ་སྣོད་ལྡན་རྣམས༔ ཁྲུས་བྱས་མཎྜལ་མེ་ཏོག་བཅས༔ གསོལ་གདབ་རྒྱུད་སྦྱང་ཡེ་ཤེས་བརྟན༔ ལྷ་སྔགས་ཕྱག་མཚན་གནས་གསུམ་བཞག༔ ཨོཾ༔ མཚན་ལྡན་རྡོ་རྗེ་ཀ་པཱ་ལར༔ ཧེ་རུ་ཀ་དཔལ་ཕྱག་རྒྱས་མཚན༔ གཟི་བྱིན་འབར་བའི་དབང་བསྐུར་པས༔ སྣང་བ་ལྷ་རུ་འཆར་བར་ཤོག༔ ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ བརྗོད་དུ་མེད་པའི་ངང་ཉིད་ལས༔ བརྗོད་པ་རུ་ལུ་འབྲུ་བརྒྱད་བྱུང༔ ཡེ་ཤེས་སྙིང་པོའི་དབང་བསྐུར་པས༔ སྒྲ་གྲགས་སྔགས་སུ་སྨིན་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མི་ཕྱེད་སྟོང་ཉིད་རྡོ་རྗེའི་དབྱིངས༔ གསལ་བ་དྲིལ་བུའི་སྒྲས་མཚོན་ནས༔ ཟུང་འཇུག་ཆེན་པོའི་དབང་བསྐུར་པས༔ རྟོག་ཚོགས་དབྱིངས་སུ་གྲོལ་བར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་ཡབ་ཡུམ་བྱང་སེམས་སྦྱིན༔ ཧོ༔ བདེ་བར་གཤེགས་པ་སྲས་དང་བཅས༔ བྱང་ཆུབ་སེམས་སུ་ཞུ་བའི་བཅུད༔ རྩ་རླུང་ཐིག་ལེར་བསྟིམས་པ་ཡིས༔ ཡང་དག་ཡེ་ཤེས་རྒྱས་པར་ཤོག༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་གཏད༔ མཱུྃ༔ སྟོང་ཉིད་ཡུམ་གྱི་མེ་ལོང་དུ༔ བདེ་ཆེན་སིནྡྷུའི་དཀྱིལ་འཁོར་ཤར༔ གཉིས་སུ་མེད་པའི་དབང་བསྐུར་པས༔ ལྷན་ཅིག་སྐྱེས་དགའ་མངོན་གྱུར་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མཱུཾ༔ མར་མེ་དགུ་ཡི་བརྡས་མཚོན་ཏེ༔ མཉམ་བཞག་དགོངས་པའི་དོན་ངོ་སྤྲད༔ ཨ༔ ཡང་དག་གྲུབ་པ་གཅིག་པུའི་ངང༔ ཡེ་ཤེས་སྣང་བ་དགུ་རུ་འབར༔ གཏིང་གསལ་རང་རིག་ཆོས་སྐུའི་ཀློང༔ དབྱིངས་རིག་ཟུང་འཇུག་མཐར་ཕྱིན་ཤོག༔ ཨ་ཨ་ཨ་བྷི་ཥིཉྩ་ཨ༔ མཐའ་རྒྱས་ཚེ་འབྲང་སྤྱི་བོར་བཞག༔ བྷྲཱུྃ༔ ཟླ་གམ་དབང་ཆེན་འབར་བ་ཡི༔ བཀྲ་ཤིས་ཚེ་ཡི་བུམ་པ་རུ༔ འཁོར་འདས་དྭངས་མའི་བཅུད་དུ་བསྐྱིལ༔ འཆི་མེད་ཕྱག་རྒྱའི་དབང་བསྐུར་རོ༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ དཔལ་ཧེ་རུ་ཀ་ཡི་རྡོ་རྗེ་ཚེ་ཡི་དབང་བསྐུར་པས་ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ དངོས་གྲུབ་མཐར་ཕྱིན་ནས་རིག་འཛིན་ཚེ་ཡི་འཁོར་ལོས་སྒྱུར་བར་གྱུར་ཅིག༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག༔ གཞན་ཡང་སྨོན་ལམ་ཤིས་བརྗོད་བྱ༔ དེ་ལྟར་ཟབ་མོའི་དབང་བསྐུར་འདིས༔ ཚེ་གཅིག་གྲོལ་བ་མཆོག་ཐོབ་པའི༔ ཡེ་ཤེས་མངོན་སུམ་སྨིན་ནས་ཀྱང༔ ཧེ་རུ་ཀ་དཔལ་གདུང་འཛིན་ནོ༔ ས་མ་ཡ༔ ཁྲག་འཐུང་ཆེན་པོའི་རྒྱུད་ལུང་དང༔ མན་ངག་ངེས་པ་ཀུན་གྱི་བཅུད༔ ཨོ་རྒྱན་བདག་གི་ཐུགས་ཏིག་སྟེ༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་གི་དབུ་རྩེ་ནས་རིག་འཛིན་དགའ་རབ་རྡོ་རྗེའི་འོད་གསལ་ཐུགས་ཀྱི་དྭངས་མ་འགྲོ་བའི་དོན་དུ་གཟུགས་སུ་སྣང་བའི་གདུང་རྟེན་རིན་པོ་ཆེ་དང་ལྷན་ཅིག་སྤྱན་དྲངས་པའི། ཟབ་གཏེར་གྱི་གསང་བ་རྨད་དུ་བྱུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཡི་གེར་བྲིས་པའོ།། །།

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་ཚོགས་མཆོད་འདོད་དགུ་ཀུན་འབྱུང་འགྲོ་ཕན་རྒྱ་མཚོ་ (Volume 50, Text 25)

༄༅། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་ཚོགས་མཆོད་འདོད་དགུ་ཀུན་འབྱུང་འགྲོ་ཕན་རྒྱ་མཚོ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ། རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །སྒོ་གསུམ་གུས་པས་རྩེ་གཅིག་གསོལ་བ་འདེབས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འདིར་ཨཱརྻ་ཛམྦྷ་ལ་དཀར་པོའི་ཚོགས་མཆོད་བགྱི་བ་ལ། ཐོག་མར་ལས་གཞུང་བསྙེན་པ་ཚེ་གཡང་འགུགས་པ་བཅས་སྔོན་དུ་སོང་ནས་རང་ལུགས་གང་ཡིན་གཏོར་བསྔོས། གཏེར་སྲུང་རྣམས་ཀྱི་གསོལ་ཁ་བཅས་གྲུབ་ནས། ཚོགས་ཀྱི་ལས་རིམ་ལ་འཇུག་པ་ནི། རས་དཀར་དྲི་མེད་ཀྱི་ཁེབས་ལྡན། དེའི་སྟེང་ཞིང་ལྤགས་སམ་གཅན་གཟན་གྱི་པགས་པ་སྡེར་བཞི་མ་ཉམས་པའི་ཁར། རིན་པོ་ཆེའི་སྣོད་དུ་འབྲུའི་ཕྱེ་མ་ཛ་གད་ཀྱིས་སྦྲུས་པའི་ཚོགས་ཆེེ་ཞིང་བརྗིད་ཆགས་པ་དབྱིབས་རྩེ་མོ་རྡོ་རྗེ་ཕྱེད་པས་མཚན་པ་ལ། ཐབས་ཤེས་ཉི་ཟླས་བརྒྱན་པ་དཀར་དམར་མཛེས་པ་ཚོན་གྱིས་ལེགས་པར་བརྒྱན་པ། གཡོན་དུ་ཀ་པཱ་ལ་མཚན་ལྡན་ཨ་མྲྀཏས་བཀང་བ་དང་། གཞན་ཡང་མཱཾ་ས་ཟླ་རྒྱས་ཟླ་ཕྲོམ་སོགས་བཟའ་བ་བཅའ་བ་བཏུང་བའི་ཡོ་བྱད་འབྱོར་ཚད་རྒྱས་པར་བཤམས་ཤིང་། བློའི་སྟོབས་བསྐྱེད་ལ་སེར་སྣས་མ་གོས་པར་བཤམ། ལས་ཀྱི་རྡོ་རྗེས་སློབ་དཔོན་གྱི་དྲུང་ནས་པུས་བཙུག་ཐལ་མོ་སྦྱོར་ལ་འདི་ལྟར་ཞུའོ། །འདིར་འདུས་ཀྱི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་རྣལ་འབྱོར་ཕོ་མོའི་ཚོགས་དང་བཅས་པ་རྣམས་དགོངས་སུ་གསོལ། རྩ་གསུམ་རྒྱལ་བ་རྒྱ་མཚོ་ཁྱེད་རྣམས་ཀྱི་ཐུགས་དམ་བསྐང་ཞིང་། རྣལ་འབྱོར་པ་བདག་ཅག་གི་གཡར་དམ་བསྐང་ཞིང་འགྲོ་རྣམས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ཤིང་འབྲས་བུ་ཚེ་འདིར་ཐོབ་པའི་ཕྱིར་དུ་ཚོགས་འཁོར་གཞུང་བཞིན་འབུལ་ལགས་ན། ཐུགས་རྗེས་དགོངས་ཏེ་བཞེས་པ་ཅི་གནང་ངོ་། །རྡོ་རྗེ་སློབ་དཔོན་གྱིས་ལན་བཏབ་པ་ནི། ཨ་ལ་ལ་ཧོཿ རྩ་བ་གསུམ་གྱི་ཐུགས་དམ་བསྐང་ཞིང་། རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས། ཐུགས་རྗེས་ཡལ་བར་མི་དོར་བའི་ཕྱིར་གསོལ་བ་གནང་གིས། འབྱོར་ཚོགས་རྒྱས་པར་ཤོམས་ཤིག །བསང་སྦྱང་ནི་ལས་རྡོར་གྱིས་ཚོགས་བསང་ཆུས་བྲན་ཞིང་། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོས། །རཾ་རཾ་ལས་མེ་བྱུང་མ་དག་བསྲེག །ཡཾ་ཡཾ་ལས་རླུང་བྱུང་བག་ཆགས་གཏོར། ཁཾ་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །བྱིན་གྱིས་བརླབས་པ་ལས་རྡོར་པས་སློབ་དཔོན་གྱི་མདུན་ནས་སྨན་ཕུད་ཀྱིས་ཚོགས་བྲན་ལ། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །བྱིན་གྱིས་རློབ་པའི་ཡི་གེ་སྤྲོས། །ཨོཾ་ཨོཾ་གྱིས་འདོད་ཡོན་ནམ་མཁའ་གང་། །ཨཱཿཨཱཿཡིས་རོ་བཅུད་ཕུན་སུམ་ཚོགས། །ཧཱུྃ་ཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །ཆོས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །པོ་ཏ་ལ་ཡི་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །ལོངས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །པདྨ་འོད་ཀྱི་ཞིང་ཁམས་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ། །སྤྲུལ་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཟན་ཡང་ལྷུན་གྲུབ་གཙུག་ལག་ནས། །ལྷ་སྲས་མུ་ཁྲི་བཙན་པོ་ལ། །རྗེ་འབངས་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཁྱུང་རྫོང་བསྟི་གནས་ནས། །རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལ། །བཀའ་བབས་ཆོས་བདག་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ། །རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །སྐུ་མཆོག་ཨཱརྻ་ཛཾ་ལྷ་ལ། །གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཀའ་དང་དམ་ཚིག་གཞལ་ཡས་ནས། །གཉན་རྒྱལ་རྡོ་རྗེ་རིག་རྩལ་ལ། །ཕྱི་ནང་གཏེར་སྲུང་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཆེན་ཕོབ། །རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར། །ཚོགས་རྫས་ཡེ་ཤེས་བདུད་རྩིར་སྒྱུར། །སྔོན་གྱི་དམ་བཅའ་མ་གཡེལ་བར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཕུད་འབུལ་བ་ནི། ཚོགས་རིམ་པ་གསུམ་དུ་བཅད་ལ་རྟེན་གྱི་དྲུང་དུ་ཕུལ་ལ། ཧཱུྃ། རྩ་བ་གསུམ་གྱི་ལྷ་ཚོགས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བསྐང་བ་ནི་ཚོགས་ཕུད་ཆ་གཅིག་བསྐང་གཏོར་དྲུང་དུ་ཕུལ་ལ། ཧཱུྃ། སྣང་སྲིད་དག་པ་དབྱིངས་ཀྱི་གཏོར་གཞོང་དུ། །སྣང་བ་སྣ་ཚོགས་རང་བྱུང་གཏོར་ཆེན་བཤམས། །གཉིས་མེད་ཀློང་ལས་སྤྲུལ་པའི་ལྷ་མོའི་ཚོགས། །གྲངས་མེད་ནམ་མཁའི་ཁྱོན་རྣམས་འགེང་བ་ཡིས། །ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་ཐོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན། །ཐུགས་དམ་བསྐང་ཞིང་དགྱེས་པར་བཞེས་སུ་གསོལ། །ཕུང་ཁམས་དག་པ་རང་ལུས་གཏོར་གཞོང་དུ། །རྩ་གསུམ་འཁོར་ལོ་ལྔ་ལྡན་གཏོར་ཆེན་བཤམས། །དཀར་དམར་བྱང་ཆུབ་སེམས་ཀྱི་རྒྱན་གྱིས་བརྒྱན། །ཞུ་བདེའི་ཡེ་ཤེས་བདེ་བ་ཆེན་པོར་བསྐང་། །ཀ་དག་ལྷུན་གྲུབ་གཞི་ཡི་གཏོར་གཞོང་དུ། །རིག་རྩལ་འགག་མེད་ཆོས་སྐུའི་གཏོར་ཆེན་བཤམས། །ངོས་གཟུང་བྲལ་བ་དེ་བཞིན་ཉིད་ཀྱིས་བརྒྱན། །བློ་འདས་བརྗོད་མེད་མཐའ་དབུས་བྲལ་བས་བསྐང་། །ཕྱི་ཡི་བསྐང་བ་ནི། ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བའི་རྫས། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །མཆོད་པའི་བྱེ་བྲག་དཔག་མེད་ཀྱིས། །ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །དུག་ལྔ་དབྱིངས་སུ་དག་པའི་ཕྱིར། །ཚེ་ལྷ་རིགས་ལྔའི་ཐུགས་དམ་བསྐང་། ཁམས་ལྔ་གནས་སུ་དག་པའི་ཕྱིར། །ཚེ་ལྷ་ཡུམ་ལྔའི་ཐུགས༴ ཐུགས་རྗེས་འགྲོ་བ་འདུལ་བའི་ཕྱིར། །སྤྱན་རས་གཟིགས་ཀྱི་ཐུགས༴ སྣང་སྲིད་ཀུན་ལ་དབང་བསྒྱུར་ཕྱིར། །གུ་རུ་པདྨའི་ཐུགས༴ འཆི་མེད་ཚེ་ཡི་བཅུད་བསྡུས་ཕྱིར། །མནྡཱ་ར་བའི་ཐུགས༴ ཐབས་ཤེས་གཉིས་སུ་མེད་པའི་ཕྱིར། །མཁར་ཆེན་མཚོ་རྒྱལ་ཐུགས༴ མཆོག་གི་དགའ་བ་བསྐྱེད་པའི་ཕྱིར། །བདེ་ཆེན་རྒྱལ་མོའི་ཐུགས༴ ཟག་མེད་བདེ་བ་བསྐྱེད་པའི་ཕྱིར། །འོད་འཆང་མ་ཡི་ཐུགས༴ འགྲོ་ཀུན་སྨིན་ཅིང་གྲོལ་བའི་ཕྱིར། །རྗེ་འབངས་ཉེར་ལྔའི་ཐུགས༴ སྨིན་གྲོལ་ཆོས་འཁོར་བསྐོར་བའི་ཕྱིར། །རྩ་བརྒྱུད་བླ་མའི་ཐུགས༴ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར། །སྐུ་མཆོག་ཛཾ་ལྷའི་ཐུགས༴ སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཕྱིར། །ཛཾ་ལྷ་རིགས་བཞིའི་ཐུགས༴ ནད་གདོན་བར་ཆད་ཞི་བའི་ཕྱིར། །རྡོ་རྗེ་མཁའ་འགྲོའི་ཐུགས༴ ཚེ་དབང་ཡེ་ཤེས་རྒྱས་པའི་ཕྱིར། །རིན་ཆེན་མཁའ་འགྲོའི་ཐུགས༴ ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །པདྨ་མཁའ་འགྲོའི་ཐུགས༴ བར་ཆད་གདུག་པ་བསྒྲལ་བའི་ཕྱིར། །ཀརྨ་མཁའ་འགྲོའི་ཐུགས༴ ཟབ་ཆོས་བསྟན་པ་སྤེལ་བའི་ཕྱིར། །ཕྱི་ནང་གཏེར་སྲུང་ཐུགས༴ དེ་ལྟར་ཐུགས་དམ་བསྐངས་ནས་ཀྱང་། །བདག་ཅག་གཡར་དམ་ཉམས་པ་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཤགས་པ་ནི། ཧཱུྃ། ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །མ་རིག་ལས་ཉོན་དབང་གིས་བསགས་པ་ཡི། །རྩ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །སྒོ་གསུམ་སྲི་ཞུ་ཆུང་བ་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །བསྙེན་སྒྲུབ་ལོ་ཟླར་འདས་པ་མཐོལ་ལོ་བཤགས། །མཁའ་འགྲོ་དམ་ཅན་རྣམས་ཀྱི་སྤྱན་སྔ་རུ། །ཚོགས་དང་གཏོར་མ་ཆག་པ་མཐོལ་ལོ་བཤགས། །ནོར་ལྷ་གཏེར་བདག་རྣམས་ཀྱི་སྤྱན་སྔ་རུ། །ཡར་མཆོད་མར་སྦྱིན་ཆུང་བ་མཐོལ་ལོ་བཤགས། །གཏེར་གྱི་སྲུང་མ་རྣམས་ཀྱི་སྤྱན་སྔ་རུ། །མཆོད་གཏོར་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །འགྲོ་དྲུག་ཕ་མ་རྣམས་ཀྱི་སྤྱན་སྔ་རུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །ཡེ་ནས་རང་སེམས་ཆོས་སྐུ་ཡིན་པ་ལ། །མ་རྟོགས་འཁྲུལ་པས་སྒྲིབ་པ་མཐོལ་ལོ་བཤགས། །སྣ་ཚོགས་སྣང་བ་གཉིས་མེད་ཟུང་འཇུག་ལ། །ང་བདག་གཉིས་སུ་འཛིན་པ་མཐོལ་ལོ་བཤགས། །ཕྱི་ནང་སྣོད་བཅུད་ཡེ་ནས་དག་པ་ལ། །དེ་ལྟར་མ་ཤེས་རྨོངས་པར་གྱུར་པ་ཡིས། །ཕྱི་ནང་དམ་ཚིག་ཉམས་པ་ཐམས་ཅད་བཤགས། །ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་བྱ་བ་ནི། ཧཱུྃ། དཀོན་མཆོག་རྩ་གསུམ་བདེན་པའི་མཐུས། །གཉིས་འཛིན་གདུག་པའི་དགྲ་བགེགས་རྣམས། །བ་ལིང་དམིགས་པའི་རྟེན་ལ་ཁུག །ཀ་དག་ཡེ་ཤེས་ཕུར་བུ་ཡིས། །མ་རིག་འཁྲུལ་རྟོག་དབྱིངས་སུ་བསྒྲལ། །མཉམ་པ་ཉིད་ཀྱི་ཞལ་དུ་བསྟབ། །མཱ་ར་ཡ་ཕཊ་ཁཱ་ཧི། དེ་ནས་མཆེད་ལྕམ་ཕོ་མོ་རྣམས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་ཐོགས་ལ་འདི་སྐད་དོ། །ཧོཿ འདི་ནི་ངོ་མཚར་རྨད་དུ་བྱུང་། །གསང་བ་དམ་ཚིག་རྫས་ཀྱི་མཆོག །བདེ་བ་ཆེན་པོའི་ཚོགས་མཆོད་ལ། །འདི་ལ་ཐེ་ཚོམ་བྱ་མི་རུང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ལན་གདབ་པ་ནི། ཨ་ལ་ལ་ཧོཿ འདིར་འདུས་མཆེད་དང་ལྕམ་དྲལ་རྣམས། །གཟུང་དང་འཛིན་པ་ཀུན་སྤངས་ནས། །བླང་དོར་བྲལ་བ་ཆོས་སྐུའི་ཀློང་། །གཉིས་མེད་ཟུང་འཇུག་རྒྱན་དུ་ཆེ། །དེ་བཞིན་ཉིད་ཀྱི་ངང་ལ་རོལ། །མཆེད་ལྕམ་རྣམས་ལྷའི་ཏིང་འཛིན་དང་མ་བྲལ་བའི་ངང་ནས་ཚོགས་རྫས་ལོངས་སྤྱོད་ཅིང་དགྱེས་པར་རོལ་ལ། ལྷག་མ་རྣམས་ཕྱོགས་གཅིག་དུ་བསྡུས་ལ་གོང་གི་གཙང་ལྷག་དང་གཞུང་བཞིན་བསྲེས་ཏེ་སྨན་ཕུད་ཀྱིས་བྲན་ལ། ཧཱུྃ། དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་རྣམས། །ཚོགས་ཀྱི་ལྷག་མ་བདུད་རྩི་འདི་གསོལ་ལ། །བདག་ཅག་འཁོར་བཅས་ཕྱི་ནང་བར་ཆད་ཟློགས། །དལ་ཡམས་འཁྲུག་རྩོད་ཞི་བའི་ཕྲིན་ལས་མཛོད། །ཨུཙྪིཥྚ་བྷ་ལིཾ་ཏ་བྷཀྵ་ཁཱ་ཧི། དེ་ནས་ཆད་མདོ་བསྒྲག་པ་ནི། གཏོར་མ་བྲན་ལ། ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །རྒྱ་བོད་སྒྲུབ་གནས་ཁྱད་འཕགས་ཐམས་ཅད་དུ། །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཕྱི་ནང་གསང་བའི་བཀའ་སྲུང་དམ་ཅན་རྣམས། །སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་། །གཡར་དམ་ཅན་ལ་དངོས་གྲུབ་སྟེར་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ད་ལྟ་སྙིགས་མ་ལྔ་བདོའི་དུས་འདི་རུ། །སྨོན་ལམ་དབང་བསྒྱུར་ཆོས་རྒྱལ་རྡོ་རྗེ་ཡིས། །སྒྲུབ་པའི་གནས་མཆོག་རྡོ་རྗེ་ཁྱུང་རྫོང་དུ། །ཡང་གསང་ཐུགས་ཏིག་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཕྱི་ནང་གསང་བའི་བཀའ་སྲུང་གཏེར་བདག་གིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །གཡར་དམ་ཅན་ལ་དངོས་གྲུབ་སྟེར་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བརྟན་སྐྱོང་ནི་གཏོར་མ་བཤལ་ཆུས་བྲན་ལ། ཧཱུྃ། བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་རྣམས། །འདིར་གཤེགས་བཀའ་ཡི་གཏོར་མ་བཤལ་ཆུ་ལོངས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །ཀླ་ཀློ་མུ་སྟེགས་ཆོས་མིན་འཚེ་བ་ཟློགས། །བཅོལ་པའི་ལས་ཀུན་མ་གཡེལ་མྱུར་དུ་སྒྲུབས། །རྟ་བྲོ་བྱ་བ་ནི། ཧཱུྃ། རྩ་གསུམ་རབ་འབྱམས་ལྷ་ཚོགས་རྣམས། །གཉིས་འཛིན་དུག་ལྔའི་མགོ་བོ་ལ། །ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས། །དུག་ལྔའི་དགྲ་དཔུང་དབྱིངས་སུ་ནོན། །སྐྱེ་མེད་ཀློང་གསལ་ངང་དུ་ཨཿ དེ་ནས་རྗེས་ཀྱི་བྱ་བ་རྣམས་ལས་གཞུང་བཞིན་དུ་འཇུག་གོ །ཅེས་པའི་ཚོགས་མཆོད་འདི་ཡང་སྔ་མོ་ནས། འཁྲུལ་ཞིག་སྐྱབས་གནས་རིན་པོ་ཆེ་དང་། བྱམས་མེ་ལྷ་མཆོག་སྤྲུལ་པའི་སྐུ་རིན་པོ་ཆེ་ཟུང་གིས་ལྷ་རྫས་རབ་དཀར་རིན་པོ་ཆེ་སྣ་ཚོགས་ཀྱི་མཎྜལ་བཅས་གསུང་བསྐུལ་བཀའ་ཕེབས། གཞན་ཡང་ཟབ་ཆོས་འདི་ཉིད་ལ་མོས་པའི་ལས་ཅན་དུ་མས་ཡང་ཡང་བསྐུལ་ཀྱང་། རེ་ཞིག་འགྱང་ཚེ། སླད་ནས་ལྷོ་ཕྱོགས་རི་དགོན་བཀྲ་ཤིས་ཆོས་གླིང་གི་མཆོག་སྤྲུལ་དམ་པ་པདྨ་བདེ་བྱེད་རོལ་པ་རྩལ་གྱིས་བཀའ་ཕེབས་པ་དང་། ཁྱད་པར་ཀུན་བཟང་སྤྲུལ་པའི་སྐུ་གྲགས་པ་འགྲོ་འདུལ་རྩལ་གྱིས་ལྷ་རྫས་རབ་དཀར་དཀྱུས་རིང་གཡུ་བཟང་གི་མཎྜལ་བཅས་ཡང་ཡང་བསྐུལ་ངོར་ཕྱི་ནང་གི་རྟེན་འབྲེལ་ལེགས་ཚོགས་མང་དུ་འགྲིགས་སྐབས་རྩེ་གཞུང་ཚེས་བཅུའི་ལྷ་ཁང་དུ་སླེབས་ཐོག །མཆོག་གསུམ་ལ་གསོལ་བ་བཏབ་ནས། ངག་དབང་ཚོགས་གཉིས་ཀྱིས་གང་དྲན་ལབ་པ་འགལ་བ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་འགྲོ་ཀུན་བསོད་ནམས་ཚོགས་རྫོགས་པའི་རྒྱུར་བསྔོ་འོ། །ཞེས་པའི་ཡི་གེ་པ་ནི་དགེ་སློང་སྐལ་བཟང་བློ་གྲོས་ཀྱིས་མགྱོགས་པར་བྲིས་པ་དགེ་ལེགས་འཕེལ། ཛ་ཡནྟུ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་དབང་ (Volume 62, Text 26)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་དབང་བཞུགས༔ ྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མ་སྒྲུབ་པའི་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་ཡང༔ རྒྱས་བསྡུས་རིགས་པས་དཔག་ལ་བཤམ༔ སློབ་མ་རྣམས་ཀྱིས་འདི་སྐད་ཞུ༔ ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་སུམ་ཅུ་རྩ་གཅིག་གི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ བླ་མས༔ སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་མེད་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་དང༔ བླ་མའི་མངོན་རྟོགས་སུམ་ཅུ་རྩ་གཅིག་དཔོན་སློབ་གཉིས་ཀས་བསྒོམ༔ བསམ་གཏན་གྱི་ཁང་བུར༔ ཇི་ལྟར་བསམ་ཡང་སོགས་རྡོ་རྗེའི་གླུ་བླངས་ལ་ཤྲཱི་སིཾ་ཧའི་སྐུ་སྤྱི་བོར་བཞག་ལ་བསྟིམ༔ རྡོ་རྗེའི་བཟླས་པ་བྱ་ཞིང༔ ཤྲཱི་སིཾ་ཧ་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག༔ དེ་བཞིན་དུ་སྐོར་གསུམ་གྱི་བླ་མ་རྣམས་ཀྱི་བྱིན་རླབས་རིགས་པས་འཕྲུལ་ལོ༔ ཕྱི་སྐོར་བླ་མའི་སྒྲུབ་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེའོ།། །། ༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་བཞུགས་སོ༔ ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་བླངས་པའོ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

མངའ་རིས་རིག་འཛིན་ཆེན་པོའི་ཟབ་གཏེར་དྲག་པོ་དབུ་དགུའི་གཏེར་སྲུང་མ་ནིང་སྡེ་བརྒྱད་དང་བརྟན་མའི་མཆོད་ཕྲིན་ (Volume 12, Text 26)

༄༅། །མངའ་རིས་རིག་འཛིན་ཆེན་པོའི་ཟབ་གཏེར་དྲག་པོ་དབུ་དགུའི་གཏེར་སྲུང་མ་ནིང་སྡེ་བརྒྱད་དང་བརྟན་མའི་མཆོད་ཕྲིན་བཞུགས་སོ། ། བཀའ་སྲུང་གསང་བའི་ཡང་ཏིག་བཞུགས་སོ༔ ཡང་གསང་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ བླ་མེད་ཡང་གསང་རྒྱུད་ཀྱི་བཀའ་སྲུང་གི༔ སྒྲུབ་ཐབས་ཡང་སྙིང་གསང་བ་སྙིང་གི་བཅུད༔ ཕྱི་རབས་ལས་ཅན་སྐལ་ལྡན་དོན་དུ་བཞག༔ དུར་ཁྲོད་ལ་སོགས་དབེན་པའི་ས་ཕྱོགས་སུ༔ ཕྱི་ནང་གསང་བ་དོན་གྱི་རྟེན་དང་བཅས༔ སྨན་རཀ་གཏོར་མ་མཆོད་ཚོགས་ཚུལ་བཞིན་བཤམ༔ བདག་ཉིད་དཔལ་ལྡན་རྡོ་རྗེ་དྲག་པོ་རྩལ༔ གསལ་བསྒོམ་ངང་ནས་རྫོགས་རིམ་བཟླས་པ་བྱ༔ མདུན་དུ་དུར་ཁྲོད་ཆེ་ཆུང་ཨེ་དབུས་སུ༔ དགྲ་བགེགས་གདན་སྟེང་ཧཱུྃ་ལས་དཔལ་ཆེན་པོ༔ ཁྲོ་རྒྱལ་མ་ནིང་ནག་པོ་ཧ་ལའི་མདོག༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཙནྡན་བིང་ཆེན་རྐེད་བཙུགས་དར་ནག་གསོལ༔ གསེར་སྐ་རིན་ཆེན་རྒྱན་ལྡན་དུར་ཁྲོད་ཆས༔ མདུན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ནག༔ བོང་བུ་དྲེལ་ཞོན་རལ་གྲི་ནེའུ་ལེ་འཛིན༔ རེ་ལྡེའི་སྨད་ཤམ་ཏིལ་མར་སྐུ་ལུས་ཁྱབ༔ ལན་བུ་གཡོན་འཕྱང་སྙན་གོང་སེང་སྦྲུལ་འཕྱོ༔ ཉི་ཟླ་ལུས་འཆར་མ་མོའི་ཚོགས་ཀྱིས་བསྐོར༔ ཧཱུྃ་བྷྱོའི་སྒྲ་སྒྲོག་སྡེ་བརྒྱད་དྲེགས་པས་བསྐོར༔ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ནས༔ སངས་རྒྱས་བསྟན་སྲུང་མགོན་པོ་འཁོར་དང་བཅས༔ མ་མགོན་སྡེ་བརྒྱད་སྤྲུལ་པའི་དམག་ཚོགས་རྣམས༔ ཨུ་ཙ་ལ་དང་བསིལ་བ་ཚལ་ཆེན་པོ༔ མ་ལ་ཡ་དང་ཧ་ཧ་རྒོད་པ་ནས༔ རྔམ་ཆེན་འཁྲུགས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ གཙུག་ལག་ཁང་དང་དུར་ཁྲོད་ཕོ་བྲང་འདིར༔ བརྟན་པར་བཞུགས་ལ་ཞལ་སྟོན་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་མཆོག་གི་མཆོད་པའི་ཚོགས༔ ལེགས་པར་སྦྱར་བ་ཕྱི་ནང་རྒྱ་མཚོའི་སྤྲིན༔ ནམ་མཁའ་གང་བར་བྱིན་གྱིས་བརླབས་ནས་ཀྱང༔ ཆེ་མཆོག་ཐུགས་སྤྲུལ་མགོན་པོའི་ཐུགས་དམ་བསྐང༔ འདོད་ཁམས་དབང་ཕྱུག་ལྷ་མོའི་ཐུགས་དམ་བསྐང༔ ཕྱི་ནང་གསང་བ་དྲག་པོ་རྟག་ཆགས་ཀྱི༔ སྡེ་བརྒྱད་དྲེགས་པ་ཕོ་མོའི་ཐུགས་དམ་བསྐང༔ ནག་པོ་སྟོང་དང་བདུད་པོ་ཁྲི་ཡི་ཚོགས༔ ཤ་ཟ་འབུམ་སྡེ་མ་མོ་བྱེ་བའི་ཚོགས༔ སྤྲུལ་པ་དུང་ཕྱུར་རྣམས་ཀྱི་ཐུགས་དམ་བསྐང༔ མཆོད་བཞེས་དམ་བསྐང་ཕྲིན་ལས་རྣམ་བཞི་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊཿ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་པི་པ་ཧོཿ པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤབྡ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཱ་ཧི༔ འདི་ཁོ་ནས་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ ཡང་གསང་བླ་མེད་དོན་གྱི་བཀའ་སྲུང་འདི༔ སྙིང་གི་བུ་མཆོག་གཅིག་དང་འཕྲད་པར་ཤོག༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ འདིའི་བཀའ་འདི་སྦྱིན་པར་འདོད་ན༔ སྒྲུབ་གཏོར་ལྷར་བསྐྱེད་སློབ་བུ་ཁྲུས་བྱ༔ ཡོན་འབུལ༔ ལྷ་བསྐྱེད་བསྟིམ་བྱའོ༔ བླ་མེད་ཡང་གསང་ཡང་ཏིག་ལ༔ ལོ་རྒྱུས་ལུང་བསྟན་བསྐྱེད་རྫོགས་ཀྱི༔ རྩ་བ་དབང་བསྐུར་ཆོ་འཕྲུལ་དང༔ གནད་ཐེམ་བཅས་པ་བརྒྱ་རྩ་བརྒྱད༔ པདྨ་རྒྱལ་པོས་ཐེམ་དུ་བསྟན༔ གང་དུའང་བཙལ་བས་མི་རྙེད་ཀྱི༔ ལས་ཅན་བུ་ཡི་དཔལ་དུ་ཤོག༔ བཀའ་སྲུང་གཉན་གྱིས་བྱ་ར་མཛོད༔ དུས་མཐར་པདྨ་རྒྱལ་པོ་རྩལ༔ ཡེ་ཤེས་རིག་པ་རང་གསལ་དང༔ འདི་འཕྲད་འགྲོ་བའི་དཔལ་དུ་ཤོག༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ཁ་ཐམ༔ ༈ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རིག་འཛིན་འདུས་པའི་སྐུ་ལ་ཕྱག་འཚལ་ལོ༔ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང༔ དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི་དང༔ དཀར་ཤམ་བཞིན་བཟང་མའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་དང༔ བོད་ཁམས་སྐྱོང་བར་ཁས་བླངས་དམ་བཅས་པ་རྣམས་ལ་མཆོད་གཏོར་འབུལ་བའི་རིམ་པ་ནི༔ རིན་པོ་ཆེའི་སྣོད་དུ་བཤོས་བུ་གྲུ་བཞི་བཞི་དང༔ གྲུ་གསུམ་བཞི༔ སྨན་བཤོས་བཞི་སྟེ༔ རྒྱན་དང་ལྡན་པ་བཅུ་གཉིས་བཤམ༔ གཞན་ཡང་སྨན་རཀ་ལ་སོགས་མཆོད་ཡོན་དང་སྤྱན་གཟིགས་བཤམས་ལ༔ རང་ཡི་དམ་དུ་སྐད་ཅིག་གིས་བསྐྱེད༔ སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ༔ ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྦྲགས་ཀྱི་ཡང་རྫོང་ཞེས་བྱའི་གནས་མཆོག་ནས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་སྔོན་མོ་ཆིབས་སུ་རྟ་ནག་བཅིབས༔ མི་ལྤགས་གྱོན་ནས་ཕྱག་ན་ཁྲམ་བམ་ཕྱར༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ལྷོ་བལ་མཚམས་ཞེས་བྱ་བའི་གནས་མཆོག་ནས༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ སྐུ་མདོག་དཀར་མོ་ཆིབས་སུ་སེང་གེ་བཅིབས༔ དར་དཀར་གྱོན་ཞིང་གསེར་གྱི་རྡོ་རྗེ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ གངས་ཀྱི་བྲིན་ཞེས་བྱ་བའི་གནས་མཆོག་ནས༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ སྐུ་མདོག་དཀར་མོ་ཆིབས་སུ་གཙོས་ཕོ་བཅིབས༔ རས་གོས་གྱོན་ནས་གསེར་གྱི་ཕྱག་ཤིང་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧྲཱི༔ འབྲོག་གི་དོ་ནག་ཞེས་བྱའི་གནས་མཆོག་ནས༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ སྐུ་མདོག་དཀར་མོ་ཟ་ལེ་འབྲི་ལ་ཞོན༔ རོ་ཐུལ་གྱོན་ཞིང་དུང་གི་ཚུགས་ཤིང་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཇོ་མོ་གངས་ཞེས་བྱ་བའི་གནས་མཆོག་ནས༔ གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ སྐུ་མདོག་དཀར་མོ་གཉན་མཛོ་དཀར་མོ་ཞོན༔ གཙོད་ཀྱི་པགས་གྱོན་གཡུ་འབྲུག་ཞགས་པ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ རོང་གི་ཁ་རག་ཞེས་བྱའི་གནས་མཆོག་ནས༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དམར་མོ་བོང་བུ་རོག་པོ་ཞོན༔ དར་ནག་གྱོན་ནས་བདུད་ཀྱི་ཁྲམ་ཤིང་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ རྨ་ཆེན་སྤོམ་ར་ཞེས་བྱའི་གནས་མཆོག་ནས༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དམར་མོ་གཉན་ཕོ་རྭ་ཅན་ཞོན༔ ཆུ་སྲིན་གཡང་གཞི་གྱོན་ཞིང་སྦལ་པ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ བོ་དོང་ནགས་རྒྱལ་ཞེས་བྱའི་གནས་མཆོག་ནས༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྟེ༔ སྐུ་མདོག་སེར་མོ་རྐྱང་བུ་ཁ་དཀར་ཞོན༔ སྲམ་ཐུལ་གྱོན་ཞིང་ཕྱག་ན་གསེར་མདའ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཀོང་ཡུལ་ཞེས་བྱ་བྲེས་སྣའི་གནས་མཆོག་ནས༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ སྐུ་མདོག་སྨུག་པོ་བོང་དྲེལ་གྭ་པ་ཞོན༔ དར་ནག་གྱོན་ཞིང་ནད་ཀྱི་རྐྱལ་པ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སྨན་གཅིག་ཕུར་ཐང་ཞེས་བྱའི་གནས་མཆོག་ནས༔ བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དཀར་མོ་ཤ་བ་ཡུ་མོ་བཅིབས༔ དར་དཀར་གྱོན་ཞིང་ཕྱག་ན་མདའ་དར་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ གཡར་མོ་ཐང་ཞེས་བྱ་བའི་གནས་མཆོག་ནས༔ མོ་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སྐྱོང༔ སྐུ་མདོག་དམར་སྐྱ་རྔ་མོ་གྭ་པ་ཞོན༔ གང་རལ་གྱོན་ཞིང་ནེའུ་ལེའི་རྐྱལ་པ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ བོད་ཡུལ་ཏིང་ཤོས་ཏི་རྩིའི་གནས་མཆོག་ནས༔ གཡུ་ཡི་དྲིལ་སྙན་རྡོ་རྗེ་གཟུགས་ལེགས་མ༔ སྐུ་མདོག་ལྗང་གུ་གཡུ་འབྲུག་སྔོན་པོ་ཞོན༔ དར་སྔོན་གསོལ་ནས་རིན་ཆེན་སྒྲོམ་བུ་བསྣམས༔ འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ བོད་ཡུལ་བརྟན་མ་བཅུ་གཉིས་ཁྱོད༔ བལ་ཡུལ་ཤོད་ཀྱི་གཏིང་ཞིག་ཏུ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཞིང་ཆེན་བསྒྱེལ་བའི་གདན་སྟེང་དུ༔ རྣམ་ལྔ་ཞིང་གི་ཚོགས་གྲལ་དུ༔ ལག་ཏུ་རྡོ་རྗེ་གཏད་ནས་ཀྱང༔ རྡོ་རྗེ་འཛིན་པའི་གྲལ་དུ་བཞག༔ ཐར་པ་ཐོབ་པར་ལུང་ཡང་བསྟན༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ རེ་བ་ཐམས་ཅད་སྐོང་བ་དང༔ བསམ་པ་ཐམས་ཅད་བསྒྲུབ་བོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་པའི༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་གཏོར་མ་གཏང་ངོ༔ བཛྲ་གཙྪཿས་མགྲོན་རྣམས་སོ་སོའི་བྲན་གཡོག་དང་བཅས་པ་བསམ་གྱིས་མི་ཁྱབ་པ་རང་རང་གི་གནས་ལ་གཤེགས་པར་བསམ༔ དགེ་བའི་རྩ་བ་བསྔོའོ༔ བརྟན་མའི་གཏོར་འབུལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་ནས༔ དག་པའི་འཁོར་ལྔ་ལ་གདམས་པ་རྫོགས་སོ༔ ཡང་གཏེར་སྙིང་པོའི་གཏེར་སྲུང་དུ་བྱོན་པའོ༔

བྱང་ཆུབ་གླིང་པའི་ཕྱག་རྡོར་གཏུམ་པོ་དྲག་པོའི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 26)

ཨཱོྃ་སྭསྟི། རྒྱལ་བ་ཀུན་གྱིས་བྱིན་བརླབས་པས། །ཐུགས་ཀྱི་རྡོ་རྗེ་གསང་བ་འཛིན། ཁྲོ་བོའི་རྒྱལ་པོ་དེར་བཏུད་ནས། །སྒྲུབ་པའི་ཐབས་ཚུལ་མདོ་ཙམ་བཤད། །འདིར་བྱང་གླིང་ཕྱག་ན་རྡོ་རྗེ་གཏུམ་པོ་དྲག་པོའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། མཎྜལ་སྒོ་རྫོགས་སམ། འཁོར་ལོ་རྩིབས་བཅུ་ལྟེ་བར་གྲུ་གསུམ་མཐིང་ནག་རྡོར་ར་མེ་རིས་བསྐོར་བ་རྡུལ་ཚོན་གྱིས་བྲི། བསྡུ་ན་མཎྜལ་ལ་ཚོམ་བུ་བཀོད་པའི་ཁར་སྐུ་རྟེན་ཙཀླི་བཀོད། གཞན་ཡང་གསུང་རྟེན་སྔགས་བྱང་། ཐུགས་རྟེན་ལྕགས་རྡོར་རྩེ་ལྔ་པ། རྒྱན་ཆས། ཆུ་གཉིས་ཉེར་སྤྱོད། གཏོར་མ་སྨན་རཀ་རྡོར་དྲིལ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བཤམ་མོ། །འོག་ཏུ་གཏོར་དབང་བྱེད་ན་སྐུ་རྟེན་ཉིད་གཏོར་མ་ལ་བཙུགས་ཏེ་མཎྜལ་གྱི་དབུས་སུ་འགོད་པའོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་གཏོར་བཏང་། མཚམས་བཅད། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་རྣམས་སྤྱི་དང་མཐུན། རང་གི་སྙིང་གར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་ཚོགས་ཞིང་སྤྱན་དྲངས་ནས། དུས་གསུམ་རྒྱལ་བ་གཤེགས་སུ་གསོལ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མཆོད་པ་རྣམས་ཀྱིས་མཆོད་པར་བགྱི། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །མྱ་ངན་མི་འདར་གསོལ་བ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཐམས་ཅད་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་བརྗོད་ནས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་ལུས་འོད་ཕུང་སྔོན་པོར་གྱུར། དེ་ཉིད་ཧཱུྃ་དུ་གྱུར་པ་ལས་འོད་ཟེར་འཕྲོས་འདུས། བྷྲཱུྃ་ལས་གནམ་ལྕགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུྃ་ལས་རང་ཉིད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཕྱར་ཞིང་གསོར་བ། གཡོན་དྲིལ་བུ་དཀུར་བརྟེན་པ་གར་དགུའི་ཉམས་ཅན། ཀླུ་གཉན་ས་བདག་སྡེ་བརྒྱད་དང་བཅས་པའི་སྟེང་ན་པདྨ་རྒྱ་གྲམ་ཉི་མའི་གདན་ལ་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུའི་དོ་ཤལ། སེང་གླང་གི་པགས་པ་དང་དར་སྔོན་པོས་སྟོད་གཡོགས་ཤིང་། མི་ལྤགས་ཀྱི་སྐད་དཀྲིས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་། ཁྲག་ཞག་ཐལ་བས་མཚན་པ། བ་སྤུ་ཧཱུྃ་ལས་རྡོ་རྗེ་མེའི་འོད་ཟེར་འབར་ཞིང་། གནས་ལྔ་ནས་ཁྱུང་ཆེན་རིགས་ལྔ་ཕོ་ཉར་འགྱེད་པ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། དེའི་ཕྱོགས་བཅུར་ཐུགས་ཀྱི་སྤྲུལ་པ་ཁྲོ་བོ་ཆེན་པོ་བཅུ་དང་། མཐའ་སྐོར་དུ་གསུང་གི་སྤྲུལ་པ་ཀླུ་ཆེན་བརྒྱད་དང་། སྐུའི་སྤྲུལ་པ་གནོད་སྦྱིན་བྱེ་བ་ལ་སོགས་ཏེ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་གསང་བདག་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་དུར་ཁྲོད་གཞལ་ཡས་ནས༔ སྐྱེ་མེད་དབྱིངས་ལས་འགག་མེད་སྐུར་སྣང་བ༔ སངས་རྒྱས་ཐུགས་མཆོག་དཔལ་ལྡན་རྡོ་རྗེ་འཆང༔ འགྲོ་ལ་ཐུགས་རྗེས་བསྐྱབ་ཕྱིར་གནས་འདིར་གཤེགས༔ བཛྲ་པཱ་ཎི་ས་པ་རི་བཱ་ར་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས། ཇི་ལྟར་བལྟམས་པ་སོགས་དང་། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཡེ་ཤེས་སེམས་དཔས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་སྐྱོད་པ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན། ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ། ཨཱོྃ་ཨཱཿཧཱུྃ། ཞེས་དབང་བསྐུར། མི་འགྱུར་མི་རྟོག་ནམ་མཁའ་ལྟ་བུའི་སྐུ༔ བརྗོད་མེད་ཡུལ་བྲལ་སྒྲ་ལས་འདས་པའི་གསུང༔ བདག་མེད་སྤྲོས་བྲལ་ཆོས་དབྱིངས་རྣམ་དག་ཐུགས༔ འགྱུར་མེད་ལྷུན་གྲུབ་ཆོས་དབྱིངས་བརྟན་པར་བཞུགས༔ བཛྲ་པཱ་ཎི་ས་མ་ཡ་ཏིཥྛ་བཛྲ༔ ཡེ་ཤེས་པ་རང་ལ་གཉིས་སུ་མེད་པར་གྱུར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཕྲིན་ལས་རྫོགས་མཛད་ནས༔ གདུལ་བྱ་ཐར་པའི་ལམ་འགོད་མཛད༔ རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་པས་ཕྱག་བྱ། སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང༔ དུག་ལྔ་རྣམ་དག་རང་བྱུང་དག་པའི་རྫས༔ བདེ་ཆེན་རང་གྲོལ་གསང་བའི་མཆོད་པ་རྣམས༔ གསང་བའི་བདག་པོ་འཁོར་དང་བཅས་ལ་འབུལ༔ ཨཱོྃ་ཨཱ་ཧ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛཿཧོ༔ ཞེས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཐུགས༔ མི་ཕྱེད་རྡོ་རྗེ་འབར་བ་ཅན༔ རབ་འཇིགས་སྤྲུལ་པའི་ཚོགས་དང་བཅས༔ གསང་མཆོག་འབར་བའི་སྐུ་ལ་བསྟོད༔ ཅེས་པ་ཙམ་མམ་ཐུགས་རྗེའི་དབྱིངས་ནས་སོགས་བསྟོད་པ་རྒྱས་པའང་འགྲུབ་ན་བྱའོ། །རང་གི་སྙིང་གར་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། དེའི་མཐར་སྔགས་ཀྱི་ཕྲེང་བས་ཀློག་ཕྱོགས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་སྣང་གྲགས་དག་པ་ལྷ་སྔགས་སུ་སྦྱངས་པར་བསམ་ལ། ཨཱོྃ་ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཛྲ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་འབུམ་ཕྲག་གཅིག་བཟླ། ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པའང་འབུམ་དུ་བཟླ་བར་བཤད་དོ། །ཡང་སྔགས་ཀྱི་འོད་ཟེར་དཀར་སེར་དམར་ནག་ཏུ་སྤྲོས་པས་ཕྲིན་ལས་བཞི་གང་འདོད་པ་དེ་བསྒྲུབས་པར་བསམ་ལ་དུས་བཞི་དང་སྦྱར་ནས་བཟླས་པས་ལས་དེ་དང་དེ་འགྲུབ་པར་འགྱུར་རོ། །ཕྲེང་བ་རཀྴ་དང་ལུང་ཐང་ཤིས། ཐུན་འཇོག་ཁར་འཁོར་རྣམས་རང་ལ་བསྡུ། ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་འོད་གསལ་དུ་བཅུག །དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ཡང་སྙིང་གའི་ཧཱུྃ་ལ་སེམས་རྩེ་གཅིག་པས་དབུགས་ཆ་སྙོམས་ཏེ་ཧཱུྃ་གི་བཟླས་པ་ཞག་ཉེར་གཅིག་ཏུ་བཟླ་བ་ནི་ཡང་གསང་གི་སྒྲུབ་པར་བཤད་དོ། །རྟགས་ནི། ལག་ཏུ་རྡོ་རྗེ་བབས་པ་དང༔ གོས་སྔོན་གྱོན་དང་མེ་འབར་དང༔ ཞེས་སོགས་གསུངས་པ་ལྟར་རོ། །ཡང་གདོན་འདུལ་ན། ཐུགས་ཀའི་རྡོ་རྗེའི་ལྟེ་བར་ཧཱུྃ། དབུས་རྭ་གཉིས་ཀྱི་སྦུབས་སུ་བཛྲ་རེ་རེ་རྭ་རྩེ་གཉིས་སུ་ཕཊ་རེ་རེ། དེ་རྣམས་ལས་འོད་ཟེར་མེའི་ཚྭ་ཚྭ་འཕྲོས་པ་སྟེང་འོག་ཏུ་མཆེད་ལུས་ཀྱི་ནང་ཐམས་ཅད་གང་། མེ་ལྕེ་གྱེན་ལ་འབར་བས་སྟེང་གདོན་ཐམས་ཅད་དེད་སྦྱངས་བསྲེགས་པར་བསམ། དེ་བཞིན་དུ་མེ་ལྕེ་ཐུར་དུ་འབར་བས་འོག་གདོན་ཐམས་ཅད་དེད་སྦྱངས་བསྲེགས་པར་བསམ་ལ། སྔགས་བཟླ་ཞིང་སྦྱངས་རྗེས་ཧཱུྃ་ཡིག་འོད་ཟེར་ལྔ་ལྡན་ཚ་གྲང་ཁམས་དང་སྦྱར་བས་ལུས་བསྲུང་བྱ་ཞིང་། ལས་སྦྱོར་གྱི་ཁ་བསྒྱུར་མང་དུ་བཤད་མོད་འདིར་དེ་ཙམ་མོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་གིས་སྦྱང་། ཨཱོྃ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ལ། གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས། ཨཱོྃ་ཨཱ་ཧ་ར་སོགས་ནས་ཤབྡའི་བར་གྱིས་སྔར་བཞིན་མཆོད། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་སྨན་རཀ་ཕུལ། རྩ་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་བཏགས་པས་གཏོར་མ་ཕུལ་ལ། སྔར་བཞིན་བསྟོད་པའི་མཐར། རྣམ་ལྔའི་མཆོད་པ་འདི་བཞེས་ལ། ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཞིང་། །དངོས་གྲུབ་རྣམ་གཉིས་བདག་ལ་སྩོལ། །བདག་གི་ལྷག་པའི་བསམ་པ་རྣམས། །མཐར་ཕྱིན་མྱུར་དུ་འགྲུབ་པར་མཛོད། །ཅེས་གསོལ། འདིར་མ་གསུང་ཡང་འཁོར་འཇིག་རྟེན་པ་རྣམས་ལ་དཀར་གཏོར་ཨ་ཀཱ་རོས་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་གསོལ་བ་རྣམས་བྱས་ན་དམིགས་ཕྱེད་ཅིང་ལེགས་པར་འགྱུར་རོ། །གང་ལྟར་ཀྱང་གཏོར་མགྲོན་བཛྲ་མུཿས་གཤེགས་སུ་གསོལ་སྨོན་ལམ་དང་བཀྲ་ཤིས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། ཆོ་ག་གོང་བཤད་ལྟ་བུས་བདག་མདུན་མཉམ་སྒྲུབ་ཏུ་བྱས་ནས་བཟླས་པ་དང་གཏོར་མ་འབུལ་བ་གནང་བ་ནོད་པ་རྣམས་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་བྱ། བགེགས་བསྐྲད། ཆོས་བཤད་ཅུང་ཟད་སྔོན་དུ་འགྲོ་བས། ཕྱག་ན་རྡོ་རྗེ་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་ཆོས་ཐུགས་གཏེར་འཁོར་འདས་རང་གྲོལ་དུ་གྲགས་པ། གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་དཔལ་ཐང་སྲིན་མཚོའི་ནུབ་བྱ་ཁྱུང་གི་མཆུ་འདྲ་བའི་བྲག་ནས་སྤྱན་དྲངས་པའི་ནང་ཚན་རྡོ་རྗེ་གཏུམ་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་དེ་ཡིན་པས། འདིའི་བྱིན་རླབས་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་ཞེས་བརྡ་སྤྲད། སློབ་མས་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་བྱས་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ། སྐྱབས་སེམས་སྡོམ་གཟུང་གི་སླད་དུ་མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་འདེབས་པ་སོགས་དམིགས་པ་བརྡ་སྤྲད་ལ། གོང་དུ་སྒྲུབ་ཐབས་ཀྱི་སྔོན་དུ་བཤད་པ་བཞིན་ནམ། ཡང་ན། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་འཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། ཡེ་ཤེས་དབབ་པ་ནི། སྟོང་པའི་ངང་ལས་སློབ་མ་ཧཱུྃ་ལས་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞེས་པ་ནས། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། ཞེས་པའི་བར་དང་། དེའི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་གསང་བདག་འཁོར་བཅས་བསམ་གྱིས་མི་ཁྱབ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད་བྱས་ལ། རྩ་སྔགས་ཀྱི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བྱ། དེ་ནས་སྐུའི་དབང་ནི། མདུན་གྱི་གསང་བའི་བདག་པོའི་སྐུ་ལས་སྐུ་གཉིས་པ་ཞིག་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ལུས་སྐུ་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་མཛོད་བྱས་ལ། སྐུ་རྟེན་སྤྱི་བོར་བཞག་སྟེ། ཨཱོྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བཅོམ་ལྡན་གསང་བའི་བདག་པོ་ལ༔ སྐུ་ཡི་རྡོ་རྗེར་དབང་བསྐུར་ཏེ༔ འགྲོ་བ་འདུལ་བར་རྗེས་གནང་ལྟར༔ བུ་ཁྱོད་ལ་ཡང་དབང་བསྐུར་བས༔ འཇིག་དྲལ་མེད་པའི་སྐུ་ཐོབ་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར། སྐུ་ཡི་སྒོམ་ཐབས་ལེགས་པར་བསླབ༔ རྒྱན་དང་ལག་ཆ་རྫོགས་པར་གཏད༔ ཅེས་གསུངས་པས། གསང་བའི་བདག་པོའི་མངོན་རྟོགས་སྔར་ཕོག་པ་ལྟར་རྣམ་པ་གསལ་བ་དང་ང་རྒྱལ་ལ་གནས་པར་མཛོད་ཅིག་བྱས་ལ། རྒྱན་གཏོད་པ་ནི། དུར་ཁྲོད་ཀྱི་ཆས་རྣམས་བསྐོན་ཏེ་རྩ་བའི་སྔགས་བརྗོད་པ་ཉིད་དོ། །འདིར་རྒྱན་དར་སྔོན་པོའི་སྟོད་གཡོགས་ལ་མཛད་པའང་འདུག་མོད། གཞུང་ཚིག་གི་ནུས་པ་དང་གོང་མ་རྣམས་སྔ་མ་ལྟར་མཛད་པ་བཞིན་འཐད་དམ་སྙམ་མོ། །ལག་ཆ་གཏོད་པ་ནི། རྩ་སྔགས་ཀྱི་མཐར་ཨཱོྃ་མ་ཧཱ་བཛྲ་ཧཱུྃ༔ ཞེས་ལག་གཡས་སུ་རྡོ་རྗེ་གཏད་ལ་གསོར། དེ་བཞིན་ཏུ་ཨཱོྃ་བཛྲ་གྷཎྚེ་ཨ༔ ཞེས་གཡོན་དུ་དྲིལ་བུ་གཏད་ལ་དཀྲོལ་དུ་གཞུག །གོས་སྔོན་བགོ་ཞིང་རྡོ་རྗེ་གཟུང༔ སྐུ་ཡི་ང་རྒྱལ་འབྲལ་མི་བྱ༔ ཞེས་པས། དམ་ཚིག་ཏུ་གོས་སྔོན་བགོ་བ་དང་ཕྱག་མཚན་རྡོ་རྗེ་འཆང་ཞིང་ལྷ་སྐུའི་ང་རྒྱལ་དང་མི་འབྲལ་བ་ལ་སློབ་བོ། །དེ་ལྟར་སྐུའི་དབང་ཐོབ་པས་ལུས་ཀྱི་སྡིག་སྒྲིབ་དག །བར་ཆད་ཞི། ལུས་ལྷ་སྐུ་སྒོམ་པ་ལ་དབང་། གསང་བའི་བདག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པའོ། །ཞེས་བརྗོད། དེ་ནས་གསུང་གི་དབང་ནི། ཁྱེད་རང་དང་མདུན་གྱི་གསང་བདག་གཉིས་ཀའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་རྩ་བའི་སྔགས་ཀྱིས་གཡས་སུ་བསྐོར་བ་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་གྱུར། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་གསུང་གི་རིག་སྔགས་ཐམས་ཅད་གསང་བའི་བདག་པོའི་སྔགས་ཀྱི་རྣམ་པར་སྤྱན་དྲངས། ཁྱེད་རང་གི་སྙིང་གའི་ཡིག་འབྲུ་རྣམས་ལ་ཐིམ་པས་གསུང་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་མཛོད་བྱས་ལ། སྔགས་བྱང་མགྲིན་པར་བཞག་སྟེ། ཨཱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ གསང་སྔགས་བདག་པོར་དབང་བསྐུར་ཅིང༔ བསྟན་པ་སྒྲོག་པར་རྗེས་གནང་ལྟར༔ བུ་ཁྱོད་ལ་ཡང་དབང་བསྐུར་བས༔ གསུང་གི་རྡོ་རྗེར་ཁྱོད་འགྲུབ་ཤོག༔ ཨཱོྃ་ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎི་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། སྔགས་ཀྱི་སྒྲ་དང་དོན་རྣམས་བཤད༔ འོད་ཟེར་འཕྲོ་འདུའི་དམིགས་པ་བསྟན༔ ཞེས་པས་སྙིང་གར་འཁོད་པའི་སྔགས་ཕྲེང་རྣམས་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་མོས་ནས་འདིའི་རྗེས་ཟློས་མཛོད་བྱས་ལ། སྔགས་ལེ་ཚན་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་འཇུག །ནོར་བུ་བཅང་ཞིང་གསང་སྔགས་དག༔ ཁོང་གི་དབུགས་བཞིན་བགྲང་བར་བྱ༔ ཞེས་པས་དམ་ཚིག་ཏུ། ནོར་བུ་ཞེས་པ་ཕྲེང་བ་སྟེ་ལུང་ཐང་ངམ་རཀྴའི་ཕྲེང་བ་བཅང་ཞིང་། སྒྲ་གྲགས་སྔགས་ཀྱི་རང་བཞིན་དང་དབུགས་འབྱིན་འཇུག་ཐམས་ཅད་ཀྱང་གྲགས་སྟོང་སྔགས་ཀྱི་དེ་ཉིད་དུ་ཤེས་པས་སྔགས་བཟླ་བ་ལ་བསླབ་བོ། །དེ་ལྟར་གསུང་གི་དབང་ཐོབ་པས། ངག་གི་སྡིག་སྒྲིབ་དག །བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང་། གསང་བའི་བདག་པོའི་གསུང་དང་དབྱེར་མེད་དུ་གྱུར་པའོ། །ཐུགས་ཀྱི་དབང་ནི། སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་ཕྱག་མཚན་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཁྱེད་རང་གི་སྙིང་གའི་ཧཱུྃ་ལ་སིབ་ཀྱིས་ཐིམ་པས་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་མཛོད་བྱས་ལ། ཐུགས་རྟེན་རྡོ་རྗེ་སྙིང་གར་བཞག་སྟེ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བཅོམ་ལྡན་ལག་ན་རྡོ་རྗེ་ལ༔ གསང་ཆེན་དོན་དམ་དབང་བསྐུར་ཅིང༔ གསང་བའི་བརྡ་དོན་རྗེས་གནང་ལྟར༔ བུ་ཁྱོད་ལ་ཡང་དབང་བསྐུར་བས༔ ཐུགས་ཀྱི་རྡོ་རྗེའི་དོན་རྟོགས་ཤོག༔ ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། ཐུགས་ཀྱི་གསང་བ་ལེགས་པར་བསྟན༔ རྡོ་རྗེའི་ཆོས་བདུན་གོ་བར་བཤད༔ ཅེས་པས་གསང་བའི་བདག་པོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་བྲལ་འགྱུར་བ་མེད་པ་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་ཞོག་མཛོད། དེ་ནི་རྡོ་རྗེའི་ཆོས་བདུན་གྱིས་མཚོན་པ་སྟེ། དེ་ཡང་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པའོ། །ཞེས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་རྐྱེན་གང་གིས་ཀྱང་མི་གཡོ་ཞིང་མི་འགྱུར་བའི་དོན་ནོ། །རྟོག་མེད་ཏིང་འཛིན་མི་གཡོ་བས༔ འགྱུར་མེད་རྡོ་རྗེའི་དོན་ལ་འབད༔ རང་རིག་ཆོས་སྐུར་ལ་བཟླ་འོ༔ ཞེས་པས། དམ་ཚིག་ཏུ་ཀུན་རྫོབ་རྣམ་འགྱུར་རྣམ་ཤེས་ཀྱི་ཡུལ་ཐམས་ཅད་དོན་དམ་གནས་ལུགས་ཡེ་ཤེས་ཀྱི་རྒྱས་བཏབ་སྟེ། རང་རིག་འགྱུར་མེད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་གློ་བུར་འཁྲུལ་པའི་དྲི་མ་དང་བྲལ་བ་ཆོས་ཀྱི་སྐུར་ལ་བཟླ་བ་ལ་བསླབ་བོ། །དེ་ལྟར་ཐུགས་ཀྱི་དབང་ཐོབ་པས། ཡིད་ཀྱི་སྡིག་སྒྲིབ་དག །བར་ཆད་ཞི། ཡིད་ཆོས་ཉིད་ཀྱི་དོན་སྒོམ་པ་ལ་དབང་། གསང་བའི་བདག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པའོ། །རྩ་བའི་གཞུང་ལས་མ་བཤད་ཀྱང་འདིར་གཏོར་དབང་བྱེད་པའི་ཕྱག་ལེན་ལྟར་ན། གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་མོས། དེ་ལ་མོས་གུས་དུང་བྱས་པས། ཁྱེད་རང་གི་སྤྱི་བོར་བྱོན་རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། བཀའ་བསྒོ་ཞིང་རོལ་མོའི་སྒྲ་དང་བཅས་པས་སྔགས་ཉིད་དྲག་ཏུ་བརྗོད། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་པ་ཡིན་སྙམ་པ་གྱིས། ཞེས་བརྗོད། གཏོར་དབང་བྱེད་མི་བྱེད་གང་གི་ཚེ་ཡང་། སློབ་མ་གསང་བདག་ཏུ་གྱུར་པར་མོས་པ་ལ་མཆོད་བསྟོད་བརྟན་བཞུགས་བཀྲ་ཤིས་ཀྱི་མངའ་གསོལ་རྣམས་བྱ་ཞིང་། མཐར་གཙོ་བོས་ཇི་ལྟར་སོགས་དང་། མཎྜལ་དང་། དེང་ནས་བརྩམ་སྟེ་སོགས་སྤྱི་དང་འདྲ། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །སྔ་འ༵གྱུར་ཟབ་གཏེར་གསང་བདག་གི །སྒྲུབ་ཐབས་ཐོགས་མེ༵ད་ནུས་མཐུའི་དབང་། །རྡོ༵་རྗེ༵་འཛིན་པའི་བཀའ་སྲོལ་བཞིན། །ཉུང་གསལ་སྙིང་པོར་དྲིལ་བ་ལགས། །ཕྱག་རྡོར་གསང་སྒྲུབ་བྱང་ཆུབ་གླིང་པའི་གཏེར་མའི་སྒྲུབ་ཐབས་དབང་དང་བཅས་པའི་ལེ་ཚན་ནོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་ (Volume 3, Text 26)

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་བཞུགས་སོ། ། ཀུན་ཏུ་བཟང་པོ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འོ་ན་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་ཆོས་འབྲེལ་ཅུང་ཟད་བྱེད་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་རིམ་པ་དགུ་ལ་འདུས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །ཞེས་གསུངས་ཏེ། རང་ཉིད་ངན་སོང་ལ་སྐྲགས་ནས། ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་འདོད་ནས་ཆོས་བྱས་ན་གང་འདོད་དེར་སྐྱེས་ཏེ་ལྷ་དང་མི་ཡི་རྒྱལ་པོར་གྱུར་ཀྱང་། བསོད་ནམས་ཟད་ནས་འཆི་སྟེ་ངན་སོང་དུ་ལྟུང་བས་དགོས་པ་ཆུང་། རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ནས། སྡོམ་པ་བསྲུང་ཞིང་ཕར་ཕྱིན་དྲུག་ལ་ཉམས་ལེན་བྱས་ན། བསྐལ་པ་ཉི་ཤུ་དང་བསྐལ་པ་བརྒྱ་ཙམ་ལ་ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་ཐེག་པ་དམན་པ་ཡིན་པས་གཞན་དོན་མི་འབྱུང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཉམས་ལེན་རྒྱུན་མ་ཆད་པར་བྱས་ན། བསྐལ་པ་གྲངས་མེད་གསུམ་ན་རྫོགས་པའི་སངས་རྒྱས་ཐོབ་སྟེ། ལམ་ཧང་ཐག་རིང་ཞིང་དཀའ་ཚེགས་ཆེ། དེ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གསང་སྔགས་བྱ་རྒྱུད་སྤྱོད་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། བླ་མེད་རྒྱུད་ཉམས་སུ་བླངས་ན། རབ་ཚེ་འདིར། འབྲིང་བར་དོ། ཐ་མ་སྐྱེ་བ་བརྗེས་ནས་སངས་རྒྱས། བླ་མེད་དེ་ལ་གསར་མ་ལུགས་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་གསུམ། རྙིང་མ་ལུགས་ཀྱི་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་སྟེ་དོན་ལ་འདྲ་བར་བཤད། དེ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དེ་ལ། ཨ་ཏི་སྤྱི་ཏི་ཡང་ཏི་ཞེས་ཀྱང་བྱ། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་དུ་ཡོད། རྫོགས་ཆེན་སེམས་སྡེ་ཕྱག་རྒྱ་ཆེན་པོ་དང་དོན་གཅིག །གཞི་ཁྲེགས་ཆོད་ཀྱི་སྐོར་ཞེས་བྱ་བ་ཡིན། ཀློང་སྡེ་དང་མན་ངག་གི་སྡེ་གཉིས་ནི་ཕྱག་ཆེན་ལས་ཀྱང་ལྟ་བ་མཐོ་སྟེ་ཐེག་པ་དགུའི་ཡང་རྩེ་ཡིན། ཕྱག་ཆེན་རྫོགས་ཆེན་སེམས་སྡེ་མན་ངག་སྡེ་བསྒོམ་དགོས། རྒྱ་བོད་ཀྱི་གྲུབ་ཆེན་ཚོ་ཡང་ཕལ་ཆེར་ལོ་བཅུ་གཉིས་ཙམ་བསྒོམས་ནས་གྲུབ་པ་ཐོབ་པ་ཁོ་ན་སོ་སོའི་རྣམ་ཐར་ན་གསལ། དེ་ལ་བཀའ་རྫོགས་པ་ཆེན་པོ་ལ་མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་བཞིའམ་དྲུག་ཡོད་པར་བཤད་དེ། ཟོས་པས་འཚང་རྒྱ་བ་སྐྱེ་བདུན་ཤའི་རིལ་བུ། བཏགས་པས་འཚང་རྒྱ་བ་རྒྱུད་བཏགས་གྲོལ། ཐོས་པས་འཚང་རྒྱ་བ་བར་དོ་ཐོས་གྲོལ་གྱི་དབང་ཁྲིད་སྦྲགས་མ། བལྟས་པས་འཚང་རྒྱ་བ་ཐོད་རྒལ་གྱི་ཁྲིད་འདི། དྲན་པས་འཚང་རྒྱ་བ་འཕོ་བ་དྲན་པ་རང་གྲོལ། རེག་པས་འཚང་རྒྱ་བ་དྷཱ་ཀི་པདྨ་ཅན་དང་དྲུག་གོ །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཡང་ཡང་མ་གསུངས་མི་གསུང་གསུང་བར་མི་འགྱུར་ཞིང་། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། འོད་མི་འཁྲུགས་པ་ལ་སོགས་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ། རིག་འཛིན་དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཧཱུྃ་ཆེན་ཀཱ་ར། བི་མ་ལ་མི་ཏྲ། འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སོགས་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་ཐུགས་དམ་མཛད་ཅིང་། རྒྱ་དཀར་ནག་ཨོ་རྒྱན་ཡུལ་སོགས་སུ་འབུམ་ཕྲག་མང་པོ་འཇའ་ལུས་མཁའ་སྤྱོད་དུ་གཤེགས། བོད་དུ་ཡང་ཨོ་རྒྱན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲས་གསུངས་པས། རྗེ་འབངས་ཕལ་ཆེར་དང་། ཡེར་པ་ནས་གྲུབ་ཆེན་བརྒྱད་ཅུ་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས། དེ་བཞིན་དུ་ཉང་ཏིང་འཛིན་བཟང་པོ། ཅོག་རོ་སྒོམ་ཆེན་སྒོམ་ཆུང་། གྲུབ་ཐོབ་གཙང་པ་མི་བདུན་ལ་སོགས་པ་འཇའ་ལུས་མཁའ་སྤྱོད་གྲུབ་པ་ཁྲི་ཕྲག་མང་པོ་བྱུང་བར་སྣང་ལ། རྗེ་དུས་གསུམ་མཁྱེན་པས་བླ་མ་བྲག་དཀར་པ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་ཞུས། རྗེ་ཀརྨ་པཀྴིས་ཀཿཐོག་བྱམས་པ་འབུམ་ལས་རྫོགས་ཆེན་ཞུས་ནས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཉིས་མིང་ལ་ཁྱད་པར་ཡོད། དོན་ལ་ཁྱད་པར་མེད་གསུངས། རྗེ་རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་ཐུགས་དམ་མཛད། སློབ་མ་བཞི་ལ་དབང་ལུང་གནང་ནས། ཆོས་ཟབ་མོ་འདི་འདྲ་ནུབ་པར་ཕངས་གསུངས་ནས། བོད་ཀྱི་ཕྱོགས་བཞི་ནས་དར་བར་གྱིས་གསུངས་ཏེ་སློབ་མ་བཞི་བརྫངས། ཁ་རག་སྒོམ་ཆུང་བཀའ་གདམས་པའི་བྱམས་སྙིང་རྗེ་དང་། རྫོགས་ཆེན་གཉིས་ཁོ་ནས་གྲུབ་པ་ཐོབ་པ་ཡིན། འོན་ཀྱང་གུ་རུ་ཤྲཱི་སིཾ་ཧས་བཻ་རོ་ཙ་ན་ལ། བོད་དུ་དང་པོ་རྫོགས་ཆེན་དར། བར་སྐབས་སུ་རྟོག་གེ་བ་རྣམས་ཀྱིས་ཐལ་བརྒྱབ་པས། མི་རྣམས་ཐེ་ཚོམ་སྐྱེས་ནས་ཅུང་ཞིག་ནུབ། མཐར་དར་ཞིང་རྒྱས་པར་ལུང་བསྟན་པ་ལྟར། བར་སྐབས་སུ་ཅུང་ཞིག་ཁྲིད་སྟོན་པ་ཉུང་ན་ཡང་། དེང་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་དུས་ཡིན་པས་རྫོགས་ཆེན་བསྒོམས་ན་རྟོགས་སླ། ཡུན་རིང་བསྒོམ་མི་དགོས། དུས་ཇི་ཙམ་སྙིགས་བཞིན་དུ། བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་ཕྱུར། དེ་ཅི་ལྟར་ཕྱུར་བ་བཞིན་ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ། བྱིན་རླབས་མྱུར། དེའི་གནད་ཀྱིས་ཆོས་རྙིང་མ་དང་རྫོགས་ཆེན་དེང་སང་ནས་ཇེ་དར་ཇེ་ཟབ་ཏུ་འགྲོ་བར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་མང་པོ་ལ་ཡོད་པས། དེང་སང་བླ་མ་སུ་ཆེ་ཆེ་ཐམས་ཅད་ཀྱིས་རྙིང་མ་ལ་གཙོ་བོ་མཛད་པ་འདི་དག་ཡིན། དེ་ལ་བཀའ་རྫོགས་པ་ཆེན་པོ་འདི་ལ། དབང་པོ་ཐ་མའི་གང་ཟག་རིམ་གྱིས་ཁྲིད་ལུགས་དང་། དབང་པོ་རབ་དབང་ལ་བརྟེན་ནས་ཅར་ཕོག་ཏུ་ངོ་སྤྲད་པའི་ལུགས་གཉིས་ཡོད་དེ། ཤར་ཀཿཐོག་པའི་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་སོགས་དང་། ཀོང་པོའི་རྫོགས་ཆེན་པ་བསོད་ནམས་བཟང་པོ་སོགས་ཀྱི་ཕྱག་སྲོལ། བླ་མ་དང་ཁྲིད་ཞུ་བ་རྣམས་སོ་སོར་མཚམས་བསྡམས་ནས་མཚམས་ཁང་ནས་མི་རེ་རེ་ལ་གཅིག་ཁྲིད་དུ་བཤད། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ །སེམས་བསྐྱེད། བྱམས་སྙིང་རྗེ། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཡི་དམ་བསྐྱེད་རིམ། རླུང་འཁྲུལ་འཁོར། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ། ལུས་ངག་ཡིད་གསུམ་འཁོར་བ་དང་རུ་ཤན་ཕྱེ་བ་དེ་ཐམས་ཅད་བྱས་ནས་སོ་སོར་རྟགས་ཐོན་ངེས་བྱས་ཏེ། དེ་ནས་ཐོད་རྒལ་ངོ་སྤྲད་ནས་ལོ་གསུམ་བར་ཁྲིད་མི་རྫོགས། དེ་བར་ཁྲིད་ཕྲུག་འགྲོ་དབང་མེད་དེ་མཚམས་ལ་སྡོད་བཅུག །དེ་ནས་རྟོགས་པ་བཟང་པོ་འཁྲུངས་ན་གཞན་ལ་ཁྲིད་སྟོན་པར་བསྐོ། འབྲིང་ཙམ་ལ་དབང་བཀའ་རྗེས་གནང་ཙམ་བྱེད་ཆོག་པར་ལུང་གནང། ཐ་མ་ལ་ད་རུང་མཚམས་ལོ་གསུམ་ཡིག་དྲུག་དུང་གི་ཁས་ལེན་འཇུག །ཡང་མཐའ་ལ་ད་རུང་ཁྱོད་རི་ཁྲོད་མི་ཟིན། འགྲོ་དབང་མེད་གསུངས་ནས་སྒོམ་འཇུག་པའི་སྲོལ་ཡོད་པར་གདའ། དེ་ལྟ་བུ་ནི་མཆོག་ཡིན་ཡང་། འདི་ཕྱོགས་སུ་སྲོལ་མེད་ཅིང་། བླ་མ་དང་ཁྲིད་ཕྲུག་སུས་ཀྱང་མི་འཁྱོངས་པ་ཡིན། དེ་ལ་ད་རེས་དབང་ལ་བརྟེན་ནས་ངོ་སྤྲད་པ་ནི་གཞུང་ལས་བཤད་པ་ཡིན་པས་དབང་མ་ཐོབ་པར་ཉན་པ་དང་བཤད་པར་མི་རུང། དབང་ཡང་ཞི་ཁྲོ་ལ་སོགས་རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་དགོས། དབང་གང་རུང་གིས་མི་ཆོག །དེ་ལ་ཡང་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཞིག་མ་བཤད་ན་མི་རུང་། སློབ་མ་ལ་བྱིན་རླབས་མི་འཇུག །སློབ་དཔོན་ལ་ལྟུང་བ་འབྱུང་བ་ཡིན། ཨོཾ། དེ་ལ་སྔོན་འགྲོ་ཅུང་ཟད་བཤད་ན། ཞི་ཁྲོའི་གཞུང་ཚིག་རྣམས་བྱིན་རླབས་ཆེ་བས་འཆད་དེ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཤཱ་རིའི་བུ། དམྱལ་བ་ནི་ས་གཞི་ཙམ་ཡོད་དོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་རྡུལ་ཆགས་པ་ཙམ་ཅིག་ཡོད་དོ། །ཞེས་གསུངས་སོ། །དལ་འབྱོར་མི་ལུས་ཐོབ་དཀའ་བ་མིག་གིས་བལྟ་རྒྱུ་ཡོད་དེ། རྒྱལ་པོ་ཆེན་པོའི་དམག་ལ་དུ་ཙམ་ཡོད། གྲོག་ཚང་ཆེ་བ་ལ་འབུམ་ཕྲག་གསུམ། འབྲིང་བ་ལ་ཁྲི་ཚོ་གསུམ། ཆུང་བ་ལ་སྟོང་ཚོ་གསུམ་ཡོད་པར་རྔ་བོ་ཆེའི་མདོ་ནས་གསུངས་སོ། །གྲོང་པའམ་རུ་བ་རེ་ལ་མི་དུ་ཙམ་ཡོད། དེའི་ས་སྐོར་ན་དབྱར་ཁ་འབུ་སྲིན་ཅི་གདའ་ལྟོས་དང་། ད་རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་ཤིག་ཅིས་ཀྱང་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཐོབ་པར་དཀའ་བར་གདའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་བརྗོད་དོ། །དེ་ཡང་ངེད་རང་རྣམས་འཆི་ངེས་པའི་སྟེང་དུ་ནམ་འཆི་ཆ་མེད། ཚེ་ལ་འདི་ཙམ་ཐུབ་ཀྱི་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་བའི་རྐྱེན་ཤིན་ཏུ་མང་བས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ཀྱང་ནམ་འཆི་ཆ་མེད། བདག་ཤི་ཙམ་ན་སུས་ཀྱང་བཟུང་དུ་མེད། བསྲུང་དུ་མེད། སུས་ཀྱང་མི་ཕན་ཏེ། བསགས་པའི་ནོར་གྱིས་ཀྱང་ཤི་བ་ལ་མི་ཕན། བུ་དང་ཆུང་མ་འདུས་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་ཕན། རང་གི་ལུས་ཀྱིས་ཀྱང་འཆི་བ་ལ་མི་ཕན་ཏེ་ལུས་ཉིད་ཀྱང་ཤུལ་དུ་བསྐྱུར། མེ་ལ་བསྲེགས་ན་ཐལ་བ་སྤར་གང་དུ་འགྲོ །བསགས་པའི་ནོར་ཤུལ་དུ་ལུས་ཏེ་ཁབ་གཅིག་ཀྱང་ཁྱེར་དབང་མེད། འདུས་པའི་གཉེན་དང་སོ་སོར་བྲལ་ཏེ། དེ་ཕྱིན་ཆད་འཕྲད་པར་མི་འོང་བའི་ས་ཐག་རིང་པོ་ཞིག་ལ་ད་ནས་མགྱོགས་པར་འགྲོ་དགོས། གྲོགས་ཟླ་བོ་གཅིག་ཀྱང་ཁྲིད་དབང་མེད། རང་གཅིག་པུར་འགྲོ་དགོས་པའི་དུས་ལ་སླེབ་ལ་ཁད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འདུས་བྱས་ནི་མི་རྟག་པའོ། །ཉིན་མཚན་གཉིས་ཀྱིས་ཚེ་ལ་རྐུའོ། །ནམ་འཆི་ཆ་མེད་དོ། །དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེའོ། །ད་ནི་ཤི་བ་ལ་སླེབ་ལ་ཁད་དོ། །ཞེས་བརྗོད་བཅུག །དེ་ལྟར་ཤི་ནས་རང་གར་འགྲོ་རང་ལ་དབང་མེད། ལས་དགེ་སྡིག་གིས་གར་ཁྲིད་ཡིན་ཏེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཞེས་དང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཀྱང་སྲིད། །ཉི་ཟླ་ཐང་ལ་ལྟུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་པས། དགེ་བའི་ལས་སྐྱེ་བ་གཏན་གྱི་སོ་ནམ་ཡིན་པས་ཅི་འགྲུབ་འབད། སྡིག་པ་རང་གིས་རང་ཕུང་བ་ཡིན་པས་སྤང་ཅི་ཐུབ་བྱེད་བསམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། ཐམས་ཅད་འགྲིམ་པའི་འཕྲང་འགགས་དོགས་མོ་དེར། །ལས་ཀྱི་གཤིན་རྗེའི་ཁྲིམས་རར་ཚུད་ཙམ་ན། ཁས་དྲག་བཙན་ཀྱང་དེ་རུ་བྱ་ཐབས་མེད། །སྡིག་པོ་ཆེ་རྣམས་གློ་སྙིང་གས་ལ་ཁད། །མི་དགེ་སྤྱོད་པའི་ལས་ཀྱི་བརྡ་དེད་དེ། །ནམ་མཁའི་ཐོག་ལས་མགྱོགས་ཤིང་ཤུགས་ཆེ་བ། །དཀར་ནག་ལས་ཀྱི་གྲངས་རྩིས་ཞིབ་ལུགས་དེ། །ཕྲ་ཞིང་ཕྲ་བའི་སྡིག་ཀྱང་མི་བརྗེད་ན། །སྡིག་པ་མི་འཛེམ་མི་རྣམས་ཅི་དྲན་ཨང་། །ཐར་ལམ་དཀར་པོའི་ལམ་གྱི་བདེ་ལུགས་དང་། །ངན་སོང་ནག་པོའི་ལམ་གྱི་སྡུག་བསྔལ་དེ། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །དཀར་པོ་དགེ་བའི་སྟངས་ནི་གཤིན་རྗེས་འཛིན། །ནག་པོ་སྡིག་པའི་ཆད་པ་གཤིན་རྗེས་གཅོད། །སེམས་ཅན་ལས་ལ་སྤྱོད་པར་རྒྱལ་བས་གསུངས། །ཞེས་བརྗོད། དེ་ནས་སྟབས་འགྲིགས་མི་ཉུང་ན་མྱ་ངན་གྱི་འདུག་སྟངས་བྱེད་བཅུག་ལ། ཨ་ཙ་མ། འཁོར་བ་མེ་ཡི་དོང་ཆེན་པོ། ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ་རྒྱ་ཆེ་བ། འཕང་མཐོ་བ་ལྟ་བུ། དེའི་ནང་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཙི་ཏི་རི་རི་ཡོད་པ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ངུ་འབོད་རིང་རིང་བ། དུད་འགྲོ་གླེན་ལྐུགས་གཅིག་གིས་གཅིག་གསོན་པོར་ཟ་བ། ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་གནས་སྐབས་ཡུད་ཙམ་སྐྱིད་ཀྱང་། མྱུར་དུ་མི་རྟག་ངན་སོང་དུ་ལྟུང་ལ་ཁད་པ། འདི་ལས་ཐར་པའི་ཐབས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འཁོར་བ་འདི་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་བདེ་བའོ། །ཨ་ཙ་མ། འཁོར་བའི་སྡུག་བསྔལ་མེའི་དོང་རིང་འདིར་ཚུད་པ་འདི་ནི་འཇིགས་པ་ལ། ཨ་ཙ་མ་འདི་ཡི་ནང་ནས་ད་ལན་འབྲོས་པའི་དུས་ལ་བབ་བོ། །ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་པའི་བླགས་མེད་ཅིང་མཐའ་ལས་འདས་ཏེ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པ་ད་ནི་མྱུར་དུ་འབྲོས་པའི་གྲབས་བྱ་རན། ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལས་བཟློག་དུས་ད་ལན་དུས་གཅིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་འབྲོས་རེ་རན། །ཞེས་བརྗོད། དེས་ཐུན་མོང་གི་སྔོན་འགྲོ་བཞི་མཚོན་ཙམ་སོང་། ཨཱཿ སྔོན་འགྲོ་གཉིས་པ་ནི། འདིར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་གཅིག་ཏུ་བསྡོམས་པ་འདི་ལྟར་བསྒོམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བདེ་གཤེགས་ཞི་བའི་ལྷ་ཚོགས། མགྲིན་པར་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་ལ་དག་པ་རིག་འཛིན་གྱི་ལྷ་ཚོགས། དབུའི་ནང་དུ་ཆེ་མཆོག་ཧེ་རུ་ཀ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ། དབུ་གཙུག་ན་ཨོ་རྒྱན་རིན་པོ་ཆེ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བསྒོམས་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་སྤྱི་བོའི་དེ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་བསྒོམས་ལ། དེའི་དྲུང་དུ་སྐྱབས་འགྲོ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་རྗེས་ཟློས་མཛོད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ། རྡོ་རྗེ་སེམས་དཔའི་སྐུའི་ལྷ་ཚོགས་དམ་པ་རིགས་བརྒྱའི་ཐུགས་ཀར་ཀུན་བཟང་ཐུགས་ཀའི་ཨོཾ་ནས་སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨཱཿཡི་བར་ཡིག་བརྒྱ་འབྲུ་རེ་རེ་གནས་པ་ལས། བདུད་རྩིའི་རྒྱུན་བབས་པས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བབ། སྤྱི་བོ་ཚངས་བུག་ནས་ཞུགས་པས་ལུས་གང་། སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་འོག་སྒོ་དང་རྐང་མཐིལ་ནས་ཐོན། འོག་གཞི་གསེར་གྱི་ས་གཞིའི་འོག་ཏུ་སོང་། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམས་ལ། ཤེས་ན་ཡིག་བརྒྱ་ཐོན། མི་ཤེས་པ་རྣམས་ཀྱིས། ཨོཾ་བཛྲ་སཏྭ་ཧཱུྃ། འདི་ལ་འུར་འདོན་ཡུད་ཙམ་བྱས་ལ་ད་འདིའི་རྗེས་ཟློས་མཛོད། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། ཞེས་རྗེས་ཟློས། ད་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང་། འཇིག་རྟེན་ཁམས་ཀྱི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་ལ་མཎྜལ་དུ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་མདངས་རྒྱན་གྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཿཧཱུྃ། སེམས་ཉིད་ཆོས་སྐུར་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ། །ད་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ། དད་གུས་རྩེ་གཅིག་གིས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ༴ རིག་འཛིན་དགའ་རབ་རྡོ་རྗེ་ལ༴ གུ་རུ་ཤྲཱི་སིཾ་ཧ་ལ༴ རྒྱ་གར་རིག་འཛིན་བརྒྱད་པོ་ལ༴ འཆི་མེད་པདྨ་འབྱུང་གནས་ལ༴ ལྷ་ལྕམ་མནྡཱ་ར་བ་ལ༴ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༴ གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ༴ དྲིན་ཆེན་རྩ་བརྒྱུད་བླ་མ་ལ༴ ཞི་བ་བཞི་བཅུ་རྩ་གཉིས་ལ༴ འབར་བ་ཁྲག་འཐུང་ལྔ་བཅུ་ལ༴ དག་པ་རིག་འཛིན་ལྷ་ཚོགས་ལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས་ཤིག །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས་ཤིག །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་དབྱངས་སུ་གྱེར་རམ་རྗེས་ཟློས་བྱས་ནས། དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ལ། སེམས་མ་བཅོས་པར་རང་ལུགས་སུ་ལྷོད་དེ་ཀློད་ལ་ཞོག་ཅིག །དེའི་ཚེ་སེམས་ཀྱིས་སེམས་ལ་བལྟས་པས། ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་སང་ངེ་བ་ཞིག་འཆར་ཏེ། ཕ་རོལ་ཏུ་ཕྱིན་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རང་གི་ཤེས་རིག་འདི་ཉིད་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད། འདི་ལ་རང་བཞིན་མེད་པས་སྟོང་པ། སྟོང་པ་དེ་ཉིད་སྟོང་པ་ཕྱལ་ཆད་དུ་མ་སོང་པར། སྟོང་པའི་ངོ་བོ་རིག་པ་རང་བཞིན་གྱིས་གསལ་བས། གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་ཅན་དེ། ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་། རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་སྟེ། མུ་ཏིག་ཕྲེང་རྒྱུད་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་སོ། །ཐུགས་རྗེས་ཀུན་ལ་ཁྱབ་ཅིང་མཚན་ཉིད་གཉིས་སུ་མེད་པས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པའི་མཚན་ཉིད་ཅན་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བ། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་དང་། ངོ་བོ་དེའི་མཚན་ཉིད་ནི། རང་ཤར་གྱི་རྒྱུད་ལས། རྟག་ཆད་གཉིས་ཀྱི་རྒྱུ་ལས་འདས། །ཞེས་གསུངས་པ་དང་། རང་གྲོལ་གྱི་རྒྱུད་ལས། མཐའ་བཞིའི་དྲི་མ་རང་སང་ཉིད། །ཅེས་གསུངས་ཏེ། རང་གི་ཤེས་རིག་གི་ངོ་བོ་ཝ་ལེར་གསལ་བ། དང་པོ་རྒྱུས་མ་བསྐྱེད་པ། བར་དུ་རྐྱེན་གྱིས་མི་འཇིག་པ། མེད་བཞིན་དུ་སྟོང་པའི་རང་རྩལ་སྣ་ཚོགས་སུ་འཕྲོ་བ་འདི་ཁོ་ན་སྒྲོན་མའི་ངོ་བོ་སྟེ། སྒྲོན་མའི་རང་བཞིན་ནི། རང་གི་ཤེས་རིག་གི་ངོ་བོ་འདི་ལ་རང་བཞིན་གྲུབ་པ་མེད་པའི་ཕྱིར་སྟོང་པ་ཉིད་དེ། དེ་ཡང་ཤེས་རིག་ཟེར་བ་ནི་རང་གི་སེམས་ལ་ཟེར་བ་ཡིན་ཏེ། དེ་ཡང་ཕྱོགས་ཀྱིས་སྟོང་པ་ནི། རང་གི་ཤེས་རིག་འདི་ལ་བལྟས་པས་ཤར་ཕྱོགས་སུ་མི་གནས་ཤིང་མ་གྲུབ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་མཚམས་དང་སྟེང་འོག་དང་། ཕྱོགས་བཞི་ཞེས་བྱ་བར་རང་བཞིན་གྲུབ་པ་མེད་ལ། དབྱིབས་ཀྱིས་སྟོང་པ་ནི། རང་སེམས་རང་གིས་ཤེས་རིག་འདི་ལ་བལྟས་པས། ཟླུམ་པོའི་དབྱིབས་སུ་མ་གྲུབ། གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་ལ་སོགས་པ་གང་གི་ཡང་དབྱིབས་སུ་མ་གྲུབ། མ་མཐོང་བའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་ཁ་དོག་གིས་སྟོང་པ་ནི། རང་སེམས་ད་ལྟའི་ཤེས་རིག་འདི་ལ། ཁ་དོག་དཀར་པོའི་རང་བཞིན་དུ་མི་གནས། དམར་པོ་དང་། སེར་པོ་དང་། མཐིང་ག་དང་། ལྗང་གུ་དང་། ཁྲ་བོ་ལ་སོགས་ཁ་དོག་གང་དུ་ཡང་མ་མཐོང་མ་གྲུབ། གྲུབ་པ་མི་འདུག་པའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་རང་སེམས་རང་གིས་ཤེས་རིག་འདི་ལ་ཆོས་ཅན་མཚན་མར་གྲུབ་པ་སྤུ་ཙམ་ཡང་མི་འདུག་ཅིང་། མ་མཐོང་བས་ན་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དོ། །ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ། རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ། །ཞེས་དང་། རང་ཤར་གྱི་རྒྱུད་ལས། ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་སྐྱེ་མེད་དོན་རྟོགས་ནས། །ཆོས་ཉིད་ལྟ་བས་ལྟ་བར་འདོད། །ཅེས་གསུངས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བའི་དོན་ལ་འདི་ཡིན་ངང་གིས་མེད། །དེ་ཡོད་མ་ཡིན་དེའི་ངང་གནས་པར་བྱ། །ཞེས་གསུངས་པ་དང་། རིག་པ་གཅེར་མཐོང་ལས། སྔར་རྗེས་མི་གཅོད་འདས་པའི་འདུ་ཤེས་དོར། །ཕྱི་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་བཞག །བསྒོམ་རྒྱུ་མེད་པས་ཅིར་ཡང་མི་སྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བསྟེན། །བསྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ཉིད་བྱང་ཆུབ་ཅེས་བྱ་འོ། །ཞེས་གསུངས་པ་ལྟར། ཡིད་ལ་འདི་བསྒོམ་གྱི་གཏད་སོ་མི་བྱེད། སྔ་ཕྱི་བསམ་བློ་མི་བཏང་། བསྒོམ་སྐྱེ་བའི་རེ་བ་དང་མ་སྐྱེས་ཀྱིས་དོགས་པ་མི་བྱ། འདི་བསྒོམ་ཡིན་ནམ་མིན་ནམ་གྱི་ཐེ་ཚོམ་མི་བྱ། ལུས་པོ་བསྲང་ཞིང་བག་ལྷོད་ལ་སེམས་ཀྱིས་སེམས་ལ་ལྟོས་ལ་སྡོད་དང་། གཟུགས་དང་ཁ་དོག་དང་དངོས་པོ་ཅི་ཡང་མཐོང་རྒྱུ་མེད་ན་ཡང་། ཅི་ཡང་མེད་པའི་སྟོང་པ་མ་ཡིན་པར། ཡིད་ཀྱི་ཡུལ་དུ་རིག་རྒྱུ་དང་མྱོང་རྒྱུ་ཞིག་ཡོད་དེ། དེ་ལ་ལྐུགས་པས་བུ་རམ་མུར་བ་ལྟ་བུ་ཟེར། རང་གི་ཡིད་ཡུལ་དུ་མཐོང་རྒྱུ་ཞིག་ཡོད་དེ། དེ་ཁ་ནས་བརྗོད་མི་ཤེས་པས་སྨྲ་བསམ་བརྗོད་མེད་ཟེར། དེ་ལ་གཟུགས་དང་ཁ་དོག་དང་དངོས་པོ་མེད་པས་སྟོང་པ་ཉིད་ཟེར། དེ་ཤེས་ན་ཤེས་བྱའི་རབ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། སེམས་དེ་ཡོད་པ་དང་མེད་པའི་མཐའ་དང་བྲལ་བས་དབུ་མ་ཆེན་པོ། འཁོར་འདས་ཐམས་ཅད་དེ་ལས་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ། ཆོས་ཐམས་ཅད་དེ་ལ་མ་འདུས་པ་མེད་པས་རྫོགས་པ་ཆེན་པོ། དེ་རང་ལ་ཡེ་ནས་རང་ཆས་སུ་ཡོད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། རིག་པ་ཅེར་མཐོང་ལས། ཨེ་མ་ཧོཿ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པ་བཅུ་གཅིག་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ལ་ལས་ཕྱག་རྒྱ་ཆེན་པོའི་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྲད་ན། །འདས་པའི་རྟོག་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟ་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་གཅེར་གྱིས་བལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དང་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དེ་རང་སེམས་འདི་ཉིད་དོ། །དངོས་གཞིར་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་ངོ་བོ་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅིར་ཡང་ཤར་བ་སྤྲུལ་སྐུ་ཡིན། །རང་སེམས་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲད་ན། །ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་ལ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །ཡིད་ཀྱིས་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ། །བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསལ་རིག་སྟོང་གསུམ་ལྷུན་གྲུབ་དབྱེར་མེད་ལ། །གྲུབ་དང་མ་གྲུབ་བྱ་བ་ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོས་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ལྟ་བུ་མ་ཡིན་པར། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་པོ་མེད་པ་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་བསྒོམ་རྒྱུ་དམིགས་པ་ཅི་ཡང་མེད་པར་སེམས་ཀྱིས་སེམས་ལ་བལྟས་ནས་འདུག་པ་དེ། ཕྱག་རྒྱ་ཆེན་པོའི་ངོ་བོ་སྐྱོང་བ་ཡིན་ལ། རྫོགས་ཆེན་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་བསྒོམ་ཡུན་ཤི་དང་མཉམ་པར་ནུས་ན། འཆི་དུས་ཕྱི་དབུགས་ཆད་ཙམ་ན། གཞིའི་འོད་གསལ་ངོས་ཟིན་ནས། དེ་ལ་ཞག་བདུན་གནས་ན་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འཚང་རྒྱ་བར་གསུངས་པས། ཉམས་སུ་ཅི་ལོན་མཛོད་ཅིག །ཧཱུྃ། དངོས་གཞི་འདི་གཅིག་པུས་ཀྱང་ཆོག །ལམ་ཐོད་རྒལ་ཞེས་བྱ་བ་སྟོན་པ་ལ། སྒྲ་ཐལ་འགྱུར་རྒྱུད་ལས། སྔོན་དུ་འགྲོ་བ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་པས། རྒྱས་པ་འདིར་མ་ལྕོགས་ན་ཡང་། བརྡ་ཙམ་ཞིག་བྱ་དགོས་པས། ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་ཀྲུང་དྲང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ཞེས་དང་། འདས་རྗེས་ལས། སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་ལོག་ཅིང་སྡིག་པ་དག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །ལྷག་མེད་ཉིད་དུ་བུདྡྷའོ། །ཞེས་གསུངས་པས། རྐང་མཐིལ་གཉིས་སྤྲད་ལ་དྲང་པོར་བསྲང་། ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་ཡུད་ཙམ་ཞིག་སྡོད་ཅིག །ད་ངག་རུ་ཤན་ཕྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ །རྣམ་པ་སྣ་ཚོགས་ངག་ལ་སྤྱད། །ཅེས་གསུངས་པས་འདིའི་རྗེས་ཟློས་མཛོད། ན་ར་ཀ །པྲེ་ཏ་ཀ །ཏཱིརྻ་ཀ །ཨ་སུ་ར། མ་ནུ་ཥེ། དྷེ་ཝ་ཨ། ཤཱནྟི་ཀ །ཀྲོ་ཏ་ཀ །ཨེ་ཡཾ་རཾ་བཾ་ལཾ་སུཾཿ ད་སེམས་ལ་ལྟོས་ཤིག །ཡང་ཐལ་འགྱུར་ལས། ངག་ན་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་གསུངས་པས། ད་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་སྒོམས། དེ་ལས་ཧཱུྃ་མང་པོ་མཆེད་ནས་ལུས་གང་། བ་སྤུའི་ཁུང་བུ་ནས་ཧཱུྃ་གི་ཐག་པ་འཕྲོས། ཕྱོགས་བཞི་མཚམས་བརྒྱད་དང་འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་བར་སྒོམས། དང་པོ་ཧཱུྃ་རིང་དབྱངས་གཅིག་དང་དེ་ནས་ཧཱུྃ་ཐུང་དྲག་ཏུ་བརྗོད་པའི་མཉམ་དུ་རམ་བུ་ཁྱོག །ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཐུང་ལ་དྲག་ཏུ་བརྗོད། ད་མདུན་འདི་ན་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་ལ་རིག་པ་ཡུད་ཙམ་གཏོད་ཅིག །འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་བཅད་ཀྱང་། །ཅེས་གསུངས་པས། ཁྱེད་རང་རྣམས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་པར་སྒོམས་ཤིག །ཡང་ཁྱེད་རང་རྣམས་ལྷ་དང་ལྷ་མ་ཡིན་དང་མི་ཡི་རྒྱལ་པོར་སྐྱེས་ནས། བདེ་སྐྱིད་ཚད་མེད་པར་སྒོམས་ཤིག །འོ་དེ་ལྟར་སྐྱིད་བསམ་མཁན་དེ་དང་སྡུག་བསྔལ་བསམ་མཁན་གྱི་སེམས་ལ་ལྟོས་དང་། ངོ་བོ་སྟོང་པ་ལ་ཁྱད་པར་མེད། སེམས་ཀྱི་རྣམ་པར་རྟོག་པ་དེ་དང་པོ་བྱུང་ས་མེད་པས་ཆོས་སྐུ། བར་དུ་གནས་ས་མེད་པས་ལོངས་སྐུ། ཐ་མ་འགྲོ་ས་མེད་པས་སྤྲུལ་སྐུ། ཞེས་ལུང་ལས་གསུངས་ཏེ། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ །གསུམ་ལ་ངེས་པར་བརྟགས་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ཡིན། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་ལུས་འདི་རྒྱུ་མ་རིག་པ་ལས་གྲུབ་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྩ་མདུད་ཡི་གེའི་གཟུགས་སུ་ཡོད་དེ་འདི་ལྟར་སྒོམས། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ནྲྀ་ལྗང་གུ །ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་གཉིས་སུ་ཚ་གྲང་དམྱལ་ཁམས་གཉིས་ཀྱི་ས་བོན་དུ་ནག་པོ་རེ་རེ་སྒོམས་ཤིག །དེ་རྣམས་ལ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་སིབས་སེ་ཐིམ་པར་སྒོམས་ཤིག །དེ་ནས་དཔྲལ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་གསུམ་སྒོམས་ཤིག །དེ་གསལ་གདབ་པའི་ཕྱིར་རྗེས་ཟློས་ལན་གསུམ་གྱིས། ཨོཾ་ཨོཾ་ཨོཾ། ཨཱཿཨཱཿཨཱཿ ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་ཡི་གེ་དྲུག་བསྲེགས་པས་རིགས་དྲུག་སྐྱེ་སྒོ་ཆོད་པར་སྒོམས་ལ། བཏགས་གྲོལ་གྱི་སྙིང་པོ་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་སྔགས་འདི་འུར་འདོན་ཞིག་མཛོད། འ་ཨ་ཤ་ས་མ་ཧ། དམིགས་པ་དེ་རྣམས་ཀྱིས་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་ནས། རིགས་དྲུག་གི་སྐྱེ་སྒོ་ངེས་པར་ཆོད་པར་གསུངས་སོ། །སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས་ཡུད་ཙམ་ཞིག་ལུས་བསྲངས་ལ་བག་ལྷོད། ངག་གིས་ཅིའང་མ་སྨྲ། ཡིད་ལ་བསམ་བློ་མ་བཏང་བར་སེམས་ལ་ལྟོས་ནས་སྡོད་ཅིག །ཀློང་གསལ་ལས། དེ་ལྟར་རྣལ་དུ་སུས་ཕབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་པའི་དོན་ནོ། །འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་འཇུག །ཅེས་གསུངས་པས། ད་ལུས་ཀྱི་སྐྱིལ་ཀྲུང་ལག་པ་ས་གནོན་མཉམ་གཞག་གྱིས་ལ། སེམས་ཀྱིས་སེམས་ལ་བལྟ་ཞིང་། མིག་བར་སྣང་ལ་འདོམ་གང་གི་སར་ལྟོས་ཤིག །དེ་ཉན་ཐོས་ཀྱི་ལྟ་སྟངས་ཡིན། མིག་གྱེན་ལ་ལྡོག་ནས་ནམ་མཁའ་ལ་ལྟོས། ཕར་ཧྲིག་ཚུར་ཧྲིག་གྱིས། དེ་ཁྲོ་བོའི་ལྟ་སྟངས་ཡིན། མིག་སྣ་རྩེའི་ཐད་དུ་ལྟོས། མིག་སྣ་རྩེ་སེམས་རྩེ་གཅིག་ཏུ་གྱིས་ལ་ལྟོས་ཤིག །དེ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཡིན། ཁྱེད་རང་སེམས་ངོ་ཡོད་པ་རྣམས་ཀྱིས། རྗེས་ནས་ཀྱང་ལྟ་སྟངས་དེ་གསུམ་གང་དགའ་གྱིས་ལ་སེམས་ངོ་ལྟོས་དང་བོགས་འདོན་གྱི་མཆོག་ཡིན་ནོ། །དེ་རྣམས་ཀྱིས་ནི་ཐོད་རྒལ་ཁྲིད་ཀྱི་སྔོན་འགྲོ་ས་བཅད་མ་བཏང་ཙམ་སོང་བ་ཡིན་ནོ། །ད་ནི་རྫོགས་པ་ཆེན་པོ་མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་དྲུག་གི་ནང་ནས། བལྟས་པས་འཚང་རྒྱ་བ་ཡེ་ཤེས་མངོན་སུམ་དུ་མིག་གིས་བལྟ་ཆོག་པ། ཆུ་བུར་མིག་གིས་བལྟས་ན་ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག །གསལ་སྟོང་ཐིག་ལེ་ཉག་གཅིག །ཡེ་ཤེས་ལྔ་མངོན་སུམ་དུ་སྟོན་པ་ཞི་ཁྲོའི་ལྷ་ཚོགས་ད་ལྟ་མཇལ་བའི་གདམས་ངག །ངོ་སྤྲོད་པའི་རྒྱུད་ལས། དོན་དང་རང་གི་ལུས་ཀྱི་དཀྱིལ། །སྙིང་ན་ཡེ་ཤེས་ཆེན་པོར་གནས། །ཞེས་དང་། སྙིང་གི་མེ་ལོང་གི་རྒྱུད་ལས། གནས་ནི་སྙིང་གི་དབུས་ན་གསལ། །འོད་ཁ་དོག་ལྔའི་དབུས་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ། འོད་ཀྱི་ཚུལ་དུ་གནས་སོ། །ཞེས་དང་། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་དང་། གཞན་ཡང་མན་ངག་སྙིང་དགོངས་ཀྱི་རྒྱུད་ལས་རྒྱས་པར་གསུངས་ཏེ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་རང་གི་སྙིང་གི་ནང་ན། ཞི་བ་བཞི་བཅུ་རྩ་གཉིས་ལུས་ལྷའི་ཚུལ་དུ་བཞུགས་སོ། །ཐིག་ལེ་འདུས་པའི་རྒྱུད་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ན། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་ཀུན་འདུས་ནས། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ནས་འདི་ཉིད་མཆོག །ཅེས་གསུངས་པས། སྙིང་དང་མིག་གཉིས་འབྲེལ་བའི་རྩ། དེ་ལ་དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུཿཞེས་པའི་སྒོ་ནས་ཐོན། །ཞེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུའམ་ཡེ་ཤེས་ཟང་ཐལ་གྱི་བརྟེན་པ་དེ་རང་གི་མིག་ལ་རྟེན་ནོ། །གནས་པ་རང་གི་མིག་གི་འབྲས་བུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མི་འགགས་པར་གསལ་ལོ། །རང་གི་མིག་གི་འབྲས་བུའི་དཀྱིལ་ན་མ་འགགས་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། །ཞེས་གསུངས་པས། མིག་ཆུའི་དཀྱིལ་འཁོར་ནས། མཐོང་བ་མ་འགགས་པར་གསལ་བ་རང་གི་མིག་འདི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན་ནོ། །མུ་ཏིག་ཕྲེང་བ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ཙོག་པུར་གནས་པ་དང་། །ཞེས་བཞུགས་སྟངས་གསུམ་གྱིས་བལྟ་བར་བཤད་ན་ཡང་། གཉིས་པོ་སྟབས་མི་བདེ་བས་དྲང་སྲོང་གི་འདུག་སྟངས་བྱ་སྟེ། ཐལ་འགྱུར་ལས། དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལས་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱིས་ལུས་ཙོག་པུར་བྱས་ལ་རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་གཉིས་ས་ལ་ཕབ། ལུས་པོ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ། པུས་མོ་ལ་འཁྱུད། རྒལ་ཚིག་དྲང་པོར་བསྲང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བསྟེན། །ཅེས་གསུངས་པས་ངག་གིས་མི་སྨྲ། རླུང་མི་བསྡམ་པར་རང་བབས་སུ་ཁ་སྣ་ནས་འགྲོ་བཅུག །མིག་དང་སེམས་རྩེ་གཅིག་ཏུ་ནམ་མཁའི་ཉི་མ་ལ་མིག་ཟིམ་བུས་ལྟོས། དེ་ཡང་སྤྲིན་མེད་པའི་ཉི་མ་ལ་ལྟོས། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་ཉི་མ་ལ་བལྟས་པས། རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། ཞི་ཁྲོའི་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱི། །སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། །ཞེས་གསུངས་པ་ནི། སྔ་དྲོའམ་དགོང་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་རྣམས་ཕྱེད་སྙེས་སུ་ཉི་མ་ལ་མིག་ཟིམ་བུས་བལྟས་ནས། རིགས་ཀྱི་བུ་རྣམས་ཉི་མའི་སྙིང་པོ་འདི་དག་ཅིང་དྲི་མ་མེད་པ་བཞིན་དུ་ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་འོད་ཁ་དོག་ལྔ་དང་ལྡན་པ། སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ། ཆོས་སྐུ་ཀ་ནས་དག་པའི་ངང་ལས། ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་དང་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན། མ་བྲིས་པ་ཡི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་སྣ་ཚོགས་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་བསྒྲིབས་པར། འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་ཤིང་གསལ་བ་འདི་ནི། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །ཟེར་དེ་དག་གི་ནང་ན་ཐིག་ཕྲན་བསམ་གྱིས་མི་ཁྱབ་པས་ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ། དྲྭ་བ་དང་དྲྭ་ཕྱེད་ལུ་གུ་རྒྱུད་དང་འབྲེལ་ཞིང་འགུལ་བ་དང་འཕྲིགས་པར་སྣང་བ་འདི་ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་འཇའ་འོད་ཐིག་ལེ་སྟོང་ཉིད་རང་གསལ་གྱི་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལ་དབྱེར་མེད་པར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་ལ་བལྟ་བཅུག །སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་གདབ་པར་བྱའོ། །ཞེས་གསུངས་པས། ད་ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ། ད་རེས་མཐོང་བའི་འོད་དེ་རྣམས་ཡེ་ཤེས་ལྔའི་འོད་ལམ་ཡིན། དོན་རྒྱལ་བ་རིགས་ལྔའི་འོད་ཟེར་ཡིན་པས། བར་དོ་ན་ཡང་འོད་འདི་བས་ཆེ་ཞིང་གསལ་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །བདག་ནི་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ། །བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་སྔོན་པོ་དེ་མེ་ལོང་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། །ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོལ། །བར་དོ༴ ཡང་དག༴ ད་འོད་སེར་པོ་མཐོང་ན་མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། ང་རྒྱལ་དྲག་པོས་འཁོར༴ མཉམ་ཉིད་ཡེ་ཤེས༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན༴ ཡུམ་མཆོག་མཱ་མ་ཀི་ཡིས༴ བར་དོ༴ ཡང་དག༴ འོད་དམར་པོ་མཐོང་ན་དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། འདོད་ཆགས་དྲག་པོས་འཁོར་བར༴ སོར་རྟོག་ཡེ་ཤེས༴ བཅོམ་ལྡན་སྣང་བ་མཐའ་ཡས༴ ཡུམ་མཆོག་གོས་དཀར་མོ་ཡིས༴ བར་དོ༴ ཡང་དག༴ འོད་ལྗང་གུ་མཐོང་ན་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཕྲག་དོག༴ བྱ་གྲུབ་ཡེ་ཤེས༴ བཅོམ་ལྡན་དོན་ཡོད་གྲུབ་པས༴ ཡུམ་མཆོག་དམ་ཚིག་སྒྲོལ་མས༴ བར་དོ༴ ཡང་དག༴ འོད་དཀར་པོ་མཐོང་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ཐོབ། གཏི་མུག་དྲག་པོས༴ ཆོས་དབྱིངས་ཡེ་ཤེས༴ བཅོམ་ལྡན་རྣམ་པར་སྣང་མཛད༴ ཡུམ་མཆོག་དབྱིངས་ཕྱུག་མ༴ བར་དོ༴ ཡང་དག༴ འོ་བར་དོ་ནས་འཇའ་འོད་འདི་འདྲ་བས་འཇིག་རྟེན་ཐམས་ཅད་གང་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འཆར་རོ། །དེ་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་གྱིས། བག་ཆགས་དྲག་པོས་འཁོར་བར༴ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ། །བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས༴ བར་དོ༴ ཡང་དག༴ འོ་འོད་ཁྲ་ཁྱུག་ཁྱུག་པ་མཐོང་ན་ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ལྟར་ཐོབ། འཁྲུལ་སྣང་དྲག་པོས་འཁོར༴ ལྷན་སྐྱེས་ཡེ་ཤེས་གསལ་བའི༴ དཔའ་བོ་རིག་འཛིན་རྣམས་ཀྱིས༴ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས༴ བར་དོ༴ ཡང་དག༴ འོད་ཁ་དོག་ལྔ་ལྡན་མཐོང་ན་ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། དུག་ལྔ་དྲག་པོས༴ ཡེ་ཤེས་བཞི་སྦྱོར་གསལ་བའི༴ བཅོམ་ལྡན་རྒྱལ་བ་རིགས་ལྔས༴ ཡུམ་མཆོག་རིགས་ལྔའི་མཁའ་འགྲོས་རྒྱབ༴ བར་དོ༴ ཡང་དག༴ འོ་ན་འོད་ཁ་དོག་ལྔ་འདི་མ་དག་ན་འབྱུང་བ་ལྔ། འདི་ལྔ་དགྲ་རུ་ལངས་ན་དུག་ལྔ་སྟེ། འཁོར་བའི་ལམ་རྒྱུད་ལྔར་སྐྱེ་བར་བྱེད། འདི་ངོ་ཤེས་ཤིང་དག་ན། རྒྱལ་བ་རིགས་ལྔའི་ཞིང་ཁམས་ལྔ་ཡིན་པས། སྨོན་ལམ་འདི་ཡི་རྗེས་ཟློས་མཛོད། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག །ཆུ་ཡི་ཁམས༴ སངས་རྒྱས་དཀར་པོའི་ཞིང་ཁམས༴ ས་ཡི་ཁམས་རྣམས༴ སངས་རྒྱས་སེར་པོའི་ཞིང་ཁམས༴ མེ་ཡི་ཁམས༴ སངས་རྒྱས་དམར་པོའི་ཞིང་༴ རླུང་གི་ཁམས་རྣམས་དགྲ༴ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག །ཡང་ཞི་ཁྲོའི་ངོ་སྤྲོད་ལས། ཉེར་ལྔ་པ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་མནན་པས་འོད་ཀོར་འབྱུང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ་འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག་བྱས་ལ་གནོན་བཅུག །ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་གཏིང་ནས་འུར་ཏིང་གི་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་པ་ཡིན་ནོ་བྱས་ལ་མཛུབ་བུས་གནོན་བཅུག །ཉེར་བདུན་ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཡུན་རིང་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་རྒྱ་ཆེ་བར། འགུལ་འཕྲིགས་ཡམ་ཡམ་ཤིག་ཤིག་འཕྲོ་བ་འོང་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ངོ་ཤེས་པར་གྱིས་ཤིག་བྱས་ལ་དེ་བཞིན་བྱེད་བཅུག །ཉེར་བརྒྱད་ཉི་ཟེར་རྩིབས་ཤར་ངོ་སྤྲོད་ནི། ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཀྱིས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབས་པ་ལྟ་བུ་དང་། མདུང་རྩེ་གཤིབས་པ་དང་འདྲ་བ་དང་། བ་ཐག་གཟེང་བ་དང་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བ། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་བ་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན་ཏེ། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད། སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག །འོ་ད་ཁྱེད་རང་རྣམས་ནམ་མཁའ་དྭངས་དུས་ཉི་མ་རྩེ་ཤར་དང་ཉི་མ་ནུབ་ཁར་རྒྱུན་དུ་ལྟོས་དང་། ངོ་མཚར་ཅན་མཐོང་རྒྱུ་ཡོད་དེ། དབང་དང་ཁྲིད་མ་ཐོབ་པ་ལ་བཤད་མི་རུང་། འདི་གསང་སྔགས་ཟབ་མོ་ཡིན་པས་མཁའ་འགྲོའི་བཀའ་ཆད་འོང་། ད་རྒྱུན་དུ་བལྟ་བར་མཛོད་ཅིག །དང་པོའི་ངོ་སྤྲོད་རྫོགས་སོ། །དེས་ཀྱང་བསྡུས་པ་ལ་ཆོག །འོ་དེ་ལྟར་རྫོགས་ཆེན་ཐོད་རྒལ་ངོ་སྤྲོད་འཇའ་འོད་དང་ཐིག་ལེ་ཐིག་ཕྲན་མཐོང་བ་དེ། ཉི་མ་རྩེ་ཤར་དང་ཐལ་ཁ་དེ་གཉིས་ལ་སྤྲིན་མེད་དུས་རྒྱུན་དུ་ལྟོས་དང་། ཉམས་སྣང་བཞི་རིམ་པར་འཆར་ཏེ། རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ནང་དུ་རྡོ་བསྐྱུར་བའི་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་ནང་དུ། ཐིག་ལེ་ཡུངས་འབྲུ་ཙམ་མམ། སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔའི་མདུད་པ་ལྟ་བུ་དང་། མུ་ཏིག་ཙར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མུ་ཏིག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ་དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་ཏེ། དེ་ནི་ནང་གི་རིག་པ་ལུ་གུ་རྒྱུད། ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས། ལམ་དབང་པོའི་མིག་ལ་མངོན་སུམ་དུ་འཆར་རོ། །སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་པར་ཐོན། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་དང་། ཀློང་གསལ་རྒྱུད་ལས། རྐྱེན་བྲལ་ནམ་མཁའ་དག་པ་ལ། །གཟིགས་སྟངས་གཅུན་ནས་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །མཛེས་པ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུ་གུ་རྒྱུད་འབྲེལ་ལ། །འགུལ་འཕྲིགས་འགྱུ་བའི་རྣམ་པར་འགྱུར། །ཞེས་དང་། རིག་པ་རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོད་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཅེས་དང་། ནོར་བུ་ཕྲ་བཀོད་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ། །ཡོངས་སུ་གསལ་བའི་རྣམ་པ་ཅན། །ཅེས་དང་། རྒྱུད་ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་གནས་ཏེ། །ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དང་ནི་རྩ་ལ་ཤར། །ངོ་བོ་དབང་པོའི་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཅེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་ནམ་མཁའ་ནས་བབས་པ་ལས། མངོན་སུམ་སྣང་བ་འདི་སུས་མཐོང་བ། ཁམས་གསུམ་ལོག་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཀློང་གསལ་ཀུན་ཏུ་བཟང་པོའི་གསུངས་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། ཁམས་གསུམ་འཁོར་བར་ལོག་པ་མེད། །ཅེས་གསུངས་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲ་བ། མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་། རྩིབས་ཤར་དང། མདའ་དང་མདུང་རྩེ་ལྟ་བུ་དང་། ཉ་མིག་ལྟ་བུ་དང་། མིག་ཚགས་ལྟ་བུ་དང་། དྲྭ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་། མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་ཐིག་ཕྲན་གྱིས་འཕྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་ནས་བར་ཐམས་ཅད་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ་འགུལ་འཕྲིག་མེད་པར་ཉམས་སུ་བླང་ངོ། །དེ་ཡང་རྒྱུད་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་དག་པ་ཡེ་དག་པ། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་གསུངས་པས། འདི་ཙམ་ངོ་འཕྲོད་སླ་བས། འདི་ཁོ་ནས་ཀྱང་བར་དོ་ངོས་ཟིན་ནས་ཁམས་གསུམ་འཁོར་བའི་སྐྱེ་སྒོ་ཆོད་པར་གོང་གི་རྒྱུད་ཀྱི་ལུང་དེ་རྣམས་ལས་གསལ་བས། ཕན་ཡོན་ཆེན་པོ་བསམ་ལས་འདས་པ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་པས། ཆོས་ཉིད་བར་དོ་ན་ཡང་འདི་ལྟ་བུའི་འོད་དང་ཐིག་ལེའི་ནང་དུ་ཞི་ཁྲོའི་ལྷ་ཚོགས་འཆར་དུས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ཏེ་སྐྲག་འཇིགས་མེད་པས་ཞི་ཁྲོའི་ལྷ་ཚོགས་ཀྱིས་ལམ་སྣ་འདྲེན་ནས་དག་པའི་ཞིང་དུ་སྐྱེ་བར་གསུངས་པས། ཁམས་གསུམ་འཁོར་བར་མི་ལྡོག །ཕྱག་ཆེན་སེམས་ངོ་འཕྲོད་ཙམ་པས་འདི་མཐོང་བ་ལྷག་སྟེ། སེམས་ངོ་མཐོང་ཡང་རིག་རྒྱུ་ནི་མེད་ལས་ཡིད་མི་ཆེས་ཏེ། ལྟ་བ་ཡིད་དཔྱོད་འཛིན་པ་ཡིན། འདི་མིག་གིས་དངོས་སུ་མཐོང་ནས་ཡིན་མིན་ཐེ་ཚོམ་མེད་པས། ཡིད་དཔྱོད་འཛིན་པ་ལས་གྲོལ་བ་ཡིན་ནོ། །རྫོགས་ཆེན་ཉམས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་སྤྲོད་ཡིན་ནོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་ཤེས་ཉམས་གཉིས་ལས། ཤེས་ཉམས་ནི་བདེ་ཉམས་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་མི་བརྟན་ལ་འགྱུར་བ་ཡིན་པས་གཙོ་ཆུང་། དེར་མ་ཟད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་། ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས་ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་། རྟོགས་པ་མཐོ་དམན་ལ་གཙོ་བོར་བྱེད་པའི་ཕྱིར་རོ། །འདིར་རྟོགས་པ་མཐོ་དམན་གྱི་ཚད་སྣང་ཉམས་ཀྱིས་བཟུང་ཞིང་སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ། །དེ་ལྟར་སྣང་བ་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །ད་རུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་འབྲེལ་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་ནས་འོང་ངོ། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ །རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོའོ། །ད་རུང་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་། གྱེན་འགྲེང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་མདུན་ཙམ་དུ་ཁྱབ་པར་འཆར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་། རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འཆར་རོ། ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལས་རིན་པོ་ཆེའི་དྲྭ་བ་དང་། འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་། མིག་མང་རིས་ལྟ་བུ་དང་། མིག་ཚགས་དང་། མདུང་རྩེ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། གུར་ཁྱིམ་དང་། ཉི་ཟླ་དང་། རི་དང་། མཁར་ཐབས་རིས་དང་། ཐིག་ལེ་འཁར་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ལྟ་བུ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླངས་པས། འོད་ཀྱིས་ཡུལ་ཁམས་ཙམ་དུ་ཁེངས། ཐིག་ལེ་ཡང་བསེ་ཕུབ་ཙམ་དུ་འགྱུར་རོ། །འོད་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར་རོ། །ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་རེ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང་ངོ་། །རིག་པ་འགུལ་འཕྲིགས་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ན། བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས། ཕྱིས་བར་དོ་མེད་དོ། །དེས་ན་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ། །སྒྲ་ཐལ་འགྱུར་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འགྱུར་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པའི་སྣང་བ་ཡུལ་ལ་གསལ། །ཞེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་གནམ་ནས་བབས་པ་ལས། ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཞེས་དང་། སྒྲ་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་པས་འདི་ཙམ་མཐོང་ན། བར་དོར་འཁྲུལ་སྣང་འཇིགས་སྐྲག་གཅིག་ཀྱང་མི་འབྱུང་བར་གསུངས་སོ། །རྫོགས་ཆེན་ཉམས་གཉིས་པའི་ངོ་སྤྲོད་དོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། དེ་ནས་ཡང་ཉམས་སུ་བླངས་པས། གོང་གི་ཐིག་ལེ་རེ་རེའི་ནང་དུ། སྐུ་ཡབ་ཡུམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས་འགྱུར་བ་མེད་པ་བྲེ་ཚད་སྲང་ཚད་འཕེལ་བ་ལྟར་ཚད་ཕེབ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ལུ་གུ་རྒྱུད་དུ་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། རིག་པ་ཚད་ཕེབ་སྣང་བ་ནི། །ལོངས་སྐུ་མཚན་དཔེའི་སྣང་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལ། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། འདས་རྗེས་ཞལ་ཆེམས་ལས། རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་དང་། ཐལ་འགྱུར་ལས། རིག་པ་ཚད་ཕེབ་སྣང་བ་ནི། །སྐུ་གསུམ་རྟོགས་པ་ལམ་སྣང་འགྲུབ། །ཅེས་གསུངས་པས། ད་ནས་མ་བསྒོམ་ན་ཡང་ཆོག་པར་གསུངས་ཏེ། ཕྱི་དབུགས་ཆད་མ་ཐག་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་མིག་ལ་ཟུག །འོད་ཀྱི་སྦུ་གུ་རིག་པ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བར་གསུངས་སོ། །དེ་ལྟར་རྫོགས་ཆེན་གྱི་ཉམས་གསུམ་པོ་དེ་ནི་ད་ལྟ་ཡང་འཆར་མཁན་མང་དུ་འོང་བར་གདའ་བས། ཁྱེད་རྣམས་ཞི་ཁྲོའི་ལྷ་ཚོགས་ནམ་མཁར་དངོས་སུ་མ་མཇལ་བར་དུ་མ་བསྐྱུར་བར་ལྟོས་ཤིག །དེ་ནས་མ་བལྟས་ཀྱང་ཆོག །དབུགས་ཆད་མ་ཁད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བ་ནི་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨའི་བཀའ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་ཡིན། དེ་ལ་བེམ་སྒོག་ལུས་ཏེ་འཇའ་ཟུག་པ་དང་རྟེན་རིང་བསྲེལ་འོང་བར་བཤད། ད་རུང་ཡང་བསྒོམས་ན་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ་ལུས་འཇའ་ལུས་ཆོས་སྐུ་ཐོབ་ནས། ཕུང་པོ་བཞག་མི་དགོས་པར་བཤད་དེ། དེ་འདྲ་སྔར་ནི་མང་པོ་བྱུང་བའི་ལོ་རྒྱུས་ཡོད་དེ། ད་དུས་སྙིགས་པས་འོང་མི་ཐུབ་སྟེ། སྙིང་རུས་དད་པ་དམ་ཚིག་ཅན། རྩེ་གཅིག་ཏུ་བསྒོམས་ན་མི་འོང་བའི་ངེས་པ་ཡང་མེད་དེ། རྗེ་ཞྭ་དམར་དྲུག་པའི་ཆིབས་ཆུང་བ་སྟག་ཚང་ཡང་དག་ཟེར་བ་ཞིག་དང་། ཀརྨ་སྨོན་ལམ་ཟེར་བ་ཆུ་བར་ནས་དགེ་སློང་ཞིག་དང་གཉིས་ནི་དུས་ཕྱིས་འཇའ་ལུས་ཐོབ་ནས་ཕུང་པོ་མ་བཞག་གོ །དེ་ཡན་ཆད་རྫོགས་ཆེན་གྱི་ངོ་སྤྲོད་དངོས་གཞི་རྫོགས་ལ། རྗེས་དམ་ཚིག་གི་བཀའ་རྒྱ་ནི། ཆོས་འདིའི་བཀའ་སྲུང་ནི། མ་མོ་སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊཱི་དང་། དམ་ཅན་རྡོ་རྗེ་ལེགས་པ་དང་། གཟའ་རཱ་ཧུ་ལ་གསུམ་ཡིན། རྫོགས་ཆེན་འདི་སྒོམ་པ་ལ་ཁ་འཛིན་བྱེད། དམ་ཚིག་མ་བསྲུངས་ན་ཆད་པ་གཅོད་པས། དམ་ཚིག་ནི་ཆོས་འདི་ལ་ཐེ་ཚོམ་མི་བྱ་དད་པ་བྱ། རང་གི་བླ་མ་དང་ཁྲིད་ཐོབ་མྱོང་བའི་མི་མ་གཏོགས་སུ་ལ་བཤད་མི་རུང་། གསང་དགོས། ལྷའི་ཞལ་མཇལ་ན་ཡང་གསང་དགོས། མ་གསང་ན་ཁྱེད་རང་རྣམས་ནད་ཀྱིས་མནར་བ་སོགས་འབྱུང་བས་གསང་ཞིང་ཉམས་སུ་ལོངས་ཤིག །ཅེས་རྫོགས་ཆེན་ལ་མོས་པ་རཱ་ག་ཨ་སྱས་འགྲོ་དོན་བསམ་པ་བཟང་པོས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་རྣམས་ལ་བཟོད་པར་གསོལ། དགེ་བས་འགྲོ་བ་མང་པོ་གྲོལ་བར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག (Volume 15, Text 26)

༄༅། །དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་མ་ཧཱ་ཤྲཱི་ཡེ། འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ་བའི་མཆོག །གདོད་ནས་རང་བྱུང་དཀྱིལ་འཁོར་ཀུན་གྱི་མགོན། །འགྲོ་ངོར་རྡོ་རྗེ་སློབ་དཔོན་རྣམ་རོལ་གྱིས། །ཕྲིན་ལས་འདོད་རྒུར་སྒྱུར་ལ་གུས་ཕྱག་འཚལ། །དཔྱིད་ཀྱི་དབྱངས་སྙན་ལྟར་གྲགས་ཀྱང་། །སྨིན་གྲོལ་གདམས་སྲོལ་ཉིན་མོའི་སྐར། །གང་དེའི་སྙིང་པོ་ངོ་མཚར་ཕུལ། །གསང་བ་རྒྱ་མཚོའི་བཅུད་འདི་འོ། །དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་དོན་གྱི་དབང་བཞི་ཁྲིད་དང་སྦྲེལ་མར་འབོགས་པའི་ཕྱག་བཞེས་མདོར་བསྡུས་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་དཔལ་ཆེན་པོ་རིག་འཛིན་བརྒྱུད་པར་བཅས་པའི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་ཚོམ་བུ་ཉེར་གཅིག་གི་ཕོ་བྲང་དང་ལྡན་པའི་དཀྱིལ་འཁོར་གཞུང་མཐུན་རས་བྲིས་ཡོད་ན་བཀྲམ། མ་འཛོམ་ན་མེ་ཏོག་གམ་འབྲུ་དཀར་དྲི་བཟང་གིས་གཤེར་བའི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་ཐད་བསྒྲིགས་བཞི་རེ། མཚམས་བཞིར་རེ་རེ། དེ་རྒྱབ་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ། རྒྱས་པར་འཛོམ་ཞིང་སྤྲོ་ན་འཕྲུལ་སྟེགས་ཁར་སྣོད་གཅིག་གི་དབུས་སུ་འབྲུ་ལྔ། ཤར་དུ་སྨན་ལྔ། ལྷོར་རིན་པོ་ཆེ་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་རྣམས་བླུགས་པའི་བུམ་པ་དྲི་བཟང་གི་ཆུས་བཀང་ཞིང་མགུལ་ཆིངས་ཕྱོགས་མདོག་ཅན་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཞག །གཡས་སུ་སྣོད་གཅིག་གི་ནང་དུ་ཐོད་ཆུང་ལྔ་ཆང་གིས་བཀང་བའི་དབུས་མར་བྱང་སེམས་སེང་ཤ །ཤར་དུ་དྲི་ཆེན་གླང་ཤ །ལྷོར་ཤ་ཆེན་རྟ་ཤ །ནུབ་ཏུ་རཀྟ་བྱ་ཤ །བྱང་དུ་དྲི་ཆུ་ཁྱུང་ཤ་རྣམས་གཏེར་བྱོན་སོགས་ཀྱི་ཕབ་རྒྱུན་ལ་སྐྱོབས་དང་སྦྱར་བའི་ཕྱེ་མ་སོགས་བཏབ་པ། གཡོན་དུ་རིག་ཙཀ་དཀར་མཐིང་སེར་དམར་ལྗང་ལྔ། མདུན་དུ་འཇའ་ཤེལ་བཟང་པོ། རྒྱབ་ཏུ་དཔལ་གྱི་གཏོར་ཆེན་བང་རིམ་བཞིའི་སྟེང་དཔལ་གཏོར་པད་འདབ་ཀྱིས་བསྐོར་བ་ལ་རྒྱན་སྤྲོས་དང་གདུགས་ཀྱིས་སྤྲས་པ་རྣམས་བཀོད། དཀྱིལ་འཁོར་དབུས་སུ་སྨན་གྱི་ཕོ་བྲང་། མདུན་ངོས་ལྟ་བུ་གང་བདེར། ཚེ་འབྲང་ཚེ་རིལ་ཚེ་ཆང་། སྲུང་མའི་གཏོར་འབུལ། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། ལས་བུམ། མིག་དར། མེ་ཏོག་སོགས་དབང་ཆས་དང་། མཆོད་གཏོར་ཚོགས་རྫས་རྣམས་རྒྱས་པར་འདུ་བྱའོ། །ཆོ་གའི་སྦྱོར་བ་ལ། ཚིག་བདུན་དང་གྲུབ་ན་བརྒྱུད་པའི་གསོལ་འདེབས་འབྲིང་པོ་སྔོན་དུ་འགྲོ་བས། བགེགས་གཏོར་བསྔོས་ལ། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་བགེགས་བསྐྲོད་ནས་བརྩམ་མཐར་ཆགས་སུ་གཏང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། བསྟོད་པ་ཡན་གྲུབ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་སོ་སོར་བཟླས་དམིགས་གསལ་བཏབ། ཞི་བ་རིགས་འདུས། སྤྱི་དཔལ་ཆེན་པོ། སྤྱི་དྲིལ་རྣམས་ཅི་འགྲུབ་བུང་བསྐྱེད། ཚོམ་བུ་ཉི་ཤུ་པོ་རྣམས་ཆ་སྙོམས་པར་ཉུང་ཙམ་རེ་བཟླ། བུམ་པར་ལྷ་དང་གཞལ་ཡས་གསལ་བཏབ། ཛཔ྄་དམིགས་སྤྱི་འགྲེ་བྱས་ལ་སྙིང་པོ་ཚང་བའམ། ཞི་བ། གཙོ་བོ། སྤྱི་དྲིལ་རྣམས་བརྒྱ་རྩ་སོགས་བཟླ། དེ་ནས་རྒྱུན་གྱི་ལས་སྦྱོར་ལྟར། ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་སོགས་ཀྱིས་སྨན་ཕྱེ་མར་བསྒྲུབ་པའི་དགོངས་པ་གསལ་བཏབ་ལ་སྔགས་བཟླ། རིག་འཛིན་བསྐུལ། བསྐྱིལ་བ་དང་དབབ་པའི་སྔགས་རྣམས་ཀྱང་ཁྱུག་ཙམ་རེ་བཟླས་ལ་དམིགས་པ་གསལ་བཏབ་ཡན་བྱ། དེ་ནས་གཤམ་གྱི་ཚེ་སྒྲུབ། ཧཱུྃ༔ སྤྱི་དཔལ་ཆེན་པོའི་ཐུགས་ཀ་སོགས་ཀྱིས་གསལ་བཏབ་ལ་ཚེ་བསྙེན་བཟླ། ཚེ་འགུགས་བཏང་། དེ་ནས་ལས་གཞུང་གི་སྟོང་ཚིགས་མཆོད་པ། ང་རྒྱལ་བསྐྱེད་པའི་བསྟོད་པ། ཡིག་བརྒྱས་བརྟན་པར་བྱ་བའི་བར་གྲུབ་ནས། བུམ་པར་དུང་ཆུ་ཕུལ་ལ་འོད་ཞུ་བྱ། བཀའ་སྲུང་མཆོད་ཐབས་ཀྱི་གཏོར་མ་དང་གསེར་སྐྱེམས་བྱིན་རླབས་ནས། བཟླས་པའི་བར་དུ་བཏང་། ལས་གཞུང་ལྟར་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་ཡན་སོང་མཚམས་འགྲུབ་ན་སྐོང་བསྡུས་རིན་ཆེན་སིལ་མ་བཤགས་པ་བཅས་སྦྱར། གང་ལྟར་བཀའ་སྲུང་གི་ཚོགས་སྐོང་བཤགས་པའི་བར་བཏང་ནས་སྔ་མའི་འཕྲོས་ཐུགས་དམ་བསྐུལ། ཚོགས་ཀྱི་དངོས་གྲུབ་གསོལ། སྨན་སྒྲུབ་འཕྲོས་སུ་ཡོད་པའི་སྨན་དབང་བླང་། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་བས་བདག་ཉིད་ཞུགས་ཤིང་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ལ་གཉིས་འཇུག་པ་དང་། དབང་ངོ་། །དང་པོ་ནི། སྣོད་དུ་རུང་བའི་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ །སྲུང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་། བྱེ་བྲག་ཏུ། དེའང་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡོམས་ཏེ་ཐུབ་པའི་དབང་པོའི་བསྟན་པ་ལ་དུས་གསུམ་དུ་འབྱོན་པར་དཀའ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པར་བཞེངས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཀྱིས་གཞན་སྣང་གདུལ་བྱ་འདུལ་བའི་ཐབས་སུ་སྔགས་ཀྱི་སྟོན་པ་དང་རིག་འཛིན་གྲུབ་ཐོབ་རྣམས་ལས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པ་གསན་པའི་ཚུལ་བསྟན། ཁྱད་པར་འོག་མིན་བཀོད་པ་ལྷུན་གྲུབ་ཏུ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ལས་ཕྱི་ནང་སྒྲུབ་གསང་ལྟ་བ་སྤྱི་འབྱམས་བཅས་རྩ་དབང་ལྔ་དང་སྦས་པའི་དབང་ལྔ་རྣམས་གསན། ཕྱིས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་པའི་ཚེ་རྒྱལ་པོ་གཙུག་ལག་འཛིན་པས་རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ། སྒོམ་ཁོག་གནད་གདམས་དང་བཅས་པ། ཕྲིན་ལས་ཕྱག་ལེན་དང་བཅས་པ། ལས་ཁ་ཚར་དགོས་དོན་དང་བཅས་པ། སྤྱི་གནད་སྐོར་འགོ་དང་བཅས་པ། ཡིད་ཆེས་ལོ་རྒྱུས་དང་བཅས་པ། རང་གཞན་ཀུན་གྱི་དོན་མྱུར་དུ་འགྲུབ་ཅིང་དཀྱིལ་འཁོར་གྱི་རིགས་སུ་གྱུར་པའི་ལྷ་ཚང་བ། ཐེག་པ་གོང་འོག་གང་དང་ཡང་མི་འགལ་ཞིང་ཐམས་ཅད་གཅིག་ཏུ་འདྲིལ་བའི་ཆོས་ཤིག་གནང་བར་གསོལ་བ་བཏབ་པ་ལ་བརྟེན། མཁའ་འགྲོ་འཁྲིགས་པའི་ཡང་དབེན་དགའ་བ་ཚལ་དུ་སྐལ་ལྡན་རྗེ་འབངས་ཉི་ཤུ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་སྐོར་ལོ་གཅིག་ཏུ་གནང་ནས་ཐམས་ཅད་སྨིན་གྲོལ་ལ་བཀོད། དེ་ནས་ཨོ་རྒྱན་ཡུལ་དུ་མི་ལོ་ཉིས་བརྒྱར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སངས་རྒྱས་ཀྱི་ས་ལ་བཀོད། བོད་ཡུལ་དུ་ཞབས་བཅགས་ནས་སངས་རྒྱས་ཀྱི་བསྟན་པ་རྨངས་ནས་བཙུགས་ཏེ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན། ལྷ་སྲས་མུ་ཏིག་བཙད་པོས་གསོལ་བ་བཏབ་པའི་ངོར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོར་ཆོས་རྒྱལ་མུ་ཏིག་བཙད་པོ་དང་རྒྱལ་སྲས་ལྷ་རྗེ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཉེར་གཅིག །དེ་བ་སམྦྷ་སོགས་ལོ་ཙཱ་ཉེར་གཅིག །བཙུན་མོ་རྣམ་གསུམ་གཙོས་སྐལ་ལྡན་དུ་མ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་དབང་མོ་ཆེ་ཉེར་གཅིག་གནང་། རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་སྲས་ལྷ་རྗེའི་སྐལ་བར་གདམས་ནས། ལྟ་བ་རྫོགས་ཆེན་པདྨའི་སྙིང་ཐིག །བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་རྣམས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པར་གཏེར་དུ་སྦས་པ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱོན་པར་ལུང་བསྟན་པ་ལྟར། སངས་རྒྱས་བླ་མ། རྒྱ་ལོ་ཙཱ། ཉི་མ་སེང་གེ་རྣམས་རིམ་པར་བྱོན་ཅིང་འགྲོ་དོན་རྒྱ་ཆེར་མཛད་པའི་ཕྱི་མ་ནི། ཇི་སྐད་དུ། ཡར་ཀླུངས་མཐིལ་ནས་རྣམ་སྨིན་སྐྱེད་རྒྱལ་འབྱུང་། །ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ། །བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་། །ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་། །ཞེས་ལུང་བསྟན་པ་ལྟར། ཁྱད་འཕགས་གླིང་པ་རྣམ་བཞིའི་གཙོ་བོར་བྱོན་པ་དེ་ཉིད་ཀྱིས་སྤྱན་དྲངས་ཀྱང་གངས་ཅན་བསོད་ནམས་ཀྱི་སྐལ་བར་མ་ཤོང་བས་ཆོས་སྡེ་ཐམས་ཅད་སླར་ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གསང་བའི་མཛོད་དུ་རྒྱས་བཏབ་པ་ལས། ཡི་དམ་བཀའ་འདུས་རྒྱུན་གྱི་རྣལ་འབྱོར་སྨིན་གྲོལ་སྙིང་པོ་ལས་ཚོགས་དང་བཅས་པ་ཟབ་མོའི་བཅུད་བསྡུས་འདི་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་བྱའི་རི་ཡི་འོག །ཀླུ་དབང་འཁྱིལ་བའི་བྲག་གི་སྟེང་། །མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང་། །བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད། །ཅེས་པ་གནས་དང་མཚན་སྒྲས་ཤིན་ཏུ་གསལ་བར་བསྟན་པ་དང་། གུ་རུ་ཆོས་དབང་། མངའ་རིས་པཎ་ཆེན་སོགས་ཀྱི་གཏེར་ལུང་ལས་ཀྱང་གསལ་བར་འབྱུང་བ། མངའ་བདག་ཁྲི་ལྡེའི་སྐུ །རྒྱལ་སྲས་ལྷ་རྗེའི་གསུང་། ནམ་མཁའི་སྙིང་པོའི་ཐུགས། བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་དཀོན་འབྱུང་གི་ཕྲིན་ལས་རྣམ་རོལ་གཅིག་ཏུ་བསྡུས་པ། སྙིགས་མ་ཤིན་ཏུ་མཐར་ཐུག་པའི་དུས་འདིར་འཇིག་རྟེན་གྱི་སྒྲོན་མེ་གཅིག་པུར་གྱུར་པ། ངོ་མཚར་གྱི་བཀའ་བབས་བདུན་དང་ལྡན་པའི་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྔོན་བྱོན་གཏེར་རྙིང་ཕལ་མོ་ཆེའི་སྨིན་གྲོལ་དང་ཡང་གཏེར་གྱི་བཀའ་བབས་བཞུགས་པའི་ནང་ཚན། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་སྙིང་པོའི་སྐོར་འདི་ཡང་གཏེར་རྣམས་ཀྱི་ཐོག་མར། དུས་རྟགས་དང་མཐུན་པར་གཏན་ལ་ཕབ་པས་ནག་ཕྱོགས་སྡིག་ཏོའི་འཚུབས་འགྱུར་ཆེན་པོ་ཚེགས་མེད་དུ་བཟློག་ཅིང་། བསྟན་འགྲོ་ཡོངས་ལ་ཕན་བདེ་བླ་ན་མེད་པའི་རྟེན་འབྲེལ་གྱི་སྒོ་ཆེན་པོ་འབྱེད་པའི་ཟབ་ཆོས་གཞན་ལས་ཀྱང་དགོས་པ་ཁྱད་པར་ཅན་དང་ལྡན་པ་སྟེ། དེ་ཉིད་ཀྱི་སྨིན་བྱེད་སྙིང་པོ་དོན་གྱི་དབང་བསྐུར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་གྲུབ། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཇུག་པ་དང་དབང་བསྐུར་དངོས་གཉིས་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གཙོ་མཆོག་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པ་ལ་མོས་གུས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྤྱི་དཔལ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སྙིང་པོ་དོན་གྱི་དབང་བསྐུར་གསོལ༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་གདེངས་ལ། ང་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དམ་ཚིག་གཅན་འཕྲང་ཟབ་པས་ན༔ དབང་བསྐུར་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དཔལ་ཆེན་པོ་དང་དབྱེར་མེད་པའི༔ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ རྟག་ཏུ་ཡིད་ལ་འཆང་བ་དང༔ སྲོག་ལ་བབས་ཀྱང་དམ་ཚིག་བསྲུང༔ ཞེས་ཁས་བླང་། དེ་ལྟར་ན་གསང་བའི་དཀྱིལ་འཁོར་གཉན་པོར་གཞུག་ཏུ་རུང་བས་ཐོག་མ་ཉིད་དུ་རྒྱུད་རྣམ་པར་དག་པ་བྱ་དགོས་ཏེ། བཀའ་འདུས་རྩ་བའི་རྒྱུད་ལས། ལྷ་མིའི་ཐེག་པས་སོགས་སྙིང་པོ་དོན་གྱི་ཐུགས་ཁྲིད་ཀྱི་དབུ་ནས་བརྩམ། ཁྲིད་གོ་ཆོོད་ངེས་ཀྱིས་གོ་བརྡའ་འཕྲོད་པ་དལ་བར་བཀླགས་ནས། སྐྱབས་འགྲོ་དང་སེམས་བསྐྱེད་རྗེས་ཟློས་ལན་གསུམ་རེ། ཡན་ལག་བདུན་པ་དང་མཎྜལ་ཡང་དེ་ལྟར་བྱ། རྡོར་སེམས་དམིགས་པ་ཕོག་ལ་ཡིག་བརྒྱ་བདུན་ནམ་ཉེར་གཅིག་སྐབས་བསྟུན། སཏྭ་བརྒྱ་རྩ་ལྷན་ཅིག་བཟླས་ལ། ངང་ལ་བཞག་གོའི་བར་བརྗོད། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་ཅོད་པན་སྦྱིན། དེ་ལ་ཐོག་མར་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོ་སློབ་དཔོན་དང་ཐ་དད་མེད་པ་དང་རྩ་གསུམ་ལྷ་ཚོགས་དཔང་པོར་བྱས་ཏེ་དམིགས་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འདོད་པ། སྒྲུབ་པར་བྱེད་པའི་ཐབས་སོ་བྱང་སྔགས་གསུམ་གྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་པ་ལ་བརྟེན་ནས། གྲུབ་པའི་འབྲས་བུ་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་དགོད་པར་བགྱིའོ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་གསང་བ་མཆོག་གི་དུར་ཁྲོད་ཡེ་ཤེས་འབར་བའི་གཞལ་མེད་ཁང་རྒྱ་ཚད་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། བཅུད་རྣམ་པར་དག་པ་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་རང་རིག་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རང་འོད་ཀྱི་ཡུམ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་འདོར་ཐབས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་མོས་ཤིག །རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་འབར་བ་ཆེན་པོའི་ཧཱུྃ་ཡིག་དང་། སློབ་དཔོན་དཀྱིལ་འཁོར་བའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་ནམ་མཁའ་གང་བ་འཕྲོས། དཔལ་ཆེན་དཀྱིལ་འཁོར་ཉེར་གཅིག་གི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །འབེབ་པའི་རྫས་བསྲེག །རོལ་མོ་སྣ་ཚོགས་དང་དབྱངས་བཅས་ལས་བྱང་གི་བྱིན་འབེབ་སྔགས་བཅས་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྒྱ་གྲམ་མེ་ཏོག་མགོར་བཞག །ཏིཥྛ་བཛྲ། སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། པྲ་ཏཱིཙྪ་བཛྲ། ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་དུ་གཞུག །ཕྱོགས་ཀྱི་རིགས་བརྟགས་ལ་གསང་མཚན་སྤྱིའི་རིགས་པས་གདགས། སྤྱི་ཙམ་དུ། མེ་ཏོག་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ་ཕོག་པས་ཁྱེད་རང་རྣམས་ཀྱི་མིང་ཡང་དཔལ་ཆེན་འདུས་པ་རྩལ་ཞེས་བྱ་བའོ། །རིགས་ཀྱི་བདག་པོས་མེ་ཏོག་དབང་རྟགས་ཅོད་པན་དུ་གནང་བར་མོས་ཤིག །པྲ་ཏཱི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་ཅོད་པན་སྤྱི་བོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཡེ་ཤེས་འོད་ཟེར་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བར་མོས་ཤིག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི༔ དེ་ལྟར་མཐོང་བ་དག་པས་མདུན་གྱི་དཀྱིལ་འཁོར་དབུས་སུ་ཀུན་ཁྱབ་ཡེ་ཤེས་སྤྱི་དཔལ་ཆེན་པོའི་ལྷ་ཚོགས་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཤར་དུ་ཚད་མེད་བཞི། ལྷོར་བསྡུ་དངོས་བཞི། ནུབ་ཏུ་ཟག་མེད་བཞི། བྱང་དུ་རྣམ་ཐར་བཞི། མཚམས་རྣམས་སུ་དྲན་པ་ཉེར་བཞག་བཞི་རྣམས་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་ཉི་ཤུའི་རང་བཞིན་ཅན་གྱི་དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པར་ཞུ། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟརབསྩལ་པ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས། བླ་མ་ཧེ་རུ་ཀ་འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོས་དགྱེས་པས་དགོངས་ཏེ་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་ལྡན་པ་རྣམས་ཀྱིས་དབང་བསྐུར་བས། རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་དུག་ལྔའི་སྒྲིབ་པ་དག །ཕུང་པོ་ལྔ་སྐུ་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པའི་མོས་པ་མཛོད་ཅིག །བུམ་པ་གཅིག་གམ་ཕྱོགས་བསྡུས་སྤྱི་བོར་བཏེགས་ལ། ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་གཞལ་ཡས་ཁང༔ ནང་ནི་ལྷ་དང་དབྱེར་མེད་བདུད་རྩིས་བཀང༔ སྣོད་བཅུད་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ དཔལ་ཆེན་ལྷ་ཚོགས་སྐུ་ཡི་དབང་ཐོབ་ཤོག༔ སྨན་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་ཐོབ་ཤོག༔ རིན་ཆེན་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་ཐོབ་ཤོག༔ དྲི་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ་ཤོག༔ སྙིང་པོ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་ཤོག༔ འབྲས་བུ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རྣམ་པར་སྣང་མཛད་མིང་གི་དབང་ཐོབ་ཤོག༔ དུག་ལྔ་གནས་དག་ཕུང་པོ་གནས་སུ་གྱུར༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་སྤྱི་བོའི་གནས་ལྔར་བཞག༔ ཨ་བྷི་ཥིཉྩ་ཧཱུྃ་ཞེས་ཁྲུས་བྱ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན༔ བཀྲ་ཤིས་ཅི་ལྟར་འོས་པ་བརྗོད་ཅིང་མེ་ཏོག་འཐོར། རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན་པ་ལ་རིམ་པ་བཞིན་སྤྱན་དམིགས་འདི་བཞིན་མཛོད་ཅིག །དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་གི་གཙོ་བོ་སོ་སོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་དཔལ་ཆེན་བཀའ་འདུས་ཀྱི་ལྷ་ཚོགས་གཙོ་འཁོར་ཡོངས་སུ་རྫོགས་པའི་སྐུའི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཐོབ་པར་མོས་ཤིག །ཞི་བ་ཀུན་ཏུ་འཆང་དང། དཀྱིལ་འཁོར་ཉེར་གཅིག་གི་གཙོ་བོ་རྣམས་ཀྱི་ཙཀ་ལིས་རིམ་པར་དབང་བསྐུར་ལ། ཧཱུྃ་ཧྲཱི༔ ཕུང་ཁམས་སྐྱེ་མཆེད་རང་བཞིན་གནས་དག་པ༔ རིགས་ལྔ་བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་བརྒྱ་སུམ་ཅུ་འདུས་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ནས༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ གཉིས་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་བརྒྱ་རེ་བཞི་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཁྱབ་བདལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ནས༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ སྣང་དབྱིངས་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་དབུས་དགའ་བའི་དཀྱིལ་འཁོར་ཆེན་པོ་ནས༔ འབར་བའི་ཡེ་ཤེས་དཔལ་ཆེན་གསང་བའི་བདག༔ དབང་སྡུད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྷ་ཚོགས་བརྒྱད་ཅུ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦྷ་ར་དྷཱ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ནས༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ བདེ་མ་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ སུམ་ཅུ་རྩ་དྲུག་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ མཁའ་འགྲོ་བརྒྱད་ཅུ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ནས༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ རྣལ་འབྱོར་མས་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་གཉིས་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་དབུས་དོན་མཐུན་རོལ་པའི་དཀྱིལ་འཁོར་ནས༔ གཏུམ་རྔམ་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ ཟ་བྱེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ བསམ་འཕེལ་ཡེ་ཤེས་ཀུན་འབྱུང་རཏྣ་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ནས༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ རལ་གཅིག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ནས༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ བདག་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་དེ་བ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ནས༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ མཁའ་སྤྱོད་ཡུམ་འཁྱུད་རིག༴ བརྒྱ་དང་སུམ་ཅུ་རྫོགས༴ ཨོཾ་ཨཱཿབཛྲ་དྷྲྀཀ྄་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་སྨད་ལྟ་བ་ཟག་མེད་དཀྱིལ་འཁོར་ནས༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ འོད་སྐོར་ཡུམ་འཁྱུད་རིག་མདངས༴ དགུ་བཅུ་རྩ་བརྒྱད་རྫོགས༴ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུར་བྷནྡྷ་བྷྲཱུྃ་སྭཱ་ཧཱ༔ ཀཱ་ཡ༴ ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ནས༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས༴ བདུན་ཅུ་རྩ་གཉིས་རྫོགས༴ ཨོཾ་ཤྲཱི་མ་ཧཱ་ནཱ་ཡ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ནས༔ རྟོག་བྲལ་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ ཛྙཱ་ན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་རེ་བཞི་རྫོགས༴ ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ནས༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཨུ་ཙུཥྨར་འཁྱུད་རིག་མདངས༴ བརྒྱ་དང་བཅུ་བདུན་རྫོགས༴ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ནས༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཟིལ་གནོན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་ལྔ་བཅུ་རྫོགས༴ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ ཐིག་ལེའི་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ ཉིད་བཞི་ཡུམ་འཁྱུད་རིག་མདངས༴ བདུན་ཅུ་རྩ་བཞི་རྫོགས༴ ཨོཾ་གུ་ཧྱ་དྷཱ་ཏུ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ རྒྱས་འདེབས་ཡུམ་འཁྱུད་རིག་མདངས༴ བརྒྱད་ཅུ་རྩ་བཞི་རྫོགས༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ སྤྱི་འདུལ་ཡུམ་འཁྱུད་རིག་མདངས༴ དྲེགས་པ་བཞི་བཅུ་རྫོགས༴ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ འབྱུང་ལྔའི་བདག་འཁྱུད་རིག་མདངས༴ ཉི་ཤུ་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་སྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུང་བཟླས་པའི་ལུང་གི་སླད་དུ། དཀྱིལ་འཁོར་བའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཧཱུྃ་ཡིག་འབར་བ་ལ་སྔགས་ཕྲེང་གིས་བསྐོར་བ། མོས་གུས་བསྐྱེད་པའི་རྐྱེན་གྱིས་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་སྤྱི་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཧཱུྃ་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ལ། ལས་བྱང་ལྟར། ཞི་བ་དང་། སྤྱི་དཔལ་གཙོ་བོ། ཚོམ་བུ་ཉི་ཤུ། སྤྱི་དྲིལ་བཅས་སོ་སོར་ལན་གསུམ་རེ་བཟླར་གཞུག །མཐར་ཕྲེང་བ་མགྲིན་པར་བཞག་ལ། དཔལ་ཆེན་བཀའ་འདུས་ཚོམ་བུ་ཉེར་གཅིག་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་ཡེ་དྷར་བརྗོད། དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང་། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས། ཐ་མལ་གྱི་སྒྲ་བརྗོད་དང་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །ཐུགས་ཀྱི་དགོངས་པ་ངོ་སྤྲོད་པ་ནི། འདི་ལྟར་ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་གདོད་ནས་དབྱིངས་རིག་གཉིས་མེད་སྤྱི་དཔལ་ཆེན་པོའི་ངོ་བོར་རྫོགས་པ་ཡིན་པས་དེའི་དོན་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས༔ ལྷ་སྔགས་ཆོས་སྐུ་ཐམས་ཅད་དེ་ལ་རྫོགས༔ དབྱིངས་དང་རིག་པ་གཉིས་མེད་ཧེ་རུ་ཀ༔ ཡང་དག་ངེས་པའི་དོན་མཆོག་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབས་ཀྱི་བསམ་གཏན་དང་མ་བྲལ་བས། གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་ཐེབས་པར་གྱིས་ཤིག །དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་བུམ་དབང་གིས་ལུས་སྨིན་པར་བྱས་པའི་རྗེས་སུ། རྒྱུད་ལས། དབང་དང་ལམ་ནི་ཟུང་དུ་འབྲེལ་བ་སྟེ༔ སྣོད་བཅུད་ཕུང་ཁམས་གཞལ་ཡས་ལྷ་རུ་བསྟན༔ ཤར་བ་གསུམ་གྱིས་འཁྲུལ་རྟོག་ཞེན་པ་བསྒྱུར༔ ཅེས་གསུངས་པའི་དོན། ལྔ་པ་མ་ཧཱ་ཡོ་ག་ལ་སོགས་ཐུགས་ཁྲིད་ལྟར་ལ། དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་རོ༔ བར་གྱིས་ཁྲིད་འབོགས། གཉིས་པ་གསང་བའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་སྤྱི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ། ལུས་ལ་ཞུགས་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རོ་གཅིག་ཏུ་ཞུ་བའི་རྒྱུན་མཁའ་གསང་ནས་ཐོན། ཐོད་པའི་བདུད་རྩི་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་ཅན་དང་རོ་གཅིག་ཏུ་འདྲེས་པས་ཁྱེད་རང་རྣམས་ལ་དབང་བསྐུར་ཅིང་མགྲིན་པར་མྱང་བས། འཆིང་བྱེད་རྩ་ཡི་མདུད་པ་གྲོལ། གཡོ་བའི་རླུང་ལྔ་དབུ་མར་ཐིམ། ཐིག་ལེའི་འཕོ་བ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བརྟན་པར་བྱས་པར་མོས་ཤིག །བདུད་རྩིའི་ཐོད་པ་ཐོགས་ལ། ཧཱུྃ༔ སྣོད་ནི་མཚན་ལྡན་རང་བྱུང་ཀ་པཱ་ལར༔ བཅུད་ཀྱི་དྭངས་མ་ཤ་ལྔ་བདུད་རྩི་ལྔ༔ གཉིས་མེད་མཉམ་སྦྱར་བྱང་ཆུབ་སེམས་ཀྱི་ཆུས༔ དཔལ་ཆེན་ལྷ་ཚོགས་གསུང་གི་དབང་ཐོབ་ཤོག༔ བདུད་རྩི་དྲི་ཆེན་གླང་ཤས་དབང་བསྐུར་བས༔ ཁྱབ་བྱེད་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་ཤ་ཆེན་རྟ་ཤས་དབང་བསྐུར་བས༔ ཐུར་སེལ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་རཀྟ་བྱ་ཤས་དབང་བསྐུར་བས༔ གྱེན་རྒྱུའི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་དྲི་ཆུ་ཁྱུང་ཤས་དབང་བསྐུར་བས༔ མེ་མཉམ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་བྱང་སེམས་སེང་ཤས་དབང་བསྐུར་བས༔ སྲོག་གི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་ལྔ་དབང་དུ་འདུས༔ ཐིག་ལེ་ཟག་མེད་བདེ་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཐོད་པ་གནས་ལྔར་བཞག༔ བཛྲ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན༔ སྔགས་འདི་བརྗོད་ལ་བྱང་སེམས་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམས་ལ་མྱང་བར་ཞུ། ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ ཞེས་བདུད་རྩི་མྱང༔ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་གསང་བའི་དབང་གིས་ངག་རྩ་རླུང་སྨིན་ནས། རྒྱུད་ལས། འཁྲུལ་འཁོར་རླུང་དང་འབར་བའི་གདམས་པ་བསྟན༔ འདུས་པ་གསུམ་གྱིས་སྒོ་གསུམ་ལས་སུ་རུང༔ ཞེས་གསུངས་པའི་དོན། དྲུག་པ་ཨ་ནུ་ཡོ་གའི་ཐེག་པ་སོགས་ཐུགས་ཁྲིད་ལྟར་ལ། དེ་ལྟ་བུ་སྤེལ་ལ་བྱའོ༔ བར་གྱིས་ཁྲིད་བསྟན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། ངོ་བོ་ཡེ་ཤེས་རིགས་ལྔའི་རང་བཞིན། རྣམ་པ་རིགས་ཅན་རྣམ་ལྔའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རྒྱུད་རྣམ་པར་དག་པའི་ཕྱག་རྒྱ་རིམ་པར་གཏད་པ་ལ་བསྟེན་ནས། བདེ་བ་ཆེན་པོའི་ཡེ་ཤེས་ཁྱབ་བརྟན་རྒྱས་ཤིང་འབར་བ་དང་སྨིན་པའི་སྒོ་ནས་ལུགས་འབྱུང་གི་དགའ་བཞི་རིམ་པར་འཕེལ་བ་དང་། ལུགས་ལྡོག་དགའ་བཞི་མཐར་ཕྱིན་ནས་རང་བྱུང་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་བྱས་པར་མོས་ཤིག །རིག་ཙཀ་ལྔ་རིམ་པར་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རིགས་ལྔ་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱིས་བསྟེན་བྱའི་དམ་ཚིག་མཆོག༔ ཟག་མེད་བདེ་བའི་འབྱུང་གནས་འདི་གཏད་པས༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་དབང་ཐོབ་ཤོག༔ བདེ་གཤེགས་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་ཁྱབ་པའི་དབང་ཐོབ་ཤོག༔ རྡོ་རྗེའི་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་བརྟན་པའི་དབང་ཐོབ་ཤོག༔ རིན་ཆེན་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ པདྨའི་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་འབར་བའི་དབང་ཐོབ་ཤོག༔ ལས་ཀྱི་རིགས་ཀྱི་གཟུངས་མ་ལ་བརྟེན་ནས༔ བདེ་ཆེན་ཡེ་ཤེས་སྨིན་པའི་དབང་ཐོབ་ཤོག༔ ལུགས་འབྱུང་དགའ་བ་རྣམ་བཞི་འཕེལ་བ་དང༔ ལུགས་ལྡོག་ལྷན་སྐྱེས་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ལྟར་བྱིན་པའི་རིག་མ་རྣམས་དང་ཁྱེད་རང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པར་མོས་ཤིག །མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡས་བབ་དང་མས་བརྟན་གྱི་དགའ་བཞི་རིམ་པར་མྱོང་བའི་མཐར་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་དེའི་རང་ངོ་ལ་བཟོ་མེད་དུ་བསྐྱང་འཚལ། མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཨཱ༔ ཞེས་བདེ་བ་ངོ་སྤྲད༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དང་ཐིག་ལེ་སྨིན་པར་བྱས་པ་ལ། རྒྱུད་ལས། དབབ་དང་ལྡོག་དང་བསྟིམ་པའི་མྱུར་ལམ་བསྟན༔ ལྷན་སྐྱེས་གསུམ་གྱིས་བདེ་སྟོང་ཟུང་དུ་ཆུད༔ ཅེས་གསུངས་པའི་དོན། ཨ་ནུ་ཡོ་ག་དང་བདེ་ཆེན་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ལམ་གཉིས་པ་ཕོ་ཉའི་ལམ་ལ་བརྟེན་པ་ནི། རླུང་ལ་དབང་ཐོབ་ནས་སོགས་ཐུགས་ཁྲིད་ལྟར། མངོན་དུ་བྱེད་པར་འགྱུར་རོ༔ བར་གྱིས་ཁྲིད་བསྟན། བཞི་པ་ཚིག་དང་དཔེ་ཙམ་ལ་བརྟེན་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། འདི་ལྟར་རྡོ་རྗེ་སེམས་དཔའི་མེ་ལོང་འདིའི་ཤེལ་འོད་ནང་དུ་འཁྱིལ་བ་ནི་རང་གི་རིག་པའི་ངོ་བོ་སྟོང་པ་ཆོས་སྐུ །དེ་ལས་འོད་སྣང་ཕྱིར་གསལ་དུ་ཤར་བ་རིག་པའི་རང་བཞིན་གསལ་བ་ལོངས་སྐུ །གསལ་སྟོང་ངོ་བོ་གཅིག་པ་ནི་དབྱེར་མེད་བློ་འདས་ཁྱབ་བརྡལ་ཆེན་པོ། འཇའ་འོད་ཁ་དོག་ལྔར་སྣང་བ་ནི་རིག་པ་ཉིད་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པར་མཚོན་པ་ཡིན་ལ། གཞི་དབྱིངས་ཀ་དག་ཤེལ་གྱི་ངོ་བོ་ལྟ་བུ་དང་། ལམ་སྣང་ལྷུན་གྲུབ་འཇའ་ཚོན་ལྟ་བུ་ཟུང་དུ་འབྲེལ་བའི་དོན་སྒོམ་པ་དང་རྟག་ཏུ་མ་བྲལ་བར་གྱིས་ཤིག །འཇའ་ཤེལ་བསྟན་ལ། ཨ༔ ཤེལ་འོད་ནང་དུ་འཁྱིལ་བ་ནི༔ རང་རིག་ཆོས་སྐུ་སྟོང་པ་ཉིད༔ དེ་ལས་འོད་ཟེར་འབྱུང་བ་ནི༔ རང་གསལ་ལོངས་སྐུ་ཡེ་ཤེས་ལྔ༔ དབྱེར་མེད་ངོ་བོ་གཅིག་པ་ནི༔ བློ་འདས་ཁྱབ་གདལ་ཆེན་པོ་སྟེ༔ འོད་ཟེར་དཀར་པོ་བདེ་གཤེགས་རིགས༔ སེམས་ཉིད་འདུས་མ་བྱས་པ་མཚོན༔ འོད་ཟེར་སྔོན་པོ་རྡོ་རྗེའི་རིགས༔ རིག་སྟོང་འགྱུར་བ་མེད་པ་མཚོན༔ འོད་ཟེར་སེར་པོ་རིན་ཆེན་རིགས༔ འཁོར་འདས་མཉམ་ཉིད་ཆེན་པོ་མཚོན༔ འོད་ཟེར་དམར་པོ་པདྨའི་རིགས༔ སོ་སོ་རང་གིས་རིག་པ་མཚོན༔ འོད་ཟེར་ལྗང་གུ་ལས་ཀྱི་རིགས༔ རང་རྩལ་ལྷུན་གྱིས་གྲུབ་པར་མཚོན༔ ཀ་དག་དབྱིངས་ནི་ཤེལ་ལྟ་བུ༔ ལྷུན་གྲུབ་རིག་པ་འཇའ་ཚོན་བཞིན༔ དབྱིངས་རིག་ཟུང་འཇུག་རྫོགས་པ་ཆེ༔ ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ པཉྩ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་མིག་ཏུ་བསྟན༔ སརྦ་ཀྲོ་དྷ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཞེས་སྙིང་གར་བཞག༔ ཨ་ཨ་ཨ་ཨ་ཨ༔ ཞེས་དར་གཅིག་མཉམ་པར་འཇོག་ཏུ་བཅུག །དེས་འོད་གསལ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་བཞི་པས་སྒོ་གསུམ་ཡེ་ཤེས་སུ་སྨིན་པར་བྱས་པ་ལ། རྒྱུད་ལས། རྣལ་དབབ་སོར་གཞུག་དབྱེར་མེད་དོན་ངོ་སྤྲད༔ འོད་གསལ་གསུམ་གྱིས་སྐུ་གསུམ་མངོན་དུ་འགྱུར༔ ཅེས་གསུངས་པའི་དོན། བདུན་པ་ཨ་ཏི་ཡོ་ག་སོགས་ཐུགས་ཁྲིད་ལྟར། གཅིག་ཏུ་དྲིལ་ལ་བསྐྱང་ངོ༔ ཞེས་པའི་བར་གྱིས་ཁྲིད་བསྟན། དེ་རྣམས་ཀྱིས་རྩ་བའི་དབང་བཞི་ལ་རྣམ་པ་ལྔ་ལྔར་དབྱེ་བས་མངོན་བྱང་ཡེ་ཤེས་ཉི་ཤུའི་བདག་ཉིད་ཅན་གྱི་དབང་བསྐུར་བ་གྲུབ་ནས། ཉམས་མྱོང་སྐྱེས་པ་བརྟན་པའི་ཕྱིར་དང༔ བྱིན་རླབས་བཙན་ཐབས་སུ་འབེབ་པ་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་སྣོད་དུར་ཁྲོད་གསང་བ་མཆོག་གི་གཞལ་ཡས་ཁང་ཆེན་པོར་གཏོར་མ་བཀའ་འདུས་ཡེ་ཤེས་ཚོམ་བུ་ཉེར་གཅིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ལས་འོད་ཟེར་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་རིམ་དང་གཅིག་ཅར་དུ་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒྲིབ་བཞི་གཅིག་ཅར་དུ་དག །དབང་བཞི་རྩལ་རྫོགས་སུ་ཐོབ། བཀའ་འདུས་ཡོངས་རྫོགས་ཀྱི་ལྷ་དང་གཉིས་སུ་མེད་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཐོབ་པའི་མོས་འདུན་མཛད་པར་ཞུ། གཏོར་ཆེན་སྤྱི་བོར་བཟུང་ལ༔ ཧཱུྃ༔ གཏོར་མའི་ངོ་བོ་དབྱིངས་དང་རིག་པ་སྟེ༔ དབྱིངས་ཀྱི་སྣོད་དུ་རིག་པའི་གཏོར་ཆེན་བཤམས༔ གཏོར་མའི་ངེས་ཚིག་ཐབས་ཤེས་བདེ་སྟོང་སྟེ༔ བྷ་གའི་མཁའ་ལ་བདེ་ཆེན་ལིངྒ་སྦྱོར༔ གཏོར་མའི་རང་བཞིན་ཤ་ལྔ་བདུད་རྩི་ལྔ༔ ཤ་ལྔའི་རྒྱུ་ལ་བདུད་རྩིའི་རྐྱེན་གྱིས་བྲན༔ གཏོར་མའི་ལས་ནི་ཚིམ་དང་དངོས་གྲུབ་སྟེར༔ ལྷ་རྣམས་མཉེས་ཤིང་རྣལ་འབྱོར་འདོད་དོན་སྒྲུབ༔ གཏོར་མའི་རྣམ་པ་སྣོད་བཅུད་ཡོངས་རྫོགས་ཏེ༔ གཞལ་ཡས་སྣོད་ལ་བཅུད་ནི་ལྷ་རུ་བཞུགས༔ བང་རིམ་བཞི་ལྡན་འབྱུང་བཞི་རིམ་བརྩེགས་སྟེང༔ པད་འདབ་སྤྲུལ་པ་ཉི་ཤུའི་དཀྱིལ་འཁོར་དབུས༔ གཏོར་ཆེན་སྤྱི་དཔལ་ཆེ་བཙན་ཧེ་རུ་ཀ༔ རྟེན་དང་བརྟེན་པ་ཡོངས་རྫོགས་འཇའ་ལྟར་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྱེས་པ་ཆེན་པོའི་གནས་གསུམ་འོད་ཟེར་གྱིས༔ སྒྲིབ་དག་སྨིན་ཅིང་གྲོལ་བའི་དངོས་གྲུབ་ཐོབ༔ བཀའ་འདུས་ཡོངས་རྫོགས་ལྷ་དང་གཉིས་མེད་ཤོག༔ གཙོ་འཁོར་རྣམས་ཀྱི་སྙིང་པོ་ཡོངས་རྫོགས་བཟླས་པའི་གཤམ་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་ཤྲཱི་སརྦ་ཀྲོ་དྷ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་བཞག །གཏོར་མ་ལ་ཤེས་པ་བཞི་ལྡན་དུ་གསུངས་པ་ལས་ལྷར་ཤེས་པས་དབང་བསྐུར་བ་སོང་ནས། བདུད་རྩིར་ཤེས་པས་དངོས་གྲུབ་བླང་བ་ལ། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་ཁྱེད་རང་རྣམས་ཀྱིས་རོལ་པས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་རྫས་དང་བདུད་རྩི་སྦྱིན་ལ། སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད། དབང་རྣམས་ལེགས་པར་གྲུབ་པའི་མཐའ་རྟེན་དུ། ཕྲིན་ལས་སྒྲུབ་པའི་ཆ་ལག་ཚང་བ་དང་བཀྲ་ཤིས་པའི་དགེ་མཚན་འཕེལ་བར་བྱ་བའི་སླད་དུ་རྣལ་འབྱོར་རྒྱུན་གྱི་ཕྲིན་ལས་རྣམ་པ་ལྔའི་བྱེ་བྲག་བདུད་རྩི་སྨན་དང་བཀྲ་ཤིས་ཚེའི་དབང་བསྐུར་བ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལ་ཐོག་མར་བདུད་རྩི་སྨན་གྱི་དབང་ལ་མོས་འདུན་འདི་བཞིན་དུ་མཛོད། འཁོར་འདས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་བསྐྱིལ་བའི་བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པས་གྲོལ་བ་བཞི་དང་ལྡན་པའི་བདུད་རྩི་སྨན་གྱི་དབང་དང་དངོས་གྲུབ་སྒོ་གསུམ་ལ་གཅིག་ཅར་དུ་རྫོགས་པའི་མོས་པ་མཛོད་ཅིག །བདུད་རྩིའི་ཕོ་བྲང་གནས་གསུམ་དུ་བཞག་ལ། ཧཱུྃ༔ བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་དུ༔ སྣང་སྲིད་འཁོར་འདས་ཐམས་ཅད་བསྡུས་པའི་བཅུད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་དབང༔ སྐལ་ལྡན་ལུས་ངག་ཡིད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ རྒྱ་འགྲོལ་ལ། ཨོཾ་བི་ཤུདྡྷེ་ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཁ་ཕྱེ་ལ། ཨོཾ་སརྦ་པཉྩ་མ་ཧཱ་སུ་ཁ་ཧོ༔ ཕུད་ཀྱིས་དཀྱིལ་འཁོར་ལ་སྔགས་ཙམ་གྱིས་མཆོད། རང་གིས་མྱང་། སློབ་མ་ལ་སྦྱིན་ཏེ་ཕོ་བྲང་སླར་བཀོད། འདིའི་ཡོན་ཏན་ནི། གཞུང་ལས། ཁ་དོག་མཐོང་བས་ལུས་སྒྲིབ་དག༔ ཚེ་དང་བསོད་ནམས་ལང་ཚོ་རྒྱས༔ དྲི་ལ་བསྣོམས་པས་ངག་སྒྲིབ་དག༔ ནུས་པ་འབར་ཞིང་དབང་དུ་འདུ༔ རོ་ལ་མྱང་བས་ཡིད་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འཆར༔ དཔལ་ཆེན་ཧེ་རུ་ཀ་དང་མཉམ༔ མཆོག་ཐུན་ཕྲིན་ལས་ཐམས་ཅད་འགྲུབ༔ ཅེས་གསུངས་པ་ལགས་སོ། །དེ་ནས་བཀྲ་ཤིས་ཚེའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ཚེ་འབྲང་དཔལ་ཆེན་བཀའ་འདུས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར་གསལ་བའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས། ཚེའི་འོད་ཟེར་འབྲུ་གསུམ་གྱི་རྣམ་པས་ཁྱེད་རང་ལ་ཐིམ་པས་དཔལ་ཆེན་པོའི་རྡོ་རྗེའི་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་འབྲང་གནས་གསུམ་དུ་རིམ་པར་བཞག་ལ། ཨོཾ༔ སྐུ་ཡི་སྙིང་པོ་བདེ་གཤེགས་ཚེ༔ དཀར་ལ་འཚེར་བའི་ཨོཾ་དུ་འདུས༔ སྤྱི་བོར་ཐིམ་པས་ལུས་སྒྲིབ་དག༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུར་སིདྡྷི་ཨོཾ༔ ཨཱ༔ གསུང་གི་སྙིང་པོ་པདྨའི་ཚེ༔ དམར་ལ་དྭངས་པའི་ཨཱཿརུ་འདུས༔ མགྲིན་པར་ཐིམ་པས་ངག་སྒྲིབ་དག༔ འགག་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཝཱ་ཀ་ཨཱ་ཡུར་སིདྡྷི་ཨཱ༔ ཧཱུྃ༔ ཐུགས་ཀྱི་སྙིང་པོ་རྡོ་རྗེའི་ཚེ༔ མཐིང་ལ་འདྲིལ་བའི་ཧཱུྃ་དུ་འདུས༔ སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ སྐྱེ་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུར་སིདྡྷི་ཧཱུྃ༔ ཚེ་སྙིང་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། དེས་ནི་ཚེའི་གེགས་དང་བར་ཆད་ཐམས་ཅད་ཞི་ཞིང་ཧེ་རུ་ཀའི་རྡོ་རྗེའི་ཚེ་ཐོབ་པར་འགྱུར་བར་གསུངས་པས། བསླུ་བ་མེད་པའི་རྡོ་རྗེའི་གསུང་རྣམས་ལ་ངེས་ཤེས་བསྐྱེད་པར་མཛོད་ཅིག །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། ཕྱི་ནང་གསང་བའི་ཚོགས་ལ་རོལ་ཞིང་དགའ་སྟོན་གླུ་གར་སོགས་བྱ་བར་གསུངས་པས་སྐབས་བསྟུན་ཅི་འགྲུབ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། དབང་ཁྲིད་ཀྱི་རྗེས་རིམ་ནི། དེ་ལྟར་ན་དེ་དག་རྣམས་ཀྱིས་དཔལ་བཀའ་འདུས་སྙིང་པོ་དོན་གྱི་དབང་བཞི་ཁྲིད་དང་བཅས་པའི་དངོས་གཞི་ལེགས་པར་གྲུབ་ནས་རྗེས་ཀྱི་བྱ་བའང་། གཞུང་ལས། དབང་འདི་ཐོབ་ནས་ལམ་མ་བསྒོམས་ན་དམ་ཚིག་དང་འགལ་བས་ཉམས་སུ་ལེན་པའི་དམ་བཅའ་ལེན་པར་བྱ༔ འདི་བསྐུར་བའི་བླ་མ་ལ་མིའི་འདུ་ཤེས་སྐྱེས་པས་ཀྱང་དངོས་གྲུབ་ལོ་དང་ཟླ་བས་འགྱངས་པར་འགྱུར་བས་ངེས་པར་དཔལ་ཆེན་ཧེ་རུ་ཀ་ཆེན་པོར་བལྟ་བར་བྱའོ༔ ཞེས་གསུངས་པ་དང། ཁྲིད་རིམ་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་སོགས་ཐུགས་ཁྲིད་ལྟར། བསྒྲིག་པར་བྱའོ༔ ཞེས་པའི་བར་བརྗོད་ལ། དེ་ལ་ཇི་སྐད་གསུངས་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རང་གནས་སུ་ལྡོག །ཆོ་གའི་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་ཆོག་གཏང་། ཆད་མདོའི་རྗེས་སུ་བཀའ་སྲུང་བསྡུས་པའི་གཤམ་གྱི་གཏོར་འབུལ་ཕྲིན་བཅོལ་བྱ། བརྟན་མ་རྟ་བྲོ་སོང་ནས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། རྟེན་དང་བསྟུན་པའི་གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་རྣམས་ཕྲིན་ལས་ལྟར་གྲུབ་ནས། ཟུར་གསལ་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མཐའ་རྒྱས་སུ་བྱའོ། །ཡོངས་སུ་གྲགས་མོད་ཤློ་ཀ་གཅིག་ཀྱང་། །ཐོས་པའི་སྐལ་བས་ཕོངས་པའི་ཆོས་འདོད་རྣམས། །དེང་ནས་ངོ་མཚར་ཤིང་རྟའི་གསང་ལམ་འདིར། །ཞུགས་ནས་དཔལ་ཆེན་པོ་དང་སྐལ་མཉམ་མཛོད། །བདག་ཀྱང་གསང་བ་འདིར་འབྲེལ་བྱིན་རླབས་ཀྱིས། །སྒྲུབ་དབང་ཆེན་པོས་སྨིན་པའི་སྐལ་བཟང་ལྡན། །བཀའ་འདུས་རིག་འཛིན་རྒྱ་མཚོའི་གྲལ་དུ་འཁོད། །ཡེ་ཤེས་ཉེར་གཅིག་ཀློང་དུ་བྱང་ཆུབ་ཤོག །ཁྱབ་བདག་པདྨ་ཀུན་ཏུ་འཆང་དངོས་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོས་འདོར་མེད་དུ་བསྐྱངས་པ་ལ་བརྟེན། གསང་བ་འདི་ཉིད་ཀྱི་སྣོད་ལྡན་དུ་གྱུར་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཡོན་ཏན་གནས་ལྔ་གཅིག་ཏུ་འདུས་པའི་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ཐར་པའི་བདེ་ལམ་ (Volume 8, Text 26)

༄༅། །བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ཐར་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། དགེ་བའི་ལས་འཕྲོ་དང་ཟབ་ལམ་གྱི་སྐལ་པ་ལྡན་པ་དག་ཐོག་མར་སྔོན་འགྲོའི་རིམ་པ་ལ་འཇུག་པར་སྤྲོ་ན། འདི་ལ་གཉིས་སུ་ཤེས་པར་བྱ་སྟེ། རིམ་གཉིས་སྤྱིའི་སྔོན་འགྲོ་དང་། རྫོགས་ཆེན་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ཐུན་ཐམས་ཅད་ཀྱི་འགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་གསོལ་འདེབས་བྱ་བ་ནི། གནས་དབེན་པར་བདེ་བའི་གདན་ལ་ལུས་གནད་བསྲང། རླུང་རོ་ལན་གསུམ་བསལ་བའི་ཚེ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་མོས་ལ། མདུན་མཁར་པད་ཉི་ཟླ་སྟེང་པད་འབྱུང་དང་། །བླ་མ་དབྱེར་མེད་རིག་འཛིན་འཇའ་ཚོན་སྙིང་། །པཎ་ཞུ་ཆོས་གོས་གསུམ་གསོལ་ཕྱག་གཉིས་ཀྱིས། །རྡོ་རྗེ་ཕུར་གདེངས་ཤངས་སྒོར་ཨ་དཀར་གསལ། །འཇའ་ཚོན་གཤོག་པར་ཁྲོ་བོ་ཁྲོ་མོ་སྤྲོ། །སྐྱིལ་མོ་ཀྲུང་བཞུགས་གནས་གསུམ་འབྲུ་གསུམ་མཚན། །ཡེ་ཤེས་འོད་ཟེར་རབ་འཕྲོས་བྱིན་བརླབས་གྱུར། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་བསྩལ་དུ་གསོལ། །ཞེས་ལན་གྲངས་ཅི་འགྲུབ་མཐར། ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་ལས། །ཅིར་ཡང་འཆར་བའི་རིག་རྩལ་སྒྱུ་འཕྲུལ་ནི། །གསང་སྔགས་རྙིང་མའི་བསྟན་འཛིན་བང་རི་བ། །ཨོ་རྒྱན་ལས་འཕྲོ་གླིང་པར་གསོལ་བ་འདེབས། །དང་པོ་མདོ་རྒྱུད་མན་ངག་ལེགས་པར་སྦྱངས། །བར་དུ་བསྐྱེད་རྫོགས་དབྱེར་མེད་བསྒྲུབ་པ་ཚུགས། །ཡང་དག་དོན་གྱི་རབ་འབྱམས་བང་རི་བ། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨའི་ཡང་སྤྲུལ་དགེ་སྦྱོང་ཚུལ། །བསྐལ་དུས་སྙིགས་མའི་འགྲོ་བའི་དཔལ་དུ་ཤར། །བདག་འཛིན་རུ་ཏྲ་འཇོམས་པའི་བང་རི་བ། །སྔགས་འཆང་ཧཱུྃ་ནག་མེ་འབར་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་འབེབས་ཤིང་། །མཁྱེན་བརྩེ་ནུས་ལྡན་འཇའ་ལུས་འོད་ཕུང་གྱུར། །བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རིག་འཛིན་ཉིད་ཀྱི་ཞལ་གསུང་གསོལ་འདེབས་འདིའང་དགོས་པ་དང་ཕན་ཡོན་མཆོག་ཏུ་ཆེ་བས་ལན་གཅིག་གམ་གསུམ་ལ་སོགས་པ་བརྗོད་དོ། དེ་ནས་སྐུའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་དེ། ཨོཾ་ཨཱཿཧཱུྃ། ཞེས་བཟླས་པའི་མཐར་དམིགས་མེད་དུ་བཞག་གོ །བྱེ་བྲག་རིམ་གཉིས་སྤྱིའི་སྔོན་འགྲོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་བློ་ཆོས་སུ་སྐུལ་བ་ལ་དལ་འབྱོར་རྙེད་དཀའ་བསམ་པ་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །འཆི་བ་མི་རྟག་པ་བསམ་པ་ནི། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ལས་རྒྱུ་འབྲས་བསམ་པ་ནི། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །འཁོར་བའི་ཉེས་དམིགས་བསམ་པ་ནི། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཅེས་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་སྟེ་འདོན་བསྒོམ་ནན་ཏན་དུ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བཞི། དང་པོ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། དག་པའི་ཞིང་གི་མཁའ་ལ་འཇའ་སྤྲིན་གྱིས། །བཏེགས་པའི་རིན་ཆེན་པད་བརྩེགས་རིམ་པ་གསུམ། །དབུས་ཀྱི་ཟེའུ་འབྲུར་སངས་རྒྱས་ཀུན་གྱི་དངོས། །བླ་མ་པད་འབྱུང་འོད་ཕུང་འཛུམ་བཅས་བཞུགས། །དེ་མཐར་པདྨའི་ས་གཞི་དང་པོ་ལ། །རྩ་བ་ཡན་ལག་བརྒྱུད་པའི་བླ་མས་བསྐོར། །གཉིས་པར་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །གསུམ་པར་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །དེ་རྒྱབ་ཕྱོགས་བཞིར་པད་སྡོང་རབ་རྒྱས་སྟེང་། །མདུན་དུ་ཤཱཀ་ཐུབ་ཕྱོགས་དུས་སངས་རྒྱས་བཅས། །གཡས་སུ་སྤྱན་རས་གཟིགས་དབང་བྱང་སེམས་ཚོགས། །རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ། །གཡོན་དུ་ཤཱ་རིའི་བུ་ལ་ཉན་རང་བསྐོར། །སྤྲིན་གསེབ་ལྷ་དང་ལྷ་མོས་མཆོད་རྫས་འབུལ། །དེ་མདུན་བདག་དང་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ །ཞེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་གྲངས་བསགས་ལ་མཐར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཀུན་བྱེད་རྒྱལ་པོ་བླ་མ་ཡིན། །དཀོན་མཆོག་རྩ་གསུམ་འདུས་པའི་གཙོ། །གུ་རུ་རཏྣར་སྐྱབས་སུ་མཆིའོ། །ཞེས་པའང་ཅི་ནུས་བརྗོད། འདིར་སྔོན་འགྲོ་གསག་སྐབས་གོང་གི་ཚིག་རྐང་གཅིག་པོ་ཕྱག་རེ་རེ་དང་སྦྲགས་ནས་ཕྱག་དང་སྐྱབས་འགྲོ་འབུམ་ཐེར་མཉམ་ཐོན་མཛད་པའི་ཕྱག་སྲོལ་ཡོད་དོ། །ཐུན་བསྡུ་བའི་ཚེ། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོ་བའི་སྒྲིབ་དག་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་བོར་འདུས། །དེ་ཡང་སྤྲོས་བྲལ་ཆོས་དབྱིངས་བརྗོད་མེད་དོ། །གཉིས་པ་ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་སེམས་བསྐྱེད་པ་ནི། མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཡི་ཕྱིར་དུ་ཟབ་ལམ་བླ་སྒྲུབ་ཀྱི། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །ཞེས་མོས་ལ། རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་གྲངས་གསོག །བར་སྐབས་རྣམས་སུ་དབུགས་ཕྱིར་འགྲོ་བ་དང་མཉམ་དུ་བདག་གི་དགེ་བའི་རྩ་བ་ཐམས་ཅད་འོད་ཟེར་ཟླ་ཞུན་ལྟ་བུར་སོང་ནས་སེམས་ཅན་ཐམས་ཅད་ལ་ཕོག་པས་བདེ་བ་ཆེན་པོ་དང་ལྡན། དབུགས་ཚུར་རྔུབ་པ་དང་ལྷན་ཅིག་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ནག་འུབས་ཀྱིས་འདུས་ནས་བདག་ལ་ཐིམ། བདག་གིས་ལམ་ཟབ་མོ་ཡིད་ལ་བྱས་པའི་དེ་མ་ཐག་ཏུ་སང་གིས་དག་པར་བསམས་ཏེ་གཏོང་ལེན་དམིགས་པ་ཅི་ནུས་བྱ་ཞིང་། ཚད་མེད་བཞི་ལ་བློ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པའང་ལན་གསུམ་ལ་སོགས་པ་བརྗོད་དོ། །གལ་ཏེ་རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུ་ན། སྐྱབས་སེམས་དམིགས་པ་གོང་སྨོས་སྦྲེལ། འདོན་བྱའང་སྐྱབས་འགྲོ་ཚིག་རྐང་གཅིག་དང་། སེམས་བསྐྱེད་ཚིག་རྐང་གསུམ་སྟེ་གཏེར་གཞུང་ཤློ་ཀ་གཅིག་སྦྲེལ་ནས་གྲངས་བསགས་པའི་མཐར། སྐྱབས་ཡུལ་བསྡུས་ནས་རྡོར་སེམས་ལ་འཇུག་པས་ཆོག་གོ །གསུམ་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་བ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་བཟླ། སྔོན་འགྲོ་ཆེད་དུ་གསག་སྐབས་པད་དཀར་འདབ་མ་འབྲེལ་བ་ནམ་མཁའ་ཁེངས་པའི་འདབ་མ་རེ་རེའི་སྟེང་དུ་རྡོར་སེམས་སྔགས་འཁོར་བཅས་རེ་རེ། འོག་ཏུ་སེམས་ཅན་རེ་རེ་གནས་པ་དང། ཐུགས་ཀའི་སྔགས་འོད་ཀྱིས་དོན་གཉིས་བྱས་ནས་བྱིན་རླབས་བསྡུས། བདུད་རྩི་འབེབ་སྦྱོང་སོགས་ཀྱི་དམིགས་པ་གཞུང་གསལ་ལྟར་ལ། མཐར་ཡང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བདག་གཞན་ཐམས་ཅད་ཀྱི་ཉེས་ལྟུང་བཤགས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའི་གནང་བ་བསྩལ་བར་གྱུར། སྐུ་ཡི་འོད་ཀྱིས་བདག་སོགས་སྡིག་སྒྲིབ་དག །རྡོར་སེམས་སྐུར་གྱུར་སྤྱི་བོའི་བླ་མར་ཐིམ། །ཀུན་ཀྱང་འོད་ཞུ་གཙོ་བོ་ཉིད་ལ་འདུས། །དེ་ཡང་མཐའ་ནས་དབུས་ཡལ་སྟོང་ཉིད་དོ། །རྒྱུན་ཁྱེར་སྐབས་སུ་དེ་དག་མི་དགོས་པས་ཡིག་བརྒྱ་བཟླས་པའི་འཕྲོས་སུ། རྡོར་སེམས་འོད་ཞུ་རང་ལ་བསྡུ། །ཞེས་པ་ཙམ་གྱིས་ཆོག་གོ །བཞི་པ་ཚོགས་མྱུར་དུ་རྫོགས་པ་མཎྜལ་འབུལ་བ་ལ། ཚོགས་ཞིང་གསལ་གདབ་པ་ནི། མདུན་གྱི་བར་སྣང་རིན་ཆེན་ས་གཞིའི་དབུས། །སེང་ཁྲི་པད་ཉི་ཟླ་སྟེང་པདྨ་འབྱུང་། །དེ་སྟེང་སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །དེ་སྟེང་དང་པོའི་སངས་རྒྱས་འོད་མི་འགྱུར། །དགོངས་བརྡ་སྙན་ཁུངས་མཁའ་འགྲོ་གཏད་རྒྱ་དང་། །བཀའ་བབས་དབང་བསྐུར་རྟོགས་པ་དོན་གྱི་བརྒྱུད། །དཔའ་བོ་རྣལ་འབྱོར་མ་ཚོགས་རྒྱ་མཚོས་བསྐོར། །དེ་རྒྱབ་ཕྱོགས་བཞིར་སངས་རྒྱས་ཆོས་དགེ་འདུན། །ཡེ་ཤེས་ཆོས་སྲུང་ཐམས་ཅད་བཞུགས་པར་གྱུར། །ཅེས་མོས་ལ། ཐོག་མར་གསག་སྦྱང་བྱ་བ་ནི། བདག་སོགས་འགྲོ་ཀུན་བྱ་བྱེད་སྤྱོད་ལམ་མཐུན་པས་ཡན་ལག་བདུན་པ་ཚུལ་བཞིན་བགྱིད་པར་བསམས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་བདུན་རྣམ་དག་གྲངས་ཅི་རིགས་བྱ། དེ་ནས་མཎྜལ་དངོས་ལ་སྤྱིར་འབུལ་བ་ན། ལག་ལེན་རྣམས་ཁྲིད་ཡིག་ལྟར་བྱས་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་རབ་ཅེས་སོགས་ཚོམ་བུ་སོ་བདུན་མ་ཡོངས་གྲགས་ལྟར་བཀོད་ཅིང་སོ་སོའི་དམིགས་པ་གསལ་བས་འབུལ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་ལན་གྲངས་ཅི་ལྟར་རིགས་པས་དཀོན་མཆོག་རྩ་གསུམ་སྤྱིར་འབུལ། བྱེ་བྲག་བླ་མ་སྐུ་གསུམ་གྱི་མཎྜལ་ནི་རྫོགས་ཆེན་སྒོམ་པའི་སྔོན་འགྲོ་ལྟ་བུར་ཤེས་ཤིང་སྤྲོ་ན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆོས་སྡེ་བི་མ་ལའི་ཆོས་སྤྱོད་དཔག་བསམ་རབ་རྒྱས་ལས་འབྱུང་བ་ལྟར་ཚིགས་བཅད་ལྷུག་རྣམས་ཀྱིས་ཅི་ནུས་སུ་ཕུལ་ན་འབྲེལ་ཆགས་ཤིང་ཤིན་ཏུ་ལེགས་ལ། འདིར་དཀྱུས་སུ་བསྟན་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ ཞེས་འབུལ། འབུམ་ཐེར་གསག་སྐབས་ཀྱང་གྲངས་ཀྱི་གཙོ་བོ་འདི་ལ་བཟུང་ངོ་། །མཐར། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མི། ཚོགས་ཞིང་རྣམས་ལས་འོད་འཕྲོས་འགྲོ་ཀུན་ལ། །ཕོག་པས་སྒྲིབ་བྱང་དག་པའི་ཞིང་དུ་གཤེགས། །སྐུ་གསུམ་འཁོར་བཅས་འོད་ཞུ་རང་ཉིད་ལ། །ཐིམ་པས་ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར། །གསུམ་པ་ཁྱད་པར་གྱི་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར། །བརྒྱུད་པའི་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །ཞེས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་དང་རྩ་གསུམ་སྤྱི་ཁྲོམ་ཚོགས་སུ་བཞུགས་པའི་གནས་གསུམ་འབྲུ་གསུམ་བཅས་གསལ་བཏབ་ལ། མོས་གུས་གདུང་ཤུགས་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ། ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཞིང་། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཅེས་གསོལ་འདེབས་ཚིག་རྐང་དགུ་མ་འདི་ཉིད་གྲངས་གསོག །འབུམ་ཐེར་འཕྲལག་སག་དགོས་པ་ལྟ་བུས་མི་ནུས་ན། དེ་ཉིད་ཅི་འགྲུབ་དང་། སྣང་མཐའ་སྤྱན་གཟིགས་པད་འབྱུང་སྲོང་བཙན་སྒམ། །བཀའ་བརྒྱུད་གཙུག་རྒྱན་དྭགས་པོ་ལྷ་རྗེ་སོགས། །ཀུན་གྱི་རྣམ་འཕྲུལ་འཇའ་ཚོན་སྙིང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལ་གྲངས་བཟུང་ཡང་རུང་བ་སྟེ་སྔ་ཕྱི་གཉིས་ཀ་རིག་འཛིན་ཆེན་པོ་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཆེ་མཉམ་ཡིན་ནོ། །ཐུན་མཐར་ཟུར་དུ་གསལ་བའི་བརྒྱུད་འདེབས་རྒྱས་བསྡུས་རྣམས་ཀྱང་འདོན། རྒྱུན་ཁྱེར་ལྟ་བུར་འདི་ནས་དབང་ལེན་ལ་འཇུག་པས་ཆོག་ལ་སྔོན་འགྲོ་གསག་སྐབས་སོགས་སུ། མོས་གུས་སྟོབས་ཀྱིས་བརྒྱུད་པའི་བླ་མ་རྣམས། །འོད་ཞུ་རིམ་ཐིམ་རྩ་བའི་བླ་མ་ཉིད། །གཟི་བརྗིད་འོད་དུ་འབར་ཞིང་ཐུགས་རྗེ་ཆེས། །བདག་ལ་དགོངས་ཏེ་བྱིན་གྱིས་བརླབས་པར་གྱུར། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་རྣམས་ཀྱང་ཐོག་མར་གསོལ་འདེབས་ཀྱི་བསྙེན་པའི་དོན་དུ་འབུམ་ཐེར་ལ་སོགས་པའི་གྲངས་ཆ་མཉམ་དུ་གསག་གོ །མཐར་དབང་ལེན་པ་ནི། བླ་མ་གུ་རུ་ཡིད་བཞིན་ནོར་བུ་ཡི། །དཔྲལ་བའི་ཨོཾ་ལས་འོད་དཀར་སྐར་མདའ་ལྟར། །རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། །ལུས་ཀྱི་སྒྲིབ་དག་ས་བརྒྱད་མི་གཡོ་ནོན། །འབྲས་བུ་སྤྲུལ་སྐུ་འཐོབ་པའི་ས་བོན་བཞག །བསྐྱེད་རིམ་མ་ཧཱ་ཡོ་ག་བསྒོམ་ལ་དབང། །མགྲིན་པའི་ཨཱཿལས་འོད་དམར་མར་མེ་ལྟར། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་གི་སྒྲིབ་དག་ལེགས་པའི་བློ་གྲོས་ནོན། །འབྲས་བུ་ལོངས་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས། །ཨ་ནུའི་རྫོགས་རིམ་རང་བྱིན་བརླབ་ལ་དབང་། །ཐུགས་ཀའི་ཧཱུྃ་འོད་མཐིང་ག་སྤོས་དུད་ལྟར། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་ཀྱི་སྒྲིབ་དག་ས་བཅུ་ཆོས་སྤྲིན་ནོན། །འབྲས་བུ་ཆོས་སྐུ་འཐོབ་པའི་ནུས་པ་སྨིན། །ཨ་ཏི་དཀྱིལ་འཁོར་འཁོར་ལོ་བསྒོམ་ལ་དབང་། །གནས་ལྔའི་འོད་ཟེར་ལྔ་ལྡན་འཇའ་ཚོན་ལྟར། །གནས་ལྔར་ཐིམ་པས་ཡེ་ཤེས་དབང་ཆེན་ཐོབ། །སྒོ་གསུམ་སྒྲིབ་དག་བཅུ་གཅིག་ཀུན་འོད་ནོན། །ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་ཅན་བྱས། །རྩོལ་བྲལ་ཀ་དག་ལྷུན་གྲུབ་བསྒོམ་ལ་དབང་། །བླ་མ་ཚངས་བུག་ནས་བྱོན་སྙིང་དབུས་བཞུགས། །ཡེ་ཤེས་བདུད་རྩིའི་རྒྱུན་བབས་བདག་ལུས་གང་། །བདེ་ཆེན་འོད་ཞུ་བདག་གི་སྒོ་གསུམ་དང་། །གསང་བ་གསུམ་པོ་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་གུས་ཀྱི་རང་སོ་མ་ཉམས་པའི་བཟོ་མེད་ལྷུག་པའི་རང་ངོ་ཅི་གནས་སུ་བསྐྱངས་ལ་མཐར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་དང་། དགེ་བ་འདི་ཡིས༴ དཔལ་ལྡན་བླ་མ་སོགས་བསྔོ་སྨོན་རྣམ་པར་དག་པའང་བྱའོ། །གཉིས་པ་རྫོགས་ཆེན་སྒོས་ཀྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་རྣམས་ནི་ཁྲིད་ཡིག་གི་དཀྱུས་ལྟར་ལ། ཁྱད་པར་བླ་མའི་རྣལ་འབྱོར་ནི། རང་ལུས་སྣང་སྟོང་འོད་ཀྱི་རང་བཞིན་ནང་། རྩ་གསུམ་འཁོར་ལོ་ལྔ་པོ་སྒྲིབ་བྲལ་དབུས། སྤྱི་བོར་བུདྡྷ་ཐོད་ཕྲེང་ཡབ་ཡུམ་དཀར། །མགྲིན་པར་པདྨ་ཐོད་ཕྲེང་ཡབ་ཡུམ་དམར། །སྙིང་གར་བཛྲ་ཐོད་ཕྲེང་ཡབ་ཡུམ་མཐིང་། །ལྟེ་བར་རཏྣ་ཐོད་ཕྲེང་ཡབ་ཡུམ་སེར། །གསང་བར་ཀརྨ་ཐོད་ཕྲེང་ཡབ་ཡུམ་ལྗང་། །འཁོར་ལོ་པདྨ་རིན་ཆེན་རྡོ་རྗེ་དང་། །རྒྱ་གྲམ་དྲིལ་འཛིན་འཁོར་ལོས་སྒྱུར་བའི་ཆས། །པད་ཟླའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས། །འཇའ་ཚོན་འོད་ཟེར་ཐིག་ལེ་ཐིག་ཕྲན་འཁྲིགས། །གདོད་ནས་རང་གསལ་ལྷུན་གྲུབ་ཆེན་པོ་ཡི། །འོད་ཀྱིས་བསྐུལ་བས་ཨོ་རྒྱན་ཐོད་ཕྲེང་རྩལ། །དབྱིངས་ནས་སྤྱན་དྲངས་མདུན་མཁར་བཞུགས་པར་གྱུར། ཚིག་བདུན་གསོལ་འདེབས་ལན་གསུམ་གྱིས་བྱིན་དབབ། ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཕྱི་ནང་གསང་མཆོད་ཡིད་ཀྱིས་འབུལ་ལ། ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ། ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཞེས་སོགས་གནས་ལུགས་རྟོགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མཐར། བླ་མའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན། །ལྔ་ལྡན་འཇའ་འོད་རྣམ་པ་ལྷུག་ལྷུག་བབ། །རང་ལུས་འཁོར་ལོ་སོ་སོའི་ལྷ་ལ་ཐིམ། །འོད་གསལ་ཡེ་ཤེས་ཆེན་པོ་རྒྱུད་ལ་འཕོས། །ཕྱི་ནང་བླ་མ་འཁོར་ལོ་སོ་སོར་ཐིམ། །སྟོང་གསལ་ངོས་བཟུང་བྲལ་བའི་རང་རིག་པ། །སྐུ་གསུམ་དབྱེར་མེད་བླ་མ་པད་འབྱུང་ངོ་། །ཞེས་མཉམ་པར་གཞག་གོ །ནང་གི་རུ་ཤན་དབྱེ་བ་རིགས་དྲུག་གནས་སྦྱོང་དཀྱུས་སུ་བསྟན་པ་དེས་ཀྱང་འཐུས་མོད། ཁྱད་པར་བའི་ཉམས་ལེན་འདི་ཉིད་གཞུང་ཁྲིད་མ་རྫོགས་པའམ་རྒྱུན་དུ་ཉམས་ལེན་ལྟ་བུར་བྱས་ཀྱང་ཤིན་ཏུ་ཟབ་ཅིང་ལེགས་པས་འདི་ལྟར། རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །ལུས་ནང་དབུ་མར་ཧཱུྃ་མཐིང་རོ་མར་ཨཱཿ དམར་གསལ་རྐྱང་མར་ཨོཾ་དཀར་འོད་ཟེར་འབར། །རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་བཞུགས། །སྤྱི་བོར་ཨ་དཀར་མགྲིན་པར་སུ་སེར་པོ། །སྙིང་གར་ཎི་ལྗང་ལྟེ་བར་ཏྲི་མཐིང་ག །གསང་བར་པྲེ་དམར་རྐང་མཐིལ་དུ་དུད་ཀ །རིགས་དྲུག་སྐྱེ་འགྱུར་ལས་དང་བག་ཆགས་ཀུན། །ས་བོན་དྲུག་ལ་འུབས་ཀྱིས་འདུས་པ་ལ། །འབྲུ་གསུམ་དག་པ་ཡེ་ཤེས་མེ་ཕུང་གིས། །རིགས་དྲུག་ས་བོན་ཐུལ་གྱིས་བསྲེགས་པར་གྱུར། །ཨོཾ་ཨཱཿཧཱུྃ་མ་མ་ཀོ་ལིཾ་ས་མནྟ། ཞེས་པ་ངག་བཅད་བདུན་འབུམ་བཟླ། མཐར། ཕཊ། དྲུག་བརྗོད་པས་འབྲུ་གསུམ་ལས་ཡེ་ཤེས་ཀྱི་རླུང་བྱུང་བསྲེགས་པའི་ཐལ་བ་འོག་སྒོར་བུན་བུན་གཏོར་བར་བསམ། དེ་ནས། འབྲུ་གསུམ་མཐའ་རུ་ཡིག་བརྒྱའི་སྔགས་ཕྲེང་ནི། །དཀར་དམར་མཐིང་གསུམ་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་དྲི་མ་ཆ་ཤས་བཅས་ཏེ་བཀྲུས། །རང་ལུས་དྲི་མེད་ཤེལ་གོང་འཇའ་ཚོན་ལྟར། །རང་བྱུང་གདོད་མའི་སངས་རྒྱས་ཉིད་དུ་གྱུར། །ཅེས་པའི་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཚུངས་པར་འབྱུང་ངོ་། །མདོར་ན་རིགས་དྲུག་གི་གནས་བདེ་བླག་ཏུ་སྦྱོང་བ་དང་། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་ཚད་མེད་པ་རྒྱུད་ལས་གསུངས་པས་ནན་ཏན་དུ་བྱའོ། །འདིས་ཀྱང་ལམ་ཟབ་ཕྲིན་ལས་རྒྱུན། །ཐུབ་བསྟན་ཇི་སྲིད་དར་ཞིང་རྒྱས། །ལུས་ཅན་མཐའ་དག་ཆོས་འདི་ཡི། །གདུལ་བྱར་གྱུར་ནས་རྣམ་གྲོལ་ཤོག །ཅེས་པའང་ཟབ་མོའི་གནས་ལ་འདུན་པ་བླ་མ་ཀརྨ་བཀྲ་ཤིས་དགེ་ལེགས་དང་ཀརྨ་བསོད་ནམས་ཟུང་གིས་བསྐུལ་ངོར། པདྨའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

དབང་གི་ལྷ་མོ་དབྱུག་གུ་མཆེད་གསུམ་གྱི་སྒྲུབ་པའི་བསྙེན་ཡིག་མན་ངག་གནད་ཀྱི་ཡིག་ཆུང་ཟབ་གསང་ཡིད་བཞིན་མཛོད་ཀྱི་ལྡེའུ་མིག་ (Volume 51, Text 26)

དབང་གི་ལྷ་མོ་དབྱུག་གུ་མཆེད་གསུམ་གྱི་སྒྲུབ་པའི་བསྙེན་ཡིག་མན་ངག་གནད་ཀྱི་ཡིག་ཆུང་ཟབ་གསང་ཡིད་བཞིན་མཛོད་ཀྱི་ལྡེའུ་མིག་བཞུགས་སོ། །ན་མོ་གུ་རུ་སརྦ་སིདྡྷི་ཧྲཱིཿ དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་འདི་ཉིད། ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཅིང་། བསྟན་འགྲོའི་དོན་ཆེན་སེམས་པ་དང་། དམ་ཆོས་ཚུལ་བཞིན་སྒྲུབ་པའི་ཆ་རྐྱེན་གྱི་སྤྱོད་ཡུལ་ཏེ། ཐོག་མར་བླ་མ་མཚན་ལྡན་དམ་པའི་དྲུང་ནས་སྨིན་གྲོལ་ལེགས་པར་ནོད་ནས། སྒྲུབ་གནས་ཕུན་སུམ་ཚོགས་པར་དཀར་ཕྱོགས་གཟའ་སྐར་བཟང་པོར་དབུ་བརྩམ་སྟེ། ལྷ་མོ་གསུམ་གྱི་བྲིས་སྐུ་དང་རྟེན་རྫས་སོགས་མན་ངག་ལས་བྱུང་བ་ལྟར་དང་། མཆོད་གཏོར་སྒྲུབ་རྫས་སོགས་ལེགས་པར་འདུ་བགྱིས་ནས། དཀར་ཕྱོགས་ལ་གཏོར་མ་འབུལ་ཕྲིན་ལས་བཅོལ། དམ་སྲི་སྒབ་འདྲེ་འབྱུང་པོ་ནག་ཕྱོགས་ལ་གླུད་གཏོར་ཚིམས་པར་བཏང་ནས་དྲག་ཏུ་བསྐྲད། སྲུང་འཁོར་བསྒོམ། མཚམས་དམ་པར་བཅད་ལ། སྐྱབས་སེམས་བྱ། ཁྱད་པར་དུ་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་འདི་ཉིད་བླ་མ་དཀོན་མཆོག་ལ་མཆོད་བསྟོད། བསྙེན་བཀུར། སེམས་ཅན་ལ་སྦྱིན་གཏོང་། བདག་གིས་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་དུ་བསྒྲུབས་ནས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱ་སྙམ་པའི་སེམས་བསྐྱེད་གལ་ཆེ་ཞིང་། བདག་བསྐྱེད་ཕྱག་རྡོར་རམ། ཛཾ་དཀར་ཡིན་ན་དེའི་ལས་བྱེད་མཁའ་འགྲོ་གསུམ་ཡིན་པས་ཟབ་ཕྱིར་གང་ཡིན་གྱི་བདག་བསྐྱེད་བཟླས་པ་བཅས་གྲུབ་ཟིན་ནས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཆོ་ག་གཞུང་བསྲང་ལ་འདོན་སྒོམ་མ་འཛོལ་བར་སྦྲགས་བཞིན་ལ། བསྙེན་པའི་སྐབས་སུ་བབས་ཚེ། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ། ཟས་སྟེར་ལྷ་མོ་དམར་མོའི་ཐུགས་ཀར་ཧ་དཀར་པོ། གོས་སྟེར་མ་ལྗང་མོའི་ཐུགས་ཀར་རི་སེར་པོ། ནོར་གཏེར་མ་སྔོན་མོའི་ཐུགས་ཀར་ནི་དམར་པོ་གནས་པའི་མཐར། རང་རང་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཨོ་རྒྱན་ཡུལ་དང་། མཁའ་སྤྱོད་དག་པའི་ཞིང་ཁམས། རྒྱ་གར་ཡུལ་གྱི་དུར་ཁྲོད་ནགས་ཚལ། ཤིང་དྲུང་སོགས་རང་བཞིན་གང་དུ་བཞུགས་པའི་གནས་ནས་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས་མདུན་བསྐྱེད་ལ་ཐིམ་པར་བསམ་ལ་སྔགས་བཟླ་འོ། །དེ་ནས་རང་ལྷར་གསལ་བའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་རྒྱུད་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ནས་ཅི་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་ཁས་བླངས་དམ་བཅས་པར་བསྒོམ་ལ་བཟླ་འོ། །སླར་ཡང་བདག་ཉིད་ལྷའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྟེང་འོག་ཕྱོགས་མཚམས་སྟོང་གསུམ་འཁོར་འདས་ཐམས་ཅད་ཁྱབ་པས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས། བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་རབ་འབྱམས། གནས་ཡུལ་དཔའ་བོ་མཁའ་འགྲོ། དམ་ཅན་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་དཀར་ཕྱོགས་ལྷ་ཀླུ་གཞི་བདག །འཇིག་རྟེན་དྲེགས་པའི་སྡེ་དཔོན། ཕྱོགས་སྐྱོང་བཅུ། ལྷ་བརྒྱད། ཀླུ་བརྒྱད། གཟའ་བརྒྱད། གནོད་སྦྱིན་ནོར་ལྷ་བརྒྱད་ལ་སོགས་པ་རྣམས་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་། སྟོང་གསུམ་ཁམས་གསུམ་གྱི་ཚེ་དང་བསོད་ནམས་སྟོབས་དང་མངའ་ཐང་ནོར་དང་ལོངས་སྤྱོད་ཐམས་ཅད་འོད་ཟེར་གྱི་ངོ་བོར་བསྡུས་ནས། ནོར་བདག་ལྷ་མོ་གསུམ་ལ་ཐིམ་ཞིང་། ལྷ་མོ་གསུམ་གྱི་སྐུ་དང་ཞལ་ཕྱག་ན་བཟའི་སུལ་རྣམས་ནས་གང་འདོད་དངོས་གྲུབ་ཀྱི་ཆར་བབས་པས་བདག་གི་གནས་ཁང་ཐམས་ཅད་དངོས་གྲུབ་ཀྱི་རི་ལྟར་སྤུངས་ཤིང་མཚོ་ལྟར་འཁྱིལ་ནས་ཁེངས་པར་བསྒོམས་ལ་ནན་ཏན་དུ་བསྐུལ་ལོ། །སླར་ཡང་ལྷ་མོ་གསུམ་གྱི་སྐུ་ལས་རང་འདྲ་བའམ། ལྷ་མོ་དམར་མོ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ལྷ་ཀླུ་མི་གསུམ་གྱི་རྒྱལ་པོ་དྲག་རྩལ་མཐུ་སྟོབས་ཅན་རྣམས་དང་། འཇིག་རྟེན་ཁམས་ཀྱི་བླ་མ་དགེ་བཤེས་རྒྱལ་བློན་བཙུན་མོ་སྐྱེས་པ་བུད་མེད་བན་བོན་སྔགས་པ། རིག་གནས་མཁན་སོགས་གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱི། ཕོ་རིགས་རྣམས་ཀྱི་སྙིང་དཀར་ནག་མཚམས་ནས་ལྕགས་ཀྱུས་བཏབ། མོ་རིགས་རྣམས་ཀྱི་གསང་བའི་པདྨའི་ཟེའུ་འབྲུ་ལ་བཏབ་ནས་རང་དབང་མེད་པར་བདག་གི་མདུན་དུ་བཀུག་ནས་དབང་དུ་བསྡུས་པས། དེ་དག་ཐམས་ཅད་བདག་ལ་བླ་མའི་འདུ་ཤེས་ཀྱིས་གུས་པ་དང་། རྒྱལ་པོའི་འདུ་ཤེས་ཀྱིས་སྐྲག་པ་དང་། ཕ་མའི་འདུ་ཤེས་ཀྱིས་བྱམས་པ་དང་། སྤུན་དང་གྲོགས་ཀྱི་འདུ་ཤེས་ཀྱིས་བརྩེ་བའི་སེམས་ཀྱིས་བདག་གི་དབང་དུ་འདུས་པར་བསམ་ལ་སྔགས་བཟླ་བ་གལ་ཆེའོ། །དེ་ལྟར་ཐུན་བཞི་སོགས་གང་བྱེད་ཀྱང་ཐུན་མཚམས་སུ་གཏོར་མ་འབུལ་ཕྲིན་ལས་བཅོལ། བཟོད་གསོལ་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་སོགས་གསུམ་གསུམ་བརྗོད་ཅིང་བསྔོ་སྨོན་བྱའོ། །དེ་ལྟར་དངོས་གཞི་སྒྲུབ་པ་རབ་ཞག་ཉེར་གཅིག་གམ། འབྲིང་བདུན་གཉིས། ཐ་མ་བདུན་སོགས་གྲུབ་ནས། ལས་སྦྱོར་གུད་སྦས་ཙཀྲ་ཆེན་མོ་དང་། སྲོག་འཁོར་སོགས་ཙཀྲ་ནོར་བུ་སྣ་ཚོགས་མདོག་གང་སྒྲུབ་ཀྱང་གཞུང་ལག་ལེན་ཇི་ལྟ་བར། ཙཀྲ་ལྷར་གསལ་བའི་བསྐྱེད་བསྟིམ་ལེགས་པར་བགྱི་ཞིང་། སྒྲུབ་གཞུང་ལྟར་གོང་བཞིན་བསྒྲུབས་ནས། སྔགས་དམིགས་ནན་ཏན་བྱ། བསྙེན་སྒྲུབ་སྔགས་ཀྱི་མཚམས་སུ་ཙཀྲ་སྒྲུབ་པའི་སོ་སོའི་སྔགས་བསྙེན་བྱ་ཞིང་། དམིགས་པའི་བྱེ་བྲག་ཅུང་ཟད་ཞལ་ལས་ཤེས་སོ། །ཐུན་མཚམས་གཏོར་འབུལ། ཕྲིན་བཅོལ། གནད་བསྐུལ་སོགས་གཏང་བར་བྱའོ། །དེ་ལྟར་ལས་སྦྱོར་ཞག་བདུན་ནམ་གསུམ་གང་ཡང་བསྒྲུབས་ནས་རབ་གནས་བརྟན་བཞུགས་ལེགས་པར་བྱའོ། །དེ་ལྟར་སྒྲུབ་ཚེ་བར་ཆད་ཀྱི་ལྟས་བྱུང་ན་འགོང་པོ་བཀར་བསྐྲད་གང་རིགས་དང་། ཟབ་མདོའི་བདུད་ཟློག་དང་། སེང་གདོང་མའི་ཐལ་རྡེབ་ཆོ་གས་སྐབས་སུ་གཟིར་བ་མན་ངག་གོ །དེ་ལྟར་གྲུབ་ནས་དོན་གལ་ཆེ་བའི་དངོས་གྲུབ་ཞུ་དགོས་ཀྱི་སྐབས་སུ། གསོལ་ཀ་སྔགས་དམིགས། གཏོར་འབུལ་ཕྲིན་བཅོལ་ཙམ་བྱས་ནའང་འདོད་པའི་དངོས་གྲུབ་འབྱུང་བ་ཡིད་བཞིན་ནོར་བུ་བས་ལྷག་པ་ཡིན་ནོ། །དེ་ལྟར་ཀུན་འཁྱིལ་མའི་དྲིལ་སྒྲུབ་ཀྱི་ཟིན་བྲིས་བསྙེན་ཡིག་ཟབ་གསང་ཡིད་བཞིན་མཛོད་ཀྱི་ལྡེའུ་མིག་ཅེས་པ་འདི་ཡང་། རང་འདོད་སྦྱིན་ཆུ་མ་ཡིན་པར། མཚུངས་མེད་དཔལ་ལྡན་བླ་མ་རིན་པོ་ཆེའི་ཞལ་གྱི་མན་ངག་ཇི་ལྟར་སྙན་བརྒྱུད་ཡི་གེར་བཀོད་པ་སྟེ། པདྨ་རབ་དགའ་འདི་ཡི་སྒྲུབ་པ་ལ་ཞུགས་སྐབས་ཕན་ཕྱིར་བྲིས་པ། དམ་མེད་ལག་ཏུ་སོང་ན་ཤ་ཟ་ཌཱ་ཀིས་བཀའ་ཆད་དྲག་པོ་ཕོབ་ཅིག །བཀའ་རྒྱ་དམ་པས་གཞན་ལ་བསྟན་ན་ནོར་བུ་མི་ལ་བྱིན་པ་དང་འདྲ་འོ། །ཞེས་ཤཱ་ས་ན་དྷཱ་ར་སཱ་ག་རས་ཤིང་རྟ་ལོ་དང་པོའི་གསར་ཚེས་ཀྱི་ཐུན་བར་གཅིག་ཏུ་བྲིས་པ་གསང་བ་བསྒྲགས་པའི་ཉེས་པ་བཤགས་ཤིང་། དགེ་བས་བདག་སོགས་སྦྱིན་པའི་ཕར་ཕྱིན་རྫོགས་པར་གྱུར་ཅིག། །།

འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་ཟིན་ཐོ་ (Volume 21, Text 26)

༄༅། །འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་ཟིན་ཐོ་བཞུགས་སོ། ། ན་མོ་གུ་རུ་བྷྱཿ འཕོ་བ་འཇག་ཚུགས་མའི་ཁྲིད་གཏེར་གཞུང་གི་ཡིག་ཆ་ལྟར་ཆོས་གྲྭ་ཆེན་པོ་གངས་དཀར་རྡོ་རྗེ་གདན་གྱི་བླ་མ་སློབ་དཔོན་རིན་པོ་ཆེའི་ཕྱག་བཞེས་ལྟར་ན། གདམས་པ་འདི་སྟོན་པའི་ཚེ། ཕག་མོ་གང་རུང་གི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བར་ཚོགས་མཆོད་བྱས་ནས་དམིགས་པ་འབོགས་རྗེས་ལྷག་མ་སོགས་དཀྱུས་ལྟར་བྱ། དེ་ནས་ཐུན་བཞིའི་རིམ་པས། སྐྱབས་འགྲོ །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི་འོ། །སོགས་ཅི་ནུས་དང་། སེམས་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། ཨོཾ་སྭ་བྷཱ་ཝ་སོགས་ནས་དཀྱུས་ལྟར་ལ། འཕར་ལ་ཁད་འཕུར་ལ་ཁད་པ་གཅིག་གསལ་བཏབ༔ ཞེས་པའི་བར་གསལ་གདབ། གསོལ་འདེབས་ཚར་གསུམ། ཧིཀ་ཅེས་ཐིག་ལེ་སྤར་བ་སོགས་དཀྱུས་ལྟར་ལན་ཉེར་གཅིག །གསོལ་འདེབས་ཚར་གསུམ། ཐིག་ལེ་འགྲོ་ལྡོག་ཉེར་གཅིག །ཡང་གསོལ་འདེབས་ཚར་གསུམ། ཐིག་ལེ་འགྲོ་ལྡོག་ཚར་ཉེར་གཅིག །མཐར་གསོལ་འདེབས་ཚར་གཅིག་མཐར། འོད་དཔག་མེད་རང་ལ་བསྟིམ། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག །བསྔོ་སྨོན་བཀྲ་ཤིས་གང་འོས་བྱ། དེ་ལྟར་ཞག་གསུམ། ལྔ། བདུན་སོགས་ཐུན་བཞིར་འབད་པས་སྤྱི་བོ་ཟ་བ་དང་། སྐྲངས་པ་དང་། ཆུ་སེར་འཛག་པ། འཇག་མ་ཟུག་སྙམ་སོགས་རྟགས་བྱུང་བའི་ཚེ། ཚེ་སྒྲུབ་ཀྱི་དམིགས་པ་དཀྱུས་ལྟར་ཐུན་གསུམ་ཙམ་བྱ། གཞན་ལ་འདེབས་ན། ངོ་སྤྲོད་དང་། ལྟུང་བཤགས་སོགས་ཆོས་སྤྱོད་གང་འོས། འཕོ་དམིགས་འབོགས་ཏེ། ཐོག་མར་ཚར་ཆ་ཤས་རང་དང་ཚེ་འདས་དབྱེར་མེད་དུ་སྦྱང་། ལས་སྦྱོར་དངོས་ཀྱི་ཚེ། ཚེ་འདས་ལྷར་གསལ་བའི་རྣམ་ཤེས་སྤར་བ་སོགས་དཀྱུས་ལྟར་དང་། བསྔོ་སྨོན་བྱའོ། །འདིའི་བརྒྱུད་པ་ནི། སངས་རྒྱས་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒྷ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། མངའ་རིས་གྲུབ་ཆེན་འོད་གསལ་མཆོག་ལྡན། བླ་ཆེན་ཆོས་རྒྱལ་རྡོ་རྗེ། པདྨ་ཕུན་ཚོགས་བཤེས་གཉེན། གཙང་པ་གྲུབ་ཐོབ་མི་བསྐྱོད་རྡོ་རྗེ། སྐྱོ་སྟོན་པདྨ་ཕྲིན་ལས། རྗེ་དཀོན་མཆོག་རྒྱལ་པོ། རྨོར་དགོན་བླ་མ་འཇུན་པ་རྗེ་དྲུང་། གོང་ཆོས་མཁན་ཆེན་སྐལ་བཟང་དགེ་ལེགས། མཚུངས་མེད་དཀོན་མཆོག་སྦྱིན་པ། བྱང་འདྲེན་ཆེན་མོ་ཀུན་བཟང་དབང་འདུས། འབྲས་གླིང་པ་སློབ་དཔོན་དགེ་འདུན་རབ་རྒྱས། དེས་བདག་ལའོ། །ཡང་ན། བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ནས། ཆོས་རྗེ་ངག་དབང་ཕུན་ཚོགས། གྲུབ་མཆོག་དཔག་བསམ་ཡེ་ཤེས། རྣལ་འབྱོར་རང་རིག་རྡོ་རྗེ། འཁྲུལ་ཞིག་ཏིང་འཛིན་ཡོངས་འདུས། བླ་མ་པདྨ་དཀར་པོ། དགེ་སློང་པདྨ་ཆོས་རྒྱལ། མཚུངས་མེད་བློ་བཟང་བཀྲ་ཤིས། བླ་མ་འཇུན་པ་རྗེ་དྲུང་མན་འདྲ་ཞིང་། བརྒྱུད་འདེབས་སྐབས་བརྒྱུད་པ་ཕྱི་མ་འདི་བཞིན་མཛད་སྣང་ངོ་། །མངྒ་ལཾ།། །།

དགའ་རབ་རྡོ་རྗེའི་སྙིང་ཐིག་ལས། ཡི་དམ་ཁྲོ་བོའི་སྒྲུབ་པའི་དབང་གི་ཆོ་ག་རྡོ་རྗེ་བདུད་རྩིའི་རྒྱུན་འབེབ་ (Volume 58, Text 26)

༄༅། །དགའ་རབ་རྡོ་རྗེའི་སྙིང་ཐིག་ལས། ཡི་དམ་ཁྲོ་བོའི་སྒྲུབ་པའི་དབང་གི་ཆོ་ག་རྡོ་རྗེ་བདུད་རྩིའི་རྒྱུན་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སངས་རྒྱས་ཡེ་ཤེས་འདུས་པའི་དབྱིག །ཡང་དག་སྒྲུབ་པའི་བདུད་རྩི་ཡིས། །བྱང་ཆུབ་སྲོག་སྒྲུབ་འདི་ཤེས་བྱ། །དཔལ་ཡང་དག་སྒྲུབ་པའི་ཐབས་རྒྱ་མཚོའི་སྙིང་པོའི་བཅུད་དུ་ཕྱུང་པ་འདིའི་སྨིན་བྱེད་སྒྲུབ་པ་ལ། སྦྱོར་བ་གནས་ཁང་གི་དབུས་སུ་སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བཀྲམ་པ། མ་འཛོམས་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་དབུས་སུ་ཁྲིའུའི་ཁར་རྣམ་རྒྱལ་བུམ་པ་བཅུད་ལྡན། དེ་སྟེང་འཕྲུལ་སྟེགས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བར་ཐོད་སྐུ་དར་གྱི་ན་བཟས་བཀླུབས་པ་བཞག་པའི་མཐའ་སྐོར་དུ་སྔགས་བྱང་དང་ཕྲེང་བ། རྡོ་རྗེ་དྲིལ་བུ། གཡས་སུ་ཐོད་པའི་ནང་དུ་མར་མེ་དགུ། གཡོན་དུ་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པས་བཀབ་པ། མདུན་ངོས་སུ་ཚེ་འབྲང་དང་ཚེ་རིལ་ཆང་། རྒྱབ་ཕྱོགས་སུ་སྨན་གཏོར་རཀྟ། མཐའ་སྐོར་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ་མམ་བསང་ཆུ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་ཀྱིས་ཐོག་དྲངས། བསང་ཆུ་བྱིན་རླབས། སྔོན་གཏོར་ནས་བརྩམ་ཞི་བའི་ལས་བྱང་བདེ་ཆེན་མྱུར་ལམ་ཉིད་མཐར་ཆགས་སུ་གཏང་བ་ལས། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྐབས་ཁྲོ་བོའི་སྒྲུབ་ཐབས་གཏེར་གཞུང་ལྟར། ཧཱུྃ༔ ཡང་དག་གྲུབ་པ་དེ་བཞིན་ཉིད༔ སོགས་ནས། མཎྜལ་ཨཱཿཧཱུྃ༔ བར་སྦྱར། དེ་ནས་ཡང་ལས་བྱང་ལྟར། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ཞེས་སོགས་ལ་འཇུག་སྟེ་སྨན་གྱི་བརྒྱུད་མཆོད་སྐབས། དཀྱིལ་འཁོར་གཙོ་མཆོག་དཔལ་ཆེན་ཧེ་རུ་ཀཿ གཽ་རཱི་མ་བརྒྱད་སྤྲུལ་འཁོར་བཅས་པ་ལ། ཞེས་དང་། སྣོད་བཅུད་ཡོངས་རྫོགས་འབར་བ་ཁྲོ་བོའི་ལྷ། །ཞེས་བསྒྱུར། བསྟོད་པ་ནས་ཛཔ྄་བསྐུལ་བར་བཏང་ལ། ཛཔ྄་བཟླས་པའི་སྐབས་ཁྲོ་སྒྲུབ་ལྟར། རང་གི་ཐུགས་ཀར་པད་ཉིའི་སྟེང༔ ཞེས་སོགས་ཀྱི་དགོངས་པ་དང་ལྡན་པས་བདག་མདུན་གཉིས་ཀར་དམིགས་ལ་བཟླས་པ་ཅི་འགྲུབ་དང་། མཐར་བདེ་ཆེན་དམིགས་བཟླས་ཡང་བྱ། དེ་ནས། འཆི་མེད་གཉུག་མ་ཧེ་རུ་ཀ༔ སོགས་ཚེ་སྒྲུབ་ཀྱི་དམིགས་བཟླས་བྱ་ཞིང་ཚེ་འབྲང་སོགས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བྱ། མཐར་ཁ་སྐོང་དང་། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་སོགས་ཀྱིས་མཆོད། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བ། །དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཅིང་ཡིག་བརྒྱ་བརྗོད། སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་གཏང་། སྤྲོ་ན་སྐོང་ཆོག་རྒྱས་བསྡུས་གང་འགྲུབ་བྱ། མི་ལྕོགས་ན་ཆད་སྐྱོན་མེད། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པ་གནང་བ་ཞུའོ། །དེ་ནས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་ལ་བསྐྲད་ཅིང་མཚམས་གཅད། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་ཞི་བའི་དབང་གི་སྐབས་ལྟར་ལ། གཤམ། གདམས་སྐོར་གཉིས་སུ་བཞུགས་པ་ལས། འདིར་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་དཔལ་ཆེན་ཁྲོ་བོ་ཡང་དག་ཧེ་རུ་ཀའི་སྨིན་བྱེད་ཀྱི་སྙིང་པོ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་ཡི་དམ་དབྱེར་མ་མཆིས་པ་ལ་དད་མོས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཧེ་རུ་ཀ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་དཔལ་ཧེ་རུ་ཀ་དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། དབྱིངས་དང་རིག་པ་ཟུང་དུ་འཇུག་པ་གསུམ་པོ་རང་བྱུང་གདོད་མའི་དཀོན་མཆོག་གསུམ་དུ་བཞུགས་པ་ལ་དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་འདིའི་རྗེས་ཟློས། དབྱིངས་ཉིད་རྣམ་དག་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་གྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་སྨོན་པ་དང་དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པར་འདོད་པ་ཀུན་རྫོབ་དང་། དོན་དམ་བྱང་སེམས་གནས་ལུགས་གཉུག་མའི་རང་བཞིན་ཤེས་པས་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་དམིགས་འདུན་དང་། དོན་དམ་རང་བྱུང་རང་གསལ་གྱི་དགོངས་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས་ལན་གསུམ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་དང་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་པ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་དབང་གི་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་མཛོད། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཆེན་ཧེ་རུ་ཀ་སྐུ་མདོག་མཐིང་ནག །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས་པ། གར་གྱི་ཉམས་དགུ་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་གྲི་ཐོད་འཛིན་པས་འཁྱུད་པ། ཞབས་བཞི་གྱད་ཆེན་པོའི་འདོར་ཐབས་ཀྱིས་པད་ཉི་དྲེགས་པ་ཕོ་མོའི་གདན་ལ་འགྱིང་ཞིང་ཡེ་ཤེས་ཀྱི་མེ་འོད་འབར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའི་ཁམས་གང་བར་འཕྲོས་པས། འོག་མིན་གྱི་གནས་ནས་བདེ་གཤེགས་རྒྱལ་བ་ཞི་ཁྲོ་མ་ལུས་པ་ཐམས་ཅད་དཔལ་ཆེན་ཡང་དག་ཧེ་རུ་ཀའི་རྣམ་པར་བཞེངས་ཏེ་ཆར་ཆེན་པོ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿ བཏགས་པ་བརྗོད་ལ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་གཞི་ལ་བུམ་གསང་ཤེར་ཡེ་དོན་དམ་ངོ་སྤྲོད་བཞི་མཐའ་རྒྱས་བཅས་ཡོད་པ་ལས། དང་པོ་བུམ་པའི་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་སྤྱན་དྲངས་པ་རྣམས་ཀྱིས་དབང་གི་ཕྲིན་ལས་མཛད་ཅིང་། རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ༔ ལྷ་ཡི་ཆུ་ནི་རྣམ་དག་པ༔ རྡོ་རྗེ་གསང་བ་གསུམ་ལས་བྱུང༔ རིག་པའི་ལྷ་མོའི་ཚོགས་བཅས་པས༔ རང་བཞིན་གཅིག་ཏུ་དབང་བསྐུར་རོ༔ རུ་ལུའི་སྔགས་མཐར། སརྦ་ཏ་ཐཱ་ག་ཏཱ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་མཾ༔ དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་སྦྱིན་པ་ལ་དང་པོ་སྐུ་ཕྱག་རྒྱའི་དབང་གི་སླད་དུ་མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་གཟུགས་སྣང་ལྷ་རུ་ཤར་བའི་དབང་ཐོབ་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལ། ཨོཾ༔ མཚན་ལྡན་རྡོ་རྗེ་ཀ་པཱ་ལར༔ ཧེ་རུ་ཀ་དཔལ་ཕྱག་རྒྱས་མཚན༔ གཟི་བྱིན་འབར་བའི་དབང་བསྐུར་པས༔ སྣང་བ་ལྷ་རུ་འཆར་བར་ཤོག༔ ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨོཾ༔ དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དཔལ་ཧེ་རུ་ཀའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ནག་རྡོར་དྲིལ་འཛིན་ཅིང་ཡུམ་དང་བཅས་པ། དེའི་ཐུགས་དབུས་ཧཱུྃ་ཡིག་མཐིང་ནག་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་ལྷར་གསལ་བའི་ཞལ་དང་། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་བརྒྱུད། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད། འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་འབར་བར་མོས་ལ་སྔགས་འདིའི་རྗེས་ཟློས། རུ་ལུ་ལན་གསུམ། སྔགས་ཕྲེང་མགྲིན་པར་བཞག་པས་གསུང་གི་ནུས་མཐུ་བརྟན་ཅིང་སྒྲ་གྲགས་ཐམས་ཅད་སྔགས་སུ་སྨིན་པར་མོས་ཤིག །ཨཱ༔ བརྗོད་དུ་མེད་པའི་ངང་ཉིད་ལས༔ བརྗོད་པ་རུ་ལུ་འབྲུ་བརྒྱད་བྱུང༔ ཡེ་ཤེས་སྙིང་པོའི་དབང་བསྐུར་པས༔ སྒྲ་གྲགས་སྔགས་སུ་སྨིན་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་སྒྲ་གྲགས་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་སླད་དུ། དབྱིངས་སྟོང་པ་ཉིད་མཚོན་པའི་ཐབས་མཆོག་རྡོ་རྗེ་དང་། རིག་པ་གསལ་ལ་མ་འགགས་པ་ཤེས་རབ་དྲིལ་བུའི་སྒྲས་མཚོན་ཏེ། དེ་གཉིས་ཟུང་དུ་འབྲེལ་བ་སྙིང་གར་བཞག་པས་གདོད་ནས་དབྱིངས་རིག་ཟུང་འཇུག་རང་ལ་གནས་པར་ངོ་འཕྲོད་ནས་རྟོག་ཚོགས་ཆོས་ཉིད་དུ་གྲོལ་བར་མོས་ཤིག །ཧཱུྃ༔ མི་ཕྱེད་སྟོང་ཉིད་རྡོ་རྗེའི་དབྱིངས༔ གསལ་བ་དྲིལ་བུའི་སྒྲས་མཚོན་ནས༔ ཟུང་འཇུག་ཆེན་པོའི་དབང་བསྐུར་པས༔ རྟོག་ཚོགས་དབྱིངས་སུ་གྲོལ་བར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་གཉིས་འཛིན་གྱི་རྟོག་ཚོགས་ཐམས་ཅད་ལ་ཆོས་ཉིད་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེས་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །ལམ་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་བདེ་བར་གཤེགས་པ་སྲས་དང་བཅས་པ་རྗེས་ཆགས་ཀྱིས་ཞུ་བའི་བྱང་སེམས། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་མགྲིན་པར་མྱང་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧོ༔ བདེ་བར་གཤེགས་པ་སྲས་དང་བཅས༔ བྱང་ཆུབ་སེམས་སུ་ཞུ་བའི་བཅུད༔ རྩ་རླུང་ཐིག་ལེར་བསྟིམས་པ་ཡིས༔ ཡང་དག་ཡེ་ཤེས་རྒྱས་པར་ཤོག༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ དེས་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་དབྱིངས་ཕྱུག་ཀྲོ་དྷཱི་ཤྭ་རཱི་མའི་ངོ་བོ་ཅན་ལག་ཏུ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས། ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་པ་དང་། མཚོན་བྱེད་མེ་ལོང་སྟོང་ཉིད་ཡུམ་གྱི་མཁའ་དབྱིངས། སིནྡྷུ་རའི་ཐིག་ལེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་བརྡར་ཤར་བས་དབང་བསྐུར་བས་བདེ་སྟོང་གཉིས་སུ་མེད་པར་རྟོགས་པའི་རང་རྩལ་རྫོགས་པར་མོས་ཤིག །རིག་ཙཀ་དང་མེ་ལོང་དཀྱིལ་འཁོར་གཏད་ལ། མཱུྃ༔ སྟོང་ཉིད་ཡུམ་གྱི་མེ་ལོང་དུ༔ བདེ་ཆེན་སིནྡྷུའི་དཀྱིལ་འཁོར་ཤར༔ གཉིས་སུ་མེད་པའི་དབང་བསྐུར་པས༔ ལྷན་ཅིག་སྐྱེས་དགའ་མངོན་གྱུར་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མཱུཾ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་བའི་སླད་དུ། ཡང་དག་གྲུབ་པ་གཅིག་པུའི་བྷཉྫའི་སྣོད་དུ་འབར་བའི་མར་མེ་དགུ་པོ་ཀློང་དགུའི་ཡེ་ཤེས་སོ་སོར་སྣང་ཡང་། ངོ་བོ་རང་རིག་ཆོས་སྐུ་འགྱུར་བ་མེད་པའི་དབྱིངས་སུ་འུབས་ཆུབ་པའི་བརྡར་ཤེས་པས་རིག་སྟོང་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །ཐོད་པའི་མར་མེ་དགུ་སྦར་བ་སྙིང་གར་བཞག་ལ། ཨ༔ ཡང་དག་གྲུབ་པ་གཅིག་པུའི་ངང༔ ཡེ་ཤེས་སྣང་བ་དགུ་རུ་འབར༔ གཏིང་གསལ་རང་རིག་ཆོས་སྐུའི་ཀློང༔ དབྱིངས་རིག་ཟུང་འཇུག་མཐར་ཕྱིན་ཤོག༔ ཨ་ཨ་ཨ་བྷི་ཥིཉྩ་ཨ༔ དེས་དབང་བཞི་པ་ཐོབ། ཤེས་བྱའི་སྒྲིབ་པ་དག །ལམ་འོད་གསལ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ལྔ་པ་མཐའ་རྟེན་བཀྲ་ཤིས་ཚེའི་དབང་གི་སླད་དུ། ཚེ་འབྲང་ཟླ་གམ་དབང་གི་ཕོ་བྲང་དུ་འཆི་མེད་གཉུག་མའི་ཧེ་རུ་ཀ་གཙོ་འཁོར་རྣམས་བཞུགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་མི་ཤིགས་གཉུག་མ་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་གྲུབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ ཟླ་གམ་དབང་ཆེན་འབར་བ་ཡི༔ བཀྲ་ཤིས་ཚེ་ཡི་བུམ་པ་རུ༔ འཁོར་འདས་དྭངས་མའི་བཅུད་དུ་བསྐྱིལ༔ འཆི་མེད་ཕྱག་རྒྱའི་དབང་བསྐུར་རོ༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ ཚེའི་སྙིང་པོའི་སྔགས་བརྗོད་ལ་ཚེ་རིལ་ཆང་སྦྱིན། མེ་ཏོག་འཐོར་ལ། དཔལ་ཧེ་རུ་ཀ་ཡི་རྡོ་རྗེ་ཚེ་ཡི་དབང་བསྐུར་པས་ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ དངོས་གྲུབ་མཐར་ཕྱིན་ནས་རིག་འཛིན་ཚེ་ཡི་འཁོར་ལོས་སྒྱུར་བར་གྱུར་ཅིག༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག༔ ཅེས་དང་ཤིས་པ་བརྗོད་པ་གང་རིགས་བྱ། དེ་རྣམས་ཀྱིས་རིག་འཛིན་དགའ་རབ་རྡོ་རྗེའི་སྙིང་ཐིག་ལས་ཡི་དམ་ཁྲོ་བོའི་དབང་བསྐུར་བགྱིས་གྲུབ་པ་ལགས་ཏེ། གཞུང་ལས། དེ་ལྟར་ཟབ་མོའི་དབང་བསྐུར་འདིས༔ ཚེ་གཅིག་གྲོལ་བ་མཆོག་ཐོབ་པའི༔ ཡེ་ཤེས་མངོན་སུམ་སྨིན་ནས་ཀྱང༔ ཧེ་རུ་ཀཿདཔལ་གདུང་འཛིན་ནོ༔ ཞེས་གསུངས་པ་ལྟར་ཕན་ཡོན་དགོས་པ་ཆེན་པོ་དང་ལྡན་པ་ཡིན་པས་སྤྲོ་བ་སྐྱེད་ལ་དམ་ཚིག་བསྲུང་བྱ་རྣམས་མདོར་བསྡུས་ཏེ་ཁས་བླངས་པ་འདིའི་རྗེས་ཟློས། ཞེས་པས་མཚམས་སྦྱར་ནས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་སོགས་དབང་གི་རྗེས་བྱ་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏོར་སྐྱོང་ནས་བཀྲ་ཤིས་ཀྱི་བར་དུ་ལས་བྱང་གི་དཀྱུས་ལྟར་བྱའོ། །འགྲོ་རྒྱུད་དྭངས་མའི་ཏི་ལ་ཀ །ཁྲག་འཐུང་ཐུགས་ཀྱི་ཡེ་ཤེས་སུ། །སད་ནས་སྒྲིབ་གསུམ་རྒྱ་དྲལ་ཏེ། །སྐུ་བཞིའི་སྣང་བ་རབ་གསལ་ཤོག །ཅེས་པའང་གཏེར་གཞུང་གི་དགོངས་པ་གསལ་ཞིང་ཕྱག་བཞེས་མི་འཁྲུལ་པའི་ཞབས་ཏོག་ཏུ་དམིགས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་དཔལ་ཆེན་པོའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ།། །།

གཏེར་གསར་ཛམ་དཀར་གྱི་གཏོར་དབང་དངོས་གྲུབ་གཏེར་གྱི་གོང་བུ་ (Volume 50, Text 26)

གཏེར་གསར་ཛམ་དཀར་གྱི་གཏོར་དབང་དངོས་གྲུབ་གཏེར་གྱི་གོང་བུ་ཞེས་བྱ་བ་བཞུགས་སོ། །ཛམ་དཀར་ཐུགས་གཏེར་གྱི་བྱིན་རླབས་སྤྲོ་ན། སྒྲུབ་གཏོར། ཚེ་རིལ་ཆང་། མདའ་དར། སྤྱི་མཆོད། བཀའ་སྲུང་གཏོང་རག །སྔོན་འགྲོ་དཀར་བགེགས་བཅས་འདུ་བྱ། ལས་གཞུང་བསྲངས་ནས་སློབ་མ་རྣམས་མདུན་དུ་འཁོད་ལ། ཁྲུས་བྱ། དཀར་བགེགས་བཏང་། སྲུང་འཁོར་བསྒོམས། ཧཱུྃ༔ རང་ཉིད་དབང་ཆེན་ཁྲོས་པ་སོགས་ནས། རཀྵ་རཾ༔བར། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབུལ་ཕོང་གི་སྡུག་བསྔལ་ལས་སྒྲོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་དུ་བྱ་བའི་ཕྱིར། སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབས་ལ་གསན་འཚལ། གང་དོན་དུ་གཉེར་བའི་ཆོས་འདི་ནི་ཨུ་རྒྱན་སངས་རྒྱས་གཉིས་པས། སྙིགས་མའི་འགྲོ་བ་རྣམས་བརྣབ་སེམས་སེར་སྣའི་འབྲས་བུ་དུཿཁ་མི་བཟད་པས་ཉམ་ཐག་པའི་སྐབས་སུ་བབས་པ་ན། ཐུགས་རྗེ་ཡེ་ཤེས་ཕྲིན་ལས་མི་ཟད་པའི་སྤྲུལ་བསྒྱུར་ཛམ་ལྷ་རིགས་ལྔའི་སྐུར་བཞེངས་ཏེ། སྒྲུབ་ཐབས་ཀྱང་མང་དུ་མཛད་ནས་རྗེ་འབངས་སོ་སོས་གཏེར་དུ་བཙས་པ་ལས། ཀུན་གྱི་ཡང་ཟབ་སྒྲུབ་ཐབས་འདི་ཉིད་སྤྲུལ་པའི་གཏེར་སྟོན་སྦས་ཚུལ་གྱིས་འགྲོ་དོན་སྐྱོང་བ་༧རིག་འཛིན་དྷརྨཱ་བཛྲ་ཞབས་ཀྱིས། ས་གཏེར་དག་སྣང་དགོངས་གཏེར་སུམ་འབྲེལ་ཚུལ་གྱིས་ཞལ་ཕྱེས་ཤིང་ཐོག་མཐའ་བར་དགེས་གཏན་ལ་ཕབ་པ་ལགས་ཤིང་། དེའང་འགྲོ་རྣམས་སྡུག་བསྔལ་ལ་སྤྱོད་པའི་རྒྱུ་མི་དགེ་བ་སྟེ། དེས་བསྐྱེད་ཀྱི་ལས་ལ་འབྲས་བུ་སྡུག་བསྔལ་འབྱུང་བའི་ནང་ཚན་ཕྱི་ནང་གི་ནོར་རྫས་ལ་ཆགས་ཤིང་། གནས་སྐབས་རྐུ་འཕྲོག་བཅོམ་པ་སོགས་མ་བྱིན་ལེན་གྱི་རྣམ་སྨིན་ལས་ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་། མིར་སྐྱེས་པ་ན་ཡང་དབུལ་ཞིང་ཕོངས་ཏེ་སྡུག་བསྔལ་གྱིས་མནར་བའི་ལུས་སུ་སྐྱེ་བར་གསུངས་པས། དེ་ལས་ལྡོག་སྟེ་བདེ་འབྱོར་ཐོབ་པར་འདོད་པས་ཚོགས་གཉིས་གསོག་པ་ལ་འབད་དགོས་ཤིང་། དཀའ་བ་མེད་པར་བསོད་ནམས་ཀྱི་གཏེར་ཆེན་པོ་ཐོབ་པར་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་མགོན་པོ་ཛམ་བྷ་ལ་བསྒྲུབས་པས་འབྱུང་ལ། དེའང་དངོས་གྲུབ་ཀྱི་རྩ་བ་གཏོར་མའི་དབང་བསྐུར་བ་སྐབས་སུ་བབས་པ་སྟེ། སློབ་དཔོན་གྱི་བྱ་བར་འོས་པ་དག་སྔོན་དུ་སོང་། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་གང་འོས་ཕུལ། ཁྱེད་རང་རྣམས་ཀྱི་མདུན་མཁར་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ལྷ་ཚོགས་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་སོགས་བདུན་རྣམ་དག་མཛད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། བླ་མ་སྐད་ཅིག་གིས་པདྨ་འབྱུང་གནས་སུ་གསལ་བ་གཞུང་བཞིན། བདག་ཉིད་པདྨ་འབྱུང་གནས་སྐུ༔ སོགས་ནས། གདོད་ནས་དམ་ཡེ་དབྱེར་མེད་གསལ༔ ཅེས་དང་། སློབ་མ་ཁྱེད་རང་རྣམས་ཐུགས་དམིགས་འདི་བཞིན་དུ་མཛོད། ཧཱུྃ་ཧྲཱི༔ རང་མདུན་གསེར་གྱི་ས་གཞིའི་སོགས་ནས། སྤྱན་འདྲེན་མཐའ་བར། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ། ཞེས་དང་། དེ་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱྭ་གཡང་དངོས་གྲུབ་མ་ལུས་པ་ཐམས་ཅད་བསྡུས་ཏེ་སློབ་མ་དང་གཡང་རྟེན་ལ་ཐིམ་པར་དམིགས་ཏེ་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྡུག་བསྔལ་སོགས་ཀྱི་ཚེ་གཡང་བཀུག །ད་གཏོར་མ་འདི་ཉིད་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ལྷ་ཚོགས་སུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་ཅིང་། ཆུ་བོའི་རྒྱུན་བཞིན་འཛད་མེད་ཀྱི་གཏེར་ལ་སྤྱོད་པར་མོས་ལ་གསོལ་བ་ཐོབས་ཤིག །ཨོཾ་ཨཿཧཱུྃ༔ སྐུ་གསུམ་བླ་མ་ཚེ་ཡི་ལྷ༔ སོགས་དང་། རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་བརྗོད་ལ་གནས་གསུམ་དུ་བསྐུར། གཡང་རྫས་ཚེ་རིལ་ཆང་སོགས་སྦྱིན་ལ། ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་སོགས་བརྗོད་ནས་བཀྲ་ཤིས་པའི་མེ་ཏོག་གི་ཆར་བསྙིལ་ཞིང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། དེ་ལྟར་བླ་མ་ནོར་ལྷའི་བྱིན་རླབས་གཏོར་མའི་དབང་ལེགས་པར་ཐོབ་པས་འདིའི་དམ་ཚིག་ཏུ། རང་ལ་དངོས་གྲུབ་གང་བྱུང་བ་བླ་མ་དང་དཀོན་མཆོག་གི་ཕྱོགས་སུ་གཏང་རག་གི་ཚུལ་དུ་མཆོད་པར་བརྩོན་པ་དང་། ངན་སློང་ལ་སྦྱིན་གཏང་སོགས་ཚོགས་གཉིས་གོང་ནས་གོང་དུ་སྤེལ་བའི་ཐབས་ཚུལ་ལ་འབད་སྙམ་པས་འདི་ཡི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། སྐུ་དྲིན་གཏང་རག་གི་ཚུལ་དུ་མཎྜལ། ས་གཞི་སྤོས་ཆུས་སོགས། དེར་ཡང་མ་ཟད་བླ་མ་ནོར་ལྷའི་ཚོགས་ལ་བྱང་ཆུབ་སྙིང་པོའི་བར་ཚོགས་གཉིས་ཀྱི་འབྲས་བུ་རྒྱ་ཆེར་སྤེལ་སླད་དུ། ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་ལྟོས་མེད་དུ་འབུལ་བའི་བློས། དེང་ནས་བརྩམ་སྟེ་བདག་སོགས་བརྗོད། དེ་ཡི་དགེ་བ་གང་མཆིས་འགྲོ་བ་སེམས་ཅན་ཐམས་ཅད་ཚོགས་གཉིས་མི་འཛད་པའི་གཏེར་ཆེན་པོ་ལ་སྤྱོད་པའི་ཕྱིར་བསྔོ་འོ་སྙམ་པས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་བརྗོད། རྒྱལ་བའི་ཕྲིན་ལས་མི་འཛད་ནམ་མཁའི་མཛོད། །ཐབས་མཁས་ཐུགས་རྗེའི་གསེར་ཁམས་ལས་བྱུང་བའི། །སྨོན་ལམ་རྟེན་འབྲེལ་ཟབ་མོའི་ལྡེའུ་མིག་གིས། །ལེགས་པར་ཕྱེས་འདི་ཀུན་ལ་འདོད་དགུའི་གཏེར། །ཞེས་པ་འདིའང་རྗེ་ཉིད་ཀྱི་ཟབ་གཏེར་གྱི་ཟུར་རྒྱན་དུ་རྟེན་འབྲེལ་གྱི་བབ་ལས་འདི་ལྟར་བྲིས་ཞེས། གཏེར་སྟོན་ཆོས་རྒྱལ་རྡོ་རྗེའི་བཀས་གནང་བ་དང་། བསྐུལ་མ་ནན་གྱིས་མཛད་པར་གཟའ་ཚེས་དགེ་བའི་ཆར་ཟླ་བཟང་སྤྲུལ་མིང་པས་འོག་མིན་ཀརྨའི་གདན་ས་ནས་བྲིས་ནས་ཕུལ་བ་ཤུ་བྷཾ།། །།

རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་ཁྲིད་རྣམས་ཀྱི་འཆད་ཐབས་མདོར་བསྡུས་ (Volume 56, Text 26)

༄༅། །རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་ཁྲིད་རྣམས་ཀྱི་འཆད་ཐབས་མདོར་བསྡུས་བཞུགས་སོ། ། ན་མོ་གུ་ར་བེ། གཞུང་འདིའི་བླ་མ་དང་སློབ་མའི་བརྟག་དཔྱད་ལེའུ་ལས་འབྱུང་བ་ལྟར་མཚན་ལྡན་དང་སྣོད་ལྡན་གྱི་རྟེན་འབྲེལ་འགྲིགས་པ་ན། བླ་མ་ལ་ཡོན་ཕུལ་ནས་སྙན་གསན་དབབ། བུམ་དབང་བསྐུར་གྲུབ་པའི་རྗེས་སུ། དེ་ནས་གྲོལ་བྱེད་གདམས་ངག་ཁྲིད་ཚུལ་ཟབ་མོ་རིམ་པར་འབོགས་པ་ཡིན་པས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་པས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །སེམས་བསྐྱེད་ཀུན་སྤྱོད་གསལ་གདབ། དེ་ལ་འདིར་ཨ་ཏི་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་པོའི་ཡང་བཅུད་༧སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་སྙིང་ཐིག་བཅུ་གསུམ་གྱི་ནང་ནས་ཁྱད་པར་འཕགས་པ་ཧཱུྃ་སྐོར་སྙིང་ཐིག་གི་ཁྲིད་སྟོན་པ་ལ་རྩ་བ་དང་ཡན་ལག་གཉིས་ཡོད། དང་པོ་རྩ་བ་ལའང་དབང་པོ་རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་གྲོལ་བར་བྱེད་པ་གསུམ་ཡོད། དེའི་དང་པོ་དབང་པོ་རབ་ཚེ་འདིར་གྲོལ་གདམས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ནི། རང་རྒྱུད་ཉམས་ལེན་ཁྲིད་ཀྱི་སྔོན་འགྲོའི་ལེའུ་ལས་འདི་ལྟར་འབྱུང་སྟེ། གསང་བའི་མན་ངག་ཉམས་སུ་བླང་བར་འདོད་ཅིང༔ སོགས་ནས། རྣམ་རྟོག་ཞི་བ་འོ༔ ཞེས་གསུངས་པ་ལྟར་གདམས་ངག་འབོགས་པའི་གནས། དེ་ལ་དགོས་པའི་ཡོ་བྱད་སོགས་ཅི་རིགས་པ་ཚོགས་པའི་དབང་དུ་བྱས། དེ་ནས་ཡིད་ཆེས་པའི་ཕྱིར༔ སོགས་ནས། ཚུལ་གྱི་ཡིད་ཆེས་པར་བྱའོ༔ ཞེས་གསུངས་པའི་ལོ་རྒྱུས་བརྒྱུད་པའི་ཚིག་ཤར་ཙམ་སྐྱོར་གྲུབ་ན་ལེགས། དེའང་རྒྱུད་ལས༔ ལོ་རྒྱུས་དབྱེ་བ་མ་བཤགས་ན༔ སོགས་ནས། བཀའ་བབ་པའི་ཡོན་ཏན་ཡོད་དོ༔ དེ་ནས་གདམས་པ་ལ་འཇུག་པའི་ཐོག་མར་རང་རྒྱུད་སྦྱོང་བྱེད་སྤྱིའི་སྔོན་འགྲོ་ལ་རྣམ་གྲངས་བདུན་ཡོད་པའི་དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཐ་མལ་པའི་སྤྱི་གཙུག་ཏུ༔ སོགས་ནས། གཉིས་པ་སེམས་བསྐྱེད་པ། གསུམ་པ་མི་རྟག་པ་བསམ་པ། བཞི་པ་ཚོགས་རྫོགས་མཎྜལ། ལྔ་པ་སྡིག་བཤགས་རྡོར་སེམས་སྒོམ་བཟླས་དང་བཅས་པ། དྲུག་པ་བླ་མའི་གསོལ་འདེབས། བདུན་པ་ཚད་མེད་བཞི་བསྒོམ་པ་རྣམས་ཚང་བ་བཤད། དེ་ནས་ཁྱད་པར་གྱི་སྔོན་འགྲོ་ལ་ལུས་ངག་ཡིད་གསུམ་ལས། དང་པོ། ལུས་ཀྱི་སྔོན་འགྲོ་ནི༔ སོགས་ལྷ། ལྷ་མ་ཡིན། མི། བྱོལ་སོང་། ཡི་དྭགས། དམྱལ་བའི་སྐྱེ་སྒོ་གཅད་པ་རྣམས་དང་། རྡོ་རྗེའི་འདུག་སྟངས་མཐར། ལུས་སྦྱངས་སེམས་ལ་ཕན་པ་ཡིན༔ ཞེས་གསུངས་སོ༔ བར་གྱི་ཁྲིད་བཏབ། གསང་དབང་ཚར་བའི་རྗེས་སུ། དེ་ནས་གཉིས་པ་ངག་གི་རུ་ཤན་དབྱེ་བ་ནི༔ སོགས་ནས། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་གཅོད་དང་སེམས་རིག་དབྱེ་བའི་མཇུག །གང་ཤར་སྒོམ་གྱི་ངོ་བོར་འདྲེས་པ་ཞིག་འབྱུང་ངོ༔ བར་གྱི་ཁྲིད་གདབ། ཤེར་དབང་གྲུབ་པའི་རྗེས། དེ་ནས་ངོ་སྤྲད་པ་ནི༔ སོགས་ནས། ངོ་སྤྲོད་དུས་སུ་ཐེབ་པར་གདབ༔ ཅེས་གསུངས་སོ༔ ཞེས་པས་ངོ་སྤྲད། ཚིག་དབང་རིན་ཆེན་སྤྱི་བླུགས་བསྐུར་བའི་རྗེས་སུ། ཁྲིད་ཀྱི་དངོས་གཞིའི་ལེའུ་ཐོད་རྒལ་ཟ་འོག་གུར་ཁྱིམ་ལྟར། གཉིས་པ་ཁྲིད་ཀྱི་དངོས་གཞི་ལ། དེ་ལྟར་གོང་དུ་གཞི་རྣལ་མ་ཁྲེགས་ཆོད་དོན་ལ་ངོ་འཕྲོད་ཅིང༔ སོགས་ནས། འདི་ནི་ཀུན་ཏུ་བཟང་པོའི་དགོངས་པ་ཉག་གཅིག་ཟང་ཐལ་དུ་སངས་རྒྱས་པ་ཞེས་བྱའོ༔ གསུམ་པ་ཁྲིད་ཀྱི་རྗེས་རིམ་ནི། དེ་ནས་སྤྲོ་ན་རྟགས་ཚད་མུ་ཏིག་ཕྲེང་བའང་སྦྱར་ཏེ། དེ་ལྟར་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞི་ཚུལ་བཞིན་ཉམས་སུ་བླངས་པའི་རྟགས་ཚད་ཀྱང་གཞུང་ལས་འདི་ལྟར་གསུངས་ཏེ། དེ་ཡང་དང་པོ་ལམ་ལ་ཞུགས་པའི་རྟགས་ཚད་དང༔ སོགས་ནས། བརྩོན་འགྲུས་ཆེན་པོས་དབེན་པར་ཉམས་སུ་བླང་བར་བྱའོ༔ བར་བརྗོད། རྩ་བའི་གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བར་བྱེད་པའི་གདམས་པའང་། གཞུང་ལས། དེ་ཡང་སྤྱིར་གང་ཟག་དབང་པོ་ཡང་རབ་ཀྱི་རྩེ་མོ་རྣམས༔ སོགས་བར་དོའི་མ་ཡིག་ལྟར་ལ། འདི་ཡང་ངོ་སྤྲོད་ཐེབས་པར་གཅེས༔ ཞེས་གསུངས་སོ༔ བར་བརྗོད། རྩ་བའི་གསུམ་པ་དབང་པོ་ཐ་མ་སྐྱེ་བ་བརྒྱུད་ནས་གྲོལ་བར་བྱེད་པའི་ཐབས་མཁའ་སྤྱོད་སོགས་དག་པའི་ཞིང་ཁམས་སུ་སྐྱེལ་བ་འཕོ་བའི་གདམས་པ་ནི། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས༔ སོགས་འཕོ་བ་དཔག་ཆེན་མདའ་མོ་ལྟར་ལ། སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད་དོ༔ དེས་རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་རྩ་བའི་ཁྲིད་དབང་པོ་རབ་འབྲིང་ཐ་གསུམ་དང་སྦྱར་བ་ཚང་བར་གྲུབ། གཉིས་པ་ཡན་ལག་རྒྱབ་སྐྱོར་གྱི་སྐོར་ལས། རིག་པའི་རྩལ་སྦྱང་བ་གཅོད་ཡུལ་སྣང་བ་ལམ་ཁྱེར། ཉམས་ལེན་གྱི་གེགས་སེལ་ཞི་བྱེད་རིན་ཆེན་ཕྲ་བཀོད། གོས་ཀྱི་ཞེན་པ་གཅོད་པ་གཏུམ་མོ་དྲན་ཆོག་མེ་འབར། གཉིད་ལམ་དུ་ཁྱེར་བ་འོད་གསལ་ཤེས་བྱ་བུམ་འཇུག་རྣམས་ཀྱང་སྦྲེལ་བས་ཁྲིད་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་པའང་བློ་གྲོས་མཐའ་ཡས་ཀྱིས་ཟིན་ཐུན་དུ་སྤེལ་བ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་གསང་བ་འདུས་པའི་སྐོང་བ་འཆི་བདག་བདུད་འཇོམས་ (Volume 6, Text 26)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་སྐོང་བ་འཆི་བདག་བདུད་འཇོམས་ཞེས་བྱ་བ་བཞུགས་སོ། ། ནིངཏགྱངྭག །སྣང་བ་མཐའ་ཡས་ཚེ་དཔག་མེད། །ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན། །པདྨ་འབྱུང་གནས་སྤྲུལ་པའི་སྐུ །སྐུ་གསུམ་མཆོག་ལ་ཕྱག་འཚལ་ལོ། །དེ་ཉིད་མཆོད་ཅིང་བསྐང་བའི་ཕྱིར། །སྐོང་བའི་རིམ་པ་འབྲི་བར་བྱ། །རང་གཞན་ཚེ་སྒྲུབ་གཏང་རག་སོགས། །གཞུང་བསྲང་ཚོགས་མཆོད་བྱིན་རླབས་བྱ། །སྤྱན་འདྲེན་སྐོང་བའི་རིམ་པ་ནི། །དབྱངས་སྙན་རོལ་མོས་འདི་སྐད་དོ། །ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་། །འགྱུར་བ་མེད་པའི་ཕོ་བྲང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཆི་མེད་ཡེ་ཤེས་ཚེ་ཡི་ལྷ། །ཚེ་བདག་རིགས་ལྔ་ཡབ་ཡུམ་དང་། །ཚེ་ཡི་ལྷ་མོ་མགྱོགས་མར་བཅས། །ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཚོགས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །དགའ་རབ་ཤྲཱི་སིཾ་ཧ་དང་། །ཨོ་རྒྱན་ཆེན་པོ་བི་མ་ལ། །ཧཱུྃ་ཀཱར་ནམ་སྙིང་ལ་སོགས་པའི། །ཚེ་ཡི་རིག་འཛིན་ཆེན་པོ་རྣམས། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དམ་ཚིག་གསང་བའི་དཀྱིལ་འཁོར་འདིར། །ཉི་ཟླ་པདྨའི་གདན་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡེ་ཤེས་ཆེན་པོ་གསང་བའི་སྐུ །ཐུགས་རྗེས་འགྲོ་བའི་དོན་མཛད་པ། །ཚེ་བདག་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཚེ་བདག་འཁོར་བཅས་ལ། །ཀུན་བཟང་མཆོད་སྤྲིན་འབུལ་བ་ནི། །ཨརྒྷཾ་བདུག་སྤོས་མེ་ཏོག་དང་། །མར་མེ་དྲི་ཆབ་ཞལ་ཟས་ཚོགས། །སྒྲ་སྙན་ལ་སོགས་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །དམ་རྫས་སྨན་གཏོར་རཀྟ་དང་། །སྦྱོར་སྒྲོལ་ལ་སོགས་མཆོད་པ་འབུལ། །ཤ་ཆང་དཀར་དམར་ལོངས་སྤྱོད་རྫས། །དར་གདུགས་རྒྱལ་མཚན་སྤྱན་གཟིགས་དང་། །རྔ་དུང་རྐང་གླིང་ཐོད་རྔའི་སྒྲ །སྙན་པའི་དབྱངས་སོགས་མཆོད་པ་འབུལ། ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧྲཱིཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་བཅོམ་ལྡན་འདས། །ཚེ་དཔག་མེད་པ་རྒྱལ་བའི་སྐུ །འོད་དཔག་མེད་པའི་ཐུགས་དམ་བསྐང་། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །གོས་དཀར་ཡུམ་དང་གཉིས་མེད་འཁྲིལ། །ལོངས་སྤྱོད་རྒྱན་རྫོགས་མཚན་དཔེས་སྤྲས། །ཚེ་དཔག་མེད་པའི་ཐུགས་དམ་བསྐང་། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ །ཚངས་དབྱངས་འགག་མེད་རྡོ་རྗེའི་གསུང། །སྤྲོས་བྲལ་འགྱུར་མེད་རྡོ་རྗེའི་ཐུགས། །འཆི་མེད་དབང་པོའི་ཐུགས་དམ་བསྐང་། །ཧྲཱིཿ ཐུགས་མཆོག་འགྱུར་མེད་ཚེ་ཡི་ལྷ། །རྡོ་རྗེ་སེམས་དཔའ་མཱ་མ་ཀི། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང། །ཡོན་ཏན་རེ་སྐོང་ཚེ་ཡི་ལྷ། །རིན་ཆེན་འབྱུང་ལྡན་སངས་རྒྱས་སྤྱན། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །སྐུ་མཆོག་འགྱུར་མེད་ཚེ་ཡི་ལྷ། །རྣམ་པར་སྣང་མཛད་དབྱིངས་ཕྱུག་མ། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །ཕྲིན་ལས་ཐོགས་མེད་ཚེ་ཡི་ལྷ། །དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །ཤར་གྱི་ཚེ་བདག་ཆེན་མོ་ནི། རྡོ་རྗེ་སྒེག་མོ་ཚེ་བདག་མོ། །ལཱ་སེ་དཀར་མོའི་ཐུགས་དམ་བསྐང་། །ལྷོ་ཡི་ཚེ་བདག་ཆེན་མོ་ནི། །རྡོ་རྗེ་ཕྲེང་བ་ཚེ་བདག་མོ། །མཱ་ལེ་སྔོན་མོའི་ཐུགས་དམ་བསྐང་། །ནུབ་ཀྱི་ཚེ་བདག་ཆེན་མོ་ནི། །རྡོ་རྗེ་གླུ་དབྱངས་ཚེ་བདག་མོ། །གཱི་ཏི་དམར་མོའི་ཐུགས་དམ་བསྐང་། །བྱང་གི་ཚེ་བདག་ཆེན་མོ་ནི། །རྡོ་རྗེ་གར་སྒྱུར་ཚེ་བདག་མོ། །ནཱིརྟི་ལྗང་མོའི་ཐུགས་དམ་བསྐང་། རྡོ་རྗེ་ཚེ་མཆོག་འགུགས་པའི་ལྷ། །དྲི་ཟའི་ཚོགས་ལ་དབང་སྒྱུར་མ། །དཀར་མོ་མགྱོགས་མའི་ཐུགས་དམ་བསྐང་། །རིན་ཆེན་ཚེ་མཆོག་འགུགས་པའི་ལྷ། །གཤིན་རྗེའི་ཚོགས་ལ་དབང་སྒྱུར་མ། །སྔོན་མོ་མགྱོགས་མའི་ཐུགས་དམ་བསྐང་། །པདྨ་ཚེ་མཆོག་འགུགས་པའི་ལྷ། །ཀླུ་ཡི་ཚོགས་ལ་དབང་སྒྱུར་མ། །དམར་མོ་མགྱོགས་མའི་ཐུགས་དམ་བསྐང་། ལས་རབ་ཚེ་མཆོག་འགུགས་པའི་ལྷ། །གནོད་སྦྱིན་ཚོགས་ལ་དབང་སྒྱུར་མ། །ལྗང་མོ་མགྱོགས་མའི་ཐུགས་དམ་བསྐང། །ཞི་བྱེད་དཀར་མོ་མཐུ་སྟོབས་ཅན། ཁམས་གསུམ་དབང་སྒྱུར་ཚེ་བདག་མོ། །ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་། །རྒྱས་བྱེད་སེར་མོ་རྫུ་འཕྲུལ་ཅན། །དུས་གསུམ་དབང་སྒྱུར་ཚེ་བདག་མོ། །ཞགས་པ་མ་ཡི་ཐུགས་དམ་བསྐང་། །དབང་སྡུད་དམར་མོ་མྱུར་མགྱོགས་མ། །སྲིད་གསུམ་དབང་སྒྱུར་ཚེ་བདག་མོ། །ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་། །མངོན་སྤྱོད་ལྗང་མོ་དྲག་རྩལ་ཅན། །སྐུ་གསུམ་དབང་སྒྱུར་ཚེ་བདག་མོ། །དྲིལ་བུ་མ་ཡི་ཐུགས་དམ་བསྐང་། །འབྱུང་བ་ལྔ་ལ་དབང་སྒྱུར་ཞིང་། །ཡེ་ཤེས་དྭངས་མ་སྐྱེད་པའི་ཡུམ། །ལྷ་མོ་ལྔ་ཡི་ཐུགས་དམ་བསྐང་། །གཞན་ཡང་ཚེ་ལ་དབང་བ་ཡི། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས། །ཚེ་བདག་རྣམས་ཀྱི་ཐུགས་དམ་བསྐང་། །ཤར་ཕྱོགས་ཚེ་བདག་དཀར་མོ་ནི། །རྡོ་རྗེ་རིགས་ཀྱི་དཔའ་བོ་དང་། །མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ལྷོ་ཕྱོགས་ཚེ་བདག་སེར་མོ་ནི། །རིན་ཆེན་རིགས་ཀྱི་དཔའ་བོ་དང་། །མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ནུབ་ཕྱོགས་ཚེ་བདག་དམར་མོ་ནི། །པདྨ་རིགས་ཀྱི་དཔའ་བོ་དང་། །མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །བྱང་ཕྱོགས་ཚེ་བདག་ལྗང་མོ་ནི། །ལས་ཀྱི་རིགས་ཀྱི་དཔའ་བོ་དང་། །མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཧྲཱིཿ ཡེ་ཤེས་སྣང་བ་ལམ་མེ་བ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །འཆི་མེད་དབང་པོ་ལྷ་ཡི་ལྷ། །ཚེ་དཔག་མེད་པའི་ཐུགས་དམ་བསྐང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཚེ་བདག་རིགས་ལྔའི་ཐུགས་དམ་བསྐང་། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །པདྨ་འབྱུང་གནས་ཐུགས་དམ་བསྐང་། །ཀུན་ཤེས་ཀུན་རིག་དམ་པ་པོ། །དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཤྲཱི་སིཾ་ཧའི་ཐུགས་དམ་བསྐང་། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །བི་མ་མི་ཏྲའི་ཐུགས་དམ་བསྐང་། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཧཱུྃ་ཆེན་ཀཱ་རའི་ཐུགས་དམ་བསྐང་། །གསུམ་རིག་གཙང་མ་དག་པ་སྟེ། །པདྨ་སཾ་བྷའི་ཐུགས་དམ་བསྐང་། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །བློ་ལྡན་མཆོག་སྲེད་ཐུགས་དམ་བསྐང་། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །པདྨ་རྒྱལ་པོའི་ཐུགས་དམ་བསྐང་། །ཉི་མ་འཆར་ཁའི་དཀྱིལ་ལྟ་བུ། །ཉི་མ་འོད་ཟེར་ཐུགས་དམ་བསྐང་། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེང་གེའི་ཐུགས་དམ་བསྐང་། །བདག་མེད་སེང་གེའི་སྒྲ་དང་ལྡན། །སེང་གེ་སྒྲ་སྒྲོག་ཐུགས་དམ་བསྐང་། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །མནྡཱ་ར་བའི་ཐུགས་དམ་བསྐང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མཁར་ཆེན་བཟའ་ཡི་ཐུགས་དམ་བསྐང་། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཞི་བ་མཚོ་ཡི་ཐུགས་དམ་བསྐང་། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །བདེ་ཆེན་རྒྱ་མཚོའི་ཐུགས་དམ་བསྐང་། །ནམ་མཁའ་ལས་བྱུང་རང་བྱུང་བ། །ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །རཏྣ་གླིང་པའི་ཐུགས་དམ་བསྐང་། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཚེ་དབང་གྲགས་པའི་ཐུགས་དམ་བསྐང་། །སྐྱབས་དང་སྐྱོབ་པ་བླ་ན་མེད། །མགོན་པོ་རྡོ་རྗེའི་ཐུགས་དམ་བསྐང་། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག །ཆོས་ཀྱི་རྒྱ་མཚོའི་ཐུགས་དམ་བསྐང་། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཅན། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཕོ་ཉ་རྣམས་ཀྱི་ཐུགས་དམ་བསྐང་། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཚེ་བདག་རྣམས་ཀྱི་ཐུགས་དམ་བསྐང་། །དོན་གྲུབ་བསམ་པ་འགྲུབ་པ་སྟེ། །ཚེ་ལ་དབང་བའི་ཐུགས་དམ་བསྐང་། ཐུགས་དམ་གཉན་པོ་ཡར་བསྐངས་ལ། །གཡར་དམ་གཉན་པོ་ཁྱེད་ཀྱིས་སྩོལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས། །མཁྱེན་བརྩེ་མཛད་པ་དཔག་མེད་ཅིང་། །སྟོབས་དང་ནུས་པ་བསམ་མི་ཁྱབ། །རྫུ་འཕྲུལ་ཐུགས་རྗེའི་བྱིན་རླབས་ཀྱིས། །རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ཡི། །ཚེ་ཡི་བར་ཆད་ཞི་བར་མཛོད། །སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་སོགས། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ན། །འཕྲོས་དང་འཁྱམས་དང་ཡར་བ་དང་། །རལ་དང་ཞིག་པའི་ཚེ་གསོས་ཤིག །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཀྱིས། །བརྐུས་དང་ཕྲོགས་དང་བཅོམ་པ་དང་། །ཉམས་གཞིག་བྱས་པའི་ཚེ་ཁུག་ཅིག །འབྱུང་བ་དགྲ་གཤེད་འཐབ་པ་ཡིས། །ཉམས་དང་ཟད་དང་འཐོར་བ་དང་། །ཆད་དང་ཞིག་པའི་ཚེ་གསོས་ཤིག །གཞན་གྱིས་མནན་དང་བཅིངས་པ་དང་། །བསྐྲད་དང་གཟིར་དང་གཞོམ་པ་ཡི། །ཚེ་ཡི་བར་ཆད་ཐམས་ཅད་ཟློག །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །སྔོན་ལས་འཕྲལ་རྐྱེན་ཐམས་ཅད་ཀྱིས། །ཚེ་ལ་གནོད་པའི་རྐྱེན་བགེགས་རྣམས། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །བྱང་ཆུབ་སྒྲུབ་པའི་ཚེ་སྲོག་རྣམས། །ནམ་མཁའ་བཞིན་དུ་བརྟན་གྱུར་ཅིག །ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །འཆི་མེད་ཚེ་ཡི་སྐུ་ཐོབ་ཤོག །ཧྲཱིཿ ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ། །ཚེ་རབས་སྔོན་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །ལྕི་བཞི་ལོག་བརྒྱད་ཁར་མ་ཐོ། །ཐུན་མོང་ཉམས་པ་མཐོལ་ལོ་བཤགས། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཐུན་མོང་ཁྱད་པར་ཡན་ལག་གི །སྤྱི་དང་བྱེ་བྲག་ཐམས་ཅད་ཀྱི། །གཞུང་དང་འགལ་ཞིང་རྫབ་པ་ཡི། །ཆག་ཉམས་ཐམས་ཅད་མཐོལ་ལོ་བཤགས། །སོ་སོ་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་སོགས། །ཉམས་པར་གྱུར་པ་ཅི་མཆིས་པ། །ཐམས་ཅད་མ་ལུས་བྱང་གྱུར་ཅིག །ས་མ་ཡ་ཤུདྡྷེ་ཨཿ ཞེས་ཚེ་སྒྲུབ་གསང་བ་འདུས་པའི་སྐོང་བ་འཆི་བདག་བདུད་འཇོམས་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་གཡར་དམ་དུ་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་བཀོད་པ་ལགས་སོ།། །།

དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་ཉུང་གསལ་གཞུང་མང་བཅུད་དྲིལ་ (Volume 25, Text 26)

༄༅། །དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་ཉུང་གསལ་གཞུང་མང་བཅུད་དྲིལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་པདྨ་མ་ཧཱ་པ་ཤང་ཀྲོ་དྷཱ་ཡ། ཆོས་ཉིད་ཞི་ལས་རྟག་ཏུ་མ་གཡོས་ཀྱང་། །འབར་བའི་གར་གྱིས་འཁོར་འདས་དབང་དུ་མཛད། །རྟ་མཆོག་དཔལ་དང་དབྱེར་མེད་བླ་མའི་ཞབས། །མི་ཕྱེད་དད་པས་གཙུག་གི་ནོར་བུར་བསྙེན། །རྒྱུད་ལུང་མན་ངག་མཁས་པའི་ཡིག་ཚོགས་ལས། །ལེགས་བཤད་སྙིང་པོར་དྲིལ་ཏེ་ཡང་ཁྲོས་ཀྱི། །བསྙེན་པའི་ལག་ལེན་ཉུང་ངུ་རྣམ་གསལ་བར། །རང་འདྲའི་བློ་དམན་འཇུག་བདེའི་དཔྱིད་དུ་དགོད། །གཏེར་བྱོན་རྟ་མགྲིན་གྱི་ཆོས་སྐོར་རྣམས་ཀྱི་སྔ་ཤོས་གསར་རྙིང་མཁས་གྲུབ་རྣམས་ལ་ཡོངས་སུ་གྲགས་ཤིང་དར་རྒྱས་སུ་གྱུར་པ་རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལེའུ་བཅུ་གསུམ་པ་དང་། སློབ་དཔོན་ཆེན་པོས་མཛད་པའི་ལུང་བྱང་བུ་དྲུག་དང་སྐབས་དཔྱོད་དོན་འབྲེལ་ལ་སོགས་པ། ལོ་ཆེན་བཻ་རོས་མཛད་པའི་མན་ངག་སྦས་པ་མིག་འབྱེད་ལ་སོགས་པའི་དགོངས་དོན་གསལ་བྱེད་ཀྱི་ལེགས་བཤད་མཁས་པ་སྔ་མས་མཛད་པའི་དོན་གྱི་སྙིང་པོར་དྲིལ་ཏེ་བསྙེན་ཡིག་མདོར་བསྡུས་དགོད་པ་ལ་གསུམ། བསྙེན་པ་ཉིད་ཇི་ལྟར་ཡིན་པ། བསྙེན་པ་བྱ་བའི་ཚུལ། དེ་ལ་མཁོ་བའི་སྤང་བླང་བསྟན་པའོ། །དང་པོ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཆེད་དུ་རང་འདོད་པའི་ཡི་དམ་གྱི་ལྷ་ལ་བཟླས་བརྗོད་སོགས་ཀྱིས་མཉེས་པར་བྱས་པས་རང་ལ་ཐུགས་ཉེ་བར་གྱུར་པ་ནི་བསྙེན་པའི་དོན་ཡིན་ཞིང་། དེ་ལའང་དྲང་ངེས་གཉིས་ལས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ནི་ངེས་དོན་གྱི་ལྷ་ཡིན་ལ། དེ་བསྒོམས་སྟོབས་ཀྱིས་རང་རྒྱུད་ལ་ཉེ་བར་བྱེད་པ་ནི་ངེས་དོན་གྱི་བསྙེན་པ་དང་། གཉིས་སྣང་གི་སྤྲོས་པ་ཕྲ་རགས་དང་བྲལ་བའི་ཡེ་ཤེས་དེ་མངོན་དུ་གྱུར་པ་ནི་ངེས་དོན་གྱི་བསྙེན་པ་མཐར་ཕྱིན་པའི་ཚད་ཡིན་ལ། ཡེ་ཤེས་དེ་བཞིན་ལག་གི་རྣམ་པ་ཅན་གྱི་རྟེན་དང་བརྟེན་པར་ཤར་བ་ནི་དྲང་དོན་ཀུན་རྫོབ་ཀྱི་ལྷ་སྟེ། དེ་མཆོད་བསྟོད་བཟླས་བརྗོད་ཀྱིས་མཉེས་པས་རང་དང་ཉེ་བར་བྱེད་པ་ནི་དྲང་དོན་གྱི་བསྙེན་པ་དང་། དེ་ལ་བརྟེན་ནས་ཇི་སྐད་བཤད་པའི་གྲངས་དང་མཚན་མ་ཐོབ་པ་ནི་དྲང་དོན་གྱི་བསྙེན་པ་མཐར་ཕྱིན་པའི་ཚད་དོ། །གཉིས་པ་བསྙེན་ཚུལ་ལ་གསུམ། སྔོན་འགྲོ་སྟ་གོན་གྱི་རིམ་པ། དངོས་གཞི་བསྙེན་སྒྲུབ་ཀྱི་ཚུལ། རྗེས་དངོས་གྲུབ་ལེན་པའོ། །དང་པོ་ནི་སྒྲུབ་བྱང་ལས། གང་དུ་བསྒྲུབ་པའི་གནས། སྒྲུབ་པ་པོའི་གང་ཟག །ནམ་སྒྲུབ་པའི་དུས། སྒྲུབ་པ་ལ་མཁོ་བའི་ཡོ་བྱད་བཞིར་གསུངས་པའི། གནས་ནི་རྒྱུད་ལས་གསུངས་པའི་མཚན་ཉིད་ཚང་བའམ་དབེན་ཅིང་བར་གཅོད་མེད་ལ་མཐུན་རྐྱེན་འཛོམ་པ། སྒྲུབ་པ་པོ་འདི་ཉིད་ཀྱི་དབང་ཚུལ་བཞིན་ཐོབ་ནས་དམ་ཚིག་དང་སྡོམ་པ་ལ་གནས་པ། ཕྱག་ལེན་མན་ངག་མཐའ་དག་ཁོང་དུ་ཆུད་པའམ་མ་མཐའང་ཆོ་གའི་ལག་ལེན་ལེགས་པར་ཤེས་པ། དུས་ཉི་མ་བྱང་བགྲོད་ཡར་ངོ་གཟའ་སྐར་དགེ་བ་ལ་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱིས་དགོང་ཐུན་ནས་དབུ་བརྩམ། ཡོ་བྱད་འོག་ཏུ་བཤད་པའི་དཀྱིལ་འཁོར་སྒྲུབ་རྟེན་རྣམས་དང་བཟའ་བཏུང་སོགས་ཉེར་མཁོ་རྣམས་ཐོག་མ་ནས་གསོག་པ་དང་། སླད་མར་འདི་ནས་ལེན་སྙམ་དམིགས་འོག་ཏུ་ཆུད་པས་མཚམས་རལ་བའི་རྐྱེན་དུ་མི་འགྲོ་བ་བྱ། བསྙེན་སྒྲུབ་ཀྱི་བར་གཅོད་ཞི་ཞིང་མཐར་ཕྱིན་པའི་ཆེད་དུ། ཆ་གསུམ། གསེར་སྐྱེམས། གསུང་རབ་ཀློག་པ། སཱཙྪ། སྦྱིན་གཏོང་སོགས་དང་། རང་གི་སྲུང་མར་ཕྲིན་བཅོལ་སོགས་འདུས་བྱས་ཀྱི་དགེ་རྩ་ཅི་འགྲུབ་བྱའོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་ཀྱི་ཚུལ་ལའང་གཉིས། འབྱོར་ལྡན་སྤྲོས་པ་ལ་དགའ་བས་བསྙེན་སྒྲུབ་ཟུང་འབྲེལ་བྱ་བ་དང་། སྤྲོས་མེད་བསྐྱེད་བཟླས་ཁོ་ན་དོན་དུ་གཉེར་བས་བསྙེན་རྐྱང་བྱ་བའི་ཚུལ་ལོ། །དང་པོ་ལྟར་ན་གསུམ། རྟེན་མཆོད་འདུ་བྱ་བ། སྔོན་འགྲོའི་ལས་རིམ། བསྙེན་སྒྲུབ་དངོས་གཞི་ཇི་ལྟར་བྱ་བའི་ཚུལ་བཤད་པའོ། །དང་པོ་ནི། འདིའི་སྒྲུབ་རྟེན་གྱི་གཙོ་བོ་སྦས་པ་མིག་འབྱེད་ལས། མཆོག་སྒྲུབ་གླིང་ལྔའི་ཐོད་པ་ལ། །སྐྱེས་པ་བུད་མེད་དར་མ་ཡི། །དོན་སྙིང་ལྔ་དང་དབང་པོ་ལྔ། །བུ་མོ་གཙང་མའི་རཀྟ་དང་། །སྒྲུབ་སྨན་དྲི་ལྔ་ཆང་སྦྱར་གྱི། ཁུ་བ་མཚལ་དང་སྦྱར་བ་ཡིས། །རྒྱུ་སྔགས་བསྐྱེད་པ་རྐྱེན་གྱི་སྔགས། །བཟླས་པའི་སྔགས་དང་ལས་སྔགས་རྣམས། །ཐོད་པའི་དབུས་ནས་རིམ་བཞིན་བྲི། །སྔོ་དམར་དར་ལ་རྣལ་འབྱོར་པ། །རང་གི་མཐོ་ཚད་གྲུ་བཞི་པར། །གོང་གི་རྫས་ཀྱིས་དར་དམར་ལ། །པདྨ་ཧེ་རུ་ཀ་ཉིད་བྲི། །གནས་གསུམ་འབྲུ་གསུམ་བྲིས་ནས་ནི། །བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་བསྐོར། །ཐུགས་ཀར་པད་ཉིར་རྒྱུ་སྔགས་ལ། །བཟླས་པའི་སྔགས་ཀྱིས་བསྐོར་བར་བྲི། །ལྟོ་བར་ལྷ་རྣམས་ཐམས་ཅད་ཀྱི། །ལས་སྔགས་སྤངས་པའི་རྩ་སྔགས་བྲི། །ཕྱག་དྲུག་སྔགས་ཀྱི་དགོད་ལུགས་ནི། །དང་པོ་གཉིས་ལ་དབང་གི་སྔགས། །བར་པ་གཉིས་ལ་དགུག་པ་བྲི། །དབྱུག་པ་འཛིན་ལ་དྲག་སྔགས་བདུན། །རལ་གྲི་བསྣམས་པ་སྤུ་གྲི་དང་། །ཞབས་བཞི་སྔགས་ཀྱི་དགོད་ལུགས་ནི། །བརྐྱང་བསྐུམ་ཐུན་དང་ཟློག་སྔགས་བྲི། །ནང་མ་གར་སྟབས་ཐོག་སེར་སྔགས། །དང་པོར་སྨོས་པ་གཡས་སུ་བྲི། །སྔོན་པོ་དར་ལ་ཡུམ་བྲིས་ལ། །ཕྱག་གཉིས་དབང་དང་སྤུ་གྲི་བྲི། །ཞབས་གཉིས་ཐོག་དང་སེར་བ་བྲི། །སྔགས་གཞན་དགོད་པ་ཡབ་ལྟར་དུ། །ཤེས་རབ་ལྡན་པས་རིག་པས་དཔྱད། །དགུག་བསྟིམ་རབ་གནས་ལེགས་བྱས་ལ། །སྐྱེས་པ་དར་མའི་གྲི་སྙིང་གི །དབུ་ནི་གྱེན་དུ་བསྟན་པ་ཡི། །སྲོག་པ་རྩ་ཡི་ནང་དུ་གཞུག །གཞན་ཡང་ཉེར་ལྔའི་བཅུད་བཅུག་ཅིང་། །གཡས་སུ་སྐྱེས་པ་དར་མ་དང། །གཡོན་དུ་བུད་མེད་དར་མ་ཡི། །རང་རང་དབང་པོ་ལྔ་རྣམས་གཞུག །དར་དམར་དྲི་ལྔའི་ཁུ་བ་ཡིས། །ཡང་ཡང་སྦང་ཞིང་ཡང་ཡང་བསྐམ། །ཙིཏྟ་ལེགས་པར་གྲིལ་ནས་ཀྱང་། །དར་སྣ་ལྔ་ཡིས་ལེགས་པར་བཅིངས། །མཆོག་གི་ཐོད་པའི་ནང་དུ་གཞུག །ཅེས་བཤད་པའི་སྒྲུབ་ཐོད་གྲི་སྙིང་སྐུ་གཟུགས་གསང་སྔགས་སོ་སོར་བཀོད་པ་བཅས་ཚད་ལྡན་འདུ་བྱ། ལུགས་འདིའི་བདུད་རྩི་རིལ་བུ་སྒྲུབ་པ་དང་འབྲེལ་ན། རང་ཉིད་དམ་བླ་མ་གོང་མས་སྔར་བསྒྲུབས་པའི་རིལ་བུའམ་ཆོས་སྨན་ལྟ་བུའི་ཕབས་རྒྱུན་ཅན་གྱི་རིལ་བུ་ཐོད་པར་བླུགས། པད་སྣོད་དམ་ཐོད་པ་མཚན་ལྡན་གྱི་ནང་དུ་དཔལ་གཏོར་སྙིང་གཟུགས་རྟ་མགོ་ལྗང་གུས་མཚན་ཅིང་མཐེབ་སྐྱུས་བསྐོར་བ། པདྨ་དང་མེ་རི་སོགས་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་དམར་པོ་ཤ་རྒྱན་སོགས་ཀྱིས་སྤྲས་པ། བཀའ་སྲུང་གི་གཏོར་མ་གིང་ལྔ་ལ་རིན་པོ་ཆེའི་སྣོད་དུ་དབུས་སུ་གྲུ་བཞི་མཁར་ཐབས་བ་གམ་དང་བཅས་པའི་སྟེང་དུ་བཤོས་བུ་གྲུ་གསུམ་ཆུང་བ་གཅིག་འཇོག །དེའི་ཤར་ལྷོ་ནུབ་གསུམ་དུ་བཤོས་བུ་གྲུ་བཞི་བྱང་དུ་གྲུ་གསུམ་རྣམས་དཀར་དང་ཁྱད་པར་རའི་ཤ་ཁྲག་གིས་བརྒྱན་པ། གཟའ་གདོང་ལ་རིན་པོ་ཆེའི་སྣོད་དུ་བཤོས་བུ་སུམ་གཉིས་མན་ཆད་གྲུ་བཞི་སུམ་ཆ་ཡན་ཆད་གྲུ་གསུམ་གཡས་སུ་གཅུས་པ། ཕྱོགས་བཞིར་གྲུ་གསུམ་གཡས་བཅུས་རྣམས་རྭ་རོག་པོའི་ཤ་ཁྲག་གིས་བརྒྱན་པ། བེག་རྩེ་ལྕམ་དྲལ་ལ་དབུས་སུ་དཔལ་གཏོར་སྙིང་གཟུགས་ཟུར་གསུམ་མཐོ་གང་ལས་མི་ཆུང་བ། དེའི་གཡས་གཡོན་དུ་དེ་ལས་ཆུང་བ་རེ་དང་། དེའི་མཐར་མཐེབ་སྐྱུ་བཅད་ཁམས་ཕྱིར་བསྟན་ཉེར་གཅིག་དང་། དེའི་སྟེང་གི་ཕྱོགས་མཚམས་སུ་མཐེབ་སྐྱུ་ཆེ་བ་བརྒྱད་བཞག་པ། གཞན་ཡང་སྨན་རཀ །ཕྱི་ནང་ཉེར་སྤྱོད། ཉིན་དང་པོར་དགོས་པའི་ས་ལྷ། གཞི་བདག །རྒྱལ་ཆེན་བཞིའི་དཀར་གཏོར། སྒོ་བྱང་དམར་གཏོར། བགེགས་གཏོར། ཚོགས་ཆད་བརྟན་སོགས་དང་། རྒྱལ་ཐོ། དམ་སྲི་མནན་ཆས། སྒོ་བྱང་ཕྱི་ནང་གིས་མཚོན་པའི་ཉེ་བར་མཁོ་བ་ཐམས་ཅད་གྲབས་སུ་ཚུད་པར་བྱའོ། །གཉིས་པ་སྔོན་འགྲོའི་ལས་རིམ་ནི། བསྙེན་མཚམས་དངོས་ལ་འཇུག་པའི་སྔ་དྲོར་སྒྲུབ་གནས་ལ་བྱི་དོར་བྱ་ཞིང་བདུད་རྩི་ལྔའི་ཆག་ཆག་བཏབ། སྦས་པ་མིག་འབྱེད་ལས། སྟེང་དུ་བླ་བྲེ་ཕུབ་པ་ཡི། །དབུས་སུ་གདུགས་དང་མཚམས་བཞིར་འཕན། །ཕྱོགས་བཞི་རུ་ནི་རྒྱལ་མཚན་གདགས། །ཞེས་པ་ལྟར་འབྱོར་ན་དགྲམ། ཕུགས་ལོགས་སུ་རྩ་བ་གསུམ་གྱི་རྟེན་དང་ཁྱད་པར་ཡང་གསང་ཁྲོས་པའི་དམ་ཚིག་གི་སྐུ་རྟེན་བྲིས་འབུར་གང་རུང་བཤམས་པའི་མདུན་དུ་སྟེགས་གཙང་མ་ལ་དཀར་གཏོར་དང་བསང་ཆུ་བཀོད། རང་ཉིད་དེ་དང་ཞལ་སྤྲོད་དུ་འོང་བའི་གདན་འོག་གཡུང་དྲུང་དཀར་པོ་བྲིས་པའི་སྟན་བདེ་བ་ལ་འཁོད། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་གི་སྐྱབས་སེམས་ལན་གསུམ། སྐད་ཅིག་གིས་རང་ཉིད་པདྨ་དབང་ཆེན་ཡང་གསང་ཁྲོས་པ་འབར་བའི་ཆས་དང་ལྡན་པའི་སྐུར་གྱུར་པར་མོས་ལ། བསང་ཆུ་སྒྲུབ་པ་ནི། ལས་བུམ་བསང་སྦྱང་། བུམ་པ་མི་དམིགས་སྟོང་པའི་ངང་ཉིད་ལས། །བུམ་པའི་ནང་དུ་སྣ་ཚོགས་པད་ཉིའི་སྟེང་། །ཧྲཱིཿཡིག་དམར་ནག་མཐའ་སྐོར་མཚམས་སྔགས་ཀྱིས། །སྔགས་ཕྲེང་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ། །དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་ནུས་མཐུ་སྔགས་ཕྲེང་རྣམ་པ་རུ། །ཚུར་བསྡུས་གཉིས་མེད་གྱུར་ལས་བདུད་རྩིའི་རྒྱུན། །དམར་ནག་མེ་ལྕེ་འབར་བས་བུམ་པ་གང་། །གདོན་བགེགས་མི་མཐུན་ཕྱོགས་ཀུན་འཇོམས་བྱེད་པའི། །མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་རཾ་ཀྲོ་དྷ་སོགས་མཚམས་སྔགས་ཅི་མང་བཟླས་མཐར། སྔགས་ཕྲེང་གདན་བཅས་འོད་དུ་ཞུ་བ་ལས་ངོ་བོ་ཡེ་ཤེས་ལྷ་ཡི་རང་བཞིན་ལ། རྣམ་པ་དམར་ནག་བདུད་རྩི་མེའི་ཚྭ་ཚྭ་འཕྲོ་བས་གདོན་བགེགས་སྦྱོང་བའི་ནུས་ལྡན་གྱུར། ཅེས་མོས་ལ་ཕྱིན་ཆད་བསང་གཏོར་ཐམས་ཅད་འདིས་བྱ། ལུགས་འདིར་ས་ལྷའི་གཏོར་འབུལ་མཚམས་གཅོད་ཀྱི་འོག་ཏུ་འབྱུང་ཡང་དགོས་དོན་མཚུངས་ཤིང་ལག་ལེན་སྤྱི་འགྲོ་ཉིད་སྟབས་བདེ་བས་འདིའི་རང་གཞུང་ངམ་བཀའ་བརྒྱད་སྒྲུབ་ཁོག་སོགས་གང་བདེ་ནས་བླངས་ཏེ་ས་ལྷའི་གཏོར་འབུལ་དང་གཞི་བདག་དཀར་གཏོར་བཏང་ལ་སྒྲུབ་པའི་གྲོགས་བྱེད་པའི་ཕྲིན་ལས་བཅོལ། བགེགས་གཏོར་རཾ་ཀྲོ་དྷས་བསང་། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །ཞེས་པ་ནས་སུམ་བྷ་ནི་བཟླ་ཞིང་ཁྲོ་བོ་བཅུ་གིང་དང་བཅས་པས་བསྐྲད་པར་བསམ། དེ་ནས་མཚམས་བཅད་པ་ལ་ཀུན་རྫོབ་ཐབས་དང་དོན་དམ་ཤེས་རབ་གཉིས་ལས་དང་པོ་ནི། སྒྲུབ་བྱང་ལས་བཤད་པ་ལྟར་ཕྱི་མཚམས་རྒྱལ་ཆེན་བཞི་ལ་ཕྲིན་ལས་བཅོལ་བ་ནི། སྒོ་དྲུང་དུ་རྒྱལ་ཐོ་གཟུག་ལ་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་བྱ་བ་དང་། བར་མཚམས་སྒོ་དྲུང་དུ་དམ་སྲིའི་ལིང་ག་མནན་ཅིང་། གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་པའི་སྒོ་བྱང་ཕྱི་ནང་གདགས་པ་རྣམས་རང་གཞུང་ངམ་གཏེར་ཁ་གོང་འོག་གང་རུང་གི་བཀའ་བརྒྱད་ལྟ་བུའི་སྒྲུབ་ཁོག་ནས་བླང་། ནང་མཚམས་ལ་དྲུག་ཏུ་བཤད་པའི་བདག་ཉིད་ཆེན་པོའི་མཚམས་ནི། རང་ཉིད་རྟ་མགྲིན་དཔའ་བོ་གཅིག་པའི་སྐུར་བསྐྱེད་པའོ། ཁྲོ་བོ་རོལ་པའི་མཚམས་ནི། རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་ཆེ་བ་རི་རབ་ནས་ཆུང་བ་རྡུལ་ཕྲན་གྱི་བར་གྲངས་མེད་པ་སྤྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བར་བསམ་པའོ། །སྣ་ཚོགས་མཚོན་ཆའི་མཚམས་ནི། རྡོ་རྗེ་རལ་གྲི་གྲི་གུག་དགྲ་སཏྭ་སོགས་དཔག་ཏུ་མེད་པ་བུ་ཡུག་ལྟར་འཚུབས་པའི་རྩ་བ་ནང་དུ་བསྟན་པ་ཕྱིར་འཕྲོ་བར་བསྒོམ་པའོ། །ར་བ་གུར་གྱི་མཚམས་ནི། རྡོ་རྗེའི་གུར་རིམ་པ་གསུམ། མེ་རླུང་ཆུ་གསུམ་གྱི་གུར་རིམ་པ་གསུམ་རེ། སྔར་གྱི་ཁྲོ་བོ་དང་མཚོན་ཆའི་གུར་དང་བཅུ་བཞི་བསྒོམ་པའོ། །ཡང་ན་མཚོན་ཆའི་ཕྱི་རོལ་རྡོར་ར་རིམ་བཞིན་ཆུ་རླུང་མེ་སྟེ་བཞི་པོ་གསུམ་རིམ་བྱེད་པའོ། །གསལ་འདེབས་ཚིག་གི་མཚམས་ནི། ཧྲཱིཿ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །ཞེས་སོགས་བརྗོད་པ་ཡིན་ལ། བཟླས་པ་སྔགས་ཀྱི་མཚམས་ནི། ཨོཾ་རཾ་ཀྲོ་དྷ་ཞེས་སོགས་སོ། །སྲུང་འཁོར་དེ་དག་གི་ཚད་སྲིད་རྩེ་ནས་མནར་མེད་བར་དང་རྒྱ་ཕྱིའི་ལྕགས་རི་ཙམ་མམ་འོག་མིན་ནས་རླུང་དཀྱིལ་བར་རྒྱ་སྟོང་གསུམ་ཙམ་ལྟ་བུ་ཆེ་ཆུང་རང་བློས་གང་དཔོག་བསྒོམ་པའོ། །དོན་དམ་པའི་མཚམས་གཅོད་ལའང་གསུམ་ལས། གནས་ལུགས་དོན་གྱི་མཚམས་ནི། ཀུན་རྫོབ་ཀྱི་ཆོས་རྣམས་ཆུ་ལ་རླབས་གཡོ་བ་བཞིན་སེམས་ཀྱི་ཆོ་འཕྲུལ་ཡིན་ཞིང་། སེམས་ཀྱི་ངོ་བོ་ཀ་ནས་དག་པ་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་གནས་ལུགས་རང་ངོ་ཤེས་པའོ། །གླུ་བྲོའི་མཚམས་ནི། དབང་པོ་རབ་ཀྱིས་བྲོ་བྱེད་དེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་དཀྱིལ་འཁོར་དུ་ཕྲིན་ལས་སོ་སོའི་བྲོ་བརྡུངས་པས་དུག་ལྔ་སོ་སོ་འཇོམས་པ་ཡིན་ནོ། །སྟོང་ཉིད་བཙན་ཐབས་སུ་བསྒོམ་པའི་མཚམས་ནི། ཤཱུནྱ་ཏཱའི་སྔགས་བརྗོད་ནས་སྤྱིར་ཆོས་ཐམས་ཅད་དང་། ཁྱད་པར་བཅད་བྱའི་བགེགས། བཅད་པའི་མཚམས། གཅོད་བྱེད་ཀྱི་གདམས་ངག །གཅོད་པ་པོའི་གང་ཟག་སོགས་དངོས་དང་དངོས་མེད་གང་དུའང་མ་གྲུབ་པའི་བློ་འདས་ངོས་བཟུང་མེད་པ་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ཅན་ཞིག་སྒོམ་པའི་ངང་ལས་ནམ་ཡང་མི་འདའ་བའོ། །དེ་ནས་གཞི་སྟེགས་ལ་བདུད་རྩི་ལྔའི་རྐྱང་ནུལ་བྱས་པའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའི་དབུས་སུ་མཉྫིའི་སྟེང་དུ་སྒྲུབ་ཐོད་གྲི་སྙིང་སོགས་དང་། རྒྱབ་ངོས་སུ་གཏོར་ཆེན་བཀོད། སྒྲུབ་ཐོད་སོགས་མ་འབྱོར་ན་དབུས་སུ་དཔལ་གཏོར་བཀོད་པའི་ཤར་དུ་ཞུན་ཆེན་གྱི་མར་མེ། ལྷོར་རྩ་བརྒྱད་སྟོང་སྦྱར་དང་ལྡན་པའི་བདུད་རྩི། བྱང་དུ་རཀྟ་སོ་ལྔའི་རྫས་བཏབ་པའི་ཁྲག་ཐོད། ཕྱི་རོལ་གྱི་ནང་དུ་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་དང་། ཕྱི་རུ་རྫས་བདུན་ལྡན་པའི་མཆོད་ཡོན་སོགས་ཕྱིའི་ཉེར་སྤྱོད་རྣམས་གཡས་སྐོར་དུ་བཤམ། ནུབ་ངོས་སུ་རྩ་གསུམ་དང་མདུན་ངོས་བཀའ་སྲུང་གི་གཏོར་མ་རྣམས་བཀོད་ལེགས་པར་བཤམ། རང་གི་མདུན་དུ་རྡོར་དྲིལ། ཐོད་རྔ། འཐོར་ནས། གུ་གུལ། ཡུངས་དཀར་སོགས་བཀོད། ནུབ་དང་པོར་ཚོགས་ཀྱི་ཡོ་བྱད་ཀྱང་འདུ་བྱའོ། །གསུམ་པ་བསྙེན་སྒྲུབ་དངོས་གཞི་ལ། སྒྲུབ་ཐབས་རྒྱས་པ་ཁྲག་འཐུང་ལྷ་དགུ །འབྲིང་པོ་ཡབ་ཡུམ་རྐྱང་པ། བསྡུས་པ་དཔའ་བོ་གཅིག་པ་གསུམ་དུ་འབྱུང་ཡང་འདིར་རྒྱས་པའི་དབང་དུ་བྱས་ཏེ་འདོན་འགྲིགས་ཇི་ལྟར་བྱ་བ་དང་། ཏིང་ངེ་འཛིན་སྒོམ་ཚུལ་གཉིས་ལས། དང་པོ་ནི། སྔོན་འགྲོའི་རིམ་པ་གྲུབ་ནས་དགོང་ཐུན་ལ་བབ་པ་ན། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས། ལས་བྱང་གི་སྐྱབས་སེམས་ནས་བརྩམ་མཆོད་པ་བྱིན་རླབས་ཡན་སྔོན་འགྲོ་རྣམས་དང་། དངོས་གཞི་ཏིང་འཛིན་རྣམ་གསུམ་གྱིས་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་སྐབས་རང་དང་མདུན་རྟེན་དཀྱིལ་འཁོར་སྒྲུབ་རྫས་རྣམས་བདག་མདུན་དབྱེར་མེད་ཀྱི་ཚུལ་དུ་བསྒོམ་པ་སྟེ། དེའང་ཕྱི་མཚན་མ་དབྱིབས། ནང་སྒོམ་པ་ཏིང་འཛིན། གསང་བ་བྱང་ཆུབ་ཀྱི་སེམས། གནས་ལུགས་དོན་གྱི་དཀྱིལ་འཁོར་བཞི་ཀ་ཆོས་ཉིད་ཀྱི་ངོ་བོར་མཉམ་པ་ཉིད་དུ་རྫོགས་པར་ཤེས་པའི་ངང་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནས་མཆོད་བསྟོད་ཀྱི་བར་མཐར་ཆགས་སུ་བཏང་། དེ་ནས་བཀའ་སྲུང་གཏོར་འབུལ། སྐོང་བ། ཚོགས་ཐོག་མཐའ་བར་གསུམ། ཡར་གནས་མཆོད་པ། མར་གནས་སྐྱོང་བ། ཆད་མདོ། བརྟན་སྐྱོང་རྣམས་གཞུང་ལྟར་གྲུབ་ནས་རྟ་བྲོ་བརྡུང་། དེ་ནས་སྲོད་ཐུན་ལ་ཕྲིན་ལས་བསྐྱར་མི་དགོས་པས་ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པས་རྩ་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་ལ་བདག་མདུན་ཐ་མི་དད་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་བསྐྱེད་ཛཔ྄་ཁང་ལོགས་སུ་ཕྱེ་ནས་བདག་མདུན་མེ་རི་འདབས་འབྱར་གྱི་ཚུལ་དུ་བསྒོམ། འོག་ཏུ་བཤད་པའི་བསྐྱེད་རྫོགས་ཟུང་འཇུག་ཅི་ནུས་བསྒོམ། བཟླས་པའི་ཐོག་མར་ངག་བྱིན་རླབས་བླ་མ་དགོངས་འདུས་སོགས་ལས་འབྱུང་བ་ལྟར་གྲུབ་ན་དེ་ཀས་ཆོག །གནུབས་ཆེན་གྱི་མན་ངག་ཕྱག་ལེན་ལས་འབྱུང་བ་ལྟར་ན། བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་ལས། །མེ་འབར་ལྕེ་ཡི་དངོས་པོ་ཐུལ་གྱིས་བསྲེགས། །སླར་ཡང་ལྕེ་དབང་འོད་ཀྱི་རང་བཞིན་ལ། །ཅིས་ཀྱང་མི་ཚུགས་མི་ཤིགས་ཕ་ལམ་གྱི། །རྒྱ་གྲམ་ཐ་མར་རྟེན་སྙིང་གཡས་སུ་བསྐོར། །ཞེས་གསལ་བཏབ་ལ་རྟེན་སྙིང་བརྒྱའམ་ཉེར་གཅིག་སྐབས་སྦྱར་བཟླས་པས་ངག་གི་ཉེས་སྐྱོན་ཐམས་ཅད་གྲོལ་ཅིང་བཟླས་པའི་ནུས་པ་བསྐྱེད་པར་གསུངས། བགྲང་ཕྲེང་ཐོད་པའམ་རུ་རཀྴ་ལས་ལ་བསྔགས་པའམ་སྤྱིར་བཏང་བོ་དྷི་ཙིའི་ཕྲེང་བ་ལག་གཡོན་པར་བསྐྱིལ་ལ་བྱིན་གྱིས་བརླབ་པ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། སྭཱ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཕྲེང་བ་སྟོང་པའི་ངང་ལས་སྐད་ཅིག་གིས། །རིན་ཆེན་དབང་ཆེན་སྐུ་མདོག་སྔོ་སེར་ལ། །ཞལ་གཅིག་ཕྱག་གཉིས་གཡས་པས་རིན་ཆེན་དང་། །གཡོན་པ་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་འཛིན། །སྤྱན་གསུམ་ཞལ་བགྲད་རྣོ་ངར་མཆེ་བ་གཙིགས། །དབུ་སྐྲ་ཁམས་ནག་གྱེན་བརྫེས་སྦྲུལ་གྱིས་བཅིངས། །དུར་ཁྲོད་ཆས་བརྒྱན་ཞབས་གཉིས་གར་སྟབས་ཀྱིས། །མེ་དཔུང་ཀློང་ན་བཞུགས་པའི་གནས་གསུམ་དུ། །ཨོཾ་ཨཱཿཧཱུྃ་གིས་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་ཛཿཧཱུྃ་བཾ་ཧོཿདབྱེར་མེད་བསྟིམ། ཨོཾ་རཏྣ་ཀྲོ་དྷེ་ཤྭ་ར་ཨརྒྷཾ་དྷཱུ་པེ་པུཥྤེ་ནས་ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་སྨན་རཀ་གཏོར་གསུམ་ཕུལ། ཟག་བཅས་ཚོར་ཕུང་གནས་གྱུར་པའི། །ང་རྒྱལ་རྣམ་དག་ཡེ་ཤེས་སྐུ །རྒྱས་པའི་ཕྲིན་ལས་ཡོངས་རྫོགས་མཛད། །རིན་ཆེན་དབང་ཆེན་ལ་ཕྱག་འཚལ། །ཞེས་བསྟོད། རིན་ཆེན་དབང་ཆེན་འོད་དུ་ཞུ་བ་ལས། །ཕྲེང་བ་ངོ་བོ་ལྷ་ཡི་ཡེ་ཤེས་ལ། །རྣམ་པ་ཕྲིན་ལས་རྣམ་བཞི་སྒྲུབ་པ་ཡི། །ལས་དང་རྗེས་མཐུན་ཕྲེང་བའི་རྣམ་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཨོཾ་རཏྣ་ཀྲོ་དྷེ་ཤྭ་ར་ཧཱུྃ་ཕཊ། ཅེས་ཉེར་གཅིག་ཙམ་བརྗོད་ལ་ཕུས་བཏབ། ཕྲེང་རྡོག་རེ་རེའི་ནང་དུ་ཧྲཱིཿལས་བྱུང་བའི་རྟ་མགྲིན་རེ་རེའམ་དམིགས་པ་འཆར་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་རེ་བསྒོམས་ལ། མཐེ་བོང་ལྕགས་ཀྱུས་ལྷ་གཉིས་པ་རེ་བཀུག་ནས་རང་གི་སྙིང་ཁའི་ས་བོན་ལ་ཐིམ་པར་བསམ་ལ་སྙིང་ཁའི་ཐད་དུ་ལག་གཡོན་པའི་མཐེ་བོང་གིས་བགྲང་། སྔགས་ཀྱི་རྣམ་གྲངས་སྔར་བཤད་པའི་ནང་ནས་བཟླས་བརྗོད་བསྙེན་པའི་སྔགས་གཙོ་བོའི་ཡི་གེ་བཅུ་བཞི་པ་ཉིད་བཟླ་ཞིང་ཐུན་མཐར་ཡུམ་དང་འཁོར་རྣམས་ཀྱི་བསྙེན་པའང་ཅུང་ཟད་བྱ་ཞིང་བཟླས་དམིགས་གང་འགྲུབ་བསྒོམ། ཐུན་གྲོལ་བ་ན། ཧཱུྃ། པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །སོགས་ཀྱི་ཛཔ྄་བསྟོད་དབྱངས་གསལ་གྱི་མཇུག་ཏུ་པདྨ་དབང་ཆེན་འགྲུབ་པར་གྱུར་ཅིག་སྭཱ་ཧཱ་བཏགས་པ། པདྨ་ཧེ་རུ་ཀའི་ཡིག་བརྒྱ་ཅི་རིགས་བརྗོད་ནས་ཉམས་ཆག་བཤགས། ཛཔ྄་ཁང་གི་ལྷར་དམིགས་ནས་བཛྲ་ས་མ་ཡ་སཏྭཾ་ཧོཿ ཞེས་མེ་ཏོག་གཏོར། ཧཱུྃ། ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །ནས་བདག་ལ་སྩོལ། ཨོཾ་པདྨཱནྟ་ཀྲྀཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་རག་མོ་དུན་ཏིང་ཧྲཱིཾཿཧྲཱིཾཿཧཱུྃ་ཛཿ ཞེས་དངོས་གྲུབ་བསྡུ་སྔགས་ཉེར་གཅིག་ཙམ་དང་བཅས་དངོས་གྲུབ་ལེན་ཆོག་གི་སྐབས་ནས་བཤད་པའི་དངོས་གྲུབ་བསྡུ་བའི་དམིགས་པ་བྱས་མཐར། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཞེས་ལེན་སྔགས་བརྗོད་པས་ཛཔ྄་ཁང་གི་ལྷའི་གནས་ལྔ་ལས་ཡིག་འབྲུ་འོད་ཟེར་བདུད་རྩིའི་འཇའ་ཚོན་ལྟ་བུ་ཐོན་ནས་རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཧྲཱིཿཛཿཞེས་བརྗོད་པས་ཛཔ྄་ཁང་རང་ལ་བསྡུས་ནས་བདག་མདུན་དབྱེར་མེད་དུ་བསམ། བར་གཅོད་ཚར་བཅད་པའི་བཟླས་པའང་བྱ། ཀ་དག་ཆོས་སྐུར་ལ་ཟླ་བའི་དགོངས་པ་བསྐྱང་། སླར་དཀྱིལ་འཁོར་གསལ་བཏབ་ལ། གཏོང་རག་གི་མཆོད་བསྟོད་བྱ། བཟོད་གསོལ་དང་གནས་ལྔར་བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ། ཧ་ཡ་གྷྲཱི་ཝ་ཧྲཱིཿགབ་སོགས་ཀྱི་ལུས་བསྲུང་བའི་བར་གཞུང་ལྟར་བྱས་ནས། བདག་བསྐྱེད་ཀྱི་དམ་ཚིག་པའི་དཀྱིལ་འཁོར་ལོགས་སུ་བྱེ་བར་མོས་ལ། ཡེ་ཤེས་པ་མདུན་བསྐྱེད་ལ་བརྟན་པར་བཞུགས་པར་བསམ། བདག་བསྐྱེད་ཉེར་བསྡུ་བྱས་ནས་ཀ་དག་གི་ངང་དུ་ཉལ། ཕྱིར་ནང་ཐོར་ཐུན་ལ་འོད་གསལ་གྱི་ངང་ལས་རང་དཔལ་གྱི་སྐུར་བཞེངས་པར་མོས་ལ་ལངས་ནས་ངག་བྱིན་རླབས་བྱ། འགྱུར་སྔགས་རིགས་བཟླ་བ་དང་འཛོམ་ན་དུང་འགྱུར་ཟ་ཡིག་མིད། གསོལ་འདེབས། ལས་བྱང་གི་སྐྱབས་སེམས་ནས་བསྟོད་པའི་བར་བཏང་ལ་ཛཔ྄་ཁང་དབྱེ། རྫོགས་རིམ་དང་འབྲེལ་བའི་དམིགས་པ་བསྐྱང་། ཕྲེང་བ་བྱིན་བརླབས་ལ་བཟླས་པའི་ཐུན་བཟུང་། ཐུན་འཇོག་པ་དང་ཛཔ྄་བསྟོད་ནས་བདག་བསྐྱེད་ཉེར་བསྡུའི་བར་སྲོད་ཐུན་ལྟར་བྱས་ནས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་བསྔོ་སྨོན་ཤིས་བརྗོད་བྱ། སྔ་ཐུན་ལ་བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་ཐོར་ཐུན་དང་འདྲ་བ་ལ་ཕྲེང་བ་བྱིན་རླབས་མི་དགོས། དགོང་ཐུན་ཡང་དེ་ཀ་ལྟར་ལ་ཐུན་མཇུག་ཏུ་བཀའ་སྲུང་གཏོར་ཆོག་མ་ཆག་པར་བྱེད། ཚོགས་མཆོད་རྒྱུན་དུ་འགྲུབ་ན་ལེགས་ཤིང་མ་ལྕོགས་ན་དུས་གཉན་སོགས་སུ་སྔར་སྲོད་ཐུན་དུ་སྨོས་པ་ལྟར་བྱེད། སྲོད་ཐུན་ཡང་སྔ་མ་ལྟར་ལ་བཟླས་པའི་མཇུག་ཏུ་དབྱངས་གསལ་ཞབས་བཏགས་མ་ལན་བདུན་བཟླ་བ་དང་། ཉེར་བསྡུའི་རྗེས་སུ་ལྷར་མི་ལྡང་བར་ཉལ་བའི་རྣལ་འབྱོར་ལ་འཇུག །དེ་ལྟ་བུའི་ཐུན་བཞིའི་རིམ་པས་དུས་གྲངས་སོགས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ལ་གསུམ། སྐུ་ཕྱག་རྒྱ་དང་འབྲེལ་བ་བསྐྱེད་རྫོགས་ཟུང་འཇུག །གསུང་བཟླས་བརྗོད་དང་འབྲེལ་བ་ཏིང་ངེ་འཛིན་གྱི་འཕྲོ་འདུ། ཐུགས་རྟ་སྐད་ཐེངས་གཅིག་ལ་བརྟེན་ནས་ཀ་དག་ཆོས་སྐུར་ལ་བཟླ་བའོ། །དང་པོ་ནི། རླུང་རོ་བསལ། འོག་རླུང་གྱེན་དུ་འཐེན་པས་རང་གི་ལྟེ་བ་ནས་འོད་དམར་ཞིང་གསལ་བ་སྒྲོན་མེ་བཏེག་པ་ལྟ་བུ་བདེ་བའི་རང་བཞིན་དམར་ཁྱུག་གེར་བྱུང་བས་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང་། སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་སངས་ཀྱིས་དག །འོད་དམར་པོ་དེ་ཉིད་སྣ་བུག་གཉིས་ནས་ཕྱིར་སོར་བཞི་ཙམ་ཐོན་ཏེ་དམར་ལམ་མེར་ཡོད་པ་ལ་སེམས་གཏད། རླུང་ཕྱིར་ཐུབ་ཚད་དུ་མནན། མི་ཐུབ་པ་ན་ནང་དུ་འདྲེན་པ་དང་མཉམ་དུ་འོད་སྔར་ལས་ཀྱང་ཆེས་ཆེར་གསལ་བས་ལུས་ཐམས་ཅད་ཁྱབ་པས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར། རང་ཉིད་ལྷ་ཡབ་ཡུམ་ཞལ་སྦྱོར་སྤྱན་གྱི་དཀར་ནག་ཚུན་མ་འདྲེས་པ་མེ་དཔུང་དབུས་ན་གསལ་སིང་ངེར་བཞུགས་པ་མེ་ལོང་ནང་གི་གཟུགས་བརྙན་ནམ། རྨི་ལམ་གྱི་སྣང་བའམ། ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་རླུང་ནང་དུ་ཅི་ཐུབ་འཛིན་ཅིང་སེམས་འཛིན་མེད་དུ་འཇོག་པ་ཐུན་མཚམས་དང་ཐུན་འགོ་རྣམས་སུ་མང་ཉུང་ཇི་ལྟར་རིགས་པ་བྱའོ། །གཉིས་པ་གསུང་བཟླས་བརྗོད་དང་འབྲེལ་བ་ཏིང་ངེ་འཛིན་གྱི་འཕྲོ་འདུ་ལ་བཟླས་པའི་གཞི་དགོད་པ་ནི། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་གྱེན་དུ་ཁ་བྱེ་བའི་ལྟེ་བར་གེ་སར་དང་བཅས་པའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས་སྔགས་ཕྲེང་ཡིག་འབྲུ་གྱེན་དུ་ལངས་པའི་ཡི་གེ་ཐམས་ཅད་ཁ་དོག་དམར་ནག་འོད་དུ་འབར་བར་བསྒོམས་པ་ལ་ཡུན་རིང་དུ་སེམས་གཏད་ཅིང་གསལ་སྣང་ཐོན་པར་བྱ། དེ་ནས་ཏིང་ངེ་འཛིན་གྱི་འཕྲོ་འདུ་ལ། ཕྱི་རྒྱལ་བ་སྲས་བཅས་ལ་མཆོད་པ། ནང་བདག་ཉིད་ཀྱི་ཐུགས་ཀ་ལས་འཁོར་བའི་བཟླས་པ། གསང་བ་ཡབ་ཡུམ་གྱི་ཞལ་ནས་ཞལ་མཁའ་ནས་མཁར་འཁོར་བའི་བཟླས་པ། ཡང་གསང་དེ་ཁོ་ན་ཉིད་ལྷ་སྔགས་དབྱེར་མེད་ཀྱི་ཚུལ་དུ་བཟླ་བ་སྟེ་བཞི་པོ་རེ་རེ་ལ་ཡང་ནང་གསེས་ཀྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་སྟེ་བཞི་བཞིའི་རྣམ་བཞག་མཛད་པའི་དང་པོ་ཕྱིའི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྲངས་མེད་པ་ཉི་ཟེར་འཛིངས་པ་ལྟ་བུ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དཔག་ཏུ་མེད་པ་བུན་གྱིས་འཕྲོས། རང་གི་ལུས་ནང་ཐམས་ཅད་གང་བས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུར་གསལ་བར་བྱས། འོད་ཟེར་འབར་ཞིང་འཁྲུགས་པའི་ཚེ་རབས་ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པས་སྣེ་ལ་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་ཤིང་སྙན་པའི་གླུ་ལེན་ཅིང་མཛེས་པའི་གར་བསྒྱུར་བ། ལུས་དང་ཁ་ནས་དྲི་ཞིམ་པོ་འཐུལ་ཞིང་མཐོང་བ་ཙམ་གྱིས་བདེ་བས་མྱོས་པར་བྱེད་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ཉེར་སྤྱོད་སོགས་ཕྱིའི་མཆོད་པ། སྨན་རཀ་གཏོར་གསུམ་སོགས་ནང་གི་མཆོད་པ་བསམ་གྱིས་མི་ཁྱབ་པས་མདུན་གྱི་ཛཔ྄་ཁང་གི་ལྷ་ལ་མཆོད་ཅིང་། རང་བཞིན་གྱི་གནས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ལའང་མཆོད་པ་ཕུལ། གསང་བ་སྙོམས་འཇུག་གི་མཆོད་པས་ཀྱང་མཆོད། དེ་ཐམས་ཅད་ཀྱི་ཐུགས་རྒྱུད་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁྱད་པར་ཅན་བསྐྲུན་པར་བྱས། ཡང་འོད་ཟེར་གྱི་སྣེ་ལ་སྤྲུལ་པའི་ཕོ་ཉ་གནམ་ས་གང་བ་སྤྲོས་ཏེ་རྣམ་རྟོག་གི་རང་གཟུགས་དགྲ་བགེགས་ཀྱི་རྣམ་པར་ཤར་བ་རྣམས་བསྒྲལ་ཏེ། ཤ་ཁྲག་རྣམས་མཆོད་པའི་ལྷ་མོ་རྣམས་ཀྱིས་ཚོགས་ཞིང་ལ་བསྟབས་ནས་བསྒྲལ་མཆོད་ཀྱིས་ཀྱང་དགྱེས་པར་བསམ། དེ་ལྟ་བུའི་མཆོད་པའི་འཁོར་གསུམ་རང་བཞིན་མེད་པའི་རྒྱས་བཏབ་སྟེ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔ་དང་། རྟ་མགྲིན་གྱི་སྐུ །གསུང་ཡིག་འབྲུ །ཐུགས་ཕྱག་མཚན་དང་ས་བོན་གྱི་རྣམ་པ་དཔག་ཏུ་མེད་པར་བསྡུས་ཏེ་རང་གི་གནས་གསུམ་དང་བ་སྤུའི་བུ་ག་ནས་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་ཐོབ། སྐུ་བཞི་འགྲུབ་པར་བྱས་སྙམ་དུ་བསམ་པ་ནི་བདག་བྱིན་རླབས་ཀྱི་དམིགས་པའོ། །ཡང་འོད་ཟེར་འཕྲོས་ཏེ་འགྲོ་བ་རིགས་དྲུག་གི་གནས་རྣམས་ལ་ཕོག་པས་རིགས་དྲུག་སྤྱི་དང་སོ་སོའི་སྡུག་བསྔལ་དང་དེའི་རྒྱུ་ལས་ཉོན་སྒྲིབ་གཉིས་དང་བཅས་པ་སྦྱངས། འཁོར་བ་ལས་གྲོལ་བའི་ཉན་རང་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས་ཏེ་རྟ་མགྲིན་གྱི་གོ་འཕང་ལ་བཀོད་པས་སྣོད་ཐམས་ཅད་དག་པའི་ཞིང་བཅུད་ཐམས་ཅད་རྟ་མགྲིན་གྱི་ལྷ་ཚོགས་འབའ་ཞིག་ཏུ་གྱུར། སྣང་གྲགས་རིག་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་མོས་པ་ནི་གཞན་དོན་ཕྲིན་ལས་ཀྱི་དམིགས་པ་ཡིན་ལ། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་ནུས་པ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་རང་གིས་ཐོབ་པར་བསམ་པ་ནི་གཉིས་མེད་ཟུང་འཇུག་གི་བཟླས་པའོ། །དེ་ལའང་འོད་ཟེར་དཀར་པོ་ཟླ་ཟེར་འཛིངས་པ་ལྟ་བུ་སྤྲོས་ནས་དོན་གཉིས་སྒྲུབ་པ་བསྙེན་པ། དེ་ལས་ཅུང་ཟད་དྲག་ཅིང་མྱུར་བ་འགལ་མེ་ཀླད་ལ་སྐོར་བ་ལྟ་བུ་དཀར་སེར་ཤས་ཆེར་སྤྲོ་བ་ཉེ་བསྙེན། དེ་བས་ཀྱང་ཤུགས་དྲག་ཅིང་རྩུབ་པ་མགར་གྱི་ཚྭ་ཚྭ་ལྟ་བུ་དམར་ཧུ་རེ་བ་སྤྲོ་བ་སྒྲུབ་པ། དེ་ལས་ཀྱང་ཆེས་ཆེར་རྩུབ་པ་འོད་ཟེར་མཐིང་ནག་གཟི་བྱིན་ལྟ་བར་མི་བཟོད་པ་གནམ་ལྕགས་ཀྱི་ཐོག་བབས་པ་ལྟ་བུའམ་མཚོ་ལ་སེར་ཆེན་བབས་པ་ལྟ་བུ་སྤྲོ་བ་སྒྲུབ་པ་ཆེན་པོའི་ཐ་སྙད་མཛད་དེ་སྦས་པ་མིག་འབྱེད་ཀྱི་དགོངས་པའོ། །གཉིས་པ་ནང་གི་བཟླས་པ་ནི། སྙིང་ཁའི་སྔགས་འཁོར་ལ་སེམས་ཞུགས་པ་བཞིན་དུ་གཏད་ནས་ལྕེ་མཆུ་མི་འགུལ་བར་ཡིད་བཟླས་ཀྱི་ངང་ནས་བདག་བྱིན་རླབས། གཞན་དོན་ཕྲིན་ལས། གཉིས་མེད་ཟུང་འཇུག་གི་བཟླས་པ་གསུམ་བྱེད་པ་སྟེ། འདིར་ཡང་བསྙེན་པ་སོགས་བཞི་སྔ་མ་དང་འདྲ་བའི་འོད་ཟེར་སྤྲོ་བསྡུ་སྙིང་ཁ་ནས་བྱེད། གསུམ་པ་གསང་བའི་བཟླས་པ་ནི། ཡབ་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་བ་རང་སྒྲ་སྒྲོག་བཞིན་པས་ཐུགས་ཀ་ནས་མགྲིན་པར་བརྒྱུད་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་པདྨར་ཐོན། ཡབ་ཀྱི་རྡོ་རྗེའི་ལམ་བརྒྱུད་ཐུགས་ཀའི་ས་བོན་གྱི་ཞབས་ཀྱུ་ནས་ཡར་ཞུགས་རྩེ་ནས་ཐོན་སྔར་བཞིན་འཁོར་བ་བར་མ་ཆད་དུ་འཁོར་བའི་དོ་ལིའི་བཟླས་པའམ་ཁྱོགས་ཀྱི་བཟླས་པ་བྱེད་པ་ཡིན་ལ། འདི་ལ་བརྟེན་ནས་རླུང་ལྡང་བ་དང་སྟོད་འཚངས་ཀྱི་གེགས་བྱུང་ན་གོ་ལྡོག་སྟེ་སྔགས་ཕྲེང་ཐུགས་ཀའི་ས་བོན་ནས་ལྟེ་བ་དང་གསང་གནས་བརྒྱུད་ཡུམ་གྱི་གསང་གནས་ནས་ཞུགས། ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་མགལ་མེ་ལྟར་འཁོར་བར་བསམ་པས་སེལ་ལ། དེ་ལ་བརྟེན་ནས་འཛག་པ་སོགས་ཀྱིས་གེགས་བྱུང་ན་སྔ་མ་བཞིན་བྱས་པས་སེལ་ལོ། །དེ་ཡང་ཐོ་རེངས་དང་སྲོད་ལ་རླུང་ལྡང་པའི་དུས་ཡིན་པས་ཕྱི་མ་ལྟར་དང་སྔ་དྲོ་དང་ཕྱི་ཐུན་གཉིས་ལ་སྔ་མ་ལྟར་བྱས་ན་བགེགས་ཉུང་བར་བཤད། འདི་ལ་ཡང་བསྙེན་པ་སོགས་བཞི་བྱེད་ཚུལ་སྔར་བཞིན་ལ། དོན་གཉིས་དང་ཟུང་འཇུག་གི་བཟླས་པའི་སྤྲོ་བསྡུ་སྦྱོར་མཚམས་ནས་བྱེད། བཞི་པ་དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། ལྷ་སྔགས་ཏིང་འཛིན་གྱི་འཕྲོ་འདུ་སོགས་བྱ་བྱེད་ལས་གསུམ་ཀའང་གཉིས་འཛིན་གྱི་བློ་ལས་འདས་པ་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་ལས་མ་གཡོས་བཞིན་དུ། རིག་རྩལ་ལྷུན་གྲུབ་ཀྱི་རང་མདངས་ཆུ་ཟླ་དང་འཇའ་ཚོན་གྱི་སྣང་བ་ལྟར་ཤེས་པས་བསྙེན་སྒྲུབ་ཡན་ལག་བཞིའི་སྤྲོ་བསྡུ་དང་འཛིན་མེད་རང་ཤར་རང་གྲོལ་གྱི་ངང་དུ་བྱེད་པ་སྟེ། འདིས་ནི་སྔ་མ་གསུམ་ཀ་ལའང་རྒྱས་འདེབས་པའི་གནད་གལ་པོ་ཆེ་ཡིན་ནོ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བསྙེན་པ་རྣམས་ཐུན་རེ་ལ་ཆ་བཞི་རེར་བགོས་ནས་བྱེད་པ་དང་བསྙེན་པ་ཡུན་ཇི་ཙམ་བྱེད་པ་ཆ་བཞིར་བགོས་ནས་བྱེད་པའི་ལུགས་གཉིས་གང་བྱས་ཀྱང་འདྲ་བ་ཉིད་དོ། །ཡུམ་དང་འཁོར་སྔགས་རྣམས་བཟླ་བའི་ཚེ་སོ་སོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རང་རང་གི་ཁ་དོག་དང་མཐུན་པའི་ས་བོན་དང་འདབ་མ་བརྒྱད་ལ་སྔགས་བཀོད་ལ། ཏིང་ངེ་འཛིན་རྒྱས་པའམ་བསྡུ་ན་ཕྱིའི་བཟླས་པ་ཙམ་གྱིས་ཀྱང་ཆོག །རྒྱུན་ཁྱེར་དང་དམིགས་པ་མི་གསལ་བའི་ལས་དང་པོ་པས་སྔར་བཤད་པའི་ཕྱིའི་བཟླས་པའི་དོན་གཉིས་དང་ཟུང་འཇུག་གི་བཟླས་དམིགས་ཁོ་ནས་ཀྱང་ཆོག་གོ །བསྙེན་སྒྲུབ་ཀྱི་དུས་བར་གཅོད་ཀྱི་མཚན་མ་གཞིལ་བའི་སླད་དུ་སྔགས་ཀྱི་ངར་བཏགས་ཏེ་ཚར་གཅོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་ཁྲོ་ཆུང་དམར་ནག་ཁྲོ་ཞིང་རྔམ་པ་གྲངས་མེད་པ་མཚོན་ཆ་རྣོ་ཞིང་རྩུབ་པ་དང་། མེ་དཔུང་ཆེ་ཞིང་རྩུབ་ལ་འབར་བ་འུར་སྒྲ་དང་བཅས་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་ནས་གདོན་བགེགས་ལོག་འདྲེན་ཐམས་ཅད་སྐད་ཅིག་ལ་ཚར་གཅོད་ཅིང་། སྟོང་གསུམ་གྱི་ཕ་རོལ་ནམ་མཁའི་མཐར་ཡུད་ཀྱིས་བསྐྲད་ནས་སྔར་གྱི་སྤྲོས་པ་རྣམས་ཚུར་འདུས་བདག་གི་མཐའ་སྐོར་དུ་ཁྲོ་བོའི་གུར་ཁང་སྔགས་ཀྱི་ང་རོ་འབྲུག་ལྟར་ལྡིར་བ། དེའི་ཕྱིར་མཚོན་ཆའི་གུར་ཁང་། དེའི་ཕྱིར་མེ་དཔུང་གི་གུར་ཁང་གསལ་གདབ། དེ་རྣམས་ལས་མེ་མཚོན་ཁྲོ་བོའི་ཚྭ་ཚྭ་ལྕགས་ཀྱི་ཞུན་མ་འཐོར་བ་ལྟར་ཕྱོགས་བཅུར་འཕྲོས་པས། གདོན་བགེགས་གདུག་པ་ཅན་ཐམས་ཅད་རྩྭ་སྦུར་མེས་ཚིག་པའམ་མེ་སྟག་ཆུ་ནང་དུ་སོང་བ་ལྟར་རྗེས་མེད་དུ་སོང་བར་བསམ་ལ། ཨོཾ་རཾ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཏཱིགྣ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། ཞེས་མཚམས་སྔགས་དང་། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་རཱ་ག་ཝ་ཤཾ་ཀུ་རུ། པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཙཎྜ་རཀྴ་མ་ཧཱ་བ་ལ་མ་མ་ཤྭ་རི་པདྨ་ཀྲོ་དྷ་ཧྲཱིཿཧྲཱིཿ སརྦ་དུཥྚཱཾ་ཏྲིག་ནན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཙིཏྟ་རྦད་ནན་མྱོག་ཐུམ་རིལ་རྦད་ཧུར་ཐུམ་ཛཿ མཱ་ར་ཡ་རྦད། སཏྭཾ་བྷ་ཡ་ནན། ལྕགས་ཁང་སྤུ་གྲིའི་སྔགས་ཤིན་ཏུ་རྣོ་ཞིང་གཉན་པ་དང་། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་པཱ་ཎི་ཀཱི་ལ་ཡ། ཡ་མ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ནཱ་ག་དུན། ཙནྡྷེ་ཙནྡྷེ། མི་ལི་མི་ལི་ཧཱུྃ་ཕཊ། ཅེས་བདེ་གཤེགས་སྤྱི་དྲིལ་གྱི་སྔགས་རྣམས་ཐུན་མཚམས་སུ་བརྒྱ་རྩའམ་ཉེར་གཅིག་ཡན་བཟླ་བར་བྱའོ། །ལྷག་ཆད་ཁ་འགེང་པ་དང་བྱིན་རླབས་བརྟན་པའི་ཕྱིར་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱའང་ལན་གསུམ་བརྗོད་པར་བཤད་དོ། །གསུམ་པ་ཐུགས་རྟ་སྐད་ཐེངས་གཅིག་ལ་བརྟེན་ནས་ཀ་དག་ཆོས་སྐུར་ལ་བཟླ་བ་ནི། རང་དབང་ཆེན་དུ་གསལ་བའི་དབུ་གཙུག་གི་རྟ་མགོ་ལས་རྟ་སྐད་དྲག་པོ་སྟོང་གསུམ་དང་མཉམ་པ་ཞིག་བསྒྲག་པར་མོས་ལ་སྐད་དེ་མགྲིན་པ། ཡ་རྐན། མ་རྐན་གང་ནས་བྱུང་བ་བརྟགས་པས་དེ་དག་གང་ལས་ཀྱང་མ་རྙེད་པ། ཀུན་རྫོབ་བྲག་ཆ་ཙམ་དུ་གསུང་གི་རང་བཞིན་སྒྲ་དབྱངས་དེ་ལྟ་བུ་བྱུང་བ་སྐྱེ་འགག་གནས་གསུམ་དང་བྲལ་བའི་གསུང་དུ་ལ་བཟླ། དོན་དམ་པར་སྣང་སྲིད་འཁོར་འདས་ཐམས་ཅད་ཡེ་ནས་ཀ་དག་འདུས་མ་བྱས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་ཐུགས་ཀྱི་རང་བཞིན་རྟ་མགྲིན་དུ་གསལ་བ་མཐའ་དག་ཆོས་སྐུ་དངོས་མེད་ཀྱི་ངང་དུ་ལ་བཟླ། སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་པར་དབང་ཆེན་གྱི་སྐུར་གསལ་བ་ལོངས་སྤྱོད་རྫོགས་པའི་གཟུགས་ཀྱི་ཆ་ལས་སྤྲུལ་པ་གྲངས་མེད་པར་འཕྲོ་བ་རང་ཤར་རང་གྲོལ་གྱི་ངང་དུ་ལ་བཟླ་བ་སྟེ་ཐག་བཅད་ལ་མཉམ་པར་བཞག་གོ །འདི་ལ་དུས་ཀྱི་བསྙེན་པ་རབ་ལོ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གསུམ་དུ་བཤད་ཀྱང་གྲངས་དང་མཚན་མའི་བསྙེན་པ་རྫོགས་མ་རྫོགས་ལས་མཐའ་གཅིག་ཏུ་མ་ངེས་ལ། གྲངས་ཀྱི་བསྙེན་པ་གཙོ་བོ་ལ་འབུམ་ཕྲག་བཅུ་བཞི། ཡུམ་ལ་འབུམ་ཕྲག་དགུ །འཁོར་རྣམས་ལ་གཙོ་བོའི་ཕྱེད་ཆ་བཟླ་བར་གསུངས་པ་སྔགས་གསར་མ་དང་ཕྱོགས་མཐུན་ཞིང་རྒྱས་པའི་ཡན་ལག་ཏུ་འགྱུར་མོད། སྔ་འགྱུར་ལ་གཙོ་བོའི་བསྙེན་པ་ཐེངས་ཕྱིན་འཁོར་གྱི་བསྙེན་པ་ཆེད་དུ་གཉེར་ནས་མི་བྱེད་པ་དང་བྱས་ཀྱང་ཅི་འགྲུབ་བྱེད་པས་ཆོག་པ་ཕྱག་ལེན་དུ་སྣང་། ལས་རུང་ཙམ་ལ་གཙོ་བོ་ལ་བཞི་འབུམ་མཛད་པས་འཐུས་སོ། །མཚན་མའི་བསྙེན་པའི་ཚད་ནི། གསང་རྒྱུད་ལས། སྐུ་ཉིད་དངོས་སུ་མཐོང་བ་འམ། །སློབ་དཔོན་ཉི་ཟླ་མགོ་ལ་འཆར། །ཉེ་བསྙེན་ལ། སྒྲུབ་རྫས་མེ་འབར་འོད་འཕྲོ་ཞིང་། །སྒྲུབ་ཁང་གཡོ་འགུལ་སྒྲ་ཆེན་འབྱུང་། །རང་ཉིད་ཁྲོ་རྒྱལ་སྐུ་རུ་གྱུར། །སྣང་སྲིད་མེ་ཏོག་དམར་པོས་ཁེངས། །སྒྲུབ་པ་ལ། པདྨའི་སྡོང་པོར་བདག་འདུག་དང་། །སྣང་སྲིད་མེ་ཏོག་པདྨས་ཁེངས། །ཉམས་སུ་མྱོང་ལ་ཞེ་འདོད་མེད། །རང་ཡིད་ཆེས་ལ་ཁར་མི་འདོན། །བརྗོད་མེད་བསམ་མེད་དོན་དེ་རྟོགས། །སྒྲུབ་ཆེན་ལ། སངས་རྒྱས་ཉག་གཅིག་ཆོས་ཉན་པ། །ཕྱི་ཡི་རྟགས་ནི་རྨི་ལམ་དང་། །ནང་རྟགས་ཉམས་སུ་འབྱུང་བ་ཡིན། །གསང་བའི་རྟགས་ནི་དངོས་སུ་མཐོང་། །ཞེས་གསུངས་པས་མཚན་མ་བཟང་པོ་རྙེད་ན་དུས་དང་གྲངས་ལ་མི་ལྟོས་སོ། །གཉིས་པ་བསྙེན་རྐྱང་ཇི་ལྟར་བྱ་བའི་ཚུལ་ལ། དཀྱིལ་འཁོར་དང་སྒྲུབ་རྟེན་སོགས་ཅིའང་མི་དགོས། སྨན་རཀ་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད། བཀའ་སྲུང་གཏོར་འབུལ་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱ། ས་སློང་མཚམས་གཅོད་སོགས་སྒྲུབ་པ་དང་འབྲེལ་བའི་སྐོར་རྣམས་མི་དགོས་ལ། གཞན་ཐུན་བཞིའི་བཅད་ཁྲིགས། ལས་བྱང་གཏང་ལུགས་རྣམས་སྔར་སྨོས་པ་ལྟར་ལ་བདག་བསྐྱེད་རྐྱང་པ་ལས་ཛཔ྄་ཁང་དབྱེ་བ་སོགས་མདུན་རྟེན་དང་འབྲེལ་བའི་དམིགས་པ་རྣམས་དོར། བཟླས་དམིགས་སྐབས་མཆོད་པ་དང་བྱིན་རླབས་ཞུ་བ་རང་བཞིན་གྱི་གནས་ན་བཞུགས་པ་རྣམས་ལ་བྱེད་ཅིང་མཇུག་ཆོག་སོགས་རྒྱས་བསྡུས་སྐབས་བསྟུན་གྱི་ལས་བྱང་དངོས་བསྟན་ལྟར་བྱེད་པ་ཡིན་ལ། དགོངས་པ་དང་ཏིང་ངེ་འཛིན་གྱི་འཕྲོ་འདུ་སོགས་སྔར་ལྟར་སྦྱོར་དགོས་སོ། །གསུམ་པ་རྗེས་དངོས་གྲུབ་བླང་བ་ལ་བདུན། རྫས་བཤམ་པ། མཚམས་གཅོད། སྒྲུབ་རྟེན་གསལ་ནས་བྱིན་འབེབ་པ། དངོས་གྲུབ་བསྡུ་བ། ལྷ་གནད་ལ་དབབ་པ། བཤགས་མཆོད་བྱ་བ། དངོས་གྲུབ་དངོས་གཞི་ལེན་པའོ། །དང་པོ་ནི། བཟླས་གྲངས་ཐེམས་པའི་དུས་སྔ་དྲོའི་ཆར། མཆོག་ཐོད་གྲི་སྙིང་རིལ་བུ་སོགས་དར་དམར་གྱིས་བཏུམས་པ་ཡོད་ན་ཞལ་ཕྱེ། སྒྲུབ་ཐོད་མ་འབྱོར་ན་དཔལ་གཏོར་ལ་དམིགས་ནས་དངོས་གྲུབ་ལེན་དགོས་པས་ཤ །མར། ཐུད། ཞོ། ཆང་། ཤིང་ཐོག །ཤ་མོ་སོགས་དངོས་གྲུབ་ཀྱི་རྫས་ལ་འོས་པའི་བཟའ་བཅའ་བཏུང་བའི་རིགས་ཅི་འབྱོར་པ་དང་། ཆུ་གཉིས་ཉེར་སྤྱོད་སྨན་རཀ་གཏོར་གསུམ་གསར་དུ་བཤམ་པའམ་རྙིང་པ་ཁ་གསོ། ཁྲག་ཆང་བཟེད་ཞལ་དང་བཅས་པའང་བཤམ། གཉིས་པ་མཚམས་གཅོད་པ་ནི། ལས་བྱང་གཞུང་བསྲང་ཛཔ྄་ཁང་ཕྱེས་ནས་ཛཔ྄་བཟླ་ཛཔ྄་བསྟོད་ཟིན་པའི་བར་དཀྱུས་བཞིན་བཏང་ནས། ཧྲཱིཿ དཔལ་ཆེན་མི་བཟད་སོགས་ཀྱིས་བགེགས་བསྐྲད་པ་ནས་མཚམས་སྔགས་བརྗོད་པའི་བར་ལས་བྱང་བཞིན་བྱེད། གསུམ་པ་སྒྲུབ་རྟེན་གསལ་གདབ་བྱིན་འབེབ། ཛཔ྄་ཁང་གོང་ནས་དབྱེ་ཟིན་པ་སླར་གསལ་འདེབས་སྐྱོར་དང་། དཀྱིལ་འཁོར་སྒྲུབ་རྫས་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་བྱིན་འབེབ་ལས་བྱང་ལྟར་བྱ། བཞི་པ་དངོས་གྲུབ་བསྡུ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། རྒྱལ་བ་ཞི་ཁྲོའི་བྱིན་རླབས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དང་འབྱུང་བ་བཞིའི་བཅུད་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཡོན་ཏན་ཐམས་ཅད་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ། འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པའི་རྣམ་པར་བྱོན་ནས་མདུན་བསྐྱེད་ཀྱི་རྟེན་དང་སྒྲུབ་རྫས་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་བསམ་ལ། གོང་གི་དངོས་གྲུབ་བསྡུ་སྔགས་ཉེར་གཅིག་བཟླས་རྗེས་ལེན་སྔགས་བརྒྱ་རྩ་འདྲེན། དེ་དང་སྦྲེལ་ནས་སརྦ་སིདྡྷི་ཕ་ལ། མ་ཧཱ་སིདྡྷི་ཨཱ་ཡུརྺ་དེ། དྷ་མ་མེ་དྷཱི་སིདྡྷི་ཞེས་པའང་ཅི་རིགས་བཟླ། ལྔ་པ་ལྷ་གནད་ལ་དབབ་པ་ནི། ཧཱུྃ། པདྨ་དབང་ཆེན་ལྷ་ཚོགས་དབྱིངས་ནས་གཤེགས། །དཀྱིལ་འཁོར་འདིར་བཞུགས་དངོས་གྲུབ་བསྩལ་དུ་གསོལ། །གནས་འདིར་མི་གཤེགས་དངོས་གྲུབ་མི་སྟེར་ན། །ཐུགས་བསྐྱེད་ཉམས་ཤིང་དམ་ཚིག་འགལ་བ་མཆིས། ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲཱི་ཝཱ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ས་མ་ཡ་ཛཿ ས་མ་ཡ་སཏྭཾ། དྲུག་པ་བཤགས་མཆོད་འབུལ་བ་ནི། ཡེ་ཤེས་སྐུ་མཆོག་མ་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཧཱུྃ། བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ །ཞེས་པ་ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པའི་བར་གྱི་ཉེར་སྤྱོད་འདོད་ཡོན་སྨན་གཏོར་མ་རཀྟའི་བར་ལས་བྱང་ལྟར། དེ་ནས་ཧཱུྃ་རིང་ལན་གསུམ་དང་བཅས་ཏེ་རཀྟ་འཕྱར། ཧཱུྃ། པདྨ་དབང་ཆེན་ལྷ་ཚོགས་རྣམས། །དང་པོ་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་བསྒྲུབས་པའི་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ །རཀྟ་དམར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་ནས་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། རྩ་སྔགས་མཇུག་ཏུ་མ་ཧཱ་རཀྟ་ཁཱ་ཧི། ཞེས་བཟླ་ཞིང་བཟེད་ཞལ་ནས་དཀྱིལ་འཁོར་གྱི་མདུན་དུ་རཀྟ་ལན་གཉིས་འབུལ་བ་ཕྱག་ལེན་ལྟར་རོ། །ཆང་ཡང་ཧཱུྃ་རིང་དང་བཅས་ལན་གསུམ་འཕྱར་ལ། ཧཱུྃ། པདྨ་དབང་ཆེན་ལྷ་ཚོགས་རྣམས། །དང་པོ་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་བསྒྲུབས་པའི་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ། །རཀྟ་དམར་གྱི་མཆོད་པ་འབུལ། །མ་ད་ན་ཡི་མཆོད་པ་འབུལ། །མཆོད་པ་བཞེས་ནས་དངོས་གྲུབ་སྩོལ། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། རྩ་སྔགས་མཇུག་ཏུ། མ་ཧཱ་པཉྩ་ཁཱ་ཧི། ཞེས་ལན་གཉིས་འབུལ་བ་སྔར་བཞིན་ནོ། །བདུན་པ་དངོས་གྲུབ་ལེན་པ་དངོས་ནི། མེ་ཏོག་གཏོར་ཞིང་། ཧཱུྃ། ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །ཞེས་སོགས་དང། ཌཱ་དྲིལ་དང་བཅས། ཧཱུྃ། ལྷག་པའི་ཡེ་ཤེས་པདྨ་དབང་གི་ལྷ། །རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི། །ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་ལྟར། །དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ། །དུས་ལས་མི་གཡེལ་གཡར་དམ་གཅིག་པའི་ངང་། །མི་ཟད་རིན་ཆེན་རྒྱན་གྱི་འཁོར་ལོ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྐལ་ལྡན་བདག་ལ་དུས་འདིར་བསྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མི་འཛད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཀུན་བཟང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐུལ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་ཡི་གེ་ཨོཾ་དཀར་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་ཐོན། རང་གི་དཔྲལ་བར་ཐིམ། སྐུ་ཡི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་རིལ་བུ་ཡོད་ན་ལྔའམ་གཅིག་སོགས་ཟ་ཞིང་དཔལ་གཏོར་ལ་བརྟེན་ན་རང་གི་དཔྲལ་བར་བཞག །དེ་བཞིན་དུ། དཔལ་ལྡན་རྡོ་རྗེའི་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་ཡི་གེ་ཨཱཿདམར་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་ཐོན། རང་གི་མགྲིན་པར་ཐིམ། གསུང་གི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་ཝཱ་ཀ་སིདྡྷི་ཨ་ལ་ལ་ཧོཿ ཞེས་རིལ་བུ་བཟའ་ཞིང་དཔལ་གཏོར་མགྲིན་པར་བཞག་པ་སོགས་རིགས་འགྲེ །དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་ཐོན། རང་གི་སྙིང་ཁར་ཐིམ། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཞེས་དང་སྤྲོ་ན། དཔལ་ལྡན་རྡོ་རྗེའི་ཡོན་ཏན་འཆང་། །རྡོ་རྗེ་མི་ཕྱེད་ཡོན་ཏན་ལྡན། །དེང་བདག་སངས་རྒྱས་ཡོན་ཏན་འཛིན། །ཡོན་ཏན་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ལྟེ་བ་ནས་ཡི་གེ་སྭཱ་སེར་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་རང་གི་ལྟེ་བར་ཐིམ་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་གུ་ཎ་སིདྡྷི་ཨ་ལ་ལ་ཧོཿ ཞེས་དང་། དཔལ་ལྡན་རྡོ་རྗེའི་ཕྲིན་ལས་འཆང་། །རྡོ་རྗེ་མི་ཕྱེད་ཕྲིན་ལས་ལྡན། །དེང་བདག་སངས་རྒྱས་ཕྲིན་ལས་འཛིན། །ཕྲིན་ལས་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་གསང་གནས་ནས་ཡི་གེ་ཧཱ་ལྗང་གུ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་ཐོན་རང་གི་གསང་གནས་སུ་ཐིམ་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་ཀརྨ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་གཏོར་མ་གནས་སུ་བཞག་པའམ་རིལ་བུ་བཟའ་བ་རིགས་འགྲེ། དེ་ནས། ཧཱུྃ། དགོངས་ཤིག་པདྨ་གསུང་གི་ལྷ། །རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས། །དཔང་གྱུར་ཐམས་ཅད་དགོངས་སུ་གསོལ། །དང་པོ་བསྙེན་ཅིང་བར་དུ་བསྒྲུབས། །བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། །ཞག་དུས་གྲངས་དང་རྟགས་ཀྱང་ཐེམས། །དེང་སང་སྐྱ་རེངས་དང་པོའང་ཤར། །རྡོ་རྗེའི་ནམ་ལངས་ཁད་ལ་ཉེ། །འདོད་དགུའི་དངོས་གྲུབ་རིན་པོ་ཆེ། །ད་ནི་འབྱུང་བའི་དུས་ལ་བབ། །དཔལ་ཆེན་རྟ་མགྲིན་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག །ཅེས་བརྗོད་ཅིང་ཁྲག་ཆང་གཉིས་ནས་ཀྱང་གནས་གསུམ་དུ་རེག །སྒྲུབ་རྫས་དང་དངོས་གྲུབ་ཀྱི་རྫས་རྣམས་འགྲིམ་ཞིང་ལོངས་སྤྱོད། འབད་དང་རྩོལ་བ་མི་དགོས་པར། །སོགས་དང་། སློབ་དཔོན་མཆེད་ལྕམ་ཚོགས་རྣམས་ཀྱིས། །དངོས་གྲུབ་རྫས་ལ་ལོངས་སྤྱད་པས། །ཚེ་རིང་ནད་མེད་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་སྨོན་ལམ་བཏབ། ཛཔ྄་ཁང་མི་བསྡུ་བར་བཀའ་སྲུང་དང་ཚོགས་འཁོར་དཀྱུས་བཞིན་གཏང་། ཚོགས་ལ་རོལ། ཚོགས་བསྔོ་བྱ། དངོས་གྲུབ་ཀྱི་རྫས་ལྷག་དང་ཚོགས་ལྷག་རྣམས་ཀྱིས་ཡར་མཆོད་མར་སྐྱོང་ཆད་ཐོ་བརྟན་སྐྱོང་གི་བར་བཏང་ལ་གཏོར་མ་རྣམས་ཕྱི་རོལ་དུ་འབུལ། པདྨ་རིགས་ཀྱི་ཡིག་བརྒྱ་ལན་གསུམ་བརྗོད། བཟོད་པར་གསོལ་ནས་མདུན་བསྐྱེད་ཀྱི་སྒྲུབ་རྟེན་ལ་བསྐྱེད་པ་དང་རས་བྲིས་ལ་བསྐྱེད་པ་སོ་སོར་ཕྱེས་ནས་བསྟིམ་ཞིང་། བདག་བསྐྱེད་ཀྱི་ཡེ་ཤེས་པའི་དཀྱིལ་འཁོར་ཀྱང་དེ་དག་ལ་ཐིམ་པར་མོས་ལ་སོ་སོའི་རྣམ་པར་གཟུགས་བསྒྱུར་ལ་བརྟན་བཞུགས་བྱ། རྟེན་མེད་པའི་ཚོགས་གཤེགས་སུ་གསོལ། ལུས་བསྲུང་བདག་བསྐྱེད་ཀྱི་དམ་ཚིག་པ་ཉེར་བསྡུ། བསྔོ་སྨོན་བཀྲ་ཤིས་སོགས་རྒྱས་པར་བྱ། གྲི་སྙིང་དང་སྲོག་འཁོར་བཏུམས་ནས་ལུས་ལ་བཅངས་པའམ་རྟེན་གྲལ་དུ་མི་མངོན་པར་བཞུགས་སུ་གསོལ། བདུད་རྩི་རིལ་བུ་ཡོད་ན་སྣོད་ཐོད་པ་དྲིལ་སྣོད་ཀྱིས་གྲིལ་ཏེ་བཅངས་ཤིང་རྒྱུན་དུ་བཟའ། སྒྲུབ་རྟེན་དེ་དག་མེད་ན་དཔལ་གཏོར་སོགས་གཞན་དུ་མ་འཁྱར་བར་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱད། ཁ་སྐོང་སྦྱིན་སྲེག་བསྙེན་པའི་བཅུ་ཆ་དགོས་པའང་མཚམས་ནང་དེར་གྲུབ་ན་ལེགས། རྒྱལ་ཆེན་ལ་གཏང་རག་མཆོད་གཏོར་ཕུལ་ནས་གཤེགས་སུ་གསོལ་ཏེ་ཐོ་བསྡུ། ཆོས་སྲུང་དང་གཞི་བདག་སོགས་ལའང་གཏང་རག་མཆོད་གཏོར་རྒྱ་ཆེར་ཕུལ། བསྙེན་རྐྱང་སྐབས་དངོས་གྲུབ་ལེན་ཆོག་རྒྱས་པ་འདི་དག་མི་དགོས་པས་ལས་བྱང་དཀྱུས་ཀྱི་རྗེས་རིམ་ཁོ་ནས་ཆོག་ཅིང་སྤྲོ་ན་མཚམས་གྲོལ་བའི་སྔ་ནུབ་དཔལ་གཏོར་དང་དངོས་གྲུབ་རྫས་གསར་དུ་བཤམ། ནངས་མོ་ཛཔ྄་ཁང་དབྱེ་བ་སོགས་གོང་དང་མཚུངས་པ་ལས་ས་བཅད་བདུན་པ་དངོས་གྲུབ་ལེན་པ་དངོས་གཞི་ཙམ་བྱས་ཀྱང་རུང་ངོ་། །རྩ་བའི་གསུམ་པ་དེ་དག་གི་སྐབས་སུ་མཁོ་བའི་སྤང་བླང་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་ཁྱད་པར་གྱི་དམ་ཚིག་སྤང་བླང་གི་རིམ་པ་སྤྱི་ལྟར་གཞན་དུ་ཤེས་དགོས་ལ། གནད་དུ་ཆེ་བ་མཚམས་གསུམ་རལ་ན་རྟགས་དང་ཡོན་ཏན་ཚུལ་བཞིན་མི་འབྱུང་བས་མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་གཞན་དང་འཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་བཅད་པའོ། །དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མི་གསལ་བ། བཟླས་པའི་སྔགས་མ་དག་པ། བསྒོམ་པའི་ཏིང་ངེ་འཛིན་གཡེལ་བའོ། །བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། ལུས་བཅུད་ཐིག་ལེ་ཉམས་པ། ངག་བཅུད་མཆིལ་མ་དོར་བ། ཡིད་བཅུད་རྣམ་རྟོག་རྒྱུན་མ་ཆད་པའོ། །སྒྲུབ་པ་མ་ཐོན་བར་གནས་མི་སྤོ། སྟན་མི་སྤྲུགས། མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་ལས་མི་ཡོལ་བར་འབུལ། འཐབ་འཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག །སྒྲུབ་ཁང་དུ་ཁྱི། ཡུགས་ས། མཛེ་ཕོ། རྨེ་ཅན་འོང་མི་འཇུག །དེ་དག་གི་ཟས་མི་ཟ། སྨ་ར་དང་ཨག་ཚོམ་མི་འབྲེག །རང་གི་ཉལ་སར་གཞན་མི་གཏོང་། ཕྲེང་བ་མི་ལག་མི་འགྲིམ། གཞུ་མི་འཐེན། མདའ་མི་བཅག །མཚོན་རྩེ་ཁར་མི་འཇུག །བཟླས་པའི་ཚེ་སྐྱོན་བཅུ་དང་བྲལ་བར་བཟླ་དགོས་ཏེ་དེ་ལ་སྒྲ་སྐྱོན་ལྔ་ནི་ཆེ་བ། ཆུང་བ། མགྱོགས་པ། བུལ་བ། མེ་ལ་ཕུ་འདེབས་པ་དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་བ། གཏམ་སྨྲ་བ། སྦྲིད་པ། གཉིད་ཤོར་བ། ཡེངས་པ་དང་ལྔ་སྟེ་བཅུ་པོ་སྤོང་དགོས་པ་ཡེ་ཤེས་རྔམ་གློག་གི་རྒྱུད་ལས་གསུངས་པ་སོགས། བླང་དོར་ཚུལ་བཞིན་དུ་བྱས་ཏེ་ཡེངས་མེད་རྩེ་གཅིག་པས་སྒྲུབ་པ་མཐར་སོན་པར་གྱུར་ན་སྐལ་པ་དང་འཚམ་པའི་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་མ་མཆིས་སོ། །བརྒྱུད་ལྡན་དམ་པའི་ལེགས་བཤད་རྒྱ་མཚོ་ལས། །བློ་དམན་སྐོམ་སེལ་བདུད་རྩིའི་ཟེགས་མ་བླངས། །གསལ་ལ་འཇུག་པ་བདེ་བའི་ལྷག་བསམ་གྱི། །བཅུད་འདིས་སྐལ་བཟང་ཐར་པའི་སྲོག་འཚོར་ཤོག །དབང་ཆེན་རོལ་པའི་གོ་འཕང་ཚེ་འདི་ལ། །དཀའ་བ་མེད་འགྲུབ་རྟ་སྐད་ཐེངས་གསུམ་གྱིས། །སྲིད་གསུམ་འཁྲུལ་འཁོོར་སྐུ་གསུམ་དབྱིངས་སུ་ལྡོག །སྣང་སེམས་བདེ་ཆེན་ཕྱག་རྒྱར་བསྡམ་གྱུར་ཅིག །ཆོས་ཚུལ་འདིའི་བསྙེན་སྒྲུབ་ཀྱི་ཡི་གེ་གོང་མ་རིག་འཛིན་བརྒྱུད་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་ལས་གོ་སླ་འཇུག་བདེའི་ཆེད་ཁོ་ན་སྙིང་པོར་དྲིལ་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ (Volume 17, Text 26)

༄༅། །འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་བཞུགས་སོ། ། འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ཞེས་བྱ་བ། བླ་མ་དང་འཇམ་པའི་རྡོ་རྗེ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་རང་གཟུགས་འཇམ་པའི་རྡོ་རྗེ་གར་དགུའི་རོས། །རྣམ་རོལ་ཁྱབ་བདག་ཧེ་རུ་ཀ་དཔལ་བདུད་དཔུང་མཐར་མཛད་གཤིན་རྗེའི་གཤེད། འབར་བའི་ཁྲོ་གཏུམ་དྲག་པོ་འཁྲུག་པའི་སྒྱུ་འཕྲུལ་གར་གྱིས་འགྲོ་འདི་ཀོ །རྡུལ་བྲལ་མཆོག་གི་བདེ་བས་བརླན་མཛད་དུས་དགྲའི་དབང་པོས་བདག་སྐྱོངས་ཤིག །ཨེ་མ་ཟླ་གསང་རྒྱུད་སྡེའི་མཁར། །མན་ངག་སྤྲིན་སྔོན་རོལ་པ་ལས། །ཕྲིན་ལས་རྡོ་རྗེའི་མེ་ཆར་གྱིས། །བདུད་ལས་རྣམ་པར་རྒྱལ་འདི་འོ། །གང་ཞིག་དེ་དོན་རྟོགས་དཀའ་ཞིང་། །བདག་བློ་དམན་ཞིང་མཐུ་ཕྲ་བས། །ཇི་བཞིན་བརྗོད་པར་ནུས་མིན་ཀྱང་། །ཕྱོགས་ཙམ་རྟོགས་གྱུར་བརྗོད་པར་འདོད། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེ་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ལ་རང་དབང་དུ་བྱ་བར་འདོད་པས་དུར་ཁྲོད་ལ་སོགས་པ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། ལྕགས་སམ་མཆོག་གི་ཁོག་པར་འབྲུ་ནག་གི་གཏོར་མ་གྲུ་གསུམ་ལྕགས་མཁར་ཅན་འཁོར་གྱི་བཤོས་ཕྲན་བཅུ་གཅིག་གིས་བསྐོར་བ་ཤ་རུས་དོན་སྙིང་སོགས་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་དར་ནག་གི་འཕུར་ལྡིང་གཡོ་བ་དང་། གཡས་སུ་བདུད་རྩི་རིལ་བུས་སྦགས་པའི་ཛ་གད། གཡོན་དུ་བསྒྲལ་བའི་རཀྟ། དེ་དག་གི་མདུན་དུ་ཕྱི་ནང་གསང་བའི་མཆོད་པའི་རྫས་ཐམས་ཅད་ཚར་དུ་དངར་བ་དང་། རོལ་མོའི་ཁྱད་པར་སོགས་རྣལ་འབྱོར་གྱི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །སྦྱོར་བ་དངོས་གཞི་མཇུག་གསུམ་ལས། །སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན། །ང་རྒྱལ་སྔོན་གཏོར་བཀའ་བསྒོ་ཞིང་། །སྲུང་འཁོར་བྱིན་དབབ་མཆོད་བྱིན་བརླབ། །སྐྱབས་སུ་འགྲོ་བ་ནི། བདག་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས། བླ་མ་དང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། རང་རིག་རང་ངོ་མ་ཤེས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི། སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔ རང་མདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་གིས་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལན་གསུམ་གྱིས་སྐྱབས་སེམས་དང་བདུན་རྣམ་དག་བྱས་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་བསྟིམ། ང་རྒྱལ་བྱ་བ་ནི། ཨྱཻ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར་ནི། གཏོར་མ་དཀར་དམར་གཉིས་བཤམས་པ་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་གཏོར་མགྲོན་རྣམས་བཀུག་ལ། དང་པོ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ་མཐུན་རྐྱེན་སྒྲུབས་ཤིག །གཉིས་པ། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་བཀའ་བསྒོ་བ་ནི། ཧཱུྃ༔ ས་ཕྱོགས་འདིར་གནས་བགེགས་དང་འབྱུང་པོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་འདི་ལོངས་ལ༔ ཕན་བདེའི་བསམ་པས་རང་རང་གནས་སུ་སོང༔ གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས༔ མི་མཐུན་བར་གཅོད་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས༔ ཁྱོད་རྣམས་བརླག་ཅིང་བསྲེག་པར་གདོན་མི་ཟ༔ དེ་བས་བཀའ་ལས་མ་འདའ་ཕྱིར་དེངས་ཤིག༔ ཨོཾ་མ་ཧཱ་ཀྲོ་དྷ་སརྦ་བྷཱུ་ཏ་གཙྪ༔ ཞེས་དང་། སུམྦྷ་ནི་བརྗོད་ཅིང་རོལ་མོའི་སྒྲ་དྲག་པོ་ཡང་བྱའོ། །མཚམས་གཅོད་སྲུང་འཁོར་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱར་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཿ མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད། བདུད་རྩི་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ། བཅུད་ཐམས་ཅད་ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར། རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། རཀྟ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འཁྲུག་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། གཏོར་མ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ཝུ་ཕྲེང་འཁྲིག་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ལ་དམིགས་ནས། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ དྷརྨཱ་དྷཱ་ཏུ༔ ག་ཎ༔ ཨ་མྲྀ་ཏ༔ རཀྟ༔ བ་ལིཾ་ཏ༔ མ་ཧཱ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཋཱ༔ ཞེས་བྱིན་གྱིས་བརླབ་བོ། །དངོས་གཞི་རྟེན་དང་བརྟེན་པ་བསྐྱེད། །སྤྱན་དྲང་བཞུགས་གསོལ་དབང་བསྐུར་ཕྱག །མཆོད་བསྟོད་དམ་གསོལ་བཟླས་པ་བྱ། །དངོས་གྲུབ་བསྐུལ་ཞིང་རྫོགས་རིམ་བསྒོམ། །དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནི། ཧཱུྃ༔ ཆོས་ཀུན་གདོད་ནས་སྤྲོས་བྲལ་ཀྱང༔ འགག་མེད་རང་མདངས་སྙིང་རྗེར་ཤར༔ དེ་ལས་རང་རིག་ཡི་གེ་ཧཱུྃ༔ ཧཱུྃ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང༔ མཚན་ཉིད་ཀུན་ཚང་ལྟེ་བ་རུ༔ མཐིང་ནག་ཨེ་དབྱིངས་ཟླ་གམ་གསུམ༔ གནམ་ལྕགས་འཁོར་ལོ་རྩིབས་བཞིས་བསྐོར༔ དེ་དབུས་ཀླུ་གཉན་ས་བདག་སོགས༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུགས༔ འཁོར་ལོ་རལ་གྲི་གྲི་གུག་གཡས༔ ཐོད་ཁྲག་བེ་ཅོན་སྡིགས་མཛུབ་གཡོན༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར༔ གདུག་པའི་མགོ་ཕྲེང་སྦྲུལ་ཆུན་དང༔ གཉིས་འཐུང་ཞིང་ལྤགས་བླ་གོས་འཆང༔ སྟག་ཤམ་དུར་ཁྲོད་མཚན་མ་སོགས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཉིས་མེད་ཡུམ་མཆོག་བཻ་ཏཱ་ལཱི༔ གྲི་ཐོད་འཛིན་ཞིང་ཡབ་དང་འཁྲིལ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་ལྡིང༔ སྤུ་གྲིའི་སྒྲོ་གཤོག་ཀླུ་གདོན་འདུལ༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ ཟླ་གམ་གསུམ་ལ་རོ་ཡི་སྟེང༔ མདུན་དུ་སྐུ་ཡི་སྤྲུལ་པ་ནི༔ ཚེ་བདག་ནག་པོ་གྲི་ཞགས་འཛིན༔ ཡུམ་ཆེན་རཀྴ་ཀྲོ་དྷཱིར་རྩེ༔ གཡོན་དུ་གསུང་གི་སྤྲུལ་པ་ནི༔ སྲོག་བདག་དམར་པོ་བེ་ཅོན་གྲི༔ ཡུམ་ནི་ནམ་གྲུ་མ་དང་རྩེ༔ གཡས་སུ་ཐུགས་ཀྱི་སྤྲུལ་པ་ནི༔ འཆི་བདག་དུད་ཁ་ཁྲམ་སྙིང་འཛིན༔ མ་མོ་དུས་མཚན་མ་དང་རྩེ༔་་་ཡུམ་གསུམ་དམར་མོ་གྲི་ཐོད་འཛིན་པ། ཀུན་ཀྱང་དུར་ཁྲོད་ཆས་ཅན་ནོ༔ དེ་ཡི་ཕྱི་རོལ་རྩིབས་བཞི་ལ༔ ཤར་དུ་ཡ་མ་རཱ་ཛ་མཐིང༔ གཡས་གཡོན་རལ་གྲི་ཐོད་ཁྲག་འཛིན༔ ལྷོ་རུ་མྱོས་བྱེད་འབར་བ་སེར༔ གཡས་པ་བེ་ཅོན་གཡོན་འཁོར་ལོ༔ ནུབ་ཏུ་ཨཱརྻ་མ་རུ་དམར༔ རྩེ་གསུམ་གཡས་ལ་མི་སྙིང་གཡོན༔ བྱང་དུ་རལ་པ་ཚར་དགུ་ལྗང༔ ཐོད་དབྱུག་འཁོར་ལོ་གཡས་དང་གཡོན༔ ཀུན་ཀྱང་ཐལ་མདོག་གསོད་བྱེད་དང༔ སྲོག་ལེན་མ་དང་རལ་གཅིག་སྟེ༔ རང་རང་ཡུམ་དང་མཉམ་པར་འཁྲིལ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ སྒོ་བཞིར་བྱ་རྒོད་སྟག་ཀངྐ༔ སྤྱང་གདོང་རྣམ་བཞི་ལྕགས་ཀྱུ་དང༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡས༔ གཡོན་རྣམས་དམར་བཀང་བྷནྡྷ་འཛིན༔ ཚད་མེད་བཞི་ལྡན་སྒོ་བཞི་སྲུང༔ གཞན་ཡང་འཇིགས་བྱེད་གཤིན་རྗེའི་འཁོར༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བཅས༔ གྲངས་མེད་སྤྲིན་གཏིབས་ལྟ་བུར་གྱུར༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས༔ རང་བཞིན་གནས་ནས་ས་མཱ་ཛ༔ སྤྱན་འདྲེན་པ་ནི། ཤ་ཆེན་གྱི་སྤོས་བསྲེག་ཅིང་དྲག་པོའི་རོལ་མོ་གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ འོག་མིན་ལྷུན་རྫོགས་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས༔ བདེ་ཆེན་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོག་འདྲེན་གདུག་པའི་ཚོགས་རྣམས་འདུལ་བའི་ཕྱིར༔ མི་བཟད་དྲག་པོར་ཁྲོས་པ་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེ་ཆེ་ལྡན་གནས་འདིར་གཤེགས་སུ་གསོལ༔ གཅིག་ལས་དུ་མའི་ཚུལ་དུ་རང་ཤར་བའི༔ གཉིས་མེད་ཡུམ་མཆོག་ཟ་བྱེད་བཻ་ཏཱ་ལཱི༔ སྐུ་གསུང་ཐུགས་སྤྲུལ་གཤེད་ཆེན་རྣམ་བཞི་སོགས༔ འཇིགས་བྱེད་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་རྗེ་ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ ནད་གདོན་བར་ཆད་བསྲུང་ཕྱིར་གཤེགས་སུ་གསོལ༔ ཚེ་དང་བསོད་ནམས་སྤེལ་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ གདུག་པའི་དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ འཁོར་བཅས་དགྱེས་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་དེ་རྣམས་ཀྱིས་ནི། ཧཱུྃ༔ རང་རིག་གདོད་ནས་འཇམ་དཔལ་ལྷར༔ དམིགས་བྱས་དབང་བསྐུར་དང་བྲལ་ཀྱང༔ ལོག་རྟོག་སྙིང་རྗེས་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་ནུས་མཐུས་རང་དབང་བསྐུར༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་མི༔ ཞེས་གསུང་ཞིང་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། ཕྱག་བྱ་བ་ནི། ཧཱུྃ༔ ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་མཆོད་ནི། ཧཱུྃ༔ དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧཱུྃ༔ གདུག་པའི་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་ཐོད་རྔ་སོགས༔ དུར་ཁྲོད་ནང་གི་མཆོད་པ་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་ཤྨཱ་ཤ་ན་པུཥྤེ་ནས། ཤབྡའི་བར་བརྗོད། གསང་མཆོད་ནི། ཧཱུྃ༔ སྣང་སྟོང་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ༔ སྨྲ་མེད་བདེ་བའི་གསང་མཆོད་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧཱུྃ༔ འཆི་མེད་བདུད་རྩི་ཨ་མྲྀཏ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀུན་བཟང་རྡོ་རྗེ་འཆང་དབང་གསང་བའི་བདག །འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ་དང་། ཁྲག་འཐུང་ནག་པོ་ཤཱིནྟཾ་གརྦྷ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། པདྨ་འབྱུང་གནས་མཁའ་འགྲོ་མཚོ་རྒྱལ་དང་། །ལོ་ཆེན་བཻ་རོ་དྲིན་ཅན་བླ་མ་སོགས། །རྩ་བརྒྱུད་བླ་མ་དམ་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། འཇམ་དཔལ་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀ །སྤྲུལ་པ་རྣམ་གསུམ་གཤེད་ཆེན་རྣམ་པ་བཞི། །སྒོ་སྐྱོང་བཞི་སོགས་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་རང་གིས་མྱང་། རཀྟའི་མཆོད་པ་ནི། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷའི་ནང༔ དམར་ཆེན་རཀྟ་རྒྱ་མཚོར་འཁྱིལ༔ ཉོན་མོངས་འཁོར་བ་འཇོམས་པའི་ཕྱིར༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ སྟོང་གསུམ་ཞིང་གི་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་གཏོར་མར་སྦྱར༔ མཛེས་པའི་དཀར་དམར་རྒྱན་གྱིས་བརྒྱན༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། གཞན་ཡང་རྩ་སྔགས་ཀྱི་མཐར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཨ༔ གདོད་ནས་རང་རིག་ལྷ་རུ་དག༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་མུ་དྲ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བསྟོད་པ་བྱ་བ་ནི། ཧཱུྃ༔ གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གང་འདུལ་དེར་སྟོན་དཔལ་ལ་ཕྱག་འཚལ་བསྟོད༔ མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་རྒྱལ་མཆོག་གི་སྐུར་བསྟན་ནས༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ གཏུམ་ཆེན་རབ་འབར་ཉི་མ་འབུམ་གྱི་གཟི༔ དཀར་མཐིང་དམར་བའི་དབུ་གསུམ་རྔམ་བཞད་ཁྲོ༔ ཕྱག་དྲུག་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ ཞབས་བཞིའི་གར་གྱིས་བདུད་ཚོགས་ཕྱེ་མར་འཐག༔ དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན༔ གར་གྱི་ཉམས་དགུ་མཚན་དཔེ་ཡོངས་སུ་རྫོགས༔ བདེ་གཤེགས་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བོ་ཆེ༔ རབ་འཇིགས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དབྱིངས་ལས་འགག་མེད་ལྷ་ཡི་སྐུར༔ དབྱིངས་དང་ཡེ་ཤེས་རིག་རྩལ་ལས་ཤར་བའི༔ གཉིས་མེད་སྦྱོར་སྒྲོལ་ཡུམ་དང་མཁའ་ལྡིང་ཁྱུང༔ སྐུ་གསུང་ཐུགས་སྤྲུལ་ཚེ་འཆི་སྲོག་བདག་གསུམ༔ འཇིགས་བྱེད་གཤིན་རྗེ་ཆེན་པོ་རྣམ་བཞི་སོགས༔ འཁོར་བཅས་དམ་ཚིག་ཅན་གྱི་ལྷག་པའི་ལྷ༔ གདུལ་བྱའི་བསམ་པ་ཡོངས་སུ་སྐོང་བའི་མཛོད༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་སྲོག་གི་གཤེད༔ འཇམ་དཔལ་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དམ་ཚིག་གསོལ་བ་ནི། ཧོཿ ལྷག་པའི་ལྷ་མཆོག་བཅོམ་ལྡན་གཤིན་རྗེའི་གཤེད། །འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒྲུབ་ན། །དགྱེས་པའི་ཞལ་བཟང་བདག་ལ་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་མཛད་དུ་གསོལ། །སངས་རྒྱས་དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་སུ་བདག་བསྒྲུབས་པས། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་རྣམས་སྒྲུབ་པར་མཛད་དུ་གསོལ། །ཡ་མ་བཛྲ་ཀྲོ་དྷ་ས་མ་ཡ་སིདྡྷི་ཧཱུྃ། བཟླས་པ་བྱ་བ་ནི། དང་པོ་རླུང་ལ་བསླབ་བྱ་སྟེ༔ རྔུབ་པ་ཨོཾ་ལ་གནས་པ་ཨཱ༔ འབྱིན་པ་ཧཱུྃ་ལ་སྦྱར་ཏེ་བཟླ༔ ཞེས་འབྱུང་བས་རྡོ་རྗེའི་བཟླས་པ་ཇི་སྲིད་མི་སྐྱོའི་བར་དུ་བྱས་ལ་ངག་གི་བཟླས་པ་བྱ་སྟེ། བདག་གི་ཐུགས་ཀར་འཁོར་ལོའི་དབུས༔ འཇམ་དཔལ་དམར་སེར་པོད་རལ་འཛིན༔ རིན་ཆེན་རྒྱན་མཛེས་ཐུགས་ཀའི་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་མཐིང་མཚན་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས༔ སེམས་ཅན་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྣོད་བཅུད་ཡོན་ཏན་དྭངས་མ་ཀུན༔ འོད་ཟེར་རྣམ་པར་བདག་ལ་ཐིམ༔ ཞེས་པའི་དོན་ནན་ཏན་དུ་བསྒོམས་ལ། རུ་རཀྴ་ལ་སོགས་པའི་བགྲང་ཕྲེང་གཞན་གྱིས་ལོངས་མ་སྤྱད་པ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་པ་བླངས་ནས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ འདི་ནི་རྩ་བའི་སྙིང་པོ་སྟེ༔ འབུམ་ཚོ་གཅིག་ཏུ་བཟླ་བར་བྱ༔ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ འདི་ནི་ཉེ་བའི་སྙིང་པོ་སྟེ༔ སུམ་འབུམ་དག་ཏུ་བཟླ་བར་བྱ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡ་ཧཱུྃ་ཕཊ༔ འདི་ནི་སྒྲུབ་པའི་རྩ་སྔགས་ཏེ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ༔ ཡ་མེ་དོ་རུ་ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཕཊ༔ ཅེས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ཏེ་ཁྲི་ཚོ་གཉིས་བཟླས་པས་དངོས་གྲུབ་འགྲུབ་པར་སྔ་མའི་ཚིག་གིས་གསལ་ལོ། །བསྙེན་རྟགས་མཐོང་ནས་སྲུང་ཟློག་བསད་པ་སོགས་ལས་སྦྱོར་གྱི་བཟླས་པ་ནི། མན་ངག་གུད་དུ་ཕྱུང་བ་ལས་རྟོགས་པར་བྱ་སྟེ། ལས་སྦྱོར་སྔགས་ཀྱི་ཤམ་བུ་ནི༔ རིག་པའི་མདའ་དང་བསྟུན་ཏེ་སྦྱར༔ ཞེས་འབྱུང་བས་སོ། །དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ བདག་ཅག་རྡོ་རྗེའི་མཆེད་ལྕམ་གྱིས༔ བསྐྱེད་རིམ་གསལ་ཞིང་བསྙེན་སྒྲུབ་ཐེམས༔ ཕྲིན་ལས་སྦྱོར་བ་མཐའ་རུ་ཕྱིན༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ རྫོགས་རིམ་ནི། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གར་རྩ་བའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་པ་ཉིད་དུ་དག་པའི་དབྱིངས་སུ། རང་སེམས་གདོད་མའི་འཇམ་མགོན་ཞལ་ཕྱག་མཚན་འཛིན་སྤྲོས་པའི་མཐའ་ལས་འདས་པ་དེའི་ངང་ལ་མཉམ་པར་བཞག །ངག་རླུང་རྡོ་རྗེའི་བཟླས་པ་ལ་བསླབ། སླར་ལྡང་བའི་ཚེ་འོད་གསལ་སྟོང་ཉིད་དེའི་ངང་ལས་སྐད་ཅིག་གིས་རྟེན་དང་བརྟེན་པ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བརྟན་པར་བྱས་ནས་གསལ་སྣང་དང་མ་བྲལ་བར་བྱའོ། །རྗེས་ཚོགས་བསྐུལ་བྱ་ཆད་ཐོ་བསྒྲག །བརྟན་སྐྱོང་བྲོ་བརྡུང་དངོས་གྲུབ་བླང་། །སླར་མཆོད་གཤེགས་བསྡུ་སྨོན་ལམ་གདབ། །ཤིས་བརྗོད་ཀྱིས་ནི་མཇུག་བསྡ་འོ། །ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་རྣམས་བདུད་རྩིས་བསང་གཏོར་བྱས་ནས། ཧཱུྃ༔ བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ནི། བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་མེད་པའི་འདོད་ཡོན་རྫས༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་རཱ་ཛ་ཡ་མཱནྟ་ཀ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་བཅས་ལ། ཨེ། མཐིང་ནག་འབར་བའི་ལྕགས་ཁང་དུ། །ནྲྀ་ཏྲི་དགྲ་བགེགས་གཟུགས་རྟེན་ལ། །བླ་སྲོག་ཨཱ་ཀརྵ་ཡ་ཛཿ ཁུག་ཆིངས་སྡོམས་ལ་མྱོས་སུ་ཆུགས། །ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྟོབ་པ་ནི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་། ཧོཿ ལྷ་དང་བྲམ་ཟེ་གཙང་མ་ཟ། ཁྱི་ཕག་ལ་སོགས་མི་གཙང་ཟ། །དེ་དག་གྲོལ་བར་མི་འགྱུར་ཏེ། །གཉིས་འཛིན་སྤངས་ན་གྲོལ་གྱིས་རོལ། །ཅེས་དྲང་། སློབ་དཔོན་གྱིས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྡོ་རྗེ་ཐེག་པའི་གསང་བའི་རྫས། །ཐབས་ཀྱིས་སྤྱད་ན་གྲོལ་བའི་རྒྱུ། །དེ་ཕྱིར་བདག་ནི་འདོད་ཡོན་སྤྱོད། །ཨ་ལ་ལ་ཧོཿ འདུས་པ་གཞན་རྣམས་ལའང་དྲང་ཞིང་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ལ་ཁ་ཕྲུ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་འདོད་ཡོན་ལྔ་ལྡན་དུ་བྱས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་ཤ་ཟ་དང༔ ལྷ་སྲིན་སྡེ་བརྒྱད་དྲེགས་པར་བཅས༔ ཀུན་ཀྱང་མི་སྲུན་གདུག་པ་ཅན༔ ཤ་ལ་དགའ་ཞིང་ཁྲག་ལ་མོས༔ སྟོང་གསུམ་བསྐོར་ཞིང་དུར་ཁྲོད་ཉུལ༔ དམ་ཚིག་ཅན་གྱི་ལས་མཁན་མཛད༔ དམ་ཚིག་ཉམས་པའི་གཤེད་མ་བྱེད༔ འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར། ཐུགས་དམ་བསྐུལ་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ གཉིས་མེད་ཡུམ་དང་སྤྲུལ་པ་གསུམ༔ གཤེད་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ འཇམ་དཔལ་བཀའ་ཉན་སྤྲུལ་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཟླ་གསང་རྒྱུད་སྡེ་གསུངས་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་འཇམ་དཔལ་བཤེས་གཉེན་གྱིས། །རྒྱུད་དོན་མན་ངག་ལ་བསྡེབས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་ཤཱནྟིཾ་གརྦྷ་ཡིས། །མུ་སྟེགས་ངན་པ་ཚར་བཅད་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་པད་འབྱུང་བཻ་རོ་ཡིས། །འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་སྐལ་ལྡན་ཆོས་བདག་གིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ད་ལྟ་སྔགས་འཆང་བདག་ཅག་གིས། །འཇམ་དཔལ་བསྙེན་ཅིང་སྒྲུབ་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ བརྟན་མ་བསྐྱང་བ་ནི། གཏོར་མའི་བཤལ་ཆུ་བདུད་རྩིར་སྤར་ཏེ། ཧཱུྃ༔ བོད་ཡུལ་སྐྱོང་བར་མཛད་པ་མོ༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ གངས་ཅན་ལྗོངས་འདིར་དུས་འཁྲུགས་དང༔ མི་མཐུན་ནད་མུག་ཀུན་ཞི་ནས༔ རྫོགས་ལྡན་དཔལ་ལ་སྤྱོད་པ་དང༔ ཐེག་མཆོག་བསྟན་པ་རྒྱས་པར་མཛོད༔ པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དམིགས་བྱ་མནན་པར་བསམ་ལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་གཞལ་ཡས་ན༔ སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སྤྲུལ་པའི་ཁྲོ་བོས་སྣང་སྲིད་གང༔ ཐབས་མཆོག་རྐང་གཡས་བྲོ་བརྡུངས་པས༔ ཕོ་སྲི་ཐམས་ཅད་གཡས་སུ་མནན༔ ཤེས་རབ་གཡོན་གྱིས་བྲོ་བརྡུངས་པས༔ མོ་སྲི་ཐམས་ཅད་གཡོན་དུ་མནན༔ གཉིས་སུ་མེད་པར་བྲོ་བརྡུངས་པས༔ ཆུང་སྲི་དམ་སྲི་དབྱིངས་སུ་མནན༔ དྲག་པོའི་གར་གྱིས་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ ཕྲིན་ལས་རྣམ་བཞིའི་བྲོ་བརྡུངས་པས༔ ལས་བཞི་མྱུར་དུ་འགྲུབ་པར་ཤོག༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་རྦད་ནན༔ ཤཱནྟིཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ་རྦད༔ དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སླར་མཆོད་པ་ནི། ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟར་བཅས་པས་མཆོད་ཅིང་བསྟོད་དེ། བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དཀྱིལ་འཁོར་བསྡུ་བ་ནི། རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་རྣམས། ཧཱུྃ༔ རང་རིག་ཡེ་ནས་འཇམ་དཔལ་ལྷར༔ གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང༔ འོན་ཀྱང་སྣང་ཚུལ་ཡེ་ཤེས་པ༔ སྐྱེ་མེད་ཀློང་དུ་བཛྲ་མུ༔ ཉེར་བསྡུ་ནི། ཧཱུྃ་ཧཱུྃ་ཧཱུྃ། བདག་གི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་འོད་ཞུ་གཞལ་ཡས་ལྷར་ཐིམ་ཞིང་། །འཁོར་རྣམས་གཙོ་བོ་དེ་ཡང་དྭངས་མའི་སྲོག །ཧཱུྃ་ཡིག་ལ་ཐིམ་གྱེན་རྫོགས་ནཱ་དའི་བར། །མི་དམིགས་ངང་གྱུར་སླར་ཡང་སྐད་ཅིག་གིས། །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊཿ སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཀྲ་ཤིས་བརྗོད་པ་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཉུང་གསལ་ཚིག་གིས་རྒྱ་ཆེའི་དོན་རྟོགས་པའི། །ལས་བྱང་འདི་འདྲ་ཡིད་བཞིན་རིན་ཆེན་གཏེར། །དངོས་གྲུབ་འདོད་དགུ་འབད་མེད་སྟེར་བའི་ཕྱིར། ཁོ་བོའི་བློ་གྲོས་གདེངས་ཅན་གཙུག་གིས་ངོམ། །རྒྱུད་ལུང་ཟབ་དོན་བདུད་རྩི་མ་ཐོབ་པའི། །མཁས་རློམ་ཕྲག་དོག་དུག་ཆུས་མྱོས་གྱུར་ཏེ། །ཉེས་བཤད་གྱ་གྱུའི་བྱ་བས་རྟག་བྲེལ་ན། །འདི་བརྗོད་འབྲས་བུ་ཁྱོད་ཀྱིས་གང་དུ་འཚལ། །འོན་ཀྱང་ཐུབ་བསྟན་སུམ་རྩེན་རྒྱལ་ཐབས་ལ། །མི་སྲུན་བདུད་སྡེ་ལྷ་མིན་གྱིས་བརྒལ་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲུལ་འཁོར་གྱིས། །མཐར་བྱེད་དགའ་སྟོན་འགྱེད་སྙམ་འདི་བྱས་སོ། །དེ་ལྟར་རྒྱུད་སྡེའི་གསང་ཚིག་ཟབ་དོན་གནད། །གྲུབ་པའི་ངག་གིས་བརྒྱན་པའི་བཅུད་མངར་པོས། །སྲིད་ཞིའི་གདུང་སེལ་བདུད་རྩིའི་དགའ་སྟོན་དཔལ། །སྤྲོ་བའི་བྱེད་པོ་འགྱུར་མེད་རྡོ་རྗེ་ཡིན། །དེ་ལྟར་འཇམ་དཔལ་གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་ཡི་གེ་འདི་རང་གཞན་མང་པོ་ལ་ཕན་པའི་བསམ་པ་ཉེ་བར་བཞག་སྟེ། དུས་མཐའི་རྡོ་རྗེ་འཛིན་པ་འགྱུར་མེད་རྡོ་རྗེས་གཏེར་གཞུང་གི་ལས་བྱང་ལ་ཁ་སྐོང་འགའ་ཞིག་བསྡེབས་ཏེ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོར་སྦྱར་བའི་དགེ་བས་བདུད་སྡེའི་མུན་པ་དབྱིངས་སུ་བཅོམ་ནས་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་དཔལ་དུ་གྱུར་ཅིག། །།

རིགས་དྲུག་གནས་སྦྱོང་གི་སྲེག་གཏོར་སྦྱོང་བའི་དམིགས་བཟླས་ཟུར་བྱང་ (Volume 63, Text 26)

རིགས་དྲུག་གནས་སྦྱོང་གི་སྲེག་གཏོར་སྦྱོང་བའི་དམིགས་བཟླས་ཟུར་བྱང་ནི། མདུན་བསྐྱེད་དཀྱིལ་འཁོར་གཙོ་དང་འཁོར། །ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན། །འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས།། རང་གི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་་་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ།གསལ་བར། །ཐོག་མེད་དུས་ནས་བསགས་པ་ཡི། །ལས་དང་བག་ཆགས་ཐམས་ཅད་བསྡུས། །ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། །ས་བོན་ཐུལ་གྱིས་བསྲེགས་པར་བསམ་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རིག་འཛིན་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལས་སྔགས་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཡེ་ཤེས་འོད་ཟེར་གྱི་མེས་སྦྱངས་པར་གྱུར། སྔགས་ཀྱིས་བརླབས་པའི་བྱེ་ཡུངས་ཀྱིས་བྲབ་སྟེ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡིག་བརྒྱའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སྡིག་སྒྲིབ་བསྲེགས་པའི་ཐལ་བ་ཆོས་ཉིད་རླུང་གིས་གཏོར་བར་མོས། བྱང་སེམས་ཆུ་ཡིས་འཁྲུལ་པས་བག་ཆགས་ཆ་ཤས་དང་བཅས་པ་སྦྱངས་པར་བསམ་ལ། ཨོཾ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཞེས་དང་། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡིག་བརྒྱའི་མཐར། ཨོཾ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཞེས་པས་བཀྲུའོ།། །།

ཡེ་ཤེས་རབ་འབར་ལས༔ ཕྲིན་ལས་སྔོན་འགྲོ་ཕྱི་གཏོར་འདོད་དོན་ལྷུན་གྲུབ་ (Volume 13, Text 26)

ཡེ་ཤེས་རབ་འབར་ལས༔ ཕྲིན་ལས་སྔོན་འགྲོ་ཕྱི་གཏོར་འདོད་དོན་ལྷུན་གྲུབ་བཞུགས་སོ༔ དབང་དྲག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈྈ ཡེ་ཤེས་རབ་འབར་ཟབ་མོའི་ལམ་བཟང་གི༔ ཕྲིན་ལས་རྣམ་བཞི་གང་གི་སྔོན་འགྲོ་རུ༔ ལྷ་སྲིན་འཇིག་རྟེན་སྐྱོང་བར་ལས་བཅོལ་བའི༔ འདོད་དོན་སྐུལ་བྱེད་ཡོངས་ལ་གཅེས་ཕྱིར་བཀོད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ལྷ་ཀླུ་ཞི་བའི་རིགས་ལ་དཀར་གཏོར་དང༔ འདྲེ་སྲིན་དྲག་པོའི་རིགས་ལ་དམར་གཏོར་དང༔ མི་ཕྱེད་སྤྱི་ལ་འབྲས་ཆེན་རིལ་བུ་སོགས༔ ཅི་དགྱེས་འདོད་འབྱུང་སྔགས་ཀྱིས་བྱིན་གྱིས་བརླབ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གཏོར་མ་འདོད་ཡོན་སྣང་ཞིང་སྲིད་པའི་ལྷ་ཀླུ་མི་མ་ཡིན༔ གཉུག་མར་གནས་པའི་འདྲེ་སྲིན་བགེགས་རིགས་ལན་ཆགས་དང་བཅས་པའི་འདོད་འབྱུང་གི་ཇི་ལྟར་མཁོ་བའི་མཆོད་སྦྱིན་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷཱ་ར་སམྦྷཱ་ར་ཧཱུྃ༔ ཨོཾ་ཨ་ཀཱ་རོ་སོགས་ནས་ཕཊ་སྭཱ་ཧཱ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་སྤེལ༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད༔ ཡོན་བཞེས་འདོད་པའི་བསམ་པ་སྒྲུབས༔ ཧཱུྃ་ཧྲཱི༔ ཕྲིན་ལས་འདི་ལ་དད་དང་མ་དད་པའི༔ འདས་དང་མ་འདས་སྡེ་བརྒྱད་མི་མིན་ཚོགས༔ མགོན་སྐྱབས་གྲོགས་མཛད་གནོད་བྱེད་ལན་ཆགས་སོགས༔ ཀུན་ཀྱང་བདེན་ཚིག་རྒྱལ་བའི་བཀའ་ལ་ཉོན༔ བདག་གི་འདོད་དོན་ཕྲིན་ལས་སྒྲུབ་པ་འདིར༔ མགོན་སྐྱབས་གྲོགས་མཛད་བསྲུང་ཕྱིར་མཆོད་པ་བཞེས༔ མ་དད་བགེགས་རིགས་ལན་ཆགས་འདོད་ཡོན་ཁྱེར༔ ཡོངས་ཁྱབ་ལྷ་སྲིན་སྒྲུབ་པའི་གྲོགས་མཛོད་ཅིག༔ གང་བསམ་འདོད་དོན་འབྲས་བུ་ལྷུན་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ན་སྦས་པའི་ཤོག་སེར་ལས་ཀློང་གསལ་སྙིང་པོས་བཤུས་ཏེ་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ། །མངྒ་ལཾ།། །།

གཏེར་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་ཀྱི་རིམ་པ་ (Volume 38, Text 26)

འུའུའུ༔ གཏེར་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་ཀྱི་རིམ་པ་བཞུགས་སོ༔ ཐུགས་དམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ གཏེར་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་ཀྱི་རིམ་པ་ནི༔ དང་པོ་སྤྱན་འདྲེན་པ༔ གཉིས་པ་བཞུགས་སུ་གསོལ་བ༔ གསུམ་པ་གཏོར་མ་འབུལ་བ༔ བཞི་པ་ཐུགས་དམ་སྐོང་ཞིང་ཉམས་ཆག་གསོ་བ༔ ལྔ་པ་བསྟོད་ཅིང་ཕྲིན་ལས་བཅོལ་བའོ༔ ནང་མཆོད་གཏོར་མ༔ ཕྱི་ནང་གསང་བའི་རྟེན་རྣམས་ཚོགས་པར་བྱས་ནས་བྱིན་གྱིས་བརླབས་ནས༔ རང་གི་མདུན་དུ་གངས་རིའི་ཕྲེང་བ་ཆེན་པོས་ཡོངས་སུ་བསྐོར་བ༔ དེའི་ནང་དུ་མཚོ་དང༔ རྫིང་བུ་དང༔ ནེའུ་གསིང་དང༔ མེ་ཏོག་དུ་མས་མངོན་པར་བཀྲ་བའི་དབུས་སུ༔ འོད་སྣང་གི་ཁྲག་ཞག་རྦ་ཀློང་ཆེན་པོ་རབ་ཏུ་འཁྲུགས་པ༔ དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྷྱོཿཡོངས་སུ་གྱུར་པ་ལས༔ སྔགས་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ་སྐུ་མདོག་མཐིང་ནག་དབུའི་སྟེང་ཞལ་དམར་པོ༔ དེའི་སྟེང་དུ་ཁྱུང་གདོང་འཇིགས་སུ་རུང་བའི་ཆ་ལུགས་ཅན༔ ཕྱག་བཞི་གཡས་ཀྱི་དང་པོའི་འགུགས་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྙིང་རྩ་ཁོང་ནས་འདྲེན་ཞིང༔ འོག་མའི་རྡོ་རྗེས་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་ཀླད་ནས་གཟིར་བར་བྱེད་པ༔ གཡོན་གྱི་དང་པོའི་དགྲ་སཏྭས་མ་རུངས་པ་ཀུན་གྱི་མགོ་བོ་གཅོད་ཅིང༔ འོག་མས་ཐོད་ཁྲག་ཞལ་དུ་རྔུབ་པ༔ སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང༔ ཁྲོ་ཆུ་ལྟར་ཁོལ་བ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐུ་སྟོད་ལ་ཁྱུང་གི་གཤོག་པ་གདེངས་པ༔ སྐུ་སྨད་ལ་དར་ནག་པོའི་ཤམ་ཐབས་ཅན༔ མགྱོགས་བྱེད་རླུང་གི་གཤོག་པ་ཅན་གྱི་དྲེའུ་ལ་བཅིབས་ནས་གླིང་བཞི་སྐད་ཅིག་ལ་བསྐོར་བ༔ སྐུ་ལས་གྱེས་པའི་ཡེ་ཤེས་ཀྱི་མེ་རི་དང༔ མེ་རླུང་དམར་ནག་འཁྲུགས་པའི་ཀློང་དཀྱིལ་ན་བཞུགས་པ༔ དེའི་འཁོར་དུ་ལྷ་མོ་ཧེ་ལེ་འབར་མ༔ རྡོ་རྗེ་གཡུ་སྒྲོན༔ དུང་ཁང་ཆེན་མོ༔ དགེ་བསྙེན་ཆེན་མོ༔ དཔལ་གྱི་ལྷ་མོ༔ པདྨ་གར་དབང༔ སྡེ་ཁམས་གནས་བདག༔ ཀླུ་མོ་ཁ་འབར༔ ནག་མོ་ནད་ཡམས༔ རྡོ་རྗེ་ཆོས་སྒྲོན༔ རྡོ་རྗེ་གནས་གཡོན༔ ཀླུ་རྗེ་རྒྱལ་བ་ཐོད་དཀར༔ གཞན་ཡང་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུས་བསྐོར་བར་གསལ་བའི་གཙོ་འཁོར་དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ཀྱིས་མཚན་པར་གྱུར༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ་འཁོར་སྤྲུལ་པ་ཞིང་གི་རྡུལ་སྙེད་དང་བཅས་པ་གནས་འདིར་ས་མཱ་ཛཿཛ༔ བྷྱོ༔ སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་རྦད་བཞིན་དུ༔ བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་རྩལ༔ འཁོར་བཅས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོ་རྒྱན་གནས་དང་བོད་ཡུལ་དབུས་ལ་སོགས༔ སྙན་པའི་གླུ་ལེན་མཛེས་པའི་གར་སྟབས་ཀྱི༔ འཁོར་བཅས་བཀའ་དང་དམ་ཚིག་ལ་གནས་པའི༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་ཕྱིར་གཤེགས༔ དང་པོའི་བསྟེན་པ་ཨོ་རྒྱན་གནས་མཆོག་སྟེ༔ བར་དུ་རྡོ་རྗེ་གདན་གྱི་སྲུང་མ་མཛད༔ བལ་བོད་མཚམས་གནས་བོད་ཁམས་ཐམས་ཅད་ཀྱི༔ གཙུག་ལག་གཏེར་སྐྱོང་སྲུང་མ་མཐུ་རྩལ་ཅན༔ རྡོ་རྗེ་གཤོག་རྒོད་འཁོར་བཅས་གཤེགས་སུ་གསོལ༔ དབུ་རུ་ཕྱོགས་སུ་ཁྱེད་ཀྱིས་བརྟེན་པའི་གནས༔ བླ་མ་ལྷ་དང་མཁའ་འགྲོས་བྱིན་བརླབས་པའི༔ མ་མོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས༔ རང་རང་སོ་སོའི་གནས་མཆོག་དམ་པ་ནས༔ བསྟན་སྐྱོང་ཆེན་མོ་འཁོར་བཅས་གཤེགས་སུ་གསོལ༔ རྡོ་རྗེ་གཤོག་རྒོད་འཁོར་བཅས་གཤེགས་སུ་གསོལ༔ ཧེ་ལེ་འབར་མ་འཁོར་བཅས་གཤེགས༴ རྡོ་རྗེ་གཡུ་སྒྲོན་འཁོར་བཅས་གཤེགས༴ དུང་ཁང་ཆེན་མོ་འཁོར་བཅས་གཤེགས༴ དགེ་བསྙེན་ཆེན་མོ་འཁོར་བཅས་གཤེགས༴ དཔལ་གྱི་ལྷ་མོ་འཁོར་བཅས་གཤེགས༴ པདྨ་གར་དབང་འཁོར་བཅས་གཤེགས༴ སྡེ་ཁམས་གནས་བདག་འཁོར་བཅས་གཤེགས༴ ཀླུ་མོ་ཁ་འབར་འཁོར་བཅས་གཤེགས༴ ནག་མོ་ནད་ཡམས་འཁོར་བཅས་གཤེགས༴ རྡོ་རྗེ་ཆོས་སྒྲོན་འཁོར་བཅས་གཤེགས༴ རྡོ་རྗེ་གནས་གཡོན་འཁོར་བཅས་གཤེགས༴ ཀླུ་རྒྱལ་ཆེན་པོ་འཁོར་བཅས་གཤེགས༴ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ས་པ་རི་བཱ་ར་ས་མ་ཡ་ཛཿཛ༔ བྷྱོ༔ རང་གི་མདུན་དུ་པདྨ་ཉི་ཟླའི་སྟེང༔ འཇའ་འོད་གུར་ཁྱིམ་འཁྲིགས་པའི་གཞལ་ཡས་སུ༔ ལྷ་མོ་ཧེ་ལེ་འབར་མ་གངས་རིའི་མདོག༔ ཕྱག་གཡས་མདའ་དར་གཡོན་པས་བུམ་པ་འཛིན༔ རྨ་བྱའི་སྒྲོ་ཐུལ་དར་གྱི་ལྷབ་ལྷུབ་གསོལ༔ རྣམ་མང་རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ཞི་ཁྲོ་ཆགས་དང་སྒེག་པའི་རྣམ་འགྱུར་ཅན༔ སྣ་ཚོགས་སྟོན་མཛད་གནས་འདིར་བརྟན་པར་བཞུགས༔ དེ་ཡི་གཡས་སུ་རྡོ་རྗེ་ཆོས་སྒྲོན་མ༔ དཀར་མོ་འཛུམ་ཞལ་ཐོད་པའི་རྔེའུ་ཆུང་གཡས༔ གཡོན་པས་མཛེས་པའི་གར་སྟབས་སྒྱུར་མཛད་ཅིང༔ དྲེལ་རྟ་ལ་འཆིབ་བརྟན་པར་བཞུགས་སུ་གསོལ༔ གཡོན་ན་རྡོ་རྗེ་གནས་གཡོན་མིག་སྨན་མདོག༔ ཕྱག་གཡས་ལྕགས་ཀྱུས་དགྲ་བོའི་སྙིང་འབྱིན་ཅིང༔ གཡོན་པས་ཟོར་བས་དམ་ཉམས་སྲོག་རྩ་གཅོད༔ དྲག་གཏུམ་སྟག་མོ་ལ་འཆིབ་བརྟན་པར་བཞུགས༔ འཁོར་དུ་གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ བོད་ཁམས་སྐྱོང་མཛད་བརྟན་མ་འབུམ་སྡེ་དང༔ དྲེགས་པ་སྡེ་བརྒྱད་འཁོར་ཚོགས་རྒྱ་མཚོར་བཅས༔ མ་ལུས་འཁོར་བཅས་གནས་འདིར་བརྟན་པར་བཞུགས༔ ཨོཾ་བཛྲ་པྲ་མོ་ཧ་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ བྷྱོ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ གནས་ནི་སྔོན་མོ་མཐིང་གི་མཚོ༔ རི་ནི་ཟླ་བ་ཚེས་འདྲའི་བྲག༔ ཤིང་ནི་བྱང་ཆུབ་རྒྱུན་ལྡན་ཤིང༔ གཞལ་ཡས་འཕྲུལ་གྱི་ལྡིང་ཁང་ན༔ དེ་ན་མ་གཅིག་དམ་ཅན་བཞུགས༔ རྡོ་རྗེ་གཤོག་རྒོད་མཐུ་མོ་ཆེ༔ དབུ་ལྔ་ཕྱག་བཞི་འཇིགས་ཚུལ་ཅན༔ རིགས་ལྔའི་སངས་རྒྱས་དབང་བསྐུར་ཕྱིར༔ དབང་རྟགས་རིགས་ལྔས་དབུ་ལ་བརྒྱན༔ ཕྱག་བཞི་གཡས་གཡོན་དང་པོ་ན༔ འགུགས་བྱེད་ལྕགས་ཀྱུ་འབར་བ་དང༔ གནམ་ལྕགས་དགྲ་སཏྭ་འབར་བ་བསྣམས༔ ཐ་མ་བྷནྡྷ་དམར་གྱིས་བཀང༔ རྡོ་རྗེ་འབར་དཀྲུགས་ཞལ་དུ་གསོལ༔ སྐུ་ལ་མི་ལྤགས་གཡང་གཞི་གསོལ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ རྡོ་རྗེ་གཤོག་རྒོད་ད་ཚུར་བྱོན༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས༔ གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ༔ ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ བྷྱོ༔ རྡོ་རྗེ་གཤོག་རྒོད་མིང་པོ་ཆེ༔ ཀླུ་རྗེ་ཐོད་དཀར་རྫུ་འཕྲུལ་ཅན༔ སྐུ་སྟོད་སྤྲིན་ལ་སྐུ་སྨད་སྦྲུལ༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ ཕྱག་ན་གཏེར་གྱི་སྒྲོམ་བུ་དང༔ གདུག་པ་འདུལ་ཕྱིར་ཞགས་པ་བསྣམས༔ ནག་པོ་ཏི་པ་ཞེས་ཀྱང་བྱ༔ ཀླུ་རིགས་ལྔ་ཡི་འཁོར་གྱིས་བསྐོར༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས༔ རྣལ་འབྱོར་བདེན་པའི་བཀའ་ལ་ཉོན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ ལྕམ་དྲལ་གཉིས་ཀྱི་བཀའ་སྡོད་ནི༔ ལས་ཀྱི་རྡོ་རྗེ་དགེ་བསྙེན་མ༔ བུད་མེད་དར་དཀར་གོ་ཟུ་ཅན༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ འདོད་ཁམས་ཀུན་ཏུ་རྒྱུག་ཅིང་ཉུལ༔ དམ་ཚིག་བདག་མོ་སྲོག་གི་བདག༔ ཤིན་ཏུ་བརྫུས་ནས་སྤྲུལ་ཙ་ན༔ བུད་མེད་བཟང་སྡུག་འོད་དང་ལྡན༔ སྐྱེས་པ་དར་མའི་བདུད་དུ་བབ༔ ན་ཆུང་གཞོན་ནུའི་སྲིད་ལ་རྒོལ༔ བུ་ཚ་ཆུང་གི་སྲོག་འཕྲོག་མ༔ ཀླུ་དང་སྲིན་མོ་ཀུན་དང་སྡོང༔ དཀར་པོ་གིང་ཆེན་ཁྱོད་ཀྱི་ཁྱོ༔ བུད་མེད་ནག་མོ་རལ་པ་ཅན༔ རྣལ་འབྱོར་ཆེན་པོ་རྫུ་འཕྲུལ་ཅན༔ ཁྱོད་ནི་མ་མོ་མི་ཟན་མ༔ ནད་ཡམས་བདག་མོའི་མིང་ནས་ཕྱུང༔ སྲིན་མོ་གཤོག་རྒོད་མཐུ་མོ་ཆེ༔ ལས་ཀྱི་བདག་མོ་འདིར་བྱོན་ལ༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས༔ རྣལ་འབྱོར་བདེན་པའི་བཀའ་ལ་ཉོན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྩ་སྔགས། ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ ཞེས་པའི་ཤམ་དུ༔ ས་པ་རི་བཱ་ར་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད༔ གཏོར་མ་བསྔོ་བའི་གནས་སུ་གྱུར་པ་ནི༔ བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ༔ ལྷ་མོ་ཧེ་ལེ་འབར་མ༔ རྡོ་རྗེ་གཡུ་སྒྲོན་མ༔ དུང་ཁང་ཆེན་མོ༔ དགེ་བསྙེན་ཆེན་མོ༔ དཔལ་གྱི་ལྷ་མོ༔ པདྨ་གར་དབང༔ སྡེ་ཁམས་གནས་བདག༔ ཀླུ་མོ་ཁ་འབར༔ ནག་མོ་ནད་ཡམས༔ རྡོ་རྗེ་ཆོས་སྒྲོན༔ རྡོ་རྗེ་གནས་གཡོན༔ ཀླུ་རྗེ་རྒྱལ་བ་ཐོད་དཀར་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུ་ཅན་གྱིས་བཞེས་པར་གྱུར༔ རྩ་སྔགས། ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ ཞེས་པའི་མཇུག་ཏུ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་དགུས་འབུལ༔ འདོད་པའི་དོན་ལ་གསོལ་བ་གདབ་བོ༔ ནང་མཆོད་གཏོར་མ༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིའི་གཙོར་བྱས་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས༔ ས་དང་བར་སྣང་ནམ་མཁའི་ཁྱོན་གང་བ་འདི་དང༔ དགྱེས་པའི་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ༔ གཙང་མ་ཕུད་ཀྱི་གསེར་སྐྱེམས་དམ་པ་བཅས་པ་འདི་རྣམས༔ རིག་འཛིན་ཡོངས་ཀྱི་དགྲ་བླ༔ སངས་རྒྱས་བསྟན་པའི་སྲུང་མ༔ ཆོས་འཁོར་ཡོངས་ཀྱི་སྲོག་ཤིང༔ མཐུ་དང་སྟོབས་ཀྱི་བདག་མོ༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ༔ རིག་འཛིན་སྒྲུབ་པ་པོ་བུ་བཞིན་དུ་སྐྱོང་ཞིང༔ བསྟན་ལ་གནོད་པའི་དགྲ་དང་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པའི་དྲག་ཤུལ་ཅན༔ རྡོ་རྗེ་གཤོག་རྒོད་མ་ཆེན་མོ༔ མཚན་གཞན་རྡོ་རྗེ་གཡུ་སྒྲོན་མ༔ གསང་མཚན་པདྨ་གར་གྱི་དབང་ཕྱུག་མ༔ སྐུ་མདོག་མཐིང་ནག་དབུ་ལྔ་ཕྱག་བཞི་འཇིགས་པའི་དྲག་ཤུལ་ཅན༔ ཕྱག་གཡས་དང་པོའི་ལྕགས་ཀྱུས་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྙིང་རྩ་ཁོང་ནས་འདྲེན་ཅིང༔ གཡོན་གྱི་དང་པོའི་དགྲ་སཏྭས་དམ་ཉམས་ཀྱི་མགུལ་ནས་གཅོད་པ༔ གཡས་ཀྱི་འོག་མས་སྣང་སྲིད་ཟིལ་གྱིས་གནོན་པའི་རྡོ་རྗེ་དང༔ གཡོན་གྱི་འོག་མས་གདུག་པ་ཅན་རྣམས་ཀྱི་སྙིང་ཁྲག་ཐོད་ནང་བླུགས་ནས་ཞལ་དུ་གསོལ་བ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ལ་འཆིབ་པ༔ བོད་ཡུལ་དབུས་སུ་བཞུགས་ནས༔ རིག་འཛིན་སྒྲུབ་པ་པོ་རྣམས་སྐྱོང་ཞིང་བཀའི་བྱ་ར་མཛད་པ་ཆེན་མོ་ལ་གསོལ་ལོ༔ མཆོད་དོ༔ མགྲོན་ནོ༔ བསྔོ་འོ༔ དེའི་གཡས་སུ་རྡོ་རྗེ་ཆོས་སྒྲོན་མ་སྐུ་ལ་ཟ་འོག་གི་ན་བཟས་བརྒྱན་ཅིང༔ ཆུ་དར་སྔོན་པོའི་ལྷབ་ལྷུབ་ཅན༔ དུང་གི་ཅོད་པན་དང་བྱུ་རུའི་རྒྱན་གྱིས་བརྒྱན་པ༔ ཕྱག་གཡས་ཐོད་པའི་རྔེའུ་ཆུང་གིས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་ཅིང༔ གཡོན་པས་མཛེས་པར་བྱེད་པའི་གར་སྟབས་ཀྱིས་གཙོ་མོ་འཁོར་བཅས་ལ་མཉེས་པར་བྱེད་པ༔ དྲེའུ་ལ་འཆིབ་ཅིང་སྨན་མོ་དང་བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ་ལ་གསོལ་ལོ༔ མཆོད་དོ༔ མགྲོན་ནོ༔ བསྔོ་འོ༔ གཡོན་དུ་རྡོ་རྗེ་གནས་གཡོན་མ་ནག་མོ༔ ཕྱག་གཡས་དར་ཚོན་སྣ་ཚོགས་པས་བརྒྱན་པའི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྙིང་རྩ་འདྲེན་ཞིང༔ གཡོན་པས་ཟོར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་པའི་ལས་ལ་བརྩོན་པ༔ སྟག་མོ་གྲུས་མ་ལ་འཆིབ་ཅིང༔ ཀླུ་སྲིན་དང་བདུད་མོའི་ཚོགས་ཀྱིས་བསྐོར་བ་ལ་གསོལ་ལོ༔ མཆོད་དོ༔ མགྲོན་ནོ༔ བསྔོ་འོ༔ གཞན་ཡང་གནས་གསུམ་དཔའ་བོ༔ མཁའ་འགྲོ༔ བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་འབུམ་སྡེ༔ ལས་བྱེད་བཀའ་ཉན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ མགྲོན་ནོ༔ བསྔོ་འོ༔ གཏེར་བདག་ཆེན་མོ་འཁོར་དང་བཅས་པ་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་མཆོད་གཏོར་འདི་བཞེས་ལ༔ སྔོན་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང༔ རྗེ་འབངས་འཁོར་དང་བཅས་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས༔ རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱིས༔ ཇི་ལྟར་བཀའ་བསྒོས་པ་བཞིན༔ ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་པ་རྗེས་སུ་དྲན་པར་གྱིས་ལ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ བདག་ཅག་འཁོར་དང་བཅས་པ་རྣམས་ལ་ཉིན་གསུམ་གྱི་བྱ་ར༔ མཚན་གསུམ་གྱི་མེལ་ཚེ་མ་གཡེལ་བར་སྲུང་བ་དང༔ སྐྱོབ་པ་དང༔ སྦ་བ་དང༔ ཅི་བསམ་གྱི་དོན་ཐམས་ཅད་འགྲུབ་པ་དང༔ ཁམས་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་དབང་དུ་སྡུས་ཤིག༔ ཟབ་དོན་སྙིང་པོ་ལ་ལོག་པར་ལྟ་ཞིང༔ བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་འཚེ་བར་བྱེད་པའི་དགྲ་བགེགས་རྣམས་ཀྱི༔ བསམ་སྦྱོར་ངན་པ་ཐམས་ཅད་མྱུར་དུ་ཞི་ཞིང་དབང་དུ་བསྡུ་བར་མཛོད་ཅིག༔ ཞི་བའི་དབང་གིས་འདུལ་བར་མ་མཛད་ན༔ ལྟས་ངན་དང་ཆོ་འཕྲུལ་སྣ་ཚོགས་པས་སྤ་བཀོང་ལ༔ སྐད་ཅིག་ཉིད་ལ་གང་ལ་གང་འཚམ་པའི་དྲག་པོའི་ཆད་པས་ཐལ་བའི་རྡུལ་བཞིན་དུ་བརླག་པར་མཛོད་ཅིག༔ བྷྱོ༔ བདེ་སྟོང་དབྱེར་མེད་ཆོས་དབྱིངས་ཀློང་ཡངས་ལས༔ བྱུང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི༔ དྲི་ཞིམ་སྤོས་ཀྱི་དུད་པས་ནམ་མཁའ་གང༔ རོ་བརྒྱའི་གསེར་སྐྱེམས་བཏུང་བ་རྒྱ་མཚོར་བསྐྱིལ༔ སྣ་ཚོགས་རོལ་མོའི་བྱེ་བྲག་མཐའ་ཡས་པས༔ གཏེར་སྲུང་ཆེན་མོ་འཁོར་བཅས་ཐུགས་དམ་བསྐང༔ སྨན་སྣ་སྟོང་ལས་སྦྱར་བའི་སྨན་ཕུད་དང༔ འབྲུ་སྣ་སྣ་ཚོགས་རིན་ཆེན་སྣ་ལྔའི་ཚོགས༔ ཕྱེ་མར་སྤོས་དཀར་ཤ་ཆེན་དུད་སྤྲིན་དང༔ དམར་ཆེན་རཀྟའི་ཚོགས་ཀྱིས་ཐུགས་དམ་བསྐང༔ རྫུ་འཕྲུལ་ཤུགས་ཅན་དྲེའུ་སྔོན་པོ་དང༔ སྤྲིན་དཀར་ལྟ་བུར་གཡོ་བའི་རྟ་མཆོག་ཚོགས༔ དར་གྱི་ཅོད་པན་འཕུར་ལྡིང་ཞོལ་གཡག་དང༔ མཛེས་པའི་སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང༔ འཇའ་ཚོན་ལྟར་བཀྲ་འདུན་ལྡན་ར་ལུག་དང༔ མདའ་དར་མེ་ལོང་དུང་ཤྭ་དཀར་པོས་བརྒྱན༔ འདོད་དགུའི་དཔལ་སྟེར་བརྗིད་པའི་རི་རབ་བཅས༔ མཐུན་པའི་རྟེན་རྫས་རྣམས་ཀྱིས་ཐུགས་དམ་བསྐང༔ ས་ཆེན་ཁྱོན་ལྟར་ཡངས་པའི་ཐོད་ཆེན་ནང༔ བཀོད་མཛེས་རི་རབ་ལྟ་བུའི་གཏོར་མའི་ཚོགས༔ སྔགས་དང་ཕྱག་རྒྱས་བདུད་རྩིར་བྱིན་བརླབས་ནས༔ གཏེར་སྲུང་ཆེན་མོ་འཁོར་བཅས་ཐུགས་དམ་བསྐང༔ བསྟན་སྐྱོང་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ ཁྱེད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན༔ བདག་ནི་མ་རིག་དབང་གིས་ལུས་ངག་སེམས༔ ཉེས་པའི་ཚོགས་ནི་ཅི་མཆིས་བཟོད་པར་གསོལ༔ རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང༔ དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་ལ་སོགས༔ བསྟན་སྐྱོང་འཁོར་བཅས་ཐུགས་དང་འགལ་བ་རྣམས༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ བྷྱོ༔ དངོས་གྲུབ་སྟེར་བའི་བྱིན་ཆགས་མ༔ འདོད་འཕྲོ་རྨོངས་སྤངས་འོད་ཟེར་འཕྲོ༔ དགེ་འདུན་སྐྱོང་བའི་དཔལ་ལྷ་མོ༔ གཙུག་ལག་སྲུང་མ་ཁྱོད་ལ་བསྟོད༔ ན་ཚོད་བཅུ་དྲུག་ལོན་པའི་གཟུགས༔ ལང་ཚོ་རྒྱས་ཤིང་ཟླ་ལྟར་གསལ༔ ཡིད་འོང་མཛེས་པས་གཞན་སེམས་སྡུད༔ རྡོ་རྗེ་གཡུ་སྒྲོན་མ་ལ་བསྟོད༔ ལོངས་སྤྱོད་ཕུན་སུམ་ཚོགས་མཛད་ཅིང༔ ཨུ་དུམ་བ་ལྟར་ཆོ་རིགས་བཙུན༔ ལྷ་བྲན་དང་མཚུངས་པད་ལྟར་མཛེས༔ གར་གྱི་དབང་ཕྱུག་མ་ལ་བསྟོད༔ བསམ་པའི་དོན་རྣམས་སྒྲུབ་མཛད་མ༔ སེང་ཆེན་འགྱིངས་ལྟར་གཞན་ཟིལ་གནོན༔ ཡོན་མཆོད་བར་ཆད་ཀུན་སེལ་མ༔ ཨོ་རྒྱན་མཁའ་འགྲོ་མ་ལ་བསྟོད༔ སངས་རྒྱས་བསྟན་པ་སྤེལ་མཛད་མ༔ དཀར་མོ་ཞི་ཁྲོའི་ངང་ཚུལ་ཅན༔ སྤྲུལ་པས་གཞན་དབང་ཐམས་ཅད་སྡུད༔ འབྲོག་བཟའ་ལྷ་རྒྱལ་མ་ལ་བསྟོད༔ འཕྲིན་ལས་སྒྲུབ་པའི་སྙིང་ཉེ་མ༔ གཏན་དུ་མི་འབྲལ་ཁྱེད་གྲོགས་བརྟེན༔ ཕན་གནོད་མྱུར་དུ་སྒྲུབ་ནུས་པའི༔ དཔལ་ལྡན་གཙོ་མོ་ཁྱེད་ལ་བསྟོད༔ འཇིགས་འཇོམས་དབང་ཕྱུག་གཏེར་བདག་མ༔ ཐུགས་རྗེའི་ཕྲིན་ལས་ཕྱོགས་མེད་སྐྱོང༔ རྣལ་འབྱོར་པ་ཡི་ལས་ལ་བརྩོན༔ དམ་གཙང་ལྷ་མོ་ཁྱོད་ལ་བསྟོད༔ བཀྲ་ཤིས་རྟགས་ལྷུན་གྱིས་གྲུབ་མ༔ མངོན་ཤེས་རྫུ་འཕྲུལ་ཐོགས་མེད་སྟོན༔ སྲུང་དང་ཞི་བའི་ལས་མཛད་མ༔ གནོད་སྦྱིན་མཐུ་མོ་ཆེ་ལ་བསྟོད༔ དཀོན་མཆོག་དབུ་འཕང་སྟོད་པ་མོ༔ མཐུ་རྩལ་ཅན་གྱི་མ་མོ་ཁྱོད༔ མནའ་ཟན་ཡོངས་ཀྱི་གཤེད་མ་མཛད༔ བདེན་རྫུན་ཤན་འབྱེད་མ་ལ་བསྟོད༔ གནོད་སྦྱིན་ཆེན་མོ་དྲག་མོ་རྒྱལ༔ གཡུ་དྲེལ་འཆིབ་ནས་ཁམས་གསུམ་བསྐོར༔ འཁོར་དུ་བརྟན་མ་འབུམ་གྱིས་བསྐོར༔ བརྟན་མའི་དམག་དཔུང་འཁོར་བཅས་རྣམས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་དགྲ་བགེགས་ཤ་ཁྲག་ཟ༔ ཆོས་ཀྱི་སྒྲོན་མ་རབ་སྦར་མ༔ བསྟན་ལ་གནོད་བྱེད་ཚར་གཅོད་མའི༔ ཁོལ་མོ་འཕྲིན་ལས་སྐྱོང་ལ་བསྟོད༔ ལས་མཁན་སྲོག་གི་ཤན་པ་མོ༔ དམ་ཉམས་བསྟན་བཤིག་དགྲ་དང་བགེགས༔ གང་འཕྲད་ཀུན་གྱི་སྲོག་དབུགས་སྡུད༔ རྡོ་རྗེ་གནས་གཡོན་མ་ལ་བསྟོད༔ བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་ནས་གཤེགས་པའི་ཚེ༔ རྡོ་རྗེ་གནས་གཡོན་མཐུ་མོ་ཆེ༔ ཆིབས་སུ་སྟག་མོ་གྲུས་མ་འཆིབ༔ སྐུ་ལ་མི་ལྤགས་གཡང་གཞི་གསོལ༔ ཕྱག་ན་འདྲེན་བྱེད་ལྕགས་ཀྱུ་བསྣམས༔ སྤྲུལ་པ་བུད་མེད་མཛེས་སྡུག་འགྱེད༔ སྐྱེས་པ་དར་མའི་བདུད་གཅོད་མ༔ སྐྱེས་པ་དར་མའི་བདུད་མ་གཅོད༔ ཞི་ཞིང་དུལ་བར་མཛད་དུ་གསོལ༔ བྷྱོ༔ བར་གྱི་བསྐལ་པའི་དབུས་མ་ལ༔ ཐོ་གར་ཡུལ་ནས་གཤེགས་པའི་ཚེ༔ རྡོ་རྗེ་ཆེ་མཆོག་ཕྲེང་མོ་ཆེ༔ ཆིབས་སུ་བྲ་ནག་རྟིང་དཀར་འཆིབ༔ སྐུ་ལ་དར་དཀར་གོ་ཟུ་གསོལ༔ ཕྱག་ན་ཀུན་གསལ་མེ་ལོང་བསྣམས༔ བྱེ་རུ་དམར་པོའི་ཐོད་བཅིངས་ཅན༔ གཡུ་ཡི་ལན་བུ་ཤ་ར་ར༔ སྤྲུལ་པ་བུད་མེད་ནག་མོ་འགྱེད༔ ན་ཆུང་དར་མའི་སྲིད་འཕྲོག་མ༔ ན་ཆུང་དར་མའི་སྲིད་མ་ཕྲོགས༔ ཞི་ཞིང་དུལ་བར་མཛད་དུ་གསོལ༔ བྷྱོ༔ ཕྱི་ཡི་བསྐལ་པའི་ཐ་མ་ལ༔ མཁོ་མཐིང་གཙུག་ལག་ཁང་ན་བཞུགས་པའི་ཚེ༔ ཆིབས་སུ་བོང་བུ་ནག་པོ་འཆིབ༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཕྱག་ན་མི་སྙིང་འབར་བ་བསྣམས༔ བྱིས་པ་ཆུང་གི་ཚེ་འཕྲོག་མ༔ བྱིས་པ་ཆུང་གི་ཚེ་མ་ཕྲོགས༔ ཞི་ཞིང་དུལ་བར་མཛད་དུ་གསོལ༔ བྷྱོ༔ ད་ལྟ་དུས་ངན་ཐ་མའི་དུས༔ བོད་ཡུལ་དབུས་ན་བཞུགས་པའི་ཚེ༔ ཆིབས་སུ་དྲེལ་ནག་ཁ་དཀར་འཆིབ༔ སྤྱི་གཙུག་རིན་ཆེན་འབར་བས་བརྒྱན༔ རིན་ཆེན་གཡུ་ཡི་དོ་ཀེར་ཅན༔ ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ སྨུག་ནག་འཇིགས་པའི་གོ་ཟུ་གསོལ༔ བཞུགས་ནི་དཀོར་ཁང་ནང་ན་བཞུགས༔ བསྲུང་ནི་ཆོས་འཁོར་གཉན་པོ་སྲུང༔ མངའ་ཐང་དཀོར་རྫས་རྣམས་ལ་མཛད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ མ་ཐོགས་གནས་འདིར་མྱུར་དུ་བྱོན༔ སྡང་བའི་དགྲ་བོའི་སྲོག་ལ་བྷྱོ༔ དྲག་མོ་དུ་ར་དུ་ཏི་རྒྱུག༔ ཁ་ཁ་དུ་ར་དུ་ཏི་རྒྱུག༔ ཧེ་ར་དུ་ར་དུ་ཏི་རྒྱུག༔ བྷྱོ༔ སངས་རྒྱས་གཉན་གྱི་བསྟན་པ་སྲུངས༔ དམ་པ་ཆོས་ཀྱི་སྒོམ་གྲྭ་སྐྱོངས༔ དགེ་འདུན་གནོད་པའི་དགྲ་བགེགས་ཐུལ༔ བྷྱོ༔ རྡོ་རྗེ་གནོད་སྦྱིན་ཆེན་མོ་ཉོན༔ ཆོས་རྒྱལ་ཆེན་པོའི་བཀའ་ལ་ཉོན༔ སྤྱན་རས་གཟིགས་ཀྱི་བསྟན་པ་སྲུངས༔ པདྨ་འབྱུང་གནས་བཀའ་ལ་ཉོན༔ རྣལ་འབྱོར་བདག་གི་སྲུང་མ་མཛོད༔ བདག་ཅག་འཁོར་དང་བཅས་པ་ཡིས༔ དཀོར་དང་རྫས་ལ་འབགས་པ་དང༔ དགེ་འདུན་ལོངས་སྤྱོད་ཕྲོགས་པ་དང༔ ཆོས་དང་འགལ་བར་གྱུར་པ་རྣམས༔ སྲུང་མ་ཁྱོད་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པའི་དངོས་གྲུབ་སྩོལ༔ བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ བྷྱོ༔ ཧེ་ལེ་འབར་མ་བྱང་ཆུབ་མ༔ མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ རྦ་ཀློང་ནག་རོ་བལྟམས་པའི་དབུས༔ མཐིང་ནག་དབུ་ལྔ་ཕྱག་བཞི་མ༔ ཆིབས་སུ་བྲ་ནག་རྟིང་དཀར་འཆིབ༔ གཡས་པ་རྡོ་རྗེ་འབར་བ་ཡིས༔ བསྟན་པའི་བདུད་རྣམས་གསོད་པར་བྱེད༔ གཡོན་པ་ལྕགས་ཀྱུས་སྙིང་ནས་འདྲེན༔ བྷནྡྷ་རཀྟས་བཀང་བ་གསོལ༔ དགྲ་སཏྭས་དགྲ་བགེགས་མགོ་བོ་གཅོད༔ མཛེས་པའི་ན་བཟའ་འཇོལ་ལོ་ལོ༔ ཁམས་གསུམ་ཀུན་ཏུ་རྒྱུག་བྱེད་མ༔ མི་བཟད་དཔལ་འབར་རྒྱལ་མོའི་དུས་ལ་བབས༔ ཀྱཻ༔ རྒྱ་མཚོ་ཆེན་པོའི་ནང་ཤེད་ན༔ མིང་པོའི་ཚུལ་གྱིས་སྲིང་མོའི་ལས་བྱེད་ཅིང༔ འཇིགས་བྱེད་ཀླུ་རྒྱལ་ནག་པོ་རྔམ་པའི་སྐུ༔ དབུ་ལ་སྦྲུལ་གྱི་གདེངས་ཀ་གཟིངས་སེ་གཟིང༔ སྐུ་སྟོད་མི་མངོན་དབྱིངས་སུ་ཟངས་སེ་ཟང༔ སྐུ་སྨད་སྦྲུལ་ནག་འཁྱིལ་བའི་ཞལ་མངའ་བ༔ སྦྲུལ་ནག་སྦལ་བའི་ནང་ན་ཁྱུགས་སེ་ཁྱུག༔ གཡས་པ་རིན་ཆེན་འབར་བའི་སྒྲོམ་བུ་འཛིན༔ དགོས་འདོད་རེ་སྐོང་བདུད་རྩི་ཆར་ལྟར་འབེབ༔ གཡོན་པས་སྦྲུལ་ཞགས་འཇིག་རྟེན་གསུམ་ལ་འདེབས༔ དགྲ་བགེགས་འཆིང་བྱེད་ལྕགས་ཀྱུ་ཞགས་པ་འཛིན༔ འཇིགས་བྱེད་ཀླུ་རྒྱལ་ནག་པོའི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡ༔ མིང་སྲིང་ཚུལ་གྱིས་སངས་རྒྱས་བསྟན་སྐྱོང་ཞིང༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་མཛོད༔ དྲག་མོ་དུ་ར་དུ་ཏི་རྒྱུག༔ ཁ་ཁ་དུ་ར་དུ་ཏི་རྒྱུག༔ ཧེ་ར་དུ་ར་དུ་ཏི་རྒྱུག༔ བྷྱོ༔ ཨོ་རྒྱན་ཡུལ་དུ་ཆོས་དབྱིངས་མཁའ་འགྲོའི་གཙོ༔ རྡོ་རྗེ་གདན་སོགས་གཙུག་ལག་སྐྱོང་མ་ལ༔ བོད་ཁམས་སྐྱོང་མཛད་བརྟན་མ་ཡོངས་ཀྱི་གཙོ༔ དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ་ལ་བསྟོད༔ རྡོ་རྗེ་ཆོས་ཀྱི་སྒྲོན་མ་གངས་རིའི་མདོག༔ ཐོད་པའི་རྔེའུ་ཆུང་གར་སྟབས་ཕྱག་རྒྱ་ཅན༔ རྡོ་རྗེ་གནས་གཡོན་སྲིན་པོ་ཁྲོས་པའི་གཟུགས༔ ལས་བྱེད་ཡོངས་ཀྱི་གཙོ་མོ་གཉིས་ལ་བསྟོད༔ དངོས་གྲུབ་ཆར་ལྟར་འབེབ་མཛད་མཁའ་འགྲོའི་ཚོགས༔ དགྲ་བགེགས་ཐལ་བར་རློག་བྱེད་སྡེ་བརྒྱད་ཚོགས༔ དམ་ལྡན་བུ་བཞིན་སྐྱོང་མཛད་བརྟན་མའི་ཚོགས༔ དམ་ཅན་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད༔ གཏོར་མར་ཆབ་བྲན་ལ༔ དགུགས་གཞུག་བྱས་ཏེ༔ བྷྱོ༔ དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ༔ ཟབ་གཏེར་སྐྱོང་བའི་གནོད་སྦྱིན་མོ༔ མཐུ་སྟོབས་དབང་ཕྱུག་གཤོག་རྒོད་མ༔ ཁྱོད་ཉིད་དགྲ་ལ་ཁྲོས་པའི་ཚེ༔ ཆིབས་སུ་གློག་ཕྲེང་འབར་བ་འཆིབ༔ ཁ་ནས་བསྐལ་པའི་མེ་དཔུང་འཕྲོ༔ ཤངས་ནས་དུད་སྤྲིན་ཐུ་ལུ་ལུ༔ རྗེས་སུ་མེ་དཔུང་འབར་བ་ཁྲིད༔ མཁའ་ལ་གློ་བུར་སྤྲིན་ཚོགས་འཁྲིགས༔ འབྲུག་སྒྲ་དྲག་པོ་ཕྱོགས་བཅུར་སྒྲོག༔ གནམ་ལྕགས་སེར་ཆེན་དྲག་ཏུ་འབེབ༔ ས་གཞི་མེ་དང་ཆུ་ཡིས་འགེངས༔ བདུད་བྱ་ཀྱུང་ཀ་ལིངས་སེ་ལིང༔ བྱ་ནག་མཆུ་སེར་ཐིབས་སེ་ཐིབ༔ གནོད་སྦྱིན་སྨན་འཁོར་ཁྲིགས་སེ་ཁྲིགས༔ བདུད་དམག་མང་པོ་ཉེ་རེ་རེ༔ བཙན་གྱི་རྟ་རྒྱུག་ཤ་ར་ར༔ དགའ་ན་རྒྱ་མཚོ་མཁའ་ལ་སྐྱིལ༔ ཁྲོས་ན་ཉི་ཟླ་ཐང་ལ་འབེབ༔ རྦད་ན་རི་རབ་ཕྱེ་མར་འཐག༔ དེ་འདྲའི་མཐུ་རྩལ་རྫུ་འཕྲུལ་ཅན༔ འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ སངས་རྒྱས་བསྟན་ལ་གནོད་བྱེད་ཅིང༔ དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས༔ སྐྱེ་བོ་ཡོངས་ལ་གནོད་སེམས་ཅན༔ ཁྱད་པར་རིག་འཛིན་སྒྲུབ་གནས་དང༔ བདག་ཅག་འཁོར་དང་བཅས་རྣམས་ལ༔ སྡང་ཞིང་གདུག་པའི་བསམ་པ་ཅན༔ མི་དང་མི་མིན་དགྲ་བགེགས་རྣམས༔ ལྟས་དང་ཆོ་འཕྲུལ་སྣ་ཚོགས་པས༔ འཇིགས་ཤིང་སྐྲགས་ནས་སྤ་བཀོང་ལ༔ ལོ་དང་ཟླ་བར་མ་བཞག་པར༔ སྙིང་ཁྲག་དྲོན་མོ་མྱུར་དུ་ཐུངས༔ ད་ལྟ་ཉིད་དུ་བརླག་པར་གྱིས༔ གདུག་ཅན་དམ་ཉམས་དགྲ་བོ་འདི༔ གཉེན་འཁོར་ཕུན་ཚོགས་ཀུན་དང་ཕྲོལ༔ སྐྱོབ་པའི་ལྷ་དཔོན་རྣམས་དང་ཕྱེས༔ ཟས་ནོར་ལོངས་སྤྱོད་ཉམས་སུ་ཆུག༔ བདུན་རྒྱུད་ཚུན་ཆད་བརླག་པར་གྱིས༔ བཅོལ་པའི་ལས་འདི་མ་བསྒྲུབ་ན༔ པད་འབྱུང་བདག་གི་བཀའ་དང་འགལ༔ རང་གི་དམ་ཚིག་ཁས་བླངས་ཉམས༔ རིག་འཛིན་རྣམས་ཀྱི་རེ་བ་བཅད༔ དེ་བས་དམ་ཚིག་མ་གཡེལ་བར༔ བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ བྷྱོ༔ རྒྱལ་བའི་བཀའ་ལས་མི་འདའ་ཞིང༔ བདག་གི་མཆོད་ལས་མི་གཡེལ་བར༔ དམ་ཉམས་དགྲ་ཡི་སྙིང་འབྱིན་པའི༔ རྡོ་རྗེ་གཤོག་རྒོད་འཁོར་བཅས་ཀྱིས༔ བསྟན་ལ་གནོད་བྱེད་སྡང་བའི་དགྲ༔ སྡེ་དང་བཅས་པ་མེད་པར་མཛོད༔ གང་ཞིག་བདག་ལ་གནོད་སེམས་པ༔ འབྱུང་པོ་མི་དང་མི་མ་ཡིན༔ ཁམས་གསུམ་གང་ན་གནས་གྱུར་ཀྱང༔ གཏོར་མ་འདི་དང་མཉམ་དུ་བཞེས༔ ཁྱོད་ཀྱི་མཐུ་སྟོབས་ཐོགས་མེད་པས༔ མཛའ་སྡེ་ཀུན་དང་ཕྲོལ་ལ་ཤོག༔ དགྲ་འདྲེའི་ལུས་ངག་ཡིད་གསུམ་ལ༔ མཐུ་དང་ནུས་པ་མེད་པར་མཛོད༔ མཚོན་དང་ནད་ཀྱི་ཆར་ཕོབ་ལ༔ རྨུགས་ཤིང་དྲན་པ་ཉམས་པར་མཛོད༔ སྨྱོ་ཞིང་ཀུན་ནས་བརྒྱལ་དང་བསྐྲད༔ དྲག་པོའི་ལས་ཀྱིས་གཟིར་བར་མཛོད༔ དབྱེ་དང་བཅིངས་དང་གསད་པ་ཡིས༔ ཕྱེ་མར་གྱིས་ལ་རོལ་པར་མཛོད༔ བྷྱོ༔ བདེ་གཤེགས་ཀུན་གྱི་བཀའ་མ་གཅོག༔ པདྨ་འབྱུང་གནས་སུན་མ་ཕྱུངས༔ རང་གིས་ཁས་བླངས་དམ་མ་ཉམས༔ སྒྲུབ་པོ་བདག་ལ་སྙན་མ་སྲ༔ བསྟན་སྐྱོང་འཁོར་དང་བཅས་རྣམས་ཀྱིས༔ གཏོར་མ་འདི་དང་དགྲ་བགེགས་ཚོགས༔ མཉམ་དུ་བཞེས་ལ་ད་རོལ་ཅིག༔ བསྟན་དགྲའི་སྲོག་རྩ་དམར་པོ་ཆོད༔ རྣམ་ཤེས་རྟེན་ཕུར་སྙིང་ལ་རྒྱོབ༔ དོན་སྙིང་ལྔ་པོ་ཕྱུངས་ལ་ཤོག༔ དབང་པོ་ལྔ་པོ་ཐང་ལ་ཕོབ༔ ཚེ་སྲོག་ལུས་ལ་བགོ་བཤའ་གྱིས༔ རྒྱལ་ཁམས་ཕུང་བའི་ལས་འདིས་བྱས༔ མཁའ་འགྲོ་སྲུང་མ་ར་མདའ་ལྡོག༔ སྡང་བྱེད་དགྲ་བོ་དམ་ཉམས་འདིའི༔ གནམ་གྱི་འཇུ་ཐག་སྐྱ་བོ་ཆོད༔ ས་ཡི་རྟེན་ཕུར་ནག་པོ་ཕུད༔ ལས་ཀྱི་རླུང་དམར་རྒྱབ་ནས་ཕུལ༔ འཇིགས་པའི་མུན་པས་མདུན་ནས་སུས༔ ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག༔ ལོ་དང་ཟླ་བར་མ་བཞག་ལ༔ ཞག་དང་ཟ་མར་མ་ལུས་པར༔ ད་ལྟར་ཁུག་ལ་རིངས་པར་སྒྲོལ༔ གཏོར་མ་འདི་དང་མཉམ་དུ་བཞེས༔ བྷྱོ༔ ཁྲག་ཞགས་རྒྱ་མཚོ་འཁྲུགས་པའི་གཞལ་ཡས་ན༔ རྡོ་རྗེ་གཤོག་རྒོད་མ་རུངས་གདུག་པའི་སྐུ༔ མཐིང་ནག་འབར་བ་མི་བསྲུན་ཆ་བྱད་ཅན༔ སྲིན་གདོང་ཁྱུང་ཞལ་དགྲ་བགེགས་ཤ་ཁྲག་རོལ༔ སྤྱན་རྣམས་འབར་བས་སྲིད་གསུམ་ས་ལེར་གཟིགས༔ གཏེར་བདག་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ གཏེར་སྒོ་སྲུང་ཞིང་རྣལ་འབྱོར་དགྲ་བླ་བྱེད༔ དམ་རྫས་ཤ་ཁྲག་བརྒྱན་པའི་གཏོར་མ་འདིས༔ འཁོར་བཅས་རྣམས་ཀྱི་ཐུགས་དམ་སྐོང་མཛོད་ལ༔ དབང་དྲག་པདྨ་རྒྱལ་པོའི་སྤྱན་སྔ་རུ༔ སྲོག་གི་སྙིང་པོ་ཕུལ་ནས་དམ་བཅས་ལྟར༔ དེང་འདིར་བདག་གིས་ཇི་ལྟར་བཅོལ་བ་ཡི༔ འཕྲིན་ལས་སྙིང་པོ་བསྒྲུབ་པའི་དུས་ལ་བབས༔ མ་གཡེལ་མ་འདའ་རྡོ་རྗེ་གཤོག་རྒོད་ཚོགས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༔ དམ་ཉམས་དགྲ་བོ་ཐལ་བ་རྡུལ་དུ་རློགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ དོན་ཀུན་མ་ལུས་བསྒྲུབ་པའི་དུས་ལ་བབས༔ གང་ཞིག་བླ་མ་ལ་སྡང་དགྲ་བོ་ཡི༔ ཤ་ཟོ་ཁྲག་ཐུངས་རུས་པ་ནང་ཁྲོལ་གསོལ༔ ཕོ་རྒྱུད་རྩད་ཆོད་མོ་རྒྱུད་མངལ་ནས་སྐོམས༔ ནོར་ཕྱུགས་ཡུལ་འཁོར་བཅས་པ་ཕྱགས་མས་ཐོབས༔ དགྲ་བོ་གནས་པའི་ས་ཕྱོགས་ཐམས་ཅད་དུ༔ བཙའ་སད་སེར་གསུམ་ནད་ཡམས་མུ་གེ་དང༔ མི་རུང་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ བླ་མ་ལ་གུས་དམ་ཚིག་གཙང་བ་དང༔ སྒྲུབ་པ་ཚུལ་བཞིན་བྱེད་པ་རྣམས་ལ་ནི༔ གཏེར་སྲུང་དྲག་མོ་རྣམས་ཀྱིས་གྲོགས་མཛོད་ཅིག༔ སླར་ཡང་རྒྱུན་གཏོར་ལ་ཆབ་བྲན་ལ༔ ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཛིན༔ སྲིད་གསུམ་དགྲ་བགེགས་ཀུན་གྱི་གཤེད༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ དེ་རིང་བསྟན་སྐྱོང་ཚོགས་རྣམས་ལ༔ དམ་ཚིག་ཕྲིན་ལས་གཉེར་དུ་གཏད༔ བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མ༔ འཁོར་བཅས་དྲེགས་པ་དཔག་མེད་བཅས༔ བསམ་ཡས་དཔལ་གྱི་མཆིམས་ཕུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་ཁྲག་འཐུང་དཀྱིལ་འཁོར་དུ༔ དབང་བསྐུར་བཀའ་དང་དམ་ལ་བཞག༔ དེ་ཚེ་གསང་བའི་མཚན་བཏགས་པ༔ དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ༔ ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ བདག་ཉིད་བཻ་རོ་ཙ་ན་ཡིས༔ དྲེགས་པ་ཀུན་འདུལ་དཀྱིལ་འཁོར་དུ༔ དབང་བསྐུར་བཀའ་དང་དམ་ལ་བཞག༔ དེ་ཚེ་གསང་བའི་མཚན་བཏགས་པ༔ པདྨ་གར་གྱི་དབང་ཕྱུག་མ༔ རྩུབ་འགྱུར་བསྐལ་པའི་སྙིགས་མ་ལ༔ གསང་ཕུག་རིན་ཆེན་སྤུངས་པ་རུ༔ རྡོར་སེམས་སྤྲུལ་པའི་སྣང་བ་ཡིས༔ རྗེ་བཙུན་སྣ་ཚོགས་རང་གྲོལ་ལ༔ དངོས་སུ་ཟབ་གཏེར་ལག་སྤྲད་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་པའི༔ དམ་ཚིག་གཉན་པོ་དྲན་གྱིས་ལ༔ ནམ་མཁའ་གང་བའི་སྤྱན་གཟིགས་དང༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་དབུ་འཕང་གཉན་པོ་སྟོད༔ བདག་ཅག་འཁོར་དང་བཅས་རྣམས་ལ༔ ཉིན་གསུམ་བྱ་ར་མ་གཡེལ་ཅིག༔ མཚན་གསུམ་མེལ་ཚེ་མ་གཡེལ་ཅིག༔ བཅོལ་པའི་ལས་འདི་མྱུར་དུ་སྒྲུབས༔ བྷྱོ༔ དཔལ་ལྡན་རྡོ་རྗེ་གཤོག་རྒོད་དྲག་ཤུལ་ཅན༔ མིང་པོ་ཀླུ་རྗེ་རྡོ་རྗེ་དར་མ་དང༔ བཀའ་ཉན་གཙོ་མོ་གཉིས་དང་འཁོར་ཚོགས་བཅས༔ ས་དང་བར་སྣང་མ་ལུས་གང་བ་རྣམས༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་ལ༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ ཇི་ལྟར་སྔོན་གྱི་དམ་བཅའ་མ་གཡེལ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ གཏོར་མ་གཙང་སར་འབུལ་ལོ༔ གཏོར་སྡེར་དུ་འབྲུ་བླུགས་ལ༔ བྷྱོ༔ གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ བསྟན་ལ་གནོད་བྱེད་དགྲ་བགེགས་ཚར་གཅོད་མཛོད༔ ཁྱད་པར་རྩ་གསུམ་བསྟན་པའི་གཉེར་གཏད་ནས༔ སྐད་ཅིག་མི་འབྲལ་བསྲུང་བར་དམ་བཅས་བཞིན༔ མ་ལུས་བསྲུང་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ ནད་གདོན་བར་ཆད་ཉེར་འཚེ་ཞི་བ་དང༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང༔ ས་འོག་ས་སྟེང་ས་བླའི་འགྲོ་བ་ཀུན༔ མ་ལུས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ལྷ་ཁྱོད་བརྟེན་པའི་ཚེ་ན་རྒྱང་མ་རིང༔ བདག་གིས་བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་ཁྱོད་ཀྱི་སྤྱན་མ་རྟུལ༔ དགྲ་ལ་རྦད་པའི་ཚེ་ན་མཐུ་མ་ཆུང༔ སྟོབས་ལྡན་མངགས་པའི་ཚེ་ན་བང་མ་བུལ༔ གསང་སྔགས་སྒྲུབ་པའི་ཚེ་ན་སྙིང་མ་རིང༔ བླ་མ་ལྟར་དུ་བསྟེན་ནོ་བྱིན་གྱིས་རློབས༔ ཡི་དམ་ལྟར་དུ་བསྟེན་ནོ་དངོས་གྲུབ་སྩོལ༔ མཁའ་འགྲོ་ལྟར་དུ་བསྟེན་ནོ་དམ་ཚིག་སྲུངས༔ ཆོས་སྐྱོང་ལྟར་དུ་བསྟེན་ནོ་ཕྲིན་ལས་སྒྲུབས༔ ཡབ་ཅིག་ཕ་ལྟར་བསྟེན་ནོ་རིས་མ་ངན༔ སྲི་འུ་ལྟ་བུར་བསྟེན་ནོ་རྒྱུད་མ་ཞན༔ དྲིན་ཆེན་མ་ལྟར་བསྟེན་ནོ་སྙིང་མ་རིང༔ བརྩེ་བའི་སྲིང་ལྟར་བསྟེན་ནོ་གདུང་མ་ཆུང༔ འཕྲོད་པའི་སྤུན་ལྟར་བསྟེན་ནོ་ཁྲེལ་མ་ཆུང༔ འགྲོགས་པའི་གྲོགས་ལྟར་བསྟེན་ནོ་གཞུང་མ་ངན༔ རྗེ་དཔོན་ལྟ་བུར་བསྟེན་ནོ་སྐྱབས་མ་ཆུང༔ བྲན་གཡོག་ལྟ་བུར་བསྟེན་ནོ་ལས་མ་ངན༔ ཨོ་རྒྱན་གནས་དང་བོད་ཡུལ་དབུས་ལ་སོགས༔ བཞུགས་པའི་གནས་བདག་རྣམས་ཀྱི་ཐུགས་དམ་བསྐང༔ སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ༔ ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས༔ བདག་ཅག་འཁོར་བཅས་བསྲུང་ཞིང་སྐྱོང་བ་དང༔ གནོད་པའི་དགྲ་བགེགས་རྡུལ་ཕྲན་བཞིན་དུ་རློགས༔ ཞི་རྒྱས་དབང་དྲག་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སཏྭཾ་བྷ་ཡ་རཀྵ་ནན༔ དེ་ལྟར་གཏེར་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མའི༔ གསོལ་མཆོད་ཕྲིན་ལས་ཀྱི་རིམ་པ་འདི་ཉིད༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ ལོ་ཙཱ་བཻ་རོ་ཙ་ན་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་དོན་དུ་མཛད་དེ༔ སླར་ཡང་མ་འོངས་སྙིགས་མའི་སེམས་ཅན་རྣམས་ཀྱི་དོན་དུ༔ འབྲི་གུང་གྲོགས་ཀྱི་མདའ༔ རི་རིན་ཆེན་སྤུངས་པའི་རྐེད༔ ཨོ་རྒྱན་གསང་བའི་ཕུག་ཏུ་གཏེར་དུ་སྦ་བར་མཛད་དེ༔ སྤྲུལ་པའི་གཏེར་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་གཏེར་ནས་སྤྱན་དྲངས་ཏེ། ཟ་ཧོར་གྱི་རྒྱལ་རིགས་གཉིས་པར་བྱོན་པའི་ཕོ་བྲང་ཆེན་པོ་ཡུལ་གྱི་དགེ་ལེགས་མཐའ་དག་གི་འདུན་ས་ཆེན་པོ་འཕྱིང་བར་སྟག་རྩེར་ཤོག་སེར་ལས་དག་པར་ཕབ་པའོ། །སརྦ་དཱ་མངྒ་ལཾ།། །། བསྟན་སྐྱོང་ཆེན་མོ་འཁོར་དང་བཅས་རྣམས་ཀྱིས༔ ཐུགས་སུ་མཐུན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཉེ་བར་མཁོ་བའི་ལོངས་སྤྱོད་ཀུན་བསྲུངས་ནས༔ ས་འོག་ས་སྟེང་ས་བླའི་འགྲོ་བ་རྣམས༔ མ་ལུས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔

རིག་འཛིན་སྲོག་སྒྲུབ་ལས་རི་བོ་བསང་མཆོད་ (Volume 43, Text 26)

རིག་འཛིན་སྲོག་སྒྲུབ་ལས་རི་བོ་བསང་མཆོད་བཞུགས་སོ། །ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེར་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ རི་བོ་བསང་མཆོད་ནི༔ བྷྲཱུྃ༔ རིན་ཆེན་སྣ་ཚོགས་དྭངས་མའི་སྣོད་ཡངས་སུ༔ འཇིག་རྟེན་སྲིད་པའི་འདོད་དགུའི་དམ་ཚིག་རྫས༔ འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ སྣང་སྲིད་མཆོད་པའི་འདོད་དགུར་འཁྲིགས་པ་འདི༔ བླ་མ་ཡི་དམ་དྷཱ་ཀི་ཆོས་སྐྱོང་དང༔ ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ༔ འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོན༔ ཁྱད་པར་བདག་གི་ཚེ་འཕྲོག་སྲོག་རྐུ་ཞིང༔ ནད་གཏོང་བར་ཆད་རྩོམ་པའི་འབྱུང་པོ་དང༔ རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགས༔ སྡེ་བརྒྱད་མ་རུངས་ཆོ་འཕྲུལ་བདག་པོ་དང༔ ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅན༔ གྲིབ་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དང༔ གྲི་བོ་ཐེའུ་རང་གྲོང་སྲིན་འདྲེ་མོ་རྣམས༔ ལན་ཆགས་དམར་པོའི་མེ་ལ་འཇལ་ཏེ་བསྲེགས༔ རང་རང་ཡིད་ལ་གང་འདོད་འདོད་དགུའི་ཆར༔ ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ༔ འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོ༔ བདག་གིས་དུས་གསུམ་བསགས་པའི་སྡིག་སྒྲིབ་དང༔ དཀོན་མཆོག་དད་གཤིན་དཀོར་ལ་སྤྱད་པ་རྣམས༔ སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིག༔ མེ་ལྕེས་སྣང་སྲིད་གང་བའི་རྡུལ་ཕྲན་རེར༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པ༔ རྒྱལ་བའི་ཞིང་ཁམས་ཡོངས་ལ་ཁྱབ་གྱུར་ཅིག༔ མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྤྲིན་ཟེར༔ རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་ནས༔ ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལ༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་འཚང་རྒྱར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྒྱ་སྟོང་ཁྲི་འབུམ་མང་པོས་འབུལ་བར་བྱའོ༔ སྐུ་གསུམ་དག་པ་སྣོད་ཀྱི་གཞལ་ཡས་སུ༔ ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམས༔ བདུད་རྩིར་ཞུ་བའི་འཇའ་འོད་བར་སྣང་གང༔ འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུད༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ སྣང་སྲིད་མགྲོན་དུ་གྱུར་པ་ཡོངས་ལ་བསྔོ༔ ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཞིང༔ ལྟ་སྒོམ་སྤྱོད་པའི་བར་ཆད་ཀུན་བསལ་ནས༔ རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངས་སུ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པའི་མཐར༔ འོག་མིན་པདྨ་དྲྭ་བར་འཚང་རྒྱར་ཤོག༔ ཕུང་ཁམས་བསྲེག་རྫས་བཀྲག་མདངས་གཟི་བྱིན་འབར༔ དཀར་དམར་བྱང་སེམས་བསྲེག་རྫས་བདེ་སྟོང་འབར༔ སྟོང་ཉིད་སྙིང་རྗེའི་བསྲེག་རྫས་ཆོས་དབྱིངས་གང༔ སྣང་སྲིད་འཁོར་འདས་རྡོ་རྗེ་འོད་ལྔའི་གཞིར༔ ལྷུན་གྲུབ་རྫོགས་སངས་རྒྱས་པའི་བསྲེག་རྫས་འབུལ༔ སྔོན་གྱི་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག༔ ད་ལྟའི་རྒྱུད་ལ་མི་གནས་མཐོལ་ལོ་བཤགས༔ མ་འོངས་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིག༔ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི༔ སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགས༔ ཚོར་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགས༔ ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིག༔ ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ མཐའ་མི་དབུས་སུ་འོང་བའི་སུན་མ་ཟློག༔ ཆོས་མཛད་བླ་མ་གདན་འདྲེན་བར་ཆད་ཟློག༔ བོད་ཡུལ་བཀྲ་མི་ཤིས་པའི་ངན་ལྟས་ཟློག༔ གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པ་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ བདག་ཅག་གར་གནས་བཀྲ་མི་ཤིས་པ་ཟློག༔ དམ་སྲི་འགོང་པོའི་མཐུ་སྟོབས་ནུས་པ་ཟློག༔ ཅེས་ཤིང་སྣ་ཚོགས་པའི་བསང་ཁང་བརྒྱ་དང་བརྒྱད་སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་ལྟར་བྱ༔ རི་བོ་བསང་མཆོད་འདིས༔ འཆི་བསླུ་དང༔ དཀོར་སྦྱོང་། བར་ཆད་ཀྱི་རིགས་སེལ་བ་རྡོ་རྗེ་ཕ་ལམ་ལྟ་བུ་འདི༔ ལྷ་བཙུན་སྒྱུ་མའི་རྣལ་འབྱོར་བདག་གིས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་འབྱེད་པའི་ཆ་ལག་ཏུ་མཁའ་འགྲོས་གནང་བ་བཞིན་ནོར་འཁྲུལ་མེད་པར་སྦྱར་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འབྲས་མོ་གཤོང་གི་གནས་སྒོ་འབྱེད་པའི་དུས་གཏེར་སྟོན་ནམ་མཁའ་འཇིགས་མེད་ཀྱིས་ཌཱ་མ་རུའི་སྒྲ་ལས་བྱུང་གསུངས་སོ།། །།

རིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་སྒྱུར་ (Volume 44, Text 26)

༄༅། །རིག་འཛིན་སྲོག་སྒྲུབ་ལས། ལན་ཆགས་ཆུ་སྒྱུར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ། ལན་ཆགས་ཆུ་སྒྱུར་ནི། མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་གི་སར་ཕྱིན་པའམ། ཡང་ན་སྣོད་གས་ཆག་མེད་པར་ལུ་མའི་ཆུ་དང་། རྒྱུག་ཆུ་གཙང་མ་ལ། བསང་སྦྱང་བྱས། བཀའ་འགྱུར་བཏགས་གྲོལ་ལ་སོགས་པའི་གཟུངས་སྔགས་ཁྱད་པར་ཅན་བཟླས་པའི། འབྲུ་སྣ། སྨན་སྣ། ཟས་སྣ། དར་སྣ། དམ་རྫས་ཀྱི་རིགས། དཀར་གསུམ། མངར་གསུམ་དང་བཅས་པ་བཤམས་ལ་འདི་སྐད་དོ། །རང་ཉིད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་དངོས། །སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས་སུ་གསལ། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །སྣང་སྲིད་འབྱུང་བའི་ཆུ་ཀུན་བདུད་རྩི་དང་། །འཇིག་རྟེན་དབང་ཕྱུག་ཕྱག་གི་འོ་རྒྱུན་གྱུར། །ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་དང་། ཨོཾ་བཛྲ་ཨ་མྲྀཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། ཞི་དང་རྒྱས་དང་དབང་དང་དྲག་པོའི་ལྷ། །སྟེང་འོག་ཕྱོགས་དང་ཕྱོགས་མཚམས་འཁོར་ཡུག་ཀུན། །གྲངས་མེད་ཚད་མེད་ནམ་མཁའ་ས་གཞི་དང་། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་གང་བར་གསལ། །དམ་ཚིག་ཡེ་ཤེས་དབྱེར་མེད་གདོད་ནས་དག །ཞི་དང་ཁྲོ་ཚོགས་ཐེག་པ་རིམ་དགུ་ཡི། །གདུལ་བྱའི་བློ་ཡི་མོས་སྣང་ཆ་ལུགས་དང་། །རྒྱན་གྱི་འགྲོ་དོན་རྫོགས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ནས་དངོས་གཞི་འབུལ་བ་ནི། ནམ་མཁའ་གང་བའི་བླ་མའི་ཚོགས་རྣམས་ལ། །ཐུགས་དགོངས་ཡོངས་སུ་རྫོགས་པའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་ཞི་བར་མཛོད། །ནམ་མཁའ་གང་བའི་ཐེག་དགུའི་ཡི་དམ་ལ། །སྲིད་ཞིའི་ཁྱོན་གྱིས་གང་བའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་བྱང་བར་མཛོད། །ནམ་མཁའ་གང་བའི་འབུམ་ཕྲག་མཁའ་འགྲོ་ལ། །མི་ཟད་ཕྱི་ནང་གསང་བའི་མཆོད་པ་འབུལ། །བརྩེ་བས་བདག་གི་ལན་ཆགས་བྱང་བར་མཛོད། །ནམ་མཁའ་གང་བའི་བཀའ་སྲུང་དམ་ཅན་ལ། །གཏོར་ཚོགས་སྨན་རཀ་ཕྱི་ནང་གསང་མཆོད་འབུལ། །ཐུགས་རྗེས་བདག་དང་རྒྱུ་སྦྱོར་ལན་ཆགས་སྦྱོངས། །ནམ་མཁའ་གང་བའི་ཕྱི་ནང་སྡེ་བརྒྱད་དང་། །བོད་ཡུལ་གཞི་བདག་བརྟན་མ་བཅུ་གཉིས་ལ། །རང་རང་ཡིད་ལ་འདོད་པའི་མཆོད་པ་འབུལ། །བཞེས་ནས་བདག་དང་རྒྱུ་སྦྱོར་ལན་ཆགས་སྦྱོངས། །ནམ་མཁའ་གང་བའི་གཙང་རིགས་དཔལ་མགོན་པོ། །བདུན་ཅུ་རྩ་ལྔ་ས་བདག་ཀླུ་ཆེན་བརྒྱད། །རང་རང་ཡིད་ལ་ཅི་འདོད་མཆོད་པ་འབུལ། །བདག་དང་རྒྱུ་སྦྱོར་ལན་ཆགས་སྦྱོང་བར་མཛོད། །ནམ་མཁའ་གང་བའི་རིགས་དྲུག་སེམས་ཅན་དང་། །བགེགས་གདོན་རིགས་གྱུར་ལན་ཆགས་མགྲོན་རྣམས་ལ། །རང་རང་ཡིད་ལ་ཅི་འདོད་མཆོད་པ་འབུལ། །བདག་དང་རྒྱུ་སྦྱོར་ལན་ཆགས་བྱང་གྱུར་ཅིག །ནམ་མཁའ་གང་བའི་ས་བདག་ཀླུ་གཉན་དང་། །ལོ་ཟླ་ཞག་དུས་ཚེས་དང་སྤར་སྨེའི་བདག །རང་རང་ཡིད་ལ་ཅི་འདོད་མཆོད་པ་འབུལ། །བདག་དང་རྒྱུ་སྦྱོར་ལན་ཆགས་བྲལ་བར་མཛོད། །ནམ་མཁའ་གང་བའི་ལྷག་མའི་མགྲོན་རྣམས་དང་། །བསད་པས་ཚེ་ཐུང་བརྡུངས་པས་ནད་མང་ཞིང་། །ཕྲོགས་པས་སྡུག་བསྔལ་དབུལ་བའི་ལན་ཆགས་རྣམས། །ཇི་སྲིད་འབྱུང་བའི་ཆུ་རྣམས་མ་སྐེམ་བར། །བདག་གི་ཆུ་སྦྱིན་འབྲས་བུ་ཟད་མ་གྱུར། །ཚེ་རབས་ལན་ཆགས་ཐམས་ཅད་དག་གྱུར་ཅིག །མདོར་ན་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྒྱལ་བ་རྒྱ་མཚོར་བཅས། །གནས་གསུམ་མཁའ་འགྲོ་འཇིག་རྟེན་བསྟན་པ་སྐྱོང་། །ཡུལ་རིས་གཞི་བདག་རིགས་དྲུག་སྙིང་རྗེའི་མགྲོན། །ལན་ཆགས་རིགས་དང་བགེགས་གདོན་ཚོགས་རྣམས་དང་། །གློ་བུར་ལྷགས་པའི་མགྲོན་གྱུར་ཡོངས་ལ་བསྔོ། །འདོད་ལྔའི་ལོངས་སྤྱོད་ནམ་མཁའི་ཁྱོན་གང་བ། །རང་རང་ཡིད་ལ་ཇི་སྙེད་ཡོད་དབང་བའི། །ཏིང་འཛིན་ཡེ་ཤེས་འགྱུར་མེད་རྟེན་འབྲེལ་དང་། །སྔགས་དང་ཕྱག་རྒྱའི་བདེན་པས་འགྲུབ་གྱུར་ཅིག །ཁམས་གསུམ་རིགས་དྲུག་འཁོར་བ་སྟོངས་གྱུར་ཅིག །འདི་ཕྱིའི་ས་ལམ་བར་ཆད་བྱང་གྱུར་ཅིག །མགྲོན་རྣམས་ཆོས་དབྱིངས་འོད་གསལ་རྩེ་མོ་རུ། །སྲིད་ཞི་རྡོ་རྗེའི་གཞལ་ཡས་འོག་མིན་ཆེར། །བདེ་ཆེན་ཀུན་བཟང་ཐུགས་ཀྱི་ཐིག་ལེའི་དབང་། །ཐོབ་ནས་ངན་སོང་སྐྱེ་བའི་སྒོ་ཆོད་ཅིག །དེ་ནས་བཤགས་པ་སྨོན་ལམ་ནི། སྣོད་བཅུད་གཞལ་ཡས་ལྷ་དང་གསང་བ་སྔགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །རྩ་བ་ཡན་ལག་དམ་ཉམས་མཐོལ་ལོ་བཤགས། །རྒྱུད་སྡེ་བཞི་དང་ཐེག་རིམ་དགུ་རྫོགས་ཀྱི། །སོ་སོའི་ལམ་གྱི་སྤང་བླང་བཅས་དང་འགལ། །སོ་ཐར་བྱང་སེམས་རིག་འཛིན་སྔགས་སྡོམ་དང་། །བསྟན་པ་རྒྱ་མཚོ་སོ་སོའི་གཞུང་ཆེན་དང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་སྡོམ། །ཉེས་བྱས་འགལ་བར་གྱུར་པ་བྱང་གྱུར་ཅིག །ཚ་གྲང་དམྱལ་བའི་བཙོ་བསྲེག་སྡུག་བསྔལ་དང་། །ཡི་དྭགས་བཀྲེས་སྐོམ་དུད་འགྲོ་གླེན་ལྐུགས་དང་། །ལྷ་མིན་འཐབ་ཅིང་རྩོད་པའི་གནས་ལས་ཐར། །མཐོ་རིས་བདེ་བའི་དཔལ་ལ་སྤྱོད་པར་ཤོག །འཁོར་བའི་སྡུག་བསྔལ་མ་ལུས་ཇི་བཞིན་གོ །ལོང་མེད་རྒྱུད་ལ་སྐྱེས་པའི་བརྩོན་འགྲུས་ཀྱིས། །ཚེ་འདིའི་བྱ་བཞག་ཐམས་ཅད་རྒྱང་གིས་བོར། །དབེན་པར་སྒྲུབ་པ་སྙིང་པོས་ཆོས་ཉིད་ཟད། །མི་གཡོ་འཇའ་ཟེར་ཐིག་ལེ་བུམ་སྐུའི་གཞིར། །བླ་མེད་མྱ་ངན་འདའ་བར་བྱིན་གྱིས་རློབས། །གནས་སྐབས་འདིར་ཡང་མཆོག་ཐུན་དངོས་གྲུབ་ཀྱི། །རབ་འབྱམས་ལས་ཀྱི་འཁོར་ལོར་དབང་བསྒྱུར་ནས། །ཕྲ་ཞིབ་རྣམ་གྲོལ་སྒྱུ་མའི་རྟེན་འབྲེལ་གྱིས། །འགྲོ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །ཨོཾ་ཨཱཿཧཱུྃ། རིན་ཆེན་དྭངས་མའི་སྣོད་ནང་དུ། །ཆུ་སྣ་བརྒྱ་དང་སྨན་སྣ་བརྒྱ། །དྲི་བཟང་གཟུངས་སྔགས་བརྒྱ་རྩ་བརྒྱད། །ཕྱི་མཆོད་བརྒྱ་དང་ནང་མཆོད་བརྒྱ། །གཏོར་ཆེན་བརྒྱ་དང་གཏོར་ཕྲན་བརྒྱ། །མཐེབ་ཀྱུ་བརྒྱ་དང་སྨན་རཀ་བརྒྱ། །སྐུ་གསུང་ཐུགས་རྟེན་བརྒྱ་དང་བརྒྱད། །སྐུ་གླུད་བརྒྱ་དང་དར་སྣ་བརྒྱ། །གཟུགས་འགྲོས་བརྒྱ་དང་རྩ་བརྒྱད་རྣམས། །སྣང་སྲིད་མཆོད་སྦྱིན་མགྲོན་ལ་འབུལ། །འོད་སྐུར་ཞུ་བའི་བདུད་རྩི་ཡི། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་པ། །རོ་བདའ་རེག་བྱའི་འདོད་ཡོན་ལྔ། །མནར་མེད་སྲིད་རྩེར་འོད་ཕུང་འཁྲུགས། །བླ་མ་ཡི་དམ་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོར་དགྱེས་མཆོད་འབུལ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་སྒྲུབས། །གཞི་བདག་དཀར་པོས་སྟོངས་གྲོགས་མཛོད། །རིགས་དྲུག་འབྱུང་པོ་ཚིམས་གྱུར་ཅིག །ཡེ་སྟོང་རིག་པ་ཟང་ཐལ་ངང་། །སྣང་སྲིད་མ་འགགས་ཐུགས་རྗེའི་རྩལ། །གཉིས་མེད་ལྷུན་གྲུབ་དྭངས་མའི་བཅུད། །སྐྱེ་མེད་འཁོར་གསུམ་ཡོངས་དག་ཨ། །ཐོག་མ་མེད་པའི་འོད་གསལ་ཁམས། །རྒྱུ་འབྲས་གཉིས་མེད་རྫོགས་པ་ཆེ། །ཀ་དག་ལྷུན་གྲུབ་སྤང་བླང་བྲལ། །མ་བཅོས་རྒྱལ་བའི་དགོངས་པ་འདི། །བྱ་རྩོལ་བསླད་པ་མཐོལ་ལོ་བཤགས། །ཡུལ་དྲུག་རྣམ་ཤེས་ཀུན་གཞི་དང་། །ཉོན་ཡིད་འཁྲུལ་པའི་མཚམས་སྦྱོར་བ། །སྐུ་གསུམ་འབྲས་བུར་སངས་རྒྱ་བའི། །མ་བཅོས་མ་ཡེངས་རང་བབས་ངང་། །སྣང་ལ་འཛིན་མེད་ཕྱི་མཆོད་དང་། །སྟོང་ལ་འགག་མེད་ནང་མཆོད་དང་། །འདུ་འབྲལ་མེད་པའི་སྣང་སྲིད་ཀུན། །གསང་བའི་མཆོད་པར་རྫོགས་སངས་རྒྱས། །འབྲས་བུ་ཡར་གྱི་རེ་བ་རྫོགས། །མར་གྱི་དོགས་པ་མངོན་སངས་རྒྱས། །གཉིས་མེད་ཐ་མལ་ཁྲེས་སེ་བ། །ས་ཟད་ལམ་འདས་ཆོས་ཀུན་ཟིན། །འདི་རུ་མ་ཟིན་ཟིན་རྒྱུ་མེད། །རེ་དོགས་འཁྲུལ་པའི་སྣང་བ་ལ། །བློ་ཆུང་བྱིས་རྣམས་རྟག་མ་འཛིན། །ཨ་ཨ་ཨ། ཝལ་ཝལ། ཆམ་ཆམ། ཟབ་མ་ཟོབ། ར་རི། བན་བུན། ཞེས་མ་མོ་ཨེ་ཀ་ཙཱ་ཏི་ལས་ཀྱི་དབང་མོ་ཆེའི། སྐྱེ་འགྲོ་ལན་ཆགས་དང་འབྲལ་ཞིང་། ཚོགས་རྫོགས་པའི་ཐབས་ཁྱད་པར་ཅན་ཐུན་མོང་མ་ཡིན་པ། གནས་སྐབས་མཐར་ཐུག་གི་བར་ཆད་སེལ་བའི་མན་ངག་རྫོགས་སོ། །བཀྲ་ཤིས།། །། ༈ འདིའི་ཕྱག་ལེན་ནི། ཆུའི་མཆོད་པ་གཞུང་གསལ་ལྟར་དང་། ཉེ་ལོགས་སུ་སྣོད་ཡངས་པར་གཏོར་མ་རི་རབ་བང་རིམ་བཞི་པའི་ཁར། དབུས་སུ་དཔལ་གཏོར་བརྗིད་ལྡན་དར་གདུགས་ཀྱིས་སྤྲས་པ། དེའི་མཐར་དཔལ་གཏོར་ཆུང་ངུ་བརྒྱ་རྩ་མཐེབ་ཀྱུ་དང་རིལ་བུས་མཚན་པ། གཡས་གཡོན་དུ་ཟན་ལ་བཅོས་པའི་ཐོད་སྣོད་ཆུང་ངུའི་ནང་དུ་སྨན་རཀ་མཚོན་བྱེད་བཤམ་པའམ། མ་གྲུབ་ན་སྤར་བཏབ་པ་བརྒྱ་རྩ། བང་རིམ་དང་པོར་ནང་མཆོད་འདོད་ཡོན་ལྔ་དང་། གཉིས་པར་ཕྱི་མཆོད་ཉེར་ལྔ། གསུམ་པར་སྐུ་གསུང་ཐུགས་རྟེན་མཚོན་བྱེད་སཱཙྪ། བཞི་པར་མདུན་ངོས་སུ་སྐུ་གླུད་ཆེ་བ་གཅིག་དང་། གླུད་ཕྲན་སྤར་བཏབ་པ། དེ་རྣམས་སོ་སོར་བརྒྱ་བརྒྱད་རེ་གྲངས་ཚང་བ། མཐའ་སྐོར་དུ་བྱ་གཅན་རི་དྭགས་གཡུང་དྭགས་སྣ་ཚོགས་པའི་གཟུགས་འགྲོས་བརྒྱ་བརྒྱད། དར་སྣ། རས་སྣ། ཟས་སྣ། འབྲུ་སྣ། རིན་པོ་ཆེ་སྣ་ཚོགས་སོགས་དཀོར་ཆ་ཇི་ལྟར་རིགས་པས་ཁེངས་པར་བྱ། དེའི་མདུན་དུ་ཐུན་མོང་དུ་སྨན་རཀ་གཏོར་མ་དང་། ཉེར་སྤྱོད་ཚར་གཅིག་བཤམ། གྲངས་གསོག་ན་སབ་རྒྱུའི་ཆུའི་མཆོད་པའང་ལོགས་སུ་འདུ་བྱ། དེ་ནས། སངས་རྒྱས་ཆོས་ཚོགས་ལྟ་བུའི་སྐྱབས་སེམས་ཚད་མེད་བཞི་བསྒོམ། རང་ཉིད་ཆོས་སྐུ་སོགས་ནས། ངན་སོང་སྐྱེ་བའི་སྒོ་ཆོད་ཅིག །བར་བྱ། གྲངས་གསོག་ན། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཉེར་གཅིག །ཆུ་རྒྱུན་སྦྲེང་ཞིང་ཨ་མྲྀཏ་ལན་གསུམ། ནམ་མཁའ་གང་བའི་སོགས། གྲངས་རྫོགས་པ་ན། སྣོད་བཅུད་གཞལ་ཡས་སོགས་ནས། ཨ་ཨ་ཨ། བར་ཚར་གཅིག །ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། ཤེས་རབ་སྙིང་པོ་ལན་གསུམ་འདོན་པས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས་འཁོར་གསུམ་མི་དམིགས་པའི་རྒྱས་འདེབས། མཇུག་ཏུ་བདུད་ཟློག་བྱ། བཟང་སྤྱོད་སོགས་བསྔོ་སྨོན་རྒྱས་བསྡུས་གང་རིགས་དང་། བཀྲ་ཤིས་བརྗོད། ཆུ་དང་ཡས་གླུད་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ཞིང་། ཆུའི་རྒྱུན་དེ་མ་ཟད་བར་མཆོད་སྦྱིན་གྱི་མགྲོན་རྣམས་ཀྱི་སྤྱན་སྔར་མཆོད་སྦྱིན་དངོས་པོ་ཟད་མི་ཤེས་པར་འབྱུང་བར་བསམ། ཁྱད་པར་སཱཙྪ་རྣམས་གཤེགས་པའི་ཚེ་རེ་རེ་ནས་དབུ་ཞབས་མ་ལོག་པར་ཆུའི་སྟེང་དུ་བཞག་ཅིང་། སེམས་ཀྱིས་རྣམ་སྣང་གི་རྡུལ་ཕྲ་རབ་ཏུ་གྱུར་ནས་ཀླུ་རྣམས་ཀྱིས་རྒྱ་མཚོ་ཆེན་པོར་མཆོད་པའི་སླད་དུ་བཀུར་སྟི་དང་བཅས་ཏེ་སྤྱན་དྲངས་པའི་མོས་པ་བྱའོ། །འདི་ཡང་ལྷ་བཙུན་རིན་པོ་ཆེའི་ཞལ་སློབ་མེ་རག་ཆོས་རྗེའི་གསུང་རྒྱུན་གྱི་ཆོག་ཁྲིགས་རྒྱས་པ་ཞིག་གི་སྙིང་པོ་བཏུས་པ་་་མཁྱེན་བརྩེའི་དབང་པོ།མངྒ་ལཾ།། །།

རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། དབང་གི་ཆོ་ག་ཚེ་དབང་དང་བཅས་པ་འཆི་མེད་ཡེ་ཤེས་ཆུ་རྒྱུན་ (Volume 5, Text 26)

༄༅། །རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། དབང་གི་ཆོ་ག་ཚེ་དབང་དང་བཅས་པ་འཆི་མེད་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་པྲ་བྷཱ་ཛཱ་ལཱ་ཡ། རང་བྱུང་གདོད་མའི་སངས་རྒྱས་རྡོ་རྗེའི་སྐུ །སྲིད་ཞིའི་ཁྱབ་བདག་པདྨ་འོད་འབར་དང་། །དབྱེར་མེད་ཀུན་མཁྱེན་མདོ་སྔགས་གླིང་པའི་ཞབས། །སྤྱི་བོར་རྟག་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །སྤྱི་འདུས་བཀའ་སྲོལ་གསུམ་པ་ནི། །ངོ་མཚར་སྙིང་པོའི་བཅུད་འདྲིལ་བ། །བྱ་སླ་ཁྱེར་བདེའི་སྨིན་བྱེད་ཀྱི། །ཆོ་ག་ཕྱག་བཞེས་ཇི་བཞིན་དགོད། །ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་སྐལ་བ་དང་ལྡན་པའི་རྒྱུད་ལ་སྨིན་བྱེད་ཀྱི་ས་བོན་གདབ་པ་ལ་དོན་གསུམ། སྦྱོར་བ་གཤོམ་དང་དབང་སྒྲུབ། དངོས་གཞི་དབང་གི་ཆོ་ག །རྗེས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་བཅས་གཤོམ་ནི། དཀྱིལ་འཁོར་གཞུང་མཐུན་སྒོ་རྫོགས་ཅན་གྱི་རས་བྲིས་སམ། མེད་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་བོ་གསུམ། སྒོ་བ་བཞི་བཅས་ལྷ་གྲངས་བཀོད་པའི་སྟེང་ཁྲིའུར་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། མདུན་དུ་ཚེ་དཔག་མེད་ཞི་དྲག་སེང་གསུམ་དང་བཅས་པའི་ལྷ་ཙཀ་བཞི། གཡས་སུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ། གཡོན་དུ་ཤེལ་རྡོ་རིག་ཙཀ་དབང་ཕྲེང་། རྒྱབ་ཏུ་ཚེ་འབྲང་དང་ཚེ་རིལ་ཚེ་ཆང་མདའ་དར་རྣམས་བཀོད། མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་ཕྲེང་ཚར་གང་བདེ་བྱ། གཞན་ཡང་ལས་བུམ། མིག་དར་མེ་ཏོག །སྔོན་གཏོར་ཚོགས་ཀྱི་ཡོ་བྱད་རྗེས་འབྲེལ་བཅས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །དེ་ནས་ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས་ཕྲིན་ལས་ཡེ་ཤེས་ལམ་བཟང་ལྟར་སྐྱབས་སེམས་ལན་གསུམ་དང་། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ་བཀའ་བསྒོ་ནས་བརྩམ་སྔོན་འགྲོ་ལྔ་དང་། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པ་ཡན་སོང་ནས། དབང་དོན་དུ་ཛཔ྄་ཁང་དབྱེ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་བྷྱོ་ཕཊ་ཛཿ ཞེས་པས་བདག་བསྐྱེད་ལས་མདུན་རྟེན་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་ཕྱེས་ལ། བདག་མདུན་གཉིས་ཀར་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་བཟླས་པ་བྱ། དེའང་ཞི་དྲག་སེང་གསུམ་བསྙེན་སྒྲུབ་ལས་སྦྱོར་གྱི་ཚུལ་དུ་བསྙེན་ནས་ཞི་བསྙེན་གྱི་བཞི་ཆ་དྲག་པོ། དེའི་བཞི་ཆ་ཙམ་མཁའ་འགྲོ་ལ་དུས་བསྙེན་དུ་གསུངས་པ་ཡིན་འདུག་ཀྱང་དབང་གི་སྐབས་འདིར་ཆ་སྙོམས་བཟླས་པས་འཐུས། ལས་བཞིའི་ཤམ་འདོགས་འཕྲོས། བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་པ་གསལ་འདེབས་སྤྱི་རྒྱུག་བྱས་ནས་གཟུངས་ཐག་བླངས་ལ་སྙིང་པོ་གསུམ་བཟླ། སྐབས་འདིར་ཚེ་དབང་གི་ཆེད་སོགས་ཚེ་སྒྲུབ་སྦྲེལ་ན། ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱི༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་ཟེར་དཔག་ཡས་མཁའ་ཁྱབ་ཀུན་ཏུ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འཁོར་འདས་དྭངས་བཅུད་བདུད་རྩིའི་རྣམ་པར་བསྡུས༔ ཐུགས་སྲོག་ལ་ཐིམ་བྱིན་རླབས་ནུས་སྟོབས་འབར༔ འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་ཅི་འགྲུབ་བཟླས་པའི་མཐར་ཚེ་འགུགས་ནི། མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་དྲྭ་བའི་ཞིང་ཁམས་ནས༔ ཚེ་དཔག་མེད་མགོན་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་ཡེ་ཤེས་སྐྱེད༔ འོད་ཟེར་ལྕགས་ཀྱུ་ཕོ་ཉ་མགྱོགས་མའི་ཚོགས༔ ཉི་ཟེར་རྡུལ་ལྟར་སྲིད་ཞི་ཁྱབ་པར་སྤྲོས༔ རྣལ་འབྱོར་བདག་གི་བླ་ཚེ་ཆད་ཉམས་དང༔ སྡེ་བརྒྱད་འབྱུང་པོས་འཕྲོག་པ་ཐམས་ཅད་ཁུག༔ ས་ཆུ་མེ་རླུང་འབྱུང་བའི་དྭངས་བཅུད་སྡུས༔ སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་ཤེས་རབ་དང༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་བཅུད༔ སྙིང་དབུས་མི་ཤིགས་དྭངས་མའི་སྲོག་ལ་སྟིམས༔ སྒྲུབ་པའི་དམ་རྫས་ཡེ་ཤེས་བདུད་རྩིར་སྐྱིལ༔ བླ་སྲོག་དབང་ཐང་ཡར་བ་རང་སོར་ཚུད༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ་བཅུད་སྤེལ༔ འཆི་མེད་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་སྙིང་པོ་བརྗོད། དབྱངས་གསལ་སོགས་ཀྱིས་ལྷག་ཆད་བསྐང་ཞིང་བརྟན་པར་བྱས་ནས། ཆེ་བསྐྱེད་མཆོད་བསྟོད་དགོངས་པའི་གདིང་བཟུང་ཞིང་། གཏེར་སྲུང་གཏོར་འབུལ་སྤྱི་འགྲོ་ཙམ་དང་། ཚོགས་བྱིན་རླབས་ནས་སྐོང་བའི་བར་དུ་བཏང་ལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་གདབ། ཆོས་བཤད་བྱེ་བྲག །དེའང་ཁྱབ་བདག་བདེ་ཆེན་ཆོས་ཀྱི་སྐུ་མགོན་པོ་འོད་མི་འགྱུར་བ་ཉིད་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པ་རིགས་ལྔ་གངས་ཆེན་མཚོའི་སྐུར་བསྟན་ནས་ཞིང་དང་སྐུའི་བཀོད་པ་འབྱམས་ཀླས་སུ་སྣང་བར་མཛད་པ་ལས། ཐུགས་རྗེའི་རང་རྩལ་སྤྲུལ་པའི་སྐུ་འཆི་མེད་པདྨ་ཐོད་ཕྲེང་རྩལ་དུ་རྣམ་པར་རོལ་པས་མི་མཇེད་ཀྱི་འགྲོ་བ་སྤྱི་དང་། ཁྱད་པར་རྩོད་ལྡན་གྱི་དུས་སྙིགས་མའི་མཐར་ཐུག་པའི་མི་དང་མི་མ་ཡིན་ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བའི་ཐབས་མཁས་སྒྱུ་འཕྲུལ་ཆེན་པོའི་རོལ་གར་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས། རྫོགས་པའི་སངས་རྒྱས་སྐུ་དངོས་ཀྱིས་གདུལ་བྱར་མ་གྱུར་པའི་མུན་གླིང་བོད་ཀྱི་རྒྱལ་ཁམས་འདུལ་བའི་དུས་ལ་སོན་པའི་ཚེ་འཇམ་དཔལ་དབྱངས་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་པ་ལྟར་ཕྱག་ཕེབ། ལྷ་སྲིན་མ་རུངས་པ་ཐམས་ཅད་བཏུལ། སྐུ་གསུང་ཐུགས་ཀྱི་རྟེན་ཡོངས་རྫོགས་བཀོད་ནས་བསྟན་པ་འཕགས་ཡུལ་ལས་ཀྱང་ཆེས་གསལ་བར་མཛད་པའི་སྐབས་སུ། སྐལ་ལྡན་རྗེ་འབངས་འདུས་པའི་ཚོགས་རྣམས་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་ལ་རྒྱ་ཆེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་བརྗོད་ལས་འདས་པའི་ཆོས་ཆར་སོ་སོའི་ཁམས་དབང་དང་མཐུན་པར་ཕབ་སྟེ། ཕལ་ཆེར་གདུལ་བྱ་ཕྱི་མ་ཕྱི་མའི་ཆེད་དུ་གཏེར་གྱི་རྣམ་གྲངས་མི་འདྲ་བ་དུ་མར་སྦ་བར་མཛད་ཅིང་། སྤྲུལ་པའི་གཏེར་སྟོན་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སོ་སོའི་སྐལ་པ་དང་འཚམ་པའི་གཏེར་ཞལ་ཕྱེས་ནས་དུས་མཐུན་གྱི་འགྲོ་དོན་རྒྱ་ཆེར་མཛད་པའི་ནང་ཚན། ཟབ་ཆོས་འདི་ཉིད་གཏེར་ཁ་གསུམ་དུ་སྦས་པ་ལས། དང་པོ་རྒྱས་པ་རྩ་གསུམ་རིགས་བསྡུས་སུ་སྒྲུབ་པའི་སྐོར་རྣམས་མོན་སྤ་གྲོ་གཅལ་དུ་སྦས་པ་བཻ་རོའི་རྣམ་འཕྲུལ་ཀུ་ས་སྨན་པའམ་ཀུན་སྤངས་ཟླ་འོད་འབར་གྱིས་སྤྱན་དྲངས། གཉིས་པ་འབྲིང་པོ་རྩ་གསུམ་གནས་འགྱུར་དུ་སྒྲུབ་པའི་སྐོར་རྣམས་བྱང་ཀོང་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོར་སྦས་པ་ཉང་བན་རྣམ་འཕྲུལ་འཇའ་ཚོན་ལས་འཕྲོ་གླིང་པས་སྤྱན་དྲངས། གསུམ་པ་ཟབ་བསྡུས་རྩ་གསུམ་གཙོ་བསྡུས་སུ་སྒྲུབ་པའི་ཐབས་འདི་ཉིད་མདོ་ཁམས་ཤར་ཕྱོགས་འཆི་མེད་པདྨ་ཤེལ་རིའི་གསང་ཕུག་ཏུ་སྦས་པ། འཇམ་དཔལ་གཞོན་ནུ་ཆོས་རྒྱལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་གར། དུས་གསུམ་མཁྱེན་པ་པདྨའི་རྒྱལ་ཚབ། བཀའ་བབས་བདུན་དང་ལྡན་པའི་ཤིང་རྟ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་སྤྱི་དཔལ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ཏེ་དངོས་སུ་ཕུལ་བའི་ཤོག་སེར་ལས་གཏན་ལ་ཕབ་ཅིང་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད་པར་མཛད་པའི་ཟབ་ཆོས་འདི་ནི། གཏེར་གཞུང་ལས། ཚིག་ཉུང་དོན་གསལ་ལམ་ཁྱེར་བདེ༔ བྱིན་རླབས་དངོས་གྲུབ་འབྱུང་བའི་གཏེར༔ འདི་ཉིད་འཕྲད་ཅིང་ཉམས་ལེན་ཀུན༔ གནས་སྐབས་གདོན་བགེགས་བར་ཆད་དང༔ ནད་མུག་མཚོན་འཁྲུགས་རྒུད་པ་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ ཕུན་སུམ་ཚོགས་ཀུན་དབང་དུ་འགྱུར༔ སྡེ་བརྒྱད་བྱད་ཕུར་ཚར་ཐག་ཆོད༔ མཐར་ཐུག་ལྔ་ལྡན་འོད་ཀྱི་སྐུ༔ པདྨ་བདག་དང་འདུ་འབྲལ་མེད༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་ཡིན་ལ། དེ་ལྟ་བུའི་དབང་བསྐུར་བསྒྲུབ་པ་ལ་འཇུག་པ་དང་དངོས་གཞིའི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་བས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་བྱས་ལ་མིག་དར་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྩ་གསུམ་འདུས་པའི་སྤྱི་དཔལ་ཆེ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་ལེགས་སོའི་གནང་བ་སྦྱིན་ཞིང་རྡོ་རྗེའི་ཐ་ཚིག་ལ་གནས་དགོས་པར་གདམས་པ་འདི་ལ་སྙན་གཏོད་འཚལ། ལེགས་འོང་སྐལ་ལྡན་རིགས་ཀྱི་བུ༔ ཟབ་མོའི་དབང་བསྐུར་དོན་གཉེར་ན༔ དད་དང་དམ་ཚིག་སྲོག་བཞིན་སྲུངས༔ འདའ་ཀ་རྡོ་རྗེའི་བྲོ་བོར་ཅིག༔ དུང་ཞལ་ནས་ཆུ་སྦྱིན་ལ། རྡོ་རྗེའི་ཆུ་ནན་གྱིས་དཔང་པོར་བྱས་ཏེ་འདའ་དཀའི་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས༔ ས་མ་ཡ་ཨི་དན་ན་ར་ཀན༔ བླ་མ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་རོལ་མོ་རབ་འབྱམས་རྒྱ་མཚོའི་སྤྲིན་ཕུང་རྣམ་པར་བཀོད་པའི་སྤྱན་སྔར། བདག་སོགས་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་བ་དང་། མར་གྱུར་སེམས་ཅན་རྣམས་ཀྱི་དོན་དུ་རྩ་གསུམ་བླ་མའི་གོ་འཕང་བསྒྲུབ་འདོད་ཀྱི་སྨོན་པ་དང་། དེའི་ཕྱིར་ཟབ་མོའི་ལམ་དོན་དུ་གཉེར་བར་འདོད་པའི་འཇུག་པ་སེམས་བསྐྱེད་གསལ་ཐོབ་ལ་འདིའི་རྗེས་ཟློས། ན་མོ༔ བླ་མ་རྩ་གསུམ་སོགས་ལས་བྱང་ལྟར་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་འདུན་པས་ཚིག་དང་མཐུན་པའི་ཏིང་ངེ་འཛིན་རེ་རེ་ནས་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སྒོ་གསུམ་ཡེ་ཤེས་སུ་སྨིན་བྱེད་དབང་ལ་རགས་ལས་ཀྱང་དབང་སྲོག་དམ་ཚིག་ལ་རགས་ལས་པས། སྤྱི་དང་ཁྱད་པར་ལྷག་པ་རྣམས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་དུ་བསྲུང་། དུས་སྐབས་དགོས་པ་གང་གཙོར་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་གྱུར་ཅིག༔ ལན་གསུམ། དེ་དག་གིས་དཀྱིལ་འཁོར་ཕྱི་འཇུག་གི་ཆོ་ག་རྣམས་གྲུབ་ནས། ནང་འཇུག་གི་སླད་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་དྲངས་ཏེ་ཡོལ་བའི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ ཞེས་ཡོལ་བ་བསལ། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་སྟེ་གཡས་བསྐོར་གྱིས་ཕྱིན་ཞིང་སྒོ་རེ་རེ་བཞིན་ཕྱག་བྱ་བའི་འདུན་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་ས་ཕྱོགས་འདི་ཉིད་འོག་མིན་པདྨ་དྲྭ་བའི་ཞིང་གི་རྒྱན་བཀོད་ཡོངས་སུ་རྫོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་སྡོང་ཉི་ཟླའི་གདན་གྱི་སྟེང་དུ། བཅུད་རྣམ་པར་དག་པ་རང་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོ་འདུས་རྡོ་རྗེ་ཧྲཱིཿས་མཚན་པར་གྱུར། དེ་ལས་ཀྱང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་བླ་མ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཆགས་ཤིང་མཚན་དཔེ་ཡོངས་སུ་རྫོགས་པ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀའི་སྟོད་དུ་འཛིན་ཅིང་གཡོན་མཉམ་གཞག་བནྡྷ་ཚེ་བུམ་དང་བཅས་པ་བསྣམས་པ། དབུ་ལ་འདབ་ལྡན་པདྨ་མཐོང་གྲོལ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཕྱམ་རྣམས་བརྩེགས་མར་གསོལ་བ། གྲུ་མོ་གཡོན་དུ་ཁ་ཊྭཱཾ་རྩེ་གསུམ་བརྟེན་ཅིང་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་དུ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དམར་གསལ་ལོངས་སྐུའི་ཆས་ཅན། ཕྱག་མཉམ་གཞག་ཚེ་བུམ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རང་འོད་ཀྱི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཧཱུྃ་དམར་པོ་དང་བྷྱོ་སྔོན་པོ་གཙོ་བོའི་སྐུའི་གཡས་དང་གཡོན་དུ་སྤྲོས་པ་ལས། གཡས་ཕྱོགས་སུ་པད་ཉི་རྒྱལ་བསེན་གྱི་གདན་ལ་ཆེ་མཆོག་གུ་རུ་དྲག་པོ་རབ་དམར་མེའི་མདོག་ཅན་ཁྲོ་ཞིང་གཏུམ་པ། རྡོ་རྗེ་དང་སྡིག་པ་འཛིན་ཅིང་ཟུར་ཞལ་གཡོན་དུ་གཟིགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་རྡོ་རྗེའི་མེ་འོད་འབར་བའི་ཀློང་ན་འགྱིང་ཞིང་བརྗིད་པ། གཡོན་ཕྱོགས་སུ་པད་ཉི་བྱད་མ་བསྣོལ་བའི་གདན་ལ་ཡེ་ཤེས་ཌཱ་ཀི་སེང་གདོང་མ་ནམ་མཁའི་མདངས་ཅན་གནམ་ལྕགས་ཀྱི་རལ་པ་སྒྲེང་བ། ཟུར་ཞལ་གཡས་སུ་གཟིགས་ཤིང་ཕྱག་གཉིས་གྲི་གུག་ཐོད་ཁྲག་དང་གྲུ་མོ་ན་ཁ་ཊྭཱཾ་རྩེ་གསུམ་འཆང་བ། སེང་གེའི་པགས་པའི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱི་རོལ་པས་བཞུགས་པ། གཙོ་བོ་གསུམ་གྱི་གནས་གསུམ་དུ་རྡོ་རྗེའི་ཡི་གེ་འབྲུ་གསུམ་འོད་འབར་བས་མཚན་པར་གསལ་ཐོབ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུ་ནམ་མཁའི་དབྱིངས་གང་བ་འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས་དང་། ཁྱད་པར་བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་། དབང་དྲག་རོལ་པའི་དུར་ཁྲོད། དག་པ་མཁའ་སྤྱོད་ཨོ་རྒྱན་གྱི་ཞིང་རྣམས་སུ་བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་གུ་རུ་རྩ་བ་གསུམ་གྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བཞེངས་ཏེ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་དང་ཌཱ་དྲིལ་བཅས་ལས་བྱང་གི་སྤྱན་འདྲེན། ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་རིག་འཛིན་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལན་མང་དུ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་རང་རིག་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །སླར་སྤྱི་བོར་བཀོད་ལ། མེ་ཏོག་རང་གི་རིགས་ཀྱི་ལྷས་བཞེས་ནས་སླར་ཡང་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། མ་རིག་པའི་སྒྲིབ་གཡོགས་ཐམས་ཅད་མིག་དར་དང་ལྷན་ཅིག་བསལ་བས་རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་གདོང་བསལ། དག་པའི་མིག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བར་གྱུར་པ་ནི། ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་སྡོང་ཉི་ཟླའི་གདན་གྱི་སྟེང་དུ། དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་པདྨ་འོད་འབར་ལ་བླ་མ་རིག་འཛིན་གྲུབ་ཐོབ་བྱེ་བ་འབུམ་སྡེས་བསྐོར་བ། གཡས་སུ་པད་ཉི་རྒྱལ་བསེན་གྱི་གདན་གྱི་སྟེང་དུ་ཆེ་མཆོག་གུ་རུ་དྲག་པོ་ལ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱིས་བསྐོར་བ། གཡོན་དུ་པད་ཉི་བྱད་མའི་གདན་གྱི་སྟེང་དུ་མཁའ་འགྲོ་སེང་གེའི་གདོང་པ་ཅན་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྒོ་བཞིར་རིགས་བཞིའི་དཔའ་བོ་ཡབ་ཡུམ་བཅས་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་བ་མ་ལུས་པའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་པས་དད་པ་དང་སྤྲོ་བ་སྐྱེད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ནི། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་ཐོག་མར་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དབྱངས་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་དྲག་པོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། རིགས་ཀྱི་ཡུམ་ལྔས་བུམ་པ་བདུད་རྩིའི་བཀང་བས་དབང་བསྐུར་སྩོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ཡེ་ཤེས་གཞལ་མེད་ཁང༔ རྩ་གསུམ་འོད་ཞུ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་སྣང་ཞེན་ལྷ་སྐུར་དག་པར་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཀ་ལ་ཤ་བཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་པདྨའི་རིགས་བདག་གཙོ་བོར་གྱུར་པས་དབུར་བརྒྱན་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གུ་རུ་རྩ་བ་གསུམ་ཡེ་ཤེས་སེམས་དཔའ་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པར་མོས་ཤིག །ཙཀླི་བཞི་པོས་དབང་རིམ་པར་བསྐུར་ལ། ཧྲཱི༔ པདྨའི་རིགས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་གཙོ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ རྩ་གསུམ་རྒྱལ་བ་རབ་འབྱམས་འདུས་པའི་དངོས༔ རིགས་ཀུན་ཁྱབ་བདག་པདྨ་འོད་འབར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྨིན་གྲོལ་བྱིན་རླབས་ཕྲིན་ལས་ཡོངས་རྫོགས་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་ཀྱང༔ ཡེ་ཤེས་རིག་རྩལ་གུ་རུ་དྲག་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཚར་གཅོད་དངོས་གྲུབ་མཆོག་ཐོབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷྱོ༔ དུས་གསུམ་སངས་རྒྱས་སྐྱེད་དང་རོལ་པའི་ཡུམ༔ མཁའ་འགྲོའི་གཙོ་མཆོག་སེང་གེའི་གདོང་ཅན་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱད་ཕུར་སྲུང་ཟློག་ཕྲིན་ལས་མྱུར་འགྲུབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལྷ་བསྒོམ་པ་སྐུའི་དབང་ལུས་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བསྐྱེད་པ་ཕྱག་རྒྱའི་གཟེར་སྣང་ཞེན་ལ་ཐེབས་པས་སྣོད་བཅུད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཁྱེད་རང་གཉིས་ཀ་བླ་མ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཡེ་ཤེས་སེམས་དཔའི་ཐུགས་ཀློང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿདཀར་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོད་པ། གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས་མཆོད། བྱིན་རླབས་འོད་དང་ཐིག་ལེའི་རྣམ་པར་བྱོན་ནས་ཁྱེད་རང་ལ་ཐིམ་པ་ཙམ་གྱིས། ལས་ཉོན་སྡིག་སྒྲིབ་དབྱིངས་སུ་ཞི། རིག་པའི་རྩལ་ཆེན་ཕྱོགས་མེད་དུ་རྒྱས། གཉིས་སུ་མེད་པའི་ཡེ་ཤེས་རང་དབང་དུ་གྱུར་པར་མོས་ལ་རྡོ་རྗེའི་སྙིང་པོ་འབྲུ་བཅུ་གཉིས་པའི་རྗེས་ཟློས། ཞི་བསྙེན་ལན་གསུམ། མདུན་བསྐྱེད་དང་ཁྱེད་རང་གཉིས་ཀྱི་གཡས་ཕྱོགས་སུ་བཞུགས་པའི་གུ་རུ་དྲག་པོའི་ཐུགས་ཀར་པད་ཉིའི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེའི་ལྟེ་བར་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་དང་བཅས་པ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་གཡས་ཀྱི་གུ་རུ་དྲག་པོའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་གཡས་བསྐོར་དུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་མེ་ཕུང་རྡོ་རྗེའི་ཚྭ་ཚྭ་ནམ་མཁའ་གང་བ་འཕྲོས། རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། དམ་ཅན་སྲུང་མ་རྣམས་ལས་ལ་བསྐུལ། སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བཏུལ། རྒྱལ་བསེན་དམ་སྲི་མ་རུངས་པ་ཐམས་ཅད་ཐལ་བར་བརླག །སྣང་གྲགས་རྟོག་གསུམ་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་དུ་རྫོགས་པར་མོས་ལ་གསང་སྔགས་འདིའི་རྗེས་ཟློས། དྲག་པོའི་སྔགས་ལན་གསུམ་མདུན་བསྐྱེད་དང་ཁྱེད་རང་གཉིས་ཀྱི་གཡོན་ཕྱོགས་སུ་བཞུགས་པའི་མཁའ་འགྲོ་སེང་གདོང་མའི་ཐུགས་ཀར་ཕ་ལམ་གྱི་རྡོ་རྗེའི་ལྟེ་བར་བྷྱོ་སྔོན་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ། སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་བར་རཿསཿ བརླ་གཡས་སུ་མཿརཿ གཡོན་དུ་ཡཿཕཊ༔ ཅེས་པའི་སྔགས་ཀྱི་གོ་ཆས་གཏམས་པ། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། གཡོན་གྱི་སེང་གདོང་མའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔགས་ཕྲེང་དང་གོ་ཆ་རྣམས་ལས་རང་འདྲ་བའི་སྤྲུལ་པ་རིགས་ལྔ་དང་། འོད་ཟེར་ལྔ་ལྡན་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། ནད་གདོན་བར་ཆད་ཞི། ཚེ་བསོད་དཔལ་འབྱོར་རྒྱས། ཁམས་གསུམ་སྣང་སེམས་སྡུད། དགྲ་བགེགས་བྱད་མ་ཚར་བཅད། བདེ་ཆེན་མཆོག་གི་ཡེ་ཤེས་སྤེལ་བར་མོས་ལ་དྲག་སྔགས་འདིའི་རྗེས་ཟློས། སེང་གདོང་སྔགས་ལན་གསུམ། ལས་བཞིའི་སྔགས་ཤམ་ལན་གཅིག་བཟླར་གཞུག །ཕྲེང་བ་ཐོགས་ལ། སྔགས་ཕྲེང་མགྲིན་པར་བཞག་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པར་མོས་ཤིག །ཧཱུྃ༔ མི་འགྱུར་ཐུགས་སྲོག་སྔགས་ཕྲེང་ལུ་གུ་རྒྱུད༔ བསྐོར་དང་སྤྲོ་བསྡུ་བསྙེན་སྒྲུབ་ལས་སྦྱོར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནུས་པ་སྔགས་ཀྱི་ཡེ་ཤེས་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་སྔགས་བཟླ་བ་གསུང་གི་དབང་ངག་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་སྲོག་རྩོལ་ལ་ཐེབས་པས་སྒྲ་གྲགས་ཐམས་ཅད་གསང་སྔགས་རྡོ་རྗེའི་དབྱངས་སུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །མེ་ལོང་བསྟན་ལ། འདི་ལྟར་ཆོས་ཐམས་ཅད་རང་སེམས་འཁྲུལ་པའི་གཟུགས་བརྙན་སེམས་ཀྱི་ངོ་བོ་སྟོང་ཉིད་རིག་པའི་སྙིང་པོ་ཅན་ཡིན་པས། སྣང་དུས་ཉིད་ནས་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བའི་བརྡས་མཚོན་པར་གྱིས་ཤིག །ཧཱུྃ༔ གདོད་ནས་རྣམ་དག་རིག་སྟོང་བྱང་ཆུབ་སེམས༔ སྟོང་ཞིང་གསལ་བ་མེ་ལོང་བརྡས་མཚོན་ཏེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འོད་གསལ་ཐུགས་ཀྱི་དགོངས་པ་མངོན་གྱུར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་འོད་གསལ་བསྒོམ་པ་ཐུགས་ཀྱི་དབང་སེམས་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་དགོངས་པ་མི་འགྱུར་བའི་གཟེར་མཚན་རྟོག་ལ་ཐེབས་པས་འཁོར་འདས་ཐམས་ཅད་བདེ་ཆེན་ཆོས་སྐུའི་རང་བཞིན་དུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་རྩ་ཡི་སྒྲིབ་པ་དག །ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེ་ནས་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རང་འོད་ཡེ་ཤེས་ཀྱི་རིག་མ་དང་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་སྙོམས་པར་ཞུགས། བདེ་བ་ཆེན་པོར་ཞུ་ནས་བླ་མ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་རྒྱུན་དང་རོ་གཅིག་ཏུ་འདྲེས་པ་མཁའ་གསང་ནས་བབས། པདྨ་བྷཉྫའི་སྣོད་དུ་བསྐྱིལ་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་མྱང་བས་ལུས་ཐམས་ཅད་བདེ་བས་ཁྱབ། སྣང་གསུམ་འོད་གསལ་དུ་ཐིམ། རྩ་རླུང་ཐིག་གསུམ་ཡེ་ཤེས་སུ་སྨིན་པར་མོས་ཤིག །ཐོད་ཆང་སྦྱིན་ལ། ཨཱ༔ བླ་མ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ བདེ་ཆེན་པདྨ་བྷཉྫའི་སྣོད་དུ་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རྩ་ཁམས་རླུང་ལ་ཡེ་ཤེས་རྫོགས་པར་ཤོག༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེས་དབང་གསུམ་པ་བསྐུར་རུང་དུ་སྨིན་པ་ལ། རྒྱུད་ནས་བསྔགས་པའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོ་མཛེས་པའི་ཕུལ་དུ་བྱུང་བས་ཡིད་འཕྲོག་པར་བྱེད་པའི་ཕྱག་རྒྱ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། དགའ་བཞིའི་གནས་སྟེར་རྡོ་རྗེའི་ཕོ་ཉ་མོ༔ ཡེ་ཤེས་རིགས་ཀྱི་ཕྱག་རྒྱར་བྱིན་བརླབས་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ཐིག་ལེ་བདེ་སྟོང་ཆེན་པོར་སྨིན་པར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱ་མོ་དེ་དང་ཁྱེད་རང་རྣམས་ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས། ཡས་བབས་དང་མས་བརྟན་གྱི་རིམ་པ་ལས་སྐྱེས་པའི་ཐབས་ཤེས་ཀྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོངས། རྟོག་ཚོགས་ཞུ་བདེའི་དབྱིངས་སུ་ནུབ། ཟག་མེད་ལྷན་ཅིག་སྐྱེས་པའི་བདེ་བ་སྤྱི་བོར་བརྟན་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་རྒྱ་འདིའི་རྗེས་ཟློས། འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། གཞི་ཀ་དག་སྤྲོས་པ་དང་བྲལ་བ་གདལ་ཁྱབ་ལྷུན་འབྱམས་ནམ་མཁའ་ལྟ་བུའི་དབྱིངས་ལས། ལམ་ལྷུན་གྲུབ་འོད་གསལ་སྣང་བ་བཞིའི་ཡེ་ཤེས་རང་བྱུང་དུ་ཤར་བ་ཉིད། ལྟ་སྒོམ་ཟུང་དུ་འབྲེལ་བའི་གནད་ཀྱིས་རྟོགས་གོམས་གདིང་དུ་གྱུར་པ་ལས། འབྲས་བུ་གཞོན་ནུ་བུམ་པ་སྐུར་མངོན་པར་བྱང་ཆུབ་པར་འགྱུར་བ། བཞི་པ་རིག་པ་རྩལ་གྱི་དབང་དོན་ལགས་པས་དེའི་བརྡ་དོན་རྟོགས་པར་མཛོད་ཅིག །ཧོ༔ ཀ་དག་དབྱིངས་ལས་ལྷུན་གྲུབ་གདངས་ཤར་བ༔ རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་རིག་ཟུང་འཇུག་སྣང་བ་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་བསྐུར་བ་ཐོབ། སྒོ་གསུམ་ཤེས་བྱའི་སྒྲིབ་པ་དག །ལམ་ཁྲེགས་ཆོད་དང་ཐོད་རྒལ་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་བྱང་གི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་རྒྱས་པར་གྲུབ་ནས། །མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རབ་འབྱམས་ངོ་བོ་ཉིད༔ ཚེ་དཔག་མེད་མགོན་པདྨ་ཐོད་ཕྲེང་རྩལ༔ སྐལ་ལྡན་བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚེ་དབང་སྩོལ༔ ལན་གསུམ། དེ་ལ་ཐོག་མར་ཚེ་དབང་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རིགས་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས་ཤིང་གནས་གསུམ་འབྲུ་གསུམ་དང་ཡེ་ཤེས་སེམས་དཔའ་ཐུགས་སྲོག་ཧྲཱིཿདང་བཅས་པ་གཟི་བརྗིད་འོད་དུ་འབར་བར་གསལ་ཐོབ། སློབ་དཔོན་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཁོར་འདས་བརྟན་གཡོའི་ཁམས་ཁྱབ་པར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་འཁྱམས་པ་ཡར་བ་སྟོར་ཅིང་ཆད་ཉམས་སུ་གྱུར་པ་རྣམས་དང་། འབྱུང་བ་ས་ཆུ་མེ་རླུང་གི་དྭངས་བཅུད། སྟོང་གསུམ་སྲིད་པ་གསུམ་ན་གནས་པའི་སྐྱེ་འགྲོ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་ནུས་པའི་བཅུད་ཐམས་ཅད་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ནས་སིབ་ཀྱིས་ཞུགས། སྙིང་དབུས་ཡེ་ཤེས་སེམས་དཔའི་དྭངས་སྲོག་ཧྲཱིཿལ་ཐིམ་པས་བླ་ཚེ་དབང་ཐང་ཉམས་པ་སོར་ཆུད། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་བཅུད་ལེན་ཆེན་པོར་གྲུབ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་དྲྭ་བའི་སོགས་གོང་གསལ་ཚེ་འགུགས་སྔགས་བཅས་བརྗོད། ཚེ་འབྲང་ཡེ་ཤེས་འོད་ལྔའི་གཞལ་མེད་ཁང་དུ་འཆི་མེད་པདྨ་འབྱུང་གནས་རྩ་བརྒྱུད་བླ་མའི་ཚོགས་དང་བཅས་ཏེ་བཞུགས་པའི་ཕྱག་གི་བུམ་པ་ནས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་མི་འགྱུར་རྡོ་རྗེའི་སྐུའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ༔ སྙིང་པོའི་བཅུད་བསྡུས་ཡེ་ཤེས་འོད་ལྔའི་ཀློང༔ པདྨ་འོད་འབར་ཚེ་ཡི་ལྷ་ཚོགས་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྩ་ཁམས་འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ སྔགས་མཐར། ཀཱ་ཡ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། བརྟན་གཡོ་ཀུན་གྱི་བཅུད་ཀྱི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩིར་བསྡུས་པའི་ཚེ་ཆང་མགྲིན་པར་མྱང་བས་འགག་མེད་རྡོ་རྗེ་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཨཱ༔ བདེ་ཆེན་པདྨ་བྷཉྫའི་སྣོད་ཡངས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་རབ་ཏུ་གཏམས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་མི་ཤིགས་རྡོ་རྗེའི་གསུང་འགྲུབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །སྲིད་ཞིའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་པའི་ཚེའི་རིལ་བུ་གསོལ་བས་འཕོ་མེད་རྡོ་རྗེ་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧཱུྃ༔ འཁོར་འདས་དྭངས་བཅུད་བདེ་ཆེན་ཐིག་ལེའི་གཟུགས༔ སྒྲུབ་པའི་དམ་རྫས་མྱང་གྲོལ་ཚེའི་རིལ་བུ༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འོད་གསལ་རྟག་པ་རྡོ་རྗེའི་ཐུགས་འགྲུབ་ཤོག༔ སྔགས་མཐར། ཙིཏྟ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཚེའི་དྭངས་བཅུད་ཐམས་ཅད་སྙིང་དབུས་མི་ཤིགས་པའི་སྲོག་ཡིག་ཧྲཱིཿལ་ཐིམ། རྡོ་རྗེ་ཡེ་ཤེས་འོད་ལྔའི་དྲྭ་བས་བཅིངས། ལུས་ཐམས་ཅད་ཆོས་བདུན་དང་ལྡན་པའི་རྡོ་རྗེའི་གོ་ཆ་བགོས་པས་ནམ་ཡང་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྟག་བརྟན་རྡོ་རྗེའི་ཕྱག་རྒྱས་བཏབ་པར་མོས་ཤིག །མདའ་དར་རྒྱ་གྲམ་དུ་རེག་ལ། ཨ༔ ཚེ་ཡི་དྭངས་མ་མི་ཤིགས་ཐིག་ལེར་ཐིམ༔ སྲོག་གི་མདུད་པ་དབུ་མའི་དབྱིངས་སུ་བཅིངས༔ རྡོ་རྗེའི་ཆོས་བདུན་ཡེ་ཤེས་རྒྱས་བཏབ་པས༔ མི་འགྱུར་རྟག་པ་གཉུག་མའི་ཚེ་ཐོབ་ཤོག༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་ཧཾ༔ ཞེས་རྒྱས་བཏབ། དེ་ནས་བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་བཅས་སྤྱི་འགྲོའི་ཤློ་ཀ་རེ་བརྗོད་ལ་གཏད། མེ་ཏོག་འཐོར་ཞིང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་བརྗོད་ལ་སྙན་པའི་རོལ་མོའི་གདངས་སྤྲོ་བར་བྱའོ། །གསུམ་པ་མཇུག་གི་ལས་རིམ་ལ། དབང་རྗེས་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་གཅིག་ཅར་དུ་སྒྲུབ་པའི་ཟབ་གནད་སྙིང་པོར་དྲིལ་བ་རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་སྨིན་བྱེད་མཐའ་རྟེན་བཅས་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། ལས་རྗེས་ནི། སློབ་དཔོན་གྱིས། ཚོགས་ལ་རོལ་ཞིང་ལྷག་ཆོག་གཏོར་སྐྱོང་རྟ་བྲོའི་བར་དུ་བྱ། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས་དང་། མདུན་དཀྱིལ་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །དབྱིངས་གཅིག་རྣམ་འགྱུར་ཐ་དད་ཤར་བ་ལས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་འབྱུང་བ། །གཙོ་བསྡུས་བློ་དམན་ཉམས་འོག་ཆུད་ངེས་འདིའི། །སྨིན་གྲོལ་བདུད་རྩིས་འཇིག་རྟེན་ཀུན་ཁྱབ་ཤོག །དེ་ལས་མཆོག་གྲུབ་རིག་འཛིན་བགྲང་ཡས་འཕེལ། །དེས་ཀྱང་བསྟན་འགྲོའི་བདེ་སྐྱིད་དགུང་དུ་སྤོར། །འོད་གསལ་རྡོ་རྗེ་སྙིང་པོའི་ཉིན་མོར་བྱེད། །མི་འགྲིབ་སྐྱེ་དགུའི་ཡིད་མཁར་འཆར་གྱུར་ཅིག །ཚུལ་འདིའང་རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ཀྱིས་སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང་སྟེ་བཀའི་ཅོད་པན་སྤྱི་བོར་བསྩལ་པ་ལས། རྗེ་ཉིད་ཀྱིས་ཇི་ལྟར་གནང་བའི་ཕྱག་བཞེས་ལ་འཕྲི་བསྣན་མེད་པར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྡོ་རྗེའི་རྫོང་ལྔ་འདུས་པའི་སྒྲུབ་ཆེན་དགུའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ།། །།

གུ་རུ་མཚན་བརྒྱད་སོགས་ཀྱི་བཀྲ་ཤིས་འཇམ་མགོན་གསུང་ལས་འཁོལ་བཏོན་ (Volume 11, Text 26)

གུ་རུ་མཚན་བརྒྱད་སོགས་ཀྱི་བཀྲ་ཤིས་འཇམ་མགོན་གསུང་ལས་འཁོལ་བཏོན་བཞུགས། རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིན། །གུ་རུ་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག །ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགས། །ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལ། །བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛད། །གུ་རུ་བློ་ལྡན་མཆོག་སྲེད་བཀྲ་ཤིས་ཤོག །རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན། །རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་སྟོན། །འཁོར་བར་མ་ཆགས་ཐབས་ཀྱིས་རོལ་རྩེད་མཛད། །གུ་རུ་པདྨ་རྒྱལ་པོའི་བཀྲ་ཤིས་ཤོག །ཟ་ཧོར་ཡུལ་བྱོན་མ་ག་དྷ་རུ་བཞུགས། །བསིལ་བ་ཚལ་དུ་བམ་རོའི་སྒྲུབ་པ་མཛད། །སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ། །གུ་རུ་པདྨ་སཾ་བྷའི་བཀྲ་ཤིས་ཤོག །ལི་ཡི་ཡུལ་བྱོན་ལྕང་ར་སྨུག་པོར་བཞུགས། །ཤེལ་སྒོང་བྲག་ཏུ་མངོན་ཤེས་མཁའ་ལྟར་ཁྱབ། །གཞན་དོན་ཕྲིན་ལས་འབྲས་བུ་ལོ་འདབ་རྒྱས། །གུ་རུ་ཉི་མ་འོད་ཟེར་བཀྲ་ཤིས་ཤོག །བལ་པོའི་ཡུལ་བྱོན་ཡང་ལེ་ཤོད་དུ་བཞུགས། །གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །གུ་རུ་སེངྒེ་སྒྲ་སྒྲོག་བཀྲ་ཤིས་ཤོག །མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས། །སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་དུ་ཁྱབ། །གསང་སྔགས་ཕྱི་ནང་ཐུགས་ཀྱི་ཀློང་ན་གསལ། །གུ་རུ་རྡོ་རྗེ་གྲོ་ལོད་བཀྲ་ཤིས་ཤོག །སྲིན་པོའི་ཡུལ་བྱོན་རྔ་ཡབ་གླིང་དུ་བཞུགས། །ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་འདུལ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་འགོད། །གུ་རུ་པདྨ་འབྱུང་གནས་བཀྲ་ཤིས་ཤོག །བོད་ཡུལ་དབུས་བྱོན་སྟག་ཚང་སེང་ཕུག་བཞུགས། །སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོན། །མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་དུ་ཁྲིད། །གུ་རུ་བདེ་བའི་དངོས་གྲུབ་བཀྲ་ཤིས་ཤོག །ཡངས་པ་ཅན་བྱོན་སོ་ས་གླིང་དུ་བཞུགས། །ལྟ་བ་མི་འཚོལ་ཞི་གནས་སྒོམ་མི་བྱེད། །ཐ་དད་ཕྱོགས་འཛིན་མ་གོས་མཁའ་ལྟར་གདལ། །གུ་རུ་པདྨ་ཐོད་ཕྲེང་བཀྲ་ཤིས་ཤོག། །།

བླ་མ་ནོར་བུ་རྒྱ་མཚོ་ལས༔ རྩ་བ་གསུམ་གྱི་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང་ (Volume 7, Text 26)

བླ་མ་ནོར་བུ་རྒྱ་མཚོ་ལས༔ རྩ་བ་གསུམ་གྱི་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང་བཞུགས་སོ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་སྤྲོས་དང་བྲལ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་རྫོགས་ཤིང༔ བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར༔ ཡང་གསང་སྒྲུབ་པའི་ལས་བྱང་འདི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ལ༔ དང་པོ་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཅིང༔ བཀའ་བསྒོ་མཚམས་བཅད་བརྡ་སྒོ་དབྱེ༔ དམ་བཅའ་བྱིན་དབབ་མཆོད་བྱིན་བརླབ༔ བཤགས་བྱ་སྔོན་འགྲོའི་ལས་རིམ་བཅུ་གཅིག་ཤེས༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་ཞིང༔ མཆོད་འབུལ་སྨན་རག་གཏོར་འབུལ་དང༔ བསྟོད་བཤགས་འཛབ་བཟླས་ཚོགས་འཁོར་འབུལ༔ དངོས་གཞིའི་ལས་རིམ་བཅུ་གཅིག་སྟེ༔ གསུམ་པ་རྗེས་ཀྱི་ལས་རིམ་ནི༔ དངོས་གྲུབ་བླང་དང་ལྷག་མཆོད་ཐུག་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་རྟ་བྲོ་དང༔ ད་ལ་བསྡུ་ཁ་སྐོང་བཀྲ་ཤིས་སྨོན་ལམ་བརྗོད༔ རྗེས་ཀྱི་ལས་རིམ་བཅུ་གཅིག་པ༔ མཚོ་རྒྱལ་ང་ཡིས་ལེགས་བཀོད་ཅིང༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ལས་ཅན་གཅིག་གི་དཔལ་གྱུར་ནས༔ གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་སོགས་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོ༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པར་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རང༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཅེས་ཚོགས་གསག་པར་བྱའོ༔ བཞི་པ་བཀའ་བསྒོ་བ་ནི༔ བདག་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་ང་རྒྱལ་གྱིས་འདི་སྐད་དོ༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་སྡོད་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན༔ བཛྲ་བིདྱཱ་རཱ་ཙ་ཡ་ཧཱུྃ་ཕཊ༔ ལྔ་པ་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི༔ ཧྲཱི༔ སྣང་སྲིད་འཁོར་འདས་གཞལ་ཡས་ཁང༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ༔ གཉིས་འཛིན་ལོག་ལྟས་སྒོ་བཅད་ཅིང༔ རང་གསལ་སྙིང་པོའི་བརྡ་སྒོ་ཕྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧྲཱི༔ རིག་པ་རང་བྱུང་ཡེ་ཤེས་ལྷ༔ མ་རིག་རྟོག་པའི་རྐྱེན་དབང་གིས༔ ཡེ་ནས་རང་དང་གཉིས་མེད་པ༔ རང་ངོ་ཤེས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བདུན་པ་དམ་བཅའ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདིར༔ བདག་དང་གཉིས་མེད་ཡོངས་རྫོགས་ལྷ༔ སྲོག་གི་ཕྱིར་ཡང་མི་སྤོང་བསྒྲུབ༔ བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ བརྒྱད་པ་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་དང་བྲལ༔ ཐུགས་རྗེ་དམ་བཅའ་མི་གཡེལ་བར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ གུ་རུ་དེ་བ་ཌཱ་ཀི་ནཱི༔ བྷ་ག་བཱན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དགུ་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ༔ དངོས་འཛིན་གྱི་དྲི་མ་དག་ཅིང་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་སྤེལ༔ བདུད་རྩི་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བཱ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ རཀྟ་བྱིན་གྱིས་བརླབ་པ་ནི༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཕྱི་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་མ་ཧཱ་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཧོ༔ ཞེས་མཆོད་རྫས་བྱིན་གྱིས་བརླབ་བོ༔ བཅུ་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧྲཱི༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐྱེ་མེད་ངང་ལས་ཐུགས་རྗེའི་ཟེར༔ བདག་དང་དབྱེར་མེད་དཀྱིལ་འཁོར་འདིར༔ རྩ་གསུམ་བླ་མ་གཙོ་འཁོར་བཅས༔ ཡེ་ནས་རང་བྱུང་རང་གསལ་ཤར༔ སྟོང་པའི་ངང་དུ་མ་འདྲེས་གསལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ༔ དངོས་གཞི་བསྐྱེད་པའི་རིམ་པ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཨོཾ༔ ཆོས་རྣམས་དམིགས་མེད་སྨྲ་བརྗོད་བྲལ༔ བློ་འདས་ཆོས་སྐུ་དེ་བཞིན་ཉིད༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོར་བསྒོམ༔ གཉིས་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་འགྲོ་དོན་མཛད༔ རང་རིག་ཧྲཱིཿལས་རྡོ་རྗེར་གསལ༔ འོད་འཕྲོས་འབྱུང་ལྔའི་བསྐལ་པ་སྟོང༔ སྟོང་ཉིད་ནམ་མཁའ་ལྟ་བུ་ལ༔ རང་བྱུང་སྐྱེ་རྒྱུའི་ཡི་གེ་བདུན༔ ཨེཿཡཾཿརཾཿཁཾཿརཿཀེཾཿབྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་བྲལ༔ ཡཾ་ལས་རླུང་གཡོས་རཾ་མེ་འབར༔ ཁཾ་ལས་ཆུ་བྱུང་ས་གཞི་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཀེཾ་ལས་རུས་པའི་རི་རབ་དཀར༔ གསུམ་པ་གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར་བ་ནི༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ པད་འདབ་ཕྱི་ནང་མུ་ཁྱུད་མཛེས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་རྫོགས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང༔ རྡོ་རྗེ་ཐེམ་པ་ཀ་ཞུ་རྣམས༔ གནམ་ལྕགས་ཁྲོ་ཆུའི་གཟེར་གྱིས་བསྡམ༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་མེད་པ་འོད་ཀྱི་ཀློང༔ ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ནས༔ དུར་ཁྲོད་རུས་བརྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང༔ གུ་རུ་པདྨ་ཐོད་ཕྲེང་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོན༔ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཛིན༔ ཟ་འོག་སྨུག་བེར་ཆོས་གོས་དམར༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐྱིལ་ཀྲུང་རྡོར་དྲིལ་རུས་རྒྱན་ཅན༔ པང་གཡོན་མཚོ་རྒྱལ་དཀར་མོ་འཁྲིལ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གཡས་པས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ གསལ་འཚེར་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རོལ་པད་འདབ་བཞིར༔ ཤར་དུ་བཛྲ་ཐོད་ཕྲེང་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྱུད༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ལྷོ་རུ་རཏྣ་ཐོད་ཕྲེང་ནི༔ སེར་པོ་རིན་ཆེན་དྲིལ་བུ་བསྣམས༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ནུབ་ཏུ་པདྨ་ཐོད་ཕྲེང་ནི༔ དམར་པོ་པདྨ་དྲིལ་བུ་བསྣམས༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ བྱང་དུ་ཀརྨ་ཐོད་ཕྲེང་ནི༔ ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་མཛེས༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཐོད་རྔ་གཡས་ལ་པད་ཕོར་གཡོན༔ སྐྱིལ་ཀྲུང་དར་དཀར་ན་བཟའ་གསོལ༔ དར་ཐོད་རིན་ཆེན་དབུར་བརྒྱན་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ གཡས་པས་ཁ་ཊྭཱཾ་གཡོན་སྡིགས་མཛུབ༔ ཉི་ཟེར་ཞགས་པ་སྟག་ཤམ་ཅན༔ རུས་པའི་རྒྱན་དྲུག་ལྡན་པར་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང༔ གཡས་པས་ལྕགས་རྡོར་གཡོན་སྡིགས་མཛུབ༔ སེང་གླང་སྟོད་གཡོགས་ཅོད་པན་ཅན༔ སྟག་ཤམ་ཞབས་གཉིས་དོང་སྟབས་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ གཡས་པས་པད་ཕོར་གཡོན་སྐྱབས་སྦྱིན༔ དར་དམར་ཤམ་ཐབས་ཆོས་གོས་སེར༔ གཞོན་ཚུལ་དགེ་སློང་ཆས་ལྡན་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་མེ་ལོང་གཡོན༔ དར་དམར་ཤམ་ཐབས་སྐུ་ལ་གསོལ༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་གཡས་ལ་ལྷུང་བཟེད་གཡོན༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ སྤྱན་གསུམ་སྟག་གི་སྟེང་ན་འགྱིང༔ གཏུམ་དྲག་རྔམ་ཞིང་བརྗིད་པར་བསྐྱེད༔ སྣ་ཚོགས་པད་སྐོར་ཕྱི་མ་ལ༔ རིགས་བཞི་མཁའ་འགྲོ་དཔའ་བོ་དང༔ ཕྱོགས་བཞི་ཤུགས་འགྲོ་འཁོར་དང་བཅས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་བསྣམས༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ༔ རིག་འཛིན་ཆོས་སྐྱོང་དམ་ཅན་ཚོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་གཏིབས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཆར་སྤྲིན་ལྟ་བུར་འཐིབས་པར་བསམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ བཞི་པ་སྤྱན་འདྲེན་པ་ནི་འདི་སྐད་དོ༔ ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ ཨོ་རྒྱན་ནུབ་བྱང་དྷ་ནའི་མཚོ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་དངོས༔ ཕོ་བྲང་རི་བོ་ཏ་ལ་རུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷཱ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧྲཱི༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གདངས་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲཱིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཅེས་པས་རྩ་བ་གསུམ་བྱོན་པར་བསམས་ལ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གནས་མཆོག་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་བྲོ༔ བཞུགས་པའི་གནས་མཆོག་དང་རེ་སྤྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་དགྲོལ་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཅེས་པས་བདག་དང་གཉིས་སུ་མེད་པར་བཞུགས་པར་བསམ༔ དྲུག་པ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ དྲག་པོའི་ཚུལ་གྱིས་དགྲ་བགེགས་སྒྲོལ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདུན་པ་ཕྱི་ནང་གསང་མཆོད་འབུལ་བ་ལ༔ ཕྱི་ཡི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ༔ དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ བསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ བརྒྱད་པ་སྨན་རཀ་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་འདིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་ཐམས་ཅད་ཀྱི་མཚན་ནས་བཏོན་ནས་སྦྱར་རོ༔ རཀྟ་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧྲཱི༔ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ ཧྲཱི༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ དགུ་པ་གཏོར་མ་འབུལ་བ་ནི༔ ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་པས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བྲན་པ་འདི༔ རྒྱ་མཚོ་ཆེན་པོ་བས་ཀྱང་རྒྱ་རེ་ཆེ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང༔ རྩི་དང་ཙ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་རྣམ་ལྔའི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཤིང༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོའི་ཚོགས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་རྫས་གཏོར་ཆེན་བཤམས་པ་དང༔ བདུད་རྩི་སྨན་མཆོད་སྦྲེང་བ་དང༔ བྷནྡྷ་རཀྟས་བཀང་བ་དང༔ དུར་ཁྲོད་ཆས་བརྒྱད་བཤམས་པ་དང༔ རྐང་གླིང་ཐོད་རྔ་སྒྲོག་པ་དང༔ ཞུན་ཆེན་སྣང་གསལ་མར་མེ་དང༔ མཱཾ་སའི་བསུར་དུད་གཏོང་བ་དང༔ འདོད་ཡོན་ལོངས་སྤྱོད་སྤུངས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧིཿ མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བཅུ་པ་བསྟོད་པ་བྱ་བ་ནི་འདི་སྐད་དོ༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པ༔ སེངྒེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཡུམ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ མ་ཧཱ་ཧྲྀ་ད་ཡ་ཨོཾ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་གུ་རུ་སཏྭ༔ ཏྭེ་ནོ་པ་ཏིཥྛ༔ དྲྀདྡྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་གུ་རུ་མཱ་མེ་མུཉྩ་བཛྲ་གུ་རུ་སམྦྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ བརྒྱའམ་ཉེར་གཅིག་བདུན་གྱིས་ཉམས་ཆག་སྐོང་བར་འགྱུར༔ བཅུ་གཅིག་པ་འཛབ་བཟླ་བ་ལ་གསུམ༔ བསྙེན་སྒྲུབ་ལས་ལ་སྦྱོར་བ་ནི༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དབང་ཞུ་དངོས་གྲུབ་བླང་བར་བྱ༔ སྒྲུབ་དུས་བླ་མ་རང་གསལ་གདབ༔ མཆོད་བསྟོད་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལས་སྦྱོར་དུས་སུ་རང་གསལ་གདབ༔ ཕྲིན་ལས་སྒྲུབ་པའི་ཚུལ་དུ་བཟླ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ དེང་སང་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ པད་སྐོར་ཕྱག་རྒྱས་བླང་ངོ༔ འདི་ནི་དངོས་གཞིའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ དང་པོ་ཚོགས་བྱ་བ་ནི༔ བདུད་རྩི་ཚོགས་ལ་གཏོར་ཞིང་བསང༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ཡཾ་ཁཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ཕྱིར་རཾ་ཡཾ་ཁཾ་ཞེས་བྱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿཡིས་ལྷ་ཚོགས་དགྱེས་པར་བསམ༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་དང་གསུང་དང་ཐུགས་སུ་བསྐང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ བཤགས་ཚིག་གདུངས་བས་འདི་སྐད་དོ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་སྐོང་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྐབས་འདིར་སྐོང་གསོ་གཞན་ཡང་བྱའོ༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་རྟོག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་ཉམས་པ་མེད༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ རྣལ་འབྱོར་བདག་གི་གཡར་དམ་སྩོལ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་བྱ༔ དང་པོ་ཕུད་ཀྱིས་མཆོད་པ་ནི༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཨོ་རྒྱན་པདྨ་འབྱུང་གནས་དང༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཚོགས་བཤགས་བྱ་བ་ནི༔ སྔོན་བྱུང་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ འཆི་མེད་སརྦ་པཉྩ་ཨ་མྲྀཏ༔ རོ་ཡིས་ཁམས་ནི་སློང་བར་བྱེད༔ དུག་གི་ཕུང་པོ་འཇོམས་པར་བྱེད༔ རྩི་ཐོག་སྨན་གྱི་མཆོད་པ་བཞེས༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཐ་མ་དགྲ་གཟུགས་དབལ་ལ་གཏད༔ ང་རོའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་དྲག་གཏུམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧ་ཁུང་ཡངས་པའི་མགུལ་དུ་བསྟིམས༔ ཟ་བྱེད་མི་འགྱུར་ཆོས་ཀྱི་དབྱིངས་སུ་རོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་དང་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་སློབ་བུས་ཚོགས་བཏེགས་ལ་འདི་སྐད་དོ༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་ཕག་རྗེ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲང་ངོ༔ བླ་མས་བླང་བ་ནི༔ ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཧོ༔ ཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་པདྨའི་ཕྱག་རྒྱས་བླང༔ ཁམ་གསུམ་གསོལ་ལ་སྨོན་ལམ་གདབ༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ གཞན་ལའང་སྤེལ་ལོ༔ གཉིས་པ་ལྷག་མ་ཁ་ཆུས་བྲན་ལ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ དཔལ་གྱི་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་བོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེས་འཇུག་བྱིན་གྱིས་བརླབ་པའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་སྐུལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་འབྱུང་གནས་ཐུགས་དམ་སྐུལ༔ སྡེ་སྣོད་ཐུགས་ཀྱི་ཀློང་ན་གསལ༔ པདྨ་སཾ་བྷའི་ཐུགས་དམ་སྐུལ༔ ཐོས་བསམ་ལྡན་པས་འགྲོ་བ་འདུལ༔ བློ་ལྡན་མཆོག་སྲེད་ཐུགས་དམ་སྐུལ༔ འཁོར་བར་མ་ཆགས་རོལ་རྩེད་མཛད༔ པདྨ་རྒྱལ་པོའི་ཐུགས་དམ་སྐུལ༔ གཞན་དོན་ཕྲིན་ལས་ལོ་འདབ་རྒྱས༔ ཉི་མ་འོད་ཟེར་ཐུགས་དམ་སྐུལ༔ འདུལ་ཁྲིམས་ལྡན་པའི་དགེ་སློང་མཛད༔ ཤཱཀྱ་སེང་གེའི་ཐུགས་དམ་སྐུལ༔ གནོད་སྦྱིན་རྫོང་དུ་དམ་སྲི་བཏུལ༔ སེངྒེ་སྒྲ་སྒྲོག་ཐུགས་དམ་སྐུལ༔ སྙན་པའི་སྒྲ་ཡིས་ཀུན་ལ་ཁྱབ༔ རྡོ་རྗེ་གྲོ་ལོད་ཐུགས་དམ་སྐུལ༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཐོད་ཕྲེང་རྩལ་གྱི་ཐུགས་དམ་སྐུལ༔ བདེ་ཆེན་དབང་གི་གཞལ་ཡས་ནས༔ རྟ་ཕག་ཡབ་ཡུམ་ཐུགས་དམ་སྐུལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་དང་རིགས་བཞི་མཁའ་འགྲོ་ནི༔ ཡབ་ཡུམ་སྲས་འཁོར་བཅས་པ་རྣམས༔ ལས་བཞི་བསྒྲུབ་ཕྱིར་ཐུགས་དམ་སྐུལ༔ གིང་དང་ཤུགས་འགྲོ་དམ་ཅན་བཅས༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ ཅོད་པན་དར་དཔྱངས་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་རྣམ་བཞི་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་ཐུལ༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ བཞི་པ་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱི༔ གུ་རུའི་གནས་གསུམ་འོད་འཕྲོས་ཐིམ༔ གཏོར་མ་བདུད་རྩི་དངོས་གྲུབ་རྫས༔ རང་དབང་བསྐུར་ལ་འདི་སྐད་དོ༔ ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་སྐུལ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཡུམ་དང་གཉིས་མེད་བདེ་བར་རོལ༔ རིགས་བཞི་སྤྲུལ་པའི་མཚན་བརྒྱད་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པདྨ་དབང་ཆེན་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་ཡུམ༔ གཉིས་མེད་ཐབས་ཤེས་རོལ་པ་ལས༔ ཟུང་འཇུག་བདེ་ཆེན་དངོས་གྲུབ་སྩོལ༔ ཆོས་རྣམས་ཀུན་གཞི་ཡངས་པའི་ཀློང༔ སྐུ་གསུམ་བླ་མ་འཁོར་དང་བཅས༔ སྐུ་གསུམ་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ བུམ་པ་བཟང་པོ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ རྒྱུད་འཛིན་གྲོགས་ཀྱི་དངོས་གྲུབ་སྩོལ༔ པུ་ཏྲ་མི་ཡི་དངོས་གྲུབ་སྩོལ༔ འཇམ་འཁྲིལ་གོས་ཀྱི་དངོས་གྲུབ་སྩོལ༔ ཞིམ་མངར་ཟས་ཀྱི་དངོས་གྲུབ་སྩོལ༔ དྲགས་པོ་མཐུ་ཡི་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ལྔ་པ་ཆད་མདོ་བྱ་བ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དམ་པ་རྗེ་འབངས་གྲོགས་གསུམ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པ་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྔགས་བདག་དྲེགས་པ་ཆོས་སྐྱོང་གཏེར་བདག་གིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དྲུག་པ་བརྟན་མ་བསྐྱང་བ་ནི༔ གཏོར་མ་ཕྱིར་བཏེགས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྒྲོན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྩལ༔ གནོད་སྦྱིན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རག་མོ་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས༔ མི་མཐུན་ཕྱོགས་རྣམས་ཞི་དང་བཟློག་པ་དང༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ མ་མཿ ཧྲཱིང་ཧྲཱིང༔ བ་ལིཾ་ཏ་ཁཱ་ཧི༔ བདུན་པ་གཏོར་མནན་བྱ་བ་ནི༔ རུ་དྲ་དགུག་གཞུག་མཐར་མནན་བྱ༔ དེ་ནས་བདག་ཉིད་དབང་ཆེན་བསྒོམ༔ གཏོར་གཞོང་ཁ་སྦུབ་བསྐལ་པའི་རུ་དྲ་མནན་པར་བསམ༔ ང་རོའི་དབྱངས་ཀྱིས་འདི་སྐད་དོ༔ ཀུན་བཟང་ཡབ་ཡུམ་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོར་དགོངས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ལྟ་ངན་འཇོམས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རུ་དྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དགྲ་བགེགས་སརྦ་ཤཱ་ཏྲཱུཾ་སཏྭམྦྷ་ཡ་རཀྵ་མཱ་ར་ཡ་ནན༔ བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི༔ ཆོས་རྣམས་མི་དམིགས་པར་རྒྱས་འདེབས་ལ་འདི་སྐད་དོ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགག་མེད་རང་གསལ་སྐུ་གསུམ་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ སླར་ཡང་སྐྱེ་མེད་ངང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ དེ་རིང་ཉིད་ལ་གཤེགས་ནས་ཀྱང༔ གཏན་དུ་གཤེགས་པ་མ་ཡིན་ཏེ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཆོ་ག་ལྷག་ཆད་གྱུར་པ་དང༔ མ་འབྱོར་བ་དང་ཉམས་པ་དང༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཨཱ་ལི་ཀཱ་ལིས་ཁ་བསྐང་ངོ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་ངང་ཉིད་ལས༔ ཐུགས་རྗེའི་རང་བཞིན་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད༔ ན་མོ༔ རྩ་གསུམ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་གང་བསགས་རྣམས༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ བདག་གཞན་ཆོས་སྐུ་ཐོབ་པར་ཤོག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ རྡོ་རྗེ་མི་འགྱུར་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔག་མེད་འབྱོར་རྒྱས་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་བཀྲ་ཤིས་བླ་མའི་ཡང་སྙིང་མཛོད༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་དེ་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ བདག་གཞན་གདོད་མའི་ས་ལ་ཕྱིན་པར་ཤོག༔ བཅུ་གཅིག་པ་སྨོན་ལམ་གདབ་པ་ནི༔ ན་མོ༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་བླ་མེད་རབ་ཐོབ་ཤོག༔ གསང་སྒྲུབ་བླ་མའི་ལས་བྱང་ལེའུ་གསུམ་པ༔ ནོར་བུ་པདྨའི་ལྗོན་ཤིང་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ལྷོ་བྲག་སྨན་མདོ་ནས་རིག་འཛིན་པདྨ་གླིང་པས་གདན་དྲངས་པའོ།། །།

ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་བདེ་ཆེན་མྱུ་གུ་ (Volume 55, Text 26)

༄༅། །ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་བདེ་ཆེན་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་ཡ། རྒྱལ་ཀུན་ཐུགས་གསང་ཐིག་ལེ་ནི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །མཆོག་སྦྱིན་དེ་ལ་གུས་བཏུད་ནས། །ཟབ་མོའི་དབང་བསྐུར་ཁྲིགས་སུ་བསྡེབ། །འདི་ལ་གཉིས། ནང་སྒྲུབ་རལ་གྲི་ཞགས་པ་ཅན་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་ཕྱི་དབང་དང་ནང་དབང་བསྐུར་བ་དང་། གསང་སྒྲུབ་གྲི་ཐོད་ཅན་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་སྒྲུབ་དབང་དང་གསང་དབང་བསྐུར་བའོ། །དང་པོ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས། ཐོག་མར་སྟེགས་བུའི་སྟེང་ནང་སྒྲུབ་དཀྱིལ་འཁོར་བཀྲམ། རས་བྲིས་མ་འཛོམ་ན་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་ཁྲིའུའི་སྟེང་བུམ་པ་མགུལ་ཆིངས་སྔོན་པོ་སོ་ལྔའི་བཅུད་ལྡན་ཁ་རྒྱན་དང་བཅས་པ་བཀོད། གཡས་གཡོན་དུ་རིགས་ལྔའི་སྐུའམ་ས་བོན་ཡོད་པའི་དབུ་རྒྱན། རིགས་ལྔའི་ཕྱག་མཚན། དྲིལ་བུ། ལྷ་ཙཀ་བཅོ་ལྔ་པོ་རྣམས་བཀོད། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་རྣམས་དང་། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་ཉེ་བར་མཁོ་བ་རྣམས་ཀྱང་འདུ་བྱ་བའོ། །དེ་ནས་ཕྲིན་ལས་ཀྱི་སེམས་བསྐྱེད་ནས་བཟླས་པའི་བར་བཏང་ལ་བདག་མདུན་དབྱེར་མེད་དུ་བཟླ། བུམ་བཟླས་ཀྱང་ཟུར་དུ་སྤྲོ་ན་སྤྱི་ལྟར་དམིགས་པའི་འཕྲོ་འདུ་བཅས་བྱ། གཞི་བསྟོད་ནོངས་བཤགས་ཡིག་བརྒྱ་བར་སོང་ནས། ལས་བུམ་འཁྱིལ་པའི་སྒོམ་བཟླས་ཀྱིས་བསྒྲུབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་རྩ་བ་རྡོ་རྗེའི་གསུང་ལས། གསང་བ་རྨད་བྱུང་ཆེས་གསང་བ༔ ཧེ་རུ་ཀ་ཡི་རྒྱུད་བསམ་ཡས༔ ཀུན་འདུས་རིག་པ་སྙིང་པོའི་བཅུད༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན༔ གྲུབ་པ་ཐམས་ཅད་འདི་ལ་བརྟེན༔ ཟབ་མོ་ཐུགས་ཀྱི་སྒྲུབ་པ་འོ༔ ཞེས་གསུངས་པ་ལྟར་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་ཐུགས་གསང་ཡེ་ཤེས་ཐིག་ལེ་ཕྱག་རྒྱའི་གཟུགས་སུ་སྣང་བ་ཞི་བ་ལྟར་ན་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་དཔལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་མི་བསྐྱོད་པ། བླ་མེད་ཡོ་གའི་རྒྱུད་སྡེ་རྣམས་སུ་དཔལ་ཡང་དག་ཧེ་རུ་ཀ་མཁའ་འགྲོ་སྒྱུ་མ་བདེ་མཆོག །སྔགས་ཕྱི་པའི་སྐབས་སུ་གཏུམ་ཆེན་ཁྲོ་བོའི་དབང་པོ་མི་གཡོ་བའི་དཀྱིལ་འཁོར་གྱི་ཚོམ་བུ་གཅིག་དང་དུ་མའི་བཀོད་པ་མཁའ་ཁྱབ་ཏུ་སྣང་ཞིང་། གསང་བའི་རྒྱུད་སྡེ་མཐའ་ཡས་པ་སྔར་བྱོན་པ་ཐམས་ཅད་ཟབ་མོའི་རྒྱུད་སྡེ་འདིར་བསྟན། ད་ལྟའི་ཐམས་ཅད་འདི་ཉིད་ཀྱིས་སྟོན། སླད་ནས་འབྱུང་བ་རྣམས་ཀྱང་འདིའི་ཕྱིར་དུ་བསྟན་པར་འགྱུར་ཞིང་། དུས་གསུམ་མཆོག་གི་གྲུབ་པ་རིག་འཛིན་མ་ལུས་པ་རྣམས་ཀྱང་མཐར་ཐུག་ལམ་ཟབ་འདི་ཉིད་ལ་བརྟེན་པ་སྟེ། དེ་ཉིད་ཀྱི་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་གསང་སྔགས་གསར་རྙིང་གཉིས་ཀར་བྱུང་ཞིང་དེ་ལས་མཆོག་གི་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་ནི། ཇི་སྐད་དུ། གཞུང་ལས། མཆོག་གི་གྲུབ་པ་ཐོབ་པ་ལས༔ ངོ་མཚར་པདྨ་བཛྲ་བདག༔ རྒྱལ་བ་རབ་འབྱམས་ཐམས་ཅད་འགྲུབ༔ ཡི་དམ་དཔག་ཏུ་མེད་ན་ཡང༔ ཐུགས་དམ་ཧེ་རུ་ཀ་ཀུན་ལས༔ སྙིང་པོ་ཉམས་ལེན་རྣམས་ཀྱི་མཐིལ༔ ཤིན་ཏུ་ཟབ་པའི་མཐར་ཐུག་པ༔ ཞེས་གསུངས་པ་ལྟར་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཐུགས་དམ་སྙིང་པོར་གྱུར་པ་ཡང་དག་མི་གཡོ་བ་བདེ་མཆོག་ཧེ་རུ་ཀ་རྡོ་རྗེ་ཟམ་པ་འདི་ཉིད། ལྷ་སྲས་དམ་འཛིན་རྣམ་འཕྲུལ་གཏེར་འབྱིན་ཀུན་གྱི་འཁོར་ལོས་སྒྱུར་བ་ཨོ་རྒྱན་༧མཆོག་གྱུར་བདེ་ཆེན་གླིང་པ་དེ་ཉིད་ཀྱིས། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ངོས་གཡུ་སྒོ་འབར་བའི་བྲག་ནས་སྤྱན་དྲངས་པ་སྟེ། ཟབ་ཆོས་འདི་ཉིད་ལ་ནང་གསང་གི་དཀྱིལ་འཁོར་གཉིས་སུ་དབང་གི་ཆུ་བོ་བཞི་སོ་སོར་བསྐུར་བའི་ཚུལ་གསུངས་པ་ལས། ཐོག་མར་ནང་སྒྲུབ་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་ཕྱི་ནང་གི་དབང་གཉིས་བསྐུར་བར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྔགས་སྤྱི་འགྲེས་མིག་དར་མེ་ཏོག་སྦྱིན། ཐོག་མར་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་གསུམ། དོན་དམ་མཆོག་གི་སེམས་ལྔ་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ངོ་མཚར་སོགས་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་འདྲེན་པར་མཛོད༔ ལན་གསུམ། ལན་སྦྱིན་པ། ཡང་གསང་ཧེ་རུ་ཀ་དཔལ་གྱི༔ དཀྱིལ་འཁོར་འདི་ལ་ཞུགས་ཕྱིན་ཆད༔ སྤྱི་དང་བྱེ་བྲག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་འདའ་མི་བྱ༔ ཇི་ལྟར་བཀའ་བསྒོས་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་གཟུང་བའི་མོས་པས་འདིའི་རྗེས་ཟློས། བླ་མེད་གསང་བའི་སྒོར་ཞུགས་ནས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་པ་འཛིན་པའི་སྡོམ་པ་རྣམས༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ ལན་གསུམ། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་བྱིན་རླབས་ཆགས་པའི་རྟགས་སུ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོའི་རྒྱས་བཏབ་པར་སྒོམས་ཤིག །བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད། ལྷག་མ་ཧཱུྃ་བརྗོད་པས་བྱིན་བརླབས་ལ། བླ་ན་མེད་པའི་བདུད་རྩི་འདི༔ བཏུང་ནས་དམ་ཚིག་བསྲུངས་གྱུར་ན༔ ཡེ་ཤེས་སེམས་དཔའ་དངོས་གྲུབ་རྒྱུ༔ འདས་ན་རང་གི་གཤེད་དུ་འགྱུར༔ ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩི་བླུད། རྡོ་རྗེ་སློབ་དཔོན་བརྙས་པ་དང༔ རྡོ་རྗེའི་མཆེད་ལ་སྙིང་རིང་ན༔ ཐར་པའི་སྲོག་རྩ་འཆད་པར་འགྱུར༔ དེ་བས་ཁྱོད་ཀྱིས་བྲོ་བོར་ཅིག༔ རྡོ་རྗེ་མགོར་བཞག་ལ། འདའ་དཀའ་རྡོ་རྗེའི་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། སྔོན་ཚེ་གོང་ནས་འབྲེལ་པ་ཡི༔ བདག་གི་ཉེ་གནས་གང་ལགས་པ༔ ལས་འཕྲོ་དང་ནི་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་འབབ་པར་ཤོག༔ ཨོཾ་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག་ལ་རེ་ཞིག་བཞག །དབང་གི་གཞི་བསྒྲུབ་པའི་ཆེད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་བཅིངས་ཏེ་འདི་བཞིན་དུ་གསལ་ཐོབས། སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་མཐིང་ནག་རལ་གྲི་དང་ཞགས་པ་འཛིན་ཅིང་རང་འདྲའི་ཡུམ་དང་འཁྲིལ་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་པད་ཉི་རུ་དྲའི་གདན་ལ་འགྱིང་བར་གྱུར། ཐུགས་ཀར་ཉི་མར་ཧཱུྃ་ཡིག་འབར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ གཉིས་མེད་ཡེ་ཤེས་ཐུགས་རྡོ་རྗེ༔ ཧཱུྃ་གི་རང་བཞིན་ཆར་ལྟར་བབས༔ བ་སྤུའི་ཁུང་བུ་ནས་ཞུགས་ཤིང༔ སྙིང་གའི་ཧཱུྃ་ལ་ཐིམ་པ་ཡིས༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དམིགས་པ་ཕོག །རྫས་དུད་རོལ་མོ་སྦྱར། བཟླས་སྔགས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་ལ་དབབ། མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་དཀྱིལ་འཁོར་གྱི་གཙོ་བོས་མེ་ཏོག་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིང་བར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ ཞེས་སྔར་དོར་བའི་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་འོད་ཀྱི་ཐུར་མས་བསལ་བར་མོས། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དེ་རིང་དད་པའི་ཤུགས་སྐྱེད་ལ༔ དཀྱིལ་འཁོར་དམ་པ་བལྟ་བར་གྱིས༔ སྔགས་དང་ཕྱག་རྒྱའི་རིགས་སུ་འཁྲུངས༔ གསང་བ་བསྟན་པའི་སྣོད་དུ་རུང༔ ཨོཾ་གྱིས་རང་བཞིན་ལྷུན་གྱིས་གྲུབ༔ མུཾ་གྱིས་སྟོང་པ་ཡེ་ཇི་བཞིན༔ ཧཱུྃ་གིས་བྱང་ཆུབ་སེམས་སུ་ཞུགས༔ ཧཾ་གིས་མཐོང་བ་དག་པ་འོ༔ མཚོན་བྱེད་ལྷག་པའི་དཀྱིལ་འཁོར་གྱིས༔ མཚོན་བྱ་དཀྱིལ་འཁོར་གསུམ་ཉིད་ནི༔ རང་རིག་བྱང་ཆུབ་སེམས་སུ་རྫོགས༔ མཐོང་བ་དཀྱིལ་འཁོར་ཀུན་མཐོང་ངོ༔ དེ་ལྟར་སྒྲིབ་མེད་ཡེ་ཤེས་ཀྱི་མིག་དང་རྡོ་རྗེའི་སྔགས་ཀྱི་བྱིན་རླབས་ཀྱིས་མཚོན་བྱ་མཚོན་བྱེད་ཀྱི་དཀྱིལ་འཁོར་རྣམས་མཐོང་ཞིང་རྟོགས་པས་སྣོད་ལྡན་དུ་གྱུར་པ་ལ། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་མགྲིན་གཅིག་པས་རྡོ་རྗེའི་མིང་གི་དབང་བསྐུར་བྱིན་པར་མོས་ཤིག །ཁྱོད་ནི་རྡོ་རྗེ་མྱུ་གུ་ཞེས༔ རྒྱལ་བའི་སྲས་པོ་གདུང་རྒྱུད་འཛིན༔ གསང་བ་མཆོག་གི་མིང་སྦྱིན་གྱིས༔ ཞིང་ཁམས་ཀུན་ཏུ་གྲགས་པར་འགྱུར༔ དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལའང་གཉིས། ཕྱི་དབང་དང་ནང་དབང་ངོ་། །དང་པོ་ནི། དེ་ལ་ཐོག་མར་ཕྱི་ཕན་པའི་དབང་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་དག་ནི་ཐམས་ཅད་ཀྱི༔ གསང་བ་རྡོ་རྗེ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ དབང་བསྐུར་གནང་བ་ཆེན་པོ་སྩོལ༔ ཅེས་གསོལ་བ་བཏབ་པས། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་དབང་གི་ཕྲིན་ལས་མཛད་པར་གྱུར། ཅོད་པན་སངས་རྒྱས་རིགས་ལྔར་གྱུར་པ་གནས་ལྔར་ཐིམ་པས་ཕུང་པོ་ལྔ་རིགས་ལྔའི་རང་བཞིན་དུ་དག་པར་གྱུར། དབུ་རྒྱན་ནམ་སྐུ་ཙཀ་གནས་ལྔ་དང་མགོར་བཞག་ལ། ཀུན་གྱིས་འདའ་བར་དཀའ་བ་ཡི༔ ཚིག་བཙན་ཡུལ་ལ་དབང་བསྒྱུར་བ༔ རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང༔ སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སྙིང་རྩ་བརྒྱད་ལ་ཐིམ་པས་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་སུ་དག་པར་མོས། ཕྱག་མཚན་ལྔ་སྙིང་གར་བཞག་ལ། རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང༔ རྟགས་ཀྱི་མཚན་མ་ཆེན་པོ་ནི༔ སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ༔ དམ་ཚིག་ཕྱག་རྒྱས་དབང་བསྐུར་རོ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ དྲིལ་བུ་ཡུམ་ལྔའི་ངོ་བོ་དབུ་མའི་ཐིག་ལེར་ཐིམ་པས་ཁམས་ལྔ་སྒྲིབ་བྲལ་དུ་དག་པར་གྱུར། དྲིལ་བུ་གཏད་ལ། དྲིལ་བུ་ཁམས་ལྔ་དག་པའི་ཡུམ༔ དབུ་མའི་ཐིག་ལེ་ཉིད་ལ་བསྟིམ༔ ཤེས་རབ་གཟུངས་ཀྱི་དབང་མཆོག་ནི༔ དོན་དང་ལྡན་པར་གྱུར་པ་ཡི༔ མཐའ་གཉིས་དག་ཏུ་མི་གཏོང་བའི༔ གཟུངས་མའི་རྒྱལ་མོ་ཆེན་པོ་ཡིན༔ གཉིས་མེད་ཡོངས་སུ་རྫོགས་པ་ན༔ ཐམས་ཅད་བདེ་བ་ཆེན་པོའི་ངང༔ བྱང་ཆུབ་སེམས་དང་དོན་དུ་འབྲེལ༔ ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན༔ ཨོཾ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་གཞལ་ཡས་ཁང་དུ་དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་བཞུགས་པ་དབང་གི་ལྷ་རྣམས་ཀྱིས་བཟུང་ནས་དབང་བསྐུར་བས། ལྷ་ཚོགས་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་བོས་དྲི་མ་ཐམས་ཅད་གཏོར་ཞིང་ཡེ་ཤེས་རྒྱུད་ལ་བླུགས་པར་གྱུར། རྣམ་བུམ་སྤྱི་བོར་བཞག །བུམ་ཆུ་སྦྱིན་ལ། བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ༔ དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི༔ དབང་མཆོག་དེ་ཡང་སྦྱིན་པར་བྱ༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ་ཨོཾ་སྭཱ་ཧྲཱིཿཧཱ༔ དེ་ལྟར་ན་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ཕན་པའི་དབང་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་རགས་པ་འཁྲུད། རྣལ་འབྱོར་ཕྱི་པ་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། གཙོ་བོའི་ཕྱག་རྒྱ་སྤྱི་བོ་ནས་ཞུགས་ལུས་ལ་ཐིམ་པར་མོས་ཤིག །ཙཀླི་རྣམས་རེ་རེ་བཞིན་སྤྱི་བོ་སོགས་གནས་སོ་སོར་བཞག་ལ། ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཁྲོ་བོའི་རྒྱལ༔ གཏུམ་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལཱ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ལྔའི་ཁྲོ་རྒྱལ་ཡབ་ཡུམ་རྣམས་སྤྱི་མགྲིན་སྙིང་ལྟེ་གསང་གནས་རྣམས་སུ་ཐིམ་པར་གྱུར། ཧཱུྃ༔ གཏི་མུག་རྡོ་རྗེ་ཡུམ་དང་བཅས༔ སངས་རྒྱས་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་བུདྡྷ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རྡོ་རྗེ་ཡུམ་དང་བཅས༔ རིན་ཆེན་རིགས་མཆོག་གཏུམ་པོ་ཆེ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་རཏྣ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རྡོ་རྗེ་ཡུམ་དང་བཅས༔ པདྨའི་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་པདྨ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རྡོ་རྗེ་ཡུམ་དང་བཅས༔ ལས་ཀྱི་རིགས་མཆོག་གཏུམ་ཆེན་པོ༔ ཉོན་མོངས་རྣམ་པར་དག་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་སྤྲུལ་པ་རོ་རྐྱང་གཉིས་སུ་ཐིམ་པར་གྱུར། ཧཱུྃ༔ ཐབས་དང་ཤེས་རབ་སྤྲུལ་པ་ལས༔ གཟིག་དང་ཁྭ་ཏའི་གདོང་པ་ཅན༔ ཕོ་ཉ་ལས་ལ་མངག་པའི་ཕྱིར༔ སྤྲུལ་པའི་དབང་མཆོག་སྦྱིན་པར་བྱ༔ བཛྲ་བྱཱ་ལ་མུ་ཁ་ཧཱུྃ༔ བཛྲ་པྲེ་ཏི་མུ་ཁཱི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བའི་ཡུམ་བཞི་གཏུམ་མོ་ཡུམ་གྱི་ཕྱག་གཉིས་དང་ཞལ་དང་བྷ་ག་རྣམས་སུ་ཐིམ་པར་མོས། དཀར་མོ་མིག་གཅིག་རྒྱས་འདེབས་མ༔ ཤར་ཕྱོགས་མདུན་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ སེར་མོ་ལས་མཁན་ཚེ་འཕེལ་མ༔ ལྷོ་ཕྱོགས་གཡས་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ དམར་མོ་ཟ་བྱེད་དབང་སྡུད་མ༔ ནུབ་ཕྱོགས་རྒྱབ་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ ནག་མོ་རལ་གཅིག་རྨོངས་བྱེད་མ༔ བྱང་ཕྱོགས་གཡོན་ནས་འཁྲིལ་བ་ཡིས༔ སངས་རྒྱས་ཀུན་གྱི་གཟུངས་མ་མཛད༔ གསང་བའི་ཡུམ་འདིས་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་གཎྜེ་པྲ་ཛྭ་ལ་ཡཱ་ཡ་ན་མ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞི་ཡབ་ཀྱི་ཕྱག་ཞབས་བཞི་ལ་ཐིམ་པར་གྱུར། བྱམས་པ་ཚད་མེད་ལྕགས་ཀྱུ་མ༔ རྡོ་རྗེ་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་འདྲེན༔ སྒོ་མ་ཆེན་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་རྗེ་ཚད་མེད་ཞགས་པ་མ༔ རིན་ཆེན་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་བཅིངས༔ སྒོ་མ་ཆེན་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དགའ་བ་ཚད་མེད་ལྕགས་སྒྲོག་མ༔ པདྨ་རིགས་ཀྱི་ཕོ་ཉ་ཆེ༔ མ་ལུས་བདེ་བའི་གནས་སུ་སྡོམ༔ སྒོ་མ་ཆེན་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ལོ་ཀ་བཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཏང་སྙོམས་ཚད་མེད་དྲིལ་བུ་མ༔ ཀརྨ་ཁྲག་འཐུང་ཕོ་ཉ་ཆེ༔ མ་ལུས་བདེ་བས་མྱོས་པར་བྱེད༔ སྒོ་མ་ཆེན་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་བྷསྨི་པ་ལ་ཡ་ཝ་ཏུ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་ནང་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་ནང་དབང་འབྱུང་བའི་ཆུ་བོ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་འབྲིང་པོ་འཁྲུད། མ་ཧཱ་ཡོ་ག་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། མཐར་ལམ་དང་པོ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །དེ་རྣམས་ཀྱི་ནང་སྒྲུབ་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་ཕན་ནུས་ཀྱི་དབང་བསྐུར་ལེགས་པར་བགྱིས་གྲུབ། ཅེས་པ་ཙམ་གྱིས་དབང་ཕྱི་མ་ལ་མཚམས་སྦྱར་བའམ། སོ་སོར་ཕྱེ་བའི་སྐབས་རྗེས་རིམ་སྤྱི་ལྟར་བྱ་ཞིང་། ཚོགས་མཆོད་མན་ཆད་ལས་བྱང་གི་མཇུག་བསྡུ་འོ།། །།གཉིས་པ་གསང་སྒྲུབ་ལ་བརྟེན་ནས་སྒྲུབ་གསང་གི་དབང་བསྐུར་བ་ནི། དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས། མཆོད་གཏོར་སོགས་གོང་སྨྲོས་ལྟར་ལ། སྒྲུབ་དབང་ཆས་འཁོར་ལོ། ཉི་ཟླ། རྒྱལ་སྲིད། རྟགས་ཀྱི་རྫས་བརྒྱད། རྡོ་རྗེ། གདུགས། དུར་ཁྲོད་དང་དཔལ་ཆས། ཚེ་འབྲང་དང་སྨན་ཐོད་རྣམས་དང་། གསང་དབང་ཐོད་པའི་བདུད་རྩི་དང་། རིག་ཙཀ་རྣམས་བཀོད། ཕྲིན་ལས་མངོན་རྟོགས་གསང་སྒྲུབ་ལྟར་སྒོམ་བཟླས་ཡིག་བརྒྱའི་བར་གྲུབ་ནས། སློབ་མ་ལ་ཁྲུས་བྱ། གསང་སྒྲུབ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་སྒྲུབ་གསང་གཉིས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། སངས་རྒྱས་དག་ནི་ཐམས་ཅད་ཀྱི༔ གསང་བ་རྡོ་རྗེ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ དབང་བསྐུར་གནང་བ་ཆེན་པོ་སྩོལ༔ ལན་གསུམ། རིམ་པ་གསུམ་པ་སྒྲུབ་པའི་དབང་སྦྱིན་པ་ལགས་པས་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་དཔལ་ཧེ་རུ་ཀ་གཏུམ་ཆེན་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཡུམ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པ་ལ། ཆོས་ཀྱི་འཁོར་ལོ་བྱིན་པས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་དུ་སྨིན་པར་མོས་ཤིག །དབང་རྫས་རྣམས་ཚིག་མཐུན་སྦྱིན་ལ། ཨ༔ ཡན་ལག་བཅུ་གཉིས་དང་ལྡན་པ༔ རྫུ་འཕྲུལ་རྐང་པ་བཞི་ལ་སོགས༔ འདུན་པ་སེམས་པའི་སྐྱེས་བུ་ལ༔ རྟགས་ཀྱི་དབང་མཆོག་སྦྱིན་པར་བྱ༔ དྷརྨྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་ཉི་ཟླ་བྱིན་པས་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་དུ་སྨིན་པར་མོས། ཨ་དང་མ་ལས་བྱུང་བ་ཡི༔ སྣང་སྟོང་དབྱེར་མེད་བརྩེ་བ་ཆེ༔ ཐབས་དང་ཤེས་རབ་རང་བཞིན་ཉིད༔ སྦྱོར་བའི་རིགས་ཆེན་འབྱེད་པ་ལ༔ སྟོབས་ལྔ་དབང་པོ་རྫོགས་པའི་ཕྱིར༔ དབང་ཐོབ་དེ་ལ་སྦྱིན་པར་བྱ༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་བྱིན་པས་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་དུ་སྨིན་པར་མོས། སངས་རྒྱས་ཀུན་གྱི་རྒྱལ་སྲས་ཡིན༔ འཁོར་ལོས་སྒྱུར་རྒྱལ་མངའ་གསོལ་ཕྱིར༔ ཡང་དག་མཐོང་བས་དབུགས་ཆེན་འབྱིན༔ ཡན་ལག་བདུན་གྱི་ཡོ་བྱད་རྣམས༔ དབང་ཐོབ་དེ་ལ་སྦྱིན་པར་བྱ༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་པའི་རྟགས་རྫས་བརྒྱད་བྱིན་པས་སྒོམ་ལམ་རིམ་པ་བརྒྱད་ཀྱི་རྣལ་འབྱོར་དུ་སྨིན་པར་མོས། འཕགས་ལམ་ཡན་ལག་བརྒྱད་ལྡན་ཕྱིར༔ མཐོང་བ་གོམས་པའི་རྣལ་འབྱོར་ལ༔ རྒྱལ་བས་བཀྲ་ཤིས་ལུང་ཡང་སྟོན༔ དེ་ལྟར་འདི་ལའང་སྦྱིན་པར་བྱ༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལག་ཏུ་གསོར་བས་སྒོམ་ལམ་མཐར་ཐུག་ས་བཅུ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་དུ་སྨིན་པར་མོས། སྟོབས་བཅུ་རྫོགས་པའི་རྡོ་རྗེ་ཉིད༔ རྩལ་ཆེན་ཐོབ་པས་གསོར་བར་མཛད༔ ས་བཅུ་མཐའ་རུ་ཕྱིན་པའི་ཕྱིར༔ རྒྱལ་སྲས་དེ་ལ་སྦྱིན་པར་བྱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་གདུགས་བཟང་ཕུབ་པས་མི་སློབ་པའི་ས་མཐར་ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་སྨིན་པར་མོས། ཀུན་གྱི་བླ་མར་གྱུར་པའི་ཕྱིར༔ རྒྱལ་བ་སེམས་དཔའ་ཐམས་ཅད་ཀྱིས༔ རྒྱལ་སྲས་དེ་ལ་དབང་བསྐུར་བས༔ མི་སློབ་རྒྱལ་སྲིད་ཆེན་པོ་རུ༔ རིན་ཆེན་ཏོག་སྟོང་རབ་འབར་བ༔ དཀྱིལ་འཁོར་གཙོ་བོར་མངའ་གསོལ་ལོ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ དུར་ཁྲོད་ཀྱི་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྣམས་ཀྱིས་མངའ་གསོལ་བས་དཀྱིལ་འཁོར་བདག་པོ་དཔལ་ཧེ་རུ་ཀ་དང་དབྱེར་མེད་དུ་གྱུར་པར་མོས་པས། ཧེ་རུ་ཀ་དཔལ་ཆེན་པོ་རུ༔ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས༔ དབང་མཆོག་རྒྱལ་པོ་དེ་ལ་སྦྱིན༔ ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེའི་འབྲང་རྒྱས་དང་སྨན་གྱི་ཕོ་བྲང་སོགས་སྒྲུབ་རྫས་རྣམས་བྱིན་པས་ཐུན་མོང་དང་ཁྱད་པར་གྱི་དངོས་གྲུབ་སྒྲུབ་པའི་ཕྲིན་ལས་ལ་དབང་འབྱོར་པས་དོན་གཉིས་ལྷུན་གྱིས་གྲུབ་པར་མོས། དངོས་གྲུབ་ཆེན་པོ་ཐོབ་པའི་ཕྱིར༔ རྡོ་རྗེ་ཚེ་དང་བདུད་རྩི་སྨན༔ རང་བཞིན་དོན་གཉིས་ལྷུན་གྲུབ་ཕྱིར༔ སྒྲུབ་རྫས་རྣམས་ཀྱི་དབང་མཆོག་སྦྱིན༔ སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་སྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་ཕྲ་བ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་བསྐྱེད་རིམ་དང་ཐུན་མོང་གི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་དང་། མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ།། །།བཞི་པ་གསང་བའི་དབང་ལ་རྣམ་པ་གསུམ་ཡོད་པ་ལས། དང་པོ་རྫས་གསང་བ་བྱང་ཆུབ་སེམས་ཀྱི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་དཀར་དམར་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ། ཁྱེད་རང་རྣམས་ཀྱི་མགྲིན་པར་མྱངས་པས་རྩ་ཁམས་བདེ་བ་ཆེན་པོར་བྱིན་གྱིས་བརླབས། ཕུང་ཁམས་སྐྱེ་མཆེད་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །བྱང་ཆུབ་སེམས་ནི་བླ་ན་མེད༔ ཕུང་ཁམས་སྐྱེ་མཆེད་དག་པའི་ཕྱིར༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བདུད་རྩི་དཀར་དམར་སྦྱིན་པར་བྱ༔ ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐོད་པའི་བདུད་རྩི་སྦྱིན། གཉིས་པ་ལས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་གཏད་པ་དང་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཅུ་དྲུག་གི་མཐར་སོན་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་། སྣང་རྟོག་གི་ཆོས་ཐམས་ཅད་གདོད་ནས་དབྱིངས་དང་ཡེ་ཤེས་མཉམ་སྦྱོར་ཆེན་པོའི་རང་བཞིན་དུ་རྟོགས་པར་མོས་ཤིག །སྣང་སྲིད་ཐབས་དང་ཤེས་རབ་དབྱིངས༔ ཀུན་ཀྱང་ལས་ཀྱི་ཕྱག་རྒྱར་རོལ༔ ཐབས་ཀྱིས་ཟིན་པའི་སྐད་ཅིག་ལ༔ རྡོ་རྗེ་པདྨའི་དཀྱིལ་འཁོར་དུ༔ བདེ་ཆེན་བྱང་ཆུབ་སེམས་རྟོགས་པ༔ བླ་མེད་དབང་མཆོག་སྦྱིན་པར་བྱ༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་ཨ་བྷི་ཥིཉྩ་ཧོོ༔ ཞེས་རིག་ཙཀ་གཏད་པའམ་པདྨ་རྡོ་རྗེའི་བརྡས་མཚོན། གསུམ་པ་དོན་གསང་བ་ཚིག་དབང་ནི། ཕྱག་རྒྱའི་བདེ་བའི་མཚོན་དཔེ་ལས་སྐྱེས་པའི་རང་རིག་དོན་དམ་པའི་ངོ་བོར་མཉམ་པར་བཞག་པས། དཀྱིལ་འཁོར་རྣམ་གསུམ་འདུ་འབྲལ་མེད་པའི་དབྱིངས་སུ་ཆོས་ཐམས་ཅད་གདོད་ནས་མངོན་པར་བྱང་ཆུབ་པའི་དགོངས་པ་ལྷག་གེར་འཆར་བ་ཉིད་བསལ་བཞག་དང་བྲལ་བར་སྐྱོངས་འཚལ། ཨེ་མ་ཧོ༔ ཆོས་རྣམས་རང་རིག་དབྱིངས་སུ་རྫོགས༔ ཡེ་ནས་མ་སྐྱེས་ཀུན་བཟང་མོ༔ མ་འགགས་སྣང་བ་ཀུན་ཏུ་བཟང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ བདེ་བ་ཆེན་པོ་སྲས་ཀྱི་མཆོག༔ མི་རྟོག་ཡེ་ཤེས་འོད་གསལ་བ༔ རྣལ་འབྱོར་ཐབས་ལ་བརྟེན་ནས་རྟོགས༔ ལྟ་བ་སྤྱི་འབྱམས་དབང་འདི་ལ༔ རྒྱལ་ཐབས་སྤྱི་བླུགས་ཞེས་སུ་གྲགས༔ རྫས་ཀྱི་དབང་དེ་མ་ཐོབ་ཀྱང༔ ཆོས་ལ་སེམས་ཀྱི་དབང་ཐོབ་ན༔ རྒྱལ་བ་སེམས་དཔའ་ཐམས་ཅད་ཀྱིས༔ དེ་ལ་དབང་ནི་བསྐུར་བར་འགྱུར༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་ན་ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གསུམ་ཐོབ། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་། ངག་ཡིད་འཕོ་བའི་ཐིག་ལེའི་དྲི་མ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་སྒྲུབ་པ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་ལམ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །ཤིས་བརྗོད་ཅི་རིགས་བྱ། དེ་དག་རྣམས་ཀྱིས་མི་གཡོ་བླ་མེད་ལུང་ལུགས་རྡོ་རྗེ་ཟམ་པའི་དབང་གི་ཆུ་བོ་ལེགས་པར་གྲུབ་པ་ལགས་པས་རྗེས་ཀྱི་བྱ་བའང་། གཞུང་ལས། དམ་ཚིག་མ་ལུས་ཁས་བླང་བ༔ སྲོག་ལ་བསྡོས་ཏེ་བསྲུང་བར་བྱ༔ མཚན་ཉིད་ལྡན་པའི་བླ་མ་དེ༔ སངས་རྒྱས་ཉིད་དུ་རྟག་པར་བལྟ༔ བཀའ་ཡི་ཟུར་ཡང་མ་ཉམས་བགྱི༔ གལ་ཏེ་མ་བརྟགས་བླ་མར་བགྱིས༔ སྐྱོན་གྱི་ཕུང་པོར་གྱུར་ན་ཡང༔ བརྙས་པར་བགྱིས་པ་གང་ཡིན་པ༔ དེ་ནི་དམྱལ་བར་ལྟུང་ཞེས་པ༔ རྡོ་རྗེའི་རྒྱུད་རྣམས་ཀུན་ལ་གྲགས༔ དེ་ཕྱིར་བླ་མ་ཤིན་ཏུ་བཀུར༔ ཇི་ལྟར་ནུས་པ་དེ་བཞིན་དུ༔ དངོས་གྲུབ་དག་ཀྱང་མྱུར་བར་འགྱུར༔ འབྲས་བུ་དབང་གིས་སྨིན་བྱེད་ཀྱང༔ ས་བོན་དམ་ཚིག་དག་གིས་འཛིན༔ ལམ་རྣམས་ཀུན་གྱི་རྩ་བ་ལ༔ སྡོམ་པ་དམ་ཚིག་ལྡན་པ་གཅེས༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། རྗེས་རིམ་ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་དུ་གསལ་བ་ལྟར་རོ། །འདིར་ནི་དཀྱིལ་འཁོར་གཉིས་ལ་བརྟེན་ནས་དབང་རིམ་ཅན་དུ་བསྐུར་བའི་ཚུལ་ཡིན་ལ། མགྱོགས་དབང་སླ་ཐབས་བྱེད་ན་མདུན་དཀྱིལ་གཉིས་གཡས་གཡོན་ལྷན་ཅིག་ཏུ་བཀོད། ལྷ་བསྐྱེད་གནས་འགྱུར་ཚུལ་གྱིས། ཆོ་གའི་ཐོག་མཐའ་ཚར་གཅིག །བསྐྱེད་བཟླས་དངོས་གཞི་སོ་སོ་བྱས་པའང་ད་ལྟའི་ཕྱག་ལེན་སྤྱི་ལུགས་ཏེ། དེའི་ཚེ་དབང་ཉིད་ཀྱང་ནང་དབང་གི་རྗེས་དེ་མ་ཐག་པར་སྒྲུབ་དབང་སྦྲེལ་བ་ལས་བར་གྱི་མཎྜལ་གསོལ་གདབ་སོགས་མི་དགོས་སོ། །གཟུང་འཛིན་བདུད་བཞིའི་འཆིང་ལས་གྲོལ། །མཉམ་ཉིད་དགོངས་པ་མི་གཡོ་བར། །བདེ་ཆེན་སྡོམ་པའི་དཀྱིལ་འཁོར་དུ། །ཡང་དག་གྲུབ་པ་མངོན་བྱེད་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀས་རྗེས་སུ་གནང་ཞིང་། གང་དེའི་སྲས་ཡུམ་ལྷན་རྒྱས་ཀྱི་བཞེད་པ་སྐོང་བའི་སླད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤྲཱི་དེ་བཱི་ཀོ་ཊའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་ཕུར་པའི་གནད་ཏིག་གི་མནན་པ་རྡོ་རྗེའི་རི་རབ་ (Volume 32, Text 26)

༄༅། །སྙན་བརྒྱུད་ཕུར་པའི་གནད་ཏིག་གི་མནན་པ་རྡོ་རྗེའི་རི་རབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཨེ་ཡིག་སྟོང་ཆེན་འབར་བའི་དབྱིངས། །བདག་རྟོག་དམ་སྲི་ཐར་མེད་མནན། །རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི། །འབར་བའི་གར་གྱིས་ཤིས་པ་སྩོལ། །དེའང་ཕུར་པའི་གནད་ཏིག་གི་གཞུང་རྩ་བ་ལས། མནན་པ་པུ་རི་ནག་པོ་ནི༔ འཁོར་ལོའི་སྲོག་དང་ལྡན་པར་བཞེངས༔ འོག་ཏུ་དགྲ་བགེགས་བར་ཆད་ཀྱི༔ ལིང་གར་དགུག་བསྟིམ་འཆིང་ཞིང་གཟིར༔ ཞེས་མཆོད་རྟེན་ནག་པོའི་བཅས་ཆོག་དང་འབྲེལ་བར་དམ་སྲི་སོགས་ཀྱི་ལིང་འཁོར་མནན་པར་གསུངས་ཀྱང་། འདིར་ཕྱག་ལེན་སྤྱི་རྒྱུག་ཙམ་འབྲི་བ་ལ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུག་ཤོག་ལ་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར་དགྲ་སྲི་མ་གཏོགས་སྲི་ལིང་ཐམས་ཅད་མི་གཟུགས་བྱ་མཆུ་ཅན་གྱི་སྙིང་གར། དགྲ་ལ་ནྲྀ་དང་གཞན་ཏྲི་ཡིག་ཛ་ཁ་སྤྲོད་ཀྱི་བར་དུ་གཏེམས་པའི་མཐར་ཛཿཧཱུྃ་བཾ་ཧོ། མོ་ཧ་གྷ་ཡ་ཆེ་གེ་མོ་ཨོཾ་བཛྲ་ཨངྐུ་ཤ་ཛཿཆེ་གེ་མོ་ཧཱུྃ་ཛཿ ཞེས་པས་བསྐོར། དཔྲལ་བར་སྲི་གང་ཡིན་གྱི་མིང་སྤེལ་བཅུག་པའི་མནན་སྔགས་དཔེར་ན་ཨོཾ་ལཾ་ཧཱུྃ་ལཾ་དམ་སྲི་སཏྭམྦྷ་ཡ་ནན། ཡན་ལག་བཞིར་ཛཿཧཱུྃ་བཾ་ཧོཿ གཟུགས་ཀྱི་མཐར་མཱ་ར་ཡ་ནན་མང་དུ་བྲིས་པས་བསྐོར། སྤྲོ་ན་དཔྲལ་བར་ཨོཾ་ལཾ་སོགས་ཀྱི་འོག་དུ། ཇི་འུ་ཀུང་ཀེག་ཤངས་ཁུག་ཛཿ མིག་གཉིས་ལ་ལོང་། རྣ་བར་འོན། སྣར་ཐིབ། ཁར་བདུད་པོ་ང་ལོངས། མགྲིན་པར་བརྗེད། དཔུང་པ་གཡས་གཡོན་ལ་ཛཿཧཱུྃ། པུས་མོ་གཡས་གཡོན་ལ་བཾ་ཧོཿ ཉྭ་ལྡིར་བཞིར་མཱ་ར་ཡ་རྦད་འབྲུ་བཞིའི་འོག་ཏུ་ཞ་ཡིག་རེ། དགྲ་མནན་སོགས་ལ་བརླ་གཡས་སུ་བླ་གང་བརྫུ་ཁུག་ཛཿཕྲེང་དུ་བྲི། གཡོན་དུ་ཚ་ཡིག་གི་མཐར་པུས་མོའི་མགོ་ཕྱོགས་ནས། ཏྲཾ་ཏྲི་ཤཾ་ཏྲི་ཛཿཁཾ་ཤ་བྷ་ཛཿཏྲི་ཐུཾ་ཛཿཞེས་མགོ་ཕྱིར་བསྟན་དུ་བསྐོར། སྲི་མནན་སོགས་ལ་ཆེ་གེ་གདུག་པ་ཅན་གྱི་བླ་སྲོག་ཤཀྟི་ཐུན་ཛཿཞེས་བརླ་གཡས་གཡོན་གཉིས་ཀར་ཡིག་མགོ་པུས་མོ་ནས་བརྩམ་སྟེ་བྲི། གཉིས་ཀར་གསང་བར་ཕཊཿ རྐང་མཐིལ་གཉིས་ལ་ཡཾ་རེ་བཅས་བྲི། གང་ལྟར་མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་དྲུག་གི་ལིང་གཟུགས་ཀྱི་མགོ་ཐོག་ནས་གབ་པའི་སྔགས་དྲུག་གཡས་སྐོར་དུ་བྲི། མུ་ཁྱུད་གསུམ་པར་ཁྲོ་བཅུའི་སྔགས་མཐར་ཆེ་གེ་སཏྭམྦྷ་ཡ་ནན་བྲི། ཕྱི་རོལ་ཛ་ཁྲམ་གྱིས་བསྐོར་རོ། །ཡང་དགྲ་སྲོག་སྤུ་གྲིའི་འཁོར་ལོ་བྱ་བར་འདོད་ན། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་གཉིས་པར་རྩིབས་དྲུག་ལ་གཟུགས་བརྙན་ཚང་བར་བྲི་སྟེ། ཤར་རྩིབས་ལ་མགོ །ནུབ་ཏུ་མཚན་མ། གཞན་རྣམས་ལ་ཡན་ལག་སོ་སོར་བྲིས་ལ་རྩིབས་ནང་དུ་ཚུད་པར་བྱ། མགོ་བརྙན་གོང་བཤད་ལྟར་རམ་དམིགས་བསལ་སོ་སོར་སྤྱི་ལྟར་བསྒྱུར་ཡང་ཆོག །གང་ལྟར་མགོ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སྙིང་ཁྲག་ཤད་ཛ་ཨ་ཛི་ཏེ༔ ཨ་པ་ར་ཙིཏྟ༔ ལག་པ་གཡས་ལ་མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ ཐིབས་ཐིབས༔ གཡོན་ལ་ཙིཏྟ་སྲོག་ལ་ཏུང་ཏུང༔ སྲོག་ལ་ཡཾ་ཡཾ༔ ཛ་ཡེ་བི་ཛ་ཡེ༔ མྱགས་མྱགས་སོད་སོད༔ ཙཀྲ་སེ་ན་གཏུབས༔ རྐང་པ་གཡས་ལ་སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཀ་ཏཾ་ཀ་ཡེ་སྙིང་རྩ་ལ་ཡཾ་ཡཾ༔ སྙིང་ཁ་ལ་རག་དུན་ཏྲི༔ གཡོན་ལ་མ་མ་པཱུ་ཤཾ་ཀུ་རུ༔ དྷཱ་ཏི་མ་མ་ཀརྨ་ཡི་ནན་ཤི་གྷྲཾ་མ་ཏང་གཉའ་ཀ་ར་ཡེ་མཱ་ར་ས་ནེ་པྲ་མར་དྷན་ཡེ་ཧཱུྃ་ཕཊ༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ནྲྀ་ཏྲི་གང་དགོས། སྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊཿ རྐང་མཐིལ་གཉིས་ལ་ཡཾ། རྣ་བར་འོན། མིག་ལ་ལོང། སྣ་བར་ཞོམ། ཁ་ལ་དུང་དུང་བྱ་བ་བྲི། མུ་ཁྱུད་དང་པོའི་སྙིང་གའི་སྲོག་ཡིག་སྟེང་ནས་བརྩམ་སྟེ། འོག་ཏུ་ཡོད་པ་ལྟར། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་ཆེ་གེ་ཛཿཛཿ སོགས་དང་། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛཿསོགས་སྲི་འདྲེ་དང་། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་སོགས་དགྲ་ལིང་གང་ཡིན་གྱི་འགུགས་སྔགས་སྦྲེལ་ལ་སྔགས་མགོ་ཕྱིར་བསྟན་སྔགས་མཇུག་ནང་དུ་ཚུད་པར་བྲི། མུ་ཁྱུད་ཕྱི་མ་གསུམ་པར། མ་རཀྨོ་ཡཀྨོ་སོགས་སཏྭམྦྷ་ཡ་ནནཿ ཞེས་པའི་འོག་གི་མནན་སྔགས་ཀྱང་ཚུལ་སྔར་ལྟར་བྲིས་པའི་ཕྱི་ལ་ཛ་ཁྲམ་གྱིས་བསྐོར། དེ་ལྟར་བྲིས་གྲུབ་ནས་ཆུ་ཟན་གཙང་མས་ཤོག་བུའི་ཕྱི་ནང་ཐམས་ཅད་ཕྱི། སྣོད་གཙང་ཆུས་བཀང་བར་བཤན་ནས་རླུང་ལ་ཕྱར་ཏེ་སྐམ། འབྱུང་བཞིའི་ལིང་ཁྲུས་སོགས་སྤྱི་ལྟར་ཚད་ལྡན་བྱས་ལ་དུག་ཁྲག་གིས་བྱུགས། དམིགས་བསལ་དགྲ་ལ་དྲི་མ་དྲུག་སོགས་ཟག་རྫས། བགེགས་ལ་འདྲེ་ཚུགས་ཀྱི་ས་དང་རྟེན་གནས་ས་རྡོ་ཆུ་ཤིང་གང་ཡིན་རྣམས་ལྕགས་སྣོད་དུ་རླངས་པ་ཐོན་ཙམ་མེ་ལ་བསྲོས་ནས་བྱུགས། ལག་ལེན་ཚད་ལྡན་བྱེད་ན་ཕར་ལ་མི་ཐེབས་མི་སྲིད་པའི་གཟེར་ནི། ལིངྒ་དྲིལ་ཏེ་མགོ་མཇུག་ལྡོག་ནས་རང་འཐག་གི་མིག་ཏུ་ཡས་ནས་མས་ལ་ལན་བདུན་འདྲེན་བཞིན། ཆེ་གེ་མོ་རྦད་རྦུད་ནྲྀ་རྦད་རྦུད་ཡ། ཞེས་བཟླ། དེ་བཞིན་དུ་ལས་འགྱང་མི་སྲིད་པའི་གཟེར་ནི། ཕྱི་སྒོའི་ཐེམ་འོག་ལ་ནང་ནས་ཕྱིར་ལན་བདུན་དྲངས་ལ། ཆེ་གེ་མོ་སྲོག་ནྲྀ་ལཾ་ནན་མཱ་ར་ཡ་རྦད་ནན། ཞེས་བཟླ། རང་ལ་ལྡོག་མི་སྲིད་པའི་གཟེར་ནི། ལིངྒ་ལྕགས་སྣོད་དུ་བཞག་ལ་རང་གིས་ཕྱི་བསྐོར་ལན་བདུན་བྱ་ཞིང་། བཛྲ་སརྦ་དུཥྚཱན་བྷྱོཿ ཆེ་གེ་ཤ་ཏྲཱུཾ་རྦད་རྦུད་སོད་ནན། སླར་ཡང་རང་གི་རྐང་པར་ཕྱི་བསྐོར་ལན་གསུམ་བྱ། ཟབ་གནད་འདི་རྣམས་མནན་ཆས་སྐབས་བྱེད་པའི་ལུགས་ཀྱང་འདུག །མནན་ནས་མི་ལྡང་བའི་གཟེར་ནི། རྗེས་མནན་པའི་སྐབས་སུ་འབྱུང་ངོ་། །དེ་ནས་དགྲ་ལ་རོ་ལྟེབ་ཟུར་བཞི་ནང་དུ་བཅག་པ་སོགས་མཐའ་ནས་རིམ་པར་བསྡུས་ལ་སྙིང་གའི་ས་བོན་མཐོང་བ་དང་། བགེགས་ལ་འདྲེ་ལྟེབ་སྙིང་གའི་ས་བོན་བཅགས་ལ་བལྟབས་ཏེ་གཏོར་ཟློག་དང་འབྲེལ་ན་ཟློག་དཀྱིལ་གྱི་འོག་དང་། མནན་རྐྱང་ཙམ་ལ་བསྙེན་ཕུར་གྱི་འོག་ཏུ་དུར་རྡོ་གསུམ་ལ་བརྟེན་པའི་ལྕགས་སླང་དུ་ཕུང་ཤུལ་གསུམ་གྱི་ས་དང་སྲིད་པའི་བྱེ་མས་བཀང་བའམ། སྟེགས་བུ་གྲུ་བཞི་ཁྲུ་གང་བའི་ལྟེ་བ་གྲུ་གསུམ་དུ་བརྐོས་པ་ལ་ནང་དུག་ཁྲག་དང་ཕྱི་རོ་སོལ་གྱིས་བྱུགས་ཤིང་ལོགས་གཅིག་རང་ལ་བསྟན་པའི་ནང་དུ་བཅུག་ལ་རས་ནག་གིས་བཀབ། ཁ་ཁྱེར་ལ་སེ་སྐྱེར་འོམ་གསུམ་གྱི་རྩང་རྭས་བསྐོར། བྱ་འུག་གི་སྒྲོ་བསྣོལ་མར་འཛུགས། ཀེ་ཤང་ཉུངས་དཀར་ལྕགས་ཟངས་ཕྱེ་མ་སོགས་དུག་ཁྲག་གིས་ངར་བཏབ་པའི་ཐུན་རྫས་དང་། མནན་སྣོད་སྲི་སོ་སོར་འོས་པའི་ཐོད་པའམ། སྤྱི་ཁྱབ་ཏུ་ཁྱི་སྤྱང་གི་མགོ་དང་། དགྲ་མནན་ལ་གཡག་རྭ་མེ་ཆུས་མ་ཕོག་པ་སོགས་གང་འཛོམ། མནན་སྣོད་ཐོད་པའི་རིགས་ལ་དཔྲལ་བ་ནས་ཕྱིར་ལ་མདུང་ཚུགས་སུ། ཨོཾ་སརྦ་ཛཿཏྲི་སོགས་འོག་ནས་འབྱུང་བ་ལྟར་དང་། དཔྲལ་བར་རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། འགྲམ་པ་གཡས་ལ་ཕོ་ཡི་ཕོ་སྲི་ནན། གཡོན་ལ་མོ་ཡི་མོ་སྲི་ནན། ཞེས་དུག་ཁྲག་གིས་བྲི། དྲིལ་ཚལ་ཡུགས་སའི་ཤ་གོས་དང་རབས་ཆད་ཀྱི་རེ་བའམ་ཕུང་རེ། འཆིང་བྱེད་རོ་སྐྲ་དང་ཁྱི་སྤུའི་སྐུད་པ་ཚོན་སྐུད་སྣ་ལྔ་སོགས་ཀྱང་ཚོགས་པ་དང་། ཚད་ལྡན་བྱེད་ན་ཐོད་གནོན་ར་ཁྱི་ཕག་གསུམ་གྱི་ཐོད་པའང་བསགས། བྲུབ་ཁུང་ལ་ཉི་མའི་ཟེར་དང་བདུད་རྩིའི་ཐིགས་པ་སོགས་མི་ཕོག་པའི་ཆེད་དུ་རེ་ནག་གི་ཡོལ་བས་བཅད། ཉེ་ལོགས་གང་བདེར་བདག་བསྐྱེད་གཏོར་མ། སྨན་རཀ །ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཞི་དྲག །ཚོགས། ཆད་བརྟན། སྲུང་མའི་གཏོར་འབུལ་སོགས་དང་། གཏོར་ཟློག་དང་འབྲེལ་ན་དེའི་ཆས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། ༈ །གཉིས་པ་དངོས་གཞི་ལ་གསུམ། དང་པོ་འགུགས་པ། བར་དུ་གཟིར་བ། མཐར་མནན་པའོ། །དང་པོ་འགུག་པ་ནི། ལས་བྱང་སྤྲོས་པ་རྒྱས་བསྡུས་གང་རུང་གི་བསྙེན་སྒྲུབ་ལས་བཟླས་ཡན་གྲུབ་ནས། གཏོར་ཟློག་འབྲེལ་ན་སྲུང་ཟློག་བསད་དམིགས་དང་། མནན་རྐྱང་ལ་སྲུང་བཟླས་བཅས་བྱ། གང་ལྟར་ཡང་སྨད་ལས་གཏོར་ཟློག་ནང་ལྟར་བསྐུལ་པ་ནས་གཟུང་འགུགས་པ་ལན་བདུན་ནམ་གསུམ་གྲུབ་ཀྱི་བར་སྦྱར་ཞིང། ཧོམ་བསྐྱེད་དང་འགུགས་པའི་སྐབས་སུ་དམིགས་བྱ་གང་ཡིན་ཁ་བསྒྱུར་བྱ། ཁྱད་པར་བླ་འགུགས་ཀྱི་ཕོ་ཉ་མོ་བཞི་བསྐུལ་བ་ནི། ཧཱུྃ། དཔལ་གྱི་ཕོ་ཉ་ལས་མཁན་མོ། །དཀར་མོ་དུང་གི་མཆེ་བ་ཅན། །མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ། །ལག་ན་སྤུ་གྲིས་སེམས་ཅན་སྒྲོལ། །ཞལ་དུ་དགྲ་བོའི་སྙིང་ཁྲག་རྔུབ། །སྤྲུལ་པ་ཐོག་དང་སེར་ཆེན་འབེབ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས། །དམ་ལས་འདས་པའི་བླ་འདྲེན་མ། །ཉམས་པའི་བླ་ལ་ནན་མ་ཆུང་། །ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི། །ནག་མོ་ལྕགས་ཀྱི་ལན་ཚར་ཅན། ཁྱུང་གི་ཁྲ་ཐོགས་གཡས་པ་ན། །བྷནྡྷ་གྲི་ཐོགས་གསོད་ལ་རྔམས། །ཚངས་པ་བསྒྱིངས་པའི་ཆ་ལུགས་ཅན། །མི་སྡུག་མགོ་ལ་གཅེར་བུའི་ལུས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱ་ནས་བླ་ཚོལ་ཚོལ། །དཔག་ཚད་བྱེ་བར་བླ་འགུགས་འགུགས། །ཉམས་པའི་བླ་དང་སྲོག་ལ་ཡ། །ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི། །དཀར་མོ་ཉི་མའི་འོད་འཕྲོ་མ། །གདུག་པ་འདུལ་ལ་དྲག་མོ་སྟེ། །གསོད་པ་རྔམས་པའི་ལས་ལ་བརྩོན། །མཆེ་གཙིགས་གཡང་གཞི་གོས་སུ་གྱོན། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །རབ་ཏུ་བསྒྲུབས་ནས་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྗང་ནག་འཁྱིལ་བའི་ཐོད་གདེངས་ཅན། །སེར་མོ་རལ་ཅན་འབུམ་གྱིས་བསྐོར། །ཕྱག་ན་རལ་གྲི་གསོད་ལ་རྔམས། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །སྔོན་ནས་སྲི་ཅན་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །ནམ་མཁའི་ལྷ་མོ་ཕུར་པའི་ལྷ། །ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ། །སྤྱན་བརྒྱ་ཁྲག་གི་མཆི་མ་འཛག །ཞལ་བརྒྱ་གདུག་པའི་ངན་སྔགས་ཟློ། །ཚེམས་ཀྱིས་སྐྱེ་ཤིའི་རྩ་བ་གཅོད། །ཕུར་པའི་ལས་མཁན་ཆེན་མོ་མ། །རབ་ཏུ་མི་བསྲུན་ལས་ལ་བརྩོན། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ། །ཉམས་པའི་བླ་དང་སྲོག་ལ་ཡ། །བླ་འགུགས་སྔགས་ནི། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ རྒྱལ་སྲི་ཧཱུྃ་ཛཿ ཞེས་པས་མཚོན་སྲི་གང་ཡིན་མིང་སྤེལ་བཅུག་པ་དང་། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནྲྀ་ཏྲི་ཧཱུྃ་ཛཿ ཤན་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛཿ ཀུཾ་ཀུཾ་ཛཿ ཛཿཛཿཧཱུྃ། ཞེས་སྲི་འགུགས་ཀྱི་སྔགས་དང་། དགྲ་མནན་ལ། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུཾ་ཐུཾ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང་། མྱོག་ལིང་། ཤག་ལིང་། ཐུཾ་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་དང་། ཁྱད་པར་འགུགས་སྔགས་ཐུན་མོང་མ་ཡིན་པ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ ཆེ་གེ་ཛཿཛཿ སྙིང་རྩ་ལ་ཡཾ་ཡཾ༔ ཆེ་གེ་ཛཿཛཿ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ ཆེ་གེ་ཛཿཛཿ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཆེ་གེ་ཛཿཛཿ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ ཆེ་གེ་ཛཿཛཿ སོད་སོད་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ༔ ཆེ་གེ་ཛཿཛཿཁུག །ཅེས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཛཿཧཱུྃ་བཾ་ཧོཿ ཞེས་པ་རྣམས་སྐབས་སུ་གང་བབས་བརྒྱའམ་སྟོང་ཕྲག་རེའི་མཚམས་སུ་དོ་གལ་ཆེ་ན་བླ་འགུགས་བསྐུལ་བ་གྲངས་གསོག་བྱ། སྐབས་སུ། དཀྱིལ་འཁོར་གསུམ་གྱི་སྐུ་ལས་སྤྲུལ་པའི་ཕོ་ཉ་ཕྱག་མཚན་སྣ་ཚོགས་ཐོགས་པ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། དགྲ་བོ་དངོས་རང་རང་གི་བླ་རྟགས་བཅས་པ་དང་། ཕོ་སྲི་གཡག་དཀར། མོ་སྲི་ཁྱི་མོ་ནག་མོའི་རྣམ་པ་སོགས་དམིགས་བྱ་གང་ཡིན་རྣམས། སྲིད་རྩེ་ནས་མནར་མེད་ཀྱི་བར་གང་དུ་གནས་ཀྱང་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ། ལས་ཀྱི་རླུང་འཁོར་ལ་བསྐྱོན་ཏེ་རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམས། བྱད་ཐག་གིས་བཅིངས་ནས་སྒོ་གསུམ་ཤིན་ཏུ་ཉམས་ཐག་པ་ལ། རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྕི་བས་མནན་ཏེ་འགུལ་ཙམ་ཡང་མི་ནུས་པར་བསམ་མོ། །དེ་ཡང་འགུགས་པའི་དུས་ནི། ཐོ་རངས། ཉི་ཤར། ཉི་ཐལ། སྲོད་འཁོར་བཞི་སོགས་བླ་འགྱུ་བའི་སྐབས་སུ་ཁྱད་པར་དུ་བསྐུལ་ཞིང་སྔགས་དམིགས་ནན་ཏན་བྱ། ཐུན་མཐར་དམར་གཏོར་རཀྟས་བྲན་ལ་འགུགས་གཞུག་མཐར། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་སོགས་ནས། འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་པའི་བར་གཏོར་ཟློག་ནས་འབྱུང་བ་ལྟར་བརྗོད་ལ་ཐུན་གཏོར་འབུལ། དེ་ནས་ཐུན་ཕྱི་མ་རྣམས་ལ་མཆོད་ཁ་གསོ་ཞིང་ལས་བྱང་མདོར་བསྡུས་མཆོད་པ་བྱིན་བརླབ་ནས་བཟླས་པའི་བར་དང་། བསྐུལ་ནས་ཐུན་གཏོར་བར་སྔར་ལྟར་གཏང་། དགོང་ཐུན་ལ་ལས་བྱང་བཟླས་པའི་མཇུག་ཏུ་ཆོས་སྐྱོང་སྐོང་གསོལ། ཚོགས་བྱིན་བརླབ་ནས་ལྷག་མའི་བར་གཏང་། དེ་ནས་བསྐུལ་པ་ནས་གཟུང་ཐུན་གཏོར་བར་གྲུབ་ནས། ཆོས་སྐྱོང་གཏོར་འབུལ་དང་ཆད་བརྟན་སོགས་མཐར་དབྱུང་ངོ་། །མཚན་ཐུན་བྱེད་ན་ཐུན་བར་པའི་སྐབས་ལྟར་ལན་གསུམ་དང་། རྒྱས་པར་གྲུབ་ན་སྔགས་རྒྱུན་ཡང་བྱ། ཐུན་ཕྱི་མ་རྣམས་ལ་གདབ་ལས་རེ་བྱ་བར་སྤྲོ་ན་ཚོགས་བར་པའི་མཇུག་ཏུ་ཟན་ལིང་གཅིག་བཤམས་ཏེ། མནན་ལིང་དང་གཉིས་ཀར་དམིགས་པས་ཁྱབ་པར་བྱས་ལ། བསྐུལ་ནས་བརྩམ་དཀྱུས་ལྟར་ལ་འགུགས་པའི་རྗེས་སུ་བླ་འགུགས་ཀྱི་ཕོ་ཉ་བསྐུལ་བ་དང་འགུགས་སྔགས་བཟླ་བ་སོགས་སྦྱར། དེ་རྗེས་ལྷ་དང་དབྲལ་བ་ནས་གཟུང་ཞལ་བསྟབ་ཀྱི་བར་བཏང་ནས། ཚོགས་ལ་རོལ་ཞིང་ལྷག་ཆོག་རྗེས་ཐུན་གཏོར་ཕུལ་ལ། དེ་མན་གྱི་རྗེས་ཆོག་དཀྱུས་ལྟར་བྱས་པས་མནན་རྐྱང་ལ་འགྲུབ་པ་ཡིན་ཞིང་། གཏོར་ཟློག་དང་འབྲེལ་ན་ལྷག་མའི་རྗེས་ཟློག་བསྐུལ་ཐུན་གཏོར་བཅས་དཀྱུས་ལྟར་གཏོང་བ་སོགས་འོག་མ་རྣམས་ལའང་འདྲ། འདིར་མནན་ལིང་ལ་གནས་སྤར་བྱེད་མི་བྱེད་ཀྱི་ལུགས་གཉིས་ལས་ཕྱི་མ་ཉིད་ཐེབས་སླ་བར་གསུངས། ལིང་རོ་མཆོད་གཏོར་རམ་ཟོར་གཏོར་དུ་ཕུལ། ༈ གཉིས་པ་བར་དུ་གཟིར་བ་ནི་འགུགས་པ་ཡན་སྔར་ལྟར་གྲུབ་པ་དང་། གདབ་ཁའི་ལས་དྲུག་གིས་གཟིར་བ་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ ཅེས་བསྐུལ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ སརྦ་ཤཱི་གྷྲཾ་ཨ་ན་ཡ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ༔ ད་དྷ་ཡ་ད་དྷ་ཡ༔ བྷིནྡྷ་ཡ་བྷིནྡྷ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླ་ཞིང་དབྱེ་དབབ་བྱད་མྱོས་བརླག་སྟོབ་ཀྱི་ལས་དྲུག་གི་དམིགས་པ་གསལ་བར་བྱ། ཁྱད་པར་དུ་གཟིར་བའི་དམིགས་པ་དངོས་ལ། རྡོ་རྗེ་གཞོན་ནུ་སྐུ་སྨད་ཁྲོ་ཕུར་ལྕགས་སྲེག་གི་རང་བཞིན་དམིགས་བྱའི་སྤྱི་གཙུག་ཏུ་བཏབ། རྐང་མཐིལ་ནས་ཕྱུང་། ལྕེ་སྟེང་ནས་ཨོག་མར་ཕྱུང་། སྙིང་གར་ཐོག་བརྒྱབ་པ་ལྟར་སོང་བས་སྲོག་རྩ་ཐལ་བར་བཏང་། ཡང་དགྲ་བོའི་སྒོ་གསུམ་བྱ་སྒྲོ་མེ་ལ་བསྲེགས་པའམ། གཞོབ་བརྫིས་པ་ལྟར་ཐལ་བ་བུན་བུན་སོང་ནས། ཕུར་པའི་ཆར་རྒྱུན་མི་ཆད་པར་བབས། རྗེས་མེད་རྩ་བརླགས་ཕུང་ཐལ་དུ་སོང་བར་བསམ། ལུས་ངག་ཡིད་གསུམ་བསྒྲལ་བའི་དམིགས་པ་སྒོམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ ཆེ་གེ་མཱ་ར་ཡ་སོདཿ སྙིང་རྩ་ལ་ཡཾ་ཡཾ༔ ཆེ་གེ་མཱ་ར་ཡ་སོདཿ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ ཆེ་གེ་མཱ་ར་ཡ་སོདཿ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཆེ་གེ་མཱ་ར་ཡ་སོདཿ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ ཆེ་གེ་མཱ་ར་ཡ་སོདཿ སོད་སོད་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ༔ ཆེ་གེ་མཱ་ར་ཡ་སོད་ཕཊཿ ཅེས་བཟླས། སྐབས་སུ་ཐུན་བརྡེགས་ལ། མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་མདུན་གྱི་ནམ་མཁར་བྱོན་ནས་མཚོན་ཆ་ཐུན་རྫས་སྣ་ཚོགས་ཆར་ལྟར་ཕབ་ནས་དམིགས་བྱ་དེ་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་མོ། །དེ་ནས་ཐུན་གཏོར་འབུལ་བ་སོགས་གོང་ལྟར་བྱ། མནན་པར་གདབ་ལས་བྱེད་པའི་ལུགས་ལྟར་ན་ཐུན་རྗེས་མར་བསྒྲལ་བ་སྔར་བཤད་ལྟར་རྒྱས་པར་བཏང་ལ། རྡུལ་དུ་བརླག་པའི་འགོར་གོང་གི་ཁྱད་པར་གྱི་གཟིར་དམིགས་བྱས་ཏེ་གཟིར་སྔགས་བཟླ་བ་ཁྱད་པར་རོ། ༈ །གསུམ་པ་མནན་པ་ནི། བསད་སྔགས་ཀྱི་དམིགས་བཟླས་ཐུན་རྡེག་ཡན་སྔར་བཞིན་གྲུབ་ནས། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་གཏུམ་དྲག་ཉམས་བརྒྱར་འབར་བས། དགྲ་བོའི་ལུས་ངག་ཡིད་གསུམ་མནན་པའི་ལས་མཛད་པར་གྱུར། མདུན་གྱི་དམིགས་བྱའི་སྤྱི་མགྲིན་དང་། །སྙིང་ག་ལྟེ་བ་གསང་གནས་ལྔར། །གནམ་ལྕགས་ཙཀྲ་རྩིབས་བརྒྱད་པ། །སྣ་ཚོགས་རྡོ་རྗེས་མཚན་པ་རེ། །ཚིགས་བཞིར་རྒྱ་གྲམ་ལྕི་ཞིང་འཐས། །མནན་པས་ལུས་ངག་ཡིད་གསུམ་ཚོགས། །འགུལ་བསྐྱོད་སྨྲ་བསམ་མེད་པ་རུ། །ཉམས་ཐག་དུཿཁའི་རང་བཞིན་གྱུར། །ཅེས་བསྒོམ་ལ་རྩ་སྔགས་ཀྱི་མཐར། དགྲ་བོ་ནྲྀ་མཱ་ར་ཡ་རྦད་ཐུཾ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཅེས་དང་། བགེགས་ལ་དམ་སྲི་ཏྲི་མཱ་ར་ཡ་སོགས་བསྒྱུར་ལ་བཟླ། ཡང་དམིགས་པ་སྔར་ལྟར་ལ། ཨོཾ་སརྦ་ཛི་ན་ཧཱུྃ་ཛཿ ཏྲི་ཛ་ཏྲིག་ནན། ནྲྀ་ཏྲི་མུ་ཏྲི་ལཾ་ནན། ཤན་ཏྲི་གན་ཏྲི་ནན། ཆེ་གེ་མོ་གུཾ་གུཾ་སཏྭམྦྷ་ཡ་ནན། ཞེས་བཟླ། མནན་སྔགས་ཁྱད་པར་བ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ ཆེ་གེ་སཏྭམྦྷ་ཡ་ནནཿ སྙིང་རྩ་ལ་ཡཾ་ཡཾ༔ ཆེ་གེ་སཏྭམྦྷ་ཡ་ནནཿ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ ཆེ་གེ་སཏྭམྦྷ་ཡ་ནནཿ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཆེ་གེ་སཏྭམྦྷ་ཡ་ནནཿ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ ཆེ་གེ་སཏྭམྦྷ་ཡ་ནནཿ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ༔ ཆེ་གེ་སཏྭམྦྷ་ཡ་ནནཿ ཞེས་གཙོ་བོར་བཟླ། མཆིལ་མ་ཁོང་དུ་སོང་ན་ངག་མནན་དུ་འགྱུར་བས་སྣོད་གཅིག་ཏུ་བསགས་ལ་ཕོ། བཟླས་པ་ཟིན་ནས་སྔོན་ནས་བསྒྲུབས་པའི་རྣམ་འཇོམས་བུམ་ཆུའམ་ཆུ་གཙང་གིས་ཁ་བཤལ། ཐུན་མཐར་སྤུ་གྲིའི་དྲག་སྔགས་ཀྱིས་ཐུན་བརྡེག །དེ་ནས་ཐུན་གཏོར་འབུལ་བ་སོགས་གོང་ལྟར་བྱ། ཕྱི་ཐུན་ལ་བསྒྲལ་ལས་རྒྱས་པར་སྤྲོ་ན་ཞལ་བསྟབ་ཡན་འགུགས་གཟིར་སྦྱར་བ་སྔར་བཤད་ལྟར་གྲུབ་རྗེས་མནན་པའི་སྔགས་དམིགས་སྦྱོར་བ་ཁྱད་པར་རོ། ༈ །གསུམ་པ་རྗེས་ཀྱི་རིམ་པ་མནན་པའི་ལས་དངོས་ནི། རྟགས་སམ་ཞག་གྲངས་རྫོགས་པའི་ཐུན་ཐ་མ་ལ་བབས་པ་དང་། ལས་བྱང་བཟླས་པ་སྐོང་གསོ་ཚོགས་མཆོད་ལྷག་ཆོག་རྗེས་འགུགས་གཟིར་མནན་པ་ཐུན་གཏོར་བར་སྔར་ལྟར་དང་། སྨད་ལས་གཏོར་ཟློག་སྦྱར་བ་ཡིན་ན་ཚོགས་བར་པའི་རྗེས་བསྐུལ་བ་ནས་བརྩམ་ཞལ་བསྟབ་གྲུབ་ཀྱི་བར་གཏང་ཞིང་། དེ་ཡང་འགུགས་པའི་རྗེས་བླ་འགུགས་དང་། རྡུལ་བརླག་གི་འགོར་གཟིར་དམིགས། ཞལ་བསྟབ་མཇུག་མནན་དམིགས་རྣམས་སོ་སོར་སྔར་བཞིན་སྦྱར་ལ་སྔགས་ཁྱུག་ཙམ་རེ་བཟླ། དེ་ནས་ཚོགས་རོལ་ལྷག་ཆོག་ཟློག་བྱང་ཟོར་སྒྲུབ་ཐུན་གཏོར་བཅས་བྱས་ལ། མནན་ཆས་བྱ་བ་ནི། མནན་ཆས་བྱེད་སྐབས་རང་གི་དྲི་མ་དང་མཐེབ་རྗེས་མེད་པ་གལ་ཆེ། མནན་སྔགས་བཟླ་བཞིན་པར་བྱེ་སྟེགས་ཀྱི་བྲུབ་ཁུང་ནས་ལིངྒ་སྐམ་པས་བླངས་ཏེ་དགྲ་འདྲེ་ཕོ་ལ་དཔུང་གཡས། མོ་ལ་གཡོན་སྔོན་དུ་ལྟེབ། མགོ་ནས་མར། མཇུག་ནས་ཡར་ལྟེབ། སྙིང་གའི་སྲོག་ཡིག་བཅགས་ནས་དྲིལ། ཐུན་རྫས། ཡོས་ཚིག །ཐལ་ཆེན། དྭངས་མེད་ཀྱི་མུན་པ་ཕུང་རེའི་ཚལ་བུ། ཐར་མེད་ཀྱི་གཏིང་རྡོ་ཁྲོ་ཆག་དང་བཅས་བྲུབས་ལ་དུག་ཁྲག་གིས་ཁྲམ་བཏབ། ཟབ་གནད་བྱེད་ན་འཆིང་སྐུད་སེར་པོ་ལ། བཛྲ་ཏེ་རི་བི་རི་ཕུད༔ དམར་པོར་ཁ་ལ་རཀྴ་རྦད༔ སྔོན་པོར་དན་ཏི་རྦད་སུ་རྦད༔ དཀར་པོར་ལོ་ཤིག་ཁ་དུ་འབྱུང་བ་ཏིན་ནན༔ ནག་པོར་ཟླ་སྲི་སྲ་ཤ་ས་དོ་ཧཱུྃ༔ ཞེས་ཚོན་སྐུད་རེ་ལ་བརྒྱ་རྩ་རེ་བཏབ་སྟེ་སྡེ་བརྒྱད་ཀྱི་བྱད་ཐག་ཏུ་བསམ་ནས་གྲུ་གསུམ་དུ་བཅིངས་ལ་མནན་སྣོད་དུ་འཛུད། དེ་སྟེང་མི་ཁའི་རྫས་དང་། ཚྭ། བུལ་ཏོག །བ་ཚྭ་རྣམས་ཀྱིས་བཀང་། བ་ར་རྟ་ཡི་འོ་མའི་ཐལ་སྐྱོས་ཁ་བཅད་ལ་རབས་ཆད་ཀྱི་རེ་བ་ཡུགས་སའི་ཤ་གོས་དང་ཕུང་རེས་གཡོགས། རོ་སྐྲ་དང་ཁྱི་སྤུའི་སྐུད་པ། ཚོན་སྐུད་སྣ་ལྔས་ཕྱིར་ལོག་དཀྲིས་པའི་ཁ་ལ་རྒྱ་གྲམ་གྱི་ཐེའུས་རྒྱས་བཏབ། སེ་སྐྱེར་འོམ་གསུམ་གྱི་རྩང་དམར་རྒྱ་གྲམ་དུ་གཟེར། དེའི་ཚེ་དམིགས་པ་ནི། དམིགས་བྱ་དེ་ཉིད་དབང་པོ་ཉམས་ཤིང་འགྱུ་བ་བྲལ་ནས་འགུལ་ཙམ་ཡང་མི་ནུས་ཤིང་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་བརྒྱད་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་པས་མཚན་པ་གཡོན་སྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་ན་ཚ་སྡུག་བསྔལ་མི་སྐྱེ་བ་བདེ་བའི་ངང་དུ་དྲན་མེད་དུ་བརྒྱལ་བར་བསམ་ལ་སྤུ་གྲིའི་མནན་སྔགས་དྲག་ཏུ་བཟླ། དེ་ལྟར་མནན་ཆས་ཟིན་ནས་བྲུབ་ཁུང་དུ་བཞག་ལ་ཐོད་དབང་བསྐུར་བའི་དམིགས་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་དང་རང་བཞིན་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས། འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་བསམ་ཞིང་། དྲིལ་ཚས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་དང་ཐོད་གནོན་ཡོད་ན་དེ་རྣམས་ཀྱང་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བར་ནན་ཏན་དུ་གསལ་གདབ་ལ། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཧཱ་སྭཱ་ཡེཿཎ་མ་ཤྲ་ཧཱ་མ་དཱི་བཱ་ཝཾ་ཨེ། དྷ་རོ་ནི་ཡོ་ཥཱཉྩ་ཏེ། དཏ་བ་ཧྱ་ཏོ་ག་ཐཱ་ཏ་ཥཱན། ཏེ་ཏུན་ཧེ། ཝཱ་བྷ་པྲ་ཏུ་ཧེ་མ་དྷཱར་ཡེ་ཨོཾ། ཞེས་ཉེར་གཅིག་གིས་རབ་ཏུ་གནས་པར་བྱའོ། །དེ་ནས་མནན་པའི་ས་ནི། མངོན་སྤྱོད་ཀྱི་གཞུང་རྣམས་ལས་གསུངས་པའི་རིགས་ངེས་པར་གལ་ཆེ་ཞིང་། དཀྱུས་འགྲེ་ཙམ་དུ་དགྲ་འདྲེ་སྤྱི་ལ་ལྷ་ཁང་དང་། མཆོད་རྟེན། མ་ཎིའི་འབུམ་པ་སོགས་ཀྱི་འོག །ལམ་རྒྱ་གྲམ། བྱེ་བྲག་དམ་སྲི་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རྨང་། དགྲ་སྲི་གོང་གསུམ་ལྟོང་དང་ལུང་གསུམ་མདོ། དུར་སྲི་དུར་ཁྲོད་དབུས། ཕུང་སྲི་གྲོང་དབུས་སམ་སྲང་མདོར་མནན་པ་སོགས་ཀྱིས་མཚོན་སོ་སོར་ཤེས་པར་བྱས་ལ། དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། དགུན་གསུམ་བྱང་དུ་བལྟས་ནས་བཙོད་རུ་སོགས་ལ་ཀླུ་སྨན་སྦྱར་བས་དོང་གྲུ་གསུམ་བརྐོ། དེའང་ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར། དེ་ནས་སོར་ཉི་ཤུ་བྲུས་པའི་སར་མནན་པར་བྱ། མནན་དོང་བརྐོ་དུས་གང་དུ་འབྲུ་ཡང་མ་ཕིག་ན་མ་ཐེབས་པ་ཡིན་པས་སླར་བསྐྱར་ནས་བརྟགས་དགོས་པར་གསུངས་ཤིང་། ཅུང་ཟད་བརྐོས་པས་བུག་པ་ལྟར་སོང་བ་དང་བརྐོ་སླ་བ་སོགས་ནི་ཐེབས་པའི་ཚད་དང་རྟགས་སུ་བཤད་པ་སོགས་འཕྲོས་དོན་ནོ། །དེ་ནས་སྤྲོ་ན་སློབ་དཔོན་སྔགས་ཆས་སུ་ཞུགས། དཀར་གཏོར་གསེར་སྐྱེམས་མནན་ཆས་རིགས་རྣམས་དང་། གཏོར་ཟློག་དང་སྦྲེལ་དུས་ཟོར་ལམ་བསལ་ཞིང་ཆད་ཐོ་འབུལ་བ་ཡན་ཆད་རང་གཞུང་ལྟར་གྲུབ་རྗེས་ཟོར་རྫས་རྣམས་དང་བཅས། ཁྱེར་ལ་གང་དུ་བྱ་བའི་གནས་དེར་ཕྱིན་པ་དང་། ཟོར་ཆེན་ཡོད་ན་རེ་ཞིག་དེར་འཇོག །མནན་དོང་ཁར་གཞི་བདག་དང་ཀླུ་ལ་དམིགས་ནས་དཀར་གཏོར་དང་གསེར་སྐྱེམས་བསྔོས་ལ། ལས་གཞུང་གི་བསྐུལ་དང་། གཟུ་དཔང་བཅས་བཏང་ནས། ཕུར་བུས་ས་ལ་བསྣུན་ཚུལ་བྱས་ཏེ། ཧཱུྃ༔ རང་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡིས༔ ཕྱག་གི་གནམ་ལྕགས་ཕུར་བུ་ས་ལ་བཏབ༔ ས་གཞི་གས་ཏེ་རྒྱ་མཚོ་སྔོ་མེར་གསལ༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང༔ འཆི་བདག་གཤིན་རྗེ་ནག་པོ་འཇིགས་རུང་བ༔ ལག་གཡས་དབྱུག་ཏོ་གཡོན་ན་ཞགས་པ་ཐོགས༔ མི་སྡུག་དྲི་འཐུལ་མ་ཧེ་ནག་པོ་ཞོན༔ གཤིན་རྗེའི་འཁོར་ཚོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ས་མ་ཡ་ཛ༔ས་སྤྱན་དྲངས། ས་མ་ཡ་ཧཱུྃ༔གིས་དམ་ལ་བཞག །དམར་གཏོར་ལ་བདེན་སྟོབས་ཀྱིས་དམིགས་བྱ་བཀུག་ལ། ཨོཾ་ཨཱཿཧཱུྃ་གིས་བརླབས། ཀྲྀཥྞ་ཛ་མཱ་རི། དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་གྲྀཧྣ་ཁཱ་ཧིས་བསྔོས་ལ། ཧཱུྃ༔ འཆི་བདག་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་དགྱེས་པར་རོལ་ནས་ཀྱང༔ དམ་ཉམས་དགྲ་བོ་འཁོར་དང་བཅས༔ བསྡམས་འཛིན་མནན་པའི་ཕྲིན་ལས་མཛོད༔ ཅེས་པས་དམར་གཏོར་དོང་ནང་དུ་འབུལ། སླར་ཡང་འགུགས་འདྲེན་བླ་འགུགས་གཟིར་མནན་སྔགས་རྣམས་དང་བཅས་སྔར་ལྟར་བྱས་ནས། སྤུ་གྲིའི་མནན་སྔགས་བརྗོད་བཞིན་ཐུན་བརྡེགས། མནན་ཆས་ཐོགས་ཏེ་དགྲ་མནན་ལ། ཧཱུྃ། དམ་ཉམས་དགྲ་བོ་ལས་ངན་འདི། །མནན་ནོ་རི་རབ་འོག་ཏུ་མནན། །ལས་ཀྱིས་མནན་པའི་སྡིག་ཅན་འདི། །གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །འཁོར་བར་འཁྱམས་པའི་ལས་ངན་འདི། །སྦ་འོ་རྒྱ་མཚོའི་གཏིང་དུ་སྦ། །དང་པོ་བདེ་བར་གཤེགས་པའི་བཀའ། །དེ་ནས་འབྱུང་བ་ལྔ་ཡི་གཏེར། །དེ་ནས་དབང་པོ་ལྔ་ཡི་བཅུད། །དང་པོར་ཞེ་སྡང་ཕ་ཡི་རྒྱུད། །བར་དུ་འདོད་ཆགས་མ་ཡི་མངལ། །ཐ་མར་ཉོན་མོངས་ལུས་བླངས་ཏེ། །གཏན་དུ་སྡུག་བསྔལ་མྱོང་བ་ལས། །དེ་བས་བསད་ཅིང་མནན་པར་བྱ། །མནན་གཟིར་དྲག་པོ་མི་བྱ་རྒྱུ། ཁྱོད་ཀྱིས་ལས་ངན་སྣ་ཚོགས་སྤྱོད། །འདི་འོག་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ན། །གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཟེར། ཁྱོད་ཀྱི་ཆོས་སྐལ་དེར་ཉོན་ཅིག །འཁོར་དང་བུད་མེད་ཉེ་དྲུང་ཟས་ནོར་བཅས། །གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད། །དེ་ཡི་ལག་ནས་འཆོར་མི་སྲིད། །མནན་ནོ་རི་རབ་འོག་ཏུ་མནན། །དེ་ཡི་འོག་ནས་ལྡང་མི་སྲིད། །ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས། །ལོངས་ལ་རྒྱལ་བའི་བཀའ་ལ་ཉོན། །དེ་ཡི་བར་དུ་མནན་པར་བྱ། །ནམ་ཡང་གཏང་བར་མི་བྱ་འོ། །ཞེས་དང་། སྲི་མནན་ལ། ཧཱུྃ། སྲི་ཅན་བསྒྲལ་བའི་ཞིང་ཡིན་ཏེ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཤིགས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད། །དགེ་ལ་རྒྱབ་ཀྱིས་ཕྱོགས་པ་ཁྱོད། །ཡོན་བདག་རྣམས་ལ་གནོད་པ་བྱས། །སྔགས་འཆང་རྣམས་ཀྱི་སྐུ་ལ་བརྡོས། །ཚེ་རབས་སྔ་མའི་ལན་ཆགས་པ། །སྡང་བའི་དགྲ་དང་གནོད་པའི་སྲི། །གྲུ་གསུམ་འབར་བ་འདིར་བསྩལ་པས། །ནོར་གྱི་དོགས་ནས་མིང་རུས་འདི། །རྡོ་རྗེ་ཁྲོ་བོ་འཁོར་བཅས་ཀྱིས། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད། །སྲི་ཅན་འདི་ལས་འདྲེ་ཆེ་མེད། །སྲི་ཅན་འདི་ལས་ཚེ་རིང་མེད། །ཚ་བའི་དབལ་དང་གསོན་གྱི་བདུད། །གཤིན་གྱི་གཅགས་སུ་ཆེ་བའི་སྲི། །ཆུང་སྲི་རྒྱལ་བློན་དམངས་ཀྱི་སྲི། །རྗེ་ཁོལ་ཞང་ཚ་ཚ་ཡི་སྲི། །ཕ་སྲི་བུ་སྲི་ནུ་བོའི་སྲི། །དགྲ་སྲི་དམེ་སྲི་ཕུང་བའི་སྲི། །དུར་སྲི་གོད་སྲི་སྒོ་སྲི་རྣམས། །སྲི་ཅན་མ་ལུས་འདུལ་བའི་ཕྱིར། །དཔལ་ཆེན་ཁྲོ་བོའི་སྐུར་བསྒོམས་ནས། །ཐམས་ཅད་རྡུལ་དུ་བརླག་པར་བྱ། །རྡོ་རྗེ་གཞོན་ནུའི་ཕུར་བུ་བསྟན། །གཤིན་རྗེ་ནག་པོའི་ལྟོ་བར་གཞུག །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །མ་མོ་རྣམས་ལ་མཆོད་པ་འབུལ། །ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱ། །རི་རབ་ཆེན་པོའི་རྨང་དུ་སྦ། །གཤིན་རྗེའི་བུ་ཡི་ལག་ཏུ་གཏད། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །མཚོན་ཆེན་འབར་བའི་རྩེ་མོས་བཅད། །རྡོ་རྗེ་ཕུར་པའི་དབལ་གྱིས་གདབ། །ཡེ་ཤེས་རྣོན་པོའི་རྩེ་ལ་གཏད། །རཀྟ་འབར་བའི་རྦ་ལ་བཏང་། །ཉུངས་དཀར་སེལ་མེད་འབེམ་དུ་གཟུག །གུ་གུལ་སྦྱར་བའི་དུད་པས་བདུག །དུག་གི་གཏོར་མས་མྱོས་སུ་འཇུག །ལྕགས་ཕྱེ་ཟངས་ཕྱེའི་དབལ་གྱིས་གཅད། །གཏུན་ཁུང་རྡོ་རྗེ་ཐོ་བས་བརྡུང་། ཁྲོ་བོ་རོལ་པའི་ཚོགས་སུ་དབུལ། །དགྲ་བགེགས་སྙིང་ལ་སྙིང་གཟེར་གདབ། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་གཏང་བར་མི་བྱ་འོ། །ཞེས་མནན་རྫས་གཤིན་རྗེ་ལ་གཏད་པར་མོས་ལ་དོང་ནང་དུ་སྐྱུར། གཉིས་ཀར། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན་ཅེས་དང་། སོ་སོ་དང་སྤྱི་ཁྱད་ཀྱི་མནན་སྔགས་དང་ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ། དམིགས་བྱ་ཁོང་ཆུད་གཤིན་རྗེའི་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བར༔ མུན་ནག་རུབ་ཀྱི་ནང་ནས་རྒྱ་མཚོའི་གཏིང༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང༔ བྷོ་དྷི་ཨ་ཡཾ། ཞེས་བརྗོད་ཅིང་བསམ། མི་ཁའི་རྫས་སོགས་བླུགས། ཐོད་གནོན་ཡོད་ཚེ་དེས་མནན་ལ། ངོ་བོ་གཤིན་རྗེའི་ཕོ་ཉ་ལ་རྣམ་པ་ཐོད་པ་སྲ་མཁྲེགས་བསྐལ་པའི་རླུང་ཡང་མི་ཐར་བས་བསྲུང་བར་བསྒོམ། མནན་ནས་མི་ལྡང་བའི་གཟེར་བཏབ་པའི་ཕྱིར་རོ་གཡམ་ལ་རྒྱ་གྲམ་དང་རི་རབ་ལཾ་མཚན་བྲིས་པས་མནན་ལ། བཛྲ་སརྦ་དུཥྚཱན་ཨེ་བྷྱོཿ ཆེ་གེ་མོ་སརྦ་ཏྲིག་ནན། རྦད་ནན། བྷི་ན་ཙིཏྟ་རྦད་ནན། ལཾ་ནན་ནན། ཞེས་བཟླ། འབྱུང་བ་གོ་ལྡོག་གི་རྒྱས་འདེབས་བྱ་བ་དང་བསྟུན། སུཾ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། ལཾ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། བཾ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། རཾ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། ཡཾ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། ཨེ་ནྲྀ་ཏྲི་མཱ་ར་ཡ་སཏྭམྦྷ་ཡ་ནན། ཞེས་རི་རབ་དང་ས་ཆུ་མེ་རླུང་མཁའ་དབྱིངས་སོ་སོའི་རྒྱས་འདེབས་དང་བསྟུན་སྔགས་བརྗོད་བཞིན་རིམ་པ་དགུའམ་བདུན་གྱིས་བཏབ་པ་དང་། ཡང་ན་མཁའ་རླུང་མེ་ཆུ་ས་དང་རི་རབ་ཚུལ་གྱི་སྔགས་དང་དམིགས་པའི་རྒྱས་འདེབས་ཀྱང་དེ་བཞིན་བྱ་བར་བཞེད་དོ། །དེ་སྟེང་ས་རིམ་རེར་རྡོ་རྗེ་རྒྱ་གྲམ་རེ་བྲི་ཞིང་རྒྱས་གདབ་པ་ནི། ཧཱུྃ། གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ། །གཉིས་ནི་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་པ་མ་མོ་བདུན་གྱི་རྒྱ། །བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ། །དགུ་པ་ཧེ་རུ་ཀློང་དགུའི་རྒྱ། །བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ། ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན། །རི་རབ་བརྗིད་པའི་འོག་ཏུ་མནན། །དཔལ་གྱི་བྲོ་གར་བྱས་ཏེ་མནན། །བསྐལ་པ་ཇི་སྙེད་མཐའ་རུ་མནན། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞེས་དང་། སྒྲུབ་སྔགས་དང་མ་རཀྨོ་ཡཀྨོ་སོགས་མནན་སྔགས་སྤེལ་བ་བརྗོད་ལ་སྒྲུབ་པ་པོ་རྣམས་ལག་པ་སྦྲེལ་ནས་བྲོ་ར་གྲུ་གསུམ་པས་ལས་བྱང་གི་རྟ་བྲོ་བྱ། དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་ནུས་པས་རྒྱས་བཏབ་ཅིང་བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ནམ་ཡང་ལྡོག་མེད་དུ་གྱུར་པར་མོས་ལ་སྟོང་ཉིད་ཀྱི་ལྟ་བས་རྒྱས་བཏབ་སྟེ་ཤིས་བརྗོད་ཀྱང་བྱ། གཏོར་ཟློག་དང་འབྲེལ་ན་རྟ་བྲོའི་འགོར་ཟོར་དཔུང་བསྐྱེད་པ་ནས་བརྩམ་འཕང་བ་གྲུབ་ཀྱི་བར་སོང་ནས། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་རྣམས་མནན་པའི་ཁར་སྦུབས་ལ་འགུགས་པ་དང་རྟ་བྲོ་སོགས་བྱ་བ་ཁྱད་པར་རོ། །ཅུང་ཟད་ཕྱིར་དཔག་སྟེ་རྗེས་གཅོད་ཀྱི་རིགས་སྤྱི་ལྟར་བྱས་ནས་སྲུང་འཁོར་བསྒོམ་ལ་སྒྲུབ་ཁང་དུ་ལོག་ནས་ཚེ་འགུགས་སོགས་བྱ། ཚུལ་དེས་ཞག་བདུན་ཕྲག་ལ་སོགས་པར་སྒྲུབ་ན་བླ་འགུགས་ཡན་ཞག་གསུམ། གཟིར་བ་ཞག་གཉིས། མནན་དམིགས་ཞག་གཉིས་སུ་བྱ་སྟེ་ཞག་རྗེས་མར་མནན་གྲུབ་པར་བྱ། དེས་འགྲེས་ལྔ་གསུམ་གཅིག་ལ་སོགས་པ་དོ་གལ་དང་བསྟུན་ཏེ་བྱ་བ་འམ། རྟགས་ཐོན་བྱེད་ན་རྟགས་རྣམས་མ་བྱུང་གི་བར་དུ་བརྩོན་དགོས་སོ། །དེའང་མངོན་སྤྱོད་ཀྱི་ལས་འདི་རྣམས་སློབ་དཔོན་ལྟ་སྒོམ་དང་ལྡན་པའམ་མ་མཐའ་ཡང་ཡི་དམ་གྱི་བསྙེན་པ་སྔོན་དུ་སོང་བ་ནི་མེད་ཐབས་མེད་པ་དང་། བསྟན་འགྲོ་སྤྱི་དང་རྩ་བའི་བླ་མའི་སྐུ་དགྲ་སོགས་ལ་དྲག་པོའི་ལས་བྱེད་པ་ལས་རང་འདོད་ཀྱི་འཁྲི་བ་ངན་པས་རྩོམ་པ་ནི་དམྱལ་བའི་གཏིང་རྡོ་སྒྲུབ་པར་ངེས་པས་བག་ཡོད་པར་བྱ་བར་རིགས་སོ། །སླར་སྨྲས་པ། ཐར་མེད་རྡོ་རྗེ་ལྷུན་པོའི་འོག །ཏིང་འཛིན་རྡོ་རྗེས་རྒྱས་བཏབ་པས། །རྡོ་རྗེའི་སེམས་མཆོག་མ་སྐྱེས་བར། །ལྡང་མེད་ལས་རིམ་འདི་སྤེལ་དགེས། །བསྟན་དགྲ་ཞིང་བཅུ་དམ་སྲི་རྣམས། །མིང་ཙམ་མེད་པར་སྟོངས་གྱུར་ནས། །བསྟན་དང་བསྟན་འཛིན་དར་རྒྱས་ཤིང། །འཇིག་རྟེན་བདེ་དགས་འབྱོར་བར་ཤོག །ཅེས་པའང་ནང་ཆེན་ཚེས་བཅུའི་བླ་མ་མཆོག་ལྡན་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་ཤིན་ཏུ་མདོར་བསྡུས་ཏེ་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་བཏུས་པ་འདིས་ཀྱང་ནག་ཕྱོགས་བདུད་དགྲ་རྩད་ནས་གཞོམ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་འདུས་ཀྱི༔ ཕྲིན་ལས་སྙིང་པོ་གསལ་བ་ (Volume 16, Text 26)

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་འདུས་ཀྱི༔ ཕྲིན་ལས་སྙིང་པོ་གསལ་བ་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ཀྱི༔ ཕྲིན་ལས་སྙིང་པོ་གསལ་བར་བསྟན༔ འཇམ་དཔལ་སྐུ་ཡི་མཚམས་གཅོད་ནི༔ ཧཱུྃ༔ བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ སྣང་སྲིད་འཁོར་ལོ་རྩིབས་བཅུ་འབར༔ ཐུགས་ལས་ཁྲོ་བོ་བཅུ་འཕྲོས་པས༔ བདུད་དང་བགེགས་རིགས་ཚར་བཅད་དོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཡང་དག་ཐུགས་ཀྱི་ཏིང་འཛིན་ནི༔ ཧཱུྃ༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ སྣོད་བཅུད་མ་ལུས་ཡེ་ཤེས་ཀྱི༔ དཀྱིལ་འཁོར་རྒྱ་མཚོར་ལྷུན་གྱིས་གྲུབ༔ ཀུན་ཀྱང་ལྷ་དང་གཞལ་ཡས་ཁང༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞི་བས་དབང་བསྐུར་རྒྱས་གདབ་ནི༔ ཨོཾ༔ སྤྱི་མགྲིན་སྙིང་ག་ལྟེ་བ་རུ༔ འཇམ་དཔལ་གར་དབང་གསང་བའི་བདག༔ རྡོ་རྗེ་འཆང་རྣམས་ཡོངས་སུ་གསལ༔ དེ་བཞིན་གཤེགས་པ་རིགས་ལྔ་སོགས༔ གདན་གསུམ་ཚང་བས་དབང་བསྐུར་གྱུར༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ རྩ་བ་ཁྲོ་བོའི་འཛབ་བཟླས་ནི༔ ཧཱུྃ༔ ཧེ་རུ་ཀ་ཡི་ཐུགས་ཀ་རུ༔ རིན་ཆེན་དཔལ་བེའུ་ཟུར་བརྒྱད་ནང༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ རྡོ་རྗེ་འབར་བའི་ལྟེ་བ་ལ༔ ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་བཅས༔ ཕར་འཕྲོས་སྡིག་སྒྲིབ་སྦྱོང་བར་བསྐུལ༔ ཚུར་འདུས་དངོས་གྲུབ་སྣོད་དུ་རུང༔ སྣོད་བཅུད་འདུས་པས་དངོས་གྲུབ་ཐོབ༔ ཨ་དང་ཕཊ་ཀྱི་འཕྲོ་འདུ་ཡིས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མཛད༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཡོན་ཏན་བདུད་རྩིའི་མཆོད་པ་ནི༔ ཧཱུྃ༔ བནྡྷའི་ནང་དུ་དམ་རྫས་ལྔ༔ ཆེ་མཆོག་ཡབ་ཡུམ་སྙོམས་ཞུགས་པས༔ འཁོར་འདས་བཅུད་འདུས་བདུད་རྩིར་ཐིམ༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་མོ་རྩ་རླུང་ཚོགས་མཆོད་ནི༔ ཧཱུྃ༔ བླ་མེད་ཧེ་རུ་ཀ་ཡབ་ཡུམ༔ གཉིས་མེད་རོལ་པའི་བྱང་སེམས་ཀྱིས༔ རྩ་དང་རླུང་དང་ཐིག་ལེ་ཡི༔ ཧེ་རུ་ཀ་དང་རྣལ་འབྱོར་མ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དགྱེས༔ ཚོགས་རྫས་བདུད་རྩི་ལྔ་ཡི་དངོས༔ འོད་ཞུ་ཁ་དོག་དྲི་དང་རོ༔ ཕུན་ཚོགས་འདོད་ཡོན་དཔག་མེད་ཀྱིས༔ མ་མོ་བདེ་ཆེན་རོལ་པས་མཆོད༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤཱ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཕུར་པ་དགྲ་དང་བགེགས་ལ་གདབ༔ ཧཱུྃ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ ཕུར་བུ་སྲས་མཆོག་ཀཱི་ལ་ཡ༔ ཕྱོགས་བཅུ་ཁྲོ་བོའི་དམག་དཔུང་འཁྲིགས༔ འགུགས་སྒྲོལ་སྟོབ་པའི་གིང་ཆེན་སྤྲོས༔ གཟུང་འཛིན་དགྲ་བགེགས་འགུགས་འཆིང་མྱོས༔ འོད་གསལ་དབྱིངས་སུ་བསྒྲལ་བ་ཡི༔ ཤ་ཁྲག་སྲུང་མའི་ཞལ་དུ་བསྟབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ལྷག་མས་བཀའ་སྡོད་མཆོད་ཅིང་རྦད༔ ཧཱུྃ༔ ཕྱག་མཚན་ཞིང་ཆེན་གཡབ་མོ་ཡིས༔ དཔལ་གྱི་བཀའ་སྡོད་དམག་ཏུ་སྡུས༔ བདུད་རྩི་རཀྟའི་ཕམ་ཕབ་གསོལ༔ དམིགས་པའི་སྟེང་དུ་རྦད་ཅིང་བཏང༔ ཞི་རྒྱས་དབང་དྲག་ལས་རྣམས་གྱིས༔ བཅོལ་པའི་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ དྲེགས་པ་རྣམས་ལ་ཆད་ཐོ་བསྒྲག༔ ཧཱུྃ༔ བདག་ནི་དཔལ་ཆེན་དྲེགས་པ་འདུལ༔ སྡེ་དཔོན་སུམ་ཅུ་བྲན་དུ་འདུས༔ གཏོར་མ་ཤ་ཁྲག་བདུད་རྩིའི་བཅུད༔ བཞེས་ནས་སྔོན་གྱི་དམ་བཅའ་བཞིན༔ བསྟན་སྲུང་ཕྲིན་ལས་མྱུར་དུ་སྒྲུབས༔ དྲག་པོ་སྔགས་ཀྱི་ཟོར་འཕེན་པ༔ ཧཱུྃ༔ བདག་ནི་སྟོབས་ལྡན་ནག་པོའི་སྐུ༔ དྲེགས་ཆེན་བཅོ་བརྒྱད་དགྲ་ལ་ཆོས༔ ཕྱག་ན་གདུག་པའི་ཐུན་ཟོར་བསྣམས༔ མི་མཐུན་ཕྱོགས་རྣམས་ཚར་ཆོད་ཅིག༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ གཞན་ཡང་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་བརྟན་མའི་ཚོགས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ རྣལ་འབྱོར་དཔོན་སློབ་བོད་ཁམས་སྐྱོངས༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དབང་ཆེན་གསུང་གི་རྟ་བྲོ་བརྡུང༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་བཞི་དགྲ་གསུམ་གསོད་པའི་བྲོ༔ རྫོགས་པ་ཆེན་པོའི་ཀློང་དུ་བརྡུང༔ ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ རིག་འཛིན་བླ་མའི་དབང་བསྐུར་བ༔ ཨོཾ་ཨཱཿཧཱུྃ༔ འོག་མིན་ཞིང་དུ་བདེ་བར་གཤེགས་པ་དངོས༔ བདེ་བྱེད་བརྩེགས་ནས་ཟབ་མོའི་གཏེར་ཁ་འབྱེད༔ དུར་ཁྲོད་བརྒྱད་དུ་དངོས་གྲུབ་རྣམ་གཉིས་ཐོབ༔ བསམ་ཡས་མཆིམས་ཕུར་སྐལ་ལྡན་སྨིན་པར་མཛད༔ སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་གྲུབ་པ་བརྙེས༔ གསང་སྔགས་གྲུབ་པ་བརྙེས་པའི་རིག་འཛིན་རྣམས༔ འོག་མིན་གནས་ནས་འདིར་གཤེགས་བྱིན་གྱིས་རློབས༔ བདག་ཅག་འདིར་འདུས་རྣམས་ལ་དབང་མཆོག་སྐུར༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ འཆི་མེད་ཚེ་ཡི་དངོས་གྲུབ་བླང༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་ཀུན་བྲལ་བ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ དེ་ལྟར་ལས་ཀྱི་རིམ་པ་རྣམས༔ མན་ངག་དང་བཅས་བསྒྲུབས་པ་ཡིས༔ དངོས་གྲུབ་ལས་རྣམས་དུས་གཅིག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་གི་ཕུག་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤང་རང་གྲོལ་ (Volume 67, Text 26)

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤང་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རྣམ་དག་ཆོས་དབྱིངས་ཁྱབ་གདལ་ཕོ་བྲང་དུ༔ སྐྱེ་མེད་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ མ་རིག་གཏི་མུག་མ་སྤང་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་མ་བཅོས་ལྷུན་གྲུབ་ཏུ༔ ཆོས་སྐུའི་བྱིན་རླབས་ཀ་དག་རང་དབང་ཞུ༔ གསལ་དག་ཡེ་ཤེས་བདེ་ཆེན་ཕོ་བྲང་དུ༔ མ་འགག་བདེ་ཆེན་ལོངས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ འདོོད་ཆགས་ཞེན་པ་མ་སྤང་རང་གྲོལ་ནས༔ རང་རིག་ཡེ་ཤེས་བདེ་ཆེན་རང་གྲོལ་དུ༔ ལོངས་སྐུའི་བྱིན་རླབས་ལྷུན་གྲུབ་རང་དབང་ཞུ༔ སྐྱོན་བྲལ་རྣམ་དག་པདྨའི་ཕོ་བྲང་དུ༔ ངེས་མེད་རང་ཤར་སྤྲུལ་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལོག་རྟོག་ཞེ་སྡང་མ་སྤང་རང་གྲོལ་ནས༔ རང་སྣང་ཡེ་ཤེས་རང་རིག་རང་གསལ་དུ༔ སྤྲུལ་སྐུའི་བྱིན་རླབས་རང་གྲོལ་རང་དབང་ཞུ༔ ཡང་དག་འོད་གསལ་རང་རིག་ཕོ་བྲང་དུ༔ ཕྱོགས་མེད་བདེ་ཆེན་སྐུ་གསུམ་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ཐ་དད་གཟུང་འཛིན་མ་སྤང་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཏུ༔ བདེ་ཆེན་སྐུ་གསུམ་བྱིན་རླབས་རང་དབང་ཞུ༔ རང་སེམས་མཐའ་བྲལ་ཆོས་སྐུར་མ་རྟོགས་པས༔ གཏི་མུག་རྨོངས་པས་འཁོར་བར་འཁྱམས་པ་ཡི༔ སྡུག་བསྔལ་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ཆོས་སྐུ་ཐོབ་པར་ཤོག༔ རང་རིག་བདེ་ཆེན་ལོངས་སྐུར་མ་རྟོགས་པས༔ འདོད་ཆགས་སྲེད་པས་འཁོར་བར་འཁྱམས་པ་ཡི༔ འདོད་ལོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ལོངས་སྐུ་ཐོབ་པར་ཤོག༔ རང་སེམས་ཤར་གྲོལ་སྤྲུལ་སྐུར་མ་རྟོགས་པས༔ སྡང་སེམས་གཉིས་སྣང་འཁོར་བར་འཁྱམས་པ་ཡི༔ ལོག་རྟོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྤྲུལ་སྐུ་ཐོབ་པར་ཤོག༔ རང་སེམས་སྐུ་གསུམ་དབྱེར་མེད་མ་རྟོགས་པས༔ དེར་འཛིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སངས་རྒྱས་མ་ཐོབ་འགྲོ་ཀུན་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྐུ་གསུམ་ཐོབ་པར་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤང་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར་དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའོ།། ༈ ཀླུ་ཡི་རྒྱལ་མཚན་རྣམ་འཕྲུལ་དྭགས་པོར་འཁྲུངས། །རི་བོ་ཤཱན་ཏིར་དགོངས་པ་རང་གྲོལ་འབྱེད། །སྙིགས་མའི་ལུས་ཅན་རྡུལ་སྙེད་འབྲེལ་གྲོལ་མཛད། །གྲུབ་ཐོབ་ཀརྨ་གླིང་པར་གསོལ་བ་འདེབས། །གུ་ཎའི་གསུང་ངོ་།།

རྟ་མཆོག་རོལ་པའི་སྙིང་ཏིག་ (Volume 26, Text 26)

༁ྃ༔ རྟ་མཆོག་རོལ་པའི་སྙིང་ཏིག་བཞུགས༔ སློབ་དཔོན་ནཱ་གརྫུ་ནའི་དགོངས་པའོ། ། རྡོ་རྗེ་རྟ་ཡི་རྒྱལ་པོར་འདུད༔ གནས་ལུགས་རྟ་ཡི་མགྲིན་པ་ཅན༔ ཐབས་གྲོལ་ལམ་གྱི་མཆོག་ཏུ་སྣང༔ འབྲས་བུ་མཐར་ཕྱིན་རོལ་པ་ཡིས༔ འགྲོ་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ ས་མ་ཡ༔ དེ་ཉིད་ཉམས་སུ་བླང་བའི་སླད༔ པདྨ་དབང་གི་སྤྱི་བོ་ནས༔ མྱུར་མགྱོགས་ཤུགས་ལྡན་གདོང་པ་ཡིས༔ ཨི་ཧིའི་རྟ་དབྱངས་འཚེར་བ་ལས༔ དང་པོར་གནས་ལུགས་སྟོང་པ་ཉིད༔ ལྟ་བ་གཏན་ལ་འབེབ་པའི་ཕྱིར༔ ངེས་འབྱུང་དང་ནི་སྙིང་རྗེ་བསྐྱེད༔ སྐྱབས་སོང་བྱང་ཆུབ་སེམས་བསྐྱེད་ནས༔ སྣོད་དུ་རུང་བའི་སློབ་མ་ལ༔ རིམ་པ་དབང་གིས་སྨིན་པའི་ཕྱིར༔ དཀྱིལ་འཁོར་དམར་ནག་མཚན་རྫོགས་བཞེངས༔ བརྡ་ཡི་དབང་རྫས་ཐམས་ཅད་དགྲམ༔ ཁྱད་པར་རྟ་ཞལ་སྔགས་མཚན་པ༔ དལ་གྱི་དབུས་སུ་བརྟན་པར་བཞུགས༔ བདག་མདུན་བསྐྱེད་བཟླས་ནུས་ལྡན་བྱ༔ བདག་ཉིད་འཇུག་ཅིང་སློབ་མ་རྣམས༔ དག་པ་བདུད་རྩིའི་ཁྲུས་ནས་དབྱུང༔ བྱུར་དང་མི་ཤིས་བསལ་བའི་ཕྱིར༔ འབྲས་ཟན་ཆངས་བུ་ཏིང་ལོར་བཅས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ བསྔོ་ཞིང་བཀའ་བསྒོ་བྱ་བ་ནི༔ ཧཱུྃ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་བ་སྒྲུབ་ལ་བར་ཆད་བགེགས༔ གཏོར་མ་འདོད་ཡོན་རྒྱ་མཚོ་ལོངས༔ རང་རང་གནས་སུ་མྱུར་དུ་དེངས༔ སླར་ཡང་ནག་ཕྱོགས་གདུག་པ་ཅན༔ དྲག་པོ་རྡོ་རྗེའི་སྔགས་ཀྱིས་བསྐྲད༔ ཧྲཱི༔ ཕྱི་སྣོད་ཐམས་ཅད་རྡོ་རྗེའི་གུར༔ ནང་བཅུད་ཁྲག་འཐུང་རོལ་པའི་ལྷ༔ སེམས་ཉིད་གདོད་ནས་སྐྱེ་མེད་དབྱིངས༔ གཟུང་འཛིན་བགེགས་ཚོགས་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་རཀྵ་བྷྲཱུྃ༔ ཞེས་པའི་སྲུང་འཁོར་གསལ་བརྟན་བསྒོམ༔ ངེས་འབྱུང་བློ་བཅོས་མཎྜལ་བཅས༔ ཐལ་མོ་སྦྱར་ཏེ་གསོལ་བ་གདབ༔ ཧོ༔ པདྨ་གཟི་ལྡན་དགྱེས་རོལ་པའི༔ བླ་མ་དབང་མཆོག་ཧེ་རུ་ཀས༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ ཡེ་ཤེས་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ་རྗེས་སུ་སྐྱབས་སེམས་དང༔ རྒྱུད་སྦྱང་ཚོགས་གསག་སྡོམ་པ་བཟུང༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ བུམ་པའི་བདུད་རྩིས་གཏོར་ཞིང་བཀྲུ༔ ཨོཾ༔ བཀྲ་ཤིས་བུམ་པའི་བདུད་རྩིའི་ཆུས༔ གཏོར་ཞིང་བླུགས་པའི་དབང་བསྐུར་བས༔ ཉོན་མོངས་ལྔ་ཡི་སྒྲིབ་དག་སྟེ༔ ཡེ་ཤེས་ལྔ་རུ་ལྷུན་རྫོགས་ཤོག༔ ཧྲཱིཿཨོཾ་ཏྲཱཾ་ཧཱུྃ་ཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་གསང་གསུམ་ཕྱག་རྒྱ་བསྟིམ༔ ཧྲཱི༔ སྐུ་ནི་སྣང་སྟོང་གཟུང་འཛིན་བྲལ༔ གསུང་དབྱངས་རྡོ་རྗེའི་སྔགས་སུ་འཚེར༔ ཐུགས་ནི་བདེ་སྟོང་ཉམས་དང་ལྡན༔ ཡེ་ཤེས་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པའི་ལུང་སྦྱིན་བརྟན་པར་བྱ༔ ཧྲཱི༔ སྲིད་པའི་འབྱུང་བ་ལས་ཀྱི་རླུང༔ དབུ་མའི་དབྱིངས་སུ་ཐིམ་པ་ལས༔ གནད་ནས་སྐུལ་བའི་སྔགས་ཀྱི་སྒོ༔ གྲགས་སྟོང་ཆེན་པོར་དབང་བསྐུར་རོ༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དབྱིངས་ནི་རྡོ་རྗེ་རྟ་ཡི་ཞལ༔ རིག་པ་འགག་མེད་ཡི་གེའི་སྤྲིན༔ ཟུང་འཇུག་གནས་ལུགས་གཉུག་མའི་བབས༔ འོད་གསལ་ཐུགས་སུ་དབང་བསྐུར་རོ༔ ཙིཏྟ་ཛྙཱན་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་ཡབ་ཡུམ་བྱང་སེམས་སྦྱིན༔ ཨཱ༔ བྱང་ཆུབ་སེམས་ཀྱི་ཡེ་གེ་ནི༔ ཧྲཱིཿཡིག་ཞུན་མར་འཁྱིལ་པའི་བཅུད༔ རྩ་ཁམས་རླུང་ལ་བསྟིམས་པ་ལས༔ གསལ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿབོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་གཟུངས་མར་སྦྱོར་དུ་གཞུག༔ ཧཱུྃ༔ འདི་ནི་ཆོས་ཀུན་འབྱུང་བའི་གནས༔ པདྨ་གཟི་ལྡན་ཆེན་པོ་སྟེ༔ རོལ་ཅིག་རྡོ་རྗེ་རྟ་ཡི་མགྲིན༔ བཅུ་དྲུག་དགའ་བའི་ངང་ནས་རོལ༔ ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཉིད་རྟེན་བྱས་བརྟེན་པ་ནི༔ རྡོ་རྗེའི་དབྱངས་ཀྱིས་ངོ་སྤྲོད་གདབ༔ ཧཱི་ཧཱི་ཧཱི༔ རྡོ་རྗེའི་རྟ་སྐད་འཚེར་བའི་དབྱངས༔ གསལ་ཞིང་བརྗིད་པའི་གདངས་ཆེན་པོ༔ རང་བྱུང་ནམ་མཁའི་དཀྱིལ་ནས་བསྒྲགས༔ བདེ་སྟོང་ཉམས་ཀྱི་ངོ་བོར་ལྟོས༔ དེ་ལ་རྩེ་གཅིག་མཉམ་གཞག་པས༔ དང་པོ་སྐྱེ་མེད་སྟོང་སང་ངེ༔ བར་དུ་གནས་མེད་ཟང་ཐལ་ལེ༔ ཐ་མ་འགག་མེད་རྗེན་ཅེ་རེ༔ རང་བཞིན་ཡོངས་ཤེས་དྲན་པའི་ངང༔ ཡིད་མིག་རླུང་གསུམ་དབྱེར་མེད་འཇོག༔ འདི་དོན་རྟོགས་ན་དོན་གྱི་དབང༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ལྷར་གསལ་སྤྱི་བོར་བཞག༔ ཧྲཱི༔ དང་པོར་ལྷ་ཡི་ངོ་བོར་བསྒྲུབས༔ བར་དུ་ཡེ་ཤེས་གཟི་བྱིན་འབར༔ ཐ་མར་དངོས་གྲུབ་དབྱིག་ཏུ་འཁྱིལ༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་རོ༔ སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ རྡོ་རྗེའི་གླུ་བླང་ཚོགས་འཁོར་བྱ༔ ས་མ་ཡ༔ དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ ཐོག་མར་གནས་ལུགས་གཏན་ལ་ཕབ༔ ཕྱི་རོལ་སྣང་བ་ཇི་སྙེད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་བ་མ་འགགས་སྒྱུ་མ་འདྲ༔ རང་བཞིན་བདེན་མེད་ཆུ་ཟླ་འདྲ༔ སྣང་མཁན་སེམས་ལ་ཚུར་དཔྱད་པས༔ ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ༔ སྟོང་ཉིད་རྡོ་རྗེ་ནམ་མཁའི་དཀྱིལ༔ རྡུལ་བྲལ་འདུས་མ་བྱས་པ་སྟེ༔ རང་གི་རང་བཞིན་དེ་ཁོ་ན༔ འདི་ནི་གསལ་བ་འཁོར་བ་སྟེ༔ འདི་ནི་རང་བཞིན་མྱ་ངན་འདས༔ འཁོར་འདས་དབྱེར་མེད་དོན་རྟོགས་ན༔ གང་བལྟས་པདྨ་དབང་གི་ལྷ༔ ཅི་སྤྱོད་གཟི་ལྡན་རོལ་པའི་ཡུམ༔ དེ་ཁོ་ན་ཉིད་མངོན་དུ་འགྱུར༔ ས་མ་ཡ༔ ལྟ་བ་རྟོགས་ནས་ཐབས་གྲོལ་ལམ༔ ཟབ་མོའི་ཏིང་འཛིན་བསྒོམ་པ་ནི༔ འདི་ལྟར་སྣང་བ་ཐམས་ཅད་ཀུན༔ སྣང་ཙམ་ཉིད་ལས་འགའ་མེད་ཀྱང༔ དེ་ལ་ཞེན་པས་འཁོར་བར་འཆིང༔ དེ་ཕྱིར་དེ་ཉིད་སྦྱང་བའི་ཕྱིར༔ ཐོག་མར་བསྐྱེད་པའི་རིམ་པ་བསྒོམ༔ མཚན་ཉིད་ཚང་བའི་བྲིས་སྐུ་དགྲམ༔ སྟོང་པའི་བབས་སུ་ཡུན་རིང་བཞག༔ གསལ་བའི་གདངས་ལ་ཅེ་རེ་བལྟ༔ འགག་མེད་ཧྲཱིཿཡིག་ཝལ་གྱིས་བསྒོམ༔ དེ་ལ་རྩེ་གཅིག་སེམས་བཟུང་ནས༔ ཡུལ་གསུམ་གསལ་བར་གྱུར་པ་ན༔ རྟེན་དང་བརྟེན་པའི་ལྷ་སྐུ་བསྒོམ༔ སྤྱི་དང་བྱེ་བྲག་གསལ་སྣང་ལ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ ང་རྒྱལ་བརྟན་པོ་ཉེ་བར་བཞག༔ གཞི་ལམ་འབྲས་གསུམ་དབྱེར་མེད་པའི༔ དག་པ་དྲན་པས་ལམ་དུ་ཁྱེར༔ སྲོག་རྩོལ་བཟླས་པ་སྔགས་ཀྱིས་སྦྱང༔ སྟོང་པ་བཞི་ཡི་སྡུད་རིམ་དང༔ དབྱེར་མེད་འོད་གསལ་ངང་དུ་འཇོག༔ རེས་འགའ་ལྷ་སྔགས་ལམ་དུ་སློང༔ རེས་འགའ་རླུང་གི་སྦྱོར་བ་དང༔ རེས་འགའ་སེམས་དང་རོ་མཉམ་བལྟ༔ དེ་ལྟར་ཡང་ཡང་གོམས་པ་ལས༔ སྣང་བ་ལྷ་སྐུར་རང་ཤར་ན༔ ཞོན་པའི་རྟ་ནི་རླུང་ཡིན་པས༔ རླུང་གི་སྲོག་རྩོལ་དབུ་མར་བཅད༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ བྱེད་པ་བཅིང་ཕྱིར་ལྟ་སྟངས་གཟིར༔ སྟོང་པའི་གཟུགས་བརྙན་ཅིར་ཡང་འཆར༔ རྡོ་རྗེའི་བཟླས་པས་ལམ་སྦྱངས་ཏེ༔ བུམ་པ་ཅན་གྱི་སྦྱོར་བས་བརྟན༔ ཞུ་བདེའི་རྣལ་འབྱོར་རྗེས་དྲན་པས༔ མི་འགྱུར་བདེ་བའི་ཏིང་འཛིན་བསྒྲུབ༔ དེ་ལས་ཡེ་ཤེས་རིས་མེད་པ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ས་མ་ཡ༔ ཕྲིན་ལས་བྱང་བུ་བསྟན་པ་ནི༔ སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་བསྲུང༔ བྱིན་དབབ་མཆོད་པ་བྱིན་གྱིས་བརླབ༔ ཨ༔ རྟ་མགྲིན་རྒྱལ་པོ་དེ་བཞིན་ཉིད༔ མ་བཅོས་མ་བསླད་གཉུག་མའི་གཤིས༔ དམིགས་མེད་སྙིང་རྗེ་མཆོག་གི་གདངས༔ འགག་མེད་ཟང་ཐལ་ཀུན་ཏུ་ཤར༔ རོལ་པ་ཆེན་པོའི་ཆོ་འཕྲུལ་ལས༔ རྒྱུ་ཡི་ས་བོན་ཧྲཱིཿདམར་པོ༔ སྔགས་ཀྱི་སྒྲ་གདངས་དང་བཅས་པས༔ ཁམས་གསུམ་སྟོང་ཞིང་དབྱིངས་སུ་ཐིམ༔ རྒྱུ་ལས་ཨེ་ཡཾ་བཾ་ལཾ་སུཾ༔ འཕྲོས་པས་འབྱུང་བ་རིམ་བརྩེགས་སྟེང༔ རི་རབ་སྟེང་དུ་སྲུང་འཁོར་དབུས༔ དབང་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཟླ་གམ་འབར་བའི་དཀྱིལ༔ པདྨ་ཉི་ཟླ་ཀླུ་སྲིན་སྟེང༔ ཧྲཱིཿལས་རྟ་མཆོག་རོལ་པ་ནི༔ སྒེག་དཔའ་འཇིགས་སུ་རུང་བའི་སྐུ༔ ཡེ་ཤེས་ལྔ་ཡི་ཞལ་དང་ལྡན༔ རྡོ་རྗེ་རྟ་ཡི་གདོང་པས་མཚན༔ སྟོང་ཉིད་བཅུ་དྲུག་རོལ་པའི་ཕྱག༔ པདྨ་རིན་ཆེན་རལ་གྲི་དང༔ ལྕགས་ཀྱུ་ཞགས་པ་དབྱུག་ཏོ་གདེངས༔ སྦྲུལ་དང་སྙིང་ཕྲེང་གཡས་ན་བསྣམས༔ ཐོད་ཁྲག་འཁོར་ལོ་གཏུན་ཤིང་དང༔ ལྕགས་སྒྲོག་དྲིལ་བུ་མདའ་དང་གཞུ༔ སྟོང་གི་འཇིག་རྟེན་གཡོན་ན་བརྗིད༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ ཡུམ་ནི་པདྨ་གཟི་ལྡན་མ༔ དམར་སྨུག་པདྨ་ཐོད་ཁྲག་འཛིན༔ མཉམ་སྦྱོར་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་ཀློང་ན་འགྱིངས༔ ཚོགས་དྲུག་སུམ་ཅུ་རྩ་གཉིས་ཁམས༔ ཉོན་མོངས་བཅུ་དྲུག་མཐའ་བཞིའི་ལྟ༔ རྣམ་དག་ཁམ་རྒྱ་དམུས་ལོང་དང༔ ཁྱི་སྤྱང་སྒོ་མའི་ཚོགས་དང་བཅས༔ དཔལ་ཆེན་སྐུ་ཡི་དབྱིངས་སུ་རྫོགས༔ སྤྲུལ་པ་སྣ་ཚོགས་སྤྲོ་ཞིང་སྡུད༔ དགོད་གཤེ་དྲག་ཤུལ་གསུང་མཆོག་གིས༔ འཇིག་རྟེན་གསུམ་པོ་འདར་ཞིང་གཡོ༔ སྙིང་རྗེ་རྔམས་དང་ཞི་བའི་ཐུགས༔ མཁའ་ལ་ཉི་གསལ་འོད་བཞིན་ཁྱབ༔ སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས༔ སྐུ་ལྔ་ཡོངས་རྫོགས་མཆོག་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཨོཾ་ཏྲཱཾ་ཧཱུྃ་ཨཱ༔ ཧྲཱི༔ མགོན་པོ་ཀུན་གཤེགས་སྙིང་རྗེའི་བདག༔ རྟ་མཆོག་རྣམ་པར་རོལ་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན༔ ཧྲཱིཿཧ་ཡ་གྲཱི་ཝ་ཨེ་ཨཱ་རལླི་ཛ༔ ཧོ༔ བྱམས་པའི་ལྕགས་ཀྱུས་ཐུགས་རྒྱུད་བསྐུལ༔ སྙིང་རྗེའི་ཞགས་པས་རྟེན་དང་བསྲེ༔ དགའ་བའི་སྒྲོག་གིས་རོ་མཉམ་བཅིང༔ བཏང་སྙོམས་དྲིལ་བུས་ཡེ་ཤེས་བསྐྱེད༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ༔ ཧོ༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོ་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཡུལ་དང་དབང་པོ་གཉིས་མེད་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཐབས་མཆོག་བདེ་ཆེན་རྡོ་རྗེ་རྟ་མགྲིན་རྒྱལ༔ ཤེས་རབ་པདྨ་གཟི་ལྡན་ཡུམ་དང་སྦྱོར༔ གཉིས་མེད་སྤྲུལ་པ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ རང་བྱུང་འོད་གསལ་ཐུགས་ཀྱི་དབྱིངས༔ ཡེ་ཤེས་སེམས་མ་གཟི་ལྡན་ཡུམ༔ རྒྱན་དང་ཕྱག་མཚན་སྤངས་པའི་སྐུ༔ དྭངས་གསལ་འོད་ཀྱི་རང་བཞིན་ཅན༔ དེ་ཡི་ཙིཏྟའི་གུར་ཁང་དུ༔ ཉི་སྟེང་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས༔ རྒྱལ་བ་མཉེས་མཆོད་འགྲོ་ཀུན་གྱི༔ སྒྲིབ་གཉིས་བག་ཆགས་བཅས་པ་སྦྱངས༔ སྣོད་བཅུད་མ་ལུས་དབང་དུ་བསྡུས༔ འོད་དམར་གཟི་བརྗིད་འབར་བར་བསྒོམ༔ ཨོཾ་ཧུ་ལུ་ཧུ་ལུ་ཨེ་ཨཱ་རལླི་ཧྲཱིཿཛ༔ བསྒོམ་དང་བཟླས་པས་དངོས་གྲུབ་ཐོབ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་བྱ༔ རྗེས་སུ་མཆོད་བསྟོད་དངོས་གྲུབ་གསོལ༔ ནོངས་པ་བཤགས་ཤིང་ཡེ་ཤེས་ལྷ༔ འོད་གསལ་གཉུག་མའི་དབྱིངས་སུ་བསྡུ༔ རིག་པ་རང་སྣང་རོལ་པའི་སྤྲིན༔ ཡུལ་ཀུན་རྡོ་རྗེ་རྟ་ཡི་མགྲིན༔ ཡུལ་ཅན་བདེ་སྟོང་ཕྱག་རྒྱས་གདབ༔ དགེ་བ་བསྔོ་ཞིང་སྨོན་ལམ་དང༔ ཤིས་པ་བརྗོད་པས་མཐར་དབྱུང་ངོ༔ ས་མ་ཡ༔ གནས་སྐབས་ཕྲིན་ལས་རྣམ་པ་བཞི༔ རྡོ་རྗེ་བྲོ་ཡི་ཆོ་གས་བསྒྲུབ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས༔ སོ་སོའི་ལས་ཀྱི་དབྱིབས་མཐུན་པའི༔ བྲོ་ར་བཅའ་ཞིང་སྔགས་ཚིག་བསྐུལ༔ རྐང་པའི་སྟབས་ཀྱིས་གར་བསྒྱུར་བས༔ ལས་ཀུན་འགྲུབ་ཅིང་ཕྱིར་མི་ལྡོག༔ ཨོཾ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྡོ་རྗེ་རྟ་མཆོག་ང་རྒྱལ་གྱིས༔ མེ་ལོང་ཡེ་ཤེས་བྲོ་བརྡུངས་པས༔ ནད་གདོན་འཇིགས་བརྒྱད་ཞི་བར་ཤོག༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ༔ ཝཾ་གི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རཏྣ་རྟ་མཆོག་ང་རྒྱལ་གྱིས༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱི༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ པདྨ་རྟ་མཆོག་ང་རྒྱལ་གྱིས༔ སོར་རྟོག་ཡེ་ཤེས་བྲོ་བརྡུངས་པས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཀརྨ་རྟ་མཆོག་ང་རྒྱལ་གྱིས༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུངས་པས༔ མི་མཐུན་ཕྱོགས་ཀུན་ཚར་གཅོད་ཤོག༔ ཧཱུྃ་མཱ་ར་ཡ་ཕཊ༔ ཐལ་མོ་སྤྲུལ་པའི་འོད་ཟེར་སྤྲིན༔ ལས་མཐུན་འཇིག་རྟེན་ཁམས་ཀུན་ཁྱབ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་མཐའ་དག་ལྷུན་གྲུབ་བསམ༔ ས་མ་ཡ༔ མཐར་ཐུག་འབྲས་བུ་འགྲུབ་བྱེད་ནི༔ རིམ་པ་དབང་གིས་རྒྱུད་སྨིན་ནས༔ དམ་ཚིག་རྣམ་པར་དག་པ་ཡིས༔ གཞི་དོན་ལྟ་བ་གཏན་ལ་ཕབ༔ བསྐྱེད་པའི་རིམ་ལ་ལེགས་གནས་པས༔ སྔགས་ཀྱི་ཚོགས་ལམ་ཡོངས་སུ་བགྲོད༔ རླུང་སེམས་ལས་རུང་དྲོད་དང་རྩེ། ཐིག་ལེ་ཟག་མེད་བདེ་རྫོགས་པས༔ བཟོད་པ་ཆོས་མཆོག་མངོན་བྱས་ཏེ༔ དོན་གྱི་ལྷན་སྐྱེས་མཐོང་བའི་ལམ༔ དེ་ལས་སློབ་དང་མི་སློབ་པའི༔ ཟུང་འཇུག་ཡེ་ཤེས་མངོན་གྱུར་ཏེ༔ འཁོར་འདས་གཉིས་མེད་ཀུན་གྱི་སྲོག༔ མཉམ་པ་ཉིད་ལས་མ་གཡོས་བཞིན༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རྟ་མཆོག་རོལ་པ་ཚེ་འདིར་འགྲུབ༔ ས་མ་ཡ༔ ཐུན་མོང་བཀྲ་ཤིས་ཚེ་ཡི་ལུང༔ ཟབ་རྒྱས་གཞན་ལས་ཁྱད་འཕགས་པ༔ རྟ་མཆོག་ཆེན་པོའི་ཏིང་ངེ་འཛིན༔ མི་ཤིགས་སྙིང་པོའི་བཅུད་ལེན་ནི༔ ཚེ་བཅའ་བྱིན་བསྐྱེད་ལྷ་གསལ་ཞིང༔ སྔགས་བཟླ་ཚེ་འགུགས་ཚེ་བཅིངས་ནས༔ ཚེ་དབང་དངོས་གྲུབ་བླང་བར་བྱ༔ སྙིང་པོ་ལྔ་ཡི་ཕྱེ་མ་དང༔ གལ་གྱི་མཐུན་བསྡེབས་འབྲང་རྒྱས་ནི༔ རྟ་མཆོག་ཞལ་གྱི་ཕྱག་རྒྱར་ལྡན༔ དངོས་གྲུབ་ཡ་མཚན་རྫས་རྣམས་བཤམ༔ ཧཱུྃ༔ མི་མངོན་རང་བྱུང་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པའི་རྩལ་ལས་ཤར་པའི་དཀྱིལ་འཁོར་པ༔ པདྨ་དབང་ཆེན་ཚེ་ཡི་ལྷ་ཚོགས་རྣམས༔ འདིར་གཤེགས་འདིར་བཞུགས་བྱིན་ཕོབ་དབང་མཆོག་སྐུར༔ འཁོར་འདས་དྭངས་བཅུད་ཐིག་ལེ་གཅིག་ཏུ་སྐྱིལ༔ དྭངས་མ་ཡེ་ཤེས་གཟི་བྱིན་ཕྱོགས་བཅུར་སྤྲོས༔ སྒྲུབ་པའི་རྫས་ལ་ནུས་པའི་བཅུད་ཆེན་ཕོབས༔ འཆི་མེད་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཧ་ཡ་གྲཱི་ཝ་ཨཱ་ཡུརྫྙཱ་ན་ཨ་ཝེ་ཤ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ༔ བདག་མདུན་དབང་ཆེན་རྟ་མཆོག་དཔལ༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ པདྨ་ལྕགས་ཀྱུ་ཞགས་པ་གཡས༔ ཚེ་བུམ་ལྕགས་སྒྲོག་དྲིལ་བུ་གསིལ༔ གཟི་ལྡན་ལྕགས་ཀྱུ་ཐོད་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་ལས༔ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ པད་ཉི་དྲེགས་པ་ལྷ་ཆེན་སྟེང༔ ཡེ་ཤེས་མེ་དབུས་འགྱིང་ཞིང་རོལ༔ གར་དགུས་བརྗིད་པའི་སྐུ་མཆོག་ལས༔ ཁམ་རྒྱ་དམུས་ལོང་ལྕེ་སྤྱང་སོགས༔ ཕོ་ཉ་དྲེགས་པའི་འཕྲོ་འདུ་ཡིས༔ ཚེ་བཀུག་བྱིན་སྐྱེད་སྲིད་དང་ཞིའི༔ དངོས་གྲུབ་མ་ལུས་སྩོལ་བར་བསམ༔ བྱིན་བརླབ་དབང་བསྐུར་སྤྱན་འདྲེན་སོགས༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་ནྲྀ་ཨ་ཡི་ཚེ་རྟེན་ལ༔ འཆི་མེད་རྡོ་རྗེའི་སྔགས་ཀྱི་ཕྲེང༔ ལུ་གུ་རྒྱུད་དུ་བསྐོར་བ་ལས༔ འོད་འཕྲོས་ཕོ་ཉའི་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བཅས༔ ནམ་མཁའི་ཁམས་ནས་གློག་ལྟར་འཁྱུགས༔ བར་སྣང་ཁམས་ནས་སྤྲིན་ལྟར་གཡོས༔ ས་གཞིའི་ཁམས་ནས་རླངས་ལྟར་བརྡོལ༔ ཁམས་གསུམ་ཐམས་ཅད་ཤིག་ཤིག་གཡོས༔ སྲིད་གསུམ་དྲེགས་པ་འདར་ཞིང་བསྔངས༔ བརྟན་གཡོའི་དྭངས་བཅུད་དབང་མེད་འཕྲོགས༔ འཆི་མེད་ཚེ་ཡི་བདུད་རྩི་ནི༔ ཉི་མ་འཆར་ཁའི་འོད་ལྟ་བུ༔ སྙིང་དབུས་ཚེ་རྟེན་ལ་ཐིམ་པས༔ རྡོ་རྗེ་ཚེ་ཡི་མཆོག་ཐོབ་བསམ༔ སྔགས་མཐར་ཚེ་ཡི་རིག་པ་གདགས༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ སྐབས་སུ་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རིག་པ་རང་ཤར་རྟ་མཆོག་དཔལ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་དམ་བསྐུལ་ལོ་གཟི་བྱིན་སྐྱེད༔ རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་ནས༔ དཀར་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ བརྟན་པ་སྣོད་ཀྱི་དྭངས་མ་ཁུག༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ དཀར་ལ་འདྲིལ་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ སྲིད་པ་བཅུད་ཀྱི་ཚེ་དཔལ་ཁུག༔ འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ མཐིང་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ དབྱིངས་དང་ཡེ་ཤེས་ཡོན་ཏན་ཁུག༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ འཆི་མེད་སྒྲུབ་པའི་རྫས་ལ་ཁུག༔ མི་འགྱུར་མི་ཤིགས་རྟག་པའི་ཚེ༔ དབང་ཆེན་རོལ་པའི་དངོས་གྲུབ་སྩོལ༔ ཞེས་བཀུག་སྒྲུབ་པའི་རྫས་དང་ནི༔ ཚེ་ཡི་རྟེན་ལ་གཉིས་མེད་བསྟིམ༔ ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིང་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་བསྡམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵ་རཀྵ་ཧཱུྃ༔ ཁྱད་པར་རྡོར་བཟླས་བུམ་ཅན་གྱི༔ རྣལ་འབྱོར་ཟབ་མོས་བརྟན་པར་བྱ༔ རྟགས་མཐོང་ཚེ་བུམ་སྤྱི་བོར་བླང༔ ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ སྣང་བའི་དངོས་པོའི་རྡོ་རྗེའི་ཚེ༔ མི་འགྱུར་རྟག་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ བདུད་རྩི་མགྲིན་པར་བཞག་ཅིང་མྱང༔ ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ གྲགས་པའི་དངོས་པོ་པདྨའི་ཚེ༔ མི་ཤིགས་དབྱངས་ཀྱི་དངོས་གྲུབ་སྩོལ༔ ཝཱ་ཀ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ རིག་པའི་རང་བཞིན་འོད་གསལ་ཚེ༔ འཕོ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་འོད༔ བསྡུས་པས་གོང་བུ་གཅིག་ཏུ་འདྲིལ༔ སྙིང་དབུས་མི་ཤིགས་ཐིག་ལེའི་དབུས༔ དབང་ཆེན་རོལ་པའི་རྒྱས་གདབ་བོ༔ ཨ་ཨ་ཨ༔ མཐའ་རྒྱས་སྲོག་བསླུ་ཉེ་འུ་འདོན༔ ཚོགས་གཏོར་བསོད་ནམས་རྒྱ་ཆེར་གསག༔ དེས་ནི་ཚེ་ཡི་བར་ཆད་ཞི༔ མཐར་ཐུག་འཆི་མེད་མཆོག་འགྲུབ་བོ༔ ས་མ་ཡ༔ པདྨ་དབང་ཆེན་ཏནྟྲ་ནི༔ མཁའ་ལྟར་ཟབ་ཅིང་རྒྱ་ཆེའི་དོན༔ ནཱ་གརྫུ་ནའི་དགོངས་པའི་གདིང༔ བདག་ཉིད་པདྨ་རྒྱལ་པོ་ཡིས༔ གདམས་པ་ཟབ་ཅིང་འདྲིལ་བ་འདི༔ མ་འོངས་རིགས་སད་སྐྱེས་བུའི་དོན༔ འཕེལ་བའི་ཐིག་ལེའི་ཡི་གེ་ནི༔ དྭངས་མ་མི་ཤིགས་སྲོག་ཏུ་བཟུང༔ དུས་སུ་བབས་ཚེ་སྣོད་ལྡན་ལ༔ སྙན་བརྒྱུད་ཚུལ་དུ་གདམས་པ་སྟེ༔ སྔོན་ཆད་གཞན་དུ་མ་བསྟན་པའི༔ སྙིང་པོའི་སྙིང་པོ་འདི་ཁོ་ན༔ ས་མ་ཡ༔ འདི་ནི་མ་འོངས་སྙིགས་མའི་དུས༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས༔ གློ་བུར་བར་ཆད་སྣ་ཚོགས་པས༔ ཕྲིན་ལས་གཞན་དབང་བསྒྱུར་བ་དང༔ བོད་ཁམས་ཐུགས་རྗེའི་གདུལ་ཞིང་འདིར༔ སངས་རྒྱས་བསྟན་པ་དར་ལ་སྨིན༔ རྫོགས་པའི་དུས་སུ་སླེབ་པ་ན༔ བོད་ཁམས་ཀླ་ཀློའི་དཔུང་མང་པོས༔ འཇིགས་པ་ཆེན་པོ་སྟོན་པ་ན༔ དབང་ཆེན་པདྨའི་གདུང་འཚོབ་པ༔ འགྲོ་འདུལ་སྤྲུལ་པ་རྣམ་གཉིས་དང༔ མཁྱེན་རབ་ཡེ་ཤེས་གར་གྱི་དབང༔ སྙིང་པོའི་བསྟན་པ་སྤེལ་བ་དང༔ འཛིན་པའི་སྐྱེས་བུ་ཟུང་བཞི་ཡི༔ དོན་དུ་གདམས་པ་རྫོགས་པར་སྟོན༔ འཆི་བ་མེད་པའི་སྲོག་འགྲུབ་ཅིང༔ བར་ཆད་སྤྱི་དང་ཁྱད་པར་དུ༔ གཞན་དབང་མང་པོ་ཟིལ་མནན་ནས༔ བསྟན་དང་འགྲོ་ལ་ཕན་པ་དང༔ སྒྲུབ་པའི་ལམ་མཆོག་ཡུན་རིང་གནས༔ འབྲེལ་ཚད་དོན་དང་ལྡན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ ཨ་ཏི་གུ་ཧྱ་མ་ཧཱ་མནྟྲ་ས་མ་ཡ་རཀྵནྟུ༔ ཞེས་པའང་། སློབ་དཔོན་ཆེན་པོ་ནཱ་གརྫུ་ནས་བྱིན་གྱིས་བརླབས་ཤིང་། གུ་རུ་པདྨ་རྒྱལ་པོས་རྗེས་སུ་གདམས་པ་ལྟར། རྡོ་རྗེའི་ལུང་གིས་བསྔགས་པའི་སྐྱེས་བུ་མཆོག་རྣམས་ཀྱི་གཙོས་ལས་ལྡན་གྱི་སློབ་མ་རྣམས་ལ་ཕན་པའི་བསམ་པས། སྦས་ཡུལ་ཆེན་པོ་ཨ་ཏ་རོང་གི་གནས་ཀྱི་སྙིང་པོ་བཀྲ་ཤིས་དཔལ་གྱི་རི་བོའི་གནས་ཞལ་གསར་དུ་སྣང་བར་མཛད་པའི་སྐབས། གཏེར་ཆེན་བླ་མ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་སྟོན་འཁོར་རྣམས་ཀྱི་སྤྱན་སྔར་རས་དཀར་གྱི་གུར་ཁྱིམ་ལ་བརྟེན་པའི་སྨན་ལྗོངས་ཉམས་དགའ་བར་པདྨ་འོད་གསལ་མདོ་སྔགས་གླིང་པས་སྐད་ཅིག་གིས་གཏན་ལ་ཕབ་པའི་ལེགས་བྱས་ཀྱིས། བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན་ཅིང་བསྟན་འགྲོའི་ཕན་བདེའི་དགེ་མཚན་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བླ་མ་དགོངས་པ་འདུས་པ་ལས༔ རྫོགས་རིམ་མན་ངག་སྙིང་པོ་གསེར་གྱི་ཡང་ཞུན་གྱི༔ བཏགས་གྲོལ་དཀར་པོ་གཅིག་ཐུབ་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བ་ཅོད་པན་ས་བོན་གྱི་རྒྱུད་ (Volume 42, Text 26)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྫོགས་རིམ་མན་ངག་སྙིང་པོ་གསེར་གྱི་ཡང་ཞུན་གྱི༔ བཏགས་གྲོལ་དཀར་པོ་གཅིག་ཐུབ་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བ་ཅོད་པན་ས་བོན་གྱི་རྒྱུད་བཞུགས་སོ༔ ཨོ་རྒྱན་གསང་བའི་སྐད་དུ༔ ྈྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ བྷུདྡྷ་སརྦ་པུ་ཏྲ་ཨེ་ཀ༔ གུ་ཧྱ་པུ་རི་ས་མན་ཏནྟྲ་ནཱ་མ༔ བོད་སྐད་དུ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ༔ དྲན་པ་ཀུན་གྱི་ཐོག་མ་ཡི༔ དངོས་མཛད་སངས་རྒྱས་ཐོག་མ་ལ༔ དང་པོ་ཉིད་དུ་ཕྱག་འཚལ་ལོ༔ འདི་སྐད་བདག་ལ་སོགས་པ་ཡི༔ སངས་རྒྱས་བྱེ་བ་དུང་ཕྱུར་གྱིས༔ དགོངས་པ་ཉིད་དང་གྲངས་མེད་པར༔ ཐུགས་ཀྱི་སྙིང་པོ་ཇི་ལྟ་བར༔ གསུངས་ཤིང་བསྟན་པའི་དུས་གཅིག་ན༔ མྱ་ངན་འདས་པའི་ཐོག་མར་ནི༔ འདི་ནི་ཉག་གཅིག་རྣལ་མ་ཡི༔ དོན་གྱི་ས་བོན་རྣམས་སུ་ནི༔ ངེས་པའི་སྙིང་པོ་ཉིད་དུ་ཡང༔ གསུངས་སོ་བསྟན་ཏོ་བཤད་པ་ཡིན༔ སྟོན་པའི་གསུང་ནི་རྒྱ་མཚོ་ཀུན༔ ལ་ལ་གནས་སྐབས་ཡུལ་དོན་དུ༔ ལ་ལ་མ་འོངས་འཇུག་དོན་ཡིན༔ ལ་ལ་འདུལ་དོན་ཐ་དད་ཉིད༔ སྙིང་གི་སྙིང་པོ་ཚིག་འགའ་ལས༔ ཀུན་གྱིས་གྲུབ་པ་མ་ཡིན་ནོ༔ བསྟན་པ་འཕེལ་བྱེད་ས་བོན་དུ༔ འདི་ཀུན་བཞག་ཅིང་བྱིན་རླབས་ལས༔ རང་བྱུང་ཉིད་དུ་ཐུགས་ལས་རྡོལ༔ དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྲས་ནི་གཅིག་པར་ཡང༔ རང་བྱུང་ཆེན་པོའི་འཕེལ་དང་བཅས༔ འབྱུང་བའི་དགྲ་དང་བྲལ་བར་འབྱུང༔ འདི་ནི་བསྟན་པ་གང་བྱུང་དུ༔ འོད་དང་བཅས་ཏེ་འབྱུང་བ་ཡིན༔ གང་ལ་བབ་པར་གྱུར་པའི་མི༔ བསྟན་པ་ཀུན་གྱི་བདག་པོར་འགྱུར༔ འདི་ལ་ལྡེམ་པོར་བསྟན་པ་མེད༔ སུས་ཀྱང་བཤད་ཅིང་ཉན་མེད་པར༔ རང་བྱུང་དགོངས་པ་ཀློང་རྡོལ་དུ༔ ཉི་མ་སྤྲིན་ལས་ཐོན་པ་བཞིན༔ སུས་ཀྱང་མ་བསྒྲིབས་རང་བྱུང་ངོ༔ འདི་ལ་འབྱུང་བཞིའི་གནོད་མེད་པས༔ ནམ་མཁའ་དག་ལ་འཕར་བར་སྣང༔ སངས་རྒྱས་འབྲས་བུ་སུས་ཐོབ་པ༔ འདི་ཉིད་དེ་ལས་སྣང་བ་ཡིན༔ འདི་མ་མཐོང་བའི་སངས་རྒྱས་ནི༔ གཅིག་ཀྱང་འབྱུང་བ་སྔ་ཕྱིར་མེད༔ དེ་ཕྱིར་བསྟན་པ་རྣམས་ཀྱི་བཙས༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ མྱང་འདས་ཐོབ་པའི་སྣ་ཐག་ཡིན༔ དགོངས་པ་རང་ཐོག་འབེབ་པ་ཡི༔ གནད་ཀྱི་ཚིག་ཏུ་འདི་ཉིད་བྱུང༔ འཇིག་རྟེན་ཁམས་ནི་གང་དུ་ཡང༔ སངས་རྒྱས་ཉིད་ནི་སུས་ཐོབ་པ༔ དེ་ཚེ་འདི་ནི་ལན་གསུམ་དུ༔ ནམ་མཁའ་དག་ལ་འཕར་བ་དང༔ རང་འོད་ལྔ་པོ་འདི་ལས་འབྱུང༔ འདི་འཛིན་རྣལ་འབྱོར་སྐལ་ཆེ་བས༔ ལན་གསུམ་འདི་ཡི་ཚིག་ཀུན་ཡང༔ ལྷག་དང་ཆད་པ་མེད་པར་ནི༔ རྡོ་རྗེའི་ལྕེ་ཡིས་སུས་བརྗོད་ན༔ འདི་ཡང་དེ་དང་མཉམ་པར་ཡང༔ འགྱུར་བ་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་བསྟན་པའི་རྒྱུད་རྣམས་ཀུན༔ ཐམས་ཅད་དུས་གཅིག་སྒོམ་ཤེས་ཀྱང༔ འདི་མ་སྣང་བར་གྲོལ་བ་མེད༔ འདི་ནི་ས་བོན་རང་འཕེལ་བས༔ བསྟན་པའི་བདག་པོ་གང་སངས་རྒྱས༔ འདི་ཉིད་ས་བོན་མེད་པར་ནི༔ བསྟན་པའི་གསུང་ནི་ཚིག་ཙམ་ཡང༔ ལྕེ་ཡི་དབང་པོས་བརྗོད་མི་ནུས༔ དེ་ཚིག་འདི་ལ་མ་བརྟེན་པར༔ རྡུལ་ཆ་ཙམ་ཡང་འབྱུང་བ་མིན༔ བསྟན་པ་གཅིག་གི་སྙིགས་མ་ལ༔ བྱིན་རླབས་ཚིག་ནི་འདི་ཀུན་ཡང༔ གང་ལ་སྣང་བའི་མི་དེས་ཀྱང༔ མ་མཐོང་རྒྱུད་དང་བསྟན་བཅོས་ནི༔ ལྕེ་ཡི་དབང་པོས་བརྗོད་པར་ནུས༔ སེམས་ཅན་ཀུན་གྱི་བསམ་པ་དང༔ སངས་རྒྱས་ཀུན་གྱི་དགོངས་པ་དང༔ ཇི་ལྟར་མཐུན་པའི་ཆོས་ཀུན་ནི༔ འདི་ཡིས་སྟོན་པར་ནུས་པ་ཡིན༔ སངས་རྒྱས་རྣམས་ཀྱི་ཐུགས་དང་གཅིག༔ རྡོ་རྗེ་འཛིན་པའི་དགོངས་པ་དང༔ དབྱེར་མི་ཕྱེད་པར་འདིས་འགྱུར་རོ༔ དེ་ཕྱིར་བསྟན་པའི་མེ་རོ་ཡིན༔ རང་བྱུང་ཚིག་གི་རྒྱལ་པོ་འདི༔ སོ་སོའི་སེམས་ཅན་སྐྱེ་གཟུགས་ལ༔ སོ་སོའི་བརྡ་སྐད་ཇི་ལྟ་བར༔ འདི་ཉིད་དེ་ལྟར་སྣང་བ་ཡིན༔ དེ་ཕྱིར་རང་བྱུང་ཡི་གེར་ནི༔ ཐོག་མ་བབས་ཀྱིས་གྲུབ་ནས་བྱུང༔ རང་བྱུང་བཅོམ་ལྡན་འདས་ལ་ཡང༔ འདི་ལྟར་རྫོགས་པའི་ལུགས་སུ་སྣང༔ ཆོས་ཀྱི་སྡེ་སྣོད་ཉིད་དུ་ནི༔ འདི་ཚིག་ཡེ་ནས་རང་ཤར་བས༔ ཐོག་མ་དྲན་པའི་གཞིར་གྱུར་ཏེ༔ དྲན་པ་ཐམས་ཅད་མ་སྟོངས་པར༔ ཚིག་འདི་ཀུན་ཀྱང་སྣང་བ་ཡིན༔ དྲན་ཟད་ཚིག་འདི་ཟད་པར་ནི༔ རྡོ་རྗེ་ཞེས་ནི་ཚིག་འདི་ཀུན༔ འབྱུང་བའི་རྐྱེན་དང་བྲལ་བས་ན༔ རྡོ་རྗེ་ཀུན་འབྱུང་གསང་སྔགས་ཡིན༔ ཐབས་ལམ་དུ་མ་མཚོན་པའི་ཕྱིར༔ རང་ཐབས་བསྒོམ་པ་འདི་ལས་བྱུང༔ སྙིང་པོ་རང་འདུལ་བསྟན་པའི་བཅུད༔ གཞི་ཉིད་ཀྱི་ནི་བབ་ཡིན་ནོ༔ ཆོས་ཀུན་མཉམ་པའི་ནན་ཏན་ཚིག༔ རང་གནད་དུ་ནི་འདི་ཀུན་ཤར༔ འདི་ལ་ནུབ་པ་གཅིག་ཉིད་མེད༔ སྒོམ་དང་སྒྲུབ་པའི་རྩ་བར་ཡང༔ འདི་སྔགས་འཁྲུལ་པའི་ཚིག་མ་ཡིན༔ མ་འཁྲུལ་སྔོན་ཐོག་ཉིད་ཀྱི་གཞི༔ འདི་ལས་འཕྲོས་པས་སྤྲོས་པའི་རྒྱུད༔ རྒྱུ་ལས་འབྲས་བུ་རང་བྱུང་བཞིན༔ འདི་ཉིད་ལས་ནི་ཚིག་ཀུན་ཡང༔ དྲན་བསམ་བྲལ་བའི་ངང་ཉིད་ལས༔ བྱས་པ་མེད་པར་བྱུང་བ་ཡིན༔ འོད་ཟེར་འཛིན་པའི་སྐྱེས་བུ་ལ༔ འདི་ནི་སྣང་བར་འགྱུར་བ་འོ༔ དེ་ལས་འཕེལ་ནས་གྲངས་འགའ་འབྱུང༔ གསང་བའི་བདེན་པ་གཅིག་པ་ཉིད༔ གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱིས༔ ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག༔ འཛིན་མེད་ཡེངས་པའི་གཏོད་ཕུར་ཡིན༔ ཐོད་རྒལ་ཐོག་བབས་ཀུན་གྱི་གནད༔ རང་ས་འབྱེད་པའི་ལྡེ་མིག་མཆོག༔ འདི་ནི་བདེ་བའི་ས་བོན་འཛིན༔ སངས་རྒྱས་རྣམས་ཀྱི་ཤེས་རབ་ཡིན༔ མཁའ་མཉམ་དག་པའི་གནམ་གཟེར་འདིས༔ བསྟན་པ་ཀུན་གྱི་རྩ་བ་འཛིན༔ འདི་ཡི་གྲངས་སྣ་བཟུང་བས་ན༔ ལྷ་མིན་གཡུལ་རྣམས་རང་ལོག་ཏུ༔ འདི་ཚིག་བཟུང་བ་ཙམ་གྱིས་འགྱུར༔ ཁམས་གསུམ་གཡུལ་ཀུན་འདིས་ཟློག་གོ༔ རིགས་དྲུག་རྣམས་ཀྱི་འབྲོས་ཁུངས་འགེགས༔ མྱ་ངན་མེད་པའི་གྲོང་ཁྱེར་དུ༔ འཇུག་པར་བྱེད་པའི་འཁོར་ལོ་ཡིན༔ སྲིད་པས་བཅིངས་པ་རྣམས་ལ་ནི༔ འདི་ཡིས་གྲོལ་བར་བྱེད་པ་འོ༔ དམ་པའི་སྙིང་པོ་གདུང་རྒྱུད་དུ༔ རང་བཞིན་དུ་ནི་བབས་ལས་བྱུང༔ འདིས་ནི་བླ་མའི་སྐུ་མི་སྤོང༔ སྙིང་ལ་ཉི་མའི་འོད་བརྡལ་བས༔ ཕྱོགས་བཅུར་ཁྱབ་པའི་མུན་པ་ནི༔ འདི་ཡིས་རང་སངས་ཉིད་དུ་འགྲོ༔ ལྷག་པར་གནས་པའི་ཡེ་ཤེས་ནི༔ འདི་ཡིས་མཆོག་ཏུ་སྟོན་པར་བྱེད༔ དཀོན་པའི་མཆོག་རྣམས་བསྐྱེད་པའི་ཡུམ༔ སེམས་དལ་བསམ་གཏན་ངང་གིས་འགྲུབ༔ ཆོས་སྐུའི་སྣང་བ་དུས་གཅིག་ཏུ༔ སྟོན་པར་བྱེད་པའི་སྒྲོན་མ་འོ༔ ཕྱིན་ཅི་ལོག་ལས་ཡང་དག་ཏུ༔ དག་པར་བྱེད་པའི་ཆུ་རྒྱུན་ཡིན༔ ཐེག་པ་ཀུན་གྱི་མཐར་ཐུག་ཏུ༔ སྐྱེལ་བར་བྱེད་པའི་ཤིང་རྟ་འོ༔ ཐོས་བསམ་སྒོམ་པའི་རྒྱངས་ཤིང་དུ༔ འཇུག་པར་བྱེད་པའི་དངོས་པོ་ཡིན༔ སྡེ་སྣོད་ཐམས་ཅད་འཛིན་པ་ཡི༔ མཉེན་ལྕུག་ལྡན་པའི་ལྕགས་ཀྱུ་འོ༔ རྣལ་འབྱོར་དག་པའི་དཀྱིལ་འཁོར་གྱི༔ ལམ་དུ་འཇུག་པའི་ས་མཁན་ཡིན༔ མངལ་རྣམས་ཁུང་སྒོ་འགེགས་པར་བྱེད༔ ཐར་པའི་སྐས་ནི་རང་འཛུགས་ཡིན༔ རྣམ་དག་འོད་ཀྱི་མཐོངས་འབྱེད་པ༔ ཆོས་རྣམས་ཀྱི་ནི་རེ་གནས་ས༔ བདུད་དང་མུ་སྟེགས་མགོ་ནོན་ཡིན༔ ཤེས་རབ་རྨུགས་པའི་གསལ་འདེབས་སོ༔ སྨོན་འཇུག་ཀུན་གྱི་སྲོག་ཤིང་ཡིན༔ ལྷ་དང་སྔགས་ཀྱི་མདོ་མདུད་དོ༔ དཀྱིལ་འཁོར་རྣམས་ཀྱི་བསྐྱེད་ཤིང་ངོ༔ ལྟ་སྒོམ་ལོག་པའི་དག་བྱེད་ཁྲུས༔ མན་ངག་སྙིང་པོ་རྫོགས་པའི་ས༔ རྡོ་རྗེ་ཐེག་པའི་གྲངས་རྫོགས་ནས༔ འགྲོ་རྣམས་ལམ་ལ་འཛུད་པ་འོ༔ ཐེག་པའི་རྒྱལ་པོ་ཡོངས་རྫོགས་ཀྱི༔ ཡོན་ཏན་འབྱུང་ཚུལ་རང་བྱུང་ངོ༔ ལེའུ་དང་པོ་འོ༔ འ་ཨ་ཧ་ཤ་ས་མ༔ ཞེས་འཆི་ཁ་དང་རོའི་དྲུང་དུ་འདོན་ཅིང་སྤྱི་བོར་སྦྱར་རོ༔ ཚེ་འདས་ལྡན་གང་ལའང་ཕྱག་ལེན་ཐེབ་པར་བྱའོ༔ མཆན། ༈ ཨེ་མ་ཧོ༔ གསང་མཛོད་རང་བཞིན་ཚིག་འདི་ཡང༔ རང་བྱུང་ཡེ་དག་ཆེན་པོར་ནི༔ སྤེལ་ཚིག་གསང་བ་འདི་ལྟར་སྣང༔ ཡེ་ཐོག་དང་པོའི་སངས་རྒྱས་ནི༔ དང་པོ་མངོན་འཕགས་དྲན་པ་མགོན༔ ཕྱག་རྒྱ་རང་དྲན་འཁོར་ལོ་ནི༔ གཞི་ལས་འཕགས་པའི་ཁྱད་པར་ཚིག༔ སྤྱི་ཕུད་སྔོན་གྱི་ཐོག་མར་བྱུང༔ འདི་དུས་ཁྲག་ཁྲིག་བདུན་ཅུ་ཡི༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ སྙིང་པོས་བརྒྱན་པའི་བསྐལ་པ་ལ༔ སྡེ་སྣོད་དང་པོའི་སངས་རྒྱས་མགོན༔ མངའ་མཛད་ཕྱག་རྒྱ་འཁོར་ལོ་ལས༔ འཁོར་ནི་འཛིན་པ་བྱེ་བ་ལྔ༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ སྤྱི་མེས་དང་པོ་ཕ་རོལ་མགོན༔ དཀྱིལ་འཁོར་སྙིང་པོ་རང་སྤྲོས་པས༔ བསྐལ་པ་གསེར་གྱི་ཡི་གེ་ལ༔ ས་ཡ་དྲུག་གི་ཕྱག་རྒྱར་བཟུང༔ སྔོན་ཐོག་དང་པོ་འཕགས་པ་མགོན༔ ཕྱག་རྒྱ་དངོས་པོ་ཉིད་སྣང་བས༔ བསྐལ་པ་འོད་ཟེར་འགྱེད་པ་ལ༔ བདུན་འབུམ་གྱིས་ནི་འབྲས་བུ་འོ༔ འཇིག་རྟེན་དྲ་བ་མགོན་པོ་ཡི༔ སྤྲོས་བྲལ་ཕྱག་རྒྱ་འདི་སྤྲོས་ཏེ༔ བསྐལ་པ་མེ་ཏོག་མཛེས་པ་ལ༔ བསྟན་པའི་འབྲས་བུ་ཕྱལ་ཡས་ལས༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ སྙིང་པོ་སྟོང་གི་སྤྱི་ཕུད་མགོན༔ སྙིང་པོ་དམ་པའི་འཁོར་ལོ་ལས༔ བསྐལ་པ་རྩོད་པའི་སྙིང་པོ་ལ༔ གྲངས་མེད་བཞི་ཡི་སྙིང་པོ་འོ༔ འོད་ལྡན་དང་པོ་སེམས་ཅན་མགོན༔ སྤྲོས་མེད་སྙིང་པོའི་རང་སྒྲ་ལས༔ བསྐལ་པ་སྣང་བའི་སྒྲོན་མ་ལ༔ བན་བུན་སྟོང་གི་ཕྱག་རྒྱར་བཟུང༔ མཛེས་པའི་དང་པོ་འགྲོ་བའི་མགོན༔ ཡང་དག་སྙིང་པོ་རྣམས་སྤྲོས་ཏེ༔ བསྐལ་པ་རགས་པའི་ཡན་ལག་ལ༔ ཉར་ཉེར་བརྒྱ་ཡི་གྲངས་ཀྱི་ནི༔ ཕྱག་རྒྱ་འདི་ནི་དམ་པ་འོ༔ ཐུགས་བརྩེ་སྙིང་པོ་ཉན་ཐོས་མགོན༔ ཕྱག་རྒྱ་ཡང་དག་ལམ་སྤྲོས་ཏེ༔ བསྐལ་པ་དུང་གི་སྒྲ་དག་ལ༔ གྲེང་གྲེང་བཅུ་ཡི་དམ་པར་རོ༔ མི་ཕམ་ཟང་མ་སྒྲ་བྲལ་མགོན༔ ཡང་དག་ངེས་པའི་རྒྱུད་ལས་ནི༔ བསྐལ་པ་དྲ་བའི་འོད་ཟེར་ལ༔ དུང་ཕྱུར་བདུན་གྱིས་ལམ་རྒྱལ་བཟུང༔ སྙིང་པོ་སེམས་རྣལ་བདུད་རྩི་མགོན༔ ངེས་པའི་ས་བོན་རབ་བསྒྲགས་པས༔ བསྐལ་པ་ཚངས་པའི་དབྱངས་ཅན་ལ༔ འབུར་རྡུལ་བདུན་གྱིས་ངེས་པར་བཟུང༔ རང་བཞིན་དྲག་པོ་ཏིང་འཛིན་མགོན༔ ཕྱག་རྒྱ་འཁོར་ལོ་གདན་སྤྲོས་ཏེ༔ བསྐལ་པ་སྨྲ་བའི་གཞི་དག་ལ༔ ཕྱལ་ཕྱོལ་དགུ་ཡི་དམ་པར་བཟུང༔ གསང་བ་ཕྱག་རྒྱ་ལྷ་མིའི་མགོན༔ ཡང་གསང་འཁོར་ལོ་རྣམ་སྤྲོས་ཏེ༔ བསྐལ་པ་འབུམ་པ་རིག་ལྡན་ལ༔ ཡལ་ཡོལ་དྲུག་ཅུའི་སྙིང་པོ་འོ༔ རིམ་པ་ལྔ་པ་གཙུག་ཕུད་མགོན༔ བླ་མེད་སྙིང་པོར་ཡོངས་སྤྲོས་པས༔ བསྐལ་པ་ཡང་གསལ་རབ་འབྱམས་ལ༔ ཁྲག་ཁྲིག་བྱེ་བ་དགུ་བརྒྱ་ཡི༔ བླ་ན་མེད་པའི་གསང་བ་འོ༔ འཇིག་རྟེན་ཐོག་མ་ཤེས་རབ་མགོན༔ བདེ་ཆེན་སྙིང་པོ་ཡོངས་སྤྲོས་ཏེ༔ བསྐལ་པ་བཀོད་པ་ཆེན་པོ་ལ༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི༔ ལྷ་ཡི་ལྷར་ནི་འདི་ཉིད་དོ༔ འཆང་བ་རྣམས་ཀྱི་ཐོག་མ་མགོན༔ ངེས་པའི་འབྲས་བུ་འདི་སྤྲོས་ཏེ༔ བསྐལ་པ་རིན་ཆེན་སྤུངས་པ་ལ༔ ས་ཡ་དགུ་བཅུའི་མགོན་པོ་ཡིས༔ རྒྱས་པར་བསྔགས་ཏེ་དམ་པར་རོ༔ ཡང་རྗེས་འབྱུང་བ་མེ་འོད་མགོན༔ དངོས་པོ་བསྒྱུར་བའི་ཕྱག་རྒྱ་ནི༔ སྙིང་པོ་ཉིད་དུ་སྤྲོས་པ་ལས༔ བསྐལ་པ་རབ་ཏུ་གཡོ་མེད་ལ༔ རབ་མཐའ་བཅུ་ཡི་མགོན་པོ་ཡི༔ སྙིང་པོ་སྙིང་གི་དྭངས་མར་རོ༔ ཆགས་མེད་རྡུལ་བྲལ་དྲི་མེད་མགོན༔ གསང་ཆེན་ངེས་པ་ཉིད་དུ་འོ༔ བསྐལ་པ་གཡོ་སྒྱུ་བྲལ་བ་ལ༔ བྱེ་བ་དགུ་ཁྲིའི་གྲངས་མགོན་གྱིས༔ འདུ་བའི་ཕྱག་རྒྱ་ཉིད་དུ་འོ༔ དྲན་པ་དྲི་མེད་བསམ་གཏན་མགོན༔ དྲི་མེད་ངེས་པའི་གསང་ཚིག་སྤྲོས༔ བསྐལ་པ་མཐའ་ལྡན་སེང་གེ་ལ༔ ཉལ་ཉིལ་སུམ་ཅུའི་རྒྱལ་བ་ཡི༔ འདི་ནི་བདེན་ཚིག་དམ་པར་རོ༔ དམ་པའི་སྐྱེས་བུ་ཆོས་ཀྱི་མགོན༔ སངས་རྒྱས་ཤེས་རབ་ས་བོན་སྤྲོས༔ བསྐལ་པ་གདུང་བ་སེལ་བ་ལ༔ སང་སེང་དགུ་ཁྲིའི་གདུང་འཕེལ་བས༔ དམ་པའི་ཕྱག་ནི་ཡང་དམ་དུའོ༔ སྤྱི་ཕུད་སྟོང་གི་ཡེ་ཐོག་མགོན༔ སྔགས་ཀྱི་རྩ་བ་འདི་བསྔགས་པས༔ བསྐལ་པ་དུང་གི་སྙིང་པོ་ལ༔ ཁ་ཡེལ་སྟོང་གི་གདུང་འཕེལ་བས༔ གསང་ཆེན་དམ་པར་རབ་བཟུང་བའོ༔ སངས་རྒྱས་དྲ་བ་མགོན་པོ་ཡིས༔ ཕྱག་རྒྱ་ཉིད་དུ་གདུང་བཟུང་བས༔ བསྐལ་པ་བྱེ་བའི་སྙིང་པོ་ལ༔ ཉག་ཐག་ཁྲི་ཡི་གདུང་འཛིན་པས༔ འདི་ཉིད་སྙིང་པོའི་དོན་དུ་འོ༔ ཡང་དག་གསང་བ་པདྨ་མགོན༔ སྙིང་གི་སྙིང་པོ་དཀྱིལ་བཟུང་བས༔ བསྐལ་པ་ཡོངས་སུ་བརྩེ་བ་ལ༔ དང་དིང་སྟོང་གི་ཡང་འཕེལ་བས༔ འདི་ཉིད་སྙིང་ལས་ཡང་དག་སྤྲོས༔ སེམས་ཅན་སྙིང་བརྩེ་མེ་ཏོག་མགོན༔ དྲན་གཞི་དང་པོ་རབ་བཟུང་བས༔ བསྐལ་པ་ཡོད་པ་རབ་མཆོག་ལ༔ རྡུལ་མེད་དགུ་ཡི་གསང་འཛིན་པས༔ གསང་ཆེན་སྟོང་གི་དམ་པར་རོ༔ བསྐལ་པ་དྲ་བ་ཉི་འོད་མགོན༔ དམ་པའི་སྙིང་པོར་ངེས་ཕབ་པས༔ བསྐལ་པ་གླང་པོ་ཡོངས་རྫོགས་ལ༔ རབ་རྡུལ་ཉིད་ཀྱིས་རྗེས་འཛིན་པས༔ སྟོང་ཉིད་གསལ་བའི་མིག་ཏུ་སྤྲོས༔ ཡོངས་རྫོགས་འཁོར་ལོ་རིགས་ཀྱི་མགོན༔ སེམས་ཀྱི་དངོས་པོ་དམ་པར་བཟུང༔ བསྐལ་པ་བླ་ན་མེད་པ་ལ༔ ཁྲི་ཕྲག་དྲུག་ཅུའི་གདུང་འཕེལ་བས༔ གསང་ཆེན་འཁོར་ལོ་ཉིད་དུ་འོ༔ དྲི་མེད་དག་པ་ཆོས་ཀྱི་མགོན༔ ཡང་གསང་ངེས་པའི་ལུང་འདི་སྤྲོས༔ བསྐལ་པ་རྩོད་པ་རང་གྲོལ་ལ༔ ཉལ་ཉིལ་ཉིད་ཀྱི་འཕེལ་གདུང་གིས༔ རིམ་པས་མངོན་པར་རབ་སྤྲོས་པའོ༔ ཡང་གསང་དང་པོ་ཐོག་མ་མགོན༔ རྡོ་རྗེ་ཡང་དག་དམ་བཟུང་བས༔ བསྐལ་པ་ཁྱུང་ཆེན་གཤོག་རྫོགས་ལ༔ འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས༔ ཕྱག་རྒྱ་རང་རྫོགས་ཉིད་དུ་འོ༔ སྣང་མཛད་དང་པོ་མར་མེ་མགོན༔ བླ་མེད་རྡོ་རྗེ་སྙིང་པོ་སྤྲོས༔ བསྐལ་པ་མདའ་ཡིས་ཡོངས་བཟུང་ལ༔ རྔ་ཡབ་གསུམ་གྱི་གདུང་འཕེལ་བས༔ རིགས་ལྡན་རྣམས་ཀྱིས་ཕྱག་ཏུ་བཟུང༔ ཡིད་ཤེས་དང་པོ་གནད་གསུམ་མགོན༔ སྙིང་ཐིག་རྩ་བའི་དྭངས་མར་སྤྲོས༔ བསྐལ་པ་རིག་པའི་སྟོབས་ཅན་ལ༔ ཁ་ཡེལ་དྲུག་གི་གདུང་འཕེལ་བས༔ གོང་འཕེལ་ཕྱག་རྒྱ་དམ་པར་སྤྲོས༔ དཔའ་བོ་འཇིགས་སངས་དང་པོའི་མགོན༔ དྲི་མ་མེད་པའི་སྙིང་དུ་བབས༔ བསྐལ་པ་དྲན་བསམ་བྲལ་བ་ལ༔ ཡལ་ཡོལ་སྟོང་གི་གདུང་འཕེལ་བས༔ འདི་ཀུན་སྐྱོན་དང་བྲལ་བར་རོ༔ དྲག་པོ་ཆགས་བྲལ་བདེ་བའི་མགོན༔ ཆགས་མེད་རང་རིག་ཕྱག་རྒྱ་སྤྲོས༔ བསྐལ་པ་མྱ་ངན་བྲལ་བ་ལ༔ དུང་ཕྱུར་གསུམ་གྱི་གདུང་འཕེལ་བས༔ མེད་པ་རྣམས་ཀྱི་དང་པོར་རོ༔ ཆོས་སྐུ་དངོས་དག་དྲི་མེད་མགོན༔ དམ་པ་གསུང་གི་སྙིང་པོར་སྤྲོས༔ བསྐལ་པ་ཟིལ་གྱིས་གནོན་པ་ལ༔ ས་ཡ་ཉིད་ཀྱི་གདུང་འཕེལ་བས༔ འདི་ཀུན་ཡང་དག་ཉིད་དུ་འོ༔ ཡང་སངས་རྒྱས་པ་སྒྱུ་མ་མགོན༔ ཚིག་བྲལ་བདེན་པའི་སྙིང་པོ་སྤྲོས༔ བསྐལ་པ་ཆོས་ཀྱི་འཁོར་ལོ་ལ༔ བྱེ་བ་དགུ་ཡི་གདུང་འཕེལ་བས༔ ངེས་པའི་ལམ་གྱི་དྭངས་མར་རོ༔ སྟོང་པ་ཉིད་ནི་དགེ་ལྡན་མགོན༔ གསང་བའི་ཡང་གསང་ཆེན་པོར་སྤྲོས༔ བསྐལ་པ་པདྨ་བརྩེགས་པ་ལ༔ ཁ་ཡེལ་ལྔ་ཡི་གདུང་འཕེལ་བས༔ སྣང་བ་རྣམས་ཀྱི་ཐོག་མར་རོ༔ སྐྱེས་བུ་བྱེད་པ་འོད་ཟེར་མགོན༔ འབྲས་བུ་རྫོགས་པའི་རིམ་པར་སྤྲོས༔ བསྐལ་པ་ངང་པའི་དབྱངས་ཅན་ལ༔ གདུལ་མཐའ་བཞི་ཡི་གདུང་འཕེལ་བས༔ འདི་ཀུན་མངོན་པར་རང་འཐད་དོ༔ ཤེས་རབ་མིག་རྙེད་སྒྱུ་འཕྲུལ་མགོན༔ སེམས་ཉིད་ཐོག་མའི་དཀྱིལ་འཁོར་སྤྲོས༔ བསྐལ་པ་ལྷ་ཡི་ཕྱག་སོར་ལ༔ ཉལ་ཉིལ་བདུན་གྱི་གདུང་འཛིན་པས༔ སྙིང་པོ་རང་དག་གནད་དུ་འོ༔ བདེ་བ་དམ་པ་དངོས་གྲུབ་མགོན༔ གསང་ཆེན་སྙིང་པོ་དམ་པར་སྤྲོས༔ བསྐལ་པ་ཡན་ལག་མེད་པ་ལ༔ སང་སེང་དྲུག་གི་གདུང་འཕེལ་བས༔ འདི་ཀུན་ཡང་དག་དམ་པར་རོ༔ དངོས་པོ་ཡང་དག་སྟོང་པའི་མགོན༔ སྐྱོབ་པ་དམ་པའི་ཕྱག་རྒྱ་སྤྲོས༔ བསྐལ་པ་གྲངས་མཐའ་ལོག་པ་ལ༔ སྟོང་ཕྲག་དགུ་ཡི་གྲངས་འཛིན་པས༔ རྫོགས་པའི་སངས་རྒྱས་ཉིད་དུ་འོ༔ ཆོས་ཀྱི་གྲགས་པ་གཉིས་མེད་མགོན༔ ཡང་གསང་རང་བྱུང་ཚིག་འདི་སྤྲོས༔ བསྐལ་པ་ཡོངས་སུ་གྲོལ་བྱེད་ལ༔ ཉལ་ཉིལ་གསུམ་གྱི་གདུང་འཕེལ་བས༔ མཉམ་པ་རང་གནད་ཉིད་དུ་འོ༔ ཡེ་ནས་གསང་བ་དྲི་མེད་མགོན༔ བྱིན་རླབས་རང་བྱུང་ཡི་གེ་སྤྲོས༔ བསྐལ་པ་སེང་གེ་རྩལ་སྤྲུགས་ལ༔ ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས༔ འདི་ཀུན་དམ་པའི་ཐུགས་དཀྱིལ་དུའོ༔ མི་ཕམ་དང་པོ་སངས་རྒྱས་མགོན༔ གསང་བ་ཐུགས་ཀྱི་བུ་གཅིག་པར༔ བསྐལ་པ་དགའ་བས་མྱོས་པ་ལ༔ དུང་ཕྱུར་ཕྱེད་དང་དགུ་གདུང་གིས༔ འདི་ཉིད་དམིགས་མེད་རང་དམ་མོ༔ དྲན་སྤངས་མངོན་འཕགས་རང་བཞིན་མགོན༔ འབྱུང་བའི་སྒྲ་དང་བྲལ་བར་སྤྲོས༔ བསྐལ་པ་འདུ་བ་ཆེན་པོ་ལ༔ ཁ་ཡེལ་ལྔ་ཡི་གདུང་འཕེལ་བས༔ འདི་ཚིག་རང་བྱུང་གསལ་བར་རོ༔ བར་མའི་དང་པོ་སྐྱེ་མེད་མགོན༔ འདི་ནི་ཕྱག་རྒྱ་རབ་བཏབ་སྟེ༔ བསྐལ་པ་ཁུ་བྱུག་རང་བྱུང་ལ༔ ཐར་ཐེར་གསུམ་གྱི་རྟགས་ཤར་བས༔ འདི་ཚིག་རབ་ཏུ་བསྔགས་པ་འོ༔ འཇིག་རྟེན་གྲངས་བསྐལ་ཨུཏྤལ་མགོན༔ གསང་ཆེན་རབ་རྒྱས་ཕྱག་རྒྱ་སྤྲོས༔ བསྐལ་པ་རབ་ཏུ་མཐོང་བ་ལ༔ འབུམ་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཀུན་སྙིང་གི་དཀྱིལ་དུ་ཕེབ༔ འདས་པའི་དང་པོ་དྲྭ་བ་མགོན༔ སྙིང་པོ་གསང་བ་ཡང་དག་སྤྲོས༔ བསྐལ་པ་བུད་མེད་རང་འདུལ་ལ༔ ཕྱལ་ཕྱོལ་དགུ་ཡི་རྒྱལ་བ་ཡིས༔ འདི་ཚིག་རང་རིག་དམ་པར་རོ༔ གཉིས་འདས་དང་པོ་ཞིང་ཁམས་མགོན༔ རྡོ་རྗེ་ཆེན་པོའི་གསང་ཚིག་སྤྲོས༔ བསྐལ་པ་རང་སྒྲ་ཟད་པ་ལ༔ ས་ཡ་གཉིས་ཀྱི་གདུང་འཕེལ་བས༔ འདི་ཚིག་གཟིགས་དང་རབ་མཁྱེན་བཟུང༔ གྲུབ་མཐའ་ཐོག་མ་གཉིས་པར་མགོན༔ འདུལ་ཚིག་སྙིང་པོ་བླ་མ་སྤྲོས༔ བསྐལ་པ་དགེ་ལྡན་ཆེན་པོ་ལ༔ འབུམ་ཕྲག་ལྔ་ཡི་གདུང་འཕེལ་བས༔ སྙིང་པོ་རྣམས་ཀྱི་ཡང་སྙིང་དུ༔ མཛད་པ་གཞི་ཐོག་ཐོད་རྒལ་མགོན༔ བླ་ན་མེད་པའི་ངེས་ལུང་སྤྲོས༔ བསྐལ་པ་བྲམ་ཟེ་བསྒྱིངས་པ་ལ༔ ཁྲི་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཀུན་གསང་བའི་ཚིག་ཏུ་འོ༔ དམཐའ་བྲལ་ཡོངས་རྫོགས་སྐྱོན་བྲལ་མགོན༔ བྲལ་གསང་ཚིག་འདི་ཕྱག་རྒྱ་སྤྲོས༔ བསྐལ་པ་སྐྱེད་པར་བྱེད་པ་ལ༔ སྟོང་ཕྲག་དགུ་ཡི་གདུང་འཕེལ་བས༔ མེད་ཚིག་རྫོགས་པར་ཡང་དག་བཟུང༔ ཡེ་རྫོགས་དང་པོའི་སྒྱུ་མ་མགོན༔ ཡང་གསང་འབར་བ་འོད་ཟེར་སྤྲོས༔ བསྐལ་པ་རབ་ཏུ་འཕགས་པ་ལ༔ ཁྲག་ཁྲིག་གཉིས་ཀྱི་གདུང་འཕེལ་བས༔ འདི་ཉིད་ངེས་པའི་གསང་ཆེན་པོ༔ དྲི་མ་དངོས་བྲལ་བདེ་བའི་མགོན༔ འདི་ཉིད་ལམ་རྒྱལ་དམ་པར་སྤྲོས༔ བསྐལ་པ་ཡང་གསང་ཆེན་པོ་ལ༔ ཁྲག་ཁྲིག་བདུན་གྱི་གདུང་འཕེལ་བས༔ འདི་ཚིག་རིམ་པ་དང་པོར་སྤྲོས༔ འདུས་པ་རྣམས་ཀྱི་ཐོག་མ་མགོན༔ ངེས་པའི་གསང་ཆེན་རབ་བསྔགས་ཏེ༔ བསྐལ་པ་གསེར་འོད་དམ་པ་ལ༔ ཡང་འཕེལ་དགུ་ཁྲིའི་མགོན་པོ་ཡིས༔ འདི་ཀུན་གསང་ཆེན་སྙིང་དུ་ཕབ༔ ཡང་འབྱེད་སྟོང་གི་དང་པོ་མགོན༔ གསང་བའི་སྙིང་པོ་ཡང་གསང་སྤྲོས༔ བསྐལ་པ་ལེ་ལོ་ཡེ་དག་ལ༔ ཐེར་ཟུག་དགུ་ཡི་གདུང་འཕེལ་བས༔ འདི་ཡང་སྙིང་ཐིག་གསང་བར་ཕབ༔ གསང་བ་ཀུན་གྱི་སྔོན་ཐོག་མགོན༔ ཕྱག་རྒྱ་སྙིང་གི་དཀྱིལ་དུ་སྤྲོས༔ བསྐལ་པ་དྲི་མེད་བཟང་པོ་ལ༔ ཉར་ཉེར་ལྔ་ཡི་གདུང་འཕེལ་བས༔ འདི་ཚིག་བླ་མེད་སྙིང་ལ་ཕབ༔ སྟོན་པའི་དང་པོ་ནམ་མཁའ་མགོན༔ ཡང་བསྡུས་རང་བྱུང་ཚིག་འདི་སྤྲོས༔ བསྐལ་པ་མཐར་ཆགས་ཆེན་པོ་ལ༔ ཉལ་ཉིལ་དྲུག་གི་གདུང་འཕེལ་བས༔ འདི་ཉིད་བསམ་གཏན་འཁོར་ལོར་བཟུང༔ སྟོང་པའི་ཡང་མཛོད་དམ་པ་མགོན༔ འདི་ཀུན་གཡོ་མེད་རང་བྱུང་ཚིག༔ རྫོགས་པ་དངོས་དག་བསྐལ་པ་ལ༔ འབུམ་ཕྲག་དགུ་ཡི་ཡང་གདུང་གི༔ འདི་ཀུན་ངེས་པའི་འབྲས་བུར་སྤྲོས༔ དང་པོ་གསང་འཛིན་དངོས་གྲུབ་མགོན༔ འདི་ཡང་མཛད་ཆེན་དག་པར་སྤྲོས༔ བསྐལ་པ་གྲངས་བརྡལ་གསང་ཆེན་ལ༔ ཁ་ཡེལ་གསུམ་གྱི་གདུང་འཕེལ་བས༔ འདི་ཀུན་ཡང་དག་ལམ་ཉེར་བཟུང༔ དྲི་མེད་རང་ཟད་འབྱུང་བྲལ་མགོན༔ དཀྱིལ་འཁོར་ཀུན་དག་རྩ་བར་སྤྲོས༔ བསྐལ་པ་མོ་མཚན་རྒྱུན་གཅོད་ལ༔ ཐར་ཐེར་བརྒྱ་ཡི་གདུང་འཕེལ་བས༔ གསང་བའི་ཡང་ཞུན་ཐིགས་པར་བཟུང༔ མོས་ཅན་རྣམས་ཀྱི་དང་པོ་མགོན༔ སྙིང་པོ་མིག་དག་ཕྱག་རྒྱ་སྤྲོས༔ བསྐལ་པ་འཁོར་བའི་མུན་སེལ་ལ༔ འབུམ་ཕྲག་ལྔ་ཡི་ཡང་གདུང་གིས༔ འདི་ཉིད་སྤྲོས་ཏེ་དམ་དུ་འོ༔ སེམས་རིག་ཀུན་གྱི་སྤྱི་ཕུད་མགོན༔ ང་མེད་སྔོན་དུ་ཕྱག་རྒྱ་སྤྲོས༔ བསྐལ་པ་རྔ་མོ་སྟོང་ལྡན་ལ༔ བྱེ་བ་དགུ་ཡི་གདུང་འཕེལ་བས༔ ངེས་ཤེས་ཀུན་གྱི་ཐོག་མར་བཟུང༔ བསླབ་གནས་ཀུན་གྱི་དང་ཐོག་མགོན༔ ཕྱག་རྒྱ་མིག་ལྡན་སྟོང་དུ་སྤྲོས༔ བསྐལ་པ་སྒྱུ་མ་སྣང་མཛད་ལ༔ ཡལ་ཡོལ་གསུམ་གྱི་ཡང་གདུང་གིས༔ འདི་ཚིག་གོང་མའི་གོང་མས་བཟུང༔ རིམ་པ་སྔོན་གྱི་སྐྱེད་བྱེད་མགོན༔ བབ་བྱུང་མེད་སྣང་ཕྱག་རྒྱ་སྤྲོས༔ བསྐལ་པ་སྙིང་རྗེ་ཀུན་འདུལ་ལ༔ སང་སེང་ལྔ་ཡི་གདུང་འཕེལ་བས༔ སྙིང་པོ་གསང་བ་ཆེན་པོར་བཟུང༔ འཇིགས་པ་ཀུན་བྲལ་སེང་གེ་མགོན༔ སངས་རྒྱས་སྲས་ནི་གཅིག་པ་སྤྲོས༔ བསྐལ་པ་བཟང་པོ་རབ་གང་ལ༔ སྟོང་ཕྲག་བདུན་གྱི་གདུང་འཕེལ་བས༔ འབྱུང་བའི་རང་སྒྲ་བྲལ་བར་བཟུང༔ རྫོགས་པའི་ཡང་ཐོག་ཐ་མ་མགོན༔ དོན་དགོངས་ཉག་གཅིག་རྣལ་དུ་བཟུང༔ བསྐལ་པ་རྩོད་ལྡན་ཆེན་པོ་ལ༔ བརྒྱ་ཕྲག་དགུ་ཡི་གདུང་འཕེལ་བས༔ འདི་ཚིག་རྩོད་དང་བྲལ་བར་བཟུང༔ དྲན་པ་ཟད་པའི་ཡེ་ཤེས་མགོན༔ སྙིང་པོ་རང་ཚིག་གཅིག་པར་གོ༔ བསྐལ་པ་རྩོད་དང་ལྡན་པ་ལ༔ བཅུ་ཕྲག་དགུ་ཡི་གདུང་འཛིན་པས༔ ངེས་པའི་ཕྱག་རྒྱ་དམ་པར་བཟུང༔ དེ་ལྟར་བརྗོད་ཀྱིས་མི་ལངས་པའི༔ སངས་རྒྱས་རྣམས་ཀྱི་བྱིན་བརླབས་ལས༔ རང་བྱུང་ཆེན་པོའི་ཡི་གེར་ནི༔ གནས་པའི་ཀ་དག་ཆེན་པོ་ཡི༔ བབ་ལས་འདི་ཀུན་རང་བྱུང་ཤར༔ བྱིན་རླབས་རིམ་པ་འདི་ཀུན་ཡང༔ ཐོག་མ་བབས་ལས་རང་བསྟན་ནོ༔ ལེའུ་གཉིས་པ་འོ༔ ཞེས་ཕྲག་གཡས་སྦྱར༔ མཆན། ༈ ཨེ་མ༔ རང་བྱུང་ཆེན་པོའི་ཚིག་ལས་ཀྱང༔ འདི་ལྟར་ཁྱད་པར་རང་བྱུང་ཚིག༔ བབས་ལས་བྱུང་ཞིང་ཤར་བ་ལས༔ རང་གསལ་ཆོས་རྣམས་རང་བྱུང་ཚིག༔ ཕྱིས་ནི་འདི་ལྟར་ཡང་དག་གོ༔ རྒྱུད་དང་དེ་ཡི་རང་འགྲེལ་ལོ༔ ལྷ་སྔགས་ལ་སོགས་ཕྱག་རྒྱ་བཅུ༔ དེ་ལས་འདི་ཚིག་ཕྲག་གཡས་སུ༔ སྣང་བ་ཡིན་ནོ་དོན་ལ་སོམས༔ སྣང་མཛད་དོན་ཀུན་རབ་རྫོགས་ཏེ༔ ཚིག་ཀུན་བདག་པོར་རང་བྱུང་བས༔ དགོངས་པ་ཉིད་ནི་དང་པོ་ལས༔ ཚིག་རྩོམ་མཁས་པ་འདི་ལས་ནི༔ གྲངས་ལས་འདས་རྣམས་འབྱུང་བ་ཡིན༔ བདག་འཛིན་བདག་མེད་སྔོན་ཐོག་ལས༔ མཐར་འཛིན་འདོད་པ་དགག་པའི་ཕྱིར༔ མངོན་སུམ་རྗེས་སུ་དཔག་པ་ལ༔ གཏན་ཚིགས་ཆ་འཛིན་ཚིག་ཀུན་འབྱུང༔ ཡིད་དཔྱོད་བློ་ཞེན་དགག་པའི་ཕྱིར༔ ཀུན་རྫོབ་དོན་དམ་གྲངས་ཕྱེ་སོགས༔ ཚིག་ནི་འདི་ཀུན་བྱིན་རླབས་ལས༔ འདི་ལྟར་རྩོམ་པའི་དཔའ་བོ་མཁས༔ སེམས་ནི་མཐར་ཞེན་བློ་དགག་ཕྱིར༔ ཕུང་པོ་གྲངས་དང་ཁམས་སོགས་དང༔ བསྟོད་དང་ཡོད་མེད་ཆོས་དང་ནི༔ ཆོས་མིན་ཅི་ལྟར་བརྩི་བ་ཡི༔ ཚིག་ཀུན་འདི་ལས་རབ་བརྩོན་ཐོབ༔ འཇིག་རྟེན་མཐུན་འཇུག་དྲང་བའི་ཕྱིར༔ སྒྲ་དང་རིག་པ་དུ་མ་ཡང༔ འདི་ཡི་རང་བྱུང་ཚིག་ལས་ཤར༔ ཕྱིར་འགྱུར་ཐེག་པའི་གྲངས་ཀྱིས་ནི༔ དབང་པོའི་འཇུག་སྒོ་གསལ་བའི་ཕྱིར༔ རིམ་པའི་འཇུག་སྲོལ་བཅུ་གཅིག་ནི༔ འདི་ཡི་ཡོན་ཏན་བབས་ལས་སྣང༔ རང་འོད་ཇི་ལྟར་ཡོད་པའི་ཚིག༔ འདི་ལས་སྤྲོས་སོ་ཉེ་བར་བསྡུས༔ གྲགས་དང་མ་གྲགས་ཚིག་བཅུད་ནི༔ འདི་ལས་ཡང་གསང་ཆེན་པོར་ཡང༔ གྱུར་ཏེ་སྣང་བར་འགྱུར་བ་ཡིན༔ ལྷ་མིའི་ཇི་ལྟར་འདོད་པའི་ཚིག༔ སྒོ་དྲུག་ཐོབ་འདོད་རང་བཀོད་ཚིག༔ སྔགས་རུང་སེམས་དཔའི་ལུང་རབ་སྣང༔ འདི་ལས་གསང་ཆེན་གནད་དུ་གྲགས༔ དེ་བཞིན་སྐྱེ་འཇིག་བསྟན་བཅོས་དང༔ ཡོད་དང་མེད་སྨྲ་སྡེ་གྲངས་སྤྲོས༔ མཐའ་གཉིས་རབ་འབྱེད་ཡོད་སྣང་ཕྱིར༔ དྲན་སེམས་ཉིད་ཀྱི་སྡེ་གྲངས་ནི༔ འདི་ཀུན་ལས་བྱུང་སེམས་ཀྱི་ལུང༔ འཇུག་སྒོ་ཆེན་པོའི་ཤིང་རྟ་ཡང༔ སྣང་བའི་མཛད་འཕྲོས་ཁ་ལོ་ནི༔ འདི་ཚིག་དམ་པའི་འཁོར་ལོ་འོ༔ གྲགས་པའི་སྔགས་དང་དེ་སྤེལ་ཚིག༔ རིམ་པ་མདོ་སྡེ་རང་གྲགས་ཚིག༔ བཀོད་པ་རྣམས་ཀྱི་ཐོག་མར་ནི༔ འདི་ལས་འཕྲོས་སོ་ཕན་སེམས་ལྡན༔ ལུང་རྒྱལ་ཐེག་པ་ཀུན་དངོས་སོ༔ གཞི་རྩ་རྩལ་གྱི་ནན་ཏན་ཚིག༔ འདི་ཀུན་རྒྱན་གྱི་རྒྱལ་པོ་ལས༔ ཁ་ལོ་བསྒྱུར་བའི་དཔའ་བོ་ཡིན༔ བྱེད་པའི་ལས་རྒྱས་དཀྱིལ་འཁོར་འཇུག༔ དཔེ་མེད་པ་ཡི་སྒྲ་ཡི་གཟེར༔ གྲངས་མཐའ་འགེག་བྱེད་སེང་ཕྲུག་གོ༔ བཅོས་མའི་ཡང་ཆ་དེ་འཕེལ་བཟུང༔ དཔའ་བར་འགྲོ་བའི་ལས་རྒྱས་སོ༔ མཐོ་དམན་སྙོམས་པའི་དགེ་འབྲས་ལུང༔ དཔེ་བྲལ་རྣམས་ཀྱི་དང་པོ་འོ༔ དེ་ལྟར་སྤྲོས་ཚིག་དུ་མ་ཡིས༔ འཁོར་ལོ་འཛིན་པའི་སྤྲུལ་པ་འོ༔ མཁའ་གསལ་མཁའ་དག་ཀློང་ཆེན་གྱིས༔ སྤྲོས་པ་རྣམས་ཀྱི་ཡང་སྤྲོས་ལས༔ སྐྱེ་སྒོ་རབ་ཏུ་སྤངས་པ་ཡིས༔ བླ་མེད་འདྲེན་པའི་དང་པོར་བྱུང༔ བདེ་བས་བདེ་བ་བྱེད་པ་ཡི༔ རིགས་མཐུན་ཀུན་གྱི་གསང་ཆེན་ཡིན༔ རིགས་ལ་གནས་ཤིང་རིགས་འབྱེད་པའི༔ གཙོ་བོ་གཙོ་བོས་བླངས་པ་འོ༔ ཀ་དག་རྟོགས་དང་རབ་ཏུ་དགོངས༔ རིམ་པར་རྒྱས་དང་དེ་རྗེས་ནི༔ འདི་ལས་རབ་ཏུ་འཕེལ་བ་ཡིན༔ རབ་ཏུ་རྟོགས་ཕྱིར་དཀྱིལ་འཁོར་ནི༔ དམ་པ་རྣམས་ནི་འདི་ལས་སྤྲུལ༔ ཐམས་ཅད་ལས་ཀྱི་མཐའ་རྒྱས་ཀྱང༔ འདི་ལས་རབ་ཏུ་ཡང་འཕེལ་ལོ༔ འདི་ཚིག་བྱིན་བརླབས་བརྒྱུད་པ་ཡང༔ རབ་ཏུ་འཕེལ་ཕྱིར་འབྱུང་བ་འོ༔ ལེའུ་གསུམ་པ་འོ༔ ཞེས་རོའི་ཕྲག་གཡོན་དུ་སྦྱར་རོ༔ མཆན། ༈ ཨེ་མ་ཧོ༔ འདི་ལྟར་ཡང་གསང་དོན་ཉིད་ལ༔ འཇུག་པར་འདོད་པའི་སྐལ་པ་རབ༔ སྔོན་དུ་ལུས་ངག་ཡིད་རྣམས་ཀྱི༔ མངོན་པར་ཞེན་པ་བཟློག་པའི་ཕྱིར༔ སྔོན་དུ་སྐྱོད་པ་བརྩམ་པར་བྱ༔ ལུས་ནི་རྒྱུག་དང་ཉལ་བ་དང༔ ལངས་དང་ཡན་ལག་བསྐྱོད་པ་དང༔ བསྐོར་བ་དང་ནི་ཕྱག་བྱ་དང༔ ཡན་ལག་བསྐོར་དང་མགོ་སྒྲིལ་དང༔ ཇི་ལྟར་དྲན་པའི་ལས་རྣམས་དང༔ གར་དང་ཕྱག་རྒྱ་བསྒྱུར་བ་དང༔ ཇི་ལྟར་དམིགས་པའི་ལས་རྣམས་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ལུས་ཀྱི་མངོན་ཞེན་རང་ཆོད་ནས༔ ལུས་ཀུན་རུ་ཤན་ཕྱེད་པར་ནི༔ འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ༔ དེ་འདས་ངག་གི་སྤྱོད་པ་བརྩམ༔ སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ༔ ཡོད་དང་མེད་དང་སྣང་བ་དང༔ ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད༔ བྱོལ་སོང་སྣ་ཚོགས་བརྡའ་སྐད་དང༔ སྐད་ནི་རྣམ་པ་སྣ་ཚོགས་པ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ ངག་གི་མངོན་ཞེན་རང་ཆོད་ནས༔ འཁོར་འདས་རུ་ཤན་འདིས་ཕྱེད་དོ༔ དེ་འདས་ཉིད་ཀྱི་འོག་ཏུ་ཡང༔ སེམས་ཀྱི་སྤྱོད་པ་བརྩམ་པར་བྱ༔ དགའ་དང་མི་དགའ་བདེ་སྡུག་དང༔ རྟག་དང་མི་རྟག་ལ་སོགས་པ༔ ལྟ་སྒོམ་སྤྱོད་པའི་བསམ་པ་དང༔ ཆོས་དང་ཆོས་མིན་ལ་སོགས་དང༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ དགེ་དང་མི་དགེ་ལ་སོགས་པའི༔ བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ སེམས་ཀྱི་མངོན་ཞེན་རང་ཆོད་ནས༔ འཁོར་འདས་རུ་ཤན་ཕྱེད་པ་འོ༔ དེ་ལྟར་སྔོན་དུ་འགྲོ་བྱས་ནས༔ མངོན་སུམ་དོན་ལ་བལྟ་བྱའི་ཕྱིར༔ ལུས་དང་ངག་ཡིད་རབ་ཏུ་གཅུན༔ ལུས་ནི་སེང་གེ་ལྟ་བུ་དང༔ དྲང་སྲོང་དང་ནི་གླང་ཆེན་ཚུལ༔ འདི་ལས་གཡོ་བར་མ་བྱས་ན༔ སངས་རྒྱས་སུམ་སྟོང་ཉིད་དང་ཡང༔ སྐལ་པ་དག་ནི་མཉམ་པ་ཡིན༔ ངག་ནི་ཇི་ལྟར་ལྐུགས་པ་བཞིན༔ སུ་དང་བརྡ་ཙམ་ཉིད་མི་བྱ༔ འདི་ལྟར་སུ་ཡིས་བྱས་པའི་མི༔ སེམས་ཀྱི་འཕྲོ་འདུ་རང་ཆོད་དོ༔ འདི་ལྟར་ལུས་ངག་སུས་གཅུན་པ༔ ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ༔ འདི་ཡིས་གོམ་པར་འགྱུར་བ་ཡིན༔ དེ་ལྟར་ལུས་ལ་སོགས་པ་ཡི༔ གནད་ཀུན་རབ་ཏུ་གཟིར་བ་ཡིས༔ རིམ་པ་ཉིད་དུ་མངོན་སུམ་དུ༔ བླ་མའི་ལུང་ལས་ཤེས་པ་ཡིན༔ དབྱིངས་དང་རིག་པའི་ལྟ་སྟངས་ནི༔ སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་ཅིང་འབྲལ་མི་བྱ༔ འདི་ལྟར་སུ་ཡིས་མཐོང་བའི་མི༔ ཐོག་མའི་ཀུན་ཏུ་བཟང་པོ་དང༔ སྐལ་པ་ཉིད་ནི་མཉམ་པ་འོ༔ དེ་ནས་ཐིག་ལེ་མཐོང་བ་ཡིན༔ དེ་གཏད་སྣང་བ་གོང་འཕེལ་བས༔ རང་ངོ་མཐོང་ལས་འདི་ལྟར་རོ༔ ཡར་མཚམས་ལས་ནི་སོར་བཞི་ལས༔ དྲལ་བའི་སྐྱེས་བུ་སྐལ་པ་བཟང༔ འཁོར་བར་འཇུག་པ་ག་ལ་སྲིད༔ གྲུ་ཆད་རྣམ་པར་གང་སྣང་བ༔ སྤྲུལ་པའི་ཡོན་ཏན་འདི་ཡིས་འགྲུབ༔ མཐོང་བའི་ཡུལ་ཙམ་གང་སྣང་བ༔ ཚོམ་བུ་ལ་ནི་དེ་བཞིན་ནོ༔ ཕྱིར་སྣང་འགག་པ་གང་ཡིན་པ༔ སྐད་ཅིག་མ་ནི་བཅུ་དྲུག་ལ༔ འདི་ཡང་དེ་ལྟར་འགྱུར་བ་འོ༔ མ་སྨིན་ལ་སོགས་ཐིག་ལེ་དང༔ དེ་བཞིན་སྐུ་ལ་ཐུག་གི་བར༔ དྲུག་དང་བཅུ་དང་ལྔ་གསུམ་ལ༔ གདོན་མི་ཟ་སྟེ་ལོངས་སྐུར་རོ༔ ནང་ལུས་ཟད་པའི་སར་ཕྱིན་ཚེ༔ སོར་མོ་ལ་སོགས་དེ་བཞིན་སྣང༔ འདི་གཏད་འབྱུང་བ་རང་དེངས་སོ༔ སྐྱེ་དང་འཇུག་པའི་ཁྱད་པར་གྱིས༔ ཆོས་ཀུན་ཟད་པའི་རང་ས་ལ༔ ཅི་ཡང་འཛིན་པ་མེད་པར་ནི༔ གནས་པ་ཡིན་ནོ་སྤྲུལ་པའི་སྐུ༔ འདི་ནི་འཇུག་པའི་ཤུགས་ཀྱིས་དབང༔ སྐྱེ་བའི་རང་དབང་སུས་ཐོབ་པ༔ དེ་ཡང་དེ་ལ་གཏད་ནས་ནི༔ ཡང་དུས་འདི་ལྟར་བྱས་པ་ན༔ སྣང་བའི་རང་སྒྲ་སེལ་སྐད་དེ༔ སྔོན་དུ་ལོག་སྟེ་འཁྲུལ་པར་སྣང༔ འདིས་ནི་སེམས་ཅན་དོན་ཀུན་བྱེད༔ རིག་པ་མཉམ་པ་གཅིག་པའི་ཕྱིར༔ སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི༔ འཕོ་བ་ཆེན་པོ་འདིས་འགྲུབ་བོ༔ དེ་བཞིན་རིམ་དང་ཅིག་ཅར་གྱིས༔ ལུས་ནི་འདི་ཡིས་འགྲུབ་པ་ཡིན༔ དེ་ཀུན་ལུས་ཟད་མཚན་ལས་གྲོལ༔ འདི་ཀུན་འབྲས་བུ་ངེས་པ་འོ༔ ལས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ༔ འདི་ལྟར་ཐབས་ལས་ཡང་དག་བྱུང༔ སངས་རྒྱས་འགྲུབ་པར་འདོད་པའི་མིས༔ འདི་ཐབས་ལྡན་ན་དེ་བཞིན་ནོ༔ གཞན་སྤྱོད་སྙེམས་བྱེད་ཉིད་ཡིན་པས༔ དངོས་པོ་མཐོང་བ་མ་ཡིན་ནོ༔ དེ་ཕྱིར་འདི་ཀུན་དཀོན་པའི་ཚིག༔ རྟག་ཏུ་རིན་ཆེན་གཏེར་འདི་ལྟོས༔ འདི་ལྟར་ཟད་པ་ལ་སྤྱོད་ན༔ འདིས་ནི་སངས་རྒྱས་སྟོང་ཕྲག་གསུམ༔ འདི་ཡིས་ལེགས་པར་ཞལ་མཐོང་ཡིན༔ འདི་ཚིག་གསང་བ་ཉིད་ལས་བྱུང༔ སྐྱེས་བུ་རྣམས་ཀྱིས་འདི་ལྟར་བྱ༔ གསང་ཆེན་ཡང་གསང་དམ་པ་འོ༔ ལེའུ་བཞི་པ་འོ༔ ཞེས་རོའི་མགྲིན་པར་སྦྱར་རོ༔ མཆན། ༈ ཨེ་མ་ཧོ༔ འདི་ལྟར་འབྱུང་འདོད་སྐྱེས་བུ་གང༔ ཐབས་ཀྱི་ཡན་ལག་འདི་ལྟ་བུ༔ རྣམ་པ་སྣ་ཚོགས་ཉིད་ལས་ནི༔ འདི་ལྟར་དེ་ཡིས་སྔོན་དུ་སྦྱང༔ སེམས་ཀྱི་རིམ་པ་ཅི་སྦྱངས་པ༔ འདིས་ནི་མི་རྟག་སེམས་ལ་འབྱོར༔ ཇི་ལྟར་སྒྲ་ཡི་རྣལ་འབྱོར་པས༔ ས་ཆུ་མེ་རླུང་འབྱུང་བ་བཞི༔ སྒྲ་དོན་རྣམས་ལ་གོམས་པ་ཡིས༔ རིགས་དྲུག་རྣམས་ཀྱི་རང་སྐད་ཀྱིས༔ མངོན་ཤེས་འཆར་བ་འདིས་འགྲུབ་བོ༔ ཞག་རིམ་དུས་ནི་རྣམ་དྲུག་གིས༔ འདི་ཡི་སྐད་ཀུན་རང་དུས་ཤེས༔ འཁྲུལ་པ་མེད་པར་སུས་ཤེས་པ༔ མ་འོངས་ད་ལྟ་འདས་པ་ཡི༔ སེམས་རྒྱུད་ཅི་ལྟར་ཤེས་པར་འགྱུར༔ གཞན་གྱི་དོན་བྱེད་སྒྲུབ་པ་པོས༔ འདི་ལ་སྔོན་དུ་མ་སྦྱང་ན༔ སྤྲུལ་པའི་ས་བོན་འཇོག་པར་ནི༔ ནུས་པ་ཉིད་ནི་མི་འཐོབ་བོ༔ དེས་ན་འབྱུང་བའི་སྒྲ་ལ་བསླབ༔ བྱ་བྱེད་ཞེན་པ་བཟློག་པའི་ཕྱིར༔ ལག་ནི་བྱ་བྱེད་སྣ་ཚོགས་བྱ༔ དེ་བཞིན་འདུས་བྱས་རྣམ་པ་ཡིས༔ དབང་པོའི་མངོན་ཞེན་ཟློག་པ་སྟེ༔ ཡུལ་རྣམས་གོམས་པའི་གནད་ཀྱིས་སྦྱང༔ ཇི་ལྟར་གཉིད་དང་རྨི་ལམ་གྱི༔ དུས་བཞི་འབྱུང་བའི་གནད་ཀྱིས་དབྱེ༔ ཚད་ནི་གནད་ལ་ཕེབས་པས་གཟུང༔ ཐིག་ལེ་ཕྱི་ནང་བསླབ་བྱའི་ཕྱིར༔ གང་ཟག་རྣམ་པ་གཉིས་དོན་བྱ༔ བཅོས་མ་འདུས་བྱས་བསྒོམས་པ་ཡིས༔ དང་པོ་སེམས་གཡེང་ཞེན་པ་དགག༔ འབྲས་བུ་ཅིག་ཅར་མ་ཡིན་པས༔ སྣང་བ་རིམ་གྱིས་གོམས་པར་བྱ༔ མིག་སྨན་ལ་སོགས་སྒོ་ལྔ་ཡི༔ སྨན་གྱི་རིམ་པ་སྦྱར་བར་བྱ༔ འདི་ཀུན་གསང་བའི་ཐབས་ཡིན་ནོ༔ ལམ་གྱི་རྟགས་ནི་ལུས་ལས་ནི༔ མངོན་པར་ཕྱི་རོལ་སྣང་གྱུར་པའི༔ སྨན་ཉིད་ཀྱང་ནི་དེ་བཞིན་ནོ༔ འདི་ཀུན་འཇིག་རྟེན་དྲང་དོན་དུ༔ སྐལ་པ་ཅན་གྱི་སྤྱོད་ཡུལ་ལོ༔ འདི་ཡི་ཐབས་ནི་སྣ་ཚོགས་པས༔ གཞན་གྱི་འདོད་ཞེན་མཐའ་དགག་ཕྱིར༔ རབ་ཏུ་གསང་བར་བྱུང་བ་འོ༔ ལེའུ་ལྔ་པ་འོ༔ རྩིབ་གཡས་སོ༔ མཆན། ༈ ཁམས་ལ་བསླབ་པའི་ཐབས་ཡོད་པས༔ དྲན་རྫོགས་ཕྱག་རྒྱའི་ངང་དུ་སྦྱོར༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨ་རཀྴ་གྷི་ཧཾ་ཏི༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་རཏྣ་སོ་གད་གླིང༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ པུ་ཀ་རི་ལ་བྷ་དྷུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རམ་པ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་གཅད་པའི་ཕྱིར༔ མ་ཏང་ཕ་ཕེར་རསྨི་ཏི༔ འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར༔ ཁ་ཊ་རེ་ཀ་ས་རྨིག་རླུང༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨ་ཀེ་ར་ན་བྷེ་རྩཀ་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཏྲ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ འཁོར་བ་དོང་ནས་འདོན་པའི་ཕྱིར༔ མ་མ་ཀོ་ལིང་ས་མན་ཏ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རིང་ཡཾ་པ་རི་མཾ་ཏི༔ རོལ་པའི་བྱུང་ཁུངས་སྤུར་བའི་ཕྱིར༔ བུ་ག་སིང་ཧ་ཕ་གྷ་ལ༔ ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར༔ ར་མི་སི་པི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བི་ཁུ་མ་ལ་པ་ཏཾ་ཀེ༔ ལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར༔ ས་མཱ་ཉི་ཝ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་ཏྲི་ཏོ་མེ༔ ས་ལམ་དུས་གཅིག་གཅད་པའི་ཕྱིར༔ གྷེ་བ་སུ་གྷར་རྣ་མ་ཡེ༔ ཡིད་དཔྱོད་ལྟ་བའི་ཁུངས་གཅད་ཕྱིར༔ དྷརྨཱ་པ་ཏི་ས་གྷུ་ལི༔ སྐུ་གསུམ་ལམ་དུ་བསླང་བའི་ཕྱིར༔ རས་སྨི་ས་མ་ཁརྒད་ཚེ༔ སྣང་བ་དངོས་སུ་བསླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྒྲ་ཡི་ཞེན་པ་མཐའ་གཅོད་ཕྱིར༔ ང་ཏིག་པ་ཡང་ཀི་ལི་སཱ༔ བསམ་གཏན་ཆེན་པོའི་ས་གནོན་ཕྱིར༔ གྷ་ཚ་པ་ལ་པ་ཨི་ཏང༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨཱ་ཨེ་ཀ་མ་ནུ་སཱ༔ སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར༔ སང་ཀྲི་མཱ་མ་ཀརྨཱ་ཏ༔ རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར༔ ང་ལ་ཁེ་པ་ཀི་ལི་ས༔ འདི་ཀུན་རང་ཤུགས་ཚིག་ཏུ་བྱུང༔ ལེའུ་དྲུག་པ་འོ༔ ཞེས་ཕུང་པོའི་སྙིང་ཁར་སྦྱར་རོ༔ ༈ ཨེ་མ་ཧོ༔ བཅོམ་པ་དང་ནི་ལྡན་པ་དང༔ འདས་པ་ཡང་དག་ལམ་ཡིན་ནོ༔ འདི་ཚིག་ལམ་གྱི་གདམས་པ་ཡིན༔ བསྟན་ཞིང་བཤད་མེད་བརྗོད་མ་ཡིན༔ གདམས་པ་མ་ཡིན་བྱིན་རླབས་ཡིན༔ བྲིས་ཤིང་བཀོད་མེད་རང་བྱུང་ཡིན༔ གནས་དང་དུས་མེད་སྔོན་ཐོག་ཡིན༔ ཆོས་མིན་སྙིང་པོ་ཐུགས་གསང་ཡིན༔ སུས་ཀྱང་ཉན་མེད་རང་ཤར་ཡིན༔ ཐོས་པ་མེད་ཅིང་རང་གྲགས་ཡིན༔ བྱས་པས་འདི་ཀུན་མ་ཡིན་ཚིག༔ འདི་ཡོད་འགྲོ་བ་སངས་རྒྱས་ཡིན༔ ཕ་རོལ་མཐོང་བའི་གསང་ཆེན་ལམ༔ སེམས་ཡོད་མ་ཡིན་སྤྲུལ་པ་ཡིན༔ འཁོར་བའི་སྤྱི་མདུད་གྲོལ་བ་འོ༔ ཤེས་པ་མ་ཡིན་ལམ་སྣ་ཐག༔ སྟོང་པ་མ་ཡིན་མངོན་སུམ་ཡུལ༔ ཡོད་མེད་མ་ཡིན་ཐབས་གསང་བ༔ ལྷ་མེད་འདི་ལ་སྔགས་ཡོད་མིན༔ ཕ་རོལ་ཕྱིན་པ་དྲུག་གི་གཞི༔ བསྙེན་གནས་ལ་སོགས་འདི་ཚུལ་ལོ༔ དེ་བཞིན་དུ་ཡང་བྱེ་བྲག་སྨྲ༔ དོན་དམ་ཀུན་རྫོབ་གཟུགས་ཀྱིས་སོ༔ རྒྱུད་ཀྱི་རྩ་བ་འདི་ཉིད་རང༔ ལྷ་ཡི་རྣལ་འབྱོར་འདི་སྔགས་ཡིན༔ ལུང་ཆེན་རྣམས་ཀྱི་དམ་པ་འདི༔ ཆོས་རྣམས་རོ་གཅིག་འདྲེས་པའི་རྟེན༔ སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས༔ བླ་མེད་འཁོར་ལོ་བསྐོར་བའི་གནས༔ དབང་པོ་རྣམས་ཀྱི་དམིགས་གཏད་ཡིན༔ ཤེས་རབ་རྣམས་ཀྱིས་རྟོགས་པའི་གནས༔ སྐུ་གསུམ་ལམ་དུ་སློང་བའི་རྟེན༔ ཐིག་ལེ་མངོན་དུ་འབྱིན་པའི་མིག༔ ཐར་པའི་སྐས་ཀུན་སློང་བར་བྱེད༔ ལམ་དུ་འཇུག་པའི་ས་མཁན་ཡིན༔ སྐལ་ལྡན་འཛིན་པའི་ལྕགས་ཀྱུར་སྣང༔ ཆོས་སྐུ་རང་འཇོག་གནས་ལུགས་ཡིན༔ སངས་རྒྱས་ཀུན་གྱིས་ཕྱག་བྱེད་གནས༔ ཡུལ་རྣམས་གཅོད་པའི་རལ་གྲིར་སྣང༔ གྲོལ་བ་རྣམས་ནི་འདི་ཉིད་ལ༔ རྣམ་པར་བརྟེན་ནས་གྲོལ་བ་འོ༔ ལེའུ་བདུན་པ་འོ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ བསྟན་པ་རྣམས་ཀྱི་བཙས་སུ་རང་བྱུང་བ༔ རང་བྱུང་གི་ཡི་གེ་ཆེན་པོར་བསྐལ་པ་ཀུན་གྱི་ཐོག་མར་རང་བྱུང་བ༔ སྐུ་གསུམ་གྱི་བྱིན་རླབས་ལས་རང་བཀོད་པ༔ སྤྲུལ་པ་སྐུའི་ས་བོན་འཕེལ་བར་བྱེད་པ༔ རབ་ཏུ་དཀོན་པའི་ཚིག་རྫོགས་སོ༔ ས་མ་ཡ༔ གྷུ་ཧྱ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ བརྡ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའོ། །རོ་ལ་ཡིན་ན་རྩིབ་གཡོན་དུའོ༔ མཆན།

རིག་འཛིན་ཡོངས་འདུས་ལས། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་དབང་བསྐུར་བའི་ཆོ་ག་གསལ་བར་བསྡེབས་པ་ཡེ་ཤེས་འོད་ཀྱི་བུམ་པ་ (Volume 19, Text 26)

༄༅། །རིག་འཛིན་ཡོངས་འདུས་ལས། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་དབང་བསྐུར་བའི་ཆོ་ག་གསལ་བར་བསྡེབས་པ་ཡེ་ཤེས་འོད་ཀྱི་བུམ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཔ་རི་མི་ཏཱཡུ་ཥེ། ལས་ལས་སྐྱེས་པའི་དུས་ཀྱི་ཆད་པ་ཡང་། །གང་གི་སྨོན་ལམ་སྟོབས་ཀྱིས་ཕྱིར་བསྙིལ་ཏེ། །ཚེ་དབང་ཡེ་ཤེས་དངོས་གྲུབ་རྒྱ་མཚོ་ཡིས། །འགྲོ་ཀུན་འཚོ་མཛད་སྟོབས་བཅུ་པ་དེས་སྐྱོངས། །ཡང་གསང་བླ་ན་མ་མཆིས་པ། །མཚན་དོན་མཐུན་པའི་སྒྲུབ་ཐབས་དང་། །འབྲེལ་བའི་སྨིན་བྱེད་ངོ་མཚར་ཕུལ། །སྙིང་ལ་དཔྱིད་དཔལ་སྐྱེད་འདི་འོ། །ཡང་གསང་བླ་ན་མེད་པའི་སྙིང་ཐིག་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་དབང་བསྐུར་ཟབ་མོས་སྐལ་ལྡན་རྗེས་སུ་འཛིན་པ་ལ་དོན་གསུམ། སྦྱོར་བ་དཀྱིལ་འཁོར་གཤོམ་བཀོད། དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར། རྗེས་བསྡུའི་རིམ་པ་ཇི་ལྟར་བྱ་བའོ། །དང་པོ་ནི། སྟེགས་གཙང་ཞིང་མཛེས་པའི་ཁར་ཞི་དཀྱིལ་སྒོ་རྫོགས་ཅན་གྱི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་ཚེ་བུམ། འདབ་བཞིར་ཐིག་ལེ་ཕྱོགས་མདོག །དེ་རྒྱབ་པད་འདབ་བརྒྱད་ལ་ཐིག་ལེ་དམར་པོ་བརྒྱད། དེ་རྒྱབ་ཁྱམས་ཕྱི་ནང་གཉིས་ཕྱོགས་མདོག་ཅན་གྱི་ནང་མའི་ཟུར་བཞིར་ཐིག་ལེ་ཕྱོགས་མདོག་གཉིས་རེ། ཕྱི་མར་ཐིག་ལེ་དམར་པོ་བཅུ། སྒོ་བཞིར་ཕྱོགས་མདོག་བཞི་བཀོད། མ་འབྱོར་ན་འབྲུ་དཀར་གྱི་ཚོམ་བུ་གྲངས་དེ་དང་མཚུངས་པ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་སྐུ་ཙག་གིས་བརྒྱན་པ་བཞག །དེའི་མདུན་དུ་ཚེ་འབྲང་རིན་ཆེན་འབར་བའམ་བུམ་དབྱིབས་ཅན། གཡས་སུ་ཟ་མ་ཏོག་ཏུ་བདུད་རྩི་ལྔ་ཅོང་ཞི་བྲག་ཞུན་ཨ་བར་སྐྱུར་གསུམ་བཟང་དྲུག་ཤུག་པ་བ་ལུ་མཚེ་མཁན་དཀར་འོམ་བུ་དཀར་གསུམ་མངར་གསུམ་བཅས་ཀྱི་རིལ་བུའམ་འབྱོར་ན་དེ་རྣམས་ཀྱི་སྨན་མར་གྱི་རིལ་བུ། གཡོན་དུ་ཐོད་ཆང་མངར་གསུམ་དང་བདུད་རྩི་བཏབ་པ། མདུན་དུ་ཚེ་མདའ་ཚེ་འཁོར་རམ་མ་འབྱོར་ན་སྔགས་བྱང་གཡུ་བཅས་བཏགས་པ་དང་། ཚེ་རིལ་ཚེ་ཆང་བཅས། རྒྱབ་ཏུ་ཕུར་བུ། ལས་བཞིའི་འབྲང་རྒྱས་དཀར་སེར་དམར་ནག་ནོར་བུའམ་ཞལ་དཀར་དུ་གྲགས་པ་བཞི། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་མིག་དར་མེ་ཏོག་དམ་ཆུ་ལས་བུམ། ཕྲིན་ལས་ལ་མཁོ་བའི་ཚོགས་གཏོར་སོགས་ཚོགས་པར་བྱའོ། །གཉིས་པ་ལ་ཐོག་མར་སྒྲུབ་མཆོད་ནི། ལས་བྱང་གིས་བདག་མདུན་དབྱེར་མེད་དུ་བསྒྲུབ། རྟོགས་དགོངས་དམན་ན་ཛཔ྄་ཁང་དབྱེ། བུམ་པ་དང་དབང་རྫས་སོ་སོར་དམིགས་བཟླས། ལས་བུམ། ཚེ་འགུགས། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བྱ། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གསོལ་བ་གདབ་བོ། །དེ་ནས་དབང་བསྐུར་བ་ལ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཁོད་པ་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་དང་། ཁྱད་པར། འདིར་སྐབས་སུ་བབས་པའི་བརྗོད་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་འགྲོ་བ་རྣམས་དུས་ཀྱི་ཆད་པ་ལས་སྐྱོབ་ཅིང་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཇི་ལྟར་བསམ་པ་བཞིན་དུ་སྩོལ་བའི་ཐུགས་བསྐྱེད་དང་སྨོན་ལམ་སྟོབས་ཆེན་པོས་ཁྱད་པར་དུ་བྱས་པ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བསྟན་པ་འཆི་མེད་པདྨཱཀ་ར་སོགས་སྐུ་གཅིག་ལ་མཚན་བརྒྱད་ལ་སོགས་པར་གྲགས་ཤིང་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་ཕྲིན་ལས་ཀྱང་ཕུལ་དུ་བྱུང་བ་གང་ཉིད། བོད་ལྗོངས་མུན་པའི་རྒྱལ་ཁམས་སུ་དམིགས་པ་མེད་པའི་ཐུགས་རྗེས་གཟིགས་ནས་སྐུ་དངོས་ཀྱིས་་་ཕེབས་པའི་ཚེ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྡོ་རྗེ་ཐེག་པའི་ལམ་ཟབ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་བསྩལ་ཅིང་། ཁྱད་པར་འཆི་མེད་ཚེའི་སྒྲུབ་ཐབས་ལའང་རྒྱུད་དང་འབྲེལ་བ་དང་མན་ངག་ཙམ་ལ་བརྟེན་པ་རྩ་བ་དང་ཡན་ལག་གི་ཚུལ་བསམ་གྱིས་མི་ཁྱབ་པ། སྐབས་དེ་དང་མ་འོངས་པའི་གདུལ་བྱ་སོ་སོ་ལ་དགོངས་ཏེ་བསྩལ་པ་རྣམས་བོད་ཡུལ་མཐའ་དབུས་ཡོངས་སུ་ཁྱབ་པར་ནམ་ཡང་ཉམས་མེད་གཏེར་གྱི་ཕྱག་རྒྱས་བཏབ་པར་མཛད་ཅིང་། དེ་དག་ལ་དབང་བའི་ལས་ཅན་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་སྐབས་སུ་བབས་པར་བཏོན་ནས་འགྲོ་དོན་རྒྱས་པར་མཛད་པ་ལས། འཇམ་དབྱངས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་ཆེད་དུ་གདམས་པ་བཀའ་འདུས་ཕྱི་མའམ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་རྣམས། བསམ་ཡས་དབུ་རྩེའི་སྟེང་ཁང་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་ཀྱི་སྙིང་མཛོད་སྨུག་པོར་རྒྱས་གདབ་པ། ཕྱིས་དུས་ལ་བབས་པའི་ཚེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་སྤྲུལ་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་མངའ་རིའི་པཎ་ཆེན་པདྨ་དབང་གི་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་དང་། ཉིད་ཀྱི་གཅུང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་རོལ་ཚེའི་རིག་འཛིན་གྲུབ་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ལྷན་ཅིག་པས་སྤྱན་དྲངས་ཏེ་རིམ་པར་གཏན་ལ་ཕབས་ནས། ཆོས་བདག་སྤྲུལ་པའི་གཏེར་སྟོན་བཞིའི་གཙོ་བོ་ལྷ་སྲས་མུ་ཁྲིའི་རྣམ་འཕྲུལ་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་སྨིན་གྲོལ་རྫོགས་པར་གསན་ནས་རིམ་པར་བརྒྱུད་པའི་གདམས་སྐོར་ལ་རྩ་བ་གསོལ་འདེབས་ལེའུ་བདུན་པའི་སྒྲུབ་སྐོར་དང་། ཡན་ལག་པདྨ་སྙིང་ཐིག་ཁ་ཚར་དང་བཅས་པའི་སྐོར་གཉིས་སུ་ཡོད་པ་ལས། འདིར་ཡན་ལག་གི་ཆོས་སྡེ་རིག་འཛིན་ཚེའི་སྒྲུབ་པ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་ཡེ་ཤེས་འོད་མཆོག་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་་་སོགས་ཅི་རིགས་བརྗོད་པས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག་གོ །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་ཀུན་བཟང་ཚེ་དཔག་མེད༔ ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས༔ བདག་ཅག་ལས་འཕྲོ་སྐལ་པར་ལྡན༔ སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བ་སྦྱིན་ཞིང་སྤྲོ་བ་དྲི་བ་ལགས་ཏེ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཀུན་བཟང་ཚེ་ཡི་དཀྱིལ་འཁོར་དུ༔ འཇུག་པར་འདོད་པ་ཤིན་ཏུ་ལེགས༔ དམ་ཚིག་སྡོམ་པ་ཀུན་ཐུབ་ཅིང༔ བསྐྱེད་རྫོགས་དོན་ལ་གནས་ནུས་སམ༔ འགྲོ་ལ་ཕན་པར་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་གདབ་པར་མོས་ལ་འདིའི་རྗེས་ཟློས་མཛོད༔ ཧོ༔ བླ་མ་ཀུན་བཟང་ཚེ་དཔག་མེད༔ ཁྱེད་ཀྱིས་བཀའ་བསྩལ་བདག་གིས་བསྒྲུབ༔ སྨིན་བྱེད་དབང་དང་གདམས་ངག་ཞུ༔ གྲོལ་བྱེད་རིག་པ་རང་གསལ་སྟོན༔ དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཐོག་མའི་མགོན་པོ་ཀུན་བཟང་སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་བྱེ་བ་ལྟ་བུར་བཞུགས་པ་ལ། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པ་དང་། རང་བྱུང་རིག་པ་ཡེ་ཤེས་གསུམ་ལྡན་གྱི་བདག་ཉིད་ཅན་ལས་དཀོན་མཆོག་གསུམ་གུད་ན་མ་གྲུབ་པར་རང་ངོ་ཤེས་པའི་ངང་དུ་སྐྱབས་སུ་འགྲོ་བ་སྟེ་བདེན་གཉིས་ཟུང་འབྲེལ་གྱི་དོན་དྲན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རང་བྱུང་རིག་པ་སོགས་ལས་བྱང་ལྟར་ལན་གསུམ། མར་གྱུར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀུན་བཟང་ཚེ་དཔག་མེད་པའི་གོ་འཕང་ལ་དགོད་པར་བྱའོ་སྙམ་དུ་སྨོན་པ་དང་། དེའི་ཕྱིར་ཡང་གསང་འཆི་མེད་སྙིང་གི་ཐིག་ལེའི་དཀྱིལ་འཁོར་དུ་ཞུགས་ནས་ཟབ་མོའི་ལམ་བསྟེན་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དབྱིངས་བསམ་ཡས་ཀ་དག་གི་ངང་ལས། རིག་པ་འོད་ལྔ་ལྷུན་གྲུབ་ཀྱི་རྩལ་སྣང་རང་བྱུང་རང་ཤར་རང་གྲོལ་བའི་སེམས་མཆོག་བླ་ན་མེད་པ་གསལ་ཐོབ་ལ་སེམས་བསྐྱེད་ཀྱི་ཚིག་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་པ་རང་ཤར་སོགས་གསུམ། ཚོགས་ཞིང་ཁྱད་པར་དུ་འཕགས་པ་དེ་དག་གི་སྤྱན་སྔར་ཀུན་རྫོབ་ཏུ་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོ་ཡན་ལག་བཅུ་པ་སོ་སོའི་དམིགས་རིམ་སྤྱི་དང་མཐུན་པར་གསལ་འདེབས་པ་དང་། དོན་དམ་རང་རིག་གདོད་ནས་འགྱུར་བ་མེད་པའི་དབྱིངས་སུ་སྣང་རིག་སྟོང་པའི་ཆོ་འཕྲུལ་ཐམས་ཅད་རོ་མཉམ་ལྷུན་རྫོགས་ཆེན་པོར་གདིང་འཆོས་པའི་དགོངས་པ་ལས་མ་གཡོས་པར་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱི༔ སྣང་སེམས་གཉིས་སུ་མེད་སོགས། དེ་ནས་སོ་ཐར་བྱང་སེམས་སྔགས་ཀྱིས་བསྡུས་པའི་སྡོམ་པ་ཐ་དག་འཛིན་ཅིང་བསྲུང་བར་བགྱི་སྙམ་པས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། ཧོ༔ ཚེ་བདག་རིག་འཛིན་སྣང་མཐའ་ཡས༔ རྒྱལ་བ་སྲས་བཅས་མཁའ་འགྲོ་དགོངས༔ བདག་ནི་དུས་འདི་ནས་བཟུང་སྟེ༔ འོད་གསལ་མངོན་དུ་མ་གྱུར་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་པ་ཐམས་ཅད་བཟུང་བར་བགྱི༔ མ་བསྒྲལ་པ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་པ་རྣམས་གྲོལ་བར་བགྱི༔ དབྱུགས་མ་ཕྱུང་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ། དེ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་ཅིང་ཐུན་མོང་མ་ཡིན་པ་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པའི་མོས་པ་མཛོད། དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ་འདོད་ཀྱི་བློ་དུང་ངེ་བ་རེ་སྐྱེད། དེ་ཡོངས་སུ་གྱུར་པ་ལས་སྙིང་གར་ཟླ་བའི་དཀྱིལ་འཁོར་རེ་སྒོམས། ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་སྒོམས། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རེ་སྒོམས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ༔ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ རྡོ་རྗེ་མེ་ཏོག་བཅས་སྙིང་གར་བཞག་ལ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ མཚམས་སྦྱོར་སྤྱི་ལྟར་བྱས་ཏེ། ཨོཾ་ཨཱ་ཁཾ་ཝཱི་ར་བྷྲཱུྃ༔ ཞེས་མིག་རས་དང་། ཨོཾ་པུཥྤེ་སིདྡྷི་ཧཱུྃ༔ ཞེས་མེ་ཏོག་སྦྱིན། ལས་ཆུ་འཐོར་ལ། ཆུའི་རྡུལ་ཕྲ་རབ་རེ་རེ་བཞིན་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྤྲིན་ཕུང་འཕྲོས་ཏེ་དབང་བསྐུར་བ་ལ་བར་ཆད་བྱེད་པའི་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སོ། །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ། དེ་ནས་རིགས་ངེས་པར་བྱ་བའི་ཕྱིར་འདི་སྐད་དྲིས་པའི་མོས་པ་མཛོད། ཀྱེ༔ བུ་ཁྱོད་སུ་ཡིན་ཅི་ལ་དགའ༔ ཞེས་དྲིས་པའི་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ༔ དེ་ནས་འདུན་པ་ངེས་པར་བྱ་བའི་ཕྱིར་དུ་འདི་སྐད་དྲིས་པའི་མོས་པ་མཛོད། བུ་ཁྱོད་དེས་ནི་ཅི་ཞིག་འཚོལ༔ ཞེས་དྲིས་པའི་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། མཆོག་གི་ཐིག་ལེའི་དམ་ཚིག་གོ༔ དེ་ནས་བླ་མ་དང་དཀྱིལ་འཁོར་པ་ལ་ལུས་དབུལ་བའི་བློས་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་དྲིན་དང་ལྡན་པ་ལ༔ བདག་གི་ལུས་འབུལ་བཞེས་སུ་གསོལ༔ དཀྱིལ་འཁོར་དཀོན་མཆོག་གསུམ་མཆོག་ལ༔ བདག་གི་ལུས་དབུལ་བཞེས་སུ་གསོལ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག་སྟེ་གསང་བར་གདམས་པའི་མོས་པ་མཛོད། ཧོ༔ མཆོག་ཏུ་གསང་བ་ཟབ་མོའི་དོན༔ སྣོད་མིན་མ་སྨིན་པ་དག་ལ༔ སྲོག་གི་ཕྱིར་ཡང་སྨྲ་མི་བྱ༔ དེ་འདས་རྡོ་རྗེ་དམྱལ་བར་འགྱུར༔ མ་ཧཱ་ས་མ་ཡ་བཛྲ་ཧཱུྃ༔ དེ་ནས་དཀྱིལ་འཁོར་དུ་གཞུག་པའི་སླད་དུ་འདི་སྐད་བརྗོད་པའི་མོས་པ་མཛོད། ཧོ༔ བུ་ཁྱོད་འདིར་ཤོག་ཉམས་དགའི་གྲོང༔ ཐར་པ་ཆེན་པོ་མཆོག་གི་གནས༔ འདིར་ཞུགས་དཀྱིལ་འཁོར་ལྷ་ལ་བསྐོར༔ ཕྱག་འཚལ་གུས་པས་འདིར་འདུས་ཤིག༔ ཧཱུྃ་ཧཱུྃ་ཛ་ཛ༔ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པར་གྱུར། བཛྲ་པྲ་བེ་ཤ་ཡ་ཕཊཿ དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཏེ་ཤར་གྱི་སྒོ་དྲུང་དུ་གནས་པས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱས་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ལན་གསུམ། དེ་དག་གིས་དཀྱིལ་འཁོར་ཕྱི་འཇུག་རྣམས་གྲུབ། ནང་འཇུག་གི་ཐོག་མར་ཡེ་ཤེས་དབབ་པའི་སྔོན་འགྲོ་དམ་ཚིག་གི་གནད་ལ་བཀར་ཅིང་ནན་ཏན་དུ་བཀའ་བསྒོ་བ་ཡིན་པས་དོན་དྲན་པར་མཛོད་ཅིག །རྡོ་རྗེ་སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུྃ་ཧྲཱི༔ དེ་རིང་དུས་སུ་དངོས་གྲུབ་ཐོབ༔ སྲུངས་ཤིག་མ་བསྲུང་ཉམས་པར་འགྱུར༔ སྙིང་ལ་རྡོ་རྗེ་སེམས་དཔའ་གནས༔ སློབ་དཔོན་བཀའ་བསྩལ་ཉན་པར་བྱོས༔ མ་ཧཱ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ༔ བླ་མ་རིག་འཛིན་ཚེ་ཡི་བདག༔ བདག་ལ་བྱིན་རླབས་ཡེ་ཤེས་ཕོབ༔ རང་བྱུང་ཡེ་ཤེས་རང་ལ་གནས༔ དེ་ཉིད་བདག་ལ་བསྟན་པར་འཚལ༔ ལན་གསུམ། དེ་ནས་དབང་གི་གཞི་དང་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་གཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་གི་སེམས་ཉིད་ཧྲཱིཿཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་བླ་མ་ཀུན་བཟང་སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པ། འཛུམ་ཁྲོ་ཆགས་པའི་ཉམས་ཅན། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱས་ཚེ་བུམ་བདུད་རྩིས་གང་བ་དང་། བར་མ་གཉིས་གྲི་གུག་ཐོད་ཁྲག་དང་། ཐ་མ་གཉིས་པད་ཕྲེང་དང་པདྨ་དམར་པོ་རྣམས་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་གྲི་གུག་ཐོད་ཁྲག་འཛིན་པ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པས་འཁྲིལ་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿདམར་པོ། དེ་དང་བདག་མདུན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་ནས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་པ་དང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་གི་སྤྱི་བོའི་གཙུག་དབང་པོའི་སྒོ། བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་ལས་བྱང་དབུའི་བྱིན་འབེབ་དབྱངས་བཅས་གྱེར་བའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩ་སྔགས་དང་ཚེ་གཟུངས་ཀྱི་མཐར། ཨོཾ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་མང་དུ་བཟླས། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་དང་མེ་ཏོག་དམར་པོ་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ ཚོམ་བུའི་དཀྱིལ་འཁོར་བཤམ། མཚམས་སྦྱོར་སྤྱི་ལྟར་བྱས་ཏེ་མེ་ཏོག་དོར་བ་ནི། ཧཱུྃ་ཧྲཱི༔ ཀུན་བཟང་ཚེ་ཡི་དཀྱིལ་འཁོར་དམ་པ་རུ༔ རིག་པ་མཆོག་གི་མེ་ཏོག་ཕྲེང་བ་ནི༔ གུས་པས་འབུལ་གྱིས་བརྩེ་བས་བཞེས་མཛོད་ལ༔ བྱང་ཆུབ་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ པུཥྤེ་པྲ་ཏཱིཙྪ་བཛྲ་ཧོ༔ སླར་ཡང་མེ་ཏོག་སྤྱི་བོར་བཞག་པས་ཚེའི་དངོས་གྲུབ་འོད་ཟེར་གྱི་ཕུང་པོ་འབར་བའི་རྣམ་པར་སྤྱི་བོར་ཐིམ་པའི་མོས་པ་མཛོད། ཧོ༔ དེང་ནས་བུ་ཁྱོད་ཡེ་ཤེས་ཐུགས་སྲོག་འཛིན༔ རྒྱལ་སྲས་དཔའ་བོ་དངོས་གྲུབ་མཆོག་འདི་ལོངས༔ དབང་རྟགས་ཅོད་པན་འཛིན་པའི་རྒྱན་འདི་ཡིས༔ བུ་ལ་དབང་བསྐུར་ཆོས་རྒྱལ་སྲིད་ཐོབ་ཤོག༔ རྩ་སྔགས་དང་། པྲ་ཏི་གྲྀ་ཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་དབང་བསྐུར་ཞིང་གསང་མཚན་ཡང་པདྨ་ཚེ་དབང་རྩལ་ཞེས་བཏགས་པ་ཡིན་ནོ། །ཞེས་བརྗོད། མཚམས་སྦྱོར་སྤྱི་ལྟར་བྱས་ཏེ་མིག་དབྱེ་བ་ནི། ཧོ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་བསལ་བའི་ཚུལ་བཞིན་དུ༔ མ་རིག་དེང་བསལ་དཀྱིལ་འཁོར་ལྟོས༔ དངོས་གྲུབ་ཀུན་དང་ལྡན་པར་འཇུག༔ ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་ནས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་རྟོགས་ལྟར་བསྟན་པར་བྱ། བསྡུ་ན། དེ་ལྟར་དག་པ་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཡེ་ཤེས་འོད་མཆོག་ཞལ་གསུམ་ཕྱག་དྲུག་པ་ལྷ་བཞི་བཅུ་རྩ་དགུ་པའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་དང་བཅས་དགའ་སྤྲོ་དང་དད་གུས་རྒྱ་ཆེན་པོ་བསྐྱེད་མཛོད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་པ་ལ་ཚེ་དབང་བསྐུར་བའི་ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཕོ་ཉ་མགྱོགས་མའི་ཚོགས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པ་རྣམས་ཀྱིས། ཁྱེད་རང་གི་བླ་ཚེ་ཆད་ཉམས་ཡར་བ། སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ་རྣམས་ཀྱིས་བརྐུས་ཤིང་ཕྲོགས་པ་རྣམས་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་བརྟན་གཡོའི་བཅུད་དང་དྭངས་མ་དགེ་མཚན་ཇི་མཆིས་པ། ཁྱད་པར་དབང་བཅུ་དང་ཡེ་ཤེས་ལྔའི་ཚེ་དཔལ་དངོས་གྲུབ་ཀྱི་དབྱིག་ཐམས་ཅད་བདུད་རྩི་འཇའ་འོད་ཟེར་ཐིག་རྣམ་པ་ལྔའི་རང་བཞིན་དུ་བསྡུས་ནས་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ནས་སིབ་སིབ་ཞུགས། ལུས་ཀྱི་ནང་ཚེའི་བཅུད་ཀྱིས་གང་། དྭངས་མ་སྲོག་རྟེན་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་སོགས་ཚེ་འགུགས་ལས་བྱང་ལྟར་གྱེར། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བའི་ཐོག་མ་བུམ་པའི་དབང་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་པ་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རྣམ་རྒྱལ་བུམ་པ་འཆི་མེད་བདུད་རྩིས་བཀང་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་འོད་གསལ་གཞལ་ཡས་ཁང༔ ཀུན་བཟང་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས༔ གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད༔ བུ་ལ་དབང་བསྐུར་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགོ་བོའི་གནས་ལྔར་བཞག་ལ་བུམ་ཆུ་སྦྱིན་ཅིང་འཐོར། ཞེས་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔས་དབུར་བརྒྱན་པར་གྱུར། སྐུ་རྟེན་ཚེ་འབྲང་ཀུན་བཟང་ཚེ་དཔག་མེད་པའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་བཞག་པས་སྐུ་གསུང་ཐུགས་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་ལུས་ཐམས་ཅད་གང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཚེ་འབྲང་ཐོགས་ལ། ཧཱུྃ་ཧྲཱི༔ ངོ་བོའི་སྐུ་ནི་མཐའ་བྲལ་རྡོ་རྗེའི་ཚེ༔ མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག༔ རང་བཞིན་གསུང་ནི་གྲགས་སྟོང་ཆོས་ཀྱི་སྐུ༔ རྒྱུན་ཆད་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཐུགས་རྗེའི་ཐུགས་ནི་མཐའ་བྲལ་ཐིག་ལེའི་སྐུ༔ དུས་གསུམ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །གསུང་རྟེན་ཚེ་ཆང་བླུད་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་འབར་བའི་ཧྲཱིཿཡིག་གིས་གཏམས་པའི་འོད་ཀྱིས་ལུས་ཀུན་ཁྱབ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་དང་རྟག་ཏུ་མཉམ་སྦྱོར་ཞིང༔ ཡེ་ཤེས་བདུད་རྩིས་དུག་ལྔའི་ནད་ཀུན་སེལ༔ དགའ་བཞི་ཡེ་ཤེས་བདེ་སྟོང་དབང་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱི༔ ཨཱ་ཡུརྫྙཱ་ན་པུཎྱེ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ ཐུགས་རྟེན་ཚེ་རིལ་འཁོར་ལོ་ཚེ་མདའ་བཅས་ཐུགས་ཀར་བཞག་ཅིང་ཚེ་རིལ་སྦྱིན་པས་དེ་རྣམས་ཚེ་ལྷའི་དཀྱིལ་འཁོར་ཆ་ཚང་བ་རེར་གསལ་བ་ཁྱེད་རང་གི་སྙིང་གའི་དབུས་ཀྱི་ཉི་ཟླའི་གྭའུ་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ ཅིས་ཀྱང་མི་འགྱུར་མི་ཤིགས་རྡོ་རྗེ་སེམས༔ རིག་པའི་རྒྱལ་པོ་ཀུན་ཁྱབ་ཀུན་ཏུ་བཟང༔ གཞོམ་གཞིག་བྲལ་བའི་སྲོག་གི་ཐིག་ལེའི་དབང༔ རིག་པ་སེམས་ཀྱི་བུ་ཁྱོད་བླང་བར་གྱིས༔ ཚེ་གཟུངས་བཟླ་བཞིན་ཚེ་རིལ་སྦྱིན། ཡོན་ཏན་གྱི་ཚེ་རྟེན་སྨན་གྱི་ཟ་མ་ཏོག་སྤྱི་བོ་སོགས་གནས་ལྔར་བཞག་སྟེ་དབང་བསྐུར་བས་གནས་ལྔ་སོགས་ལུས་ཀྱི་ནང་ཐམས་ཅད་མི་འགྱུར་རྡོ་རྗེ་ཚེའི་བཅུད་ཀྱིས་གང་སྟེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་འཆི་མེད་ཚེའི་དབང་དང་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ བདུད་རྩིའི་དབང་བསྐུར་སྐུ་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ནས༔ བཀྲ་ཤིས་རྣམ་རྒྱལ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་ཚེ་གཟུངས། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཨ་བྷི་ཥིཉྩ་ཨཱཿ ཞེས་བཟླ་བཞིན་སྨན་རིལ་སྦྱིན། ཕྲིན་ལས་ཀྱི་ཚེ་རྟེན་ཕུར་པ་གནས་ལྔར་གཏུག་ཅིང་དབང་བསྐུར་བས་འཆི་བདག་གཤིན་རྗེའི་སྙིང་གི་དབུས་ནས་ཚེའི་དྭངས་མ་འོད་ཀྱི་རྣམ་པར་བསྡུས་ཤིང་། ཁྱེད་རང་གི་ཤངས་བུག་བརྒྱུད་ནས་ཐུགས་ཀར་ཐིམ་པས་བདུད་རྩིའི་འོད་ཀྱིས་གང་བས་འཆི་མེད་ཚེའི་དབང་དང་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ བདུད་བཞིའི་སྙིང་ཁྲག་རྔུབས་བྱས་ནས༔ རྩལ་ཆེན་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ རུ་ཏྲ་མཱ་ར་ཡ་ཧཱུྃ་ཕཊ༔ ཀརྨ་ཨཱ་ཡུཿཔུཎྱེ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་གཞུང་གི་དབང་དངོས་གཞི་གྲུབ་པས་འོག་གི་རྒྱལ་སྲིད་སོགས་ལ་འཇུག་ཆོག །ཡང་གྲངས་གསོག་ལྟ་བུར་མཁོ་བའི་དབང་མདོར་བསྡུས་དངོས་གྲུབ་ལེན་ཆོག་ནས་འབྱུང་བའང་འདིར་སྦྱོར་ན། སླར་ཡང་ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བདག་གཞན་གཉིས་མེད་དག་ཀྱང་དཀྱིལ་འཁོར་དུ༔ ཡོན་ཏན་རྨད་བྱུང་ཡེ་ཤེས་ཚེ་ཡི་ལྷ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ ལྷུན་གྱིས་གྲུབ་པའི་ཐིག་ལེ་མཆོག་གི་ཚེ༔ ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་ཚེ༔ དགོས་འདོད་རེ་སྐོང་ཡིད་བཞིན་གཏེར་གྱི་མཛོད༔ ཆོས་དང་དབང་ཐང་ཐུན་མོང་ཡོན་ཏན་བརྒྱད༔ མངོན་ཤེས་དྲུག་ལྡན་ཚེ་དབང་བསྩལ་དུ་གསོལ༔ རྩ་སྔགས་དང་ཚེ་གཟུངས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྤུནྱེ་ཛྙཱ་ན་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཚེ་རིལ་བྱིན་ཏེ། ཧཱུྃ་ཧྲཱི༔ འཁོར་ལོས་སྒྱུར་རྒྱལ་ཅི་འདོད་རྩོལ་མེད་བཞིན༔ རང་བྱུང་ཡེ་ཤེས་ཆོ་འཕྲུལ་ཟད་པ་མེད༔ ཚེ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཕུན་སུམ་ཚོགས་པའི་དངོས་གྲུབ་འདི་ལ་སྩོལ༔ རྩ་སྔགས་དང་ཚེ་གཟུངས་བཟླ། ཚེ་ཆང་སྦྱིན་ཏེ། ཧཱུྃ་ཧྲཱི༔ ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལ༔ གསོལ་བ་གང་བཏབ་རེ་བ་ཡོངས་སྐོང་ལྟར༔ ཚེ་བཅུད་ཡེ་ཤེས་བདུད་རྩིའི་རྒྱུན་དང་ལྡན༔ ལྷུན་གྲུབ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་དང་ཚེ་གཟུངས་བཟླ། དེ་དག་རྣམས་ཀྱིས་འཆི་མེད་ཡང་གསང་ཚེའི་སྒྲུབ་པའི་དབང་བསྐུར་བ་དངོས་གཞི་གྲུབ་ནས་མཐའ་རྟེན་གྱི་དབང་བསྐུར་བ་རིམ་པར་སྦྱིན་པའི་ཐོག་མར། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་དབང་བསྒྱུར་བའི་མོས་པ་མཛོད། ཧཱུྃ་ཧྲཱི༔ འཁོར་ལོ་རིན་ཆེན་དབང་བཅུས་འཁོར་རྒྱུན་གཅོད༔ ཆོས་འཁོར་ལེགས་བསྐོར་ས་བཅུའི་དབང་ཐོབ་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བཙུན་མོ་རིན་ཆེན་གཏེར་ཆེན་གཟུངས་དང་ལྡན༔ བསོད་ནམས་ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པཱ་ར་མི་ཏ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནོར་བུ་རིན་ཆེན་སྐྱོན་སེལ་བདེ་བའི་གནས༔ མཆོག་གསུམ་རེ་སྐོང་ལྷག་མཐོང་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ཁྱིམ་བདག་རིན་ཆེན་གང་འདུལ་དཔག་བསམ་ཤིང༔ ཤེས་བྱར་ཐོགས་མེད་ནོར་བདུན་དབང་ཐོབ་ཤོག༔ མ་ཧཱ་ཙིནྡྷ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ གླང་པོ་རིན་ཆེན་བདུད་འདུལ་སྟོབས་པོ་ཆེ༔ ཡང་དག་སྟོབས་བཅུ་གནད་ལྡན་དབང་ཐོབ་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ རྟ་མཆོག་རིན་ཆེན་འཁོར་མཚོ་སྒྲོལ་ཤུགས་འཆང༔ ས་ལམ་མྱུར་བགྲོད་རྫུ་འཕྲུལ་དབང་ཐོབ་ཤོག༔ ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ དམག་དཔོན་རིན་ཆེན་ཐབས་ལྡན་མི་འཇིགས་སྦྱིན༔ གོ་གྱོན་གཡུལ་འཇོམས་མི་འཇིགས་དབང་ཐོབ་ཤོག༔ མ་ཧཱ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ བཀྲ་ཤིས་རྫས་བརྒྱད་ནི། ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ གསང་བདག་དཔའ་བོ་ཕྱག་ན་རྡོ་རྗེ་ཡིས༔ ཡུངས་དཀར་ཕུལ་བས་སྟོང་ཕྲག་བརྒྱད་ཅུའི་བགེགས༔ མ་ལུས་འཇོམས་མཛད་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ ཁྱེ་འུ་དམ་པ་རྩ་འཚོང་བཀྲ་ཤིས་ཀྱིས༔ དཱུར་བ་ཕུལ་བས་ནད་གདོན་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེངྒེ་ལ༔ ཚངས་པའི་རྒྱལ་པོས་བིལ་བ་ཕུལ་བ་ཡིས༔ སྟོབས་ལྡན་མི་འཇིགས་སྐུ་ལྔ་ཡོངས་སུ་རྫོགས༔ རྒྱུ་ཆུང་འབྲས་འཕེལ་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ བྲམ་ཟེ་དམ་པ་བཀྲ་ཤིས་སྐར་རྒྱལ་གྱིས༔ ལི་ཁྲི་ཕུལ་བས་ཐུགས་རྗེས་གཞན་ཕན་རྒྱས༔ ཁམས་གསུམ་དབང་སྡུད་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ གླང་ཆེན་ས་སྲུང་གི་ཝཾ་ཕུལ་བ་ཡིས༔ ཤེས་བཅུ་རབ་བརྟན་བཞི་བརྒྱའི་ནད་ཀུན་གྲོལ༔ དཀར་པོའི་ཆོས་འཛིན་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ ལེགས་སྐྱེས་བུ་མོས་བཀྲ་ཤིས་ཞོ་ཕུལ་བས༔ དབང་པོའི་མདངས་འཕེལ་བསམ་གཏན་ཏིང་འཛིན་བསྐྱེད༔ དྲི་མེད་སེམས་དག་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ འོད་འཆང་ལྷ་མོས་མེ་ལོང་ཕུལ་བ་ཡིས༔ མ་རིག་རབ་སངས་ཆོས་རྣམས་གཟུགས་བརྙན་ལྟར༔ གཙང་དག་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྔོན་ཚེ་རྒྱལ་བ་ཤཱཀྱ་སེང་གེ་ལ༔ བརྒྱ་བྱིན་དབང་པོས་གཡས་འཁྱིལ་དུང་ཕུལ་བས༔ ཡོན་ཏན་རྒྱ་མཚོ་གསུང་དབྱངས་དྲུག་ཅུ་སྒྲོག༔ ཆོས་སྒྲས་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག༔ མངྒ་ལམ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ སྭསྟི་སྭསྟི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃཿཨ་བྷི་ཥིཉྩ་ཨཱ༔ ལས་བཞིའི་འབྲང་རྒྱས་ཀྱི་དབང་བསྐུར་བས་ཕྲིན་ལས་བཞི་ལ་ཐོགས་པ་མེད་པར་དབང་བསྒྱུར་བའི་མོས་པ་མཛོད། ཧཱུྃ་ཧྲཱི༔ ནད་གདོན་གནོད་པ་མ་ལུས་པ༔ ཞི་བའི་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཚེ་དང་བསོད་ནམས་ཡེ་ཤེས་ཀུན༔ རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག༔ སྭཱ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཁམས་གསུམ་སྲིད་པའི་འགྲོ་བ་ཀུན༔ དབང་སྡུད་ཕྲིན་ལས་དབང་ཐོབ་ཤོག༔ ཧྲཱི་ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཞིང་བཅུར་གྱུར་པའི་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་དབང་ཐོབ་ཤོག༔ རུ་ཏྲ་མཱ་ར་ཡ་ཕཊ༔ ཅེས་ལག་ཏུ་གཏད། ཚེ་མདའ་རིན་ཆེན་འབར་བས་སྤྱི་བོར་རྒྱ་གྲམ་དུ་རེག་པས་ལུས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱིས་ཞུ་ལུགས་སུ་གཡོགས་ཏེ་ཚེའི་བར་ཆད་ཐམས་ཅད་ལས་སྲུང་བར་བྱས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ སྲིད་གསུམ་འཁོར་བ་རྣམ་པར་དག༔ ཡེ་ཤེས་ཕུང་པོ་བླ་ན་མེད༔ བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས༔ རྟག་ཏུ་སྒོ་གསུམ་བསྲུང་བར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་རཀྵ་རཀྵ་རཀྵ་ཧཱུྃ༔ ཚེའི་བར་ཆད་ཐམས་ཅད་ལས་བསྲུངས་པར་བྱས་པའི་མོས་པ་མཛོད། ཚེ་མདའ་སྙིང་གར་གཏུགས་ཏེ། ཧཱུྃ་ཧྲཱི༔ འཆི་མེད་རྡོ་རྗེ་ཡེ་ཤེས་ཚེ༔ དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ འོད་ལྔ་གསལ་དྭངས་རྙོག་པ་མེད༔ ཐུགས་ཀར་རྟག་ཏུ་སྦ་བར་བྱ༔ སྟོང་པའི་གོ་ཆ་སྲ་ཞིང་བརྟན༔ སུས་ཀྱང་གཞོམ་དུ་ག་ལ་ཡོད༔ ས་མ་ཡ་ཨ་ཨ༔ ཞེས་གཞོམ་བྲལ་ཀ་དག་གི་དབྱིངས་སུ་རྒྱས་གདབ། མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་སྤེལ་ལོ། །གསུམ་པ་དབང་གི་རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་དང་། དཀྱིལ་འཁོར་རྗེས་རིམ་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་རྣམས་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ལྷུན་གྲུབ་ཡེ༵་ཤེ༵ས་འོ༵ད་ཀྱི་གསང་ལམ་ནས། །འཆི་མེད་རྡོ་རྗེ་གཞོམ་བྲལ་སྲོག་གི་མཆོ༵ག །ཚེ་འདིར་གྲུབ་ནས་ཟག་བཅས་འཁོར་བའི་ཆོས། །ཀུན་ཀྱང་ཟག་མེད་འོད་ཀྱི་ཀློང་སྒྲོལ་ཤོག །དེ་ལྟར་སྔ་འགྱུར་རིག་འཛིན་གོང་མ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་ཟབ་ཆོས་འདི་ཉིད་དེང་སང་དཔེ་རྒྱུན་ཙམ་ཡང་ཆད་དུ་ཉེ་བ་ན། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་བླ་མ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་ལས་སྨིན་གྲོལ་ཡོངས་སུ་རྫོགས་པའི་སྐལ་བཟང་ཐོབ་པས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབྱིག་གི་སྙིང་པོར་བཞུགས་སུ་གསོལ་བའི་སླད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བཀླག་ཆོག་གི་ཁྲིགས་སུ་བཀོད་པ་དགེ་ལེགས་འཕེལ།། །།

མཆོག་གླིང་ཟབ་གཏེར་སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་དབང་སྒྲུབ་བསྐུར་ལག་ལེན་སྐབས་གསོ་སྦྱོང་སོགས་ཉེར་མཁོ་ཟུར་དུ་ལྷན་ཐབས་སུ་བྲིས་པ་ (Volume 59, Text 26)

མཆོག་གླིང་ཟབ་གཏེར་སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་དབང་སྒྲུབ་བསྐུར་ལག་ལེན་སྐབས་གསོ་སྦྱོང་སོགས་ཉེར་མཁོ་ཟུར་དུ་ལྷན་ཐབས་སུ་བྲིས་པ་ཡོད། དང་པོ་ལྷ་མའི་སྐབས་གསོ་སྦྱོང་ནི། དོན་ཞགས་ཀྱི་རྟོག་པ་ལས་གསུངས་པ་ལྟར། རྟེན་གྱི་དྲུང་དུ་བསྙེན་གནས་རང་གིས་བླང་བའི་ཆོ་ག་ནི། སྔ་བར་ལངས་ལ་ཁྲུས་བྱས། རྟེན་གྱི་དྲུང་དུ་མཆོད་པ་བཤམས། རང་ཉིད་ལྷྭམ་ཕུད། རྟེན་ལ་ཕྱག་གསུམ་བྱས་ནས་པུས་བཙུགས་ཐལ་མོ་སྦྱར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། །མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་གཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱི་འོ། །ཞེས་ལན་གསུམ་བརྗོད་རྗེས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ནི་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གཅིག་བརྗོད་པར་བྱས་ལ། མཇུག་ཏུ་རྟེན་ལ་གཏང་རག་གི་ཕྱག་གསུམ་འཚལ་ཞིང་། དེ་ཉིན་རྩ་བཞི་ཆང་དང་སྒེག་ཆོས་ཕྱི་དྲོའི་ཁ་ཟས་རྣམས་དྲན་ཤེས་བག་ཡོད་དང་ལྡན་པས་བསྲུང་བ་དང་། ཁ་ཏོན་ཕྱག་སྐོར་སོགས་སྒོ་གསུམ་དགེ་བ་ལ་འབད་པར་བྱའོ།། །།སྨིན་གླིང་ལོ་ཆེན་གསུང་འབུམ་ལས་ཟུར་བཏོན་ཞུས་པའོ། །ཚུལ་ཁྲིམས་རྣམ་དག་གི་གཟུངས། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ཁྲིམས་འཆལ་གྱི་ཉེས་པ་དག་ཅིང་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་སོགས་གསུངས་སོ། །ལྷ་རྗེས་དྲན་པ་རིགས་གསུམ་རྒྱུན་ཁྱེར་ནི་འོག་གི་བྱང་སེམས་སྐབས་སམ་ཀྲི་ཡཱའི་སྐབས་ཀྱི་མདུན་རྟེན་གསལ་གདབ་ཀྱི་འཐུས་ངེས་པས་འདིར་བྱའོ།། ༈ །།གཉིས་པ་ཉང་རང་སྐབས། མཆོད་པའི་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ༈ དྲུག་པ་ཡོ་གའི་སྐབས་སྤྲོ་ན། རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དེའི་དབང་སྐབས་སྡོམ་གཟུང་སྤྲོ་ན། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་སམ། ཤིས་བརྗོད་རྒྱས་པ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་རློབས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་མཛད་པ། །ཐུགས་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཅེས་དེ་བཞིན་གཤེགས་པ་རིགས་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ།། ༈ །།བདུན་པ་མ་ཧཱ་ཡོ་ག་རྒྱུད་རྒྱུད་འཇམ་རྡོར་སྐབས། ལས་བུམ་ལས་གཤིན་སྔགས་ནི། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ༈ བཅུ་པ་རིགས་གསུམ་སྤྱི་འདུས་འགྲོ་འདུལ་ཕྲིན་དབང་སྐབས། ཤེས་རབ་བློ་འཕེལ་གཟུངས་ནི། ན་མོ་མཉྫུ་ཤྲཱི། ཀུ་མཱ་ར་བྷུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ཛ་ཡ་བ་ཏི། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ།། །། ༈ བཅུ་གཅིག་པ་བཀའ་སྲུང་བཀའ་གཏད་སྐབས་ཐུན་གཏོར་མར་པའི་སྙན་བརྒྱུད་ལྟར་དགོས་གསུངས་པ། དིལ་མཁྱེན་རིན་པོ་ཆེའི་གསུང་འདིའི་མཆོད་ཕྲིན་རྒྱས་པ་ལས་འབྱུང་བ་ནི། བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། གཏོར་མའི་ནང་དུ་ཧ་སེར་པོ། ཧོ་དཀར་པོ། ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དམ་བ་ལིཾ་ཏ་གྲྀཧྣ་གྲྀཧྣ་པཱ་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། ལག་པ་ཁུ་ཚུར་མཛུབ་མོ་གཉིས་བསྒྲེངས་ཏེ་ཁ་འགྲམ་གཡས་གཡོན་དུ་བཞག་ལ། ཨོཾ་བྷྱོཿབརྟ་ལི་བཏྟ་ལི་ཚེ། ལན་གསུམ་གྱིས་གཏོར་མ་ལ་བདུད་རྩིའི་ཁ་ཕྲུ་བཏབ། བྷྱོཿ དུར་ཁྲོད་མ་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེངས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་གྱིས། །བཅོལ་པའི་ལས་ནི་འགྲུབ་པར་མཛོད། །གྲྀཧྞ་གྲྀཧྞ་སརྦ་དུཥྚཱཾ་བྷཀྵ་བྷཀྵ། །ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ྄་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། མཁའ་འགྲོ་མ་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་དམ་པ་དང་ལྡན་པ་འདི་གསོལ་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། རྨི་ལྟས་མཚན་ངན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་བཅོལ་བས་བཀའ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ་མོ། །ཞེས་པ་འདི་རྣམས་དབང་སྒྲུབ་བསྐུར་སྐབས་ལྷན་ཐབས་གློ་བུར་རྙེད་དཀའ་བའི་རིགས་ཟུར་བཀོད་བྱས་པའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསོ་ཐབས་བདུད་རྩི་བུམ་ཆེན་གྱི་དཀར་ཆག་ (Volume 29, Text 26)

གསོ་ཐབས་བདུད་རྩི་བུམ་ཆེན་གྱི་དཀར་ཆག་བཞུགས༔ ཨེ་མ་ཧོ༔ རྣམ་དག་སྐུ་མངའ་བཻ་ཌཱུརྱ༔ གཟུགས་བཟང་གསེར་གྱི་ལྷུན་པོ་འདྲ༔ དུས་གསུམ་མཁྱེན་ལ་ཕྱག་འཚལ་ལོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ངས༔ ཕྱི་རབས་སེམས་ཅན་དོན་ཆེད་དུ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ནད་ངན་གདུག་པ་བཟློག་པའི་ཕྱིར༔ གདམས་ངག་ཟབ་མོ་འདི་གསུངས་སོ༔ གདམས་པ་བདུད་རྩི་བུམ་པ་ལ༔ རྒྱུད་གསུམ་དང་ནི་གྱད་ལྔ་སྟེ༔ ཡང་གསང་སྦས་པའི་དཀོར་མཛོད་གཅིག༔ གསང་མཛོད་འབྱེད་པའི་ལྡེ་མིག་ལྔ༔ ཌཱ་ཀི་གསང་བའི་སྙིང་ཁྲག་གཅིག༔ ལྷ་མོ་ལྔ་ཡི་དགོངས་པ་ཡོད༔ དེ་ལ་རྒྱུད་གསུམ་ནི༔ བདུད་རྩི་བུམ་པ་རྩ་བའི་རྒྱུད༔ རྡོ་རྗེ་ཁྲབ་རིང་སྲུང་བའི་རྒྱུད༔ ཉི་ཟླ་ཁ་སྦྱོར་བརྟག་པའི་རྒྱུད༔ དཔའ་བོའི་གྱད་ལྔ་ནི༔ སྣོད་རུང་བསྡུས་པ་དབང་གི་གྱད༔ མ་བས་ལྷག་པ་བུ་ལྔའི་གྱད༔ ཡང་གསང་སྦས་པ་མཛོད་ཀྱི་གྱད༔ གསང་བ་སྙིང་ཁྲག་གདམས་པའི་གྱད༔ ལོག་གནོན་སྲོག་གི་ཀ་ཆེན་འདི༔ གུད་དུ་བཀོལ་བའི་གྱད་ཅིག་ཡིན༔ མཁའ་འགྲོ་གསང་བའི་སྙིང་ཁྲག་ལ༔ ལྷ་མོ་ལྔ་ཡི་དགོངས་པ་ཡོད༔ ཡང་གསང་སྦས་པའི་མཛོད་ཆེན་ལ༔ དཔའ་བོ་གྱད་ཀྱི་རལ་བསྐོར་ཡོད༔ ལག་ལེན་བདུད་རྩིའི་ཕྲེང་བ་ཡོད༔ འཁྲུད་པ་བདུད་རྩིའི་ཆུ་རྒྱུན་ཡོད༔ གསོ་དཔྱད་བདུད་རྩི་བུམ་པ་ཡི༔ མ་བུམ་སྡེ་སྐོར་དེ་ཡིས་ཚང༔ དེ་ལས་ལྷག་པ་ང་ལ་མེད༔ ཨེ་མ་བུ་ལའང་གསང་བར་བྱ༔ ྀཨཚ༔ ༔

ལས་འབྲེལ་གཏེར་བྱོན་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་ལས་བྱང་དོན་གཉིས་ལྷུན་གྲུབ་ (Volume 46, Text 26)

༄༅། །ལས་འབྲེལ་གཏེར་བྱོན་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་ལས་བྱང་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། ། གཉེན་པོ་ལྷ་གསུམ་གྱི་ལས་བྱང་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྟ་མགྲིན་ལྷ་གསུམ་ལ་ཕྱག་འཚལ་ལོ། །ངོ་བོ་མི་འགྱུར་འཕོ་མེད་ཆོས་དབྱིངས་ལས། །རང་བཞིན་མ་འགགས་ལོངས་སྤྱོད་རྫོགས་སྐུར་ཤར། །ཐུགས་རྗེ་སྤྲུལ་བསྒྱུར་དྲག་པོའི་རྣམ་རོལ་གྱིས། །གདུག་པ་འདུལ་མཛད་ལྷ་ལ་གུས་པས་འདུད། །གང་གི་ཕྲིན་ལས་གྱེར་གཞུང་སྙིང་པོའི་དོན། །ཟབ་གསང་གཏེར་བྱོན་དགོངས་པ་ཇི་ལྟ་བར། །བརྗོད་བདེའི་ངག་གིས་བཀླག་ཆོག་ཉིད་སྡེབ་ན། །བྱིན་རླབས་མཆོག་གི་གནང་བ་བསྩལ་དུ་གསོལ། །དེ་ཡང་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པས་དབེན་ཅིང་གཙང་མའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། གཏོར་མ་སྨན་རཀ་ཉེར་སྤྱོད་ཚོགས་མཆོད་རྔ་རོལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བར་མེད་པར་འདུ་བྱས་ལ། ཕྲིན་ལས་ཀྱི་རིམ་པ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་ནི། སྔོན་འགྲོ་ཚོགས་གསག་བགེགས་བསྐྲད་ཅིང་། །མཚམས་གཅད་ནོངས་བཤགས་བྱིན་དབབ་རླབས། །ཞེས་པས་དང་པོ་ཚོགས་གསག་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་ཆེན་གཉེན་པོ་ལྷ་གསུམ་གྱི་རྣམ་པར་མདུན་གྱི་ནམ་མཁར་སད་པར་བསམ་ལ། ཧཱུྃ༔ དབང་ཆེན་རྒྱལ་པོ་རྟ་མཆོག་དཔལ༔ མཐུ་སྟོབས་གདུག་པ་འདུལ་བ་ཡི༔ གསང་བདག་རྡོ་རྗེ་འཛིན་པ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་གསུམ༔ སྤྲུལ་པ་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿཛཿཧཱུྃ་བཾ་ཧོཿས་མ་ཡ་ཛ༔ དབང་ཆེན་ཕྱག་རྡོར་བྱ་ཁྱུང་རྒྱལ་པོ་རྣམས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ཧ་ཡ་གྲཱི་བ་བཛྲ་པཱ་ནི་ག་རུ་ཌཿས་མ་ཡ་ཏིཥྛ་ལྷན༔ དབང་ཆེན་དྲེགས་པ་འཇོམས་ལ་ཕྱག་འཚལ་ལོ༔ མཐུ་སྟོབས་གདུག་པ་འདུལ་ལ་ཕྱག་འཚལ་ལོ༔ ཀླུ་འདུལ་མཁའ་ལྡིང་སྐུ་ལ་ཕྱག་འཚལ་ལོ༔ ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿན་མོ་པུ་རུ་ཤ་ཡ་ཧོ༔ དབང་ཆེན་རྟ་མགྲིན་རྒྱལ་པོ་དང༔ གདུག་པའི་ཚོགས་འཇོམས་ཕྱག་ན་རྡོ་རྗེ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་ལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང༔ མར་མེ་བཤོས་གཙང་རོལ་མོ་དང༔ ཡིད་འོང་དངོས་འབྱོར་ཡིད་སྤྲུལ་འབུལ༔ ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿཔུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་བ་ལིཾ་ཏ་པཱུ་ཛ་མེ་གྷ་སྭཱ་ཧཱ༔ དབང་ཆེན་གསུང་མཆོག་རྒྱལ་པོ་རྟ་མཆོག་དང༔ གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་དང༔ མཁའ་ལྡིང་བྱ་ཁྱུང་གསེར་མདོག་རྒྱལ་པོ་ལ༔ བདག་གི་ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་དང༔ བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་ལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས༔ དབང་ཆེན་དབང་མཛད་ཁྲོ་བོ་རྗེ༔ གདུག་པ་འདུལ་མཛད་རྡོ་རྗེ་འཛིན༔ ཀླུ་རྣམས་འདུལ་མཛད་མཁའ་ལྡིང་བྱ་ཁྱུང་རྒྱལ༔ མྱ་ངན་མི་འདའ་འགྲོ་དོན་བཞུགས་སུ་གསོལ༔ ཀླུ་རྣམས་དབང་དུ་སྡུད་མཛད་རྟ་མཆོག་དཔལ༔ ཀླུ་རྣམས་འདུལ་མཛད་གསང་བདག་རྡོ་རྗེ་འཛིན༔ ཀླུ་ཡི་གཉེན་པོར་གྱུར་པའི་མཁའ་ལྡིང་རྒྱལ༔ འགྲོ་བའི་ཀླུ་ནད་སེལ་ལ་བདག་ཡི་རང༔ དབང་ཆེན་རྟ་མཆོག་རྒྱལ་པོ་སྒྲུབ་པ་དང༔ མཐུ་སྟོབས་ཕྱག་ན་རྡོ་རྗེ་བསྐྱེད་པ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་བསྟེན་པ་ཡི༔ དགེ་བའི་རྩ་བ་ཅི་མཆིས་སེམས་ཅན་དོན་དུ་བསྔོ༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་དང༔ མཐུ་སྟོབས་ཕྱག་ན་རྡོ་རྗེ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་གསུམ༔ སྒོམ་མཆོད་བསྟོད་དང་བཟླས་པ་ཡི༔ དགེ་བས་འགྲོ་བ་དེ་ཉིད་གོ་འཕང་ཐོབ་པར་ཤོག༔ གང་ཞིག་ཉན་པར་འདོད་པ་དང༔ གང་ཞིག་བསྒོམ་པར་འདོད་པས་ཀྱང༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་དང༔ མཐུ་སྟོབས་ཕྱག་ན་རྡོ་རྗེ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་གསུམ༔ གཉེན་པོ་ལྷ་གསུམ་ཞལ་མཐོང་ཤོག༔ བདག་ཉིད་ལྷ་གསུམ་སྐྱབས་གྱུར་ནས༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ འཁོར་བའི་གནས་ནས་འདྲེན་པར་ཤོག༔ ཐར་པའི་ལམ་ལ་འཁོད་པར་ཤོག༔ འཇིགས་པ་བརྒྱད་ལ་སོགས་པ་ཡི༔ གནོད་པ་ཀུན་ལས་བདག་རྒྱལ་ནས༔ མཐུ་སྟོབས་དྲུག་དང་ལྡན་པ་དང༔ གང་ཞིག་བདག་དང་གཞན་དོན་དུ༔ ལས་དང་དངོས་གྲུབ་གང་སྒྲུབ་པ༔ དེང་འདིར་ཉིད་ལ་འགྲུབ་གྱུར་ནས༔ གཞན་དོན་འབའ་ཞིག་བྱེད་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧཱུྃ་ཁྲོཾ༔ ཞེས་པས་རྒྱུད་དག་པར་བྱས་ནས། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྟིམ། གཉིས་པ་བགེགས་བསྐྲད་པ་ནི། བགེགས་གཏོར་བཤམས་ལ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་སརྦ་བིགྷྣཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གསང་སྤྱོད་བལྟ་བར་མི་དབང་ཞིང༔ བྱང་ཆུབ་སྒྲུབ་ལ་བར་གཅོད་རྣམས༔ མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་སྤོས་རོལ་སོགས་མཚམ་རྔམ་དང་བཅས་པས་བགེགས་བསྐྲད། གསུམ་པ་མཚམས་གཅད་པ་ནི། ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་སྐུ༔ འོད་ཟེར་སྟོང་ཁམས་ཁྲོ་བོས་གང༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཧཱུྃ་ལས་རྡོ་རྗེ་མེ་རི་འབར༔ སྟེང་འོག་མཚོན་ཆ་རྡོ་རྗེ་འཁྲིགས༔ ཕྱོགས་མཚམས་རྡོ་རྗེའི་བླ་བྲེས་ཏེ༔ རྡོ་རྗེའི་ཚྭ་ཚྭ་ཕྱོགས་བཅུར་འགྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་གྱི་མགྲིན་པ་ནས༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ རྟ་མགྲིན་ཁྲོ་བོ་སྐར་ལྟར་འཁྲུགས༔ དྲག་པོ་མེ་ཡི་མཚོན་ཆ་ཕྱོགས་བཅུར་འགྱེད༔ ཧྲཱིཿཧྲཱིཿཧྲཱི༔ བདག་ཉིད་དཔལ་གྱི་སྤྱི་སྟེང་ནས། ཁྲོཾ་དཀར་འོད་ཟེར་འཕྲོ་འདུ་ལས༔ གདུག་པའི་དགྲ་བགེགས་མཐོང་བས་སྐྲག༔ ཁྲོཾ་ཁྲོཾ་ཁྲོཾ༔ བཞི་པ་བཤགས་པ་བྱ་བ་ནི། ཧྲཱི༔ བླ་མ་ཡི་དམ་དབང་ཆེན་སྤྲུལ་པའི་ཚོགས༔ གཉིས་མེད་ཐུགས་རྗེས་དུས་འདིར་དགོངས་སུ་གསོལ༔ སྔོན་ནས་རང་དང་དབྱེར་མེད་ཡིན་འདུག་སྟེ༔ མ་རིག་རྟོག་འཁྲུལ་མཚན་མས་ཐ་དད་བཟུང༔ མི་ཤེས་དབང་གིས་ཐུགས་དང་འགལ་བ་ཀུན༔ དབྱེར་མེད་རྣམ་དག་ཆོས་ཉིད་ཀློང་དུ་བཤགས༔ ཞེས་དང་ཡིག་བརྒྱ་བཟླ། སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་བྱའོ། །ལྔ་པ་བྱིན་དབབ་པ་ནི། ཧྲཱི༔ སྐུ་གསུམ་དབྱེར་མེད་འགྲོ་དོན་ལྷ་སྐུ་གསུམ༔ དྲག་པོ་འདུལ་མཛད་ཁྲོ་རྒྱལ་དབང་གི་སྐུ༔ སྒྲུབ་མཆོག་དཀྱིལ་འཁོར་མཆོད་རྫས་གནས་མཆོག་འདིར༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཐུགས་རྗེས་ཟུངས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ། དྲུག་པ་མཆོད་རྫས་བྱིན་རླབས་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷེཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་བསམ། །ཨོཾ་ཨཱཿཧཱུྃ༔ བཛྲ་པུཥྤེ་ཨཱཿཧཱུྃ༔ བཛྲ་དྷཱུ་པེ་ཨཱཿཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ བཛྲ་གནྡྷེ་ཨཱཿཧཱུྃ༔ བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ བཛྲ་ཤབྡ་ཨཱཿཧཱུྃ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཅེས་བརྗོད་ཅིང་རོལ་མོ་བྱ། སྨན་རཀ་གཏོར་གསུམ། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཨ་ཧོཿས་མ་ཡ་ཀ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །དངོས་གཞི་ལྷ་བསྐྱེད་སྤྱན་དྲངས་བཞུགས། །ཕྱག་འཚལ་མཆོད་བསྟོད་ཛཔ྄་བཟླས་སོ། །ཞེས་པས། དང་པོ་ནི། ཧྲཱི༔ སྤྲོས་མེད་ཡེ་སྟོང་དེ་བཞིན་ཉིད༔ མཉམ་ཉིད་དབྱེར་མེད་ཕྱོགས་བྲལ་ཀུན་ཏུ་སྣང༔ ཧྲཱིཿནི་ཆོས་ཉིད་ཀུན་གྱི་རྒྱུ༔ ཧྲཱིཿལས་མ་བྱུང་གང་ཡང་མེད༔ འཕྲོས་པས་ཐམས་ཅད་ཀུན་ཏུ་དག༔ ཧྲཱིཿཡཾ་རཾ་ཁཾ༔ ཨེ༔ ཡི་གེ་ཧྲཱིཿཡིས་ཀུན་བསྐྱེད་ཕྱིར༔ གཞལ་ཡས་ཁང་ཆེན་བསྐྱེད་པ་རུ༔ ཨེ་ཡཾ་ར་སུཾ་ཀིཾ་བྷྲཱུྃ༔ ཨེ་ལས་ནམ་མཁའ་སྟོང་པའི་ཀློང༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ཉིད༔ ར་ལས་རཀྟའི་རྒྱ་མཚོ་ཆགས༔ སུཾ་ལས་ཞིང་ཆེན་ས་གཞི་ལ༔ ཀིཾ་ལས་རུས་པའི་རི་རབ་ཉིད༔ བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང༔ སྒོ་བཞི་རྟ་བབས་མཛེས་པ་ལ༔ སྒོ་ཐེམ་ཆུ་སྲིན་མི་ལྤགས་དང༔ སྦལ་པ་དག་གི་གཟུགས་སུ་བྲིས༔ སྦྲུལ་གྱི་ཟར་མ་ཞིང་ཆེན་ཡོལ༔ རྩིབས་བཞི་མཛེས་པའི་དཀྱིལ་འཁོར་དབུས༔ དྲེགས་པ་ཀླུ་གཉན་པདྨ་ཉི་ཟླའི་སྟེང༔ ནམ་མཁའི་དཀྱིལ་ནས་ཧྲཱིཿབྱུང་ལས༔ བསྐྱེད་པའི་རྐྱེན་གྱིས་སྐུ་བསྐྱེད་ཕྱིར༔ ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཧཱུྃ༔ བདག་ཉིད་དཔལ་ཆེན་རྟ་མགྲིན་རྒྱལ་པོ་ནི༔ མཐིང་ནག་རྔམ་བརྗིད་ཡན་ལག་རགས༔ ཞལ་གཅིག་ཕྱག་གཉིས་ཕུར་པ་ཡིས༔ ཀླུ་གཟིར་ཞལ་དུ་སྦྲུལ་གསོལ་ཞིང༔ ཞབས་གཉིས་འདོར་སྟབས་སྦྲུལ་ལ་མནན༔ སྦྲུལ་ཆེན་བཞི་ཡིས་ཕྱག་ཞབས་དཀྲིས༔ རལ་པ་གྱེན་བརྫེས་སྦྲུལ་ལྔས་རྣ་ལྟག་བརྒྱན༔ ཞལ་ཁྲོས་མཆེ་གཙིགས་སྤྱན་གསུམ་སྡང་མིག་བསྒྲད༔ གཙུག་གི་རྟ་སྐད་ཀླུ་རྣམས་དབང་དུ་སྡུད༔ པད་གཤོག་མཚོན་ཆས་ཀླུ་རྣམས་ཟིལ་གྱིས་གནོན༔ རྟ་མགོའི་གཙུག་ཏུ་ཁྲོཾ་ལས་ག་རུ་ཌ༔ ཕྱག་གིས་སྦྲུལ་ཞགས་ཞལ་གསོལ་འདབ་གཤོག་བརྒྱངས༔ མཆུ་སྡེར་འདབ་གཤོག་གནམ་ལྕགས་འབར་བ་ལས༔ དྲེགས་པ་གཅོད་ཅིང་གཤོག་རྡེབ་ཁྱུང་སྐད་སྒྲོག༔ ཐུགས་ཀར་ཧཱུྃ་ལས་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་རྔམ་བརྗིད་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་འཛིན་སྦྲུལ་གྱིས་སྐུ་ལ་བརྒྱན༔ རང་ཉིད་ལྷ་གསུམ་སྐུ་རུ་བསྒོམས་ནས་ནི༔ མེ་རི་མེ་དཔུང་ཀློང་དུ་བཞུགས་པར་གྱུར༔ ཤར་གྱི་རྩིབས་ལ་ནཱ་ལས་ཀླུ་རྒྱལ་ནི༔ རྒྱལ་རིགས་་་མཐའ་ཡས་དང་འཇོག་པོ་གཉིས།དཀར་པོ་སྦྲུལ་མཇུག་ཕྱག་ཐལ་སྦྱར༔ ལྷོ་རུ་ག་ལས་རྗེ་རིགས་ཀླུ་རྒྱལ་ནི༔ ནོར་རྒྱས་དང་དུང་སྐྱོང་གཉིས།་་་སེར་པོ་སྦྲུལ་མཇུག་ཕྱག་གཉིས་ཐལ་མོ་སྦྱར༔ ནུབ་ཏུ་རཱ་ལས་བྲམ་ཟེའི་རྒྱལ་པོ་ནི༔ པདྨ་དང་ཆུ་ལྷ་གཉིས།་་་སྐུ་མདོག་དམར་པོ་ཐལ་སྦྱར་སྦྲུལ་མཇུག་འཁྱིལ༔ བྱང་དུ་ཙ་ལས་དམངས་རིགས་རྒྱལ་པོ་ནི༔ རིགས་ལྡན་དང་སྟོབས་རྒྱུ་གཉིས།་་་ལྗང་ནག་སྦྲུལ་མཇུག་ཐལ་སྦྱར་བཞུགས་པར་གསལ༔ ཅེས་གསལ་གདབ་བོ། །གཉིས་པ་སྤྱན་དྲང་བ་ནི། ཧྲཱི༔ ཆོས་དབྱིངས་སྤྲོས་བྲལ་མཁའ་དབྱིངས་ནས༔ སྐུ་གསུམ་ཁྲོ་བོ་གནས་འདིར་གཤེགས་སུ་གསོལ༔ ཧྲཱི༔ ཨེ་ཧྱེ་ཧི༔ ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཧྲིང་ཧྲིང་ཛ༔ ཞེས་རོལ་མོ་དབྱངས་དང་བཅས་པས་སྤྱན་དྲང་། གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཀྱང༔ སྟོང་དང་གསལ་བ་དབྱེར་མེད་ངང༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཧྲཱིཿས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ། བཞི་པ་ཕྱག་འཚལ་བ་ནི། ཧྲཱི༔ ཆོས་ཉིད་ཡེ་ནས་སྟོང་གསལ་ལས༔ འགག་མེད་ཁྲོ་བོའི་སྐུར་སྟོན་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ན་མོ༔ ལྔ་པ་མཆོད་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་མཆོད་ནི། ཧྲཱི༔ རྟ་མཆོག་དབང་གི་ལྷ་ཚོགས་ལ༔ བདུག་སྤོས་མེ་ཏོག་དྲི་ཆབ་དང༔ མར་མེ་ཞལ་ཟས་རོལ་མོའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རྟ་མཆོག་དབང་གི་ལྷ་ཚོགས་ལ༔ མཆོད་པ་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་ཧཱུྃ༔ པུཥྤེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་པྲ་ཏཱིཙྪ་ཧོ༔ གཉིས་པ་ནང་མཆོད་ལ་སྨན་མཆོད་ནི། ཐོད་པའི་བདུད་རྩི་ལས་གཡོན་པའི་མཐེབ་སྲིན་གྱིས་ཐིགས་གཏོར་དབུལ་ཞིང་། ཧྲཱི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔའི་དམ་ཚིག་ཡེ་ཤེས་བསྒྲུབ་པའི་རྫས༔ རྒྱུད་དྲུག་ཀུན་སྦྱོང་དུག་སེལ་བདུད་རྩི་ཆེ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་བདུད་རྩི་འདི། །དུས་གསུམ་བླ་མ་ཡི་དམ་རྡོ་རྗེའི་སྤུན། །སྐུ་གསུམ་ཁྲོ་རྒྱལ་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་ཡབ་ཡུམ་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ གཏེར་སྟོན་ཆེན་པོ་ཤཱཀྱ་བྱང་ཆུབ་དང་། །ཆོས་རྒྱལ་རྡོ་རྗེ་ཀུན་དགའ་འབྱུང་གནས་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ ནམ་མཁའ་སངས་རྒྱས་ནམ་མཁའ་ལྷུན་གྱིས་གྲུབ། །ཤཱཀྱ་སྙིང་པོ་ཤཱཀྱ་དོན་གྲུབ་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ དགེ་འདུན་རྒྱ་མཚོ་བརྩོན་འགྲུས་བཟང་པོ་དང་། །ཨོ་རྒྱན་དཔལ་འབྱོར་ཀུན་བཟང་རྣམ་རྒྱལ་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་ཞབས། །རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ འཁོར་ལོའི་མགོན་པོ་ཀརྨ་བི་ཛ་མཆོག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག༴ ཐུགས་རྗེས༴ ཨོཾ་སརྦ༴ ཞེས་འབུལ། དངོས་གྲུབ་བླང་བ་ནི། ཧཱུྃ། ལྕེ་ཡི་རྡོ་རྗེའི་དམ་ཚིག་ལ། །ཧཱུྃ་སྒོམ་མཐེབ་སྲིན་ཕྱག་རྒྱ་ཡིས། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། རཀྟའི་མཆོད་པ་ནི། རུ་དྲ་དགྲ་བགེགས་བསྒྲལ་པ་རཀྟའི་གཏུན༔ སྟོང་གསུམ་བྷནྡྷར་རོ་མཆོག་ལྡན་པ་འདི༔ འཁོར་བ་དབྱིངས་སུ་དག་པར་བྱ་བའི་ཕྱིར༔ དབང་ཆེན་ལྷ་གསུམ་འཁོར་དང་བཅས་པ་ལ༔ མ་ཧཱ་རཀྟའི་མཆོད་པ་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཛ་གད་ཀྱི་མཆོད་པ་ནི། ཧྲཱི༔ ཤ་ལྔ་བདུད་རྩི་ལྔ་དང་འབྲུ་བཅུད་ཆང་། དུག་ལྔ་གནས་གྱུར་ཛ་གད་དཔའ་བོ་འདི༔ བླ་མ་དབང་ཆེན་ཡི་དམ་ལྷ་ལ་འབུལ༔ ཧཱུྃ་བྷྲཱུྃ་ཛིཾ་ཨཻ་ཁཾ་ན་ཏ་ཀུ་གྷོ༔ སུ་ར་ཏ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧྲཱི༔ ཡོན་ཏན་ཀུན་རྫོགས་རྨད་བྱུང་གཏོར་མ་བམ་ཆེན་འདི༔ འདོད་ཡོན་ལོངས་སྤྱོད་རེག་བྱ་ཕུན་སུམ་ཚོགས༔ ཐམས་ཅད་དགྱེས་མཆོད་བ་ལིཾ་ཆེན་པོ་འདི༔ བླ་མ་དབང་ཆེན་མཆོད་འོས་རྣམས་ལ་འབུལ༔ ཀུན་གྱི་ཐུགས་དམ་གཉན་སྐོང་དངོས་གྲུབ་སྩོལ༔ ཞེས་མཆོད་པ་འབུལ་ལོ། །དྲུག་པ་བསྟོད་པ་བྱ་བ་ནི། ཧྲཱི༔ མ་བཅོས་མཉམ་ཉིད་ཆོས་ཉིད་ལས༔ འགག་མེད་འགྲོ་འདུལ་ཁྲོ་བོའི་སྐུ༔ སྒེག་པ་འཇིགས་རུང་རྒོད་ཅིང་གཤེ༔ སྙིང་རྗེ་བྱམས་ཁྲོ་གར་དགུ་ལྡན༔ དུར་ཁྲོད་ཆས་བརྒྱད་དྲག་ཤུལ་ཅན༔ དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འགག་མེད་གྲགས་སྟོང་མ་འགགས་གསལ༔ རྔམ་སྐྲག་བརྗོད་བྲལ་རྟ་སྐད་འཚེར༔ ཆགས་མེད་སྐྱོན་བྲལ་པདྨའི་གསུང༔ དབང་ཆེན་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྤྲོས་མེད་དབྱིངས་ན་མཁའ་དབྱིངས་ཀློང༔ སྤྲོས་བྲལ་འོད་གསལ་ཕྱོགས་ལྷུང་བྲལ༔ བླང་དོར་ཀུན་བྲལ་རྡོ་རྗེའི་ཐུགས༔ འགྱུར་མེད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཆོས་ཀྱི་དབྱིངས་ལས་ཡོན་ཏན་དཔལ་འབར་བ༔ ཡོན་ཏན་མཁའ་མཉམ་རྩལ་འབར་རེ་བ་སྐོང༔ དབང་ཆེན་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཆོས་ཉིད་དོན་ལ་མི་དམིགས་ཀྱང༔ འགྲོ་དོན་སྣང་ངོར་དྲག་པོས་འདུལ༔ དབང་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཉིད་ཀློང་ཡངས་ཐུགས་རྗེ་དྲག་པོར་སྟོན༔ ཕྱག་ན་རྡོ་རྗེས་སྟོང་གསུམ་གདུག་པ་འདུལ༔ བཛྲ་པཱ་ཎིའི་སྐུ་དང་གསུང་ལ་བསྟོད༔ ཁྲོཾ༔ སངས་རྒྱས་རིགས་ལྔ་གདུག་པ་ཀླུ་འདུལ་ཕྱིར༔ ཆོས་ཉིད་རྩལ་གྱིས་སྤྲུལ་པའི་སྐུ་བསྐྱེད་ཕྱིར༔ འཇིགས་རུང་རྩལ་གྱིས་ས་བདག་ཀླུ་གཉན་འདུལ༔ ཡེ་ཤེས་བྱ་ཁྱུང་སྐུ་ལ་ཕྱག་འཚལ་བསྟོད༔ དབང་ཆེན་བཀའ་ཉན་ཀླུ་རྒྱལ་ཆེན་པོ་བཞི༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ ཡེ་ཤེས་བཞི་ལྡན་གདུག་པ་ཀླུར་སྤྲུལ་ནས༔ ཀླུ་རྣམས་འདུལ་མཛད་སངས་རྒྱས་བསྟན་པ་སྲུང༔ ཡེ་ཤེས་ཀླུ་རྒྱལ་བཞི་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་བཟླ་བ་ནི། སྤྲོ་བསྡུའི་དམིགས་པ་སོགས་མན་ངག་ལྟར་གྱིས། ཨོཾ་ཧ་ཡ་གྲཱི་བ༔ བཛྲ་པཱ་ཎི༔ ག་རུ་ཌཿཧཱུྃ་ཕཊ༔ ཅེས་རྩ་སྔགས་དང་། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཧཱུྃ་ཛ༔ ཅེས་འཁོར་སྔགས་ཏེ་གཙོ་འཁོར་གྱི་འགྲོས་བརྩིས་ནས་བཟླའོ། །དེ་དག་ནི་དངོས་གཞིའི་ལས་རིམ་མོ། །རྗེས་ཚོགས་བསྐུལ་བྱ་གཏོར་མ་བསྐྱང་། །ཟོར་འཕང་བྲོ་བརྡུང་དངོས་གྲུབ་ལེན། །ནོངས་བཤགས་གཤེགས་བསྡུ་སྨོན་ལམ་གདབ། །ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །ཞེས་འབྱུང་བའི་དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཚོགས་ཀྱི་ཡོ་བྱད་བཟའ་བཏུང་གི་དངོས་པོ་ཅི་འབྱོར་བཤམས་པ་བདུད་རྩིས་བསང་གཏོར་བྱས་ལ། ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་ཕྱིར་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་སྤེལ༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་དུར་ཁྲོད་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་ལྷ་གསུམ་ཡང༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མེ་དཔུང་དྲེགས་པ་བསྣོལ་བའི་ཁྲི་སྟེང་ནས༔ ཕྱག་ན་རྡོ་རྗེ་བྱ་ཁྱུང་ག་རུ་ཎ༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀའ་ཡི་བསྟན་པ་བསྲུང་བར་གཉེར་གཏད་པའི༔ དམ་ཅན་ཆོས་སྐྱོང་ཀླུ་ཆེན་རིགས་བཞི་ཡང༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ་དང་པོ་འབུལ་བ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དབང་གི་སྐུ༔ ཕྱག་ན་རྡོ་རྗེ་བྱ་ཁྱུང་འཁོར་དང་བཅས༔ སྤྲུལ་པ་ཡང་སྤྲུལ་མ་ལུས་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ་ལོ་བཞེས༔ བར་པ་བཤགས་པ་ནི། ཧཱུྃ༔ བཤགས་ཡུལ་བཤགས་བྱ་བཤགས་བྱེད་བཤགས་བྲལ་ཡང༔ མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་དབང་གིས༔ ཕྱི་ནང་གསང་བ་རྩ་བ་ཡན་ལག་ལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས༔ ཡི་གེ་བརྒྱ་པ་བཟླའོ། །ཐ་མ་བསྒྲལ་བ་ནི། དམིགས་བྱའི་རཱུ་པ་བཅས་ལ། ཧཱུྃ༔ ཆུ་རླུང་རབ་ཏུ་འཁྲུགས་པའི་ད་ལ་ནས༔ རབ་གཏུམ་ཁྲོ་བོའི་རྒྱལ་པོ་མཐུ་སྟོབས་བདག༔ གསུང་གི་ལྷ་ཚོགས་མ་ལུས་སྐུ་བཞེངས་འཚལ༔ གནད་ནས་བསྐུལ་ལོ་དགྲ་བགེགས་ད་ལྟ་ཁུག༔ འདས་དང་མ་འདས་སྲུང་སྐྱོབ་ལྷ་དང་ཕྲོལ༔ མཚོན་ཆའི་ཆར་ཕོབ་ལུས་སེམས་ཕྲོལ་ལ་སོད༔ ཤ་ཁྲག་རུས་པ་དུག་གསུམ་ཞལ་དུ་བཞེས༔ མིང་ཙམ་མེད་པར་རྡུལ་དུ་བརླག་པར་མཛོད༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་ཏེ་ཞལ་དུ་སྟོབ་པ་ནི། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དོན་སྙིང་ནང་ཁྲོལ་བཅས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་སོགས་སྤྱི་ལྟར་བྱས་ལ་ཚོགས་ལ་རོལ། ལྷག་གཏོར་ནི། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་ལ་ཁ་ཕྲུ་བཏབ་སྟེ། ཧཱུྃ༔ སྦྱོར་དངོས་རྗེས་གཙང་འདོད་ཡོན་ཕུང་པོའི་ཚོགས༔ དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ༔ བར་དུ་འཁོར་ཚོགས་ལྷག་མ་དགྱེས་པས་མཆོད༔ ཐ་མར་ཆོས་རྣམས་འདུ་འབྲལ་གཅིག་ཕྱིར་བསྲེ༔ ང་ཁྱོད་དམ་ཚིག་བསྲེ་ཕྱིར་ཁ་ཆུས་བྲན༔ དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་ཁོལ་ནི༔ དྲེགས་པ་ཕོ་མོ་མ་ནིང་གིང་ལངྐ༔ དུར་ཁྲོད་བདག་བྱེད་བརྟན་དང་ཞིང་སྐྱོང་ཚོགས༔ སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བར༔ ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་ཕྱི་རོལ་དུ་དོར། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་དབྱིངས་ནས༔ ཆུ་སྲིན་གཞལ་ཡས་བྱ་ཁྱུང་བླ་བྲེས་ན༔ པདྨ་ཉི་ཟླའི་གདན་ལ་བཞུགས་པ་ཡི༔ དབང་གི་རྒྱལ་པོ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྐུ་མདོག་མཐིང་ནག་ཆགས་མེད་ཆོས་ཉིད་ཀློང༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བགྲད༔ ཕྱག་མཚན་མཚོན་ཆས་དྲེགས་པ་མ་ལུས་འཇོམས༔ མགུལ་ཆུ་སྦྲུལ་རྒྱན་རྒྱལ་རིགས་དབང་དུ་སྡུད༔ དབུ་རྒྱན་དམར་ཁྲས་བྲམ་ཟེ་དབང་དུ་སྡུད༔ ཕྱག་གདུབ་སེར་ཁྲས་རྗེའུ་རིགས་དབང་དུ་སྡུད༔ སྐུ་རགས་ལྗང་ཁྲས་དམངས་རིགས་དབང་དུ་སྡུད༔ ཞབས་གདུབ་ལྗང་ཁྲས་གདོལ་པ་དབང་དུ་སྡུད༔ ཤངས་ནས་རླུང་བྱུང་ཞལ་ནས་དུག་རླངས་ཀྱིས༔ མ་རིག་སྤྲིན་གཏོར་དམ་ཉམས་ཐམས་ཅད་སྒྲོལ༔ རྔོག་མ་ལེ་བརྒན་དཔྲལ་བ་ཞུར་པོ་ཡིས༔ ཁམས་གསུམ་ཀུན་སྒྲོལ་སྲིད་གསུམ་ཐལ་བར་རློག༔ དབང་མཆོག་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ འདོད་པའི་ཡོན་ཏན་ལྔ་ཡི་མཆོད་འབུལ་བཞེས༔ ཡུན་གྱི་ལྷར་ཡང་ཁྱོད་ཉིད་མཆོད་ཅིང་བསྙེན་བསྒྲུབས་ནས༔ ཀླུ་དང་དགྲ་བགེགས་བཀའ་ལས་འདའ་བྱེད་ན༔ ཐམས་ཅད་མ་ལུས་མྱུར་དུ་སྒྲོལ་བར་མཛོད༔ སྐུ་གསུམ་མཆོག་དང་ཡོན་ཏན་འབྲས་བུ་དང༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་འགྲུབ་མཛོད༔ ཅེས་བསྐུལ་ལོ། །གསུམ་པ་གཏོར་མ་བསྐྱང་བ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་པ་རྡོ་རྗེའི་འགྲོས་ཀྱིས་ཕྱི་བསྣུར་དུ་བཞག །སྨན་དང་རཀྟ་སྦྲན། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། བྷྱོ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ལམ༔ འགག་མེད་འགྲོ་འདུལ་ཁྲོ་བོའི་སྐུ༔ བརྟན་མ་སྐྱོང་མ་མཁའ་འགྲོའི་ཚོགས༔ འཇིག་རྟེན་ལྷ་འདྲེ་བསྟན་པ་སྐྱོང༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ བསམ་པའི་དོན་སྒྲུབ་ཕྲིན་ལས་མཛོད༔ ཅེས་རོལ་མོའི་སྒྲ་དང་བཅས་ཕྱིར་འབུལ་ལོ། །བཞི་པ་ཟོར་འཕང་བ་ནི། གཏོར་མ་དེ་ཉིད་མཐར་ཟོར་དུ་བསྐུལ་བ་འདི་སྐད་དོ། །བྷྱོ༔ ཞི་ཁྲོ་ལྷ་སྲིན་ཐམས་ཅད་ཀྱི༔ དྲག་སྔགས་རཀྟ་དུག་སྦྱར་བའི༔ གནམ་ལྕགས་མཆོག་གི་གཏོར་ཟོར་འདི༔ གནོད་བྱེད་ཀུན་གྱི་སྟེང་དུ་ཡཱ༔ གདུག་པའི་དགྲ་བགེགས་ཟོར་ཁ་ལོང༔ གནོད་པ་མི་བྱེད་དཀར་ཕྱོགས་ཀུན༔ སོ་སོའི་གནས་སུ་སྐུ་ཟུར་ཅིག༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ དམ་ཉམས་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ་ཧྲཱིཿཁྲོཾ༔ ཨ་མུ་ཀའི་སྲོག་ལ་ཟོར་ཡཱ་སོད་རྦད་གཏུབས་མནན་ཕཊ༔ ལྔ་པ་བྲོ་རྡུང་བ་ནི་གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧྲཱི༔ བདག་ཉིད་དཔལ་ཆེན་རྟ་མགྲིན་གསལ༔ ཧཱུྃ་ཧྲཱིཿཁྲོཾ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བར་ཆད་འབྱུང་པོའི་སྟེང་དུ་བརྡུང༔ ནཱ་ག་རུ་དྲ་གནོད་བྱེད་སཏྭཾ་བྷ་ཡ་ནན༔ ཅེས་ཁྲོ་བོའི་སྟངས་སྟབས་དང་བཅས་པས་བྲོ་བརྡུང་ངོ་། །དྲུག་པ་དངོས་གྲུབ་བླང་བ་ནི། ཧྲཱི༔ གུ་རུ་དབང་ཆེན་ཌཱ་ཀི་དམ་ཅན་དགོངས༔ དཀྱིལ་འཁོར་འདིར་ཞུགས་རྣལ་འབྱོར་བདག་ཅག་གིས༔ བསྐྱེད་རྫོགས་བསྙེན་སྒྲུབ་ལས་ཀྱི་མཐའ་བསྐངས་པ༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཁྲོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ བདུན་པ་ནོངས་བཤགས་ནི། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བརྒྱད་པ་གཤེགས་སུ་གསོལ་བ་ནི། དབང་དོན་གྱི་དཀྱིལ་འཁོར་སོགས་དང་འབྲེལ་ན་དེའི་ཡེ་ཤེས་པ་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་གཤེགས་གསོལ་བྱའོ། །དགུ་པ་སྤྲུལ་པ་བསྡུ་བ་ནི། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤར༔ འགགས་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ དཀྱིལ་འཁོར་གྱི་འཁོར་ལོ་བར་སྣང་ལ་འཇའ་ཡལ་བ་ལྟར་བསྡུས་ཏེ་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་འཇོག་སྟེ་རྟག་མཐའ་བསལ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ལྷའི་སྐུར་ལངས་ཏེ་སྤྱོད་ལམ་བསྐྱང་བར་བྱ་སྟེ་ཆད་པའི་མཐའ་གསལ་ལོ། །བཅུ་པ་སྨོན་ལམ་གདབ་པ་ནི། དགེ་འདིས་མཐའ་ཡས་སེམས་ཅན་རྣམས༔ ཁྲག་འཐུང་དྲག་པོ་ལྷ་གསུམ་གྱི༔ གོ་འཕང་བྱང་ཆུབ་མྱུར་ཐོབ་ནས༔ བདུད་ལས་རྣམ་པར་རྒྱལ་བར་ཤོག༔ བཅུ་གཅིག་པ་བཀྲ་ཤིས་བརྗོད་པ་ནི། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་ལྟར་པདྨའི་དགོངས་བཅུད་བདུད་རྩིའི་ཆབ། །ལེགས་བརླན་ཟབ་དོན་གཏེར་བྱོན་ཀ་མ་ལ། །མན་ངག་བྱིན་རླབས་ཡལ་འདབ་རབ་རྒྱས་གང་། །གསལ་བྱེད་ཕྲིན་ལས་དྲི་བསུང་རྣམ་པར་འཐུལ། །འདི་བཀོད་དགེ་འབྲས་སྐྱེ་བ་ལྔ་པའི་སྒྲས། །གདུག་ཅན་ནུས་མཐུ་རིམས་ནད་མཐར་བྱས་ནས། །རང་བྱུང་ཡེ་ཤེས་བདེ་ཆེན་རྡོ་རྗེའི་སེམས། །གདོད་མའི་གནས་ལུགས་མངོན་དུ་འགྱུར་བར་ཤོག །ཅེས་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་ལས་བྱང་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་འདི་ནི་རྣམ་འདྲེན་མཚུངས་མེད་དཔལ་རི་སྤྲུལ་སྐུ་རིན་པོ་ཆེ་པདྨ་དབང་རྒྱལ་རྡོ་རྗེ་དཔལ་བཟང་པོའི་བཀས་བསྐུལ་བ་ལས་གཏེར་གཞུང་རྩ་བའི་དགོངས་དོན་ཉིད་ལ་རིགས་མཐུན་གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཏེ། རྒྱུད་ལུང་མན་ངག་གི་གནས་ལ་མ་སྦྱངས་ཤིང་བསམ་སྒོམ་ཐོས་བྱུང་གི་བློ་གྲོས་ཀྱང་མ་མཆིས་པའི་རྨོངས་བརྟུལ་ཤཱཀྱའི་དགེ་བསྙེན་པདྨེནྡྲས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་གྱིས་མཛད་པ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འཕེལ་བའི་རྒྱུར་གྱུར་ཅིག། །། ༄༅། །རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་དབང་ཆོག་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྟ་མགྲིན་གཉེན་པོ་ལྷ་གསུམ་ལ་ཕྱག་འཚལ་ལོ། །གཟོད་ནས་མི་འགྱུར་འཕོ་མེད་གཤིས། །རྡོ་རྗེའི་སྐུ་བརྙེས་བླ་མ་ལ། །བཏུད་ནས་སྨིན་བྱེད་དབང་བསྐུར་གྱི། །ལག་ལེན་གསལ་བྱེད་མདོ་ཙམ་བྲི། །དེ་ལ་སྦྱོར་བ། །དངོས་གཞི། རྗེས་དང་གསུམ་ལས། དང་པོ་དཀྱིལ་འཁོར་བཤམ་ཞིང་སྒྲུབ་པའི་ཆོ་ག་རྣམས་མཐོང་རྒྱུད་བཞིན་ལེགས་པར་བསྒྲུབས་ནས། གཉིས་པ་དངོས་གཞི་ནི་སློབ་མ་རྣམས་གྲལ་ལ་བཀོད། ཇི་ལྟར་བལྟམས་པས་ཁྲུས་བྱ། བགེགས་གཏོར་བྱིན་བརླབ། བདེན་སྟོབས་བརྗོད་པ་སྔོན་འགྲོས་བགེགས་བསྐྲད། བཛྲ་རཀྵས་སྲུང་འཁོར་བསྒོམས་རྗེས། འོ་ན། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཞལ་སྔ་ནས། ཆོས་སྨྲ་བོ་ལ་སྨན་པ་མཁས་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་ནས་གུས་པས་ཉན་ཏེ། ཞེས་གསུངས། ཚུལ་དེས་ཉན་པར་བྱ་བའི་ཆོས་གང་ཞེ་ན། རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་ཁམས་དབང་གི་རིམ་པ་དང་མཚུངས་པར་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ནི། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཐེག་པའི་མཆོག །ཅེས་གསུངས་ལྟར་དེ་ལ་དབྱེ་ན། །རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོ་འོ། །ཞེས་གསུངས་པས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་པའི་གནས་དེ་ཉིད་ཀྱང་ཐེག་པ་རིམ་པ་གསུམ་དུ་འདུ་སྟེ། དགོངས་འདུས་ལས། ཀུན་འབྱུང་འདྲེན་དང་བཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་པ་རྣམས་ལས་འདི་ནི་འོག་མ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པས་དབང་སྒྱུར་ཐབས་ཀྱི་ཐེག་པ་ཡིན། དེ་ལའང་གངས་ཅན་བོད་ཀྱི་ཡུལ་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས། འདིར་ནི་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་སྐོར་ཚོ་གསུམ་དུ་མཆིས་པ་ལས། འདིར་ཉེ་བརྒྱུད་གཏེར་མ་སྟེ། དེ་ལ་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོའི་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་པར་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ཞིང་། དེའང་དབུས་འགྱུར་ཚལ་གྱི་མདོ་ལས། རྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདས། །ཆད་ལྟ་བསལ་ཕྱིར་ལོ་ནི་བཞི་གསུམ་ན། །ཀོ་ཤའི་མཚོ་གླིང་པདྨའི་སྡོང་པོ་ལ། །ངོ་མཚར་མཆོག་བརྙེས་རྒྱལ་བའི་སྐུ་རུ་འབྱོན། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། བསྐལ་བཟང་མཛད་པ་རྨད་བྱུང་བའི། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ནི། །ངོ་མཚར་པདྨའི་སྙིང་པོ་ལ། །རིག་པ་འཛིན་པ་ཉིད་སྣང་ངོ་། །ཞེས་སོགས་ལུང་བསྟན་པ་ལྟར། ཡེ་ནས་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས། ལོངས་སྤྱོད་རྫོགས་སྐུ་མ་ངེས་ཅིར་ཡང་མ་འགགས་པ་ལས། ཞིང་འདིའི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བར་མཛད་ཅིང་། ཁྱད་པར་རྒྱ་གར་དང་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། བྱེ་བྲག་མ་འོངས་པའི་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་དགོངས་ཏེ་ཟབ་ལམ་གྱི་གདམས་པ་མཐའ་ཡས་པ་གཏེར་དུ་སྦ་བར་མཛད་པ་ལས། འདིར་ནི་ཉིད་ཀྱི་རྡོ་རྗེའི་གསུང་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་འདིར༔ རིགས་བཞིའི་ཀླུ་རྣམས་རྒྱས་པར་འགྱུར༔ གང་དུ་བསྡད་ཀྱང་ཁོ་དང་ཐུག༔ འགྲས་པ་སླ་ལ་སྡུམ་པ་དཀའ༔ དམ་ཚིག་སྡོམ་པ་ཡོད་ན་ཡང༔ སྔོན་ལ་མི་ཡི་ཕ་ལ་ཟུག༔ ཀླུ་ཡི་ནད་རྣམས་ཤིན་ཏུ་དར༔ མི་རྣམས་གློ་བུར་རྐྱེན་གྱིས་ཁྱེར༔ དེ་དུས་ཐུགས་རྗེས་དགོངས་ནས་སུ༔ འགྲོ་རྣམས་རྐྱེན་ལས་ཐར་བའི་ཕྱིར༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ ཀླུ་ཡི་གཉེན་པོ་ལྷ་གསུམ་འདི༔ རྟ་མཆོག་རོལ་པའི་རྒྱུད་ཆེན་དང༔ པདྨ་སྔགས་ཀྱི་རྩེ་མོ་དང༔ དྲེགས་པ་ཀུན་འདུལ་ལས་ཀྱི་རྒྱུད༔ ཀུན་གྱི་བཅུད་བསྡུས་འདི་རུ་བཀོད༔ བདག་ཉིད་པདྨ་འབྱུང་གནས་ཀྱི༔ འབྲལ་མེད་ཡི་དམ་ལྷ་གསུམ་པོ༔ སྤེལ་བར་མ་ཕོད་གཏེར་དུ་སྦས༔ ཕྱི་རབས་ལས་ལྡན་སྐྱེས་བུ་ཡིས༔ ཀུན་ལ་མ་སྤེལ་ཉམས་སུ་ལོངས༔ ཞེས་གདམས་ཏེ་དྭགས་ལུང་ཕྲ་མོ་བྲག་ཏུ་སྦ་བར་མཛད་པ་ཉིད། ལྷ་ལྕམ་པདྨ་གསལ་གྱི་ཡང་སྤྲུལ་པདྨ་ལས་འབྲེལ་རྩལ་གྱིས་ཆུ་མོ་གླང་གི་ལོ་ལ་ཟབ་མོའི་གཏེར་ནས་སྤྱན་དྲངས་པར་མཛད་པའི་གདམས་པ་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས། རྡོ་རྗེ་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་བླ་མ་གོང་མའི་ཕྱག་ལེན་ལས་ཇི་ལྟར་བྱུང་བ་བཞིན་ཆད་ལྷག་མེད་པ་སྔོན་དུ་སོང་གྲུབ་པ་ཡིན་པས། ད་ཉིད་རང་དཔོན་སློབ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་སླད་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར། མེ་ཏོག་བཀྱེ་བསྡུ་བྱས་ཏེ་སློབ་མས་མཎྜལ་འབུལ། འོ། དེ་ལྟར་མཎྜལ་འབུལ་བའི་རིམ་པ་དེ་སོང་ནས། གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གནས་ཀྱི་ཁང་པ་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་རྡོ་རྗེ་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་རྟ་མཆོག་རོལ་པའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་རྟ་མཆོག་རྒྱལ་པོ་ཁྱོད༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཀྱིས་གཟུང་སླད་དུ༔ བདག་ཀྱང་རབ་ཏུ་བསྐྱབ་ཏུ་གསོལ༔ དཀྱིལ་འཁོར་དམ་པར་བདག་གཞུག་ཕྱིར༔ ལྷག་གནས་རིམ་པར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ་སྤྲོ་བ་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། རྟ་མགྲིན་དཀྱིལ་འཁོར་ཆེན་པོ་རུ༔ བུ་ཁྱོད་རབ་ཏུ་གནས་བྱའི་ཕྱིར༔ རྟག་ཏུ་དམ་ཚིག་བསྲུང་ནུས་སམ༔ སྔགས་ཀྱི་སྦྱོར་བ་བྱེད་ནུས་སམ༔ རྟ་མཆོག་སྐུ་སྤྲུལ་སྤྱད་ནུས་སམ༔ དེ་ལྟར་ནུས་ན་བུ་ཁྱོད་ལ༔ ལྷག་གནས་དངོས་གྲུབ་ངས་སྦྱིན་བགྱི༔ ཞེས་བརྗོད་པ་ལ་ལན་གདབ་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྟ་མཆོག་རྒྱལ་པོ་ཡིས༔ ཇི་ལྟར་ལུང་གནང་རིམ་པ་ནི༔ སངས་རྒྱས་ཀུན་གྱིས་བསྒོ་བ་ཡིན༔ རྟག་ཏུ་དམ་ཚིག་བདག་གིས་བསྲུང༔ ཏིང་ངེ་འཛིན་དང་མཆོད་པ་དང༔ ལས་ཀྱི་བཟླས་བརྗོད་བདག་གིས་བགྱི༔ བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཞུ། བླ་མས་གནང་བ་སྦྱིན་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡི༔ དབང་བསྐུར་དཀྱིལ་འཁོར་བསྟན་བྱའི་ཕྱིར༔ ལྷག་གནས་རིམ་པ་ཚུལ་བཞིན་བྱ༔ ཞེས་བརྗོད། དེ་ནས་ཐུན་མོང་གི་སྡོམ་གཟུང་སྐྱབས་སེམས་དང་། ཁྱད་པར་གྱི་སྡོམ་པ་གཟུང་བ་རྣམས་མཚམས་སྦྱོར་བཅས་འོག་ཏུ་འཇུག་པའི་སྐབས་སུ་བཤད་པ་ལྟར་འདིར་བླང་། དེ་ནས་ལྷ་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་ཞུ་བ་ལས་དཔལ་རྟ་མཆོག་མཐིང་ནག་ཁྲོ་གཏུམ་བཟོད་པར་དཀའ་བའི་སྐུར་གྱུར་པའི། གནས་གསུམ་དུ་དྲིའི་ཐིག་ལེ་འགོད་ཅིང་འབྲུ་གསུམ་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ལྷར་བསྐྱེད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས་མེ་ཏོག་དབུ་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། བདུག་སྤོས་ཤངས། དྷཱུ་པེ། མར་མེ་སྤྱན། ཨཱ་ལོ་ཀེ །དྲི་ཆབ་ཐུགས་ཀར། གནྡྷེ། ལྷ་བཤོས་ལྗགས་ལ། ནཻ་ཝིདྱ། ཞེས་སྦྱིན། སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པའི་མོས་པ་མཛོད་བྱས་ལ། ཧཱུྃ༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་དང༔ གསང་བདག་རྡོ་རྗེ་འཛིན་པ་དང༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་མཆོག༔ དུས་ཚོད་བཟང་པོ་དོ་ནུབ་ནི༔ རིག་འཛིན་དངོས་གྲུབ་འཐོབ་བྱའི་ཕྱིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རྣམ་ལྔའི་མཆོད་པ་བདག་གིས་འབུལ་ལགས་ན༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་པཱུ་ཛ་མེ་གྷ་ཧཱུྃ༔ ཞེས་མཆོད། དེ་ནས་དངོས་གྲུབ་ཀྱི་སྐལ་པ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བརྒྱད་པའི་ཚད་ཅན་དྲིས་བྱུག་ལ་རྩེ་མོར་མེ་ཏོག་གི་ཅོད་པན་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་གཏད་དེ་འདི་སྐད་ཅེས། བུ་ཁྱོད་གྲོང་ཁྱེར་དམ་པ་རུ༔ བུ་ཁྱོད་ཞུགས་ཀྱང་བརྟག་བྱའི་ཕྱིར༔ སོར་བརྒྱད་ཚད་ལྡན་གཙང་མའི་ཤིང༔ སོ་ཡིས་བཟུང་ལ་དབུས་སུ་དོར༔ སློབ་མས་སོ་ཤིང་ཐལ་མོའི་བར་དུ་བཟུང་བ་རྩེ་མོས་སོ་དྲུད་ནས་མཎྜལ་རང་དུ་དོར་བ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སློབ་དཔོན་ཇི་ལྟར་གསུངས་པ་བཞིན༔ སོ་ཤིང་འདི་ནི་བདག་གིས་འདོར༔ ཇི་ལྟར་དཔལ་ཆེན་རྟ་མགྲིན་གྱི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི༔ དངོས་གྲུབ་དམ་པ་འཐོབ་བྱའི་ཕྱིར༔ དབུས་ཕྱོགས་དགའ་ལྡན་འབབ་པར་ཤོག༔ ཅེས་དོར། གཉིས་པ་རྨི་ལམ་བརྟག་པ་ལ། སྦྱོར་དངོས་གཉིས་ཀྱི། དང་པོ་རྨི་ལམ་ལ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར། སྲུང་སྐུད་བཏགས་པ་ནི། སྲད་བུ་མི་དམིགས་པ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་རྡོ་རྗེའི་མདུད་པ་ཉི་ཤུ་རྩ་ལྔ་དང་བཅས་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་པ་བསྟིམས་ཏེ་རྡོ་རྗེ་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ཅན་དུ་གྱུར། བུ་ཁྱོད་ཚུར་ཉོན་སྐལ་ལྡན་ཁྱོད༔ དངོས་གྲུབ་བགེགས་ཀྱིས་བར་ཆད་བྱེད༔ བགེགས་རྣམས་ཀུན་ལས་བཟློག་བྱའི་ཕྱིར༔ དཔལ་ཆེན་རྟ་མགྲིན་སྙིང་པོ་ནི༔ བརྒྱ་རྩ་བརྒྱད་ཀྱིས་སྲད་བུ་ལ༔ མདུད་པ་ཉི་ཤུ་རྩ་ལྔ་བྱས༔ དཔུང་པ་གཡོན་པར་བཏགས་པ་ཡིས༔ བགེགས་རྣམས་མ་ལུས་ཞི་གྱུར་ཅིག༔ ཅེས་གཏད་པ་སློབ་མས། ཇི་ལྟར་བླ་མས་གསུངས་པ་ཡི༔ ཁྲོ་རྒྱལ་སྔགས་བཟླས་སྲད་བུ་ཡིས༔ བདག་གི་ལུས་རྣམས་བསྲུང་གྱུར་ཅིག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ རྟ་མཆོག་རྒྱལ་པོའི་སྐུར་གྱུར་ནས༔ ཀླུ་རྣམས་མ་ལུས་འདུལ་བར་ཤོག༔ ཅེས་གདགས། གཉིས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པ་ལས་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར། བུ་ཁྱོད་ཚུར་ཉོན་རིགས་མཆོག་ཁྱོད༔ ཟབ་པའི་སྔགས་དང་སྒོམ་པ་ཡང༔ དངོས་གྲུབ་མ་བྱུང་རྟགས་མི་འབྱུང༔ འཇུག་པའི་དུས་སུ་རྨི་ལམ་གྱིས༔ བཟང་ངན་རྟགས་རྣམས་བརྟག་བྱའི་ཕྱིར༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ ཁྱོད་ཀྱིས་སྔས་སུ་བཏིང་བར་གྱིས༔ ཞེས་གཏད། རྨི་ལམ་བརྟག་པ་དངོས་ལ། དོ་ནུབ་བླ་མའི་དཀྱིལ་འཁོར་ལ་མགོ་ཕྱོགས་པས། ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱིས་ཉོལ་ལ་གསོལ་བ་འདི་ལྟར་གདབ་དགོས་པས་འདིའི་རྗེས་ཟློས། ཧོ༔ བླ་མས་བསྟན་པའི་རྫས་མཆོག་འདི༔ ཉལ་བའི་སྔས་སུ་བདག་གིས་བཏིང༔ རྟ་མཆོག་ལྷ་གསུམ་ལུས་ཞུགས་ནས༔ ཀླུ་འདུལ་དངོས་གྲུབ་བདག་སྒྲུབ་ཀྱིས༔ གྲུབ་རྟགས་དངོས་གྲུབ་མ་ལུས་ཀྱང༔ དོ་ནུབ་བདག་ལ་བསྟན་དུ་གསོལ༔ ཞེས་གསོལ་བ་ཕུར་ཚུགས་སུ་ཐོབས་ཤིག །དེ་ལས་ཐོ་རེངས་ཀྱི་ཆར་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ནངས་པར་ཁོ་བོ་ལ་སྨྲོས་ཤིག །ཅེས་བསྒོ། དགེ་བ་བསྔོ་ལ་སློབ་མ་རྣམས་རང་གནས་སུ་བཏང་མོད། དེང་སང་ཕལ་ཆེར་བློ་སྣ་ཐུང་བས་དངོས་སྟ་སྦྲེལ་མ་ཁོ་ན་བྱེད་པ་མང་བས། དེ་ལྟར་ན། གོང་གི་ཐོ་རེངས་ཆར་བཟང་ངན་གང་རྨིས་དེ་ཉིད་ཡིན་ཏེ། དེ་ཡང་གཞུང་ལས། ཁྱེ་འུ་བུ་མོ་མང་པོ་དང༔ རྟ་གཡག་ལུག་དང་སྦལ་སྦྲུལ་སོགས༔ དེ་རྣམས་བདག་ལ་འགོ་བ་དང༔ བྲལ་བ་སྤྱུག་པ་བྱུང་ན་བཟང༔ བདག་གི་ལུས་ལ་ཚུར་འཁྲིལ་སོགས༔ ངན་པས་བསྙེན་པ་བསྐྱར་བར་བྱ༔ ཞེས་གསུངས་པས་ན། ནངས་པར་རྨི་ལམ་བཟང་ངན་དང་རྗེས་སུ་མཐུན་པར་དཀྱིལ་འཁོར་དུ་འཇུག་པ་རུང་ངམ་མི་རུང་བརྟག་དགོས་པ་ཡིན་ནའང་། གནས་སྐབས་ཀྱི་ཕྱག་བཞེས་འཇུག་བདེའི་དབང་གིས། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཅེས་གསུངས་པ་བཞིན་རྨིས་ལྟས་བཟང་པོར་སྨོན་པ་བཞིན་ལེགས་བྱུང་སྙམ་པའི་མོས་པ་མཛོད། དེས་ལྷག་གནས་ཀྱི་རིམ་པ་དེ་གྲུབ་པའི་གཏང་རག་དང་། སླར་ཡང་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་མཎྜལ་འབུལ་དུ་གཞུག །དེ་ནས་ཨོཾ་ཙཀྵུཿབྷནྡྷ་ཝ་ར་མཱ་ཎ་ཡེ་སྭཱ་ཧཱ། མིག་དར་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་རྟ་མཆོག་རྒྱལ་པོ་ཡིས༔ དུས་ཚོད་བཟང་པོ་ད་ནངས་འདིར༔ བདག་གི་ལུས་ངག་དད་དང་ལྡན༔ དཔལ་ལྡན་རྟ་མཆོག་རྒྱལ་པོ་ཡིས༔ ཀླུ་ཆེན་བརྒྱད་རྣམས་དབང་བསྡུས་ཕྱིར༔ གྲོང་ཁྱེར་དམ་པར་གཞུག་ཏུ་གསོལ༔ ཁྱོད་ནི་སངས་རྒྱས་ཀུན་དང་མཉམ༔ དཔའ་བོ་ཆེན་པོ་བདག་གཞུག་གསོལ༔ མཛེས་པའི་གྲོང་ཁྱེར་མ་མཐོང་བས༔ དེ་ནི་བདག་ལ་བསྟན་པར་འཚལ༔ འཇིག་རྟེན་མགོན་པོས་བདག་གཞུག་གསོལ༔ ཅེས་ལན་གསུམ་ཞུ། དེ་ལྟར་ན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཁྱོད་དེ་སྐད་གསུངས་པ་ལེགས༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡི༔ གསང་སྔགས་ལ་སོགས་གྲོང་ཁྱེར་འདིར༔ ཁྱོད་ཀྱང་ང་ཡིས་གཞུག་པར་བྱ༔ ད་ནི་དད་པ་རབ་ཏུ་སྐྱེད༔ མཐུན་པའི་དམ་རྫས་ཁྱོད་ཀྱིས་བྱིན༔ དུས་ཚོད་བཟང་པོ་ད་ནངས་ནས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ ཁྱོད་ལ་དངོས་གྲུབ་ཅི་འདོད་འོང༔ ཡིད་གཉིས་མེད་པར་འདིར་ཞུགས་ཤིག༔ དེ་ནས་སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། བདག་ཉིད་ལྷ་གསུམ་སྐྱབས་གྱུར་ནས༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ འཁོར་བའི་གནས་ལས་འདྲེན་པར་ཤོག༔ ཐར་པའི་ལམ་ལ་འཁོད་པར་ཤོག༔ ལན་གསུམ། སེམས་བསྐྱེད་པ་ནི། འཇིགས་པ་བརྒྱད་ལ་སོགས་པ་ཡི༔ གནོད་པ་ཀུན་ལས་བདག་རྒྱལ་ནས༔ མཐུ་སྟོབས་དྲུག་དང་ལྡན་པ་དང༔ ཡོན་ཏན་དྲུག་དང་ལྡན་པ་དང༔ གང་ཞིག་བདག་དང་གཞན་དོན་དུ༔ ལས་དང་དངོས་གྲུབ་གང་སྒྲུབ་པ༔ དེང་འདིར་ཉིད་ལ་འགྲུབ་གྱུར་ནས༔ གཞན་དོན་འབའ་ཞིག་བྱེད་པར་ཤོག༔ ལན་གསུམ། དེ་ནས་ཚོགས་གསག་པ། ཧོ༔ དབང་ཆེན་རྒྱལ་པོ་རྟ་མཆོག་དཔལ༔ མཐུ་སྟོབས་སོགས་ལས་བྱང་ལྟར་ལན་གསུམ་བྱ། མང་ན་སྔགས་དོར་བས་ཆོག །དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་གྱི་རྟེན་ལས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རགས་ལུས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་ལན་གསུམ། དེ་ནས་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཁྲིད་ནས་ཕྱག་གསུམ་བྱས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོ༔ དཔལ་ཆེན་རྟ་མགྲིན་གྲོང་ཁྱེར་དུ༔ ལྷོ་ཡི་ཕྱོགས་སུ་རབ་བརྟེན་ནས༔ ཡོན་ཏན་དངོས་གྲུབ་འཐོབ་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་དད་པ་ཡིས༔ བདག་ཀྱང་ཕྱག་གསུམ་རབ་ཏུ་འཚལ༔ ཧོ༔ དཔལ་ཆེན་རྟ་མགྲིན་གྲོང་ཁྱེར་དུ༔ ནུབ་ཀྱི་ཕྱོགས་སུ་རབ་བརྟེན་ནས༔ གསུང་གི་དངོས་གྲུབ་འཐོབ་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་དད་པ་ཡིས༔ བདག་ཀྱང་ཕྱག་གསུམ་རབ་ཏུ་འཚལ༔ ཧོ༔ དཔལ་ཆེན་རྟ་མགྲིན་གྲོང་ཁྱེར་དུ༔ བྱང་གི་ཕྱོགས་སུ་རབ་བརྟེན་ནས༔ ཕྲིན་ལས་དངོས་གྲུབ་འཐོབ་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་དད་པ་ཡིས༔ བདག་ཀྱང་ཕྱག་གསུམ་རབ་ཏུ་འཚལ༔ ཧོ༔ དཔལ་ཆེན་རྟ་མགྲིན་གྲོང་ཁྱེར་དུ༔ ཤར་གྱི་ཕྱོགས་སུ་རབ་བརྟེན་ནས༔ སྐུ་ཡི་དངོས་གྲུབ་འཐོབ་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་དད་པ་ཡིས༔ བདག་ཀྱང་ཕྱག་གསུམ་རབ་ཏུ་འཚལ༔ དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་གཞག་པ་ནི། བདུད་རྩི་དང་བཅས་པའི་དམ་ཚིག་གི་མནའ་ཆུ་འདི་ཉིད་བཞག་པ་ལྕེ་ལ་བཞག་ཀྱང་ཐིམ་པ་སྙིང་གི་དཀྱིལ་དུ་ཐིམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་མོས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཡེ་ཤེས་བདུད་རྩིའི་ཆུ་བོ་འདི༔ ང་ཡིས་ཁྱོད་ལ་བླུད་པ་ཡིན༔ ཁྱོད་ཀྱང་བསྒོ་བའི་བཀའ་རྣམས་ཉོན༔ དམ་ཚིག་བསྲུང་བའི་ལས་རྣམས་ཀྱིས༔ ཁྱོད་ཀྱི་སྡིག་སྒྲིབ་དག་པར་བྱེད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེ་རིང་ནས་གཟུང་སྟེ་ཁྱོད་རྣམས་ཀྱི་གསང་ཆེན་རྡོ་རྗེའི་དམ་ཚིག་འདི་ཡིན་པས་གལ་ཏེ་འདས་ན་ཕུང་བར་འགྱུར་ཏ་རེ། ཞེས་ཐ་ཚིག་བསྒྲག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། ཡིད་གནད་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཁྱོད་རང་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་དྲེགས་པ་ཀླུ་གཉན་པདྨ་ཉི་མའི་གདན་ལ་ཁྱོད་རང་གི་རིག་པ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དཔལ་ཆེན་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བའི་ཞལ་གཅིག་ཕྱག་གཉིས་པ་ཕུར་པས་ཀླུ་གཉན་གཟིར་ཞིང་སྦྲུལ་ཞལ་དུ་གསོལ་བ། དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། ཞབས་གཉིས་དོར་སྟབས་ཀྱིས་སྦྲུལ་མནན་པས་ཀླུ་རྣམས་ཟིལ་གྱིས་གནོན་པའི་རྟ་མགོའི་གཙུག་ཏུ་ཁྲོཾ་ལས་བྱ་ཁྱུང་ག་རུ་ཌཿ ཕྱག་གཉིས་ཀྱིས་སྦྲུལ་ཞགས་ཞལ་དུ་གསོལ་ཞིང་མཆུ་སྡེར་འདབ་གཤོག་གནམ་ལྕགས་འབར་བའི་རང་བཞིན་གདེངས་པ། སྙིང་གར་ཧཱུྃ་ལས་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྒོམས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀའི་ས་བོན་ལས་མུ་མེད་པའི་འོད་ཟེར་འཕྲོས་པ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དྲག་པོ་ལྷ་གསུམ་གྱི་རྣམ་པར་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། རྩ་སྔགས་ལ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བཟླ་ཞིང་ཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་སྤོས་སྦྱོར་དང་བཅས་པས་བྱིན་དབབ་བོ། །དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཁྱེད་རང་ལ་བརྟན་པར་བྱ་སྟེ་ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་རྣམས༔ ཡང་དག་ཉིད་དུ་འཐོབ་བྱའི་ཕྱིར༔ དཀྱིལ་འཁོར་དབུས་སུ་བདག་འདོར་གྱིས༔ རྟ་མཆོག་སྐུ་ལ་འབབ་པར་ཤོག༔ སྔར་ཕུལ་པའི་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ། ཞེས་ཅོད་པན་མགོ་བོར་བཀོད། དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་ནི། ཧོ༔ དུས་ཚོད་བཟང་པོ་ད་ནངས་ནི༔ བླ་མ་རྟ་མཆོག་རྒྱལ་པོ་ཡི༔ དཀྱིལ་འཁོར་བཟང་པོ་བསྟན་དུ་གསོལ༔ དཔལ་ལྡན་རྟ་མཆོག་རྒྱལ་པོ་ཡི༔ མཛེས་ལྡན་གྲོང་ཁྱེར་པད་ཚལ་དུ༔ བདག་ཀྱང་རབ་ཏུ་བལྟ་བར་འཚལ༔ མིག་ཀྱང་རབ་ཏུ་དབྱེ་རུ་གསོལ༔ ཞེས་ཞུ། མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། སྐལ་ལྡན་བུ་ཁྱོད་ད་ནངས་ལ༔ བླ་མ་རྟ་མཆོག་རྒྱལ་པོ་ཡི༔ གྲོང་ཁྱེར་ཆེན་པོ་ངས་བསྟན་གྱིས༔ ཁྱོད་ཅག་རབ་ཏུ་དགའ་བ་བསྐྱེད༔ མུན་པ་མར་མེས་གསལ་བ་བཞིན༔ མ་རིག་མུན་པ་བསལ་ནས་ཀྱང༔ ཡེ་ཤེས་མིག་མཆོག་དབྱེ་བར་འཚལ༔ ཡེ་ཤེས་མིག་གིས་འཇིག་རྟེན་དུ༔ གསལ་ཞིང་དྭངས་པ་ཁྱོད་ཀྱིས་ནི༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ མིག་མཆོག་བཟང་པོ་ད་ནངས་དབྱེ༔ ཞེས་མིག་དབྱེ། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་བ་ཡིན་ཏེ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་ར་བ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བའི་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མགོས་པའི་བརྡར་པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་ནང་དུ། རྣམ་པར་ཐར་པ་བརྒྱད་མཚོན་པའི་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པའི་དབུས་སུ། དྲེགས་པ་ཀླུ་གཉན་པད་ཟླ་ཉི་མའི་གདན་སྟེང་དུ་རང་རིག་ཡེ་ཤེས་བདེ་བ་ཆེན་པོ་མཚོན་པའི་བརྡར་དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཁྲག་འཐུང་རྟ་མཆོག་ཧེ་རུ་ཀ །འཁོར་འདས་ཐམས་ཅད་ཡེ་ཤེས་སྙིང་པོ་གཅིག་ཏུ་གྲུབ་པའི་བརྡར་ཐུགས་ཀར་ཕྱག་ན་རྡོ་རྗེ། དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་སྒྱུར་བའི་བརྡར་སྤྱི་གཙུག་སྤྲུལ་པའི་བྱ་ཁྱུང་ག་རུ་ཌཿ རྣམ་ཤེས་ཡུལ་བརྒྱད་གནས་སུ་དག་པའི་བརྡར་ཀླུ་ཆེན་བརྒྱད། གཞན་ཡང་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། དེ་ལྟར་ན་ཁྲག་འཐུང་དྲག་པོ་ལྷ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་ཀྱང་རང་སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དོན་དམ་པར་རང་ལ་གདོད་མ་ནས་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ། མངོན་སུམ་དུ་མཇལ་བར་གྱུར་སྙམས་པའི་མོས་པ་མཛོད། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་ཡན་ལག་དང་བཅས་པ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། ཞེས་བརྗོད་ལ་སློབ་མས་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཇི་ལྟར་དཀྱིལ་འཁོར་ཆེན་པོ་ཡང༔ བླ་མ་བདག་ཀྱང་བལྟ་བ་ལ༔ རབ་ཏུ་རྒྱས་པར་བསྟན་པ་ལེགས༔ བདག་གིས་ཀྱང་ནི་མཛེས་པར་མཐོང༔ ད་ནི་བླ་མས་དབང་རྣམས་ཀྱང༔ རིམ་པ་བཞིན་དུ་བསྐུར་དུ་གསོལ༔ བདག་ཀྱང་རབ་ཏུ་དཀའ་བ་སྤྱད༔ ལན་གསུམ་ཞུ། དབང་བསྐུར་བ་དངོས་ལ། ཁྱོད་རང་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བར་དཔལ་ཆེན་ལྷ་གསུམ་གྱི་རྣམ་པས་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐལ་ལྡན་བུ་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ དུས་མཆོག་བཟང་པོ་དེ་རིང་ནས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ ཁྱོད་ཉིད་རྟ་མཆོག་སྐུ་རུ་བྱ༔ ཀླུ་ཚོགས་མང་པོས་ཚུགས་མི་འགྱུར༔ ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཕྱག་རྡོར་བུམ་པ་སྙིང་གར་བཞག །ཧཱུྃ༔ དུས་མཆོག་བཟང་པོ་དེ་རིང་ནས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ ཁྱོད་ཀྱང་ཕྱག་རྡོར་སྐུ་རུ་གྱུར༔ ཀླུ་ཚོགས་མང་པོས་ཚུགས་མི་འགྱུར༔ ཧཱུྃ་ཙིཏྟ་བཛྲ་སྭཱ་ཧཱ༔ བྱ་ཁྱུང་བུམ་པ་དཔྲལ་བར་བཞག །ཁྲོཾ༔ དུས་མཆོག་བཟང་པོ་དེ་རིང་ནས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ ཁྱོད་ཀྱང་བྱ་ཁྱུང་སྐུ་རུ་གྱུར༔ ཀླུ་ཚོགས་མང་པོས་ཚུགས་མི་འགྱུར༔ ཝཱ་ཀ་བཛྲ་སྭཱ་ཧཱ༔ དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། རྟ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག །ཧཱུྃ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལྔ་ཡིས་དབང་བསྐུར་བས༔ ཁྱོད་ཀྱིས་དབང་མཆོག་ཐོབ་ནས་ཀྱང༔ ཀླུ་འདུལ་ཕྲིན་ལས་བཅས་པ་ཡིས༔ ཀླུ་ཚོགས་མང་པོ་ཐམས་ཅད་དང༔ བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི༔ ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་རྡོར་གྱི་སྐུ་རྟེན་སྤྱི་བོར་བཞག །ཧཱུྃ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལྔ་ཡིས་དབང་བསྐུར་བས༔ ཁྱོད་ཀྱིས་དབང་མཆོག་ཐོབ་ནས་ཀྱང༔ ཀླུ་འདུལ་ཕྲིན་ལས་བཅས་པ་ཡིས༔ ཀླུ་ཚོགས་མང་པོ་ཐམས་ཅད་དང༔ བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི༔ ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག༔ ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཨཱ༔ བྱ་ཁྱུང་སྐུ་རྟེན་སྤྱི་བོར་བཞག །ཧཱུྃ༔ མཁའ་ལྡིང་བྱ་ཁྱུང་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལྔ་ཡིས་དབང་བསྐུར་བས༔ ཁྱོད་ཀྱིས་དབང་མཆོག་ཐོབ་ནས་ཀྱང༔ ཀླུ་འདུལ་ཕྲིན་ལས་བཅས་པ་ཡིས༔ ཀླུ་ཚོགས་མང་པོ་ཐམས་ཅད་དང༔ བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི༔ ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག༔ ཨོཾ་བཛྲ་རཱ་ཙ་མ་ཧཱ་ག་རུ་ཌཿཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཀླུ་ཆེན་བརྒྱད་བྲན་དུ་གཏད་པའི་མོས་པ་མཛོད། བུ་ཁྱོད་ཉོན་ཅིག་དབང་ལྡན་ཁྱོད༔ ལྷ་གསུམ་སྐུར་ནི་ཁྱོད་བྱས་ཀྱིས༔ མཐའ་ཡས་དང་ནི་འཇོག་པོ་གཉིས༔ རྒྱལ་རིགས་ཀླུ་དེ་ས་ལས་སྐྱེས༔ ཀླུ་རྒྱལ་ཆེན་པོ་གྲུབ་པའི་གཟུགས༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱེད་ལ་གཏད༔ དམ་ཚིག་གསང་སྔགས་བཟླས་པ་གྱིས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ འོན་ཀྱང་འབྲས་ཐོབ་གྱུར་ནས་ཀྱང༔ ཅི་འདོད་དངོས་གྲུབ་སྟེར་བར་འགྱུར༔ ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛ༔ དེས་རིགས་འགྲེས། བུ་ཁྱོད་ཉོན་ཅིག་དབང་ལྡན་ཁྱོད༔ ལྷ་གསུམ་སྐུར་ནི་ཁྱོད་བྱས་ཀྱིས༔ ནོར་རྒྱས་དང་ནི་དུང་སྐྱོང་གཉིས༔ རྗེའུ་རིགས་ཀླུ་དེ་ཆུ་ལས་སྐྱེས༔ ཀླུ་རྒྱལ་ཆེན་པོ་གྲུབ་པའི་གཟུགས༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱེད་ལ་གཏད༔ དམ་ཚིག་གསང་སྔགས་བཟླས་པ་གྱིས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ འོན་ཀྱང་འབྲས་ཐོབ་གྱུར་ནས་ཀྱང༔ ཅི་འདོད་དངོས་གྲུབ་སྟེར་བར་འགྱུར༔ ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛ༔ བུ་ཁྱོད་ཉོན་ཅིག་དབང་ལྡན་ཁྱོད༔ ལྷ་གསུམ་སྐུར་ནི་ཁྱོད་བྱས་ཀྱིས༔ པདྨ་དང་ནི་ཆུ་ལྷ་གཉིས༔ བྲམ་ཟེའི་རིགས་དེ་མེ་ལས་སྐྱེས༔ ཀླུ་རྒྱལ་ཆེན་པོ་གྲུབ་པའི་གཟུགས༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱེད་ལ་གཏད༔ དམ་ཚིག་གསང་སྔགས་བཟླས་པ་གྱིས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ འོན་ཀྱང་འབྲས་ཐོབ་གྱུར་ནས་ཀྱང༔ ཅི་འདོད་དངོས་གྲུབ་སྟེར་བར་འགྱུར༔ ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛ༔ བུ་ཁྱོད་ཉོན་ཅིག་དབང་ལྡན་ཁྱོད༔ ལྷ་གསུམ་སྐུར་ནི་ཁྱོད་བྱས་ཀྱིས༔ རིགས་ལྡན་དང་ནི་སྟོབས་ཀྱིས་རྒྱུ༔ དམངས་རིགས་ཀླུ་དེ་རླུང་ལས་སྐྱེས༔ ཀླུ་རྒྱལ་ཆེན་པོ་གྲུབ་པའི་གཟུགས༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱེད་ལ་གཏད༔ དམ་ཚིག་གསང་སྔགས་བཟླས་པ་གྱིས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ འོན་ཀྱང་འབྲས་ཐོབ་གྱུར་ནས་ཀྱང༔ ཅི་འདོད་དངོས་གྲུབ་སྟེར་བར་འགྱུར༔ ཧཱུྃ་ནཱ་ག་རཱ་ཙ་ས་མ་ཡ་ཛ༔ དེ་ནས་སྔགས་དབང་བསྐུར་བ་ནི། སྔགས་བྱང་ལག་ཏུ་གཏད་ནས། ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ནཱ་ག་ཀླུ་འདུལ་གསང་སྔགས་འདིས༔ ཀླུ་རྣམས་མ་ལུས་ཟིལ་གྱིས་གནོན༔ མཐའ་ཡས་འབུམ་ཕྲག་ལས་རྣམས་འགྲུབ༔ བསྒོམ་ན་ལྷ་ཡང་འགྲུབ་པར་འགྱུར༔ ཁྱོད་ཀྱིས་རྟག་ཏུ་རྒྱུན་མ་གཅད༔ གཏོར་མའི་དབང་ནི། རྟ་ཕྱག་ཁྱུང་གསུམ་གྱི་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྲོ་རྒྱལ་ལྷ་རྣམས་དགྱེས་བྱའི་ཕྱིར༔ ཡོ་བྱད་འཚོགས་པའི་བ་ལིཾ་འདི༔ བྱིན་གྱིས་བརླབས་ཀྱིས་ཁྱོད་ལ་གཏད༔ ཁྱོད་ཀྱིས་འདི་ནི་རྟག་ཏུ་ལོངས༔ དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར༔ ཁྲུས་བྱ་བའི་དབང་ནི། བུམ་ཆུ་བླུད་ལ། ཧཱུྃ༔ བུམ་པ་ཁྲུས་ཀྱི་སྦྱོར་བ་འདིས༔ ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར༔ ཡོན་ཏན་བརྗོད་པར་མི་ནུས་ཏེ༔ སངས་རྒྱས་ཀུན་གྱི་མཐུ་དང་མཚུངས༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ ཡུངས་དཀར་གཏད་ལ། ཧཱུྃ༔ ཡུངས་དཀར་སྔགས་ཀྱི་མདའ་མཆོག་འདི༔ གཏོར་བས་ལས་རྣམས་འགྲུབ་པར་བྱེད༔ ཀླུ་འདུལ་རྫས་སུ་ཁྱོད་ལ་གཏད༔ ཐུན་གྱི་དབང་རྣམས་ཐོབ་པར་ཤོག༔ སེང་ཕུར་གཏད་ལ། སེང་ལྡེང་ཕུར་པ་སོར་བརྒྱད་པ༔ བཏབ་པས་ལས་རྣམས་འགྲུབ་པར་བྱེད༔ ཀླུ་འདུལ་རྫས་སུ་ཁྱོད་ལ་གཏད༔ བརྟེན་པ་དབྱིངས་སྒྲོལ་དབང་ཐོབ་ཤོག༔ རལ་གྲི་གཏད་ལ། མཚོན་ཆ་རལ་གྲི་སྔོན་པོ་འདིས༔ གཅོད་པས་ལས་རྣམས་འགྲུབ་པར་བྱེད༔ ཀླུ་འདུལ་རྫས་སུ་ཁྱོད་ལ་གཏད༔ གཅོད་པའི་དབང་རྣམས་ཐོབ་པར་ཤོག༔ རྡོ་རྗེ་གཏད་ལ། རྡོ་རྗེ་སྔོན་པོ་རྩེ་ལྔ་པ༔ གསོར་བས་ལས་རྣམས་འགྲུབ༴ ཀླུ་འདུལ་རྫས་སུ༴ རྡོ་རྗེའི་དབང་རྣམས༴ སྨྱག་ཤད་གཏད་ལ། ཧཱུྃ༔ སྨྱག་ཤད་ཀ་ར་བཱི་ར་དམར་པོའི་ལྕུག་མ་འདིས༔ རྡེག་པས་ལས་རྣམས་འགྲུབ༴ ཀླུ་འདུལ་རྫས་སུ་ཁྱོད༴ ལྕུགས་མའི་དབང་རྣམས༴ རྨ་བྱའི་སྒྲོ་མདོངས་གཏད་ལ། ཧཱུྃ༔ མདངས་ལྡན་རྨ་བྱའི་སྒྲོ་འདི་ཡང༔ བྱབ་པས་ལས་རྣམས་འགྲུབ༴ ཀླུ་འདུལ་རྫས་སུ་ཁྱོད༴ བྱབ་པའི་དབང་རྣམས༴ གུ་གུལ་གཏད་ལ། ཧཱུྃ༔ གུ་གུལ་སྦྱར་བའི་རྫས་མཆོག་འདི༔ བདུག་པས་ལས་རྣམས་འགྲུབ༴ ཀླུ་འདུལ་རྫས་སུ་ཁྱོད༴ བདུག་པའི་དབང་རྣམས༴ འཁོར་ལོ་གཏད་ལ། ཧཱུྃ༔ དྲག་པོ་རྒྱ་ཡི་འཁོར་ལོ་འདི༔ བསྐོར་བས་ལས་རྣམས་འགྲུབ༴ ཀླུ་འདུལ་རྫས་སུ་ཁྱོད༴ བསྐོར་བའི་དབང་རྣམས༴ རྫས་སྣ་གཏད་ལ། གསད་གསོད་དབབ་དང་སྲུང་ལ་སོགས༔ རྟེན་འབྲེལ་རྫས་མཆོག་སྣ་ཚོགས་འདི༔ ཀླུ་འདུལ་རྫས་སུ་ཁྱོད༴ རྟེན་འབྲེལ་རྫས་མཆོག་རྣམས་ཀྱི་དབང་ཐོབ་ཤོག༔ ཅེས་གཏད་རྗེས། དེ་ལྟར་དབང་ཡོངས་སུ་རྫོགས་པ་ཐོབ་པ་ལ་ནམ་མཁར་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱིས་བཀྲ་ཤིས་མེ་ཏོག་ཆར་བཞིན་དུ་ཕབ་པས་བརྟན་པར་བྱས་བྱུང་སྙམ་པའི་མོས་པ་མཛོད། ཨོཾ། བཀྲ་ཤིས་གང་ཞིག་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན། དམ་ཚིག་བསྒྲག་པ། གཏང་རག་མཎྜལ་འབུལ་བ། དགེ་བ་བསྔོ་བ་རྣམས་བྱའོ། །གསུམ་པ་རྗེས་ནི། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས། གཤེགས་བསྡུ་བསྔོ་སྨོན་སོགས་སྤྱི་ལྟར་བྱའོ། །དེ་ལྟར་སྐལ་ལྡན་སྨིན་བྱེད་མུ་ཐི་ལ། གསལ་བྱེད་སྲད་བུར་བརྒྱུས་པའི་ཕྲེང་བ་འདི། །སྤེལ་དགེས་འགྲོ་ཀུན་ཉོན་མོངས་སྒྲིབ་བྱང་ནས། །ཆམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །ཅེས་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་དབང་ཆོག་བཀླག་ཆོག་ཏུ་བཀོད་པ་འདི་ནི། རྣམ་འདྲེན་བསྟན་པའི་གསལ་བྱེད་མཚུངས་མེད་དཔལ་རི་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་རྡོ་རྗེ་དཔལ་བཟང་པོའི་ཞལ་སྔ་ནས་འདི་ལྟ་བུ་ཞིག་གྱིས་ཞེས་བཀའ་བསྩལ་པ་དང་དུ་བླངས་ཏེ། སྐྱབས་མགོན་འཁོར་ལོའི་མགོན་པོ་དྲིན་ཆེན་ཀརྨ་བི་ཛ་ཡ་རིགས་བདག་ཏུ་ཐོབ་པའི་སྐལ་པ་ཅན་སྨྱོས་ཀྱི་རིག་འཛིན་རྨོངས་བརྟུལ་པདྨེནྡྲ་ཛ་ཡས་རང་ལོ་ཉེར་བཞི་པ་མྱོས་ལྡན་ནག་ཟླའི་ཡར་ཚེས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གི་བླ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་དྲུང་ཆོས་འཕེལ་གྱིས་བགྱིས་པ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ (Volume 49, Text 26)

༄༅། །བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི་སིདྡྷཾ། ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག །སྐལ་བཟང་རྣམས་ཀྱི་དཔལ་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བྱས་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། བྱེ་བྲག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གཞན་ཡང་མཎྜལ་དང་ཚོམ་བུའི་རྒྱུ། དྲི་ཆབ། རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ལ་གསུམ། གནས་ཡོ་བྱིན་རླབས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པའོ། །དང་པོ་ནི། ངེས་འབྱུང་དང་སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ཅིང་དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་གནས་ལུགས་ལ་དྲན་པ་ཉེ་བར་བཞག་སྟེ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་པ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་སྐྱབས་འགྲོ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་གཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། གསུམ་པ་སེམས་སྐྱེད་ནི། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །དེ་ཡི་ཆེད་དུ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་གསལ་གདབ་ཅིང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྒོམ་མོ། །གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབ། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པས། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་རྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ། གཉིས་པ་ལ་ཡན་ལག་བདུན་ལས། དང་པོ་ཕྱག་འཚལ་བ་ལ། ཐོག་མར་ཚོགས་ཞིང་སྤྱིར་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་ཕྱག་འཚལ་བའི་དམིགས་རྣམ་གསལ་བཏབ་ལ། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་གྱིས་ཕྱག་བྱ། བྱེ་བྲག་ཏུ་ཚོགས་ཞིང་སོ་སོར་དམིགས་ནས། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབ་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ། ཐོག་མར་ཐུན་མོང་དུ། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་སྔགས་བརྗོད། བྱེ་བྲག་ཉེར་སྤྱོད་སོགས་ཀྱི་མཆོད་པ་ནི། དངོས་སུ་བཤམས་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའ་གང་བ་ཁྱབ་ཅིང་རྟག་པའི་ཚུལ་དུ་སྤྲོས་ཏེ་ཕུལ་བར་བསམ་ལ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞབས་བསིལ་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །པཱ་དྱཾ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མེ་ཏོག་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །པུཥྤེ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་བདུག་སྤོས་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མར་མེའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་དྲི་ཆབ་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །གནྡྷེ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞལ་ཟས་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ནཻ་བིདྱཱ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་རོལ་མོའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། འཁོར་ལོས་སྒྱུར་བ་ཆེན་པོའི་བསོད་ནམས་ཀྱི། །འབྱོར་པའི་ཁྱད་པར་ཕུལ་བྱུང་རིན་ཆེན་བདུན། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་སཔྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དགེ་མཚན་བཀྲ་ཤིས་རྟགས་ཀྱི་ཆར་འབེབ་པའི། །ཡིད་འཕྲོག་མཆོད་པའི་ལྷ་མོ་མཐའ་ཡས་པ། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཧྞ་པཱུ་ཛི་ཏེ་ཨཱཿཧཱུྃ། སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས་པ་ཡི། །ཀུན་ཏུ་ཤིས་པ་སྤེལ་བའི་རྫས་མཆོག་བརྒྱད། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པཱུ་ཛི་ཏེ་ཨཱཿཧཱུྃ། ཁྱད་པར་ཞིང་ཁམས་རྒྱ་མཚོའི་མཆོད་པ་ནི། བྱི་དོར་ལེགས་པར་བྱས་པའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་པོའི་རླན་དང་བཅས་ཏེ་རིན་པོ་ཆེ་དང་སྨན་འབྲུ་ལ་སོགས་པའི་ཚོམ་བུ་དགོད་ཅིང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་འཆི་མེད་ཚེའི་ལྷ་ཚོགས། ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱི་འོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་མཚན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་སྟོང་སོགས་ཅི་ནུས་དང་། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པའང་འབུལ། སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ཏེ་དོན་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང་། ན་མསྶརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་བ་དང་། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་འདུན་པ་རྩེ་གཅིག་པས་བརྗོད། སྤྲོ་ན་སྤྱོད་འཇུག་སོགས་ལས་འབྱུང་བའི་ཚིགས་བཅད་རྒྱས་པ་ཇི་ལྟར་རིགས་པའང་སྤེལ། གང་ལྟར་ཡང་སྐབས་འདིར་སེམས་བསྐྱེད་པའི་གོ་ཆ་བླང་བ་ནི་ཐུན་མོང་གི་ཚེ་སྒྲུབ་པའི་ཐབས་ཀྱི་མཆོག་གཅིག་ཏུ་གསུངས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །བླ་མ་ལྷར་བཅས་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགགས་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་པ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་པ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཅེས་བརྗོད་ཅིང་དམིགས་པ་ནན་ཏན་དུ་གསལ་བཏབ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང་། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང་། སྤྲོ་ན་ཚེ་དཔག་མེད་པའི་གཟུངས་མདོ། རྣམ་རྒྱལ་མའི་རྟོག་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་རྣམས་ཀྱང་བཀླག་པར་བྱ་སྟེ། སངས་རྒྱས་རྗེས་དྲན་དུ་བྱས་ནས་ཀློག་པར་གསུངས་པའི་དོན་ཡིན་པས་ཤིན་ཏུ་ལེགས། གཞན་ཡང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་དང་། ཁོ་བོས་བགྱིས་པའི་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་སོགས་གདངས་སྙན་པོས་བརྗོད་པའི་བར་བར་དུ་སྔགས་རྣམས་སྤེལ་ནས་བཟླས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཚོགས་ཞིང་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་འོ། །དང་པོ་ནི། མཆོད་པ་རྣམས་ཞལ་གསོས་ལ་མཆོད་པའི་སྤྲིན་གྱི་སྔགས་ཀྱིས་བརླབ། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། བདག་གཞན་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ་ཞིང་། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་བ་གདབ། གཉིས་པ་ཚོགས་ཞིང་བསྡུ་བ་ནི། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་ངང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་གཞག །གསུམ་པ་བསྔོ་སྨོན་ཤིས་བརྗོད་ནི། དེ་ལས་ལྡང་བར་བརྩམ་པ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་གསུངས་པའི་བཀྲ་ཤིས་དང་། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་བཞུགས་པ་དང་། སྦྱིན་བདག་ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབ་མཆོར་ཕུན་སུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །དེ་ལྟར་འབད་པའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གཟུངས་མདོ་དང་། གཙུག་ཏོར་རྣམ་རྒྱལ་མའི་རྟོག་པ་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུངས་པ་ལྟར་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་འཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་པར་འགྱུར་བ་ནི་ངེས་པའོ། །རྟག་པར་གཞན་ལ་སྨན་འདོད་པའི། །ཡིད་ཀྱི་ཆུ་གཏེར་ཉམས་དགའ་བ། །སངས་རྒྱས་བྱིན་རླབས་མཐུས་བསྐུལ་བས། །འཆི་མེད་སྒྲུབ་པའི་ཐབས་འདི་བྱུང་། །དེ་ལས་འཐོབ་པའི་དགེ་ཚོགས་བདུད་རྩིའི་སྤྲིན། །བྱང་ཆུབ་སྙིང་པོའི་ཕ་མཐར་ཁྱབ་པ་ལས། །ལེགས་བྱས་ཟིལ་དངར་རྟག་ཏུ་བབས་པ་ཡིས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང་། རང་གཞན་ཡིད་ཅན་མཐའ་དག་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་དམིགས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་པ་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ ཆོ་ག་འདི་ཉིད་འཆི་མེད་འཕགས་མའི་སྙིང་ཐིག་གི་ཡན་ལག་ཏུ་བཞེད་པ་ལྟར་གཞན་ཕན་རྒྱ་ཆེར་འབྱུང་སླད་གཏེར་མཛོད་ཀྱི་ཆོས་སྡེར་སྤར་གསར་དུ་བསྒྲུབས་ཏེ་བཞུགས་སུ་གསོལ་བའོ།། །།

རྗེ་བཙུན་སྒྲོལ་མ་ལ་བསྟེན་པའི་དགྲ་ཇག་འཆིང་བའི་མན་ངག་གི་ལག་ལེན་ (Volume 45, Text 26)

༄༅། །རྗེ་བཙུན་སྒྲོལ་མ་ལ་བསྟེན་པའི་དགྲ་ཇག་འཆིང་བའི་མན་ངག་གི་ལག་ལེན་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། འདིའི་ལོ་རྒྱུས་རྣམས་ནི་གཞན་དུ་གསལ། འདིའི་ལག་ལེན་གྱི་བྱ་ཐབས་ལ། ཐོག་མར་ཤོག་བུ་ལིངྒ་དཔེ་ཆུང་ལྟར་བྲིས་ལ་ར་ཡི་རྭ་རྩེ་མ་ཉམས་པ་ཞིག་འདུ་བྱས་ཏེ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་ར་རུ་དེ་ཉིད་གནམ་ལྕགས་ཀྱི་ཁང་སྒྲོམ་སྒོ་མེད་མུན་པའི་གླིང་ནག་ལ་གཏིང་ཟབ་པ་ཞིག་ཏུ་གྱུར། དེའི་ནང་དུ་གནོད་བྱེད་ཐམས་ཅད་གན་རྐྱལ་དུ་གནས་པར་གྱུར། ཅེས་བསམ་ཞིང་ངག་ཏུའང་བརྗོད་དེ། རང་ཉིད་ཡི་དམ་སྒྲོལ་མར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་ཛཿལྕགས་ཀྱུའི་དབྱིབས་ཅན་ཞིག་འཕྲོས་པས་གནོད་བྱེད་ཐམས་ཅད་བཀུག་ནས་ལིང་ག་ལ་ཐིམ་པར་གྱུར། ཅེས་བརྗོད་ཅིང་ཡིད་ལའང་བསམ། དེ་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ༴ ཆོས་ཀྱི་བདེན་པ༴ དགེ་འདུན་གྱི་བདེན་པ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བཅོམ་ལྡན་འདས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་སྐད་ཅིག་གིས་ལིང་ག་འདི་ལ་ཐིམ་པར་གྱུར་ཅིག །ཅེས་པ་ལན་གསུམ་བརྗོད། དེ་ནས། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཨ་ཤགས་མ་ཡ་ཕྱེ་ཕྱེ། བཛྲ་ྈ ཤག་ཕྱེ་ཕྱེ། བདག་ལ་གནོད་པར་བྱེད་པའི་དགྲ་བོ་འདི་རྣམས་འགོ་བར་བྱེད་པའི་ལྷ་དང་ཕྱེ་ཕྱེ། ཞེས་དགུག་གཞུག་ལྷ་དབྱེ་རྣམས་ངག་ཏུའང་བརྗོད་ཅིང་ཡིད་ལའང་བསམ་མོ། །དེ་ནས་ལིངྒའི་ལྟོ་བར་གྲི་རུས་བཅུག་ལ་ལྟེབ་སྟེ་མགོ་མཇུག་ལྡོག་པ་ར་རུ་དེའི་མཐིལ་དུ་བཅུག་ལ་གནོད་བྱེད་ཐམས་ཅད་དངོས་སུ་བྲུབ་པར་བསམ་མོ། །དེའི་སྟེང་དུ་རེ་བ་ནག་པོས་བཅད་ལ་མུན་ནག་གི་གུར་ཁང་རླུང་ནག་གི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམ་མོ། །དེའི་སྟེང་དུ་ཉུངས་དཀར་ཉི་ཤུ་རྩ་གཅིག་བཙུག་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་གསེར་གྱི་སེང་གེ་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ལུས་མནན་པར་བསམ་ལ་སྔགས་བཟླ་འོ། །དེའི་སྟེང་དུ་རེ་བ་ནག་པོས་བཅད་ལ་མུན་པའི་གུར་ཁང་རླུང་ནག་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམ་མོ། །དེའི་སྟེང་དུ་རྡེའུ་དཀར་པོ་ཉི་ཤུ་རྩ་གཅིག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དུང་གི་གླང་པོ་ཆེ་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ངག་མནན་པར་བསམ་ལ་སྔགས་བཟླ་འོ། །དེའི་སྟེང་དུ་རེ་བ་ནག་པོས་བཅད་ལ་མུན་ནག་གི་གུར་ཁང་རླུང་ནག་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམ་མོ། །དེའི་སྟེང་དུ་རྡེའུ་ནག་པོ་ཉི་ཤུ་རྩ་གཅིག་བཅུག་ལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྕགས་ཀྱི་སྤྱང་མོ་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ཡིད་མནན་པར་བསམ་ལ་སྔགས་བཟླ་འོ། །དེའི་སྟེང་དུ་རེ་བ་ནག་པོས་བཅད་ལ་སྔར་བཞིན་དུ་བསམ་མོ། །དེའི་སྟེང་དུ་སཱཙྪ་རབ་གནས་ཅན་གཅིག་གི་ནང་དུ་མིང་རུས་མི་གཅིག་པ་མང་དུ་བྲིས་ཏེ་བཅུག་ལ་མནན། སུཾ་ལས་རི་ཡི་རྒྱལ་པོ་རི་བོ་མཆོག་རབ་ཏུ་གྱུར་པར་བསམ། དེ་ནས་ཁ་ལ་ཆས་བཅད་ཅིང་ཏཱཾ་ཡིག་གིས་མཚན་པས་རྒྱས་བཏབ་ནས་ཏཱཾ་ཡིག་དེ་ཉིད་རྗེ་བཙུན་སྒྲོལ་མར་བསྐྱེད་དོ། །དེ་ནས་ཐི་གུ་ནག་པོ་ཕྱི་བསྒྲིལ་དུ་བཀལ་བ་ལ་སྔགས་ཉི་ཤུ་རྩ་གཅིག་བཏབ་ལ་དེ་ཉིད་ཀྱིས་ར་རུ་དེ་ཀ་བ་ལ་བཅིངས་ནས་བསྐོར་བ་གཡོན་སྐོར་དུ་བྱེད་ཅིང་སྔགས་ཉི་ཤུ་རྩ་གཅིག་ཚན་གསུམ་ལ་སོགས་པ་མང་དུ་བཟླའོ། །ཆོས་བསྐོར་དུ་ལན་རེ་བྱས་ཀྱང་རྫས་རྣམས་དོན་མེད་དུ་འགྱུར་རོ། །བསྐོར་བ་ཉི་ཤུ་རྩ་གཅིག་རེ་དང་སྔགས་ཉི་ཤུ་རྩ་གཅིག་བྱའོ། །དེ་ལྟར་བྱས་པས་དགྲ་ཇག་ཆོམ་རྐུན་རྣམས་རེངས་པར་འགྱུར་རོ། །བསམ་ངན་བྱེད་མི་རྣམས་ཀྱང་བསམ་ངན་འགྱུར་ཏེ་རང་ཉིད་ལ་འདུན་པར་འགྱུར་རོ། །བསྐོར་བ་ཉི་ཤུ་རྩ་གཅིག་རེ་སྔགས་ཉི་ཤུ་རྩ་གཅིག་རེ་བྱའོ། །གོང་བསྙེན་ཅི་མང་བྱ་བ་གལ་ཆེའོ། །སྔགས་ནི་འདིའོ། །ཀ་ཤ་ཀ་ཤ །དྲག་ཐལ་དྲག་ཐལ། སྙིང་ལ་ཆོད་ཆོད།་་་སྙིང་ཆོད་སྙིང་ཆོད་ཟེར་བའང་གདའ། མཆན། ཡ་ཡ་ཙེ་ཙེ་ནན་ནན། རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། རུས་པ་ལ་རཀྴ་རྦད། རྩ་ལ་རཀྴ་རྦད། ཤ་ལ་རཀྴ་རྦད། ཁྲག་ལ་རཀྴ་རྦད། གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད། ལུས་ངག་ཡིད་གསུམ་ཆིངས་ཤིག་སཏྭཾ་བྷ་ཡ་ནན། གནོད་བྱེད་དགྲ་ཇག་གི་ལུས་ངག་ཡིད་གསུམ་ཆིངས་ནན་རེངས་རྨུགས་ཐིབས།་་་འདིའི་སྔགས་ཀྱི་དངོས་གཞི་དྲན་རིག་ལ་རཀྴ་རྦད་ནན་ཡན་ཡིན་པས་དཔེ་ཐམས་ཅད་མཐུན་པར་སྣང་། དེ་མན་སྤེལ་ཚིག་དང་འདི་ལ་རྒྱས་བསྡུས་དང་འདྲ་མིན་ཅི་རིགས་སྣང་ངོ་། །མཆན། ཞེས་པ་ཅི་མང་བཟླས་ནས་ཐུན་འཇོག་ཁར། བདག་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་དགྲ་ཇག་ཆོམ་རྐུན་ཆས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཆིངས་ཤིག །འུ་ཆུ་ཁམས་པ། ཤང་ལྕགས་ཁམས་པ། ཀུང་ས་ཁམས་པ། ཀེག་ཤིང་ཁམས་པ། ཇི་མེ་ཁམས་པ་ལ་སོགས་རུས་ཆེན་ལྔ་ཡི་རྐུན་མ་དང་ཇག་པ་ཐམས་ཅད་ཆིངས་ཤིག །ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་ཏེ། དྲང་སྲོང་གཟའ་བརྒྱད་ལ་སྐྱེས་པའི་རྐུན་མ་དང་ཇག་པ་ཐམས་ཅད་ཆིངས་ཤིག །ལོ་བྱི་བ། གླང་། སྟག །ཡོས། འབྲུག །སྦྲུལ། རྟ། ལུག །སྤྲེའུ། བྱ། ཁྱི། ཕག་སྟེ་ལོ་སྐོར་བཅུ་གཉིས་ལ་སྐྱེས་པའི་རྐུན་མ་དང་ཇག་པ་ཐམས་ཅད་ཆིངས་ཤིག །ལོ་ཟླ་བ་ཞག་དུས་ཚོད་ཚེས་གྲངས་ཀྱི་སྟེང་དུ་དགྲ་ཇག་དང་ཆོམ་རྐུན་ཆས་པ་ཐམས་ཅད་ཆིངས་ཤིག །ཅེས་སོགས་དང་། གཞན་ཡང་བདེན་ཚིག་བརྗོད་པ་དང་། བདེན་པ་བརྡར་བ་སྨོན་ཚིག་སོགས་གང་ཤེས་བྱས་ལ་ཀ་བ་ལ་འཆིངས་མ་ཚར་བར་གྱི་ལག་ལེན་གོང་དུ་བཤད་པ་རྣམས་མ་འཆུགས་པར་གལ་ཆེའོ། །ཟབ་ྀཨཚ། གདམས་པ་འདི་སྡེ་པ་ཡུག་ནས་ཕྱག་ལེན་གནང་བཞིན་པའོ།། །། ༈ ཏཱ་རཱ་ན་མ༔ ཇག་པ་མགོ་འཁོར་གྱི་གདམས་པ་ནི། བག་ཕྱེའི་གླུད་སོར་བཞི་པ་གཅིག་བཅོས་ལ་མི་གང་ཡོད་ཀྱི་གྲངས་གླུད་དེའི་བརླ་གཡས་ལ་རི་མོ་རྒྱགས། གཅིག་རང་ཡིན་ན་རི་མོ་མི་དགོས། ཡང་མང་པོ་ཡོད་ཅིང་གྲངས་མི་ཐེབས་ན་ཚོད་ཙམ་གྱི་རི་མོས་ཆོག་ཅིང་། རབ་ཏུ་དགོས་ཆ་དེ་ཁའི་ཁ་ཕོར་རྙེད་ན་རབ། མ་རྙེད་ན་ཕོར་པ་ཆེ་བ་ཞིག་ཁ་སྦུབས་པའི་འོག་ཏུ་གླུད་དེ་གན་རྐྱལ་དུ་བཞག་ལ། སྔགས་ནི་གླུད་ལ་འདེབས་མི་དགོས་ཀྱི། རང་དེ་ཁའི་གཞོགས་སུ་བསྡད་ལ་རབ་ཁྲི། འབྲིང་སྟོང་ཕྲག་གསུམ་བཞི། ཐ་མ་ཡང་སྟོང་ཕྲག་གཅིག་ཙམ་བགྲང་ཞིང་། དམིགས་པ་ནི། ཁོ་རང་དངོས་ལྕགས་ཁང་དུ་ཚུད་དེ་འགྲོ་ས་གང་ཡང་མེད་པར་བསམ་མོ། །སྔགས་ནི། ཨོཾ་ཁུ་མི་ཁུ་མི་ཐིབ་སྭཱ་ཧཱ། ཞེས་པའོ། །དེ་ལྟར་བྱས་པས་གང་དུ་ཡང་མི་ཐར་བར་འགྱུར་རོ། །ཤིན་ཏུ་ཟབ་པའི་གདམས་པ་ྀཨཚ། ༈ རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །འདིའི་སྒོ་ནས་དགྲ་ཇག་འཆིང་བ་ལ་རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་ལས། རྫས་ནི། ར་རོག་པོའི་རྭ་གཡས་པ་མེ་ཆུ་མ་ཕོག་པ། ཡུངས་དཀར་ཉི་ཤུ་རྩ་གཅིག །རྡེའུ་དཀར་པོ་ཉི་ཤུ་རྩ་གཅིག །ནག་པོ་ཉི་ཤུ་རྩ་གཅིག །ར་རོག་པོ་འོག་ཅན་གྱི་སྤུ། གཡག་འོག་ཅན་གྱི་རྩིད་པ། སཱཙྪ། རེ་བ་ནག་པོ་རྣམས་དགོས། །འཁོར་ལོ་དཔེའུ་རིས་ལྟར་བྲིས་ནས། སླ་ངའི་ནང་དུ་བཅུག་ནས་དགུག་གཞུག་དྲག་ཏུ་བྱེད། དགྲ་ཇག་ཐམས་ཅད་ལྕགས་ཀྱི་ཁང་སྒྲོམ་ནག་པོའི་ནང་དུ་ཚུད་པར་བསམ། དེའི་སྟེང་དུ་རྗེ་བཙུན་མ་བཞུགས་ནས་དགྲ་ཇག་ཐམས་ཅད་གར་ཡང་མི་ཐར་བར་བསམ། དེ་ནས་སྔགས་འདི་བཟླ། ཀ་ཤ་ཀ་ཤ །དྲག་ཐལ་དྲག་ཐལ། སྙིང་ཆོད་སྙིང་ཆོད། ཡ་ཡ་ཙེ་ཙེ་ནན་ནན། རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། རུས་པ་ལ་རཀྴ་རྦད། རྩ་ལ་རཀྴ་རྦད། ཤ་ལ་རཀྴ་རྦད། ཁྲག་ལ་རཀྴ་རྦད། གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད། དགྲ་ཇག་ཆོམ་རྐུན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་སྟོབས་རྣམས་ཐུམས་ཐུམས། རིལ་རིལ། ཤག་ཤག །རྨོངས་རྨོངས། བྱིང་བྱིང་། ཐིབ་ཐིབ། མྱོགས་མྱོགས། རེངས་རེངས། མཱ་ར་ཡ་རྦད་ནན། ཆིངས་ཤིག །དེ་ནས་ལས་ལ་སྦྱར་དུས། ལིངྒ་ལག་ཁྲིད་ལྟར་ལྟེབ་ནས། ར་དང་གཡག་རྒོད་སྤུས་ལིང་ག་དྲིལ་ནས་ར་རུའི་ནང་དུ་བཅུག་་་མཐིལ་དུ་ར་སྤུ་དང་གཡག་རྩིད་ཅུང་ཟད་འཇུག་དགོས། ར་རུ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བའི་ནང་དུ་དགྲ་ཇག་ཐམས་ཅད་ཚུད་པར་བསམ། དེའི་སྟེང་དུ་གཡག་རྒོད་དང་ར་ཡི་སྤུ་ཅུང་ཟད་བཞག །དེའི་སྟེང་དུ་ཡུངས་དཀར་ཉི་ཤུ་རྩ་གཅིག་བཞག །འབྲུ་རེ་ལ་སྔགས། ཨོཾ་ཝཱ་གཱི་ཤྭ་རི་མུཾ། རེ་རེ་བཟླ། འཇམ་དབྱངས་ཀྱི་སྤྲུལ་པ་གསེར་གྱི་སེང་གེ་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ལུས་མནན་པར་བསམ། དེའི་སྟེང་དུ་གཡག་རྒོད་དང་ར་ཡི་སྤུ་རྣམས་ཅུང་ཟད་བཞག །སྔགས་རིང་དགུ་དགུ་རེའམ་ཉི་ཤུ་རྩ་གཅིག་འདོན། རླུང་གི་མུན་པ་དྲག་པོ་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམ། དེའི་སྟེང་དུ་རྡེའུ་དཀར་པོ་ཉི་ཤུ་རྩ་གཅིག་བཏབ་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དུང་གི་གླང་ཆེན་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ངག་མནན་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ་བརྗོད། དེའི་སྟེང་དུ་གཡག་རྒོད་དང་ར་ཡི་སྤུ་ཅུང་ཟད་བཞག་སྔགས་རིང་དགུའམ་ཉི་ཤུ་རྩ་གཅིག་བརྗོད། རླུང་གི་མུན་པ་ནག་པོ་རྡོ་རྗེ་རྒྱ་གྲམ་གྱིས་དགྲ་ཇག་ཐམས་ཅད་མནན་པར་བསམ། དེའི་སྟེང་དུ་རྡེའུ་ནག་པོ་ཉི་ཤུ་རྩ་གཅིག་བཏབ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྕགས་ཀྱི་དོམ་ནག་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་ཡིད་མནན་པར་བསམ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཉི་ཤུ་རྩ་གཅིག་བརྗོད། དེའི་སྟེང་དུ་གཡག་རྒོད་དང་རའི་སྤུ་ཅུང་ཟད་བཞག །རླུང་གི་རྡོ་རྗེ་རྒྱ་གྲམ་གྱིས་དགྲ་ཇག་ཆོམ་རྐུན་ཐམས་ཅད་མནན་པར་བསམ། དེའི་སྟེང་དུ་སཱཙྪ་བཞག །རྗེ་བཙུན་མ་བཞུགས་ནས་དགྲ་ཇག་ཐམས་ཅད་མུན་པའི་གླིང་དུ་ཚུད་ནས་གར་ཡང་མི་ཐར་བར་བསམ། དེ་ནས་ར་རུའི་ཁ་རེ་བ་ནག་པོས་གཅད། གཡག་རྒོད་དང་ར་སྤུའི་ཐི་གུས་བསྡམ། ཏཱཾ་ཡིག་མཚོན་པའི་ཐེའུ་རྒྱགས་དེ་ར་རུ་གཡག་རྒོད་དང་ར་སྤུའི་ཐི་གུས་ཀ་བ་ལ་བསྡམས་ནས། སྐབས་སྐབས་སུ་དགུག་གཞུག་བྱས་ནས་དགྲ་ཇག་ཆོམ་རྐུན་ཐམས་ཅད་ར་རུ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བའི་ནང་དུ་ཚུད་ནས་ཅིས་ཀྱང་མི་ཐར་བར་བསམ། དེའི་སྟེང་དུ་སཱཙྪ་རྗེ་བཙུན་མར་བསྐྱེད་ནས་དགྲ་ཇག་ཐམས་ཅད་མི་ཐར་བར་བསམ། ཐུན་འཇོག་ཁར་ར་རུ་ལ་གཡོན་སྐོར་དགུ་རེ་བྱེད། གཡས་སྐོར་སྤང་། ཧ་རཀྴ་རྦད། ཧེ་རཀྴ་རྦད། སྟུམ་རཀྴ་རྦད། ཧཱུྃ་རཀྴ་རྦད། ཕཊ་རཀྴ་རྦད། འདི་ཕྲེང་གཅིག་ལ་བྲིས་ནས་དཀྱིལ་དུ་གྲི་རུས་ཀྱི་ཡི་གེ་ཎི་བྲིས་ལ་ལིང་གའི་དཀྱིལ་དུ་མགོ་མཇུག་བཟློག་ནས་བཅུག་པ་གནད་ཡིན། ྀཨཚ། ཤུ་བྷཾ། ༈ འདིའི་ལག་ལེན་མཐོང་བ་བརྒྱུད་པ་བར་མ་ཆད་པ་ལས་འོངས་པ་ནི། ཐོག་མར་དུག་ཤོག་ལ་དགྲ་བོའི་ལིང་ག་མཚན་ཉིད་ཚང་བའི་སྙིང་གར་ནྲྀ་ཡིག་ཛཿབཞི་སྒྲོམ་གྱི་དབུས་སུ་ཚུད་པའི་རྒྱབ་ཕྱོགས་ནས། ཀ་ཤ་ཀ་ཤ་སོགས་ཀྱི་མཐར་སྤེལ་ཚིག་དང་དམོད་མོ་གང་ཤེས་ཡིག་མགོ་ནང་བསྟན་གཡོན་སྐོར་དུ་བྲིས་པའི་ཡིག་གཞུག་ནང་དུ་བཅུག །ཚུལ་དེ་བཞིན་གྱིས་ལིང་གའི་ཕྱི་རོལ་མགོ་ཕྱོགས་ནས་གཡོན་སྐོར་དུ། ཀ་ཤ་ཀ་ཤ་ལ་སོགས་ཀྱི་མཐར། དགྲ་བོ་འུ་ཆུ་ཁམས་པའི་དགྲ་ཇག་ཆོམ་རྐུན་བསམ་སྦྱོར་ངན་པ་ཐམས་ཅད་ཆིངས་ཤིག །དེ་བཞིན། ཇེ་མེ། ཀུང་ས། ཀེག་ཤིང་། ཤང་ལྕགས་ཞེས་པ་སོ་སོར་གོང་ལྟར་སྦྱར་བའོ། །ཡང་ན་དཀྱུས་སུ་གསལ་བ་ལྟར་དང་། གཟའ་ཉི་མ་ལ་སྐྱེས་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཆིངས་ཤིག །སོགས་གཟའ་བརྒྱད་སོ་སོར་སྤེལ་བའམ། ཡང་ན་དཀྱུས་ལྟར། བྱི་བའི་ལོ་ལ་སྐྱེས་པའི་སོགས་ལོ་སྐོར་བཅུ་གཉིས་སོ་སོར་སྤེལ་བའམ་དཀྱུས་ལྟར་བྱ་བ་སྟེ་རྒྱས་བསྡུས་གང་འོས། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཆིངས་ཤིག །ཁྱད་པར་དུ་ཡུལ་འདི་དང་ས་ཆ་འདི་ཞེས་བྱ་བའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཆིངས་ཤིག །ཅེས་དང་། རུས་ཀྱི་སྡེ་ཚན་དང་། བླ་དྭགས་དང་། མིང་དམིགས་བསལ་ཡོད་ན་བཅུག་པས་ཤིན་ཏུ་ཟབ། །དེའི་མཐར་ཛ་ཁྲམ་གྱིས་བསྐོར། རྐང་པ་གཉིས་ལ། འགྲོ་བ་བཤོལ་ཅིག །ཅེས་བྲི། གྲི་རུས་ཆུང་ངུ་ལ་ནྲྀ་མཇུག་ལྡོག་པ་ཞིག་བྲིས། ཤོག་བུ་ནར་མོ་ལ། ཧ་རཀྴ་རྦད་སོགས་ཕྲེང་གཅིག་རྫོགས་པར་བྲིས། དེ་ཐམས་ཅད་ལ་དུག་ཁྲག་གིས་བྱུག །འཇུག་སྣོད་ར་འོག་ཅན་གྱི་རྭ་ཅོ། །ཡུངས་དཀར། རྡེའུ་དཀར་པོ་རྡོ་ཞུན་ཞེས་ཆུ་ཚན་གྱི་ཁྲོད་དུ་འབྱུང་བའི་རྡོ་ཧྲིལ་དཀར་པོ་ཆུང་ཆུང་དང་། ནག་པོ་ལྕགས་རྡོ་ལ་བྱེད་པ་ལུགས་གཅིག་དང་། ཡང་ཆུ་ཆེན་ཁའི་རྡེའུ་དཀར་ནག་མི་ཁྱིས་མ་འགོམ་པ་ལ་བྱེད་པའང་སྣང་བས་གང་རྙེད་ཉེར་གཅིག་རེ། སཱཙྪ་རྩི་ཚོན་ལྗང་གུ་གསོལ་བའི་ནང་དུ་སྒྲོལ་མའི་སྔགས་ཡི་གེ་བཅུ་པ་དང་། རིགས་ལྔའི་སྔགས་སམ་ས་བོན་གྱི་མཐར་རྟེན་འབྲེལ་སྙིང་པོ་དང་། ཕྱོགས་དང་དུས་ཐམས་ཅད་དང་རུས་ཆེན་སྡེ་ལྔ་ཐམས་ཅད་ཀྱི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཆིངས་ཤིག །གནོན་ཅིག །བྷན་དྷ་ཡ། སཏྭཾ་བྷ་ཡ་ནན། ཞེས་བྲིས་པར་ཆོས་སྨན་དང་དྲི་བཟང་གིས་བྱུགས་པའི་ཤོག་དྲིལ་རེ་བཅུག །རབ་གནས་མདོར་བསྡུས་བྱ། གཞན་ཡང་རེ་ཚལ་དང་། རོ་རས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱ་བ་ནི་སྦྱོར་བའོ། །དངོས་གཞི་སྐྱབས་སེམས་སྔོན་དུ་འགྲོ་བས་སྒྲོལ་མའི་བདག་བསྐྱེད་རྒྱས་བསྡུས་ཅི་རིགས་པའམ། རང་ཡི་དམ་གང་བྱེད་ཀྱི་རྣལ་འབྱོར་ལ་གནས་པ་རྩ་སྔགས་ཀྱི་མཐར། ཀ་ཤ་ཀ་ཤ་སོགས་བཏགས་པ་ཅི་ནུས་བཟླ། དེ་ནས་ཡུངས་དཀར་འཇམ་དཔལ་གྱི་སྤྲུལ་པ་གསེར་གྱི་སེང་གེ་དང་། རྡེལ་དཀར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དུང་གི་གླང་ཆེན། རྡེལ་ནག་ཕྱག་རྡོར་གྱི་སྤྲུལ་པ་ལྕགས་ཀྱི་དོམ་ནག་རྣམས་སུ་མོས་ལ། རིགས་གསུམ་སོ་སོའི་སྙིང་པོའི་མཐར་ཀ་ཤ་ཀ་ཤ་སོགས་བཏགས་པ་སྟོང་ཕྲག་ལས་མི་ཉུང་བས་བསྒྲུབས་རྗེས། ར་རུ་ལྕགས་ཀྱི་ཁང་སྒྲོམ་དུ་བསྐྱེད་པ་དང་། ལིངྒ་ལ་དགུག་བསྟིམ་སོགས་གཞུང་ལྟར་ཡིད་ཆེས་པར་བྱ། གྲི་རུས་ཧ་རཀྴ་སོགས་སྔགས་བྱང་གིས་དཀྲིས་ལ་མགོ་མཇུག་ལྡོག་སྟེ་ལིང་གའི་ནྲྀ་དང་མིག་ལྟོ་སྦྱར་དུ་ཡོང་བ་བྱས་ལ་བཅུག །ཤི་ལྟེབ་ཏུ་བགྱིས་པ་རོ་རས་ཀྱིས་དྲིལ། ཚོན་སྐུད་ཀྱིས་བཅིངས། གཡག་རྒོད་ཀྱི་རྩིད་པ་དང་ར་འོག་ཅན་གྱི་སྤུས་གཡོགས།་་་ལུག་ནག་གི་སྤུ་ཟེར་བའང་སྣང་། ར་རུའི་རྩེར་གཡག་རྩིད་དང་ར་སྤུ་ཅུང་ཟད་བཅུག །དེ་སྟེང་ལིང་ག་བཅུག་ལ་གཡག་རྩིད་དང་། ར་སྤུ། རོ་རས་སམ་རེ་ཚལ་རྣམས་ཀྱིས་མཚམས་གཅད། དེ་ནས་ཡུངས་དཀར་ཉེར་གཅིག་བླུགས་པ་སོགས་གཞུང་ལྟར་ལ། སོ་སོར་རིགས་གསུམ་སྙིང་པོའི་མཐར་དྲག་སྔགས་བཏགས་པ་རེ་དང་རྫས་རེ་རེ་སྤྲད་ལ་བཅུག །ཏཱཾ་ཡིག་གིས་མཚན་པའི་ཐེའུ་རྒྱགས་པ་ཡན་སྟན་ཐོག་གཅིག་ཏུ་གྲུབ་ན་ལེགས་ཤིང་། གང་ལྟར་ཡང་ཉིན་གཅིག་ལ་ཚར་བར་བྱའོ། །རྗེས་ནི། དེ་ལྟར་བསྒྲུབས་པའི་ར་རུ་དེ་ཉིད་གཡག་རྩིད་དང་ར་སྤུའི་ཐི་གུ་ནག་པོ་ཕྱི་བསྒྲིལ་དུ་བྱས་ལ་ཀ་བའི་སྨད་ངོས་སུ་བཅིངས། ཀ་ཤ་ཀ་ཤ་མགོ་རེ་ནན། དྲག་ཐལ་དྲག་ཐལ་སྙིང་རེ་ཆོད། ཡ་ཡ་ཙེ་ཙེ་སྙིང་རེ་ཆོད། ཅེས་ཉེར་གཅིག་་་འདི་ལ་དྲག་སྔགས་རིང་བ་བཟླས་ཀྱང་ཆོག །མཆན།བཏབ་ལ་བསྐོར་བ་གཡོན་སྐོར་བྱ། དགྲ་ཇག་ཆོམ་རྐུན་ཐམས་ཅད་ལྕགས་ཀྱི་ཁང་སྒྲོམ་མུན་པ་ནག་པོའི་གླིང་དུ་ཚུད་པར་བསམ་ལ་འཇིགས་པ་མེད་པའི་གདེངས་བསྐྱེད། སྐབས་སྐབས་སུ་ཡིད་ཀྱིས་གནོད་བྱེད་བཀུག་བསྟིམ་དང་དྲག་སྔགས་ཤུབ་བུར་བཟླས་ལ་གཡོན་སྐོར་མང་དུ་བྱ། འདི་གཞི་བྱེས་གང་དུ་ཡོད་པ་ཙམ་གྱིས་དགྲ་ཇག་ཆོམ་རྐུན་སྲུང་ཞིང་འཆིང་བར་ཐེ་ཚོམ་མེད། སྟབས་གཅིག་ཏུ་རྫས་དང་བཅའ་གཞི་མང་དུ་བསྒྲིགས་ནས་སྒྲུབ་པ་མཉམ་དུ་བྱས། རང་དང་གཞན་གང་དགོས་ལ་སྦྱིན་པས་ཆོག །འོན་ཀྱང་དུས་ནམ་དུའང་གཡས་སྐོར་གཏན་ནས་མ་ཕོག་པར་བྱ། གལ་སྲིད་གཡས་སྐོར་ཕོག་པ་བྱུང་ན་ནང་གི་རྫས་རྣམས་ཕྱུང་ནས་སྒྲུབ་པ་བསྐྱར་དགོས་སོ། །བཀའ་གདམས་པའི་དགེ་བའི་བཤེས་གཉེན་བརྩོན་འགྲུས་གྲགས་པ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བའི་ཇག་ཆིངས་ར་རུ་མར་གྲགས་པའི་ལག་ལེན་དམར་ཁྲིད་དུ་བསྟན་པ་ྀཨཚ། མངྒ་ལཾ་བྷ་ཝ་ཏུ།། །།

རྡོ་རྗེ་ཚེའི་སྐོར་ལས༔ ཚེ་འགུགས་ཡེ་ཤེས་ཐུགས་རྗེའི་ལྕགས་ཀྱུ་ (Volume 20, Text 26)

༁ྃ༔ རྡོ་རྗེ་ཚེའི་སྐོར་ལས༔ ཚེ་འགུགས་ཡེ་ཤེས་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ ༔ རྡོ་རྗེ་ཚེའི་སྐོར་ལས༔ ཚེ་འགུགས་ཡེ་ཤེས་ཐུགས་རྗེའི་ལྕགས་ཀྱུ་ནི༔ ཊརྠཀཊཏྱ་ན་ཏཾ༔ ཀུན་མཁྱེན་ཡེ་ཤེས་མཁྱེན་བརྩེ་ནུས་པའི་གཏེར༔ མཁྱེན་པས་སྣོད་བཅུད་ཞིང་རྣམས་ཡོངས་བཀོད་ཅིང༔ བརྩེ་བས་གདུལ་བྱར་གང་ལ་གང་འདུལ་ཆ༔ བྱིན་རླབས་ནུས་པ་འགྲོ་བའི་རེ་སྐོང་དུ༔ གདུལ་བྱ་མོས་པའི་ཡུལ་ལྟར་ཅིར་ཡང་སྣང༔ ཁྱད་པར་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ལ༔ བླ་ཚེ་ཆད་ཉམས་ཡར་དང་འཁྱམས་པ་སོགས༔ ཏིང་འཛིན་ནུས་པས་ཚེ་ནི་འགུགས་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བླ་ཚེ་ཆད་ཉམས་ཡར་བ་གཤིན་རྗེས་ཁྱེར་བ་སོགས་འགུགས་པ་ནི༔ ཏིང་འཛིན་རྩེ་གཅིག་གིས་མ་ཡེངས་པའི་ངང་ནས༔ རང་མགོན་པོ་ཚེ་དཔག་མེད་དམ་གུ་རུ་པདྨར་བསྐྱེད་པའི། ཐུགས་ཀའི་འོད་ཟེར་འགུགས་བྱེད་ལས་བྱེད་ཀྱི་ལྷ་གྲངས་མེད་འཕྲོས་པས༔ སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ༔ འཇིག་རྟེན་ཁམས་ཀྱི་རྒྱལ་པོ་རྒྱལ་ཕྲན་གྱི་བསོད་ནམས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་འཇིག་རྟེན་ཁམས་ཀྱི་འབྱུང་བའི་བཅུད་རྣམས་བསྡུས་ལ་རང་གི་ཐུགས་ཀའི་སྙིང་པོ་ལ་ཐིམ་པར་བསྒོམས་ལ༔ རིག་པ་མ་ཡེངས་རྩེ་གཅིག་གིས་ཚིག་གསལ་བའི་ལམ་དུ་སེམས་གཞོལ་བ་ནི༔ ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ ལཱ་སྱེ་དཀར་མོ་གྲངས་མེད་ཀྱི༔ ཕྱག་ན་ཚེ་དར་བུམ་པ་བསྣམས༔ སངས་རྒྱས་བྱང་སེམས་ཐུགས་རྗེ་དང༔ བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་བ་བཅུད་ཀྱི་དྭངས་མར་བཅས༔ ལཱ་སྱེ་དཀར་མོས་ཚེ་ཁུག་ཅིག༔ ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ མཱ་ལེ་སྔོན་མོ་གྲངས་མེད་ཀྱི༔ ཕྱག་ན་ཚེ་དར་བུམ་པ་བསྣམས༔ སངས་རྒྱས་བྱང་སེམས་ཐུགས་རྗེ་དང༔ བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་བ་བཅུད་ཀྱི་དྭངས་མར་བཅས༔ མཱ་ལེ་སྔོན་མོས་ཚེ་ཁུག་ཅིག༔ ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ གྷིརྟི་དམར་མོ་གྲངས་མེད་ཀྱི༔ ཕྱག་ན་ཚེ་དར་བུམ་པ་བསྣམས༔ སངས་རྒྱས་བྱང་སེམས་ཐུགས་རྗེ་དང༔ བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་བ་བཅུད་ཀྱི་དྭངས་མར་བཅས༔ གྷཱིརྟི་དམར་མོས་ཚེ་ཁུག་ཅིག༔ ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ ནཱིརྟི་ལྗང་མོ་གྲངས་མེད་ཀྱི༔ ཕྱག་ན་ཚེ་དར་བུམ་པ་བསྣམས༔ སངས་རྒྱས་བྱང་སེམས་ཐུགས་རྗེ་དང༔ བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་བ་བཅུད་ཀྱི་དྭངས་མར་བཅས༔ ནཱིརྟི་ལྗང་མོས་ཚེ་ཁུག་ཅིག༔ ཅེས་དང་སླར་ཡང་སྐུའི་གནས་ནས་འོད་ཟེར་གྲངས་མེད་པའི་སྣེ་ལ་མགྱོགས་མ་བཞིའི་ཚོགས་ཀྱིས་གོང་ལྟར་བྱིན་རླབས་ཚེ་བསོད་འབྱུང་བའི་བཅུད་དང་བཅས་འགུག་པར་བསྒོམ༔ ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་དཀར་མོའི་རིགས༔ ཐུགས་ཀྱི་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུག་པའི་ལས་མཛོད་ཅིག༔ ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་སེར་མོའི་རིགས༔ ཡོན་ཏན་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུག་པའི་ལས་མཛོད་ཅིག༔ ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་དམར་མོའི་རིགས༔ གསུང་གི་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུག་པའི་ལས་མཛོད་ཅིག༔ ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་ལྗང་མོའི་རིགས༔ ཕྲིན་ལས་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུག་པའི་ལས་མཛོད་ཅིག༔ དེ་ནས་སྒོ་མ་བཞི་བསྐུལ་བ་ནི༔ ཧྲཱི༔ ཡེ་ཤེས་ཚེ་ཡི་ཕོ་ཉ་མོ༔ ལྕགས་ཀྱུ་དཀར་མོ་གྲངས་མེད་ཀྱིས༔ ཕྱག་ན་ལྕགས་ཀྱུ་ཤེལ་བུམ་བསྣམས༔ འཁོར་འདས་ཀུན་གྱི་ཚེ་དྲོངས་ཤིག༔ ཧྲཱི༔ ཡེ་ཤེས་ཚེ་ཡི་ཕོ་ཉ་མོ༔ ཞགས་པ་སེར་མོ་གྲངས་མེད་ཀྱིས༔ ཕྱག་ན་ཞགས་པ་གསེར་བུམ་བསྣམས༔ འཁོར་འདས་ཀུན་གྱི་ཚེ་དྲོངས་ཤིག༔ ཧྲཱི༔ ཡེ་ཤེས་ཚེ་ཡི་ཕོ་ཉ་མོ༔ ལྕགས་སྒྲོག་དམར་མོ་གྲངས་མེད་ཀྱིས༔ ལྕགས་སྒྲོག་རཱ་གཱའི་བུམ་པ་བསྣམས༔ འཁོར་འདས་ཀུན་གྱི་ཚེ་དྲོངས་ཤིག༔ ཧྲཱི༔ ཡེ་ཤེས་ཚེ་ཡི་ཕོ་ཉ་མོ༔ དྲིལ་བུ་ལྗང་མོ་གྲངས་མེད་ཀྱིས༔ དྲིལ་བུ་ཨིནྡྲའི་བུམ་པ་བསྣམས༔ འཁོར་འདས་ཀུན་གྱི་ཚེ་དྲོངས་ཤིག༔ དེ་ལྟར་དམིགས་པའི་འཕྲོ་འདུ་ནན་དུ་ཡང་ཡང་འབད་ནས༔ དབྱིངས་ཕྱུག་ཡུམ་ལྔའི་ཀློང་དུ་ཚེ་རྒྱས་གདབ་པ་ནི༔ ཧྲཱི༔ སེམས་ཀྱི་ཚེ་བདག་དབྱིངས་ཕྱུག་མ༔ འཁོར་འདས་སྲོག་ཚེ་མཁའ་བཅུད་བཅས༔ དབྱིངས་ཕྱུག་སེམས་སུ་རྒྱས་གདབ་བོ༔ ཤ་ཡི་ཚེ་བདག་སངས་རྒྱས་སྤྱན༔ འཁོར་འདས་ཤ་ཚེ་ས་བཅུད་བཅས༔ སྤྱན་མའི་ཁམས་སུ་རྒྱས་གདབ་བོ༔ ཁྲག་གི་ཚེ་བདག་མཱ་མ་ཀཱི༔ འཁོར་འདས་ཁྲག་ཚེ་ཆུ་བཅུད་བཅས༔ མཱ་ཀཱིའི་ཁམས་སུ་རྒྱས་གདབ་བོ༔ དྲོད་ཀྱི་ཚེ་བདག་གོས་དཀར་མོ༔ འཁོར་འདས་དྲོད་ཚེ་མེ་བཅུད་བཅས༔ གོས་དཀར་ཁམས་སུ་རྒྱས་གདབ་བོ༔ དབུགས་ཀྱི་ཚེ་བདག་དམ་ཚིག་སྒྲོལ༔ འཁོར་འདས་དབུགས་ཚེ་རླུང་བཅུད་བཅས༔ དམ་ཚིག་སྒྲོལ་མར་རྒྱས་གདབ་བོ༔ ཨོཾ༔ གཏི་མུག་རྟོག་པའི་གནས་ཡུལ་ཀུན༔ བྷུདྡྷ་ཚེ་དཔག་མེད་ལ་ཐིམ༔ ཞེ་སྡང་རྟོག་པའི་གནས་ཡུལ་ཀུན༔ རྡོ་རྗེ་ཚེ་དཔག་མེད་ལ་ཐིམ༔ ང་རྒྱལ་རྟོག་པའི་གནས་ཡུལ་ཀུན༔ རཏྣ་ཚེ་དཔག་མེད་ལ་ཐིམ༔ འདོད་ཆགས་རྟོག་པའི་གནས་ཡུལ་ཀུན༔ པདྨ་ཚེ་དཔག་མེད་ལ་ཐིམ༔ ཕྲག་དོག་རྟོག་པའི་གནས་ཡུལ་ཀུན༔ ཀརྨ་ཚེ་དཔག་མེད་ལ་ཐིམ༔ དུག་ལྔ་ཡེ་ཤེས་ལྔ་ཡི་དངོས༔ སྐྱེ་འཆི་མེད་པའི་སྐུ་ཐོབ་ཤོག༔ ཧྲཱི༔ མ་བཅོས་སྐྱེ་མེད་རྡོ་རྗེའི་ཚེ༔ འགག་མེད་རང་གྲོལ་གཡུང་དྲུང་ཚེ༔ གཉིས་མེད་ཚེ་ཡི་ལུ་གུ་རྒྱུད༔ མི་ཤིགས་རྡོ་རྗེའི་ཚེ་གཡང་ཁུག༔ ཧྲཱི༔ མ་རྩོལ་ཡེངས་མེད་རྡོ་རྗེའི་ཚེ༔ འཁོར་ཡུག་རོལ་པའི་གཡུང་དྲུང་ཚེ༔ གཉིས་མེད་ཚེ་ཡི་ལུ་གུ་རྒྱུད༔ མི་ཤིགས་རྡོ་རྗེའི་ཚེ་གཡང་ཁུག༔ ཧྲཱི༔ རྟག་ཆད་རང་གྲོལ་རྡོ་རྗེའི་ཚེ༔ རོལ་པའི་གདིང་ཐོབ་གཡུང་དྲུང་ཚེ༔ གཉིས་མེད་ཚེ་ཡི་ལུ་གུ་རྒྱུད༔ མི་ཤིགས་རྡོ་རྗེའི་ཚེ་གཡང་ཁུག༔ ཅེས་རྒྱས་འདེབས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནོད་སྦྱིན་གཏེར་འཆང་ཚེའི་ལྷ་མོས་སྲུངས་ཤིག༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ྈྈྈྈྈྈབྲག་དཀར་རྡོ་རྗེའི་ཡངས་རྫོང་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། གསང་སྔགས་སྒྲུབ་ཁང་རྩེར་ཞལ་བཤུས་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བྱས་སོ།། །། ༈ ཚེ་འགུགས་བསྡུས་པ་ནི། ཧྲཱི༔ ཚེ་བདག་རིགས་ལྔའི་འོད་ཟེར་གྱིས༔ སངས་རྒྱས་བྱང་སེམས་ཐུགས་རྗེའི་ཚེ༔ རྒྱལ་བ་རིགས་ལྔའི་ཚེ་ཁུག་ཅིག༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ ཧྲཱི༔ ཚེ་བདག་རིགས་ལྔའི་འོད་ཟེར་གྱིས༔ རྒྱལ་པོ་འགྲོ་བའི་བསོད་ནམས་ཚེ༔ རྒྱལ་བ་རིགས་ལྔའི་ཚེ་ཁུག་ཅིག༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ ཚེ་བདག་རིགས་ལྔའི་འོད་ཟེར་གྱིས༔ འབྱུང་བ་བཅུད་ཀྱི་དྭངས་མར་བཅས༔ རྒྱལ་བ་རིགས་ལྔའི་ཚེ་ཁུག་ཅིག༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ མངྒ་ལཾ། །།

གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ་ (Volume 33, Text 26)

གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ །རྒྱས་པ་ལས་བྱང་ལྟར་ལ། བསྡུས་པ་ཞི་སྒྲུབ་རྡོ་རྗེ་འཆང་གི་ཕྲིན་ལས་ལས་འབྱུང་བའི་སྐྱབས་འགྲོ་ནི། ཧོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ རྩ་གསུམ་རྒྱལ་བ་ཞི་ཁྲོ་ལ༔ བདག་དུས་འདི་ནས་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཧོ༔ ཇི་ལྟར་དུས་གསུམ་སངས་རྒྱས་ཀྱིས༔ འགྲོ་བའི་དོན་སླད་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་གིས་འགྲོ་འདུལ་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བརྒྱད་པ་ནི། ཧཱུྃ༔ གཏུམ་པོ་དྲེགས་འདུལ་ལྷ་ཚོགས་གཤེགས༔ ཞིང་རྡུལ་གྲངས་མེད་སྤྲུལ་ཕྱག་འཚལ༔ ཕྱི་ནང་གསང་མཆོད་སྣ་ཚོགས་འབུལ༔ ཉེས་པའི་ཚོགས་ཀུན་ལྷག་མེད་བཤགས༔ རྒྱལ་བའི་མཛད་པར་རྗེས་ཡི་རང༔ འཁོར་ལོ་བླ་མེད་བསྐོར་བར་སྐུལ༔ དཔག་ཡས་འགྲོ་དོན་མཛད་བཞུགས་གསོལ༔ དགེ་རྩ་མཁའ་ཁྱབ་འགྲོ་ལ་བསྔོ༔ མཆོད་པ་བྱིན་རླབས་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཨ་བྷྲཱུྃ་ཧཱུྃ༔ ལས་བྱུང་ཐོད་དང་རིན་ཆེན་སྣོད༔ ཡངས་ཤིང་རྒྱ་ཆེར་ཨོཾ་ཨཱཿཧཱུྃ༔ འོད་ཞུ་བདུད་རྩི་རཀྟ་གཏོར༔ མཆོད་ཡོན་མེ་ཏོག་བདུག་སྤོས་མེ༔ དྲི་མཆོག་ཞལ་ཟས་རོལ་མོ་སོགས༔ ཕྱི་ནང་གསང་མཆོད་མཁའ་དང་མཉམ༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་རུ་དྷི་རཾ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧཱུྃ་ཧྲཱིཿཋཱ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་བརླབ་བོ།། །།

བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས༔ བདུད་རྩི་སྨན་སྒྲུབ་ཀྱི་ལས་ཚོགས་ (Volume 30, Text 26)

༄༅༔ བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས༔ བདུད་རྩི་སྨན་སྒྲུབ་ཀྱི་ལས་ཚོགས་བཞུགས་སོ༔ ྈྈྈྈྈྈྈྈ ཆེ་བའི་ཆེ་མཆོག་ཡོན་ཏན་ཡོངས་སུ་རྫོགས༔ ཆེ་མཆོག་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ༔ དམ་རྫས་ཡོངས་རྫོགས་བདུད་རྩི་སྨན་སྒྲུབ་ཀྱི་ལས་ཚོགས་བཤད་དེ༔ དེ་ཡང་རྒྱུད་ལས༔ དམ་རྫས་བདུད་རྩི་རྩ་བ་ལྔ༔ རང་ལུགས་སྤྱད་དམ་བསྒྲུབས་ན་མཆོག༔ རྣམ་སྣང་བདུད་རྩི་ཕུན་ཚོགས་གཙོ༔ སྤྱི་དང་བྱེ་བྲག་སོ་སོ་སྟེ༔ རྒྱལ་བློན་འཁོར་ཚོགས་ཕྱི་ནང་གསང༔ ལས་ཚོགས་དམ་བསྲུང་གེགས་བསལ་ནས༔ ཡོན་ཏན་མཆོག་འབྲས་ཐུན་མོང་རྫོགས༔ ཞེས་པའི་དོན་ནི་དགུས་བསྟན་ཏོ༔ དགོས་ཆེད་གང་ལ་དགོངས་ནས་བཤད་པ་དང༔ རྣམ་སྣང་དྲི་ཆེན་པོར་བཞག་སྟེ་བདུད་རྩི་ལྔའི་སྤྱིར་བསྒྲུབ་པ་སྦྱོར་བ་བསྟན་པ་དང༔ བྱེ་བྲག་སོ་སོའི་རང་བཞིན་བསྟན་པ་དང༔ དྲི་ཆེན་རྒྱལ་བློན་དམངས་སྦྱོར་བསྟན་པ་དང༔ ཕྱི་ནང་གསང་གསུམ་དུ་བསྒྲུབ་པར་བསྟན་པ་དང༔ ལས་ཚོགས་ཐ་དད་པའི་སྦྱོར་བ་བསྟན་པ་དང༔ དམ་ཚིག་བསྲུང་བ་བསྟན་པ་དང༔ གེགས་སེལ་བསྟན་པ་དང༔ བདུད་རྩི་ལོངས་སྤྱོད་བསྒྲུབས་པའི་ཡོན་ཏན་བསྟན་པའོ༔ དང་པོ་བདུད་རྩི་བསྒྲུབ་པའི་དགོས་ཆེད་ནི༔ ཡེ་ཤེས་ལྔ་རྫོགས་བསྒྲུབ་ཅིང་རིགས་ལྔ་དམ་ཚིག་ལྔའི་དངོས་པོར་རང་ལུགས་སྤྱད་ན་ཕན་ཡོན་དང་ནུས་མཐུ་དཔག་ཏུ་མེད་ཅིང༔ སྒྲུབ་ཆེན་སྐབས་ལྟར་བསྒྲུབས་ན་ཁྱད་པར་མཆོག་འགྲུབ་ཅིང༔ ཐ་མལ་རྣམ་རྟོག་རང་ག་མ་བསྒྱུར་བའི་ཕྱིར༔ སྦྱོར་བ་འདི་དག་དོན་ཆེན་པོ་ཉིད་དོ༔ དོན་གཉིས་པ་བདུད་རྩི་ལྔའི་སྤྱི་སྒྲུབ་སྦྱོར་བ་བསྟན་པ་ནི༔ གང་ཟག་བླ་མ་མཉེས༔ སྒྲུབ་དབང་རྫོགས༔ དམ་ལྡན་བརྟུལ་ཞུགས་ཅན༔ བརྩོན་འགྲུས་ཅན་གྱིས་བདུད་རྩི་རྩ་བ་ལྔ་གསག་པ་ནི༔ འབྱུང་བཞིའི་ནུས་རྒྱས་བསིལ་དྲོད་སྙོམས་པའི་རྩི་ཐོག་རྒྱས་པའི་དུས་ན་བསྒྲུབ་སྟེ༔ བླ་མ་གྲུབ་ཐོབ་ཁྲིམས་ལྡན་དྲི་ཆེན་ལ༔ རང་གིས་ཁ་བསྐང་བ་ནི་བདུད་རྩི་དྲི་ཆེན་རྒྱུའོ༔ སྐྱེ་བ་བདུན་པ་རྒྱལ་རིགས་བུ་ཆུང་གཙང་མ་ཤ་ཆེན་རྒྱུའོ༔ རང་དང་བླ་མ་ཁྱེའུ་ལོ་བཅུ་དྲུག་ལོན་པའི་ཀླད་པ་དང་བྱང་སེམས་སོ༔ བླ་མའི་ཡུམ་མམ༔ དམ་ཚིག་ཅན་གྱི་སློབ་མ་བུ་མོ་གཙང་མའི་རཀྟ་མཱུ་ལའོ༔ བླ་མ་ཡབ་ཡུམ་རང་དང་བྱིས་པ་ལོ་བརྒྱད་ཡན་ཆད་དྲི་ཆུ་ལྔ་བསགས་ལ་སྦྱར་ཚད་ནི༔ བདུད་རྩི་བྲེ་དྲུག་ལ༔ ཤ་ཆེན་ཕུལ་གང༔ རཀྟ་ཁྱོར་གང༔ གོ་རོ་ཙ་ན་བྱང་སེམས་དཀར་པོ་དེ་བཞིའི་ཕྱེད༔ དྲི་ཆུའི་རིགས་སྦྱོར་འཕྲོད་དང༔ ཀུན་ཀྱང་རྩི་བཞིན་དུ་བཏགས་ཏེ༔ དྲི་ཆུ་དང་མར་ཁུ་ཕུལ་རེས་སྦོལ་ལ༔ གྲོགས་ཀྱི་ཡན་ལག་གང་མཁོར་སྦྱོར་བ་ནི༔ བདུད་རྩི་ཕུལ་གང་ལ་བཟང་དྲུག་ཐུན་རེ་རེ༔ ཨ་རུ་ར་བདུན༔ བ་རུ་ར་གསུམ༔ སྐྱུ་རུ་ར་ཚོམ་གཅིག༔ མངར་གསུམ༔ ཚ་བ་གསུམ༔ ཡུང་བ༔ སྤང་རྩི་དོ་བོ༔ ཁྱི་གུ་མིག་མ་བྱེ་བའི་ཤ༔ སོ་ཐོག༔ བོང་ང་དཀར་པོ༔ སྐྱེར་པའི་བར་ཤུན༔ ཁྱེའུའི་རོ་ཚན༔ བྲག་སྤོས་པ༔ བྲག་ཞུན༔ པར་པ་ཏ༔ སླེ་ཏྲེས༔ སྲོ་ལོ་དཀར་པོ༔ ཨུཏྤལ་སྔོན་པོ༔ ག་བུར་རྣམས་ཐུན་རེ་རེའི་ཚད་དུ་སྦྱར་ནས་ལོངས་སྤྱོད་ན་རིམས་དང༔ དུག་དང༔ ཁྲག་དང༔ འཁྲུགས་གཟེར་ཐམས་ཅད་སེལ་ལོ༔ ཡང་གོང་གི་བདུད་རྩི་ཕུལ་གང་ལ༔ ཅོང་ཞི༔ བྲག་ཞུན༔ གུར་གུམ༔ བལ་ལུའི་ལོ་མ༔ ཚ་བ་གསུམ༔ སེ་འབྲུ༔ བྱ་གོ་བོའི་ཤ་ཐུན་རེ་སྦྱར་ནས་ལོངས་སྤྱོད་ན་མཆིན་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ་ཛཱ་ཏི༔ ཤིང་ཀུན༔ བུ་རམ༔ ཨ་ག་རུ་ནག་པོ་སྦྱར་བས་སྙིང་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ༔ སྲོ་ལོ༔ ཅུ་གང༔ སྟར་བུ༔ རྒུན་འབྲུ༔ ཨ་ཀྲོང༔ རུ་རྟ༔ ག་བུར་སྦྱར་བས་གློ་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ༔ ཅོང་ཞི༔ སྡིག་སྲིན༔ སེའུ་འབྲུ༔ སུག་སྨེལ༔ ལྕམ་པ༔ རྒྱ་ཚྭ༔ རྒྱམ་ཚྭ༔ ཁ་རུ་ཚྭ༔ ཤིང་ཚྭ་སྦྱར་བས་མཁལ་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ༔ རྩྭ་མཁྲིས༔ དོམ་མཁྲིས༔ དུག་མོ་ཉུང༔ གསེར་གྱི་མེ་ཏོག༔ གུར་གུམ༔ གི་ཧཾ༔ བ་ཞོ་སྦྱར་བས་མཁྲིས་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ༔ ཙཎྜ་ལི༔ མི་མཁྲིས༔ འབུ་སུ་ཧང་སྦྱར་བས་མཚེར་ནད་སེལ་ལོ༔ ཡང་བདུད་རྩི་ཕུལ་གང་ལ༔ ཚ་བ་གསུམ༔ གྲོ་མ༔ སྤོས་མོ༔ བཙོད༔ ཀ་ར༔ བུ་རམ༔ རྒྱ་ཚྭ་སྦྱར་བས་རྒྱུ་མ་དང་སྒོང་པའི་ནད་སེལ་ལོ༔ ཡང་བདུད་རྩི༴ སེང་ལྡེང་ཁཎྜ༔ ཐང་ཆུ་སྒོང་དོ༔ བཟང་དྲུག་ཐུན་རེ༔ མུ་ཟི་སེར་པོ་ཁྱོར་གང༔ ཤུ་དག་དཀར་པོ༔ ག་བུར༔ བསེ་རུ༔ རྒྱ་རུ༔ ཐལ་ཀར་རྡོ་རྗེ༔ ཀ་ར་རྣམས་ཐུན་རེ་རེ༔ གནག་རྒོད་འབྲས་བུ༔ བོང་བུའི་ཤ༔ ཕྱེ་བྲེ་གང་སྦྱར་ནས་ཟོས་ན་མཛེ་ནད་ཐམས་ཅད་སེལ་ལོ༔ ཡང་བདུད་རྩི༴ ཟོ་ཤེ༔ ཁམ་ཚིག་བསྲེགས་པ༔ མཚེ་་་ཚེ་ཆེའི།འབྲས༔ ཕག་ཤ་སྦྱར་ནས་བསྐུས་ན་སྐྲ་དང་སྨིན་མ་སྐྱེ་བར་འགྱུར་རོ༔ ཡང་བདུད་རྩི་ཕུལ་གང་ལ༔ བོང་བུ་ནག་པོའི་འབྲས་བུ༔ དེའི་སྦང་བཙིར་ཆུ་དང༔ ཁྱི་ནག་བྲུན༔ ཕག་ནག་བྲུན༔ མུ་ཟི༔ ཀ་ར༔ ག་བུར༔ རྟ་སྦང་ཁུ་བ་སྦྱར་ཏེ་ཁྲུས་དང་འཐུང་བར་བྱས་ན་འབྲུམ་བུའི་ནད་སོས་པར་འགྱུར་རོ༔ ཡང་བདུད་རྩི༴ ཚ་བ་གསུམ༔ གཡག་རྒོད་མཁྲིས་པ༔་་་བྱ་རྒོད་ཞེས་པའང་སྣང་། བྱ་རྒོད་ཤ༔ གོ་བོའི་གྲེ་བ༔ བྱ་སྒོང་སེར་ཐིག་མར་རྙིང་དང་སྦྱར་ཏེ༔ ཞག་དགུར་བཞག་ལ༔ རུ་ལུ་རེ་རེ་ཕྱིར་བྱུག་རེ་རེ་ནང་དུ་བཏང་བས་གོས་མི་དགོས་པར་འགྱུར་རོ༔ ཡང་བདུད་རྩིའི་བུངས་གསེར་སྲང་དྲུག་ཅུ་རྩ་བཞིའི་ལྗིད་དང་མཉམ་པ་དང༔ རྩི་མར་དེ་དང་མཉམ་པ་དང༔ རུ་རྟ་གསེར་སྲང་བཅུ་དྲུག༔ བཟང་དྲུག་སྲང་བརྒྱད༔ འབྲས་བུ་གསུམ་སྲང་བརྒྱད་དང་སྦྱར་ཏེ༔ སྨན་མར་དེ་ལ་ཟླ་བ་བཅུའི་བར་དུ་ལོངས་སྤྱོད་ན་རྐང་མགྱོགས་འགྲུབ་བོ༔ ཡང་བདུད་རྩི་ཕུལ་གང་དང༔ བྱ་ངང་པའི་སྒོང་རྩི༔ ཚ་བ་གསུམ༔ ཚྭ་སྣ་གསུམ༔ མུ་ཟི༔ གླ་རྩི༔ མར་རྙིང་སྦྱར་ཏེ་ཞག་གསུམ་དུ་རྐང་པ་ལ་བྱུགས་ན༔ གྲང་ལྷག་གིས་མི་ཚུགས་སོ༔ རྐང་པར་ལྷྭམ་མི་དགོས་སོ༔ ཡང་བདུད་རྩི༴ དུག་ཁྲག༔ བྱི་བའི་ཤ༔ ཝ༔ སྤྱང༔ མཛེ་ཕོའི་ཁྲག་ཤ་རུས་དང༔ རོ་ཐལ༔ ཟངས་ལྕགས་རྡོ་ཕྱེ༔ ཉུངས་དཀར་ནག༔ ཤང་ཚེ༔ ཀེ་ཚེ༔ ཐོག་ལྕགས༔ རཏྣ་ལྔའི་ཕྱེ་མ༔ ལམ་རྒྱ་གྲམ་ས༔ ཆུ་འགྲམ་ས༔ གངས་དཀར་ས༔ མཆོད་རྟེན་ས༔ གླ་རྩི༔ ལྡོང་རོས༔ ཚིལ་ཆེན༔ ཤ་ཆེན༔ རྟ་བོན༔ མུ་ཟིན་ནག་པོ༔ ཏིལ་དཀར་ནག༔ ཟི་ར༔ གུ་གུལ་དཀར་ནག༔ གཡི་སྤྱང་ཕ་ཝང་བྲུན༔ སེར་བའི་ཆུ༔ གངས་ཆུ༔ ཁུ་འཕང་ཆུ༔ དེ་རྣམས་མཛེ་ཐོད་དུ་ཁྲག་གིས་སྦྱར་ཏེ་ཁྱབ་འཇུག་རྒྱུ་བའི་དུས་སུ༔ ཀླུ་བཙན་ནམ༔ ཀླུ་བདུད་གནས་པའི་སར་ཕྱིན་ཐབ་སྦྱར་བས༔ ཐོག་སེར་དྲག་པོ་འབེབས་ཏེ༔ བསྟན་པ་ཚུགས་པར་བྱེད་དོ༔ དེ་ལ་སོགས་པ་ལས་ཀུན་འགྲུབ་པར་བྱེད་པ་ནི༔ བདུད་རྩི་རྩ་བ་ལྔའི་སྤྱི་སྒྲུབ་བོ༔ དོན་གསུམ་པ་བྱེ་བྲག་དོན་སོ་སོའི་སྒྲུབ་པ་ནི༔ ཅོང་ཞི་བཟང་པོ་བྲེ་གང༔ ཅུ་གང་སྒོང་སྐོགས་གང་ལ༔ མི་རྟ་ཁྱི་བྱ་ལ་སོགས་པའི་བྱང་སེམས་དང་གོ་རོ་ཙ་ན༔ མི་དབང་རྡོ་རྗེ༔ རླིང་འབྲས༔ ཆུ་བ༔ ཚིལ་བུ༔ རྐང་མར༔ ཐལ་ཀར་རྡོ་རྗེ༔ བྲག་ཞུན་རྣམས་ལེགས་པར་སྦྱར་བའི་རིལ་བུ་དཀར་ཡོལ་ལམ༔ ཐོད་པར་བླུགས་ཏེ་ལོངས་སྤྱོད་ན་ལུས་སྨིན་ཅིང་རྫོགས་པར་བྱས་ཏེ༔ རུས་པ་མཁྲེགས༔ སོ་ཚགས་དམ༔ སོའུ་སྐྱེ༔ ཕྱི་མར་རྡོ་རྗེའི་རིགས་འགྲུབ་པར་འགྱུར་རོ༔ སྐྱེ་བདུན་བུ་ཆུང་བྱང་ཆུབ་སེམས་དཔའི་ཤ་ཆེན་བཟང་པོ་རྣམས༔ ཆུ་མཉམ་ཆུ་ཚོད་ལེགས་པར་བྱས་ནས༔ རུས་དང་ཕྲལ༔ ལེགས་སྐམ་ཞིབ་པར་གཙོགས༔ མར་སྲང་བཅུའི་ཚོད་ལ༔ འོ་མ་བྲེ་གསུམ་དང༔ མར་བྲེ་གསུམ་རྣམས་སྦྱར་ཏེ་བཙོ༔ ཆུ་ཆོད་པའི་ཚད་ལྡན་ཞིང་སྣ་མ་ཚིག་པ་དེ་གྭའུར་བླུགས་ཏེ༔ ཐོ་རངས་དུས་སུ་ལོངས་སྤྱོད་ན་དེས་ནི་མཆོག་ཏུ་བཅུད་བླངས་པ་ཡིན་ལ༔ ཐུན་མོང་དུ་ལོངས་སྤྱད་པས་ནི༔ སྐྱེས་པ་བུད་མེད་རིགས་ཤ་ཆེ་ཞིང་ན་གཞོན་གློ་བུར་དུ་ཤི་བའི་ཤ་ཚིལ་ལེགས་པར་ཕྱེས་ལ་མ་སུམས་པ་དེ་ཁམ་ཕོར་སོ་མར་སོར་ཙམ་བསྲེགས་ཏེ༔ གཡའ་ལེབ་བར་དུ་ཆུ་སེར་ཕྱུང༔ དེ་བཞིན་རྟ་ཁྱི་བ་གླང་ཤ་ལ་ཡང་བྱས་ཏེ་བསྐམས་ལ༔ ཕྱེ་ཚོད་་་ཕྱེ་ཐུག་དང་སྦྱར་ལོངས་སྤྱོད་པས་ཅི་རིགས་པར་བཟའ་འོ༔ དེས་ནི་མཛེ་ནད་དང་རླུང་ནད་སེལ་ལོ༔ ལུས་ཤ་སྐྱེད༔ ཕྱི་མར་རིན་ཆེན་རིགས་འགྲུབ་པར་འགྱུར་རོ༔ བླ་མའི་ཡུམ་དང༔ རང་གི་ཕྱག་རྒྱ་མོ་དང༔ བུ་མོ་གཙང་གཞོན་སྐྱོན་མེད་པའི་རཀྟ་འཚོགས་ཚད་ལ༔ འབྲི་མོག༔ ཉེ་ཤིང་པ༔ ར་མོ་ཤག༔ ཨ་ཤོ་གནྡྷ༔ ཙན་དན་དམར་པོ༔ བཙོད༔ རྒྱ་སྐགས་ཁུ་བ༔ སྟར་བུ༔ རྒུན་འབྲུམ༔ སྟག་ཚེར༔ སེའུ༔ ཤིང་མངར༔ ལི་ཤི༔ བྱང་གཡག་ཁྲག་ཚོས་པ་དང་སྦྱར་ནས་ལོངས་སྤྱོད་ན༔ སེམས་གསལ༔ གྲང་བ་མི་སྐྱེ༔ འབྲུམ་ནད་དགུ་རིམས་ཐུབ༔ ཕྱི་མར་པདྨའི་རིགས་མཆོག་འགྲུབ་པར་འགྱུར་རོ༔ རང་དང་བྱིས་པ་ལོ་བརྒྱད་མན་ཆད་ལོན་པའི་དྲི་ཆུ་བར་པ་རྫའི་སྣོད་དུ་གྲང་དུ་གཞུག༔ བདུད་རྩིས་བསིངས་པའི་ཆུ་དང་བསྲེས་ལ༔ བཟང་དྲུག༔ གླ་རྩི༔ ཨ་རུ་ར་རྣམས་ཞིབ་པར་བཏགས་ལ་བཏབ༔ དེ་ཉིད་རྫ་དུང་ཐེམ་བུ་གཉིས་པར་བླུགས་ཏེ་བཀང༔ ཞག་གཅིག་ལོན་པའི་ནངས་ཞོགས་ཐེམ་བུ་གོང་མ་བཙགས་ཏེ་ཁོང་དུ་བཏང༔ ཁྲུས་བྱ༔ འོག་མ་བཙགས་ཏེ་སྙིགས་སྙོག་རྣམས་དོར་བར་བྱའོ༔ དེས་བཀྲག་བཟང༔ དུག་རིམས་ཐུབ་བོ༔ ཕྱི་མར་ལས་ཀྱི་རིགས་མཆོག་འགྲུབ་པར་འགྱུར་རོ༔ དོན་བཞི་པ་དྲི་ཆེན་རྒྱལ་བློན་དམངས་སྦྱོར་བསྟན་པ་ནི༔ རྒྱལ་པོ་ལྟ་བུའི་སྦྱོར་བ་གང་ཞེ་ན༔ སྤྱི་སྒྲུབ་རྩ་བའི་སྐབས་རྣམས་སུ་བདུད་རྩི་རྒྱུ་བཟང་རྣམས་ཅུང་སེ་མཐེབ་ཀྱུ་ཙམ་བྱས་ཏེ་མ་རུལ་མ་འཁྱགས་པར་བསྐམས་ཏེ་བཏགས་ལ་མི་ཞུན་དང་དྲི་ཆུས་སྦོལ་ཏེ༔ བཟང་དྲུག༔ གླ་རྩི༔ ཨ་རུ་ར༔ སྐྱོབས་ཀྱི་དྲི་ཆེན་ཀྱང་འཕྲོད་དུ་གདབ༔ འབྲས་བུ་གསུམ་དང་ཚ་བ་གསུམ་ཡང་ཅི་རིགས་སུ་བཏབ་ལ༔ ཅུང་སེ་མཐེབ་ཚིགས་ཙམ་རེ་བྱས་ཏེ་གཤེར་ཐག་ཆོད་པར་བསྐམས་ཏེ༔ རྫ་བུམ་བཅུད་དང་འཚམ་པའི་བཟང་པོར་བླུགས་ལ་བུམ་སྐེ་ལ་སོ་ཕག་གི་ཚགས་མིག་སྟེང་དུ་མི་སྐྲའི་ཡེའུ་བཞག་ལ༔ ས་དོང་གྲུ་གང་གི་སྟེང་དུ་རྫ་གཙང་ནང་དུ༔ དྲི་ཆུ་ཕུལ་གང་བླུགས་ལ༔ ཁ་ཆོད་སོ་ཕག་དཀྱིལ་བུག་པ་ཅན་གྱིས་བཅད་པའི་སྟེང་དུ༔ གོང་གི་བུམ་ཆེན་སྦུབས་ལ༔ མཚམས་འདག་པས་ལེགས་པར་བསྡམས་ཏེ༔ སས་ཀྱང་ཐར་ཐོན་པར་བྱས་ཏེ༔ རྫ་གོང་མའི་ཞབས༔ སྟོད་དུ་གནག་ལྕི་སེར་ཀ་མས་བསྐོར༔ ཕྱི་ནས་སས་སྲབ་པར་བསྐོར་ཏེ༔ མེས་ཚོས་མ་ཐལ་བར་བསྲེག༔ དེའི་སྔོན་འགྲོ་ཚོགས་གསག༔ ཆུ་གཏོར་གཏང༔ གཞི་བདག་མཆོད༔ བདེན་པ་བདར༔ བཀའ་བཀླགས་ཏེ༔ ཞུགས་བཏང་ནས་གྲང་ཐལ་བ་དང༔ ཁ་རིམ་པར་བསལ་ཏེ༔ སྟེང་གི་རོ་མ་བྱུག་པ་བྱ༔ འོག་གི་བདུད་རྩི་མར་ཁུ་བཞག་སྟེ་བྱུག་པ་བྱ༔ བར་གྱི་ཆང་འདྲ་བའི་དྭངས་མ་ལ་ལོངས་སྤྱོད་པར་བྱའོ༔ སྟེང་གི་འབབ་སིག་ལ་བདུག་རྫས་བྱ༔ དེ་ནི་རྒྱལ་པོ་ལྟ་བུ་སྟེ་རྩ་བ་ཡིན་ནོ༔ དེ་ནས་ཁ་སྒྱུར་བློན་པོ་ལྟར་སྦྱར་བ་ནི༔ བདུད་རྩི་ཁྲའི་སྒོང་གང་ཚད་ལ༔ མུ་ཟི༔ ཤིང་ཀུན༔ གླ་རྩི༔ མཚལ༔ སིང་ཕྲོམ༔ སྒ་ཚྭ༔ ཚིལ་ཆེན༔ ཉུངས་དཀར༔ ཏི་ཚ་རྣམས་སྦྱར་ཏེ་རིལ་བུ་གླ་བའི་རིལ་མ་འབྲིང་པོ་ཙམ་བྱས་ཏེ༔ ཞག་ཉེར་གཅིག་ཏུ་བསྟེན་ན་ཀླུ་དུག་ནད་གདོན་ལས་ཐར་རོ༔ གུ་གུལ་ནག་པོ༔ ཆུ་དག་ནག་པོ༔ ཅོང་ཞི༔ ཐར་ནུ༔ པི་པི་ལིང་རྣམས་ཐུན་རེ་རེ་དང༔ བདུད་རྩི་རིལ་ཚད་སྦྱར་བས་གག་ལྷོག་ནད་སེལ་ལོ༔ ཡང་བདུད་རྩི་རིལ་ཚད་ལ༔ ཀ་ར༔ སྦྲང་རྩི༔ སླེ་ཏྲེས༔ ཤིང་མངར༔ གླ་རྩི༔ ཤུ་དག་དཀར་པོ་རྣམས་སྦྱར་ནས་རིལ་བུ་རིལ་མ་ཙམ་ཉེར་གཅིག་གིས་གློ་གསར་རྙིང་གི་ནད་སེལ་ལོ༔ ཉུངས་དཀར༔ སྒོག་སྐྱ༔ མི་རུས་རྙིང་པ༔ འབྲུམ་བུས་ཤི་བའི་ཐོད་པ༔ རྟའི་སྦང་ཆུ༔ བདུད་རྩི་རྣམས་རིལ་ཚད་བཞིས་ཞག་བཞི་ནས་འབྲུམ་ནད་སེལ་ལོ༔ ཙན་དན་དཀར་དམར༔ ཨ་རུ་ར༔ ཨ་བ༔ ལྕགས་ཕྱེ༔ སྐྱེར་ཁཎྜ༔ བདུད་རྩི་རིལ་ཚད་སྦྱར་བས་མིག་ནད་སེལ་ལོ༔ སྦྲང་རྒོད༔ མཁྲིས་པ༔ བདུད་རྩི་སྦྱར་བ་བྱུགས་པས་ཟ་ཀོང་ཐོར་བུའི་ནད་སེལ་ལོ༔ ཡང་བདུད་རྩི་སྒོང་ཚད་ལ༔ སེ་རྒོད་མེ་ཏོག༔ ཉུངས་དཀར་ཕྱེ༔ གླ་རྩི་སྦྱར་བ་ལྟོ་སྟོང་དུས་སུ་ནངས་མ་གསུམ་བཏང་བས་དུག་ནད་ཐུབ་བོ༔ ཉུངས་མ་ཁ་སེར༔ ཚེར་མའི་ཁཎྜ༔ བཙོང༔ སྒོག་སྐྱ༔ བདུད་རྩི་བྱིའུའི་སྒོང་ཚད་སྦྱར་བས་སྦྱར་དུག་ནད་སེལ་ལོ༔ བདུད་རྩི་བཏབ་པས་བགེགས་ཀུན་ཐུབ༔ བསྲེགས་པའི་དུད་པས་འབྱུང་པོ་བྲོས༔ མོས་པས་ཡོན་ཏན་བསམ་མི་ཁྱབ༔ ཅེས་པ་ནི༔ ཁ་སྒྱུར་བློན་སྦྱོར་ཡིན་ནོ༔ དམངས་ལྟར་ཅི་བདེར་གར་འཐད་དུ་ལོངས་སྤྱོད་པའི་ཡོན་ཏན་ནི༔ བདུད་རྩི་འབྱུང་རྒྱུད་ལས༔ བདུད་རྩི་སྤྲུལ་འདུལ་སྤེལ་དབྱུང་བཙོ༔ བཙིར་སྐམ་བསྣུར་ཕྱི་རིལ་ལྡེ་གུ༔ ཟན་ཚོད་ཐུག་པ་ཆང་སྨན་མར༔ ཟན་དྲོན་འོ་མ་རྒྱུན་སྒྲུབ་བོ༔ ཅི་ལྟར་འདོད་འཁོལ་འབངས་དང་འདྲ༔ ཞེས་པས༔ བདུད་རྩི་སྤྲུལ་པ་ནི༔ བདུད་རྩི་དྲོན་མོ་དང༔ ཤ་མེ་ལ་བསྲོས་པའི་དྲོན་མོར་སྦྱར་ཏེ༔ རྫ་སྣོད་གཙང་མར་གོས་ཀྱིས་དྲིལ་བ་དེ་ཟླ་བ་གཅིག་ཏུ་ཕུབ་མའི་གསེབ་ཏུ་བསྙལ་ན་ཤར་འགྱུར་ཏེ་སྤྲུལ་པའོ༔ བདུད་རྩི་འདུལ་བ་ནི༔ བདུད་རྩི་རྒྱུ་བཟང་ཁྱོར་གང་གསེབ་ཏུ་ཨ་བར་སྐྱུར་གསུམ་ཕྱེད་ཕྱེད་དུ་ཐུན་ཆ་བསྐྱུང་ལ་ཁཎྜར་གདབ༔ བུར་རྙིང་བཏབ༔ རྩི་མར་རྙིང་པས་ཅུང་ཟད་སྦོལ་བས་དྲི་རོ་འགྱུར༔ ནད་ཁམས་ལ་མི་གནོད་སྨན་ནོ༔ བདུད་རྩི་སྤེལ་བ་ནི༔ སྤྱིར་མངར་གསུམ༔ བྱེ་བྲག་ཏུ་འབྲས་ཕྱེ་བུ་རམ་གྱིས་སྤེལ་བར་བྱའོ༔ བདུད་རྩི་དབྱུང་བ་ནི༔ སེལ་དབྱུང་བ་བཙགས་ནས་སྤུ་དང་རྡུལ་ལེན་པའོ༔ བདུད་རྩི་བཙོ་བ་ནི༔ གོང་ལྟར་བཏུལ་བའི་ཕྱེ་མ་ལ་མར་དང༔ ཕྱེ་བཟང་བཏབ་སྟེ༔ སྤོད་ཀྱིས་བྲན་ལ་བཙོས་ནས་ཟོས་པས་གྲང་རླུང་འཇོམས་པའོ༔ བདུད་རྩི་བཙིར་བ་ནི༔ ལན་གཅིག་སྐམ་པའི་ཕྱེ་མ་སྦོལ་ནས་རྔ་ཚགས་སུ་བཙིར་བས་སེར་ཆུང་ཕྱུངས་ནས༔ མཁྲིས་པ་དང་འཕྲོད༔ མིག་ལ་བྱམས་པའོ༔ བདུད་རྩི་སྐམ་པ་ནི༔ གཡམ་གཙང་སྟེང་དུ་སྲབ་སར་བདལ་ཏེ་དུས་གཅིག་ལ་སྐམ་པས་དང་ག་བདེ༔ བཅུད་མི་འཆོར་རོ༔ བདུད་རྩི་བསྣུར་བ་ནི༔ རྡོ་ཐོག་ལ་ཞིབ་ཏུ་བསྣུར་ཏེ་རྩི་བཞིན་བྱས་པས་ལྟོར་ཆགས༔ རྩ་མིག་ཏུ་འགྲོ་བའོ༔ བདུད་རྩི་ཕྱེ་མ་ནི༔ གོང་ལྟར་བཏུལ་རྗེས་སུ་ཚ་བ་གསུམ་དང༔ མངར་གསུམ་ཁ་ཚར་བཏབ་སྟེ་ཟོ་མར་དང་སྦྱར་ནས་འོལ་སྐོམ་བྱས་ནས་རོལ་པས་དྲོད་སྐྱེ་མྱུར་བའོ༔ བདུད་རྩི་རིལ་བུ་ནི༔ ནད་གང་ལ་ཤིས་པའི་སྨན་ཁ་ཚར་དུ་སྦྱར་ཏེ་དྲི་ཆུས་རིལ་བུ་བྱས་ལ་གཏང་ངོ༔ བདུད་རྩི་ལྡེ་གུ་ནི༔ ཉུངས་ཤུག༔ ལྕ་བ༔ ར་མཉེའི་ཁཎྜ་དང༔ ཚ་བ་གསུམ་དང༔ འབྲས་བུ་གསུམ༔ དཀར་གསུམ༔ མངར་གསུམ་ལྡེ་གུར་སྦྱར་ཏེ་བཏང་བའོ༔ བདུད་རྩི་ཟན་ཚོད་ནི༔ བདུད་རྩི༔ ཤ་སྐོམ༔ བག་ཕྱེ༔ མར་སྦྱར་བའི་ཅུང་ཟད་སྐམ་པ་ཆུ་བསྐོལ་བ་ལ་བཏབ་སྟེ་ཚོས་པར་བཙོ་ལ༔ ཐུན་མར་ལེན་ཞིང་བཏུང་བས་མཆོག་ཏུ་ཕན་ནོ༔ བདུད་རྩི་བྱུག་པ་ནི༔ གནག་རྒོད་ཁྲག་ལ་བཏབ་སྟེ་བཙོས་ནས་ཐུག་པར་བཏུང་བའོ༔ བདུད་རྩི་ཆང་དུ་བྱ་བ་ནི༔ ནས་ཕྱེ་དང་བསྲེས་ཏེ་ཚོས་པར་བཙོས་ལ་ཆང་དུ་བྱའོ༔ དེ་ལ་ཕབས་ཤིག་བཏབ་ལ་ཞག་གསུམ་མནན་པས་ལངས་པ་དང༔ ཆུ་འཇམ་བསིངས་པས་ཆང་དུ་འགྱུར་ལ༔ གཟེ་མའི་ཐང་གིས་བསིངས་པས་གྲང་རླུང་ལ་ཕན་ནོ༔ བདུད་རྩི་སྨན་མར་དུ་བྱ་བ་ནི༔ ཚྭ་དང༔ འབྲས་དང༔ ཅོང་ཞི་དུལ་མ༔ མར་རྙིང་བྲག་ཞུན་ལ་སྦྱར་ཏེ༔་་་ཚྭ་ཞུན་ཐུན་རེ་རེ། ཅོང་ཞི་དང་འབྲས་ཕུལ་གང་། མར་རྙིང་ཞུན་མ་ཁལ་གཅིག །བདུད་རྩི་བྲེ་གང་སྦྱར་ཏེ༔ འབྲས་བུ་གསུམ་དང༔ ནད་དང་མཐུན་པའི་ཁ་ཚར་བཏབ་ལ་གཏོང་ངོ༔ བདུད་རྩི་ཟན་དྲོན་ནི༔ ཕྱེ་བཟང་སུམ་ཆ་དང་སྦྱར་ཏེ་ཚོས་པར་བཙོས་ནས༔ མར་གསར་པས་སྡོར་བྱའོ༔ བདུད་རྩི་འོ་ཐུག་ནི༔ འོ་མར་མར་བཏབ་ཚོས་པར་བྱས་པས་འབྱུང་ངོ༔ བདུད་རྩི་རྒྱུན་སྒྲུབ་ནི༔ དེ་དག་ཀུན་གྱི་སྡོམ་ཡང་ཡིན་ཏེ༔ སྔོན་དུ་ཚོགས་གསག༔ བླ་མ་མཆོད་ཅིང་ཚོགས་འཁོར་བྱའོ༔ དེ་ནས་ལུས་ལྟོ་སྦྱོང་བ་ནི༔ བདུད་རྩི་ངང་སྒོང་ཙམ༔ ཨ་རུ་ར༔ བདུད་རྩི་ཆ་བཞི་ལས༔ བ་རུ་ར་དང་སྐྱུ་རུ་ར་ཕྱེད་ཕྱེད༔ བཟང་དྲུག་ཙན་དན་ག་བུར་ཐུན་རེ་རེ༔ ཨ་མྲྀཏ་དང༔ རྩ་བ་ལྔ་དང༔ གོ་ཕྱེ་རྣམས་སྦྱར་ཏེ༔ རླུང་ཤས་ཆེ་ན་བུ་རམ་རྙིང་པ་དང་སྦྱར༔ ཁྲག་མཁྲིས་ཆེ་ན་ཀ་ར་དང་སྦྱར༔ གྲང་བ་ཅན་ལ་ཆང་བུ་རམ་ཚ་བ་གསུམ་དང་སྦྱར༔ མཁྲིས་པ་ཆེ་བ་ཞོ་སྦྱར་ཏེ་ཕྲེང་ཕྲེང་བཏང་བ་ནི་རིལ་བུའི་སྦྱོར་བ་ཡིན༔ རྒྱུ་ལྟོའི་ནད་སྦྱང་ཡིན་པས་ཀུན་གྱི་སྔོན་དུ་ཤིས་སོ༔ དོན་ལྔ་པ་ཕྱི་ནང་གསང་སྒྲུབ་ནི༔ བདུད་རྩི་ལྔའི་གཞི་དྲི་ཆེན་རྒྱུ་བཟང་ལ་བྱས་ཏེ༔ ཚ་བ་གསུམ་མར་རྙིང་གི་འོལ་སྐོམ་དང་སྦྱར་བ་གཞིར་བཞག་སྟེ༔ ཚ་གྲང་ནད་ལ་གང་ཤིས་རིལ་བུ་རྒྱུན་པའི་སྐབས་ལྟར་ཟླ་དྲུག་རྫོགས་པར་རྒྱུན་དུ་སྤྱོད་པ་ནི་ཕྱི་སྒྲུབ་ཡིན་ལ༔ སྐྱེ་བདུན་དང་བདུད་རྩི་རྟག་ཏུ་ངུ་མུ་ཟི་སྦལ་པ་སྨུག་པོའི་ཚང་ར་རྣམས་གོང་དང་སྦྱར་ནས་ལོངས་སྤྱོད་པ་ནི་ནང་སྒྲུབ་ཡིན་ལ༔ ཕྱག་རྒྱ་མོ་མཚན་ལྡན་དང་བཅས་ལྷ་བསྒོམ་དང་སྦྱོར་བ་ནང་ལྟར་བསྒྲུབས་ན་གསང་སྒྲུབ་བོ༔ དོན་དྲུག་པ་ལས་ཚོགས་ཐ་དད་པའི་སྦྱོར་བ་གང་ཞེ་ན༔ ཞི་བ་དང༔ རྒྱས་པ་དང༔ དབང་སྡུད་དང༔ དྲག་པོ་དང༔ ལས་ཁ་ཚར་རོ༔ བདུད་རྩི་ཞི་བའི་ལས་སྦྱོར་ནི༔ བདུད་རྩི་དྲི་ཆེན་རྒྱུ་བཟང་དེ་ཉིད་ལས༔ འབྲས་གཅིག་གཉིས་གསུམ་དང༔ ཙན་དན་དཀར་པོ་དང༔ ཉུངས་དཀར༔ སྐྱེར་པའི་བར་ཤུན་སྦྱར་བས་མིག་ནད་དང་སྦྱར་དུག་ཞི་བའོ༔ བདུད་རྩི༔ དོམ་མཁྲིས༔ ཚ་བ་གསུམ་དང་སྦྱར་བས་མགུལ་འགག་དང་གག་པ་སེལ་བའོ༔ བདུད་རྩི་དང་བྱང་སེམས་དཀར་དམར༔ ཚིལ་ཆེན༔ གླ་རྩི༔ བཟང་དྲུག་སྦྱར་བས་མཛེ་ནད་ཞི་བའོ༔ བདུད་རྩི་རྣམ་པ་ལྔ་ཕུལ་གང་དང༔ དྲི་ཆེན་སྲང་གཉིས༔ མར་སྲང་གཉིས༔ ཨ་རུ་ར་གསེར་མདོག་བ་ཆུས་སྦང་བའི་ཤ་དང་འོ་མ་སྦྱར་ཏེ་གྲིབ་སྐམ་བྱས་པ་དང༔ བཟང་དྲུག་ཙན་དན་དཀར་དམར༔ ཚ་བ་གསུམ༔ ཨ་འབྲས༔ སྲ་འབྲས༔ འཇམ་འབྲས༔ འབྲས་བུ་གསུམ༔ ཅོང་ཞི༔ བུ་རམ༔ སྦྲང༔ བལ་ལུ་དང་ཤུག་པ༔ མཚེའི་ཁཎྜ་སྦྱར་ཏེ༔ འབའ་སམ་སྨན་མར་དང་སྦྱར་བས་ནད་འདུ་བ་རྣམ་གསུམ་སེལ༔ ལུས་བཅུད་རྒྱས་པར་འགྱུར་རོ༔ ཡང་བདུད་རྩི༔ འབྲས་བུ་གསུམ༔ བཟང་དྲུག༔ ཏིག་ཏ༔ བ་ཤ་ཀ༔ བ་ལེ་ཀ༔ ཙན་དན་དཀར་དམར༔ གླ་རྩི༔ སྦྲང༔ ཅོང་ཞི༔ སྐྱེར་ཁཎྜ་རྣམས་སྦྱར་བས་མཁྲིས་ནད་སེལ་ལོ༔ ཡང་བདུད་རྩི༔ ཚིལ་ཆེན༔ འབྲས་བུ་གསུམ༔ མངར་གསུམ༔ བུ་རམ་རྙིང་པ༔ ཛཱ་ཏི་སྦྱར་བས་སྙིང་རླུང་མགོ་འཁོར་སེལ་ལོ༔ ཡང་བདུད་རྩི༔ མཁྲིས་པ༔ ཕྱྭ་ཚན༔ གསེར་ཤ་བ༔ རྩད་སྙག་དང་སྦྱར་ནས་བཏང་པས་ཤ་དུག་ཐམས་ཅད་སེལ་ལོ༔ ཡང་བདུད་རྩི༔ ཁྱི་མིག༔ ཉུངས་ཞི༔ བྲག་ཞུན༔ ཚིལ་མར༔ མར་ཁུ་བཅས་པ་སྦྱར་བས་མོན་དུག་སྲུང་ཞིང་ཞི་བར་བྱེད་དོ༔ བདུད་རྩི་དང༔ ག་བུར༔ ཉུངས་དཀར༔ ཁྱེའུའི་ཕྱ་ཚན༔ ལུག་གཞོན་སྨད་ཤ་གདུས་པའི་ཁུ་བ་སྦྱར་བས་དུག་ནད་ཐམས་ཅད་སེལ་ལོ༔ སྲུང་ཞིང་ཞི་བར་བྱེད་དོ༔ བདུད་རྩི་དང༔ མར་ཁུ༔ རྟ་དཀར་པོའི་ཁྲག་སྦྱར་བས་སྟོད་ནད་དྭངས་ཤིང་མཛེར་ནད་ཞི་བའོ༔ བདུད་རྩི་དང༔ གུ་གུལ་ནག་པོ༔ མུ་ཟི༔ ཏི་ཚ་སྦྱར་བས་འབྲས་ནད་སེལ་ལོ༔ བདུད་རྩི༔ སེའུ་འབྲུ༔ གུ་གུལ་ནག་པོ༔ ཤུ་དག་ནག་པོ་སྦྱར་བས་ཕོ་ལྷོག་ཞི་བའོ༔ བདུད་རྩི་དང༔ ཁྱི་ལུད༔ གུ་གུལ་ནག་པོ༔ བདུད་རྩི་མར་ཁུ་སྦྱར་ནས་བྱུགས་ན་ཤ་རོ་ཞི་བའོ༔ བདུད་རྩི༔ ཕག་ཚིལ༔ གུ་གུལ་སྦྱར་བ་བྱུག་ན་ཤ་འཕྲིག་ཞི་བའོ༔ བདུད་རྩི༔ མུ་ཟི༔ གུ་གུལ་སྦྱར་བས་ཕོལ་མིག་རུས་ནད་ཞི་བའོ༔ བདུད་རྩི༔ ཚ་བ་གསུམ༔ ཚྭ་སྣ་སྦྱར་བས་གྲང་ནད་ཞི་བའོ༔ བདུད་རྩི༔ མཁྲིས་པ༔ གི་ཧཾ༔ དྲི་ཆུས་ཚ་བ་ཞི་བའོ༔ བདུད་རྩི༔ སྐྱེར་ཤུན༔ གླ་རྩི༔ ཡུང་བ༔ གུ་གུལ་ནག་པོ༔ བོང་ང་ནག་པོ༔ ཤུ་དག་ནག་པོ༔ རུ་རྟ༔ མུ་ཟི༔ ཡུངས་དཀར་སྦྱར་བས་ལྷོག་པའི་ནད་རིགས་ཐམས་ཅད་ཞི་བར་འགྱུར་རོ༔ བདུད་རྩི༔ མི་རྟ་ཁྱི་གསུམ་གྱི་ཤ་ཁྲག༔ ལྷྭམ་རྙིང༔ ཚིལ་ཆེན༔ རྟའི་མཆིན་པ༔ རྟ་ཁྲག་སྦྱར་ཞིང་བསྲེགས་ན་རྒྱལ་པོ་ཞི་བར་བྱེད་དོ༔ བྱ་ཤ༔ ནལ་བུའི་ཀླད་པ༔ རྟེའུའི་ཁྲག༔ བདུད་རྩི་སྦྱར་བས་མ་མོ་བསེན་མོ་ཞི་བའོ༔ བདུད་རྩི༔ བཙན་དུག༔ བ་གླང་རྭ་གཞོབ་ཀྱིས་བཙན་བདུད་ཞི་བར་བྱེད་དོ༔ བདུད་རྩི་དང༔ སྤྲེའུའི་ཤ༔ ཁྱི་ལུད་ཀྱིས་རྒྱལ་བསེན་ཞིའོ༔ བདུད་རྩི༔ གུ་གུལ་ནག་པོ༔ མུ་ཟི༔ བོང་ང༔ ཤུ་དག༔ བཙན་དུག༔ ཁྱི་ནག་བྲུན༔ གླ་རྩི༔ ཤུ་དག་ནག་པོས་ཀླུ་དུག་ཐམས་ཅད་ཞི་བར་བྱེད་དོ༔ མདོར་ན་བདུད་རྩི་སྐྱོབས་པའི་རྫས་བཅས་སམ༔ རྐྱང་པ་ཡིས་ཀྱང་གདོན་ཐམས་ཅད་ཞི་བར་བྱེད་དོ༔ བདུད་རྩི་རྒྱས་པའི་ལས་ནི༔ བདུད་རྩི༔ མུ་ཟི༔ ར་མོ་ཤག་ཁཎྜར་སྦྱར་བ་རྟག་ཏུ་ལོངས་སྤྱོད་ན༔ ཚེ་དང་བསོད་ནམས་རྒྱས་སོ༔ བདུད་རྩི་མར་ཁུ་རྟག་ཏུ་ལོངས་སྤྱོད་ན་ཛམ་བུ་གླིང་བྱེ་བ་ཕྲག་བརྒྱའི་ལོངས་སྤྱོད་ལ་དབང་བྱེད༔ ལོངས་སྤྱོད་དང་ནོར་རྒྱས་སོ༔ བདུད་རྩི་བ་དམར་འོ་མ་མུ་ཟི་སྦྱར་ན་རྒས་པ་ལ་གཞོན་ཤ་ཆགས་པར་འགྱུར་རོ༔ བདུད་རྩི་དབང་གི་ལས་ནི༔ བདུད་རྩི་མར་ཁུ་དང༔ ར་དཀར་འོ་མ༔ སིནྡྷུ་ར༔ ན་ཆུང་ཁྲག་སྦྱར་ཏེ་བཟའ་བ་དང༔ དཔྲལ་བར་བྱུགས་ན་མོ་རིགས་ཐམས་ཅད་དབང་དུ་འདུས་སོ༔ བདུད་རྩི་མར་ཁུ་དང༔ ཅོང་ཞི༔ བྱང་སེམས་སྦྱར་ནས་ཟོས་ཤིང་མགྲིན་པ་ལ་བྱུགས་ན་ཕོ་རིགས་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ བདུད་རྩི་མར་ཁུ༔ ལྟེ་ཁུང་དྲི་མ་སྦྱར་ཏེ་ཟོས་པ་དང༔ ལྟོ་བར་བྱུགས་ན་ཡུལ་ཁམས་དབང་དུ་འདུ་བར་འགྱུར་རོ༔ བདུད་རྩི་དྲག་པོའི་ལས་ནི༔ ཕོངས་པས་ནོར་འགུགས་ན་བདུད་རྩི་བསྲེག༔ མནན་ན་མཆོད་རྟེན་བདུད་རྩི་བྱུག༔ སྲེག་གནོན་སྦྱིན་སྲེག་སྐབས་སུ་ཤེས༔ བསྐྲད་ན་བདུད་རྩི་གུལ་ནག་བསྲེག༔ བཟློག་ན་ཆོ་འཕྲུལ་ཆེ་དུས་བསྲེགས་པས་མི་མཐུན་གནོད་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ༔ བདུད་རྩི་ལས་ཁ་ཚར་ནི༔ ཨ་མྲྀཏ༔ སྒོ་ངའི་སེར་ཐིག༔ བདུད་རྩི་དྲི་ཆེན་རྩ་བར་བཞག་སྟེ་སྐྱོབས་སྦྱོར༔ ལས་ཚོགས་ནི༔ ཉུངས་མའི་ཁཎྜ༔ ཨ་རུ་ར་གསེར་མདོག༔ ལྡུམ་བུ་རེ་རལ་བེ་སྐྱེས༔ ཁྱི་གུའི་ཕྱ་ཚན༔ སྒོག་གཅིག༔ གླ་རྩི་སྦྱར་ཏེ་ཁྱེ་སུས་སུ་བཏང་བས་དུག་ཐམས་ཅད་སྲུང༔ གདུག་བྱེད་འཇོམས་ངེས་སོ༔ དབང་པོ་ལག་པ་བྲེ་གང༔ འོ་མ་ཁལ་ཕྱེད་དུ་སྦྱར་ཏེ་བཙོས་ནས་ཆིག་ཚུགས་ཟོས་ན་མདངས་བུ་ཆུང་ལྟར་འགྱུར་རོ༔ སྒོག་སྐྱ༔ མུ་ཟི་སེར་པོ༔ ཅོང་ཞི་སྦྱར་བཏང་ན་བད་མཁྲིས་སེལ་ཞིང་གཞོན་པར་འགྱུར་རོ༔ ཤུ་དག་དཀར་པོ་ཀ་རར་སྦྱར་བ་ཟླ་དྲུག་གམ༔ ལོ་གཅིག་ཟོས་ན་རྐང་མགྱོགས་འགྲུབ༔ ར་མོ་ཤག་དང་སྦྱར་རྒྱུན་དུ་བརྟེན་ན་མཁའ་ལ་འཕུར་རོ༔ ལྕམ་པ་དང་སྦྱར་ན་མཁལ་ནད་སེལ་ལོ༔ ཨ་ཤོ་གནྡྷ་འོ་མར་སྦྱར༔ མཆིལ་པའི་ཤ༔ ཁྱིམ་བྱ་མཚའ་ལུའི་ཤ༔ སྦལ་པ་སྨུག་པོའི་སྨད་ཤ་སྦྱར་ནས་ཟོས་ན་བུད་མེད་བརྒྱ་ལ་བུ་འབྱིན་ནོ༔ གཟེ་མ༔ བདུད་རྩི༔ ཆང་དང་སྦྱར་བས་གྲང་རླུང་འཇོམས༔ ཛཱ་ཏི་གཅིག༔ བུར་རྙིང་བྲེ་གང༔ བོང་ང་ལུག་རིལ་ཙམ་གཅིག༔ ཚ་བ་གསུམ༔ མར་ཁུ་བྲེ་གང་དང་སྦྱར་ཏེ་ཟས་གཞན་གྱིས་བར་མ་ཆོད་པར་ཁམ་བུ་རེ་རེ་དུས་གསུམ་དུ་སྤྱད་པས་གློ་སྙིང་ལ་སོགས་སྟོད་ནད་ཐམས་ཅད་སེལ་ལོ༔ གསེར་གྱི་མེ་ཏོག༔ བ་ཞོ༔ བདུད་རྩི་སྦྱར་བས་མཁྲིས་ནད་ཀྵ་ཡ་སེལ་ལོ༔ བཟང་དྲུག༔ བ་ཤ་ཀ་སྦྱར་བས་ཁྲག་ནད་འཇོམས་སོ༔ ལུག་མིག་པ་དང་སྦྱར་བས་མིག་མཐོང་འབྱུང་ངོ༔ བདུད་རྩི་ར་ལུག་དང༔ ཨ་མྲྀཏ་བཏབ་སྟེ༔ བསྐོར་ལོག་རྒྱུན་པ་ཟླ་བ་དྲུག་གིས་མཛེ་ཕུག་འབྱིན་ནོ༔ དོན་བདུན་པ་དམ་ཚིག་བསྲུང་བར་བསྟན་པ་ནི༔ སྤྱིར་གསང་སྔགས་དམ་ཚིག་གཞུང་བཞིན་བསྲུངས་ལ༔ བྱེ་བྲག་ཏུ་བདུད་རྩི་སྨན་གྱི་དམ་ཚིག་ཏུ༔ ཚྭ་བྲོ་བ༔ སྔོ་ཚོད༔ ཤ་རུལ༔ སྒོག་བཙོང༔ ཉི་ཚན་འདེ་བ༔ མེ་ཚན་ལ་བསྲོ་བ༔ བུད་མེད་ལ་སྲེད་པ༔ ཆང་ཉེས་བཏུང་བ༔ ཅི་ཟ་བཤད་པ་ལ་སོགས་གཟུ་ལུམ་སྤང་ངོ༔ དོན་བརྒྱད་པ་ལོག་ནོན་གེགས་སེལ་བསྟན་པ་ནི༔ སྤྱིར་བདུད་རྩི་ལྔ་ལ་སོགས་སྤྱི་དང་བྱེ་བྲག་གང་ལོངས་སྤྱོད་ཀྱང༔ རང་ཡི་དམ་དུ་གསལ་བས༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩི་དཀར་པོ་དྲི་མེད་ཡིད་འོང་དུ་སྤྲུལ་པ་ལས༔ ཕུད་གཙང་མ་གསུམ་མཆོད་རྗེས་རང་ཉིད་རོལ་བར་བྱའོ༔ སྐྱུགས་བྲོ༔ གཉིད་མེད་བྱ་སངས་ཁྱེར་ན༔ ཆུ་ཕུལ་བདུན༔ མར་ཕུལ་ཕྱེད༔ འོ་མ་ཕུལ་གང་བསྡུས་ལ་བཏང་བས་རླུང་སྐྱེས་པ༔ སྐྲང་པ་ལ་སོགས་སེལ་ལོ༔ སྲིན་ལོག་བྱུང་བས་ན་ཏུང་ཏུང་བྱེད་ན་སྒོག་སྐྱའི་ཆུ་བཀོལ་བཏུང༔ སྐྱུགས་ལོག་ན་འོ་མ་ལུག་མར་བཏང༔ གྲང་འབྱམས་བྱུང་ན་རྒྱ་ཐལ༔ བཙོང༔ སྒོག་སྐྱ༔ པི་པི་ལིང་ཆང་དང་སྦྱར་ཏེ་བཏང་བས་སེལ་ལོ༔ རྗེས་ལ་འབྲས་ཟན་ལ་ཤིང་ཚ༔ སྒོག་སྐྱ་བཏབ་ལ་བཏང༔ རྒོད་ཁྲག་ཚོས་པ་བཏང་ངོ༔ མ་ཞུ་སྒྲེགས་པ་བྱུང་ན༔ རྒྱམ་ཚྭ༔ རྒྱ་ཚྭ༔ ཁ་རུ་ཚྭ༔ སྒོ་སྐྱའི་ཆུ་བསྐོལ་བཏང་ངོ༔ རྗེས་ལ་སྒོག་སྐྱའམ༔ དྲི་ཆུ་བར་པ་བཏང་ངོ༔ བདུད་རྩི་ཆེ་ནས་མ་ཞུ་ན༔ བདུད་རྩི་བར་པ་ཚྭ་དང་སྦྱར་ནས་བཏང་ངོ༔ རླུང་སྐྱེ་མགོ་འཁོར་ན་བཀུ་མཉེ་བྱ་ཞིང་ཞུན་མར་རམ༔ ཚིལ་གྱི་དུ་བ་བཏང་ངོ༔ མཁྲིས་པ་སྐྱེས་ན་ཀ་ར་དང༔ དུག་མོ་ཉུང༔ ཏིག་ཏ༔ བ་ཤ་ཀ༔ བ་ལེ་ཀའི་ཐང་བཏང༔ བད་ཀན་ལ་ཨ་རུ་ར༔ སྒོག་སྐྱ༔ རུ་རྟ༔ སེའུ་འབྲུའི་ཐང་བཏང༔ གྲང་གཞི་ལངས་ན༔ ཚ་བ་གསུམ་གྱི་ཕྱེ་མ་བསྟེན་ནོ༔ ཚ་བ་སྐྱེས་ན༔ ཅུ་གང༔ གུར་གུམ༔ གི་ཝཾ་ཐང་བཏང༔ དྲི་ཆེན་འགགས་པ་དྲི་ཆུས་སེལ༔ དྲི་ཆུས་མ་ཞུ་བ་རྣམས་ཀྱང་སེལ་ལོ༔ ཐིག་ལེ་དཀར་དམར་གསར་བས་གོ་ཟློག་སེལ་ལོ༔ སྲོག་རྩའི་སྲིན་མགོ་ལྗང་དང་མགོ་ཁྲ་གཉིས་ཀྱིས་སྲོག་རྩ་ལ་ཞེན་ནས་སྲིན་གྱི་རིགས་ཐམས་ཅད་སྐྱེད་པར་བྱེད༔ ལུས་ཟུངས་ཐམས་ཅད་བརླག་པར་བྱེད་པ་ཡིན་པས༔ དེ་གཉིས་མ་ཐུབ་ན་དཀའ་ཐུབ་དང་བཅུད་ལེན་གཉིས་ཀ་ལ་ཐེ་ཚོམ་སྐྱེ་བ་ཡིན་པས༔ སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་དམ༔ བཅུ་ལ་གདོན་པར་བྱ་སྟེ༔ སྲིན་བུ་ཀ་ཀ་རུ་་་སྡིག་སྲིན།དང༔ རྩི་བོ་ཆེ་་་ཤིང་ཀུན།དང༔ ཀླད་པ་དང༔ སྦྲང་དང༔ སྒོག་སྐྱ་དང༔ ཤ་བའི་རྒྱུ་མ་བཙོས་པའི་ཁུ་བ་ལ་སྦྱར་ཏེ་ལྟོ་སྟོང་ལ་བཏང་བས༔ སྲིན་དེ་གསུམ་གསང་ལམ་དུ་རྩ་དར་སྐུད་ཙམ་དུ་ཆུ་དང་སྦྲགས་ནས་འོང༔ དེ་མ་ཐོན་ན་དེ་ནས་ཞག་ལྔ་ཙམ་ནས་རྩ་གང་ན་བར་གཏར་བས༔ ཁྲག་འོ་མར་བྱུང་ན་ཐོན་པ་ཡིན་པས་ཤ་མདངས་རྒྱས༔ ཚེ་ཉི་ཟླ་དང་མཉམ་པར་ཤིན་ཏུ་ངེས་སོ༔ ཁྲག་དང་འོ་མར་མ་བྱུང་ན་སྨན་བསྐྱར་ཞིང་བཏང༔ དེས་འབྱིན་ནོ༔ དེ་དག་གིས་ཆུ་ཐོན་དཀའ་ན༔ སྡོམ་སྡིག་པ་འབུ་ཤུན༔ མི་ར་ཕག་གསུམ་གྱི་ཚིལ་བུ༔ བཟང་དྲུག༔ ཚྭ་སྣ་ཚོགས་ཚད་ལ་རིལ་བུ་སྲན་མ་ཙམ་བྱས་ཏེ༔ ལྟོ་སྟོང་ལ་བཏང་བས་ངེས་པར་འབྱིན་ནོ༔ ཁྲག་གཏར་ལ་བལྟའོ༔ བདུད་རྩིའི་དཀའ་ཐུབ་ལོ་དགུ་བྱས་ན༔ རང་བཞིན་གྱིས་ཐོན་པའི་རིགས་ཀྱང་ཡོད་དོ༔ ཟླ་བ་དྲུག་ཅུ་ལོངས་པའི་རྗེས་སུ་གདོན་པར་བྱེད་དོ༔ གེགས་སེལ་གནད་ཀྱི་གདམས་པ་དེ་ཁོ་ནའོ༔ སྤྱི་དོན་དགུ་པ་བདུད་རྩི་ལོངས་སྤྱོད་པའི་ཡོན་ཏན་བསྟན་པ་ནི༔ རྒྱུད་ལས༔ བདུད་རྩི་རྣམ་ལྔ་མྱུར་དུ་འགྲུབ༔ དཔག་མེད་བསམ་གྱིས་མི་ཁྱབ་སྟེ༔ ཟླ་དྲུག་སྦྱོར་བས་མཛེ་ནད་སེལ༔ བཅུ་གཉིས་གཟུངས་ཐོབ་ཐོས་པ་འཛིན༔ ལོ་གཉིས་བསྒྲུབས་པས་མཐུ་རྩལ་ལྡན༔ ནོར་རྫས་དབང་སྡུད་ལོ་གསུམ་ཡིན༔ བཞི་ཡིས་མཛེ་རིགས་ཐམས་ཅད་འཇོམས༔ ལྷ་དང་ལྷ་མིན་ཀུན་དབང་སྡུད༔ ལྔ་ཡིས་སེངྒེ་གླང་ཆེན་དང༔ རྨ་བྱ་མཁའ་ལྡིང་ཚེ་དང་མཚུངས༔ ཚེ་རིང་ནད་སངས་རིགས་རྒྱུད་འཕེལ༔ དྲུག་གིས་ས་གསུམ་དོན་རྣམས་མཐོང༔ སྤྱན་ལྔ་སྐུ་ལྔ་ཡེ་ཤེས་འགྲུབ༔ མཚམས་མེད་ལྔ་སོགས་སྡིག་སྒྲིབ་འཇོམས༔ བརྒྱད་ཀྱིས་གསད་གསོའི་རྫུ་འཕྲུལ་སྟོན༔ དགུ་ཡིས་རིག་འཛིན་ཕྱིར་མི་ལྡོག༔ བཅུ་ཡིས་ས་བཅུ་ཡོངས་སུ་རྫོགས༔ བཅུ་གཅིག་བཅུ་གཉིས་འབྱུང་བ་འཁོལ༔ བཅུ་གསུམ་རིམ་གྱིས་ས་བཅུ་གསུམ༔ མཆོག་གི་འབྲས་བུ་ཡོངས་རྫོགས་འགྲུབ༔ མདོར་ན་སྐུ་ལྔ་ཡེ་ཤེས་ལྔ༔ སྤྱི་དང་བྱེ་བྲག་གང་ཡོད་འགྲུབ༔ རྒྱལ་བློན་འབངས་ཀྱི་སྦྱོར་བ་ཡིས༔ ཡོན་ཏན་ཕུན་ཚོགས་འགྲུབ་པར་ངེས༔ བྱེ་བྲག་སོ་སོའི་སྒྲུབ་ཐབས་ཀྱང༔ ལུང་སྟོན་ལ་སོགས་མངོན་ཤེས་འཆར༔ ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ ཞེས་འབྱུང་བས༔ བདུད་རྩི་ཡོན་ཏན་སྒྲུབ་པ༔ རྒྱུད་རྣམས་ཀུན་ལས་ཨོ་རྒྱན་བདག་གིས་བཏུས༔ ཕྱི་རབས་སྐལ་ལྡན་དམ་པའི་བཙས་སུ་བཞག༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ མནྟྲ༔ གུ་ཧྱ༔ །ྀཨཚ།༔ རྒྱ་རྒྱ་རྒྱ༔ ྈྈྈྈ རྒྱ་རྒྱ་རྒྱ༔ །ྀཨཚ།༔ །ྀཨཚ། ལྷོ་བྲག་གནམ་སྐས་ཅན་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་ཆེན་པོས་གདན་དྲངས་པའི་གཏེར་མ་ལགས་སོ།། །།

འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་སྒོམ་བཟླས་ལ་ཉེར་མཁོའི་དྲིས་ལན་མཚོན་བྱེད་ (Volume 18, Text 26)

འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཉིང་ཁུའི་སྒོམ་བཟླས་ལ་ཉེར་མཁོའི་དྲིས་ལན་མཚོན་བྱེད་བཞུགས་སོ། །ཨོཾ་སྭསྟི། བླ་མ་དང་འཇམ་དཔལ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །གང་དགེ་བའི་ཡིད་ཅན་ཉིད་ཀྱིས་འཇམ་དཔལ་ནག་པོའི་བསྙེན་སྒྲུབ་དོགས་གཅོད་ཀྱི་སྐོར་རྒྱས་པར་བྲིར་མ་ལོང་ཡང་། མཚོན་བྱེད་ཙམ་སྨོས་ན། རང་རང་གི་ཡི་དམ་གང་བྱེད་ཀྱི་རྒྱུན་བསྙེན་གཤམ་དུ་མུ་མཐུད་ནས་བསྙེན་ཀྱང་ཤིན་ཏུ་རུང་ལ། དེ་ཚེ་སྐབས་འདིར་སྐྱབས་སེམས་བྱས་ཀྱང་ལེགས་ལ། མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། རང་ལུས་སྟོང་པར་སྦྱངས་ནས་སེམས་ཉིད་ལྷ་སྐུར་བསྒོམ་པ་ནི། ཚུལ་འདི་ཙམ་དུ་མ་ཟད་སྔགས་བླ་མེད་ཀྱི་བསྐྱེད་རིམ་ཐམས་ཅད་ཀྱི་དགོངས་པ་ཡིན་ཀྱང་། དེང་སང་ཕལ་ཆེར་གྱིས་གནད་དེ་ལྟ་བུ་མ་གོ་བ་ནི་བླ་མའི་ཞལ་ལུང་མ་ཐོས་པའི་སྐྱོན་དུ་སྣང་། གཞན་ཡང་གཞུང་འགར། རང་ལུས་ཡི་དམ་ལྷ་བསྒོམ་ཞིང་། །གསུངས་པ་ཡང་། ཐ་མལ་བེམ་པོའི་ལུས་འདི་ནི་མ་ཡིན་ཏེ། དེ་ཡང་གཉུག་མའི་ལུས་ངོས་བཟུང་དགོས་པ་བརྒྱུད་པའི་མན་ངག་ཡང་དག་པ་ཡིན། ལུས་འདི་ཀ་ལྷར་གནས་བསྒྱུར་བ་ཙམ་གྱིས་ཆོག་ན། སྭ་བྷཱ་ཝ་དང་། ཤཱུནྱ་ཏཱ་སོགས་ཀྱིས་སྟོང་པར་སྦྱངས་མི་དགོས་པས། སྔགས་དེས་ཀྱང་ལུས་འདི་སྟོང་པར་སྦྱངས་ནས་གཉུག་མའི་ལུས་ལྷ་སྐུར་བསྒོམ་དགོས་པ་ནི་ཤིན་ཏུ་གསལ་བ་ལགས། དེས་ན་ཚུལ་དེས་མིག་དང་རྣ་བ་སྣ་ལྕེ་ལ་སོགས་པ་ལྷར་བསྒོམ་པ་དང་། དེ་བཞིན་མགོ་བོ་སྤྱི་གཙུག་ལྟག་པ་ལ་སོགས་པའི་གནས་སུ་ལྷ་བསྒོམ་པ་རྣམས་ཀྱང་། ཐ་མལ་ལུས་འདི་སྦྱང་བྱ་དང་། དེའི་སྦྱང་གཞི་གཉུག་མའི་ལུས་ལ་བསྒོམ་དགོས་པ་ནི། གསང་སྔགས་གསར་རྙིང་རིས་སུ་མ་ཆད་པའི་བསྐྱེད་རིམ་གྱི་མན་ངག་སྤྱི་ཆོས་ཡང་དག་པ་ཡིན། ཡང་བྱེ་བྲག་དམིགས་བསལ་གྱི་ཐ་མལ་གྱི་ལུས་འདི་ཀ་གནས་བསྒྱུར་གྱིས་བསྒོམ་དགོས་པ་ཡང་ཡོད་པས། དེ་དག་གཅིག་ལ་གཅིག་འགལ་བ་ཅན་དུ་ནི་བསམ་པར་མི་བྱ་སྟེ། འདི་ནི་གོ་དོན་ལ་ཕན་ཕྱིར་ཅུང་ཟད་སྤྲོས་པ་སྟེ། རྒྱས་པར་ནི་བླ་མའི་ཞལ་ལུང་ཉན་པ་ལས་འདིར་བྲིར་མ་ལོང་། རྩིབས་བཞིར་རིགས་བཞིའི་གཤིན་རྗེ་གཤེད་ནི། ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་གཤིན་རྗེ་གཤེད་དུ་ངེས་ཏེ། དེ་བཞི་པོའི་ངོ་བོ་མི་བསྐྱོད་རིན་འབྱུང་འོད་དཔག་མེད་དོན་གྲུབ་བཞི་དང་གཙོ་བོ་འཇམ་དཔལ་རྣམ་པར་སྣང་མཛད་ཀྱི་ངོ་བོར་ཤུགས་ཀྱིས་བསྟན་པའོ། །ཐུགས་ཀའི་ས་བོན་ཡ་ལ་ནི་ཚེག་དྲག་མི་འཚལ་གྱི་སྔགས་འབྲུ་བཅུ་གཅིག་པོ་ལོང་ཁྱབ་དང་བསྟུན་རྒྱུན་བཟླས་ངེས་པར་རུང་བ་ཡིན། ཐུན་མཚམས་ལྷ་སྐུ་སྟོང་པར་སྦྱངས་ཤིང་། སླར་ལྷར་ལྡང་བ་དང་། དགེ་བ་བསྔོ་བ་སོགས་སྤྱི་མཐུན་བྱ། སྐབས་སུ་གཤིན་རྗེ་རང་གཞུང་སྲུང་འཁོར་སྒོམ་ཚུལ་མང་དུ་ཡོད་ཀྱང་དེ་དག་མ་ངེས་ཚེ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྲུང་འཁོར་དགོངས་འདུས་སྒྲུབ་གཞུང་ནས་བཤད་པ་ལྟར་ཉམས་སུ་བླང་བས་འཐུས། སྒྲུབ་གཏོར་ནི་ཟངས་ལྕགས་སོགས་སྣོད་གཙང་མར། ཟུར་གསུམ་ཐོག་མདེའུ་ལྟ་བུ་འཁོར་བཞི། ཐོད་དབྱུག་མར་ཚོན་གྱིས་མཛེས་པར་བརྒྱན་པ། མཆོད་གཏོར་སྨན་རཀ་གི་གཏོར་མ་སྤྱི་འགྲོ། ཐུན་མཚམས་རྒྱུན་གཏོར་ཟུར་གསུམ་ལ་བ་ལིན་བཞིས་བརྒྱན་པ། སྲུང་ཟློག་བསད་གསུམ་གྱི་འཁོར་ལོ་དཔེའུ་རིས་ཟུར་གསལ་མ་མཐོང་ལ། ཁོ་རང་ནང་དུ་ཁ་ཤིན་ཏུ་གསལ་གཤིས་དེ་ཀས་བདེ་བླག་ཏུ་རྟོགས་པར་སྣང་། ཟློག་པའི་སྐབས། མདུན་གྱི་ཤ་དུམ་ལ་འགུགས་གཞུག་རྒྱས་བསྡུས་གང་བྱས་འདྲ། ལྷ་དབྱེ་བསྒྲལ་ལས་མི་དགོས། སྔགས་ཀྱི་སྐབས། གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ། ཞེས་པ་ལས་སརྦ་ཤ་ཏྲཱུཾ་འཇུག་མི་དགོས། གཏོར་མ་ལ་བརྟེན་ཅིང་རཱུ་པ་ཕུར་བུས་བསྒྲལ་བ་སོགས་འགྲུབ་ཚེ། ཤ་དུམ་ལ་འགུགས་གཞུག་སོགས་གང་ལྟར་བྱས་ཀྱང་མི་འགལ་ཡང་། ཕལ་ཆེར་དེ་བྱས་ན་ནུས་པ་ཆེ། ཟློག་གཏོར་ནི། ཟུར་གསུམ་རྩེ་མོ་དང་དབལ་ཤིན་ཏུ་རྣོ་བ་སྐྱེར་རྩང་གིས་བརྒྱན་པ་ཡིན། ཟློག་སྔགས་བཟླ་བའི་དུས་ནི་ཉི་མྱུར་ཡིན་མོད་ཀྱང་། དེ་ལྟར་མ་གྲུབ་ཚེ་སྐབས་ནམ་དུ་བཟླས་ཀྱང་རུང་བ་ལགས། བསྙེན་སྒྲུབ་ཀྱི་ངག་འདོན་རྒྱུན་ཁྱེར་ཞིག་ཀྱང་སླད་མར་བྲི་ནས་འབུལ་རྩིས་ཞུ། ཞེས་དད་ལྡན་སློབ་མས་བསྐུལ་བས་འཇམ་དཔལ་ནག་པོའི་སྒོམ་བཟླས་ལ་ཉེར་མཁོའི་དྲིས་ལན་མཚོན་བྱེད་འདི་ཡང་དཀར་ཕྱོགས་བཟང་པོ་གཉིས་པར་དཔལ་རིག་པ་འཛིན་པས་ཀོང་ཡུལ་ལྗོན་པ་ལུང་དུ་བྲིས་པ་སརྦ་མངྒ་ལཾ།། །། ༅། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཏ་ཐ་ད་ན། པ་ཕ་བ་མ། ར་ལ་ཤ་ས། ཧ་ཨ།

རྗེས་ཆོག་གཏང་རག་མཆོད་བསྟོན་ (Volume 34, Text 26)

རྗེས་ཆོག་གཏང་རག་མཆོད་བསྟོན་ནི། ཧཱུྃ༔ དུར་ཁྲོད་ཞིང་མཆོག་འོག་མིན་གནས་སུ་གསལ༔ མཆོད་རྫས་སྨན་རག་གཏོར་མ་ཡེ་ཤེས་ལྔ༔ འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་ཁེངས༔ ཐབས་ཤེས་གཉིས་མེད་བདེ་ཆེན་འདུ་འབྲལ་མེད༔ ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་ཧོ༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་བྱིན་བརླབས་ནས། ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱི་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་ནས། དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ ནཻ་ཝིདྱཱ་ ཤབྡའི་བར་སྦྱར་བ་དང་། སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་བསྟོད་བྱའོ། །ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་ལན་གསུམ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་འཆགས་སོ།། །།

ནོར་ལྷ་སྤྱི་གཏོར་དགོས་འདོད་ཆར་འབེབ་ (Volume 41, Text 26)

༄༅། །ནོར་ལྷ་སྤྱི་གཏོར་དགོས་འདོད་ཆར་འབེབ་ཅེས་བྱ་བ། འདི་ཡོངས་རྫོགས་འདོན་པ་རྒྱས་པའོ། །བསྟོད་བཤགས་བསྡུས་པ་ཡན་འདོན་པ་འབྲིང་པོ་འོ། །དེ་ལས་མངོན་རྟོགས་སྐྱུར་ན་བསྡུས་པའོ།། ན་མོ་ཨཱརྱ་ཛཾ་བྷ་ལ་ཡེ། ནོར་ལྷ་སྤྱི་གཏོར་ནི་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་དཀར་གསུམ་གྱིས་བརྒྱན་པ་བཤམས། མ་འཛོམ་ཚེ་རྣམ་སྲས་སེར་ཆེན་གྱི་གཏོར་མ་ལ་བསྔོ་རུང་ངོ་། །ཨོཾ་སྭ་བྷཱ་ཝ་སོགས། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་དབུས་པད་ཟླའི་སྟེང་། །ཛམ་ལྷ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊྭཱཾ་ག་ལྡན་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་འཆིབ་པ་འོ། །ཤར་དུ་རྡོ་རྗེ་ཌཱཀྐི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱཀྐི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་ཌཱཀྐི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཌཱཀྐི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་པས་ནེའུ་ལེའི་རྐྱལ་བུམ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །ཕོ་བྲང་དེ་ཡི་ཕྱི་ཁྱམས་སུ། །ཕྱོགས་མཚམས་པདྨའི་གདན་བརྒྱད་ལ། །ལྟེ་བ་འདབ་མར་ཟླ་གདན་རེ། །ཤར་དབུས་ཛམ་ལས་ཛམ་དམར་ནི། །དམར་དཀར་སྔོ་བའི་ཞལ་གསུམ་པ། །ཕྱག་དྲུག་དང་པོས་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་སྟེ། །ཐ་གཉིས་ནེའུ་ལེ་རིན་ཆེན་འབེབ། །ཞབས་བཞིས་ནོར་བདག་ཕོ་མོ་མནན། །དེ་ཡི་ཕྱོགས་མཚམས་འདབ་མ་ལ། །དཀར་སེར་དམར་ལྗང་སྔོ་དང་ནག །ཁྲ་བོ་ཞལ་གསུམ་ཕྱག་དྲུག་སྟེ། །བྱང་ཤར་འདབ་མར་ཛམ་ལྷ་དགུ །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རེ་རེ་འང་འཁོར་ནི་བརྒྱད་རེས་བསྐོར། །ལྷོ་དབུས་ཧཱུྃ་ལས་ཛམ་ནག་ནི། །རབ་ཁྲོས་ཐོད་ཁྲག་ནེའུ་ལེ་འཛིན། །ཕྱོགས་མཚམས་སྡེ་བརྒྱད་ཛམ་ནག་བརྒྱད། །རྒྱན་ལྡན་རིན་ཆེན་ནེའུ་ལེ་འོ། །ནུབ་དབུས་ཛམ་ལས་ཛམ་ལྷ་དང་། །ཀུ་བཻ་རཱ་སོགས་གནོད་སྦྱིན་བརྒྱད། །སེར་པོ་བི་ཛ་ནེའུ་ལེ་འཛིན། །དེ་ཡི་གཡོན་དབུས་ཕྱོགས་མཚམས་སུ། །ནོར་རྒྱུན་མ་སོགས་ལྷ་མོ་བརྒྱད། །མཆོག་སྦྱིན་འབྲས་ཀྱི་སྙེ་མ་འཛིན། །བྱང་དབུས་ཛཾ་ལས་ཛམ་ལྷ་སེར། །ཞལ་གསུམ་ཕྱག་དྲུག་དཀྱིལ་ཀྲུང་བཞུགས། །གཡས་གསུམ་ཤིང་ཐོག་ལྕགས་ཀྱུ་མདའ། །གཡོན་གསུམ་ཞགས་པ་ནེའུ་ལེ་གཞུ། །རང་འདྲའི་ཡུམ་གྱིས་གཡོན་ནས་འཁྱུད། །དེ་ཡི་འདབ་བརྒྱད་ཕྱི་ནང་ལ། །འཕགས་པ་ངལ་གསོ་རིགས་བཅུ་བཞི། །འབྲོག་གནས་མཆེད་ལྔའི་འཁོར་གྱིས་བསྐོར། །ཤར་ལྷོར་ཨ་པར་ཙིཏྟ་དཀར། །འཇིགས་གཟུགས་ནོར་བུ་ནེའུ་ལེ་བསྣམས། །ཕག་གདོང་སེར་མོ་གྲི་ཐོད་འཛིན། །མཆེད་ལྔ་གར་སྟབས་མུ་ཏིག་བརྒྱན། །ལྷོ་ནུབ་ནོར་བདག་ཡེ་ཤེས་གྲགས། །དམར་མཛེས་རིན་ཆེན་ནེའུ་ལེ་འཛིན། །ཀུན་འཁྱིལ་མཆེད་གསུམ་མཐིང་ནག་དམར། །བཞེངས་ཐབས་བུམ་པ་ནོར་བུ་འཛིན། །ནུབ་བྱང་གང་པོ་མཛེས་མ་གཉིས། །སེར་མཛེས་ཤིང་ཐོག་བུམ་པ་འབུལ། །བྱང་ཤར་ཤྲཱི་ལས་ལྷ་མོ་དཔལ། །ལྗང་མཛེས་རིན་ཆེན་པདྨ་དང་། །སྐྱབས་སྦྱིན་མཛད་ཅིང་བུམ་སྟེང་བཞུགས། །གསེར་མདོག་བུ་མོ་ལྔ་བརྒྱས་བསྐོར། །ཕྱི་རོལ་འཁོར་ཡུག་ཆེན་པོ་ལ། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ནི། །བྱེ་བ་དྲུག་ཅུ་དྲུག་ཅུར་བཅས། །ལྕང་ལོ་ཅན་ནས་སྤྱན་དྲངས་གྱུར། །ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་དབང་ཕྱུག་ཛཾ་བྷ་ལ། །ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །ཛམ་ལྷའི་རིགས་དང་རྣམ་སྲས་རིགས། །ནོར་ལྷ་ཕོ་དགུ་མོ་དགུ་དང་། །ཨ་པར་ཙིཏྟ་ལྷ་མོ་དཔལ། །གང་མཛེས་ནོར་བདག་ཡེ་ཤེས་གྲགས། །ཕག་གི་གདོང་སེར་མཆེད་ལྔ་དང་། །ཟས་གོས་ནོར་གྱི་ལྷ་མོ་གསུམ། །འབྲོག་གནས་མཆེད་ལྔ་ལ་སོགས་པ། །གནོད་སྦྱིན་ནོར་ལྷ་ཐམས་ཅད་བྱོན། །ཇི་སྲིད་བར་དུ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཛ་ཛཿ ཏིཥྛ་ལྷན། སྟོང་གསུམ་འདི་འམ་གཞན་དག་གི །དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །ཡིད་སྤྲུལ་རྟག་བརྒྱད་རིན་ཆེན་བདུན། །དངོས་འབྱོར་མཆོད་གཏོར་འདི་འབུལ་བཞེས། །ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ་ཨི་དཾ༴ ཨོཾ་ཛཾ་ལུཾ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ་ཨི་དཾ༴ ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཀུ་བཻ་རཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ་ཨི་དཾ༴ ཨོཾ་པི་ཙི་ཀུཎྜ་ལི་ནེ་སྭཱ་ཧཱ་ཨི་དཾ༴ ཨོཾ་མུ་ཁེན་དྲཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཙ་རྱནྡྲཱ་ཡ་སྭཱ་ཧཱ་ཨི་དཾ༴ ཨོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཙནྡྲཱ་ཀཱེནྟ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་དཏྟ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་སུ་དདཏ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་དེ་ཝི་ཤྲཱི་ཡཻ་སྭཱ་ཧཱ་ཨི་དཾ༴ ཨོཾ་བཻ་ཤྲ་ཝ་ཎ་ཨ་ཡུ་ཥེ་ཧཱུྃ་ཨ་ཨི་དཾ༴ ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ་ཨི་དཾ༴ ཨོཾ་མ་ཧཱ་རཱ་ཛཱ་ཡཀྴ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱི་ཛ་ཛཿཨི་དཾ༴ ཨོཾ་ནཱ་ག་ནཱི་བྷ་སུ་ཏེ་སཱུ་ཏྲ་པདྨ་སྭཱ་ཧཱ་ཨི་དཾ༴ ཨོཾ་བྷྱོ་ཏཀྵ་བྷྱོཿཨི་དཾ༴ ཨོཾ་བཻ་ཤྲ་ཝ་ཎཱ་ཡེ་ན་ད་ཀུ་བཻ་རཱ་མ་ཧཱཿ བྷ་ག་བཻ་ཏྲི་ཏ་བི་ན་ཏེ་ན་མ་སིདྡྷི་སྭཱ་ཧཱ་ཨི་དཾ༴ ཨོཾ་བྷ་སུ་བྷ་དྲཱ། པཱུརྞ་བྷ་དྲཱ། ས་བྷུ་ཏ་ཛྷཾ་ན། ཀནྟ་རི་སྡྱ་ཏ། བྷ་ཝ་ཥོ་ནི་ར་སྭཱ་ཧཱ་ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུྃ། དྷེ་ཝ་བྷ་ཏི་ཧཱུྃ་ཕཊ་ཨི་དཾ༴ མ་ཧཱ་ཀཱ་ལ་དྷི་དྷ་ཧི་ལུ་ས་མ་ཡ་ཧཱུྃ་ཧཱུྃ་རནྟ་སིདྡྷི་ཧོཿཨི་དཾ༴ ཨོཾ་ཧྲཱིཿཨ་པ་ར་ཙིཏྟ་ཛ་ཛཿཨི་དཾ༴ ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་དྷ་རི་ནི་ཨི་དཾ༴ ཨོཾ་དྷེ་ཝ་ནཱ་ག་ཡཀྴ་ཤུ་ལ་མ་མ་བྷི་བྷུ་ཡ་མ་དུ་ཏྲི་ཛཾ་བྷ་ལ་ཡེ་སྭཱ་ཧཱ་ཨི་དཾ༴ ཏྲི་འུ་ཏྲི་འུ་ཨི་དཾ༴ ཨོཾ་ཨི་ལིང་ཀི །པི་ལིང་ཀི །ཀི་ལིང་ཀི །ཨ་ན་ལེ། ཀུན་དྷ་ལེ། གྷྲིཧྣ་པིཎྜ་ལི། པི་ཤཱ་ཙི་ན་ཡེ། ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱཿཨི་དཾ༴ ཨོཾ་སརྦ་ཡཀྵ་ཡཀྵི་ཨི་དཾ༴ ཨོཾ་སརྦ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། འཕགས་པ་ཛཾ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔ། ཛམ་དམར་ནོར་སྐྱུག་ཕོ་མོ། ཁྲོ་ཞིང་སྒེག་པའི་ཛཾ་བྷ་ལ། ཛམ་སེར་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ། ཛམ་སེར་ནོར་རྒྱུན་མ་ཡབ་ཡུམ། ཛམ་བྷ་ལ་རིགས་དགུ་རིགས་ཐམས་ཅད་པ། རྣམ་སྲས་རིགས་དགུ་རིགས་ཐམས་ཅད་པ། ནོར་ལྷ་ཕོ་བརྒྱད་མོ་བརྒྱད། ལྷ་མོ་ཆེན་མོ་དཔལ། གནོད་སྦྱིན་ཨ་པ་ར་ཙིཏྟ། གནོད་སྦྱིན་གང་པོ་དང་མཛེས་མ། ནོར་བདག་ཡེ་ཤེས་གྲགས། གནོད་སྦྱིན་ཕག་དོང་མ་མཆེད་ལྔ། ཀུན་འཁྱིལ་མ་སྤུན་གསུམ། འབྲོག་གནས་མཆེད་ལྔ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། ལྗོངས་ཆེན་གནས་པ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། གནོད་སྦྱིན་བུ་མོ་ཡིད་འཕྲོག་ནོར་བུ་མ་ལྔ་བརྒྱ། ཀླུ་མོ་པདྨའི་གཙུག་ཕུད་མ་ལ་སོགས་འཕགས་པ་གནས་སྲུང་གི་བཙུན་མོ་ལྔ་བརྒྱ། ཀུན་ཏུ་རྒྱལ་བ་ལ་སོགས་སྲས་ལྔ་བརྒྱ། སྲས་མོ་ལྔ་བརྒྱ། འཁོར་གནོད་སྦྱིན་བྱེ་བ་དྲུག་ཅུ་དྲུག་ཅུའི་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །མཉེས་ཤིང་ཚིམས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་དང་མངའ་ཐང་། ནོར་དང་ལོངས་སྤྱོད་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་། བཀྲེ་སྐོམ་མུ་གེ་ལོ་ཉེས་ཕྱུགས་ནད་གོད་ཁ་སྙིང་སྟོང་ཐམས་ཅད་ཞི་བ་དང་ཟློག་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུར་བསྟན་ཛཾ་བྷ་ལ། །དྲན་པ་ཙམ་གྱིས་དབུལ་ཕོངས་སེལ། །ཛམ་ལྷ་འཁོར་བཅས་ཕྱག་འཚལ་བསྟོད། །ཐོག་མེད་སེར་སྣའི་ལས་བསགས་རྣམས། །མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག །དབུལ་ཕོངས་ཐམས་ཅད་ཞི་བ་དང་། །དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས། །འདོད་རྒུའི་སྣང་སྲིད་དབང་དུ་སྡུས། །སྙིགས་དུས་མུ་གེའི་བསྐལ་པ་ཟློགས། །ཐུགས་དམ་དུས་བབ་ས་མ་ཡ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །བསྡུ་ན་དེ་ཡན་གྱིས་ཆོག་ལ། ༈ རྒྱས་པར་བྱེད་ན་འདི་སྦྱར་རོ། །ཧཱུྃ། མཆོད་ཡོན་བསིལ་ཟེར་ཁེངས་པའི་ག་པུར་ཏེ། ཁྲུས་ཆབ་སྦྲུལ་གྱི་སྙིང་པོའི་རྫས་ལྡན་རྫིང་། །མེ་ཏོག་འཇའ་མདངས་སོ་སོར་ཕོན་བྱས་པ། །བདུག་སྤོས་ཡོངས་འདུའི་དྲུང་ནས་འཐུལ་བའི་ངད། །མར་མེ་ཉིན་མོར་བྱེད་པའི་གཟུགས་གསར་པ། །བྱུག་པ་ཡིད་འོང་ལྷ་ཡི་ཆུ་བོའི་རྒྱུན། །ཞལ་ཟས་བདུད་རྩིའི་རྩེར་ཐོན་རོ་བརྒྱ་པ། །རོལ་མོ་ཡན་ལག་འབུམ་ལྡན་སྙན་པའི་སྒྲ །རེ་རེའང་མཆོད་པའི་ཡོ་བྱད་མ་ལུས་པས། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཀུན་བཀང་ཞིང། །ཐམས་ཅད་ཚོགས་ཀྱང་དོག་པ་མ་མཆིས་པའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་འབུལ་ལོ། །ཧཱུྃ། བརྟན་གཡོ་བཀོད་པ་རྒྱ་མཚོའི་དཀྱིལ་ཆེན་པོར། །ཀླུ་དབང་རིན་ཆེན་ཐམས་ཅད་ལེགས་པར་བསྟར། །མཐོ་རིས་འབྱོར་པ་ལྷུན་དུ་ཆགས་པའི་རྩེར། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་ཟློས་གར་སྒྱུར། །གཏེར་བུམ་མ་རྨོས་སྙེ་མ་བརྡལ་བའི་སར། །མཐའ་བཞི་རྣམ་གནོན་རྒྱལ་སྲིད་སྣ་བདུན་བཤམས། །དཔག་བསམ་ནགས་སུ་འདོད་འཇོ་བ་ཡི་ཁྱུ། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་བསྒྲེང་བའི་ཕྱིར། །བསམ་འཕེལ་མཐུ་སྟོབས་རྔམ་བརྗིད་འགྱིང་བ་དང་། །གཞན་ཡང་སྲིད་ཞིའི་ཚར་དུ་དངར་བ་ཡི། །དབང་ཕྱུག་ཆེན་པོའི་ལོངས་སྤྱོད་མ་ལུས་པ། །མི་འཛད་ནམ་མཁའི་མཛོད་དུ་འབུལ་གྱིས་བཞེས། །ཞེས་མཆོད་པ་རྒྱ་ཆེན་ཡིད་ཀྱིས་སྤྲུལ་ཏེ་མཆོད་ནས། ཇོ་བོ་རྗེས་ཞལ་གཟིགས་དུས་བསྟོད་པའི་རྒྱ་གཞུང་བྱིན་རླབས་ཅན་ནི། ཨེ་མ་ཧོ། འཇིག་རྟེན་དབང་ཕྱུག་ནོར་བདག་སྐུར་སྤྲུལ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་གྱེན་བརྫེས་ནོར་བུའི་བརྒྱན། །ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱི་ན་བཟས་བཀླུབས། །ཕྱག་གཡས་བེ་ཅོན་འཛིན་པས་འཇིག་རྟེན་དབང་དུ་སྡུད། །གཡོན་པས་ནེའུ་ལེ་འཛིན་པས་ལོངས་སྤྱོད་ཆར་བཞིན་འབེབ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་འབྲུག་ལ་འཆིབ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊྭཱཾ་བསྣམས་པ་ནི། །ཉིད་ཀྱི་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ་མཆོག་མཚོན། །སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་པ་ཞི་ཁྲོའི་ཚུལ། །ཡིད་ལ་རེ་བའི་འབྲས་བུ་སྦྱིན་ལ་ཕྱག་འཚལ་བསྟོད། །ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་ནོར་བུ་གཡོན་པས་རིན་ཆེན་བུམ་པ་འཛིན། །དབྱིག་གི་ཆར་འབེབ་རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ནུབ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ །པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་པདྨ་གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས། །འགྲོ་རྣམས་དབང་སྡུད་པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྒྱ་གྲམ་གཡོན་པས་ནེའུ་ལེའི་རྐྱལ་བུམ་བསྣམས། །ལས་ཀུན་འགྲུབ་བྱེད་སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །མགོན་པོ་ནམ་མཁའི་མདོག་ཅན་ནོར་གྱི་ཆར་འབེབ་པ། །མ་སྐྱེས་རང་བཞིན་དག་ཕྱིར་སྐུ་མདོག་སྔོན་པོར་བཞུགས། ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དོ་བདག་དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུའི་ཚིམ་པར་མཛོད། ༈ །བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུད། །གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུད། །རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུད། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན། །འགྲོ་ཀུན་རེ་སྐོང་ཡིད་བཞིན་རིན་ཆེན་དང་། ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས། །གཡས་ཀྱི་དང་པོ་བར་པས་བསྣམས་པར་མཛད། །རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབ། །རྣམ་མང་རིན་ཆེན་ནོར་གྱི་ཆར་འབེབ་པས། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བཀླུབས། །སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད། །མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཅེས་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་མའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ངལ་གསོ་དགེ་བ་སྟོབས་ཆེན་ལུས་ངན་པོ། །གཡུ་མདོག་གོ་དང་རྒྱན་ཆ་དར་གྱིས་བཀླུབས། །རྒྱལ་མཚན་ནེའུ་ལེ་འཛིན་ཅིང་སེང་གེའི་ཁར། །ཕྱེད་སྐྱིལ་བརྗིད་ཆགས་གནོད་སྦྱིན་མཐུ་བོ་ཆེ། །བཙུན་མོ་ནང་བློན་མངག་གཞུག་སྡེར་བཅས་པ། །མི་འཛད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཕྱིར། ཁྱོད་ལ་འདུད་ཀྱིས་དཔག་བསམ་ཡོངས་འདུ་བཞིན། །བསམ་པའི་རེ་བ་གང་བའི་མཆོག་སྦྱིན་མཛོད། །ཧཱུྃ། བཾ་ལས་གྱུར་པའི་གནོད་སྦྱིན་མོ། །གསེར་གྱི་མདོག་འདྲ་གཡས་གྲི་གུག །གཡོན་པས་ཐོད་ཁྲག་ལེགས་བསྣམས་ཤིང་། ཁ་ཊྭཱཾ་ག་ལ་རབ་ཏུ་འཁྱུད། །ཕག་གི་གདོང་ཅན་མུ་ཏིག་བརྒྱན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །རང་འདྲའི་འཁོར་བཞི་བཅས་ལ་བསྟོད། །མཆོད་པས་མཉེས་ནས་འདོད་པའི་དོན། །ཆར་རྒྱུན་བཞིན་དུ་སྟེར་བར་མཛོད། །འཇའ་ཚོན་པའི་གཏེར་མ་འོ། །དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ། །སྣ་ཚོགས་འཛད་མེད་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་འཛད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །གཏོར་མ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་བསྒྲུབ་པའི་གྲོགས་ཀྱི་ཕྱིར། །སྦྱིན་དང་བསམ་པ་ཚོགས་ཀྱི་རྫས། །སྒྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །ཀླུ་སྒྲུབ་ཀྱིས་མཛད་སྣ་ཚོགས་རང་གྲོལ་གཏེར་མའོ། །ཧཱུྃ། གནོད་གནས་དབང་པོ་ཨཱརྱ་ཛཾ་བྷ་ལ། །དཀར་སེར་དམར་ལྗང་སྔོ་དང་ཁྲ་བའི་མདོག །ཞལ་གསུམ་ཕྱག་དྲུག་ཞལ་གཅིག་ཕྱག་གཉིས་སོགས། །ཆ་ལུགས་སྣ་ཚོགས་ཕྱག་མཚན་སྣ་ཚོགས་ཅན། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ཛམ་ལྷའི་ཡབ་གྱུར་སེམས་དཔའ་རིན་ཆེན་མང་། །དཀར་པོ་ལྕགས་ཀྱུ་བུམ་བསྣམས་སེང་གེ་འཆིབ། །སྔོན་པོ་ཞལ་གསུམ་ཕྱག་དྲུག་ཀླུ་མོ་འཁྲིལ། །ནག་པོ་དོར་སྟབས་མཆོད་རྟེན་བ་དན་ཕྱར། །དམར་ནག་རལ་གྲི་མདའ་དར་རྟ་སྔོན་ཅན། །དམར་པོ་ཟངས་རལ་ཕུབ་བསྣམས་རྟ་སྔོན་འཆིབ། །སྐག་མདོག་བཞེངས་སྟབས་མདུང་དམར་མཆོད་རྟེན་བསྣམས། །དམར་མཛེས་བཞེངས་སྟབས་ཕྱག་གཉིས་དུང་སྒྲ་སྒྲོག །སྔོ་ལྗང་རལ་གྲི་ནེའུ་ལེ་རྟ་སྔོན་འཆིབ། །རི་རབ་ཕྱོགས་མདོག་བཞེངས་སྟབས་བཞུགས་པ་སོགས། །འདོད་དགུར་བསྒྱུར་བའི་ལུས་ཅན་ཁྱོད་ལ་བསྟོད། །ཛམ་ལྷའི་མེས་པོ་དྲང་སྲོང་རྣམ་མང་ཐོས། །ཛམ་ལྷའི་ཕྱི་མོ་ལྷ་མོ་དཔལ་ཆེན་མོ། །དཔལ་ལྡན་མ་དང་དཀར་མོ་བཀྲ་ཤིས་མ། །པདྨའི་ཕྲེང་བ་ཅན་དང་པདྨའི་སྤྱན། །ནོར་གྱི་བདག་མོ་གྲགས་པ་ཆེན་མོ་དང་། །རིན་ཆེན་རབ་སྦྱིན་མ་དང་ཟས་སྦྱིན་མ། །བྱེད་པ་མོ་དང་འོད་ཟེར་ཆེན་མོ་སྟེ། །བཅུ་གཉིས་མཚན་ལྡན་མ་ལ་ཕྱག་འཚལ་བསྟོད། །ཛམ་ལྷའི་ཡུམ་ནི་པདྨ་གཙུགས་བདེ་མ། །དམར་སེར་ནོར་བུ་པད་སྣོད་ཞལ་ཟས་བསྣམས། །བཙུན་མོ་ལྔ་བརྒྱ་གནོད་སྦྱིན་བུ་མོ་ནི། །ཡིད་འཕྲོག་ལྔ་བརྒྱའི་ཚོགས་དང་བཅས་ལ་བསྟོད། །ཛམ་ལྷའི་མཆེད་ཀྱི་མཆོག་གྱུར་གར་མཁན་མཆོག །མདོག་སྨུག་གཡུ་འབྲུག་ལ་འཆིབ་བཅོ་བརྒྱད་ཕྱག །ཀུན་ཏུ་རྒྱལ་བ་ལ་སོགས་ལྔ་བརྒྱར་བཅས། །སྨུག་འཛིན་མཆེད་ལྕམ་ལ་སོགས་བསྟོད་པར་བགྱི། །ཛམ་ལྷའི་བཙུན་མོ་ལྷ་མོ་ནོར་རྒྱུན་མ། །ཟླ་འོད་མ་དང་ཤིན་ཏུ་བཟང་མོ་དང་། །ཆུ་ཤེལ་མ་དང་འཕགས་མ་སྦས་མ་དང་། །སོ་ལེགས་མ་དང་ལྷ་མོ་དབྱངས་ཅན་མ། །ནོར་ལྷ་མོ་དགུ་འཁོར་དང་བཅས་ལ་བསྟོད། །ཛམ་ལྷའི་བཀའ་བློན་ནོར་སྲུང་ཆེན་པོ་བརྒྱད། །ནོར་བུ་བཟང་པོ་གང་བ་བཟང་པོ་དང་། །ཀུ་བཻ་རཱ་དང་གནོད་སྦྱིན་དམར་པོ་དང་། །ཀི་ལི་མཱ་ལི་པི་ཙི་ཀུཎྜ་ལཱི། །མུ་ཁེན་དྲཱ་དང་ཙ་རྱན་དྲཱ་ལ་བསྟོད། །ཛམ་ལྷའི་བཀའ་སྡོད་འཇིག་རྟེན་ལོངས་སྤྱོད་བདག །ལྷ་དང་ཀླུ་དང་གནོད་སྦྱིན་ཛཾ་བྷ་ལ། །གཤིན་རྗེ་བཙན་དང་མ་མོ་ཛཾ་བྷ་ལ། །བདུད་དང་དྲང་སྲོང་ཉི་ཟླའི་ཛཾ་བྷ་ལ། །ཕྱུགས་ལྷ་ལྗང་གུར་བཅས་ལ་མཆོད་ཅིང་བསྟོད། །ནོར་བུ་བཟང་པོ་དུང་མདོག་ལུག་གི་གདོང་། །གང་བ་བཟང་པོ་གསེར་མདོག་རྟ་ཡི་གདོང་། །སྲིད་སྤངས་ཟངས་མདོག་ར་ཡི་གདོངས་པ་ཅན། །རྒྱལ་བ་ཁྱུ་མཆོག་གཡུ་མདོག་གླང་ཆེན་དབུ། །ཡང་དག་ཤེས་ནི་མཐིང་མདོག་ཤ་བའི་གདོང་། །འབྲོག་གནས་མཆེད་ལྔ་འཁོར་བཅས་མཆོད་ཅིང་བསྟོད། །ཨ་པར་ཙིཏྟ་བང་མཛོད་གཉེར་ཁ་བ། །གང་པོ་མཛེས་མ་མངག་གཞུག་ཁོལ་པོ་སྟེ། །མྱུར་མགྱོགས་ཕོ་ཉ་ནོར་བདག་ཡེ་ཤེས་གྲགས། །ཛམ་ལྷའི་འཁོར་གཡོག་བྲན་དང་བཅས་ལ་བསྟོད། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཉི་ཤུ་བརྒྱད། །ལྗོངས་གནས་བཅུ་དྲུག་སྟོབས་ཆེན་སུམ་ཅུ་གཉིས། །ཡུལ་སྐྱོང་ལྔ་བརྒྱ་གནོད་སྦྱིན་འཁོར་གྱི་ཚོགས། །བྱེ་བ་དྲུག་ཅུ་དྲུག་ཅུ་ཚོགས་དང་བཅས། །སྡེ་བོ་ཆེ་ལ་དཔུང་ཆེ་དྲག་ཤུལ་ཆེ། ཁ་དོག་ལྡན་ཞིང་འོད་དང་གཟི་བརྗིད་ཆེ། །གཞན་གྱིས་མི་ཐུབ་ཕ་རོལ་དཔུང་འཇོམས་པ། །འཕགས་པ་གནོད་གནས་དབང་པོ་འཁོར་བཅས་ལ། །མཆོད་དོ་བསྟོད་དོ་མཆོད་བསྟོད་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་སྲུང་བྱ་འཁོར་བཅས་ལ། །ཕྱུགས་ནད་གོད་ཁ་ཐམས་ཅད་ཟློག་ཏུ་གསོལ། །སྐལ་ངན་མུ་གེ་ཐམས་ཅད་ཟློག་ཏུ་གསོལ། །ཕྱ་གཡང་བསོད་ནམས་ཉམས་པ་ཟློག་ཏུ་གསོལ། །དབང་ཐང་རླུང་རྟ་རྒུད་པ་ཟློག་ཏུ་གསོལ། །གཏོར་བརླག་ཚོང་ཉེས་སྙིང་སྟོང་ཟློག་ཏུ་གསོལ། །བསེ་རག་ལྟོག་འགོང་དབུལ་སྲི་ཟློག་ཏུ་གསོལ། །རྟ་ནད་རྟིལ་སྲི་ཐམས་ཅད་ཟློག་ཏུ་གསོལ། །ལུག་ནད་ཏལ་འབྲུམ་ཐམས་ཅད་ཟློག་ཏུ་གསོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཇ་དར་ལོངས་སྤྱོད་དངོས་གྲུབ་བསྩལ་དུ་གསོལ། །གསེར་དངུལ་རིན་ཆེན་དངོས་གྲུབ་བསྩལ་དུ་གསོལ། །རྟ་དྲེལ་བཞོན་པའི་དངོས་གྲུབ་བསྩལ་དུ་གསོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རྒྱུད་འཛིན་མི་ཡི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་དང་འབྱོར་པ་རྒྱས་པའི་དངོས་གྲུབ་སྩོལ། །མངའ་རིས་འཁོར་འབངས་རྒྱས་པའི་དངོས་གྲུབ་སྩོལ། ཁས་དྲག་སྟོབས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །འདི་ནས་གཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མི་འཛད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ནས། །འཕགས་པ་མཆོད་དང་དབུལ་ཕོངས་སྐྱོབ་བྱེད་ཅིང་། །སྦྱིན་པའི་ཕར་ཕྱིན་མྱུར་དུ་རྫོགས་པ་ཡི། །ཕྲིན་ལས་མཛད་ཅིང་སྔོན་གྱི་ཐུགས་དམ་དགོངས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཛཾ་བྷ་ལའི་རྒྱུད་གནོད་གནས་དབང་པོའི་རྟོགས་བརྗོད་ལས། བཅོམ་ལྡན་འདས་ཀྱིས་བཀལ་བསྩལ་པ། དགེ་བའི་རྩ་བ་མ་གསག་པའི་རྣ་བའི་ཁུང་བུར་ཐོས་ཤིང་གྲགས་པར་མི་འགྱུར། གཞན་ཡང་དགེ་བའི་རྩ་བ་མ་གསག་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་། འབྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར། སེམས་ཅན་གང་གིས་སྙིང་པོ་འདི་འཛིན་པ་དང་རྗེས་སུ་གཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་། ཡིད་མི་བདེ་བ་དང་། ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར། །ལྷ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །ཞེས་དང་། གནོད་གནས་རྒྱལ་བར་བརྗོད་པ་ལས། མདོར་ན་འདི་ལས་གཞན་པའི་དེ་བཞིན་གཤེགས་པ་གཞན་མེད། འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཛམ་དཀར་སྒྲུབ་ཐབས་རྗེ་དཀོན་མཆོག་ཡན་ལག་གི་མཛད་པ་དང་། ཛམ་དམར་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་མ་གཉིས་གཙོ་བོར་བྱས། རྡོ་རྗེ་ཕྲེང་བ། སྒྲུབ་ཐབས་བརྒྱ་རྩ་སོགས་བཀའ་གསར་རྙིང་ཐམས་ཅད་ཀྱི་དོན་བསྡུས་ཏེ། ལོ་ཉེས་དང་ཕྱུགས་ནད་ཆེན་པོས་མུ་གེའི་བསྐལ་པ་དར་ལ་ཉེ་བའི་ཚེ། དགེ་སློང་བསོད་སྙོམས་པ་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་མི་འཛད་ནམ་མཁའི་མཛོད་ལ་སྤྱོད་པར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།དེ་ནས་ནོར་ལྷ་སྤྱི་ཡི་གཏོར་མ་ནི། ཟླུམ་ལེབ་དཀར་པོའི་སྟེང་དུ་ནོར་བུའི་དབྱིབས། །དེ་ཉིད་པད་འདབ་ཀྱིས་ནི་བསྐོར་བར་བྱ། །དབང་སྡུད་ཡིན་ཕྱིར་གཏོར་མའི་མདོག་ནི་དམར། །གདན་ཟླུམ་མེ་ཏོག་པད་འདབ་བཅུ་དྲུག་བྱ། །ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དཀྱིལ་འཁོར་ཚངས། །ནང་རིམ་མར་སྐུད་ཟུར་གཉིས་མར་གྱིས་ཤན། །སེན་མོས་ཤད་པ་ནོར་བུའི་མེ་རི་མཚོན། །ཟུར་གཉིས་མར་རྒྱང་མང་དུ་བཙུགས་པ་ལ། །མར་ཐུད་རིལ་བུ་མེ་ཏོག་ཕྲེང་བས་བརྒྱན། །རིལ་བུ་རྣམས་ནི་ནོར་བུའི་ཆར་འབེབ་ཚུལ། །མེ་ཏོག་དཔག་བསམ་ཤིང་དང་སྐྱེད་མོས་ཚལ། །འདི་ལ་ཤ་རྒྱན་རུང་དང་མི་རུང་བ། །ལྷ་གྲངས་མང་ཕྱིར་ཤ་རྒྱན་མི་བྱ་འོ། །འདི་ནི་སྔོན་གྱི་སྔགས་རྒན་ཐམས་ཅད་ཀྱིས། །གཡང་སྐྱབས་གཏོར་མའི་ཕྱག་ལེན་རྙིང་པ་ཡིན། །འདི་ནི་ཛམ་ལྷ་རིགས་དགུ་ནོར་རྒྱུན་མ། །དེ་སོགས་ནོར་ལྷའི་རིགས་གྱུར་ཀུན་ལ་བསྔོ། །འཇའ་ཚོན་ལུགས་དང་གནམ་ཆོས་ལུགས་ལ་སོགས། །འགྲུབ་སྦྱོར་ཡོད་དུས་གཡང་སྐྱབས་འདོན་པ་ན། །འདིས་ཆོག་ལོགས་སུ་བཅའ་ཚོགས་མི་དགོས་སོ། །ད་ནི་བཞི་བཅུ་ཁ་རལ་སུམ་ཅུར་ཉེ། །སུམ་ཅུ་པ་ལ་མུ་གེའི་བསྐལ་པ་འབྱུང་། །གསུངས་ཕྱིར་འདི་ཉིད་ཤིན་ཏུ་གལ་ཆེན་ཡིན། །ཅེས་པ་རཱ་གཱ་ཨ་སྱས་སྦྱར་བ་འོ། །སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་ལམ་ཐུགས་ཀྱི་ནོར་བུའི་ལས་བྱང་གྲུབ་གཉིས་འདོད་འཇོ་ (Volume 9, Text 26)

༄༅། །ཟབ་ལམ་ཐུགས་ཀྱི་ནོར་བུའི་ལས་བྱང་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཟབ་ལམ་ཐུགས་ཀྱི་ནོར་བུའི་ལས་བྱང་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ། འོད་དཔག་མེད་མགོན་བདེ་ཆེན་གར་གྱི་དབང་། །མཚོ་སྐྱེས་རྡོ་རྗེ་འཆང་ཆེན་ཐོད་ཕྲེང་རྩལ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་ཆུ་ཟླ་བཞིན། །མངོན་པར་སྣང་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་ཚད་མེད་ཐུགས་རྗེ་སྐལ་བཟང་འགྲོར། །རྗེས་ཆགས་ཟབ་གཏེར་ནམ་མཁའི་མཛོད་སྒོ་ལས། །གྲུབ་གཉིས་འདོད་འཇོའི་ལས་གཞུང་དབང་གི་རྒྱལ། ཁྲིགས་བསྡེབས་རྒྱལ་མཚན་རྩེ་ན་མཆོད་འདི་འོ། །དེ་ཡང་གཏེར་གཞུང་རྩ་བ་ལས། ཇི་སྐད་དུ། དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་རྣམས༔ གཙང་ལྡན་བག་དྲོ་རྒྱ་ཆེར་མཛེས་པར་བཤམ༔ སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་པ་དང༔ བགེགས་ལ་བཀའ་བསྒོ་མཚམས་གཅོད་མཆོད་བྱིན་བརླབ༔ བསྐྱེད་རིམ་གསལ་བཏབ་སྤྱན་འདྲེན་མཆོད་ཅིང་བསྟོད༔ ཛཔ྄་བཟླས་ཚོགས་མཆོད་ཐུགས་དམ་བསྐང་ཞིང་བསྐུལ༔ ཆད་ཐོ་བརྟན་སྐྱོང་རྟ་བྲོས་གཟིར་ཞིང་མནན༔ བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་དེ༔ དེ་དག་རྩ་བའི་ཆིངས་ཀྱི་རིམ་པ་འོ༔ ཞེས་གསུངས་པ་བཞིན་སྒྲུབ་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ཡང་ཡོ་བྱད་འདུ་བྱ་བ་དང་། ཆོ་གའི་སྦྱོར་བའོ། དང་པོ་ནི། དཀྱིལ་འཁོར་འདིར་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ། སྟེང་ལོགས་རྣམས་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱ། སྟེགས་བུ་གཙང་མར་གཏོར་མ་སྨན་རཀ་ཉེར་སྤྱོད་ལྔ་སོགས་ཕྱི་ནང་གི་མཆོད་པའི་ཚོགས་དང་། ཇི་ལྟར་བདེ་བར་ཚོགས་རྫས་རྔ་སིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་ལྟར་ཚང་བར་བཤམ་མོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལྔའི་དང་པོ་སྐྱབས་སུ་འགྲོ་བ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་གནས་པས་འདུག་སྟེ། རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སད་པར་བྱས་ནས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་བདག་ཉིད་ཅན༔ རྩ་གསུམ་ཞི་ཁྲོ་ཀུན་འདུས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱའོ་སྙམ་པས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཐུགས་ཀྱི་ནོར་བུ་བསྒྲུབས་ནས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་བཞིས༔ འགྲོ་དོན་བྱེད་པར་དམ་བཅའ་འོ༔ ཞེས་ལན་གསུམ། གཉིས་པ་བདུན་རྣམ་དག་ནི། སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཞིང་དུ་བྱས་ནས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ བླ་མེད་དོན་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ལན་གསུམ་གྱིས་རྒྱུད་སྦྱངས་ནས་ཚོགས་ཞིང་རྣམས་རང་ལ་བསྟིམ། གསུམ་པ་བགེགས་ལ་བཀའ་བསྒོ་བ་ནི། བགེགས་གཏོར་བཤམས་ནས། རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ་ཨ་ཀཱ་རོས་བསྔོས་ཏེ། ཧཱུྃ་ཧྲཱི༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ ཆོས་དབྱིངས་ངང་ལས་རང་བྱུང་བཀའ་བྱུང་ཞིང༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་འདེབས་འཚལ་བས༔ འཁྲུལ་སྣང་ཡིད་ཀྱི་གདོན་བགེགས་འབྱུང་པོའི་ཚོགས༔ འདོད་ཡོན་མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལ༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་འགལ་རྐྱེན་བར་གཅོད་ན༔ བདག་ཉིད་དཔལ་ཆེན་འབར་བའི་ཐུགས་ཁྲོས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་པས་རྫས་སྤོས་དུད་རོལ་མོར་བཅས་པའི་ཚམ་རྔམ་གྱིས་བགེགས་བསལ་ནས། བཞི་པ་མཚམས་བཅད་པ་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་དང་མཚོན་ཆ་སྣ་ཚོགས་པའི་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པ། རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་འཁྲིགས་ནས་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་། ཧཱུྃ༔ ཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདི༔ ཡེ་ནས་རྣམ་དག་ལྷ་ཡི་དཀྱིལ་འཁོར་ཏེ༔ འཁྲུལ་པ་བགེགས་ཀྱི་བར་གཅོད་དབྱིངས་སུ་དག༔ ཕྱོགས་དང་ཕྱོགས་བྲལ་འོད་ལྔ་འཇའ་ཟེར་གཏིབས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་རཀྵ་མཎྜ་ལ་ཧཱུྃ༔ ཞེས་མཚམས་བཅད་དོ། །ལྔ་པ་འདོད་ཡོན་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། མཆོད་རྫས་རྣམས་ཀྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་གི་རང་རྩལ་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང་། ཕྱི་ནང་གསང་བའི་མཆོད་པ་འདི་དག་རྣམས༔ ཡེ་ནས་རྣམ་དག་མི་གཙང་མི་མངའ་ཡང༔ ཀུན་རྫོབ་སྒྱུ་མའི་མ་དག་ཉེས་སྐྱོན་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་དྲི་མ་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་བྱས་ནས༔ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ རྩ་གསུམ་ལྷ་ཚོགས་ཟག་མེད་དགྱེས་སྐོང་བའི༔ ཁ་དོག་དྲི་རོ་ཕུན་ཚོགས་རྨད་བྱུང་བ༔ བླ་མེད་མཆོག་གི་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་ཨཱཿབཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ་པཱུ་ཛ་ཧཱུྃ་ཧོ༔ ཞེས་བརྗོད་ཅིང་རོལ་མོ་བྱའོ། ཁྱད་པར་བདུད་རྩི་ལ། རཾ་ཡཾ་ཁཾ་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཧྲཱི༔ དུང་ཆེན་བྱང་སེམས་དབྱིངས་དང་མཉམ་པའི་ནང༔ ཉོན་མོངས་ལྔ་དག་རང་བྱུང་ཡེ་ཤེས་ལྔ༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིའི་མཚོ༔ ལྷ་རྣམས་དགྱེས་པ་བསྐྱེད་པའི་བཅུད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་ནམ་ཉེར་གཅིག་བཟླ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་བསམས་ལ། ཨ༔ དབྱིངས་ཀྱི་རང་བཞིན་སྟོང་ཉིད་བྷནྡྷ་རུ༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་འཁྱིལ༔ དབྱིངས་ཡེ་དབྱེར་མེད་ཟུང་འཇུག་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་བཟླ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་གཞོང་སྣོད་ཀྱི་འཇིག་རྟེན་ཡངས་པར་གཏོར་རྫས་བཅུད་ཀྱི་སེམས་ཅན་རང་བཞིན་རྣམ་པར་དག་པ་འདོད་ཡོན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམས་ལ། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ བཅུད་ཀྱི་སྐྱེ་འགྲོ་འདོད་ཡོན་གཏོར་མར་སྦྱར༔ བག་ཆགས་སྐྱོན་བྲལ་འདོད་དགུའི་ཕུང་པོར་སྤར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུན་བཟླའོ། །དེ་དག་ནི་སྔོན་འགྲོའོ། །དྲུག་པ་དཀྱིལ་འཁོར་བསྐྱེད་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བ་དེ་བཞིན་ཉིད་ཀྱི་ངོ་བོར་ཡེ་ནས་དག་པ་ལ་བློ་བཞག་སྟེ། ཨོཾ༔ ཆོས་ཀུན་གཟོད་ནས་ཡོངས་བྱང་ཀ་དག་ཀློང༔ སྟོང་ཞིང་བདག་མེད་བརྗོད་པའི་ཡུལ་ལས་འདས༔ དེ་བཞིན་ཉིད་ཀྱི་གཤིས་ལུགས་དེའི་དབྱིངས་ནས༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོའི་རང་རྩལ་འགག་མེད་དུ་སྦྱངས་ནས། ཨཱ༔ མཁའ་ལས་སྤྲིན་བཞིན་དེ་ཉིད་མ་རྟོགས་པའི༔ མཁའ་ཁྱབ་འགྲོ་ལ་བཟོད་མེད་སྙིང་རྗེ་ཤར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་རིག་ཡེ་ཤེས་ཀྱི་སྣང་ཆ་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བར་བསམ་ཞིང་། ཧཱུྃ་ཧྲཱི༔ སྟོང་དང་སྙིང་རྗེ་ཟུང་འཇུག་རིག་པའི་རྩལ༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་འཇའ་ལྟར་གསལ༔ དེ་ལས་དབྱིངས་ཀྱི་ནམ་མཁའ་མཐའ་བྲལ་དབུས༔ རིག་རྩལ་ལུག་རྒྱུད་ཐིག་ལེ་ཐིག་ཕྲན་འཕྲོས༔ ཡེ་ཤེས་མེ་དཔུང་རྡོ་རྗེའི་གུར་ཁང་ཀློང༔ ཐར་པ་ཆེན་པོའི་གཞལ་ཡས་ཕ་མཐར་བརྡལ༔ གྲུ་བཞི་སྒོ་བཞི་རྟ་བབ་མཚན་ཉིད་རྫོགས༔ ནམ་མཁའི་དབྱིངས་སུ་ལྔ་ལྡན་འཇའ་ལྟར་གསལ༔ དེ་དབུས་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི༔ ལྟེ་བར་རང་རིག་དབང་ཆེན་ཧེ་རུ་ཀ༔ བསྐལ་པའི་མེ་འབར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་འགྱིང་སྟབས་ཅན༔ ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་བཅུད་གཡོན་གྱི་པུས་སྟེང་འཛིན༔ རྟ་སྐད་རྔམ་སྒྲོག་བགེགས་དང་བར་གཅོད་འདུལ༔ དུར་ཁྲོད་ཆས་བརྒྱན་གཡོན་བརྐྱང་བདུད་བཞི་བརྫིས༔ ཐུགས་ཀྱི་བདུད་རྩི་རྒྱ་མཚོར་འཁྱིལ་པའི་ནང༔ སྙིང་རྩ་པདྨའི་སྡོང་པོ་འདབ་བཞིའི་དབུས༔ ཙིཏྟའི་གུར་ཁང་རིན་ཆེན་ཟུར་བརྒྱད་ནང༔ ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་འདུས་པའི་དཔྱིད༔ རྩ་གསུམ་ཐུགས་ཀྱི་ནོར་བུ་འདུས་པའི་ཞལ༔ པདྨ་འབྱུང་གནས་གཞོན་ཚུལ་ཞི་མ་ཁྲོ༔ དམར་གསལ་ལོ་བརྒྱད་ལང་ཚོ་ལོངས་སྐུའི་ཚུལ༔ རྡོ་རྗེ་རྩེ་ལྔ་བདུད་རྩིའི་ཀ་པཱ་ལ༔ ཟུང་འཇུག་བསྣོལ་འཛིན་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ པང་དུ་ཡིད་འཛིན་མཚོ་རྒྱལ་གཞོན་ནུ་མ༔ གུར་གུམ་ལང་ཚོ་གསར་པའི་འཇོ་སྒེག་ཅན༔ གྲི་ཐོད་འཛིན་པས་བདེ་སྟོང་མཉམ་པར་སྦྱོར༔ རྗེས་ཆགས་ཟིམ་བུའི་སྤྱན་གྱིས་ཡབ་ལ་གཟིགས༔ གཉིས་ཀ་རིན་ཆེན་རུས་རྒྱན་དར་དཔྱངས་སྤྲས༔ མདུན་དུ་བླ་མ་ཐུགས་མཆོག་རྡོ་རྗེ་སེམས༔ མཐིང་གསལ་རྡོ་རྗེ་སྙེམས་མ་ཡུམ་དང་བཅས༔ ལྷོ་རུ་བླ་མ་ཡོན་ཏན་རིན་ཆེན་འབྱུང༔ གསེར་མདོག་རིན་ཆེན་ཡུམ་ཆེན་སྐྱེད་བྱེད་མ༔ ནུབ་ཏུ་བླ་མ་གསུང་མཆོག་འོད་དཔག་མེད༔ དམར་གསལ་པདྨ་གསང་ཡུམ་ཙནྡྷ་ལཱི༔ བྱང་དུ་བླ་མ་ཕྲིན་ལས་བདེ་བ་རྩལ༔ ལྗང་གསལ་རྒྱ་གྲམ་སྒྲོལ་མ་འཁྲིལ་སྦྱོར་སྐུ༔ གཡོན་རྣམས་རང་རྟགས་མཚན་པའི་དྲིལ་བུ་དང༔ ཡུམ་རྣམས་རྡོ་རྗེ་དུང་ཆེན་བདུད་རྩིར་བཅས༔ དགྱེས་ཚུལ་ཕན་ཚུན་བདེ་སྟོང་མཉམ་པར་སྦྱོར༔ རང་འོད་ལྔ་ལྡན་ཚོམ་བུར་ཤིག་གེ་བཞུགས༔ ཀླད་ཁྱིམ་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང༔ སྲིན་པོ་བདུད་དང་རུ་དྲ་བསྒྲལ་བའི་སྟེང༔ མ་ཧཱ་གུ་རུ་ཡེ་ཤེས་ཐུགས་རྗེ་རྩལ༔ སྙིང་རྗེས་རབ་ཁྲོས་དམར་ནག་མེ་ཕྲེང་རྩལ༔ སྒེག་གཏུམ་རྡོ་རྗེ་སྡིག་པ་གཡས་གཡོན་བསྣམས༔ དབུ་གཙུག་རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཀྲོ་དྷཱི་དམར་སྨུག་གསང་བའི་ཡུམ་དང་རོལ༔ མདུན་དུ་རྡོ་རྗེ་དྲག་པོ་མཐིང་ནག་འཇིགས༔ བཛྲ་ཀྲོ་དྷཱི་ཡུམ་དང་གཉིས་མེད་རོལ༔ ལྷོ་རུ་རཏྣ་དྲག་པོ་རིན་ཆེན་ཡུམ༔ ནུབ་ཏུ་པདྨ་དྲག་པོ་རང་རིག་ཡུམ༔ གཡོན་དུ་ཀརྨ་དྲག་པོ་ཕྲིན་ལས་ཡུམ༔ དུར་ཁྲོད་ཆས་ལྡན་ཡེ་ཤེས་མེ་དཔུང་ཀློང༔ གར་དགུའི་ཉམས་ལྡན་མེ་ཡི་ཚྭ་ཚྭ་འཕྲོ༔ གསང་གནས་ཕོ་ཉ་རབ་འཇིགས་དུར་ཁྲོད་ནི༔ མེ་དཔུང་གུར་ཁང་འོད་ཀྱི་དགའ་འཁྱིལ་ཀློང༔ ཤེས་རབ་སྟོང་པའི་གདངས་ལས་རྗེ་བཙུན་མ༔ མཐིང་ནག་ཁྲོ་གཏུམ་དགྱེས་ཚུལ་ཡིད་ཙམ་འཛུམ༔ སྙན་གོང་རྟོག་མེད་ཕག་གདོང་ཕེཾ་སྒྲ་སྒྲོག༔ རྡོ་རྗེ་གྲི་གུག་ཐོད་པ་བདུད་རྩི་རོལ༔ ཁ་ཊྭཱཾ་རྩེ་གསུམ་འཁྲིལ་ཚུལ་གཡོན་བརྐྱང་གར༔ ནམ་མཁའི་གོས་ཅན་ཆུ་སྐྱེས་འོ་འཛིན་རྒྱས༔ རུས་པའི་རྒྱན་དང་མེ་ལོང་གཡེར་ཁས་སྤྲས༔ རིན་ཆེན་སྙན་ཆ་མགུར་ཆུ་དར་དཔྱང་བཅས༔ མདུན་ནས་གཡས་སྐོར་རྡོ་རྗེ་ཀརྨ་དབང༔ རིན་ཆེན་དྷཱ་ཀི་ལས་མདོག་མཚན་དཔེ་ཅན༔ བདེ་བའི་དཔྱིད་འཇོ་གྲི་ཐོད་ཁ་ཊྭཱཾ་བཅས༔ སྣང་སྟོང་འཇའ་གུར་མེ་འོད་ཀློང་དཀྱིལ་དུ༔ བདེ་སྟོང་གར་ཉམས་ཡེ་ཤེས་སྤྲོ་བར་བསྐྱེད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཧཱུྃ༔ ཞེས་པས་རིམ་གྱིས་བསྐྱེད་པ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་བསམ་མོ། །བདུན་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ནི། དེ་ལྟར་གསལ་བའི་དྭངས་མའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་མཁའ་ཁྱབ་ཀྱི་ཞིང་ནས་བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་སྤྱན་དྲངས་པར་བསམ་ཞིང་། ཧྲཱི༔ རང་བྱུང་ཐུགས་རྗེ་ལྷུན་གྲུབ་རོལ་པའི་ཀློང༔ དམ་ཡེ་གཉིས་མེད་གཤེགས་བཞུགས་མི་དམིགས་ཀྱང༔ རྩལ་སྣང་དག་པའི་ཞིང་ཁམས་སོ་སོ་ནས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ རྣམ་དག་པདྨ་འོད་ཀྱི་གཞལ་ཡས་ནས༔ རྒྱལ་ཀུན་ཐུགས་རྗེ་མ་ལུས་འདུས་པའི་སྐུ༔ སྣང་བ་མཐའ་ཡས་ཡེ་ཤེས་རོལ་པའི་གར༔ པདྨ་འབྱུང་གནས་ལྷ་ཚོགས་གཤེགས་སུ་གསོལ༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆོས་ཀྱི་དབྱིངས་ལས་ལོག་འདྲེན་གདུག་པའི་ངོར༔ སྙིང་རྗེས་ཁྲོས་པ་ཁྲོ་རྒྱལ་མེ་ཕྲེང་རྩལ༔ དབང་དྲག་ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕོ་ཉ་རབ་འཇིགས་འབར་བའི་དུར་ཁྲོད་ནས༔ རྒྱལ་བའི་ཡུམ་མཆོག་ཁྲོ་མོའི་སྐུར་སྟོན་པ༔ གསང་བ་ཡེ་ཤེས་རྗེ་བཙུན་རྣལ་འབྱོར་མ༔ ཡེ་ཤེས་མཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ༔ བདེ་གཤེགས་རྩ་གསུམ་ལྷ་ཚོགས་མ་ལུས་པ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང༔ བདག་མདུན་དཀྱིལ་འཁོར་ཆེན་པོར་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་རྣམས་ལ་དངོས་གྲུབ་སྩོལ༔ བརྒྱུད་འཛིན་མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང༔ ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ཞེས་སྙན་པའི་གདུང་དབྱངས་སྤོས་རོལ་དང་མོར་བཅས་པས་སྤྱན་དྲང་ངོ་། །བཞུགས་སུ་གསོལ་བ་ནི། ཧྲཱི༔ རང་བཞིན་ལྷུན་གྲུབ་དམ་ཚིག་སེམས་དཔའ་དང༔ ཐུགས་རྗེའི་རྣམ་འཕྲུལ་ཡེ་ཤེས་དཀྱིལ་འཁོར་ལ༔ གཉིས་མེད་དུ་མ་རོ་གཅིག་ཆོས་སྐུའི་ཀློང༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་རྟེན་ལ་ཆུ་ལ་ཆུ་བཞག་པ་བཞིན་གཉིས་མེད་དུ་བཞུགས་པར་བསམ་མོ། །ཕྱག་བྱ་བ་ནི། ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༔ གཟུགས་སྐུའི་བཀོད་པ་མ་འདྲེས་སོ་སོར་སྟོན༔ གང་ལ་ཅི་འདོད་ཕྲིན་ལས་དཔག་ཡས་པའི༔ སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ གདོད་ནས་རབ་ཞི་ཆོས་ཀྱི་དབྱིངས་ཉིད་ལས༔ ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ༔ ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པའི༔ དབང་དྲག་ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ ཤེས་རབ་སྟོང་ཉིད་བདེ་བ་ཡུམ་གྱི་མཁའ༔ ཐབས་མཆོག་སྣང་བའི་རང་བཞིན་རིག་པའི་རྩལ༔ ཐབས་ཤེས་བདེ་སྟོང་ཟུང་འཇུག་མཉམ་སྦྱོར་བའི༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ན་མཿཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་པས་ཡེ་ནས་ལྷ་བདག་དབྱེར་མེད་དུ་རྟོགས་པ་ལས་གནས་སྐབས་ཡོན་ཏན་ཁྱད་པར་ཅན་ལ་གུས་པའི་སྒོ་ནས་ཕྱག་བྱ་བའོ། །བརྒྱད་པ་མཆོད་པ་འབུལ་བ་ལས། ཕྱི་མཆོད་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་འདོད་ཡོན་མཆོད་སྤྲིན་སྤྲོ་བ་མཁའ་ཁྱབ་ཏུ་འཆར་བས་མཆོད་པར་བསམ་ཞིང་། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཞེས་མཆོད། ནང་མཆོད་ལས། བདུད་རྩིའི་མཆོད་པ་ནི། སྨན་བདུད་རྩིའི་རྒྱ་མཚོ་ལས་མཐེབ་སྲིན་ཉི་ཟླའི་གའུས་བཅུས་ཏེ་སྤྲོས་པས་ཟག་མེད་ཀྱི་བདུད་རྩི་ལྷ་རྣམས་ཀྱི་ཞལ་དུ་ཐིམ་པས་བདེ་བ་ཆེན་པོས་དགྱེས་པར་བསམ་ཞིང་། ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བདུད་རྩི་མཆོག༔ རྒྱུ་དྲུག་རྐྱེན་བཞི་འདུས་པའི་སྨན་ཆེན་པོ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་སྤྱིར་ཕུལ་ནས་ཁྱད་པར་དུ། ཁྱབ་བདག་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །ཐུགས་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མཁར་ཆེན་མཚོ་རྒྱལ་མངའ་བདག་ཁྲི་སྲོང་རྗེ། །རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་དང་། །ཟབ་གཏེར་བཀའ་བབ་ཆོས་རྗེ་གླིང་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་འཁོར་ལོའི་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་སོགས། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་མཆོད་ནས་མྱོང་ངོ་། །རཀྟའི་མཆོད་པ་ནི། འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བས་ཆགས་མེད་བདེ་ཆེན་གྱི་ངོ་བོར་རོལ་པར་བསམ་ཞིང་། ཧྲཱི༔ བྷནྡྷ་འབར་བར་དམར་ཆེན་རྒྱ་མཚོར་བསྐྱིལ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ བདེ་ཆེན་ཡུམ་གྱི་གསང་བའི་རཀྟར་བཅས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཧཱ་རཀྟ་ཛྭ་ལ་པཱུ་ཛ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཆོས་དབྱིངས་རང་བཞིན་སྣོད་ཀྱི་གཏོར་གཞོང་དུ་དམ་རྫས་འདོད་ཡོན་རྣམ་ལྔའི་ལོངས་སྤྱོད་ཀྱི་ཕུང་པོ་ཕུལ་བས་དགྱེས་པར་བསམ་ཞིང་། ཧཱུྃ་ཧྲཱི༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་དམ་རྫས་གཏོར་མར་སྦྱར༔ འདོད་ཡོན་ལོངས་སྤྱོད་རྨད་བྱུང་སྤྲིན་ཕུང་འཕྲོ༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ བཟའ་བཅའ་འདོད་ཡོན་སྣ་ཚོགས་ཀྱིས་བྲན་པ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོ་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་འབུལ་ལོ། །དགུ་པ་བསྟོད་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རབ་ཏུ་དད་ཅིང་འདུད་པའི་སྒོ་ནས། ཧཱུྃ་ཧྲཱི༔ ཐུགས་རྗེ་རོལ་པ་དབང་གི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ མཁའ་ཁྱབ་གདུལ་བྱའི་དཔལ་མགོན་གུ་རུ་རྗེ༔ ཐུགས་ཀྱི་ནོར་བུ་བླ་མར་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་མ་དམིགས་ཀྱང༔ གདུལ་བྱའི་མོས་བློར་མཚན་དཔེའི་སྐུར་སྟོན་ཅིང༔ རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པའི༔ རྒྱན་དང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་ཐུགས་མཆོག་རྡོ་རྗེ་སེམས༔ རྒྱས་པའི་ལས་མཛད་རིན་ཆེན་ཞི་བ་འཚོ༔ དབང་གི་ལས་མཛད་མགོན་པོ་དཔག་མེད་གསུང༔ ཕྲིན་ལས་རོལ་མཛད་ལས་རབ་བདེ་བ་རྩལ༔ རང་འོད་ཡུམ་འཁྲིལ་བདེ་སྟོང་གར་གྱིས་རོལ༔ རིགས་འདུས་བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཀླད་ཁྱིམ་ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང༔ ཙིཏྟ་ཡེ་ཤེས་རིག་རྩལ་འཕྲོ་འདུ་ལས༔ ཆོས་དབྱིངས་ངང་ལས་སྙིང་རྗེ་ཁྲོས་པའི་སྐུ༔ ཐུགས་རྗེ་དྲག་པོ་སྟོན་ལ་ཕྱག་འཚལ་བསྟོད༔ མདོག་དམར་མེ་ཕྲེང་ཀྲོ་དྷཱི་ཡུམ་དང་བཅས༔ ཞེ་སྡང་འཇོམས་མཛད་བཛྲ་དྲག་པོ་རྩལ༔ ང་རྒྱལ་འཇོམས་མཛད་རཏྣ་དྲག་པོ་རྩལ༔ འདོད་ཆགས་འཇོམས་མཛད་པདྨ་དྲག་པོ་རྩལ༔ ཕྲག་དོག་འཇོམས་མཛད་ཀརྨ་དྲག་པོ་རྩལ༔ རིགས་ཀྱི་ཡུམ་འཁྲིལ་འབར་བའི་གར་དགུས་བརྗིད༔ ཁྲག་འཐུང་ཡི་དམ་ལྷ་ལ་ཕྱག་འཚལ་བསྟོད༔ གསང་གནས་བདེ་མཆོག་རབ་འཇིགས་དུར་ཁྲོད་དབུས༔ འདོད་ཁམས་དབང་ཕྱུག་རྗེ་བཙུན་རྣལ་འབྱོར་མ༔ རྗེས་ཆགས་བདེ་སྟོང་རོལ་མོའི་འཕྲོ་འདུ་ལས༔ སྡིག་སྒྲིབ་ཞི་མཛད་རྡོ་རྗེ་མཁའ་འགྲོ་མ༔ ཚེ་བསོད་རྒྱས་མཛད་རིན་ཆེན་དབྱིངས་ཀྱི་ཡུམ༔ ཁམས་གསུམ་དབང་མཛད་ནུས་འབྱིན་པདྨའི་རིགས༔ བདུད་བགེགས་སྒྲོལ་ཡུམ་བི་ཤྭ་ཌཱ་ཀི་ནཱི༔ ཡེ་ཤེས་ཌཱ་ཀི་སྡེ་བཞི་ལས་མདོག་གསལ༔ བདེ་བའི་དཔྱིད་འཇོ་དངོས་གྲུབ་ཆར་དུ་འབེབ༔ བར་ཆད་ཀུན་སེལ་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །བཅུ་པ་འཛབ་བཟླ་བ་ནི། བདག་གི་ཐུགས་ཀར་ཆུ་སྐྱེས་ལ་གནས་པའི་རྡོ་རྗེའི་ལྟེ་བར་དྭངས་མའི་སྲོག་ཧྲཱིཿཡིག་དམར་པོ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པའང་བྱ། གཞན་ཡང་སྔགས་ཀྱི་བཟླ་ཚུལ་ཁྱད་པར་བ་རྣམས་ནི་མན་ངག་བཞིན་ཤེས་པར་བྱའོ། །བཅུ་གཅིག་པ་ཚོགས་ཀྱི་མཆོད་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས་བདུད་རྩིས་བྲན་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས་བསང་། ཞལ་ཟས་ཚོགས་ཀྱི་གློ་བུར་འབག་བཙོག་ཀུན༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་བྱས་ཤིང༔ ཨོཾ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཨཱཿལས་འོད་འཕྲོས་རྟོག་ཚོགས་འཁྲུལ་པ་སྦྱངས༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་གྱུར༔ ཧ་ལས་འོད་འཕྲོས་འདོད་ཡོན་སྤྲིན་ཕུང་སྤེལ༔ ཧོཿལས་འོད་འཕྲོས་ལྷ་ཚོགས་དགྱེས་པ་བསྐྱེད༔ ཧྲཱིཿལས་འོད་འཕྲོས་མགྲོན་ཀུན་ཚིམས་བྱེད་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་བྱིན་གྱིས་བརླབས་ནས། ཚོགས་ཞིང་གི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པས་མཆོད་ནས་ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ ཚོགས་ཀྱི་མཆོད་པ་གཞུང་བཞིན་བཤམས་ནས་ཀྱང༔ བསང་སྦྱངས་བྱིན་བརླབས་རོ་བཅུད་ནུས་པར་ལྡན༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་གཉན་བསྐངས་ཏེ༔ སྒྲུབ་མཆོག་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་འདོད་ཡོན་དྲུག་གི་མཆོད་པས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ཧོ༔ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་རྣམས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ དམ་ཚིག་འགལ་འཁྲུལ་ཉམས་ཆག་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་ཡིག་བརྒྱ་བརྗོད་ཅིང་ཚོགས་རྫས་བདུད་རྩི་ཕུལ་བས་ཉམས་ཆག་དག་པར་བསམ་མོ། །ཐ་མ་བསྒྲལ་བསྟབ་ནི། ཚོགས་ཟན་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་གི་སྙིང་གར་བསྡུས་པ་མདུན་དུ་བཀོད་པ་ལ་དམིགས་བྱ་དགུག་བསྟིམ་བྱས་པར་ཕུར་བུ་བཏབ་ནས། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཞེས་སོགས་འབྲེལ་ཆགས་ཀྱི་སྒྲོལ་ཚིག་དྲག་སྔགས་དང་བཅས་པས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་ཕུལ་ནས། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ གནོད་བྱེད་དགྲ་བགེགས་རུ་དྲ་བདུད་དཔུང་གི༔ ཤ་ཁྲག་རུས་པ་དབང་པོར་བཅས་པ་ཀུན༔ སྙིགས་མའི་ཚོགས་སྦྱངས་བདུད་རྩི་དྭངས་མར་སྦར༔ ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་ཕུལ་བས་དགྱེས་ཤིང་ཚིམས་པར་བསམ་མོ། །ཚོགས་ལ་རོལ་བ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་བརྡའ་དང་བརྡའི་འབུལ་ལེན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་འགྲོ་བས་ལུས་ཀྱི་ལྷ་རྣམས་ནང་གི་བསྲེག་བླུགས་ཀྱི་དགའ་བས་ཚིམ་པར་བསམས་ནས་རོལ་ལོ། །ལྷག་གཏོར་ནི། ལྷག་མ་རྣམས་གཅིག་ཏུ་བསྡུས་པའི་རྨེ་གཏོར་དང་ཕུད་ལྷག་མཚམས་སྦྱར་བ་ལ། སློབ་དཔོན་གྱི་ཁ་ཕྲུ་བཏབ་པས་བྱིན་གྱིས་བརླབས་ཏེ། ཧཱུྃ་ཧྲཱི༔ གསང་ཆེན་རོལ་པའི་དཀྱིལ་འཁོར་མུ་རན་ནས༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་ཚོགས༔ འབུམ་ཕྲག་ཡངས་པའི་ལས་བྱེད་མཁའ་འགྲོ་རྣམས༔ གནས་བཟང་དུར་ཁྲོད་རྒྱུ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གྱོན་ཅིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ལས་སུ་དཔལ་གྱི་བཀའ་ཉན་བསྟན་པ་སྲུང༔ ཟས་སུ་དགྲ་བགེགས་ཉམས་པའི་ཤ་ཁྲག་སྤྱོད༔ ཕུད་ལྷག་བཤལ་ཆུའི་ཚོགས་མཆོད་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བྷཀྵ་སཱི་སྭཱ་ཧཱ༔ ཞེས་ལྷག་ལ་དབང་བ་རྣམས་ཕྱི་རོལ་དུ་གཏོང་། །བཅུ་གཉིས་པ་ཐུགས་དམ་བསྐང་བ་ལ། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་སྤྱི་དང་ཁྱད་པར་བདུད་རྩི་དང་མར་མེ་ཐོགས་ལ་འཆམ་སྟབས་ཀྱིས་དཀྱིལ་འཁོར་ལ་བསྐོར་བའོ། །བཤགས་ཚིག་གསུང་གི་བསྐང་བ་ནི། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བསྐང་ངོ་། །ལྟ་བས་ཐུགས་ཀྱི་བསྐང་བ་ནི། ཀུན་གཞི་མ་བཅོས་ཀློང་ཡངས་ལས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང༔ ཞེས་དང་། དེའི་མཐར་སླར་ཡང་མཆོད་ཅིང་བསྐང་བ་ནི། ཧཱུྃ་ཧྲཱི༔ དམ་རྫས་གཏོར་ཆེན་བཤམས་པ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ རྐང་གླིང་ཐོད་རྔ་སྒྲོག་པ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་བལྟམས་པ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ མཱཾ་སའི་གསུར་དུད་གཏོང་བ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ འདོད་ཡོན་རོ་མཆོག་སྤུངས་པ་ཡང༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཡར་དམ་ཉམས་ཆག་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་སརྦ་པཱུ་ཛ་ཧོ༔ བླ་མེད་ཐུགས་དམ་བསྐང་བའི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ངང་དུ་བཞེས་ནས་ཀྱང༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ ཞེས་མཆོད་བྱ་མཆོད་བྱེད་ཐམས་ཅད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོར་རོ་མཉམ་དུ་མཆོད་དོ། །བཅུ་གསུམ་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ཞི་བའི་དབྱིངས་ཉིད་ལས༔ གཟུགས་སྐུ་མཚན་དང་དཔེ་བྱད་དཔག་ཡས་འབར༔ རྨད་བྱུང་སྒྱུ་འཕྲུལ་བཀོད་པའི་ལྷ་ཚོགས་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་སྐུ་བསྐྱོད་འཚལ༔ དུས་གསུམ་བདེ་གཤེགས་རྩ་གསུམ་ལྷ་ཚོགས་རྣམས༔ ཞལ་ཟས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ བཀའ་སྲུང་ཕོ་ཉ་ལས་བྱེད་ཆོས་སྐྱོང་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ སྐད་ཅིག་ཡུད་ཙམ་ཞིག་གིས་མེད་པར་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དབྱིངས་སུ་སྒྲོལ༔ ཐར་པའི་ལམ་གྱི་བགེགས་དང་འཚེ་བ་ཟློག༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་མོས་གུས་གདུང་ཤུགས་དྲག་པོས་རྒྱལ་བ་རྣམས་སྐྱེ་མེད་ཆོས་ཀྱི་དབྱིངས་ལས་འགག་མེད་གཟུགས་སྐུའི་རྣམ་རོལ་སེམས་ཅན་གྱི་མོས་པ་དང་བསམ་པའི་ཁྱད་པར་བཞིན་འཆར་བར་གནད་ནས་བསྐུལ་ལོ། །བཅུ་བཞི་པ་ཆད་ཐོ་བསྒྲག་པ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་ཕབ་པ་རྡོ་རྗེ་འགྲོས་ཀྱིས་ཕྱི་ནུར་དུ་བཞག་སྟེ། སྨན་རཀ་བྲན་པ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ཀ་དག་དབྱིངས་ལས་ལྷུན་གྲུབ་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྣང་བ་མཐའ་ཡས་ཀྱིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་དཔའ་བོ་དྷཱ་ཀི་ཡིས༔ ཡུལ་སྣང་རང་གཟུགས་བཀོད་པ་བསྟན་ནས་ཀྱང༔ འགྱུར་མེད་བསྟན་པ་བསྲུང་བར་མ་ཆད་དམ༔ རང་བཞིན་ཡེ་དག་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་རྩོད་ལྡན་བསྐལ་པའི་སྙིགས་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང༔ གློ་བུར་ལྟར་སྣང་གཏེར་སྟོན་འདུས་པ་ཡིས༔ མོས་བློར་བཀོད་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང༔ རང་བབ་བསྟན་པ་བསྲུང་བར་མ་ཆད་དམ༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་རང་རྩལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་རོལ་མོའི་སྒྲ་དང་བཅས་པས་ཕྱིར་འབུལ་ལོ། །བཅོ་ལྔ་པ་བརྟན་མ་བསྐྱང་བ་ནི། སྔར་གྱི་གཏོར་གཞོང་བཤལ་བའི་ཁྲུས་ཀྱིས་བརྟན་མའི་གཏོར་མར་བྲན་ནས་འབྲུ་གསུམ་གྱིས་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ལ། བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ དམ་ཚིག་གཉན་གྱི་གྲོགས་མཛད་ཌཱ་ཀི་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མཆོད་བཤལ་ཆུ་བཞེས༔ བཀའ་དང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ མ་མཱ༔ ལ་ལཱ༔ ལེ་ལཻ༔ ཏ་ཏཱ༔ ཏེ་ཏཻ་ཧཱུྃ༔ ཞེས་གཙང་སར་འབུལ་ལོ། །བཅུ་དྲུག་པ་རྟ་བྲོས་གཟིར་མནན་ནི། གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་ཕྱི་འབྲང་གི་དམ་སྲི་མནན་པར་བསམས་ལ། ཧཱུྃ་ཧྲཱི༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་བྱིན་རླབས་དང༔ ཆོས་ཉིད་རང་བཞིན་རྣམ་པར་དག་པའི་མཐུས༔ བདེ་ཆེན་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ འཁྲུལ་སྣང་ཉོན་མོངས་དགྲ་བགེགས་རྦོད་གཏོང་རིགས༔ གཏོར་གཞོང་རི་རབ་ཆེན་པོའི་འོག་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་ཡིས་གཟིར༔ ཨོཾ་ཨཱཿཧཱུྃ་སྟམྦྷ་ཡ་མཱ་ར་ཡ་ནན༔ ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བྱའོ། །བཅུ་བདུན་པ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་བསྩལ་བར་དམིགས་ཏེ་མོས་གུས་གདུང་ཤུགས་དྲག་པོས། ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་གུ་རུ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་ཡོན་ཏན་གཏེར་གྱི་མཛོད༔ སྨིན་གྲོལ་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དངོས་གྲུབ་ཀུན་སྟེར་ཆེ་མཆོག་དྲག་པོ་རྩལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ རྫུ་འཕྲུལ་མངའ་བདག་དཔའ་བོ་དྷཱ་ཀི་ནཱི༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་གསུམ་ཡོངས་འདུས་ཨོ་རྒྱན་རིན་པོ་ཆེ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་བདེ་སྐྱིད་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང༔ ལུས་ངག་ཡིད་གསུམ་སྨིན་པར་མཛད་ནས་ཀྱང༔ ཡང་དག་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གཏོར་མའི་ཡེ་ཤེས་བདག་ལ་བསྟིམ། །དམ་ཚིག་པ་བདུད་རྩིར་ཞུ་བར་བསམས་ནས་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་ལོ། །བཅོ་བརྒྱད་པ་བཟོད་པར་གསོལ་བ་ནི། ཆོ་གའི་ཡན་ལག་མ་ཚང་བ་སོགས་ནོངས་པ་རྣམས་བཤགས་སྡོམ་གྱི་བསམ་པ་དྲག་པོས། ཧྲཱི༔ བདེ་གཤེགས་རྩ་གསུམ་ཟབ་མོའི་དཀྱིལ་འཁོར་འདིར༔ ཕྲིན་ལས་ཆོ་གའི་ཚུལ་འདིར་རྨོངས་པ་ཡིས༔ མ་རིག་སྒྲིབ་པའི་ཉེས་ལྟུང་ཅི་མཆིས་པ༔ ཡེ་ཤེས་ལྷ་ལ་འཛིན་རྟོག་མི་མངའ་ཡང༔ འཁོར་དུ་གྱུར་པའི་ལེགས་ཉེས་སྟངས་འཛིན་རྣམས༔ གཡེལ་བ་མི་མངའ་བཟོད་པར་མཛད་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །བཅུ་དགུ་པ་ཉེར་བསྡུ་བྱ་བ་ནི། སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་ཀུན༔ ཐུགས་ཀྱི་ནོར་བུ་བླ་མ་ཉིད་ལ་ཐིམ༔ དེ་ཡང་ཐུགས་སྲོག་ཧྲཱིཿཡིག་ཁུག་པར་བསྡུ༔ དམིགས་མེད་རྒྱས་བཏབ་གང་ཤར་རྟོག་ཚོགས་རྣམས༔ མ་བཅོས་ཅོག་གཞག་སོ་མ་ལྷུག་པར་བོར༔ གཤིས་ལུགས་གཏན་ཕེབས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་དགོངས་པ་རང་ལས་འཆར༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་མེ་ལོང་ལ་ཧས་བཏབ་པ་བཞིན་རང་གི་སྙིང་གར་བསྡུས་ཏེ་འོད་གསལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་གཞག །སླར་ཡང་དྲན་རིག་ལྷར་ལྡང་ངོ་། །འདི་ཉིད་དཀྱུས་སུ་ས་བཅད་ཐ་མར་བྱུང་ཡང་རྩ་བའི་ཆིངས་དབང་བཙན་དུ་བྱས་ནས་བཀོད་པའོ། །ཉི་ཤུ་པ་བསྔོ་བ་སྨོན་ལམ་གདབ་པ་ནི། ཧོ༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག༔ ཅེས་དེ་ལྟར་བསྒྲུབས་པའི་དགེ་ཚོགས་བྱང་ཆེན་དུ་བསྔོ་ཞིང་སྨོན་ལམ་གདབ་པའོ། །ཉེར་གཅིག་པ་ཤིས་པ་བརྗོད་པ་ནི། ཧཱུྃ་ཧྲཱི༔ བདེ་གཤེགས་རྩ་གསུམ་ལྷ་ཚོགས་མ་ལུས་པའི༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རང་བྱུང་འགག་མེད་གསུང་གི་བཀྲ་ཤིས་ཤོག༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག༔ བྱིན་རླབས་འགྲོ་འདུལ་མཐར་ཁྱབ་བཀྲ་ཤིས་ཤོག༔ ཅེས་སོགས་ཀྱི་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་མེ་ཏོག་གི་ཆར་དབབ་པར་བྱའོ། །དེ་ལྟ་བུའི་ལམ་གྱི་རིམ་པ་བརྩོན་པས་ཉམས་སུ་བླངས་པ་ལས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ཏེ། དེ་ལྟར་ལས་རིམ་ཉེར་གཅིག་གི༔ སྒྲུབ་པའི་ཕྲིན་ལས་བསྟན་པའོ༔ འདི་ལྟར་ལྷག་ཆད་མེད་པར་བརྩམས་གྱུར་ན༔ བྱིན་རླབས་མཆོག་གི་དངོས་གྲུབ་ངང་གིས་འབྱུང༔ རྣལ་འབྱོར་འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ༔ ཞེས་གསུངས་པ་བཞིན་ནོ། །མཁའ་ཁྱབ་རྒྱལ་བའི་སྤྱི་གཟུགས་ཐོད་ཕྲེང་རྩལ། །གང་གི་ཚད་མེད་ཐུགས་རྗེ་ལྔ་བདོའི་འགྲོར། །རྗེས་ཆགས་ཟབ་ལམ་གསང་བའི་རྒྱས་བཏབ་གཏེར། །སྐལ་བཟང་འདོད་འཇོའི་སྒོ་འབྱེད་མཆོག་སྦྱིན་མཁན། །པདྨའི་གདུང་འཚོབ་རིག་འཛིན་ཆོས་ཀྱི་རྗེ། །གླིང་པའི་མཚན་གྱིས་མཐའ་ཀླས་རིས་ཅན་འགྲོ །མཆོག་གི་གོ་སར་ཁྲིད་དེ་ཟབ་གཏེར་གྱི། །སྙིང་པོ་ཐུགས་ཀྱི་ནོར་བུ་འདི་རྨད་བྱུང་། །དེ་ཡི་ཕྲིན་ལས་གྲུབ་གཉིས་འདོད་པའི་དཔལ། །ཡིད་བཞིན་འཇོ་བ་ཁྲིགས་སུ་ཉེར་བསྡེབས་པའི། །བསོད་ནམས་ལྷུན་གྲུབ་རིག་འཛིན་མཆོག་གི་གནས། །དཀའ་བ་མེད་པར་མྱུར་དུ་ཐོབ་བྱེད་ཤོག །ཅེས་ལྷ་སྲས་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་གཏེར་ཆེན་ཆོས་རྗེ་གླིང་པའི་ཟབ་གཏེར་བླ་མ་ཐུགས་ཀྱི་ནོར་བུའི་ལས་བྱང་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་བདག་པོར་དབུགས་དབྱུང་ཞིང་སྐྱེས་ཀྱི་མེ་ཏོག་དང་བཅས་ཏེ་བཀའི་ལུང་གིས་རྗེས་སུ་གནང་བ་གུས་པར་ནོད་དེ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ཉང་སྟོན་རིག་འཛིན་རྒྱ་མཚོའོ།། །།

སྤྲུལ་སྐུ་རཏྣ་གླིང་པའི་གཏེར་བྱོན་མཉམ་གཉིས་རྩལ་འགྲན་འཆིང་གསུམ་གནད་ཀྱི་གདམས་པ་ (Volume 53, Text 26)

<!TCC Tibetan character 3,182 undefined in unicode!>༔ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་བྱོན་མཉམ་གཉིས་རྩལ་འགྲན་འཆིང་གསུམ་གནད་ཀྱི་གདམས་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དུས་ཀྱི་སྙིགས་མ་ལ༔ མཉམ་གཉིས་རྩལ་འགྲན་དར་བའི་དུས༔ མཐོན་པོ་གཉའ་བ་བཅག་པ་དང༔ མཉམ་པ་བྲང་འོག་གཞུག་པའི་ཕྱིར༔ ངན་སེལ་གདམས་པ་མང་དུ་བསྒྱུར༔ ཁྱད་པར་འཆིང་གསུམ་གདམས་པ་ལ༔ ཅོག་བརྡུང་གདམས་པ་དགུ་དང་བཅས༔ བུམ་ཐང་དགེ་གནས་དེ་རུ་སྦས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ མདའ་རྩེད་བྱེད་དམ་རྟ་རྒྱུག་གམ༔ ཤྭ་རྒྱན་རྒྱལ་བར་བྱེད་པའི་ཚེ༔ མདའ་དང་རྟ་དང་ཤྭ་དང་ནི༔ ཕ་རོལ་ལིངྒ་འདྲ་འབག་བྲི༔ རྟ་ལ་བྱེད་ན་རྟ་གཟུགས་བྲི༔ མདའ་ལ་ཕ་རོལ་མདའ་དཔོན་བྲི༔ རྐང་ལག་ཞགས་པས་བསྡམས་པ་ལ༔ དཔྲལ་བར་རུས་དང་སྙིང་གར་མིང༔ ཡན་ལག་ཛཿཧཱུྃ་བཾ་ཧོཿབཞིས༔ མཐའ་སྐོར་ཆེ་གེ་ཞེས་བྱ་བའི༔ སྟོབས་དང་ལུས་རྩལ་ཆིངས་ཤིག་དང༔ བྷནྡྷ་བྷནྡྷ་ཞེས་པ་བྲི༔ དགུག་གཞུག་བྱ་ཞིང་དྲག་ཏུ་བསྟིམ༔ དེ་ནས་དྲང་སྲོང་ཐུན་སྔགས་གདབ༔ གཟའ་ཉི་མ་ཡོད་ན༔ ཨོཾ་ཉི་མ་སུརྻ་ཨ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཟླ་བ་ཡོད་ན༔ ཨོཾ་ཟླ་བ་ཙནྡྲ་ཀྵྱ་ཀྵྱ་ཧཱུྃ༔ དམག་དཔོན་ཡོད་ན༔ ཨོཾ་དམག་དཔོན་པ་ཤ་ཏ་པ་ལི་བྲེཾ་ཧཱུྃ༔ ལྷག་པ་ཡོད་ན༔ ཨོཾ་ལྷག་པ་ནི་ཤ་གྷ་ཛ་དྷ་ཧཱུྃ༔ ཕུར་བུ་ཡོད་ན༔ ཨོཾ་ཕུར་བུ་ཤི་ཏྲི་ཏྲི་ཧཱུྃ་ཧཱུྃ༔ པ་ཝ་སངས་ཡོད་ན༔ ཨོཾ་པ་ཝཱ་ཁ་ཤ་ཧཱུྃ༔ སྤེན་པ་ཡོད་ན༔ ཨོཾ་སྤེན་པ་ཏྲི་ཤ་ཧཱུྃ༔ ཞེས་པའི་སྔགས་རྣམས་ཀྱི་ཤམ་བུར༔ ཆེ་གེ་མོའི་མདའ་དང་རྩལ་ཆིངས་ཤིག༔ ཆེ་གེ་མོའི་ཤྭ་གྲངས་ཆིངས་ཤིག༔ རྟའི་བང་ཆིངས་ཤིག༔ ཅེས་པ་གང་འདོད་བགྲང༔ དེའི་ཉིན་གྱི་གཟའ་གང་ཡོད་ཀྱི་སྔགས་ཀྱི་ཤམ་བུར་བཏགས་ལ་བཟླས་ལ༔ ཐུན་ལ་བསྔགས་ཏེ་ལིངྒ་ལ་བྲབ༔ སྔགས་བརྒྱ་སྟོང་གྲངས་ཐེམས་པ་དང༔ ལིངྒ་ཡུགས་སའི་ཕང་ལོའི་མིག་ཏུ་བརྫང༔ དེ་ཕོ་རོག་དང་འུག་པའི་སྡེར་མོའི་བར་དུ་བཅུག་ལ་ཚོན་སྐུད་ཕྱིར་ལོག་དཀྲིས༔ རྟ་འཆིང་དགྲའི་འོག་ཏུ་སྦ༔ མདའ་འཆིང་འབེན་གྱི་འོག་ཏུ་སྦ༔ ཤྭ་འཆིང་ཤྭའི་འོག་ཏུ་སྦ༔ གཡམ་སའི་འོག་ཏུ་མནན་ནས་ཀྱང༔ དྲང་སྲོང་གཟའ་ལ་གཏོར་མ་ཕུལ༔ གཟའ་དར་རང་གི་མགོ་ལ་བཅིང༔ ཡུགས་ས་ནག་མོའི་རྐང་རྗེས་ས༔ ལྷང་མ་ལྷང་ཚེར་ཕྱེ་མ་རྣམས༔ ཚོམ་བུ་ཁོ་ཡིས་མ་ཚོར་བར༔ སྤྱི་བོའི་གཙུག་ཏུ་གདབ་པར་བྱ༔ དེས་ནི་ཁོ་ཡི་ཕོ་ལྷ་འདྲོགས༔ གང་ཞིག་དེ་ཡི་རྩལ་དང་ནི༔ ཉིན་རེའི་བསོད་ནམས་ངེས་པར་འཆིང༔ བྱ་བ་ཟིན་ནས་མནན་པ་འདོན༔ ལིངྒ་མེ་འམ་ཆུ་ལ་གཤེགས༔ རྫས་རྣམས་དབེན་པར་སྦ་བར་བྱ༔ འཆིང་གསུམ་གནད་ཀྱི་གདམས་པ་འདི༔ ཤིན་ཏུ་ཟབ་ཀྱང་སྡིག་ཆེ་འོ༔ རེ་རེ་ཙམ་ལས་མ་སྤེལ་ཅིག༔ རང་གི་སྙིང་གི་དཀྱིལ་དུ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་སྤྲུལ་སྐུ་རཏྣ་གླིང་པས་བུམ་ཐང་དགེ་གནས་ནས་གཏེར་ནས་གདན་དྲངས་པའོ། །བྱའི་སྔགས་འཆང་བཀྲ་ཤིས་རྣམ་རྒྱལ་ལ་ཞུས་ཤིང་ཕྱག་ལེན་མ་ཟབ་ངེས་ཡིན་གསུངས་པ་འདུག་གོ །མངྒ་ལཾ།། །།

འགུགས་བྱང་གནུབས་ལུགས་སུ་གྲགས་པ་ (Volume 54, Text 26)

འགུགས་བྱང་གནུབས་ལུགས་སུ་གྲགས་པ་ནི། ན་མོ་རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཕྲིན་ལས་འཇམ་དཔལ་ཤོར་སང་ཉི་མ་ཁྲོས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་ནག་པོ་ཏི་པ་ཙ། །མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་སྔགས་འཆང་བདག་དང་སྦྱིན་པའི་བདག །རྒྱུ་སྦྱོར་མི་ནོར་འཁོར་དང་བཅས་པ་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་ལྟ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ་དང་། །དོ་བསྡོས་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙོག །འགྲོ་ལམ་རྩང་འཛུག་ཟ་ལམ་དུག་སྦྱོར་གཤོམ། །མིང་ཡིག་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ དགྲ་བོ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་རྣམས། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ། །དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨཱ། །བརྒྱ་རྩའམ་ཉེར་གཅིག་བརྗོད།།

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ (Volume 24, Text 26)

༄༅། །ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཚེ་དང་ཡེ་ཤེས་དཔག་ཡས་པའི། །དངོས་གྲུབ་མཆོག་སྩོལ་ལྷག་པའི་ལྷ། །གར་དབང་མགོན་ལ་ཕྱག་བྱས་ནས། །སྒྲུབ་ཐབས་དབང་གི་ཆོ་ག་བཤད། །འདིར་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་སྦྱོར་བ་ཡོ་བྱད་བཤམ་པ་ནི། དགེ་ཞིང་ཤིས་པའི་གནས་སུ་ཟླ་བ་ཡར་གྱི་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་བཀྲ་ཤིས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གཞི་བགེགས་ལ་གཏོར་མ་བྱིན་ནས་བར་ཆད་བསྲུང་བའི་ཕྲིན་ལས་འཆོལ་ཞིང་མཚམས་བཅད། དེར་ཁྱད་པར་གྱི་རྫས་དང་ས་ལས་སྟེགས་བུ་གྲུ་བཞི་ཁྲུ་གང་བ་བརྩིགས་པའམ། དེ་དང་མཉམ་པའི་ས་གཞི་ཁོད་སྙོམས་པ་ལ་བདུད་རྩི་ལྔ་དང་མཚལ་དང་ལི་ཁྲི་སྦྱར་བ་བྱུག །བྱིན་གྱིས་བརླབས་པའི་ཚོན་གྱིས་ཆོས་འབྱུང་དམར་པོ་བརྩེགས་མའི་དབུས་སུ་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པའི་ལྟེ་བར་པདྨ་འདབ་མ་བཞི་པ་དང་། ཕྱི་རོལ་དུ་རྡོ་རྗེའི་ར་བ་འོད་ཟེར་དམར་པོའི་ཕྲེང་བས་བསྐོར་བ་བྲི། ལྷ་གནས་སུ་སོ་སོའི་ཕྱག་མཚན་ནམ་ཚོམ་བུ་དགོད། དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་རྫས་ཉེར་ལྔ་རྒྱུན་འབབ་ཀྱི་ཆུས་བྲན་པས་བཀང་བའི་ཁར། ཐོད་པ་དུམ་བུ་གཅིག་པར་བཅུད་ལེན་གྱི་སྨན་ཕབས་བུར་ཆང་དང་སྦྱར་བ་བླུགས་ལ་དར་དམར་པོས་ཁ་བཀབ། སྟེང་དུ་མེ་ལོང་དང་གཟུངས་རྡོར་བཞག །དཀྱིལ་འཁོར་གྱི་ཤར་དུ་མཆོད་གཏོར་དང་སྨན་རཀ །ལྷོར་བཅུད་ལེན་གྱི་ཚེའི་རིལ་བུ། ནུབ་ཏུ་མདའ་དར་དམར་པོ་མེ་ལོང་དང་གསེར་གཡུས་བརྒྱན་པ། བྱང་དུ་ཚེ་ཆང་། མཐའ་སྐོར་དུ་མཆོད་པ་རྣམས་དང་གཏེར་སྲུང་གི་གཏོར་མ་རྣམས་ཀྱང་ཚུལ་བཞིན་དུ་བཤམ། སྟན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་ཆོས་འཁོར་དུ་བྲི། རང་ཉིད་ཆས་གོས་དམར་པོ་དང་ལྡན་པས་ཁ་ནུབ་ཏུ་ཕྱོགས་པར་འདུག་སྟེ། རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱང་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། ཐོག་མར་བགེགས་གཏོར་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཕེཾ་ཞེས་གཏོར་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དངོས་གྲུབ་སྒྲུབ་ལ་བར་གཅོད་པའི༔ ལོག་འདྲེན་བགེགས་དང་འབྱུང་པོའི་ཚོགས༔ མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཐུགས་ལས་ཁྲོ་བོ་དང༔ རྡོ་རྗེ་མཚོན་ཆའི་ཚོགས་སྤྲོས་ཏེ༔ ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན༔ འཇིག་པར་འགྱུར་བ་གདོན་མི་ཟ༔ ཞེས་དྲག་སྔགས་བཟླ་ཞིང་རོལ་མོའི་མཚམ་རྔམ་དང་བཅས་པས་བགེགས་བསྐྲད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་བསམ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ །བརྒལ་བཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ་གྱིས་ཚོགས་གསག །དེ་ནས་མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་སྭ་བྷཱ་ཝ་སོགས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་སོགས་ནས། ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་པས་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །དེ་ནས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ཞེས་བརྗོད་པས་ཆོས་ཉིད་ཀྱི་སྒྲ་གདངས་ནམ་མཁའ་གང་བ་ལས་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོས་ཕྱོགས་ཀུན་ཁྱབ་པར་གྱུར། བྷྲཱུྃ་ཛྙཱ་ན་མཎྜ་ལ། སྲུང་འཁོར་གྱི་དབུས་སུ་བྷྲཱུྃ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ་གནམ་སྒོ་དང་ལྡན་པ་ཁ་དོག་དམར་པོའི་འོད་ཟེར་འཕྲོ་བའི་དབུས་སུ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། པདྨ་དང་ཟླ་བ་ཉི་མའི་གདན་ལ་རང་གི་རིག་པ་ཧྲཱིཿལས་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་ཀྱི་མི་ཤིགས་པའི་དྭངས་མ་འོད་ཀྱི་གོང་བུར་སད་པ་ཧྲཱིཿལ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་བདེ་གཤེགས་ཀུན་འདུས་གར་དབང་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ཞི་ཞིང་འཛུམ་ཁྲོ་ཆགས་པའི་ཉམས་གསལ་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་བདུད་རྩིའི་བུམ་པ་འཛིན་པ། འོག་མ་གཉིས་ཀྱིས་ཨུཏྤལ་དང་པད་ཕྲེང་བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་རྒྱན་ཅན། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་གཅེར་བུ་སྐྲ་གྲོལ་བ་རུས་པས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། ཡབ་ཀྱི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཐུགས་ཀར་རྟ་མགྲིན་དམར་པོ་ཁྲོ་བོ་རྟ་སྐད་བཞད་པ་གཡོན་བདུད་རྩིའི་བུམ་པ་གཡས་པའི་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཀབ་སྟེ་འཛིན་པ། དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཉི་ཟླའི་གའུ་ཁ་སྦྱོར་གྱི་གའུའི་དབུས་སུ་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། གའུའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་མར་མེ་ལྟ་བུ་སྔགས་ཀྱི་ཕྲེང་བ་ཕྲ་མོས་བསྐོར་བ་གསལ་ལ་དྭངས་པ། ཕྱི་རོལ་གྱི་པདྨའི་འདབ་མ་བཞི་ལ་མཁའ་འགྲོ་སྡེ་བཞི་ཡབ་ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རྒྱན་དང་ཆ་ལུགས་རྫོགས་པ་ཐམས་ཅད་ཀྱང་གཡས་ལྕགས་ཀྱུ་དང་གཡོན་བདུད་རྩིའི་བུམ་པ་འཛིན་པས་བསྐོར་བ། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དམར་སེར་འཕྲོ་བའི་དབུས་ན་སྒེག་ཅིང་རོལ་པའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་གྱུར། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་བསམ་ལ། ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཨཱོཾ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གར་གྱི་དབང་ཕྱུག་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། ཧྲཱི༔ པདྨ་རྣམ་པར་རྒྱས་པ་ཡི༔ དཀྱིལ་འཁོར་ཆེན་པོར་མཆོད་པ་འབུལ༔ མེ་ཏོག་སྤོས་དང་མར་མེ་དང༔ དྲི་ཆབ་བཤོས་གཙང་རོལ་མོ་འབུལ༔ འཆི་མེད་བདུད་རྩི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་འབུལ༔ གཉིས་མེད་སྦྱོར་བའི་བྱང་སེམས་དང༔ དུག་གསུམ་བསྒྲལ་པའི་དགྱེས་མཆོད་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ དགྱེས་པར་རོལ་ནས་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་པཱུ་ཛ་ས་མ་ཡ་སིདྡྷི་ཨཱཿཧཱུྃ༔ ཞེས་མཆོད། ཨོཾ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་ལས༔ འགྲོ་བ་རྣམས་ཀྱི་སྐྱེ་ཤི་གཅོད་པ་པོ༔ འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས༔ ཁྱོད་ལ་དད་པས་རྟག་ཏུ་ཕྱག་འཚལ་ལོ༔ བདག་ཅག་བགེགས་དང་འཆི་ལས་རྣམ་གྲོལ་བའི༔ འཆི་བ་མེད་པའི་ཡེ་ཤེས་རྡོ་རྗེའི་ཚེའི༔ དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ༔ ཞེས་བསྟོད་པ་བྱའོ། །བཟླས་པའི་དམིགས་པ་ནི། ཐུགས་ཀའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ནར་གྱིས་འཕྲོས་པ་རང་གི་ཞལ་ནས་ཐོན་སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་གཉིས་ཀའི་སྣོད་ཀྱི་འབྱུང་བཞིའི་མདངས་དང་བཅུད། བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དྭངས་མ་ཐམས་ཅད་འཆི་བ་མེད་པའི་བདུད་རྩི་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས། ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་དེ་ཉིད་སོར་གྱིས་ཁོལ་ཞིང་ལུད་པ་སྤྱི་བོ་ནས་ཞུགས་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལ་རེག །དེ་རྣམས་ལས་ཀྱང་བདུད་རྩིའི་དྭངས་མ་བབས་པ་ཚེ་རྟེན་ལ་ཐིམ་བཀྲག་མདངས་གཟི་བརྗིད་འབར་ཞིང་ཆེར་འཕེལ་བས་ཉི་ཟླའི་གའུ་ཁ་ཕག་གིས་བྱེ། ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་ཨཱ་ལི་ཀཱ་ལིའི་སྐུད་པ་ལུ་གུ་རྒྱུད་དུ་བྱུང་པ་གདན་གྱི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བར་ནས་མར་ཞུགས། རྭ་བར་གཞན་ནས་སླར་གྱེན་དུ་སོང་བས་བར་མེད་དུ་བཅིངས་པས་ཅིས་ཀྱང་མི་ཤིགས་པར་བྱས། དེ་ལས་ཆེར་འཕེལ་བའི་དྭངས་མའི་འོད་ཀྱིས་ལུས་ཐམས་ཅད་ཡོངས་སུ་གང་བར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཅི་ནུས་བཟླའོ། །དེ་ལྟར་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་སྒྲུབ་པའམ། འོན་ཏེ་དབང་དང་སྒྲུབ་མཆོད་སོགས་ལ་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ལ་ནི་བསྒོམ་གཞི་རྒྱ་ཆེ་ཆུང་ཙམ་ལས་བསྒོམ་དོན་ལ་དབྱེ་བ་མེད་ཅིང་། སྒྲུབ་རྫས་ལ་དམིགས་ཕྱེད་པའི་བཟླས་པ་བྱེད་ན་བདག་མདུན་གཉིས་མེ་ལོང་དུ་བྱད་གཟུགས་བཞིན་སོ་སོར་ཕྱེ་ནས། བདག་གི་ཐུགས་ཀའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པ་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཀྱིས་རིགས་བདག་གི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བདུད་རྩི་དཀར་དམར་གྱི་རྣམ་པར་བསྡུས། ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་སོར་གྱིས་ཁོལ་ཞིང་ལུད་ཚེ་རྟེན་སྒྲུབ་རྫས་དང་བཅས་པ་ལ་ཐིམ་པར་བསམ་ཞིང་གཟུངས་ཐག་ལ་འཇུས་ནས་བཟླས་པ་ཅི་འགྲུབ་ཀྱང་བྱའོ། །གང་ལྟར་ཡང་སྔགས་བརྒྱ་སྟོང་གི་མཚམས་ཅི་རིགས་པར་སྤོས་དང་མེ་ཏོག་སོགས་ཕྱིའི་མཆོད་པ་དང་། བདུད་རྩི་སོགས་ནང་གི་དམ་རྫས་ཀྱིས་ཀྱང་མཆོད་ནས་ཚེ་འགུགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་བཞིན་འཕྲོས་པས་འབྱུང་བ་བཞིའི་མདངས་བཅུད་དང་། ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཐམས་ཅད་ལྕགས་ཀྱུས་བསྡུས་ནས་ཚེའི་བུམ་པར་བསྟིམས། དེ་ཉིད་སོར་རོ་རོ་ཁོལ་བའི་དྭངས་མ་ཁ་ཞག་ལྟ་བུ་གཙོ་བོའི་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཚེ་རྟེན་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེ་ཚེའི་སྲོག་ཐོབ་པར་བསམ་ཞིང་སྦྱར་བའི་སྤོས་བསྲེག །ཚེ་མདས་གཡབ་ཅིང་རོལ་མོ་དང་བཅས་པས། ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ མི་ཤིགས་རྡོ་རྗེ་ཚེ་ཡི་བདག༔ མཁའ་དང་མཉམ་པའི་ཐུགས་རྗེ་ཡིས༔ འཁོར་འདས་ཀུན་གྱི་བཅུད་སྡུས་ལ༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་སྐུར༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་ཐུགས་ཀྱི་རོལ་པ་ལས༔ མ་འགགས་ཅིར་ཡང་ཤར་བའི་ལྷ༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ གསང་བ་ཡེ་ཤེས་ཡུམ་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་བཞི་མཛད་མཁའ་འགྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ མ་མོ་བདུད་རྒྱལ་དམུ་དང་ཀླུ༔ གཟའ་དང་གདོང་མོ་གཤིན་རྗེ་དང༔ གིང་དང་ཐེ་འགོང་ལ་སོགས་པ༔ སྡེ་བརྒྱད་ལག་ནས་ཚེ་ཕྲོགས་ཤིག༔ ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ སྲོག་བདག་རྣམས་ཀྱིས་སྲོག་སྐྱོབས་ཤིག༔ ཚེ་དང་སྲོག་ནི་སྤེལ་དུ་གསོལ༔ དཔལ་དང་གཡང་ནི་བསྐྱེད་དུ་གསོལ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཚེ་འགུགས། ཚེ་བསྟིམ་པ་ནི། སྒྲུབ་རྫས་ཀྱི་ཚེའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མི་ཤིགས་པའི་ཚེའི་དྭངས་མ་འོད་ཀྱི་རྣམ་པར་བྱུང་ནས་རང་གི་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་སྲོག་བརྟན་པར་བསམ་ཞིང་རྩ་བའི་སྔགས་ཀྱི་མཐར། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པའང་ཅུང་ཟད་བཟླ་ཞིང་། སྒྲུབ་པ་གྲོལ་བའི་ཐུན་ཐ་མ་ཡིན་ན་རྫས་ལས་ཀྱང་དངོས་གྲུབ་བླང་ངོ་། །ཚེ་སྦ་བ་ནི། ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་རྟོག་པ་ཀུན་སྤངས་ནས༔ ཐམས་ཅད་ཀུན་ལས་རྒྱལ་བར་འགྱུར༔ མ་བྱུང་མི་འབྱུང་འདུས་མ་བྱས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༔ ཨཱ་ཡུར་ཛྙཱ་ན་དྷརྨ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་གཙོ་བོ་ལ། ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་གཉུག་མ་རང་བཞིན་གྱི་དབྱིངས། རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་ཉིད་འཆི་མེད་གཉུག་མའི་རང་བབས་ལ་མཉམ་པར་བཞག་སྟེ་རྐྱེན་སྣང་གི་རྟོག་པས་མི་བསྐྱོད་པར་བྱའོ། །དེ་ནས་སྐབས་འདིར་ཚོགས་ཀྱི་མཆོད་པ་དང་། གཏེར་སྲུང་མཆོད་པ་སོགས་བྱ་སྟེ་རྩ་བའི་ལས་བྱང་སོགས་ལས་ཤེས་པར་བྱ་ཞིང་མདུན་བསྐྱེད་ཀྱི་གཏང་རག་མཆོད་པ་སོགས་དཀྱིལ་འཁོར་གྱི་རྗེས་ཆོག་ཀྱང་གཞན་དང་འདྲའོ། །དེ་ལྟར་ཐུན་བཞིའི་རིམ་པས་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་པར་བཟླ་བ་ནི་གྲངས་བསྙེན་གྱི་དབང་དུ་བྱས་ཤིང་། དུས་དང་མཚན་མའི་བསྙེན་པ་ནི་གཞན་དང་འདྲའོ། །གསུམ་པ་དབང་གི་ཆོ་ག་ནི། སྒྲུབ་མཆོད་སྔར་བཤད་པ་ལྟར་ཚོགས་མཆོད་ཀྱི་མཐར་ཐུག་པ་བྱས་ནས། དཀྱིལ་འཁོར་གྱི་ལྷ་ལ་རིག་པའི་མེ་ཏོག་ཕུལ་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཚེའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་སྟེ་གནང་བ་ཞུའོ། །དེ་ནས་སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཡང་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་བསྒྲུབ། །ཅེས་གསུངས་པ་དང་། དེ་ལྟར་ཐོབ་པས་མི་ཆོག་སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་དུ་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར། སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི། ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་ཀྱི་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ཉམས་པའི་རྐྱེན་ནི། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབས་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། གཉིས་པ་ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་རྣམས། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་གསོ་བྱེད་སློབ་དཔོན་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་གསོ་བའི་ཚུལ་ནི། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་སྟེ་ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་ཐུགས་བཅུད་ལས་ཅན་གྱི་རྗེ་འབངས་བདུན་ལ་མནོག་ཆོས་སུ་བསྩལ་པ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ལས་བྱུང་བ། གར་དབང་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་གདམས་པ་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་དེ་ཉིད་ཀྱི་ལུགས་བཞིན་སྒྲུབ་པ་སྟེ། དེ་ཡང་སློབ་དཔོན་ཆེན་པོས། སྤྱིར་ན་འཛམ་གླིང་ཚེ་ལ་ངེས་མེད་ཅིང༔ ཁྱད་པར་ལྔ་བདོ་ཚེ་ཡི་སྙིགས་མའི་དུས༔ ཚེ་ཡི་ཡུན་ཐུང་གློ་བུར་རྐྱེན་གྱུར་མང༔ ཕལ་ཆེར་དུས་མིན་འཆི་བདག་བདུད་ཀྱིས་འཛིན༔ དེ་ཡི་གཉན་པོར་གནས་སྐབས་མཐར་ཐུག་གི༔ འཆི་མེད་སྒྲུབ་ན་ཚེ་སྒྲུབ་འདི་ཉིད་གཅེས༔ དེ་ལ་ཕྱི་ནང་གསང་བའི་ཚེ་སྒྲུབ་དང༔ འཆི་མེད་བྱིན་རླབས་ཚེ་དབང་སྐུར་ཐབས་དང༔ བོགས་འདོན་མན་ངག་བཅུད་ལེན་རྣམ་གསུམ་དང༔ འགལ་རྐྱེན་ཞི་བྱེད་འཆི་བསླུའི་ཆོ་ག་སོགས༔ ཁ་ཚང་དོན་འདྲིལ་མན་ངག་སྙིང་པོའི་བཅུད༔ ཟབ་ལམ་ཚེ་སྒྲུབ་ཀུན་གྱི་མཐར་ཐུག་ཡིན༔ ཞེས་གསུངས་པ་དེ་ཉིད་ཀྱི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བའི་རིམ་པ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ་མཛོད། དེས་ཀྱང་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ པདྨ་རྣམ་པར་རྒྱས་པ་ཡི༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཐུགས་ཀྱི་གསང་ཆེན་དམ་པ་འདིར༔ བདག་ནི་མགོན་པོས་རྗེས་བཟུང་སྟེ༔ གེགས་མེད་པ་དང་འཆི་མེད་པའི༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་འདེབས། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སོགས་གསུམ་གྱིས་སྐྱབས་སུ་འགྲོ །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པ་བསྒྲུབ་པར་བགྱིའོ་སྙམ་པས། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ སོགས་གསུམ་གྱིས་སེམས་བསྐྱེད། སྔར་སྨོས་པའི་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་ཚོགས་གསག་པར་བགྱིའོ་སྙམ་པས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ སོགས་གསུམ་གྱིས་ཚོགས་གསག །དེ་ནས་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་རྡུལ་ཕྲན་མེ་ཡི་ཚྭ་ཚྭ་འཕྲོ་བ་གློག་ལྟར་འཁྱུགས་པ་མང་པོ་སྤྲོས། སློབ་མ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྲེགས་ཤིང་བཅོམ། མེ་དང་ཁྲོ་བོ་རྣམས་སླར་སློབ་མ་དང་ཞུ་ལུགས་སུ་འདྲེས་པའི་དྭངས་མ་འོད་དམར་པོ་ལས་གར་དབང་ཚེ་ཡི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སོགས་ནས། སྔགས་ཀྱི་ཕྲེང་བ་ཕྲ་མོས་བསྐོར་བ་གསལ་ལ་དྭངས་པ། ཞེས་པའི་བར་གྱིས་གསལ་བཏབ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ་སོགས་སྔར་ཚེ་འགུགས་པའི་དམིགས་པ་སྤོད་ལ། ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ ཞེས་སོགས་ཀྱིས་བསྐུལ་ཞིང་ཚེ་འགུགས། དབང་བསྐུར་བ་དངོས་ནི། བུམ་པ་སྤྱི་བོར་བཞག་པའི་ཚེ་ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པས་དབང་བསྐུར་བས་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་འཆི་བ་མེད་པའི་བདུད་རྩིས་མེར་ཁྲིག་གེ་གང་བར་སྒོམས་ཤིག་བྱས་ལ་བུམ་པ་སྤྱི་བོར་བཞག་སྟེ། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། དེ་ལྟར་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་དབང་སྐུར་པས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་ཐོབ་ནས་འཆི་བ་མེད་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ཐོད་པའི་བདུད་རྩི་ལ་བསྒོམས་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་ཕོག་ལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་པར་བསམ་ལ། ཚེ་འགུགས་པའི་ཕོ་ཉ་བསྐུལ། ཐོད་པ་སྙིང་གར་བཞག་སྟེ། ལྷ་རྣམས་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་འཆི་མེད་རྡོ་རྗེའི་ཚེའི་དབང་ཐོབ་པར་བསམ་ཞིང། ཧྲཱི༔ རྣམ་དག་རྡོ་རྗེ་ཀ་པཱ་ལར༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཚེའི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བདུད་རྩི་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩི་བླུད། ལྷ་ཚོགས་རྣམས་ཞུ་བའི་བདུད་རྩི་ལྕེ་ལ་བཞག་པས། རླུང་རྔུབ་པའི་སྦྱོར་བས་མྱང་བས་འཆི་མེད་ཀྱི་བདུད་རྩིའི་དྭངས་མ་ཚེ་རྟེན་ལ་ཐིམ་པར་བསམ་མོ། །བཅུད་ལེན་གྱི་ཚེ་རིལ་བྱིན་ལ། ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་བྱིན། རླུང་རྔུབ་པའི་སྦྱོང་བས་རོལ། སྤྲོས་པ་ལ་དགའ་ན་ཚིགས་བཅད་དེས་ཚེ་ཆང་ཡང་སྦྱིན་ནོ། །དེ་ནས་ཚེ་སྦ་བ་ནི། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། བ་སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པའི་གོ་ཆས་བར་མེད་དུ་གཏམས་པར་བསམ་ལ། ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སོགས་བརྗོད་ཅིང་རྒྱས་བཏབ་པས། སློབ་མ་ལྷའི་གསལ་སྣང་དུ་གནས་པ་དེ་ཉིད་མེ་ལོང་ལ་ཧས་བཏབ་པ་ལྟར་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་བར་དུ་བསྡུས། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གསལ་སྟོང་ཟུང་འཇུག་གཉུག་མ་རང་བཞིན་གྱི་དབྱིངས་རྩོལ་བྲལ་བློ་འདས་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་ཚེའི་དབང་བསྐུར་པས་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །ཅེས་བརྗོད། རྗེས་ཤིས་བརྗོད་དང་དམ་ཚིག་ཁས་བླང་བ་གཏང་རག་གི་མཎྜལ་རྣམས་དང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཀྱང་སྤྱི་དང་འདྲའོ། །སྤྱིར་གདམས་པ་འདི་ལ་རྫོགས་རིམ་དང་འབྲེལ་བའི་ནང་གསང་གི་སྒྲུབ་པ་དང་། བཅུད་ལེན་རིམ་པ་གསུམ་དང་། འཆི་བསླུ་རིམ་པ་གསུམ་ལ་སོགས་པ་ཟབ་ཅིང་འདྲིལ་བའི་མན་ངག་འགའ་ཞིག་མཆིས་པ་རྣམས་ནི་གཏེར་བྱོན་རྩ་བའི་ཡི་གེ་རྣམས་དང་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལས་ནོད་པར་བྱའོ། །དེ་ཡང་ནང་སྒྲུབ་ཀྱི་སྐབས་སུ་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི། ཞེས་གསུངས་པ་རིགས་མཐུན་གྱི་གདམས་པ་གཞན་དུ་འབྱུང་བ་ནི། རྒུད་པ་མེད་པའི་ལང་ཚོ། མངོན་པར་འདུ་མ་བྱས་པའི་གཟི་འོད། རྩོལ་མེད་ཀྱི་སྟོབས། ཤུགས་འབྱུང་གི་རྩལ། མ་ཟག་པའི་དངོས་གྲུབ། མ་ཉམས་པའི་བསོད་ནམས། རྣམ་པར་རྒྱལ་བའི་དཔལ། མ་གཡོས་པའི་དབང་ཐང་། མ་གྲུག་པའི་བླ། འཆི་བ་མེད་པའི་སྲོག །འགྱུར་བ་མེད་པའི་ཚེ། མ་འགགས་པའི་བློ། རྣམ་པར་འགྱུར་བའི་སྤོབས་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་དང་བཅུ་བཞི་སྟེ། འདི་དག་སྣོད་བཅུད་ཀྱི་ཡོན་ཏན་གྱི་དྭངས་མ་སྟོབས་སུ་གྱུར་པའི་མཐུ་དཔལ་ལས་བྱུང་བའི་ཕྱིར་རོ། །ཐུགས་རྗེའི་གཏེར་ཆེན་གར་དབང་མགོན། །རྣམ་འགྱུར་འཆི་མེད་མཆོག་སྩོལ་ལྷའི། །སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་ཡི། །ཞལ་ལུང་ཉུང་གསལ་སྙིང་པོར་སྤེལ། །འདི་ལས་དགེ་བ་གང་ཐོབ་དེས། །གནས་སྐབས་འདི་དང་མཐར་ཐུག་གི །འཆི་མེད་དངོས་གྲུབ་ཐམས་ཅད་པའི། །འདོད་རྒུའི་འབྱུང་གནས་ཉིད་གྱུར་ཅིག །ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ཅེས་བྱ་བ་འདི་ནི། འཇམ་མགོན་ས་སྐྱ་པ་བདག་ཆེན་ངག་གི་དབང་ཕྱུག་ཀུན་དགའ་བཀྲ་ཤིས་ཀྱི་བཀས་བསྐུལ་བ་དང་གསང་བའི་བདག་པོ་རྒྱལ་ཚབ་དྲུག་པའི་བཀས་རིང་མོ་ནས་བསྐུལ་བའི་དགོངས་པ་རྗེས་སུ་བསྒྲུབ་པའི་ཆེད་དུ། ཉེ་ཆར་གང་གི་ཕྲིན་ལས་པ་བློ་གྲོས་དབྱངས་ཅན་བཟང་པོའི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་ཡི་གེར་སྤེལ་བའོ། །སརྦ་མངྒ་ལཾ།། །།

རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་ཚིག་ (Volume 4, Text 26)

རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་ཚིག་བཞུགས་སོ། །དཀོན་མཆོག་གསུམ་དངོས་རྩ་གསུམ་གཅིག་དྲིལ་བ། །ཀརྨ་པ་ལ་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་དེ་ཉིད་བསྒྲུབ། །སྟོང་པའི་རང་སྒྲ་ཧཱུྃ་ཡིག་སྔོ་དམར་འཕྲོས། །སྔོན་པོ་རྡོར་ར་དམར་པོ་མེ་རིར་གྱུར། །དེ་ནང་བྷྲཱུྃ་གྱི་སྒྲ་ལས་གཞལ་ཡས་ཁང་། །དེ་ནང་རྨ་བྱ་པདྨ་ཟླ་བའི་སྟེང་། ཧྲཱིཿཡིག་དམར་པོ་ལས་གྱུར་བདག་མདུན་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རྩ་ཞལ་ཚེ་དཔག་མེད་དམར་ཆགས་པའི་ཉམས། །གཡས་ཞལ་སྤྱན་རས་གཟིགས་དཀར་ཞི་བའི་ཞལ། །གཡོན་ཞལ་མ་ཧཱ་ཀཱ་ལ་ཁྲོས་པའི་ཞལ། །སྐུ་མདོག་དམར་གསལ་པད་འབྱུང་གར་དབང་ཕྱུག །དང་པོའི་ཕྱག་གཉིས་དཔག་བསམ་ཚེ་བུམ་བརྒྱན། །བར་པས་གྲི་གུག་ཐོད་ཁྲག་ཕག་མོ་ཡུམ། །ཐ་མས་ཕྲེང་དམར་པད་སྡོང་ཐུགས་རྗེའི་བདག །རྒྱལ་བ་རྒྱ་མཚོའི་ངོ་བོར་བཞུགས་པ་སྟེ། །དར་དང་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཐམས་ཅད་གཅིག་འདུས་རྒྱལ་བ་ཀརྨ་པ། །ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །སྔགས་ཕྲེང་ཞལ་ནས་ཐོན་ནས་མདུན་བསྐྱེད་ཀྱི། །ཞལ་ཞུགས་ཐུགས་བརྒྱུད་རང་གི་ཐུགས་ཀར་འཁོར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ག་ཨཀྵོ་བྷྱ་བཛྲ་ས་མཱ་ཛཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷཱུྃ་ནྲྀ་ཛཿཚེ་བསོད་རྒྱས་དབང་དུ་གྱུར་ཅིག་འདོད་གསོལ་འདི་རྒྱུན་དུ་མ་བྱས་ཀྱང་རུང་། སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་བཛྲ་ཨརྒྷཾ་པུཥྤེ་སོགས་ཤབྡ། རཱུ་པ་སོགས་ནས་སྤརྴེ། མཱ་ཏངྒི་ཨཱཿཧཱུྃ་སྭཱ་ཧཱ། གཏོར་མ་ཡོད་ན་རྩ་སྔགས་ལ། བ་ལིནྟ་ཁཱ་ཧི། བཅོམ་ལྡན་པདྨ་ཚེ་དཔག་མེད། །རང་བྱུང་རོལ་པའི་རྡོ་རྗེ་སྟེ། །དཔའ་བོ་རྣལ་འབྱོར་མ་བཅས་རོལ། །རྡོ་རྗེ་དབྱངས་ཅན་བཟང་པོར་བསྟོད། །རང་གི་ལྟེ་བར་རྡོ་རྗེ་ཟླ་བ་ཡི། ཁ་ཆོད་ཅན་གྱི་བྷནྡྷ་བདུད་རྩིས་གང་། །རྡོ་རྗེའི་ཁོང་སེང་དབུ་མ་མཚན་ཉིད་ལྡན། །ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུྃ་ཞེས་པ་ཡི། །སྒྲ་ཡིས་རླུང་རྔུབ་ལྟེ་བའི་བདུད་རྩིར་གྱུར། །དབུ་མ་ནས་བརྒྱུད་ལུས་གང་འཆི་མེད་ཐོབ། །མདུན་བསྐྱེད་ལས་འཕྲོས་དེ་འདྲ་སྤྱན་དྲངས་ནས། །སྤྱི་བོར་བཞུགས་ལ་ཡིད་ཀྱིས་གསོལ་བ་གདབ། །རྩ་སྔགས་ལ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཡི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ནས། །འོད་ཟེར་དང་འདྲེས་བདུད་རྩི་དཀར་དམར་མཐིང་། །རང་གི་གནས་བཞིར་ཐིམ་པས་ལུས་ཀུན་གང་། །སྤྱི་བོའི་ལྷ་དེ་ཡབ་ཡུམ་་་་སྐད་ཅིག་ལ་ཕག་མོ་དང་འཁྱུད་པ་་་་ཞལ་སྦྱོར་གྱུར། །སྦྱོར་མཚམས་བྱང་སེམས་རྒྱུན་བབས་རྩ་གནས་གང་། །ཡུམ་ལས་ཡུམ་འཕྲོས་བདག་དང་འཁྱུད་བྱས་པས། །དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་། །སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་གཞན་གཉིས་མ་དམིགས། །གཉིས་སྤངས་དབྱེར་མེད་ལུ་གུ་རྒྱུད། །བརྟན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །རང་རིག་གསེར་གྱི་རྡོ་རྗེ་ལུས་ཚད་ཀྱི། །ལྟེ་བར་ཧྲཱིཿཡིག་དམར་པོ་ལས། །རང་མིང་རྒྱ་སྐྱེགས་བྲིས་འདྲ་གསལ། །དེ་ནས་དམིགས་མེད་ངང་དུ་བཞག །ཅེས་རཱ་ག་ཨ་སྱས་བསྙེན་པ་ཚར་ཉིན་སྦྱར་བའོ། །མངྒ་ལཾ།། །།

སྔགས་བྱང་ (Volume 37, Text 26)

སྔགས་བྱང་བཞུགས་སོ། །བདག་ཉིད་ཡི་དམ་གསལ་བའི་ངང༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ ཐུགས་དམ་རྒྱུད་བསྐུལ་འོད་ཟེར་ནི༔ སྟེང་འོག་ཕྱོགས་མཚམས་ཁྱབ་པར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བུདྡྷ་བྷོ་དྷི་ཐམས་ཅད་དང༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང༔ ལྷ་སྲིན་སྡེ་བརྒྱད་ནུས་མཐུ་དང༔ འཛམ་གླིང་མཐུ་དང་ནུས་པ་རྣམས༔ བྱིན་རླབས་ནུས་མཐུ་བསོད་ནམས་དང༔ བཀྲག་དང་གཟི་མདངས་མ་ལུས་པ༔ བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ༔ མགོན་པོའི་ཐུགས་ནས་རང་ལ་ཐིམ༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ་པར་བསམ༔ བདག་གི་སྔགས་རྣམས་བཟླས་པ་ཡིས༔ མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱིས༔ བདག་གི་རམ་བུའི་ཚུལ་དུ་ནི༔ འུར་འུར་ཏིར་ཏིར་བཟླས་པར་བསམ༔ ཤིན་ཏུ་གསལ་བའི་དམིགས་པ་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་གྷུ་ཧྱ་རཾ་སིདྡྷི་ཧཱུྃ་ཛ༔ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ རི་རབ་གཡོ་ཞིང་རྒྱ་མཚོ་ཁོལ༔ གླིང་གཞི་གཡོ་འགུལ་སྙན་གྲགས་འབར༔ བཀྲ་ཤིས་བྱིན་ཆེ་རྒྱུད་རྣམ་འཕེལ༔ འཇིགས་པ་ཀུན་ལས་རྣམ་པར་ཐར༔ འཇིག་རྟེན་འདི་ན་ཆེ་བཙན་ལྡན༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ༔ སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས༔ ཛཔ྄་ཀྱི་བསྟོད་པ་གཞུང་བཞིན་བྱ༔

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། བཅུ་གཅིག་ཞལ་ནམ་མཁའ་རྒྱལ་པོ་གཙོ་འཁོར་ཡོངས་རྫོགས་ཀྱི་ལས་བྱང་དངོས་གྲུབ་གཏེར་འབྱུང་སྙིང་པོ་བསྡུས་པ་ (Volume 23, Text 26)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། བཅུ་གཅིག་ཞལ་ནམ་མཁའ་རྒྱལ་པོ་གཙོ་འཁོར་ཡོངས་རྫོགས་ཀྱི་ལས་བྱང་དངོས་གྲུབ་གཏེར་འབྱུང་སྙིང་པོ་བསྡུས་པ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཐུགས་རྗེའི་དབང་ཕྱུག་གུ་རུ་ཀུན་ཏུ་གཟིགས། །ཌཱ་ཀི་ཆོས་སྲུང་བཅས་ལ་གུས་བཏུད་ན། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འབྲེལ་ཚད་སངས་རྒྱས་ས་ལ་སྒྲོལ་བར་མཛོད། །འདི་ཉིད་ཀྱི་ཕྲིན་ལས་བརྩམ་པ་ལ་སྒྲུབ་པ་དང་འབྲེལ་བའི་ཚེ་སྒྲུབ་ཐབས་ལས་བཤད་པའི་དཀྱིལ་འཁོར་དང་རྟེན་རྣམས་བཀོད་དགོས་ལ། ཚོགས་མཆོད་དཀྱུས་མའི་སྐབས་ལྟ་བུར་རྟེན་ཇི་ལྟར་ཚོགས་པ་དང་སྨན་རཀ་གཏོར་གསུམ། ཉེར་སྤྱོད་རྣམས་བཤམས་ལ། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱའོ། །ཕྲིན་ལས་དངོས་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ། དང་པོ་ལའང་ཐོག་མར་བརྒྱུད་པའི་གསོལ་འདེབས་བྱ་བར་འདོད་ན། ཁྱབ་བདག་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །ཤཱཀྱའི་དབང་པོ་འཕགས་མཆོག་སྤྱན་རས་གཟིགས། །པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་འགྲོ་དོན་མཐར་ཕྱིན་ཤོག །འཇམ་མགོན་ཁྲི་ལྡེ་དམ་འཛིན་ལྷ་ཡི་སྲས། །ཟབ་གཏེར་མཛོད་འཛིན་གར་དབང་ཞིག་པོ་གླིང། །བཀྲ་ཤིས་ཚེ་བརྟན་བདུད་འདུལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འགྲོ་དོན་མཐར་ཕྱིན་ཤོག །ཁྱབ་བརྡལ་ལྷུན་གྲུབ་ཀུན་བཟང་རྣམ་པར་རྒྱལ། །བསོད་ནམས་རྣམ་རྒྱལ་བསོད་ནམས་ཆོས་ཀྱི་དབང་། །དཀོན་མཆོག་བསྟན་སྐྱོང་ཆོས་ཀྱི་ཉི་མ་ལ། །གསོལ་བ་འདེབས་སོ་འགྲོ་དོན་མཐར་ཕྱིན་ཤོག །གསང་སྔགས་བསྟན་འཛིན་རྩ་བའི་བླ་མ་དང་། །ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་བའི་ལྷ། །རྩ་གསུམ་དམ་ཅན་བཀའ་སྡོད་བཅས་པ་ལ། །གསོལ་བ་འདེབས་སོ་འགྲོ་དོན་མཐར་ཕྱིན་ཤོག །སྨིན་ཅིང་གྲོལ་བའི་ལམ་བཟང་མཐའ་རུ་ཕྱིན། །འཕགས་པའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །དབྱེར་མེད་གཅིག་གྱུར་མཁའ་མཉམ་སྐྱེ་དགུའི་མགོན། །འཁོར་བ་དོང་ནས་སྤྲུགས་པའི་མཐུ་ལྡན་ཤོག །དེ་ནས་སྔོན་འགྲོ་དཀར་གཏོར་བྱིན་རླབས་བསྔོ་བ་བཅས་སྤྱི་མཐུན་བྱ། གཞུང་ནས་དངོས་སུ་བསྟན་པའི་སྔོན་འགྲོ་བདུན་ལས་ཐོག་མར་བགེགས་བསྐྲད་པ་ནི། རང་ཉིད་དཔལ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ་གར་དགུའི་ཉམས་ལྡན་མེ་འབར་བའི་ཀློང་ན་བཞུགས་པར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་སོ་སོའི་སྤྱོད་ཡུལ་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་འགུགས། སརྦ་བིགྷྣཱན་ནམཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ གསང་སྔགས་དོན་ལ་མི་མོས་ཤིང༔ ཐེག་པ་མཆོག་ལ་མི་དད་པ༔ བར་ཆད་བདུད་དང་འབྱུང་པོའི་ཚོགས༔ འདི་ན་འདུག་པའི་གནས་མེད་ཀྱིས༔ སོ་སོ་རང་རང་གནས་སུ་དེངས༔ གལ་ཏེ་འགྲོ་བར་མ་གྱུར་ན༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དེ་བས་རང་རང་གནས་སུ་དེངས༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་རོལ་མོའི་ཚམ་རྔམ་སོགས་ཀྱིས་བསྐྲད། གཉིས་པ་མཚམས་བཅད་པ་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་རྟ་མགྲིན་གྱི༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྡོ་རྗེ་འཁོར་ལོ་རལ་གྲི་དང༔ ཐོ་བ་ལྕགས་ཀྱུ་ལྔར་གྱུར་ནས༔ མེ་དཔུང་འབར་བའི་ཚྭ་ཚྭ་འཕྲོ༔ དེ་དག་གྲངས་མེད་ཕྱོགས་བཅུར་འཕྲོས༔ སྟེང་ཡང་མཚོན་ཆའི་བླ་བྲེ་ལ༔ འོག་ཀྱང་མཚོན་ཆའི་ས་གཞི་སྟེ༔ ཕྱོགས་མཚམས་མཚོན་ཆ་འབར་བས་གཏམས༔ མཚོན་ཆ་མེ་དཔུང་མཚམས་བཅད་པས༔ སྲ་མཁྲེགས་རྡོ་རྗེའི་གུར་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་བཛྲ་ཏཱིཀྵྞ་ཨཾ་ཀུ་ཤ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་སྐྱབས་སུ་འགྲོ་བ་ནི། བླ་མ་རིག་འཛིན་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ༔ བླ་མ་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ ཡན་ལག་བཅུ་གཉིས་མདོ་སྔགས་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པའི་དགེ་འདུན་ལ༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། བཞི་པ་སེམས་བསྐྱེད་པ་ནི། བདག་གིས་འཕགས་པའི་ལྷ་ཚོགས་བསྒྲུབས་ནས་ནི༔ མ་གྱུར་ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ བླ་མེད་ཡང་དག་ལམ་ལ་རབ་བཅུག་ནས༔ འགྲོ་དོན་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ལན་གསུམ། ལྔ་པ་བཤགས་པ་ནི། ཧཱུྃ༔ བླ་མ་བདེ་གཤེགས་རྒྱལ་བ་འཁོར་བཅས་དང༔ འཕགས་པ་སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ ཡབ་ཡུམ་སྲས་དང་འཁོར་ཚོགས་བཅས་པ་རྣམས༔ རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་མ་རིག་ཉོན་མོངས་དབང་གྱུར་པས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སོགས༔ ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན༔ འཕགས་པའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་གྱུར། དྲུག་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོས་མཚོན་ཅིང་མོས་གུས་གདུང་ཤུགས་བཅས། ཧྲཱི༔ རྒྱལ་བའི་ཞིང་ཁམས་རི་བོ་ཏ་ལ་དང༔ ཕྱོགས་བཅུའི་ཞིང་ཁམས་མ་ལུས་རབ་འབྱམས་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་དང༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས༔ རང་རང་སོ་སོའི་གནས་ནས་སྐུར་བཞེངས་ལ༔ རྣལ་འབྱོར་བདག་ཅག་རྣམས་ལ་དབང་ཞིག་སྐུར༔ གཞལ་ཡས་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ མཆོད་རྫས་བདུད་རྩིའི་རྒྱ་མཚོར་བསྒྱུར་དུ་གསོལ༔ གསལ་བའི་ཞུན་མར་འདི་ལ་མདངས་ཕྱུངས་ཤིག༔ འདིར་ཚོགས་གང་ཟག་རྣམས་ལ་དངོས་གྲུབ་སྩོལ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་ཡོན༔ ཞབས་བསིལ༔ མེ་ཏོག༔ བདུག་སྤོས༔ སྣང་གསལ༔ དྲི་ཆབ༔ ཞལ་ཟས༔ རོལ་མོ༔ ཕྱི་ནང་གསང་མཆོད༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས་རྒྱལ་བ་མཉེས་པའི་མཆོད་རྫས་ནམ་མཁའི་ཁམས་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ མ་ཧཱ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨེ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཞེས་ཕྱི་ནང་གསང་མཆོད་བྱིན་བརླབ། སྨན་རག་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཀིཾ་གསུམ་ལས་མི་མགོའི་སྒྱེད་པུའི་སྟེང་དུ། ཨ་ལས་བྷནྡྷའི་སྣོད་དུ་སྨན་རཀ་གཏོར་གསུམ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཋཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཋ༔ ཞེས་གསུམ་རེ་བརྗོད་པས་བརླབ་བོ། །གཉིས་པ་དངོས་བཞི་ལ་བརྒྱད་ཡོད་པའི་དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧྲཱི༔ སྤྲོས་མེད་ཡང་དག་ངང་ཉིད་ནས༔ འགྱུར་མེད་རྡོ་རྗེ་ཆོས་ཀྱི་སྐུ༔ དམིགས་མེད་སྤྲོས་དང་བྲལ་བ་ལ༔ སྨྲ་བསམ་བརྗོད་དུ་མེད་པའི་ངང༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཀུན་ཡེ་ནས་ཁྱབ་པའི་དོན༔ དེ་ལྟར་མ་རྟོགས་སེམས་ཅན་ལ༔ མ་ལྟར་བརྩེ་བའི་སྙིང་རྗེ་བསྒོམ༔ ཨོཾ་དྷརྨ་དྷ་ཏུ་ཛྙཱ་ན་ས་མཱ་ཏི་ཧཱུྃ༔ ཧྲཱི༔ སྐྱེ་བ་མེད་པའི་སེམས་ཉིད་འདི༔ སྐྱེ་བའི་ཆོ་འཕྲུལ་ཡི་གེ་ཧྲཱི༔ དཀར་གསལ་འོད་དང་ལྡན་པ་དེ༔ ཐམས་ཅད་སྐྱེད་པའི་རྒྱུ་རུ་བསྒོམ༔ བོ་དྷི་ཙིཏྟ་ས་མཱ་ཏི་ཧཱུྃ༔ ཧྲཱི༔ ཏིང་འཛིན་དེ་ཡི་ངང་ཉིད་ལས༔ ཨེ་ལས་ཆོས་ཀྱི་འབྱུང་གནས་ཏེ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང༔ རཾ་ལས་མེ་ཡི་དཀྱིལ་འཁོར་དམར༔ བཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར༔ རིན་ཆེན་གསེར་གྱི་ས་གཞི་ལ༔ བཻ་ཌཱུར་བྱེ་མ་པདྨའི་ཚལ༔ མ་རྨོས་ལོ་ཏོག་ཡན་ལག་ནི༔ བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་དང༔ ལྟེང་ཀ་ཆུ་མིག་ཆུ་བོའི་རྒྱུན༔ དལ་གྱིས་འབབ་པའི་འཁོར་དབུས་ནས༔ ཀླུ་རྒྱལ་ཡིད་བཞིན་ནོར་བུ་འབུལ༔ བཟང་པོ་དྲུག་གི་སྨན་དྲི་འཕྲོ༔ དེ་ལྟར་ཞིང་ཁམས་རྣམ་དག་དབུས༔ མ་ཆགས་སྣ་ཚོགས་པདྨའི་སྟེང༔ ཡི་གེ་བྷྲཱུྃ་ཡིག་འཕྲོ་འདུ་ལས༔ ཕོ་བྲང་ལྔ་ལྡན་ཤེལ་ལས་གྲུབ༔ གྲུ་བཞི་སྒོ་བཞི་རྒྱན་བཀོད་མཛེས༔ རྟ་བབས་གདུགས་ཏོག་ཆོས་འཁོར་དང༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ པདྨ་རྡོ་རྗེ་མེ་རིས་བསྐོར༔ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ནི༔ ཕྱི་གསལ་ནང་གསལ་དྲི་མ་མེད༔ ངོ་མཚར་རྒྱལ་བའི་ཕོ་བྲང་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜ་ལ་བྷྲཱུྃ༔ པཾ་པདྨ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ་ཧཱུྃ༔ ཧྲཱི༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས༔ མ་ཆགས་པདྨ་སྟོང་ལྡན་སྟེང༔ ཨ་ལས་ཟླ་བའི་དཀྱིལ་འཁོར་དབུས༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ༔ སྐུ་མདོག་དཀར་ལ་དམར་བའི་མདངས༔ རྩ་བའི་ཞལ་གསུམ་དཀར་ལྗང་དམར༔ དེ་སྟེང་ཞལ་གསུམ་སེར་ལྗང་དཀར༔ དེ་སྟེང་ཞལ་གསུམ་ལྗང་དཀར་དམར༔ དེ་སྟེང་ཁྲོ་ཞལ་ནག་པོ་རྔམ༔ སྟེང་ཞལ་འོད་དཔག་མེད་པ་དམར༔ རྩ་ཕྱག་ཐལ་སྦྱར་གཡས་གཡོན་འོག༔ ཤེལ་དཀར་ཕྲེང་བ་པད་དཀར་འཛིན༔ དེ་འོག་གཡས་ཀྱི་རྩ་ཕྱག་བཅུས༔ རྡོ་རྗེ་རྒྱ་གྲམ་རིན་པོ་ཆེ༔ པདྨ་རྒྱ་གྲམ་རལ་གྲི་དང༔ ཨུཏྤལ་འཁོར་ལོ་ཉི་ཟླ་འཛིན༔ གཡོན་གྱི་རྩ་བའི་ཕྱག་བཅུ་ན༔ ཤེས་རབ་རལ་གྲི་པོ་ཏི་དང༔ ཤེལ་ཕྲེང་སྤྱི་བླུགས་སྣ་ཚོགས་རྡོར༔ དྲིལ་བུ་མཁར་གསིལ་ལྷུང་བཟེད་དང༔ མཆོད་རྟེན་པདྨ་ལེགས་བསྣམས་ཤིང༔ ཉིང་ལག་ཕྱག་སྟོང་སྤྱན་སྟོང་མངའ༔ ཞབས་བཞི་པད་ཟླའི་གདན་ལ་བཞེངས༔ སྐུ་སྟོད་རི་དྭགས་ལྤགས་པ་ཡིས༔ ནུ་མ་བཀབ་ཅིང་སྐུ་སྨད་ལ༔ སྣ་ཚོགས་དར་གྱི་ཤམ་ཐབས་གསོལ༔ རིན་ཆེན་དབུ་རྒྱན་སྙན་རྒྱན་དང༔ དོ་ཤལ་སྐེ་རགས་ཚངས་སྐུད་ཅན༔ གདུ་བུ་མཛེས་པས་ལེགས་སྤྲས་ཤིང༔ ཕྱག་ཞབས་རིགས་བཞིའི་སྦྲུལ་གྱིས་བརྒྱན༔ གསང་བ་ཡེ་ཤེས་ཡུམ་དང་འཁྲིལ༔ དམར་མོ་ཕྱག་བཞི་ཌཱ་མ་རུ༔ ཐོད་ཁྲག་གྲི་གུག་ཁ་ཊྭཱཾ་བསྣམས༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ དེ་ལྟར་གསལ་བའི་ཕྱོགས་བཞི་རུ༔ སྒྲོལ་ལྗང་མཆོག་སྦྱིན་ཨུཏྤལ་ཕྱག༔ ནོར་འཛིན་དཀར་གསལ་ཐལ་སྦྱར་ནོར༔ སྒྲོལ་དཀར་མཆོག་སྦྱིན་ཨུཏྤལ་དཀར༔ གསང་འཛིན་དམར་མོ་པདྨ་བསྣམས༔ ལོངས་སྤྱོད་ཆས་རྫོགས་པད་ཟླར་བཞེངས༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ ཤར་དུ་ས་སྙིང་མྱུ་གུ་དཀར༔ ལྷོ་རུ་ནམ་སྙིང་རལ་གྲི་མཐིང༔ ནུབ་ཏུ་སྤྱན་གཟིགས་པད་འཛིན་དཀར༔ བྱང་དུ་ཕྱག་རྡོར་རྡོ་རྗེ་ལྗང༔ ཤར་ལྷོར་བྱམས་པ་སྤྱི་བླུགས་དམར༔ ལྷོ་ནུབ་ཀུན་བཟང་རིན་ཆེན་དཀར༔ ནུབ་བྱང་སྒྲིབ་སེལ་པོ་ཏི་སྔོ༔ བྱང་ཤར་འཇམ་དཔལ་ཨུཏྤལ་ལྗང༔ ལོངས་སྤྱོད་ཆས་རྫོགས་འགྱིང་སྟབས་བཞེངས༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ ཤར་དུ་ལཱ་སེ་མེ་ལོང་དཀར༔ ལྷོ་རུ་མཱ་ལེ་ཕྲེང་ཐོགས་སྔོ༔ ནུབ་ཏུ་གཱི་ཏི་པི་ཝཾ་དམར༔ བྱང་དུ་ནཱིརྟི་ཅོད་པན་ལྗང༔ ཤར་ལྷོར་དྷཱུ་པེ་དམར་སེར་སྤོས༔ ལྷོ་ནུབ་པུཥྤེ་ཕྲེང་བ་སྔོ༔ ནུབ་བྱང་ཨཱ་ལོ་མར་མེ་དམར༔ བྱང་ཤར་གནྡྷེ་དྲི་ཆབ་ལྗང༔ གར་སྟབས་དར་དང་རིན་ཆེན་བརྒྱན༔ དེ་ཕྱིར་པདྨ་འདབ་དྲུག་ལ༔ རིགས་དྲུག་དོན་མཛད་ཐུབ་པ་དྲུག༔ སྤྲུལ་སྐུ་ཆོས་གོས་རྣམ་སྦྱར་ཅན༔ སྐུ་མདོག་སྣ་ལྔ་འོད་ཟེར་འཕྲོ༔ འགྲོ་དྲུག་འདྲེན་མཛད་ཕྱག་མཚན་འཆང༔ ཞབས་རྣམས་བཞེངས་པའི་ཚུལ་དུ་བསྐྱེད༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ སྟོབས་ཆེན་རྡོ་རྗེ་རྩེ་གསུམ་སྔོ༔ གཤིན་རྗེ་གཤེད་པོ་ཐོད་དབྱུག་སེར། རྟ་མགྲིན་པདྨའི་དབྱུག་འཛིན་དམར༔ བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་ཐོགས༔ ཁྲོ་བོའི་ཆ་ལུགས་རྔམ་སྟབས་བསྐྱེད༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ འཇིག་རྟེན་ལྷ་ཀླུ་གཟའ་སྐར་དང༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ རང་རང་རྒྱན་དང་ཆ་ལུགས་ལྡན༔ དེ་ལྟར་དཀྱིལ་འཁོར་ལྷ་རྣམས་ཀྱང༔ དངོས་འཛིན་རང་རྒྱུད་མ་ཡིན་པར༔ ནམ་མཁའ་ལ་ནི་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསམ༔ ཨོཾ་ཧྲཱིཿན་མོ་ལོ་ཀེ་ཤྭ་ར་ག་ག་རཱ་ཙ་གྷུ་ཧྱ་ཛྙཱ་ན་ཌཱ་ཀི་ཧྲཱིཿམ་ཏཱཾ་ཏཱཾ་ཀྵིཾ་ཏྲཱཾ་ཧྲཱིཿཛྲིཾ་མཻ་ཧཱུྃ་ཐིཾ་མཱུཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོ༔ མུ་ནི་ཛཿཧཱུྃ་བཾ་ཧོ༔ ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་པོ་ཏ་ལ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྐར་མདའ་ལམ་དུ་ཞུགས་པ་ལྟར་བྱོན་པར་བསམ་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་བའི་དོན་དུ་ཆོས་ཀྱི་དབྱིངས་ཉིད་ནས༔ གཟུགས་ཀྱི་སྐུར་བཞེངས་གནས་མཆོག་འདི་ཉིད་དུ༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ གསང་བ་ཡེ་ཤེས་མཆོག་གི་མཁའ་འགྲོ་མ༔ ནོར་འཛིན་སྒྲོལ་མ་དཀར་སྔོན་གསང་སྔགས་འཛིན༔ སེམས་དཔའ་སེམས་མ་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་རྣམ་པ་བཞི༔ གཞན་ཡང་བདག་སྐྱོབ་ལྷ་དང་རིག་འཛིན་དང༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་དྲང་སྲོང་ཚོགས༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ དེ་ལྟར་འཕགས་པའི་ལྷ་ཚོགས་འཁོར་བཅས་རྣམས༔ གནས་འདིར་བྱོན་ལ་སྒྲུབ་མཆོག་རྣལ་འབྱོར་ལ༔ དབང་བཞི་བསྐུར་ཞིང་བྱིན་གྱིས་བརླབ་པ་དང༔ བགེགས་དང་ལོག་འདྲེན་བར་ཆད་སེལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་སིདྡྷི་ཕ་ལ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱི༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་འདིར༔ མཛེས་ཤིང་ཡིད་འོང་རྒྱན་གྱིས་སྤྲས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ས་མ་ཡ་ཏིཥྛ་ལྷན༔ ཙནྡྲ་པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཞི་པ་ཕྱག་འཚལ་ནི། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ༔ གང་ལ་གང་འདུལ་སྟོན་མཛད་པ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ༔ གསང་ཡེ་སྒྲོལ་མ་སྲས་མཆོག་གཉིས༔ སེམས་དཔའ་སེམས་མ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་བཞི༔ ཕྲིན་ལས་ཐམས་ཅད་འགྲུབ་མཛད་པའི༔ འཁོར་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ་ཕྱི་མཆོད་ནི། ཧྲཱི༔ འཕགས་པའི་ལྷ་ཚོགས་འཁོར་བཅས་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་སྣང་གསལ་དང༔ དྲི་ཆབ་ཞལ་ཟས་སིལ་སྙན་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཆོད་རྫས་ཇི་སྙེད་ཡོད་པ་རྣམས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ ཨཱརྱ་ལོ་ཀེ་ཤྭ་ར་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ ནང་མཆོད་ནི། ཧྲཱི༔ འཕགས་པའི་ལྷ་ཚོགས་འཁོར་བཅས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་སྒྲོན་མེ་དྲི་ཡི་ཆུ༔ བདུད་རྩིའི་ཞལ་ཟས་ཐོད་རྔས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ ཨཱརྱ་ལོ་ཀེ་ཤྭ་ར་ཌཱ་ཀི་ནཱི་ས་པ་རི་བཱ་ར་མ་ཧཱ་པཉྩ་པཱུ་ཙ་ཧོ༔ གསང་མཆོད་ནི། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་མཉམ་མཆོད་པར་འབུལ༔ ཨཱརྱ་ལོ་ཀེ་ཤྭ་ར་ཌཱ་ཀི་ནཱི་ས་པ་རི་བཱ་ར་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ སྨན་མཆོད་ནི། ཧྲཱི༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ འཆི་མེད་གསང་བའི་བདུད་རྩི་འདིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ འདིར་སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར་ལ་དངོས་གྲུབ་བླང་། རཀྟའི་མཆོད་པ་ནི། ཧྲཱི༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷར་བསྐྱིལ༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧྲཱི༔ སྣོད་དང་བཅུད་དུ་རབ་ལྡན་ཅིང༔ རྫས་སྔགས་ཏིང་འཛིན་འཕྲོ་འདུ་ཡིས༔ བཟང་པོར་བྱས་པའི་གཏོར་མ་འདིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་མཆོད་ནི། ཧྲཱི༔ སྣང་སྲིད་ཐབས་ཤེས་ཡབ་ཡུམ་ནི༔ དོན་དམ་འཁོར་འདས་གཉིས་མེད་སྦྱར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནཱི་མུ་དྲ་པྲ་བེ་ཤ་ཡ་ཕཊ༔ བསྒྲལ་མཆོད་ནི། ཧྲཱི༔ སྟོང་ཉིད་དོན་རྟོགས་བློ་ཡིས་ནི༔ སྣང་སྲིད་འཁོར་འདས་གཅིག་ཏུ་བསྒྲལ༔ བློ་ངན་འཁོར་བའི་རྒྱུན་བཅད་དེ༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ༔ དྲུག་པ་བསྟོད་པ་ནི། ཧྲཱི༔ དྲི་མེད་མཚོ་གླིང་བརྩེགས་པའི་པད་སྡོང་ལས༔ སྐྱེ་མེད་ཆོས་སྐུ་གཞན་དོན་སྐུར་སྤྲུལ་པ༔ ཞལ་གཅིག་ཕྱག་བཞི་ཚད་མེད་བཞི་ཡི་ཚུལ༔ འཕགས་པ་སྙིང་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༔ གང་ལ་གང་འདུལ་དེ་ལ་དེར་སྟོན་མཛད༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡུམ༔ བདེ་སྟོང་ཟུང་འཇུག་བདེ་བས་ཚིམས་མཛད་མ༔ དགའ་བཞིའི་དོན་གྱིས་སྣང་སྲིད་དབང་དུ་སྡུད༔ གསང་བ་ཡེ་ཤེས་ཡུམ་ལ་ཕྱག་འཚལ་བསྟོད༔ སྒྲོལ་མ་དཀར་ལྗང་ནོར་འཛིན་གསང་སྔགས་འཛིན༔ ཐུགས་རྗེའི་མངའ་བདག་རྣམས་ལ་ཕྱག་འཚལ་བསྟོད༔ ཚོགས་བརྒྱད་རྣམ་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ འགྲོ་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་སྒོ་སྐྱོང་བཞི་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ལྷ་དང་རིག་འཛིན་སྲུང་མའི་ཚོགས༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་གཟའ་སྐར་སོགས༔ བསྟོད་འོས་ཀུན་ལ་གུས་པས་བསྟོད་པར་བགྱི༔ བདུན་པ་ཛཔ྄་བཟླ་བ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོའི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། བདག་ལ་ཐིམ་པས་དངོས་གྲུབ་བསྩལ། སྣོད་བཅུད་ཐམས་ཅད་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་གསལ་བ་དང་རང་གི་བ་སྤུའི་བུ་ག་ཚུན་ཆད་ནས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པས་འཁོར་བ་དོང་ནས་སྤྲུགས་པར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་རྩ་བའི་སྔགས་ཏེ་བཟླས་པའི་དངོས་གཞི་འདི་ལ་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར༔ བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ་བྷྱ༔ སམྱཀྶཾ་བུདྡྷེ་བྷྱ༔ ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨིཊྚེ་ཝིཊྚེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལི༔ སྡིག་སྒྲིབ་ཐམས་ཅད་མཱ་པ་ན་ཡེ་སྭཱ་ཧཱ༔ ཞེས་གཟུངས་རིང་དང་། ཨོཾ་ཧྲཱིཿན་མོ་ལོ་ཀེ་ཤྭ་ར་ག་ག་རཱ་ཙ་གྷུ་ཧྱ་ཛྙཱ་ན་ཌཱ་ཀི་ཧྲཱིཿམ་ཏཱཾ་ཏཱཾ་ཀྵིཾ་ཏྲཱཾ་ཧྲཱིཿཛྲིཾ་མཻ་ཧཱུྃ་ཐིཾ་མཱུཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོ༔ མུ་ནི་ཛ་ཧཱུྃ་བཾ་ཧོ༔ ཨཱ་རལླི་ཧྲཱིཾ་ཧྲཱིཾ་སིདྡྷི་ཧཱུྃ༔ ཞེས་གཙོ་འཁོར་ཡོངས་རྫོགས་དྲིལ་བའི་སྙིང་པོའང་ཅི་འགྲུབ་བཟླ། མཐར་སྟོང་ཚིག་སྤྱི་ལྟར་འབུལ། བརྒྱད་པ་ཚོགས་ཀྱི་མཆོད་པ་འབུལ་བ་ལ་ཐབས་ཤེས་ཀྱི་རྫས་གཙོ་བོར་གྱུར་པའི་བཟའ་བཏུང་གི་བྱེ་བྲག་ཚོགས་པར་བཤམས་ལ་བྱིན་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ རཾ་ཡཾ་ཁཾ༔ ཧཱུྃ་ཧྲཱི༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏིང་འཛིན་གྱིས༔ སྣང་སྲིད་ཆོས་ཀུན་སྒྱུ་མར་རིག་པས་ན༔ ཞལ་ཟས་ཚོགས་ལ་ཉེས་པ་མི་མངའ་ཡང༔ ཀུན་རྫོབ་འཁྲུལ་པའི་དབང་གིས་གོས་གྱུར་ན༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེགས༔ ཡེ་ཤེས་རླུང་གིས་དངོས་འཛིན་མཚན་མ་གཏོར༔ ཡེ་ཤེས་ཆུ་ཡིས་ཐེ་ཚོམ་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ། ཨོཾ་གྱིས་ཚོགས་རྣམས་དཔག་མེད་རྒྱ་ཆེར་སྤེལ༔ ཨཱཿཡིས་ཉེས་སྐྱོན་མ་དག་བག་ཆགས་སྦྱངས༔ ཧཱུྃ་གིས་བདུད་རྩིའི་རང་བཞིན་དངོས་སུ་བསྒྱུར༔ ཧ་ཡིས་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་མཆོད༔ ཧོཿཡིས་དགྱེས་པའི་ཚུལ་གྱིས་དགྱེས་པར་རོལ༔ ཧྲཱིཿཡིས་མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང༔ ཨོཾ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ ཨཱཿནི་དེ་བཞིན་སངས་རྒྱས་ཀུན་གྱི་གསུང༔ ཧཱུྃ་ནི་སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ༔ ཧ་ནི་བདེ་གཤེགས་ཡོན་ཏན་དངོས་གྲུབ་དཔལ༔ ཧོཿནི་བདེ་གཤེགས་འགྲོ་ཀུན་ཕྲིན་ལས་མཛད༔ ཧྲཱིཿཡིས་བསྐྱེད་པའི་ས་བོན་རྒྱུ་དང་བཅས༔ དཔའ་བོ་བྱང་ཆུབ་འབྲུ་དྲུག་ཆེན་པོ་ཡིས༔ འདོད་ཡོན་ལོངས་སྤྱོད་ཚོགས་རྫས་བྱིན་གྱིས་བརླབས༔ ཞལ་ཟས་བདུད་རྩིའི་བཅུད་ཆེན་ཨ་ལ་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ དེ་ནས་ཚོགས་འབུལ་བ་ནི། ཧྲཱི༔ ཚོགས་ཀྱི་མཆོད་པ་ཆེན་པོ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལོངས་སྤྱོད་མང་པོ་སྤྲོས༔ དམ་རྫས་མཆོད་པ་ཆེན་པོ་འདི༔ དགྱེས་པའི་ལོངས་སྤྱོད་བསམ་མི་ཁྱབ༔ འཕགས་པ་ཡབ་ཡུམ་སྲས་འཁོར་བཅས༔ ལྷ་ཚོགས་རྣམས་ཀྱིས་བཞེས་སུ་གསོལ༔ ཧྲཱིཿཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ གསང་བར་འཁུ་བ་རྣམས་བསྒྲལ་བ་ནི་ལིངྒ་ལ་བདེན་སྟོབས་བརྗོད་ཅིང་དགུག་གཞུག་བྱ། ཕྱག་རྒྱ་བཞིས་བཅིངས། རང་ཉིད་རྟ་མགྲིན་དུ་གསལ་བས་མཚོན་ཆ་བཏབ་ལ། ཧྲཱི༔ གནོད་བྱེད་དགྲ་བགེགས་རུ་དྲ་ལ༔ མཚོན་ཆ་ལྔ་ཡི་ཆར་བབ་པ༔ ཐོ་བ་གཅོད་པའི་རལ་གྲི་དང༔ དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང༔ སཏྭ་རེ་ལྔ་ལ་སོགས་པ་ཡིས༔ དགྲ་བགེགས་ལུས་ཕུང་དུམ་བུར་གཏོར༔ ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔ རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་ཐོངས༔ ཨོཾ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུཾ་བུ་དུཾ་བུ༔ མཱ་ར་ཡ༔ ཚལ་པ་ཚལ་པ་རྦད༔ བཛྲ་ཏཱིཀྵྞ་ཁ་ཐཾ་མཱ་ར་ཡ་ཛ༔ དེ་ནས་བསྟབ་པ་ནི། ཧྲཱི༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ འཁོར་བཅས་དམ་ཅན་སྤྱན་ལམ་དུ༔ དགྲ་བགེགས་གཟུགས་ཕུང་ཤ་ཁྲག་བསྟབ༔ བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ བསྟན་པ་བཤིག་པའི་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པ་ནང་ཁྲོལ་རྣམས༔ དུག་ལྔའི་རང་བཞིན་ལས་བྱུང་བ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ རོལ་པ་ཆེན་པོས་བཞེས་སུ་གསོལ༔ ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཌཱ་ཀ་ཌཱ་ཀི་ནཱི་དྷརྨཱ་པཱ་ལ་སརྦ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་བཤགས་པ་ནི། ཧྲཱི༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ དཀྱིལ་འཁོར་ལྷ་ཚོགས་བཀའ་ཉན་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ལ༔ ཉེས་ཚོགས་གྱུར་པ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ དེ་ནས་སྐོང་བ་ནི། ཧྲཱི༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ ལྟ་བ་ཀློང་ཆེན་དག་པས་བསྐང༔ སྒོམ་པ་ཡེངས་འཁྲུལ་དག་པས་བསྐང༔ སྤྱོད་པ་བླང་དོང་འཛིན་མེད་བསྐང༔ འབྲས་བུ་ཡེ་གྲུབ་ཆེན་པོས་བསྐང༔ དམ་ཚིག་ཉམས་ཆག་བྲལ་བས་བསྐང༔ ཕྱི་སྐོང་སྣང་སྲིད་བདེ་ཆེན་བསྐང༔ ནང་སྐོང་ཚོགས་དྲུག་རང་གྲོལ་བསྐང༔ བར་སྐོང་བསྐྱེད་རྫོགས་རོ་གཅིག་བསྐང༔ གསང་སྐོང་སྐོང་བྱེད་བྲལ་བར་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཙ་ཧོ༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ཏེ་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། གཙང་ལྷག་དང་དམ་ཚིག་གཅིག་པའི་ལྷག་མ་བསྡུས་ཏེ། པཉྩ་ཨ་མྲྀཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ བྷྱོ༔ དཀྱིལ་འཁོར་ལྷ་ཚོགས་བཀའ་ཉན་ལྷག་སྡུད་མ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ འཇིག་རྟེན་ཤ་ཟ་དམ་ཚིག་ཌཱ་ཀི་དང༔ དུར་ཁྲོད་མཁའ་འགྲོ་ཕྲ་མེན་གིང་ལ་སོགས༔ དཔའ་བོ་དཔའ་མོ་མཁའ་འགྲོ་འཁོར་དང་བཅས༔ དབང་ཕྱུག་ཤུགས་འགྲོ་གཤིན་རྗེ་སྲིན་པོའི་ཚོགས༔ དམ་ཚིག་བྱ་ར་མཛད་པའི་ལས་མཁན་ཚོགས༔ ཡང་དག་དོན་གྱི་སངས་རྒྱས་ཡིན་མོད་ཀྱང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་བཀའ་ཉན་ཕྱིར༔ བྲན་གྱི་ཚུལ་དུ་ཁས་བླངས་དམ་བཅས་པས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ དཔལ་གྱི་ཕམ་ཕབ་ལྷག་མའི་མཆོད་པ་བཞེས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་ནཱི་སརྦ་ཨུཙྪིཥྚ་བྷི་ར་ཧ་རི་ཏེ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་བསྐྱལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན་ཡོད་པ་ལས་དང་པོ་ཐུགས་དམ་བསྐུལ་བ་ནི། ཧྲཱི༔ མ་གཡེལ་མ་གཡེལ་བླ་མ་སྤྱན་རས་གཟིགས༔ མ་གཡེལ་མ་གཡེལ་ཌཱ་ཀི་སྲས་འཁོར་ཚོགས༔ མ་གཡེལ་མ་གཡེལ་ཕོ་ཉ་ལས་མཁན་ཚོགས༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྤྱན་རས་གཟིགས་དབང་ཡབ་ཡུམ་སྲས་དང་བཅས༔ པོ་ཏ་ལ་ཡི་གནས་ནས་སྐུ་སྐྱོད་ལ༔ ཕྲིན་ལས་རྣམ་བཞིའི་ཐུགས་དམ་དུས་ལ་བབ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན༔ འཁོར་བཅས་དམ་ཚིག་གནས་ནས་སྐུ་སྐྱོད་ལ༔ ཕྲིན་ལས་རྣམ་བཞིའི་ཐུགས་དམ་དུས་ལ་བབས༔ ཕོ་ཉ་ལས་མཁན་བཀའ་སྡོད་བྲན་གཡོག་ཚོགས༔ དྲག་རྩལ་མཐུ་སྟོབས་ཀློང་ནས་སྐུ་བཞེངས་ལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་འདི༔ འཕགས་པ་དམ་ཅན་བཀའ་སྡོད་ཚོགས་ལ་འབུལ༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་ལྷུན་གྲུབ་མཛོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སོགས༔ ཡེ་ཤེས་དབྱིངས་ཀྱི་ཀློང་དུ་གྲོལ་བ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ གཉིས་པ་ཆད་མདོ་ནི། དམར་གཏོར་ལ་དགྲ་བགེགས་བཀུག །དེ་ཉིད་བདུད་རྩིར་སྤེལ་ལ། ཧཱུྃ་བྷྱོ༔ སྔོན་ཚེ་ཆེ་མཆོག་པདྨ་ཧེ་རུ་ཡིས༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་མནན་ཚེ༔ རྡོ་རྗེ་རིན་ཆེན་པདྨ་ལས་རིགས་སོགས༔ མཁའ་འགྲོ་མ་སྲིང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོར་ཁས་བླངས་གཉེར་ལེན་བྱས་པའི་ཚེ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ གཏོར་མ་འདི་ལོངས་རྣལ་འབྱོར་ཕྲིན་ལས་མཛོད༔ དེ་འོག་ལྷ་ས་འཕྲུལ་སྣང་སྟེང་ཁང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ཡབ་སྲས་མཚོ་རྒྱལ་རྗེ་འབངས་ལ༔ འཁོར་བ་ལས་སྒྲོལ་རྩ་གསུམ་ལྷ་ཚོགས་ཀྱི༔ དབང་དང་བསྐྱེད་རྫོགས་སྨིན་གྲོལ་བཀོད་པའི་ཚེ༔ མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུ་ཡིས༔ སོ་སོར་ཁས་བླངས་གཉེར་ལེན་བྱས་པའི་ཚེ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ གཏོར་མ་འདི་ལོངས་རྣལ་འབྱོར་ཕྲིན་ལས་མཛོད༔ དེ་འོག་ལྔ་བརྒྱ་སྙིགས་མ་རྩུབ་འགྱུར་དུས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ སློབ་མ་རིག་འཛིན་ཞིག་པོ་གླིང་པ་ལ༔ སྙིགས་མའི་འགྲོ་འདུལ་གདུང་གསོབ་དབང་བསྐུར་ཚེ༔ བཀའ་སྲུང་ལྷ་མགོན་གཏེར་སྲུང་ཐམས་ཅད་ཀྱིས༔ སོ་སོར་ཁས་བླངས་གཉེར་ལེན་བྱས་པའི་ཚེ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ གཏོར་མ་འདི་ལོངས་རྣལ་འབྱོར་ཕྲིན་ལས་མཛོད༔ གསུམ་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུ་བདུད་རྩིར་བརླབས་ལ། བྷྱོ༔ དཔལ་གྱི་བཀའ་ཉན་བདུད་མོ་ཆེན་མོ་བཞི༔ གནོད་སྦྱིན་བཞི་དང་སྨན་བཙུན་བཞི་ལ་སོགས༔ བོད་ཁམས་བསྟན་སྐྱོང་བརྟན་མ་བཅུ་གཉིས་ཏེ༔ ཆིབས་སུ་ཤ་བ་རྐྱང་དང་འབྲོང་ལ་འཆིབ༔ ཟས་སུ་གསེར་སྐྱེམས་ཤ་ཁྲག་དམར་གཏོར་རོལ༔ ལས་སུ་སངས་རྒྱས་བསྟན་པ་སྲུང་བ་ཡི༔ བརྟན་སྐྱོང་མ་ལུས་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ སྒྲུབ་པོའི་གྲོགས་མཛོད་ཡོན་བདག་བར་ཆད་ཟློག༔ བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ གཉིས་པ་རྟ་བྲོ་ནི། གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་བཀུག །རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་སྐྱེ་མཆེད་ལ༔ དཀྱིལ་འཁོར་ལྷ་ཚོགས་རྔམས་བརྗིད་རོལ་པའི་གར༔ ཁྲོ་བོ་ཁྲོ་མོས་བྲོ་བརྡུང་ཆེམས་སེ་ཆེམ༔ དྲག་པོ་སྔགས་ཀྱི་སྒྲ་སྐད་དི་རི་རི༔ མ་མོ་མཁའ་འགྲོའི་གར་བྱེད་ཤིགས་སེ་ཤིག༔ མནན་ཅིང་གཟིར་བའི་ལས་ཀྱིས་དོན་ཆེན་འགྲུབ༔ གནོད་བྱེད་དགྲ་བགེགས་སྦྱོར་བ་རྒྱུན་བཅད་དོ༔ དགྲ་བགེགས་འབྱུང་པོ་སཏྭམ་བྷ་ཡ་ནན༔ ལྔ་པ་དངོས་གྲུབ་བླང་བ་ནི། ཧྲཱི༔ བྱིན་རླབས་ཆུ་འཛིན་ནམ་མཁའི་ཀློང་ཡངས་ནས༔ འཕགས་པ་སྤྱན་རས་གཟིགས་དབང་ཡབ་ཡུམ་དང༔ སྲས་འཁོར་དམ་ཅན་བཀའ་སྡོད་འཁོར་བཅས་ཀྱིས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དཔག་ཡས་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ཡིད་བཞིན་བདེ་བ་ཆེན་པོའི་དངོས་གྲུབ་ནི༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཡང་དག་བླ་མེད་དོན་དམ་བཅུད་ཀྱི་གཏེར༔ ཅི་བསམ་རེ་འདོད་སྐོང་བའི་རིན་པོ་ཆེ༔ གནས་སྐབས་མཐུ་ལྡན་འབྲས་བུ་ཕུན་སུམ་ཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། དཀྱིལ་འཁོར་དང་འབྲེལ་ན་སྐབས་འདིར་མཆོད་བསྟོད་མདོར་བསྡུས་བྱ། དྲུག་པ་ནོངས་བཤགས་ནི། ཀྱེ་མ་འཕགས་པའི་ལྷ་ཚོགས་འཁོར་བཅས་རྣམས༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད། བདུན་པ་གཤེགས་བསྡུ་ནི། བདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་བསྡུ་སྤྱི་ལྟར་བྱ། བདག་བསྐྱེད་ལ་དམིགས་ཏེ། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཉིད༔ རིམ་གྱིས་འདུས་ནས་འཁོར་ཚོགས་གཙོ་བོ་དང༔ དེ་ཡང་ས་བོན་ལ་ཐིམ་རིམ་གྱིས་ཡལ༔ སྨྲ་བསམ་བརྗོད་མེད་ཀ་དག་ལྷུན་འབྱམས་ངང༔ སླར་ཡང་འཕགས་པའི་སྐུར་གསལ་གནས་གསུམ་དུ༔ འབྲུ་གསུམ་སྣོད་བཅུད་ལྷ་སྔགས་ཡེ་ཤེས་སོ༔ བརྒྱད་པ་མཐའ་རྒྱས་ལ་ཤིས་བརྗོད་ནི། ཧྲཱི༔ བསྐལ་བཟང་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་ཀུན་ཐུགས་རྗེས་སྐྱོབ་པའི་དཔལ་གཅིག་པོ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ སྤྱན་རས་གཟིགས་དབང་བླ་མའི་བཀྲ་ཤིས་ཤོག༔ སྣ་ཚོགས་སྤྲུལ་པས་འགྲོ་ཀུན་སྐྱོབ་མཛད་ཅིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབ༔ ཡེ་ཤེས་ཌཱ་ཀི་སྲས་འཁོར་སྒོ་བའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་ཐོགས་པ་མི་མངའ་ཞིང༔ གང་ལ་གང་འདུལ་ཐབས་སྤྲུལ་སྣ་ཚོགས་འགྱེད༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བ་ཡི༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ དུས་དང་གནས་སྐབས་མ་ལུས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་རིན་ཆེན་དར་བ་དང༔ སྐྱེ་འགྲོ་བདེ་ལྡན་ཟག་མེད་བདེ་བས་འཚོ༔ བསམ་པ་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ སྨོན་ལམ་ནི། ན་མོ༔ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱིས༔ འཕགས་པའི་ལྷ་ཚོགས་བསྐྱེད་རྫོགས་བསྒྲུབས་པ་དང༔ བདག་གཞན་དགེ་བ་ཅི་དང་ཅི་བསགས་པས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ ཅེས་དང་། ཧོ༔ རྣམ་དག་ལྷུན་གྲུབ་བདེ་བ་ཅན་གྱི་ཞིང༔ མ་བཅོས་སྤྲོས་བྲལ་ལོངས་སྤྱོད་རྫོགས་སྐུའི་ས༔ བཀོད་པས་མཛེས་ལྡན་འོད་ཀྱི་ཞིང་ཁམས་དེར༔ བདག་དང་འགྲོ་བ་མ་གྱུར་སེམས་ཅན་རྣམས༔ སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེ་བར་ཤོག༔ ཅེས་སོགས་གདབ་བོ། །འདི་ནི་དོན་དབང་བསྐུར་བ་ལྟ་བུ་ལ་སོགས་ལ་ཁྱེར་བདེ་དང་། བསྙེན་སྒྲུབ་ཀྱི་ཐུན་ཕྱི་མ་ལྟ་བུར་ཉེ་བར་མཁོ་བར་བསམས་ནས་གཏེར་གཞུང་ནས་བཏུས་པ་ཡིན་གྱི། འདི་ཉིད་རྐང་ཚུགས་ཀྱི་ཕྲིན་ལས་གཏང་བར་འདོད་ན་གཏེར་གཞུང་གི་ལས་བྱང་ཉིད་གཏོང་བ་ལས་སླ་ཆོས་མི་རུང་ཞིང་གོ་མི་ཆོད་པའང་ཤེས་པར་བྱའོ། །འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཐུགས་རྗེ་ཆེའི། །ཕྲིན་ལས་གྲུ་ཆེན་འདིར་ཞུགས་ཐར་མཆོག་གླིང། །དོན་གཉིས་ནོར་བུའི་ལོངས་སྤྱོད་ཆེ་ཐོབ་ནས། །སྲིད་ཞིའི་དབུལ་བ་སེལ་བའི་མགོན་གྱུར་ཤོག །འདི་ལྟར་རྡོ་རྗེའི་གསུང་ལ་རང་འདོད་དབང་ཟའི་བློས་གཟུ་ལུམ་རས་ཆོད་ག་ལ་སྤོབས་ཀྱང་རིན་ཆེན་གཏེར་གྱི་མཛོད་དུ་ཟབ་མོའི་བཀའ་ཡོངས་སུ་སྡུད་པའི་ཆ་རྐྱེན་དུ་མེད་ཐབས་མེད་པར་གྱུར་པས། སངས་རྒྱས་པདྨའི་རྗེས་འཇུག་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་བགྱིས་པ་ནོངས་པ་བཤགས་ཤིང་དགེ་བས་འདི་བསྟན་ཕྱོགས་བརྒྱར་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

གཏེར་གསར་ཕྱག་རྫོགས་ཀྱི་སྔོན་འགྲོ་བཞི་སྦྱོར་ལྷན་ཐབས་རྣམ་མཁྱེན་བགྲོད་པའི་ཐེམ་སྐས་ (Volume 27, Text 26)

༄༅། །གཏེར་གསར་ཕྱག་རྫོགས་ཀྱི་སྔོན་འགྲོ་བཞི་སྦྱོར་ལྷན་ཐབས་རྣམ་མཁྱེན་བགྲོད་པའི་ཐེམ་སྐས་བཞུགས་སོ། ། མཆོག་གསུམ་ཡོངས་འདུས་བླ་མའི་ཞབས་པད་ལ། །གུས་པས་བཏུད་ནས་ཟབ་གཏེར་གྲོལ་བྱེད་ཀྱི། །སྔོན་འགྲོ་བཞི་སྦྱོར་རྣམ་མཁྱེན་བགྲོད་པའི་སྐས། །སྐལ་བཟང་དོན་གཉེར་མགྲོན་ལ་བདག་གིས་གཏད། །འདིར་གཏེར་གསར་གྱི་ཕྱག་རྫོགས་གཙོ་བོར་གྱུར་པའི་ཟབ་མོའི་ཁྲིད་རྣམས་ཀྱི་སྔོན་དུ་འགྲོ་བ་ཐུན་མོང་མ་ཡིན་པ་བཞི་སྦྱོར་གྱི་རིམ་པ་ཉམས་ལེན་ལ་འཇུག་བདེ་ཕྱིར་ལོགས་སུ་བཀོད་པར། དེ་ཡང་རྫོགས་པ་ཆེན་པོ་འཇའ་ལུས་རྡོ་རྗེ་སྲོག་སྒྲུབ་ཀ་དག་གི་སྔོན་འགྲོའི་སྐབས་སུ་ཉན་ཐོས་ཐེག་པ་དང་བསྟུན་ཏེ༔ ཞེས་པའི་འཕྲོར། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་ལྟ་བ་དང་སྐྱབས་སུ་འགྲོ་བ༔ བྱང་ཆུབ་སེམས་དཔའི་ཐེག་པ་དང་བསྟུན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ༔ གསང་སྔགས་ནང་པ་དང་བསྟུན་ཏེ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་རྣལ་འབྱོར༔ ཚོགས་གསག་བླ་མའི་རྣལ་འབྱོར་དང་མཎྜལ༔ མོས་གུས་བྱིན་རླབས་ཀྱིས་རྟོགས་པ་མངོན་སུམ་དུ་བྱ་ཕྱིར་གསོལ་འདེབས་ཏིང་ངེ་འཛིན་གྱི་དབང་བླང་བའོ༔ ཞེས་གསུངས་ཤིང་ཡང་དག་བདེ་ཆེན་སྙིང་པོའི་ཕྱག་ཆེན་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་སྐབས་སུ། དེ་ལྟར་ཐུན་མོང་གི་ཆོས་ཀྱིས་སྲིད་པའི་ཕུན་ཚོགས་ལ་ཞེན་པ་མེད་ཅིང༔ ཡང་དག་གི་ལམ་ལ་བློ་འཕྲིགས་ཚུད་པ་དང༔ ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་ཉམས་སུ་ལེན་པ་ལ༔ ནང་པ་སངས་རྒྱས་པའི་བསྟན་པ་ལ་འཇུག་ཅིང་བར་ཆད་སེལ་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ༔ ཐོག་མེད་ནས་བསགས་པའི་སྡིག་ལྟུང་གི་ཕུང་པོ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་བཟླས་བརྗོད་བྱ་བ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་ཕྱིར་སྐུ་གསུམ་གྱི་མཎྜལ་འབུལ་བ༔ བྱིན་རླབས་དོན་གྱི་འཕོ་བ་སྙིང་ལ་འཇུག་ཕྱིར་གསོལ་འདེབས་དབང་བཞི་བླང་བ་དང་བཅས་པའོ༔ ཞེས་གསུངས་ཤིང་། དེ་ཡང་རྫོགས་ཆེན་ལ་ཚེ་དཔག་མེད་ལས་བྱང་གི་སྐྱབས་སེམས་ཙམ་ལས་ཟུར་དུ་མི་གསལ་ཞིང་། ཡང་དག་གི་བཞི་སྦྱོར་འདི་ཉིད་ཁ་ཚང་དོན་འདྲིལ་དུ་འགྱུར་གཤིས་གཞིར་བྱས། ཕྱག་རྫོགས་སོ་སོའི་དུས་འབྱིན་འཇུག་གི་དབྱེ་བ་དང་ལྷན་ཐབས་ཕྲ་མོས་བླན། གཞན་མ་གཏེར་གཞུང་བཅོས་མེད་དུ་བཞག་སྟེ་བཀོད་པར། ཐོ་རངས་ཀྱི་དུས་སོགས་སྟན་བདེ་བ་ལ་འདུག་ཅིང་ཚིག་དོན་མཐུན་པས་འདི་ལྟར།་་་་ལམ་ཞུགས་ཀྱི་གང་ཟག་རྒྱུན་གྱི་ཉམས་ལེན་སྐབས་བཟླས་བརྗོད་ནུས་པ་སྟོབས་འབྱིན་ནམ་བསྡུ་ན་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ཚར་གསུམ་བརྗོད་ཅིང་ཚེ་རབས་ནས་བསགས་པའི་སྡིག་ལྟུང་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་བྱང་དག་ཆེན་པོར་བསམ་པ་ཡང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སོ། །མཆན། ཀྱེ་མ༔ བདག་ནི་འཁོར་བའི་གནས་འདིར་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྡུག་བསྔལ་འཁྲུལ་པའི་སྣང་བ་དོས་དྲག་ལ་ཡུན་རིང་བ་འདི་ལྟ་བུའི་དུཿཁ་བཟོད་མེད་ཀྱིས་གཙེས་ཤིང༔ འདི་ལྟར་བདག་ཉིད་གཅིག་པུར་མ་ཟད་བདག་གི་ཕ་མ་སེམས་ཅན་འདི་རྣམས་སྡུག་བསྔལ་དེ་འདྲ་བ་འབའ་ཞིག་ལ་སྤྱད་ཅིང་ད་ལྟ་ཡང་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ཤེས་པར་སྨྱོན་པ་བཙན་དུག་ཟ་བ་ལྟར་རང་གིས་རང་ཕུང་སྒྲུབ་པ་འདི་ཚོ་ཨ་རེ་སྡུག༔ སྙིང་རེ་རྗེ༔ འདི་རྣམས་བདེ་བ་དང་ལྡན་སྡུག་བསྔལ་བཟོད་དུ་མེད་པ་འདི་དང་བྲལ་བའི་ཐབས་ཤིག་བདག་གིས་གྲུབ་པ་ཞིག་ཅི་མ་རུང༔ དེ་གྲུབ་པར་བྱེད་པ་ལ་བདག་འཁོར་བ་འདི་ལས་ཐར་ཏེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བཙན་ས་ཟིན་པ་ཞིག་བྱས་ཏེ༔ ད་གདོད་ཁམས་གསུམ་འཁོར་བ་འདི་ན་འཁྱམས་པའི་ཕ་མ་སེམས་ཅན་འདི་ཀུན་གྱི་དོན་བྱ༔ དེ་ཕྱིར་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་རང་རྒྱུད་ལས་མ་ཐོབ་ཀྱི་བར་དུ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་བསམ་ཞིང་བརྗོད། སྐྱབས་ཡུལ་གསལ་འདེབས་པ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་རབ་ཏུ་རྒྱས་པའི་སྙིང་པོ་ཡལ་འདབ་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་པ་གསུམ་གྱི་བླ་མས་བསྐོར་བ༔ མདུན་དུ་ རྫོགས་ཆེན་སྐབས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ། ཞི་བ་དང་ཁྲག་འཐུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ ཕྱག་ཆེན་སྐབས་དཔལ་ཧེ་རུ་ཀ་ལ་ཞེས་འབྱིན་འཇུག་བྱེད་དགོས། གཡས་སུ་དུས་གསུམ་གྱི་སངས་རྒྱས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྣམ་པ༔ གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན༔ ཕྱི་བསྐོར་དུ་བཀའ་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དང་བཅས་པའི་སྐྱབས་ཡུལ་རྣམས་གསལ་བར་གྱུར༔ ཅེས་འདོན་སྒོམ་སྦྲགས། དེ་ལྟ་བུའི་སྐྱབས་ཡུལ་རྣམས་ལ་སྙིང་ཐག་པ་ནས་བློ་ཁེལ་ངེས་པའི་གདུང་ཤུགས་བསྐྱེད་དེ་སྐྱབས་འགྲོ་ནི། ན་མོ༔ སངས་རྒྱས་ཀུན་དངོས་ཡང་དག་ལམ་སྟོན་པའི༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ༔ ཐེག་གསུམ་ལུང་རྟོགས་ཡི་གེའི་རིས་སུ་བྱོན༔ ཆགས་བྲལ་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ས་དང་ལམ་ཞུགས་དག་པའི་ཞིང་མཆོག་སྐྱོང༔ ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེ་བར་སྩོལ༔ ཞི་ཁྲོ་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ༔ བར་ཆད་ཀུན་སེལ་མཆོག་མཐུན་ཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྐྱབས་སུ་མཆིའོ༔ ཞེས་བརྒྱ་སྟོང་ཉེར་གཅིག་སོགས་ཅི་འགྲུབ་དང་། དེ་ནས་སྐྱབས་ཡུལ་དེ་དག་དཔང་པོར་བྱས་ཏེ་མཁའ་མཉམ་གྱི་འགྲོ་བ་དང་ཉན་རང་སོགས་ཡང་དག་གི་ལམ་ལ་བདག་ཉིད་ཀྱིས་དཀྲི་ཕྱིར་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚད་མེད་བཞི་སྒོམ་པ་ནི་བསམ་སྦྱོར་མཐུན་པས། བདག་གི་ཕ་མ་ཁམས་གསུམ་འགྲོ་བ་ཀུན༔ ཐོག་མེད་དུས་ནས་སྡུག་བསྔལ་མཐའ་མེད་མྱོང༔ སྙིང་རྗེའི་རང་བཞིན་འདི་དག་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡུག་བསྔལ་མཚོ་ལས་མ་བསྒྲལ་བདག་གིས་བསྒྲལ༔ ཐེག་མཆོག་དབུགས་མ་ཕྱུང་རྣམས་བདག་གིས་དབྱུང༔ ཞི་བདེར་གནས་པའི་སེམས་དཔའ་མྱང་འདས་འགོད༔ བླ་མེད་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱིས༔ སེམས་ཅན་མི་དགེའི་ལས་ལ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལམ་ལས་རབ་ལྡོག་སྟེ༔ སྡུག་བསྔལ་ཡོངས་བྲལ་བདེ་བ་དམ་པ་ཡིས༔ གཉིས་མེད་བྱང་ཆུབ་སེམས་སུ་གནས་གྱུར་ཅིག༔ ལན་གསུམ་གྱི་མཇུག་ཏུ་སྐྱབས་ཡུལ་རྣམས་བདག་ལ་ཐིམ་པས་དཀོན་མཆོག་སྐྱབས་ཡུལ་རྣམས་དང་དབྱེར་མེད་དུ་གྱུར་ཏེ་ཐུགས་རྗེའི་བྱིན་རླབས་ཞུགས་པས་ཆོས་ཆོས་སུ་འགྲོ་ཞིང་བར་ཆད་མེད་པར་བསམ། དེ་ནས་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཐ་མལ་པའི་སྤྱི་གཙུག་ཏུ་པད་དཀར་དང་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དར་དང་རིན་པོ་ཆེས་མཛེས་པར་སྤྲས་པ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་སྙིང་པོར་ཧཱུྃ་ཡིག་གི་མཐའ་མར་ཡི་གེ་བརྒྱ་པས་བསྐོར་བ༔ བཟླས་པ་ཙམ་གྱིས་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་ཞིང་བསིལ་བ་རེག་ན་བདེ་བ་བབ༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས༔ ལུས་ཀྱི་ཆ་ཐམས་ཅད་མེར་གྱིས་གང་སྟེ་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་སངས་ཀྱིས་དག༔ ཤེལ་བུམ་ཕྱིས་པ་འོ་མས་བཀང་པ་ལྟ་བུར་གྱུར་པར་མོས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ ཞེས་སྙིང་པོ་ཅི་འགྲུབ་དང་། ཡང་སྙིང་། ཨོཾ་བཛྲ་སཏྭ་ཧཱུྃ་བཟླ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་བདག་དང་རོ་གཅིག་ཏུ་གྱུར་པར་མོས། ཚོགས་གཉིས་རྫོགས་ཕྱིར་མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་བྱེད་ན་སྟེགས་ཀྱི་ཁར་ཚོམ་བུ་ལྔ་བཀོད་སྐྱབས་ཡུལ་བཞིན་དུ་མོས། མཆོད་པའི་མཎྜལ་ལག་ཏུ་ཐོགས། གཉིས་ཀའང་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གས་ཆག་མེད་པ་མཐོ་གང་ལས་མི་ཆུང་བ། ཚོམ་བུའང་རིན་པོ་ཆེ་དང་འབྲུ་སྨན་སོགས་ཅི་འབྱོར་གྱིས་དང་པོར་སོ་བདུན་བཀོད་ལ་གླིང་བཞི་རི་རབ་སོགས་ལྷ་མིའི་སྣོད་བཅུད་འབྱོར་པ་རྒྱ་ཆེན་པོར་མོས། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་དགུའི་འབྱོར་པ་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་པས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ གཉིས་པ་ཚོམ་བུ་དགུ་བཀོད་ལ། འོག་མིན་ཞིང་རབ་འབྱམས་ཀྱི་བཀོད་པ་མཐའ་ཀླས་པ་མཆོད་སྤྲིན་རྒྱ་མཚོས་གང་བར་མོས་ལ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གསུམ་པ་ཡེ་ཤེས་ལྔ་མཚོན་པའི་ཚོམ་བུ་ལྔ་བཀོད་དེ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་སྐུ་གསུམ་གྱི་མཎྜལ་དབུལ། དངོས་སུ་མ་འབྱོར་ན་ཡིད་བྱུང་གིས་སྤྲོས་ཏེ་ཚིག་གྱེར་རོ། །བླ་མའི་རྣལ་འབྱོར་ནི། རང་ཉིད་སྐད་ཅིག་གིས་ རྫོགས་ཆེན་སྐབས་སུ་གར་དབང་རྩ་གསུམ་ཡོངས་འདུས་སུ་གསལ་བའི་ཞེས་དང་། ཕྱག་ཆེན་ལ་དཔལ་ཧེ་རུ་ཀར་གསལ་བའི་ཞེས་འབྱིན་འཇུག་བྱ། སྤྱི་བོར་སེང་གེས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བདག་ལ་བཀའ་ལུང་དབང་དང་མན་ངག་བསྩལ་ཞིང་བདག་རྒྱུད་ལ་ཡོད་པའི་ཡེ་ཤེས་དྲི་མེད་རང་གསལ་གཅེར་མཐོང་དུ་ངོ་སྤྲོད་པར་མཛད་པའི་ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན༔ རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་སྙིང་པོ་ལྟར་གསལ་ཞིང་འཚེར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་ལ་རྗེས་སུ་བརྩེ་བས་ཞལ་འཛུམ་པ་དང་བཅས་པ༔ གསལ་སྟོང་འོད་ལྔའི་ཀློང་དུ་བཀྲ་ལམ་མེར་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས༔ རྫོགས་ཆེན་ལ། དེའི་དབུ་གཙུག་ཏུ་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ ཕྱག་ཆེན་ལ། པདྨ་འབྱུང་གནས༔ དེའི་དབུ་གཙུག་ཏུ་ཡོ་གའི་སློབ་དཔོན་པྲ་བྷ་ཧསྟི༔ དེའི་དབུ་གཙུག་ཏུ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀཱ་ར༔ དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ ཕྱག་རྫོགས་གཉིས་ཀར། དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ༔ དེའི་དབུ་གཙུག་ཏུ་རྒྱལ་བ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་མཁའ་དབྱིངས་ཁྱབ་པའི་སྐུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གཞན་ཡང་བརྒྱུད་པ་གསུམ་གྱི་བླ་རབས་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་གྱུར༔ ཅེས་པའི་འབྱིན་འཇུག་དབྱེ་བ་ཕྱེད་པ་དགོས། དེ་ལྟ་བུའི་བླ་མ་བརྒྱུད་པའི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པ་ལ་བསམ་སྟེ་སྐྱོན་རྟོག་གི་བློ་ངན་སྤངས་ལ་དད་པ་དང་མོས་གུས་སྙིང་ཐག་པ་ནས་ལུས་འདར་བ་དང་མཆི་མ་གཡོ་བ་ཙམ་དུ་བསྐྱེད་ཅིང་གསོལ་བ་འདེབས་པ་ལ། དང་པོ་རྫོགས་ཆེན་གྱི་བརྒྱུད་འདེབས་ནི། ཨེ་མ་ཧོ༔ ཆོས་ཉིད་འདུས་མ་བྱས་པའི་མཁའ་དབྱིངས་སུ༔ ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང༔ བློ་འདས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ འོག་མིན་རབ་འབྱམས་ཐིག་ལེ་འོད་ལྔའི་ཀློང༔ ཟུང་འཇུག་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་སེམས༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ༴ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་གནས་མཆོག་ཏུ༔ དགའ་རབ་རྗེས་བཟུང་རྫོགས་ཆེན་བརྡའ་དོན་རིག༔ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལ༴ རྒྱ་བོད་གནས་དང་རྔ་ཡབ་གླིང་དབུས་སུ༔ རྡོ་རྗེའི་སྐུ་བརྙེས་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ ཟན་ཡང་གནས་དང་གཡོ་རུ་ཁྲ་འབྲུག་ཏུ༔ པདྨས་རྗེས་བཟུང་བཀའ་འདུས་གདམས་པའི་བདག༔ རྒྱལ་སྲས་ཆོས་ཀྱི་རྗེ་ལ་གསོལ༴ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཀའ་བསྩལ་ལུང་འབོགས་ཆོས་ཉིད་མངོན་སུམ་སྤྲོད༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ༴ དམར་གསལ་ཟླ་གམ་ཚེ་ཡི་ཕོ་བྲང་དུ༔ འཆི་མེད་དབང་དང་དངོས་གྲུབ་ཉེར་སྩོལ་བའི༔ གར་དབང་རྩ་གསུམ་ཡོངས་འདུས་ལ་གསོལ༴ རྨ་ལུང་ཟག་མེད་འཇའ་ཚོན་ཕུག་པ་ནས༔ རྒྱལ་བའི་གསེང་ལམ་མཆོག་གསང་ཨ་ཏིའི་ཆོས༔ བློ་འདས་རྫོགས་པ་ཆེན་པོ་ལ་གསོལ༴ རང་བཞིན་གནས་དང་ལྷུན་གྲུབ་གཞལ་ཡས་སུ༔ མཆོག་གི་བདེ་སྟེར་དམ་ཚིག་ཌཱ་ཀི་ནཱི༔ བསྟན་སྐྱོང་སྔགས་ཀྱི་བདག་མོ་ལ་གསོལ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཀ་དག་རིག་སྟོང་རང་ངོ་འཕྲོད་པ་དང༔ ཐོད་རྒལ་ལྷུན་གྲུབ་སྣང་བ་མཐར་ཕྱིན་ཏེ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་གྱུར་ཅིག༔ ཕྱག་ཆེན་བརྒྱུད་འདེབས་ནི། དགའ་རབ་རྡོ་རྗེ་ཡན་གོང་དང་འདྲ་བ་ལས། གསེར་བྲག་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ༔ ཐུགས་ཀྱི་རིག་འཛིན་ཕྱག་རྒྱ་ཆེན་པོ་བརྙེས༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ལ་གསོལ་བ་འདེབས༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ ཕྲིན་ལས་གྲུབ་པས་རྡོ་རྗེ་ཕུར་པ་བརྙེས༔ སློབ་དཔོན་པྲ་བྷ་ཧསྟི་ལ་གསོལ༴ རྒྱ་བོད་གནས་དང་ནས། རྩ་བའི་བླ་མའི་བར་འདྲ། རང་ལུས་གདོད་ནས་དག་པ་རྒྱལ་བའི་ཞིང༔ ལྷན་སྐྱེས་གཉུག་མའི་གཤིས་ལུགས་ཧེ་རུ་ཀ༔ ཡང་དག་བདེ་ཆེན་སྙིང་པོ་ལ་གསོལ༴ སངས་རྒྱས་རང་ལས་གཞན་དྲིང་མི་འཇོག་པར། །གནས་ལུགས་རང་རིག་རང་གསལ་རྟོགས་བྱེད་ལམ། །ཆེས་ཟབ་ཕྱག་རྒྱ་ཆེན་པོ་ལ་གསོལ༴ ཟབ་མོའི་ཆོས་དང་དེ་འཛིན་སྐྱོང་བྱེད་ཅིང་། །ལོག་འདྲེན་འདུལ་ཕྱིར་སྙིང་རྗེ་ཁྲོས་པའི་སྐུ །བཀའ་གཏེར་སྲུང་མ་རྒྱ་མཚོ་ལ་གསོལ༴ ལྟ་བ་སྣང་སྲིད་སེམས་སུ་ཤེས་པ་དང་། །སྒོམ་པ་དམིགས་གཏད་འཛིན་པ་རང་སར་གྲོལ། །སྤྱོད་པ་སྤང་བླང་རེས་འཇོག་བྲལ་བ་སྟེ། །གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེ་ཐོབ་ཤོག །ཕྱག་རྫོགས་གཉིས་ཀར་བརྒྱུད་འདེབས་ཀྱི་མཇུག་ཏུ་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། བཀའ་དྲིན་མཉམ་པ་མེད་པ་དང་ལྡན་པ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག༔ ཆོས་རྒྱུད་ཐོག་ཏུ་འབྱོར་བར་བྱིན་གྱིས་རློབས་ཤིག༔ ལྟ་སྤྱོད་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གྱིས་རློབས་ཤིག༔ ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས་ཤིག༔ ཐ་མལ་གྱི་ཤེས་པའི་མཚང་རིག་སྟེ་བློ་འདས་ཆོས་སྐུའི་རང་ཞལ་གཞི་ཐོག་ཏུ་ཕེབས་པར་བྱིན་གྱིས་རློབས་ཤིག༔ རྫོགས་ཆེན་ལ། ཚེ་གཅིག་ལུས་གཅིག་ལ་བློ་འདས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ གཉིས་ཀར།་་་ཚེ་གཅིག་ལུས་གཅིག་ལ་ཡང་དག་བདེ་ཆེན་སྙིང་པོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཅི་མང་ལན་གསུམ་སོགས་བརྗོད། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། བླ་མ་བརྒྱུད་པ་དང་བཅས་པ་རྩ་བའི་བླ་མ་ཉིད་ལ་ཐིམ༔ བླ་མའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ དེ་གསུམ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པར་འཕྲོས༔ བདག་གི་གནས་གསུམ་དུ་ཐིམ༔ སྐུ་བུམ་པ༔ གསུང་གསང་བ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྱིན་རླབས་ཐོབ༔ མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་གཉིས་མེད་དུ་གྱུར༔ དེའི་རང་ངོ་ལ་བལྟས་པས་བློ་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་བླ་མའི་རང་ཞལ་མཇལ༔ སྐུ་གསུམ་བླ་མ་མཆོག་གི་གོ་འཕང་ཐོབ་པར་གྱུར༔ ཅེས་མོས་ཏེ་ཅི་གནས་སུ་མཉམ་པར་འཇོག་ཅིང་མཚན་མེད་ཀྱི་གནས་ལུགས་བསྐྱང་བའམ། ལྷའི་རྣལ་འབྱོར་གཏུམ་མོ་སྒྱུ་ལུས་སོགས་མཚན་བཅས་ཀྱི་དགེ་སྦྱོར་ལ་འཇུག་པ་ཅི་རིགས་བྱ་ཞིང་། ལས་དང་པོ་པས་ནི་དངོས་གཞིའི་ཁྲིད་ཀྱི་རྣམ་གཞག་ལ་འཇུག་པར་བྱའོ། །རྣམ་མཁྱེན་རིན་ཆེན་ཁང་པར་བདེར་འཇུག་གི །ཐོག་མའི་ཐེམ་སྐས་བཞི་སྦྱོར་སྔོན་འགྲོའི་ཚུལ། །གཏེར་གཞུང་རྡོ་རྗེའི་ཚིག་ལ་མཚམས་སྦྱོར་གྱི། །སྲི་ཞུ་བྱེད་པོའང་ཆོས་རྗེ་གླིང་པ་ཡིན།། ༈ མྱུར་ལམ་འཕོ་བའི་སྔོན་འགྲོའི་སྐྱབས་སེམས་བཞུགས། །ཕྱོགས་བཅུའི་དཀོན་མཆོག་རྩ་གསུམ་མ་ལུས་པ། །བླ་མ་རིགས་བདག་མི་བསྐྱོད་རྡོ་རྗེའི་སྐུར། །གཅིག་ཏུ་བཟླུམས་ལ་འདི་བཟུང་བྱང་ཆུབ་བར། །སྒོ་གསུམ་གུས་པས་སྐྱབས་མཆི་བདག་གཞན་དོན། །མྱུར་ལམ་འཕོ་བའི་གདམས་པར་འཇུག་པར་བགྱི། །ལན་གསུམ། ཨེ་མ་ཧོཿ རང་བཞིན་ཀ་དག་དབྱིངས་ཀྱི་ཕོ་བྲང་དུ། །ཀུན་བཟང་ཐོག་མའི་མགོན་པོ་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་དག་པའི་ཞིང་ཁམས་སུ། །མྱུར་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །ལྷུན་གྲུབ་ཡེ་ཤེས་འོད་ལྔའི་སྦུ་གུ་རུ། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས། །གསོལ་བ་འདེབས་སོ༴ མྱུར་ལམ་འཕོ་བ༴ གསེར་གླིང་ཧེ་ཆེན་བརྡལ་བའི་ཞིང་ཁམས་སུ། །ཐུགས་རྗེ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ༴ མྱུར་ལམ༴ གསེར་བྲག་བྱ་སྐྱིབས་ཚལ་གྱི་ཀེའུ་ཚང་དུ། །ཡང་དག་གྲུབ་པ་ཧཱུྃ་ཆེན་ཀཱ་ར་ལ། །གསོལ་བ༴ མྱུར་ལམ༴ རྒྱ་བོད་གནས་དང་རྔ་ཡབ་གླིང་མཆོག་ཏུ། །སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ལ། །གསོལ་བ༴ མྱུར་ལམ༴ འགྲོ་དོན་ཐུགས་རྗེ་རིས་མེད་ཕོ་བྲང་དུ། །གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ༴ མྱུར་ལམ༴ རང་ལུས་ཧེ་རུ་ཀ་དཔལ་ཡབ་ཡུམ་སྐུ །མཚན་དཔེ་གསལ་རྫོགས་འཛིན་མེད་སྐུའི་དབུས་སུ། །ཨ་ཝ་དྷཱུ་ཏི་རང་སེམས་ཧཱུྃ་མཐིང་ག །སྤྱི་གཙུག་བླ་མ་མི་བསྐྱོད་སྤྲུལ་པའི་སྐུ །ལུས་ངག་རླུང་གི་གནད་གསུམ་བཅིངས་པ་ལས། །རང་སེམས་བླ་མའི་ཐུགས་ཀར་དབྱེར་མེད་ཐིམ། །དེ་ཉིད་སྐར་མདའ་རྒྱུག་བཞིན་དག་པའི་ཞིང་། །མངོན་པར་དགའ་བའི་གནས་སུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་འཕོ་མཁན་ཐམས་ཅད་ཀུན། །འཁོར་གསུམ་ཡོངས་དག་མཚན་མ་མ་དམིགས་པའི། །རིག་སྟོང་རྫོགས་པ་ཆེན་པོའི་ཀློང་ཡངས་སུ། །བློ་འདས་ཆོས་སྐུའི་འཕོ་བ་རྟོགས་པར་ཤོག །ཅེས་གཏེར་གསར་ཡང་དག་བདེ་ཆེན་སྙིང་པོའི་འདའ་ཁའི་ཉམས་ལེན་སྐུ་གསུམ་འཕོ་བའི་གདམས་པ་སྐར་ཁུང་མདའ་འཕང་གི་སྔོན་འགྲོའི་སྐྱབས་སེམས་གསོལ་འདེབས་འདི། ཟབ་མོའི་དོན་ལ་རྩེ་གཅིག་ཏུ་བརྩོན་པའི་ཐུགས་དམ་ཅན་སྡེ་པ་ཆོས་མཛད་རིན་པོ་ཆེ་ངག་དབང་མཁྱེན་བརྩེས་བསྐུལ་ངོར་ཆོས་རྗེ་གླིང་པས་སོ།། ༈ དཔལ་བདེ་ཆེན་སྙིང་པོའི་སྐྱེ་མེད་བར་དོའི་གདམས་པ་ཚོར་བ་རང་གྲོལ་སྲིད་པ་བར་དོའི་རྣམ་གཞག་ཅུང་ཟད་ཕྱེས་པ་བཞུགས་སོ། །བླ་མ་དང་ནི་བདེ་ཆེན་ཧེ་རུ་ཀར། །གུས་པས་བཏུད་ནས་སྐྱེ་མེད་བར་དོ་ཡི། །ཚོར་བ་རང་གྲོལ་གདམས་པ་ཟབ་མོ་ལས། །སྲིད་པ་བར་དོའི་རྣམ་གཞག་འདིར་གསལ་བྱ། །དེ་ཡང་དཔལ་བདེ་ཆེན་སྙིང་པོའི་འདའ་ཁའི་བོགས་འབྱིན་གྱི་སྐོར་ལས། སྐྱེ་ཤི །རྨི་ལམ། སྲིད་པ་བར་དོ་སྟེ་བར་དོ་རྣམ་པ་གསུམ་དུ་བསྟན་ཞིང་། རྫོགས་ཆེན་གྱི་དབང་འབྲིང་བར་དོར་གྲོལ་ཚུལ་གྱི་སྐབས་ཐལ་འགྱུར་ལས། སྐྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས་སྐྱེ་ཤིའམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་བར་དོ། སྲིད་པའི་བར་དོ་དང་བཞིར་གསུངས་ཤིང་། རྫོགས་ཆེན་གྱི་གཞུང་ལས། སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་འཇུག་ལྟ་བུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལྟ་བ་ལྟ་བུ། ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུ། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཀོང་ཆད་པ་ལ་ཝ་འཛུད་པ་ལྟ་བུ། ཞེས་གསུངས་པས། སྐབས་འདིར་སྲིད་པ་བར་དོ་སྤྱིར་བསྟན་པའམ། ནང་གསེས་འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་གསུམ་སོ་སོར་ཕྱེ་ནས་བཤད་པ་ལ། བདེ་ཆེན་སྙིང་པོ་ལས། ཕྱི་ནང་གི་ཐིམ་རིམ་གྱི་མཐར་འོད་གསལ་མ་བུ་འདྲེས་པ་ངོས་བཟུང་སྟེ་དབང་རྣོན་ཆོས་སྐུར་འཚང་རྒྱ་བ༔ བར་དོར་མ་ངེས་པའི་རྟགས་རྫོགས་ནས་ལྷའི་གསལ་སྣང་ཟུང་འཇུག་གི་སྐུར་ལྡང་བ་དབང་འབྲིང་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བ༔ གཟོད་སྐྱེ་བ་བརྒྱུད་དེ་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་ནས་དབང་པོ་ཐ་མ་སྤྲུལ་སྐུར་འཚང་རྒྱ་བའོ༔ ཞེས་གསུངས་པའི་དང་པོ་དབང་རྣོན་ཆོས་སྐུར་འཚང་རྒྱ་བའམ། འཆི་ཁའི་བར་དོ་ལ་གསལ་གདབ་པ་མཛེས་མ་མེ་ལོང་ལྟ་བ་ལྟ་བུ་ནི། བདེ་སྙིང་ལས། ཉེ་བ་དང་རིང་བའི་འཆི་རྟགས་རྣམས་རྫོགས་མཐར༔ འཁོར་ལོ་ལྔའི་རྩ་འཁོར་རྣམས་འཇིག་ཅིང་མཉམ་གནས་ཀྱི་རླུང་འབྲོས། དཀར་དམར་ཞལ་མཇལ་སེམས་རླུང་སྙིང་གར་སོན་ཏེ། ཤེས་མྱོང་དག་པའི་འོད་གསལ་བུ་དང་ལྷུན་གྲུབ་ཀྱི་འོད་གསལ་མ་གཉིས་ཆུ་སྣ་རྒྱ་མཚོར་འཕྲད་པ་ལྟར་གྱུར་པ་དེའི་ཚེ་རིག་ཐོག་ཏུ་མཉམ་པར་བཞག་པས་དབང་པོ་རྣོན་པོ་གོམས་པའི་སྟོབས་ཅན་ཆོས་ཀྱི་སྐུར་འཚང་རྒྱའོ༔ ཞེས་གསུངས་པས། འཆི་རྟགས་རིང་བ་ལོ་ཟླ་ཙམ་གྱི་གོང་ནས་མི་མཐུན་པའི་རྐྱེན་སྣ་ཚོགས་དང་དབང་པོ་མི་གསལ་ཞིང་རིག་པ་མཐོ་དམན་ཅན་དུ་འགྱུར་བ་སོགས་ཕྱི་རྟགས་དང་། ཚེ་གཟུགས་ཡན་ལག་ཁ་དོག་ཉམས་པ་སོགས་ནང་རྟགས། དུག་ལྔ་ཤས་ཆེ་ཞིང་དགེ་སྦྱོར་གཡེལ་བ་ཡི་དམ་མཁའ་འགྲོ་སོགས་ཀྱི་ལུང་བསྟན་དང་རྫུ་འཕྲུལ་ནུས་མཐུ་ཐོལ་བྱུང་དུ་འཆར་བ་སོགས་གསང་རྟགས་རྣམས་བྱུང་བའི་ཚེ། རབ་ཀྱིས་ལྟ་བ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། འབྲིང་གིས་ཉམས་ལེན་ཆགས་མེད་སྒྱུ་མ་ལྟ་བུར་རྩལ་སྦྱང་། ཐ་མས་རི་དྭགས་དགྲ་ལ་འབྲོས་པ་ལྟར་དབེན་པའི་གནས་སུ་རོ་སྙོམས་ཀྱི་སྤྱོད་པ་བྱ། ཉམས་ལེན་གཙོ་བོ་རིག་ཐོག་ཏུ་ལམ་དུ་ཁྱེར་རོ། །གཉིས་པ་ཉེ་བའི་འཆི་རྟགས་འབྱུང་ལྔའི་སྟོབས་ཟད་ཅིང་འཁྲུགས་པ་ལ་བརྟེན་ནས་འཆི་ནད་ཀྱིས་བཏབ་སྟེ་ཤེས་པ་བན་བུན་དུ་འཕྱོ། དབང་པོའི་དྭངས་མ་ཉམས་པས་མིག་འགྲིབ། ཆུའི་དྭངས་མ་ཉམས་པས་ཁ་ཆུ་སྐམ། མཚེར་པའི་དྭངས་མ་ཉམས་པས་ལྕེ་དིབ། མཆིན་པའི་དྭངས་མ་ཉམས་པས་མཆི་མ་ལུད། མཁལ་མའི་དྭངས་མ་ཉམས་པས་རྣ་བ་འབྱར། གློ་བའི་དྭངས་མ་ཉམས་པས་སྣ་ཞོམ། ཁྲག་གི་དྭངས་མ་ཉམས་པས་འགྲམ་རུས་བྲལ། བ་སྤུའི་དྭངས་མ་ཉམས་པས་སྨིན་མ་འཚུབ། རུས་པའི་དྭངས་མ་ཉམས་པས་སོ་དྲེག་ཆགས། དབུགས་ཀྱི་དྭངས་མ་ཉམས་པས་ངར་ཞིང་རྒོད། རིག་གདངས་མི་གསལ་བས་ཆ་ཆོ་འཚུབ་པ་དང་གསལ་འགྲིབ་ཅན་དུ་འཆར། ཧིག་ཀའི་སྒྲ་འབྱིན་ཅིང་ཡན་ལག་གཡོབ་ཅིང་མགོ་མི་ཐེག །ཁྱད་པར་འབྱུང་བ་བཞིའི་སྡུད་རིམ་འཁོར་ལོ་ལྔ་འཇིག་ཅིང་མཉམ་གནས་ཀྱི་རླུང་འབྲོས་ཚུལ་ནི། ས་རླུང་སྡུད་པས་ལུས་གཡོ་ཞིང་ལྕི། ཤེས་པ་བྱིང་འཐིབས། སྣང་བ་སྨྲིག་རྒྱུ་ལྟར་འལ་འོལ་དུ་འཆར། ལྟེ་བའི་རྩ་འཁོར་འཇིག །ཆུ་རླུང་སྡུད་པས་ཁ་ཆུ་སྣ་ཆུ་འཛག །ལུས་འཁྱག་མདངས་ཤོར་ཞིང་དབུགས་མི་བདེ། སྙིང་གའི་རྩ་འཁོར་འཇིག །མེ་རླུང་སྡུད་པས་དྲོད་མཐའ་ནས་ལྡོག །སྣང་བ་གསལ་འགྲིབ་ཅན་སྲིན་བུ་མེ་ཁྱེར་ལྟ་བུར་འཆར། མགྲིན་པའི་རྩ་འཁོར་འཇིག །རླུང་གི་རླུང་སྡུད་ཅིང་རྣམ་ཤེས་རླུང་ལ་ཐིམ་པས་དབུགས་ནང་དུ་སྡུད་མི་ཤེས། ཤེས་པ་འཁྲུག་ཅིང་འོད་སྣང་ཅུང་ཟད་འཆར། སྤྱི་བོ་དང་གསང་གནས་ཀྱི་རྩ་འཁོར་འཇིག །འབྱུང་བ་ལྔ་ཐིམ་པས་སྒོ་ལྔའི་ཡུལ་འགགས། སྐབས་འདིར་ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ལྡོག་པའི་སྐབས་ཡིན་པས་ངོ་སྤྲོད་སོགས་བྱ་བའི་དུས་དང་། དེ་ནས་དབུ་མའི་མར་སྣེ་མ་ལས་ཐོབ་པའི་ཨ་ཤད་རོ་མའི་ནུས་པ་ཉམས་པས་གྱེན་དུ་རྒྱུག །སྣང་བ་དམར་ལམ་དུ་འཆར། འདོད་ཆགས་ཀྱི་རྟོག་པ་འགགས། དབུ་མའི་ཡར་སྣ་ཕ་ལས་ཐོབ་པའི་ཧཾ་ཡིག་རྐྱང་མའི་ནུས་པ་ཉམས་པས་ཐུར་དུ་འབབ། སྣང་བ་དཀར་ལམ་དུ་འཆར། ཞེ་སྡང་གི་རྟོག་པ་འགགས། དཀར་དམར་གཉིས་སྙིང་གར་འཕྲད་པའི་བར་དུ་རླུང་སེམས་འཐུམས་པས་ནག་ལམ་ཤར། གཏི་མུག་གི་རྟོག་པ་འགགས། སྐབས་འདིར་ཐིག་རླུང་སེམས་གསུམ་དབུ་མར་ཚུད་པས་འོད་གསལ་མ་བུ་འཕྲད་དེ་ཀུན་ཏུ་བཟང་པོའི་དགོངས་པ་སྤྲོས་པ་ཐམས་ཅད་ལས་འདས་པ། དཔེར་མཚོན་ན་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུ་རྗེན་ནེ་ལྷག་གེར་ཤར་ཏེ། དེ་ཉིད་ངོས་ཟིན་པར་བྱས་ནས་མཉམ་པར་བཞག་པས་སྦྱངས་སྟོབས་ཆེ་ཆུང་གི་རིམ་པས་ཞག་བདུན་ལྔ་གསུམ་གྱི་བར་དུ་དགོངས་པ་ལ་བཞུགས་པ་ཡོད་ཅིང་། གང་ཟག་ཕལ་པ་རྣམས་ལ་འོད་གསལ་དེ་ཉིད་སྐད་ཅིག་མ་ཙམ་ལས་མི་འཆར་ཞིང་དེ་ཡང་ངོས་མི་ཟིན་ལ་བརྒྱལ་ཐབས་སུ་གནས་པ་ཡིན་ནོ། །གང་ཟག་རབ་རྣམས་ཞག་ཅི་རིགས་པར་དགོངས་པ་དེ་ཉིད་ལ་བཞུགས་ནས་དེ་ལས་ལངས་ཏེ་རྩ་དཀར་ཤེལ་གྱི་སྦུ་གུ་ནས་བརྒྱུད། ལམ་རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐོན་ཏེ་སྐུ་གསུམ་གྱི་སྣང་བ་དུས་གཅིག་ལ་ཤར་ནས་རང་སྣང་ཡིན་པར་ངོ་ཤེས་ཏེ་སྐད་ཅིག་ལ་རྟོགས་གྲོལ་དུས་མཉམ་ནས་དེ་ཉིད་དུ་འཚང་རྒྱ་བ་ཡིན་ནོ། གཉིས་པ་དབང་འབྲིང་ལོངས་སྐུར་འཚང་རྒྱ་བའམ་ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུ་ནི། དེ་ལྟར་འོད་གསལ་ངོས་མ་ཟིན་པའི་གང་ཟག་རྣམས་ལ་ཆོས་ཉིད་ཀྱི་བར་དོ་འཆར་ཏེ། དེ་ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་རང་འོད་འོད་ཟེར་མཐིང་ག་བཀྲག་མདངས་ཅན་དང་། དེ་དང་ལྷན་ཅིག་མ་དག་པ་གཏི་མུག་གི་སྣང་ཆ་དུད་འགྲོའི་འོད་སྣང་ནག་པོ་བཀྲག་མེད་དང་། དེས་མཚོན་ཏེ་མེ་ལོང་ཡེ་ཤེས་ཀྱི་ཟེར་དཀར་པོ་གསལ་འཚེར་ཞེ་སྡང་དམྱལ་འོད་དུད་ཁ་བཀྲག་མེད། མཉམ་ཉིད་ཡེ་ཤེས་ཀྱི་ཟེར་སེར་པོ་གསལ་འཚེར་ང་རྒྱལ་ལྷའི་འོད་དཀར་པོ་བཀྲག་མེད། སོར་རྟོག་ཡེ་ཤེས་ཀྱི་ཟེར་དམར་པོ་གསལ་འཚེར་སེར་སྣ་ཡི་དྭགས་ཀྱི་འོད་སེར་ནག་བཀྲག་མེད། བྱ་གྲུབ་ཡེ་ཤེས་ཀྱི་ཟེར་ལྗང་ཁུ་གསལ་འཚེར་ཕྲག་དོག་ལྷ་མིན་གྱི་འོད་དམར་སྐྱ་བཀྲག་མེད་རྣམས་ལྷན་ཅིག་འཆར་ཞིང་ཡེ་ཤེས་ཀྱི་འོད་ལྔ་དང་མ་དག་འཁྲུལ་པའི་འོད་ལྔ་ཤན་ཕྱེ་བར་བྱས་ཏེ་དེ་ངང་ལ་མཉམ་པར་བཞག་པས་རང་ངོ་འཕྲོད་དེ་རིག་མདངས་རང་གསལ་དུ་འཚང་རྒྱའོ། །དེར་ཡང་ངོས་མ་ཟིན་ན་འོད་ལྔའི་ནང་དུ་ཐིག་ལེ་ལྔ་ལྡན་རིགས་ལྔ་ཞི་ཁྲོ་ཡབ་ཡུམ་གྱི་སྣང་བ་འཆར་ཞིང་དེ་ཉིད་རང་ངོ་ཤེས་ན་རིག་པ་སྐུ་རུ་ཤར་ནས་འཚང་རྒྱའོ། །དེར་ཡང་ངོས་མ་ཟིན་ན་སྒྲ་འོད་ཟེར་གསུམ་འཆར་ཏེ། སྒྲ་ནི་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུ་དང་། རིག་མདངས་འོད་དུ་ཤར་བ། འོད་ཀྱི་ནང་ནས་ཟེར་སྨྲིག་རྒྱུ་ལྟ་བུ་སྤྲོ་བ་རྣམས་ཤར་ཞིང་དེ་ཉིད་ངོས་ཟིན་ཏེ་མཉམ་པར་བཞག་པས་གྲོལ་བར་འགྱུར་རོ། དེ་ཡང་རྣལ་འབྱོར་པ་རབ་འབྲིང་ཐ་གསུམ་གྱི་གྲོལ་ལུགས་སྣང་སྟེ། ལྟ་བ་གསང་ཐིག་ལས། རྣལ་འབྱོར་རབ་ནི་འོད་ལྔ་ཤར་མ་ཐག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར། །ཡེ་ཤེས་ལྔ་རུ་སངས་རྒྱས་སོ། །རྣལ་འབྱོར་འབྲིང་ནི་ཚོམ་བུ་ཤར་མ་ཐག །རིག་པ་སྐུ་རུ་ཤར་ནས་སངས་རྒྱས་སོ། །རྣལ་འབྱོར་ཐ་མ་སྒྲ་འོད་ཤར་མ་ཐག །ཡི་དམ་དཀྱིལ་འཁོར་ཤར་ཏེ་སངས་རྒྱས་སོ། །ཞེས་གསུངས། དེ་ཡང་བདེ་ཆེན་སྙིང་པོ་ལས། གཉིས་པ་ནི་འོད་གསལ་ངོས་མ་ཟིན་པར་ལས་རླུང་གི་རྣམ་པར་ཤེས་པ་ཕུང་པོ་ལས་ཕྱིར་བསྐྱོད་དེ་སྲིད་པ་བར་དོའི་སྣང་བ་འཆར་བར་འགྱུར་ཏེ༔ འདི་ལ་མ་ངེས་པའི་རྟགས་དྲུག་ནི༔ གནས་དང༔ སྤྱོད་ལམ་དང༔ འདོད་ཡོན་དང༔ ཡིད་ཀྱི་ཆོས་དང༔ གྲོགས་དང༔ རང་ལུས་རྣམས་མ་ངེས་པར་འགྱུར་ཞིང༔ འཁྲུལ་སྣང་འཇིགས་སྐྲག་གི་སྣང་བ་བཟོད་མེད་དུ་འཆར་བ་དེའི་ཚེ༔ བར་དོར་ངེས་པར་བྱས་ཏེ་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་ལྟར་དཔལ་ཧེ་རུ་ཀ་རང་འོད་ཀྱི་རིག་མ་དང་བཅས་པ་གསལ་སྟོང་ཟུང་འཇུག་གི་སྐུར་མཉམ་པར་བཞག་པས་དབང་པོ་འབྲིང་པོ་བར་སྲིད་ཀྱི་ཡིད་ལུས་དེ་ཉིད་ལྔ་ལྡན་ལོངས་སྤྱོད་རྫོགས་པར་འཚང་རྒྱའོ༔ ཞེས་གསུངས་ཤིང་། སྐབས་འདི་དག་ཏུ་མངོན་ཤེས་དྲུག་དང་། རྗེས་དྲན་དྲུག་སོགས་ཤར་ཏེ། དང་པོ་ནི། སྔོན་གྱི་སྐྱེ་གནས་ཤེས་པ། འཆི་འཕོས་གར་སྐྱེ་ཤེས་པ། མཚན་དོན་རྣམ་པར་ཤེས་པ། རིགས་དྲུག་སྡུག་བསྔལ་ཤེས་པ། ཆོས་ཀྱི་རྒྱུད་ལུང་ཤེས་པ། དག་པ་ཡེ་ཤེས་ཀྱི་ཞིང་ཁམས་སུ་ཤེས་པ་དང་དྲུག་གོ །གཉིས་པ་ནི། ཡི་དམ་རྗེས་སུ་དྲན་པ། ལྟ་བ་རྗེས་སུ་དྲན་པ། ལམ་ཉིད་རྗེས་སུ་དྲན་པ། སྐྱེ་གནས་རྗེས་སུ་དྲན་པ། ཏིང་ངེ་འཛིན་རྗེས་སུ་དྲན་པ། གདམས་ངག་རྗེས་སུ་དྲན་པ་དང་དྲུག་གོ །རྩ་བའི་གསུམ་པ་དབང་པོ་ཐ་མ་སྤྲུལ་སྐུར་འཚང་རྒྱ་བའམ། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་དེ་ཡུར་བ་ཀོང་ཆད་པ་ལ་ཝ་འཛུད་པ་ལྟ་བུ་ནི། བདེ་ཆེན་སྙིང་པོ་ལས། དྲི་ཟ་མངལ་སྒོ་འཚོལ་ཞིང་ཕྱི་མ་གར་སྐྱེའི་ཕ་མ་སོགས་ལ་ཆགས་སྡང་གི་རྟོག་པ་སྐྱེ་བ་དེའི་ཚེ༔ ཡུལ་བླ་མ་ཡབ་ཡུམ་དང་རང་དཔལ་ཧེ་རུ་ཀར་གསལ་བའི་དབང་བཞིའི་ཡེ་ཤེས་བསྐྱེད་དེ༔ མངལ་གཞལ་ཡས་ཁང་དུ་རིག་པ་རྒྱུའི་རྡོ་རྗེ་འཛིན་པ་ལས་འབྲས་བུའི་སྐུར་གྱུར་པས་ས་བཅུ་རྫོགས་ཏེ་མངལ་ནས་ཕྱིར་བྱུང་བ་སྤྲུལ་པའི་སྐུ་སྟེ༔ ཚེ་དེར་སྔར་སྦྱངས་གོམས་པའི་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་ལམ་ལ་བརྟེན་ནས་ལམ་གྱི་ལྷག་མ་དང་བཅས་པ་བགྲོད་དེ་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་པས་བར་སྲིད་ཀྱི་ལུས་རྟེན་དེས་རིགས་དྲུག་གར་སྐྱེའི་གནས་མཐོང་བས་བརྫུས་སྐྱེས་དང་དྲོད་གཤེར་སྐྱེས་རྣམས་ལ། ཡུལ་སྣང་དེར་ཅུང་ཟད་ཆགས་སྡང་གི་འཕྲོ་འདུ་ཙམ་ལ་བརྟེན་ཏེ་གཉིད་སད་པ་ལྟ་བུར་ལུས་གྲུབ་པ་ཡོད་ལ། སྒོང་སྐྱེས་དང་མངལ་སྐྱེས་རིགས་མཐུན་པར་ཕོ་མོ་སྦྱོར་བའི་དུས་ཆགས་སྡང་གི་རྟོག་པ་འཆར་ཞིང་སྐབས་དེར་མངལ་སྒོ་གདམ་པའི་གདམས་པ་དགོས་ཏེ། རང་ཉིད་ཡི་དམ་གྱི་ལྷར་གསལ་བས་གང་ཡིན་གྱི་མངལ་དུ་མི་འཇུག་པར་རྒྱལ་རིགས་ལ་སོགས་པ་རིགས་བཟང་ཞིང་ཆོས་དང་ལྡན་པའི་མངལ་ཁྱད་པར་ཅན་དུ་འཇུག་པར་བྱ་ཞིང་། དེ་ཡང་ཡུལ་བླ་མ་ཡབ་ཡུམ་དུ་བསྒོམས་ཏེ་དབང་བཞི་ལེན་ཅིང་རིག་པ་ས་བོན་དང་ཕྱག་མཚན་སོགས་རྒྱུའི་རྡོ་རྗེ་འཛིན་པ་དེ་ཉིད་ཡབ་ཀྱི་ཞལ་དུ་ཞུགས། སྐུ་དབྱིབས་བརྒྱུད་ཡུམ་གྱི་པདྨའི་རྫིང་བུར་འཁྱིལ་པ་འབྲས་བུའི་ཧེ་རུ་ཀར་གྱུར་པ་དེ་ཉིད་ཡུམ་གྱི་མངལ་གཞལ་ཡས་ཁང་དུ་ཟླ་དགུ་ངོ་བཅུ་སྟེ་ས་བཅུ་རྫོགས་མཐར། མངལ་ནས་ཕྱིར་བལྟམས་ཏེ་ཡོན་ཏན་བདུན་དང་ལྡན་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཐོབ་པའི་གང་ཟག་དེ་ཉིད་སྔོན་སྦྱངས་སྨོན་ལམ་གྱི་འཕྲོ་སད་པས་ལོ་ཚིགས། བཅུ་གསུམ། བཅོ་བརྒྱད། ཉེར་གཅིག །ཉེར་བརྒྱད་སོགས་ལ་སྔོན་གྱི་གདམས་པ་ཟབ་མོ་དང་འཕྲད་དེ་ཉམས་སུ་བླངས་པས་ལུས་རྟེན་དེ་ཉིད་ལ་ཟུང་འཇུག་གི་སྐུ་འགྲུབ་པར་གདོན་མི་ཟའོ། །གདམས་ངག་སོགས་མེད་པའི་གང་ཟག་ཕལ་པ་རྣམས་ལ་ནི་ཆོས་ཉིད་ཀྱི་བར་དོ་སྐད་ཅིག་མ་བདུན་ཙམ་དང་ཟན་ཟ་ཡུན་ལ་ངེས་པར་འཆར་ཡང་ངོ་མ་ཤེས་པ་དང་། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་འོད་སྣང་སོགས་སྣང་ཚད་དགྲ་རུ་ལྡང་བས་ཞག་ལྔའི་བར་དུ་བརྒྱལ་ཐབས་སུ་འགྲོ་བ་དང་། དེ་ཉིད་ལས་སངས་ཏེ་གཤིན་ཐང་སྐྱ་མོར་གཤིན་རྗེའི་དྲུང་དུ་དཀར་ནག་གི་ལས་ཤན་འབྱེད་པ་སོགས་ཀྱི་སྣང་བ་དང་། སྡིག་ཤས་ཆེ་བ་རྣམས་སྐབས་འདི་དག་ཏུ་མར་གྱི་ཟང་ཐལ་དུ་འགྲོ་བའང་ཡོད། དེ་ནས་སྲིད་པ་བར་དོ་ཤར་ཞིང་ཞག་ཉེར་གཅིག་ཙམ་གྱི་བར་དུ་གནས་པ་དང་རིགས་དྲུག་གར་སྐྱེའི་འོད་ལམ་དང་ཡུལ་སྣང་སོགས་རིམ་པས་འཆར་བར་འགྱུར་ལ། སྤྱིར་བཤད་ཚོད་ཙམ་དུ་ཆོས་ཉིད་བར་དོ་ལ་ཞག་བདུན། སྒྲ་འོད་བར་དོ་ལ་ཞག་ལྔ། འཇིགས་སྐྲག་བར་དོར་ཞག་ལྔ། ནམ་མཁའི་བར་དོར་ཞག་ལྔ། ཆུར་ནུབ་པའི་སྣང་བ་ཞག་ལྔ། སས་ནོན་པའི་སྣང་བ་ཞག་ལྔ། རླུང་གིས་གཡེང་བའི་སྣང་བ་ཞག་ལྔ། མེས་ཚིག་པའི་སྣང་བ་ཞག་ལྔ། མུན་གླིང་དུ་འཕྱན་པའི་སྣང་བ་ཞག་ལྔ་འཆར་ཞིང་། སྐབས་འདི་དག་ཏུ་གཤིན་དོན་བདུན་ཚིགས་སོགས་དགེ་ལས་ལ་འབུངས་ན་ལས་ཀྱི་བསྒྱུར་ཁའི་གནད་ཆེ་བས་མཐོ་རིས་སོགས་སུ་སྐྱེ་འགྱུར་དུ་གསུངས་སོ། །སྤྱིར་གསང་སྔགས་གསར་རྙིང་གི་དགོངས་པའི་བཞེད་ཚུལ་ཐ་དད་དང་། རྙིང་ལུགས་ནང་དུ་ཡང་བར་དོའི་དབྱེ་བསྡུ་འཆད་ཚུལ་མི་འདྲ་བ་སྣ་ཚོགས་གསུངས་མོད། གདུལ་བྱའི་དབང་རིག་ཐ་དད་པས་འདུལ་བྱེད་ཀྱི་ཆོས་སྒོ་རབ་འབྱམས་སུ་བསྟན་པ་ཡིན་པས་གང་ལྟར་བྱས་ཀྱང་མི་འགལ་ལ། རང་ཉིད་གདམས་ངག་གང་ལ་གོམས་ཤིང་འདྲིས་པ་དེ་ཉིད་རྗེས་སུ་མཐུན་པའི་བག་ཆགས་ཀྱི་རྒྱུས་འཆར་ཚུལ་འབྱུང་བ་ཆོས་ཉིད་ཡིན་པས་ཕྱོགས་གཅིག་ཏུ་ཞེན་པར་མི་འཚལ་ལོ། །དེ་ལྟར་བདེ་ཆེན་སྙིང་པོ་ཕྱག་རྒྱ་ཆེའི། །སྲིད་པ་བར་དོའི་གདམས་པ་ཟབ་མོ་དང་། །རྫོགས་ཆེན་སྐྱེ་བ་རྣམ་བཞིའི་བར་དོ་རྣམས། །འགལ་མེད་ཕྱོགས་གཅིག་ཉུང་ངུའི་ཚིག་གིས་བསྡེབས། །འདི་ཙམ་གྱིས་ཀྱང་ཟབ་དོན་ངེས་པའི་གནད། །ཡིད་ལ་མི་བརྗེད་དྲན་པའི་གཟུངས་འགྱུར་བས། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལེན་བྱར་རིགས། །དགེ་བས་ཡང་དག་མཆོག་གི་རྒྱུར་གྱུར་ཅིག །ཅེས་པའང་སུམ་ལྡན་རིག་པ་འཛིན་པ་ངག་དབང་པདྨའི་གསུང་གིས་བསྐུལ་ངོར་དྷརྨ་སྭཱ་མཱིས་བརྗོད་པའོ།། ༈ ཡང་དག་བདེ་ཆེན་སྙིང་པོའི་གསང་གཅོད་ཀྱི་ཁྲིད་ཀྱི་ལྷན་ཐབས་བཞུགས་སོ། །བླ་མ་ཡང་དག་ཡེ་ཤེས་ཕྱག་རྒྱ་ཆེ། །གཉིས་སུ་མེད་ལ་གུས་པས་བཏུད་བྱས་ནས། །ལམ་གྱི་བོགས་འབྱིན་གསང་གཅོད་དང་འབྲེལ་བ། །ཕུང་པོ་གཟན་བསྐྱུར་ཉམས་ལེན་འདིར་གསལ་འབྲི། །དེ་ཡང་གཞུང་ལས། གང་དུ་བྱ་བའི་གནས༔ ནམ་བྱ་བའི་དུས༔ ཇི་ལྟར་བྱ་བའི་ཚུལ༔ ལམ་ལྷོང་དང་ཚར་ཆོད་པའི་ཚད་དོ༔ ཞེས་གསུངས་པས། དང་པོ་གང་དུ་བྱ་བའི་གནས་ནི། གཉན་ཁྲོད་འགྲིམ་པ་པོ་ཡིན་ན། རི་བོ་ཆེན་པོའི་རྩེ། ཐང་ཆེན་པོའི་དཀྱིལ། ཆུ་ཀླུང་དང་མཚོ་སོགས་ཀྱི་འགྲམ། ཚོང་དུས་གྱེས་ས་དང་ལམ་གྱི་བཞི་མདོ། མཚན་མ་སྟེ་ལ་བཙས་དང་ལྗོན་ཤིང་རྐང་པ་གཅིག་པ་ཞེས་རིང་བ་དཔག་ཚད་ཙམ་ནས་ཉེ་བ་གྲིབ་མ་མ་འབྲེལ་བའི་བར་གྱི་ཤིང་གང་ཡང་རུང་བ། དུར་ཁྲོད་དང་། མ་མོའི་ཁྱིམ་ཞེས་པ་ཤུགས་འགྲོ་མའི་རིགས་ཡོད་པའི་གྲོང། གཙུག་ལག་ཁང་སྟེ་འདུལ་བ་འཛིན་པ་སོགས་མིའི་རྒྱུ་འགྲུལ་ཉུང་བའི་ལྷ་ཁང་རྙིང་པ། དེ་ལ་སོགས་པ་མི་མ་ཡིན་གནས་པའི་ས་ཕྱོགས་དང་། རྒྱུན་གྱི་ཉམས་ལེན་ལ་རང་ཉིད་ཀྱི་གནས་མལ་སོགས་དུར་ཁྲོད་དུ་མོས་པས་ཀྱང་རུང་ངོ་། །གཉིས་པ་དུས་ནི། སྤྱིར་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡིན་ལུགས་ཇི་བཞིན་གོ་བ་རྩེ་གཅིག་དང་། ཉམས་མྱོང་གི་སྣེ་ཟིན་པ་སྤྲོས་བྲལ་ངོ་མཐོང་གི་དྲོད་ཅུང་ཟད་ཐོབ་པའི་རྣལ་འབྱོར་པས། རོ་གཅིག་གི་རྟོགས་པ་རྟོགས་ཤིང་བོགས་དབྱུང་ཕྱིར་དང་། ཁྱད་པར་ནི་སེམས་ལ་བདག་འཛིན་དང་འཁུ་འཁྲིག་ལྡན་པའི་སྐབས་སུ་བྱ་བ་ཡིན་ལ། དེ་ཡང་འབྱུང་པོ་རྣམས་འདུ་བ་དང་། གཟི་བྱིན་གྱི་དབང་གི་སྲོད་ལ་སོགས་པའི་དུས་དང་སྦྱར་རོ། །གསུམ་པ་བྱ་ཚུལ་ལ་གཉིས། དཀར་འགྱེད་དང་། དམར་འགྱེད་དོ། །དང་པོ་ནི། སྲོད་ཐུན་ལ་སོགས་པའི་ཐོག་མར་གཉན་ཁྲོད་འགྲིམ་པ་པོ་ཡིན་ན་གཅེར་བུར་ཐལ་ཆེན་ལ་སོགས་པས་བྱུག །ཕྱག་རྒྱ་ལྔ་དང་རུས་པའི་ཚངས་སྐུད་སོགས་གྱོན། ཅང་ཏེའུའང་མི་རྐང་གི་གླིང་བུ་འབུད་ཅིང་ཉམ་ང་དང་འཁུ་འཁྲིག་མེད་པར་གནས་དེར་ཕྱིན་ལ། ས་ཡི་མདུད་ཅིག་ཏུ་འདུག་སྟེ། སྔོན་འགྲོ་ནི། ནམ་མཁར་སྐྱབས་ཡུལ་རྣམས་གསལ་བཏབ་ལ། བླ་མ་དཔལ་ཆེན་སྐུ་ལ་སྐྱབས་སུ་མཆི། །ལུས་ཀྱི་གཅེས་འཛིན་ཐོང་བར་བྱིན་གྱིས་རློབས། །བླ་མ་དཔལ་ཆེན་གསུང་ལ་སྐྱབས་སུ་མཆི། །ངག་གི་བདེན་འཛིན་ཞིག་པར་བྱིན་གྱིས་རློབས། །བླ་མ་དཔལ་ཆེན་ཐུགས་ལ་སྐྱབས་སུ་མཆི། །སེམས་ཀྱི་གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས། །ལན་གསུམ། མཁའ་ཁྱབ་ཕ་མ་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་བསྒྲལ་ནས་ཀྱང་། །ཡང་དག་བདེ་ཆེན་སར་བཀོད་ཕྱིར། །བདག་གིས་བདག་འཛིན་བྲལ་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །ཧེ་རུ་ཀ་དཔལ་ཐོབ་པར་བགྱིའོ། །ལན་གསུམ། སྐྱབས་ཡུལ་རྣམས་རང་ལ་བསྡུ། ཕཊ། ཅེས་བེམ་རིག་ཕྲལ། རང་སེམས་ཧེ་རུ་ཀ་དཔལ་ལྷན་ཅིག་སྐྱེས། །མཐིང་ནག་སྒེག་ཚུལ་དུར་ཁྲོད་རྒྱན་གྱིས་སྤྲས། །ཕྱག་གཡས་གྲི་གུག་འཛིན་པའི་རྣམ་པ་ཅན། །སྙིང་ནས་རྒྱངས་ཐོན་ཤུལ་གྱི་ཕུང་པོ་ནི། །ཚོ་སྣུམ་བཅུད་ལྡན་ཤར་ནུབ་གླིང་ཁྱབ་གྱུར། །ཕཊ། ཧེ་རུ་ཀ་དཔལ་ཕྱག་གི་གྲི་གུག་གིས། །སྨིན་མཚམས་ཐོད་པ་བྲེག་པ་མཁའ་མཉམ་ནང་། །ཤ་རུས་ཏིལ་འབྲུ་ཙམ་དུ་བསིལ་ཏེ་བླུགས། །འོག་ནས་མེ་རླུང་སྦྱོར་བས་རྫས་རྣམས་ཞུ། །གྲི་གུག་གིས་དཀྲུགས་ཉེས་སྐྱོན་ཐམས་ཅད་སྦྱངས། །རླངས་པའི་དབུས་སུ་འབྲུ་གསུམ་དཀར་དམར་མཐིང་། འོད་ཀྱིས་སྤྲོ་བསྡུས་ཡེ་ཤེས་བདུད་རྩི་བཀུག །དམ་ཚིག་རྫས་དང་གཉིས་མེད་ཧ་ཧོཿཧྲཱིཿ སྦྱངས་རྟོགས་སྦར་པས་ཀུན་བཟང་མཆོད་པའི་སྤྲིན། །འདོད་ཡོན་ཕུང་པོ་ཅིར་ཡང་འཆར་བར་གྱུར། །མདུན་གྱི་ནམ་མཁར་ཡས་མགྲོན་དང་ས་གཞིར་མས་མགྲོན་རྣམས་མོས་ལ། ཨོཾ་ཨཱཿཧཱུྃ། ཀུན་བཟང་རྡོར་འཆང་རྡོ་རྗེ་སེམས་དཔའ་དང། །དགའ་རབ་རྡོ་རྗེ་ཧཱུྃ་ཀཱར་པདྨ་འབྱུང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེན་པོར་འབུལ། །བཞེས་ནས་རྩ་བ་ཡན་ལག་ཆག་ཉམས་བསྐང་། །དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །རིགས་དྲུག་སེམས་ཅན་གནོད་བྱེད་འདྲེ་གདོན་རིགས། །གཞི་བདག་གནས་བདག་དཀོར་བདག་མ་ལུས་པར། །རང་རང་བསམ་པའི་རྗེས་འགྲོ་འདོད་ཡོན་རིགས། །ཅིར་ཡང་འཆར་བ་ནམ་མཁའ་མཛོད་དུ་བསྔོ། །ཉེ་རིང་ཕམ་རྒྱལ་མེད་པར་ཐོབ་གྱུར་ནས། །ལན་ཆགས་བྱང་ཞིང་བུ་ལོན་འཁོར་བ་དང་། །གནོད་འཚེའི་བསམ་པ་ཞི་ཞིང་བྱང་སེམས་ལྡན། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །ཅེས་བརྗོད་ནས་དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག་གོ། གཉིས་པ་དམར་འགྱེད་ནི། སྔོན་འགྲོ་གོང་བཞིན་ལས། ཧེ་རུ་ཀ་དཔལ་ཕྱག་གི་གྲི་གུག་གིས། །ཞེས་པའི་མཇུག་ཏུ། སྨིན་མཚམས་གསང་མདོའི་བར་དུ་ཐལ་མར་གཤགས། །པགས་པ་གསེར་གྱི་ས་གཞི་གདལ་བའི་དབུས། །མགོ་བོ་རི་རབ་ལྷུན་པོ་ལྟ་བུར་བརྗིད། །ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན་ཚུལ། །གཞན་ཡང་ཤ་རུས་རྩིག་པ་ལྷུ་དུམ་དང་། ཁྲག་ཞག་རྒྱ་མཚོ་ནང་ཁྲོལ་ཆུ་སེར་རྫབ། །ནམ་མཁའི་ཕ་མཐའ་ཁྱབ་པར་རབ་ཏུ་བརྡལ། །ཨོཾ་ཨཱཿཧཱུྃ། རང་ལུས་ཕུང་ཁམས་དབང་པོའི་མཎྜལ་འདི། །ཀུན་བཟང་རྡོར་འཆང་རྡོ་རྗེ་སེམས་དཔའ་དང་། །དགའ་རབ་རྡོ་རྗེ་ཧཱུྃ་ཀཱར་པདྨ་འབྱུང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོར་འབུལ། །བཞེས་ནས་རྩ་བ་ཡན་ལག་ཆག་ཉམས་བསྐང་། །དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །རིགས་དྲུག་སེམས་ཅན་གནོད་བྱེད་འདྲེ་གདོན་རིགས། །གཞི་བདག་གནས་བདག་དཀོར་བདག་མ་ལུས་པར། །ཤ་རུས་རི་བོ་ཁྲག་ཞག་རྒྱ་མཚོ་དང་། །ནང་ཁྲོལ་ཆུ་སེར་དབང་པོ་ལ་སོགས་པ། །ཉེ་རིང་ཕམ་རྒྱལ་མེད་པར་ཐོབ་གྱུར་ནས། ལན་ཆགས་བྱང་ཞིང་བུ་ལོན་འཁོར་བ་དང་། །གནོད་འཚེའི་བསམ་པ་ཞི་ཞིང་བྱང་སེམས་ལྡན། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །ཅེས་གོང་བཞིན་བརྗོད་པའི་མཐར་དམིགས་མེད་ཀྱི་ངང་དུ་མཉམ་པར་འཇོག་གོ །བཞི་པ་ལྷོང་ནི། དམིགས་སྐོར་གཉིས་པོ་སྤེལ་མའམ་ཅི་རིགས་བྱས་པས་དམིགས་པའི་ཡུལ་གཞི་བདག་དང་འདྲེ་གདོན་སོགས་ལམ་དུ་ལྷོང་ཐུབ་པའི་རྟགས། ལུས་ལ་ན་ཚ། སེམས་ལ་ཟུག་རྔུ་དང་འཇིགས་སྐྲག་གི་སྣང་བ་སྣ་ཚོགས་སྒོ་གསུམ་གྱི་སྟེང་དུ་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་འཆར་རོ། །ལྔ་པ་ཚད་ནི། དེ་ཉིད་ལམ་དུ་ཁྱེར་དགོས་ཏེ། ན་ཚ་དང་འཇིགས་སྐྲག་གི་རྐྱེན་ངན་བྱུང་བའི་ཚེ། ན་དགའ་ཤི་སྐྱིད་ཀྱི་བཟློག་བསྒོམ་དྲག་པོ་བྱ་ཞིང་ན་ཚ་དང་འཇིགས་སྐྲག་ཏུ་འཆར་བའི་རྣམ་རྟོག་དེ་ཉིད་ལ་ལྷག་མཐོང་གི་རིག་པ་མདུང་ཚུགས་སུ་བསྣུན་པས་རྐྱེན་ངན་རང་བཞིན་མེད་པའི་མཚང་རིག་སྟེ། སྡུག་བསྔལ་དང་འཇིགས་སྐྲག་སོགས་སྒོམ་དུ་ཤར་ཏེ་རོ་གཅིག་གི་རྟོགས་པ་ཇི་བཞིན་རྟོགས་པས་བོགས་ཐོན་པར་འགྱུར་བ་ཡིན་ནོ། །དཔལ་ཡང་དག་བདེ་ཆེན་སྙིང་པོའི་གསང་གཅོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་གྱི་ཁྲིད་ཀྱི་ལྷན་ཐབས་ཟིན་བྲིས་འདི་ཡང་སུམ་ལྡན་རིག་པ་འཛིན་པ་ངག་དབང་པདྨའི་གསུང་གིས་བསྐུལ་ངོར་རྒྱལ་ཁམས་པ་དྷརྨ་སྭཱ་མཱིས་ཟབ་ལུང་གངས་ཀྱི་ར་བར་སྦྱར་བ་ལགས་སོ།། ༈ དཔལ་ཡང་དག་གི་ལམ་ལ་བརྟེན་ཏེ་ཉིན་ཞག་ཕྲུག་གཅིག་གི་ཉམས་ལེན་བྱ་ལུགས་བཞུགས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་དཔལ་ཡང་དག་ཧེ་རུ་ཀ་ལ་བརྟེན་པའི་ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་ལ། དང་པོར་ཐོ་རངས་ལྷ་མོ་བརྒྱད་ཀྱི་རྡོ་རྗེའི་གླུའམ་རུ་ལུའི་སྔགས་ཀྱི་སྒྲས་གཉིད་ལས་སད་པར་མོས། རླུང་རོ་ལན་གསུམ་འབུད། ངག་བྱིན་གྱིས་བརླབ་ཕྱིར་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བཟླ། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་བཅས་ལ་ཐུན་མོང་གི་སྔོན་འགྲོ །དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་གཞིག་འགྲེལ་བཏང། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ །སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། གསོལ་འདེབས། ཏིང་ངེ་འཛིན་གྱི་དབང་བཞི་ལེན་པའི་བར་བྱ་ཞིང་། དེ་ནས་སྲུང་འཁོར་གསལ་བཏབ་པ་ནས་བཟུང་བཟླས་པའི་བར་ལས་བྱང་བཞིན་དུ་རྒྱས་བསྡུས་ཇི་ལྟར་འོས་པ་བྱས་ནས། བཟླས་པའི་སྐབས་སུ་ཐོ་རངས་ཀྱི་དུས་འདིར་རིག་པ་དྭངས་སྙིགས་ཕྱེ་བ་དང་། གཏུམ་མོ་སྲོག་རྩོལ་སྒོམ་པ་གནད་ཡིན་པས། གཞུང་ལས་དམིགས་བསལ་མ་གསུངས་ཀྱང་སྤྱི་ཁྱབ་ལྟར་གྱི་རྡོར་བཟླས་ཙམ་བསྒོམ་ན་ཤིན་ཏུ་ཡང་སྐབས་སུ་བབས་ཏེ། རང་ལུས་སྣང་སྟོང་ལྷ་སྐུར་གསལ་ཞིང་ལུས་གནད་བཅས་ཏེ་རླུང་བུམ་ཅན་ཁ་སྦྱོར་དུ་བསྒོམས་ལ། རླུང་རྔུབ་པ་་ཨོཾ་རུ་ལུ་་དང་། གནས་པ་་་རུ་ལུ་་་དང་། དབྱུང་བ་་་ཧཱུྃ་བྷྱོ་ཧཱུྃ་་་གསུམ་ལ་རུ་ལུ་འབྲུ་བརྒྱད་ཐོག་མཐར་ཨོཾ་དང་ཧཱུྃ་སྦྱར་བ་ཡིད་ཀྱིས་བཟླ་ཞིང་། བུམ་ཅན་ཉེར་གཅིག་རེ་ཉུང་མཐའ་བྱས་པ་བསྒོམ། བསྐྱེད་རིམ་དེ་ཁའི་ངང་ནས་འཕོ་བའི་དམིགས་པ་གསལ་བཏབ་སྟེ་འཕོ་བའི་གསོལ་འདེབས་དང་ཧིཀ་ཀ་ཚར་བཞི་ལྔ་ཙམ་རེ་སྦྱང་། ཡང་དག་ཧེ་རུ་ཀར་གསལ་བ་དེ་ཉིད་གནས་བསྒྱུར་ཏེ་ཚེ་སྒྲུབ་རྒྱས་བསྡུས་གང་འོས་རེ་བྱེད། ནམ་ལྡང་བ་དང་བསྟུན་ཏེ་དམིགས་བསལ་གྱི་རིགས་གཞན་ཡོད་ན་བྱ་ཞིང་། བསང་དང་ཆུ་གཏོར་སོགས་ཀྱང་སྤྲོ་ན་བྱ། ཉིན་མོ་གཏན་ལ་ཕེབས་པ་དང་འཕྲུལ་འཁོར་གྱི་རིམ་པ་ཅི་རིགས་ཀྱིས་ལུས་སྦྱངས་ཤིང་། ཉིན་མོའི་ཆ་སྒྱུ་ལུས་དང་ཕྱག་རྒྱ་ཆེན་པོ་གཙོ་བོར་བསྒོམ་པ་ཡིན་པས། དེ་ཡང་ལས་དང་པོ་པའི་སྐབས་སུ་ནི་ཞི་གནས་དང་ལྷག་མཐོང་གི་ཁྲིད་ཚུལ་དང་སྒོམ་རིམ་སྣ་ཚོགས་དང་། སྒྱུ་ལུས་ལའང་འཁོར་བ་དང་མྱང་འདས་ཀྱི་སྤེལ་སྦྱོང་ཡོད་མོད། ལམ་ཞུགས་ཀྱི་རྣལ་འབྱོར་པ་བསྐྱེད་རྫོགས་དེ་ཀུན་ཟུང་འཇུག་ཏུ་སྒོམ་པ་ཡིན་ཏེ། སྣང་བའི་ཡུལ་ཕྱི་རོལ་གྱི་རི་ར་བ་ཁང་ཁྱིམ་ལ་སོགས་པ་འདི་དག་གདོད་ནས་རྣམ་པར་དག་པ་ལྷའི་གཞལ་ཡས་ཁང་། ཡུལ་ཅན་དུ་འཛིན་པའི་སེམས་ཉིད་ཕུང་ཁམས་སྐྱེ་མཆེད་རྣམས་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་རོལ་པ། དེ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ཟླའི་རོལ་པ་ལྟ་བུར་འཆར་བའི་སྒྱུ་ལུས་སྒོམ་པའི་ལམ་གྱི་སྙིང་པོ་དང་། སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་ཤར་བས་སེམས་སྟོང་ལྷང་ངེ་བ་དེ་ཀ་ཕྱག་རྒྱ་ཆེན་པོ། ཀ་དག་ལྷག་མཐོང་གི་ངོ་བོ་དེའི་ངང་ནས་རུ་ལུ་སོགས་སྔགས་ཀྱི་སྒྲ་རྒྱུན་ཆད་མེད་པར་བཟླ་བ་སྟེ། དེ་ལ་བསྐྱེད་རྫོགས་ཟུང་འཇུག་འདུ་འབྲལ་མེད་པས་ཉིན་མཚན་འཁོར་ཡུག་ཏུ་གཙོ་བོར་བསྐྱང་དགོས། བཟའ་བཏུང་རྣམས་འབྲུ་གསུམ་གྱིས་དམ་ཚིག་གི་རྫས་སུ་མོས་པས་ཕུང་ཁམས་ལྷ་ཡི་རྣལ་འབྱོར་མཆོད་པའི་འདུ་ཤེས་ཀྱིས་རོལ། ཉིན་གུང་བསྐོར་བ་སོགས་བྱིང་བ་བསེང་ཞིང་། དགོང་ཐུན་ལ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་དང་། ཡང་དག་མཆོག་གི་དངོས་གྲུབ་སྒྲུབ་པའི་བར་ཆད་སེལ་ཕྱིར་རྡོ་རྗེ་ཕུར་པའི་བཟླས་པའང་བརྒྱ་རྩ་སོགས་བྱ། སྲོད་ལ་གསང་གཅོད་དང་འབྲེལ་བ་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་རྣམས་བྱ་ཞིང་། དེའི་མཐར་ཀུན་ཏུ་བཟང་པོའི་སྨོན་ལམ་སོགས་བྱ། ནམ་གུང་གི་ཆར་བསྐྱེད་རིམ་ལྷའི་འཁོར་ལོ་རྫོགས་རིམ་དུ་བསྡུས་ཏེ། མགྲིན་པར་ཨོཾ་ཡིག་གསལ་བཏབ་ནས་ཐིམ་རིམ་རྣམས་དང་སྣང་མཆེད་ཐོབ་གསུམ་སོགས་སྲབ་མོའི་འོད་གསལ་ཟིན་པར་བྱས་ནས་རྨི་ལམ་གྱི་སྣང་བ་འཆར་ན་འཛིན་སྦྱོང་སྤེལ་བསྒྱུར་སོགས་བྱ་བ་དང་། ཡང་ན་གཉིད་འཐུག་གི་འོད་གསལ་དེ་ཁའི་ངང་ལ་ཅི་གནས་གནས་སུ་འཇོག་པ་ཡིན་ཞིང་། སྤྱིར་སྲབ་མོའི་འོད་གསལ་ཞེས་པ་ཕྱིའི་ཡུལ་སྣང་ཡང་མ་འགགས་ལ། ནང་གི་ཚོར་བ་ཡུལ་ཕྱིར་མ་འབྲང་བའི་གསལ་རིག་ཅན་དུ་གནས་པ་དང་། འཐུག་པོའི་འོད་གསལ་ནི་བུམ་ནང་དུ་མར་མེ་འབར་བ་ལྟ་བུ་སྟེ་ཕྱི་རོལ་གྱི་ཡུལ་སྣང་འགགས་པའི་སེམས་ཉིད་གསལ་སྟོང་ཧྲིག་གེ་བར་གནས་པ་སྟེ། སྔ་མས་ནི་ཉམས་ཀྱི་འོད་གསལ་དང་། ཕྱི་མ་འདི་ལ་རྟོགས་པའི་འོད་གསལ་ལམ། བར་དོའི་སྐབས་ཀྱི་ལྷུན་གྲུབ་ཀྱི་འོད་གསལ་མ་གཉིས་དང་ཆོས་མཚུངས་པའོ། །དེ་ལྟར་ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་འདི་ཙམ་ལ་དཔལ་ཡང་དག་གི་ལམ་གྱི་རིམ་པའི་སྙིང་པོ་ཐམས་ཅད་ཚང་བ་ཡིན་ཞིང། བར་དོའི་ལམ་ཁྱེར་ནི་སྐྱེ་གནས་དང་འཆི་ཁ་ཆོས་ཉིད་བར་དོ་གསུམ་ལ་མན་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་དང་། དོན་བློར་གསལ་ཐེབས་པ་དང་། ཉམས་འོག་ཏུ་ཆུད་པ་རྣམས་ཡིན་པས། གཞུང་གི་དོན་སྤྱི་ལས་དམིགས་བསལ་མེད་ཅིང་། སྲིད་པ་བར་དོའི་ཚུལ་རྣམས་གཞུང་བཞིན་དུ་བློ་ཡུལ་དུ་ངེས་པར་བྱའོ། །ཞེས་པའང་སུམ་ལྡན་རྡོ་རྗེ་འཛིན་པ་དགེ་སློང་ངག་དབང་པདྨའི་གསུང་གིས་བསྐུལ་ངོར་དྷརྨ་སྭཱ་མཱིས་སྦྱར་བའོ།། །།

དགོངས་གཏེར་ཀུན་རིག་གི་ཆོ་ག་ངན་སོང་དོང་སྤྲུག་འགྲོ་དོན་རྒྱ་མཚོ་ (Volume 48, Text 26)

༄༅། །དགོངས་གཏེར་ཀུན་རིག་གི་ཆོ་ག་ངན་སོང་དོང་སྤྲུག་འགྲོ་དོན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་སརྦ་བིད་ཡེ། དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་ཀུན་རིག་གི་འདོན་ཆ་ནི། རྒྱུན་ཁྱེར་བདག་བསྐྱེད་ལ་མཆོད་གཏོར་མི་དགོས། མཆོད་པ་ཡིད་སྤྲུལ་ཆོག །འདོན་བསྒོམ་སྦྲག་སྟེ། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་སོགས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །རྡོ་རྗེའི་རྭ་གུར་མེ་རིས་བསྐོར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ ཀུན་གྱི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཨོཾ་སརྦ་བི་ཛ་ཡ་པཉྩ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར། ཡེ་ཤེས་ལྔའི་དབང་རྫོགས་པར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་བདག་བསྐྱེད་ལ་མཆོད་ཅིང་བསྟོད་པར་གྱུར། ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ངོ་མཚར་མཆོད་པ་བཅོ་བརྒྱད་སྒེག་སོགས་བརྒྱད། །ཅོད་པན་གདུགས་སོགས་མཆོད་པ་ཉི་ཤུ་ལྔ། །སྐྱེད་ཚལ་གཞལ་མེད་ཁང་པ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པདྨར་བཅས། །འབྲུ་སྨན་རིན་ཆེན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་སྟན་བཞོན་པ་བྲན་ཁོལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ལྷ་ལྔའི་ཐུགས་ཀར་ཟླ་བའི་སྟེང་། །སོ་སོའི་ས་བོན་ཡིག་འབྲུའི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་མཛོད་སྤུའི་སྒོ་ནས་ཐོན། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་དང་འབྲས་བུའི་ངན་སོང་སྦྱངས། །འོད་ཟེར་ཚུར་འདུས་ཡིག་འབྲུར་ཐིམ། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་རྩ་རིག་དང་། ཨོཾ་ཤོ་དྷ་ནི་མན་ཆད་རྩ་རིག་ཐུང་བ་དང་། ཨོཾ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་ནི་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊཿ ཅེས་སྙིང་པོ་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཞེས་ཉེ་སྙིང་རྣམས་ཅི་འགྲུབ་བཟླ། བདག་བསྐྱེད་འདི་རྒྱུན་ཁྱེར་བྱེད་ན་ཡང་རྗེས་ཆོག་དང་བསྡུ་ཆོག་མི་དགོས་ཏེ། སྒོམ་མཁན་སེམས་ཀྱི་ངོ་བོ་ལ་བལྟས་པས་འཐུས། དེ་ནས་མདུན་བསྐྱེད་བྱེད་ན། རབ་དཀྱིལ་ཐང་། མེད་ན་ཚོམ་བུ་བཀོད། ཡང་དབུ་རྒྱན་གཅིག་བཞག་ཀྱང་ཆོག །རྒྱས་པར་བྱེད་ན་བུམ་པ་དང་མཆོད་གཏོར་ཡང་བཤམ། སྤྲོས་མེད་བདག་མདུན་གཉིས་ཁོ་ན་ཡིན་ན། མཆོད་གཏོར་མ་འབྱོར་ཡང་ཡིད་སྤྲུལ་ཆོག །མདུན་བསྐྱེད་ཀྱང་མདུན་གྱི་བར་སྣང་ལ་བསྒོམ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས། འབྱུང་བ་རིམ་བརྩེགས་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེའི་གཞལ་ཡས་ཁང་གཉིས་སྦྲགས་གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཕྱི་རོལ་འཇིག་རྟེན་པའི་འཁོར་ཡུག་དང་རྡོར་ར་འོད་ཟེར་གྱི་ཕྲེང་བས་བསྐོར་བ། གཞལ་ཡས་ཁང་གི་ནང་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་ལེའུ་ཚེ་དགུ་ཡི་དབུས་སུ། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་སྦྱོང་རྒྱལ་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རྒྱལ་མཆོག་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་རིག་དབང་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་གྲུབ་མེ་ཏོག་ཆེར་རྒྱས་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ གྲྭ་བཞིར་ཡུམ་བཞི། འཁོར་ལོའི་རྩིབས་བཅུ་དྲུག་ལ་སེམས་དཔའ་བཅུ་དྲུག །འཁོར་ལོའི་ཕྱིའི་གྲྭ་ཕྱི་ནང་དང་སྒོ་བཞིར་སྒེག་སོགས་བརྒྱད་དང་སྒོ་བ་བཞི། ཕྱིའི་ལྷ་སྣམ་དང་པོ་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །གཉིས་པ་ལ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ གཙོ་བོ་ལྔ་རྡོ་རྗེའི་སྐྱིལ་ཀྲུང་ལ་གཞན་རྣམས་སེམས་དཔའི་སྐྱིལ་ཀྲུང་ཅན། ཕྱོགས་མདོག་ཞི་བའི་ཉམས་ཅན་རང་རྟགས་ཕྱག་མཚན་འཛིན་པ། ལྷ་སྣམ་གསུམ་པ་ལ་ཉན་ཐོས་བཅུ་དྲུག །བཞི་པ་ལ་རང་རྒྱལ་བཅུ་གཉིས་རྣམས། ཆོས་གོས་གསུམ་གྱིས་བཀླུབས་ཤིང་ལྷུང་བཟེད་འཁར་གསིལ་འཛིན་པ། སྒོ་བཞིའི་གཡས་གཡོན་དུ་ཁྲོ་བོ་བརྒྱད་འཇིགས་པའི་གཟུགས་ཅན་རང་རྟགས་ཕྱག་མཚན་འཛིན་པ། ཕྱིའི་འཁོར་ཡུག་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་བསྟན་པ་ལ་དགའ་བའི་འབྱུང་པོའི་ཚོགས་ཐམས་ཅད་གནས་པའོ། །དེ་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཨོཾ་སརྦ་བིད་མཎྜ་ལ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །དམ་ཚིག་པ་དང་གཉིས་མེད་གྱུར། །ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སྥ་ར་ཎ་ཁཾ། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཞིང་ཁམས་ཀུན་གྱི་མཆོད་པའི་ཚོགས། །བློ་ཡིས་བླངས་ཏེ་མཆོད་པར་འབུལ། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཇི་སྙེད་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་འཇམ་ཇི་སྙེད་དང་། །བདག་གིས་གུས་པར་བཤམས་པ་འདིས། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་པྲ་ཏཱིཙྪ་པཱུ་ཛི་ཏེ་ཨཱཿཧཱུྃ། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམས་ཤིང་། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྻཱཏཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམས་ཤིང་། །ལྕེ་ནི་དེ་ཉིད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ནིརྻཱཏཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་རྣལ་འབྱོར་དེ་ཉིད་ཀྱི། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྻཱཏཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །སྟོང་ཉིད་མཚན་མ་ཀུན་དང་བྲལ། །སྨོན་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་འབྱེད་པ། ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་སྟོན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །སྒེག་མོ་ཕྲེང་བ་གླུ་དང་གར། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་མཆོག་ལ་སོགས་ལྷ་མོ་བརྒྱད། །ཕྱི་ནང་ལྷ་མོར་ཕྱག་འཚལ་ལོ། །སྒོ་ཡི་དབུས་ན་བཞུགས་པ་གང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དད་སོགས་ངོ་བོ་ལས་བྱུང་བའི། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །ཏྭ་ར་ཎ་ཡི་ཁྱམས་བར་ན། །དཔེ་བྲལ་སེམས་དཔའ་བཅུ་དྲུག་ནི། །ས་དང་ཕ་རོལ་ཕྱིན་གྲུབ་པ། །རིགས་ཀྱི་དབང་གིས་བཞུགས་ཕྱག་འཚལ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན། །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་སྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་འཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་སྣང་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་རྩ་རིག་དང་། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྔགས་ཐུང་དང་། ཨོཾ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་ནི་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊཿ ཅེས་སྙིང་པོ་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཞེས་ཉེ་སྙིང་གི་མཇུག་ཏུ་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ་ཅི་འགྲུབ་བཟླ། ཡིག་བརྒྱ་ཚར་གཅིག་བཟླས་པས་བརྟན་པར་བྱ། བུམ་པ་མེད་ན་བུམ་བསྐྱེད་མི་འདོན། བུམ་པ་ཆེ་ཆུང་གཉིས་སྤྱི་ལྟར་བཤམ། མེད་ན་གཅིག་གི་མཆུ་ནང་དུ་ལས་ལྷ་བསྐྱེད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཀྱིས་སུམ་གཉིས་གང་བའི་དབུས་སུ། བུམ་ལྷ་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ལས་བུམ་གྱི་ནང་དུ་ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། ལྷ་གཉིས་ཀྱི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་བསྟིམ་ཞིང་། ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར། ཨོཾ་སརྦ་བིད་བཛྲ་ཡཀྵ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་ཁེངས་པར་གྱུར། གོང་ལྟར་རྩ་རིག་དང་སྙིང་པོ་བརྒྱ་ལས་མི་ཉུང་བ་བཟླ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཅི་འགྲུབ་བཟླས་ནས་མཆོད་པ་ནི། ཤེས་ན་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་བྱ་ཞིང་མ་གྲུབ་ན་ཡང་རུང་སྟེ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཨོཾ་བཛྲ་སཏྭ་སུ་སཾ་གྲཱ་ཧཾ། ཨོཾ་བཛྲ་ལཱ་སྱ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །ཨོཾ་བཛྲ་དྷརྨཱ་གཱ་ཡ་ནི། ཨོཾ་བཛྲ་གཱི་ཏཱི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་གྱུར། །ཨོཾ་བཛྲ་ཀརྨ་ཀ་རོྞདྷ་ཝེ། ཨོཾ་བཛྲ་ནཱིརྟི་ཨཱཿ རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཨོཾ་བཛྲ་སཏྭ་སུ་སཾ་གྲཱ་ཧཾ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །ཨོཾ་བཛྲ་དྷརྨཱ་གཱ་ཡ་ནི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་གྱུར། །ཨོཾ་བཛྲ་ཀརྨ་ཀ་རོྞདྷ་ཝེ། ཨོཾ་བཛྲ་གྷནྡྷེ་ཨཱཿ སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །ཞེས་པ་ཙམ་མམ། རྒྱས་པར་སྤྲོ་ན། རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིག་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨོ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་སྟེ་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམས་བྱེད་པ། །སྒྲུབ་དཀའི་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པས་ན་སྡུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མར་མཚོན་ཆ་བརྒྱ། །དུ་མའི་ཞལ་སྟེ་སྐུ་ཡང་སྟོན། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་སྟེ། །སེམས་ཀྱི་ཆོས་བས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་སྲིད་མཐར་བྱེད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོགས་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་དགྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རབ་བརྒྱན་པ། ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། །གང་གིས་འདི་བྲིས་བཀླགས་གྱུར་ཏམ། །རྟག་ཏུ་འདི་འདོན་འཆང་བྱེད་དང་། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་ཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །བུམ་ལྷ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེའི་ཆུ་དང་རོ་གཅིག་པར་གྱུར། རྡོ་རྗེ་གནོད་སྦྱིན་གྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཐེབ་ཙེ་གསུམ་དུ་ཅོག་རྡོག་གསུམ་མམ། ཡང་ན་གཏོར་རིལ་གསུམ་ལ། ཨོཾ་ལས་རིན་ཆེན་སྣོད་དུ་གཏོར་མ་རྣམས། །ཨོཾ་ཡིག་ལས་བྱུང་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། དབང་པོ་ལ་སོགས་ཕྱོགས་བཅུ་སྐྱོང་བ་བཅུ། །རང་རང་བཙུན་མོ་བློན་པོ་འབངས་འཁོར་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །སྔོན་གྱི་དམ་ཚིག་དགྱེས་དགོངས་མཆོད་གཏོར་བཞེས། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་བཅུ་སྐྱོང་བའི་དབང་པོ་ཆེན་པོ་བཅུ། །ཕྱོགས་བཅུའི་གདོན་གྱི་ཚོགས་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་གཏོར་མ་འབུལ། །སོ་སོར་དགྱེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་རྣམས་ལེགས་པར་སྐྱོང་བ་དང་། །དངོས་གྲུབ་སྩོལ་ཞིང་བགེགས་རྣམས་ཞི་བར་མཛོད། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་གཙྪ། སྡེ་བརྒྱད་ལ་སོགས་གདོན་གྱི་རིགས་རྣམས་དང་། །གང་དག་འབྱུང་པོ་མཐུ་ཆེན་རྫུ་འཕྲུལ་ཅན། །འཁོར་གཡོག་བུ་སྨད་བཅས་པ་ཐམས་ཅད་ཀུན། །ཕན་པའི་སེམས་ཀྱིས་འདིར་གཤེགས་མཆོད་གཏོར་བཞེས། །ཨོཾ་སརྦ་ལོ་ཀ་པཱ་ལ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། འབྱུང་པོ་གང་དག་ས་འོག་ས་སྟེང་དང་། །ཆུ་དང་བར་སྣང་ཁམས་ལ་གནས་པ་རྣམས། །མགུ་བར་གྱིས་ལ་མཆོད་སྦྱིན་འདི་སྣོམས་ལ། །ལས་རྣམས་འགྲུབ་ཅིང་བར་ཆད་ཞི་བར་མཛོད། །ཨོཾ་སརྦ་བྷཱུ་ཏ་གཙྪ། རང་ཉིད་རྡོ་རྗེ་ཁྲོ་བོ་གསལ་བར་གྱུར། །བླ་མ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་འདིར་ཁུག་ཅིག །ཊཱ་ཀི་ཧཱུྃ་ཛཿ སརྦ་བིགྷ་ནཱན་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གནོད་བྱེད་ལན་ཆགས་བགེགས་ཀྱི་ཚོགས་རྣམས་ཀུན། །གཏོར་མ་འདི་ཁྱེར་གནོད་འཚེའི་བསམ་པ་སྤོངས། །ལུས་ལ་གནོད་པའི་ནད་དེ་ཕྱུང་ནས་སུ། །གདོན་ཁྱོད་རང་གི་གནས་སུ་ད་སོང་ཞིག །སརྦ་བིགྷ་ནཱན་གཙྪ། ཞེས་ཕྱི་རོལ་དུ་ཕུལ། ༈ དེ་ནས་བདག་འཇུག་བླང་བ་ནི། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོས་སློབ་དཔོན་གྱི་བྱ་བ་བྱེད་པར་བསྒོམས་ལ། བླ་མ་ལྷར་བཅས་བདག་ལ་དགོངས་སུ་གསོལ། །གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་འབུལ། །སྐྱབས་འགྲོ་སེམས་བསྐྱེད་དམ་ཚིག་བདག་ལ་སྩོལ། །དཀྱིལ་འཁོར་ནང་གཞུག་དབང་རྣམས་བསྐུར་དུ་གསོལ། །སྔར་བྱས་སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་རྟག་ཏུ་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་བདག་ནི་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །ཕ་རོལ་ཕྱིན་པ་དྲུག་ལ་བསླབ་བགྱི་ཞིང་། ཁྱད་འཕགས་གསང་སྔགས་དོན་ལ་གནས་པར་བགྱི། །ཚུལ་ཁྲིམས་རྣམ་གསུམ་རིགས་ལྔའི་སྡོམ་པ་དང་། །འགྲོ་བའི་དོན་དུ་སྡོམ་པ་མ་ལུས་གཟུང་། །ལན་གསུམ། ས་མ་ཡ། སློབ་མའི་སྙིང་གར་ཀུན་རྫོབ་དོན་དམ་གྱི། །བྱང་སེམས་ངོ་བོ་ཟླ་བ་རྡོ་རྗེ་གསལ། །རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། གནས་གསུམ་འཁོར་ལོ་པདྨ་རྡོ་རྗེ་རྣམས། །ཨོཾ་ཨཱཿཧཱུྃ་གི་ཡི་གེས་མཚན་པར་གྱུར། ཨོཾ་བྲྀ་ཏ་བྲྀ་ཏ་ཏྲཊ་ཏྲཊ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཅེས་གནས་གསུམ་དུ་རྡོ་རྗེས་རེག །ལུས་ཀྱི་རྩ་གནས་ཉི་ཤུ་རྩ་གཉིས་སུ། །རྡོ་རྗེས་མཚན་པས་རྡོ་རྗེའི་རང་བཞིན་གྱུར། །ཨོཾ་སརྦ་བིད་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡེ་ཧཱུྃ། རྗེས་ཟློས། བདག་གི་དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག ༈ །དཀྱིལ་འཁོར་འདིར་ཞུགས་མྱུར་དུ་འཚང་རྒྱ་བས། ཁྱེད་རྣམས་རྙེད་པ་རབ་རྙེད་དགའ་བར་གྱིས། །སྔགས་འདི་ལན་གསུམ་གྱིས་བསྲུང་། ཨོཾ་ཨཱཿབིག་ནཱན་ཏ་ཀྲྀཏ་ཧཱུྃ་ཕཊ། གདོང་གཡོགས་འཆིང་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། མེ་ཏོག་གཟུང་ལ། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཁྱེད་རང་དཀྱིལ་འཁོར་ནང་དུ་ཞུགས་པར་སྒོམས། ཨོཾ་བཛྲ་ས་མ་ཡ་ཧཱུྃ། རྒྱལ་བ་ཀུན་གྱི་བྱིན་རླབས་ཧཱུྃ་ཡིག་གི །རྣམ་པ་ཆར་བཞིན་བབས་ནས་སློབ་མར་ཐིམ། །ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་མང་དུ་བརྗོད་ཅིང་དྲིལ་བུ་འཁྲོལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་ཧཱུྃ། དཀྱིལ་འཁོར་ནང་དུ་མེ་ཏོག་གཏོར་ཏེ། ཨོཾ་པྲ་ཏཱིཙྪ་ས་མ་ཡ་སཏྭཾ། མེ་ཏོག་དེ་སྤྱི་བོར་བཞག་ལ། པྲ་ཏི་གྲྀཧྞ་ཧཱུྃ། རྡོ་རྗེས་མིག་དར་བསལ་ཞིང་། ཨོཾ་བཛྲ་ཧཱ་སྱ་ཨུདྒྷཱ་ཊ་ཡ་ཧཱུྃ། ཨོཾ་བཛྲ་པ་ཤྱ་ཧཱུྃ། མདུན་གྱི་ནམ་མཁར་ཀུན་རིག་གི་དཀྱིལ་འཁོར་དངོས་སུ་མཐོང་བར་གྱུར། དམ་ཆུ་མྱོང་ཞིང་། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ་པྲ་ཝེ་ཤ་ཡ་དྲྀ་ཌྷ་ཏིཥྛ་ཧཱུྃ། དམ་ཚིག་བདུད་རྩིའི་ཆུ་འདི་འཐུང་ནས་སུ། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ། །གལ་ཏེ་ཉམས་ན་སྡུག་བསྔལ་ཐམས་ཅད་སྐྱེད། །དེ་བས་དུས་རྣམས་རྟག་ཏུ་བུ་ཁྱོད་ཀྱིས། །དཀོན་མཆོག་གསུམ་དང་བྱང་སེམས་བླ་མ་ལྷ། །སྙིང་པོ་སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྩ་བ་བཞི་སྲུངས་ལྷ་སྔགས་ཐེ་ཚོམ་སྤོངས། །རྡོ་རྗེ་སྤྱི་བོར་བཞག་ལ་རྩ་རིག་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཞེས་རྡོ་རྗེ་སྤྱི་བོར་གནས་ལྔར་བཞག་ལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ། ཙཀ་ལི་གཅིག་ཏུ་དབུ་རྒྱན་མེ་ཏོག་ཕྲེང་བ་དར་གྱི་ཅོད་པན་བྲིས་པ་ཐོགས་ལ། རིགས་ལྔའི་དབུ་རྒྱན་མེ་ཏོག་ཕྲེང་བ་དང་། །དར་གྱི་ཅོད་པན་འདི་ཡིས་དབང་བསྐུར་བས། །རིགས་ལྔའི་སྐུ་ཐོབ་འགྲོ་དོན་ཕུན་སུམ་ཚོགས། །ཤེས་བྱ་ཀུན་ལ་ཐོགས་མེད་མཁྱེན་པར་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ རཏྣ་མཱ་ལ་པཊྚ་ཨ་ཝ་ལཾ་བྷོ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། དེ་ནས་རིགས་ལྔའི་ཕྱག་མཚན་ཙཀ་ལི་གཅིག་ཏུ་བྲིས་པ་ཐོགས་ལ། རིགས་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་པ་དང་། །ལག་ཏུ་གཏད་ནས་ཁྱོད་ལ་དབང་བསྐུར་བས། །ཡོན་ཏན་ལྔ་རྫོགས་ཡེ་ཤེས་ལྔ་རྟོགས་ཕྱིར། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ། ཨོཾ་སྭཱ་ཧཱ༔ ཧཱུྃ་སྭཱ་ཧཱ༔ ཏྲཱཾ་སྭཱ་ཧཱ༔ ཧྲཱིཿསྭཱ་ཧཱ༔ ཨཱཿསྭཱ་ཧཱ༔ ཙཀ་ལི་གཅིག་ཏུ་རྡོར་དྲིལ་སྣ་ཚོགས་རྡོ་རྗེ་འཁོར་ལོ་བྲིས་པ་ཐོགས་ལ། ཁྱོད་མིང་སངས་རྒྱས་རྡོ་རྗེ་སེམས་དཔའ་སྟེ།་་་བུད་མེད་ཡིན་ན་སེམས་མ། མིང་གི་དབང་གིས་མ་འོངས་སངས་རྒྱས་ཤོག །རྒྱ་གྲམ་དབང་གིས་ཕྲིན་ལས་མཐར་ཕྱིན་ཞིང་། །འཁོར་ལོའི་དབང་གིས་ཆོས་འཁོར་བསྐོར་བར་ཤོག །ཨོཾ་བཛྲ་ནཱམ་ཀརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། ཙཀ་ལི་རྡོར་སེམས་བྲིས་པ་དེའི་གཡས་ངོས་སུ་རིགས་ལྔའི་ཕྱག་མཚན་གཡོན་དུ་ཡུམ་ལྔའི་ཕྱག་མཚན་བྲིས་པ་ཐོགས་ལ། རིགས་ཀྱི་བདག་དང་རིགས་ལྔའི་ཕྱག་མཚན་དང་། །ཡུམ་ལྔའི་ཕྱག་རྒྱར་བཅས་པས་དབང་སྐུར་བས། །སློབ་མ་རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར། །དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར་བ་དང་། །གསང་རྒྱུད་དོན་རྟོགས་གསང་བའི་སྣོད་ལྡན་ཤོག །བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་དྷ་ར་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། རྡོར་དྲིལ་བྲིས་པ་ཐོགས་ལ། རྒྱལ་བའི་བྱང་ཆུབ་བླ་མེད་དོན་རྟོགས་པ། །ཡེ་ཤེས་མཆོག་དེ་དཀྱིལ་འཁོར་སྙིང་པོར་གསུངས། །ཕྱིན་ཆད་ང་ཡི་བཀའ་ལ་མ་འདའ་ཞིག །རྡོར་དྲིལ་དབང་གིས་ཐབས་ཤེས་ཟུང་འཇུག་ཤོག །ཨོཾ་པྲ་ཛྙཱ་ཨུ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ བསྡུ་ན་རྒྱལ་སྲིད་ཙཀ་ལི་གཅིག་ཏུ་བྲིས་པ་ཐོགས་ལ། མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མཱཾ། རྒྱས་པར་སྤྲོ་ན་རྒྱལ་སྲིད་ཙཀླི་སོ་སོར་བྲིས་པ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་ལས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་སཏྲཱི་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁངྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། །རྡོ་རྗེ་སློབ་དཔོན་སྤུན་སོགས་མི་བརྙས་ཤིང་། །སྙིང་རྗེ་ཆེན་པོས་བསྒྲུབས་ན་མྱུར་དུ་འགྲུབ། །རྗེས་ཟློས། ཁས་བླངས་དམ་ཚིག་ཀུན་བསྲུང་དངོས་ཀུན་འབུལ། །དེང་ནས་ཁྱོད་ཀྱི་སློབ་མར་གཟུང་དུ་གསོལ། །བདག་འཇུག་ཡིན་ན། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ཏ་ཐཱ་ག་ཏ་དྷ་ར་ས་མ་ཡོ྅་ཧཾ། ༈ མིང་བྱང་གི་ཆོ་ག་ནི་རོའམ་ཤོག་བུ་ལ་ཚེ་འདས་ཀྱི་གཟུགས་ཀྱི་སྙིང་གར་ས་བོན་ནྲྀའི་འོག་ཏུ་མིང་བྱང་དང་བཅས་པ་བྲིས་པའམ། བསྡུ་ན་ས་བོན་ཙམ་བྲིས་ཀྱང་རུང་སྟེ། དེ་ལ་དམིགས་ནས། སྐད་ཅིག་ནྲྀ་ཡིག་ཡོངས་གྱུར་ལས། །མདུན་དུ་ཚེ་ལས་འདས་པ་ནི། །གསོན་པོའི་རྣམ་པ་ཇི་ལྟ་བ། །ཡོངས་སུ་རྫོགས་པར་གསལ་བར་གྱུར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །རྣམ་ཤེས་དག་པའི་ཞིང་མ་གཏོགས། །རིགས་དྲུག་བར་དོ་གར་གནས་ཀྱང་། །སྐད་ཅིག་རྟེན་འདིར་མཆིས་གྱུར་ཅིག །བཛྲ་སཏྭ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལྕགས་ཀྱུའི་ཕྱག་རྒྱ་རྟེན་གྱི་སྤྱི་བོར་བཞག་གོ །ལྟུང་བ་སློང་བའི་ཕྱག་རྒྱས། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། སྡིག་པ་འཇོམས་པའི་ཕྱག་རྒྱས། ཨོཾ་སརྦ་བིད་སརྦ་པཱ་པཾ་བི་ཤྭ་དྷ་ནེ་ཧཱུྃ། དེ་དཀྲོལ་བས། ཨོཾ་སརྦ་བིད་ཏྲཊ། ཞེས་སྡིག་པ་དྲལ། དཀར་གཏོར་དང་ཆངས་བུ་ཏིང་ལོ་བྲན་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ནས། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་རྟེན་ལ་གཡས་གཡོན་དུ་བསྐོར་ཏེ་དོར་བ་ཞི་སྦྱང་། ཨོཾ་སུམྦྷ་ནི་སོགས། སྔར་ལྟར་བསྐོར་ཞིང་དོར་བ་ཕྱེད་སྦྱོང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །མཐོ་རིས་ཐར་པའི་གེགས་བྱེད་རྣམས། །གཏོར་མ་འདི་ཡིས་ཚིམས་པར་གྱིས། །གནོད་འཚེ་སྤོངས་ལ་རང་གནས་དེངས། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་ཚེ་འདས་སྒྲིབ་པ་སྦྱོང་། ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཨོཾ་སུམྦྷ་ནི་སོགས་ཡུངས་དཀར་རམ་ནས་བྲབ། མེ་ཆུ་ཏིལ་སོགས་བཤམས་ལ། ཚེ་འདས་རྒྱུད་ཀྱི་སྡིག་སྒྲིབ་རྣམས། །ཀཾ་ལས་སྡིག་པ་རྭ་ཅན་གྱི། །རྣམ་པར་མདུན་གྱི་ཏིལ་ལ་ཐིམ། །མེ་ཉིད་ཞི་བའི་ཐང་ཁུང་ནང་། ཁྲོ་བོ་ཧཱུྃ་མཛད་ཞལ་གདངས་པའི། །ནང་དུ་སྡིག་པ་སྲེག་པར་གྱུར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་ཏིལ་མེར་བསྲེག་ཆུར་དོར། མེ་ཆུ་ནང་དུ་བླུགས་ཏེ་དོར་རོ། །བྱེ་མའམ་ཐལ་བ་གཙང་མ་སྔགས་ལ་བྲབ། རྩ་རིག་གི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྲབས་ལ་འབབ་ཆུར་དོར། མེ་ལོང་ལ་དཀྱིལ་འཁོར་གྱི་གཟུགས་བརྙན་ཤར་བ་ལ་རྣམ་རྒྱལ་ཆུས་ཁྲུས་གསོལ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རས་གཙང་གིས་ཕྱི་ཚུལ་བྱ་ཞིང་། དེ་དག་དེ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། གོས་ཟུང་ཐོགས་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ཨོཾ་བཛྲ་ཝསཏྲཾ་ཨཱཿཧཱུྃ། ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ཏེ། དམིགས་རྟེན་གྱི་གཟུགས་བརྙན་བཀྲུ་ཞིང་། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་མཛད་ཅིང་། །ཕྱིན་དྲུག་དྲི་ཡིས་ལེགས་བསྒོས་ཆུའི། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ།  །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ།  །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱི་འོ། །ཤྭ་ལོ་ཀ་རེ་རེའི་མཐར་རྩ་རིག་བརྗོད་ནས། ཚེ་ལས་འདས་པའི་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །རྩ་རིག་དང་། ཚེ་ལས་འདས་པའི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །རྩ་རིག་དང་། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ལ་སྡིག་པར་མ་གྱུར་ཅིག །དེ་ནས་ཉེ་དུས་བྱང་བུ་བཟུང་ནས་ཕྱག་འཚལ་དུ་བཅུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །ཚེ་འདས་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །ཤླཽ་ཀ་རྗེས་མ་ལན་གསུམ་བརྗོད། ༈ དེ་ནས་གོང་ལྟར་དབང་བསྐུར། དེ་ལྟར་དབང་བསྐུར་པས་ཚེ་འདས་ལྷའི་ངོ་བོར་གྱུར། ཟས་གོས་སོགས་བཤམས་ལ་བསང་སྦྱང་། ཨོཾ་ལས་འདོད་ཡོན་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །འདོད་ཡོན་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་ཚེ་འདས་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བཛྲ་སཏྭ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཚེ་འདས་འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་ལ་སོགས། ཐམས་ཅད་ལ་མ་ཆགས་པར་ལོངས་སྤྱོད་པར་གྱུར་ཅིག །ནུབ་ཐ་མ་རྟེན་ལ་མེ་སྦར་ཏེ་རྒྱས་པར་ཀུན་རིག་བཞིན་དང་། བསྡུ་ན། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག་བརྗོད་ཅིང་མིང་བྱང་བསྲེགས་པའི་ཐལ་བ་གཙང་སར་དོར། ལམ་སྦྱོང་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷ་ཝེ། རཏྣ་ཀི་རཏྣེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱཿ ཞེས་མེ་ཏོག་དོར། ཚེ་ལས་འདས་པའི་རྣམ་ཤེས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་བདེ་བ་ཅན་གྱི་ཞིང་དུ་གཤེགས་ཤིང་པདྨ་ལ་བརྫུས་ཏེ་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་རྙིང་པ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་འོད་དཔག་མེད་པའི་ཞལ་མཐོང་ཞིང་གདམས་པ་དང་རྗེས་སུ་བསྟན་པ་ཟབ་མོ་ཐོབ་པས། དེ་དག་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ནས་སྐད་ཅིག་གིས་འོང་སྟེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྟུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་པ་དང་ཕྱག་མཆོད་ཕུལ་ནས། སླར་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར། ཨོཾ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། ༈ དེ་ནས་རྗེས་ཆོག་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །སྐུ་གསུང་ཐུགས་རྟེན་འདི་ལ་བརྟན་པར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དམ་ཚིག་པ་རྣམས་རང་ལ་ཐིམ་གྱུར་ཏེ། །བདག་བསྐྱེད་མཐའ་ནས་དབུས་ཡལ་སྟོང་པར་གྱུར། །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་དེས། །བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་ཀུན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་ཕྱིར་བསྔོ། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་སྨོན་ལམ་བྱ། ཅེས་པ་འདི་ཀཿཐོག་ཕྱོགས་ཀྱི་བླ་མ་ཀུན་བཟང་ཤེས་རབ་དང་། སྨར་ཤོད་གོ་འགྱོའི་ཡུལ་ནས་འོང་བའི་དགེ་བཤེས་མང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བའི་ཀུན་རིག་གིས་གཞི་བྱས། སྦྱོང་རྒྱུད་ཀྱི་རྩ་བ་དང་། འགྲེལ་ཆེན་ཐེག་མཆོག་གྲོལ་སྡེ་དང་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པ་དང་། མི་ཏྲ་བརྒྱ་རྩ། རྡོར་ཕྲེང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ན་ལེནྟྲ་པའི་ལུགས་དང་ལྷོ་བྲག་དཔའ་བོའི་ལུགས་གཉིས། ཀུན་རིག་ཆེན་མོ་རྣམ་གྲོལ་སྒོ་ཆེན། གཞན་ཕན་མཐའ་ཡས། དེ་རྣམས་ཀྱི་དོན་ལེགས་པར་བསྡུས་ཏེ། ཀུན་རིག་གི་སྒོ་ནས་དཀོར་ཁ་ཟད་ཟད་ལ་ཟོས་པའི་བན་རྒན་རཱ་ག་ཨ་སྱས། དགོངས་གཏེར་བླ་མེད་ལུགས་གཙོར་བྱས་ནས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། དགེ་བས་འདི་དང་འབྲེལ་བ་ཐོགས་ཚད་རྣམས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ལྷ་དབང་ཡོངས་རྫོགས་བཀོལ་བྱང་ (Volume 10, Text 26)

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ལྷ་དབང་ཡོངས་རྫོགས་བཀོལ་བྱང་བཞུགས༔ ཧྲཱི༔ ངོ་མཚར་ཕུན་ཚོགས་བདེ་ཆེན་ཞིང༔ བཀོད་པ་ཚད་མེད་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཚེ་དཔག་མེད་མགོན་བཅོམ་ལྡན་འདས༔ ཡབ་ཡུམ་སྲས་དང་བཙུན་མོ་དང༔ འདུས་པའི་འཁོར་དང་བཅས་རྣམས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཤར་ཕྱོགས་རི་བོ་ཏ་ལའི་ཞིང༔ བྱང་ཆུབ་ཆེན་པོའི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད༔ དཔལ་ལྡན་པདྨ་གར་གྱི་བདག༔ སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ བསྐལ་བཟང་སེམས་དཔའ་སེམས་མ་དང༔ རིག་པ་འཛིན་པའི་འཁོར་རྣམས་ཀྱིས༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི་བར་ཆད༴ ནང་གི་བར་ཆད༴ གསང་བའི་བར་ཆད༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལྷོ་ནུབ་རྔ་ཡབ་དཔལ་རིའི་ཞིང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ ཡི་དམ་དཔའ་བོ་མཁའ་འགྲོ་དང༔ ཆོས་སྲུང་རྒྱ་མཚོའི་འཁོར་བཅས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི༴ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཏྲི་ཛ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ༴ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཤིང་ཙནྡན་ནགས་སུ་འཕང༔ མེ་འབར་འཁྲུག་ཅིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ༴ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ༴ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་བླའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་དབུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུར་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨཱཿཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱ་ཡ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་བཛྲ་དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཀཱ་ཡ༴ དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས༔ ཞེ་སྡང་ཡུལ་འཛིན་རྣམ་དག་པ༔ མེ་ལོང་ལྟ་བུའི་ཡེ་ཤེས་དང༔ བྱམས་པ་ཚད་མེད་ངོ་བོ་ཉིད༔ ཞི་བའི་ལས་ཀུན་སྒྲུབ་མཛད་པའི༔ བཛྲ་གིང་ཆེན་ཡབ་དང་ཡུམ༔ རྡོ་རྗེ་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ཧ་བཛྲ་དྷཱ་ཀི་ནཱི་ར་བཛྲ་གིངྐ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་ནས༔ སེར་སྣའི་ཡུལ་འཛིན་རྣམ་དག་པ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དང༔ སྙིང་རྗེ་ཚད་མེད་ངོ་བོ་ཉིད༔ རྒྱས་པའི་ལས་ཀུན་སྒྲུབ་མཛད་པའི༔ རཏྣ་གིང་ཆེན་ཡབ་དང་ཡུམ༔ རིན་ཆེན་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ རི་རཏྣ་དྷཱ་ཀི་ནཱི་ཙ་རཏྣ་གིངྐ་ར་ཀཱ་ཡ༴ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་ནས༔ འདོད་ཆགས་ཡུལ་འཛིན་རྣམ་དག་པ༔ སོ་སོར་རྟོག་པའི་ཡེ་ཤེས་དང༔ དགའ་བ་ཚད་མེད་ངོ་བོ་ཉིད༔ དབང་གི་ལས་ཀུན་སྒྲུབ་མཛད་པའི༔ པདྨ་གིང་ཆེན་ཡབ་དང་ཡུམ༔ པདྨ་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི༴ ནང་གི༴ གསང་བའི༴ མོས་པའི་བུ་ལ་བྱིན་གྱིས་རློབས༔ ནི་པདྨ་དྷཱ་ཀི་ནཱི་ཧྲི་པདྨ་གིངྐ་ར་ཀཱ་ཡ༴ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་ནས༔ ཕྲག་དོག་ཡུལ་འཛིན་རྣམ་དག་པ༔ བྱ་བ་གྲུབ་པའི་ཡེ་ཤེས་དང༔ བཏང་སྙོམས་ཚད་མེད་ངོ་བོ་ཉིད༔ དྲག་པོའི་ལས་ཀུན་སྒྲུབ་མཛད་པའི༔ ཀརྨ་གིང་ཆེན་ཡབ་དང་ཡུམ༔ ལས་ཀྱི་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ཀྱི༔ ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ དགོངས་པས་འདི་ལ་དངོས་གྲུབ་སྩོལ༔ ནུས་པས་འདི་ཡི་བར་གཅོད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ ས་ཀརྨ་དྷཱ་ཀི་ནཱི་ཡ་ཀརྨ་གིངྐ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ཡང་དག་པའོ།། །།

དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་ཁོག་ཡེ་ཤེས་གཏེར་མཛོད་ (Volume 36, Text 26)

༄༅། །དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་ཁོག་ཡེ་ཤེས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཙིནྟ་ཙཀྲ་ཡ། མཚན་ཙམ་དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྦྱིན་པ། །བླ་མ་རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི། །ཞབས་རྡུལ་ཨུཏྤལ་དཀར་པོར་གུས་བཏུད་ནས། །གང་དེ་སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཀྱི། །ཡང་བཅུད་རིག་འཛིན་རྣམ་གསུམ་ཐུགས་ཀྱི་ཐིག །འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་ཀློང་ཆེའི། །གསང་མཛོད་དཔལ་གྱི་བེ་འུ་ནས་ཕྱུངས་པའི། །ཕྲིན་ལས་ཡེ་ཤེས་སྣང་བ་དང་འབྲེལ་བའི། །ངོ་མཚར་སྒྲུབ་པ་ཆེན་པོའི་ཆོ་ག་ཡིས། །མཆོག་ཐུན་དངོས་གྲུབ་རྣམ་གཉིས་སྤེལ་བའི་ཚུལ། ཁོག་དབུབ་ཡེ་ཤེས་གཏེར་མཛོད་འདིར་དབྱེ་བྱ། །དེ་ལ་འདིར་སྒྲུབ་པ་པོ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་བསྙེན་སྒྲུབ་ལེགས་པར་ཐེམས་པས་འཆི་མེད་འཕགས་མའི་སྙིང་ཐིག་གི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་ཇི་སྟར་ཉམས་སུ་བླང་བའི་ཚུལ་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ། བསྒྲུབ་གཞི་ཆོས་དབྱིངས་ཀུན་ཁྱབ་རང་བྱུང་གི་ཡེ་ཤེས་གཉུག་མ་གཞོམ་བྲལ་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ཉིད། སྒྲུབ་བྱེད་ཀྱི་ཐབས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་བསྒྲུབས་པས། མཐར་འབྲས་འཆི་མེད་རྟག་པ་དམ་པ་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའོ། །དེ་ལའང་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་དང་། སྒྲུབ་པའི་སྔོན་འགྲོ་དངོས་བྱ་བ་གཉིས་ལས། དང་པོ་ནི། སྟོན་པ་གནས་དང་དུས་དང་འཁོར། །ཡོ་བྱད་ལ་སོགས་ལྔར་ལྡན་ནོ། །ཞེས་པ་ལྟར། སྟོན་པ་རྡོ་རྗེ་སློབ་དཔོན་ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་བཅུ་ཕྲག་གསུམ་དང་ལྡན་པ། སྒྲུབ་པའི་གནས་རྒྱལ་བ་རིག་འཛིན་གོང་མས་ཞབས་ཀྱིས་བཅགས་པ། དམ་ཉམས་དང་སྡེ་འཁྲུགས་སོགས་ཀྱིས་མ་གོས་པ། གཙུག་ལག་གི་གཞུང་ནས་གསུངས་པའི་སའི་དཔྱད་ལེགས་པ། ཆུ་བོ་དང་ཉི་ཟླའི་བགྲོད་ཐག་རིང་བ་སོགས་ཚེ་ཡི་གནས་ཀྱི་ས་དཔྱད་ལེགས་པར་ཚང་བར། རྒྱལ་བའི་དུས་ཆེན་བཞི་དང་ཡར་མར་གྱི་ཚེས་བཅུ། ཉི་མ་བྱང་བགྲོད་ཀྱི་དུས་སམ་ར་བ་བཞིའི་དཀར་པོའི་ཚེས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་སུ། སྒྲུབ་པ་པོ་སྡོམ་པ་དང་ལྡན་ཅིང་དད་པ་དང་ངེས་འབྱུང་སྙིང་རྗེས་རྒྱུད་ཕྱུག་པ། བློ་གྲོས་ཆེ་ཞིང་བརྩོན་འགྲུས་དང་བརྟུལ་ཞུགས་ལྡན་པའི་འཁོར་མཚན་ཉིད་ལྡན་པས། སྒྲུབ་པ་ལ་ཉེ་བར་མཁོ་བའི་རྟེན་མཆོད་བསྐང་བ་སྒྲུབ་པའི་རྫས་དམ་སེལ་མེད་པའི་ལག་ནས་བྱུང་ཞིང་སེར་སྣ་སོགས་ཀྱིས་མ་སྦགས་པའི་ཡོ་བྱད་དག་ཅིང་ཚང་བར་འདུ་བྱའོ། །གཉིས་པ་སྒྲུབ་པའི་སྔོན་འགྲོ་དངོས་ལ། བདག་ཉིད་ལྷར་བསྐྱེད་ས་གཞི་སློང་། །དབང་བྱས་སྦྱོང་དང་སྲུང་བ་དང་། །རྒྱུད་སྦྱང་མཚམས་གཅད་མ་ཏྲཾ་བསྒྲལ། །ལྷ་དང་བུམ་པའི་སྟ་གོན་དང་། །དཀྱིལ་འཁོར་བཞེངས་དང་རྟེན་སྒྲུབ་དགོད། །ཅེས་པའི་དང་པོ་བདག་བསྐྱེད་ནི། གང་དུ་བྱ་བའི་གནས་དེར་ཕྱགས་དར་དང་རྐྱང་ནུལ་ལེགས་པར་བྱ་ཞིང་། ཕུག་ལོགས་སུ་མཆོད་གཏོར་སྨིན་ལུགས་བཤོས་ཟླུམ་དཀར་པོ་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་ལྔ་སྦྲེང་ཚར་དུ་བཤམས། སྟེགས་བུའི་དབུས་སུ་མཎྜལ་འབྲུ་ཚོམ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་ས་ལྷའི་དཀར་གཏོར། མདུན་དུ་གསེར་སྐྱེམས། མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡོན་སྐོར་དུ་བཤམས། འོག་ཏུ་དགོས་པའི་དབང་མཆོག་ཕུར་པ་དར་ལེ་བརྒན་གྱི་ཅོད་པན་ཅན། བགེགས་གཏོར། ཁྲོ་བཅུའི་ཕུར་པ། ཐོ་བ། རྒྱལ་ཐོ་བཞི། སྒོ་བྱང་ལས་གཤིན་དང་རྟ་མགྲིན་སྐུ་གཉིས། དམ་སྲི་མནན་པ་ལ་དགོས་པའི་ལིང་ག་སྒྲུབ་པའི་སྔོན་དུ་རྟ་མགྲིན་དང་ཕུར་པ་ལྟ་བུའི་སྒོ་ནས་བསྒྲུབས་པ་དང་། གཡབ་དར། གུལ་ཡུངས་ཀྱི་ཐུན་སོགས་མ་ཚང་བ་མེད་པ་འདུ་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་བསྒོམ་པ་ལ། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་སྐྱབས་སེམས་ནས་བརྩམ་བཟླས་པ་བསྡུ་ལྡང་གི་བར་བྱ། གཉིས་པ་ས་སློང་བ་ནི། ས་ལྷའི་མཆོད་གཏོར། རཾ་ཡཾ་ཁཾ༔ ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། ལས་སྔགས། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རཏྣའི་སྣོད་དུ་གཏོར་རྒྱུ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་གྱུར། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་ཕྱག་རྒྱ་དང་བཅས་པས་མཆོད། རྡོར་ཐལ་ཁ་གྱེན་དུ་ཕྱེ་བས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་གྱིས་གཏོར་མ་འབུལ། ཕྲིན་ལས་གསོལ་བ་ནི། ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གི་གནས་འདིར་སྙིང་པོ་བྱང་ཆུབ་བསྒྲུབ༔ ཀོ་ལོང་མ་མཛད་ཁྱེད་ཀྱིས་སྡོངས་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་སྒྲུབས༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪ༔ ཞེས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ། འཇམ་རོལ་དང་བཅས་གཏོར་མ་གཙང་སར་གཤེགས། ཚོམ་བུ་མཆོད་གཏོར་དང་བཅས་པ་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སྟེགས་བུའི་མདུན་ནས་སེང་ལྡིང་གི་ཕུར་པ་དར་ལེ་བརྒན་གྱི་ཅོད་པན་ཅན་སློབ་དཔོན་གྱིས་བཟུང་ལ། བདག་གི་ཐུགས་ཀ་ནས་ཧྲཱིཿཡིག་དམར་པོ་གྲངས་མེད་པ་འཕྲོས། དོན་གཉིས་བྱས། སླར་འདུས་དབང་མཆོག་གི་ཕུར་བུ་ལ་ཐིམ། དེ་ཉིད་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ། སྐུ་སྨད་ཕུར་པའི་དབལ་ཅན་རྟ་སྐད་སྟོང་གསུམ་གང་བ་སྒྲོག་པ་གཅིག་ཏུ་གྱུར་པར་བསམ་ལ། ཧཱུྃ༔ ཁམས་གསུམ་དབང་མཛད་རྟ་མཆོག་དཔལ༔ སྟོང་གསུམ་ཀུན་ཏུ་རྟ་སྐད་སྒྲོགས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུས༔ ས་འདི་བདག་ལ་དབང་བར་མཛོད༔ ཨོཾ་པདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ས་གཞིར་བཏབ་ལ་སྔགས་ལན་བདུན་བཟླས་པས། རྟ་སྐད་བསྒྲགས་ཤིང་འོད་དམར་པོས་ས་གཞི་ཁྱབ་པས་བདག་གི་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱོང་བ་ལས། སྔགས་དང་ཕྱག་རྒྱས་སྦྱོང་བ་ནི། རང་ཉིད་ལྷར་གསལ་བའི་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པར་གྱུར། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་དྲན་བཞིན་པས་ལག་གཡས་རྡོ་རྗེ་དང་བཅས་པ་སར་བསྣུན་ཏེ་སྔགས་ལན་བདུན་བརྗོད། ཏིང་ངེ་འཛིན་གྱིས་སྦྱོང་བ་ནི། བདག་གི་ཐུགས་ཀའི་ཧྲཱིཿལས་ཧྲཱིཿཕྲ་མོ་གྲངས་མེད་པ་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡི་གེ་རཾ་ཡཾ་ཁཾ་དུ་གྱུར་པ་མེ་རླུང་ཆུའི་རང་བཞིན་གྱིས་མ་དག་པའི་དངོས་འཛིན་བསྲེགས་གཏོར་བཀྲུས། སྟོང་པར་སྦྱངས། ས་གཞིའི་ཁྱོན་རྣམས་བདེ་བར་གཤེགས་པའི་ཞིང་ཁམས་ཆེན་པོར་བསམ་མོ། །ལྔ་པ་སྲུང་བ་ལ་གཉིས། གཟུང་བ་དང་སྲུང་བ་དངོས་གཉིས་ལས། དང་པོ་གཟུང་བ་ནི། རྒྱས་པར་སྤྲོ་ན་རྡོ་རྗེ་སློབ་དཔོན་ཆས་ཞུགས་བྱས་ཏེ་ རྡོར་དྲིལ་བཅས་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ཤིང་གི་ཁར་བཞུགས། མདུན་དུ་བགེགས་གཏོར་བཤམས་པར། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་སྐད་ཅིག་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ བསྐལ་པའི་མེ་དཔུང་འབར་བའི་དབུས༔ གཟི་བྱིན་བཟོད་པར་དཀའ་བར་གྱུར༔ བགེགས་གཏོར་ལ་ཆབ་བྲབ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱ་ཀ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། ལྕགས་ཀྱུའི་རྒྱ་དང་བཅས། སརྦ་བྷཱུཏ་ཨ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། ག་ག་ན་ཁཾ་གྲྀཧྞ་དཾ་བ་ལྱིཾ་དེ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བརྗོད་ལ་བགེགས་གཏོར་ཕྱི་རོལ་དུ་དོར། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། སློབ་དཔོན་པདྨ་ཧེ་རུ་ཀར་གསལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་འབར་བ་དང་། རྐང་པ་གཉིས་རྡོ་རྗེ་རྩེ་གསུམ་པའི་རང་བཞིན་དུ་གྱུར། སློབ་དཔོན་གྱིས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་། ཧེ་རུ་ཀའི་སྙེམས་པ་དང་བཅས་དབང་ལྡན་ནས་བརྩམ་སྟེ་གཡས་སྐོར་གྱིས་ཧཱུྃ་བཞིའི་སྔགས་དང་། རྩེ་གསུམ་འགྲོས་སོགས་རྡོ་རྗེའི་གར་གྱིས་བཅག་གོ །གཉིས་པ་སྲུང་བ་དངོས་ནི། སློབ་དཔོན་གྱི་ཕྱག་ཏུ་ཐོ་བ་དང་ཁྲོ་བཅུའི་ཕུར་པ་འཛིན་ཏེ། ཧཱུྃ༔ སྣང་སྲིད་འཁོར་ལོ་རྩིབས་བཅུའི་དབུས༔ བདག་ཉིད་དབང་ཆེན་རྡོ་རྗེའི་གར༔ རྣམ་པར་འགྱུར་ཞིང་ཁྲོ་ཚོགས་སྤྲོ༔ འབར་བའི་སྤྱན་གྱིས་བགེགས་དཔུང་སྲེག༔ ཐུགས་ནས་འདོད་རྒྱལ་དམར་རྐྱ་ནི༔ ལྕགས་ཀྱུ་འཛིན་པ་དཔག་མེད་འཕྲོས༔ ཕྱོགས་སྐྱོང་འབྱུང་པོ་བཀུག་ནས་ཀྱང༔ རྩིབས་ནང་ཕྱོགས་བཅུར་ཨེ་ཡི་ཀློང༔ ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ༔ སརྦ་བིགྷྣཱཾ་ཏི་ར་བཾ༔ ཧཱུྃ་བཞིའི་སྔགས་མཐར། ཨོཾ་ཨིནྡྲ་ཡེ༔ ཨགྣེ་ཡེ༔ ཡ་མ་ཡ༔ ནིྱྱྀ་ཏ་ཡ༔ ཝ་རུ་ཎ་ཡ༔ བ་ཡ་བེ༔ ཀུ་བེ་ར་ཡ༔ ཨི་ཤྭ་ནཱ་ཡ༔ ཨཱུརྡྷ་པ་ཏ་ཡེ༔ ཙནྡྲ་སཱུརྱ༔ སརྦ་དུཥྚཱན་ཧཱུྃ་ཛ༔ ཧཱུྃ༔ དབང་ཆེན་ཐུགས་ལས་ཧཱུྃ་བཅུ་ལས༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན༔ གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ༔ འདོད་རྒྱལ་འཁྱིལ་པ་ཁམས་གསུམ་རྒྱལ༔ སྟོབས་པོ་ཆེ་སྟེ་ཐམས་ཅད་སྟོད༔ ཞལ་གསུམ་ཕྱག་དྲུག་གཏུམ་བརྗིད་འབར༔ སྐུ་སྨད་ཕུར་བུ་འབར་བའི་དབལ༔ ཕྱོགས་སྐྱོང་སྙིང་ལ་ཐལ་འབྱིན་འབིག༔ བདེ་བ་ཆེན་པོར་བརྒྱལ་བར་གྱུར༔ ཅེས་དང་། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཚངས་ལ་དབང་མཛད་ཁྲོ་ཆེན་ཧཱུྃ་ཀཱ་ར༔ དྲི་ཟར་དབང་མཛད་ཁྲོ་ཆེན་རྣམ་པར་རྒྱལ༔ གཤིན་རྗེར་དབང་མཛད་ཁྲོ་ཆེན་གཤིན་རྗེའི་གཤེད༔ ཀླུ་རྣམས་དབང་མཛད་ཁྲོ་ཆེན་རྟ་སྐད་འཚེར༔ གནོད་སྦྱིན་དབང་མཛད་ཁྲོ་ཆེན་བདུད་རྩི་འཁྱིལ༔ བགེགས་ལ་དབང་མཛད་ཁྲོ་རྒྱལ་ཁམས་གསུམ་རྒྱལ༔ རླུང་ལྷར་དབང་མཛད་ཁྲོ་ཆེན་འདོད་པའི་རྒྱལ༔ སྲིན་པོར་དབང་མཛད་ཁྲོ་རྒྱལ་མི་གཡོ་བ༔ མེ་ལྷར་དབང་མཛད་ཁྲོ་རྒྱལ་དབྱུག་སྔོན་ཅན༔ ས་བདག་དབང་མཛད་ཁྲོ་རྒྱལ་སྟོབས་པོ་ཆེ༔ ཐུགས་རྗེས་དགྲ་བགེགས་སྒྲོལ་བའི་ཁྲོ་རྒྱལ་རྣམས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ བདག་གི་བླ་མེད་བྱང་ཆུབ་བསྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས༔ ཚར་ཆོད་དབང་སྡུས་རྡུལ་དུ་བརླག་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་བཞིན་དུ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་ཁྲོ་བཅུའི་རང་སྔགས་སོ་སོར་སྡེར་མོའི་ལས་སྔགས་སྦྲེལ་བ་བརྗོད་པ་དང་བསྟུན་ཏེ་ཕྱོགས་གཡས་སུ་བསྐོར། མཚམས་གཡོན་སྐོར་གྱིས་སྟངས་སྟབས་དང་བཅས་ཏེ་སྟེགས་བུའི་མཐར་ཕུར་པ་རྣམས་ཕྱོགས་མ་འཆོལ་བར་བཏབ། དེའང་ཧཱུྃ་ཆེན་ཤར་གྱི་ཤར་དང་། སྟོབས་ཆེན་ནུབ་ཀྱི་ནུབ་ཏུ་གདབ། ཁྲོ་བོ་རྣམས་ལས་ཁྲོ་ཆུང་གི་ཚོགས་དང་མཚོན་ཆ་མེའི་ཟེར་མ་དཔག་ཏུ་མེད་པ་འཕྲོས་ཏེ་ནམ་མཁའི་ཁམས་གང་བས་བགེགས་ཐམས་ཅད་བསྲེགས་ཤིང་མི་གནས་པར་བསམ་མོ། །དྲུག་པ་རྒྱུད་སྦྱོང་བ་ནི། སྒྲུབ་པའི་སྣ་སེལ་དུ་གཏེར་གསར་སྲིད་པ་སྤྱི་མདོས་གྲུབ་ན་ལེགས། མི་འགྲུབ་ན་གཏོར་མ་ཆ་གསུམ་དང་། སྒྲུབ་ཁང་གི་ཤར་དུ་ཡུམ་རྒྱས་པ་དང་དཀོན་བརྩེགས། ལྷོར་སྟོབས་པོ་ཆེ་དང་ཕལ་ཆེན། ནུབ་ཏུ་ལང་ཀར་གཤེགས་པ་དང་ཚེ་མདོ་གཟུངས། བྱང་དུ་ཏོག་གཟུངས་དང་བཀྲ་ཤིས་བརྩེགས་མདོ་བཅས་བཀླག །གཞན་ཡང་སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། ལམ་འཕྲང་བཅོས་པ། ཞི་བའི་སྦྱིན་སྲེག །བསང་བརྔན། གླུད་གཏོང་། མགྲོན་བཞི་མཆོད་པ། བཀའ་ཐང་། བཤགས་རྒྱུད། ན་རཀ་སྐོང་བཤགས་བཅས་སྒྲུབ་གྲོགས་གཞན་པ་རྣམས་ཀྱིས་ཅི་འགྲུབ་བསྒྲུབས་པས་དགེ་བའི་དཔུང་བསྐྱེད་ཅིང་རྒྱབ་རིམ་གལ་ཆེ་བ་ཡིན་ནོ། །ཡང་ན་འདི་དག་སྒྲུབ་པའི་སྔོན་དུ་བྱས་ཀྱང་རུང་བར་གསུངས་སོ། །བདུན་པ་མཚམས་གཅོད་ལ་གསུམ་ལས། དང་པོ་ཕྱི་མཚམས་གཅད་པ་ནི། འདུས་པ་རྣམས་སེར་སྦྲེང་གིས་ཕྱི་རོལ་དུ་ཐོན། སྒྲུབ་ཁང་གི་ཕྱོགས་བཞིར་ཕྱོགས་ཀྱི་ཁ་དོག་དང་མཐུན་པའི་ཐོ་བཞི་བརྩེགས་པའི་རྩེར་སྐུ་གཟུགས་རྒྱལ་མཚན་འཛུགས། མདུན་དུ་མཆོད་གཏོར་བཤམས་ལ། ཐོག་མར་ཤར་ནས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་རྟེན་ལ་བསྟིམས། ཨོཾ་དྷྲྀཥྚ་རཱཥྚ་ཧཱུྃ་ཛ༔ ལན་བདུན་བརྗོད། སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧིཿ ཞེས་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་བརྗོད་ཅིང་། ཕྲིན་ལས་གསོལ་བ་ནི། ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༔ ཞི་བ་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་ཐབས་ལྡན་པི་ཝཾ་འཛིན༔ ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ༔ དྲི་ཟའི་གདོན་ཚོགས་མཚམས་ཆོད་ཅིག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ལྷོའི་མཆོད་གཏོར། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བི་རཱུ་ཌྷ་ཀ་ཧཱུྃ་ཛ༔ ལན་བདུན་བཟླས། སྔགས་དང་གཏོར་སྔགས་ཤམ་བུ་བཅས་ལན་གསུམ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཕྲིན་ལས་གསོལ་བ་ནི། ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་མཐར་ཕྱིན་སྐུ་མདོག་མཐིང༔ ཐུགས་རྗེའི་ཐབས་མཁས་རལ་གྲི་འཛིན༔ ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ༔ གྲུལ་བུམ་གདོན་ཚོགས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ དེ་བཞིན་ནུབ་ནས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བི་རཱུ་པཱཀྵ་ཧཱུྃ་ཛ༔ ལན་བདུན་དང་། གཏོར་སྔགས་བཏགས་པ་ལན་གསུམ། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༔ དབང་སྡུད་མཐར་ཕྱིན་སྐུ་མདོག་དམར༔ ཐུགས་རྗེའི་ཐབས་མཁས་སྦྲུལ་ཞགས་འཛིན༔ ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ༔ ཀླུ་ཡི་གདོན་ཚོགས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ བྱང་དུ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛ༔ ཞེས་ལན་བདུན་བཟླས། རྩ་སྔགས་དེ་ལ་གཏོར་སྔགས་བཏགས་ཏེ་གཏོར་མ་དབུལ་ཞིང་གོང་ལྟར་མཆོད། ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ རྒྱས་པ་མཐར་ཕྱིན་སྐུ་མདོག་སེར༔ ཐུགས་རྗེའི་ཐབས་མཁས་བེ་ཅོན་འཛིན༔ ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ༔ གནོད་སྦྱིན་གདོན་ཚོགས་མཚམས་ཆོད་ཅིག༔ ཏིཥྛ་བཛྲ༔ མེ་ཏོག་འཐོར་བས་བརྟན་པར་བྱའོ། །གཉིས་པ་ནང་མཚམས་གཅོད་པ་ལ་གཉིས་ལས། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་གཟུགས་བྱ་མགོ་ཅན་སྙིང་གར་ནྲྀ་ཏྲི་ཧུར་ཐུམས་ཛཿ དམ་སྲི་གམ་པ་རི་ཨངྐུ་ཤ་ཛཿ ཙིཏྟ་སྲོག་ལ་མཱ་ར་ཡ་རྦདཿ སཏྭཾ་བྷ་ཡ་ནནཿ ཞེས་མགོ་ནང་བསྟན་དུ་བསྐོར་བ་བྲི། ཁྱི་ཐོད་དུ་བཅུག །ཁྱི་སྤུ་དང་ར་བལ་གྱིས་བསྡམས། སེ་སྐྱེར་འོམ་གསུམ་གྱིས་འཛེར། སྒྲུབ་ཁང་ཕྱི་སྒོའི་མ་ཐེམ་གྱི་འོག་ཏུ་དོང་གྲུ་གསུམ་བྲུས་པར་བཞག །གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་། འབྲུ་གསུམ་གྱིས་བརླབ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་འཆི་མེད་འཕགས་མའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣམ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེག་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། སློབ་དཔོན་པདྨ་ཁྲག་འཐུང་གི་ང་རྒྱལ་དང་ལྡན་པས། ཨོཾ་བཛྲ་མཎྜལ་བྷྱོ་རཾ༔ ཕྱི་སྣོད་ཀྱི་འཇིག་རྟེན་གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས། ནང་བཅུད་ཀྱི་སེམས་ཅན་རྣམས་དབང་ཆེན་ཁྲོ་བོ་རོལ་པའི་ལྷ་ཚོགས་ཧཱུྃ་སྒྲ་སྒྲོག་བཞིན་དྲག་པོའི་ལས་ལ་རྔམས་པར་གྱུར། ཅེས་གསལ། ཧོམ་བསྐྱེད་ནི། ཨེ་ཡཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་དམ་སྲི་ཕོ་མོ་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། ལྕགས་ཀྱུའི་ཕྱག་རྒྱ་སྙིང་ཁར་བཅས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་པདྨ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ལས་སྔགས་ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ མཐར། ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་འགུགས་འཆིང་སྡོམ་མྱོས་བྱས། པྲ་བེ་ཤ་ཡ་ཕཊཿཀྱིས་མགོན་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་ཞབས་འོག་ཏུ་མནན་ལ། ཧཱུྃ༔ ཡ་མ་བྱ་བའི་དམ་སྲི་ཁྱོད༔ མནན་ནོ་རི་རབ་འོག་ཏུ་མནན༔ བསྐྱུར་རོ་རྒྱ་མཚོའི་གཏིང་དུ་སྐྱུར༔ བསྐྱོན་ནོ་འཁོར་ལོའི་རྩིབས་ལ་སྐྱོན༔ བསྲེག་གོ་མེ་དཔུང་ནང་དུ་སྲེག༔ གཏད་དོ་འཆི་བདག་ལག་ཏུ་གཏད༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ནམ་ཡང་ལྡང་བར་མི་བྱ་འོ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ སྐྱེར་པའི་ཕུར་པ་དར་ནག་གི་ཅོད་པན་ཅན་ལ་ཨཱརྱ་ཨ་ཙ་ལའི་སྔགས་བྲིས་པ། ཁྲོ་བོ་མི་གཡོ་བ་སྐུ་སྨད་ཕུར་དབྱིབས་ཅན་དུ་གསལ་བ་དམ་སྲིའི་སྙིང་གར་གདབ་ལ། ཧཱུྃ༔ གཏུམ་ཆེན་རྔམ་པའི་སྐུར་སྟོན་པ༔ ཧཱུྃ་མཛད་ཧཱུྃ་གི་རྒྱལ་པོ་ཁྲོ་བོ་ཨ་ཙ་ལ༔ འཇོམས་བྱེད་ཆེན་པོའི་ཐུགས་དམ་དུས་ལ་བབས༔ དམ་སྲི་གདུག་པའི་སྙིང་ལ་ཀཱི་ལ་ཡ༔ ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ དམ་སྲི་གཾ་པ་རི་མཱ་ར་ཡ་ཧཱུྃ་ཕཊ༔ ཐུན་གྱིས་གཟིར། འབྱུང་བཞིའི་རྫས་ཀྱིས་ཡིབས། རོ་གཡམ་ལ་འོག་ཏུ་རྡོ་རྗེ་རྒྱ་གྲམ་དང་སྟེང་རི་རབ་གླིང་བཞི་བྲིས་པས་ཁ་དགབ། སཱཙྪ་ནག་པོས་མནན་སྟེང་སས་མི་མངོན་པར་བྱས་མཐར་ལས་བཞིའི་བྲོ་བརྡུང་བ་ནི། སློབ་དཔོན་འཁོར་བཅས་བྲོ་ར་ཟླུམ་པོར་བསྐོར་ལ། བུདྡྷ་ཧེ་རུ་ཀའི་སྙེམས་པས། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་མ་ལུས་པར༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཐུགས་རྗེ་ཆེན་པོས་ཞི་བར་མཛོད༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང་ཧཱུྃ་བཞིའི་སྔགས་བརྗོད་བྲོ་ར་གྲུ་བཞིར་བསྐོར། རཏྣ་ཧེ་རུ་ཀའི་གསལ་སྣང་ལ་བསླབས། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་མ་ལུས་པར༔ ཤིན་ཏུ་ཁེངས་པའི་སེམས་ཅན་རྣམས༔ ཐུགས་རྗེས་བསྒྲལ་ཏེ་རྒྱས་པར་མཛོད༔ རྒྱས་པར་མ་མཛད་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་བཞི་བརྗོད། བྲོ་ར་ཟླ་གམ་དུ་བསྐོར་ལ་པདྨ་ཧེ་རུ་ཀའི་ང་རྒྱལ་བསྐྱེད། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་མ་ལུས་པར༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཐུགས་རྗེས་སྦྱོར་ཏེ་དབང་དུ་མཛོད༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་བཞི་བརྗོད། བྲོ་ར་གྲུ་གསུམ་རྩེ་མོ་ལྷོར་བསྟན། ཀརྨ་ཧེ་རུ་ཀའི་ང་རྒྱལ་བྱ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེས་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་མ་ལུས་པར༔ ཤིན་ཏུ་སྡང་བའི་སེམས་ཅན་རྣམས༔ ཐུགས་རྗེ་ཆེན་པོས་བརླག་པར་མཛོད༔ བརླག་པར་མ་གྱུར་གང་ཡང་མེད༔ བརླག་མཛད་ལྷ་ལ་ཕྱག་འཚལ་ལོ༔ མཱ་ར་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད། ཕྱིའི་སྒོ་བྱང་གདགས་པ་ལ། རོ་རས་ལ་གཤིན་རྗེའི་སྐུ་བྲིས་པ་སྔགས་བྱང་བཅས་ཕྱི་སྒོ་ཡི་ཡ་ཐེམ་གྱི་གོང་དུ་ཅོད་པན་བཅས་བཏགས། མདུན་དུ་མཆོད་གཏོར་བཤམས། བྱིན་རླབས་སྔར་ལྟར་བྱ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་མ་ཧེ་པདྨ་ཆུ་གླང་ཉི་མའི་སྟེང་དུ་ཐོད་དབྱུག་ཡཿས་མཚན་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་དང་ཞགས་པ་འཛིན་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱི་བརྒྱན་ཅིང་མེ་དཔུང་གི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས་འཆི་བདག་ཆེན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཀཱ་ལ་རུ་པ་ཡ་མ་རཱ་ཛ་ཧཱུྃ༔ ལན་བདུན་དང་། གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་མཆོད་ནས། ཨོཾ་ཀཱ་ལ་རུ་པ་ཡ་མ་རཱ་ཛ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། ཧཱུྃ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ འདུས་པའི་ལྷ་ནི་མ་གཏོགས་པ༔ སྲུང་མཛད་གཤིན་རྗེ་ཆོས་ཀྱི་རྒྱལ༔ མཐིང་ནག་ཐོད་དབྱུག་ཞགས་པ་འཛིན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ མཐུ་རྩལ་ནུས་པ་བསམ་མི་ཁྱབ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཏེ༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ སྒོ་འདི་ཡན་ལ་མ་གཏང་ཞིག༔ ཅེས་ཕྲིན་ལས་གསོལ། ཏིཥྛ་བཛྲ༔ས་བརྟན་པར་བྱའོ། །ནང་གི་སྒོ་བྱང་གདགས་པ་ནི། ནང་སྒོར་རྟ་མགྲིན་གྱི་སྐུ་དང་སྔགས་བྱང་། མདུན་དུ་མཆོད་གཏོར་བཤམས་ཏེ་བྱིན་རླབས་བྱ། བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་པདྨ་ཧྲཱིཿཡིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨ་ཧེ་རུ་ཀ་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་བསྣམས་པ། དུར་ཁྲོད་རོལ་པའི་ཆས་ཀུན་ཡོངས་སུ་རྫོགས་ཤིང་། ཞབས་གཉིས་གྱད་ཆེན་པོའི་འདོར་སྟབས་སུ་བསྒྱིངས་པ། བསྐལ་པའི་མེ་དཔུང་འབར་ཞིང་འཁྲུགས་པའི་ཀློང་དུ་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། དབང་དྲག་པདྨ་རོལ་པའི་ཞིང་ནས་དབང་ཆེན་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲིཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ལན་བདུན་དང་། རྩ་སྔགས་ལ་ཨི་དཾ་བ་ལིཾ་སྦྱར་བ་གསུམ། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་རཱ་ཛ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། ཧཱུྃ༔ ཆོས་ཉིད་ཞི་བ་པདྨའི་རྒྱལ༔ གདུག་པ་འདུལ་ཕྱིར་རྔམས་པའི་གཟུགས༔ རྡོ་རྗེ་རྟ་ཡི་དགོངས་པ་ཅན༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ རྟེན་དང་དབྱེར་མེད་བརྟན་པར་བཞུགས༔ གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་འདིར༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་བགེགས་ཚོགས་རྒྱུན་ཆོད་ཅིག༔ ཅེས་བསྟོད་བསྐུལ་དང་། ཏིཥྛ་བཛྲ༔ས་བཞུགས་སུ་གསོལ་ཞིང་། སྒོ་ཐེམ་གྱི་ནང་དུ་བྲུབ་ཁུང་ནང་ཟན་ལིང་ཞིག་གི་སྙིང་གར་སེང་ལྡེང་ངམ་སྐྱེར་པའི་ཕུར་པ་སོར་བཞི་པའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་དར་ནག་པོའི་ཅོད་པན་ལ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག །ཅེས་བྲིས་ཏེ་བཏགས་པས་བཏབ་ལ། ངག་ཏུའང་། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག །ཅེས་བརྗོད་ལ་ནང་དུ་ལོག །གསུམ་པ་གསང་མཚམས་གཅད་པ་ལ། དང་པོ་མ་ཏྲཾ་བསྒྲལ་བ་ནི། སྤྱིར་ཞི་བའི་རིགས་ལ་མ་ཏྲཾ་བསྒྲལ་བ་མི་འབྱུང་བ་ཤས་ཆེ་ཡང་། བླ་མེད་ཀྱི་རྣལ་འབྱོར་ཡིན་ཕྱིར་འགལ་བ་མེད་པས་འདིར་ཡང་སྦྱར་ན། དཀྱིལ་འཁོར་གྱི་གཞིར་རུ་ཏྲའི་གཟུགས་བརྙན་མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་དུ་གན་རྐྱལ་བཞག་ལ། སློབ་དཔོན་ཧེ་རུ་ཀའི་ཆས་སུ་ཞུགས་ཤིང་ཞལ་ཤར་ནས་ནུབ་ཏུ་ཕྱོགས་པར་བཞུགས། ཕྱག་ཏུ་གཡབ་དར་དང་རྡོར་དྲིལ་འཛིན་ནས། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ཨ༔ ཆོས་ཉིད་དེ་བཞིན་ཉིད་ལ་བློ་བཞག་སྟེ༔ ཆོས་ཉིད་དེ་བཞིན་ཉིད་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༔ ཆོས་ཀྱི་དབྱིངས་ལས་བཞེངས་པའི་བདེ་གཤེགས་རྒྱལ་བ་རབ་འབྱམས་བཀའ་སྡོད་སྤྲུལ་པ་འཁོར་དང་བཅས་པའི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ ཆོས་དང་གང་ཟག་གི་བདག་ཏུ་ལྟ་བའི་རྣམ་རྟོག་གཉིས་འཛིན་འཁྲུལ་སྣང་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་ཀྱི་ངོ་བོ༔ རྣམ་པ་མ་ཏྲཾ་རུ་ཏྲའི་གཟུགས་སུ་རྟེན་འདི་ལ་ཁུག་ཅིག༔ མ་ཏྲཾ་རུ་ཏྲ་ཨ་ཀརྵ་ཡ་ཛ༔ ཏྲི་ཡཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ས་འགུགས་འཆིང་སྡོམ་མྱོས་བྱས་ལ། སློབ་དཔོན་འདུས་པར་བཅས་པས་རྩེ་གསུམ་གྱི་རྒྱ་བྱ། སྒྲོལ་གིང་དཀར་ནག་གིས་སྟངས་སྟབས་བསྒྱུར་ཞིང་། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ དེ་ཚེ་དབང་ཆེན་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་རྐང་བྱང་ཤར༔ བྱས་ཏེ་དབང་ཆེན་ཞབས་འོག་ཏུ༔ མནན་ཏེ་རྣམ་པར་བསྒྲལ་པ་བཞིན༔ བདག་ཏུ་ལྟ་བའི་རུ་དྲ་འདི༔ བདག་མེད་རྟོགས་པའི་མཚོན་ཆ་ཡིས༔ དུག་གསུམ་སྐུ་གསུང་ཐུགས་སུ་བསྒྲལ༔ དུར་ཁྲོད་ཆེན་པོར་བྱིན་གྱིས་བརླབ༔ མ་ཏྲཾ་རུ་དྲ་ཛ༔ ཁ་ཏྲཾ་རུ་དྲ་ཛ༔ མཱ་ར་ཡ་ཕཊ༔ རྩེ་གསུམ་གྱིས་སྙིང་གར་བསྣུན། ཐོ་བས་བརྡུང་། རལ་གྲིས་ལྷུ་ཕྲལ། གཟུགས་ཕུང་ཧྲུལ་གྱིས་ཞིག༔ མ་རིག་སྒོ་ངའི་སྦུབས་དྲལ༔ རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་མོ༔ སྟེགས་བུའི་མཐར་སྔར་དམ་སྲི་མནན་པའི་སྐབས་ཇི་ལྟ་བ་བཞིན་དཔོན་སློབ་རགས་བསྡུས་ཀྱིས་ལས་བཞིའི་བྲོ་བརྡུང་ངོ། །ལས་རྡོར་གྱིས་རུ་དྲའི་ཡན་ལག་ནང་ཁྲོལ་རྣམས་འོག་ནས་འབྱུང་བ་བཞིན་ཕྱོགས་མཚམས་རྣམས་སུ་དགོད། བྷྲཱུྃ་ཛྙཱ་ན་མནྜ་ལ་བྷྲཱུྃ༔ རུ་དྲའི་ཁོག་པ་གཞལ་ཡས་ཁང་དུར་ཁྲོད་བརྒྱད་མེ་རི་དང་བཅས་པས་བསྐོར་བར་གྱུར༔ མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ༔ རུ་དྲའི་སྲོག་སྒོར་ཞུགས༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ གཞལ་ཡས་ཁང་གི་སྒོ་ཤག་གིས་ཕྱེ་བར་གྱུར༔ རུ་དྲའི་ཕུང་པོ་གཏོར་པས་ལྷོ་ནུབ་ཏུ་མགོ །ནུབ་ཏུ་ལག་གཡོན། ནང་ཁྲོལ་རྣམས་ནུབ་བྱང་། རྐང་གཡོན་བྱང་། མཚན་མ་བྱང་ཤར། རྐང་གཡས་ཤར། གློ་བ་ཤར་ལྷོ། ལྷོར་ལག་གཡས། དབུས་སུ་སྙིང་རྣམས་སྟེགས་བུའི་འོག་ཏུ་བཀྲམ། སླར་ཡང་སློབ་དཔོན་གྱི་ཕྱག་གཉིས་ཁུ་ཚུར་དཔུང་མགོར་བསྣོལ་སྟེ་རྡོ་རྗེའི་གར་སྟབས་ཀྱིས། ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ལ་དཀྱིལ་འཁོར་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར་པར་བསམ་ལ་མི་དམིགས་པའི་ངང་ལ་བཞག་གོ །གཉིས་པ་གསང་མཚམས་དངོས་ནི། ཧཱུྃ༔ ཐམས་ཅད་ཆོས་ཀྱི་དབྱིངས་ཉིད་ལ༔ བཟང་ངན་བླང་དོར་མེད་པའི་ཕྱིར༔ བར་ཆད་བགེགས་ཀྱི་མིང་ཡང་མེད༔ འཁོར་འདས་བདེ་བ་ཆེན་པོར་གནས༔ ས་མ་ཡ་ཨ་ཏི༔ ༈ བརྒྱད་པ་ལྷག་གནས་ལ། ལྷ་དང་བུམ་པའི་སྟ་གོན་གཉིས། དང་པོ་ལ། བདུད་རྩི་མ་དཱ་ན་དང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་ཁྱེམ་མེད་པར་གཡས་སྐོར་དུ་བྱུག་ལ། ཧྲཱི༔ ཀ་དག་སྟོང་ཉིད་ས་གཞི་ལ༔ རིག་པ་སྙིང་པོས་ཆག་ཆག་གདབ༔ དབྱིངས་རིག་དབྱེར་མེད་ཐུགས་རྗེའི་རྩལ༔ འཆི་མེད་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་མཎྜལ་ཧཱུྃ༔ སློབ་དཔོན་གྱིས་བདུད་རྩིའི་སྣོད་ཐོད་པ་གཡས་ཀྱིས་འཛིན། གཡོན་གྱི་སྲིན་ལག་གིས་འཐོར། ལས་རྡོར་གྱིས་ཤར་ལྷོ་ནས་བརྩམ་སྟེ་ཁྱབ་པར་བྱུག །དབུས་སུ་མཉྫིའི་ཁར་མཎྜལ་ལ་སློབ་དཔོན་གྱིས་དྲིའི་ཐིག་ལེ་དབུས་སུ་གྲུ་བཞི། ཕྱོགས་བཞིར་ཟླུམ་པོ་བཞི། དེ་རྒྱབ་བཞི་བྱུག་པ་དང་བསྟུན། ལས་རྡོར་གྱིས་འབྲུ་དཀར་གྱི་ཚོམ་བུ་དགོད་པ་དང་། འདུས་པ་རྣམས་ཀྱི་རྩ་སྔགས་ཡིག་བཅུ་དང་། རིགས་བཞིའི་སྒྲོལ་མ་དང་། ལས་བཞིའི་སྒོ་མའི་སྔགས་སོ་སོའི་མཐར། ས་མ་ཡ་སཏྭཾ༔ བཏགས་པ་དལ་བུས་བརྗོད། ཚོམ་བུ་བཀོད་ཟིན་པ་སྟེགས་དམའ་བའི་ཁར་བཞག །དེའི་སྟེང་མཉྫིའི་ཁར་རྣམས་བུམ་གཟུངས་རྡོར་གྱིས་བརྒྱན་པ་འཇོག །དེའི་མཐར་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བཅས་གཡོན་སྐོར་དུ་བཤམས། དཀྱིལ་འཁོར་གྱི་བྱང་ཤར་རམ་སློབ་དཔོན་གྱི་མདུན་ལས་བུམ་བཤམས། མཚམས་འཛིན་ཁར་དུང་ཆུ་འཇོག །ཞག་གིས་ཆོད་ན་བདག་བསྐྱེད་སྔར་ལྟར་བྱ། དེ་ནས་ལས་བྱང་གཞུང་གི་མཆོད་པ་བྱིན་བརླབས་དང་། ཚོམ་བུ་ལས་སྔགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་རྟེན། །འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ ནོར་བུ་ཆུ་ཤེལ་སོགས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དྲངས་བརྟན་ཕྱག་མཆོད་བསྟོད་པའི་བར་དཀྱུས་ལྟར་གཏང་། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུག་ཐལ་མོ་སྦྱར་ལ། ཨོཾ༔ སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ འཆི་མེད་སྒྲོལ་མའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཡོ་བྱད་རྣམས་པ་ཐམས་ཅད་པས༔ བདེ་བའི་ལོངས་སྤྱོད་རབ་སྦྱར་ཏེ༔ ལྷ་རྣམས་ཡོངས་སུ་མཆོད་པ་དང༔ སྣོད་ལྡན་རྣམས་ལ་ཕན་གདགས་ཕྱིར༔ སྔགས་ཀྱི་ཆོ་གའི་ཐབས་ཆེན་པོས༔ སྙིང་པོའི་དཀྱིལ་འཁོར་སྒྲུབ་པ་དང༔ རང་གཞན་དོན་ཀུན་བགྱིད་འཚལ་ན༔ ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས༔ བཟོད་པར་མཛད་དེ་གནང་ནས་ཀྱང༔ སྣོད་བཅུད་འཆི་མེད་སྒྲོལ་མ་ཡི༔ རྡོ་རྗེ་གསུམ་དང་དབྱེར་མེད་པར༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཇི་ལྟར་འོས་པ་གྱིས་ཤིག །ཅེས་བཀའི་གནང་བ་བསྩལ་ནས་སྒྲུབ་པའི་ས་གཞི་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བར་གྱུར། ཅེས་དམིགས་ལ་མཎྜལ་ཚོམ་བུ་བཅས་བསྡུ། གཉིས་པ་བུམ་པ་སྟ་གོན་ནི། མཆོད་པ་ཁ་གསོ། བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཁ་དོག་ལྔ་ལྡན་ཡེ་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ རིན་ཆེན་གཞལ་མེད་ཁང་ཆེན་པོར༔ དབུས་སུ་པདྨ་འདབ་བཞིའི་སྟེང༔ ཐབས་ཤེས་ཉི་ཟླ་སོགས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་གཏང་། བུམ་ནང་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དཀར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་དང་འོད་ཟེར་འཕྲོ་བ་ཡི༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་དབུས༔ ཏཱཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཀྱི་སྣང་བ་མཐའ་ཡས་པ༔ གཙུག་ཏོར་ནོར་བུའི་རྩེ་ནས་འཐོན༔ དེ་ལས་འཕགས་མ་རྣམ་པར་རྒྱལ༔ ཆུ་ཤེལ་མདོག་ཅན་ཕྱག་གཡས་ཀྱིས༔ སྐྱབས་སྦྱིན་ཕྱག་རྒྱས་ལྕགས་ཀྱུ་དང༔ གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས༔ འོད་དང་འོད་ཟེར་དང་བཅས་པ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་པའི་ཏིང་ངེ་འཛིན་གསལ་བཏབ། གཟུངས་ཐག་བླངས་ལ་གཙོ་བོ་གསུམ་དང་ཚེ་ཤམ་ཅན་རྣམས་སུམ་བརྒྱ་རེ་ལས་མི་ཉུང་བ་དང་། ལས་བཞི་བརྒྱ་རྩ་རེ། སྒོ་བཞི་ཉེར་གཅིག་རེ་ལས་མི་ཉུང་བ་བཟླས་མཐར། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་མོས། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླ། དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་སྒྲུབ་པའི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །སྒྲུབ་རྟེན་རྣམས་ཀྱང་སྐབས་འདིར་འཚོགས་པར་བྱས་ལ། སྒྲུབ་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བས་བྱིན་རླབས་དབང་དང་དངོས་གྲུབ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས། དངོས་གཞིའི་དབང་བསྐུར་རྒྱས་པར་དགོས་ན་སྐབས་འདིར་སློབ་མ་སྟ་གོན་ཀྱང་བྱའོ། །དགུ་པ་དཀྱིལ་འཁོར་བཞེངས་པ་ལ། ཤིན་ཏུ་རྒྱས་པ་རྡུལ་ཚོན་དང་། བསྡུས་པ་རས་བྲིས་ཀྱི་ལུགས་གཉིས། དང་པོ་ལ་ཐིག་གདབ་པ་དང་། ཚོན་བཀྱེ་བའོ། །དང་པོ་ཐིག་ལ་གཉིས། བྱིན་གྱིས་བརླབ་པ་དང་། དངོས་སོ། །དང་པོ་ནི། ཡེ་ཐིག་ལ་སྲད་བུ་སྣ་ལྔ་ལྔ་བསྒྲིལ་བྱས་པ། ལས་ཐིག་སྲད་བུའི་ཁ་དོག་དཀར་དམར་མཐིང་གསུམ་སུམ་བསྒྲིལ་བྱས་པ། ཐིག་ཆལ་བདུད་རྩིའི་བརླན་པ་བཅས་འདུ་བྱས་ཏེ། སློབ་དཔོན་ནུབ་དང་། སློབ་མ་ཤར་དུ་གནས་པས་འཁོད་དེ། བདག་ཉིད་གར་གྱི་དབང་ཕྱུག་ཏུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས། སློབ་མ་ལ་ཕོག །སྡིག་སྒྲིབ་ཐམས་ཅད་བསྲེགས་གཏོར་སྦྱངས། དབྱིངས་ཕྱུག་མར་གསལ། ཡབ་ཀྱི་གནས་ལྔར་རིགས་ཀྱི་ཡབ་ལྔ་དང་། ཡུམ་གྱི་གནས་ལྔར་རིགས་ཀྱི་ཡུམ་ལྔས་མཚན་པར་གྱུར། ཅེས་དང་། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་ཡུམ༔ ཁ་ནས་ཨུཏྤལ་དྲི་ལྡངས་ཤིང༔ སྐད་ཀྱང་ངང་པ་གཞོན་ནུ་འདྲ༔ སྙན་པར་སྨྲ་ཞིང་ཟུར་མིག་འཕེན༔ མཉེན་ལྕུག་འཁྲིལ་བ་དབྱེར་མི་ཕྱེད༔ རྡོ་རྗེ་ལས་ཀྱི་དོན་གྲུབ་མ༔ གསང་བ་རྡོ་རྗེའི་ཐིག་འདེབས་པས༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ བྷྲཱུྃ་ཛྙཱ་ན་ཏིཥྛ་མཎྜལ་སྭཱ་ཧཱ༔ སླར་ཡང་། ཏཱ་རེ་ཧྲཱི༔ ཞེས་ཤིན་ཏུ་སྙན་ཅིང་འགྱུར་བའི་གླུ་བླངས་ཤིང་ཐིག་སྣ་སློབ་བུ་ལ་དལ་བུས་གཏད། ལུས་ཀྱི་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་རྐྱེན་གྱིས་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་བརྒྱུད་བྱང་ཆུབ་ཀྱི་སེམས་སྤྲིན་ཡུམ་གྱི་མཁའ་ནས་ཐོན། དམ་ཚིག་གི་སྲད་བུ་དང་རོ་གཅིག་ཏུ་འདྲེས། དངོས་པོའི་རྟོག་པ་སྦྱངས་ནས་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་བསམ་ལ། ཐིག་སྐུད་གཉིས་པོ་རིམ་བཞིན་ཡབ་ཀྱིས་བསྙོད་ཅིང་ཡུམ་གྱིས་བསྒྲིམ། གཉིས་པ་ཐིག་གདབ་ལ། དང་པོ་ཡེ་ཤེས་ཀྱི་ཐིག་ནམ་མཁར་གདབ་པ་ནི། ཧཱུྃ༔ མཁའ་དབྱིངས་ཡུམ་གྱིས་གཉིས་མེད་པའི༔ བྱང་ཆུབ་སེམས་ཀྱི་ཐིག་གདབ་པས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ སྙིང་པོ་མངོན་སུམ་གསལ་གྱུར་ཅིག༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་ཧཱུྃ༔ ཞེས་བརྗོད། རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་གཅུས་ཏེ་སེ་གོལ་གྱིས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲྭ །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་སྡོམ་ཚིག་ལྟར་ཐིག་ཆེན་བརྒྱད་གདབ་བོ། །དེ་ཡང་འགྲོ་ཚུལ་སྤྱི་ལྟར་ཚངས་ལོགས་རྒྱབ་འགྲོས་དང་། ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་གཡས་ཁོ་ནས་བསྐོར་ཏེ་ཡེ་ཐིག་བཏབ་པས། སྔགས་དང་ཐིག་གི་སྒྲས་བདེ་བར་གཤེགས་པ་ཐམས་ཅད་ནམ་མཁར་སད་པར་བསམས་ཤིང་། སློབ་དཔོན་ནུབ་ཏུ་གནས་པས་ཐིག་སྐུད་བསྡུའོ། །གཉིས་པ་ལས་ཐིག་དངོས་ནི། དམ་ཚིག་གི་ཐིག་སྐུད་སུམ་སྒྲིལ་ཅན་ཡབ་ཡུམ་སྔར་ལྟར་གནས་པས་བསྙོད་ཅིང་། ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་ས་གཞི་ཡངས་པ་རུ༔ སྙིང་པོ་ཐབས་ཀྱི་ཡེ་ཤེས་ཐིག་གདབ་པས༔ བདེ་ཆེན་ཡེ་ཤེས་བཀོད་པ་ཚད་མེད་པའི༔ ཐབས་ཤེས་དབྱེར་མེད་བདེ་གཤེགས་དཀྱིལ་འཁོར་གསལ༔ བྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཞེས་བརྗོད་ཅིང་སྤྱོད་ལམ་མ་འཁྲུལ་བར་གདབ་སྟེ། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དབུས་དང་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་བཅུ་གཅིག་ཕན་ཚུན་གདབ། །གཡས་གཡོན་ཉི་ཤུ་རྩ་གཉིས་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཚངས་ཐིག་ནས་གཟུང་དང་པོ་དང་། །དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་བདུན་བརྒྱད་རྣམས་ཆ་བཞི་དང་། །ལྔ་དགུ་དབུས་དོར་མཐའ་གཉིས་གདབ། །གསུམ་པ་མི་གདབ་བཞི་པའི་ནང་། །ཆ་ཕྲན་གཅིག་ཏུ་གདབ་པར་བྱ། །དབུས་ནས་ཟླུམ་པོ་ཆ་ཕྲན་དྲུག །གཉིས་དང་དྲུག་དང་གཉིས་རྣམས་ནི། །ལྟེ་ནང་མུ་ཁྱུད་པད་འདབ་བཞི། །མུ་ཁྱུད་ཕྱི་མའི་ས་རུ་འགྱུར། །དེ་ནས་རིམ་བཞིན་ཁྱམས་རྩིག་པ། །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་མདའ་ཡབ་རྣམས་ཀྱི་ས། །སྒོ་ཁྱུད་ཆ་ཆེན་འགྲམ་དང་ལོགས། །དེ་ཡི་ཕྱེད་ཡིན་མུན་པ་དང་། །ཀ་བ་ཀ་རྒྱན་ཆ་ཕྲན་ཏེ། །རྟ་བབས་བརྒྱད་པོ་ཆ་མཉམ་ལས། །དང་པོ་ཀ་རྒྱན་མཐའ་དང་མཉམ། །གཉིས་གསུམ་དེ་ནས་གཅིག་ཕྱིར་བསྐྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་བརྒྱད་རིམ་བཞིན་རེ་རེ་འཕྱར། །རིམ་པར་རྟ་རྐང་ཆུ་སྐྱེས་དང་། །སྒྲོམ་དང་ཟ་ར་ཚགས་སྣ་འཕྱང་། །སྒྲིལ་འཕྱང་ཤར་བུ་ཁྱུང་མགོ་འོ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་གླང་རྒྱབ་དབུས། །མུན་པའི་ཕྱི་ཐིག་ཚངས་གནས་ཀྱི། །གཡས་གཡོན་ཆ་ཕྲན་གཉིས་འདས་ནས། །སྔར་བཞིན་བསྐོར་བ་མུན་པའི་མཐོངས། །མུ་རན་ཆ་ཕྲན་གཅིག་གིས་བསྐོར། །འཁོར་ལོ་ཉིས་འགྱུར་པདྨ་དང་། །གདུགས་ནི་ཆ་ཕྲན་རེ་རེ་འོ། །མདའ་ཐིག་ཟུར་ནས་ཆ་ཕྲན་གཅིག །དོར་མཐར་གཅིག་དང་གཉིས་གཉིས་དང་། །ཆ་ཆེན་གཅིག་ཏུ་བསྐོར་བ་ནི། །རྩིབས་རྟེན་པདྨ་རྡོར་རྭ་དང་། །མེ་ཡི་རྭ་བ་རྣམས་ཀྱི་ས། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀྭ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེང་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །ཞེས་འབྱུང་བ་བཞིན་བཏབ། ས་ཐིག་འདི་ལྷ་སྟ་གོན་མ་བྱས་པའི་གོང་དུ་བཏབ་པར་ཕྱག་བཞེས་སུ་འབྱུང་ངོ་། །གཉིས་པ་ཚོན་བཀྱེ་བ་ནི། ཚོན་སྣ་ལྔ་མདོག་རིགས་བསྡེབས་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྣ་ཚོགས་སྒྱུ་འཕྲུལ་པ༔ རང་བྱུང་ཡེ་ཤེས་འབར་བའི་ཆོ་འཕྲུལ་ལས༔ སྙིང་པོ་བཀྲག་གསལ་བདེ་གཤེགས་དཀྱིལ་འཁོར་ཆེ༔ མངོན་སུམ་མིག་སྔར་སྣང་བ་ངོ་མཚར་ཆེ༔ ཞེས་བརྗོད། སྔར་དབང་མཆོག་གི་ཕུར་པ་བཏབ་པའི་ཁུར་བུར་རིམ་བཞིན་དུ། རྡུལ་ཚོན། མཐིང་། ལྗང་། དམར། དཀར། སེར་བླུག་ཅིང་སྟེང་དུ་དཔའ་མོ་འབྲུ་ལྔ་བཀོད། སླར་ཡང་བྱང་ཤར་གྱི་རྩིག་པ་ནས་དཀར་མཐིང་སེར་དམར་ལྗང་བའི་ཚོན་སྣ་ལྔའི་རེ་ཁ་བྲིས་ལ་དཔའ་བོ་འབྲུ་ལྔ་བཀོད་ཅིང་ཐོད་པས་དགབ། འབྲུ་ལྔ་བརྗོད་བཞིན་དཀྱིལ་འཁོར་ལེགས་པར་བྲི་སྟེ། དེ་ལ་དབུས་ཀྱི་པདྨའི་ལྟེ་བ་དཀར། གེ་སར་དམར་སེར། འདབ་བཞི་ཕྱོགས་མདོག །མུ་ཁྱུད། རྡོར་རྭ། བར་ཁྱམས། སྒོ། ཀ་བ་རྣམས་ཕྱོགས་མདོག །རྩིབས་རྟེན་སྟེང་སྔོན་པོ་ལ་རྡོ་རྗེའི་ཕྲེང་བ། རྩིགས་པ་ལྔ་སྦྲགས། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་བའི་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་གཞི་སྔོན་པོ་ལ་ཟ་ར་ཚགས་དཀར་པོ། མདའ་ཡབ་དཀར་པོ་མཆོད་རྟེན་རིས། མུན་པ་དང་གླང་རྒྱབ་ནག་པོ། རྟ་བབས་སྣམ་བུ་བརྒྱད་ཀྱི་རྟ་རྐང་གཞི་སྔོན་པོ་ལ་རྡོ་རྗེའི་འགྲེང་བུ། ཆུ་སྐྱེས་དམར་པོ། སྒྲོམ་མཛེས་ཚོན། ཟ་ར་ཚགས་དཀར་པོ་ལ་གཞི་ནག་པོ། སྣ་འཕྱང་སེར་པོ། སྒྲིལ་འཕྱང་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་དཀར་པོ་སྔོན་པོའི་གཞིར་བསྒྲིགས་པ། རྒྱ་ཕུབ་ཁྱུང་མགོ་མཐིང་ག །པདྨ་དམར་པོ། འཁོར་ལོ་དང་རི་དྭགས་སེར་པོ། གདུགས་དཀར་པོ། འོག་གཞིའི་སྣ་ཚོགས་རྡོ་རྗེ་ཕྱོགས་མདོག །ཕྱི་ཁྱམས་ལྗང་གུ །གེ་སར་སེར་པོ། འདབ་མ་སྣ་ཚོགས། རྡོར་རྭ་གཞི་མཐིང་ག་ལ་རྡོ་རྗེ་དཀར་པོའམ་སེར་པོ། མེ་རི་སྣ་ཚོགས། སྒོ་དང་སྒོ་ཁྱུད་ཀྱི་མཚམས་བཞིར་ཟླ་ཕྱེད་རྡོ་རྗེ། རྟ་བབས་དང་མདའ་ཡབ་ཀྱི་འཁོར་ཡུག་ལ་རྒྱལ་མཚན་དང་བ་དན་ལ་སོགས་པ། དཀྱིལ་འཁོར་གྱི་ལྟེ་བ་རུ་ལྷ་སྐུའམ་ཕྱག་མཚན། འདབ་བཞི་དང་སྒོ་བཞིར་ཕྱག་མཚན་ནམ་ས་བོན་དང་། མ་གྲུབ་ན་རང་མདོག་གི་ཚོན་སྤུང་མ་ནོར་བ་བཅས་ལེགས་པར་བྲིས་ཚར་བ་དང་ཚོན་པྲ་བརྟག །ངན་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་གྱི་མཐར་རྡུལ་བཀག་དྲི་དང་ཞུན་མར་སྦྱར་བ་བྱུགས། སློབ་དཔོན་གྱིས་དཀྱིལ་འཁོར་ལ་གཟིགས་ཤིང་དྲིལ་བུ་དཀྲོལ། ཐམས་ཅད་ཀྱིས་ཡིག་བརྒྱ་བཟླའོ། ༈ །བཅུ་པ་སྒྲུབ་པའི་རྫས་དང་རྒྱན་བསྒྲུབ་པ་པོ་བཅས་འགོད་པ་ལ། རྡུལ་ཚོན་གྱི་ཕྱོགས་ལ་ནངས་པར་ཕྱོགས་གང་བདེར་བདག་བསྐྱེད་ཀྱི་སྨན་རཀ་གཏོར་མ། མཆོད་པ་བཅས་བཤམས་ལ། རྣམ་བུམ། དབང་དང་འབྲེལ་ན་དབུ་རྒྱན། རྡོར་དྲིལ། རྡོར་དྲིལ་ལྷན་ཅིག་པ་དང་། ལྷ་ཙཀ །ཕྲེང་བ། སྔགས་བྱང་། མེ་ལོང་། ཐོད་པ་ཆང་དང་ཨ་མྲྀཏ་མངར་གསུམ་སྦྱར་བས་བཀང་བ། རིག་ཙཀ །ཤེལ་རྡོ་སོགས་དབང་ཆོག་ནས་འབྱུང་བ་ལྟར་དང་། དབང་དང་མི་འབྲེལ་ཡང་སྐུ་རྟེན། ཐོད་ཆང་། སྒྲུབ་རྟེན་གཙོ་བོ་ཐོད་པ་མཚན་ལྡན་དུམ་བུ་གསུམ་པར་རང་གཞུང་གི་ཚེ་རྫས་རྣམས་སྦྱར་བའི་རིལ་བུས་བཀང་བ་དར་དམར་གྱིས་ཁ་བཅད་པ། སྒྲུབ་གཏོར་འཆི་མེད་སྙིང་པོ་ཐིག་ཚད་དང་ལྡན་པར་བཞེངས་པའམ། ཅིས་ཀྱང་མ་འགྲུབ་ན་དྲིས་ལན་ནས་གསུངས་པའི་གཏོར་མ་རིན་ཆེན་འབར་བ་སྨིན་ལུགས་ལྟར་རྒྱན་སྤྲོས་ཕུན་སུམ་ཚོགས་པ་དར་གདུགས་ཀྱིས་བརྒྱན་པ་དང་། ཚེ་འབྲང་རིལ་བུས་བསྐོར་བ། ཚེ་ཆང་རང་གཞུང་གི་ཚེ་རྫས་བཏབ་པ། ཚེ་མདའ་རྒྱན་ལྡན། གསུང་རྟེན་གླེགས་བམ་དང་སྔགས་བྱང་གང་འཛོམས། ཐུགས་རྟེན་རྡོར་དྲིལ། ལས་བཞིའི་མཆོད་གཏོར། མཆོད་གཏོར་དཀར་ཟླུམ་བརྗིད་ལྡན། མགོན་པོ་མ་ནིང་། ཚེ་རིང་མཆེད་ལྔ་མཆོག་གླིང་གཏེར་གསར་ལུགས། ཆད་བརྟན་རྒྱུན་བཞག །དཀྱིལ་འཁོར་གྱི་ཆས་འཕན་དང་བ་དན་རྒྱལ་མཚན་རལ་གྲི་ཕུར་པ་མདའ་དར་མེ་ལོང་ཅན་རྣམས་བཞི་བཞི། ཚོན་སྐུད་དྲྭ་བ། གདུགས་དང་བླ་བྲེ། ཁྲོ་བཅུའི་ཕུར་པ་སོགས་དགོས་ཆས་རྣམས་འཚོགས་པར་བྱས་ལ་གཞི་མདུན་སྟེགས་སྟེང་བཀོད། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བཟླས་པ་སྟོང་ཚིགས་ཀྱི་མཚམས། སློབ་དཔོན་དང་རྒྱལ་ཐེབས་སོགས་དཀྱིལ་འཁོར་གྱི་མདུན་དུ་ཞྭ་ཆོས་བཅས་བཞེངས་ལ་རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་ཀྱིས་སྣ་དྲངས་ཏེ། རྒྱལ་ཚབ་ཀྱིས་རྣམ་རྒྱལ་བུམ་པ། རིགས་བཞིའི་རྒྱལ་ཐེབས་ཀྱིས་རྟེན་རྫས་ཐོད་པ། ཚེ་གཏོར། འབྲང་རྒྱས། སྐུ་གསུང་ཐུགས་རྟེན། གཞན་རྣམས་ཀྱིས་སྒྲུབ་རྫས་དང་དཀྱིལ་འཁོར་གྱི་རྒྱན་རྣམས་ཐོགས་ནས། ཞྭ་ཆོས་འཇམ་རོལ་དང་བཅས་བསྐོར་བ་ལན་གསུམ་མཐར་མདུན་དུ་འཁོད་དེ་རྣམ་བུམ་ཐོགས་ལ། ཧྲཱི༔ གཞོན་ནུ་བུམ་པ་སྐུ་ཡི་བཅུད་དང་ལྡན༔ འགྲོ་བའི་དོན་དུ་ལྷུན་གྲུབ་ཕྱིར་སྣང་ནས༔ ཐུགས་རྗེ་རིག་པ་སྣ་ཚོགས་གང་འདུལ་བའི༔ སྨིན་ཅིང་གྲོལ་བའི་ངང་དུ་བཞུགས་སུ་གསོལ༔ དྷརྨ་ཀཱ་ཡ་གརྦྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཀརྨ་སིདྡྷི་ས་མ་ཡ་ཏིཥྛ་ལྷན༔ དྲིལ་སྒྲུབ་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ དབྱངས་ལན་གསུམ་བྱ་ཞིང་དལ་དབུས་སུ་བཀོད། སྐུ་རྟེན་རྣམས་གཡས་སུ་བཀོད་ལ། ཧཱུྃ༔ ཆོས་ཉིད་དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཉམས་སྣང་གོང་འཕེལ་རྒྱན་རྫོགས་ཕོ་བྲང་ནས༔ རིག་པ་ཚད་ལ་ཕེབས་པའི་ལྷ་ཚོགས་རྣམས༔ གཟུང་འཛིན་ཀུན་ཟད་གདོད་མའི་རྒྱལ་ས་རུ༔ མ་བཀོད་ལྷུན་གྲུབ་རང་བྱུང་རང་ཤར་བའི༔ ཡེ་ཤེས་ཡོངས་རྫོགས་ངང་དུ་བཞུགས་སུ་གསོལ༔ དྲིལ་སྒྲུབ་སྔགས། ས་མ་ཡ་ཏིཥྛ་ལྷན༔ སྔགས་བྱང་དང་སྒྲུབ་པོད་རྒྱབ་ཏུ་བཀོད་ལ། ཧཱུྃ༔ གྲགས་པ་ཐམས་ཅད་སྔགས་སུ་འགྱུར་མཛད་ཅིང༔ ཐོས་པ་ཙམ་གྱིས་གདུལ་བྱའི་སྣང་བ་འགྱུར༔ རྒྱལ་བའི་གསུང་མཆོག་གཞོམ་མེད་ནཱ་དའི་སྒྲ༔ འགག་མེད་ཚངས་དབྱངས་ལྡན་ཕྱིར་བཞུགས་སུ་གསོལ༔ ཞེས་སྔགས་འདོན་བཞིན་བཀོད་དོ། ཕྱག་མཚན་གཡོན་དུ་བཀོད་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འགག་མེད་ཅིར་ཡང་འཆར༔ སྣ་ཚོགས་སྣང་བའི་རང་རྟགས་ཕྱག་མཚན་གསལ༔ རིག་པ་འཛིན་མེད་སྲོག་ཏུ་གཟུང་བའི་ཕྱིར༔ ཏིང་འཛིན་འཕྲོ་འདུའི་རྟེན་དུ་བཞུགས་སུ་གསོལ༔ ཞེས་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ བརྗོད་བཞིན་བཀོད། ཡོན་ཏན་རྟེན་བྷཉྫ་རིལ་བུའི་བཀང་བ་བུམ་པའི་མདུན་དུ་བཀོད་ལ། ཧཱུྃ༔ འཕྲུལ་བཞད་ཡིད་བཞིན་འདོད་འབྱུང་ཀ་པཱ་ལ༔ རྐང་མེད་མཁར་འགྲོ་ཏོག་ཏོག་སྐད་གདངས་ཅན༔ ལོག་པར་ལྟ་བ་སྒྲ་ཐོས་ཙམ་གྱིས་བརླག༔ དཀར་པོ་ཟང་ཡག་བཀྲ་ཤིས་ལྕང་ལོ་འཕྱོ༔ མཚན་ཉིད་ཀུན་ལྡན་ཐུར་དུ་གཏིང་རིང་གཏིབས༔ སྔོན་རབས་འདས་དང་ད་ལྟ་སླད་ནས་འབྱོན༔ དུས་གསུམ་བདེ་གཤེགས་རྣམས་ལ་ཤིན་ཏུ་མཚོན༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་ལེགས་པར་གཏམས༔ དངོས་གྲུབ་མཆོག་གི་རྟེན་དུ་བཞུགས་སུ་གསོལ༔ ཞེས་སྔགས་བཅས་བཀོད། ཕྲིན་ལས་རྟེན་སྒྲུབ་གཏོར་དེའི་གཡས་སུ་བཞག་ལ། ཧྲཱི༔ རིན་ཆེན་མཆོད་སྡོང་འོད་དུ་འབར༔ འཆི་མེད་ཚེ་བཅུད་སྤྲིན་ཆེན་འཁྲིགས༔ ཚེ་ཡི་ལྷ་ཚོགས་བྱིན་རེ་ཆེ༔ མི་འགྱུར་སྲོག་གི་རྟེན་དུ་བཞུགས༔ སྔགས། ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏིཥྛ་ལྷན༔ ཚེ་འབྲང་ཚེ་རིལ་སོགས་སྒྲུབ་རྫས་རྣམས་གཡོན་དང་ཕྱོགས་གང་བདེར་བཞག་ལ། ཧཱུྃ༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ མི་འདའ་བཅོམ་ལྡན་འཁོར་བཅས་སྒྲུབ་པའི་ཕྱིར༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ སྣོད་བཅུད་ཡོངས་རྫོགས་ཡེ་ཤེས་རྒྱན་དང་ལྡན༔ བཀྲ་ཤིས་བྷནྡྷ་བདུད་རྩིའི་བཅུད་ཀྱིས་བཀང༔ མི་འགྱུར་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ རིན་ཆེན་དབུ་རྒྱན་གདུལ་བྱ་དྭངས་བ་འདྲེན༔ རྡོ་རྗེ་དྲིལ་བུ་ཐབས་དང་ཤེས་རབ་སྦྱོར༔ འཆི་མེད་རྫས་མཆོག་ཚེ་ཡི་བཟའ་བཏུང་དང༔ ཕོ་ཉའི་ཚོགས་སྤྲོ་ཚེ་རྟེན་མདའ་དར་ཆེ༔ འདོད་ཡོན་མ་སྤངས་མཆོད་པའི་སྤྲིན་ཕུང་སྤྲོ༔ མདའ་དར་མེ་ལོང་དྲྭ་བས་ཡེ་ཤེས་སྐྱེད༔ ཕུར་པ་རལ་གྲིས་བར་ཆད་བགེགས་དཔུང་འཇོམས༔ ཞིང་ཁམས་ཡོངས་རྫོགས་འཕན་གདུགས་བླ་བྲེ་འཕྱར༔ བདེ་ཆེན་ཡེ་ཤེས་སྐྱེད་པ་བཀྲ་ཤིས་ཡུམ༔ སྣ་ཚོགས་ཐབས་མཁས་འདུས་པ་རྣམ་གཉིས་སོགས༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ སརྦ་ཛྙཱ་ན་མཎྜལ་ཏིཥྛ་ཧཱུྃ༔ ཁྲོ་བཅུའི་ཕུར་པ་ཕྱོགས་མཚམས་སུ་བཀོད་ལ། ཧཱུྃ༔ ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་དཔུང་འཇོམས་འདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་སྐོར། མཚམས་བཞི་འོག་བཅས་གཡོན་སྐོར་གྱིས་རྡོར་རྭའི་སྟེང་ཕུར་གདན་བཅུ་ལ་བཀོད། དེ་ནས་ཕྱོགས་མཚམས་སྔར་དང་མཐུན་པར་རུ་དྲའི་ཕུང་པོའང་བཀྲམ། རལ་གྲི་བཞི་ཕྱོགས་བཞིར་བཀོད་དེ། ཧཱུྃ༔ མ་རིག་རྣམ་རྟོག་མཚན་འཛིན་ཀུན་གཅོད་ཅིང༔ ཡེ་ཤེས་བསམ་གྱིས་མི་ཁྱབ་ལས་བྱུང་བའི༔ འཇམ་དཔལ་རྣོན་པོའི་ཤེས་རབ་རལ་གྲི་འདི༔ མ་རིག་དྲྭ་བ་གཅོད་ཕྱིར་བཞུགས་སུ་གསོལ༔ དེ་ནས་ཡེ་ཤེས་བཞིས་མ་རིག་པ་རྩད་ནས་གཅོད་ཕྱིར་མདའ་དར་མེ་ལོང་བཞིས་བརྒྱན་པ་མཚམས་བཞིར་བཀོད་ལ། ཧཱུྃ༔ སྐུ་གསུང་ཐུགས་དང་ཡེ་ཤེས་བསྒྲུབ་བྱའི་ཕྱིར༔ མ་འདྲེས་ཡོངས་རྫོགས་རྣམ་པར་བཀྲ་བའི་ངང༔ ཀུན་ནས་གསལ་ཞིང་ཡོངས་སུ་རྟོགས་གྱུར་པའི༔ ཡེ་ཤེས་བཞི་ཡི་མདངས་ལྡན་བཞུགས་སུ་གསོལ༔ ཞེས་དང་། ཧཱུྃ༔ ཤེས་རབ་ཡེ་ཤེས་རྣམ་པར་མཚོན་པའི་ཕྱིར༔ སྟོང་ཉིད་མདའ་ལ་རྣམ་ཐར་སྒྲོ་བསྒྲོན་ཅིང༔ མདའ་ཚལ་རྐྱེན་བཞིའི་ཚིགས་དང་རྣམ་པར་ལྡན༔ ཤེས་རབ་རྣོ་བའི་མདིལ་ལྡན་བཞུགས་སུ་གསོལ༔ ཧཱུྃ༔ ངོ་མཚར་ཡེ་ཤེས་ཕོ་བྲང་རྣམ་གསལ་ཏེ༔ ཉོན་མོངས་སྒྲིབ་པའི་དྲི་མ་རིང་དུ་སྤངས༔ སྣང་སྟོང་དབྱེར་མེད་ཡེ་ཤེས་ངོ་མཚར་ལྡན༔ འཛིན་མེད་སྒྱུ་མར་རྟོགས་ཕྱིར་བཞུགས་སུ་གསོལ༔ དེ་ནས་སྤང་བྱ་མི་མཐུན་ཕྱོགས་བདུད་བཞིའི་བར་ཆད་ཀྱིས་མི་བརྫི་བའི་ཕྱིར་ཕུར་པ་བཞི་ཕྱོགས་བཞིར་བཀོད་ལ། ཧཱུྃ༔ རྣམ་རྟོག་བགེགས་འཇོམས་གཏུམ་ཆེན་མེ་ལྟར་འབར༔ ཕྲིན་ལས་བཞི་ཡི་རྣོ་མྱུར་ཤུགས་དང་ལྡན༔ ཐུགས་རྗེ་ཆེན་པོས་འགྲོ་ཀུན་བསྒྲལ་བའི་ཕྱིར༔ བདུད་འདུལ་ཀཱི་ལ་ཡ་རྣམས་བཞུགས་སུ་གསོལ༔ རྒྱལ་མཚན་བཞི་གྲྭ་བཞིར་འཛུགས་ཏེ། ཧཱུྃ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བའི་ཕྱིར༔ ཡེ་ཤེས་ལྷབ་ལྷུབ་རྒྱན་གྱིས་རྣམ་པར་བརྒྱན༔ ངོ་མཚར་ཁྱད་འཕགས་ལྟ་བའི་ཏོག་གིས་སྤྲས༔ བདུད་རྣམས་འཇོམས་ཕྱིར་རྒྱལ་མཚན་བཞུགས་སུ་གསོལ༔ འཕན་བཞི་ཕྱོགས་བཞིར་དཔྱང་ལ། ཧཱུྃ༔ གདུལ་བྱའི་བློ་དང་འཚམ་པའི་ཆོས་སྟོན་ཅིང༔ དེ་དང་དེ་ཡི་མོས་པར་འཚམ་པ་ཡི༔ དང་བ་འདྲེན་པའི་ཡོན་ཏན་སྣང་བའི་ཕྱིར༔ ཡེ་ཤེས་འཕན་མཆོག་བླ་མེད་བཞུགས་སུ་གསོལ༔ བ་དན་རྣམས་འཕན་གྱི་གཡས་གཡོན་དུ་ཚར་དུ་དངར་བར་བཞུགས་ཏེ། ཧཱུྃ༔ སྲིད་དང་ཞི་བ་ཀུན་ལས་རྣམ་པར་འཕགས༔ ཐེག་པའི་ཡང་རྩེ་བླ་མེད་དཀྱིལ་འཁོར་འདིར༔ བདུད་ཀྱི་ཚོགས་འཇོམས་ཁྲོ་བོའི་དམག་དཔུང་འཁྲིགས༔ སྟོབས་ཀྱི་བ་དན་རྣམས་ཀྱང་བཞུགས་སུ་གསོལ༔ དེ་ནས་རིགས་ལྔ་ཡེ་ཤེས་ལྔ་ཚོན་ཚོན་སྐུད་ཀྱི་དྲྭ་བ་སྦྲེལ་ཞིང་། ཧཱུྃ༔ མ་འདྲེས་འཇའ་ལྟར་སྣང་བའི་ཡེ་ཤེས་ནི༔ ཐབས་དང་ཤེས་རབ་ངོ་མཚར་ཁྱད་པར་འཕགས༔ བདེ་སྟོང་དབྱེར་མེད་དྲྭ་བར་སྦྲེལ་བ་ཡི༔ ཡེ་ཤེས་དཔག་ཏུ་མེད་པར་བཞུགས་སུ་གསོལ༔ གཞན་ཡང་གདུགས་དང་ཡོལ་བ། དྲྭ་ཕྱེད། བླ་བྲེ། ལྡ་ལྡི། སྟག་གཟིག་སྒབ་དཀྲིས་མཛེས་པར་བརྒྱན་ལ། ཧཱུྃ༔ ངོ་མཚར་ཡེ་ཤེས་གྲངས་མེད་བརྗོད་དུ་མེད༔ མཐའ་ལས་འདས་ཤིང་བསམ་མི་ཁྱབ་པ་ཡི༔ གདུགས་དང་ཕྱེ་ཕུར་ཡོལ་བ་བླ་བྲེ་དང༔ དྲྭ་ཕྱེད་སྟག་གཟིག་ལྤགས་པའི་སྒབ་དཀྲིས་སོགས༔ མི་ཟད་རྒྱན་གྱི་འཁོར་ལོ་རྣམ་འགྲུབ་ཕྱིར༔ འཐུག་པོ་བཀོད་པའི་ཞིང་ཁམས་ལྷུན་གྱིས་གྲུབ༔ ཅེས་དེ་དག་གི་བར་མཚམས་རྣམས་སུ་འཇམ་རོལ་བྱ་ཞིང་། རྒྱལ་ཚབ་དང་ལས་རྡོར་གཉིས་ཀྱིས་དགོད་པར་བྱ། དཀྱིལ་འཁོར་གྱི་མདུན་དུ་མཚམས་འཛིན་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡོན་སྐོར་དུ་བཤམས། ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་ཞི་རྒྱས་དབང་དྲག་གི་མཆོད་པ། སྨན་གཏོར་རཀྟ་རྣམས་རབ་བརྒྱ་རྩ། འབྲིང་ཉེར་ལྔ། ཐ་མ་ལྷ་གྲངས་དང་མཉམ་པ་དང་། ཉེར་སྤྱོད་བརྒྱ་རྩ་སོགས་དང་། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ་སོགས་བྲིས་འབུར་གང་རིགས་དང་། དཀྱིལ་འཁོར་གྱི་མདུན་སྟེགས་གོང་མར་དབུས་སུ་མཆོད་གཏོར། གཡས་སུ་མགོན་པོ་མ་ནིང་། གཡོན་དུ་ཚེ་རིང་མ། མགོན་པོའི་གཡས་ཆད་ཐོ། ཚེ་རིང་མའི་གཡོན་བརྟན་མ། དེ་རྣམས་ཀྱི་གཡས་སུ་ཆང་དང་བདུད་རྩི་སྦྱར་བའི་སྨན། གཡོན་དུ་རཀྟ་སོ་ལྔ་ཁྲག་སྦྱར། ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་ཆོས་སྐྱོང་འབུལ་གཏོར། ཆད་བརྟན་རྣམས་བཀོད་མཛེས་སུ་བཤམས། དཀྱིལ་འཁོར་གྱི་བྱང་དུ་ལྕགས་ཧོམ་དུ་ཉུལ་ལེའི་ལིང་ག་དང་གདབ་ཕུར་ཐུན་རྫས་སོགས་ཀྱང་བཞག །སློབ་དཔོན་གྱི་མདུན་གཡོན་ནས། ནང་མཆོད། རྡོར་དྲིལ། ཌཱ་རུ། གཡབ་དར། མེ་ཏོག་གི་སྣོད། བྲབ་པར། ཕུར་པ། ལས་བུམ་སོགས་ཀྱང་བཀོད། མཆོད་རྫས་རྣམས་སྤྱི་ལ། ཧཱུྃ༔ དཀྱིལ་འཁོར་རབ་འབྱམས་མ་ལུས་མཉེས་པའི་རྫས༔ ཉེར་སྤྱོད་བདུན་དང་བཀྲ་ཤིས་ལྷ་མོ་བརྒྱད༔ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་དང༔ སྒེག་མོ་བཅུ་དྲུག་ལ་སོགས་ལྷ་མོའི་ཚོགས༔ མི་མོ་ཕྱག་རྒྱ་མཚན་དང་ལྡན་པ་རྣམས༔ རུ་ཏྲ་བསྒྲལ་བའི་ཉ་བོ་མཚོན་ཆའི་ཚོགས༔ དམ་རྫས་སྨན་རཀ་གཏོར་གསུམ་ཚོགས་འཁོར་སོགས༔ ཡེ་ཤེས་ལྷ་ལ་བཀྲེས་སྐོམ་མི་མངའ་ཡང༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར༔ ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁྱོན་གང་བ༔ ཚོགས་གཉིས་རྫོགས་ཕྱིར་ཀུན་ཁྱབ་ནམ་མཁའ་བཀང༔ ཞེས་འཇམ་རོལ་དང་། ལས་གཞུང་གི་མཆོད་བརླབ་མཐར་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་རྒྱས་པར་སྤེལ་ལོ། །སྒྲུབ་པ་པོ་འགོད་པ་ལ། དབང་མ་ཐོབ་པའི་མཆེད་གསར་བུ་ཡོད་ན་དཀྱིལ་འཁོར་གྱི་བྱང་ཤར་དུ་ལོགས་སུ་ཕྱེས་པའི་ཉེ་ཆར། སློབ་དཔོན་ཁྲིའུའི་ཁར་བཞུགས་པའི་མདུན། རྡོར་དྲིལ། ཡུངས་ཐུན། དུང་ཆོས་བདུད་རྩིས་གང་བ་བཅས་བཞག་སྟེ། དམ་ཆུ་བསང་སྦྱང་། སྟོང་པའི་ངང་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར། ཨེ་ཧྱ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྐྱེད་བསྟིམ་བྱ། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བཟླ། ལྷ་འོད་དུ་ཞུ་བ་ཆུ་ཡི་རྡུལ་ཕྲ་རབ་ཏུ་གྱུར། ཞེས་བྱིན་གྱིས་བརླབས། སློབ་དཔོན་དབང་ཆེན་རྟ་མགྲིན་དུ་གསལ་བའི་སྐུ་ལས་རྡོ་རྗེའི་རྡུལ་ཕྲ་རབ་འཕྲོས་པས་སློབ་བུའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ལས་སྔགས་དང་། སུམྦྷ་ནི་བརྗོད་ཅིང་གུལ་ཡུངས་བཅས་བགེགས་བསྐྲད། ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་དང་། སྡོམ་གཟུང་། པདྨའི་རིགས་མཆོག་བླ་མ་དང༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གི་དུས་འདི་ནས་གཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་ཀུན་སྒྲོལ་བའི་ཕྱིར༔ གཞན་གནོད་གཞིར་བཅས་ཡོངས་སུ་སྤང༔ གཞན་ཕན་བྱང་ཆུབ་སེམས་མཆོག་བསྐྱེད༔ གཉིས་ཀ་མཉམ་པ་ཆེན་པོ་ཡི༔ ཐབས་ཆེན་གསང་བ་སྔགས་ཀྱི་སྲོག༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རིག་པ་འཛིན་པའི་དམ་ཚིག་དང༔ སྡོམ་པ་མ་ལུས་ཡོངས་སུ་གཟུང༔ ཚུལ་བཞིན་དུ་ནི་བསླབ་པར་བགྱི༔ ཞེས་པ་རྣམས་རྗེས་ཟློས་བྱར་བཞུགས། ཨཱ༔ འདི་ནི་དམ་ཚིག་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་ལ་དབྱེར་མེད་གནས༔ གལ་ཏེ་དམ་ལས་འདས་གྱུར་ན༔ དེ་མ་ཐག་ཏུ་བཀས་ཏེ་གཤེགས༔ ས་མ་ཡ་བཛྲ་ཧཱུྃ༔ དུང་ཆུ་སྦྱིན་ལ། ཧཱུྃ༔ ཐུངས་ཤིག་རྡོ་རྗེ་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ མ་བསྲུང་འདོད་པའི་དངོས་གྲུབ་ཉམས༔ བསྲུངས་ན་ཡེ་ཤེས་ཚེ་འདིར་རྙེད༔ ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ དེ་ནས་མཆེད་གསར་རྙིང་རྣམས་རང་གྲལ་དུ་འཁོད། ལས་རྡོར་གྱིས་བདུད་རྩི་གཡོན་སྐོར་དུ་དྲངས་ལ། ཧཱུྃ༔ སྙིང་པོ་ཡེ་ཤེས་མཆོག་གི་དཀྱིལ་འཁོར་དུ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ༔ གསང་སྔགས་དམ་ཚིག་གཅིག་པའི་མཆེད་ལྕམ་རྣམས༔ མི་འབྲལ་རྩེ་གཅིག་དཀྱིལ་འཁོར་གཅིག་ཏུ་ལྟོས༔ དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ། འདུས་པ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་ཁར་བཅིངས་ཏེ་ཐམས་ཅད་མགྲིན་གཅིག་ཏུ། ཧོ༔ བསྐལ་པ་སྔོན་ནས་འབྲེལ་བའི་སྟོན་འཁོར་རྣམས༔ མི་འདའ་སྲོག་དང་ལྡན་པའི་ལུ་གུ་རྒྱུད༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ཏེ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་བསྒྲུབ་པར་བགྱི༔ ཞེས་དམ་བཅའ། དེ་ནས་ལས་བསྐོས་མངའ་གསོལ་དངོས་ལ། རྡོ་རྗེ་རྒྱལ་ཚབ་གཞུང་གྲལ་གཤམས་ནས་སྣམ་སྦྱར་དང་བཅས་བཞེངས་ཏེ། འབྲེལ་ཆགས་པའི་སྟོང་ཐུན་ཇི་ལྟར་རིགས་པའི་བཤད་པ་སྔོན་དུ་འགྲོ་བས་དབྱངས་དང་བཅས། ཧོ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་དཀྱིལ་འཁོར་གཙོ༔ བསྟན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ དེ་ཡི་སྲས་མཆོག་ཕྲིན་ལས་རྣམ་བཞིའི་བདག༔ རྒྱལ་ཚབ་རིགས་སྲས་མངའ་གསོལ་དགྱེས་པར་བཞུགས༔ མཉེན་ལྕུག་འཁྲིལ་ལྡེམ་བདེ་ཆེན་ཡེ་ཤེས་བདག༔ ཀུན་བཟང་ཡུམ་རྣམས་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གོ་རིམ་འབྱེད་པའི་བསླབ་སྟོན་མཛད༔ ཕྲིན་ལས་བདག་པོ་མངའ་གསོལ་དགྱེས་པར་བཞུགས༔ མཆོད་པའི་བྱ་བ་གཙང་ཞིང་ཞིབ་ལེགས་མཛད༔ ལས་ཀྱི་རྡོ་རྗེ་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་ལྟས་བརྟག་བཟང་ངན་དྲོད་ཚད་ཉུལ༔ རྡོ་རྗེ་སྤྱན་པ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་བགེགས་འཇོམས་བར་ཆད་བདུད་དཔུང་བརླག རྡོ་རྗེ་མཚམས་པ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་བདུད་དང་ཉུལ་ལེ་ཐོགས་མེད་བསྒྲལ༔ རྡོ་རྗེ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ ཐུགས་དམ་བཞིན་དུ་གདུག་པའི་དགྲ་བགེགས་བསྒྲལ༔ ཕོ་ཉ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ སྙན་དག་གསལ་མཁས་ཛཔ྄་ལ་རྒྱུན་ཆད་མེད༔ མཆེད་ལྕམ་ཐམས་ཅད་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་བསྐོལ་མཁས་སྟོན་འཁོར་མཉེས་པར་མཛད༔ རྡོ་རྗེ་བྱན་པོ་མངའ་གསོལ་དགྱེས་པར་བཞུགས༔ སྡིག་པས་མ་གོས་ཚོགས་ཀྱི་མཆོད་ཚོགས་སྤྲོ༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ སྟོན་འཁོར་རྣམས་ཀྱི་ཐུགས་དམ་དགྱེས་པར་བསྐང༔ བྲན་གྱི་ཁྱེའུ་ཕོ་མོ་མངའ་གསོལ་བཞུགས༔ ཕྱི་ནང་དྲི་མའི་ཚོགས་རྣམས་རྣམ་པར་སྦྱོང༔ རྡོ་རྗེ་རྡུལ་འཕྱག་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང་སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ལོ། །ཞར་བྱུང་ཆས་ཞུགས་བྱེད་པར་སྤྲོ་ན། སླར་ཡང་རྒྱལ་ཚབ་པས་སྟོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱི༔ ཆོས་ཉིད་རྒྱན་མཆོག་ཡེ་ཤེས་རོལ་པ་ཅན༔ དབུ་རྒྱན་རྣ་ཆ་མགུལ་རྒྱན་སེ་མོ་དོ༔ སྐ་རགས་གདུབ་བུ་སྟོད་གཡོགས་ཤམ་ཐབས་ཏེ༔ དོ་ཤལ་ཟི་དིར་གར་གྱི་ཕུ་དུང་དང༔ ཅོད་པན་རཏྣའི་ཞི་ཆས་བཅུ་གསུམ་འདི༔ འཁོར་ལོས་སྒྱུར་བའི་རྒྱན་དུ་བཞེས་སུ་གསོལ༔ ཞེས་ཞི་ཆས་དང་། ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང༔ ཧེ་རུ་ཀ་ཡི་རིགས་སུ་ངེས་པའི་ཕྱིར༔ དུག་གསུམ་རྩད་གཅོད་བྱུག་པའི་རྩི་གསུམ་དང༔ དུག་ལྔ་རྣམ་དག་བགོ་བའི་གོས་གསུམ་དང༔ གདགས་པའི་རྒྱན་གཉིས་དུར་ཁྲོད་ཆས་བརྒྱད་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་དབྱངས་འབོར་ལེན་གྱི་ཚུལ་དུ་ཚིག་རིས་དང་བསྟུན་ཏེ་ཆས་རྣམས་ལས་ཀྱི་རྡོ་རྗེས་རྒྱལ་ཚབ་ལ་རིམ་པར་ཕུལ་ལ་རྡོ་རྗེ་སློབ་དཔོན་སོགས་འདུས་པ་ཐམས་ཅད་ཀྱི་གནས་སོ་སོར་བརྒྱན་ཚུལ་མཛད། ཞི་ཆས་སོགས་ཀྱི་མངའ་གསོལ་འདི་མ་བྱས་ཀྱང་ཆད་སྐྱོན་དུ་མི་འགྱུར། སྐབས་འདིར་བརྡ་སྒོ་ཕྱག་ནི། ཧཱུྃ། སྣང་སྲིད་འཁོར་འདས་གདོད་མ་ནས། །རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །མ་རྟོག་གཉིས་འཛིན་སྒྲིབ་གཡོགས་སྒོ །རང་རིག་བརྡ་ཡིས་དབྱེ་བར་བྱ། །བྷྲཱུྃ་པྲ་བེ་ཤ་ཡ་ཕཊ། ཅེས་བརྡ་སྒོ་དབྱེ། ཧཱུྃ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཉིད། །བརྡ་དང་གར་གྱིས་མཚོན་ནས་ཀྱང་། །གཉིས་སུ་མེད་པར་ཕྱག་བགྱི་འོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་འཚལ། དངོས་གཞིའི་སྐབས་སུ་ཡང་ལས་བྱང་དཀྱུས་སུ་བརྡ་སྒོ་ཕྱག་མི་འབྱུང་ཡང་། སྤྲོས་བཅས་སྒྲུབ་པའི་སྐབས་འདི་བཞིན་སྦྱར་བས་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་སྒྲུབ་པ་པོ་རྣམས་ཀྱང་ལྷ་ཡི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གཎྜེ་ཧཱུྃ། ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ན་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱ་བ་དང་། རོལ་མོ་བྱིན་རླབས་སོགས་བྱའོ། །དེ་ཡང་རྡུལ་ཚོན་གྱི་ཕྱོགས་ལ་ཕྱི་ནང་གི་མཚམས་གཅད་པ་ཡན་ཞག་གཅིག །སྟ་གོན་དང་ཐིག་བཏབ་པ་ཡན་ཞག་གཅིག །ཚོན་བཀྱེ་ཟིན་ནས་རྒྱན་འགོད་ཡན་ཉིན་གཅིག་ལ་བྱ་བ་དང་། རས་བྲིས་ལ་ཞག་དང་པོ་ལ་སྟ་གོན་ཡན་ཆད། དེའི་ཕྱི་ཉིན་རྒྱན་བཀོད་པ་བྱའོ། ༈ །སྤྱི་དོན་གཉིས་པ་དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ལས་གཞུང་བསྲང་བ་ལ། སྐྱབས་སེམས་ཚོགས་གསག་གཏོར་མ་བསྔོ། །བཀའ་བསྒོ་མཚམས་གཅོད་བྱིན་དབབ་བརླབ། །དམ་ཚིག་བསྐྱེད་དང་སྤྱན་དྲང་བསྟིམ། །ཕྱག་མཆོད་བསྟོད་བསྙེན་བུམ་པ་སྒྲུབ། །ཚེ་འགུགས་ཚོགས་མཆོད་བདག་ཉིད་འཇུག །གཏོར་ཆོག་རྗེས་བསྡུ་བསྐྲད་ཅིང་འབེབ། །ཅེས་པའི་ལས་རིམ་གྱི་ཐོག་མ། ཐོ་རངས་སྔ་བར་འཚོགས་ཏེ་ཚུལ་ཕྱག་གྲལ་ཕྱག་སྔོན་དུ་འགྲོ་བས། ཚིག་བདུན་གསོལ་འདེབས་དང་། མཁྱེན་བརྩེའི་སྐྱེ་ཕྲེང་དང་རྣམ་ཐར་གསོལ་འདེབས། བརྒྱུད་འདེབས། སྐྱབས་སེམས། ཡན་ལག་བདུན་པ། དཀར་གཏོར་བྱིན་རླབས་སྤྱི་འགྲེ་ལྟར། གང་དག་འདིར་གནས་སོགས་ཀྱིས་བསྔོ། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། ཅེས་མཚམས་ལྷ་བསྐྱེད། བགེགས་གཏོར་བྱིན་བརླབ་སྔགས་བསྔོས་སྔར་སྲུང་པའི་སྐབས་ལྟར། བཀའ་བསྒོ་ནས་བརྩམ་ཕྲིན་ལས་གཞུང་མཐར་ཆགས་སུ་བསྟོད་པ་རྫོགས་ཀྱི་བར་གཏང་། མཆོད་ཕྲེང་རྒྱས་པ་དང་། སྨན་གྱི་བརྒྱུད་མཆོད་ཟུར་གསལ་ལྟར་སྦྱར། བཟླས་པའི་དབུར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཏཱཾ་ཧྲཱིཿབྷྲཱུྃཿ ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕཊ་ཛཿ ཞེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས་མདུན་རྟེན་གྱི་གོ་སར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྱེས་ཏེ་མེ་རི་འདབས་འབྱོར་ཙམ་དུ་བཞུགས་པར་བསྒོམ། འདི་ནས་གཟུང་ཐུན་དཔོན་ལ་གཟུངས་ཐག་གཏད་དེ་དྲིལ་སྒྲུབ་ཀྱི་ཛཔ྄་རྒྱུན་མ་ཆད་པར་བྱ་དགོས། ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱི༔ འཆི་མེད་འཕགས་མ་ཚེ་དཔག་མེད་མགོན་དང༔ གཙུག་ཏོར་རྣམ་པར་རྒྱལ་མ་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ྄་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་གཏོང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབས༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ ཅེས་བསྐུལ་ལ། བཟླས་དམིགས་གསལ་བཏབ་སྟེ། བསྙེན་པ་རྣམ་གསུམ་དང་དྲིལ་སྒྲུབ་བཟླ་ཞིང་། སོ་སོའི་མཚམས་སུ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་སྟོང་ཚིགས་མཆོད་བསྟོད་བྱ། ཧཱུྃ་ཧྲཱི༔ དཀྱིལ་འཁོར་གཙོ་མོ་ཡེ་ཤེས་སྤྲུལ་པ་དང༔ ཕྱོགས་ཀྱི་རིགས་བཞིའི་སྒྲོལ་མ་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོགས༔ སོགས་ནས། མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ སྒྲུབ་པའི་བཟླས་དམིགས་གསལ་བཏབ་ལ། བསྙེན་པའི་བཟླས་པ་རྣམ་བཞི་ཅུང་ཟད་རེ་བཟླས་ལ། རིགས་བཞིའི་སྒྲོལ་མའི་སྔགས་གཙོ་བོར་བཟླ། བར་མཚམས་སུ་སྟོང་ཚིགས་འབུལ། ཧཱུྃ་ཧྲཱི༔ སྒོ་བཞིའི་ལས་ཀྱི་སྒྲོལ་མ་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོགས༔ སོགས་ནས། མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ ལས་སྦྱོར་གྱི་བཟླས་དམིགས་དང་བཅས་སྒོ་བཞིའི་སྒྲོལ་མའི་སྔགས་བཟླ་ཞིང་། སོ་སོའི་མཚམས་སྟོང་ཚིགས་ཕུལ། ཐུན་རེར་གཙོ་མོའི་ཡི་གེ་བཅུ་པ་སྟོང་ཕྲག་གཅིག་བཟླ་བ་ལ་དཔེར་མཚོན་ན། དྲིལ་སྒྲུབ། ཡེ་སེམས། སྤྲུལ་པའི་སེམས་དཔའི་སྔགས་བཅས་སུམ་བརྒྱ། རིགས་བཞི་སུམ་བརྒྱ། ལས་བཞི་ལྔ་བཅུ་ཙམ་བཟླས། ཚེ་སྒྲུབ་གཙོར་འདོན་ན། གཞན་གོང་ལྟར་ལ་ཡིག་བཅུ་སུམ་བརྒྱ། ཚེ་སྒྲུབ་ཀྱི་སྔགས་དྲིལ་སྒྲུབ་ཡིན་པས་སྟོང་ཕྲག་བཟླའོ། །བདག་འཇུག་གི་དབང་རྫས་བུམ་པ་སོགས་སློབ་དཔོན་གྱི་མདུན་དུ་བཤམས་པའི་བུམ་པར་གཟུངས་ཐག་འདོགས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ རིན་ཆེན་གཞལ་མེད་ཁང་ཆེན་པོར༔ གཙོ་འཁོར་སྤྲུལ་པ་བཅས་པ་ཡི༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀུན༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ དེ་ནས་གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་གསལ་བཏབ་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་བཟླ། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་འདོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླ། སྒྲུབ་གཏོར་འཆི་མེད་སྙིང་པོ་ཡོད་ན་དེ་ཉིད་ལྷར་བསྐྱེད་པ་ཡོངས་རྫོགས་འཆི་མེད་སྙིང་ཐིག་ལས་འབྱུང་བ་ལྟར་སྦྱར་བ་རྗེ་བླ་མའི་ཕྱག་བཞེས་ཡིན་པས། ཧཱུྃ་ཧྲཱི༔ དབྱིངས་ལས་རང་ཤར་འཆི་མེད་མཆོད་སྡོང་ཆེ༔ ཆོས་དབྱིངས་ཁྱབ་པ་ཆེན་པོའི་མཁའ་ཀློང་དུ༔ ལྷུན་གྲུབ་སྙིང་པོ་ལྔ་ཡི་རྒྱུ་ལས་གྲུབ༔ ཡུམ་ལྔའི་རང་བཞིན་བང་རིམ་སྲ་བརྟན་ལ༔ ཐིག་ལེ་རང་ཤར་རིག་མ་བཅུ་དྲུག་གནས༔ འདོད་པའི་ཡོན་ཏན་མང་པོའི་མཆོད་སྤྲིན་སྤྲོ༔ བྱེ་བ་ས་ཡའི་འདབ་མང་པདྨ་ལ༔ ཐིག་ལེ་འབུམ་ཕྲག་འཆི་མེད་གྲོང་གི་ཚོགས༔ རིག་པ་འཛིན་པའི་ས་ལ་རབ་ཏུ་གནས༔ རིགས་ལྔའི་རང་མདངས་རྣམ་རྒྱལ་ཁང་བཟང་ལ༔ རིན་ཆེན་ལྔ་ཡི་རྒྱན་གྱིས་མཛེས་པར་སྤྲས༔ ཕྱག་བརྙན་ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ དབང་གི་ལྷ་མོ་མཐར་བྱེད་ཙཎྜ་ལཱི༔ དགོས་དགུ་འཇོ་བ་ཆོས་སྐུའི་བུམ་པ་བཟང༔ ཟླ་གམ་འབར་བ་མི་འགྱུར་གོང་བུའི་ཕྱུག༔ ཐིག་ལེ་ཕྱག་མཚན་ལྔ་ཡི་དྲྭ་བ་འཕྱང༔ དཔག་བསམ་སྡོང་པོ་ཡལ་འདབ་ཨུཏྤལ་རྒྱས༔ འདོད་པའི་དངོས་གྲུབ་འབྲས་བཟང་ཆར་དུ་བསྙིལ༔ ཡིད་བཞིན་ནོར་བུ་ཟུར་བརྒྱད་རྒྱན་དང་ལྡན༔ ཟླ་གམ་གནམ་སྒོ་རྟ་མགྲིན་ཕག་མོ་ཡུམ༔ ཉི་ཟླའི་དབུ་རྒྱན་ཡེ་ཤེས་མེ་དཔུང་འབར༔ རིན་ཆེན་དཔལ་བེའུ་འོད་ཀྱི་དྲྭ་བ་རུ༔ ཚེ་བདག་ཞི་ཁྲོ་ཡབ་ཡུམ་བཅུ་དྲུག་བཞུགས༔ སྟེང་འོག་རྒྱ་གྲམ་ཡི་གེ་ལུ་གུ་རྒྱུད༔ ཐབས་དང་ཤེས་རབ་མཉམ་སྦྱོར་གྭ་འུའི་ཀློང༔ གཞོམ་གཞིག་མེད་པ་སྟོབས་བཅུའི་རྡོ་རྗེ་འབར༔ ཡར་གྱི་རྭ་ལ་ཨོ་རྒྱན་ཚེ་དཔག་མེད༔ མནྡཱ་ར་བ་ཡུམ་བཅས་རིག་འཛིན་འཁོར༔ མར་གྱི་རྭ་ལ་ཚེ་བདག་རྣམ་རྒྱལ་མ༔ ལྟེ་བར་དྭངས་མ་ལྔ་ལྡན་ཐིག་ལེ་རུ༔ འཆི་མེད་རྒྱལ་པོ་ལྔ་དང་བཙུན་མོ་ལྔ༔ རང་བྱུང་གདོད་མའི་དབྱིངས་ལས་ཤར་བའི་སྐུ༔ བར་ཁྱམས་ཕྱི་རོལ་ཐིག་ལེ་ཐིག་ཕྲན་ལ༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མགྱོགས་མའི་ཚོགས༔ མ་ལུས་སྤྲོ་ཞིང་བསྡུ་བའི་བདག་ཉིད་ཅན༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་འཁོར་ལོར་རྫོགས༔ སངས་རྒྱས་དྲུག་ཁྲིའི་དཀྱིལ་འཁོར་ཆེན་པོ་ལ༔ འབུམ་དང་བྱེ་བ་ས་ཡ་དུང་ཕྱུར་སོགས༔ བསམ་ཡས་ཞིང་ལ་སྐུ་དང་ཡེ་ཤེས་དང༔ ཡོན་ཏན་མཛད་པ་ཕྲིན་ལས་མཐའ་མི་མངོན༔ དམ་ཚིག་ཡེ་ཤེས་གདོད་ནས་དབྱེ་བ་མེད༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱན་དུ་རྫོགས༔ ཨེ་མ་ངོ་མཚར་ཁྱད་འཕགས་རྨད་དུ་བྱུང༔ ངོ་བོ་སྟོང་ཉིད་ཆོས་སྐུ་ཀ་དག་དབྱིངས༔ རང་བཞིན་འོད་གསལ་ལྷུན་གྲུབ་འདུས་མ་བྱས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྲིད་ཞིའི་དཔལ༔ དཀྱིལ་འཁོར་སྤྲོ་དང་བསྡུ་བ་མི་མངའ་ཡང༔ དངོས་གྲུབ་རང་བཞིན་དབྱིག་ཏུ་འཁྱིལ་བའི་ཕྱིར༔ བསམ་ཡས་དཀྱིལ་འཁོར་གཅིག་ཏུ་འདུས་པ་ལས༔ གཟུང་འཛིན་ཟད་པ་བུམ་པའི་དབྱིངས་སུ་ཐིམ༔ ཞེས་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཏཱ་རེ་ཏུཏྟཱ་རེ་ཏུ་རེ༔ སརྦ་ཏ་ཐཱ་ག་ཏ་ཨ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བརྒྱ་རྩ་ཙམ་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེ་དང་། རྒྱུན་ཁྱེར་ནས་འབྱུང་བའི་མཆོད་པ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། ཨོཾ༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་བདག༔ ཞལ་གྱི་ཆུ་སྐྱེས་ལས་བྱུང་བ༔ དུས་གསུམ་སངས་རྒྱས་སྐྱེད་མཛད་ཡུམ༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་འདུད༔ ཅེས་བསྟོད། མདའ་དར་ཐོགས་ཏེ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀུན་ཁྱབ་སོགས་ཀྱིས་ཚེ་འགུགས་དང་། དྲིལ་སྒྲུབ་ཀྱི་སྔགས་བཅས་ཀྱིས་བསྐུལ་ལ་རྒྱས་གདབ་པ་ནི། ཧྲཱི༔ མཁའ་མཉམ་ཞིང་ལ་ཐུགས་རྗེའི་འོད་ཀྱིས་ཁྱབ༔ ལུ་གུ་རྒྱུད་ཀྱི་ལྷ་མོ་མཐའ་ཡས་པས༔ ཡེ་ཤེས་ལྔ་ཡི་དྭངས་མ་འོད་ཀྱི་ཚོགས༔ བདུད་རྩིར་བྱས་ནས་བུམ་པར་རབ་ཏུ་བསྐྱིལ༔ ཚེ་མཆོག་བདུད་རྩིའི་དབང་མཆོག་རྒྱ་ཆེར་བསྐུར༔ ཚེ་རྟེན་རྣམས་ལ་ཐིམ་པས་འོད་ཟེར་འབར༔ དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་བར་གྱུར༔ ཧཱུྃ༔ རྭ་རྣམས་མདུད་པས་ཟེར་ཐག་ཐིག་ལེས་བཅིངས༔ ཡི་གེ་རྣམ་པ་ཀུན་ཏུ་གསལ་ཞིང་འབར༔ མི་ཤིགས་དྭངས་མའི་ཐིག་ལེ་དབྱེར་མེད་པས༔ མི་འགྱུར་གཡུང་དྲུང་གཞོམ་མེད་རྡོ་རྗེ་དང༔ མི་ནུབ་རྒྱལ་མཚན་ངོ་བོར་ལྷུན་གྱིས་གྲུབ༔ ཅེས་དང་། མེ་ཏོག་འཐོར་ཏེ། ཡེ་དྷརྨས་བརྟན་པར་བྱ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ། རྣམ་རྒྱལ་བུམ་པའི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩིར་གྱུར། ལས་བུམ་ལ་ཁ་རྒྱན་གྱིས་བུམ་ཆུ་བླངས་ཏེ་འཐོར་ཞིང་། ཧཱུྃ། ཁྲོ་བོ་ཆེན་པོས་བགེགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་གསོལ་བས་ཞལ་གྱིས་བཞེས་ཏེ་ལྷ་འོད་དུ་ཞུ་བ་ལས་ཆུ་དབང་དྲག་གི་ནུས་པ་དང་ལྡན་པར་གྱུར། ཅེས་ལྷ་རྣམས་འོད་ཞུ་བྱ། དེ་ལ་སྤྱིར་རྗེ་གཏེར་ཆེན་རིག་འཛིན་རྣམ་གསུམ་གྱི་ཕྱག་བཞེས་སུ་ཉིན་མཚན་གྱི་ཐུན་རེ་རེ་བཞིན་ཚོགས་མཆོད་རེ་མཛད་པས་ཕྱི་ཐུན་མཐར་ཚོགས་རྒྱས་པ་དང་། ཐུན་གཞན་རྣམས་ལ་བསྡུས་པ་ལྟར་བྱ། ཐུན་རེ་བཞིན་ཉུལ་ལེ་འདུལ་བ་དང་། བྱིན་འབེབ་ཛཔ྄་དབྱངས་བཅས་སྤྱི་ལྟར་དགོས། ཐུན་གཉིས་པ་དང་། གསུམ་པ་ལ། མཆོད་པ་བྱིན་བརླབ་ནས་ཕྲིན་གཞུང་ལྟར་མཆོད་ཕྲེང་སོགས་ལ་སབ་ཁ་མེད་པའི་བཟླས་པ་དང་། ཐུན་མཐར་སྟོང་ཚིགས་མཆོད་བསྟོད་ཚེ་འགུགས་བཅས་བྱ། མཆོད་ཕྲེང་རྒྱས་པ་དང་། ཛཔ྄་ཁང་དབྱེ་བ། ཛཔ྄་བསྐུལ། བུམ་པ་དང་། རྟེན་གཏོར་སྒྲུབ་པ་སོགས་མི་དགོས། མཚན་ཐུན་གསུམ་ལ། སྐྱབས་སེམས་ཡན་ལག་བདུན་པ་མཆོད་པ་བྱིན་རླབས་མན་ཆད་ཉིན་ཐུན་གཉིས་པ་ལྟར་ལ། ཚོགས་མཐར་ཉུལ་ལེ་བསྐྲད་པ་དང་བྱིན་འབེབ་བྱ། ཉིན་ཐུན་གསུམ་པའི་མཐར་ཚོགས་མཆོད་རྒྱས་པ་དང་། སྐོང་བ་ཟུར་གསལ་ལྟར་སྦྱར། ཚོགས་ཀྱི་དྲང་བའི་དབུར་བདག་འཇུག་ཡེ་ཤེས་དྭངས་བཅུད་བཞིན་དབང་བླང་རྗེས། ཚོགས་བདུད་རྩིར་སྒྲུབ་པ་དང་། ཚོགས་ལ་རོལ། རྡོ་རྗེའི་ཆོས་སྐྱོང་གི་སྲུང་མ་རྣམས་ལ་གཏོར་ཆོག་དམ་ཅན་སྤྱི་གཏོར་དང་། སྨིན་ལུགས་དངོས་རོལ་ནང་གི་མ་ནིང་གི་གཏོར་བསྔོ་བསྐང་བ་བཅས། གཏེར་གསར་ཚེ་རིང་མ་རྣམས་འདོན། སྒྲུབ་ཁང་གི་ཕྱི་རོལ་དུ་གཏོར་མ་ཆ་གསུམ་གཏང་། ནང་དུ་ལོག་ནས། འཆི་མེད་འཕགས་མའི་དཀྱིལ་འཁོར་དུ། །སོགས་ཀྱིས་སྨོན་ལམ་བཏབ་ལ། ལྷག་མ་བཏང་སྟེ་བཙོན་འཛིན་བྱ། སྲུང་མའི་གཏོར་འབུལ། ཆད་བརྟན། རྟ་བྲོ། གཏང་རག་གི་མཆོད་པ་བྱིན་བརླབ། མཆོད་བསྟོད་བསྡུས་པ། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་བརྟན་བཞུགས་སྤྱི་ལྟར་ལ། རྡུལ་ཚོན་ཡིན་སྐབས། ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་ཁ་བསྒྱུར། བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས། དངོས་གྲུབ་ལ་བར་དུ་གཅོད་པའི་འབྱུང་པོ་ལྟ་ཉན་འདུལ་ཞིང་བསྐྲད་པ་ནི། ཚོགས་པ་ཐམས་ཅད་ཞྭ་དང་བཅས་བཞེངས། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་པ་རྣམས་དཀྱིལ་འཁོར་གྱི་མདུན་དུ་འཁོད་དྲུང་དུ་ཉུལ་ལེའི་བྲུབ་ཁུང་བཀོད་ལ། ཨོཾ་པདྨ་ཀྲོ་དྷ་མཎྜལ་ཧཱུྃ། ཞེས་བརྗོད་པས་སྣང་སྲིད་ཐམས་ཅད་དབང་ཆེན་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོར་གྱུར་པར་བསམ་ལ། བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། འགུགས་པའི་ཕྱག་རྒྱ་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དབང་ཆེན་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགུགས་གཞུགས་བྱས་ནས། གིང་པ་ལས་ཀྱི་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླགས་པར་བསམས་ཤིང་། རོལ་མོ་དབྱངས་དང་ཊཱ་ཀིའི་འཆམ་སྟབས་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དབང་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང་། ཧཱུྃ༔ ང་ནི་རྟ་མཆོག་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་ཆེན་ལྷ་ཚོགས་དུས་ལ་བབས༔ གཡས་ཀྱི་ཕྱག་ན་ཕུར་པ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ ཞེས་ཕུར་ཐུན་ཚོམ་བུར་བསྐུལ་མཐར། སློབ་དཔོན་གྱིས། ཨོཾ་པདྨ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་དྲག་སྔགས་སོ་ལྔ་ཕུར་སྐོར་དང་བཅས་པར་བཟླ་ཞིང་ལིང་གར་གདབ། ཊཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ་པ་དང་། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསྭེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟིར༔ རལ་པ་བསྭེ་ཁྲབ་དུག་གི་དགུ་ཆར་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་མ་ལུས་སྲེགས༔ རྡོ་རྗེ་སྡེར་མོའི་སྔགས། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་དང་། ཨོཾ་བྲུ་བུ་བྲུ༔ ཨ་པ་ཙེ༔ རུ་པ་ཙེ༔ ནི་ཙ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྵ་འབྱིན་ཡཀྵ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཞེས་དྲག་ཏུ་བཟླ་ཞིང་། ཁྱད་པར་གྱི་དབྱུག་པས་བརྡེག །ལྟ་སྟངས་དང་ཐུན་གྱིས་གཟིར་ཞིང་བསྐྲད། སྲུང་འཁོར་གྱི་རྭ་བས་བཅིངས། ཕྲིན་གཞུང་གི་བྱིན་འབེབ། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་ལྷ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་སད༔ བདག་གནས་སྒྲུབ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས༔ གཞི་སྣང་སོ་སོར་ཀུན་རྟོག་པ༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་དང་། རིག་འཛིན་ཐུགས་ཐིག་གི་བྱིན་འབེབ་དངོས་གྲུབ་ཆར་འབེབ་དང་། སྔགས་དང་རོལ་མོའི་སྒྲ། ཏིང་འཛིན་དམིགས་པའི་འཕྲུལ་འཁོར། སྤོས་ཀྱི་དུད་པ་སོགས་ཀྱིས་དཀྱིལ་འཁོར་བསྐོར་ཞིང་བྱིན་དབབ། དྲིལ་སྒྲུབ་ཀྱི་ཛཔ྄་དབྱངས་མང་དུ་བྱ་ཞིང་འཚོགས་གྲོལ། འདི་དག་གི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་མཆེད་རྣམས་ལ་བླང་དོར་བསླབ་བྱ་དང་། བསྐྱེད་བཟླས་ཀྱི་དམིགས་པ་གོ་སླ་དོན་འདུས་སུ་བཤད་དགོས་པར་རྒྱུད་ལས་གསུངས་པས་དེ་ལྟར་བྱའོ། །དེ་ལྟ་བུའི་སྒྲུབ་པ་དངོས་གཞི་མོས་སློབ་ཀྱི་དབང་དུ་བྱས་ཏེ་ཞག་བདུན་ལས་མི་ཉུང་བར་གྲུབ་པ་དང་། སང་དངོས་གྲུབ་ལེན་པའི་ཕྱི་ཐུན་གྱི་བརྟན་བཞུགས་མཐར། སློབ་དཔོན་དང་ལས་རྡོར་གྱིས་མཎྜལ་ལར་དྲི་བཟང་གི་ཐིག་ལེ་དང་། ལྷ་སྔགས་བརྗོད་རིམ་བཞིན་སྦྱིན་སྲེག་ལ་གདན་དྲང་རྒྱུའི་ཚོམ་བུ་བཀོད་དེ་དཀྱིལ་འཁོར་གྱི་མཉྫིའི་ཁར་འཇོག་གོ ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། དངོས་གྲུབ་བླང་ཞིང་སྦྱིན་སྲེག་དང། །ལྷག་མ་གཏོར་སྐྱོང་མཆོད་བསྟོད་དང་། །ནོངས་བཤགས་བཟོད་གསོལ་དཀྱིལ་འཁོར་གཤེགས། །ཐོ་འགྲོལ་སྨོན་ལམ་ཤིས་བརྗོད་བྱ། །ཞེས་བཅུ་གཅིག་གི །དང་པོ་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་། འབྲུ་དཀར་སིལ་མ་བཀྲམ་པའི་དབུས་སུ་མཉྫིའི་ཁར་སྒྲུབ་རྟེན་ཐོད་པ་རིལ་བུས་བཀང་བ་དང་། གཡས་སུ་བུམ་པ། གཡོན་དུ་ཚེ་འབྲང་། མདུན་དུ་ཚེ་ཆང་། རིན་ཆེན་སྣ་ཚོགས་ཀྱི་ཕྱེ་མ་དང་ཚེ་རྫས་བཏབ་ཅིང་དཀར་མངར་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་རིལ་བུས་བསྐོར་བ་དང་། མཱཾ་ས། མར་ཐུད། འབྲས་ཆན། ཁུར་བ། ཞོ་དང་། ལ་དུ། ཤིང་ཐོག་སོགས་དངོས་གྲུབ་ཀྱི་རྫས་རྣམས་ཀྱིས་བསྐོར་བ་བཤམས་ནས་དར་དམར་གྱི་ལྡིང་གུར་ཕུབ། ཐོ་རངས་ཤིན་ཏུ་སྔ་བར་འཚོགས་ཏེ་ལས་བྱང་རྒྱས་པར་གཏང་། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་རྣམས་ཁྱུག་ཙམ་གྱི་མཐར། སྟོང་ཚིགས་ཀྱི་མཆོད་བསྟོད་ཕུལ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་དཀྱིལ་འཁོར་པའི་ཐུགས་ཀར་ཐིམ། དངོས་གྲུབ་སྩོལ་བ་ལ་མངོན་དུ་ཕྱོགས་པས་ཡེ་ཤེས་ཀྱི་གཟི་བྱིན་འབར་བཞིན་བཞུགས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་སྟོང་ཕྲག་བཟླ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་། རྒྱལ་ཚབ་དཀྱིལ་འཁོར་གྱི་མདུན་དུ་ཕེབས། ལས་གཞུང་གི་བཀའ་བསྒོ་དང་། གུལ་ཡུངས་དྲག་སྔགས་དང་བཅས་པས་དངོས་གྲུབ་ཀྱི་བགེགས་བསྐྲད། གཞུང་གི་བྱིན་འབེབ་བཅས་སྔོན་དུ་འགྲོ་བས་མཆོད་བསྟོད་རྒྱས་པའི་མཐར། ཡོངས་རྫོགས་འཆི་མེད་སྙིང་ཏིག་ལས་འབྱུང་བའི་དངོས་གྲུབ་བསྐུལ་བ་ནི། ཧྲཱི༔ མཁའ་མཉམ་ཞིང་ལ་ཐུགས་རྗེའི་འོད་ཀྱིས་ཁྱབ༔ ལུ་གུ་རྒྱུད་ཀྱི་ལྷ་མོ་མཐའ་ཡས་པས༔ ཡེ་ཤེས་ལྔ་ཡི་དྭངས་མ་འོད་ཀྱི་ཚོགས༔ བདུད་རྩིར་བྱས་ནས་བུམ་པར་རབ་ཏུ་བསྐྱིལ༔ ཚེ་མཆོག་བདུད་རྩིས་དབང་མཆོག་རྒྱ་ཆེར་བསྐུར༔ ཚེ་རྟེན་རྣམས་ལ་ཐིམ་པས་འོད་ཟེར་འབར༔ དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་བར་གྱུར༔ ཧྲཱི༔ རང་བྱུང་འོད་སྣང་ཕྱོགས་བཅུའི་དཀྱིལ་འཁོར་ཁྱབ༔ མི་འགྱུར་ཚེ་ཡི་དངོས་གྲུབ་མ་ལུས་བསྡུས༔ བདུད་རྩིའི་རང་བཞིན་དངོས་གྲུབ་རྫས་ལ་ཐིམ༔ ཡེ་ཤེས་བསོད་ནམས་ཚེ་ཡི་རྒྱ་མཚོར་འཁྱིལ༔ ཧྲཱི༔ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་མ་ལུས་པ༔ གཞན་དུ་མི་བཞུགས་རང་གི་དབྱིངས་སུ་གསལ༔ མ་རིག་འཁོར་བའི་མུན་ཁྲོད་ལས་གྲོལ་ཏེ༔ དག་པ་ཡེ་ཤེས་སྒོ་ཆེན་རང་སར་ཕྱེ༔ ཆོས་ཉིད་དག་པའི་སྐྱ་རེངས་དང་པོ་ཤར༔ ཉམས་སྣང་གོང་དུ་འཕེལ་བའི་ནམ་ཡང་ལངས༔ རིག་པ་ཚད་ལ་ཕེབས་པའི་ཉི་མ་ཤར༔ རྣམ་རྟོག་འཆི་བདག་མུན་པ་ཀུན་ཟད་ནས༔ ཡེ་ཤེས་སྣང་བ་འཕེལ་བའི་གྲངས་རྫོགས་པས༔ ད་ལྟ་ཉིད་དུ་དངོས་གྲུབ་བསྩལ་དུ་གསོལ༔ ད་ནི་ནང་དབྱིངས་ཆེན་པོར་དབྱེར་མེད་པར༔ ཆོས་དབྱིངས་ཀུན་བཟང་རྒྱལ་ས་ཆེན་པོར་འཇུག༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་དབང་ཆེན་སྐུར༔ ཡོན་ཏན་མི་ཟད་རྒྱན་གྱི་དངོས་གྲུབ་སྩོལ༔ རིས་མེད་རྒྱལ་བའི་ཕྲིན་ལས་ཀུན་ལ་ཁྱབ༔ རྒྱུན་ཆད་མེད་པའི་འགྲོ་དོན་ལྷུན་གྱིས་གྲུབ༔ ཧཱུྃ༔ རྭ་རྣམས་མདུད་པས་ཟེར་ཐག་ཐིག་ལེས་བཅིངས༔ ཡི་གེ་རྣམ་པ་ཀུན་ཏུ་གསལ་ཞིང་འབར༔ མི་ཤིགས་དྭངས་མའི་ཐིག་ལེ་དབྱེར་མེད་པས༔ མི་འགྱུར་གཡུང་དྲུང་གཞོམ་མེད་རྡོ་རྗེ་དང༔ མི་ནུབ་རྒྱལ་མཚན་ངོ་བོར་ལྷུན་གྱིས་གྲུབ༔ ཅེས་དང་། ལས་བྱང་གི་མཇུག །ཨོཾ༔ རྗེ་བཙུན་འཕགས་མ་ཚེ་ཡི་སོགས་ཀྱིས་དངོས་གྲུབ་གསོལ་ཏེ། དམིགས་པ་སྤྱི་ལྟར་དང་བཅས་བུམ་པ་མགོ་བོར་བཞག་ཏེ་བུམ་ཆུ་མྱོང་། བདུད་རྩི་མགྲིན་པར་བཞག་ཅིང་རོལ། ཚེ་འབྲང་སྙིང་གར་བཞག །ཐོད་པའི་རྫས་མྱོང་ཞིང་། དངོས་གྲུབ་ཀྱི་དགའ་སྟོན་ལ་རོལ་པར་བྱ། གཞན་ལ་དབང་བསྐུར་དགོས་ན་སྐབས་འདིར་བྱ། དེ་ནས་ཚོགས་མཆོད་རྒྱས་པར་གཏང་། སྲུང་མའི་གཏོར་ཆོག་དང་ཆ་གསུམ་གཏང་། ཚོགས་ལ་རོལ། སྔར་ལྷག་མ་བཙོན་འཛིན་དུ་བྱས་པ་རྣམས་ཕྱི་རོལ་དུ་གཏང་། སྲུང་མའི་གཏོར་འགུགས་མཐར་ཉུ་ལེའི་ལིང་ག་མེར་བསྲེགས་པའི་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབས་ནས་གཏོར་འབུལ་བྱ། ལས་བྱང་གི་ཐུགས་དམ་བསྐུལ། ཆད་བརྟན་རྟ་བྲོ་རྣམས་བྱ། དེ་ནས་ཕྱོགས་གཞན་དུ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཚབ་བཅས་ནས་ཞི་རྒྱས་ཀྱི་སྦྱིན་སྲེག་ཆོ་ག་ཡེ་ཤེས་རབ་ཏུ་རྒྱས་པ་ལྟར་བྱ་དགོས་ལ། དེའི་ཁྱད་པར་འཇིག་རྟེན་པའི་མེ་ལྷ་རྫོགས་ནས། མེ་ལྷ་འབར་བའི་རྣམ་པར་གྱུར། །ཅེས་པའི་མཚམས་ཚོམ་བུ་སྤྱན་དྲང་བྱ་ཞིང་། ལས་གཞུང་གི་སྤྱན་འདྲེན་མཐར་བཞུགས་གསོལ་དང་ལྷ་སྔགས་རྣམས་བརྗོད་རིམ་བཞིན་ཚོམ་བུའི་ཕུད་ཅུང་ཟད་ཐབ་ཏུ་འཐོར། འོད་ཟེར་རབ་ཏུ་འཁྱིལ་བའི་དབུས། །སོགས་ནས། མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཞེས་པའི་བར་བརྗོད། ལས་བྱང་གི་ཕྱག་མཆོད་ནས་འདོན་རྒྱུའི་ཟིན་བྲིས་སྦྱིན་སྲེག་གི་གཞུང་གསལ་ལྟར། འཇིག་རྟེན་འདས་པའི་མེ་ལྷ་གཤེགས་གསོལ་གྲུབ་ནས་ཚོམ་བུ་སླར་སྒྲུབ་ཁང་དུ་སྤྱན་དྲང་བར་བྱའོ། །སྦྱིན་སྲེག་རྗེས་ཀྱི་ལས་རིམ་རྣམས་དཀྱུས་ལྟར་གྲུབ་པ་དང་ནང་དུ་བྱོན་ལ། དེ་ནས་སླར་ཡང་མཆོད་བསྟོད་བསྡུས་པ་དང་། ནོངས་བཤགས། དམ་ཚིག་གི་བྲིས་སྐུ་སོགས་སྒྲུབ་རྟེན་རྣམས་ལ་བརྟན་བཞུགས་དང་བསྡུ་ལྡང་རྗེས། ཐོ་འགྲོལ་སེར་ཕྲེང་དང་བཅས་པས་ཕེབ། ཐོ་སོ་སོའི་མདུན་དུ་མཆོད་གཏོར་བཤམས། བསང་སྦྱང་བྱིན་རླབས་དྲང་བསྟིམ་བཟླས་མཆོད་པ་རྣམས་སྔར་ལྟར་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ཏིཥྛ་བཛྲས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ཕུར་བུ་རྣམས། ཨོཾ་བཛྲ་ཀཱི་ལ་ཡ་ཨུཊྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་འཇམ་རོལ་དང་བཅས་པའི་རྡོ་རྗེས་བྱང་ཤར་གྱི་རྩིག་པ་ནས་བརྩམ་སྟེ་ལྟེ་བའི་བར་བསྐོར་བའི་རེ་ཁ་གསུམ་འཐེན། ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང་ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་བུམ་པར་བླུགས་ནས་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གིས་ཕྱི། དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་བའི་རྩ་བ་བླ་ན་མེད་པའི་རྒྱུར་བསྔོ་བ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་དུ༔ ཚེ་མཐའ་ཡས་དངོས་བླ་མས་དབུ་བཟུང་ནས༔ ལུ་གུ་རྒྱུད་དུ་འབྲེལ་བའི་མཆེད་ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ སྣང་གསལ་མར་མེ་འདི་ཡིས་མཚོན་ནས་ཀྱང༔ ཡེ་ཤེས་སྒྲོན་མ་སྟོང་རྩ་ཤར་བའི་མཐུས༔ མ་རིག་མུན་པའི་ནང་དུ་མི་འཁྱམས་ཤིང༔ འཆི་བདག་གཅན་གཟན་གདུག་པའི་སྐད་མི་ཐོས༔ ཉོན་མོངས་དུག་ལྔ་ལྡང་བ་ཀུན་སོལ་ལ༔ འཁོར་བ་སྐྱེ་འཆིའི་འཕྲང་ལ་འགྲིམ་གྲབས་ཚེ༔ ཡེ་ཤེས་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ ཚེ་ལམ་པདྨ་ཅན་གྱིས་སྣ་ཁྲིད་ནས༔ འཆི་མེད་འཕགས་མའི་ཚོགས་ཀྱིས་ཚེ་སྩོལ་ལ༔ ཚེ་བདག་ཡབ་ཡུམ་རྣམས་ཀྱིས་སྲོག་བརྟན་ཅིག༔ དབང་ཆེན་རྟ་མགྲིན་རྒྱལ་པོས་བར་ཆད་སོལ༔ མགྱོགས་མ་མཆོད་པའི་ལྷ་མོས་མཐའ་ནས་སྐྱོངས༔ འོད་གསལ་སྣང་བཞི་རིམ་པར་བགྲོད་ནས་ཀྱང༔ འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཅེས་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་སྨོན་ལམ་གདབ་རྗེས། ལས་བྱང་གི་སྨོན་ལམ་ཤིས་བརྗོད་བཅས་མཐར་དབྱུང་ངོ་། །རྡུལ་ཚོན་དང་འབྲེལ་ན་དེ་ཉིད་ཆུ་ཀླུང་དུ་གཤེགས་པའི་ཚུལ་དང་། གཏེར་དུ་སྦ་བ་སོགས་སྒྲུབ་པའི་ཁོག་དབུབ་གཞན་ནས་འབྱུང་བའི་གསང་བ་སྤྱི་ལྟར་བྱའོ། །དེ་ལྟར་དང་བརྩོན་བརྟུལ་ཞུགས་དང་ལྡན་པས་དུས་གྲངས་མཚན་མའི་ཚུལ་གྱིས་དབྱེ་བའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ་བརྩོན་པས། དབང་པོ་རབ་རྣམས་སྒྲུབ་པ་མཐར་ཕྱིན་པ་དང་མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་གྲུབ་པའི་འབྲས་བུ་མངོན་དུ་འབྱུང་ཞིང་། འབྲིང་ཐ་རྣམས་ཀྱང་རང་རང་གི་སྐལ་བ་དང་འཚམ་པའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཅི་རིགས་ཐོབ་པ་དང་། དད་དང་དམ་ཚིག་གཙང་མས་འབྲེལ་པ་ཙམ་གྱིས་ཀྱང་ཕན་ཡོན་ཚད་མེད་པ་ནི་ངེས་པ་ཉིད་དོ། །སྒྲུབ་པ་གྲོལ་མ་ཐག་རང་གནས་སུ་མི་ལྡོག་པར་ཞག་གསུམ་ཙམ་དུ་སྒྲུབ་ཁང་དེར་གྲུབ་ན་ཚོགས་སྐོང་སོགས་དགའ་སྟོན་དང་། དམ་པའི་ཆོས་འཆད་ཉན་སོགས་བསྟན་པ་གནས་ཤིང་བཀྲ་ཤིས་པའི་བྱ་བ་བྱ་དགོས་པར་གསུངས་པ་ལྟར་བྱའོ། །རྒྱུད་ལུང་མན་ངག་སྙིང་པོའི་ཆུ་གཏེར་ལས། །ཟབ་གསང་ཉིན་བྱེད་དང་པོར་འཆར་བའི་ཆོས། །དད་བརྩོན་མཁའ་ལ་མཛེས་པའི་སྣང་བ་འདི། །གྲུབ་གཉིས་པདྨོའི་ནགས་ཀླུང་དར་བའི་གཉེན། །ཚུལ་འདིས་རྒྱལ་བསྟན་མངའ་ཐང་མཆོག་ཏུ་འཕེལ། །དེར་འཛིན་སྐྱེས་བུའི་སྐུ་ཚེའི་ལྗོན་བཟང་བརྟན། །འགྲོ་ཀུན་གནས་སྐབས་འཇིགས་དང་སྡུག་བསྔལ་བྲལ། །མཐར་ཐུག་འཕགས་མའི་གསང་གསུམ་དབྱེར་མེད་ཤོག །སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་ཕྲིན་ལས་གཟུགས། །ཡུམ་གྱུར་དཔའ་མོ་དགྱེས་པའི་འོད་དཀར་གྱིས། །སྲིད་ཞིའི་དགེ་མཚན་རྒྱས་པའི་ཀུན་དགའི་དཔལ། །འཇིག་རྟེན་གསུམ་ན་རྟག་ཁྱབ་བཀྲ་ཤིས་ཤོག །ཅེས་པའང་དད་དང་དམ་ཚིག་མཆོག་ཏུ་གཙང་ཞིང་། སྐྱེ་འགྲོ་མཐའ་དག་ལ་བྱམས་པ་དང་བརྩེ་བའི་ཐུགས་ཀྱིས་མངོན་པར་སྐྱོང་བའི་དཔལ་སྡེ་བཞི་དགེ་བཅུའི་ལྷ་ཡི་རིགས་ཀྱི་སྲས་མོ་ཚེ་རིང་གཡུ་སྒྲོན་ནས་འདི་ཉིད་ཀྱི་སྒྲུབ་མཆོད་འཛུགས་བཞེད་ཀྱིས་གསུང་གིས་ནན་ཏན་དུ་བསྐུལ་བ་དང་། མཁྱེན་བརྩེ་ནུས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་དབང་འབྱོར་པ་༧མཁྱེན་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་ཞལ་སྔ་ནས་ཀྱང་མྱུར་དུ་འབྲི་བར་འོས་པའི་བཀའ་ཡི་བསྐུལ་མ་གནང་བས་མཚམས་སྦྱར་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་པའི་མིང་གི་དབུགས་དབྱུང་ཐོབ་ཀྱང་དོན་ལ་ཆོས་མེད་དྲེད་པོ་སྙོམ་ལས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་བས། ཤིང་བྱ་སྣྲོན་ཟླའི་ཚེས་བཅོ་བརྒྱད་ཁྱབ་བདག་འཁོར་ལོའི་མགོན་པོ་ཟེ་ཆེན་པ་༧འགྱུར་མེད་པདྨའི་མཚན་ཅན་གྱི་དུས་དྲན་མཆོད་པའི་ཉིན། གངས་ཅན་ལྗོངས་ཀྱི་སྒྲུབ་གནས་ཡོངས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་ཕུག་གི་གཡོན་འདབས་བཀྲ་ཤིས་ལྷ་བྱ་སྒང་འཆི་མེད་གྲུབ་པའི་སྨན་ལྗོངས་ཀྱི་སྐྱེད་ཚལ་དུ། རིག་འཛིན་གོང་མ་རྣམས་ཀྱི་གསུང་གི་རྗེས་སུ་འབྲངས་ཏེ་ལེགས་པར་བསྒྲིགས་པའི་ཡི་གེའི་མཐུན་འགྱུར་སོགས་ལྷན་ཅིག་བྱེད་པའི་གྲོགས་རྐྱེན་མཆོག་སྤྲུལ་མངྒ་ལའི་མཚན་ཅན་ཉིད་ཀྱིས་མཛད་པ་འདིས་ཀྱང་། རྒྱལ་བསྟན་རིས་མེད་པའི་བསྟན་པ་དེར་འཛིན་དང་བཅས་པ་རྣམས་ཀྱི་ཞབས་པད་བརྟན་ཅིང་། འཇིག་རྟེན་གསུམ་ན་འཆི་མེད་རྟག་པ་དམ་པའི་དགེ་ལེགས་ཀྱི་སྣང་བས་ཁྱབ་པའི་རྒྱུར་གྱུར་ཅིག །ཨཱ་ཡུརྫྙཱ་ན་སིདྡྷི་ཀུ་རུ་མངྒ་ལཾ།། །།

བདེ་གཤེགས་འདུས་པའི་རྒྱས་པའི་སྦྱིན་སྲེག་བདེ་ཆེན་རབ་འབར་ (Volume 14, Text 26)

༄༅། །བདེ་གཤེགས་འདུས་པའི་རྒྱས་པའི་སྦྱིན་སྲེག་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། ། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱས་པ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ། བཅོམ་ལྡན་འདས་འདོད་དགུ་ཐམས་ཅད་འབྱུང་བ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རི༵ག་པའི་ཡེ་ཤེས་བདག་འཛི༵ན་བྲལ་བའི་མེས། །འ༵གྱུར་བཅས་འཁྲུལ་རྟོག་བསྲེགས་ལས་མེ༵ད་སྣང་ལྕགས། །རྡོ༵་རྗེ༵འི་གསེར་དུ་གྲུབ་མཛད་གདོད་མའི་མགོན། །ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེར་ཕྱག་འཚལ། །དོན་དམ་མཐའ་བྲལ་བདེ་ཆེན་དབུ་མའི་ཆོས། །མངོན་སུམ་གསལ་བྱེད་སྣང་བ་རབ་འབར་བས། །དངོས་གྲུབ་གཡང་དུ་འཁྱིལ་པའི་དགའ་སྟོན་དཔྱིད། །ཚེ་དཔལ་བསོད་ནམས་དཔལ་གྱིས་རྟག་ཏུ་སྐྱོངས། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་བསྙེན་སྒྲུབ་ལས་རུང་དུ་སྨིན་པའི་གང་ཟག་གིས་མྱུར་ལམ་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་ལ། ཕྱི་ནང་གསང་བ་ཡང་གསང་བཞིའི་དང་པོ་ལ། སྦྱོར་བ་དང་དངོས་གཞི་གཉིས། དང་པོ་ནི། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱ་དཔངས་སོར་བརྒྱད་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་སྐོར་ཐབ་དབུས་སུ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་མཚན་པའོ། །བརྐོས་ཐབ་ཏུ་བྱེད་ན་སྟེགས་བུའི་དབུས་སུ་མཆུ་དམའ་བ་དང་ཐབ་ཀྱི་ཟབ་བརྐོས་ལ། དེ་ནས་མཆུ་སོར་བརྒྱད་ཕྱིར་འགྱེད་པ་ནས་ཁ་ཁྱེར་རྒྱ་དཔངས་སོར་བརྒྱད་པ་བྱ་བ་ཙམ་ཁྱད་པར་ཡིན། བྲིས་ཐབ་ཏུ་བྱེད་ན་སྟེགས་བུ་དྲི་བཟང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བའི་ཆག་ཆག་བཏབ་ལ་ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ། ཡང་ན་རིན་ཆེན་རྐྱང་པས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་སྐོར་དང་། དེའི་ཕྱི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། བརྩིག་ཐབ་སོགས་གང་གི་ཚེ་ཡང་ཁ་དོག་སེར་པོར་བྱ་ཞིང་། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པ་གུར་གུམ་གྱི་ཆབ་ཀྱིས་བྲན་པ་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །རང་གི་གཡས་སུ་ཁེབས་སེར་པོས་བཀབ་པའི་སྟེགས་ལ་རིམ་པ་བཞིན་དུ། རིགས་བརྒྱའི་སྦྱིན་སྲེག་རྩ་བར། བུད་ཤིང་དཀར་པོ་ཁྲུ་གང་ཚད༔ ཙནྡན་དཀར་པོ་འོ་མས་སྦང༔ མཆོག་སྦྱིན་འདིར་ནི་ཁྲུ་གང་ཚད༔ །འདབ་མ་དང་བཅས་རྩེ་མོ་ངོས༔ སྔར་བཞིན་སྦངས་ལ་ཡམ་ཤིང་བྱ༔ ཞེས་གསུངས་པས་མཚོན་པ་ལྟར་རམ། སྤྱི་མཐུན་འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་མར་ཁུར་ཉུག་པ། དེ་བཞིན་མངར་གསུམ་སྦྱར་བའི་ཞུན་མར་དང་། གུར་གུམ་འོ་མར་བཅས་པའི་ཞོ་ཟན་དང་། ཏིལ་དཀར་པོ་དང་། འབྲས་མ་གྲུག་པ་དང་། སོ་བ་གྲ་མ་མེད་པ། ནས་དང་། སྲན་མ་དང་། གྲོ་དང་། དཱུརྦ་དང་། ཀུ་ཤ་རྣམས་དང་། གཞན་ཡང་བཤལ་སྨན་དང་། དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རིམ་པས་ཉིས་རིམ་དུ་འགོད། གཡོན་ངོས་སུ་གོང་འདྲའི་སྟེགས་ལ་འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་སྨན་རཀ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ལས་བུམ། མདུན་དུ་རྡོར་དྲིལ་དགང་བླུགས་དང་བཅས་འདུ་བྱ་སྟེ། སྔ་མ་ལས། མར་དང་དཀར་གསུམ་མངར་གསུམ་དང༔ ཡམ་ཤིང་འོ་མ་ཆན་དང་ནས༔ དེ་ལ་སོགས་པའི་མཐུན་རྫས་རྣམས༔ རིམ་པ་བཞིན་དུ་དབུལ་བར་བྱ༔ ཏིལ་ནི་མེད་དུ་མི་རུང་ངོ་༔ ཞེས་དང་། ཆོག་བྱང་རྩ་བར། དེ་ནས་སྒྲུབ་པ་པོའི་གཡས་ཕྱོགས་སུ་ནི༔ འོ་མ་ལ་སོགས་པ་ཞི་བའི་བསྲེག་རྫས་ཏེ༔ དཀར་པོའི་ནས་དང༔ ཆན་ལ་སོགས་པ་དང༔ ཀུ་ཤའི་ཕོན་པོ་གཅིག་དང་ཡོན་ཆབ་ཀྱི་སྣོད་རྣམས་ནི་ཕྲེང་བའི་ཚུལ་དུ་བཞག་གོ༔ མེ་ཏོག་དང་བསང་གཏོར་གྱི་སྣོད་དང༔ ཞབས་བསིལ་གྱི་སྣོད་དང༔ མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་ཀྱང་ཕྲེང་བའི་ཚུལ་དུ་དགོད་དོ༔ དགང་གཟར་དང་བླུགས་གཟར་དང༔ ཡམ་ཤིང་དང་རྡོ་རྗེ་དྲིལ་བུ་དང༔ ཏིལ་དཀར་པོ་རྣམས་ནི་མདུན་དུ་བཞག་སྟེ༔ དེ་ཡང་ཕྲེང་བའི་ཚུལ་དུའོ༔ ཞེས་གསུངས་པས་མཚོན་ནོ། །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ཟླ་བ་ཡར་གྱི་ངོའི་བཀྲ་ཤིས་པའི་ཉི་མའི་སྔ་དྲོའི་ཆ་ལ་ཀུ་ཤ་སོགས་གཙང་མའི་སྟན་ལ་དགའ་ཞིང་སྤྲོ་བའི་སེམས་ཀྱིས་ཆས་གོས་སེར་པོ་དང་ལྡན་པས་བཟང་པོའི་འདུག་སྟངས་ཀྱིས་བྱང་དུ་ཕྱོགས་པར་འདུག་སྟེ། སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་ལས་བུམ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿཕཊ་ཛཿ ཞེས་བརྗོད་པས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨཱཿ ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་བསམ། མཆོད་བསྲེག་གི་རྫས་རྣམས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ལས་བྱུང་བ་དང་ནོར་བུ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་བྱང་ནས་ལྷོར་བྱས་ཏེ་ཕྱོགས་བཞིར་གཡས་བསྐོར་དུ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩ་བས་ནོན་པར་བྱ། སླར་ཐབ་ཏུ་རྩེ་མོ་བྱང་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ། །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམས་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡ། མ་མ་པུཥྚིཾ་ཀུ་རུཿཨོཾ༔ ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱ། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསྭཱ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང་། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿནས། ཤབྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད། བུམ་ཆུས་གཏོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བུམ་ཆུས་གཏོར་ཞིང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེག་བླུགས་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམས་ལ། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་ལྟ་བུ་སྤེལ་ཚིག་སྦྲེལ་བས་འབུལ། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལས། ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དཱུརྦ། ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་དབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲཱ་ཡ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པུ་ལེ་མ་ཧཱ་ད་ར་པེ་ཤ་པུཥྚིཾ་ཀུ་རུ་ཨོཾ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་འབྱུང་བ་ལྟར་རམ། སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཅེས་སོགས་གོང་བཞིན་སྤེལ། དེ་དག་གི་ཚེ་དམིགས་པ་ནི། བསྲེག་རྫས་ཕུལ་བས་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་གཞོན་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་། རཏྣའི་ཆར་བབས་པས་གནས་ལུས་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ་མོ། །སྐབས་འདིར་སྤྲོ་ན་དངོས་གྲུབ་བླང་བའི་དོན་དུ་དགང་བླུགས་ཀྱང་འབུལ་བར་གསུངས་ཤིང་མ་འབྱོར་ཡང་སྐྱོན་མེད། གང་ལྟར་ཡང་། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱས་ནོངས་པ་བཤགས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུྃ་མུཾ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། །གཉིས་པ་ལ། གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས། །རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང་། །མརྒད་བཻ་ཌཱུརྻ་ཡི་རང་བཞིན་ཅན། །ཞེས་པ་ནས། ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །ཞེས་པའི་བར་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་བཞིན་ནོ། །སྐབས་འདིར་སྦྱིན་སྲེག་རྐྱང་པའི་སྐབས་བརྟེན་པ་ལྷ་བསྐྱེད་ནས། སྤྱན་འདྲེན་བྱེད་པ་ཡིན་མོད། འདིར་སྒྲུབ་མཆོད་དང་རྗེས་འབྲེལ་གྱི་དབང་དུ་བྱས་ཏེ། ཧཱུྃ། འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་ནས། །ཞེས་པ་ནས། ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཧཱུྃ་བཾ་ཧོཿ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན། ལས་རྡོར་གྱིས་དཔལ་དགུའི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་དཔལ་དགུ་པོ་སོ་སོའི་སྔགས་བརྗོད་མཐར་གསལ་གདབ་པ་ནི། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། །ཞེས་པ་ནས་བཀའ་སྡོད་བསྐྱེད་པའི་བར་དང་། ཧཱུྃ། འོག་མིན་ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་སུ། །ཞེས་སོགས་ཀྱིས་མཆོད་ཅིང་། ཧཱུྃ། བདེ་གཤེགས་སྐུ་ལྔའི་སོགས་ཀྱིས་བསྟོད་པའང་ལས་བྱང་གི་དཀྱུས་བཞིན་ནོ། །དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། གཙོ་སྔགས་ཀྱིས་དགང་ཞིང་ཁྲོ་བོའི་སྤྱི་སྔགས་ཀྱིས་འབུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ཁྲོ་བོ་སྤྱི་སྔགས་ཀྱིས་ཐུན་མོང་ངམ། ཞི་བ་དང་དཔལ་དགུ་སོ་སོའི་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྲེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་བརྒྱ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། དེའི་ཚུལ་ཡང་ཆོག་བྱང་རྩ་བ་ལས། དེ་ནས་མར་གྱི་དགང་བླུགས་གསུམ་མམ་བདུན་ཕུལ་ལ༔ བསྲེག་བླུགས་སུམ་འགྱུར་དུ་འབུལ་ལོ༔ དེ་ནས་ཡམ་ཤིང་ངོ་༔ དེ་ནས་འོ་མ་དང་ཞོ་དང་གུར་གུམ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་འབུལ་ལོ༔ རྫས་རེ་རེ་དང་སྔགས་རེ་རེ་སྤེལ་ལ་དབུལ་ལོ༔ སྔགས་ཉུང་ལ་རྫས་མང་བ་ནི་སྤང་བར་བྱའོ༔ རྫས་ཉུང་ལ་སྔགས་མང་བ་ནི་འགལ་བ་མེད་དོ༔ ཞེས་སོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང། ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝསཏྲཱ་ཡ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མུཾ་ཞེས་བརྗོད་ཅིང་། སྒྲུབ་མཆོད་དང་སྦྲེལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཤིང་། མཎྜལ་མེ་ཏོག་གིས་མཚོན་པ་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ནི་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམ་པས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བསམས་ཀྱང་ལེགས་སོ། །གསུམ་པ་ནི། ལས་སྔགས་ཀྱིས་བསང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་དང་དབྱེར་མེད་དུ་གྱུར། དེ་ནས་དགང་བླུགས་བྱོན་སྐྱེམས་བཞིན་དང་། གོས་ཟུང་དང་སོ་རྩི་སྔར་ལྟར་འབུལ། རྫས་སྔགས་རྣམས། སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཞེས་འབུལ། དེ་ཡང་ཆོག་བྱང་དུ། དེ་ནས་ཡང་མེ་ལྷ་ལ་སོགས་པ་ཀུན་བསངས་ལ༔ ཡེ་ཤེས་ཀྱི་མེ་ལྷ་གང་ན་བཞུགས་པའི་ས་ནས་སྤྱན་དྲངས་ལ་བསྟིམ༔ དེ་ལ་རྫས་རྣམས་དབུལ༔ དགང་བླུགས་གསུམ་མམ་ལྔ་བདུན་ཅི་འབྱོར་དབུལ༔ རྫས་ལྷག་མ་ནི་རེ་རེ་གསུམ་གསུམ་ལྔ་ལྔ་ཙམ་ལྡང་ན་རེས་མོས་གོང་བཞིན་འབུལ༔ མི་ལྡང་ན་གཅིག་ཏུ་བསྡུས་ཏེ་འབུལ་ལོ༔ དེ་ཡང་རྒྱུན་དུ་བྱེད་ན་རྫས་ཀྱི་ལྷག་མ་བཞག་ཏུ་རུང༔ མི་བྱེད་ན་བཞག་ཏུ་མི་རུང་བས་སྐབས་དེ་ཉིད་དུ་རིངས་པར་འབུལ་ལོ༔ ཞེས་སོ། །མཐར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཾ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ་ཞིང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུག་བརྡལ་སོགས་མི་བྱ་བར་རང་ཞིར་འཇོག །ལོངས་མེད་ན་དྲི་སེར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་བང་མཛོད་ལ་སོགས་པར་སྦའོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། ཁ་ཟས་ཀྱི་བཞི་ཆ་འབྲུ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་ལ་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བས་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་གྱི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པ་སྟེ། ཡེ་ཤེས་ཐིག་ལེར། ཁ་ནི་ཐབ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་སོ། །གསུམ་པ་ནི། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེར་ཧཾ་ཡིག་བདེ་བ་ཆེན་པོར་བཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་སྟེ། ཕྱག་ཆེན་ཐིག་ལེར། དབང་པོ་གཉིས་ཀྱི་སྦྱོར་བ་ལས། །རླུང་གིས་མེ་ནི་སྦར་བའོ། །མར་ཡོད་པ་ནི་སྟེང་འཁོར་ལོ། །དེར་ནི་མར་སྣོད་ཅེས་སུ་བརྗོད། །བྱང་ཆུབ་སེམས་ཀྱི་མར་ནི་སྲེག །ཅེས་སོ། །བཞི་པ་ནི། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ། ཐབས་ཤེས་ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས་སྐུ་གསུང་ཐུགས་མི་ཤིགས་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་སྟེ། སྲེག་པ་ཧོམ་གྱི་གཟེར་ཁ་ལས། དབྱིངས་དང་ཡེ་ཤེས་ཧོམ་བསྟན་པ༔ ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ༔ མི་གནས་ཡེ་ཤེས་ཧོམ་ཁུང་དུ༔ དུས་གསུམ་བདེ་གཤེགས་ཡམ་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ འཁོར་བ་ངན་སོང་ཐམས་ཅད་བསྲེགས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཅེས་སོ། །དེ་ལྟར་ཚུལ་བཞིན་དུ་བསྒྲུབ་པ་ལས་གྲུབ་པའི་འབྲས་བུ་ཐོགས་མེད་དུ་འབྱུང་བར་གདོན་མི་ཟའོ། །རང་བྱུང་ཡེ་ཤེས་མེ་ལྕེ་བདེ༵་ཆེན༵་པོར། །རབ༵་འབ༵ར་གཟི་བྱིན་ཤུགས་ཀྱིས་དགེ་ཚོགས་དངོས། །འདོད་དགུར་བྱེད་པ་ཐོགས་མེད་ཡིད་བཞིན་ནོར། །བསམ་འཕེལ་དབང་གི་རྒྱལ་པོར་དེེང་གྱུར་ཅིག །ཅེས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱས་པ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་རབ་འབར་ཞེས་བྱ་བ་འདི་ཡང་མཁྱེན་བརྩེའི་བདག་ཉིད་རིགས་ཀྱི་གཅུང་འགྱུར་མེད་ཡིད་བཞིན་ལེགས་པར་གྲུབ་པའི་གསུང་གིས་ནན་ཏན་དུ་བསྐུལ་བ་བཞིན་གཅེན་པོ་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོའི་སྡེས་སྔར་བཀོད་པ་ཞི་བའི་སྦྱིན་སྲེག་ཉིད་ལས་གཞན་གྱི་སྒོས་ཆོས་རྣམས་གསལ་བར་ཕྱེ་སྟེ་བཀླག་ཆོག་ནག་འགྲོས་ཀྱི་ཚུལ་དུ་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་རྒྱལ་ཟླ་བའི་གྲལ་ཚེས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

བྱང་གཏེར་རྡོ་རྗེ་ཕུར་པ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་ (Volume 31, Text 26)

བྱང་གཏེར་རྡོ་རྗེ་ཕུར་པ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་བྱིན་རླབས་གཏེར་མཛོད་བཞུགས་སོ། །ན་མོཿཤྲཱི་བཛྲ་ཀུ་མཱ་ར་ཡེ། འཁོར་འདས་ཀུན་ཁྱབ་ཆོས་སྐུ་ཀུན་ཏུ་བཟང་། ཁ་སྦྱོར་བདུན་ལྡན་ལོངས་སྐུ་རྡོ་རྗེ་སེམས། །གང་འདུལ་དེར་སྤྲུལ་གསང་བདག་སྨུག་ནག་ཡུམ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཚངས་པ་གདོང་གསུམ་ལྷ་དབང་ཀླུའི་རིག་འཛིན། །རྒྱལ་པོ་ཛ་དང་ཤཱཀྱ་པྲ་བྷའི་ཞབས། །གྲུབ་པའི་དབང་ཕྱུག་པདྨཱཀ་ར་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །བི་མ་མི་ཏྲ་ཤཱི་ལ་མཉྫུ་དང་། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་བདུད་འཇོམས་རྗེ། །ཟབ་གཏེར་སྒོ་འབྱེད་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །སྐུ་ཡི་སྲས་མཆོག་རྣམ་རྒྱལ་མགོན་པོ་དང་། །རིགས་སྔགས་འཆང་བ་རྡོ་རྗེ་མགོན་པོའི་ཞབས། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཐུགས་སྲས་ཆེན་པོ་སྔགས་འཆང་དྲང་སོ་བ། །ལེགས་ལྡན་ཞབས་དང་ཆོས་རྒྱལ་དབང་པོའི་སྡེ། །ངག་གི་དབང་པོ་རིག་འཛིན་ཡོལ་མོ་བར། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །མཐུ་སྟོབས་དབང་ཕྱུག་ཆོས་དབྱིངས་རང་གྲོལ་རྗེ། །གྲངས་མེད་རྒྱལ་བའི་སྤྱི་གཟུགས་བཤེས་གཉེན་མཆོག །ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །རིང་ནས་བསྙེན་ཅིང་བསྒྲུབ་པ་ལྷག་པའི་ལྷ། །ཕྲིན་ལས་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །རྡོ་རྗེ་གཞོན་ནུས་རྗེས་བཟུང་རིག་འཛིན་རྗེར། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །སངས་རྒྱས་བྱམས་བཟང་སེ་སྟོན་ཉི་མ་བཟང་། །མགོན་པོ་རིན་ཆེན་རིན་ཆེན་རྒྱལ་མཚན་དང་། །སྤྱན་ཚབ་མཉམ་མེད་ཆོས་རྒྱལ་དབང་པོའི་སྡེར། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །རིག་འཛིན་ཆེན་པོ་ངག་གི་དབང་པོ་དང་། །སྟོབས་ལྡན་དཔའ་བོ་ཟུར་ཆེན་པདྨ་དབང་། །རྩ་བའི་བླ་མ་བླ་མེད་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ།  ཁ་སྐོང་། རིས་མེད་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས། །གསུམ་ལྡན་རྡོ་རྗེ་འཛིན་པའི་གྲུབ་མཆོག་རྗེ། །ལྷ་བཙུན་ཆེན་པོ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཐེག་ཆོག་རྡོ་རྗེ་སྙིང་པོའི་བ་གམ་རྩེར། །བསྟན་པའི་རྒྱལ་མཚན་ཕྱོགས་ཅུར་སྒྲེང་མཛད་པའི། །རིགས་བདག་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །མཁྱེན་བརྩེ་ནུས་པའི་ཕུང་པོ་གཅིག་བསྡུས་པའི། །པདྨཱཀ་རའི་རྒྱལ་ཚབ་དམ་པ་མཆོག །རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །དམ་པའི་རྗེས་བཟུང་མཐུ་སྟོབས་ནུས་པའི་བདག །གྲུབ་པའི་བརྟུལ་ཞུགས་འཛིན་པའི་བཤེས་གཉེན་མཆོག །ཁྱབ་བདག་བླ་མ་པདྨ་མི་ཏྲ་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །བསླབ་གསུམ་སྡོམ་བརྩོན་འཛིན་པའི་དེད་དཔོན་མཆོག །སྔ་འགྱུར་བསྟན་པ་སྤེལ་མཛད་ཆོས་ཀྱི་རྗེ། །འཁོར་ལོའི་མགོན་པོ་པདྨ་ངག་དབང་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཐེག་མཆོག་རྡོ་རྗེ་སྙིང་པོའི་བཅུད་མཆོག་ཀུན། །ཟབ་མོ་ཐུགས་ཀྱི་བུམ་པར་ལེགས་གཏམས་ཤིང་། །སྤེལ་མཁས་ཀུན་བཟང་གསང་སྔགས་བསྟན་འཛིན་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་དོན། །མ་ནོར་ཇི་བཞིན་སྟོན་མཛད་ཆོས་ཀྱི་རྗེ། །པདྨའི་ཐུགས་སྲས་ནམ་མཁའ་ཀློང་ཡངས་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །སྙིང་པོའི་དོན་གཟིགས་མདོ་སྔགས་ཆོས་ཀྱི་མཐོ། །གུ་རུའི་ལུང་ཐོབ་པདྨ་དབང་རྒྱལ་དང་། །མཁས་གྲུབ་ཀུན་གཙོ་སྐལ་བཟང་བདུད་འདུལ་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །བསླབ་གསུམ་རྣམ་དག་སྡོམ་གསུམ་ཁྲིམས་ཀྱིས་མཛེས། །རྒྱལ་བའི་མྱུ་གུ་མཉམ་ཉིད་རྡོ་རྗེ་དང། །རྡོ་རྗེ་འཛིན་པ་ཐེག་མཆོག་བསྟན་འཛིན་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །སྣང་སྲིད་དག་པ་ཆོས་སྐུའི་ཀློང་དུ་གཟིགས། །མ་འདྲེས་ཁ་དོག་རྟགས་ཀྱིས་ལེགས་འཁྱུད་པའི། །དྲིན་ཅན་སྤྲུལ་སྐུ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ།  །ཕུང་ཁམས་རྣམ་པར་དག་པ་རྡོ་རྗེའི་ལུས། །གསང་གསུམ་ལྷ་ཡི་འཁོར་ལོར་ལྷུན་གྲུབ་པའི། །འཕྲིན་ལས་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ལྷོ་བྲག་དུག་སྦྲུལ་སྤུངས་འདྲའི་གསང་སྒོའི་ནང་། །མི་ཕྱེད་རྒྱས་བཏབ་ཟབ་གཏེར་ཡིད་བཞིན་ནོར། །དམ་ཅན་གཏེར་སྐྱོང་སྲུང་མར་བཅས་པ་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །འདི་ཕྱི་རྣམ་ཀུན་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་ལྷག་པའི་ལྷར་བཅས་པས། །རྗེས་སུ་བཟུང་ནས་གསང་ཆེན་སྙིང་པོའི་ལམ། །རིམ་གཉིས་ཟབ་དོན་ཉམས་སུ་ལོངས་པར་ཤོག །མཚན་མའི་ཕུར་བུས་དགྲ་བགེགས་ཚར་གཅོད་ཅིང་། །དོན་གྱི་ཕུར་བུས་མ་རིག་རྟོག་འཛིན་བསྒྲལ། །ལྷུན་གྲུབ་དབྱིངས་རིག་འོད་གསལ་ཕྱམ་གཅིག་གཞིར། །ཡོངས་དག་སྐུ་གསུམ་འབྲས་བུ་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་རིགས་སྔགས་འཆང་བ་དགེ་སློང་པདྨ་ཕྲིན་ལས་ཀྱིས་རང་གི་ངག་འདོན་ཕྱིར་ཕུར་སྒྲུབ་ཀྱི་ཐུན་མཚམས་སུ་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་དོན་ལྡན་ནོ། ༈ །གཏེར་མཛོད་བརྒྱུད་འདེབས་ལྟར་ན། རྒྱལ་དབང་ལྔ་པ་རིན་པོ་ཆེའི་མཚམས་སུ། རིས་མེད་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས། །གསུམ་ལྡན་རྡོ་རྗེ་འཛིན་པའི་གྲུབ་མཆོག་རྗེ། །ལྷ་བཙུན་ཆེན་པོ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །རིག་པ་འཛིན་མཆོག་པདྨ་དབང་རྒྱལ་དང་། །རྡོ་རྗེ་ཐོགས་མེད་འགྱུར་མེད་བློ་ལྡན་དང་། །པདྨ་བཤེས་གཉེན་ཕྲིན་ལས་ལྷུན་གྱིས་གྲུབ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཨོ་རྒྱན་རང་གྲོལ་རྡོ་རྗེ་ཕྲིན་ལས་དར། །ངེས་དོན་བསྟན་འཕེལ་བསོད་ནམས་མཆོག་ལྡན་ཞབས། །ཚེ་དབང་རིག་འཛིན་ཐུབ་བསྟན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཉེ་བརྒྱུད་བཀའ་བབས་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྒྱལ་ཀུན་ཕྲིན་ལས་རྗེས་སྐྱོང་གུ་ཎའི་ཞབས། །ཕྲིན་ལས་མཆོག་གྲུབ་རྡོ་རྗེ་དབང་མཆོག་རྩལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཞབས། །ཕུར་པའི་གྲུབ་བརྙེས་རྡོ་རྗེའི་རིག་པ་འཛིན། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཐུ་དབང་གྲུབ་གཉིས་སྩོལ། །ཕུང་ཁམས་རྣམ་པར་དག་པ་སོགས་བརྒྱུད་འདེབས་དཀྱུས་ལྟར་རོ། །ཅེས་པའང་དད་མོས་ཀྱི་བློས་རྙིང་སྔགས་རྒན་པོ་མཁྱེན་བརྩེའི་འོད་ཟེར་གྱིས་དད་པས་བྲིས་པའོ།། །།

ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཕྲིན་ལས་ལམ་ཁྱེར་གྱི་བྱང་བུ་དོན་ཟབ་དགོངས་བསྒྲིལ་ (Volume 22, Text 26)

༄༅། །ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཕྲིན་ལས་ལམ་ཁྱེར་གྱི་བྱང་བུ་དོན་ཟབ་དགོངས་བསྒྲིལ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་འཇིག་རྟེན་དབང་ཕྱུག་པདྨ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཚད་མེད་ཐུགས་རྗེ་རྒྱས་པའི་ཞིང་དང་སྐུ །ནམ་མཁའི་མཐར་སོན་སྤྲིན་ཆེན་བཀོད་པ་ཡིས། །འཁོར་བ་དོང་སྤྲུགས་ཕྲིན་ལས་ཕྱོགས་དུས་ཀུན། །རྒྱུན་མི་འཆད་སྟོན་པདྨའི་རྒྱལ་ལ་འདུད། །འགྲོ་བ་ཀུན་གྲོལ་རྒྱུད་ཀྱི་དགོངས་པའི་དོན། །ཆོས་ཀྱི་ཕྱག་རྒྱ་སྦྱོར་བ་རྡོ་རྗེའི་རིགས། །ཆུ་བོ་གསུམ་འདུས་སྒྲུབ་ཐབས་ཕྲིན་ལས་དང་། །འབྲེལ་བའི་བྱང་བུ་ཁྲིགས་སུ་བསྡེབ་པར་བྱ། །འདི་ལ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་དང་འབྲེལ་བའི་ཕྱི་སྣོད་བཅུད་ནང་རང་ལུས་གསང་བ་སེམས་ཉིད་ཀྱི་དཀྱིལ་འཁོར་དུ་སྒྲུབ་པའི་ཚུལ་གསུམ་ལས། འདིར་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཉམས་སུ་ལེན་པའི་སྒྲུབ་ཐབས་ཕྲིན་ལས་སུ་བསྡེབ་པ་ལ་དོན་གསུམ། སྔོན་འགྲོ་གཞིའི་དོན། དངོས་གཞི་ལམ་གྱི་དོན། རྗེས་འབྲས་བུའི་དོན་བསྟན་པའོ། །དང་པོ་སྦྱོར་བ་གཞི་གཏན་ལ་དབབ་པའི་དོན་ལ་གཉིས། ཡོ་བྱད་ཉེ་བར་བསྡོག་པ་དང་། གཞུང་དོན་ཉམས་སུ་བླང་བའོ། །དང་པོ་ནི། དབང་དང་སྒྲུབ་པ་སོགས་སྐབས་ཀྱི་བསྒྲུབ་བྱ་སོ་སོ་དང་འབྲེལ་བའི་དཀྱིལ་འཁོར་གཏོར་མཆོད་ཁྱད་པར་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་བདུན། གསོལ་གདབ། སྤེལ་སྦྱོང་། སྐྱབས་སེམས། སྡོམ་བཟུང་། དམ་བཅའ། མཚམས་གཅོད། མཆོད་རྫས་བརླབ་པའོ། །དང་པོ་ནི། རང་གི་སྤྱི་གཙུག་པད་ཟླའི་སྟེང་། །སངས་རྒྱས་ཀུན་འདུས་བླ་མའི་སྐུ །དངོས་ཉིད་བཀའ་བརྒྱུད་རྒྱ་མཚོས་བསྐོར། །མངོན་སུམ་ཉིད་དུ་བཞུགས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས་སོ༔ རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས་སོ༔ གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ༴ ཆོས་སྐུ་སྣང་མཐའ་ཡབ་ཡུམ་ལ་གསོལ༴ ལོངས་སྐུ་ཐུགས་རྗེ་རིགས་ལྔ་ལ་གསོལ༴ སྤྲུལ་སྐུ་ཨོ་རྒྱན་ཡབ་ཡུམ་ལ་གསོལ༴ གཏེར་སྟོན་དྲི་མེད་ལྷུན་པོ་ལ་གསོལ༴ རིག་འཛིན་གར་དབང་རྡོ་རྗེ་ལ་གསོལ༴ གཏེར་ཆེན་བསམ་གཏན་གླིང་པ་ལ་གསོལ༴ རྩ་བ་བརྒྱུད་པའི་བླ་མ་ལ་གསོལ༴ ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ༴ དོན་ཟབ་དགོངས་པ་ཀུན་འདུས་ལ་གསོལ༴ བཀའ་སྲུང་དམ་ཅན་གཏེར་བདག་ལ་གསོལ་བ་འདེབས་སོ༔ ཞེས་མོས་གུས་དྲག་པོས་གསོལ་བ་མང་དུ་བཏབ་པའི་མཐར། བཀའ་བརྒྱུད་ཐམས་ཅད་བླ་མར་ཐིམ། །བླ་མའི་སྐུ་གསུང་ཐུགས་རྣམས་ལས། །འོད་ཟེར་དཀར་དམར་མཐིང་ཁ་བྱུང་། །བདག་གི་ལུས་ངག་ཡིད་ལ་ཕོག །སྒོ་གསུམ་སྒྲིབ་དག་དབང་གསུམ་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ། །རྩལ་དབང་ཐོབ་ཅིང་དབྱེར་མེད་གྱུར། །ཅེས་མཉམ་པར་བཞག་གོ །གཉིས་པ་སྤེལ་སྦྱོང་ནི། དག་པའི་ཞིང་ཁམས་ཆེན་པོའི་མཁར། །གཙོ་བོ་བླ་མ་རྡོ་རྗེ་སེམས། །ཕྱོགས་བཞིར་སེམས་དཔའ་རིགས་བཞི་ལ། །རང་རིག་ལྷ་ཚོགས་བསྐོར་བར་གསལ། །ཧྲཱི༔ ཀ་དག་ཀློང་ནས་ལྷུན་གྲུབ་པའི༔ བླ་མ་བདེ་གཤེགས་འཁོར་དང་བཅས༔ སྐུ་གསུམ་ཞིང་ནས་གཤེགས་སུ་གསོལ༔ བདག་དང་དབྱེར་མེད་བཞུགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ངོ་བོ་ལ༔ འགག་མེད་རང་བཞིན་ཡེ་ཤེས་སྐུ༔ འཁྲུལ་མེད་རང་བྱུང་ཐུགས་རྗེ་ཅན༔ བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ ཀུན་གཞི་མཐའ་བྲལ་མཎྜལ་ལ༔ འཁོར་འདས་ཐམས་ཅད་ཚོམ་བུར་བཀོད༔ སྐུ་གསུམ་བླ་མ་རྣམས་ལ་འབུལ༔ བློ་འདས་ངང་དུ་བཞེས་སུ་གསོལ༔ ཞེས་མཎྜལ་ཕུལ། འཁོར་རྣམས་གཙོ་བོ་ཉིད་ལ་ཐིམ། །བླ་མ་རྡོ་རྗེ་སེམས་དཔའ་ཉིད། །རང་གི་སྤྱི་བོའི་གཙུག་ཏུ་བྱོན། །དཀར་གསལ་ཆས་རྫོགས་རྡོར་དྲིལ་འཛིན། །སེམས་སྐྱིལ་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བདག་གི་སྡིག་སྒྲིབ་ཀུན། །བཀྲུས་ཏེ་བྱང་ཞིང་དག་པར་གྱུར། །ཅེས་མོས་ལ་ཡིག་བརྒྱ་ཅི་འགྲུབ་བཟླ། མཐར། སྐུ་གསུམ་བླ་མ་དགོངས་སུ་གསོལ༔ སངས་རྒྱས་སེམས་སུ་མ་རྟོགས་པ༔ འཁོར་བར་འཁྱམས་པ་མཐོལ་ཞིང་བཤགས༔ འཁོར་རྒྱུའི་ལས་འབྲས་བྱང་གྱུར་ཅིག༔ རྡོར་སེམས་འོད་ཞུ་རང་ལ་ཐིམ། རང་ཡང་མི་དམིགས་སྤྲོས་བྲལ་ངང་། ཞེས་མཉམ་པར་བཞག །གསུམ་པ་སྐྱབས་སེམས་ནི། མདུན་མཁར་ཆོས་སྐུ་ཀུན་བཟང་མཐིང་། །རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་ཅན། །འོད་ལྔའི་ཀློང་ན་བཞུགས་པ་ཡི། །ཐུགས་ཀར་ཐུགས་རྗེ་ཆེན་པོ་དམར། །ཐལ་སྦྱར་པདྨ་དམར་པོ་བསྣམས། །སྐྱིལ་མོ་ཀྲུང་བཞུགས་ཐུགས་ཀ་རུ། །བླ་མ་རྡོ་རྗེ་སེམས་དཔའ་དཀར། །མཐའ་སྐོར་རིགས་ལྔ་སངས་རྒྱས་སྟོང་། ཐུབ་དྲུག་མཆོད་འོས་གྱུར་པ་ཀུན། །སྐྱབས་ཀྱི་ཡུལ་དུ་བཞུགས་པར་གྱུར། །ཧྲཱི༔ སངས་རྒྱས་ཆོས་དང་འཕགས་པ་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྨོན་འཇུག་གི་སེམས་བསྐྱེད་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་ལྟར༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་མ་ལུས་བསྒྲལ་བར་བྱས༔ དེ་བཞིན་འགྲོ་རྣམས་གྲོལ་བར་བྱ༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ མྱ་ངན་འདས་ལ་འགོད་པར་བྱ༔ ལན་གསུམ་ཞར་བྱུང་ཡན་ལག་ལྷག་མ་ནི། སྐུ་གསུམ་བླ་མ་ཐུགས་རྗེ་ཆེ༔ འགྲོ་དོན་མཛད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བཞི་པ་སྡོམ་གཟུང་ནི། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་རྣམས་ཀྱི་དོན་དུ་ཡང༔ རིགས་ལྔའི་སྡོམ་པ་བཟུང་བར་བགྱི༔ ལྔ་པ་དམ་བཅའ་ནི། ཧྲཱི༔ བླ་མ་སངས་རྒྱས་སྐུ་གསུང་ཐུགས༔ སྐྱེ་འགག་འཁྲུལ་མེད་རང་གི་སེམས༔ གཉིས་འཛིན་རྟོག་པ་མི་སྤོང་ཞིང༔ ཡེ་ཤེས་རིགས་ལྔར་བསྒྲུབ་པར་བྱ༔ ཧྲཱི༔ ཆོས་རྣམས་ཡེ་ཤེས་ལྔར་རྟོགས་པས༔ ཉོན་མོངས་སྤོང་བར་མི་བྱེད་ཅིང༔ རང་གྲོལ་ངང་དུ་སྤྱད་པར་བྱ༔ རྟོག་བྲལ་ཆེན་པོར་གནས་པར་བྱ༔ ཛཿཧཱུྃ་བཾ་ཧོ༔ སྐྱབས་ཡུལ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ལས་བྱང་དཀྱུས་འགྲེའི་བསྡུས་པ་འདོད་ན་འདི་ཡན་གྱི་སྔོན་འགྲོའི་སྐོར་གཞན་བཞག་ལ་སྐྱབས་སེམས་ལན་གསུམ་མཐར་སྔོན་གཏོར་ལ་འཇུག་པས་ཆོག་གོ །དྲུག་པ་མཚམས་གཅོད་ལ་ཐོག་མར་གཏོར་མ་གཏང་ཞིང་བཀའ་བསྒོ་བ་ནི། དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། སྡྱཱ་ན་པ་ཏིཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་འབུལ། བགེགས་གཏོར་བསང་སྦྱང་བྱིན་རླབས་སྔར་བཞིན་ལ། ཧྲཱིཿ བདག་ཉིད་དབང་ཆེན་རྟ་མགྲིན་དམར། །དབྱུག་ཏོ་སྡིགས་མཛུབ་ལྕགས་ཀྱུ་འཛིན། །དུར་ཁྲོད་ཆས་ལྡན་རྟ་ཞལ་འཚེར། །འདོར་ཐབས་མེ་ཀློང་ཧྲཱིཿསྒྲ་སྒྲོག །སྤྲུལ་པའི་ཁྲོ་བོས་སྟོང་གསུམ་གང་། །བདུད་བགེགས་ཚར་གཅོད་སྐུ་རུ་གྱུར། །སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷཱནཾ་ན་མཿསརྦ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་དྲག་སྔགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་རྡོ་རྗེ་མེ་མཚོན་ཁྲོ་ཆུང་གིས་གཏམས་པའི་སྲུང་འཁོར་བརྟན་པོར་བསྒོམ་མོ། །བདུན་པ་མཆོད་རླབས་ནི། བདག་ཉིད་སྐད་ཅིག་གིས་ཡི་དམ་གྱི་ལྷར་གསལ་བས། ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། བདག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་སྟེ། གཏོར་མ་སྨན་རཀ་གི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་དཀར་ལྟེམ་སོང་བར་གྱུར། ཨཱཿཨཱཿཨཱཿཨཱཿཨཱཿཨཱཿཨཱཿ བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་བྱུང་སྟེ། གཏོར་མ་སྨན་རཀ་ནམ་མཁའ་ཁྱབ་པར་སྤེལ་ནས་དམར་ལྟེམ་སོང་བར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བདག་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་སྟེ། གཏོར་མ་སྨན་རཀ་བདུད་རྩི་ཆེན་པོར་གྱུར་ནས་སྔོ་ལྟེམ་སོང་བར་གྱུར། ཨོཾ་ཨཱཿཧཱུྃ། འོད་ཟེར་གསུམ་རོ་གཅིག་ཏུ་གྱུར་ཏེ། གཏོར་མ་དཀར་པོ། རཀྟ་དམར་པོ། བདུད་རྩི་སྔོན་པོ། འདོད་ཡོན་ཕུན་སུམ་ཚོགས་པར་གྱུར། ཅེས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལམ་ཉམས་སུ་བླང་བའི་དོན་བསྟན་པ་ལ་གཉིས། ཐུན་དང་ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་གསུམ། སྐུ་བསྐྱེད་པ། གསུང་བཟླས་པ། ཐུགས་སྒོམ་པའི་རྣལ་འབྱོར་རོ། །དང་པོ་ལ་དངོས་གཞི་ཏིང་འཛིན་གསུམ་སྒོམ་པ་དང་། རྫོགས་བྱེད་ཆོ་གའི་ཡན་ལག་གཉིས་ལས། དང་པོ་ནི། ཨ༔ ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །བསམ་བརྗོད་བྲལ་བའི་ངང་ཉིད་ལས། །ཐུགས་རྗེ་ཀུན་ཏུ་སྣང་བ་དེ། །སེམས་ཅན་ཡོངས་ལ་ཁྱབ་པར་བསྒོམ། །སྟོང་ཉིད་སྙིང་རྗེ་གཉིས་མེད་ངང་། །རྒྱུ་ཡི་རིག་པ་ཡི་གེ་ཧྲཱིཿ དམར་པོ་ཚེག་དྲག་ལྡན་པར་གསལ། །དེ་ལས་འོད་ཟེར་གྲངས་མེད་པ། །ཕྱོགས་བཅུར་འཕྲོས་པས་འཇའ་ཚོན་ལྔ། །སྤེལ་ལེགས་འོད་ཀྱི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྩིག་པ་ལྔ། །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །མདའ་ཡབ་པུ་ཤུའི་ཕྲེང་བས་བསྐོར། །རྟ་བབས་ཆོས་འཁོར་གདུགས་དང་ཏོག །དར་དཔྱང་དྲིལ་ཆུང་གཡེར་ཁ་དང་། །ཟླ་འཕན་རླུང་གིས་བསྐྱོད་པ་སོགས། །རྒྱན་དང་བཀོད་པ་རྣམ་པར་མཛེས། །དབུས་ཀྱི་ལྟེ་བ་གྲུ་གསུམ་དམར། །ཟླ་གམ་དཀར་དམར་པད་འདབ་དྲུག །དཀར་ལྗང་སེར་མཐིང་དམར་སྨུག་ནི། །བར་རྣམས་འོད་ལྔའི་མུ་ཁྱུད་བསྐོར། །གྲུ་ཆད་པདྨ་རཱ་གའི་མདོག །སྒོ་ཁྱམས་ཕྱི་རོལ་ལྕགས་རིར་བཅས། །མཉམ་ཡངས་ཡེ་ཤེས་རོལ་པར་གསལ། །ཕོ་བྲང་དབུས་སུ་པདྨ་དང་། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་ཁར། །ཧྲཱིཿལས་འོད་འཕྲོས་བདེ་གཤེགས་མཆོད། །འགྲོ་དྲུག་སྐྱེ་འགྲོའི་སྒྲིབ་གཉིས་སྦྱངས། །ཚུར་འདུས་འོད་འབར་ཡོངས་སུ་གྱུར། །བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ། །རྩ་གསུམ་འདུས་པའི་ངོ་བོ་ཉིད། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གུ་རུ་པདྨ་རྒྱལ་པོ་ནི། །སྐུ་མདོག་དམར་གསལ་ཞལ་གཅིག་པ། །ཕྱག་གཉིས་ཐལ་སྦྱར་པདྨ་འཛིན། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་ཅན། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། །ཞི་ཚུལ་ཉམས་དང་ལྡན་པར་གསལ། །པང་དུ་གསང་བ་ཡེ་ཤེས་ཡུམ། །དམར་མོ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་རྒྱན་དང་ཕྱག་རྒྱ་ལྔས། །མཛེས་པར་བརྒྱན་ཅིང་ཡབ་ལ་འཁྲིལ། །དབུ་གཙུག་རིགས་བདག་འོད་དཔག་མེད། །ཀུན་བཟང་སྣང་བ་མཐའ་ཡས་ནི། །དམར་གསལ་སྐྱིལ་ཀྲུང་མཉམ་གཞག་ཅན། །ལོངས་སྐུའི་ཆས་ལྡན་ཚེ་བུམ་འཛིན། །ཐུགས་ཀར་དབང་ཆེན་རྟ་མཆོག་དཔལ། །དམར་ནག་དོར་སྟབས་རྟ་ཞལ་མཚན། །དབྱུག་ཏོ་སྡིགས་མཛུབ་ལྕགས་ཀྱུ་ཐོགས། །དུར་ཁྲོད་ཆས་བརྒྱད་ལྡན་པར་བཞུགས། །གཡས་སུ་སྣང་བ་ཐབས་ཀྱི་ཆ། །སྲས་མཆོག་རང་བྱུང་ཐུགས་རྗེའི་རྩལ། །དམར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །གཡོན་དུ་སྟོང་ཉིད་ཤེས་རབ་ཆ། །སྲས་མོ་དབྱིངས་ཀྱི་སྒྲོལ་མ་ནི། །དམར་གསལ་ཤེལ་ཕྲེང་པདྨ་འཛིན། །རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །མཐའ་སྐོར་པདྨ་འདབ་དྲུག་ལ། །བརྒྱ་བྱིན་དཀར་པོ་པི་ཝཾ་འཛིན། །ཐགས་བཟང་ལྗང་གུ་གོ་མཚོན་འཛིན། །ཤཱཀ་ཐུབ་སེར་པོ་གསེག་པར་འཛིན། །དམ་ལྡན་མཐིང་ག་པུསྟི་འཛིན། །ནམ་མཁའ་མཛོད་དམར་སྒྲོམ་བུ་འཛིན། །ཆོས་རྒྱལ་ནག་པོ་མེ་ཆུ་འཛིན། །ཀུན་ཀྱང་ཆོས་གོས་གསུམ་དང་བཅས། །སྤྲུལ་སྐུའི་ཆ་བྱད་བཞེངས་པའི་སྟབས། །མཚན་དང་དཔེ་བྱད་ལྡན་པར་གསལ། །གཞལ་ཡས་སྟེང་གི་ནམ་མཁའ་དང་། །ཕྱི་ནང་ཐམས་ཅད་བཀའ་བརྒྱུད་ཀྱི། །བླ་མ་བདེ་གཤེགས་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་བཀའ་སྲུང་བཅས། །སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར། །བཞུགས་པའི་ལྷ་རྣམས་ཐམས་ཅད་ཀྱི། །སྤྱི་བོ་མགྲིན་པ་སྙིང་ག་རུ། །སྐུ་གསུམ་ཡི་གེ་འབྲུ་གསུམ་གསལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་དང་། །དྲུག་པ་རྡོ་རྗེ་འཆང་ཆེན་ལ། །ཡེ་ཤེས་ལྷ་མོ་དྲུག་འཁྲིལ་བས། །དབུ་ལ་བརྒྱན་ཅིང་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱིཿ གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ཨཿ རྣམ་དག་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས། །ལྷུན་གྲུབ་ཡེ་ཤེས་ཆོ་འཕྲུལ་རིགས་ལྔར་ཤར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །འགྲོ་དོན་སྐུ་བཞེངས་ཐུགས་རྗེས་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ སྣང་སྲིད་རྣམ་དག་རང་རིག་དཀྱིལ་འཁོར་དུ། ཁམས་གསུམ་ཟིལ་གནོན་དམ་ཚིག་ཁྲི་སྟེང་དུ། །ཐབས་ཤེས་དྲི་མེད་ཉི་ཟླ་པད་གདན་ལ། །དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ། །ཨཱ་བེ་ཤ་ཡ་སཏྭཾ། ཕྱག་འཚལ་བ་ནི། ཧྲཱིཿ རང་བྱུང་ཤེས་རབ་ཐབས་དང་ཐུགས་རྗེའི་རྩལ། །དུས་གསུམ་རྒྱལ་བ་ཕྱོགས་བཅུར་བཞུགས་པ་རྣམས། །ཡེ་ནས་ཐམས་ཅད་དབྱེར་མེད་མཐའ་དང་བྲལ། །རང་ཤར་འཁོར་འདས་དབྱེར་མེད་ཕྱག་འཚལ་ལོ། །ན་མཿཔཱུ་རུ་ཤ་ཡ་ཧོཿ མཆོད་པ་འབུལ་བ་ནི། ཧྲཱིཿ བླ་མ་ཡི་དམ་དྷཱ་ཀི་ཆོས་སྐྱོང་ལ། །ཕྱི་ནང་གསང་བའི་མཆོད་ཡོན་གཏོར་ཚོགས་རྣམས། །དངོས་འབྱོར་ཡིད་སྤྲུལ་རང་ཤར་རང་གྲོལ་ངང་། །འཁོར་བ་མ་ལུས་ཡེ་ཤེས་དབྱིངས་སུ་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དུཥྚཱན་སརྦ་པཱུ་ཛ་བ་ལིཾ་ཏ་ག་ཎ་ཙཀྲ་ས་མ་ཡ་ཧཱུྃ། ཁ་ཁ་ཁཱ་ཧི་ཁཱ་ཧི། བྱེ་བྲག་གཏོར་མ་འབུལ་བ་ནི། བཛྲ་ཛི་ཧྭ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་དུ་གྱུར་པས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་ས་མནྟ་བྷ་དྲ་ཨ་མི་དྷེ་ཝ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀཱ༔ པདྨ་རཱ་ཛ༔ གྷུ་ཡ་ཛྙཱ་ན་དྷཱ་ཀི་ནཱི༔ མ་ཧཱ་ཀཱ་ལ་ནཱ་ཐ༔ མ་མ་དེ་ཝཱི༔ སརྦ་དུཥྚཱན་ས་མ་ཡེ་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་གྲྀཧྞ༔ བྷུཉྫ་ཧོ༔ ཨ་མྲྀཏ་རཀྟ་པི་པ་ཧོ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཨ་ཏི་ཀྲ་མ་ཏི་ས་མ་ཡེ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ཀརྨ་ཧྲཱིཿས་མ་ཡ་སྭཱ་ཧཱ༔ ལན་བདུན་གྱིས་ཕུལ། བཤགས་པ་ནི། ཧྲཱིཿ རྣམ་དག་ཡེ་ཤེས་ཀུན་མཁྱེན་དགོངས་སུ་གསོལ། །ཐོག་མེད་དུས་ནས་བདག་གིས་དུས་གསུམ་གྱི། །སྒོ་གསུམ་སྡིག་པས་ཁམས་གསུམ་སྡུག་བསྔལ་བསགས། །གནོང་འགྱོད་མཐོལ་བཤགས་སླན་ཆད་བྱང་གྱུར་ཅིག །ས་མ་ཡ་ཨ་ཨཿ བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང་། །སྙིང་པོ་བྱང་སེམས་བསོད་ནམས་ཡེ་ཤེས་གཏེར། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས། །རྣམ་དག་རྗེས་སུ་ཡི་རང་ཕྱག་འཚལ་བསྟོད། །ཅེས་པ་ཙམ་མམ། སྤྲོ་ན། ཨེ་མ། ཀུན་གཞི་མཁའ་ལྟར་ཡངས་པའི་ཞིང་ཁམས་སུ། །རང་བྱུང་ཡེ་ཤེས་ཆེན་པོ་གཞལ་མེད་ཁང་། །རང་རིག་གཟུང་འཛིན་མེད་པའི་གཙོ་འཁོར་གསལ། །བདེ་གཤེགས་རང་སྣང་ལྷ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་བློ་འདས་རྣམ་རྟོག་མི་མངའ་ཡང་། །ལོངས་སྐུའི་ཡེ་ཤེས་འཁོར་འདས་ས་ལེར་མཁྱེན། །སྤྲུལ་སྐུ་སྒྱུ་མའི་རོལ་པ་འདོད་དགུར་བསྒྱུར། །པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ལྟ་བ་རྟག་ཆད་མཐའ་བྲལ་དགོངས་པ་དེ། །སྒོམ་པ་མ་བཅོས་རང་གྲོལ་གཟུང་འཛིན་མེད། །སྤྱོད་པ་བླང་དོར་མེད་པར་སྟོན་མཛད་པ། །པདྨ་རྒྱལ་པོའི་གསུང་ལ་ཕྱག་འཚལ་བསྟོད། །གཞི་རྩ་བདེ་གཤེགས་སྙིང་པོ་མཉམ་ཡངས་གདལ། །ལམ་མཆོག་འཁྲུལ་པ་རྩད་གཅོད་བློ་ལས་འདས། །འབྲས་བུ་ཟག་མེད་བདེ་ཆེན་ངང་གིས་གྲོལ། །པདྨ་རྒྱལ་པོའི་ཐུགས་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་སྐུ་ལ་རྟག་ཆད་གཉིས་སུ་མེད། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་རྫོགས་ལ་གསལ་སྟོང་གཉིས་སུ་མེད། །རིགས་ལྔ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད། །བདེ་ཆེན་སྐུ་ལ་བདེ་སྟོང་གཉིས་སུ་མེད། །ཐུགས་རྗེ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་སྐུ་ལ་སྣང་སྟོང་གཉིས་སུ་མེད། །སྲས་འཁོར་དཀྱིལ་འཁོར་རྫོགས་ལ་ཕྱག་འཚལ་བསྟོད། །རང་སྣང་ཡི་དམ་ལྷ་ལ་བསྟོད་པའི་མཐུས། །འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །རང་རིག་རྟོགས་པའི་གདིང་དང་མི་འབྲལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །ཅེས་བསྟོད། །གཉིས་པ་གསུངས་བཟླས་པའི་རྣལ་འབྱོར་ལ་ཐོག་མར་སྒྲུབ་པའི་སྐབས་སོགས་སུ་རྒྱས་པར་སྤྲོ་ན་དགོངས་པ་གསལ་བཏབ་སྟེ། ཧྲཱི༔ བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་བསྐྱེད་བདག་གིས་བཟུང་ནས་ཀྱང༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ལས་རང་བྱུང་བ༔ ཡེ་ཤེས་འོད་ལྔ་འབར་བའི་གཞལ་ཡས་དབུས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞལ་གཅིག་ཕྱག་གཉིས་སྐུ་གསུམ་ལྷུན་གྱིས་གྲུབ༔ སྐུ་མདོག་དམར་པོ་འགྲོ་བའི་དོན་ལ་ཆགས༔ ཐལ་སྦྱར་སྐྱིལ་ཀྲུང་མཐའ་བཞི་ཀློང་དུ་གྲོལ༔ རྒྱན་དང་སྤྲུལ་པ་འགྲོ་བའི་འདོད་དགུ་སྒྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སྤྱི་གཙུག་ཀུན་བཟང་སྣང་བ་མཐའ་ཡས་བཞུགས༔ རྟ་མགྲིན་དབང་ཆེན་ཐུགས་ཀར་ཉོན་མོངས་འཇོམས༔ གསང་བ་ཡེ་ཤེས་མཁའ་འགྲོ་དབྱིངས་ཀྱི་ཡུམ༔ ཐབས་དང་ཤེས་རབ་སྲས་དང་སྲས་མོར་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ འགྲོ་དྲུག་འདུལ་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ གང་ལ་གང་འདུལ་ཡེ་ཤེས་སྒྱུ་མའི་ལྷ༔ བདག་གིས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ ཡེ་ཤེས་རྣམ་པ་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཐམས་ཅད་ཆོས་ཉིད་རོལ་པའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་འདིར་གཤེགས་བརྟན་པར་བཞུགས༔ ཕྱི་ནང་གསང་བའི་ཕྱག་མཆོད་གཏོར་ཚོགས་བཞེས༔ དམིགས་མེད་ཡེ་གྲོལ་འགྲོ་དོན་ལྷུན་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ བདག་གི་སྤྱི་བོ་མགྲིན་པ་སྙིང་ག་ན༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་གནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས༔ ཁམས་གསུམ་ཡོངས་གྲོལ་སྐུ་གསུམ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་ཀྱི་པདྨ་འདབ་དྲུག་ལྟེ་བ་ན༔ ཡང་སྙིང་སྲོག་གི་སྙིང་པོ་ཡི་གེ་ཧྲཱི༔ འོད་ཟེར་ཕར་འཕྲོས་རྒྱལ་བ་རྒྱ་མཚོ་མཉེས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཡང་སྙིང་ཧྲཱིཿལ་ཡི་གེ་དྲུག་གིས་བསྐོར༔ འོད་ཟེར་འཕྲོས་པས་ཐུབ་པ་དྲུག་ཏུ་གྱུར༔ འགྲོ་བ་རིགས་དྲུག་སྡུག་བསྔལ་ཞི་བར་མཛད། ཉོན་མོངས་དྲུག་པོ་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སྣང་བ་ཐམས་ཅད་ཡེ་ནས་རང་གི་སེམས༔ སེམས་ཉིད་གང་ཡང་མ་གྲུབ་སྟོང་པ་ཉིད༔ གཉིས་མེད་སྤང་བླང་མེད་པ་བདེ་བ་ཆེ༔ ཡིད་དཔྱོད་བློ་འདས་དགོངས་པར་ཤར་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སྣང་བ་ཐམས་ཅད་སྟོང་པ་སངས་རྒྱས་སྐུ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་ཆོས་ཉིད་གསུང༔ དྲན་རྟོག་ཐམས་ཅད་བདེ་སྟོང་ཡེ་ཤེས་ཐུགས༔ གཉིས་མེད་ཞི་བ་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདི་ནི་ལས་བྱང་གི་དོན་ཐམས་ཅད་འདུས་པས་རྒྱུན་ཁྱེར་ཉམས་ལེན་དང་། བསྙེན་སྒྲུབ་ཀྱི་ཐུན་ཕྱི་མ་རྣམས་ལའང་འདི་ཁོ་ནས་ཆོག་ཅིང་། ཕྲིན་ལས་བསྡུས་པའི་སྐབས་མི་དགོས་པས་བསྟོད་པའི་འཕྲོས་བཟླས་པ་ལ་འཇུག་གོ །དེ་ལ་བརྗོད་བཟླས་ནི། བདག་དང་ལྷ་ཚོགས་རྣམས་ཀྱི་གནས་གསུམ་འབྲུ་གསུམ། ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བར་བསམས་ལ། ཡིག་བཅུ་བཟླས་པས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཉེས་ཤིང་ཐུགས་དམ་བསྐུལ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་དབང་དུ་བསྡུས། ཐུགས་རྗེ་ཆེན་པོའི་སྐུར་གྱུར། འོད་ཟེར་ཚུར་འདུས་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་མོས། རྡོ་རྗེའི་བཟླས་པ་ནི་རླུང་ནང་དུ་འཇུག་པ་འབྲུ་གསུམ། གནས་པ་ཧྲཱིཿ དབྱུང་བ་ཡིག་དྲུག་ཏུ་བསམ་ལ་མཆོག་སྒྲུབ་ཡིན་པའི་ཕྱིར་ཚད་མེད་པར་བཟླའོ། །བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་སོགས་ཤློཀ་གཅིག་གིས་བསྟོད། ཧྲཱིཿ ཆོས་དབྱིངས་ཀློང་ལས་གདུལ་བྱའི་གང་འདོད་སྐུ །ཆོས་ཀྱི་འཁོར་ལོས་ཉོན་མོངས་དྲྭ་བ་གཅོད། །སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ལོ། །ཞི་རྒྱས་དབང་དྲག་ཕྲིན་ལས་མཛད་དུ་གསོལ། །ཀརྨ་སརྦ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བསྐུལ་ལོ། །གསུམ་པ་ཐུགས་རྫོགས་རིམ་བསྒོམ་པའི་རྣལ་འབྱོར་ནི་རྗེས་བསྡུའི་སྐབས་སུ་འཆད་པར་བྱའོ། །གཉིས་པ་ཐུན་མཚམས་ཀྱི་བྱ་བ་ལ་གཉིས། དངོས་དང་རྗེས་ཀྱི་ལས་རིམ་མོ། །དང་པོ་རྩ་གསུམ་གཏེར་སྲུང་གི་གཏོར་འབུལ་སྤྱི་དང་བྱེ་བྲག་གང་ཡང་རུང་བ་བྱ། ཚོགས་ཀྱི་ཡོ་བྱད་ཇི་ལྟར་འབྱོར་པ་དང་། རང་གི་མདུན་དུ་བནྡྷ་མཚན་ལྡན་ཆང་གིས་བཀང་བ་བཞག་ལ། ཐོག་མར་བགེགས་བསྐྲད་པ་ནི་སྔོན་འགྲོའི་མཚམས་གཅོད་ལྟར་བྱ། དེ་ནས་བདུད་རྩི་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཧྲཱིཿ བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་ཚོགས་ཀྱི་ཉེས་སྐྱོན་སྦྱངས། །ཉེས་པའི་སྐྱོན་བྲལ་ལེགས་པའི་ཡོན་ཏན་ལྡན། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་བདུན་བརྗོད་ལ་སྲིན་ལག་གཡོན་པས་བདུད་རྩི་དཀྲུགས། བདག་ཉིད་ལྷར་གསལ་ཐུགས་ཀར་ཧཱུྃ་མཐིང་འཕྲོས། །ཨཱཿདམར་ཨོཾ་དཀར་བདུད་རྩིའི་བཅུད་དུ་གྱུར། །ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོ་འོ། །གཡོན་པའི་སྲིན་ལག་གིས་ལག་གཡས་ཀྱི་མཐིལ་དུ་ཟླུམ་སྐོར་དབུས་ཐིག་ལེ་ལྔ་བྱས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཡོན་པས་གཡས་ལ་དེ་བཞིན་བྱས་ཏེ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཐབས་ཀྱི་ལག་གཡས་རིགས་ལྔའི་དཀྱིལ་འཁོར་རྫོགས། །ཤེས་རབ་ལག་གཡོན་ཡུམ་ལྔའི་དཀྱིལ་འཁོར་སྟེ། །གཉིས་མེད་སྦྱོར་བས་བྱང་ཆུབ་སེམས་སྤྲིན་འཁྲིགས། །དྲི་མེད་ཞལ་ཟས་བདུད་རྩིས་ནམ་མཁའ་གང་། །རྩ་གསུམ་དཀྱིལ་འཁོར་སྐུ་གསུམ་རང་བཞིན་གང་། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བདུད་རྩི་ཚོགས་ལ་འཐོར། ཚོགས་ཞིང་བསྒྲུབ་པ་ནི། ཧྲཱིཿ རྣམ་དག་ཆོས་དབྱིངས་སྣང་སྲིད་དཀྱིལ་འཁོར་ནས། །རང་རིག་འགག་མེད་རྒྱལ་བའི་དཀྱིལ་འཁོར་རྣམས། །དྲན་རིག་ཆོ་འཕྲུལ་ཆ་ལུགས་བསམ་མི་ཁྱབ། །སྐྱེ་རྒ་ན་འཆིའི་འཁྲུལ་སྣང་སེམས་ཅན་དོན། །བདེན་པ་གཉིས་ཀྱི་དད་པས་སྤྱན་འདྲེན་ན། །སྟོང་ཉིད་རྩལ་རྫོགས་གསལ་བའི་ཤུགས་མཚོན་ནས། །ཐུགས་རྗེའི་བྱིན་ཆེན་ཡེ་ཤེས་དབྱིངས་རིག་ལྷ། །བསོད་ནམས་ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས། །ལྷུན་གྲུབ་དམ་ཚིག་ཁྲི་ལ་བཞུགས་སུ་གསོལ། །རོ་དྲུག་ལྷ་མོ་རྣམས་ཀྱིས་ཕྱག་རྒྱས་མཆོད། །དུག་ལྔ་དུག་གསུམ་ཚོགས་མཆོད་དམ་པ་བཞེས། །ཡེ་ཤེས་མི་འགྱུར་ལྔ་ཡི་གཟི་བརྗིད་སྐྱེད། །ཨོཾ་ཧཱུྃ་སྭཱ་ཧྲཱིཿཨཱཿ ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་ཁཱ་རཾ་ཁཱ་ཧི། ཞེས་བདུད་རྩི་ལག་གཡས་སུ་མཆོད། ཨ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི། ཞེས་པས་གཡས་ཀྱིས་གཡོན་དུ་མཆོད་ཅིང་བདུན་ནམ་ཉེར་གཅིག་གིས་འབུལ་ལོ། །དེ་ནས་ཐལ་མོ་སྦྱར་ཏེ། རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་བདུད་རྩི་ཆང་གི་ནང་དུ་སོང་བར་བསམ་ལ་ཆང་གཏོར་བས། བདག་གི་ལུས་དང་འདུས་པ་ཕོ་མོ་ཐམས་ཅད་ཀྱི་ལུས་ཕྱི་ནང་ཐམས་ཅད་བླ་མ་བདེ་གཤེགས་དཔའ་བོ་དཔའ་མོས་མེ་རེ་རེ་གང་བར་བསམ་ལ་ཚོགས་འབུལ་བ་ནི། ཨེ་མ་ཧོཿ དུས་གསུམ་བདེ་བར་གཤེགས་པ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བདག་ཉིད་དཔལ་ཆེན་པོ། །བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ་ཡི་ཚོགས། །མ་སྲིང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ། །ཉེས་ཚོགས་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ལོག་འདྲེན་དུག་ལྔ་མ་རིག་རྣམ་རྟོག་བགེགས། །ང་བདག་འགོང་པོ་དབྱིངས་རིག་མཚོན་གྱིས་བསྒྲལ། །རྟོག་ཚོགས་རོལ་པ་ཆོས་དབྱིངས་ཞལ་དུ་བསྟབ། །ག་ཎ་ཙཀྲ་པཱུ་ཛ་ཧོཿ དེ་ནས་ཚོགས་རྣམས་རིམ་གྱིས་འབུལ་ལ། ཨ་ལ་ལ་སྟེ་བདེ་བ་ཆེ། །འདོད་ཡོན་མ་སྤངས་རོལ་པའི་རྒྱན། །དངོས་གྲུབ་ཐམས་ཅད་འདི་ལས་བྱུང་། །རྩ་བ་གསུམ་ལ་མཆོད་པར་འབུལ། །བླ་མ་ཡི་དམ་མཁའ་འགྲོའི་ཞལ་དུ་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་ཁཱ་ཧི། ཞེས་འབུལ། རྣལ་འབྱོར་པ་རྣམས་ཀྱང་བརྡ་དང་བརྡའི་ལན་དང་བཅས་ཏེ་ཚོགས་ལ་རོལ། ལྷག་མ་འབྲུ་གསུམ་གྱིས་བྱིན་བརླབས་ལ། བྷྱོ། གནས་ཡུལ་དུར་ཁྲོད་མངའ་བདག་རྫུ་འཕྲུལ་ཅན། །རྡོ་རྗེ་མིང་སྲིང་ལང་ཀ་ཤུགས་འགྲོ་གིང་། །སྒྲུབ་པའི་དྲོད་ཉུལ་ལེགས་ཉེས་རྗེས་གཅོད་རྣམས། །འདིར་གཤེགས་ལྷག་གཏོར་བཞེས་ལ་དགྲ་བགེགས་སྒྲོལ། །ཨོཾ་ཨཱཿཧཱུྃ་མ་མ་བྷྱོ་བྷྱོཿ ཏྲི་ཏྲི་བ་ལིཾ་ཏ་བྷུཉྫ་པི་པ་ཏོ་ཧོཿ ཞེས་ནམ་མཁའ་མཐོང་བར་བཏང་ངོ་། །གཉིས་པ་རྗེས་ཀྱི་ལས་རིམ་ལ་བརྒྱད། བསྐུལ་བ། གཏོར་སྐྱོང་། དངོས་གྲུབ་བླང་བ། ནོངས་བཤགས། བཞུགས་གསོལ། བསྡུ་རིམ། བསྔོ་སྨོན། ཤིས་བརྗོད་དོ། །དང་པོ་ནི། དགོངས་པའི་ཏིང་འཛིན་གསལ་ལ། ཧྲཱིཿ ཆོས་སྐུ་ཀུན་བཟང་སྣང་བ་མཐའ་ཡས་དེ། །རང་རིག་མཐའ་བྲལ་ལྟ་བའི་གནས་ལུགས་ཡིན། །རྟོགས་པའི་གདིངས་ཀྱིས་ཐུགས་དམ་རྒྱུད་བསྐུལ་ལོ། །ཉོན་མོངས་ཞི་བའི་ཕྲིན་ལས་གྲུབ་པར་མཛོད། །ལོངས་སྐུ་རིགས་ལྔ་ཐུགས་རྗེ་ཆེན་པོ་དེ། །རང་རིག་བློ་བྲལ་སྒོམ་པའི་ཏིང་འཛིན་ཡིན། །མ་བཅོས་གཉུག་མས་ཐུགས་དམ་རྒྱུད་བསྐུལ་ལོ། །ཡེ་ཤེས་རྒྱས་པའི་ཕྲིན་ལས་གྲུབ་པར་མཛོད། །སྤྲུལ་སྐུ་མཁའ་འགྲོ་སྲས་འཁོར་སྤྲུལ་པར་བཅས། །རང་རིག་འཛིན་བྲལ་སྤྱོད་པའི་རོལ་པ་ཡིན། །རང་ཤར་རང་གྲོལ་ཐུགས་དམ་རྒྱུད་བསྐུལ་ལོ། །རང་རིག་དབང་གི་ཕྲིན་ལས་གྲུབ་པར་མཛོད། །ངོ་བོ་ཉིད་ཀྱི་སྐུ་མཆོག་རྟ་མགྲིན་དབང་། །རང་རིག་འཁྲུལ་མེད་འབྲས་བུ་ཀློང་ཡངས་ཡིན། །སྐུ་གསུམ་རང་ཆས་ཐུགས་དམ་རྒྱུད་བསྐུལ་ལོ། །འཁོར་བ་ཡོངས་གྲོལ་ཕྲིན་ལས་གྲུབ་པར་མཛོད། །གཉིས་པ་ལ་ཆད་མདོ་ནི། ཧྲཱིཿམ་བྷྱོཿ དུས་གསུམ་དུས་མེད་ལྔ་བརྒྱའི་དུས་རྣམས་སུ། །ཀུན་བཟང་སྣང་མཐའ་སྤྱན་གཟིགས་པདྨ་ཡིས། །རྒྱུད་གསུང་སྟོན་དང་སྦས་ཤིང་འབྱིན་པའི་ཚེ། །མགོན་པོ་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་དང་། །བཀའ་སྲུང་གཏེར་བདག་ཡུལ་ལྷ་ཐམས་ཅད་ཀྱིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །རང་གྲོལ་གཏོར་མ་ལེན་པར་མ་ཆད་དམ། །ཀུན་གྲོལ་བསྟན་པ་བསྲུང་བར་མ་ཆད་དམ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྐུ་གསུམ་བསྟན་པ་སྲུང་བའི་ཕྲིན་ལས་མཛོད། །དུག་གསུམ་འཁོར་བའི་དགྲ་བགེགས་མྱུར་དུ་སྒྲོལ། །སྐུ་གསུམ་རང་རྩལ་རྫོགས་པའི་ཕྲིན་ལས་མཛོད། །ཨུཙྪིཥྚ་བྷཀྵཿཁཱ་ཧིཿ དེ་ནས་བརྟན་མ་སྐྱོང་བ་ནི། ཧྲཱིཿ པདྨའི་བཀའ་སྒྲུབ་བརྟན་མ་བཅུ་གཉིས་ཚོགས། །ཡ་མ་སྐྱོང་མ་ལ་སོགས་སྨན་ཕྲན་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མ་ལུས་མྱུར་དུ་མཛོད། །མ་མ་ཧྲིང་ཧྲིང་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། གསུམ་པ་དངོས་གྲུབ་བླང་བ་ནི། གཏོར་འབུལ་བར་ཆད་ཀུན་སེལ་ལྟར་གཏོར་དབང་བླང་བའམ། སྤྱི་ཙམ་དུ་མདུན་བསྐྱེད་ལས་ལམ་དུས་ཏིང་ངེ་འཛིན་གྱི་དབང་བསྐུར་སྤྱི་ལྟར་བླངས་ལ། ཧཱུྃ་ཧྲཱིཿ བླ་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རེ་སྐོང་ཡོན་ཏན་དངོས་གྲུབ་བསྩལ་དུ་གསོལ། །འགྲོ་འདུལ་ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ། །ཡིག་བཅུའི་གཤམ་དུ། སརྦ་སིདྡྷི་ཕ་ལ་ཧོཿ ཞེས་གཏོར་མ་གནས་གསུམ་དུ་རེག་ཅིང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། བཞི་པ་ནོངས་བཤགས་ནི། མཆོད་བསྟོད་མདོར་བསྡུས་བྱས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བཟླས་པས་སྐུ་གསུང་ཐུགས་ཀྱི་ཉམས་ཆག་སྐོང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས། མ་རྙེད་ཡོངས་སུ་སོགས་བཟོད་གསོལ་སྤྱི་ལྟར་བྱའོ། །ལྔ་པ་བཞུགས་གསོལ་ནི། ཧྲཱིཿ བླ་མ་སངས་རྒྱས་འགྱུར་མེད་རྡོ་རྗེའི་སྐུ །མ་དག་སྣང་ངོར་འདས་ཚུལ་མི་སྟོན་ཞིང་། །འཁོར་བ་མ་སྟོངས་བར་དུ་དོན་མཛད་པའི། །མྱ་ངན་མི་འདའ་བཞུགས་གསོལ་ཐོབ་པར་ཤོག །ཛྙཱ་ན་ཧྲཱིཿ དྲུག་པ་བསྡུ་རིམ་ལ་གསུམ། མཚན་བཅས་ཀྱི་རྫོགས་རིམ་ནི། འཁོར་འདས་ལྷ་ཡི་དཀྱིལ་འཁོར་གྱུར། འོད་ཞུ་རྟེན་དང་བརྟེན་པར་བཅས། །བདག་ཉིད་དཀྱིལ་འཁོར་གཙོ་ལ་བསྡུ། །གཙོ་བོ་ཡིག་འབྲུ་བཅུ་ལ་བསྡུ། །ཡིག་འབྲུ་གཞན་རྣམས་ཧྲཱིཿལ་བསྡུ། །ཧྲཱིཿཉིད་གི་གུ་ལ་བསྡུ་སྟེ། །གི་གུ་ཐིག་ལེའི་རྣམ་པར་གྱུར། །ཅེས་ཕྲ་མོའི་རྣལ་འབྱོར་ལ་སེམས་བཟུང། མཚན་མེད་ནི། དེ་ནས་ཐིག་ལེ་འཇའ་ལྟར་ཡལ། །སྟོང་ཉིད་ངང་དུ་མཉམ་པར་བཞག །ཅེས་པ་འོད་གསལ་གྱི་ངང་བསྐྱང་། མཚན་མ་རང་གྲོལ་ནི། མ་བཅོས་ངང་དུ་འགྱུ་དྲན་ཀུན། །ཤར་གྲོལ་གཟུང་འཛིན་མེད་པར་བསྐྱང། །ཞེས་རང་ཤར་རང་གྲོལ་གྱིས་ཅི་སྣང་ཡེ་ཤེས་སུ་ཁྱེར་རོ། །བདུན་པ་བསྔོ་བ་ནི། ཧྲཱིཿ བདག་གཞན་དགེ་བ་ཡོད་དང་དུས་གསུམ་དུ། །བྱས་བསྐུལ་ཡི་རང་ཟག་བཅས་ཟག་མེད་ཀྱི། །བསོད་ནམས་ཡེ་ཤེས་དམིགས་མེད་གཏེར་དུ་སྦ། བདག་དང་འགྲོ་ཀུན་སྐུ་གསུམ་སངས་རྒྱས་ཤོག །སྨོན་ལམ་ནི། ཧྲཱིཿ དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་གྱུར་ནས་ཀྱང་། །ནམ་མཁའི་མཐའ་མཉམ་འགྲོ་དོན་དུ། །དམིགས་མེད་ཆོས་སྐུར་མངོན་གྱུར་ཤོག །ཆོས་དབྱིངས་ངང་ལས་ཡེ་ཤེས་སྐུ །ལོངས་སྤྱོད་རྫོགས་སྐུ་ཉིད་ཐོབ་ནས། །བ་སྤུ་རེ་རེས་སྤྲུལ་པ་ཡང་། །བྱེ་བ་ཕྲག་བརྒྱ་འགྱེད་པར་ཤོག །སྐུ་གསུམ་མཛད་པ་དེ་དག་གིས། །མྱུར་དུ་འགྲོ་བ་ཀུན་གྲོལ་ནས། །འཁོར་བ་དོང་སྤྲུགས་ཆེན་པོ་ཡིས། །བློ་འདས་ཞིང་དུ་ཁྲིད་པར་ཤོག །ཅེས་དང་། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །བརྒྱད་པ་ཤིས་བརྗོད་ནི། ཧྲཱིཿ ཆོས་སྐུ་སྐྱེ་མེད་མཐའ་བྲལ་དོན་རྟོགས་ནས། །ཉོན་མོངས་ནད་དང་སྡུག་བསྔལ་ཞི་བ་དང་། །འགྱུར་མེད་ཚེ་ཡི་བཀྲ་ཤིས་གང་ལགས་པ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་བདེ་ལེགས་ཤོག །ལོངས་སྐུ་འགག་མེད་བློ་འདས་དོན་བསྒོམས་པས། །ཡེ་ཤེས་བསོད་ནམས་ལོངས་སྤྱོད་རྒྱས་པ་དང། །ཟག་མེད་བདེ་ཆེན་བཀྲ་ཤིས་གང་ལགས་པ། །པདྨ་རྒྱལ་པོའི་བཀྲ་ཤིས་བདེ་ལེགས་ཤོག །སྤྲུལ་སྐུ་འཁྲུལ་མེད་ཤར་གྲོལ་སྤྱོད་པ་ཡིས། །སྣང་སྲིད་རིག་པའི་དབང་དུ་བསྡུ་བ་དང་། །རྩོལ་མེད་རང་བྱུང་བཀྲ་ཤིས་གང་ལགས་པ། །སྲས་འཁོར་སྤྲུལ་པའི་བཀྲ་ཤིས་བདེ་ལེགས་ཤོག །ངོ་བོ་གཉིས་མེད་རང་གྲོལ་འབྲས་བུ་ཡིས། །འཁོར་བ་མ་ལུས་དུས་གཅིག་སྒྲོལ་བ་དང་། །རྫོགས་སངས་རྒྱས་པའི་བཀྲ་ཤིས་གང་ལགས་པ། །དབང་མཆོག་རྒྱལ་པོའི་བཀྲ་ཤིས་བདེ་ལེགས་ཤོག །ཅེས་བརྗོད་ལ་མེ་ཏོག་ཆར་དུ་བསྙིལ་ལོ། །གསུམ་པ་རྗེས་གྲུབ་མཐའ་འབྲས་བུའི་དོན་ནི། གཟུགས་སྣང་ཐུགས་རྗེ་ཆེན་པོའི་སྐུ །སྒྲ་གྲགས་ཡི་གེ་དྲུག་མའི་གསུང་། རྟོག་ཚོགས་རང་ཤར་རང་གྲོལ་ཐུགས་སུ་ལ་བཟླ། གྲུབ་མཐའི་ཁ་སྐོང་གི་སྨིན་གྲོལ་དྲུག་ཚན་དྲུག་པོ་རྣམས་ཉམས་སུ་ལེན་ཞིང་། དེ་ལས་ཀྱང་ཟབ་ཆོས་འདི་ལྟ་བུ་དང་འཕྲད་ཕྱིན་གཞི་སྙིང་པོ་སྐོར་དྲུག །ལམ་འོད་གསལ་གྱི་སྒྲོན་མ་དྲུག །འབྲས་བུ་བར་དོར་གྲོལ་བའི་ཆོས་དྲུག་སྟེ་དྲུག་ཚན་གསུམ་པོ་ལག་ཏུ་བླང། གཞན་དོན་ཆོས་སྤྱོད་བཅུ་ཚན་གསུམ་པོ་ལ་རྟག་ཏུ་བསླབས་པས་བསྟན་པའི་སྙིང་པོ་དང་མཇལ་བ་དོན་ཡོད་པར་བྱའོ། །གངས་ཅན་འཛིན་མའི་རུམ་ཀུན་ཐུགས་རྗེ་ཆེའི། །ཟབ་གདམས་ནོར་བུའི་མཛོད་ཀྱིས་གཏམས་གྱུར་ཀྱང་། །གཏེར་ཁ་གསུམ་དུ་ངེས་པའི་བཀའ་གཙིགས་ཅན། །དེ་དག་ལེགས་བྱས་སྣོད་དུ་འཁྱིལ་འདི་རྨད། །ཤིན་ཏུ་ཞི་བའི་ཐུགས་རྗེའི་ཕྱག་ཡངས་པོས། ཁམས་གསུམ་འཁོར་བའི་འདམ་ལས་བསྐྱབས་མཛད་ནས། །པདྨའི་སྣང་བ་རྒྱས་པའི་ཞིང་ཁམས་སུ། །པདྨ་རྒྱལ་པོའི་གསང་བ་གསུམ་བརྙེས་ཤོག །ཅེས་དོན་ཏིག་འགྲོ་བ་ཀུན་གྲོལ་དང་ཟབ་ཏིག་ཆོས་དབྱིངས་རང་གསལ་གཉིས་ཆུ་བོ་མ་བུ་འདྲེས་ཤིང་ཚིག་དོན་གཅིག་ཏུ་གྱུར་པའི་གཏེར་གཞུང་འཐོར་ཁྲིགས་སུ་བསྡེབས། ཚོགས་མཆོད་རྗེས་འབྲེལ་དང་བཅས་པའི་འདོན་བྱ་བཀའི་བབ་སྲོལ་གསུམ་པ་སྟག་ཤམ་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་ནས་བླངས་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོའི་བྲི་ཡིག་ཚངས་པའི་པ་ཏྲ་ (Volume 52, Text 26)

༄༅། །འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོའི་བྲི་ཡིག་ཚངས་པའི་པ་ཏྲ་ཞེས་བྱ་བ་བཞུགས་སོ། ། ན་མཿཤཱཀྱ་མུ་ན་ཡེ། བདག་ཅག་གི་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱིས་གཙོ་ཆེར་སྤོང་བ་དང་ཀློག་པའི་འཁོར་ལོར་བརྩོན་པར་བྱ་བ་ལས། རྒྱ་བོད་ཀྱི་ཁྱིམ་པ་འབྱོར་ལྡན་རྣམས་ཀྱི་མིག་སྲོལ་བཞིན་དུ། ཁང་པ་ལ་རྩིས་ཞལ་ཞལ་དང་། རིན་པོ་ཆེའི་རྒྱན་ཕྲེང་དང་། རི་མོའི་བཀོད་པས་ཡིད་སྤྲོ་བ་སྲིང་བ་ལ་གཙོ་བོ་བྱེད་པ་མ་ཡིན་མོད། གལ་ཏེ་རི་མོ་འབྲི་བར་བྱེད་ན་སྟོན་པས་ཆོས་འདུལ་བ་སོགས་ལས་བྲི་བར་གནང་ཞིང་། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྗེས་སུ་བསྔགས་པ་དེ་དག་བྲིས་ན་འདི་ཕྱིའི་ལེགས་ཚོགས་འཕེལ་བར་འགྱུར་ཞིང་། དེ་ལའང་སྔགས་ཕྱི་ནང་ནས་དཀྱིལ་འཁོར་དང་སྐུ་གཟུགས་སོགས་གསུངས་པ་ནི། འཆད་པའི་སྐབས་མ་ཡིན་ལ། འདིར་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ་རྣམས་ཀྱི་སྤོང་བའི་ཁང་པ་སོགས་སུ་ཇི་ལྟར་བྲི་བར་གསུངས་པ་དེ་བཤད་པར་བྱ་སྟེ། ཐོག་མར་འབྲི་གཞི་ཁང་པའང་། གཙུག་ལག་ཁང་ཆེ་ཆུང་དང་། སྤོང་ཁང་ཆེ་འབྲིང་ཆུང་གསུམ། འཁོར་གྱི་ཁྱམས་ལ་སོགས་པ་ཚད་ལྡན་བོད་ཀྱི་ཡུལ་དུ་མི་འོང་ཡང་། རྗེས་མཐུན་ཙམ་ཡོད་པའི་དབང་དུ་བྱས་ཏེ། མདོ་རྩ་བར། གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པ་ཡང་ངོ་། །སྔོན་པོ་ལ་སོགས་པ་ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར་བྱའོ། །ཞེས་དགེ་སློང་བསམ་གཏན་བྱེད་པ་དག །ལ་ལ་ཟད་པར་ས་དང་སེར་པོ། ལ་ལ་ཟད་པར་ཆུ་དང་སྔོན་པོའི་སྐྱེ་མཆེད་ལ་སོགས་པ་མཚན་མ་ཙམ་ལ་སེམས་འཛིན་ནས་དོན་གང་ཡིན་པ་དེ་མངོན་དུ་བྱ་བའི་ཕྱིར། རང་རང་གི་ཕྱོགས་བཞིའི་ལོགས་སུ་ཚོན་སྣ་བཞིའི་ཐེག་ལེ་བྱ་བའམ་ཞལ་བ་བྱ་བའམ། འབྱོར་པས་དཔག་ན་ཚོན་དེ་དང་དེའི་ཁ་དོག་གི་ཕ་གུས་བརྩིགས་ཏེ་དེ་ལ་སེམས་འཛིན་པར་གསུངས། ༈ རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་རུང་ངོ་། །ཞེས་པ་གོ་སླ་ལ། སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་དག་བྲིའོ། །ཞེས་གཙུག་ལག་ཁང་དང་དགེ་སློང་སོ་སོའི་སྤོང་ཁང་གིའང་སྒོའི་གཡས་གཡོན་དུ་འདོད་པའི་ལྷའི་བུ་རྣམས་ཀྱི་གེགས་དང་། འབྱུང་པོ་མི་མ་ཡིན་པའི་འཚེ་བ་བསྲུང་བའི་ཕྱིར་གནོད་སྦྱིན་ཤིན་ཏུ་འཇིགས་པའི་གཟུགས་ཅན་ལག་ན་རྡོ་རྗེ་ལ་སོགས་པའི་མཚོན་ཆས་སྡིགས་པའི་ཚུལ་ཅན་བྲི་བར་གསུངས་པ་ད་ལྟ་ཕྱག་ན་རྡོ་རྗེ་སྒོ་ཁང་དུ་བྲི་བའང་འདི་ཀར་གདའ། སྒོ་ཁང་དུ་འཁོར་བའི་འཁོར་ལོ་བྲིའོ། །ཆ་ལྔ་པར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །གླིང་བཞི་པོ་དག་གོ །རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ། །སྔ་མ་གཉིས་གཏི་མུག་གིས་ཟ་བར་རོ། ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བར་རོ། །ཞེས་གསུངས་པས། འདིའང་སངས་རྒྱས་ཞལ་བཞུགས་པའི་ཚེ་ཉན་ཐོས་མཆོག་གཉིས་ཉིན་རེ་བཞིན་དམྱལ་བ་ལ་སོགས་པའི་གནས་མཐའ་དག་ཏུ་རྫུ་འཕྲུལ་གྱིས་ཕེབས་ཏེ་ལས་ཀྱི་འབྲས་བུ་བདག་པོས་ཉམས་སུ་མྱོང་བ་ཇི་ལྟ་བར་མངོན་དུ་གཟིགས་པ་དེ་རྣམས། རབ་ཏུ་བྱུང་བ་ཆོས་ལས་གཡེལ་ཞིང་མི་བརྩོན་པ་དག་མངོན་པར་བསྐུལ་བའི་ཆེད་དུ་སྒོ་ཁང་ལ་སོགས་པར་འབྲིར་བསྩལ་པ། ཕྱིས་ནས་སྟོན་པ་ཉིད་ཀྱིས་ཀྱང་གཞི་དེ་ལས་བརྩམ་སྟེ་འཁོར་བའི་འཁོར་ལོ་འདི་རྒྱལ་བྱེད་ཚལ་གྱི་སྒོ་ཁང་དུ་འབྲི་བར་བཀས་གནང་ངོ་ཞེས་ཀྱང་ཐོས་སོ། །དེ་ལ་དང་པོ་འཁོར་བའི་འཁོར་ལོ་མཚོན་བྱེད་མུ་ཁྱུད་རིམ་པ་གསུམ་བསྐོར། མུ་ཁྱུད་གཉིས་པ་ཆེ་ཞིང་དང་པོ་དང་ཐ་མ་གཉིས་ཇི་ལྟར་འཚམ་པར་བྱ། གཉིས་པ་དེའི་འོག་གི་ངོས་སུ་ཆ་གསུམ་དང་། སྟེང་ངོས་སུ་ཆ་གཉིས་བསྒོས་ནས་བསྡོམས་པས་ཆ་ལྔར་འོང་བ་བྱ། འདི་ལ་ཆ་ལྔར་བགོས་པ་ཙམ་གྱིས་ཆོག་གི་འཁོར་ལོའི་རྩིབས་ལྟ་བུ་བྲི་བ་ནི་མི་འབྲེལ་ལོ། །སྟེང་དུ་ཆ་གཉིས་ཡོད་པའི་གཡས་ངོས་ཀྱི་སྟོད་དུ་ལྷ་དང་། སྨད་ཆར་ལྷ་མིན་ཏེ། དེའི་འོག་རོལ་ཆ་གཅིག་ལ་བྱོལ་སོང་གི་འགྲོ་བ་བྲི་དགོས་པས་དེའིའང་སྟོད་ཆར་ལྷ་མིན་འོག་མ་རྣམས་ཀྱིས་སླེབས་པས་ཕན་ཚུན་འདྲེས་པ་འདྲ་བ་བྱའོ། །སྟེང་གི་གཡོན་ངོས་སུ་མིའི་འཇིག་རྟེན་མཚོན་བྱེད་གླིང་བཞིའི་སེམས་ཅན། མི་ལུས་ཆེན་པོས་རིན་པོ་ཆེའི་གཏེར་དང་། ལྗོན་ཤིང་དང་། བ་མོ་ལ་ལོངས་སྤྱོད་པའི་ཚུལ་དང་། ཁ་ཅིག་ཏུ་སྐྱེ་རྒ་ན་འཆིའི་རྣམ་པ་སྤྱི་སྲོལ་ལྟར་བྲིའོ། །དེའི་སླད་རོལ་འོག་གི་ཆ་དེ་ལ་ཡི་དྭགས་ཀྱི་འགྲོ་བ་དང་། སྨད་དབུས་ཀྱི་ཆ་དེར། གཤིན་རྗེའི་འཇིག་རྟེན་དང་། དམྱལ་བའི་འཇིག་རྟེན་མཚོན་བྱེད་བྲིའོ། །ལྷའི་ཁམས་སུ་བརྫུས་ཏེ་སྐྱེ་བ་བྲི། འཁོར་ལོའི་དབུས་ཀྱི་ཟླུམ་པོ་དེར། ཕག་གིས་སྦྲུལ། དེས་ཕུག་རོན་ཟ་བའི་ཚུལ། དེའང་ཟླུམ་པོར་བྲི་ནས་བར་མཚམས་མེད་པར་འཁོར་བ་ལྟར་བྱ་ཡི་ལྗོན་ཤིང་བྲི་བ་སོགས་ནི་བཀའ་དང་དགོངས་འགྲེལ་ཚད་ལྡན་ལས་མ་གསུངས་པས་རིག་བཟོ་བྱེད་པ་མི་འཐད། ཁོར་ཡུག་གམ་མུ་ཁྱུད་ཐ་མར་མ་རིག་པ་བུད་མེད་ལོང་བ། འདུ་བྱེད་རྫ་མཁན། འདུ་ཤེས་སྤྲེའུ། མིང་གཟུགས་བུད་མེད་དང་སྐྱེས་པ། སྐྱེ་མཆེད་དྲུག་པོ་དེའི་ཡུལ་ལ་ཆགས་པའི་རྣམ་པ།་་་ཕོ་མོ་འདོད་ཡོན་ལྔ་གང་རུང་ལ་གཡེང་བའི་རྣམ་པར་བྲིས་ན་ལེགས། ད་ལྟ་ཁང་བཟང་འདྲ་བྲི་བར་འདུག །རེག་པ་ཕོ་མོའི་རེག་པར་སྤྱོད་པ། ཚོར་བ་སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་ཅན།་་་ད་ལྟ་མིག་ལ་མདའ་ཕོག་པ་བྲི། སྲེད་པ་ནི་བུད་མེད་ཀྱིས་སྐྱེས་པའམ་བུ་འཚོལ་བ། ལེན་པ་ནི་བུད་མེད་མངལ་འཇུག་པ། སྲིད་པ་ནི་མངལ་ན་གནས་པ། སྐྱེ་བ་མངལ་ནས་སྐྱེས་པ། རྒ་བ་རྒས་ཤིང་འཁོགས་པ། ཤི་བ་ནི་ཤི་བའི་གཟུགས་སུ་བྲིའོ། །དེ་ཐམས་ཅད་སྲིན་པོའམ་གཤིན་རྗེ་མི་སྡུག་པ་ཞིག་གི་པང་པར་བཟུང་བར་བྲི་སྟེ། དེ་ན་ད་ལྟའི་ཕྱག་རྒྱུན་ཁྲམ་ཤིང་དང་མེ་ལོང་ཐོགས་པའི་ཁྲོ་བོ་སྨུག་ནག་གིས་གཟུང་བར་བྲིས་པ་འདི་ལེགས། སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པར་རོ། །འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །དེ་སྟོན་པར་བྱེད་པ་གཞག་པར་བྱའོ། །ཞེས་བཤད་མ་ཐག་པའི་འཁོར་བའི་འཁོར་ལོ་དེའི་སྟེང་ངམ། གཡས་ཀྱི་སྟེང་ལོགས་སུ། མྱ་ངན་ལས་འདས་པའི་དཀྱིལ་འཁོར་མཚོན་བྱེད་ཟླུམ་པོ་དཀར་པོ་མེ་ལོང་ལྟ་བུ་བྲིའོ། །འདི་ལ་འཁོར་ལོ་དཀར་པོ་བྲི་བའང་རིགས་བཟོར་སྣང་། དེའི་གཡས་གཡོན་གང་བདེར་སངས་རྒྱས་ཀྱི་སྐུ་གཟུགས་སྤྱི་འགྲེ་དེ་ལ་ཞལ་ཕྱོགས་པ་བྲི། ཟླུམ་དཀར་གྱི་འོག་ཏུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་ན། །སྐྱེ་བའི་འཁོར་བ་རབ་སྤང་ཞིང་། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་པ་བྲི་བར་བྱའོ། །དེའི་ཁོ་ར་ཁོར་ཡུག་ཏུ་ནི་ཆོ་འཕྲུལ་ཆེན་པོ་དང་བདུད་བཏུལ་བ་དག་གོ །ཞེས་པ་ནི་སྒོ་ཁང་ལའོ། །འགྲེལ་ཆུང་འདི་ཕུགས་ཧ་ཅང་བཙུན་པར་མི་བྱེད་པ་མ་གཏོགས། དེ་སྟོན་བྱེད་བཞག་པར་གསུངས་པའང་དེའི་ཉེ་ལོགས་ཤིག་ཏུ་དེ་དག་གི་རྒྱུ་མཚན་ཡི་གེར་འབྲི་བ་དང་། འཆད་བྱེད་དགེ་སློང་ཞིག་རྟག་ཏུ་བསྐོས་པའི་དོན་ཡིན་པར་བཤད། ཁྱམས་སུ་སྐྱེས་པའི་རབས་དག་གོ །ཁྱམས་ཁང་དུ་མཛངས་བླུན་གྱི་རྟོགས་པར་བརྗོད་པ་བྲིའོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་དག་གོ །ད་ལྟ་འདུ་ཁང་གི་ཕུགས་གཙོ་ཁང་དུ་གྲགས་པ་འདི་ལ་ངོས་འཛིན་ཀྱང་རུང་སྟེ་རྒྱ་སྐད་གནྡྷོ་ལའི་སྒྲས་བསྟན་པའི་དྲི་གཙང་ཁང་གི་སྒོར་གཡས་གཡོན་དུ་གནོད་སྦྱིན་ལག་ན་མེ་ཏོག་ཐོགས་ཏེ་མཆོད་པ་འདྲ་བ་བྲི། སྤོང་བའི་ཁང་པར་གནས་བརྟན་གྱི་གྲལ་དག་གོ།་་་ད་ལྟ་འདུ་ཁང་འདི་ལ་བྱེད་དགོས། མཆན། སྤོང་བ་ནི་ལས་བརྒྱ་རྩ་གཅིག་པ་བྱ་བའི་གནས་ཏེ་དེར་གནས་བརྟན་རྣམས་ཕྲེང་བར་བསྟར་ཏེ་བྲིའོ། །གཞན་ཡང་། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ་དག་གོ །རིན་པོ་ཆེའི་མྱུ་གུ་དང་། རིན་ཆེན་འབར་བ་ཐོགས་པ་ཡང་བཤད། ཟས་ཀྱི་ཁང་པར་ལག་ན་བཟའ་བ་དང་། བཅའ་བ་ཐོགས་པ་དག་གོ །འདིའང་གནོད་སྦྱིན་གྱི་གཟུགས་སོ། །བསྲོ་ཁང་དུ་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་དག་གོ །འདི་ལ་ཁྲུས་ཁང་ཞེས་པའང་སྣང་། མེ་ཁང་དུ་གྲུལ་བུམ་མེ་སྦར་བར་བྱེད་པ་དག་དང་། གྲུལ་བུམ་གྱི་བུ་མོ་བྱི་དོར་ལ་སོགས་པ་དང་མེ་སྦར་བར་བྱེད་པ་དང་། སྦྱིན་བདག་མར་མེ་ཐོགས་པ་དང་ལྷའི་ཕོ་ཉ་དག་གོ །འདིར་སྦྱིན་བདག་ནི་མགོན་མེད་ཟས་སྦྱིན་འདྲ་བའི་སྦྱིན་བདག་དང་། ལྷའི་ཕོ་ཉ་ཞེས་པ་མི་གཅིག་བཙོན་དུ་བཟུང་ལ་གཤིན་རྗེའི་མདུན་དུ་ཞལ་ལྕེ་གཅོད་པ་འདྲ་བར་བྲི་བར་བཤད། ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་། ཀླུའི་བུ་མོ་ཆུ་འབྲིམ་པར་བྱེད་པ་དག་གོ །ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པས་ནད་པའི་རིམ་གྲོ་མཛད་པའོ། །ནད་པའི་རུང་ཁང་ནི་སྨན་ཁང་སྟེ། དེའི་སྒོར་ནད་པ་ཁྲི་ལ་ཉལ་བ་ལ་དེ་བཞིན་གཤེགས་པས་ནད་གཡོག་མཛད་པ་འདྲ་བར་བྲི། བཤང་བ་དང་གཅི་བའི་སྐྱབས་སུ་དུར་ཁྲོད་དག་གམ་མགོ་བོའི་ཐོད་པ་དག་གོ །ཕྱི་སའི་ཁང་པར་དུར་ཁྲོད་ན་མི་ཕལ་མོ་ཆེ་ཤི་བའི་ཀེང་རུས་ཀྱི་རྫབ་ལ་སོགས་པ་བྲིས་ལ་བཤང་གཅིའི་ཚེའང་དེ་བལྟས་ནས་མི་གཙང་བ་བསྒོམ་པར་གསུངས། ཡང་། ཕྲེང་བའི་རིམ་པ་དག་བརྒྱུ་བ་ཡང་ངོ་། །དཀོན་མཆོག་མཆོད་པར་གྱུར་པས་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་བྲི་བ་ཡང་ངོ་། །དེའི་ཕྱིར་འབྲི་བ་ནི་དེ་ཉིད་ཡིན་ནོ། །ཞེས་དཀོན་མཆོག་ལ་མཆོད་པའི་ཕྱིར་མེ་ཏོག་གི་ཕྲེང་བ་བརྒྱུ་བ་དང་། མཎྜལ་གྱི་བཀོད་པ་ལྟ་བུ་དཀོན་མཆོག་མཆོད་པའི་ཕྱིར་བྲི་ན་སྲོག་ཆགས་མིན་པའི་གཏེར་དང་། སྐྱེད་མོས་ཚལ་དང་། མེ་ཏོག་ལ་སོགས་པ་བྲི་བར་བྱ་ཡི། སེམས་ཅན་མི་དང་དུད་འགྲོ་ལ་སོགས་པའི་གཟུགས་ལྟ་ཅི་སྨྲོས། དེ་བྲི་བར་བསམ་སྟེ་རི་མོ་ཤུར་ཙམ་འཐེན་པ་ཡང་ཉེས་བྱས་སུ་གསུངས་པས་དེ་ལྟའི་རྣམ་དབྱེ་ཕྱེད་པར་བྱས་ནས། འདིར་བཤད་ཀྱི་རི་མོ་སོ་སོ་ལའང་དགོས་ཆེད་ཆེ་བ་རེ་རེ་ཡོད་པས་གཡས་ཆུང་དུ་མི་འགྲོ་བར་བྲི་བར་བྱས་ཚེ། ཆོས་ཀྱི་བྱ་བ་ལ་འཐོ་མཚམས་པ་རྣམས་ཀྱིས་མི་ཚུགས་པ་དང་། རྟག་ཏུ་ལྷ་རྣམས་ཀྱིས་སྲུང་བ་དང་། རྒྱུ་འབྲས་ལུགས་འབྱུང་ལུགས་ལྡོག་ལ་ཡིད་ཆེས་ཏེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བའི་རྐྱེན་བྱེད་ཅིང་། དྲན་པ་དང་ཤེས་བཞིན་གྱི་རྟེན་དུའང་འགྱུར་བ་སོགས་ཡོན་ཏན་མང་དུ་ཡོད་དོ། །ཞེས་པ་འདིའང་སྐྱབས་མཆོག་རྡོ་རྗེ་འཆང་གི་བཀའ་སྤྱི་བོར་ཕེབས་པ། འབྱུང་རུང་གི་རྟེན་འབྲེལ་དུ་བཟུང་ནས་ཆོས་འདུལ་གྱི་བསླབ་པ་དང་མི་ལྡན་རུང་དེ་དེར་ཞུགས་པའི་མོས་སྤྱོད་པ་ཡོན་ཏན་རྒྱ་མཚོས་སྔོན་གྱི་ཕྱག་བཞེས་དང་བཀོད་ཡིག་རྙིང་པ་རྣམས་ལའང་ཞིབ་ཏུ་དཔྱད། གཙོ་ཆེར་རང་གཞུང་གི་དགོངས་པ་ལ་བོད་ཀྱི་རྟོག་བཟོའི་བསླད་མ་བསྲེས་པར། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ཆེན་པོའི་སྒོ་ཁང་མཛེས་པའི་རྒྱན་གསར་བྲིས་སུ་བསྟར་བའི་སྐབས་སུག་བྲིས་སུ་བསྟར་པ་བསྟན་པ་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

མཁའ་འགྲོ་གསང་ཡེའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ (Volume 35, Text 26)

༄༅། །མཁའ་འགྲོ་གསང་ཡེའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། དཔལ་གར་གྱི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རི༵ག་སྟོང་ཟུང་འཇུག་སྙིང་པོ་གདོད་མའི་གཤིས། །མཚན་འཛི༵ན་ཆོས་འདས་འ༵གྱུར་མེ༵ད་དོན་དམ་དངོས། །མཐའ་བཞིའི་སྤྲོས་ཀུན་ཡོངས་དག་རྡོ༵་རྗེ༵་སེམས། །དྲིན་ཅན་བླ་མའི་ངོ་བོར་ངེས་པས་འདུད། །མཁའ་འགྲོའི་ཞལ་རླངས་མ་ཉམས་ཟབ་མོའི་ཆོས། །སྙིང་པོར་དྲིལ་བའི་གནད་དོན་བླ་ན་མེད། །མཁའ་སྤྱོད་ལམ་བཟང་དགའ་སྟོན་བདུད་རྩིའི་དཔྱིད། །སྐལ་ལྡན་འདོད་འཇོའི་བྱེད་པོར་དེང་འདིར་སྤེལ། །འདིར་འཇིག་རྟེན་དབང་ཕྱུག་རྩ་བའི་དཀྱིལ་འཁོར་དུ་སྤྲོས་བཅས་སྤྲོས་མེད་ཀྱི་དབང་དང་། མཁའ་འགྲོ་གསང་བའི་དཀྱིལ་འཁོར་ཉིད་དུ་བྱིན་རླབས་དབང་བཞིའི་ཆུ་བོས་རྒྱུད་སྨིན་པར་བྱས་པའི་སྐལ་ལྡན་དམ་ཚིག་དང་སྡོམ་པས་རྒྱུད་དག་པ། ཤེས་རབ་དང་སྙིང་རྗེར་ལྡན་ཞིང་གསང་བའི་བརྟུལ་ཞུགས་ལ་ཡང་དག་པར་གནས་པའི་གང་ཟག་གིས། དུར་ཁྲོད་དང་མཚོ་གླིང་ནགས་ཚལ་ལ་སོགས་པའི་གནས་སུ་ཡར་ངོ་དང་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་ཚུལ་འདི་བརྩམ་པར་བྱའོ། །འདི་ལ་བཞི། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བསྐུར་བ། མཇུག་གི་ཆོ་ག །ཞར་བྱུང་མེ་མཆོད་ཀྱི་རིམ་པའོ། །དང་པོ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། ཚོགས་ཀྱི་མཆོད་པ་དང་གསུམ། དང་པོ་ནི། སྤྲོ་ན་ས་ཆོག་སྟ་གོན་སོགས་ཚིག་གི་བསྒྱུར་ཁའི་ཁྱད་པར་ཅུང་ཟད་རེ་མ་གཏོགས་ཐུགས་རྗེ་ཆེན་པོ་རྩ་བའི་ཆོག་ཁྲིགས་བཞིན་བསྒྲུབས་ཀྱང་འགལ་བ་མེད་ཅིང་ལེགས་པར་འགྱུར་མོད། འདིར་སྙིང་པོར་དྲིལ་བའི་དབང་དུ་ན། ས་བསླང་བ། སྦྱང་བ། གཟུང་བ་རྣམས་རྩ་བའི་དཀྱུས་བཞིན་བསྒྲུབས་རྗེས། བསྲུང་བ་ནི། སྲུང་བའི་འཁོར་ལོ་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ། ཧཱུྃ༔ ང་ནི་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་གི་བདག་ཉིད་ཁྲོ་བོའི་རྒྱལ༔ མི་བཟད་རྔམ་བརྗིད་འབར་བ་ཡི༔ ཐུགས་ཀྱི་རོལ་པ་ཆེན་པོ་ལས༔ རྡོ་རྗེ་མཚོན་ཆ་འབར་བའི་མེ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་འཕྲོས༔ སྟེང་ཡང་རྡོ་རྗེའི་གུར་དུ་བྲེས༔ འོག་ཀྱང་རྡོ་རྗེའི་ས་གཞིར་གདལ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་གཏམས༔ སྤྲུལ་པའི་ཁྲོ་ཚོགས་མཚོན་ཆ་དང༔ འབར་བའི་མེ་འོད་ཚྭ་ཚྭ་འཕྲོ༔ གཞོམ་མེད་སྲུང་བའི་གུར་ཁང་ནི༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྲུབ༔ ཨོཾ་བཛྲ་ཀྲོ་ཏ་ཛྭ་ལ་རཀྵ་ཏིཥྛ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ་ཞིང་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བྱ། དེ་ནས་དཀྱིལ་འཁོར་བྲི་བའི་ཆེད་དུ་བདུད་རྩི་ལྔ་ཆང་དང་སྦྱར་བས་དཀྱིལ་འཁོར་གྱི་གཞི་ལ་ཁྱབ་པར་བྱུག་ཅིང་། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔས༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་པཉྩ་ཨ་མྲྀཏ་མ་དྷ་ལ་བྷྲཱུྃ་སྭཱ་ཧཱ༔ ཞེས་བརྗོད། ཐིག་སྐུད་དང་ཚོན་རྩི་རྣམས་ཧྲཱིཿཧ་རི་ནི་ས་ལས་མཁའ་འགྲོ་རིགས་ལྔའི་རང་བཞིན་དུ་མོས་ལ། གཙོ་སྔགས་ཅི་རིགས་བཟླས་པས་བྱིན་གྱིས་བརླབས་ནས་བདུད་རྩིས་གཤེར་བའི་དཀར་དམར་གྱི་ཐིག་ཆལ་གྱིས་ཚངས་ཐིག་གཉིས་སྤྱི་ལྟར་བཏབ་ལ། ཕྱི་ནས་མེ་རི་དང་རྡོ་རྗེའི་རྭ་བ་མཛེས་པའི་མུ་ཁྱུད་བཅས་ཟླུམ་པོར་བསྐོར་བའི་རྒྱབ་ངོས་ཚངས་ཐིག་དང་མུ་ཁྱུད་འཛོམ་ས་ནས་ལྟེ་བར་ཚད་པས་གཡས་གཡོན་དུ་མཚན་མ་གདབ། དེ་ནས་གཡས་གཡོན་གྱི་མཚན་མ་གཉིས་དང་དེ་དག་སོ་སོ་ནས་མདུན་ངོས་ཀྱི་ཚངས་ཐིག་དང་སྒོར་ཐིག་འཛོམ་ས་སྦྲེལ་བས་ཆོས་འབྱུང་གི་ཕྱེད་ཐིག་འགྲུབ་ལ། དེ་བཞིན་དུ་ཅུང་ཟད་ཆུང་བ་གོང་བཞིན་བཏབ་པ་ནང་ཐིག་གོ །དེ་ནས་ཚོན་གྱི་ལས་ནི། ཆོས་འབྱུང་ནང་ཁོངས་དམར། རེ་ཁ་དཀར། མཆན་དམར་པོ། ཟུར་བཞིར་གཡུང་དྲུང་གཡོན་འཁོར་རེ། རྡོར་ར་གཞི་ནག་ལ་རྡོར་ཕྲེང་སེར་པོ། མེ་སྣ་ཚོགས་སམ་དམར་སེར་གཡོན་སྐོར་དུ་བྲིས་པའི་ཆོས་འབྱུང་གི་ནང་དབུས་དང་ཕྱོགས་བཞིར་ལྷ་ལྔའི་སྐུ་གསུང་ཐུགས་མཚན་གང་རུང་ངམ་མེ་ཏོག་དམར་པོའི་ཚོམ་བུ་དགོད། དེའི་དབུས་སུ་མཉྫིའི་ཁར་ཐོད་པ་སྲུབས་མེད་ཆང་གིས་བཀང་བ་ལ་ཨ་མྲྀཏ་དང་རིན་པོ་ཆེ་སོགས་འདོད་པའི་རྫས་ཀྱིས་བྲན། དར་དམར་པོས་ཞལ་བཀབ། དེའི་ཁར་འཁར་བའི་མེ་ལོང་ཆང་གིས་བརླན་པར་སིནྡྷུ་ར་གཞོན་ནུ་མའི་འདོམ་རས་ལ་བཙགས་པ་ཁོད་སྙོམས་པར་བཀྲམ་ནས། གཡོན་པའི་མཐེབ་སྲིན་གྱིས་བཟུང་བའི་གསེར་གྱི་ཐུར་མས་ཆོས་འབྱུང་ཟུར་བསྟན་གྲྭ་བཞིར་གཡུང་དྲུང་བཞི། ཕྱི་རོལ་ཟླུམ་སྐོར་པད་ཕྲེང་ལྟེ་བར་ཧྲཱིཿདང་ཟུར་གསུམ་གྱི་ནང་ངོས་མདུན་དུ་ཧཱུྃ། གཡས་སུ་ཨོཾ། གཡོན་དུ་ཨཱཿརྣམས་བྲི། དར་ལེ་བརྒན་གྱི་གུར་ཕུབ་ནས་མི་མཐོང་བར་བྱ། དེའི་མདུན་དུ་རྣམ་རྒྱལ་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། དཀྱིལ་འཁོར་པའི་འདས་གཏོར་དམར་པོ་ཤ་ཆང་གིས་བྲན་པ། བཀའ་སྲུང་གི་གཏོར་མ། གཏེར་བདག་དང་མཁའ་འགྲོའི་སྤྱི་གཏོར། གཡས་གཡོན་དུ་སྨན་རཀ ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་གཡོན་སྐོར་དུ་བཤམས་ཤིང་། ཁྱད་པར་ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། བདུད་རྩིའི་དྲི་ཆབ། དམར་གྱི་གཏོར་མ། རྐང་གི་དུང་དང་ཅང་ཏེའུ་རྣམས་ངེས་པར་བཤམས། གཞན་ཡང་ཚོགས་རྫས། རང་གི་མདུན་དུ་རྡོར་དྲིལ་ལས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི། མཆོད་རྫས་བྱིན་བརླབ་ཡན་ཆད་སྔོན་འགྲོ་རྣམས་འཇིག་རྟེན་དབང་ཕྱུག་རྩ་བའི་ཆོ་ག་བཞིན་བྱ། དངོས་གཞིའི་ཆོ་ག་ལ་ཐོག་མར་ལྷ་བསྐྱེད་ནི། བདག་མདུན་ཕྱོགས་གཅིག་ཏུ་བསྒྲུབ་པ་ལས། རང་ཉིད་སྐད་ཅིག་གིས་དྷཱ་ཀི་མའི་སྐུར་གསལ་བཏབ་པའི་ཐུགས་ཀའི་འོད་ཀྱིས་ཨོ་རྒྱན་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་མདུན་གྱི་མ་དྷལ་ལ་བཞུགས་པར་བསམ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡས་ཁྱད་པར་གྱི་མཆོད་པ་ལྔ་དང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧིས་བདུད་རྩི་འབུལ། ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས་ཞེས་པ་ནས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་བཞུགས་པའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ། བཞི་ཀའང་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཕྱག་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ། ཐོད་སྐམ་ལྔའི་ཅོད་པན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང་པད་ཉི་རོའི་གདན་ལ་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རང་རིག་པའི་བདག་ཉིད་ཁམས་གསུམ་མ་ལུས་པར་ཡོངས་སུ་ཁྱབ་པའི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ཞིང་། མ་འདྲེས་པའི་སྒྱུ་མའི་སྣང་བ་རབ་འབྱམས་སུ་འཆར་བའི་སྤྲིན་ཆེན་པོར་གྱུར་པར་བསམ་མོ། །དེ་ནས་སྤྱན་འདྲེན་པ་ནི། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་པར་བསམ་ཞིང་འབར་བའི་ཕྱག་རྒྱ་དང་བཅས། ཨེ་ཨཱ་རལླི་ཛ༔ ཕཻཾ་ཞེས་དང་། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན༔ སེམས་ཅན་དོན་དགོངས་འཕགས་པ་སྤྱན་རས་གཟིགས༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ས་མ་ཡ་ཛཿཛ༔ ཞེས་ཚིགས་གཅད་གཉིས་སྔགས་བཅས་ཌཱ་དྲིལ་དང་རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དྲག་པོས་སྤྱན་དྲང་ངོ་། །བདག་བྱིན་གྱིས་བརླབ་ཅིང་དམ་ཡེ་བསྲེ་བ་ནི། ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེའི་སྐུ་ལས་སྐུ་དཔག་ཏུ་མེད་པ་བྱོན༔ ཞེས་པ་ནས། ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་བསམ་ཞིང་སྡེ་ཚན་བཞི་པོ་སོ་སོའི་རྗེས་སུ་རྩ་སྔགས་མཐར། ཀཱ་ཡ། ཝཱ་ཀ །ཙིཏྟ་ས་མ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་རིམ་བཞིན་བཏགས་པ་བཟླ་ཞིང་སྤོས་རོལ་ཡང་བྱའོ། །ལྷའི་སྣང་ཞེན་ལ་བསླབ་པ་ནི། དེ་ནས་ལྷ་སྐུའི་རྣལ་འབྱོར་ཤིན་ཏུ་གསལ་བར་མོས་ཏེ་ཐ་མལ་གྱི་སྣང་བ་བཟློག་པའི་དོན་དུ་ལྷའི་རྣམ་པ་སྤྱི་བྱེ་བྲག་ལ་སེམས་འཛིན་པ། ཐ་མལ་གྱི་ཞེན་པ་བཟློག་པའི་དོན་དུ་ལྷའི་ང་རྒྱལ་ལ་སེམས་འཛིན་པ། ལྷར་སྣང་དང་ང་རྒྱལ་དེའང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་། བདེ་བ་ཆེན་པོའི་ངང་མདངས་ལྷའི་གསལ་སྣང་དང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་ཇི་སྲིད་མི་སྐྱོའི་བར་བསླབ་པར་བྱའོ། །དེ་ནས་བཟླས་པའི་རྣལ་འབྱོར་ནི། རང་ཉིད་ལྷ་མོར་གསལ་བའི་སྙིང་གའི་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ ཅེས་པ་ནས། བུང་བ་ཚང་ཞིག་པ་བཞིན་དུ་བསམ་ནས༔ ཆོས་དབྱིངས་རྣམ་དག་རང་བྱུང་དཀྱིལ་འཁོར་དུ། །ཡེ་ཤེས་མཁའ་འགྲོ་གསང་བའི་ལྷ་ཚོགས་རྣམས། །སྐུ་ནི་སྣང་སྟོང་བདེ་ཆེན་འོད་སྐུའི་ཞིང་། །གསུང་ནི་གྲགས་སྟོང་ཛཔ྄་དབྱངས་སྔགས་ཀྱི་སྒྲ །ཐུགས་ནི་ཀ་དག་འགྱུར་མེད་ཆོས་དབྱིངས་ངང་། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །རྩེ་གཅིག་མོས་པས་ཁྱོད་སྐུ་གསལ་བཏབ་སྟེ། །གསུང་དབྱངས་ཛཔ྄་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན། །རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐུལ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་བཟླ༔ ཡང་སྙིང་གའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་སེམས་བརྟན་པར་བཅིངས་ནས་ཡིད་ཀྱི་བཟླས་པ་དུམ་གཅིག་བྱ༔ ཡང་དེ་ལྟ་བུས་རླུང་ཁ་སྦྱོར་དུ་བཅིངས་ནས་མི་གཡོ་བས་ཀྱང་སྔགས་བཟླ༔ གྲངས་ཚད་ནི་འབུམ་ཚོ་ལྔ། དུས་བསྙེན་ཟླ་བ་གསུམ་མོ། །སྣང་བ་དབང་སྡུད་ཀྱི་བཟླས་པ་ནི། སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས། ཞེས་སོགས་ཀྱི་བཟླས་དམིགས་གསལ་བཏབ་ལ་རྩ་སྔགས་མཐར། པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ནས་ཁྲི་སོགས་ཇི་ལྟར་རིགས་པ་བཟླས་པས་སྣང་སྲིད་དབང་དུ་འགྱུར་རོ། །འཁོར་གྱི་དྷཱ་ཀི་བཞི་ལ་བསྟེན་པའི་ལས་བཞིའི་འཕྱོང་སྔགས་བཟླ་བར་འདོད་ན། གཙོ་མོའི་ཐུགས་ཀའི་འོད་ཟེར་ཞེས་སོགས་ཀྱིས་དམིགས་པ་གསལ་བཏབ་སྟེ། རྩ་སྔགས་ཤམ་བུར། བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ དེ་བཞིན་དུ། རཏྣ་དྷཱ་ཀི་ནཱི་པུཥྚིཾ་ཀུ་རུ་ཧོ༔ པདྨ་དྷཱ་ཀི་ནཱི་པཱ་ཤཾ་ཀུ་རུ་ཛ༔ ཀརྨ་དྷཱ་ཀི་ནཱི་མཱ་ར་ཡ་ཕཊ༔ ཅེས་བཏགས་ནས་བཟླས་པས་ལས་དེ་དང་དེ་འགྲུབ་པར་གསུངས་ཤིང་། བུམ་པ་ལ་དམིགས་ཕྱེད་པའི་བཟླས་པ་བྱེད་ན། གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དང་རྩ་སྔགས་ཅི་ནུས་བཟླ་ཞིང་། ལས་བུམ་དུ་རྟ་མགྲིན་སྐད་ཅིག་གིས་གསལ་བཏབ་སྟེ་རྟ་མགྲིན་གྱི་སྔགས་བརྒྱ་རྩ་སོགས་བཟླས་མཐར། འབྲུ་གསུམ་གྱིས་ནང་མཆོད་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས། ཨོཾ༔ ཀུན་བཟང་རྣལ་རོལ་སོགས་ཀྱི་ཉེར་སྤྱོད་སྨན་གཏོར་རཀྟ་སྦྱོར་སྒྲོལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཡབ་བཀའི་དཀྱུས་བཞིན་དང་། རྒྱས་པར་སྤྲོ་ན་ཕྱི་མཆོད་ཀྱི་སྐབས་ཆུ་གཉིས་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད། རིག་མ་བཅུ་དྲུག །ན་བཟའ་ལ་སོགས་པས་ཀྱང་མཆོད་ན་ལེགས་པར་འགྱུར་བའི་ཕྱིར་རིགས་མཐུན་གྱི་ཆོ་ག་སྐབས་སུ་བབས་པ་ལས་འདོན་ཚིག་རྣམས་བླངས་པས་ཆོག་གོ །དེ་ནས་བསྟོད་ཅིང་བསྐུལ་བ་ནི། ཅང་ཏེའུ་དང་རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་བཅས། ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ ཞེས་པ་ནས། ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ༔ ཞེས་པའི་བར་དཀྱུས་བཞིན་ནོ། །གསུམ་པ་ཚོགས་མཆོད་ནི། བྱིན་བརླབ་ནས་ཚོགས་ཐ་མའི་བར་ཡབ་བཀའ་བཞིན་ནོ། ༈ །གཉིས་པ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་ལ་བདག་འཇུག་དང་སློབ་མ་རྗེས་འཛིན་གཉིས་ཀྱི་དང་པོ་ནི། གཞུང་དུ་བདག་འཇུག་ལེན་དགོས་པའི་གསལ་ཁ་མི་འབྱུང་བས་མ་བླང་ཡང་ཆད་པའི་སྐྱོན་དུ་མི་འགྱུར་མོད། ལེན་པར་སྤྲོ་ན་རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། རང་ཉིད་ཀྱི་རྣམ་འགྱུར་གློ་བུར་བའི་རྟེན་སློབ་མའི་ཚུལ་དུ་བྱ་ཞིང་། དབང་གི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལས་བྱེ་བའི་ལས་ཀྱི་རྣལ་འབྱོར་མས་མཛད་པར་བསམ་སྟེ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་ལས་སློབ་མའི་ཞེས་པ་རྣམས་ལ་བདག་གི་ཞེས་སོགས་སུ་འདོན་པ་སྤོས་ཏེ་དབང་རྫོགས་པར་བླང་། འོན་ཀྱང་བདག་འཇུག་གི་སྐབས་བགེགས་སྐྲོད་ཧཱུྃ་བཞི་པ་ཙམ་དང་དབང་བཞི་སོ་སོའི་གོང་དུ་བདག་བྱིན་རླབས་ཀྱི་ཆོ་ག་དང་འབྲེལ་བར་བྱིན་འབེབ་པ་རྣམས་མ་བྱས་ཀྱང་ཆོག་ཅིང་། ཤིན་ཏུ་བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་ལ་བརྟེན་ཀྱང་འགལ་བ་མེད་དོ། །གཉིས་པ་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་བའི་རིམ་པ་གཉིས། དང་པོ་ནི། བདག་འཇུག་རྒྱས་བསྡུས་ཅི་རིགས་སོང་རྗེས། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་གནང་བ་ཞུ་བ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་སོགས་ཀྱིས་འཇིག་རྟེན་དབང་ཕྱུག་རྩ་བའི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་བོས་རྒྱུད་ཡོངས་སུ་སྨིན་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ནང་དུ་དགའ་འཁྱིལ་བྲིས་པའི་གདན་ལ་བཞག །གཏོར་མ་སྒྲོན་མེ་བཙུག་པ་བྱིན་གྱིས་བརླབ། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །རྩ་སྔགས་མཐར་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ལན་གསུམ་གྱིས་སློབ་མ་ལ་བསྐོར་ཅིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། སློབ་མའི་རྒྱུད་ལ་གནས་ནས་དངོས་གྲུབ་ལ་བར་དུ་གཅོད་པ་རྣམས་འདིར་མ་གནས་པར་སོགས་ཧཱུྃ་བཞིའི་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། མཎྜལ་ཕུལ་ལ། མགོན་པོ་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་བདག་ལ་དགོངས་སུ་གསོལ། །མི་བཟད་སྡུག་བསྔལ་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོ་ལས་བརྒལ་ཏེ། །མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ། །བདག་ཉིད་འཇུག་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། འདོད་དོན་དྲི་ལན་སྐྱབས་སེམས་ཡན་ལག་བདུན་པ་སྡོམ་གཟུང་རྣམས་ཡབ་བཀའི་དབང་གི་སྐབས་བཞིན་བྱེད། ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ་ཞེས་མགོ་བོར་རྡོ་རྗེ་བཞག་ནས་སྲུང་བ་བྱ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ཞེས་ནང་གི་རྒྱུད་བྱིན་གྱིས་རློབ་པའི་དོན་དུ་བདུད་རྩི་སྦྱིན། དེ་ནས་བྱིན་དབབ་པ་ནི། སློབ་མ་རྣམས་རྡོ་རྗེ་རྩེ་གསུམ་པའི་འདུག་ལྟངས་བྱས་ལ་ཉྭ་བཞི་བསྒྲིམ། རླུང་ཁ་སྦྱོར་དུ་འཆིང་། དམིགས་པ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མ་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གར་གྱི་དབང་ཕྱུག་རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྐྱེད་པའི། རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ། སུམ་མདོར་ཆོས་འབྱུང་ཁ་དོག་དམར་པོ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ནང་ཁོངས་བར་སྣང་ལ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བར་བསམ། སླར་སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་ལྷ་དང་བཅས་པ་དང་ཞེས་སོགས་དབང་གཞུང་ལྟར་ནས། ཛྙཱ་ན་བཛྲ་ཏིཥྛ༔ ཞེས་བརྗོད། གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ནི། མཎྜལ་ཕུལ་ནས། ལྷ་མོ་སྐུ་གསུང་ཐུགས་རྡོ་རྗེ༔ སོགས་ལན་གསུམ་གྱིས་གསོལ་བ་གདབ། བུམ་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་དཔྲལ་བ་ནས་སྐུའི་བྱིན་རླབས་དང་ནུས་པ་ཐམས་ཅད་ལྷ་མོའི་སྐུའི་རྣམ་པ་ཆེ་ཆུང་མ་ངེས་པ་བདེ་བའི་གར་སྟབས་ལིང་ལིང་མཛད་ཅིང་། འོད་ཟེར་གྱི་ཕུང་པོར་འབར་བ་དཔག་ཏུ་མེད་པ་བྱུང་། སློབ་མའི་སྤྱི་བོ་ནས་སིབ་སིབ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་བདེ་བ་དང་ལྡན་པར་མོས་ལ་རྩ་སྔགས་མཐར། ཀཱ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། སློབ་མ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལྷ་མོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་པར་བསམ་ཞིང། ཕཻཾ་ཞེས་བརྗོད། མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པ་དེ་རྣམས་ཀྱིས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་མོས་ཏེ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དཔའ་བོ་རྣལ་འབྱོར་མ་ཀུན་གྱི༔ སོགས་དང་སྙིང་པོའི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་ནས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཐིམ་པར་བསམ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད། བཟླས་ལུང་ནི། སློབ་དཔོན་ལྷ་མོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་བྱུང་། སློབ་མའི་ཞལ་དུ་ཞུགས༔ ལྟེ་བའི་ས་བོན་ལ་ཐིམ་པར་བསམ་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་སོགས་བྱ། སྤྲོ་ན། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་སྤྲོ་བ་དང་སློབ་མའི་པདྨར་བསྡུ་བ་སོགས་ཀྱི་དམིགས་གནད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིསའཁོར་གྱི་དྷཱ་ཀི་བཞིའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་སློབ་མའི་ཞལ་དུ་བསྡུ་བ་སོགས་ཀྱི་འཕྲུལ་ཤེས་པར་བྱས་ལ་དབང་སྡུད་དང་ལས་བཞིའི་འཕྱོང་སྔགས་ཀྱི་རྗེས་ཟློས་ཀྱང་བྱ། གང་ལྟར་ཡང་། དེས་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་འདོད་ཁམས་དག་པས་དབང་དུ་འདུས་ཤིང་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་མགྲིན་པ་ནས་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་རྩ་སྔགས་དང་ཨཱ་ལི་ཀཱ་ལིའི་རྣམ་པ་ཁ་དོག་དཀར་དམར་བུང་བ་ཚང་ཞིག་བ་ལྟར་རང་སྒྲ་སྒྲོག་བཞིན་དུ་བྱུང་། སློབ་མའི་མགྲིན་པ་ནས་སིབ་སིབ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས། ངག་ནུས་པ་དང་ལྡན་པར་མོས་ལ་རྩ་སྔགས་མཐར། ཝཱ་ཀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། དེ་ནས་ལྷ་མོའི་ཐུགས་ཀའི་འོད་ཀྱིས་ཞེས་པ་ནས། བདུད་རྩི་ལ་འདྲེས་པ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་བསམ་ཤིང་། ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱར་བའི༔ བདུད་རྩིའི་བཅུད་མཆོག་བདེ་བ་ཆེ༔ བྱང་ཆུབ་སེམས་ནི་དག་པ་འདིས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབུས་ཀྱི་བྷནྡྷ་མགྲིན་པར་བཞག་ཅིང་ཐོད་རྫས་བླུད། བདུད་རྩི་ལྟེ་བའི་ཧྲཱིཿལ་ཐིམ༔ སོལ་མེ་ལ་ཕུས་བཏབ་པ་བཞིན་དེ་ལས་མེ་ཧར་གྱིས་འབར། སྤྱི་བོའི་ཧཾ་ཞུ། རྩ་ཁམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེས་གསུང་གི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལཱིའི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་ཁམས་དག་པས་དབང་དུ་འདུས་ཤིང་། ཞིང་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཤེར་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་སེམས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་དུ་བྱུང་། སློབ་མའི་སྙིང་ག་ནས་སིབ་སིབ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སེམས་རྟོགས་པ་ལྡན་པར་མོས་ལ་རྩ་སྔགས་མཐར། ཙིཏྟ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ༔ ཞེས་བཟླ་ཞིང་སྤོས་རོལ་བྱ། ཧཱུྃ༔ དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་མེད་པ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སིནྡྷུ་རའི་མཎྜལ་སྙིང་གར་བཞག་ཅིང་། སིནྡྷུ་རའི་དཀྱིལ་འཁོར་གྱི་དགའ་འཁྱིལ་གཡོན་པའི་སྲིན་ལག་གིས་བླངས་ཏེ་སྙིང་པོ་བརྗོད་བཞིན་དུ་སྤྱི་མགྲིན་སྙིང་ག་ལྟེ་བའི་གནས་བཞིར་ཐིག་ལེ་བྱས་པས་ལྟེ་བའི་ཧྲཱིཿལས་གཏུམ་མོ་འབར། སྤྱི་བོའི་ཧཾ་ལ་རེག །རྩ་ནང་གི་བྱང་སེམས་ཐམས་ཅད་ཞུ། ཧཾ་ལ་འདུས། དེ་ལས་བྱང་སེམས་སྐྱ་ཆིལ་ཆིལ་བབས། སྤྱི་བོའི་རྩ་འཁོར་གང་། དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། དེ་བཞིན་དུ་མགྲིན་པའི་རྩ་འཁོར་ཡན་ཆད་གང་། མཆོག་ཏུ་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། སྙིང་གའི་རྩ་འཁོར་ཡན་ཆད་གང་། ཁྱད་པར་གྱི་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། ལྟེ་བའི་རྩ་འཁོར་གང་། དྭངས་མའི་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་འོད་འཕྲོ་བ་གསང་བར་འཁོར་བས་བདེ་བ་བཟོད་མེད་དུ་སྐྱེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། སླར་གྱེན་དུ་རིམ་བཞིན་དྲང་། མཐར་བྱང་སེམས་ཐམས་ཅད་སྤྱི་བོའི་ཧཾ་ལ་འདུས། མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཉམས་སུ་མྱོང་བར་བསམ་སྟེ་བདེ་བའི་ངང་མདངས་སྐྱོངས་སུ་འཇུག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་གཟུང་། དེས་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་མེད་ཁམས་དག་པས་དབང་དུ་འདུས་ཤིང་ལྷན་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་བཞི་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་ཏུ་བྱས་པས་དེ་ཉིད་དགྱེས་པ་ཆེན་པོས་སློབ་མ་ལྷར་གསལ་བ་ལ་སིབ་ཀྱིས་ཐིམ་པའི་རྐྱེན་གྱིས། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོབ་སྟེ་རང་བྱུང་ཡེ་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་མངོན་སུམ་དུ་ཐོབ་པར་མོས་ལ་རྩ་སྔགས་མཐར། ས་མ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། དེ་ནས་སློབ་མ་ལུས་གནད་དྲང་པོར་བསྲང་། དབུགས་ཕྱིར་ཕྱུང་ནས་གཟུང་། སེམས་གནད་ལྷ་སྐུ་དྭངས་གསལ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པའི་ངང་དུ་དར་གཅིག་བཞག །རླུང་ནང་དུ་རྔུབས་པས་ལྟེ་བའི་ཆོས་འབྱུང་གཡོན་དུ་འཁོར་བར་མོས་ལ་སེམས་བཞག །རླུང་ཕྱིར་དབྱུང་བའི་ཚེ་ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས། སྨིན་མཚམས་ནས་ཐོན། དེའི་འོད་ཀྱིས་རང་ལུས་མཐའ་ནས་དབུས་སུ་རིམ་གྱིས་ཡལ། མཐར་ནམ་མཁའ་དང་ཕྲུག་གིས་འདྲེས་པའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་མདངས་བསྐྱངས་ཏེ་མཉམ་པར་བཞག་ལ། ཧོ༔ རྩ་བ་བྲལ་བའི་སེམས་ཉིད་ནི༔ གདོད་ནས་མ་སྐྱེས་དངོས་པོ་མེད༔ སྒོམ་མེད་བསྒོམ་པར་བྱ་བའང་མེད༔ ཐམས་ཅད་གདོད་ནས་དག་པ་སྟེ༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ དེ་ཕྱིར་དངོས་པོ་དངོས་མེད་གང༔ སངས་རྒྱས་ཀུན་གྱི་དེ་ཉིད་དོ༔ ཞེས་ངོ་སྤྲད། སླར་ཡང་ལྷ་སྐུར་བསྐྱེད་ལ་ཤིས་པ་བརྗོད། དེས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་ཁམས་གསུམ་དུ་འཛིན་པའི་བག་ཆགས་དག་ནས་ཕོ་ཉ་གསུམ་འདུས་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །རྗེས་དམ་ཚིག་བསྒྲག་གཟུང་དང་མཎྜལ་སོགས་སྤྱི་དང་འདྲའོ། ༈ །གསུམ་པ་མཇུག་ཆོག་ལ་ལྷག་མ་གཏང་བ་ནས་བྲོ་བརྡུང་ཡན་ཡབ་བཀའི་དཀྱུས་བཞིན་དང་། དངོས་གྲུབ་བླང་བ་ནི། དངོས་གྲུབ་ཀྱི་རྫས་དང་མཆོད་གཏོར་གསར་པ་བཤམ། བགེགས་བསལ། བྱིན་དབབ། ཛཔ྄་བསྐུལ་མཆོད་འབུལ་འཁོན་གཅུགས་སྦྱོང་བ་རྣམས་བྱས་ནས། ཨོཾ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ འགྲོ་འདུལ་སྤྲུལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །འཁོར་བཅས་བདག་ལ་སོགས་ཀྱིས་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་སོགས་ཀྱང་ཡབ་བཀའ་བཞིན་ལས། ཉེར་བསྡུའི་ཚེ། མཐར་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་ཞེས་པ་ནས། མཉམ་པར་བཞག༔ སླར་ཡང་གཙོ་སྔགས་འབྲུ་དགུས་ཐུན་མཚམས་ཀྱི་ལྷར་ལངས་རྗེས། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོར་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་སྟེ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ།། ༈ །།བཞི་པ་ཞར་བྱུང་མེ་མཆོད་ལ། མཆོག་དང་ལས་སོ་སོའི་སྦྱིན་སྲེག་གཉིས། དང་པོ་ནི། འཇིག་རྟེན་དབང་ཕྱུག་རྩ་བའི་སྦྱིན་སྲེག་ལས་གསུངས་པ་བཞིན་མཆོག་གི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ། རྒྱ་ཤུག་དང་ཙནྡན། བ་ལྕི་སོགས་ཀྱི་བུད་ཤིང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡས་སུ་བལ་བུ་སོགས་ཀྱི་ཡམ་ཤིང་མཐོ་གང་པ་རྩེ་མོ་དྲི་བཟང་དང་མར་ཁུས་ཉུགས་པ་དང་། མངར་གསུམ་དང་སྦྱར་བའི་མར་ཁུ་སྟེ་མེ་སྲོག་འཛིན་པའི་རྫས་གཉིས། དཀར་གསུམ། མངར་གསུམ། ཤ་མར། དྲི་བཟང་། རིན་པོ་ཆེ། འབྲུ། སྨན། ཟས་གོས་དར་སྣ་སོགས་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རྫས་ཚོགས་ཚད་བཤམ། གཡོན་དུ་མཆོད་གཏོར་ཉེར་སྤྱོད། མདུན་དུ་རྡོར་དྲིལ་དགང་བླུག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཞི་རྒྱས་ཀྱི་ཆས་གོས་སྤྱོད་ལམ་ཇི་ལྟར་འོས་པས། བདག་བསྐྱེད་མཆོད་རྫས་བརླབ་པ་སྔོན་འགྲོས་སྲེག་རྫས་རྣམས་ཆང་དང་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་གིས་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཐབ་བསང་སྦྱང་བསྐྱེད་ཆོག་ཡབ་བཀའ་བཞིན་བྱ། ཨོཾ་ཨགྣེ་ཛྭ་ལ་རཾ་གྱིས་མེ་སྦར། ཐབ་ཀྱི་མེའི་ནང་དུ་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་རོ་དང་ཉི་མའི་སྟེང་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཞེས་པ་ནས། སྤྱན་འདྲེན་གྱི་བར་གོང་བཞིན་དང་། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ། མཆོད་པ་ནས་བསྟོད་སྐུལ་གྱི་བར་སྔར་སྨྲོས་དཀྱུས་ལྟར་བྱས་རྗེས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་ལ་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་བདུན་གྱིས་བཀང་བའི་དགང་གཟར། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛོད་ཅིག་སྭཱ་ཧཱ། ཞེས་འབུལ་བ་ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་དྭངས་པར་གསོལ་བར་བསམ་ལ་རྩ་སྔགས་མཐར་ཧ་རི་ནི་ས་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི༔ཞེས་བཏགས་པས་ཡམ་ཤིང་ནས་གཟུང་བསྲེག་རྫས་རྣམས་བརྒྱ་རྩ་ལ་སོགས་ཅི་ལྟར་རིགས་པ་འབུལ་ཞིང་སྲེག་རྫས་རྫོགས་པའི་མཐར། སྲིད་གསུམ་ཟིལ་གནོན་རྡོ་རྗེའི་རིགས༔ སོགས་གཏེར་གཞུང་མེ་མཆོད་ལྟར་དང་། བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །མཆོག་གི་དངོས་གྲུབ་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་མཛོད། །ཅེས་འདོད་དོན་གསོལ་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུར་འཕྲོས་པ་ལས་ཚད་མེད་པའི་སངས་རྒྱས་བདུད་རྩིའི་བུམ་པ་འཛིན་པ་རྣམས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བསམ། ཚོགས་མཆོད་བྱེད་ན་སྐབས་འདིར་བྱ། གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱ། རླུང་ནང་དུ་འཇུག་པས་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་ནས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཏྨ་ཀོ་ཏིཥྛ་བཛྲ་ཧཱུྃ། ཞེས་བསྡུས་ལ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གཉིས་པ་ལས་སོ་སོའི་སྦྱིན་སྲེག་ནི། ཞི་རྒྱས་དབང་དྲག་བཞི་པོ་སོ་སོར་ཆོ་གའི་ཆིངས་གོང་མ་ཉིད་ལས་གནས་དུས་རྫས་ཆས་གོས་སྤྱོད་ལམ་སྤེལ་ཚིག་སོགས་ཐམས་ཅད་ཡབ་བཀའི་ལས་བཞིའི་སྦྱིན་སྲེག་བཞིན་དང་། ཁྱད་པར་རྫས་འབུལ་བའི་སྔགས་ནི། རྒྱས་པ་ལ། རྩ་སྔགས་མཐར་བཱ་སུ་པུཎྱེ་ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། དབང་ལ། ཆེ་གེ་མོ་སོགས་ལྷ་འདྲེ་མི་གསུམ་ཐམས་ཅད་པཱ་ཤཾཾ་ཀུ་རུ་ཧོཿཛཿཧཱུྃ་བཾ་ཧོ༔ ཞེས་འདོགས་ཤིང་། ཞི་དྲག་གཉིས་ལ་སྔར་མཆོག་གི་སྲེག་ཆོག་བཞིན་ལ་སྤེལ་ཚིག་བསྒྱུར་བས་ཆོག །སྲིད་གསུམ་ཟིལ་གནོན་སོགས་ཀྱི་རྗེས་སུ་བྱེ་བྲག་གི་འདོད་གསོལ་དམིགས་གནད་བཅས་ཡབ་བཀའ་ལྟར་སྐབས་འདིར་སྦྱར། གཞན་གོང་བཞིན་ནོ། །ལས་སོ་སོའི་མེ་གཞིལ་བ་ཡང་ཡབ་བཀའ་བཞིན་དང་། ཞི་བ་དང་དབང་གཉིས་མཆོག་གི་སྦྱིན་སྲེག་དང་བཅས་པའི་སྲེག་ཐལ་ཆ་གསུམ་དུ་བྱས་ནས་ལུས་ལ་བྱུག་པ་དང་རླུང་ལ་འཕྱར་བ་དང་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་བསྐྱལ། རྒྱས་པའི་སྦྱིན་སྲེག་ཐལ་བ་བང་མཛོད་དུ་སྦ། དྲག་པོ་ལམ་གྱི་བཞི་མདོར་མནན་པ་རྣམས་བྱ། དེ་དག་གིས་ནི་ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་དོ། །ཟབ་དོན་སྙིང་པོ་གསང་བའི་ཡང་བཅུད་གང་། །སྔོན་དགེའི་ལེགས་བྱས་བསོད་ནམས་མཐུར་སྨིན་པས། །རྗེ་བཙུན་བླ་མའི་བཀའ་དྲིན་མཆོག་གི་ཟུངས། །ཡང་ཟབ་གདམས་པའི་གཏད་རྒྱ་བཅུད་དུ་ཐོབ། །པ༵དྨ༵འི་དགོངས་ཉམས་མཐར་ཐུག་གསང་བའི་དོན། །འ༵གྱུར་མེ༵ད་ཡི་གེས་གསལ་བར་བྱས་འདི་ལ། །ནོངས་པ་གང་མཆིས་མཁའ་འགྲོ་རྒྱ༵་མཚོ༵་ཡིས། །བཟོད་པ་མཛད་ནས་དབུགས་དབྱུང་དགེ་མཚན་སྩོལ། །འདི་བསྒྲུབས་དགེ་བའི་དངོས་པོ་ཅི་ཡོད་ཚོགས། །དུས་གསུམ་བསགས་ཡོད་དགེ་དང་ལྷན་ཅིག་འབྲས། །འགྱུར་མེད་མི་ཤིགས་གསང་གསུམ་རྡོ་རྗེའི་དབྱིངས། །དབྱེར་མེད་གདོད་མའི་གོ་འཕང་མངོན་གྱུར་ཤོག །དཔལ་གར་གྱི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ་འདི་ཡང་ཡབ་རྗེ་དྲིན་ཅན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧འགྲོ་འདུལ་གཏེར་བདག་གླིང་པའི་བཀའ་དྲིན་གྱིས་འཚོ་བའི་གཉོས་བན་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོའི་སྡེས་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།

མཁའ་འགྲོ་མ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་ (Volume 47, Text 26)

མཁའ་འགྲོ་མ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་བཞུགས་སོ༔ གུ་རུ་ཆོས་དབང་གི་གཏེར་བྱོན་མྱང་སྨན་ལུང་བའི་ཟབ་ཆོས་ཡང་དག་པའོ༔ ྀཨཚ༔ ན་མོ་གུ་རུ་ཌཱ་ཀི་ནཱི༔ གང་ཞིག་ཉམས་གྲིབ་སྦྱང་ཕྱིར་མཁའ་འགྲོ་མ་སྨེ་བརྩེགས་བསྒོམ་པར་འདོད་པས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ སྐད་ཅིག་གིས་པདྨ་ཉི་ཟླའི་གདན་ལ༔ རང་ཉིད་མཁའ་འགྲོ་མ་སྨེ་བ་བརྩེགས་མ་སྐུ་མདོག་མཐིང་ནག་ཤིན་ཏུ་འཚེར་བ༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ ཞབས་གཤིབས་ནས་དྲང་པོར་བཞེངས་པ༔ ཕྱག་གཉིས་ཐུགས་ཀར་བསྣོལ་བའི་སྟེང་ན་བཻ་ཌཱུརྻའི་བུམ་པ་བདུད་རྩིས་གང་བ་བསྣམས་པ༔ རིགས་ལྔའི་དབུ་རྒྱན་དང་དར་སྔོན་པོའི་ཤམ་ཐབས་གསོལ་བ༔ སྤྱན་གསུམ་དང་ལྡན་ཞིང་ཞལ་ཅུང་ཟད་གདངས་པའི་ཐུགས་ཀར་ཡི་གེ་ཧྲཱིཿམཐིང་ག་སྔགས་ཕྲེང་གིས་བསྐོར་བར་གནས་པ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་སེམས་ཐམས་ཅད་རང་འདྲ་བར་སྤྱན་དྲངས༔ རང་ལ་ཐིམ་པས་རང་གི་སྡིག་སྒྲིབ་དང་མི་གཙང་ཉམས་གྲིབ་ཐམས་ཅད་བྱང་བར་བསམ་ཞིང༔ སྔགས་བཟླས་པས་སྔགས་ཕྲེང་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས༔ རང་གི་མི་གཙང་བ་ཐམས་ཅད་བྱ་སྤུ་མེར་བསྲེགས་པ་བཞིན་སོང་བར་བསམ་ལ༔ ཨོཾ་ཁརྑཾ་ཛིརྑཾ་བི་མཱ་ན་སེ་ཨུཙུཥྨ་ཀྲོ་དྷཱི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་རབ་བརྒྱ་རྩ་བརྒྱད༔ འབྲིང་ཉེར་གཅིག༔ ཐ་མ་བདུན་བྱ་སྐད་མ་གྲགས་གོང་དུ་བཟླས་ལ་སྣ་བུག་ཏུ་ཕུས་གདབ་བོ༔ གཞན་གྱི་འབུལ་བ་དང་བཟའ་བཏུང་ལ་ཡང༔ སྔགས་ཀྱི་འོད་ཟེར་གྱིས་མི་གཙང་ཉམས་གྲིབ་ཚིག་པར་བསམས་ནས་རོལ་པར་བྱའོ༔ གཞན་ལ་ཁྲུས་ཆུ་བྱེད་ན༔ རིན་པོ་ཆེའི་བུམ་པར་ལྷ་སྒོམ་ལ་སྔགས་བཟླ༔ གོང་བཞིན་བསྐྱེད་རིམ་གསལ་བའི་ཕྱག་གི་བུམ་པ་ནས་ཆུ་བྱུང་བས་ཉམས་གྲིབ་སྦྱང་བར་བསམ་མོ༔ རང་གི་ཚེ་སྒྲུབ་ཏུ་བྱེད་ན༔ ཕྱག་གི་བུམ་པའི་ནང་དུ་ཨ་དཀར་པོ་གཅིག་ལས་འོད་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་བྱིན་རླབས་ཨའི་རྣམ་པར་སྤྱན་དྲངས་བུམ་པར་ཐིམ༔ གཞན་ཡང་འབྱུང་བའི་བཅུད་དང༔ རང་གི་བླ་ཚེ་འཐོར་བ་ཡང་བསྡུས་བུམ་པར་ཐིམ༔ བུམ་པ་ཨ་དཀར་པོས་གང་བ་ལ་དམིགས་པ་གཏད༔ རླུང་ཐུན་གཅིག་གཟུང་ངོ༔ ཨ་ཉེར་གཅིག་རེ་བཟླས་ལ་འོད་དུ་ཞུ་བའི་བདུད་རྩིའི་ཆུ་རང་གི་ཁར་ཧུབ་རེ་འཐུངས་པས༔ ལུས་བདེ་བས་ཁྱབ་ཅིང་སྙིང་གར་ཡང་ཨ་དཀར་ལ་འཚེར་བ་གཅིག་བསམ་པས་ཚེའི་དངོས་གྲུབ་ཐོབ་བོ༔ རྗེས་དམིགས་མེད་སྟོང་གསལ་གྱི་ངང་ལ་བཞག་གོ༔ ྀཨཚ༔ རབ་ཏུ་ཟབ་ཕྱིར་མཁའ་འགྲོའི་རྒྱུད་ལས་བཏུས༔ ཉམས་སུ་བླང་བདེ་ཕན་ཡོན་བསམ་ལས་འདས༔ ལྔ་བརྒྱའི་དུས་སུ་ཕན་ཕྱིར་གཏེར་དུ་སྦས༔ མངའ་བདག་གསུང་སྤྲུལ་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ། །ཤུ་བྷཾ།། །།

གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་པ་སྤྱིའི་ཁོག་དབུབ༔ གསང་སྔགས་བཅུད་ཕུར་ (Volume 40, Text 26)

ྈྈ གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་པ་སྤྱིའི་ཁོག་དབུབ༔ གསང་སྔགས་བཅུད་ཕུར་བཞུགས་སོ༔ ྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་གསང་བའི་གདམས་ངག་གནད༔ སྒྲུབ་པ་སྤྱི་ཡི་ཁོག་དབུབ་བཅུད་ཕུར་མཆོག༔ བསྟན་པར་གང་དང་འབྲེལ་ཡང་ཁ་བསྒྱུར་གནད༔ སྣོད་མིན་དག་ལ་གསང་བ་ཅིས་ཀྱང་གཅེས༔ ས་མ་ཡཱ༔ རྒྱ༔རྒྱ༔རྒྱ༔ ཕྱི་ནང་གསང་བ་གང་ལྟར་སྒྲུབ་ན་ཡང༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ་ཡོད་པས༔ དང་པོ་རྫས་གསག་སྐུ་རྟེན་བཞེངས་པ་ནི༔ ཡར་ངོའི་དུས་བཟང་དག་ལ་རི་མོ་མཁན༔ ཁྲུས་བྱས་གཙང་སྦྲ་སྐྱབས་སེམས་སྡོམ་པ་བླང༔ ཞི་བ་ཡིན་ན་ཤུག་པའི་བྱང་བུ་དང༔ དྲག་པོ་ཡིན་ན་དྲག་པོའི་ཤིང་བྱང་བྱ༔ བྱི་དོར་ལེགས་འབད་བགེགས་བསྐྲད་གུ་གུལ་བདུག༔ བྱིན་རྟེན་གང་བཟང་ཆུར་སྦྱོང་རྩི་བཅས་བྱུགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་དངོས་འཛིན་མ་དག་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་བརྗོད་ཅིང༔ སངས་རྒྱས་བྱང་སེམས་རྩ་གསུམ་ཞི་ཁྲོ་ཡི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིག་འབྲུ་གསུམ༔ དབྱིངས་ནས་ཁྲ་ཐབས་སུ་བབས་བྱང་བུར་ཐིམ༔ བསམ་ཞིང་སྐུ་གཟུགས་གང་ཡིན་ལེགས་པར་བྲིས༔ དེ་ནས་སླར་ཡང་དམ་རྫས་ཚད་ལྡན་རིགས༔ གང་ཡོད་དང་ནི་ག་པུར་སིནྡྷུ་ར༔ གི་བཾ་གུར་གུམ་དྲི་བཟང་རིགས་ཐམས་ཅད༔ འོ་མ་དང་སྦྱར་དཔྲལ་བར་འདི་ལྟར་བྲི༔ ཨོཾ་ཀཱ་ཡ་ཛྙཱ་ན་པཉྩ་སརྦ་སིདྡྷི་ཨོཾ༔ ཞེས་བྲི་དེ་བཞིན་མགྲིན་པར་ལྷ་གང་ཡིན༔ སྲོག་སྔགས་མགོ་མཇུག་ཨཱཿཡིག་རྒྱས་གདབ་བྲི༔ ཁྱད་པར་འདི་ཡང་བྲི་བར་བྱའོ༔ ཨཱཿཝཱ་ཀ་དྷརྨཱ་སརྦ་སྱ་སིདྡྷི་ཨཱ༔ དེ་བཞིན་ཐུགས་ཀ་ལ་ཡང་འདི་བྲིའོ༔ ཧཱུྃ་ཙིཏྟ་བཛྲ་སརྦ་ཛྙཱ་དྷརྨཱ་དྷཱ་ཏུ་སུ་ཁ་མ་ཧཱ་ཛྙཱ་ན་སིདྡྷི་ཧཱུྃ༔ ལྟེ་བ་ལ་ཡང་འདི་ལྟར་བྲི་བ་ཡིན༔ སྭཱ་གུ་ཎ་ཨ་ནུཏྟ་ར་སརྦ་ནི་ར་བྷོ་ག་སིདྡྷི་སྭཱ༔ ཞེས་བྲི་ཕྱག་དང་ཞབས་ལ་འདི་ལྟར་བྲི༔ ཧཱ་ཀརྨཱ་བི་ཤྭ་སིདྡྷཱརྠ་སིདྡྷ་ཧྲིང་ཧཱ༔ དེ་ནས་སྒྲུབ་པོ་སྐད་ཅིག་ལྷར་གསལ་བའི༔ ཐུགས་ཀའི་འོད་ཀྱིས་གང་ཡིན་ཡེ་ཤེས་པ༔ གཞན་ཡང་ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་གར༔ ཕོ་རྒྱུད་མོ་རྒྱུད་ཀུན་ཀྱང་འོད་ཟེར་ལྔ༔ ཕྱག་རྒྱ་ལྔ་དང་་་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང།ཡིག་འབྲུ་ལྔ་་་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡི་ནི༔ རྣམ་པར་སྤྱན་དྲངས་ཐིམ་པས་མཚོན་འགྱེད་བྱ༔ དེ་ནས་གང་ཡིན་རྩ་སྔགས་བརྗོད་ནས་སུ༔ སྐད་ཅིག་ལྷ་དེའི་སྐུ་རུ་ལམ་གྱིས་གྱུར༔ བསྒོམས་ནས་ཡེ་དྷར་དབྱངས་གསལ་བརྟན་སྔགས་བརྗོད༔ དེ་ལྟར་བྲིས་ནས་ན་བཟའ་ལེགས་པར་གསོལ༔ རབ་གནས་ཡང་བསྐྱར་མཆོད་བསྟོད་མངའ་དབུལ་འབད༔ རྒྱུན་དུ་ཡི་དམ་དངོས་ཀྱི་འདུ་ཤེས་བྱ༔ འབུར་སྐུ་བྱ་ན་ཞི་དྲག་རྫས་མཆོག་ནི༔ བསྲེ་ཞིང་སྔགས་རྣམས་ཤོག་བུར་ལེགས་བྲིས་བཞག༔ གཞན་རྣམས་རིག་པས་དཔག་ལ་ནང་རྟེན་གཞུག༔ སྒྲུབ་པའི་སྐབས་འདིར་དཀྱིལ་འཁོར་བཞེངས་དབུས་སུ༔ ལྡིང་ཁྲི་གསུམ་བྱས་གོང་མ་དེ་རུ་བཀྲམ༔ དེ་ནས་དེ་འོག་ཀ་པཱ་ལ་མཚན་ཉིད༔ ལྡན་ནང་དམ་རྫས་ཨ་མྲྀཏ་བཟང་པོ༔ བླ་མ་ཡབ་ཡུམ་ཏི་ལ་ཡོད་ན་དང༔ ཆོས་སྨན་འཚོགས་ཚད་ཆང་དང་ལེགས་སྦྱར་གཏམས༔ གང་ཡིན་ལྷ་ཡི་མདོག་གམ་ཁ་དོག་ལྔའི༔ དར་ལ་རང་རང་སྙིང་པོ་བྲིས་པས་དགབ༔ དེ་འོག་བྷནྡྷ་མཚན་ཉིད་ངེས་ལྡན་ནང༔ དམ་རྫས་ཁྱད་པར་ཅན་དང་བཅུད་རྫས་སྦྱར༔ རིལ་བུ་ལྷ་ཡི་གྲངས་མཉམ་སྲན་སྦོས་ཙམ༔ གཞན་ཡང་བྱིན་རྟེན་ཚད་ལྡན་གང་ཡོད་དང༔ རྩ་བའི་བླ་མའི་ལྕང་ལོ་སྐུ་ཡི་རྫས༔ གདུང་དང་རིང་བསྲེལ་ཁུང་བཙུན་གསང་སྔགས་ལྷ༔ བསྙེན་སྒྲུབ་མང་སོང་གཏོར་ཟན་གང་མང་རིགས༔ བྱིན་རླབས་ཆེ་རིགས་རྩ་བ་གསུམ་གྱི་ནི༔ བླ་རྡོ་སྲོག་འཁོར་སྤྱི་སྒེར་ཐམས་ཅད་བཞག༔ མེ་ལོང་སྟེང་དུ་ཕྱག་མཚན་བྲིས་པས་དགབ༔ དེ་དབུས་ཤེལ་རྡོ་རྨ་བྱའི་མདོངས་གསར་པ༔ སྣང་བ་དབང་སྡུད་རྫས་རིགས་འཚོགས་པར་བཞག༔ དེ་ནས་གང་བདེར་རཏྣའི་བུམ་བཟང་ནང༔ གཞོན་ནུ་ཕོ་མོ་རབ་ཏུ་གཙང་བ་ཡིས༔ བླང་བའི་གངས་ཆུ་བུར་མར་དམ་རྫས་དང༔ སྦྱར་བའི་རིལ་བུ་རང་གཞུང་ལྷ་ཡི་གྲངས༔ རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་སོགས༔ ལྔ་ཚན་སྐབས་དང་བསྟུན་པའི་དམ་རྫས་བླུགས༔ དར་སྣ་ལྔ་ཡི་མགུལ་ཆིངས་ཁ་རྒྱན་བཟང༔ གཟུངས་ཐག་སོགས་བརྒྱན་དེ་དག་སྤྱིར་བཏང་ལ༔ ཁྱད་པར་རང་གཞུང་བཤད་ཡོད་གང་བདེར་བཞག༔ གོང་འོག་མ་འཁྲུགས་པ་ནི་གལ་ཆེ་འོ༔ གཡས་སུ་བདུད་རྩི་གཡོན་དུ་དམར་ཆེན་དང༔ མདུན་དུ་གཏོར་ཆེན་མཐའ་སྐོར་མཆོད་རྫས་རིགས༔ མ་ཚང་མེད་པར་བག་དྲོ་རྒྱན་ལྡན་བཀྲམ༔ སྟེང་དུ་དར་གདུགས་བླ་རེ་ལེགས་པར་ཕུབ༔ ཕྱོགས་བཞིར་འཕན་དང་རྒྱལ་མཚན་མདའ་དར་དང༔ གྲི་དང་མེ་ལོང་བཞི་རེ་གཞན་ཡང་ནི༔ ཕུར་བུ་ཚོན་སྐུད་དྲྭ་བ་དར་སྟག་གཟིག༔ སྒབ་སྐོར་ནང་དུ་མཆོད་པའི་ལྷ་མོ་བྲི༔ ཡོལ་བ་སོགས་བསྐོར་བརྒྱན་འབུབས་སྤྱན་གཟིགས་རིགས༔ རྒྱས་བཀྲམ་སྐུ་གསུང་ཐུགས་རྟེན་གང་ཡོད་དང༔ མེད་མི་བཏུབ་པ་གཡབ་དར་ཐོད་པའི་རྔ༔ ཕོ་མོའི་རྐང་གླིང་གྲི་རྐང་རྡོ་རྗེ་དྲིལ༔ ཤ་ཆེན་སྤོས་རིགས་ཚིལ་ཆེན་སྦྱར་བ་ཡི༔ མར་མེ་རོལ་མོའི་རིགས་དང་ཞི་རྒྱས་དབང༔ དྲག་པོ་དང་མཐུན་སོ་སོའི་ཕྲེང་བ་དང༔ ཐུན་རིགས་དྲག་པོའི་རྫས་རྒོད་ཚོགས་འཁོར་གྱི༔ ཡོ་བྱད་རྡེག་ཕུར་མཚོན་དང་གཞུང་དགོས་རིགས༔ ཉེར་མཁོའི་ཡོ་བྱད་ན་བའི་གསོ་སྨན་བཟང༔ ལ་སོགས་མ་ཚང་མེད་པ་གསག་པར་བྱ༔ ༈ གཉིས་པ་དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ ཚོགས་གསག་སྒྲིབ་སྦྱོང་སྤྱི་ལྟར་ཐབས་མང་འབད༔ ཁྱད་པར་བླ་མར་དབང་བསྐྱར་ལེགས་པར་ཞུ༔ གལ་ཏེ་ཚད་ལྡན་མ་རྙེད་བདག་གིས་བླང༔ ཡིག་བརྒྱའི་ཐུན་བཟུང་དམ་ཚིག་ཉམས་ཆག་གསོ༔ སྐོང་བཤགས་མདོ་འདོན་ཚོགས་བསགས་ཁྱད་པར་ཅན༔ སྦྱིན་སྲེག་ཞི་བ་ལ་སོགས་སྒྲིབ་སྦྱོང་བརྩོན༔ ཁྱད་པར་སྐྱབས་འགྲོ་གསོལ་འདེབས་ཚོགས་འཁོར་འབུལ༔ དེ་ནས་རང་གིས་གལ་ཆེན་ལས་བྱེད་དང༔ གཏམ་བརྗོད་བསྒོ་དགོས་གང་ཡོད་ལྷག་མེད་བྱ༔ ཡང་ནས་ཡང་དུ་མནོ་ཞིང་འཕྲེང་ཡུལ་ལ༔ ཆགས་ཞེན་མི་དགོས་ཐག་ཆོད་བྱ་བ་གནད༔ དེ་ནས་བྱ་བ་གཞན་བཏང་མཚམས་གཅད་ནི༔ དུས་ཚོད་གཟའ་སྐར་ཚེས་སོགས་བཟང་བར་ཞུགས༔ ཕྱི་རྒྱུད་རྣམས་ལ་བསང་དང་གཏོར་མ་བཏང༔ བར་ཆད་མི་གཏང་བཀའ་བསྒོ་ནན་ཏན་འབད༔ སྒྲུབ་ཁང་ཕྱི་སྒོར་ཐོ་བརྩེགས་ཤིང་བྱང་ལ༔ འདི་ལྟར་བྲིས་པ་རྩེ་མོར་འཛུགས་པར་བྱ༔ ཀྱེ༔ མཆོག་དམན་བར་པ་ཐམས་ཅད་བདག་ལ་གསོན༔ བདག་གིས་འཁོར་བའི་བྱ་བ་འདི་བཏང་བས༔ ཕྱི་དབེན་ལྷ་ཡི་དལ་ལ་ཞུགས་པ་ཡིན༔ ནང་དབེན་བསྐྱེད་རྫོགས་རྫོགས་ལ་ཞུགས་པ་ཡིན༔ གསང་དབེན་ཀ་དག་ཕོ་བྲང་བཟུང་བ་ཡིན༔ སྒོ་གསུམ་བསྐྱེད་སྔགས་ཏིང་འཛིན་ལ་བརྩོན་ནས༔ གཞན་ལ་སྤྲད་དང་ངག་བརྗོད་གཞན་མི་བསམ༔ སྒྲུབ་པ་ཁོ་ནར་བརྩོན་པས་མཆོག་དམན་བར༔ སུ་ཡང་ཐོ་བྱས་ཚུན་ལ་མི་འཇུག་འཚལ༔ གལ་ཏེ་ཞུགས་ན་འདི་ཕྱིར་གནག་པར་ངེས༔ མཆོག་གསུམ་རྩ་བ་གསུམ་གྱི་བདེན་བརྡར་རོ༔ བདེན་པ་བསླུ་བ་མེད་པས་གོ་གསན་མཛོད༔ སྒྲུབ་གྲོགས་སྔོན་ནས་འདུག་ལ་གཞན་མི་འགྲིམས༔ དེ་ནས་སུ་ལའང་མི་སྤྲད་སྨྲ་བརྗོད་སྤང༔ ལས་བྱང་བཏང་ནས་ཚོགས་འཁོར་ལ་སོགས་བྱ༔ སྒྲུབ་ཁང་ཕྱི་རོལ་རྒབ་འདྲེ་སྤྱི་མཐུན་བྲི༔ མནན་པ་གཞུང་ནས་བྱུང་བ་ཇི་བཞིན་བྱ༔ སྒོ་རྩར་ཐོ་གཅིག་བྱས་པར་སྐྱེར་ཕུར་མགུལ༔ ཡི་དམ་ཁྲོ་བོའི་རྩ་སྔགས་དྲག་སྔགས་མཐར༔ སྒྲུབ་ལ་བར་ཆད་བྱེད་ཀུན་ཟློགས་ཤིག་བྲི༔ དྲག་པོའི་རྫས་བཅས་དྲིལ་བཏགས་ཁང་བུར་གཞུག༔ བསྐྱེད་བསྟིམ་རབ་གནས་ལ་སོགས་བྱ་བ་གནད༔ དེ་ནས་རང་གི་ཞེ་གཅད་དྲག་པོ་ཡིས༔ ཇི་སྲིད་སྒྲུབ་པ་འདི་མཐར་མ་ཕྱིན་བར༔ བདག་ནི་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང༔ སྒྲུབ་ལས་འདའ་རེ་ཀན་བསམ་ཁོ་ཐག་བཅད༔ སྒྲུབ་སྒོའི་ཐོད་ལ་རང་གི་སྲུང་མ་དག༔ གཉན་པོའི་གཟུགས་བྲིས་ཐུགས་ཀར་རང་སྔགས་བཀོད༔ བྲི་བའི་གཞི་ནི་ཤིང་བྱང་སྟེང་དུ་སྟེ༔ རྒྱབ་ཏུ་འདི་ཡང་བྲིས་ནས་བཏགས་པར་བྱ༔ ཧཱུྃ༔ སྲུང་མ་གཉན་པོ་ཁྱོད་ཀྱིས་ནི༔ བདག་ནི་སྒྲུབ་མཆོག་མ་ཚར་བར༔ སྒོ་ཕྱིར་འདས་ན་བཀའ་ཆད་ཀྱིས༔ མགོ་བོ་ཚལ་བརྒྱར་འགས་པར་མཛོད༔ དེ་བྱས་ཚུན་ཆོད་དེ་ཕན་མི་བརྒལ་གནད༔ དེ་ནས་རྩ་བ་གསུམ་པོ་གང་ཡིན་གྱི༔ སྐུ་གསུང་ཐུགས་འཁོར་རང་རང་ཁ་སྒྱུར་དབུབ༔ གདན་ལ་སྣ་ཚོགས་རྡོ་རྗེའི་དབུས་སུ་ནི༔ ཏིཥྛ་ལྷན་ཞེས་བྱ་བ་བྲིས་བཞག་གོ༔ དེ་ནས་རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ༔ ཐལ་མོ་སྦྱར་ནས་དམ་བཅའ་འདི་དག་བྱ༔ ཀྱེ༔ ཕྱོགས་བཅུར་བཞུགས་པའི་མཆོག་གསུམ་རྩ་བ་གསུམ༔ དཔང་གྱུར་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་གིས་སྒྲུབ་འདི་མཐར་མ་ཐོན་གྱི་བར༔ ལུས་ཀྱི་སྒོ་ནས་བྱ་བ་ལས་བྱེད་དང༔ སྒྲུབ་ལས་གཞན་པའི་དཔེ་ཀློག་འབྲི་དང་རྩོམ༔ བཟང་ངན་ཆེ་ཕྲའི་ལས་བྱེད་རིགས་ཐམས་ཅད༔ སྤངས་ནས་སྒྲུབ་པ་ཁོ་ན་ལྷུར་ལེན་བྱ༔ ངག་གིས་སྒྲུབ་ལས་གཞན་པའི་བཟླས་བརྗོད་དང༔ བཟང་ངན་ཆེ་ཕྲའི་ཚིག་བརྗོད་རིགས་ཐམས་ཅད༔ སྤངས་ནས་སྒྲུབ་པ་ཁོ་ན་ལྷུར་ལེན་བྱ༔ སེམས་ཀྱིས་སྒྲུབ་པའི་དོན་བསྒོམ་ལས་གཞན་པའི༔ སྔར་འདས་རྗེས་གཅད་ཕྱི་མདུན་བསུ་བ་སོགས༔ གཡེང་འཁྲུལ་རྗེས་འབྲེང་ཐམས་ཅད་སྤངས་ནས་ཀྱང༔ སྒྲུབ་པ་ཁོ་ནའི་དོན་རྣམས་ལྷུར་ལེན་བྱ༔ སྒྲུབ་ལ་གང་དགོས་ངེས་རྣམས་མ་གཏོགས་སོ༔ གལ་ཏེ་འགལ་ན་འདི་ཕྱིར་གནག་གྱུར་ཅིག༔ མ་མཐོང་སྐབས་སུ་སོང་ན་མཐོལ་བཤགས་སོ༔ དེ་ལྟར་དམ་བཅས་བཞིན་དུ་བྱ་བ་གནད༔ སྒྲུབ་ལ་གེགས་ཆེན་གསུམ་དུ་ཡོད་པ་ནི༔ ལུས་ངག་ཡིད་ཀྱིས་སྒྲུབ་ལས་གཞན་པ་ཡི༔ བྱ་བྱེད་བརྗོད་བཟླས་བསམ་མནོ་མང་གཏང་གསུམ༔ བྱས་ན་སྒྲུབ་གཡེལ་འཁོར་ཁྲིད་དྲེད་པོར་ངེས༔ དེས་ན་དེ་དག་དུག་བཞིན་སྤང་བ་གནད༔ གཞན་ཡང་སྐྲ་སེན་འབྲེག་དང་གདན་སྤྲུག་པ༔ གདོང་འཁྲུ་མཆིལ་སྣབས་ཕྱིར་འདོར་གད་མོ་དགོད༔ འཆལ་ངག་ཐེ་ཚོམ་ལོག་ལྟ་ལེ་ལོ་གཡེལ༔ སྙོམ་ལས་གཉིད་ལོག་ཆོག་ཤེས་ཕྱི་ཐག་རིང༔ དེ་སོགས་སྒྲུབ་ཞུད་གྱུར་པའི་རིགས་སྤང་གནད༔ ཉིན་མཚན་རྩེ་གཅིག་བསྙེན་སྒྲུབ་ཁོ་ནར་འབད༔ མཚན་མོ་ཉལ་གཉིད་སད་སྐབས་དུས་དེར་ཀྱང༔ ལྷ་སྔགས་ཏིང་འཛིན་ལྷང་ལྷང་དྲན་པ་གནད༔ འདི་སྐབས་ལོག་རྟོག་ཁ་ཅིག་འདི་སྐད་སྨྲ༔ བསྐྱེད་རྫོགས་ཐམས་ཅད་དྲན་ཙམ་མ་གཏོགས་པའི༔ རྒྱུན་དུ་བྱས་ན་ཨ་འཐས་ཡིན་ཞེས་ཟེར༔ དེ་ནི་དོན་མ་རྟོགས་ཤིང་འཁྲུལ་བར་ཟད༔ འདོད་དོན་གང་ལའང་ལན་རེ་བྱེད་པ་ལས༔ བརྩོན་འགྲུས་ནན་ཏན་བྱེད་འདི་ཅི་ཞིག་དགོས༔ དེས་ན་བསྐྱེད་རིམ་སྒོམ་པའི་དུས་སུ་ཡང༔ ལྷ་ཡི་རྣམ་པ་མ་ཡེངས་ཡིད་ཡུལ་གསལ༔ དེ་ཡང་སྣང་ལ་རང་བཞིན་མེད་པ་སྟེ༔ འཇའ་འམ་མེ་ལོང་གཟུགས་བརྙན་ལྟ་བུར་གསལ༔ འདི་ནི་གསལ་ཞིང་རང་བཞིན་མེད་པ་ཡིན༔ རྟག་ཆད་མཐའ་བསལ་དག་པའི་བསྐྱེད་རིམ་ཡིན༔ གང་ཡང་གསལ་གདབ་མ་ཡེངས་གནད་དུ་ཆེ༔ གལ་སྲིད་ལྷ་ཉིད་སྣང་སྟོང་མ་ཡིན་པར༔ ཤ་ཁྲག་བེམ་གཟུགས་དངོས་འཛིན་བསྐྱེད་པ་ན༔ རྟག་ཆད་མཐར་ལྷུང་ཨ་འཐས་དེ་ལ་བྱ༔ གོལ་བ་ཡིན་པས་ཕན་ལས་ཉེས་པ་ཆེ༔ སྔགས་ནི་སྒྲ་ཟུར་མ་ཉམས་རང་ཐོས་ཙམ༔ བཟླས་ཤིང་ཕྲེང་བ་དྲོད་དང་མ་བྲལ་གཅེས༔ འཆལ་འདྲེས་ཐེ་ཚོམ་ཟུར་ཆག་ཡེངས་པར་བཟླས༔ གོལ་ཞིང་འབྲས་མེད་འགྱུར་བས་ཚད་ལྡན་བྱ༔ སེམས་ཡང་གང་ཤར་ངོ་བོ་སོ་མ་དེ༔ ངོས་བཟུང་ཡང་ཡང་གསལ་གདབ་རང་ཐོག་ཏུ༔ མ་བཅོས་ལྷུག་པར་བཞག་ན་ཤར་གྲོལ་བདེ༔ སྟོང་གསལ་མ་འགགས་རྗེན་པ་སྐུ་གསུམ་དངོས༔ གལ་ཏེ་གང་དྲན་དེ་ལ་བདག་འཛིན་ཞུགས༔ རེ་དོགས་སྤང་བླང་སྔོན་བསུ་རྗེས་ཀྱང་གཅད༔ བཟོ་བཅོས་བྱས་ཀྱང་ཨ་འཐས་འཁྲུལ་པ་སྟེ༔ རང་གི་རྟོག་པས་རང་སེམས་རྙོགས་པ་འོ༔ དེས་ན་མ་བཅོས་ལྷུག་པར་བཞག་གནད་ཟབ༔ ལོག་རྟོག་འགའ་ཞིག་ལྷུག་པར་བཞག་ཟེར་ནས༔ རྣམ་རྟོག་རྒྱ་ཡན་འཁྲུལ་འབྱམས་ཅི་དགར་བཞག༔ དེས་ནི་དོན་མ་མཐོང་ཕྱིར་འཁོར་བ་པ༔ ཀུན་དང་མཚུངས་པས་གོལ་གཞི་ཆེན་པོ་འོ༔ དེས་ན་རིག་པའི་བྱ་རས་ངོས་གཟུང་ཞིང༔ བཅོས་མིན་རང་ལུགས་བཞག་པས་མཐོང་གནད་ཀྱིས༔ སྐྱེས་གྲོལ་དོན་གྱི་རྩ་བ་དེ་ཉིད་ཡིན༔ བསྐྱེད་སྔགས་རྫོགས་རིམ་མ་ཡེངས་ངང་ལ་བསྒྲུབ༔ བསྙེན་སྒྲུབ་དངོས་ནི་རང་གཞུང་ཁོ་ན་སྟེ༔ དེར་བཤད་དམིགས་པའི་འཕྲོ་འདུ་མ་ཡེངས་འབད༔ སྒྲུབ་པའི་སྐབས་འདིར་ལམ་ཁྱེར་གལ་ཆེ་བས༔ ཅུང་ཟད་འགྲོ་འམ་གཡོ་འགུལ་བྱེད་པའི་ཚེ༔ སྐད་ཅིག་ལྷར་ཕྱག་བསྐོར་བར་ཤེས་པར་བྱ༔ བཟའ་བ་ཤ་ལྔ་བཏུང་བ་བདུད་རྩི་ལྔར༔ བསམས་ནས་རང་གི་མགྲིན་པར་བླ་མ་དང༔ རྒྱལ་བ་སྲས་བཅས་སྙིང་གར་ཡི་དམ་ལྷ༔ ལྟེ་བར་མཁའ་འགྲོ་གསང་བར་ཆོས་སྐྱོང་རིགས༔ རྩ་གནས་དཔའ་བོ་མཁའ་འགྲོ་ཏིལ་གོང་ལྟར༔ བསམ་ལ་དེ་དག་རྣམས་མཆོད་དགྱེས་པར་བསམ༔ རླུང་བཟླས་སོ་སོར་ཡོད་ཀྱང་ཁྱད་པར་ནི༔ འཇུག་གནས་འབྱིན་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དུ༔ བསམ་ཞིང་སྤྱོད་ལམ་ཀུན་ཏུ་མ་བརྗེད་ན༔ རང་བྱུང་རྡོ་རྗེའི་བཟླས་པ་བླ་ན་མེད༔ ཟག་པ་ཀུན་ནི་སྐད་ཅིག་རང་ལྷར་གསལ༔ སྐུ་ལས་དཀར་དམར་བདུད་རྩིའི་རྒྱུན་བབས་ཤིང༔ གང་ལའང་མི་མཐུན་མེད་ཅིང་མཐུན་ཚོགས་གྱུར༔ ཡི་དྭགས་ལ་སོགས་བཀྲེས་སྐོམ་ཉེན་པ་ཀུན༔ ཚིམས་ནས་དགའ་མགུ་ལྷ་ཡི་བྱིན་རླབས་མཐུས༔ ལས་སྒྲིབ་ཟད་ནས་བདེ་འགྲོར་སོང་བར་བསམ༔ རྒྱུན་དུ་སྣང་གྲགས་རིག་གསུམ་ཆོས་ཐམས་ཅད༔ གང་ཡིན་ལྷ་སྔགས་ཡེ་ཤེས་གསལ་གདབ་པ༔ གལ་ཆེ་གསང་སྔགས་ཀུན་གྱི་ཁྱེར་སོ་ཟབ༔ བསྡུ་དུས་དམིགས་མེད་ཤིགས་སེ་བཞག་པ་འམ༔ སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀུན༔ ཚུར་འདུས་རང་གི་སྲུང་འཁོར་ལ་ཐིམ་ཞིང༔ དེ་ཡང་རིམ་བཞིན་གཞལ་ཡས་འཁོར་གྱི་ལྷ༔ གདན་བཅས་གཙོ་འདུས་ཡབ་ཡུམ་གཉིས་མེད་འདྲེས༔ ཡང་ན་འོད་ཕུང་གྱུར་དབུས་ས་བོན་ཧཱུྃ༔ གསལ་བ་དེ་ལ་འོད་འདུས་ཧཱུྃ་འོག་ནས༔ ཡར་ཞུ་ཐིག་ལེར་ཐིམ་ནས་དེ་ཡང་ཡལ༔ སྟོང་གསལ་མ་འགགས་སྐུ་གསུམ་ངང་ལ་གནས༔ ལྡང་དུས་དཔའ་བོ་མཁའ་འགྲོས་ཌཱ་དྲིལ་སྒྲས༔ འགྲོ་བའི་དོན་བསྐུལ་ཆོས་སྐུ་ལོངས་སྐུར་བཞེངས༔ དེ་ལས་སྤྲུལ་སྐུ་ཉི་མའི་ཟེར་ལྟར་འགྱེད༔ དག་པ་བཞིའི་ལྷར་ལམ་གྱིས་གྱུར་པར་བསམ༔ རྟག་ཆད་མཐའ་བསལ་ཡོན་ཏན་བརྗོད་མི་ལང༔ དེ་ནས་རྟགས་ནི་གཞུང་ངམ་གཞན་བྱུང་ལྟར༔ ཡིན་ལ་གཞན་ཡང་ཉམས་འཕེལ་འགྲིབ་སྣ་ཚོགས༔ བཟང་ངན་གང་ལྟར་བྱུང་ཡང་གཤིས་ཆོས་ཉིད༔ རོལ་པ་སྣང་སྟོང་འཛིན་མེད་ངང་ལ་བཞག༔ གདངས་ནི་འགག་མེད་གསལ་རིག་བུན་ནེ་བ༔ ཅིར་སྣང་ལམ་ཁྱེར་དགག་སྒྲུབ་བླང་དོར་སྤང༔ ལྟ་བའི་གདིང་བསྐྱེད་སྒྱུ་མའི་རོལ་གར་བལྟ༔ རང་རྫས་གཞན་ལ་མི་སྦྱིན་གཞན་རྫས་འཕྲལ༔ བྱུང་བ་མི་ལེན་རང་སར་བཞག་པ་གནད༔ དེ་ནས་རྗེས་ཀྱི་རིམ་པ་འདི་ལྟར་བསྟན༔ ཉམས་དང་རྨི་ལམ་འགྲུབ་རྟགས་འདྲ་བྱུང་ཚེ༔ དངོས་གྲུབ་བར་ཆད་གང་ཡིན་བརྟག་པ་གནད༔ དེ་ཡང་བཟང་རྟགས་བྱུང་དེ་འགྱུར་མེད་ལ༔ རང་ཡང་ཉམས་དགའ་ཐེ་ཚོམ་བྲལ་བ་བཟང༔ གལ་ཏེ་མི་བརྟན་རྣམ་འགྱུར་ཤིན་ཏུ་མང༔ རང་ཡང་མི་དགའ་ཐེ་ཚོམ་སོགས་བྱུང་ན༔ བར་ཆད་ཡིན་ཞིང་གཞན་ཡང་བརྟག་བྱ་བ༔ རྫས་རྒོད་སྒྲུབ་སོགས་བདུག་ལ་རང་ཡི་དམ༔ ལྷ་ཡི་ང་རྒྱལ་བརྟན་པོས་དེ་ལ་གཟིར༔ ཡང་ན་རང་དང་དབྱེར་མེད་བསྲེ་བ་ཡིན༔ ལྷ་ཡིན་ཇེ་གསལ་བར་ཆད་ཡིན་ན་ནི༔ མི་བརྟན་འགྱུར་ལ་རང་ཡལ་འགྲོ་བ་ཡིན༔ བཟང་རྟགས་ངེས་རིགས་གང་བྱུང་དེ་ཡི་ཚེ༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་གཞུང་ལྟར་བླང༔ དེ་ནས་རང་གཞུང་ལ་སོགས་ལས་སྦྱོར་བྱ༔ དེ་ཡང་རྟགས་གྲངས་དུས་སོགས་རྫོགས་ནས་སོ༔ དེ་རྗེས་མཆོད་བསྟོད་ཚོགས་སྐོང་བཤགས་པ་དང༔ སྲུང་མར་མཆོད་གཏོར་གཏང་སོགས་གང་མང་འབད༔ ཡིག་བརྒྱའི་ཐུན་དང་བཤགས་པའི་རིགས་བརྗོད་བྱ༔ ལས་བཞིའི་མེ་མཆོད་འབད་ནས་བསྔོ་སྨོན་སོགས༔ གང་རྒྱས་བྱས་ནས་མི་དམིགས་རྒྱ་ཡིས་གདབ༔ ཞག་འགར་ཉམས་ལེན་ཁོ་ན་བསྐྱངས་ལ་འདུག༔ དེ་ནས་སྲུང་མར་གཏང་རག་མཆོད་གཏོར་འབུལ༔ དམ་ཡིག་སྐུ་བཅས་བླངས་ནས་དུས་མཐའ་ཕྱིན༔ ཞེས་པའི་ཚིག་བརྗོད་དོན་ཡང་བསམ་བྱས་པས༔ སྲུང་མ་དགྱེས་བཞིན་ལེགས་བརྗོད་གནང་བར་བསམ༔ ཞག་འགར་ཆོས་སྤྱོད་རིགས་ཀྱི་ལས་མང་འབད༔ ནང་མི་དམ་ལྡན་དང་སྤྲད་དལ་བར་འདུག༔ རྟེན་མདུན་ཕྱག་འཚལ་དུས་མཐར་ཕྱིན་བརྗོད་ལ༔ རྗེས་སུ་འདི་བཞིན་སྒྲུབ་པའི་དམ་བཅའ་འབུལ༔ ལེགས་གསུང་བཀའ་གནང་དངོས་གྲུབ་སྟེར་བར་བསམ༔ གཞུང་བཤད་ལ་སོགས་དམ་རྫས་འགའ་ལུས་འཆང༔ གཞན་རྣམས་གསང་སྦས་ལས་རྗེས་མི་མངོན་བྱ༔ ཕྱི་རྒྱུད་ལ་ནི་བསང་གཏོར་ལ་སོགས་གཏང༔ ཕྱི་ཐོ་གཉིས་བཀྲོལ་གསང་དམ་མ་ལུས་བསྲུང༔ སྤྱོད་ལམ་ལ་འཇུག་སྒྲུབ་པའི་ཡི་དམ་ལྷའི༔ བསྐྱེད་སྔགས་དང་ནི་རྫོགས་རིམ་མ་ཆག་གནད༔ རྒྱུན་དུ་བག་ཡོད་དྲན་ཤེས་རབ་ཀྱི་མཆོག༔ སྤྱོད་ལམ་ཀུན་ཏུ་སྔར་བཤད་ལམ་ཁྱེར་ལྟར༔ བྱ་བ་དེ་ནི་ཤིན་ཏུ་གལ་ཆེ་འོ༔ དེ་ལྟར་ཞི་དྲག་ཕོ་མོ་གང་སྒྲུབ་ཀྱང༔ འདི་ཡི་ཁོག་དབུབ་ཟབ་པས་ཤེས་པར་བྱའོ༔ གུ་རུའི་གསུང་ལ་ཟིན་བྲིས་བགྱིས་པ་ཡིན༔ མཚོ་རྒྱལ་བདག་གིས་མ་འོངས་དོན་དུ་བཀོད༔ ཐེམ་དུ་མ་བསྟན་གུད་སྦས་གསང་བ་གཅེས༔ ལས་ཅན་དང་འཕྲད་སྒྲུབ་པ་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ རྒྱཿརྒྱཿརྒྱ༔ རྒྱ༔ གཏེར་སྟོན་ལ་ལི་ཏ་བཛྲ་གྱིས་གདན་དྲངས་པ་གུ་ཧྱ།། །།

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་སྲོག་གཏད་ཀྱི་ཆོ་ག་སྐལ་ལྡན་ཡིད་ཀྱི་གདུང་སེལ་ (Volume 39, Text 26)

༄༅། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་སྲོག་གཏད་ཀྱི་ཆོ་ག་སྐལ་ལྡན་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ། །བཏུད་ནས་རྡོ་རྗེ་འབར་བ་ཡི། །སྒྲུབ་ཐབས་སྲོག་གཏད་ཆོ་གའི་ཁྲིགས། །བཀླགས་ཆོག་ཉིད་དུ་འདིར་གསལ་བྱ། །འདིར་དྲི་ཟའི་རྒྱལ་པོ་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་འབྲེལ་པར་སྲོག་གཏད་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སྲོག་གཏད་ཀྱི་ཆོ་གའོ། །དང་པོ་ནི། དུས་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲུ་སྣའི་སིལ་མ་བཀྲམ་པའི་ཁར། མཉྫི་ལ་རིན་པོ་ཆེའི་སྣོད་དུ་དབང་གཏོར་རྩ་བར་པདྨ་འདབ་བརྒྱད་གྱེན་ལངས་གྲུ་བཞིའི་ཁར་བང་རིམ་གཅིག་མའི་སྟེང་ཁང་བཟང་ཁ་བད་བཅས་པའི་ཁར་རྒྱ་ཕིབས་ཏོག་བཅས། རྒྱ་ཕིབས་ཀྱི་རྒྱན་དང་མར་འབྲུམ་མེ་ཏོག་དཀར་པོ། སྐུ་རྟེན་ཙཀླི་གཏོར་གདུགས་དཀར་པོ་ཅན་བཀོད། མདུན་དུ་འབུལ་གཏོར་དཀར་པོ་གྲུ་གསུམ་ལུག་མགོས་བརྒྱན་པ། ཕྱེ་མར། གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས། ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལ་ཡེ་ཤེས་ཤར་བའི་སྐུ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་བརྗོད། གོང་གནོན་གྱི་ལྷ་བསྐྱེད་པ་ནི། སྐད་ཅིག་གིས་རང་རིག་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མཆོག་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་བསླེབས་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱངས་པ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་གནོན་པ། དུར་ཁྲོད་ཀྱི་ཆས་ཀྱིས་ཀུན་ནས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྷྲཱི་ཝ་ཧཱུྃ་ཧཱུྃ་ཕཊཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་ལ་བསྟོད་པ་ནི་འཇམ་རོལ་དང་བཅས། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུལ་པདྨ་འབྱུང་། །བླ་མ་རིག་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །མཆོད་གཏོར་བརླབ་པ་ནི། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྷྲཱི་བ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བཟང་ཞིང་གྱ་ནོམ་པ། ལྷ་ཆེན་འཁོར་བཅས་མཉེས་པར་བྱེད་པའི་མཆོད་སྤྲིན་ནམ་མཁའ་མཛོད་ལ་མངའ་བརྙེས་པ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་རོ་བཅུད་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ། ཡི་གེ་གསུམ་འོད་དུ་ཞུ་ནས་དབྱེར་མེད་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱི་བྱིན་གྱིས་བརླབ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ཤེལ་གྱི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ་རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ༔ རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་བ༔ རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབ་པ༔ ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ༔ ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ༔ དེའི་དབུས་སུ་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་རྒྱན་དུ་མས་མཛེས་པའི་སྟེང་ན༔ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལྟར་དུ་བརྗིད་པ༔ ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ༔ སྤྱན་གསུམ་རབ་ཏུ་བཀྲ་བ༔ དབུ་སྐྲའི་ཐོར་ཚུགས་དར་དཀར་པོས་བཅིངས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་བ༔ གཡོན་ཤེལ་དཀར་ཕྲེང་བ་འདྲེན་པ༔ ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ༔ སྤྱི་བོར་ནོར་བུ་འབར་བའི་ཏོག་དང༔ རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ༔ སྐུ་གཞོན་ཞིང་མཛེས་པ༔ རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་པ༔ དེའི་གཡོན་དུ་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་། དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་བཅིབས་པ། ཤར་དུ་ཞི་མཛད་རྡོ་རྗེ་འབར་བ་རྩལ། ལྷོར་རྒྱས་བྱེད་རྡོ་རྗེ་འབར་བ་རྩལ། ནུབ་ཏུ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ། བྱང་དུ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ། ཤར་ལྷོར་ལྷ་ཆེན་སྐྱེས་བུ་བཞིན་བཟང་། ལྷོ་ནུབ་ཏུ་ལྷ་ཆེན་གྱི་ངོ་བོ་འབྲོང་གཡག་ཞོལ་དཀར། ནུབ་བྱང་དུ་དཔའ་བོ་རྡོ་རྗེ་འབར་བ་རྩལ། བྱང་ཤར་དུ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ། རྣམ་འགྱུར་དེ་རྣམས་ཀྱི་འཁོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ༔ དམག་ཚོགས་བྱེ་བ་འབུམ་སྡེ༔ ཐམས་ཅད་ཀྱང་དཔུང་ཚོགས་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ༔ སྟེང་དང་ཕྱོགས་མཚམས་ཀུན་ནས༔ སྤྲུལ་པའི་དུང་ཁྲ་དཀར་པོ་ལྡིང་ཞིང༔ དུང་སྤྱང་ཕོ་མོ་དང༔ འབྲོང་གཡག་ཞོལ་ཆེན་མང་པོ་ཁྲོ་ལ་ངར་བ༔ དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་དྲི་མ་མེད་པའི་འོད་ཟེར་དང། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་སྐུ་ལྷ་ཆེན་པོ་སྤྲུལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་བསམ། ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང༔ སེང་གེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྟེན་ཅིང་རྒྱང་མ་རིང༔ འཇིག་རྟེན་སྲུང་མ་སྒྲུབ་ཅིང་མཐུ་མ་ཆུང༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛཿཛ༔ ཧཱུྃ༔ སྐུ་ལྷའི་ཡབ་སྨྲོས་པ༔ འོད་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨྲོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨྲོས་པ༔ ཡར་ཞུར་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་ལྡིམ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་ཞུར་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་ན༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་འཆིབ་ན༔ ལྷ་རྟ་ངང་དཀར་འཆིབ༔ ཁམས་གསུམ་ཀུན་ཏུ་རྒྱུ༔ མདོག་དཀར་འོད་ཟེར་འབར༔ ཕྱག་གཡས་པས་སྦ་ལྕག་འཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་ཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློ༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་བྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང༔ སྡང་བའི་དགྲ་སྲོག་གཅོད༔ མགྱོགས་སུ་རྟ་གཏོད་ཀྱི༔ རྨིག་ཐོག་ཟོར་མ་ལྕི༔ རྣོ་རུ་མཚོན་བརྡར་གྱི༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ཏ་རེ༔ མགྱོགས་དང་དཀྱུས་འགྲན་ན༔ དཀྱུས་ཐོག་ཤོར་ར་རེ༔ སྡང་དགྲས་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོང་ལ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་བསྒོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་རྒྱུད་ཆགས་པའི་གདུངས་རྒྱུད་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ། ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་པ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མར་རི་རྒྱལ་བཀྲ་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ༔ ཐུགས་རྗེ་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གཡའ་ཆུ་གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ རྔོན་ཆ་དར་དང་ཟ་འོག་མཆོད༔ གསང་ལུག་འབྲས་དཀར་གཙང་མས་མཆོད༔ ཕྱི་མཆོད་འབུལ་བ་ནི། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་བརྗོད། སྨན་གཏོར་འབུལ་བ་ནི། ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྡོ་རྗེ་འབར་རྩལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཧཱུྃ། དཀར་གསུམ་མངར་གསུམ་བཟང་སྨན་འབྲུ་དཀར་ཟན། །ལེགས་སྦྱར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །རོ་མཆོག་བརྒྱ་ཕྲག་ལྡན་པའི་བ་ལིནྟ། །འབུལ་གྱིས་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨོཾ་ཨཱཿཧཱུྃ༔ གཙོ་བོ་ལ་བདུན་ནམ་ཉེར་གཅིག །ཨོཾ་ཨ་ཀཱ་རོས་གཙོ་འཁོར་སྤྱིར་ལན་གསུམ་མམ་བདུན་གྱིས་འབུལ། ཛཔ྄་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ༔ རང་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿདམར་པོའི་མཐར་རྩ་སྔགས་ཀྱིས་བསྐོར་བ༔ དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས༔ ལྷ་ཆེན་གྱི་ནུས་པ་དང་གཟི་བྱིན་འོད་ཟེར་སྣ་ཚོགས་སུ་རང་ལ་ཐིམ་པར་བསམ་ལ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་མང་དུ་བཟླ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དཔལ་ལྡན་ལྷ་ཡི་ལྷ་མཆོག་ཁྱོད༔ ཛམ་གླིང་བྱང་ཕྱོགས་ཁ་བ་ཅན༔ ཁ་བ་ཅན་གྱི་བྱང་ལྗོངས་སུ༔ ས་གཞི་ལྗང་སྔོན་རྩི་བཅུད་རྒྱས༔ མེ་ཏོག་པདྨ་འོད་དུ་འབར༔ གངས་དཀར་ཤེལ་གྱི་ཕྲེང་བས་བསྐོར༔ ཡིད་འོང་མཚོ་ཆེན་མདངས་དང་ལྡན༔ ཤེལ་དཀར་རིན་ཆེན་སྒོ་ལྕོག་འབར༔ རྩ་བར་ཡིད་བཞིན་རྒྱ་མཚོར་ལྡན༔ རྐེད་པར་འཇའ་འོད་ན་བུན་འཐིབས༔ རྩེ་མོར་སྤྲིན་དཀར་དགོས་འདོད་ཀྱི༔ རིན་ཆེན་ཆར་འབེབ་འབྲུག་སྒྲ་སྒྲོག༔ གཞལ་ཡས་དེ་ཡི་ནང་ཤེད་ན༔ ཉི་ཟླ་པདྨ་རྟ་མཆོག་སྟེང༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་མདོག་དཀར་ལ་ཁྲོ་འཛུམ་འགྱིང༔ ཕྱག་གཡས་རྡོ་རྗེ་སྦ་ལྕག་འཕྱར༔ གཡོན་པས་ཟླ་བའི་ཤེལ་ཕྲེང་འདྲེན༔ དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར༔ ཡིད་བཞིན་ནོར་བུ་འབར་བས་བརྒྱན༔ སྐུ་ལ་བེར་ཆེན་ཕྲུགས་གསུམ་གསོལ༔ གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དམག་དཔུང་བྱེ་བ་འབུམ་སྡེས་བསྐོར༔ ཀུན་ཀྱང་ཁྲོ་གཏུམ་བརྗིད་པའི་གཟུགས༔ དར་ཚོན་རོལ་མོས་ནམ་མཁའ་གང༔ བདེ་གཤེགས་སྟོང་གི་བསྟན་པ་སྲུང༔ པདྨ་འབྱུང་གནས་བཀའ་བཞིན་སྒྲུབ༔ ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང༔ དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད༔ རྗེ་དཔོན་ཡོངས་ཀྱི་དགྲ་བླར་གྱུར༔ རྡོ་རྗེ་འབར་བ་རྩལ་ལ་བསྟོད༔ ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད༔ དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེང་ནས་རིག་འཛིན་མཆོག་ཐོབ་བར༔ སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས༔ གྲགས་པ་གཟའ་སྐར་འོད་ལྟར་ཁྱེ༔ དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད༔ རིགས་རྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ༔ དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ༔ སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ༔ སྨྱོ་འདྲེ་རྒྱལ་པོ་རྡུལ་བཞིན་ཐུལ༔ དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ༔ བདག་གི་ལུས་དང་གྲིབ་མ་བཞིན༔ འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ༔ ཅེས་འདོད་དོན་གསོལ། མཐར་གཏོར་འབུལ་གཏང་རག་བཟོད་གསོལ་སྤྱི་དང་འདྲའོ། །གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བཤད་མ་ཐག་པའི་སྒྲུབ་མཆོད་སྔོན་དུ་འགྲོ་བས། སློབ་མའི་བྱ་བར་ཁྲུས་དང་བགེགས་བསྐྲད་སོང་ནས་མཚམས་སྦྱོར་ཅི་རིགས་པ་ལས། ཁྱད་པར་དུ་སློབ་དཔོན་ཆེན་པོའི་བཀའི་སྲུང་མ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་ངོ་བོ་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིན་པ་ལ་རྒྱལ་བསེན་སོགས་ལྷ་སྲིན་མ་རུངས་པ་རྣམས་ཀྱི་གཉེན་པོར་དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེའུ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ་འམ་ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྟེ་སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་གནས་སྐབས་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བའི་རྒྱུ་མཚན་ཐང་ཡིག་ལས། དེ་ནས་གཉན་ཆེན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་བསླེབས་པ་ལ༔ མཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་མཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས༔ ཁྱོད་རང་ཕར་སོང་ཚོགས་འཁོར་ཤོམས་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང༔ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་རལ་གུ་ཞིག་གྱོན་ཕྱག་བསྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ༔ ཞེས་པ་ལྟར་སློབ་དཔོན་ཆེན་པོ་ལ་ཐོ་འཚམས་པའི་ཚེ་བཀའ་བཏགས་ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་ནས་སྲུང་མར་བསྐོས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱང་ལམ་བར་པ་ནས༔ བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ༔ གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ན་ཡེ་རེ་བ༔ རྨིག་བཞིས་རུ་བཞིའི་ས་མདུད་ནོན་པ་ཞིག་བྱས་ནས༔ སློབ་དཔོན་གྱི་དྲུང་ན་ཚུར་བྱུང༔ ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང༔ གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིགས་ནས༔ སྐྱེས་པ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན༔ གཡུ་ཡི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ༔ རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ༔ དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ༔ གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་ཡལ་གམ་ཅན་ཞིག་འདུག་སྟེ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་སྟོངས་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུངས་སོ༔ ཐང་ལྷས་ཞུས་པ༔ བདག་གཉིས་ལ་འབྲེལ་པ་བཞི་མཆིས་སོ༔ བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ་ཆེ་མཉམ་དཔུང་གིས་འབྲེལ་ལོ༔ བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ༔ བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས༔ རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ༔ བདག་སྡེ་པ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས༔ ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ད་ནངས་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི༔ བདག་དམ་ཚིག་ཉམས་པའི་སྲོག་བདུད༔ དམ་ཚིག་ཉམས་པའི་གཤེད་མ༔ གྲིབ་གནོན་མ་རབས་ཀྱི་གཉའ་ནོན༔ སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས༔ དེ་རྣམས་མཐོང་བ་དང་བདག་ལ་རང་བཞིན་གྱིས་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་སློབ་དཔོན་གྱིས་གསུངས་པ༔ འོ་ན་གཉན་ཆེན་ཐང་ལྷ་ཁྱོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རང་བཞིན་གྱིས་འགོ་བར་འདུག་པས༔ རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་རྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག༔ རྒྱལ་པོས་མཆོད་ཅིག༔ ཅེས་ལྷ་བྲག་གཏེར་བྱོན་གྱི་ལོ་རྒྱུས་ལས་བྱུང་བ་ལྟར་ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ་ཁྱད་པར་ཅན་འཕྲལ་བྱིན་རླབས་མྱུར་ཞིང་ཕུགས་བཀྲ་ཤིས་པའི་སྲུང་མ་འདི་ཉིད། ནུབ་ཟངས་མཛོད་ཀྱི་སྲུང་མར་བཀའ་བསྒོས། ཆོས་སྐོར་རྣམས་ཟང་ཟང་ལྷ་བྲག་ཏུ་གཏེར་དུ་སྦས་པ་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡི་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང༔ ཞེས་ལུང་གིས་ཟིན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའི་རྗེས་གནང་དང་མན་ངག་གི་སྐོར་གཉིས་ལས། སྲོག་དབང་འདི་ཉིད་གཏེར་སྟོན་ནས་རྩ་བའི་བླ་མའི་བར་དུ་ཆད་མེད་དུ་བཞུགས་པའི་སྲོག་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སེམས་སྡོམ་པ་གཟུང་བའི་ཆེད་དུ། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །ཅེས་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་པའི་བར་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །སྐུའི་རྗེས་གནང་གི་དོན་དུ་སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་རྗེས་ཟློས་འདི་བཞིན་དུ་མཛོད། ཅེས་བརྡ་སྤྲད། དབང་ཆེན་རྒྱལ་པོ་ཧེ་རུ་ཀ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ བདག་ལ་རྡོ་རྗེ་འབར་བ་རྩལ༔ སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དབང་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་སྒྲུབ་གཏོར་ལྷ་ཆེན་འབར་བ་རྩལ་དུ་གསལ་བའི་སྐུ་ལ་ཕོག །དེའི་རྐྱེན་གྱིས་ལྷ་ཆེན་གྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཟླ་བ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང་བ། སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་དཀར་པོའི་ཕུང་པོར་དཀར་ལམ་གྱིས་སོང་། དེའི་ངང་ལས་སློབ་མ་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སློབ་མའི་རྣམ་པར་ཤེས་པ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་གཙོ་བོའི་མངོན་རྟོགས་དཀྱུས་སུ་ཡོད་པ་བརྗོད། དེར་བསྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་སྟེ། ཧཱུྃ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ སྐལ་ལྡན་སློབ་མའི་སྒོ་གསུམ་ལ༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་ཡིས་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། སྐུའི་བྱིན་རླབས་འོད་ཟེར་དཀར་པོའི་རྣམ་པ་སྤྱི་བོ་ནས་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་སྐུ་དང་སློབ་མའི་ལུས་ངོ་བོ་དབྱེར་མེད་དུ་བྱས། སྐུའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ་ལ། མཆོད་པ་དངོས་སུ་བཤམས་པའམ་མེད་ན་ཁ་གསོས་ཏེ་ཆུ་དང་ཉེར་སྤྱོད་རོལ་མོ་བཅས་པའི་སྔགས་ཀྱིས་སློབ་མས་གཏོར་མ་ལྷར་གསལ་བ་ལ་མཆོད་པའི་ཚུལ་བྱ། གསུང་གི་རྗེས་གནང་གི་དོན་དུ་སོགས་གསོལ་འདེབས་ཚིག་རྐང་གསུམ་པོ་གོང་ལྟར་ལ། གསུང་གི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ལྷ་ཆེན་གྱི་མགྲིན་པར་ཕོག་པའི་རྐྱེན་གྱིས། ལྷ་ཆེན་གྱི་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐོན་ཏེ་སློབ་མའི་མགྲིན་པ་དང་ལྕེ་ལ་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས་པས་ལུས་འོད་དམར་པོའི་ཕུང་པོར་དམར་ལམ་གྱིས་སོར་བར་བསམ་ལ། གཏོར་མ་མགྲིན་པར་བཞག་ལ། བསྐུར་ཚིག་གོང་བཞིན་ལ། གསུང་གི་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་བའི་གདན་ལ་ཨ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཨ་ཡིག་གི་མཐར་འཁོད་པར་བསམ་ལ། དཔོན་སློབ་གཉིས་ཀས་ཕྲེང་བ་ལ་འཇུས་ཏེ། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་གདན་ལ་ཨ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་བསམ་ལ། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །ཕྲེང་བ་མགྲིན་པར་བཞག །ཛཿཧཱུྃ་བཾ་ཧོཿས་བྱིན་གྱིས་བརླབ། ལྷ་ཆེན་གྱི་གསུང་དང་སློབ་མའི་ངག་ངོ་བོ་དབྱེར་མེད་དུ་བྱས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། གོང་བཞིན་མཆོད། ཐུགས་ཀྱི་རྗེས་གནང་གི་དོན་དུ་སོགས་ཚིག་རྐང་ཐ་མ། ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ཐུགས་བརྩེ་བ་ཆེན་པོས་སློབ་མ་རྗེས་སུ་གཟུང་བའི་ནུས་མཐུ་ཐམས་ཅད། འོད་ཟེར་སྔོན་པོའི་རྣམ་པར་ཐོན་ཏེ་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྦྱངས་པས་ལུས་འོད་སྔོན་པོའི་ཕུང་པོར་མེར་གྱིས་སོང་བར་བསམ་ལ། གཏོར་མ་སྙིང་གར་བཞག་སྟེ། སྐུར་ཚིག་བསྒྱུར་བ། ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་ཞེས་བརྗོད། ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོའི་རྣམ་པར་སྙིང་གར་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་ཐུགས་དང་སློབ་མའི་ཡིད་ངོ་བོ་དབྱེར་མེད་དུ་བྱས། ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ་ལ། སྔར་བཞིན་མཆོད། ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་སོགས་གོང་ལྟར་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ༔ ཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་འཁོར་དང་བཅས་པའི་སྐུ་ལས་ནོར་བུ་དབང་གི་རྒྱལ་པོ་སོགས་ལྷ་མིའི་རིན་པོ་ཆེའི་ཆར་ཆེན་དང་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པ་སློབ་མའི་ལུས་ལ་ཐིམ་པས་སློབ་མ་ལྷར་གསལ་བའི་ལུས་ཀྱི་ནང་ལྟེམས་ཀྱིས་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་ཁ་དོག་ལྔ་ལྡན་དུ་སོང་བར་བསམ་ལ། གཏོར་མ་ལྟེ་བའི་ཐད་དུ་བཞག་སྟེ། སྐུར་ཚིག་དངོས་གཞི་འདྲ་བ་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ༔ ཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། ཡོན་ཏན་གྱི་བྱིན་རླབས་འོད་ཟེར་སེར་པོ་དང་། ཕྲིན་ལས་ཀྱི་འོད་ཟེར་ལྗང་ཁུ་སྟེ་ལྟེ་གསང་དུ་སིབ་ཀྱིས་ཐིམ་པས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། སྔར་ལྟར་མཆོད། དམ་བསྲེ་བ་ནི། དམ་ཆུ་ཨ་མྲྀཏ་སློབ་མར་སྦྱིན་ཅིང་གཏོར་མར་འཐོར། གཏོར་མ་སྔར་བཞིན་སྤྱི་བོར་བཞག །དཔལ་ཕྱག་ན་རྡོ་རྗེ། རྒྱལ་མཆོག་པདྨ་ཐོད་ཕྲེང་། པཎ་ཆེན་དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རིག་འཛིན་རྒོད་ལྡེམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། དྲིན་ཆེན་སངས་རྒྱས་དཔལ་བཟང་། ལྡོང་གི་སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། རིག་འཛིན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རྒྱ་མཚོ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་དྲན་པར་མཛོད་ལ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདིའི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ། བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་བགེགས་རྒྱལ་བསེན་དམ་སྲི་འབྱུང་པོ་བན་བོན་སྔགས་པའི་མཐུ་བྱད་དུག་མཚོན་གཡུལ་གཤོམས་སོགས་གཟུགས་ཅན་གྱི་དགྲ། གཟུགས་མེད་གནོད་པའི་བགེགས་རྣམས་ཀྱིས་བཏང་བའི་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཐོས་བསམ་སྒོམ་གསུམ་སོགས། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་རྒྱས་པར་བརྗོད་རྗེས་སྔགས་མཐར་ཛཿཧཱུྃ་བཾ་ཧོཿས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སིབ་ཀྱིས་ཐིམ་པར་བསམ། དེ་ནས་དམ་ཚིག་བསྡུས་ཏེ་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་དམ་ཚིག་བསྒྲུབ་ལགས་ན། །བརྩེ་བས་རྗེས་གཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས་རྗེས་ཟློས་བྱ་ཞིང་གཏང་རག་གི་མཎྜལ་འབུལ་བ་སོགས་རྗེས་རིམ་རྣམས་སྤྱི་དང་མཚུངས་པར་བྱའོ། །རྡོ་རྗེ་ཐེག་པའི་བསྟན་པ་རི༵ན་ཆེ༵ན་དབང་། །གཙུག་ཏུ་ཉེར་བསྟེན་རྡོ་རྗེ་འབར་བ་ཡི། །སྒྲུབ་ཐབས་སྲོག་གཏད་ཆོག་ཁྲིགས་བཀླགས་ཆོག་ཏུ། །རྣམ༵་དག་རྒྱ༵ལ་བའི་བསྟན་ལ་མོས་དེས་བྲིས།་་་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གསུང་ངོ་། །ཛ་ཡནྟུ།། །།

གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཞེས་བྱ་བ་གནམ་སྐས་ཅན་ནས་བཏོན་པ་ (Volume 28, Text 26)

ྈ གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཞེས་བྱ་བ་གནམ་སྐས་ཅན་ནས་བཏོན་པ་བཞུགས་སོ༔ ྈྈྈྈྈྈྈྈ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ༔ སྒོ་གསུམ་རབ་ཏུ་དད་པས་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱི༔ རྡོ་རྗེ་གཏུམ་པོའི་གསང་སྒྲུབ་འདི༔ སྒྲུབ་ཐབས་རྣམས་ཀྱི་སྙིང་ཁྲག་ཡིན༔ དབང་ཆེན་ཐུགས་ཀྱི་གདམས་པ་སྟེ༔ ཡང་ཟབ་མཐུ་སྟོབས་བསམ་མི་ཁྱབ༔ པད་འབྱུང་བོད་ཡུལ་སླེབས་པའི་དུས༔ མལ་གྲོ་མ་ར་གཟི་ཅན་དང༔ བསམ་ཡས་བྲག་དམར་འོམ་བུ་སོགས༔ ས་རྒོད་ཀླུ་རྒོད་ཐམས་ཅད་ཀྱང༔ ཁྲོ་རྒྱལ་འདི་ཡི་སྒོ་ནས་བཏུལ༔ ད་ལྟ་སྤེལ་བའི་གནས་མེད་དེ༔ རིན་ཆེན་གཏེར་དུ་བཙས་ཏེ་བཞག༔ དེ་ནས་ལོ་ཡང་བདུན་བརྒྱ་དང༔ དོན་གཉིས་ཁྱི་ལོ་ཤར་བའི་ཚེ༔ ཆོས་བདག་བུ་དང་འཕྲད་གྱུར་ཏེ༔ གཏེར་གྱི་འགྲོ་དོན་རྒྱས་པར་འགྱུར༔ དབང་ཆེན་ཐུགས་ཀྱི་སྒྲུབ་པ་གསང་བདག་གཏུམ་པོའི་ཡང་སྙིང་འདི་ལ་གསུམ་སྟེ༔ དང་པོ་དཀྱིལ་འཁོར་དང་རྫས་བསྟན་པ༔ གཉིས་པ་ལྷ་བསྐྱེད་ཅིང་བསྙེན་སྒྲུབ་བྱ་བ༔ ཐ་མ་ལས་སྦྱོར་དང་སྲུང་ཟློག་བསྟན་པའོ༔ དང་པོ་བཀྲ་ཤིས་བྱིན་ཆེ་བ་རྩི་ཤིང་ནགས་ཚལ་མེ་ཏོག་སྔོན་པོའི་གླིང་ཆགས་པར༔ ཟླ་བ་ཡར་ངོ་ལ་སྐར་མ་མགོ་དང་གཟའ་ཕུར་བུ་དར་བ་ལ༔ མཁོ་བའི་ཡོ་བྱད་ཐམས་ཅད་བསགས་ལ་དཀྱིལ་འཁོར་མུ་ཁྱུད་གསུམ་པའི་དབུས་སུ་ཨེ་མཐིང་ནག་ཟླ་གམ་དམར་པོ༔ དེ་ཡི་ཕྱི་འཁོར་ལོ་རྩིབས་བཞི༔ ཤར་སྔོ༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་ཁུའོ༔ དེའི་ཕྱི་འཁོར་ལོ་རྩིབས་བཅུ་པ་མཐིང་ག༔ རྩིབ་མཆན་དམར་པོའོ༔ དེའི་ཕྱི་རིམ་ཕྱོགས་བཞིར་རྡོ་རྗེའི་བྲག་བཞི༔ མཚམས་བཞིར་མེ་ཏོག་སྔོན་པོའི་ཕྲེང་བ་དང་བཅས་པ༔ སྒོ་རྟ་བབས་ལ་སོགས་དཀྱིལ་འཁོར་ཀུན་དང་མཐུན་པའོ༔ ཚོན་ལེགས་པར་བྱས་ཏེ་སླ་ཆོས་སྤངས༔ དེའི་དབུས་སུ་རིན་པོ་ཆེའི་བུམ་པ་བགེགས་བསྐྲད་གུ་གུལ་བདུག་ལ་འོ་མ་དང་ཆུ་གཙང་ལ་བུམ་རྫས་ཉེར་ལྔ་ཚང་བར་བླུགས༔ ཁ་རྒྱན་མགུལ་ཆིངས་རྡོ་རྗེ་འཛོམ་པའི་ཁ་ཚངས་དབུས་སུ་གསང་བདག་གི་སྐུ་བཞུགས༔ གཞན་སྨན་གཏོར་རཀྟ་ཚོགས་ལ་སོགས་པ་མཆོད་པ་ལྔ་རྣམས་ཅི་འབྱོར་བ་བཤམ༔ གཉིས་པ་ལྷ་བསྐྱེད་པ་ནི༔ མེ་ལྕེ་ཕྲེང་བའི་རྒྱུད་ལས༔ ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ ཅེས་པས་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་ནས༔ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་སྔོན་དུ་སོང་ནས༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་ལ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་སྟོང་པར་གྱུར་པའི་ངང་ལས༔ བུམ་པ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་དབུས་སུ༔ ཉི་མ་པད་མ་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་ཆོས་ཀྱི་དབྱིངས་ནས་ཁྲ་ཐབས་སུ་བབས༔ དེ་ལས་འོད་ཟེར་དཔག་མེད་འཕྲོས་པས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་གྱི་ལས་དང་སྒྲིབ་པ་སྦྱངས༔ ཀླུ་དང་ས་བདག་གདུག་བྱེད་ཐམས་ཅད་དབང་དུ་བསྡུས་གདན་འོག་ཏུ་ཧྲིལ་བཅུག༔ སླར་འོད་ཟེར་ཐམས་ཅད་ཧཱུྃ་ལ་ཐིམ་རྩལ་རྫོགས་པའི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ཁུ༔ གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ༔ གཡོན་དངུལ་དཀར་གྱི་དྲིལ་བུ་འགྱིང་ཐབས་སུ་བརྟེན་པ༔ ཞལ་ཁྲོ་ཞིང་འཛུམ་པ་བཞད་པར་སྣང་བ༔ ཞབས་སྐྱིལ་ཀྲུང་ལ་སྟག་ལྤགས་གྱི་ཤམ་ཐབས་དཀྲིས་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ དར་རྣམ་པ་ལྔའི་ཅོད་པན་དབུ་སྐྲ་དམར་སེར་ཐོར་ཚུགས་ཅུང་ཟད་སྐུ་རྒྱབ་ན་ཕྱང་བ༔ དེ་ལྟར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གསལ་བས་བྱིན་བརླབས༔ ཐུག་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ལ༔ ཧཱུྃ་མཐིང་ནག་རྩ་སྔགས་ཀྱིས་བསྐོར་བ་བསྐྱེད་དེ༔ དེ་ནས་ལག་པ་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེངས་ལ༔ ཁྲོཾ་ཧཱུྃ་ཞེས་པ་བརྗོད་པས༔ བདག་ཉིད་གཞལ་ཡས་ཁང་གི་གཙོར་གྱུར་པའི་འཁོར་ལོ་རྩིབས་བཞིའི་སྟེང་དུ་བབ་པ་ལས༔ ཤར་དུ་ཐུགས་ཀྱི་བྱ་ཁྱུང་མཐིང༔ ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར༔ ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ༔ བྱང་དུ་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ༔ དཔྲལ་བར་སྐུ་ཡི་བྱ་ཁྱུང་དཀར་པོ༔ དེ་རྣམས་ཀྱང་ཞི་མ་ཁྲོའི་ཚུལ༔ གཤོག་པ་བརྒྱངས་པ༔ སྦྲུལ་རིགས་ལྔ་འཛིན་པའོ༔ དེའི་ཕྱིར་གོང་ལྟར་ཧཱུྃ་བཅུ་སྤྲོས་པས་རྩིབས་སྟེང་དུ༔ རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ༔ མོས་པའི་ཡུལ་དུ་ཀྲོང་བསྐྱེད་ཙམ་བྱ༔ དེའི་ཕྱིར་བྲག་གི་སྟེང་དུ་སྒོ་མ་བཞི་ཡང་མོས་པས་བསྐྱེད༔ དེ་ནས་རང་གི་ལག་པ་དབང་སྡུད་ཀྱི་ཕྱག་རྒྱ་བྱས་ལ་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བརྗོད་པས་གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ བསྐྱེད་པའི་ལྷ་གཙོ་འཁོར་རྣམས་དང་བཅས་པ་བྱོན་ཏེ༔ བདག་དང་གཉིས་ཆུ་འདྲེས་པ་ལྟར་གྱུར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔའི་དབང་བསྐུར༔ མི་བསྐྱོད་པས་དབུ་བརྒྱན་པར་བསམ༔ དེ་ལྟར་བདག་རྩ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་ནས༔ དཀྱིལ་འཁོར་བུམ་པ་རྣམས་གོང་བཞིན་གསལ་བར་བསྐྱེད་ཅིང་ཡེ་ཤེས་པ་གཞུག་གོ༔ དེ་ནས་བདག་གི་ཐུགས་ཀ་ནས་སྔགས་ལས་འོད་འཕྲོས༔ དཀྱིལ་འཁོར་གྱི་ལྷ་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་བྱིན་རླབས་ཐམས་ཅད་བདག་ལ་ཐིམ༔ བུམ་པ་ལ་ཡང་ཐིམ༔ བུམ་པའི་ལྷ་ཚོགས་ཀྱི་ནུས་པ་ལས་ཀྱང་བདག་ལ་འོད་ཟེར་འཇའ་ཚོན་ལྟ་བུའི་ཕྲེང་བ་བར་མ་ཆད་དུ་བྱུང་བར་བསམས་ལ༔ དེ་ལྟ་བུའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་སྙིང་པོ་འདི་བཟླས་སོ༔ ཨོཾ་བཛྲ་པཱ་ཎི་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ་ཕཊ༔ ཅེས་ཞག་བདུན་དུ་བསྙེན་ནོ༔ ཐུན་མཚམས་སུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ༔ རྫོགས་རིམ་དམིགས་མེད་སྟོང་པའི་ངང་ལ་མཉམ་པར་བཞག་གོ༔ རྟགས་སུ་མཚོན་རྣོན་པོ༔ མདའ་གཞུ་དང༔ རྡོ་རྗེ་ལ་སོགས་རྙེད་པ་དང༔ མེ་ཏོག་སྔོན་པོ་འཐུ་བ་དང༔ ཉི་ཟླ་ཤར་བ་དང༔ རི་ལ་འཛེགས་པ་དང༔ མཚོ་དང་ཆུ་ཆེན་བརྒལ་བ་དང༔ ཁྲུས་བྱེད་གོས་སྔོན་གྱོན་པ༔ མཁར་རྩིགས་པ༔ གཞན་གྱི་སྲོག་སྐྱོབ་པ༔ ལྷ་སྲིན་བཀའ་ཉན་གུས་པ་ཐོན་པ་ལ་སོགས་འབྱུང་ངོ༔ གྲངས་ཀྱི་བསྙེན་པ་འབུམ་འགྲུབ་ན་དངོས་གྲུབ་ཐོབ་བོ༔ དེ་ནས་བསྙེན་རྟགས་རྫོགས་ནས་ཁྲོ་བོར་བསྒྲུབ་པ་བྱ་སྟེ༔ གོང་ལྟར་བདག་ཉིད་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཏུ་གསལ་བ་ལས༔ སྟོང་པའི་རང་སྒྲ་ཧཱུྃ་ཞེས་བརྗོད་པ་ལས༔ བུམ་པ་གཞལ་ཡས་ཁང་གི་ལྟོ་བར༔ ཀླུ་རྒྱལ་ཕོ་མོ་རིགས་ལྔ་བསྣོལ་བའི་སྟེང་དུ༔ དགྲ་བགེགས་དང་དམ་སྲི་ཁ་སྦུབ་ཏུ་མནན་པའི་སྟེང་དུ༔ ཉི་མ་ཟླ་བ་པད་མའི་སྟེང་དུ་ཧཱུྃ་བབས་འོད་དུ་འབར༔ རྒྱལ་བ་རྣམས་ལ་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་ནུས་པ་ཐམས་ཅད་འཇོམས་བཏུལ༔ སླར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་ཧཱུྃ་ལ་ཐིམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཁྲོ་བོ་ཆེན་པོ་གསང་བའི་བདག་པོ་མཐིང་ནག་རབ་ཏུ་འབར་བ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བསྒྲད་པ༔ ཞལ་གཡས་དཀར་ལ་བཞད་པ༔ གཡོན་དམར་ལ་གཤེ་བ༔ དབུས་མཐིང་ནག་རྔམ་པ༔ ཕྱག་དྲུག་གཡས་དང་པོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ༔ བར་པ་ན་རལ་གྲི་མེ་འབར་བ༔ ཐ་མ་ན་གསེར་གྱི་འཁོར་ལོ་འབར་བ༔ གཡོན་གྱི་དང་པོ་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ་ཐུགས་ཀ་ན་བསྒྲེང་བ༔ བར་པ་ན་དྲིལ་བུ༔ ཐ་མ་ན་སྦྲུལ་ཞགས་འཛིན་པའོ༔ གཤོག་པ་བསྐལ་པའི་མེ་འབར་བ་རབ་ཏུ་བརྒྱངས་པ༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ༔ དབུས་ཞལ་གྱི་རྟ་མགོ་ལྗང་གུ་རྟ་སྐད་དུ་འཚེར་བ༔ དེའི་རྣ་བའི་བར་ན་སྐུའི་བྱ་ཁྱུང་དཀར་པོ༔ གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ ཁྲོ་ཆུའི་རྭ་རྩེ་ལ་མེ་འབར་བ༔ སྦྲུལ་རིགས་ལྔ་ཕྱག་གིས་བཟུང་ཞིང་ཟ་བ༔ ཞལ་ནས་མེ་འབར་བ༔ ཤངས་ནས་རླུང་འཚུབས་པ༔ སྤྱན་ནས་ཁྲག་ཁོལ་བ༔ ཀྲང་ཀྲང༔ ཀྲིང་ཀྲིང༔ ཀིང་ཀིང་ཞེས་སྟོང་གསུམ་ཁེངས་པའི་སྒྲ་སྒྲོག་པའོ༔ བདག་ཉིད་གཙོ་བོའི་ཡང་སྤྱན་དགུ་སྡང་མིག་ཏུ་བསྒྲད་པ༔ ཞལ་གསུམ་མཆེ་བ་གཙིགས་པ༔ ཨག་ཚོམ་མེ་འབར་བ༔ ཀླུ་རྒྱལ་རིགས་དཀར་ཁྲས་དབུ་ལ་བརྒྱན་པ༔ རྗེ་རིགས་སེར་པོའི་སྙན་རྒྱན༔ དམངས་རིགས་སྔོན་པོའི་མགུལ་རྒྱན༔ བྲམ་ཟེ་དམར་པོས་ཕྱག་ཞབས༔ གདོལ་པ་ནག་པོས་དོ་ཤལ་བྱས་པ༔ གླང་ཆེན་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ སྐུ་ལ་བ་སྤུའི་བུ་ག་རེ་རེ་ནས་མེ་འབར་བ༔ སྐུ་ཆེ་ལ་ཡན་ལག་རག་པ༔ འཇིགས་སུ་རུང་བ་རྡོ་རྗེའི་གད་རྒྱངས་ཧ་ཧ་ཧི་ཧི་ཞེས་བསྒྲགས་པས་རི་རབ་ལྡེག་པར་བྱེད་པ༔ བསྐལ་པའི་མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས་པ་ཞལ་གདངས་ནས་ཧཱུྃ་ཧཱུྃ་ཞེས་རྐན་སྒྲ་བརྡབས་པས་ཀླུ་དང་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་འབོག་ཅིང་བརྒྱལ་བར་བྱེད་པ་དེ་ལྟ་བུ་ཞིག་ཡང་ཡང་ནན་གྱིས་གསལ་བར་བྱའོ༔ དེ་ནས་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་ཞོར་ལ་ཞི་བའི་དུས་ལྟར་མོས་བསྐྱེད་ཙམ་བྱས་ཀྱང་རུང་ངོ༔ དེ་ནས་རྒྱས་པ་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ནི༔ བདག་གཙོ་བོ་བསྐྱེད་པ་ཅི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་དཀྱིལ་འཁོར་དབུས་སུ་བསྐྱེད་པར་གསལ་བ་ནན་དུ་བྱའོ༔ དེ་ནས་བདག་དང་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས༔ རྩིབས་ནང་མ་བཞིའི་སྟེང་དུ་ཁྲོཾ་བཞི་འཕྲོས་པ་ལས༔ ཤར་དུ་ཐུགས་ཀྱི་བྱ་ཁྱུང་དཀར་པོ་དུང་གི་མཆུ་སྡེར་ཅན་མེའི་གཤོག་པ་རྡེབས་པ༔ སྦྲུལ་རྒྱལ་རིགས་དཀར་པོ་ཟ་བ༔ རྡོ་རྗེས་སྤྱི་བོར་བརྒྱན་པའོ༔ ལྷོར་ཡོན་ཏན་གྱི་ཁྱུང་སེར་པོ་གསེར་གྱི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ སྦྲུལ་རྗེས་རིགས་སེར་པོ་ཟ་བ་རིན་པོ་ཆེས་དབུ་ལ་བརྒྱན་པའོ༔ ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ་བྱེ་རུའི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ སྦྲུལ་བྲམ་ཟེ་དམར་པོ་ཟ་བ༔ པདྨས་སྤྱི་བོར་བརྒྱན་པའོ༔ བྱང་དུ་ཕྲིན་ལས་ཀྱི་ཁྱུང་ལྗང་གུ་གཡུའི་མཆུ་སྡེར་ཅན༔ མེ་ཡི་གཤོག་པ་རྡེབ་པ༔ སྦྲུལ་དམངས་རིགས་སྔོན་པོ་ཟ་བ༔ རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ༔ གཙོ་བོའི་ཐུགས་ཀ་ནས་དེའི་ཕྱིར་རྩིབས་བཅུའི་སྟེང་དུ་ཧཱུྃ་བཅུ་ཡོངས་སུ་གྱུར་པ་ལས༔ ཤར་རྩིབས་དང་པོར་ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར་དཀར་པོ་མདའ་གཞུ་འགེང་བ༔ ཤར་རྩིབས་གཉིས་པ་ལ་རྣམ་རྒྱལ་སྔོ་སྐྱ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སེར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་མཐིང་ནག་སཏྭ་མོ་དང་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དབང་ཆེན་དམར་པོ་རལ་གྲི་དང་ལྕགས་སྒྲོག་སྡོམ་པ༔ ནུབ་བྱང་དུ་འདོད་པའི་རྒྱལ་པོ་མཐིང་སྐྱ་རྡོ་རྗེ་དང་བྷནྡྷ་བསྣམས་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་ཁ་ཊྭཱཾ་དང་རྒྱུ་ཞགས་འཛིན་པ༔ བྱང་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སཏྭ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་གཤོག་པ་ཅན་ཞིང་གི་གཡང་གཞི༔ སྟག་གི་ཤམ་ཐབས་ཁྲོ་ཞིང་རྔམ་པར་བསྐྱེད་དོ༔ དེའི་ཕྱི་རིམ་བྲག་བཞིའི་སྟེང་དུ༔ ཤར་དུ་སྒོ་མ་སྟག་གདོང་མ་དཀར་མོ་ལྕགས་ཀྱུ་མ༔ ལྷོར་ཕག་གདོང་མ་ནག་མོ་ཞགས་པ་གདེངས་པ༔ ནུབ་ཏུ་སེང་གདོང་མ་དམར་མོ་ལྕགས་སྒྲོག་སྡོམ་པ༔ བྱང་དུ་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཁྲོལ་བའོ༔ མཚམས་ཀྱི་མེ་ཏོག་ཕྲེང་བ་ལ༔ སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པས་གཏམས་པ་བསྐྱེད་དོ༔ དེ་ལྟར་གསལ་བར་བསྐྱེད་པའི་གཙོ་བོའི་ཐུགས་ཀར་སེམས་དཔའ་ཚོན་གང་བ་མཐིང་ནག་ཁྲོ་ཞིང་གཏུམ་པ་འོད་ཟེར་དུ་འབར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ནག༔ དེའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྐྱེད་ལ༔ ཧཱུྃ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་སྐད་ཅིག་ལ་སྤྱན་དྲངས་པར་བསམས་ལ༔ རྔ་བརྡུང་མཁར་རྔ་དྲིལ་བུའི་སྒྲ་སྒྲོག་ཅིང་སྤྱན་དྲང་བར་བྱ་སྟེ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་མཐུ་སྟོབས་བདག་པོ་གཤེགས་སུ་གསོལ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ འབར་བའི་ཆེ་མཆོག་ཁྲོ་རྒྱལ་ཀུན་གྱི་གཙོ༔ ལྷག་པའི་ལྷ་མཆོག་འབར་བའི་གར་དགུར་ལྡན༔ དངོས་གྲུབ་མྱུར་དུ་སྩོལ་མཛད་གཤེགས་སུ་གསོལ༔ ཀླུ་གཉན་ས་བདག་གདུག་པའི་ཚོགས་རྣམས་དང༔ སྡེ་བརྒྱད་འབྱུང་པོ་བགེགས་སོགས་འདུལ་མཛད་པ༔ མ་རུངས་འདུལ་བར་བྱེད་པའི་ཕྲིན་ལས་བདག༔ གཏུམ་ཆེན་ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ནི༔ པདྨའི་ཕྱག་རྒྱ་ས་ལ་དབབ་ཅིང༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར༔ མཐུ་སྟོབས་རྫུ་འཕྲུལ་ཐུགས་རྗེའི་བདག༔ བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང༔ གསང་སྔགས་རིག་སྔགས་ཀུན་གྱི་བདག༔ ཐུགས་རྗེའི་མཛད་ཕྲིན་བསམ་མི་ཁྱབ༔ ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཧཱུྃ༔ གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་སྤྲིན་གཏིབས༔ གཟུགས་སྒྲ་དྲི་རོ་ལ་སོགས་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང༔ ནམ་མཁའ་གང་བའི་ཕྱག་རྒྱར་བསྒྱུར༔ ཨ་ལ་ལ་ཏེ་མཆོད་པ་བཞེས༔ བཛྲ་པུཥྤེ་ལ་སོགས་དང༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུྃ༔ ཐབས་དང་ཤེས་རབ་སྦྱོར་སྒྲོལ་མཆོད༔ ཏ་ན་གྷ་ན་མཆོག་ཆེན་པོ༔ གཉིས་མེད་རྟོགས་པའི་བདེ་བ་ཆེ༔ གསང་བ་མཆོག་གི་ཨ་མྲྀ་ཏ༔ རྨད་དུ་བྱུང་བའི་གཏོར་ཆེན་པོ༔ ཁམས་གསུམ་འཁོར་བ་བསྒྲལ་པའི་ཁྲག༔ མཆོད་སྤྲིན་རྒྱ་མཚོ་དཔག་མེད་གཏིབས༔ གསང་བདག་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་པཉྩཿམ་ཧཱ་བ་ལིཾ་ཏཿརཀྟ༔ ཏ་ན་གྷ་ན་གྷུ་ཡ་མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་དག་པའི་དཀྱིལ་འཁོར་ནས༔ སྣང་སྲིད་ཐམས་ཅད་མཆོད་པར་སྦྱར༔ དག་པ་སྐུ་ཡི་དཀྱིལ་འཁོར་ནི༔ གསང་བའི་གསུང་གི་དབྱངས་ཆེན་པོ༔ རོལ་པའི་དབྱངས་ཆེན་ཕྱག་རྒྱ་ཆེ༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ རང་ཉིད་ལྷ་ལ་རང་སྤྲུལ་ནས༔ རང་རིག་ལྷ་ལ་མཆོད་པར་འབུལ༔ བཛྲ་པཱ་ཎི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཞེས་མཆོད་ཚོགས་རིམ་པར་ཕུལ་ནས༔ དེ་ནས་ཉེ་བར་བསྙེན་པ་ལ་འཇུག་སྟེ༔ བདག་རྩ་བའི་དཀྱིལ་འཁོར་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་རྩ་སྔགས་དང་བཅས་པ་ལས་འོད་འཕྲོས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཚར་བཅད༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་བསྡུས༔ གཞལ་ཡས་ཁང་གི་གཙོ་འཁོར་རྣམས་ལ་ཐིམ་འོད་དུ་འབར༔ ཁྱད་པར་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཧཱུྃ་སྔགས་དང་བཅས་པ་ལ་ཐིམ་པས་མེ་འབར་བ་ལྟར་གྱུར༔ ནུས་པ་དང་བྱིན་རླབས་ཐམས་ཅད་གཟུངས་ཐག་ལ་བརྒྱུད་བདག་གི་ཐུགས་ཀར་བར་མ་ཆད་པར་ཐིམ་པས༔ བདག་ཀྱང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ མཐུ་དང་ནུས་པའི་རྩལ་ཐོབ༔ གཟི་བརྗིད་དང་དཔལ་དུ་འབར་བས༔ སྤྱིར་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད༔ ཁྱད་པར་དུ་གསང་བའི་བདག་པོའི་བྱིན་རླབས་ནུས་སྟོབས་བདག་ལ་རྫོགས་པར་བསམ་ཞིང༔ མི་ཚིག་བར་མ་ཆོད་པར་སྨྲ་བཅད་ལ༔ གསང་བ་ཁྲོ་བོའི་སྙིང་པོ་འབྲུ་བཅུ་གཅིག་པ་འདི་བཟླས་སོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་དུས་གནད་ནི་རབ་ཟླ་བ་བདུན༔ འབྲིང་ལྔ༔ ཐ་མ་གསུམ་བསྒྲུབ་བོ༔ གྲངས་ཀྱི་བསྙེན་པ་རབ་ས་ཡ་དང༔ འབྲིང་བྱེ་བ༔ ཐ་མ་བདུན་འབུམ་དུ་བསྙེན་ནོ༔ གནས་སྐབས་གང་ན་ཡང༔ ཞག་དང་གྲངས་བསྙེན་གང་ཡང་རུང་བར་བྱའོ༔ གོང་གི་བསྙེན་པ་ཐེམས་ན་མཐུ་སྟོབས་གསང་བའི་བདག་པོ་དང་མཉམ་པར་ངེས་སོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ ནམ་མཁར་འཕུར་བ༔ བམ་བརྩིགས་པ༔ རྡོ་རྗེ་ལ་སོགས་ཕྱག་མཚན་རྙེད་པ༔ མེ་འབར་བ༔ མཚོན་རྣོན་པོ་ཐོགས་པ༔ ཆུ་བོ་བརྒལ་བ༔ ཉི་ཟླ་ཤར་བ༔ གླང་གཡག་ཞོན་པ༔ མེ་ཏོག་སྔོན་པོ་ཐུ་བ༔ དམག་དཔོན་བྱེད་པ་ལ་སོགས་པ་འབྱུང་ངོ༔ ནང་རྟགས་སུ་བསྒྲུབ་རྫས་ལ་མེ་འབར་བ༔ འོད་འཕྲོ་བ༔ གཏོར་མ་དང་བུམ་ཆུ་ཁོལ་བ༔ དབྱར་མི་རུལ་བ༔ དགུན་མི་འཁྱག་པ༔ དཀྱིལ་འཁོར་དམ་རྫས་བཀྲག་མདངས་བཟང་བ༔ ལྷ་འདྲེ་སྐད་ངན་འདོན་པ་ལ་སོགས་འབྱུང་ངོ༔ གསང་བའི་རྟགས་སུ༔ ཏིང་འཛིན་གསལ་བ༔ ཉམས་སྤྲོ་བ༔ ཞལ་སྟོན་པ༔ གསུང་སྒྲོག་དག་སྣང་དཔག་མེད་འཆར་བ༔ བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ལ་སོགས་འབྱུང་ངོ༔ དེ་ལྟར་བཟང་བར་སྣང་ཡང་རློམ་སེམས་དང་དགའ་བ་མེད་པ༔ ངན་པར་སྣང་ཡང་རྟོག་པ་འཁུ་འཁྲིག་མེད་པར་ཐམས་ཅད་རྒྱུ་འབྲས་དང་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ནི་གནད་ཀྱི་གདམ་པའོ༔ དེ་ལྟར་རྩ་བའི་བསྙེན་པ་ཚར་ནས༔ དྲག་པོ་ཁྱུང་གི་ལས་སྦྱོར་བྱ་སྟེ༔ བདག་དང་ད་ལའི་ཁྱུང་རིགས་ལྔ་ཐམས་ཅད་ཀྱང་རང་སྔགས་དི་རི་རི་བཟླས་པས༔ ཀླུ་དང་ས་བདག་རྒྱལ་བསེན་ཐམས་ཅད་འབོག་བརྒྱལ་ཐུམ་ཐུམ་སོང་བར་བསམས་ལ༔ ཨོཾ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བདུད་ཏྲི་མཱ་ར་ཡ་རྦད༔ ཅེས་རབ་འབུམ༔ ཐ་མ་ལྔ་ཁྲི་བཟླས་པས་རྨིས་ལྟས་སུ༔ བྲག་གཤོག༔ མེ་འབར་མཚོ་སྐེམ༔ གླང་དམར་བསད༔ སྦལ་སྦྲུལ་བསད༔ ལྷ་ཁང་བཤིག༔ ལྡེར་སོ་བཅོམ༔ བནྡྷེ༔ བུད་མེད་ཁྱི་སྤྱང་བརྡུང་བསད་ལ་སོགས་འབྱུང་ངོ༔ ཁྱད་པར་གྱི་རྟགས་སུ༔ བཀའ་ཉན་སྲོག་སྙིང་འབུལ༔ བྲོ་བོར༔ ལོངས་སྤྱོད་འབུལ་བ་ལ་སོགས་འབྱུང་ངོ༔ དེ་ནས་ཁྲོ་བོ་བཅུའི་བསྙེན་པ་ལ༔ དྲག་སྔགས་ཁྲོ་འདུས་ཆེན་པོ་གནམ་ལྕགས་མེའི་སྤུ་གྲི་འདི་བཟླས་སོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཁྲི་སྟོང་དུ་བཟླས་པས༔ ལུས་གོས་ལ་མེ་འབར་བ༔ མཆིལ་མ་ཁོལ་བ༔ ནུས་པ་དང་བྱིན་རླབས་ཐོགས་པ་མེད་པ་འབྱུང་ངོ༔ རྗེས་སུ་ཀླུ་དང་ས་བདག་འདུལ་ན༔ ནཱ་ག་ཀླུ་འདུལ་དྲག་པོ་འདི་རྟགས་དང་སྦྱར་ལ་བཟླས་སོ༔ ཨོཾ་ནཱ་ག་དུ་ན་ཙན་དེ་ཙན་དེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་བཟླས་སོ༔ གདོན་བགེགས་ལ་སོགས་འདུལ་ན༔ བསད་པ་གནམ་ཐོག་འདི་བཟླས་སོ༔ དགྲ་བགེགས་དམ་སྲི་རྣྲི་ཏྲི་རྦད་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་ཕཊ༔ ཅེས་བརྒྱ་སྟོང་བཟླས་ཏེ༔ ཉུངས་དཀར་དུག་ཁྲག་སྦྱར་བ་དང༔ རྡོ་ཐུན་ལ་སོགས་བྲབ་ན་སྙིང་འགས་ཤིང་ཡུལ་འབྱིན་པར་འགྱུར་རོ༔ འདི་དག་གི་ཐུན་མཚམས་སུ་གོང་ལྟར་མཆོད་པ་འབུལ་ཞིང༔ རོལ་མོའི་སྒྲ་དབྱངས་དང་བཅས་ཏེ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཐུགས་རྗེས་དབྱིངས་ནས་བཞེངས་པའི་སྐུ་མཆོག་ནི༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཁྲོས་པའི་སྡང་མིག་སྤྱན་དགུ་ཕྱོགས་བཅུར་བསྒྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་བཀླུབས༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ རྡོ་རྗེ་རལ་གྲི་འཁོར་ལོ་འབར་བ་དང༔ སྡིགས་མཛུབ་དྲིལ་བུ་སྦྲུལ་ཞགས་འཆིང་བར་མཛད༔ ཕྱག་གཉིས་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་རབ་ཏུ་སྒྲོག༔ བདུད་དང་འབྱུང་པོ་ཀླུ་རྣམས་འདུལ་མཛད་ཅིང༔ རྒྱལ་བ་ཀུན་གྱིས་གསང་བའི་མངའ་ཡང་བསྐུར༔ མཐུ་སྟོབས་རྩལ་ཆེན་བདག་ལ་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང་རིགས་ལྔ༔ གནམ་ལྕགས་མཆུ་སྡེར་གདེངས་ཤིང་མེ་གཤོག་རྡེབ༔ ཀྲང་ཀྲིང་སྒྲ་འབྱིན་ཀླུ་བདུད་ཟས་སུ་ཟ༔ འཇིགས་བྱེད་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ སྒེག་པ་རྔམ་དང་ཟ་བྱེད་འཇིགས་པར་བྱེད༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ བགེགས་དཔུང་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད༔ སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཆེན་མོ་བཞི༔ འཛིན་འཆིང་བསྡོམ་བརྡེག་འཕྲིན་ལས་རྣམ་བཞི་མཛད༔ ལྷག་པའི་ཁྲོ་བོ་མཐུ་སྟོབས་མངའ་བའི་བདག༔ བདུད་འདུལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང༔ ཚོགས་ཀྱི་ཆོ་ག་ལ་སོགས་བྱེད་ན་གཞུང་གཞན་དང་མཐུན་པར་བྱའོ༔ དེ་ནས་ཐུན་མཚམས་སུ་རྫོགས་རིམ་བསྒོམ་པ་ནི༔ སྣང་སྲིད་ཐམས་ཅད་བཻ་ཌཱུརྻའི་ནམ་མཁའ་ལྟར་སྔོ་ལྟེམ་དུ་ཞུ༔ གཞལ་ཡས་ཁང་ལ་ཐིམ༔ གཞལ་ཡས་ཁང་སྒོ་མ༔ དེ་ནས་རིམ་པས་ཁྲོ་བོ་བཅུ༔ ཁྱུང་ལྔ་གཙོ་བོ༔ དེ་ཡང་ཡེ་ཤེས་སེམས་དཔའ༔ ཐུགས་ཀའི་ཧཱུྃ༔ དེ་ཡང་གྱེན་དུ༔ ཐིག་ལེ་ལ་ཐིམ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་སྤྲོས་པ་དང་བྲལ་བའི་ངང་དུ་བཞག་གོ༔ བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ༔ རང་དམ་ཚིག་པའི་ང་རྒྱལ་བརྟན་པའི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ༔ སྤྱི་དོན་གསུམ་གྱི་ཐ་མ་ལས་དངོས་གྲུབ་བླང་བ་ནི༔ བསྙེན་སྒྲུབ་དུས་གནད་དང༔ ཞག་གྲངས༔ དུས་ཀྱི་བསྙེན་པ་གང་ཡང་རུང་བའམ༔ རྟགས་ཁྱད་པར་ཅན་མཐོང་ཚེ༔ ཚེ་ཆང་དང༔ སྦྲང་བུར༔ སྤོད་དང་སྦྱར་བའི་དངོས་གྲུབ་རྫས་ཟླུམ་པོ༔ ཟླ་གམ༔ གྲུ་བཞི༔ གྲུ་གསུམ༔ ནས་འདྲ་འབྲང་རྒྱས༔ རིན་པོ་ཆེ་ལ་སོགས་མར་གྱིས་བྱུགས་པ་བཤམས་ལ༔ འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ༔ ཐལ་མོ་སྦྱར་ལ༔ ཧཱུྃ༔་་་སློབ་བུ་ལ་དབང་བསྡུས་པ་སྐུར་ན་ཚིག་འདིས་གསོལ་བ་གདབ་བོ༔ མཆན། དམ་ཚིག་ཆེན་པོའི་དུས་ལ་བབ༔ ལྷག་པའི་ལྷ་ཁྱེད་དགོངས་སུ་གསོལ༔ ད་ལྟ་བསྙེན་སྒྲུབ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་གསང་རྡོ་རྗེའི་ཉི་མ་ཤར༔ སྒྲུབ་པ་བདག་གི་སྙིང་ཁར་བབས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་རྣམ་པ་བཞི་ལ་སོགས༔ རྡོ་རྗེ་ཚེ་མཆོག་མ་ལུས་དང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ས་མ་ཡ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧ་མཱ་ར་ཡ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་དང༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཅེས་པ་རྒྱ་རྩ་བརྒྱད་བཟླས་ནས་བུམ་པ་སྐུ་དང་བཅས་པ་སྤྱི་བོར་བཞག་ནས༔ ངོ་བོ་གསང་བའི་བདག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡིན་པ་ལ༔ རྣམ་པ་བདུད་རྩི་འོ་མ་ལྟ་བུ་སྤྱི་བོ་ནས་བབ་ལུས་རིམ་པར་གང་བར་བསྒོམ་ཞིང༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ན༔ བཅོམ་ལྡན་གསང་བདག་ལྷ་ཚོགས་བཞུགས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ བདག་ནི་སྐལ་ལྡན་སྒྲུབ་པ་པོ༔ འདོད་པའི་དོན་ལ་གསོལ་འདེབས་ན༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཡོན་ཏན་བྱིན་རླབས་ལུས་ལ་སྩོལ༔ ཕྲིན་ལས་བྱིན་རླབས་ནུས་པར་སྩོལ༔ ཡིད་བཞིན་དངོས་གྲུབ་མ་ལུས་སྩོལ༔ དུས་འདིར་བདག་ལ་བསྩལ་དུ་གསོལ༔ ཅེས་བུམ་པ་གནས་བཞིར་གཏུག་ཅིང་ནང་རྫས་རོལ༔ སྤྱི་བོ་ནས་ལུས་ཁྱབ་པར་ཁྲུས་བྱ༔ དངོས་གྲུབ་ཀྱི་འབྲང་རྒྱས་རྣམས་རོལ༔ ཚེ་ཆང་བཏུང༔ བུམ་ཆུས་ཀླུ་ནད༔ ནད་ཡམས༔ ནད་པ་གནོད་འཚེ་གྲིབ་ལ་སོགས་པ་གང་ཡང་སླེབ་པས་ཆོག་གོ༔ དེ་ནས་གོང་ལྟར་ལྷ་གཤེགས༔ དལ་བསྡུ་ཆད་མདོ་གཏོར་སྐྱོང་ལ་སོགས་གཞན་དང་མཐུན་པར་བྱའོ༔ རྟ་མགྲིན་གསང་བ་འདུས་པའི་ཐུགས་སྒྲུབ༔ གསང་བདག་ཐུགས་ཀྱི་གསང་སྒྲུབ༔ མེ་ལྕེ་ཕྲེང་བའི་རྒྱུད་ལས་བསྟན་ཏེ༔ བདག་འདྲ་པད་མའི་ཐུགས་ཀྱི་བཅུད་ཕྱུང་བ༔ ད་ལྟ་མངའ་བདག་རྒྱལ་པོའི་དོན་དང༔ མ་འོངས་ལས་ཅན་སྐྱེས་བུའི་བཙས་སུ་བཞག་གོ༔ ས་མ་ཡཱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ མནྟྲ་གུ་ཡ་རྡ་ཐིམ༔ བདག་འདྲ་རྒྱ་གར་མཁས་པ་པད་མ་ལ༔ ཡི་དམ་སྒྲུབ་ཐབས་བྱེ་བ་དཔག་མེད་ཀྱང༔ ཐུགས་རྗེའི་ཡང་ཞུན་ཁྲོ་རྒྱལ་གསང་སྒྲུབ་འདི༔ བལ་པོའི་གྱམ་ནག་མལ་གྲོའི་གཟི་ཅན་དང༔ བྲག་དམར་བཏང་ཟུག་བསམ་ཡས་འོམ་བུའི་ཚལ༔ ཀླུ་དང་ས་བདག་གཉན་རྒོད་འདི་ཡིས་བཏུལ༔ མཐུ་རྩལ་ནུས་པ་བསམ་གྱིས་མི་ཁྱབ་ཕྱིར༔ ད་ལྟ་མངའ་བདག་ཡབ་སྲས་དང༔ གྲོགས་ཀྱི་དམ་པ་མཁར་ཆེན་བཟའ་ལ་གཏད༔ འདི་ནས་མ་འོངས་དུས་ཀྱི་ཐ་མ་ལ༔ ལང་གྲོའི་སྐྱེ་བ་རཏྣའི་མིང་ཅན་འབྱུང༔ གསང་གཏེར་འདི་སྤྱོད་བསྟན་པ་དར་བར་ཤོག༔ གནོད་སྦྱིན་དམར་ནག་སྔགས་ཀྱི་སྲུང་མ་དང༔ དམ་ཅན་གསུམ་ལ་ནང་གི་སྲུང་མར་བསྐོས༔ ཕྱི་ཡི་གཏེར་སྒོ་མཁའ་རི་ཀླུ་བདུད་ལ༔ ཆེད་དུ་གཉེར་རོ་བཀའ་འདི་ཐུབ་པར་སྲུངས༔ ྈྈྈྈ ྈྈྈྈྈྈྈྈྈྈྈྈ ྈྈྈྈ ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ། །བདག་འདྲ་གཏེར་སྟོན་རཏྣ་ཡིས། །གནམ་སྐས་ཅན་གྱི་བྲག་ལོགས་ནས། ཁྲོམ་གཏེར་བྱས་ཏེ་ཕྱུང་བ་ལགས། །ཤོག་སེར་ཞེང་སོར་བཞི་དཀྱུས་མཐོ་དོ་པ་གཅིག་ལ། བདེ་ཆེན་གླིང་དུ་ཞུས་ཏེ་དག་གོ །ཤིན་ཏུ་ཟབ་གསང་བ་གཅེས། ཤོག་སེར་ཚ་ལས་བཤུས་སོ།།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ དཔལ་མགོན་མ་ནིང་ནག་པོའི་སྐོང་གསོ་ཆེན་མོ་ (Volume 37, Text 27)

ྈ ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ དཔལ་མགོན་མ་ནིང་ནག་པོའི་སྐོང་གསོ་ཆེན་མོ་བཞུགས༔ དགེ་རི་བྲག་གི་གཏེར་མའོ། ། ྈྈྈྈྈྈྈྈྈྈ གསང་བའི་ཁྲོ་རྒྱལ་དཔལ་མགོན་སྐུ༔ མ་ནིང་ནག་པོ་འཁོར་བཅས་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ བསྙེན་སྒྲུབ་ལས་ལ་སྦྱོར་བ་དང༔ ཐུགས་དམ་བསྐང་ཞིང་ཉམས་ཆག་གསོ༔ དགྲ་ལ་རྦད་དང་གཏང་རག་གཏོང༔ རྣལ་འབྱོར་ཚེ་བསོད་རྒྱས་བྱའི་ཕྱིར༔ ཆོས་སྐྱོང་ཆེན་པོའི་སྐོང་གསོ་བསྟན༔ དེ་ཉིད་སྐོང་བའི་དམ་རྫས་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞིའི་སྟེང༔ ཆང་དང་ཁྲག་གིས་ཆག་ཆག་གདབ༔ ལྕགས་སམ་ཟངས་སོགས་སྣོད་ཆེན་དུ༔ ནས་ནག་ཕྱེ་ལ་རིན་ཆེན་བརྡར༔ བཤོས་བུ་ཁྲུ་གང་ཟུར་གསུམ་ལ༔ དཔལ་བཤོས་གསུམ་མམ་བརྒྱད་ཀྱིས་བསྐོར༔ ཙིཏྟ་སྙིང་གི་རྒྱལ་མཚན་དང༔ བྱ་ནག་གཡག་ནག་ལུག་ནག་གཟུགས༔ ཁྱི་ནག་ལིངས་དམར་ལ་སོགས་པ༔ བརྗིད་ལྡན་མདངས་དང་ལྡན་པར་བཤམ༔ མཐའ་མར་གཏོར་ཀྱུ་བརྒྱད་ཀྱིས་བསྐོར༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང༔ ཚིལ་ཆེན་མར་མེ་སྤོས་དུད་དང༔ ཤ་ཆེན་གསུར་དུད་མེ་ཏོག་དང༔ སྨན་གཏོར་རཀྟ་ཚོགས་ཆེན་དང༔ འཕྱར་དར་གཡབ་དར་རྟེན་རྫས་དང༔ སྤྱན་གཟིགས་དཀོར་ཆ་འབྱོར་ཚད་བཤམ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ ནག་པོ་ཆེན་པོ་རྒྱུ་བའི་དུས༔ རྣལ་འབྱོར་ཐོད་བཅིངས་གོས་ནག་གོན༔ ཤ་ཆེན་གུ་གུལ་སྤོས་ཚོགས་བསྲེག༔ རྔ་བརྡུང་རོལ་མོས་བྱིན་དབབ་ཅིང༔ གཡབ་དར་ནག་པོ་ཐོགས་ནས་ཀྱང༔ སྙན་གསན་དབབ་པ་འདི་སྐད་དོ༔ ཀྱཻ༔ དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས༔ ལྷ་ཡི་མགོན་པོ་དམ་ལ་མི་དགོངས་ཅི་ལ་དགོངས༔ སྐྱེ་འགྲོ་གླིང་བཞིར་མི་གནས་ཅི་ལ་གནས༔ སྲིད་པ་རླུང་གིས་མི་འདེགས་ཅི་ཡིས་འདེགས༔ རྒྱ་མཚོའི་ཆུ་ལ་མི་འཐུང་ཅི་ལ་འཐུང༔ རྒྱལ་བའི་བཀའ་ལ་མི་ཉན་ཅི་ལ་ཉན༔ བདེན་པའི་ཚིག་ལ་མི་གསན་ཅི་ལ་གསན༔ མཆོད་པའི་རྫས་ལ་མི་དགྱེས་ཅི་ལ་དགྱེས༔ མ་ནིང་འཁོར་བཅས་མཆོད་ཅིང་སྐོང་བའི་རྫས༔ རྟ་ནག་བྱ་ནག་ཁྱི་ནག་གཡག་ནག་ལུག༔ སྨན་གཏོར་རཀྟ་འདོད་ཡོན་ལོངས་སྤྱོད་ཚོགས༔ མཐུན་པའི་དམ་རྫས་རྒྱས་པར་བཤམས་ནས་ཀྱང༔ ད་ལྟར་མཐིང་ནག་འབར་བའི་གཡབ་འདོར་ན༔ མ་སྡུག་བུ་ལ་བརྩེ་བའི་ཚུལ་བཞིན་དུ༔ ལྷ་སྲིན་དམག་ཚོགས་མང་པོའི་ཁྲོམ་དང་བཅས༔ དཔལ་མགོན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ འབྲུ་བཅུད་སྣ་ཚོགས་ཨ་མྲྀཏ་དང་སྦྱར༔ མཐུན་པའི་རྫས་དང་དགྱེས་པའི་དཀོར་ཆ་དང༔ ཁྱོད་ཀྱི་ཆིབས་རྟ་འགེལ་གཡག་རྟེན་ལུག་དང༔ དར་ནག་རུ་མཚོན་ལ་སོགས་གསང་བའི་རྫས༔ ཚོགས་བདག་མགོན་པོའི་དམ་ཚིག་ལ་དམིགས་ཤིང༔ ལྷ་ཆེན་འཁོར་དང་བཅས་ལ་མཆོད་འབུལ་ན༔ སྔོན་གྱི་དམ་ཚིག་རྡོ་རྗེའི་བཀའ་ཉོན་ལ༔ ཐུགས་དམ་མ་གཡེལ་གནས་འདིར་གཤེགས་སུ་གསོལ༔ དེ་ལྟར་སྙན་གསན་དབབ་ནས་ནི༔ ཐུགས་དམ་སྐོང་བ་འདི་སྐད་དོ༔ ཧཱུྃ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང༔ ཁྱེད་ནི་ནག་པོ་ཆེན་པོ་སྟེ༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ ཁྱེད་ཀྱི་དམ་ཚིག་གཉན་པོ་དེ༔ ད་ལྟ་སྔགས་འཆང་རྗེས་སུ་བསྐུལ༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་དགོངས་ནས་ཀྱང༔ སྒྲུབ་ཕྱིར་བསྐུལ་གྱིས་གཤེགས་སུ་གསོལ༔ ཀྱཻ༔ མ་ཧཱ་ཀཱ་ལ་གནས་འདིར་བྱོན༔ ནག་པོ་ཆེན་པོ་གནས་འདིར་བྱོན༔ རིག་འཛིན་སྲུང་མ་གནས་འདིར་བྱོན༔ མ་ནིང་འཁོར་བཅས་གནས་འདིར་བྱོན༔ སྲོག་བདུད་ནག་པོ་གནས་འདིར་བྱོན༔ ལེགས་ལྡན་ནག་པོ་གནས་འདིར་བྱོན༔ གནམ་ལྕགས་སྤུ་གྲི་གནས་འདིར་བྱོན༔ ཧཱུྃ༔ དེ་ལྟར་བོས་སོ་སྙན་མ་སྲ༔ གཡབ་བོ་ནག་པོ་སྤྱན་མ་བརྟུལ༔ བསྟེན་ནོ་ནག་པོ་རྒྱང་མ་རིང༔ བསྒྲུབ་བོ་ནག་པོ་གོང་མ་གཡེལ༔ བསྐུལ་ལོ་ནག་པོ་ཕྲག་མ་དོག༔ རྦད་དོ་ནག་པོ་མཐུ་མ་ཆུང༔ ཀྱཻ༔ དོ་ནུབ་ཆད་དང་ཐོ་ལ་བྱོན༔ དོ་ནུབ་མནའ་དང་ཁྲིམས་ལ་བྱོན༔ དོ་ནུབ་མགོན་དང་སྐྱབས་ལ་བྱོན༔ དོ་ནུབ་མཐུ་དང་དཔུང་ལ་བྱོན༔ གྲོགས་པོར་བྱས་སོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་ཤོར༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ རྗེ་བོར་བྱས་སོ་དབང་མ་ཆེ༔ བྲན་ལྟར་བསྐུལ་ལོ་རྒྱུ་མ་ངན༔ སྲུང་མར་བྱས་སོ་མཐུ་མ་ཆུང༔ ལས་ལ་བསྐུལ་ལོ་བང་མ་བུལ༔ དུས་ལ་བབ་པོ་ས་མ་ཡ༔ ཀྱཻ༔ དམ་ཚིག་གཉན་ལ་མི་སེམས་སམ༔ བསྟན་པ་བསྲུང་བར་མ་ཆད་དམ༔ དང་པོའི་ཆད་དོན་འདི་མིན་ནམ༔ ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས༔ དམ་ཚིག་འདའ་བར་མ་ཆད་དམ༔ དམ་ལས་མ་འདའ་ད་ཚུར་བྱོན༔ ཆད་པའི་གཞུང་འདི་མི་སྲུང་ན༔ བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས༔ དམ་ཚིག་གཉན་གྱི་ཆད་པ་འོང༔ བཀའ་ཡི་ཆད་པས་སྡིགས་པར་མཆིས༔ དེ་བས་དམ་ལས་མ་འདའ་ཞིག༔ བདག་ཀྱང་དམ་ལས་མི་འདའ་འོ༔ ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ གཉིས་ཀ་དམ་ལས་མི་འདའ་འཚལ༔ འོ་སྐོལ་གཉིས་ཀྱི་དམ་ཚིག་ནི༔ ཅི་ལ་བབས་ཀྱང་མི་འདའ་འོ༔ ཀྱཻ༔ མ་ཧཱ་ཀཱ་ལ་ད་ཚུར་བྱོན༔ ནག་པོ་ཆེན་པོ་ད་ཚུར་བྱོན༔ རིག་འཛིན་སྲུང་མ་ད་ཚུར་བྱོན༔ མ་ནིང་འཁོར་བཅས་ད་ཚུར་བྱོན༔ གནམ་ལྕགས་སྤུ་གྲི་ད་ཚུར་བྱོན༔ བདུད་རྒྱལ་ཐོད་ཕྲེང་ད་ཚུར་བྱོན༔ ཆོས་སྐྱོང་ཆེན་པོ་ད་ཚུར་བྱོན༔ དཔལ་ལྡན་ལྷ་མོ་ད་ཚུར་བྱོན༔ འཁོར་གྱི་སྲུང་མ་ད་ཚུར་བྱོན༔ རྒྱལ་བའི་བཀའ་ལ་མི་ཉན་མེད༔ ཟབ་མོའི་དོན་ལ་མི་སེམས་མེད༔ མནའ་དང་ཁྲིམས་ལ་མི་གནས་མེད༔ ཟས་དང་སྐོམ་ལ་མི་ཆགས་མེད༔ རྣལ་འབྱོར་དམ་ལྡན་བདག་ཅག་གིས༔ དོ་ནུབ་ཁྱེད་ཀྱི་ཐུགས་དམ་བསྐང༔ དོ་ནུབ་ཉམས་ཆག་མ་ལུས་བཤགས༔ དོ་ནུབ་མཛའ་བའི་གཞུང་གཅིག་སྲོང༔ དོ་ནུབ་ཞིག་རལ་མ་ལུས་གསོ༔ དོ་ནུབ་ལྷ་ལ་བཤགས་པ་བྱེད༔ དོ་ནུབ་མཉེས་པའི་ཟས་ཤིག་འདྲེན༔ དོ་ནུབ་བྱམས་པའི་ལན་ཞིག་བླན༔ དོ་ནུབ་སྔ་མའི་གཏང་རག་གཏོང༔ དོ་ནུབ་ཕྱི་མའི་ཞུ་དོན་འབུལ༔ དོ་ནུབ་འདོད་པའི་གསོལ་ཞིག་གདབ༔ ཀྱཻ༔ དོ་ནུབ་ཁྱེད་རྣམས་དགོངས་སུ་གསོལ༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ གཏེར་བདག་ཆེན་པོ་དགོངས་སུ་གསོལ༔ མ་ནིང་ནག་པོ་དགོངས་སུ་གསོལ༔ རིག་འཛིན་སྲུང་མ་དགོངས་སུ་གསོལ༔ ལེགས་ལྡན་ནག་པོ་དགོངས་སུ་གསོལ༔ གནམ་ལྕགས་སྤུ་གྲི་དགོངས་སུ་གསོལ༔ བདུད་རྒྱལ་ཐོད་ཕྲེང་དགོངས་སུ་གསོལ༔ ཆོས་སྐྱོང་ཆེན་པོ་དགོངས་སུ་གསོལ༔ དཔལ་ལྡན་ལྷ་མོ་དགོངས་སུ་གསོལ༔ འཁོར་གྱི་སྲུང་མ་དགོངས་སུ་གསོལ༔ དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཀྱཻ༔ དོ་ནུབ་ནག་པོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་ནི༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང༔ རྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ཕྱར་དར་ནག་པོས་ཐུགས་དམ་བསྐང༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ ཉི་ཟླ་པདྨས་ཐུགས་དམ་བསྐང༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་ཆེན་གཏོར་མས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཤ་སྣ་སྙིང་སྣས་ཐུགས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་ཁྲག་སྣས་ཐུགས༴ བགོ་བའི་དམ་རྫས་ཡིན་པའི་ཕྱིར༔ ཞིང་ཆེན་གཡང་གཞིས་ཐུགས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར༔ ཐོད་ཕྲེང་མི་མགོས་ཐུགས༴ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ ཐུན་དང་ཟོར་གྱིས་ཐུགས༴ ཁྱད་པར་དམ་རྫས་ཡིན་པའི་ཕྱིར༔ གྲི་རྒོད་སྙིང་གིས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར༔ བདུད་རྩི་སྨན་གྱིས་ཐུགས༴ ཤངས་ཀྱི་མཆོད་པས་མཉེས་པའི་ཕྱིར༔ གསུར་ཆེན་དུད་པས་ཐུགས༴ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱིས་ཐུགས༴ རྣལ་འབྱོར་རྗེས་སུ་སྐྱོང་བའི་ཕྱིར༔ འདོད་ཡོན་རྣམ་ལྔས་ཐུགས༴ དུག་ལྔ་གནས་སུ་གཞོམ་པའི་ཕྱིར༔ སུ་ར་ཆང་གིས་ཐུགས༴ སྤྱན་གྱི་མཆོད་པ་ཡིན་པའི་ཕྱིར༔ སྤྱན་གཟིགས་དཀོར་ཆས་ཐུགས༴ སྙན་གྱི་དབང་པོ་ཚིམ་པའི་ཕྱིར༔ རོལ་མོ་སྒྲ་ཡིས་ཐུགས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་གཏོར་ཆེན་པོས་ཐུགས༴ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ རྒྱུན་གཏོར་ནར་མས་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ འཁོར་ཚོགས་སྤྲུལ་པའི་ཐུགས༴ ཡབ་ཀྱི་ཐུགས་དམ་བསྐང་བའི་ཕྱིར༔ ཡུམ་མཆོག་ལྷ་མོས་ཐུགས༴ བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར༔ ལྷ་དམག་འབུམ་གྱི་ཐུགས༴ དགྲ་བགེགས་གནད་ནས་འགུགས་པའི་ཕྱིར༔ ཕྱག་བརྙན་སྤྲུལ་པའི་ཐུགས༴ ཉམས་པ་ཆམ་ལ་དབབ་པའི་ཕྱིར༔ བདུད་དམག་འབུམ་གྱི་ཐུགས༴ དམག་དཔུང་དགྲ་ལ་འགྱེད་པའི་ཕྱིར༔ ནག་པོ་སྟོང་གི་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ གཤིན་རྗེ་བརྒྱད་ཀྱི་ཐུགས༴ དགྲ་བགེགས་སྙིང་ནས་གཞོམ་པའི་ཕྱིར༔ གནོད་སྦྱིན་བརྒྱད་ཀྱི་ཐུགས༴ གཡས་ཀྱི་རུ་སྣ་འདྲེན་པའི་ཕྱིར༔ ཉིས་ཁྲི་བདུན་སྟོང་ཐུགས༴ གཡོན་གྱི་རུ་སྣ་འདྲེན་པའི་ཕྱིར༔ མ་མོ་འབུམ་གྱི་ཐུགས༴ ཕྱོགས་བཅུའི་བསྟན་པ་སྐྱོང་བའི་ཕྱིར༔ ཕྱོགས་སྐྱོང་བཅུ་ཡི་ཐུགས༴ བསྐང་ངོ་བསྐལ་པས་ཐུགས་དམ་བསྐང༔ ལྟ་བ་ཡངས་པས་ཐུགས༴ སྤྱོད་པ་ཞིབ་མོས་ཐུགས༴ མཁའ་ལྟར་ཁྱབ་པས་ཐུགས༴ མུན་ལྟར་འཐིབས་པས་ཐུགས༴ སྔགས་དང་ཕྱག་རྒྱས་ཐུགས༴ བཀའ་དང་བདེན་པས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་གཉན་པོ་ཁྱེད་ཀྱིས་སྩོལ༔ ཀྱཻ༔ དོ་ནུབ་ལྷ་ལ་མཁོན་སྦྱང་ངོ༔ ཉེས་པ་མཆིས་ན་ཁྱོད་ལ་བཤགས༔ ཕྱིན་ཆད་ཉེས་པ་མི་བགྱིད་འཚལ༔ སྲུང་མ་དམ་ལྡན་ཁྱེད་རྣམས་ཀྱང༔ རྒྱང་ངེ་གཡེལ་ལེ་མ་མཛད་པར༔ བརྩེ་གདུང་གདུང་སེམས་ཅི་ཆེར་མཛོད༔ བདག་གིས་ཚོར་བར་མ་ཉམས་ཀྱང༔ ཁྱེད་ཀྱི་ཐུགས་དང་འགལ་སྲིད་ན༔ བཤགས་སོ་བསྐང་ངོ་སྦྱང་ལགས་སོ༔ སྒྲུབ་ལ་བར་ཆད་བྱུང་བ་དང༔ དམ་རྫས་གཉན་པོ་མ་འཛོམ་དང༔ ཐུགས་དམ་དུས་སུ་མ་བསྐང་དང༔ སྔགས་དང་ཕྱག་རྒྱ་ནོར་བ་དང༔ ཏིང་འཛིན་དམིགས་པ་མི་གསལ་དང༔ རྩ་བའི་དམ་ཚིག་འགལ་བ་དང༔ གསང་བའི་དམ་ཚིག་བསྒྲག་པ་དང༔ ཡན་ལག་དམ་ཚིག་ཉམས་པ་དང༔ སྐུ་གསུང་ཐུགས་དང་འགལ་བ་དང༔ མ་ཚོར་མ་རིག་ཉམས་ཆག་རྣམས༔ དོ་ནུབ་བསྐང་ཞིང་བཤགས་པར་བགྱི༔ ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ བསྐུལ་ན་མ་ལྗི་ལས་འདི་མཛོད༔ བདག་ཀྱང་དམ་ལས་མི་འདའ་བར༔ ཁྱོད་ཀྱང་རྟག་ཏུ་མཆོད་ཅིང་བསྒྲུབ༔ ཁྱོད་དང་བདག་གི་དམ་ཚིག་ནི༔ སྲོག་ལ་བབ་ཀྱང་མི་འདའ་འཚལ༔ བླ་མའི་སྐུ་ལ་བསྡོ་བ་དང༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ རྣལ་འབྱོར་བདག་ལ་དགྲ་བྱུང་ན༔ ཕ་ཁུར་འདུག་ཀྱང་སྒྲོལ་ལ་ཤོག༔ ཁྱེད་ལ་མཆོད་པའི་དམ་རྫས་ནི༔ རྒྱ་མཚོའི་གཏིང་ན་འདུག་ཀྱང་བླང༔ སྲོག་ལ་བསྡོས་ནས་ཐུགས་དམ་བསྐང༔ ཇེ་ཉེ་ཇེ་གདུང་མཛད་ནས་ཀྱང༔ ལུས་དང་གྲིབ་བཞིན་འགྲོགས་པར་མཛོད༔ གཉིས་ཀ་བློ་ལ་ཅི་བདེར་བགྱི༔ ཀྱཻ༔ གྲོགས་ལ་གཞུང་མེད་མི་སྲིད་ཀྱིས༔ མཛའ་བོ་གདུང་མེད་མི་སྲིད་དམ༔ མནའ་ཟན་ཁྲེལ་མེད་མི་སྲིད་ཀྱིས༔ ཟས་ལ་ངོ་མེད་ཅང་སྲིད་དམ༔ ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱིས༔ རྣལ་འབྱོར་དམ་མེད་མི་སྲིད་དོ༔ ཆད་དོན་མི་བསྒྲུབ་མི་སྲིད་ཀྱིས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དམ་རྫས་གཏོར་མ་འདི་འབུལ་བས༔ ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག༔ རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས༔ ཟས་ཀྱི་ངོ་འདི་ཁྱོད་ཀྱིས་གྱིས༔ ཆད་པའི་གཞུང་འདི་བདག་གིས་སྲོང༔ སྨྲས་པའི་ཚིག་འདི་ཁྱོད་ཀྱིས་གསོན༔ བསྐུལ་བའི་གཉེར་འདི་བདག་ལ་ཡོད༔ བཅོལ་པའི་ལས་འདི་ཁྱེད་ཀྱིས་མཛོད༔ གཉིས་ཀ་ཆད་པའི་གཞུང་སྲོང་འཚལ༔ དེ་ཙམ་གནད་ནས་མ་བསྐུལ་ན༔ མི་ཤེས་སྙམ་ནས་སྙོམ་ལས་བྱེད༔ སྨྲས་སོ་ཆད་དོ་ཐུགས་དམ་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ གཏད་དོ་གཉེར་རོ་མཐུ་རྩལ་ཅན༔ ཁྱོད་དང་རྣལ་འབྱོར་བདག་ཅག་གཉིས༔ བསྐལ་པ་ཞིག་ཀྱང་མི་འབྲལ་ལོ༔ མཐུ་སྟོབས་རྫུ་འཕྲུལ་ཇི་ལྟ་བར༔ སྐུ་ཤུགས་ཕྱུངས་ལ་ལས་འདི་མཛོད༔ ཐུགས་དམ་གཉན་པོ་བསྐངས་པ་ཡིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཐམས་ཅད་དང༔ བར་ཆད་རྐྱེན་ངན་ཐམས་ཅད་ཟློག༔ སྲུང་དང་སྐྱོབ་པར་མཛད་དུ་གསོལ༔ ཟས་དང་ཕུད་ཀྱིས་ཁྱེད་མཆོད་དོ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས༔ རྟག་ཏུ་སྲུང་དང་སྐྱོབ་པར་མཛོད༔ ཆོས་འཁོར་སྐྱོང་བའི་དཀོར་སྲུང་དང༔ རྣལ་འབྱོར་སྲུང་བའི་དགྲ་བླ་མཛོད༔ རྣལ་འབྱོར་མི་ནོར་འཁོར་བཅས་རྣམས༔ ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན༔ བསམ་པ་ཡིད་བཞིན་འགྲུབ་པ་དང༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ དེ་ནས་མངའ་གསོལ་བསྟོད་ཅིང་བསྐུལ༔ ཤ་ཆེན་བསྲེག་ཅིང་རོལ་མོ་བསྒྲག༔ དལ་ལ་བསྐོར་ཞིང་འཆམ་སྟབས་བྱ༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་བྱང་ཤར་མཚམས་དང་ནི༔ བསིལ་བ་ཚལ་གྱི་དུར་ཁྲོད་ན༔ ཨུ་ཙ་ལ་ཡི་གནས་མཆོག་གི༔ མེ་རླུང་འབར་བའི་དཀྱིལ་འཁོར་ན༔ ཐོད་པ་སྐམ་རློན་བརྩེགས་པ་ཡི༔ ཞེ་སྡང་བདུད་ཀྱི་སྐུ་མཁར་དེ༔ ཤར་ཕྱོགས་མི་ཡི་ཐོད་པས་བརྩེགས༔ མི་མགོས་གད་མོ་ཡ་ལ་ལ༔ ལྷོ་ཕྱོགས་རྟ་ཡི་ཐོད་པས་བརྩེགས༔ གྱི་ལིང་རྟ་སྐད་ཙེ་རེ་རེ༔ ནུབ་ཕྱོགས་སྤྲེ་འུའི་ཐོད་པས་བརྩེགས༔ འདུ་མོའི་བཞད་བགད་ལྷངས་སེ་ལྷང༔ བྱང་ཕྱོགས་ལུག་གི་ཐོད་པས་བརྩེགས༔ གཡང་མོ་འབའ་སྒྲ་ཏི་རི་རི༔ ཟུར་བཞི་རིན་ཆེན་ཟངས་ལས་བགྱིས༔ རིན་ཆེན་ཤེལ་གྱི་སྒོ་མོ་ལ༔ གསེར་གྱི་རེ་བཞི་མཛེས་པར་གསལ༔ མུ་མེན་འཕྲུལ་གྱི་ཡག་ཤིང་ལ༔ དཀར་པོ་དུང་གི་གཏན་པས་བཀག༔ ཁ་བད་སྔོན་པོ་གཡུ་ལས་བྱས༔ བརྟན་པོ་ལྕགས་ཀྱི་རྨིང་རྡོ་བཙུག༔ ནང་ནི་དམར་ནག་གྲུ་གསུམ་ལ༔ ཕྱི་ནི་ཐོད་པ་མེ་རླུང་འཚུབ༔ སྐུ་མཁར་དེ་ཡི་རྩེ་མོ་ན༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ བྱ་ནག་ཤ་ཟན་འཐིབས་སེ་ཐིབ༔ སྐུ་མཁར་དེ་ཡི་ཟུར་བཞི་ལ༔ དུག་སྦྲུལ་ཆུན་པོ་ཉི་ལི་ལི༔ སྐུ་མཁར་དེ་ཡི་ལོགས་བཞི་ལ༔ མི་ཁྲག་རྟ་ཁྲག་ཞམས་སེ་ཞམ༔ སྐུ་མཁར་དེ་ཡི་རྨིང་གཞི་ལ༔ ཆུ་གླང་ལྕགས་སྐད་ཏངས་སེ་ཏང༔ སྐུ་མཁར་དེ་ཡི་ཕྱོགས་བཞི་ནས༔ ཀངྐ་ལྕེ་སྤྱང་ཁྱི་ནག་དང༔ རྟ་ནག་མང་པོ་ཙེ་རེ་རེ༔ གཡག་ནག་མང་པོ་ངུར་རུ་རུ༔ ལྕགས་སྤྱང་ལྕེ་སྤྱང་འདུ་རུ་རུ༔ ཐོད་མཁར་དེ་ཡི་ནང་ཤེད་ན༔ མེ་རླུང་འཚུབས་མ་འུ་རུ་རུ༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ མི་ཁྲག་རྟ་ཁྲག་མཚོ་ལྟར་བསྐྱིལ༔ མི་ལྤགས་རྟ་ལྤགས་ཡོལ་དུ་བྲེས༔ མི་མགོ་རྟ་མགོ་ཧྲི་ལི་ལི༔ མི་རྟའི་གསུར་དུད་ཐུ་ལུ་ལུ༔ མི་རྐང་གླིང་བུ་ཅངས་སེ་ཅང༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན༔ མ་ནིང་ནག་པོ་བཞུགས་པ་ནི༔ སྲོག་བདུད་ནག་པོ་མི་བཟད་པ༔ རུ་ཏྲ་ཕོ་མོ་བསྣོལ་བའི་སྟེང༔ ལེ་བརྒན་འབར་བའི་གདན་སྟེང་ན༔ དཔལ་འབར་ཡུམ་དང་གཉིས་སུ་མེད༔ ཚུར་བྱོན་ནག་པོ་ལྷ་ཆེན་པོ༔ ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ འདོད་པ་ཁམས་ཀྱི་དབང་ཕྱུག་ཆེ༔ རི་རབ་བྱང་ཤར་མཚམས་ནས་ནི༔ གླིང་བཞི་བར་སྣང་རྒྱུག་བྱེད་ཅིང༔ སྣང་སྲིད་བྲན་ཁོལ་བདུད་དཔུང་འཇོམས༔ བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོང༔ ཧེ་རུ་ཀ་ཡི་དངོས་སྤྲུལ་ཏེ༔ ཞིང་བཅུ་བསྒྲལ་བའི་ལས་ལ་བརྩོན༔ དར་ནག་བེར་ཆེན་རབ་བརྗིད་པ༔ མུན་པའི་གཡུང་དྲུང་སྐུ་ལ་གསོལ༔ དར་ནག་ཕྱར་ཞིང་རུ་མཚོན་གཡབ༔ སྙིང་ཞགས་འདེབས་ཤིང་བདུད་མདའ་འཕེན༔ སྐྱེ་འགྲོའི་སྲོག་ལ་དབང་བྱེད་ཅིང༔ དགྲ་བོའི་བདུན་རྒྱུད་རྩད་ནས་གཅོད༔ སྲོག་བདུད་ནག་པོ་རྟ་ནག་ཅན༔ མཆོག་དཀར་གཞུ་མོ་གྲུ་བཀུག་ལ༔ བདུད་མདའ་ལྟོང་དམར་དགྲ་ལ་རྒྱོབ༔ རོལ་དུ་ལྕགས་སྤྱང་སྔོན་མོ་ཁྲིད༔ དམ་ཉམས་དགྲ་བོ་ཁུག་ལ་རོལ༔ ཙན་དན་བིང་ཆེན་རྐེད་ལ་བཙུགས༔ ལྷ་དམག་ཉིས་ཁྲི་བདུན་སྟོང་འགྱེད༔ བདུད་དཔུང་མ་ལུས་ཆོམ་ལ་ཕོབ༔ ཆོས་ཤིག་བདུད་པོ་ལས་ལ་ཆོས༔ འཁོར་དུ་སྲོག་བདུད་འབུམ་གྱིས་བསྐོར༔ སྤྲུལ་པ་འབུམ་སྡེའི་དུས་ལ་བབ༔ ཁྱེད་ཀྱི་གཡས་ཀྱི་རུ་འདྲེན་པ༔ ཉིས་ཁྲི་བདུན་སྟོང་བསྭེ་ཁྲབ་ཅན༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ ངང་པ་གཡུ་རྔོག་ཆིབས་སུ་འཆིབ༔ ལྷ་དམག་བསྭོ་སྒྲ་ཏི་རི་རི༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཁྱེད་ཀྱི་གཡོན་གྱི་རུ་འདྲེན་པ༔ སྲིད་པའི་མ་མོ་བྱེ་བ་འབུམ༔ ཀུན་ཀྱང་ཆ་ལུགས་མཐུན་པ་ནི༔ ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས༔ ཁྲམ་ཤིང་གཡས་ལ་ནད་རྐྱལ་གཡོན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཁྱེད་ཀྱི་སྔོན་གྱི་ཤུལ་མཚོན་པ༔ བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད༔ ཀུན་ཀྱང་མི་བཟད་གཏུམ་ལ་རྔམས༔ ལྕགས་ཀྱི་ཁྱུང་དང་ཁྲར་སྤྲུལ་ནས༔ དགྲ་བོའི་བླ་འཁྱམས་དམྱལ་ཐག་ཆོད༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ ཁྱེད་ཀྱི་སླད་ཀྱི་རྗེས་འབྲང་བ༔ ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད༔ སྟག་གཟིག་དོམ་དང་འཕར་སྤྱང་ཁྱི༔ བརྒྱད་དུ་སྤྲུལ་ནས་རྒྱུག་བྱེད་ཅིང༔ ཕྱི་ནས་འབྲང་ཞིང་དགྲ་བགེགས་སྒྲོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་སྤྲུལ་པ་འབུམ་སྡེ་དང༔ བདུད་དམག་བྱེ་བ་དུང་ཕྱུར་བཅས༔ ཤ་ཁྲག་སྲོག་ལ་མངའ་མཛད་ཅིང༔ བསྟན་པ་སྲུང་བའི་ལས་ལ་བརྩོན༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ བླ་མའི་སྐུ་ལ་བསྡོ་བ་དང༔ དབེན་གནས་གཉན་པོ་འཇོམས་པ་དང༔ དགེ་འདུན་བར་གྱི་དབྱེན་བྱེད་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ གསང་སྔགས་ཆོས་ལ་སྨད་པ་དང༔ སྡེ་དགོན་ཡོ་བྱད་རྐུ་བ་དང༔ བསམ་གཏན་པ་ཡི་སེམས་དཀྲུག་དང༔ སྐྱེ་བོ་སྡིག་ལ་དགའ་བ་དང༔ དགེ་ལས་སྡིག་པར་སྒྱུར་བྱེད་དང༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི༔ ལོ་ཟླར་བཞག་པའི་གནས་མེད་པས༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ དུས་ལ་བབ་བོ་ས་མ་ཡ༔ ཆད་དོ་གཉེར་རོ་ཐུགས་དམ་ཅན༔ བཅོལ་ལོ་གཏད་དོ་སྲུང་མའི་ཚོགས༔ དམ་ལྡན་རྣལ་འབྱོར་བདག་ཅག་གི༔ འཁོར་སྲུངས་རྐྱེན་ཟློག་བསམ་པ་སྒྲུབས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་མངའ་གསོལ་བསྟོད་ཅིང་བསྐུལ༔ གང་ལ་བསམ་པ་དེ་ལྟར་འགྲུབ༔ དཔལ་མགོན་མ་ནིང་ནག་པོ་འདི༔ ཆོས་སྐྱོང་ཀུན་གྱི་མཐར་ཐུག་སྟེ༔ ཟབ་གཏེར་གཉན་གྱི་བཀའ་སྲུང་ཕྱིར༔ དགེ་རིའི་བྲག་ལ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གུ་ཧྱ༔ ྈྈྈྈྈྈ ཐུགས་དམ་སྐོང་དང་ལས་ལ་སྦྱོར༔ ནག་པོ་ཆེན་པོ་རྒྱུ་དུས་བསྟན༔ ཚེས་གསུམ་གུང་ལ་ཤར་དུ་ལྟོས༔ ཚེས་ལྔའི་ཐོ་རངས་ལྷོ་ནུབ་ལྟོས༔ ཚེས་བརྒྱད་ཐོ་རངས་ནུབ་ཏུ་ལྟོས༔ ཚེས་བཅུའི་སྲོད་ལ་བྱང་དུ་ལྟོས༔ བཅོ་ལྔའི་སྐྱ་རེངས་ཤར་ཙམ་ལྷོར༔ ཉེར་གཅིག་ཉི་མ་རྒས་ཙམ་ནུབ༔ ཉེར་བཞིའི་སྲོད་ལ་བྱང་དུ་ལྟོས༔ གནམ་སྟོང་ནམ་གུང་མཚམས་བཞིར་ལྟོས༔ སྤྱིར་ན་ཉི་མ་དམར་ཐག་ནས༔ ནམ་གུང་ཚུན་ལ་རྒྱུ་བར་ངེས༔ ཁོ་ཉིད་རྒྱུ་བའི་དུས་ཉིད་ན༔ གོང་བཞིན་དེ་ཕྱོགས་ཁ་གཏད་ལ༔ མཆོད་ཅིང་བསྐང་དང་ལས་སྦྱོར་བྱ༔ དེས་ནི་ལས་རྣམས་འགྲུབ་པར་འགྱུར༔ དཔལ་མགོན་མ་ནིང་སྐོང་གསོ་འདི༔ སློབ་དཔོན་ཆེན་པོའི་གསུང་བཞིན་དུ༔ བདག་འདྲ་ནམ་མཁའི་སྙིང་པོས་བཀོད༔ དགེ་རིའི་བྲག་ལ་ཨ་ཐམ་རྒྱ༔ ྈྈྈྈྈྈྈྈ བདག་རཏྣ་གླིང་པས་ཤིང་ཕོ་བྱི་བའི་ལོ་ལ། ནུབ་གཡུ་མཚོའི་མགུལ་དུ་ཤོག་སེར་ལས་བཤུས་སོ། །ཤོག་སེར་དཀྱུས་མཐོ་དོ། ཞིང་སོར་བཞི་པ་གཅིག་འདུག་གོ །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་ (Volume 23, Text 27)

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་བཞུགས། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཟབ་ཆོས་འདི་ཉིད་ཀྱི་གཏེར་སྲུང་གཏོར་འབུལ་མདོར་བསྡུས་བྱེད་ན། ཟངས་ལྕགས་སྣོད་དུ་མགོན་པོ་ལྕམ་དྲལ་ལ་དམར་གཏོར་ཆེ་ཆུང་གཉིས། དེ་རྒྱབ་ལྷ་ཀླུ་རྒྱུ་སྐར་རྒྱལ་ཆེན་རྣམས་ལ་དཀར་གཏོར་བཞི། གཟའ་དང་འཇིགས་བྱེད་རྣམས་ལ་དམར་གཏོར་གཉིས་བཅས་ཕྱོགས་བསྡུས་སུ་བཀོད་ཅིང་མཐེབ་སྐྱུས་བསྐོར། སྣོད་གཞན་དུ་དབུས་སུ་དཔལ་ལྷར་འབྲང་རྒྱས་དཀར་པོ། མཐའ་སྐོར་དུ་ཤན་པར་གྲུ་གསུམ་ར་མགོས་མཚན་པ། སྲིན་བཤོས་རྩེར་ར་ཤས་བརྒྱན་པ། མཱ་རའི་གྲུ་གསུམ་སྙིང་གིས་བརྒྱན་པ། གཟའ་གཏོར་གྲུ་གསུམ་མིག་གིས་མཚན་པ། ཀླུ་བཤོས་དཀར་པོ་སྦྲུལ་དཀྲིས་ཅན། ཐང་ལྷར་དཀར་གཏོར་རྣམས་བཤམས་ལ་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། བདག་ཉིད་འཕགས་པའི་ཐུགས་ཀའི་འོད་ཟེར་གྱིས་བཀའ་སྲུང་གཏེར་སྲུང་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཁམས་གསུམ་བསྟན་པའི་རུ་དྲ་བསྒྲལ་བའི་ཕྱིར༔ མགོན་པོ་ལྕམ་དྲལ་དཔལ་མགོན་བདུན་ཅུའི་ཚོགས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པ༔ དཔལ་གྱི་ལྷ་མོ་ཤན་པ་ར་ཡི་མགོ༔ ལངྐ་མགྲིན་བཅུ་མཱ་ར་སྙིང་ཟན་དང༔ གཟའ་གདོང་སྙིང་རྐུན་ནཱ་ག་ཏི་པ་ཙ༔ ཐང་ལྷ་གངས་བཙན་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་དགྱེས་པའི་གདན་ལ་གཞུགས་སུ་གསོལ༔ སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང༔ སྒྲ་སྙན་གུ་གུལ་དཀར་ནག་དུད་པས་མཆོད༔ རྨད་དུ་བྱུང་བའི་བདུད་རྩི་རཀྟ་དང༔ འདོད་ཡོན་ལོངས་སྤྱོད་རྒྱན་གྱི་གཏོར་མ་འབུལ༔ རྒྱན་གྱི་དམ་རྫས་མཆོད་པ་སྣ་ཚོགས་དང༔ སྤྱན་གཟིགས་དཀོར་ཆ་མཐུན་པའི་རྟེན་ཏུ་འབུལ༔ གང་དམིགས་བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་བཱི་ཀཱ་ལི་དེ་བ་ནཱ་ག་གྲ་ཧ་ནཀྵ་ཏྲ་བྷཻ་ར་བ་ད་ཤ་དིཀ་མ་ཧཱ་རཱ་ཙ་ཤྲཱི་ནཱ་ཐ་ཨེ་ཀ་ཧ་ཏ་རི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་རཀྟ་ཀིཾ་ནི་རི་ཏི་སུ་ར་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་མགོན་པོ་ལྕམ་དྲལ་དཔལ་མགོན་བདུན་ཅུ་ལ་འབུལ། དཔལ་ལྷ་ལ། ཨོཾ་ཤྲཱི་དེ་བཱི་སརྦ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཤན་པ་ལ། ཨོཾ་མུཎྜ་ཀ་ས་ཡེ་ཚཱ་ག་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ༔ ཨི་དཾ༴ སྲིན་པོ་ལ། ཨོཾ་རཀྴ་རཱ་ཙ་རཀྴ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཨི་དཾ༴ མཱ་ར་སྙིང་ཟན་ལ། ཨོཾ་ཙིཏྟ་ཁ་ཧོ་མཱ་ར་ཏྲི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཟའ་ལ། རཀྴ་རཱ་ཧུ་ལ་པ་ཤ་མི་གྷི་ཧྲཱིཾ་ཧྲཱིཾ་ཛ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀླུ་ལ། ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ༴ ཐང་ལྷ་ལ། ཨོཾ་དེ་བ་ཙནྟྲི་ནཱ་ག་ཙིཏྟ་ས་མ་ཡ་ཧྲཱིང་ཧྲཱིཾ་ཛཿཛ༔ ཨི་དཾ༴ ཞེས་གཏོར་སྔགས་བཏགས་པ་ལན་གསུམ་རེས་ཕུལ། ཤྲཱི་མ་ཧཱ་ཀཱ་ལ་དཔལ་འབར་དབང་ཕྱུག་ཆེན་པོ། མ་གཅིག་སྲིད་གསུམ་བདག་མོ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། འཇིགས་བྱེད་དགུ །རྒྱུ་སྐར་ཉེར་བརྒྱད། རྒྱལ་ཆེན་བཞི། འཁོར་གཡོག་སྤྲུལ་པར་བཅས་པ་རྣམས་དང་། ཆོས་སྐྱོང་མ་གཅིག་དཔལ་ལྷ། བཀའ་སྡོད་ཤན་པ་ར་མགོ །སྲིན་པོ་ལངྐ་མགྲིན་བཅུ། ལས་མཁན་མཱ་ར་སྙིང་ཟན། གཟའ་གདོང་སྙིང་རྐུན་ནག་པོ། ཀླུ་རྒྱལ་ནཱ་ག་རཀྴ། དགེ་བསྙེན་ཐང་ལྷ་གངས་བཙན་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་སྤྱི་ལྟར་ཕྲིན་ལས་བཅོལ། ཧཱུྃ༔ སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ༔ དབུགས་དབྱུང་ཁྱོད་ལ་བདག་བསྟོད་དོ༔ དཔལ་ལྡན་ལྷ་མོ་སྲིད་གསུམ་བདག༔ གདུག་པའི་ཁ་རླངས་དགྲ་བགེགས་འཇོམས༔ རྣལ་འབྱོར་དམ་ལྡན་བུ་བཞིན་སྐྱོང༔ སྲིད་གསུམ་བདག་མོ་ཁྱེད་ལ་བསྟོད༔ ལྕམ་དྲལ་ཡབ་ཡུམ་བཀའ་ཉན་པའི༔ ལྷ་ཀླུ་གཟའ་དང་ཕྱོགས་སྐྱོང་དང༔ རྒྱལ་ཆེན་འཇིགས་བྱེད་རྒྱུ་སྐར་གྱི༔ ལྷ་མོ་བཅས་ལ་བདག་བསྟོད་དོ༔ ཧཱུྃ༔ རྣམ་དག་མཁའ་དབྱིངས་བདེ་ཆེན་ནས༔ ཡེ་ཤེས་མཁའ་འགྲོ་དཔལ་ལྷ་མོ༔ བདུད་དཔུང་འདུལ་ཞིང་དངོས་གྲུབ་དཔལ༔ བདེ་གཏེར་ཕྲིན་ལས་མངའ་བདག་མོ༔ རིགས་རྣམས་ཀུན་འདུས་ཁྱེད་ལ་བསྟོད༔ ཧཱུྃ༔ ཁམས་གསུམ་དབང་ཕྱུག་སྟོབས་པོ་ཆེ༔ འདོད་དགུར་དབང་སྒྱུར་ཐོགས་པ་མེད༔ ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ༔ རྒྱལ་བའི་བསྟན་སྲུང་ཁྱོད་ལ་བསྟོད༔ ཧཱུྃ༔ བསྟན་པ་སྲུང་བའི་དམ་ཚིག་ཅན༔ སྲིན་པོའི་རྒྱལ་པོ་ལངྐའི་བདག༔ ཕྱི་ནང་བཀའ་ཡི་བྱ་ར་བ༔ ཕོ་ཉ་བཀའ་སྡོད་བཅས་ལ་བསྟོད༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བའི་དམ་ཚིག་ཅན༔ གདུག་པའི་རུ་དྲ་མ་ལུས་སྒྲོལ་མཛད་པ༔ མཱ་ར་སྙིང་ཟན་ཤུགས་དྲག་རྫུ་འཕྲུལ་ཅན༔ དབང་ཕྱུག་ལས་མཁན་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྐྱོང་མཛད་པ༔ རྡོ་རྗེ་འཆང་གི་བཀའ་བཞིན་དུ༔ ལེགས་ཉེས་ཀུན་གྱི་སྟངས་འཛིན་ཞིང༔ བསྟན་པ་སྲུང་མཛད་མཐུ་བོ་ཆེ༔ ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ སྐྱེ་འགྲོའི་སྲོག་ལ་རྔམས་མཛད་པ༔ གཟའ་བདུད་འཁོར་དང་བཅས་ལ་བསྟོད༔ ཧཱུྃ༔ རྒྱ་མཚོ་རྦ་ཀློང་འཁྲུགས་པའི་ཀློང་རུམ་ནས༔ ཀླུ་ཡི་རྒྱལ་པོ་ནཱ་ག་ཏི་པ་ཙ༔ མཐུ་སྟོབས་རྩལ་ལྡན་སྒྲུབ་མཆོག་བུ་བཞིན་སྐྱོང༔ དངོས་གྲུབ་ཀུན་འབྱུང་ཁྱེད་ལ་བདག་བསྟོད་དོ༔ ཧཱུྃ༔ ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཆེ༔ ཡུམ་ཆེན་སྨན་བཙུན་ལྕམ་གཅིག་མ༔ སྤྲུལ་པ་ལས་མཁན་འབུམ་སྡེའི་ཚོགས༔ འཁོར་དང་བཅས་ལ་བདག་བསྟོད་དོ༔ གཞན་ཡང་བསྟན་པ་སྲུང་མཛད་པའི༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས༔ ཆོས་བྱེད་སྒྲུབ་པོ་སྐྱོང་མཛད་པའི༔ མཐུ་ལྡན་རྣམས་ལ་བདག་བསྟོད་དོ༔ སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་ཕྱོགས་རྣམས་ཞི་བ་དང༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་མ་ལུས་དབང་དུ་སྡུས༔ བསྟན་པ་འཇིག་པ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་ལ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། ཞེས་གཤེགས་སུ་གསོལ་ལོ། །ཞེས་པའང་ཉེར་མཁོའི་ཆེད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཏེར་གཞུང་ལས་བཏུས་པ་དགེ་ལེགས་འཕེལ།། །།

དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་དཀྱིལ་གྱི་ཆོ་ག་དངོས་གྲུབ་འབྱུང་བ་ (Volume 27, Text 27)

༄༅། །དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་དཀྱིལ་གྱི་ཆོ་ག་དངོས་གྲུབ་འབྱུང་བ་ཞེས་བྱ་བ་བཞུགས་སོ། ། དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་དཀྱིལ་གྱི་ཆོ་ག་ཉུང་ངུར་བསྡུས་པ་དངོས་གྲུབ་འབྱུང་བ་ཞེས་བྱ་བ། བླ་མ་དང་ཧེ་རུ་ཀ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོ་ལ་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་གཉིས་སོ། །དང་པོ་ནི། རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་དང་འབྲེལ་ཚེ་གང་དུ་བྱ་བའི་གཞིར་གཏོར་མ་དཀར་དམར་གཉིས་བཤམས་པ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཕུན་སུམ་ཚོགས་པའི་དངོས་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། དཀར་གཏོར། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །དམར་གཏོར། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཧཱུྃ་བཞིའི་སྔགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་དོར། རྟེན་གྱི་དལ་འདུ་བྱ་བ་ནི། གཞི་དེར་བ་བྱུང་དང་བདུད་རྩི་ལྔས་ཆག་ཐས་པར་བྱ། ཐིག་སྐུད་དཀར་ཆལ་གྱིས་སྦགས་པ་གསར་ནས། རང་ཉིད་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་གཉིས་སུ་མེད་པ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་མོས། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾཿཧ། ནམ་མཁར་ཐིག་ཆེན་བརྒྱད་གདབ་ཅིང་ས་ལའང་དེ་བཞིན་དུ་གདབ་སྟེ་སྔགས་ནི། ཨོཾ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པའོ། །དེ་ཡང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སོགས་བླ་མེད་སྤྱི་མཐུན་ལས་ནང་པདྨ་འདབ་བརྒྱད་གྱི་ལྟེ་བ་ཟླ་གམ་ཅན་ནོ། །ཚོན་སྣ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ། རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པ་དེས། ཟླ་གམ་མཐིང་ག །པདྨ་ཕྱོགས་མདོག །མཚན་མ་མཛེས་ཚོན་སོགས་སྤྱི་དང་མཐུན་ཞིང་ལྷ་གནས་སུ་སྐུ་ཡིག་འབྲུ་ཐིག་ལེ་ཅི་རིགས་བཀོད། སྒྲུབ་རྫས་མཆོད་པ་ནི། དལ་གྱི་ལྟེ་བར་མར་མེ། སྟེང་དུ་ལྡིང་ཁྲིའི་ཁར་ཀ་པཱ་ལ་བདུད་རྩིས་གང་བའི་ཁར་ཐོད་སྐུ་བཀབ་པ། ཤར་དུ་རྣམ་རྒྱལ་བུམ་པ། མདུན་ངོས་སུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ། མཚམས་འཛིན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་སོགས་བཤམ། སློབ་དཔོན་གྱི་མདུན་དུ་ལས་བུམ་དབུ་རྒྱན་མེ་ཏོག་ཕྲེང་བ་སོགས་དབང་རྫས། རྡོར་དྲིལ་ཌཱ་མ་རུ་སོགས་འདུ་བྱའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། བླ་མ་དང་ཧེ་རུ་ཀ་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲང་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། མཚམས་གཅོད་པ་ནི། རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་འཆོལ་པའི་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་པར་གྱུར། བཛྲ་པཉྩ་ར་རཾ་ཡཾ་ཁཾ། ཁྲོ་བོ་རྣམས་སླར་འདུས་དེའི་རང་བཞིན་ཅན་གྱི་རྡོ་རྗེའི་གུར་ཁང་ཆེན་པོའི་ཕྱི་རོལ་དུ། བསྐལ་པའི་མེ། དུས་མཐའི་རླུང་། རྒྱ་མཚོའི་རྦ་རླབས་ཀུན་ཏུ་འཁྲུགས་པས་མཚམས་བཅད་པར་གྱུར། བཤགས་པ་བྱ་བ་ནི། ནམ་མཁར་བཤགས་ཡུལ་དམིགས་ལ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དགོངས། ཁྱེད་ནི་རྣམ་དག་དྲི་མ་མེད། །བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས། །ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས། །བཛྲ་ས་མ་ཡ་ཧོཿ བྱིན་དབབ་པ་ནི། ཧཱུྃ། ཡང་དག་མཆོག་གི་དཀྱིལ་འཁོར་རྣམས། །ཐུགས་དམ་ཐུགས་རྗེ་ཆེས་དགོངས་ལ། །སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ས་མ་ཡ་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ། ཞེས་བྱིན་བསྡུས། མཆོད་རྫས་རྣམས། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་རོ་རོལ་མོ་སོགས་མཆོད་པའི་སྤྲིན་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿབཛྲ་ཨརྒྷཾ་ནས་ཤབྡ་ཧཱུྃ་གི་བར་བརྗོད། བདུད་རྩི། སྟོང་པའི་ངང་ལས་སྣོད་གཞལ་ཡས་ཁང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བའི་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ལན་གསུམ། གཏོར་མ། སྟོང་པའི་ངང་ལས་གཏོར་གཞོང་པདྨའི་སྣོད་དུ་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། རཀྟ། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་དུ་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། གཉིས་པ་དངོས་གཞི་བདག་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་རྣམས་གཟོད་ནས་སྟོང་པ་ཉིད། །མ་སྐྱེས་པ་ལས་འགག་མེད་ཀྱི། །རྩལ་སྣང་མ་རྟོགས་འགྲོ་བ་ལ། །བཟོད་མེད་སྙིང་རྗེ་འཇའ་ཚོན་ལྟར། །དངོས་མེད་དངོས་ཀུན་ཡེ་ཤེས་སྤྲིན། །འགྱུར་བ་མེད་པའི་མཐིང་གསལ་ཧཱུྃ། །ཆུ་ལས་ཆུ་བུར་བཞིན་དུ་ཤར། །དེ་ཉིད་གནས་འགྱུར་དྲན་རྫོགས་སུ། །བདག་ཉིད་བདེ་ཆེན་ཧེ་རུ་ཀ །མཁའ་དབྱིངས་མདོག་ཅན་རྡོར་དྲིལ་བསྣོལ། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་འཛིན་པས་འཁྱུད། །རིན་ཆེན་རུས་པའི་རྒྱན་ཆ་དང་། །སྟག་ཤམ་དྲིལ་གཡེར་དར་དཔྱང་ཅན། །དཔའ་བོ་གཡས་བརྐྱང་སྟབས་ཀྱིས་འགྱིངས། །པད་ཉི་དབུགས་བྲལ་འཇའ་འོད་ཀློང་། །སྣང་སྟོང་རང་བཞིན་མེད་པའི་སྐུའི། །སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ། །དཀར་དམར་མཐིང་བའི་མདོག་ཅན་ལས། །འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས། །ལྷ་དང་ལྷ་མོའི་རྣམ་པར་གྱུར། །ཚུར་འདུས་བདག་ལ་གཉིས་མེད་ཐིམ། །ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀ་ནས་འོད་འཕྲོས། །དབང་གི་ལྷ་ཚོགས་མ་ལུས་དྲངས། །ནམ་མཁའ་གང་བའི་རྒྱལ་བ་ཡིས། །བདུད་རྩིའི་བུམ་པ་བཟུང་ནས་ནི། །རིན་ཆེན་བྱང་ཆུབ་སེམས་དབང་བསྐུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། སྐུ་གང་དྲི་མ་སྦྱངས་བྱས་ནས། །ཆུ་ལྷག་གྱེན་དུ་འཁྱིལ་བ་ལས། །སངས་རྒྱས་མངའ་བདག་ཅོད་པན་གྱུར། །བཛྲ་ཏུཥྱ་ཧོཿ མཉམ་པ་ཉིད་དུ་དགྱེས་པར་གྱུར། །ཐུགས་སྲོག་ཧཱུྃ་ལས་སྔགས་ཕྲེང་ནི། །ངོ་བོ་བྱང་ཆུབ་སེམས་ཉིད་ལས། །རྣམ་པ་ཡིག་གཟུགས་དཀར་དམར་ཕྲེང་། །བར་མ་ཆད་པ་ཐུར་དུ་སོང་། །རྡོ་རྗེའི་ལམ་ནས་ཡུམ་མཁར་བབས། །སྐུ་དབྱིབས་གྱེན་བརྒྱུད་ཞལ་ནས་ཐོན། །ཡབ་ཀྱི་ཞལ་ཞུགས་ཧཱུྃ་ལ་ཐིམ། །བདེ་ཆེན་ཡེ་ཤེས་ངང་དུ་འོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་མི་རུས་ཀྱི་ཕྲེང་བ་བྱང་ཆུབ་སེམས་ཀྱི་སྙིང་པོར་ངེས་པ་བླངས་ལ་བཟླའོ། །ཐུན་མཇུག་ཏུ་སྣོད་བཅུད་སྦྱོང་བའི་ཏིང་ངེ་འཛིན་ནི། ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་ཀུན་ཞུ་བདག་ལ་ཐིམ། །བདག་ཀྱང་སྤྱི་གཙུག་གདན་གྱི་ནི། །སྟེང་འོག་གཉིས་ནས་མས་ཡར་དུ། །ཧཱུྃ་ལ་རིམ་གྱིས་བསྡུ་བར་བྱ། །དེ་ཡང་ཐིག་ལེའི་བར་དུ་འོ། །ཐིག་ལེ་ལ་སེམས་བཟུང་སྟེ་ཅི་གནས་སུ་མཉམ་པར་བཞག་ཅིང་སྤྲོ་ན་དེ་ཡང་དམིགས་མེད་དུ་གྱུར་པའི་ཞི་གནས་ཀྱི་ངོ་བོ་ལྷག་མཐོང་སོ་སོར་རྟོག་པའི་ཡེ་ཤེས་རང་རིག་རང་གསལ་གྱི་ངང་དུ་འཇུག་ཅིང་། སླར་རྗེས་ཐོབ་ལྷ་སྐུ་དྲན་རྫོགས་སུ་ལྡང་། མདུན་བསྐྱེད་ནི། རྟེན་གྱི་དཀྱིལ་འཁོར། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྒྱུའི་ས་བོན་ཧཱུྃ་འཕྲོས། དེ་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་མཆེད་པ་ལས་ཆོས་ཐམས་ཅད་འབྱུང་བའི་ནམ་མཁའི་དབྱིངས་སུ་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ། བྷྲཱུྃ་ལས་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱི་རོལ་དུ་པདྨ་དུར་ཁྲོད་རྡོར་ར་མེ་འཁོར་དང་བཅས་པས་ཡོངས་སུ་བསྐོར་བ། ནང་ལྷ་སྣམ་མཐིང་ག་གྲུ་བཞི་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་གམ་མཐིང་ནག་གི་ཀློང་པདྨ་དང་ཉི་མ་རུ་དྲ་ཆུང་མ་དང་བཅས་པའི་སྟེང་དུ། རྒྱུའི་ཏིང་ངེ་འཛིན་ཧཱུྃ་འོད་དུ་ཞུ་བ་ལས་དཔལ་ཡང་དག་བདེ་མཆོག་སྒྱུ་མ་ཆེན་མོ་དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་ཁྲོ་འཛུམ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་ཤིང་། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྐྲ་མཚམས་སུ་རྡོ་རྗེས་སྦྲེལ་བའི་ཐོད་པ་སྐམ་པོ་ལྔ་རིན་པོ་ཆེའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་རྒྱན་དྲུག །རྡོ་རྗེའི་ཕྲེང་བས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་ཞིང་གསུམ་ཁུགས་སུ་ཕྱར་བའི་དར་དཔྱང་གཡོ་བ། ཞབས་གཡས་བརྐྱངས་པས་ཨུ་མའི་སྙིང་ག་དང་། གཡོན་ཅུང་ཟད་བསྐུམས་པས་དབང་ཕྱུག་གི་མགྲིན་པ་བལྟབས་ཏེ་བརྫིས་པ། པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་པ་འཛིན་ཅིང་ཞབས་གཡོན་བརྐྱང་གིས་འཁྲིལ་བ། གཅེར་མོ་སྐྲ་གྲོལ་ཞིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཡི་གེའི་སྤྲིན་ཧ་བརྒྱད་ཀྱི་རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས། ཤར་གྱི་འདབ་མ་ལ་གཽ་རཱི་མ་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ལྷོར་ཙཽ་རཱི་མ་སེར་མོ་མདའ་གཞུ་འགེང་བ། ནུབ་ཏུ་པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་འཕྱར་བ། བྱང་དུ་བེ་ཏཱ་ལི་ནག་མོ་རྡོ་རྗེ་དང་ཞིང་ཆུང་འཛིན་པ། མེར་པུཀྐ་སི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། བདེན་བྲལ་དུ་གྷསྨ་རཱི་ལྗང་ནག་གཡོན་ཐོད་ཁྲག་གཡས་པའི་རྡོ་རྗེས་དཀྲུག་པ། རླུང་དུ་སྨེ་ཤ་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། དབང་ལྡན་དུ་ཙཎྜ་ལཱི་སེར་སྐྱ་ཞིང་ཆུང་གི་མགོ་ལུས་འདྲལ་བ། ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ། དུར་ཁྲོད་རུས་པའི་ཆས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་ཉི་མ་དང་ཞིང་གི་གདན་ལ་གནས་པ། གཞན་ཡང་ཕྱི་རོལ་གྱི་པདྨའི་འཁོར་ཡུག་ལ་དབང་མོ་ཉེར་བརྒྱད། དུར་ཁྲོད་རྣམས་སུ་ཕྱོགས་སྐྱོང་ཞིང་སྐྱོང་གྲུབ་པ་རིག་འཛིན་སོགས། བརྟེན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལུས་པ་མེད་པའི་དམ་ཚིག་གི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷའི་འཁོར་ལོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མ་ཡ་ཛཿ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཀྱི་གླུ་ལེན། རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་སེམས་ཀྱི་བདུད་རྩིས་གང་བས་མངོན་པར་དབང་བསྐུར་བར་གྱུར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱ་བ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་པས་ལྷ་ཚོགས་རྣམས་ཀྱི་སྐུ་གང་། དྲི་མ་དག །བདེ་བ་ཆེན་པོས་དགྱེས། ཆུ་ལྷག་གྱེན་དུ་འཁྱིལ་བས་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་རིགས་ལྔ་ཡབ་ཡུམ། འཁོར་རྣམས་ལ་ཧེ་རུ་ཀ་ཉིད་ཀྱི་རྣམ་པས་དབུ་བརྒྱན་པར་གྱུར། མཆོད་ཕྲེང་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་སྦྲེང་། །དག་བྱེད་དྲི་ལྡན་ཞབས་བསིལ་གངྒཱའི་རྒྱུན། །ཐང་སྐྱེས་ཆུ་སྐྱེས་རྣམ་བཀྲའི་མེ་ཏོག་ཚལ། །ལྷན་ཅིག་སྐྱེས་དང་ཡོངས་སྦྱར་བདུག་པའི་སྤྲིན། །ཉིན་མོར་བྱེད་པ་སྣང་བའི་གཟུགས་གསར་པ། །དྲི་ཆབ་ཡིད་འོང་སིམ་པ་མཆོག་སྐྱེད་སྤེལ། །ཞལ་ཟས་བདུད་རྩིའི་རྩེར་སོན་རོ་བརྒྱའི་དཔྱིད། །རོལ་མོ་ཡན་ལག་འབུམ་སྡེར་འཇེབས་པའི་སྒྲ །ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །མཁའ་ཁྱབ་མཁའ་ཡི་ཁྱོན་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཧོཿ ཧཱུྃ། མི་དབང་ལ་འོས་རིན་ཆེན་རྣམ་པ་བདུན། །མཛེས་སྡུག་གཟུགས་དང་སྙན་བརྗིད་རོལ་མོའི་སྒྲ །དྲི་ཞིམ་ངད་ལྡང་བཅུད་ལྡན་བདུད་རྩིའི་ཟས། །འཇམ་མཉེན་རེག་བདེ་བཀྲ་ཤིས་རྟགས་རྫས་སོགས། །སྲིད་ཞིའི་འབྱོར་ཚོགས་ནམ་མཁའི་མཛོད་དུ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་སཔྟ་མ་ཧཱ་རཏྣ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ ཧཱུྃ། གདུག་པ་ཅན་རྣམས་ཚར་བཅད་པའི། །དབང་པོའི་མེ་ཏོག་ཕྲེང་བར་སྤེལ། །ཚིལ་ཆེན་གསུར་གྱི་དུད་པའི་སྤྲིན། །ཞུན་མར་མཆོག་གི་སྒྲོན་མ་དང་། ཁྲག་མཁྲིས་དྲི་སྦྱར་བྱུག་པའི་མཚོ། །ཤ་རུས་སྤུངས་པའི་ཞལ་ཟས་མཆོག །ཐོད་རྔ་རྐང་གི་གླིང་བུ་སོགས། །དུར་ཁྲོད་དྲག་པོའི་མཆོད་པ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཤྨཱ་ཤ་ན་པཱུ་ཛ་ཧོཿ ཧཱུྃ། རྡོ་རྗེ་སྒེག་མོ་གཟུགས་མཛེས་མ། །ཕྲེང་བ་མ་ནི་རྒྱན་ཕྲེང་འཛིན། །གླུ་མ་གླུ་ལེན་པི་ཝང་བརྡུང་། །གར་མ་མཛེས་པའི་གར་བསྒྱུར་མ། །བདུག་པ་མ་ནི་སྤོས་སྤྲིན་སྤྲོ། །མེ་ཏོག་མ་ནི་མེ་ཏོག་འཐོར། །མར་མེ་མ་ནི་སྣང་གསལ་འཛིན། །དྲི་མ་དྲི་མཆོག་བྱུགས་པ་འབུལ། །འཆི་མེད་བུ་མོ་ལྟ་བུ་ཡིས། །ཕྱོགས་བཅུའི་འཇིག་རྟེན་བཀང་སྟེ་འབུལ། ཨོཾ་བཛྲ་ལཱ་སྱེ། མཱ་ལཱེ། གཱི་ཏཱི། ནཱིརྟི། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ་ཧཱུྃ། རྒྱུ་གཉིས་རྐྱེན་སྦྱར་བདུད་རྩི་འདི། །དུག་ལྔའི་སྨན་གྱུར་ཡེ་ཤེས་རྫས། །ཛ་གད་དཔའ་བོའི་ཕུད་ཀྱི་མཆོག །བདེ་མཆོག་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། དམ་རྫས་རྨད་བྱུང་གཏོར་ཆེན་པོ། །ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ། །འདོད་ཡོན་སྣ་ལྔས་རབ་ཏུ་སྤྲས། །སྒྱུ་འཕྲུལ་དཀྱིལ་འཁོར་ལྷ་ལ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཉོན་མོངས་རྩ་བ་འཁོར་བའི་ཁྲག །ཁམས་གསུམ་འཁོར་བ་སྟོང་བྱའི་ཕྱིར། །དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ། །དགྱེས་མཛད་དཀྱིལ་འཁོར་འཁོར་ལོ་མཆོད། །མ་ཧཱ་རཀྟ་ཁཱ་ཧི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །ཡང་དག་དོན་གྱི་ལྷ་ལ་འབུལ། །དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ ཞེས་ཕྱི་ནང་གསང་བ་དེ་ཉིད་དང་འབྲེལ་བའི་མཆོད་པས་མཆོད་ནས་བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་རྣམ་པར་དག་པའི་དབྱིངས་ཉིད་ལས། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །བདེ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཡང་དག་དཀྱིལ་འཁོར་འཁོར་ལོའི་གཙོ་བོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །གར་དགུའི་ཉམས་ལྡན་ཤེས་རབ་ཕག་མོ་དང་། །དགྱེས་མཛད་དྲྭ་བ་སྡོམ་མཛད་ཕྱག་འཚལ་བསྟོད། །འདབ་བརྒྱད་གཽ་རཱི་ལ་སོགས་ལྷ་མོ་བརྒྱད། །སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ལྡན། །སྒྱུ་འཕྲུལ་རོལ་མོས་གཙོ་ལ་བདེས་མཆོད་པའི། །བདེ་མཆོག་འཁོར་ལོའི་སྐུ་ལ་ཕྱག་འཚལ་བསྟོད། །པདྨའི་ཕྲེང་བར་དབང་མོ་ཉེར་བརྒྱད་དང་། །དུར་ཁྲོད་གནས་བཞུགས་ཕྱོགས་སྐྱོང་དྲེགས་པར་བཅས། །གྲུབ་པ་རིག་འཛིན་ལྷ་དང་མཁའ་འགྲོ་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །མི་འགྱུར་བདེ་ཆེན་ཐུགས་ཀྱི་ལྷ་ཚོགས་རྣམས། །དབྱིངས་ནས་བརྩེར་དགོངས་སྐལ་ལྡན་སྒྲུབ་མཆོག་བུར། །རང་བྱུང་དབང་དང་དངོས་གྲུབ་སྩོལ་ནས་ཀྱང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་མཛོད། །ཅེས་པ་ཙམ་གྱིས་བསྟོད། གཙོ་བོའི་ཐུགས་ཀའི་ས་བོན་ལས་བྱང་ཆུབ་སེམས་ཀྱི་སྔགས་ཀྱི་ཕྲེང་བ་མཁའ་གསང་ལས་བརྒྱུད་དེ་ཞལ་དུ་འཁོར་བ་བདེ་ཆེན་གྱི་སྤྲོ་བསྡུ་གསལ་བཏབ་ལ། ཡི་གེ་བདུན་པ་དང་། རུ་ལུའི་སྔགས་སྦྲེལ་བ་ཅི་རིགས་སུ་བཟླ་ཞིང་། སྤྲོ་ན། ལྷ་མོ་བརྒྱད་ཀྱི་ཐུགས་ཀར་ས་བོན་ལ་སྔགས་ཀྱིས་བསྐོར་བར་མོས་ལ། ཨོཾ་བཛྲ་གཽ་རཱི་ཧཱུྃ་ཧཱུྃ་ཕཊཿ ཐོག་མཐའ་རིགས་འགྲེ་བས། ཙཽ་རཱི། པྲ་མོ་ཧ། བེ་ཏཱ་ལི། པུཀྐ་སི། གྷསྨ་རཱི། སྨེ་ཤ་ནི། ཙཎྜ་ལཱི། རྣམས་ཀྱང་ཅི་འགྲུབ་བཟླའོ། །བུམ་བསྙེན་ནི། རྣམ་བུམ་དང་ལས་བུམ་གཉིས་སྭ་བྷཱ་ཝའི་སྔགས་ཀྱིས་བསང་སྦྱང་ནས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་མཚན་ཉིད་དང་ལྡན་པའི་རྣམ་རྒྱལ་གྱི་ནང་གི་དབུས་སུ་པདྨ་དང་ཉི་མ་རུ་དྲ་ཆུང་མ་དང་བཅས་པའི་སྟེང་དུ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས། ཞེས་སོགས་ནས། གཉིས་ཀ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ལས་བུམ་གྱི་ནང་དུ་ཉི་མ་དང་རོ་གདན་ལ་ཧ་ལས་གྷསྨ་རཱི་ལྗང་ནག་གཡོན་ཐོད་ཁྲག་གཡས་པའི་རྡོ་རྗེས་དཀྲུག་པ། གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ། དུར་ཁྲོད་རོལ་པའི་ཆས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་གནས་པ། བུམ་ལྷའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཞེས་སོགས་ནས་རིགས་ལྔ་ཡབ་ཡུམ། བར་དང་། ལས་ཀྱི་བུམ་པར་ཧེ་རུ་ཀ་ཉིད་ཀྱི་རྣམ་པས་དབུ་བརྒྱན་པར་གྱུར། མཆོད་པ་ནི། ཧཱུྃ། ཡང་དག་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོད་ཡོན་མེ་ཏོག་ལ་སོགས་ཕྱི་མཆོད་དང་། །དུར་ཁྲོད་དམ་རྫས་ནང་གི་མཆོད་པ་དང་། །གཟུངས་མ་བརྒྱད་དང་སྨན་གཏོར་རཀྟར་བཅས། །དམིགས་མེད་སྤྲོས་བྲལ་དེ་བཞིན་ཉིད་མཆོད་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། བདེ་ཆེན་ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །ཨེ་ཡིག་སྟོང་པ་ཤེས་རབ་ཡུམ་གྱི་མཁར། །ཝྃ་ཡིག་སྣང་བའི་རྡོ་རྗེ་དགྱེས་མཛད་པ། །སྒྱུ་མ་ཆེན་མོ་བདེ་བ་མཆོག་ལ་བསྟོད། །བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་ལྷའི་ཐུགས་ཀའི་ས་བོན་ལ་ཕོག །བྱང་སེམས་ཡི་གེའི་ཚོགས་མཁའ་གསང་ནས་ཞལ་དུ་འཁོར་བ་དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་ཡིག་བདུན་ཐུགས་སྔགས་སྦྲེལ་བ་དང་། ལས་བུམ་དུ་དམིགས་པ་གོང་དང་འདྲ་བ་ལས་སྔགས་ཕྲེང་ཐུགས་ཀའི་ས་བོན་ལ་འཁོར་བ་ལས་བདུད་རྩི་བབས་པར་མོས་ལ། ཨོཾ་བཛྲ་གྷསྨ་རཱི་ཧཱུྃ་ཧཱུྃ་ཕཊཿ ཅེས་པ་ཅི་རིགས་པ་བཟླ་ཞིང་མཐར་དུང་ཞལ་དུ་བདུད་རྩི་བླུགས་པས་མཆོད་ཡོན་བུམ་པར། ཨོཾ་ཨཱཿཧཱུྃ་གིས་ཕུལ་བས་ལྷ་རྣམས་བདེ་བའི་ངོ་བོར་ཞུ་བ་བུམ་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པར་བལྟའོ། །གསུམ་པ་རྗེས་ནི། ཚོགས་ཀྱི་མཆོད་པ་བཟའ་བཏུང་གི་དངོས་པོ་ཅི་འབྱོར་བ་བཤམས་ལ་བྱིན་བརླབ་ནི། ཧཱུྃ། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལས། །རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི། །དངོས་འཛིན་འབགས་བཙོག་སེར་སྣ་སྦྱང་། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བདེ་སྐྱོང་སྣོད་དུ་ཡེ་ཤེས་ཀྱི། །བདུད་རྩི་ཁ་དོག་དྲི་རོ་སོགས། །འདོད་ཡོན་ཕུང་པོ་རྨད་བྱུང་བས། །འཁོར་ལོའི་འདུ་བ་དགྱེས་བྱེད་གྱུར། །ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་ཞི་ཁྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོཿ ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ། ཨོཾ་ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །བར་པ། ཨོཾ་ཧཱུྃ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཡིག་བརྒྱ་བརྗོད། མཐའ་མ་ཧཱུྃ་ཞེས་བརྗོད་པས་འདོད་ཡོན་གྱི་དངོས་པོ་རང་ལ་ཐིམ། ནྲྀ་ཏྲི་ཡཾ་ཛཿ བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ པྲ་ཝེ་ཤ་ཡ་ཕཊ། ཅེས་པས་དགྲ་བགེགས་བཀུག་བསྟིམས་དུག་ལྔ་གནས་བསྒྱུར་དྭངས་མ་བདེ་ཆེན་གྱི་འཁོར་ལོར་སྤར་ཏེ། སྙིགས་མ་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་མོས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་སྦྱོར་སྒྲོལ་ཟུང་འཇུག་ཆེན་པོས་དཀྱིལ་འཁོར་ཚིམས་པར་བྱའོ། །དབང་བླང་བ་ནི། དབང་གི་ལས་རྣམས་གཙོ་བོ་ལས་བྱེ་བའི་རྒྱལ་ཐེབས་ཀྱིས་མཛད་པར་མོས། ལས་བུམ་གྱི་ཆུས་ཁྲུས་བྱ། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ཕྱག་དང་མཎྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་བཟུང་། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། མགོན་པོ་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ལན་གསུམ། ཡང་དག་མཆོག་གི་དཀྱིལ་འཁོར་འདིར། །སོ་སོ་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་བྱ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས། །དེང་ནས་བདག་གིས་བརྟན་པོར་བཟུང་། །ལན་གསུམ། ཛཿཧཱུྃ་བཾ་ཧོཿ པྲ་ཝེ་ཤ་ཡ་ཕཊ། དཀྱིལ་འཁོར་གྱི་ཤར་སྒོ་ནས། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཿམི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ་གིས་ཕྱག་བྱ། རང་སྐད་ཅིག་གིས་ཧེ་རུ་ཀར་གསལ་བའི་སྙིང་གར་ཧཱུྃ་ཡིག་མཐིང་ག་མར་མེ་ལྟར་འབར་བ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་པ་རང་འདྲ་བ་དཔག་ཏུ་མེད་པ་ཆར་ལྟར་བབ་པ་སྙིང་གའི་ས་བོན་ལ་ཐིམ་པར་གྱུར། བདུད་རྩི་ལྔས་སྔགས་པའི་རྡུལ་རས་གུ་གུལ་བྱི་ལའི་བྲུན་སྦྱར་བ་བསྲེག་པས་བདུག་ཅིང་། ཌཱ་དྲིལ་གྱི་སྒྲ་དང་། ཡིག་བདུན་ཐུགས་སྔགས་སྦྲེལ་བའི་མཇུག་ཏུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཕེཾ་ཕེཾ། བརྗོད་པས། ཡེ་ཤེས་པ་དབབ། ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱ། མེ་ཏོག་དཀྱིལ་འཁོར་པར་དོར་ལ། པྲ་ཏི་བཛྲ་ཧོཿ རིགས་ངེས་པར་བྱས་ལ། ཨོཾ་པྲ་ཏི་གྷྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ། མེ་ཏོག་སྤྱི་བོར་བཅིང་། ཨོཾ་བཛྲ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། གདོང་གཡོགས་བསལ། ཡང་དག་མཆོག་གི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་བསམ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་གསོལ་བཏབ་བཞིན། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཀྱི་གླུ་ལེན། རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་སེམས་ཀྱི་བདུད་རྩིས་གང་བས་མངོན་པར་དབང་བསྐུར་བར་གྱུར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱ་བ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་པས་ལྷ་ཚོགས་རྣམས་ཀྱི་སྐུ་གང་། དྲི་མ་དག །བདེ་བ་ཆེན་པོས་དགྱེས། ཆུ་ལྷག་གྱེན་དུ་འཁྱིལ་པ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་རིགས་ལྔ་ཡབ་ཡུམ་གྱི་བརྒྱན་པར་གྱུར། སྤྲོ་ན། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་འདི་ཡིས་མཛེས་པར་མོས། །ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དབུ་བརྒྱན་ཅིང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་མཆེད། །རྡོ་རྗེ་འདི་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ལག་པ་གཡས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ། དྲིལ་བུ་གཡོན་དུ་གཏད། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཀྱེ་ཤྲཱི་ཧེ་རུ་ཀ་སྒྱུ་འཕྲུལ་བདེ་མཆོག་རྡོ་རྗེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་མིང་གདགས་པ་སྟེ། རིག་པའི་དབང་ལྔ་ཚང་བར་བྱའོ། །དེ་ཙམ་གྱིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཀ་པཱ་ལའི་བདུད་རྩི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དང་གཉིས་སུ་མེད་པར་མོས་ལ། འདས་པའི་རྡོ་རྗེ་ཅན་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཡིག་བདུན་ཐུགས་སྔགས་དང་། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མྱང་། རྩ་འཁོར་གྱི་མདུད་པ་གྲོལ་ཏེ་བྱང་སེམས་ཡི་གེའི་འཁོར་ལོས་ཁྱབ་པར་གྱུར་པར་བསམ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དལ་དུ་ཟབ་མོ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་བདག་བྱིན་རླབས་ཀྱི་རྫོགས་རིམ་ཙཎྜ་ལཱི་སྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལས་རྒྱའི་གཟུགས་བྲིས་པའམ་དྲིལ་བུ། དེ་ཉིད་དུ་མོས་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་། ཁྱེར་ལ་རྟག་ཏུ་པདྨར་རོལ། །བདེ་ཆེན་མཆོག་གི་གོ་འཕང་ཐོབ། །བྷཉྫ་མོཀྵ་ཧོཿ སྙོམས་པར་ཞུགས་པས་དགའ་བཞི་ལུགས་བཟློག་གི་བདེ་བའི་ཡེ་ཤེས་རྒྱུད་ལ་བརྟན་པར་གྱུར་པར་བསམ། གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འདོད་ཁམས་པ་སེམས་ཀྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་མོ་ཕོ་ཉ་དགའ་བཞི་བདེ་སྟོང་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར། དབང་དུས་སུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རང་ངོར་བཞག་ལ་དེ་ཉིད་ཚིག་གིས་མཚོན་པར། སེམས་ཀྱི་གཤིས་གང་དུའང་མ་གྲུབ་པ་མདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་འདི་ཀ་ཡང་དག་བདེ་མཆོག་ཧེ་རུ་ཀ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དོ། །ཞེས་ངོ་འཕྲོད་པར་བྱ། དོན་དམ་ཡེ་ཤེས་ཀྱི་དལ་དུ་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ཚིག་དབང་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒོམ་པ་ལ་དབང་། འབྲས་བུ་ལྷུན་གྱིས་གྲུབ་པའི་རང་བཞིན་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལྷ་སྔགས་ཀྱི་དབང་དང་མཐའ་རྟེན་སོགས་སྤྲོ་ན་མཆིས་མོད་ལམ་དབང་ཙམ་ལ་འདི་རྣམས་ཀྱིས་དོན་ཐོབ་པ་ཡིན་ནོ། །ཚོགས་ཀྱི་རྫས་རྣམས་ནང་གི་སྦྱིན་སྲེག་གིས་རོལ་བའི་ལྷག་མ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས་པ། ཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི། བརྟན་མ་སྐྱོང་བ་ནི། གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་གཉན་པོའི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལ་ལཱ། ལེ་ལེ། ཏཾ་ཏཾ། ཏེ་ཏཻ། ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། གཏང་རག་གི་ཚུལ་དུ། ཧཱུྃ། ཡང་དག་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོད་ཡོན་མེ་ཏོག་ལ་སོགས་ཕྱི་མཆོད་དང་། །དུར་ཁྲོད་དམ་རྫས་ནང་གི་མཆོད་པ་དང་། །གཟུངས་མ་བརྒྱད་དང་སྨན་གཏོར་རཀྟར་བཅས། །དམིགས་མེད་སྤྲོས་བྲལ་དེ་བཞིན་ཉིད་མཆོད་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཧོཿ ཞེས་མཆོད། ཧཱུྃ། ཡང་དག་བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་དུ། །སྒྲུབ་རྫས་དམན་ཞིང་ཏིང་འཛིན་ཆོ་ག་ཉམས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཚངས་པ་མཆོག་ལས་དངོས་གྲུབ་བསྩལ་དུ་གསོལ། །ཡིག་བརྒྱ་བཟླ་བས་བཟོད་པར་གསོལ། ཡེ་ཤེས་ཀྱི་ལྷ་ཚོགས་ཐོད་སྐུ་ལ་བསྟིམ་ཞིང་། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་བྱ། དམ་ཚིག་པའི་དཀྱིལ་འཁོར་འོད་དུ་ཞུ་སྟེ་བདག་ཉིད་ལ་བསྡུ། བདག་ཉིད་ལྷར་གསལ་བ་ཡང་དབུ་ཞབས་ནས་རིམ་བཞིན་ཐུགས་སྲོག་ལ་ཐིམ་པ་རིལ་འཛིན་ནམ་རྗེས་གཞིག་གི་འོད་གསལ་གྱི་ངང་དུ་མཉམ་པར་བཞག་ནས་སླར་རྗེས་ཐོབ་ལྷ་སྐུ་དྲན་རྫོགས་སུ་ལྡང་ངོ་། རྡུལ་ཚོན་ཨ་ཀཱ་རོ་བཟླ་བས་ཕྱགས་ཤིང་སྒྲུབ་རྫས་རྣམས་མི་མངོན་པར་བསྡུའོ། །ཤིས་བརྗོད་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ཉིད་རྣམ་དག་ལས། །འབར་བའི་སྐུར་སྟོན་གདུག་པ་འདུལ་མཛད་ཧེ་རུ་ཀ །མཁའ་འགྲོ་མ་ཡི་དྲྭ་བར་སྡོམ་མཛད་བཅོམ་ལྡན་འདས། །བདེན་པ་དེས་ཀྱང་བདེ་ཆེན་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་མཚམས་འདབ་བརྒྱད་ལ་གནས་པའི། །གཽ་རཱི་ལ་སོགས་རྣམ་ཐར་བརྒྱད་མཚོན་ལྷ་མོ་བརྒྱད། །སྒྱུ་འཕྲུལ་མཆོག་གི་བདེ་བའི་རོལ་མོས་དགྱེས་མཛད་པའི། །བདེན་པ་དེས་ཀྱང་བདེ་ཆེན་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པདྨའི་མུ་ཁྱུད་དབང་མོ་དང་། །དུར་ཁྲོད་བརྒྱད་གནས་ཕྱོགས་སྐྱོང་ལ་སོགས་འབྱུང་པོའི་ཚོགས། །གྲུབ་པ་རིག་འཛིན་ལྷ་དང་མཁའ་འགྲོ་ལ་སོགས་པའི། །བདེན་པ་དེས་ཀྱང་བདེ་ཆེན་མཆོག་ལ་བཀྲ་ཤིས་ཤོག །དེ་ལྟར་ཡང་དཔལ་ཡང་དག་བདེ་ཆེན་སྙིང་པོའི་སྒྲུབ་དཀྱིལ་གྱི་ཆོ་ག་འདི་ནི། གཏེར་གཞུང་ཉིད་ལས་སྤྲོས་མེད་བདག་གི་རྣལ་འབྱོར་ཙམ་དང་། དབང་ཡང་། དབང་རྣོན་དད་པའི་རྗེས་འཇུག་ལ༔ བླ་མས་བྱིན་རླབས་འཕོ་བ་ཡིས༔ སྨིན་པར་བྱས་ལས༔ ཞེས་བྱིན་རླབས་འཕོ་བའི་དབང་ལས་རྟེན་གྱི་དཀྱིལ་འཁོར་ལ་ཆེད་དུ་བརྟེན་པར་མ་གསུངས་མོད། སྙིགས་དུས་འདིར་དེ་ལྟ་བུའི་དཔོན་སློབ་སྣོད་བཅུད་འཛོམ་པ་ཆེས་དཀོན་པར་མ་ཟད། སྤྲོས་བཅས་ཀྱི་དཀྱིལ་འཁོར་སྒྲུབ་སྨིན་སོགས་དམིགས་སུ་མ་བཀག་སྟེ། དེ་ཉིད་ལས། དངོས་གཞིའི་གསང་སྔགས་རིམ་པ་ལ༔ དབང་དང་བྱིན་རླབས་རིམ་པ་གཉིས༔ ཞེས་དབང་དང་ཞེས་པས་བདག་འཇུག་དབང་སོགས་བསྟན་ཅིང་། །དེ་ཡང་མཐའ་གཉིས་ཞེན་པ་གང༔ གཅོད་ཕྱིར་བསྐྱེད་དང་རྫོགས་པ་ཡི༔ རྣལ་འབྱོར་འདི་ལ་བསླབ་པར་བྱ༔ ཞེས་པས། བསྐྱེད་རིམ་ཡན་ལག་དཀྱིལ་འཁོར་སྒྲུབ་མཆོད་སོགས་བསྟན་པས་འབྲེལ་མེད་རང་བཟོར་མི་འགྱུར་ཞིང་། རྒྱལ་བའི་སྲས་པོ་དོན་ཐམས་ཅད་གྲུབ་པ་སོགས་སྐུ་མཆེད་རྣམས་ཀྱིས་ཡང་ཡང་སྐུལ་བར་མཛད་པ་ལྟར། གཏེར་གཞུང་གི་རྩ་ཐོ་ལ། རིགས་མཐུན་གྱི་ཆོ་ག་བླ་མ་མཁས་པ་དག་གི་ཡིག་ཆ་དང་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་ཁ་ལེགས་པར་བཀང་སྟེ་དྷརྨ་སྭཱ་མཱིས་གྲུབ་པའི་གནས་མཆོག་མེ་ཏོག་ལྷ་ནང་གི་མཚམས་མལ་དུ་ཟིན་བྲིས་སུ་བཏབ་པའི་དགེ་བས་སེམས་ཅན་ཐམས་ཅད་ཡང་དག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག། །། ༄༅། །གཏེར་གསར་ཡང་དག་བདེ་ཆེན་སྙིང་པོའི་ཆོག་ཁྲིགས་སྙིང་པོར་དྲིལ་བ་བཞུགས་སོ། །བླ་མ་དང་ནི་ཡང་དག་པའི། །བདེ་ཆེན་ལྷན་སྐྱེས་ཧེ་རུ་ཀར། །བཏུད་ནས་དེ་ཡི་ཆོ་གའི་ཁྲིགས། །སྙིང་པོར་དྲིལ་ཏེ་གསལ་བར་བྱ། །འདི་ལ་གསུམ། རྫས་བཤམ་ཞིང་ཆོ་གའི་སྔོན་འགྲོ །དངོས་གཞིའི་རིམ་པ། རྗེས་ཀྱི་ཚུལ་ལོ། །དང་པོ་ནི། གནས་ཁང་མཛེས་པར་བརྒྱན། སྟེགས་བུའི་ཁར་རྡུལ་ཚོན་རས་བྲིས་ཚོམ་བུའི་དཀྱིལ་འཁོར་ཅི་རིགས་ཀྱི་དབུས་སུ་སྐུ་རྟེན་ཐོད་སྐུ །གསུང་རྟེན་བདུད་རྩི། ཐུགས་རྟེན་མར་མེ་རྣམས་བཤམས་པའི་མདུན་ངོས་སུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཉེར་སྤྱོད་ལྔ་ཚོགས་རྫས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང་། བདག་འཇུག་དང་དབང་སོགས་ལ་དཀྱིལ་འཁོར་གྱི་དབུས་སུ་རྣམ་བུམ་རིག་དབང་སོགས་ཀྱི་དབང་རྫས་རྣམས་དངོས་སམ། ཙཀླི་གང་འབྱོར་ཀྱང་འདུ་བྱ། བདེ་བའི་སྟན་ལ་འདུག་སྟེ་སྐྱབས་སེམས་བདུན་དག་བགེགས་གཏོར་རྣམས་དང་། མཚམས་གཅོད་ནས་བཟུང་ཐུན་མོང་ལས་བདུན་རྣམས་བཀའ་བརྒྱད་ནས་ལེན་པའམ། ཡང་ཕུར་ཁོག་གཅིག་པའི་དབང་གིས་ཕུར་པའི་ནང་བཞིན་བྱས་ཀྱང་རུང་བས། འདིར་ཕྱི་མ་ལྟར་སྐྱབས་འགྲོ་ནི། ན་མོ། དཔལ་ཆེན་ཁྲག་འཐུང་འབར་བའི་དཀྱིལ་འཁོར་ཆེར། །དུས་གསུམ་དཀོན་མཆོག་སྐྱབས་ཡུལ་ཀུན་འདུས་པར། །དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་བར། །སྐྱབས་སུ་མཆི་འོ་བདག་རྒྱུད་བྱིན་གྱིས་རློབས། །ལན་གསུམ། སེམས་བསྐྱེད་ནི། ནམ་མཁའི་མཐའ་ཁྱབ་ཕ་མ་སེམས་ཅན་རྣམས། །ཉོན་མོངས་དབང་གིས་འཁྲུལ་པའི་དུཿཁས་མནར། །སྙིང་རྗེས་ཡང་དག་བདེ་ཆེན་སར་འགོད་བློས། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་བགྱིའོ། །ལན་གསུམ། བརྒྱད་རྣམ་དག་འབུལ་བ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཞིང་། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲང་བའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་ཆེན་པོར་བསྔོ། །བགེགས་གཏོར། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ལན་གསུམ་བསྔོ་ཞིང་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་ཁྲག་འཐུང་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །རྡུལ་ཕྲན་བཞིན་དུ་བཤིགས་པར་བྱེད། །གདུག་ཅིང་སྡང་བའི་སེམས་ལྡན་རྣམས། །འདི་རུ་མ་འདུག་གཞན་དུ་དེངས། །ཧཱུྃ་བཞིའི་སྔགས་བརྗོད། མཚམས་གཅོད་ནི། ཧཱུྃ། ང་ནི་རང་བྱུང་ཁྲོ་བོའི་རྒྱལ། །སྐུ་གསུང་ཐུགས་ལས་འོད་འཕྲོས་པས། །སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེ་ཕྱག་མཚན་འབར་བས་ཁེངས། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་བསྲུང་། །བཛྲ་རཀྵ་མཱཾ། བརྡ་སྒོ་དབྱེ་བ་ནི། ཧཱུྃ། སྣང་སྲིད་ཡང་དག་དོན་གྱི་ལྷ། །ཐབས་ཀྱིས་འགྲོ་དོན་མཛད་པའི་ཕྱིར། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་གསལ་འགག་མེད་སྒོ་ཕྱེ་འོ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། བརྡ་ཕྱག་འཚལ་བ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ཅིང་། །རང་ཞལ་མཐོང་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ དམ་བཅའ་བ་ནི། ཧཱུྃ། འདུ་འབྲལ་མེད་པའི་གཟུངས་ཐག་ལ། །རིག་སྲོག་རྡོ་རྗེ་ལུ་གུ་རྒྱུད། །ལྷ་དང་དབྱེར་མེད་མ་གྲུབ་བར། །ཇི་སྲིད་བར་དུ་མི་གཏང་ངོ་། །ས་མཱ་ཏི་ཧཱུྃ། བྱིན་འབེབ་པ་ནི། ཧཱུྃ། མཁའ་དང་མཉམ་པའི་དཀྱིལ་འཁོར་ནས། །བདེ་ཆེན་ཡེ་ཤེས་ཧེ་རུ་ཀ །ཡང་དག་དོན་གྱི་ལྷ་ཚོགས་རྣམས། །དུས་ལས་མི་འདའ་ཐུགས་དམ་ཅན། །སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག །དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། སྨན་རཀ་གཏོར་གསུམ་མཆོད་རྫས་རྣམས་བརླབ་པ་ནི། རཾ་ཡཾ་ཁཾ། མ་དག་པའི་དངོས་པོ་བསྲེགས་གཏོར་བཀྲུས། སྣོད་རྣམ་པར་དག་པ་རང་བྱུང་གི་ཞལ་བུར་བཅུད་རྫས་རྣམ་པར་དག་པ་ཡེ་ཤེས་ལྔའི་བདུད་རྩི། དཔལ་གྱི་གཏོར་མ། འཁོར་བ་བསྒྲལ་པའི་རཀྟ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་སརྦ་པཉྩ་མ་ཧཱ་བྷ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་ཨཱཿཧཱུྃ། ལན་གསུམ། དངོས་གཞིའི་ཆོ་ག་ལ་བདག་མདུན་ཟུང་འཇུག་ཆེན་པོར་སྒོམ་པ་ཡིན་ཏེ། ཧཱུྃ། ཆོས་རྣམས་གཟོད་ནས་སྟོང་པ་ཉིད། །མ་སྐྱེས་པ་ལས་འགག་མེད་ཀྱི། །རྩལ་སྣང་མ་རྟོགས་འགྲོ་བ་ལ། །བཟོད་མེད་སྙིང་རྗེ་གཞའ་ཚོན་ལྟར། །དངོས་མེད་དངོས་ཀུན་ཡེ་ཤེས་སྤྲིན། །འགྱུར་བ་མེད་པའི་མཐིང་གསལ་ཧཱུྃ། །དེ་ལས་ས་བོན་འབྱུང་རིམ་བརྩེགས། །ཟླ་གམ་དུར་ཁྲོད་གཞལ་ཡས་ཁང་། །ཚད་དང་མཚན་ཉིད་རྫོགས་པའི་དབུས། །ཧཱུྃ་ཡིག་གནས་འགྱུར་དྲན་རྫོགས་སུ། །བདག་ཉིད་བདེ་ཆེན་ཧེ་རུ་ཀ །མཁའ་དབྱིངས་མདོག་ཅན་རྡོར་དྲིལ་བསྣོལ། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་འཛིན་པས་འཁྱུད། །རིན་ཆེན་རུས་པའི་རྒྱན་ཆ་དང་། །སྟག་ཤམ་དྲིལ་གཡེར་དར་དཔྱང་ཅན། །དཔའ་བོ་གཡས་བརྐྱང་སྟབས་ཀྱིས་འགྱིང་། །པད་ཉི་དབུགས་བྲལ་འཇའ་འོད་ཀློང་། །སྣང་སྟོང་རང་བཞིན་མེད་པར་གསལ། །གཞུང་གི་དགོངས་པ་ལྷན་སྐྱེས་ཉིད་ནའང་ལྷ་དགུ་བྱེད་པར་སྤྲོ་ན། ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །རྡོ་རྗེ་པདྨ་གདན་བྱས་ནས། །གཉིས་སུ་མེད་པའི་བརྡ་མཚོན་ཏེ། །བྱང་ཆུབ་སེམས་སྤྲིན་འཕྲོས་པ་ལས། །ཧ་བརྒྱད་སྒྲར་བཅས་ཕྱོགས་མཚམས་ཀྱི། །ཟླ་གམ་གདན་ལ་འཁོད་པ་ནི། །གཽ་རཱི་བྷན་དམར་བྱིས་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར། །བཻ་ཏཱ་བྱིས་ཤ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞིང་གི་གདན་ལ་བརྐྱང་བསྐུམ་རོལ། །དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ། །དཀར་དམར་མཐིང་བའི་མདོག་ཅན་ལས། །འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས། །ལྷ་དང་ལྷ་མོའི་རྣམ་པར་གྱུར། །ཚུར་འདུས་བདག་ལ་གཉིས་མེད་ཐིམ། །ནམ་མཁའ་གང་བའི་རྒྱལ་བ་ཡིས། །རིན་ཆེན་བྱང་ཆུབ་སེམས་དབང་བསྐུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཏུཥྱ་ཧོཿ སྤྱན་འདྲེན་པ་ནི། ཨོཾ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོཿ མདུན་གྱི་ནམ་མཁར་སྤྱན་དྲངས་པ་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་སུ་མེད་པར་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཆེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་གི་བར་གྱིས་སྤྱིར་མཆོད་ནས། ཁྱད་པར་དུ་སྨན་རག་གཏོར་གསུམ་གྱི་མཆོད་པ་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །དཔལ་ཆེན་ཁྲག་འཐུང་ལྷ་ལ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྨད་དུ་བྱུང་བའི་གཏོར་མ་དང་། ཁམས་གསུམ་འཁོར་བ་བསྒྲལ་བའི་ཁྲག །ཆོས་དབྱིངས་སྐྱེ་བ་མེད་དབྱིངས་ལས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །མ་ཧཱ་བྷ་ལིཾ་ཏ་རཀྟ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོད། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །མཆོད་བསྟོད་རྣམས་རྒྱས་པར་སྤྲོ་ན་ཡང་དག་ཆོ་ག་གཞན་ནས་རྒྱས་བཀབ་རུང་ངོ་། །ཛཔ྄་བཟླ་བ་ནི། བདག་མདུན་གཉིས་པོ་བཞིན་དང་མེ་ལོང་ལྟར་སོ་སོར་ཕྱེ་ནས། དམིགས་པ་ནི། ཐུགས་སྲོག་ཧཱུྃ་ལས་སྔགས་ཕྲེང་ནི། །ངོ་བོ་བྱང་ཆུབ་སེམས་ཉིད་ལས། །རྣམ་པ་ཡིག་གཟུགས་དཀར་དམར་ཕྲེང་། །བར་མ་ཆད་པ་ཐུར་དུ་སོང་། །རྡོ་རྗེའི་ལམ་ནས་ཡུམ་མཁར་བབས། །སྐུ་དབྱིབས་གྱེན་བརྒྱུད་ཞལ་ནས་ཐོན། །ཡབ་ཀྱི་ཞལ་ཞུགས་ཧཱུྃ་ལ་ཐིམ། །བདེ་ཆེན་ཡེ་ཤེས་ངང་ནས་བཟླ། །ཞེས་པའི་ཏིང་ངེ་འཛིན་དང་ལྡན་པས་དུང་ཆེན་སོགས་ཀྱི་ཕྲེང་བ་ཨཱ་ལི་ཀཱ་ལི་བཟླས་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་མོས་པ་ཐོགས་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཡིག་བདུན་དང་ཐུགས་སྔགས་སྦྲེལ་བ་བཟླའོ། །བདག་འཇུག་དང་དབང་གི་བུམ་པའི་སྒོས་ཛཔ྄་ནི། བདག་གི་ཐུགས་ཀའི་ས་བོན་ལས། །སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ། །ཧཱུྃ། བུམ་པའི་ལྷར་ཕོག་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་རོ་གཅིག་གྱུར། །ཞེས་རྣམ་རྒྱལ་ལ་དམིགས་ཏེ་ཡིག་བདུན་དང་ཐུགས་སྔགས་སྦྲེལ་བ་བཟླ། ལས་བུམ་དུ་བདུད་རྩི་འཁྱིལ་བ་མོས་ལ། ཨ་མྲྀཏའི་སྔགས་ཅི་ནུས་བཟླ་ཞིང་། མཐར་ལྷ་གཉིས་ཀ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པར་བལྟའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་ནི། ཨ་མྲྀཏས་བསང་། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་རྫས་ཏྲཱཾ་ལས་རིན་པོ་ཆེའི་ཕུང་པོར་གྱུར། ཨོཾ་ཨཱཿཧཱུྃ། འདོད་ཡོན་ལྔའི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། འབྲུ་གསུམ་གྱི་བྱིན་གྱིས་བརླབ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་ཚོགས་མགྲོན་སྤྱན་དྲང་། ཚོགས་ཕུད་ཆ་གསུམ་དུ་བྱས་པའི་དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །བར་པ་བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ལ་དགུག་གཞུག་བྱ་བ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་སུ་འབུལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱཾ་མཱ་ར་ཡ་རྦད། ཅེས་བསྒྲལ། ཧཱུྃ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དོན་སྙིང་ནང་ཁྲོལ་བཅས་པ་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། བདག་ཉིད་འཇུག་ཅིང་དབང་གི་རིམ་པ་ནི། ལས་བུམ་ཆུས་ཁྲུས་བྱ། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། མཎྜལ་ཕུལ་ནས། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བཟུང་། གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་ཆེན་པོ། །སངས་རྒྱས་ཀུན་བདག་དཀྱིལ་འཁོར་གཙོ། །བླ་མེད་གསང་ཆེན་དཀྱིལ་འཁོར་དུ། །བདག་སོགས་འཇུག་པར་མཛད་དུ་གསོལ། །ལན་གསུམ། ཨེ་མ་དུས་གསུམ་བྱོན་པ་ཡི། །དཔའ་བོས་ཆོ་ག་འདི་མཛད་པས། །བྱང་ཆུབ་སྤྱོད་པ་བླ་མེད་ཐོབ། །བདུད་སྡེའི་དཔུང་བཅས་མི་བཟད་བཅོམ། །དེ་ཕྱིར་དེ་རིང་ཁྱོད་ཉིད་ཀྱང་། །དཔའ་བོ་མཆོག་གི་རྗེས་གཞུག་ཕྱིར། །རྡོ་རྗེའི་དབང་བསྐུར་ཆོ་ག་སྦྱིན། །ཞེས་པས་སྤྲོ་བ་བསྐྱེད། སྡོམ་པ་བཟུང་བ་ནི། ཧོཿ བདེ་ཆེན་སྙིང་པོའི་དཀྱིལ་འཁོར་དུ། །སོ་སོ་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་གསུམ་བསླབ་བྱ་དང་། །རིག་སྔགས་འཆང་བའི་སྡོམ་པ་རྣམས། །མ་ལུས་བདག་གིས་བརྟན་པོར་བཟུང་། །བདུད་རྩི་ལྕེ་ལ་བཞག་ལ། ཧཱུྃ། ཡང་དག་ཡེ་ཤེས་དཀྱིལ་འཁོར་ནི། །ཡེ་ནས་རང་བྱུང་སེམས་ལ་རྫོགས། །དམ་ཚིག་ཉམས་ན་དེ་ལ་སྒྲིབ། །དེ་བས་ཤིན་ཏུ་དམ་ཚིག་སྲུངས། །བཛྲ་ཙིཏྟ་ས་མ་ཡ། འདི་ནི་དམ་ཚིག་བདུད་རྩིའི་ཆུ། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །དམ་ཚིག་ལོག་ན་སྲེག་པར་བྱེད། །ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ། ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་གྱི་ཤར་སྒོ་ནས། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཿམི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ་གིས་ཕྱག་བྱ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་བདེ་ཆེན་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་པ་རང་འདྲ་བ་དཔག་ཏུ་མེད་པ་བར་མ་ཆད་པར་བྱོན་ཏེ་སྙིང་གའི་ས་བོན་ལ་ཐིམ་པར་གྱུར། འབེབ་རྫས་ཀྱིས་བདུག་ཅིང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་ཡིག་བདུན་ཐུགས་སྔགས་སྦྲེལ་བའི་མཐར་ཨཱ་ཝེ་ཤ་ཡ་ཨཱཿབརྗོད་ཅིང་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ་ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །ཧོཿ ཡང་དག་མཆོག་གི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ནས་ལས་འཕྲོ་གང་ཡོད་ལྷས། །རྗེས་འཛིན་བྱིན་གྱིས་བརླབ་པར་ཤོག །པྲ་ཏཱིཙྪ་བཛྲ་ཧོཿ མེ་ཏོག་དཀྱིལ་འཁོར་དུ་དོར། རིགས་ངེས་པར་བྱས་ལ། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་སྤྱི་བོར་བཅིང་། ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ། སྤྱན་དར་བསལ། ཡང་དག་བདེ་ཆེན་ཧེ་རུ་ཀའི་ཕྱི་ནང་དབྱིངས་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས་ལ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་གསོལ་བཏབ་བཞིན། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མངོན་པར་དབང་བསྐུར་བར་གྱུར། ཧཱུྃ། རིན་ཆེན་བུམ་པ་གཞལ་ཡས་ཁང་། །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་བཞུགས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །ཡིག་བདུན་ཐུགས་སྔགས་སྦྲེལ་བའི་མཇུག་ཏུ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང་། སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱངས། བདེ་བ་ཆེན་པོ་མྱངས། ཆུ་ལྷག་གྱེན་དུ་འཁྱིལ་བ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དབུ་རྒྱན་བཅིངས་ལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་འདི་ཡིས་མཛེས་པར་བྱོས། །ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དབུ་བརྒྱན་ཅིང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་ཆེ། །རྡོ་རྗེ་འདི་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ལག་པ་གཡས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ། དྲིལ་བུ་གཡོན་དུ་གཏད། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཀྱཻ་ཤྲཱི་ཧེ་རུ་ཀ་སོགས་རིགས་དང་མཐུན་པའི་མིང་ངམ། སྤྱི་ཙམ་ལ་སྒྱུ་འཕྲུལ་རྡོ་རྗེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རིག་དབང་ལྔ་ཚང་བར་བྱའོ། །དེ་ལྟར་ན་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་ལུས་སྨིན་པར་བྱེད་པ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣོད་བཅུད་ཁྲག་འཐུང་གི་དཀྱིལ་འཁོར་དུ་རྫོགས་ཏེ། སྐུ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔ་ཡི་བདག་ཉིད་མཆོག་གི་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཞེས་རྟོགས་པ་བསྐྱེད། ཀ་པཱ་ལའི་བདུད་རྩི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་མྱང་བས། བྱང་སེམས་ཀྱི་ཡི་གེའི་སྤྲིན་གྱིས་རྩ་གནས་རྣམས་གང་བས་མདུད་པ་བཀྲོལ་ཏེ་ཐིག་རླུང་སེམས་གསུམ་ཡེ་ཤེས་སུ་བྱིན་གྱིས་བརླབས་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཧཱུྃ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན། །གཉིས་མེད་མཉམ་སྦྱོར་བྱང་སེམས་རོལ། །བུ་མཆོག་ཁྱོད་ལ་དབང་བསྐུར་རོ། །བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མྱང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་རྫས་ཀྱི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་དུས་སུ་བདག་བྱིན་རླབས་ཀྱི་གཏུམ་མོ་སྦར་བ་ལ་དབང་། སྒྲ་སྐད་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ། གསུང་རྡོ་རྗེ་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། གཟུངས་མའི་གཟུགས་སམ་དྲིལ་བུ་དེ་ཉིད་དུ་མོས་པ་གཏད་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་། ཁྱེར་ལ་རྟག་ཏུ་པདྨར་རོལ། །བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ། །པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་མ་དང་འདུ་ཤེས་གསུམ་གྱིས་རོལ་པས་བྱང་སེམས་དབབ་བཟློག་གི་ལུགས་འབྱུང་དང་ལུགས་བཟློག་གི་བདེ་བའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་བརྟན་པར་གྱུར། གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་སྦྱངས། ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསང་ལམ་བསྒོམ་པ་ལ་དབང་། བྱུང་ཚོར་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ་ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། མན་ཤེལ་དྲི་མ་མེད་པ་མིག་གི་སྒོར་བཞག་ལ། ཧཱུྃ། འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན། །ཐོག་མཐའ་དབུས་མེད་གསལ་ཞིང་སྟོང་། །སྨྲ་བསམ་བརྗོད་མེད་ཡེ་ཤེས་ལམ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །འདི་ནི་སངས་རྒྱས་དགོངས་པ་འོ། །ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ སེམས་ནི་ཤེལ་གོང་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་འཆར་བ་ལྟར་གཤིས་གང་དུའང་མ་གྲུབ་པ། མདངས་བདེ་ཆེན་དུ་མ་འགགས་པ། རང་རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་འདི་ཀ་དཔལ་ཆེན་ཧེ་རུ་ཀའི་དགོངས་པའོ། །དེ་ལྟར་ན་དོན་དམ་སྤྲོས་མེད་བརྡའི་དཀྱིལ་འཁོར་དུ། ཚིག་དང་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་ལེན་བྱ་བ་ལ་དབང་། སྣང་བཞི་ཟད་སར་འཁྱོལ་ཏེ་ལྷུན་གྲུབ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །བདག་གི་སྒོ་གསུམ་ལོངས་སྤྱོད་བཅས། །དེང་ནས་འདྲེན་པ་ཉིད་ལ་འབུལ། །ཉེས་ལྟུང་དྲི་མས་གོས་གྱུར་ན། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་དམ་ཚིག་ཁས་ལེན་དང་གཏང་རག་གི་མཎྜལ་འབུལ་ལོ། །ཚོགས་ལ་རོལ་པའི་ལྷག་མ་ཁ་ཕྲུས་བདུད་རྩིར་སྤེལ་ཏེ། ཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ལྷག་མ་ཕྱིར་དོར། །བརྟན་མ་སྐྱོང་བ་ནི། གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཧཱུྃ། ཁས་བླངས་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས། ཁ་རག་མ་སོགས་བཅུ་གཉིས་འཁོར་བཅས་ལ། །སྔོན་ཚེ་ཇི་ལྟར་དམ་བཅོལ་བཞིན། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བྱམས་པའི་གྲོགས་མཛོད་ཕྲིན་ལས་མཛོད། །གཏོར་མ་གཙང་སར་གཤེགས། སྤྲོ་ན་རྟ་བྲོའང་བྱ། དངོས་གྲུབ་བླང་བ་ནི། ཧཱུྃ། ལྷག་པའི་ལྷ་མཆོག་ཡང་དག་ཧེ་རུ་ཀ །ཆོས་ཀྱི་དབྱིངས་ལས་རྩོལ་རྟོག་མི་མངའ་ཡང་། །དུས་ལས་མི་འདའི་ཐུགས་རྗེ་ཐུགས་དམ་གྱིས། །རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧོཿ ཞེས་དངོས་གྲུབ་ཀྱི་རྫས་ལ་རོལ། སྔགས་ཙམ་གྱིས་མཆོད། ཡིག་བརྒྱ་བཟླ་ཞིང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་གི་འཁོར་ལོ་ཐུགས་སྲོག་ ཧཱུྃ་ཡིག་ནཱ་དའི་བར་དུ་བསྡུས་ལ་དེ་ཡང་འོད་གསལ་གྱི་ངང་དུ་ལ་བཟླ། ཐུན་མཚམས་སོགས་སྤྱོད་ལམ་རྣམས་སུ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ཞིང་བསྔོ་སྨོན་ཤིས་བརྗོད་སོགས་ཆོ་ག་སྤྱི་བཞིན་དུ་བྱའོ། །གཏེར་གསར་ཡང་དག་གི་ཆོག་ཁྲིགས་སྙིང་པོར་དྲིལ་བ་འདི། ཡང་དག་ལྷག་པའི་ལྷ་ལ་ཡི་དམ་དུ་མཛད་པའི་སུམ་ལྡན་རིག་པ་འཛིན་པ་ངག་དབང་པདྨའི་བཞེད་སྐོང་དུ་ཕྱོགས་བྲལ་གྱི་རྒྱལ་ཁམས་པ་དྷརྨ་སྭཱ་མཱིས་བསྡེབས་པའོ།། །། ༄༅། །དཔལ་ཡང་དག་ཧེ་རུ་ཀ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བདེ་ཆེན་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ་བཞུགས། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་ཡང་དག་ཧེ་རུ་ཀ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བྱ་བར་འདོད་པས། དབེན་པའི་གནས་སུ་གཟའ་ཚེས་དགེ་བའི་སྔ་དྲོའི་ཆར། སློབ་དཔོན་ཁ་ཤར་དུ་ཕྱོགས་པ་རྒྱན་གོས་དཀར་པོ་བཟང་པོའི་འདུག་སྟངས་ཀྱིས་གནས་པའི་མདུན་དུ། གཙང་མའི་ས་ལ་སྟེགས་བུ་གྲུ་བཞི་རྒྱར་ཁྲུ་གང་དཔངས་སུ་དེའི་ཕྱེད་ཆག་ཐས་པར་བྱས་པ་དཀར་རྩིས་བྱུགས་པར། རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དཀར་པོ་ལྟེ་བར་རཾ་ཡིག་པདྨའི་མཐར་རྡོར་ར་མེ་རི་དཀར་པོ་གཡས་སྐོར་གྲ་བཞིའི་ཟླ་ཚེས་རྡོ་རྗེ་དཀར་པོ། བུད་ཤིང་ནི་ཡམ་ཤིང་གི་རྒྱུ་དང་མཚུངས་པའམ་ལྕི་བ་སྲོག་ཆགས་མེད་པའི་སྐམ་པོ་རྡོར་རའི་ནང་ནས་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ཕྱོགས་སུ་མེ་ཚང་སྟེང་དུ་ཀུ་ཤས་བཀབ། སློབ་དཔོན་གྱི་གཡས་ངོས་སུ་བསྲེག་རྫས་རིམ་པར། མར་ཁུ། ཡམ་ཤིང་བལ་དཀར་སོགས་ཀྱི་ཤིང་ཤུན་པ་དང་བཅས་པ་རིང་ཐུང་སོར་བརྒྱད་མཛུབ་མོ་དང་མཉམ་པ་མར་དཀར་གྱིས་བྱུགས་པ། ཏིལ། དཱུར་ཝ། ཞོ། ཟས་མཆོག་རིལ་བུ། ཀུ་ཤ །སོ་བ། ནས། གྲོ། ཡུངས་དཀར། སྲན་མ། ཤིང་ཏོག་རྣམས་ཚར་གཉིས་རེ། མདའ་དར་དཀར་པོ། གཡོན་ངོས་སུ་ཆུ་གཉིས། ཉེར་སྤྱོད་ལྔ། མེ་ལྷའི་གཏོར་མ། མདུན་དུ་རྡོར་དྲིལ། དགང་གཟར་བླུགས། བསང་ཆུའི་སྣོད་སོགས་བཤམ། གུང་ཕུགས་སུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་ལྔ། ཚོགས། སྔོན་འགྲོ་གཏོར་མ་བགེགས་གཏོར་སོགས་ཀྱང་འདུ་བྱའོ། །དངོས་གཞི་སྐྱབས་འགྲོ་ནས་བཟུང་སྟེ་བདག་བསྐྱེད་བཟླས་པའི་བར་དུ་བྱ། བསང་ཆུ་ལ་བདུད་རྩི་འཁྱིལ་བ་མོས་ཏེ། ཨ་མྲྀཏའི་སྔགས་ཅི་རིགས་བཟླ། སྤྲོ་ན་རྡོར་དྲིལ་བྱིན་རླབས་ཀྱང་བྱ། དགང་གཟར་བླུགས་ལ་བསང་ཆུ་འཐོར་ལ་ཨ་མྲྀཏས་བསང། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། མཆོད་རྫས་དང་བསྲེག་རྫས་རྣམས་ལ་བསང་ཆུ་འཐོར། གོང་བཞིན་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་མཆོད་བསྲེག་གི་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། བགེགས་གཏོར་ཐབ་ལ་གཡས་གཡོན་དུ་གསུམ་གསུམ་བསྐོར་ཞིང་ནམ་མཁའ་མཛོད་དང་ཧཱུྃ་བཞིའི་སྔགས་བརྗོད། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །སོགས་ནས། ཧཱུྃ་བཞིའི་སྔགས་བརྗོད། ཚམ་རྔམ་དྲག་པོས་ཕྱི་རོལ་དུ་དོར། ཧཱུྃ། ང་ནི་རང་བྱུང་ཁྲོ་བོའི་རྒྱལ། །སོགས་ཀྱིས་མཚམས་བཅད། ཐབ་ལ་བསང་ཆུ་འཐོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་ཞི་བའི་ཐབ་ཁུང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་བུད་ཤིང་བཟང་པོས་ཡོངས་སུ་གང་བར་གྱུར། སྒྲོན་ཤིང་ལ་མེ་སྦར་བར་བསང་ཆུ་འཐོར་བསང་སྦྱང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ལན་གསུམ། ཐབ་ཀྱི་ཤར་ངོས་ནས་སྦར། མེ་འབར་བའི་དབུས་སུ་ར་སྐྱེས་ཀྱི་ཁྲི་ལ་རཾ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་དྲང་སྲོང་གི་རྣམ་འགྱུར་ཅན་ཕྱག་གཡས་བགྲང་ཕྲེང་དང་གཡོན་བུམ་པ་བསྣམས་པ་འོད་ཟེར་དཀར་པོའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་ཤར་ལྷོའི་མཚམས་ནས་མེ་ལྷ་འཁོར་བཅས་སྤྱན་དྲང་། མདའ་དར་གཡབ་ཅིང་དྲིལ་གསིལ་དང་བཅས་ཏེ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །གཟུགས་བརྙན་དཀྱིལ་འཁོར་དམ་པ་འདིར། །སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨགྣེ་ཡེ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཀུ་ཤའི་གདན་འབུལ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཆུ་གཉིས། ཨོཾ་ཨགྣེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་གྱི་གནས་སུ། པཱ་དྱཾ་བཅུག་པས་འབུལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོ། ཞེས་པས་ཕྱག་བྱ། དགང་བླུགས་ཐོགས་ལ། དགང་བླུགས་ཁ་ལ་ཧཱུྃ་གིས་མཚན། །མེ་ལྷའི་ལྗགས་ལ་རཾ་ཡིག་གསལ། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། སྔགས་དང་ལྷན་ཅིག་མར་ཁུ་ལན་བདུན་བྱོན་ཟན་གྱི་ཚུལ་དུ་ཕུལ། དེ་ནས་བསྲེག་རྫས་འབུལ་བ་ནི། ཡམ་ཤིང་ཕུལ་ལ། ཨོཾ་ཨགྣ་ཡེ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། སྔགས་རྫས་ལན་གཅིག་ལན་བདུན་སོགས་ཕུལ་བའི་མཇུག་ཏུ་སྤེལ་ཚིག་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའམ་བསྙེན་པའི་ཁ་སྐོང་ལྟ་བུར། སྔགས་མ་དག་པ་དང་ཏིང་ངེ་འཛིན་མ་གསལ་བ་ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་དངོས་གྲུབ་ཐོབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྐབས་ཐོབ་ཀྱི་བསྒྱུར་ཁ་གང་འདོད་བྱ། མར་ཁུ་ལ། ཨགྣ་ཡེ་སྭཱ་ཧཱ། ཏིལ་ལ། སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ། དཱུར་ཝ་ལ། བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞོ། སརྦ་སཾ་པ་དེ་སྭཱ་ཧཱ། ཟས་མཆོག་ལ་སྔགས་དེ་ཁ། ཀུ་ཤ །ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། འབྲས། བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། བཛྲ་བི་ཛ་ཡེ་སྭཱ་ཧཱ། ནས། མ་ཧཱ་བི་དེ་སྭཱ་ཧཱ། གྲོ། བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། ཡུངས་དཀར། སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། སྲན་མ། མ་ཧཱ་བ་ལ་ཡེ་སྭཱ་ཧཱ། ཤིང་ཏོག །བཛྲ་བི་ཝ་ཡེ་སྭཱ་ཧཱ། དེ་ནས། ཨོཾ་ཨགྣ་ཡེ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་ཧཱུྃ་གི་བར་གྱིས་མཆོད། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་སྲེག་མཛད་འབར་བའི་འོད། །ལས་ཀུན་འགྲུབ་པར་མཛད་པ་པོ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འདོད་གསོལ་ནི། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ཀྱིས་རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་ཞི་བ་ལ་སོགས་པའི་ཕྲིན་ལས་ཇི་ལྟར་གསོལ་བ་ཐམས་ཅད་མྱུར་དུ་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་མར་ཁུ་ཕུལ། མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་གནས་པར་གྱུར། ཐབ་ཀྱི་བུད་ཤིང་རྣམས་ཁ་གསོ། བསང་ཆུ་འཐོར་ཞིང་བསང་སྦྱང་། ཧཱུྃ། ཆོས་རྣམས་གཟོད་ནས་སྟོང་པ་ཉིད། །ཅེས་སོགས་ཀྱིས་མེ་ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ཅིང་སྤྱན་འདྲེན་བསྟིམ། ཕྱག་འཚལ་དང་། སྤྱིར་མཆོད་བྱས་ནས། དགང་བླུགས་ཁ་ལ་ཧཱུྃ་ཡིག་མཚན། །ལྷ་ཚོགས་ལྗགས་ལ་རཾ་ཡིག་གསལ། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །རུ་ལུ་འབྲུ་བརྒྱད་ཀྱི་རྗེས་སུ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། སྦྱར་བ་བདུན་དང་ལྷན་ཅིག་མར་ཁུ་ལན་བདུན་བྱོན་ཟན་གྱི་ཚུལ་དུ་ཕུལ་ནས། འཇིག་རྟེན་པའི་སྐབས་བཞིན་ལས་རུ་ལུ་འབྲུ་བརྒྱད་ཀྱི་རྗེས་སུ་ཡམ་ཤིང་ལ་སོགས་པ་སོ་སོའི་སྔགས་རྫས་དང་མཐར་སྤེལ་ཚིག་བཏགས་པ་ཇི་ལྟར་འདོད་པ་ཕུལ། བསྲེག་རྫས་རྫོགས་པའི་མཐར་ཁྱད་པར་སྨན་རཀ་གཏོར་གསུམ་གྱིས་མཆོད་ཅིང་ལས་བྱང་བཞིན་དུ་བསྟོད། ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི་རྣལ་འབྱོར་པ་ཞེས་སོགས་འཇིག་རྟེན་པའི་སྐབས་ལྟར་འདོད་དོན་གསོལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཐུགས་སྲོག་སྔགས་ཕྲེང་ཐམས་ཅད་འོད་ཟེར་དཀར་པོར་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་པར་མོས་ལ་རུ་ལུ་འབྲུ་བརྒྱད་ཀྱི་ཤམ་དུ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཏགས་པ་ཅི་རིགས་བཟླ། བྱོན་ཟན་བཞིན་དུ་མར་ཁུ་ལན་བདུན་སོགས་ཕུལ། སྔགས་ཙམ་གྱིས་མཆོད། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་ཤློ་ཀ་གཅིག་གིས་བསྟོད། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཡིག་བརྒྱ་ལན་གསུམ་བཟླ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ནས། བཛྲ་མུཾཿགྱི་སེ་གོལ་གྱི་སྒྲས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་བསྐྱེད་ཀྱི་ཐུགས་ཀར་བསྡུ། མེ་ཐབ་ཏུ་བུད་ཤིང་ཅུང་ཟད་ཁ་གསོ་བསང་ཆུ་འཐོར་ཞིང་བསང་སྦྱང་། མེ་ལྷ་ཁ་ཁྱེར་ནས་མེ་ཐབ་ཀྱི་དབུས་སུ་གནས་པར་གྱུར། བྱོན་ཟན་བཞིན་དུ་མར་ཁུ་ལན་བདུན་ཕུལ། ཡམ་ཤིང་ནས་བཟུང་སྟེ་བསྲེག་རྫས་ལྷག་མ་ཡོད་པ་རྣམས་སྤེལ་ཚིག་སྤང་བའི་ཚར་གསུམ་སོགས་ཀྱིས་ཕུལ་བའི་མཐར་མེ་ལྷའི་གཏོར་མ་གཟར་བུའི་ཁར་བཞག་པ་བསང་ཆུས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །འཛིན་བྱེད་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་ཞི་ལ་སོགས། །ཇི་ལྟར་གསོལ་བའི་ཕྲིན་ལས་ཀུན། །ཡིད་ལ་འདོད་པ་བཞིན་འགྲུབ་མཛོད། །གཏོར་མ་མེ་ནང་དུ་ཕུལ། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་མུཾཿགྱིས་སྤྱན་དྲངས་པའི་མེ་ལྷ་ཤར་ལྷོར་གཤེགས། བསྐྱེད་པའི་མེ་ལྷ་བདག་བསྐྱེད་ལ་བསྡུ། ཚོགས་ཀྱི་མཆོད་པ། བརྟན་མ་བསྐྱང་བ་སོགས་ལས་བྱང་གི་རྗེས་ཆོག་རྣམས་ཀྱང་དཀྱུས་བཞིན་བྱ་བ་ཡིན་ནོ། །ཚིག་གི་སྤུན་པས་མ་རྙོགས་ཤིང་། །དོན་མིན་ལྷད་ཀྱིས་མ་བསླད་པར། །ལེགས་བཤད་སྙིང་པོར་དྲིལ་བ་འདི། །བདེ་ཆེན་སྙིང་པོ་མཛེས་པའི་རྒྱན། །ཞེས་པའང་སུམ་ལྡན་རིག་པ་འཛིན་པ་ངག་དབང་པདྨའི་བཞེད་སྐོང་དུ་དྷརྨ་སྭཱ་མཱིས་སྤེལ་བའོ།། །། ༄༅། །དཔལ་ཡང་དག་ལ་བརྟེན་པའི་བདུད་རྩི་རིལ་བུའི་སྒྲུབ་ཐབས་རིག་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་དཔལ་ཡང་དག་ལ་བརྟེན་ནས་བདུད་རྩི་རིལ་བུ་བསྒྲུབ་པར་འདོད་པས། རིལ་བུའི་སྦྱོར་ཚུལ། སྒྲུབ་པའི་རིམ་པའོ། །དང་པོ་ནི། ལུང་ལས། གཙོ་བོ་ལྔ་དང་འབྲས་བུ་ལྔ༔ རྩ་བ་བརྒྱད་དང་ཡན་ལག་སྟོང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ སྡུག་བསྔལ་ནད་ཀྱི་གསོས་སུ་འགྱུར༔ ཞེས་གསུངས་པས། བདུད་རྩི་ལྔ་ནི། དྲི་ཆེན། དྲི་ཆུ། བྱང་སེམས་དཀར་དམར། གོ་རོ་ཙ་ན། ཤ་ལྔ་ནི། གླང་ཤ །མི་ཤ །ཁྱི་ཤ །རྟ་ཤ །རྨ་བྱའི་ཤ །རྩ་བ་བརྒྱད་ལ། ཛཱ་ཏི། ཙན་དན་དཀར་དམར། ལི་ཤི །ཤིང་རྩ། གྷནྡྷ་བ་ཏྲཾ། གུར་གུམ། ག་པུར། མ་ནུ་རྣམས་དང་། གཞན་ཡང་དུག་རིགས་མ་ཡིན་པའི་བཟང་སྨན་གྱི་རིགས་གང་འབྱོར། གཙོ་བོ་ཨ་རུ་གསེར་མདོག་གིས་བུང་བསྐྱེད་ཅིང་འབྲས་ཕྱེ་དང་བསྲེས་པའི་རིལ་བུ་སྲན་མ་ཙམ་པ་གུར་གུམ་གྱིས་ཁ་དོག་བསྒྱུར་ལ་བྱའོ། །སྤྱིར་ཤ་ལྔ་དང་བདུད་རྩི་ལྔ་རྣམས་སྔོན་གྱི་ཆོས་སྨན་ལ་ཡོད་པའི་ཕབས་གཏའ་དང་། དངོས་སུ་སྐྱེས་བུ་དམ་པའི་གདུང་སྐུ་ཤ་བདུད་རྩི་གསང་ཆབ་སོགས་ལ་གཞི་བྱ་ཞིང་། གང་ཟག་ཕལ་པའི་རིགས་ཀྱི་བདུད་རྩི་ལྔ་སོགས་མི་བསྩལ་ལོ། །གཞན་ཡང་དེ་བཞིན་གཤེགས་པའི་འཕེལ་གདུང་། སེལ་མེད་ཀྱི་གྲུབ་ཐོབ་གོང་མའི་མྱོང་གྲོལ་དམ་རྫས་ཀྱི་རིགས་ཀྱང་ཅི་འབྱོར་སྦྱར་རུང་ངོ་། །དངོས་གཞི་སྒྲུབ་པའི་རིམ་པ་ནི། སྔོན་འགྲོ །སྒྲུབ་ཆེན་གྱི་ཁོག་དབུབ། ས་ཆོག །རྒྱལ་ཐོ་སྒོ་བྱང་། དམ་སྲི་མནན་པ། ཐིག་ཚོན་བྱིན་རླབས། ལྷ་དང་བུམ་པ་སྟ་གོན་སོགས་ཉིན་དང་པོའི་བྱ་བ་རྣམས་གྲུབ་ནས། དངོས་གཞི་དཀྱིལ་འཁོར་གྱི་བྲི་རྒྱན་སྒྲུབ་རྫས་འགོད་རྒྱུའི་སྐབས་དཀྱིལ་འཁོར་གྱི་དབུས་སུ་ཐུགས་རྟེན་མར་མེའི་ཁར་ལྡིང་ཁྲི་ལ་སོགས་པ་ཅུང་ཟད་མཐོ་བའི་ཁར། གསུང་རྟེན་གྱི་ཐོད་པའི་ནང་རིགས་ལྔ་ཡབ་ཡུམ་ལྔའི་ས་བོན་བཀོད་པ་ནང་དུ་དར་དམར་གྱི་ཁུད་དུ་རིལ་བུ་རྣམས་དྲིལ་བས་གང་བར་བྱས་པའི་ཁར། སྐུ་རྟེན་ཐོད་སྐུ་བཀབ་ཅིང་ཚོན་རྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། གཟུངས་ཐག་འཐེན། གཡས་གཡོན་དུ་རྡོར་དྲིལ། མདུན་དུ་མེ་ལོང་། སྟེང་དུ་རིགས་ལྔའི་པྲོག་ཞུ་བཀོན་པ་སོགས་ཆས་འཇུག་བྱ། མཐའ་སྐོར་དུ་སྒྲུབ་རྫས་མཆོད་པ་རྣམས་ཀྱང་དཀྱུས་བཞིན་དུ་བཤམ་མོ། །དངོས་གཞི་སྒྲུབ་པའི་སྐབས་སུ་ཆོ་ག་ཐུན་བཞིར་བྱེད་ཅིང་། བདག་ཉིད་དང་མདུན་གྱི་བསྒྲུབ་གཞིའི་དཀྱིལ་འཁོར་དཔལ་ཆེན་པོ་གསལ་བའི་ངང་ནས་རུ་ལུ་འབྲུ་བརྒྱད་ཅི་རིགས་བཟླས་པའི་མཇུག་ཏུ། བྷནྡྷ་རིལ་བུ་དང་བཅས་པ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པ་གསལ་བ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བས་བསྡུས་པའི་རྩི་ཤིང་ནགས་ཚལ་ལ་ཕོག་འབྱུང་ལྔའི་བཅུད་བསྡུས། བཅུད་ཀྱི་འཇིག་རྟེན་ན་སེམས་ཅན་བདག་ཏུ་ལྟ་བ་ཀུན་གྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སྨན་ལ་འདུས་པས་མ་དག་པའི་དངོས་པོ་དང་བྲལ་མུ་ཏིག་དཀར་པོ་དྲི་མས་མ་གོས་པ་བཞིན་དུ་དཀར་ལྟེམ་ལྟེམ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ། ར་སཱ་ཡ་ན། ཏ་ན་གྷ་ན། གུ་ཡ་སིདྡྷི་ཧཱུྃ་ཧྲཱིཿཋཱཿ གཙོ་བོར་བཟླ་ཞིང་ཐུན་མཚམས་རྣམས་སུ་བྱིན་འབེབ་ཉུལ་ལེ་སྐྲོད་པ་ཚོགས་སྐོང་སོགས་ཀྱང་བྱ་བ་ཡིན་ནོ། །དེ་ལྟར་སྒྲུབ་ཞག་ཇི་ལྟར་འོས་པ་སོང་ནས་གྲོལ་བར་ཉེ་བ་ན་ཐུན་ཞབས་རྣམས་སུ་བདུད་རྩི་བསྐྱིལ་བའི་སྔགས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་དང་། བདུད་རྩི་དབབ་པའི་སྙིང་པོ་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་པྲ་ཝེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱཿ ཞེས་དང་། བདུད་རྩི་དབང་དུ་བྱ་བའི་སྙིང་པོ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧ་ཡ་གྲཱི་ཝ་ཧྲཱིཿ རུ་ལུ་རུ་ལུ་ཧྲཱིཿ པདྨ་པདྨ་ཧྲཱིཿ བྷནྡྷ་བྷནྡྷ་ཧྲཱིཿཧཱུྃ་ཧྲཱིཿཋཱཿ ཞེས་པ་རྣམས་ཀྱང་ཅི་རིགས་བཟླའོ། །གྲུབ་པའི་རྟགས་ནི། ཇི་སྐད་དུ། རྟགས་དང་མཚན་མ་བདུན་གྱིས་འབྱུང༔ འོད་དང་དུ་བ་སྒྲ་དང་དྲི༔ ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད༔ མང་དུ་འཕེལ་ན་གྲུབ་ཚད་ཡིན༔ དེ་ལ་ཡ་མཚན་བསྐྱེད་མི་བྱ༔ ཞེས་གསུངས་པས་སྒྲུབ་ཞག་བདུན་གྱིས་རྟགས་ཚད་རྫོགས་པར་གསུངས་ཤིང་། རབ་བདུད་རྩི་སུམ་འགྱུར་དུ་འཕེལ་བ། སྨན་དྲིས་ཡུལ་ཁམས་ཁྱབ་པ། འོད་དང་འཇའ་གུར་སོགས་སྣང་བ། འབྲིང་ཉམས་ལ་ལྷ་དང་མཁའ་འགྲོས་བྱིན་གྱིས་བརླབས་པ། ཐ་མ་ཉམས་དགའ་བ་བག་དྲོ་སྒྲུབ་རྫས་མདངས་གསལ་བ་སོགས་འབྱུང་ངོ་། །གསུམ་པ་རྗེས་ནི། བསྙེན་པའི་སྐབས་བཞིན། དངོས་གྲུབ་ཀྱི་རྫས་རྣམས་བཤམ། དཀྱུས་བཞིན་དུ་དངོས་གྲུབ་ལེན་ཆོག་བྱས་པའི་མཇུག་ཏུ་ཁྱད་པར་དུ་བདུད་རྩིའི་དངོས་གྲུབ་བླང་བ་འདི་ཡང་བྱ་སྟེ། ཧཱུྃ༔ རང་བྱུང་འཆི་མེད་བདུད་རྩིའི་དཀྱིལ་འཁོར་འདིར། །བླ་མ་ཡི་དམ་མཁའ་འགྲོ་ཐུགས་དམ་ཅན། །མ་བསྒྲིབས་ཡེ་ཤེས་སྤྱན་གྱིས་གཟིགས་གྱུར་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འཆི་མེད་བདུད་རྩི་སྨན་གྱི་དངོས་གྲུབ་སྩོལ། །དུག་གསུམ་ནད་ཀྱིས་ཟིན་པའི་གཅོང་སྙིང་ལ། །འཚོ་བྱེད་སྨན་གྱི་རྒྱལ་པོས་རྩིས་གཏོང་ཕྱིར། །སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོ་དེ། །བདུད་རྩིའི་རྫས་ལ་བརྟེན་དེ་ད་སྩོལ་ཅིག །བདུད་རྩི་བསྒྲུབས་པའི་རྣམ་གྲངས་ད་ནི་ཚང་། །བདུད་རྩི་བསྙེན་པའི་ཛཔ྄་ཀྱང་ཚང་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ་ཧྲཱིཿཋཱཿ ཞེས་པས་དངོས་གྲུབ་བླངས་ཤིང་རྗེས་ཀྱི་ཆོ་ག་མཐའ་དག་སྒྲུབ་ཆེན་གྱི་ཆིངས་བཞིན་དུ་བྱ་བ་ཡིན་ལ། རིལ་བུ་དྲིལ་བུ་དང་བྷནྡྷ་སོགས་ལ་གཞལ་ལ་ཚོ་གསུམ་དུ་བགོས་ཏེ། ཚོ་གཅིག་རྡོ་རྗེ་སློབ་དཔོན་ལ་འབུལ། ཚོ་གཅིག་སྒྲུབ་པོ་རྣམས་ཀྱིས་བགོ་བར་གསུངས་སོ། །དེ་ལྟར་དཔལ་ཡང་དག་ལ་བརྟེན་པའི་བདུད་རྩི་རིལ་བུའི་སྒྲུབ་ཐབས་སྙིང་པོ་ཙམ་ཞིག་བཤད་ཟིན་ཏོ། །ཞེས་པ་དྷརྨ་སྭཱ་མཱིས་སོ།། །།

དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ་ (Volume 48, Text 27)

༄༅། །དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ་བཞུགས་སོ། ། ན་མཿཛ་ཡ་པཉྩ་ཡེ༔ རང་ཉིད་བཅོམ་ལྡན་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་ཀྱིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པར་བསྐྱེད་ལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཞེས་བཟླའོ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱ༔ རིན་པོ་ཆེ་སྤྱི་བོར་བཞག༔ རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཏྲཱཾ་སྭཱ་ཧཱ༔ པདྨ་སྤྱི་བོར༔ སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧྲཱིཿསྭཱ་ཧཱ༔ རྒྱ་གྲམ་སྤྱི་བོར་བཞག༔ དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱ༔ དེ་ནས་ཕྱག་མཚན་བཞི་ཀ་བསྡུས་འཁོར་ལོའི་ཚུལ་དུ་བྱས་ལ༔ བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱ༔ ཞེས་སྤྱི་བོར་བཞག༔ དེ་ནས་མཎྜལ་ཕུལ་ལོ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་ཕྱུང་བའོ༔ ༄༅། །ཨོཾ་ན་མོ་སརྦ་བིད་ཡ། དགོངས་གཏེར་འདི་རང་གིས་ཉམས་སུ་ལེན་ན་སྔགས་དང་དམིགས་པ་ཁོ་ནས་ཆོག །སྤྲོ་ན་རྩ་རིག་ཀྱང་བཟླ། དབང་བསྐུར་ན་མདུན་བསྐྱེད་རྟེན་དབུ་རྒྱན་ནམ་ཚོམ་བུ་ལྔ་བཀོད། བུམ་པ་དང་དབང་རྫས་དངོས་སམ་ཙཀ་ལི་འཛོམ་པར་བྱས་ལ། སྐྱབས་སེམས་གནམ་ཆོས་ལྟར་རམ་སྤྱི་ལྟར་ད་ནངས་ཚར་ན་འཐུས། མངོན་རྟོགས་གཅིག་གིས་བདག་མདུན་བུམ་གསུམ་དུས་གཅིག་ལྷ་སོ་སོར་བསྐྱེད། དམ་ཡེ་དབྱེར་མེད་དྲན་རྫོགས་སུ་བསྒོམས་པ་ལ་བཟླས་པ་བྱ། ཧ་ཅང་སྤྲོས་པ་ལ་དགའ་ན། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་བཞུགས་གསོལ། རབ་འབྱམས་རྒྱ་མཚོ་མ། ཁ་དོག་དབྱིབས་ལེགས་མ། མཉམ་མེད་མའི་སྤྱི་བསྟོད་རྣམས་བྱས་ཀྱང་རུང་ངོ་། །སློབ་མ་འདུས་ལ་ཁྲུས་དང་མེ་ཏོག་བཀྱེས་ནས་མཎྜལ་ཕུལ་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དབང་བསྡུས་པ་གཅིག་བསྐུར་བ་ལ། ལོ་རྒྱུས་ཟུར་ཙམ་ཞུ་ན། ལྷའི་ངོ་བོ། རྒྱུད་ཀྱི་གསུང་ཚུལ། མན་ངག་བྱུང་ཚུལ། ཕན་ཡོན་དགོས་ཆེད་དང་བཞི་ལས། དང་པོ་རྣམ་སྣང་མངོན་བྱང་ལ་སོགས་པ་ནས་གསུངས་པའི་འོག་མིན་འཐུག་པོ་བཀོད་པ་ན་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་དུ་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་ཞེས་སམ། ཀུན་རིག་དང་ཐུབ་པ་གང་ཆེན་མཚོ་ཞེས་ཀྱང་བྱ་བ་ཡིན་ལ། དོན་ལ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུའི་བཀོད་པ་ཆ་གཅིག་ཡིན་པར་གསུངས་སོ། །གཉིས་པ་དེའི་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་ལྷའི་གནས་དགའ་བའི་ཚལ་ན་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ། ལྷའི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་ངན་སོང་དུ་སྐྱེས་པ་དེ་ཐར་བའི་ཆེད་དུ། བརྒྱ་བྱིན་གྱིས་ཞུས་པའི་ངོར་སྦྱོང་རྒྱུད་བརྟག་པ་དང་པོ་གསུངས་པས། ལྷའི་བུ་དམྱལ་བ་ནས་ཐར་ནས་དགའ་ལྡན་གྱི་གནས་སུ་སྐྱེས་ཏེ། བཅོམ་ལྡན་འདས་དང་བརྒྱ་བྱིན་ལ་དྲིན་ལན་གྱིས་མཆོད་པ་དང་བསྟོད་པ་ཆེད་དུ་བརྗོད་པར་བྱས་སོ། །བརྟག་པ་ཕྱི་མ་ནི་ཕྱག་ན་རྡོ་རྗེས་གསུངས་ཞིང་སླར་ཡང་ཕྱག་རྡོར་ཉིད་རྡོར་སེམས་སུ་བཞེངས་ནས་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས་པས། ལྷ་རྣམས་ཀྱིས་མཆོད་ཅིང་མཚན་བརྒྱའི་བསྟོད་པས་ཀྱང་བསྟོད་དོ། །དེ་ནས་རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ་ལ་སངས་རྒྱས་འདས་རྗེས་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ནས་རྒྱུད་འདི་བྱུང་སྟེ། ཕྱག་ན་རྡོ་རྗེས་རྒྱལ་པོ་ཉིད་ལ་དབང་ལུང་གནང་ནས་རིམ་པར་བརྒྱུད་དེ། པཎྜི་ཏ་ཡོ་ག་མཁས་པ་མི་གསུམ་གྱི་ནང་ནས་ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་ཀྱང་བྱ། བྲམ་ཟེ་ཆེན་པོ་པྲ་ཆེན་ཧསྟི་ཞེས་ཀྱང་བྱ་བ་དེ་ལ་ཨོ་རྒྱན་རིན་པོ་ཆེས་གསན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་པཎྜི་ཏ་ཤཱནྟཱིཀ་ར་དང་། ལོཙྪ་བ་ཛ་ཡ་རཀྵི་ཏས་བསྒྱུར། ཁྲི་རལ་གྱི་དུས་ཨ་ཙརྱ་རིན་ཆེན་མཆོག་གིས་ཞུས་དག་མཛད། དེ་ཕྱིན་གསར་དུ་བསྒྱུར་བ་མེད་པས། སྦྱོང་རྒྱུད་འདི་ནི་རྙིང་མ་ཡིན་ནོ་ཞེས་རཏྣ་གླིང་པས་གསུངས། འོན་ཀྱང་སྔ་དར་གྱི་དབང་གི་བརྒྱུད་པ་ནི་མ་བྱུང་བས། ལོ་ཆེན་རིན་ཆེན་བཟང་པོས་ཤྲདྡྷཱཀ་ར་སོགས་པཎྜི་ཏ་མང་པོ་ལ་ཞུས་ནས་གསར་མ་ལུགས་ཀྱི་ཆོ་ག་དང་དབང་རྒྱུན་རྒྱས་བསྡུས་མང་དུ་རྒྱ་ཆེར་འཕེལ་ལོ། །འོན་ཀྱང་དེ་དག་ནི་ཧ་ཅང་བརྒྱུད་པ་རིང་དྲགས་པས་བཤད་པའི་ཆོས་ལྟར་གྱུར་པ་ན། ཉུང་བསྡུས་བརྒྱུད་པ་ཉེ་བས་བྱིན་རླབས་ཆེ་བ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བདུན་པ་ལ། དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ཞེས་བྱ་བའི་གཏེར་ཁ་ནས་བྱོན་པ་སྟེ། ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ནས། ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་། །སྐུ་གསུམ་བསྟན་པ་དར་ཞིང་རྒྱས། །བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་། །ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས། །རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་། །མན་ངག་རྒྱ་མཚོའི་བསྟན་པ་རྒྱས། །ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་། །དགོས་འདོད་ཡིད་བཞིན་བསྟན་པ་རྒྱས། །ཞེས་དང་། རིག་པ་རྒྱལ་པོའི་རྒྱུད་ལས་ཀྱང་། །དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན། །རྫ་ཤིང་སྣོད་ལ་ཡང་མ་བརྟེན། །ཞེས་པའི་དོན་ནོ། །སྤྱིར་སྦྱོང་རྒྱུད་རྣལ་འབྱོར་རྒྱུད་ཡིན་ཡང་། རྡོ་རྗེ་གདན་པའི་རྡོ་རྗེ་ཕྲེང་བ་དང་། མི་ཏྲ་ཛོ་ཀིའི་མི་ཏྲ་བརྒྱ་རྩ་རྣམས་ཀྱང་བྱ་སྤྱོད་རྣལ་འབྱོར་རྒྱུད་བླ་མེད་ལྟར་ཉམས་སུ་ལེན་རུང་བར་མཛད་པ་དང་། བི་མ་ལས་རྣལ་འབྱོར་བླ་མེད་ལྟར་ཉམས་སུ་ལེན་ཚུལ་མཛད་པ་དང་མཐུན་པར་འདི་ཡང་བླ་མེད་ལུགས་ཡིན་ལ། བླ་མེད་ལུགས་ལ་སྤྲོས་བཅས་ཆོ་ག་རྒྱས་པ་དང་། སྤྲོས་མེད་དྲན་རྫོགས་སུ་སྒོམ་པ་ཡིན་ཏེ། སྡོམ་འབྱུང་ལས། རྣོན་པོས་སྐད་ཅིག་རྣམ་པ་ཡི། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་དང་། གྲུབ་ཆེན་དྲིལ་བུ་པས། བརྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་གསུངས་པས། འདི་ནི་ཟབ་མོ་བསྐྱེད་རིམ་དང་། བརྟགས་པའི་རྫོགས་རིམ་གཉིས་ཀ་ཡིན་ཏེ། སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས། སྐྱེ་གནས་བརྫུས་ཏེ་སྐྱེ་བ་ཁོ་ན་ལ་ཟབ་མོའི་བསྐྱེད་རིམ་དང་བརྟགས་པའི་རྫོགས་པའི་རིམ་པ་ཞེས་བརྗོད་དོ། །ཞེས་གསུངས་པ་དང་མཐུན་པའོ། །དེ་ལ་རྗེ་བཙུན་ཆེན་པོ་ས་སྐྱ་པཎྜི་ཏས། བསྐྱེད་རིམ་འབྱོངས་པས་དེ་ལྟར་ཡིན་གྱི་ལས་དང་པོ་པས་ཡི་དམ་ཀྲོང་བསྐྱེད་མི་ཐུབ་པས་མི་རུང་ཞེས་དགག་པ་མཛད་པ་ཡང་། དགོངས་པ་ཅན་ཡིན་གྱི་ངེས་པ་མ་ཡིན་ཏེ། མངོན་བརྗོད་ལེའུ་དྲུག་པ་ལས། ལས་དང་པོ་ཡི་སྒོམ་རིམ་སྟེ། །སྐད་ཅིག་གཅིག་གིས་སྐུ་རྫོགས་པ། །ཞེས་དང་། གྲུབ་ཆེན་པཀྴིས། སྐྱེ་བོ་ཐ་མལ་པ་ལ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པས་ཟིན་སླ་བས་ཕན་ཆེ་གསུངས་སོ། །དེ་བཞིན་དུ་རྡོར་ཕྲེང་གི་འཇམ་རྡོར་སྐབས་སུ། འདིར་རྫོགས་པའི་རྣལ་འབྱོར་ལ། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང་ཡེ་ཤེས་སེམས་དཔའ་དགུག་གཞུག་སོགས་ནི་མ་བཤད་དོ། །ཞེས་གསུངས་པ་དང་། ཨོ་རྒྱན་ཆེན་པོས། དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་པ་ལྟ་བུའོ། །དེ་ལྟར་རྒྱུད་གཞུང་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་རྩོད་པ་དང་བྲལ། མན་ངག་བརྒྱུད་པ་ཉེ་ཞིང་གནད་ཟབ་པའི་ཀུན་རིག་གི་དབང་འདིའི་ཕན་ཡོན་ནི། ངན་སོང་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བས་གྲོལ་བར་འགྱུར་བ་ཉོན་ཅིག །དེ་ནི་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བཏགས། །དེས་ནི་སྡིག་པ་ཀུན་བྱང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་འགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། འདི་ཐོས་པ་ནི་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་རྒྱུད་དེ་ལས། དགེ་བ་བཅུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི་སེམས་ཅན་མ་རབས་རྣམས་ཀྱིས་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྲོ་བར་འགྱུར་གྱི། སེམས་ཅན་ཕལ་པ་རྣམས་ཀྱིས་མ་ཡིན་ནོ། །སེམས་ཅན་བསམ་པ་དག་པ་རྣམས་དང་ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་དད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་འགྱུར་ཏེ། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་མ་ཁྱོད་ཀྱིས་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁྱད་པར་བཅོམ་ལྡན་ཀུན་རིག་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ་ཞུ། དེ་ཡང་སྦྱོང་རྒྱུད་ལས། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་པར། །དེ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གཞུག །ཅེས་གསུངས་པས། སློབ་དཔོན་བཅོམ་ལྡན་འདས་ཀུན་རིག་དངོས་ཡིན་བསམ་པའི་མོས་གུས་དང་མདུན་གྱི་དབང་རྫས་རྣམས་འདི་ལྟར་གསལ་ཐོབས་ཤིག །དཀྱིལ་འཁོར་བསྡུས་པ་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་བོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ འཁོར་ཡུམ་བཞི་སེམས་དཔའ་དང་སེམས་མ་ཉན་རང་ཁྲོ་བོ་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཀུན་རིག་ལའང་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སྦྱོང་རྒྱུད་ཉིད་ལས། དེ་ནས་སྔགས་པ་བླ་མེད་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་གསུངས་པའི་དོན་སྨིན་བྱེད་ཀྱི་དབང་དངོས་ལ་ཡང་། མོས་པ་བརྟན་དང་ལྡན་པས་བཅས་ནས་ནི། །སརྦ་བིད་ཀྱིས་ཅི་ལྟར་དབང་བསྐུར་ཏེ། །ཞེས་གསུངས་པའི་དོན་སྔགས་ཀྱི་དབང་ནི། མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་ཅན་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཡིག་འབྲུས་གང་བས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་སྒོམས་ཤིག །རྒྱས་པར་སྤྲོ་ན་རྡོ་རྗེ་སྤྱི་བོར་བཞག་ལ་རྩ་རིག་ཚར་གཅིག་བརྗོད། དེ་ནས་རྡོ་རྗེ་སྤྱི་བོར་དབུས་དང་ཕྱོགས་བཞིར་རེག་ཅིང་དབྱངས་དང་བཅས་པས། ཨོཾ་སྭཱ་ཧཱ༔ ཧཱུྃ་སྭཱ་ཧཱ༔ ཏྲཱཾ་སྭཱ་ཧཱ༔ ཧྲཱིཿསྭཱ་ཧཱ༔ ཨཱཿསྭཱ་ཧཱ༔ རྒྱུད་ལས། བུམ་པ་ལ་སོགས་ཅི་ཕྱེད་མང་ཐོགས་ཏེ། །བཅུ་པོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར། །ཅེས་གསུངས་པས། ཅི་དགར་གསུངས་པའི་དབང་དོན་གཅིག་ཏུ་དབང་བཅུའི་ངེས་པ་མེད་པའི་ཕྱིར། འདིར་དབང་བཅུ་བསྡུས་པ་རིགས་ལྔའི་ཕྱག་མཚན་གྱིས་བརྡ་དབང་ཁོ་ན་ལས་མ་བྱུང་ཡང་། དེ་ལ་ཕྱག་ལེན་གྱིས་བརྒྱན་ཏེ་བུམ་དབང་རྐྱང་པའམ། འཁོར་བཅས་ཅོད་པན། ཕྲེང་བ། མཐའ་རྟེན་རྒྱལ་སྲིད་སྦྱར་ཀྱང་ལེགས་པའི་ཕྱིར། བུམ་པ་འདིའི་ནང་ན་བཅོམ་ལྡན་འདས་ཀུན་རིག་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ཚངས་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་ཆུ་སྣས་སྦུར་མ་ཁྱེར་བ་ལྟར་ནག་ཉི་ལི་ལི་ཁ་སྤུ་དང་འོག་སྒོ་རྐང་མཐིལ་ནས་ཕྱིར་ཐོན། ལུས་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག །ཧཱུྃ། བུམ་པ་འདི་ནི་རིན་ཆེན་ཁང་། །ཀུན་རིག་འཁོར་བཅས་བཞུགས་པ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ། དེ་ནས་རྒྱས་པར་སྤྲོ་ན། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿསྭཱ་ཧཱ༔ ཙམ་པ་ཀའམ་མེ་ཏོག་ཕྲེང་བ་བྲིས་པ་གཏད་ལ། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨོཾ་རཏྣ་མ་ལཱ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསྭཱ་ཧཱ༔ ཅོད་པན་དར་རམ་བྲིས་པ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ཨོཾ་བཛྲ་ཝསཏྲ་ཨ་ཝ་ལམ་པ་ན་ཨ་བྷི་ཥིཉྩ་ཏྲཱཾ། དེ་ནི་ཡོ་ག་རྒྱལ་པོ་དང་ཆོས་བསྟུན་ནས་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ལྟར། བུམ་ཆུས་བཀྲུ་ཞིང་དབུ་རྒྱན་དང་ཅོད་པན་གསོལ་བ་འོ། །དེ་ནས་དངོས་གཞི་དོན་གྱི་དབང་ནི་རྡོ་རྗེ་སྤྱི་བོར་བཞག་པ་ཙམ་གྱིས་མངོན་པར་དགའ་བ་ལ་སོགས་པ་ཤར་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། རྡོ་རྗེ་སེམས་དཔའ་དང་སྦྱོང་བའི་རྒྱལ་པོ་ལ་སོགས་པ་ཐུགས་རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཐམས་ཅད་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་དང་བཅས་པས་རྡོ་རྗེ་ཐོགས་ལ། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱ༔ འོ་དེ་ལྟར་རྡོ་རྗེས་དབང་བསྐུར་པས། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི་དོན་འགྲུབ་པ་ཡིན་ནོ། །ད་རིན་པོ་ཆེ་འདི་སྤྱི་བོར་བཞག་པ་ཙམ་གྱིས་དཔལ་དང་ལྡན་པ་ལ་སོགས་པ་ལྷོ་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། འཁོར་ལོས་སྒྱུར་བ་རིན་ཆེན་འབྱུང་ལྡན་དང་རྒྱལ་མཆོག་རིན་ཆེན་ལ་སོགས་པ་ཡོན་ཏན་རིགས་ཀྱི་ལྷ་ཚོགས་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཐམས་ཅད་ཆར་ལྟར་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཏྲཱཾ་སྭཱ་ཧཱ༔ འོ་དེ་ལྟར་རིན་པོ་ཆེས་དབང་བསྐུར་པས། བསོད་ནམས་དང་ཡེ་ཤེས་འཕེལ་ཞིང་རྒྱས་ནས་འཁོར་ལོས་སྒྱུར་བའི་འདོད་པའི་དོན་རྣམས་འགྲུབ་པའོ། །ད་པདྨ་འདི་སྤྱི་བོར་བཞག་པ་ཙམ་གྱིས་ནུབ་ཕྱོགས་བདེ་བ་ཅན་སོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པ་དང་ཤཱཀྱ་རིག་དབང་ལ་སོགས་པ་པདྨ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧྲཱིཿསྭཱ་ཧཱ༔ དེས་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་། དག་པའི་ཞིང་ཁམས་བགྲོད་པའི་དོན་རྣམས་འགྲུབ་པ་ཡིན་ནོ། །དེ་ནས་རྒྱ་གྲམ་སྤྱི་བོར་བཞག་པའི་ཚེ་ལས་རབ་རྫོགས་པ་སོགས་སངས་རྒྱས་ཀྱི་ཞིང་བྱང་ཕྱོགས་རྣམས་ནས། དོན་ཡོད་གྲུབ་པ་དང་མེ་ཏོག་ཆེར་རྒྱས་ལ་སོགས་པ་ཕྲིན་ལས་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱ༔ དེས་ཕྲིན་ལས་བཞི་ལ་མངའ་བརྙེས་ནས། རང་གཞན་གྱི་དོན་སྒྲུབ་པ་ལ་ཐོགས་པ་མེད་པའི་དོན་འགྲུབ་པའོ། །ད་ཕྱག་མཚན་བཞི་ཀ་གཅིག་ཏུ་བསྡུས་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཕྱག་རྟགས་འཁོར་ལོའི་ཚུལ་དུ་བྱས་པ་འདི་སྤྱི་བོར་བཞག་པ་ཙམ་གྱིས། འོག་མིན་འཐུག་པོ་བཀོད་པ་ལ་སོགས་པ་དབུས་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་བུདྡྷ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱ། དེས་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འདོད་དོན་འགྲུབ་པ་ཡིན་ནོ། །འོ་དེ་ལྟར་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག་ནས་ཐ་མལ་པའི་ལུས་མ་ཡིན་པར་སློབ་མ་ཁྱེད་རང་། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ། ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ་དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའི་སྐུར་ལམ་གྱིས་གྱུར་པར་སྒོམས་ཤིག །དེ་ནས་སྔགས་ཀྱི་བཟླས་ལུང་གི་དོན་དུ་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། བཅོམ་ལྡན་ཀུན་རིག་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱོན་ཏེ། ཞལ་ནས་ཐོན་ཅིང་ཁྱེད་རང་གི་ཞལ་དུ་ཞུགས་ནས་ཐུགས་ཀར་ཧཱུྃ་དཀར་པོའི་མཐར་ཟླ་བའི་གདན་ལ་གཡས་སུ་འཁོར་བར་སྒོམས་ལ་རྗེས་ཟློས་དང་ཕྲེང་བ་བགྲོང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿསྭཱ་ཧཱ༔ རྒྱས་པར་སྤྲོ་ན་རྩ་རིག་ཚར་གཅིག་བརྗོད། དེ་ནས་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་པར་སྒོམས་ཤིག །ཙམ་པ་ཀའམ་ནས་སམ་ཕྲེང་བ་བཞག་ལ། བཅོམ་ལྡན་ཀུན་རིག་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། སྤྲོ་ན་ཚིག་རྗེས་མ་གསུམ་ཡང་བརྗོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ ཞེས་བརྗོད། དེ་ནས་མེ་ཏོག་གཏོར་བས་བརྟན་ཅིང་རབ་ཏུ་གནས་པར་བྱ། རྒྱས་པར་སྤྲོ་ན་རྒྱལ་སྲིད་སོ་སོར་བྲིས་པ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་སཏྲཱི་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་དོན་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁངྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ལས་བསྡུ་ན་རྒྱལ་སྲིད་ཙཀ་ལི་ཕྱོགས་གཅིག་བྲིས་པ་ཐོགས་ལ། ད་དབང་གི་མཐའ་རྟེན་ནི། ཡོ་ག་རྒྱལ་པོ་དང་ཆོས་ལུགས་བསྟུན་ཏེ། རྒྱལ་སྲིད་སྣ་བདུན་གྱིས་དབང་བསྐུར་བས་འཕགས་པའི་ནོར་བདུན་དང་ལྡན་ནས་སྐྱེ་བ་ཀུན་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། མཐར་ཐུག་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་རྟེན་འབྲེལ་དུ་གྱུར་པར་སྒོམས་ཤིག །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཨོཾ་དྲ་བྱ་རཏྣ་ཨ་བྷི་ཥིཉྩ་མཱཾ། རྒྱས་པར་སྤྲོ་ན་གསར་མ་ལྟར་རྒྱལ་སྲིད་སོ་སོར་ཚིགས་བཅད་དང་སྔགས་ཀྱི་དབང་བསྐུར་ཏེ། ཚིག་ལྷུག་པ་ནི་མི་སྦྱར་རོ། །དེ་ལྟར་བཅོམ་ལྡན་འདས་ཀུན་རིག་གི་བརྡ་དབང་ཟབ་མོ་ཐོབ་པ་ཡིན་པས། དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པ་སོགས་ཚེ་འདིའི་ཕན་ཡོན་དང་། ངན་སོང་དུ་ནམ་ཡང་མི་ལྟུང་ཞིང་བྱང་ཆུབ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨྲོས་ཅི་དགོས། །ཞེས་པས། ད་ལྟ་ཡང་ལྷ་དང་བླ་མ་མི་སྤང་ཞིང་རིམ་གྱིས་རྟོགས་པ་ན་འཕོས་པ་ན་གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས། མཎྜལ་འབུལ་ལོ། །དེ་ལྟར་དབང་རྒྱས་པ་གཅིག་ཚར་རྗེས་བརྒྱ་རྩ་སོགས་བྱེད་ན། གསོལ་འདེབས། དུས་གསུམ་སངས་རྒྱས་སོགས་ཚིག་གསུམ་དང་། རྩ་ཚིག་གིས་ཚིག་གཉིས་རེ་དང་སྔགས་བཅས་གསུམ་ཁོ་ནས་ཕྱག་མཚན་ལྔ་རྫོགས་པ་དབང་རེ་ལ་བརྩི་ཞིང་ཡང་མཇུག་ཏུ་རྒྱས་པ་གཅིག་བསྐུར་རོ། །རྗེས་ཆོག་སེམས་ངོ་སྐྱོང་བས་འཐུས་ཀྱི་བསྡུ་ཆོག་གཤེགས་གསོལ་མི་དགོས་ཏེ་མི་དམིགས་པའོ། །ཅེས་པ་འདི་སྤྱིལ་བུ་དགོན་གྱི་བླ་མ་གཉིས་ཀྱིས་བསྐུལ་ཕྱིར། རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་སེམས་ཅན་ལ་ཕན་པ་རྒྱ་མཚོ་ལྟར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཚེ་འགུགས་ (Volume 10, Text 27)

ཧཱུྃ་ཧྲཱི༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་དབྱིངས་ནས་སྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་དང༔ སྟེང་འོག་མཚམས་ཀྱི་འབྱུང་པོས་ཕྲོགས་པའི་ཚེ༔ ནམ་མཁའི་བཅུད་དང་བུདྡྷའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འགྱུར་མེད་བདེ་གཤེགས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཧཱུྃ་ཧྲཱི༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་དབྱིངས་ནས་སྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་དང༔ ནུབ་ཕྱོགས་ཀླུ་དབང་ལག་ནས་བླ་ཚེ་ཁུག༔ མེ་ཡི་བཅུད་དང་པདྨའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འགག་མེད་པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧྲཱི༔ ཧཱུྃ་ཧྲཱི༔ མི་བསྐྱོད་ཡབ་ཡུམ་ཐུགས་དམ་དབྱིངས་ནས་སྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་དང༔ ཤར་ཕྱོགས་དྲི་ཟའི་ལག་ནས་བླ་ཚེ་ཁུག༔ ཆུ་ཡི་བཅུད་དང་རྡོ་རྗེའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འཕོ་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ རིན་འབྱུང་ཡབ་ཡུམ་ཐུགས་དམ་དབྱིངས་ནས་སྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་དང༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་བླ་ཚེ་ཁུག༔ ས་ཡི་བཅུད་དང་རཏྣའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ རྩོལ་མེད་རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏྲཱཾ༔ ཧཱུྃ་ཧྲཱི༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་དབྱིངས་ནས་སྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་དང༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་བླ་ཚེ་ཁུག༔ རླུང་གི་བཅུད་དང་ལས་ཀྱི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ ཐོགས་མེད་ཕྲིན་ལས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱ༔

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབ་དངོས་གྲུབ་ཆར་འབེབ་ (Volume 36, Text 27)

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབ་དངོས་གྲུབ་ཆར་འབེབ་བཞུགས་སོ༔ ༁ོཾ༁ོཾ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབ་རིམ་པ་བསྟན་པ་ནི༔ ཕྲིན་ལས་ལས་སྦྱོར་གང་བྱེད་ཀྱང༔ འདི་ཉིད་བྱ་བ་གནད་དུ་ཆེ༔ སཱ་མཱ་ཡཱ༔ དེ་ལ་སྨྱུག་རྒོད་ཚིགས་གསུམ་མདའི༔ མགུལ་དུ་དར་ཚོན་ཅོད་པན་བཏགས༔ གུ་གུལ་སྐྲ་སེན་སྦྱར་སྤོས་བསྲེགས༔ རོལ་མོ་སྦིར་ཞིང་མདའ་དར་གཡོབ༔ གདུང་དབྱངས་སྙན་པོས་འདི་སྐད་བརྗོད༔ ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ འཇའ་འོད་ཟེར་མདངས་འཁྲུགས་པའི་གུར་ཁང་ནས༔ དགོངས་བརྡའ་སྙན་བརྒྱུད་རྩ་བ་བརྒྱུད་བཅས་ཀྱི༔ རིག་འཛིན་བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་ནས༔ བདེ་གཤེགས་རིགས་ལྔ་ཕྱི་ནང་ཞི་ཁྲོ་དང༔ ཐེག་དགུའི་ཡི་དམ་ལྷ་ཡི་ཚོགས་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཉི་ཤུ་རྩ་བཞི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་གིང་དང་ལངྐ་དང༔ ཆོས་སྲུང་བསྟན་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་བྱིན་ཕོབ་ཅིག༔ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང༔ ཡི་དམ་མཁའ་འགྲོ་ཆོས་སྲུང་འཁོར་དང་བཅས༔ རབ་འབྱམས་ཕྱོགས་བཅུའི་ཞིང་ནས་སྐུར་བཞེངས་ལ༔ ཐུགས་རྗེས་བརྩེར་དགོངས་དབང་སྐུར་བྱིན་ཕོབ་ཅིག༔ སྣང་སྲིད་ཕྱི་ནང་གསང་བའི་མཆོད་པ་འབུལ༔ བརྗོད་བྲལ་དག་པ་རབ་འབྱམས་ཀློང་ཕྱག་འཚལ༔ རྣམ་དག་རང་བྱུང་རིག་པའི་ལྷ་ཚོགས་རྣམས༔ མ་གཡེལ་འདིར་གཤེགས་དབང་སྐུར་བྱིན་ཕོབ་ཅིག༔ གནས་ཁང་འདི་ལ་བྱིན་ཕོབ་གཟི་བརྗིད་སྩོལ༔ ཚོགས་གཏོར་ལོངས་སྤྱོད་འདི་ལ་བཅུད་ཅིག་ཕོབ༔ སྲིད་ཞིའི་ཡོན་ཏན་ཀུན་སྤུངས་རྫས་འདི་ལ༔ ཚེ་བཅུད་ནུས་སྤོར་དངོས་གྲུབ་ཆར་ཆེན་ཕོབ༔ འདི་ཉིད་རེག་མྱང་མཐོང་བ་ཙམ་གྱིས་ཀྱང༔ འགྲོ་ཀུན་ཟག་མེད་དྭངས་མ་འོད་སྐུར་ཡལ༔ ས་ཕྱོགས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ལྡན༔ མཆོག་ཐུན་དངོས་གྲུབ་མ་ལུས་གྲུབ་པ་ཡི༔ བྱིན་རླབས་ནུས་པ་ད་ལྟ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་བྱིན་དབབ་པར་བྱའོ༔ ཕེབས་རྟགས་བདེ་གསལ་རྟོགས་པ་སྐྱེ༔ ཉམས་འུར་བརྡ་དང་གླུ་དབྱངས་ལེན༔ འཁྲབ་ལྡིང་གསང་བའི་བརྡ་སྐད་སྨྲ༔ སྒོ་གསུམ་འཇུག་འགྱུར་གནས་ཁང་རྣམས༔ བྱིན་ཆེ་གཟི་འབར་བག་དྲོ་འབྱུང༔ སྱི་མྱི་ཡྱི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ རིག་འཛིན་ཐུགས་ཐིག་ཆ་རྐྱེན་དུ༔ བྱིན་འབེབ་ཆོ་ག་འདི་ཉིད་བཀོད༔ མ་འོངས་འགྲོ་བ་འདྲེན་པར་ཤོག༔ སཱ་མཱ་ཡཱ༔ སློབ་དཔོན་གྱི་གསུང་བཞིན་ལོ་ཙཱ་བ་བདག་གིས་ཡི་གེར་བྲིས་ནས་གཏེར་དུ་སྦས་པ་དམ་ཅན་དྲག་པོ་ལྔ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྔགས་སྒྲུབ་ནར་མའི་དབང་ཆོག་པདྨ་ཤེལ་ཕུག་མ་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་བུམ་བཟང་ (Volume 14, Text 27)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྔགས་སྒྲུབ་ནར་མའི་དབང་ཆོག་པདྨ་ཤེལ་ཕུག་མ་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །འཁོར་འདས་དབང་སྒྱུར་ཀུན་བཟང་ཆེ་བའི་མཆོག །ལྷུན་གྲུབ་ཡེ་ཤེས་བདུན་བརྒྱ་ཉེར་ལྔའི་ལྷར། །གུས་པས་འདུད་དོ་སྐྱེ་བར་དགྱེས་དགོངས་ལ། །སྨིན་ཅིང་རྣམ་པར་གྲོལ་བའི་བྱིན་རླབས་སྩོལ། །གཏེར་བྱོན་སྒྲུབ་སྡེའི་ཕྱི་མོ་སྟེ། །ཟླ་མེད་ཤིང་རྟའི་ལམ་སྲོལ་ནི། །བདེ་གཤེགས་འདུས་པའི་སྨིན་བྱེད་ཀྱི། །སྙིང་པོ་བདུད་རྩིའི་བཅུད་ཐིག་སྤེལ། །བླ་མ་མངའ་བདག་ཆེན་པོས་ཤམ་པོ་པདྨ་ཤེལ་ཕུག་ནས་སྤྱན་འདྲེན་པར་མཛད་པ་བཀའ་བརྒྱད་རྩ་བའི་སྨིན་བྱེད་གྱི་གོའང་ཆོད་ཅིང་། སྤྲོས་པ་བསྡུས་པས་ལམ་དུས་རྒྱུན་དབང་སོགས་ལའང་མེད་དུ་མི་རུང་བ་བདེ་གཤེགས་འདུས་པའི་སྨིན་བྱེད་སྙིང་པོའི་བཅུད་བསྡུས་འདི་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྒྲུབ་དབང་ལྟ་བུའི་ཆོ་ག་དང་འབྲེལ་ན་བཅའ་བཞི་དེ་ཉིད་ཀྱིས་འགྲུབ་ཅིང་། གཞན་དུ་རྡུལ་ཚོན་དཀྱིལ་འཁོར་བཞེངས་ན་ཆོ་ག་དང་ཐིག་ཚོན་གྱི་ཆོ་ག་སོགས་སྐབས་སུ་གང་བབ་དང་། རས་བྲིས་ལ་བརྟེན་ན་སྟེགས་བུ་ཁེབས་དང་ལྡན་པའི་ཁར་དཀྱིལ་འཁོར་བཀྲམ། མ་འཛོམ་ན་ཚོམ་བུས་ཀྱང་རུང་བས་མཎྜལ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད། གང་ལྟར་དེའི་དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་བུམ་རྫས་སོ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་བཀང་། དེའི་ཁ་རྒྱན་གྱི་གསེབ་ཏུ་ཞི་ཁྲོའི་སྐུ་རྟེན་ཙཀ་ལི་རྣམས་དང་གཟུངས་ཐག་རྡོ་རྗེ་བཞག་པ་ཕྱག་ལེན་ཡིན་ཡང་། མ་བདེ་ན་ཁ་རྒྱན་ལ་ཞི་ཁྲོའི་གཙོ་སྐུ་ཙམ་བཞག །ཞི་བ་རིགས་ལྔ་དང་རིགས་བཞི། ཁྲོ་བོ་དཔལ་དགུ་བྱ་ཁྱུང་བཅས་ཀྱི་ཙཀ་ལི་མདུན་དུ་བཞག །དཀྱིལ་འཁོར་གྱི་ཤར་དུ་དཔལ་གཏོར་སྨན་རཀ །ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་རྡོ་རྗེ་དང་དྲིལ་བུ། བྱང་དུ་ཐོད་པ་བུར་ཆང་བདུད་རྩི་དང་སྦྱར་བ་མེ་ལོང་གིས་བཀབ་པའི་ཁར་མན་ཤེལ་དང་། ཉེ་ལོགས་སུ་རིག་ཙཀ །མཐར་ཕྱི་མཆོད་ཀྱིས་གཡས་སུ་བསྐོར་ཞིང་། ཟླ་གམ། ཛ་གད་ཀྱི་བུམ་པ། ཚེ་ཟན་རྣམས་ཀྱང་འགྲུབ་ན་བཤམ། གཞན་ཡང་དུར་ཁྲོད་ཀྱི་ཆས་བརྒྱད་སོ་སོ། ཕྱག་མཚན་རྡོ་རྗེ་ཐོད་ཁྲག །ཕྲིན་ལས་རྣམ་བཞི་མཚོན་པའི་ལས་བཞིའི་དབྱིབས་སམ་གཏོར་མ། འབྲུབ་ཁུང་ལིང་ག །ཕུར་བུ། ཚོགས་རྫས། རྡོར་དྲིལ་ཌཱ་མ་རུ། མེ་ཏོག །མིག་དར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོ་ནས་བརྩམ་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལྟ་བུ་མཐར་ཆགས་སུ་བཏང་བས་དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ་བསྙེན་བཟླས་ཅི་འགྲུབ་སྟོང་ཚིགས་དང་བཅས་པའི་རྗེས་སུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བ་ལ། ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་བ་མཆོད་པའི་ཚུལ་དུ་སྤྲོས། ལྷ་རྣམས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རྒྱུན་བབ་བུམ་ཆུ་དང་རོ་གཅིག་པར་བསམས་ནས་རྩ་སྔགས་རྣམས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བཏགས་པ་ཅི་ནུས་བཟླ། ལས་བུམ་གྱི་ནང་དུ་དཔལ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བར་གྱུར། ཡིག་བརྒྱ་དང་ཡིག་དྲུག་ཅི་རིགས་བཟླས་རྗེས། ཆོས་སྐྱོང་སྤྱི་དང་གཏེར་སྲུང་གི་གཏོར་འབུལ་དང་། ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ། བདག་ཉིད་འཇུག་པ་འོག་ནས་འབྱུང་བ་ལྟར་རམ། རིག་པའི་མེ་ཏོག་དོར་བ་གང་འོས་ཀྱིས་ནུས་ལྡན་དུ་བྱའོ། །དེ་ནས་དབང་བསྐུར་བ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ཚོགས་ལ་ཁྲུས་བྱ་ཞིང་། བགེགས་གཏོར་བཏང་། དྲག་སྔགས་ཀྱིས་མཚམས་བཅད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་འཕྲོ་གཞི་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྙིང་པོའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་ཟབ་མོའི་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ནས་གསན་པར་ཞུ། དེའང་གྲངས་མེད་གསུམ་ལ་སོགས་པས་བྱང་ཆུབ་སྒྲུབ་པ་མཚན་ཉིད་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་གསང་བ་སྔགས་ཀྱི་ཡང་རྩེ། འདི་ཕྱི་བར་དོ་གང་རུང་དུ་ཕྱག་རྒྱ་ཆེན་པོའི་མཆོག་ལ་སྦྱོར་བར་བྱེད་པའི་ཉེ་ལམ་ནང་པ་ཐབས་ཀྱི་རྒྱུད་རྣལ་འབྱོར་ཆེན་པོའི་ཡང་སྙིང་། དཀྱིལ་འཁོར་ཀུན་གྱི་གཙོ་བོ་སྒྲུབ་ཆེན་བཀའ་བརྒྱད་ཅེས་ཡོངས་སུ་གྲགས་པ་འདི་ཉིད་ཚུལ་ཇི་ལྟར་བྱུང་ན། ཆོས་དབྱིངས་འོད་ལྔའི་གཞལ་ཡས་ཁང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གནས་སུ་སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཞི་ཁྲོའི་དཀྱིལ་འཁོར་གྱི་ཚོམ་བུར་སྣང་བས་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ། བྱེ་བྲག་སོ་སོའི་སྒོས་རྒྱུད་དཔག་ཏུ་མེད་པ་ཆོས་ཉིད་ཀྱི་རང་སྒྲར་ཕྱུང་སྟེ་དགོངས་པ་མཉམ་ཉིད་དུ་བཞུགས་པ་ནི་རྒྱལ་བ་དགོངས་པས་བརྒྱུད་པ། མི་མངོན་རིག་པ་འཛིན་པའི་གནས་སུ་གདོད་མའི་མགོན་པོའི་ཐུགས་ཀྱི་རང་རྩལ་རིག་འཛིན་རྡོ་རྗེ་ཆོས་རབ་ཀྱིས་དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་པའི་སྐུའི་རྣམ་འགྱུར། གསུང་གི་བརྡ། ཐུགས་ཀྱི་དགོངས་དོན་མ་ལུས་པ་རྒྱུད་ཀྱི་རང་བཞིན་དུ་གཏན་ལ་ཕབ་ནས་ཐོག་མར་ཐུགས་སུ་བསྡུས་ཤིང་རང་ཉིད་སྟོན་པར་བཞེངས་ནས། ཉིད་ཀྱི་ཐུགས་རྗེའི་རང་རྩལ་ལས་ཤར་བའི་འཁོར་རིག་པ་འཛིན་པ་རྣམས་འདུས་ཏེ་ངག་ཏུ་བསྡུས། སླར་ལྷ་གནས་གསུམ་དུ་གྲགས་པའི་གནས་སུ་རྒྱུད་རྣམས་དང་ལུང་གི་ཆོས་ལྔའང་བསྟན་ཅིང་གསེར་གྱི་ཤོག་གུ་ལ་བཻ་ཌཱུརྻ་ཞུན་མས་ཡི་གེར་བྲིས་ཏེ། དགོངས་པའི་རྩལ་གྱིས་མཁའ་ལ་སྦས་ཤིང་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་གཏད་པ་དང་དུས་མཚུངས་པར། བཅོམ་ལྡན་འདས་ཉིད་གསང་བདག་དྲེགས་པ་ཀུན་འདུལ་གྱི་སྐུར་བཞེངས་ནས་དྲེགས་པ་དང་དྲག་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱང་དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པར་གསུངས་ཤིང་རིག་པ་འཛིན་པ་རྣམས་ལ་གཉེར་དུ་གཏད་པ་ནི་རིག་འཛིན་བརྡའི་བརྒྱུད་པ། མཁའ་འགྲོ་མ་བདེ་བའི་དངོས་གྲུབ་ཀྱིས་གང་ཟག་སྐལ་ལྡན་རྣམས་ཀྱི་དོན་དུ་དབྱིངས་ལས་ཕྱུང་སྟེ་བསིལ་ཚལ་མཆོད་རྟེན་བདེ་བྱེད་བརྩེགས་པར་བསྐྱེད་རྫོགས་ཀྱི་རྒྱུད་ཐམས་ཅད་རི་རབ་ཀྱི་སྲོག་ཤིང་དཔག་བསམ་ལྗོན་པ་ལ་དཔེར་བྱས་ནས་གཏེར་དུ་སྦས་ཏེ། ཟུག་པ་རྩ་བའི་ཚུལ་དུ་སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པ་མཆོད་རྟེན་གྱི་སེང་ཁྲི། འདྲིལ་བ་སྡོང་པོའི་ཚུལ་དུ་བདེ་གཤེགས་འདུས་པའི་སྐོར་བུམ་པའི་དབུས། གྱེས་པ་ཡལ་གའི་ཚུལ་དུ་བྱེ་བྲག་སྒོས་རྒྱུད་རྣམས་བུམ་པའི་ཕྱོགས་མཚམས། གསལ་བ་མེ་ཏོག་གི་ཚུལ་དུ་གསང་བ་ཡོངས་རྫོགས་བྲེ། སྨིན་པ་འབྲས་བུའི་ཚུལ་དུ་རང་བྱུང་རང་ཤར་ཆོས་འཁོར། འབྲས་བུའི་བཅུད་ཀྱི་ཚུལ་དུ་སངས་རྒྱས་མཉམ་སྦྱོར་ལ་སོགས་གདུགས་ཀྱི་དབུས། ཡང་གསང་བླ་མེད་ཡང་ཏི་ནག་པོ་ལ་སོགས་རྫོགས་ཆེན་སྙིང་པོའི་སྐོར་རྣམས་རྩེ་མོའི་ཏོག་ལ་རྒྱས་བཏབ་ཅིང་། ཡེ་ཤེས་ལས་དང་འཇིག་རྟེན་སྐྱོང་བའི་དཔའ་བོ་ཌཱ་ཀི་རྣམས་ལ་གཉེར་དུ་གཏད་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། དེ་ནས་མི་ཡུལ་འདུལ་བའི་དུས་ལ་བབས་པ་ན། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་རང་བྱུང་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད། ཀུན་འདུས་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་དགུར་སྣང་སྟེ། སློབ་དཔོན་ཆེན་པོ་བརྒྱད་བསིལ་བ་ཚལ་དུ་དགུང་ཞག་བདུན་དགོངས་པ་ལ་བཞུགས་པའི་ཚེ་སྨུག་ནག་དབང་གི་མཁའ་འགྲོ་ཆེན་མོས་སྒྲུབ་ཆེན་བརྒྱད་ཀྱི་གཏེར་སྒྲོམ་སོ་སོར་གཏད་ནས་བཀའ་བབས་ཤིང་། གནས་སོ་སོར་སྒྲུབ་པའི་ཚུལ་མཛད་པས་དཔལ་ཆེན་གཙོ་བོ་བརྒྱད་པོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས། རྒྱལ་དབང་པདྨཱ་ཀ་རས་སློབ་དཔོན་དེ་དག་ལ་སྒྲུབ་ཐབས་བྱེ་བྲག་པའི་རྒྱུད་ལུང་མན་ངག་གསན་ནས་དེ་རྣམས་ལས་ཀྱང་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་ཅིང་། མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་སྒྲུབ་སྡེ་སྤྱི་དང་། ཨ་ཏི་རྫོགས་པ་ཆེན་པོ་ལ་སོགས་པ་ལྷག་མ་མ་ལུས་པ་སྤྱན་དྲངས། ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར། སྔོན་གྱི་སློབ་དཔོན་ཆེན་པོ་བརྒྱད་ལའང་ཟབ་ཆོས་ཀྱི་སྐྱེས་འབུལ་བར་མཛད་པ་ནི་གྲུབ་ཐོབ་རྣལ་འབྱོར་བྱིན་རླབས་བཀའ་རྒྱ་བཀྲོལ་བའི་བརྒྱུད་པ། སློབ་དཔོན་ཆེན་པོ་ཉིད་འཇམ་དཔལ་སྤྲུལ་པའི་རྒྱལ་པོས་སྤྱན་དྲངས་པ་ལ་བརྟེན་ནས་བོད་ཡུལ་མུན་པའི་ལྗོངས་སུ་དམ་པ་ཆོས་ཀྱི་སྒྲོན་མེ་སྦར། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་སྲོག་སྙིང་བླངས། སྐུ་གསུང་ཐུགས་རྟེན་གྱི་སྲོལ་གཏོད། འཆད་ཉན་སྒོམ་སྒྲུབ་ཀྱི་གྲྭ་བཙུག །བསམ་ཡས་མཆིམས་ཕུར་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཆོས་རྒྱལ་ཆེན་པོ་སོགས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་པའི་དབང་ཡོངས་སུ་རྫོགས་པར་བསྐུར་ཞིང་གདམས་པ་ཕོག །ཁྱད་པར་ལས་ཅན་སྙིང་གི་བུ་དགུས་མེ་ཏོག་གང་ལ་ཕོག་པའི་དཀྱིལ་འཁོར་ལུང་བསྟན་པའི་གནས་སོ་སོར་བསྒྲུབས་པས་གྲུབ་པའི་རྟགས་མངོན་དུ་གྱུར་ཅིང་། མཐར་རིགས་ཀྱི་བདག་པོའི་ཐུགས་ཀར་འོད་དུ་ཐིམ། དེ་ལས་འབངས་རིགས་གཞན་རྣམས་ལ་སྒྲུབ་སྡེ་བྱེ་བྲག་པ་སོ་སོའི་བཀའ་བབས་ཤིང་མངའ་བདག་རྒྱལ་པོ་ལ་བདེ་གཤེགས་འདུས་པ་ཡོངས་རྫོགས་ཀྱི་བཀའ་བབས་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་གྱུར། དེ་དག་ཞལ་དང་སྙན་དང་ཐུགས་སུ་རིམ་པར་བརྒྱུད་དེ་བྱོན་པ་ནི་གང་ཟག་སྙན་ཁུངས་བརྒྱུད་པ། ཨོ་རྒྱན་དུས་གསུམ་མཁྱེན་པ་ཡབ་ཡུམ་གྱིས་ཕྱི་རབས་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ། གཏེར་གྱི་རིགས་བྱེད་བཅོ་བརྒྱད་ཀྱིས་བསྡུས་པའི་གཏེར་ཆེན་གཏེར་ཕྲན་གྲངས་ཀྱིས་མི་ལང་པ་བོད་ཡུལ་མཐའ་དབུས་ཀུན་ཏུ་སྦས་ཤིང་རྒྱ་རིམ་པ་བདུན་གྱིས་བཏབ། རྗེ་འབངས་རྣམས་ལ་སྨོན་ལམ་བདེན་ཚིག་གིས་མཚམས་སྦྱར་བ་ནམ་ཞིག་རང་རང་འདུལ་སྐལ་གྱི་དུས་ལ་སོན་པའི་ཚེ་རྣམ་པར་འཕྲུལ་པ་གདུལ་བྱའི་ཡུལ་དང་མཐུན་པར་བྱོན་པ་ལ་རྩ་བ་གསུམ་གྱིས་བྱིན་གྱིས་བརླབས། མཁའ་འགྲོ་ཆོས་སྐྱོང་གིས་བཀའ་རྒྱ་བཀྲོལ། བསླུ་མེད་རྡོ་རྗེའི་ལུང་བསྟན་བཞིན་ཟབ་མོའི་རྒྱ་བཀྲོལ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་ནི་གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ་སྟེ། དེ་ལྟར་ན་བརྒྱུད་པ་དྲུག་ལྡན་གྱི་བཀའ་སྲོལ་ལས་བྱོན་པ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་སྤྱིའི་དབང་དུ་བྱས་ན། གཏེར་ལས་བྱོན་པའི་སྒྲུབ་སྡེ་ཐམས་ཅད་བཀའ་བརྒྱད་ཀྱི་ཁོངས་སུ་འདུ་བས་ཚད་བཟུང་དུ་མེད་ཅིང་། བྱེ་བྲག་སྒྲུབ་སྡེ་ཡོངས་རྫོགས་ཚོམ་བུ་དགུ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ལའང་རྗེ་འབངས་སོ་སོའི་དབང་སྐལ་གྱི་རྒྱུད་ལུང་མན་ངག་མཐའ་ཡས་པ་འབྱུང་ཡང་། དེ་དག་ལས་གཙོ་བོར་སྐུ་གཏེར་ཡང་གསང་དྲེགས་འདུལ། གསུང་གཏེར་རང་བྱུང་རང་ཤར། ཐུགས་གཏེར་ཐུགས་ཀྱི་མེ་ལོང་། ཡོན་ཏན་གསང་བ་ཡོངས་རྫོགས། ཕྲིན་ལས་བདེ་གཤེགས་འདུས་པ་སྟེ་བླ་གཏེར་ཆེན་པོ་ལྔ་དང་ཡོངས་དྲིལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་རྣམས་སུ་གྲགས་ཆེ་བ་ལས། སྐབས་སུ་བབས་པ་སྙིང་དང་འདྲ་བ་ཕྲིན་ལས་ཀྱི་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་རྣམས་བྲག་དམར་མགྲིན་བཟང་དུ་གཏེར་དུ་སྦས་པ་མཁའ་འགྲོ་རྣམས་ཀྱིས་གཏེར་སྒོ་སྤོས་ཏེ་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ཏུ་བཞུགས་པ་ལས། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་འབྲས་བུ་མཐར་ཕྱིན་པའི་སྐུའི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས། ཟབ་གཏེར་རབ་འབྱམས་རྒྱ་མཚོའི་ཤིང་རྟའི་སྲོལ་འབྱེད། ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས། གྲུབ་ཐོབ་དངོས་གྲུབ་ཀྱི་ཞལ་སྔ་ནས་བཀའ་བརྒྱད་བཀའ་མ་རྫོང་འཕྲང་གི་ཆོས་སྐོར་ཡང་གསན་པས་བཀའ་གཏེར་ཆུ་བོ་གཅིག་ཏུ་འདྲེས་ཤིང་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་སྤེལ་བ་སྟེ། དེ་ལའང་རྩ་བའི་དབང་སྐུར་ཆེན་མོ་དང་། སྙིང་པོ་དོན་གྱི་དབང་སྐུར་གཉིས་སུ་བཞུགས་པ་ལས། སྐབས་སུ་བབས་པ་ནི་ཕྱི་མ་ཉིད་ཡིན་ལ། རྩ་བ་ལས། དཀྱིལ་འཁོར་དེར་འཇུག་རྣམ་པ་གཉིས། །སློབ་དཔོན་དང་ནི་སློབ་མ་འོ། །ཞེས་གསུངས་པའི་དོན་རྡོ་རྗེ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་འཚལ། ཞེས་མཎྜལ་འབུལ་དུ་གཞུག །སྔོན་ཆད་སོགས་སྤྱི་ལྟར་མཚམས་སྦྱར་གྱིས་བརྡ་སྤྲད་ལ། ཨོཾ་ཙཀྵུརྦནྡྷ་ཝ་ར་མ་ཎ་ཡ་སྭཱ་ཧཱ༔ མིག་དར་འཆིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེས་དཀྱིལ་འཁོར་བསྟན་པར་ཞུ༔ ཞེས་ལན་གསུམ་ཞུ། ཐེག་པ་ཐུན་མོང་གི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་གཞུང་ཤིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ། དཀྱིལ་འཁོར་ཆེན་པོ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་དང་། གཞན་ཡང་སྐྱབས་གནས་རྩ་གསུམ་དམ་ཅན་སྤྲིན་ལྟར་གཏིབས་ནས་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་གསུམ་གྱིས་རྒྱུད་སྦྱང་། སྐྱབས་གནས་དེ་དག་ཐམས་ཅད་ཀྱི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་གསུམ་གྱིས་ཚོགས་གསག །རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ ནམ་ཡང་བདག་གིས་མི་སྤོང་ངོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ སློབ་དཔོན་དག་ཀྱང་བཟུང་བར་བགྱི༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་བཟུང༔ ཕྱི་ནང་གསང་བའི་ཐེག་གསུམ་གྱི༔ དམ་ཆོས་མ་ལུས་ཡོངས་སུ་བཟུང༔ སྡོམ་པ་ཐམས་ཅད་དང་ལྡན་པས༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བདག་གིས་སྡོམ་པ་མ་ལུས་བཟུང༔ ཞེས་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ རྡོ་རྗེ་མེ་ཏོག་དང་བཅས་སྙིང་གར་བཞག་པས་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ལས་བུམ་གྱི་ཆུ་བྱིན་ཏེ། ཧཱུྃ༔ འདི་ནི་དམ་ཚིག་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ དམ་ཚིག་གི་དཔང་པོ་རྡོ་རྗེའི་མནའ་ཆུ་བྱིན་པས་ཁེ་ཉེན་གྱི་གནས་ལ་བླང་དོར་བརྟན་པོར་མཛད་པར་དམ་ཆོས་ལ་འདིའི་རྗེས་ཟློས། ས་མ་ཡ་རཀྵ་ཨི་དཾ་ན་ར་ཀན༔ ཞེས་པས་བྲོ་བོར་དུ་གཞུག །དེ་ནས་དབང་བསྐུར་གྱི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་བཅིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་རྡོ་རྗེའི་དབྱིངས་སུ་དག་པའི་ངང་ལས་སྐད་ཅིག་གིས་པདྨ་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་འོད་ཟེར་སྤྲོ་བསྡུས་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ། གཡོན་གསུམ་ཐོད་པ་ཁྲག་གིས་གང་བ་བསྣམས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་པའི་འདོར་ཐབས་སུ་བགྲད་པའི་པང་དུ་དབྱིངས་ཕྱུག་མ་སྔོན་མོ་ཁ་ཊྭཱཾ་དང་དུང་དམར་འཛིན་པས་འཁྱུད་པ། གཉིས་ཀའང་གར་གྱི་ཉམས་དགུ་དང་ལྡན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ། མདུན་བསྐྱེད་དཀྱིལ་འཁོར་དང་ནམ་མཁའི་དབྱིངས་སུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་དུ་ཐིབས་ཀྱིས་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་། སྤྱི་བོ་ནས་ཞུགས་སྙིང་གའི་ཧཱུྃ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག་བྱས་ལ། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུག །ཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་དྲག་པོ་ཡུན་རིང་དུ་བྱས་པས་ལུས་འཕར་གཡོ། ངག་སྨྲ་དགོད། སེམས་རྟོག་མེད་ཀྱི་རྟགས་འབྱུང་བར་གསུངས་སོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱའོ། །མེ་ཏོག་འབུལ་བ་ནི། ཚོམ་བུའི་དཀྱིལ་འཁོར་བཤམས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་ལྷན་ཅིག་དོར་བར་ཞུ། ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ བི་དྱཱ་རཏྣ་པུཥྤེ་ཨཱ་བེ་ཤ་ཡ་ཨ༔ ཞེས་ཕུལ་བས་གང་དུ་བབས་པའི་རིགས་དེ་དང་མཐུན་པའི་མིང་། རྡོ་རྗེ་ཆེ་མཆོག་རྩལ། དེ་བཞིན་དུ། ཐུགས་མཆོག །སྐུ་མཆོག །དབང་ཆེན། དྲག་པོ། །བླ་མེད། བདེ་བ། དབང་ཕྱུག །སྟོབས་མཆོག །ཅེས་པ་རྣམས་སོ་སོའི་མགོར་རྡོ་རྗེ་དང་། མཐར་རྩལ་ཞེས་བྱ་བའི་མིང་བྱིན་ལ་མེ་ཏོག་རེ་ཞིག་ཉེ་ལོགས་སུ་བཞག་གོ །མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་མཛོད། ཐུར་མ་ཐོགས་ལ། ཧཱུྃ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཐོག་བསལ་བ་ལྟར༔ མ་རིག་པ་ཡི་ལིང་ཐོག་ནི༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དགྲོལ། དཀྱིལ་འཁོར་བསྟན་པ་ནི། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་བསྐྱེད༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ཞེས་བརྗོད་ནས། འདི་ལྟར་མཚོན་བྱེད་དཔེའི་དཀྱིལ་འཁོར་ལས། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡེ་ཤེས་རང་སྣང་ལས་གྲུབ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པའི་ནང་དུ། ཕོ་བྲང་དགུ་ཚོམ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་ལ་བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། ཤར་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོར་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་དབང་ཆེན་རྟ་མཆོག་རྒྱལ་པོ་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་བཅོམ་ལྡན་མངོན་རྫོགས་རྒྱལ་པོ་ལ་རྦོད་གཏོང་མ་མོའི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་རབ་ལ་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་ཤར་དཔལ་ཆེན་སྟོབས་ལྡན་ནག་པོ་ལ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། སྒོ་བཞིར་སྒོ་སྐྱོང་གདོང་མོ་རྣམ་བཞི། ཕྱིའི་ཁོར་ཡུག་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་གིང་ཆེན་ལངྐ་མ་སྲིང་འབར་མ་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཐོང་སྙམ་པ་གྱིས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། དེ་དག་གིས་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ། ཅེས་སོ། །གཉིས་པ་ལ་ལྔ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་མཐའ་རྟེན་བསྒྲལ་བའི་དབང་ངོ་། །དང་པོ་ནི། དེ་ལ་ཐོག་མར་ཕྱི་དབང་རྫས་ལ་བརྟེན་ཏེ་བསྐུར་བ་ལ་སྔོན་དུ་འགྲོ་བ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་བསྙེན་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཅེེས་གསུམ་གྱིས་གསོལ་བ་གདབ། དངོས་གཞི་ལ་ཞི་བ་དང་ཁྲོ་བོའི་རྫས་དབང་གཉིས་སུ་ཡོད་པའི་དང་པོ་ཞི་བའི་དབང་རྫས་དྲུག་གི་ཐོག་མ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱེད་པའི་ཕྱིར་དུ་བུམ་པའི་དབང་བསྐུར་བ་ལ། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་ཤིག །ཅེས་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་སྤྱི་བོར་དབང་བསྐུར་པས༔ སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུག །བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཆོས་ཀྱི་རྒྱལ་སྲིད་ཐོབ་པར་བྱ་བའི་ཕྱིར་ཅོད་པན་གྱི་དབང་བསྐུར་བ་ནི། སྔར་ཕུལ་བའི་མེ་ཏོག་དེ་ཉིད་རིགས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་སྤྱི་བོར་དབང་རྟགས་སུ་བཅིངས་པར་མོས་ཤིག །ཧཱུྃ༔ ཅོད་པན་འདི་ནི་མཛེས་པ་སྟེ༔ ཡེ་ཤེས་ལྔ་ལྡན་གཙུག་གི་ནོར༔ ཀླུ་གདུག་གནོད་པ་མི་ཚུགས་ཤིང༔ འཁོར་བས་མི་རྫི་བ་ཡི་དབང་བསྐུར་རོ༔ ཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་ཀུཊ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མེ་ཏོག་གི་ཅོད་པན་སྤྱི་བོར་བཞག །ཅོད་པན་གྱི་དབང་བསྐུར་པས༔ ཁམས་གསུམ་དུ་སྤྱོད་ཅིང་གནས་ཀྱང་སྐུ་གསུམ་གྱི་ངང་དུ་རྟོགས་ཏེ་དུག་གསུམ་གྱི་སྐྱོན་དང་བྲལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ལྔའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དབུ་རྒྱན་གྱི་དབང་བསྐུར་བ་ནི། དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ སྙིང་པོ་ལྔ་དང་ཕྱག་མཚན་ལྔ༔ རིགས་ལྔའི་སྐུ་རུ་གནས་གྱུར་ནས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ རིགས་མཆོག་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་བུདྡྷ། ཧཱུྃ་བཛྲ། ཏྲཱཾ་རཏྣ། ཧྲཱིཿཔདྨ། ཨཱཿཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབུ་རྒྱན་མགོར་བཅིང་། དབུ་རྒྱན་རིགས་ལྔའི་སངས་རྒྱས་ཀྱི་དབང་བསྐུར་པས༔ ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སྐུ་དང་ཡེ་ཤེས་ལྔའི་ངང་དུ་གནས་གྱུར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེའི་དབང་བསྐུར་བ་ནི། རིགས་ལྔ་དང་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་ལག་གཡས་སུ་གཏད་པ་འདི་ཉིད་སྙིང་གར་ལན་གསུམ་གསོར་བས་ཡེ་ཤེས་ལྔ་རང་གསལ་དུ་འཆར་བས་བདག་དོན་ལྷུན་གྱིས་གྲུབ་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ཡི་རང་བཞིན་ཅན༔ ཞེ་སྡང་ཀུན་འཇོམས་ཕ་རོལ་ཕྱིན༔ མཚོན་པའི་རྡོ་རྗེ་རྩེ་ལྔ་པ༔ དེ་ཡི་དབང་མཆོག་དམ་པ་བསྐུར༔ ཨོཾ་བཛྲ་ཛྙཱ་ན་བཛྲ་པཉྩ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གཏད་ལ་གསོར་བཅུག །རྡོ་རྗེ་རྩེ་ལྔ་པས་དབང་བསྐུར་པས༔ དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཐབས་ཤེས་རབ་གཉིས་སུ་མེད་པར་བྱ་བའི་ཕྱིར་དྲིལ་བུའི་དབང་བསྐུར་བ་ནི། གྲགས་སྟོང་གི་སྒྲས་ཐབས་ཤེས་ཟུང་འཇུག་ཏུ་མཚོན་པའི་དྲིལ་བུ་ལག་གཡོན་དུ་གཏད་པ་ལན་གསུམ་དཀྲོལ་བས་གསང་མཆོག་བདེ་ཆེན་ཟུང་འཇུག་གི་ལམ་གྱིས་འགྲོ་བའི་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་ཀྱི་སྒྲ་ཡི་དྲིལ་བུ་འདིས༔ གསུང་རབ་བཅུ་གཉིས་སྒྲ་བསྒྲགས་པས༔ ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས༔ ཐབས་དང་ཤེས་རབ་དབང་བསྐུར་རོ༔ ཨོཾ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གཏད་ལ་དཀྲོལ་དུ་གཞུག །དྲིལ་བུའི་དབང་བསྐུར་པས༔ ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུའི་ཡེ་ཤེས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སོ་སོའི་ལྷ་སྒྲུབ་པ་དང་གསང་བ་འཛིན་པའི་གྲལ་དུ་ཚུད་པར་བྱ་བའི་ཕྱིར་མིང་གིས་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེ་མིང་གིས་དབང་བསྐུར་བར་མོས་ཤིག །ཧཱུྃ༔ དེ་རིང་ཕན་ཆད་བུ་ཁྱོད་ལ༔ ཁམས་གསུམ་སྲིད་གསུམ་དུས་གསུམ་དུ༔ མཆོག་གསུམ་སངས་རྒྱས་ཞིང་ཁམས་སུ༔ རྡོ་རྗེར་གྲགས་པའི་དབང་བསྐུར་རོ༔ ཤྲཱི་ཧེ་རུ་ཀ་བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་སྤྱི་བོར་བཞག །མིང་གིས་དབང་བསྐུར་པས༔ ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྡོ་རྗེའི་མཚན་གྱིས་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཉིས་པ་ཁྲོ་བོའི་དབང་རྫས་གསུམ་གྱིས་རིམ་པར་དབང་བསྐུར་བའི་དང་པོ་དཔལ་ཆེན་པོའི་ཆེ་བའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་ཕྱག་མཚན་གྱི་དབང་བསྐུར་བ་ནི། ཁྱེད་རང་རྣམས་གཞལ་ཡས་ཁང་གདན་དང་བཅས་པའི་སྟེང་དུ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྐུར་གསལ་བ་ལ་རྩ་བའི་ཕྱག་མཚན་རྡོ་རྗེ་དང་དུང་ཁྲག་བྱིན་པས་ཕྱག་མཚན་ཡོངས་སུ་རྫོགས་པར་མོས་ཤིག །རྡོ་རྗེ་རྩེ་དགུ་ལག་གཡས་སུ་གཏད་ལ། ཧཱུྃ༔ ཡེ་ཤེས་དགུ་ཡི་ཕ་རོལ་ཕྱིན༔ ཧེ་རུ་ཀ་ཡི་རང་བཞིན་ཏེ༔ ས་དགུའི་ཉོན་མོངས་རྟོག་པ་བཅོམ༔ དེ་ཉིད་ཡོན་ཏན་དབང་བསྐུར་རོ༔ ཨོཾ་ཛྙཱ་ན་བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེས་དབང་བསྐུར་པས༔ སེམས་ཉིད་དང་ཆོས་ཉིད་མི་ཕྱེད་ཅིང་མི་ཤིགས་མི་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཐོད་ཁྲག་གཡོན་དུ་གཏད་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་ཀ་པཱ་ལ༔ སྙིང་རྗེ་ཆགས་པའི་ཁྲག་གིས་བཀང༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཕྱོགས་ལྷུང་ཀུན་བྲལ་དབང་བསྐུར་རོ༔ ཨོཾ་ཀ་པཱ་ལ་རཀྟ་ཨ་བྷི་ཥིཉྩ་ཨཱཿ ཐོད་ཁྲག་གིས་དབང་བསྐུར་པས༔ ཐབས་ཐུགས་རྗེ་དང་ཤེས་རབ་ཆགས་པ་གཉིས་སུ་མེད་པས་འགྲོ་བའི་དོན་ལ་ཆགས་ཤིང་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར་དུར་ཁྲོད་ཆས་བརྒྱད་ཀྱིས་དབང་བསྐུར་བ་ནི། གནས་རྣམས་སུ་བྱུགས་པའི་རྫས་གསུམ་གྱི་མཚན་མ། སྐུའི་སྟོད་སྨད་ལ་བགོ་བའི་གོས་གསུམ་གྱི་ན་བཟའ། མགུལ་དང་ཕྱག་ཞབས་ལ་གདགས་པའི་རྒྱན་གཉིས་ཀྱིས་སྤྲས་པར་མོས་ཤིག །དཔྲལ་བ་དང་མཁུར་ཚོས་གཉིས་སུ་ཐལ་ཆེན་ཚོམ་བུ་བྱས་ལ། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ༔ ཐལ་ཆེན་མཚན་མས་རབ་བརྒྱན་པ༔ འདི་ནི་སྔོན་གྱི་དམ་ཚིག་ཡིན༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ༔ གདུག་པ་མ་ལུས་འདུལ་བྱེད་པའི༔ ཐལ་ཆེན་མཚན་མས་དབང་བསྐུར་རོ༔ ཨོཾ་ཏ་ཏ་བ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཐལ་ཆེན་གྱི་ཚོམ་བུས་དབང་བསྐུར་པས༔ ཁམས་གསུམ་རྡུལ་དུ་རློག་ཅིང་དུག་གསུམ་གཏན་ནས་སྤྲུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རཀྟའི་ཐིག་ལེ་མཁུར་ཚོས་དང་བྲང་ལ་གདབ་སྟེ། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ༔ རཀྟའི་ཐིག་ལེས་རབ་བརྒྱན་པ༔ འདི་ནི་སྔོན་གྱི་དམ་ཚིག་ཡིན༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ༔ གཏུམ་པོ་དྲེགས་པ་འཇོམས་མཛད་པའི༔ རཀྟའི་ཐིག་ལེས་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཀྟ་ཨ་བྷི་ཥིཉྩ་ཨཱ༔ རཀྟའི་ཐིག་ལེས་དབང་བསྐུར་པས༔ ཐུགས་རྗེས་འགྲོ་ལ་ཆགས་ཤིང་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཚིལ་ཆེན་ཞག་གི་སོར་རིས་ཨོག་ཀོ་ལ་བྲིས་ཏེ། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ༔ ཞག་གི་ཟོ་རིས་རབ་བརྒྱན་པ༔ འདི་ནི་སྔོན་གྱི་དམ་ཚིག་ཡིན༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ༔ ཆེ་བའི་ཡོན་ཏན་རབ་བརྒྱན་པའི༔ ཞག་གི་ཟོ་རིས་དབང་བསྐུར་རོ༔ ཨོཾ་སྟཾ་པ་ག་ཏ་ག་ལ་ཨ་བྷི་ཥིཉྩ་ཨཱ༔ ཞག་གི་ཟོ་རིས་ཀྱི་དབང་བསྐུར་པས༔ འཁོར་བའི་སྡུག་བསྔལ་ཁྲག་ལྟ་བུ་གཉེན་པོ་ཐུགས་རྗེ་མཆོག་གིས་སྐམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གླང་ཀོས་སྟོད་དུ་གཡོགས་ལ། ཧཱུྃ༔ གླང་ཆེན་ཀོ་རློན་བརྗིད་པའི་རྒྱན༔ གཏི་མུག་མུན་པ་དག་པའི་བརྡ༔ ན་བཟའ་རྒྱན་གྱིས་སྐུ་ལ་གསོལ༔ སྟོབས་ཀྱི་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཧསྟི་ཀ་ཏ་ར་པ་ཥ་ཨ་བྷི་ཥིཉྩ་ཨཱ༔ ཀོ་རློན་གྱི་དབང་བསྐུར་པས༔ གཏི་མུག་མ་སྤངས་གནས་སུ་དག་ནས་སྟོབས་བཅུས་འགྲོ་དོན་མཛད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཞིང་ལྤགས་བཀོན་ལ། ཧཱུྃ༔ ཞིང་ཆེན་དུར་ཁྲོད་རྟགས་ཀྱི་རྒྱན༔ འཁོར་བ་མ་སྤངས་དག་པའི་བརྡ༔ འཁོར་བའི་གནས་ལས་རྒྱལ་བ་ཡི༔ དུར་ཁྲོད་བདག་པོར་དབང་བསྐུར་རོ༔ ཧཱུྃ་བཾ་ཧཱུྃ་ཙན་དྷ་ཁ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཞིང་གི་གཡང་གཞིས་དབང་བསྐུར་པས༔ ལྷ་དང་ལྷ་མིན་དྲེགས་པ་ཅན་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྟག་ཤམ་སྨད་དུ་དཀྲིས་ལ། ཧཱུྃ༔ ཞེ་སྡང་གཏུམ་དྲག་སྟག་ཤམ་འདི༔ ཕྲག་དོག་གནས་སུ་དག་པའི་བརྡ༔ ཐབས་དང་ཤེས་རབ་དཔའ་རྒོད་ལྡན༔ ཕྱི་ནང་ཀུན་ལྡན་དབང་བསྐུར་རོ༔ ཨོཾ་བྱཱ་ཀྲི་ཏ་མུ་ཁ་ཨ་བྷི་ཥིཉྩ་ཨཱ༔ སྟག་ཤམ་གྱི་དབང་བསྐུར་པས༔ ཕྲག་དོག་མ་སྤངས་གནས་སུ་དག་ནས་ཕྲིན་ལས་ཐམས་ཅད་མཛད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཐོད་པ་ཚར་གསུམ་གྱི་ཕྲེང་བ་བཀོན་ལ། ཧཱུྃ༔ ཐོད་སྐམ་ར་རི་ལོངས་སྤྱོད་སྐུ༔ དུང་ཁྲག་ཆོས་སྐུ་ཆོས་ཉིད་དང༔ རློན་པ་སྤྲུལ་སྐུ་འགྲོ་དོན་བརྩོན༔ སྐུ་གསུམ་ངོ་བོར་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀ་པཱ་ལ་བྷནྡྷ་ཧྲཱིཿཨ་བྷི་ཥིཉྩ་ཨཱ༔ ཐོད་པ་ཚར་གསུམ་གྱི་དབང་བསྐུར་པས༔ དུག་གསུམ་གཏན་ནས་བརླགས་ཏེ་སྐུ་གསུམ་ཡོངས་སུ་རྫོགས་ནས་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྦྲུལ་ཆུན་རིགས་ལྔ་ཕྱག་ཞབས་ལ་བརྒྱན་པའི་ཚུལ་བྱས་ཏེ། ཧཱུྃ༔ སྦྲུལ་ཆེན་རིགས་ལྔའི་ཆུན་པོ་འདི༔ ཀླུ་རྒྱལ་རིགས་ལྔ་འདུལ་བའི་བརྡ༔ ཞེ་སྡང་ཆེན་པོའི་རང་བཞིན་ཏེ༔ དེ་ཡི་གཉེན་པོས་དབང་བསྐུར་རོ༔ ཨོཾ་མ་ཧཱ་ནཱ་ག་རཱ་ཙ་པཉྩ་ཨ་བྷི་ཥིཉྩ་ཨཱ༔ སྦྲུལ་ཆུན་གྱི་དབང་བསྐུར་པས༔ ཀླུའི་ཚོགས་རྣམས་དབང་དུ་སྡུད་ཅིང་ཞེ་སྡང་གནས་སུ་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསང་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་སྒྲུབ་རྫས་ཀྱི་དབང་བསྐུར་བ་ནི། སྨན་རཀ་གཏོར་མ་བཞིའི་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་ཅིང་ལས་བཞི་ཐོགས་མེད་དུ་འགྲུབ་པའི་མཐུ་ཐོབ་པར་མོས་ཤིག །མཆོད་གཏོར་གཏད་ལ། ཧཱུྃ༔ དྲག་པོའི་མཆོད་གཏོར་འདི་བྱིན་པས༔ ཡེ་ཤེས་ལྷ་རྣམས་མཉེས་མཆོད་ཅིང༔ དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ བསྒོམ་བསྒྲུབ་ཉན་བཤད་དབང་བསྐུར་རོ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ གཏོར་མས་དབང་བསྐུར་པས༔ བདེ་བར་གཤེགས་པ་རྣམས་མཉེས་ཤིང་མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐངས་ནས་དགྲ་བགེགས་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུད་རྩི་ལག་གཡས་སུ་བྱིན་ལ། ཧཱུྃ༔ དམ་རྫས་བདུད་རྩིའི་དབང་རྣམས་ནི༔ ཡེ་ཤེས་ལྔ་ཡི་རང་བཞིན་ཏེ༔ དུག་ལྔ་གདོད་ནས་རྣམ་པར་དག༔ སྨན་ཆེན་ལྔ་ཡི་དབང་བསྐུར་རོ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩིའི་དབང་བསྐུར་པས༔ ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩི་སྦྱར་ཅིང་དུག་ལྔ་སྨན་དུ་གྱུར་ནས་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རཀྟ་ལག་གཡོན་དུ་བྱིན་ལ། ཧཱུྃ༔ དྲེགས་པ་རུ་དྲ་བསྒྲལ་པའི་ཁྲག༔ འདོད་ཆགས་གནས་དག་བདུད་རྩི་སྟེ༔ འཁོར་བ་རྩད་གཅོད་ཆོས་ཉིད་འདིར༔ གཉིས་མེད་རོལ་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཀྟ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རཀྟས་དབང་བསྐུར་པས༔ འདོད་ཆགས་རང་སར་དག་ནས་འཁོར་བའི་གནས་ནས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ལས་བཞིའི་གཟུགས་སམ་གཏོར་མ་གཏད་ལ། ཧཱུྃ༔ ཤེས་རབ་ཐབས་ཀྱི་ངོ་བོ་ལས༔ ཁམས་གསུམ་སྲིད་གསུམ་མཐའ་ཡས་པའི༔ བདེ་གཤེགས་ཕྲིན་ལས་མཛད་པའི་ཕྱིར༔ ཞི་རྒྱས་དབང་དང་མངོན་སྤྱོད་དང༔ ཏ་ན་ག་ཎ་སྦྱོར་སྒྲོལ་རྣམས༔ རྣལ་འབྱོར་དག་པའི་ཕྲིན་ལས་ཏེ༔ ཕྲིན་ལས་མ་ལུས་ཀུན་འགྲུབ་པའི༔ དེ་ཡི་དབང་མཆོག་བསྐུར་བར་བྱ༔ ཨོཾ་ཤཱནྟིཾ། པུཥྚིཾ། པ་ཤཾ། མཱ་ར་ཡ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཨཱ༔ ཕྲིན་ལས་བཞིས་དབང་བསྐུར་པས༔ ཞི་རྒྱས་དབང་དྲག་གིས་སངས་རྒྱས་ཀྱི་ཕྲིན་ལས་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཉིས་པ་ནང་དབང་ལུས་ལ་བརྟེན་ཏེ་ཞི་བ་དང་ཁྲོ་བོའི་ལྷ་དབང་བསྐུར་བ་ལ། ཐོག་མར་དཀྱིལ་འཁོར་གྱི་གཙོ་བོ་ལས་རྒྱལ་བ་རིགས་ལྔ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་སྤྱི་བོ་ལ་སོགས་པའི་མགོ་བོའི་གནས་ལྔར་བཞུགས་པར་མོས་ཤིག །རྣམ་སྣང་སྤྱི་བོར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྣམ་པར་སྣང་མཛད་ནི༔ བྱང་ཆུབ་ཕྱག་རྒྱ་སྐུ་མདོག་དཀར༔ ཕྱག་མཚན་ཆོས་ཀྱི་འཁོར་ལོ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཛི་ན་ཛིཀ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྣམ་པར་སྣང་མཛད་ཀྱིས་དབང་བསྐུར་པས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མི་བསྐྱོད་པ་དཔྲལ་བར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ནི༔ བདུད་འདུལ་ཕྱག་རྒྱ་སྐུ་མདོག་མཐིང༔ ཕྱག་ན་མི་འགྱུར་རྡོ་རྗེ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་དྷྲྀཀ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་མི་བསྐྱོད་པས་དབང་བསྐུར་པས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རིན་འབྱུང་རྣ་ལྟག་གཡས་སུ་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རིན་ཆེན་འབྱུང་གནས་ནི༔ མཆོག་སྦྱིན་ཕྱག་རྒྱ་སྐུ་མདོག་སེར༔ ཕྱག་ན་དགོས་འདོད་རིན་ཆེན་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ སྭཱ་རཏྣ་དྷྲྀཀ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་པས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྣང་བ་མཐའ་ཡས་ལྟག་པར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ ཏིང་འཛིན་ཕྱག་རྒྱ་སྐུ་མདོག་དམར༔ ཕྱག་ན་མ་ཆགས་པདྨ་བསྣམས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཨ་རོ་ལྀཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ སྣང་བ་མཐའ་ཡས་ཀྱི་དབང་བསྐུར་པས༔ སོ་སོར་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དོན་གྲུབ་རྣ་ལྟག་གཡོན་དུ་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་དོན་ཡོད་གྲུབ་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱ་སྐུ་མདོག་ལྗང༔ ཕྱག་ན་མཐར་བྱེད་རྒྱ་གྲམ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཧཱ་པྲ་ཛྙཱ་དྷྲྀཀ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དོན་ཡོད་གྲུབ་པས་དབང་བསྐུར་པས༔ བྱ་བ་ནན་ཏན་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཤིག །འཇམ་དཔལ་དཔྲལ་བར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས༔ རིན་ཆེན་རིགས་ཀྱི་སྐུ་མདོག་སྟེ༔ ཕྱག་ན་རལ་གྲི་པོ་ཏི་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ འཇམ་དཔལ་གྱིས་དབང་བསྐུར་པས༔ ལོངས་སྤྱོད་རྫོགས་སྐུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྤྱན་རས་གཟིགས་མགྲིན་པར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་སྤྱན་རས་གཟིགས་དབང་ནི༔ པདྨ་རིགས་ཀྱི་སྐུ་མདོག་སྟེ༔ ཕྱག་ན་ཤེལ་ཕྲེང་པདྨ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཨཱརྱ་ལོ་ཀི་ཏེ་ཤྭ་རཱ་ཡ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྤྱན་རས་གཟིགས་ཀྱིས་དབང་བསྐུར་པས༔ མངོན་པར་བྱང་ཆུབ་པའི་སྐུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྡོར་སེམས་སྙིང་གར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི༔ རྡོ་རྗེ་རིགས་ཀྱི་སྐུ་མདོག་སྟེ༔ ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སཏྭ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སེམས་དཔས་དབང་བསྐུར་པས༔ རྡོ་རྗེའི་སྐུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྡོ་རྗེེ་འཆང་ལྟེ་བར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་འཆང་ཆེན་ནི༔ ལས་ཀྱི་རིགས་ཀྱི་སྐུ་མདོག་སྟེ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ མ་ཧཱ་བཛྲ་དྷཱ་ར་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་འཆང་གི་དབང་བསྐུར་པས༔ སྤྲུལ་པའི་སྐུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ལྟར་ཞི་བ་རིགས་ལྔ་དང་རིགས་བཞིའི་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པས་ཞི་བ་ཡོངས་སུ་རྫོགས་པའི་བྱིན་རླབས་དབང་དང་དངོས་གྲུབ་ཐོབ་པར་མོས་མཛོད། གཉིས་པ་ཁྲོ་བོའི་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན་སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིག །ཅེས་ཆེ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག་པས་སྲོག་རྩ་བཞིའི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་པ་རྡོ་རྗེ་རྣམ་གསུམ་བསྣམས༔ གཡོན་པས་བྷན་དམར་རྣམ་གསུམ་བསྣམས༔ གནམ་ཞལ་དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་པས༔ ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རིག་འཛིན་བླ་མ་སྤྱི་བོར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རིག་འཛིན་ཐོད་པ་རྩལ༔ བརྒྱུད་པ་རྩ་བའི་བླ་མ་རྣམས༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིག་འཛིན་གྱིས་དབང་བསྐུར་པས༔ མཐུ་དང་བྱིན་རླབས་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཤིན་རྗེ་གཤེད་དཔྲལ་བར་བསྟིམས་ལ། ཧཱུྃ༔ འཇམ་དཔལ་གཤིན་རྗེ་གཤེད་པོ་ནི༔ སེར་ནག་དབུ་གསུམ་ཕྱག་དྲུག་པ༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔ བེ་ཏཱ་ཙཱ་ཏི་གཉིས་མེད་འཁྲིལ༔ གཤེད་པོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱིས་དབང་བསྐུར་པས༔ སྐུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་ཆེན་མགྲིན་པར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྟ་མགྲིན་རྒྱལ་པོ་ནི༔ དམར་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས༔ བྷན་དམར་དྲིལ་བུ་ལྕགས་སྒྲོག་གཡོན༔ རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ ཨེ་ཀ་ཛཱ་ཏི་གཉིས་མེད་འཁྲིལ༔ དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྟ་མགྲིན་ཡབ་ཡུམ་གྱིས་དབང་བསྐུར་པས༔ གསུང་དབྱངས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཡང་དག་ཐུགས་ཀར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་ཏཱི་ཤྭ་རི་གཉིས་མེད་འཁྲིལ༔ ཡང་དག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་པས༔ ཐུགས་མཆོག་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕུར་པ་ལྟེ་བར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་འཛིན༔ ཐ་མ་གཉིས་ན་ཕུར་བུ་འདྲིལ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས་དབང་བསྐུར་པས༔ ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བླ་མེད་གསང་བར་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁྱུང་སྦྲུལ་ཞགས་པ་གཡས༔ བྷནྡྷ་ཞིང་གཡབ་ག་འུ་གཡོན༔ ཀུན་བཟང་ཡུམ་དང་གཉིས་མེད་འཁྲིལ༔ མ་མོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ༔ གུ་ཡ་ཛྙཱ་ན་ཀྲོ་ཏཱི་ཤྭ་རི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱིས་དབང་བསྐུར་པས༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ པུས་མོ་གཡས་པར་དྲེགས་འདུལ་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་མགོ་བོ་ལ༔ གཡོན་པ་ཀླུ་བརྒྱད་མགོ་བོ་འཛིན༔ ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་གྱིས་དབང་བསྐུར་པས༔ དྲེགས་པ་དབང་དུ་སྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ པུས་མོ་གཡོན་པར་སྟོབས་ལྡན་བསྟིམས་ལ། ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔ ཁམ་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་ཙིཏྟ་ལ༔ གཡོན་པ་ཀླུ་བརྒྱད་ཙིཏྟ་འཛིན༔ འབྱུང་བའི་བདག་མོ་གཉིས་མེད་འཁྲིལ༔ སྔགས་བདག་དྲེགས་པའི་ཚོགས་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ སྟོབས་ལྡན་ནག་པོ་ཡབ་ཡུམ་གྱིས་དབང་བསྐུར་པས༔ བསྟན་པ་འཇིག་པའི་དགྲ་བགེགས་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དཔུང་པ་གཉིས་ལ་ཁྱུང་ཆེན་གཉིས་བསྟིམ་ཞིང་། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་ནག་གཡས་གཡོན་གཉིས༔ རྡོ་རྗེའི་མཆུ་ཡིས་གདུག་པ་ཟ༔ རལ་གྲིའི་གཤོག་པ་ལྕགས་ཀྱུའི་སྡེར༔ རིགས་ལྔའི་སྤྲུལ་པ་ཁྱུང་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཁྲོཾ་བཛྲ་ག་རུ་ཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཁྱུང་གིས་དབང་བསྐུར་པས༔ ཀླུ་དང་གདུག་པ་མ་ལུས་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པས་སྒྲུབ་སྡེ་དགུའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་འབོགས་པ་ནི། ལྷ་སྒོམས་སྔགས་ཟློས་ལུང་འབོགས་ལ༔ བདེ་གཤེགས་ཀུན་འདུས་སྒྲུབ་པར་བསྒོ༔ ཞེས་གསུངས་པས། བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་ཟེར་འཕྲོ་བཞིན་པར་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། ཞི་ཁྲོའི་སྤྱི་སྔགས་དང་གཙོ་བོ་དགུའི་སྙིང་པོ་དང་། སྤྱི་དྲིལ་ལམ་མེ་དཔུང་མར་གྲགས་པའི་རྗེས་ཟློས་བྱ། དཔལ་ཆེན་པོའི་གསུང་གསང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཆ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་གསང་དབང་ཡུམ་ལ་བསྟེན་ཏེ་བསྐུར་བ་ལའང་གཉིས་ཡོད་པའི་དང་པོ་གསང་དབང་དངོས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ལས་ཕྱུང་སྟེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ལྕེ་ལ་བཞག་པའི་མོས་པ་བརྟན་པོ་མཛོད་ཅིག །ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་པས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་ངོ་བོར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨ་ཧོཿམ་ཧཱ་སུ་ཁ༔ ཞེས་མྱངས་པས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་སྟོང་གསལ་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་ལས་རྒྱ་དངོས་སམ་དེར་མོས་པའི་གཟུགས་བརྙན་གྱི་ལག་གཡོན་སློབ་མའི་ལག་པ་གཡས་སུ་གཏད་པར་མོས་ཤིག །ཧཱུྃ༔ མཚན་ལྡན་བཀྲ་ཤིས་གཟུངས་མ་འདི༔ བསྟེན་ན་གཉིས་མེད་བདེ་བ་སྐྱེ༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོ༔ ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་། ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུཾ་གྱིས་མཚན་པར་བསམས་ནས་འདོད་པའི་ཡོན་ཏན་ལྔའི་བདེ་བ་དང་རོ་མཉམ་པས། རྡོ་རྗེ་པདྨར་རེག་ཅིང་ཞུགས་པ་དང་བསྲུབས་པས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་མཛོད། དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་སྒོམ་པ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་ནི། གཟུགས་བརྙན་གསལ་བའི་མེ་ལོང་དང་མན་ཤེལ་རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། ཁྱེད་རང་རྣམས་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་མཚོན་པར་གྱིས་ལ་རང་རིག་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་ཞོག་མཛོད། ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་མདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་མངོན་སྤྱོད་སྒྲོལ་བ་དྲག་པོའི་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། དེའང་བསྒྲལ་ལས་ཐམས་ཅད་ཀྱི་རྩ་བ་རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་སྒྲོལ་བ་གཉིས་སུ་འདུ་བས། དང་པོ་རྟོགས་པས་བདག་བསྒྲལ་བ་ནི། རང་རྒྱུད་ཀྱི་མ་རིག་པའམ་བདག་ཏུ་འཛིན་པ་འདི་ཁམས་གསུམ་འཁོར་བའི་རྩ་བ་ཡིན་ཅིང་བྱང་ཆུབ་ཐོབ་ཏུ་མི་སྟེར་བའི་གེགས་བྱེད་འདི་ཁོ་ན་ཡིན་ལ། འདི་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་ཕུར་བུ་སྐུ་གསུམ་དབྱེར་མེད་ཀྱི་དབལ་དང་ལྡན་པས་ཆོས་ཉིད་གནས་ལུགས་ཀྱི་ཧོམ་ཁུང་དུ་མ་བཅོས་མཉམ་པ་ཉིད་ཀྱི་ཏིང་འཛིན་གྱིས་བསྒྲལ་པས་གཉིས་སྣང་གི་རྟོག་པ་ཟད་པ་འདི་དོན་ཆོས་ཉིད་ཀྱིས་བསྒྲལ་ཚུལ་ཡང་ཡིན་པས་ན་བསྒྲལ་ལས་ཐམས་ཅད་ཀྱི་ཐོག་མར་གནད་དུ་ཐེབས་དགོས་པ་དང་། དེ་ལ་རང་དབང་ཐོབ་ནས་ཐུགས་རྗེས་གཞན་སྒྲོལ་བ་ལ། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན། སྒོས་ལོག་རྟོག་གདུག་ཅན་གྱི་གདུལ་བྱ་རྣམས་ལ། ཞེ་སྡང་ཁོང་ཁྲོ་གནོད་སེམས་ཀྱིས་མ་ཡིན་པར་སྙིང་རྗེ་བྱང་སེམས་ཀྱིས་ཀུན་ནས་བསླངས་ཏེ། ལྟ་བའི་རྫོང་ལ་གཞི་བཅའ། སྒོམ་པའི་འཕྲང་གིས་གནད་བཟུང་། སྤྱོད་པའི་སྲོག་གི་མན་ངག་གཏན་ལ་ཕབ་ནས། ལོག་སྤྱོད་ཀྱི་སྐྱེ་འགྲོ་རྣམས་ལས་ངན་གྱི་རྒྱུན་བཅད། ཚོགས་གཉིས་ཀྱི་ས་བོན་བསྐྲུན་ནས་ཐབས་མཁས་ཀྱི་ཚོགས་བྱང་ཆུབ་སྙིང་པོར་སྦྱོར་བ་ལ་རྟོགས་ཚོགས་བསྒྲལ་བ་ཞེས་བྱ་སྟེ། དེ་ལྟ་བུའི་གནད་དོན་ངེས་པའི་ངང་ནས་ལས་ཕུར་འདི་ཉིད་ཁྲོ་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་རྣམ་པ་ཅན་མཐིང་ནག་ཕུར་བུ་བསྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་པ་དབལ་གསུམ་དུས་མེའི་ཚྭ་ཚྭ་འཕྲོ་བའི་རང་བཞིན་དུ་གསལ་བ་འདི་ལག་ཏུ་གཏད་ཅིང་ཕྱོགས་བཅུར་སྒྲིལ་བ་ཙམ་གྱིས། མ་རུངས་གདུག་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་བསྒྲལ་འདྲེན་ནུས་པའི་དབང་ཐོབ་པའི་མོས་པ་མཛོད་ཅིག །སློབ་མ་ལ་ལས་ཕུར་གཏད། མདུན་དུ་བྲུབ་ཁུང་ཉ་བོ་བཅས་བཀོད་ལ། ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲིལ་ཏེ་འདེབས་པར་དབང་བསྐུར་པས༔ ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ དྲག་སྔགས་སོ་ལྔ་པའི་ཤམ་དུ། ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གཏད་ལ། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ། བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་མེ་རབ་ཏུ་འབར་བའི་ནང་དུ་ལིངྒ་དགྲ་བགེགས་དངོས་སུ་གསལ། ལག་ཏུ་གཏད་པའི་ཕུར་བུ་སྲས་མཆོག་ཡཀྵ་ཀྲོ་དྷར་གསལ་བ་སྟེ། གསལ་བ་གསུམ་དང་ལྡན་པས་བདེན་སྟོབས་བརྗོད་པའི་ཚེ་དམིགས་བྱ་དངོས་སུ་ཁུག་པར་མོས་ཤིག །བདེན་སྟོབས་ཚོགས་ཐ་མ་ལྟར་བརྗོད་ལ་དྲག་སྔགས་སོ་ལྔ་པའི་མཐར། ཨཾ་ཀུ་ཤ་ཛཿས་ལྕགས་ཀྱུས་བཀུག །པཱ་ཤ་ཧཱུྃ་གིས་ཞགས་པས་བཅིངས། སྥོ་ཊ་བཾ་ཞེས་ལྕགས་སྒྲོག་གིས་བསྡམས། གཎྜེ་ཧོཿས་དྲིལ་བུས་མྱོས་པར་བྱས་ནས་མགོན་མེད་སྐྱབས་བྲལ་ཉམ་ཐག་པའི་ཚུལ་དུ་གནས་པར་གྱུར་པ་ལ་ཕུར་ཐུན་ཚོམ་བུར་བསྐུལ་བའི་ལད་མོ་གྱིས་ཤིག །ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཞེས་སོགས་ཚོགས་ཐ་མའི་དཀྱུས་བཞིན་བརྗོད་ལ། དྲག་སྔགས་སོ་ལྔ་པ་དབྱངས་བཅས་ཕུར་བསྐོར་བྱར་གཞུག །དེ་ནས་ཕུར་པ་ལིངྒའི་སྙིང་གར་བཏབ་པས་ཁོའི་ཚེ་བསོད་བཀྲག་མདངས་དང་བཅས་པ་འོད་ཀྱི་ཐིག་ལེ་དཀར་པོའི་རྣམ་པར་གྱུར་ནས་རང་ལ་ཐིམ། རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པས་དཔལ་ཆེན་པོའི་ཐུགས་ཀར་འཕངས་ཏེ་རང་བྱུང་གི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་པར་མོས་པ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་རྟེན་མཚོན་ཆས་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་དཀྱིལ་འཁོར་པ་དང་སློབ་མར་བསྟབས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པར་མོས་ཤིག །ཅེས་ལིངྒ་མཚོན་ཆས་དུམ་བུར་གཏུབས་ལ་དཀྱིལ་འཁོར་དུ་མཆོད་ཅིང་སློབ་མ་ལའང་སྦྱིན་ནོ། །དེ་ལྟར་དབང་བསྐུར་པས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད་སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། འདི་ཉིད་ལས། བླ་མ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ ཞེས་དང་གཞན་ལས་ཀྱང་། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པ་བཞིན་ལགས་པས་དགའ་བ་དང་སྤྲོ་བ་བསྐྱེད་འཚལ། དེ་དག་གིས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་ཡང་ཟབ་སྙིང་པོ་དོན་གྱི་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་རྩ་བ་དང་ཡན་ལག་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་བློས་འདི་ཡི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་རྩ་བསྔོ་བ་རྣམས་བྱའོ། །རྗེས་ཀྱི་རིམ་པ་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས། སྨོན་ལམ་ཤིས་བརྗོད་ཀྱི་བར་ལས་བྱང་དཀྱུས་ལ་སྙེགས་པས་འགྲུབ་བོ། །སྒྲུབ་ཆེན་འདི་ཡི་མཚན་ཙམ་འཛིན་པ་ཡང་། །ཨོ་རྒྱན་ང་དང་སྙིང་ཁྲག་འདྲེས་སོ་ཞེས། །བསླུ་མེད་རྡོ་རྗེའི་གསུང་གི་གསང་བ་ལ། །ཡིད་ཆེས་དབྱིག་གིས་འགྲོ་ཀུན་འབྱོར་པར་ཤོག །འཁྲུལ་པའི་རྟོག་ཚོགས་རྣམ་པ་དགུ །ཡེ་ཤེས་ཀློང་དགུའི་ངང་དུ་གྲོལ། །ཕྱག་རྒྱ་དགུ་ཡི་རྣམ་འཕྲུལ་གྱིས། །སྲིད་ཞི་ཀུན་ཁྱབ་བདག་གྱུར་ཅིག །ཅེས་པའང་རྩ་བའི་གཞུང་པདྨ་ཤེལ་ཕུག་མ་ཉིད་འཕྲི་བསྣན་མེད་པ་གཞིར་བཟུང་། འཇུག་པ་སོགས་ཡན་ལག་གི་མཛེས་རྒྱན་གཏེར་ཆེན་རིན་པོ་ཆེའི་རྣལ་འབྱོར་རྒྱུན་དབང་ནས་ཁ་བསྐངས་ཏེ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་དཔལ་ཆེན་པོའི་ཐུགས་མཛོད་དཔལ་གྱི་བེའུར་སྦྱར་བ་དགེ་ལེགས་འཕེལ།། །།

བྱང་གཏེར་ཕུར་པ་སྤུ་གྲིའི་ཕྲིན་ལས་ཀྱི་བྱང་བུ་རིག་མཆོག་འབུམ་སྡེའི་བཅུད་དྲིལ་ (Volume 31, Text 27)

༄༅། །བྱང་གཏེར་ཕུར་པ་སྤུ་གྲིའི་ཕྲིན་ལས་ཀྱི་བྱང་བུ་རིག་མཆོག་འབུམ་སྡེའི་བཅུད་དྲིལ་བཞུགས་སོ། ། ན་མཿཤྲཱི་གུ་རུ་བཛྲ་ཀུ་མཱ་ར་ཡ། རྡོ་རྗེ་ཁྲོས་པའི་གཟི་བརྗིད་ཀྱིས། །སྲིད་གསུམ་གདུག་པའི་མུན་འཇོམས་པ། །དེ་ཉིད་སྒྲུབ་པའི་ཕྲིན་ལས་ནི། །བྱེ་བའི་ཡང་ཞུན་འདི་ཉིད་དོ། །སྦྱོར་བ་དཀྱིལ་འཁོར་གཏོར་མཆོད་སོ་སོའི་སྐབས་སུ་བབས་པའི་དགོས་པ་ཁྱད་འབྲེལ་གྱི་བཅའ་གཞི་མཐོང་བརྒྱུད་ལྟར་ཚོགས་པར་བྱས་ནས། དངོས་གཞི་ཕྲིན་ལས་ཀྱི་རིམ་པ་ལ། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་ཀྱི་འཕྲོས་སུ། བཀའ་བརྒྱད་རང་ཤར་ལས་འབྱུང་བ་གནས་ཡོ་བྱིན་རླབས། སྐྱབས་སེམས་སྡོམ་བཟུང་དམ་བཅའ་ཚད་མེད་བཞི་ངག་དང་ཕྲེང་བ་རྡོར་དྲིལ་ཕུར་པ་ཡོ་བྱད་རྣམས་བྱིན་བརླབ། ཡན་ལག་བཅུ་པས་ཚོགས་བསགས། བགེགས་གཏོར་བཏང་། རྒྱལ་ཆེན་མཆོད་ནས་འདིར་འཇུག་པ་ཡིན་ཡང་། སྤྲོས་པ་ཉེར་བསྡུའི་སྐབས་དེ་ཙམ་མི་འགྲུབ་ན་བརྒྱུད་འདེབས་འཕྲོས། རྡོ་རྗེ་སློབ་དཔོན་སོགས་ཀྱིས་ཚོགས་གསག་ཡན་ལག་བརྒྱད་པ་བྱ། བགེགས་གཏོར་སྤྱི་འཚམ་གཏང་། རྒྱལ་ཆེན་བཞིའང་བསྡུ་ན། ཧཱུྃ༔ སྟོན་པའི་བཀའ་ཉན་འཇིག་རྟེན་འདུལ༔ ཐུགས་རྗེའི་ཐབས་ཀྱིས་བགེགས་རིགས་འཇོམས༔ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོ༔ ཕྱི་མཚམས་བསྲུང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོ༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང༔ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ བར་ཆད་འདུལ་བར་མཛད་དུ་གསོལ༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱ་ཧཱ༔ ཞེས་པ་ཙམ་བྱ། དེ་ནས་མཚམས་གཅད་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ རྔམ་བརྗིད་རོལ་པའི་སྟངས་སྟབས་ཅན༔ ཧཱུྃ་ཧཱུྃ་ཕཊ་ཕཊ་དྲག་པོའི་སྒྲ༔ སྟོང་གསུམ་ཁྲོ་བོ་རྔམ་པས་གང༔ ཚུར་འདུས་ཕྱོགས་མཚམས་སྟེང་འོག་ཏུ༔ འཇིག་རྟེན་དྲེགས་པ་བརྫིས་པའི་སྟེང༔ ཨེ་ནྲྀ་ཏྲི་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ དེ་སྟེང་འཇིགས་བྱེད་ཁྲོ་བོ་བཅུ༔ ཞལ་ནས་དྲག་པོའི་གསུང་འདི་སྒྲོག༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ནཱན༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ༔ སརྦ་དུཥྚཱན༔ བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཀཱི་ལི་ཀཱི་ལ་ཡ༔ སརྦ་པཱ་པཾ་ཧཱུྃ་ཧཱུྃ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དང་པོ་ཕྱི་མཚམས་གཅད་པ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ སྲིད་པའི་རྩེ་མོ་མན་ཆད་ནས༔ དམྱལ་བའི་ས་གཞི་ཡན་ཆད་དུ༔ ང་ལ་བར་ཆད་བྱེད་པ་རྣམས༔ གནས་འདིར་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བཛྲ་ཧཱུྃ་ཕཊ༔ དེ་ནས་བར་མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ མི་དགེ་བཅུ་རྣམས་ཚར་བཅད་ནས༔ རྣམ་ཐར་ལམ་ལ་འཇུག་བྱའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་གརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ ཚིནྡྷ་ཚིནྡྷ༔ བྷིནྡ་བྷིནྡ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ དེ་ནས་གསང་མཚམས་གཅད་པ་ནི༔ ཧཱུྃ༔ སྟེང་ཡང་ཕུར་པའི་གུར་ཁང་ལ༔ ཕུར་པའི་ཐོག་ཆེན་ཐོག་ལྟར་འབེབ༔ འོག་ཀྱང་ཕུར་པའི་ས་གཞི་ལ༔ ཕུར་པའི་འདུ་འཕྲོ་མེ་ལྟར་འབར༔ ཕྱོགས་མཚམས་ཕུར་པའི་དྲྭ་བས་གཏམས༔ ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕུར་པའི་མཚམས་ལས་མ་འདའ་ཞིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྵ་རཀྵ་ཧཱུྃ༔ ཁྲོ་བོའི་ཞལ་རྣམས་ཕྱིར་གཟིགས་ནས༔ མཚོན་ཆ་མང་པོས་དགྲ་བགེགས་སྒྲོལ༔ བསྐལ་པའི་མེ་དཔུང་རབ་ཏུ་འབར༔ ཨོཾ་བཛྲ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ དེ་ནས་བཤགས་པ་བྱ་བ་ནི༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛ་ཛ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་མ་ལུས་དགོངས་སུ་གསོལ༔ ཆོས་སྐུ་རྣམ་དག་ལོངས་སྐུ་དབྱིངས་ནས་བཞེངས༔ སྤྲུལ་སྐུ་འགྲོ་དོན་མཛད་པ་ཕུར་པའི་ལྷ༔ རྡོ་རྗེ་གཞོན་ནུ་འཁོར་བཅས་བདག་ལ་དགོངས༔ བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར༔ དུག་ལྔའི་དབང་གྱུར་ངན་སོང་གསུམ་གྱི་ལས༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་དུ༔ བདག་ཅག་དད་པས་འཇུག་འཚལ་གྱིས༔ ཚད་མེད་ལྷ་མོ་སྒོ་མ་བཞི༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧོ༔ ཡང་དག་གསང་བའི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་ལྷ་ཚོགས་དང༔ མཁའ་འགྲོ་དམ་ཅན་རྡོ་རྗེ་མཆེད༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་དམ་བཅའ་བ་ནི༔ ཧོ༔ ལྷག་པའི་ལྷ་ཁྱོད་བདག་ལ་དགོངས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ རྟག་ཏུ་འགྲོ་དོན་བྱ་བ་དང༔ བྱང་ཆུབ་སེམས་ཀྱི་དམ་བཅའ་འོ༔ བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་བཱན༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་བཅུ༔ ཐབས་དང་ཤེས་རབ་རྡོ་རྗེ་མཆེ་གཤོག་དང༔ ཕྲིན་ལས་རྣམ་བཞི་རྫོགས་མཛད་ཀཱི་ལ་ཡ༔ ཡེ་ཤེས་སྒོ་སྐྱོང་སྒོ་མ་ཆེན་མོ་བཞི༔ མ་མོ་བཅུ་གཉིས་སྒོ་མ་བཅུ་གཉིས་དང༔ རིག་འཛིན་རྒྱལ་པོ་རྒྱལ་ཐེབས་གཟུངས་མ་དང༔ གིང་དང་ལས་མཁན་མཆེད་དང་ལྕམ་དྲལ་དང༔ རྡོ་རྗེ་ལྷག་སྡུད་བཀའ་ཉན་དམ་ཅན་ཚོགས༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་སྔགས་འཆང་བདག་ལ་དབང་སྐུར་ཅིག༔ དམ་རྫས་སྒྲུབ་རྟེན་རྣམས་ལ་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་བེ་ཤ་ཡ་ཨཱ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཐམས་ཅད་ཡེ་ཤེས་ཆོ་འཕྲུལ་ཡིན༔ དྲི་ཞིམ་བདུག་སྤོས་དྷཱུ་ལས་བྱུང༔ བཀྲག་མདངས་མེ་ཏོག་པུ་ལས་བྱུང༔ གསལ་བའི་མར་མེ་ཨཱ་ལས་བྱུང༔ གཙང་མའི་དྲི་ཆབ་གྷ་ལས་བྱུང༔ བཅུད་ལྡན་ལྷ་བཤོས་ན་ལས་བྱུང༔ སྙན་པའི་རོལ་མོ་ཤ་ལས་བྱུང༔ ཐམས་ཅད་ཡེ་ཤེས་མཆོད་པའི་རྫས༔ བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཧཱུྃ༔ བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་བིདྱ་ཧཱུྃ༔ བཛྲ་ཤབྡ་ཨཱཿཧཱུྃ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧཱུྃ༔ རྟོག་མེད་ཡེ་ཤེས་དམ་རྫས་བདུད་རྩི་དང༔ འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྒྱ་ཆེན་སྤུངས༔ ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྱིལ༔ བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཁ་ཏ་ལི་བྷྲཱུྃ༔ མ་ཧཱ་བ་ལིཾ་ཏ་ཨཱ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ༔ དེ་ནས་དངོས་གཞིའི་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བའི་ངང༔ ནམ་མཁའི་དབྱིངས་ནས་ཐིགས་པ་ཤར༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱཿདྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བྷྲཱུྃ་བོ་དྷི་ཙིཏྟ་ས་མཱ་ཏི་ཧཱུྃ༔ ཕཊ་ཕཊ་ཕཊ་ཧཱུྃ་སུཾ་ལཾ༔ ཧཱུྃ༔ མཐིང་ནག་ཕཊ་ལས་འབྱུང་བ་ནམ་མཁའི་ཀློང༔ ལྗང་ནག་ཕཊ་ལས་རྒྱ་གྲམ་རླུང་ཆེན་བསྐྱིལ༔ དམར་ནག་ཕཊ་ལས་བསྐལ་པའི་མེ་ཆེན་འབར༔ དམར་གསལ་ཧཱུྃ་ལས་རཀྟའི་རྦ་ཀློང་འཁྱིལ༔ སེར་ནག་སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ དཀར་པོ་ལཾ་ལས་ཀེང་རུས་རི་རབ་འབར༔ དེ་སྟེང་ཨོཾ་ལཾ་སྨུག་ནག་འོད་ལྡན་ཤར༔ སྣང་སྲིད་ཐམས་ཅད་ཕུར་པའི་གཞལ་ཡས་ཁང༔ གྲུ་གསུམ་དབལ་ལ་ངན་སོང་གནས་བཅུ་རྫོགས༔ རྒྱ་མདུད་འོག་མ་འདོད་ཁམས་ལྷ་མིའི་གནས༔ ལྕིམ་གཞོག་ཟུར་བརྒྱད་སྨད་ལ་གཟུགས་ཁམས་ཀྱི༔ སྲིད་པའི་གནས་རིགས་བཅུ་བདུན་གནས་པ་འོ༔ ཟུར་བརྒྱད་སྟོད་ལ་གཟུགས་མེད་མུ་བཞིའི་ལྷ༔ རྒྱ་མདུད་གོང་མ་བདེ་གཤེགས་གཞལ་ཡས་ཁང༔ ཕྱི་ཡི་འབྱུང་བའི་དཀྱིལ་འཁོར་ཆེན་པོར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷནྡྷ་ཛྙཱ་ན་ཨེ་མཎྜལ་བྷྲཱུྃ༔ སྟོང་གསུམ་ཕུར་བུར་གསལ་བའི་རྒྱ་མདུད་ལ༔ བྷྲཱུྃ་ལས་རབ་འཇིགས་དུར་ཁྲོད་གཞལ་ཡས་ཁང༔ གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར༔ གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས༔ ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་གསལ༔ ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང༔ ཧཱུྃ༔ དེ་ཉིད་དབུས་ཀྱི་གྲུ་གསུམ་ལྟེ་བ་ལ༔ བཛྲ་ཏི་པདྨ་སཱུརྱ་ཙནྡྲ་མཎྜ་ལ༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ རྡོ་རྗེ་བྲག་ཆེན་པདྨ་ཉི་ཟླ་དང༔ རུ་དྲ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ རྒྱུ་ཡི་ཧཱུྃ་ཡིག་སྟན་ལ་བབས་པ་ལས༔ ཧཱུྃ་སྥ་ར་ཎ་ཕཊ༔ ཧཱུྃ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་བསྡུས་ནས་ཧཱུྃ་ལ་ཐིམ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ཏེ༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ རྡོ་རྗེ་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་དངོས་གྲུབ་བསྡུས་ནས་བདག་ལ་ཐིམ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིངས་སུ་བདག་སྐྱེད་ཅིག༔ བདེ་གཤེགས་སྐུ་ཡི་གཟི་བརྗིད་ཐམས་ཅད་བསྡུས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ དེ་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམ་པའི་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས༔ གཡོན་གཉིས་མེ་དཔུང་འབར་བ་ཁ་ཊྭཱཾ་འཁྲོལ༔ ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་ཁྱུང་གཤོག་དུར་ཁྲོད་ཆས་བརྒྱད་གསོལ༔ སྐུ་ལས་བསྐལ་པའི་མེ་ཆེན་རྩིབས་སྟོང་འབར༔ ཕྱོགས་བཅུར་འཕྲོ་ཞིང་སྲིད་གསུམ་སྲེག་པར་བྱེད༔ ཁྲོ་ཆུང་ཚོན་གང་བཀའ་ནན་ཚུལ་དུ་བརྒྱན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་འོད་དུ་འབར༔ ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དེ་ལས་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན༔ ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཁྲིལ་སྦྱོར་སྟོབ༔ ཡབ་ཡུམ་བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ སྐུ་ཆེ་ཡན་ལག་རགས་ཤིང་རྔམ་སྒྲ་སྒྲོག༔ རང་རིག་མ་ཡེངས་ལྷང་ངེར་གནས་པར་བསྐྱེད༔ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ གཙོ་བོའི་ཐུགས་ལས་ཕྱག་རྒྱ་བཞི་འཕྲོས་པས༔ ཕྱོགས་སྐྱོང་བཅུ་པོ་རང་དབང་མེད་པར་བཀུག༔ ཛཿཧཱུྃ་བཾ་ཧོ༔ མོ་ཧ་གྷཱ་ཏ་ཡ་ནྲྀ་ཛ༔ ཨེ་སརྦ་བིག་ནཱན༔ གཞལ་ཡས་ཕྱོགས་མཚམས་སྟེང་འོག་གྲུ་གསུམ་སྟེང༔ པདྨ་ཉི་ཟླའི་སྟེང་དུ་བྱི་ཆིངས་བསྣོལ༔ དེ་སྟེང་དཔལ་ཆེན་གཙོ་བོའི་ཐུགས་ཀ་ནས༔ ཧཱུྃ་ཧཱུྃ་སྦྲེལ་མ་བཅུ་འཕྲོས་བབས་པ་ལས༔ བདེ་གཤེགས་ཐུགས་བསྐུལ་སེམས་ཅན་དོན་བྱས་ནས༔ བཛྲ་བཛྲ་རྡོ་རྗེ་འབར་བ་བཅུ༔ དེ་ཉིད་འཕྲོ་འདུས་ཁྲོ་ཆུང་སྐར་ལྟར་འཕྲོས༔ ཀཱི་ལ་ཡ་ཧཱུྃ༔ སྟེང་ཕྱོགས་ཚངས་པ་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ དེ་ལས་ཧཱུྃ་ཀཱ་ར་དང་སྒྲ་འབྱིན་མ༔ སྤྲུལ་པའི་ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ དེ་ལས་རྣམ་པར་རྒྱལ་དང་རྣམ་སྙེམས་མ༔ སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ཤར་ལྷོ་མེ་ལྷ་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ལས་དབྱུག་སྔོན་ཅན་དང་རྡོ་རྗེ་སྡེར༔ སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ དེ་ལས་གཤིན་རྗེ་གཤེད་དང་དུར་ཁྲོད་བདག༔ སྤྲུལ་པའི་ཕྲ་མེན་ཤ་བ་འུག་པའི་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དེ་ལས་མི་གཡོ་མགོན་དང་གཏུན་ཁུང་མ༔ སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ནུབ་ཕྱོགས་ཀླུ་དབང་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ལས་རྟ་མགྲིན་རྒྱལ་དང་དབང་སྡུད་མ༔ སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ནུབ་བྱང་རླུང་ལྷ་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ དེ་ལས་གཞན་གྱིས་མི་ཐུབ་མདའ་སྙེམས་མ༔ སྤྲུལ་པའི་ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ བྱང་ཕྱོགས་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དེ་ལས་བདུད་རྩི་འཁྱིལ་དང་རླུང་འབྱིན་མ༔ སྤྲུལ་པའི་ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ བྱང་ཤར་དབང་ལྡན་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བིནྡྷ་ཧཱུྃ་ཕཊ༔ དེ་ལས་ཁམས་གསུམ་རྒྱལ་དང་གསོད་བྱེད་མ༔ སྤྲུལ་པའི་ཕྲ་མེན་དྲེད་དང་སྲེ་མོང་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ འོག་ཕྱོགས་ས་བདག་བསྣོལ་བའི་གདན་སྟེང་དུ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ དེ་ལས་སྟོབས་པོ་ཆེ་དང་སྐྱོད་བྱེད་མ༔ སྤྲུལ་པའི་ཕྲ་མེན་དོམ་དང་བྱི་བའི་མགོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་ན་བཞུགས༔ ཕྱོགས་བཅུ་ཁྲོ་རྒྱལ་ཡབ་ཡུམ་སྤྲུལ་པའི་སྐུ༔ ཡབ་ཀུན་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རི་རབ་ཕུར་བུ་འདྲིལ་ཞིང་དགྲ་བགེགས་སྒྲོལ༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ་དང་ལྡན༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱོགས་སྐྱོང་དྲེགས་པ་ཐལ་གྱིས་ཕྱུང་ནས་བཞུགས༔ ཡུམ་བཅུ་མཐིང་ནག་ཁྲོ་མོའི་ཆས་ཀུན་རྫོགས༔ ཕྱག་གཡས་ཡབ་འཁྱུད་གཡོན་ཀུན་ཐོད་ཁྲག་སྟོབ༔ ཁྲ་ཐབས་ཀུན་ཀྱང་ལྕགས་ཀྱུ་ཕུར་བུ་འདྲིལ༔ ཐུགས་ཀར་ཧཱུྃ་མཐར་རང་རང་སྔགས་ཀྱིས་བསྐོར༔ ཧཱུྃ་ཕཊ་སྒྲ་སྒྲོག་སྲིད་གསུམ་འཁོར་བ་འཇིག༔ རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ དེ་དག་གི་བསྒོམ་དོན་ནི། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་རི་རབ་ལ་ཕུར་པ་བཏབ་པའི་ཚུལ་གྱིས་སྲིད་པའི་ཕུར་བུའི་རྒྱ་མདུད་གོང་མའི་ནང་དུ་དཀྱིལ་འཁོར་གསུམ་བསྒོམ་པ་ལ། བདག་བསྐྱེད་ཀྱི་སྲུང་འཁོར་གཞལ་ཡས་ཁང་དང་བཅས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རང་གཙོ་བོ་ཡབ་ཡུམ་གནས་བཅུར་ཁྲོ་བོ་བཅུ་ཁྲ་ཕྱག་ཉི་ཤུ་བ་སྤུར་བཀའ་ནན་གྱི་ཁྲོ་བོ་ལྟེ་བར་ཁྱུང་དང་བཅས་པའི་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་འཁོར་དུ། ཁྲོ་བཅུ་ཁྲ་ཕྱག་སྒོ་མ་དང་བཅས་ཡོད་པ་དེ་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དུ་གྲགས་ཤིང་བཤད་པའི། བདག་སྐྱེད་གཙོ་བོ་དང་འཁོར་གྱི་ཤར་གྱི་ཁྲོ་བོ་རྣམ་པར་རྒྱལ་བའི་བར་དུ་མཚན་མ་རྫས་དཀྱིལ་གྱི་བཞུགས་གནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པའི་གཞལ་ཡས་ཁང་མཚན་ཉིད་ཚང་བ་ཞིག་ཀྱང་བསྒོམ་དགོས་པས། བདག་མདུན་གྱི་གཞལ་ཡས་ཁང་གཉིས་འདོན་ཆ་ཚར་གཅིག་གིས་གསལ་འདེབས། བདག་བསྐྱེད་གྲུབ་ནས། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་གྲུ་གསུམ་ལྟེ་བ་ལ༔ ཞེས་པ་ནས། དེ་ལས་བདག་ཉིད་ཅེས་པར། མདུན་བསྐྱེད་སོགས་བསྒྱུར་ནས་གབ་དཀྲུགས་མེད་པར་ཤར་འདོན་གྱིས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ ཞེས་པའི་བར་གྱིས་མཚན་མ་རྫས་དཀྱིལ་གྱི་ལྷ་རྣམས་བདག་མདུན་ཚུལ་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་འདོན་ཆ་ཚར་གཅིག་གིས་གསལ་གདབ། དེ་ནས་ལུས་དཀྱིལ་ནི། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྔགས་དེ་བརྗོད་པ་ཙམ་གྱིས་ནི༔ དཔལ་ཆེན་གཙོ་བོའི་སྤྱི་གཙུག་ཏུ༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ འོད་དང་ཟེར་གྱི་ཚུལ་དུ་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་བརྗོད་ནུ་མ་གཡས་ཀྱི་སྟེང༔ ཁྲོ་བོ་དབྱུག་པ་སྔོན་པོ་དང༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་གཉིས༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་བརྗོད་དཔུང་པ་གཡས་ཀྱི་སྟེང༔ ཁྲོ་བོ་གཤིན་རྗེ་གཤེད་པོ་དང༔ ཡུམ་ཆེན་དུར་ཁྲོད་བདག་མོ་གཉིས༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལས་ལ་ཆས་པ་ལྟ་བུར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་སོག་པ་གཡས་ཀྱི་སྟེང༔ ཁྲོ་བོ་མི་གཡོ་མགོན་པོ་དང༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ བཀའ་ཉན་ཚུལ་དུ་བསྒོམ་པར་བྱ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་རྒྱབ་ཀྱི་སོག་ཕྲག་ཏུ༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང༔ ཡུམ་ཆེན་རྡོ་རྗེ་དབང་སྡུད་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྲུང་བའི་གོ་ཆ་མཛད་པར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཅེས་བརྗོད་སོག་པ་གཡོན་པའི་སྟེང༔ ཁྲོ་བོ་འདོད་པའི་རྒྱལ་པོ་དང༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ བཀའ་སྡོད་ཕོ་ཉའི་ཚུལ་དུ་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་དཔུང་པ་གཡོན་པའི་སྟེང༔ ཁྲོ་བོ་བདུད་རྩི་འཁྱིལ་པ་དང༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ དངོས་གྲུབ་ཆེན་པོའི་ཕོ་ཉར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་ནུ་མ་གཡོན་པའི་སྟེང༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༔ ཡུམ་ཆེན་ཁྲོ་མོ་གསོད་བྱེད་མ༔ སྤྲུལ་པ་དྲེད་དང་སྲེ་མོང་མགོ༔ དགྲ་བགེགས་འདུལ་བའི་སྲུང་མར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་འོག་གི་བཅུ་དྲུག་མདོར༔ ཁྲོ་བོ་འཇིགས་བྱེད་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དོམ་དང་བྱི་བའི་མགོ༔ བཀའ་སྡོད་ཚུལ་དུ་གསལ་བར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་སྥ་ར་ཎ་ཧཱུྃ་ཕཊ༔ སྐུ་ལུས་རྒྱ་ཁྱོན་ཐམས་ཅད་དུ༔ བ་སྤུ་རེ་ལ་ཁྲོ་ཆུང་རེ༔ འཇིགས་པའི་མཚོན་ཆ་ཐོགས་ནས་ཀྱང༔ སྲུང་བྱེད་ཁྲབ་ཏུ་གཏམས་པར་བསྒོམ༔ ཨོཾ་བཛྲ་གྷ་རུ་ཌ་ཧཱུྃ་ཕཊ༔ ལྟེ་བའི་གནས་སུ་སྤྲུལ་པའི་ཁྱུང༔ དུང་མདོག་ལྕགས་ཀྱི་གཤོག་པ་ཅན༔ གསེར་མིག་འཁྱིལ་བ་རྡོ་རྗེའི་ལུས༔ མཆུ་སྡེར་ལྕགས་ཀྱི་སྦྲུལ་བཟུང་ནས༔ གདུག་པ་ཅན་རྣམས་ཟས་སུ་ཟ༔ དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ སྲས་མཆོག་རྫས་ཀྱི་དལ་བསྐྱེད་པ་ནི༔ ཧཱུྃ༔ ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ༔ མཐིང་ནག་ཕྱག་གཉིས་རྒྱ་གྲམ་ཕུར་བུ་བསྒྲིལ༔ སྐུ་སྨད་ཟུར་གསུམ་དྲག་པོའི་དབལ་དང་ལྡན༔ རྡོ་རྗེ་གཤོག་པ་དུར་ཁྲོད་ཆས་བརྒྱད་གསོལ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཕཊ༔ ས་མ་ཡ་ཏིཥྛ་ལྷན༔ མཐིང་ནག་གྲུ་གསུམ་སྟེང་དུ་བཞུགས་སུ་གསོལ༔ དེ་ནས་སྒོ་མ་བཀའ་སྲུང་བསྐྱེད་པ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷཱ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡེ་སྭཱ་ཧཱ༔ དེ་ལས་དམ་ཅན་མ་མོ་བཅུ་གཉིས་པོ༔ བར་ཁྱམས་གནས་ལ་རང་རང་ཆ་ལུགས་རྫོགས༔ ཕོ་བྲང་སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས༔ ཉི་མ་ཞིང་རྐྱང་གདན་ལ་ཕྱོགས་བཞི་རུ༔ དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་ཐོགས༔ སེར་མོ་སྐྱ་ཀའི་མགོ་ཅན་ཞགས་པ་ཐོགས༔ དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་ཐོགས༔ ལྗང་མོ་ཁྲ་ཡི་མགོ་ཅན་དྲིལ་བུ་ཐོགས༔ དཔལ་གྱི་ཐུགས་ལས་སྤྲོས་ཏེ་བསྐྱེད་པར་བྱ༔ ཕོ་བྲང་ཕྱི་རོལ་དུར་ཁྲོད་བརྒྱད་ཀྱི་དབུས༔ བསེ་ལྕགས་དུང་ལ་སོགས་པའི་ཕོ་ཉ་བཞུགས༔ དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ དེ་ནས་སྲོག་ཡེ་ཤེས་སུ་བསྐྱེད་ནས་སྲོག་ལ་དབང་བསྐུར་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གསུང་ཐུགས་ཀྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ༔ དེ་ནས་སྤྱན་དྲང་བ་ནི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ནས་བྱོན་པར་བསམ་ལ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་འགྱུར་ཡེ་ཤེས་ལྷ་ཚོགས་ཀྱི༔ ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨེ་ཧྱེ་ཧི་བྷ་ག་བཱན་ས་མ་ཡ་ཛཿཛ༔ ཧཱུྃ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ དངོས་གྲུབ་རྟགས་མཚན་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན་དུ་བྱོན༔ དོན་གཉིས་མ་འགྲུབ་བར་དུ་བརྟན་པར་བཞུགས༔ དེ་ནས་ཕྱག་བྱ་བ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་བ་དང༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་དབྱེར་མེད་དུ་བསྟིམ་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་པ༔ བདག་དང་དབྱེར་མེད་ཐིམ་གྱུར་ལ༔ རབ་ཏུ་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་ཡེ་ཤེས་པ་དང་དམ་ཚིག་པ་ཕན་ཚུན་དུ་ཕྱག་གི་བརྡ་སྟོབ་ཅིང་དབྱེར་མེད་དུ་བསྟིམ། ཕྱི་མཆོད་ནི། ཧཱུྃ༔ འདོད་ཡོན་མང་པོས་བདེ་གཤེགས་མཆོད༔ དྲི་ཞིམ་སྤོས་རྣམས་ཤངས་ལ་འབུལ༔ མེ་ཏོག་མཛེས་པ་སྤྱན་ལ་འབུལ༔ གསལ་བའི་སྒྲོན་མེ་ཐུགས་ལ་འབུལ༔ གཙང་མའི་དྲི་ཆབ་སྐུ་ལ་འབུལ༔ བཅུད་ལྡན་ལྷ་བཤོས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་སྙན་ལ་འབུལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ༔ སིདྡྷི་ས་མ་ཡ་ཧོ༔ ཨོཾ་ཤྲཱི་རཱ་གཱ་བཛྲ་དྷཱུ་པེ་དྷཱུ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱ་ཨཱ༔ གཱིརྟི་ཧྲཱི༔ དེ་ནས་སྨན་རག་གཏོར་མ་སྦྱོར་སྒྲོལ་སོགས་འབུལ་བ་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ བདུད་འདུལ་འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞིང་ཆེན་གསར་རྙིང་བསྣོལ་བའི་གདན་སྟེང་དུ༔ སྤྲུལ་པའི་མགོ་བརྙན་ཁྲ་ཐབས་ཉི་ཤུ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ སྲིད་གསུམ་གདུག་པ་འདུལ་བར་ཞལ་བཞེས་པའི༔ སྲས་མཆོག་ཆེན་པོ་ཕྲིན་ལས་གྲུབ་པ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་ནས༔ ཡེ་ཤེས་སྒོ་སྐྱོང་སྒོ་མ་བཞི་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི༔ དམ་ཅན་ཕུར་སྐྱོང་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཨ་ལ་ལ་ཧོ༔ ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ༔ འདོད་ཡོན་སྣ་ལྔས་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བ་ལིཾ་ཏ་ཁཱ་ཧི༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག༔ བྷནྡྷའི་ནང་དུ་དམར་ཆེན་བསྐྱིལ༔ ཁམས་གསུམ་འཁོར་བ་སྟོངས་པའི་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཁཱ་ཧི༔ ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་ཀུན༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་སྒྲོལ་བ་དང༔ ལུས་ངག་རྡུལ་ཕྲན་བཤིགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཧཱུྃ༔ དངོས་གྲུབ་བར་གཅོད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ བཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོ་རུ་ཆུགས༔ ཕོབས་ཤིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་ལས་རྣམས་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ མོ་ཧཱ་གྷཱ་ཏ་ཡ༔ བྷ་ག་བཱན༔ ཤི་ཀྲིན་བི་ཀྲིན་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མཱ་ར་སེ་ན་པྲ་མ་ཡ་ཏི༔ སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ དགྲ་བགེགས་ཐམས་ཅད་བསྒྲལ་བ་ཡི༔ གཏི་མུག་ཤ་ཆེན་སྤུངས་སེ་སྤུང༔ འདོད་ཆགས་ཁྲག་མཚོ་མེ་རེ་རེ༔ ཞེ་སྡང་རུས་པ་ཁྲོ་ལོ་ལོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ༔ ཁྲོ་མོ་འབར་བའི་མཁའ་དབྱིངས་སུ༔ ཁྲོ་རྒྱལ་འབར་བའི་ཁྲོ་ཚོགས་ཀྱིས༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྴ་ཀྲོ་ཏ་བི་ཛ་ཡ་ཁཱ་ཧི་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ དེ་ནས་བསྟོད་པ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་མ་ལུས་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཤེས་རབ་གསལ་བའི་དཔལ༔ འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་བསྟོད༔ ས་བཅུའི་མངའ་བདག་ཞིང་བཅུ་སྒྲོལ་མཛད་པ༔ འཇིགས་བྱེད་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ མི་དགེ་དག་མཛད་ཕ་རོལ་ཕྱིན་བཅུའི་དོན༔ ཡུམ་ཆེན་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་ཉི་ཤུ་གནས་སུ་སྒྲོལ་མཛད་པའི༔ ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་སྒྲོལ་མཛད་པའི༔ སྲས་མཆོག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་སྲུང་བའི་ལས་ལ་བརྩོན༔ དྲག་པོའི་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཐུགས་སྒྲུབ་ལྟར། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་སོགས་ཀྱིས་བསྐུལ་ལ་ཛཔ྄་ཀྱི་དགོངས་པ་ནི། རང་ཉིད་དཔལ་ཆེན་སྐུར་གསལ་བའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རྒྱན་མེད་ཡབ་དང་ཚུལ་མཐུན་པ༔ ཚོན་གང་པ་གཅིག་བསྒོམ་པར་བྱ༔ དེ་ཡི་ཐུགས་ཀར་ཕྱག་མཚན་ནི༔ རྡོ་རྗེ་རྩེ་དགུ་ནས་འབྲུ་ཙམ༔ དེ་ཡི་ལྟེ་བར་གསུང་གི་རྟགས༔ ཧཱུྃ་སྔོན་སྤུ་ཡིས་བྲིས་པ་ཙམ༔ དེ་ཡི་མཐའ་མར་སྙིང་པོ་ནི༔ གསང་བའི་ཡི་གེ་བཅུ་བཞི་པ༔ གསེར་མདོག་སྤུ་ཤད་ཙམ་གྱིས་བསྐོར༔ དེ་ལྟར་ཐུགས་ཀར་བསྒོམས་ནས་ཀྱང༔ ཐུགས་ཀའི་སྔགས་ལས་འོད་འཕྲོས་པས༔ སྟོང་གསུམ་ཐམས་ཅད་འོད་ཀྱིས་བཀང༔ སྲིད་གསུམ་གདུག་པ་ཅན་རྣམས་བཏུལ༔ གསལ་སྟོང་ངང་ནས་སྔགས་འདི་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ གྲངས་ཀྱི་བསྙེན་པ་བྱེ་བ་གསུམ༔ རྟགས་བསྙེན་རྟགས་བྱུང་བར་དུ་བཟླ༔ མཐར་ཕྱག་བཞེས་ལྟར་དྷ་ཏི་བདུན་ཙམ་བཟླ། དེ་ནས་མཆོད་བསྟོད་བསྡུས་པ་འབུལ་ལ། རིག་འཛིན་བསྐུལ་བ་ནི། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣམས་ཀྱི་དུས་ལ་བབ༔ ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ རྒྱ་གར་ཆུ་བོ་གངྒཱ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བལ་པོ་ཤཱི་ལ་མཉྫུ་ཡིས༔ མཎྜ་ལ་ཡི་མཁར་རྫོང་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཆིམ་སྟོན་ཤཱཀྱ་པྲ་བྷཱ་ཡིས༔ ཡར་ལུང་གད་ཀྱི་བྲག་ཕུག་ཏུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཤུད་པུ་དཔལ་གྱི་སེང་གེ་ཡིས༔ འུ་ཤང་རྡོ་ཡི་བྲག་ལོགས་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས༔ ཧས་པོ་རི་ཡི་ཡང་གོང་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ རྩིབ་ཀྱི་སྤྱང་ཀི་སྔོན་མོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ནམ་མཁའི་ཕོ་རོག་ནག་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཕུར་བུ་བརྒྱུད་པའི་བླ་མ་རྣམས༔ རང་རང་སོ་སོའི་སྒྲུབ་ཁང་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཅེས་བསྐུལ་ལོ༔ དེ་ནས་བསྟན་སྲུང་ཡོངས་རྫོགས་ཀྱི་མཆོད་ཕྲིན་སྐོང་བཤགས་བཅས་པའམ། མི་འགྲུབ་ན་བཀའ་སྲུང་སྤྱི་མཆོད་རྒྱས་བསྡུས་གང་རུང་དང་། ཕུར་སྲུང་གཏོར་འབུལ་དངོས་རོལ་རྗེས་འབྲང་ལྟ་བུ་གང་བདེ་བྱའོ། །དེ་ནས་ཚོགས་མཆོད་ལ། བསང་ཆུ་དང་བདུད་རྩི་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་འཁོར་བཅས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛཿཛ༔ བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་ཚོགས་ཕུད་གསུམ་དུ་བཅད་ལ། དང་པོ་མཆོད་དེ་འབུལ་བ་ནི། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ དགྲ་བགེགས་བར་ཆད་ཕྱིར་ལ་ཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་ཏེ་འབུལ་བ་ནི། ཧཱུྃ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཐ་མ་བསྟབ་སྟེ་འབུལ་བ་ནི། དགྲ་བགེགས་ཀྱི་ལིངྒ་བཅས་ལ་བདེན་པ་བརྡར། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཞེས་བཀུག་བསྟིམ་དབྱེ། གདབ་ཕུར་བླངས་ལ། ཧཱུྃ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ ཁྲོ་བོ་བཅུ་ཡིས་རྣམ་པར་བརྒྱན༔ གདུག་པ་མ་ལུས་འདུལ་བར་བྱོས༔ ནྲྀ་ཏྲི་ཨེ་ཧུར་ཐུམ་ཛ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་གདབ། ཞལ་བསྟབ་ནི། ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ ཚེམས་ནི་ཧོམ་ཤིང་བཙུགས་པ་འདྲ༔ ལྗགས་ནི་ཧོམ་གཟར་བརྐྱངས་པ་འདྲ༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི༔ དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་རྩ་གསུམ་སྐོང་གསོ་བཏང་ལ་གནམ་ཕུད་འཐོར། ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ དགོངས་སུ་གསོལ༔ ཆོས་ཉིད་ཀྱི་བདེན་པའོ༔ སངས་རྒྱས་ཀྱི་མཐུའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ༔ ཨ་བྷི་ཙརྻའི་དུས་ལ་བབ་བོ༔ བརྣག་པའི་ལས་ཁོ་ནའོ༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག༔ དེ་ནས་ལྷག་མ་གཏང་བ་ནི༔ ཨེ་བྷྲཱུྃ་གཏོར་གཞོང་དྲག་པོའི་གཞལ་ཡས་སུ་བསམ་ལ༔ དེའི་ནང་དུ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཧཱུྃ༔ གཏོར་མ་ཤ་ཆེན་གྱི་ཕུང་པོ་ཁྲག་གི་རྒྱ་མཚོ༔ ཀེང་རུས་ཀྱི་རི་རབ་ཆེན་པོར་བསམ་ལ༔ སྤྱན་དྲང་བ་ནི། ཧཱུྃ༔ ཤ་ཆེན་རི་ལྟར་སྤུངས་པའི་དཀྱིལ་འཁོར་ནས༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་གཤེགས་སུ་གསོལ༔ ཀེང་རུས་རྩིག་པར་གཏམས་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་གཤེགས་སུ་གསོལ༔ ཙིཏྟ་གསར་རྙིང་སྤུངས་པའི་དཀྱིལ་འཁོར་ནས༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་གཤེགས་སུ་གསོལ༔ ཚིལ་ཆེན་འོད་ལྟར་འབར་བའི་དུར་ཁྲོད་ནས༔ འབར་མ་རྒྱུ་ཕྲེང་ཚོགས་རྣམས་གཤེགས་སུ་གསོལ༔ ཁྲག་ཞག་མཚོ་ལྟར་ཁོལ་བའི་དུར་ཁྲོད་ནས༔ མ་བདུན་སྲིང་བཞི་དམ་ཅན་གཤེགས་སུ་གསོལ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གཞལ་ཡས་ནས༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་གཤེགས་སུ་གསོལ༔ ཊཱ་ཀི་ཧཱུྃ་ཛ༔ སརྦ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ ཡེ་ཤེས་ལྷ་ལ་དབང་ནོས་པས༔ འགྲོ་བའི་དོན་དུ་བསྐུལ་ཀྱང་འཚལ༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་མོ་མཁའ་འགྲོ་མཆོད་ནས་ཀྱང༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཀྱང་འཚལ༔ ལྷག་མ་ཁ་ཆུས་མི་བྲན་དུ༔ བྲན་དང་བཀའ་ཉན་ཕོ་ཉ་རྣམས༔ སྔོན་གྱི་དམ་ཚིག་དེ་ལ་བཅའ༔ རྣམ་པ་གཅིག་ཏུ་མི་བསྲེ་རུ༔ ལམ་གྱི་བྱ་བ་སོ་སོ་སྟེ༔ ཆོས་ཀྱི་དབྱིངས་སུ་ཐམས་ཅད་གཅིག༔ དེ་ནས་མཁའ་འགྲོ་མཆོད་པ་ནི༔ ཧཱུྃ༔ ཟླ་གམ་དམར་པོ་དབང་གི་གཞལ་ཡས་སུ༔ ལྷག་མའི་ཕུང་པོ་གླིང་བཞི་རི་རབ་ཙམ༔ གཏི་མུག་ཤ་ཡི་ལྷུ་དུམ་ཉི་ལི་ལི༔ འདོད་ཆགས་ཁྲག་གི་རྦ་རླབས་ཆི་ལི་ལི༔ ཞེ་སྡང་རུས་པའི་ཕུང་པོ་ཁྲོ་ལོ་ལོ༔ འཁོར་གྱི་མཁའ་འགྲོ་དམ་ཅན་སུམ་ཅུ་གཉིས༔ དབང་ཕྱུག་ཆེན་པོ་ཉི་ཤུ་དང༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ ལང་ཀ་དུར་ཁྲོད་བདག་པོ་དང༔ མ་མོ་བདུན་དང་སྲིང་མོ་བཞི༔ འབར་མ་བརྒྱད་དང་ཞིང་སྐྱོང་དང༔ ཕོ་ཉ་དྲུག་ཅུ་རྩ་བཞི་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལ་ལྷག་མ་ཕྱི་རོལ་དུ་གཏང་། དེ་ནས་རྒྱས་པར་ཐུགས་སྒྲུབ་ལྟར་ཆད་ཐོ་གཏང་ཞིང་བཀའ་སྲུང་གཏོར་མ་འབུལ། བཤལ་ཆུས་བརྟན་མ་བསྐྱང་། བསྡུ་ན་བརྟན་སྐྱོང་འདི་ཙམ་གྱིས་ཀྱང་འཐུས་ཏེ། ཧཱུྃ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཕྱི་གཏོར་ལྷག་ལ་དབང་བ་རྣམས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ གཏོར་གཞོང་འོག་ཏུ་དམ་སྲི་མནན་པ་ནི། ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་པ་རྣམས༔ སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་སྲི་བར་ཆད་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ༔ དམ་སྲི་བར་ཆད་ཐམས་ཅད་ནྲྀ་ཏྲི་སརྦ་སཏྭམྦྷ་ཡ་ནན༔ ཞེས་མནན་པར་བྱའོ། །དཔལ་ཆེན་འཁོར་བཅས་རོལ་པའི་བྲོ༔ དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ༔ ཁྲོ་བོ་ཁྲོ་མོ་རོལ་པའི་བྲོ༔ དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམ༔ ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པས༔ ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ༔ ཨིག་ནན༔ བིག་ནཱན༔ སཏྭམྦྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་ཤློཀ་གཅིག་དང་། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཅེས་ཤློཀ་གཅིག་གིས་བསྐུལ་ལ། སྒྲུབ་གཏོར་ལྷར་གསལ་བ་ལས་དངོས་གྲུབ་བླང་། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་བསམ་ལ་རོལ། མཆོད་པ་ཁ་གསོས་ལ། གོང་ལྟར་བྱིན་གྱིས་བརླབ། ཧཱུྃ༔ འདོད་ཡོན་མང་པོས་སོགས་ཀྱིས་མཆོད། སྨན་གཏོར་རཀྟ་སྔགས་ཙམ་གྱིས་འབུལ། ཧཱུྃ༔ དུས་གསུམ་བདེ་གཤེགས་སོགས་ཀྱིས་བསྟོད། ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་བྱ། རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས་སྤྱི་ལྟར་བྱ། བདག་ཉིད་རྩ་དཀྱིལ་དང་མཚན་མ་རྫས་དཀྱིལ་གཉིས། ཧཱུྃ༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧཱུྃ་ལ་ཧྲིལ་གྱིས་བསྡུ༔ ཧཱུྃ་ཡང་མི་དམིགས་འཇའ་ལྟར་ཡལ༔ དེ་ནས་བདག་ཉིད་ལྷ་རུ་གསལ༔ རྟག་ཆད་གཉིས་ཀྱི་མཐའ་བསལ་ལོ༔ ཞེས་རྫོགས་རིམ་དུ་བསྡུ། སྙིང་པོ་བརྗོད་ལ། སླར་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་མེ་དཔུང་གི་ཀློང་ན་རྡོ་རྗེའི་གོ་བགོས་པར་གྱུར་པར་བསམ་ལ་རྒྱུན་སྤྱོད་བྱ། དགེ་བསྔོ་བཀྲ་ཤིས་རྒྱས་པར་བརྗོད་ལ་བདེ་ལེགས་སུ་བྱའོ། །ལྷ་བྲག་གཏེར་བཅུད་ཕུར་པ་ལུགས། །གསུམ་ལས་འབྲིང་པོ་སྤུ་གྲི་ཡི། །ཕྲིན་ལས་རིག་འཛིན་གོང་མའི་སྲོལ། །བསླད་མེད་བཀླགས་པས་གྲུབ་པ་བསྡེབས། །གདུག་ཅན་མི་དང་མི་མིན་ཚར་གཅོད་ཅིང་། །དཀའ་བ་མེད་པར་བྱང་ཆུབ་སེམས་གཉིས་འབྱོངས། །ཐལ་འབྱིན་དགོངས་པས་ཁམས་གསུམ་དབྱིངས་སུ་བསྒྲལ། །སྲིད་བཅུད་ཡེ་ཤེས་ཕྱག་རྒྱ་ཆེ་འགྲུབ་ཤོག །ཅེས་པའང་པདྨའི་རྗེས་འཇུག་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རང་འདྲའི་གསོས་སྨན་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་བཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས་ (Volume 22, Text 27)

༄༅། །ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་བཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་ཞིག་བརྟེན་ན་ཐར་པའི་སྲོག་བརླིང་ཞིང་། །ཞི་བ་འཆི་མེད་བདག་པོའི་རྒྱལ་ཐབས་སུ།། མོད་ལ་སྦྱོར་བྱེད་བདུད་རྩིའི་བུམ་པ་བཟང་། །སྨིན་བྱེད་འབྱུང་གནས་བླ་མ་ལྷ་ཡིས་སྐྱོངས། །ཐེག་དགུ་ཡོངས་ཀྱི་བཅུད་འདུས་ཆོས་ཀུན་ལ། །རང་དབང་སྒྱུར་བྱེད་དབང་མཆོག་ཀུན་གྱི་ཕུལ། །རང་གཞུང་འཁྲུལ་མེད་བཀླག་ཆོག་འབྲི་བ་ལ། །རྩ་བ་གསུམ་གྱིས་གནང་ཞིང་བྱིན་རླབས་སྩོལ། །ཟབ་ཆོས་ཐམས་ཅད་ཀྱི་ཡང་སྙིང་དོན་ཟབ་དགོངས་འདུས་ཀྱི་ཐུགས་ཀྱི་ཏི་ཀ་ཉམས་སུ་ལེན་པར་འདོད་པའི་སྐལ་པ་ཅན་དག་གི་རྒྱུད་སྨིན་བྱེད་དབང་གི་ཆོ་ག་ཐོག་མར་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དབང་གི་རྒྱབ་ཆོས་ལས་རྣམ་པ་བཅུར་གསུངས་ཏེ། ཐུན་མིན་བསླབ་གསུམ་མངའ་བ་བཅུད་ལྡན་བླ་མའི་མཚན་ཉིད། འཕགས་ནོར་བདུན་གྱིས་འབྱོར་པ་སྣོད་ལྡན་སློབ་མའི་མཚན་ཉིད། ཕྱི་ནང་གསང་བ་ལེགས་ལམ་དུ་ཕྱོགས་པ་དགེ་ལྡན་དུས་ཀྱི་མཚན་ཉིད། དབེན་ཞིང་མཐུན་རྐྱེན་ཚོགས་པ་དབེན་ལྡན་གནས་ཀྱི་མཚན་ཉིད། དབང་སྒྲུབ་རྟེན་མཆོད་བྱིན་ཆས་འཛོམ་པ་འབྱོར་ལྡན་ལོངས་སྤྱོད་ཀྱི་མཚན་ཉིད་དེ་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་། བླ་མ་ལ་སྔ་རོལ་དུ་གསོལ་བ་བཏབ་པ་བླ་མ་སྟ་གོན། དཀྱིལ་འཁོར་དང་སྐུ་གསུང་ཐུགས་རྟེན་བཤམས་པ་དཀྱིལ་འཁོར་སྟ་གོན། ཐེག་དགུའི་ཆོས་རྣམས་བསགས་པ་དབང་རྫས་སྟ་གོན། སྒྲུབ་མཆོད་བདག་འཇུག་བླང་བ་ལྷ་སྟ་གོན། སློབ་མ་རྣམས་སྐྱབས་སེམས་ཡིག་བརྒྱ་མཎྜལ་ལ་འབད་པ་སློབ་མ་སྟ་གོན་རྣམས་སུ་གསུངས་པས་དེ་དག་ཇི་ལྟར་ནུས་པ་བསྒྲུབས་ཤིང་ཚོགས་པར་བྱའོ། །དེ་དག་ལས་སྐབས་ཀྱི་ཐོག་མར་གཤོམ་གྱི་ལག་ལེན་ནི། སྟེགས་བུ་གཙང་མར་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་བཀྲམ་པའམ། མཎྜལ་ལ་འབྲུའི་ཚོམ་བུ་དབུས་སུ་ཆེ་ཆུང་གསུམ། མཐའ་སྐོར་དུ་དྲུག་བཀོད་པའི་ཁར་ཁྲིའུ་ལ་གཞུང་པོད་དམ་རྒྱུད་ཀྱི་གླེགས་བམ་དར་དམར་ལ་མཐོང་གྲོལ་འཁོར་ལོ་བྲིས་པས་དགབ། དེའང་སྔ་ནས་ཚད་ལྡན་བསྒྲུབས་པ་ཡོད་ན་རབ། མེད་ནའང་གཞུང་མཐུན་བྲིས་པ་ཞིག་ངེས་པར་དགོས་སོ། །དེ་སྟེང་འཕྲུལ་སྟེགས་ལ་ཐུགས་རྗེ་ཆེན་པོའི་སྐུ་དང་རྒྱབ་ཕྱོགས་སུ་མཆོད་རྟེན། མདུན་ཕྱོགས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ལྡན་པ་བཞུགས་སུ་གསོལ། རྒྱབ་ངོས་སུ་བླ་མའི་གཏོར་ཆེན་ནམ་ཟླུམ་གཏོར་པད་འདབ་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་བཀའ་གཏེར་སྲུང་མའི་མཆོད་གཏོར་དང་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། ཉན་ཐོས་ཀྱི་དབང་རྫས་ཆོས་གོས་ལྷུང་བཟེད་གསེག་ཤང་སྲུང་སྐུད་དམར་པོ། རང་རྒྱལ་ལ་ཤིང་ཏོག་དང་རུས་པའི་ཕྲེང་བ་སོ་ཤིང་། བྱང་སེམས་ལ་དུང་པུསྟི་རྩྭ་ཀུ་ཤའི་ཆུན་པོ་གཉིས་བསྣོལ། ཀྲི་ཡ་ལ་མིག་དར་ཅོད་པན་རྡོར་དྲིལ་རིགས་ལྔའི་ཕྱག་མཚན། ཨུ་པ་ལ་རྡོ་རྗེ་དང་ཕྲེང་བ། ཡོ་ག་ལ་གསེར་ཐུར་དང་མེ་ལོང་། མ་ཧཱ་ལ་རྣམ་རྒྱལ་བུམ་པ་ནི་སྔར་བཀོད་དེས་ཆོག་ཅིང་། ཨ་ནུ་ལ་ཀ་པཱ་ལ་བདུད་རྩི་མངར་གསུམ་སྦྱར་བས་བཀང་བ་དང་རིག་ཙཀ་མེ་ལོང་རྣམས་དང་། ཨ་ཏིའི་སྐབས་འབུལ་རྒྱུ་རིན་ཆེན་སྨན་འབྲུའི་མཎྜལ། སྤྱི་ལ་ལས་བུམ། མཎྜལ་མེ་ཏོག་རྣམས་དཀྱིལ་འཁོར་གྱི་མཐར་སྐོར་རམ་ཉེ་ལོགས་ཅི་བདེ་བར་བཞག །གཞན་ཡང་སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན། ཡུངས་ཐུན་སྤོས་རོལ་སོགས་ཀྱང་ཉེ་བར་བསྡོགས། དེ་ནས་སློབ་དཔོན་གྱིས་ལས་གཞུང་གི་སྔོན་འགྲོ་ནས་བརྩམ། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྒྲུབས། བཟླས་པའི་སྐབས་འཛབ་ཁང་ཕྱེས་ལ་བུམ་པ་སོགས་དབང་རྫས་རེ་རེ་བཞིན་ཐུགས་རྗེ་ཆེན་པོ་ཁྱད་པར་དུ་བསྟིམ་ཞིང་ཡིག་བཅུ་རེ་རེ་བཞིན་བརྒྱ་སྟོང་ཅི་འགྲུབ་བཟླས་ལ་མཆོད་བསྟོད་བསྐུལ་བ་བྱ། དེ་ནས། ལས་བུམ་ནང་དུ་པད་ཉིའི་སྟེང་། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་སྡིགས་མཛུབ་ལྕགས་ཀྱུ་འཛིན། །དུར་ཁྲོད་ཆས་ལྡན་རྟ་ཞལ་འཚེར། །འདོར་སྟབས་མེ་ཀློང་ཧྲཱིཿསྒྲ་སྒྲོག །སྐུ་ལས་བདུད་རྩིའི་རྒྱུན་བབས་གྱུར། །ཅེས་མོས་ལ་ཧྲཱིཿབཟླ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་པའང་བཟླས་ལ་བཞག །དེ་ནས་གཏེར་སྲུང་གཏོར་འབུལ་ཚོགས་མཆོད་ཕུད་འབུལ་བ་ཡན་གྲུབ་པ་དང་། འོག་ནས་འབྱུང་བའི་ཆོ་ག་ཚང་བ་བདག་འཇུག་ཏུ་བླང་། མི་ནུས་ན་རིག་པའི་མེ་ཏོག་དོར་བར་བྱའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ། སྦྱོར་བ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པ། དངོས་གཞི་ཐེག་དགུའི་དབང་སྦྱིན་པ། རྗེས་དམ་ཚིག་བསྒྲགས་བཟུང་ལ་སོགས་པའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱིས་ཕྱི་རོལ་དུ་ཁྲུས་བྱ། སྒོ་དྲུང་དུ་གནས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོར་བཅས༔ སྐུ་གསུམ་ཞིང་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་དད་པས་ཁྱེད་ལ་སྐྱབས་སུ་གནས༔ འགྲོ་བའི་དོན་དུ་སྨིན་གྲོལ་ཆོས་སྒོ་ཕྱེས༔ ཞེས་ཞུ། དེ་ནས་རིགས་དང་སྐལ་པ་བརྟགས་པའི་དྲི་བ་འདི་ལ་སྙན་གཏོད་པར་ཞུ། ཧྲཱི༔ དམ་ཚིག་མེད་པའི་སྐྱེ་བོ་དང༔ ལོག་ལྟ་ཅན་གྱི་མུ་སྟེགས་དང༔ བློ་ཆུང་ཉན་ཐོས་རང་རྒྱལ་དང༔ སྐལ་པ་མེད་པ་མ་ཡིན་ནམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དམ་ཚིག་མེད་པའི་སོགས་གོང་ལྟར་གྱི་མཇུག་ཏུ། མ་ཡིན་ལགས། །ཞེས་ཞུ། ཡང་བླ་མས། དད་གུས་སྐལ་པར་ལྡན་ལགས་སམ༔ འཇིག་རྟེན་བྱ་བ་བོར་ནུས་སམ༔ སྡོམ་གསུམ་དམ་ཚིག་སྲུང་ནུས་སམ༔ ཟབ་དོན་ཡེངས་མེད་སྒོམ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དད་གུས་སྐལ་པར་ལྡན་ལགས་སོ། །འཇིག་རྟེན་བྱ་བ་བོར་ནུས་ལགས། །སྡོམ་གསུམ་དམ་ཚིག་སྲུང་ནུས་ལགས། །ཟབ་དོན་ཡེངས་མེད་སྒོམ་ནུས་ལགས། །ཞེས་ཁས་བླང་དུ་གཞུག །བགེགས་གཏོར་བསང་སྦྱང་བྱིན་རླབས་དང་། རྟ་མགྲིན་བསྐྱེད་པ་ནས་སྲུང་འཁོར་བསྒོམ་པའི་བར་ལས་བྱང་ལྟར་བྱས་ལ་ཡུངས་ཐུན་གུ་གུལ་རོལ་མོ་དྲག་སྔགས་ཀྱི་སྒྲས་སྐལ་པ་དང་མི་ལྡན་པ་རྣམས་རྒྱ་མཚོའི་མཐར་བསྐྲད་ལ་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་སློབ་མ་རྣམས་བརྐྱང་ཕྱག་འཚལ། ཐར་སྦྱར་བཅས་ནང་དུ་འཁོད་པ་ལ་སློབ་དཔོན་གྱིས། ཐོག་མར་གསོལ་བ་འདེབས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད་ལ་གསོལ་འདེབས་ཀྱི་རྗེས་ཟློས་གྱིས་ཤིག །རང་གི་སྤྱི་གཙུག་སོགས་ནས། བཀའ་སྲུང་དམ་ཅན་གཏེར་བདག་ལ་གསོལ་བ་འདེབས་སོ༔ ཞེས་པའི་བར་ལས་བྱང་ལྟར་གསོལ་འདེབས་ལན་གསུམ་བྱ། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སྤྱན་རས་གཟིགས་དབང་རྒྱལ་ཚབ་འགྲོ་བའི་མགོན༔ ཉམ་ཐག་འགྲོ་དྲུག་སྡུག་བསྔལ་སྐྱབས་པའི་ཕྱིར༔ སོ་སོའི་སྐལ་དུ་གང་ལ་གང་འཚམ་པར༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ལན་གསུམ་ཞུ། དེ་ནས་ལོ་རྒྱུས་རྒྱས་པར་སྤྲོ་ན་གཏེར་གཞུང་གི་བརྒྱུད་པའི་ལོ་རྒྱུས་འཆད་པར་གསུངས་པ་ལྟར་ལ། བསྡུ་ན། མ་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀུན་བཟང་འོད་མི་འགྱུར་བ་པདྨ་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དོན་ཟབ་དགོངས་པ་གཅིག་དྲིལ་གྱི་དབང་སྐུར་ཟབ་མོ་གསན་ལ་དོན་ཉམས་སུ་བླངས་ཏེ་ཚེ་གཅིག་གིས་གདོད་མའི་གྲོལ་སར་སྙོགས་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་དང་ཆོས་གསན་པའི་ཀུན་སྤྱོད་གསལ་བཏབ་ལ་གསན་པར་ཞུ། དེ་ལ་གསན་བྱ་ཆོས་ཀྱི་ལོ་རྒྱུས་ཟུར་ཙམ་བརྗོད་ན། འཁོར་འདས་གཉིས་ཀའི་ཐོག་མ་ཆོས་ཉིད་སྟོང་པའི་དབྱིངས་སུ་ཡེ་ཤེས་ཀྱི་གསལ་མདངས་ཤར་བའི་སྐུ་གསུམ་གཏིང་རྫོགས་ཀྱི་དཀྱིལ་འཁོར་གཉིས་མེད་ཐིག་ལེ་ཆེན་པོར་རང་ངོ་ཤེས་ནས་ཡེ་སངས་རྒྱས་པ། ཐོག་མའི་མགོན་པོ་ཆོས་སྐུ་སྐྱེ་མེད་ཀུན་བཟང་སྣང་བ་མཐའ་ཡས་ཀ་དག་དགོངས་པའི་རྩལ་སྣང་ལྷུན་གྲུབ་ཏུ་རྒྱས་པས། ལོངས་སྐུ་འགག་མེད་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཚད་དང་རིས་སུ་བྲལ་བའི་ཐུགས་རྗེ་རང་བྱུང་དུ་ཤར་ཏེ། སྤྲུལ་སྐུ་རྩོལ་མེད་རིག་པའི་སྐྱེས་བུ་དྲུག་དང་རྡོ་རྗེ་སློབ་དཔོན་གྱི་སྣང་བརྙན་གདུལ་བྱའི་ཡུལ་དང་འཚམ་པར་སྣང་བའི་སྐུ་གསུམ་དགུ་ཕྲུགས་ཕུན་སུམ་ཚོགས་པ་ལྔ་ལྔའི་བདག་ཉིད་ཅན་རྣམས་རྒྱལ་བ་ཆོས་སྐུའི་ཀློང་ལས་རང་བྱོན་ཅིང་། ཁྱད་པར་བདེ་ཆེན་འོད་ལྔ་འབར་བའི་ཞིང་ཁམས་སུ་བཞུགས་པའི་རིགས་ལྔ་པདྨ་རྒྱལ་པོའི་ཐུགས་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱར་འོད་ཟེར་དེ་སྙེད་དུ་སྤྲོས་པས། དྷ་ན་ཀོ་ཤའི་མཚོ་གླིང་པདྨ་གེ་སར་གྱི་སྡོང་པོ་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་པདྨ་འབྱུང་གནས་གྲངས་དེ་སྙེད་དུ་སྤྲུལ་ནས་འཛམ་གླིང་ཐམས་ཅད་ཞབས་ཀྱིས་བཅག་སྟེ་གདུལ་བྱ་སྨིན་གྲོལ་ལ་འགོད་པར་མཛད། ལྷག་པར་བོད་ཡུལ་གདོང་དམར་མུན་པའི་གླིང་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་ཐུགས་ལས་སྤྲུལ་ཏེ་དགེ་བ་བཅུའི་ཁྲིམས་བཅས་ཤིང་ཆོས་ཀྱི་སྲོལ་གཏོད། དེ་ཉིད་དར་རྒྱས་སུ་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དྲུང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་གཞོན་ནུར་གྱུར་པ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བའི་སྲིད་པར་བཟུང་ནས་བསྟན་པའི་གཞི་མ་དཔལ་གྱི་བསམ་ཡས་བཞེངས་ཤིང་། སློབ་དཔོན་ཆེན་པོ་སོགས་མཁས་གྲུབ་རྣམས་སྤྱན་དྲངས་ཏེ་དམ་ཆོས་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་དབབ་པའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བའི་ཕྱིར་དབང་རྟེན་གཟུངས་མ་གསང་བ་ཡེ་ཤེས་ཀྱི་རྣམ་རོལ་མཁར་ཆེན་མཚོ་རྒྱལ་བཙལ་ཏེ་སྨིན་གྲོལ་བསྐྱེད་རྫོགས་ཀྱི་གདམས་ངག་དཔག་ཏུ་མེད་པ་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་དབང་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་རྒྱུད་བསྐྱེད་རྫོགས་གདམས་པ་རྣམས་གནང་བའི་རྗེས་སུ་ཤངས་ཀྱི་ཟམ་བུ་ལུང་བྲག་དཀར་ཡངས་རྫོང་དུ་ཨོ་རྒྱན་ཡབ་ཡུམ་ཨཱརྻ་ས་ལེ་རྣམས་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག །དཔལ་ལྡན་སྔགས་ཀྱི་སྲུང་མས་ལུང་གིས་བསྐུལ་ཏེ་མཚོ་རྒྱལ་གྱིས་སློབ་དཔོན་ལ་དོན་ཏིག་གནང་བར་གསོལ་བ་བཏབ་ཅིང་བཀའ་བཞིན་བསྒྲུབ་པའི་དམ་བཅའ་ཕུལ་བས། དག་པའི་སྣང་བར་གུ་རུ་རིན་པོ་ཆེའི་རྣམ་ཐར་བཀོད་པའི་ཆ་ཤས་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ལ་སོགས་པ་རིགས་ལྔ་གངས་ཆེན་མཚོའི་ཞིང་དང་། འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་རྣམས་སུ་སྨིན་གྲོལ་གྱི་རྒྱུད་དང་གདམས་པ་ཚང་བར་བསྟན། སླར་དག་སྣང་ལས་སད་པ་ན་གུ་རུ་ཉིད་ཀྱིས་གནང་བ་བསྩལ་པ་ལྟར་གདམས་ངག་རྣམས་དྲུག་ཚན་བཅུ་བཞིར་བསྡུས་ནས་ཤངས་མཚལ་གྱིས་ཡི་གེར་བཀོད། གཏེར་ཁ་གསུམ་དུ་སྦས་ཤིང་རྒྱས་བཏབ་པ་ལས་ཕྱིས་དུས་ལ་བབས་པའི་ཚེ་གཏེར་སྟོན་དྲི་མེད་ལྷུན་པོ་ཐུགས་རྗེ་རང་བྱུང་རྩལ་གྱིས་ཙ་རི་རྡོ་རྗེ་སྒོམ་ཕུག་ནས་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་སྐོར་རྣམས་སྤྱན་དྲངས། མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱིས་མང་ཡུལ་བྱམས་སྤྲིན་རྣམ་སྣང་སྐུ་ཕྱལ་ནས་ཟབ་ཏིག་ཆོས་དབྱིངས་རང་གསལ་གྱི་སྐོར་རྣམས་སྤྱན་དྲངས། སྟག་ཤམ་རྡོ་རྗེ་བསམ་གཏན་གླིང་པས་དཔལ་བྲག་བདེ་ལྡན་འོད་གསལ་ཕུག་ནས་དགོངས་འདུས་འགྲོ་བ་ཀུན་སྒྲོལ་གྱི་ཆོས་སྐོར་སྤྱན་དྲངས་པའི། སྔ་མ་གཉིས་ནི་རྒྱུད་འགྲེལ་སོགས་ཆོས་ཚན་མང་ཉུང་ཕྲན་བུ་ཙམ་ལས་ཚིག་དོན་ཐམས་ཅད་ཞུ་དག་ཕེར་ཞིང་། གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་དོན་ཏིག་དང་ཟབ་ཏིག་གཉིས་ཀའི་བཀའ་བབས་པས་དེ་ཕྱིན་ཆད་ནས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། ཕྱི་མའང་བསྐྱེད་རིམ་གྱི་སྐབས་སུ་བླ་མ་དགོངས་འདུས་ཀྱི་དཀྱིལ་འཁོར་ཁ་བསྣོན་དུ་བསྒོམ་པའི་ཁྱད་པར་ཙམ་ལས་སྔ་མ་གཉིས་དང་ཚིག་དོན་མཚུངས་ཤིང་བྱིན་རླབས་ཀྱི་རྒྱུན་འདྲེས་པ་སྟེ། དེ་ལྟར་ན་དགོངས་པའི་ཡང་ཏིག་ཆུ་བོ་གཅིག་འདྲེས་ཀྱི་དབང་སྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཞིང་ཁམས་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྟན་པ་ལ་འཇུག་པ། བྱིན་གྱིས་བརླབ་པ། དབང་སྐུར་བའོ། །དང་པོ་ནི། སྔོན་འགྲོའི་ཆོས་དེ་དག་རྣམས་ཀྱིས་ནི། རྩ་བ་ལས། སློབ་བུ་ཐར་པའི་ལམ་དུ་འཇུག་པར་བྱ། །ཞེས་གསུངས་པ་ལྟར་ཐར་པའི་ལམ་འཇུག་གམ། དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ཀྱི་དོན་ཚང་བ་ཡིན་ཞིང་། དངོས་གཞི་ནི་གཞུང་ལས། དེ་ཡང་རིམ་གྱིས་ཐེག་པ་དགུ་ལ་འཇུག༔ ཅེས་གསུངས་ཤིང་། ཐེག་པ་དགུ་ཡང་གསང་འདུས་མན་ངག་གི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ༔ གང་ཟག་དབང་པོ་དམན་ལ་དགོངས༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ གང་ཟག་དབང་པོ་འབྲིང་ལ་དགོངས༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ གང་ཟག་དབང་པོ་རབ་ལ་དགོངས༔ ཞེས་གསུངས་པའི་ཐེག་དགུའི་སྨིན་བྱེད་རིམ་པར་བགྱི་བ་ལ་བསྟན་པ་ལ་འཇུག་པའི་ཆོ་ག་གསུམ། བྱིན་རླབས་རིག་པ་གཏད་པ་གསུམ། དབང་གི་རིམ་པ་གསུམ་རྣམས་སུ་ཡོད་པའི་དང་པོ་ལའང་། ནང་གསེས་ཀྱི་དབྱེ་བས་གསུམ་དུ་མཆིས་པའི་ཐོག་མ་འདུལ་བའི་བསྟན་པ་ལ་འཇུག་པའི་སླད་དུ་འདུན་པ་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་ཀྱི་མདུན་དུ་བཤམ་པའི་དཀྱིལ་འཁོར་གྱི་དབུས་སུ། བླ་མ་དང་ཐ་མི་དད་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་མོས་ལ་ཕྱག་ལན་གསུམ་འཚལ་ཞིང་མཎྜལ་འབུལ་བར་ཞུ། ཞེས་ཕྱག་དང་མཎྜལ་འབུལ་དུ་གཞུག །དེ་ནས་པུས་བཙུག་ཐལ་མོ་སྦྱར་བས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་འཕགས་པ་དེ་དག་གིས༔ སྡིག་པ་མི་དགེ་སྤངས་པ་ཇི་བཞིན་དུ༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་འདུལ་བའི་བཀའ་ལུང་གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་སྐུ་ལས་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཕོག་པས། ཁྱེད་རང་རྣམས་ཐ་མལ་པ་མ་ཡིན་པ་སྤྲུལ་པའི་དགེ་སློང་དུ་གྱུར་པར་མོས་ཤིག །ཅེས་བྱས་ལ་གཙུག་ཕུད་བྲེགས་ཤིང་ཆོས་གོས་གསུམ་དང་ལྷུང་བཟེད་གསེག་ཤང་གཏད་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ཐར་པའི་རྒྱལ་མཚན་འདི་ཟུངས་ལ༔ སྡིག་པ་ཅི་ཡང་མི་བྱེད་ཅིང༔ དམ་ཆོས་འདུལ་བ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ སྲུང་སྐུད་གདགས། དེ་ལྟར་དབང་བསྐུར་བ་ཐོབ་ནས་ཉན་ཐོས་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཉན་ཐོས་ཐེག་པའི་འཇུག་སྒོ་སྐྱབས་སུ་འགྲོ་བ་སྟེ། ཞེས་པས་འཇུག་སྒོ་སྐྱབས་འགྲོ། ལྟ་བ་གང་ཟག་ལ་བདག་མེད་དུ་རྟོགས། སྒོམ་པ་མི་སྡུག་པ་དང་འགོག་པའི་ཞི་གནས་སྒོམ། སྤྱོད་པ་རང་དོན་དུ་མི་དགེ་བ་སྤོང་། ཉོན་མོངས་པ་འདོད་ཆགས་ཁྱད་པར་དུ་སྤང་། འབྲས་བུ་ཟུང་བཞི་ཡ་བརྒྱད་དུ་འདོད་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་རྐང་མཐིལ་དུ་ཡི་གེ་ཧཱུྃ་དཀར་པོ་ཞིག་བསམ་ལ། ཧཱུྃ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་དམྱལ་བར་མི་སྐྱེ་ཞིང་། བསྐལ་པ་གྲངས་མེད་གསུམ་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །གཉིས་པ་མདོ་སྡེའི་བསྟན་པ་ལ་འཇུག་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་ལྟར༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་སངས་རྒྱས་སྲས་རྣམས་ཀྱིས༔ བསོད་ནམས་ཡེ་ཤེས་དགེ་བ་སྤྱད་པ་ལྟར༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་མདོ་སྡེའི་བཀའ་ལུང་གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་གསུང་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག་པས་ཁྱེད་རང་རྣམས་སྤྲུལ་པའི་རང་རྒྱལ་དུ་གྱུར་པར་མོས་ཤིག །ཤིང་ཏོག་དང་རུས་པའི་ཕྲེང་བ་གཏད། མཎྜལ་ཚོམ་བུ་ལྔ་པར་སོ་ཤིང་འདོར་དུ་གཞུག་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ རྟེན་འབྲེལ་འདི་ལ་ལེགས་པར་ལྟོས༔ དགེ་བ་ཕུན་སུམ་ཚོགས་སྤྱོད་པའི༔ དམ་ཆོས་མདོ་སྡེ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་མེ་མེ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་རང་རྒྱལ་གྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་རང་རྒྱལ་ཐེག་པའི་འཇུག་སྒོ་ཆོས་ལ་དམིགས་པའི་སྨོན་པ་སེམས་བསྐྱེད། ལྟ་བ་གང་ཟག་ཆོས་ལ་བདག་མེད་དུ་རྟོགས། སྒོམ་པ་ནི་ཤིང་ཐོག་གམ་རུས་པ་ལ་བརྟེན་ནས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་སྒོམ། སྤྱོད་པ་དགེ་བཅུར་རང་དོན་དུ་སྤྱོད། ཉོན་མོངས་པ་ཁྱད་པར་དུ་ཞེ་སྡང་སྤོང་། འབྲས་བུ་བསེ་རུའམ་ནེ་ཚོ་ལྟ་བུས་བདེ་ཆེན་སར་སྐྱེལ་བ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པར་མཛོད་ཅིག །ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཡི་གེ་མེ་དཀར་པོ་རེ་སྒོམས་ལ། མེ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ཡི་དྭགས་སུ་མི་སྐྱེ་ཞིང་། བསྐལ་པ་གྲངས་མེད་ལྔ་ནས་ས་བཅུ་པོ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །གསུམ་པ་མངོན་པའི་བསྟན་པ་ལ་འཇུག་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་མ་ལུས་བསྒྲལ་བར་བྱ༔ དེ་བཞིན་འགྲོ་རྣམས་གྲོལ་བར་བྱ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ མྱ་ངན་འདས་ལ་འགོད་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས༔ བྱང་ཆུབ་སེམས་དཔའི་བསླབ་པ་གང་བསླབས་པ༔ དེ་དག་ཀུན་གྱིས་རྗེས་སུ་བདག་བཟུང་ནས༔ དམ་ཆོས་མངོན་པའི་བཀའ་ལུང་གནང་དུ་གསོལ༔ ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། ཀྱེ༔ བྱང་ཆུབ་སེམས་དཔའ་དག་ཚུར་ཤོག༔ ཅེས་གསུངས་པ་ཙམ་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཕོག་པས་ཁྱེད་རང་རྣམས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་གྱུར་པར་མོས་ཤིག །དུང་དང་པུསྟི་ལག་ཏུ་གཏད། རྩྭ་ཀུ་ཤའི་ཆུན་པོ་གཉིས་སྟན་དང་སྔས་ཀྱི་ཚུལ་དུ་གཏད་ལ། ཧྲཱི༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ བྱང་སེམས་སྨོན་འཇུག་བསྐྱེད་པར་གྱིས༔ རང་གི་སེམས་ནི་ཡོངས་སུ་འདུལ༔ དམ་ཆོས་མངོན་པ་འཛིན་པར་གྱིས༔ ཨ་བྷི་ཥིཉྩ་པད་པད༔ དེ་ལྟར་དབང་སྐུར་པ་ཐོབ་ནས་བྱང་ཆུབ་སེམས་དཔའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་བྱང་སེམས་ཐེག་པའི་འཇུག་སྒོ་ནི། སེམས་ཅན་ལ་དམིགས་པའི་འཇུག་པའི་སེམས་བསྐྱེད། ལྟ་བ་སེམས་ཙམ་པ་དང་དབུ་མ་པའོ། །སྒོམ་པ་སྟོང་ཉིད་སྙིང་རྗེའོ། །སྤྱོད་པ་ཚད་མེད་བཞི་དང་བསྡུ་བའི་དངོས་པོ་བཞིས་རང་ལས་གཞན་གཅེས་པར་འཛིན་པའོ། །ཉོན་མོངས་པ་ཁྱད་པར་དུ་གཏི་མུག་སྤོང་། འབྲས་བུ་ས་བཅུ་ལ་སྦྱོར་བ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད། ཁྱེད་རང་རྣམས་ཀྱི་ལྟེ་བར་ཡི་གེ་པད་དཀར་པོ་རེ་རེ་སྒོམས་ལ་པད་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་དུད་འགྲོར་མི་སྐྱེ་ཞིང་། བསྐལ་པ་གྲངས་མེད་གསུམ་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། །དེ་ལྟར་སྐུ་ཉན་ཐོས། གསུང་རང་རྒྱལ། ཐུགས་བྱང་ཆུབ་སེམས་དཔའི་དབང་གིས་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ནི། དེས་བསྟན་པ་ལ་འཇུག་པའི་རིམ་པ་གསུམ་སོང་ནས། གཉིས་པ་བྱིན་གྱིས་བརླབ་པ་ལའང་གསུམ་དུ་ཡོད་པའི་དང་པོ་ཀྲི་ཡའི་རིག་པ་གཏད་ནས་ལུས་བྱིན་གྱིས་བརླབ་པ་ལ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ་མ་རིག་པའི་སྒྲིབ་པ་དང་བཅས་པའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཞེས་གདོང་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཆུན་པོ་རེ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད་ལ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་དབུས་སུ་བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་རིགས་ལྔ་གངས་ཆེན་མཚོ་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དམ་ཅན་དང་བཅས་པ་བཞུགས་པར་མོས་ལ་ཕྱག་དང་མཎྜལ་འབུལ་བར་ཞུ། ཐལ་མོ་སྦྱར་ལ། ཕྱིའི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་རྣམས་ཀྱི་དོན་དུ་ཡང༔ རིགས་ལྔའི་སྡོམ་པ་བཟུང་བར་བགྱི༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་འཇུག་པར་འཚལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས། རྣམ་པར་སྣང་མཛད་ཀྱི་དབུའི་མཛོད་སྤུ་ལས་འོད་ཟེར་དཀར་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨཱོཾ་དཀར་པོའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒྲིབ་པ་བྱང་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ལས་འོད་ཟེར་འཕྲོས་ཏེ་འཇིག་རྟེན་ཐམས་ཅད་འོད་ཟེར་དཀར་ཁྲུག་ཁྲུག་ཏུ་འདུག་པ་ལ་ཤེས་པ་གཏོད་ཅིག །སྤོས་གུ་གུལ་རོལ་མོ་བཅས། ཧྲཱི༔ རྣམ་དག་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས༔ ལྷུན་གྲུབ་ཡེ་ཤེས་ཆོ་འཕྲུལ་རིགས་ལྔར་ཤར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འགྲོ་དོན་སྐུར་བཞེངས་ཐུགས་རྗེས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཀཱ་ཝཱ་ཙི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ཤིང་བྱིན་དབབ་པས། སྐུའི་བྱིན་ཕེབ་པའི་རྟགས་སུ་འདར་བ་དང་མཐོང་སྣང་ཡིད་དུ་འོང་བ་འབྱུང་བས་བརྟན་པར་བྱས་པར་མོས་ཤིག །སྤྱི་བོར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཀཱ་ཡ་ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱ། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་ལ་བསྐོར་བ་བྱས་ཏེ་སླར་ཤར་གྱི་སྒོ་དྲུང་འཁོད་པར་མོས་ལ་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བར་སྨྲོས་ཤིག །ཅེས་བརྡ་སྦྱར་ལ་ཁ་དོག་དྲི། དེ་ལ་ཁ་དོག་དཀར་པོར་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུས་མངོན་སྤྱོད། མཐིང་གས་མཆོག །ཁྲ་བོར་མཐོང་ན་ལས་སྣ་ཚོགས་སུ་འགྲུབ་པ་ཡིན་ནོ། །ཞེས་ལུང་བསྟན་ནོ། །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་ལྟོས་པ་མེད་པར་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧྲཱི༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡེ་ཤེས་ལྷ་ཞལ་བསྟན་དུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་མེ་ཏོག་དཀྱིལ་འཁོར་དུ་དོར་བས་ལྷའི་སྐུ་གསུང་ཐུགས་གང་དུ་ཕོག་པའི་རིགས་དང་སྦྱར་ལ། གསང་མཚན་རྣམ་སྣང་རྡོ་རྗེ། མཐའ་ཡས་རྡོ་རྗེ། མི་བསྐྱོད་རྡོ་རྗེ་སོགས་སུ་བཏགས། མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་སེམས་ཅན་རྣམས༔ མ་རིག་རྨོངས་པས་ལྡོངས་པ་ཡི༔ ལས་ཀྱི་རབ་རིབ་བསལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཐུར་མ་ཐོགས་ལ། ཀྱེ༔ མ་རིག་རྨོངས་པས་ལྡོངས་པ་རྣམས༔ བདེ་གཤེགས་རྣམས་ཀྱི་ཡེ་ཤེས་ཀྱིས༔ མིག་མཆོག་དམ་པ་དབྱེ་བར་བྱ༔ དཀྱིལ་འཁོར་ལྷ་ཚོགས་འདི་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཨཱ༔ ཞེས་མིག་དར་བསལ། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས། འདི་ལྟར་བརྡ་སྐུ་གསུང་ཐུགས་ཀྱི་རྟེན་བཀོད་པ་འདིས་མཚོན་ནས། རྟགས་སྐུ་གསུང་ཐུགས་རིགས་གསུམ་སེམས་དཔའི་རྣམ་པར་ཤར་བ་དེའང་། དོན་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་དུ་རྟོགས་པར་གྱིས་ཤིག །བརྡ་དཀྱིལ་འཁོར་ཁ་དོག་ལྔ་ལྡན་དུ་ཡོད་པ་འདིས་མཚོན་ནས། རྟགས་རིགས་ལྔ་ཡུམ་ལྔའི་རྣམ་པར་ཤར་བ་དེའང་། དོན་རང་བྱུང་ཡེ་ཤེས་ལྔའི་ངོ་བོ་དོན་དམ་ཆོས་ཉིད་ཀྱི་དབྱིངས་སུ་རོ་མཉམ་པར་ཤེས་པར་མཛོད་ཅིག །ཅེས་དོན་རྟགས་བསྟན་ལ། རྣམ་རྒྱལ་བུམ་པ། ཅོད་པན། རྡོར་དྲིལ། རིགས་ལྔའི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར་ལ། ཧཱུྃ༔ ཆུ་དང་ཅོད་པན་རྡོ་རྗེ་དྲིལ་བུ་དང༔ མིང་གི་དབང་མཆོག་དམ་པ་བསྐུར་བ་ཡིས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པ་དང༔ ཀྲི་ཡ་རིག་པའི་དབང་ལྔ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཎི་ཎི༔ ཞེས་བུམ་ཆུ་འཐོར་ཞིང་བླུད། དེ་ལྟར་དབང་བསྐུར་པ་ཐོབ་ནས་བྱ་བའི་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཀྲི་ཡ་བའི་འཇུག་སྒོ་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་སྤྱོད་པ་ནས་འཇུག །ལྟ་བ་དོན་དམ་སྐྱེ་བ་མེད་པའི་ངང་ནས་ཀུན་རྫོབ་རང་དང་ལྷ་རྗེ་འབངས་སུ་ལྟ་བའོ། སྒོམ་པ་ནི། སྟོང་པའི་ལྷ། སྒྲའི་ལྷ། གདན་གྱི་ལྷ། ཡིག་འབྲུའི་ལྷ། ཕྱག་མཚན་གྱི་ལྷ། སྐུ་ཡོངས་རྫོགས་ཀྱི་ལྷ་རིགས་གསུམ་མགོན་པོར་བསྐྱེད་པ་སྟེ། དོན་གྱི་ལྷ་དྲུག་བསྒོམ་པའོ། །སྤྱོད་པ་ལུས་ངག་ཡིད་གསུམ་དག་པར་སྤྱོད་པའོ། །ཉོན་མོངས་པ་ནི་ཁྱད་པར་དུ་ཁོང་ཁྲོ་སྤོང་བའོ། །འབྲས་བུ་རིགས་གསུམ་མགོན་པོའི་ཡོན་ཏན་ཐོབ་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྲོག་པ་རྩར་ཡི་གེ་ཎི་དཀར་པོ་རེ་རེ་སྒོམས་ལ་ཎི་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་དུའང་མི་ཁོམས་པའི་གནས་སུ་མི་སྐྱེ་ཞིང་། མི་ཚེ་བདུན་ན་ས་བཅུ་གཉིས་པ་ནོན་པར་འགྱུར་རོ། །ཞེས་གཟེངས་བསྟེད་དོ། །གཉིས་པ་ཨུ་པའི་རིག་པ་གཏད་ནས་ངག་བྱིན་གྱིས་རློབ་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། ནང་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་སངས་རྒྱས་སྐུ་གསུང་ཐུགས༔ སྐྱེ་འགག་འཁྲུལ་མེད་རང་གི་སེམས༔ གཉིས་འཛིན་རྟོག་པས་མི་སྤང་ཞིང༔ ཡེ་ཤེས་རིགས་ལྔར་བསྒྲུབ་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་འཇུག་པར་འཚལ༔ ཞེས་གསོལ་བ་བཏབ་པས་རྣམ་པར་སྣང་མཛད་ཀྱི་ལྗགས་ལས་འོད་ཟེར་དམར་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཨཱཿདམར་པོའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ངག་གི་སྒྲིབ་པ་སྦྱངས་ནས་ཚངས་པའི་དབྱངས་ཀྱི་འཇིག་རྟེན་གསུམ་པོ་གང་ཞིང་འཇིག་རྟེན་ཐམས་ཅད་འོད་ཟེར་དམར་ཁྲུགས་ཁྲུགས་འདུག་པ་ལ་ཤེས་པ་གཏོད་ཅིག །བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གྲངས་མང་དྲག་ཏུ་བཟླ། གསུང་གི་བྱིན་ཕེབས་པའི་རྟགས་སུ་ངག་རང་རྡོལ་དུ་སྨྲ་བ་དང་། རྒྱལ་བའི་གསུང་ཐོས་པར་འགྱུར་ཏེ་དེ་བརྟན་པར་བྱས་པར་མོས་ཤིག །མགྲིན་པར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཝཱ་ཀ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། རྡོ་རྗེ་དང་ཕྲེང་བ་གཏད་ལ། ཧཱུྃ༔ རྡོ་རྗེ་ཕྲེང་བ་སངས་རྒྱས་མ་ལུས་ཀྱི༔ ཕྱག་ན་གནས་ཀྱིས་ཁྱོད་ཀྱང་བཅང་བར་གྱིས༔ གསུང་གི་བྱིན་རླབས་ངག་ལ་ཞུགས་པ་དང༔ ཨུ་པ་བརྟུལ་ཞུགས་སྔགས་ཀྱི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་མ་མ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་སྤྱོད་པའི་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨུ་བྷ་ཡའི་འཇུག་སྒོ་ནི་བདེན་གཉིས་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་འཇུག །ལྟ་བ་དོན་དམ་སྐྱེ་མེད་ལས་ཡེ་ཤེས་ཀྱི་ལྷ་དང་དཔོན་གཡོག་ཏུ་བལྟ་བའོ། །སྒོམ་པ་ལྟ་སྤྱོད་ཟུང་འཇུག་ཏུ་རྒྱལ་བ་རིགས་ལྔ་བསྒོམ་པའོ། །སྤྱོད་པ་ནི་ཕྲིན་ལས་རྣམ་པ་བཞིས་གཞན་དོན་བྱེད་པའོ། །ཉོན་མོངས་པ་ཁྱད་པར་ཕྲག་དོག་སྤང་བའོ། །འབྲས་བུ་ནི་རིགས་ལྔའི་གོ་འཕང་ཐོབ་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་ལྟག་པར་ཡི་གེ་མ་དཀར་པོ་རེ་རེ་སྒོམས་ལ་མ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ལྷ་མ་ཡིན་དུ་མི་སྐྱེ་ཞིང་། མི་ཚེ་ལྔ་ནས་ས་བཅུ་གསུམ་ཐོབ་པར་འགྱུར་རོ། །གསུམ་པ་ཡོ་གའི་རིག་པ་གཏད་ནས་ཡིད་བྱིན་གྱིས་རློབ་པའི་སླད་དུ་ཕྱག་དང་མཎྜལ་འབུལ་བར་ཞུ། གསང་བའི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཧྲཱི༔ ཆོས་རྣམས་ཡེ་ཤེས་ལྔར་རྟོགས་པས༔ ཉོན་མོངས་སྤང་བར་མི་བྱེད་ཅིང༔ རང་གྲོལ་ངང་དུ་སྤྱད་པར་བྱ༔ རྟོག་བྲལ་ཆེན་པོར་གནས་པར་བྱ༔ ལན་གསུམ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ བླ་མ་ལ་ནི་སྐྱབས་སུ་མཆི༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་གཞུག་པར་འཚལ༔ ཞེས་གསོལ་བ་བཏབ་པས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཧཱུྃ་མཐིང་གའི་ཚུལ་དུ་གནས་པས། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས་ནས་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་ཁམས་ཐམས་ཅད་མཐིང་ཁྲུགས་ཁྲུགས་པས་གང་བ་ལ་ཤེས་པ་གཏོད་ལ་སེམས་མ་ཡེངས་པར་མཛོད་ཅིག །ཅེས་སེམས་གཏོད་དུ་གཞུག །ཐུགས་ཀྱི་བྱིན་ཕེབས་པའི་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་མྱོང་བཟང་པོ་སྐྱེ་བར་འགྱུར་བས་དེ་བརྟན་པར་བྱས་པར་མོས་ཤིག །སྙིང་གར་རྡོ་རྗེས་བདུད་རྩི་བཞག་ལ། ཛྙཱ་ན་ཙིཏྟ་ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱ། མིག་ཐུར་དང་མེ་ལོང་བཟུང་ལ། ཧཱུྃ༔ མིག་ཐུར་མ་རིག་སྒྲིབ་སེལ་སྤྱན་ལྔ་ལྡན༔ མེ་ལོང་ཆོས་རྣམས་གསལ་བའི་དབང་བསྐུར་བས༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པ་དང༔ ཡོ་གའི་སློབ་དཔོན་དབང་མཆོག་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དེ་ལྟར་དབང་བསྐུར་པ་ཐོབ་ནས་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཡོ་གའི་འཇུག་སྒོ་ནི་ལས་དང་ཏིང་ངེ་འཛིན་ལས་འཇུག་པའོ། །ལྟ་བ་ནི་དོན་དམ་དུ་སེམས་བསྐྱེད་ལ། ཀུན་རྫོབ་ཡེ་ཤེས་ཀྱི་ལྷ་དང་དམ་ཚིག་གི་ལྷ་གཅིག་གྲོགས་གཅིག་ཏུ་ལྟ་བའོ། །སྒོམ་པ་ནི་གདན་གྱི་བྱང་ཆུབ། སྐུའི་བྱང་ཆུབ། གསུང་གི་བྱང་ཆུབ། ཐུགས་ཀྱི་བྱང་ཆུབ། ཡེ་ཤེས་སེམས་དཔའི་བྱང་ཆུབ་སྟེ་བྱང་ཆུབ་པ་ལྔ་ལ་བརྟེན་ནས་ལྷའི་དཀྱིལ་འཁོར་བསྒོམ་པའོ། །སྤྱོད་པ་ནི་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱི་ལྷ་སྒྲུབ་ཅིང་ཐབས་ཤེས་འབྲེལ་བའོ། །ཉོན་མོངས་པ་ཁྱད་པར་དུ་ང་རྒྱལ་སྤོང་བའོ། །འབྲས་བུ་ནི་རྡོ་རྗེ་འཆང་གི་ཡོན་ཏན་རྫོགས་པ་ཡིན་པས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡི་གེ་ཨཱོཾ་དཀར་པོ་རེ་རེ་སྒོམས་ལ་ཨཱོཾ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ནམ་ཡང་ལྷའི་སྡུག་བསྔལ་མྱོང་བར་མི་འགྱུར་ཞིང་། མི་ཚེ་གསུམ་ནས་འོག་མིན་གྱི་ས་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། དེ་ལྟར་སྐུ་ཀྲི་ཡ། གསུང་ཨུ་པ། ཐུགས་ཡོ་ག་གསུམ་གྱིས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ནི། དེ་དག་གིས་བྱིན་རླབས་རིག་པ་གཏད་པའི་རིམ་པ་གསུམ་སོང་ནས། གསུམ་པ་དབང་སྐུར་བ་ལའང་གསུམ་དུ་ཡོད་པའི། དང་པོ་མ་ཧཱ་ཡོ་གའི་སྤྲོས་བཅས་བུམ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་སྤྱན་དམིགས་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་དབུས་སུ་བླ་མ་དང་ཀུན་བཟང་ཡབ་ཡུམ་ཐ་མི་དད་པར་བཞུགས་པ་ལ། ཐུགས་རྗེ་ཆེན་པོ་རིགས་ལྔ་ཡབ་ཡུམ། སྤྲུལ་པའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་དམར་གསལ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་དམར་པོའི་སྡོང་བུ་བསྣམས་ཤིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་ཐུགས་ཀར་དམ་ཚིག་གི་ལྷ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་བཞུགས་པར་མོས་ཤིག །བདུད་རྩིའི་ཆུ་སྦྱིན་ལ། ཧཱུྃ༔ ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་དམ་ཚིག་སྲུངས༔ འདི་ནི་ཁྲོ་ཆུ་ཁོལ་མའི་དམ་ཚིག་ཆུ༔ དམ་ཚིག་བསྲུང་ན་ཡེ་ཤེས་བདུད་རྩིར་འགྱུར༔ ཐ་ཚིག་རྡོ་རྗེའི་དམ་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། ས་མ་ཡ་ཨི་དནྟུ་ན་ར་ཀན༔ དེང་ཕྱིན་ཆད་རྩ་བ་དང་ཡན་ལག་གིས་བསྡུས་པའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་ལ་བླང་དོར་ཚུལ་བཞིན་དུ་བྱ་དགོས་སོ། །དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་གསོལ་བ་ལྟར༔ བདག་ཀྱང་དྲང་བའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་གསོལ་བ་བཏབ་པས། ཀུན་ཏུ་བཟང་པོའི་སྐུ་ལས་འོད་ཟེར་དཀར་པོ་ཞིག་འཕྲོས་པས། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར། ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོར་བབས་པས་ལྷའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གཉིས་མེད་དུ་གྱུར་པར་མོས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ ལྷ་དང་གཉིས་མེད་ཡེ་ཤེས་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། མེ་ཏོག་འཐོར་ལ་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། འདིར་སྤྲོས་པ་ལ་དགའ་ན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་བདུན་གྱི་དབང་སྤྱི་འགྲེ་བསྐུར་བའང་བཤད་དོ། །མ་ཧཱ་ཡོ་གའི་བུམ་དབང་འདི་ཉིད་ལ་ཡང་། བདག་གཞན་ཐམས་ཅད་ལྷར་བསྐྱེད་པ་བུམ་དབང་། ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པ་གསང་དབང་། ཁྱེད་རང་རྣམས་དང་གཉིས་སུ་མེད་པར་འདྲེས་པས་ཤེར་དབང་། སྒོམ་མཁན་ངོ་བོར་མ་གྲུབ་པ་རྩལ་དབང་སྟེ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་མ་ཧཱ་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་མ་ཧཱ་ཡོ་གའི་འཇུག་སྒོ་ནི་བུམ་པའི་དབང་ཡིན་ཏེ། འདིར་བུམ་པའི་དབང་གཞན་ལས་ཁྱད་པར་འཕགས། གཞན་དུ་ས་སྟེགས་བས་འདིར་པུསྟི་ཁྱད་པར་དུ་འཕགས། གཞན་དུ་རྡུལ་ཚོན་བས་འདིར་ཡི་གེ་ཁྱད་པར་དུ་འཕགས། གཞན་དུ་ལྷ་བསྟན་པ་བས་འདིར་ལྷའི་སྐུ་ཁྱད་པར་དུ་འཕགས། གཞན་དུ་དཀྱིལ་འཁོར་གྱིས་བརྒྱན་པ་བས་འདིར་མཆོད་རྟེན་ཁྱད་པར་དུ་འཕགས། ལྟ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་སྒོམ་པའོ། །སྒོམ་པ་ནི་དེ་བཞིན་ཉིད་དང་། ཀུན་ཏུ་སྣང་བ་དང་། རྒྱུའི་ཏིང་ངེ་འཛིན་ལས་ལྷ་ཡབ་ཡུམ་གྱི་དཀྱིལ་འཁོར་སྒོམ་ཞིང་ཡེ་ཤེས་པ་དང་དམ་ཚིག་གཉིས་མེད་དུ་བསྟིམ་པའོ། །སྤྱོད་པ་ནི་སྦྱོར་སྒྲོལ་གྱིས་ཉོན་མོངས་པ་གནས་འགྱུར་ནས་ཡེ་ཤེས་སུ་གྲོལ་བའོ། །འབྲས་བུ་ནི་སྤྲུལ་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡི་གེ་ཨཱོཾ་དཀར་པོ་རེ་སྒོམས་ལ་ཨཱོཾ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ནི་ལུས་ཀྱི་སྒྲིབ་པ་དག་ཅིང་སངས་རྒྱས་ཀྱི་སྐུར་འགྱུར། གསང་སྔགས་ཀྱི་རྫས་དང་ཡོ་བྱད་བརྟེན་པ་ལ་དབང་། སྐྱེ་བ་ཕྱི་མར་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ཨ་ནུ་ཡོ་ག་ལ་ཕ་རྒྱུད་མ་རྒྱུད་ཀྱི་དགོངས་པས་དབང་གཉིས་སུ་གསུངས་པའི་དང་པོ་སྤྲོས་མེད་གསང་བའི་དབང་སྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཤེས་རབ་མ་མཚན་དང་ལྡན་པ་ཕུལ་བའི་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྡུག་བསྔལ་ནད་རྣམས་བསལ་བའི་ཕྱིར༔ བདེ་ཆེན་མཛེས་མ་འདི་ལ་དགྱེས་མཛད་ནས༔ བདུད་རྩི་བདེ་བའི་རྒྱུན་དེ་བདག་ལ་སྩོལ༔ ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཞེས་གདོང་གཡོགས། བླ་མ་སངས་རྒྱས་ཡབ་ཡུམ་གཉིས་རྡོ་རྗེ་དང་པདྨ་བདེ་བ་ཆེན་པོར་སྦྱོར་བ་བྱས་ཏེ། རྒྱལ་བ་ཐམས་ཅད་ལ་བདེ་བ་ཆེན་པོའི་མཆོད་པ་ཕུལ་ནས་ཡེ་ཤེས་ཀྱི་འོད་ཟེར་ཚུར་འདུས་བདག་གི་ཞལ་དུ་ཐིམ་པས་སྐུའི་བཅུད་དུ་གྱུར་ནས། རྡོ་རྗེའི་ནང་ནས་ཐོན། པདྨའི་ནང་དུ་ཕབ། པདྨའི་ནང་ནས་ཐོན། ཀ་པཱ་ལའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་གྱུར། གདོང་གཡོགས་བསལ། ཧྲཱི༔ ལྟོས་ཤིག་སྐལ་ལྡན་མིག་ཅན་རིགས་ཀྱི་བུ༔ དམ་རྫས་བདུད་རྩི་བླ་མེད་མཆོག་གི་རྫས༔ འདི་ལ་སྤྱད་ན་སངས་རྒྱས་སྐུ་གསུང་ཐུགས༔ རྡོ་རྗེའི་དམ་ཚིག་ཆེན་པོ་འགྲུབ་པར་འགྱུར༔ ཨེ་ས་མ་ཡ་ཧཱུྃ༔ ཧོ༔ གོང་གི་དུས་སུ་ཕྱིའི་དལ་ཡིན་ཏེ༔ འདིར་དེ་ལས་ཟབ་པ་རྡོ་རྗེ་སློབ་དཔོན་གྱི་སྐུའི་དལ་ཡིན་པས༔ ང་དང་ཀུན་བཟང་ཡབ་ཡུམ་ཐ་མི་དད་པའི་གནས་ནས༔ འོད་ཟེར་བདུད་རྩི་དཀར་དམར་འཕྲོས་པས༔ ཁྱེད་རང་གི་སྙིང་གའི་ནང་ནས་ལུས་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་ཐིམ་པར་མོས་ཤིག༔ ཀ་པཱ་ལའི་བདུད་རྩི་སྦྱིན་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་ཡུམ་གྱི་མཁའ་ཀློང་ནས༔ བདེ་ཆེན་བཅུད་ལྡན་ཡབ་ཀྱི་བྱང་སེམས་འཕྲོས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་རླུང་ཐིག་ལེ་ཟག་མེད་གྲོལ་བར་ཤོག༔ ཨ་བྷི་ཥིཉྩ་ཨ་ཨཱ༔ ཨ་ནུ་ཡོ་གའི་གསང་དབང་འདི་ལ་ཡང་། བླ་མ་ཡབ་ཡུམ་གྱི་བྱང་སེམས་ལྕེ་ཐོག་ཏུ་བཞག་པས་བུམ་དབང་། དེའི་རོ་མྱང་བས་གསང་དབང་། བདེ་བས་རྩ་རླུང་ཐིག་ལེ་གང་བ་ཤེས་རབ་ཡེ་ཤེས། བདེ་སྟོང་གཉིས་མེད་དུ་བལྟས་པ་རྩལ་དབང་སྟེ་བྱང་སེམས་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཡི་གེ་ཨཱཿདམར་པོ་རེ་སྒོམས་ལ་ཨཱཿབརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ངག་གི་སྒྲིབ་པ་དག་ཅིང་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། སྐྱེ་བ་ཕྱི་མ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། དེ་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་རང་གི་ལུས་ལོངས་སྤྱོད་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་བདེ་བ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར༔ ཤེས་རབ་ཡེ་ཤེས་དྷཱ་ཀི་གནང་མཛད་ནས༔ ཟག་མེད་དགའ་བའི་བདག་ཉིད་བསྩལ་དུ་གསོལ༔ དམ་ཚིག་གི་མེ་ལོང་བསྟན་ནས། ཧཱུྃ༔ ཆོས་རྣམས་མེ་ལོང་གཟུགས་བརྙན་འདི་ལྟ་བུ༔ དམ་ཚིག་གཟུངས་མ་ལས་ཀྱི་དཔའ་མོ་ཡི༔ བདེ་སྟོང་ཟུང་འཇུག་རྡོ་རྗེ་བྷ་ག་ལ༔ གཉིས་མེད་ཆེན་པོར་ལོངས་སྤྱོད་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་དུ། ནུས་ལགས། ཞེས་བརྗོད། རིག་མ་དངོས་སམ་གཟུགས་བརྙན་གཏད་ལ། ཁྱེད་རང་ལ་བདེ་ཆེན་སྐྱེད་པའི་རིགས་ལྡན་གྱི་ཕྱག་རྒྱ་གཏད་པ་དང་སྲིན་ལག་སྦྲེལ་བར་མོས། བླ་མ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་ཞིག་བྱུང་ནས། ཁྱེད་རང་ཡབ་ཡུམ་གྱི་ཐུགས་ཀར་ཕོག །ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་བྱས་པས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེས་པར་མོས་ཤིག །དེ་གཉིས་ཀྱི་མགོ་ཐོག་ཏུ་སློབ་དཔོན་གྱི་ཕྱག་བཞག་ལ། ཧཱུྃ༔ ཁྱེད་གཉིས་ལྷར་གསལ་རྡོ་རྗེ་པདྨར་སྦྱོར༔ བྱང་སེམས་བསྐྱིལ་བ་བཟློག་དང་བཀྲམ་པ་ཡིས༔ བདེ་ལ་སེམས་བཟུང་སྟོང་པ་ཉིད་དང་འདྲེས༔ གཉིས་མེད་བདེ་བ་ཆེན་པོ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ རིག་མ་ལས་སྐྱེས་པའི་དགའ་བཞི་མཐར་ཐུག་པ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་པས་རང་ངོ་ལ་མཉམ་པར་ཞོག་ཅིག །ཅེས་མཉམ་པར་འཇོག་ཏུ་བཅུག །ཨ་ནུ་ཡོ་ག་ཤེས་རབ་ཡེ་ཤེས་ཀྱི་དབང་འདི་ལ་ཡང་། སློབ་བུ་ཡབ་ཡུམ་ལྷར་གསལ་བ་བུམ་དབང་། བྱང་ཆུབ་ཀྱི་སེམས་ཕབ་པ་གསང་དབང་། བདེ་བ་ཆེན་པོའི་ཉམས་སྐྱེས་པ་ཤེར་དབང་། བདེ་བ་སྟོང་ཉིད་དང་བསྲེ་བ་ཚིག་དབང་སྟེ་ཕྱག་རྒྱ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་ཨ་ནུ་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨ་ནུའི་འཇུག་སྒོ་ནི་གསང་དབང་དང་ཤེར་དབང་སྟེ། གསང་དབང་ནི་གོང་གི་བུམ་དབང་ལས་ཁྱད་པར་དུ་འཕགས་ཏེ། དེ་ཡང་པུསྟིའི་དཀྱིལ་འཁོར་ལས་བླ་མའི་སྐུའི་དཀྱིལ་འཁོར་དུ་ཁྱད་པར་འཕགས། བླ་མ་རྗེ་བཙུན་ལས་བླ་མའི་ཡུམ་ཁྱད་པར་དུ་འཕགས། ལྷའི་འདྲ་འབག་ལས་བླ་མ་ཡབ་ཡུམ་ལྷར་གསལ་བ་ཁྱད་པར་དུ་འཕགས། རྒྱན་གྱི་མཆོད་རྟེན་ལས་བླ་མའི་སྐུ་གསུང་ཐུགས་ཁྱད་པར་དུ་འཕགས། ཤེས་རབ་ཡེ་ཤེས་ཀྱི་དབང་ནི་གསང་དབང་ལས་ཁྱད་པར་དུ་འཕགས་ཏེ། བླ་མ་ཕྱི་རོལ་དུ་གནས་པ་བས། རང་ལུས་བླ་མའི་དཀྱིལ་འཁོར་དུ་གནས་པ་ཁྱད་པར་དུ་འཕགས། བླ་མའི་ཡུམ་གྱི་ཕྱི་རོལ་དུ་གནས་པ་ལས། བདག་དང་སྦྱོར་བ་ཁྱད་པར་དུ་འཕགས། བྱང་སེམས་ཕྱི་རོལ་དུ་གནས་པ་ལས། རང་ལས་སྐྱེས་པ་ཁྱད་པར་དུ་འཕགས། གཞན་གྱིས་བྱིན་གྱིས་བརླབས་པ་ལས། རང་ལ་གནས་པ་ཁྱད་པར་དུ་འཕགས་པའོ། །ཨ་ནུ་ཡོ་གའི་ལྟ་བ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་དོ། །སྒོམ་པ་སྟོང་ཉིད་ཀྱི་ངང་ལས་རང་གསལ་གྱི་ཡེ་ཤེས་པ་དྲན་རྫོགས་སུ་བསྐྱེད་པའོ། །སྤྱོད་པ་ཐམས་ཅད་ཡེ་ཤེས་སྒྱུ་མའི་རོལ་པར་སྤྱོད་པའོ། །ཉོན་མོངས་པ་ཡེ་ཤེས་སུ་རང་གྲོལ་བའོ། །འབྲས་བུ་ནི་བདེ་ཆེན་ལོངས་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པ་མཛོད་ཅིག །དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཡི་གེ་ཧཱུྃ་མཐིང་ག་རེ་སྒོམས་ལ་ཧཱུྃ་བརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་ཡིད་ཀྱི་སྒྲིབ་པ་དག་ཅིང་། སངས་རྒྱས་ཀྱི་ཐུགས་སུ་གྱུར་ཏེ། ཕྱག་རྒྱ་བསྟེན་པ་ལ་དབང་། འཆི་ཁར་བདེ་བ་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད། གསུམ་པ་ཨ་ཏི་ཡོ་ག་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་སྨན་དང་རིན་པོ་ཆེ་དང་འབྲུའི་མཎྜལ་རྣམས་རིམ་བཞིན་འབུལ་མཛོད། མོས་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ ཀུན་ཏུ་བཟང་པོ་དགོངས་སུ་གསོལ༔ བདག་ཅག་བློ་བྲལ་ཡེ་ཤེས་སྐྱེད་པའི་ཕྱིར༔ ཆོས་ཉིད་དོན་གྱི་དགོངས་པ་བསྟན་མཛད་ནས༔ ཡང་དག་ཟབ་དབྱིངས་ཆེན་པོ་བདག་ལ་སྩོལ༔ འདིར་དཔོན་སློབ་ཐམས་ཅད་སྟོད་གཡོགས་ཕུད་དེ་ལངས་ལ་མིག་གི་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཏོད་པར་གསུངས་པས་དེ་བཞིན་མཛད་པར་ཞུ། བླ་མས་དལ་བུས་འདི་ལྟར་བརྗོད། ཀྱེ་ཧོ༔ ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་འདི་ལྟར་སྒོམས༔ སྟེང་ཕྱོགས་ནམ་མཁའི་ཁམས་སུ་གམ་གམ་སོང༔ འགྲོ་མཁན་རང་གི་སེམས་ལ་ཅེར་གྱིས་ལྟོས༔ མ་ཕྱིན་མི་གནས་སྤྲོས་བྲལ་དམ་ཚིག་ཡིན༔ ཞེས་པའི་མཐར། དེ་ནས་སྣང་སྲིད་འཁོར་འདས་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །ཅེས་བྱས་ལ་རང་མལ་དུ་བཞུགས་ཏེ་ངོ་སྤྲད་པ་ནི། འོ་ ཁྱོད་རང་རྣམས་ཀྱིས་འདི་ལྟར་དུ་རྟོགས་ཤིག །སྣོད་བཅུད་འཁོར་འདས་ཐམས་ཅད་རང་གི་སེམས་ལ་མ་ཤར་བ་སྤུ་ཙམ་ཡང་འདུག་གམ། དེ་མི་འདུག་ན་རང་གི་སེམས་ལ་དངོས་པོ་འདུག་གམ། དེ་མི་འདུག་ན་དངོས་མེད་སྟོང་པ་ཉིད་ལ་འཁོར་བའི་སྡུག་བསྔལ་འདུག་གམ། དེ་མི་འདུག་ན། འོ་ན་སྡུག་བསྔལ་འབྱུང་བ་འདི་གང་གིས་ལེན། དེ་སེམས་འགྱུ་དང་བཅས་པའི་བློ་འདིས་ལེན་ན། སེམས་ཟད་ན་སངས་རྒྱས་པ་ཡིན་ནོ། །ཞེས་ངོ་སྤྲད། ད་ཁྱེད་རང་རྣམས་ཡི་གེ་ཧྲཱིཿདཀར་པོ་ཞིག་ཏུ་གྱུར་པར་བསམ། ཧྲཱིཿདེ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་སླར་མ་ལྡོག་ཅིག །ཧཱུྃ༔ སེམས་ཟད་བློ་ཟད་འཁྲུལ་པ་ཟད་པའི་དབྱིངས༔ སྨྲ་བསམ་བརྗོད་མེད་མཐའ་བྲལ་བདེ་ཆེན་ཀློང༔ དུས་གསུམ་སངས་རྒྱས་དགོངས་པ་འདི་རྟོགས་ན༔ ཀ་དག་རྒྱལ་ས་ཟིན་ནས་སླར་མི་ལྡོག༔ ཧྲཱིཿཧྲཱིཿཧྲཱིཿཞེས་དར་གཅིག་མཉམ་པར་གཞག །དེ་ལྟར་ཨ་ཏི་ཡོ་གའི་རྩལ་དབང་འདི་ལ་ཡང་། སྣང་བ་སེམས་སུ་བསྟན་པ་བུམ་དབང་། སེམས་སྟོང་པར་བསྟན་པ་གསང་དབང་། སྟོང་པ་བདེ་ཆེན་དུ་བསྟན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། བདེ་ཆེན་བློ་འདས་སུ་བསྟན་པ་རྩལ་དབང་སྟེ་རིག་རྩལ་ལ་བརྟེན་པའི་དབང་བཞི་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་སྐུར་པ་ཐོབ་ནས་ཨ་ཏི་ཡོ་གའི་བསྟན་པ་མཐའ་དག་བསྟན་པའི་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་ཨ་ཏིའི་འཇུག་སྒོ་རྩལ་དབང་ངོ་། །ཞེས་པས། འཇུག་སྒོ་རྩལ་དབང་ཡིན་ཏེ། འདི་ཤེས་རབ་ཡེ་ཤེས་ཀྱི་དབང་ལས་ཁྱད་པར་དུ་འཕགས། དེ་ཡང་ལུས་ཀྱི་དཀྱིལ་འཁོར་ལས་སེམས་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས། ཕྱི་རོལ་ལས་ཀྱི་ཕྱག་རྒྱ་ལས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བ་ཁྱད་པར་དུ་འཕགས། སྤྲོས་བཅས་ཀྱི་བདེ་བ་ལས། ཟག་མེད་ཀྱི་བདེ་བས་ཁྱད་པར་དུ་འཕགས། བྱིན་གྱིས་བརླབས་པ་ལས། བློ་ལས་འདས་པ་ཁྱད་པར་དུ་འཕགས་པའོ། །ལྟ་བ་མཐའ་བྲལ་རེ་དོགས་མེད་པའོ། །སྒོམ་པ་བློ་འདས་གཟུང་འཛིན་མེད་པའོ། །སྤྱོད་པ་ཤར་གྲོལ་བླང་དོར་མེད་པའོ། །ཉོན་མོངས་པ་ཡེ་ནས་ཡེ་ཤེས་ཆེན་པོར་དག་པའོ། །འབྲས་བུ་ལྷུན་རྫོགས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བས་དེ་དག་ལམ་དུ་ཁྱེར་སྙམ་པས་ཧྲཱིཿབརྒྱ་རྩ་བརྒྱད་བཟླ་བར་ཞུ། ཞེས་བཟླར་གཞུག །དེས་སྒོ་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་ཅིང་། སྟོང་གསལ་ཆོས་ཉིད་བསྒོམ་པ་ལ་དབང་། ཉམས་སུ་བླངས་ན་ཚེ་འདིར་ཆོས་ཀྱི་སྐུ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་གཟེངས་བསྟོད་དོ། སྤྱི་དོན་གསུམ་པ་ཡོན་ཕུལ་ཞིང་དགའ་སྟོན་བྱ་བ། སྒྲུབ་པའི་དམ་བཅའ་ཕུལ་བ་ལ་སོགས་པ་རང་གཞུང་ལྟར་བྱ་དགོས་ཀྱང་། འདིར་སྤྱི་ཙམ་དུ། དེ་ལྟར་དེ་དག་རྣམས་ཀྱི་སྒོ་ནས་དོན་ཟབ་དགོངས་པ་འདུས་པའི་བྱིན་རླབས་ཀྱི་ཆུ་རྒྱུན་གཅིག་ཏུ་དྲིལ་བའི་དབང་སྐུར་ལེགས་པར་ཕུལ་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་སྤྱི་དང་། ཁྱད་པར་དུའང་འདི་ལྟ་སྟེ། ཧྲཱི༔ དམ་ཚིག་རིགས་དྲུག་སེམས་ཅན་ལ༔ སྙིང་རྗེས་མ་ཡི་བུ་བཞིན་སྐྱོང༔ ཡི་གེ་བཅུ་པ་རྒྱུན་དུ་བགྲང༔ གཞན་དོན་བྱེད་པར་སེམས་བསྐྱེད་གྱིས༔ ཇི་སྐད་སྨོས་པའི་གནས་རྣམས་ལ་བསྲུང་སྡོམ་གྱི་རིམ་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། སློབ་མ་རྣམས་གྱེས་ལ་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཕྲིན་ལས་ཀྱི་བྱང་བུ་དཀྱུས་བཞིན་དུ་བགྱིས་པས་གྲུབ་བོ། །སྲིད་མཚོར་ཡུན་རིང་དུབ་པའི་སྐྱེ་བོ་ཡང་། །བསྟན་ལ་རིམ་འཇུག་ནས་བཟུང་བློ་འདས་ཀྱི། །ཐེག་པའི་བར་དུ་ཡུད་ཀྱིས་བགྲོད་བྱེད་པའི། །ཐབས་མང་དཀའ་བ་མེད་པའི་ཚུལ་འདི་རྨད། །ཐེག་སྒོ་ཀུན་གྱི་ཡང་ཞུན་བསྡུས་པ་ལ། །དོན་ཟབ་དགོངས་འདུས་ཞེས་སུ་མཚན་གསོལ་བའི། །ཟབ་ལམ་འདི་ཉིད་ཉི་ཟླའི་དཀྱིལ་འཁོར་བཞིན། །སྲིད་པའི་ཁམས་སུ་འགྲིབ་མེད་ཀུན་གསལ་ཤོག །ཅེས་དོན་ཟབ་དགོངས་པའི་བྱིན་རླབས་གཅིག་ཏུ་འདུས་པའི་སྨིན་བྱེད་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་བཀའ་དྲིན་ལས་སྐལ་པ་བཟང་པོའི་དཔྱིད་དུ་ལེགས་པར་ཐོབ་པས། ཆོས་ཚུལ་འདིའི་རྒྱུན་ཉག་ཕྲ་བ་ལ་ཞབས་ཏོག་ཏུ་འགྱུར་བའི་ལྷག་བློས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཡིག་ཆ་སྔ་ཕྱི་རྣམས་ཀྱི་དོན་མ་ནོར་བར་བསྡེབས་པ་དགེ་ལེགས་འཕེལ།། །།

ཀཱ་ཝཱ་ཙིའི་རིལ་སྦྱོར་ (Volume 52, Text 27)

ཨོཾ་སྭསྟི། སློབ་དཔོན་བི་མ་ལ་དང་འཇམ་དཔལ་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཟུང་དུ་འཇུག་པའི་རྣམ་རོལ་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་རོལ་གཏེར་ཆེན་མཆོག་གྱུར་གླིང་པ་སྟེ་ཡབ་སྲས་ལྷན་རྒྱས་པས་མདོ་ཁམས་འོག་མིན་ཀརྨའི་དཔལ་གྱི་དེའུ་ནས། ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་མན་ངག་མ་མོ་སྤྱི་འདུས་ཀྱི་ཟབ་ཆོས་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་སྐུ་གསུང་ཐུགས་ཀྱི་རིལ་བུ་ཁྱད་འཕགས་ཚུལ་དྲུག་དང་ལྡན་པ་ལས། གཟི་བརྗིད་བསྐྱེད་པ་སྐུའི་རིལ་བུ་དམ་རྫས་ཉི་མའི་སྙིང་པོ་ནི། གཏེར་གཞུང་དམ་རྫས་སྒྲུབ་པའི་ཡན་ལག་ལས། དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡི༔ འཆི་མེད་བདུད་རྩིའི་ལུང་སྒྲུབ་ཚེ༔ ལས་ཀྱི་ཁ་བསྒྱུར་ཡན་ལག་ནི༔ སྐུ་གསུང་ཐུགས་ཀྱི་རིལ་བུ་བསྒྲུབ༔ གཟི་བརྗིད་སྐུ་ཡི་རིལ་བུ་ནི༔ ཨ་རུ་དབང་ལག་ཀ་ར་དང༔ དམར་སེར་བ་ཡི་འོ་མས་བསྒྲིལ༔ ཞེས་གསུངས་པ་ལྟར་ཨ་རུ་ར་གསེར་མདོག་དང་། དབང་ལག་དུག་འདོན་བཅུད་འགུགས་སོགས་ཚད་ལྡན་དུ་བྱས་པའི་ཕྱེ་མ། བ་གསར་དམར་ཟལ་གྱི་འོ་མ་དང་ཤེས་ཀ་ར་སྦྱར་བས་སྦོལ་བ་ལ། ཕབས་གཏའ་བ་འོར་སྦྱར་པ་བྲན་ཏེ། ཐོག་མར་བདུད་རྩི་ཕུར་མའི་ཚུལ་དུ་འོག་མིན་ཚོགས་ཆེན་འདུས་པའི་བདུད་རྩི་སྨན་གྱི་ཆོ་གས་བསྒྲུབས། སླར་ཡང་རིལ་བུ་སྲན་འཕོས་ཙམ་དུ་དྲིལ་ནས་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ལུས་ཀྱི་ནད་དོན་ཞི། སྡིག་སྒྲིབ་དག །ཚེ་དང་སྟོབས་དང་གཟི་བརྗིད་རྒྱས། གཞན་སྣང་ཟིལ་གྱིས་གནོན། སྐྲ་དཀར་དང་གཉེར་མ་མི་འབྱུང་། མཐར་ལུས་ཀྱི་རྩ་མདུད་གྲོལ་ཞིང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུར་འགྲུབ་པར་བྱེད་པ་སོགས་ཕན་ཡོན་མཐའ་ཡས་པས་མྱོང་གྲོལ་རིགས་སྤྱི་དང་། བཅུད་ལེན་གྱི་རྫས་སོགས་ལའང་མཆོག་ཏུ་བསྔགས་སོ།། ༈ །།ཚངས་དབྱངས་བསྐྱེད་པ་གསུང་གི་རིལ་བུ་དམ་རྫས་ཟླ་བའི་བདུད་རྩི་ནི། གཏེར་གཞུང་ལས། ཚངས་དབྱངས་གསུང་གི་རིལ་བུ་ནི༔ ཁུག་གྲེ་སྤང་རྒྱན་ཀྱི་ཀྱེ་དང༔ ཙནྡན་དམར་པོ་ཆ་མཉམ་སྦྱར༔ ཞེས་པ་ལྟར། སྤང་རྒྱན་དཀར་པོ། ཀྱི་ཀྱེ་དཀར་པོ། ཙནྡན་དམར་པོ་རྣམས་ཆ་མཉམ་དང་། ཁུ་བྱུག་གི་གྲེ་བ་བཅས་ཞིབ་པར་བཏགས་པ་ཙནྡན་དམར་པོའི་ཁུ་བས་སྦོལ། ཕབས་གཏའ་ཙན་དམར་གྱི་ཁུ་བ་དང་སྦྱར་པས་བྲན་ཏེ། འོག་མིན་ཚོགས་ཆེན་འདུས་པའི་བསྙེན་སྒྲུབ་བཞི་ལྡན་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཤིང་། སླར་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ཏེ་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒྲུབས་པ་སྟེ། ཕན་ཡོན་ནི། གནས་སྐབས་ངག་གི་ནད་གདོན་ཞི། སྡིག་སྒྲིབ་དག །ལྕེ་བདེ། གྲེ་བ་སྙན། དབང་པོ་གསལ་ཞིང་དྭངས། ཡིད་འཕྲོག་པ་ཚངས་པའི་དབྱངས་ལྟ་བུ་ཐོབ་ཅིང་། མཐར་ཐུག་རླུང་དབུ་མར་ཐིམ་ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་སོགས་མཐའ་ཡས་པས་ན། མྱོང་གྲོལ་བདུད་རྩིའི་རིགས་སྤྱི་དང་། ཁྱད་པར་བློ་འཕེལ་གྱི་རིལ་བུའི་རིགས་སོགས་ལའང་མཆོག་ཏུ་བསྔགས་སོ།། ༈ །།བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ་དམ་རྫས་དགའ་བཞིའི་ཐིག་ལེ་ནི། གཏེར་གཞུང་ལས། བདེ་ཆེན་ཐུགས་ཀྱི་རིལ་བུ་ནི༔ ཤ་ཆེན་ལུག་མུར་ཅོང་ཞི་གཉིས༔ རྒྱལ་བའི་གདུང་རྟེན་རིང་བསྲེལ་བཅས༔ ཞེས་གསུངས་པ་ལྟར། སྟོན་དུས་བརྐོས་པའི་ལུག་མུར་གྱི་ཕྱེ་མ་དང་། ཅོང་ཞི་མཛོ་མོའི་འོ་མར་འདམ་བཏགས་ཆ་མཉམ། ཤ་ཆེན་ནུས་ཐོན་ཞིབ་བཏགས་བཅས་གར་ཆང་གིས་སྦོལ། དེ་ལ་ཕབས་གཏའ་ཆང་གི་ཉིང་ཁུར་སྦྱངས་པ་ལ། སངས་རྒྱས་ཀྱི་འཕེལ་གདུང་དང་། དགའ་རབ་རྡོ་རྗེའི་གདུང་རྟེན་ཅོང་ཞི་དང་ལྷན་ཅིག་ཞིབ་ཏུ་བཏགས་པ་བྲན་པའི་བདུད་རྩིའི་ཕུར་མ་ཉིད་དཔལ་ཆེན་འདུས་པའི་བདེ་ཆེན་སྦྱོར་བའི་དཀྱིལ་འཁོར་དུ་ཧེ་རུ་ཀ་བྱེ་བ་སྙེད་ཡབ་ཡུམ་གྱི་དགའ་བཞིའི་ཟིལ་མངར་དང་རོ་གཅིག་ཏུ་བྱིན་གྱིས་བརླབས། སླར་རིལ་བུ་སྲན་མ་ཙམ་དུ་དྲིལ་ནས་ཐུགས་རྡོ་རྗེ་གསང་བའི་བདག་པོའི་ཡེ་ཤེས་སུ་བསྒྲུབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ཡིད་ཀྱི་ནད་གདོན་ཞི། སྡིག་སྒྲིབ་དག །ཉམས་རྟོགས་དང་རིག་རྩལ་ཕྱོགས་མེད་དུ་རྒྱས། གཟུངས་དྲན་དང་། མངོན་ཤེས། ཏིང་ངེ་འཛིན་འགྲུབ། དགའ་བཞིའི་ཡེ་ཤེས་ལ་བརྟེན་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་ལ་སྦྱོར་བ་སོགས་བསྔགས་པ་མཐའ་ཡས་པས་ན། མྱོང་གྲོལ་གྱི་རིགས་སྤྱི་དང་། ཁྱད་པར་བདུད་རྩི་ཕུར་མ་དང་། རིལ་བུ་སོགས་བླ་མེད་ཀྱི་རྫས་མཐའ་དག་ལའང་མཆོག་ཏུ་གཅེས་ཤིང་། ཚོགས་ཀྱི་འཁོར་ལོའི་དུས་སུ་མ་ད་ན་ལ་སྦྱར་ནས་བརྟེན་ན་ཉམས་རྟོགས་རྩོལ་མེད་དུ་འཆར་བ་དང་། ཡེ་ཤེས་དབབ་པའི་སྐབས་སུ། གླ་རྩི། ཙནྡན་དཀར་དམར། མིའི་སྐྲ་སེན་དང་ཉྭ་བཞིའི་ཤ །མི་ཀླད། ཚིལ་ཆེན། བྱང་སེམས་དཀར་དམར། བྱི་ལའི་བྲུན། གུ་གུལ། སྤོས་དཀར། ཤུ་དག་ནག་པོ་བཅས་ཕྱེ་མ་ཆང་གིས་སྦོལ་བ་དང་སྦྱར་ཞིང་། ཐུགས་སྒྲུབ་སྙིང་བྱང་གི་པདྨ་དཔའ་བོའི་ལས་ཚོགས་ལྟར་བསྒྲུབས་པ་རོ་སོལ་གྱི་མེར་བདུག་པས་ཡེ་ཤེས་ཀྱི་ཟིལ་ཆེན་ལྷག་པར་འབེབ་སྟེ། བསྙེན་སྒྲུབ་དུས་སུ་བདུག་པ་ཡིས༔ ཡེ་ཤེས་པ་རྣམས་དབང་མེད་འདུ༔ བྱིན་ཆེན་འབེབ་ཅིང་ཉམས་རྟོགས་འཕེལ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར༔ ཞེས་སོགས་གསུངས་པས་མཚོན་ཏེ། དབང་བསྐུར་བའི་དུས་སུ་བདུད་རྩིར་སྦྱར་ནས་བྱིན་པས་དཔེ་དོན་གྱི་ཡེ་ཤེས་འདྲེན་པ་དང་། ཟབ་མོའི་རྣལ་འབྱོར་གྱི་སྐབས་སུ་བརྟེན་པས་ཏིང་ངེ་འཛིན་གནད་དུ་འགྲོ་བ་སོགས་ཕན་ཡོན་མཐའ་ཡས་པར་རྟོགས་པར་བྱའོ། ཁྱད་ཆོས་དེ་ལྡན་གྱི་སྐུ་གསུང་ཐུགས་རིལ་འདི་ཉིད་གསར་དུ་སྦྱར་སྒྲུབ་བྱེད་ན། རྩ་བའི་ཕབས་གཏའ་གཏེར་བྱོན་དངོས་ལ་གཞི་བྱས། གོང་གསལ་སོ་སོའི་སྨན་རྣམས་ཚད་ལྡན་དུ་སྦྱར་ཞིང་། སྒྲུབ་པའི་ཚུལ་ཡང་ཇི་སྐད་གསུངས་པ་ལྟར་ཕྱག་ལེན་གཙང་ཞིང་ཆོ་གའི་ཡན་ལག་མ་འཁྲུལ་མ་ཉམས་པའི་སྒོ་ནས་གཙང་དག་ཏུ་སྤེལ་བ་གནད་དུ་ཆེ་འོ། །ཞེས་པའང་དམ་རྫས་དཀར་ཆག་ལས་ཁོལ་དུ་ཕྱུངས་པ་སྟེ་ཛྙཱ་ནས་་་བདུད་འཇོམས་རིན་པོ་ཆེ།སོ།། །། ༈ དཔེ་ཚན་འདི་སྔོན་མེད་གསར་བཞག་གིས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསང་བ་ཡེ་ཤེས་ཀྱི་རྒྱུན་གྱི་ཉམས་ལེན་དགའ་བ་འཁྱིལ་བ་ (Volume 35, Text 27)

༄༅། །གསང་བ་ཡེ་ཤེས་ཀྱི་རྒྱུན་གྱི་ཉམས་ལེན་དགའ་བ་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། གསང་བ་ཀུན་གྱི་འབྱུང་གནས་ཆེ། །ཡེ་ཤེས་མཁའ་འགྲོ་མར་བཏུད་ནས། །དེ་ཡི་རྒྱུན་གྱི་རྣལ་འབྱོར་ནི། །འདུས་གསལ་ཁྱེར་བདེ་འབྲི་བར་བྱ། །བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པས་འཁོད། འབྱོར་ན་མཎྜལ་ཚོམ་བུ་དམར་པོ་བཀོད་པ་དང་། སྨན་རཀ་གཏོར་མ་ཕྱི་མཆོད་ཕྲེང་ཚར་བཤམ། མ་འབྱོར་ན་ཡིད་ཀྱིས་སྤྲུལ་པས་ཀྱང་ཆོག་ལ་ཐོག་མར་སྐྱབས་སེམས་ནི། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་ཀུན་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཚོགས་གསག་ནི། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཨོ་རྒྱན་གྱི་གནས་ནས། རྗེ་བཙུན་གསང་བ་ཡེ་ཤེས་རིགས་བཞི་མཁའ་འགྲོའི་འཁོར་དང་བཅས་པ་སྤྱན་དྲངས་མདུན་དུ་བཞུགས་པ་ལ། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པར་གྱུར། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལྷ་མོའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས༔ རང་གི་ལྟེ་བར་ཧྲཱིཿདམར་པོ། མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་འབར་བ། དེ་ལས་སོ་སོའི་རང་འོད་འཕྲོས། ཁམས་གསུམ་པོ་འོད་དུ་བྱས་ནས་ཡིག་འབྲུ་གསུམ་ལ་ཐིམ༔ དེ་གསུམ་ཡང་ཧྲཱིཿལ་ཐིམ་པ་དེ་ཉིད་ཉི་མ་ལྟར་འབར་བའི་འོད་ཀྱི་རང་ལུས་ཧྲཱིཿདང་བཅས་པ་འོད་དམར་པོའི་གོང་བུར་གྱུར་པ་དེའང་འོད་གསལ་གྱི་དབྱིངས་སུ་ཐིམ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ དེའི་ངང་ལས་སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ༔ པདྨ་དམར་པོ་དང་བམ་རོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧྲཱིཿདམར་པོ་ཉི་མ་ལྟར་འབར་བ༔ དེ་ལས་རང་ཉིད་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ་གཅེར་བུ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ༔ ཐོད་པའི་ཅོད་པན་དང་དོ་ཤལ་ཅན༔ མེ་ཏོག་གི་ཕྲེང་བ་དང་དྲིལ་གཡེར་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ སྐྲ་གྲོལ་བ་ཐུར་ལ་འཕྱང་བ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ༔ འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ། སྐུ་འགྱིང་བག་ཅན༔ གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དྷཱ་ཀི་སྡེ་བཞིས་བསྐོར་ནས་བཞུགས་པ༔ དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་དམར་པོ་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མཁའ་སྤྱོད་ཨོ་རྒྱན་སྤྲུལ་པའི་ཞིང་ནས་རང་འདྲ་བའི་ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས། ཨེ་ཨཱ་རལླི་ཛ༔ ཕཻཾ༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེའི་སྐུ་ལས་སྐུ་དཔག་ཏུ་མེད་པ་བྱོན༔ སྤྱི་བོ་ནས་ཐིམ༔ ལུས་བདེ་བ་དང་ལྡན་པར་གྱུར༔ ཡང་མགྲིན་པ་ནས་གསུང་གསང་སྔགས་ཨཱ་ལི་ཀཱ་ལི་དཀར་དམར་དུ་བྱོན༔ མགྲིན་པ་ནས་ཐིམ༔ ངག་ནུས་པ་དང་ལྡན་པར་གྱུར༔ ཡང་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་སེམས་ཀྱི་འོད་ཟེར་བྱུང༔ སྙིང་ག་ནས་ཐིམ༔ སེམས་རྟོགས་པ་དང་ལྡན་པར་གྱུར༔ དེ་ནས་ལྷ་མོ་ཡང་རང་ལ་ཐིམ་པས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར༔ ཞེས་མོས་ལ་ལྷ་སྐུ་གསལ་སྟོང་རྟོག་པ་མེད་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་གཞག །དེ་ནས་སྙིང་གའི་ཧྲཱིཿལས་སྔགས་ཀྱི་ཕྲེང་བ་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ སྣང་སྲིད་མཁའ་འགྲོ་མའི་དཀྱིལ་འཁོར་དུ་བསྒྱུར༔ དེ་རྣམས་ལ་མཆོད་པས་དགྱེས་ཤིང་བྱིན་གྱིས་བརླབས༔ སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དུ་བསམ་ནས༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་བཟླ༔ ཡང་སྙིང་གའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་སེམས་བརྟན་པར་བཅིངས་ནས་ཡིད་ཀྱི་བཟླས་པ་དུམ་གཅིག་བྱ༔ ཡང་དེ་ལྟ་བུས་རླུང་ཁ་སྦྱོར་དུ་བཅིངས་ནས་མི་གཡོ་བས་ཀྱང་སྔགས་བཟླ༔ ཡང་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཞལ་ནས་ཐོན༔ ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་བསྡུས༔ བརྟན་པ་མེད་པར་བྱས༔ འོད་དམར་པོར་ཞུ་བ་རང་གི་པདྨ་ནས་ཞུགས༔ སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ཞིང་རྩ་སྔགས་ཀྱི་མཐར་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ནས་བཟླས་པས་སྣང་སྲིད་དབང་དུ་འདུའོ༔ ལས་བཞིའི་ཁ་བསྒྱུར་སྤྲོ་ན། གཙོ་མོའི་ཐུགས་ཀའི་འོད་ཟེར་རྡོ་རྗེ་མཁའ་འགྲོ་ལ་ཕོག་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དཀར་པོ་འཕྲོས། ཞི་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར། རྩ་བའི་སྔགས་ཀྱི་ཤམ་བུར་བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་པ་བཏགས་ནས་བཟླས། གཙོ་མོའི་ཐུགས་ཀའི་འོད་ཟེར་རིན་ཆེན་མཁའ་འགྲོ་ལ་ཕོག་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་སེར་པོ་འཕྲོས། རྒྱས་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར། རྩ་སྔགས་ཤམ་བུར་རཏྣ་དྷཱ་ཀི་ནཱི་པུཥྚིཾ་ཀུ་རུ་ཧོ༔ ཞེས་པ་བཏགས་ནས་བཟླས། གཙོ་མོའི་ཐུགས་ཀའི་འོད་ཟེར་པདྨ་མཁའ་འགྲོ་ལ་ཕོག་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དམར་པོ་འཕྲོས། དབང་གི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར། རྩ་སྔགས་ཤམ་བུར་པདྨ་དྷཱ་ཀི་ནཱི་པཱ་ཤཾ་ཀུ་རུ་ཛ༔ ཞེས་པ་བཏགས་ནས་བཟླས། གཙོ་མོའི་ཐུགས་ཀའི་འོད་ཟེར་ལས་ཀྱི་མཁའ་འགྲོ་ལ་ཕོག་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་མཐིང་ནག་འཕྲོས། དྲག་པོའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར། རྩ་སྔགས་ཤམ་བུར་ཀརྨ་དྷཱ་ཀི་ནཱི་མཱ་ར་ཡ་ཕཊ༔ ཅེས་སྦྱར་རོ། །ཐུན་མཐར། སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་རིམ་བཞིན་འོད་དུ་འདུས་ཏེ་ཧྲཱིཿལ་ཐིམ། དེ་ཉིད་ཐིག་ལེའི་བར་དུ་འདུས། དེ་ཡང་སྟོང་ཉིད་ཀྱི་ངང་དུ་ཐིམ་པར་མོས་ལ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག །སླར། སྐད་ཅིག་གིས་རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་རྒྱས་བཏབ་པར་གྱུར། ཞེས་མོས་ཏེ་བསྔོ་སྨོན་བྱ་ཞིང་སྤྱོད་ལམ་ལ་འཇུག་གོ །བཟླས་པའི་སྐབས་སུ་ལུས་མི་དལ། ངག་མི་སྨྲ། ཡིད་མི་ཡེངས་པ་སྟེ་མི་དལ་བ་གསུམ་གྱིས་བསྐུལ་བ་གལ་ཆེའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་སྤྲོ་ན། ཁ་ཟས་སྣ་ཚོགས་ཀྱི་གཏོར་མ་བཤམས་ལ། རཾ་ཡཾ་ཁཾ་ལས་མེ་རླུང་དང༔ མི་མགོ་གསུམ་གྱི་སྟེང་གནས་པའི༔ ཨཿལས་ཐོད་པའི་སྣོད་ནང་དུ༔ ཞལ་ཟས་བཟའ་བཏུང་སྣ་ཚོགས་དང༔ སྟེང་དུ་ཨོཾ་དང་ཨཱཿཧཱུྃ་བསམ༔ རླུང་གཡོས་མེ་སྤར་རྫས་རྣམས་ཞུ༔ ཡི་གེ་གསུམ་གྱི་འོད་ཟེར་གྱིས༔ ཡེ་ཤེས་བདུད་རྩི་བཀུག་ཅིང་བསྟིམ༔ རང་བཞིན་དམ་ཚིག་བདུད་རྩི་ལ༔ ཞུ་ཞིང་འདྲེས་པ་ཉིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ། ཕཻཾ༔ གཏོར་མགྲོན་མདུན་གྱི་ནམ་མཁའ་ལ༔ སྤྲིན་གཏིབས་བཞིན་དུ་བྱོན་པར་གྱུར༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་བ་སུ་ཏ༔ མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་དྷཱ་ཀི་ནཱི༔ རཏྣ་དྷཱ་ཀི་ནཱི༔ པདྨ་དྷཱ་ཀི་ནཱི༔ ཀརྨ་དྷཱ་ཀི་ནཱི༔ ལོ་ཀ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཕུལ་བས། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་གསོལ་བར་མོས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་རྒྱས་པར་སྤྲོ་ན། ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ དུར་ཁྲོད་མེ་རི་འབར་བའི་ཀློང༔ མ་གཅིག་ཡེ་ཤེས་མཁའ་འགྲོ་མ༔ ཞལ་གཅིག་མ་ལ་ཕྱག་བཞི་མ༔ བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན༔ སྤྱན་གསུམ་སྡང་མིག་དགྲ་ལ་ལྟ༔ རྣོ་གདུག་མཆེ་བ་བགེགས་ལ་གཙིགས༔ ལེ་བརྒན་ལྗགས་ནི་གློག་ལྟར་གཡོ༔ འཛུམ་ཞལ་དམ་ཚིག་ཅན་ལ་སྟོན༔ ཕྱག་བཞིས་གྲི་གུག་ཐོད་ཁྲག་དང༔ རལ་གྲི་དང་ནི་ཁ་ཊྭཱཾ་འཛིན༔ མི་མགོ་རློན་པའི་དོ་ཤལ་ཅན༔ པད་ཉི་མི་རོའི་གདན་སྟེང་ན༔ བརྐྱང་བསྐུམ་གར་སྟབས་ཚུལ་དུ་བཞུགས༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་མཁའ་འགྲོ་ལ་སོགས་པའི༔ རིགས་བཞིའི་དྷཱ་ཀིའི་འཁོར་གྱིས་བསྐོར༔ ཁམས་གསུམ་དབང་དུ་སྡུད་མཛད་ཅིང༔ མདངས་དང་སྙིང་ཁྲག་རྔུབ་ཅིང་འཐུང༔ བདེ་བ་ཐམས་ཅད་སྒྲུབ་མཛད་མ༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ མཁའ་འགྲོ་མ་ཡི་རིགས་ཀྱི་གཙོ༔ བར་གཅོད་སྲུང་ཞིང་དངོས་གྲུབ་སྩོལ༔ རྣལ་འབྱོར་བདེ་ཆེན་སྤོར་མཛད་མ༔ མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་སོགས༔ ཕྱོགས་བཅུ་སྤྲུལ་པའི་ཞིང་ཀུན་ནས༔ འདིར་གཤེགས་དབང་སྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ༔ བསྡུ་ན། ཆགས་མེད་བདེ་ཆེན་ཤེས་རབ་ཡུམ༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ ཐུགས་རྗེ་ཆགས་པས་ཁམས་གསུམ་འགུགས༔ བདེ་ཆེན་དབྱིངས་སུ་འདྲེན་ལ་བསྟོད༔ ཅེས་པ་ཙམ་གྱི་མཐར་ཕྲིན་ལས་བཅོལ་བ་ནི། ཧྲཱི༔ བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་ཡུམ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ སྲིད་གསུམ་ཟིལ་གྱིས་གནོན་མཛད་པ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ནད་གདོན་བར་ཆད་ཞི་བར་མཛོད༔ དགོས་འདོད་ཆར་བཞིན་འབེབ་མཛད་པ༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་སྡུད་མཛད་པ་ཡི༔ པདྨ་རིགས་ཀྱི་མཁའ་འགྲོའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ འགྲོ་ཀུན་དབང་དུ་བསྡུ་བར་མཛོད༔ ཕྱི་ནང་བར་ཆད་སེལ་མཛད་པའི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འཇོམས་པར་མཛོད༔ ཕྲིན་ལས་ཐོགས་མེད་སྒྲུབ་མཛད་པའི༔ སྣ་ཚོགས་རིགས་ཀྱི་མཁའ་འགྲོའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་འདོད་དོན་བཅོལ། ཡིག་བརྒྱས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་བཛྲ་མུཿས་གཤེགས་སུ་གསོལ་ལོ། །ཡང་ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་སུ་ཚོགས་མཆོད་བྱ་བར་འདོད་པས་ལས་བྱང་དངོས་ལ་བརྟེན་ན་ལེགས་ཤིང་། དེ་ཙམ་མི་ནུས་པས་དུས་བཟང་མཆོད་པ་བསྡུས་པ་བྱེད་ན། ཚོགས་རྫས་ཤ་ཆང་ལ་སོགས་པ་ཅི་འབྱོར་བཤམ། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་སོང་ནས་ཚོགས་བྲན་ལ། ཧཱུྃ༔ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ རང་བྱུང་བདེ་སྐྱོང་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ འདོད་ཡོན་ཟག་མེད་བདུད་རྩིར་ཞུ༔ དངོས་གྲུབ་ཀུན་གྱི་སྙིང་པོར་བསྐྱིལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གསུམ་གྱིས་བྱིན་བརླབ། ཧྲཱི༔ རང་བཞིན་རྣམ་དག་ཕོ་བྲང་ནས༔ གསང་བ་ཡེ་ཤེས་རྣལ་འབྱོར་མ། །གཙོ་དང་འཁོར་དུ་བཅས་པ་རྣམས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་དཔྱང་ཅོད་པན་པུ་རུ་རུ༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ རོལ་མོའི་སྒྲ་སྙན་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ འབུམ་ཕྲག་འཁོར་ཚོགས་ཤ་ར་ར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྒྲུབ་མཆོག་རྣལ་འབྱོར་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཞེས་སྤྱན་དྲང་། ཧོ༔ སངས་རྒྱས་དམ་ཚིག་ཤ་ཆེན་ལྔ༔ ཉེས་བྲལ་བདུད་རྩི་ལྔ་ཡི་བཅུད༔ བཟའ་དང་བཅའ་བར་ཡང་དག་ལྡན༔ ཁ་དོག་དྲི་དང་རོར་ལྡན་པ༔ ཐམས་ཅད་སྦྱར་བའི་ཚོགས་མཆོད་འདི༔ རྣལ་འབྱོར་མཆོད་པ་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པར་རོལ༔ བདེ་ཆེན་དབྱིངས་སུ་བཞེས་སུ་གསོལ༔ ཨོཾ་དྷུ་མ་གྷ་ཡེ་སོགས་གཙོ་འཁོར་སྔགས་གོང་གསལ་གཏོར་འབུལ་སྐབས་ལྟར་ལ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྦྱར་བ་དང་། ཨརྒྷཾ་སོགས་ཀྱི་མཆོད། ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་སོགས་ཀྱིས་བསྟོད་ལ་ཚོགས་ཕུད་འབུལ། ཐོག་མེད་དུས་ནས་ད་ལྟའི་བར༔ ཉོན་མོངས་དབང་གྱུར་སྒོ་གསུམ་གྱིས༔ མི་དགེ་སྤྱད་པས་དཀྱིལ་འཁོར་ལྷའི༔ ཐུགས་དང་འགལ་བ་ཅི་བགྱིས་བཤགས༔ ཡིག་བརྒྱ་བཟླ་ཞིང་བར་པས་བཤགས། ཧཱུྃ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ རྣོ་ངར་ཡེ་ཤེས་ཕྱག་རྒྱ་ཡིས༔ མ་རིག་དུག་ལྔའི་དགྲ་བགེགས་རྣམས༔ རྟོག་བྲལ་ཡེ་ཤེས་དབྱིངས་སུ་བསྒྲལ༔ ཨོཾ་པདྨ་ཀྲོ་དྷ་སརྦ་དུཥྚཱཾ་བཛྲ་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཧཱུྃ༔ ཉོན་མོངས་བདག་ལྟའི་ལྔ་ཕུང་གཟུགས༔ བདག་མེད་དབྱིངས་སུ་བསྒྲལ་པའི་རྫས༔ འདོད་ཡོན་རྡོ་རྗེའི་དམ་ཚིག་ཆེ༔ འཁོར་བ་བསྒྲལ་ཕྱིར་བཞེས་སུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་གུ་ཧྱ་ས་མ་ཡ་ཁ་རཾ་ཁཱ་ཧི༔ ཞེས་ཐ་མ་བསྒྲལ་ཞིང་བསྟབ། ཚོགས་རྫས་རྣམས། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་པས་དྲང་། ཨ་ལ་ལ་ཧོཿ ཞེས་པས་བླངས་ཏེ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བདུད་རྩིར་བརླབ། ཕེཾ༔ ཧཱུྃ༔ གསང་བ་ཡེ་ཤེས་བཀའ་འཁོར་ན༔ བསྟན་པ་སྐྱོང་བའི་ཐུགས་དམ་ཅན༔ དབང་ཕྱུག་མཁའ་འགྲོ་གིང་ལངྐ༔ ཕྲ་མེན་ཤུགས་འགྲོ་གནོད་སྦྱིན་ཚོགས༔ འཇིགས་གཟུགས་རྔམ་པའི་རྒྱན་ཆ་ཅན༔ ལེགས་ཉེས་སྟངས་འཛིན་དྲོད་ཚད་ཉུལ༔ དམ་ཚིག་རྗེས་སྤྱོད་དུར་ཁྲོད་བསྐོར༔ རང་རང་སྤྲུལ་པ་ཕོ་ཉར་བཅས༔ དཔལ་གྱི་ཕམ་ཕབ་འདི་གསོལ་ལ༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པས་ལྷག་མ་ཕྱི་རོལ་དུ་བསྐྱལ། ཡིག་བརྒྱ་ལན་གསུམ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་གསོལ། །ཞེས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་བརྟན་བཞུགས་བྱ་རྟེན་མེད་ན། བཛྲ་མུཿས་གཤེགས་སུ་གསོལ་ལ་བསྔོ་སྨོན་བཀྲ་ཤིས་ཀྱི་མཐའ་བརྒྱན་པར་བྱའོ། །བསྐྱེད་རིམ་བསྙེན་སྒྲུབ་ཀྱི་རིམ་པ་སྤྱི་དང་། རྫོགས་རིམ་བསྒོམ་པར་འདོད་ན་རྩ་བའི་གཞུང་དང་ཡིག་ཆ་གཞན་དུ་ཤེས་པར་བྱ་དགོས་ལ། འདིར་ནི་རྒྱུན་གྱི་རྣལ་འབྱོར་ཙམ་སྙིང་པོར་དྲིལ་བའོ། །རླུང་སེམས་རང་དབང་གྱུར་ནས་ཀྱང་། །མཁའ་སྤྱོད་ཐར་པའི་གྲོང་ཁྱེར་དུ། །ལྷ་མོ་མཆོག་གིས་རྗེས་བཟུང་སྟེ། །བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་པའང་ཆོས་རྒྱལ་ས་དབང་ཆེན་པོའི་གཉེར་ཆེན་འཇམ་དཔལ་དགེ་ལེགས་ཀྱི་ཐུགས་བཞེད་སྐོང་སླད། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཆོས་རྒྱལ་གཏེར་བདག་གླིང་པའི་རྩ་བའི་གཏེར་གཞུང་ལས་འདོན་བདེར་ཕྱུང་བ་དགེ་ལེགས་འཕེལ།། །། ༈ ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོར་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་སྟེ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཤིས་བརྗོད་ནི། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས༴ ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས༴ གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག། །།

བླ་མ་གསང་འདུས་ཀྱི་ཆ་ལག་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩི་ (Volume 47, Text 27)

༄༅། །བླ་མ་གསང་འདུས་ཀྱི་ཆ་ལག་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། དམ་ཚིག་ལྡན་ལ་བྱིན་རླབས་འབེབ། །འགྲོ་ཀུན་ཐུགས་རྗེས་འཚོ་མཛད་པའི། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་། །དབྱེར་མེད་རྗེ་བཙུན་བླ་མར་འདུད། །འདུས་གསལ་ཚང་ལ་ཁྱེར་བདེ་བ། །གསར་རྙིང་གཏེར་ཁ་མང་པོ་ཡི། །བཅུད་དྲིལ་ཆོས་ཀྱི་དབང་ཕྱུག་ལུགས། །བརྒྱུད་པའི་ཕྱག་ལེན་འཁྲུལ་མེད་འགོད། །འདི་ལ་གསུམ། བྱ་བའི་དགོས་པ། ཡས་སྟགས་ཀྱི་བཅའ་གཞི། ཆོ་གའི་ལས་རིམ་མོ། །དང་པོ་ནི། བྱ་བའི་ཡུལ་སྔགས་ཀྱི་སྒོར་ཞུགས་ཤིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་ལ་ཕ་རོལ་པོ་དམ་ཚིག་ཉམས་པ་དང་མི་གཙང་བའི་དྲི་མ་ཕོག་པའམ། རང་གིས་དམ་ཚིག་ཉམས་པའི་རྒྱུ་བསྒྲུབས་པས་མཁའ་འགྲོ་ཁྲོས་ཤིང་གྱེས་པའམ། མཁའ་འགྲོ་མ་ལ་ཉམས་གྲིབ་ཕོག་པ་ལ་སོགས་པའི་རྒྱུས་སྒྲུབ་པ་པོ་ལ་དལ་ཡམས་རིམས་ནད་སོགས་ནད་གདོན་རྐྱེན་ངན་ལྷོང་། བྱིང་རྨུགས་འཐིབས་གསུམ་གྱིས་ཏིང་ངེ་འཛིན་སྒོམ་པ་མི་གསལ་བ་སོགས་བྱུང་ན་འདི་བྱས་པས་ཉམས་པ་སློང་ཞིང་རྐྱེན་ངན་བཟློག་པར་འགྱུར་རོ། །གཉིས་པ་བཅའ་གཞི་ནི། གོང་དུ་རང་ཉིད་བླ་མ་གསང་འདུས་ལྟ་བུའི་བདག་བསྐྱེད་གང་ལ་བྱེད་པ་དེའི་གཏོར་མཆོད། སྲུང་མའི་གཏོར་འབུལ་སོགས་ཚང་བར་བཤམ། གཞི་དེ་སྟེང་ངམ་ཁྲུས་སྟེགས་ལ་འབྲུ་ཡིས་པདྨ་འདབ་བཞི་བྲིས་པའི་དབུས་སུ་ཁྲུས་བུམ་མགུལ་ཆིངས་སྣ་ལྔ་བུམ་རྫས་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་དང་བཅས་པ། དེའི་མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཉེ་ལོགས་གང་བདེར་མེ་ལོང་གསལ་བ། རས་དཀར་དང་སྣམ་དཀར་དུམ། པགས་པ་དཀར་ནག །མདའ་དར་རྣམས་དང་། ཟོར་ཀོང་ཟུར་གསུམ་ལྔ་རུ་ཁྲག །དུག །ཡུངས་དཀར། མཚེ་རྣམས་བླུགས་ལ་ཁ་བལ་ཚོན་གྱིས་བཅད་པ། སྤན་འཇག་གི་ཕྱགས་མ། མདའ་རྒོད་སྒྲོ་མ་ལ་དར་མཐིང་ནག་དང་། སྲེ་ལོང་ལ་མཚལ་གྱིས་ཁ་མིག་དང་རམས་ཀྱིས་སྐྲ་བྲིས་པ་བཏགས་ལ་ནས་སྣོད་ལྟ་བུར་བཙུགས། འཛོམ་ན་མདའ་དར་ཕྱོགས་མདོག་བཞི་དེའི་ཕྱོགས་བཞིར་བཀོད་པར་བཤད། གཞི་མདུན་རེ་བ་སོགས་གདན་ནག་པོའི་སྟེང་ནས་ནག་སྲན་མ་བྲའོ་རྣམས་བཀྲམ་པའི་དབུས་སུ་སྣོད་མཐོ་བའི་ནང་དུ་འབྲང་རྒྱས་ཟླུམ་པོ་མཐོ་གང་བ་སྒང་བུ་ལྔ་གཏོད་པ། སྟོད་ཕྱེད་དཀར་པོ་དང་ཕྱེད་ནག་པོ་བྱས་པའི་དཀར་པོའི་ངོས་སུ་མར་མེ་ལྔ། ནག་པོའི་ངོས་སུ་ཁྲག་ཀོང་ལྔའི་ནང་བསྒྲུབ་བྱ་ལ་ཁྲུས་བྱས་པའི་དྲི་མ་བླུགས་པ་དཀར་པོ་ཡར་གཞི་དང་རྣལ་འབྱོར་པའི་ཕྱོགས་སུ་བསྟན་ལ་བཀོད། དེའི་མཐའ་སྐོར་དུ་གྲིབ་བདག་མོ་དར་ནག་གི་གོས་གྱོན་ཅིང་ལག་ཏུ་གྲིབ་ཕྱགས་ཐོགས་པ། རྟ་ནག་ལ་ཞོན་པ། ཁ་དོག་མཐིང་། དཀར། སེར། དམར། ལྗང་གུ་ལྔ་དབུས་དང་ཕྱོགས་བཞིར་བཀོད་པའི་སོ་སོའི་གཡོན་ཕྱོགས་སུ་ཕྱག་བརྙན་ལྔ་ཁ་དོག་དང་གོས་རྟ་རང་མཚུངས་ལ། ལག་ཏུ་མདའ་མདུང་ཁྱེར་བ། དེ་དག་གི་མདུན་དུ་བཤོས་བུ་ལྔ། ཁྲག་ཟན་གྱི་ཨུ་ཀྱུ་ལྔ། གྲིབ་གླུད་མི་ནག་རྒྱབ་ལག་བྱས་པས་བྱ་མོ་ནག་མོའི་སྒོང་ལྐོག་ཁུར་བའི་ནང་དུ་ནས་ནག །ཏིལ་ནག །བྲའོ། སྲན་མ་བླུགས་པ་ལྔ་རྣམས་བཞག །དེ་དག་གི་སྟེང་དུ་རེ་བའི་སྦྲ་ལྔ་ཕུབ། སོ་སོའི་རྒྱབ་ཏུ་ནམ་མཁའ་རང་མདོག་གི་ཁོང་འཕྲོད་དང་འཇའ་རིས་ཅན་དང་རྒྱང་བུ་རེ་རེ། འཛོམ་ན་རྒྱལ་མཚན། གཡས་སུ་མདའ་བཀྲ། གཡོན་དུ་འཕང་བཀྲ་རྣམས་གཟུག །འདི་དག་ལ་ཐ་ནའང་སྤར་བཏབ་པ་ཡན་ཆད་ཀྱི་གཟུགས་ཚང་ཙམ་དགོས་ཀྱི་ཡེ་མ་འཛོམ་པས་ནི་མི་རུང་ངོ་། ཁྲུས་མཁན་རབ་རིགས་བཟང་མཁའ་འགྲོའི་མཚན་ལྡན། མ་འཛོམ་ན་བུ་མོ་མགོ་གཙང་སྐྱེས་པ་དང་མ་འཕྲད་པ་ཞིག་མེད་དུ་མི་རུང་བས་སྟ་གོན་བྱ་ཞིང་བཀྲུ་ཕྱི་སོགས་ཀྱི་ལག་ལེན་བསླབ། གཞན་ཡང་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གསུམ་པ་ཆོ་གའི་ལས་རིམ་ལ་གསུམ། ཡི་དམ་གྱི་གཞུང་བསྲང་བ། གྲིབ་སེལ་དངོས། རྗེས་ཀྱི་བྱ་བའོ། །དང་པོ་ནི། ཆོ་ག་འདི་དང་འབྲེལ་པ་བླ་མ་གསང་འདུས་གཏང་ན་ལེགས་ཤིང་། གཞན་རྩ་བ་གསུམ་པོ་རང་ཉིད་ཡི་དམ་གང་ལ་བྱེད་པའི་གཞུང་བསྲངས་ཀྱང་རུང་བས། ཕྲིན་ལས་ཀྱི་སྔོན་འགྲོ་ནས་བརྩམ་བཟླས་པའི་བར་སོང་བ་དང་། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར། ནམ་མཁའི་ལྷ་མོ་ཀུན་ཏུ་བཟང་མོ་མཐིང་ག་ཕྱག་ན་མཐིང་གི་བུམ་པ་བསྣམས་པ། ཤར་དུ་ཆུའི་ལྷ་མོ་མཱ་མ་ཀཱི་སྔོན་མོ་ཕྱག་ན་བཻ་ཌཱུརྻའི་བུམ་པ་བསྣམས་པ། ལྷོར་སའི་ལྷ་མོ་སངས་རྒྱས་སྤྱན་མ་སེར་མོ་ཕྱག་ན་གསེར་གྱི་བུམ་པ་བསྣམས་པ། ནུབ་ཏུ་མེའི་ལྷ་མོ་གོས་དཀར་མོ་དམར་མོ་ཕྱག་ན་བྱེ་རུའི་བུམ་པ་བསྣམས་པ། བྱང་དུ་རླུང་གི་ལྷ་མོ་དམ་ཚིག་སྒྲོལ་མ་ལྗང་གུ་ཕྱག་ན་གཡུའི་བུམ་པ་བསྣམས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ལྷ་མོ་ལྔའི་ཐུགས་ཀར་ཨེ་ཡཾ་བཾ་ལཾ་རཾ། ས་བོན་ལྔའི་མཐའ་སྐོར་དུ་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་བ་བཟླས་པ་བྱས་པ་ཙམ་གྱིས་ཐུགས་རྒྱུད་བསྐུལ། སྔགས་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་འཁྱིལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་བཾ་ལཾ་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨཿསྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཕྱི་ལྟར་འབྱུང་བའི་ལྷ་མོ་ལྔ། །ནང་ལྟར་ཡེ་ཤེས་ཌཱ་ཀི་ལྔ། །གསང་བ་རིགས་ཀྱི་ཡུམ་ལྔ་སྟེ། །སྐུ་གསུམ་རྫོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་བཀའ་སྲུང་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་ཚོགས་རོལ་པའི་བར་གྲུབ་པར་བྱའོ། །གཉིས་པ་གྲིབ་སེལ་དངོས་ལ་དགུ། མདོས་བྱིན་གྱིས་བརླབ་པ། བཤགས་པ་བྱ་བ། གྲིབ་བཀྲུ་བ། ཕྱི་བ། ཕྱགས་པ། བདའ་བ། བསྐྱལ་བ། ཟློག་པ། ཟོར་དུ་འཕང་བའོ། །དང་པོ་ནི། མདོས་ལ་ཆབ་བྲན་ཏེ། མདུན་དུ་ཡི་གེ་རེ་ནག་པོ་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་རེ་སྦྲ་ནག་པོ་སྟོང་གསུམ་དང་མཉམ་པ་ལྔའི་ནང་དུ་བྷྱོཿལྔ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོའི་གྲིབ་བདག་མཐིང་ག །ཤར་དུ་རྡོ་རྗེ་མཁའ་འགྲོའི་གྲིབ་བདག་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོའི་གྲིབ་བདག་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོའི་གྲིབ་བདག་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོའི་གྲིབ་བདག་ལྗང་གུ། ཐམས་ཅད་ཀྱང་དར་ནག་གི་གོ་ཟུ་གྱོན་པ། ཕྱག་ན་གྲིབ་ཕྱགས་བསྣམས་པ། གྲིབ་རྟ་ནག་པོ་ལ་འཆིབ་པ། དེ་རྣམས་ཀྱི་གཡོན་དུ་བྷྱོཿལྔ་ཡོངས་སུ་གྱུར་པ་ལས་གྲིབ་ཀྱི་ཕྱག་བརྙན་ལྔ་ནི། དབུས་སུ་སངས་རྒྱས་མཁའ་འགྲོའི་གྲིབ་བདག་གི་ཕྱག་བརྙན་མ་མཐིང་ནག་དར་ནག་གི་རལ་ག་གྱོན་པ། ཤར་དུ་རྡོ་རྗེ་མཁའ་འགྲོའི་གྲིབ་བདག་གི་ཕྱག་བརྙན་མ་དཀར་མོ་དར་དཀར་རལ་ག་གྱོན་པ། ལྷོར་རིན་ཆེན་མཁའ་འགྲོའི་གྲིབ་བདག་གི་ཕྱག་བརྙན་མ་སེར་མོ་དར་སེར་གྱི་རལ་ག་གྱོན་པ། ནུབ་ཏུ་པདྨ་མཁའ་འགྲོའི་གྲིབ་བདག་གི་ཕྱག་བརྙན་མ་དམར་མོ་དར་དམར་གྱི་རལ་ག་གྱོན་པ། བྱང་དུ་ལས་ཀྱི་མཁའ་འགྲོའི་གྲིབ་བདག་གི་ཕྱག་བརྙན་མ་ལྗང་གུ་དར་ལྗང་གི་རལ་ག་གྱོན་པ། ཐམས་ཅད་ཀྱང་ཕྱག་ན་མདའ་མདུང་དམར་པོ་བསྣམས་པ། གྲིབ་རྟ་ནག་པོ་ལ་འཆིབ་པ། ཏྲི་ནག་པོ་ལྔ་ཡོངས་སུ་གྱུར་པ་ལས། གྲིབ་ཀྱི་མི་ནག་པོ་ལྔ་བྱ་མོ་ནག་མོའི་སྒོ་ང་ཁུར་བ་དེ་རྣམས་ཀྱི་ཁ་ནས། ཏྲི་ན་དུ་ན་ཟློག །ཤ་ན་དུ་ན་ཟློག །རཀྴ་དུ་ན་ཟློག །མུ་ཤི་བྷྱོ་ཕུང་རྦད། ཏྲི་ན་ས་དུར་ཟློག །ཅེས་ཟློས་ཤིང་བྱད་གྲིབ་ཟློག་པ། དེ་རྣམས་ཀྱི་འཁོར་དུ་ལྷའི་གྲིབ་བདག །བདུད་ཀྱི་གྲིབ་བདག །རྒྱལ་པོའི་གྲིབ་བདག །བཙན་གྱི་གྲིབ་བདག །གཟའི་གྲིབ་བདག །གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ལན་ཆགས་ཀྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་བར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བསྲུང་བྱ་ལ་གནོད་པར་བྱེད་པའི་གྲིབ་ཀྱི་བདག་པོ་བདག་མོ་འཁོར་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ་རྟེན་འདིར་མཆིས་པར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་བསྟིམ། གཉིས་པ་བཤགས་པ་བྱ་བ་ནི། ལྟ་གོན་བྱས་པའི་བུ་མོ་དེ་ལ་དར་རས་དཀར་པོའི་གོ་ཟུ་འཛོམ་ན་བཀོན། མ་འཛོམ་ན་དར་དཀར་མཐིང་གང་རུང་གིས་སྟོད་གཡོགས་བཅས་ལངས་ལ། རིགས་ལྡན་བུ་མོ་ཉིད་སྐད་ཅིག་གིས་ལུས་སྟོང་པར་གྱུར། སྟོང་པའི་ངང་ལས་སེམས་ཀྱི་ངོ་བོ་མཁའ་འགྲོ་མ་སྨེ་བ་བརྩེགས་མ་སྐུ་མདོག་སྔོན་མོ་དར་དཀར་གྱི་གོ་ཟུ་གྱོན་པ། ཕྱག་ན་དངུལ་དཀར་གྱི་མེ་ལོང་བསྣམས་པ། ཁྱེད་ལ་ཆེ་གེ་མོའི་ཉམས་གྲིབ་ཐམས་ཅད་སེལ་བའི་དཔའ་ཟས་སུ་ཆང་ཐོད་པ་གང་དྲངས་པ་འདི་གསོལ་ལ། བསྲུང་བྱའི་ཉམས་གྲིབ་ཐམས་ཅད་བསལ་དུ་གསོལ། ཅེས་བརྗོད་ལ་ཆང་ཐོད་པ་གང་དྲང་། དེ་ནས་འབྲང་རྒྱས་ཕྱེད་མར་གཤག་པ་དེ་སྣོད་དུ་བཞག་མར་མེ་རྣམས་སྤར་ལ་ནད་པའམ་བསྒྲུབ་བྱ་མདུན་དུ་འཁོད་པའི་མགོ་ཐོག་ཏུ་གཟུང་བཅོལ་ལ། དེ་ནས་བསྲུང་བྱའི་ཉམས་ཆག་སྡིག་སྒྲིབ་བཤགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁར་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་གཏེར་བདག་ནོར་ལྷའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་བསྒོམ་མཛོད། ཁྱད་པར་དུ་ཡང་འབྲང་རྒྱས་འདིའི་དབུས་ཀྱི་མར་མེ་ལྔ་པོ་འདི། ཡུམ་རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་ལ་ཌཱ་ཀི་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་མདུན་དུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་རྣམས་དང་། ཁྱད་པར་དུ་ཡང་ད་ལྟ་ལུས་ལྷར་བསྒོམ་པ། ངག་སྔགས་བགྲང་བ། སེམས་ཏིང་ངེ་འཛིན་སྒོམ་པ་ལ་བར་དུ་གཅོད་པར་བྱེད་པ། ཉམས་དང་ཏིང་འཛིན་མི་གསལ་བ། ཉམས་ཀྱི་ཟས་ཟོས་པ། ཉམས་ཀྱི་ཆུ་འཐུངས་པ། ཉམས་དང་གཏམ་འདྲེས་པ། ཉམས་དང་ཕྱག་འདྲེས་པ་ཐམས་ཅད་བཤགས་སྙམ་པའི་འདུན་པས་བཤགས་པ་འདིའི་ལད་མོ་མཛོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །མཁའ་འགྲོ་ལས་དང་ཡེ་ཤེས་འབུམ་གྱི་གཙོ་མོ་སྟེ། །རྡོ་རྗེ་ཕག་མོ་ཁྱོད་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །བདེ་ཆེན་སྐུ་མདོག་དམར་མོ་མཛེས་པའི་སྐུ་མངའ་མ། །འདུས་མ་བྱས་པ་ཆོས་སྐུ་སྤྲུལ་སྐུའི་ངང་། །བདག་རྟོག་དངོས་པོས་གཟུགས་དང་མཚན་མར་བཟུང་། །རྡོ་རྗེ་ཕག་མོའི་སྐུ་ལ་བཟོད་པར་གསོལ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་གསང་གཉན་པོའི་གཞུང་ལས་དེ་སྐད་གསུངས། །མ་རིག་དབང་གིས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །ཕ་རོལ་བག་ཆགས་སྐྱོན་གྱི་དྲི་མ་དེ། །བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ཏེ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །སངས་རྒྱས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་བར་མཛོད། །ཧཱུྃ། དམ་ཚིག་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། ཁྱེད་ནི་དམ་ཚིག་བཀའ་ཡི་བྱ་ར་མ། །རྩ་བ་ཡན་ལག་དམ་ཚིག་ཉམས་གྱུར་ན། །བསྲུང་མཚམས་རྣམས་ལ་ཡོལ་དུ་མི་བགྱི་ན། །མ་རིག་དབང་གིས་མཁའ་འགྲོའི་ཐུགས་དང་འགལ། །དམ་ཚིག་ཉམས་པ་ཅི་མཆིས་བཟོད་པར་གསོལ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་གསང་གཉན་པོའི་གཞུང་ལས་དེ་སྐད་གསུངས། །མ་རིག་དབང་གིས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །ཕ་རོལ་བག་ཆགས་སྐྱོན་གྱི་དྲི་མ་དེ། །བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ཏེ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །དམ་ཚིག་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་གྱུར་ཅིག །ཧཱུྃ། སྣ་ཚོགས་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། ཁྱོད་ཀྱིས་སྤྲུལ་སྐུ་སྣ་ཚོགས་ཅིར་ཡང་སྟོན་པར་མཛད། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཐོག་མེད་དུས་ནས་བདག་དང་སེམས་ཅན་རྣམས། །མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས། །རྣལ་འབྱོར་དུག་ལྔ་རང་གྲོལ་ངོ་མ་ཤེས། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་གསང་གཉན་པོའི་གཞུང་ལས་དེ་སྐད་གསུངས། །མ་རིག་དབང་གིས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །ཕ་རོལ་བག་ཆགས་སྐྱོན་གྱི་དྲི་མ་དེ། །བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ཏེ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །སྣ་ཚོགས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་བར་མཛོད། །ཧཱུྃ། ཐམས་ཅད་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །ཆོས་རྣམས་ཐམས་ཅད་ཆོས་དབྱིངས་མཉམ་པའི་ངང་། །ཐམས་ཅད་མཉམ་པའི་ངང་དུ་མ་རྟོགས་པ། །ཀུན་མཁྱེན་ཐིག་ལེའི་ངང་དུ་བཟོད་པར་གསོལ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་གསང་གཉན་པོའི་གཞུང་ལས་དེ་སྐད་གསུངས། །མ་རིག་དབང་གིས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །ཕ་རོལ་བག་ཆགས་སྐྱོན་གྱི་དྲི་མ་དེ། །བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ཏེ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །ཐམས་ཅད་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་བར་མཛོད། །ཧཱུྃ། ལས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་པ། །སྒོམ་སྒྲུབ་མ་བརྩོན་ལེ་ལོས་གཡེངས་པ་རྣམས། །གནོང་འགྱོད་མཐོལ་བཤགས་ཁྱེད་ལ་བཟོད་པར་གསོལ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་གསང་གཉན་པོའི་གཞུང་ལས་དེ་སྐད་གསུངས། །མ་རིག་དབང་གིས་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །ཕ་རོལ་བག་ཆགས་སྐྱོན་གྱི་དྲི་མ་དེ། །བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ཏེ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །ལས་ཀྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་བར་མཛོད། །ཧཱུྃ། བཀའ་སྲུང་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང་། །ཉམས་པ་དམ་བཏགས་ཉམས་པ་ཆོས་སྒོར་བཅུག །ཉམས་ཀྱི་ཟས་ཟོས་ཉམས་ཀྱི་སྐོམ་བཏུང་དང་། །ཉམས་དང་ཁ་རླངས་ཉམས་དང་གཏམ་འདྲེས་པ། །ཉམས་དང་ཕྱག་འདྲེས་ཉམས་དང་ཀློག་འདྲེས་དང་། །ཉམས་གྲིབ་སྐྱོན་གྱིས་མཁའ་འགྲོའི་ཐུགས་དང་འགལ། །མཁའ་འགྲོའི་སྐུ་ལ་སྨེ་བརྩེགས་གོས་གྱུར་ན། ཁྱོད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ། །མཐོལ་བཤགས་དག་པས་ཉམས་གྲིབ་བྱང་བར་མཛོད། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །མཐོལ་ལོ་བཤགས་སོ་ཡི་དམ་ལྷ་ཡི་ཚོགས། །གནོང་ངོ་འགྱོད་དོ་བཀའ་སྲུང་མཁའ་འགྲོའི་ཚོགས། །མཐོལ་བས་མ་ཚང་མེད་དོ་ཡི་དམ་ལྷ་ཡི་ཚོགས། །བཤགས་པས་མ་བྱང་མེད་དོ་ལྷ་ཡི་ཚོགས། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་ད་དགོངས་ལ། །བདག་ཅག་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ས་མ་ཡ། ས་མ་ཡ། ས་མ་ཡ། ཨ་ཨ་ཨ། ཡེ་ཤེས་སྐུ་མཆོག་གི་བཤགས་པའང་བྱས་ལ་འབྲང་རྒྱས་དཀར་པོ་དཀྱིལ་འཁོར་མདུན་དང་། ནག་པོ་མདོས་ཀྱི་དབུས་སུ་བཞག་གོ །གསུམ་པ་གྲིབ་བཀྲུ་བ་ནི། བུ་མོ་དེས་ཁྲུས་བུམ་དང་མེ་ལོང་ཐོགས་ལ་ཚིག་མཚམས་རྣམས་སུ་ཁྲུས་བྱ་དགོས་ཀྱང་། རྟོག་པ་ཆེ་ན་བླ་མས་བཀྲུས་ཀྱང་རུང་། གང་ལྟར། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ནང་དུ་དབུས་སུ་ནམ་མཁའི་ལྷ་མོ། ཕྱོགས་བཞིར་འབྱུང་བཞིའི་ལྷ་མོ། དེ་ཐམས་ཅད་ཀྱི་ཕྱག་གི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་ལ་ཁྲུས་བྱས་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་ནས། ལུས་ཤེལ་སྒོང་གཡའ་དག་པའམ་ཕྲུ་མ་ཕུས་བཏབ་པ་ལྟར་དྭངས་སངས་ཀྱིས་སོང་བར་སྒོམ་མཛོད། ཧཱུྃ། ནམ་མཁའི་ལྷ་མོ་ཀུན་ཏུ་བཟང་། །སྐུ་མདོག་མཐིང་ལ་འོད་ཟེར་འཕྲོ། །ཕྱག་ན་མཐིང་གི་བུམ་པ་བསྣམས། །འདི་ནི་བསམ་གཏན་རང་བཞིན་ཆུ། །གཏི་མུག་གཡེང་བ་སེལ་མཛད་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །བར་མཚམས་རྣམས་སུ་གོང་གི་ཨེ་ཧོ་ཤུདྡྷེའི་སྔགས་བརྗོད་ཅིང་ཁྲུས་བྱ་བ་འགྲེ། ཧཱུྃ། རླུང་གི་ལྷ་མོ་དམ་ཚིག་སྒྲོལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་ན་གཡུ་ཡི་བུམ་པ་བསྣམས། །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སེལ་མཛད་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཧཱུྃ། ཆུ་ཡི་ལྷ་མོ་མཱ་མ་ཀཱི །སྐུ་མདོག་སྔོན་པོ་འོད་ཟེར་འཕྲོ། །ཕྱག་ན་བཻ་ཌཱུར་བུམ་པ་བསྣམས། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །འཆལ་བའི་དྲི་མ་སེལ་མཛད་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཧཱུྃ། ས་ཡི་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སེལ་མཛད་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཧཱུྃ། མེ་ཡི་ལྷ་མོ་གོས་དཀར་མོ། །སྐུ་མདོག་དམར་སེར་འོད་ཟེར་འཕྲོ། །ཕྱག་ན་བྱེ་རུའི་བུམ་པ་བསྣམས། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སེལ་མཛད་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཧཱུྃ། ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུ། །བདུད་རྩིའི་ཆུ་བོས་ཁྲུས་བྱས་པས། །ཉོན་མོངས་དྲི་མ་དག་གྱུར་ཅིག །བག་ཆགས་དྲི་མ་དག་གྱུར་ཅིག །ཤེས་བྱའི་དྲི་མ་དག་གྱུར་ཅིག །ཉམས་ཆག་དྲི་མ་དག་གྱུར་ཅིག །ཕྱི་བཀྲུས་སོ་དུང་བས་དཀར་གྱུར་ཅིག །ནང་བཀྲུས་སོ་མཆོང་བས་དམར་གྱུར་ཅིག །ཕྱི་ནང་དྲི་མ་དག་གྱུར་ཅིག །ཤེལ་གོང་བཞིན་དུ་དྲི་མེད་ཤོག །ཡི་དམ་ལྷ་ཚོགས་མི་དགྱེས་པ། །བླ་མ་མཁའ་འགྲོ་མི་དགྱེས་པ། །སྲུང་མ་དམ་ཅན་མི་དགྱེས་པ། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་ཐམས་ཅད་དག་པར་གྱུར་ཅིག །བྱང་བར་གྱུར་ཅིག །སྟོང་པར་གྱུར་ཅིག །མི་གནས་པར་གྱུར་ཅིག །ཆོས་དབྱིངས་སྟོང་པ་ཆེན་པོར་གནས་པར་གྱུར་ཅིག །སྔགས་བརྗོད་ཅིང་ཁྲུས་བྱ། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་མཁའ་འགྲོ་མའི་ཡིག་བརྒྱ་ལན་གསུམ་བརྗོད། །བཞི་པ་ཕྱི་བ་ནི། ཁྱེད་རང་གི་མདུན་དུ་མཁའ་འགྲོ་མ་སྨེ་བ་བརྩེགས་མ་སྐུ་མདོག་སྔོན་མོ་དར་དཀར་གྱི་གོ་ཟུ་གྱོན་པ། ཕྱག་ན་དངུལ་དཀར་གྱི་མེ་ལོང་དང་སྣམ་རས་དཀར་པོ་བསྣམས་པ་ཞིག་གིས། ཁྱེད་རང་གི་ལུས་ཀྱི་ཉམས་གྲིབ་ཐམས་ཅད་ཕྱིས་ནས་མེ་ལོང་གཡའ་དག་པ་ལྟར་གྱུར་པར་སྒོམ་མཛོད་བྱས་ལ། བུ་མོ་དེས་མེ་ལོང་འཕྱར། སྣམ་རས་དཀར་པོས་ཚིག་མཚམས་རྣམས་སུ་མགོ་ལུས་ཐམས་ཅད་ཕྱི་ཚུལ་བྱེད་དུ་བཅུག་ལ། ཧཱུྃ། སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སེམས་ཅན་སངས་རྒྱས་བྱང་ཆུབ་སྙིང་པོ་ཅན། །མ་རིག་མ་རྟོགས་གཏི་མུག་མུན་པས་བསྒྲིབས། །ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་དུ་ཕྱི། །མེ་ལོང་ལྟ་བུར་གསལ་གྱུར་ཅིག །ཅེས་མེ་ལོང་བསྟན་ནོ། །ཧཱུྃ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཉིད་ལ། །མ་རིག་མ་རྟོགས་ཞེ་སྡང་མུན་པས་བསྒྲིབས། །མེ་ལོང་ཡེ་ཤེས་གསལ་བའི་ངང་དུ་ཕྱི། །མེ་ལོང་ལྟ་བུར་གསལ་གྱུར་ཅིག །ཧཱུྃ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ཐམས་ཅད་མཉམ་པའི་རང་བཞིན་ལ། །མ་རིག་མ་རྟོགས་ང་རྒྱལ་མུན་པས་བསྒྲིབས། །མཉམ་ཉིད་ཡེ་ཤེས་གསལ་བའི་ངང་དུ་ཕྱི། །མེ་ལོང་ལྟ་བུར་གསལ་གྱུར་ཅིག །ཧཱུྃ། པདྨ་རིགས་ཀྱི་མཁའ་འགྲོ་མ། །ཆོས་རྣམས་ཐམས་ཅད་སྟོང་པའི་རང་བཞིན་ལ། །མ་རིག་མ་རྟོགས་འདོད་ཆགས་མུན་པས་བསྒྲིབས། །སོར་རྟོག་ཡེ་ཤེས་གསལ་བའི་ངང་དུ་ཕྱི། །མེ་ལོང་ལྟ་བུར་གསལ་གྱུར་ཅིག །ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྣང་སྲིད་ཐམས་ཅད་ཆོས་དབྱིངས་རང་བཞིན་ལ། །མ་རིག་མ་རྟོགས་ཕྲག་དོག་མུན་པས་བསྒྲིབས། །བྱ་གྲུབ་ཡེ་ཤེས་གསལ་བའི་ངང་དུ་ཕྱི། །མེ་ལོང་ལྟ་བུར་གསལ་གྱུར་ཅིག །ཧཱུྃ། ཉམས་དང་དྲི་མའི་ཚོགས་ནི་སླ་ངའི་དྲེག་པ་འདྲ། །བདག་སེམས་ནམ་མཁའ་ལྟ་བུར་གསལ་གྱུར་ཅིག །གྲོགས་ངན་དྲི་མ་དག་གིས་གོས་པའི་ཚེ། །ཐུགས་རྗེའི་ཕྱག་གིས་ཉམས་དང་དྲི་མ་ཕྱིས། །ཕྱི་ཕྱིས་གངས་བས་དཀར་གྱུར་ཅིག །ནང་ཕྱིས་མཆོང་བས་སྨུག་གྱུར་ཅིག །ཕྱི་ཕྱིས་གསལ་ལ་དྭངས་གྱུར་ཅིག །ཕྱི་ཕྱིས་ལུས་ཀྱི་ན་ཚ་ཕྱིས། །ཕྱི་ཕྱིས་སེམས་ཀྱི་སྡུག་བསྔལ་ཕྱིས། །ཕྱི་ཕྱིས་ཉོན་མོངས་རྣམ་རྟོག་ཕྱིས། །གསལ་བར་གྱུར་ཅིག་ཆོས་ཀྱི་དབྱིངས། །བྱང་བར་གྱུར་ཅིག་ཆོས་ཀྱི་ངང་། །ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བི་ཤུདྡྷེ་ཀརྨ་སྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཞེས་ཕྱི། ལྔ་པ་ཕྱགས་པ་ནི། བུ་མོ་དེས་པགས་བུ་དཀར་ནག་ཐོགས་ལ། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནོད་པའི་ཉམས་གྲིབ་ནད་གདོན་མི་གཙང་བ་ཐམས་ཅད་པགས་བུ་ནག་པོ་ལྟར་ཡོད་པ་དེ་ཕྱིར་བཤུས་ནས་པགས་བུ་དཀར་པོ་ལྟར་དྭངས་སངས་ཀྱིས་སོང་བར་སྒོམས་ཤིག །ཚིག་མཚམས་རྣམས་སུ་པགས་བུ་དཀར་པོས་ལུས་ཐམས་ཅད་ཕྱི་བའི་ཚུལ་བྱས་ལ། པགས་བུ་ནག་པོའི་སྟེང་དུ་སྤྲུགས། ནག་པོའང་མདོས་ཀྱི་སྟེང་དུ་སྤྲུགས་ལ། ཧཱུྃ། གྲིབ་བྱུང་དང་པོ་གང་ནས་བྱུང་། །གྲིབ་བྱུང་དང་པོ་ལྷ་ལས་བྱུང་། །ལྷ་ནད་མྱོས་པའི་བདག་མོ་ཡིས། །སྟོང་ཁམས་ཐམས་ཅད་བཀང་བ་ཡིས། །རྣལ་འབྱོར་ལྷ་ཡི་གྲིབ་མས་ཕོག །སངས་རྒྱས་རིགས་ཀྱི་ཤུགས་འགྲོ་མ། །ལྷ་ནད་མྱོས་པའི་བདག་མོ་ཡིན། །ཉམས་དང་དྲི་མ་ཕྱོགས་ལ་ཐུམས། །ཧཱུྃ། གྲིབ་བྱུང་དང་པོ་གང་ནས་བྱུང་། །གྲིབ་བྱུང་དང་པོ་བདུད་ལས་བྱུང་། །བདུད་ནད་འཐིབས་པའི་བདག་མོ་ཡིས། །སྟོང་ཁམས་ཐམས་ཅད་བཀང་བ་ཡིས། །རྣལ་འབྱོར་བདུད་ཀྱི་གྲིབ་མས་ཕོག །རྡོ་རྗེ་རིགས་ཀྱི་ཤུགས་འགྲོ་མ། །བདུད་ནད་འཐིབ་པའི་བདག་མོ་ཡིན། །ཉམས་དང་དྲི་མ་ཕྱོགས་ལ་ཐུམས། །ཧཱུྃ། གྲིབ་བྱུང་དང་པོ་གང་ནས་བྱུང་། །གྲིབ་བྱུང་དང་པོ་རྒྱལ་ལས་བྱུང་། །རྒྱལ་གྲིབ་སྨྱོ་འབོག་ནད་ཀྱི་བདག །སྟོང་ཁམས་ཐམས་ཅད་བཀང་བ་ཡིས། །རྣལ་འབྱོར་རྒྱལ་པོའི་གྲིབ་མས་ཕོག །རིན་ཆེན་རིགས་ཀྱི་ཤུགས་འགྲོ་མ། །རྒྱལ་ནད་སྨྱོ་འབོག་བདག་མོ་ཡིན། །ཉམས་དང་དྲི་མ་ཕྱོགས་ལ་ཐུམས། །ཧཱུྃ། གྲིབ་བྱུང་དང་པོ་བཙན་ལས་བྱུང་། །བཙན་གྲིབ་གཟེར་ཐབས་ནད་གྲིབ་ཀྱིས། །སྟོང་ཁམས་ཐམས་ཅད་བཀང་བ་ཡིས། །རྣལ་འབྱོར་བཙན་གྱི་སྒྲིབ་མས་ཕོག །པདྨ་རིགས་ཀྱི་ཤུགས་འགྲོ་མ། །བཙན་གྲིབ་གཟེར་ནད་བདག་མོ་ཡིན། །ཉམས་དང་དྲི་མ་ཕྱོགས་ལ་ཐུམས། །ཧཱུྃ། གྲིབ་བྱུང་དང་པོ་གང་ལས་བྱུང་། །གྲིབ་བྱུང་དང་པོ་གཟའ་ལས་བྱུང་། །གཟའ་གྲིབ་ལྐུགས་དང་རེངས་པ་ཡིས། །སྟོང་ཁམས་ཐམས་ཅད་བཀང་བ་ཡིས། །རྣལ་འབྱོར་གཟའ་ཡི་གྲིབ་མས་ཕོག །ལས་ཀྱི་རིགས་ཀྱི་ཤུགས་འགྲོ་མ། །གཟའ་གྲིབ་ལྐུགས་རེངས་བདག་མོ་ཡིན། །ཉམས་དང་དྲི་མ་ཕྱོགས་ལ་ཐུམས། །ཉམས་དང་དྲི་མ་གནས་སུ་བཏུལ། །དྲི་མ་ནི་ད་ལོངས་ཤིག །མཛེ་ཅན་གྱི་དྲི་མ་ནི་ད་ལོངས་ཤིག །ཡུགས་སའི་དྲི་མ་ནི་ད་ལོངས་ཤིག །དམེ་ཅན་གྱི་དྲི་མ་ནི་ད་ལོངས་ཤིག །མི་མཐོང་བའི་དྲི་མ་ནི་ད་ལོངས་ཤིག །འཆལ་བའི་དྲི་མ་ནི་ད་ལོངས་ཤིག །དྲི་མ་ནི་གནས་སུ་ལོངས། ཨོཾ་གྷར་ཁཾ་ཙིར་ཁཾ་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་དམེ་ཡུགས་ཐམས་ཅད་སེལ་བ་མཁའ་འགྲོ་མ་སྨེ་བ་བརྩེགས་མའི་སྔགས་འདི་ལན་ཉེར་གཅིག་བཟླའོ། །དྲུག་པ་བདའ་བ་ནི། མདུན་གྱི་གྲིབ་མདོས་ལས་གྲིབ་བདག་ཕྱག་བརྙན་དང་བཅས་པ་བཅུ་པོ་བྱུང་ནས་ཉམས་གྲིབ་མི་གཙང་བ་ཐམས་ཅད་ཁྱེར་ནས་སོང་བས། ཁྱེད་རང་གི་ལུས་ཀྱི་གྲིབ་ཆགས་ངན་པ་ཐམས་ཅད་དག་ནས་གནས་ཁང་དང་མལ་སྟན་ལ་སོགས་པའི་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་བདས་ནས། མདོས་འདིའི་ནང་དུ་ལྷའི་གྲིབ་བདག །བདུད་ཀྱི་གྲིབ་བདག །རྒྱལ་པོའི་གྲིབ་བདག །བཙན་གྱི་གྲིབ་བདག །གཟའི་གྲིབ་བདག་རྣམས་ལ་གཏད་པས་བདག་པོས་ནོར་བླང་པ་ལྟར་སོ་སོར་བླངས་ནས། ཉམས་གྲིབ་ཐམས་ཅད་བླངས་པའི་དམིགས་པ་མཛོད། ཅེས་བརྗོད་ལ། སྤེན་འཇག་གི་ཕྱགས་ཤིང་གིས་ལུས་མགོ་མཇུག་ཐམས་ཅད་ཕྱགས་ནས་གྲིབ་མདོས་སྟེང་དུ་བརྡབ་པའི་ཚུལ་བྱས་ལ། ཧཱུྃ། དབུས་ཀྱི་གྲིབ་བདག་ཆེན་མོ་ནི། །རེ་སྦྲ་ནག་པོ་ལྡི་རི་རི། །སྐུ་མདོག་མཐིང་ནག་ལྷག་གེ་ལྷག །དར་ནག་གོ་ཟུ་ཞ་ལ་ལ། །གྲིབ་ཕྱགས་ལག་ན་ཡུགས་སེ་ཡུག །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་སངས་རྒྱས་མཁའ་འགྲོའི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། ཁྲག་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་དབུས་ནས་བདོས། །ཧཱུྃ། དེ་ཡི་བཀའ་ཉན་མཐུ་མོ་ཆེ། །ལྷ་ཡི་གྲིབ་བདག་ཆེན་མོ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །དར་ནག་རལ་ག་ཞ་ལ་ལ། །མདའ་མདུང་དམར་པོ་ལྡེམས་སེ་ལྡེམ། །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་གྲིབ་ཀྱི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། །གྲིབ་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་དབུས་ནས་བདོས། །ཧཱུྃ། ཤར་གྱི་གྲིབ་བདག་ཆེན་མོ་ནི། །རེ་སྦྲ་ནག་པོ་ལྡི་རི་རི། །སྐུ་མདོག་དཀར་ནག་ལྷག་གེ་ལྷག །དར་ནག་གོ་ཟུ་ཞ་ལ་ལ། །གྲིབ་ཕྱགས་ལག་ན་ཡུགས་སེ་ཡུག །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་རྡོ་རྗེ་མཁའ་འགྲོའི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། ཁྲག་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ཤར་ནས་བདོས། །ཧཱུྃ། དེ་ཡི་བཀའ་ཉན་མཐུ་མོ་ཆེ། །བདུད་ཀྱི་གྲིབ་བདག་ཆེན་མོ་ནི། །སྐུ་མདོག་དཀར་ཆེན་འབར་བ་ལ། །དར་དཀར་རལ་ག་ཞ་ལ་ལ། །མདའ་མདུང་དམར་པོ་ལྡེམས་སེ་ལྡེམ། །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་གྲིབ་ཀྱི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། །གྲིབ་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ཤར་ནས་བདོས། །ཧཱུྃ། ལྷོ་ཡི་གྲིབ་བདག་ཆེན་མོ་ནི། །རེ་སྦྲ་ནག་པོ་ལྡི་རི་རི། །སྐུ་མདོག་སེར་ནག་ལྷག་གེ་ལྷག །དར་ནག་རལ་ག་ཞ་ལ་ལ། །གྲིབ་ཕྱགས་ལག་ན་ཡུགས་སེ་ཡུག །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་རིན་ཆེན་མཁའ་འགྲོའི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། ཁྲག་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ལྷོ་ནས་བདོས། །ཧཱུྃ། དེ་ཡི་བཀའ་ཉན་མཐུ་མོ་ཆེ། །རྒྱལ་པོའི་གྲིབ་བདག་ཆེན་མོ་ནི། །སྐུ་མདོག་སེར་ནག་ཆེན་མོ་ལ། །དར་སེར་རལ་ག་ཞ་ལ་ལ། །མདའ་མདུང་དམར་པོ་ལྡེམས་སེ་ལྡེམ། །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་གྲིབ་ཀྱི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། །གྲིབ་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ལྷོ་ནས་བདོས། །ཧཱུྃ། ནུབ་ཀྱི་གྲིབ་བདག་ཆེན་མོ་ནི། །རེ་སྦྲ་ནག་པོ་ལྡི་རི་རི། །སྐུ་མདོག་དམར་ནག་ལྷག་གེ་ལྷག །དར་ནག་གོ་ཟུ་ཞ་ལ་ལ། །གྲིབ་ཕྱགས་ལག་ན་ཡུགས་སེ་ཡུག །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་པདྨ་མཁའ་འགྲོའི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། ཁྲག་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ནུབ་ནས་བདོས། །ཧཱུྃ། དེ་ཡི་བཀའ་ཉན་མཐུ་མོ་ཆེ། །ཀླུ་བཙན་གྲིབ་བདག་ཆེན་མོ་ནི། །སྐུ་མདོག་དམར་ནག་འབར་བ་ལ། །དར་དམར་རལ་ག་ཞ་ལ་ལ། །མདའ་མདུང་དམར་པོ་ལྡེམས་སེ་ལྡེམ། །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་གྲིབ་ཀྱི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། །གྲིབ་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་ནུབ་ནས་བདོས། །ཧཱུྃ། བྱང་གི་གྲིབ་བདག་ཆེན་མོ་ནི། །རེ་སྦྲ་ནག་པོ་ལྡི་རི་རི། །སྐུ་མདོག་ལྗང་ནག་ལྷག་གེ་ལྷག །དར་ནག་གོ་ཟུ་ཞ་ལ་ལ། །གྲིབ་ཕྱགས་ལག་ན་ཡུགས་སེ་ཡུག །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་ལས་ཀྱི་མཁའ་འགྲོའི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། ཁྲག་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་བྱང་ནས་བདོས། །ཧཱུྃ། དེ་ཡི་བཀའ་ཉན་མཐུ་མོ་ཆེ། །གཟའ་ཡི་གྲིབ་བདག་ཆེན་མོ་ནི། །སྐུ་མདོག་ལྗང་ནག་འབར་བ་ལ། །དར་ལྗང་རལ་ག་ཞ་ལ་ལ། །མདའ་མདུང་དམར་པོ་ལྡེམས་སེ་ལྡེམ། །གྲིབ་རྟ་ནག་པོ་འདུ་རུ་རུ། ཁྱོད་ནི་གྲིབ་ཀྱི་ཕྱག་བརྙན་ཡིན། །གྲིབ་བདག་ཆེན་མོ་མདོས་ལ་བྱོན། །གྲིབ་ཟན་ཨུ་ཀྱུ་འདི་བཞེས་ལ། །ཉམས་དང་གྲིབ་མ་བྱང་ནས་བདོས། །ཧཱུྃ། གྲིབ་བདག་ཕོ་མོ་རྣམས། །གྲིབ་མ་གནས་སུ་བདོས། །ཉམས་དང་གྲིབ་མ་གནས་སུ་བདོས། །འཁོན་དང་གྲིབ་མ་གནས་སུ་བདོས། །ཐབ་གཞོབ་དྲི་མ་གནས་སུ་བདོས། །མི་གཙང་དྲི་མ་གནས་སུ་བདོས། །མནོལ་གྲིབ་མཁོན་གྲིབ་གནས་སུ་བདོས། །ཞེས་ཕྱགས་མས་འཕྱག་པའི་ཚུལ་བྱའོ། །བདུན་པ་བསྐྱལ་བ་ནི། མདོས་ལ་འབྲུ་ནག་སོགས་རྫོངས་སུ་བཏབ་ལ། གྲིབ་བདག་གཙོ་འཁོར་རྣམས་ལ་བསྲུང་བྱའི་གླུད་དང་སྐྱིན་ཚབ་ཏུ། གྲིབ་མི་ནག་པོ་བྱ་ནག་གི་སྒོ་ངར་ནས་ནག་ཏིལ་ནག་བྲའོ་སྲན་མ་ནག་པོ་དང་བཅས་པའི་གྲིབ་གླུད་རྒྱན་ལྡན། དར་ཚོན་བལ་ཚོན། ཡེ་ཤེས་ལྔ་དང་ལྡན་པའི་ནམ་མཁའ། བདུད་བཞི་ལས་རྒྱལ་བའི་རྒྱལ་མཚན་དང་། རིགས་ལྔ་དང་ལྡན་པའི་རྒྱང་བུ། སྐྱེས་པ་ཕོའི་གླུད་མདའ་ཁྲ། མོའི་གླུད་འཕང་ཁྲ། འབྲུ་མཆོག་ངར་གྱི་མི་ཆེན། གླུ་གར་རོལ་མོ་དང་བཅས་པ་འདི་རྫོངས་སུ་བཏབ་པས། ཁྱེད་རང་ལ་སྡང་དགྲ་གནོད་བགེགས་ཟ་འདྲེ་ཕུང་སྲི་རྣམས་ཀྱི་ཕྱོགས་སུ་མཁའ་འགྲོ་མ་སྨེ་བ་བརྩེགས་མ་དེ་ཉིད་ཀྱིས་བསྐྱལ་བས། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཉམས་གྲིབ་ཅི་ཡང་མེད་པར་བྱས་པའི་མོས་པ་མཛོད་ཅིག །ཧཱུྃ། གྲིབ་བསྐྱལ་གནས་སུ་སྐྱོལ། །གྲིབ་བསྐྱལ་ཤར་དུ་སྐྱོལ། །མི་ལས་བཤུས་ཏེ་གཤེགས། །མི་ལས་བཀྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །བྱ་མོ་ནག་མོའི་སྒོ་ང་རུ། །ནས་ནག་ཏིལ་དང་བྲ་འོ་དང་། །སྲན་མ་ནག་པོ་རྫོངས་སུ་འདེབས། །དོ་ནུབ་གྲིབ་སྐྱོལ་ཤར་དུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཟ་བའི་འདྲེ་ལ་སྐྱོལ། །ཕུང་བའི་སྲི་ལ་སྐྱོལ། །ཤར་གྱི་ཕྱོགས་སུ་གྲིབ་སྐྱོལ་ཅིག །ཧཱུྃ། གྲིབ་བསྐྱལ་གནས་སུ་སྐྱོལ། །གྲིབ་བསྐྱལ་ལྷོ་རུ་སྐྱོལ། །མི་ལས་བཤུས་ཏེ་གཤེགས། །མི་ལས་བཀྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །བྱ་མོ་ནག་མོའི་སྒོ་ང་རུ། །ནས་ནག་ཏིལ་དང་བྲ་འོ་དང་། །སྲན་མ་ནག་པོ་རྫོངས་སུ་འདེབས། །དོ་ནུབ་གྲིབ་སྐྱོལ་ལྷོ་རུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཟ་བའི་འདྲེ་ལ་སྐྱོལ། །ཕུང་བའི་སྲི་ལ་སྐྱོལ། །ལྷོ་ཡི་ཕྱོགས་སུ་གྲིབ་སྐྱོལ་ཅིག །ཧཱུྃ། གྲིབ་བསྐྱལ་གནས་སུ་སྐྱོལ། །གྲིབ་བསྐྱལ་ནུབ་ཏུ་སྐྱོལ། །མི་ལས་བཤུས་ཏེ་གཤེགས། །མི་ལས་བཀྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །བྱ་མོ་ནག་མོའི་སྒོ་ང་རུ། །ནས་ནག་ཏིལ་དང་བྲ་འོ་དང་། །སྲན་མ་ནག་པོ་རྫོངས་སུ་འདེབས། །དོ་ནུབ་གྲིབ་སྐྱོལ་ནུབ་ཏུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཟ་བའི་འདྲེ་ལ་སྐྱོལ། །ཕུང་བའི་སྲི་ལ་སྐྱོལ། །ནུབ་ཀྱི་ཕྱོགས་སུ་གྲིབ་སྐྱོལ་ཅིག །ཧཱུྃ། གྲིབ་བསྐྱལ་གནས་སུ་སྐྱོལ། །གྲིབ་བསྐྱལ་བྱང་དུ་སྐྱོལ། །མི་ལས་བཤུས་ཏེ་གཤེགས། །མི་ལས་བཀྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །བྱ་མོ་ནག་མོའི་སྒོ་ང་རུ། །ནས་ནག་ཏིལ་དང་བྲ་འོ་དང་། །སྲན་མ་ནག་པོ་རྫོངས་སུ་འདེབས། །དོ་ནུབ་གྲིབ་སྐྱོལ་བྱང་དུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཟ་བའི་འདྲེ་ལ་སྐྱོལ། །ཕུང་བའི་སྲི་ལ་སྐྱོལ། །བྱང་གི་ཕྱོགས་སུ་གྲིབ་སྐྱོལ་ཅིག །ཧཱུྃ། གྲིབ་བསྐྱལ་གནས་སུ་སྐྱོལ། །གྲིབ་བསྐྱལ་དབུས་སུ་སྐྱོལ། །མི་ལས་བཤུས་ཏེ་གཤེགས། །མི་ལས་བཀྲོལ་ཏེ་གཤེགས། །གླུད་ལ་དཀྲིས་ཏེ་གཤེགས། །གྲིབ་གླུད་ད་གཤེགས་ཤིག །གྲིབ་གླུད་རྒྱན་ཅན་ལ། །རྫོངས་སུ་ཅི་བཏབ་ན། །བྱ་མོ་ནག་མོའི་སྒོ་ང་རུ། །ནས་ནག་ཏིལ་དང་བྲ་འོ་དང་། །སྲན་མ་ནག་པོ་རྫོངས་སུ་འདེབས། །དོ་ནུབ་གྲིབ་སྐྱོལ་དབུས་སུ་སྐྱོལ། །སྡང་བའི་དགྲ་ལ་སྐྱོལ། །གནོད་པའི་བགེགས་ལ་སྐྱོལ། །ཟ་བའི་འདྲེ་ལ་སྐྱོལ། །ཕུང་བའི་སྲི་ལ་སྐྱོལ། །དབུས་ཀྱིས་ཕྱོགས་སུ་གྲིབ་སྐྱོལ་ཅིག །མི་དང་གྲིབ་ཏུ་ཕྱེ། །མི་དང་ཉམས་གྲིབ་ཕྱེ། །མི་དང་གདོན་དུ་ཕྱེ། །ཞེས་གྲིབ་གླུད་རྫོངས་སུ་གདབ་ཅིང་། ནད་པ་ལྟ་བུ་ལ་སླར་ཡང་པགས་བུ་དཀར་ནག་གིས་ཕྱི་བའི་ཚུལ་བྱས་ལ་གྲིབ་གླུད་ལ་བརྡབ་སྟེ་མདོས་ཁ་ཕྱིར་བསྒྱུར་རོ། །བརྒྱད་པ་ཟློག་པ་ནི། བུ་མོ་དེས་མདའ་དར་སྲེ་ལོང་དང་བཅས་པ་ཕྱིར་གཡབ་ལ། ཧཱུྃ། སྲེ་ལོང་རྒྱལ་པོ་དགྲ་བགེགས་གཤེད། །སྲེ་ལོང་ཞེ་སྡང་ཁྲོ་བོའི་སྐུ །བྱེ་རུའི་ཞལ་ལ་དུང་གི་སྐེ། །གཡུ་ཡི་རལ་པ་བསེ་ལན་ཅན། །དམ་ཉམས་ཀུན་གྱི་གཤེད་དུ་ཆེ། །ཧཱུྃ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཡུལ་འཁོར་སྲུང་གི་བཀའ་སྒྱུར་ལ། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཟློགས། །ཧཱུྃ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །འཕགས་སྐྱེས་པོ་ཡི་བཀའ་སྒྱུར་ལ། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཟློགས། །ཧཱུྃ། པདྨ་རིགས་ཀྱི་མཁའ་འགྲོ་མ། །མིག་མི་བཟང་གི་བཀའ་སྒྱུར་ལ། །ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ཟློགས། །ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །རྣམ་ཐོས་སྲས་ཀྱི་བཀའ་སྒྱུར་ལ། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཟློགས། །ཧཱུྃ། སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །ཚངས་པ་བརྒྱ་བྱིན་བཀའ་སྒྱུར་ལ། །ལྷ་སྲིན་སྡེ་བརྒྱད་གདོན་ཚོགས་ཟློགས། །ཧཱུྃ། འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ། །ལྷ་སྲིན་སྡེ་བརྒྱད་བཀའ་སྒྱུར་ལ། །སྟོང་ཕྲག་བརྒྱད་ཅུའི་གདོན་ཚོགས་ཟློགས། །ཉི་ཁྲི་ཆིག་སྟོང་བགེགས་རྣམས་ཟློགས། །དུས་མིན་འཆི་བ་རྣམ་བརྒྱད་ཟློགས། །།ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བལ་པོས་ངན་སྔགས་འཕེན་པ༴ ཞང་ཞུང་བོན་པོའི་ཛོ་བྱོལ༴ སུམ་པས་གླང་ཟོར་འཕེན་པ༴ མ་མོས་རྦོད་གཏོང་གཏོང་བ༴ གཤིན་རྗེའི་ཁྲམ་བམ་ཐེབས་པ༴ བདུད་ཀྱི་བྱོལ་ཁ་ཟུག་པ༴ བཙན་གྱིས་ཞགས་པ་འཕེན་པ༴ ཀླུ་ཡི་བྱད་གཏད་ཟུག་པ༴ ཕུར་པའི་དབལ་ཁ་ཟུག་པ༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལངས་པ༴ དར་ཚན་ནང་གི་སྟོང་འདྲེ༴ གནམ་ལ་དལ་ཡམས་བབས་པ༴ ས་ལ་སྲི་ལངས་ལྟས་ངན༴ གདགས་ལ་བྲག་རལ་ལྟས་ངན༴ སྲིབ་ལ་ཤིང་ཆགས་ལྟས་ངན༴ བར་ན་བཙན་གཡོས་ལྟས་ངན༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཤ་ཕོ་རུ་འཛིང་བདུད་ཀྱི་བྱོལ། །བྱ་རྒོད་སྡེར་འཛིང་རྒྱལ་པོའི་བྱོལ། །གཡག་པོ་རུ་འཛིང་དམུ་ཡི་བྱོལ། །ཉ་མོ་རྔ་འཛིང་ཀླུ་ཡི་བྱོལ། །ལྟས་ངན་བྱོལ་བཞི་དགྲ་ལ་བྷྱོ། །སྲོད་ལ་སྲིན་བྱས་རོ་ཕྱུངས་ཟེར། །བདུད་ཀྱི་བུ་མོའི་མཚན་ངན་ཡིན། །ཐོ་རངས་འུག་པ་རྒོད་པ་ནི། །འབྱུང་པོ་ཀུན་གྱི་མཚན་ངན་ཡིན། །སྒོ་ཁར་གླ་བ་སྡེར་འཛིང་ནི། །རོལ་པ་བཙན་གྱི་མཚན་ངན་ཡིན། །དུར་བྱ་སྲེག་པ་ཁྱིམ་དུ་བྱུང་། །སྦྲུལ་ཆེན་འཁྱིལ་པ་ལམ་ལ་ཉལ། །བྱི་འུ་ལམ་སྟོར་ཤུལ་དུ་འཁྱམས། །སྲོད་ལ་བྱ་འབོད་ཅོངས་སེ་ཅོང་། །ཐོ་རངས་ཁྱི་ངུ་ཀངས་སེ་ཀང་། །དུར་ཁྲོད་ཝ་བརྒྱལ་ལྷངས་སེ་ལྷང་། །སྲེ་མོང་ངར་སྐད་ཙེ་རེ་རེ། །ལྟས་ངན་འདི་རྣམས་དགྲ་ལ་སྒྱུར། །བྷྱོ་བྷྱོ་དགྲ་ལ་བྷྱོ། །ཟོར་ཟོར་དགྲ་ལ་ཟོར། །ཅེས་དགྲ་ལ་ཟློག་པར་བྱས་ལ་མདོས་མཁའ་འགྲོ་རྒྱུ་ཕྱོགས་དང་ཡོན་བདག་གི་ལོ་ལྷ་སོགས་མ་ཐུག་པར་བྱས་ལ་ལམ་རྒྱ་གྲམ་དུ་བསྐྱལ་ལོ། །དགུ་པ་ཟོར་དུ་འཕང་བ་ནི། ཟོར་ཀོང་རྣམས་གདན་ནག་པོའམ་ལྕགས་ཐེབ་ལྟ་བུའི་སྣོད་དུ་བཞག་ལ་ལས་རྡོར་གྱིས་བཏེག་ལ། ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་ཁྲག་གི་ཟོར་འཕེན་མ། །དམ་ཉམས་དགྲ་ལ་གྲིབ་ཟོར་རྒྱོབ། །གནོད་པའི་བགེགས་ལ་གྲིབ་ཟོར་རྒྱོབ། །ཧཱུྃ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་ཁྲག་གི་ཟོར་འཕེན་མ། །དམ་ཉམས་དགྲ་ལ་གྲིབ་ཟོར་རྒྱོབ། །གནོད་པའི་བགེགས་ལ་གྲིབ་ཟོར་རྒྱོབ། །ཧཱུྃ། ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་ཁྲག་གི་ཟོར་འཕེན་མ། །དམ་ཉམས་དགྲ་ལ་གྲིབ་ཟོར་རྒྱོབ། །གནོད་པའི་བགེགས་ལ་གྲིབ་ཟོར་རྒྱོབ། །ཧཱུྃ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོ་ཁྲག་གི་ཟོར་འཕེན་མ། །དམ་ཉམས་དགྲ་ལ་གྲིབ་ཟོར་རྒྱོབ། །གནོད་པའི་བགེགས་ལ་གྲིབ་ཟོར་རྒྱོབ། །ཧཱུྃ། དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་ཁྲག་གི་ཟོར་འཕེན་མ། །དམ་ཉམས་དགྲ་ལ་གྲིབ་ཟོར་རྒྱོབ། །གནོད་པའི་བགེགས་ལ་གྲིབ་ཟོར་རྒྱོབ། །བགེགས་ཀྱི་ཟོར་ཁ་དགྲ་ལ་སྒྱུར། །ནད་ཀྱི་ཟོར་ཁ་དགྲ་ལ་སྒྱུར། །དགྲ་ཡི་ཡུལ་དུ་ཟོར་ཁ་སྒྱུར། །དགྲ་བོའི་ཡུལ་དུ་ནད་ཁ་སྒྱུར། །བྷྱོ་བྷྱོ་བྷྱོ། ཟློགས་ཟློགས། དགྲ་ལ་ཐུན་མཱ་ར་ཡ་ཕོབ། ཅེས་བརྗོད་ལ་མདོས་ཀྱི་རྗེས་སུ་འཕེན་པར་བྱའོ། །མདོས་དང་ཁྱད་པར་ཟློག་པ་འདི་དག་ཤིན་ཏུ་གཉན་པས་དམ་ཚིག་ཡོད་ངེས་དང་རང་ལྟ་བུའི་ཆེད་དུ་བྱ་བ་མ་གཏོགས་སུ་ཐོད་ཐོད་ལ་གཏན་ནས་བྱ་མི་རུང་བར་གསུངས་ཤིང་། བླ་མ་ཞག་བདུན་བསྒྲུབས་པའི་རྗེས་ལ་མདོས་འདི་ལན་གསུམ་བྱས་ལ་འཕངས་ན། དགྲས་བསམ་སྦྱོར་ཅི་བྱས་ཀྱང་མི་ཚུགས་ཤིང་། ཕར་དགྲ་བོ་མྱུར་དུ་སྒྲོལ་ངེས་པར་གསུངས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མདའ་དར་ཐོགས་ལ་ཚེ་འགུགས་དང་བཀྲ་ཤིས་བརྗོད་ལ་འབྲུ་འཐོར། སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་ལས་བྱང་གི་རྗེས་ཆོག་ཚང་བར་བྱའོ། །རྐྱེན་ངན་ཕལ་ཆེར་ཉམས་གྲིབ་ལས། །བྱུང་ཕྱིར་དེ་རྒྱུ་བཅས་པ་ཀུན། །སྦྱོང་བྱེད་ཆོ་ག་ཟབ་མོ་འདིས། །ཤེལ་ལྟར་དག་པ་ཉིད་གྱུར་ཅིག །ཅེས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བླ་མ་གསང་འདུས་ཀྱི་ཆ་ལག་མཁའ་འགྲོ་གྲིབ་སེལ་འདི་ཉིད་ལག་ལེན་བདེ་ཞིང་གཏེར་ཁ་ཕྱི་མ་རྣམས་ཀྱི་ཁུངས་སུ་གྱུར་པས། རང་གཞན་ལ་ཕན་པའི་བློས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གཏེར་གཞུང་དང་ལག་ལེན་དོན་གསལ་བརྒྱུད་པའི་གསུང་སྒྲོས་རྣམས་གུང་སྤྲོས་ཏེ་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།

སྒྲུབ་པ་དང་ལས་བྱང་སྤྱི་ལ་གཅེས་པའི་གནད་ཀྱི་གདམས་པ་ཁྱད་པར་དུ་འཕགས་པ་གསང་སྔགས་འཆང་བ་ཀུན་གྱི་སྙིང་ནོར་ (Volume 40, Text 27)

ྈྈ སྒྲུབ་པ་དང་ལས་བྱང་སྤྱི་ལ་གཅེས་པའི་གནད་ཀྱི་གདམས་པ་ཁྱད་པར་དུ་འཕགས་པ་གསང་སྔགས་འཆང་བ་ཀུན་གྱི་སྙིང་ནོར་བཞུགས་སོ༔ ྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྒྲུབ་པ་བྱེད་པའི་དུས་དག་དང༔ ལས་བྱང་སྤྱི་ལ་གཅེས་པ་ཡི༔ གནད་ཀྱི་གདམས་པ་ཁྱད་འཕགས་བསྟན༔ ས་མ་ཡ་རྒྱ་རྒྱ་རྒྱ༔ རྣལ་འབྱོར་གསང་སྔགས་སྤྱོད་པ་ཀུན༔ རྩ་གསུམ་སྒྲུབ་དང་ལས་བྱང་གཏང༔ སྐོང་ཟློག་ལ་སོགས་གང་བྱེད་ཀྱང༔ དང་པོ་གནས་ཁང་བྱིན་རླབས་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཡི་དམ་ལྷ་སྐུར་ཝལ་གྱིས་བསྒོམ༔ དེ་ཡི་ཐུགས་ཀའི་ས་བོན་ལས༔ ཡི་གེ་བྷྲཱུྃ་སེར་འོད་ལྡན་འཕྲོས༔ གནས་ཁང་དེ་ལ་ཕོག་པ་ཡིས༔ དངོས་པོར་གྱུར་པ་སྟོང་པ་ལས༔ རིན་ཆེན་སྣ་ཚོགས་གཞལ་ཡས་ཁང༔ ཞི་རྒྱས་དབང་དྲག་གང་ཡིན་ཡང༔ ཁ་དོག་དེ་ཡི་རང་བཞིན་ཅན༔ ཕྱི་ནང་ཟང་ཐལ་འོད་ཀྱི་ཀློང༔ ཡངས་ཤིང་རྒྱ་ཆེ་ཕྱི་རོལ་ནས༔ བར་ཆད་བགེགས་ཀྱིས་མི་ཚུགས་ཕྱིར༔ བསྐལ་མེ་འབར་བས་བསྐོར་གྱུར་བསྒོམ༔ ནང་ནི་འཇའ་སྤྲིན་རབ་འཁྲིགས་ཤིང༔ འདོད་ཡོན་ཐོགས་པའི་ལྷ་མོའི་ཚོགས༔ ནམ་མཁའི་ཆར་ལྟར་འབེབ་པར་བསམ༔ དེ་ནས་ཚིག་འདིས་བསྐུལ་བྱས་ནས༔ བརྟན་པའི་སྔགས་འདི་མང་དུ་བརྗོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལས༔ གནས་ཁང་འདི་ཡི་དངོས་འཛིན་བྲལ༔ སྟོང་གསལ་མ་འགགས་འོད་ཀྱི་ནི༔ གཞལ་ཡས་ཁང་པ་མཚན་ཉིད་ལྡན༔ ཕྱི་ནང་ཟང་ཐལ་སྒྲིབ་གཡོགས་བྲལ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དག་པ་ལྷ་ཡི་གནས་མཆོག་ཆེ༔ སྐད་ཅིག་ཉིད་ལ་འབྱུང་གྱུར་ཅིག༔ ཨེ་མཎྜལ་མ་ཧཱ་ཙཀྲ་ཛྙཱ་ན་གརྦྷེ་ཏིཥྛ་བཛྲ་ཧཱུྃ་བྷྲཱུྃ༔ དེ་ལྟར་བརྗོད་ཅིང་བྱིན་གྱིས་བརླབ༔ དེ་ནས་འཁོར་གཡོག་བྱིན་བརླབ་སྟེ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཡི་དམ་ལྷ་སྐུར་ཝལ་གྱིས་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འབྲུ་གསུམ་འཕྲོས༔ གྲོགས་སོགས་འཁོར་གཡོག་རྣམས་ལ་ཕོག༔ ལུས་ངག་ཡིད་ཀྱི་བདག་འཛིན་སྟོང༔ ལུས་ནི་སྣང་སྟོང་འོད་ཀྱི་ལུས༔ ངག་ནི་གསང་སྔགས་བརྡ་ཡི་སྐད༔ སེམས་ནི་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སྐད་ཅིག་ཉིད་གྱུར་བསྒོམ་པར་བྱ༔ དེ་ཡང་ཕོ་རྒྱུད་དཔའ་བོ་སྟེ༔ མོ་རྒྱུད་མཁའ་འགྲོ་མ་ཡི་སྐུ༔ ཞི་རྒྱས་དབང་དྲག་གང་ཡིན་པའི༔ དེ་མཚུངས་དམིགས་པ་ཁ་སྒྱུར་རོ༔ དེ་ནས་ཚིག་འདིས་བསྐུལ་ནས་ཀྱང༔ བརྟན་པའི་སྔགས་འདི་མང་དུ་བརྗོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལས༔ གྲོགས་དང་འཁོར་གཡོག་དངོས་འཛིན་བྲལ༔ གསལ་སྟོང་སྒྱུ་མ་ལྷ་ཡི་སྐུ༔ མ་འགགས་གྲགས་སྟོང་སྔགས་ཀྱི་སྒྲ༔ ཅིར་སྣང་བདེ་ཆེན་ཆོས་སྐུའི་དབྱིངས༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཆ་ལུགས་སོ་སོར་གསལ་བཞིན་སྟོང༔ དཔའ་བོ་མཁའ་འགྲོའི་རང་བཞིན་དུ༔ སྐད་ཅིག་ཉིད་ལ་འབྱུང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཡོ་ག་ས་པ་རི་བཱ་ར་དེ་བ་དེ་བཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་གརྦྷེ་ཏིཥྛ་བྷྲཱུྃ༔ དེ་ལྟར་བརྗོད་ཅིང་བྱིན་གྱིས་བརླབ༔ དེ་ནས་སྐྱབས་སུ་འགྲོ་བའི་སྐབས༔ དམིགས་པ་ཟབ་མོ་འདི་བཞིན་བྱ༔ རང་ཉིད་ཐ་མལ་གནས་པའི་མདུན༔ ནམ་མཁར་རྡོ་རྗེ་འཆང་ཆེན་ལ༔ བླ་མ་རྒྱ་མཚོས་བསྐོར་བར་དམིགས༔ དེ་ཡི་གཡས་སུ་ཀུན་བཟང་ལ༔ སངས་རྒྱས་ཀུན་གྱིས་བསྐོར་བར་དམིགས༔ གཡོན་དུ་གསང་སྔགས་ཟབ་མོ་སོགས༔ དམ་ཆོས་པུསྟི་གྲངས་མེད་བསྐོར༔ རྒྱབ་ཏུ་ཆེ་མཆོག་དཔལ་དགུ་ལ༔ ཡི་དམ་ཚོགས་ཀྱིས་བསྐོར་བར་དམིགས༔ འོག་ཏུ་མཁའ་འགྲོ་ཆོས་སྐྱོང་བསྒོམ༔ རང་ཉིད་མཐའ་སྐོར་ཕ་མ་ཡིས༔ ཐོག་དྲངས་འགྲོ་ཀུན་མ་ལུས་བཅས༔ སྒོ་གསུམ་གུས་པས་སྐྱབས་མཆིས་དམིགས༔ སྐྱབས་སུ་འགྲོ་བའི་ཚིག་བརྗོད་དེ༔ མཐར་ནི་བླ་མ་འོད་དུ་ཞུ༔ ཐིག་ལེ་དཀར་པོའི་རྣམ་པར་གྱུར༔ རང་གི་སྤྱི་བོའི་གཙུག་ཏུ་ཐིམ༔ དེ་ནས་སངས་རྒྱས་འོད་དུ་ཞུ༔ ཐིག་ལེ་མཐིང་གའི་རྣམ་པར་གྱུར༔ རང་གི་མཛོད་སྤུ་ལ་ཐིམ་བསམ༔ དམ་ཆོས་པུསྟི་འོད་དུ་ཞུ༔ ཐིག་ལེ་དམར་པོའི་རྣམ་པར་གྱུར༔ རང་གི་མགྲིན་པ་ལ་ཐིམ་དམིགས༔ ཡི་དམ་ལྷ་ཚོགས་འོད་དུ་ཞུ༔ ཐིག་ལེ་ཁ་དོག་ལྔ་ལྡན་གྱུར༔ རང་གི་སྙིང་གར་ཐིམ་པར་དམིགས༔ མ་རྒྱུད་མཁའ་འགྲོ་འོད་དུ་ཞུ༔ ཐིག་ལེ་དམར་སྨུག་རྣམ་པར་གྱུར༔ རང་གི་ལྟེ་བར་ཐིམ་པར་དམིགས༔ ཆོས་སྐྱོང་མ་ལུས་འོད་དུ་ཞུ༔ ཐིག་ལེ་ལྗང་གུའི་རྣམ་པར་གྱུར༔ རང་གི་གསང་བར་ཐིམ་པར་བསྒོམ༔ རིགས་དྲུག་སེམས་ཅན་འོད་དུ་ཞུ༔ མཁའ་ལ་འཇའ་ལྟར་ཡལ་བར་དམིགས༔ རང་ཉིད་འོད་ཞུ་ལྷག་པའི་ལྷ༔ སྣང་ལ་རང་བཞིན་མེད་པར་དམིགས༔ དེ་ནི་ཟབ་པའི་མཐར་ཐུག་ཡིན༔ དེ་ནས་མཆོད་པ་བྱིན་རླབས་སྐབས༔ རང་ཉིད་ལྷག་པའི་ལྷར་གསལ་ངང༔ ཐུགས་ཀའི་དབུས་ནས་ཨོཾ་ཡིག་འཕྲོས༔ ཨོཾ་ལས་ཨོཾ་འཕྲོས་ཕྱོགས་མཚམས་ཁེངས༔ སེམས་ཅན་ཀུན་གྱི་སྡུག་བསྔལ་སྦྱངས༔ སངས་རྒྱས་བྱང་སེམས་ཞི་ཁྲོའི་ལྷ༔ འོད་ཀྱི་རྣམ་པར་བསྡུས་ནས་ནི༔ ཨོཾ་ལ་ཐིམ་སྟེ་ཨོཾ་ཉིད་ལས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདང་ནི༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་འཕྲོས༔ དེ་ཉིད་རིགས་ལྔ་ཡབ་ཡུམ་གྱུར༔ ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས༔ ཡེ་ཤེས་བདུད་རྩི་དཀར་དམར་བབས༔ ཐོད་པའི་བདུད་རྩིར་ཐིམ་པ་ལས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསམ༔ མཐར་ནི་ཨོཾ་དང་རིགས་ལྔ་ནི༔ ཡབ་ཡུམ་བདུད་རྩིར་ཐིམ་དམིགས་བྱ༔ སླར་ཡང་རང་གི་ཐུགས་ཀ་ནས༔ ཨཱཿཡིག་འཕྲོས་ཤིང་ཨཱཿལས་ཨཱ༔ ཕྱོགས་མཚམས་ཀུན་ཁྱབ་འཕྲོས་པ་ཡིས༔ རིགས་དྲུག་སྡིག་སྒྲིབ་སྦྱངས་བྱས་ཏེ༔ མོ་རྒྱུད་མཁའ་འགྲོ་མ་ལུས་ཀུན༔ འོད་ཀྱི་རྣམ་པར་ཨཱཿལ་ཐིམ༔ ཨཱཿཉིད་ལྷ་མོ་དམར་པོར་གྱུར༔ མཁའ་ནས་རཀྟའི་རྒྱུན་བབས་པས༔ བཤམས་པའི་རཀྟར་ཐིམ་པར་བསྒོམ༔ མཐར་ནི་ལྷ་མོ་འོད་ཞུ་སྟེ༔ རཀྟའི་རྒྱ་མཚོ་ལ་ཐིམ་བསྒོམ༔ སླར་ཡང་རང་གི་ཐུགས་ཀ་ནས༔ ཧཱུྃ་གི་ཡི་གེ་གཅིག་འཕྲོས་ཏེ༔ ཧཱུྃ་ལས་ཧཱུྃ་འཕྲོས་སྟོང་གསུམ་ཁེངས༔ རིགས་དྲུག་སྡིག་སྒྲིབ་མ་ལུས་སྦྱངས༔ འཁོར་འདས་ཀུན་གྱི་བཅུད་བསྡུས་ནས༔ འོད་ཀྱི་རྣམ་པར་ཧཱུྃ་ལ་ཐིམ༔ ཧཱུྃ་ལས་འདོད་ཡོན་ཆར་བབ་སྟེ༔ གཏོར་མ་རྣམས་ལ་སིབ་སིབ་ཐིམ༔ གཏོར་མ་འདོད་ཡོན་ཀུན་ལྡན་གྱུར༔ མཐར་ནི་ཧཱུྃ་ཡང་གཏོར་མར་ཐིམ༔ རྒྱ་ཆེ་མུ་མེད་བསམ་འབྱུང་གྱུར༔ སླར་ཡང་རང་གི་ཐུགས་ཀ་ནས༔ ཡི་གེ་འབྲུ་གསུམ་ཐོ་བརྩེགས་འཕྲོས༔ དེ་ལས་དེ་འདྲ་གྲངས་མེད་ནི༔ ཕྱོགས་མཚམས་མ་ལུས་ཁྱབ་པར་འཕྲོས༔ རིགས་དྲུག་སྡིག་སྦྱངས་སངས་རྒྱས་མཆོད༔ སྣང་ཞིང་སྲིད་པའི་བཅུད་མཆོག་བསྡུས༔ འབྲུ་གསུམ་ལ་ཐིམ་འབྲུ་གསུམ་ཉིད༔ མཆོད་རྫས་རྣམས་ལ་སོ་སོར་ཐིམ༔ སྣོད་བཅུད་ཡང་དག་ལྷ་ཡི་རྫས༔ སོ་སོར་གྲངས་མེད་བརྗོད་དུ་མེད༔ ཕུན་སུམ་ཚོགས་པ་དང་ལྡན་བསམ༔ འབྲུ་གསུམ་སྔགས་ནི་མང་དུ་བརྗོད༔ འདི་ཡང་ཟབ་པའི་མཐར་ཐུག་ཡིན༔ དེ་ནས་ཚིག་འདིས་གསལ་གདབ་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་ཧཱུྃ་ལས་འབྲུ་གསུམ་འཕྲོས༔ མཆོད་རྫས་བྱེ་བྲག་ཐམས་ཅད་ཀྱང༔ རང་རང་སོ་སོར་ཕུན་སུམ་ཚོགས༔ ཟག་མེད་ཡེ་ཤེས་རོལ་པར་ཤར༔ འཛད་པ་དང་བྲལ་འབྱུང་གྱུར་ཅིག༔ སརྦ་པཱུ་ཛ་ཛྙཱ་ན་ལཱ་ལཱ་ཨོཾ་ཨཱཿཧཱུྃ༔ དེ་ནས་རྔ་ནི་བྱིན་རླབས་ཏེ༔ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་ནི༔ རབ་འཕྲོས་རྔ་ལ་ཕོག་པས་དངོས་འཛིན་སྟོང༔ རྔ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ༔ རྔ་ལྕག་ཀུན་བཟང་ཡབ་ཀྱི་གསང་བ་སྟེ༔ ཟུང་འཇུག་བྱང་སེམས་རྔ་ཡི་སྒྲ་དེ་ཡིས༔ སྣང་ཞིང་སྲིད་པའི་འཇིག་རྟེན་ཀུན་ཁྱབ་པས༔ རྒྱལ་བ་རྒྱལ་སྲས་ཞི་ཁྲོའི་ལྷ་ཀུན་མཉེས༔ མཁའ་འགྲོ་ཆོས་སྐྱོང་རྒྱུད་བསྐུལ་ལས་ལ་མྱུར༔ རིགས་དྲུག་སྒྲིབ་ཀུན་དག་སྟེ་གཟུང་འཛིན་སྟོང༔ ཐམས་ཅད་ཡེ་ཤེས་ལྷ་སྐུར་གསལ་གྱུར་བསྒོམ༔ རྔ་ཉིད་ལན་གསུམ་བརྡུང་ཞིང་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་ཟེར་རྔ་ལ་འཕྲོས༔ དངོས་འཛིན་སྟོང་ནས་རྔ་ཆེན་ཉིད༔ ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ༔ རྔ་ལྕག་ཀུན་བཟང་ཡབ་ཀྱི་གསང༔ ཟུང་འཇུག་སྐད་ནི་བྱང་ཆུབ་སེམས༔ སྣང་སྲིད་ཁྱབ་པའི་ངང་ཉིད་ལས༔ འཕགས་མཆོད་སྲུང་མའི་ཐུགས་རྒྱུད་བསྐུལ༔ རིགས་དྲུག་སྒྲིབ་སྦྱངས་ལྷ་རུ་གསལ༔ ཆོས་དབྱིངས་ཀུན་ཁྱབ་རྔ་ཆེན་འདི༔ བརྡུང་བས་རྣལ་འབྱོར་དངོས་གྲུབ་བརྙེས༔ རྒྱལ་བ་རྒྱ་མཚོ་མཉེས་གྱུར་ཅིག༔ སྲུང་མ་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་སྡུག་བསྔལ་ཞི་གྱུར་ཅིག༔ སྣང་སྲིད་ལྷ་རུ་ཤར་གྱུར་ཅིག༔ རྔ་ཆེན་ཡབ་ཡུམ་ཟུང་འཇུག་པས༔ ཟག་མེད་བདེ་ཆེན་སྐྱེད་པར་བྱེད༔ རྔ་ཆེན་འདི་ནི་ཡོན་ཏན་ལྡན༔ འདི་ཡི་སྒྲ་སྐད་སྒྲོག་པའི་ཚེ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཉིད༔ མྱུར་བ་ཉིད་དུ་འགྲུབ་གྱུར་ཅིག༔ ཨ་ཨ་ཧཱུྃ་ཧཱུྃ༔ ཨེ་ཝཾ་ཛྙཱ་ན་གརྦྷེ་ཏིཥྛ་བྷྲཱུྃ༔ དེ་ནས་མར་མེ་བྱིན་རླབས་ཏེ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་འཕྲོས་མར་མེར་ཐིམ་གྱུར་ནས༔ དངོས་འཛིན་དག་སྟེ་སྟོང་པའི་ངང༔ ཀོང་བུ་སྐྱེ་མེད་ཡུམ་གྱི་མཁའ༔ སྡོང་བུ་འགག་མེད་ཡབ་ཀྱི་དབྱིངས༔ མར་ཁུ་གཉིས་མེད་བྱང་ཆུབ་སེམས༔ མེ་ནི་རང་བྱུང་ཡེ་ཤེས་འབར༔ དེ་ཡི་འོད་ཀྱིས་སྣང་སྲིད་ཁྱབ༔ རྒྱལ་བའི་ཐུགས་རྗེ་མདངས་ཆེར་བསྐྱེད༔ སྲུང་མ་དགྱེས་པའི་གཟི་རབ་འབར༔ རིགས་དྲུག་མ་རིག་མུན་བསལ་ཏེ༔ ཐམས་ཅད་ཡེ་ཤེས་ཆེན་པོའི་དབྱིངས༔ སྒྲིབ་གཡོགས་བྲལ་བ་གསལ་སྟོང་དུ༔ སྐད་ཅིག་ཉིད་ལ་དེར་གྱུར་བསམ༔ མར་མེ་བཏེགས་ཤིང་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་ཀྱི་སྣང་གསལ་གྱི༔ དངོས་འཛིན་དག་པའི་རང་རྩལ་ལས༔ སྐྱེ་མེད་ཡུམ་གྱི་པདྨ་ན༔ འགག་མེད་ཡབ་ཀྱི་རོལ་པ་ལས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན༔ ཡེ་ཤེས་མེ་ཡི་རང་འོད་ཀྱི༔ སྣང་སྲིད་ཡེ་ཤེས་ཆེན་པོའི་དབྱིངས༔ གསལ་སྟོང་སྒྲིབ་ཀུན་བྲལ་གྱུར་ཅིག༔ མ་ཧཱ་ཨཱ་ལོ་ཀེ་ཛྙཱ་ན་གརྦྷེ་ཏིཥྛ་བཛྲ་ཧཱུྃ་བྷྲཱུྃ༔ དེ་ནས་ཡུངས་དཀར་ལ་སོགས་པ༔ ཉེ་བར་མཁོ་བའི་ཐུན་རྫས་དག༔ བྱིན་གྱིས་རླབས་པ་འདི་ལྟ་སྟེ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཐུན་རྫས་དག་ལ་ཐིམ༔ འོད་ཞུ་ལ་ལ་ཁྲོ་བོའི་སྐུ༔ རྡོ་རྗེའི་གོ་ཁྲབ་ཞུ་ལུགས་གྱོན༔ རྣོ་བའི་མཚོན་ཆ་ཐོགས་གྱུར་བསམ༔ ལ་ལ་རྡོ་རྗེ་འཁོར་ལོ་ཕུར༔ རལ་གྲི་རྩེ་གསུམ་མདུང་དགྲ་སཏྭ༔ ལ་སོགས་མཚོན་ཆ་སྣ་ཚོགས་ལ༔ མེ་འབར་ཐོག་སེར་འཕྲོ་བར་བསམ༔ ཐུན་རྫས་རང་གི་སོར་མོ་ཡིས༔ རེག་ལ་འདི་སྐད་བརྗོད་པར་བྱ༔ ཨོཾ་ཨཱཿཧཱུྃ་ཕཊ༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་འཕྲོས་ཐུན་ལ་ཐིམ༔ ཐུན་རྫས་ཁྲོ་བོ་གོ་མཚོན་ཅན༔ གཞན་ཡང་མཚོན་ཆའི་འཁོར་ལོར་གྱུར༔ ལྷ་སོགས་སྲུང་མ་མ་གཏོགས་པའི༔ བགེགས་དང་ལོག་འདྲེན་སུ་ཡང་རུང༔ གང་ལ་ཕོག་པ་ཕྱེ་མ་རུ༔ བརླག་ནུས་སྟོབས་དང་ལྡན་པར་གྱུར༔ ཀྲོ་དྷ་མཱ་ཡུ་དྷ་ཧཱུྃ་ཧཱུྃ་ཕཊ་ཛྭ་ལ་རཾ་བྷྱོ༔ དེ་ནས་རྡོ་རྗེ་དྲིལ་བུ་དག༔ བྱིན་གྱིས་རླབས་པ་འདི་ལྟ་སྟེ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་རྡོ་རྗེ་དྲིལ་བུར་ཐིམ༔ རྡོ་རྗེ་སྟོང་ལས་ཟླ་བའི་སྟེང༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར༔ ཆ་ལུགས་ཡོངས་སུ་རྫོགས་པར་བསྒོམ༔ དྲིལ་བུ་སྟོང་ལས་ཉི་མའི་སྟེང༔ ཨཱཿལས་རྡོ་རྗེ་སྙེམས་མ་དམར༔ ཆ་ལུགས་ཡོངས་སུ་རྫོགས་པར་བསྒོམ༔ དེ་གཉིས་ལས་ནི་འོད་ཟེར་འཕྲོས༔ རྒྱལ་བ་ཡབ་རྣམས་འོད་དུ་ཞུ༔ རྡོར་སེམས་སྐུ་ལ་ཐིམ་པར་བསམ༔ རྒྱལ་བ་ཡུམ་རྣམས་འོད་དུ་ཞུ༔ སྙེམས་མའི་སྐུ་ལ་ཐིམ་པར་བསམ༔ རྡོ་རྗེ་སེམས་དཔའ་འོད་དུ་ཞུ༔ རྡོ་རྗེའི་རྣམ་པར་གྱུར་པར་བསམ༔ རྡོ་རྗེ་སྙེམས་མ་འོད་དུ་ཞུ༔ དྲིལ་བུའི་རྣམ་པར་གྱུར་པར་དམིགས༔ རྡོ་རྗེ་དྲིལ་བུ་གསོར་འཁྲོལ་ཞིང༔ ངག་ཏུ་འདི་སྐད་བརྗོད་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ འོད་འཕྲོས་རྡོ་རྗེ་དྲིལ་བུ་སྟོང༔ ཡོངས་གྱུར་རྡོར་སེམས་ཡབ་ཡུམ་བསམ༔ རྒྱལ་བ་ཡབ་ཡུམ་སྤྱན་དྲངས་ཐིམ༔ སླར་ཡང་རྡོ་རྗེ་སེམས་དཔའ་དང༔ སྙེམས་མ་ཡབ་ཡུམ་ཞུ་བ་ལས༔ ཡབ་ནི་ཐབས་ཀྱི་རྡོ་རྗེར་གྱུར༔ སྐུ་གསུམ་ཡོངས་རྫོགས་མཚན་ཉིད་ལྡན༔ ཡེ་ཤེས་ལྔ་ཡི་རང་བཞིན་གྱུར༔ ཡུམ་ནི་ཤེས་རབ་དྲིལ་བུར་གྱུར༔ མ་འགགས་སྤྲོས་བྲལ་མཚན་ཉིད་ལྡན༔ བདེ་སྟོང་ཟག་མེད་ངོ་བོར་གྱུར༔ བཛྲ་ཧཱུྃ་གཎྜེ་ཨཱཿཏིཥྛ་བྷྲཱུྃ་ཛྙཱ་ན་གརྦྷེ་ཧཱུྃ༔ དེ་ནས་བྱིན་གྱིས་རླབས་སྐབས་སྟེ༔ རྡོར་དྲིལ་མཚོན་བྱེད་སོ་སོར་ཡོད༔ དེ་ནས་མདའ་དར་བྱིན་བརླབ་སྟེ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མདའ་དར་ལ་ཐིམ་པས༔ དེ་ཡི་ངོ་བོ་སྟོང་པ་ལས༔ ཡི་གེ་འབྲུ་གསུམ་ཐོ་བརྩེགས་གྱུར༔ འོད་འཕྲོས་འཁོར་འདས་ནུས་སྟོབས་བསྡུས༔ ཚུར་འདུས་འབྲུ་གསུམ་ལ་ཐིམ་ཞིང༔ དེ་ཡང་འོད་དུ་ཞུ་བ་ལས༔ སྨྱུག་མ་ཚིགས་གསུམ་སྐུ་གསུམ་འབྲེལ༔ ཚད་མེད་བཞི་ཡི་སྒྲོ་དང་ལྡན༔ ཤེས་རབ་རྣོ་བའི་མདེ་འུ་སྦྱར༔ དར་སྣ་ལྔ་ནི་ཡེ་ཤེས་ལྔ༔ བརྟེན་རྫས་ཐབས་མཆོག་ཡབ་ཀྱི་སྐུ༔ མེ་ལོང་ཤེས་རབ་ཡུམ་མཆོག་མཛེས༔ ཟུང་དུ་འཇུག་པའི་འོད་ཟེར་གྱིས༔ འཇིག་རྟེན་འདས་དང་མ་འདས་ལྷ༔ སྤྲིན་ཆེན་རླུང་གིས་བསྐྱོད་བཞིན་དུ༔ སྐད་ཅིག་ཉིད་ལ་འདུས་པར་བསམ༔ མདའ་དར་ཐོགས་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ང་ནི་ཡེ་ཤེས་ལྷ་ཡི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འགྱེད༔ ཐུགས་ཀའི་འོད་ཀྱི་གཡབ་དར་གྱིས༔ དངོས་འཛིན་སྟོང་སྟེ་འབྲུ་གསུམ་བརྩེགས༔ སྣང་སྲིད་འཁོར་འདས་བཅུད་བསྡུས་ནས༔ འབྲུ་གསུམ་འོད་ཞུ་ལས་བྱུང་བའི༔ སྨྱུག་མ་ཚིགས་གསུམ་ལྡན་པ་ནི༔ སྐུ་གསུམ་རྒྱལ་བའི་ངོ་བོ་སྟེ༔ དུག་གསུམ་རང་སར་དག་པའི་རྟགས༔ ཚད་མེད་བཞི་ཡི་སྒྲོ་དང་ལྡན༔ རྟག་ཆད་མུ་བཞི་གྲོལ་བའི་རྟགས༔ ཤེས་རབ་མདེ་འུ་རྣོ་ངར་ལྡན༔ མ་རིག་འཁོར་བ་རྩད་ནས་འཇོམས༔ དར་སྣ་ལྔ་ནི་ཡེ་ཤེས་ལྔ༔ དུག་ལྔ་ལས་གྱུར་འགྲོ་བ་སྒྲོལ༔ བརྟེན་པའི་རྫས་ནི་སྣང་བ་ཐབས༔ མེ་ལོང་སྟོང་གསལ་ཤེས་རབ་མ༔ ཡབ་ཡུམ་ཟུང་འཇུག་འོད་ཟེར་གྱིས༔ རྩ་གསུམ་རང་བཞིན་འདུ་བར་འགྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བྷྲཱུྃ་ཧྲིཾ་ཕཊ་སྭཱ་ཧཱ༔ དེ་ནས་བཟའ་བཏུང་བྱིན་རླབས་ནི༔ རང་ཉིད་ལྷག་པའི་ལྷར་གསལ་བའི༔ ལག་གཡས་སོར་མོ་ཟླ་བའི་དཀྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ནི༔ རྒྱལ་བ་རིགས་ལྔའི་སྐུ་རུ་བསམ༔ ལག་གཡོན་སོར་མོ་ཉི་མའི་སྟེང༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ནི༔ རྒྱལ་བ་ཡུམ་ལྔའི་སྐུ་རུ་བསམ༔ བཟའ་བཏུང་ལག་གཉིས་གཟུང་བའི་ཚེ༔ ཡབ་ཡུམ་སྙོམས་ཞུགས་བདུད་རྩི་བབས༔ བཟའ་བཏུང་ལ་ཐིམ་དུག་ལྔ་ཡི༔ དབང་གྱུར་མ་དག་ཐམས་ཅད་སྦྱངས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་དམིགས༔ རང་གི་ཐུགས་ཀར་ཡེ་ཤེས་མེ༔ འབར་བའི་ནང་དུ་རྩ་བ་གསུམ༔ ཡོངས་རྫོགས་གསལ་གདབ་དེ་ལ་ནི༔ བདུད་རྩི་བླ་མེད་མཆོད་པར་དམིགས༔ ངག་ཏུ་སྔགས་འདི་བརྗོད་པར་བྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བྷོ་དྷི་ཙིཏྟ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ དེ་ལྟར་བཟའ་བཏུང་བྱིན་རླབས་སོ༔ དེ་ནས་རྒྱུན་གྱི་རྣལ་འབྱོར་ནི༔ རང་གིས་མིག་ཡུལ་མཐོང་བ་ཡི༔ གཟུགས་སུ་སྣང་བ་མ་ལུས་ཀུན༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཡི་དམ་ཡབ་ཡུམ་སྐུར་གསལ་གདབ༔ ཡོ་བྱད་ལྷ་ཡི་ཕྱག་མཚན་སོགས༔ རྒྱལ་བའི་རྒྱན་དང་ཡོ་བྱད་བསམ༔ དེ་ཡང་སྣང་ལ་རང་བཞིན་མེད༔ གཟུགས་བརྙན་འཇའ་ཚོན་ལྟ་བུ་བསམ༔ རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ འགག་མེད་སྔགས་ཀྱི་སྒྲ་དབྱངས་སྒྲོག༔ ཡི་དམ་ཡབ་ཡུམ་གང་ཡིན་གྱི༔ སྙིང་པོ་གསལ་དག་སྒྲ་དང་བཅས༔ རང་གྲགས་རང་བཞིན་འཛིན་མེད་བསྒོམ༔ རང་གི་དབུགས་ནི་ཕྱིར་གཏོང་ཚེ༔ ཉེས་པའི་དྲི་མ་ཅི་མཆིས་པ༔ དེ་དང་ལྷན་ཅིག་ཕྱིར་ཐོན་པ༔ ཡལ་ཞིང་སྟོང་པར་བསྒོམ་པ་འོ༔ དབུགས་ནི་ནང་དུ་རྔུབ་པའི་ཚེ༔ རྒྱལ་བ་རབ་འབྱམས་བྱིན་རླབས་དང༔ ཡི་དམ་ཞི་ཁྲོའི་དངོས་གྲུབ་དང༔ མཁའ་འགྲོ་ཆོས་སྐྱོང་ནུས་རྩལ་སྟོབས༔ སྣང་ཞིང་སྲིད་པའི་བཅུད་རྣམས་དང༔ འབྱུང་བ་ལྔ་ཡི་བཅུད་བསྡུས་ཏེ༔ འོད་ཟེར་ཁ་དོག་ལྔ་ལྡན་གྱུར༔ རང་གི་སྣ་བུག་ནས་ཞུགས་ཏེ༔ རྩ་རྣམས་མེར་ཁེངས་ཐིམ་པར་དམིགས༔ ཡིད་ཀྱི་འཕྲོ་འདུ་མ་ལུས་ཀུན༔ ངོ་བོ་སྟོང་ལ་རང་བཞིན་མེད༔ ཤར་གྲོལ་ཆོས་སྐུའི་རོལ་པར་བལྟ༔ ཁྱད་པར་དུག་ལྔའི་རྟོག་པ་ཀུན༔ ཡེ་ཤེས་ལྔ་རུ་ཤེས་པར་བྱ༔ གནད་གསུམ་དེ་དང་འབྲལ་མི་བྱ༔ དེ་ལྟར་ལས་བྱང་གཏང་བ་དང༔ སྒྲུབ་མཆོད་ལ་སོགས་གང་ཡང་རུང༔ སྤྱི་ལ་གཅེས་པའི་གདམས་པ་འདི༔ ཤིན་ཏུ་ཟབ་ཕྱིར་ཐུགས་ཀྱི་གཏེར༔ གསང་བདག་ཆེན་པོའི་སྐོར་ལ་བསྟན༔ འདི་ཉིད་མི་ལྡན་སྔགས་པ་འགའ༔ ཚིག་ཙམ་གྱིས་ནི་ལྷ་བསྒྲུབ་ཀྱང༔ བྱིས་པས་འཇའ་ཚོན་དེད་དང་མཚུངས༔ དེ་ཕྱིར་འདི་ལ་འབད་པ་གཅེས༔ སྐལ་ལྡན་ཅན་དང་འདི་འཕྲད་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་ཁམས་ཀྱི་གཏེར་སྟོན་རོལ་པའི་རྡོ་རྗེས་རང་ལོ་ཉེར་བཞིར་སླེབ་ཚེ་གནས་རྡོ་རྗེ་ཅོང་ཕུག་གི་བྲག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་ཤོག་དྲིལ་གཉིས་པ་ལས་ཞལ་བཤུས་ལགས། ཐམས་ཅད་དགེ་ལེགས་ཡོངས་ཀྱི་དཔལ་རབ་ཤོག། །།

ཐང་ལྷའི་སྐོང་གསོལ་རིག་འཛིན་རྒོད་ལྡེམ་གྱིས་མཛད་པ་ (Volume 39, Text 27)

༄༅། །ཐང་ལྷའི་སྐོང་གསོལ་རིག་འཛིན་རྒོད་ལྡེམ་གྱིས་མཛད་པ་བཞུགས། ། ཐང་ལྷའི་སྐོང་གསོལ་བྱེད་པར་འདོད་པས། དང་པོ་མཆོད་གཏོར་བཤམས་ལ། རས་དཀར་དྲི་མ་མེད་པ་སྤོས་ཀྱིས་ལེགས་པར་བདུག །དེའི་དབུས་སུ་རིན་པོ་ཆེའི་སྣོད་གཙང་མའི་ནང་དུ། གཏོར་མ་གྲུ་བཞི་ཤེལ་མཁར་གྱི་དབྱིབས་ཅན་རྩ་བ་དང་རྩེ་རྒྱལ་རཏྣ་སུམ་འཛོམ་གྱིས་བསྐོར་ཞིང་པདྨ་འདབ་བརྒྱད་ཀྱིས་མཚན་པ་མཐོ་གང་ངམ་རྐང་གང་མ་གཅིག་བཞེངས། དེའི་གཡས་གཡོན་རྒྱབ་གསུམ་དུ། གཡའ་ཆུ། གངས་ཆུ། སྐྱེས་ཆུ་གཙང་མའི་སྣོད་དང་། མདུན་དུ་མཆོད་པའི་གཏོར་མ་གྲུ་གསུམ་མཐོ་གང་མཐེབ་ཀྱུས་བསྐོར་བ་མར་རྒྱན་དང་པདྨ་ཁ་དོག་དམར་བ། དེའི་ཕྱི་སྐོར་དུ་འབྲས་དཀར་རམ་འབྲུ་དཀར་མོས་ཟླུམ་པོར་བསྐོར། ཕྱོགས་མཚམས་བརྒྱད་མཐོ་བར་བྱ་ཞིང་། མདའ་དར་དང་མདུང་དར་དང་དར་ཟབ་ཀྱི་གུར། གོ་མཚོན་གྱི་སྤྱན་གཟིགས་རོལ་མོ་དང་དུང་། ཤིང་སྣ་བཟང་པོའི་བསང་ཁང་གསུམ་བཏང་། སྤོས་དཀར་གྱི་དུད་པ་ཆེ་བ། དཀར་གསུམ་མངར་གསུམ་གྱི་མཆོད་པ། མར་གྱི་མཛོ་གཅིག །གཡག་གཅིག །རྟ་གཅིག །ཟན་དཀར་མོའི་གཡག་གཅིག །གསེར་དང་གཡུ་སྦྱང་གི་ལྷ་རྟེན། ལྷ་གཡག་དཀར་པོ་དར་སྣས་བརྒྱན་པ་གསུམ། ལྷ་ལུག་ཞལ་དཀར་དར་གྱིས་བརྒྱན་པ་གསུམ། དེ་རྣམས་མཆོད་པ་རྒྱས་པར་བཤམ། དེ་ནས་རྔ་གཤང་འཁྲོལ་ཞིང་། དུང་འབུད། ཐོག་མར་བླ་མའི་ལས་བྱང་ཚར་གཅིག་བཏང་། དེ་ནས་དཔལ་བོན་གྱིས་དབྱངས་སྐད་ཤིན་ཏུ་ཆེ་བ་རྟ་རིང་བ་བྱས་ནས་འདི་སྐད་དོ། །བསྭོ། བོད་ཡུལ་ཕྱོགས་བཞི་དབུས་དང་ལྔ། །འཛམ་གླིང་ས་ཡི་དབུས་ཕྱོགས་ན། །ལྷ་རི་ཆགས་པ་གངས་དཀར་རི། །གངས་དཀར་ཤེལ་འོད་འབར་བའི་གནས། །རྩེ་ལ་ན་བུན་ཐིབས་སེ་ཐིབ། །འོག་ན་འདབ་ཆགས་ཏོངས་སེ་ཏོང་། །ཟུར་ན་གཅན་གཟན་ཁྲ་ལ་ལ། །རྩ་བར་གཡུ་མཚོ་ཆི་ལི་ལི། །ཛམ་གླིང་ཤར་ནས་བལྟས་ཙ་ན། །ཤེལ་གྱི་མཎྜལ་བརྩེགས་པ་འདྲ། །ཛམ་གླིང་ལྷོ་ནས་བལྟས་ཙ་ན། །ཟ་འོག་ཡོལ་ཆེན་འཐེན་པ་འདྲ། །ཛམ་གླིང་ནུབ་ནས་བལྟས་ཙ་ན། །དུང་གི་གུར་དཀར་ཕུབ་པ་འདྲ། །ཛམ་གླིང་བྱང་ནས་བལྟས་ཙ་ན། །དུང་སེང་གནམ་དུ་འཕྱོང་བ་འདྲ། །རྩེ་ལྔ་ནམ་མཁའི་མཐོངས་སུ་གསལ། །ཤེལ་འོད་གུར་ཁང་ཙེ་རེ་རེ། །རྨང་གཞི་དོག་མོའི་དཀྱིལ་ན་གནས། །འབྱུང་པོའི་ཚོགས་རྣམས་ཀྱི་ལི་ལི། །རྐེད་པ་གཡུང་དྲུང་གླིང་དགུར་གནས། །སྡེ་བརྒྱད་སྲོག་འཁོར་སྒོ་རོ་རོ། །དེ་འདྲའི་གཞལ་ཡས་དམ་པ་ན། །སུ་བཞུགས་དེ་ནི་སུ་མི་བཞུགས། །དེ་ན་རྗེ་ཡི་སྐུ་ལྷ་གཉན་པོ་བཞུགས། །ཟུར་ཕུད་ལྔ་པ་འཁོར་བཅས་བཞུགས། །དེ་ན་ཇོ་བོ་གཉན་ཆེན་ཐང་ལྷ་བཞུགས། །མི་དཀར་གཡུ་ཡི་སྨིན་མ་ཅན། །དར་དཀར་བེར་ཆེན་སྐུ་ལ་གསོལ། །རིན་ཆེན་རྒྱན་ཆ་དུ་མས་བརྒྱན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །སྐུ་ཡི་ཆས་ནི་མཛེས་སྡུག་འོད་དུ་འབར། །ཐོག་རྒོད་གཏུམ་པོས་ཁམས་གསུམ་ཟིལ་གྱིས་གནོན། །ལས་ཀྱི་ཐོག་མདས་དགྲ་བགེགས་སྲོག་དབུགས་འཕྲལ། །ལྕགས་ཀྱི་རལ་གྲིས་དགྲ་བགེགས་མགོ་ལུས་གཅོད། །བར་སྣང་གང་ནས་གར་གཤེགས་ཐོགས་པ་མེད། །ཐང་ལྷ་གཉན་སྲས་སྐུ་ལ་བསྟོད་པ་འབུལ། །མཛེས་པའི་ཟུར་ཕུད་ལྔ་པོས་སྐུ་ལ་བརྒྱན། །གསེར་གྱི་སྦ་ལྕག་གཡུ་ཡི་ལྕག་འབྲས་ཅན། །ལན་གསུམ་གླད་གཡུགས་ཆིབས་པར་དྲག་ཏུ་རྒྱེབ། །ཐང་ལྷ་གཉན་སྲས་སྐུ་ལ་བསྟོད་པ་འབུལ། །ངང་དཀར་ཞུར་པོས་གང་བསམ་ཡུད་ཀྱིས་ཕྱིན། །འཇིགས་པའི་བྱ་ཁྱུང་དབུ་ཡི་གཙུག་ན་ལྡིང། །ས་བདག་ཀླུ་གཉན་ལས་ཀྱི་ཕོ་ཉར་འགྱེད། །ཀླུ་རྒྱལ་ཐོད་དཀར་སྐུ་ལ་བསྟོད་པ་འབུལ། །སྟག་སེང་དོམ་དྲེད་རྔམ་འཇིགས་དགྲ་ལ་སྟོན། །བསྟོད་ཅིང་བསྐུལ་པས་གཡེལ་བར་མ་མཛད་ཅིག །ཚུར་གཤེགས་བདག་གིས་བཅོལ་བའི་ཕྲིན་ལས་མཛོད། །གཏོར་མ་དཀར་གསུམ་མངར་གསུམ་གྱི་སྟེང་དུ། །ཨོཾ་ཨཱཿཧཱུྃ། འབྲུ་གསུམ་འོད་དུ་ཞུ་བ་ལས་གྲུབ་པའི། འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པ་འདི། ལྷ་ཆེན་པོ་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ཞལ་དུ། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨོཾ་ཨཱཿཧཱུྃ། ཞེས་པ་བདུན་གྱིས་ཕུལ་ནས་དགྱེས་པའི་ཚུལ་དུ་བསྒོམ། དེ་ནས་ཡང་འཁོར་ཚོགས་ལ་གཏོར་མ་ཟུར་གསུམ་མཐོ་གང་བ་བརྒྱད་དམ་བཅུ་གཉིས་བཅུ་དྲུག་རྩེ་ལ་མར་གྱིས་བརྒྱན་པ། གསུར་དུད་བསང་དུད་ཤིན་ཏུ་ཆེ་བ། ཆང་ཕུད་འོ་ཕུད་ཞོ་ཕུད་དང་བཅས་ཏེ་འདི་སྐད་དོ། །བསྭོ་བསྭོ། སྐུ་ལྷ་གཡས་ཀྱི་རུ་འདྲེན་པ། །ལྷ་གཉན་གཡུ་ཡི་སྨིན་མ་ཅན། །སྐུ་ལྷ་གཡོན་གྱི་རུ་འདྲེན་པ། ཁྱེའུ་གཡུ་ཡི་ཟུར་ཕུད་ཅན། །སྐུ་ལྷ་མདུན་གྱི་རུ་འདྲེན་པ། །མི་དཀར་གཡུ་ཡི་ཐོར་ཅོག་ཅན། །སྐུ་ལྷ་རྒྱབ་ཀྱི་རུ་འདྲེན་པ། །ལྕགས་ཀྱི་མི་སྔོན་འཇིགས་པ་བརྒྱད། །འདིར་བྱོན་ཕུད་དང་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཁབ་ནི་གནམ་མཚོ་ཕྱུག་མོ་སྟེ། །སྨན་མོ་གཡུ་ཡི་ཐུལ་པ་ཅན། །གསེར་གཡུ་སྤེལ་མའི་ཟུར་ཕུད་ཅན། །སྐུ་ལ་དར་དཀར་ཐུལ་པ་གསོལ། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །ཆིབས་སུ་ཆུ་རྟ་སྔོན་པོ་འཆིབ། །སྲས་ནི་ཐང་སྲས་འཕྱོར་པ་སྟེ། །མི་དཀར་གཡུ་ཡི་སྨིན་མ་ཅན། །སྐུ་ལ་དར་དཀར་ལའུ་གསོལ། །ལྕམ་ནི་འབྲི་རྫི་གང་བཟང་མ། །དཀར་མོ་གཡུ་ཡི་ཐུལ་པ་ཅན། །ནང་བློན་ཕྱི་བློན་སྒོ་བར་བཅས། །ཕྱག་བརྙན་འཁོར་དང་བཅས་རྣམས་བསྒྲུབ། །བསྐུལ་ལོ་འཁོར་བཅས་མ་གཡེལ་ཅིག །བསྐུལ་ཅིང་རྦད་ན་གཉན་སྲས་མཐུ་མ་ཆུང། །ཐང་ལྷ་གཉན་སྲས་འཁོར་བཅས་ལ། །ཕྱི་ཡི་མཆོད་པ་གཡག་ལུག་དང་། །ནང་གི་མཆོད་པ་གསེར་གཡུ་ཆང་དང་སྦྱར། །ཞལ་ཟས་རྟེན་དུ་འབྲུ་ཡི་གཡག་པོ་འབུལ། །ཐང་ལྷ་གཉན་སྲས་འཁོར་བཅས་རྣམས། །རིན་ཆེན་གསེར་གྱིས་ཐུགས་དམ་བསྐང་། །སྒྲ་དབྱངས་རོལ་མོས་ཐུགས་དམ་བསྐང་། །རྟེན་རྫས་ཚང་མས་ཐུགས་དམ་བསྐང་། །ལྷ་གཡག་དཀར་པོས་ཐུགས༴ དམར་རྩ་ལུག་གིས་ཐུགས༴ རྔན་ཆ་ཚང་མས་ཐུགས༴ རྒྱན་གྱི་གཏོར་མས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐངས། །ད་ནི་བཅོལ་བའི་ཕྲིན་ལས་མཛོད། །དེ་ལྟར་མཆོད་ཅིང་བསྐངས་པ་ཡིས། །རཱ་ཛ་དྷརྨ་བཛྲ་གྱི། །མགོན་སྐྱབས་དཔུང་གཉེན་ཁྱོད་ཀྱིས་མཛོད། །བཅོལ་བའི་ཕྲིན་ལས་བསྒྲུབ་པ་དང་། །སྒྲུབ་པའི་བསྟན་པ་བསྲུང་དུ་གསོལ། །བསྭོ་བསྭོ། ལྷ་རྒྱལ་ལོ། །གཡག་ལུག་ཕུལ་པའི་ཡོན་ཏན་གྱིས། །ནོར་ལ་གོད་ཁ་མེད་པར་མཛོད། །གླིང་སྟོད་རྟ་རྭའི་བདག་པོ་མཛོད། །གླིང་སྨད་ལུག་རྭའི་བདག་པོ་མཛོད། །གཡག་དང་མཛོ་ཡི་བདག་པོ་མཛོད། །ཅི་བསམ་འགྲུབ་པའི་ཕྲིན་ལས་མཛོད། །བསྭོ་བསྭོ་ལྷ་རྒྱལ་ལོ། །ཡང་ལྷ་རྒྱལ་ལོ། །གཉན་ཆེན་ཐང་ལྷའི་གསོལ་ཀ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་མཛད་པའོ།། །།

གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ་ (Volume 28, Text 27)

༄༅། །གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ་ཞེས་བྱ་བ་བཞུགས་སོ། ། ཐུགས་གསང་འདུས་པའི་རྡོ་རྗེ་ཅན། །བླ་མའི་ཞབས་ལ་ཕྱག་བྱས་ནས། །དབང་ཆེན་ཐུགས་ཀྱི་སྒྲུབ་པ་ཡི། །རྒྱུན་ཁྱེར་སྙིང་པོར་དྲིལ་ནས་འཆད། །ལྷོ་གཏེར་དབང་ཆེན་གསང་བ་འདུས་པའི་གཏུམ་པོ་ཐུགས་ཀྱི་སྒྲུབ་པ་བསྙེན་སྒྲུབ་གཏེར་གཞུང་ལས་ཇི་སྐད་གསུངས་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། རྒྱུན་གྱི་ཉམས་ལེན་མདོར་བསྡུས་བྱ་བར་འདོད་ན། ཐོག་མར་སྐྱབས་འགྲོ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱིན་རླབས་རྩ་བ་བླ་མ་རྗེ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བརྡལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ །གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་བྲལ་སྤྲུལ་པའི་སྐུ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །རང་རིག་ལྷ་ལ་ཕྱག་འཚལ་ལོ། །མ་འགགས་རང་གསལ་མཆོད་པ་འབུལ། །མུ་བཞིར་ལྟུང་བ་མཐོལ་ལོ་བཤགས། །དུས་གསུམ་མཉམ་ཉིད་རྗེས་ཡི་རངས། །འཁོར་བ་དོང་ནས་སྤྲུགས་པར་བསྐུལ། །ཀ་དག་ཟང་ཐལ་རྗེན་པར་བཞུགས། །ཀུན་ཀྱང་རང་རིག་རྟོགས་པར་བསྔོ། །སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག །ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བའི་ཕྱིར། །རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་དུ། །འཁོར་བ་དོང་ནས་སྤྲུགས་པའི་ཕྱིར། །ཚད་མེད་བཞི་རུ་སེམས་བསྐྱེད་དོ། །ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལྷ་བསྐྱེད་པ་ལ། ཞི་བར་བསྙེན་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཅུ་སྔོན་པོ། དེའི་ལྟེ་བར་རྩིབས་བཞི་ཕྱོགས་མདོག །དེའི་ལྟེ་བར་པདྨ་ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནག །དེ་ལས་འོད་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། གདུག་པ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་གདན་འོག་ཏུ་བཅུག །འོད་ཟེར་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དངུལ་དཀར་གྱི་དྲིལ་བུ་འགྱིང་ཐབས་སུ་བརྟེན་པ། ཞལ་ཁྲོ་ཞིང་འཛུམ་པས་བཞད་པ། དབུ་སྐྲ་དམར་སེར་ཐོར་ཚུགས་ཀྱི་ལྷག་མ་སྐུ་རྒྱབ་ན་འཕྱང་བ། དར་རྣམ་པ་ལྔའི་ཅོད་པན་དང་། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། སྐུ་སྨད་སྟག་ཤམ་ཅན་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གནས་གསུམ་འབྲུ་གསུམ་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་མཐིང་ནག་རྩ་སྔགས་ཀྱིས་བསྐོར་བའོ། །རྡོ་རྗེ་ཁུ་ཚུར་མཛུབ་མོ་སྒྲེང་ལ། ཁྲོཾ་ཧཱུྃ། ལན་བཞི་བརྗོད། ཐུགས་ཀ་ནས་ཁྲོཾ་ཧཱུྃ་གི་ཡི་གེ་བཞི་སྤྲོས་རྩིབས་བཞིའི་སྟེང་དུ་བབས་པ་ལས། ཤར་དུ་ཐུགས་ཀྱི་བྱ་ཁྱུང་མཐིང་ག །ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར་པོ། ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ། བྱང་དུ་འཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ །རང་གི་དཔྲལ་བའི་དབྱིངས་སུ་སྐུའི་བྱ་ཁྱུང་དཀར་པོ། དེ་རྣམས་ཀྱང་ཞི་མ་ཁྲོ་བའི་ཚུལ་གཤོག་པ་བརྐྱང་ཞིང་སྦྲུལ་རིགས་ལྔ་འཛིན་པའོ། །ཧཱུྃ། ལན་བཅུ་བརྗོད། ཐུགས་ཀ་ནས་ཧཱུྃ་བཅུ་སྤྲོས་རྩིབས་བཅུའི་སྟེང་དུ་འཁོད་པ་ལས་ཁྲོ་རྒྱལ་ཆེན་པོ་བཅུ། སྒོ་བཞིར་རྡོ་རྗེའི་བྲག་གི་སྟེང་དུ་སྒོ་མ་བཞི་རྣམས་སྐད་ཅིག་གིས་གསལ་བར་གྱུར། ལྕགས་ཀྱུའི་རྒྱ་བྱས་ལ། ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཡེ་ཤེས་པ་འགུག་གཞུག་བཅིངས་མཉེས་ཀྱི་ཕྲིན་ལས་མཛད་པར་གྱུར། ཧཱུྃ། སངས་རྒྱས་ཀུན་གྱི་གསང་བ་འཛིན། །དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ། །འདོད་པའི་དོན་ལ་གསོལ་འདེབས་ཀྱིས། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་འཕྲོས་དབང་གི་ལྷ་བཛྲ་ས་མཱ་ཛཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡེ་ཤེས་ལྔའི་དབང་བསྐུར། དབང་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན། སྔགས་བཟླ་བ་ནི། བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་མཐུ་དང་བྱིན་རླབས་ཐམས་ཅད་འོད་ཟེར་འཇའ་ཚོན་གྱི་རྣམ་པ་བྲེང་མ་ཆད་པར་བསྡུས་ཏེ་བདག་ལ་ཐིམ་པར་གྱུར། ཨོཾ་བཛྲ་པཱ་ཎི་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ་ཕཊ༔ ཅེས་བཟླས་ལ། མཐར་ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། དེ་ནས་ཁྲོ་བོར་བསྒྲུབ་པ་ནི། བདག་གི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག །ཧཱུྃ་ཞེས་བརྗོད་པས་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཅུ་སྔོན་པོ། དེའི་ལྟེ་བར་རྩིབས་བཞི་ཕྱོགས་མདོག །དེའི་ལྟེ་བར་ཀླུ་རྒྱལ་ཕོ་མོ་རིགས་ལྔ་བསྣོལ་བའི་སྟེང་དུ་བགེགས་དང་དམ་སྲི་ཁ་སྦུབས་སུ་མནན་པའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་ཧཱུྃ་ཡིག་བབས་པ་ལས་འོད་འཕྲོས། རྒྱལ་བ་མཆོད། སེམས་ཅན་གྱི་ལས་སྒྲིབ་སྦྱངས། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་མཐུ་ནུས་བཅོམ། སླར་རྒྱལ་བའི་བྱིན་རླབས་བསྡུས་ཏེ་ཧཱུྃ་ལ་ཐིམ། ཡོངས་སུ་གྱུར་པ་ལས། བདག་ཉིད་ཁྲོ་རྒྱལ་གསང་བའི་བདག་པོ་ཞལ་གསུམ་རྩ་ཞལ་སྐུ་མདོག་མཐིང་ནག །གཡས་དཀར་གཡོན་དམར་སྤྱན་དགུ་སྡང་མིག་ཏུ་བགྲད་ཅིང་མཆེ་བ་གཙིགས་པ། ཨག་ཚོམ་མེ་ལྟར་འབར་བའི་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པའི་གསེབ་ནས་རྟ་ཞལ་ལྗང་གུ་འཚེར་བ། རྟ་དབུའི་སྟེང་དུ་སྐུའི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་དང་མེ་གཤོག་ཅན། ཁྲོ་ཆུའི་རྭ་དང་ཞལ་ནས་མེ་འབར་བ། ཤངས་ནས་རླུང་འཚུབས་པ། སྤྱན་ནས་ཁྲག་ཁོལ་བ། སྦྲུལ་རིགས་ལྔ་བཟུང་ཞིང་ཟ་བ། ཀྲང་ཀྲང་ཀྲིང་ཀྲིང་ཀིང་ཀིང་ཞེས་སྟོང་གསུམ་ཁེངས་པའི་སྒྲ་སྒྲོག་པ། ཕྱག་དྲུག་གཡས་གསུམ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱར་ཞིང་རལ་གྲི་མེ་འབར་བ་དང་། གསེར་གྱི་འཁོར་ལོ་བསྣམས་པ། གཡོན་གསུམ་སྡིགས་མཛུབ་མེ་འབར་བ་ཐུགས་ཀར་བསྒྲེངས་པ་དང་། དྲིལ་བུ། སྦྲུལ་ཞགས་འཛིན་པ། སྦྲུལ་རིགས་ལྔ་དང་གླང་ཀོ་ཞིང་ལྤགས་སྟག་ཤམ་གྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་དང་བ་སྤུའི་བུ་ག་ནས་མེ་འབར་བ། སྐུ་ཆེ་ལ་ཡན་ལག་རགས་ཤིང་འཇིགས་སུ་རུང་བ། རྡོ་རྗེའི་གད་རྒྱངས་ཧ་ཧ་ཧི་ཧི་སྒྲོག་པས་རི་རབ་ལྡེག་ཅིང་ཧཱུྃ་ཧཱུྃ་གི་རྐན་སྒྲ་བརྡབས་པས་ཀླུ་དང་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་འབོག་ཅིང་བརྒྱལ་བ། བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་ན་བཞུགས་པའོ། །བདག་གི་ཐུགས་ཀ་ནས་ཁྲོཾ་བཞི་འཕྲོས་རྩིབས་ནང་མ་བཞིའི་སྟེང་དུ་འཁོད་པ་ལས། ཤར་དུ་ཐུགས་ཀྱི་བྱ་ཁྱུང་དཀར་པོ་དུང་གི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་རྒྱལ་རིགས་དཀར་པོ་ཟ་བ། རྡོ་རྗེས་སྤྱི་བོར་བརྒྱན་པའོ། །ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར་པོ་གསེར་གྱི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་བྲམ་ཟེ་དམར་ཁྲ་ཟ་བ། རིན་པོ་ཆེས་དབུ་བརྒྱན་པའོ། །ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ་བྱེ་རུའི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་རྗེ་རིགས་སེར་པོ་ཟ་བ། པདྨས་སྤྱི་བོར་བརྒྱན་པའོ། །བྱང་དུ་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ་གཡུའི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་དམངས་རིགས་སྔོན་པོ་ཟ་བ། རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ། །སླར་རང་གི་ཐུགས་ལས་ཧཱུྃ་བཅུ་འཕྲོས། རྩིབས་བཅུའི་སྟེང་དུ་འཁོད། ཡོངས་སུ་གྱུར་པ་ལས་ཤར་གྱི་རྩིབས་དང་པོར། ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར་དཀར་པོ་མདའ་གཞུ་འགེངས་པ། ཤར་རྩིབས་གཉིས་པར་རྣམ་རྒྱལ་སྔོན་སྐྱ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། ལྷོར་གཤིན་རྗེ་གཤེད་སེར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ་མཐིང་ནག་སཏྭ་མོ་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་རྟ་མགྲིན་དབང་ཆེན་དམར་པོ་རལ་གྲི་དང་ལྕགས་སྒྲོག་བསྡམ་པ། ནུབ་བྱང་དུ་འདོད་པའི་རྒྱལ་པོ་མཐིང་སྐྱ་རྡོ་རྗེ་དང་བྷནྡྷ་བསྣམས་པ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་ཁ་ཊྭཱཾ་དང་རྒྱུ་ཞགས་འཛིན་པ། བྱང་ཤར་རྩིབས་གཉིས་པར་སྟོབས་པོ་ཆེ་ལྗང་ནག་གཡས་སཏྭ་རེ་དང་གཡོན་ཐོད་དབྱུག་འཛིན་པ། ཀུན་ཀྱང་གཤོག་པ་དང་ཞིང་གཡང་སྟག་ཤམ་སོགས་ཁྲོ་བོའི་ཆ་ལུགས་རྫོགས་པའོ། །སྒོ་བཞིར་བྲག་བཞིའི་སྟེང་དུ། ཤར་དུ་སྒོ་མ་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་མ། ལྷོར་ཕག་གདོང་མ་ནག་མོ་ཞགས་པ་གདེངས་པ། ནུབ་ཏུ་སེང་གདོང་མ་ནག་མོ་ལྕགས་སྒྲོག་བསྣམས་པ། བྱང་དུ་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཁྲོལ་བའོ། །མཚམས་ཀྱི་མེ་ཏོག་འཕྲེང་བ་ལ་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པས་གཏམས་པ། བདག་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ། མཐིང་ནག་ཁྲོ་ཞིང་གཏུམ་པ་འོད་དུ་འབར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེའི་མཐའ་མ་རྩ་བའི་སྔགས་ཀྱིས་བསྐོར་བ། ཧཱུྃ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་སྐད་ཅིག་གིས་སྤྱན་དྲངས། ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་མཐུ་སྟོབས་བདག་པོ་གཤེགས་སུ་གསོལ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ འབར་བའི་ཆེ་མཆོག་ཁྲོ་རྒྱལ་ཀུན་གྱི་གཙོ༔ ལྷག་པའི་ལྷ་མཆོག་འབར་བའི་གར་དགུར་ལྡན༔ དངོས་གྲུབ་མྱུར་དུ་སྩོལ་མཛད་གཤེགས་སུ་གསོལ༔ ཀླུ་གཉན་ས་བདག་གདུག་པའི་ཚོགས་རྣམས་དང༔ སྡེ་བརྒྱད་འབྱུང་པོ་བགེགས་སོགས་འདུལ་མཛད་པ༔ མ་རུངས་འདུལ་བར་མཛད་པའི་ཕྲིན་ལས་བདག༔ གཏུམ་ཆེན་ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ པདྨའི་ཕྱག་རྒྱ་བྱས་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར༔ མཐུ་སྟོབས་རྫུ་འཕྲུལ་ཐུགས་རྗེའི་བདག༔ བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང༔ གསང་སྔགས་རིག་སྔགས་ཀུན་གྱི་བདག༔ ཐུགས་རྗེའི་མཛད་འཕྲིན་བསམ་མི་ཁྱབ༔ ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ༔ གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་སྤྲིན་གཏིབས༔ གཟུགས་སྒྲ་དྲི་རོ་ལ་སོགས་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང༔ ནམ་མཁའ་གང་བའི་ཕྱག་རྒྱ་བསྒྱུར༔ ཨ་ལ་ལ་སྟེ་མཆོད་པ་བཞེས༔ བཛྲ་པུཥྤེ་ནས་ཤབྡ་མ་ཧཱ་སརྦ་པཉྩ་ཨོཾ་ཨཱཿཧཱུྃ། དེ་ནས་བསྙེན་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཚར་བཅད། རྒྱལ་བ་རྣམས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། མཐུ་སྟོབས་ནུས་པའི་རྩལ་རྒྱས། གཟི་བརྗིད་དཔལ་དུ་འབར། རྒྱལ་བ་ཐམས་ཅད་དང་གསང་བའི་བདག་པོའི་བྱིན་རླབས་ནུས་སྟོབས་ཐམས་ཅད་རང་ལ་རྫོགས་པར་གྱུར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། ཐུན་མཐར་ལས་སྦྱོར་གྱི་ཚུལ་དུ། ཁྱུང་རིགས་ལྔ་ཡིས་རང་སྔགས་དི་རི་རི་བཟླས་པས་ཀླུ་དང་རྒྱལ་བསེན་ཐམས་ཅད་འབོག་བརྒྱལ་ཐུལ་ཐུལ་སོང་བར་གྱུར། ཨོཾ་ཁྲོཾ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བདུད་ཏྲི་མཱ་ར་ཡ་རྦད༔ ཅེས་དང་། དམིགས་པ་དེ་ཉིད་ཁྲོ་བཅུ་ལ་སྤོས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལི་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཁྲོ་འདུས་ཆེན་མོ་སྟེ་དེ་གཉིས་གཙོ་བོའི་བཞི་ཆ་ཙམ་བཟླ། གོང་བསྙེན་ལ་རྟགས་དང་ནུས་པ་ཐོན་ནས་ཀླུ་དང་ས་བདག་འདུལ་བར་འདོད་ན་སྔགས་སུམ་སྦྲེལ་ཤམ་དུ། ཨོཾ་ནཱ་ག་དུ་ན་ཙན་དེ་ཙན་དེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ གདོན་བགེགས་འདུལ་ན་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་ནྲྀ་ཏྲི་རྦད་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་ཕཊ༔ ཅེས་བཏགས་པ་བཟླས་ཏེ་དམིགས་བསལ་དགོས་པ་ཡོད་ན་མ་གཏོགས་རྒྱུན་བཟླས་ལ་དེ་གཉིས་མི་བྱའོ། །མཐར་ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་སྤྱི་ལྟར་འབུལ་ལ་བསྟོད་པ་ནི། ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཐུགས་རྗེས་དབྱིངས་ལས་ཁྲོས་པའི་སྐུ་མཆོག་ནི༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཁྲོས་པའི་སྡང་མིག་སྤྱན་དགུ་ཕྱོགས་བཅུར་བགྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་བཀླུབས༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ རྡོ་རྗེ་རལ་གྲི་འཁོར་ལོ་འབར་བ་དང༔ སྡིགས་མཛུབ་དྲིལ་བུ་སྦྲུལ་ཞགས་འཆིང་བར་མཛད༔ ཕྱག་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་རབ་ཏུ་སྒྲོག༔ བདུད་དང་འབྱུང་པོ་ཀླུ་རྣམས་འདུལ་མཛད་ཅིང༔ རྒྱལ་བ་ཀུན་གྱིས་གསང་བའི་མངའ་དབང་བསྐུར༔ མཐུ་སྟོབས་རྩལ་ཆེན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང་རིགས་ལྔ༔ གནམ་ལྕགས་མཆུ་སྡེར་གདེངས་ཤིང་མེ་གཤོག་རྡེབ༔ ཀྲང་ཀྲིང་སྒྲ་འབྱིན་ཀླུ་བདུད་ཟས་སུ་ཟ༔ འཇིགས་བྱེད་དྲག་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ སྒེག་པ་རྔམ་དང་ཟ་བྱེད་འཇིགས་པར་བྱེད༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ བགེགས་དཔུང་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད༔ སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཆེན་མོ་བཞི༔ འཛིན་བཅིང་བསྡོམ་རྡེག་ཕྲིན་ལས་རྣམ་བཞི་མཛད༔ ལྷག་པའི་ཁྲོ་བོ་མཐུ་སྟོབས་མངའ་བའི་བདག༔ བདུད་འདུལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། མཐར་རྫོགས་རིམ་བསྒོམ་པ་ནི། སྣང་སྲིད་ཐམས་ཅད་འོད་སྔོན་པོའི་རྣམ་པར་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་ནས་གཙོ་བོ་ཐུགས་སྲོག་ཧཱུྃ་གི་བར་དུ་འདུས། ཧཱུྃ་ཡང་གྱེན་རྫོགས་ནཱ་ད་ལ་ཐིམ། དེ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་སྙོམས་པར་ཞུགས་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བསྡུ། ཕཊ་ཕཊ་ཕཊ། སླར་རང་ཉིད་གསང་བདག་དམ་ཚིག་སེམས་དཔའི་རང་བཞིན་དུ་གྱུར། ཅེས་ལྡངས་ལ་བསྔོ་སྨོན་བྱས་ནས་སྤྱོད་ལམ་ལ་འཇུག་གོ །བསྙེན་སྒྲུབ་རྐང་ཚུགས་པའི་སྐབས་སུའང་འདི་ཉིད་ཁྱེར་བདེའི་ལས་ཀྱི་བྱང་བུར་གཏང་བར་འདོད་ན། མདུན་བསྐྱེད་བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་གཙོ་འཁོར་ཡོངས་རྫོགས་བདག་བསྐྱེད་ཀྱི་ཚིག་རིས་གཅིག་གིས་རྣམ་པ་ཐ་དད་དུ་བསྐྱེད་ཅིང་། བཟླས་པའི་འཕྲོ་འདུ་དང་སྔོན་རྗེས་ཀྱི་བྱ་བ་རྣམས་གཏེར་གཞུང་ལྟར་བྱས་པས་འཐུས་ཤིང་། ཚོགས་མཆོད་བྱ་བར་སྤྲོ་ན་དབང་ཆེན་གསང་འདུས་གཞུང་ལ་ཅུང་ཟད་ཁ་བསྒྱུར་བ་དང་། བསྙེན་སྒྲུབ་སྐབས་སོགས་གཏེར་སྲུང་མཆོད་པའང་རང་གཞུང་གྲུབ་ན་ཤིན་ཏུ་ལེགས་ལ། མ་འགྲུབ་ཚེ་གཏེར་བདག་སྤྱི་གཏོར་སྨིན་གླིང་ལུགས་ཙམ་ཅིས་ཀྱང་བྱའོ། །ཀླུ་གདོན་གཙོར་གྱུར་སྙིགས་དུས་ཀྱི། །གདུག་ཅན་གཉེན་པོ་ཡང་ཟབ་བཅུད། །སྐལ་ལྡན་ཀུན་གྱིས་དགྱེས་རོལ་ནས། །རྒྱལ་ཀུན་ཐུགས་ཀྱི་གསང་འཛིན་ཤོག །ཅེས་པ་འདིའང་ཐོས་བསམ་སྒོམ་གསུམ་གྱི་སྤྱོད་པ་ལས་ནམ་ཡང་མི་གཡེལ་བ་དགེ་བཤེས་ཕན་བདེ་བཟང་པོས་གསུང་གིས་བསྐུལ་ངོར། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 27)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས༔ ྈྈྈྈྈ ཕྱི་སྐོར་བླ་མའི་རྡོ་རྗེའི་གླུ་ཡི་སྡེ་ཚན་ལས༔ ལིཙྪ་བི་དྲི་མེད་གྲགས་པས་རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེངས་དང་པོ་ཤར་བ་དང་དུས་མཚུངས་པར༔ ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ༈ ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་དུས་སུ༔ ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ ༈ གནོད་སྦྱིན་སྐར་མདའ་གདོང་གིས་ནོར་བུས་བརྒྱན་པའི་ཤིང་གི་དྲུང་ནས་སེམས་རིག་མ་བུ་འདྲེས་པའི་དུས་ན༔ ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ ༈ སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན༔ ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ ༈ ཀླུ་རྒྱལ་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ན༔ རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བའོ༔ ༈ སྐལ་ལྡན་རྒྱལ་པོ་ཛཿས་མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར༔ བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔ ༈ རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ༈ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཞེས་གསུངས་སོ༔ གཞན་ཡང་རིག་འཛིན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ་ཡང་དཔེ་རྒྱུད་ལྟར་རྟོགས་པར་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

བྱང་གཏེར་དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་དོན་དབང་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཞུན་ཐིགས་ (Volume 12, Text 27)

༄༅། །བྱང་གཏེར་དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་དོན་དབང་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་བཛྲ་ཀྲོ་དྷཱ་ཡ། འོད་གསལ་འབར་བའི་སྐུ་ལ་ནཱ་དའི་གསུང་། །སྙིང་རྗེ་ཁྲོས་པའི་ཐུགས་ཀྱིས་གཉིས་སྣང་བགེགས། །ཀུན་གཞིར་བཙན་ཐབས་ཟློག་མཛད་ཧེ་རུ་ཀ །དབྱིངས་ཆེན་ཐིག་ལེར་འཁྱིལ་བས་བདག་བྱིན་རློབས། །ཨོ་རྒྱན་ཐུགས་རྗེ་མི་འཛད་པས། །ཟབ་མོའི་ཆོས་ལ་མཐའ་མེད་ཀྱང་། །རིག་འཛིན་སྙིང་གི་བཅུད་མཆོག་འདི། །མྱང་བས་གྲོལ་བའི་བདུད་རྩིར་ཟུངས། །འདི་ལ་སྒྲུབ་དབང་ཆེན་མོས་མཚོན་པའི་དབང་བསྐུར་རྣམ་གྲངས་མང་དུ་བཞུགས་པ་རྣམས་ཀྱི་ཡང་བཅུད་སྙིང་པོ། ད་ལྟའི་བར་བྱིན་རླབས་ཆུ་རྒྱུན་བར་མ་ཆད་པ་ནི་དོན་དབང་ཡང་ཟབ་འདི་ཡིན་ཏེ། འདི་སྒྲུབ་པ་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ནི། དུར་ཁྲོད་ལ་སོགས་པའི་གནས་མཚན་ཉིད་དང་ལྡན་པར་དུས་བཟང་པོར་དཀྱིལ་འཁོར་སྟེགས་བུ་ཁེབས་ལྡན་སྟེང་འཛོམ་ན་རྡུལ་ཚོན་ནམ་རས་བྲིས་བཀྲམ། མ་འཛོམ་ན་འབྲུའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་མཉྫིའི་ཁར་དཔལ་བཤོས་སྐུ་ཙག་དང་དར་གདུགས་དམར་པོས་བརྒྱན་པ་བཀོད། གཡས་སུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ །གཡོན་དུ་བནྡྷའི་ནང་དུ་མངར་གསུམ་ཆོས་སྨན་ཆང་དང་སྦྱར་བ། ཕྱག་མཚན་རྡོ་རྗེ་ཐོད་ཁྲག་དུར་ཁྲོད་ཆས་རྣམས་ཀྱི་ཙཀ་ལིའང་ཅི་བདེར་བཀོད། རྒྱབ་ཏུ་བྱང་ལུགས་ཀྱི་གཏེར་སྲུང་སྤྱི་གཏོར་དང་སྒེར་སྲུང་མ་ནིང་ལ་དམར་གཏོར་གྲུ་གསུམ་འཁོར་བརྒྱད་བར་མཚམས་མཐེབ་ཀྱུས་བཅེར་བ། བརྟན་མ་ལ་གྲུ་བཞི་ནག །གྲུ་གསུམ་དམར། ཟླུམ་བཤོས་དཀར་པོ་རེ་རེ་ལ་མཐེབ་ཀྱུ་གསུམ་རེ་བརྩེགས་པ་རྣམས་རྒྱན་ལྡན་དང་། སྨན་རཀ །ཕྱི་ནང་མཆོད་པ་བསྐོར་བཤམ་བྱ། སྔོན་གཏོར། ཚོགས་རྫས། ཆད་བརྟན། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། ལས་བྱང་ལྟར་བརྒྱུད་འདེབས་ནས་བརྩམ། མཐར་ཆགས་སུ་གཏོང་བའི་སྐབས་བདག་མདུན་དབྱེར་མེད་དུ་བསྒོམས་ལ་ཛཔ྄་བཟླས་སྤྲོ་བསྡུ་བྱ། བཟླས་པ་གྲུབ་ནས་ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བསྟིམ་དང་སྟོང་ཚིགས་འབུལ། བདག་བསྐྱེད་གྲུབ་ནས་རང་ཉིད་དཀྱིལ་འཁོར་པ་ལས་ལོགས་སུ་ཕྱེ་སྟེ་ཕྲིན་ལས་བཅོལ་བ་དང་། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་སྐོང་གསོའི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་རྣམས་བྱའོ། །དེ་ནས་དབང་བསྐུར་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་བརྗོད། བགེགས་གཏོར་བྲན་ལ་ལས་བྱང་ལྟར་བྱིན་རླབས་བསྔོ་བ། བཀའ་བསྒོ །མཚམས་བཅད་ཀྱི་བར་བྱས་ལ་སྲུང་འཁོར་གསལ་གདབ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་འདེབས། ཆོས་བཤད་ཇི་ལྟར་རིགས་པ་བྱས་ལ་མཚམས་སྦྱོར་གྱི་ཁྱད་པར། དེའང་སངས་རྒྱས་ཀུན་གྱི་སྤྱི་རྗེ། རིགས་ཐམས་ཅད་ཀྱི་ཁྱབ་བདག་པདྨ་ཧེ་རུ་ཀ་ཉིད་མ་རུངས་པའི་སྡེ་བརྒྱད་གདུག་རྩུབ་དང་དྲག་ཤུལ་མེ་ལྟར་འབར་བ་རྣམས་ཀྱི་གཉེན་པོར་ཤིན་ཏུ་དྲག་པོར་ཁྲོས་པའི་སྐུར་བསྟན་པ་གུ་རུ་དྲག་པོ་རྩལ་ལ། རྣམ་འགྱུར་གྱི་ཁྱད་པར་རྒྱས་པར་དབུ་ཕྱག་བྱེ་བ་དང་འབུམ་ཕྲག་ཏུ་བསྟན་པ་ནས། བསྡུས་པ་དཔའ་བོ་གཅིག་པའི་བར་དང་། དེ་ལའང་རིགས་ལྔ་དང་དྲུག་ལ་སོགས་པའི་དབྱེ་བར་བསྟན་པའི་རྒྱུད་སྒྲུབ་ཐབས་མཐའ་ཡས་པར་བཞུགས་ཤིང་འགའ་ཞིག་བོད་ཡུལ་གདུལ་བྱའི་སྐལ་པར་ཡང་བྱོན་པ་ལས། བཀའ་བརྒྱུད་འོ་བྲན་ལུགས་ཙམ་ལས་དཀོན་ཅིང་གཏེར་མའི་ཕྱོགས་སུ་རྒྱས་བསྡུས་འདྲ་མིན་ཅི་རིགས་པ་བྱོན་པ་རྣམས་ཀྱི་ནང་ནས། སྐབས་སུ་བབས་པ་འདི་ནི། གུ་རུ་ཉིད་ལ་དག་པའི་འཁོར་རྗེ་འབངས་གྲོགས་ལྔས་གསོལ་བ་བཏབ་པའི་ངོར་གདམས་ངག་ཟབ་དགུའི་སྙིང་པོ་ཕྱུངས་ནས་མ་ཧཱའི་ཨ་ཏིའི་ཚུལ་དུ་སྒྲུབ་པ། གུ་རུ་དྲག་པོ་ཆེ་མཆོག་གི་དཀྱིལ་འཁོར་ཡེ་ཤེས་རང་གསལ་གྱི་བསྐྱེད་དང་རྫོགས་པའི་ཆོ་འཕྲུལ་ཆེན་པོའི་ཆོས་སྡེ་ངོ་མཚར་སྦས་ཆོས་སྲོག་གི་དྭངས་མར་བསྩལ་པ། གདུལ་བྱ་མ་འོངས་པའི་དོན་དུ་བསམ་ཡས་དབུ་རྩེ་རྣམ་སྣང་སྙིང་མཛོད་དུ་རྒྱུད་མ་གཏོགས་པའི་གདམས་སྐོར་རྣམས་དང་། འོན་ཕུ་སྟག་ཚང་དུ་རྒྱུད་དང་བཅས་པའི་གདམས་སྐོར་ཆ་ཚང་སྦས་ཤིང་ཟབ་མོའི་རྒྱས་བཏབ་པ། ཕྱིས་དུས་ལ་བབས་པ་ན། ཇི་སྐད་དུ། མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབ༔ དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་བར་འགྲོ༔ སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང༔ ཞེས་ཚད་མའི་ལུང་གིས་ཟིན་ཅིང་གྲུབ་པའི་ས་ཆེན་པོ་ལ་གནས་པ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྒྱུ་འཕྲུལ་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེའམ། གསང་མཚན་རྡོ་རྗེ་གྲོ་ལོད་རྩལ་གྱིས་དབུ་རྩེའི་གཏེར་རྣམས་ཆོས་རྒྱལ་ཐུགས་སྤྲུལ་གཅེན་པོ་པཎ་ཆེན་རིན་པོ་ཆེ་དང་ལྷན་ཅིག་སྤྱན་དྲངས་ཤིང་། རང་གཏེར་ཁྱད་པར་གྱི་སྐོར་རྣམས་འོན་ཕུ་སྟག་ཚང་གསང་བའི་ཕུག་པའི་གོང་ནས་སྤྱན་དྲངས་ཏེ། རྗེ་བཙུན་དབང་ཕྱུག་རབ་བརྟན་སོགས་ཁྱད་པར་དུ་འཕགས་པའི་སྐྱེས་ཆེན་རྣམས་ལ་བསྩལ་ནས་རིམ་པར་བརྒྱུད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་ཀྱི་རིམ་པ་མང་དུ་བཞུགས་པ་རྣམས་ཀྱི་ནང་ནས་ཡང་བཅུད་སྙིང་པོར་གྱུར་པ་ནི། གཞུང་ལས། ཀུན་གྱི་ཐུན་མོང་མ་ཡིན་པ༔ ཡང་དག་དགོངས་པ་གཏེར་གྱི་བཅུད༔ སྐལ་ལྡན་གཅིག་གི་དཔལ་དུ་ཤོག༔ ཅེས་བསྔགས་པར་མཛད་པའི་དོན་དབང་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་གསོལ་བ་འདེབས་པ་ལ། གནས་ཁང་རྔམ་བརྗིད་རོལ་པ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། སློབ་དཔོན་ཡང་ཐ་མལ་པ་མ་ཡིན་པ་དཔལ་ཆེན་བླ་མ་དྲག་པོ་ཡེ་ཤེས་རང་གསལ་དངོས་སུ་མོས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཧོ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༔ ཆེ་བ་སངས་རྒྱས་རིག་སྔགས་རྒྱལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ལན་གསུམ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་སྟེང་གི་ཆར་བླ་མ་སངས་རྒྱས་བྱང་སེམས། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ །འོག་གི་ཆར་མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། རང་གཞན་མ་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བའི་རྒྱ་མཚོར་སྡུག་བསྔལ་གྱི་རྦ་ཀློང་དྲག་པོས་གཡེངས་པ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ན་ཅི་མཛད་ཁྱེད་རང་མཁྱེན་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། ཕ་མ་སེམས་ཅན་སྡུག་བསྔལ་གྱི་འདམ་དུ་ཆུད་པ་རྣམས་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས་བསྐུལ་ཏེ། དེ་དག་ཁྱབ་བདག་བླ་མ་དཔལ་ཆེན་པོའི་གོ་འཕང་ལ་སྦྱོར་བའི་སླད་དུ་བདག་ཉིད་བྱང་ཆུབ་མཆོག་སྒྲུབ་པ་ལ་གནས་སྐབས་ཀུན་བརྟགས་བར་གཅོད་བདུད་བཞིའི་གཡུལ་ལས་རྒྱལ་བར་བྱ་བའི་ཕྱིར་དུ་བླ་མ་དྲག་པོའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་ཉམས་སུ་བླངས་ཏེ། སེམས་ཅན་མ་བརྒལ་བ་རྣམས་བསྒྲལ། མ་གྲོལ་བ་རྣམས་དགྲོལ། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་ནས། རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་སྦྱོར་བར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཐབས་ཁྱད་པར་དུ་འཕགས་པ་གསག་སྦྱོང་ཡན་ལག་ལྔ་པ་ཐུན་མོང་མ་ཡིན་པའི་དོན་ལ་མཉམ་པར་བཞག་སྟེ་རྗེས་ཟློས་མཛད་པར་ཞུ། ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་རང་གསལ་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ༔ རང་བྱུང་སྒྲ་འོད་ཟེར་གསུམ་གྱིས༔ རྒྱུན་ཆད་མེད་པའི་མཆོད་པ་འབུལ༔ རྟག་ཏུ་མ་བསྐྱངས་གཞན་དུ་བལྟས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ སྐུ་གསུམ་རང་ངོ་ཤེས་པ་ལ༔ རྗེས་སུ་ཡི་རངས་འབུལ་བར་བགྱི༔ གློ་བུར་འཁྲུལ་པའི་ཉེས་ཟད་ནས༔ ཡང་དག་རྡོ་རྗེའི་གནས་ཐོབ་ཤོག༔ ལན་གསུམ། དབང་གི་གཞི་འགོད་པ་ལ་ཁྱེད་རང་རྣམས་དམ་ཚིག་པར་གསལ་གདབ་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་རྩེ་གཅིག་ཏུ་མཛད་པར་ཞུ། ལས་ཆུས་བྲན་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱངས་ཏེ། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཀྱི༔ མ་དག་དངོས་པོར་འཛིན་པ་ཀུན༔ སྟོང་པ་ཉིད་ཀྱི་ངང་དུ་གྱུར༔ སྟོང་ཉིད་དེ་ཡི་ངང་ཉིད་ལས༔ གནས་ཁང་དུར་ཁྲོད་རྔམ་བརྗིད་གསལ༔ དེ་ལྟ་བུ་ཡི་གཞལ་ཡས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་སྡེ་བརྒྱད་སྲིན་པོའི་ཁྲི༔ ཉི་ཟླ་པདྨ་འབུམ་ལྡན་དབུས༔ རིག་པ་འོད་ཀྱི་གོང་བུ་ཧཱུྃ༔ རང་བྱུང་སྒྲ་དང་བཅས་པ་ཉིད༔ རང་གིས་བསྐུལ་ཞིང་ཡོངས་གྱུར་པས༔ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི༔ ཁྲོ་རྒྱལ་ཡེ་ཤེས་དྲག་པོ་རྩལ༔ དམར་གསལ་དབུ་དགུ་འབར་བའི་ཞལ༔ ཕྱོགས་མཚམས་དྲེགས་པའི་ལྷ་བརྒྱད་འདུལ༔ རྩ་ཞལ་སྲིན་པོ་རྔམ་པའི་ཞལ༔ སྲོག་བདག་གཏི་མུག་ཚངས་པ་འདུལ༔ དེ་སྟེང་ཁྱུང་ཞལ་མེ་ཡི་མདོག༔ གཟའ་དང་རྒྱུ་སྐར་ཀླུ་གདོན་འདུལ༔ རྡོ་རྗེ་འབར་བའི་རྭ་བར་ན༔ ཡིད་བཞིན་ནོར་བུ་རཱ་གའི་མདོག༔ སྟེང་ན་ཉི་མ་ཟླ་བས་བརྒྱན༔ ཕྱག་གཡས་འབར་བའི་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་འབར་དགུ་དགུ་ཕྱར༔ ཐེག་དགུའི་ལོག་ལྟ་མཐར་བྱེད་འཇོམས༔ ཡེ་ཤེས་དགུ་དང་མཉམ་པར་སྦྱོར༔ གཡོན་པ་ལྕགས་སྡིག་མགོ་དགུ་པ༔ འབར་བའི་རྭ་ནི་བཅོ་བརྒྱད་ལ༔ མ་འདྲེས་བཅོ་བརྒྱད་མེ་སྟག་འཕྲོ༔ དམ་སྲི་སྤུན་དགུ་ཟ་བར་བྱེད༔ ཐེག་དགུའི་ལོག་ལྟ་འདུལ་མཛད་པ༔ དམ་སྲི་རྡོ་རྗེ་སྲིན་པོའི་ཚོགས༔ ཉམས་པའི་སྙིང་ཁྲག་འཐུང་བར་བྱེད༔ ཞབས་བརྒྱད་དྲེགས་པའི་སྟེང་ནས་བརྫིས༔ ཚོགས་བརྒྱད་ལོག་པའི་ལྟ་ངན་འཇོམས༔ ཐེག་བརྒྱད་ཟིལ་གྱིས་གནོན་པའི་སྐུ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ འགྱུར་མེད་འོད་གསལ་མཐའ་ལས་འདས༔ དུར་ཁྲོད་ཆས་བརྒྱད་དུག་ལྔ་འཇོམས༔ དཔལ་གྱི་རྒྱན་བརྒྱད་ཡེ་ཤེས་རྫོགས༔ ཉམས་ཀྱི་གར་དགུས་དུག་གསུམ་འདུལ༔ སྤྱན་གསུམ་རྣམ་ཐར་གསུམ་དང་ལྡན༔ མཆེ་བ་བཞི་གཙིགས་སྐྱེ་ཤི་འཇོམས༔ སྨ་ར་སྨིན་མ་མེ་འབར་འོད༔ དུག་ལྔ་མཐའ་འཇོམས་ཡེ་ཤེས་བརྒྱད༔ ཁམས་ནག་རལ་པ་སྲིད་རྩེར་འབར༔ དབྱིངས་དང་ཡེ་ཤེས་གཉིས་སུ་རྫོགས༔ ཧཱུྃ་ཧཱུྃ་ང་རོས་ཁམས་གསུམ་སྡུད༔ ཕཊ་ཕཊ་རྐན་སྒྲས་འཁོར་བ་འཇིག༔ བ་སྤུ་ཁྲོ་ཆུང་ཁྱུང་གིས་གཏམས༔ དབུ་ལ་བདེ་གཤེགས་རིགས་ལྔ་རྫོགས༔ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ༔ དཀར་གསལ་མགྲིན་པ་ཨཱཿཡིག་དམར༔ ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་ཡིས༔ མཚན་པ་དག་ལས་འོད་འཕྲོས་པས༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས༔ རྩ་གསུམ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ༔ དེ་དག་གསང་གསུམ་བྱིན་རླབས་ཀུན༔ དབང་དྲག་པདྨ་དྲག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རྣམ་པར་བྱོན༔ ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ༔ གཉིས་སུ་མེད་པའི་བདག་ཉིད་གྱུར༔ འབེབ་རྫས་བརྟུལ་ཞིང་ཌཱ་དྲིལ་སོགས་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ་ཧཱུྃ་ཧཱུྃ༔ འོད་ལྔ་གསལ་བའི་རིག་པ་ལ༔ འགག་མེད་ཐུགས་རྗེའི་འོད་ཟེར་འཕྲོ༔ ཀུན་ཁྱབ་བྱིན་རླབས་རྨད་པོ་ཆེ༔ གདལ་བ་ཆེན་པོར་དབབ་ཏུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ བཛྲ་ཧཱུྃ༔ ག་རུ་ཌ་ཧཱུྃ༔ རཀྴ་ཧཱུྃ་སརྦ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་པ་ཕེབས་པའི་རྟགས་སྒོ་གསུམ་ལ་བྱུང་བ་ན། ཡེ་ཤེས་རྒྱུད་ལ་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ་དང་། མེ་ཏོག་འཐོར་ལ། སུ་པྲ་ཏིཥྛ་ཡང་བརྗོད་དོ། །དེ་ནས་དབང་དངོས་གཞི་བསྐུར་བ་ལ་རྣམ་པ་ལྔ་ཡོད་པ་ལས། དང་པོ་ཕྱག་རྒྱ་སྐུའི་དབང་ནི། སྐུ་རྟེན་འདི་ཉིད་པདྨ་དྲག་པོ་དངོས་སུ་གསལ་བ་སྤྱི་བོར་བཞག་པས་ཆེ་མཆོག་པདྨ་དྲག་པོའི་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་སྤངས། སྦྱོང་བྱེད་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱངས་འབྲས་སྤྲུལ་སྐུ་ཐོབ་པའི་མོས་པ་མཛོད། གཏོར་མའི་སྐུ་ཙཀ་བླངས་ཏེ་སྤྱི་བོར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་ཡང་ཡིན༔ རྡོ་རྗེ་ཉི་མ་སྣང་བ་ཆེ༔ རྡོ་རྗེ་ཟླ་བ་དྲི་མེད་འོད༔ སངས་རྒྱས་ཀུན་གྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྐུ་དབང་ཐོབ་པས་དེང་ཕྱིན་ཆད་བདག་ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་དོར་ནས་ལྷ་སྐུ་འཛིན་མེད་སྣང་སྟོང་དུ་སྐྱོངས་ཤིག །གཉིས་པ་བྷནྡྷ་གསུང་གི་དབང་ནི། དཔལ་ཆེན་བླ་མ་དྲག་པོ་དང་། ཡུམ་ཆེན་ཁྲོས་མ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པའི་བཅུད་མཆོག་མྱོང་བ་ཙམ་གྱིས་ལུས་ཀྱི་རྩ་གནས་ཐམས་ཅད་བྱང་སེམས་ཀྱི་དྭངས་མས་ཁྱབ། གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་རྣམས་སྦྱངས། སྦྱོང་བྱེད་བཟླས་བརྗོད་བགྱི་བ་དང་རྩ་རླུང་བསྒོམ་པ་ལ་དབང་། སྦྱངས་འབྲས་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་མོས་པ་མཛོད། བནྡྷ་ཐོགས་ལ། ཧཱུྃ༔ གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོག་པ༔ ཧཱི་ཧཱི་ཞེས་བསྒྲགས་འཇིགས་པར་བྱེད༔ རྡོ་རྗེ་གད་མོ་ཆེར་སྒྲོག་པ༔ སངས་རྒྱས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན། དེས་གསུང་དབང་ཐོབ་པས་དེང་ཕྱིན་ཆད་ངག་ཐ་མལ་གྱི་དབང་དུ་མི་གཏང་བར་རྡོ་རྗེའི་བཟླས་པ་གྲགས་སྟོང་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་ནི། ཡེ་ཤེས་ལྔ་དང་སྐུ་ལྔ་མཚོན་པའི་རྡོ་རྗེ་རྩེ་དགུ་པ་སྙིང་གར་བཞག་པས་ཐུགས་ཀྱི་དབང་ཐོབ། ཡིད་སྒྲིབ་རྣམས་སྦྱངས། སྦྱོང་བྱེད་འོད་གསལ་དང་ཕོ་ཉ་བསྒོམ་པ་ལ་དབང་། སྦྱངས་འབྲས་ཆོས་སྐུ་ཐོབ་པའི་མོས་པ་མཛོད། ཕྱག་མཚན་རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཡིན༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ སངས་རྒྱས་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་གི་སྙིང་གར་ཆེ་མཆོག་བླ་མ་དྲག་པོའི་ཐུགས་མཆོག་ཐིག་ལེ་དམར་པོ་འོད་ཟེར་ལྟར་མི་བཟོད་པ་འཕྲོ་བ་ཞིག་སྒོམས་ལ་ཡེ་སྟོང་རྩོལ་བྲལ་གྱི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་ཅུང་ཟད་མཉམ་པར་བཞག །དེས་ཐུགས་དབང་ཐོབ་པས་དེང་ཕྱིན་ཆད་རང་སེམས་དུས་གསུམ་རྟོག་པས་མ་བསླད་པ་དེ་ཀ་གདོད་མའི་བླ་མ་དྲག་པོའི་ཐུགས་ཀྱི་དགོངས་པར་ཤེས་པས་རིག་སྟོང་ཐིག་ལེ་འཕོ་འགྱུར་མེད་པའི་ངང་དུ་ལ་བཟླ་བར་མཛོད་ཅིག །བཞི་པ་ཡོན་ཏན་ཡོངས་རྫོགས་གཏོར་མའི་དབང་ནི། གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་པདྨ་དྲག་པོ་ཡེ་ཤེས་རང་གསལ་གྱི་ལྷ་ཚོགས་དངོས་སུ་གསལ་བ་སྤྱི་བོར་བཞག་པས་ཡོན་ཏན་གྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་རྣམས་སྦྱངས། སྦྱོང་བྱེད་སྣོད་བཅུད་དག་པ་ཡེ་ཤེས་སུ་གདལ། སྦྱངས་འབྲས་ངོ་བོ་ཉིད་དང་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་དུ་གྱུར་པའི་ཐུགས་མོས་མཛོད། ཧཱུྃ༔ གཏོར་སྣོད་བྷནྡྷ་ཆོས་ཀྱི་དབྱིངས༔ གཏོར་མ་ཤ་ལྔ་བདུད་རྩི་ལྔ༔ གུ་རུ་བདེ་ཆེན་འགྱུར་བ་མེད༔ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར༔ སངས་རྒྱས་ཡོན་ཏན་རྨད་པོ་ཆེ༔ སྐུ་ལྔ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཨོཾ་ཨཱཿཧཱུྃ་གུ་ཎ་ཨ་བྷི་སོགས་སྦྱར་ནས་གནས་གསུམ་ལ་གཏུགས། སྤོས་དུད་ཌཱ་དྲིལ་རོལ་མོ་བྱ་བར་གཞུང་ནས་གསུངས་སོ། །སྤྲོས་པ་ལ་དགའ་བ་དང་བར་ཆད་སེལ་བྱེད་གཏོར་མའི་བཀའ་བསྒོ་བྱེད་པར་སྤྲོ་ན་བརྒྱུད་པའི་མཚན་སོགས་བརྗོད་ཅིང་འདོད་གསོལ་སྤྱི་ལྟར་བྱས་པས་ཆོག་གོ །ལྔ་པ་ཕྲིན་ལས་ཆས་དབང་བསྐུར་བ་ནི། ཁྱེད་རང་གདོད་ནས་ལྷུན་གྱིས་གྲུབ་པའི་བླ་མ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་གྱི་བདག་ཉིད་ཅན་དུ་གྱུར་པ་ལ། སླར་ཡང་ཕྲིན་ལས་ཀྱི་ཆས་རྒྱན་རྣམས་ཀྱིས་མངའ་གསོལ་བས། མཐུ་སྟོབས་ཀྱི་རྩལ་ཆེན་ཡོངས་སུ་རྫོགས་ཏེ་གདུལ་བར་བྱ་བའི་དོན་ལ་ཞུམ་པ་མེད་པའི་གོ་ཆ་སྲ་ཞིང་འགྲོ་དོན་ཕྲིན་ལས་ནུས་པའི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཕྱག་མཚན་རྡོར་ཐོད་ལག་ཏུ་གཏད། དུར་ཁྲོད་ཆས་བརྒྱད་བགོ་བའི་ཚུལ་བྱས་ལ། ཧཱུྃ༔ དེ་རིང་དུས་སུ་བུ་ཁྱོད་ཀྱིས༔ སངས་རྒྱས་ཕྲིན་ལས་བྱེད་པའི་མགོན༔ རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཀུན་གྱི་དོན་ནི་མ་ལུས་མཛོད༔ སརྦ་སིདྡྷི་ཧཱུྃ༔ ཞེས་གཏད་ལ། དེ་ལྟར་སྐུ་ལྔའི་བདག་ཉིད་ཅན་དུ་དབང་བསྐུར་བས་རྒྱལ་བའི་རྒྱལ་ཚབ་དམ་པར་གྱུར་པ་ཡིན་པས་འགྲོ་བའི་དོན་ལ་རབ་ཏུ་བརྩོན་པར་མཛོད་ཅིག །ཅེས་བསྒོ །བླ་མ་དཀྱིལ་འཁོར་གྱི་ལྷ་དང་མཁའ་ཁྱབ་རྒྱལ་བ་སྲས་བཅས་མདུན་མཁར་བྱོན་ཏེ་བདེ་ལེགས་ཀྱི་དབྱངས་དང་ཤིས་པ་བརྗོད་པའི་མེ་ཏོག་འཐོར་བའི་ཐུགས་མོས་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་རྡོ་རྗེ་ཡེ་ཤེས་ཆེ༔ འཆི་མེད་སྐུ་ཡི་བཀྲ་ཤིས་ཤོག༔ འགག་མེད་རང་སྒྲ་བཅུ་དྲུག་དབྱངས༔ གཞོམ་མེད་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་མི་གཡོ་ཆོས་ཀྱི་མཆོག༔ ཐེག་ཆེན་ཐུགས་ཀྱི་བཀྲ་ཤིས་ཤོག༔ མངོན་སུམ་སྣང་བཞི་ཚད་དུ་ཕེབས༔ ཡོན་ཏན་སྒྲུབ་པའི་བཀྲ་ཤིས་ཤོག༔ བར་དོ་བཞི་ཆོད་ལས་བཞི་འགྲུབ༔ ཡེ་ཤེས་ཕྲིན་ལས་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་ཤིས་བརྗོད་ཇི་ལྟར་འོས་པ་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག །གསུམ་པ་རྗེས་རིམ་ནི། དེ་དག་གིས་ཆེ་མཆོག་པདྨ་དྲག་པོ་ཡེ་ཤེས་རང་གསལ་གྱི་དཀྱིལ་འཁོར་དུ་རྩ་བའི་སྨིན་བྱེད་དོན་དབང་ལྔ་པར་གྲགས་པ་ལེགས་པར་ཕུལ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་བཞིན་བྱས་པས་འགྲུབ་བོ། །རང་བྱུང་གཞིར་གནས་ཡེ་ཤེས་དྲག་པོའི་ཞལ། །འཁྲུལ་པའི་སྒྲིབ་གཡོགས་རང་བསལ་སྨིན་བྱེད་ཆུས། །ལེགས་བཀྲུས་རྟོགས་པ་དོན་གྱི་དབྱིངས་མཇལ་ནས། ཁྱབ་བརྡལ་ཀློང་དུ་ཟང་ཐལ་འུབ་ཆུབ་ཤོག །ཅེས་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ཡིས་རྗེས་སུ་གནང་བ་ལྟར་པདྨ་གར་དབང་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

གྲྭ་པའི་གཏེར་མ་ཕྱག་རྡོར་ཁང་བརྩེགས་ཀྱི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 27)

ཨཱོྃ་སྭསྟི། དཔལ་ལྡན་མཐུ་ཆེན་གསང་བའི་བདག །མི་ཕྱེད་རྡོ་རྗེའི་ཐུགས་ལྡན་ལྷ། །ཀཱུཊིགྷརཾ་ལ་བཏུད་ནས། །དེ་སྒྲུབ་སྙིང་པོར་དྲིལ་ཏེ་བཤད། །འདིར་ཁང་བུ་བརྩེགས་པའི་རྒྱུད་ལས་བྱུང་བའི་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། མཎྜལ་པདྨ་འདབ་བརྒྱད་དབུས་སུ་ཧཱུྃ་ཡིག་དང་བཅས་པ་བྲིས་པའམ། ཚོམ་བུ་བཀོད་པས་ཀྱང་རུང་། དེའི་སྟེང་དུ་མཉྫི་ལ་གཏོར་མ་སྐུ་རྟེན་བཙུགས་པ་དང་། མདུན་དུ་བུམ་པ་ཡང་སྤྱི་དང་མཐུན་པར་བཅའ། མཐའ་མཆོད་པས་བསྐོར། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས་སྔོན་འགྲོ་ནི། བགེགས་གཏོར་བཏང་མཚམས་བཅད། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་རྣམས་སྤྱི་དང་མཐུན། རང་གི་ཐུགས་ཀའི་འོད་ཀྱིས་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཡན་ལག་བདུན་པས་ཚོགས་གསག །ཚོགས་ཞིང་རྣམས་རང་ལ་ཐིམ། སྭ་བྷཱ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། དེ་ལྟར་མ་རྟོགས་པ་རྣམས་སངས་རྒྱས་ལ་འགོད་པར་བྱའོ་སྙམ་པའི་སྙིང་རྗེ་བསྐྱེད། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ངང་ལས་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོར་དག་པའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་གསང་བའི་བདག་པོ་ཀཱུཊིགྷརཾ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་གར་དགུའི་ཉམས་ཅན། དབང་ཕྱུག་དང་ཨུ་མཱ་བསྣོལ་བའི་གདན་ལ་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ། སེང་གེའི་པགས་པ་དང་དར་སྔོན་པོས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་ཅན། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའོ། །དེའི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་པ་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨརྒྷཾ་ལ་སོགས་པས་མཆོད། སྟོབས་པོ་ཆེ་ལ་དྲག་ཤུལ་ལྡན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་མ་ལུས་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མའི་དབུས་སུ་ཧཱུྃ་སྔོན་པོ་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ། ཨཱོྃ་ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ ཞེས་ཅི་ནུས་སུ་བཟླའོ། །མཐར་མི་དམིགས་པར་བསྡུས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་གཏོར་མ་འབུལ་ན། བསང་སྦྱང་སྣོད་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས། རྩ་སྔགས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཨཱོྃ་ཨཱཿཧཱུྃ་གིས་ནང་མཆོད་དང་། ཉེར་སྤྱོད་ཀྱིས་མཆོད། སྔར་བཞིན་བསྟོད་ནས་ཕྲིན་ལས་གསོལ།་་་མཆོད་སྦྱིན་གཏོར་མ་སོགས།མཆན། ནོངས་པ་བཤགས། གཏོར་མགྲོན་བཛྲ་མུཿས་གཤེགས་སུ་གསོལ་ལོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། ཆོ་ག་གོང་བཤད་ལྟ་བུས་བདག་མདུན་བུམ་པ་རྣམས་ཕྱོགས་གཅིག་ཏུ་སྒྲུབ་པ་ཡིན་ལ། དམིགས་པ་ནི་ཐ་དད་དུ་བསྒོམ་མོ། །དེ་ལྟ་བུས་མདུན་བསྐྱེད་དང་གཏོར་མ་ལ་ཆབས་ཅིག་ཏུ་བཟླས་པ་དང་། ཁྱད་པར་བུམ་ནང་གི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་བསམ་ནས་གཟུངས་ཐག་ལ་བརྟེན་ནས་བཟླས་པ་འོད་དུ་ཞུ་བ་རྣམས་སྤྱི་ལྟར་བྱ། གཏོར་འབུལ་དང་གནང་བ་ཞུ་བ་རྣམས་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་བྱས་བགེགས་བསྐྲད། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། ཕྱག་ན་རྡོ་རྗེ་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། འདིར་ཁང་བུ་བརྩེགས་པ་ཞེས་བྱ་བའི་རྒྱུད་ལས་བྱུང་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་ཆོས་བཤེས་གཉེན་གྲྭ་སྟོན་དབང་ཕྱུག་འབར་གྱི་གཏེར་བྱོན། གསང་བའི་བདག་པོ་ཀཱུཊིགྷརཾ་ཏེ་ཁང་བུ་བརྩེགས་པ་ཞེས་བྱ་བ་དེ་ཉིད་སྒྲུབ་པའི་ཐབས་ཡིན་ལ། འདིའི་བྱིན་རླབས་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་ཞེས་བརྡ་སྤྲད། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཅེས་པ་ལྟ་བུའི་གསོལ་འདེབས་དང་། རྒྱུན་བཤགས་སྤྱི་ལྟར་བྱས་ལ། སློབ་མ་བསང་སྦྱང་སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཁྱེད་རང་གསང་བའི་བདག་པོ་ཀཱུཊིགྷརཾ་སྐུ་མདོག་ཞེས་སོགས་ནས། མེ་ཕུང་འབར་བའི་ཀློང་ན་བཞུགས་པའོ། །ཞེས་པའི་བར་གྱིས་བསྐྱེད་རིམ་ཕོག་ལ། སྐུའི་བྱིན་རླབས་ནི། སློབ་དཔོན་ལ་མོས་གུས་དུང་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བའི་བདག་པོའི་རྣམ་པར་སྤྱན་དྲངས་པ་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་གསང་བའི་བདག་པོའི་སྐུ་བསམ་གྱིས་མི་ཁྱབ་པ་བྱོན། ཁྱེད་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་པར་མོས་མཛོད། བྱས་ལ་རོལ་མོའི་སྒྲ་དང་བཅས་པས་སྙིང་པོ་དྲག་ཏུ་བཟླས་པའི་མཐར་ཀཱ་ཡ་ཨ་དྷི་ཏིཥྛ་ཨཱོྃ༔ ཞེས་བཟླས། དེ་བརྟན་པར་བྱ་བའི་ཕྱིར་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་གྱིས་ཞེས་བརྗོད་ལ། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ༔ དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་བརྗོད་ཅིང་བུམ་ཆུས་དབང་བསྐུར། དེ་ལྟར་སྐུའི་དབང་ཐོབ་པས་ལུས་ཀྱི་སྡིག་སྒྲིབ་དག །བར་ཆད་ཞི། ལུས་ལྷ་སྐུ་སྒོམ་པ་ལ་དབང་། གསང་བའི་བདག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པའོ། །ཞེས་རྟོགས་པ་བསྐྱེད། གསུང་གི་བྱིན་རླབས་ནི། ཁྱེད་རང་དང་མདུན་གྱི་གསང་བདག་གཉིས་ཀའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་རྩ་བའི་སྔགས་ཀྱིས་བསྐོར་བ་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཅེས་སློབ་དཔོན་གྱི་ཕྲེང་བ་ལག་ཏུ་གཏད་ལ་རྩ་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་འཇུག །སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས། གསུང་གི་རིག་སྔགས་ཐམས་ཅད་གསང་བའི་བདག་པོའི་སྔགས་ཀྱི་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ཁྱེད་རང་གི་སྙིང་གའི་ཡིག་འབྲུ་རྣམས་ལ་ཐིམ་པར་མོས་མཛོད། ཅེས་རོལ་མོའི་སྒྲ་དང་བཅས་པས་སྔགས་བཟླས་པའི་མཐར་ཝཱ་ཀ་ཨ་དྷི་ཏིཥྛ་ཨཱ༔ ཞེས་བཟླ་ཞིང་སློབ་དཔོན་གྱི་ཕྲེང་བ་མགྲིན་པར་གཏོད། དེ་ལྟར་གསུང་གི་དབང་ཐོབ་པས་ངག་གི་སྡིག་སྒྲིབ་དག །བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང་། གསང་བའི་བདག་པོའི་གསུང་དང་དབྱེར་མེད་དུ་གྱུར་པའོ། །ཞེས་རྟོགས་པ་བསྐྱེད། ཐུགས་ཀྱི་བྱིན་རླབས་ནི། སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་ཕྱག་མཚན་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཁྱེད་རང་གི་སྙིང་གའི་ཧཱུྃ་ལ་སིབ་ཀྱིས་ཐིམ་པར་མོས་མཛོད་བྱས་ལ། རོལ་མོའི་སྒྲ་དང་བཅས་པས་སྔགས་བཟླས་པའི་མཐར་ཙིཏྟ་ཨ་དྷི་ཏིཥྛ་ཧཱུྃ༔ ཞེས་བརྗོད། དེ་ནས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ཁྱེད་རང་ལྷ་སྐུར་གསལ་བ་ལ་ཐིམ། དེ་ཡང་ཐུགས་ཀའི་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་ལ་ཐིམ། རྡོ་རྗེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡིག་ནཱ་དའི་བར་དུ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ལ་བློ་བཞག །སླར་ཡང་ལྷ་སྐུ་སྣང་སྟོང་དུ་ལྡང་བར་མཛོད། དེ་ལྟར་ཐུགས་ཀྱི་དབང་ཐོབ་པས་ཡིད་ཀྱི་སྡིག་སྒྲིབ་དག །བར་ཆད་ཞི། ཡིད་ཆོས་ཉིད་ཀྱི་དོན་སྒོམ་པ་ལ་དབང་། གསང་བའི་བདག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པའོ། །ཞེས་རྟོགས་པ་བསྐྱེད། ཕྲིན་ལས་ཀྱི་བྱིན་རླབས་ནི་གཏོར་མ་ལ་བརྟེན་པ་སྟེ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཀཱུཊིགྷརཾར་དངོས་སུ་མོས། དེ་ལ་མོས་གུས་དུང་བྱས་པས་ཁྱེད་རང་གི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་གྱིས། གཏོར་མ་མགོ་བོར་བཞག་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༔ དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི༔ གཏོར་མའི་དབང་བསྐུར་ཐོབ་པར་ཤོག༔ སྔགས་ཀྱི་མཐར་བ་ལིནྟ་ཨ་དྷི་ཏིཥྛ་སྭཱ་ཧཱ༔ ཞེས་དང་བཀའ་བསྒོ། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་སྙམ་པའི་མོས་པ་གྱིས། སློབ་མ་ལྷར་གྱུར་པ་ལ་མཆོད་ཅིང་བརྟན་བཞུགས་བྱས་ལ། དེ་ལྟར་ཕྲིན་ལས་ཀྱི་དབང་ཐོབ་པས་བྱ་བྱེད་ཀྱི་སྡིག་སྒྲིབ་དག །བར་ཆད་ཞི། ཕྲིན་ལས་བཞི་སྒྲུབ་པ་ལ་དབང་། གསང་བའི་བདག་པོའི་ཕྲིན་ལས་དང་དབྱེར་མེད་དུ་གྱུར་པའོ། །མཐར་དམ་ཚིག་ཁས་བླང་། མཎྜལ་བསྔོ་བ་སོགས་སྤྱི་དང་འདྲ། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །རྣམ་འ༵གྱུར་སྐྱེ་འཇིག་ཆོས་རྣམས་ལ། །གནས་ལུགས་འཇིགས་མེ༵ད་རྡོ༵་རྗེ༵་ཡིས། །རྒྱས་འདེབས་གསང་བདག་ཁང་བརྩེགས་ཀྱི། །རྒྱུད་དོན་སྙིང་པོར་ཕྱུང་འདི་མཚར། །ཕྱག་རྡོར་ཁང་བརྩེགས་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ།། །།

རྟ་མཆོག་རོལ་པའི་སྙིང་ཏིག་ལས། དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 26, Text 27)

༄༅། །རྟ་མཆོག་རོལ་པའི་སྙིང་ཏིག་ལས། དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་པ་རཾ་ལ་ལི་ཏཱ་ཡ། འདིར་སློབ་དཔོན་ནཱ་གརྫུ་ནའི་དགོངས་པ། ཨོ་རྒྱན་གྱི་གུ་རུ་པདྨ་རྒྱལ་པོས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། རྟ་མཆོག་རོལ་པའི་སྙིང་ཏིག་གི་དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག་གོ །དང་པོ་ནི། ཚོགས་ཞིང་བླ་མ་རྟ་མཆོག་རོལ་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གསུམ། ལྷ་བསྒོམ་པ། སྔགས་བཟླ་བ། ཚེ་རྟེན་ལ་སྦ་བའོ། །དང་པོ་ནི། ཨ༔ རྟ་མགྲིན་རྒྱལ་པོ་དེ་བཞིན་ཉིད༔ མ་བཅོས་མ་བསླད་གཉུག་མའི་གཤིས༔ དམིགས་མེད་སྙིང་རྗེ་མཆོག་གི་གདངས༔ འགག་མེད་ཟང་ཐལ་ཀུན་ཏུ་ཤར༔ རོལ་པ་ཆེན་པོའི་ཆོ་འཕྲུལ་ལས༔ རྒྱུ་ཡི་ས་བོན་ཧྲཱིཿདམར་པོ༔ སྔགས་ཀྱི་སྒྲ་གདངས་དང་བཅས་པ༔ ཁམས་གསུམ་སྟོང་ཞིང་དབྱིངས་སུ་ཐིམ༔ རྒྱུ་ལས་ཨེ་ཡཾ་བཾ་ལཾ་སུཾ༔ འཕྲོས་པས་འབྱུང་བ་རིམ་བརྩེགས་སྟེང༔ རི་རབ་སྟེང་དུ་སྲུང་འཁོར་དབུས༔ དབང་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཟླ་གམ་འབར་བའི་དཀྱིལ༔ པདྨ་ཉི་ཟླ་ཀླུ་སྲིན་སྟེང༔ ཧྲཱིཿལས་དབང་ཆེན་ཚེ་ཡི་བདག༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ པདྨ་ལྕགས་ཀྱུ་ཞགས་པ་གཡས༔ ཚེ་བུམ་ལྕགས་སྒྲོག་དྲིལ་བུ་གསིལ༔ གཟི་ལྡན་ལྕགས་ཀྱུ་ཐོད་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་ལས༔ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ པད་ཉི་དྲེགས་པ་ལྷ་ཆེན་སྟེང༔ ཡེ་ཤེས་མེ་དབུས་འགྱིང་ཞིང་རོལ༔ གར་དགུས་བརྗིད་པའི་སྐུ་མཆོག་ལས༔ ཁམ་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔ ཕོ་ཉ་དྲེགས་པའི་འཕྲོ་འདུ་ཡིས༔ ཚེ་བཀུག་བྱིན་བསྐྱེད་སྲིད་དང་ཞིའི༔ དངོས་གྲུབ་མ་ལུས་སྩོལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། སྤྲོ་ན། གནས་གསུམ་བྱིན་རླབས་དང་དབང་བསྐུར་སྤྱན་འདྲེན་སོགས་གཞུང་ལྟར་བྱ། གང་ལྟར་ཡང་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་བཟུང་ཞིང་ང་རྒྱལ་བརྟན་པོར་བསྐྱེད། དག་པ་དྲན་པ་རྣམས་ཚུལ་བཞིན་དུ་བྱའོ། །གཉིས་པ་བཟླས་པ་ནི། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་ནྲྀ་ཨ་ཡི་ཚེ་རྟེན་ལ༔ འཆི་མེད་རྡོ་རྗེའི་སྔགས་ཀྱི་ཕྲེང༔ ལུ་གུ་རྒྱུད་དུ་བསྐོར་བ་ལས༔ འོད་འཕྲོས་ཕོ་ཉའི་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བཅས༔ ནམ་མཁའི་ཁམས་ནས་གློག་ལྟར་འཁྱུགས༔ བར་སྣང་ཁམས་ནས་སྤྲིན་ལྟར་གཡོས༔ ས་གཞིའི་ཁམས་ནས་རླངས་ལྟར་བརྡོལ༔ ཁམས་གསུམ་ཐམས་ཅད་ཤིག་ཤིག་གཡོས༔ སྲིད་གསུམ་དྲེགས་པ་འདར་ཞིང་བསྔངས༔ བརྟན་གཡོའི་དྭངས་བཅུད་དབང་མེད་འཕྲོགས༔ འཆི་མེད་ཚེ་ཡི་བདུད་རྩི་ནི༔ ཉི་མ་འཆར་ཁའི་འོད་ལྟ་བུ༔ སྙིང་དབུས་ཚེ་རྟེན་ལ་ཐིམ་པས༔ རྡོ་རྗེ་ཚེ་ཡི་མཆོག་ཐོབ་གྱུར༔ ཅེས་བརྗོད་ཅིང་གསལ་བཏབ་ལ། ཨོཾ་ཧུ་ལུ་ཧུ་ལུ་ཨེ་ཨཱ་རལླི་ཧྲཱིཿཛཿཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ ཞེས་བཟླས་པའི་སྐྱོན་སྤངས་ལ་ཇི་ལྟར་ནུས་པ་བཟླ། གསུམ་པ་ཚེ་སྦ་བ་ནི། བཟླས་བརྗོད་རྫོགས་ནས་སྤྲོ་ན་ཚེ་འགུགས་བསྐུལ། གང་ལྟར་ཡང་། ཏིང་འཛིན་རོལ་པའི་ཆོ་འཕྲུལ་གྱིས༔ འཁོར་འདས་ཚེ་བཅུད་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་ཐིམ༔ ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིང་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་བསྡམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཨཱ་ཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵ་རཀྵ་ཧཱུྃ༔ ཅེས་བཟླ། སྤྲོ་ཞིང་ནུས་ན་རླུང་རྡོ་རྗེའི་བཟླས་པ་དང་། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་གྱི་རྣལ་འབྱོར་ཟབ་མོས་ཀྱང་བརྟན་པར་བྱའོ། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དེ་དག་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྟ་མཆོག་དཔལ༔ པདྨ་ཁྲག་འཐུང་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རིག་པ་རང་སྣང་དབང་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་སྐྱབས་མགོན་སི་ཏུ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་དམ་ཉམས་བཞེས་སུ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་བཀའ་བསྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ཕེབས་པ་ལྟར། མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་འཛིན་པ་སྐྱབས་ཆེ་བླ་བྲང་དུ་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བྲིས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལམ་བྷ་ཝ་ཏུ།། །།ཚེ་འགུགས་པ་ནི། ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རིག་པ་རང་ཤར་རྟ་མཆོག་དཔལ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་དམ་བསྐུལ་ལོ་གཟི་བྱིན་སྐྱེད༔ རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་ནས༔ དཀར་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ བརྟན་པ་སྣོད་ཀྱི་དྭངས་མ་ཁུག༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ དམར་ལ་འདྲིལ་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ སྲིད་པ་བཅུད་ཀྱི་ཚེ་དཔལ་ཁུག༔ འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ མཐིང་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ དབྱིངས་དང་ཡེ་ཤེས་ཡོན་ཏན་ཁུག༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ འཆི་མེད་སྒྲུབ་པའི་རྫས་ལ་ཁུག༔ མི་འགྱུར་མི་ཤིགས་རྟག་པའི་ཚེ༔ དབང་ཆེན་རོལ་པའི་དངོས་གྲུབ་སྩོལ༔

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ་ (Volume 3, Text 27)

༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ་ཞེས་བྱ་བ་བཞུགས་སོ། ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ་ཞེས་བྱ་བ། བླ་མ་དང་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འགྱུར་མེད་བདེ་ཆེན་ཡེ་ཤེས་འོད་པོ་ཆེས། །སྒྲིབ་གཉིས་མུན་པའི་དཔུང་འཇོམས་རྡོ་རྗེ་འཆང་། །བླ་མ་ཀུན་བཟང་ཞི་ཁྲོ་ལ་བཏུད་ནས། །སྡིག་སྒྲིབ་རྣམ་པར་སྦྱོང་བའི་ཆོ་ག་བྲི། །དེ་ལ་འདིར་རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པས། རང་གཞན་གྱི་སྡིག་སྒྲིབ་སྦྱངས་ནས་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་ཀྱི་སྒོ་ཟབ་མོ་འདི་ལ་འཇུག་པར་འདོད་པས། ཡིད་དང་མཐུན་ཞིང་ཤིས་པའི་གནས་སུ་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ཐོག་མར་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གཉིས་དང་། རང་གི་མདུན་དུ་ལས་བུམ་ཚུལ་བཞིན་བཤམས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷཱི་ཤྭ་རི་སཏྭཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་ལས་བུམ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་ལ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བུམ་པ་ལ་རེག་སྟེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། ལས་བུམ་གྱི་ཆུ་འཐོར་ཞིང། སྔོན་གཏོར་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། དཀར་གཏོར། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བཱ་ལིནྟེ་སྭཱ་ཧཱ། ཞེས་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །དམར་གཏོར། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བཱ་ལིནྟ་ཡེ་སྭཱ་ཧཱ། ཞེས་གསུམ་གྱིས་བསྔོས་ལ། ཧཱུྃ། ལུས་ངག་སེམས་ལ་གནོད་བྱེད་ཅིང་། །མཆོད་པའི་མདངས་འཕྲོག་མ་རིག་བགེགས། །མཆོད་སྦྱིན་བཟང་པོས་ཚིམ་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ། ཅེས་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད་དེ་གཏོར་མ་ཕྱིར་དོར་ནས། དཀྱིལ་འཁོར་གྱི་གཞིར་བ་བྱུང་གིས་བྱུག་ཅིང་དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་གདབ་ལ་ཐིག་སྐུད་ཆལ་གྱིས་སྦགས་པ་འདུ་བྱས་ཏེ། རང་ཉིད་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཐིག་སྐུད་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ཞིང་། གྲོགས་ལ་ཐིག་སྣ་གཏད་དེ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། ཞེས་གནམ་སའི་ཐིག་ཆེན་བརྒྱད་བཏབ་ལ། ཇི་ལྟར་འཚམས་པའི་མེ་རྡོར་དུར་ཁྲོད་པདྨའི་འཁོར་ཡུག་གིས་བསྐོར་བའི་ནང་དུ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབ་བང་རིམ་བཞི་པ་པད་འཁོར་གདུགས་དང་བཅས་པ། རྩ་ཐིག་ནས་ཁྱམས་ཆ་ཆེན་གཅིག་དོར་བའི་ནང་དུ་ལྟེ་བ་ནས་ཟླུམ་ཀོར་ཆ་མཉམ་པ་གཉིས་བསྐོར། དེའི་ཕྱི་མའང་སུམ་གཉིས་ནང་དུ་དོར་ནས་བསྐོར་བའི་ལྟེ་བ་ཟླུམ་པོའི་དབུས་སུ་ཟླུམ་ཀོར་ལྔ་ཚོམ། གཉིས་པར་འཁོར་ལོ་རྩིབས་བཞི། གསུམ་པར་རྩིབས་བརྒྱད། ཁྱམས་ཕྱེད་དུ་བཅད་དེ་ལྷ་སྣམ་ཉིས་རིམ་གྱི་ཚུལ་དུ་གདབ། ཚོན་རྣམས་ལྷ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། ཞེས་བཟླས་པས་བྱིན་གྱིས་བརླབས་ལ། ཚོན་ཐོབ་ནི་ལྟེ་བར་སྔོན་པོའི་གཞིར་ཟླུམ་ཀོར་ལྔ་ཚོམ་གྱི་དབུས་མཐིང་། ཕྱོགས་བཞིའི་ཐིག་ལེ་དང་རྩིབས་བཞི་ཁྱམས་སྒོ་དང་བཅས་པ་ཕྱོགས་མདོག །རྩིབས་བརྒྱད་ཀྱི་ཕྱོགས་བཞིར་ཕྱོགས་མདོག་དང་མཚམས་དང་གྲུ་ཆད་ཕྱེད་ཚོན། བརྩིག་པ་ཕན་ཆད་སྤྱི་དང་མཐུན། ལྷ་གནས་རྣམས་སུ་སྐུའམ་ཡིག་འབྲུའམ་ཕྱག་མཚན་ནམ་རང་མདོག་གི་ཐིག་ལེ་ལྟ་བུས་མཚན་པ་ཇི་ལྟར་རིགས་པ་བྲི། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་སོགས་ཆས་སུ་བཅུག་པ་དགོད། དཀྱིལ་འཁོར་གྱི་མཐའ་སྐོར་དུ་སྨན་གཏོར་རཀྟ་མར་མེ་རྣམས་བརྒྱ་ཡན་ཆད་ཀྱི་ཕྲེང་བ་དང་། མེ་ཏོག་ལ་སོགས་པའི་མཆོད་རྫས་ཅི་འབྱོར་པས་བསྐོར། མདུན་དུ་རིགས་བརྒྱའི་གཏོར་མ་ཟླུམ་བརྗིད་མཐེབ་ཀྱུས་བཅད་པ་དང་། ཆོས་སྐྱོང་སྤྱི་བྱེ་བྲག་གི་གཏོར་མ་གཡས་གཡོན་དུ་སྨན་རཀ་དང་བཅས་པ། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། སྤྱན་གཟིགས། རོལ་མོའི་ཁྱད་པར་སོགས་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ་མོ། །ཆོ་ག་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་གསུམ་གྱི། དང་པོ་ལའང་བཞི་ལས། དང་པོ་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་མོས་ལ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པ༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་ཁྲི་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེས༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་པས༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང༔ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམས༔ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལ༔ དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམས༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེ༔ ནམ་མཁའི་མཐར་ཐུག་དབྱངས་ཀྱིས་རབ་གང་བའི༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་བྱེད་ཅིང༔ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་པ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བརྗོད་པས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་ཞིང་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་གཞག །གཉིས་པ་བགེགས་ལ་བཀའ་བསྒོ་བ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་བྷན་དམར་དགྲ་སཏྭ། གཡོན་གསུམ་དྲིལ་བུ་ཐོད་ཁྲག་ཐོང་གཤོལ་འཛིན་པ། ཞབས་བཞི་གཡོན་བརྐྱང་བའི་དོར་སྟབས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་དུང་དམར་སྟོབ་པའི་ཚུལ་གྱིས་ཡབ་ལ་འཁྱུད་པ། ཆེར་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་ལས་ཁྲོ་ཚོགས་མཚོན་མེའི་ཚྭ་ཚྭ་འཕྲོས་པས་བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་གྱུར། ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ གསུམ་པ་མཚམས་བཅད་པ་ནི། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་མཚོན་ཆ་ལྔའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་ཞིང་ཁྲོ་བོའི་སྤྲིན་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། བཞི་པ་མཆོད་པ་བྱིན་གྱིས་རློབ་པ་ནི། ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ བདག་གཞན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་སྔགས་རྣམས་ལན་གསུམ་གསུམ་རེ་བརྗོད་པས། བདེ་སྟོང་ཡེ་ཤེས་ཀྱི་རྣམ་རོལ་ཕྱི་ནང་གི་མཆོད་སྤྲིན་མཐའ་ཡས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ་ལྔ་སྟེ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སྤྲོ་བ། བྱེ་བྲག་ཏུ་བསྐང་ཞིང་བཤགས་པ་བྱ་བ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའོ། །དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་གདལ་བས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ་སྙམ་པས། དེའི་ཆེད་དུ་རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་མཐིང་གའི་རྣམ་པར་གྱུར་པར་བསམས་ལ། ཧཱུྃ༔ རྟོག་བྲལ་བསྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང༔ འགག་མེད་རྒྱུ་ཡི་ཨ་ཡིག་མཐིང༔ སྟོང་གསལ་རང་བབ་གདོས་བཅས་བྲལ༔ ཞེས་པས་གསལ་གདབ། གཉིས་པ་ལའང་གཉིས་ཀྱི། དང་པོ་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ཨ་ཡིག་ལས་ཨེ་ཡཾ་བཾ་ལཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཤིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ། ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་དུར་ཁྲོད་བརྒྱད་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། ནང་བར་ཁྱམས་གྲུ་བཞི་པ་ལ་ལྷ་སྣམ་རིམ་པ་གཉིས་སུ་ཕྱེ་བའི་ནང་དུ་གྲུ་ཆད་དང་འཁོར་ལོ་ཉིས་རིམ་གྱིས་བསྐོར་བའི་ལྟེ་བར་རིགས་ཀྱི་ཁ་དོག་ཅན་གྱི་ཐིག་ལེ་ལྔ་ཚོམ་གྱིས་མཛེས་པ། ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་གསལ་བར་བསམས་ལ། ཨ་ལས་ཨེ་ཡཾ་བཾ་ལཾ་འཕྲོས༔ ནམ་མཁའ་རླུང་ཆུ་ས་གཞིར་གདལ༔ ཨ་ལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ཧཱུྃ༔ ཞེས་གསལ་གདབ། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་གྱི་དབུས་མཐིང་གསལ་ཐིག་ལེའི་ལྟེ་བར་སེང་ཁྲི་པད་ཉི་ཟླ་བའི་གདན་སྟེང་དུ་རྒྱུའི་ཨ་ཡིག་བབས་པ་ཉིད་རྡོ་རྗེ་སྔོན་པོ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཡུམ་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པར་བཞུགས་པའི་སྐུར་གྱུར་པའི་ཐུགས་ཀ་ནས། ཨོཾ་ལཱཾ། ཧཱུྃ་མཱུཾ། སྭཱ་མཱཾ། ཨཱཿཔཱཾ། ཧཱ་ཏཱཾ་རྣམས་འཕྲོས་པ་ལས། གཙོ་བོའི་གཡས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཕྱོགས་ཀྱི་ཐིག་ལེ་བཞིའི་ལྟེ་བར་རིམ་པ་བཞིན། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་གནས། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་གྲུབ་པ་ལྔ་རང་རང་གི་ཡུམ་དང་འཁྲིལ་བ། རིགས་བཞི་ཡབ་ཡུམ་གྱི་ཐུགས་ཀ་ནས་ས་བོན་ཆད་པ་ལས། རང་རང་གི་གཡས་གཡོན་དུ་ནང་དང་ཕྱིའི་སེམས་དཔའ། མདུན་རྒྱབ་ཏུ་ཡུལ་དུས་ཀྱི་སེམས་མ་རེ་རེ་སྟེ་གཙོ་འཁོར་དྲུག་དྲུག །གཙོ་བོའི་ཐུགས་ཀ་ནས་ས་བོན་ཆད་པ་ལས། སྟེང་འོག་དང་གྲུ་ཆད་བཞིར་ཐུབ་དྲུག །སྒོ་ཕུབ་བཞིར་མཐར་བྱེད་ཡབ་ཡུམ་སྟེ་ཞི་བ་བཞི་བཅུ་རྩ་གཉིས་དང་། སླར་ཡང་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་ཟུང་ཆད་པ་ལས་གཙོ་བོའི་མདུན་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་ཐུགས་ཀ་ནས་ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྣམས་སོ་སོའི་གནས་སུ་སྤྲོས་པ་ལས། ཀུན་བཟང་གི་གཡོན་དུ་བུདྡྷ་ཧེ་རུ་ཀ །རྩིབས་བཞིར་བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་རྣམས་སོ་སོའི་ཡུམ་དང་འཁྲིལ་བ། རྩིབས་བརྒྱད་ལ་གནས་ཀྱི་མ་མོ་བརྒྱད། ལྷ་སྣམ་ནང་མར་ཕྲ་མེན་ཡུལ་མ་བརྒྱད། ཕྱི་མའི་ཕྱོགས་རེར་ལས་བཞིའི་དབང་མོ་དྲུག་དྲུག །སྒོ་ཕུབ་ཀྱི་མཐར་བྱེད་བཞིའི་ཕྱི་རོལ་དུ་སྒོ་སྐྱོང་གདོང་མོ་བཞི། སྒོ་གཡབ་བཞིར་སྒོ་སྐྱོང་དབང་མོ་བཞི་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་བཀྲ་ལམ་གྱིས་གསལ་བར་མོས་ལ་གསལ་གདབ་པ་ནི། ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་གཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ དཀྱིལ་འཁོར་དབུས་སུ་སེང་ཁྲི་དང༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར༔ སེང་གེ་གླང་ཆེན་རྟ་མཆོག་དང༔ རྨ་བྱ་ཤང་ཤང་ཁྲི་སྟེང་དུ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་གཉིས་མེད་འཁྲིལ༔ རང་སྣང་དཀྱིལ་འཁོར་དབུས་ཕྱོགས་སུ༔ སྣང་ལ་རང་བཞིན་མེད་པར་གསལ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱེ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ རིན་འབྱུང་མཱ་ཀི་སྐུ་མདོག་སེར༔ རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མདུན་དུ་མཱ་ལེ་ཕྲེང་འཛིན་སེར༔ རྒྱབ་ཏུ་དྷཱུ་པེ་སྤོས་ཕོར་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ མཐའ་ཡས་གོས་དཀར་སྐུ་མདོག་དམར༔ པདྨ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྤྱན་རས་གཟིགས་དམར་པད༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གཱི་ཏཱི་པི་ཝང་དམར༔ རྒྱབ་ཏུ་དཱི་པཾ་མར་མེ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང༔ རྒྱ་གྲམ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྒྲིབ་སེལ་པུསྟི་ལྗང༔ གཡོན་དུ་ཕྱག་རྡོར་རྡོར་དྲིལ་ལྗང༔ མདུན་དུ་གནྡྷེ་དུང་ཕོར་ལྗང༔ རྒྱབ་ཏུ་ནཱིརྟི་ཞལ་ཟས་ལྗང༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ སྣང་ལ་རང་བཞིན་མ་གྲུབ་པར༔ འཛིན་མེད་མ་བཅོས་གསལ་བར་གྱུར༔ སྟེང་དུ་བརྒྱ་བྱིན་པི་ཝང་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐག་བཟང་གོ་མཚོན་ལྗང༔ ལྷོ་ནུབ་ཤཱཀ་ཐུབ་སྲེག་པར་སེར༔ ནུབ་བྱང་སེང་གེ་པུསྟི་མཐིང༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པང་རྐྱང་སྟེང་ན་བཞེངས་སྟབས་གསལ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཞི་ཁྲོའི་ཚུལ་རྫོགས་དོར་སྟབས་བཞུགས༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཧཱུྃ༔ རང་བྱུང་རང་ཤར་དཀྱིལ་འཁོར་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ལས་ཧཱུྃ༔ འཕྲོས་པས་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དེ་ལས་ཁྲོ་བོའི་དཀྱིལ་འཁོར་སྤྲོས༔ དབུས་སུ་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སཏྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷཉྫ་གཡོན༔ བུདྡྷ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷཉྫ་དགྲ་སཏྭ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་རྩེ་གསུམ་གཡོན༔ རཏྣ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་དབུས་དམར་ཞལ༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ པདྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ རྒྱ་གྲམ་རལ་གྲི་ཁ་ཊྭཱཾ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་བོའི་ཆ་ལུགས་རྫོགས་པར་ལྡན༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ པདྨ་ཉི་སྟེང་གསལ་བར་གྱུར༔ ཤར་ཕྱོགས་གཽ་རཱི་ཞིང་དབྱུག་དཀར༔ ལྷོ་ཕྱོགས་ཙཽ་རཱི་མདའ་གཞུ་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བཻ་ཏཱ་རྡོ་རྗེ་ལྗང༔ ཤར་ལྷོ་པུཀྐ་རྒྱུ་ཞགས་སེར༔ ལྷོ་ནུབ་གྷསྨ་བྷན་དམར་ལྗང༔ ནུབ་བྱང་ཙཎྜ་རྒྱུ་ཞགས་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང༔ ཞིང་ཆེན་སྟེང་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ སིཾ་ཧ་སེང་གདོང་རོ་ཟ་སྨུག༔ བྱཱ་གྷྲྀ་སྟག་གདོང་ལག་བསྣོལ་དམར༔ སྲི་ལ་ཝ་གདོང་བྱིས་ལྡག་ནག༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང༔ གྲྀ་ཌྷ་བྱ་རྒོད་རྒྱུ་འདྲེན་སེར༔ ཀངྐ་དུར་བྱ་ཞིང་ཕྲག་དམར༔ ཀ་ཀ་བྱ་རོག་བྷན་གྲི་ནག༔ ཨུ་ལུ་འུག་གདོང་རྡོར་ཀྱུ་མཐིང༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཤར་དུ་ཞི་བའི་ལས་མཛད་དྲུག༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤཱུལ་སེར༔ རྟོག་འདོད་སྤྲེལ་གདོང་འཁོར་ལོ་སྔོ༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ལྷོ་རུ་རྒྱས་པའི་ལས་མཛད་དྲུག༔ རྡོ་རྗེ་ཕ་ཝང་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་གདོང་རྡོ་རྗེ་དཀར༔ བེ་ཅོན་ཁྭ་གདོང་དབྱུག་ཏོ་ལྗང༔ སྲིན་མོ་སྟག་གདོང་ཐོད་ཁྲག་དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ནུབ་ཏུ་དབང་གི་ལས་མཛད་དྲུག༔ ཟ་བ་བྱ་རྒོད་བེ་ཅོན་ལྗང༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་དོམ་མགོ་ཐོང་གཤོལ་དམར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་སྤུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་དམར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ བྱང་དུ་དྲག་པོའི་ལས་མཛད་དྲུག༔ རླུང་ལྷ་ཤ་མགོ་བ་དན་ལྗང༔ མེ་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བེ་ཅོན་ལྗང༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་ཕྱི་རིམ་སྒོ་བཞི་རུ༔ ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར༔ ལྷོ་རུ་ར་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དེ་ལྟར་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གསལ༔ འདིར་བླ་མ་གོང་མ་འགའ་ཞིག །འོག་ཁང་ཞི་བ་དང་སྟེང་ཁང་ཁྲོ་དཀྱིལ་དུ་མཛད་པ་ནི་ཆོས་སྤྱོད་དང་མཐུན་པར་སྣང་བས་འགལ་བ་མེད་མོད། འོན་ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་སྒྲོས་མེད་པས་ཁྲོམ་དཀྲུགས་ཀྱི་ལུགས་འདི་གཞུང་དང་འབྱོར་བར་སྣང་བས་བཀོད་པ་སྟེ། འདི་ལའང་རྣམ་སྣང་དབུས་སུ་བཀོད་པའི་སྟེང་བར་སྣང་ལ་ཀུན་བཟང་འགོད་པའི་ལུགས་ཀྱང་དཔེ་ལ་ལའི་མཆན་དུ་བཤད་སྣང་ཞིང་། གཞན་དུ་དཀྱིལ་འཁོར་ནང་ནས་པད་འདབ་བཞི། འཁོར་ལོ་རྩིབས་བཞི། པད་འདབ་བཅུ་དྲུག་དང་། བཅུ་དང་། འཁོར་ལོ་རྩིབས་བཅུ་དྲུག་རྣམས་ལ་འགོད་པའི་ལག་ལེན་སྣང་བ་ནི། ལས་བྱང་ཆེ་ཆུང་ཆོས་སྤྱོད་ཆོས་ཉིད་བར་དོའི་ངོ་སྤྲོད་སོགས་འདིའི་རྩ་བའི་ཡི་གེ་གང་དང་ཡང་མ་མཐུན་པས་གཟུ་ལུམ་རང་བཟོའོ། །དེ་ནས་བྱིན་གྱིས་རློབ་པ་ནི། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། དབང་བསྐུར་བ་ནི། རྡོ་རྗེ་བསྡམས་པ་ལས་རང་རིགས་ཀྱི་སོར་མོ་བརྐྱང་པ་མགོ་བོའི་གནས་ལྔར་འཇོག་ཅིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཾ། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱ། ཞེས་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར་ཆུའི་ལྷག་མ་གྱེན་དུ་ལུད་པ་དང་། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔ྄་བཟླ་བ་དང་དྲུག་ལས། དང་པོ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཧཱུྃ༔ དཔག་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་ཀུན་བཟང་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་གནས་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུམ་ཡོན་ཏན་གསལ་ལ་འགག་པ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་མཆོག་འདིར༔ ཀུན་བཟང་རིགས་ལྔ་གཙོ་བོ་ཡབ་ཡུམ་རྣམས༔ རྣལ་འབྱོར་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མ་བརྒྱད༔ འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་ཆེ་མཆོག་རིགས་ལྔའི་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་དྷཱིའི་ཚོགས་དང་འཁྲིལ༔ ཉོན་མོངས་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་སྤྱོན༔ ཧཱུྃ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་སྤྱོན༔ རྣལ་འབྱོར་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ༔ ས་མ་ཡ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲང་ངོ་། །གཉིས་པ་ནི། ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ སྟོབས་ལྡན་རིན་ཆེན་ཉི་ཟླ་པདྨའི་སྟེང༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རིགས་དྲུག་དོང་སྤྲུགས་བཅོམ་ལྡན་ཐུབ་པ་དྲུག༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོ༔ དཔལ་ཆེན་ཆེ་མཆོག་རིགས་ལྔའི་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷཱིའི་ཚོགས་དང་འཁྲིལ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་འབར་བ་ལྔ་བཅུ་བརྒྱད༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་དགྱེས་པ་བསྐྱེད་ནས། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བཞུགས་པར་གྱུར། གསུམ་པ་ནི། གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་ཉིད་གཙོ་བོ་གཉིས་པའི་རྣམ་པས་ཤར་སྒོར་ཐོན་ཏེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་མཆོད་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་ལ། ལུས་ཞིང་རྡུལ་གྱི་གྲངས་ལྟར་སྤྲུལ་ནས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སིཾ་ཧ་པདྨ་འབྱུང་། །ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སཱུརཡ་ཙནྡྲ་རྒྱ་བཙུན་ནམ་མཁའི་མཚན། །བསོད་ནམས་འོད་ཟེར་པུཎྱ་ཤྲཱིའི་ཞབས། །བསོད་ནམས་ཆོས་སྐྱོང་སྣ་ཚོགས་རང་གྲོལ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཀུན་དགའ་གྲགས་པ་མདོ་སྔགས་བསྟན་འཛིན་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྡེ། །རྩ་བརྒྱུད་བླ་མ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་བརྒྱུད་ཕྱག་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་ལྷའི་ཕྱག་ནི། སྤྲོ་ཞིང་ནུས་ན་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལམ། ཡང་ན་དོང་སྤྲུགས་ཀྱི་ཕྱག་གི་བཀོལ་བྱང་གཉིས་གང་བདེ་བྱ་ཞིང་། མི་ནུས་ན། ཧཱུྃ༔ ཡིད་ཆོས་གནས་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་ལྔ་རྣམ་དག་བདེ་ཆེན་ཡེ་ཤེས་ངང༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ མ་རིག་དུག་ལྔ་འཇོམས་མཛད་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་རིགས་ཀྱི་ཁྲག་འཐུང་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱིའི་ཚོགས་བཅས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་པ་ཙམ་གྱིས་ཕྱག་བྱའོ། །བཞི་པ་མཆོད་པ་ལ། སྤྱི་དང་ཁྱད་པར་གྱི་མཆོད་པ་གཉིས་ཀྱི། དང་པོ་ལ་ཕྱི་ནང་གསང་གསུམ་ལས་ཕྱི་མཆོད་ནི། ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣང་སྟོང་རིག་སྟོང་བདེ་སྟོང་གསལ་སྟོང་དང༔ དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿམ་ཧཱ་པཱུ་ཛ་ཧཱུྃ༔ ཞེས་པ་ཙམ་མམ། སྤྲོ་ན་ལས་བྱང་ཆེ་བ་ལྟར་ལ་ཚིག་སྣ་ཅུང་ཟད་བསྡུས་ནས་འབུལ་བ་འདི་ལྟ་སྟེ། སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ མྱང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ནཻ་ཝི་དྱཱ་ཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ༔ ནང་མཆོད་ནི། ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་རཱུ་པ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་སྤརྴེ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་དྷརྨཱ་པྲ་ཏཱིཙྪ་ཧཱུྃ༔ གསང་མཆོད་ནི། ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གསལ་བ་ཡབ་ལ་འོད་ཟེར་ཡུམ༔ བདེ་བ་ཡབ་ལ་གསལ་བ་ཡུམ༔ སྒྲ་གྲགས་ཡབ་ལ་གྲགས་སྟོང་ཡུམ༔ དྲན་པ་ཡབ་ལ་རིག་སྟོང་ཡུམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེ༔ རིག་མ་དཀར་སེར་དམར་ལྗང་མཐིང༔ བདེ་བ་ཡེ་ཤེས་ཀུན་ལྡན་རྒྱུ༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་བཞེས༔ ཨོཾ་ཨཱཿམ་ཧཱ་སུ་ཁ་ཧཱུྃ༔ གཉིས་པ་ཁྱད་པར་གྱི་མཆོད་པ་ལ། སྨན་རཀ་གཏོར་གསུམ་ལས། སྨན་མཆོད་ནི། ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ཤིང༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྦྱར་ཏེ༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་དང། བརྒྱུད་མཆོད་ནི། ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སིཾ་ཧ་པདྨ་འབྱུང་། །ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སཱུརྻ་ཙནྡྲ་རྒྱ་བཙུན་ནམ་མཁའི་མཚན། །བསོད་ནམས་འོད་ཟེར་པུཎྱེ་ཤྲཱིའི་ཞབས། །བསོད་ནམས་ཆོས་སྐྱོང་སྣ་ཚོགས་རང་གྲོལ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། །ཀུན་དགའ་གྲགས་པ་མདོ་སྔགས་བསྟན་འཛིན་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྡེ། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་གྱི་ལྷ་ལ། བཅོམ་ལྡན་ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་ཆེ་མཆོག་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་དང་། །གནས་ཡུལ་ཕྱག་རྒྱ་སྒོ་མ་བཞི་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ལྟར་བྱམས་ཤིང་སྲིང་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དེ་ནས་བདུད་རྩི་ལྕེ་ཐོག་ཏུ་མྱང་ཞིང་། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་དངོས་གྲུབ་བླང་ངོ་། རཀྟའི་མཆོད་པ་ནི། ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་པའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མཆོད་ནི། ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་འཁོར་གསུམ་ཡོངས་དག་མི་དམིགས་སྤྲོས་བྲལ་གྱི་ཡེ་ཤེས་སུ་རྒྱས་བཏབ་ལ་མཉམ་པར་གཞག་གོ །ལྔ་པ་བསྟོད་པ་ནི། ཧཱུྃ༔ སྐུ་ནི་མི་འགྱུར་ཀ་དག་ཟང་ཐལ་སྐུ༔ གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང༔ ཐུགས་ནི་མི་གཡོ་བསམ་བརྗོད་བྲལ་བའི་ཐུགས༔ ཀུན་བཟང་སྐྱེ་འགག་མེད་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལས༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འོད་ཟེར་འཕྲོ༔ གཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་ཚོགས༔ མཚན་དང་དཔེ་བྱད་རྒྱན་སྤྲས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་རྗེ་ངོ་མཚར་ཞི་ཚུལ་གར་དགུར་ལྡན༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན༔ རྣལ་འབྱོར་ཀུན་གྱི་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་དོ། །དྲུག་པ་ཛཔ྄་བཟླ་བ་ནི། རང་ཉིད་གཙོ་བོ་གཉིས་པའི་རྣམ་པར་གནས་པའི་ཐུགས་སྲོག་ཨ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་རྣམ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ནུས་བཟླ། བུམ་ཛཔ྄་ནི། འདིར་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པའི་ལུགས་ཡིན་པས་བསྐྱེད་ཆོག་ཟུར་པ་མི་དགོས་མོད། འོན་ཀྱང་རྣམ་པ་གསལ་འདེབས་ཙམ་དུ་རང་གཙོ་བོ་དང་གཉིས་སུ་མེད་པར་བྱས་ཏེ། ཕཊ་ཛཿ ཞེས་པས། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ལམ་གྱིས་གསལ་བ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། རྣམ་བུམ་གྱི་གཟུངས་ཐག་ལ་འཇུས་ནས། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་ཆ་ཐམས་ཅད་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཞི་ཁྲོའི་སྤྱི་སྔགས་སྔར་ལྟར་བཟླ། ཨོཾ་ཨཱཿཧཱུྃ་ཞེས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་པ་བྱའོ། །སྐབས་འདིར་གཞན་དོན་ལས་སྦྱོར་གྱི་བཟླས་པ་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་ཐམས་ཅད་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཞི་ཁྲོའི་སྔགས་དང་རྡོར་སེམས་ཡིག་བརྒྱའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྻཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཞེས་བཏགས་པ་བཟླས་ནས་བྱེ་ཡུངས་སོགས་ལ་སྔགས་སོ། །མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས། རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལའང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་གྱུར། བཞི་པ་བྱེ་བྲག་ཏུ་སྐོང་ཞིང་བཤགས་པ་བྱ་བ་ལ་གཉིས་ཀྱི། དང་པོ་སྐོང་བ་བྱ་བ་ལ་དྲུག་ལས། རྟོགས་སྐོང་ནི། ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་ཆོས་ཐམས་ཅད་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །བདུད་རྩིས་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་བརྗོད་ལ་རོལ་མོ་བྱའོ། །གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་བསྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་གསལ་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་བསྩལ། ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་གསལ་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་རོལ་ཛ་གད་བསྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་རོལ་མོ་བྱའོ། །རཀྟས་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ཞེས་རོལ་མོ་བྱ། སྒྲོན་མེས་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཨ་བ་དྷཱུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་བཟླའོ། །ཞི་ཁྲོ་དག་གྱུར་གྱི་སྐོང་བ་ནི། ཨཱོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས་དམ་བསྐང་། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང། །ལུས་ཀྱི་ཆོས་བཞི་གནས་དག་པ། ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང་། །རྟག་ཆད་མུ་བཞི་གནས་དག་པ། ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་། །ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། ཁྲག་འཐུང་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལུས་ལྔ་གནས་གྱུར་པ། ཁྲག་འཐུང་ཡུམ་ལྔའི་ཐུགས་དམ་བསྐང་། །རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི་ཐུགས་དམ་བསྐང་། །སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི་ཐུགས་དམ་བསྐང་། །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་། །རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང། །སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད་ཐུགས་དམ་བསྐང་། །མི་ཤིགས་སྐུ་ཡི་ཐུགས་དམ་བསྐང་། །འགག་མེད་གསུང་གི་ཐུགས་དམ་བསྐང་། །འགྱུར་མེད་ཐུགས་ཀྱི་ཐུགས་དམ་བསྐང། །ཡོན་ཏན་མི་ཟད་ཐུགས་དམ་བསྐང་། །ཕྲིན་ལས་རྒྱན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཅེས་བསྐང་ངོ་། །གཉིས་པ་ནི། སྤྲོ་ཞིང་ནུས་ན་ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་ལྟར་བཤགས་པ་དྲུག་ཀའམ། བརྗོད་མེད་ཀྱི་བཤགས་པ་ཡེ་ཤེས་སྐུ་མཆོག་ཙམ་ཞིག་སྐབས་འདིར་བྱ་ཞིང་། གང་ལྟར་ཡང་འདི་ཉིད་ངེས་པར་བྱ་སྟེ། བཤགས་སྡོམ་གྱི་བསམ་པ་དྲག་པོས། ཧཱུྃ༔ བླ་མ་ཀུན་བཟང་མཐའ་བྲལ་ཆོས་ཀྱི་སྐུ༔ ཉག་གཅིག་ཟང་ཐལ་སྐྱེ་མེད་ལོངས་སྤྱོད་རྫོགས༔ རང་གྲོལ་འགག་མེད་སྣ་ཚོགས་སྤྲུལ་པའི་སྐུ༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས་སུ་གསོལ༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས༔ གཏི་མུག་འཁྲུལ་སེམས་དཔག་མེད་བླངས་པ་ནས༔ ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་ཞིག་རལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ལྔ་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ལ་གཉིས། བདག་ཉིད་འཇུག་པ་དངོས་དང་། ཞར་བྱུང་དུ་གཞན་རྗེས་སུ་འཛིན་པའོ། །དང་པོ་ལ་གཉིས། རང་གཞུང་ལྟར་རྒྱས་པར་འཇུག་པ་དང་། རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པའོ། །དང་པོ་ནི། རང་གི་སེམས་ཉིད་རྣམ་པར་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྩ་བའི་བླ་མ་དང་དབྱེར་མེད་དུ་བལྟས་པ་དབང་ལེན་ཡུལ་དང་། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་ལུས་སློབ་བུའི་ཚུལ་དུ་བྱས་ལ། དབང་གི་བྱ་བ་རྣམས་གཙོ་བོ་ལས་བྱེ་བའི་རྒྱལ་ཐེབ་ཀྱིས་མཛད་པར་མོས་ནས་འཇུག་པ་སྟེ། ཐོག་མར་ལས་བུམ་གྱི་ཆུས་ཁྲུས་བྱ། མཎྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ཅག་འགྲོ་བ་མ་ལུས་རྣམས༔ ལོག་པའི་ལམ་དུ་ཞུགས་གྱུར་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་པ་ནི། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བཟུང་སྟེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་འགོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ རྒྱུང་སྦྱང་བ་ནི། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ཉིད་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་གྱིས་སྤྱི་དང་ཁྱད་པར་གྱི་སྐྱབས་སུ་འགྲོ། ཧོ༔ བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ འདི་བཟུང་འཁོར་བ་མ་སྟོངས་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་པོ་མི་སྤང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང༔ ཞེས་ལན་གསུམ་གྱིས་སྔགས་སྡོམ་བླངས་ལ། ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊཿ ཅེས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཧཱུྃ་ཛཿ ཞེས་རྒྱལ་ཐེབས་ཀྱིས་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་ཁྲིད། དེ་ནས་དཀྱིལ་འཁོར་གྱི་ཁྱམས་ལ་གནས་པས་ཕྱག་དང་བཅས་ཏེ་མེ་ཏོག་འབུལ་བ་ནི། བདག་ཅག་རིག་པའི་མེ་ཏོག་འདི༔ ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ པྲ་ཏཱིཙྪ་ཧོ༔ ཞེས་དོར། གང་ལ་བབ་པའི་ལྷ་དེ་སྤྱན་དྲངས་ནས་སློབ་བུར་ཐིམ་པར་བསམས་ལ། མེ་ཏོག་མགོ་བོར་བཅིངས་ཤིང་། ཧཱུྃ་བཛྲ་སཏྭ་ཨཱ་བེ་ཤ་ཡ་ཨཱཿ མིག་དབྱེ་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ལིང་ཏོག་བདག་གིས་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་དཀྲོལ། མཐོང་བ་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ། ཞེས་བསྟན་པས། བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་སྦྱོར་བ་སྡིག་སྒྲིབ་སྦྱོང་བའི་དབང་ནི། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱོབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་བསམས་ལ། བུམ་ཆུས་དངོས་སུ་བཀྲུ་ཞིང་། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ངན་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ འགྲོ་དྲུག་སྡུག་བསྔལ་བྲལ་བར་ཤོག༔ ཅེས་དང་། ཞི་ཁྲོའི་སྔགས་དང་ཡིག་བརྒྱའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སོགས་ངན་འགྲོ་སྦྱོང་བའི་སྔགས་བཏགས་པས་འཁྲུད། གཞན་ཡང་ཡིག་བརྒྱ་དང་རྣམ་སྣང་མི་འཁྲུགས་པའི་གཟུངས་སོགས་བཟླ་ཞིང་སྔར་བསྔགས་པའི་བྱེ་ཐུན་གྱིས་ཀྱང་བྲབ་པས་ངན་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་བྱང་བར་བསམས་ལ། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་དངོས་གཞིའི་ཡོན་ཏན་བསྐྱེད་པའི་དབང་ནི། སློབ་བུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་སྐུར་གྱུར། སློབ་དཔོན་གྱིས་རྣམ་བུམ་སྤྱི་བོར་བཞག་ལ། སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་པ་ཡི༔ ལྷ་ཡི་བདུད་རྩི་དག་པ་འདིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ ཞེས་བུམ་ཆུ་སྤྱི་བོར་གཏིགས་པས། མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དབུ་རྒྱན་བཅིང་ཞིང་རྣ་ལྟག་གཡས་སུ་བུམ་ཆུ་གཏིགས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མཱ་ཏཱ་ཛྙཱ་ན་རཏྣ་སམྦྷ་བ་ཨ་བྷི་ཥིཉྩཱ་མི༔ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིན་འབྱུང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་མགོ་ཐོག་དང་ལག་པ་གཡས་པར་གཏད་ཅིང་ལྟག་པར་བུམ་ཆུ་གཏིགས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཨོཾ་པདྨ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་ལ་འཁྱིལ་པ་ལས། སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། །དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད། རྣ་ལྟག་གཡོན་དུ་བུམ་ཆུ་གཏིགས་ལ། ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧ་རི་ཤ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་པཱ་དེ་བཛྲ་ཀརྨ་ཨ་བྷི་ཥིཉྩཱ་མི༔ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། དོན་གྲུབ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །རྡོར་དྲིལ་སྤྱི་བོར་དཀྲོལ་ཞིང་གསང་མཚན་ཡིད་ལ་བྱ། བུམ་ཆུ་དཔྲལ་བར་གཏིགས་ལ། རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་དུ་རབ་ཏུ་གྲགས༔ ཨོཾ་ཙཀྲ་ཨཱ་དརྴ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩཱ་མི༔ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རྣམ་སྣང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པའི་ཡེ་ཤེས་ལྔ་ཐོབ་བྱེད་ཡིན་པས་ན་རིག་པའི་དབང་ལྔ་ཞེས་གྲགས་སོ། །དེ་ནས་བུམ་དབང་དངོས་བསྐུར་བ་ནི། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ རིགས་འདུས་བདེ་གཤེགས་ཞི་ཁྲོ་ཡི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་ནས་བུམ་པ་སྤྱི་བོར་འཇོག་ཅིང་བུམ་ཆུ་མྱང་། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་བསྐུར་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། །དེས་འགྲོ་དོན་བྱེད་པའི་ཕྱིར་ཕྱག་མཚན་གཏད་ལ། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་ཨ་བྷི་ཥིཉྩ་ཨཱ༔ དེས་རིགས་ལྔའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་པ་ཡིན་ནོ། །ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་བླང་བར་སྤྲོ་ན། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་ནས། རང་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་དང་བཅས། སོ་སོའི་ཙཀླི་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤྭ་རཱི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མཁའ་འགྲོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སིཾ་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེད་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སོ་སོར་བླང་བའམ། ཤིན་ཏུ་བསྡུ་ན། རྣམ་རྒྱལ་བུམ་པ་དང་ཀུན་བཟང་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ༔ ཞེས་དང་ཡིག་བརྒྱའི་མཐར། བཛྲཱི་བྷ་བ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ལུས་སྨིན་པར་བྱེད་པ་བུམ་པ་ལྷ་ཡི་དབང་བསྐུར་པས། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དམ་པ་རིགས་བརྒྱའི་ལྷའི་འཁོར་ལོ་རང་རིག་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པའོ། །རྗེས་ནི། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་ཚིག་ཁས་བླང་ཞིང་། གཏང་རག་གི་མཎྜལ་འབུལ་ལོ། །གཉིས་པ་བསྡུ་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་ནི། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང་། ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང་། ཨོཾ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་ཕཊཿ ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། །དེ་གཉིས་གང་ལྟར་ཡང། གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །གཉིས་པ་གཞན་རྗེས་སུ་འཛིན་པ་ལ་གཉིས། ཚེ་ལྡན་དབང་གིས་རྗེས་སུ་འཛིན་པ་དང་། ཚེ་འདས་སྡིག་སྦྱོང་གི་སྒོ་དུ་མས་རྗེས་སུ་འཛིན་པའོ། །དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོངས་པ་ན་བགེགས་བསྐྲད། སྲུང་འཁོར་བསྒོམ། མཚམས་སྦྱོར་ཇི་ལྟར་རིགས་པ་དང་བཅས་མཎྜལ་ནས་བརྩམ་སྟེ། གཏང་རག་གི་བར་བདག་འཇུག་ལ་ཁ་བསྒྱུར། དེང་ནས་བརྩམ་སྟེ་སོགས་ལུས་ལོངས་སྤྱོད་འབུལ་བ་དང་། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོ་བ་སྤྱི་ལྟར་བྱས་ལ་རང་གནས་སུ་བཏང་ངོ་། །གཉིས་པ་ནི། སྦྱོར་བའི་སྐབས་སུ། དཀྱིལ་འཁོར་གྱི་ཤར་སྒོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ། གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་དང་བཅས་བཀོད། གཞན་ཡང་རིགས་དྲུག་གི་དཀྱིལ་འཁོར་དང་། སྦྱོང་ཆས་དང་། བྲབ་རྫས། ཟས་གཏད་སོགས་ཉེར་མཁོ་རྣམས་འདུ་བྱ། ཆོ་ག་དངོས་ལ་བཅུ་གཅིག་སྟེ། རྟེན་བསྐྱེད་པ། རྣམ་ཤེས་དགུག་བསྟིམ། བགེགས་སྦྱོང་བ། ཁྲུས་བྱ་བ། རིགས་དྲུག་གནས་འདྲེན། དབང་བསྐུར་བ། ཟས་གཏད་པ། སྨོན་ལམ་གདབ་པ། ནད་སྒྲིབ་སྦྱོང་བ། ལམ་བསྟན་ཅིང་གནས་སྤར་བ། བྱང་བུ་སྲེག་པའོ། །དང་པོ་ནི། དམིགས་རྟེན་རིགས་དྲུག་གི་དལ་དུ་བཀོད་ལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམས་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཛཿ ཞེས་པས་རྣམ་ཤེས་དང་། ཨ་ནྲྀ་སུ་ཏྲི་པྲེ་དུ་མ་མ་ཨངྐུ་ཤ་ཛཿ ཞེས་པས་རིགས་དྲུག་གི་བག་ཆགས་བཀུག །ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་བསམ། ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པས་རྟེན་དང་དབྱེར་མེད་དུ་བག་ཕབ་སྟེ་འཁོད་པར་བསམ་མོ། །གསུམ་པ་ནི། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་དི་སྭཱ་ཧཱ། ལན་གསུམ་གྱིས་ཞི་བ་དང། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས་ལན་གསུམ་གྱིས་ཕྱེད་མ་དང་། ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ ཅེས་དང་། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། གཏོར་མ་ཕྱིར་བསྐྱལ་བ་ནི་དྲག་པོའི་སྦྱོང་བའོ། །བཞི་པ་ནི། མེ་ལོང་དུ་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱིའོ། ཁྲུས་ཆུ་དེ་ཉིད་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། རྩ་སྔགས་དང་ཡི་གེ་བརྒྱ་པ་བཟླ་ཞིང་བཀྲུ། གཞན་ཡང་། ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ ཉོན་མོངས་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཞེས་དང་། ཡི་གེ་བརྒྱ་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུ །ཞར་བྱུང་དུག་སྦྱོང་བ་ནི། ཀུ་ཤས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བདེ་གཤེགས་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་ཉོན་མོངས་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འབྱུང་བ་བཞིས་བྱབ་ཅིང་། འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་ལུས་བརྗེས་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ རྩ་སྔགས་དང་ཡི་གེ་བརྒྱ་པ། མི་འཁྲུགས་པའི་གཟུངས་སོགས་བརྗོད་ལ་ཁྲུས་བྱའོ། །ལྔ་པ་ནི། གསོལ་གདབ་ཆོས་བཤད་སྐྱབས་སུ་གསོལ། །དབང་བསྐུར་བྱ་ཞིང་ལན་ཆགས་སྦྱང་། །བསྲེག་དང་བཀྲུ་ཞིང་གནས་ནས་དྲང་། །ཞེས་བརྒྱད་ལས། དང་པོ་ནི། ཚེ་འདས་ཀྱིས་གསོལ་བ་གདབ་པར་བསམས་ལ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ གཉིས་པ་ནི། སློབ་དཔོན་གྱིས། ཀྱེ་མ༔ ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་རིགས་དྲུག་གནས་ནས་དྲངས༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ ཅེས་གདམས་ལ། གསུམ་པ་ནི། ཚེ་འདས་ཀྱིས་གུས་པ་ཆེན་པོས། ཉོན་དྲུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཕྱིན་དྲུག་ཆོས་ཐོབ་ཉོན་མོངས་རྣམ་པར་དག༔ རིགས་དྲུག་ཐུབ་པ་རང་རྟགས་ཕྱག་རྒྱ་ཅན༔ འགྲོ་བ་རིགས་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ བཅོམ་ལྡན་ཐུབ་པ་དྲུག་ལ་སྐྱབས་སུ་མཆི༔ ཞེས་སྐྱབས་སུ་གསོལ་བར་བསམ། །བཞི་པ་ལ་གཉིས་ལས། ཐོག་མར་ཕྱག་མཚན་གྱིས་དབང་བསྐུར་བ་ནི། ཐུབ་དྲུག་སོ་སོའི་ཕྱག་མཚན་ཐོགས་ལ། ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཱ༔ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ༔ ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏཱིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ༔ ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝང་སྙན་པའི་དོན་བྱེད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བིདྱཱ་ཁཌྒ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་བ་དྷཱུ་ཏིའི་དབང་ཐོབ་ཤོག༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨ་བ་ར་ཎ་ནི་ཧཱུྃ་ཕཊ༔ གཉིས་པ་བུམ་དབང་བསྐུར་བ་ནི། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྭཱ་རཏྣ་ཨབྷི་ཥིཉྩ་ཨཱ༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ལྔ་པ་ནི། གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་ལན་ཆགས་བུ་ལོན་སྙེགས་པ་ཡི༔ གསོན་བདུད་གཤིན་ལྕག་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཅེས་བསྔོ། དྲུག་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས༔ འདི་དག་འཇིག་རྟེན་དུག་ཡིན་ཏེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་རྣམས་ཀྱི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཅེས་དང་། རྩ་སྔགས་ཡིག་བརྒྱ་སྒྲིབ་སྦྱོང་གི་སྔགས་སོགས་སྦྲེལ་བ་བརྗོད་ཅིང་བྱེ་མས་བྲབས་པས་ཡེ་ཤེས་ཀྱི་མེས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེག་པར་བསམ། བདུན་པ་ནི། ཁྲུས་བུམ་ཐོགས་ལ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་ཆུ་ཡིས་ལེགས་བཀྲུས་པས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུས་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཐལ་བའང་སྦྱངས་པར་བསམ། བརྒྱད་པ་ནི། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་ས་ཡིན་པས༔ བོར་རོ་སྤོང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་ཐར་པའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲང་། རྡོ་རྗེས་ཕྱིར་ལམ་བཅད། དབང་སྟེགས་སུ་བཀོད་ལ། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ཞིང་ཚིག་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ། དྲུག་པ་ནི། མཎྜལ་ནས་བརྩམ་སྟེ་གཏང་རག་གི་བར་བདག་འཇུག་བཞིན་ལ། ཚིག་གི་མཚམས་སྦྱོར་རྒྱས་བསྡུས་ཅི་རིགས་པས་བརྡ་སྤྲད། འོན་ཀྱང་སྦྱོར་བ་སྡིག་སྒྲིབ་སྦྱོང་བའི་དབང་ནི་གནས་འདྲེན་གྱི་སྐབས་སུ་སོང་ཟིན་པས་འདིར་མི་དགོས། སྤྲོ་ན་མཇུག་ཏུ་ལུས་ལོངས་སྤྱོད་འབུལ་བ་དང་། དགེ་བ་བསྔོ་བའང་བྱ། གལ་ཏེ་གྲངས་གསོག་ལྟ་བུའི་སྐབས་སྤྲོས་པ་ཤིན་ཏུ་བསྡུས་པའི་དབང་དུ་བྱས་ན་ཚེ་འདས་ཀྱིས་བརྗོད་པར་བསམས་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་ཕུལ། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ ཅེས་གསོལ་བ་གདབ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག་ལ་དགོངས་སུ་གསོལ༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ལྷར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང༔ ཅེས་སྡོམ་པ་བཟུང་། ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་ཡེ་ཤེས་པ་དབབ། ཏིཥྛ་བཛྲ་ས་བརྟན་པར་བྱ། དེ་ནས་དབང་གི་དངོས་གཞིའི་སླད་དུ། ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་མེད་ཁང་གི་རྣམ་པར་གནས་པའི་དབུས་སུ་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་རྟེན་དང་བརྟེན་པར་བཅས་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད་ཅེས་བརྡ་སྦྱར་ལ། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱེད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམ། སུ་པྲ་ཏིཥྛ་ས་མེ་ཏོག་འཐོར་ཞིང་དབང་དོན་གྱི་ཡེ་ཤེས་བརྟན་པར་བསམས་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་བྱའོ། །བདུན་པ་ནི། བཟའ་བཏུང་གི་དངོས་པོ་གཙང་མ་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པར་བསམ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་དགུའི་འབྱོར་པ་རྒྱ་མཚོ་ཡིས། ཁྱོད་ཀྱི་རེ་བ་བཀང་བར་བྱ། ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པས། དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་པར་གྱུར་པའི་མོས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱ། སླར་ཡང་ཚེ་འདས་ཀྱི་དོན་དུ། ཐམས་ཅད་ནམ་མཁའི་མཛོད་བཞིན་ཏུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་ནི། འདི་ནས་ཤར་ལྷོ་ནུབ་བྱང་དང་། །དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན། །བདེ་གཤེགས་རིགས་ལྔའི་ཞིང་ཁམས་ཡོད། ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ཆེན་ཏེ༔ འབྱུང་བའི་སྙིང་པོ་མི་འགྱུར་བའི༔ ཡི་གེ་ལྔ་རུ་རྣམ་པར་དག༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་ལྔར་ནི་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་གཉིས་མེད་ཤོག༔ ཅེས་བརྗོད་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་མཐུ་དང་ལྡན་པར་བསམ། དགུ་པ་ནི། སེམས་དཔའ་ལྔའི་སྐུ་གཟུགས་མེ་ལོང་ལ་ཤར་བ་བསྟན་ཅིང་། ཀྱེ་མ༔ མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ལས་སྐུར་སྤྲུལ་པ༔ རྒྱལ་སྲས་ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་སྒོ་ལྔའི་དབང་པོའི་ནད་བསལ་ནས༔ ཟག་མེད་ཡུལ་ལྔའི་བདེ་ལ་སྤྱོད་པར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྔ༔ ལྷ་མཆོག་རྣམས་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཞེས་བརྗོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཐུ་དང་ལྡན་པར་བསམ། བཅུ་པ་ལམ་བསྟན་པ་དང་གནས་སྤར་བ་གཉིས་ལས། དང་པོ་ནི། སྣང་གསལ་གྱི་འོད་ཀྱིས་མཚོན་པར་བྱས་ལ། ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཅེས་དང་། འདི་ནས་ཤར་ལྷོ་ནུབ་བྱང་དང༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ མངོན་དགའ་ལ་སོགས་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲོངས༔ གཉིས་པ་གནས་སྤར་བ་ནི། ཐབས་ཤེས་ཟུང་འབྲེལ་མདའ་གཞུའི་འཁྲུལ་འཁོར་གྱིས་མཚོན་ཏེ། ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཅེས་དང་། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་ཡོད༔ རྒྱལ་བའི་སྲས་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཅེས་བྱ་བཞུགས༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཡོད༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྟུག་པོ་བཀོད་པའི་ཞིང༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ ཅེས་དངོས་སུ་ཁྱབ་བྱེད་ཀྱི་ཞིང་འོག་མིན་སྟུག་པོ་བཀོད་པར་གནས་སྤར་བས། ཞར་ལ་ཁྱབ་བྱ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞིའི་ཞིང་ཁམས་སུ། རིགས་ཀྱི་གཙོ་བོ་རྣམས་ཀྱི་སྤྱན་སྔར་སོན་ནས། ཞལ་མཐོང་། དབང་བསྐུར། ལུང་བསྟན། དབུགས་དབྱུང་སྟེ་དབུས་རྡོ་རྗེ་སེམས་དཔའི་སྲས་སུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་བསམས་ལ་སྨོན་ལམ་ཇི་ལྟར་རིགས་པ་གདབ། བཅུ་གཅིག་པ་ནི། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་པས་མར་མེའི་དབུས་སུ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་མེ་ལྷ་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་མེ་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམས་ལ། ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ རྣམ་ཤེས་ཚོགས་བརྒྱད་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཉོན་མོངས་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་དང་། ཡི་གེ་བརྒྱ་པ་དང་མི་འཁྲུགས་པའི་གཟུངས་སོགས་བཟླ་བཞིན་པས་བསྲེག །ཐལ་བ་སྔགས་བཟླ་ཞིང་བུམ་ཆུས་བྲན་ལ། དྲི་ཞིམ་པའི་འཇིམ་པ་དང་སྦྱར་ནས་སཱཙྪ་གདབ། རྟེན་འབྲེལ་སྙིང་པོའི་མེ་ཏོག་འཐོར་བས་རབ་ཏུ་གནས་པར་བྱའོ། །དེ་ཡང་འདི་ལྟ་བུའི་གནས་ལུང་གི་ཆོ་གས་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པར་མཚོན་པ་ཡིན་ཏེ། རིགས་དྲུག་གི་གནས་ནས་དྲངས་པ་ཡན་གྱིས་ཚོགས་དང་སྦྱོར་ལམ། དབང་བསྐུར་བས་མཐོང་ལམ། སྨོན་ལམ་གདབ་དང་། དབང་པོའི་སྒྲིབ་པ་བསལ་ནས་སྦྱོང་སྨིན་གྱི་མཐུ་ཐོབ་པ་སྟེ་སྒོམ་ལམ། ལམ་བསྟན་པས་མི་སློབ་པའི་ལམ། གནས་སྤར་ཞིང་བྱང་བུ་བསྲེགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ། སཱཙྪ་གདབ་པས་སླར་ཡང་མཛད་པ་རྒྱུན་མི་འཆད་པར་མཚོན་པར་བྱེད་པའོ། །འདིས་ལ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀླག་པས་གྲུབ་པར་བཞུགས་ནའང་། ཆོ་ག་བསྡུས་པའི་དབང་དུ་བྱས་ཏེ་རྡོ་རྗེའི་གསུང་ཁོ་ན་སྙིང་པོར་དྲིལ་ནས་སྐབས་སུ་བབ་པའི་རྣམ་གཞག་དང་མཚམས་སྦྱོར་ཅུང་ཟད་ཀྱིས་བརྒྱན་ཏེ་བཀོད་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བདུན་ཏེ། ཚོགས་ཀྱི་མཆོད་པ། བསྐུལ་ཞིང་ཕྲིན་ལས་བཅོལ་བ། ཆད་ཐོ་བསྒྲག་པ། གཏོར་སྐྱོང་བྱ་བ། བྲོ་བརྡུང་བ། དཀྱིལ་འཁོར་བསྡུ་བ། ཤིས་པ་བརྗོད་ཅིང་སྨོན་ལམ་གདབ་པའོ། །དང་པོ་ལ་ལྔ་ལས། ཡོ་བྱད་བཤམ་ཞིང་བགེགས་བསྐྲད་པ་ནི། དམ་རྫས་སུ་འོས་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་རྣམས་ཚོགས་པར་བཤམས་ལ། རང་ཉིད་གཙོ་བོའི་ཐུགས་ཀ་ནས་ཞེ་སྡང་རྡོ་རྗེའི་རྣམ་པས་ཐོན་པར་བསམ་སྟེ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རིགས༔ ཚོགས་ལ་བར་གཅོད་བྱེད་པའི་བགེགས༔ ལན་ཆགས་གནས་འདིར་མ་འདུག་པར༔ སོ་སོ་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ ཅེས་བགེགས་བསྐྲད། །གཉིས་པ་བྱིན་གྱིས་རློབ་པ་ནི། ཨོཾ་བཛྲ་སཏྭ་ཨཱཿཞེས་པས། རང་ཉིད་རྡོ་རྗེ་སེམས་པའི་སྐུར་ང་རྒྱལ་འཕོས་ལ། རྫས་རྣམས་ལ་ལས་བུམ་གྱི་ཆུ་དང་བདུད་རྩི་གཏོར་ནས། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གི་ངོ་བོར་གྱུར༔ དེ་ལས་མེ་རླུང་ཆུ་གསུམ་འཕྲོས༔ ཚོགས་ཀྱི་རྣམ་རྟོག་བསྲེགས་གཏོར་བཀྲུས༔ མེ་རླུང་ཆུ་གསུམ་འོད་དུ་ཞུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ནི༔ དཀར་དམར་མཐིང་གསུམ་རྣམ་པར་གྱུར༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོ༔ ཞེས་བཟླས་པས་བྱིན་གྱིས་བརླབས། གསུམ་པ་ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ༔ མ་བཅོས་ཆོས་དབྱིངས་ཕོ་བྲང་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་དང༔ རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲང་། བཞི་པ་མཆོད་པ་ལ་ཕྱི་ནང་གཉིས་ཀྱི། ཕྱི་ཚོགས་ཞིང་རྣམས་མཆོད་པ་ལ་གཉིས་ལས། དང་པོ་སྤྱིར་མཆོད་པ་ནི། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཔཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་ཞེས་པས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་མཆོད་པ་ནི། ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཞེས་འབུལ་འདོད་ཡོན་ལྔའི་མཆོད་སྤྲིན་གྱིས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ཧཱུྃ༔ བདག་ཅག་འཁོར་བའི་སེམས་ཅན་གཞི་བླངས་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླས་པས་མཁོན་བཅུག་སྦྱོང་ངོ་། །ལས་བྱང་ལས་སྐབས་འདིར་སྐོང་བཤགས་རྒྱས་པ་རྣམས་ལེན་པར་གསུངས་པ་ནི་ཚོགས་མཆོད་གཙོ་བོར་བཏོན་པའི་དབང་དུ་བྱས་ཀྱི། འདིར་ནི་ཚོགས་རྟེན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྐོང་བཤགས་གཙོ་བོར་བྱེད་པའི་སྐབས་ཡིན་པས་བཟླས་པའི་རྗེས་སུ་སྦྱར་བ་ཡིན་ནོ། །ཐ་མ་བསྒྲལ་སྟོབ་ནི། ལིངྒ་ལོགས་སུ་མ་བཅས་ན་སྔར་བྱིན་རླབས་མ་བྱས་གོང་ནས་ཚོགས་ཟན་བཅད་པ་མདུན་དུ་བཞག་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཞེས་པས། བདག་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཞེས་ལྕགས་ཀྱུའི་རྒྱས་བཀུག་ལ། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ༔ ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྟན་པ་བཤིགས་པའི་དགྲ་བགེགས་མ་རུངས་པ༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཕུར་བུ་བཏབ་པ་ལས་འཕྲོས་པའི་འོད་ཟེར་གྱིས་ལས་ཉོན་བག་ཆགས་དང་བཅས་བསྲེགས། རྣམ་ཤེས་རྡུལ་བྲལ་དྭངས་མའི་ཐིག་ལེ་ཆོས་ཀྱི་དབྱིངས་སུ་སྤར་ཏེ་སངས་རྒྱས་པར་མོས་ལ་བཅད་གཏུབ་ཁོག་པ་ཕྲལ་ཏེ་བདུད་རྩིར་སྤེལ་ནས་སྟོབ་པ་ནི། ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་སྤྲུལ་འཁོར་བཅས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔ དུག་ལྔ་དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་ལྔ་ལྡན་མི་འགྱུར་ཞལ་དུ་སྟོབ༔ རྣམ་རྟོག་བག་ཆགས་ཆོས་ཉིད་ཀློང་དུ་རོལ༔ བསྟབ་བོ་བཞེས་ཤིག་རོལ་ཅིག་ཁཱ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ ཅེས་ཕུལ་ལ་བསྒྲལ་མཐའ་སྦྱོར་བའི་དམ་ཚིག་གིས་ཚོགས་ཞིང་རྣམས་ཀྱང་རྗེས་ཆགས་ཀྱི་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རང་ལ་ཐིམ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་རང་རྡོར་སེམས་སུ་ང་རྒྱལ་འཕོའོ། །གཉིས་པ་ནང་ལུས་དཀྱིལ་གྱི་ལྷ་ཚོགས་མཆོད་ཕྱིར་རོལ་པ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་གྲོལ་ཕྱིར་བརྡའ་དང་བརྡའི་འབུལ་ལེན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་ནང་གི་སྲེག་བླུགས་ཀྱིས་རོལ་ལ། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ བདག་གཞན་འགྲོ་བ་མ་ལུས་པ༔ དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། །ལྔ་པ་ལྷག་མ་གཏོང་བ་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པ་སྟེགས་དམའ་བ་དང་། སྔར་ཟུར་དུ་བཞག་པའི་མཆོད་པ་ཆ་གསུམ་པ་སྟེགས་མཐོ་བ་ལ་བཀོད་དེ། ཕུད་གཏོར་ལ་བདུད་རྩི་བྲན་ནས་ཡར་གནས་མཆོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལས༔ ལོངས་སྐུ་འགག་མེད་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཚོགས་ཕུད་དགྱེས་པ་ཆེན་པོར་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ༔ ཧཱུྃ༔ དང་པོ་གཙང་མའི་ཕུད་ཀྱིས་མི་མཆོད་དུ༔ རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དགྱེས༔ བར་དུ་བཅུད་ལྡན་ཚོགས་ལ་མི་རོལ་དུ༔ ཁྲག་འཐུང་འབར་བའི་ཚོགས་ཀྱང་ཚོགས་ལ་དགྱེས༔ ཐ་མ་ཚོགས་ཀྱི་ལྷག་མས་མི་བརྔན་དུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལྷག་ལ་དགྱེས༔ ཕུད་ལ་དགྱེས་པའི་བདེ་གཤེགས་ཕུད་ལ་རོལ༔ ཚོགས་ལ་དགྱེས་པའི་ཁྲག་འཐུང་ཚོགས་ལ་རོལ༔ ལྷག་ལ་དགྱེས་པའི་བྲན་གཡོག་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ ཅེས་བརྗོད་ཅིང་ལས་རྡོར་གྱིས་མཁའ་ལྡིང་གི་རྒྱས་དམེ་གཏོར་ནས་ཅུང་ཟད་བླངས་པ་ཕུད་ལ་བསྲེས་རྗེས་ཕུད་ཐམས་ཅད་དམེ་གཏོར་གྱི་སྟེང་དུ་ཕབ་ལ་བསྲེས་ནས་སློབ་དཔོན་གྱི་ལྕེ་ལ་རྟ་མགྲིན་ཡབ་ཡུམ་བསྒོམས་ནས་རོལ་པའི་བྱང་སེམས་བདུད་རྩིར་གནས་པར་བསམས་ལ། མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཁ་ཕྲུ་འདེབས་ཤིང་། ཧཱུྃ༔ ཐ་མ་ལྷག་མ་ཁ་ཕྲུས་མི་འདེབས་སུ༔ ཁྱོད་དང་ང་ཉིད་རྡོ་རྗེའི་དམ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ན་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིའི་བཀའ་ཉན་བསྒྲུབ་ཅེས་ཁས་བླང་བཞིན༔ ལྷག་མའི་ཞལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ལྷག་གཏོར་ལ་སྨན་རག་བྲན་ཞིང་དཔལ་འབར་བཙུགས་ནས་ཅུང་ཟད་ཕྱིར་ནུར་དུ་བཞག་ལ། བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཕྱོགས་བཞི་ནས་གཤེགས་དབང་མོ་བདུན་ཚན་བཞི༔ ལས་བཞིའི་མདོག་ཅན་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམ་ཞིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་སྐྱོགས་བཟང་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་མི་རོ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་དམ་ཚིག་ཉམས་པའི་ཤ་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལྷག་མ་ཕྱིར་དོར་རོ། །གཉིས་པ་སྲུང་མ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ལྟ་བའི་བརྟུལ་ཞུགས་དང་སྒོམ་པའི་གསལ་སྣང་གི་ང་རྒྱལ་བསྐྱེད་ལ། ཧཱུྃ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་རྣམས༔ ལ་ལ་བསྟན་པའི་གཞི་འཛིན་མཛད༔ ལ་ལ་བཀའ་ཡི་བྱ་ར་མཛད༔ ལ་ལ་ཆོས་མཛད་སྲུང་མ་མཛད༔ ལ་ལ་གཙུག་ལག་དཀོར་སྲུང་མཛད༔ ལ་ལ་ཡུལ་དགོན་དབེན་གནས་སྲུང༔ ལ་ལ་དམ་ཚིག་ལས་རྗེས་གཅོད༔ ལ་ལ་སྒྲུབ་པའི་སྟོངས་གྲོགས་མཛད༔ ལ་ལ་སྟོང་ཁམས་ཁྱབ་པར་ཉུལ༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལ་སྐྱེ་འགྲོའི་བླ་ཚེ་རྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ལོ། །གསུམ་པ་ཆད་ཐོ་བསྒྲག་པ་ནི། སྲུང་མའི་གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་བྲན་ཏེ། འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་རུ་དྲ་བཏུལ་པའི་ཚེ༔ གཽ་རཱི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་དང༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ གཏོར་མ་བཞེས་ལ་བདག་གི་སྟོངས་གྲོགས་མཛོད༔ སྔོན་དུས་ཁས་བླངས་དམ་ལས་མ་འདའ་བར༔ ཆད་ཐོའི་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ད་ལྟ་རྣལ་འབྱོར་བདག་གི་སྟོངས་གྲོགས་མཛོད༔ ཅེས་གཙང་སར་ཕུལ། །བཞི་པ་གཏོར་སྐྱོང་ནི། སྔར་གྱི་གཏོར་གཞོང་བཤལ་བའི་ཕུད་བརྟན་གཏོར་ལ་བྲན་ཅིང་། དབང་མོའི་གཏོར་མར་སྨན་ཕུད་བྲན་ལ་གཉིས་ཀ་འབྲུ་གསུམ་གྱིས་བརླབས་ནས། ཧཱུྃ་བྷྱོ༔ ཤར་ཕྱོགས་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ ཉོན་མོངས་དགྲ་བགེགས་ཞི་བའི་ལས་མཛོད་ཅིག༔ ལྷོ་ཕྱོགས་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ བསོད་ནམས་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ འཁོར་འདས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ མ་རིག་སྡིག་སྒྲིབ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔ བར་གཅོད་མི་མཐུན་རྐྱེན་ངན་བཟློག་ཏུ་གསོལ༔ ཉམས་རྟོགས་བསོད་ནམས་སྤེལ་བའི་ཕྲིན་ལས་མཛོད༔ བཅོལ་པའི་ཕྲིན་ལས་ཁྱོད་ཀྱིས་གྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་བསྐྱལ་ལོ། །ལྔ་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་མ་རིག་ཉོན་མོངས་པའི་རང་མདངས་དགྲ་བགེགས་དམ་སྲི་རྣམས་མནན་ལ་སྣོད་བཅུད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་ཏེ་བྲོས་གཟིར་བར་བསམ་ཞིང་། རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་ནས༔ དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་གསལ༔ གསལ་འཚེར་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཕྱོགས་བཅུ་བདེ་གཤེགས་རིགས་ཀྱི་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་ཡེ་ཤེས་ཆེམས་སེ་ཆེམ༔ བྲོ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་བྲོ༔ གླུ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་གླུ༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་གནོན༔ ཨོཾ་ཨཱཿཧཱུྃ་སཏྭམྦྷ་ཡ་ནན༔ དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡའི་བར་གྱིས་མཆོད། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་པའི་མཐར་ཡིག་བརྒྱ་བཟླས་པས་བཟོད་གསོལ་བྱ། རྡུལ་ཚོན་གྱི་ཉིན་དང་པོ་རྣམས་དང་རས་བྲིས་ལ་རྣམ་པ་ཀུན་ཏུ་ཡེ་ཤེས་པ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱ། རྡུལ་ཚོན་གྱི་་ཉིན་ཐ་མ་ལ་ཡེ་ཤེས་པ། ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ སོགས་ཀྱི་མཐར། བཛྲ་མུ༔ ཞེས་པས་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམས་ཤིང་། གང་ལྟར་ཡང་། བདག་ཉིད་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་འོད་དུ་ཞུ་ནས་བདག་ཉིད་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་ཡང་ཐུགས་སྲོག་ནཱ་དའི་བར་རིམ་གྱིས་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་པར་བསམས་ལ། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་དུ་ཐིམ༔ སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང༔ གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔ གྲགས་སྟོང་བརྗོད་དུ་མེད་པའི་ངང་ལ་ཐིམ༔ དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེང་ལྟར༔ ཐུགས་དགོངས་སྐྱེ་མེད་མ་བཅོས་ངང་ལ་གནས༔ ཨ་ཨ་ཨ༔ ཞེས་དོན་བསམ་ཞིང་མཉམ་པར་བཞག །དེའི་ངང་ནས། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིནྟ་ཨོཾ༔ཞེས་བརྗོད་པས། རང་ཉིད་ཀུན་ཏུ་བཟང་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་ཤེས་པས་ཐུན་མཚམས་ཐམས་ཅད་དོན་ཡོད་པར་སྤྱོད་ཅིང་། རྡུལ་ཚོན་ཡིན་ན་ལས་ཀྱི་རྗེས་མི་མངོན་པར་བསྡུས་ལ་ཆུ་ཀླུང་ལ་སོགས་པར་གཤེགས་སུ་གསོལ་ལོ། །བདུན་པ་ཤིས་བརྗོད་སྨོན་ལམ་ནི། སྟོང་ཞིང་བདག་མེད་ཆོས་སྐུའི་བཀྲ་ཤིས་ཤོག༔ གསལ་བ་འཛིན་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔ ཐུགས་རྗེ་ཆད་མེད་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་འདུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ ཅེས་ཤིས་པ་བརྗོད། ན་མོ༔ འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་འདིས༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ སྐུ་གསུམ་འབྲས་བུ་མྱུར་དུ་འགྲུབ་གྱུར་ནས༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ ཅེས་དགེ་བའི་རྩ་བ་རང་གཞན་གྱི་དོན་དུ་བསྔོ་ཞིང་དགའ་སྟོན་གྱིས་མཐའ་བརྒྱན་པར་བྱའོ། །སྤྱིར་དབང་བསྐུར་ཆེན་མོ་དང་སྒྲུབ་ཆེན་སོགས་ཀྱི་སྐབས་སུ་ལས་བྱང་ཆེ་བས་གཞུང་བསྲངས་ཏེ། ཆ་ལག་རྣམས་རྒྱས་པར་སྦྱར་བ་ཡིན་ཡང་། སྒྲུབ་མཆོད་དཀྱུས་མར་འདི་ཙམ་གྱིས་དོན་འགྲུབ་ཅིང་ཆོ་གའི་འགྲོས་ཕལ་ཆེ་བ་ཞིག་ཞི་ཁྲོ་བཀའ་མ་དོང་སྤྲུགས་དང་མཐུན་པར་སྦྱར་བ་ལའང་སོམ་ཉི་མི་འཚལ་ཏེ། མཁས་ཤིང་གྲུབ་པར་གྲགས་པ་ཁ་ཅིག་གིས་གསར་རྙིང་གི་ཆོ་ག་བསྲེས་པའི་བསྒྲིགས་ཚོམ་མང་དུ་མཛད་མོད། དེ་ནི་རྒྱུད་སྡེ་འགྱུར་སྔ་ཕྱིའི་བབས་མི་འདྲ་བས་ཉ་དང་ཉུང་མ་བསྲེ་བར་རྟོགས་ལ། འདིར་བཀའ་གཏེར་གྱི་ཆོ་ག་ཕན་ཚུན་ལྟོ་སྦྱར་བ་ནི། སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀའ་མས་གཞུང་བསྲང་། གཏེར་མའི་མན་ངག་གིས་ཟུར་བརྒྱན་ཅེས་རླུང་ལྟར་གྲགས་པ་ཉིད་ཕྱག་ལེན་དུ་བཏབ་པ་སྟེ། བཀའ་མ་དོང་སྤྲུགས་ཀྱི་ཆོ་གའི་ཁོག་ཕུབ་ཀྱི་ས་བཅད་གཞིར་བཞག་པ་ལ། ཟབ་གཏེར་འདི་ཉིད་ཀྱི་རྡོ་རྗེའི་ཚིག་གོང་འོག་འབྲེལ་བསྡེབས་ཏེ་གྱེར་སྒོམ་སྦྲགས་མའི་ཚུལ་དུ་སྦྱར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་སྡིག་སྒྲིབ་རྣམ་པར་སྦྱོང་བ་ཞེས་བྱ་བ་འདི་ནི་མདོ་ཁམས་གོ་འཇོ་བླ་མ་རྣམ་གྲོལ་བཟང་པོ་དཔོན་སློབ་ཀྱིས་བསྐུལ་བ་ལས། རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྒན་པོ་དྷརྨཱ་ཤྲཱིས་གཏེར་བྱོན་གྱི་ལས་བྱང་ཆུང་བས་གཞུང་བསྲང་བ་ལ་ཁ་འགེངས་དགོས་པ་རྣམས་ལས་བྱང་ཆེ་བ་སོགས་ལས་ཀྱང་བསྐངས་ཤིང་བདག་འཇུག་དང་བཅས་ཁྱེར་བདེ་བར་ཤིང་མོ་བྱ་ལོ་སྟོན་ཟླ་སྨིན་དྲུག་ཟླ་བའི་ཡར་ངོའི་ཉིན་བཞི་ལ་རྫོགས་པར་ཉིས་བྲིས་སྤངས་ཏེ་སུག་བྲིས་སུ་སྤེལ་བའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་སེམས་སྡིག་སྒྲིབ་ཀྱི་འཆིང་བ་ལས་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག །དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་ཟུང་འཇུག་གི་རྟོགས་པ་མཐར་སོན་པ་རྨད་དུ་བྱུང་བའི་ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་གནས་བརྟན་ཆེན་པོ་དྷརྨཱ་ཤྲཱིས་ལེགས་པར་བསྩལ་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཆ་ལག་དང་བཅས་སྙིང་པོར་དྲིལ་བ་འདི་ཉིད་སླར་ཡང་ཉེར་མཁོའི་ཡན་ལག་འགའ་ཞིག་གིས་ཀྱང་བརྒྱན་ཏེ་བཀླགས་པས་གྲུབ་པར་རིག་པ་འཛིན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བསྡེབས་པའོ། །དེ་ལས་བྱུང་བའི་ལེགས་བྱས་སྣང་བ་ཡིས། །འགྲོ་ཀུན་སྒྲིབ་གཉིས་མུན་པ་རབ་བསལ་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བའི། །རྣམ་གྲོལ་ཐར་པའི་གྲོང་དུ་འཇུག་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

དཔལ་བཀའ་འདུས་ཀྱི་ལྷ་དབང་བཀོལ་བྱང (Volume 15, Text 27)

དཔལ་བཀའ་འདུས་ཀྱི་ལྷ་དབང་བཀོལ་བྱང་བཞུགས་སོ། །ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་ནས༔ གདོད་མའི་མགོན་པོ་ཞི་བ་ཀུན་ཏུ་འཆང༔ འབར་བའི་སྐུར་བཞེངས་སྤྱི་དཔལ་ཆེ་བའི་མཆོག༔ སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག༔ ཕྱོགས་རེར་ཞལ་ལྔ་མཐིང་དཀར་ལྗང་དང་དམར༔ གཙུག་གི་ཞལ་གཅིག་མཐིང་ནག་ནམ་མཁའི་མདངས༔ ཞལ་དང་མཚུངས་པའི་ཡན་ལག་བཞི་བཅུ་དང། རྩ་བའི་ཕྱག་གཉིས་མཐིང་ག་རྡོར་དྲིལ་བསྣམས༔ ལྷག་མ་གཡས་རྣམས་ཕྱོགས་བཅུའི་སངས་རྒྱས་དང༔ གཡོན་རྣམས་ཕྱོགས་བཅུའི་བྱང་སེམས་ཡབ་ཡུམ་བསྣམས༔ ཉི་ཤུ་རྩ་བཞི་ཞབས་ཀྱི་དོར་སྟབས་ཀྱིས༔ ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་གདན་དུ་བརྫིས༔ དུར་ཁྲོད་དཔལ་ཆས་རུས་པའི་རྒྱན་གྱིས་བརྒྱན༔ གཉིས་མེད་ཡུམ་ཆེན་ཀུན་ཏུ་བསྐྱོད་མ་ནི༔ དམར་ནག་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད༔ ཡབ་ཡུམ་ཟུང་འཇུག་བདེ་སྟོང་རོལ་པ་ལས། ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ སྤྱི་དཔལ་ལྷ་ཚོགས་དྲུག་བརྒྱ་དྲུག་ཅུ་བཞི༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་མ་འདྲེས་པ༔ གང་འདུལ་འགྲོ་བའི་དཔལ་དུ་ལྷམ་མེར་གསལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྤྱི་དཔལ་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྟོད་བྱམས་པའི་ཕོ་བྲང་ལྟེ་བ་ནས༔ ཡང་དག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེ་འུ་ཆུང༔ གཡོན་གསུམ་ཞིང་དབྱུག་དུང་དམར་རྒྱུ་ཞགས་གདེངས༔ ཀྲོ་དྷཱི་ཤྭ་རཱི་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྲིབ་སྙིང་རྗེའི་ཕོ་བྲང་ལྟེ་བ་ནས༔ རྡོ་རྗེ་ཕྲེང་བ་ནག་དམར་དཀར་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་མེ་ཕུང་མགོ་ཕྲེང་གཡས༔ དྲིལ་བུ་བམ་དང་གླེགས་བཾ་གཡོན་ན་བསྣམས༔ སྣང་དབྱིངས་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་རྩ་བརྒྱད་སྤྲུལ་པའི་འཁོར་ལོར་བཞེངས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲེང་བའི་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་དབུས་དགའ་བའི་ཕོ་བྲང་ལྟེ་བ་ནས༔ ཕྱག་ན་རྡོ་རྗེ་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྒྱ་གྲམ་ཕྲེང་བ་རལ་གྲི་གཡས༔ ཐོད་ཁྲག་སྡིགས་མཛུབ་སྦྲུལ་ཞགས་གཡོན་ན་བསྣམས༔ ཁམས་གསུམ་དབང་སྡུད་དམར་མོ་ཡབ་ལ་འཁྲིལ༔ དབུ་གསུམ་ཕྱག་དྲུག་གྲི་གུག་བཾ་དབྱུག་གཡས༔ བྷན་དམར་དྲིལ་བུ་སྦྲུལ་ཞགས་གཡོན་གྱིས་འཁྱུད༔ ལྷ་ཚོགས་བརྒྱད་ཅུའི་འཁོར་ལོ་སྤྲོ་ཞིང་བསྡུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱག་རྡོར་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ནཱི་ལཾ་བྷཱ་ར་དྷཱ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྨད་བཏང་སྙོམས་ཕོ་བྲང་ལྟེ་བ་ནས༔ རྡོ་རྗེ་རྩལ་རྫོགས་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་དགྲ་སཏྭ་ལྕགས་ཀྱུ་གཡས༔ དྲིལ་བུ་མི་མགོ་ཙིཏྟ་གཡོན་ན་བསྣམས༔ རྡོ་རྗེ་བདེ་མ་གྲི་ཐོད་འཛིན་པ་དམར༔ མཉམ་སྦྱོར་སུམ་ཅུ་རྩ་དྲུག་ལྷ་ཚོགས་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེ་རྩལ་རྫོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྟོད་སྦྱིན་པའི་ཕོ་བྲང་ལྟེ་བ་ནས༔ རྡོ་རྗེ་ཐོད་ཕྲེང་དམར་སྨུག་དཀར་སེར་ཞལ༔ ཕྱག་དྲུག་རྩེ་ལྔ་རྩེ་དགུ་རྒྱ་གྲམ་གཡས༔ གསེར་ལྕགས་ཟངས་ཀྱི་སྡིག་པ་གཡོན་ན་གཟིར༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ རིག་འཛིན་མཁའ་འགྲོ་བརྒྱད་ཅུའི་འཁོར་གྱིས་བསྐོར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀུ་ལ་དྷཱ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་ཕོ་བྲང་ནས༔ བདེ་མཆོག་འཁོར་ལོ་རྩ་ཞལ་མཐིང་ཀ་ལ༔ གཡོན་ལྗང་རྒྱབ་དམར་གཡས་སེར་ཕྱག་བཅུ་གཉིས༔ དང་པོ་གཉིས་ཀྱིས་རྡོར་དྲིལ་ཡུམ་ལ་འཁྱུད༔ ཐ་མ་གཉིས་ཀྱིས་གླང་ཀོ་བརྒྱངས་ཏེ་འཛིན༔ ལྷག་མ་ཅང་ཏེའུ་དགྲ་སཏྭ་གྲི་གུག་དང༔ རྩེ་གསུམ་དབྱུག་པ་གཡས་ལ་ཁ་ཊྭཱཾ་ག༔ ཐོད་དབྱུག་བྷན་དམར་ཚངས་མགོ་གཡོན་ན་གདེངས༔ རྣལ་འབྱོར་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་གཉིས་བདེ་སྟོང་ཆེན་པོར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་མཆོག་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་དྷཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་དཀྱིལ་དོན་མཐུན་ཕོ་བྲང་ལྟེ་བ་ནས༔ གཤིན་རྗེ་མཐིང་ནག་མཐིང་དཀར་དམར་བའི་ཞལ༔ གཡས་གསུམ་ཐོད་དབྱུག་དགྲ་སཏྭ་རལ་གྲི་དང༔ གཡོན་གསུམ་ཞགས་པ་མདུང་ཐུང་ཐོད་ཁྲག་བསྣམས༔ ཟ་བྱེད་དགྲ་སཏྭ་དུང་དམར་སྟོབ་པས་འཁྲིལ༔ དྲུག་ཅུ་རྩ་ལྔའི་སྤྲུལ་པས་དགྲ་བགེགས་འདུལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེའི་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྨད་དོན་སྤྱོད་ཕོ་བྲང་ལྟེ་བ་ནས༔ རཏྣ་རྩལ་རྫོགས་སེར་ནག་དམར་བའི་ཞལ༔ བེ་ཅོན་རལ་གྲི་སྲིད་པ་འཁོར་ལོ་གཡས༔ སྦྲུལ་ཞགས་ཕུབ་དང་བྷན་དམར་གཡོན་ན་འཛིན༔ སྦྱོར་ཡུམ་དམར་ནག་བེ་ཅོན་བྷན་འཛིན་འཁྱུད༔ ལྔ་བཅུ་རྩ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རཏྣ་རྩལ་རྫོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་ལྟེ་བ་ནས༔ རྟ་མགྲིན་དམར་ནག་དམར་དཀར་སྔོ་བའི་ཞལ༔ ཕྱག་དྲུག་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ རལ་གཅིག་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྲིལ༔ ལྔ་བཅུ་རྩ་ལྔའི་ལྷ་ཚོགས་གཟི་བྱིན་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟ་མགྲིན་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲིཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་ལྟེ་བ་ནས༔ ཀྱེ་ཡི་རྡོ་རྗེ་ཞལ་བརྒྱད་བཅུ་དྲུག་ཕྱག༔ གཡས་དཀར་གཡོན་སྔོ་མདུན་རྒྱབ་ཉི་མའི་མདོག༔ གཡས་བརྒྱད་རྡོ་རྗེ་ཐོད་ཕྲེང་སྦྱོར་ཡུམ་འཁྱུད༔ གཡོན་བརྒྱད་བྷན་དམར་ཁ་ཊྭཱཾ་སྒྲོལ་ཡུམ་འཁྱུད༔ བདག་མེད་རྡོ་རྗེ་གྲི་ཐོད་འཛིན་དང་སྦྱོར༔ དྲུག་ཅུ་རྩ་ལྔའི་དཀྱིལ་འཁོར་འོད་ཟེར་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྱེས་རྡོར་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་དེ་ཝ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་ལྟེ་བ་ནས༔ གསང་འདུས་ཞལ་ལྔ་ཕྱག་བཅུ་རྩ་ཞལ་མཐིང༔ གཡས་དཀར་གཡོན་ནག་རྒྱབ་མཐིང་སྤྱི་གཙུག་དམར༔ གཡས་ལྔ་རྡོ་རྗེ་ཉི་མའི་རྒྱལ་མཚན་དང༔ གཡོན་ལྔ་དྲིལ་བུ་ཉི་ཟླའི་ཕྲེང་བ་འཛིན༔ མཁའ་སྤྱོད་ཙིཏྟ་བྷན་དམར་སྟོབ་པས་འཁྲིལ༔ ལྷ་ཚོགས་བརྒྱ་དང་སུམ་ཅུའི་ཚོམ་བུར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསང་འདུས་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཤྲཱི་གུ་ཧྱ་ས་མཱ་ཛ་ཀྲོ་དྷཱ་རཱ་ཛ་ཨ་དྷི་པ་ཏི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྨད་ལྟ་བ་ཟག་མེད་ཕོ་བྲང་དབུས༔ པདྨ་རྩལ་རྫོགས་དམར་སྨུག་དཀར་སྔོའི་ཞལ༔ ཕྱག་དྲུག་མདའ་དར་ཐོད་དབྱུག་མེ་ཕུང་གཡས༔ ཤེལ་བུམ་ཟླ་ཉི་དཔལ་བེ་གཡོན་ན་བསྣམས༔ འོད་སྐོར་ཁྲོ་མོ་ཚེ་བུམ་བསྣམས་པས་འཁྲིལ༔ དགུ་བཅུ་རྩ་བརྒྱད་ལྷ་ཚོགས་ཡོངས་སུ་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ པདྨ་རྩལ་རྫོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་པདྨ་དྷུ་ཤ་ཏི་ཨཱ་ཡུར་བྷནྡྷ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཨཱ་ཡུ་ཥེ་བྷྲཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་ལྟེ་བ་ནས༔ ཆེ་མཆོག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ དབུ་གསུམ་མཐིང་ནག་གཡས་གསུམ་དཀར་སེར་ཞལ༔ གཡོན་གསུམ་དམར་ནག་ཞབས་བརྒྱད་ཕྱོགས་མཚམས་བགྲད༔ གཡས་དགུ་རྡོ་རྗེ་གཡོན་དགུ་བྷནྡྷ་བསྣམས༔ ཀྲོ་དྷཱི་ཤྭ་རཱི་གྲི་ཐོད་འཛིན་པས་འཁྱུད༔ ཡོན་ཏན་ལྷ་ཚོགས་བདུན་ཅུ་རྩ་གཉིས་སྤྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆེ་མཆོག་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ནཱ་ཡཱ་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་སྲིབ་མཚན་མེད་དཀྱིལ་འཁོར་ལྟེ་བ་ནས༔ དུས་ཀྱི་འཁོར་ལོ་མཐིང་ནག་རྩ་ཞལ་གནག༔ གཡོན་དཀར་རྒྱབ་སེར་གཡས་པ་དམར་བའི་ཞལ༔ ཕྱག་གཡས་བཅུ་གཉིས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ཕྲེང༔ མེ་ལོང་སྤོས་མེ་སྣང་གསལ་དྲི་ཆབ་འཛིན༔ གཡོན་ན་དྲིལ་བུ་ཐོད་པ་རིན་ཆེན་སྒྲོམ༔ གསེག་པར་པི་ཝཾ་པུསྟི་གོ་ཆ་དང༔ མི་མགོ་སྦྲུལ་ཞགས་མདའ་གཞུ་དགྲ་སཏྭ་གཤོལ༔ ཛྙཱ་ན་སཱ་ར་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་དྲུག་ཅུ་རྩ་བཞིའི་ལྷ་ཚོགས་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་འཁོར་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ན་མོ་བྷ་ག་ཝ་ཏཱི་ཀཱ་ལ་ཙཀྲཱ་ཡ་ཧཱུྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་ལྟེ་བ་ནས༔ མཁའ་ཀློང་འཁྱིལ་པ་དམར་མཐིང་ལྗང་བའི་ཞལ༔ དགོས་འབྱུང་བསམ་འཕེལ་ཡིད་བཞིན་ནོར་བུ་གཡས༔ ནམ་མཁའ་རྒྱ་མཚོ་ས་གཞིའི་མཛོད་གསུམ་གཡོན༔ རང་འདྲའི་སྦྱོར་ཡུམ་ཨུ་ཙུཥྨཱ་དང་འཁྲིལ༔ ནོར་ལྷ་བརྒྱ་དང་བཅུ་བདུན་ཚོམ་བུར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་ཀློང་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་སྨད་མངོན་པར་འདུ་མི་བྱེད་པའི་དབུས༔ ཀརྨ་རྩལ་རྫོགས་སེར་ལྗང་དམར་བའི་ཞལ༔ གཡས་གསུམ་རལ་གྲི་ལྕགས་ཀྱུ་མེ་ཕུང་གདེངས༔ གཡོན་གསུམ་ལྷ་ཁང་གླེགས་བམ་འཇའ་ཚོན་འཛིན༔ ཡུམ་ཆེན་ཟིལ་གནོན་རིན་ཆེན་བྷན་འཛིན་འཁྱུད༔ བརྒྱ་དང་ལྔ་བཅུའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀརྨ་རྩལ་རྫོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་དྷ་དྷུ་ཤ་ཏི་ཏིཥྛ་སིདྡྷི་ཨཱ་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ མངོན་རྫོགས་རྒྱལ་པོ་མཐིང་དཀར་དམར་བའི་ཞལ༔ རྡོ་རྗེ་ཁྱུང་དང་སྦྲུལ་ཞགས་གཡས་ན་བསྣམས༔ བྷནྡྷ་ཞིང་གཡབ་ག་འུ་གཡོན་ན་འཛིན༔ ཉིད་ཞི་མུ་ཁ་བདེ་སྟོང་ཐིག་ལེར་སྦྱོར༔ སྲིད་པ་མ་མོ་བདུན་ཅུ་རྩ་བཞིར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིད་པ་མ་མོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་དྷཱ་ཏུ་ཨཱ་ཀརྵ་མ་ཧཱ་པ་ཏ་ཡེ་ཧེ་རུ་ཀ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ རྡོ་རྗེ་གཞོན་ནུ་མཐིང་དཀར་དམར་བའི་ཞལ༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ཐ་མ་གཉིས༔ སྲིད་པ་ཕུར་བུར་འདྲིལ་ཞིང་སྦྱོར་བའི་ཡུམ༔ རྒྱས་འདེབས་མཐིང་ནག་ཁ་ཊྭཱཾ་ཐོད་པ་འཛིན༔ ཕྲིན་ལས་ལྷ་ཚོགས་བརྒྱད་ཅུ་རྩ་བཞི་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕུར་པའི་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ དྲེགས་འདུལ་མཐིང་ནག་མཐིང་སེར་སྨུག་ནག་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་ན་བསྣམས༔ ཐོད་ཁྲག་ཀླུ་བརྒྱད་མགོ་བོ་གཡོན་ན་འཛིན༔ ཁམས་གསུམ་སྤྱི་འདུལ་རྡོ་རྗེ་བྷན་འཛིན་འཁྱུད༔ དྲེགས་པའི་ལྷ་ཚོགས་བཞི་བཅུ་རྔམས་ཤིང་རོལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་འདུལ་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་དེ་བ་ཙཎྜ་བྷཻ་ར་བ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ སྟོབས་ལྡན་ནག་པོ་མཐིང་ནག་དྲག་པོའི་ཞལ༔ རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས་ན་བསྣམས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་འཛིན༔ འབྱུང་ལྔའི་བདག་མོ་གཡས་པས་ནམ་མཁའ་འདེགས༔ གཡོན་པས་ས་གཞི་གནོན་ཅིང་ཡབ་དང་འཁྲིལ༔ དྲག་སྔགས་ལྷ་ཚོགས་ཉི་ཤུ་རྩ་བརྒྱད་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་སྔགས་ལྷ་ཚོགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གུ་རུ་ཨོ་རྒྱན་གླིང་པའི་ཟབ་གཏེར་དཔལ་བཀའ་འདུས་ཀྱི་སྙིང་པོ་དོན་གྱི་དབང་བཞིའི་སྐབས། སྤྲོ་ན་དཀྱིལ་འཁོར་ལྷ་ཚོགས་གཙོ་བཏུས་ཀྱི་དབང་བསྐུར་ཞེས་གསུངས་པའི་བསྒྲག་ཚིག་མངོན་རྟོགས་ལས་ཁ་བསྒྱུར་བའི་ལྷ་དབང་གི་བཀོལ་བྱང་ལེའུ་ཚན་ནོ། །མངྒ་ལཾ།། །།

སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ཏོག་གི་ཕྲེང་བ་ (Volume 8, Text 27)

སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ཏོག་གི་ཕྲེང་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཁྱབ་བརྡལ་ཕྱོགས་བྲལ་ཆོས་དབྱིངས་ཞིང་ཁམས་སུ། །རང་བྱུང་ཡེ་སངས་རྒྱས་པ་གདོད་མའི་མགོན། །རྒྱལ་ཀུན་མེས་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། བདེ་ཆེན་འདུས་མ་བྱས་པའི་ཞིང་ཁམས་སུ། །སྐུ་ལྔའི་བདག་ཉིད་གསུང་གི་རྡོ་རྗེ་ཆོས། །པདྨ་རྒྱལ་པོ་འོད་དཔག་མེད་མགོན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། འོད་ལྔའི་ཐིག་ལེ་འདུས་པའི་ཞིང་ཁམས་སུ། །རིགས་རྣམས་ཀུན་འདུས་སྒྱུ་འཕྲུལ་དྲྭ་བའི་ཚོགས། །རིག་པ་ཡེ་ཤེས་རྡོ་རྗེ་སེམས་མཆོག་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། འགྱུར་མེད་པདྨ་འོད་ཀྱི་ཞིང་ཁམས་སུ། །དུས་གསུམ་སངས་རྒྱས་ཡོངས་ཀྱི་ངོ་བོ་ཉིད། །མཚོ་སྐྱེས་སངས་རྒྱས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། འཕོ་མེད་དགའ་བཞིའི་དྭངས་མའི་ཞིང་ཁམས་སུ། །རྒྱལ་ཀུན་སྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན། །བདེ་ཆེན་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ཟག་བྲལ་གཉུག་མ་རང་གསལ་ཞིང་ཁམས་སུ། །རིག་པའི་རྩལ་རྫོགས་རྒྱལ་བ་ཀུན་གྱི་སྲས། །བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་འཆང་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། མ་ཚོགས་མཁའ་འགྲོ་འདུ་བའི་ཞིང་ཁམས་སུ། །འགྲོ་བ་ཡོངས་འདུལ་བརྟུལ་ཞུགས་ནུས་པའི་བདག །པདྨ་ནོར་བུ་རྡོ་རྗེ་གཟི་བརྗིད་ལ། གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། སྐལ་བཟང་སྨིན་ཅིང་གྲོལ་བའི་ཞིང་ཁམས་སུ། །རིག་འཛིན་ཆེན་པོ་ཡོངས་ཀྱི་འཁོར་ལོས་སྒྱུར། །དྲན་ཆོག་དྭངས་མ་པདྨ་བདེ་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ཕྱོགས་མེད་འགྲོ་དོན་སྐྱོང་བའི་ཞིང་ཁམས་སུ། །འབྲེལ་ཚད་དོན་ལྡན་མཆོག་གི་སྤྲུལ་པའི་སྐུ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། སྤྱི་གཙུག་བདེ་ཆེན་དག་པའི་ཞིང་ཁམས་སུ། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་དབང་ཕྱུག་ཆེ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། སྣང་བ་དག་པ་ཆོས་ཀྱི་ཞིང་ཁམས་སུ། །རྡོ་རྗེ་སློབ་དཔོན་དབང་ཁྲིད་ལྟ་སྤྱོད་མཐུན། །དམ་ཚིག་གཅིག་འདྲེས་རྡོ་རྗེ་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། འཇའ་འོད་མེ་ཕུང་ཐིག་ལེའི་ཞིང་ཁམས་སུ། །ཡི་དམ་དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཆོག །གཏུམ་དྲག་མེ་ཕྲེང་རྡོ་རྗེ་གྲོ་ལོད་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། གནས་གསུམ་དག་པ་ལྷ་ཡི་ཞིང་ཁམས་སུ། །སྒྲུབ་མཆོག་རྟག་ཏུ་སྐྱོང་ལ་གཡེལ་མེད་པ། །མ་མོ་མཁའ་འགྲོ་དཔའ་བོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། མཁའ་སྤྱོད་རྔམ་པ་སྒྲ་སྒྲོག་ཞིང་ཁམས་སུ། །ལས་དང་ཡེ་ཤེས་སྲུང་མ་ཀུན་གྱི་མཐུ། །གཅིག་བསྡུས་ཉེ་མགོན་གཟི་ལྡན་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་སྙིང་ཐིག་བླ་སྒྲུབ་བརྒྱུད་པ་ཡི། །བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ། །རྩེ་གཅིག་གུས་པ་དྲག་པོས་གསོལ་བཏབ་མཐུས། ཁྱོད་ཀྱི་བརྩེ་ཆེན་ཐུགས་རྗེའི་གཟི་བྱིན་གྱིས། །ནུས་པའི་ཤུགས་ཕྱུངས་སྐད་ཅིག་ད་ལྟ་འདིར། །བདག་གི་ཉོན་མོངས་འཁྲུལ་རྟོག་ཀུན་བཅོམ་ནས། །འཇིག་རྟེན་འཇིག་རྟེན་ལས་འདས་དངོས་གྲུབ་དང་། །རྩ་བའི་བླ་མའི་བྱིན་རླབས་ཡོངས་ཞུགས་ཏེ། །ཨ་ཏི་རྫོགས་ཆེན་ཉམས་རྟོགས་རྩལ་རྫོགས་ཤིང་། །ཕུང་ཁམས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ །མངོན་གྱུར་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག །དེ་ལྟར་མ་ཐོབ་བར་དུ་སྐྱེ་བ་ཀུན། ཁམས་དྲུག་མངོན་མཐོ་ངེས་ལེགས་རྟེན་ཐོབ་ཅིང་། །འཇིགས་ཞི་འབྱོར་རྒྱས་ཆོས་མིན་རྣམ་རྟོག་འགག །དམ་ཚིག་སེལ་མེད་བླ་མའི་དགྱེས་དགུ་འགྲུབ། །ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཤོག །སྣང་སྲིད་ཐམས་ཅད་འོད་གསལ་གཞོམ་མེད་ཞིང་། །སྒྲ་གྲགས་ནཱ་དཱ་དྲན་རྟོགས་གཟུང་འཛིན་བྲལ། །འུབ་ཆུབ་ཀུན་བཟང་དགོངས་པའི་དབྱིངས་ཉིད་དུ། ཁམས་གསུམ་འགྲོ་འདྲེན་བྱེད་པོར་བདག་གྱུར་ཤོག །ཅེས་པ་སྙིང་ཐིག་སྙན་བརྒྱུད་བླ་སྒྲུབ་ཀྱི་གསོལ་འདེབས་འདི་ཉིད་དད་ལྡན་གྱི་སྦྱིན་བདག་དབོན་དྲུང་ཚེ་དབང་དཔལ་འབྱོར་རབ་རྒྱས་དང་ཆོས་མཛད་ཡེ་ཤེས་པད་དཀར་ཆོས་ཉིད་སྙན་གྲགས་ལྔས་ཡང་ཡང་བསྐུལ་ངོར། མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སུ་འོད་གསལ་ལྷ་རིགས་སུ་སྐྱེས་པའི་རིག་པ་འཛིན་པ་ཚེ་དབང་ནོར་བུ་འགྲོ་བ་ཡོངས་འདུལ་རྩལ་གྱིས་སྟོད་མངའ་རིས་གློ་བོ་སྨད་རྒྱ་གར་དང་བོད་ཀྱི་མཚམས་གཉག་པའི་བས་མཐའ། བསམ་འགྲུབ་ཆོས་སྡིངས་སུ་ས་བྱ་རྒྱལ་ཟླའི་དམར་ཕྱོགས་ཉ་ལ་བླ་མའི་དུས་མཆོད་སྐབས་སུ་ཐུན་བར་གཅིག་ཏུ་བྲིས་པའོ།། །།

ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་ (Volume 51, Text 27)

༄༅། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་བཞུགས་སོ། ། ཤྲཱི་ཧེ་རུ་ཀ་གུ་ཧྱ་པ་ཏི་ན་མ། འདིར་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་མཆེད་གསུམ་གྱི་རྗེས་གནང་དང་བཀའ་གཏད་ཟབ་མོ་བྱེད་པ་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་སྟེགས་བུ་བཟང་གོས་ཀྱིས་བཀླུབས་པར། མཎྜལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ལྷ་ཡི་ཁ་དོག་དང་མཐུན་པའི་ཚོམ་བུ་བཀོད་པར་གཏོར་མ་དཀར་གསུམ་གྱིས་བརྒྱན་པར་ཙཀ་ལི་དར་གདུགས་དང་ལྡན་པ་བཤམ། སྔགས་བླ་རྡོ། སྲོག་འཁོར་སྤྱི་བྱེ་བྲག །ཕྱག་མཚན། ཁ་ཟས་སྣ་ཚོགས་ཀྱིས་ཕྱུར་བུར་བཀང་བའི་གཞོང་པ། དར་ཟབ་སྣ་ཚོགས། རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ། མཆོད་གཏོར་བཟང་པོ་རྒྱན་ལྡན། ཉེར་སྤྱོད། དབང་རྫས། གསེར་སྐྱེམས། ཌཱ་དྲིལ་འཐོར་ནས་སོགས་འདུ་བགྱིས། རང་ལྷའི་རྣལ་འབྱོར་ལ་གནས་པའི་བཟླས་པ་དང་། སྒྲུབ་ཐབས་དངོས་གྲུབ་གཏེར་འབྱུང་ངམ་རྒྱས་བསྡུས་གང་རུང་། སྔགས་གསུམ་སྤྱི་བྱེ་བྲག་བརྒྱ་སྟོང་ངམ་གང་འགྲུབ། གཏོར་འབུལ་བཅས་གྲུབ་ཟིན་ནས། སྙིང་འདྲའི་སློབ་མ་དམ་ལྡན་གཞན་དོན་སེམས་པ་ལ་དབང་བསྐུར་ཚེ་སྐབས་འདིར་བསྐང་གསོལ་བརྒྱ་རྩ་བརྒྱད་ཀྱི་གྲངས་འགྲོ་ངེས་བྱེད། དེ་ལྟར་མ་ཡིན་ན་ཚར་ལྔ་བདུན་གསུམ་སོགས་རིགས་པས་དཔག །ལས་བུམ་བསྒྲུབ། དེ་ནས་གཉིས་པ་དངོས་གཞི་དབང་བསྐུར་བ་དངོས་ལ། དམ་ལྡན་སློབ་མ་གསུམ་ལས་མི་མང་བ་གྲལ་དུ་འཁོད། ཁྲུས་དང་མེ་ཏོག་བཀྱེ། སྔོན་འགྲོ་བགེགས་བསྐྲད་སྲུང་འཁོར་སོགས་གྲུབ་ནས། མཎྜལ་ཕུལ་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་ཡིད་བཞིན་ནོར་བུ་དབང་གི་ལྷ་མོ་མཆེད་གསུམ་གྱི་རྗེས་སུ་གནང་བ་ཟབ་མོ་བྱེད་པ་ལ། ཐོག་མར་ལོ་རྒྱུས་ཅུང་ཟད་མ་བཤད་ན་དབང་གི་ས་བཅད་མི་ཚང་ཞིང་། སློབ་མ་ངེས་ཤེས་དང་སྤྲོ་བ་མི་སྐྱེ། གོ་དོན་མི་འཕྲོད་པས་ཅུང་ཟད་ཞུ་ན། རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་འཁོར་རྣམ་པ་བཞི་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་ཚེ། ཁྱིམ་གྱི་བདག་པོ་ལོངས་སྤྱོད་འབྱོར་པས་ཕྱུག་ཅིང་དད་པའི་དཔལ་གྱིས་མངོན་པར་མཛེས་པ་ཞིག་གིས་གདུགས་ཚོད་ལ་སྤྱན་དྲངས་ནས་རིན་པོ་ཆེའི་ཁྲི་བཤམས་པ་ལ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ཀྱི་དབུས་སུ་མེ་ཏོག་མཉྫུ་ཤཱི་ཀའི་སྡོང་པོ་ཡལ་འདབ་རྒྱས་པའི་ཟེའུ་འབྲུར། ལྷ་མོ་སྔོན་མོ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན་གསུམ་བྱུང་སྟེ། དམ་པའི་ཆོས་སྒྲུབ་པ་རྣམས་ཀྱི་དབུལ་ཕོངས་སེལ་བར་ཁས་བླངས་ཤིང་དམ་བཅས། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོའི་འཚོ་བ་སྤེལ་བའི་ལྷར་བྱིན་གྱིས་བརླབས་ནས། རྣམ་པར་མི་རྟོག་པའི་གཟུངས་དང་རྟོག་པ་སོགས་གསུངས་སོ། །དེ་ལྟར་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་འཇིག་རྟེན་པའི་ཚུལ་དང་མཐུན་པར་བསྟན་པ་སྲུང་ཞིང་ཕྲིན་ལས་སྒྲུབ་པར་སྨོན་ལམ་གྱི་དབང་གིས་སྐྱེ་བ་ཇི་ལྟར་བཞེས་ཞེ་ན། རྒྱ་གར་ཡུལ་གྱི་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ཆེན་པོར་ཤ་ཟ་ལས་ཀྱི་མཁའ་འགྲོ་མཆེད་གསུམ་མི་བསྲུན་སྟོབས་དང་ལྡན་པའི་གཟུགས་སུ་འཁྲུངས་ནས་མ་མོ་མཁའ་འགྲོ་འབུམ་ཕྲག་དུ་མའི་འཁོར་དང་བཅས་ཏེ་དུར་ཁྲོད་ཆེན་པོའི་ཤིང་གཅིག་གི་དྲུང་དུ་དངོས་སུ་བཞུགས་སོ། །བཞུགས་ནས་ཀྱང་ཆོས་མཛད་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་ཆར་ལྟར་འབེབ་པ་དང་། བསྟན་པ་རིན་པོ་ཆེ་སྲུང་བའི་ལས་ལ་བརྩོན་ཞིང་། དམ་ཚིག་དང་ལྡན་པའི་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་ཕྲིན་ལས་མཐའ་དག་ཐོགས་པ་མེད་པར་སྒྲུབ་པ་ལ་ལྷ་གཞན་ལས་མྱུར་ཞིང་ཁྱད་པར་འཕགས་པའོ། །དེ་ལྟ་བུའི་དབང་གི་ལྷ་མོ་མཆེད་གསུམ་པོ་འདི་ནི་ཕྱི་དུར་ཁྲོད་ཀྱི་ཤ་ཟ་ལས་ཀྱི་མཁའ་འགྲོ་མ་མཆེད་གསུམ་མམ། ལྷ་མོ་ཀུན་འཁྱིལ་མ་ཞེས་གྲགས་ཤིང་། ནང་ལྟར་ན་རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། གསང་བ་ལྟར་ན་རྒྱལ་བ་སྐྱེད་པའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་ཐ་མི་དད་ཅིང་། དོན་དམ་པར་ཀུན་ཏུ་བཟང་མོ་དང་དབྱེར་མི་ཕྱེད་པ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ནམ་མཁའ་ལྟར་འཁོར་འདས་ཀུན་ལ་ཁྱབ་ཅིང་འཕོ་འགྱུར་མེད་པའོ། །འདིའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྣམ་པར་མི་རྟོག་པའི་གཟུངས་དང་རྟོག་པ་རྒྱས་པར་བརྗོད་པ་དང་། ཤ་ཟ་མ་རིག་པ་འཛིན་པ་རྟོག་པའི་རྒྱུད་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་དང་འགྲེལ་པ། འབྱུང་པོ་འདུལ་བྱེད་ལ་བརྟེན་པའི་སྒྲུབ་ཐབས་ཀྱང་མཛད་པ་ཡོད་དེ། སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད་ཅིང་སྒྲུབ་ཐབས་ལས་ཚོགས་སོགས་གཏེར་དུ་སྦས་པ། སྣ་ཚོགས་རང་གྲོལ་དང་ལ་ལཱི་ཏ་བཛྲ་གྱིས་གཏེར་ནས་བཏོན་པ་ཉེ་བརྒྱུད་དང་། ཡང་གསང་བདག་ཕྱག་ན་རྡོ་རྗེ། ཇོ་བོ་རྗེ། ཨ་མེས་ཆེན་པོ། སྣེ་ཟུར་པ། རྒྱ་ལྕགས་རི་གང་དཀར་བ། དྭགས་པོ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན་ནས་བརྒྱུད་པ་དང་། ཛཾ་དཀར་གྱི་ལས་ཚོགས་སུ་གསུངས་པ་སོགས་མན་ངག་ལས་ཚོགས་མང་ཞིག་འབྱུང་ཞིང་། གསར་མ་རིང་བརྒྱུད་ནི། བཅོམ་ལྡན་འདས་ཀྱིས་འཕགས་པ་འཇམ་དཔལ་ལ་གནང་། དེས་སློབ་དཔོན་ཀླུ་སྒྲུབ་ལ། དེས་ཐུགས་སྲས་པཎྜི་ཏ་མ་གྲུབ། དེ་ནས་བུདྡྷ་ཛྙཱ་ན། ཁ་ཆེ་རཏྣ་བཛྲ། ཁ་ཆེ་རཏྣ་ཀིརྟི། བླ་མ་རྡོ་རྗེ་གདན་པ། ཉེ་བརྒྱུད་ནི། བཅོམ་ལྡན་འདས། ཨཱརྱ་མཉྫུ་ཤྲཱི། ཛེ་ཏཱ་རི་པ་དགྲ་ལས་རྣམ་རྒྱལ། བླ་མ་རྡོ་རྗེ་གདན་པ། དེ་ནས་གཉིས་ཀ་འདྲ་བར་བ་རི་ལོ་ཙཱ་བ་ལ་གནང་། བ་རི་པ་ཚུར་བོད་དུ་བྱོན་དུས་རྡོ་རྗེ་གདན་པ་ཆེན་པོས་རྒྱང་རིང་དུ་སྐྱེལ་མ་མཛད་ནས། བུ་ཁྱོད་བོད་དུ་འགྲོ་བ་ལ། ཁ་བ་ཅན་ཞེས་བྱ་བ་ཤིན་ཏུ་བཀྲེས་ཤིང་འབྱོར་པ་ཆུང་བ། སྙིང་རུས་དང་དད་པ་ཆུང་ཞིང་སྒྲུབ་པའི་རྟགས་དང་ཡོན་ཏན་ཐོན་པ་དཀོན་པས། སྒྲུབ་མི་དགོས་ཤིང་ཚེགས་ཆུང་ལ་དོན་ཆེ་བ། བཟའ་བཏུང་ལོངས་སྤྱོད་ཀྱིས་ཉོན་མི་མོངས་པའི་གདམས་པ་ཁྱད་པར་ཅན་ཡོད་པས་སྦྱིན་གྱིས་འདི་ཁྱོད་ཀྱི་ལམ་རྒྱགས་གྱིས་ལ། ཁ་བ་ཅན་དུ་ཆོས་སྒྲུབ་པ་པོ་རི་ཁྲོད་འགྲིམ་པ། དཀའ་ཐུབ་ཀྱིས་དུབ་པ། འབྱོར་པ་ཆུང་བ་རྣམས་ལ་རྒྱགས་ཕྱིར་སྤེལ་ཅིག །འདི་ནི་ཤ་ཟ་མོ་དབང་གི་ལྷ་དངོས་གྲུབ་གཏེར་གྱི་བདག་མོ་ཡིན་པས་ལོངས་སྤྱོད་འབྱོར་པ་སྤེལ་བ་ལ་ཕྲིན་ལས་གློག་ལྟར་མྱུར་བ་ཡིན་ནོ། ཁྱད་པར་ཟས་ཟ་ཁར་ཆངས་བུ་གསུམ་རེ་མ་ཆག་པར་ཕུལ་ན་རྣལ་འབྱོར་པ་འཚོ་བས་ཕོངས་མི་སྲིད་གསུངས་ནས་གནང་ངོ་། །ལོ་ཙཱ་བ་ནས་ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎྜི་ཏ། དྷརྨ་རཱ་ཛ་སོགས་ལས་བརྒྱུད་དེ། ས་སྐྱའི་གསེར་ཆོས་ཀྱི་གྲལ་ཤིན་ཏུ་བཀའ་རྒྱ་ཆེ་ཞིང་ལྕགས་རིའི་ཕྱིར་མི་འདའ་བའི་ཟབ་ཁྱད་ཡིན་སྐད། དེ་ལྟར་གསར་རྙིང་བཀའ་གཏེར་དུ་མ་ལས་བརྒྱུད་པའི་གདམས་པ་ཅི་རིགས་པ་ནོད་པས་བྱིན་རླབས་གཅིག་ཏུ་འདུས་པ་ཡིན་ལ། དབང་དངོས་འདི་ནི། བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་སྐབས་རྟེན་འབྲེལ་ལེགས་ཚོགས་བཟང་པོ་ཞིག་བྱུང་བ་དང་མཉམ། དབང་གི་ལྷ་མོ་ཆེན་མོས་ཉམས་ཀྱི་སྣང་བར་བཀའ་བབས་བརྒྱུད་པ་ཉེ་བའི་གནད་དོན་ཁྱད་པར་ཅན་བྱུང་བས་ཡིག་ཆ་གསར་དུ་བཀོད་པ་ཡིན་ཞིང་། ལྷ་གཞན་གྱི་དབང་དང་སྲོག་གཏད་ཀྱིས་རྒྱས་འགེབ་འོལ་བཟོ་ཁ་སྒྱུར་སོགས་ལ་མིང་མང་པོ་གཏགས་པའི་གདམས་པ་ཟབ་ཁྱད་མན་ངག་སྙན་བརྒྱུད་ཟེར་བ་དེ་འདྲ་ནི་ཁོ་བོས་མ་བྱས་ལ། སྔོན་ནས་སྨོན་ལམ་འབྲེལ་བའི་དབང་གིས་དངོས་ཉམས་རྨི་ལམ་གྱི་སྐབས་སུ་ལེགས་ཉེས་བཟང་ངན་བརྡའ་དང་གཟུགས་ཀྱི་སྒོ་ནས་ལུང་སྟོན་པ་དང་། སྔགས་ཅུང་ཟད་བཟླས་པས་དངོས་རྟགས་མྱུར་དུ་མྱོང་བས་གྲུབ་ཅིང་། ཧ་ཅང་སྒྲུབ་པ་ལས་སྦྱོར་དུས་རྟགས་བསྙེན་ཚད་རྫོགས་པ་ནི་མ་བྱས་ཤིང་། ཆོས་མཐུན་འབྱོར་པ་སྤེལ་བ་དང་འཚོ་བའི་ཆ་རྐྱེན་དུ་སྐབས་འགར་གཏོར་ཆོག་དང་སྔགས་བརྒྱ་རྩ་རེ་བགྲང་པའོ། །འདི་ནི་ངོ་བོ་ཡེ་ཤེས་པ་བྱང་ཆུབ་སེམས་མའི་ཚུལ་ཏེ། སྒྲུབ་ཅིང་མཆོད་པ་དང་གསོལ་བ་བཏབ་པས་ས་དང་ལམ་གྱི་ཡོན་ཏན་ཉམས་རྟོགས་ཐམས་ཅད་རྩོལ་མེད་དུ་སྐྱེ་ཞིང་མཆོག་གི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །རྣམ་པ་འཇིག་རྟེན་པའི་ཚུལ་རྣོ་མྱུར་ཆེ་ཞིང་། ལོངས་སྤྱོད་འབྱོར་པ་ཆེས་ཆེར་འཕེལ་བ་དང་། ཇི་ལྟར་འདོད་པ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་སྟེ། གཞུང་ལས། སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ། །དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་ལྟ་བུའི་དབང་བསྐུར་སྲོག་གཏད་ཐུན་མོང་མ་ཡིན་པ་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་ཧེ་རུ་ཀ །ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན། །བདག་ལ་གསན་ཅིང་དགོངས་སུ་གསོལ། །རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ལ། །མཐུན་རྐྱེན་འབྱོར་པ་སྤེལ་བའི་ཕྱིར། །ནོར་བདག་ལྷ་མོ་མཆེད་གསུམ་གྱི། །དབང་བསྐུར་རྗེས་སུ་གནང་བ་དང་། །བཀའ་གཏད་བདག་ལ་བསྩལ་དུ་གསོལ། །ལན་གསུམ་གསོལ་བ་བཏབ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ལ་དབང་བསྐུར་སྦྱིན་པ་ན། །སློབ་དཔོན་མི་བཀུར་རང་ཆེ་འབྱིན། །མཁའ་འགྲོའི་དམ་ཚིག་མི་བསྲུང་ཞིང་། །བསྟན་པའི་སྤྱི་སེམས་ཆུང་བ་དང་། །རང་དོན་ཁོ་ནར་སེམས་པ་ན། །འདི་ཉིད་སྤེལ་བའི་གནས་མེད་པས། །དེ་ཕྱིར་ཁྱོད་ཀྱིས་དྲང་པོར་སྨྲོས། །ཞེས་གསུངས་པའི་ལན་དུ། བདག་ནི་དམ་ལྡན་སྒྲུབ་པ་པོ། །བསྟན་པ་རིན་ཆེན་སྙིང་ལ་འཆང་། །བླ་མའི་བཀའ་བསྩལ་ཚུལ་བཞིན་སྒྲུབ། །དམ་ཚིག་སྲུང་ཞིང་སྒྲུབ་ལ་བརྩོན། །དེ་ཕྱིར་རྗེས་སུ་གནང་བ་ཞུ། །བརྩེ་བ་ཆེན་པོས་གཟུང་དུ་གསོལ། །ཞུ། དེ་ལྟར་ཡིན་ན་དབང་བསྐུར་སྦྱིན། །དངོས་གྲུབ་ཆེན་པོ་ཁྱོད་ཀྱིས་ཐོབ། །དགའ་ཞིང་སྤྲོ་བ་སྐྱེད་མཛོད་ཅིག །དམ་ཚིག་གཉན་པོ་སྲུང་བར་གྱིས། །ཞེས་གནང་བ་བྱིན་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། ལས་བུམ་ཆུས་སློབ་མ་བསང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་སོགས། ཨོཾ་སྭཱ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ར་གུར་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་ཉི་མའི་གདན་ལ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་གཏུམ་པ། ཞལ་གདངས་ལྗགས་འདྲིལ་རྣོ་དབལ་དང་ལྡན་པའི་མཆེ་བ་བཞི་གཙིགས་པ། ཕྱག་བཞི་དང་པོ་གཉིས་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་དང་། འོག་མ་གཉིས་རྡོ་རྗེ་སྡིགས་མཛུབ། ཞབས་གཉིས་འདོར་ཐབས་སུ་བགྲད་ཅིང་དུར་ཁྲོད་ཀྱི་ཆས་རྫོགས་པ་ཡེ་ཤེས་མེ་ཕུང་འབར་བའི་དབུས་སུ་བཞུགས་པ་གསལ་འདེབས་པར་ཞུ། དེ་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ་བཛྲ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། མ་ཕེབས་བར་བསྐྱར། ཕེབས་ནས་བརྟན་པར་མོས་ལ། ཏིཥྛ་བཛྲ་ཞེས་བརྗོད། རྡོ་རྗེ་མགོ་བོར་བཞག །རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར། དེ་ལྟར་ཁྱེད་རང་ལྷར་གསལ་བའི་མདུན་དུ་ནོར་བདག་ལྷ་མོ་མཆེད་གསུམ་འདི་ལྟར་གསལ་འདེབས་པར་ཞུ། གཏོར་མ་བྲན་ནས། མངོན་རྟོགས་བཟླས་པའི་བར་དང་། གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། རྒྱས་པར་སྤྲོ་ན་གསོལ་ཁ་གསེར་སྐྱེམས་བསང་མཆོད་རྣམས་གཞུང་ལྟར་ཕུལ་ཏེ། ཁྱོད་རང་གི་མདུན་དུ་བཞུགས་པའི་ལྷ་མོ་གསུམ་གྱིས་ཅི་ལྟར་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་མོས་པ་མཛོད། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུར་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་སྐུ་ཡི་བཀྲ་ཤིས་ཤོག །དེས་ལྷ་བསྒོམ་པ་སྐུ་ཡི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀར་རང་རང་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་པ་ལ་ཕོག །སྔགས་ཕྲེང་དྲག་ཏུ་འཁོར་ཐུགས་རྒྱུད་བསྐུལ་བས་དམ་ཚིག་རྗེས་སུ་དྲན་ཏེ་སྔགས་ཕྲེང་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ་ནས་གསུང་གི་དངོས་གྲུབ་ཐོབ་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ལན་བདུན། ལྷ་མོ་འདི་ལ་སོགས། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུར་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་གསུང་གི་བཀྲ་ཤིས་ཤོག །དེས་སྔགས་བཟླ་བ་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །བདག་ཉིད་ལྷ་ཡི་ས་བོན་ལས་འོད་ཟེར་སྔོན་པོ་འཕྲོས། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཐུགས་ཀར་ཕོག །སྲོག་སྙིང་ས་བོན་ཙན་གྱིས་བླངས་ཏེ་སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ། ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ། དབང་རྟགས་སུ་བླ་རྡོ་སྲོག་གི་འཁོར་ལོ་གཏད་པར་མོས་ལ། ཧྲཱིཿ དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི། །བླ་རྡོ་དམ་ཚིག་སྲོག་གི་འཁོར་ལོ་ནི། །ལྷ་མོ་ལུས་དང་གྲིབ་བཞིན་འགྲོགས་པའི་རྟེན། །དེང་འདིར་སྐལ་ལྡན་སློབ་མ་ཁྱོད་ལ་གཏད། །སྙིང་ཉེ་ལས་སྒྲུབ་སྲོག་ལ་དབང་ཐོབ་ནས། །བྱང་ཆུབ་བར་དུ་ལུས་དང་གྲིབ་བཞིན་འགྲོགས། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །མཁའ་འགྲོའི་ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཤོག །ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་གསུམ་དང་། ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དབྱིངས་ཉིད་ཡེ་ཤེས་ཆེན་པོའི་ངང་ཉིད་ལས། །ཐུགས་རྗེས་གང་འདུལ་སྐུ་སྟོན་མཁའ་འགྲོའི་ཚུལ། །སྲིད་གསུམ་དབང་དུ་སྒྱུར་བའི་འཕྲུལ་མོ་ཆེ། །ནོར་གྱི་བདག་མོའི་ཐུགས་ཀྱི་བཀྲ་ཤིས་ཤོག །དེས་ཐུགས་ཀྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་ནོ། །ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་ཟས་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་པདྨ་མཁའ་འགྲོ་ཟས་སྟེར་མ་ཞེས་བགྱི་བ་ལགས། རོ་བཅུད་ཕུན་ཚོགས་ཟས་ཀྱི་དངོས་གྲུབ་འབུལ་ལོ། །ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། བདུད་རྩིའི་བཅུད་ཀྱིས་བལྟམས་པའི་བུམ་བཟང་ཁ་ཟས་སྣ་ཚོགས་པས་གང་བའི་གཞོང་པ་ཕུལ་བའི་མོས་པ་མཛོད་ཅིག །ཧ། བདག་ནི་པདྨ་མཁའ་འགྲོ་ཟས་སྟེར་མ། །རོ་བཅུད་ཕུན་ཚོགས་ཟས་ཀྱི་དངོས་གྲུབ་འབུལ། །སྦྱིན་དང་བསོད་ནམས་ལོངས་སྤྱོད་ཚོགས་ཀྱི་རྫས། །འབད་མེད་ལྷུན་གྲུབ་བཀྲ་ཤིས་ཕུན་ཚོགས་ཤོག །ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་གོས་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་རིན་ཆེན་མཁའ་འགྲོ་གོས་སྟེར་མ་ཞེས་བགྱི་བ་ལགས། ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་འབུལ་ལོ། །ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། ལྷའི་དར་ཟབ་པཉྩ་ལི་ཀའི་ན་བཟའ་སྣ་ཚོགས་ཕུལ་བའི་མོས་པ་མཛོད་ཅིག །རི། བདག་ནི་རིན་ཆེན་མཁའ་འགྲོ་གོས་སྟེར་མ། །ལྷབ་ལྷུབ་རྒྱན་མཛེས་གོས་ཀྱི་དངོས་གྲུབ་འབུལ། །ཡིད་འོང་ལྷ་ཡི་གོས་བཟང་རབ་ཐོབ་ནས། །བཀྲ་ཤིས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། བྷི་ཤྭ་ཝསཏྲ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་ནོར་སྟེར་མ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་གྲལ་ལས་བྱོན་ནས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཏེ། བསྐོར་བ་གཡས་སྐོར་དུ་ལིང་ལིང་བྱས་ནས། བདག་ནི་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ་ཞེས་བགྱི་བ་ལགས། འཛད་མེད་ནོར་གྱི་དངོས་གྲུབ་འབུལ་ལོ་ཞེས་གསུང་ལྷང་ལྷང་བྱོན་ནས་ཕྱག་མཚན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། ནོར་རྫས་སྣ་ཚོགས་རི་ལྟར་སྤུངས་སྤྲིན་ལྟར་གཏིབས་ནས་ཕུལ་བའི་མོས་པ་མཛོད་ཅིག །ནི། བདག་ནི་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ། །སྣ་ཚོགས་འཛད་མེད་ནོར་གྱི་དངོས་གྲུབ་འབུལ། །འདོད་དགུ་ཕོངས་མེད་ལོངས་སྤྱོད་དཔལ་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་ཤོག །ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། རཏྣ་བཱ་སུ་བི་ཤྭ་སརྦ་སིདྡྷི་ཕ་ལ་བྷྲཱུྃ་མངྒ་ལཾ་ལཀྵཱིཾ་པུཥྚིཾ་ཀུ་རུ་ཨོཾ། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། མེ་ཏོག་འཐོར། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ལྷ་མོ་མཆེད་གསུམ་ལ་ཕོག་པ་ཙམ་གྱིས་ལྷ་མོའི་ཕྲིན་ལས་ཀྱི་རང་གཟུགས་ནོར་བདག་བྱི་བ་ཕོ་མོ་ཁ་ནས་གང་འདོད་པའི་ནོར་རྫས་ལྷུག་ལྷུག་སྐྱུག་པ། བ་སྤུའི་གསེབ་ནས་རིན་པོ་ཆེའི་ཆར་འབེབ་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པར་སྒོམས་ཤིག །ཧྲཱིཿ སྲིད་གསུམ་དབང་སྒྱུར་ཤ་ཟ་མཁའ་འགྲོ་མ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གཟུགས་ཀྱི། །དངོས་གྲུབ་གཏེར་མཛོད་ནོར་སྐྱུགས་ཕོ་མོ་འདི། །དེང་འདིར་སྐལ་ལྡན་བུ་ཡི་ལག་ཏུ་གཏད། །འདི་ནས་གཟུང་སྟེ་ཚེ་རབས་ཐམས་ཅད་དུ། །འཕགས་པ་མཆོད་ནས་ཉམ་ཐག་སྐྱོང་བ་ཡི། །འབྱོར་པས་ཕོངས་མེད་སྦྱིན་པའི་ཕར་ཕྱིན་རྫོགས། །མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། སརྦ་སིདྡྷི་ཕ་ལ་བྷྲཱུྃ། མངྒ་ལཾ་སྭསྟི་པུཥྚིཾ་ཀུ་རུ་ཨོཾ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་གྱི། །མཉྫུ་ཤཱི་ཀའི་མེ་ཏོག་ལས་འཁྲུངས་པ། །སྲིད་གསུམ་དབང་སྒྱུར་ཕྲིན་ལས་དབང་མོ་ཆེའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མེ་ཏོག་འཐོར། དེ་ནས་སློབ་མ་དམ་ཚིག་ཅན་ལ་བཀའ་གཏད་ནི། གཏོར་མར་སྤོས་ཀྱི་རེང་བུ་དྲི་བཟང་འཐུལ་བ་འཛུག །བདུད་རྩི་འཐོར་ཞིང་ལས་ཀྱི་རྡོ་རྗེས་བཏེགས་ལ། ཧོ་དགོངས་སུ་གསོལ་ལོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས། སྤྲུལ་པའི་མཁའ་འགྲོ་གང་འདུལ་ཐབས་ཀྱི་སྐུ་གཅིག་ལ་མཚན་དུ་མ་དང་ལྡན་པ། ནོར་བདག་དབང་གི་ལྷ་མོ་ཀུན་འཁྱིལ་མ་མཆེད་གསུམ། དབྱུག་གུ་མ་སྤུན་གསུམ། ཤ་ཟ་མཁའ་འགྲོ་མཆེད་གསུམ་འཁོར་དང་བཅས་པས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། འཇམ་དཔལ་གཞོན་ནུར་གྱུར་པ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས་སོགས་གསང་སྔགས་གསར་རྙིང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདིའི་སྦྱིན་པའི་ཟས་གསོལ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྲོགས་ལ་ཉམས་དང་རྟོགས་པའི་ཡེ་ཤེས་གོང་དུ་འཕེལ་བ་དང་། ལྷ་ཀླུ་མི་ཡི་རྒྱལ་པོ་འགྲོ་བ་མཐའ་དག་དབང་དུ་སྡུད་པ་དང་ཡིད་བསྒྱུར་རྗེས་སུ་ཆགས་ཏེ་ཟིལ་གྱིས་ནོན་པར་མཛད་དུ་གསོལ། ཁྱད་པར་འཛམ་གླིང་སྤྱི་དང་དམིགས་ཡུལ་གྱི་རྒྱལ་བློན་བཙུན་མོ་བླ་མ་དགེ་བཤེས་མི་དཔོན་དབང་ཆེ་རྩལ་དྲག་འཁོར་མང་ཡོན་ཏན་ཅན་སྟོབས་དང་སྙན་གྲགས་གདུལ་བྱ་ཕྲིན་ལས་ཅན། འཁོར་འབངས་མངའ་རིས་ལོངས་སྤྱོད་དང་བཅས་པ་ད་ལྟ་ཉིད་དུ་དབང་དུ་འགྱུར་བའི་ཕྲིན་ལས་མཛད་དུ་གསོལ། རྡོ་རྗེའི་སློབ་མ་འདི་ཡི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་མངའ་ཐང་རིགས་རྒྱུད་བཀྲ་ཤིས་བདེ་སྐྱིད་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ་དང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བསམ་པའི་འདོད་རྒུ་འབད་མེད་ལྷུན་གྱིས་འགྲུབ་པ་དང་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྲིན་ལས་མཛད་དུ་གསོལ། ཨོཾ་ཨི་ལིང་ཀི་པི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུན་དྷ་ལེ་གྲྀཧྞ་པི་ཎ་ཌ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་གསུམ་སྦྲེལ་མཐར། སརྦ་སིདྡྷི་ཕ་ལ་བྷྲཱུྃ། ཏདྱ་ཐཱ། བཱ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་ཧོ། གཏོར་མ་ལག་ཏུ་གཏད་ལྷ་མོས་ཁས་བླངས་པར་བསམ། གཏོར་རྫས་ནས་ཅུང་ཟད་བྱིན། སྔགས་གསུམ་བརྗོད་མཐར། བཛྲ་ས་མ་ཡ་ཧཱུྃ། དམ་ཚིག་བསྲེ། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས། །ནོར་དང་ལོངས་སྤྱོད་འདོད་དགུའི་ཕོངས་མེད་པ། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །དེ་ལྟར་དབྱུག་གུ་ལྷ་མོ་མཆེད་གསུམ་གྱི་རྗེས་གནང་བཀའ་གཏད་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་འདི་ཞུས་པའི་བླ་མ་སྤྱི་བོར་བཀུར་བ་དང་། ལྷ་མོ་སྤྱི་བྱེ་བྲག་གི་དམ་ཚིག་དང་། བྱི་བ་ལ་མི་སྡང་། དུས་ཀྱི་གཏོར་མ་མི་གཅག །ལོངས་སྤྱོད་འབྱོར་ཚོགས་བྱུང་བ་དཀོན་མཆོག་ལ་མཆོད་པ་དང་། སྤྲང་ལོང་ལ་སྦྱིན་པ་གཏང་། ཆ་གཅིག་རང་གི་སྒྲུབ་པའི་ཆ་རྐྱེན་དུ་བྱ་བསམ་པ་གྱིས་ལ་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་བཀའ་གཏད་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་ལྷ་མོ་གསུམ་གྱི་སྲོག་གཏད་མན་ངག་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པ་དགེ། །། ཆགས་མེད་བཞི་པའི་གསུང་འདི་རྗེ་ཉིད་ནས། བླ་མ་བསྟན་འཛིན་རྒྱ་མཚོ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།།

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས་ (Volume 21, Text 27)

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས། རྣལ་འབྱོར་གྱི་དབང་ཕྱུག་སྤྲུལ་སྐུ་ཉི་ཟླ་སངས་རྒྱས་ལ་ཨོ་རྒྱན་ཆེན་པོས་དག་སྣང་དུ་བསྩལ་བའི་ཟབ་ལམ་འཕོ་བ་སྙན་བརྒྱུད་འཇག་ཚུགས་མའི་ཉམས་ལེན་གྱི་རྩ་ཐོ་སྙིང་པོར་དྲིལ་བ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་ལེགས་པར་བཅས་ནས། སྐྱབས་སེམས་སྔོན་དུ་འགྲོ་བས་ལམ་རིམ་དངོས་ལ། དང་པོ་ལུས་སྟོང་ར་ཕྲུ་མ་ཕུས་བཏབ་པ་ལྟར་སྐྱ་སེང་ངེ་བར་རྩེ་གཅིག་ཏུ་བསྒོམས་པས། འབྱོངས་པའི་རྟགས་དེ་ཉིད་རྩོལ་མེད་དུ་ལམ་ལམ་འཆར་བ་དང་། ལུས་ཡང་ཞིང་གཡོ་བ་སྙམ་བྱེད་པའོ། །གཉིས་པ་ལུས་ཀྱི་ནང་སྙིང་གའི་ཐད་དུ་ཧཱུྃ་མཐིང་ག་གསལ་ཞིང་འཚེར་བ་ཞིག་བསྒོམ། ངག་ཏུ་བུ་གའི་གྲངས་དང་མཉམ་པའི་ཧཱུྃ་རིམ་པ་བཞིན་བརྗོད་པའི་རྐྱེན་གྱིས་བཤང་ལམ། ཆུ་ལམ། ལྟེ་བ། ཁ། སྣ་བུག་གཉིས། མིག་གཉིས་རྣམས་སྙིང་གའི་ཧཱུྃ་ཡིག་ལས་སྤྲོས་པའི་ཧཱུྃ་ཡིག་སྔོན་པོ་ནཱ་ད་ནང་དུ་བསྟན་པ་རེས་བཀག་པར་བསྒོམ་མོ། །འབྱོངས་རྟགས། དམིགས་པ་རྩོལ་མེད་གསལ་བ་དང་། ལུས་མི་བདེ་བ་སྙམ་བྱེད་པའོ། །གསུམ་པ་རང་ལུས་སྟོང་རའི་དབུས་སུ་རྩ་དབུ་མ་དམར་གསལ་སྲབ་པ་རག་དུང་གི་དབྱིབས་ཅན། རྩ་བ་ཕྲ་བ་མདའ་སྨྱུག་ཙམ་པ་ལྟེ་འོག་སོར་བཞིར་སླེབ་ཅིང་ཡར་སྣ་གདེངས་ཀ་ཆེ་བ་ཚངས་བུག་གི་ཐད་དུ་རྒྱ་མཐོངས་ཁ་བྱེ་བ་ལྟ་བུའི་དབུ་མའི་གཡས་སུ་རོ་མ་དམར་མོ་དང་། གཡོན་དུ་རྐྱང་མ་དཀར་མོ་སྦོམ་ཕྲ་གྲོ་སོག་ཙམ་པ་མར་སྣ་དབུ་མའི་ནང་དུ་སོར་རེ་ཙམ་གྱེན་དུ་ཆུད་པ། ཡར་སྣ་རྣ་བའི་ཐད་ཀྱི་དབུས་སུ་དབུ་མར་རེག་ལ་མ་འབྱར་བའི་ཚུལ་དུ་སོང་། དེ་ནས་མདུན་དུ་བུག་པ་སྣ་བུག་གཉིས་སུ་བུག་པ་ཧ་རེ་བལྟ་བ། དབུ་མའི་མར་སྣ་རོ་རྐྱང་གི་བུ་གའི་སྟེང་དུ་རང་གི་རྣམ་ཤེས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ། ཡང་ཞིང་གཡོ་བ་ཡུངས་འབྲུ་ནས། སྲན་ཆེན་གྱི་བར་ཙམ་བློ་ལ་འཆར་བ་བདེ་བ་ཞིག་བསྒོམ། དབུ་མའི་ཡར་སྣ་ཚངས་བུག་གི་ཐད་དུ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་གི་ནམ་མཁར། འཇའ་འོད་སྣ་ལྔའི་གུར་ཁྱིམ་ཟེར་མདངས་འཁྱུགས་པའི་དབུས་སུ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་ཐོད་ཕྲེང་རྩལ་མཐིང་གསལ་ལོངས་སྐུའི་ཆས་ཅན་རྡོར་དྲིལ་འཛིན་པ་ཡུམ་དང་བཅས་པའི་རྣམ་པར་གསལ་ཞིང་མོས་པ་དུང་ངེ་རྩེ་གཅིག་ཏུ་བསྒོམ། དེས་རླུང་སེམས་འདུས་ཤིང་འབྱོངས་པའི་རྟགས་དམིགས་པའི་གསལ་སྣང་ལམ་མེ་བ་རྩོལ་མེད་དུ་འཆར་བ་སྙམ་བྱེད་པའི་བར་བསྒོམ་མོ། །བཞི་པ་སྦྱང་བ་དངོས་དང་གེགས་སེལ་ལས། དང་པོ་ནི། རླུང་གནད་གྱེན་དུ་གཅུན་པས་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་ཡང་ཞིང་གཡོ་བ་འཕུར་ལ་ཁད་ལྟ་བུར་བསམ་ལ། མིག་ཡིད་རླུང་གསུམ་གྱེན་དུ་དྲིལ་ནས་ངག་ཏུ་ཧི་ཧིཀ་ཅེས་པ་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་མདུན་གྱི་རོ་རྐྱང་གི་མར་སྣའི་སྟེང་ནས་ཐིག་ལེ་ལྟེ་བར་སྤར་བ་དེར་ཅུང་ཟད་འདར་ཞིང་འཕར་བའི་ཚུལ་དུ་ཅུང་ངལ་བསོ། ཡང་། སྔར་བཞིན་ཧི་ཧིཀ་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་བདུན་གྱིས་སྙིང་གར་སྤར་ནས་སྔར་བཞིན་ངལ་བསོ། ཡང་། དེ་ལས་ཀྱང་དྲག་ཅིང་མྱུར་བ་བདུན་གྱིས་སྨིན་མཚམས་སུ་སྤར་ལ་ངལ་བསོ། དེ་ལས་ཀྱང་ཤིན་ཏུ་དྲག་ཅིང་མྱུར་བ་བདུན་དང་ཕཊ་གཅིག་ཧིཀ་གཅིག་གམ་གཉིས་སམ་གསུམ་སོགས་རིག་པའི་རྩལ་ཤུགས་དང་སྦྱར་ནས་སྤར་བས། རྣམ་ཤེས་ཐིག་ལེ་དེ་ཉིད་གྱེན་དུ་འཕར་བ་ཚངས་བུག་གི་ཧཾ་དང་རོ་གཅིག་ཏུ་འདྲེས་ནས་སྐར་མདའ་ལྟར་སྐྱ་ཡེར་གྱིས་སོང་ནས་སྤྱི་བོའི་བླ་མའི་ཐུགས་ཀར་བསྐྱལ། བླ་མའི་ཐུགས་དང་རང་རིག་གཉིས་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་ཅི་གནས་སུ་བཞག །སླར་ཡང་ངག་ཏུ་ཀ་ཞེས་བརྗོད་པའི་རྐྱེན་གྱིས་རྣམ་ཤེས་ཀྱི་ཐིག་ལེ་ཐུར་དུ་བབས་ནས། དབུ་མའི་མར་སྣེར་སྐྱེལ། ཚངས་བུག་ཧཾ་གིས་དགག་གོ །ཐུན་གཅིག་གི་ཚེ་ན་ཡང་སྔར་བཞིན་གྱེན་དུ་སྤར་བ་དང་ཐུར་དུ་འབེབ་པ་བསྐྱར་ཞིང་བསྐོར་ནས་བྱ་ཞིང་། ཐུན་འཇོག་པ་ན་རྣམ་ཤེས་ཀ་ཡིག་གིས་ཕབ་པའི་མཐར། སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རྣམ་ཤེས་ཐིག་ལེ་ལ་བསྟིམ། ཚངས་བུག་ཧཾ་གིས་སྔར་བཞིན་བརྟན་པར་བཀག་ནས་བསྔོ་སྨོན་བྱའོ། །ཡང་ན། ཐུན་བསྐྱར་ནས་འཛིན་པ་ན་སྐྱབས་སེམས་སྟོང་ར་སོགས་ནས་འཛིན་ལ་རྣམ་ཤེས་སྔར་ལྟར་བྱ་ཞིང་། དེ་ལྟར་འབད་པས་རྩེ་གཅིག་ཏུ་སྦྱངས་པས་འབྱོངས་པའི་རྟགས་སུ་རོ་སྟོད་དང་མགོ་བོ་ན་ཞིང་སྤྱི་བོ་སྐྲངས་པ་དང་། རླུང་གྱེན་དུ་ཙེག་ཅིང་ནང་དུ་གནོན་དཀའ་བ་དང་། ཤེས་པ་གནད་དུ་མི་ཕེབ་པར་ཡེད་ཡེད་པ་སོགས་བྱུང་ན་འཇག་མ་འཛུགས་པ་སོགས་ཀྱིས་ཚད་ལ་འབེབ་པར་བྱའོ། །གཉིས་པ་གེགས་སེལ་བ་ནི། རེ་ཞིག་བསྒོམ་འཇོག་པ་ན། སྤྱི་བོའི་བླ་མ་རྣམ་ཤེས་ཐིག་ལེ་ལ་བསྟིམས་ནས། ཚངས་བུག་ཧཾ་གིས་བཀག་པའི་རྗེས་སུ་སྟེང་རླུང་མནན་ཅིང་། དམིགས་པ་རྐང་པ་གཉིས་མཉམ་པར་གཤིབས་ཏེ་ལངས་པའི་མཐིལ་དུ་གསེར་གྱི་རི་རབ་ལྕི་ཞིང་འཐས་པ་རེས་ཐུར་དུ་འཐེན་པར་བསམ་མོ། །དེས་མ་སེལ་ན་དམིགས་པ་དེ་དང་ལྡན་པས་གོམ་པས་བཅག་ཅིང་རྐང་མཐིལ་ལ་ཤེས་པ་དྲིལ་བས་སེལ་ལོ། །གལ་ཏེ་སྦྱང་དུས་དྲན་མེད་དུ་བརྒྱལ་བ་ལྟ་བུ་བྱུང་ན་རྐང་མཐིལ་བརྡུང་བ་དང་དྲོད་བདུགས་ཀྱིས་གསོ་བ་སོགས་ཀྱིས་བསལ་བར་བྱའོ། །མཐར་ལས་སུ་སྦྱར་བ་ལ་རང་དོན་དང་གཞན་དོན་གཉིས་ལས། དང་པོ་ནི། ཕྱི་ནང་གསང་བའི་འཆི་ལྟས་རྣམས་རྫོགས་པར་ཤར་ཞིང་། དེ་ལས་བསླུ་བའི་ཐབས་གསུངས་པ་རྣམས་ཀྱིས་ཀྱང་བཟློག་ཏུ་མེད་པའི་མཚན་མ་ཤར་བ་ན། སྔར་བཤད་པའི་དམིགས་པ་གཞན་རྣམས་དཀྱུས་བཞིན་ལས་ཕྱིར་འབེབ་པའི་དམིགས་པ་དོར་ཏེ་རྣམ་ཤེས་བླ་མའི་ཐུགས་ཀར་སྤར་ནས་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་རིག་དབྱེར་མེད་པར་བསྲེས་ནས། དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་མཉམ་བཞག་རྩེ་གཅིག་པ་བྱ་ཞིང་། དེ་ལྟར་མི་ནུས་ན་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའོ་སྙམ་པའི་དྲན་འཛིན་མ་ཡེངས་པ་རྒྱུན་ཆགས་སུ་བྱས་པ། རྐྱེན་གཞན་གྱིས་འཕྲོག་པར་མི་ནུས་པ་ཙམ་འབྱོངས་པར་བྱས་ནས་འཆི་བའི་འོད་གསལ་གྱིས་སྔ་ཕྱིར་གོམས་སྟོབས་དང་སྦྱར་ནས་འཕོ་བར་བྱའོ། །གཉིས་པ་གཞན་ལ་འདེབས་ན། དེ་ཉིད་ཀྱི་དྲན་པ་གསལ་འདེབས་པ་སྔོན་དུ་འགྲོ་བས། དམིགས་ཡུལ་ལ་བཟོད་དུ་མེད་པའི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་རྩེ་གཅིག་ཏུ་གཏད་ནས་ཇི་ལྟར་བསྒོམ་པ་དེ་ལྟར་དམིགས་ཡུལ་གྱི་རྣམ་པར་གསལ་ལ་བསྒོམ་ཞིང་། རང་ཉིད་མོས་པའི་བླ་མ་དེ་གཤིན་པོས་དེ་ཉིད་མི་མོས་ན་དེ་ཉིད་བསྒོམ་དུ་མི་རུང་བས་ཁོ་རང་གང་ལ་མོས་པའི་བླ་མ་དེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བསྒོམ་ཞིང་། འཕོ་བ་སྤར་ནས་བླ་མའི་ཐུགས་དང་དབྱེར་མེད་པ་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་ཅིང་མཐར་བསྔོ་སྨོན་གྱི་རྒྱས་འདེབས་ནན་ཏན་དུ་བྱ་བ་རྣམས་སོ། །འདིའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་ཆེན་པོ། ཉི་ཟླ་སངས་རྒྱས། བསོད་ནམས་འོད་ཟེར། བསོད་ནམས་དཔལ། བསོད་ནམས་ཆོས་སྐྱོང་། སྣ་ཚོགས་རང་གྲོལ། ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། དེ་ཡན་ཆད་སྙན་བརྒྱུད་དུ་བཞུགས་པ་ལས་དམ་པ་དེས་བདག་ལ་དགྱེས་པ་ཆེན་པོས་གནང་ཞིང་ཉམས་སུ་བླངས་པ་ལས་ཡིད་ཆེས་ངེས་པ་ཅུང་ཟད་ཐོབ་པའི་དོན་ཇི་ལྟ་བ་བཞིན་རེག་ཟིག་ཏུ་སྤེལ་བའོ།། །།སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ངོ།།

དགའ་རབ་རྡོ་རྗེའི་སྙིང་ཏིག་གི་ཟིན་ཐོ་ (Volume 58, Text 27)

དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཕྱི་ཡི་དམ་ཞི་བ་རྡོར་སེམས་སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ་དབང་། ཁྲིད། ལུང་གསུམ། དང་པོ་ནི། གཞུང་རྩ་བ་ལྟར་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་ཁྲུས་སྔོན་དུ་འགྲོ་བའི་དབང་བཞི་ཡོངས་རྫོགས་དང་། རིལ་སྒྲུབ་ཀྱི་གཤམ་ནས་འབྱུང་བ་ལྟར་མྱོང་གྲོལ་རྫས་ཀྱི་དབང་བསྐུར་བཅས། གཉིས་པ་ཁྲིད་ནི། གཏེར་གཞུང་རྩ་བ་དང་། ཉམས་ལེན་སྙིང་པོ་བདེ་ཆེན་ཐིག་ལེའི་སྟེང་ནས་ཐུན་དང་ཁྲིད་ཀྱི་སྔོན་འགྲོ། གཞི་བསྐྱེད་རིམ། ལམ་ཐབས། འབྲས་བུ་གྲོལ་བའི་རིམ་པ། རྗེས་ཀྱི་རྣལ་འབྱོར་བཅས། གསུམ་པ་ལུང་ནི། ཡི་དམ་ཞི་བའི་སྒྲུབ་པ་གཏེར་གཞུང་རྩ་བ་ལ་ནང་གསེས་སུ་སྒྲུབ་ཐབས། མན་ངག །དབང་ཆོག །བཤགས་སྐོང་། མྱོང་གྲོལ་གྱི་རྫས་སྦྱོར་བཅས། ཆོག་སྒྲིག་ལ་བརྒྱུད་འདེབས་བདེ་ཆེན་སྤྲིན་ཕུང་། ལས་བྱང་བདེ་ཆེན་མྱུར་ལམ། བསྐྱེད་རྫོགས་སྙིང་པོ་བདེ་ཆེན་ཐིག་ལེ་རྣམས་སོ།། ༈ །།ནང་བདེ་མཆོག་ཁྲོ་ཆགས་སངས་རྒྱས་མཉམ་སྦྱོར་འཁོར་ལོས་སྒྱུར་བ་གཙོ་བོ་བསྡུས་པ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་ལ་དབང་། ཁྲིད། ལུང་གསུམ། དང་པོ་ནི། སློབ་མ་ལྷག་གནས་རིན་ཆེན་སྙིང་པོ་ལྟར་འཇུག་པ་ཁྱད་པར་ཅན་སྔོན་དུ་འགྲོ་བས། རྒྱལ་བ་རྟག་པ་ལ་བསྟེན་ནས་ཅོད་པན་གྱི་དབང་དང་བུམ་པའི་དབང་ལྷ་དབང་བཅས། པདྨ་གར་དབང་ལ་བསྟེན་ནས་གསང་དབང་། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྟེན་ནས་ཕོ་ཉའི་དབང་དང་བཞི་པའི་ངོ་སྤྲོད། ལས་ཀྱི་དབང་ལ་གསུམ་ལས། རྡོ་རྗེ་ཉི་མ་ལ་བསྟེན་ནས་འཆད་པའི་དབང་། ཧེ་རུ་ཀ་ལ་བསྟེན་ནས་སྒྲོལ་བའི་དབང་། རྟ་མཆོག་ལ་བསྟེན་ནས་ལས་ཀྱི་དབང་སྟེ་དབང་ལྔ་ཡོངས་སུ་རྫོགས་པ། གཉིས་པ་ཁྲིད་ནི། བསྐྱེད་རྫོགས་རིམ་ལྔ་རིན་ཆེན་ཕྲེང་བ་ལྟར། ཐུན་དང་ཁྲིད་ཀྱི་སྔོན་འགྲོ་སྤྱི་ལྟར་དང་། དངོས་གཞི་བུམ་དབང་གི་ལམ་བསྐྱེད་པའི་རིམ་པ། གསང་དབང་གི་ལམ་ཐིག་ལེའི་རྣལ་འབྱོར། ཤེར་དབང་གི་ལམ་ཕོ་ཉའི་རྣལ་འབྱོར། དབང་བཞི་པའི་ལམ་འོད་གསལ་གྱི་རྣལ་འབྱོར། དེའི་བོགས་འདོན་རྨི་ལམ་གྱི་རྣལ་འབྱོར། མཐར་ཐུག་གི་འབྲས་བུ་འགྲུབ་ཚུལ་བཅས། གསུམ་པ་ལུང་ནི། སློབ་མ་ལྷག་གནས་རིན་ཆེན་སྙིང་པོ། ཕྲིན་ལས་རིན་ཆེན་སྒྲོན་མེ། བསྐྱེད་རྫོགས་རིམ་ལྔ་རིན་ཆེན་ཕྲེང་བ། རྟེན་གསུམ་ལྷག་གནས་རིན་ཆེན་དྲྭ་བ། སྲེག་བླུག་གི་ཆོ་ག་རིན་ཆེན་སྣང་བ། ཚོར་གྲོལ་གླུའི་སྙིང་པོ་རིན་ཆེན་སྒྲ་དབྱངས། མཐོང་གྲོལ་གར་གྱི་ཆོ་ག་རིན་ཆེན་རོལ་པ་སྟེ་གཞུང་རིན་ཆེན་རྣམ་བདུན་དང་། ཤིན་ཏུ་གསང་བའི་གབ་ཡིག་བཅས་རྒྱ་གཞུང་ཁོ་ནའོ།། ༈ །།དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། གསང་བ་བདེ་མཆོག་ཁྲོ་བོ་དཔལ་ཡང་དག་ཧེ་རུ་ཀའི་སྐོར་ལ་དབང་། ཁྲིད། ལུང་གསུམ། དང་པོ་ནི། གཏེར་གཞུང་ལྟར་ཟབ་མོའི་དབང་བཞི་མཐའ་རྟེན་རྡོ་རྗེ་ཚེའི་དབང་བཅས། གཉིས་པ་ཁྲིད་ནི། གཏེར་གཞུང་ལྟར་དམན་པ་དབྱིབས། ཟབ་པ་སྔགས། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་གསུམ་གྱི་ཁྲིད། གསུམ་པ་ལུང་ནི། གཏེར་གཞུང་ལ་ནང་གསེས་སུ། བསྐྱེད་རིམ་གྱི་སྒྲུབ་ཐབས་དབྱིབས་ཀྱི་རྣལ་འབྱོར། རྩ་རླུང་སྔགས་ཀྱི་རྣལ་འབྱོར། རྟེན་དང་བརྟེན་པའི་བྱང་སེམས་ཆོས་ཀྱི་རྣལ་འབྱོར། རྡོ་རྗེ་ཚེའི་དགོངས་པ། སློབ་མ་རྗེས་འཛིན་ཟབ་དབང་བཅས་སོ།། །།

ཛམ་དམར་སྒྲུབ་ཐབས་ལས་ཚོགས་རྣམས་བཅས་ (Volume 50, Text 27)

༄༅། །ཛམ་དམར་སྒྲུབ་ཐབས་ལས་ཚོགས་རྣམས་བཅས་བཞུགས་སོ། ། རྒྱ་གར་སྐད་དུ༔ ཨཱརྻ་ཛམྦྷ་ལ་སཱ་དྷ་ནཿནཱ་མ༔ བོད་སྐད་དུ༔ འཕགས་པ་ཛམྦྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་རིན་ཆེན་གཏེར་ནི་སྒྲུབ་པ་དང༔ མ་ལུས་འགྲོ་བའི་དབུལ་བ་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛམྦྷ་ལ༔ དམར་པོ་གསུང་གི་སྒྲུབ་པ་ཡང་དག་བཤད༔ དེ་ལ་དང་པོ་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་བསལ་བའི་བསམ་པ་དང་ལྡན་པས་དཀོན་མཆོག་དང་འཕགས་པ་ཛམྦྷ་ལ་ལ་སྐྱབས་སུ་འགྲོ་བར་བྱའོ༔ དེ་ནས་སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར་བདག་གི་འཕགས་པ་ཛམྦྷ་ལ་བསྒྲུབ་སྙམ་དུ་སེམས་བསྐྱེད་ལ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་པས་བརྟན་གཡོ་ཐམས་ཅད་སྟོང་པར་བསྒོམ༔ དེའི་ངང་ལས་ཨ་ལས་ཟླ་བ་མ་ལས་ཉི་མ་པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་ཏེ་ཛཾ་ལ་ཕོག་དེ་ཡོངས་སུ་གྱུར་པ་ལས༔ ཛམྦྷ་ལ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་བ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ༔ གཡོན་སྔོ་བ༔ རྩ་ཞལ་དམར་བ༔ ཕྱག་གཡས་ཀྱི་དང་པོ་ན་རིན་པོ་ཆེ༔ བར་པ་ན་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུག་པ༔ ཞབས་བཞིས་གནོད་སྦྱིན་ནོར་བདག་ནོར་བུ་སྐྱུག་པ་གཉིས་མནན་པ༔ དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ༔ དེ་ལྟ་བུ་བསྒོམ་པའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས༔ སྦས་པའི་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མ་ལྕགས་ཀྱུ༔ གཡོན་འོག་མ་ཞགས་པ་བསྣམས་པ་བསྐྱེད་ལ༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང༔ ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས༔ རང་གི་ཁང་པར་མི་ཤོང་བ་ཙམ་དུ་སྤུངས་ཏེ་གང་བར་བསམ༔ ཛམྦྷ་ལའི་ཞལ་དང༔ ནེའུ་ལེའི་ཞལ་དང༔ གནོད་སྦྱིན་ནོར་སྐྱུག་གཉིས་པོའི་ཞལ་ནས་གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས་རང་གི་ཁང་པ་ཁེངས་པར་བསྒོམ་ཞིང༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་པའི་བསྙེན་པ་བྱས་པས་མཉེས་ནས་ནོར་གྱི་དངོས་གྲུབ་བྱིན་པར་བསམ༔ བསྙེན་པ་ཅི་རིགས་པ་བྱ༔ རབ་སྟོང་ཚོ༔ འབྲིང་ལྔ་བརྒྱ༔ ཐ་མ་སུམ་བརྒྱ་ཆག་ཏུ་མི་རུང༔ ཐོ་རངས་ཀྱི་ཆའམ་མཚན་མོའི་ཆ་ལ་བཟླ་ཞིང༔ གོང་གི་དམིགས་པ་ཡང་ཡང་བསྒོམ༔ ནམ་ལངས་པ་དང་ཆུ་སྦྱིན་དང་གཏོར་མ་གཏང༔ རྒྱུན་དུ་བཟླས་པས་འགྲུབ་སྟེ༔ སྔོན་དུ་བསྙེན་པ་ཞག་བདུན་བྱས་ནས༔ དེ་ནས་རྒྱུན་དུ་སྒྲུབ་པ་བྱས་ན་ཤིན་ཏུའང་ལེགས༔ ༈ ཆུ་སྦྱིན་པའི་ཐབས་ལ༔ མདུན་དུ་ཟངས་གཞོང་དུ་སྔར་བཞིན་བསྐྱེད་ནས་དེའི་ཐུགས་ཀར་རཾ་དམར་པོ་བསམ༔ དེ་ནས་རཾ་ཞེས་བརྗོད་པས་མེ་འབར་ཏེ་ཞལ་གྱི་ནང་ནས་ཡར་ལ་མེ་ལྕེ་བྱུང་བས་ཤིན་ཏུ་སྐོམ་པས་གདུང་བར་བསམ༔ དེའི་ཞལ་དུ་ཆུ་རྩ་སྔགས་ཀྱིས་ཕུལ་བས་སྐོམ་པའི་སྡུག་བསྔལ་ཞི་ནས་མཉེས་ཏེ༔ ཞལ་དང་ནེའུ་ལེ་དང་ནོར་སྐྱུག་རྣམས་ཀྱི་ཞལ་ནས་རིན་པོ་ཆེ་སྣ་ཚོགས་པ་བྱུང་བར་བསམ༔ དེ་ཡང་ཛམྦྷ་ལ་སྐོམ་པས་གདུངས་པ་ལ་ཆུ་བྱིན་པས་སྐོམ་པ་སངས་ནས་མཉེས་ཏེ་ནོར་བུ་སྐྱུག༔ ཛམྦྷ་ལ་དགྱེས་ཏེ་ནེའུ་ལེ་བཙིར་བས་ནོར་བུ་སྐྱུག༔ ནོར་སྐྱུག་གཉིས་ཀྱི་སྙིང་ཁར་རྡོག་པས་ཆེར་མནན་པས་ནོར་བུ་སྐྱུག༔ དེ་ནས་ཛམྦྷ་ལའི་ཞལ་དང༔ ནེའུ་ལེ་དང༔ ནོར་སྐྱུག་དང་གསུམ་ལ་ལག་པས་རེག་པར་བསམ་སྟེ༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་དམར་པོ་ལྕེ་ལ་རེག་པར་བཞག་ལ་དངོས་གྲུབ་བླང༔ ཆུ་དེ་རང་གིས་ལོངས་སྤྱད༔ ཡང་ན་ཆུ་བོ་ཆེན་པོར་དོར་རོ༔ ༈ དེ་ནས་གཏོར་མ་སྦྱིན་པ་ནི༔ ཟངས་གཞོང་དུ་ཟན་དང་ཆང་དང་ཤ་དང་མར་དང་བུ་རམ་དང་ཟས་ཀྱི་རྣམ་པ་འབྱོར་ཚད་དང༔ ནས་ལ་སོགས་པ་འབྲུ་དང༔ མ་འབྱོར་ན་རང་གང་ཟ་བའི་ཁ་ཟས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་བཟང་ཞིང་རྒྱ་ཆེ་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པར་བསམ་ལ་རྩ་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་བཏགས་པས་ཕུལ་ལ༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་བྱུང་བར་བསམ༔ གནས་གསུམ་ནས་རིན་པོ་ཆེའི་ཆར་འཛག་པར་བསམ༔ ལན་བདུན་དུ་མཆོད་པ་དབུལ༔ བསྟོད་པ་བྱ༔ བཛྲ་མུཿས་རང་གི་སྙིང་གར་བསྡུའོ༔ གཏོར་མ་རང་གིས་ལོངས་སྤྱད༔ གཏོར་མ་ལ་བརྟེན་ཏེ་སྒྲུབ་པ་འོ༔༈ གྭའུ་ལ་བརྟེན་ཏེ་སྒྲུབ་པ་ནི༔ གྭའུ་ཟངས་སམ་རྫ་ལས་བྱས་པ་ལི་ཁྲིའམ་མཚལ་གྱིས་དམར་པོར་བྱུགས་ལ་འཁོར་ལོ་དཔེའུ་ཆུང་བཞིན་བྲིས་ལ༔ དེའི་ནང་དུ་བསྩལ་བའི་རྫས་ལ༔ ཕྱུག་པོ་ཆེན་པོ་དགུའི་ནས་སྣ༔ གཡང་གི་ནས་སྣ༔ ཕྱུག་པོ་ཆེན་པོ་དགུའི་ཟས་སྣ་དང་འབྲུ༔་་་གཞུང་ཁ་ཅིག་ན་ཕྱུག་པོ་འབུན་ཁའི་ནས་སྣ་ཟེར་བའང་སྣང་། ནོར་སྣ་དང༔ གནག་རྟ་ལུག་གསུམ་བ་ར་ལ་སོགས་པའི་སྤུ་དང༔་་་མཛོ་དྲེའུ་ཕལ་པ་མ་གཏོགས་པ། གསེར་གཡུ་ཟངས་དང་དངུལ་ལྕགས་ལ་སོགས་པ་རིན་པོ་ཆེ༔ ཞིང་མུ་མའི་ས༔་་་དུས་རྒྱུན་ལོ་ཏོག་ལེགས་པོ་སྐྱེ་བའི་ཞིང་། ཁང་པ་བཀྲ་ཤིས་པའི་ས༔་་་སྔར་བླ་མ་བཟང་པོ་བྱོན་ཅིང་དམེ་འཁྲུག་སོགས་མ་བྱུང་བ། གནས་གཞིའི་རྒྱ་ཐབ་ཀྱི་ས༔ དགེ་བཤེས་བསོད་ནམས་ཅན་གྱི་གདན་གྱི་ས༔ མི་བསོད་ནམས་ཅན་གྱི་གོས་ཀྱི་དུམ་བུ༔ ག་པུར་ལ་སོགས་པའི་སྨན་སྣ༔ བླ་མ་གྲུབ་ཐོབ་མང་པོ་བྱོན་པའི་ས༔ ཚོང་འདུས་ཚོགས་པའི་ས༔ རྐུན་ཆེན་གྱི་ལག་པ༔ ཟས་སྣའི་རིགས་འབྱོར་ཚད༔ ན་ཆུང་འཕྱོན་མའི་ཀ་ཆ༔ སྐྱེས་པ་གཞོན་ནུའི་ནོར་སྣ༔ རང་གི་སྙིང་དུ་སྡུག་པའི་སེམས་རྟེན༔ དགེ་བཤེས་ཀྱི་སེམས་རྟེན༔ ཡོན་བདག་ཕྱུག་མོའི་སེམས་རྟེན༔ ལྔ་པོ་དེས་དེ་རྣམས་དབང་དུ་འདུ་བའི་རྫས་དངོས་གཞིའོ༔ ལོ་ལེགས་པའི་སྙེ་མ༔ ཚོང་ལེགས་པའི་ནོར་གྱི་དུམ་བུ༔ འབྲོག་ལེགས་པའི་མར༔ འབུལ་བ་མང་པོ་བྱུང་བའི་ནོར་སྣ༔ རྒྱལ་པོས་ཁྲལ་ལ་བསྡུས་པའི་ནོར་སྣ༔ དེ་རྣམས་སྣ་ཚང་མ་རྙེད་ན་གང་འབྱོར་བསགས་ལ་འཁོར་ལོའི་ནང་དུ་བཅུག་ལ་ཁེངས་པར་དགང༔ ཁྱད་པར་དུ་གང་དབང་དུ་བྱ་བར་འདོད་པའི་མིང་མཚལ་གྱིས་བྲིས་ལ་དངོས་གྲུབ་སྩོལ་ཅེས་བྱ་བ་བྲིས་པ་གཞུག༔ རྒྱལ་ཕུར་དང་སྤེན་པ་ས་རི་བྲེ་ཕུར་སོགས་ལ་དུས་གསུམ་དུ་མཆོད་བསྟོད་བྱ༔་་་འགྲུབ་སྦྱོར་བཟང་དུས། རང་ལ་འབུལ་བ་བྱུང་བའི་ཕུད་དང་ཟས་ཕུད་རྣམས་མང་དུ་འཕུལ་ཞིང་ཟས་ཕུད་གང་བྱུང་བ་བསྐྱལ༔ ལྷག་མ་དང་ཟས་སྣ་རྣམས་དངོས་གྲུབ་ཏུ་བསམ་ལ་ལོངས་སྤྱད༔ གོས་སྣ་རྣམས་ལྷན་པར་བཏབ་ལ་བགོ་འོ༔ ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་ཐུན་མོང་མིན་པ་རྫོགས་སོ༔ ༈ ཛམྦྷ་ལ་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་ནི༔ ཐོད་པ་མཚན་ལྡན་གྱི་ནང་དུ་ཛཾ་དམར་གྱི་ལྡེར་བཟོའམ༔ དེ་མིན་ན་ཤོག་བུ་ལ་བྲིས་པ་གཞུག༔ རང་གི་གང་འདོད་པའི་མིང་ཡང་གཞུག༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་ཚོགས༔ ནས་དང་འབྲས་དང་གྲོ་དང་སྲན་མ་ལ་སོགས་པ་འབྲུ་སྣ་ཚོགས༔ དར་ཟབ་སྣ་ཚོགས༔ རས་སྣམ་ལ་སོགས་གོས་སྣ་ཚོགས་ཏེ༔ དེ་རྣམས་ཀྱིས་ཐོད་པ་ཁེངས་པར་བཀང་ལ༔ ཐོད་པའི་ནང་དུ་མཐིང་ཤོག་ལ་མཚལ་ལ་རིན་པོ་ཆེ་བརྡར་བས་ཛཾ་དམར་གྱི་སྙིང་པོ་བྲིས་པའི་མཐར༔ བདག་ལ་ནོར་སྩོལ་ཅིག་ཅེས་བྱ་བ་བྲིས་ལ་གཞུག༔ བང་མཛོད་དུ་སྦའོ༔ འགྲུབ་སྦྱོར་དང་གཡང་སྐར་ལ།་་་སྐབས་སྐབས་སུ་མཆོད་བསྟོད་བྱའོ༔ ཛཾ་དམར་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་རྫོགས་སོ༔ ༈ ཛམྦྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དབང་དུ་བྱ་བའི་ཕྲིན་ལས་ནི༔ རང་སྐད་ཅིག་གིས་སྟོང་པར་བསྒོམ༔ ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པཾ་ལས་པདྨ༔ དེའི་སྟེང་དུ་ཛཾ་ལས་འོད་འཕྲོས་པས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་གཅིག་གིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྙིང་བསྒུལ༔ སེམས་གཡོས་ནས་བདག་ལ་ཐམས་ཅད་ཆགས་པར་བསྒོམ༔ དེ་ཚུར་འདུས་པས་ཛཾ་ལ་ཕོག་སྟེ་ཛཾ་ཡོངས་སུ་གྱུར་པ་ལས༔ ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཞལ་གཡས་དཀར༔ གཡོན་མཐིང༔ དབུས་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ གཉིས་པ་ན་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པ་ན་ཞགས་པ༔ གསུམ་པ་གཉིས་ན་ནེའུ་ལེ་བཙིར་བ༔ ཞབས་བཞི་པོ་གནོད་སྦྱིན་ནོར་སྐྱུག་གི་སྟེང་ན་བཞུགས་པ༔ དེ་ལྟ་བུ་སྒེག་པའི་ཉམས་དང་ལྡན་པ་གཅིག་བསམ༔ དེའི་ཐུགས་ཀར་སྦས་པའི་ཡུམ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ གཡས་དང་གཡོན་གྱི་དང་པོ་མདའ་གཞུ་འགེངས་པ༔ གཡས་གཉིས་པ་ན་ལྕགས་ཀྱུ༔ གཡོན་གཉིས་པ་ན་ཞགས་པ་བསྣམས་པ༔ དེ་ལས་ལས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྕགས་ཀྱུས་བཟུང༔ ཞགས་པས་མགུལ་ནས་བཅིངས་ནས་བདག་གི་མདུན་དུ་རང་དབང་མེད་པར་བཀུག་པར་བསམ༔ དེ་ཐམས་ཅད་ཀྱིས་བདག་ལ་མོས་པ་དང་ཐལ་མོ་སྦྱར་ནས་གུས་པ་ཚད་མེད་པ་བྱེད་པར་བསམ༔ ཛམྦྷ་ལའི་ཐུགས་ཀའི་ཀུ་རུ་ཀུལླེའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་སྤྲོས་ཏེ་བསྒྲུབ་བྱ་རྣམས་ཀྱི་སྤྱི་བོར་ཐིམ་པས་དབང་བསྐུར་ཏེ་སྤྱི་བོ་ནས་སྙིང་ཁར་བབས་པས་སེམས་བསྒུལ་ཏེ་བདག་ལ་ཡིད་ཆགས་མྱོས་ཏེ་བདག་གི་མདུན་དུ་བརྒྱལ་ནས་འདུག་པར་བསམ༔ ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་འཕྲོས་ཏེ་བསྒྲུབ་བྱ་ལ་ཕོག་པས་དམར་ལམ་སོང་སྟེ་ཆགས་པས་ཆེར་མྱོས་ཏེ་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ༔ དེ་ལྟ་བུ་ཡང་ཡང་བསམ་ཞིང་སྔགས་འདི་བཟླ་འོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླས་པས་རྟགས་ནི་རྨི་ལམ་དུ་བདག་ལ་བུད་མེད་ཀྱི་ཚོགས་ཀྱིས་བསྙེན་བཀུར་བྱེད་པ་དང༔ ཕྱག་འཚལ་བ་དང་འབུལ་བ་བྱེད་པ་འབྱུང༔ མི་ཆེན་པོ་རྣམས་ཀྱིས་ཀྱང་བདག་ལ་བསྙེན་བཀུར་བྱེད་པ་འབྱུང༔ དངོས་སུ་ཡང་སྐྱེ་བོ་ཐམས་ཅད་དང་བུད་མེད་ཐམས་ཅད་ཡིད་ཆགས་ནས་མཐོང་བ་ཙམ་གྱིས་དད་པ་སྐྱེ༔ བློ་ཆོས་ལ་འཛུད་ནུས༔ དབང་དུ་འདུ་ངེས་སོ༔ འདི་ལ་དམ་ཚིག་ཏུ་ཆོས་ལ་ཕྱོགས་རིས་མི་བྱ༔ གང་ཟག་སུ་ལའང་སྐུར་པ་མི་གདབ༔ ཆོས་དང་གང་ཟག་ལ་བསྟོད་སྒྲ་འབའ་ཞིག་གཏང༔ སྨད་སྒྲ་མི་གཏང༔ གམ་དུ་འོང་བ་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཕན་གདགས༔ ཀུན་དང་བློ་བསྟུན༔ ཀུན་གྱི་བློ་དང་མཐུན་པར་ཆོས་བཤད༔ གྲུབ་མཐའ་སོགས་ལའང་གྲུབ་མཐའི་བརྒལ་བརྟགས་དང་ཡིན་མིན་མི་བྱ༔ བསྟོད་པ་བརྗོད་པས་དབང་དུ་འདུ་ངེས་སོ༔ གསང་ནས་སྤྱད་ན་དངོས་གྲུབ་ཐོབ་ངེས་སོ༔ ྀཨཚ༔ ༈ ཛཾ་དམར་སྦྱིན་སྲེག་ལ་བརྟེན་ནས་སྒྲུབ་པ་ནི༔ རྒྱས་པའི་ཤིང་འོ་མ་ཅན་ལ་སོགས་པ་ལས༔་་་ཙནྡན་དམར། མཚེ་ཤིང་། ཤུག་པ་སོགས། རྒྱས་པའི་དཀྱིལ་འཁོར་རིན་པོ་ཆེའི་དབྱིབས་ཅན་དུ་བྲིས་ནས་དེར་མེ་ཐབ་གྲུ་བཞིར་བརྩིགས་ཏེ༔ བསྲེག་རྫས་ནས་དང༔ འབྲས་དང༔ གྲོ་དང༔ རིན་པོ་ཆེ་དང༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་དང༔ གོས་ཆེན་པོ་ལ་སོགས་པ་གོས་སྣ་དང༔ ཞུན་མར་རྣམས་བསགས་ལ་མེ་ལྷ་ཛཾ་ལ་དམར་པོར་བསྐྱེད༔ དེའི་ཞལ་དུ་བསྲེག་རྫས་རྣམས་སྔགས་འདིས་འབུལ་ལོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཛྭ་ལ་རཾ་རཏྣ་སིདྡྷི་ཧཱུྃ༔ ཞེས་ཕུལ་བས་མཉེས་ཏེ་ཞལ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛག༔ ཕྱག་གི་ནེའུ་ལེ་དང་གནོད་སྦྱིན་ནོར་སྐྱུག་གི་ཁ་ནས་ནོར་བུ་རིན་པོ་ཆེ་འཛག་པར་བསམ༔ དེས་ནི་དངོས་གྲུབ་མ་ལུས་པ་ཐོབ་བོ༔ སྦྱིན་སྲེག་ལ་བརྟེན་ནས་དབང་དུ་བྱ་བར་འདོད་ན༔ མེ་ཐབ་ཟླ་གམ་དུ་བརྩིགས་ལ་དེར་མེ་ལྷ་ཛཾ་དམར་བསྐྱེད༔ བསྲེག་རྫས་མེ་ཏོག་གླང་སྣ་དང་ཨུག་ཆོས༔ མར་རྒྱ་སྐྱེགས་སམ་འབྲི་མོག་གིས་ཁ་བསྒྱུར་ཏེ༔ རྒྱ་སྐྱེགས་ཀྱིས་ལིངྒ་བྲིས་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧྲཱི༔ ཞེས་པས་ལིངྒ་བྱིན་ལ༔ དེ་ནས་བསྲེག་རྫས་རྣམས་སྦྱིན༔ ཏིང་ངེ་འཛིན་ནི་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད༔ དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ལྕགས་ཀྱུས་སྙིང་ནས་བཟུང༔ ཞགས་པས་མགུལ་ནས་བཅིངས་ནས་བསྒྲུབ་བྱ་མེ་ལྷའི་མདུན་དུ་དྲངས་ནས་གུས་པས་ཐལ་མོ་སྦྱར་ནས་འདུག་པ་ལ༔ ཛམྦྷ་ལའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་འཕྲོས་ཏེ་དབང་བསྐུར་ནས་བདག་ལ་ཡིད་ཆགས་པར་བསམ༔ དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཁ་ནས་དམར་ལམ་གྱིས་བྱུང་བ་བསྒྲུབ་བྱ་ལ་ཕོག་པས་ཆགས་པས་ཡིད་མྱོས་ཏེ༔ སླར་བསྲེག་རྫས་ཕུལ་བས་མེ་ཆེར་འབར་ཏེ་བསྒྲུབ་བྱ་ཆགས་པའི་མེས་ཡིད་གདུང་ནས་བདག་ལ་ཤིན་ཏུ་ཡང་ཆགས་པར་བསམ༔ འཇིག་རྟེན་གྱི་མི་ཐམས་ཅད་ལ་བྱས་ན་བསོད་ནམས་ཀྱིས་རྒྱལ་ཁམས་ཀུན་འུར་འོང་ངོ༔ གཅིག་ལ་བྱས་ན་གང་ལ་བྱས་པ་དེ་བྲན་བཞིན་དུ་འགྱུར་རོ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག༔ དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ཆེན་པོ་ལ་ཁྲི་ཕྲག་གཅིག༔ ཡ་རབས་ལ་སྟོང་ཕྲག་གཅིག༔ མ་རབས་དང་བུད་མེད་ལ་སྦྱིན་སྲེག་བརྒྱ་ཕྲག་གཅིག་གིས་འགྲུབ་བོ༔ སྦྱིན་སྲེག་གིས་དབང་དུ་བྱ་བའོ༔ ༈ ཛམྦྷ་ལ་ལ་ཚོགས་དབུལ་བ་ནི༔ ནངས་ནུབ་ཟས་ཚོགས་སུ་བྱེད་ཀྱང་རུང༔ ནམ་འབྱོར་པ་ན་བྱེད་ཀྱང་རུང༔ ཞལ་ཟས་སྣ་ཚོགས་པ་རྣམས་བཤམས་ལ༔ སྔོན་འགྲོ་ཡི་དམ་ལ་གཞུང་བསྲངས་ཀྱང་ལེགས༔ དེ་མིན་ན་ཛཾ་དམར་གྱི་མངོན་རྟོགས་བསྒོམ༔ སྭ་བྷཱ་བས་ཡོ་བྱད་སྦྱངས་ལ༔ ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པས་དགྱེས་ནས་གསོལ་བར་བསམ༔ གསོལ་བས་མཉེས་ནས་ནོར་བུ་འཛག་པ་གསུམ་ལ་དམིགས་པ་གཏད་དོ༔ མགྲིན་པར་ཛཾ་དམར་བསྐྱེད༔ བདག་ཀྱང་ཛཾ་དམར་དུ་བསྐྱེད་དེ་གསོལ་བས་མཉེས་ནས་ཟས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ༔ ས་མ་ཡ༔ ྀཨཚ༔ ༈ བསྟོད་པ་ནི༔ བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཡས༔ གཡོན་གཉིས་ནོར་བུས་གང་བའི་ཐོད་པ་དང༔ འཆིང་བྱེད་ཞགས་པས་ཁམས་གསུམ་འཆིང་བར་བྱེད༔ ཐ་མ་གཉིས་ནི་ནེའུ་ལེ་བཙིར་ཞིང་འབེབ༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ ཞལ་གཡོན་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཅེས་པས་བསྟོད་དོ༔ ༈ འཁོར་ལོ་བྲི་བ་ནི༔ ལྟེ་བ་ལ་ཨོཾ༔ དེའི་ཕྱི་རིམ་མུ་ཁྱུད་ཡི་གེ་ཤོང་ཙམ་ལ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ དེའི་ཕྱི་རིམ་ཡི་གེ་ཤོང་ཙམ་ལ་རིན་ཆེན་སྣ་བདུན་གྱི་སྙིང་པོ་བྲི༔ དེའི་ཕྱི་རིམ་སོར་གཉིས་ཀྱི་ཚད་ཙམ་ལ་པདྨ་འདབ་བརྒྱད་ལ་བཀྲ་ཤིས་རྫས་བརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཛམྦྷ་ལའི་གཟུངས་ཀྱི་མཇུག་ཏུ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཞེས་བྲི༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་ལ་གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི་སྙིང་པོ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྣམ་སྲས་དང་ནོར་རྒྱུན་མའི་གཟུངས་བྲི༔ དེའི་ཕྱི་རིམ་ལ༔ བདག་ལ་གསེར་དངུལ་ཟངས་ལྕགས་གཡུ་བྱེ་རུ་མུ་ཏིག་རྟ་གླང་གནག་ལུག་ཞིང་ཁང་ས་འབྲུ་བང་མཛོད་འཇིག་རྟེན་གྱི་ཡིད་བཞིན་ནོར་གྱི་དངོས་གྲུབ་འདོད་རྒུ་སྩོལ་ཅིག༔ ཅེས་བྲི༔ དེའི་ཕྱི་རིམ་ལ་ཛམྦྷ་ལ་དམར་པོའི་ཞལ་བྲིའོ༔་་་ཞལ་གསུམ་ཕྱག་དྲུག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ལྟོ་བར་འཁོར་ལོ་ཚུད་པའོ། །ཨོཾ་ཧྲཱིཿཛམྦྷ་ལ་ཛ་ལེནྡྲ་ཡ་འགྲོ་བ་མིའི་ཙིཏྟ་ལ་ཨ་པར་ཙིཏྟ་ཛ་ཛ༔ ཨོཾ་ཧྲཱིཿཛཿཧཱུྃ་ཛམྦྷ་ལ་རཏྣ་ཨ་མུ་ཀ་ཨཱ་ཀརྵ་ཡ་ཛ་ཛ༔ ནོར་རྫས་ཐམས་ཅད་བདག་ལ་དུང་དུང་སྡུས་སྡུས༔ མགོ་ནག་མིའི་སེམས་དཀྲུགས་སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃ༔ ཚེག་བར་གྱ་བདུན་ཡོད༔ ྀཨཚ༔ ཟབ་རྒྱ་རྒྱ་རྒྱ༔ ༈ ཛམྦྷ་ལ་ཡི་ཁྱད་པར་གྱི་སྒྲུབ་ཐབས་ནི༔ ཛམྦྷ་ལ་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ འཕགས་པ་ཛམྦྷ་ལ་བསྒྲུབ་པར་འདོད་པས༔ ལུག་དཀར་པོའི་སྙིང་ཤུན་གྱི་ནང་དུ་དར་དམར་པོ་ལ་འཁོར་ལོ་འདི་བྲིས་ཏེ་རིན་པོ་ཆེ་སྣ་ལྔ་དང་གོང་གི་རྫས་རྣམས་ཀྱིས་བཀང་ལ༔ དེ་དར་དམར་པོའི་ཁོག་ཏུ་དྲིལ་ལ་མཎྜལ་གྱི་སྟེང་དུ་བཞག༔ གཏོར་མའི་ཡོ་བྱད་དང་ཆང་ཕུད་བཤམས་ཏེ༔ རང་ཉིད་ཛམྦྷ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ནོར་བུ་རིན་པོ་ཆེ་བསྣམས་པ༔ གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་པ་གཅིག་ཏུ་སྐད་ཅིག་གིས་བསྐྱེད་ལ༔ དེའི་སྙིང་གར་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གནོད་སྦྱིན་གྱི་གནས་རྣམས་དང༔ རིན་པོ་ཆེའི་འབྱུང་གནས་རྣམས་ནས་ནོར་བུ་རིན་པོ་ཆེ་བཀུག་ནས་བདག་གི་གནས་རྣམས་ཁེངས་པར་བསམ་ལ་སྔགས་འདིས་ཞག་བདུན་སྒྲུབ་བོ༔ ཨོཾ་ཛམྦྷ་ལ་དྷ་ནཿཨ་མུ་ཀ་སིདྡྷི་ས་མ་ཡ་ཕ་ལ་སྡུས་ནོར་རྫས་ཐམས་ཅད་བདག་ལ་དུང་དུང་སྡུས་སྭཱ་ཧཱ༔ དེ་ལྟར་བཟླས་པ་བྱས་པས་རྨི་ལམ་དུ་ནོར་རྫས་སྟེར་བ་དང༔ བསྙེན་བཀུར་བྱེད་པ་དང༔ རིན་པོ་ཆེའི་གླིང་དུ་ཕྱིན་པ་དང༔ རིན་པོ་ཆེའི་འབྱུང་ཁུངས་ནས་ནོར་རྫས་མང་པོ་བྱུང་ཞིང་རྙེད་པའི་རྨི་ལམ་འབྱུང༔ དངོས་སུ་ཡང་ཟས་ནོར་སྟེར་བ་འབྱུང་ངོ༔ གྭའུ་རང་གི་དཀོར་ཁང་དུ་སྦའོ༔ གཏོར་མ་ནི་ཛམྦྷ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པས་དབུལ་ལོ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ༔ དཔལ་ཛམྦྷ་ལའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ༈ ཛམྦྷ་ལ་དམར་པོའི་དབང་བསྐུར་ནི༔ གནས་དབེན་པར་མཎྜལ་མདའ་གང་བྱས་ལ་པདྨ་འདབ་བརྒྱད་བྱ༔ དེའི་ནང་དུ་ཆང་ཐོད་པ་་་མཚན་ལྡན།གང་ལ་བུ་རམ་བཏབ་པ་གཅིག་བཞག༔ གཏོར་མ་རིན་ཆེན་འབར་བ་ལ་ཤ་མར་དང་བུ་རམ་གྱིས་བརྒྱན༔ ཤར་དུ་བུམ་པ༔ ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞག༔ སྐྱབས་འགྲོ་སེམས་བསྐྱེད་བྱིན་ལ༔ ཐོད་པ་ལག་ཏུ་བཞག་སྟེ༔ ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱི༔ ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་རིན་ཆེན་འབར་བ་སྦྱིན་ལ༔ ཡིད་བཞིན་རིན་ཆེན་འབར་བ་ཡིས༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པས༔ འདོད་རྒུ་ཆར་འབེབ་དབང་གི་རྒྱལ༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ༔ སྔགས་འདྲེན་ནོ༔ དེ་ནས་ཆུ་སྦྱིན་བྱས་ལ་ཆུ་སྦྱིན༔ ལྷ་བསྒོམ་པ་དང་སྔགས་བཟླ་བའི་རྗེས་གནང་བྱིན་ལ་ཚོགས་འཁོར་ལ་རོལ༔ ཛཾ་བྷ་ལ་དམར་པོའི་དབང་དང་ལུང་འབོགས་པ་ལ་འབུལ་བ་མེད་པར་བྱར་མི་རུང༔ ཆེ་འབྱོར་ཆུང་འབྱོར་ཕུལ་བས་བླ་མ་མཉེས༔་་་རིན་པོ་ཆེའི་བྱེ་བྲག་ཅུང་ཟད་རེ་དང་། ཟས་སྣ་ཁྱད་པར་ཅན་ཅུང་ཟད་རེ་འབུལ་བ་ཕྱག་ལེན་ནོ། །དེ་ནས་ལུང་སྦྱིན༔ དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ༔ ྀཨཚ༔ གདམས་པ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་སྦས་པ་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་བཏོན།་་་དེ་ནས་རིམ་པར་བརྒྱུད་དོ། །ལྔ་པའི་གསན་ཐོར་འདི་ཡན་ལས་མེད། དགེའོ།། །། ༄༅༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ བསོད་ནམས་དགོས་འདོད་ཀུན་འབྱུང་གཏེར༔ ཡིད་བཞིན་ནོར་བུའི་མངའ་བདག་གཙོ༔ འདོད་པའི་ལས་རྣམས་མྱུར་འགྲུབ་ཕྱིར༔ མྱུར་མགྱོགས་མགོན་པོའི་ལས་སྒྲུབ་བཤད༔ དེ་ལ་དང་པོ་ཛམྦྷ་ལ་མྱུར་མགྱོགས་ལས་ཀྱི་མགོན་པོ༔ གནོད་སྦྱིན་ལས་ཀྱི་ཕོ་ཉ་ཤིན་ཏུ་གསང་བ་དམ་པ་ཡང་དག་པ་སྟེ༔ འདི་སྒྲུབ་པ་ལ་རྫས་དང་བཅའ་གཞི་སྒྲུབ་པ་དངོས༔ མ་གྲུབ་ན་བཙན་ཐབས་སུ་སྒྲུབ་པའོ༔ དང་པོ་ནི་གྭའུ་ཕུལ་དོ་འགྲོ་བའི་ནང་དུ་རཏྣ་ལྔ༔ འབྲུ་ལྔ་མངར་གསུམ༔ བཟང་སྨན་སྣ་ཚོགས་དང༔ ནོར་རྫས་རྟ་ཕྱུགས་གང་འདོད་ཀྱི་མིང་བྲིས་ལ་གཞུག༔ གཉིས་པ་ནི་གྭའུ་ལ་སོ་བཏང་ལ་དཀར་པོར་བྱུགས༔ ནང་དུ་ཤོག་བུའམ༔ རས་སམ༔ གྲོ་གའམ༔ དར་དཀར་ལ་ཙཀྲ་དང་མནྟྲ་དཔེ་ཆུང་ལྟར་བྲི༔ གྭའུ་སྟེང་མའི་དབུས་སུ་བུག་པ་གཅིག་བྱས་ལ༔ དེ་ལ་སྨྱུག་མ་གཅིག་ལ་མིའི་ཕྱི་མོའི་མཇུག་སྐྱེས༔ སའི་ཟླ་ཀའི་མཇུག་སྐྱེས༔ ཆུ་སྐྱེས་སྦྲེ་མོའི་ལུས་སྐྱེས༔ སེང་གེ་འཕྲོག་བྱེད་ཀྱི་ཁའི་མཐའ་སྐྱེས༔ དེ་རྣམས་བསྡོམས་ལ་ཕྱགས་ཤིང་བྱས་ལ་སྨྱུག་སྦུབས་སུ་བཅུག་ལ་གྭའུ་ལ་གཟུག་གོ༔ གསུམ་པ་ནི་སྨྱུག་མ་ལ་དར་དཀར་བཏགས༔ ཐོ་རངས་ནས་ཉི་མ་དྲོས་ཀྱི་བར་གཡབ་བོ༔ དེ་ཡང་བདག་ཉིད་ཛམྦྷ་ལ་འཕྲོག་བྱེད་དམར་པོ་གཏུམ་ཆེན་གཏེར་འཛིན་སྒྲུབ་ཐབས་ནས་ཇི་ལྟར་བསྒོམས་པ་བཞིན་ཐུགས་ཀའི་ས་བོན་ལས་ཏྲི་དམར་གཅིག་འཕྲོས་འཇིག་རྟེན་གྱི་བཅུད་འོད་ཀྱི་གོང་བུར་བསྡུས་ཏེ༔ ཏྲི་དམར་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་མྱུར་མགྱོགས་གནོད་སྦྱིན་ལས་ཀྱི་ཕོ་ཉ་སྐུ་མདོག་དམར་པོ་གཅེར་བུ་སྐྲ་གྱེན་དུ་བརྫེས་པ༔ སྤྱན་གསུམ་སྡང་མིག་གྱེན་དུ་བགྲད་པ༔ མཆེ་བ་རབ་ཏུ་གཙིགས་པ༔ མིའུ་ཐུང་ཁྲོས་པའི་ཚུལ༔ སྦྲུལ་དང་རིན་པོ་ཆེས་བརྒྱན་པ༔ ཞབས་གཉིས་རྡོ་རྗེའི་འགྲོས་སྟབས་སུ་བཞུགས་པའམ་བགྲད་པ༔ གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྟེན་འབྲེལ་གྱི་ཕྱག་ཤིང་བསྣམས་ཏེ་འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་གཡོབ་ཅིང་སྡུད་པ༔ གཡོན་ནེའུ་ལེ་ནོར་བུ་རིན་པོ་ཆེ་སྐྱུག་པ་བཟུང་ནས་ནོར་ཐམས་ཅད་སྡུད་པ༔ ཕྱག་རྒྱ་བཞིས་འཇིག་རྟེན་གྱི་ནོར་རྫས་སྡུས༔ སྤྲུལ་པ་གྲངས་མེད་པས་ཟས་ནོར་གོས་གསུམ་དབང་དུ་བསྡུས་ཏེ་འདོད་དོན་ཐམས་ཅད་སྒྲུབ་པར་བསམ་ལ༔ སྲོག་སྙིང་འདིས་སྒྲུབ་བོ༔ རཱ་ཛ་ས་མ་ཡ་ཧཱུྃ་ར་ལི་བ་ནི་ཧཱུྃ༔ ཏྲི་ཙ་པ་ལ་ཧཱུྃ༔ རཏྣ་སིདྡྷི་པུཥྚིཾ་ཀུ་རུ་ཛཾ་བྷ་ལ་པཱ་ཤཾ་ཀུ་རུ་ཧྲཱི༔ ཏྲིའུ་ཏྲིའུ་པུཥྚིཾ་ཀུ་རུ་གིང་ཀ་ར་གིང་ཀ་ར་པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ མི་ནོར་ཟས་སུ་བཅས་པ་སིདྡྷི་ཨཱཿཧཱུྃ་ཛ་ཛ༔ ཞེས་ཞག་གསུམ་བར་དུ་སྒྲུབ་པ་བྱའོ༔ དེ་ནས་གྲུབ་པའི་རྟགས་ནི་རང་གི་ཁྱིམ་དུ་ནས་དང་ནོར་རྫས་དང་བྱི་བས་ཁྱིམ་གང་བར་འགྱུར་རོ༔ དངོས་སུ་ནོར་རྫས་གང་འདོད་སྟེར་དུ་འོང༔ བཞི་པ་མ་གྲུབ་ན་བཙན་ཐབས་སུ་སྒྲུབ་པར་འདོད་ན༔ སྟག་ཆུང་གི་གསོབ་ཀྱི་ནང་དུ་ཕྱུག་པོ་གཡང་ཅན་གྱི་ནོར་གྱི་དུམ་བུ་དང་ནས་དང༔ ཚོང་འདུས་ཆེན་པོའི་ས་བག་ཙམ་དང༔ རིན་ཆེན་སྣ་ཚོགས་དཀར་གསུམ་མངར་གསུམ་རྣམས་ཀྱི་ནེའུ་ལེའི་རྐྱལ་པ་བཀང་ལ༔ དེ་སྨྱུག་མ་ཚིགས་བདུན་པ་ལ་བཏགས་ལ་རང་ཡི་དམ་དུ་བསྒོམས་ལ་སྔགས་གོང་མ་བཟླས་སོ༔ དེས་ནི་ནོར་རྫས་དང་ཕྱུགས་ལུག་ལ་སོགས་པ་འཕེལ་ལོ༔ ཅི་བསམ་པ་འགྲུབ་བོ༔ དེ་ནས་ཆུ་སྦྱིན་དང་གཏོར་མའི་རྗེས་རོལ་མོ་དང་བཅས་པས་འདི་སྐད་བསྐུལ་ལོ༔ ཧཱུྃ༔ བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ན༔ གཏེར་སྐྱོང་དབང་ཕྱུག་སྟོབས་ཀྱི་གཙོ༔ ནོར་ལྷ་སྔགས་ཀྱི་སྤྲུལ་པ་ལས༔ གནོད་སྦྱིན་མྱུར་མགྱོགས་ཕོ་ཉར་བཞེངས༔ བྷྱོ༔ ནོར་ལྷ་ཁྲོས་པ་སྐུ་མདོག་དམར༔ དབང་སྡུད་མཚན་མ་གྱེན་ལ་སྒྲེང༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བགྲད༔ སྟོང་གསུམ་ཞལ་གདངས་མཆེ་བ་གཙིགས༔ གཡས་པ་དབང་སྡུད་ཕྱག་ཤིང་འཛིན༔ འཇིག་རྟེན་དབང་དུ་སྡུས་ལ་ཤོག༔ གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས༔ རིན་ཆེན་འབྲུ་དང་ལོངས་སྤྱོད་སྤེལ༔ བྷྱོ༔ ཁྱོད་ནི་དྲག་ཏུ་བསྐུལ་བའི་ཚེ༔ རྐང་པ་མཆོང་སྟབས་རྡོ་རྗེའི་འགྲོས༔ ལག་པ་འཛིན་བྱེད་ཕྱག་རྒྱས་འགུགས༔ མི་ནོར་ཚེ་གཡང་སྡུས་ལ་ཤོག༔ ཁྱོད་ནི་ལས་ལ་རྦད་ཙ་ན༔ ཆིབས་སུ་མགྱོགས་པ་རླུང་ལ་འཆིབ༔ རླུང་དམར་ཞགས་པ་དམར་པོ་ཡིས༔ འཇིག་རྟེན་ཟས་ནོར་སྡུས་ལ་ཤོག༔ དེ་ནས་ལས་རྣམས་སྒྲུབ་པའི་ཚེ༔ འབྲུག་ཆེན་ལྡིར་བ་ཆིབས་སུ་འཆིབ༔ ཕྱག་ན་གསེར་གྱི་ཕྲེང་བ་འཛིན༔ དམར་པོ་ཟངས་ཀྱི་ཞགས་པ་འཕེན༔ མོ་རྒྱུད་ཀུན་གྱི་མདངས་ཕྲོགས་ལ༔ རིན་ཆེན་འབྲུ་ཟས་ནོར་སྡུས་ཤིག༔ ཕྱུགས་རྣམས་ཀུན་གྱི་གཡང་ལོན་ཅིག༔ དཔལ་གྱི་སྤུ་ཕྱུགས་བཀྲག་སྡུས་ཤིག༔ ཅེས་བརྗོད་ལ་སྔགས་བཟླས༔ བསྐུལ་བཏང༔ དེས་འཛམ་གླིང་ཐམས་ཅད་སྡུད་པར་བྱེད་ན༔ མི་ནོར་རྫས་གཞན་ལྟ་ཅི་སྨྲོས༔ ཛམྦྷ་ལ་མྱུར་མགྱོགས་གནོན་སྦྱིན་ལས་ཀྱི་ཕོ་ཉ་ཞེས་བྱ་བ་ྀཨཚ༔ ༈ ན་མ་ཨུ་ཙུཥྨ་རཱ་ག་ཛམྦྷ་ལ་ཧཱུྃ༔ དབུལ་བ་སེལ་བའི་ནོར་གྱི་ལྷ༔ ནོར་བདག་རིག་འཛིན་ཆེན་པོ་ཡི༔ མྱུར་མགྱོགས་ལས་ཀྱི་མགོན་པོ་འདི༔ ཡང་གསང་བྲན་དུ་སྒྲུབ་པ་ཡི༔ མན་ངག་དངོས་གཅིག་གཞུང་ན་གསལ༔ གུད་དུ་བཀོལ་བའི་སྒྲུབ་པ་ནི༔ ཕྱི་ཆུ་སྦྱིན་ལ་བརྟེན་པ༔ ནང་གཏོར་མ་ལ་བརྟེན་པ༔ གསང་བ་སྐུ་གཟུགས་ལ་བརྟེན་པ༔ ཡང་གསང་བླ་རྡོ་ལ་བརྟེན་པ་བཞི་ལས༔ དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱ༔ རང་ཡི་དམ་དུ་བསྒོམ༔ ཨོཾ་ཨཱཿཧཱུྃ་རཏྣ་བྷྲཱུྃ་ཞེས་པས་བུམ་པ་རཏྣའི་བུམ་པའམ་གཞལ་ཡས་ཁང་དུ་ཆུ་བདུད་རྩིར་བསམ༔ དེ་ནས་རིན་པོ་ཆེའི་སྣོད་དུ་རཱ་ཛ་ས་མ་ཡ་གིང་ཀ་ར་ཛཾ་ཞེས་བརྗོད་པས༔ གནོད་སྦྱིན་གིང་ཀ་ར་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མི་ཐུང་ཁྲོས་པའི་ཚུལ་ཅན༔ སྤྱན་གསུམ་དམར་ལ་བགྲད་པ༔ ཞལ་གདངས་མཆེ་བ་གཙིགས་པ༔ དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ༔ ཕྱག་གཡས་དཔག་བསམ་གྱི་ཤིང་ཕྱག་ཤིང་གི་ཚུལ་དུ་བསྣམས་པ༔ གཡོན་པ་ནེའུ་ལེ་ནོར་བུ་དུ་མས་བཀང་བའི་སྐེ་ནས་བཙིར་བས་ནོར་བུའི་ཆར་རྒྱུན་འབེབ་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ༔ མཚན་མ་གྱེན་དུ་སྒྲེང་བ༔ རིན་པོ་ཆེའི་ཁྲི་དང་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ༔ ཡེ་ཤེས་པ་དང་དམ་ཚིག་པ་ཐ་དད་མེད་པར་ཀྲོང་བསྐྱེད་ལ༔ རཱ་ཛ་སོགས་སྔགས་རིང་ཉེར་གཅིག་གམ་ཉེར་བདུན་གྱིས་ཁྲུས་གསོལ་ལ་ཐིགས་པ་གསུམ་རང་གི་ཞལ་དུ་བླང༔ པཱུ་ཛ་དང་བསྟོད་པ་སོགས་གོང་བཞིན་བྱའོ༔ དེ་ལྟར་ཆུ་སྦྱིན་སྔ་དྲོ་བྱས་པས་ཟས་ནོར་གྱི་དངོས་གྲུབ་ཟླ་བ་གཅིག་ནས་འབྱུང་ངོ༔ གཉིས་པ་གཏོར་མ་ལ་བརྟེན་པ་ནི༔ འབྲས་ཆན་ལ་སོགས་པ་ལ་གཏོར་མ་གྲུ་བཞི་པ་གཅིག་བྱས་ལ་ཟས་དང་རྒྱན་ལ་སོགས་པས་བརྒྱན་ལ༔ འབྲུ་གསུམ་གྱིས་འདོད་ཡོན་གྱི་བདུད་རྩིར་བསམ་ནས་སྔགས་རིང་བདུན་ནམ་ཉེར་གཅིག་གིས་དབུལ༔ མཆོད་བསྟོད་བྱས་ལ༔ ཨོཾ་ཛམྦྷ་ལ་གིང་ཀ་ར་ནཱ་ཐ་ཀུ་བཻ་ར་ས་མ་ཡ་རཱ་ཛ་ཧྲིང་ཏྲི་ཧཱུྃ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་ཉེར་གཅིག་གིས་མཉེས་པར་བསྐུལ་ལ་གཏོར་མ་དངོས་གྲུབ་ལེན་པའི་ཚུལ་དུ་བཟའ་འོ༔ ཟས་ཀྱི་ཟླ་ལ་ཡང་འདིས་ལོ་ཀའི་ཟས་ནོར་ལ་སྤྱོད་པའི་དཔལ་དུ་འགྱུར་རོ༔ གསུམ་པ་སྐུ་གཟུགས་ལ་བརྟེན་པ་ནི༔ ཟངས་ལ་སྐུ་བསྐྱེད་རིམ་དང་མཐུན་པ་སོར་བཞི་པ་དམར་ཁོལ་བ་བྱས་ལ༔ དེའི་ནང་དུ་འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ་གུར་གུམ་དང༔ གི་ཝཾ་གི་ཙཀྲའི་སྔགས་བསྣན༔ པདྨའི་ཁྲག་དང་རྒྱ་སྐྱེགས་ཀྱིས་དམར་པོར་བྱུགས༔ སྐུའི་ནང་བཅས་ལ་རབ་གནས་བྱ༔ དེ་ནས་རྩ་བའི་སྔགས་སྟོང་ཕྲག་གཅིག་གིས་གཏོར་མ་དང་ཆུ་ཕུལ་ལ་སྔགས་བཟླ་འོ༔ རྟེན་དེ་རང་གི་ལུས་ལ་མ་བྲལ་བར་བཅང་ངོ༔ ཐོ་རངས་རིན་པོ་ཆེའི་སྣོད་དུ་བཞག་ལ་ཆུ་དབུལ་ཏེ་ཡང་སྙིང་གིས་དབུལ་ལོ༔ སྔགས་རིང་ཀྱང་བརྗོད༔ མཆོད་གཏོར་དབུལ་བསྟོད་པ་བྱ༔ དངོས་གྲུབ་བླང་ངོ༔ བཞི་པ་ཡང་གསང་བླ་རྡོ་ལ་བརྟེན་པ་ནི༔ རྡོ་ཕ་ཝཾ་མ་ཉམས་པ་ལ་གསེར་གྱིས་ཡི་གེ་ཛཾ་དབུས་སུ་བྲི༔ མཐའ་གཉིས་སུ་མཚལ་གྱིས་ཏྲི་རེ་རེ་བྲི༔ དར་དམར་ལ་ཙཀྲ་དཔེ་ཆུང་ལྟར་བྲི༔ ཙནྡན་གྱི་བྱང་བུ་མཐེབ་གང་ལ་ནེའུ་ལེ་དང་རིན་པོ་ཆེའི་གཟུགས་བྲི༔ འཁོར་ལོ་དང་བཅས་པ་དྲིལ་ལ༔ དེ་ནས་སྔགས་རིང་སྟོང་ཕྲག་གསུམ་བཟླས༔ བརྒྱ་རྩ་རེ་སོང་བ་དང་སྔགས་ཀྱི་དྲོད་ཐུན་རེ་བསྣུན༔ དེ་རྗེས་ཡང་སྙིང་ཉེར་དྲུག་པ་བརྒྱ་རྩ་རེའི་ཤམ་བུར༔ བཛྲ་གིང་ཀ་ར་རཏྣ་པཱ་ཤཾ་ཀུ་རུ་མ་ནུ་སརྦ་སིདྡྷི་ཧཱུྃ་ཛ༔ ཞེས་བཏགས་ལ་སྟོང་ཕྲག་གཅིག་བཟླས་ལ་སྔགས་ཀྱི་དྲོད་ལ་བསྣུན་ནོ༔ དེ་ནས་གོང་དུ་བཤད་པའི་སྨྱུག་མ་ཚིགས་བདུན་ལ་ཕྱགས་ཤིང་དང་རྐྱལ་པ་ལ་སོགས་པ་བཏགས་ལ་གཞུང་བཞིན་སྒྲུབ་པས་ངེས་པར་འགྲུབ་བོ༔ བླ་རྡོའི་མན་ངག་ཤིན་ཏུ་གསང་བར་བྱའོ༔ རྨི་ལམ་དུའང་དངོས་སུ་ཟས་ནོར་ལོངས་སྤྱོད་ཡོང་བའི་རྟགས་ཡོང༔ ཛཾ་དམར་ཡང་གསང་བྲན་ལྟར་བཀོལ་བའི་གདམས་པ་གསང་ནས་སྒྲུབ་པ་གལ་ཆེ་འོ༔ བླ་མ་ལ་ལུང་ནོས་མན་ངག་ཞུས༔ ཀུན་གྱི་ཐུན་མོང་མིན༔ ཆོས་བྱེད་པ་གང་གི་ཆ་རྐྱེན་ཡིན༔ ཤུ་བྷཾ༔ ༈ དབང་གི་ལྷ་ལ་འདུད་དོ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ རྟེན་ཅིང་འབྲེལ་པ་མཐའ་ཡས་ཕྱིར༔ རྟེན་འབྲེལ་ཟབ་མོའི་སྒྲུབ་པ་བྱ༔ བདག་ཉིད་ཛམྦྷ་ལའི་ང་རྒྱལ་གྱིས༔ ཟས་ནོར་སློབ་མ་བུ་དང་བུད་མེད་དང༔ གོས་དང་ཁྲོམ་ལ་སོགས་པ་དབང་དུ་སྡུད༔ དངོས་གྲུབ་འབྱུང་བའི་རྒྱུད་ནས་བཏུས་པ་འོ༔ དོན་བདུན་གྱི་དང་པོ་ལ༔ རང་གི་དཔྲལ་བར་མཚལ་དང་རའི་འོ་མས་ཨོཾ་བྲི༔ མེ་ལོང་མཐེབ་གང་བ་གཅིག་ལ་གུར་གུམ་གྱིས་ཁ་དྷེ་ཧཱུྃ་བྲི༔ གོ་བོའི་སྒྲོ་དང་བཅས་ཏེ་བཅངས་ན་ཟས་འདུ་འོ༔ སློབ་མ་ལ༔ མགྲིན་པར་ཆང་གིས་ཨ་བྲི༔ མེ་ལོང་ལ་སོ་བྱའི་ཁྲག་གིས༔ དང་ལ་ས་བྷྱོ་བྱ་བ་བྲི༔ ཁུ་བྱུག་སྒྲོ་དང་བཅས་པས་སོ༔ ནོར་ལ་སྙིང་གར་རིན་པོ་ཆེས་ཧཱུྃ༔ མེ་ལོང་ལ་རིན་པོ་ཆེས་དྷ་ནཾ༔ ཁྲའི་སྒྲོ་དང་བཅས་པས་སོ༔ བུ་ལ་ལྟེ་བར་བུ་རམ་གྱིས་མ༔ མེ་ལོང་ལ་བྱང་སེམས་ཀྱིས་པུ་ཏྲ༔ སྲེག་པའི་སྒྲོ་དང་བཅས་སོ༔ བུད་མེད་ལ་མཚན་མ་ལ་གཡུ་ཡིས་བཛྲ༔ མེ་ལོང་ལ་མཚལ་གྱིས་ཛཿཧཱུྃ༔ པུ་ཤུད་སྒྲོ་དང་བཅས་ཏེའོ༔ གོས་ལ་ལག་མཐིལ་ལ་བལ་ཚིས་མེ་དྷི༔ མེ་ལོང་ལ་སྣག་ཚས་སི་རིམ༔ འུག་པའི་སྒྲོ་དང་བཅས་པས་སོ༔ ཁྲོམ་ལ༔ གླང་མའམ་ལྕང་མ་ཁྲུ་གང་ལ་སིནྡྷུ་རས༔ པུཥྚིཾ་སིདྡྷི༔ མེ་ལོང་ལ་ཆང་གིས་མ་ཧཱ་སིདྡྷི་དབྱུགས་པ་ལ་གདགས༔ བལ་ཚོན་སྣ་ལྔ༔ སྨྱོན་པའི་གོས་དུམ༔ པག་ཤིའི་བྱ་རུ༔ མདའ་རྒོད་ཀྱི་སྒྲོ་གསུམ་བསྒྲོན་པ༔ འཕང་གཅིག༔ འུར་རྡོ་གཅིག་བཏགས་ཏེ་དབྱུག་པ་དེ་ཕྱར་བས་ཁྲོམ་དབང་དུ་འདུས་སོ༔ བྲི་རྫས་སོ་སོ་མ་རྙེད་ན་མཚལ་འོ་མ་གུར་གུམ་གྱིས་བྲི༔ བྲི་ཐབས་གོང་མས་འགྲེའོ༔ དེ་རྣམས་གང་བྱེད་ཀྱང་ཛམྦྷ་ལའི་བསྙེན་པ་ལ་གྲུབ་པར་ཤོག་ཅིག་བཏགས་ལ་ཉེར་གཅིག་བཟླས༔ དེ་ནས་ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་མེ་དྷི་ནི་པུཥྚིཾ་སིདྡྷི་ཁ་དྷེ་ཧཱུྃ་དང་ལ་ས་བྷྱོ་དྷ་ནཾ་པུ་ཏྲ་ཛ་ཧཱུྃ་སི་རིམ་མ་ཧཱ་སིདྡྷི༔ ཞེས་ཉེར་གཅིག་བཟླ་འོ༔ དེ་ནས་སོ་སོའི་བྲིས་པ་དེ་བརྒྱ་རྩ་བརྒྱད་བཟླ་འོ༔ སིདྡྷི་ལས་བདུན་སོ་སོར་འགྲུབ༔ ཕྱི་ཐུན་མོང་གི་མན་ངག་ཡིན༔ བྱམས་སྙིང་རྗེ་བསྒོམ༔ བསྙེན་པ་རྫོགས་ནས་གོང་གི་ལས་འགྲུབ༔ དབང་གི་ལས་ཚོགས་སོ༔ རྟེན་འབྲེལ་སྒྲུབ་ཐབས་དུམ་བུ་འདི༔ དབང་ལྷའི་སྒྲུབ་ཐབས་ལས་ཀྱི་མཐའ་རྒྱས་འགྱུར༔ ཨོ་རྒྱན་པདྨའི་མན་ངག་ཐུན་མོང་མིན་པ༔ ཤེས་རབ་བློ་ལྡན་གཅིག་དང་འཕྲད་པར་ཤོག༔ གསང་བར་ཞུ་ཞུ༔ བདེ་ལེགས་སུ་གྱུར་ཅིག༔ ༈ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ འདི་ཕྱིའི་བསོད་ནམས་རྒྱས་འདོད་ན༔ དངོས་གྲུབ་མྱུར་སྩོལ་དབང་ཕྱུག་གཙོ༔ ལས་ཀྱི་མཁའ་འགྲོ་དབང་དུ་སྡུད༔ ཛཾ་དམར་ཐུགས་སྒྲུབ་གཏེར་མཛོད་བཤད༔ འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་མཇུག་གི་དོན་ནོ༔ དང་པོ་ཡིད་དང་མཐུན་པའི་གནས་སུ་འདུག་སྟེ༔ ཟངས་ལ་ཛམྦྷ་ལ་དམར་པོར་བསྐྱེད་རིམ་དང་མཐུན་པ་བྱས་ཏེ་དེའི་ནང་དུ་ཛཾ་བྷ་ལ་དབང་སྡུད་ཀྱི་འཁོར་ལོ་བཅུག་ལ༔ མཉྫིའམ་ཟངས་གཞོང་ངམ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་བཞག༔ རབ་གནས་སྤྱི་དང་མཐུན་པར་བྱའོ༔ དངོས་གཞི་སྣོད་བཅུད་སྟོང་པའི་ངང་ལས་བྷྲཱུྃ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ༔ དེའི་ནང་དུ་བུམ་ཆུ་ལས་ཆུ་བུར་བྱུང་བ་བཞིན་ཛཾ་དམར་པོ་གཅིག་བསྒོམ༔ དེ་ལས་འོད་དམར་འཁྲིལ་བ་འཕྲོས༔ དེ་ལས་ཛཾ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་ཨ་རུ་ར་ཟུར་དྲུག་པ་དང་གཡོན་པདྨ་དམར་པོ་དང་ནོར་བུ་དམར་པོ་སྤེལ་པའི་ཕྲེང་བ་བགྲང་བ༔ མཆན་ཁུང་གཡས་ན་གཏེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ༔ གཡོན་དུ་ཡུམ་མཁའ་འགྲོ་མ་ནེའུ་ལེའི་ཚུལ་དུ་སྐུ་སྦས་ནས་ཁ་ནས་རཏྣ་འབའ་ཞིག་སྐྱུག་པ༔ གཡས་བརྐྱང་གཡོན་བསྐུམ་པས་བུམ་པའི་ཁྲི་ལ་བཞུགས་པ༔ རིན་པོ་ཆེས་བརྒྱན་པ་གཅིག་ཏུ་ཝལ་གྱིས་བསྐྱེད༔ ཡན་ལག་བདུན་གྱི་སྒོ་ནས་ཡེ་ཤེས་ཛཾ་བྷ་ལ་རུ་སྒྲུབ་པ་ནི༔ གོང་དུ་བསྐྱེད་པ་ལྟ་བུའི་ཡེ་ཤེས་ཛམ་བྷ་ལ་སྤྱན་དྲངས་ཏེ༔ ཨེ་མ་ཧོ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ན༔ གནོད་སྦྱིན་ལོངས་སྤྱོད་གཞལ་ཡས་ནས༔ དངོས་གྲུབ་སྣ་ཚོགས་གནང་བའི་ཕྱིར༔ ཆུ་དབང་གཏེར་བདག་འདིར་གཤེགས་ཤིག༔ ཛཾ་ཧྲཱིཿས་མ་ཡ་ཛ༔ ཞེས་སྤྱན་དྲངས་པའི་ཡན་ལག་གོ༔ ཉི་ཟླ་ལྟར་བརྗིད་རིན་ཆེན་ལྟ་བུའི་སྐུ༔ དངོས་གྲུབ་མི་ཟད་སྣ་ཚོགས་ཀུན་འཆང་བ༔ ནོར་ལྷ་ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་པ་ཕྱག་འཚལ་བའི་ཡན་ལག་གོ༔ དེ་ནས་རྟེན་མེད་ན་མདུན་བསྐྱེད་བདག་ལ་བསྟིམ༔ གནོད་སྦྱིན་སྡེ་དཔོན་མཁའ་འགྲོའི་གཙོ༔ སྔོན་གྱི་ཐུགས་དམ་བཅས་དགོངས་ལ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ ལྷ་རྟེན་འདི་ལ་བརྟན་པར་བཞུགས༔ ཨེ་ཧྱེ་ཧི་ཛཾ་བྷ་ལ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་བཞུགས་སུ་གསོལ་བའོ༔ དེ་ནས་སྙིང་པོ་འདི་བཟླས་ཏེ༔ ཨོཾ་ཨཱརྻ་ཛཾ་བྷ་ལ་ནཱ་ཐ་ཀུ་བཻ་ར་རཏྣ་ཏྲ་ཡཱ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང༔ ལྷའི་བ་སྤུའི་བུ་ག་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ནས་བ་སྤུའི་བུ་གར་ཐིམ་ནས་ནེའུ་ལེའི་ཁ་ནས་བདག་ལ་སྟེར་བར་བསམ་མོ༔ བསྙེན་པའི་ཡན་ལག་གོ༔ དེ་ནས་དྲིན་ལེན་གྱི་ཚུལ་དུ་ཆུ་སྦྱིན་ཏེ༔ བུམ་པ་ཆུས་བཀང་པ་དེ་མི་དམིགས་པ་ལས༔ བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བར་བསྐྱེད༔ དེའི་ནང་དུ་ཨོཾ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་སྔོན་པོ་གསུམ་གྱི་བྱིན་གྱིས་བརླབས༔ འོད་ཟེར་འཕྲོ་འདུ་ལས་བུམ་པ་བདུད་རྩིས་གང་བར་བསམ་མོ༔ འབྲུ་གསུམ་བརྗོད༔ ཆུ་ཐིགས་པ་གཅིག་ལག་མཐིལ་གཡོན་དུ་བླུགས་པས་ཛཾ་དམར་པོ་གཅིག་བསམ༔ དེ་ལས་འོད་འཕྲོས་པས་ཛ་ཁ་དོག་སྣ་ལྔ་ཛཾ་བྷ་ལའི་གཞལ་ཡས་ཁང་དུ་བསམ་སྟེ་ཆུ་རྒྱུན་ལག་མཐིལ་དུ་བླུག་པས་ཆུ་ཛ་རིགས་ལྔ་ལ་ཐིམ༔ ཛ་ལག་མཐིལ་ལ་ཐིམ་ནས་སྲིན་ལག་གི་རྩ་བ་ནས་བདུད་རྩི་ཛ་རིགས་ལྔ་འབུ་རུ་རུ་བྱུང་བ་མདུན་གྱི་ཛཾ་བྷ་ལའི་ཞལ་དུ་ཕུལ་བར་བསམས་ཤིང༔ ངག་ཏུ་ཛ་བདུན་བརྗོད་ནས་ཆུ་ཕུལ་བས་ཤིན་ཏུ་མཉེས་པར་བསམ་མོ༔ ཆུ་སྦྱིན་གྱི་ཡན་ལག་གོ༔ དེ་ནས་གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ༔ ཆེ་བའི་ཡོན་ཏན་དངོས་གྲུབ་བསམ་མི་ཁྱབ༔ ཡིད་བཞིན་ནོར་བུ་ལྟ་བུའི་དངོས་གྲུབ་མཆོག༔ སྐལ་ལྡན་སྒྲུབ་པ་པོ་ལ་བསྩལ་དུ་གསོལ༔ ཛཾ་ཧྲཱིཿཛཿསརྦ་སིདྡྷི་ཀུ་ན་ཕ་ལ་ཧཱུྃ་ཨ་ཨ༔ ཞེས་བརྗོད་ལ་ཆུ་ཧུབ་གཅིག་བཏུང༔ དངོས་གྲུབ་བླང་བའི་ཡན་ལག་གོ༔ དེ་ནས་ཚིག་འདི་ལན་གསུམ་བརྗོད༔ ཛཾ་ལ་ནོར་སྐྱོང་ཆུ་དབང་འཁོར་དང་བཅས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་ལྟ་བུའི་སྐུ༔ དངོས་གྲུབ་མི་ཟད་མཆོག་ལ་མངའ་མཛད་པ༔ ཆུ་དབང་གཏེར་སྐྱོང་ཁྱོད་ལ་ཕྱག་འཚལ་ལོ༔ བསྟོད་པའི་ཡན་ལག་གོ༔ དེ་ནས་ཡེ་ཤེས་པ་བདག་གི་ཐུགས་ཀར་བསྟིམས་ལ་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ རྟེན་སྦའོ༔ གྲུབ་པའི་རྟགས་དང་དམ་ཚིག་ལས་ལ་སྦྱར་བའོ༔ དང་པོ་རྨི་ལམ་དུ་བུད་མེད་ཀྱི་ཚོགས་མང་དུ་འོང༔ ཟས་ནོར་སྟེར་བ་འོང༔ ཉམས་སྣང་ལ་བུད་མེད་འབའ་ཞིག་འོང༔ ཅི་ཡིན་ཡང་རུང་བདག་གི་དབང་བྱེད་པ་འོང༔ དངོས་རྟགས་སུའང་ནོར་གྱི་ཕྱི་མོ་བུད་མེད་འབའ་ཞིག་ཡིན་པས་དེས་འདུད༔ དེས་མཐུན་རྐྱེན་སྦྱོར༔ བསྙད་ཅི་ལ་བཏགས་ཀྱིན་ཟས་ནོར་སྐྱེལ་དུ་ཡོང༔ ཡིད་ལ་མེད་པའི་ས་ནས་ཀྱང་ནོར་འདུ་བ་འོང༔ གཉིས་པ་དམ་ཚིག་ནི༔ ཆུ་སྦྱིན་མི་བཅག༔ རྨི་ལམ་བུད་མེད་ལ་གསང༔ ལྷ་རྟེན་མི་ལ་མི་བསྟན༔ ནོར་གང་རྙེད་ཀྱི་ཕུད་བླ་མ་ལ་འབུལ༔ འཐབ་མོ་དང་མི་གཙང་བ་ལ་འཛེམ༔ སྙིང་རྗེའི་སྒོ་ནས་ལོང་སྤྲང་བསྐྱང༔ ཐེ་ཚོམ་མི་ཟའོ༔ གསུམ་པ་ལས་ལ་སྦྱར་བ་ནི༔ གྲུབ་རྟགས་དེ་ནམ་བྱུང་ནས་བདག་ཛཾ་དམར་གོང་ལྟར་བསྐྱེད་པའི་ཐུགས་ཀར་ཙཀྲ་བྲིས་པ་ལྷར་བསྐྱེད་ལ་དམར་ཁྲལ་བསྒོམ༔ ཛཾ་ཧྲཱིཿཛ་གསུམ་ལས་འོད་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ རྒྱལ་པོ་དང་བུད་མེད་ཀྱི་ཙིཏྟ་ལ་ཕོག་པས་གང་འདོད་སྟེར་བར་བསམ༔ ཚུར་འདུས་ཐུགས་ཀའི་ཡི་གེ་གསུམ་ལ་ཐིམ་པར་བསམ༔ སྤྲོ་འགུགས་བྱ༔ རྗེས་ལ་ཙཀྲ་ལས་འོད་ཟེར་འཕྲོས་པས་ཛམ་བུ་གླིང་གི་ཟས་ནོར་ཐམས་ཅད་བསྡུས༔ ཁྱད་པར་དུ་གནས་དགོན་ཐམས་ཅད་ལ་འོད་ཟེར་དམར་པོས་གཡོན་སྐོར་དུ་འཁོར་བར་བསམ༔ འོད་ཀྱིས་ཐམས་ཅད་བསྡུས༔ བདག་གི་སྙིང་གར་བསྟིམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སིདྡྷི་སརྦ་ཧཱུྃ་ཆེ་གེ་མོ་པཱ་ཤཾ་མ་ན་ཡེ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་བསྙེན་པ་རྒྱུན་དུ་བསྐྱལ༔ ཞག་བདུན་སྨྲ་བ་བཅད་ནས་བསྒྲུབ་བོ༔ དམིགས་པས་གར་ཁྱབ་ཚད་དབང་དུ་འདུའོ༔ གསང་བ་རིན་ཆེན་གཏེར་རྒྱུད་ལས༔ ཛཾ་དམར་ཐུགས་ཀྱི་སྒྲུབ་ཐབས་འདི༔ ཨོ་རྒྱན་པདྨ་བདག་གིས་བཏུས༔ ཤིན་ཏུ་གསང་ལ་སྒྲུབ་པའི་ཕྱིར༔ ཙིཏྟའི་གཏེར་དུ་སྦ་བར་བྱ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ བླ་མ་ལ་གུས་བསགས་རྒྱབ་ཅན༔ དེ་ལྟ་བུ་དང་འཕྲད་པར་ཤོག༔ ཛཾ་དམར་ཐུགས་སྒྲུབ་ྀཨཚ༔ ཤིན་ཏུ་གསང་ཆེན་གྱི་རྒྱས་གདབ་པར་བྱ༔ རྒྱ་རྒྱ་རྒྱ༔ ༈ ཛཾ་དམར་དབང་སྡུད་ཀྱི་འཁོར་ལོའི་མན་ངག་ནི༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ནོར་བུ་མིག་གསུམ་པ་ལ་ཛཾ་ཧྲཱིཿཛའི་མཐའ་མ་ལྕགས་ཀྱུས་བསྐོར་བ་བྲི༔ རྩིབས་བརྒྱད་ལ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡ་མགོ་ཕྱིར་བསྟན་པ་བྲི༔ དེའི་ཕྱི་རིམ་ཟླུམ་སྐོར་གསུམ་གྱི་དང་པོ་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔བྲི༔ བར་པ་ལ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔བྲི༔ ཕྱི་མ་ལ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ ཨཱ་ཡུཿསིདྡྷི་ཧཱུྃ་ཨཱ༔ པུཎྱེ་སིདྡྷི་ཧཱུྃ་ཨཱ༔ དྷ་ནཿམེ་དྷི་སིདྡྷི་ཧཱུྃ་ཨཱ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཨཱ༔ ཞེས་བྲི༔ དེའི་ཕྱི་རིམ་ལྕགས་ཀྱུ་མགོ་ཕྱིར་བསྟན་གྱིས་བསྐོར་རོ༔ ྀཨཚ༔ བསྐྱེད་ཆོག་གི་སྐབས་སུ༔ གཞལ་ཡས་ཁང་གི་དབུས་སུ་གཙོ་བོ་དམར་པོ༔ ཤར་ཕྱོགས་སུ་གནོད་སྦྱིན་གཙོ་བོ་འདྲ་བ་སྔོན་པོ༔ ལྷོར་སེར་པོ༔ ནུབ་ཏུ་དཀར་པོ༔ བྱང་དུ་ལྗང་གུ་བསམ་གྱིས་མི་ཁྱབ་པ་བསམས་ནས༔ ཆུ་འབུལ་བའི་དུས་སུ་བུམ་པ་ནས་ཆུ་ཐིགས་པ་གཅིག་ལག་མཐིལ་གཡོན་པར་བླུག་ལ༔ མ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་དམར་གཅིག་བསམ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ བྱིན་རླབས་བསྡུས༔ ཛཾ་ལ་ཐིམ༔ ཛཾ་ལས་འོད་འཕྲོས་སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་བསལ་ནས་ཛཾ་ལ་ཐིམ༔ ཛཾ་ལག་མཐིལ་དུ་ཐིམ་པ་ལས་ཛཾ་རིགས་ལྔ་ཟླ་བའི་དཀྱིལ་འཁོར་སྟེང་དུ་བསྐྱེད༔ དེ་ལས་འོད་འཕྲོས་ཛམྦྷ་ལའི་གཞལ་ཡས་ཁང་དུ་བསམས་ཤིང་ཆུ་རྒྱུན་ལག་མཐིལ་དུ་བླུགས་པས༔ ཛཾ་རིགས་ལྔ་དང་བཅས་པའི་ཆུ་རྒྱུན་སྲིན་ལག་གི་རྩེ་མོ་ནས་དམར་ན་ར་ར་དབུས་ཀྱི་གཙོ་བོ་དང་ཕྱོགས་བཞིའི་ཛཾ་བྷ་ལ་རྣམས་ཀྱི་ཞལ་དུ་ཐིམ་པས་སྐུ་གསུང་ཐུགས་མཉེས་ནས་སྒྲུབ་པ་པོ་ཅི་འདོད་ཀྱི་དོན་སྒྲུབ་པར་བསམས་ཤིང༔ རབ་བུམ་པ་ལྔ༔ འབྲིང་གསུམ༔ ཐ་མ་ཡང་ཟུང་དུ་གྱུར་པ་མི་འབུལ་བ་མེད་གསུངས་སོ༔ དེ་ནས་དངོས་གྲུབ་བླངས་ཟིན་པ་དང༔ རང་གི་ཁང་པ་ཡིན་ན་ཆུ་རར་བླུག༔ དེ་མིན་ངོམས་པར་འཐུང་བའམ་ཁྲུས་བྱ་གསུངས་སོ༔ སྨོན་ལམ་གྱི་དུས་སུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་ཏུ་བསྡུས་པ་ཡི༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ ལྷ་མཆོག་ཁྱེད་ཀྱི་བྱིན་རླབས་ཀྱིས༔ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི༔ དབུལ་ཕོངས་སྡུག་བསྔལ་སེལ་བ་དང༔ དུས་འདི་ནས་གཟུང་བྱང་ཆུབ་སྙིང་པོའི་བར༔ ལྷ་མཆོག་ཁྱོད་དང་མི་འབྲལ་འགྲོགས་པར་ཤོག༔ ལན་གསུམ་བྱེད་གསུངས༔ ཕྱོགས་བཞིའི་གནོད་སྦྱིན་རྣམས་གཙོ་བོ་ལ་བསྡུ༔ གཙོ་བོ་རྟེན་ཡོད་ན་དེ་ཡིན༔ དམིགས་རྟེན་མེད་ན་རང་ལ་བསྡུ་གསུང་ངོ༔ ྀཨཚ༔ ༈ ཛམྦྷ་ལ་སྒྲུབ་པ་ལ་བར་གཅོད་འདོད་པ་མི་འགྲུབ་པའི་གེགས་གནོད་བྱེད་བྲེལ་ཕོངས་ཞེས་བྱ་བ་མི་སྡུག་པ་གཅིག་ཡོད་པ་དེ་མནན་པའི་ཐབས་ནི༔ མི་ནག་བྱའི་མཆུ་ཅན་གཅིག་སྤྲོ་ན་བྲིས་ལ༔ མཐའ་མ་སྔགས་ཀྱིས་བསྐོར༔ དགུག་གཞུག་མང་དུ་བྱས་ལ་དྲིལ་ཏེ༔ ཁྱི་ནག་པོའི་སྤུས་བཅིངས་ལ༔ སཱཙྪ་ནག་པོའི་ཞབས་སུ་བཅུག་སྟེ༔ གད་པ་ནག་པོའམ༔ མཆོད་རྟེན་འོག་གང་རུང་དུ་མནན༔ ཡང་ལྷ་ཁང་འོག་གམ་ལམ་རྒྱ་གྲམ་དུ་མནན་པ་བྱའོ༔ སྔགས་ནི༔ ཨོཾ་ཏྲི་དུ་ན་ཏྲི་ཡཀྴ༔ ཏྲི་མཱ་ར་ཁུག་ནན༔ དུན་དུན༔ བར་དུ་གཅོད་བྱེད་ཨ་ར་ནན་ཧྲིང་ཛ་སཏྭམྦྷ་ཡ་ནན༔ ཅེས་སོ༔ བར་ཆོད་མི་འབྱུང་འགྲུབ་ཐག་ཉེ༔ དེ་འདྲའི་མན་ངག་མ་ཤེས་ན༔ བར་གཅོད་བགེགས་རྣམས་དམ་སྲིས་བྱེད༔ སྔོན་དུ་མཆོད་པ་མཎྜལ་བྱ༔ དེ་ཡིས་བར་གཅོད་འབྱུང་མི་འགྱུར༔ གནོད་བྱེད་བྲེལ་ཕོངས་མནན་པའི་མན་ངག་ཁྱད་པར་ཅན་ཡིན་ནོ༔ ༈ གཞན་ཐམས་ཅད་གཞུང་བཞིན་ལ༔ ཐོད་པ་མཚན་ལྡན་དང་གཏོར་མ་པདྨའི་དབུས་སུ་འཇོག༔ ཚོགས་རྫས་བྱང་དུ་འཇོག་རིན་པོ་ཆེའི་བྱེ་བྲག་རེ་དང་ཟས་སྣ་ཁྱད་པར་ཅན་ཅུང་ཟད་རེ་འབུལ་བ་ཕྱག་ལེན་ཡིན༔ དབང་གི་དུས་ལྷ་བསྒོམ་པ་དང་ཞེས་པའི་སྐབས་སུ་དཔོན་སློབ་གཉིས་ཀ་སྒྲུབ་པ་གོང་མ་ལྟར་བསྐྱེད༔ སྔགས་ཀྱི་སྐབས་རྩ་སྔགས་བླ་མའི་ཞལ་ནས་དམར་ན་ར་ར་བྱུང་བ་སློབ་མའི་ཁར་ཞུགས་ཏེ་ལུས་དམར་མེར་གྱིས་ཁེངས་པར་བསམ་ལ་རྩ་སྔགས་བརྒྱ་རྩ་གཅིག་བརྗོད༔ བཅོམ་ལྡན་བདག་ལ་སོགས་དང༔ བཅོམ་ལྡན་འདི་ལ་སོགས་བྱའོ༔ ༈ སྒབ་འདྲེ་མནན་པ་ནི༔ ཛམྦྷ་ལ་བསྒྲུབ་པ་ལ་བར་ཆད་ཀྱི་གནོད་པ་དང་མི་འགྲུབ་པར་བྱེད་པ་ལ༔ གནོད་སྦྱིན་བྲེལ་ཕོངས་ཞེས་བྱ་བ་མི་སྡུག་པ་ཞིག་ཡོད་པ༔ དེ་མནན་པའི་ཐབས་ནི༔ མི་ནག་བྱའི་མཆུ་ཅན་ཞིག་བྲིས་ལ་ཐ་མ་སྔགས་ཀྱིས་བསྐོར༔ སཱཙྪ་རབ་གནས་བྱས་པའི་ཞབས་སུ་བཅུག་ལ་གད་པ་ནག་པོའི་ཞབས་སུ་མནན་པར་བྱའོ༔ དེས་བར་ཆད་མི་འབྱུང་ཞིང་སྒྲུབ་ཐག་ཉེའོ༔ དེ་འདྲའི་མནན་པ་མ་ཤེས་ན༔ བར་གཅོད་གེགས་རྣམས་བྱེད་པར་འགྱུར༔ གནོད་སྦྱིན་བྲེལ་ཕོངས་མནན་ཅིང་གནོད་པ་བསྲུང་བ་ྀཨཚ༔ ཛཾ་ལ་སྒྲུབ་པ་མང་ཡོད་ཀྱང༔ ལོག་གནོན་མནན་པ་འདི་མེད་ན༔ ལག་རྡུམ་བྲག་ལ་འཛེག་པ་འདྲ༔ དེ་བས་རིན་ཆེན་གསེར་གྱིས་བསླུས༔ ཁ་སོ་ངོ་དགའ་ཅན་ལ་མི་སྦྱིན་ནོ༔ ས་མ་ཡ༔ འདིའི་ཞལ་གདམས་ནི༔ ཁྱི་ནག་པོའི་སྤུ་ཡིས་གཟུགས་ཀྱི་སྨད་བཅིང་བ་གལ་ཆེ༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས་དགུག་གཞུག་དྲག་པོ་བྱའོ༔ གཟུགས་སྣག་རླན་གྱིས་ནག་པོར་བསྒྱུར་དགོས༔ སཱཙྪའི་ཞབས་བྲུས་ལ་རོ་གདན་གྱི་ཚུལ་དུ་གན་རྐྱལ་མགོ་གཡས་བསྟན་བཅུག་ལ་འཇིམ་པས་བཀག༔ རང་གི་སྒྲུབ་ཁང་མཐོང་བའི་བྱང་ཕྱོགས་ཀྱི་གད་པ་ནག་པོའི་འོག་ཏུ་སྦ་དགོས་རྒྱུ་ཡིན༔ མི་ནག་གི་རྐང་ཞབས་ནས་སྔགས་མགོ་ཕྱིར་བསྟན་ལ་བསྐོར༔ ཨོཾ་ཨ་ཏྲི་དུ་ན་ཏྲི་མཱ་ར་ཡ་ཁུག་ནན༔ དུན་དུན་བར་ཆད་གནོད་བྱེད་མཱ་ར་ཡ་ནན༔ སཏྭཾ་བྷ་ཡ་ནན༔ ཨ་ར་ནན༔་་་དཔེ་གཅིག་ལ། ཨོཾ་ཏྲི་དུན་ཏྲི་ཡཀྴ༔ ཏྲི་མཱ་ར་ཡ་ཁུག་ནན༔ དུན་དུན༔ བར་དུ་གཅོད་བྱེད་ཨར་ནག་ཧྲིང་ཛ་སཏྭམྦྷ་ཡ་ནན། ཅེས་སྣང་། ཞེས་སྔགས་ཀྱིས་ལིངྒའི་མཐའ་བསྐོར་བ་གང་མང་བྲིས༔ ༈ ཡང་སྲིས་རྐུན་ཁ་ཆིངས་ནི༔ ཨོཾ་ཧཱུྃ་བྷྲཱུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ༔ ཞེས་ཚོགས་བདག་གི་སྔགས་ཕྲེང་གཅིག་ཏུ་བྲིས་ལ་སྲེ་མོང་གི་ཁར་གཞུག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་ཛཾ་ལའི་སྔགས་རིན་པོ་ཆེ་སྣ་ལྔ་འབྲུ་ལྔ་དང་བཅས་པ་ལྟག་ཁུང་དུ་གཞུག༔ ཨོཾ་བཛྲ་ཙིཏྟ་རཱ་ག་རུ་གེ་སྡུད་ཏི་མ་ཏི་སྐྱོལ་སྐྱོལ་ནོར་སྐྱོལ་བདག་གི་བསམ་པ་སྒྲུབས་རེ་བ་སྐོངས༔ ཞེས་ཞང་བློན་གྱི་སྔགས་སྲེ་མོང་གི་མགོ་ལ་བྲི༔ དེ་ཚོན་སྐུད་སྣ་ལྔས་བཅིང༔ གླ་ལྤགས་ཀྱིས་གཏུམས་མཆན་ཁུང་གཡོན་དུ་བཅང༔ སྲེ་ཐོད་མའི་བཅའ་ཐབས་སོ༔ མངྒ་ལཾ།། །།

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ རང་བྱུང་ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ་ (Volume 56, Text 27)

༁ྭྃ༔ རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ རང་བྱུང་ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ་བཞུགས་སོ༔ ཨ་ལ་ལ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་གབ་པ་ཐམས་ཅད་མངོན་དུ་འབྱིན་པའི་དཔལ་ལ་ཕྱག་འཚལ་ལོ༔ གསང་བའི་མན་ངག་ཡང་ནས་ཡང་དུ་བསྡུས་པའི་སྙིང་པོ་འདི༔ སངས་རྒྱས་འདོད་པའི་སྐྱེས་བུ་སྐལ་པ་ཅན་གྱི་དོན༔ གསང་བའི་མན་ངག་སྙིང་གི་ཏི་ཀ་འདི་རུ་དྲིལ༔ རིག་པ་གོམས་པའི་གནད་རྣམས་སུས་ཀྱང་མ་ཤེས་ནས༔ དེའི་དོན་རྣམས་གསལ་བར་མངོན་པར་བསྟན་པའི་ཕྱིར༔ ཉམས་སུ་ལེན་པ་རྣམས་ཀྱི་དོན་དུ་བཅུད་བསྡུས་བསྟན༔ སྙིང་གི་བུ་གཅིག་སྐལ་པ་རབ་ཏུ་ལྡན་པ་ལ༔ ཀུན་ལས་ཁྱད་འཕགས་རྫོགས་ཆེན་ཧཱུྃ་གི་ཆོས་སྐོར་འདི༔ གསང་བའི་ཡང་ཞུན་བདུད་རྩི་འདུས་པའི་ཡང་ཞུན་དུ༔ བསྟན་པར་བྱའོ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན༔ རྒྱུད་ལས་བྱུང་བཞིན་ཡོན་ཏན་ཀུན་ཚང་བ༔ འདི་ནི་སྐལ་ལྡན་སྙིང་གི་བུ་ཡིན་པས༔ འདི་རྣམས་ཚང་བའི་སྐལ་ལྡན་གཅིག་གཉིས་ལས༔ གསུམ་ལས་མང་ན་མཁའ་འགྲོའི་ཆད་པ་འབྱུང༔ རྣལ་འབྱོར་སྐལ་ལྡན་སེམས་ལ་བརྣག་པར་བྱའོ༔ འཇིག་རྟེན་བསྐལ་པ་འཇིག་པའི་དུས་བྱུང་ཡང༔ འདི་ཉིད་བབ་ཆོལ་རང་གར་སྨྲ་བ་མིན༔ རང་གི་སེམས་ལ་བརྣག་པའི་རྒྱས་ཐོབས་ལ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པའི་ཚེ༔ དེ་ལ་འདི་བྱིན་སྙིང་ལ་རྒྱས་ཐོབས་ཤིག༔ དེ་ཡི་ཕྱིར་ན་ཉམས་སུ་ལེན་པ་རྣམས༔ ཡི་གེ་འདི་ལ་རྟག་ཏུ་འདྲིས་པར་གྱིས༔ འདི་ལ་འདྲིས་ནས་རིན་ཆེན་གཏེར་དུ་སྦོས༔ རིགས་མེད་འཆོལ་བའི་གང་ཟག་སྣོད་མིན་ལ༔ འདི་ཉིད་བྱིན་ན་དམྱལ་ཁམས་མེ་ཡིས་སྲེག༔ དེ་བས་མ་ཐོབ་ཉེས་མེད་མཆོག་ཏུ་དགའ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བའི་མན་ངག་ཉམས་སུ་བླང་བར་འདོད་ཅིང༔ སྐལ་བ་དང་ལྡན་པའི་བུ་རྣམས་དང་པོར་གནས་གལ་ཆེ་སྟེ༔ བཀྲ་ཤིས་པ་གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད་པ༔ ས་ལ་པདྨ་འདབ་བརྒྱད་དང་ལྡན་པ༔ བྱིན་ཆགས་པ་བག་དྲོ་འུར་བ༔ རིན་པོ་ཆེ་དང་པདྨ་འདྲ་བ༔ ཡོན་ཏན་གྱི་འབྱུང་གནས་དང༔ སྔར་གྱི་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ༔ གངས་ཁྲོད་ལུང་སྟོང་ངམ༔ རི་རྩེ་དུར་ཁྲོད་དམ༔ དབེན་ཞིང་དྭངས་པ་མཐོ་བ་གཅིག་དགོས་སོ༔ རྒྱུད་ལས༔ བཀྲ་ཤིས་བྱིན་ཆགས་ཡོན་ཏན་ས༔ གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས༔ གངས་ཁྲོད་ལུང་སྟོང་རི་རྩེ་འམ༔ དུར་ཁྲོད་དབེན་ཞིང་དྭངས་མཐོ་རུ༔ ཞེས་གསུངས་སོ༔ དེ་ལ་ཡོན་ཏན་ནི་གཉིས༔ གནས་སྐབས་སུ་ཡོན་ཏན་ཐམས་ཅད་འབྱུང་བ༔ རིག་པ་དྭངས་པ༔ ཉམས་འབར་བ༔ རྟོགས་པ་འཆར་བ༔ མཐར་ཐུག་སངས་རྒྱ་བའི་དགོས་པ་ཡོད་དོ༔ ཡོ་བྱད་ལ༔ ནད་བྱུང་གི་དོགས་པས་སྔར་ནས་ནད་ལ་གང་ཕན་གྱི་སྨན༔ འཚོ་བ་སྒྱུ་ལུས་གསོ་བའི་ཟས༔ ཚོགས་ཀྱི་ཡོ་བྱད༔ བླ་མའི་གསོལ་ཟས་དང༔ ཕྱག་རྟེན༔ གཏོར་མའི་ཡོ་བྱད༔ རྟེན་མཆོག༔ དབང་རྫས༔ མཆོད་རྫས༔ མི་རྒོད་ལ་རྒོལ་བའི་མཚོན་དང་གོ་ཆ་རྣམས་བཙལ་ལོ༔ དེ་ཡང་རྒྱུད་ལས༔ ནད་གསོ་སྨན་དང་འཚོ་བའི་ཟས༔ དབང་ཆས་ཚོགས་ཆས་ཚང་བར་གསག༔ ཅེས་པར་ཡོན་ཏན་གཉིས༔ གནས་སྐབས་སུ་ལུས་རྒྱས༔ བར་ཆོད་སེལ་ཞིང་མཁའ་འགྲོ་ཆོས་སྐྱོང་མཉེས༔ བྱིན་ཕེབས༔ ཚོགས་རྫོགས༔ བླ་མ་མཉེས༔ བར་ཆད་ཀྱིས་མི་ཚུགས༔ མཐར་ཐུག་ཏུ་མཆོག་ལ་སྦྱོར་བའི་དགོས་པ་ཡོད་དོ༔ གྲོགས་ཀྱང་ཉམས་མྱོང་ཅན་དང༔ ཤེས་རབ་སྡུག་སྲན་ཅན་དང༔ སེམས་མཐུན་པ་བཙལ་ལོ༔ དེས་གནས་སྐབས་སུ་རི་ལ་ཆགས༔ སྡོད་ཚུགས༔ མཐར་ཐུག་མཆོག་ལ་སྦྱོར་བའི་དགོས་པ་ཡོད་དོ༔ རྒྱུད་ལས༔ དགྲ་ཟློག་མཚོན་དང་གྲོགས་མཆོག་བཙལ༔ ཞེས་གསུངས་སོ༔ དེ་ལྟར་མ་འཛོམ་པའི་ལོ་གསུམ་གྱི་གོང་ནས༔ བླ་མ་ལ་གསེར་གཡུའི་མཎྜལ་ཕུལ་ཏེ༔ ཆོས་ཞུ༔ ཞེས་པས་སྙན་གསན་ཕབ༔ གནང་བ་བྱིན་ནས་ལོ་གསུམ་སྐྱབས་འགྲོ་སེམས་བསྐྱེད་བསླབ༔ བུམ་པའི་དབང་བསྐུར་ལ་བླ་མའི་སྒྲུབ་པ་ཟླ་བ་གཅིག་བྱེད་དུ་གཞུག་གོ༔ བར་སྐབས་སུ་སྦྱིན་སྲེག་བྱ༔ རྨི་ལྟས་བརྟག་གོ༔ དེས་སྡིག་པ་དང༔ ལུས་སྒྲིབ་དག༔ རྒྱུ་རྐྱེན་ཤོམས་པའི་དགོས་པ་ཡོད་དོ༔ དུས་ནི་ཚེས་གཅིག་ལ་ཞུགས་ནས་སྟོང་ལ་གཞུག་གཏད་པའོ༔ གནས་སྐབས་སུ་གཟའ་སྐར་ཚེས་གྲངས་བཟང་བ་གལ་ཆེའོ༔ དེ་ཡང་རྒྱུད་ལས༔ དུས་ནི་ཟླ་ཚེས་ཡར་ངོ་ལ༔ ཞེས་གསུངས་སོ༔ དེས་ནི་གནས་སྐབས་སུ་བཀྲ་ཤིས༔ རྟེན་འབྲེལ་འཛོམ་པ༔ རྣམ་རྟོག་ཞི་བ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡིད་ཆེས་པའི་ཕྱིར༔ རྡོ་རྗེ་རྩ་འབྲས་ལྟར་མཛད་པ་བཅུ་གཉིས་སམ༔ ཡང་ཐོག་ལྟར་རིག་འཛིན་བརྡ་བརྒྱུད་དང༔ རང་གདམས་པ་གང་ལ་བབས་པའི་ཆེ་བ༔ སྤྱི་ཆིངས་ལྟར་ལོ་རྒྱུས་བརྒྱུད་ཚུལ་བཤད་པའི་ཚུལ་གྱིས་ཡིད་ཆེས་པར་བྱའོ༔ དེ་ཡང་རྒྱུད་ལས༔ ལོ་རྒྱུས་དབྱེ་བ་མ་བཤད་ན༔ ཡིད་མི་ཆེས་ཤིང་ཁུངས་མི་བཙུན༔ ཞེས་གསུངས་པས༔ ཡོན་ཏན་ནི༔ གནས་སྐབས་སུ་ཡིད་གཉིས་སེལ་ཞིང༔ མཐར་ཐུག་ཆོས་ཀྱི་ཁུངས་བཙུན་སྤྲོ་བ་སྐྱེ༔ བརྒྱུད་པའི་བཀའ་བབས་པའི་ཡོན་ཏན་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གདམས་པ་ལ་འཇུག་པ་ནི༔ སྔོན་འགྲོ༔ དངོས་གཞི༔ རྗེས་གསུམ་མོ༔ སྔོན་འགྲོ་ལ་ཡང་གསུམ་སྟེ༔ ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་འོ༔ དང་པོ་ རང་ཐ་མལ་པའི་སྤྱི་གཙུག་ཏུ༔ བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་བཞུགས་པར་བསམ་ལ༔ སྐྱབས་གནས་དང་རེ་ས་བླ་མ་རང་མཁྱེན་ནོ་སྙམ་པས༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་པ་ཞག་གསུམ་དུ་དབྱངས་དང་བཅས་པས་བརྗོད༔ གཞན་ཡང་ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བ་བརྒྱུད་པའི་རིམ་པ༔ ཡང་གསང་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ དེ་ཁོ་ན་ཉིད་རང་སེམས་རིག་པ་སྐྱེ་མེད་ལ་སྐྱབས་སུ་འགྲོ་འོ༔ དགོས་ཆེད་ནང་པ་སངས་རྒྱས་པའི་སྒོར་ཚུད༔ མུ་སྟེགས་ལས་ཁྱད་པར་ཆེ༔ འཇིག་རྟེན་ལྷ་མིའི་ཐེག་པ་ལས་འཕགས༔ གནས་སྐབས་སུ་བར་ཆད་རྐྱེན་གྱིས་མི་ཚུགས༔ མཐར་ཐུག་བླ་ན་མེད་པའི་རིག་པ་སྐྱེ་འགག་གཉིས་མེད་རྟོགས་པས་སངས་རྒྱ་བའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེམས་བསྐྱེད་པ་ནི༔ བདག་གིས་དུས་འདི་ནས་གཟུང་ནས་སངས་མ་རྒྱས་བར་དུ༔ རང་དོན་ཁྲེགས་ཆོད་ཐོད་རྒལ་བསྒོམས་ལ་ཕུང་པོ་ལྷག་མེད་གྲུབ་པར་བྱས་ཏེ༔ སེམས་ཅན་རྣམས་སྨིན་གྲོལ་ལ་དགོད་སྙམ་པ་ཞེ་ཐག་པ་ནས་བསམ་ཞིང༔ གཟུང་འཛིན་དག་ཕྱིར་ཁྲེགས་ཆོད་ཐོད་རྒལ་དོན༔ སྒོ་གསུམ་བྱ་བྲལ་ཆེན་པོར་ཉམས་བླངས་ནས༔ ཁམས་གསུམ་སྐུ་གསུམ་རྩོལ་མེད་གྲོལ་བ་དང༔ ཕུང་པོ་ལྷག་མེད་འགྲུབ་པར་སེམས་བསྐྱེད་དོ༔ ཞེས་གདངས་དང་བཅས་པ་ཞག་གསུམ་བྱ༔ དགོས་ཆེད་ནི་བྱང་ཆུབ་སེམས་དཔའི་ཐེག་ཆེན་དུ་འགྱུར༔ དཔེར་ན་གཞན་དོན་བྱས་པས་རང་དོན་ཞོར་ལ་འབྱུང་བ་མཉན་པ་ལྟ་བུར་འགྱུར་ཞིང༔ མཐར་ཐུག་གདུལ་ཞིང་གསུམ་གྱི་སེམས་ཅན་མ་ལུས་འདྲེན་པའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མི་རྟག་པ་བསམ་སྟེ༔ ཕྱི་ནམ་ཟླའི་འགྱུར་ལྡོག༔ ནང་ཕུང་པོའི་དར་རྒུད༔ གསང་བ་སེམས་ཀྱི་འཕོ་འགྱུར་ལ་བསམ༔ གཞན་ཡང་རང་སྐྱེས་ནས་དྲན་གྱི་བར་གྲོགས་སྡེ༔ སྒོས་མཛའ་ཕ་མ༔ སློབ་དཔོན༔ མི་ཆེན༔ ཡུལ་མི་ཤི་བ་མཐོང་བ༔ ཐོས་པ༔ དྲན་པ་རྣམས་རྡེའུ་ལ་བཤར་ལ༔ དེ་རྣམས་ཀྱི་ཟླ་ལ་རང་ཡང་ནམ་འགྲོ་དགོས་སམ་མི་དགོས་བལྟར་གཞུག༔ དགོས་ན་གར་སྐྱེ་བར་འདུག༔ སྔར་མ་ཤི་བའམ༔ ད་མི་འཆི་བ་ཨེ་འདུག་བལྟར་གཞུག་སྟེ་ཞག་གསུམ་བསྒོམ༔ དེ་ལྟར་ཡང་རྒྱུད་ལས༔ སྐྱབས་འགྲོ་སེམས་བསྐྱེད་མི་རྟག་བསྒོམ༔ ཞེས་གསུངས་སོ༔ དེས་གནས་སྐབས་སུ་འཇིག་རྟེན་ལ་ཞེན་པ་ལྡོག༔ བྱ་བ་མི་རྩོམ༔ མཐར་ཐུག་ཏུ་མཆོག་མཐོང་བའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་རྫོགས་པར་བྱ་བའི་ཕྱིར་མཎྜལ་འབུལ་དགོས་ཏེ༔ མདུན་གྱི་ནམ་མཁར་སྐུ་གསུམ་རྩ་བརྒྱུད་ཀྱི་བླ་མ་རྣམས་དམིགས་ཏེ༔ སྐུ་གསུམ་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ༔ རང་གི་ལུས་ལོངས་སྤྱོད་སེམས་འགྱུ་བ་དང་བཅས་པ་ཕུལ་བས༔ རིག་པ་གཅེར་བུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསེར་གཡུའི་མཎྜལ་ཚོམ་བུ་དང་བཅས་པའམ༔ རྫ་ཤིང་ལ་སྨན་འབྲུ་གང་འབྱོར་སྤུངས་ལ༔ ཚིག་འདི་དབྱངས་དང་བཅས་པས་འབུལ་ལོ༔ ཨེ་མ༔ སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ན༔ ཕྱི་ནང་སྣོད་བཅུད་ལྕགས་རི་འཁོར་ཡུག་བཀྲམ༔ ཉི་ཟླ་འདོད་ཡོན་ལུས་དང་ལོངས་སྤྱོད་སྤུངས༔ བླ་མ་སྤྲུལ་སྐུ་ལ་འབུལ་བཞེས་སུ་གསོལ༔ ལོངས་སྐུའི་མཎྜལ་རིགས་ལྔའི་ཞིང་ཁམས་སུ༔ འཇའ་འོད་ཐིག་ལེ་གཞལ་མེད་ཁང་གིས་སྤྲས༔ ཡེ་ཤེས་ལྔ་ལྡན་མ་འདྲེས་ཚོམ་བུར་བཀོད༔ བླ་མ་ལོངས་སྐུ་ལ་འབུལ་བཞེས་སུ་གསོལ༔ ཆོས་སྐུའི་མཎྜལ་ནམ་མཁའི་མཐའ་ཀླས་པར༔ རང་སྟོང་འཛིན་མེད་ལུག་རྒྱུད་ཚོམ་བུར་བཀོད༔ སྣང་གསལ་འགག་མེད་ཐུགས་རྗེའི་ལོངས་སྤྱོད་སྤུངས༔ བླ་མ་ཆོས་སྐུ་ལ་འབུལ་བཞེས་སུ་གསོལ༔ ཞེས་པས་ཞག་གསུམ་དུ་འབུལ་ལོ༔ དེ་ལྟར་བྱས་པའི་དགོས་པ་གནས་སྐབས་སུ་བསོད་ནམས་ཀྱི་ཚོགས་རྫོགས༔ མཐར་ཐུག་ཏུ་ཡེ་ཤེས་ཀྱི་ཚོགས་རྫོགས༔ གཉིས་སུ་མེད་པ་མཆོག་ལ་སྦྱོར་བའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྡིག་པ་བཤགས་པ་ལ༔ སྡིག་པ་དྲན་དགོས་པས༔ དང་པོ་སྲིད་པ་བར་དོ་བྱ་སྟེ༔ བུ་རྣམས་ཀྱིས་ཉི་མ་དགོང་ཀ་གཅིག་ཏུ༔ རྒྱུས་མེད་ཀྱི་ལུང་སྟོང་གཅིག་ཏུ༔ རང་རེ་རྒས་པ་འཁོགས་པ་གོས་མེད་པ༔ ངོ་ཤེས་མེད་པ༔ ཆུའི་འགྲམ་ན་ལམ་ཡོད་པ༔ ཁྲེས་པོ་གཟར་མི་བཏུབ་པ་གཅིག་ཁུར་བ༔ ཤིང་རེངས༔ མི་རྒོད་དང་གཅན་གཟན་གྱི་འཇིགས་པ་ཡོད་པ༔ བྲག་དང་ཆུ་འཐབ་པ༔ ལུང་པའི་ཕུ་ན་ལམ་གཏད་ནས་འགྲོ་དགོས་པ༔ གྲོང་ཡུལ་མེད་པ༔ འདིར་འགྲོ་ངོ་ཤེས་མེད་པ་ཞིག་བསམ་ལ༔ དཔེའུ་རིས་མཎྜལ་དུ་བྲིས་ལ་བསྒོམ་ཞིང༔ ངག་ཏུ་ཧཱུྃ་མི་གསལ་བ་རྒྱུན་རིང་པོ་གཅོང་སྐད་དང་བཅས་པ་ཞག་གཅིག་བཟླ་འོ༔ དེས་བར་དོ་དྲན་པའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་གིས་དྲན་ནས་ད་ལྟའི་བར་དུ་སྡིག་པ་གང་བྱས་དང༔ དགེ་བ་གང་བྱས་རྡེའུ་འམ་ཕྲེང་བ་ལ་གཤར་དུ་བཅུག་ལ༔ ཤེལ་ཞིག་མིག་ལ་སྦྱར༔ ཕ་ཀིར་ཡོལ་བ་དམར་པོ་གཅིག་བྱས་ལ༔ དེའི་ནང་དུ་གཅིག་གིས་རྒྱལ་པོའི་ཆ་བྱད་དུ་འདུག་པའི་མདུན་དུ༔ མི་དཀར་ནག་གཉིས་ཀྱིས་རྡེའུ་དང་ཆོ་ལོ་འགྲེམ་པའི་ཚུལ་བསྟན་པ་ལ༔ གཤིན་རྗེ་ཆོས་རྒྱལ་གྱིས་འདི་ལྟར་འོང༔ ཞེས་ངོ་སྤྲད་དོ༔ སྲང་ལ་འདེགས་པའི་ཚུལ་ཡང་བྱའོ༔ མི་ནག་པོ་ཐུ་བ་བརྫེས་པ་འབག་ཅན་གཉིས་ཀྱིས་འཇག་མའི་གསོབ་ཉམ་ཐག་པ་གཅིག་བཅོས་ལ༔ སྐེ་ལ་ཐག་པ་ནག་པོ་གཉིས་བཏགས་ལ་འདྲུད་པ་དང༔ རྡེག་པ་དང༔ འཚོག་པ་ལ་སོགས་བྱས་ལ༔ དེ་ཤེལ་གྱི་ནང་དུ་གསལ་བ་དང༔ ལས་སྡིག་པ་བྱས་པས་འདི་ལྟར་འོང༔ ཞེས་བྱས་ལ་དམྱལ་བ་དང༔ ངན་སོང་གི་སྡུག་བསྔལ་བཤད་དོ༔ ཡང་མི་དཀར་པོས་གདུགས་དང༔ རོལ་མོ་དང༔ འདོད་ཡོན་གོས་ཀྱིས་བརྒྱན་པ་ཤེལ་དུ་འཆར་བར་བྱས་ལ༔ དགེ་བ་བྱས་པས་མཐོ་རིས་ཐོབ་བོ་ཞེས་བྱས་ལ་ཡིད་ཆེས་པར་བྱའོ༔ དགེ་བ་བྱས་པ་རྣམས་བསྔོ་འོ༔ སྡིག་པ་བྱས་པ་རྣམས་བཤགས་སོ༔ རྡོ་རྗེ་སེམས་དཔའ་བླ་མ་དང་དབྱེར་མེད་པ་སྤྱི་བོར་བཞུགས་པ་ཞུ་ནས༔ རང་ལ་ཐིམ་པས་སྡིག་སྒྲིབ་དག༔ བླ་མ་དང་དབྱེར་མེད་རིག་པ་ཧཱུྃ་དུ་བསམ༔ ཨཱོྃ་བཛྲ་སཏྭ་ཨཱོྃ༔ ཨཱཿབཛྲ་སཏྭ་ཨཱ༔ ཧཱུྃ་བཛྲ་སཏྭ་ཧཱུྃ༔ ཐོག་མེད་དུས་ནས་ད་ལ་ཐུག་གི་བར༔ སྒོ་གསུམ་སྡིག་པའི་བྱ་བ་ཅི་བསགས་དང༔ རྩ་གསུམ་དམ་ཚིག་ཉམས་དང་གཟུང་འཛིན་འཐས༔ རང་ངོ་མ་ཤེས་བླ་མའི་སྤྱན་སྔར་བཤགས༔ ཞེས་ཞག་གསུམ་སྦྱང་དུ་གཞུག་གོ༔ དེ་ཡང་རྒྱུད་ལས༔ དགེ་སྡིག་རེ་ཡིས་ཡིད་དབྱུང་བསྐྱེད༔ རི་མོ་དཔེ་ཆུང་བར་དོས་བསྡིག༔ ཅེས་གསུངས་སོ༔ དེ་ལ་དགོས་པ་གཉིས་ཡིན་ཏེ༔ གནས་སྐབས་སུ་འཁོར་བ་ལ་སྐྱོ་བ་སྐྱེ༔ དགེ་སྡིག་ལ་ཡིད་ཆེས༔ དད་པ་གཏིང་ནས་སྐྱེ་བ་དང༔ མཐར་ཐུག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་སྟེ༔ རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་སངས་རྒྱ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོལ་བ་གདབ་པ་ནི༔ མདུན་གྱི་ནམ་མཁར་སེང་གེ་བརྒྱད་བསྣོལ་གྱི་སྟེང་དུ༔ ཉི་ཟླ་དར་ཟབ་རིན་པོ་ཆེ་ལྷབ་ལྷུབ་ཀྱི་དཀྱིལ་དུ༔ རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་ཏེ༔ ཀུན་ཏུ་བཟང་པོ་ལ་ཐུག་པར་བསྒོམ་སྟེ༔ གདུང་དབྱངས་སྙན་པོས་གསོལ་བ་འདི་གདབ་བོ༔ ན་མོ༔ མི་དམིགས་ཀློང་ཡངས་ཀུན་ཁྱབ་གཞལ་ཡས་སུ༔ ངོ་བོ་རང་སྟོང་ཀུན་བཟང་ཡབ་ཡུམ་ལ༔ འཛིན་མེད་མོས་པའི་བློ་ཡིས་གསོལ་བ་འདེབས༔ ལྟ་བ་ཁྱབ་གདལ་ཆེན་པོས་བྱིན་གྱིས་རློབས༔ ལྷུན་གྲུབ་ནང་གསལ་སྐུ་ལྔའི་གཞལ་ཡས་སུ༔ རང་བཞིན་འོད་གསལ་རྡོ་རྗེ་འཆང་ཆེན་ལ༔ ཞེན་མེད་མོས་པའི་བློ་ཡིས་གསོལ་བ་འདེབས༔ སྒོམ་པ་རང་བབས་ཆེན་པོས་བྱིན་གྱིས་རློབས༔ གང་ཤར་སྐྱེས་གྲོལ་ཅོག་གཞག་གཞལ་ཡས་སུ༔ ཚོགས་དྲུག་ལྷུག་པ་བཟོ་མེད་པད་འབྱུང་ལ༔ འཁྲུལ་མེད་མོས་པའི་བློ་ཡིས་གསོལ་བ་འདེབས༔ སྤྱོད་པ་གང་འདུལ་ཆེན་པོས་བྱིན་གྱིས་རློབས༔ ཞེས་ཞེ་ཐག་པ་ནས་སྙིང་ཁུང་རུས་པའི་དཀྱིལ་ནས་གསོལ་བ་གདབ་བོ༔ དེ་ལྟར་བྱས་པས་ཡོན་ཏན་གཉིས་ཡིན་ཏེ༔ གནས་སྐབས་སུ་དད་པ་སྐྱེས་པས་བླ་མའི་བྱིན་རླབས་འཇུག༔ མཐར་ཐུག་སེམས་ཉིད་སྐྱེ་མེད་ཀྱི་གནད་ཤེས་པས་བླ་མ་དང་དབྱེར་མེད་དུ་སངས་རྒྱ་བའི་དགོས་པ་ཡོད་དོ༔ དེ་ལྟར་ཡང་རྒྱུད་ལས༔ མཎྜལ་སྡིག་བཤགས་གསོལ་བ་གདབ༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚད་མེད་པ་བཞི་སྒོམ་སྟེ༔ མེད་པ་ལ་ཡོད་འཛིན་གྱིས་སྡུག་བསྔལ་བའི་སེམས་ཅན་འཁོར་བར་འཁྱམས་པ་སྙིང་རྗེ་སྙམ་པ་དང༔ འདི་རྣམས་ཐམས་ཅད་ཕ་མ་མ་ཡིན་པ་མེད་པས༔ འཁོར་བའི་རྒྱ་མཚོ་ལས་བསྒྲལ་སྙམ་པ་དང༔ ཐམས་ཅད་བདེ་བ་དང་ལྡན་ན་དགའ་སྙམ་པ་དང༔ གཅིག་དང་གཉིས་མ་ཡིན་པ་ཐམས་ཅད་ལ་ཚད་མེད་པ་བཞི་དབྱེར་མེད་དུ་བསྒོམ་པར་བྱའོ༔ ཚིག་འདི་དབྱངས་དང་བཅས་པས་ཞག་གཅིག་བརྗོད༔ འཁྲུལ་ཞིང་གཟུང་འཛིན་བསྡམས་པ་སྙིང་རེ་རྗེ༔ སྡུག་བསྔལ་རྦ་རླབས་བསྒྲལ་བའི་བྱང་སེམས་བསྐྱེད༔ འགྲོ་ཀུན་བདེ་བ་ཆེན་པོ་ཐོབ་ན་དགའ༔ ཕྱམ་གཅིག་བརྡལ་བའི་སངས་རྒྱས་བཏང་སྙོམས་བསྒོམ༔ ཞེས་པ་ལ་དགོས་པ་གཉིས་ཡིན༔ གནས་སྐབས་སུ་དག་པའི་སྣང་བ་འབྱོངས༔ མཐར་ཐུག་གདུལ་བྱ་སྨིན་པའི་དགོས་པ་ཡོད༔ རྒྱུད་ལས་ཀྱང༔ ཚད་མེད་བྱམས་སེམས་གཉིས་ལ་བསླབ༔ ཅེས་གསུངས་སོ༔ དེ་རྣམས་ནི་སྤྱི་ཡི་སྔོན་འགྲོ་ཡིན༔ དྲང་དོན་ཆོས་ཀྱིས་རྒྱབ་སྐྱོར་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ ལུས་ཀྱི་སྔོན་འགྲོ་ནི༔ རིགས་དྲུག་ཏུ་སྐྱེ་བའི་སྒོ་གཅད་པའི་ཕྱིར༔ ཞག་གཅིག་གི་བར་དུ་སྦྱངས་པས་ཉོན་མོངས་པ་ང་རྒྱལ་ཅན་རྣམས་ལྷ་རུ་སྐྱེ་བའི་སྒོ་ཆོད༔ སྤྱི་བོར་ཡི་གེ་ཨ་དཀར་པོ་གཅིག་འདུག་པ་ལ༔ མདུན་དུའང་ཨ་དཀར་པོ་གཅིག་ལས་མེ་བྱུང༔ ལུས་ཨ་དང་བཅས་པ་བསྲེགས་པར་བསམ༔ ལུས་གནད་ནི་རྐང་པ་གཡས་བརྐྱང་ལག་པ་གཡས་མ་རེག་པར་བརྐྱང༔ རྐང་པ་གཡོན་བསྐུམ༔ ལག་པ་གཡོན་སྙིང་ཁར་མ་རེག་པར་བསྐུམ༔ རླུང་རོ་གསུམ་ཕྱིར་ལ་འབུད༔ འཇམ་རླུང་ལྟེ་བའི་ཐད་དུ་བཟུང་ལ་རྣམ་རྟོག་འགྱུ་རུ་མི་འཇུག་པར་ཡུན་རིང་དུ་གནན༔ མི་ཐུབ་ན་ཨ་ཞེས་པས་རླུང་རྣམས་བཏང་ལ༔ ལུས་ངག་བདེ་འབོལ་ལེ་བཞག༔ ཡང་ཧཱུྃ་བྱས་ལ་རྣམ་རྟོག་བཀག་ལ་སྒོམ་མོ༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་ང་རྒྱལ་ཅན་རྣམས་ཀྱིས༔ ཡི་གེ་ཨ་སྤུར་ལུས་གནད་བཅའ༔ དགང་དང་གཞིལ་དང་སྐྱིལ་པ་དང༔ ཆ་སྙོམས་མ་བཅོས་ཀློད་ལ་བཞག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྷ་མ་ཡིན་དུ་ལུས་སྐྱེ་བའི་སྒོ་གཅད་པའི་ཕྱིར༔ ལུས་གནད་འཕོངས་ས་ལ་མ་རེག་པ་དང༔ རྐང་པ་གཉིས་ས་ལ་ནར་ཕར་བརྐྱང༔ ལག་པ་གཉིས་ས་ལ་བཙུག༔ དམིགས་པ་མགྲིན་པར་ཏྲི་ལྗང་གུ་གཅིག་བསམ༔ མདུན་དུ་འ་ལྗང་གུ་ལས་མེ་བྱུང་བས་ལུས་ཡི་གེ་དང་བཅས་པ་བསྲེགས་ལ་སྟོང་སང་ངེ་བར་བསམས་ནས་རླུང་གཟུང་གོང་དང་མཚུངས་སོ༔ དེ་ལ་ཞག་གཅིག་སྦྱང༔ རྟགས་ཚད་ལ་བསྐྱལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་ཕྲག་དོག་ཅན་རྣམས་ཀྱིས༔ ཡི་གེ་ཏྲི་སྤུར་ལུས་གནད་བཅའ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མི་ལུས་ལེན་པའི་སྐྱེ་སྒོ་གཅད་པའི་ཕྱིར༔ ལུས་གནད་འཕོངས་ས་ལ་མ་རེག་པར༔ ལག་པ་གཉིས་ནང་ནས་སྒྱིད་ཁུང་ཕྱིར་བཏེགས་ལ༔ རྐང་པ་གཉིས་ས་ལ་ཙོག་གེ་བཙུག༔ ལག་པ་གཉིས་ཕྱིར་བྱས་ལ༔ དམིགས་པ་སྙིང་ཁར་ནྲྀ་དམར་པོ་གཅིག་བསམ༔ མདུན་གྱི་ནམ་མཁའ་ལ་ཧ་དམར་པོ་གཅིག་ལས་འོད་ཟེར་མེ་རུ་འབར་བ་གོང་བཞིན་བསམ་ཞིང༔ རླུང་གཟུང༔ ཨ་ཞེས་ཀློད་དེ༔ དེ་ཞག་གཅིག་བྱས་ལ་ཚད་ལ་བསྐྱལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་འདོད་ཆགས་ཅན་རྣམས་ཀྱིས༔ ཡི་གེ་ནྲྀ་སྤུར་ལུས་གནད་བཅའ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱོལ་སོང་དུ་སྐྱེ་བའི་སྒོ་གཅད་པའི་ཕྱིར༔ ཁ་སྦུབ་ཏུ་ལག་པ་གཉིས་རྐང་པའི་དབྲག་ལ་བཏང་སྟེ་ཕྱིར་བསྐྱེལ༔ རྐང་པ་གཉིས་མདུན་དུ་དྲངས་ལ་རུ་སྦལ་ལྟར་བྱ༔ ལྟེ་བར་ཡི་གེ་སུ་སེར་པོ་གཅིག་བསམ༔ མདུན་དུ་ཡི་གེ་ཤ་སེར་པོ་ལས་འོད་བྱུང་མེས་བསྲེགས་པར་བསྒོམ༔ དེ་ལ་ཞག་གཅིག་སྦྱང་ལ་ཚད་ལ་བསྐྱལ༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་གཏི་མུག་ཅན་རྣམས་ཀྱིས༔ ཡི་གེ་སུ་སྤུར་ལུས་གནད་བཅའ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡི་དྭགས་སུ་སྐྱེ་བའི་སྒོ་གཅད་པའི་ཕྱིར༔ ལུས་གནད་རྐང་པ་རྒྱ་གྲམ་དུ་བསྣོལ༔ ལག་པ་གཉིས་བསྣོལ་ལ་རྒྱབ་མཇིང་ནས་བཀུག༔ མཇིང་པ་ཕར་འཐེན་ལ༔ དམིགས་པ་གསང་གནས་སུ་པྲེ་ལྗང་མཐིང་གཅིག་བསྒོམ༔ མདུན་དུ་ཡི་གེ་ས་གཅིག་ལས་མེ་འབར་བསྲེགས་པར་བསམ་ལ་ཞག་གཅིག་སྦྱང༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་སེར་སྣ་ཅན་རྣམས་ཀྱིས༔ ཡི་གེ་པྲེ་སྤུར་ལུས་གནད་བཅའ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དམྱལ་བའི་སྐྱེ་སྒོ་གཅད་པའི་ཕྱིར༔ ལུས་གནད་རྐང་པ་གཡས་པ་གནམ་ལ་བསྟན༔ ལག་པ་གཡས་པ་ས་ལ་བཙུག༔ རྐང་པ་གཡོན་པ་ས་ལ་སྐུམ༔ ལག་པ་གཡོན་པས་ནང་ནས་ཕྱིར་བཏོན༔ ཡར་ཕྱིར་མགོ་བཀུག་ལ༔ འཕོངས་ས་ལ་མ་རེག་པར་བྱའོ༔ དམིགས་པ་ནི་རྐང་མཐིལ་དུ་དུ་དུད་ཁ་གཅིག་བསམ༔ མདུན་དུ་ཡི་གེ་མ་གཅིག་ལས་མེ་འབར་བས༔ རང་ལུས་བསྲེགས་ཤིང་ས་བོན་ཡང་མེད་པར་བསམ༔ རླུང་གཟུང་གཞིལ་སྐྱིལ་སུམ་ཆ་སྙོམས༔ ཨ་ཞེས་པ་དང༔ རྗེས་ཀྱི་ཤེས་པ་རྩད་བཅད་ལ་ཀློད་ཅིང་སྒོམ་དུ་གཞུག་གོ༔ དེ་ལྟར་ཡང་རྒྱུད་ལས༔ ཉོན་མོངས་ཞེ་སྡང་ཅན་རྣམས་ཀྱིས༔ ཡི་གེ་དུ་སྤུར་ལུས་གནད་བཅའ༔ ཞེས་གསུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ལུས་རུ་ཤན་དབྱེ་བའི་ཕྱིར༔ རྐང་མཐིལ་གཉིས་སྤྲད༔ འཕོངས་རྟིང་པ་ལ་སྦྱར༔ བྲང་ས་ལ་བཙུགས་ལུས་ལྗིད་བཀལ༔ ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར༔ དམིགས་པ་སྙིང་ཁར་རྡོ་རྗེ་སྔོན་པོ་མཁྱིད་གང་བ་གཅིག་ཡོད་པའི་མགོ་ལ་ཨཱོྃ༔ ལྟེ་བ་ལ་ཨཱ༔ མཇུག་མ་ལ་ཧཱུྃ་ལས་འོད་འཕྲོས༔ རང་ལུས་སྤུར་བར་བསམས་ལ༔ ཡི་གེ་འབྲུ་གསུམ་པོ་འབུམ་ཚོ་གཅིག་བཟླས་ཤིང་རྟགས་ཚད་དང་སྦྱར་ལ་ཞག་གསུམ་བསྒོམ༔ རླུང་གཟུང་གོང་དང་འདྲ༔ དེ་ལྟར་ཡང་རྒྱུད་ལས༔ དེ་ནས་རང་ལུས་རྡོ་རྗེ་ཡི༔ སྐྱིལ་ཀྲུང་བྱས་ཏེ་ཆ་བསྒྲིམས་ལ༔ སྙིང་ཁར་རྡོ་རྗེ་སྔོན་པོ་བསྒོམ༔ འབྲུ་གསུམ་དག་གིས་ལུས་པོ་སྤུར༔ ཡི་གེ་གསུམ་པོ་འབུམ་ཚོ་བཟླ༔ ཞེས་གསུངས་སོ༔ དེ་ལ་དགོས་ཆེད་གཉིས་ཏེ༔ གནས་སྐབས་སུ་ལུས་ལ་ཞེན་པ་ལྡོག༔ འཁོར་བར་འཁྱམ་པའི་རྩ་བ་ལྟོ་གོས་གཉིས་ཡིན༔ དེ་ཉིད་ལུས་ཀྱི་བདག་འཛིན་ལ་ཐུག་པས༔ བདག་འཛིན་ཞིག་འགྲོ༔ མཆོག་ཏུ་རིགས་དྲུག་གི་ལུས་མི་ལེན་ཏེ༔ གཟུགས་སྐུ་གཉིས་སམ༔ རྡོ་རྗེའི་སྐུས་སེམས་ཅན་གྱི་དོན་འབྱུང༔ སྤྲུལ་པ་འབྱུང་ནུས་པའི་དགོས་པ་ཡོད་དོ༔ དེ་ལྟར་ཡང་རྒྱུད་ལས༔ ཡོན་ཏན་མཆོག་དང་ཐུན་མོང་ངོ༔ ཞེས་གསུངས༔ ཆོས་སྐུའི་རྒྱུད་ལས༔ དེ་ཐར་འདོད་ན་རུ་ཤན་དབྱེ༔ ཞེས་སོ༔ ཡང༔ ལུས་ཀྱི་འཁོར་འདས་རུ་ཤན་ཕྱེས༔ ལུས་སྦྱངས་སེམས་ལ་ཕན་པ་ཡིན༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཉིས་པ་ངག་གི་རུ་ཤན་དབྱེ་བ་ནི༔ བར་དེར་གསང་དབང་བསྐུར་ལ་ངག་སྨིན་པར་བྱས་ཏེ༔ དང་པོ་ཨ་འ་ཧ་ཤ་ས་མ༔ ཞེས་པ་གདངས་དང་བཅས་པ་ཞག་གཅིག་བགྲང༔ འདྲེན་བྱེད་ཀྱི་འཕྲོ་ལ་ཀློད་ལ་ཀློད་ཀྱིན་གཞག༔ དེ་ལྟར་ཡང་རྒྱུད་ལས༔ ཨ་འ་ཧ་ཤ་ས་མ་དང༔ ཞེས་གསུངས་སོ༔ དེས་རིགས་དྲུག་ཏུ་མི་ལྡོག་པའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་གི་ངག་འདི་ནམ་མཁའི་མཐའ་ནས་ཕཊ་སྒྲ་དང་བཅས་ཏེ་ནམ་མཁའི་མཐའ་ཚོལ་ཞིང་སོང་བར་བསམས་ལ༔ མ་མ་ཀོ་ལིང་ས་མནྟ༔ ཞེས་པའི་ཛཔ྄་དབྱངས་དྲག་པོར་ཞག་གཅིག་བགྲང་ངོ༔ དེའི་རྗེས་ཤེས་འདྲེན་བྱེད་ནམ་མཁའི་མཐའ་ཚོལ་མཁན་དེ་གནས་གང་ན་འདུག་བལྟའོ༔ དེ་ལྟར་ཡང་རྒྱུད་ལས༔ མ་མ་ཀོ་ལིང་ས་མན་ཏ༔ ཞེས་གསུངས་སོ༔ དེ་ཡིས་འཁོར་བ་དོང་སྤྲུག་ཅིང་སེམས་རང་ཡན་དུ་མི་འགྲོ་བའི་དགོས་པ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཧཱུྃ་རིང་པོའི་སྒྲས་རང་གི་རིག་པ་ཧཱུྃ་དུ་བསམས་ལ༔ གླིང་བཞི་གླིང་ཕྲན་རྣམས་ལ་ཅི་བྱེད་བལྟ་རུ་བཏང་ལ༔ ཞག་གཅིག་བགྲང་ངོ༔ དེ་ལྟར་བྱས་པས་སེམས་ལས་སུ་རུང་བའི་དགོས་པ་ཡོད་དོ༔ དེ་ནས་ཧཱུྃ་ཐུང་གིས་རང་གི་ལུས་ལ་ཕར་ཐལ་ཚུར་ཐལ་བྱས་པས༔ ལུས་མེད་པ་ལྟ་བུ་ཞིག་སོང་ནས༔ རྗེས་མ་བཅོས་པར་ཀློད་ལ་བཞག་གོ༔ དེས་ངག་གྲགས་སྟོང་དུ་ཤེས་པའི་དགོས་པ་ཡོད་དོ༔ དེ་ལྟར་ཡང་རྒྱུད་ལས༔ ཧཱུྃ་རིང་ཧཱུྃ་ཐུང་ཕྱི་ནང་བསྲེ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་སྐབས་སུ་ཁྲོ་བོའི་གད་རྒྱངས་ཧ་ཧ་ཞེས་པ་རེ་བརྗོད༔ ཡང་སྐབས་སུ་རང་གི་རིག་པ་ཨ་སྲན་མ་ཙམ་གཅིག་བསྒོམས་ལ༔ རི་དང་ཁང་ཁྱིམ་རྡོ་དང་ཤིང་བུ་རྣམས་ལ་སྦོམ་ཕྲ་རྟ་རྔ་ཙམ་རེ་དཀྲི་བར་བསམ་ལ༔ ཨ་རྒྱུན་རིང་བ་རེ་བརྗོད་དོ༔ དེས་སྐྱེ་བ་མེད་པར་རྟོགས་པའི་དགོས་པ་ཡོད་དོ༔ སྤྱིར་ཡང་ལུས་སྦྱོང་གི་དུས་སུ་ལུས་ཀྱི་བྱ་བ་སྤང༔ ངག་སྦྱོང་དུས་སུ་ངག་གི་བྱ་བ་སྤང༔ གཏམ་སྨྲ་བ་གཅད་དེ༔ དེ་ལྟར་ཡང་རྒྱུད་ལས༔ ཁྲོ་བོའི་གད་རྒྱངས་ཆེན་པོ་དང༔ ཞི་བའི་ཨ་ཉིད་བཟླས་པར་བྱ༔ ཞེས་གསུངས་སོ༔ ཡོན་ཏན་ནི༔ གནས་སྐབས་སུ་ངག་གི་སྒྲིབ་པ་འདག༔ ཕྱིས་ངག་རིགས་དྲུག་ཏུ་མི་ལྡོག༔ ངག་གི་བར་ཆད་ཞི༔ མཐར་ཐུག་ཆོས་སྒོ་ཀུན་ལ་མཁས༔ ངག་ལོངས་སྐུར་གྲོལ་བའི་དགོས་པ་ཡོད་དོ༔ དེ་ལྟར་ཡང་རྒྱུད་ལས༔ ཡོན་ཏན་གནས་སྐབས་མཐར་ཐུག་གོ༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་ཀྱི་རུ་ཤན་དབྱེ་བར་བྱེད་པ་ལ༔ དང་པོ་མཁའ་འགྲོ་ཆོས་སྐྱོང་གཏོར་ཚོགས་ཀྱིས་མཉེས་པར་བྱས་ལ༔ ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ༔ མདུན་དུ་ཤིང་བུ་འམ་རྡིའུ་དམིགས་རྟེན་བཙུགས་ལ༔ རྣམ་རྟོག་བཀག་ལ་ཞག་གཅིག་བསྒོམ་ཞིང༔ སེམས་ཞེས་བྱ་བའི་མི་དྲན་དགུ་དྲན་གཅིག་འདུག་པ་འདི་གང་ནས་བྱུང༔ དུས་ནམ་ལྡོག༔ ཁ་དོག་དབྱིབས་མིང་ཅི་ལྟ་བུ་གཅིག་འདུག༔ ཕྱི་སྣོད་བཅུད་ལས་བྱུང་ངམ༔ ནང་ལུས་ལས་བྱུང་ངམ༔ ཕ་མའི་འདུ་འཕྲོད་ལས་བྱུང་ངམ༔ གང་ལས་བྱུང་བལྟར་བཅུག་པས༔ ལྟ་བྱེད་ཀྱི་ཤེས་པ་མ་གྲུབ༔ ངོ་བོ་རང་སྟོང་དུ་ལྷང་ངེ༔ གང་ནས་བྱུང་མ་རྙེད་པར་ལྷོད་དེ་བ༔ ཡིད་ལ་གསལ་ཡང་ཁར་བརྗོད་རྒྱུ་མེད་པ་ཞིག་བྱུང་ངམ༔ དེ་མ་བྱུང་བར་དུ་དྲིས་ལ༔ བྱུང་དུས་ཆོས་ཀྱི་སྐུ་རྗེན་པ་ལ་ངོ་སྤྲད་དོ༔ དེ་ལྟར་ཡང་རྒྱུད་ལས༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ རང་སྟོང་ཆོས་ཀྱི་སྐུ་དང་སྤྲད༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་ཞེས་པ་འདི་གང་ལ་གནས༔ ཕྱི་ནང་སྣོད་བཅུད་གང་ལ་གནས་སམ༔ ལུས་མགོ་མཇུག་ལ་གནས་སམ༔ ལུས་ཀྱི་ཤས་ཆེ་བ་གང་ལ་གནས༔ ལེགས་པར་བརྟགས་པས་འདིར་གནས་སྙམ་པ་གཏད་མེད་དུ་སལ་ལེ༔ ཧྲིག་གེ༔ ཝལ་ལེ་བ༔ བརྗོད་བྱ་མ་རྙེད་པར་གསལ་ཆ་ལམ་ལམ་པ་དེ་མ་བྱུང་གི་བར་དུ་ཞག་གཅིག་སྒོམ་དུ་བཅུག་ལ༔ བྱུང་བ་དང་ལོངས་སྤྱོད་རྫོགས་པའི་སྐུར་ངོ་སྤྲད༔ དེ་ལྟར་ཡང་རྒྱུད་ལས༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ རང་གསལ་ལོངས་སྤྱོད་སྐུ་དང་སྤྲད༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་ཞེས་པ་འདི་ཐ་མ་གར་འགྲོ་ལེགས་པར་བརྟག༔ འགྲོ་ས་མ་རྙེད་དེ༔ འགྲོའམ༔ འོང་ངམ༔ སྙམ་པ་དེ་ཉིད་ཀྱང་མ་གྲུབ་པར་ཆུ་ལ་ཆུ་བུར་ཐིམ་པ་བཞིན༔ རང་གྲོལ་དུ་ཤིག་གེ༔ གཏད་མེད་དུ་ལྷང་ངེ༔ རྗེས་མེད་དུ་བུན་ནེ་བ་གཅིག་མ་བྱུང་གི་བར་དུ་བསྒོམ་དུ་བཅུག༔ དེ་བྱུང་ནས་འགག་མེད་འཛིན་མེད་ཞེན་པ་མེད་པ་སྤྲུལ་པའི་སྐུ་དང་སྤྲད་ལ་བཞག་གོ༔ དེ་ལྟར་ཡང་རྒྱུད་ལས༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་འགག་སྤྲུལ་པའི་སྐུར་ངོ་སྤྲད༔ ཅེས་གསུངས་སོ༔ འདིའི་དུས་སུ་བྱུང་གནས་འགྲོ་གསུམ་རྩད་བཅད་ལ་སྣ་སྐྱིལ་དུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་དང་རིག་པ་གང་སྔ༔ གཅིག་གམ་ཐ་དད༔ གཅིག་པའི་དཔེ་ཇི་ལྟ་བུ༔ མི་གཅིག་པའི་དཔེ་ཅི་འདྲ་དྲིས་ལ༔ སེམས་རིག་དབྱེ་བ་ངོ་སྤྲད་དོ༔ དེ་ལ་ཞག་གཅིག་སྒོམ་མོ༔ དེ་ནས་ལུས་སེམས་གཉིས་གལ་གང་ཆེ་བལྟ༔ དེ་ལ་ཞག་གཅིག༔ སྣང་བ་སེམས་ཡིན་མིན༔ སེམས་སྟོང་པ་ཡིན་མིན༔ སྟོང་ཉིད་རིག་པ་ཆོས་སྐུ་ཡིན་མིན་རྣམས་དྲིས་ལ༔ དེས་ལྷག་མཐོང་བཙན་ས་ཟིན་ཏེ༔ གང་ཤར་སྒོམ་གྱི་ངོ་བོར་འདྲེས་པ་ཞིག་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར༔ སེམས་སྨིན་པར་ བྱས༔ ཚོགས་གཏོར་གྱིས་མཁའ་འགྲོ་མཉེས་པར་མཆོད་ལ༔ དེ་ནས་ངོ་སྤྲད་པ་ནི༔ ཞི་གནས་དང་ལྷག་མཐོང་དབྱེར་མེད་དུ་ངོ་སྤྲད་པ་ནི༔ སེམས་བཟོ་མེད་དུ་ལྷོད་དེ་བཞག་པའི་དུས་ན་སོ་མ་སིམ་མེ་བ༔ རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ༔ ལྷང་ངེ་བ་དེའི་ངང་ནས་རྣམ་རྟོག་ཅིག་ཐོལ་ལེ་ཤར་བ་དེའི་ངོ་བོ་ལ་མ་ཡེངས་པར་ཅེར་རེ་བལྟས་པས༔ སྐྱེ་མེད་དུ་ལྷམ་མེ་ཧྲིིག་གེ༔ མེར་རེ༔ རྗེན་ནེ༔ ཐལ་ལེ་བ་དེའི་སྐད་ཅིག་མ་དེའི་སྟེང་ནས༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལམ་མེ༔ ཐུགས་རྗེ་འགག་མེད་དུ་ཧྲིག་གེ་བ་འདི་རྒྱུན་དུ་སྐྱོངས་ཤིག་པའོ༔ དེ་ལྟར་ཡང་རྒྱུད་ལས༔ ཞི་གནས་ལྷག་མཐོང་དབྱེར་མེད་པས༔ སྟོང་གསལ་འགག་པ་མེད་པའི་ཉམས༔ བཅོས་སླད་མེད་པར་ལྷན་ནེ་བ༔ གཡོ་འགུལ་མེད་པར་ལྷམ་མེ་བ༔ བོ་ཟག་མེད་པར་མེར་རེ་བ༔ གསལ་སྟོང་རྟོག་མེད་འཁྱིལ་ལེ་བ༔ ལྷུན་ནེ་ཁྱབ་བེ་མེར་རེ་བ༔ སལ་ལེ་སིང་ངེ་ཧྲིག་གེ་བ༔ ཝལ་ལེ་ཁྱུག་གེ་ཁྲོལ་ལེ་བ༔ འབོལ་ལེ་ཤིགས་སེ་སལ་ལེར་གནས༔ རང་བྱུང་རང་ཤར་རང་གྲོལ་ཉིད༔ ངོ་སྤྲོད་དུས་སུ་ཐེབ་པར་གདབ༔ ཅེས་གསུངས་སོ༔ འདི་རྣམས་ལ་ཟླ་བ་གཅིག་ཏུ་ཞིབ་མོར་འཁྲིད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ འདི་མེད་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆད༔ ཨོ་རྒྱན་བདག་གིས་སྙིང་པོའི་ལྡེ་མིག་ཏུ༔ གནད་ཀྱི་དོན་རྣམས་བསྡེབས་ནས་འདིར་བཀོད་དེ༔ ཕྱི་རབས་སྐལ་ལྡན་རྣམས་ཀྱི་དོན་དུ་ནི༔ བླ་མའི་གདམས་ངག་རང་གི་མྱོང་བ་དང༔ རྒྱུད་ཀྱི་གཞུང་ལ་བརྟེན་ནས་འདིར་བཀོད་པས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཕྲད་ནས་ཆོས་བདག་ཉིད་དང་འཕྲད་པར་སྨོན༔ འདི་བཞིན་ཉམས་སུ་བླངས་པས་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་ན༔ བདག་ཨོ་རྒྱན་པདྨའི་ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ ལུང་རྒྱ༔ གཏད་རྒྱའོ༔

ཚེ་སྒྲུབ་གསང་བ་འདུས་པའི་ནང་སྒྲུབ་འདོན་སྒོམ་ཕྱག་ལེན་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་ལྗོན་ཤིང་ (Volume 6, Text 27)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་ནང་སྒྲུབ་འདོན་སྒོམ་ཕྱག་ལེན་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། ། མཚན་གྱི་ཡི་གེ་ཡིད་ལ་ཤར་ཙམ་གྱིས། །རིང་པོར་འཚོ་དང་མཆོག་གྲུབ་བདུད་རྩིའི་བཅུད། །གཅིག་ཆར་སྩོལ་མཛད་བླ་མ་ཚེ་དཔག་མེད། །རྟག་ཏུ་ཚངས་པའི་ཡུལ་སར་མཆོད་པར་བགྱི། །གྲགས་པ་ཙམ་མིན་བྱིན་རླབས་མངོན་སུམ་རྒྱུན། །སྙིགས་དུས་འདིར་ཡང་གཞན་ལས་ཆེས་འཕགས་པ། །ལྷོ་གཏེར་ཚེ་སྒྲུབ་གསང་བ་འདུས་པ་ཡི། །ནང་སྒྲུབ་ཆོག་སྒྲིག་རང་གཞན་དོན་དུ་བསྡེབ། །མཚན་ཉིད་ལྡན་པའི་སྒྲུབ་པ་པོ་འདི་ཉིད་ཀྱི་ནང་སྒྲུབ་ལ་འཇུག་པར་འདོད་པས་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་པའི་ཆེད་དུ། སཱཙྪ་བཏབ་ཅིང་ལམ་འཕྲང་བཅོས་པ། སྲོག་སླུ་ཞིང་ཚེ་ཐར་གཏོང་བ། སྐོང་བཤགས་ཆབ་གཏོར་སྦྱིན་གཏོང་སོགས་དགེ་བའི་དཔུང་བསྐྱེད་ཅི་འགྲུབ་སྔོན་དུ་འགྲོ་བས། སྦྱོར་བའི་ཁྱད་པར་ལྔ་པོ་ཕྱི་སྒྲུབ་ལས་བྱང་དུ་བཤད་པ་བཞིན་ལ། དཀྱིལ་འཁོར་རྡུལ་ཚོན་བཞེངས་ན་བའི་རྣམ་ལྔ་དྲི་བཟང་སྦྱར་བས་ཆག་ཆག་དང་ཐིག་གདབ་ལ་གཏེར་གཞུང་རྡོ་རྗེའི་ཚིག་འདི་བརྗོད་དོ། ཧཱུྃ༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ནི༔ མི་འགྱུར་རྟག་པའི་གཡུང་དྲུང་གསལ༔ གསང་བ་ཡུམ་གྱི་མཁའ་ཀློང་ནས༔ བཅུ་དྲུག་ལོན་པའི་ཐིག་ལེ་འཛིན༔ ཡིད་འོང་འཁྲིལ་ལྡེམ་ལྷ་མོའི་གཟུགས༔ གསང་བ་རྡོ་རྗེའི་ཐིག་ཐོབ་ཅིག༔ བྷྲཱུྃ་ཛྙཱ་ན་ཙཀྲ་མནྜ་ལ་ཧཱུྃ་བྷྲཱུྃ༔ རས་བྲིས་ཡིན་ན་ཆག་ཆག་གདབ་ལ་བཏིང་། ཐིག་གདབ་མི་དགོས། དེའང་དཀྱིལ་འཁོར་སྤྱི་ལས་བྱང་ཕྱི་སྒྲུབ་དང་འདྲ་བ་ལས་པདྨ་འདབ་བཞི་རིམ་པ་གཉིས། དེ་རྒྱབ་འདབ་ལྔ་བཅས་ཕྱོགས་ཚོན། དེ་རྒྱབ་ཚེ་ལྷ་མགྲོན་ཐབས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་བྱ། གཉིས་ཀ་མ་འབྱོར་ན་ཚོམ་བུ་གྲངས་དེ་མཚུངས་བཀོད་ཀྱང་རུང་། བུམ་པ་བཅའ་སྐབས་གུ་གུལ་གྱིས་བདུག་ཅིང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། རིགས་བཟང་གི་ཁྱེའུ་བུ་མོ་བཀྲ་ཤིས་པས་རྒྱུན་འབབ་ཀྱི་ཆུ་བླངས་པ་དང་། བུམ་རྫས་ཉེར་ལྔ། ཨ་མྲྀཏ་སྦྱར་བའི་མར་གྱི་རིལ་བུ་གྲངས་མེད་བླུགས་པ་རྣམས་ཁྱད་པར་རོ། །བཤམ་བཀོད་གཞན་ལས་བྱང་ལྟར་བྱའོ། །དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །གསུམ་ཀའང་བསྙེན་པ་དང་དེའི་དམིགས་གནད་ཐ་དད་དུ་དབྱེ་བ་ཙམ་ལས། ལས་བྱང་གིས་ཁོག་དབུབ། སྒེར་ཆོས་འདིར་བསྟན་རྣམས་སྦྱར་དགོས་པ་ལ་ཁྱད་པར་མེད། དེའང་གྲངས་བསྙེན་བྱེད་ན་སོ་སོའི་གཤམ་གསལ་ལྟར་དང་། དུས་བསྙེན་བྱེད་ན་གསུམ་ཀའང་ཞག་གྲངས་བདུན་བདུན་ཡིན་པས་བདུན་གསུམ་ཉེར་གཅིག་ལ་འགྲུབ་པར་བྱའོ། །སྒྲུབ་པ་པོ་བདུན་ཡོད་ན་མི་གྲངས་བརྩི་བའི་ཞག་གཅིག་ལ་བདུན་བརྩིས་ཏེ་ཞག་གསུམ་ལ་བསྙེན་སྒྲུབ་ལས་གསུམ་གྲུབ་པར་བྱས་ཀྱང་རུང་བ་ཆགས་མེད་རིན་པོ་ཆེས་གསུངས་པས་འབྱོར་པ་དམན་པའི་བསྙེན་རྒྱུན་འདོད་པ་སོགས་ལ་འདི་ཉིད་སྟབས་བདེ་བར་སྣང་ངོ་། །དེ་ལ་དང་པོ་བསྙེན་པ་ནི། བརྒྱུད་འདེབས་ནས་བརྩམ་འདོན་བྱའི་ཁོག་ལས་བྱང་གསར་བསྒྲིགས་ཀྱི་དཀྱུས་ལྟར་ལ། མཚམས་གཅོད་ཀྱི། ང་ཡི་བཀའ་ལས་འདའ་མ་བྱེད༔ ཅེས་པའི་མཚམས་སུ། ཧཱུྃ༔ སྟེང་ཡང་རྡོ་རྗེའི་བླ་རེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞི་སྟེ༔ ཕྱོགས་མཚམས་རྡོ་རྗེའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་འཁོར་ལོའི་བླ་རེ་ལ༔ འོག་ཀྱང་འཁོར་ལོའི་ས་གཞི་སྟེ༔ ཕྱོགས་མཚམས་འཁོར་ལོའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་དབྱུག་ཏོའི་བླ་རེ་ལ༔ འོག་ཀྱང་དབྱུག་ཏོའི་ས་གཞི་སྟེ༔ ཕྱོགས་མཚམས་དབྱུག་ཏོའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་རལ་གྲིའི་བླ་རེ་ལ༔ འོག་ཀྱང་རལ་གྲིའི་ས་གཞི་སྟེང༔ ཕྱོགས་མཚམས་རལ་གྲིའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་རྒྱ་གྲམ་བླ་རེ་ལ༔ འོག་ཀྱང་རྒྱ་གྲམ་ས་གཞི་སྟེ༔ ཕྱོགས་མཚམས་རྒྱ་གྲམ་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་ཕུར་པའི་བླ་རེ་ལ༔ འོག་ཀྱང་ཕུར་པའི་ས་གཞི་སྟེ༔ ཕྱོགས་མཚམས་ཕུར་པའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་མེ་ཡི་བླ་རེ་ལ༔ འོག་ཀྱང་མེ་ཡི་ས་གཞི་སྟེ༔ ཕྱོགས་མཚམས་མེ་ཡི་གུར་དུ་གྱུར༔ ཐམས་ཅད་བསྣོལ་མར་འཁོར་བའི་ཕྱིར༔ བར་མཚམས་མེད་པར་བསྡམས་པ་ལ༔ ཡེ་ཤེས་མེ་དཔུང་འུ་རུ་རུ༔ ཁྲོ་ཆུང་མང་པོ་སྐར་ལྟར་རྒྱུག༔ རླུང་ལྟར་འཁྲུག་ཅིང་འབར་བར་བསྒོམ༔ བགེགས་རྣམས་རྒྱ་མཚོ་ཆེ་འགྲམ་དུ༔ ལྕགས་རི་ནག་པོའི་ཕྱིར་བསྐྲད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་བཛྲ་ཙཀྲ་ཏཱིགྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་བརྡ་སྒོ་ཕྱག་དམ་བཅའ་བཅས་སྤྲོ་ན། ཧཱུྃ༔ གསང་འདུས་ཚེ་ཡི་རང་བྱུང་ཡེ་ཤེས་ལྷ༔ འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་ངང༔ མ་རིག་རང་གསང་ཐབས་ཀྱིས་སྒོ་བཅད་པ༔ རང་རིག་གསལ་སྟོང་དག་པའི་སྒོ་ཕྱེས་ཤིག༔ བྷྲཱུྃ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ལྷ༔ ཀུན་ཁྱབ་རང་བྱུང་ཡེ་ཤེས་དོན་མ་རྟོགས༔ རང་གསལ་མཐའ་དབུས་མེད་ཀྱང་མུ་བཞིར་གོལ༔ དོན་དམ་སྙིང་པོའི་རང་བཞིན་མཇལ་ཕྱག་འཚལ༔ གུ་རུ་ཨཱ་ཡུ་ཨ་ཏི་པཱུ་ཧོ༔ ཧཱུྃ༔ ཚེ་ཡི་རང་རྩལ་རྒྱུ་དྲུག་འཁོར་བར་སྦྱངས༔ ཐོག་མེད་དུས་ནས་རང་སེམས་ཡི་དམ་ལྷ༔ དུས་འདིར་རང་བྱུང་སྙིང་པོའི་དོན་རྟོགས་པས༔ སྲོག་གི་ཕྱིར་ཡང་མི་གཏང་ས་མ་ཡ༔ ཙིཏྟ་བཛྲ་ས་མ་ཡ་ཛ༔ འདི་གསུམ་མ་བརྗོད་ཀྱང་ཆོག །དེ་ནས་བྱིན་འབེབ། མཆོད་བརླབ། བཤགས་པ། བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་པའི་མཚམས་སུ་བདག་བསྐྱེད་ནི། བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པ༔ ཕྱི་གསལ་ནང་གསལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་སྟེང་ཐམས་ཅད་རྡོ་རྗེའི་བླ་རེ༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར༔ དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿདམར་པོ་དེ་ལས་འོད་ཟེར་ཕར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་འཛིན་པ༔ འོད་དང་འོད་ཟེར་དུ་འཕྲོ་བར་གྱུར༔ དེ་ནས་མདུན་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས། མདུན་གྱི་དཀྱིལ་འཁོར་བུམ་པ་དང་བཅས་པ་མི་དམིགས་པ་ལས༔ གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ གདུགས་ཏོག་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པ༔ ཕྱི་གསལ་ནང་གསལ་འོད་དུ་འབར་བ༔ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ་རྨ་བྱ་བརྒྱད་དང་པདྨ་དང་ཉི་མ་ཟླ་བའི་དལ་གྱི་སྟེང་དུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ་ལས་འོད་ཟེར་ཕར་འཕྲོས༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཁྱད་པར་དུ་འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་དྭངས་བཅུད་ཐམས་ཅད་ཚུར་བསྡུས༔ ཧྲཱིཿལ་ཐིམ༔ ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ན་ཚེའི་བུམ་པ་འཆི་མེད་བདུད་རྩིས་གང་བ་འཛིན་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ མདུན་ན་ཚེའི་ལྷ་མོ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་སེར༔ ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཚེ་བུམ་ཡབ་ཀྱི་སྙན་གཡས་ཐད་དུ་འཛིན་པ༔ དབུ་སྐྲ་གྲོལ་བ༔ གཅེར་བུ་ལ་རིན་པོ་ཆེ་དང་པདྨའི་ཕྲེང་བ་དང་རྒྱན་དྲུག་གིས་སྤྲས་པ༔ འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའོ༔ དེའི་ཤར་དུ་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམ་་་མཱ་མ་ཀཱི་་་སྐུ་མདོག་སྔོན་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ལྷོར་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་ཡབ་ཡུམ་་་སྤྱན་མ་་་སྐུ་མདོག་སེར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད་ཡབ་ཡུམ་་་དབྱིངས་ཕྱུག་མ་་སྐུ་མདོག་དཀར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད་ཡབ་ཡུམ་་་སྒྲོལ་མ་་་སྐུ་མདོག་ལྗང་གུ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ དེའི་ཕྱི་རིམ་ཤར་དུ་ལཱ་སེ་དཀར་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ ལྷོར་མཱ་ལེ་སྔོན་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་གཱིརྟཱི་དམར་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ བྱང་དུ་ནཱིརྟཱི་ལྗང་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ དེ་དག་རྣམས་ཀྱང་ལྷ་མོའི་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་ཤར་དུ་དཀར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ལྷོར་སྔོན་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་དམར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ བྱང་དུ་ལྗང་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ་ཀུན་ཀྱང་པདྨའི་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་ཕྱི་རིམ་གྱི་ཤར་དུ་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་དང་བསེའི་གྭའུ་འཛིན་པ༔ ལྷོར་སྒོ་མ་ཞགས་པ་མ་སེར་མོ་རིན་པོ་ཆེ་དང་ཞགས་པ་འཛིན་པ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་བནྡྷ་འཛིན་པ༔ བྱང་དུ་སྒོ་མ་དྲིལ་བུ་མ་ལྗང་མོ་རྒྱ་གྲམ་དང་གཡུའི་གྭའུ་འཛིན་པ༔ སྒོ་མ་རྣམས་བརྐྱང་བསྐུམ་གར་ཐབས་སུ་བཞུགས་པའོ༔ ཀུན་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་དར་རྣམ་པ་ལྔའི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས་ཅན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར༔ དེ་དག་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ ཨོཾ་ཨཱཿཧཱུྃ་བརྗོད་པས་རྒྱལ་བ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔའི་དབང་བསྐུར་བར་གྱུར༔ དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཧྲཱིཿདམར་པོའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར༔ སྔགས་ལས་འོད་ཟེར་འཕྲོས་ཏེ་བདེ་བ་ཅན་ནས་རང་རང་གི་ཡེ་ཤེས་པ་སྤྱན་དྲངས་ཏེ༔ དམ་ཚིག་པ་རང་ལ་ཐིམ༔ གཉིས་སུ་མེད་པར་གྱུར་ཏེ་འོད་ཟེར་གྱིས་སྟོང་གསུམ་གང་བར་གྱུར༔ ཨོཾ་ཨཱ་ཡུཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲ་ས་མ་ཡ་ཛ་ཛ༔ དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ ཞེས་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་མཐར་ཆགས་སུ་གཏང་། སྐབས་འདིར་མདུན་བསྐྱེད་གཙོ་བོའི་ཕྱག་གི་བུམ་པ་དང་བཤམས་པའི་བུམ་པ་གཉིས་དབྱེར་མེད་དུ་བསྒོམ་པར་བཞེད་པས་བུམ་བསྐྱེད་ཟུར་དུ་མེད་དོ། །དེ་ནས། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་ཀྱིས་ཚེ་བསྐུལ་ལ། བཟླས་པའི་དམིགས་པ་ནི། བདག་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀར་མེ་ཏོག་པདྨ་དམར་པོའི་སྟེང་དུ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་ཐབས་སུ་ཡོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་སྟེང་ཟླ་བ་གཉིས་ཀྱི་གྭའུ་ཁ་སྦྱོར་ཁ་ཅུང་ཟད་བྱེ་བ། དེའི་ནང་དུ་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་བྱེ་རུའི་མདོག་ཅན་ལངས་ཏེ་གནས་པ། ཧྲཱིཿཡིག་བ་ཚག་ངོས་རྒྱབ་སྒལ་ཚིགས་ངོས་ན་བསྟན་པ་གཡོ་འགུལ་མེད་པ་ཁྲོང་ངེ་གནས་པ། ཧྲཱིཿདེའི་ནང་སྟོང་པ་ཟངས་ཀྱི་སྦུ་གུ་ལྟ་བུའི། ཧའི་ཁོག་པའི་ནང་དུ་རང་གི་བླ་སྲོག་གི་ངོ་བོ་ནྲྀཿལྗང་གུ་བཀྲག་མདངས་སྐར་ཆེན་ཤར་བ་ཙམ་ཡོད་པ། དེའི་གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ། གཡོན་དུ་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་གསུམ་གསལ་བར་གྱུར། ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གྱེན་ལངས་ཡིག་ངོ་ཕྱིར་བསྟན་ཏུ་གནས་པ། བཟླས་པ་བྱས་པས་སྔགས་ཕྲེང་བྱེ་རུའི་ཕྲེང་བའམ་མགལ་མེའི་འཁོར་ལོ་ལྟར་གཡས་སུ་དམར་ཀྱི་ལི་ལི་འཁོར་བ། མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་་་མདུན་བསྐྱེད་ལ་ཨ་ནྲྀཿཧཱུྃ་གསུམ་མི་དགོས་སོ། །སྔགས་ཕྲེང་གཡས་སུ་འཁོར་བར་གྱུར། རང་གི་ཐུགས་ཀ་ནས་ཧྲཱིཿདམར་པོ་ཞིག་འཕྲོས། མདུན་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཕྱག་གི་བུམ་པའི་དབུས་སུ་ཟླ་བའི་གདན་ལ་འཁོད་པ་ལ་སྔགས་ཀྱི་ཕྲེང་བས་གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པ་དེ་ཡན་ཆད་ནི་བསྙེན་སྒྲུབ་ལས་སྦྱོར་གསུམ་ཀར་འདོན་སྒོམ་བྱེད་ཚུལ་ཁྱད་པར་མེད་ལ། མི་འདྲ་བའི་ཁྱད་པར་བསྙེན་པའི་དུས་སུ། བདག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ་འཕྲོས་གཟུངས་ཐག་ལ་བརྒྱུད་ནས་སོང་སྟེ་དཀྱིལ་འཁོར་ལྷ་ཐམས་ཅད་ལ་འོད་དེ་ཕོག་པས་ཐུགས་རྒྱུད་བསྐུལ།་་་ཐུགས་རྒྱུད་བསྐུལ་ཟེར་བ་ནི་སྔོན་ཚེ་ཟད་པའི་ཚེ་བསྲིང་བའི་དམ་བཅའ་དང་སྨོན་ལམ་དེ་དྲན་པའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དམར་པོ་ཤས་ཆེ་བ་སྟེང་འོག་ཕྱོགས་བཅུར་ནམ་མཁས་གར་ཁྱབ་ཏུ་འཕྲོས། འཁོར་བའི་སེམས་ཅན་ཐམས་ཅད་དང་། མྱ་ངན་ལས་འདས་པ་ཉན་རང་བྱང་སེམས་རྫོགས་པའི་སངས་རྒྱས་ཏེ་འཁོར་འདས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་དཔལ་དང་གཟི་བརྗིད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ནས། ལ་ལ་རང་ལ་ཐིམ། ལ་ལ་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་ཐིམ་པར་གྱུར་པར་བསྒོམས་ལ་སྔགས་བཟླ། གཞུང་དུ་ནྲྀཿའཁྱམས་པ་ཞེས་བྱ་བ་རང་གི་བླ་དང་སྲོག་འཁྱམས་པ་ཡིན་ཏེ། ཡང་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་འཁོར་བཞིན་པ་ལས། འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས། རང་གི་བླ་སྲོག་འཁྱམས་པ། གདོན་ཆེན་གྱིས་ཕྲོགས་པ། གདོན་ཕྲན་གྱིས་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་ཐམས་ཅད། འོད་དང་འོད་ཟེར་གྱི་ཚུལ་དུ་འབ་སེ་འུབ་སེ་བསྡུས། བདག་ལ་སིབ་སིབ་ཐིམ། མདུན་བསྐྱེད་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་རུག་རུག་བླུགས་པར་མོས་ལ་སྔགས་བཟླ། ཡང་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག་པས། སྔགས་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ་ནས། མདུན་བསྐྱེད་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་ནམ་མཁའ་ཁྱབ་པར་འཕྲོས་པས། ནམ་མཁའ་ཉི་ཟླ་ས་ཆུ་མེ་རླུང་འཁོར་འདས་སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་བཅུད་ཐམས་ཅད། འོད་ཁ་དོག་སྣ་ཚོགས་དང་། ཟེར་བཀྲག་མདངས་ཆེན་པོ་སྤྲིན་མེད་པའི་ཉི་མ་ལྟར་འབ་སེ་འུབ་སེ་བསྡུས་ཏེ། རང་ལ་སིབ་སིབ་ཐིམ་པ་དང་། མདུན་བསྐྱེད་ཀྱི་བུམ་པའི་ནང་དུ་རུག་རུག་སོང་པས་ཚེའི་བདུད་རྩིར་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ དངོས་གྲུབ་ཀུན་འབྱུང་ཞེས་བྱ་བའི་འབྲུ་བཅུ་བཞི་པ་འདི་མི་ཚིག་གིས་བར་མ་ཆོད་ཅིང་དམིགས་པའི་འཕྲོ་འདུ་མ་ཡེངས་པར་བཟླ། གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ་མོ། །ཐུན་མཐར་ལས་བྱང་ལྟར་ཚེ་འགུགས། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སོགས་ནས། ཐུགས་དམ་བསྐུལ་བའི་མཇུག འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པའི་བར་སོང་ནས། གསོལ་བ་གདབ་པ་ནི། ཀྱེ༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ རྒྱལ་བའི་དབང་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བདག་ལ་རེ་ས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་དབྱངས་དང་བཅས་ལན་གསུམ་བྱ། དབང་བླང་བ་ནི། མདུན་བསྐྱེད་ཕྱག་གི་བུམ་པའི་ནང་ནས་གཟུངས་ཐག་ལ་བརྒྱུད་དེ་འཆི་མེད་ཚེའི་བཅུད་འོད་ཟེར་དུ་ནར་བྱུང་སྟེ། བདག་གི་གནས་གསུམ་དང་ཁྱད་པར་དུ་སྙིང་གའི་ནྲྀཿལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། དེ་ནས་ཚེ་འཛུག་པ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔སོགས་ནས། རྒྱས་གདབ་དང་རྡོ་རྗེའི་ཚིག་གི་སྨོན་ལམ་ལན་གསུམ་བཅས་བརྗོད་དེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སླར་ཐུན་བཟུང་བ་ནི། བྱིན་འབེབ་ནས་སྨོན་ལམ་བར་དེ་བཞིན་དུ་བསྐྱར་ལ་ཐུན་གསུམ་མམ་བཞིར་བྱ། ཐུན་རྗེས་མའི་སྐབས་རྒྱས་གདབ་གྲུབ་མཚམས་བཀའ་སྲུང་གཏོར་འབུལ། ཚོགས་སྐོང་སོགས་མཐའ་རྒྱས་སུ་བྱ་ཞིང་ཞག་གྲངས་གང་བྱེད་ལ་དེས་འགྲེའོ། །གཉིས་པ་སྒྲུབ་པ་ནི། བཟླས་དམིགས། གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པའི་མཚམས་སུ། རང་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། མདུན་བསྐྱེད་དཀྱིལ་འཁོར་དབུས་ཀྱི་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི། སྟེང་ལྷའི་ཚེའི་དངོས་གྲུབ་ཐམས་ཅད་ཨཿདཀར་པོ། བར་མིའི་ཚེའི་དངོས་གྲུབ་ཐམས་ཅད་ནྲྀཿལྗང་གུ །འོག་ཀླུ་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་ཧཱུྃ་སྔོན་པོའི་གཟུགས་ཀྱི་རྣམ་པར་གྱུར་ཏེ། སྟེང་འོག་ནམ་མཁའ་བར་སྣང་ཐམས་ཅད་ཡི་གེ་དེ་གསུམ་གྱིས་མེ་རེ་རེ་གང་བར་གྱུར། མདུན་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿདང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་ཁ་དོག་སྣ་ཚོགས་ལྕགས་ཀྱུའི་དབྱིབས་སུ་ཚེ་འགུགས་པ་དང་སྡུད་པའི་ཕོ་ཉའི་ཚུལ་དུ་འཕྲོས་པས། ཡིག་འབྲུ་གསུམ་གྱིས་གང་བ་ཐམས་ཅད་འུབ་ཧྲིལ་བདག་ལ་ཐིམ་ཞིང་། ཁྱད་པར་དུ་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པ་དང་བཤམས་པའི་བུམ་པ་དབྱེར་མེད་པ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཡང་བསྡུས་པས་ཡིག་འབྲུ་གསུམ་པོ་ཞུ་ནས་བདུད་རྩིར་གྱུར་པས་ཆིལ་གྱིས་གང་བར་གྱུར་པར་མོས་ལ་སྔགས་བཟླ། ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བས་སྦྱོར་མཚམས་དང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲཱིཿསྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་བསྡུས་ནས་བདག་དང་བུམ་པའི་ནང་གི་བདུད་རྩི་ལ་སིབ་སིབ་ཐིམ་པར་གྱུར་ཏེ། སྔགས་བཟླ། ཡང་རང་གི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། ཐུགས་སྲོག་ཧྲཱིཿདང་བུམ་པ་ལ་སོགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ནང་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་ཁ་དོག་ལྔ་འུབ་འུབ་ཧྲིལ་ཧྲིལ་བསྡུས་ནས། བདག་དང་མདུན་གྱི་བུམ་པའི་བདུད་རྩི་ལ་འདུས་ཤིང་ཐིམ་པར་གྱུར། སྔགས་བཟླ། ཡང་རང་གི་ཐུགས་སྲོག་འོད་ཀྱིས་མདུན་བསྐྱེད་བསྐུལ། དེའི་འོད་ཟེར་གྱིས་གསང་བ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་འདུས་ཤིང་བུམ་པར་ཐིམ། བདག་ལའང་རྒྱུན་ཆད་མེད་པར་ཐིམ་པར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཡིད་བཞིན་ནོར་བུ་ཞེས་བྱ་བའི་འབྲུ་བཅུ་བཞི་པ་འདི་བཟླ། གྲངས་ཚད་བྱེ་བ་གཅིག་གོ །ཐུན་མཐར་ཚེ་འགུགས། གསོལ་གདབ། དབང་ལེན་སོགས་དང་། ཐུན་རྗེས་མའི་བྱ་བ་བསྙེན་པའི་སྐབས་སུ་སྨོས་པ་ལྟར་རོ། །གསུམ་པ་ལས་སྦྱོར་ནི། བཟླས་དམིགས། གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པའི་འཕྲོས་སུ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་གཙོ་བོ་ལ་ཕོག །གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་ཚེའི་ལྷ་མོ་རྣམས་ལ་ཕོག །ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་རང་རང་གི་མདོག་ཅན་ཕྱོགས་ཐམས་ཅད་དུ་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས། ཚེའི་བདག་པོ་ཚེ་ལ་དབང་བ་དཔག་ཏུ་མེད་པའི་བྱིན་རླབས་ཚེའི་དངོས་གྲུབ་དང་། འབྱུང་བ་བཞིའི་བཅུད་དང་། ནམ་མཁའ་དང་ཉི་ཟླའི་བཅུད་དང་འགྲོ་བ་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཨ་ནྲྀཿཧཱུྃ་གསུམ་གྱི་རྣམ་པར་རིངས་པར་རིངས་པར་འུབ་འུབ་བསྡུས་ནས། ལྷ་མོ་རང་རང་གི་ཕྱག་གི་བུམ་པར་མེར་མེར་ཆིལ་ཆིལ་ཁེངས་ཤིང་བདུད་རྩི་ཞུ་ཞིང་ཁོལ། དེ་ཐམས་ཅད་གཙོ་བོའི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་བླུགས་ཏེ་བདུད་རྩིས་བུམ་པ་གང་བ་དེ། གཙོ་བོའི་ཕྱག་གཉིས་བརྐྱངས་ཏེ་བདག་གི་མགོ་ལ་བཞག་ནས་དབང་བསྐུར་ཞིང་། ལྷ་ཚོགས་ཐམས་ཅད་ཀྱིས་འཆི་མེད་ཚེའི་སྔགས་ཀྱི་རང་སྒྲ་དི་རི་རི་གསུངས་པས་བདུད་རྩི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་དཀར་ལྟེམ་མེ་གང་། བཅུད་ཀྱི་དྭངས་མ་སྙིང་དབུས་ཀྱི་ཨ་ནྲྀཿཧཱུྃ་གསུམ་ལ་ཐིམ་པས། བཀྲག་མདངས་འོད་དུ་འབར་བར་གྱུར། ཅེས་མོས་ལ། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཚེ་ལས་ལ་སྦྱར་བའི་སྙིང་པོ་ཡིག་འབྲུ་བཅོ་ལྔ་པ་གྲངས་ནི་བྱེ་བ་གཅིག་གོ །ཐུན་མཐར་ཚེ་འགུགས་ནས་གསོལ་འདེབས་བར་དུ་གཏང་། དབང་བླང་བའི་དམིགས་པ་གོང་གི་ཏིང་ངེ་འཛིན་གྱིས་འཐུས་པས་མི་དགོས་ཤིང་ཚེ་འཛུག་པ་མན་ཆད་དང་། ཐུན་རྗེས་མའི་བྱ་བ་སོགས་ཀྱང་སྔར་བཞིན་ནོ། །འདི་ཉིད་སྒྲུབ་པའི་སྐབས་སུ་གལ་ཆེ་བའི་སྤང་བླང་དང་། རྟགས་ཀྱི་རིམ་པའང་གཏེར་གཞུང་ལས། འདིའི་དུས་སུ་སྨྲ་བ་བཅད་དེ་གཞན་གྱི་ཟས་གྲིབ་ཅན་མི་ཟ༔ འཐབ་རྩོད་ལ་སོགས་འཁོན་ལ་གཟབ༔ སྡིག་ཅན་གྲིབ་ཅན་ལ་སོགས་དང་གདོང་མི་སྤྲད་དམ་དུ་བྱའོ༔ དེའི་དུས་སུ་རྟགས་ཀྱི་རིམ་པ་ཕྱི་ནང་གསང་གསུམ་དུ་འབྱུང་སྟེ༔ ལུས་བདེ༔ ཤེས་པ་གསལ༔ བསྙེན་སྒྲུབ་ལ་སྤྲོ༔ རྨིས་ལྟས་སུ་གངས་རི་ལ་འཛེགས་པ༔ མཆོད་རྟེན་དང་སཱཙྪ་མང་པོ་མཐོང་བ་དང༔ མཁར་སྤེའུ་འཛིན་པའམ༔ བརྩིག་པ་དང༔ ཆུ་བོ་བརྒལ་བ་དང༔ ཆང་འོ་མ་བདུད་རྩི་འཐུང་བ༔ ཉི་ཟླ་ཤར་བ༔ ལོ་ཐོག་ལེགས་པ༔ འབྲུ་ལ་ལོངས་སྤྱོད་བྱེད་པ༔ གོ་ཆ་གྱོན་པ༔ བཙན་ས་ཟིན་པ༔ ཞལ་མཇལ་ལུང་སྟོན༔ བུམ་ཆུ་ཁོལ་བ༔ འོད་ཟེར་འཕྲོ་བ༔ རླངས་པ་འབྱུང་བ༔ དྲི་བཟང་ཐུལ་བ་ལ་སོགས་པ་དཔག་མེད་འབྱུང་སྟེ༔ ངེས་པར་ཚེ་འགྲུབ་པའི་རྟགས་སོ༔ ཡང་ངན་པའི་རྟགས་གོང་གི་དེས་བཟློག་པའོ༔ ངན་པ་རྟོག་པ་ཟ་བ་རྣམས་ཚེ་སྒྲུབ་མ་བྱས་པ་ལ་བྱུང་ན་ཚེ་སྒྲུབ་ལ་འབད་ཅིང༔ ཚེ་སྒྲུབ་བྱས་དུས་ཀྱང་རྟགས་ངན་པ་དང་འདྲེས་མར་བྱུང་ན་སྤོག་ཆོག་བྱས་ཏེ༔ ཚེ་སྒྲུབ་བསྐྱར་ལ་བྱ་སྟེ༔ ཆག་སྒོ་ཡོད་པར་ཤེས་པར་བྱའོ༔ བཟང་པོར་གྱུར་ན་ཐེ་ཚོམ་མེད་པར་བཟློག་གོ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་གྲངས་དུས་གང་རུང་ཐེམས་ནས་སྒྲུབ་པ་གྲོལ་བའི་ཐོ་རངས་སུ། ལས་བྱང་གཞུང་བསྲངས་ལ། བསྟོད་པ་ཡན་གྲུབ་པ་དང་། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་བྱ། དེ་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས། ཐུགས་ཀའི་ཧྲཱིཿདང་སྦྱོར་མཚམས་ནས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས། འཁོར་འདས་ཀྱི་ཚེ་དང་བསོད་ནམས་ཁྱད་པར་དུ་འབྱུང་བ་ལྔའི་བཅུད་ཐམས་ཅད་འུབ་འུབ་ཧྲིལ་ཧྲིལ་བསྡུས་ནས། ཚེ་ཆང་དང་ཚེ་ནས་ཚེ་རིལ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་མི་གཅིག་ཡིན་ན་བརྒྱ་བཟླས། མང་ན་སྤྱི་ལས་སྟོང་འགྲོ་བར་བྱའོ། །དེ་ནས་གོང་གི་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་འཛབ་དབྱངས་ཀྱི་ཚུལ་དུ་བྱ་ཞིང་མི་གཅིག་ཡིན་ན་བརྒྱ་རེ། མང་ན་སྤྱི་ཁ་ནས་སྟོང་འགྲོ་བར་བྱ་བ་ནི་དངོས་གྲུབ་ལེན་ཁར་བསྙེན་སྒྲུབ་ཁ་གསོ་བའི་དོན་ནོ། །དེ་གྲུབ་ནས་དཀྱིལ་འཁོར་ལ་མཎྜལ་རྒྱས་པར་ཕུལ། དབང་གི་དོན་དུ་གོང་གསལ་གསོལ་འདེབས་དེ་དབྱངས་དང་བཅས་ལན་གསུམ་བྱས་ལ་ཚེ་འགུགས་པ་ནི། ཚེ་གཏོར་བུམ་པ་ཨོ་རྒྱན་ཚེ་དཔག་མེད་དངོས་སུ་གསལ་བ་མདུན་བསྐྱེད་གཙོ་བོ་དང་དབྱེར་མེད་པ་ལ། མདུན་བསྐྱེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཕྱག་གཡས་ཚེའི་མདའ་དར་གཡབ་ཤིང་། དཔལ་དང་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་ཞིང་། གཡོན་པ་ཐམས་ཅད་ཚེའི་བུམ་པར་ཚེ་བཅུད་བསྡུས་ཤིང་། བདག་ལ་དབང་བསྐུར་བའི་ཕྱིར། གཙོ་བོའི་བུམ་པར་རུག་རུག་བླུགས་པར་གྱུར། མདའ་དར་གཡབ་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ཞེས་པ་ནས། ཨཱ་ཡུ་ཤེ་ཛྙཱ་ན་ཛཿཛ༔ ཞེས་པའི་བར་བཏང་། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོས་ཕྱག་གི་བུམ་པས་བདག་ཉིད་ལ་དབང་བསྐུར་བསྩལ་བར་གྱུར། རྡོར་དྲིལ་དང་བཅས་བུམ་པ་བཟུང་ནས། ཀྱེ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་ལས་བྱང་གི་མཇུག་ནས་འབྱུང་བ་ལྟར། སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་པའི་བར་དབྱངས་དང་བཅས་བརྗོད། མདུན་གྱི་གཙོ་བོས་ཕྱག་གི་བུམ་པ་དང་དབྱེར་མེད་པའི་བུམ་པས་དབང་བསྐུར་ཞིང་མདོར་ན་ནམ་མཁའ་ཐམས་ཅད་རྒྱལ་བ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས་གང་བ། ཀུན་ཀྱང་འཆི་མེད་སྔགས་ཀྱི་རང་སྒྲ་དི་རི་རི། ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འུ་རུ་རུ་དབང་བསྐུར་བས་བདག་གི་སྤྱི་བོ་ནས་མར་འཆི་མེད་ཚེའི་བདུད་རྩི་དཀར་ན་ར་ར་བབས། ལུས་སྤྱི་བོ་ནས་གསང་གནས་ཡན་ཆད་འཆི་མེད་བདུད་རྩིས་དཀར་ལྟེམས་ཀྱིས་གང་བར་བསྒོམས་ལ་སྔགས་ལྔ་པོ་བརྗོད་ཅིང་བུམ་པ་མགོའི་ཕྱོགས་ལྔར་བཞག །བུམ་ཆུ་བཏུང་། དེ་ནས། ཚེ་གཏོར་མདུན་བསྐྱེད་ཀྱི་གཙོ་བོ་དང་དབྱེར་མེད་པ་རང་གི་སྤྱི་བོར་བྱོན། དེའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་བཞི་ནས། འོད་ཟེར་དཀར་དམར་མཐིང་ལྗང་བཞིའི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧྲཱིཿས་མཚན་པ་རང་གི་གནས་བཞིར་ཐིམ་པས། དབང་བཞི་ཐོབ་པར་གྱུར། ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞག་འཁྱིལ་པའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་དཔལ་གྱི་འཕྲོ་འདུར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ལ་རང་གི་གནས་བཞིར་གཏུགས། ཚེ་ཆང་ཚེ་རིལ་མྱང་ལ། ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་ན༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་སྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམས༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཚེ་མདའ་ཚེ་ནས་ལག་ཏུ་འཛིན་ལ། ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛོད༔ གཡུ་ནི་ཟ་མ་མོ་ཡི་རྟེན༔ བལ་ནི་ལོངས་སྤྱོད་གཡང་གི་རྒྱུ༔ ཤྭ་ནི་བྱིས་པ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱིས་པའི་བླ་རྟེན་ཆུང་ལ་གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ དེ་ནས་ཚེ་སྦ་ཞིང་བསྟིམ་པ་ནི། དེ་ལྟར་དབང་བསྐུར་པས་ལུས་འཆི་མེད་བདུད་རྩིས་དཀར་ལྟེམས་ཀྱིས་གང་བའི་དྭངས་མའི་དྭངས་མ་བཅུད་ཀྱི་ཡང་བཅུད་ཐམས་ཅད་རང་གི་སྙིང་གའི་དབུས་ན། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་སྟེང་ན། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ། སྲོག་མི་འགྱུར་བའི་རྟེན་ཨ་ནྲྀཿཧཱུྃ་གསུམ་གནས་པ་ལ། བཅུད་ཐམས་ཅད་སིབ་ཀྱིས་ཡིག་འབྲུ་གསུམ་ལ་ཐིམ་པས། བཀྲག་མདངས་སུ་འབར། འོད་ཟེར་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས། འཁོར་འདས་གཉིས་ཀྱི་ཚེ་དཔལ་བཀྲག་མདངས་གཟི་བརྗིད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར། འུབས་སེ་འདུས་ནས་གནས་གསུམ་དང་བ་སྤུའི་བུ་ག་ནས་སིབ་སིབ་འདུས། སྙིང་དབུས་ཀྱི་ཨ་ནྲྀཿཧཱུྃ་གསུམ་ལ་ཐིམ། སྲོག་རྩ་ཐམས་ཅད་གང་། སླར་ཡང་ལྷ་དང་དྲང་སྲོང་རིག་འཛིན་ཀླུ་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ། འཇིག་རྟེན་གྱི་ཁམས་ན་ཚེ་དང་བསོད་ནམས་ལ་དབང་བའི་ཚེ་བསོད་དཔལ་འབྱོར་བཅུད་ཐམས་ཅད་འདུས་ཤིང་སྙིང་དབུས་ཨ་ནྲྀཿཧཱུྃ་གི་ཡི་གེ་འབྲུ་གསུམ་ལ་ཐིམ། བདག་བཀྲག་མདངས་འོད་དུ་འབར། བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་པར་གྱུར། རྟེན་འབྲེལ་མི་བསླུ་བས་དེ་ལྟར་འགྱུར་ངེས་སྙམ་པའི་དཔའ་གདིང་བསྐྱེད་དོ། །དེ་ལྟར་སྒོམ་ཞིང་། ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔སོགས་ནས། ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ བར་བརྗོད་ལ་རྒྱས་གདབ་པ་ནི། སྙིང་གའི་ཉི་ཟླའི་གྭའུ་ཁ་བསྒྲིགས༔ འོག་གི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་གྱེན་དུ་ལངས་ཏེ་བསྣོལ་མར་རྒྱས་བཏབ༔ རྭ་བཞིའི་རྩེ་མོ་ལ་རྟ་མགྲིན་གྱི་སྔགས་ཀྱིས་བཅིངས་པ་ལ༔ དེའི་སྟེང་དུ་ཚེ་དཔག་མེད་དཀར་པོ་ཚོན་གང་བ་གཅིག་དབང་རྟགས་སུ་བཞུགས་པར་གྱུར༔ ཧཱུྃ་ཏྲ་ཏྲ་ཤག་སོགས་བརྒྱ་རྩ་བརྗོད་ལ། ཧཱུྃ༔ སྙིང་པོ་བརྟན་པ་མི་ནུབ་སྟེ༔སོགས་ནས། ཨོཾ༔ སྐུ་ཡི་སྐུ་སྟེའི་མཇུག་བར་ལས་བྱང་དཀྱུས་ལྟར་གཏང་བ་ལས་སྐབས་འདིར་སྟོང་ཚིགས་མཆོད་བསྟོད་མི་དགོས་སོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྒྲུབ་པའི་སྐབས་སུ་ལྷག་མ་བཙོན་འཛིན་གྱི་ཕྱག་སྲོལ་ལྟར་བྱས་ན་སྐབས་འདིར་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་བསྐྱལ་ཏེ་སྤུང་ངོ་། །དེ་ནས་བཀའ་སྲུང་གཏོར་མ་གསོ་བྲན་བྱས་ལ་གཏང་རག་གི་ཚུལ་དུ་གསོལ་མཆོད་རྒྱས་པར་བྱས་ལ་ཆད་མདོ་དང་སྦྲགས་ཏེ་ཐོག་ཁར་འབུལ། ཆད་མདོ་མན་ཆད་ལས་བྱང་དཀྱུས་བཞིན་ལ། དངོས་གྲུབ་ལེན་ཆོག་སྔར་སོང་བས་བསྐྱར་མི་དགོས་ཤིང་། གཏང་རག་མཆོད་བསྟོད་ནི་བྱིན་རླབས་བཅས་འབུལ་ཚིག་སོགས་རྒྱས་པར་བྱ། མདུན་དཀྱིལ་རས་བྲིས་ཡིན་ན་དེ་ཉིད་དང་། རྡུལ་ཚོན་ཡིན་ན་སྐུ་གསུང་ཐུགས་རྟེན་རྣམས་ལ་བསྟིམ་ཞིང་བརྟན་བཞུགས་བྱ་བ་ལས་ཚེ་ཆོག་གི་མཇུག་ཏུ་གཤེགས་གསོལ་རྟེན་འབྲེལ་སླད་དུ་མི་བྱེད་པར་གསུངས། རྒྱུན་སྤྱོད། སྨོན་ལམ། བཀྲ་ཤིས་སོགས་མཐའ་རྒྱས་སུ་བྱའོ། །རང་དོན་ཡིན་ན་གཏོར་མ་ཚེ་རིལ་སོགས་གཞན་ལ་མི་སྦྱིན། མང་པོས་སྒྲུབ་ན་ནང་སྐོར་ཙམ་ལ་བཀྱེ། གཞན་དོན་ཡིན་ན་བུམ་ཆུ་ཚེ་གཏོར་སོགས་ཚེ་རིལ་གྱི་རུ་རྩི་བྱ་བ་ལེགས་གསུངས། ནང་སྒྲུབ་འདི་ཕལ་ཆེར་སྤྲོས་མེད་ཀྱི་ཚུལ་ཡིན་པས་སྒྲུབ་ཆེན་གྱི་ཁོག་དབུབ་མི་དགོས་ཀྱང་བསྙེན་རྒྱུན་བྱེད་པའི་སྐབས་སོགས་ཅུང་ཟད་སྤྲོ་བར་འདོད་ན་ཐོག་མར་ཕྱི་མཚམས་བཅད་པའི་སྐབས་རྒྱལ་ཆེན་ཐོ་འཛུག་ཙམ་དང་། དངོས་གཞིའི་སྐབས་མཆོད་འབུལ་ཁ་སྐོང་རེས་མོས་འོས་འཚམ་སྦྱར། ཐུན་མཚམས་སྔ་དགོངས་སུ་ཐུགས་གསང་ལྟར་ཉུ་ལེ་བསྐྲད་ཅིང་། པད་གླིང་རྡོར་ཕྲེང་གི་བྱིན་འབེབ་འོད་ཀྱི་དྲྭ་བ་ཁ་བསྒྱུར་ཅུང་ཟད་བཅས་སྦྱར་སྲོལ་སྣང་བ་དང་། རྗེས་གཞན་དོན་དབང་བསྐུར་བྱ་དགོས་ན་དངོས་གྲུབ་བླངས་ཟིན་པའི་རྗེས་ཐོག་ཏུ་དོན་དབང་ནོར་བུ་ལུགས་རྒྱུན་གྱི་ལག་ལེན་ལྟར་བསྐུར་ན་འཚམ་ཞིང་ལེགས་སོ། །རང་དོན་དཔའ་བོ་རྐྱང་སྒྲུབ་ལྟ་བུར་སྤྲོས་བཅས་དེ་རིགས་མི་ལྕོགས་ན་གལ་མི་ཆེ་བས་དངོས་བསྟན་འདི་དང་དམིགས་བཟླས་ལ་ནན་ཏན་ཏུ་འབད་དོ། །གཞུང་ལས། རྗེས་ཀྱང་ལོ་རེ་བཞིན་དུ་བདུན་ནམ་བཅུ་བཞི་ཉེར་གཅིག་རེ་དམ་བཅའ་བྱ་ཞིང༔ གང་ཞིག་བསྙེན་པ་དེ་ཉིད་ཞག་རེ་ལ༔ ཐོ་རངས་ནས་ཉི་ཤར་བར་ལ་བརྒྱ་རྩ་རེ་ཡི་དམ་བྱའོ༔ མདོར་ན་རང་དོན་གཞན་དོན་གདུལ་བྱ་ཕྲིན་ལས་གང་བསྒྲུབ་ཀྱང༔ རྣལ་འབྱོར་པ་ཚེ་རིང་ན་ཅི་བསམ་འགྲུབ་པས༔ ཚེ་སྒྲུབ་ལ་ནན་ཏན་བྱའོ༔ ཞེས་པདྨ་རྒྱལ་པོ་ང་ཡི་ཐ་ཚིག་གོ༔ ཞེས་བསླབ་བྱའི་ཞལ་གདམས་དང་། འདི་ལྟར་གཞུང་བཞིན་སུས་བསྒྲུབས་པ༔ ཚེ་མཐར་ཕྱིན་པར་མ་གྱུར་ན༔ ཚེ་བདག་པདྨས་མ་ཤེས་ཀྱིས༔ ཚུལ་བཞིན་ཉམས་སུ་སུས་བླངས་པ༔ ཚེ་ལ་དབང་ཐོབ་ཐེ་ཚོམ་མེད༔ ཅེས་ཕན་ཡོན་ཡང་མདོར་དྲིལ་ཏེ་རྡོ་རྗེའི་ཚིག་ཏུ་གདམས་པར་མཛད་པ་ནི་སྐལ་ལྡན་གྱི་སྐྱེས་བུ་རྣམས་མི་བསླུ་བའི་ཐ་ཚིག་གི་ངེས་པའོ། །ཟབ་མོར་གྲགས་པ་མང་ཡང་དུས་ཚོད་འདིའི། །གང་ཟག་ཕལ་ལ་ཏི་སེའི་ལོ་རྒྱུས་བཞིན། །གང་འདི་ཉམས་ལེན་མཁན་ལ་དོན་གཉེར་གྱི། །འབྲས་བུ་བརྒྱུད་མར་ཐོབ་པ་ད་དུང་སྣང་། །སྐྱེ་དགུ་ཀུན་ལ་འཚོ་བ་འབའ་ཞིག་གཅེས། ཁྱད་པར་བསྟན་འཛིན་སྐྱེས་བུ་ཞབས་བརྟན་ན། །བདེ་ལེགས་ཀུན་གྱི་རྩ་བ་ཚུགས་པའི་ཕྱིར། །བདག་གིས་འབད་པ་འདི་ཡང་དེ་ཕྱིར་བསྔོ། །རིང་འཚོའི་རྩ་བ་རྡོ་རྗེ་ལྟར་བརྟན་ཅིང་། །ཡོན་ཏན་ཁོ་ལག་ཞིང་ཁམས་རྒྱ་མཚོར་ཁྱབ། །དགེ་ལེགས་རིན་ཆེན་སྙེ་མ་གཡུར་ཟ་བས། །འཕྲལ་ཡུན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །འདིའི་གཞུང་དང་ཆགས་མེད་ཞབས་ཀྱི་གསུང་ཟིན་ཁ་གསལ་ཞིང་བྱིན་རླབས་ཆེ་བས་ཡིག་ཆ་གཞན་ལ་ཆེར་ལྟོས་མི་དགོས་ཀྱང་། ལག་ལེན་མཐར་ཆགས་སུ་བསྟར་བའི་སྐབས་མཁས་བླུན་གྱི་དབྱེ་བས་དབྲི་བསྣན་མང་དུ་འཕེལ་བའི་ཕྱིར། གཞུང་མཐུན་བསྒྲིགས་ཆགས་ཤིག་བྱུང་ན་ལེགས་པར་དགོངས་ཏེ། འཇིག་རྟེན་གསུམ་གྱི་འདྲེན་པ་རྒྱལ་མཆོག་ཐམས་ཅད་མཁྱེན་པ་དང་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་ཉིད་འཇམ་མགོན་བླ་མ་ཟུང་གི་ཞལ་སྔ་ནས་གསེར་གྱི་མེ་ཏོག་བཅས་རྗེས་སུ་གནང་བ་ལྟར། གཞུང་ཟིན་དེ་དག་བཀླག་ཆོག་ཕྱོགས་བསྒྲིགས་སུ་བགྱིས་ཤིང་མི་གསལ་བ་ཁ་བསྐངས་པ་ཙམ་ལས་རང་བཟོའི་བཅོས་བསླད་མེད་པར། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་འཆི་མེད་ཟིལ་དངར་རྒྱུན་འབབས་དང་འབྲེལ་བའི་བསྟི་གནས་སུ་འབྱོར་དྲུག་རྒྱས་པའི་དུས་ཚེས་ཕུན་སུམ་ཚོགས་པར་སྦྱར་བའི་དགེ་བས། ཁྱབ་བདག་བླ་མ་ཟུང་གིས་གཙོར་བྱས་བསྟན་འཛིན་གྱི་སྐྱེས་བུ་ཀུན་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང་། བདག་གཞན་ཐམས་ཅད་ཚེ་དང་ཆོས་མཐུན་གྱི་དཔལ་འབྱོར་ཡར་ཟླ་བཞིན་དུ་རྒྱས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་གཏེར་བྱོན་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་རྩ་གཞུང་ (Volume 25, Text 27)

༄༅། །སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་གཏེར་བྱོན་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་རྩ་གཞུང་བཞུགས་སོ།། ན་མོ་བུདྡྷ་ཡ༔ ན་མོ་གུ་རུ༔ བདེ་གཤེགས་རྒྱ་མཚོའི་ཚོགས་རྣམས་ལ༔ ལུས་ངག་ཡིད་གསུམ་གུས་པས་འདུད༔ དེ་ལ་བཅོམ་ལྡན་འདས་དཔལ་རྟ་མགྲིན་བསྒྲུབ་པར་འདོད་པས་རང་ཉིད་སྐད་ཅིག་ལ་དཔལ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་བརྡ་རུ་སྦྲུལ་བརྒྱད་བསྣོལ་བའི་སྟེང་དུ་ཞབས་བརྒྱད་བགྲད་པ༔ ཞལ་གསུམ་གྱི་གཡས་ལྗང༔ གཡོན་དཀར༔ དབུས་དམར་བ༔ རྟ་མགོ་ལྗང་ནག་རྟ་སྐད་འཚེར་ཞིང༔ རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས་ཚངས་པའི་འཇིག་རྟེན་མན་ཆད་མེའི་གུར་གྱིས་འགེངས་པར་བསམ་མོ༔ ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ༔ བར་པ་ན་ཁ་ཊྭཱཾ་མི་མགོ་སུམ་བརྩེགས་བ་དན་དང་བཅས་པ༔ ཐ་མ་ན་རལ་གྲིའི་ཡུ་བ་རང་ལ་བསྟན་པ་བསྣམས་པའོ༔ གཡོན་གྱི་དང་པོས་སྡིགས་མཛུབ༔ བར་པ་ན་མདུང་ཐུང༔ ཐ་མ་ན་རྒྱུ་ཞགས་བསྣམས་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང༔ མགུལ་གྱི་བུམ་པ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་ཁྲོ་ཆུང་ཚོན་གང་བ་སྡང་མིག་ཏུ་ལྟ་བ༔ ཁ་གདངས་ཤིང་མཆེ་བ་གཙིགས་པ༔ བྱེ་ཕྲུག་ཕྱག་ཕུགས་སུ་བཅུག་པ་ལྟར་ཁ་བས་མིག་ཆེ་བའི་ཁྲོ་ཆུང་གིས་གཏམས་པ༔ མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ༔ དེ་ལྟར་བསྒོམས་པའི་ཞལ་ནས་ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླས་པས༔ ཁྲོ་ཆུང་རྣམས་ཀྱི་ཞལ་ནས་ཀྱང་སྔགས་འབྲུག་སྒྲ་བཞིན་ལྡི་རི་རི་སྒྲོག་པ༔ ཆེམ་ཆེམ༔ འུར་འུར་གཡོས་པས་སྣང་སྲིད་ཐམས་ཅད་མེ་དཔུང་འབར་བས་བགེགས་ཐམས་ཅད་ཐུལ་གྱིས་བསྲེགས་པར་བསམ༔ བ་སྤུ་ཉག་མ་རེ་རེའི་རྩ་བ་ནས་རྟ་མགྲིན་དཔག་ཏུ་མེད་པ་འཕྲོས་པས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་སོང་བས་སྐྲག་བསྔངས་རེངས་བརྒྱལ་བར་བསམ༔ སྟོང་གསུམ་གྱི་འཇིག་རྟེན་དུའང་བསྡད་དབང་མེད་པར་རང་བརླག་ཏུ་བརླག་པར་བསམ༔ མཇུག་སྡུད་དུ༔ ཨོཾ་བཛྲ་དུན་བྷྱོ་ཏྲིག་ནན་ཛ་ཛ༔ ས་མ་ཡ་སཏྭཾ༔ ཞེས་ལོ་གྲངས་བཟླའོ༔ དེ་ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད་པའི་སྔགས་ཡིན༔ སྡིག་ཆེ་བས་གསང་ངོ༔ སྔོན་འགྲོ་ལས་སྦྱོར་རྒྱུན་སྔགས་བསྙེན་སྔགས་བཞི་གཅིག་ཏུ་དྲིལ་བའི་སྔགས་ནི༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ས་མ་ཡ་ཛ༔ ས་མ་ཡ་ཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབས༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ་ཡ༔ འབྱུང་པོ་མཱ་ར་ཡ་ཛཿཛ༔ སྐབས་སུ་འདི་ཤམ་བུར་གདགས༔ དེ་ནི་ལས་སྦྱོར་གྱི་སྔགས་ཡིན་ནོ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་མན་ངག་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་གསང་སྒྲུབ་ཀྱི་མངོན་རྟོགས་རྫོགས་སོ༔ ༈ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་ཏིག༔ དཀྱིལ་འཁོར་གསང་བའི་ལྷ་ཚོགས་གཉན་པོ་ལ༔ རྣལ་འབྱོར་པས་ནི་གུས་པས་བསྟོད་ཕྱག་འཚལ༔ མན་ངག་གསང་བའི་མཛོད་སྒོ་ཟབ་མོའི་དོན༔ བཅོམ་ལྡན་འདས་དཔལ་མཆོག་ཆེན་པོ་རྟ་མགྲིན་བསྒྲུབ་པར་འདོད་པས༔ རེ་ཞིག་དང་པོར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ༔ བར་ཆད་བསྲུང་བར་བྱ་སྙམ་དུ་བསམ་ལ༔ སྐད་ཅིག་དྲན་རྫོགས་སུ་དཔལ་རྟ་མགྲིན་དབུ་གསུམ་པ༔ ཕྱག་དྲུག་པ༔ ཞབས་བརྒྱད་བགྲད་པ༔ དབུ་གསུམ་གྱི་གཙུག་ན་རྟ་མགོ་ལྗང་ནག་རྟ་སྐད་འཚེར་བ༔ ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ༔ བར་པ་ན་ཁ་ཊྭཱཾ་ག༔ ཐ་མ་ན་རལ་གྲི་བསྣམས་པའོ༔ གཡོན་གྱི་དང་པོས་སྡིགས་མཛུབ༔ བར་པ་ན་མདུང་ཐུང༔ ཐ་མ་ན་རྒྱུ་ཞགས་བསྣམས་པའོ༔ མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ༔ རཀྟའི་ཐིག་ལེ༔ ཞག་གི་ཟོ་རིས༔ ཐལ་ཆེན་གྱི་ཚོམ་བུ༔ མི་སྐྲའི་སྐུད་པ༔ མི་མགོ་རློན་པའི་ཕྲེང་བ༔ གླང་ཆེན་གྱི་ཀོ་བ༔ མི་ལྤགས་ཀྱི་གཡང་གཞི༔ རུས་པའི་རྒྱན་ནོ༔ དེ་ལྟར་བསྒོམས་པའི་ཞལ་ནས་སྔགས་བཟླས་པས༔ སྔགས་ཀྱི་སྒྲ་དང་འོད་ཟེར་གྱིས་ཡར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཞིང་ཁམས་ལ་ཕོག་པས༔ ཐུགས་ཀའི་ཧཱུྃ་དམར་པོའི་རྩེ་མོར་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་འཕྲོས་པས། འཕགས་པ་རྣམས་ལ་མཆོད་པ་ཕུལ་ནས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་དེ་དག་གིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་པ་འོག་བཞིན་ནོ། །ཐུགས་མཉེས་ནས་འདོད་ཡོན་ལྔ་དང་ལྡན་ཞིང་བར་ཆད་སེལ་བ་དང༔ སྡིག་སྒྲིབ་སྦྱངས་ནས་ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་མེད་པར་བསམ་མོ༔ མར་སྔགས་ཀྱི་སྒྲ་དང་འོད་ཟེར་ཕོག་པས་མནར་མེད་པའི་སེམས་ཅན་ཐམས་ཅད་ཀྱང་ཚ་གྲང་བཙོ་བསྲེག་ཐམས་ཅད་ཞི་ནས་བདེ་བ་ཆེན་པོར་ལམ་གྱིས་སོང་བར་བསམ་མོ༔ བར་ཆད་བྱེད་པའི་དགྲ་བགེགས་ལ་ཕོག་པས་མགར་གྱི་སོལ་མལ་དུ་རྡུལ་ཕྲན་བབས་པའམ་རྩྭ་སྦུར་ཚིག་པ་བཞིན་ཐལ་བ་བུན་བུན་སོང་བར་བསམ་མོ༔ མགུལ་གྱི་བུམ་པ་མན་ཆད་ནས་ཞབས་ཀྱི་ལོང་བུ་ཡན་ཆད་དུ་ཁྲོ་ཆུང་ཚོན་གང་བ་མིག་སྡང་མིག་ཏུ་ལྟ་བ༔ མཆེ་བ་གཙིགས་པ༔ ཁ་བས་མིག་ཆེ་བ༔ བྱེ་ཕྲུག་ཕྱག་ཕུགས་སུ་བཅུག་པ་ལྟ་བུའི་ཁྲོ་ཆུང་གིས་གཏམས་པར་བསམ༔ དེ་ལྟར་བསྒོམས་པའི་ཞལ་ནས་སྔགས་བཟླས་པས་ཁྲོ་ཆུང་རྣམས་ཀྱི་ཞལ་ནས་ཀྱང་སྔགས་སྒྲ་འབྲུག་བཞིན་ལྡི་རི་རི་སྒྲོག་ཅིང་ཆེམ་ཆེམ་འུར་འུར་གཡོས་པས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ༔ ཉི་མ་འབུམ་བས་གསལ་ཞིང་འཚེར་བ་ཚ་ལ་བཟོད་ཐབས་མེད་པས་བགེགས་ཐམས་ཅད་སྦྲང་མ་མེས་ཚིག་པ་བཞིན་ཐུལ་ཏེ་ཚིག་པར་བསམ༔ མིའི་མེ་འབུམ་འགྱུར་བས་དམྱལ་བའི་ཚ། དམྱལ་བའི་མེ་འབུམ་འགྱུར་བས་སྔགས་ཀྱི་མེའི་འོད་ཟེར་ཚ་བ་ཡིན། <!TCC Tibetan character 4,98 undefined in unicode!>་་་རྟགས་འདིའི་བར་དཔེ་རྣམས་སུ་མི་མཐུན་པ་མང་ཞིང་གབ་དཀྲུགས་ཀྱང་ཡོད་པར་མངོན།་་་ཞི་ཁྲོ་རབ་འབྱམས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱིས་སྒྲུབ་པ་པོའི་སྡོངས་གྲོགས་མཛད་ཅིང་བྱིན་གྱིས་རློབ༔ སྲུང་མ་རྣམས་ཀྱིས་ཕྲིན་ལས་དབང་མེད་དུ་བྱེད༔ ཡང་དྲག་པོའི་སྔགས་བཟླས་པས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་པོ་ཡང་བསྡད་པའི་དབང་མེད་པར་བསམ༔ འཁོར་ལོ་གཅིག་དཔེའུ་ཆུང་ལྟར་བྱས་ལ༔ རང་ལྷར་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་པར་བྱེད་པ་བཀུག་ལ་འཁོར་ལོ་ལ་བསྟིམ༔ རང་གིས་སེང་ལྡེང་གི་དབྱུག་ཏོ་ལ་སྒྲུབ་པའི་སྔགས་བཏགས་པས་་་དཔེ་ལ་ལར་འཁོར་ལོ་བཏགས་པས་ཞེས་འབྱུང་།་་་སྟེང་ནས་རྫོགས་པའི་ཚུལ་དུ་བྱས་ལ་སྔགས་བཟླས་ཤིང་འོག་ནས་འབྱུང་བ་བཞིན་བྱའོ༔ སྒྲུབ་པ་པོའི་སྔགས་ཀྱི་འཁོར་ལོ་དཀར་པོ་སྤུ་གྲི་ལྟ་བུ་ཞིག་མགར་གྱི་ཚྭ་ཚྭ་ལྟ་བུ་འཕྲོ་ཞིང་དཀར་ཕྲོམ་ཕྲོམ་གཡས་སྐོར་དུ་འཁོར་བས་བར་དུ་གཅོད་པའི་བགེགས་ཐམས་ཅད་རླུང་གི་འཁོར་ལོས་རང་དབང་མེད་པར་བཀུག་པར་བསམ་མོ༔ དེ་ནི་ས་བོན་གྱིས་འགུགས་པ་ཡིན་ལ༔ དེ་ནས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་པས་སྔགས་ཀྱི་འཁོར་ལོ་སྤུ་གྲི་ལྟ་བུ་གཅིག་སོལ་མལ་ལམ་མགལ་མེ་ལྟར་གཡོན་སྐོར་དུ་འཁོར་བར་་་གཡས་སྐོར་ཟེར་བའང་སྣང་། བསམ་མོ༔ བག་ཟན་ལ་མིའི་གཟུགས་བྱས་ལ༔ དེའི་སྙིང་གར་འཁོར་ལོ་གཞུག་ལ༔ རྟ་བོན་པ༔ ར་ཚིལ༔ གུ་གུལ་དང་གསུམ་གྱི་དུད་པས་བདུག་ཅིང་སྔགས་བཟླས་པར་བྱའོ༔ སྔགས་བཟླས་པའི་ཕྲིན་ལས་ཀྱིས་རང་དབང་མེད་པར་བསམ་མོ༔ མེའི་འཁོར་ལོས་རང་དབང་མེད་པར་བསྲེགས་པར་བསམ༔ སྣང་སྲིད་ཐམས་ཅད་མེ་དཔུང་འབར་བར་བསྒོམས་ལ་སྔགས་ཀྱི་ལས་བྱའོ༔ བ་སྤུ་ཉག་མ་རེའི་རྩ་བ་ནས་ཀྱང་བཅོམ་ལྡན་འདས་རྟ་མགྲིན་དཔག་ཏུ་མེད་པར་སྤྲོས་ལ་གདོན་བགེགས་ཐམས་ཅད་རང་སྲོག་རང་གིས་བཅད་པ་ལྟར་བསད་པ་དང༔ བསྔངས་པ་དང༔ རེངས་པར་བསམ་མོ༔ སྟོང་གསུམ་དུའང་བསྡད་དབང་མེད་པར་རང་བརླག་པར་བསམ་མོ༔ <!TCC Tibetan character 4,98 undefined in unicode!> དྲག་སྔགས་བཟླས་པའི་རྗེས་ལ་སྔགས་འདི་ལོ་གྲངས་བཟླའོ༔ བདག་ལ་གཞན་གྱིས་བྱད་ཁ་བྱེད་པའི་རྨི་ལྟས་བྱུང་ན་ཞབས་གཡས་པའི་འོག་ཏུ་གནོད་བྱེད་ཀྱི་ས་བོན་བསམ༔ དགྲའི་རྣམ་ཤེས་བཀུག་ལ་སྦྲུལ་གྱིས་དཀྲིས་ལ་ཞབས་ཀྱིས་མནན་པར་བསམས་ནས་སྔགས་བཟླས་ན་ཕྱིར་ཟློག་ཟབ་མོ་ཡིན་ནོ༔ ཨོཾ་བཛྲ་དུན་བྷྱོ་ཏྲིག་ནན་ཛཿཛཿས་མ་ཡ་སཏྭཾ༔ ལྷ་སྲིན་སྡེ་བརྒྱད་དབང་དུ་འུབ་ཀྱིས་འདུ་བའི་སྔགས་ཡིན་ནོ༔ ཤིན་ཏུ་སྡིག་ཆེ་བས་གསང་ངོ༔ སྔོན་དུ་འགྲོ་བ༔ རྒྱུན་དུ་བཟླས་པ༔ ལས་སྦྱོར༔ བསྙེན་པའི་སྔགས་དང་བཞི༔ ཡང་སྙིང་གཅིག་ཏུ་དྲིལ་བ་འདི་ཁོ་ན་བཞིན་བཟླའོ༔ དཔེ་ལ་ལར་བཛྲ་གྱི་ཚབ་ཏུ་ཧྲཱིཿཡོད་པའང་སྣང་།་་ཨོཾ་བཛྲ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླ༔ ཁཾ་རཀ་ཤ༔ ས་མ་ཡ་ཛ༔ ས་མ་ཡ་ཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབས༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛ༔ སྐབས་སུ་སྔགས་དེ་ཡང་ཤམ་བུར་གདགས༔ ལས་སྦྱོར་གྱི་སྔགས་ཡིན་ནོ༔ ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་དོན་མཛད་པ་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བའི་མན་ངག༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་གསང་སྒྲུབ༔ ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་ཡིན་ནོ༔ ཁྱད་པར་རྒྱལ་པོ་དང་པེ་ཀར་དཀོར་འདྲེ་འདུལ་བའི་གཉེན་པོ་ཡིན་ནོ༔ ཀུན་ལ་ཡོད་ན་ངོ་མཚར་ཆུང༔ པདྨ་འབྱུང་གནས་བདག་གིས་ནི༔ འགྲོ་བའི་དོན་དུ་གཏེར་དུ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་གུ་ཧྱ༔ ༈ བླ་མ་རྟ་མགྲིན་ལ་བཏུད་ནས༔ དེ་ནས་དབང་བསྐུར་བྲི་བར་བྱ༔ དཔལ་རྟ་མགྲིན་གྱི་དབང་བསྐུར་བ་ལ་གསུམ་སྟེ༔ སྦྱོར་བ་དང༔ དངོས་གཞི་དང༔ རྗེས་སོ༔ དང་པོ་མཎྜལ་དམར་པོ་གྲུ་གསུམ་མེ་རི་ལྗང་གུ༔ ཁྱམས་ཕྱོགས་ཚོན་བྱའོ༔ དེའི་དབུས་སུ་གཏོར་མ་ཤ་ཆེན་གྱིས་བརྒྱན་པ་བཞག༔ མཆོད་གཏོར་གྱིས་བསྐོར་རོ༔ གཉིས་པ་ནི༔ བདག་བསྐྱེད་སྔོན་དུ་སོང་བས་གཏོར་མ་དེ་རྟ་མགྲིན་དུ་བསྐྱེད་ལ༔ དཔའ་བོ་དང་དཔའ་མོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་བསམ་མོ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ མཆོད་བསྟོད་དང་བཟླས་པ་བྱའོ༔ དེ་ནས་སློབ་མ་ཁྲུས་བྱས་བགེགས་བསྐྲད༔ གྲལ་ལ་འཁོད་པ་ལ༔ སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་ནས༔ ལམ་ཡན་ལག་ལྔ་ཡན་ཆད་བྱས་ལ༔ མེ་ཏོག་སོགས་ཕྱི་ནང་གསང་གསུམ་གྱིས་མཆོད་དེ༔ བུམ་དབང་དང་སྐུའི་བྱིན་རླབས་དབབ་ཏུ་གསོལ༔ ཞེས་གསོལ་བ་གདབ༔ རྟ་མགྲིན་གྱི་དཔྲལ་བ་ནས་འོད་དཀར་པོའི་སྣ་ལ་རྟ་མགྲིན་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྤྱི་བོར་ཐིམ་པས༔ ལུས་ཀྱི་ནད་གདོན་དང་སྡིག་སྒྲིབ་དག༔ བུམ་དབང་ཐོབ༔ སྐུའི་བྱིན་རླབས་ཞུགས་པར་བསམ༔ དེ་བཞིན་དུ་མཆོད་ནས༔ གསང་དབང་དང་གསུང་གི་བྱིན་རླབས་དབབ་ཏུ་གསོལ༔ ཞེས་བརྗོད་པས༔ མགྲིན་པ་ནས་འོད་ཟེར་དམར་པོའི་སྣ་ལ་རྟ་མགྲིན་དམར་པོ་བྱུང་བ་མགྲིན་པར་ཐིམ༔ ངག་གི༔ གསང་དབང༔ གསུང་གི༔ ཡང་མཆོད་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ཐུགས་ཀྱི་བྱིན་རླབས་དབབ་ཏུ་གསོལ༔ ཞེས་གསོལ་བ་གདབ༔ ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣ་ལ་རྟ་མགྲིན་མཐིང་ག་བྱུང༔ སློབ་མའི་སྙིང་གར་ཐིམ༔ ཡིད་ཀྱི༔ ཤེས་རབ་ཡེ་ཤེས་ཀྱི༔ ཐུགས་ཀྱི༔ ཡང་མཆོད་ནས་དབང་བཞི་པ་དང༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་ཏུ་གསོལ༔ ཞེས་བརྗོད་པས་ལྟེ་བ་ནས་འོད་ཟེར་སྣ་ཚོགས་པའི་སྣ་ལ་རྟ་མགྲིན་སྣ་ཚོགས་པ་བྱུང་ནས་སློབ་མའི་ལྟེ་བར་ཐིམ་པས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག༔ དབང་བཞི་པ་ཐོབ༔ སྐུ་གསུང་ཐུགས་དབྱེར་མེད་དུ་བྱིན་རླབས་ཞུགས་པར་བསམ་མོ༔ མཚམས་འདིར་དཔེ་འགའ་ཞིག་ཏུ།་་་སྔགས་ཀྱི་རྗེས་གནང་ཡང་སྐབས་འདིར་སྦྱིན་ནོ༔་་་ཞེས་པའང་འདུག །དེ་ནས་གཏོར་མ་རྟ་མགྲིན་དབྱེར་མེད་པ་ལ་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པས་བསྐོར་བ་དེ་སློབ་མའི་སྤྱི་བོར་བཞག་པ་དང༔ ནད་གདོན་ཐམས་ཅད་ཞལ་དུ་གསོལ་ནས་ཆེམ་ཆེམ་འུར་འུར་འདུག་པ་དང༔ སྤྱི་བོར་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་རྟ་མགྲིན་དངོས་སུ་བལྟ༔ གསུམ་པ་ཚོགས་གཏོར་འབུལ་བ་ནི༔ གཏོར་མ་ཕུལ་ལ་རྟ་མགྲིན་ལ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ༔ གཅིག་སློབ་དཔོན་པདྨ་ལ༔ གཅིག་ཆོས་སྐྱོང་ལ༔ གཅིག་གཞི་བདག་ལ་འབུལ༔ གཅིག་གནོད་བྱེད་ལ་དབུལ༔ སྐོང་བཤགས་དང༔ བསྟོད་པ་བྱའོ༔ ཚོགས་ལ་རོལ༔ ལྷག་གཏོར་གཏང༔ སྨོན་ལམ་གདབ༔ བསྔོ་བ་བྱའོ༔ དཔལ་རྟ་མགྲིན་རྒྱལ་པོའི་དབང་བསྐུར་གྱི་ཆོ་ག་རྫོགས་སོ༔ འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ། སྐྱེར་སྒང་པ། གཉན་སྟོན། ཤངས་སྟོན་པའོ། ༈ །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་གསུངས༔ གཏོར་མ་ནི༔ ཨ་མྲྀཏས་བསང༔ སྭཱ་བྷཱ་ཝས་སྦྱང༔ སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་་་ལ་ལར། སྟོང་པའི་ངང་ལས་རིན་པོ་ཆེའམ་ཐོད་པ་ཡངས་ཤིང་། ཞེས་འབྱུང་།་་་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ཏེ༔ ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ༔ མདུན་དུ་རྟ་མགྲིན་བསྐྱེད༔ དེའི་ལྗགས་རྡོ་རྗེའི་སྦུ་གུ་གཏོར་མ་ལ་ཟུག་ནས་གསོལ་བར་བསམ་ཞིང༔ རྩ་སྔགས་ཀྱི་མཐར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁ་ཧི༔ གྲྀཧྞ་གྲྀཧྞ་པཱུ་ཛ་ཧོ༔ རཀྟ་པི་པནྟོ༔ ས་མ་ཡེ་སྭཱ་ཧཱ༔ ཞེས་ལྔའམ་བདུན་གྱིས་ཕུལ༔ མེ་ཏོག་ལ་སོགས་པས་མཆོད༔ དེ་ནས་བསྟོད་པ་བྱ་བ་ནི༔ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཆེན་སྤྲུལ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ༔ དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་སྟེ༔ དབང་གི་མདོག་དམར་བསྐལ་པའི་མེ་འདྲ་ལ༔ དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་གཟི༔ དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང༔ ལས་ངན་གདུག་པའི་སེམས་ཅན་སྒྲོལ་མཛད་པ༔ ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར༔ རྔམ་བརྗིད་འགྱིངས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཞེས་སོགས་བརྗོད༔ འདོད་པའི་དོན་ལ་གསོལ་བ་གདབ༔ དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱའོ༔ ྀཨཚ༔ ༈ བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱི་འཁོར་ལོ་ལ། ལྟེ་བ་མུ་ཁྱུད་རྩིབས་བརྒྱད་ཀྱི་ཕྱི་རོལ་མེ་རིའི་ཕྲེང་བ་དང་བཅས་པའི་ལྟེ་བ་ལ། སྟེང་དུ་ཨོཾ། བར་དུ་ཧྲཱིཿ འོག་ཏུ་ཕཊ། མཐའ་མ་ན་ཕར་ལ། བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོས་འདི་འཆང་བ་པོ་ལ་བྱིན་གྱིས་བརླབ་ཏུ་གསོལ། ནད་དང་གདོན་གྱི་གནོད་པ་བསྲུང་དུ་གསོལ། རྩིབས་བརྒྱད་ལ་ཤར་ནས་རིམ་པ་བཞིན། པདྨཱན་ ཏ་ཀྲྀཏ་ བཛྲ་ ཀྲོ་དྷ་ ཧ་ཡ་ གྲཱི་ཝ་ ཧུ་ལུ་ ཧུ་ལུ་ ཞེས་དང་། རྩིབས་མཆན་བརྒྱད་ལ་བྷྱོ་བརྒྱད་བྲིའོ། །འོག་མ་རྩིབས་བརྒྱད་མུ་ཁྱུད་གཉིས་ཀྱི་ནང་མ་རྡོ་རྗེ། ཕྱི་མ་མེ་རིའི་ཕྲེང་བ། ལྟེ་བ་ལ་ཏྲི་དང་གང་གནོད་སྲུངས་ཤིག་བྱས། རྩིབས་བརྒྱད་ལ་ཛཿརེ་བྲི། རྩིབས་མཆན་བརྒྱད་ལ་ཤར་ལྷོ་ནས་བརྩམ་སྟེ། ཁཾ་རཀྴ་ས་མ་ཡ་ཛཿ ཁམ་རག་ཤ་ས་མ་ཡ་ཟློག །ཁཾ་རག་ཤ་ས་མ་ཡ་བྷྱོ། ཁཾ་རག་ཤ་ས་མ་ཡ་གཏུབས། ཁཾ་རག་ཤ་ས་མ་ཡ་བྱེར། ཁཾ་རག་ཤ་ས་མ་ཡ་རྦད། ཁཾ་རག་ཤ་ས་མ་ཡ་རྦུད།་་་ལ་ལར་འདི་མེད། ཁཾ་རག་ཤ་ས་མ་ཡ་རྦད་རྦུད་ཕཊ་ཡ། འབྱུང་པོ་མཱ་ར་ཡ་ཛ་ཛཿ ཞེས་བྲིའོ། །འཁོར་ལོ་འདྲ་མིན་གཅིག་ཀྱང་ཡོད་དོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྒྱལ་པོ་རང་ལ་གནོད་དམ། མིས་རྦད་དམ། མ་ཆུན་པ་བྱུང་ན། ཐམས་ཅད་ལ་འདིས་ཆོག་གོ །བདག་ཉིད་ཡི་དམ་དུ་བསྐྱེད་ལ་རྒྱལ་པོ་རང་གི་མདུན་ནམ། གར་གནས་པར་འདུག་པ་དེའི་སྙིང་གར་བྷྲཱུྃ་དམར་པོ་ཞིག་བསམ། བྷྲཱུྃ་དེ་ལས་ཙཀྲ་རྩིབས་སྟོང་དང་ལྡན་པ་ཁ་དོག་དམར་པོ་ཞིག་བསམས་ལ། དེ་ཁོའི་སྲོག་རྩ་ལ་འཁོར་བས་མྱལ་མྱལ་བཅད་པར་བསམ་ཞིང་སྔགས་བཟླས་པ་ནི། རྩ་སྔགས་གཤམ་ལ་འདི་གདགས་སོ། །རཱ་ཛ་ས་མ་ཡ་གིཾ་ཀ་ར་པྲ་མ་ཤ་ཀ་ཀ་རུ་ར། ཙཀྲ་གནོད་བྱེད་མཱ་ར་ཡ་སོད་སོད། སྲོག་སྙིང་རྦད་རྦད།་་་སྲོག་རྩ་ལ་རྦད་རྦད། སྙིང་ས་མ་ཡ་ཕྱེ་སྲོག་ཕྱེ།་་་སྙིང་ས་མ་ཡ་ཕྱེ།་་་སྲོག་ས་མ་ཡ་ཕྱེ། ཟེར་བའང་ཡོད། ཞེས་བཟླས་སོ། །སྐབས་སུ་འདི་བརྒྱ་རེ་གདགས། མ་མ་དགྲ་སྙིང་ལ་རྦད་གཟེར་ཁ་བུ་མཱ་ར་ཡ་སོད།་་་གཉེར་ཁུ་བུ་དང་།་་་གཉེགས་ཁུ་སུ། ཟེར་བའང་འདུག །དེའི་རྟགས་སུ་ངུ་བ་དང་ཕྱག་བྱེད་པ་དང་། ན་བ་བྱུང་ན་འཕྲོ་བཅད། བདག་གིས་འདིས་མཛེ་ཡང་གསོས་སོ། །སྲིའུ་ཡང་འདིས་གསོས་སོ། །རྒྱལ་པོའི་འདྲེ་ལ་འདི་མེད་ཁ་མེད་དོ། །འདི་ཉམས་སུ་ལོངས་ཤིག །འདི་སུ་ལའང་བཟླ་མ་མྱོང་ངོ་། །ལག་ལེན་བྱས་པས་ཡིད་ཆེས་སོ། །ཏིང་ངེ་འཛིན་དང་སྔགས་ཀྱིས་གཅུན་པའོ། ༈ །བླ་མ་རྟ་མགྲིན་ཞབས་བཏུད་ནས། །ཞལ་གྱི་གདམས་པ་བྲི་བར་བྱ། །རང་རྟ་མགྲིན་དུ་བསྐྱེད། འཁོར་ལོ་འོག་མ་དྲིལ་ལ།་་་ཏྲི་ལས་ཟེར་བའང་སྣང་། དེ་གནོད་བྱེད་རྒྱལ་པོར་བསྐྱེད་ལ་དགུག་གཞུག་དྲག་པོ་བྱ། རྟ་མགྲིན་གྱི་འཁོར་ལོ་དྲིལ་ལ་དེ་ཧྲཱིཿལས་རྟ་མགྲིན་དུ་བསྐྱེད། སྨྱག་ཤད་ཀྱི་དབྱུག་པ་ལ་་་སེང་ལྡེང་གི་དབྱུག་པ་ཞེས་པའང་ཡོད།་་་བཏགས་ནས་བརྡུངས་པས་གནོད་བྱེད་ཐལ་བར་བུན་བུན་སོང་བར་བསམ། དེ་ལྟར་བྱས་ན་དབང་དུ་འདུས་པའི་རྟགས། རྨི་ལམ་དུ་རང་ལ་ཕྱག་འཚལ་བ་དང་། གུས་པས་འདུད་པ་དང་། གང་བཅོལ་ཉན་པ་ལ་སོགས་པ་འབྱུང་། ཐུལ་བའི་རྟགས་ལ་ལྷ་ཁང་གོག་པོ་ཞིག་པ་དང་། ལྡེར་བཟོ་འགྱེལ་བ་དང་། ཁྱི་དང་། བྱི་ལ་དང་། སྤྲེའུ་ལ་སོགས་པས་ཆོ་འཕྲུལ་གང་སྟོན་པ་བསད་པ་འབྱུང་ངོ་། །དེ་ལྟར་བྱུང་བ་དང་། གནོད་བྱེད་ཀྱི་འཁོར་ལོ་རྟ་མགྲིན་གྱི་འཁོར་ལོས་བཏུམས་ལ་་་གདོན་གྱི་འཁོར་ལོ། རྟ་མགྲིན་གྱི་འཁོར་ལོ་བསྡུས་ལ། ཞེས་ཀྱང་འབྱུང་།་་་ཁྱིའམ་བྱི་བའི་ཐོད་པར་གཞུག །ཀླད་ཁུང་ལ་ཆས་བཀག །ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་ལ་ལྷ་ཁང་ཐེམ་པའི་འོག་གམ་ལམ་རྒྱ་གྲམ་དུ་མནན་ལ་བསྐལ་པའི་མཐར་ཡང་མི་ཐར་བར་བསམ། སྲུང་བ་བྱ་ལུགས་ནི། འཁོར་ལོའི་སྦྱོར་བ་སྔར་བཞིན་བྱས་ལ། མཚམས་འདིར་དཔེ་འགར། བླ་མའི་ཞལ་ལས་ཤེས་པར་བྱའོ། །ཟེར་བ་ཞིག་འདུག་པ་མཆན་དུ་མངོན། གནོད་བྱེད་ཀྱི་འཁོར་ལོ་རྟ་མགྲིན་གྱི་འཁོར་ལོས་བཏུམས་ལ་རྟ་མགྲིན་གྱི་ལྟོ་བར་གནོད་བྱེད་ཐམས་ཅད་བསྡུས་་་བཏུམས་་་ཏེ་ཐར་ས་མེད་པར་བསམས་ལ་སྲུང་བ་གདགས་སོ། །བསྲུང་དགོས་བསྲུང་བའི་མཆོག་ཏུ་འགྱུར་རོ། །འཁོར་ལོ་མ་གྲུབ་ན། སྔོན་དུ་བྱམས་པ་དང་སྙིང་རྗེ་བསྒོམ། སྲུང་མདུད་དྲིལ་ལ་་་བསྲུང་སྐུད་ཧྲཱིཿལས། ཞེས་པའང་ཡོད།་་་རྟ་མགྲིན་དུ་བསྐྱེད། ལྟོ་བར་གནོད་བྱེད་ཐམས་ཅད་བསྡུས་་་བཏུམས་་་ལ་ཐར་པའི་སྐབས་མེད་པར་བསམས་ལ་གདགས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། ལྷ་ས་དཀར་ཆུང་དུ་དཀོར་བདག་འཁྲུགས་ནས་མི་མང་པོ་སྨྱོ་བ་ལས་འདིས་བཏུལ་པས་ཐམས་ཅད་གསོས། ལོ་གསུམ་དུ་ཁོ་དང་འགྲས་པས། རྨི་ལམ་དུ་སངས་རྒྱས་སྐྱེར་སྒང་པ་བྱོན་ནས་གདམས་པ་འདི་གནང་ནས། དེ་ཕྱིན་ཆད་རྒྱལ་པོའི་གནོད་པ་ཚར་ཆོད་གསུངས། རྟ་མགྲིན་གྱི་གདམས་པ་སངས་རྒྱས་སྟོན་པའི་གསུང་བཞིན་ཨའི་འདི་མེད་པའང་སྣང་སེང་གེས་ཡི་གེར་བཀོད་པའོ། །ྀཨཚ། ༈ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །གྲུབ་ཆེན་སྐྱེར་སྒང་པ་ནས་བརྒྱུད་པའི་རྟ་མགྲིན་གསང་སྒྲུབ་འདི་ལ་ཡིད་ཆེས་པ་ལོ་རྒྱུས་ཀྱི་དབང་དུ་བགྱིས་ན། གྲུབ་ཆེན་རིན་པོ་ཆེ་ཉིད་ནི་སྐྱེར་སྒང་ན་དོན་གཉིས་མཐར་ཕྱིན་པར་བཞུགས་པའི་སྐབས་སུ། རྟ་ལོ།་་་སྟག་ལོ་དགུན་ཟླ་ར་བའི་ཚེས་བཅུ་བདུན་གྱི་ཐོ་རངས་མནལ་ལམ་བཟུང་ནས་ཨོ་རྒྱན་དུ་བྱོན། དེར་སློབ་དཔོན་པདྨ་འབྱུང་གནས་དང་མཇལ་ཏེ། རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་ཞིག་ཞུ་བྱས་པས་སྐད་ཅིག་གིས་སློབ་དཔོན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཞབས་བརྒྱད་བགྲད་པ། རྔམ་ཞིང་འཇིགས་པ་གཅིག་ཏུ་གྱུར་ནས་དྲག་པོའི་རྟ་སྐད་ཐེངས་གསུམ་བཏོན་པས། མ་མོ་མཁའ་འགྲོ་ཐམས་ཅད་འདུས་ནས་རྟ་མགྲིན་འདིའི་དབང་བསྐུར་རོ། །དེ་ནས་པདྨ་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། ངས་རྟ་མགྲིན་གྱི་རྒྱུད་བརྒྱ་དང་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་པའི་གསང་སྒྲུབ་ཅིག་བྱས་ནས་སྙེ་མོར་གཏེར་དུ་སྦས་ཡོད་པ་དེ་སྔགས་པ་ལས་ཅན་གཅིག་གིས་གཏེར་ནས་ཐོན་ཡོད་པ་དེ་ཞུས་ཤིག །རྒྱལ་པོ་དང་། པེ་ཀར། དཀོར་འདྲེ། འགོང་པོའི་ཚོགས་ཐམས་ཅད་དང་ལྷ་སྲིན་སྡེ་བརྒྱད་འཇོམས་པར་བྱེད་དོ། །ཞེས་གསུངས་པས། དེའི་སང་ཉིན་གསེར་སྲང་གང་དང་། དར་ཡུག་གཅིག །འབྲི་གཉིས་བསྣམས་ནས་སྙེ་མོར་བྱོན། སློབ་དཔོན་སྔགས་པ་ལ་ཕུལ་ནས་གསང་སྒྲུབ་གསན་ནོ། །དེ་ནས་ཡང་མནལ་ལམ་བཟུང་ནས། སློབ་དཔོན་པདྨ་ལ་ཞུས། སྒྲུབ་ཐབས་འདི་ལན་གསུམ་གྱི་བར་དུ་གསུངས་ནས། ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་ནས། ཡང་ཉི་ཁྲི་དང་བུར་ལྟང་དང་དོར་སྣམ་གཉིས་ཁྱེར་ནས་ཞུས་པས་འཁོར་ལོའི་གདམས་པ་གནང་ངོ་། །དེ་ནས་བསྒྲུབས་པས་མྱུར་དུ་ཞལ་གཟིགས་ནས། བརྒྱལ་ནད་དང་སྨྱོ་འབོག་ཅན་བརྒྱ་ལྷག་ཙམ་བཏུལ། འདིའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ནའང་། སྣང་བ་བདེན་མེད་དུ་མ་རྟོགས་པར་ནད་གདོན་དྲག་པོ་དང་སྨྱོ་བ་བཏུལ་ན་གྲིབ་དང་འགྲས་ཆེན་པོ་འོང་བར་འདུག་པས་བཏུབ་ཚད་ཀྱིས་མི་བྱ་གསུང་ངོ་། །ཡང་ངས་གདུང་རྟེན་རྒྱལ་པོ་ཅན་ཞིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་འགྲོར་མ་འདོད་ནས། རྟེན་དེ་ལ་རྡོ་རྗེ་བསྣུན་པའི་སྟངས་སྟབས་དྲག་པོས་བཅུན་པས། རྟ་མགྲིན་གྱི་ཕྱག་གི་རྡོ་རྗེ་ལས་མེ་འབར་བས་ཁོ་བྲེད་དངངས་ནས་ཕྱིའི་རྒྱ་མཚོ་ལ་བྲོས་སོང་བས། རབ་གནས་ལེགས་ཀྱང་ཕྱིས་ང་ལ་འགྲས་པའི་ལེ་ལན་དུ་མ་ཙམ་བྱེད་དུ་བྱུང་བས། སྦྱིན་སྲེག་བྱས་ལ་རྒྱལ་པོ་འདི་གཏན་ནས་རླག་པར་བྱེད་དགོས་འདུག་སྙམ་ཙ་ན་དེ་ནུབ་རྨི་ལམ་དུ་སློབ་དཔོན་པདྨ་བྱོན་ནས། དབོན་སྟོན་ཁྱེད་ཡི་དམ་ལ་བརྟན་པ་ཐོབ་འདུག་སྟེ། གདོན་ཆེན་པོ་མ་རྡུངས། ཉམས་པ་ཆེན་པོ་མ་སྐོངས། ཀླུ་ཆེན་པོ་ལ་སྦྱིན་སྲེག་མ་བྱེད། སྔགས་པ་ལ་མ་གཤེ། མཆེད་གྲོགས་ལ་ཟོལ་འགྲོགས་མ་བྱེད། སེམས་ཅན་བློས་སྤང་མི་བྱ། ཆིག་བརྒྱུད་ལས་སྤེལ་དུ་མི་རུང་། དེ་བས་ན་སྣོད་ལྡན་གྱི་སློབ་མ་ལ་ཆིག་བརྒྱུད་གྱིས་ཞེས་བཀའ་རྒྱ་གནང་། སྐྱེར་སྒང་པས་གཉན་སྟོན་ལ་གནང་། དེས་སངས་རྒྱས་སྟོན་པ་ལ། དེས་མཁས་གྲུབ་ཤངས་སྟོན། དེ་ནས་རིམ་པར་བརྒྱུད་དོ།། །།

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་ (Volume 17, Text 27)

༄༅། །གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་ཞེས་བྱ་བ་བཞུགས་སོ། ། ཡ་མཱ་རི་ན་མོ། བླ་མ་མཆོག་དང་འཇམ་དཔལ་ལྷར། །ཕྱག་བྱས་དཔའ་བོ་དུས་ཀྱི་དགྲའི། །ཉམས་ལེན་རྒྱུན་ཁྱེར་འཇུག་བདེ་བ། །དང་པོའི་ལས་ཅན་དོན་དུ་བྲི། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སྐྱབས་ཡུལ་གསལ་བཏབ་ལ། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ རང་རིག་རང་ངོ་མ་ཤེས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གྱུར། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་རྫས་སྨན་རཀ་འདོད་དགུའི་གཏོར་ཆེན་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ༔ ཆོས་ཀུན་གདོད་ནས་སྤྲོས་བྲལ་ཀྱང༔ འགག་མེད་རང་མདངས་སྙིང་རྗེར་ཤར༔ དེ་ལས་རང་རིག་ཡི་གེ་ཧཱུྃ༔ ཧཱུྃ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང༔ མཚན་ཉིད་ཀུན་ཚང་ལྟེ་བ་རུ༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུགས༔ འཁོར་ལོ་རལ་གྲི་གྲི་གུག་གཡས༔ ཐོད་ཁྲག་བེ་ཅོན་སྡིགས་མཛུབ་གཡོན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཉིས་མེད་ཡུམ་མཆོག་བཻ་ཏཱ་ལཱི༔ གྲི་ཐོད་འཛིན་ཅིང་ཡབ་དང་འཁྲིལ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་མཐིང༔ སྤུ་གྲིའི་སྒྲོ་གཤོག་ཀླུ་གདོན་འདུལ༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ཟླ་གམ་གསུམ་ལ་རོ་ཡི་སྟེང༔ སྐུ་གསུང་ཐུགས་སྤྲུལ་རྣམ་པ་གསུམ། །རྩིབས་བཞིར་གཤེད་ཆེན་རྣམ་པ་བཞི། །སྒོ་སྐྱོང་ཕོ་ཉ་རྣམ་བཞིར་བཅས། །གཞན་ཡང་འཇིགས་བྱེད་གཤིན་རྗེའི་འཁོར༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་བཅས༔ གྲངས་མེད་སྤྲིན་གཏིབས་ལྟར་གསལ་བའི༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཿཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར། ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེའི་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་འཚལ། ཧཱུྃ༔ དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ སྨན་རཀ་ཤ་ཁྲག་གཏོར་མའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་བར་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། ཧཱུྃ༔ གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀར་འཁོར་ལོའི་དབུས༔ འཇམ་དཔལ་དམར་སེར་པོད་རལ་འཛིན༔ རིན་ཆེན་རྒྱན་མཛེས་ཐུགས་ཀའི་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་མཐིང་མཚན་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས༔ སེམས་ཅན་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྣོད་བཅུད་ཡོན་ཏན་དྭངས་མ་ཀུན༔ འོད་ཟེར་རྣམ་པར་བདག་ལ་ཐིམ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྙིང་པོའོ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ ཉེ་སྙིང་ངོ་། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡེ་ཧཱུྃ་ཕཊ༔ ཅེས་སྒྲུབ་པའི་རྩ་སྔགས་ཏེ་རིམ་པ་བཞིན་བཟླའོ། །གཞན་ཡང་སྲུང་ཟློག་བསད་མནན་གྱི་སྔགས་དམིགས་རྣམས་མན་ངག་བཞིན་ཤེས་པར་བྱའོ། །སླར་ཡང་གོང་ལྟར་མཆོད་ཅིང་བསྟོད། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། ཐུན་མཐར། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལྷ་དང་བཅས་པར་ཐིམ། དེ་ཡང་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་གི་ནཱ་དའི་བར་བསྡུ་ཞིང་མི་དམིགས་པའི་ངང་ལ་མཉམ་པར་བཞག །སླར་ཡང་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་བསམ་ལ། དགེ་བ་རྫོགས་བྱང་དུ་བསྔོ་ཞིང་ཐུན་མོང་གི་སྤྱོད་ལམ་བསྐྱང་བར་བྱའོ། །དེ་ལྟར་འཇམ་དཔལ་གཤིན་རྗེའི་གཤེད་པོ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་དགེ་ལེགས་རབ་བརྟན་གྱི་གསུང་གིས་བསྐུལ་བ་ལྟར་རིག་འཛིན་གཏེར་བདག་གླིང་པས་ཟིན་རིས་སུ་བྲིས་པ་ཛ་ཡནྟུ།། །།

པདྨ་གསང་བའི་ཐིག་ལེ་ལས། ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ (Volume 63, Text 27)

༄༅། །པདྨ་གསང་བའི་ཐིག་ལེ་ལས། ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། འདིར་པདྨ་གསང་བའི་ཐིག་ལེ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཚེ་འདས་གནས་འདྲེན་གྱི་ཆོ་ག་བགྱི་བར་འདོད་པས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སྟེགས་བུ་ཁེབས་ཀྱིས་བཀབ་པའི་ཁར་པདྨ་འདབ་བརྒྱད་འཁོར་ལོས་མཚན་པའི་ལྟེ་བར་ཚེ་འདས་ཀྱི་མིང་བྱང་བག་ཆགས་ཀྱི་རྟེན་དྲི་གོས་སོགས་དང་བཟའ་བཏུང་མྱོང་གྲོལ་གྱིས་སྦགས་པ། བྱེ་ཡུངས་སྦྱོང་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ་ཞིང་། བསྙེན་པའི་སྐབས་རིགས་དྲུག་གནས་སྦྱོང་གི་དམིགས་པ་དང་བཅས་ཏེ་སྒྲིབ་སྦྱང་གི་སྔགས་གང་མང་བཟླས་ལ་བྱེ་ཡུངས་སོགས་ལ་ཕུས་གདབ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་བཅས་སོང་ནས། དངོས་གཞི་ལ། བྱང་བུ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གུས་པ་དང་བཅས་ཏེ་འཁོད་པར་བསམ་ལ། བདག་མདུན་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས། དམིགས་ཡུལ་གྱི་རྣམ་ཤེས་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་གནས་ཀྱང་སྐད་ཅིག་ཨ་ཡིག་གི་རྣམ་པས་བཀུག་སྟེ་མིང་ཡིག་རྟེན་དང་གཉིས་སུ་མེད་པར་ཐིམ་པར་བསམ་ལ། བདེན་པའི་སྟོབས་བརྗོད་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པས། དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་སྡིག་པ་དང་བཅས་བཀུག །ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་བཅིང་སྟེ་བྱམས་པ་ཆེན་པོའི་ངང་དུ་གནས་པར་བསམ། བགེགས་གཏོར་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། བཛྲ་ཨཱ་ཀརྵཱ་ཡ་ཛས་མགྲོན་འགུགས། ཨ་ཀཱ་རོ་ལན་གསུམ་གྱིས་ཁྱབ་པར་བསྔོས་ལ། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཞེས་བགེགས་གཏོར་བཏང་། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊཿཀྱིས་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་རིགས་དྲུག་གནས་སྦྱོང་གི་དམིགས་པ་ནི། རང་ཉིད་དཀྱིལ་འཁོར་གཙོ་བོ་ཡི། །ལག་གཡས་ཉི་མར་རིགས་ལྔ་དང་། །གཡོན་པ་ཟླ་བར་ཡུམ་ལྔ་གསལ། །ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན། །འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས། །སློབ་མའི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་་་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ།གསལ་བར། །ཐོག་མེད་དུས་ནས་བསགས་པ་ཡི། །ལས་དང་བག་ཆགས་ཐམས་ཅད་བསྡུས། །ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། །ས་བོན་ཐུལ་གྱིས་བསྲེགས་པར་བསམ། ཐལ་མོ་གཟེང་བསྐུམ་གྱི་ཕྱག་རྒྱས། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རིག་འཛིན་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལས་སྔགས་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བརྗོད་ལ། སྔགས་ཀྱིས་བརླབས་པའི་བྱེ་ཡུངས་ཀྱིས་བྲབ་སྟེ། ལས་སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་སྡིག་སྒྲིབ་བསྲེགས་པའི་ཐལ་བ་ཆོས་ཉིད་རླུང་གིས་གཏོར་བར་མོས། བྱང་སེམས་ཆུ་ཡིས་འཁྲུལ་པས་བག་ཆགས་ཆ་ཤས་དང་བཅས་པ་སྦྱངས་པར་བསམ་ལ། ཨོཾ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ལས་སྔགས་མཐར། སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་བཀྲུ། དེ་ནས། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །དེ་བཞིན་དུ་སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་དང་། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སུ་བསྒྱུར་བ་ཕར་ཕྱིན་དྲུག་རེ་རེ་བཞིན། རྩ་སྔགས་གསུམ་དང་མ་མ་ཀོ་ལིཾ་སོགས་ཡིག་བརྒྱ་སྦྱར་བའི་སྔགས་དང་བཅས་ཏེ་བཀྲུས་པས། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པར་གྱུར་ཏེ་དཀྱིལ་འཁོར་དུ་འཇུག་པའི་སྐལ་པ་དང་ལྡན་པར་བསམ་ལ། བདག་འཇུག་ལྟར་ཁྲུས་བགེགས་མཎྜལ་ནས་དབང་ལེན་རྫོགས་པར་བྱས་པའི་ནང་གསེས་བུམ་དབང་གི་མཇུག་ཏུ་ཞི་ཁྲོའི་ལྷ་དབང་བཀོལ་བྱང་ལྟར་དང་། གསུང་བཟླས་པའི་ལུང་བླང་སྐབས་ཞི་ཁྲོ་དང་རིག་འཛིན་གྱི་ཛཔ྄་བཟླ་བ་སོགས་ཁྱད་པར་རྒྱས་བསྡུས་སྐབས་བསྟུན་བྱའོ། །དེ་ནས་དབང་བཞི་ཡོངས་རྫོགས་གཏང་རག་མཎྜལ་དང་བཅས་རྫོགས་ནས། བཟའ་བཏུང་རྣམས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་དུ་བསྔོས་ལ། ཨོཾ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ཟད་པ་མེད་པའི་ལོངས་སྤྱོད་འདི། །འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ། །དགྱེས་ཤིང་བདེ་བ་ཆེན་པོར་བཞེས། །ཨོཾ་བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎཿཔྲ་ཏཱིཙྪ་སྭཱ་ཧཱ། ཞེས་བཟའ་བཏུང་མེར་བསྲེག །སངས་རྒྱས་བྱང་སེམས་ཀྱི་མཚན་དང་ཐོས་གྲོལ་སོགས་བརྗོད། དེ་ནས་ལམ་སྦྱང་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་དག་པའི་ལམ་བགྲོད་དེ། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛཿཡེ་སྭཱ་ཧཱ། དེ་ནས་ལམ་བསྟན་པ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་རིས་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ལ། །དེ་ལ་མ་ཆགས་མ་ཞེན་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །ལམ་ལྔ་རང་བཞིན་མེད་པ་སྟེ། །སྒྱུ་མ་ལྟ་བུའི་ངང་དུ་རྟོགས། །འོད་གསལ་སྙིང་པོ་ཡིད་ཀྱི་ལུས། །རྡུལ་དང་བྲལ་བའི་ཞིང་དུ་སོང་། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི་ཞིང་ཁམས་ཡོད། །མགོན་པོ་མི་འཁྲུག་རྒྱལ་བ་བཞུགས། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། ཁྱེད་ཀྱང་མགོན་པོ་དེ་ཡི་མཚན། །ཡིད་ལ་བཟུང་ནས་གསོལ་བ་ཐོབས། །ཐེ་ཚོམ་མེད་པའི་ངང་ཉིད་ལས། །རང་བྱུང་རྡོ་རྗེའི་འགྲོས་ཀྱིས་སོང་། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། མགོན་པོ་མི་འཁྲུག་པའི་ཐུགས་ཀར་ཐིམ་པར་བསམ་ལ། ཨ་ཞེས་མཉམ་པར་གཞག །བདག་མདུན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས། མ་དག་འཁོར་བའི་བག་ཆགས་ཀྱི་རྟེན་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་ལ། ཨོཾ༔ ཡེ་ཤེས་ལྔ་ཡི་མེ་བྱུང་བས༔ ཚེ་འདས་དུག་ལྔའི་སྒོ་གསུམ་གྱི༔ སྡིག་སྒྲིབ་ཉོན་མོངས་བུད་ཤིང་བསྲེགས༔ དབྱིངས་ཡེ་ཟུང་འཇུག་སངས་རྒྱས་ཤོག༔ ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཨགྣ་ཡེ་ཛྭ་ལ་རཾ༔ ཞེས་བྱང་བུ་བསྲེག །གཟུངས་སྔགས་ཁྱད་པར་ཅན་རྣམས་བཟླ་བཞིན་དུ་བྱང་ཐལ་འདམ་དང་བསྲེས་ཏེ་སཱཙྪ་གདབ། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་དང་། བསྔོན་སྨོན་ཁྱད་པར་ཅན་གྱིས་རྒྱས་གདབ་པ་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་གསུང་བསྐུལ་གནང་བ་ལྟར་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་འབྲེལ་ཚད་ཐམས་ཅད་མངོན་པར་དགའ་བའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། གོང་གི་བྱང་སྲེག་ཤྭ་ལོ་ཀ་འདི་གཏེར་ཁ་གཞན་ནས་བླངས་ཏེ་ཁ་སྐོང་དུ་བསྡེབས་ཤིང་ཅུང་ཟད་ཕྲི་སྣོན་བགྱི་བ་པོ་ནི་ཛྙཱ་ནའོ།།

ཡེ་ཤེས་རབ་འབར་ལས༔ བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ (Volume 13, Text 27)

ཡེ་ཤེས་རབ་འབར་ལས༔ བསྐྱེད་རྫོགས་འབྲིང་པོའི་ལས་བྱང་བཞུགས་སོ༔ ྈ དམར་ནག་ཁྲོས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོའི་དྲུང་ནས་དྲག་པོའི་སྐུར༔ ལོག་འདྲེན་འདུལ་ཕྱིར་ཡེ་ནས་བཞེངས་པ་ལ༔ སྒྲུབ་པའི་ཐར་ལམ་བརྗོད་འདས་སྙིང་པོའི་ཐིག༔ ཡེ་ཤེས་ཀློང་ལས་རབ་འབར་སྐུར་བཞེངས་པའི༔ རིམ་པ་གཉིས་ཀྱི་དང་པོའི་ལས་རིམ་ནི༔ སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཐེམ་ལ་དྲང༔ སྐྱབས་འགྲོ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དབང་དྲག་པདྨར་སྐྱབས་སུ་མཆི༔ ངན་སོང་སྡུག་བསྔལ་གཞོམ་དུ་གསོལ༔ འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ ཞེས་གསོལ་བ་བཏབ་བོ༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ མ་གྱུར་འགྲོ་བ་མཐའ་དག་རྣམས༔ དྲག་པོའི་གོ་འཕང་ཐོབ་བྱའི་ཕྱིར༔ བདག་ཉིད་དྲག་པོའི་སྒོར་ཞུགས་ནས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ སྙམ་དུ་སེམས་བསྐྱེད་པར་བྱའོ༔ སྔོན་འགྲོ་དང་པོའི་མཚམས་སུ་དྲག་པོར་བཞེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ལས་ཀྱི་ཆེ་མཆོག་དྲག་པོའི་སྐུ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར༔ གཡོན་པས་ལྕགས་སྡིག་ནག་པོའི་སྙིང་ནས་བཙིར༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ ལོག་འདྲེན་གདོན་བགེགས་འདུལ་བའི་དཔལ་དུ་ཤར༔ དྲག་པོའི་ཤུགས་ཀྱིས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་བླ་མེད་གསང་ཆེན་དཀྱིལ་འཁོར་འདིར༔ བལྟ་བར་མི་དབང་ལོག་འདྲེན་འབྱུང་པོའི་ཚོགས༔ འདོད་ཡོན་གླུད་ཀྱི་མཆོད་སྦྱིན་འདི་ཁྱེར་ལ༔ གནས་འདིར་ཉེ་བའི་ཕྱོགས་སུ་འདའ་མ་བྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ལས་ཀྱི་དྲག་པོའི་ཐུགས་ཀ་ནས༔ ཡེ་ཤེས་རྣམ་ལྔ་མེ་ཡི་ཟེར་འཕྲོས་པས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་མེ་དཔུང་འབར༔ ཡེ་ཤེས་མེ་ལྕེའི་རྩེ་ལ་ལྕགས་བསྲེགས་ཀྱི༔ སྡིག་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ་ལས༔ གདོན་བགེགས་བསྐལ་པའི་ཕྱོགས་འདིར་འདའ་མ་བྱེད༔ རཾ་ཛྭ་ལ་རཾ་ལོག་འདྲེན་ན་ཤ་ཡ་ཕཊ༔ ཧཱུྃ་ཧཱུྃ་དྲག་པོའི་ཤངས་ལས་ཧཱུྃ་སྒྲ་ཡིས༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཧཱུྃ་གིས་བཀང༔ ཧཱུྃ་ལས་ཕྱག་མཚན་རྡོ་རྗེའི་གུར་ཁང་འཁྲིགས༔ སྲུང་བའི་གུར་ཁང་གཞོམ་གཞིག་མེད་པར་གཏམས༔ བཛྲ་ཙཀྲ་རཀྵ་རཀྵ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་མ་ལུས་ཀུན༔ ཐམས་ཅད་པདྨ་དྲག་པོ་ཁྲོ་བོའི་སྐུ༔ ཏིལ་གྱི་གོང་བུ་རྒྱས་པ་ཕྱེས་པ་འམ༔ སྤྲིན་ལྟར་ཁྲོ་བོའི་རྣམ་རོལ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿ ཨཿཧཱུྃ་ཧཱུྃ་ཕཊ༔ མི་འདའ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས༔ རྡོ་རྗེ་ལས་ཀྱི་ཏིང་འཛིན་གསལ་བའི་ངང༔ བརྡ་སྒོ་ཕྱེ་ཞིང་མོས་པས་བརྡའ་ཕྱག་འཚལ༔ ཧཱུྃ་ཧྲཱི༔ སྐྱེ་མེད་རང་བྱུང་གཞལ་ཡས་ལྷ་དང་བཅས༔ མ་རིག་གཉིས་འཛིན་འཁྲུལ་པ་རང་ངོར་སངས༔ བསྐལ་པ་སྔོན་གྱི་ཡི་དམ་དྲག་པོ་རྩལ༔ རང་ངོ་མཇལ་ལ་ངེས་འབྱུང་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བྱིན་ཆེན་དབབ་ཅིང་མཆོག་གི་དབང་མཆོག་ཞུ༔ ཧྲཱི༔ ཨོ་རྒྱན་ཆེན་པོ་པདྨ་དྲག་པོ་རྩལ༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲག་པོ་འཇིགས་བྱེད་ཆེན་པོར་སྐུར་བཞེངས་ལ༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བླ་མེད་གསང་ཆེན་རོལ་པའི་ཕོ་བྲང་འདིར༔ དྲག་པོའི་གཞལ་ཡས་ལྷ་རུ་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱི༔ བྷནྡྷ་སྟོང་གསུམ་ཤ་ལྔ་བདུད་རྩི་ལྔ༔ རྩ་བརྒྱད་སྟོང་སྦྱར་སྣོད་བཅུད་བདུད་རྩིར་སྦྱངས༔ རིགས་ལྔ་ཡབ་ཡུམ་ཡེ་ཤེས་བདུད་རྩིའི་རྒྱུན༔ བླ་མེད་མཆོག་གི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ གསང་ཆེན་རཀྟ་འབུལ་ཕྱིར་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རླབས་གཡོས་པའི༔ ཁྲག་ལྦུའི་ཀློང་དུ་མི་རོ་རྟ་རོ་ཉིལ༔ གཱིརྟིའི་མཁའ་ནས་དམར་ཆེན་ཤ་ར་ར༔ ཡང་གསང་སྔགས་ཀྱི་གསང་ཆེན་བླ་ན་མེད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ དམ་རྫས་གཏོར་མ་འབུལ་ཕྱིར་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱི༔ དབྱིངས་ཀྱི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ༔ ཐབས་ཤེས་དྭངས་མ་ཡེ་ཤེས་ལྔ་ཡི་རྒྱུན༔ དབྱེར་མེད་བདེ་བ་ཆེན་པོའི་གཏོར་ཆེན་པོ༔ དཀྱིལ་འཁོར་ལྷ་ཡི་ལོངས་སྤྱོད་བསམ་མི་ཁྱབ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གྷུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ་ཧྲཱི༔ གསང་བ་རྨད་བྱུང་རྒྱལ་བའི་ཕོ་བྲང་འདིར༔ བླ་མེད་སྔགས་ཀྱི་འདོད་ཡོན་སྤྲིན་ལྟར་གཏིབས༔ དབང་པོ་རྣམ་ལྔའི་མེ་ཏོག་གཅལ་དུ་བཀྲམ༔ གསུར་ཆེན་དུད་པའི་ཕུང་པོ་ཕྱུ་རུ་རུ༔ ཞུན་ཆེན་སྣང་གསལ་མར་མེ་ཏ་ལ་ལ༔ བདུད་རྩི་དྲི་ཆབ་མཚོ་ལྟར་མེ་རེ་རེ༔ ཤ་རུས་ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས༔ རྐང་ཆེན་ཐོད་པའི་རོལ་མོ་ཏི་རི་རི༔ དྲག་པོ་དགྱེས་པའི་གསང་ཆེན་འདོད་ཡོན་འཁྲིགས༔ ཨོཾ་བཛྲ་གྷུ་ཧྱ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དེ་བཞིན་ཉིད་དུ་ཆོས་སྐུའི་རོལ་པར་བལྟ༔ ཨོཾ༔ ཆོས་རྣམས་དམིགས་མེད་བསམ་བརྗོད་བྲལ་བ་ལ༔ སྨྲ་བསམ་བརྗོད་འདས་རང་བྱུང་རྫོགས་པ་ཆེ༔ མ་བཅོས་བློས་བྲལ་དེ་བཞིན་ཉིད་ཀྱི་ལམ༔ པདྨ་ཐོད་ཕྲེང་རྩལ་གྱིས་འདི་དོན་སྟོན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཀུན་ཏུ་སྣང་གི་ཏིང་འཛིན་ལོངས་སྐུར་བཞེངས༔ ཨཱ༔ རང་ངོ་མ་ཤེས་འཁྲུལ་པའི་སེམས་ཅན་ཀུན༔ ཡེ་ཤེས་ས་ལ་འགོད་ཕྱིར་སྙིང་རྗེའི་མདངས༔ འཁོར་འདས་ཀུན་ལ་ཁྱབ་པ་ཡོངས་ལ་བརྡལ༔ ཀུན་ཀྱང་པདྨ་དྲག་པོའི་ས་ལ་རེག༔ དྷརྨཱ་དྷཱ་ཏུ་སྭཱ་བྷཱ་ཝ་བི་ཤུདྡྷེ་ཧོ༔ རྒྱུ་ཡི་ཏིང་འཛིན་སེམས་དཔས་འགྲོ་དོན་མཛད༔ ཧཱུྃ༔ སྟོང་ཉིད་སྙིང་པོ་ཧཱུྃ་ཡིག་དམར་གསལ་ལས༔ རྒྱུ་ཡི་ཧེ་རུ་སྐུ་མདོག་དམར་གསལ་ལ༔ ཕྱག་རྒྱ་རྒྱན་ལྡན་ཐུགས་ཀར་སྙིང་པོས་བསྐོར༔ ཐུགས་རྗེས་འགྲོ་བ་སྒྲོལ་བའི་དཔལ་དུ་ཤར༔ བཛྲ་ཙིཏྟ་ཧཱུྃ༔ ཐུགས་ཀར་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཡི༔ ལྟེ་བར་ཁྲོ་བོའི་ཚོགས་ཁང་རབ་ཏུ་འཁྲིགས༔ སྲུང་བའི་གུར་ཁང་ཟླ་གམ་ལྷུན་གྲུབ་ལས༔ ཚུལ་མིན་རྣམ་པར་རྟོག་བྱེད་བགེགས་རྣམས་དེངས༔ བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ སྲུང་བ་ལྷ་ཡི་ཐུགས་ཀའི་ས་བོན་ལས༔ ཨེ་ཡཾ་རཾ་སུཾ་ཀེཾ་ར་བྷྲཱུྃ་འཕྲོས་པས༔ ནམ་མཁའ་རླུང་མེ་རིན་ཆེན་ས་གཞིའི་དབུས༔ ཀེང་རུས་རི་རབ་རཀྟའི་རྒྱ་མཚོ་ཆེ༔ བྷྲཱུྃ་ལས་བྷནྡྷཱའི་གཞལ་ཡས་མཚན་ཉིད་རྫོགས༔ འབྱུང་བ་རང་འོད་ཡེ་ཤེས་ཚོགས་ཁང་ལ༔ ཕྱི་གསལ་ནང་གསལ་དྲི་མེད་གཞལ་ཡས་དབུས༔ གྲུ་གསུམ་དམར་ནག་ཆོས་འབྱུང་བསྣོལ་མའི་ཁྲིར༔ རྡོ་རྗེ་པད་ཉི་རྒྱལ་བསེན་བསྣོལ་མའི་སྟེང༔ སྒོམ་པ་དྲག་པོའི་ཏིང་ངེ་འཛིན་ལ་འཇུག༔ ཡེ་ཤེས་ལྷ་ཚོགས་དབྱིངས་ལས་མངོན་པར་བསྐུལ༔ སྤྱན་དྲང་བ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་པདྨ་ཐོད་ཕྲེང་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་པདྨ་དྲག་པོ་རྩལ༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར་བཞེངས་པ༔ དུག་ལྔ་འཁྲུགས་པའི་ཟ་བྱེད་རྔམ་བརྗིད་སྐུ༔ དྲག་པོ་རིགས་ལྔའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ལོག་འདྲེན་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ བསྟན་པའི་རཱུ་ཊ་འདུལ་ཕྱིར་གཤེགས་སུ་གསོལ༔ དག་པ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིགས་མཆོག་སྣང་བ་མཐའ་ཡས་སྤྱན་འདྲེན་ནོ༔ འོག་མིན་ལྷུན་གྲུབ་བརྩེགས་པའི་ཕོ་བྲང་ནས༔ སྐུ་མཆོག་འཇམ་དཔལ་ལྷ་ཚོགས་སྤྱན་འདྲེན་ནོ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་སྤྱན་འདྲེན་ནོ༔ ལྕང་ལོ་ཅན་གྱི་ཞིང་མཆོག་དམ་པ་ནས༔ གསང་བདག་ཕྱག་རྡོར་ལྷ་ཚོགས་སྤྱན་འདྲེན་ནོ༔ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་ཕོ་བྲང་ནས༔ མཁའ་འགྲོ་སྡེ་ལྔ་འཁོར་བཅས་སྤྱན་འདྲེན་ནོ༔ དགའ་ལྡན་དཔག་བསམ་རྒྱས་པའི་རྩེ་མོ་ནས༔ སྤྲུལ་པའི་ཁྲོ་རྒྱལ་ཁྱུང་ཆེན་སྤྱན་འདྲེན་ནོ༔ མི་བསྲུན་རྔམ་བརྗིད་འཁྲུགས་པའི་ཀློང་དཀྱིལ་ནས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་སྤྱན་འདྲེན་ནོ༔ གང་འདུལ་ཧེ་རུ་ཀ་ཡི་གནས་བཅུ་ནས༔ བགེགས་འདུལ་ཁྲོ་རྒྱལ་བཅུ་པོ་སྤྱན་འདྲེན་ནོ༔ ཞིང་བཅུའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལོག་འདྲེན་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ གློ་བུར་དུས་འཁྲུགས་བཟློག་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ ལྷུན་གྲུབ་རང་བྱུང་གཞལ་ཡས་ཉམས་དགའ་བའི༔ ཕོ་བྲང་རིན་ཆེན་ལུས་དཀྱིལ་བག་རེ་དྲོ༔ སྐྱེ་མེད་གནས་ལུགས་ཚོགས་ཁང་བྱིན་ཆེན་ཀློང༔ ཆེ་མཆོག་དྲག་པོའི་ལྷ་ཚོགས་བཞུགས་པར་འཚལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པ༔ པདྨ་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱི་ནང་གསང་བ་བླ་མེད་མཆོད་འབུལ་ནི༔ ཧཱུྃ་ཧྲཱི༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོ་སོགས༔ ལྷ་རྫས་ལས་གྲུབ་ཕྱི་མཆོད་སྤྲིན་ལྟར་འཁྲིགས༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་ཚོགས་རྫོགས་བར་ཆད་བཟློག་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱ༔ ཧཱུྃ་ཧྲཱི༔ གཟུགས་སྒྲ་དྲི་རོ་རེག་དང་ཤ་ཁྲག་རུས༔ རང་བྱུང་ནང་གི་མཆོད་རྫས་རི་ལྟར་སྤུངས༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་ཚོགས་རྫོགས་བར་ཆད་བཟློག་ཏུ་གསོལ༔ ཨོཾ་ཨཱཿརཱུ་པ་ཤབྡ་གནྡྷེ་ར་སྱ་སྤརྴེ་པཱུ་ཙ་ཧཱུྃ༔ ཧཱུྃ་ཧྲཱི༔ སྣང་བའི་ངོ་བོ་ཕྲིན་ལས་དོན་གྲུབ་རྫས༔ སྟོང་པའི་བདག་ཉིད་དགྱེས་མཛད་དམ་ཚིག་སྒྲོལ༔ དགྱེས་མཛད་བྱང་ཆུབ་སེམས་ཀྱི་མཆོད་པའི་རྒྱུན༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་ཚོགས་རྫོགས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བོ་དྷི་ཙིཏྟ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ སྨན་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཚོ་ལྟར་འཁྱིལ༔ རིགས་ལྔ་ཡབ་ཡུམ་བདུད་རྩི་ཆར་ལྟར་འབེབ༔ ཡེ་ཤེས་བདུད་རྩི་གཉིས་མེད་མཉམ་སྦྱོར་བ༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རྟེན་འབྲེལ་བཅུ་གཉིས་རཀྟའི་རྦ་རླབས་འཁྲུགས༔ གྷུ་ཧྱ་མཱུ་ལ་རཀྟའི་བ་གམ་འཁྲིགས༔ གཱིརྟི་རཀྟ་སྐར་ལྟར་འཁྲུགས་པ་འདི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཐབས་ཤེས་དྭངས་མ་ཡེ་ཤེས་རྣམ་ལྔའི་རྒྱུན༔ སྣ་ཚོགས་རྒྱུ་རྐྱེན་བདེ་ཆེན་འདྲེས་པ་འདི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ འོད་དཔག་མེད་མགོན་ཐུགས་རྗེའི་རོལ་པ་ལས༔ འགྲོ་དོན་རྫོགས་ཕྱིར་པདྨ་རྒྱལ་པོའི་སྐུ༔ གང་ལ་གང་འདུལ་ཐུགས་རྗེ་གློག་ལྟར་འཁྱུག༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ གང་དག་ཞི་བས་མི་འདུལ་དྲག་པོའི་སྐུ༔ ཆེ་མཆོག་ཧེ་རུ་ཀ་ཡི་རྣམ་པར་བཞེངས༔ ཞལ་གསུམ་འགྲོ་རྣམས་སྐུ་གསུམ་ས་ལ་འགོད༔ ཕྱག་དྲུག་མཚོན་ཆས་རིགས་དྲུག་སྡུག་བསྔལ་སྦྱངས༔ ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན་མཛད་པའི༔ ཆེ་མཆོག་དྲག་པོའི་ལྷ་ལ་ཕྱག་འཚལ་བསྟོད༔ སྐུ་ལས་སྤྲུལ་པའི་འཇམ་དཔལ་གཤིན་རྗེ་གཤེད༔ གསུང་ལས་དབང་ཆེན་རྟ་མགྲིན་ལྷ་ཚོགས་སྤྲུལ༔ ཐུགས་ཀྱི་སྤྲུལ་པ་གསང་བདག་རྡོ་རྗེ་འཛིན༔ ཡོན་ཏན་ཁྱུང་ཆེན་སྤྲུལ་པས་ཟློག་སྒྱུར་བྱེད༔ ཕྲིན་ལས་ཡཀྴ་མེ་དབལ་གློག་ལྟར་འཁྱུག༔ རྒྱལ་བའི་དཀྱིལ་འཁོར་དྲག་པོའི་སྐུ་ལ་རྫོགས༔ ལྷུན་རྫོགས་ཡེ་ཤེས་རབ་འབར་སྐུ་ལ་བསྟོད༔ སྙིང་པོ་འཛབ་བཟླས་སྒོམ་བཟླས་ཕྲིན་ལས་བསྒྱུར༔ བཤགས་སྦྱོང་ཚོགས་གཉིས་ས་བོན་རྒྱ་ཆེར་འདེབས༔ ཚོགས་ནི༔ ཧཱུྃ་ཧྲཱི༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་དབྱིངས་སྒྱུ་མར་རོལ་པའི་མདངས༔ ཡི་གེ་རཾ་ཡཾ་ཁཾ་འཕྲོས་པས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་གྱིས༔ འདོད་ཡོན་ཟག་མེད་བདུད་རྩིས་བཀང༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་དངོས་པོ་ཤ་སྣ་སྙིང་སྣ་སྟོང༔ ཚོགས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཚོགས་ཀྱི་རང་བཞིན་རིགས་ལྔ་བདུད་རྩིའི་རྒྱུན༔ ཚོགས་ཀྱི་བདུད་རྩི་ཨཱ་ལི་ཀཱ་ལིའི་ཟེར༔ གང་ལ་རེག་རྣམས་ཐར་པའི་དངོས་གྲུབ་ཐོབ༔ བརྟུལ་ཤུགས་མཆོག་གི་འདོད་ཡོན་རི་ལྟར་སྤུངས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ རྗེ་བཙུན་པདྨ་རིག་འཛིན་རྒྱ་མཚོར་བཅས༔ པདྨ་དྲག་པོ་ཡི་དམ་མཁའ་འགྲོའི་ཚོགས༔ རྡོ་རྗེ་ཕག་མོ་མ་རྒྱུད་མཁའ་འགྲོ་དང༔ བླ་མ་ཡི་དམ་མཁའ་འགྲོ་སྤྲུལ་འཁོར་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འབུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མེད་གསང་ཆེན་ཚོགས་ཀྱི་འདོད་ཡོན་ལ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྙིང་པོ་ཁོལ༔ དབྱངས་དང་གསལ་བྱེད་གཟུགས་ཀྱི་འཇའ་ཚོན་འཁྲིགས༔ ཡེ་ཤེས་རྣམ་ལྔའི་འོད་ཟེར་འཕྲོ་བ་འདི༔ རྨད་བྱུང་དཀྱིལ་འཁོར་གཙོ་མཆོག་ལྷ་ལ་འབུལ༔ བར་བ་ནི༔ འབྱོར་ཚོགས་འདོད་ཡོན་བསྒྲུབ་རྫས་དཔག་མེད་པ༔ བདུད་རྩི་ཡེ་ཤེས་འདྲེས་པའི་རླངས་པ་འཕྱུར༔ པདྨ་དྲག་རྩལ་ལྷ་ལ་མཆོད་འབུལ་བས༔ རྩ་ལྟུང་དམ་ཚིག་ཆག་མཆིས་ཉེས་པ་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས། བསྒྲལ་བ་ནི༔ ཧཱུྃ་ཧྲཱི༔ ཆེ་མཆོག་པདྨ་དྲག་པོ་རྩལ༔ རྔམས་དྲག་གཏུམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱུར༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ་ཧྲཱི༔ བདག་འཛིན་རཱུ་ཊ་དུག་ལྔ་བཅས༔ བསྟན་དགྲ་བསྒྲལ་པ་བམ་གྱི་ཚོགས༔ དབང་དྲག་དགྱེས་པ་བསྐང་བའི་ཕྱིར༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ་ཧྲཱི༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐང༔ ཐ་མ་ལྷག་ལ་དབང་བ་མཁའ་འགྲོ་གིང༔ དཀྱིལ་འཁོར་མུ་རན་སྐྱོང་ཞིང་སྒྲུབ་པའི་གྲོགས༔ དབང་ཕྱུག་གིང་དང་ལང་ཀ་ལ་སོགས་པ༔ ཇི་ལྟར་དབང་རྣམས་ལྷག་མའི་ལོངས་སྤྱོད་བཞེས༔ ཆོས་མཛད་རྟག་ཏུ་སྐྱོང་བའི་ཕྲིན་ལས་ལ༔ སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་མཛོད༔ དྲག་པོའི་ཐུགས་ཀློང་གནད་ནས་བསྐུལ་བར་བྱ༔ སྲུང་མར་སྔོན་གྱི་ཆད་མདོ་ཐ་ཚིག་བསྒྲག༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་ཆེན་རོལ་པའི་གཞལ་ཡས་སུ༔ སྣང་མཐའ་དྲག་པོ་པདྨར་བཞེངས་པའི་ཚེ༔ བཀའ་སྲུང་སོ་སོས་ཁས་བླངས་དམ་བཅས་བཞིན༔ དམ་ལྡན་སྲུང་ཞིང་དམ་ཉམས་བསྒྲལ་བའི་ལས༔ ཧུར་ཐུམ་ད་ལྟ་ཉིད་དུ་དགྲ་སྲོག་ཆོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ འཇིགས་རུང་བསིལ་བའི་ཚལ་གྱི་དུར་ཁྲོད་དུ༔ པདྨ་དྲག་པོས་ལྷ་སྲིན་བཏུལ་བའི་ཚེ༔ བཀའ་སྲུང་སོ་སོས་ཁས་བླངས་དམ་བཅས་བཞིན༔ དམ་ལྡན་སྲུང་ཞིང་དམ་ཉམས་བསྒྲལ་བའི་ལས༔ མྱུར་དུ་དགྲ་བགེགས་རྣམ་ཤེས་རྟེན་དང་ཕྲོལ༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པའི་ཕྱི་མ་ལ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ པདྨ་ཐོད་ཕྲེང་དྲག་པོར་བཞེངས་པའི་ཚེ༔ གཟའ་ཀླུ་རྒྱལ་སོགས་སྲུང་མས་ཁས་བླངས་བཞིན༔ དམ་ལྡན་སྲུང་ཞིང་དམ་ཉམས་བསྒྲལ་བའི་ལས༔ སྐད་ཅིག་ཉིད་དུ་དགྲ་བགེགས་བརླག་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ ཀློང་གསལ་སྙིང་པོ་རྗེས་འཛིན་བྱིན་བརླབས་ཤིང༔ དབང་བསྐུར་ལུང་འཛིན་སྙན་བརྒྱུད་བསྟན་པའི་ཚེ༔ སྲོག་བདག་གསུམ་སོགས་སྲུང་མས་ཁས་བླངས་བཞིན༔ དམ་ལྡན་སྲུང་ཞིང་དམ་ཉམས་བསྒྲལ་བའི་ལས༔ བདག་འཛིན་རཱུ་ཊ་དགྲ་བགེགས་མེད་པར་མཛོད༔ བརྟན་སྐྱོང་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་ཐོད་ཕྲེང་གིས༔ རྒྱ་བལ་བོད་ཡུལ་གནས་རྣམས་སུ༔ ལྷ་འདྲེ་མ་རུངས་དམ་ལ་བཏགས༔ དམ་ལ་མ་འདུས་གང་ཡང་མེད༔ ལྷ་འདྲེ་བཀའ་ལ་མི་འདའ་འཚལ༔ བཀའ་ལ་མ་འདའ་དམ་ལ་འདུས༔ གང་བཅོལ་སྒྲུབས་ཤིག་ས་མ་ཡ༔ དམ་སྲི་མནན་དང་ཚེ་འགུགས་ཤིས་པ་བརྗོད༔ ཧཱུྃ་ཧྲཱི༔ པདྨ་དྲག་པོའི་མཐུ་སྟོབས་གཟི་བྱིན་གྱིས༔ བཀའ་འདས་དམ་ལོག་མགོ་བསྐོར་རྗེས་སྙོགས་རིགས༔ གཏོར་གཞོང་རི་རབ་ལྷུན་པོའི་འོག་ཏུ་སཏྭཾ༔ སྟེང་དུ་དྲག་པོའི་བརྟུལ་ཤུགས་རྒྱས་འདེབས་ཀྱིས༔ སེམས་བསྐྱེད་བར་དུ་མ་འདའ་སཏྭཾ་བྷ་ཡ་ནན༔ སཏྭཾ་བྷ་ཡ་ནན༔ ཚེ་འགུགས་ནི༔ ཧཱུྃ་ཧྲཱི༔ རང་སྣང་ཤེས་རིག་མ་འགག་གསལ་བའི་མདངས༔ འཆི་མེད་པདྨ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མས་ཚེ་བཅུད་ཁུག༔ བླ་ཚེ་ཆད་ཉམས་སོར་ཆུད་ཚེ་དབང་སྒྲུབས༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དངོས་གྲུབ་གཏེར་གྱི་མཛོད༔ དཔལ་འབྱོར་ལོངས་སྤྱོད་མངའ་ཐང་ཚེ་དང་ཆོས༔ འཁོར་འདས་རིགས་རྒྱུད་ཆོས་བརྒྱུད་ཆུ་རྒྱུན་བཞིན༔ ཐུན་མོང་མཆོག་གི་དངོས་གྲུབ་དེང་འདིར་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ པདྨ་ཐོད་ཕྲེང་བཀྲ་ཤིས་སྤྲིན་ཕུང་ལས༔ ཐུགས་རྗེས་བྱིན་གྱི་བརླབས་པའི་ཆར་རྒྱུན་གྱིས༔ དད་ཅན་གདུལ་བྱའི་ལོ་ཏོག་སྨིན་མཛད་པའི༔ དགེ་ལེགས་ཡོན་ཏན་སྲིད་མཐར་ཁྱབ་གྱུར་ཅིག༔ དྲག་པོ་རབ་འབར་བཀྲ་ཤིས་གངས་རི་ལ༔ ཐུན་མོང་མཆོག་གི་དངོས་གྲུབ་ཆུ་རྒྱུན་ལས༔ བརྒྱུད་འཛིན་རྗེས་འཇུག་སྐྱེ་འགྲོས་ལོངས་སྤྱོད་ཅིང༔ དགེ་ལེགས་ཇི་སྲིད་བསྐལ་བརྒྱར་འཕེལ་གྱུར་ཅིག༔ རྡོ་རྗེ་ཕག་མོའི་བཀྲ་ཤིས་གློག་འཕྲེང་ལས༔ ཞི་རྒྱས་དབང་དྲག་ཕྲིན་ལས་གློག་འཁྱུག་ཅིང༔ འགྲོ་བའི་དོན་ཀུན་འབད་མེད་ལྷུན་གྲུབ་ལས༔ ལོངས་སྤྱོད་མཆོག་གི་དཔལ་ལ་རོལ་གྱུར་ཅིག༔ ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་དཔག་བསམ་ལས༔ འདོད་དགུའི་ལོ་འདབ་འབྲས་བུ་ཕུན་སུམ་ཚོགས༔ བཟའ་བཅའ་བཏུང་བ་རོ་རེག་འདོད་འབྱུང་ཆོས༔ རབ་འཕེལ་འབྲས་བུ་རྒྱས་པའི་བཀྲ་ཤིས་ཤོག༔ བསྡུ་རིམ་ནི༔ དབྱིངས་ཀྱི་ལྷ་ཚོགས་རབ་འབར་གཞལ་ཡས་ལ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ རབ་འབར་དཀྱིལ་འཁོར་སྒྱུ་ལུས་ལྷ་ལ་ཐིམ༔ ལྷ་ཚོགས་སྟོང་གསལ་གནས་ལུགས་ངང་ལ་བསྡུ༔ ཆོས་ཉིད་གནས་ལུགས་ཐིག་ལེ་ཉག་གཅིག་ལ༔ ཉག་གཅིག་བྱང་ཆུབ་སྙིང་པོའི་ཀློང་དུ་ཐིམ༔ བསྔོ་བ་ནི༔ ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་སྒྲུབ་ཆེན་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་འབྲས་བུའི་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་རྫོགས་པའི་སངས་རྒྱས་རྒྱུར་གྱུར་ཅིག༔ སྨོན་ལམ་ནི༔ ནམ་མཁའི་མཐའ་ཁྱབ་ལུས་ཅན་སྐྱེ་འགྲོ་ཀུན༔ ངན་སོང་ཟུག་རྔུའི་སྡུག་བསྔལ་ལས་གྲོལ་ནས༔ ཀུན་ཀྱང་བདེ་ཆེན་དག་པའི་ཞིང་ཁམས་སུ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་རབ་འབར་བསྐྱེད་རྫོགས་འབྲིང་པོའི་བཅུད༔ པདྨ་དྲག་པོ་དགོངས་པའི་ཀློང་རྡོལ་བ༔ སྐལ་ལྡན་རྗེས་འཇུག་པ་ལ་འཆར་པ་འདི༔ ལྷ་མིའི་འདོད་ཡོན་བཅུད་ཀྱི་སྙིང་པོའི་གཏེར༔ གནས་ཆེན་བྲག་དཀར་བདེ་ཆེན་དཀྱིལ་འཁོར་དུ༔ བཞུགས་སུ་གསོལ་བ་སྲུང་མས་བཀུར་སྟི་དང༔ མཁའ་འགྲོའི་ཚོགས་ཀྱི་མཆོད་བསྟོད་རྟེན་མཆོག་སྟེ༔ དུས་སུ་ལང་གྲོའི་སྤྲུལ་པས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་གྱི་ཟླ་གམ་དབང་གི་དཀྱིལ་འཁོར་ནས་ཡེ་ཤེས་མཁའ་འགྲོས་སྤྲད་པ་སྟེ། རྒྱ་ཆེན་བཀའ་ཡི་བསྡུ་བ་པོ་ཡིད་ཀྱི་གྲོགས་པོར་གྱུར་པ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་པས་ཡི་དམ་ལྷ་དང་བླ་མས་རྟག་ཏུ་སྐྱོང་བའི་ཕོ་བྲང་དུ། རྫོགས་ཆེན་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ། །མངྒ་ལཾ།། །།

སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་སྦྱིན་པ་ (Volume 38, Text 27)

འུའུའུ༔ སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་སྦྱིན་པ་བཞུགས་སོ༔ ྈྈྈྈ དབང་ཆེན་དྲེགས་པའི་ལྷ་ལ་ཕྱག་འཚལ་ལོ༔ སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་སྦྱིན་པ་ནི༔ ཡིད་རྩེ་གཅིག་ཏུ་གཏད་ཅིང་སྡོམ་པ་དམ་ཚིག་ལ་གནས་པའི་སྐྱེས་བུ་སྐལ་ལྡན་དག་ལ་ཡིན་གྱི༔ གཞན་དུ་རང་གཞན་ཐམས་ཅད་ནམ་ཞིག་ཚེའི་བར་ཆད་ཉིད་དུ་འགྱུར་རོ༔ དེ་ཡང་ཐོག་མར་དབང་རྫས་རྣམས་ཚོགས་པར་བྱས་ལ༔ རང་ཉིད་དབང་ཆེན་དུ་གསལ་བའི་ངང་ནས་མདུན་བསྐྱེད་སྤྱན་དྲངས་མཆོད་བསྟོད་ཀྱི་བར་རྒྱས་པར་ཕྲིན་ལས་ལ་སོགས་པ་ལྟར་བྱའོ༔ དེ་ནས་ཡོལ་བའི་རྒྱབ་ཏུ་སློབ་མ་རྣམས་བཞག་ལ༔ ལས་བུམ་གྱིས་ཁྲུས་བྱ༔ ཡི་གེ་བརྒྱ་པའི་སྒོམ་བཟླས་དང༔ ཡན་ལག་བདུན་པའི་བཟླས་སྒོམ་སྤྲད་ཅིང༔ ཐུན་མོང་གི་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་རྣམས་གཟུང་དུ་བཅུག་ལ༔ དེ་ནས་མེ་ཏོག་ཐོགས་ལ༔ སྒོ་སྲུང་ལ་གསོལ་བ་གདབ་པ་ནི༔ ཀྱེ༔ མཁའ་འགྲོ་ནག་མོ་མི་བསྲུན་མ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ དབུ་སྐྲ་དམར་སེར་གྱེན་དུ་འབར༔ ཕྱག་ན་ཞིང་དབྱུག་ལྕགས་ཀྱུ་བསྣམས༔ ཀྱེ༔ བདག་ནི་འཁོར་བ་ལས་བསྒྲལ་ཕྱིར༔ མཁའ་འགྲོ་ནག་མོའི་ཚོགས་དབུས་འདིར༔ བདག་ཉིད་འཇུག་པར་འཚལ་ལགས་ཀྱིས༔ བཟང་པོའི་སྒོ་འདི་ཕྱེས་ལ་ཐོངས༔ པྲ་བེ་ཤ་ཡ་ཕཊ༔ ཞེས་བརྗོད་པས༔ ཀྱེ༔ ཐེག་དམན་ལོག་རྟོག་ཉན་ཐོས་མུ་སྟེགས་དང༔ མ་སྨིན་སྐྱེ་བོ་སྣོད་དང་མི་ལྡན་པས༔ དེ་དག་ནང་དུ་རྣམ་པར་གཏང་མི་ནུས༔ སྐལ་ལྡན་སྣོད་ལྡན་ཡིན་ན་རུང་བས་ན༔ ཁྱོད་ཉིད་སྐལ་པ་ཉིད་དང་ལྡན་ནམ་ཅི༔ བདག་ཅག་སྐལ་པ་དམ་པར་ལྡན་ལགས་སོ༔ དེ་ནས་སློབ་མ་གདོང་དར་གྱིས་བཀབ་པ་ནང་དུ་གཞུག་ལ་ཕྱག་འཚལ་ཏེ༔ ཀྱེ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ བདག་ནི་ཉོན་མོངས་འཁོར་བ་ལས༔ བླ་མའི་ཐུགས་རྗེས་དྲང་བའི་ཕྱིར༔ བསྟན་སྲུང་མཁའ་འགྲོའི་དཀྱིལ་འཁོར་འདིར༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གྱིས་མེ་ཏོག་གཏོར༔ དེ་ནས་མཆོག་གི་སྐྱབས་འགྲོ་བྱས་ནས༔ སློབ་མའི་ལུས་སེམས་ཀྱི་དཀྱིལ་འཁོར་སྦ་བ་སྟེ༔ ལུས་འོད་དུ་ཞུ་བ་ལས༔ ཡི་གེ་བྷྱོཿམཐིང་ནག་གཅིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་གཤོག་རྒོད་མ་སྐུ་མདོག་མཐིང་ནག་དབུ་ལྔ་ཕྱག་བཞི་འཇིགས་སུ་རུང་བ༔ སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང༔ ཞལ་ནས་ཁྲག་གི་ཆར་རྒྱུན་འབེབ་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ ཕྱག་གཡས་གཉིས་ལྕགས་ཀྱུ་དང་དམ་ཚིག་གི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡོན་གཉིས་གནམ་ལྕགས་ཀྱི་དགྲ་སཏྭ་དང་ཐོད་པ་ཁྲག་གིས་བཀང་བ་ཞལ་དུ་རྔུབ་པ༔ ཤིན་ཏུ་རྔམས་ཤིང་དྲག་ལ་གཏུམ་པ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐུ་ལ་ཡེ་ཤེས་ཀྱི་མེ་རི་དང་མེ་ཕུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ༔ གནས་གསུམ་བྱིན་གྱིས་བརླབ་ཅིང་ཡེ་ཤེས་པ་གཞུགས་སུ་བཅུག་སྟེ་བྱིན་དབབ་ཅིང་བརྟན་པར་བྱའོ༔ དེ་ནས་སློབ་མས༔ ཀྱེ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་སྐལ་བར་ལྡན༔ གསང་བ་སྔགས་སྲུང་དཀྱིལ་འཁོར་འདིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཅི་བདེ་བར་ནི་བཞེས་སུ་གསོལ༔ བཛྲ་པུཥྤེ་བྷྲཱུྃ༔ རིག་གཏད་རྗེས་གནང་ལ་གསོལ་བ་གདབ་པ་ནི༔ ཀྱེ༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དངོས༔ སྐུ་གསུམ་མི་ཕྱེད་གསུམ་བསྒོམས་པས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི༔ བྱིན་རླབས་གནས་སུ་དེ་ལྟར་མཛོད༔ ཅེས་གསོལ་བ་བཏབ་པས༔ བླ་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ བསྟན་སྲུང་གཙོ་འཁོར་གྱི་ཐུགས་ཀར་ཕོག་ཅིང་ཐུགས་རྒྱུད་བསྐུལ་བས་དེ་དང་འདྲ་བའི་སྐུ་ཆེ་ཕྲ་མང་པོ་འཕྲོས་ནས་སློབ་མའི་ལུས་ལ་ཐིམ་པས༔ སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་ཞུགས་ཤིང་དེ་དག་དང་ནུས་པ་མཉམ་པར་བསམ་ལ༔ གུ་གུལ་གྱིས་བདུག་ཅིང་རོལ་མོ་བསྒྲག༔ ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང༔ དེ་དག་རེ་རེ་ཞིང་ཡིད་ཀྱིས་སྔགས་བཟླས་པས༔ སྔགས་ཕྲེང་ལས་འོད་ཟེར་ཕྱིར་འཕྲོས་པས༔ སློབ་མའི་སྙིང་གར་ཞུགས་སྙིང་གའི་བྷྱོཿའི་གཡོན་དུ་འཁོར་བར་བསམ་ཞིང༔ དེ་ལས་འོད་ཟེར་མཚོན་ཆའི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྲོས༔ དགྲ་བགེགས་གདུག་པ་ཅན་ཐལ་བའི་རྡུལ་ཕྲན་བཞིན་དུ་བསྲེགས་ཤིང་སླར་ཐིམ་བརྟན་པར་བྱས་ལ་སྔགས་བརྗོད་ཅིང་རོལ་མོ་བསྒྲག༔ སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ་ཞིང༔ ལག་ཏུ་མེ་ཏོག་ཐོགས་ལ་འདི་སྐད་ཞུ༔ བསྟན་སྐྱོང་བདག་ལ་བསྩལ་ལགས་ཀྱིས༔ བསྟན་སྐྱོང་བདག་ལ་བྱིན་གྱིས་རློབས༔ དེ་ནས་བླ་མས་མེ་ཏོག་སྤྱི་བོར་བཞག་ལ༔ བསྟན་སྐྱོང་འདི་ལ་བསྩལ་ལགས་ཀྱིས༔ བསྟན་སྐྱོང་འདི་ལ་བྱིན་གྱིས་རློབས༔ ཞེས་པས༔ གསུང་གི་བྱིན་རླབས་ཞུགས་ཤིང་མཉམ་པར་བསམ་མོ༔ ཡང་བླ་མའི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལ་ཐིམ་ཞིང་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ས་བོན་གྱི་རྣམ་པར་གྱུར་པ་ལས་ཡེ་ཤེས་ཀྱི་ཕྱག་མཚན་གྱི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས༔ སློབ་མའི་སྙིང་གར་ཞུགས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་མཚན་ལྕགས་ཀྱུ་དང་རྡོ་རྗེ་དགྲ་སཏྭ་ལ་སོགས་ཀྱིས་ལུས་ཀྱི་ནད་དང་སྲིད་གསུམ་ཐམས་ཅད་ཀྱི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་བརླག༔ ཚུར་འདུས་སློབ་མའི་ཕྱག་མཚན་ལ་ཐིམ་པར་བསམ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་རྩ་སྔགས་བརྗོད་ཅིང་གུ་གུལ་བདུག་ལ་ཕྱག་མཚན་ལག་ཏུ་སྦྱིན་པའོ༔ དེ་ནས་ཕྲིན་ལས་རྒྱས་པར་དམ་རྫས་ཚོགས་ཀྱི་དབང་བསྐུར་བ་ན༔ ཧཱུྃ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོངས་སྤྱོད་འབྱོར་པ་དྲུག་དང་ལྡན་པ་ཡིས༔ འདོད་དགུའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་དབང་བསྐུར་བ་ནི༔ ཧཱུྃ༔ ཤ་ལྔ་བདུད་རྩི་དམར་གྱི་གཏོར་མ་འདི༔ རྡོ་རྗེ་གཤོག་རྒོད་ཡེ་ཤེས་ལྷ་ཡི་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ དྲེགས་པ་ཐམས་ཅད་རྩད་ནས་གཅོད་པ་ཡི༔ དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་དྲག་མོ་རྒྱལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲུབ་རྫས་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ རྡོ་རྗེ་གཤོག་རྒོད་མཁའ་འགྲོའི་ཚོགས་བཅས་ཀྱི༔ འབོད་པའི་དམ་རྫས་ཐོད་རྔ་རྐང་གླིང་དུང༔ མཆོད་པའི་དམ་རྫས་སྨན་རཀ་གཏོར་མ་གསུམ༔ རྟེན་པའི་དམ་རྫས་མདའ་མོ་དུང་ཤྭ་དང༔ འབོད་མཆོད་རྟེན་དང་གསང་བའི་དམ་རྫས་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ རྟག་ཏུ་མི་འབྲལ་གྲིབ་བཞིན་འགྲོག་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་ཡིག་གི་དབང་བསྐུར་བ་ནི༔ ཧཱུྃ༔ ཡི་གེ་བྷྱོཿཡི་དབང་བསྐུར་འདི༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མ་མོ་དམ་ལ་བཏགས་ནས་སྲོག་སྙིང་ཕུལ༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་ཁྱོད་ལ་གཏད་པ་ཡིན༔ ལྷ་མོ་གཤོག་རྒོད་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ དེ་ཡང་ཁྱེད་ལ་དབང་བསྐུར་ཞིང་སྲོག་གི་སྙིང་པོ་གཏད་པ་ཡིན་པས༔ རྡོ་རྗེ་གཤོག་རྒོད་མ་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་དག་གི་ཆོས་སྐྱོང་གྱིས་ཤིག༔ ཚེ་དང་དབང་ཕྱུག་སྤེལ་ཅིག༔ དཔལ་དང་གྲགས་པ་སྒྲུབས་ཤིག༔ འཁོར་དང་བསྟན་པ་སྐྱོངས་ཤིག༔ རྐྱེན་དང་བར་ཆད་ཟློག་ཅིག༔ དགྲ་བགེགས་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ ཅེས་གནང་བ་སྦྱིན་ནོ༔ དེ་ནས་བླ་རྡོའི་དབང་བསྐུར་བ་ནི༔ སློབ་དཔོན་དབང་ཆེན་གྱི་ང་རྒྱལ་དུ་ཞུགས་པ་ལ་དཔལ་གཏོར་ཞབས་ཀྱི་བླ་རྡོ་ལ་བསྟན་སྐྱོང་འཁོར་བཅས་དགུག་གཞུག་བྱས་ལ༔ དེ་དག་ལ་གཏོར་རྫས་ཤ་དང་ཆང་གིས་བྲན་ཅིང་བཤམས་ལ་རྩ་སྔགས་ཀྱི་མཇུག་ཏུ༔ ཨཿཡཿམཿདུཿརུཿཙཿཤཿནཿལ་ཨ་ཀཱ་རོ་བཏགས་ལ་འབུལ༔ དམ་བདར་བླ་རྡོ་ལ་བསྟིམས་ལ་སློབ་མ་ལ་གཏད་དེ༔ རང་ཉིད་དབང་ཆེན་དྲེགས་པའི་ང་རྒྱལ་གྱིས་བླངས་ཏེ་རང་རང་གི་ཞབས་སུ་གཞུག་གོ༔ ཧཱུྃ༔ སྣང་སྲིད་མ་མོའི་བླ་རྡོ་འདི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མ་མོ་དམ་ལ་བཞག་པའི་བླ་རྡོ་ཡིན༔ བར་དུ་སྔགས་འཆང་བདག་གིས་བླངས༔ ད་ལྟ་ཁྱོད་ལ་གཏད་པ་ཡིས༔ སྣང་སྲིད་མ་མོའི་སྲོག་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་བུདྡྷ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་ཐོབ་པས་མ་མོ་དྲེགས་པ་ཐམས་ཅད་དབང་དུ་སྡུད་པ་དང༔ ཟིལ་གྱིས་གནོན་པ་དང༔ འགུགས་པ་དང༔ བསྐྲད་པ་དང༔ དབྱེ་བ་དང༔ བསད་པ་དང༔ མནན་པ་དང༔ རྡུལ་དུ་བརླག་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་བླ་རྡོ་དེ་ཐོད་ངན་ནམ་ཕུང་ཤུལ་གྱི་རེ་བས་དྲིལ་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ་སྔར་གྱི་གཏོར་མའི་ཞབས་སུ་གཞུག་གོ༔ དེ་ནས་སློབ་དཔོན་ལ་ཡོན་ཕུལ་ཞིང་ཕྱག་འཚལ་མེ་ཏོག་གཏོར་ལ་དེ་རྗེས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ་ཞིང་ལོངས་སྤྱད་པར་བྱའོ༔ གཏོར་མ་བསྔོ་ཞིང་བསྟོད་བསྐུལ་བྱ༔ གསོལ་བ་བཏབ་ལ་བཤགས་པ་བྱ༔ བཀྲ་ཤིས་བརྗོད༔ དེས་བླ་རྡོ་དེ་མཆོད་རྟེན་ནམ༔ གཙུག་ལག་ཁང་གི་ཞབས་སུ་མནན་པར་བྱའོ༔ པདྨ་བདག་གིས་གཏེར་སྲུང་ཉིད་ཀྱི་ཟུངས་ཁྲག་ཕྱུང་པ་ཡིན་ལ༔ དབང་འདི་གཉན་པས་གར་ཐོད་ལ་བསྐུར་ན་བར་ཆད་འོང་བས་ཤིན་ཏུ་ཉེན་ཆེ་བས་སྣོད་ལྡན་གཅིག་བརྒྱུད་མིན་པ་མ་སྤེལ་ཅིག༔ གཏེར་སྲུང་ལས་ཀྱི་རྡོ་རྗེ་གཤོག་རྒོད་མས་བྱ་ར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ སོ་ཕག་ཤི་ཐཾ༔ སྨྲག་ཐཾ༔ གཉན་རྒྱ༔ བཀའ་སྲུང་གི་རྒྱ༔ བཀའ་རྒྱ༔ སྲུང་རྒྱ༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ སྔོན་གྱི་སྨོན་ལམ་གྱི་རྒྱ༔ སྔོན་བསགས་ཀྱི་སྨོན་ལམ་དུ་མས་ལེགས་པར་བསྐྲུན་ཅིང་། སྔགས་སྲུང་རྡོ་རྗེ་གཤོག་རྒོད་མ་ཉིད་ལ་ལྷག་པའི་ལྷ་བར་ཆད་ཀུན་སེལ་གཅིག་ཏུ་གཞོལ་བ། གུས་པ་ཆེན་པོས་ཉེ་བར་མཆོད་པར་མཛད་པས་མངོན་མཐོས་ཕྱུག་ཅིང་དཔལ་གྱིས་མཛེས་པའི་འཕྲེང་བུ་ནས་སྡེ་པ་ཞལ་ངོ་བ་རྣམས་ཀྱིས་བཀའ་དྲིན་གྱིས་ཉེ་བར་བསྐུལ་བ་ལས། དུས་མཐའི་སྤྲང་པོ་སྣ་ཚོགས་རང་གྲོལ་གྱིས་གྲོགས་རི་རིན་ཆེན་སྤུངས་པའི་མགུལ་པ་ནས་གདན་དྲངས་པའི་ས་ཕོ་རྟ་ལོའི་ཧོར་ཟླ་བཞི་པའི་ཚེས་གཅིག་གི་ཉིན་པར་ཤོག་སེར་ངོས་ལས་འཕྲེང་ཕུའི་ཤར་ལྕོག་ཏུ་དག་པར་ཕབ་པའོ། །རྒྱ་རྒྱ་རྒྱ། སརྦ་དཱ་མངྒ་ལཾ། །དགེའོ།། །།

གསང་བའི་བདག་པོས་གནང་བའི་དགྲ་བླ་དཔངས་སྟོད་ (Volume 43, Text 27)

༄༅། །གསང་བའི་བདག་པོས་གནང་བའི་དགྲ་བླ་དཔངས་སྟོད་བཞུགས་སོ། ། དགྲ་བླ་དཔངས་བསྟོད་ལྷ་དབང་ལ་གསང་བའི་བདག་པོས་གནང་བ་འདི་ལ་དང་པོ་སྐྱེས་ཆས་གོ་མཚོན་ཚང་བར་བསགས་ལ། ཀྱཻ། དང་པོ་ཅི་ཡང་མེད་པ་ལ། །ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། །ཕྱོགས་མཚམས་ཀུན་ནས་རླུང་གཡོས་པས། །རླུང་གི་རྡོ་རྗེ་རྒྱ་གྲམ་ཆགས། །དེ་ལ་ཆུ་ཡི་ཟིལ་པ་ཆགས། །དེ་ལ་ཕྱི་ཡི་རྒྱ་མཚོ་སྲིད། །རྒྱ་མཚོ་དེ་ལ་སྤྲིས་མ་ཆགས། །སྤྲིས་མ་དབང་ཆེན་གསེར་དུ་ཆགས། །དེ་སྟེང་བ་ཚྭ་ཅན་གྱི་མཚོ། །དཀྱིལ་དུ་རི་རབ་ལྷུན་པོ་ལ། །གསེར་གྱི་རི་བདུན་རོལ་མཚོས་བསྐོར། །དེ་ལ་གླིང་བཞི་གླིང་ཕྲན་དང་། །ལྕགས་རིས་ཡོངས་སུ་བསྐོར་བ་སྟེ། །རི་རབ་དེ་ཡི་རྒྱུ་བཞི་ནི། །ཤར་ཤེལ་ལྷོ་ཕྱོགས་བཻ་ཌཱུརྱ། །ནུབ་ཕྱོགས་ཟངས་ལ་བྱང་ཕྱོགས་གསེར། །རི་རབ་དེ་ཡི་ཁོང་གསེང་ནས། །ཡོངས་འདུ་ས་བརྟོལ་བྱ་བའི་ཤིང་། །དགོས་འདོད་འབྲས་བུ་སྣ་ཚོགས་འཁྲུངས། །རི་རབ་དེ་ཡི་རྩ་བ་ན། །ལྷ་མིན་དབང་པོའི་བཞུགས་གནས་ཡོད། །རི་རབ་དེ་ཡི་རྩེ་མོ་ན། །བརྒྱ་བྱིན་ལྷ་ཡི་ཕོ་བྲང་ཡོད། །ཤིང་དེའི་འབྲས་བུ་ཡིད་བཞིན་དེ། །ལྷ་ཡི་ལོངས་སྤྱོད་བྱེད་ན་ཡང་། །ལྷ་མིན་རྣམས་ཀྱི་ཡུལ་དུ་ནི། །ཤིང་དེའི་རྩ་བ་ཡོད་པའི་ཕྱིར། །ཤིང་དེའི་འབྲས་བུ་ངེད་དབང་ཟེར། །རྩ་གསུམ་ལྷ་ལ་རྒོལ་བར་བྱེད། །དེ་ཚེ་ལྷ་རྣམས་ཐུགས་ཁྲོས་ནས། །ལྷ་མ་ཡིན་དང་འཐབ་པའི་ཚེ། །ལྷ་ཡིས་སྐྱོབ་པའི་གོ་ཆ་བརྡུང་། །ལྷ་མ་ཡིན་གྱིས་མཚོན་ཆ་བརྡུང་། །ལྷ་ཡི་མགར་བ་མ་ཧཱ་ཡིས། །རིན་ཆེན་གཞུ་བའི་ཐབ་བརྩིགས་ནས། །ཙནྡན་སོལ་བ་རྫ་ལྟར་བསྙིལ། །ཡེ་ཤེས་མེ་ཡི་སྙིང་པོ་བཅུག །རླུང་ཆེན་གཡོ་བའི་རྦུད་པ་ཡིས། །ཞུན་བཏབ་རིན་ཆེན་ལྷད་རྣམས་ཕྱུང་། །རིན་ཆེན་མས་གཞིའི་སྟེང་དུ་ནི། །རིན་ཆེན་ཞུན་མ་བཞག་ནས་ཀྱང་། །འཆོར་མེད་སྐམ་པས་དམ་དུ་བཟུང་། །གསེར་གྱི་ཐོ་བས་བརྡུངས་བྱས་ཏེ། །ཕ་ལམ་རྡོ་རྗེས་མིག་ཕུག་ནས། །བཻ་ཌཱུརྱ་ཡི་རྒྱུན་གྱི་བརྒྱུས། །རྨོག་མོ་མ་ལག་ཚང་བ་ཞིག །རི་རབ་དེ་ཡི་རྩེ་རུ་བརྡུངས། ཁ་ར་ཧ་ཏི་བྱ་བར་གྲགས། །དེ་ལྟར་རི་རབ་སྐེད་པ་རུ། ཁྲབ་རྨོག་གོ་མཚོན་ཚང་བར་བརྡུངས། །རྒྱལ་ཆེན་མུན་པ་འབར་དུ་བཏགས། །རི་རབ་དེ་ཡི་རྩ་བ་རུ། ཁྲབ་རྨོག་གོ་མཚོན་ཚང་བར་བརྡུངས། །སྟོད་རྩེ་བྱ་མ་བྱ་བར་གྲགས། །དེ་རྣམས་རང་རང་གནས་སུ་བསྐུངས། །ལྷ་མིན་རྣམས་ཀྱི་མགར་བ་ཡིས། །རལ་གྲི་སྲིན་པོའི་མ་མགལ་དང་། །གཅོད་པའི་དགྲ་སཏྭ་ཁ་ཆེན་དང་། །སྲིན་མདུང་འཚམ་རིང་གསུམ་དུ་བརྡུངས། །ལྷ་དང་ལྷ་མིན་འཐབ་པ་ལས། །སྔ་དྲོ་ལྷ་མིན་རྒྱལ་བ་བྱུང་། །ལྷ་ཕྲན་མང་པོ་གཡུལ་ངོར་བསད། །ཕྱི་དྲོ་ལྷ་དབང་བརྒྱ་བྱིན་གྱིས། །གསང་བའི་བདག་པོ་སྤྱན་དྲངས་ཏེ། །བརྒྱ་བྱིན་ལྷ་ཡིས་འདི་སྐད་ཞུས། །བདག་ཅག་ལྷ་རྣམས་གཡུལ་ཕམ་པས། །འདི་ལ་སྐྱོབ་པའི་ཐབས་སྩོལ་ཅིག །དེ་སྐད་ཞུས་པས་གསང་བདག་གིས། །ལྷ་དབང་ཉིད་ལ་འདི་སྐད་སྨྲས། །ལྷ་ལ་དགྲ་བླ་མེད་པས་ལན། །དེས་ན་དགྲ་བླ་སྤྱན་དྲོངས་གསུངས། །དེ་ནས་དགྲ་བླ་སྤྱན་འདྲེན་ནི། །གནམ་གྱི་ཁ་དོག་དཀར་པོ་དང་། །ས་ཡི་ཁ་དོག་སྔོན་པོ་སྲིད། །དེ་ལ་གངས་རི་དཀར་པོ་སྲིད། །དེ་ལ་ཕྱི་ཡི་རྒྱ་མཚོ་སྲིད། །རྒྱ་མཚོ་དེ་ཡི་ནང་ནས་ནི། །གསེར་གྱི་རྐྱལ་པ་དགུ་ཙམ་སྲིད། །རྐྱལ་པ་དེ་རྣམས་ཁ་ཕྱེ་བས། །རྨོག་མོ་བྱ་ཁྱུང་ཀེ་རུ་དང་། ཁྲབ་རྨོག་ཉི་ཤར་ལྟོ་རྒྱབ་དང་། །སྦ་ཁེབས་རྡོ་རྗེའི་གོ་ཆ་དང་། །ལག་ཤག་མཚོན་ཆ་ལམ་ལོག་དང་། །སྙིང་ཁེབས་མདའ་མཚོན་ཀུན་ཐུབ་དང་། །བརླ་གྲི་ཤེལ་དཀར་འོད་ལྡན་དང་། །པུས་ཁེབས་ཉེས་པ་སྐྱོབ་བྱེད་དང་། །རྐང་ཤག་མཚོན་ཆ་ཀུན་ཐུབ་དང་། །ཕུབ་མོ་སྦ་དམར་གླིང་དྲུག་རྣམས། །མགར་གྱིས་མ་བཅོས་རང་བྱུང་ཡིན། །དེ་ཡི་བར་གྱི་སྲིད་པ་ལ། །སྲིད་ཀྱི་མཚོན་ཆ་སྣ་དགུ་སྲིད། །འཁོར་ལོ་དགྲ་ལས་རྣམ་རྒྱལ་དང་། །དགྲ་སཏྭ་དགྲ་བོ་གཤོག་བྱེད་དང་། །ཆུ་གྲི་དམ་ཉམས་གཏུབ་བྱེད་དང་། །རལ་གྲི་ངར་མ་གདེང་གཅོད་དང་། །གཞུ་མོ་དགྲ་ཀླད་འགེམ་བྱེད་དང་། །མདའ་མོ་ཐོག་ལྟར་འབེབ་བྱེད་དང་། །ཞགས་པ་ཕ་རོལ་འཆིང་བྱེད་དང་། །མདུང་མོ་དགྲ་སྙིང་གཟེར་བྱེད་དང་། །འུར་ཐོག་འབྲུག་སྒྲ་སྒྲོག་བྱེད་དེ། །དེ་དགུ་རང་བྱུང་མཚོན་ཆ་ཡིན། །དེ་ཡི་སྲིད་པ་མཐའ་མ་ལ། །མེས་པོ་སྤྲིན་དཀར་འོད་འཕྲོ་ལས། །འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུག །ཡབ་རྗེ་ལྷ་རྒོད་ཐོག་འབེབ་དང་། །ཡུམ་ནི་ཀླུ་མོ་དུང་སྐྱོང་མར། །སྲས་ནི་དགྲ་བླ་མཆེད་དགུ་སྲིད། །མཆེད་ལྕམ་ཀུན་གྱི་གཅེན་པོ་ལ། །དཔའ་བརྟན་དམག་དཔོན་དེ་དང་གཅིག །མཐུ་ཆེན་དགྲ་འདུལ་དེ་དང་གཉིས། །སྣང་གྲགས་འབྲུག་ལྡིར་དེ་དང་གསུམ། །དྲག་རྩལ་ཐོག་འབེབ་དེ་དང་བཞི། །སྐྱེས་པ་སྲོག་འདོན་དེ་དང་ལྔ། །སྡང་བ་སྲོག་གཅོད་དེ་དང་དྲུག །སྐྱེས་བུ་རང་ཆས་དེ་དང་བདུན། །བྱ་ཁྲ་སྔོན་པོ་དེ་དང་བརྒྱད། །དགྲ་སྨན་གཤོག་དཀར་དེ་དང་དགུ །སྲིད་ཀྱི་མཆེད་དགུའི་དགྲ་བླ་རྣམས། །ནམ་མཁའི་དབྱིངས་ན་བཞུགས་ན་ཡང་། །དཀར་ཕྱོགས་སྐྱོང་བའི་དགྲ་བླ་མཛོད། །དགྲ་བླ་སྤྱན་འདྲེན་བཞུགས་སུ་གསོལ། །དེ་ཚེ་དགྲ་བླའི་ཞལ་ན་རེ། །ལྷ་དབང་བརྒྱ་བྱིན་ཚུར་གསོན་དང་། །ལྷ་རྣམས་གཡུལ་ལས་རྒྱལ་འདོད་ན། །དགྲ་བླ་ངེད་ལ་རྟེན་ཞིག་ཚུགས། །དགྲ་བླ་ངེད་ལ་མཆོད་པ་ཕུལ། །དགྲ་བླ་ངེད་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །མདའ་དར་དཀར་པོ་ཚིགས་གསུམ་དེ། །དགྲ་བླའི་ཕྱག་ཏུ་ཕུལ་ནས་ཀྱང་། །དགྲ་བླའི་རྟེན་དུ་འཛུགས་པ་ནི། །རྨོག་མོ་གངས་ལ་ཉི་ཤར་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །སྦ་ཁེབས་རྡོ་རྗེའི་གོ་ཆ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ལག་ཤག་མཚོན་ཆ་ལམ་ལོག་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །སྙིང་ཁེབས་མདའ་མཚོན་ཀུན་ཐུབ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །བརླ་གྲི་ཤེལ་དཀར་འོད་འཕྲོ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །པུས་ཁེབས་ཉེས་པ་སྐྱོབ་བྱེད་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ཕུབ་མོ་སྦ་དམར་གླིང་དྲུག་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ཀྱཻ། དགྲ་བླ་ཆེན་པོ་ཁྱེད་རྣམས་ལ། །ཡང་གཅིག་རྟེན་དུ་འཛུགས་པ་ནི། །རྩིབས་སྟོང་ལྡན་པའི་འཁོར་ལོ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །མེ་འོད་འཕྲོ་བའི་དགྲ་སཏྭ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ནམ་མཁའི་མདངས་ཅན་ཆུ་གྲི་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །རིན་ཆེན་འོད་འཕྲོའི་གཞུ་མོ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ཤུགས་དྲག་མདའ་མོ་རྒོད་སྒྲོ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ཞགས་པ་གསེར་འོད་འཕྲོ་བ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །མདུང་ལ་བ་དན་བཏགས་པ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །འུར་ཐོག་ཆུ་མིག་དགུ་སྒྲིལ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །ཀྱཻ། དགྲ་བླ་ཆེན་པོ་ཁྱེད་རྣམས་ལ། །ཡང་གཅིག་རྟེན་དུ་འཛུགས་པ་ནི། །ཡ་རབས་རིགས་བཟང་བློ་གྲོས་ལྡན། །བཞིན་ལེགས་རྩལ་ལྡན་ཕ་རོལ་འཇོམས། །དགྲ་བོ་ཀུན་ལས་རྟག་པར་རྒྱལ། །དམག་དཔོན་ནོར་བུ་བསམ་འཕེལ་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །གྱི་ལིང་ཡིད་འོང་རྨ་བྱའི་མདོག །ཤུགས་འཆང་སེངྒེ་ཟིལ་གྱིས་གནོན། །གླང་པོའི་སྟོབས་འཆང་མངོན་ཤེས་མངའ། །རླུང་ལས་མགྱོགས་པའི་རྟ་མཆོག་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །གཡས་དང་གཡོན་གྱི་རུ་དར་འདི། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །སྟེང་གི་ནམ་མཁའ་སྔོན་པོ་འདི། །དབུ་འཕང་མཐོ་བའི་རྟེན་དུ་འཛུགས། །རྨོག་ལ་ལྕོག་དར་བཏགས་པ་འདི། །དཔའ་ངར་ཆགས་པའི་རྟེན་དུ་འཛུགས། །འོག་གི་ས་གཞི་གྲོ་མོ་འདི། །སྲ་ཞིང་བརྟན་པའི་རྟེན་དུ་འཛུགས། །དགྲ་བླ་འགྱུར་མེད་རྟེན་ལ་བཞུགས། །ཀྱཻ། ཡང་གཅིག་དགྲ་བླའི་ཞལ་ན་རེ། །ལྷ་ཡི་དབང་པོ་ཚུར་གསོན་དང་། །ལྷ་དམག་བྱེ་བ་དུང་ཕྱུར་ལ། །དགྲ་བླ་ཆགས་པའི་ས་བརྒྱད་ཡོད། །དམག་དཔོན་དགྲ་འདུལ་རྟ་ལ་ཆགས། །སྣང་གྲགས་འབྲུག་ལྡིར་ཕུབ་ལ་ཆགས། །དྲག་རྩལ་ཐོག་འབེབ་མདའ་ལ་ཆགས། །སྐྱེས་པ་སྲོག་འདོན་ཁྲབ་ལ་ཆགས། །སྡང་བ་སྲོག་གཅོད་མདུང་ལ་ཆགས། །སྐྱེས་བུ་རང་ཆས་རྡོ་ལ་ཆགས། །ལྕགས་ཀྱི་བྱ་ཁྲ་རང་ལ་ཆགས། །དགྲ་སྨན་གཤོག་རྩ་དཀར་མོ་འདི། །མོ་བཙུན་ཡ་རབས་རྣམས་ལ་ཆགས། །ཆགས་ས་བརྒྱད་པོ་དེ་ལྟར་ལགས། །ཡེ་སྲིད་དགྲ་བླའི་ཞལ་ན་རེ། །ང་ལ་བསྐུང་ས་བརྒྱད་ཡོད་དེ། །དཔའ་བོའི་སྙིང་གི་དཀྱིལ་དུ་སྐུང་། །རྟ་ཡི་ཕྲུམ་ཕྲུམ་འོག་ཏུ་སྐུང་། །ཕུབ་ཀྱི་དུང་ཁུང་འོག་ཏུ་སྐུང་། །རྨོག་གི་ཁྱུང་དོར་འོག་ཏུ་སྐུང་། ཁྲབ་ཀྱི་གཞུང་དོར་འོག་ཏུ་སྐུང་། །མདའ་མོ་རྒོད་སྒྲོའི་ལྟོང་ལ་སྐུང་། །མཆོག་དཀར་གཞུ་ཡི་མཆོག་ལ་སྐུང་། །རལ་གྲིའི་རྣོ་སོའི་འོག་ཏུ་སྐུང་། །སྐུང་ས་བརྒྱད་པོ་དེ་ལྟར་ལགས། །དེ་ནས་ལྷ་ཡི་དབང་པོ་ཡིས། །དགྲ་བླའི་གཙོ་ལ་འདི་སྐད་ཞུས། །ལྷ་ཡི་ཆགས་ས་སྐུང་ས་རྣམས། །དགྲ་བླས་ལེགས་པར་གསུངས་ན་ཡང་། །ཕ་རོལ་དགྲ་དཔུང་གཞོམ་པ་ལ། །དགྲ་བླ་བསྐུངས་པས་དགྲ་མི་ཐུལ། །དེས་ན་དགྲ་དཔུང་འཇོམས་པའི་ཚེ། །དགྲ་བླ་འགྲིམ་ན་གང་ནས་འགྲིམ། །དགྲ་བླ་མཆོང་ན་གང་ནས་མཆོང་། །དེ་སྐད་ལྷ་ལ་ཞུས་པའི་ཚེ། །དགྲ་བླའི་ཞལ་ནས་ཡང་གསུང་པ། །ངེད་དགྲ་བླ་འགྲིམ་པའི་ས་དྲུག་ཡོད། །མི་ཡི་ཕྲག་པ་གཡས་ནས་འགྲིམ། །རྟ་ཡི་ཟེ་རྔོག་གཡོན་ནས་འགྲིམ། །མདའ་ཡི་མདེ་འུའི་རྩེ་ནས་འགྲིམ། །མཆོག་དཀར་གཞུ་ཡི་རྒྱུད་ནས་འགྲིམ། །རལ་གྲི་ངར་མའི་སོ་ནས་འགྲིམ། །ཕུབ་མོའི་ཟུར་ནས་རྔམས་ཤིང་འགྲིམ། །ངེད་དགྲ་བླ་མཆོང་བའི་ས་བརྒྱད་ཡོད། །ཕ་མེས་དགྲ་བླ་དབུས་ནས་མཆོང་། །ཡེ་སྲིད་དགྲ་བླ་ཐུགས་ནས་མཆོང་། །ཐོས་བྱེད་དགྲ་བླ་སྙན་ནས་མཆོང་། །མཐོང་བྱེད་དགྲ་བླ་སྤྱན་ནས་མཆོང་། །སྨྲ་མཁས་དགྲ་བླ་ཞལ་ནས་མཆོང་། །མགོན་སྐྱོབ་དགྲ་བླ་གཡས་ནས་མཆོང་། །དཔའ་དཔུང་དགྲ་བླ་གཡོན་ནས་མཆོང་། །གཡུལ་རྒྱལ་དགྲ་བླ་མདུན་ནས་མཆོང་། །ལྷ་དབང་ཐུགས་ལ་དེ་ལྟར་ཞོག །དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །དགྲ་བླ་ཉིད་ལ་འདི་སྐད་ཞུས། །གཡུལ་ངོར་དགྲ་དཔུང་གཞོམ་པའི་དུས། །དགྲ་བླ་འཁོར་བཅས་མ་མཆོད་ན། །ལྷ་མིན་དམག་དཔུང་མི་འཐུལ་བས། །དེ་ཕྱིར་དགྲ་བླ་མཆོད་པའི་དུས། །དགྲ་བླ་དང་པོ་ཇི་ལྟར་འབོད། །དེ་ནས་དགྲ་བླ་ཅི་ཡིས་མཆོད། །མཐའ་མར་དགྲ་བླ་ཇི་ལྟར་རྦད། །དགྲ་བླ་དགྲ་ལ་ཇི་ལྟར་རྔམས། །དེ་སྐད་ཙམ་ཞིག་ཞུས་པ་དང་། །དགྲ་བླ་མཆེད་ཀྱི་ཞལ་ན་རེ། །དང་པོ་ཀྱཻ་ཡིས་ངེད་བོས་ཤིག །བར་དུ་བསྭཽ་ཡིས་ངེད་མཆོད་ཅིག །མཐའ་མར་ཧཱ་ཡིས་ངེད་སྐུལ་ཅིག །དགྲ་བླ་དགྲ་བོའི་སྙིང་ལ་རྔམས། །དགྲ་བླ་དགྲ་བོའི་སྲོག་ལ་རྔམས། །དགྲ་བླ་དགྲ་བོའི་ནོར་ལ་རྔམས། །དེ་ནས་ལྷ་དབང་རྒྱ་བྱིན་གྱིས། །དགྲ་བླ་འཁོར་བཅས་ཐམས་ཅད་ལ། །ཕྱག་དང་མཆོད་པ་ཕུལ་ནས་ཀྱང་། །ལྷ་བྲན་དམག་རྣམས་ཀུན་བསྡུས་ནས། །ལྷ་མ་ཡིན་ལ་དམག་བཤམ་ཚེ། །དགྲ་བླ་འཁོར་དང་བཅས་པ་རྣམས། །རི་རབ་རྩེ་ལ་བྱོན་ནས་ཀྱང་། །ཧཱུྃ་ཧཱུྃ་ལན་གསུམ་བརྗོད་པ་ལས། །ལྷ་དམག་རྣམས་ལ་མདངས་ཤིག་ཕྱུང་། །ཀྱེ་ཀྱེ་ལན་གསུམ་བརྗོད་པ་ལས། །གོ་མཚོན་རྣམས་ལ་འོད་ཅིག་ཕྱུང་། །བསྭཽ་བསྭཽ་ལན་གསུམ་བརྗོད་པ་ལས། །ཐམས་ཅད་དཔའ་བའི་ངར་དང་ལྡན། །ཧ་ཧཱ་ལན་གསུམ་བརྗོད་པ་ལས། །དགྲ་ཁམས་ཐམས་ཅད་ཆམ་ལ་ཕབ། །སྲིན་པོ་བརྒྱ་ཡི་མགོ་བོ་བཅད། །སྲིན་མོ་བརྒྱ་ཡི་སྣ་ཡང་བྲེགས། །ལྷ་མིན་མ་ལུས་ཕམ་པར་བྱས། །དགྲ་བོའི་གློ་སྙིང་ཕྱུང་ནས་ཀྱང་། །དགྲ་བླ་མཆེད་དགུའི་ཞལ་དུ་གསོལ། །ལྷ་རྣམས་ཐབས་ཀྱིས་རྒྱལ་པ་དེ། །ཡེ་སྲིད་དགྲ་བླ་མཆོད་ལས་བྱུང་། །ཀྱཻ། སྔོན་དུས་ལྷ་དབང་དགྲ་བླ་དེ། །དེ་རིང་རྒྱུ་སྦྱོར་དགྲ་བླ་མཛོད། །དང་པོ་ཀྱཻ་ཡིས་ངེད་ཀྱིས་འབོད། །བར་དུ་བསྭཽ་ཡིས་ངེད་ཀྱིས་མཆོད། །མཐའ་མར་ཧཱ་ཡིས་ངེད་ཀྱིས་སྐུལ། །དགྲ་བླ་མ་བཞུད་རྟེན་ལ་བཞུགས། །དགྲ་བླ་རྟེན་ལ་བཞུགས་པར་འཚལ། །དེ་རིང་དགྲ་བླ་མཆེད་དགུ་ལ། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །ཇི་ལྟར་མཆོད་ཅིང་གསོལ་པ་ལྟར། །དེ་རིང་སྔགས་འཆང་བདག་གིས་མཆོད། །དེ་རིང་ཡོན་གྱི་བདག་པོས་མཆོད། །གསོལ་ལོ་མཆོད་དོ་དགྲ་བླའི་ཚོགས། །ཀྱཻ། དགྲ་བླ་གཉན་པོ་མཆེད་དགུ་ནི། །སྐུ་མདོག་དཀར་དམར་འོད་ཟེར་འཕྲོ། །ཆིབས་སུ་གྱི་ལིང་ཅང་ཤེས་འཆིབ། །དབུ་ལ་གནམ་ལྕགས་རྨོག་མོ་གསོལ། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཞབས་ལ་སག་ཆེན་ཡུ་རིང་གསོལ། །སྟག་གདོང་གཡས་ལ་གཟིག་ཤུབས་གཡོན། །གོ་མཚོན་རལ་གྲི་སྐེད་ལ་བཅིངས། །ཕྱག་ན་སྦ་ལྕག་ཚིགས་གསུམ་བསྣམས། །ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་། །ཕྲག་གོང་གཡས་ན་སེང་ཆེན་འགྱིངས། །ཕྲག་གོང་གཡོན་ན་སྟག་ཆེན་འཕྱོ། ཁྱི་ནག་དོམ་དྲེད་སྔ་ཕྱིར་དང་། །སྡེ་བརྒྱད་མང་པོ་མདུན་ནས་རྒྱུག །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བ་སྟེ། །བསྟན་སྲུང་དགྲ་བླ་མ་ལུས་པ། །དེ་རིང་གནས་འདིར་བརྟན་པར་བཞུགས། །ཕོ་བྲང་འདི་ཡི་རྩེ་ལ་བཞུགས། །རྟེན་རྫས་རྣམས་ལ་བརྟན་པར་བཞུགས། །དཀོར་ཆ་འདོད་ཡོན་སྣ་ཚོགས་ཡོད། །གཞལ་ཡས་འདི་ལ་བག་ཕོབ་ལ། །རྒྱུ་སྦྱོར་འདི་ཡི་མགོན་དུ་བཞུགས། ཁྱེད་ལ་རྟེན་དུ་འཛུགས་པ་ནི། །བརྩིགས་པའི་མཁར་དང་རྨོས་པའི་ཞིང་། །གཙང་མའི་ཕུད་དང་བསགས་པའི་ནོར། །ལེགས་པའི་ཁྲབ་དང་བཙན་པའི་ཕུབ། །རྣོ་བའི་གྲི་དང་མཛེས་པའི་རྨོག །དཔའ་བའི་དར་དང་རྡེག་པའི་མདུང་། །གོ་མཚོན་རྣམ་པ་སྣ་ཚོགས་རྣམས། །དེ་རིང་དགྲ་བླའི་རྟེན་དུ་འཛུགས། །བསང་རྫས་རིན་ཆེན་སྣ་ལྔ་དང་། །ཞིམ་མངར་ཕུད་ཀྱི་མཆོད་པ་དང་། །མེ་ཏོག་སྨན་དང་སྤོས་ལ་སོགས། །དེ་རིང་དགྲ་བླར་མཆོད་པར་འབུལ། །དགྲ་བླ་མ་བཞུད་མཆོད་པ་བཞེས། །གྱོན་པའི་ཁྲབ་དང་གཅོད་པའི་མཚོན། །ཟ་འོག་བེར་དང་དར་དཀར་གོས། །རིན་ཆེན་གསེར་དངུལ་བྱུ་རུ་གཡུ། །རྟ་མཆོག་གསེར་སྒ་གཡུ་སྲབ་ཅན། །དེ་རིང་དགྲ་བླར་མཆོད་པར་འབུལ། །དགྲ་བླ་མ་བཞུད་རྟེན་ལ་བཞུགས། །རུ་དར་དཀར་དམར་འོད་འཕྲོ་འདི། །དེ་རིང་དགྲ་བླར་མཆོད་པར་འབུལ། །སྟག་གཟིག་དོམ་དྲེད་ལྤགས་པ་འདི། །དགྲ་བླ་བཞུགས་པའི་གདན་དུ་འབུལ། །རྐང་གླིང་རྔ་དུང་སྒྲ་སྐད་རྣམས། །དེ་རིང་དགྲ་བླར་མཆོད་པར་འབུལ། །དགྲ་བླ་མ་བཞུད་རྟེན་ལ་བཞུགས། །ཀྱཻ། གནམ་ལ་གཡུ་འབྲུག་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །འབྲུག་ལ་ཟེ་བ་རྒྱས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །གངས་ལ་སེང་ཆེན་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །སེང་གེ་གཡུ་རལ་རྒྱས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །སྤང་ལ་ཤ་བ་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཤ་བ་རྭ་བཅུ་རྒྱས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཆུ་ལ་ཉ་མོ་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཉ་ལ་གསེར་མིག་འཁྱིལ་བ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །མཚོ་ལ་ངང་པ་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །མ་ཧེ་བེ་འུ་འཚོ་བ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །ཕ་མ་བུ་ཚར་བརྩེ་བ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །དགྲ་བླ་ཁྱེད་ནི་བྱོན་པ་ལེགས། །རྨོག་མོའི་ཁྱུང་ཐུར་གོང་མ་རུ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །རྨོག་གི་ཁྱུང་ཐུར་འོག་མ་རུ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །སྐྱེས་བུ་སྲོག་སྐྱོབ་ཁྲབ་འདི་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །སྦ་ཁེབས་རྡོ་རྗེའི་གོ་ཆ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ལག་ཤག་མཚོན་ཆ་ལམ་ལོག་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །སྙིང་ཁེབས་མཚོན་ཆ་ཀུན་ཐུབ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །བརླ་གྲི་ཤེལ་དཀར་འོད་འཕྲོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །པུས་ཁེབས་ཉེས་པ་སྐྱོབ་བྱེད་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ཕུབ་མོ་སྦ་དམར་གླིང་དྲུག་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །རྩིབས་སྟོང་ལྡན་པའི་འཁོར་ལོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །མེ་འོད་འཕྲོ་བའི་དགྲ་སཏྭ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ནམ་མཁའི་མདངས་ཅན་ཆུ་གྲི་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །རིན་ཆེན་འོད་འཕྲོའི་གཞུ་མོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ཤུགས་དྲག་མདའ་མོ་རྒོད་སྒྲོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ཞགས་པ་གསེར་འོད་འཕྲོ་བ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །མདུང་ལ་བ་དན་བཏགས་པ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །འུར་ཐོག་ཆུ་མིག་དགུ་སྒྲིལ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །ཡ་རབས་རིགས་བཟང་བློ་གྲོས་ལྡན། །བཞིན་ལེགས་རྩལ་ལྡན་ཕ་རོལ་འཇོམས། །དགྲ་བོ་ཀུན་ལས་རྟག་པར་རྒྱལ། །དམག་དཔོན་ནོར་བུ་བསམ་འཕེལ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །གྱི་ལིང་ཡིད་འོང་རྨ་བྱའི་མདོག །ཤུགས་འཆང་སེང་གེ་ཟིལ་གྱིས་གནོན། །གླང་པོའི་སྟོབས་འཆང་མངོན་ཤེས་མངའ། །རླུང་ལས་མགྱོགས་པའི་རྟ་ཕོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །གཡས་དང་གཡོན་གྱི་རུ་དར་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །སྟེང་གི་ནམ་མཁའ་སྔོན་པོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །དབུ་འཕངས་མཐོ་བའི་དགྲ་བླ་མཛོད། །འོག་གི་ས་གཞི་གྲོ་མོ་ལ། །དགྲ་བླ་རྣམས་ཀྱིས་རྟེན་ཆོས་ཤིག །དགྲ་བླ་འགྱུར་མེད་རྟེན་ལ་བཞུགས། །ཀྱཻ། མཐོ་བ་གནམ་གྱི་དབྱིངས་ཤེད་ནས། །གཡུ་འབྲུག་སྔོན་མོའི་སྐད་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ལྷོ་ནགས་རྒྱས་པའི་དབྱིངས་རུམ་ནས། །རྒྱ་སྟག་མ་བུའི་རྩལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཐེག་ཆེན་ས་ཡི་སྟེང་ཤེད་ནས། །མགོ་ནག་མི་ཡི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱ་བོད་ཧོར་གྱི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །སྤང་ཁ་ཡངས་པའི་དཀྱིལ་ཤེད་ན། །ཤ་རྐྱང་མ་བུའི་འཕེལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གེ་སར་དམག་གི་དམག་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །སྟག་གཟིག་རྒྱལ་པོའི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བུ་ཚ་དཔའ་བའི་དཔའ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གོ་ཁྲབ་བཙན་པའི་བཙན་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གོ་མཚོན་རྣོ་བའི་རྣོ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གྱི་ལིང་རྟ་ཡི་རྟ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། ཁྱུང་དཀར་མཛོ་ཡི་མཛོ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཟལ་མོ་འབྲི་ཡི་འབྲི་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འདོད་འཇོའི་བ་ཡི་བ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གཡང་དཀར་ལུག་གི་ལུག་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཚེ་ཚེ་ར་ཡི་ར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །དཀར་མོ་ནས་ཀྱི་ནས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །མཛེས་འཇམ་གོས་ཀྱི་གོས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཞིམ་མངར་ཟས་ཀྱི་བཅུད་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཕྱྭ་གཡང་མ་འཁྱོམ་འཁྱིལ་ལི་ལི། །ཕྱྭ་གཡང་མ་ལུས་གནས་སུ་བཞུགས། །དགྲ་བླ་འཁོར་བཅས་དབུ་འཕང་བསྟོད། །ཀྱཻ། དགྲ་བླ་གཉན་པོ་ཁྱེད་རྣམས་ཀྱིས། །བདག་ཅག་འཁོར་དང་བཅས་རྣམས་ལ། །ཉིན་གསུམ་དུས་ཀྱི་བྱ་ར་མཛོད། །མཚན་གསུམ་དུས་ཀྱི་མེལ་ཚེ་མཛོད། །རྒྱབ་ཀྱི་སློག་པ་དྲོ་བར་མཛོད། །མདུན་གྱི་འཁར་བ་བརྟན་པར་མཛོད། །ཕར་ལ་འགྲོ་བའི་སྐྱེལ་མ་མཛོད། །ཚུར་ལ་ཡོང་བའི་བསུ་མ་མཛོད། །མུན་ལ་འགྲོ་ན་སྒྲོན་མེ་མཛོད། །ཆུ་ལ་འགྲོ་ན་ཟམ་པ་མཛོད། །བྲག་ལ་འགྲོ་ན་ཐེམ་སྐས་མཛོད། །ལ་ལ་འགྲོ་ན་མགོན་སྐྱབས་མཛོད། །གཞིས་སུ་སྡོད་ན་ལེགས་ཁ་མཛོད། །དགྲ་འདྲེ་ནད་ཡམས་འཁྲུག་རྩོད་དང་། །མི་ཁ་གླེང་བརྗོད་མེད་པར་མཛོད། །བྱེས་སུ་དགྲ་ཇག་མེད་པ་དང་། །བསམ་པའི་དོན་རྣམས་མྱུར་འགྲུབ་མཛོད། །དགྲ་བླ་འཁོར་དང་བཅས་རྣམས་ཀྱིས། །སྔ་དགྲ་དེ་ནི་རྩད་ནས་ཆོད། །ཕྱི་དགྲ་དེ་ནི་ཟློག་ཅིང་སྒྱུར། །ད་དགྲ་དེ་ནི་རྡུལ་དུ་རློགས། །དགྲ་ལས་རྒྱལ་བའི་འཕྲིན་ལས་མཛོད། །བསྭོ་བསྭོ་བསྭོ། ལྷ་རྒྱལ་ལོ། །བཀྲ་ཤིས། འདི་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་ཡིན་ལ། གདན་ས་སྨིན་གྲོལ་གླིང་དང་ཞེ་ཆེན་པ་སོགས་ཀྱིས་ལྷ་གསོལ་སྐབས་གསུང་སྲོལ་གྱིས་འདིར་དཀྱུས་གཅིག་ཏུ་བཀོད་པ་ཡིན་ནོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

མི་ཕྱུགས་གང་ཡིན་གྱི་རིམ་གྲོར་གླུད་རྫོང་བྱ་ཚུལ་བྱིན་རླབས་ཅན་ (Volume 44, Text 27)

༄༅། །མི་ཕྱུགས་གང་ཡིན་གྱི་རིམ་གྲོར་གླུད་རྫོང་བྱ་ཚུལ་བྱིན་རླབས་ཅན་བཞུགས་སོ། །སྤྲུལ་སྐུ་བསྟན་གཉིས་གླིང་པའི་མནལ་ལམ་མའོ། ། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ མི་ཕྱུགས་གང་གི་རིམ་གྲོར་ཡང་ནད་པའི་གཟུགས་དུ་མ་ལ༔ ཟེ་བ་མཇུག་མའི་སྤུ་རྣམས་ཀྱིས་གླུད་དེ་ལ་བརྒྱན༔ གླུད་དེའི་ཕྱོགས་བཞིའི་ཤར་དུ་རྒྱལ་པོ༔ ལྷོར་གཤིན་རྗེ༔ ནུབ་ཏུ་བཙན༔ བྱང་དུ་མ་མོ༔ དེ་རྣམས་ཀྱི་གཟུགས་དང་གླུད་ཆུང་བཞི༔ ཏིང་ལོ་བཞི༔ མཐེབ་ཀྱུ་བརྒྱད་རྣམས་བཤམ༔ ཚིག་ཏུ་འདི་སྐད་བརྗོད་དོ༔ ན་མོ།་་་ཁ་སྐོང་། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་གཟུངས་སྔགས་དང་རིག་སྔགས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། འཆི་མེད་ཚེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ལས། འཇིག་རྟེན་གྱི་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདིར་འདུས་ལ། མི་འདིའི་་་རྟ་འདིའི་སོགས་ཁ་བསྒྱུར།གླུད་གཏོར་གཙང་མ་འདི་ལོངས་ཤིག །མི་འདིའི་གླུད་གཏོར་གཙང་མ་འདི་ལོངས་ལ། མི་འདིའི་ལན་ཆགས་བུ་ལོན་ཐམས་ཅད་ཁྱེར་བར་གྱུར་ཅིག །མི་འདིའི་ལུས་ཀྱི་ནད་གདོན་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཁྱེར་ལ། མི་འདི་ནད་དང་གདོན་ལས་ཐར་བར་གྱུར་ཅིག །ཅེས་བརྗོད་ལ་དབྱངས་བཅས་འདི་སྐད་དོ། །ཧཱུྃ༔་་་གཞུང་དངོས། ཡ་མཱནྟ་ཀ་མན་ཆད་ནས༔ གཤིན་རྗེ་ཕྲ་མོ་ཡན་ཆད་ཀྱི༔ གཤིན་རྗེའི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ རྒྱལ་པོ་པེ་ཧར་མན་ཆད་ནས༔ རྒྱལ་ཕྲན་ཕྲ་མོ་ཡན་ཆད་ཀྱི༔ རྒྱལ་པོའི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ བཙན་རྒོད་ཆེན་པོ་མན་ཆད་ནས༔ ལུང་བཙན་ཕྲ་མོ་ཡན་ཆད་ཀྱི༔ བཙན་གྱི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ བདུད་བཙན་ནག་པོ་མན་ཆད་ནས༔ བདུད་བཙན་ཕྲ་མོ་ཡན་ཆད་ཀྱི༔ བདུད་ཀྱི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ རྡོ་རྗེ་ལེགས་པ་མན་ཆད་ནས༔ འགོང་པོ་ཕྲ་མོ་ཡན་ཆད་ཀྱི༔ འགོང་པོའི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ གཟའ་ཆེན་རཱ་ཧུ་མན་ཆད་ནས༔ གཟའ་ཕྲན་ཕྲ་མོ་ཡན་ཆད་ཀྱི༔ གཟའ་ཡི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ མ་མོ་བརྟན་མ་མན་ཆད་ནས༔ བརྟན་མ་བཅུ་གཉིས་ཡན་ཆད་ཀྱི༔ བརྟན་མའི་རིགས་གྱུར་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ བགེགས་ཆེན་བརྒྱད་ཅུ་མན་ཆད་ནས༔ མཁའ་ལ་རྒྱུ་བ་ཡན་ཆད་ཀྱི༔ བགེགས་ཚོགས་འབྱུང་པོ་ཐམས་ཅད་ལ༔ གླུད་གཏོར་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ གྲི་བོ་གྲི་མོ་མན་ཆད་ནསཿ ཤི་འདྲེ་གསོན་འདྲེ་ཡན་ཆད་ཀྱི༔ དགྲ་འདྲེའི་རིགས་གྱུར་ཐམས་ཅད་ལ༔ གྲིབ་གླུད་གཙང་མ་འདི་འབུལ་གྱིས༔ མི་འདི་ནད་ལས་གྲོལ་གྱུར་ཅིག༔ མདོས་ཁ་བསྒྱུར་ལ། བསྔོ་འོ་གཏོང་ངོ་གླུད་འདི་གཏོང༔ མི་འདིའི་་་རྟ་འདིའི་སོགས།ལུས་ངག་ཡིད་གསུམ་གྱི༔ ནད་གདོན་མ་ལུས་ཞི་གྱུར་ཅིག༔ མི་བས་དགའ་བའི་གླུད་གཏོང་ངོ༔ བཀའ་སྡོད་དམ་ཅན་མན་ཆད་ནས༔ འདྲེ་ངན་ཕྲ་མོ་ཡན་ཆད་ཀྱི༔ ཆེ་འབྲིང་ཆུང་གསུམ་ཐམས་ཅད་ལ༔ ནད་པའི་ཚབ་ཏུ་གླུད་འདི་བསྔོ༔ མི་འདི་་་རྟ་འདི་སོགས།ནད་ལས་གྲོལ་གྱུར་ཅིག༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ པདྨའི་བཀའ་ལས་མ་འདའ་བར༔ མི་འདི་་་རྟ་འདི་སོགས།ནད་ལས་གྲོལ་བ་དང༔ ཁྱེད་རྣམས་གླུད་འདིས་ཚིམས་གྱུར་ཅིག༔ ཅེས་བརྗོད་ལ་གླུད་གཏོར་རྣམས་ཕྱི་རོལ་དུ་བསྐྱལ། ཕྱི་མིག་མི་བལྟ་བར་ལོག་འོང་། སྤྲུལ་སྐུ་བསྟན་གཉིས་གླིང་པ་ལ་གུ་རུ་པདྨས་ཞལ་དངོས་སུ་གཟིགས་ནས་གནང་བའོ།། །།

ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས༔ རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་བཞི་ (Volume 5, Text 27)

༁ྃ༔ ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས༔ རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་བཞི་བཞུགས་སོ༔ རྒྱ་གར་སྐད་དུ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སཾ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ ཡང་དག་པ་རྩ་བ་གསུམ་གྱི་རྒྱུད་ཅེས་བྱ་བ༔ དཔལ་ཚེ་དཔག་མེད་ཀྱིས་རང་བྱུང་དགོངས་པའི་ཀློང་ནས་ཡེ་ཤེས་ཆེན་པོའི་སྣང་ཆར་རྩ་བ་གསུམ་མངོན་པར་སྤྲུལ་ཏེ་འདི་གསུངས་སོ༔ ཨེ་མ་ཧོ༔ བདེ་བར་གཤེགས་པ་ཐམས་ཅད་ནི༔ རྩ་བ་གསུམ་གྱི་ངང་དུ་རྫོགས༔ སངས་རྒྱས་ཐོག་མ་བླ་མ་སྟེ༔ སངས་རྒྱས་ཀུན་ཀྱང་བླ་མར་བསྟེན༔ བླ་མ་ཀུན་གྱི་རྩ་བ་ཡང༔ བདག་ཉིད་ངོ་མཚར་མཚོ་ལས་འཁྲུངས༔ པདྨ་བཛྲ་འཆི་མེད་རྒྱལ༔ དུས་གསུམ་བླ་མ་ཐོད་པ་རྩལ༔ རྒྱལ་ཀུན་འདུས་པ་དེ་ཁོ་ན༔ ཞི་བར་སྣང་བ་སྤྱན་རས་གཟིགས༔ ཁྲོ་བོ་དབང་ཆེན་དྲག་པོ་རྩལ༔ དངོས་གྲུབ་ཀུན་གྱི་བདག་ཉིད་རྫོགས༔ རྡོ་རྗེ་ཕག་མོ་ལ་སོགས་པའི༔ མཁའ་འགྲོ་རྣམས་དང་ལྷན་ཅིག་རོལ༔ ཕྲིན་ལས་རབ་མྱུར་དངོས་གྲུབ་ཆེ༔ སྐུ་ལྔ་མཚན་བརྒྱད་ཅིར་ཡང་སྣང༔ རོལ་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ བླ་མའི་སྐུ་ཡི་ངང་དུ་རྫོགས༔ ཡན་ལག་དྲུག་ཅུའི་དབྱངས་ལྡན་པས༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱང་གསུངས༔ ཐུགས་ནི་དབྱིངས་རིག་གཉིས་སུ་མེད༔ ཡོན་ཏན་རྒྱ་ཆད་ཕྱོགས་ལྷུང་བྲལ༔ ཕྲིན་ལས་ནམ་མཁའི་མཐའ་དང་མཉམ༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན༔ ཡེ་ཤེས་རྩ་བ་གསུམ་དུ་ཤར༔ འགྲོ་བ་སྨིན་མཛད་བླ་ན་མེད༔ དེ་ཉིད་བསྙེན་ཅིང་སྒྲུབ་པའི་ཚེ༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་བསྙེན་པར་བྱ༔ སྒྲུབ་དུས་བླ་མ་སྙིང་གར་བསྒོམ༔ མཆོད་བསྟོད་ཚུལ་དུ་ཛཔ྄་བཟླ་འོ༔ ལས་སྦྱོར་གནས་སྐབས་ཐུན་མོང་གི༔ འཆི་མེད་ཚེ་ཡི་སྒྲུབ་པ་ནི༔ བླ་མ་གནས་ལྔར་བསམ་བྱས་ཏེ༔ འབྱུང་ལྔའི་བཅུད་བསྡུས་ཚེ་སྒྲུབ་དང༔ དུག་ལྔ་སྦྱངས་པས་མཆོག་ཀྱང་འགྲུབ༔ ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔ བྱེ་བྲག་བླ་མའི་དབང་ལྔ་དང༔ ཡི་དམ་ཚེ་ཡི་བཅུད་ལེན་དང༔ མཁའ་འགྲོའི་ལས་ལྔ་སྒྲུབ་པ་ལ༔ གནས་ལྔར་རིགས་ཆུང་བསྒོམ་པ་འོ༔ ཞེས་གསུངས་སོ༔ རྩ་གསུམ་ཀུན་དྲིལ་ཡེ་ཤེས་ཀློང་ཡངས་ཀྱི་རྩ་བའི་རྒྱུད་བསྟན་པའི་ལེའུ་དང་པོའོ༔ དེ་ནས་ཐུགས་རྗེ་ཆེན་པོས་སླར་གསོལ་པ༔ ཀྱེ་ཧོ་མགོན་པོ་ཚེ་བདག་དགོངས་སུ་གསོལ༔ བདེ་གཤེགས་རྩ་གསུམ་ངང་རྫོགས་ཅི་ཡི་དོན༔ བླ་མ་སངས་རྒྱས་ཐོག་མར་གྱུར་དོན་ཅི༔ སངས་རྒྱས་བླ་མར་བསྟེན་པ་ཅི་ཡི་དོན༔ དེ་དག་ཐམས་ཅད་མགོན་པོས་བཤད་དུ་གསོལ༔ སླར་ཡང་ཚེ་དཔག་མེད་ཀྱིས་བཀའ་བསྩལ་པ༔ ཉོན་ཅིག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་རྣམས༔ མཁྱེན་བརྩེ་ནུས་པ་ཅན་དུ་མ་གྱུར་མེད༔ མཁྱེན་པའི་བྱིན་རླབས་རྩ་བ་བླ་མ་རྗེ༔ བརྩེ་བའི་དངོས་གྲུབ་རྩ་བ་ཡི་དམ་ལྷ༔ ནུས་པའི་ཕྲིན་ལས་རྩ་བ་མཁའ་འགྲོ་མ༔ བླ་མ་སངས་རྒྱས་ཐོག་མར་བྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་གསག་པར་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ རང་རིག་བླ་མར་སྟོན་པའི་འདྲེན་པ་དེ༔ བླ་མ་གཟུགས་སྐུའི་བདག་ཉིད་ཅིག་ལ་ལྟོས༔ ཀུན་བཟང་མ་གཏོགས་དེར་མ་བསྟེན་པ་ཡི༔ སངས་རྒྱས་བྱུང་བ་བདག་གིས་མ་མཐོང་ངོ་༔ དེ་ཕྱིར་བླ་མ་དམ་པ་བསྟེན་པ་གཅེས༔ ཞེས་བདེ་བར་གཤེགས་པ་ཐམས་ཅད་རྩ་བ་གསུམ་དུ་འདུས་ཤིང་སྤྱིར་བླ་མ་ཆེ་བར་བཤད་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་སྤྱན་རས་གཟིགས་ཀྱིས་ཡང་ཞུས་པ༔ ཀྱེ་ཧོ༔ མགོན་པོ་ཚེ་བདག་དགོངས་སུ་གསོལ༔ བདེ་གཤེགས་བླ་མ་ཀུན་གྱི་རྩ་བ་ཡང༔ མགོན་པོ་ཁྱེད་ཀྱི་སྤྲུལ་པ་མཚོར་འཁྲུངས་པ༔ མཚན་ཡང་པདྨ་བཛྲ་འཆི་མེད་རྒྱལ༔ དུས་གསུམ་བླ་མ་ཀུན་འདུས་ཐོད་པ་རྩལ༔ རྒྱལ་ཀུན་འདུས་པ་དེ་ཁོ་ནར་སྟོན་པ༔ ཞི་ཁྲོའི་རྣམ་པ་ཅིར་ཡང་སྤྲུལ་ཚུལ་རྣམས༔ མགོན་པོ་མཆོག་གིས་ཡང་དག་བཤད་དུ་གསོལ༔ ཞུས་པས་སླར་ཡང་སྟོན་པས་བཀའ་བསྩལ་པ༔ ཀྱེ་ཧོ་ཉོན་དང་སྙིང་རྗེའི་བདག་ཉིད་ཆེ༔ ཀུན་ཁྱབ་ཀུན་བཟང་གཟུགས་སུ་ཤར་བ་ལ༔ སྣང་ཚུལ་མང་ཡང་ཕལ་ཆེར་མཐུན་སྣང་དུ༔ བདག་གི་སྤྲུལ་པ་མཚོ་ལས་འཁྲུངས་པ་སྟེ༔ དྲང་དོན་ཐ་སྙད་ཙམ་དུ་གོ་བར་གྱིས༔ ངེས་ཚིག་ཀུན་བཟང་པདྨ་བཛྲ་སྟེ༔ རྒྱལ་བ་ཐམས་ཅད་ཀུན་བཟང་ཆོ་འཕྲུལ་ཡིན༔ དེ་བས་རང་རིག་བླ་མ་ཀུན་གྱི་གཞི༔ སྟོང་ཉིད་དྲི་བྲལ་ཤེས་རབ་པདྨའི་ཀློང༔ སྣང་བ་བདེ་ཆེན་འགྱུར་མེད་རྡོ་རྗེ་གཉིས༔ ཟུང་འཇུག་སྐུ་བརྙེས་ཡོད་དོ་ཅོག་ཐམས་ཅད༔ ཀུན་འདུས་ཕྱིར་ན་པདྨ་བཛྲ་ཞེས༔ ཐོག་མའི་སངས་རྒྱས་ཀུན་ཀྱང་འདུས་པ་དང༔ ད་ལྟའི་སངས་རྒྱས་རྣམས་ཀྱང་དེ་ལས་བྱུང༔ མ་འོངས་རྣམ་འདྲེན་འབྱུང་ཚད་འདི་ཡིས་སྤྲུལ༔ ཐེག་དགུའི་ཡང་རྩེ་གསང་སྔགས་བླ་མེད་ནི༔ རགས་པའི་ཁམས་རྫོགས་མི་ལུས་ལ་ལྟོས་པས༔ མི་ཡི་ཡུལ་དུ་གསང་སྔགས་སྟོན་པའི་རྒྱལ༔ ཁྱད་འཕགས་འཇིག་རྟེན་འདི་རུ་རྩལ་དབང་ཅན༔ ཐོད་རྒལ་རིག་པའི་རྩལ་དབང་ཐོབ་པ་འོ༔ རྒྱལ་བ་ཀུན་གྱི་སྤྱི་གཟུགས་འདི་ཁོ་ན༔ ཆགས་ཤིང་ཞི་བས་འདུལ་ལ་ཞི་བ་དང༔ སྡང་ཞིང་ཁྲོ་བོས་འདུལ་ལ་ཁྲོ་བོར་སྣང༔ ཅིར་ཡང་འཕྲུལ་པ་རྒྱལ་སྲས་པདྨ་འབྱུང༔ རང་རིག་བླ་མའི་རྒྱལ་པོར་བདག་གིས་བཤད༔ ཅེས་རིག་འཛིན་པདྨ་བཛྲ་མི་ཡི་ཐོད་པ་རྩལ་གྱི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་སྙིང་རྗེ་ཅན་གྱིས་ཡང་ཞུས་པ༔ ཀྱེ་ཧོ་མགོན་པོ་ཚེ་བདག་དགོངས་སུ་གསོལ༔ དབང་ཆེན་རྟ་མགྲིན་པདྨ་དྲག་པོ་རྩལ༔ དངོས་གྲུབ་ཀུན་གྱི་བདག་ཉིད་རྫོགས་པའི་དོན༔ བདག་ཅག་རྣམས་ལ་མགོན་པོས་བཤད་དུ་གསོལ༔ ཞེས་ཞུས་སླར་ཡང་མགོན་པོས་བཀའ་བསྩལ་པ༔ དབང་དང་ལྡན་པ་རྒྱལ་ཀུན་འདུས་པའི་སྐུ༔ ཆེ་བའི་ཆེ་མཆོག་ཀུན་གྱི་བདག་ཉིད་དོ༔ ས་ལམ་བགྲོད་པའི་རྟ་མཆོག་ཆོས་ཀུན་ཀྱང༔ མགྲིན་པར་རྫོགས་པའི་དཔའ་བོ་དེ་ཉིད་ནི༔ སངས་རྒྱས་ཀུན་གྱི་དངོས་གྲུབ་འབྱུང་བའི་ཞལ༔ རྟ་ཞལ་ཕྱུངས་ཏེ་པདྨ་དྲག་པོ་རྩལ༔ འཇིག་རྟེན་མཐུ་ཆེན་ཀུན་གྱི་གཤེད་དུ་སྣང༔ བླ་མ་དབང་ཆེན་དྲག་པོ་རྩལ་དེ་ཡི༔ ཡེ་ཤེས་བརྒྱད་ལས་སྒྲུབ་སྡེ་བརྒྱད་དུ་སྟོན༔ ཡི་དམ་ཀུན་གྱི་ཁྱབ་བྱེད་བདག་གིས་བཤད༔ ཅེས་རྟ་མགྲིན་དང་པདྨ་དྲག་པོ་རྩལ་གྱི་མཚན་ཉིད་བཤད་པའི་ལེའུ་སྟེ་བཞི་པའོ༔ དེ་ནས་ཕྱག་ན་པདྨས་ཡང་ཞུས་པ༔ ཀྱེ་ཧོ་མགོན་པོ་ཚེ་བདག་དགོངས་སུ་གསོལ༔ བླ་མ་རིག་འཛིན་པདྨ་དབང་ཆེན་དེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་མས༔ རྟག་ཏུ་འཁྱུད་ཅིང་ཕྲིན་ལས་མྱུར་བའི་དོན༔ སྐུ་ལྔ་མཚན་བརྒྱད་ཞི་ཁྲོ་མི་ཟད་རྒྱན༔ མ་ལུས་སྟོན་པས་དེ་དག་བཤད་དུ་གསོལ༔ ཞེས་ཞུས་སླར་ཡང་མགོན་པོས་བཀའ་བསྩལ་པ༔ རྒྱལ་ཀུན་ཡུམ་གྱུར་སྟོང་ཉིད་ཀུན་བཟང་མོ༔ བཟང་ངན་མེད་པར་ཀུན་ཁྱབ་ཕག་ཞལ་ཅན༔ རྡོ་རྗེ་བཙུན་མོའི་ཀློང་དུ་ཆོས་ཀུན་རྫོགས༔ རྟེན་ཅིང་འབྲེལ་འབྱུང་ཕྲིན་ལས་ཚུལ་དེས་མྱུར༔ དོན་དུ་རྩ་གསུམ་བཙུན་མོའི་མཁའ་ལས་བྱུང༔ རང་རིག་བླ་མའི་སྐུ་ལས་སྐུ་ལྔ་དང༔ ཡེ་ཤེས་ལས་ནི་མཚན་བརྒྱད་ཅེས་སུ་གྲགས༔ གཟུགས་སྐུ་ཐམས་ཅད་མཚན་དང་དཔེ་བྱད་རྫོགས༔ གསུང་གིས་ཐེག་པ་དུ་མའི་ཐབས་ཚུལ་སྟོན༔ ཐུགས་ནི་རང་བཞིན་སྤྲོས་དང་བྲལ་བ་ཉིད༔ ཡོན་ཏན་བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ ཕྲིན་ལས་གདུལ་བྱ་དུས་ལས་མི་ཡོལ་བར༔ སྐུ་ནི་མདུན་རྒྱབ་མེད་ཅིང་ཕྱོགས་ལྷུང་བྲལ༔ གསུང་ནི་གྲགས་ཤིང་མ་གྲགས་རང་བྱུང་གསུང༔ ཐུགས་ནི་འཛིན་རྟོག་བྲལ་བར་ལྷུན་གྱིས་གྲུབ༔ ཡོན་ཏན་ཞིང་ཁམས་ལོངས་སྤྱོད་བསམ་མི་ཁྱབ༔ ཕྲིན་ལས་རང་བཞིན་ཤུགས་འབྱུང་དུས་མི་ཡོལ༔ ནམ་མཁའི་སྤྲིན་དང་འཇའ་ཤེལ་བཞིན༔ རྩོལ་མེད་རང་བྱུང་རང་ཤར་བས༔ འགྲོ་ལ་སྣ་ཚོགས་སྣང་བས་འདུལ༔ བླ་མེད་ས་ལ་སྦྱོར་བ་འོ༔ ཞེས་རྡོ་རྗེ་ཕག་མོའི་ཀློང་ནས་རྩ་བ་གསུམ་ཤར་ཞིང་སྐུ་ལྔ་མཚན་བརྒྱད་སྐུ་གཉིས་ཀྱི་མི་ཟད་རྒྱན་རྣམས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་སྤྱན་རས་གཟིགས་ཀྱིས་ཡང་ཞུས་པ༔ ཀྱེ་ཧོ་མགོན་པོ་ཚེ་བདག་དགོངས་སུ་གསོལ༔ བླ་མ་བསྙེན་ཅིང་སྒྲུབ་པའི་ལས་ཚོགས་ལས༔ གནས་ལྔར་ཚེ་སྒྲུབ་དུག་སྦྱོང་དབང་ལས་སོགས༔ མགོན་པོས་བདག་ལ་ངེས་པར་བཤད་དུ་གསོལ༔ ཞེས་ཞུས་སླར་ཡང་མགོན་པོས་བཀའ་བསྩལ་པ༔ བསྙེན་དུས་བླ་མ་རྡོ་རྗེ་འཆང་ཆེན་བསྒོམ༔ སྒྲུབ་དུས་སྙིང་གར་བླ་མ་ཚེ་དཔག་མེད༔ ཐུན་མོང་ལས་སྦྱོར་བླ་མ་ཚེ་བདག་ལྔ༔ ཡབ་ཡུམ་བཅས་པས་ཚེ་བཅུད་ཐམས་ཅད་དང༔ འབྱུང་ལྔའི་བཅུད་རྣམས་སོ་སོར་བསྡུ་བ་དང༔ ཁྱད་པར་ལས་ཀྱི་ཕྱག་རྒྱ་བསྟེན་པ་ཟབ༔ དབང་དོན་ཡེ་ཤེས་འོད་ཀྱིས་དུག་ལྔ་སྦྱང༔ དབང་བཞི་ཕྲིན་ལས་བཞི་ལ་དབང་བ་དང༔ ལས་བཞི་གང་བསམ་སྒྲུབ་པ་ལས་ལྔ་འོ༔ ཅེས་གསུངས་འཁོར་རྣམས་ཡི་རང་ལེགས་སོ་གསོལ༔ ཞེས་རྩ་རྒྱུད་རྒྱས་པར་བཤད་པའི་ལེའུ་སྟེ་དྲུག་པའོ༔ དེ་ནས་སྤྱན་རས་གཟིགས་ཀྱིས་སླར་གསོལ་པ༔ ཨེ་མ་མགོན་པོ་རྩ་བ་གསུམ་གྱི་བདག༔ བསྙེན་སྒྲུབ་ལས་གསུམ་སྦྱོར་བའི་ཆོ་ག་དང༔ ལྷ་སྔགས་ལྟ་བ་ཇི་ལྟར་མཆིས་ཞུས་པས༔ མགོན་པོས་ལེགས་སོ་སྙིང་རྗེའི་བདག་ཉིད་ཉོན༔ སྦྱོར་བ་ཕུན་སུམ་ཚོགས་པའི་གནས་དག་ཏུ༔ སྐུ་འབག་ཐོད་པ་གཏོར་མ་དཀྱིལ་འཁོར་བཤམ༔ ཆོ་ག་བསྐྱེད་པའི་རིམ་པ་གསལ་བཏབ་སྟེ༔ དེ་ཡང་རིན་ཆེན་པདྨ་སྤེལ་བའི་སྟེང༔ དབང་ཆེན་རྟ་དབུ་ཕག་ཞལ་གཉིས་འཁྲིལ་པའི༔ སྤྱི་བོར་བླ་མ་ཡབ་ཡུམ་ཐུགས་ཀ་རུ༔ སྟོན་པ་བདག་ཉིད་བསྒོམས་པའི་རོལ་རྩལ་ལས༔ བར་ཁྱམས་ཀུན་ཏུ་འཁོར་ཚོགས་རབ་འབྱམས་བསྒོམ༔ མཆོད་བསྟོད་ཛཔ྄་ཀྱི་རིམ་པ་འདི་ལྟ་སྟེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ལྟ་བ་རང་བྱུང་རང་ཤར་རང་གྲོལ་ལོ༔ ཞེས་ཕྱི་མའི་རྒྱུད་བསྟན་པའི་ལེའུ་སྟེ་བདུན་པའོ༔ དེ་ནས་སྤྱན་རས་གཟིགས་ཀྱིས་སླར་ཞུས་པ༔ ཨེ་མ༔ མགོན་པོ་ཚེ་དང་ཡེ་ཤེས་དཔག་མེད་དགོངས༔ རང་བྱུང་དགོངས་པ་བསྐྱང་ཚུལ་ཇི་ལྟར་བགྱི༔ ཞུས་པས་ལན་དུ་མགོན་པོས་བཀའ་བསྩལ་པ༔ དད་པ་ཤེས་རབ་ངེས་འབྱུང་གཏན་ཕེབ་དང༔ བརྩོན་འགྲུས་མི་རྟག་སྒྲིབ་སྦྱང་ཚོགས་བསགས་ནས༔ རང་སེམས་སྐྱེ་འགག་གནས་བྲལ་རང་བྱུང་བ༔ དུག་ལྔ་ཉོན་མོངས་རྟོག་ཚོགས་རང་ཤར་བ༔ རང་རིག་ཡེ་དག་རྟོག་མེད་ངང་དུ་བསྒོམ༔ ཞེས་གསུངས་སྟོན་འཁོར་སྟོན་བྱ་མེད་པར་རྫོགས༔ ཕྱི་མའི་ཕྱི་མ་མན་ངག་གི་རྒྱུད་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ཞེས་རྩ་བ་གསུམ་གྱི་རྒྱུད་བཞི་འདི་མ་འོངས་ལྷ་སྲས་ཡབ་ཡུམ་དང་འཕྲད་ནས་ཆོས་སྒོ་མཐའ་ཡས་པ་ས་མནྟ་བྷ་དྲ་ཤིང་སྟག་ལོ་པ་དང༔ ཤཱ་ས་ནའི་མིང་ཅན་ཤིང་སྤྲེལ་ལོ་པ་དང་འཕྲད་པར་ཤོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་ནམ་མཁའ་མཛོད་ནས་གདན་དྲངས་ཤིང་སྐྱིད་འབྱམས་འཆི་མེད་སེང་གེ་རྫོང་དུ་དག་པར་ཕབས་པ་སྟེ། བླ་མ་རྩ་གསུམ་ཡོངས་རྫོགས་ཀྱི་བཤད་བྱ་རྩ་བའི་རྒྱུད་ལེའུ་གཅིག །འཆད་བྱེད་བཤད་པའི་རྒྱུད་ལེའུ་ལྔ། བཤད་པའི་སྙིང་པོ་མདོར་དྲིལ་བ་ཕྱི་མའི་རྒྱུད་ལེའུ་གཅིག །ཕྱི་མའི་ཕྱི་མ་མན་ངག་གི་རྒྱུད་ལེའུ་གཅིག་སྟེ་རྒྱུད་བཞི་ལེའུ་བཀྲ་ཤིས་པའི་གྲངས་ཀྱིས་ཕྱེ་བས། རྩ་བ་གསུམ་གྱི་རྒྱུད་བཞི་ཞེས་གྲགས་པ་རྒྱ་ཆེ་བ་དང་ཟབ་མོའི་གཞུང་དང་མན་ངག་ཐམས་ཅད་ཀྱི་འབྱུང་གནས་ས་བོན་ལྟ་བུའི་ཆོས་སྡེ་སྙིང་པོའི་སྙིང་པོ་བླ་ན་མེད་པ་ངོ་མཚར་ཅན་ནོ། །མངྒ་ལཾ་བྷ་བ་ཏུ།། །།

ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ བདེ་ཆེན་རྒྱལ་མོའི་མཆོད་གསོལ་ (Volume 11, Text 27)

༁ྃ༔ ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ བདེ་ཆེན་རྒྱལ་མོའི་མཆོད་གསོལ་བཞུགས༔ ༔ བདེ་ཆེན་ལྷན་ཅིག་སྐྱེས་མར་འདུད༔ ཡེ་ཤེས་དབྱིངས་ནས་ལས་ཀྱི་ཚུལ༔ སྒྱུ་འཕྲུལ་སྐུར་སྟོན་རྣལ་འབྱོར་མ༔ གསང་ཆེན་ཟབ་མོའི་མཛོད་གཉེར་བའི༔ དྷཱ་ཀི་ཀུན་གྱི་དབང་ཕྱུག་མ༔ མཆོད་གསོལ་གཏོར་མ་འབུལ་བ་ནི༔ བནྡྷ་རིན་ཆེན་སྣོད་བཟང་དུ༔ དཀར་ཟླུམ་པདྨས་བརྒྱན་པ་དང༔ དབང་དྲག་བཤོས་བུ་མཐེབ་ཀྱུས་བསྐོར༔ བཟའ་བཅའ་སྣ་ཚོགས་ཅི་འབྱོར་སྤུངས༔ སྨན་ཕུད་རཀྟའི་སྐྱེམས་ལ་སོགས༔ དགྱེས་སྐྱེད་མཆོད་པའི་དམ་རྫས་བཤམ༔ བདག་ཉིད་གུ་རུའི་ཏིང་འཛིན་གསལ༔ རཾ་ཡཾ་ཁཾ་གིས་ཉེས་སྐྱོན་སྦྱངས༔ མཚན་འཛིན་རྟོག་བྲལ་ངང་ཉིད་ལས༔ རླུང་མེ་ཐོད་པའི་སྒྱེད་པུའི་སྟེང༔ རབ་ཡངས་པདྨ་བྷཉྫའི་ནང༔ ཤ་ལྔ་བདུད་རྩི་འབྲུ་ལྔ་བཅས༔ རླུང་མེས་བསྐོལ་བས་བདུད་རྩིར་ཞུ༔ རླངས་པར་ཟླ་དཀྱིལ་འབྲུ་གསུམ་མཚན༔ འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག༔ དམ་ཚིག་བདུད་རྩིའི་རྒྱ་མཚོར་འདྲེས༔ ཟག་མེད་འདོད་ཡོན་སྤྲིན་འཕྲོ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་མཆོད་གཏོར་བྱིན་གྱིས་བརླབ༔ མདུན་གྱི་དབུས་སུ་པད་ཟླའི་སྟེང༔ ཧྲཱིཿལས་བདེ་ཆེན་རྒྱལ་མོ་ནི༔ དཀར་གསལ་མཛེས་འཛུམ་གསེར་འོད་འབར༔ ཕྱག་གཉིས་རྡོ་རྗེ་ཚེ་བུམ་བསྣམས༔ དར་དཀར་ན་བཟའ་གཡང་ལུགས་གསོལ༔ རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ དེ་ཡི་གཡས་སུ་པད་ཉི་ལ༔ བཾ་ལས་བདེ་ཆེན་དབང་ཕྱུག་མ༔ དམར་མོ་སྒེག་ཅིང་ཆགས་པའི་ཉམས༔ ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ དར་དམར་པད་ཕྲེང་རུས་པས་བརྒྱན༔ འོད་དམར་དབུས་སུ་བརྐྱང་བསྐུམ་གར༔ གཡོན་དུ་པད་ཉི་རོ་གདན་ལ༔ བྷྱོ་ལས་བདེ་ཆེན་ཁྲོས་མ་ནི༔ མཐིང་ནག་ཁྲོ་རྔམ་རལ་པ་གཡེང༔ གྲི་གུག་ཕྱར་ཞིང་ཐོད་ཁྲག་རྔུབ༔ ཁྲོ་མོའི་ཆས་རྫོགས་མེ་དབུས་འགྱིང༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ འཁོར་དུ་མཁའ་འགྲོ་ཤུགས་འགྲོ་དང༔ ཤ་ཟ་དམན་མོ་བརྟན་མ་སོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཚུབས༔ བདག་ཉིད་ཐུགས་ལས་འོད་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ གུ་གུལ་ཚིལ་ཆེན་དུད་པ་བཏང༔ ཐོད་རྔ་རྐང་གླིང་བཤུགས་གླུ་བཅས༔ ཧྲཱི༔ མཁའ་དབྱིངས་བདེ་ཆེན་ཀློང་ཡངས་ནས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པ༔ གསང་ཆེན་བཀའ་ཡི་གཉེར་འཛིན་ཅིང༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག༔ ཞི་ཆགས་ཁྲོས་པའི་རྣམ་འགྱུར་སོགས༔ ཅིར་ཡང་སྟོན་པའི་འཕྲུལ་མོ་ཆེ༔ མཁའ་འགྲོ་ཀུན་གྱི་དབང་ཕྱུག་མ༔ བདེ་ཆེན་རྒྱལ་མོ་ཞེས་སུ་གྲགས༔ དུས་དྲུག་སྒྲུབ་པ་པོ་ལ་གཟིགས༔ མ་བས་བྱམས་ཤིང་སྲིང་བས་གདུང༔ གྲོགས་ལྟར་བརྩེ་ཞིང་བྲན་ལྟར་གུས༔ མཁའ་འགྲོ་མང་པོའི་དབུས་ན་འགྱིང༔ ཤུགས་འགྲོ་མང་པོ་བྲན་དུ་བཀོལ༔ མ་མོ་བྱེ་བ་ལས་ལ་འགྱེད༔ བདག་གིས་གདུང་བས་སྤྱན་འདྲེན་ན༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ མ་མ་དྷཱ་ཀི་ཀ་ར་སིདྡྷི་མ་ཧཱ་སུ་ཁ་སུ་རཱི་བ་ཤང་ཀུ་རུ་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མཱ་མི༔ ཧྲཱི༔ མཁའ་འགྲོ་བདེ་ཆེན་དབང་རྒྱལ་མོ༔ ཁྲོས་མ་འཁོར་དང་བཅས་པ་ལ༔ ཕྱི་མཆོད་ལྷ་རྫས་ཉེར་སྤྱོད་དང༔ ནང་མཆོད་འདོད་པའི་ཡོན་ཏན་ལྔ༔ བདུད་རྩི་སྨན་ཕུད་རཀྟའི་སྐྱེམས༔ བཟའ་བཅའ་སྣ་ཚོགས་བ་ལིཾ་ཏ༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ མཆོད་སྒྲུབ་སྐོང་བའི་དམ་ཚིག་རྫས༔ དགྱེས་རྒུའི་ལོངས་སྤྱོད་བསམ་མི་ཁྱབ༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ དུར་ཁྲོད་དྲག་པོའི་མཆོད་སྤྲིན་སོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ ཟག་མེད་བདེ་བས་རབ་མཉེས་ནས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ ཁྱད་པར་གཏོར་འབུལ་ཕྲིན་ལས་བཅོལ༔ ཧྲཱིཿམ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཾ་མ་ཧཱ་སུ་ཁ་བ་ཤཾ་དེ་བཱི་ཨི་དཾ༴ བྷྱོ་མ་ཧཱ་སུ་ཁ་ཀྲོ་དྷཱི་ཀཱ་ལི་ཨི་དཾ༴ དྷརྨ་པཱ་ལ་ནི་དྷི་པ་ཏི་མ་མ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ༴ ཧྲཱི༔ ལྷན་སྐྱེས་ཡེ་ཤེས་མཁའ་འགྲོ་མ༔ ཐབས་ཀྱི་ཆ་ལུགས་སྣ་ཚོགས་ཀྱིས༔ མཁའ་འགྲོ་གསང་བའི་བརྡ་ཆོས་སྟོན༔ ལས་དང་སྐལ་པར་ལྡན་པ་ལ༔ དཀར་འཛིན་བདེ་ཆེན་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ སྒྲུབ་པའི་རིག་འཛིན་གྲོགས་མཛད་ཅིང༔ དམ་ཉམས་སྲོག་གི་དྭངས་མ་ནི༔ ཐབས་ཀྱི་སྒོ་ནས་ལེན་པར་བྱེད༔ ཞི་ཆགས་འབར་བའི་ཉམས་ལྡན་མ༔ སྤྲུལ་པ་མངགས་གཞུག་བཅས་པ་རྣམས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་དང༔ མི་འབྲལ་མ་བུ་བཞིན་དུ་འགྲོགས༔ སྐྱེ་འགྲོའི་མོས་པའི་སྣང་བ་ནི༔ དཀར་པོའི་དགེ་ལ་བསྒྱུར་བ་དང༔ མཆོག་དང་ཐུན་མོང་རྣམ་གཉིས་ཀྱི༔ དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ རྗེས་འཇུག་སྐལ་ལྡན་བུ་སློབ་རྣམས༔ ལོག་པའི་ལམ་དུ་མ་གཏང་བར༔ དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ སྐད་ཅིག་ཉིད་ལ་ལམ་སྣ་དྲོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་པཱ་པཾ་ཛྭ་ར་རོ་ག་མྲྀཏྱུ་ཨ་པ་ཀཱ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨཱཿཡུཿཔུཎྱེ་ཤྲཱི་མངྒ་ལ་སྭསྟི་པུཥྚིཾ་ཀུ་རུ་བྷྲཱུྃ༔ ཨེ་ཝཾ་སུ་ཁ་དྷ་ར་བྷྲཱུྃ་ཧྲིང་ཨ་ཧྲིང་ཛཿཛ༔ ཤ་ཏྲུཾ་བིགྷྣཱན་བི་ནཱ་ཡ་ཀ་མཱ་ར་ཡ་ཧཱུྃ་རྦད་ཕཊ༔ ཧྲཱི༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ གསང་སྔགས་བསྟན་པ་སྲུང་བའི་ཕྱིར༔ སྣ་ཚོགས་སྤྲུལ་པའི་ཆོ་འཕྲུལ་གྱིས༔ རྣམ་བཞིའི་ཕྲིན་ལས་མཛད་ལ་བསྟོད༔ སྐུ་སྤྲུལ་དཀར་མོ་ཞི་ཞིང་མཛེས༔ རྡོ་རྗེས་སྒྲུབ་པའི་བར་ཆད་སེལ༔ བུམ་བཟང་རྣལ་འབྱོར་ཚེ་བསོད་སྤེལ༔ དབྱིངས་ཕྱུག་བདེ་ཆེན་རྒྱལ་མོར་བསྟོད༔ གསུང་སྤྲུལ་དམར་མོ་སྒེག་ཅིང་ཆགས༔ ལྕགས་ཀྱུས་ཁམས་གསུམ་དབང་དུ་སྡུད༔ ཞགས་པས་བརྟན་གཡོ་འཆིང་བར་བྱེད༔ བདེ་ཆེན་དབང་གི་རྒྱལ་མོར་བསྟོད༔ ཐུགས་སྤྲུལ་མཐིང་ནག་ཁྲོ་གཏུམ་རྔམས༔ གྲི་གུག་དགྲ་བགེགས་སྲོག་རྩ་གཅོད༔ ཐོད་ཁྲག་དམ་སྲིའི་སྙིང་ཁྲག་འཐུང༔ བདེ་ཆེན་ཁྲོས་མ་ནག་མོར་བསྟོད༔ འཁོར་གྱི་མ་མོ་མཁའ་འགྲོའི་ཚོགས༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ དམ་ལྡན་རྣལ་འབྱོར་སྐྱོང་མཛད་ཅིང༔ ཅི་བཅོལ་ཕྲིན་ལས་སྒྲུབ་ལ་བསྟོད༔ ཧྲཱིཿཧཱུྃ་བྷྱོ༔ ཡེ་ཤེས་དྷཱ་ཀི་དབྱིངས་ནས་བཞེངས༔ མ་ཚོགས་མཁའ་འགྲོ་ལས་ལ་བསྐུལ༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ལས་དང་རྐྱེན་ལས་གྱུར་པ་ཡི༔ ནད་རིམས་དལ་ཡམས་དུས་མིན་འཆི༔ བྱད་ཕུར་རྦོད་གཏོང་གདོན་དང་བགེགས༔ རྨིས་ལྟས་མཚན་མ་ངན་པ་སོགས༔ བྱང་ཆུབ་སྒྲུབ་པའི་མི་མཐུན་ཕྱོགས༔ ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད༔ ཚེ་དང་བསོད་ནམས་སྙན་གྲགས་དཔལ༔ མངའ་ཐང་སྟོབས་འབྱོར་བརྒྱུད་འཛིན་དང༔ ཡེ་ཤེས་ཡོན་ཏན་རིག་རྩལ་རྣམས༔ འཛད་མེད་དབྱར་གྱི་མཚོ་ལྟར་སྤེལ༔ བརྟན་གཡོ་སྲིད་ཞིའི་དྭངས་མའི་བཅུད༔ ལེགས་པའི་དཔལ་ཡོན་དབང་དུ་སྡུས༔ ཁམས་གསུམ་ལྷ་འདྲེ་མི་རྣམས་ཀྱི༔ སྙིང་རྩ་རང་དབང་མེད་པར་སྒུལ༔ ཟས་གོས་ནོར་གྱི་ཆར་པ་ཕོབ༔ བསྟན་དང་སྒྲུབ་ལ་འཚེ་བ་ཡི༔ དགྲ་བགེགས་དམ་སྲི་རྒྱབ་རྟེན་བཅས༔ དྲག་ཤུལ་སྟོབས་ཀྱིས་ཚར་ཆོད་ལ༔ ཁ་ཕུང་རྗེས་མེད་རྡུལ་དུ་རློག༔ རྣམ་ཤེས་ཆོས་ཉིད་ཀློང་དུ་སྟིམས༔ མདོར་ན་ལས་དང་དངོས་གྲུབ་ཀུན༔ ཐོགས་པ་མེད་པར་བསྒྲུབ་པར་མཛོད༔ ཅེས་བསྐུལ་ཕུད་གཏོར་མཁའ་ལ་འཐོར༔ ཕྲིན་ལས་སྒྲུབ་པའི་གྲོགས་མཛད་ནས༔ གཙོ་འཁོར་རང་བཞིན་གནས་གཤེགས་བསམ༔ ལྷན་སྐྱེས་དྷཱ་ཀིའི་དབང་ཕྱུག་འདི༔ བསྟེན་ན་བྱིན་ཆེ་མཆོད་ན་འགོ༔ དམ་ཚིག་ཅན་ལ་ལྷག་པར་བརྩེ༔ ལས་རྣམས་གང་འདོད་ཐོགས་མེད་འགྲུབ༔ བར་དོར་མཁའ་སྤྱོད་གནས་སུ་འདྲེན༔ དེ་ཕྱིར་མོས་ཤིང་གདུང་བ་ཡིས༔ མཆོད་བསྟོད་ཕྲིན་ལས་བསྐུལ་བ་ལ༔ དུས་དང་རྒྱུན་དུ་བརྩོན་པ་གཅེས༔ ས་མ་ཡ༔

བླ་མ་ནོར་བུ་རྒྱ་མཚོ་ལས། བླ་མའི་བྱིན་རླབས་རབ་འབྱམས་བཀའ་དབང་བཀླག་ཆོག་ཏུ་བཀོད་པ་མཆོག་དོན་ངེས་སྟེར་ (Volume 7, Text 27)

༄༅། བླ་མ་ནོར་བུ་རྒྱ་མཚོ་ལས། བླ་མའི་བྱིན་རླབས་རབ་འབྱམས་བཀའ་དབང་བཀླག་ཆོག་ཏུ་བཀོད་པ་མཆོག་དོན་ངེས་སྟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། རྡོ་རྗེའི་ཐུགས་ལྡན་རྡོ་རྗེའི་སྐུ །རྡོ་རྗེའི་ཆོས་སྒྲ་རྒྱ་ཆེ་བའི། །རྡོ་རྗེ་སློབ་དཔོན་དེར་བཏུད་ནས། །དེ་སྒྲུབ་སྙིང་པོའི་སྨིན་བྱེད་འཆད། དེ་ལ་སྦྱོར་བའི་ཆོས་བདུན་གྱིས་དབང་གི་སྣོད་རུང་དུ་སྒྲུབ་པ། དངོས་གཞི་ཤེས་པ་བཞི་ལྡན་གྱིས་བླ་མའི་བྱིན་རླབས་སྦྱིན་པ། རྗེས་ཀྱི་ལས་རིམ་བདུན་གྱིས་མཐའ་རྒྱས་སུ་བྱ་བར་བཤད་པ་ལས། དང་པོ་ནི། དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ཅན། ལྟེ་བ་མཐིང་གའི་དབུས་སུ་མཉྫི་ལ་ཐོད་པ་མཚན་ལྡན་ནམ་རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་མ་རིན་ཆེན་འབར་བ་བདུད་རྩི་ལྔ་དང་སྙིང་པོ་ལྔ་སྦྱར་བ་རྒྱན་ལྡན་བཞག །དེའི་གཡས་གཡོན་དུ་སྨན་རཀ །རྒྱབ་ཏུ་མཆོད་གཏོར། མདུན་དུ་མཎྜལ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་དང་། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། གཏོར་འབུལ་རིགས་སོགས་ཚང་བར་བཤམ། ལས་ཀྱི་བུམ་པ། མིག་དར། མེ་ཏོག་སོགས་ཀྱང་ཉེ་བར་བསྡོག་གོ །དེ་ནས་ལས་བྱང་པདྨའི་ལྗོན་ཤིང་ལྟར་ཕྲིན་ལས་གཞུང་བསྲང་། ཁ་སྐོང་དགོས་རིགས་པད་གླིང་རང་ལུགས་རྣམས་ཅུང་མང་ཆེས་པས་སྐབས་འདིར་སྤྱི་མཐུན་བྱས་པས་འགྲུབ། ཚོགས་ཕུད་བཤགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། ལས་བུམ་རྣམ་འཇོམས་སྙིང་པོ་བཟླས་པས་བྱིན་བརླབ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཁོད་པ་ལ། ཁྱེད་རང་རྣམས་བྱིན་རླབས་ཀྱི་རྩ་བ་བླ་མའི་དཀྱིལ་འཁོར་དུ་འཇུག་པར་འདོད་པ་ལེགས། དེ་ལ་ཐོག་མར་དབང་གི་ཞུ་བ་ཕུལ་ནས། གཟོད་ལས་ཀྱི་རིམ་པ་ལ་འཇུག་དགོས་པས་དེའི་ས་བཅད་ཚང་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་ལས་ངན་སྒྲིབ་པ་ཅན༔ འཁོར་བའི་བཙོན་དོང་དམ་པོ་ནས༔ ཐར་པའི་ལམ་ལ་འདྲེན་སླད་དུ༔ བདག་ལ་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་བྱ། སེམས་བསྐྱེད་གསལ་བཏབ་ནས། དེའང་གསང་སྔགས་གསར་རྙིང་གི་རྒྱུད་ལུང་མན་ངག་ཀུན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ཐམས་ཅད་བླ་མའི་བྱིན་རླབས་ལ་རག་ལས་ཤིང་། བྱིན་རླབས་ལམ་དུ་བྱེད་པ་ནི་གསང་ལམ་བཙན་ཆོད་དུ་བྱེད་པའི་ཐབས་མཆོག་བླ་ན་མེད་པར་བསྔགས་ཤིང་། བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་ཐབས་ཇི་སྙེད་ཅིག་མཆིས་པ་ཀུན་གྱི་ནང་ནས་རབ་དང་ཕུལ་དུ་གྱུར་པ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་སྒྲུབ་ཐབས་རྒྱས་བསྡུས་ཀྱི་བཀའ་སྲོལ་མཐའ་ཡས་པ་གཏེར་ཁ་གསར་རྙིང་རྣམས་ལས་རིམ་པར་བྱོན་པ་ལས། འདིར་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་མཐའ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པས་ལྷོ་དྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་སྤྱན་དྲངས་པའི་སེམས་ཕྱོགས་ཀུན་གྱི་ཡང་སྙིང་བླ་མ་ནོར་བུ་རྒྱ་མཚོའི་སྨིན་བྱེད་ཆེ་ཆུང་རྣམས་ཀྱི་རྩ་བར་གྱུར་་་པ། གཏོར་མ་ལ་བརྟེན་པའི་བླ་མའི་བྱིན་རླབས་རབ་འབྱམས་བཀའི་དབང་བསྐུར་བ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མ་རིག་པའི་མུན་པས་རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་གཡོགས་དང་བཅས་པའི་བརྡ་ལ་མིག་རས་འཆིང་བར་ཞུ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་ལྷ་རྫས་མེ་ཏོག་གསར་པའི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཅེས་མིག་དར་དང་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གསང་བའི་དཀྱིལ་འཁོར་བདག་གཞུག་ཅིག༔ ཅེས་ལན་གསུམ་ཞུས་པ་ལ། སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ ཁྱེད་རྣམས་འཇུག་ཅིང་སྤྲོ་ལགས་ན༔ བརྟན་པ་མ་ཐོབ་དེ་ཡི་བར༔ འདིར་འཇུག་སེམས་སྐྱེད་དམ་ཚིག་སྲུངས༔ དེ་ནས་ལས་ཀྱི་སློབ་དཔོན་རྡོ་རྗེ་ཐོགས་པས་སྣ་ཁྲིད་དེ་ཁྱེད་རང་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ་བྱས། སླར་ཤར་གྱི་སྒོ་དྲུང་དུ་གནས་པས་སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་རང་རིགས་ཀྱིས་འབྲེལ་པའི་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་དུ་མོས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་བླ་མའི་ཐུགས་ཀར་འདོར་མཛོད། པྲ་ཏི་པཱུ་ཛ་ཧོ༔ ཞེས་འདོར་དུ་གཞུག །བླ་མས་མིག་ཐུར་རམ་རྡོ་རྗེ་ཐོགས་ལ། བཛྲ་ཙཀྵུཿཔྲ་བེ་ཤ་ཡ། ཁྱོད་ཀྱི་མ་རིག་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་འབྱེད་པར་བྱ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ལྟོས༔ རང་ཉིད་བླ་མའི་ས་ནོན་འགྱུར༔ ཞེས་མིག་དབྱེ། བདུད་རྩི་ལྕེར་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ རིགས་ལྡན་བུ་ལ་སྦྱིན་པར་བྱ༔ བསྲུང་ན་ཡོན་ཏན་བསམ་ལས་འདས༔ མ་བསྲུང་ན་རཀ་རྒྱུ་ཡིན་པས༔ དེ་བས་དམ་བསྲུང་ཆུ་འདི་འཐུངས༔ བླ་མའི་བྱིན་རླབས་འཇུག་པར་འགྱུར༔ ཨི་དན་ན་ར་ཀན༔ བསྲུང་བྱའི་དམ་ཚིག་བསྒྲག་པ་འདི་ལ་སྙན་གཏད་ཅིང་དོན་ཡིད་ལ་ཟུངས་ཤིག །དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ ཀུན་གྱི་འདྲེན་མཆོག་བླ་མ་ལ༔ སྒོ་གསུམ་དང་པས་རབ་བསྐུལ་ནས༔ ཅི་འབྱོར་པ་ཡི་མཆོད་པ་འབུལ༔ སྐུ་ལ་འགོམ་དང་འདའ་མི་བྱ༔ གསུང་གི་གང་སྨྲས་བཀའ་མི་བཅག༔ ཐུགས་ཀྱི་ཆོས་ཉིད་གཏིང་མི་དཀྲུགས༔ རྩ་བའི་དམ་ཚིག་འདི་ལ་གནས་པར་བྱ༔ དེ་ནས་ཁྱེ་རང་རྣམས་ལས་ཀྱི་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་རྩ་བ་གསུམ་གྱི་ངོ་བོར་གྱུར་པ་ཨོ་རྒྱན་པདྨ་ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་བསྣམས་པ༔ ཕྱག་གཡོན་པས་ཀ་པཱ་ལ་ལྟེ་བར་འཛིན་པ༔ དབུ་ལ་ཤེའུའི་སྙན་ཞུ་གསོལ་བ༔ དེ་ལ་རྒོད་སྒྲོ་དར་ཚོན་ཅོད་པན་གདགས་པ༔ གསེར་དངུལ་གྱི་ཉི་ཟླས་བརྒྱན་པ༔ སྐུ་ལ་ལེ་བརྒན་ཆོས་གོས་དང་སྨུག་བེར་གསོལ་བ༔ ཞལ་འཛུམ་མདངས་དང་ལྡན་ཞིང་སྤྱན་གཉིས་ཐད་ཀར་གཟིགས་པ༔ རང་རང་གི་སྤྱི་གཙུག་ཉི་ཟླའི་སྟེང་ན་རྩ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་ཡོད་པར་བསམ༔ དེའི་འཁོར་དུ་ཡི་དམ་གྱི་ལྷ་དང༔ དཔའ་བོ་མཁའ་འགྲོ་རྣམས་སྤྲིན་འཐིབས་པ་ལྟར་བྱོན་པར་བསམས་ལ༔ དེ་དག་གི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་བར་བགྱིའོ་སྙམ་པའི་དད་གུས་རྩེ་གཅིག་པས་འདིའི་རྗེས་ཟློས། ཧཱུྃ༔ བརྒྱུད་པའི་བླ་མ་བྱིན་རླབས་ཅན༔ དངོས་གྲུབ་སྟེར་མཛད་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར༔ རང་རྒྱུད་གཟུང་འཛིན་གྱི་ཞགས་པས་བཅིངས་པ་རྣམས་གྲོལ་བར་བྱ་བའི་ཕྱིར་རྩ་གསུམ་བླ་མའི་དབང་བསྐུར་བ་ནོས་ཏེ་བསྙེན་སྒྲུབ་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ རྩ་གསུམ་བླ་མ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་བྱས་ནས་ཀྱང༔ བླ་མེད་འཇུག་པར་སེམས་བསྐྱེད་དོ༔ ཚོགས་གསག་ཡན་ལག་བཅུ་པ་སོ་སོའི་དམིགས་འདོན་ཟུང་དུ་འཇུག་བཞིན་པས་འདིའི་རྗེས་ཟློས། རྩ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གསོལ་བ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་ཐོབ་ཤོག༔ དེ་ནས་དབང་གི་གཞི་འགོད་པ་ལ་ཁྱེད་རང་རྣམས་ལངས་ལ་ལུས་དྲང་པོར་བསྲང་། ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ འཁོར་བ་མཐའ་མེད་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བདག་ལ་རེ་ས་གཞན་ན་མེད༔ ཁྱོད་ཀྱི་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ལན་གསུམ། ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་དམར་མོར་གསལ་བའི་སྙིང་གི་ནང་དུ་གཡུང་དྲུང་དམར་པོ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཡཾ་ཡིག་གིས་མཚན་པ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་དང་བཅས་པ། སྔགས་བཟླས་པའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས། གཡུང་དྲུང་ཡིག་འབྲུ་དང་བཅས་པས་གཡས་ཕྱོགས་སུ་སྒྲ་དང་བཅས་པ་འཁོར་བར་བསམ། དེའི་དུས་སུ་ཨོ་རྒྱན་རིན་པོ་ཆེ་དང་རིག་འཛིན་ཕོ་མོའི་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་ཁ་བ་བབས་པ་ལྟར་སྤྱི་གཙུག་ནས་སྙིང་ནང་དུ་བྱོན་ཅིང་གར་བྱེད་པར་མོས་ཤིག །འབེབ་པའི་རྫས་དུད་བཏང་། ཌ་དྲིལ་རོལ་མོ་བསྒྲགས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧོ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་དྲག་ཏུ་བཟླས་པས་སྒོ་གསུམ་ལ་ཡེ་ཤེས་ཕེབ་པའི་རྟགས་འབྱུང་ངོ་། །དེ་ལྟར་སྦྱོར་བའི་ཆོས་རྣམས་ཀྱིས་དབང་གི་སྣོད་རུང་དུ་སྒྲུབ་པ་སོང་ནས། དངོས་གཞི་ཤེས་པ་བཞི་ལྡན་གྱི་བྱིན་རླབས་དབང་བསྐུར་སྒྲུབ་པ་ལ། ཐོག་མར་གཏོར་མ་གཞལ་ཡས་ཁང་དུ་ཤེས་པ་ནི༔ གཏོར་མའི་སྣོད་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ༔ ཕྱི་མཆོད་རྟེན་གྱི་རྣམ་པ་ལ༔ ནང་གཞལ་ཡས་ཁང་གི་རང་བཞིན་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་གསལ་བའོ༔ གཉིས་པ་གཏོར་མ་ལྷ་རུ་ཤེས་པ་ནི༔ གཏོར་མའི་རང་བཞིན་གཞལ་ཡས་ཁང་གི་ནང་དུ༔ འོག་རི་རབ་པདྨ་མན་ཆད་ལ༔ དབང་ཆེན་ཡབ་ཡུམ་གཙོ་འཁོར་ཡོངས་སུ་རྫོགས་པ༔ དེའི་བར་གྱི་པད་སྤུངས་ལ༔ བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས་པ༔ ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ༔ གཡོན་པས་ཀ་པཱ་ལ་བདུད་རྩིས་བཀང་བ་ལྟེ་བར་བསྣམས་པ༔ སྐུ་ལ་རུས་པའི་རྒྱན་གྱིས་སྤྲས་པ༔ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བཞུགས་པ་ལ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་རུས་རྒྱན་གསོལ་བ༔ སྤྱན་གསུམ་ཁྲོ་གཉེར༔ ཡབ་དང་ཞལ་སྤྲད་པ༔ གཡས་གྲི་གུག་མགུལ་ནས་འཁྱུད་ཅིང༔ གཡོན་པ་ཐོད་པ་ཡབ་ཞལ་སྟོབ་པ༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་ཉི་མའི་གདན་ལ་བཞུགས་པ༔ དེའི་སྟེང་གི་བྲེའི་ནང་ན༔ རིགས་བདག་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ མཉམ་གཞག་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས་པར་གསལ་ཐོབ་ཅིག༔ གསུམ་པ་གཏོར་མ་དབང་དུ་ཤེས་པ་ནི༔ བླ་མ་ཡབ་ཡུམ་གྱི་སྤྱི་གཙུག་འཁོར་ལོ་དཀར་པོའི་སྟེང་དུ་ཨོཾ་གྱིས་མཚན་པ༔ ལྗགས་པདྨའི་སྟེང་དུ་ཨཱཿདམར་པོས་མཚན་པ༔ ཐུགས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཧཱུྃ་མཐིང་གས་མཚན་པ༔ ཡབ་ཡུམ་སྙོམས་འཇུག་གི་བདེ་བའི་ཉམས་དང་ལྡན་པར་གསལ་ཐོབ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ནི་ལས་འཕྲོ་སྐལ་པ་ཅན༔ རང་གཞན་དོན་ཀུན་འགྲུབ་པའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ། སློབ་དཔོན་གྱིས་གཏོར་མ་བཏེགས་ལ། སློབ་མའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བར་གཏུགས་ཤིང་བདུད་རྩི་བླུད། དབྱངས་ཀྱིས་བསྐུལ་ཞིང་འདི་སྐད་དོ། །ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་དབང༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང༔ མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུམ་ཐུགས་དབང་ཡོངས་རྫོགས་ནས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཛཿསིདྡྷི་ཕ་ལ་ཨཱ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཡོ་གི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཋཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ལ་རཀྵ་ཀུ་རུ་སྭཱ་ཧཱ༔ ཞེས་བསྐུར་རོ། དེ་ནས་ཆོས་དབང་སེམས་ལ་བསྟིམ་པ་ནི༔ གཏོར་མ་གནས་བཞིར་བཞག་པའི་ཚེ༔ དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས༔ གནས་གསུམ་སྙིང་པོ་འབྲུ་གསུམ་ནི༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག༔ སྐལ་ལྡན་བུ་ཡི་གནས་གསུམ་འཕྲོས༔ གཏོར་དབུས་བླ་མ་སྤྱི་བོར་ཐིམ༔ དབང་བཞི་ཡོངས་སུ་རྫོགས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོའི་དབང༔ སྐད་ཅིག་ཉིད་ལ་ཐོབ་པར་བསམ༔ དེ་ནས་དབང་དོན་ངོ་སྤྲད་པ་འདི་ལ་གསན་པས་ཁྱབ་སྟེ། གཏོར་མ་སྤྱི་བོར་བཞག་པས་བུམ་དབང་ཐོབ༔ ལུས་ཀྱི་སྡིག་སྒྲིབ་བྱང་བར་བཤད༔ ལུས་ནི་ལྷ་ཡི་དཀྱིལ་འཁོར་གྱུར༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་འོ༔ མགྲིན་པར་བཞག་པས་གསང་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག་པར་བཤད༔ ངག་ནི་བཟླས་བརྗོད་གཉིས་ལ་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ སྙིང་གར་བཞག་པས་ཤེས་རབ་ཡེ་ཤེས་ཐོབ༔ ཡིད་ཀྱི་སྡིག་སྒྲིབ་དག་པར་བཤད༔ ཏིང་འཛིན་རྫོགས་རིམ་བསྒོམ་ལ་དབང༔ སྐྱེ་མེད་ཆོས་སྐུའི་འབྲས་བུ་ཐོབ༔ དེ་ནས་ཚིག་དབང་ངོ་སྤྲོད་པ་འདི་ལ་གསན་ཏེ་དོན་དམ་འོད་གསལ་གྱི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ༔ དགོངས་དང་དབང་ཆོག་ཞུ་བ་ཡི༔ ཡུལ་དང་ཞུ་ལན་བསྐུར་ཐོབ་གང༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན༔ སེམས་ཀྱི་ངོ་ལ་ཅེར་གྱིས་ལྟོས༔ སྣང་སྟོང་ངོས་བཟུང་རྙེད་པ་ན༔ སྣང་བའི་སེམས་འདི་ག་ནས་བྱུང༔ དབྱིབས་དང་ཁ་དོག་ཅི་འདྲ་འདུག༔ སྟོང་ན་སྟོང་པའི་ངོས་བཟུང་བྲལ༔ སྣང་སྟོང་གཉིས་སུ་མ་རྙེད་ན༔ དེ་ལ་གཏོར་ཞེས་བྱ་བ་འོ༔ ད་ལྟའི་ཤེས་པ་ངོས་བཟུང་དང༔ བརྗོད་བྲལ་དོན་ལ་གཏོར་བས་གཏོར༔ ཆོས་ཉིད་མ་དང་མཇལ་བས་མ༔ གཏོར་མ་ཞེས་བྱ་དེ་ལ་ཟེར༔ དབང་ནི་ལས་ལྡན་པ་རྣམས་དབང༔ བསྐུར་ནི་སྒྲིབ་གཉིས་དག་ཕྱིར་བསྐུར༔ བསྐུར་ཐོབ་འབྲས་བུ་སྐུ་གསུམ་ཐོབ༔ དབང་བསྐུར་ཞེས་ནི་དེ་ལ་བྱ༔ དབང་ནི་ཆོས་ཉིད་དོན་ལ་དབང༔ ཐོབ་ནི་སྐྱེ་མེད་འབྲས་བུ་ཐོབ༔ དབང་ཐོབ་ཅེས་ནི་དེ་ལ་བྱ༔ དེ་ལྟར་ལྡན་པའི་དབང་ཆོག་ནི༔ རང་སེམས་རང་རིག་དབང་ཐོབ་ནས༔ འཛིན་ཞེན་མེད་པའི་ཆོས་ཉིད་ངང༔ རང་དབང་རང་གིས་ཐོབ་པ་ཡིན༔ ཚིག་དབང་རིན་ཆེན་དེ་ཉིད་ཀྱིས༔ འཁོར་འདས་ཆོས་རྣམས་རང་ངོ་ཤེས༔ འབྲས་བུ་བླ་མའི་ས་ནོན་འགྱུར༔ ཞེས་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་ཚིག་དབང་ཐོབ་པའི་ཡོན་ཏན་ཡང་འདི་ལྟ་སྟེ། ཚིག་དབང་རིན་ཆེན་འདི་ཐོབ་པས༔ རིག་རྩལ་ཕྱོགས་མེད་འགྱུར་བར་ནུས༔ ཉོན་མོངས་ཤེས་བྱའི་སྒྲིབ་པ་དག༔ བླ་མའི་སྐུ་གསུང་ཐུགས་དང་ནི༔ ཡོན་ཏན་ཕྲིན་ལས་རྣམ་དག་གི༔ ཡེ་ཤེས་དངོས་གྲུབ་མངའ་བརྙེས་འགྱུར༔ འཁོར་འདས་ཆོས་སྐུ་ཟང་ཐལ་འཆར༔ འབྲས་བུ་སྐུ་གསུམ་དབྱེར་མེད་མངོན་དུ་འགྱུར༔ ཞེས་གསུངས་པ་ཡིན་ནོ། །བཞི་པ་གཏོར་མ་དངོས་གྲུབ་ཏུ་ཤེས་པ་ལ་ཐོག་མར་ཐུགས་དམ་བསྐུལ་ཅིང་གསོལ་བ་གདབ་པར་བྱ་བ་ཡིན་ཏེ། གཏོར་མ་ཕྱག་ཏུ་ཐོགས་ལ། ཆོས་རྣམས་མི་དམིགས་ཀུན་གཞི་ཡངས་པའི་ཀློང༔ རྒྱལ་བའི་སྲས་མཆོག་དངོས་གྲུབ་རླབས་ཆེན་བདག༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྟ་ཕག་ཡབ་ཡུམ་འཁོར་དང་བཅས་པ་ནི༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བྱང་ཆུབ་སེམས༔ དངོས་གྲུབ་རླབས་ཆེན་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ། གཏོར་མ་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་ཞུ་བ་ཁྱེད་རང་རྣམས་ཀྱིས་རོལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་ཟན་དང་བདུད་རྩི་སྦྱིན་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི། བཛྲ་ཡོ་གི་ནཱི་སརྦ་སིདྡྷི་ཧཱུྃ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟཾ་སིདྡྷི་ཧཱུྃ༔ ཞེས་བརྗོད་དོ། །དེ་དག་གིས་དབང་གི་དངོས་གཞི་གྲུབ་ནས། རྗེས་ཀྱི་ལས་རིམ་གྱི་ཐོག་མར་དབང་རྟགས་ཅོད་པན་འདི་ཉིད་བརྒྱུད་པ་གཏད་པའི་དོན་དུ་ཟུངས་ཤིག །ཅོད་པན་བྱིན་ལ། ད་ལྟ་ཅོད་པན་འདི་བཟུང་བས༔ དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ཁྱོད་ཀྱིས་འགྲོ་བ་འདུལ་ལ་བརྩོན༔ ཅེས་སྦྱིན། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་འབེབས་པས་མངའ་གསོལ་བར་མོས་ཤིག །ཤིས་བརྗོད་གང་འཐད་བྱ། དེ་དག་རྣམས་ཀྱིས་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་བླ་སྒྲུབ་ནོར་བུ་རྒྱ་མཚོའི་རབ་འབྱམས་བཀའ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་ཡར་མར་ཚེས་བཅུའི་མཆོད་པ་སོགས་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲོག་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་འབུལ་བ་ཕྱིན་ཆད་སྤྱི་ལྟར་བྱ། ཚོགས་ལ་རོལ་ཅིང་ལྷག་མ་གཏོང་བ་སོགས་ལས་གཞུང་རྗེས་རིམ་རྣམས་ཀྱང་དེ་ལྟར་དུ་བྱའོ། །ནོར་བུ་བཞིན་དུ་དགོས་པའི་དོན། །ཀུན་ཚང་ནོར་བུ་རྒྱ་མཚོ་ཡི། །བྱིན་རླབས་ཟབ་མོས་རྒྱུད་སྨིན་ནས། །འཆི་མེད་བླ་མའི་སྐུ་ཐོབ་ཤོག །ཅེས་པའང་ཤྲཱི་དེ་བི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རང་མཉམ་ལ་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རང་གཞུང་དང་གཏེར་ཁ་གོང་འོག་གི་དགོངས་པ་བསྡེབས་ནས་བལྟས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།

དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་གྱི་ཕྱི་དབང་གནད་ཟབ་ཚེའི་དབང་བསྐུར་ (Volume 19, Text 27)

དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་གྱི་ཕྱི་དབང་གནད་ཟབ་ཚེའི་དབང་བསྐུར་བཞུགས་སོ༔ཟངས་ཤོག་དམར་པོའི་ཆོས་སྡེའོ༔ གྷུ་རུ་ཚེ་དཔག་མེད་ལ་ན་མོ༔ གནད་ཟབ་ཚེ་ཡི་དབང་བསྐུར་སྦྱིན་པ་ནི༔ སློབ་དཔོན་མཆོག་ལ་ལོ་གསུམ་སྔ་གོང་ནས༔ གསོལ་བ་གདབ་ཅིང་དབང་གི་ཞུ་བ་གསོལ༔ ཉམས་རྟགས་ཚད་དུ་ཕྱིན་པའི་བླ་མ་ཡིས༔ ཕྱི་དབང་བུམ་པའི་གཏོར་མ་གནས་སུ་བསྐུར༔ ནང་དབང་ཡབ་ཡུམ་ལུས་དཀྱིལ་སྤྱི་བོར་བསྐུར༔ གསང་བ་བྱང་ཆུབ་བདུད་རྩིའི་བཅུད་མཆོག་མྱང༔ ཐོག་མར་ཕྱི་དབང་བསྐུར་བ་ཡར་ངོའི་དུས༔ མཆོད་གཏོར་ཚེ་བུམ་ཡོ་བྱད་སྟ་གོན་བྱ༔ བདག་བུམ་ལྷར་བསྐྱེད་བསྙེན་སྒྲུབ་དབང་བླང་ཞིང༔ སློབ་བུ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ཞལ་དུ་བདའ་ཞིང་སྐུ་ལ་རེག་འཇམ་དང༔ ཐུགས་ལ་བདེ་བའི་དབང་གི་འཇུག་ཡོན་དབུལ༔ ལག་ཏུ་མེ་ཏོག་ཕྲེང་བ་ཐོགས་ནས་ནི༔ ཀྱེ་མ༔ གྷུ་རུ་ཡབ་ཡུམ་རིགས་ལྔ་ཚེ་ཡི་བདག༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་སྐུ༔ འཆི་མེད་ཚེ་སྒྲུབ་རིག་པ་མཆོག་གི་མཛོད༔ བདག་ལ་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་མོ༔ བླ་མས་ལན་སྦྱིན་པ་ནི༔ རྩོད་དུས་བསྐལ་པའི་སྙིགས་མ་འདིར༔ འཆི་མེད་གྲུབ་པའི་སྐལ་ཅན་ནི༔ ཉིན་སྐར་ཙམ་ཞིག་མཐོང་བས་ན༔ ཁྱོད་ནི་སྐལ་བར་ལྡན་ནམ་ཅི༔ ཞེས་དྲི༔ སློབ་མས༔ བདག་ནི་གསང་བ་དམ་པའི་སྣོད༔ ལོག་རྟོག་ཐེ་ཚོམ་དྲི་མ་མེད༔ གྷུ་རུ་ཡབ་ཡུམ་ཐུགས་རྗེ་ཡིས༔ བདག་ཅག་བརྩེ་བས་བཟུང་དུ་གསོལ༔ ཞེས་གསུམ་མོ༔ དེ་ནས་སློབ་མ་གྷུ་རུ་བདག་ཉིད་ནི༔ ལོངས་སྐུ་དཀར་དམར་ཚེ་བུམ་འཛིན་པ༔ ཡབ་ཀྱི་སྐུའི་ནང་དུ་པད་སྡོང་བརྩེགས་མར་ཚེ་བདག་རིགས་ལྔ་དང་བཅས་པ་བསྒོམས་ལ༔ མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་གཡུང་དྲུང་རིས་དམར་པོའི་འོད་ཀྱིས་ལྷོ་ནུབ་རྔ་ཡབ་གླིང་ནས་པདྨ་འབྱུང་གནས་བདག་ཡབ་ཡུམ་གྱི་སྐུ༔ ཚེ་ལྷ་རིགས་ལྔ་དང་བཅས་པ་མང་པོ་སྤྱན་དྲངས་ལ་བསྟིམ་པ་ནི༔ བྱིན་དབབ་པ་སྟེ༔ སྣོད་དུ་རུང་བར་བྱེད་པའོ༔ དེ་ཉིད་བརྟན་པར་བྱ་ཞིང༔ ངོ་སྤྲད་དེ་དབང་བསྐུར་བ་དངོས་ནི༔ ཚེ་ཟན༔ ཨ་མྲྀཏ་དང༔ སྭ་བྷཱ་ཝས་བསང་ཞིང་སྦྱངས་ལ༔ སྟོང་པར་བསམ༔ དེའི་ངང་ལས༔ ཚེ་ཟན་ཕྱི་དབྱིབས་གྷུ་རུ་ཡབ་ཡུམ་དང༔ ནང་དུ་ཚེ་བདག་རིགས་རྣམས་ཚེ་བུམ་དང༔ ཡུམ་རྣམས་མདའ་དར་རང་རང་གི་མདོག་ཅན་འཛིན་པ༔ གཡོན་ཚེ་བུམ་ཅན་དུ་བསྐྱེད་ལ༔ ཡུམ་རྣམས་ཀྱི་མདའ་དར་ལས་འོད་ཟེར་འཕྲོས་པས༔ ཚེ་བཀུག་ཅིང་ལྷ་སོ་སོའི་སྐུ་དང་ཚེ་བུམ་ལ་བསྟིམས་པར་དམིགས༔ ཕྱོགས་མཚམས་སྟེང་འོག་ཏུ་མདའ་དར་གཡབ་ཅིང༔ འདི་སྐད་དོ༔ ཨོཾ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ འགུགས་བྱེད་ལྷ་མོ་དཀར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་འཐོར་ཡར་ཉམས་ཡོ་གས་འཁྱམས་རལ་ཞིག༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཐུགས་རྗེའི་རྩལ་གྱིས་ཚེ་དཔལ་དབང་དུ་སྡུས༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་མགོན་པོ་པདྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྨིན་བྱེད་ལྷ་མོ་དམར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་བཀྲག་དྲོད་ཀྱི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ མེ་ཡི་ཁམས་ནས་དྲོད་ཀྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྡུད་བྱེད་ལྷ་མོ་སྔོན་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་འཛིན་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་མདངས་ཁྲག་གི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཆུ་ཡི་ཁམས་ནས་གཤེར་གྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཏྲཱཾ༔ བཅོམ་ལྡན་མགོན་པོ་རཏྣ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད༴ བརྟན་བྱེད་ལྷ་མོ་སེར་མོའི༴ མདའ་དར་ཚེ༴ བདག་དང་རྒྱུ་སྦྱོར༴ གཟུགས་ཕུང་ཤ་རུས་ཁམས༴ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར༴ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ༴ ས་ཡི་ཁམས་ནས་སྲ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ༴ ཏྲཱཾ་རཏྣ་ཨཱ་ཡུ༴ ཨཱ༔ བཅོམ་ལྡན་མགོན་པོ་ཀརྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད༴ གྲུབ་བྱེད་ལྷ་མོ་ལྗང་གསལ་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས༴ བདག་དང་རྒྱུ་སྦྱོར་ཡོན་བདག༴ སྲོག་འཛིན་དབུགས་ཀྱི་ཁམས༴ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང༴ སྤྲུལ་པའི་ལྷ་མོ༴ རླུང་གི་ཁམས་ནས་གཡོ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཞེས་བསྟིམས་ལ༔ སློབ་བུའི་སྤྱི་བོར་བསྐུར་ཏེ༔ ཨོཾ༔ སྐུ་ཡི་དབང་མཆོག་བུདྡྷ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དཀར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ སྐུ་ཡི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོཾ༔ མགྲིན་པར་དབང་བསྐུར་ཏེ༔ ཧྲཱི༔ གསུང་གི་དབང་མཆོག་པདྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དམར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ གསུང་གི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧྲཱི༔ སྙིང་གར་བསྐུར་ཏེ༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་རྡོ་རྗེ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ མཐིང་གསལ་འཆི་མེད༴ ཐུགས་ཀྱི་ཚེ་དབང༴ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བསྐུར་ཏེ༔ ཏྲཱཾ༔ ཡོན་ཏན་དབང་མཆོག་རཏྣ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན༴ སེར་གསལ་འཆི་མེད༴ ཡོན་ཏན་ཚེ་དབང་རབ༴ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཏྲཱཾ༔ གསང་བར་བསྐུར་ཏེ༔ ཨཱ༔ ཕྲིན་ལས་ཚེ་དབང་ཀརྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན༴ ལྗང་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ ཕྲིན་ལས་ཚེ་དབང་རབ་འབྱམས་བསྐུར༴ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྒྱས་པར་ན་སྐུ་དང་བཅས་ཏེ་དབང་བསྐུར་རོ༔ ལྷ་རྣམས་ཀྱི་བུམ་པ་ནས་བདུད་རྩི་བབས་པས་གྷུ་རུ་ཡབ་ཡུམ་གྱི་སྐུ་གང་སྟེ༔ སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་བབས༔ སློབ་བུའི་གནས་སོ་སོའི་ལྷ་རྣམས་ཀྱི་བུམ་པ་ནས་གང་ཞིང་ལུད་པས༔ ལུས་གང༔ སྒྲིབ་པ་ལྔ་དག༔ ཡེ་ཤེས་ལྔ་ཐོབ༔ སྐུ་ལྔ་མངོན་དུ་བྱས་པར་བསམ་ཞིང་ངོ་ཡང་སྤྲད་དོ༔ དེ་ནས་ཚེ་ཆང་དང༔ ཚེའི་པུ་ལུ་ཚེ་བསྟིམས་པ་ཡང༔ ཚེ་ཡི་སྔགས་ཀྱིས་སྦྱིན་ཞིང་བརྟན་པར་བྱའོ༔ རྗེས་རྒྱས་གདབ་པ་ནི༔ བྷྲཱུྃ༔ ཡེ་ཤེས་ལྷ་མོ་ཚེ་མདའ་སྲུང་བའི་ལྷ༔ སྣ་ཚོགས་མདོག་ཅན་རིན་ཆེན་རྒྱན་འཆང་མ༔ འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ༔ རྒྱ་གྲམ་འབར་བའི་ཕྱག་རྒྱ་རབ་བཀྲ་བས༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་སྲོག་ལུས་ཟུངས་དབང་ཐང་ཀླུང་རྟའི་སྟོབས༔ ཕྱི་ནང་བར་ཆད་མི་མཐུན་རྐྱེན་རྣམས་ལས༔ ཡོངས་སུ་སྲུངས་ཤིག་བཛྲ་རཀྵ་བྷྲཱུྃ༔ ཞེས་ཚེ་མདའ་གནས་སོ་སོར་གཏུགས་ཤིང་སྦྱིན་ནོ༔ ལུས་དང་ལོངས་སྤྱོད་གཏང་རག་ཏུ་དབུལ༔ སློབ་དཔོན་གྱིས་ལྷ་ལ་མཆོད་བསྟོད་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་བསྐང༔ ཤིས་པ་བརྗོད༔ དགེ་བ་བྱང་ཆུབ་ཏུ་བསྔོ་བས་རྒྱས་བཏབ་བོ༔ ཨེ་མ་ཧོ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ དེ་ཡི་དྲུང་དུ་པདྨ་བདག་ཉིད་ཀྱིས༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་པར་འབུལ༔ འཆི་མེད་ཚེ་ཡི་ཕྱི་དབང་འདི་ཞུས་ཏེ༔ ཉམས་སུ་བླངས་པས་སྐྱེ་འཆི་མེད་པའི་ལུས༔ རྡོ་རྗེའི་ལུས་འདི་གྲུབ་བོ་ཕྱི་རབས་རྣམས༔ འཆི་མེད་འདོད་ན་ལུས་དང་ལོངས་སྤྱོད་བཅས༔ ཕོངས་མེད་བླ་མ་རྗེ་ལ་ཕུལ་ནས་ནི༔ འཆི་མེད་ཚེ་ཡི་བདུད་རྩི་འདི་ལ་འབད༔ སྙིང་ལ་ཆོངས་ཤིག་ས་མ་ཨ་ཐམ་རྒྱ༔ འཆི་མེད་གསང་བའི་ཕྱི་དབང་རྫོགས་སོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ རྒྱ་ལྔས་བཏབ་ཏེ་ཟབ་ཆོས་དགོངས་པ་ཡང་ཟབ་ཀྱི་འཆི་མེད་སྒྲུབ་པའི་གནད་དུ་གདམས་སོ༔ ཨེ་མ་འདི་ཉིད་ཡང་ཟབ་ཆོ་ག་སྟེ༔ མ་འོངས་ལྷ་སྲས་བྱང་ཆུབ་སེམས་དཔའ་ཡིས༔ འགྲོ་འདུལ་ཚེ་ཡི་དབང་བསྐུར་འདི་ལ་གྱིས༔ འདི་ཉིད་ཡང་ཟབ་གནད་བསྡུས་ཕྱོགས་ཙམ་བསྟན༔ འདི་ལ་དགོས་པའི་ཚེ་ཡི་ལས་གཞུང་དབང༔ རྒྱས་པར་བྱེད་ན་འགྲེལ་པའི་སྒྲོན་མེ་སྦོར༔ ང་ཡི་བུ་མཆོག་ལྷ་སྲས་སྙིང་ལ་ཕུར༔ ས་མ་ཡ༔ ཁ་ཐཾ༔ ནང་དང་གསང་བའི་ཚེ་དབང་ལོགས་སུ་གབ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་ལས་ནང་གི་དབང་བསྐུར་བཞུགས་སོ༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ ས་མ་ཡ༔  ྈྈྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དད་པ་དང་ལྡན་པའི་སློབ་མ་ལ༔ ནང་གི་དབང་བསྐུར་བ་ནི༔ རིན་པོ་ཆེ་དང་སྨན་འབྲུ་དར་ཟབ་སྙིང་གི་ནོར་ཕུལ་ཏེ༔ ཁྲུས་བྱས་བགེགས་བསྐྲད་མིག་དར་བཅིང༔ མེ་ཏོག་ཐོགས་ལ༔ ཕྱི་དབང་ལྟར་གསོལ་བ་གདབ་ཅིང༔ དྲི་བ་དང་ལན་ལྡོན༔ སློབ་དཔོན་བདག་ཉིད་གྷུ་རུ་ཡབ་ཡུམ་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས་སློབ་མའི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེགས༔ རྣམ་ཤེས་ཧྲཱིཿདམར་པོར་གྱུར་པ་ཞལ་དུ་ཞུགས་དབུ་མའི་ལམ་བརྒྱུད༔ ཡུམ་གྱི་མཁར་པད་འབྱུང་བདག་ཉིད་དུ་གསལ་བ་ཕྱིར་ཕྱུང༔ གྲལ་དུ་འཁོད་པའི་གནས་གསུམ་དུ་བདུད་རྩིས་རེག་ལ༔ འཁོར་ལོ་པདྨ་རྡོ་རྗེ་ལ༔ ཨོཾ་ཨཱཿཧཱུྃ་གི་ཡི་གེ་ལས༔ སྐུ་གསུང་ཐུགས་ཀྱི་ཚེ་ལྷ་རིགས་གསུམ་དཀར་དམར་སྔོ་བ་ཚེ་བུམ་འཛིན་པ་ལོངས་སྐུའི་རྒྱན་ཅན༔ རྡོ་རྗེ་པདྨ་སེམས་སྐྱིལ་གྱིས་གནས་པར་གསལ་བའི་གནས་རྣམས་ལས༔ འོད་ཟེར་སོ་སོའི་ཁ་དོག་ཅན་འཕྲོས༔ ནུབ་ཕྱོགས་བདེ་ཅན་ནས་ཡེ་ཤེས་པ་དེ་ལྟ་བུ་མང་པོ་སྤྱན་དྲངས༔ ཐིམ་པར་མོས་ཤིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགྷུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱ༔ ཞེས་བྱིན་དབབ༔ དབྱེར་མེད་དུ་བསྟིམ༔ དེའི་དོན་ངོས་བཟུང་ལ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ མེ་ཏོག་ཡབ་ཡུམ་གྱི་དབུས་སུ་དོར་ལ༔ གང་ལ་ཉེ་བའི་མིང་གདགས་པ་ནི༔ རིགས་ཐམས་ཅད་ཐབས་ཤེས་གཉིས་སུ་འདུས་ཏེ༔ ཐབས་ཡབ་ལ་བབ་ན༔ གུ་རུ་རྡོ་རྗེ་ཚེ་དབང་རྩལ༔ ཞེས་པ་དང༔ ཐབས་ཡུམ་ལ་བབས་ན༔ གྷུ་རུ་པདྨ་ཚེ་དབང་རྩལ༔ ཞེས་པ་དང༔ ཤེས་རབ་ཡབ་ལ་བབས་ན༔ ཌཱ་ཀི་བདེ་སྟེར་རྩལ༔ ཤེས་རབ་ཡུམ་ལ་བབས་ན༔ ཌཱ་ཀི་པདྨ་བདེ་མཆོག་རྩལ༔ ཞེས་མིང་གདགས༔ མིག་དར་བསལ༔ སློབ་དཔོན་ཡབ་ཡུམ་གྱི་སྐུ་བསྟན་ལ་ལྷ་ངོ་སྤྲད༔ དེ་ནས་ལྷ་དབང་བསྐུར་བ་ནི༔ སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་དུ་ཚེ་བཀུག་ལ༔ ཡབ་ཡུམ་སྦྱར་བའི་སྐུའམ༔ ཞབས་ལ་རེག་ཅིང་དབང་བླང་དུ་གཞུག༔ ཚེ་འགུགས་པ་དང༔ དབང་བསྐུར་བའི་ཚིག་མཐའ་རྟེན་རྣམས་ཕྱི་དབང་ལྟར་རོ༔ སཱ་མཱ་ཡཱ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེའི་སྐོར་གསང་བའི་དབང་བསྐུར་ཟབ་མོ་བཞུགས༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ སཱ་མཱ་ཡཱ༔  ྈྈྈྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ སློབ་དཔོན་ཡབ་ཡུམ་ལ་རབ་ཏུ་མོས་ཤིང༔ རང་རྒྱུད་པར་སྐད་ཅིག་ཀྱང་མི་རྟོག་པའི་སློབ་མ་སྣོད་དང་ལྡན་པ༔ དམ་ཚིག་གི་སེལ་མེད་པ་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་འབུལ་བའི་སློབ་མ་ལ༔ ཚེ་ཡི་དབང་བསྐུར་བ་ནི༔ བུས་རིག་མ་ཚེ་ལམ་ཅན་མཚན་ལྡན་ཡོན་དུ་འབུལ་ལ༔ ཁྲུས་བྱས་བགེགས་བསྐྲད༔ གདོང་དར་བཅིང༔ མེ་ཏོག་དང་བཅས་པས་གསོལ་བ་གདབ༔ དྲི་བ་དང་ལན་བྱ༔ རིགས་ངེས་པ་དང་བྱིན་དབབ༔ ཡེ་ཤེས་ངོས་བཟུང༔ ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩི་ཉ་ཕྱིས་ཀྱིས་བླངས་ལ༔ འཆི་མེད་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམ་ལ༔ སློབ་བུའི་ལྕེས་མྱང༔ མཐའ་རྟེན་ཚེ་ཆང་དང༔ པུ་ལུ་སྦྱིན་ཅིང༔ སྲུང་བ་རྒྱས་གདབ་རྣམས་ཕྱི་དབང་གི་སྐབས་ལྟར་འགྲེས་ཤེས་པར་གྱིས་ཤིག༔ ནང་དང་གསང་བའི་དབང་བསྐུར་བ་འདི་སློབ་མ་དམ་ལྡན་བསྟན་པ་འཛིན་པའི་སྐྱེས་བུ་རང་དང་སྐལ་པ་མཉམ་པ་མཆོག་གསུམ་ལ་བྱ་ཡི༔ དེ་བས་སུ་ཐོད་ཐོད་ལ་བསྟན་ན༔ སློབ་དཔོན་གྱི་ཚེ་ལ་བར་ཆད་ཆེན་པོ་འབྱུང་ངོ༔ སཱ་མཱ་ཡཱ༔ ཁ་ཐམ༔ ཨེ་མ་ཉོན་མོངས་འཁོར་བའི་ས་བོན་རྩ༔ འདོད་ཆགས་ཆེན་པོའི་ཚུལ་ལ་རབ་བརྟེན་ནས༔ དེ་ཉིད་རང་གྲོལ་གནད་ཀྱི་ཚེ་སྒྲུབ་ཐབས༔ པདྨ་བདག་གིས་རྒྱུད་ཀུན་སྙིང་ཕྱུངས་ཏེ༔ ད་ལྟའི་ལྷ་སྲས་འདོད་ཆེན་པ་དག་དང༔ ངང་བཙུན་ཇོ་མོ་སྐྱེ་མང་བརྒྱུད་པའི་མཐའ༔ ལུག་སྤྲེལ་ལོ་པ་ཆོས་དང་སྲིད་ལ་མོས༔ རྒྱ་མཚོའི་མིང་ཅན་དེ་དང་འཕྲད་པའི་ཚེ༔ ལྷན་ཅིག་གྲུབ་པའི་ཡེ་ཤེས་གསང་ཏིག་འདི༔ སྒྲུབ་ཐབས་ཡིག་ཆུང་ཕྱི་ནང་གསང་དབང་བཅུས༔ ཉམས་སུ་ལོངས་ཤིག་གཅེས་པར་ཨ་ཐམ་རྒྱ༔ དེ་གཉིས་རྟེན་འབྲེལ་སྨོན་ལམ་གྲུབ་པ་ན༔ གསང་བ་སྔགས་ཀྱི་བསྟན་འཛིན་སྐྱེས་བུ་འབྱུང༔ ངེས་མེད་ཀུན་འཕྱོའི་སྤྱོད་པས་འགྲོ་བ་སྒྲོལ༔ རྡོ་རྗེ་སྙིང་པོའི་ངེས་དོན་དར་གཅིག་རྒྱས༔ རྟེན་འབྲེལ་འཆུགས་ན་ཡབ་ཡུམ་གཉིས་ཀ་ལ༔ བདུད་ཀྱི་དབང་གྱུར་མཚོན་དང་ཟས་དུག་གིས༔ ཚེ་དང་སྲོག་ལ་བར་དུ་གཅོད་པས་ན༔ དབེན་པའི་གནས་ཟུངས་སྒྲུབ་པ་ཉམས་སུ་ལོངས༔ གཞན་དོན་མ་སྔ་རང་ཉམས་མཐར་དབྱུང་ཞིག༔ པདྨ་བདག་ཀྱང་སྔོན་གྱི་སྨོན་ལམ་མཐུས༔ བོད་ཡུལ་དབུས་འདིར་ཆོས་ཀྱི་སྒྲོན་མེ་སྦར༔ གསང་སྔགས་འབྲས་བུའི་བསྟན་པ་སྤེལ་བྱས་ཀྱང༔ ཉོན་མོངས་རང་གྲོལ་གཉེན་པོ་ལ་ཟླའི་ཆོས༔ ལྷ་སྲས་ཡབ་ཡུམ་གཉིས་ལས་བསྟན་པ་མེད༔ གྷུ་རུ་རྔ་ཡབ་གླིང་དུ་གདན་ཆགས་ཀྱང༔ བཙད་པོ་ཡབ་ཡུམ་ཡིད་ལ་བཅགས་ཤིང་འཕྲེང༔ ལྷ་སྲས་འཇིང་ཡོན་བདེ་ཆེན་གསང་ལམ་ཚོལ༔ ངང་བཙུན་རྒྱལ་མོ་ཐེ་ཚོམ་དྲྭ་བ་ཆོད༔ སྙིང་ལ་ཕུར་ཅིག་གསང་བ་ཉམས་སུ་ལོངས༔ མ་མོ་གཟའ་དང་སྐྱེས་མཆོག་ཐིག་ལེ་རྩལ༔ ཐུབ་པར་སྲུངས་ཤིག་དུས་མིན་གཏེར་རྐུན་གྱི༔ སྲོག་ཆོད་དབུག་ལོངས་མི་རུངས་ལྟས་ངན་ཕོབ༔ དུས་ལ་བབ་ཚེ་ང་དང་ལྷ་སྲས་ཀྱི༔ ལག་ཏུ་སྤྲོད་ཅིག་དམ་བཅའ་ཐུབ་པར་སྲུངས༔ མཱ་ར་ཐ་ས་མ་ཡ་ན་ར་ཀན༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ སཱ་མཱ་ཡཱ༔ ཁ་ཐམ༔ འཆི་མེད་ཚེའི་སྙིང་སྒྲུབ་འདི་ནི་ལོ་ཤས་གསང་ནས། ཆུ་ཡོས་ཧོར་ཟླ་ལྔ་པའི་ཚེས་བཅུའི་ཉིན། འབྲི་གུང་སྤྲོ་གུང་གི་ལྕང་ཁྲོད་དུ་ཕབ་པའོ། །ཤུབྷཾ།། །།  ༔དམ་ཆོས་དགོངས་པ་ཡང་ཟབ་ལས༔ འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་ཐབས་འདོད་ཆགས་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ ྈྈྈྈྈྈྈྈྈྈྈྈ འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་གདམས་པ་འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ བཅོམ་ལྡན་འདས་འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་དབང་གསང་བའི་མཛོད༔ རྒྱལ་བ་ཀུན་གྱི་བཅུད་བསྡུས་ཏེ༔ ང་ཡི་ཡིད་ལ་གཅགས་པའི་བུ༔ ལྷ་སྲས་སྐྱེ་བ་ཕྱིས་འབྱུང་དོན༔ ཉོན་མོངས་འདོད་ཆགས་འདོད་ཆགས་ཀྱི༔ བདེ་བའི་ཡེ་ཤེས་ལ་བརྟེན་ནས༔ ཚེ་དབང་རིག་འཛིན་སྒྲུབ་པའི་ཐབས༔ གཅེས་པར་གདམས་སོ་ཨ་ཐམ་རྒྱ༔ སཱ་མཱ་ཡཱ༔ འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ནི༔ གནས་ཡིད་དང་མཐུན་ཞིང་ཕྱི་ནང་གི་ཡོ་བྱད་འཛོམ་པ༔ གློ་བུར་ཡེ་འདྲོག་གི་འཚེ་བ་མེད་པར༔ རིགས་བཟང་གི་ཕྱག་རྒྱ་མཚན་དང་ལྡན་པ་བཙལ་ཏེ༔ ཕྱི་ནང་གི་མཚམས་དམ་དུ་བཅད༔ བདེ་བའི་སྟན་ལ་འདུག་སྟེ༔ བར་གཅོད་དང་ལོག་འདྲེན་མི་ཁའི་གནོད་བྱེད་ལ་གཏོར་མ་བྱིན་ལ་བཀའ་བསྒོ༔ ཕྱོགས་སྐྱོང་དང་གཞི་བདག་ལ་གཏོར་མ་བྱིན༔ ཡ་ག་མི་སྒྲོག་ཅིང་བར་གཅོད་མི་འབྱུང་བའི་ཕྲིན་ལས་བཅོལ༔ དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས༔ ཐབས་ཀྱི་སྐུ་རིག་འཛིན་པདྨ་བདག་ཉིད་སྐུ་མདོག་དམར་གསལ་མདངས་དང་ལྡན་པ༔ གསང་བའི་རྡོ་རྗེ་མཁྲེགས་ཤིང་འོད་དུ་འབར་བ༔ རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ་སྟོང་གསལ་གྱི་སྐུ༔ པདྨ་ཉི་ཟླའི་གདན་ལ་བཞུགས་པར་གསལ་བའི༔ གསང་བ་ནས་སྤྱི་བོའི་བར་པདྨ་འདབ་མ་བརྒྱད་པ༔ ལྗང༔ སེར༔ སྔོ༔ དམར༔ དཀར་བའི་སྡོང་བུ་བརྩེགས་མ་ལ་གནས་པ༔ དེ་ཡི་སྤྱི་བོར་བདེ་ཆེན་འཁོར་ལོའི་པདྨའི་དབུས་སུ༔ སངས་རྒྱས་ཚེ་དཔག་མེད་སྐུ་མདོག་དཀར་པོ༔ ཀུན་བཟང་དཀར་མོ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན་པར་བསྐྱེད༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་པདྨའི་དབུས་སུ༔ པདྨ་ཚེ་དཔག་མེད་སྐུ་མདོག་དམར་པོ༔ གོས་དཀར་མོ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན་པར་བསྐྱེད༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས་སུ༔ རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སྔོན་པོ༔ མཱ་མ་ཀཱི་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ༔ རཏྣ་ཚེ་དཔག་མེད་སྐུ་མདོག་སེར་པོ༔ སངས་རྒྱས་སྤྱན་མ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད༔ གསང་གནས་བདེ་སྐྱོང་གི་འཁོར་ལོའི་པདྨའི་ལྟེ་བར༔ ལས་ཀྱི་ཚེ་དཔག་མེད་ལྗང་གུ༔ སྒྲོལ་མ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད་དོ༔ ཡུམ་དེ་ཡང་ལྷ་ལྕམ་མན་དྷཱ་ར་ཝ༔ སྐུ་མདོག་དམར་གསལ་འོད་དུ་འབར་བ༔ བཅུ་དྲུག་ལོན་པའི་ན་ཚོད་ཅན༔ ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས་པར༔ ཆགས་པའི་ཟིལ་གྱིས་བརླན་པ༔ རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ༔ སྟོང་གསལ་གྱི་སྐུ༔ ཡབ་ཀྱི་པང་དུ་འཁྲིལ་ཏེ༔ ཡབ་ཡུམ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་གསང་བ་ནས་སྤྱི་བོའི་བར་དུ༔ པད་སྡོང་བརྩེགས་མ་ཁ་དོག་ལྔ་ལྡན་གྱི་སྟེང་དུ༔ ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་ཡབ་ལ་ཇི་ལྟར་བསྐྱེད་པ་བཞིན་བསྒོམ༔ ཡབ་ཡུམ་གཉིས་ཀྱང་སྙོམས་འཇུག་གི་འཁྱུད་རྒྱ་ཅན༔ བདེ་བ་ཆེན་པོའི་ཉམས་དང་ལྡན་པར་བསམ༔ དེ་ནས་ཡབ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ༔ ཡུམ་ཡབ་ལ་པདྨའི་འདུག་སྟངས་ཀྱིས་འཁྲིལ་བ༔ ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བས་གཡོ་བ་ནི་དགའ་བའི་ཉམས་སོ༔ ཡུམ་གྱིས་ཡབ་ཀྱི་བོལླ་ཉེད་ཅིང་བལྟ་བས་ཕྱང་ཉུག་བསྡམ༔ ཡབ་ཀྱིས་ཡུམ་གྱི་བྷ་ག་ལ་བལྟ་ཞིང་རེག་ལ་བགྲད་པ་དང་གདང་བའི་ཞལ་དུ་བཤུད་ཅིང༔ དབྱིངས་སུ་བསྟིམ་པ་དང་སླར་གདོན་ལ་བསྲུབ་པའི་སྦྱོར་བ་དལ་བུས་བདེ་བ་བསྐྱེད་པ་ནི་མཆོག་དགའི་ཉམས་སོ༔ དེ་ལས་བདེ་བའི་ཉམས་ཆེར་རྒྱས་ཏེ༔ ཡབ་ཡུམ་བདེ་བའི་སྐད་འབྱིན་ཅིང༔ བཞིན་གྱི་རྣམ་པ་འགྱུར་བ་ནི་ཁྱད་པར་དགའ་བའི་ཉམས་སོ༔ དེ་ལས་ཀྱང་བདེ་བ་ཆེས་ཆེར་རབ་ཏུ་རྒྱས་ཏེ་འབར་བའི་ཉམས་ཟུག་རྔུ་དང་བཅས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་སོ༔ འདི་དག་འཇིག་རྟེན་པ་ལུགས་སུ་འབྱུང་བའི་ཉམས་བཞིའི་འགྱུར་བ་ཞེས་བྱའོ༔ དེ་ནས་སྐྱོད་པ་བཤོལ་ཞིང་ཀ་དག་གི་ངང་དུ་ཆམ་བཞག༔ དེ་ལྟར་འབད་པས་ཡབ་ཡུམ་གཉིས་ཀའི་ཁམས་ཀྱི་དྭངས་སྙིགས་ཕྱེད་དེ༔ ཁམས་ཀྱི་སྙིགས་མ་ཐམས་ཅད་ཆུ་སེར་དང༔ བའི་ཁ་ཆུ་ལྟ་བུར་ཕྱིར་བོ་བས་གེགས་མི་འབྱུང་ལ༔ དྭངས་མ་འཕོ་མེད་དུ་བཅིང་བ་ནི༔ ཐུན་མོང་མ་ཡིན་པའི་རླུང་གནད་དང༔ ཉི་ཟླ་ཁ་སྦྱོར་ལུགས་འབྱུང་དང་ལུགས་བཟློག་གི་ལུས་གནད་དང་ལྡན་པས༔ བརྩོན་པ་ཆེན་པོས་ཉམས་སུ་བླང་བ་གལ་ཆེའོ༔ དེ་ལྟར་དྭངས་སྙིགས་འབྱེད་པའི་སྦྱོར་བ་འདི་དག་ལས་དང་པོ་པས༔ ཐུན་འགོར་ལན་དྲུག་དྲུག་བྱ་ཞིང༔ ཞག་གསུམ་ནས་ཐུན་འགོ་རྣམས་སུ་ལན་རེ་རེ་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ནི༔ གོང་ལྟར་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ གསང་གནས་འཁོར་ལོའི་ལྟེ་བའི་ལས་ཀྱི་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ ལས་ཀྱི་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་ལྗང་གུ་འཕྲོས༔ ལུས་ཀྱི་ནང་ཁེངས༔ ཕྲག་དོག་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་རླུང་གི་བཅུད་བདུད་རྩི་ལྗང་གུ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ལས་བདུད་རྩི་ལུད༔ ཕྱིར་བབས་ཏེ༔ གསང་གནས་ཀྱི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་རྐང་སོར་ནས་ལོང་བུ༔ པུས་མོ་ལྟེ་བ་དཔྱི་དང་གསང་གནས་ཕྱིན་བདུད་རྩི་ལྗང་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་དོན་ཡོད་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླ་བཞིན་རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་མུ་ཏིག་བཙད་པོ་ཉིད་རྒྱལ་པོར་དབང་བསྐུར་བས༔ སྟོན་པ་ལེགས་བྱིན་ཉི་མ་དང༔ སྔགས་པ་རྡོ་རྗེ་རྒྱལ༔ རྒྱལ་པོ་ཧབ་ལེ་རྣམས་ལ་ཕྲག་དོག་པའི་དབང་གིས་ནོངས་པ་བགྱིས་པས༔ མ་འོངས་པ་ན་ལྷ་སྲས་སྐྱེ་བ་བརྒྱུད་པའི་རྗེས༔ ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ཕྲག་དོག་གི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་ལས་ཀྱི་རིགས་ཀྱི་རྦོད་གཏོང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ ལས་རིགས་དབང་དུ་འདུ་ལ་ཕྲིན་ལས་ཀྱི་ཚེ་ལ་དབང་བསྒྱུར་རོ༔ ཨོ་རྒྱན་པདྨ་ཡབ་ཡུམ་བདག་གིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ ཕྲིན་ལས་ཀྱི་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ ལྟེ་བའི་འཁོར་ལོའི་དབུས་ཀྱི་རཏྣ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རཏྣ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་སེར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ སེར་སྣ་དང་ང་རྒྱལ་གྱི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ ཤ་དང་རུས་པའི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་སའི་བཅུད་བདུད་རྩི་སེར་པོ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ལས་བདུད་རྩི་ལུད༔ ཕྱིར་བབས་ཏེ་ལྟེ་བའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་སྤུ་མཚམས་ཡན༔ ལྟེ་བ་ཕྱིན་ཆད་བདུད་རྩི་སེར་གསལ་མདངས་དང་ལྡན་པས་ལྟེམ་གང༔ མཉམ་པ་ཉིད་ཀྱི་མཆོག་དགའི་ཡེ་ཤེས་ཤར༔ གུ་རུ་རཏྣ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཏྲཱཾཿརཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་པ་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་ཉིད་རྒྱལ་པོར་གྱུར་པས༔ མཁན་པོ་ཤཱནྟིཾ་པ་དང༔ སྔགས་པ་ལོང་ཚེ་ནག་པོ༔ རྒྱལ་བུ་ཉི་མ་དཔལ་རྣམས་ལ་ང་རྒྱལ་གྱི་དབང་གིས་ནོངས་པའི་ལས་བགྱིས་པའི་འབྲས་བུས༔ མ་འོངས་པ་ན་ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ང་རྒྱལ་གྱི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན་མདོར་ན་རིན་ཆེན་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ རིན་ཆེན་རིགས་དབང་དུ་འདུ་ལ་ཡོན་ཏན་རིགས་ཀྱི་ཚེ་ལ་དབང་བསྒྱུར་རོ༔ ཨོ་རྒྱན་པདྨ་ཡབ་ཡུམ་བདག་གིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ རིན་ཆེན་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་ཏེ༔ སྙིང་གའི་འཁོར་ལོའི་དབུས་ཀྱི་རྡོ་རྗེ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རྡོ་རྗེ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་སྔོན་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ ཞེ་སྡང་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ ཁྲག་གི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་ཆུའི་བཅུད་བདུད་རྩི་མཐིང་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ནས་བདུད་རྩི་ལུད༔ ཕྱིར་བབས་ཏེ་སྙིང་གའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་ལྟེ་བ་ཡན༔ སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་མཐིང་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས་ཤར༔ གྷུ་རུ་རྡོ་རྗེ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བགྱིའོ༔ དེ་ལྟར་འབད་པས༔ ད་ལྟ་ང་ཡི་བུ་ལྷ་སྲས་ཉིད་རྒྱལ་པོར་གྱུར་པས༔ སྟོན་པ་སངས་རྒྱས་གྲུབ་དང༔ སྔགས་པ་ཕུར་པ་མགོན༔ བློན་ཞང་འུ་རིང་རྣམས་ལ་ཞེ་སྡང་གི་དབང་གིས་ནོངས་པ་བགྱིས་པས༔ མ་འོངས་ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ཞེ་སྡང་གི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་རྡོ་རྗེ་རིགས་ཀྱི་རྦོད་གཏོང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ རྡོ་རྗེ་རིགས་དབང་དུ་འདུ་ལ༔ ཐུགས་ཀྱི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ རྡོ་རྗེ་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་ཏེ༔ མགྲིན་པའི་འཁོར་ལོའི་དབུས་ཀྱི་པདྨ་ཚེ་དཔག་མེད་ཡབ་ཡུམ་གསལ་བཏབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བ་ན༔ པདྨ་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ འདོད་ཆགས་ཀྱི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔ་ཡི་མེའི་བཅུད་བདུད་རྩི་དམར་པོའི་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བའི་ཚེ༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ནས་བདུད་རྩི་ཐོན༔ ཕྱིར་བབས་ཏེ་མགྲིན་པའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབས༔ རང་ལུས་ཀྱི་མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ སོ་སོར་རྟོག་བྲལ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་པདྨ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ༔ རླུང་གནད་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་ཁྱོད་ཉིད་རྒྱལ་པོར་གྱུར་པས༔ གྷུ་རུ་བདག་དང༔ སྐུ་སྲུང་མཁན་པོ་ལྷའི་མེ་ཏོག༔ བླ་མཆོད་བསྟན་པ་འཕེལ་རྣམས་ལ༔ ཆགས་སྡང་མིག་སེར་གྱིས་ནོངས་པ་ཤོར་བའི་འབྲས་བུས༔ མ་འོངས་པ་ན༔ ལྷ་སྲས་སྐྱེ་བ་བརྒྱུད་ནས༔ གཞུ་ལུང་ནག་པོར་སྐྱེ་བ་བླངས་ཏེ་ཆོས་འདི་དང་འཕྲད་པ་ན༔ བླ་མ་དང་སློབ་དཔོན་གྲྭ་སློབ་དང་ཡོན་བདག་འགའ་ཞིག་ཆགས་པས་ཡིད་དཀྲུགས༔ ཡ་ག་སྣ་ཚོགས་སྒྲོག་ཅིང༔ ཆགས་སྡང་མིག་སེར་གྱི་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་པདྨ་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ པདྨ་རིགས་དབང་དུ་འདུ་ལ༔ གསུང་གི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ པདྨ་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ སྤྱི་བོའི་འཁོར་ལོའི་དབུས་ཀྱི་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རྣམ་སྣང་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་དཀར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ གཏི་མུག་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ རྣམ་པར་ཤེས་པའི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་ནམ་མཁའི་བཅུད་བདུད་རྩི་དཀར་པོ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུའི་གཙུག་ནས་བདུད་རྩི་ལྷུད༔ ཕྱིར་བབ༔ སྤྱི་བོའི་པད་འདབ་ཁེངས་པར་བསམ༔ དེ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་སྤྱི་གཙུག་ཕྱིན་མགོ་བོའི་ནང་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་གང༔ མེ་ལོང་ལྟ་བུའི་འཁོར་འདས་ཡོངས་གྲོལ་གྱི་རང་བྱུང་གཞིའི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང༔ བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་འཇིང་ཡོན་རྒྱལ་པོའི་ཁེངས་དྲེགས་་་ཀྱིས༔ མཐོ་དམན་ཀུན་ལ་མི་ཤེས་པ་དང༔ གཏི་མུག་པས་བརྙས་པ་ཆེས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་ཆུད་ཟ་བར་མི་འགྱུར་རོ༔ མ་འོངས་པ་ན་སྐྱེ་བ་འགའ་ཞིག་འདས་ནས༔ འབྲི་ཞེས་བྱ་བའི་ཡུལ་དུ་སྐྱེས་ཤིང༔ ཆོས་འདི་དང་འཕྲད་པའི་ཚེ༔ མཐོ་དམན་ཀུན་གྱིས༔ རང་ལ་དགོས་ན་སྨན་ལྟར་འཚོལ་ཞིང༔ བཏང་སྙོམས་སུ་རྩྭ་བཞིན་བརྙས་ཤིང་འདོར་བར་འགྱུར་ལ༔ ཡང་དག་དང་ལོག་པར་ལྟ་བ་རྣམ་པ་དུ་མའི་ཆོ་འཕྲུལ་གྱིས༔ བྱད་དང་ཕུར་ཁས་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན་སོགས་དེ་བཞིན་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ སངས་རྒྱས་རིགས་དབང་དུ་འདུ་ལ༔ སྐུའི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ སངས་རྒྱས་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཐུན་མཚམས་ཀྱི་རྣལ་འབྱོར་ནི༔ ཡབ་ཡུམ་གཉིས་ཀའང་ལྔ་ལྡན་ཐིག་ལེ་ཆེན་པོ༔ སྟོང་གསལ་ཏི་ལ་ཀ་ཉག་གཅིག་གི་རང་མདངས་སུ་མཉམ་པར་བལྟའོ༔ དེ་ནས་བག་ཆགས་ལྡང་བྱུང་ན༔ རང་གར་འདུག་པའི་གནས་ནི་བདེ་བ་ཅན༔ ཡབ་སྣང་བ་མཐའ་ཡས༔ ཡུམ་གོས་དཀར་མོའི་ང་རྒྱལ་གྱིས་ལྡང་བར་བྱའོ༔ ཐུན་མཚམས་སུ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཉམས་སུ་བླང་ན༔ རབ་ཕུང་པོ་ལྷག་མེད་དུ་གྲོལ༔ འབྲིང་ཇི་སྲིད་སྡོད་གང་མོས་ཀྱི་བར་ཚེའི་དངོས་གྲུབ་ཐོབ༔ ཐ་མ་ཡང་དུས་མིན་འཆི་བའི་བར་ཆད་ཞི་ཞིང༔ ཤི་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད་དོ་ན་ར་ཀན༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཆགས་ཆེན་ཕོ་ཉའི་ལམ་བརྟེན་ཚེ་སྒྲུབ་ཐབས༔ སྔོན་ཆད་བོད་འདིར་མ་བསྟན་སྙིང་གི་ཆོས༔ དུག་ལྔའི་རྦོད་གཏོང་ཟློག་པའི་དཔའ་བོ་ལ༔ གཅེས་པར་དགོས་པའི་རླུང་ཟས་སྟོབས་བསྐྱེད་དང༔ ཚོད་འཛིན་གེགས་སེལ་རྟགས་ཚད་ཡིག་བུ་ཆུང༔ ཕྱི་ནང་གསང་བའི་དབང་བསྐུར་ཡང་ཟབ་མཛོད༔ འཛོམ་ན་འོད་ལུས་རྙེད་པའི་ཟབ་རྒྱའི་ཆོས༔ དྭངས་མས་དྭངས་མ་སྒྲུབ་པའི་ཡང་སྙིང་འདི༔ མ་འོངས་དུས་ན་ལྷ་སྲས་མཇིང་ཡོན་དང༔ གསང་བའི་དགྱེས་ཡུམ་ངང་བཙུན་དཔལ་གྱི་རྒྱལ༔ སྨོན་ལམ་མཐུ་ཡིས་ལྷན་ཅིག་འཕྲད་པ་ན༔ གནས་སྐབས་ཚེ་ཡི་བར་ཆད་བསལ་བ་དང༔ ཕྱི་མ་ཞིང་ཁམས་གཅིག་་་པའི་རྟེན་འབྲེལ་ཕྱིར༔ པདྨ་བདག་གི་སྙིང་གི་གསང་ཁུ་བརྟོལ༔ ལས་ལྡན་ཡབ་ཡུམ་དོན་ཕྱིར་འདི་གདམས་སོ༔ མ་འོངས་བཞི་བཅུའི་དུས་སུ་ཉེ་བ་ན༔ དམ་པ་སྟོན་པའི་སློབ་དཔོན་སྐུ་ཚེ་ཐུང༔ ཕྱི་རུ་བཙུན་གཟུགས་ནང་གི་འདོད་ཆེན་སྲེད༔ དམ་མེད་སྡོམ་མེད་ཚུལ་འཆོས་བསྟན་འཛིན་ཞེས༔ རྒྱལ་ཁམས་ཀུན་ཏུ་ར་ཁྱུ་ཙམ་པ་ནི༔ ལ་ལ་མཁས་ཟེར་བསྟན་པའི་སེལ་འབྱེད་ཅེས༔ ཡ་བྲལ་ལྟ་བས་ཆོས་བྱེད་ལམ་སྣ་སྒྱུར༔ ལ་ལས་གྲུབ་འདོད་སྟོང་ལྟ་ཧད་པོ་ཡིས༔ རྒྱུ་འབྲས་ས་བོན་དགེ་སྡིག་ཁྱད་མེད་སྤྱོད༔ ལ་ལ་ཞིག་པོ་ཡིན་ཞེས་གཏི་མུག་གི༔ སྤྱོད་པས་འགྲོ་བ་བསླུ་རྣམས་བྲིམ་ཞིང་རྒྱས༔ ཆོས་སྤྱོད་སྐྱེ་བོ་ཡ་རབས་ཚེ་ཐུང་ཞིང༔ ནད་མང་སྡུག་བསྔལ་དུ་མས་ཉེན་པ་འབྱུང༔ ཟས་སུ་མནའ་ཟ་སྐོམ་དུ་དུག་སྦྱོར་ཞིང༔ ལས་སུ་དམག་འཁྲུགས་དུག་ལྔས་རྒྱུད་ཁེངས་པའི༔ ས་ཕྱོགས་ཡུལ་ཁམས་བདེ་སྐྱིད་དར་གྱུར་པའི༔ ལོག་པའི་དུས་གཅིག་མ་འོངས་དུས་བྱུང་ཚེ༔ བོད་འབངས་སྨོན་ལམ་ལྷན་ཅིག་བཏབ་པའི་མཐུས༔ ལྷ་སྲས་རྒྱལ་པོ་མུ་ཏིག་བཙད་པོ་ནི༔ འབྲི་རུ་སྐྱུ་རའི་རིགས་སུ་འཁྲུངས་གྱུར་ཏེ༔ དེ་ཚེ་ཆོས་འདིས་ཉོན་མོངས་རང་གྲོལ་ནས༔ འདོད་ཆགས་ཆོས་ཀྱིས་འགྲོ་བ་སྒྲོལ་གྱུར་ཅིག༔ སཱ་མཱ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གབ་རྒྱ༔ གཉན་རྒྱ༔ རྒྱ་རིམ་པ་ལྔས་བཏབ་སྟེ༔ དམ་ཅན་གསུམ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ དུས་ལ་བབས་ཚེ་བུ་ལ་སྤྲོད༔ སཱ་མཱ་ཡཱ༔ ན་ར་ཀན༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེའི་སྐོར་ཉོན་མོངས་འདོད་ཆགས་རང་གྲོལ་གྱི་ཡིག་བུ་ཆུང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ ཉོན་མོངས་འདོད་ཆགས་རང་གྲོལ་གྱི་ཡིག་བུ་ཆུང་འདི་ཁོ་ནའོ༔ ཨེ་མ༔ ང་ཡི་གདམས་པ་ཉོན་མོངས་རང་གྲོལ་ལ༔ གཅེས་པར་དགོངས་པའི་རླུང་ཟས་ལག་ལེན་ནི༔ ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང༔ འཕྲད་ཚེ་ང་དང་མི་གཉིས་ཛྭ་ཝ་རི༔ རྒྱ་གར་ཡུལ་འབྱུང་གྲུབ་པའི་རིག་འཛིན་བརྙེས༔ དེ་ཡི་ཡང་ཟབ་རླུང་གི་གདམས་པ་ནི༔ འཆི་མེད་གྲུབ་པའི་གནད་ཀུན་ལེན་གྱུར་ཏེ༔ པདྨ་ང་ཡི་ཐུགས་རྗེས་འཕྲད་པས་ལོངས༔ སྟོབས་སྐྱེད་ཁམས་དང་མཐུན་པའི་སྨན་སྦྱོར་ནི༔ ཟབ་དགུ་བོད་འདིར་འབྱུང་བས་གང་འཕྲོད་བསྟེན༔ ཉམས་སུ་བླངས་པའི་རྟགས་ཚད་ཡོན་ཏན་ནི༔ བྱང་སེམས་རྒྱས་པས་ལུས་ཀུན་བདེ་ཞིང་འབར༔ ལུས་ཀྱི་འགུལ་སྐྱོད་ཐམས་ཅད་བདེ་བར་འབར༔ བདེ་སྟོང་ངང་གིས་ཉིན་མཚན་འཁོར་ཡུག་འགྱུར༔ ལུས་ལ་ཚེར་མ་ཟུག་ཀྱང་བདེ་བར་འཆར༔ དྭངས་མ་རྒྱས་ཏེ་རཀྟ་འོད་དམར་འབབ༔ བདེ་བར་གཤེགས་པའི་ལྷ་སྐུ་རིང་བསྲེལ་འཁྲུངས༔ དེ་ལྟར་བྱུང་ན་ཉམས་ལེན་ཞེན་མེད་བསྐྱང༔ རབ་འབྲིང་ཐ་མའི་རྟགས་ཚད་བརྩོན་པས་འགྲུབ༔ ཡང་ནི་རྡོ་རྗེ་ལས་སུ་མི་རུང་དང༔ པདྨ་ཤུ་ཐོར་ཚ་ན་ཆེ་བ་དང༔ སྦྱོར་སྙིང་མི་འདོད་མགོ་དང་རོ་སྟོད་ན༔ ཡིད་མི་བདེ་ཞིང་ལྟ་ལོག་སྐྱེ་འགྱུར་ན༔ ཡབ་ཡུམ་སུ་ལ་བྱུང་ན་བར་ཆད་ཡིན༔ དམ་བཤགས་སྟོབས་བསྐྱེད་སྨན་མར་རིལ་བུ་བསྟེན༔ ངལ་གསོ་ཚོད་བཟུང་བརྩོན་པས་ཉམས་ལེན་བྱ༔ གལ་ཏེ་སྙིགས་མ་གསང་བར་འདྲིལ་བའི་རྟགས༔ རིག་པར་གྱུར་ན་ཡུམ་གྱི་གསང་རུམ་དུ༔ སྣ་ཚོགས་པདྨ་འདབ་བརྒྱད་དབུས་དང་ཕྱོགས༔ རྣམ་སྣང་གཙོ་བོར་རིགས་ལྔ་ཚེ་དཔག་མེད༔ ཡབ་ཡུམ་གསང་བའི་མཁར་གཏད་བདེ་མཆོད་འབུལ༔ དམ་ཚིག་བདུད་རྩི་མཁའ་ལས་བླང་ཞིང་མྱང༔ རང་ལུས་འཆི་མེད་བདུད་རྩིས་གཏམས་པར་བསམ༔ དེ་ལྟར་ཉོན་མོངས་ཉེ་བའི་ཉོན་མོངས་ཀུན༔ བླ་མེད་བྱང་ཆུབ་མཆོག་ཏུ་བྱེད་པའི་ཐབས༔ པདྨ་བདག་ལ་བརྒྱུད་པའི་ཁོང་སྙིང་ཡོད༔ རང་ཉིད་འདོད་སྲེད་འཁྲུལ་ཕྱིར་མ་ཡིན་ཀྱང༔ ཕྱི་རབས་ལྷ་སྲས་རྒྱལ་བུ་ཡིད་ལ་གཅག༔ ཀུན་ལས་ཁྱད་འཕགས་ཟབ་ཁྱད་མངོན་བྱེད་འདི༔ ཉམས་སུ་ལོངས་ཤིག་པད་འབྱུང་བདག་ཉིད་ལ༔ ཡིད་གདིང་ཆོས་ཤིག་ཀུན་གྱི་ཁ་མ་གཡེལ༔ བུར་སྒོག་ཤ་ཆང་དྲི་མ་མི་གཅིག་པ༔ སོ་སོར་འབྱུང་དང་ལྷ་དང་འདྲེ་མཐོང་ཡང༔ སྙིང་གི་བུ་ལས་སུ་ལའང་མ་བསྟན་ཅིག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ ཚེ་སྒྲུབ་རྒྱུན་ཁྱེར་ཉི་ཟླ་གའུ་མ་ཞེས་བྱ་བ་བཞུགས་སོ༔  ྈྈྈྈྈྈྈ འཆི་མེད་ཡེ་ཤེས་ཚེ་དབང་ཡོངས་རྫོགས་པ༔ གྷུ་རུ་པདྨའི་སྐུ་གསུང་ཐུགས་ལ་འདུད༔ བདག་ལ་ཚེ་འདིར་ཕན་པ་མི་འདུག་ཀྱང༔ མ་འོངས་སྐྱེ་བའི་རྣམ་པར་ཤར་བ་ན༔ མ་ཧཱ་གྷུ་རུའི་ཐུགས་ཀྱི་བཅུད་གཏིབས་པ༔ འཆི་མེད་རྒྱུན་ཁྱེར་ཉི་ཟླ་ག་འུ་བཤད༔ ཉམས་སུ་ལོངས་ལ་རང་གཞན་བར་ཆད་སོལ༔ ཐོ་རངས་མི་ཚིག་མ་འདྲེས་ལུས་གནད་བསྲང༔ ཚིག་བདུན་གསོལ་བ་བཏབ་ལ་མདུན་གྱི་མཁར༔ རྩ་བའི་བླ་མ་གྷུ་རུ་པདྨའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ པད་ཟླའི་གདན་བཞུགས་བདག་ལ་དགྱེས་སྩོལ་བསམ༔ དེ་ཡི་གཡོན་དུ་ལྷ་ལྕམ་མན་དྷཱ་ར༔ དམར་མོ་གཞོན་ཚུལ་ཚེ་བུམ་སྐྱིལ་ཀྲུང་བཞུགས༔ བདག་ལ་དགྱེས་པས་ཚེ་མཆོག་སྩོལ་བར་བསམ༔ བདག་ལུས་ཆ་སྨད་ཉི་མ་འོད་ཁྱིམ་དམར༔ ལུས་ཀྱི་ཆ་སྟོད་ཟླ་བ་བསིལ་ཟེར་དཀར༔ འདོམ་སྐོར་ག་འུ་ཁ་སྦྱོར་སྲུབ་མེད་བསམ༔ དུག་གསུམ་དུག་ལྔའི་གཅོང་ནད་མི་མཐུན་ཕྱོགས༔ མེ་ལོང་ཧ་བཞིན་ཉི་ཟླའི་འོད་བསྒྲིབས་པ༔ རླུང་རོ་གཡས་འབུད་གཡས་ནས་རྔུབས་པའི་ཚེ༔ ཟླ་བའི་སྐྱོན་བསལ་གྷུ་རུའི་ཚེ་བུམ་ལས༔ བདུད་རྩི་དཀར་པོའི་རྒྱུན་དྲངས་ཟླ་བ་རྒྱས༔ རླུང་རོ་གཡོན་འབུད་གཡོན་ནས་རྔུབས་པའི་ཚེ༔ ཉི་མའི་སྐྱོན་བསལ་མཁའ་འགྲོའི་ཚེ་བུམ་ལས༔ བདུད་རྩི་དམར་པོའི་རྒྱུན་དྲངས་ཉི་མ་རྒྱས༔ ྈྈྈྈ བརྒྱ་བརྒྱད་ཐུན་རེར་བྱ༔ ཐུན་མཚམས་གྷུ་རུ་ཡབ་ཞུ་ཟླ་བར་བསྟིམ༔ ཡུམ་ཞུ་ཉི་དཀྱིལ་ཐིམ་ཞིང་གཉིས་ཀ་འདྲེས༔ ལྔ་ལྡན་ཐིག་ལེ་འོད་ཟེར་འཕྲོ་བ་ནི༔ ཇེ་ཆུང་ཇེ་ཆུང་ཁབ་རྩེའི་ཁྱོན་ཙམ་བསམ༔ དམིགས་མེད་ངང་དུ་ངལ་གསོ་དགེ་བ་བསྔོ༔ ནངས་བཞིན་མ་ཆག་དུས་མིན་བར་ཆད་སེལ༔ ཞག་གྲངས་བསྒྲུབས་ན་ལོ་མང་ཚེ་བསྲིང་ཞིང༔ ཡི་དམ་བསྟེན་ན་འཕོ་ཆེན་འོད་ལུས་འགྲུབ༔ གྷུ་རུས་གཞན་དུ་མ་བསྟན་ཚེ་སྒྲུབ་འདི༔ མ་འོངས་ཕྱི་མའི་དོན་དུ་བདག་ཉིད་ཀྱིས༔ དུང་ཤོག་དཀར་པོའི་ངོས་སུ་འདི་བཀོད་དོ༔ གདམས་སོ་གཏད་དོ་གཏེར་སྲུང་དྲེགས་པའི་ཚོགས༔ སཱ་མཱ་ཡཱ༔ ྈ ཉི་ཟླ་གའུའི་རྒྱ༔ ྈ ལྔ་ལྡན་ཐིག་ལེའི་རྒྱ༔ མི་དམིགས་པའི་རྒྱ༔ རྒྱ་གསུམ་གྱིས་དམ་པར་བསྡམས་ཏེ༔ དམ་ཆོས་དགོངས་པ་ཡང་ཟབ་ཀྱི་སྒྲུབ་པ་པོ་མཆེད་ལྕམ་རྣམས་ལ་གཏད་དོ༔ འབྲི་གུང་བྱ་བྲལ་བས་བུ་ཚལ་ཕོ་བྲང་དུ་དག་པར་ཕབ་པ་ལགས།། ༄། །འཆི་མེད་ཚེའི་སྐོར་གྱི་དབང༔ གནད་ཟབ་ཚེའི་དབང་བསྐུར་གྱི་ལས་བྱང་དབང་དང་བཅས་པ་བཞུགས་སོ། །ཟངས་ཤོག་དམར་པོའི་ཆོས་སྡེར་འདུའོ། །གྷུ་རུ་ཚེ་དཔག་མེད་ལ་ན་མོ། འཆི་མེད་ཚེ་ཡི་ཕྱི་དབང་བསྐུར་བའི་ཕྱིར། ཚེ་གཏོར་ཚེ་ཆང་ཚེ་རིལ་མདའ་དར་སོགས་འདུ་བྱས་ལ། ཧྲཱིཿ སྐུ་གསུམ་བླ་མ་ཚེ་དཔག་མེད། །བདག་ཅག་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་ཀུན་འཆི་མེད་ཐོབ་བྱའི་སླད། །བདག་གིས་ལམ་འདིར་འབད་པར་བྱ། །ཞེས་ལན་གསུམ་བྱ། བགེགས་ལ་གཏོར་མ་བྱིན་གྱིས་བརླབས་ཤིང་བསྔོ། ཧྲཱིཿ འཆི་མེད་སྒྲུབ་ལ་བར་གཅོད་པའི། །དམ་སྲི་ལོག་འདྲེན་འབྱུང་པོའི་ཚོགས། །གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་ཉམས་པར་བགྱི། །བདག་ཉིད་དབང་ཆེན་ཁྲོས་པའི་རྫུ། །འཕྲུལ་གྱི་ཁྲོ་ཚོགས་སྟོང་གསུམ་ཁེངས། །བགེགས་ཀྱི་གཤེད་མ་འཇིགས་རྔམས་ཚུལ། །རྡོ་རྗེ་རྭ་གུར་སྲ་ཞིང་བརྟན། །སརྦ་བྷཱུ་ཏ་གཙྪ་བཛྲ་རཀྵ་ཀུརྦནྟུ། ཞེས་བཀའ་བསྒོ་མཚམས་བཅད། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ་གི་བར་རོ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ ཞེས་མཆོད་གཏོར་སོགས་བྱིན་བརླབ། བདག་མདུན་དབྱེར་མེད་དུ་བསྒོམ་པ་ནི། ཧཱུྃ། བདག་དང་གཏོར་མ་སྟོང་འབྱམས་འོད་གསལ་ངང་། །པདྨ་ཉི་ཟླའི་གདན་ལ་སྐད་ཅིག་གིས། །རིག་འཛིན་པདྨ་དཀར་སེར་མདངས་དང་ལྡན། །རིན་ཆེན་རུས་པའི་རྒྱན་ཅན་ཡིད་འོང་བ། །མཉམ་གཞག་ཕྱག་གིས་ཚེ་བུམ་མདའ་དར་འཛིན། །རྡོར་སྐྱིལ་པང་དུ་ལྷ་ལྕམ་མནྡྷཱ་ར། །དམར་སེར་འོད་ཟེར་བཅུ་དྲུག་ལོན་པའི་ཉམས། །ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས། །རིན་ཆེན་རུས་རྒྱན་ཡིད་འོང་པད་སྐྱིལ་འཁྱིལ། །ཕྱག་གཉིས་ཚེ་བུམ་འཛིན་པས་ཡབ་ལ་འཁྱུད། །ཡབ་ཡུམ་སྟོང་གསལ་བདེ་བའི་ཉམས་དང་ལྡན། །ཡབ་ཀྱི་སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔར། །དཀར་དམར་སྔོ་སེར་ལྗང་བའི་པད་སྡོང་བརྩེགས། །བདེ་ཆེན་འཁོར་ལོར་སངས་རྒྱས་ཚེ་དཔག་མེད། །དཀར་པོ་ཀུན་བཟང་དཀར་མོ་ཡུམ་དང་སྦྱོར། །ལོངས་སྤྱོད་འཁོར་ལོར་པདྨ་ཚེ་དཔག་མེད། །དམར་པོ་གོས་དཀར་ཡུམ་དང་གཉིས་མེད་འཁྲིལ། །ཆོས་ཀྱི་འཁོར་ལོར་རྡོ་རྗེ་ཚེ་དཔག་མེད། །སྔོན་པོ་མཱ་མ་ཀཱི་འཁྱུད་སྦྱོར་བའི་ཚུལ། །སྤྲུལ་པའི་འཁོར་ལོར་རཏྣ་ཚེ་དཔག་མེད། །སེར་པོ་སངས་རྒྱས་སྤྱན་དང་དགའ་བར་འཁྲིལ། །བདེ་སྐྱོང་འཁོར་ལོར་ཀརྨ་ཚེ་དཔག་མེད། །ལྗང་ཁུ་སྒྲོལ་མ་ཡུམ་དང་མཉམ་པར་སྦྱོར། །ཡབ་རྣམས་མཉམ་གཞག་ཚེ་བུམ་རྡོར་སྐྱིལ་པང་། །ཡུམ་རྣམས་གཡས་པ་མདའ་དར་རང་མདོག་ཅན། །གཡོན་རྣམས་ཚེ་བུམ་པད་སྐྱིལ་ཡབ་ལ་འཁྲིལ། །ཀུན་ཀྱང་ལོངས་སྐུའི་ཆ་ལུགས་མཚན་དཔེར་ལྡན། །གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས། །དཀར་དམར་སྔོ་སེར་ལྗང་བའི་འོད་འཕྲོས་པས། །པདྨ་འོད་ནས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཧྲཱིཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས། །འཆི་མེད་པདྨ་འབྱུང་གནས་ཚེ་དཔག་མེད། །རིགས་ལྔའི་ཚོགས་བཅས་གནས་འདིར་དགྱེས་གཤེགས་བཞུགས། །བདག་ཅག་གུས་པས་འདུད་ཅིང་ཕྱག་བགྱི་འོ། །ཨོཾ་བཛྲ་གུ་རུ་པཉྩ་ཨཱ་ཡུཿདྷེ་ཝ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཧྲཱིཿ ཐུགས་རྗེ་སྨད་བྱུང་ཚེ་ལྷ་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས་མར་མེ། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །སྨན་རཀ་གཏོར་ཚོགས་འདོད་ཡོན་མཆོད་པར་འབུལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། པཉྩ་ཨ་མྲྀཏ་མ་ཧཱ་རུ་དྷི་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ འཆི་མེད་དབང་པོ་གྲུབ་མཆོག་པདྨ་འབྱུང་། །ཡབ་ཡུམ་གནས་ལྔར་རིགས་ཀྱི་ཚེ་དཔག་མེད། །ཡུམ་བཅས་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས། །མ་བསྒྲིབས་ཆུ་ཟླ་ཇི་བཞིན་སྣང་ལ་བསྟོད། །ཅེས་བསྟོད། ལྷ་རྣམས་གནས་ལྔའི་ས་བོན་ལས་འོད་ཟེར། །སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི། །སྣོད་བཅུད་ཚེ་དཔལ་འབྱོར་པ་ཀུན་བསྡུས་ནས། །ཐིམ་པས་འཆི་མེད་རིག་འཛིན་ཐོབ་པར་བསམ།་་་བདག་དོན་དུ་ཚེ་སྒྲུབ་བྱེད་ན་བཟླས་པའི་དམིགས་པ་བསྡུས་པ་འདིའི་ཚབ་ཏུ། གཏེར་གཞུང་གི་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་དངོས་གཞིའི་དམིགས་པ་རྣམས་སྦྱོར་བ་ཞལ་ལས་དྲིས་ཤིག །ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ བུདྡྷའི་གནས་སུ། པདྨ། བཛྲ། རཏྣ། ཀརྨ་སྦྱར་ལ་བསྙེན་པ་ནུས་ཚད་འབད་དེ་བྱེད། ཚོགས་ཀྱི་ཡོ་བྱད། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གསུམ་བརྗོད་པས་བྱིན་བརླབས་ཚོགས་ཕུད་འབུལ། ཧྲཱིཿ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི། །སྣ་ཚོགས་ནམ་མཁའི་ཁམས་བཀང་ནས། །འཆི་མེད་ལྷ་ཚོགས་རྣམས་ལ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང་། །ཐུགས་དམ་སྐོངས་ལ་བར་ཆད་སོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པཉྩ་ཨཱ་ཡུརྡྷེ་ཝ་ག་ཎ་ཙཀྲ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་དབུལ་ལོངས་སྤྱོད། ལྷག་མ་བསྡུས། ཨོཾ་ཨ་ཀཱ་རོ་ལན་གསུམ་དང་། ཧྲཱིཿ ཚོགས་ཀྱི་ལྷག་མ་ཕམ་ཕབ་བཟའ་བཏུང་བཅས། །འཆི་མེད་བདག་པོའི་བཀའ་ཉན་འཁོར་ཚོགས་ལ། །ལེགས་པར་འབུལ་གྱིས་ཚིམས་ཤིང་རངས་གྱུར་ནས། །བདག་གི་ཚེ་ཡི་བར་གཅོད་ཞི་བར་མཛོད། །ཨུཙྪིཥྚ་སརྦ་ས་པ་རི་ཝཱ་ར་ཁཱ་ཧི༔ ཞེས་དབུལ་སློབ་དཔོན་བདག་འཇུག་བླང་། །སློབ་མས་ཁྲུས་བྱས་གདན་ལ་འཁོད། །བགེགས་གཏོར་བྱིན་ལ་མཎྜལ་དབུལ། །གསོལ་གདབ་དྲིས་ལེན་བྱིན་དབབ་ཅིང་། །དམིགས་པ་དང་བཅས་ཚེ་འགུགས་པའི། །བར་རྣམས་ཚེ་དབང་དཀྱུས་བཞིན་བྱ། །དངོས་གཞི་དབང་བསྐུར་འདི་ལྟར་བྱ། །གཏོར་མ་གྷུ་རུ་ཡབ་ཡུམ་གྱི་གནས་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་རྣམས་གསལ་བའི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་དཀར་པོ་བབས་པས་གྷུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་དཀར་པོ་བབ། སློབ་མ་གྷུ་རུ་ཡབ་ཡུམ་གྱི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་སྤྱི་བོའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་དཀར་པོ་བབས་པས་མགོ་བོའི་ནང་ཐམས་ཅད་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་གང་། གཏི་མུག་གི་ཉེས་ལྟུང་སྦྱངས། རྣམ་པར་ཤེས་པའི་ཁམས་དང་། འབྱུང་བ་ནམ་མཁའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། མེ་ལོང་ལྟ་བུའི་འཁོར་འདས་ཡོངས་གྲོལ་གྱི་རང་བྱུང་གཞིའི་དགའ་བའི་ཡེ་ཤེས་ཐོབ། གྷུ་རུ་རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཨོཾ༔ སྐུ་ཡི་དབང་མཆོག་བུདྡྷ་ཚེ་དཔག་མེད༔ སོགས་ཀྱི་དབང་ལྟར་སྤྱི་བོར་བསྐུར། དེ་བཞིན་པདྨ་ཚེ་དཔག་མེད་ཀྱི༴ བདུད་རྩི་དམར་པོ༴ མགྲིན་པའི་པདྨ་ཚེ་དཔག་མེད༴ མགྲིན་པའི་པད་འདབ༴ མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ༴ འདོད་ཆགས་ཀྱི་ཉེས་ལྟུང་ཐམས་ཅད༴ དྲོད་ཀྱི་ཁམས་དང་འབྱུང་བ་མེའི་ཁམས༴ སོ་སོར་རྟོག་པའི་ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཡེ་ཤེས༴ གྷུ་རུ་པདྨ་ཚེ་དཔག་མེད་ཀྱི༴ ཨཱ༔ གསུང་གི་དབང་མཆོག་པདྨ་ཚེ་དཔག་མེད༔ སོགས། ཡང་། རྡོ་རྗེ་ཚེ་དཔག་མེད་ཀྱི༴ བདུད་རྩི་སྔོན་པོ༴ སྙིང་གའི་རྡོ་རྗེ་ཚེ་དཔག་མེད༴ སྙིང་གའི་པད་འདབ༴ ལྟེ་བ་ཡན་སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་མཐིང་གསལ༴ ཞེ་སྡང་གི་ཉེས་ལྟུང༴ ཁྲག་གི་ཁམས་དང་འབྱུང་བ་ཆུའི་ཁམས༴ ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས༴ གྷུ་རུ་རྡོ་རྗེ་ཚེ་དཔག་མེད་ཀྱི༴ ཧཱུྃ༔ ཐུགས་ཀྱི་དབང་མཆོག་རྡོ་རྗེ་ཚེ་དཔག་མེད༔ སོགས། ཡང་། རཏྣ་ཚེ་དཔག༴ བདུད་རྩི་སེར་པོ༴ ལྟེ་བའི་རཏྣ་ཚེ་དཔག་མེད་ཀྱི༴ ལྟེ་བའི་པད་འདབ༴ ལྟེ་བ་མན་སྤུ་མཚམས་ཡན་བདུད་རྩི་སེར་གསལ༴ ང་རྒྱལ་དང་སེར་སྣའི་ཉེས་ལྟུང༴ ཤ་དང་རུས་པའི་ཁམས་དང་འབྱུང་བ་སའི༴ མཉམ་ཉིད་ཀྱི་མཆོག་དགའི་ཡེ་ཤེས༴ གྷུ་རུ་རཏྣ་ཚེ་དཔག་མེད་ཀྱི༴ ཏྲཱཾ༔ ཡོན་ཏན་དབང་མཆོག་རཏྣ་ཚེ་དཔག་མེད༔ སོགས། ཡང་། ཀརྨ་ཚེ་དཔག་མེད་ཀྱི༴ བདུད་རྩི་ལྗང་གུ༴ གསང་གནས་ཀྱི་ཀརྨ་ཚེ་དཔག་མེད༴ གསང་གནས་ཀྱི་པད་འདབ༴ རྐང་སོར་ནས་ལོང་བུ་པུས་མོ་དཔྱི་དང་གསང་གནས་ཕྱིན་བདུད་རྩི་ལྗང་གསལ༴ ཕྲག་དོག་གི་ཉེས་ལྟུང༴ དབུགས་ཀྱི་ཁམས་དང་འབྱུང་བ་རླུང་གི་ཁམས༴ བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས༴ གུ་རུ་ཀརྨ་ཚེ་དཔག་མེད་ཀྱི༴ ཨཱ༔ ཕྲིན་ལས་དབང་མཆོག་ཀརྨ་ཚེ་དཔག་མེད༔ སོགས་དཀྱུས་ལྟར་བསྐུར། དེ་རྗེས་ཚེ་ཆང་དང་ཚེ་རིལ་ཡང་རིགས་ལྔའི་སྔགས་བཟླས་ཤིང་སྦྱིན། ཡེ་དྷར་དང་སུ་པྲ་ཏིཥྛས་མེ་ཏོག་གཏོར་ཞིང་བརྟན་པར་བྱས་ནས། ཚེ་དབང་ཚར་གྲངས་གསོག་ན་ཀུན་གྱི་ཐ་མར་དང། དེ་མིན་རྗེས་སུ། གཏོར་མ་གྷུ་རུ་ཡབ་ཡུམ་དུ་གསལ་བའི་གནས་ལྔའི་ཚེ་ལྷ་རིགས་ལྔ་ལས་ལྷ་རང་རང་འདྲ་བ་རེ་རེ་སྤྲོས་ཏེ། སློབ་མའི་གནས་ལྔའི་ཚེ་དཔག་མེད་རྣམས་འོད་དུ་ཞུ་བ་རྣམས་སུ་ཐིམ་མ་ཐག །སློབ་མ་གྷུ་རུ་ཡབ་ཡུམ་དུ་གསལ་བ་ཡང་འོད་ཟེར་དུ་གྱུར་ཏེ། ལྔ་ལྡན་ཐིག་ལེ་ཆེན་པོ་སྟོང་གསལ་ཏི་ལ་ཀ་ཉག་གཅིག་གི་རང་མདངས་སུ་མཉམ་པར་གྱུར་པ་ལ། ཚེ་མདའ་སྲུང་བའི་ལྷ་མོ་ལྔས་འཁོར་ལོ། པདྨ། རྡོ་རྗེ། རིན་པོ་ཆེ། རྒྱ་གྲམ་རྣམས་དཀར་དམར་མཐིང་སེར་ལྗང་བའི་ཕྱག་རྒྱས་བཏབ་པས་འདུས་བྱས་ལ་འཕྲལ་རྐྱེན་གྱི་འཚེ་བ་གང་གིས་ཀྱང་མི་ཚུགས་ཤིང་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བལྟས་ལ། བྷྲཱུྃ༔ ཡེ་ཤེས་ལྷ་མོ་ཚེ་མདའ་སྲུང་བའི་ལྷ༔ སོགས་དཀྱུས་ལྟར་གནས་ལྔར་གཏུགས། དམ་ཚིག་ཁས་བླང་གཏང་རག་དབུལ། རྗེས་ནི། བདག་མདུན་ལྷ་ལ་མཆོད་ཅིང་བསྟོད། ཆད་མདོར་སྨན་རག་སྦྲན། ཧྲཱིཿ མཱ་ར་ཏི་ཀའི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །ལྷ་ལྕམ་མནྡཱ་ར་བ་ཡིས། །འཆི་མེད་རིག་འཛིན་བསྒྲུབས་པའི་ཚེ། ཁས་བླངས་དམ་བཅས་སྲུང་མའི་ཚོགས། །འདིར་བྱོན་མཆོད་གཏོར་འདི་བཞེས་ལ། །འཆི་མེད་སྒྲུབ་པའི་བར་ཆད་སོལ། །ཨོཾ་ཨཱ་ཡུར་མཎྜ་ལ་རཀྵནྟུ་པཱུ་ཛ་ཁཱ་ཧི། ཞེས་དབུལ་ཚོགས་གཞོང་སྨན་འབྲུ་དང་། །གསེར་སྐྱེམས་ཀྱིས་བཀང་བརྟན་མ་བསྐྱང་། ཧྲཱིཿ འཆི་མེད་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་སྐྱོང་བར་བཀའ་བསྒོས་པའི། །བརྟན་མ་ཆེན་མོ་བཅུ་གཉིས་ཀྱང་། །ཡ་མ་སྐྱོང་མའི་ཚོགས་དང་བཅས། །སྨན་ཕྲན་འབུམ་གྱི་འཁོར་གྱིས་བསྐོར། །འདིར་བྱོན་བདུད་རྩིའི་མཆོད་པ་བཞེས། །རྣལ་འབྱོར་ཚེ་ཡི་བར་གཅོད་སྲུངས། །བོད་ཁམས་ཆོས་བཞིན་སྐྱོང་བར་མཛོད། །ཤཱ་ས་ན་ས་པ་རི་ཝཱ་ར་པཱུ་ཛ་ཁཱ་ཧི། །ཞེས་དབུལ་གཏོར་གཞོང་སྦུབ་པའི་འོག །ཚེ་བདུད་གཟིར་མནན་བྲོ་ཡིས་སྦྱང་། ཧྲཱིཿ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་འདིར། །གནོད་བྱེད་ཚེ་བདུད་ཕོ་མོའི་ཚོགས། །དབང་ཆེན་ཁྲོས་པའི་རྟ་བྲོ་ནི། །རབ་འབར་འཇིག་རྟེན་གཡོ་ཞིང་ལྡེག །མནན་ནོ་མ་ལྡང་ས་མ་ཡ། །ཨོཾ་ཨཱཿཧཱུྃ་སུཾ་ལཾ་སཏྭམྦྷ་ཡ་ནན༔ ནོངས་བཤགས་མདུན་བསྐྱེད་བསྡུ་བ་ནི། ཧྲཱིཿ གྷུ་རུ་པདྨ་ཡབ་ཡུམ་དང། །ཚེ་ལྷ་རིགས་ལྔའི་ཚོགས་བཅས་དགོངས། །བདག་གིས་མི་ཤེས་དབང་གིས་ནི། །ཉམས་པར་གྱུར་གང་བཟོད་པར་བཞེས། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ཧྲཱིཿ གཏོར་མ་ལྷ་ཡི་གནས་ལྔ་ཡི། །རིགས་ལྔ་ཚེ་ལྷ་ཡབ་ཡུམ་རྣམས། །རང་རང་མདོག་ཅན་འོད་དུ་ཞུ། །ཚུར་འཕྲོས་བདག་གི་གནས་ལྔའི་ལྷར། །སོ་སོར་ཐིམ་པས་འཇིག་མེད་གྲུབ། །གཏོར་མ་གྷུ་རུ་ཡབ་ཡུམ་ཡང་། །འོད་ཞུ་བདག་ལ་ཐིམ་པའི་མོད། །རང་ལུས་ཕྱི་ནང་ལྷ་རྣམས་ཀྱང་། །འོད་ཞུ་ལྔ་ལྡན་ཐིག་ལེ་ཆེ། །སྟོང་གསལ་ཏི་ལ་ཀ་ཉག་གཅིག །རང་མདངས་མ་བཅོས་ཨ་ལ་ལ། །ཨོཾ་ཨ་ཀཱ་རོ་སོགས་བརྗོད། ཐུན་མཚམས་རང་སེམས་སྣང་བའི་ཆ། །སྣང་ཆ་ཡབ་ལ་སྟོང་ཆ་ཡུམ། །ན་བཟའ་དཀར་མོའི་ང་རྒྱལ་ལྡན། །ཤིས་བརྗོད་བསྔོ་བ་སྨོན་ལམ་ནི། ཧྲཱིཿ འཆི་མེད་རིག་འཛིན་ཚེ་དབང་རྩལ། །ཡེ་ཤེས་ཚེ་ཡི་བཀྲ་ཤིས་སྩོལ། །གནས་ལྔར་རིགས་ཀྱི་ཚེ་དཔག་མེད། །རིགས་ལྔ་ཚེ་ཡི་བཀྲ་ཤིས་སྩོལ། །རྩ་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས། །བྱིན་རླབས་ཚེ་དཔལ་བཀྲ་ཤིས་སྩོལ། །དམ་ཅན་བཀའ་སྲུང་གཏེར་བདག་ཚོགས། །བར་ཆད་ཀུན་སེལ་བཀྲ་ཤིས་སྩོལ། །ཧྲཱིཿ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་འདིར། །དུས་གསུམ་རྣམ་དཀར་དགེ་བའི་ཚོགས། །བསྡུས་ཏེ་ཁམས་གསུམ་འགྲོ་བ་ཀུན། །འཆི་མེད་རིག་འཛིན་ཐོབ་ཕྱིར་བསྔོ། །ཞེས་པའི་ལས་བྱང་ཕྱི་དབང་གི །མཚམས་སྦྱོར་བཅས་འདི་ཁོ་བོས་བགྱིས། །འདི་ཡི་གཏེར་གཞུང་ཉིད་དུ་ཡང་། །འདི་ལ་དགོས་པའི་ཚེ་ཡི་ལས་གཞུང་ཡང༔ རྒྱས་པར་བྱེད་ན་འགྲེལ་པའི་སྒྲོན་མེ་སྦོར༔ ཞེས་གསུངས་ཕྱིར་ན་རྒྱས་པར་འདོད་རྣམས་ཀྱི། །ཆེད་དུ་འདི་བྲིས་བསྡུས་པ་ལ་དགའ་ན། །གཏེར་བྱོན་ཉིད་ཀྱིས་དགོས་པ་མཆོག་ཏུ་འགྲུབ། །འདི་རྩོམ་བྱེད་པོ་འབྲི་གུང་ཀྱུ་རའི་རིགས། །ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པ་ཞེས། །གྱི་ནར་གྱུར་པས་འཁྲུལ་བློ་དང་བྲལ་བ། །རིག་འཛིན་པདྨའི་དགོངས་པ་འཁྲུལ་མེད་བཀོད། །འདི་ལ་འགའ་འགས་ལས་གཞུང་དབང་གི་ཁྲིགས། །སྣ་ཚོགས་བརྐུས་པའི་རྩོམ་ལ་འཐད་མི་འཐད། །གཏེར་བདག་སྲུང་མའི་ཚོགས་ཀྱིས་གཉའ་བོར་མཛོད། །དེ་སྐད་ས་བྱི་དབྱར་ཐའི་ཚེས་བཅུ་ལ། །ཕོ་བྲང་རྩེ་བར་བྲིས་དགེས་འགྲོ་བ་ཀུན། །འཆི་མེད་རིག་འཛིན་རྡོ་རྗེའི་ས་ཐོབ་ཤོག །ཚེ་དབང་འཆི་བདག་ཟིལ་གནོན་འདི་ལ་བཤེས་གཉེན་ཕལ་གྱིས་ངག་འདོན་རྒྱས་པར་ནི་འདོད། བྱེད་ལུགས་ནི་མ་ཤེས་པར། ཚེ་དཔག་མེད་རིགས་ལྔའི་དབང་གི་དག་པར་བདེ་མཆོག་སོགས་སྣ་ཚོགས་སྤུ་ཚོགས་འགེབས་པ་ཞིག་སྣང་མོད། དེ་ནི་ཆེས་ཆེར་མི་རིགས་ལ། ངག་འདོན་རྒྱས་པར་འདོད་ན་ཚུལ་འདི་ནི་གཏེར་གཞུང་འདི་ཀའི་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐབས་ཀྱིས་ཁ་བསྐངས་པས་རྣམ་དཔྱོད་དང་ལྡན་པའི་རྒྱས་བཤད་དུ་ཐག་ཆོད་པས་རང་གིས་རང་ལ་ཡིད་ཆེས་སོ་ཨང་། །སརྦ་མངྒ་ལཾ།། །།

ལུང་ལུགས་ཐུགས་ཀྱི་ཕུར་གཅིག་རྩ་བའི་སྒྲུབ་པ་ (Volume 55, Text 27)

༁ྃ༔ ལུང་ལུགས་ཐུགས་ཀྱི་ཕུར་གཅིག་རྩ་བའི་སྒྲུབ་པ་བཞུགས་སོ༔ བླ་མ་ཧེ་རུ་ཀ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕུར་པ་ཀུན་གྱི་དོན་བསྡུས་ནས༔ རྩ་བའི་ཉམས་ལེན་འདི་ན་བཤད༔ དེ་ལ་སྔོན་དངོས་རྗེས་གསུམ་གྱི༔ དང་པོ་རྟེན་མཆོད་བཤམས་བྱས་ནས༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ནས༔ ལོག་རྟོག་གཉིས་འཛིན་བདུད་བསལ་ཕྱིར༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ སྡིག་ཅན་གང་ཞིག་འདའ་བྱེད་རྣམས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཏིང་འཛིན་ཁྲོ་ཆུང་སྤྲུལ་པས་གཟིར༔ ཧཱུྃ༔ རང་རྩལ་རོལ་པའི་དཀྱིལ་འཁོར་ལས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི༔ ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ༔ རྣམ་རྟོག་བགེགས་ཚོགས་མཚམས་ཆོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ ཡེ་ནས་སྒྲིབ་གཡོགས་བྲལ་བ་ལ༔ མ་རིག་ཐ་མལ་ཞེན་པས་བཅིངས༔ རང་རིག་རང་གསལ་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་ཞིང་ཁམས་སུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གངྒཱ་ལ་ཡི་ཆུ་བོ་རུ༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཁྲོད་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མནྟྲ་ལ་ཡི་མཁར་གོང་དུ༔ བལ་པོ་ཤཱི་ལ་མཉྫུ་ཡིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གི་ཕོ་རོག་ནག་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སྔོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔ ཇི་ལྟར་བསྒྲུབས་བཞིན་དེང་སྒྲུབ་ཀྱིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ ཧཱུྃ༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ལས༔ སྨན་རཀ་གཏོར་གསུམ་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ ཧཱུྃ༔ སྣང་སྲིད་ཆོས་རྣམས་སེམས་སུ་རྫོགས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ༔ མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཁམས་ལྔ་དག་པའི་མཁའ་ཀློང་དུ༔ ཕུང་པོ་དུར་ཁྲོད་གཞལ་ཡས་ཁང༔ རྣམ་ཐར་བརྒྱད་ཀྱི་འཁོར་ལོའི་དབུས༔ ཡུམ་གྱི་མཁའ་དབྱིངས་ཨེ་ཡི་ཀློང༔ བྲག་ཆེན་རུ་དྲ་པད་ཉི་ལ༔ རང་བྱུང་སྔགས་ཀྱི་སྒྲ་གདངས་ཀྱིས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ རྩ་ཕྱག་སྲིད་པའི་ཕུར་བུ་སྒྲིལ༔ ལྷག་མས་རྡོ་རྗེ་རྩེ་དགུ་དང༔ སྡིགས་མཛུབ་རྩེ་ལ་མེ་ཕུང་འབར༔ རྡོ་རྗེ་རྩེ་ལྔ་རབ་ཏུ་གསོར༔ ཁ་ཊྭཱཾ་རྩེ་གསུམ་གཟིར་ཞིང་གདེངས༔ ཞབས་བཞིས་འདོར་སྟབས་ལྷ་ཆེན་མནན༔ སྤྱན་བསྒྲད་ཞལ་གདངས་མཆེ་བ་གཙིགས༔ ཧཱུྃ་ཧཱུྃ་རྡོ་རྗེའི་གསུང་གདངས་ཅན༔ ཐབས་དང་ཤེས་རབ་གཤོག་པ་གདེངས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཉི་ཁྲི་ཆིག་སྟོང་གྱེན་དུ་འཁྱིལ༔ བྱེ་བ་ཐེར་འབུམ་རྡོ་རྗེས་གཏམས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་དམར་སྟོབ༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང༔ གཡས་བརྐྱང་གཡོན་བསྐུམ་ཡབ་དང་སྦྱོར༔ རྡོ་རྗེ་པདྨ་མཉམ་པར་རོལ༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ སྲས་མཆོག་ཉེར་གཅིག་སྤྲུལ་པར་བཅས༔ རང་རིག་རང་རྩལ་ངང་དུ་བསྐྱེད༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར༔ བི་ཛ་ཡ༔ ནཱི་ལ་དཎྜ༔ ཡ་མཱནྟ་ཀ༔ ཨ་ཙ་ལཱ༔ ཧ་ཡ་གྲཱི་བ༔ ཨ་པ་རཱ་ཛི་ཏ༔ ཨ་མྲྀཏ༔ ཏྲཻ་ལོཀྱ༔ མ་ཧཱ་བ་ལ་ཧཱུྃ་ཕཊ༔ རང་བྱུང་སྔགས་ཀྱི་སྒྲ་གདངས་ལས༔ སྟེང་འོག་ཕྱོགས་བཅུའི་གནས་རྣམས་སུ༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན༔ གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ༔ འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ༔ སྟོབས་པོ་ཆེ་རྣམས་སྐུ་མདོག་མཐིང༔ རྡོ་རྗེ་དང་ནི་དུང་ཁྲག་འཛིན༔ རང་རང་ཡུམ་དང་གཉིས་མེད་འཁྲིལ༔ དབང་བཅུ་ཕར་ཕྱིན་བཅུ་ཡི་ངང༔ ཕྲ་མེན་སྒོ་སྐྱོང་སྲུང་མའི་ཚོགས༔ ཡེ་ཤེས་རོལ་རྩལ་བསམ་མི་ཁྱབ༔ ཡེ་ནས་དབང་ཆེན་རྣམ་ལྔར་ལྡན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ རང་སྣང་རྣམ་དག་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ བདུད་རྩི་རཀྟ་གཏོར་ཆེན་པོ༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོ༔ ཨ་མྲྀཏ༔ རཀྟ༔ བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་པོ༔ སྤྲུལ་སྐུ་དཀྱིལ་འཁོར་རྣམ་གསུམ་ཤར༔ རྡོ་རྗེ་ཕུར་པའི་ལྷ་ལ་བསྟོད༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ བདག་ཉིད་རྩ་བའི་ཐུགས་ཀ་རུ༔ འོད་ཀྱི་གུར་ཁྱིམ་པད་ཟླའི་སྟེང༔ རྡོ་རྗེ་སེམས་དཔའ་ཡབ་དང་ཡུམ༔ རྒྱན་ཆས་རྫོགས་པའི་ཐུགས་ཀ་རུ༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཉི་མའི་སྟེང་དུ་ཧཱུྃ་དང་སྔགས༔ དེ་ལས་འོད་འཕྲོས་བྱང་སེམས་ཀྱི༔ ཡབ་ཡུམ་བདེ་ཆེན་རོལ་པའི་རྒྱུན༔ མཐའ་ཡས་སྤྲིན་ཆེན་འཕྲོ་བ་ཡིས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་ལྷ་རུ་གྱུར༔ སྣང་སྲིད་ཕུར་བུའི་སྐུ་གསུང་ཐུགས༔ མ་མོ་མཁའ་འགྲོ་དམ་ལ་བཞག༔ བར་ཆད་བགེགས་དཔུང་ཐལ་བར་བརླག༔ རང་རིག་བདེ་ཆེན་ངང་ནས་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དཀྱིལ་འཁོར་གསུམ་གྱི་ངང་ཉིད་ལས༔ མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས༔ སྐུ་གསུང་ཐུགས་ཀྱི་ངང་དུ་བསྒྲུབ༔ གསུམ་པ་རྗེས་ཀྱི་བྱ་བ་ལ༔ ཚོགས་ཀྱི་འདུ་བ་ཡོ་བྱད་བཅས༔ ཧཱུྃ༔ རང་བྱུང་རིག་པའི་ཡེ་ཤེས་ཀྱི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་དབྱིངས་ཀྱི་ཀ་པཱ་ལར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ཀྱིས༔ བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་པར་ལྡན༔ ཨོཾ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་ཧཱུྃ་ཧྲཱིཿཋ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་འགལ་པ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ མ་རིག་གཉིས་འཛིན་དགྲ་དང་བགེགས༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ ཡེ་ཤེས་ཕུར་པའི་མཚོན་གྱིས་བསྒྲལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ༔ མ་ཏྲཾ་རུ་ཏྲ་མཱ་ར་ཡ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཚོགས་ལ་ལོངས་སྤྱོད་ལྷག་མ་བསྡུས༔ ཨོཾ་ཨཱཿཧཱུྃ༔ དཔལ་གྱི་བཀའ་ཉན་དམ་ཚིག་ཅན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་དུར་ཁྲོད་ཆེན་པོ་རུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ བར་དུ་ཡང་ལེ་ཤོད་ཀྱི་གནས༔ རྒྱ་གར་སློབ་དཔོན་རྣམ་གསུམ་དང༔ ཐ་མ་ཡང་རྫོང་དབེན་གནས་སུ༔ པདྨ་ཐོད་ཕྲེང་མཚོ་རྒྱལ་གྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཕུར་པའི་དམ་ཅན་བཀའ་སྲུང་རྣམས༔ དཔལ་གྱི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བྷྱོ༔ ཁྱད་པར་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་དབང་བསྐུར་དམ་མནོས་པའི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སོགས་བརྟན་མའི་ཚོགས༔ འདིར་གཤེགས་བདུད་རྩི་བཤལ་ཆུ་བཞེས༔ ཕུར་བུ་སྒྲུབ་པའི་རྣལ་འབྱོར་གྱི༔ ཆོས་བཞིན་འགྲུབ་པའི་སྡོངས་གྲོགས་མཛོད༔ མ་མ་ཧྲཱིང་ཧྲཱིང་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྲིད་པ་ཕུར་བུའི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུངས་པས༔ དུག་གསུམ་དགྲ་བགེགས་བརླགས་པར་མཛད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱི༔ བདེ་ཆེན་གསང་བའི་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ དེ་ནས་རྒྱུན་གྱི་སྤྱོད་ལམ་བྱ༔ ཨེ་མ་བདག་འདྲ་པདྨ་དང༔ མཁས་པ་བི་མ་མི་ཏྲ་དང༔ བལ་པོ་ཤཱི་ལ་མཉྫུ་དང༔ ཤཱཀྱ་དེ་མ་ལ་སོགས་པས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཕུར་པའི་སྒྲུབ་པ་བྱས་པའི་ཚེ༔ ཏཱ་ལའི་ལོ་མར་ཡི་གེར་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིའི་ཁ་བྱང་ནི། གུ་རུ་པདྨ་འབྱུང་གནས་ཀྱི༔ ཐུགས་ཀྱི་གདམས་པའི་མཐར་ཐུག་རྣམས༔ རྒྱ་དཔེ་བོད་དུ་བསྣམས་ནས་སུ༔ འགྱུར་བའི་སྐབས་ཀྱང་མ་ཕྱེད་དེ༔ གུ་རུ་རང་གིས་སྨོན་ལམ་མཛད༔ ནམ་མཁའ་མཛོད་དུ་གཏེར་དུ་སྦས༔ ནམ་ཞིག་ཟབ་པ་སྐོར་བདུན་གྱི༔ ལས་འཕྲོ་ཅན་ལ་འཕྲོད་ནས་ཀྱང༔ སོ་སོའི་བདག་པོར་འཕྲོད་པར་ཤོག༔ ཅེས་དང་སྙིང་བྱང་ལས། ཕུར་པ་རྒྱུད་ལུང་གཉིས་ཀྱི་སྐོར༔ པྲ་བྷ་ཧསྟིས་བྱིན་བརླབས་པ༔ གཉགས་ལོའི་སྐྱེ་བ་ཙནྡྲའི་མིང༔ དེ་ཡིས་སྒྲུབ་ཅིང་འགྲོ་དོན་སྤྱོད༔ ཅེས་གསུངས་སོ།། །། ༁ྃ༔ ལུང་ལུགས་ཕུར་པའི་ཐལ་འབྱིན་དགོངས་པ་གསལ་བར་བཀོད་པ་བཞུགས༔ བླ་མ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕུར་པ་ཐལ་འབྱིན་གྱི་དགོངས་པ་འདི་ལ་དོན་རྣམ་པ་བཞི༔ ལྟ་བ༔ བྱང་ཆུབ་སེམས༔ སྙིང་རྗེ༔ རྫས་སོ༔ དང་པོ་ལྟ་བ་ལ༔ འདེབས་བྱེད་ཀྱི་ཕུར་པ་རང་བྱུང་རིག་པའི་ཡེ་ཤེས༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཅིང༔ རང་རིག་རང་གསལ་མ་བཅོས་པ༔ དེ་ཁོ་ན་ཉིད་གནས་ལུགས་ཀྱི་ངང་དུ་བཞག་པ་འོ༔ འདེབས་པའི་ཡུལ་ཆོས་དབྱིངས་རང་བཞིན་རྣམ་པར་དག་པ༔ དེ་ཁོ་ན་ཉིད༔ ངོ་བོ་ཉིད་དོ༔ འདེབས་པའི་ཐབས་དབྱིངས་སྐྱེ་བ་མེད་པ་ལ༔ མ་འགགས་རང་མདངས་རིག་པའི་ཡེ་ཤེས་སྣ་ཚོགས་སུ་སྣང་བ༔ ངོ་བོ་དབྱིངས་དང་རོ་གཅིག༔ རང་བཞིན་རྣམ་པ་མ་འདྲེས་སོ་སོར་སྣང་བ༔ ཡེ་ནས་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ རྟག་ཆད་བདག་དང་མཐའ་བཞི་དང་བྲལ་བའི་ངང་དུ་བཞག་པ༔ ཐེབས་པའི་རྟགས་ནི༔ ངོ་བོ་གཡོ་བ་མེད་པ༔ རང་བཞིན་གསལ་བའི་ཐུགས་རྗེ་སྣ་ཚོགས་སུ་སྣང་བ༔ གསུམ་ཀ་ངོ་བོ་རོ་གཅིག་པ༔ ཞེན་འཛིན་འཁྲུལ་པ་གང་གིས་ཀྱང་མ་བཅིངས་པ༔ རང་གྲོལ་ཡེ་ཇི་བཞིན་པ༔ བྱར་མེད་དུ་རྟོགས་པ་འོ༔ མ་ཐེབས་པའི་སྐྱོན་ནི༔ རང་ལས་རང་འཁྲུལ༔ ལམ་གྱི་ཐབས་གང་བརྟེན་ཀྱང་མཐའ་གཅིག་ཏུ་ཞེན་འཛིན་གྱིས་སངས་རྒྱས་ཐོབ་པའི་དུས་མེད་དོ༔ ཐེབས་པའི་ཡོན་ཏན་ནི༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་བླ་མའི་ས་ཐོབ་བོ༔ གཉིས་པ་བྱང་ཆུབ་སེམས་ལ༔ འདེབས་བྱེད་ཀྱི་ཕུར་པ་རྣལ་འབྱོར་པ་བྱ་ཀ་ལནྡ་ལྟ་བུ༔ འདེབས་པའི་ཡུལ་ཡུམ་མཚན་ཉིད་དང་ལྡན་པ་གསང་རྩ་པདྨ་ཅན་ལ་སོགས་པ་ཡོད་པ་འོ༔ འདེབས་པའི་ཐབས༔ གཉིས་ཀ་རྩ་རླུང་གིས་རྒྱུད་སྦྱངས༔ བདག་དཔལ་ཆེན་པོ༔ ཡུམ་འཁོར་ལོ་རྒྱས་འདེབས་མ༔ ལུས་ཀྱི་གནས་བཅུར་ཁྲོ་བཅུ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་དང་པདྨ༔ ཧཱུྃ་དང་ཨས་མཚན་པ་སྔགས་ཀྱི་འདུ་ཤེས༔ ཐབས་དེ་ལ་བརྟེན་ཏེ་སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པ་ཀུན་རྫོབ་བྱང་ཆུབ་སེམས་ཆོས་ཀྱི་འདུ་ཤེས༔ ཡབ་ཡུམ་སྦྱོར་བས་ཐིག་ལེ་ཕབ༔ དགའ་བ་བཞི་རིམ་པ་བཞིན་བསྐྱེད་ཅིང་ངོ་བོར་བལྟས༔ ནོར་བུ་གང་བར་བཟུང་བ་ལུགས་འབྱུང་དང༔ དེ་ལས་ལྡོག་ཅིང་ཁྱབ་པར་བཀྲམ་ནས་ངོས་གཟུང་བ་ལུགས་ལྡོག་གི་དགའ་བ་བཞི་འོ༔ ཐེབས་པའི་རྟགས་ནི༔ ཐིག་ལེ་གསང་རྩ་ཕན་ཚུན་དུ་བཞག་པའི་སྐབས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་རྟོག་མེད༔ རང་བཞིན་རྣམ་པ་མ་འདྲེས་འོད་གསལ་བ༔ བཅོས་བསླད་མེད་པར་འཆར་བ་འོ༔ མ་ཐེབས་པའི་སྐྱོན་ནི༔ དཔེའི་ཡེ་ཤེས་ངོ་མ་འཕྲོད་ན་དོན་གྱི་ཡེ་ཤེས་ངོ་མི་འཕྲོད་ཅིང༔ འཁོར་བར་ལྟུང་བ་འོ༔ ཐེབས་པའི་ཡོན་ཏན་ནི༔ ཡེ་ཇི་བཞིན་པའི་གནས་ལུགས་སྐྱེ་མེད་སྟོང་པ༔ རང་བཞིན་འགག་མེད་འོད་གསལ་བ༔ བདེ་སྟོང་གཉིས་མེད་ཟུང་འཇུག་བྱང་ཆུབ་སེམས་ཐིག་ལེ་བདེ་བ་ཆེན་པོ་རྟོགས་པར་འགྱུར་རོ༔ གསུམ་པ་སྙིང་རྗེ་ལ༔ འདེབས་བྱེད་ཀྱི་ཕུར་པ་རྣལ་འབྱོར་པ་སྙིང་རྗེའི་མཆོག་ཏུ་གྱུར་པ༔ འགྲོ་བ་རྣམས་ལ་མས་བུ་གཅིག་པུ་གཡང་ས་ལས་ལྷུང་བ་ལས་ཟློག་པ་ལ་བརྩོན་པ་ལྟ་བུ་འོ༔ འདེབས་པའི་ཡུལ༔ རང་གིས་རང་མ་རིག༔ འཁྲུལ་པའི་སེམས་ཅན་རིས་མེད་པ༔ རྒྱུད་དྲུག་གིས་བསྡུས་པ་ཐམས་ཅད་དོ༔ འདེབས་པའི་ཐབས༔ བྱང་ཆུབ་ཀྱི་སེམས་ལྔས་གཞི་བཟུང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་བསྒོམས་ཤིང༔ གྲགས་སྟོང་སྔགས་ཀྱི་བཟླས་པ༔ རིག་པ་ཆོས་ཉིད་དུ་ལ་བཟླ་བས་མ་དག་པའི་སྣང་བ་ནུབ༔ དག་པའི་སྣང་བ་སྐུ་གསུང་ཐུགས་སུ་འབྱམས་ཀླས༔ བསྙེན་སྒྲུབ་རྣམ་པ་བཞི་མཐར་ཕྱིན་པས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པ་འོ༔ ཐེབས་པའི་རྟགས་ནི༔ རྟོགས་པས་བདག་བསྒྲལ༔ འཁྲུལ་པའི་སྦུབས་ལས་གྲོལ་ཞིང་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པས་སྙིང་རྗེ་སྒྱུ་མ་ལྟ་བུས་གཞན་དོན་རྩོལ་མེད་དུ་འབྱུང་བ་འོ༔ མ་ཐེབས་པའི་སྐྱོན་ནི༔ གཞན་ལ་ཕན་སེམས་མེད་པས་རང་ཉིད་ལམ་ཐག་རིང་བ་དང༔ ཕ་མར་གྱུར་པའི་སེམས་ཅན་རྣམས་འཁོར་བའི་གཡང་ས་ལ་འཁྱམ་ཞིང༔ རྟེན་མི་ལུས་དང༔ བརྟེན་པ་ལྷ་བསྒོམ་སྔགས་བཟླས་ཏིང་ངེ་འཛིན་དོན་མེད་དུ་འགྱུར་རོ༔ ཐེབས་པའི་ཡོན་ཏན་ནི༔ རྟོགས་པས་བདག་གྲོལ་ནས་ཚེ་འདི་ལ་མངོན་པར་རྫོགས་པ་སངས་རྒྱས༔ གཞན་དོན་སྙིང་རྗེ་སྒྱུ་མ་ལྟ་བུས་རྩོལ་མེད་འགྲོ་དོན་སྨོན་ལམ་མཐའ་བཙན༔ འཁོར་བ་དོང་ནས་སྤྲུགས་པ་འོ༔ བཞི་པ་རྫས་ལ༔ འདེབས་བྱེད་རྣལ་འབྱོར་པ་ལྟ་བའི་རྫོང་དུ་ཞུགས༔ བསྐྱེད་པའི་འཕྲང་ལས་གྲོལ༔ སྙིང་རྗེའི་སྲོག་དང་ལྡན་པ༔ དངུལ༔ གསེར༔ ཟངས༔ ལྕགས་ཀྱི་ཕུར་པ་མགོ་བོ་རྒྱ་མདུད་རྐེད་པ་འཆང་གཟུང་ལྟེ་བ་རྒྱ་མདུད་དང་ཆུ་སྲིན༔ རྩེ་མོའི་དབལ་ཟླུམ་པོ༔ གྲུ་བཞི༔ ཟླ་གམ༔ ཟུར་གསུམ་པ༔ བཀྲ༔ བརྗིད༔ མཛེས༔ རྣོ༔ བདུད་རྩི༔ བཅུད་ལྡན༔ མྱོས་བྱེད༔ དུག་གིས་ངར་བཏབ་པ་འོ༔ འདེབས་པའི་ཡུལ༔ འཇིགས་པ་བརྒྱད༔ འབྱོར་པ་དྲུག༔ དགོས་པ་གསུམ༔ ཉམས་པ་བདུན༔ འདེབས་པའི་ཐབས༔ བདག་ལྷ༔ རྫས་སྲས་མཆོག་རིགས་བཞི༔ གང་ལ་འདེབས་པའི་རྟགས་དེ་མངོན་སུམ་བཞིན་དུ་བསྒོམ་པ་འོ༔ ཐེབས་པའི་རྟགས༔ ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ་པ་འོ༔ མ་ཐེབས་པའི་སྐྱོན་ནི༔ འགལ་རྐྱེན་མི་བཟློག་ཅིང་མཐུན་རྐྱེན་མི་འཛོམ༔ མི་བསྲུན་པ་རྣམས་མི་ཐུལ་ཞིང༔ སངས་རྒྱས་ཀྱི་བསྟན་པ་མི་འཕེལ་ལོ༔ ཐེབས་པའི་ཡོན་ཏན་ནི༔ རང་གཞན་གང་ལའང་འཇིགས་པ་བརྒྱད་ཀྱིས་མི་ཚུགས༔ འབྱོར་པ་དྲུག་དང་ལྡན༔ དགོས་པ་གསུམ་དབང་དུ་འདུས༔ ཉམས་པ་བདུན་འདུལ་ཞིང༔ རང་གཞན་གྱི་དོན་འགྲུབ༔ སངས་རྒྱས་ཀྱི་བསྟན་པ་འཕེལ་ལོ༔ ཕུར་པ་མཁན་པོ་དགོངས་པ་འདི་བཞི་དང་ལྡན་པར་བྱ་བ་གལ་ཆེ༔ གུ་རུ་པདྨས་ཡང་ལེ་ཤོད་དུ་བཀོད་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ལུང་ལུགས་ཕུར་གཅིག་གི་མངོན་སྤྱོད་རྫས་ཕུར་གདབ་ཁའི་ཁ་ཚར་བཞུགས་སོ༔ བླ་མ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ མངོན་སྤྱོད་རྫས་ཀྱི་ཕུར་པ་གདབ་པའི་སྔོན་དུ་ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཉི་ཤུ་རྩ་གཅིག་དང༔ ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ༔ ཐབས་ཤེས་སྤྲུལ་པའི་ཟ་གསོད་ཚོགས༔ ཕྲ་མེན་སྒོ་མ་ཆེན་མོ་བཞི༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ དྲག་ཤུལ་མཐུ་རྩལ་ལྡན་ལ་བསྟོད༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་སྒྲོལ༔ ཧཱུྃ༔ སྔོན་ཚེ་སྒྲུབ་པའི་གནས་མཆོག་ཏུ༔ ཤྭ་ན་ས་བདག་བདག་ཉིད་མ༔ སྐྱེས་བུ་གིང་དང་ཕོ་ཉའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་རྣམས༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ༔ ཅེས་བསྐུལ་ཞིང་དཔང་གཟུག་པ་ནི༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བླ་མེད་ལམ་དུ་ཞུགས་པ་ལ༔ བར་ཆད་འཚེ་བ་དགྲ་ཡིས་བྱས༔ ཉེས་མེད་རྣལ་འབྱོར་གྲོགས་གཡེལ་ན༔ སྔོན་གྱི་ཐུགས་དམ་ཉམས་པར་འགྱུར༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཅེས་དཔང་བཅོལ་ཞིང༔ དགྲ་བགེགས་ཀྱི་མིང་གཟུགས་ལ་བདེན་སྟོབས་བརྗོད་ཅིང་འགུགས་གཞུག་དྲག་ཏུ་བྱ༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་རྣམས་ཀྱིས་ཕྱག་རྒྱ་བཞིས་བསྡམས་ཏེ་གནས་འདིར་བཀུག༔ རྫས་ངན་གྱི་ཆར་ཕབ་པས་ལྷ་སྲུང་གཞན་དུ་བྲོས༔ སྐུའི་འོད་ཟེར་གྱིས་མཐུ་དང་རྫུ་འཕྲུལ་ཕྲོགས༔ རྣམ་ཤེས་རྟེན་དང་གཉིས་མེད་དུ་བསྟིམས༔ བྱད་ཀྱི་ཞགས་པས་བཅིངས༔ སྨྱོ་ཁྲག་གི་ཆར་ཕབ་ནས་དྲན་མེད་དུ་བཏང་བར་བསམ་ལ་བཅོལ་བསྐུལ་དྲག་ཏུ་བྱ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ལུང་ལུགས་ཕུར་པ་ཕྱི་ནང་གསང་བའི་དོན་བསྟན་པ་བཞུགས་སོ༔ བླ་མ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་གྱི་ཕུར་པའི་དོན་བསྟན་པ་ལ་རྣམ་པ་གསུམ༔ དང་པོ༔ ཕྱིའི་ཕུར་པ་ལ༔ རྒྱ་མདུད་གཟུགས་ཁམས༔ རྒྱ་མདུད་འོག་མ་ཡན་ཆད་གཟུགས་མེད་ཀྱི་ཁམས༔ ཆུ་སྲིན་གྱི་དབལ་རྔམས་མན་ཆད་འདོད་ཁམས༔ སྲིད་གསུམ་ཕུར་པ་ལ་རྫོགས་པ་དེ་ཉིད༔ སྣང་བ་ཐམས་ཅད་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས༔ དྲན་རྟོག་ཐམས་ཅད་ཆོས་ཉིད་དུ་བལྟ་བ་ཕུར་པ་ཕྱིའི་དཀྱིལ་འཁོར་རོ༔ གཉིས་པ་ནང་གི་ཕུར་པ་ནི༔ རྒྱ་མདུད་གོང་མ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ༔ འཆང་གཟུང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༔ རྒྱ་མདུད་འོག་མ་སྙིང་ག་ཆོས་ཀྱི་འཁོར་ལོ༔ ཆུ་སྲིན་རྔམས་ཞལ་ལྟེ་བ་སྤྲུལ་པའི་འཁོར་ལོ༔ རྩེ་མོ་གསང་བ་ཡུམ་གྱི་མཁའ་དབྱིངས༔ ཐབས་ཤེས་གཉིས་མེད་བདེ་སྟོང་དགའ་བ་བཞིའི་དཀྱིལ་འཁོར་རོ༔ གསུམ་པ་་་གསང་བ་ནི།ངོ་བོ་རང་བཞིན་གྱིས་དག་པ་རྒྱ་མདུད་གོང་མ༔ རང་བཞིན་འོད་གསལ་བ༔ ཐུགས་རྗེ་སྣ་ཚོགས་སུ་སྣང་བ་འཆང་གཟུང༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་པདྨ་འདབ་བརྒྱད༔ རྒྱ་མདུད་འོག་མ་གཉིས་སུ་མེད་པའི་བྱང་ཆུབ་སེམས༔ དབལ་ཟུར་གསུམ་པ་རྩོལ་མེད་རང་བྱུང་རིག་པའི་ཡེ་ཤེས༔ གསང་བ་རྫོགས་པའི་དཀྱིལ་འཁོར་རོ༔ ཕུར་པ་མཁན་པོ་འདི་གསུམ་གྱི་དོན་དང་ལྡན་པར་བྱ་བ་གལ་ཆེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་དབང་བཞི་རྡོ་རྗེ་སྤྱི་བླུགས་བཞུགས་སོ༔ བླ་མ་དང་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བ་འདི་ལ་དོན་རྣམ་པ་གསུམ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་ནི༔ སློབ་དཔོན་མཚན་ཉིད་བརྒྱད་དང་ལྡན་པས་སློབ་མ་མཚན་ཉིད་ལྔ་ཚང་བ་ལ༔ དབང་བསྐུར་བའི་སྐབས་སུ་དབེན་པའི་གནས་བཙལ་ལ་སའི་ཆོ་ག་བྱ་ཞིང་དཀྱིལ་འཁོར་དུར་ཁྲོད་ཀྱི་ཕོ་བྲང་རིན་ཆེན་ཟུར་བརྒྱད༔ ཁོར་ཡུག་དང་བཅས་པ་བྲི༔ དབུས་སུ་བུམ་པ་བདུད་རྩི་ལྔས་བཀང་བ༔ སྒྲུབ་པའི་ཕུར་བུ་བརྗིད་ལྡན༔ གསང་ཐོད༔ རིག་མ༔ ཤེལ་རྡོ༔ ཕྱི་ནང་གསང་བའི་མཆོད་པ་རྣམས་བཤམ༔ དབང་སྒྲུབ་བསྙེན་པ་ཚུལ་བཞིན་དུ་བྱ༔ སྒྲུབ་པ་རྟགས་ཐོན་ནས་སློབ་མ་བྱུར་དང་བགེགས་ཕྲལ་ནས་མཎྜལ་ཕུལ་ལ༔ ཧོ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ ཐེག་པ་ཆེན་པོའི་ཚུལ་ལ་གནས༔ ཐུགས་རྗེས་དཀྱིལ་འཁོར་ལ་གཞུག་ཅིང༔ རྡོ་རྗེ་གཞོན་ནུའི་དབང་མཆོག་སྩོལ༔ ཞེས་གསོལ་བ་བཏབ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ ཡན་ལག་བདུན་པས་ཚོགས་བསགས་ཤིང་རྒྱུད་སྦྱང༔ ཧོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཚུལ་བཞིན་བསྲུང་བར་བགྱི༔ སློབ་དཔོན་གྱིས༔ རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན་ཅིང༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འདས་ན་དམྱལ་བ་ཆེན་པོར་ལྟུང༔ དམ་ཚིག་ཚུལ་བཞིན་སྲུང་བ་ལ༔ གསང་སྔགས་འབྲས་བུ་འབད་མེད་འབྱུང༔ དེ་བས་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵ༔ སློབ་མས་བདུད་རྩི་མྱོང་ཞིང༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་སློབ་མ་རྡོ་རྗེ་གཞོན་ནུར་བསྐྱེད་ལ༔ སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་དང་ས་བོན་ཕྱག་མཚན་གྱི་རྣམ་པར་བྱོན་ནས་སློབ་མའི་ལུས་ཀྱི་ནང་གང་སྙིང་ཁའི་ཧཱུྃ་ལ་ཐིམ་པས་བདེ་སྟོང་ཡེ་ཤེས་རྩོལ་མེད་དུ་ཤར་བའི་དོན་ལ་མཉམ་པར་འཇོག༔ རོལ་མོའི་སྒྲ་དང་སྙིང་པོ་སྤྱི་དྲིལ་གྱི་མཐར༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཾ་ཛྷེཾ༔ ཞེས་བཟླས་ཤིང་བྱིན་ཕེབས་པའི་རྟགས་མ་བྱུང་གི་བར་བསྐྱར༔ ཏིཥྛ་བཛྲས་བརྟན་པར་བྱ༔ གཉིས་པ་དངོས་གཞི་དབང་བསྐུར་བ་ནི༔ བུམ་པ་སྤྱི་བོར་བཀོད་ཅིང༔ ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ལྷ་ཚོགས་ཞུ༔ སྐལ་ལྡན་སློབ་མར་དབང་བསྐུར་བས༔ རྡོ་རྗེ་གཞོན་ནུའི་སྐུ་ཐོབ་ཤོག༔ སྔགས་ཀྱི་མཐར༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་བས་ཆུ་ཡིས་ལུས་གང་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་པར་བསམ༔ སྒྲུབ་ཕུར་དཀྱིལ་འཁོར་གསུམ་གྱི་རང་བཞིན་སློབ་མ་ལ་དབྱེར་མེད་དུ་བསྟིམས་ལ་ཕུར་བསྐོར་བྱ༔ ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་རང་བཞིན་རྫོགས༔ རྩ་བའི་དཔལ་ཆེན་སྒོམ་པ་དང༔ ཕྱོགས་བཅུའི་ཁྲོ་བོ་སྤྲུལ་པར་འགྱེད༔ རྫས་ཀྱི་སྲས་མཆོག་ལས་ལ་མངག༔ བསྙེན་སྒྲུབ་ཕྲིན་ལས་དབང་ཐོབ་ཤོག༔ ཅེས་ཛཔ྄་དབྱངས་བྱ་ཞིང་ཕུར་པ་གནས་གསུམ་དུ་བཞག༔ དེ་དག་གིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བུམ་པ་ལྷའི་ཕན་ནུས་ཀྱི་དབང་རྣམས་རྫོགས་པར་ཐོབ༔ ལམ་བསྐྱེད་རིམ་དཀྱིལ་འཁོར་གསུམ༔ སྐུ་གསུང་ཐུགས་སྒོམ་པ་ལ་དབང་ཞིང་འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན༔ གསང་དབང་བསྐུར་བ་ནི༔ བླ་མ་ཡབ་ཡུམ་རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་སློབ་མའི་ལྕེ་ལ་བཞག་པས་རྩ་གནས་ཐམས་ཅད་གང༔ དྭངས་མ་འཕེལ་ཞིང་བདེ་དྲོད་རྒྱས་པར་བསམ༔ ཧཱུྃ༔ བླ་མ་ཧེ་རུ་ཀ་ཡབ་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་ཀྱི་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ དེས་བླ་མ་ཡབ་ཡུམ་སྐུའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་གསང་བའི་དབང་ཐོབ༔ ལམ་རྩ་རླུང་སྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་མཚན་དང་དཔེ་བྱད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ རིག་མ་སློབ་བུ་ལ་གཏད༔ གཉིས་ཀ་དཔལ་ཆེན་པོ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་པདྨ་ཧཱུྃ་དང་ཨས་མཚན་པ༔ ཐབས་འདིས་ཧེ་རུ་ཀའི་གོ་འཕང་ལ་སྤྲོ་བ་བསྐྱེད་དེ༔ མཁའ་གསང་དུ་རྡོ་རྗེ་སྲུབ་པའི་སྦྱོར་བས་ཐིག་ལེ་གནས་བཞིར་བབས་པས་དགའ་བཞིའི་ངོ་བོར་བལྟ༔ གསང་རྩ་ཕན་ཚུན་དུ་གཏེམ་པས་ལྷན་སྐྱེས་ཡེ་ཤེས་ཉམས་སུ་མྱོང༔ ནོར་བུ་གང་བར་བཟུང་ནས་གནས་བཞིར་བཟློགས་པས་ལུས་ལ་ཁྱབ་པར་བཀྲམ༔ ཞེས་བརྡ་སྤྲད་ལ༔ ཧཱུྃ༔ ཤེས་རབ་ཡུམ་གྱི་པདྨ་ལ༔ ཆགས་མེད་བདེ་སྟོང་ཐིག་ལེར་འཁྱིལ༔ ལྷན་ཅིག་སྐྱེས་པའི་ལྟ་བ་རྟོགས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་ཀྱི་མཐར༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་མཁའ་དབྱིངས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ ལམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན༔ དེ་ནས་རིག་པའི་རྩལ་དབང་བསྐུར་བ་ནི༔ ཤེལ་རྡོ་ཕྱར་ལ༔ ཧཱུྃ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡེ་ནས་རྣམ་དག་གཉིས་སུ་མེད༔ ཐབས་ཤེས་དྲི་མ་རང་སངས་ནས༔ རང་གྲོལ་འཛིན་མེད་ངང་དུ་ཞོག༔ སྔགས་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ༔ བག་ཉལ་རྣམ་རྟོག་ཕྲའུ་ཡི་ཤན་དག༔ རང་བྱུང་རྩོལ་མེད་ཀྱི་དོན་སྒོམ་པ་ལ་དབང༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ གསུམ་པ་རྗེས་ཀྱི་བྱ་བ་ལ༔ སློབ་མས་དམ་ཚིག་ཁས་བླང༔ གཏང་རག་འབུལ༔ ཚོགས་ཀྱི་འཁོར་ལོ་བྱ་ཞིང་གཏོར་མ་སྐྱོང༔ དཀྱིལ་འཁོར་བསྡུ་ཞིང་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་བྱའོ༔ འདི་ནི་རྩ་བ་ཐུགས་ཀྱི་ཕུར་གཅིག་གི་དབང་བསྐུར་བ་ཡིན་པས་ཤིན་ཏུ་ཟབ་ཅིང་གཉན་ལ་གལ་ཆེ་འོ༔ གུ་རུ་པདྨས་ཡང་ལེ་ཤོད་དུ་བཀོད་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྲིན་ལས་གསང་བའི་བཅུད་འདུས་ (Volume 32, Text 27)

༄༅། །སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྲིན་ལས་གསང་བའི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། མི་གནས་ཡེ་ཤེས་ཀཱི་ལ་ཡས། །འཁྲུལ་རྟོག་ཐལ་བར་འབྱིན་མཛད་པ། ཁྲག་འཐུང་རྡོ་རྗེ་འདུས་པའི་ཞབས། །སྤྱི་བོར་བཀོད་ནས་འདིར་གསལ་བྱ། །དེ་ལ་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་དབང་བསྐུར་བསྒྲུབ་པ་ལ།སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུར་དཀྱིལ་འཁོར་རས་བྲིས་སམ་མེ་ཏོག་སྔོན་པོའི་ཚོམ་བུ་གཙོ་བོ་གཅིག །འཁོར་བཅུ། དེ་རྒྱབ་སྒོ་བཞིའི་ཚུལ་དུ་བཀོད་པའི་ཁར་འཕྲུལ་སྟེགས་ལ་ཕུར་བུ་ཚད་ལྡན་དར་ནག་གི་ཅོད་པན་བཏགས་པ་དང་། རྣམ་བུམ་སོ་ལྔའི་བཅུད་དང་མགུལ་ཆིངས་མཐིང་ཁ་ཁ་རྒྱན་བཅས་པ་སྟེང་འོག་གམ་མདུན་རྒྱབ་བྱས་ནས་བཀོད། མདུན་དུ་གཙོ་བོའི་སྐུ་ཙཀ་དུར་ཁྲོད་དཔལ་ཆས། སྔགས་བྱང་། གཡས་གཡོན་གསང་དབང་ཐོད་ཆང་། རིག་ཙཀ །ཤེལ་རྡོ། རྒྱབ་ཏུ་ཚེ་འབྲང་། རིལ་ཆང་བཅས། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། གཞན་ཡང་། ལས་བུམ། ལྕགས་ཧོམ་དུ་ལིངྒ། གདབ་ཕུར། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱའོ། །དེ་ནས་དབང་དོན་བདག་མདུན་སྒྲུབ་པ་ནི། ཐོག་མར་སྔོན་འགྲོ་སྐྱབས་སེམས་ཡང་དག་ཟབ་ཏིག་ལྟར་ལ་ཅུང་ཟད་ཁ་བསྒྱུར་བ་དང་། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་གསག །གཏེར་གཞུང་ཏིང་འཛིན་རྣམ་གསུམ་ནས་བསྟོད་པ་ཡན་བདག་མདུན་དབྱེར་མེད་དུ་བསྒྲུབ། དེ་ནས་ཛཔ྄་ཁང་ཕྱེས་ལ་བསྙེན་པ་འབྲུ་དགུ་ཅི་ལྕོགས། སྒྲུབ་སྔགས་བཅུ་བཞི་པ་མང་ཙམ། ལས་སྦྱོར་སྤུ་གྲི་ཅུང་ཟད་བཟླ་ཞིང་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་གནད་སྦྱར། བུམ་ལྷ་གསལ་བཏབ་ལ་སྒྲུབ་སྔགས་བརྒྱ་རྩ་ཙམ་བཟླ། ཚེ་སྒྲུབ་དམིགས་པ་གསལ་བཏབ། ཚེ་ཛཔ྄་གང་འགྲུབ་བཟླ་ཞིང་ཚེ་འགུགས་གཏང་། མཆོད་བསྟོད་ཕུལ། ཡིག་བརྒྱས་ནོངས་པ་བཤགས། བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བྱིན་བརླབ། ཚོགས་འབུལ་བར་སྤྲོ་ན་ཡང་དག་ཟབ་ཏིག་ལ་ཅུང་ཟད་ཁ་བསྒྱུར་ནས་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་རྣམས་སྤྱི་ལྟར་བྱས་ལ། ཆོས་བཤད་ཁྱད་པར། དེ་ལ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཕྲིན་ལས་ནུས་པའི་སྟོབས་གཅིག་ཏུ་བསྡུས་པ་ཁྲག་འཐུང་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ། བདུད་དགྲ་དམ་སྲི་འདུལ་བ་ལ་འགྲན་ཟླ་མེད་པའི་མཐུ་སྟོབས་ཀྱི་ཤུགས་ཆེན་པོ་དང་ལྡན་པ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་རྒྱུད་ལུང་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པར་བཞུགས་པ་རྣམས་ལ་བརྟེན་ནས། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི་གཙོ་བོར་གྱུར་པའི་གྲུབ་བརྙེས་རིག་པ་འཛིན་པ་རྣམས་ཀྱིས་མན་ངག་བཀའ་སྲོལ་དུ་མར་བཀྲལ་ཅིང་། ཁྱད་པར་དཔལ་ཆེན་ཧེ་རུ་ཀ་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་ཚོགས་རྣམས་ཀྱང་ལྷ་མཆོག་འདི་ཉིད་བསྒྲུབས་པས་རྨེག་མེད་དུ་བཅོམ་སྟེ་གྲུབ་པ་མཐར་ཕྱིན་པའི་ཚུལ་བསྟན་པས་མཚོན། འཕགས་བོད་ཀྱི་རྡོ་རྗེ་སློབ་དཔོན་མ་ལུས་པ་རྣམས་ཀྱིས་ཐུགས་དམ་གསང་བའི་ལྷར་བསྟེན་ནས་དངོས་གྲུབ་བརྙེས་པ་ད་ལྟའི་བར་དུའང་ཟམ་མ་ཆད་པར་བྱོན་པ་འདིའི་མན་ངག་གངས་ཅན་ལྗོངས་འདིར་གཙོ་བོར་གུ་རུ་རིན་པོ་ཆེའི་བཀའ་སྲོལ་ཁོ་ན་དར་རྒྱས་སུ་གྱུར་པ་ལས། སྐབས་སུ་བབས་པ་འདིའང་ཕྲིན་ལས་ནུས་པའི་སྟོབས་རྩལ་འཆང་བ་ལང་གྲོ་ལོ་ཙཱ་བ་དང་ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག་པ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་པྲ་བྷ་ཧསྟིའི་དགོངས་པ་བདུད་འདུལ་གུ་རུ་ཤཱཀྱ་སེང་གེས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་བསྩལ་པ་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འཁོར་ལོ་རྒྱས་འདེབས་བདེ་བ་ཅན༔ རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ སློབ་དཔོན་ཆེན་པོ་བདག་ལ་དགོངས༔ བདག་ཉིད་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ། དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་མ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གསུམ་གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ། ཕྱག་དྲུག་གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་མེ་ཕུང་དང་ཁ་ཊྭཱཾ་ག་བསྣམས་ཤིང་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཞབས་བཞི་འདོར་ཐབས་སུ་བགྲད་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་པ། གནས་ལྔར་སྲས་མཆོག་རིགས་ལྔ་ཡུམ་དང་བཅས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་སྤྱན་འདྲེན་བརྗོད། སྒྲུབ་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་སྟོད་ལས་མཆོག་སྒྲུབ་ཀྱི་དབང་བཞི། སྨད་ལས་དགྲ་བགེགས་བསྒྲལ་དབང་། མཐའ་རྟེན་ཚེའི་དབང་བཅས་གསུམ་དུ་ཡོད་པ་ལས། དང་པོ་ལའང་བུམ་གསང་ཤེར་ཡེ་ཚིག་དབང་བཞི་རིམ་པར་འབྱུང་བའི། ཐོག་མར་བུམ་པའི་དབང་བསྐུར་དངོས་ལ་འདུན་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དང་དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་སྦྱོར༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ༔ ཀ་ལཱ་ཤ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ བུམ་ཆུ་འཐོར་འཐུང་བྱ། བུམ་པའི་ཆུས་ལུས་ཀྱི་ནང་གང་། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་བླུགས་པར་མོས་ཤིག །གཉིས་པ་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་དང་པོ་སྐུ་ཕྱག་རྒྱའི་དབང་གི་སླད་དུ། དཔལ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་གཟི་བརྗིད་བསྐལ་མེ་ལྟར་འབར་བཞིན་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོོན་ནུའི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཧཱུྃ༔ རིག་པ་རང་སྣང་དཔལ་ཆེན་པོ༔ དབྱིངས་ཀྱི་ཡུམ་དང་རབ་ཏུ་འཁྲིལ༔ རབ་འབྱམས་ཁྲོ་བོའི་སྤྲིན་ཕུང་འཕྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དཔལ་གྱི་ཆས་ཆེན་བཅུ་དང་དུར་ཁྲོད་འབར་བའི་ཆས་བརྒྱད་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བས་སྟོབས་དང་རྣམ་ཐར་ཐམས་ཅད་ཡོངས་སུ་རྫོགས་པར་མོས་ཤིག །ཆས་རྣམས་གཏད་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་ནི༔ ནང་ལྟར་སྟོབས་དང་རྣམ་ཐར་ཆོས༔ ཕྱི་ལྟར་དཔལ་དང་དུར་ཁྲོད་ཆས༔ ཁྲག་འཐུང་བདག་པོར་མངའ་གསོལ་ལོ༔ ཨ་ལཾ་ཀཱ་ར་ཨ་བྷི་ཥིཉྩ་ཨོཾ༔ དེས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་སྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། དེའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་མཐིང་ནག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་ཞལ་ནས་བརྒྱུད། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཉི་ཟླའི་གའུའི་ནང་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་སྐུ་དང་སྔགས་ཕྲེང་མེ་འོད་མཚོན་ཆ་ནམ་མཁའ་གང་བ་འཕྲོས། རྒྱལ་བ་སྲས་བཅས་མཆོད། ཁམས་གསུམ་གྱི་ཉོན་མོངས་པ་སྦྱངས། སྲིད་པ་གསུམ་གྱི་དྲེགས་བྱེད་ཐམས་ཅད་གཟིར། བར་ཆད་འབྱུང་པོ་ཐམས་ཅད་ཚར་བཅད། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་རྫོགས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། བསྙེན་སྒྲུབ་ཚར་གསུམ་རེ། སྤུ་གྲི་ཚར་གཅིག་རྗེས་ཟློས་བྱར་གཞུག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་སྟེ་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །ཧཱུྃ༔ སྲིད་པ་འབྱུང་ཞིང་འཇིག་པའི་རླུང༔ མི་ཕྱེད་སྔགས་སུ་བྱིན་བརླབས་ནས༔ རྡོ་རྗེའི་དབྱངས་ཀྱིས་དབང་བསྐུར་བས༔ སྲིད་གསུམ་གཟུང་འཛིན་ཟིལ་ནོན་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང་། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས། ཐ་མལ་གྱི་སྒྲ་བརྗོད་དང་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་དགོངས་པ་དོན་གྱི་ངོ་སྤྲད་པ་ནི། རྡོ་རྗེའི་ཚིག་གི་དོན་དྲན་པས་དབྱིངས་རིག་ཟུང་འཇུག་གི་ངང་དུ་མཉམ་པར་འཇོག་པར་ཞུ། ཧཱུྃ༔ སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས༔ འགག་མེད་རིག་པ་རང་བྱུང་སྣང༔ ཟུང་འཇུག་ཆེན་པོར་བྱིན་བརླབས་པས༔ དཔལ་ཆེན་ཡེ་ཤེས་རང་ཤར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབས་ཀྱི་བསམ་གཏན་དང་མ་བྲལ་བས། གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་ཐེབས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ། ཁྱེད་རང་རྣམས་ཀྱིས་མྱང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ གཏིང་ཟབ་འཁོར་ལོ་རྒྱས་འདེབས་དབྱིངས༔ ཐོགས་མེད་རྡོ་རྗེ་གཞོན་ནུས་སྦྱར༔ སྲིད་པ་དག་བྱེད་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཅིང་སྙིང་དཀྱིལ་བསྟིམ༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དོན་དུ། མཚན་ཉིད་ཡོངས་སུ་རྫོགས་པའི་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོར་གྱུར་པ་ཁྱེད་རང་ལ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས། ལུགས་འབྱུང་དང་ལུགས་ལྡོག་གི་ཐབས་ཤེས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་མཐར་ཐུག་ལྷན་སྐྱེས་བདེ་བ་ཆེན་པོ་འཕོ་མེད་དུ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་འཁོར་ལོ་རྒྱས་འདེབས་ཏེ༔ རོལ་ཅིག་རོལ་ཅིག་དཔའ་བོ་ཆེ༔ རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ དགའ་བཞི་དབུ་མར་ཡང་དག་སྦྱོར༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་བརྡ་དང་ཚིག་ལ་བརྟེན་ནས་དོན་ངོ་སྤྲོད་པ་ནི། སྔར་ཕྱག་རྒྱའི་རྐྱེན་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་པས་རྣམ་པ་བདེ་བར་གསལ་ཡང་རང་བཞིན་སྟོང་པ་ཉིད་ཉམས་སུ་མྱོང་ལ་བརྗོད་པ་དང་བྲལ་བ་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ཏེ། མཚོན་བྱ་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བ་ལས་རིག་པའི་རང་རྩལ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་བ་ཤེལ་གྱི་ངོ་བོ་དྭངས་པ་ལ་རྩལ་མདངས་འཇའ་འོད་སྣ་ཚོགས་སུ་ཤར་ཡང་དོན་ལ་མ་གྲུབ་པ་ལྟར། ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་པས་སྨྲ་བསམ་བརྗོད་བྲལ་གྱི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཧོ༔ བདེ་བའི་དེ་ཉིད་གསལ་བར་སྣང༔ ངོ་བོ་བལྟས་པས་རང་བཞིན་སྟོང༔ བསམ་གྱིས་མི་ཁྱབ་དབྱིངས་རིག་དོན༔ མཐར་ཐུག་ཟུང་འཇུག་རྟོགས་པར་གྱིས༔ དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་ཅུང་ཟད་འཇོག །དེས་དོན་དམ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་པ་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་བྱང་ཆུབ་བསྒྲུབ་པའི་ཕུར་བུའི་དགོངས་པ་གསུམ་དང་འབྲེལ་བའི་སྟོད་ལས་ཀྱི་དབང་བསྐུར་བ་གྲུབ་ནས། རྩ་བའི་གཉིས་པ་མཚན་མ་རྫས་ཀྱི་ཕུར་བུས་དགྲ་བགེགས་བསྒྲལ་བ་མངོན་སྤྱོད་དམོད་པའི་རྗེས་གནང་བསྒྲུབ་པ་ལ། མངོན་སྤྱོད་རྩོམ་པ་པོ་ལྟ་བ་ཆོས་ཉིད་ཀྱི་རྫོང་ལ་ཞུགས་ཤིང་སྒོམ་པ་བསྐྱེད་རྫོགས་ཀྱི་འཕྲང་ལ་འགྲིམ་སྟེ་སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས། བརྩམ་པའི་ཡུལ་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་ལ། ཇི་ལྟར་རྩོམ་པའི་ཕྲིན་ལས་དམིགས་པའི་རིམ་པ་རྣམས་གསལ་འདེབས་འཚལ། བདག་ཉིད་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་སྐུ་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བར་གྱུར། ཨེ་ཡཾ་ཛྭ་ལ་རཾ། མདུན་དུ་བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་དགྲ་བགེགས་དམ་སྲི་ཕོ་མོ་རྣམས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གསལ། གཡབ་དར་འགུགས་རྒྱ་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཕྲིན་ལས་ཕུར་པ་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱི་གྷྲཾ་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོཿ ལན་གསུམ། བདག་གི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གྲངས་མེད་པས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་རྟེན་ལ་བསྟིམ་པར་གྱུར། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ ས་བདག་ཆེན་མོའི་དུས༴ བདག་ཉིད་ཆེན་མོའི་དུས༴ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ རགྨོ་ཡགྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དམར་ཆེན་རཀྟའི་དགྱེས་མཆོད་ཚར་གསུམ་ཕུལ་བས་གཙོ་འཁོར་རྣམས་ཀྱི་གཟི་བརྗིད་རབ་ཏུ་བསྐྱེད་ནས་བཅོལ་བའི་ཕྲིན་ལས་མཛད་པར་གྱུར། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་སྲོག་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུགས་ཤིག༔ ཕོབ་ཅིག་གཟིར་ཅིག་བརླག་པར་གྱིས༔ གྲུ་གསུམ་དྲག་པོའི་སྣོད་དུ་བསྐྱིལ༔ ཁྲག་འཐུང་འབར་བའི་ཞལ་དུ་བསྟབ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་པས་རཀྟ་ལན་གསུམ་འབུལ། གདབ་ཕུར་ཐལ་མོ་བསྣོལ་བས་བཟུང་ལ། བདག་ཉིད་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་དགྲ་བགེགས་ཀྱི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་པ་དངོས་སུ་གསལ་བར་གྱུར། ཕུར་བུའི་དབལ་རྩེར་ཨ་ཡིག་དཀར་པོའི་འོད་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་མོངས་པའི་ཡིད་རྩད་བཅད། ལྔ་འདུས་ཀྱི་དྭངས་མ་ཚེ་བསོད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨ་ཡིག་དཀར་པོར་གྱུར་པ་ཕུར་རྩེས་ལིང་གིས་བཏེགས་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་པའི་དབལ་ལས་འཕྲོས་པའི་མཚོན་ཆའི་ཆར་པས་བག་ཆགས་ཀྱི་གཟུགས་རྟེན་དུམ་བུར་གཏུབ་པར་གྱུར། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུན་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་སྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ཙིཏྟ་མཱ་ར་ཡ་ཕཊ༔ རྦད་ཐུཾ་རི་ལི་ལི༔ ཞེས་ལག་ལེན་ལྟར་གདབ་ཅིང་ཐུན་བརྡེག །ས་ལུགས་ལ་སློབ་དཔོན་ཁོ་ནས་ཕྱག་ལེན་མཛད་པ་ཡིན་ཡང་འདིར་རྙིང་ལུགས་སྤྱི་ལྟར་སློབ་མ་རྣམས་ལའང་ཕུར་བུ་འདྲིལ་ཞིང་འདེབས་སུ་གཞུག །དེ་ནས་མེ་ཧོམ་སྦར། ལིང་རོ་སྨན་རག་གིས་བྲན་པ་ཧོམ་གཟར་དུ་ཐོགས་ཏེ། མེ་ཧོམ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་དང་བཅས་པ་ཞལ་གནམ་ས་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྦར་པ་ཞལ་དུ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ལྷག་མེད་དུ་རོལ་པར་གྱུར། ཧཱུྃ༔ དམ་ཚིག་ཆེན་པོའི་སོགས་བབ་དྲུག་གཤམ་དུ། བར་དུ་གཅོད་པའི་སྡེ་དང་དཔུང༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་དུ་བརླག་པར་མཛོད༔ ཅེས་དང་སྤུ་གྲིའི་གཤམ་དུ་དགྲ་བགེགས་དམ་སྲི་ཛྭ་ལ་རཾ་ཁཱ་ཧི་བཏགས་པས་སློབ་མ་ལའང་འབུལ་དུ་གཞུག །མཐར་མེ་ལྷ་ཆོས་ཀྱི་དབྱིངས་སུ་གཤེགས། ཐལ་བ་དགྲ་བགེགས་འགུགས་བསྟིམ་གོང་བཞིན་བྱས་པ་སྒོ་ཐེམ་འོག་ཏུ་དོང་གྲུ་གསུམ་བྲུས་པར་མནན་ལ། སྔར་བཞིན་བབ་དྲུག་བསྐུལ་བའི་ཚིག་མཇུག །བར་དུ་གཅོད་པའི་སྡེ་དང་དཔུང༔ མནན་ནོ་ནོན་ཅིག་སཏྭམྦྷ་ཡ༔ ཞེས་དང་སྤུ་གྲིའི་སྔགས་ལ། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ཅེས་མནན་པ་བྱ། དེ་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་རྗེས་གནང་གྲུབ་པ་ལགས་པས། དེང་ནས་བརྩམ་སྟེ་སྣང་སྲིད་ཐལ་འབྱིན་གྱི་དགོངས་པས་ཕུར་བུ་རྣམ་བཞི་ཡུལ་སོ་སོར་གདབ་པའི་ལས་ལ་བརྩོན་པར་མཛོད་ཅིག །དེ་ནས་ཚེ་དབང་ལ་སྒོམ་བཟླས་ཚེ་འགུགས་གོང་དུ་སོང་བས། འདིར་དབང་དངོས་གཞི་ལ་འཇུག་པས་ཆོག་ཀྱང་ཅུང་ཟད་སྤྲོ་ན། གསུམ་པ་མཐའ་རྟེན་བཀྲ་ཤིས་ཚེའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བདག་མདུན་བཛྲ་ཀུ་མཱ་རའི༔ སོགས་གཏེར་གཞུང་ལྟར། མི་འགྱུར་རྟག་པའི་སྲོག་ཐོབ་གྱུར༔ མདའ་དར་གཡབ་་ལ། ཨོཾ༔ དང་པོར་ཐུགས་བསྐྱེད་རྗེས་སུ་དགོངས༔ སོགས་ཚེ་འགུགས་བཏང་ལ་སྔགས་བརྗོད། ཚེ་འབྲང་ལྷར་གསལ་བ་སྤྱི་བོར་བཞག་པས་སྐུ་གསུང་ཐུགས་ཀྱི་ཚེ་དང་ཡེ་ཤེས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་མི་ཤིགས་པའི་ཐིག་ལེར་བྱིན་གྱིས་བརླབས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འདུས་པས་དཔལ་ཆེན་པོ་དང་དབྱེར་མེད་པའི་གཞོམ་བྲལ་རྡོ་རྗེའི་སྲོག་དང་འགྲིབ་མེད་གཞོན་ནུའི་ལང་ཚོ་ཐོབ་པར་མོས་ཤིག །ཚེ་འབྲང་མགོར་བཞག་ལ། བྷྲཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ ཚེ་བསྙེན་བརྗོད་ཅིང་ཚེ་རིལ་ཆང་ཡང་སྦྱིན། རྟེན་སྙིང་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར། རོལ་མོའི་སྒྲ་བསྒྲག་གོ །དེ་རྣམས་ཀྱིས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་རིམ་པ་དབང་གི་ཆོ་ག་རྒྱས་པར་གྲུབ་པ་ལགས། སྨིན་པ་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་སྤྱིར་སྙན་བརྒྱུད་ཀྱི་སྐོར་འདི་རྣམས་སྟོན་བྱེད་ཀྱི་ཚིག་ཉུང་ཡང་བསྟན་བྱའི་དོན་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཟབ་དོན་འདུས་པས་ཤིན་ཏུ་རྒྱ་ཆེ་བར་བཞུགས་ལ། འདིར་ཡང་གནད་ཏིག་གི་གཞུང་སྤྱིའི་བཞུགས་ཚུལ་གྱི་དབང་དུ་བྱས་ན། ཐོག་མར་ངོ་བོ་དང་བཏགས་པའི་གཞི་གཉིས་ཀྱིས་བསྒྲུབ་པའི་གཞི་བསྟན། བར་དུ་ཕུར་བུ་རྣམ་པ་བཞིའི་དགོངས་པས་སྒྲུབ་བྱེད་ཀྱི་ལམ་འབྲས་བུ་དང་བཅས་པ་བསྟན། མཐར་རིམ་པ་དབང་དང་བཀྲ་ཤིས་ཚེའི་ཆོ་ག་གཉིས་ཀྱིས་ཡན་ལག་གི་ཕྲིན་ལས་ཉེ་བར་མཁོ་བ་བསྟན་པ་ཡིན་ལ། དེ་ལས་སྒྲུབ་བྱེད་ཀྱི་ལམ་ལ། ཚད་མེད་སྙིང་རྗེའི་ཕུར་པ་འགྲོ་དྲུག་གི་སེམས་ཅན་ལ་འདེབས་པ་ཐམས་ཅད་ལ་སྤྱིར་ཁྱབ་པའི་དབང་དུ་མཛད་ནས་ཐོག་མར་བཏགས་པའི་གཞི་དང་རྗེས་སུ་འབྲེལ་བར་བསྟན་ཏེ། དངོས་གཞི་བསྐྱེད་རིམ་སྲིད་པ་ཕུར་བུ་སྣང་སྲིད་སྣོད་བཅུད་ལ་འདེབས་པ་དང་། མཚན་མ་རྫས་ཀྱི་ཕུར་བུ་དགྲ་དང་བགེགས་ལ་འདེབས་པའི་ཚུལ་གཉིས་ཀྱི་ཕྲིན་ལས་སྙིང་པོར་བསྡུས་པ་བཅས་གསལ་རྒྱས་སུ་བསྟན་པ་རྣམས་ནི་བསྐྱེད་རིམ་གྱི་ཕྱོགས་ཡིན་ལ། འདིར་འཆད་པར་བྱ་བ་རྫོགས་རིམ་གྱི་ཁྲིད་ལ་གཉིས་ཡོད་པའི་དང་པོ་མཚན་བཅས་ཀྱི་རྫོགས་རིམ་བྱང་ཆུབ་སེམས་ཀྱི་ཕུར་བུ་ཡུམ་གྱི་མཁའ་ལ་འདེབས་པའི་ཁྲིད་ལ། ཐོག་མར་ཤློ་ཀ་གཅིག་གིས་རྣམ་གཞག་མདོར་བསྟན། དེ་ནས་ལམ་གྱི་གཞི་རླུང་དང་གཏུམ་མོ་སྒྲུབ་པ། ལམ་དངོས་ཕོ་ཉའི་སྤྱོད་པས་བདེ་ཆེན་སྒྲུབ་པའི་ཚུལ་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད། ཨེ་ཝཾ་ཟུང་འཇུག་གཞི་ལམ་འབྲས་བུར་འབྲེལ་བས་དོན་བསྡུས་ཏེ་བསྟན་པ་རྩ་བ་རྡོ་རྗེའི་གསུང་འདི་ཡིན་པས་རྩེ་གཅིག་ཏུ་གསན་འཚལ། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི༔ སོགས་ནས། ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ཅེས་གསུངས་པ་ལྟར་རོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ཁྱབ་བདལ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་འདེབས་པའི་ཁྲིད་ལའང་ཐོག་མར་ཤློ་ཀ་གཅིག་གིས་ལམ་གྱི་ལུས་མདོར་བསྟན། དེ་ནས་གཞི་སོར་བཞག་ཀ་དག་ཡེ་གྲོལ་གྱི་ཉམས་ལེན་དང་། ལམ་བོགས་འབྱིན་ལྷུན་གྲུབ་སྣང་བཞིའི་ཉམས་ལེན་གཉིས་ཀྱིས་རྒྱས་པར་བཤད། མཐར་དེ་ལས་འབྲས་བུའི་གྲུབ་མཐར་སྙོགས་པའི་ཚུལ་གྱིས་དོན་བསྡུས་ཏེ་བསྟན་པ་འདི་ལྟར་ལགས་པས་ལེགས་པར་གསན་འཚལ། རིག་པ་ཡེ་ཤེས་ཕུར་བུ་ནི༔ སོགས་ནས། གྲུབ་པ་མཐའ་རུ་ཕྱིན་པ་འོ༔ ཞེས་པའི་བར་བརྡ་འཕྲོད་ངེས་དལ་བར་བཀླག །འཆད་ཤེས་ན་གོང་གི་ས་བཅད་དང་སྦྱར་ལ་རྒྱས་པར་བཀྲོལ་ལོ། །ཞེས་གསལ་བར་བསྟན་པའི་དོན་རྣམས་ཉམས་སུ་ལེན་པའི་རྣལ་འབྱོར་ལ་བརྩོན་ནས་ཟབ་ལམ་མཇལ་བ་དོན་ལྡན་དུ་མཛད་པར་ཞུ། གསུམ་པ་རྗེས་རིམ་ནི། དེ་ལྟར་ན་དེ་དག་རྣམས་ཀྱིས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་དབང་གི་རྗེས་རྣམས་སྤྱི་མཐུན་བྱ། ཆོ་གའི་མཇུག་བསྡུ་ཚོགས་ཡོད་ན་རོལ་ཞིང་ལྷག་མ་གཏང་བ་སོགས་དང་། མེད་ན་དཀྱིལ་འཁོར་པ་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། རྟེན་དང་བསྟུན་ལ་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་རྣམས་ནི་ཡང་དག་ཟབ་ཏིག་ལ་ཅུང་ཟད་ཁ་བསྒྱུར་ཏེ་བྱའོ། །བདག་མེད་ཕུར་བུས་བདག་འཛིན་ཐལ་བར་འབྱིན། །འཁོར་ལོ་རྒྱས་འདེབས་བྷ་གའི་དབྱིངས་ཀློང་དུ། །རིག་པ་རྡོ་རྗེ་གཞོན་ནུའི་ཕྱག་རྒྱར་རྫོགས། །སྤྲུལ་པའི་སྲས་མཆོག་མཁའ་ཁྱབ་སྤྲོ་གྱུར་ཅིག །ཅེས་ཉེ་བར་མཁོ་ཞིང་ཟབ་ཆོས་མཆོག་འདིའི་ཞབས་ཏོག་ཏུའང་འདུན་པའི་བློས། བདུད་འདུལ་ཕུར་པའི་རིག་སྔགས་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་ཡན་ལག་བཞི་ལྡན་ (Volume 16, Text 27)

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་ཡན་ལག་བཞི་ལྡན་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ ཡང་དག་གསང་བའི་ལམ་མཆོག་ཀུན༔ སྙིང་པོ་གཅིག་ཏུ་དྲིལ་ཏེ་སྒྲུབ༔ སྒྲུབ་པ་ཀུན་གྱི་སྙིང་པོ་ནི༔ བསྙེན་སྒྲུབ་རྣམ་པ་བཞི་རུ་འདུས༔ དང་པོ་བསྙེན་པའི་རིམ་པ་ནི༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་པའི༔ སྐལ་ལྡན་དབེན་པའི་གནས་སུ་འདུག༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ ཆོས་ཀུན་སྟོང་པ་ཉིད་དུ་བལྟ༔ དེ་ལྟར་མ་རྟོགས་འགྲོ་བ་ལ༔ སྙིང་རྗེ་སྒྱུ་མ་ལྟ་བུར་བསྒོམ༔ ཧཱུྃ་གི་བྱང་བུ་བཀོད་ནས་སུ༔ རླུང་མི་སེམས་གསུམ་དེ་ལ་གཏད༔ ཡིད་ལ་ཝལ་གྱིས་ཤར་བ་ན༔ ཆེ་ཆུང་གང་མོས་རྩལ་སྦྱངས་ནས༔ ཡིག་འབྲུའི་རྣལ་འབྱོར་མཐར་ཕྱིན་བྱ༔ དེ་ཉིད་གནས་གྱུར་རྡོ་རྗེར་བསྒོམ༔ དེ་ཡང་སྔར་བཞིན་བརྟན་པ་ན༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ སེམས་ཅན་སངས་རྒྱས་ས་ལ་བཀོད༔ རྡོ་རྗེའི་ས་གཞི་གུར་བླ་བྲེ༔ དྲྭ་བ་མདའ་དང་མེ་བཅས་བསྒོམ༔ ཡིག་འབྲུ་ཕྱག་མཚན་ཡོངས་གྱུར་ལས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་བའི་ཚུལ་དགུའི་ཉམས་དང་ལྡན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཡེ་ཤེས་དབང་མཆོག་རྫོགས་པར་བསྒོམ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མ་ཡེངས་རྩེ་གཅིག་ཡིད་ཀྱིས་བཟླས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དེ་ལྟར་གསལ་བའི་ཚད་ལྡན་པས༔ གཉིས་པ་ཉེ་བའི་བསྙེན་པ་ནི༔ རིན་ཆེན་གཞལ་ཡས་ཁང་གི་ནང༔ རིགས་ལྔ་དང་ནི་རིགས་དགུ་་་རིགས་ལྔའི་སྟེང་ནང་སེམས་བཞི་བསྣན་པ་་་དང༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ༔ ཕྱག་རྒྱ་སྤྲོས་བཅས་བསྒོམ་པར་བྱ༔ དེ་ལ་གསལ་བ་གསུམ་ལྡན་པས༔ ཞི་བ་ཁྲོ་བོ་ཉིད་དུ་བསྒྱུར༔ གསུམ་པ་སྒྲུབ་པའི་རིམ་པ་ནི༔ སྐུ་ཡི་བསྐྱེད་རིམ་སྦྱང་བའི་ཕྱིར༔ འཇམ་དཔལ་ལྷ་ཚོགས་གསལ་བར་བསྐྱེད༔ བཟླས་པའི་རིམ་པ་ཅི་ནུས་བྱ༔ གསུང་གི་དྲག་སྔགས་བཟླས་པ་ནི༔ རྟ་མགྲིན་ལ་སོགས་གཙོ་བོར་བཟུང༔ བཟླས་པ་ཁོ་ན་གཙོ་བོར་བྱ༔ ཐུགས་ཀྱི་ཡང་དག་རྫོགས་རིམ་ནི༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སྐབས་སུ་གསལ་བར་བསྒོམས་ནས་ཀྱང༔ སྙིང་པོ་ཡང་དག་ཧེ་རུ་ཀ༔ རྡོ་རྗེ་ཐོད་ཁྲག་འཛིན་པའི་སྐུ༔ དེ་ཡི་སྣ་རྩེ་་་གདོང་གི་སྣ་རྩེ། སྙིང་གའི་སྣ་རྩེ། གསང་བའི་སྣ་རྩེ་་་གསུམ་པོ་ལ༔ བདེ་ཆེན་ཐིག་ལེ་ཡུངས་འབྲུ་ཙམ༔ རྩེ་གཅིག་བསྒོམ་པའི་ཏིང་འཛིན་གྱིས༔ སྟེང་འོག་ཟུང་འཇུག་བདེ་ཆེན་སྦར༔ དེ་ལ་སེམས་ཟིན་འོད་གསལ་འཆར༔ ལུས་གནད་དྲང་པོར་བསྲང་བ་དང༔ རླུང་གནད་བར་རླུང་རྒྱུན་དུ་བསྟེན༔ རྩ་ཡི་མདུད་གྲོལ་གཏུམ་མོ་འབར༔ ཐིག་ལེ་ཞུ་བདེའི་ལྷན་ཅིག་སྐྱེས༔ ཡེ་ཤེས་ཉམས་རྟོགས་གོང་དུ་འཕེལ༔ ༈ བཞི་པ་ཡོངས་རྫོགས་སྒྲུབ་ཆེན་ནི༔ ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང༔ བདེ་ཆེན་ཧཱུྃ་གི་གླུ་བླངས་པས༔ ནམ་མཁའ་ཐམས་ཅད་གཞལ་ཡས་ཁང༔ དབུས་སུ་བླ་མ་དཔལ་ཆེན་པོ༔ སྨུག་ནག་ཉི་ཤུ་རྩ་གཅིག་དབུ༔ ཕྱག་མཚན་གང་འདུལ་འཛིན་པའི་ཕྱག༔ བཞི་བཅུ་རྩ་གཉིས་མངོན་སངས་རྒྱས༔ རྣམ་ཐར་བརྒྱད་ཀྱི་ཞབས་བགྲད་ནས༔ འཁོར་འདས་ཀུན་གྱི་ཁྲི་ལ་འགྱིང༔ གནམ་ཞལ་དབྱིངས་ཕྱུག་ནམ་མཁའི་མདོག༔ ཞལ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ རྡོ་རྗེ་དང་ནི་ཐོད་ཁྲག་འཛིན༔ ལྷག་མས་མ་མོའི་ཚོགས་རྣམས་སྤྲོ༔ ཚད་མེད་ཞབས་བཞི་བརྐྱང་བསྐུམ་གར༔ དབྱིངས་ཡེ་གཉིས་སུ་མེད་པར་སྦྱོར༔ མདུན་དུ་དབང་མཆོག་ཧེ་རུ་ཀ༔ དབུས་དང་ཕྱོགས་བཞིར་ཁྲག་འཐུང་ལྔ༔ རྩིབས་དང་ཁྱམས་ཆེན་སྒོ་བཞི་ལ༔ ཁྲག་འཐུང་དྲུག་ཅུ་རྩ་བཞིའི་ཚོགས༔ ཧེ་རུ་ཀ་ཡི་དཀྱིལ་འཁོར་རྫོགས༔ བར་ཁང་ནང་དུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ དེ་མདུན་མི་བསྐྱོད་ནམ་མཁའི་མདོག༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ མདུན་དུ་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ དབྱིངས་ཕྱུག་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ རྩིབས་ལ་རིགས་བཞི་ཞི་ཁྲོ་བརྒྱད༔ ཁྱམས་ལ་རྡོ་རྗེ་སེམས་དཔའ་དང༔ རྡོ་རྗེ་རིགས་ཀྱི་མ་མོའི་ཚོགས༔ ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ རྣམ་པར་སྣང་མཛད་ཤེལ་གྱི་མདོག༔ སངས་རྒྱས་སྤྱན་མ་ཡུམ་དང་སྦྱོར༔ འཁོར་ལོ་དང་ནི་དྲིལ་བུ་འཛིན༔ མདུན་དུ་བུདྡྷ་ཧེ་རུ་ཀ༔ སྨུག་ནག་འཁོར་ལོ་དུང་ཁྲག་འཛིན༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ རིགས་བཞིའི་ཞི་ཁྲོ་ཡབ་དང་ཡུམ༔ བདེ་གཤེགས་སེམས་དཔའ་སེམས་མའི་ཚོགས༔ བདེ་གཤེགས་རིགས་ཀྱི་མ་མོར་བཅས༔ སྐུ་ཡི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ལྷོ་ཡི་དཀྱིལ་འཁོར་ཆེན་པོའི་དབུས༔ རིན་ཆེན་འབྱུང་ལྡན་མཱ་མ་ཀི༔ སེར་གསལ་རིན་ཆེན་དྲིལ་བུ་འཛིན༔ མདུན་དུ་རཏྣ་ཧེ་རུ་ཀ༔ སེར་ནག་རིན་ཆེན་ཐོད་ཁྲག་འཛིན༔ རཏྣ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ རིགས་བཞིའི་ཞི་ཁྲོ་ཡབ་དང་ཡུམ༔ རིན་ཆེན་སེམས་དཔའ་སེམས་མ་དང༔ རིན་ཆེན་རིགས་ཀྱི་མ་མོར་བཅས༔ ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས༔ ནུབ་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་པདྨ་ཚེ་བུམ་འཛིན༔ གོས་དཀར་མོ་དང་གཉིས་མེད་འཁྲིལ༔ མདུན་དུ་པདྨ་ཧེ་རུ་ཀ༔ དམར་ནག་པདྨ་ཐོད་ཁྲག་འཛིན༔ པདྨ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ རིགས་བཞིའི་ཞི་ཁྲོ་ཡབ་དང་ཡུམ༔ པདྨའི་སེམས་དཔའ་སེམས་མའི་ཚོགས༔ པདྨ་རིགས་ཀྱི་མ་མོར་བཅས༔ གསུང་གི་དཀྱིལ་འཁོར་ཡོངས་སུ་རྫོགས༔ བྱང་གི་དཀྱིལ་འཁོར་ཆེན་པོའི་དབུས༔ དོན་ཡོད་གྲུབ་པ་སྒྲོལ་མ་ཡུམ༔ ལྗང་གསལ་རྒྱ་གྲམ་དྲིལ་བུ་འཛིན༔ མདུན་དུ་ཀརྨ་ཧེ་རུ་ཀ༔ ལྗང་ནག་རལ་གྲི་ཐོད་ཁྲག་འཛིན༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ རིགས་བཞིའི་ཞི་ཁྲོ་ཡབ་དང་ཡུམ༔ ཀརྨ་སེམས་དཔའ་སེམས་མའི་ཚོགས༔ ལས་ཀྱི་རིགས་ཀྱི་མ་མོར་བཅས༔ ཕྲིན་ལས་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཕྱི་རིམ་ཕོ་བྲང་རིམ་པ་བཞིར༔ བསྐལ་བཟང་སངས་རྒྱས་སེམས་དཔའ་དང༔ ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་གསལ༔ ཕྱོགས་མཚམས་བརྒྱད་ཀྱི་ཕོ་བྲང་དུ༔ ཤར་དུ་རྡོ་རྗེ་སེམས་དཔའ་དཀར༔ རྡོ་རྗེ་སྙེམས་མ་ཡུམ་དང་སྦྱོར༔ ཕྱོགས་བཞིར་རྡོར་སེམས་ཡབ་ཡུམ་བརྒྱད༔ མདུན་དུ་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ རིགས་བཞི་ཀཻ་རི་སིཾ་ཧ་མ༔ གདོང་ཅན་དབང་ཕྱུག་ཉི་ཤུ་བརྒྱད༔ ལྷོ་རུ་འཇམ་དཔལ་གསེར་གྱི་མདོག༔ རལ་གྲི་དང་ནི་པུསྟི་འཛིན༔ སྒྲ་དབྱངས་ལྷ་མོ་གཉིས་མེད་འཁྲིལ༔ མདུན་དུ་དཔལ་ཆེན་གཤིན་རྗེ་གཤེད༔ མཐིང་ནག་བེ་ཅོན་སྡིགས་མཛུབ་མཛད༔ གཏུམ་མོ་དུག་ཧྲུལ་དམར་ནག་འཁྲིལ༔ ཕྱོགས་བཞིར་འཇམ་དཔལ་ཡབ་ཡུམ་བརྒྱད༔ མཚམས་བཞིར་གཤེད་ཆེན་ཡབ་དང་ཡུམ༔ ཁྱམས་ལ་ཕྱོགས་སྐྱོང་བཅུ་གཉིས་དང༔ སྒོ་བ་ཕོ་ཉའི་ཚོགས་རྣམས་གསལ༔ ནུབ་ཏུ་སྤྱན་རས་གཟིགས་དབང་དམར༔ པདྨ་དང་ནི་ཚེ་བུམ་འཛིན༔ གསང་བ་ཡེ་ཤེས་གཉིས་མེད་འཁྲིལ༔ མདུན་དུ་དཔལ་ཆེན་རྟ་མགྲིན་དམར༔ པདྨ་གཟི་ལྡན་ཡུམ་དང་འཁྲིལ༔ རལ་གྲི་དང་ནི་སྦྲུལ་ཞགས་འཛིན༔ ཕྱོགས་བཞིར་རིགས་བཞིའི་སྤྱན་རས་གཟིགས༔ མཚམས་བཞིར་དབང་ཆེན་སྡེ་བཞི་དང༔ ཁྱམས་ལ་ཟིལ་གནོན་ཁྲོ་བོ་བརྒྱད༔ སྒོ་དང་མུ་རན་བཀའ་སྲུང་ཚོགས༔ བྱང་དུ་གསང་བའི་བདག་པོ་་་མཐིང༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ ཡུམ་མཆོག་སྒྲོལ་མ་གཉིས་མེད་འཁྲིལ༔ མདུན་དུ་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ༔ ཕྱོགས་བཞིར་གསང་བདག་རིགས་བཞི་དང༔ མཚམས་བཞིར་ལས་བཞིའི་ཀཱི་ལ་ཡ༔ ཁྱམས་ལ་དཔལ་ཆེན་ཁྲོ་བོ་བཅུ༔ སྒོ་བཞིར་མུ་རན་བཀའ་སྡོད་ཚོགས༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཁྱུང་ཆེན་ཐོད་ཁྲག་འཛིན༔ ཡུམ་མཆོག་ཉིད་བཞི་མུ་ཁ་ལེ༔ མཐིང་ནག་རྡོ་རྗེ་ཞིང་གཡབ་འཛིན༔ མདུན་དང་ཕྱོགས་བཞིར་ཡུམ་ཆེན་ལྔ༔ ཁྱམས་ལ་རྗེ་མོ་བཅུ་བཞི་དང༔ སྒོ་དང་མུ་རན་དམན་མོའི་ཚོགས༔ ལྷོ་ནུབ་རིག་འཛིན་དྲག་པོ་རྩལ༔ དམར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་མཆོག་དབྱིངས་ཕྱུག་མཁའ་འགྲོ་འཁྲིལ༔ ཕྱོགས་བཞིར་རིག་འཛིན་ཆེན་པོ་བཞི༔ ཁྱམས་ལ་སྒྲུབ་སྡེའི་རིག་འཛིན་བརྒྱད༔ སྒོ་བཞིར་སློབ་དཔོན་ཆེན་པོ་དང༔ མུ་རན་དཔའ་བོ་མཁའ་འགྲོས་བསྐོར༔ ནུབ་བྱང་དྲེགས་པ་ཀུན་འདུལ་མཐིང༔ རྡོ་རྗེ་དྲེགས་པའི་མགོ་ཕྲེང་འཛིན༔ སྡེ་དཔོན་སུམ་ཅུ་བཀའ་ཉན་བཅས༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ གནམ་ལྕགས་རྡོ་རྗེ་སྙིང་ཕྲེང་འཛིན༔ མཐུ་ཆེན་སྔགས་བདག་བཅོ་བརྒྱད་དང༔ ཤན་པ་ལྷ་སྲིན་སྡེ་བརྒྱད་ཚོགས༔ དེ་ཕྱིར་གཞལ་ཡས་རིམ་པ་བཞིར༔ གསང་བའི་ཡུམ་བཞི་འབར་མ་བརྒྱད༔ མཁའ་འགྲོ་གིང་དང་ལངྐ་དང༔ སྲིད་པའི་མ་མོ་ཆེ་ཕྲ་སོགས༔ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས༔ དཔལ་ཆེན་ཡེ་ཤེས་རྩལ་ལས་སྤྲུལ༔ ཁྱམས་ཀྱི་གཞལ་ཡས་ཁང་བཅུ་གཉིས༔ ཤར་དུ་ཉ་སྟོང་ཚེས་ཀྱི་ལྷ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ ལྷ་དང་མི་ཡི་འཕགས་པའི་ཚོགས༔ ལྷོ་རུ་དུས་གསུམ་སངས་རྒྱས་ལ༔ ཉན་ཐོས་རང་རྒྱལ་དགྲ་བཅོམ་དང༔ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར༔ ནུབ་ཏུ་རིགས་གསུམ་མགོན་པོ་ལ༔ ཀྲི་ཡ་ཨུ་པ་ཡོ་ག་ཡི༔ སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར༔ བྱང་དུ་རྣམ་པར་སྣང་མཛད་ལ༔ རྡོ་རྗེ་ཕག་མོ་རྡོ་རྗེ་ཆོས༔ རྡོ་རྗེ་རྣལ་འབྱོར་ཆེན་པོ་ཡི༔ སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་དང༔ རིགས་ལྔའི་དཔའ་བོ་མཁའ་འགྲོའི་ཚོགས༔ དྲྭ་མ་ལྔ་ལ་སོགས་པ་ཡི༔ བརྒྱུད་གསུམ་རིག་འཛིན་བླ་མས་བསྐོར༔ ཁོར་ཡུག་ཆེན་པོའི་དཀྱིལ་འཁོར་དུ༔ གཙང་རིགས་དཔལ་མགོན་ལ་སོགས་པའི༔ སྲིད་གསུམ་སྟོན་པའི་བཀའ་ཉན་སྡེ༔ དགེ་བསྙེན་ཆོས་སྲུང་ཚོགས་རྣམས་འཁོད༔ ཡོངས་རྫོགས་གསང་བའི་དཀྱིལ་འཁོར་ནི༔ སྟེང་ཁང་དབུས་སུ་འོད་ལྔའི་ཀློང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཀུན་ཏུ་བཟང་པོའི་ངོ་བོར་བཞེངས༔ ལོངས་སྤྱོད་རྫོགས་སྐུ་རྡོར་དྲིལ་འཛིན༔ ཡེ་ཤེས་ལྔ་ཡི་རོལ་པ་ལས༔ སྐུ་གསུང་ཐུགས་ཀྱི་རིག་འཛིན་ཚོགས༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ ཡབ་ཡུམ་སྲས་ཀྱི་ཚོགས་སྤྲོས་པས༔ མཁའ་ཁྱབ་དཀྱིལ་འཁོར་ཆེན་པོ་ནི༔ མ་འདྲེས་ཚོམ་བུ་འཇའ་ལྟར་ཤར༔ ཀ་དག་ལྷུན་གྲུབ་རང་རྩལ་ལས༔ ཚད་ལ་ཕེབས་པའི་སྣང་བ་བཞིན༔ དབུས་ཀྱི་དཀྱིལ་འཁོར་ཆེན་པོ་ནི༔ གཅིག་ལས་དུ་མའི་གར་དུ་རོལ༔ དེ་ལས་སྣང་བ་ཕྱིར་ཤར་བ༔ ཐེག་པའི་རིམ་པ་ཅིར་ཡང་གསལ༔ ཀུན་ཀྱང་དབྱིངས་རིག་ཟུང་འཇུག་པའི༔ རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད༔ རང་གསལ་ཡེ་ནས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་རང་ཤར་ཉིད་དུ་བསྒོམ༔ ༈ སྐབས་སུ་མ་མོ་གཅུན་པ་ནི༔ རྩ་གསུམ་འཁོར་ལོ་ལྔ་ལྡན་བསྒོམ༔ གཏུམ་མོ་སྦར་ཞིང་ཐིག་ལེ་བཞུ༔ ལུས་གནད་བཅའ་ཞིང་བུམ་ཅན་བཟུང༔ ཐིག་ལེའི་གནས་ལ་བྱང་ཆུབ་ནས༔ ཆེ་མཆོག་ཡབ་ཡུམ་བསྒོམ་པ་ཡིས༔ མཚན་ལྡན་ཕྱག་རྒྱར་སྙོམས་པར་ཞུགས༔ འདུ་ཤེས་གསུམ་གྱིས་དགའ་བཞི་བསྒོམ༔ བདེ་བ་མཁའ་ཁྱབ་འཕེལ་བ་ཡིས༔ རྒྱལ་ཀུན་བཀུག་ནས་བདུད་རྩིར་བཞུ༔ མཉམ་སྦྱོར་དཀར་དམར་སེམས་ཆུ་ བབས༔ སྐྱོབས་དང་འཕྲད་དུ་སྦྱར་ནས་སུ༔ འཁོར་ལོ་འབར་བའི་དབུས་སུ་བཞག༔ དཀྱིལ་འཁོར་ཆེན་པོའི་བདུད་རྩི་ཕབས༔ བཏུལ་ཞིང་བཞུ་བའི་དམིགས་པར་འབད༔ དེ་ལ་བར་དུ་གཅོད་པའི་དགྲ༔ བགེགས་ལ་སོགས་པ་བརྡུང་བའི་ཕྱིར༔ རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་བསྒོམ༔ དཔལ་གྱི་བཀའ་ཉན་གིང་ཆེན་རྣམས༔ ཕོ་ཉར་བཏང་སྟེ་བཀུག་ནས་སུ༔ རྫས་ཕུར་བྲན་དུ་བསྒོམ་བྱས་ནས༔ དཀར་ནག་སྙིང་གའི་མཚམས་སུ་གདབ༔ བསྒྲལ་བྱ་སྒྲོལ་བྱེད་སྒྲོལ་མཁན་རྣམས༔ དམིགས་མེད་བློ་འདས་ངང་དུ་བཞག༔ དགྲ་དང་བགེགས་ལས་དངོས་གྲུབ་བླངས༔ བམ་ལ་དཀྱིལ་འཁོར་ཆེར་བསྒོམ་སྟེ༔ ཡེ་ཤེས་བསྟིམ་ཞིང་དམ་ཚིག་བཞུ༔ བམ་ཕྲལ་སྐོང་བའི་རིམ་པ་བྱ༔ མ་མོའི་དཀྱིལ་འཁོར་གསལ་མཆོད་དེ༔ རྣལ་འབྱོར་སྐོང་བའི་ཆོ་ག་བྱ༔ རྟགས་དང་དྲོད་ཚད་ལྡན་གྱུར་ནས༔ འཁོན་གཅུགས་མ་ལུས་དག་པ་ན༔ བདུད་རྩིའི་དངོས་གྲུབ་བླང་བར་བྱ༔ རིག་འཛིན་བླ་མ་ཀུན་བསྐུལ་ནས༔ སྐལ་ལྡན་རྣམས་ལ་རྫས་དབང་སྦྱིན༔ དོན་གྱི་དབང་རྣམས་ངོ་སྤྲོད་དེ༔ སྣང་སྲིད་ཐམས་ཅད་མདོས་སུ་བྱ༔ མ་མོ་བསྐུལ་ཞིང་སྣང་སྲིད་ཀྱི༔ གཡོ་འཁྲུགས་ལྟས་ངན་ཐམས་ཅད་བཟློག༔ དྲེགས་པ་རྣམས་ལ་ཆད་མདོ་གཏོང༔ བཀའ་འབངས་གཙིགས་སུ་ཕབ་ནས་ཀྱང༔ འདོད་པའི་ལས་རྣམས་ཐམས་ཅད་བཅོལ༔ དྲག་སྔགས་དམོད་པས་ཐུན་སྔགས་ལ༔ ཤན་པ་ལྷ་སྲིན་དགྲ་ལ་འགྱེད༔ མནན་བསྲེག་འཕང་བས་ལས་མཐའ་བསྡུ༔ གཏེར་སྦ་བཀྲ་ཤིས་སྨོན་ལམ་བྱ༔ དེ་ལྟར་མོས་བསྒོམ་བྱས་པས་ཀྱང༔ རྣམ་པར་སྨིན་པའི་རིག་འཛིན་འཐོབ༔ དབང་རྣོན་བརྩོན་འགྲུས་ལྡན་པ་ཡིས༔ བསྙེན་སྒྲུབ་རྣམ་བཞི་ཡོངས་རྫོགས་པས༔ རིག་འཛིན་བཞི་ཡི་གོ་འཕང་ཉིད༔ ཚེ་འདི་ཉིད་ལ་མངོན་བྱས་ནས༔ བླ་མེད་རྫོགས་པའི་སངས་རྒྱས་འགྲུབ༔ ས་མ་ཡ༔ དེ་ལྟར་པདྨ་བདག་ཉིད་ཀྱིས༔ དུས་གསུམ་རྒྱལ་བས་ཅི་བསྟན་པའི༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ དགོངས་པ་ཉམས་འོག་ཆུད་པས་ན༔ སྒྲུབ་ཐབས་དཔག་ཏུ་མེད་པ་བརྩམས༔ དེ་རྣམས་ཀུན་འདུས་ཁྱད་འཕགས་པ༔ ཀུན་གྱི་སྤྱི་འདྲིལ་འདུ་བའི་སྒོ༔ གཅིག་ཆོག་རྒྱལ་པོ་འདི་བཤད་པས༔ དེ་ཉིད་འཛིན་པའི་སྐྱེས་བུ་ཡང༔ རྡོ་རྗེ་འཆང་དུ་ངེས་བྱས་ནས༔ འདི་ཡི་སྨིན་པས་ཀུན་སྨིན་ཅིང༔ གྲོལ་བས་སྙིང་པོ་ཀུན་ལོན་ཕྱིར༔ གདམས་ངག་གཞན་ལ་བློ་མི་འཇུག༔ བསྙེན་སྒྲུབ་རྣམ་བཞིའི་ལམ་རིམ་དུ༔ ཐེག་པ་དགུ་རྣམས་རྫོགས་པ་ཡི༔ སྤྱི་དྲིལ་ཨ་ཏི་ཟབ་དོན་ལམ༔ ཀུན་གྱི་སྙིང་ཐིག་ཆེན་པོ་འོ༔ ས་མ་ཡ་༔ རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ནས་མཚོ་བྲག་གི་ཟབ་གཏེར་ངོ་མཚར་རྒྱ་མཚོའི་སྙིང་པོ་སྤྱན་དྲངས་པའི་རྗེས་ཐོག་ཏུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཐུགས་དམ་གནད་བསྐུལ་ (Volume 67, Text 27)

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཐུགས་དམ་གནད་བསྐུལ་ཞེས་བྱ་བ། ཨོཾ་ཨཱཿཧཱུྃ། ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །འདྲེན་པའི་གཙོ་བོ་ཐུགས་མཆོག་རྡོ་རྗེ་སེམས། །རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས། །སྤྲུལ་པའི་སྐུ་མཆོག་རིག་འཛིན་དགའ་རབ་ཞབས། །རྒྱལ་བའི་སྲས་མཆོག་གུ་རུ་ཤྲཱི་སེང་། །རྡོ་རྗེའི་སྐུ་བརྙེས་འཆི་མེད་པདྨ་འབྱུང་། །གསང་སྔགས་སྣོད་ལྡན་མཁའ་འགྲོ་མཚོ་རྒྱལ་མ། །རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས། །ཟབ་གཏེར་མངའ་བདག་ཀརྨ་གླིང་པ་དང་། །ཐུགས་ཀྱི་སྲས་མཆོག་ཆོས་རྗེའི་མཚན་ཅན་དང་། །སྙིགས་དུས་འགྲོ་མགོན་སུརྱ་ཙནྡྲའི་ཞབས། །གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ་བ་འདེབས། །ཆོས་ཀྱི་བདག་པོ་རྒྱ་བཙུན་ནམ་མཁའི་མཚན། །རིམ་གཉིས་དོན་རྟོགས་བསོད་ནམས་འོད་ཟེར་དང་། །ཚོགས་གཉིས་མཐར་ཕྱིན་པུཎྱེ་ཤྲཱིའི་ཞབས། །དོན་གཉིས་ལྷུན་གྲུབ་བསོད་ནམས་ཆོས་སྐྱོང་བ། །དུས་གསུམ་འདྲེན་མཆོག་སྣ་ཚོགས་རང་སར་གྲོལ། ཁམས་གསུམ་འགྲོ་མགོན་ཀུན་དགའ་གྲགས་པའི་དཔལ། །སྐུ་གསུམ་རིགས་འདུས་མདོ་སྔགས་བསྟན་འཛིན་རྗེ། །སྣང་བཞི་གོང་བགྲོད་ཕྲིན་ལས་ལྷུན་གྲུབ་རྩལ། །སྐུ་བཞིའི་དབང་ཕྱུག་འགྱུར་མེད་རྡོ་རྗེའི་སྡེ། །དབང་བཞིའི་དོན་སྟོན་ལོ་ཆེན་དྷརྨ་ཤྲཱི། །རྒྱལ་བའི་སྲས་པོ་རིན་ཆེན་རྣམ་པར་རྒྱལ། །སྤྲུལ་པའི་སྐྱེས་མཆོག་པདྨ་བསྟན་འཛིན་དང་། །རིག་འཛིན་གདུང་འཚོབ་ཀརྨ་བི་ཛ་ཡ། །བདེ་སྟོང་ལྷན་སྐྱེས་ཕྲིན་ལས་ཆོས་ཀྱི་སྒྲོན། །བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ། །ཆོས་ཉིད་མངོན་གཟིགས་འགྱུར་མེད་ངེས་དོན་དབང་། །སྨིན་གྲོལ་ཀློང་མཛོད་བདུད་འཇོམས་འགྲོ་འདུལ་གླིང་། །རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་དང་། །སྣང་སྟོང་དབྱེར་མེད་ཡི་དམ་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །གང་ལ་གང་འདུལ་བཀའ་བརྒྱུད་བླ་མ་རྣམས། ཁྱེད་ཀྱི་བསྟན་པ་ཤིན་ཏུ་ཉམས་དམའ་ནས། །དུས་འདིར་སྐྱེས་པའི་རྣལ་འབྱོར་ཡིད་ཕམ་པས། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །སྨྲེ་སྔགས་གདུང་བའི་ང་རོས་ཁྱོད་འབོད་ན། །སྔོན་གྱི་དམ་བཅའ་གཉན་པོ་ད་དགོངས་ལ། །མཁའ་དབྱིངས་ཀློང་ནས་མཚན་དཔེའི་ཞལ་བསྟན་འཚལ། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །གྲགས་སྟོང་ཚངས་པའི་གསུང་གི་སྒྲ་སྒྲོགས་ནས། ཁྱེད་ཀྱི་ཐུགས་མཛོད་གཏེར་གྱི་སྒོ་ཕྱེས་ལ། །མཁྱེན་རབ་ཐུགས་རྗེའི་འོད་ཟེར་རབ་བཀྱེས་ནས། །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །དུས་མཐའི་འགྲོ་རྣམས་མ་ལུས་ད་སྒྲོལ་ཅིག །རྣམ་དག་དབང་བཞིའི་ཆུ་བོ་ད་སྐུར་ཅིག །ཉོན་མོངས་འཁྲུལ་པའི་རྒྱུ་བཞི་ད་ཁྲོལ་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །བདེ་གཤེགས་སྐུ་བཞིའི་འབྲས་བུ་ད་སྩོལ་ཅིག །མཐའ་ཡས་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག །འགྲོ་ཀུན་འཁོར་བའི་འདམ་ནས་དྲང་དུ་གསོལ། །ཞེས་པའང་རྒྱ་བཙུན་ཆེན་པོའི་གསུང་སོར་བཞག་ལ་གཏེར་ཆེན་འགྲོ་འདུལ་གླིང་པའི་གསན་ཡིག་ལྟར་གྱི་བརྒྱུད་རིམ་ཞལ་བསྐངས་ཏེ་ཞི་ཁྲོའི་གསོ་སྦྱོང་གི་ཆོ་གའི་ཆ་ལག་ཏུ་གཏེར་སློབ་བཛྲ་བུདྡྷས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

བླ་མ་དགོངས་པ་འདུས་པ་ལས༔ བཏགས་གྲོལ་གྱི་ཙཀྲ་བྲི་བའི་ཡིག་ཆུང་ (Volume 42, Text 27)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ བཏགས་གྲོལ་གྱི་ཙཀྲ་བྲི་བའི་ཡིག་ཆུང་བཞུགས་སོ༔ ྈྈྈྈྈ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བཏགས་གྲོལ་བྲི་བའི་རིམ་པ་ལག་ཏུ་བླང་བའི་ཡིག་ཆུང་ནི༔ འཁོར་ལོར་བྲི་བའི་རིམ་པ་དང༔ ཤོག་དྲིལ་དུ་བཀོད་པ་དང༔ གླེགས་བམ་དུ་བྱེད་པ་གསུམ་ལས༔ འོག་མ་གཉིས་ཀྱི་བྲི་ཚུལ་གཞུང་ལས་འབྱུང་ཞིང༔ སྲས་གཅིག་གི་རྒྱུད་ཚིག་ཤྭ་ལོ་ཀ་ཉིས་བརྒྱ་དང༔ ཕྱེད་དང་བརྒྱད་པོ་ནོར་འཁྲུལ་ལྷག་ཆད་མེད་པར༔ ཡི་གེ་དབུ་ཅན་ཟུར་སྒྲོས་མ་ཉམས་པར་བྲི་བར་བྱའོ༔ འདིར་འཁོར་ལོ་བྲི་བའི་རིམ་པ་ནི༔ དུས་ཚེས་གཟའ་སྐར་ཤིས་པའི་ཉི་མ་ལ་བབས་པའི་ཚེ༔ རྣལ་འབྱོར་པ་གཞན་དོན་གྱི་བསམ་པ་དང་ལྡན་ཞིང༔ ལྷའི་ས་མཱ་ཏི་ལ་གནས་པས༔ རབ་གོས་དར༔ འབྲིང་རས༔ ཐ་མ་ཤོག་གུ་མཉེན་འཇམ་རྣམས་གང་འཛོམ་མདོག་མཐིང་ནག་ཏུ་བྱས་ཏེ༔ ལོགས་རེར་མཐོ་དོ་གྲུ་བཞི་མཉམ་པ་ཉིད་དང་ལྡན་པའི་གཞི་མ་ལ༔ བྲི་བའི་ཁུ་བ་རབ་གསེར་སྦྱངས་པར་འོག་ནས་འབྱུང་བའི་དྲི་བཟང་པོ་དང༔ རྫས་ཀྱི་ཁུ་བ་བསྲེས་པ༔ འབྲིང་རིན་པོ་ཆེ་གང་འཛོམ་པའི་ཁུ་བའམ༔ ཐ་མ་ཡང༔ ག་པུར༔ ཙནྡན་དཀར་དམར༔ གུརྒུམ༔ ལི་ཤི༔ ཛཱ་ཏི༔ རུ་རྟ༔ ཨ་མྲྀཏ་རྣམས་རྒྱ་སྣག་དང་སྦྱར་ཏེ༔ ལེགས་པར་བཏུལ་པས་བྲིའོ༔ བྲི་ཚུལ་ནི༔ རབ་མུ་ཁྱུད་རིམ་པ་བཅུ་གཅིག་བསྐོར་བའི་དབུས་སུ༔ འོད་ཀྱི་ཐིག་ལེ་ལྔ་པ༔ སྣ་ཚོགས་རྡོ་རྗེས་མཚན་པ་ལ༔ ཡི་གེ་བཀོད་པ་ནི༔ ལྟེ་བའི་ཐིག་ལེ་མཐིང་གའི་དཀྱིལ་འཁོར་དུ༔ ཧཱུྃ་བྲིས་པའི་མཐར༔ ཧཱུྃ་བཛྲ་དྷྲྀཀ྄༔ ཨཀྵོ་བྷྱ་ཧཱུྃ༔ མཱུཾ་དྷཱ་དུ་ཤྭ་རཱི་སཏྭཾ༔ ཨཱོྃ་ཨཱཾཿཧཱུྃ༔་་་ལྔ་ཀ་ལ་འགྲེ། ཤར་གྱི་ཐིག་ལེ་དཀར་པོའི་དབུས་སུ༔ ཨཱོྃ་བྲིས་པའི་མཐར༔ ཨཱོྃ་ཛི་ན་ཛིཀ྄༔ བཻ་རོ་ཙ་ན་ཨཱོྃ༔ ལཱཾ་ཏེ་ཤྭ་ར་ཏི་སཏྭཾ༔ ལྷོར་ཐིག་ལེ་སེར་པོའི་དབུས་སུ་ཏྲཱཾ་གི་མཐར༔ སྭཱ་རཏྣ་དྷྲྀཀ྄༔ རཏྣ་སྭཾ་བྷ་ཝ་ཏྲཱཾ༔ མཱཾ་མོ་ཧ་ར་ཏི་སཏྭཾ༔ ནུབ་ཏུ་ཐིག་ལེ་དམར་པོའི་དབུས་སུ༔ ཧྲཱིཿཡི་མཐར༔ ཨཱཾ་ཨ་རོ་ལིཀ྄༔ ཨ་མི་དྷེ་ཝ་ཧྲཱི༔ པཱཾ་རཱ་གཱ་ར་ཏི་སཏྭཾ༔ བྱང་དུ་ཐིག་ལེ་ལྗང་གུའི་དབུས་སུ༔ ཨཱཿཡི་མཐར༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཨ་མོ་གྷ་སིདྡྷི་ཨཱ༔ ཏཱཾ་བཛྲ་ར་ཏི་སཏྭཾ༔ ཞེས་བྲི༔ ཐིག་ལེ་དེ་དག་རེ་རེ་ཞིང་འོད་ཁ་དོག་ལྔ་ལྔའི་ཁྱུད་མོས་བསྐོར་བར་བྱའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོྃ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན༔ དྷརྨ་དྷཱ་ཏུ་ཛྙཱ་ན༔ ཨཱ་དར་ཤ་ཛྙཱ་ན༔ པྲ་ཏྱ་བེཀྵ་ན་ཛྙཱ་ན༔ ས་མཱ་ཏཱ་ཛྙཱ་ན༔ ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་བར་ཁྱམས་ཡངས་པར་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་འདི་དག་རྣམས་བཀོད་དོ༔ བཅོམ་ལྡན་འདས་ཡབ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཨཻ་མ་ཀི་རི་ཀི་རཱི༔ མསྟ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀ་ར་སུ་ལི་བྷ་ས་ཏ་ཡེ༔ ཙ་ཀི་ར་བྷུ་ལི་ཀ་ཏ་ཡེ༔ ལྕེ་ཡཱེ་ས་མུན་ཏ༔ ཙརྱ་སུ་གྷ་བྷི་ཏེ་ཡེ༔ བྷི་ཏི་ལ་ས་ན་བྷྱ་གྷུ་ལི་ཡེ༔ ཀེ་པ་ཀ་རི་དྷུ་ཀ་ནི༔ མ་ཏ་རི་བྷོ་ཏ་ན༔ ཕ་ར་ལི་ཧི་ས་ན༔ མ་ཁ་ར་ཏེ་ཀེ་ལ་ན༔ སཾ་བྷུ་ར་ཏ༔ མེ་གྷ་ཙ་ར་ཏཾ་པ༔ སུརྱ་གྷ་ཏ་ར༔ ཨྱཻ་པ་ར་ཤ་ན་ས༔ ར་ན་བྷེ་ཏི༔ ས་གྷུ་ལི་ཏ་ད་ཡ་ཐཱ༔ གྷུ་ར་གྷུ་ར་སག་ཁ་ར་ན་ལཾ༔ ན་རཱ་ན་རཱ༔ ཨི་ཐཱ༔ ར་པ་ཊ་ལཾ༔ སིར་ནཱ་སིར་ནཱ༔ བྷེ་ས་བྷེ་ས་རས་པ་ལཾ༔ བྷུདྡྷ་བྷུདྡྷ་བྷུད་ཚི༔ ཥ་བ་ཀྱེ་ལཾ་ས་སཱ༔ རི་རཱི་ལ་ཁཱེ༔ ས་ཏྲ་ལ་སེརྣ༔ ཨི་ཨཱི༔ མ་མཱ༔ རི་རཱི༔ ལ་ཏ་ཨཱ༔ ཨཱོྃ་ཨཱཾཿཧཱུྃ༔ བཅོམ་ལྡན་འདས་མ་ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ ཨཱོྃ་ཨཱཾཿཧཱུྃ༔ ཨེ་མ་ཀི་རི་ཀི་རི༔ སྨས་ཏ་བྷ་ལི་བྷ་ལི༔ བྷ་ས་ལཾ༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀ་རི་ལི་བྷ་ཏ་ཡེ༔ རྩ་ཀི་ར་བྷུ་ལི་ཏ་ལྕེ་ཡེ༔ ས་མནྟ་ཙརྻ་སུ་གྷ་ཡེ༔ བྷི་ཏི་ས་ནུ་བྷ་གྷུ་ཡེ༔ ཀེ་རི་དྷཱ་ཀི་ནི༔ དྷ་ཀ་མ་ཧཱ་བྷོ་ར༔ དྷ་ཀ་མ་ཧཱ་རི་པེ༔ ཏ་ན་པ་ཏ༔ མ་ལི་དྷི༔ ས་ན་མ་ཁ་ར་ཏ་ཀྵེ་ལ་ནཾ༔ སཾ་བྷུད་ར་ཏ༔ ཨེ་ཀ་ཙ་ར་པ་ཏཾ༔ ཏ་པ་སཱུརྱ་གྷ་ཏ་ར་ཡཱ་ཨ༔ ན་མ་པ་ར་བྷི་ཏི༔ མ་ཤ་ན་པ་ར༔ དྷི་ཧི་ཏིང་གྷུ་ར་ལ༔ ས་སྨིན་ས་གྷུ་ཏི་ལ༔ ཏ་ཡཱ་གྷུ་ར་གྷུ་ར་བརླང་ག་ཁ་ལ་ར་ན་ལཾ་པ༔ ནཱ་ར་ནཱ་ར་ལཾ༔ ཨི་ཐཱ་པ་ཐཱ་ལཾ༔ ཨི་ཐཱ་རཱ་པ་ཏ་ལཾ༔ སིར་རྣ་སིར་རྣ༔ བྷེ་ས་རས་མ་པ་ལཾ༔ པ་ཀེ་ལཾ༔ པ་ཀེ་ལཾ༔ ས་མ་སཱ༔ ས་སཱ༔ རི་རཱི༔ ལི་ལཱི༔ ཨི་ཨཱི༔ མ་མཱ༔ ར་རཱ༔ ཞེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ན་མོ་བྷུདྡྷཱ་ཡ༔ དྷརྨཱ་ཡ༔ སང་གྷཱ་ཡ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཏིཥྛ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བ་བྷོ་དྷི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུདྡྷ་ཨ་བྷི་ཥིཉྩ་ཨཱོྃ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་བ་ཏི༔ པྲ་ས་ར༔ ས་མན་ཏ༔ སམ་པར་ན༔ པྲ་ཛྙཱ་ཨུ་པཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨར་ཧ་ཏེ་སམྱག་སཾ་བུད་དྷཱ་ཡ༔ ཏི་ལ་ཨེ་ཀ༔ གྷུ་ཧྱ་སཾ་གྷུ་ཧྱ༔ ཨ་མྲྀཏ་ས་ར༔ ཙཀྲ་ཝརྟི༔ མ་ཧཱ་སན་དྷི༔ མ་ཧཱ་མ་ཀྲ་བྷ་ཏྲེ༔ དྷྲི་ཐི་ས་མཱ་ཏི༔ སརྦ་གརྦྷེ༔ པ་རི་ཤུདྡྷ་དྷརྨ་ཏེ༔ ག་ག་ན༔ ས་མུད་ག་ཏེ༔ སྭ་བྷཱ་བ་བྷི་ཤུདྡྷེ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ༔ དྷརྨ་ཡ་དུ་ཏ༔ ཨ་མ་ལ་སུ་པ་རི་ཤུདྡྷེ༔ དྷརྨ་དྷཱ་ཏུ༔ ཛྙཱ་ན་གརྦྷ་ཨ་ཨཱ༔ ཨཱོྃ་ཨཱཾཿཧཱུྃ་སྭཱ་ཧཱ༔ སུ་ཁ༔ ལཀྵེ༔ གྷུ་ཧྱ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ སྡྱི་ཏོ་ཧྲྀ་དྷི་སྭཱ་ཧཱ༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་ཀྲོ་ཏ་ཨྱཻ་མ་ཀི་རི་ཀི་རི༔ ས་མས་ཏ༔ བྷ་ལི་བྷ་ལི་ས་མ་ཏེ༔ ཨ་ཀ་ར་སུ་ལིང་བྷས་ཏ༔ ཨྱཻ་ནི་ལ་ཀ་ཨ་བྷི་ཥིཉྩ་མཱཾ༔ ཨཱོྃ་བཛྲ་ཀྲོ་ཏ་མ་ཧཱ་མན་ཏྲ་ཛྙཱ་ན༔ ཨཱོྃ་བཛྲ་སྥ་ར་ན་ཧཱུྃ༔ སྥ་ར་ན་ཕཊ༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ༔ ཤཱན་དྷི་ཀ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་དྷརྨ་སིདྡྷི་ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ༔ སཾ་བྷ་ཝ༔ ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུཿཛྙཱ་ན༔ མ་ཧཱ་སན་དྷི༔ དྷརྨ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྷྲཱི་བ༔ སརྦ་ཏ་ཐཱ་ག་ཏཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རྡྱ་ཧཱུྃ་ཕཊ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཅེས་བྲི༔ དེའི་རྒྱབ་ཏུ༔ ཐིག་ལེ་ཉི་ཤུ་རྩ་ལྔ་ལ་ཡབ་ཡུམ་གཉིས་མེད་ཀྱི་དགོངས་པ༔ ཡོན་ཏན་ཀུན་རྫོགས་ཀྱི་ཡི་གེ་རྩ་ལྔ་རིམ་པར་འདི་ལྟར་བཀོད་དོ༔ དབང་པོའི་ཞེན་པ་ཟློག་པའི་ཕྱིར༔ ཀརྨ་རཀྴ་གྷི་ཧཾ་ཏི༔ ཕུང་པོའི་ཞེན་པ་ཟློག་པའི་ཕྱིར༔ བྷེ་ག་རཏྣ་སོ་གད་གླིང༔ ཡུལ་ཀུན་ཞེན་པ་ཟློག་པའི་ཕྱིར༔ པུ་ཀ་རི་ལ་བྷ་དྷུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རཾ་པ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་གཅད་པའི་ཕྱིར༔ མ་ཏཾ་ཕ་ཕེར་རསྨྲི་ཏི༔ འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར༔ ཁ་ཊ་རེ་ཀ་ས་རྨིག་རླུང༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨ་ཀེ་ར་ན་བྷེ་རྩཀ་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཏྲ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་སྒྲོལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ འཁོར་བ་དོང་ནས་འདོན་པའི་ཕྱིར༔ མ་མ་ཀོ་ལིང་ས་མནྟ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷ་རིང་ཡང་པ་རི་མཾ་ཏི༔ རོལ་པའི་བྱུང་ཁུངས་སྤུར་བའི་ཕྱིར༔ བུ་ག་སིང་ཧ་ཕ་གྷ་ལ༔ ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར༔ ར་མི་སི་པི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བི་ཁུ་མ་ལ་པ་ཏཾ་ཀེ༔ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ ས་མ་ཉི་ཝ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་ཏྲི་ཏོ་མཱེ༔ ས་ལམ་དུས་གཅིག་གཅད་པའི་ཕྱིར༔ གྷེ་པ་སུ་གྷར་རྣར་མ་ཡེ༔ ཡིད་དཔྱོད་ལྟ་བ་ཁུངས་གཅད་ཕྱིར༔ དྷརྨཱ་པ་ཏི་ས་གྷུ་ལི༔ སྐུ་གསུམ་ལམ་དུ་བསླང་བའི་ཕྱིར༔ རས་སྨི་ས་མ་ཁརྒད་ཚེ༔ སྣང་བ་དངོས་སུ་བསླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར༔ ང་ཏིག་པ་ཡང་ཀི་ལི་སཱ༔ བསམ་གཏན་ཆེན་པོའི་ས་གནོན་ཕྱིར༔ གྷ་ཙ་པ་ལ་པ་ཨི་ཏང༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨཱ་ཨེ་ཀ་མ་ནུ་སཱ༔ སངས་རྒྱས་མངོན་ཞེན་ཟློག་པའི་ཕྱིར༔ སང་ཀྲི་མཱ་མ་ཀརྨཱ་ཏ༔ རྒྱལ་སྲས་རྣམས་ཀྱི་མཐའ་བཙལ་ཕྱིར༔ ང་ལ་ཁེ་པ་ཀི་ལི་ས༔ ཞེས་པ་རྣམས་ཟུང་བསྡེབ་ཏུ་བཀོད་ཅིང༔ རེ་རེ་ལའང་འོད་རྣམ་པ་ལྔ་ལྔས་བསྐོར་བ་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཐིག་ལེ་དྲུག་གི་ནང་དུ༔ འ༔ ཨ༔ ཧ༔ ཤ༔ ས༔ མ༔ ཅེས་འབྲུ་རེ་རེ་བཀོད་པའི་བར་དྲུག་རིམ་པ་ལྟར༔ དཱ་ན་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ དྷེ་ཝ་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་ཡ་སྭཱ་ཧཱ༔ ཤཱི་ལ་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ ཨ་སུ་ར་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་ཡ་སྭཱ་ཧཱ༔ ཀྵཱན་ཏི་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ ན་ར་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་ཡ་སྭཱ་ཧཱ༔ བཱིརྱ་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ ཏིརྱ་ཀ་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་སྭཱ་ཧཱ༔ དྷྱ་ན་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ པྲེ་ཏ་ཀ་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་ཡ་སྭཱ་ཧཱ༔ པྲ་ཛྙཱ་པཱ་ར་མི་ཏཱ་སཱུ་ཏྲ་མ་མ་ཧཱུྃ་སྭཱ་ཧཱ༔ ན་ར་ཀ་སརྦ་པཱ་པཾ་དུཿཁ་སརྦ་ཨ་པཱ་ན་ཡ་སྭཱ་ཧཱ༔ ཞེས་པ་རྣམས་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཅ་ཆ་ཇ་ྖྶ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨཱོྃ་དྷརྨ་དྷཱ་ཏུ་གྷརྦྷེ་སྭཱ་ཧཱ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་པ་རྣམས་ཚར་གཉིས་གསུམ་གང་རན་མུ་ཁྱུད་གང་བར་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ༔ ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨཱོྃ༔ ཨཾ་ཨ་བཛྲ་བྷ་དྲ་ས་མ་ཡ་ཨཱོྃ༔ ཨཱོྃ་ཛི་ན་ཛིཀ྄༔ ལཱཾ་ཏེ་ཤྭ་ར་ཏི་སཏྭཾ༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་དུ་ཤྭ་རཱི་སཏྭཾ༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་ར་ཏི་སཏྭཾ༔ ཨཱཾཿཨ་རོ་ལིཀ྄༔ པཱཾ་རཱ་གཱ་ར་ཏི་སཏྭཾ༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་ར་ཏི་སཏྭཾ༔ ཀྵི་ཧི་རཱ་ཙ་ཡ་ཧཱུྃ༔ ཧཱུྃ་ལཱ་སྱ་ས་མ་ཡ་སཏྭཾ༔ ཏྲཱཾ་ཨཱ་གརྦྷ་ཡ་སཏྭཾ༔ ཏྲཱཾ་མཱ་ལེ་ས་མ་ཡ་སཏྭཾ༔ ཧྲཱིཿཔདྨ་བྷ་དྷ་མ༔ ཏྲཱཾ་གཱིརྟི་ར་ཧོ༔ ཛྲིཾ་ཀུ་རུ་པཱ་ཎི་ཧྲཱི༔ ཨཱཿནཱིརྟི་རཱ་གཱ་ཡཱ་མི༔ མཻ་དྷཱ་ར་ནི་སྭཱ་ཧཱ༔ ཛཿདྷཱུ་པེ་པྲ་བེ་ཤ༔ ཨཱོྃ་ས་མནྟ་བྷ་ཏྲ་ཡ༔ ཧཱུྃ་པུཥྤེ་ཨཱ་བེ་ཤ༔ ྟལྷིཾ་ནི་ས་རཾ་པ་ཡ་སྭཱ་ཧཱ༔ བཾ་དཱི་པ་སུ་ཀི་ནི༔ མུཾ་ཤྲཱི་རཱ་གཱ་ཡ་སྭཱ་ཧཱ༔ ཧོཿགྷནྡྷེ་ཙིཏྟ༔ ཨཱོྃ་མུ་ནེ་ཏྲཱཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་དྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཡེ་སྭཱ་ཧཱ༔ ཨཱོྃ་བཛྲ་པྲ་ཛྙཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཨཱོྃ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨཱོྃ་ཡ་མཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཨཱོྃ་མ་ཧཱ་རཏྣ་དྷཱ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨཱོྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཨཱོྃ་མ་ཧཱ་པདྨ་དྷཱ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨཱོྃ་བིག་ནཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཨཱོྃ་མ་ཧཱ་ཀརྨ་དྷཱ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱོྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་བྷུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོྃ་བུདྡྷ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོྃ་རཏྣ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོྃ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོྃ་ཀརྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་བཛྲོ་ཀཽའུ་རཱི་ཧ༔ ཨཱོྃ་བཛྲ་ཙཽའུ་རཱི་ཧ༔ ཨཱོྃ་བཛྲ་པྲ་མོ་ཧཱ་ཧ༔ ཨཱོྃ་བཛྲ་བཻ་ཏཱ་ལི་ཧ༔ ཨཱོྃ་བཛྲ་པུཀྐ་སི་ཧ༔ ཨཱོྃ་བཛྲ་གྷསྨ་རཱི་ཧ༔ ཨཱོྃ་བཛྲ་སྨ་ཤ་ནི་ཧ༔ ཨཱོྃ་བཛྲ་ཙནྡྷ་ལཱི་ཧ༔ ཨཱོྃ་བཛྲ་སིཾ་ཧ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་བྱཱ་ཏྲི་མུ་ཁཱ་ཧེ༔ ཨཱོྃ་བཛྲ་སྲི་ལ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཤྭ་ན་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཀྲྀ་ཏ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཀངྐ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཁ་ཁྭ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཧུ་ལུ་མུ་ཁཱ་ཧེ༔ ཨཱོྃ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ༔ ཨཱོྃ་བཛྲ་ཨ་མོ་ཀ་པཱ་ཤ་ཧཱུྃ༔ ཨཱོྃ་བཛྲ་ལོ་ཀ་བཾ༔ ཨཱོྃ་བཛྲ་ཨ་མྲྀཏ་བྷ་ཡ་ཏི་བྷྱོ༔ ཨཱོྃ་མ་ནུ་རཀྴ་སཱི་བྷྱོ༔ ཨཱོྃ་བྲཧྨ་ཎཱི་བྷྱོ༔ ཨཱོྃ་རོའུ་ཏྲཱི་མ་བྷྱོ༔ ཨཱོྃ་བིསྣ་བེ་བྷྱོ༔ ཨཱོྃ་ཀུ་མཱ་རཱི་བྷྱོ༔ ཨཱོྃ་ཨིན་ཏྲ་ཡེ་བྷྱོ༔ ཨཱོྃ་མ་ཧཱ་ཀཱ་ལ་མ་བྷྱོ༔ ཨཱོྃ་བཛྲ་གིང་ཀ་ར་བྷྱོ༔ ཨཱོྃ་བཛྲ་པིཾ་ཀ་ལཾ་བྷྱོ༔ ཨཱོྃ་དཱན་ཏ་ཧཾ་བྷྱོ༔ ཨཱོྃ་རཀྴ་སཱི་བྷྱོ༔ ཨཱོྃ་ཨ་མྲྀཏཾ་བྷྱོ༔ ཨཱོྃ་བྑཤ་སཱི་བྷྱོ༔ ཨཱོྃ་ཙ་ཀ་ལ་བྷྱོ༔ ཨཱོྃ་ར་ཏྲི་བཛྲ་བྷྱོ༔ ཨཱོྃ་རུ་ཏྲི་རེ་མརྟི་བྷྱོ༔ ཨཱོྃ་ཨེ་ཀ་ཙ་ར་མ་བྷྱོ༔ ཨཱོྃ་མ་ནུ་ཧ་ར་མ་བྷྱོ༔ ཨཱོྃ་སི་ཏི་ཀཾ་བྷྱོ༔ ཨཱོྃ་བྷ་ཡ་བྷེ་བྷྱོ༔ ཨཱོྃ་ཀུཾ་པ་ཀར་ཎ་བྷྱོ༔ ཨཱོྃ་མ་ཧཱ་མཱ་ར་ན་བྷྱོ༔ ཨཱོྃ་ཨག་ནི་ཡེ་བྷྱོ༔ ཨཱོྃ་བ་ར་ཧཱི་བྷྱོ༔ ཨཱོྃ་སུ་ཏ་ན་བྷྱོ༔ ཨཱོྃ་སུ་ར་ཏི་བྷྱོ༔ ཨཱོྃ་བ་རུ་ན་བྷྱོ༔ ཨཱོྃ་ལཾ་བྷོ་ཏ་ར་མ་བྷྱོ༔ ཞེས་རྫོགས་པར་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ནད་གདོན་སྡིག་སྒྲིབ༔ རྐྱེན་ཕྱི་ནང་གི་བར་ཆད་ལ་སོགས་པ༔ གནས་སྐབས་དང་མཐར་ཐུག་གི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད༔ རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་གྲགས་པ་དང་སྙན་པ་སྟོབས་དང་རྫུ་འཕྲུལ་ཟས་ནོར་ལོངས་སྤྱོད་ལ་སོགས་པ་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་ཟང་ཟིང་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་སྣང་ཞིང་སྲིད་པ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་དབང་དུ་འདུས་པར་གྱུར་ཅིག༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་བདུད་དང་འབྱུང་པོ་དམ་སྲི་ཕ་རོལ་གྱི་བསམ་སྦྱོར་ངན་པ་རྣམས་དང༔ ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་པ༔ མཐོ་རིས་དང་ཐར་པའི་གེགས་བྱེད་ཅིང་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་སྒྲོལ་ཞིང་ཚར་གཅོད་པར་གྱུར་ཅིག༔ མཱ་ར་ཡ་ཕཊ༔ ཅེས་སོགས་ཞི་རྒྱས་དབང་དྲག་གང་འདོད་ཀྱི་སྤེལ་ཚིག་དང༔ གཞན་ཡང༔ སརྦ་རཱ་གཱ་ཤཱནྟིཾ་ཀུ་རུ་ཡེ་ཕཊ༔ སརྦ་དེ་ཤ༔ སརྦ་མོ་ཧ༔ སརྦ་མ་ན༔ སརྦ་མཱ་ར་ཡ༔ སརྦ་པཱ་པཾ༔ སརྦ་དུཿཁ༔ སརྦ་ཤ་ཏྲུཾ༔ སརྦ་པི་ཏ་ཡན་ཏི༔ སརྦ་པྲ་ཡོ་ག༔ སརྦ་དུཥྛ༔ སརྦ་བྷཱུ་ཏ༔ སརྦ་ཨ་མཾ་ག་ལ༔ སརྦ་དུཥྚ༔ སརྦ་བྱི་ཏ༔ སརྦ་བིག་ནན༔ སརྦ་གྲ་ཧེ༔ སརྦ་དུར་སྭཔྣ༔ སརྦ་དུར་ནི་མི་ཏི༔ སརྦ་ཨ་ཀཱ་ལ་མྲྀྞྰུ༔ སརྦ་ཛྭ་རཾ༔ སརྦ་ཨུ་པ་དྲ་བེ༔ སརྦ་ཙིཏྟ་བྱཱེ་ཀུ་ལེ་ཚེ་ཏེ༔ སརྦ་ཨ་པཱ་ན་ཡེ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཐམས་ཅད་ཀྱི་ཤམ་དུ་ཤཱན་ཏིང་ཀུ་རུ་ཡེ་བཏགས་ལ་བྲི་བར་བྱའོ༔ དེའི་ཕྱི་རོལ་ལ༔ ཁ་དོག་དཀར་པོ༔ སྔོན་པོ༔ ལྗང་གུ༔ སེར་པོ༔ དམར་པོ༔ འཇའ་སྣ་ལྔའི་ཚོན་གྱིས་བྱུག་པར་བྱ་ཞིང༔ གཞན་ཡང་ཕྱི་རོལ་གྱི་གཞི་མ༔ སྟོང་པ་གང་ལྷག་པ་རྣམས་ལ༔ རིགས་ལྔའི་ཕྱག་མཚན༔ འོད་ཀོར་དང་བཅས་པ་ཅི་ཤོང་ཤོང་བཀོད་པ་ལ་སོགས་ཤིན་ཏུ་མཛེས་པར་བྱའོ༔ འཁོར་ལོ་དེ་དག་གི་རྒྱབ་ཏུ་ཡང༔ རིགས་ལྔ་ཡབ་ཡུམ་གྱི་ས་བོན་དང༔ རྟེན་འབྲེལ་སྙིང་པོ་རྣམས་བྲི༔ དེ་ལྟར་བྲིས་པའི་འཁོར་ལོ་དེ་དག་གི༔ རབ་གནས་དང་དབང་བསྐུར་བཏགས་ཚུལ་ལ་སོགས་པ་རྣམས་གཞན་དུ་གསལ་ཞིང༔ རྣལ་འབྱོར་པ་རང་གི་སེན་གང་ལས་མི་ཆུང་ཞིང་མི་ཆེ་བར་བལྟབས་ལ༔ རིན་པོ་ཆེ་སྣ་ཚོགས་དང་སྨན་སྣ་ཚོགས་པས་མཆོད་པ་དང་བཅས་ཏེ༔ བྱང་ཆུབ་སེམས་དཔའ་དང་གྲུབ་པ་ཐོབ་པའི་གདུང་རིང་བསྲེལ་དང་ལྷན་ཅིག་པར་དར་སྣ་མང་པོའི་ཁུད་དུ་དྲིལ་ནས་མན་ངག་ལྟར་ལུས་དང་གྲིབ་མ་ལྟར་བཅང་བར་བྱ་སྟེ༔ དེའི་ཕན་ཡོན་ལ་སོགས་པ་དུས་གནད་དང༔ མན་ངག་སྤྱི་དོན་བཅུ་པར་གསལ་ལོ༔ བཏགས་གྲོལ་ཙཀྲ་བྲི་བའི་ཡིག་ཆུང་ངོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །། ༈ བཏགས་གྲོལ་སོགས་ཀྱི་སྔགས་འདི་རྣམས་ལ་འདྲ་མིན་ཤིན་ཏུ་མང་པོ་འདུག་ཀྱང་འཆོས་ཤེས་པ་མ་ཡིན་པས་གཞུང་གང་ལ་ཡོད་པ་དེ་ཚད་མར་བཟུང་བ་ལས། དོན་ཕྲ་མོ་ཙམ་མ་རྟོགས་བཞིན་ཡིག་ཧྲུལ་གཞན་དང་མ་མཐུན་པས་མ་དག་གོ་ཞེས་སྐྱོན་བརྗོད་པར་མི་བྱའོ།།

རིགས་གསུམ་སྙིང་ཐིག་ལས། དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་ཆོ་ག་ཕྱོགས་གཅིག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ (Volume 59, Text 27)

༄༅། །རིགས་གསུམ་སྙིང་ཐིག་ལས། དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་ཆོ་ག་ཕྱོགས་གཅིག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་ཀུ་ལ་ནཱ་ཐ་ཡ། རྡོ་རྗེའི་གསང་བ་གསུམ་བདག་རྒྱལ་ཀུན་གྱི། །ཕྲིན་ལས་འཁོར་ལོ་མཁའ་ཁྱབ་སྒྱུར་བའི་དཔལ། །བླ་མ་རིགས་གསུམ་མགོན་པོའི་བྱིན་རླབས་ཀྱིས། །སྒོ་གསུམ་དཀྱིལ་འཁོར་གསུམ་དུ་སྨིན་པར་མཛོད། །བསྟན་པ་ཀུན་གྱི་ཡང་སྙིང་ཆོས། །སྡེ་གསུམ་རྫོགས་པ་ཆེན་པོ་ཡི། །ཡན་ལག་རིགས་གསུམ་སྙིང་ཐིག་གི །སྨིན་བྱེད་བཀླག་པས་ཆོག་པ་དགོད། །བཀའ་སྲོལ་འདིའི་སྨིན་བྱེད་ཀྱི་ཕྱག་ལེན་རྒྱས་བསྡུས་རྣམས་མདོར་དྲིལ་ཏེ་ལྷག་ཆད་མེད་པར་ཕྱོགས་གཅིག་ཏུ་འགོད་པ་ལ་དོན་བཅུ་གཅིག་ཏུ་འདུས་པ་ལས། ༈ དང་པོ་ལམ་གྱི་འཇུག་སྒོ་མངོན་མཐོ་ལྷ་མིའི་ཐེག་པའི་ཉམས་ལེན་ཐེག་ཆེན་སྐྱབས་འགྲོའི་སྡོམ་པ་འབོགས་པ་ནི། སློབ་དཔོན་གྱིས་རྗེས་དྲན་དྲུག་གི་རྣལ་འབྱོར་སྔོན་དུ་གཏང་། ཐེག་རིམ་དགུའི་དབང་དཀྱུས་གཅིག་ཏུ་བསྐུར་བ་རྣམས་ལ་ཁྲུས་དང་། བགེགས་བསྐྲད། སྲུང་འཁོར་མཎྜལ། གསོལ་གདབ་རྣམས་སྔོན་དུ་འགྲོ་བས་ཆོ་ག་ལ་འཇུག་པ་ལྟར་འདིར་ཡང་དེ་རྣམས་དང་། ཀུན་མཁྱེན་ཡེ་ཤེས་ལྟ་བུས་གསོལ་གདབ་སྔོན་དུ་གཏང་ནའང་ཆོག་མོད། འདིར་ནི་ཆོ་ག་ཅུང་ཟད་རྒྱས་པའི་དབང་གིས་ཐམས་ཅད་དཀྱུས་གཅིག་ཏུ་མི་འགྲུབ་པས་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ལ་དེ་དག་མེད་ཀྱང་ཆོག །ཐོག་མར་ཆོས་བཤད་མདོར་བསྡུས་པ་ནི། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར་བའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བསྟན་པ་ཀུན་གྱི་སྙིང་པོ་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་སྙིང་གི་ཐིག་ལེའི་དབང་བསྐུར་རྣམས་རིམ་པར་ནོད་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། ཞེས་སེམས་བསྐྱེད་གསལ་གདབ་ལ་སྤྱི་བཤད་རྒྱས་བསྡུས་གང་འགྲུབ་བྱ། དེ་ལ་འདིར་སྐབས་སུ་བབས་པའི་འཆད་བྱའི་གསང་བ་ཟབ་མོ་འདི་ནི་གངས་ཅན་ཙམ་ན་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་རིགས་བརྒྱའི་ཁྱབ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་གླིང་པ་རྣམ་གཉིས་ལ་བཀའ་བབས་པ་ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཡང་བཅུད་སྙིང་ཐིག་ཟབ་མོ་སྐོར་བདུན་གྱི་ནང་ཚན། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་ཐུགས་ཐིག་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་རྫོགས་ཆེན་སྡེ་གསུམ་ཞེས་སྔ་ན་མེད་པའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བའི་ཆ་ལག་ཏུ་གྱུར་པ། འཇམ་དཔལ་སྙིང་པོའི་རྒྱུད་ཀྱི་བསྟན་དོན་རིགས་གསུམ་སྙིང་ཐིག་གི་ཆོས་སྡེ་འདིའི་ལོ་རྒྱུས་ཀྱང་གཏེར་གཞུང་འདི་ཉིད་ལས། ན་མོ་གུ་རུ༔ སྟག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ སྦས་ཡུལ་ཆེན་པོ་ཟབ་བུ་གངས་ཀྱི་ར་བ་དཔལ་གྱི་ནགས་ཁྲོད་ཚོགས་ཁང་ཆེན་པོར་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཟབ་མོ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ དམ་ཆོས་སྐུ་གསུང་ཐུགས་ཡེ་ཤེས་ཡོངས་སུ་འདུས་པའི་ཐིག་ལེ་འདི་ཉིད་གསུངས་པའི་སྐབས་སུ༔ ཚེས་བཅུའི་ནུབ་མོར་ཨོ་རྒྱན་ཡབ་ཡུམ་གསང་ཕུག་གོང་མ་ན་བཞུགས་པའི་དུས་ལྷ་སྲས་བདག་གིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་ནས་ཞུས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གུ་རུ་པདྨ་འབྱུང་གནས་ཉིད་དུས་གསུམ་གྱི་སངས་རྒྱས་གཞན་ལས་ལྷག་པའི་ཐུགས་རྗེ་མཁྱེན་རབ་མཐུ་སྟོབས་ཐོགས་པ་མེད་པ་མངའ་བས༔ བདག་ཅག་དང་མ་འོངས་པའི་སེམས་ཅན་ལ་བརྩེ་བར་དགོངས་ཏེ༔ རྒྱལ་བ་ཀུན་གྱི་ཞེ་ཕུགས༔ དགོངས་པ་ཀུན་འདུས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར་བའི་ནང་ནས༔ ཁ་ཚང་དོན་འདྲིལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་འདུས་པའི་ཐིག་ལེ་རྒྱ་ཆེར་གསུངས་པའི་དོན་ཉུང་ངུར་བསྡུས་པ༔ འདིར་གཅིག་སེམས་གཅིག་ལ་ལས་པ༔ བདག་ཅག་མཆེད་ལྕམ་ལྔ་ལ་ལྐོག་ཆོས་སུ་བསྩལ་བར་མཛད་དུ་གསོལ༔ ཞེས་གསོལ་པས༔ གུ་རུ་དགྱེས་བཞིན་དུ༔ འོ་ན་ལྷ་སྲས་སྙིང་གི་བུ༔ དེ་ལ་འདུན་པའི་མཆེད་ལྕམ་བཞི༔ ཀུན་ཀྱང་ཤིན་ཏུ་དམ་ཚིག་དག༔ སྐུ་གསུམ་ཡེ་ཤེས་ཐིག་ལེ་ཉིད༔ བསྡུས་ཏེ་འདི་རུ་བསྟན་པར་བྱ༔ ཡལ་བར་མ་དོར་ཉམས་སུ་ལོངས༔ སྒྲུབ་པ་ཚེ་དང་མཉམ་པར་གྱིས༔ ཞེས་པས་ཐོག་དྲངས་ཏེ་ཟབ་ཅིང་འདྲིལ་བའི་ཆོས་སྡེ་ཉིད་དགྱེས་པས་བསྩལ། མ་འོངས་པའི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་མདོ་ཁམས་གླ་བ་རྐང་གཅིག་ཏུ་གྲགས་པ་ཡེ་རྒྱལ་ནམ་མཁའ་མཛོད་དུ་ཟབ་མོ་གཏེར་རྒྱས་བཏབ་པ་ཉིད། ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་ཏེ། ཀུན་མཁྱེན་བླ་མ་རིན་པོ་ཆེ་དང་ལྷན་རྒྱས་པས་གཏན་ལ་ཕབ་པའི་ཟབ་ཆོས་འདིའི་སྨིན་བྱེད་ཀྱི་རིམ་པའང་། རྒྱུད་ཀྱི་རྒྱལ་པོ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ༔ ཐེག་པ་གཅིག་གི་འབྲས་བུར་གནས༔ ཞེས་གསུངས་པའི་ཐེག་པ་གསུམ་ནི་སྤྱི་མདོ་དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་བསྟན་པ་སྟེ། དེ་རེ་རེ་ལའང་ནང་གསེས་ཀྱིས་ཕྱེ་ན་ཐེག་པ་རིམ་པ་དགུར་འགྱུར་བ་སྟེ། གཞུང་འདི་ཉིད་ལས། ལྷ་མི་ཉན་རང་བྱང་སེམས་གསུམ༔ མཚན་ཉིད་རྒྱུ་ཡི་ཐེག་པར་བཤད༔ བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད༔ དཀའ་ཐུབ་རིག་བྱེད་སྔགས་ཕྱི་པ༔ བླ་མེད་ཤིན་ཏུ་རྣལ་འབྱོར་གཉིས༔ ནང་པ་གསང་སྔགས་ཐུན་མོང་པ༔ ཁྱད་པར་ཡང་ཟབ་རྡོ་རྗེའི་སྙིང༔ ཐེག་པ་ཀུན་གྱི་རྩེ་མོ་ཡིན༔ ཞེས་སོགས་རྒྱས་པར་བསྟན་པའི་ཐེག་རིམ་དགུ་པོའང་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་ཐུགས་ཀྱི་ཐིག་ལེ་དང་རྗེས་སུ་འབྲེལ་བའི་སྡོམ་པ་དང་སྨིན་བྱེད་ཀྱི་ཆོ་ག་རྣམས་རིམ་པར་བསྒྲུབ་པའི་ཐོག་མར། སྡུག་བསྔལ་གསུམ་གྱི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་ལས་འདྲེན་པར་བྱེད་པའི་རིམ་པ་གསུམ་གྱི་དང་པོ། སངས་རྒྱས་གསང་བའི་ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་བཞག །ཅེས་གསུངས་པའི་སོར་བཞག་མངོན་མཐོ་ལྷ་མིའི་ཐེག་པ་ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་འཇུག་དགོས་པ་ཡིན་ཞིང་། དེའི་ཡང་ཐོག་མར། སྙིང་པོའི་རྒྱུད་ལས། ངེས་འབྱུང་སྣ་ཚོགས་བགྲོད་རྣམས་ཀྱི༔ སྐྱབས་དང་སྐྱོབ་པ་བླ་ན་མེད༔ གཙོ་བོ་དཀོན་མཆོག་གསུམ་འཛིན་ཅིང༔ ཞེས་པའི་བསྟན་དོན། ཁམས་གསུམ་ལས་ངེས་པར་འབྱུང་བའི་བློ་རྣམ་པར་དག་པ་སྔོན་དུ་འགྲོ་བས། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གཞི་རྟེན། ལམ་ཐམས་ཅད་ཀྱི་འཇུག་སྒོ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། དེའི་རྒྱུ་མཚན་ཡང་། རྙེད་དཀའ་ཞིང་འཇིག་སླ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཇུག་དགོས། དེ་དག་གི་ཐོག་མར་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས། དེ་ནི་ལམ་ཐམས་ཅད་ཀྱི་གཞི་རྟེན་ལ་མེད་དུ་མི་རུང་བ་ཡིན་ཏེ། ཅིའི་ཕྱིར་ན་སྡོམ་པ་ཐམས་ཅད་ཀྱི་རྒྱུ། མྱང་འདས་ཀྱི་བསམ་པ་བརྟན་བྱེད་ཉིད་ཡིན་པའི་ཕྱིར། སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ། སྡོམ་པས་མ་བསྡམས་ན་ཡང་དག་པའི་ལམ་མེད་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བས། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར། ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ་ལ། བླ་མ་དང་མདུན་གྱི་ནམ་མཁར་རྒྱལ་སྲས་རིགས་གསུམ་མགོན་པོ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པ་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་བའི་འདུན་པས་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་དཀོན་མཆོག་རྗེས་དྲན་འདོན་ལ་ཕྱག་འཚལ་དུ་གཞུག །མེ་ཏོག་དམ་པ་སོགས་ཤློཀ་གསུམ་བརྗོད། དེ་ལྟར་ཕྱག་དང་མཆོད་པས་བསྟི་སྟངས་བྱ་བ་སྔོན་དུ་སོང་ནས། དངོས་གཞི་ལ། བདག་གཞན་ནམ་མཁས་ཁྱབ་པའི་མ་གྱུར་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་དེང་ནས་གཟུང་སྟེ། བྱང་ཆུབ་སྙིང་པོའི་གོ་འཕང་མངོན་དུ་མ་བྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་རིགས་གསུམ་མགོན་པོ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ འཇིགས་པ་མ་ལུས་བསལ་བ་དང༔ ཐར་པའི་གནས་སུ་དྲང་དུ་གསོལ༔ ལན་གསུམ་རྗེས་ཟློས་བྱར་གཞུག །རྟེན་གསུམ་སློབ་མའི་སྤྱི་བོར་གཞག་ལ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒྷ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་རྟེན་སྙིང་བརྗོད། དེ་ལྟར་སྐྱབས་འགྲོའི་སྡོམ་པ་ཐོབ་ནས། དེའི་བསླབ་བྱ་ལ་སློབ་དགོས་ཏེ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་གཏན་གྱི་སྐྱབས་མི་ཚོལ་བ་དང་། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སྡིག་པའི་གྲོགས་པོ་དང་མི་འགྲོགས་པ་དང་། སངས་རྒྱས་ཀྱི་སྐུ་གཟུགས་ཆག་དུམ་ཡན་ཆད་དང་། གསུང་རྟེན་ཡིག་འབྲུ་གཅིག་ཡན་ཆད་དང་། དགེ་འདུན་ངུར་སྨྲིག་གི་ལྷན་པ་གདབ་པ་ཡན་ཆད་ལ་དད་གུས་ཀྱི་འདུ་ཤེས་བརྟེན་དགོས། གཞན་ཡང་ཐུན་མོང་གི་བསླབ་བྱ་དུས་ནམ་དུའང་དཀོན་མཆོག་གསུམ་མི་སྤང་བ་དང་། ནད་གདོན་སོགས་རྐྱེན་ངན་དང་འཇིགས་པ་ཅི་བྱུང་ཡང་། དཀོན་མཆོག་གསུམ་ལ་བློ་བཀལ་བ་ལས་ཐབས་གཞན་མི་ཚོལ་བ་དང་། དུས་ཀྱི་མཆོད་པ་མི་བཅག་པ། ཕན་ཡོན་རྗེས་སུ་དྲན་པས་རང་གཞན་སྐྱབས་འགྲོར་འགོད་པ་དང་། གང་དུ་འགྲོ་བའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བ་བཅས་ལྔ་པོ་རྣམས་ལའང་དུས་རྟག་ཏུ་བརྩོན་པར་གྱིས་ཤིག །དེ་ལྟ་བུའི་སྡོམ་པ་ཐོབ་པའི་ཕན་ཡོན་ཡང་། གཏེར་གཞུང་ལས། བྱང་ཆུབ་ཐར་པའི་ས་བོན་ཐེབས༔ འཇིགས་པ་ཀུན་ལས་ཐར་པ་དང༔ བསམ་པ་ཡིད་བཞིན་འགྲུབ་པར་འགྱུར༔ ལྷ་མིའི་ཐེག་པའི་སྙིང་པོ་འོ༔ ཞེས་དང་རྒྱལ་བའི་གསུང་རབ་རྣམས་ལས་རྒྱས་པར་འབྱུང་བ་ལྟར་ལགས་པས་ཐུགས་ལ་ངེས་པར་མཛད་འཚལ། དེ་ནས་སྔ་འགྱུར་བཀའ་མ་མདོའི་ཕྱག་བཞེས་སུ་ངང་སྒོམ་གྱི་ཁྲིད་སྦྲེལ་བ་ལྟར་འདིར་ཡང་གསང་བདག་སྙིང་ཐིག་གིས་བསྟན་དོན་བཞིན་ཁྲིད་སོ་སོར་གྲུབ་ན་ལེགས་པས། འདིར་ལྷ་མིའི་ཐེག་པའི་ཁྲིད་བྱ་བ་སོགས་འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ།། །། ༈ གཉིས་པ་ཉན་ཐོས་ཐེག་པའི་དབང་ནི། དེ་ནས་ལུང་གི་མདོ་ཆེན་པོ་སོགས་ཀྱི་དགོངས་དོན་ཐེག་པའི་རྩེ་རྒྱལ་ཉིད་ལའང་ལམ་རིམ་པར་འཇུག་པའི་དོན་གྱིས་ནང་གསེས་ཐེག་པའི་རིམ་པ་དགུར་དབྱེ་ཞིང་། ཐམས་ཅད་ཀྱང་སྔགས་ཀྱི་ཐབས་ལ་མཁས་པ་དང་རྗེས་སུ་འབྲེལ་པར་བསྟན་པའི་ཐེག་དམན་ལ་ཉན་རང་གཉིས་ལས་དང་པོ་རྒྱུད་ལས། དགེ་སློང་དགྲ་བཅོམ་ཟག་པ་ཟད༔ ཅེས་པའི་བསྟན་དོན་ཉན་ཐོས་ཐེག་པའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་ཀྱི་ཚོགས་ཞིང་ལས་འཕགས་པ་འཇམ་དཔལ་ཉན་ཐོས་ཀྱི་ཚུལ་འཛིན་པ་ཤཱ་རིའི་བུ་རིན་པོ་ཆེ་བསྣམས་པ་བྱོན་ཏེ་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་མགོར་བཞག་ལ། ཨོཾ༔ ཉན་ཐོས་ཚུལ་བཟུང་འཇམ་པའི་དབྱངས༔ ཉོན་མོངས་མ་ལུས་སེལ་བར་མཛད༔ ཚུལ་ཁྲིམས་རྣམ་པར་དག་ལྡན་པའི༔ བྱིན་རླབས་མཆོག་ནི་བསྩལ་དུ་གསོལ༔ ཅེས་དང་། གླེགས་བམ་གཙུག་ཏུ་བཞག་ལ་ཚུལ་ཁྲིམས་རྣམ་དག་གི་གཟུངས། ཨོཾ་ཨ་མོ་གྷ་ཤཱི་ལ་སོགས་བརྗོད། མཆོད་རྟེན་གཙུག་ཏུ་བཀོད་ལ་རྟེན་སྙིང་བརྗོད། དེ་ཉིད་ལ་ཁ་བསྒྱུར་ཏེ། མདུན་བསྐྱེད་ཀྱི་ཚོགས་ཞིང་ལས་སྤྱན་རས་གཟིགས་ཉན་ཐོས་ཀྱི་ཚུལ་འཛིན་པ་ཀུན་དགའ་བོ་བསིལ་གཡབ་ཐོགས་པ་བྱོན་ཏེ་སོགས་དང་། ཨོཾ༔ ཉན་ཐོས་ཚུལ་བཟུང་སྤྱན་རས་གཟིགས༔ ཞེས་བསྒྱུར་བ་སྐུ་དང་གསུང་ཐུགས་དབང་སྔར་ལྟར་བསྐུར། མདུན་བསྐྱེད་ཀྱི་ཚོགས་ཞིང་ལས་གསང་བའི་བདག་པོ་ཉན་ཐོས་ཀྱི་ཚུལ་འཛིན་པ་མཽངྒལ་བུ་པདྨ་བསྣམས་པ་བྱོན་ཏེ་སོགས་དང་། ཨོཾ༔ ཉན་ཐོས་ཚུལ་བཟུང་གསང་བའི་བདག༔ ཅེས་བསྒྱུར་ལ་སྐུ་གསུང་ཐུགས་དབང་བསྐུར། ཕྱག་འཚལ་སྐབས་ཀྱི། ཤཱ་རིའི་བུ་དང་སོགས་ཤིས་བརྗོད་ལ་བསྒྱུར་བ་དང་། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་བརྗོད་ལ་མེ་ཏོག་འཐོར། དེའང་འདིར་བཤད་པའི་ཉན་ཐོས་ནི་རང་དོན་ཞི་བདེ་དོན་གཉེར་ཅན་གྱི་ཉན་ཐོས་རང་རྒྱུད་པ་མ་ཡིན་ཏེ། ཡིན་ན་ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ་ལྟུང་བ་འབྱུང་བའི་ཕྱིར། འདི་དག་ནི་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཁྱད་པར་དུ་འཕགས་པའི་ཐེག་པ་ཡིན། དེའང་འདིའི་སྒྲ་དོན་ནི་ཤྲ་བ་ཀཿཞེས་པའི་སྒྲ་ཉན་པ་དང་ཐོས་པ་ལ་འཇུག་པས་ཉན་ཐོས་སམ། ཐོས་པ་གཞན་ལ་སྒྲོག་པས་ཐོས་སྒྲོག་ཅེས་ཀྱང་བྱའོ། །ལྟ་བ་ནི། གཟུང་འཛིན་རགས་པ་འདི་ཀུན་ཀུན་རྫོབ་ཏུ་སྣང་བ་ཙམ་ལས་རང་བཞིན་མེད་པས་གང་ཟག་གི་བདག་མེད་རྟོགས་ཀྱང་། གཟུང་ཡུལ་དངོས་པོར་རགས་སྣང་རྩོམ་པའི་གཞི་རྡུལ་ཕྲ་རབ་འདི་གཉེན་པོ་དང་བློས་གཞོམ་དུ་མེད་པ་དང་། འཛིན་སེམས་སྐད་ཅིག་མ་དུས་ཀྱི་ཆ་དང་བྲལ་བས་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར། ཆོས་ཀྱི་བདག་མེད་མ་རྟོགས་པར། ཨོ་རྒྱན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས་གསུངས་པ་དང་། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་ལས་ཉན་ཐོས་ཀྱི་སྡེ་སྣོད་མཉན་ཏེ་དོན་ལ་མཁས་ཤིང་སྒོམ་པའི་རིམ་པ་ལའང་གོམས་པར་གྱིས་ཤིག །ཅེས་བརྗོད།། །། ༈ གསུམ་པ་རང་རྒྱལ་ཐེག་པའི་དབང་ནི། དེ་ནས་རྒྱུད་ལས། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ༔ ཞེས་པའི་བསྟན་དོན་དམན་པའི་ཐེག་པ་གཉིས་པ་རང་རྒྱལ་ཐེག་པའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། མདུན་གྱི་ཚོགས་རྟེན་ལས་འཇམ་དཔལ་རང་རྒྱལ་གྱི་ཚུལ་བསྟན་པ་ཤེས་རབ་མཆོག་ཆེན་ཟླ་ཚེས་བསྣམས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་བྱོན་ནས་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་སྤྱི་བོར་བཞག་ལ། ཨོཾ༔ རང་རྒྱལ་ཚུལ་བསྟན་འཇམ་པའི་དབྱངས། རྟེན་འབྲེལ་བཅུ་གཉིས་དོན་རྟོགས་ཕྱིར༔ བྱིན་རླབས་དམ་པ་བགྱིས་པ་ཡིས༔ འཕགས་ལམ་ཞི་བ་ཐོབ་པར་ཤོག༔ རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། དེས་འགྲེས་ཏེ། མདུན་གྱི་ཚོགས་རྟེན་ལས་སྤྱན་རས་གཟིགས་རང་རྒྱལ་གྱི་ཚུལ་བསྟན་པ་གདུང་བ་སེལ་བ་བསིལ་གཡབ་ཐོགས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་སོགས་དང་། ཨོཾ༔ རང་རྒྱལ་ཚུལ་བསྟན་སྤྱན་རས་གཟིགས༔ ཞེས་ཁ་བསྒྱུར་བ་དང་། མདུན་གྱི་ཚོགས་རྟེན་ལས་ཕྱག་ན་རྡོ་རྗེ་རང་རྒྱལ་གྱི་ཚུལ་བསྟན་པ་རྫུ་འཕྲུལ་ཆེར་སྟོན་མེ་ཕུང་བསྣམས་པ་ཞེས་སོགས་དང་། ཨོཾ༔ རང་རྒྱལ་ཚུལ་བསྟན་གསང་བའི་བདག༔ ཅེས་བསྒྱུར་བ་ལ་སོ་སོའི་སྐུ་ཙཀ་མགོར་བཞག་པ་སོགས་བྱ། རྟེན་འབྲེལ་ལུགས་འབྱུང་ཚུལ་ལ་སོགས་ཀྱིས་ཤིས་པ་བརྗོད། དེའང་པྲཏྱེཀབུདྡྷའི་སྒྲ་ལས་རང་གི་བྱང་ཆུབ་རང་གིས་རྟོགས་པར་བྱེད་པའི་ཕྱིར། སོ་སོའམ་གཅིག་པུར་བྱང་ཆུབ་སྒྲུབ་པས་ན་རང་རྒྱལ་ལོ། །འཇུག་སྒོ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། ཧེ་རུ་ཀ་གལ་པོ་ལས། རང་རྒྱལ་ཆོས་ལ་བློ་སྦྱོང་ཕྱིར། །ཕྱི་དང་ནང་གི་རྟེན་འབྲེལ་ཆོས། །ཞེས་གསུངས་པ་ལྟར་ལུགས་འབྱུང་འཁོར་བའི་རྟེན་འབྲེལ་དང་། ལུགས་ལྡོག་མྱང་འདས་ཀྱི་རྟེན་འབྲེལ་ལ་མཁས་པས་ཚུལ་ཁྲིམས་ལ་གནས་པར་གྱིས་ཤིག །ཅེས་གདམས་སོ།། །། ༈ བཞི་པ་བྱང་སེམས་ཐེག་པའི་དབང་ནི། དེ་ནས་རྒྱུད་ལས། ཕ་རོལ་ཕྱིན་པ་བཅུ་ལ་གནས༔ ཞེས་པའི་བསྟན་དོན་རྒྱལ་བའི་བསྟན་པ་མཐའ་དག་གི་སྙིང་པོ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་ཐོག་མར། མདུན་གྱི་ཚོགས་ཞིང་འཕགས་པ་རིགས་གསུམ་མགོན་པོ་རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་ཚུལ་བཞིན་བགྱི་བའི་འདུན་པས་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ཚང་བར་བརྗོད། དེ་ལྟར་བསགས་སྦྱང་སྔོན་དུ་སོང་ནས་སྡོམ་པ་གཟུང་བ་དངོས་ལ། འདི་ལྟར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན། འདི་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་ཞིང་ཐར་དུས་མེད་པ་སྙིང་རེ་རྗེ། དེ་ཐམས་ཅད་བདག་གིས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་སླད་དུ། སྔོན་གྱི་རྒྱལ་སྲས་ཐུ་བོ་རིགས་གསུམ་མགོན་པོས་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཇི་ལྟར་བསླབ་པ་བཞིན་དུ། བདག་གིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་བྱ་རྣམས་ལ་རིམ་པར་བསླབ་པར་བགྱིའོ་སྙམ་པ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས་མཛོད། རྒྱལ་སྲས་རིགས་གསུམ་མགོན་པོ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཚད་མེད་བཞི་ཡིས་ཀུན་བསླངས་ཏེ༔ ཕ་རོལ་ཕྱིན་པ་དྲུག་དང་ནི༔ བསྡུ་བའི་དངོས་པོ་བཞི་ལ་སོགས༔ བསླབ་བྱ་ཀུན་ལ་བསླབ་པར་བགྱི༔ ལན་གསུམ་རྗེས་ཟློས་བྱར་གཞུག །སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་མི་ཉམས་ཤིང་བརྟན་པར་བྱ་བའི་སླད་དུ། མདུན་གྱི་འཇམ་དཔལ་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ་གསེར་མདོག་མཆོག་སྦྱིན་དང་ཨུཏྤལ་བསྣམས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་སྤྱི་བོར་བཞག་ལ། ཨོཾ༔ མཐའ་ཡས་རྒྱལ་སྲས་རྣམས་ཀྱི་གཙོ༔ འགྲོ་བ་ཡོངས་ཀྱི་མགོན་དང་སྐྱབས༔ འཇམ་དཔལ་དཔལ་དང་ལྡན་པ་ཡིས༔ བྱང་ཆུབ་སེམས་ནི་བརྟན་པར་མཛོད༔ བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའི་སྔགས་འདིའི་རྗེས་ཟློས་མཛོད། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་མཉྫུ་ཤྲཱི་ཡེ༔ ཀུ་མཱ་ར་བྷུ་ཏཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀ་ཡ༔ ཏདྱ་ཐཱ༔ ཨོཾ་མ་ཧཱ་ཀ་རུ་ཎི་ཀ་ཝརྡྷ་ནི༔ བོ་དྷི་སཏྭཱ་ཝརྡྷ་ནི༔ མ་ཧཱ་སཏྭཱ་ཝརྡྷ་ནི༔ བོ་དྷི་བོ་དྷི་མ་ཧཱ་བོ་དྷི་སྭཱ་ཧཱ༔ ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག་དེས་འགྲེས་ཏེ། མདུན་གྱི་སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ་དུང་མདོག་མཆོག་སྦྱིན་དང་སོགས་དང་། འཇམ་དཔལ་སོགས་ཚིག་རྐང་གསུམ་པར། འཕགས་མཆོག་སྙིང་རྗེའི་དབང་ཕྱུག་གིས༔ ཞེས་བསྒྱུར་སྔགས་ཀྱི་རྗེས་ཟློས་བྱ། མདུན་གྱི་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ་མཐིང་མདོག་སྐྱབས་སྦྱིན་དང་སོགས་དང་། ཚིག་རྐང་གསུམ་པར། གསང་བདག་རྡོ་རྗེ་འཛིན་པ་ཡིས༔ ཞེས་བསྒྱུར་སྔགས་ཀྱི་རྗེས་ཟློས་བཅས་བྱ། རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེའང་བོདྷིསཏྭའི་སྒྲ་ལས། སེམས་སྟོབས་ཆེན་པོས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་མི་འགྱུར་བས་སེམས་དཔའ་ཞེས་བྱའོ། །འདི་ཡན་ཆད་ཐེག་རིམ་རྣམས་ཀྱིས་བདག་མེད་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་གཞིར་བྱས་ནས། བྱང་ཆུབ་སེམས་དཔའ་འཁོར་འདས་སུ་སྣང་བ་འདི་རྣམས་སྣང་ཡང་ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པར་འཇུག་ལ། དོན་དམ་པར་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ། བདེན་གཉིས་ཟུང་འཇུག་གི་སྒོ་ནས་ཚོགས་གཉིས་དང་ཕ་རོལ་ཕྱིན་པ་དྲུག་གིས་བསྡུས་པའི་ལེགས་སྤྱོད་ཐམས་ཅད་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། བསྡུ་བ་རྣམ་པ་བཞིའི་ཚུལ་གྱིས་བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། སྨོན་འཇུག་བྱང་སེམས་ཀྱི་བསླབ་བྱ་མཐའ་དག་ལ་བླང་དོར་ཚུལ་བཞིན་བྱེད་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་ལེགས་པར་སློབ་དགོས་ཤིང་། སྡོམ་པའི་ཚུལ་ཁྲིམས་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལས་དབྱེ་བསྡུ་མང་དུ་འབྱུང་ཡང་རྩ་བ་ནི། སློབ་དཔོན་ཙནྡྲ་གོ་མཱིས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མ་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པ་འོ། །ཞེས་དང་། དབུ་མ་ལྟར་ན། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད། ཐུན་མོང་སྨོན་སེམས་བཏང་བ་བཅས་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་བསླབ་བཏུས་སུ་བཤད། དེའི་སྟེང་དུ་འཇུག་སེམས་སྤངས་ཏེ་དགེ་བ་ལ་མི་སྦྱོར་བ་དཀོན་བརྩེགས་ལས་གསུངས་སོ། །དེ་དག་ཀྱང་། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཏུ། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་བཞིན། དྲན་པ་དང་ཤེས་བཞིན་མ་ཉམས་པས། ནག་པོའི་ཆོས་བཞི་སྤང་ཞིང་། དཀར་པོའི་ཆོས་བཞི་དང་དུ་བླང་བ་ལ་སོགས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ཆུད་མ་ཟོས་པར་བསྲུང་བ་ལ་འབད་པར་མཛོད་ཅིག །ཅེས་གདམས་སོ།། །། ༈ ལྔ་པ་ཀྲི་ཡཱ་རིགས་གསུམ་སྤྱི་བསྡུས་ཀྱི་དབང་ནི། སྔ་མ་དང་མཚམས་བྱེད་ན་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་ལ། འདིར་རིགས་གསུམ་སྙིང་ཐིག་ལས། ཕྱིའི་དཀའ་ཐུབ་ལ་གཙོ་བོར་བརྟེན་ཅིང་ནང་གི་དེ་ཁོ་ན་ཉིད་རིག་པར་བྱེད་པའི་ཐེག་པ་ལའང་རྣམ་གྲངས་གསུམ་ཡོད་པ་ལས། དང་པོ་ནི་རྒྱུད་ལས། རིགས་གསུམ་འཆང་བ་གསང་སྔགས་འཆང༔ ཞེས་པའི་བསྟན་དོན་ལྔ་པ་བྱ་སྤྱོད་ཐུན་མོང་དུ་གྱུར་པ་རིགས་གསུམ་སྤྱི་བསྡུས་ཀྱི་དབང་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྐུ་གསུང་ཐུགས་ཀྱི་རིགས་འཆང་བ༔ རྒྱལ་བའི་སྲས་པོ་ཐུགས་རྗེ་ཅན༔ རིག་སྔགས་མ་ལུས་བདག་གིས་གཟུང༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། ཅེས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་དབང་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། རྣམ་བུམ་ཐོགས་ལ། དཀྱིལ་འཁོར་གྱི་ལྷ་རིགས་གསུམ་མགོན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་མཛད་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ནད་གདོན་ཐམས་ཅད་བྱང་ཞིང་དག །རིགས་གསུམ་སེམས་དཔའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར་ཞིང་ཁྲུས་བྱ། བུམ་ཆུ་སྦྱིན། དེ་ནས་སྔགས་ཀྱི་རིག་པ་གཏད་པའི་ཕྱིར་སློབ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་ལྷ་ལ་ཕུལ་བའི་མོས་པས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ་བྱའོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་རྣ་བ་ནས་ཞུགས་ཏེ་སྙིང་གར་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྙིང་པོ་རྣམས་རྗེས་ཟློས་ལན་གསུམ་བྱར་གཞུག །མེ་ཏོག་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པས་རིག་སྔགས་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་དག་གི་རྒྱུད་ལ་རིགས་གསུམ་མགོན་པོའི་གསུང་རིག་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། མེ་ཏོག་སྤྱི་བོར་བཀོད། རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བཅིངས་ཤིང་དར་དཔྱང་གི་ལྷབ་ལྷུབ་དང་སྟོད་གཡོགས་སྨད་གཡོགས་བགོས་པས་རྒྱལ་སྲས་རིགས་གསུམ་མགོན་པོའི་མངོན་པར་རྟོགས་པའི་ཡོན་ཏན་རྒྱུད་ལ་རྫོགས་པའི་སྐལ་པ་དང་ལྡན་པར་མོས་ཤིག །དབུ་རྒྱན་བཅིངས་ལ། ཨོཾ་རཏྣ་མུ་ཀུ་ཊ་ཨ་ལཾ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དར་དཔྱང་སོགས་བགོ་ཚུལ་བྱས་ལ། ཨོཾ་བི་ཤྭ་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་དུ་བཀྲ་ཤིས་པའི་རྫས་རྟགས་རྣམས་དང་རྒྱལ་སྲིད་རིན་པོ་ཆེ་རྣམ་བདུན་མདུན་དུ་བདར་ནས་མངའ་གསོལ་བར་མོས་ཤིག །རྫས་བརྒྱད་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི། །འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས། །རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག །ཨོཾ་མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་མི། རྟགས་བརྒྱད་ཐོགས་ལ། བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན། །རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས། །བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས། །འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག །ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི། རྒྱལ་སྲིད་སྣ་བདུན་ཐོགས་ལ། འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི། །བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས། །དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང་། །སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ། །ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི། ཤིས་བརྗོད་ནི། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་སྤྱན་རས་གཟིགས་ཀྱི་གསུང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །བཅོམ་ལྡན་མཐིང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག །ཅེས་པའམ་བསྡུ་ན། ཨོཾ༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིགས་གསུམ་སེམས་དཔའི་སྣང་བས་ཁྱབ༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ ཅེས་ལས་བྱང་ནས་འབྱུང་བའི་ཤློཀ་གཅིག་བརྗོད། དེའང་ཀྲིཡཱའི་སྒྲ་ནི་བྱ་བ་སྟེ། ཕྱིའི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་ན། བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ། །ཞེས་གསུངས། དེའང་དོན་དམ་པ་སེམས་དག་པའི་མཐའ་བཞི་དང་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷར་ཤར་བ་རྗེ་དང་འབངས་ཀྱི་ཚུལ་དུ་བལྟས་ཏེ་དེ་ཁོ་ན་ཉིད་བཞིའི་ཉམས་ལེན་ལ་བརྩོན་པ་དང་། དེ་དག་གི་སྐབས་སུ་བསྲུང་བྱའི་དམ་ཚིག་ནི། ཡང་འབྱེད་འཕྲུལ་གྱི་ལྡེའུ་མིག་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་ཡན་ལག་དམ་ཚིག་ཡིན། །རྩ་བའི་དམ་ཚིག་ལྔ་པོ་ནི། ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་ཟ་ཞིང་ཆང་མི་བཏུང་། །སྒོག་པ་ལ་ཕུག་བཟའ་མི་བྱ། །ཞེས་གསུངས་པས་མཚོན་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་ཀྱིས་གྲུབ། སློབ་དཔོན་གྱིས་རྗེས་རིམ་དབང་སྒྲུབ་ཏུ་སྨྲོས་པ་ལྟར་བྱའོ།། །། ༼ཨུ་པའམ་སྤྱོད་རྒྱུད་ལྟ་སྤྱོད་གོང་འོག་གི་ཐེག་པར་བསྡུས་ནས་གཏེར་གཞུང་ནང་ལོགས་སུ་མ་གསུངས་སོ། །མཆན།༽ ༈ དྲུག་པ་ཡོ་ག་རིགས་གསུམ་ལྷ་ཉེར་གཅིག་པའི་དཀྱིལ་འཁོར་གསུམ་ཡོད་པའི། དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་དབང་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བདེན་སྟོབས་བརྗོད། སུམྦྷ་ནིའི་དྲག་སྔགས་རོལ་མོ་སོགས་ཀྱིས་བགེགས་བསྐྲད་དང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཤིགས་པར་གྱུར། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་སྐབས་སུ་བབས་པ། རྒྱུད་ཀྱི་སྙིང་པོ་ལས། ཕྱག་རྒྱ་བཞི་པོའི་དོན་སྟོན་པ༔ ཞེས་པའི་བསྟན་དོན་ཡོ་ག་སྟེ་རྣལ་འབྱོར་རྒྱུད་དང་འབྲེལ་བའི་དཀྱིལ་འཁོར་རྣམ་པ་གསུམ་བཞུགས་པའི་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྷ་ཉེར་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱབ་བདག་བདག་ལ་སྨན་པ་དང༔ བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར༔ སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི༔ བྱང་ཆུབ་ཅི་ནས་བདག་ཐོབ་མཛོད༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་བྱ་ཞིང་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་དཀོན་མཆོག་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། རྒྱལ་སྲས་འཇམ་དཔལ་སོགས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་ཡཿལས་ཁྲོ་བོ་ཡཀྴ་མེ་དབལ་མེ་དཔུང་མཚོན་ཆའི་ཚྭ་ཚྭ་དང་བཅས་པ་འཕྲོས་ཏེ་སློབ་མ་རྣམས་ལ་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་བག་ཆགས་གདོན་བགེགས་རྣམ་སྨིན་གྱི་ཕུང་པོ་དང་བཅས་པ་བསྲེགས་ཤིང་སྦྱང་བར་གྱུར། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ལ་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བདུག །ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ལོངས་སྐུའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་མོས་ཤིག །སོ་ཤིང་གཏད་ལ། དྲི་བཟང་པོའི་སོ་ཤིང་ཅོད་པན་བཅིངས་པ་ཐལ་མོའི་བར་དུ་ཐོགས་ལ་དངོས་གྲུབ་ཇི་ལྟར་ཐོབ་པའི་ལྟས་བསྟན་དུ་གསོལ་སྙམ་པས་སྔགས་འདིའི་རྗེས་ཟློས་བཅས་འདོར་བ་ཞུ། ཨོཾ་བཛྲ་ཧ་ས་ཧ། ཞེས་སོ་ཤིང་གི་ར་བར་འདོར་དུ་གཞུག་ལ་སྤྲོ་ན་སྤྱི་དང་མཐུན་པར་ལུང་བསྟན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། རྒྱས་པར་ན། མགོན་པོ་སངས་རྒྱས་སོགས་རིགས་ལྔའི་སྡོམ་གཟུང་བྱ། བསྡུ་ན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་མཛོད། ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཀུན་མི་དམིགས་སྟོང་པའི་ངང་། ཁྱེད་རྣམས་གང་དུ་གནས་པའི་སར། །གསེར་གྱི་པདྨ་འདབ་བརྒྱད་ལ༔ སོགས་མངོན་རྟོགས་ལྟར་ལ། འོད་དང་འོད་ཟེར་རབ་ཏུ་འབར༔ ཐུགས་ནས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་གཉིས་མེད་ཐིམ་པར་གྱུར། །ཅེས་བསྒོམ། རོལ་མོ་སྤོས་དུད་བཅས། སྔགས་རིང་ཐུང་ལ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་ལ་དབབ། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་རབ་ཏུ་གནས་པར་གྱུར། ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སློབ་མའི་གཙུག་ཏུ་བཀོད། འདི་ཉིད་ཁོལ་འདོན་ལྟ་བུའི་སྐབས་སུ་འདིར་བུམ་དབང་འོག་གི་པདྨ་གར་དབང་ལས་འབྱུང་བ་ལྟར་འདིར་སྦྱར། དཀྱུས་གཅིག་ཏུ་བསྐུར་བའི་ཚེ་དེ་ཉིད་ཀྲིཡཱའི་སྐབས་སུ་སོང་བས་མི་དགོས། དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་འདྲའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག་ལ། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་དབང་ཕྱུག་སྐུ་དང་ལྡན༔ འཇམ་དཔལ་སྐུ་ཡི་དབང་བསྐུར་བས༔ དག་པ་ལྷ་ཡི་སྐུ་ཐོབ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཛཿཧཱུྃ་བཾ་ཧོ༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཆོས་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་གི་ཆེད་དུ་སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པས་གསུང་བཟླས་པ་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། སྔགས་རིང་ཐུང་ལན་གསུམ་རེ་བཟླར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་བྱང་མགྲིན་པར་བཞག་ནས་དབང་བསྐུར་བར་མོས་ཤིག །ལྷ་དབང་ཤྭ་ལོ་ཀ་གསུང་དུ་བསྒྱུར་བའམ་བསྡུ་ན་སྔགས་བརྗོད་ཅིང་། ཀཱ་ཡའི་མལ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྦྱར་ལ་སྔགས་ཕྲེང་སྔགས་བྱང་གང་ཡོད་མགྲིན་པར་བཞག །དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། ལྷ་སྔགས་ཀྱིས་མཚོན་པའི་སྤྲོས་པ་ཐམས་ཅད་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་བྱས་ནས། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་འདས་པའི་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་འཇོག་མཛོད། ཅེས་བརྗོད་ཅིང་དཔོན་སློབ་གཉིས་ཀ་ཅུང་ཟད་མཉམ་པར་བཞག །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་འབར་བ་བྱུང་སྟེ་སྙིང་གར་ཐིམ་པས་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྒྱུར་ལ་ཕྱག་མཚན་སྙིང་གར་བཞག །དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཤིས་བརྗོད་རྒྱས་པར། རྣམ་པར་སྣང་མཛད་སོགས་སམ། བསྡུ་ན། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་སོགས་དང་། གཞོན་ནུའི་སྐུ་ལུས་འཆང་བ་སོགས་ཀྱིས་ཤིས་པ་བརྗོད། དེ་ལ་ཡོ་གའི་སྒྲ་ལས་ནང་གི་རྣལ་འབྱོར་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་དོ། །དོན་དམ་བདེན་པ་སྤྲོས་པ་ཀུན་དང་བྲལ་བའི་རང་བཞིན་འོད་གསལ་སྟོང་པ་ཉིད་དང་། ཀུན་རྫོབ་ཅིར་སྣང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་ནས། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ཕྱག་རྒྱ་བཞི་ལྡན་གྱི་རྣལ་འབྱོར་ལ་གཙོ་བོར་གནས་པས་ཕྱིའི་གཙང་སྦྲ་གྲོགས་ཙམ་དུ་བརྟེན་པ་ཡིན་ཅིང་། དམ་ཚིག་ནི་བྱ་རྒྱུད་དམ་ཚིག་བཅུའི་སྟེང་དུ། ཉམས་པ་དང་ལྷན་གཅིག་ཏུ་ལུང་པ་གཅིག་གི་ཆུ་མི་བཏུང་། ཉམས་པ་དང་ཁ་མི་བསྲེ་བ་དང་། བཅུ་གསུམ་ཡང་འབྱེད་འཕྲུལ་ལྡེ་ལས་གསུངས་པ་སྟེ། དེ་ལྟར་ཚུལ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རྣམས་སྤྱི་དང་མཐུན། ཆོ་གའི་རྗེས་རིམ་རྣམས་ཚང་བར་བྱའོ།། ༧ །།གཉིས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་ནི། ཁྲུས། བགེགས་བསྐྲད། སྲུང་འཁོར་རྣམས་བྱ། སྔ་ཕྱི་སྦྲེལ་ནས་བསྐུར་སྐབས་མི་དགོས། སེམས་བསྐྱེད་གསལ་གདབ། རིགས་གསུམ་སྙིང་ཐིག་གི་ཡོ་ག་དང་འབྲེལ་བའི་དཀྱིལ་འཁོར་གསུམ་གྱི་གཉིས་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་ལྷ་ཉེར་གཅིག་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་པདྨ་གར་གྱི་དབང༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ མགོན་པོ་སྤྱན་རས་གཟིགས་དབང་གི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་སོགས་གོང་གི་འཇམ་དབྱངས་སྐབས་ལྟར་མཚམས་སྦྱོར་ལ་ལས་བྱང་ལྟར་སྐྱབས་སེམས་རྗེས་ཟློས་ལན་གསུམ། ཡེ་ཤེས་དབབ་པའི་མཚམས་སྦྱོར་དེ་ལྟར་ལ། ལས་ཆུས་བསང་། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་བ་སོགས། སློབ་མ་མི་དམིགས་སྟོང་པའི་ངང་། །པདྨ་ཉི་ཟླའི་གདན་སྟེང་དུ༔ སོགས་མངོན་རྟོགས་ལྟར་ལ། འོད་ཕུང་དམར་པོ་ཀུན་ཏུ་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱས། དབང་བསྐུར་དངོས་གཞིའི་སླད་དུ་འདུན་པ་འདི་བཞིན་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་མོས་པ་མཛོད། རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་འདྲའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་འདུས་པ་ནི༔ དཔལ་ལྡན་པདྨ་གར་གྱི་བདག༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡིག་དྲུག་དང་སྤྲོ་ན་འཁོར་བ་དོང་སྤྲུག་གི་གཟུངས་ཀྱི་རྗེས་ཟློས་ཀྱང་བྱ། སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་པས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། སྔགས་བྱང་སྔགས་ཕྲེང་གང་ཡོད་བཞག་ལ། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་གོང་ལྟར་ལ། གསུང་གི་དབང་མཆོག་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བསྒྱུར། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲེང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས། འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་གྱི་རྣམ་པ་དུ་མ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་གོང་ལྟར་ལ། ཐུགས་ཀྱི་དབང་མཆོག་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྒྱུར། ཤིས་བརྗོད་གོང་གིས་འགྲེ། དབང་གི་རྗེས་དམ་ཚིག་ཁས་བླང་བ་སོགས་དང་། ཆོ་གའི་རྗེས་རིམ་སྤྱི་ལྟར་བྱའོ།། ༧ །།གསུམ་པ་ཕྱག་རྡོར་ངན་སོང་ཀུན་འདྲེན་གྱི་དབང་ལ། ཁྲུས་བགེགས་བསྐྲད་སྲུང་འཁོར་རྣམས་སྐབས་དང་བསྟུན། སེམས་བསྐྱེད་གསལ་གདབ། འདིར་རིགས་གསུམ་སྙིང་གི་ཐིག་ལེའི་སྨིན་བྱེད་ཀྱི་བྱེ་བྲག་རྣལ་འབྱོར་རྒྱུད་དང་འབྲེལ་བའི་རིགས་གསུམ་གྱི་དཀྱིལ་འཁོར་ལས་གསུམ་པ་ཕྱག་ན་རྡོ་རྗེ་ངན་སོང་ཀུན་འདྲེན་ལྷ་ཉེར་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐེག་པ་མཆོག་ལ་མོས་པ་དང༔ གསང་སྔགས་འབྲས་བུ་འཐོབ་བྱའི་ཕྱིར༔ བླ་མ་མགོན་པོར་གུས་འདུད་ན༔ རེ་བ་ཐམས་ཅད་རྫོགས་པར་མཛོད༔ ལན་གསུམ། རྒྱུད་དག་པར་བྱ་བའི་སོགས་སྔ་མ་ལྟར་ལ་ལས་བྱང་གི་སྐྱབས་སེམས་རྗེས་ཟློས་ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་མི་དམིགས་སྟོང་པའི་ངང་། །པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ སྙིང་པོའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། དབང་བསྐུར་དངོས་གཞིའི་སླད་དུ་འདུན་པ་འདི་བཞིན་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་ཡེ་ཤེས་ལྷ་ཚོགས་རྣམས༔ འོད་ཞུ་བདུད་རྩིའི་ཆུ་རྒྱུན་གྱིས༔ སྤྱི་བོའི་གཙུག་ཏུ་དབང་བསྐུར་བས༔ སྒྲིབ་པ་མ་ལུས་དག་པ་དང༔ ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་མོས་པ་མཛོད། རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་འདྲའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ བླ་ན་མེད་པ་གསང་བའི་བདག༔ རང་བྱུང་ཆོ་འཕྲུལ་ཆེན་པོར་ཤར༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་དང་སྤྲོ་ན་གཟུངས་བཅས་རྗེས་ཟློས་བྱར་གཞུག །སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་པས་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སྔགས་བྱང་ངམ་སྔགས་ཕྲེང་བཞག་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ བླ་ན་མེད་པ་གསང་བའི་བདག༔ རང་བྱུང་ཆོ་འཕྲུལ་ཆེན་པོར་ཤར༔ གསུང་གི་དབང་མཆོག་སྦྱིན་གྱིས་ལོངས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས། བཅོམ་ལྡན་འདས་གསང་བའི་བདག་པོའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག་ལ། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་གྱི་རྣམ་པ་དུ་མ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ བླ་ན་མེད་པ་གསང་བའི་བདག༔ རང་བྱུང་ཆོ་འཕྲུལ་ཆེན་པོར་ཤར༔ ཐུགས་ཀྱི་དབང་མཆོག་སྦྱིན་གྱིས་ལོངས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་གོང་གིས་འགྲེ། དབང་གི་རྗེས་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཆོག་དེར་སྨྲོས་པ་ལྟར་བྱའོ།། ࿊ །།ཞར་བྱུང་འཇམ་དཔལ་དཔའ་བོ་གཅིག་པའི་དབང་བསྐུར་ན། ཁྲུས་བྱ། སེམས་བསྐྱེད་གསལ་གདབ། དེའང་རྒྱལ་བ་ཀུན་གྱི་ཡབ་གཅིག་རྒྱལ་སྲས་གཞོན་ནུའི་ཚུལ་བཟུང་བ་རྗེ་བཙུན་འཇམ་དཔལ་དབྱངས་ལ་རྒྱུད་སྡེ་གོང་འོག་དང་འབྲེལ་བའི་སྒྲུབ་ཐབས་རྒྱས་བསྡུས་ཀྱི་བཀའ་སྲོལ་མཐའ་ཡས་པ་བཞུགས་པ་ལས། འདིར་རིགས་གསུམ་སྙིང་ཐིག་གི་ཆོས་སྡེ་འཇམ་དཔལ་རྩ་བའི་རྣལ་འབྱོར་རམ་ཕྱི་སྒྲུབ་རྒྱུན་གྱི་ཉམས་ལེན་ཕྱག་རྒྱ་གཅིག་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐེག་པ་མཆོག་ལ་མོས་པ་དང༔ གསང་སྔགས་འབྲས་བུ་འཐོབ་བྱའི་ཕྱིར༔ བླ་མ་མགོན་པོར་གུས་འདུད་ན༔ རེ་བ་ཐམས་ཅད་རྫོགས་པར་མཛོད༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་བྱ་ཞིང་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་འཇམ་པའི་རྡོ་རྗེ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། རྒྱལ་སྲས་འཇམ་དཔལ་དཔའ་བོ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསང་ཞིང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊཿ སློབ་མ་མི་དམིགས་སྟོང་པའི་ངང་། །རལ་གྲི་དྷཱིཿས་མཚན་འོད་འབར་བ། །དེ་ལས་འཇམ་དཔལ་རྡོ་རྗེའི་སྐུ༔ གསེར་མདོག་མཚན་དང་དཔེ་བྱད་རྫོགས༔ རལ་གྲི་དང་ནི་པུསྟི་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ འོད་ཟེར་བྱེ་བ་བསམ་ཡས་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འབར་ཡེ་ཤེས་སྤྱན་དྲངས་གྱུར། །རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿ ཞེས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས། རིགས་ཀྱི་བདག་པོ་མི་བསྐྱོད་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པའི་མོས་པ་མཛོད། རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་བའི་གཙོ་བོའི་ཐུགས་ཀ་ནས་རང་འདྲའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག་ལ། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་དབང་ཕྱུག་སྐུ་དང་ལྡན༔ འཇམ་དཔལ་སྐུ་ཡིས་དབང་བསྐུར་བས༔ དག་པ་ལྷ་ཡི་སྐུ་ཐོབ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཛཿཧཱུྃ་བཾ་ཧོ༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཆོས་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་གི་ཆེད་དུ། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པས་གསུང་བཟླས་པ་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་ལན་གསུམ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་བྱང་མགྲིན་པར་བཞག་ནས་དབང་བསྐུར་བར་གྱུར། ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་དབང་ཕྱུག་གསུང་དང་ལྡན༔ འཇམ་དཔལ་གསུང་གིས་དབང་བསྐུར་བས༔ དག་པ་ལྷ་ཡི་གསུང་ཐོབ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཛཿཧཱུྃ་བཾ་ཧོ༔ དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། ལྷ་སྔགས་ཀྱིས་མཚོན་པའི་སྤྲོས་པ་ཐམས་ཅད་རང་རིག་སྐད་གཅིག་མའི་རང་རྩལ་དུ་ངོ་ཤེས་པར་བྱས་ནས། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་འཇོག་མཛོད། ཅེས་བརྗོད་ཅིང་དཔོན་སློབ་གཉིས་ཀ་ཅུང་ཟད་མཉམ་པར་བཞག །དེ་ཉིད་བརྟན་པར་བྱ་བའི་སླད་དུ་མེ་ལོང་སྙིང་གར་བཞག་ནས་དབང་བསྐུར་བར་མོས་ཤིག །ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་དབང་ཕྱུག་ཐུགས་དང་ལྡན༔ འཇམ་དཔལ་ཐུགས་ཀྱིས་དབང་བསྐུར་བས༔ དག་པ་ལྷ་ཡི་ཐུགས་ཐོབ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཛཿཧཱུྃ་བཾ་ཧོ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཤིས་པ་བརྗོད། དབང་དང་ལས་བྱང་གི་རྗེས་ཆོག་སྤྱི་ལྟར་བྱའོ།། །། ༈ བདུན་པ་རྒྱུད་མ་ཧཱ་ཡོ་གའི་འཇམ་དཔལ་རྡོ་རྗེ་ལ། རྒྱུད་ལུང་མན་ངག་གསུམ་ལས་དང་པོ་ནི། དངོས་བསྟན་གསང་དབང་ཁོ་ན་ཡིན་ཡང་འདི་ཉིད་སྒེར་དུ་ཉམས་ལེན་བྱེད་པ་ལྟ་བུ་ལ་དབང་བཞི་ཁོལ་འདོན་དུ་རྫོགས་པར་བསྐུར་བ་སོགས་ལ་དགོངས་ནས་རྒྱས་པར་མཛད་པའི་ཕྱག་བཞེས་ལྟར། ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་གཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་གཅད། སེམས་བསྐྱེད་གསལ་གདབ་ལ། འདིར་རིགས་གསུམ་ཐུགས་ཀྱི་ཐིག་ལེ་ལས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕབ་སྟེ། ཉོན་མོངས་ཡེ་ཤེས་སུ་དབང་སྒྱུར་བར་བྱེད་པ་ཐབས་ཀྱི་ཐེག་པ་ཆེན་པོ་ལ་ཡོ་ག་རྣམ་པ་གསུམ་ལས་དང་པོ་ནི་རྒྱུད་ལས། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ༔ ཞེས་པའི་བསྟན་དོན་རྒྱུད་གཙོ་བོར་གྱུར་པ་བདུན་པ་མ་ཧཱ་ཡོ་ག་ལའང་ནང་གསེས་སུ་དབྱེ་བའི་རྒྱུད་ལུང་མན་ངག་གསུམ་གྱི་དབང་རིམ་པར་འབྱུང་བའི། དང་པོ་རྒྱུད་ཀྱི་རྒྱུད་༵དང་འབྲེལ་བ་འཇམ་དཔལ་རྡོ་རྗེ་ཞི་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དངོས་བསྟན་གསང་དབང་ཁོ་ན་ལས་མི་བསྐུར་ན། ཞི་བ་ལ་བརྟེན་ནས་གསང་དབང་ཞུ་བའི་ཡོན་དུ་ཞེས་བསྒྱུར་བ་དང་། དེ་ནས་གསང་དབང་ཁོ་ན་བསྐུར་བས་འཐུས། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཇམ་དཔལ་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ན། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎ་ཡ་ཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། བླ་མ་རིག་འཛིན་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོམ་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དམ་ཚིག་རྡོ་རྗེའི་ཆུ་ནན་སྙིང་ནང་དུ་ཧཱུྃ་ཡིག་གི་རྣམ་པས་ཁེ་ཉེན་གྱི་དཔང་པོར་བཞུགས་པའི་དོན་ངེས་པར་གྱིས་ཤིག །དམ་ཆུ་སྦྱིན་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་མི་དམིགས་སྟོང་པའི་ངང་། །པད་ཟླ་ཉི་སྟེང་དྷཱིཿདང་ཧྲཱི༔ ཡོངས་གྱུར་རལ་གྲི་པི་ཝང་ནི༔ སོགས་མངོན་རྟོགས་ལྟར་བརྗོད། རྡོ་རྗེ་པདྨ་བདེ་ཆེན་རོལ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ལས་བྱང་ལྟར་སྤྱན་འདྲེན་ཚིགས་གཅད་དང་སྙིང་པོའི་མཐར་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་ལན་མང་དུ་བརྗོད་ཅིང་སྤོས་རོལ་སོགས་ཀྱིས་དབབ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་འདོར་བ་ཞུ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་དབང་རྟགས་ཅོད་པན་དུ་བཅིངས་པར་མོས་ཤིག །པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་སླར་བཅིངས། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་ཕཊ་ལཾ་ཧྲི། ཞེས་མིག་དར་བསལ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ཡབ་ཡུམ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེས་འཇུག་པའི་ཆོས་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། དེ་རྣམས་ཀྱིས་རྡོ་རྗེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་གྱུར། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ བདེ་ཆེན་གསང་བའི་བུམ་པ་རུ༔ ཡེ་ཤེས་ཐིག་ལེ་བཅུད་དུ་འཁྱིལ༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་འཆར་བར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པའི་བདུད་རྩིས་ལུས་ཐམས་ཅད་གང་། ལས་ཉོན་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ལྟར་བརྡ་བུམ་པས་དབང་བསྐུར་བ་ལ་བརྟེན་ནས། དོན་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷའི་དཀྱིལ་འཁོར། རྒྱུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ་ཚོགས་སུ་དག་པ་ཡིན་ནོ། །འདི་ཉིད་ཁོལ་འདོན་དུ་དབང་བཞི་རྫོགས་པར་བསྐུར་ན་འདིའི་འཕྲོས་སུ་འོག་ཏུ་འབྱུང་བའི་གར་དབང་དང་གསང་བདག་སྙིང་ཐིག་ཟུང་འདྲ་ལྟར་གསང་དབང་། ཤེར་དབང་། བཞི་པ་རྣམས་བསྐུར། དབང་བཞིའི་དག་པའང་སྤྱི་ལྟར་བརྗོད་པས་གྲུབ། འདིར་དཀྱུས་སུ་དངོས་དོན་གསང་དབང་ནི། བླ་མ་འཇམ་དཔལ་རྡོ་རྗེ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་བཀུག་ཏེ་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། མཁའ་གསང་ནས་ཕྱུང་སྟེ་དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ལ་བཞག་སྟེ་དབང་བསྐུར་བར་མོས་ཤིག །གསང་ཐོད་གནས་གསུམ་དུ་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ལྷན་སྐྱེས་ཡེ་ཤེས་སྐྱེད་པའི་རྒྱུ༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་ཁམས་དྭངས་མ་དཀར་དམར་གྱིས་གང་། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགག །བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཅེས་བརྗོད་དོ། །གཉིས་པ་རྒྱུད་ཀྱི་ལུང་༵དང་འབྲེལ་བ་ཁྲོ་བོ་འཇིགས་བྱེད་རོལ་པའི་དབང་གིས་ཤེར་དབང་གཙོ་བོར་བསྐུར་བ་ལ། ཐོག་མར་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་ལྷར་བསྐྱེད་པ་འདི་ལྟར་གསལ་ཐོབས། ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང༔ སོགས་དབང་སྒྲུབ་ལྟར་ལ། འབར་བའི་དཀྱིལ་འཁོར་ཆེན་པོར་རྫོགས༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་གྱུར། ཧཱུྃ། མགོན་པོ་ཀུན་གཟིགས་ཞིང་ཁམས་ནས། །འཇམ་དཔལ་དཔའ་བོ་སྤྱན་འདྲེན་ནོ། །གཤིན་རྗེ་རོལ་པའི་དུར་ཁྲོད་ནས། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །འཇིགས་བྱེད་རོལ་པ་གཤིན་རྗེ་གཤེད། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དངོས་གཞི་ཤེར་དབང་རྗེས་ཆགས་ཀྱི་ལམ་སྒོམ་པ་ལ་ཁྲོ་བོའི་གསང་བུམ་གྱིས་དབང་བསྐུར་བ་ལ། འདུན་པ་འདི་ལྟར་དུ་མཛོད། གསང་བུམ་ཐོགས་ལ། དེ་ནས་གཤིན་རྗེ་འཇིགས་བྱེད་རོལ་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་གསང་བའི་བུམ་པར་འཁྱིལ་བ་སློབ་མའི་ལྕེ་ལ་བཞག་སྟེ་དབང་བསྐུར་བས། རྩ་གནས་རྣམས་བྱང་ཆུབ་སེམས་ཀྱིས་གང་། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་དབང་འབྱོར་པར་མོས་ཤིག །ཧོ༔ རྨད་བྱུང་ཁྲག་འཐུང་རོལ་པའི་བུམ་པ་རུ༔ དཀར་དམར་ལྷག་པའི་བྱང་སེམས་ཐིག་ལེར་འཁྱིལ༔ འཇམ་དཔལ་སྲས་སུ་བྱིན་བརླབས་སྤྱི་བོ་རུ༔ མངོན་པར་དབང་བསྐུར་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་མའི་སྤྱི་བོར་བཞག་ལ་ངག་ཏུ་སྦྱིན། དཔལ་གཏོར་ཐོགས་ལ། གཏོར་སྣོད་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་མེ་རི་མེ་ཕུང་འཚུབ་མར་འཁྱིལ་བའི་ཀློང་དུ། གཏོར་མ་འཇམ་དཔལ་གཤིན་རྗེའི་གཤེད་འཇིགས་བྱེད་རོལ་པ་ཡབ་ཡུམ་རིགས་བཞིའི་གཤེད་ཆེན་སྡེ་བཞི། སྒོ་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་བྱོན་ནས་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་མི་གནས་པའི་དབྱིངས་སུ་བསྒྲལ། འཇམ་དཔལ་འཁོར་ལོ་རྣམ་བཞིའི་དགོངས་པས་ཁྱབ་བདག་འབྲས་བུ་ཧེ་རུ་ཀ་མངོན་དུ་གྱུར་ནས་ཁྲོ་བོ་རོལ་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ཤིག །ཧཱུྃ༔ བྷནྡྷ་གྲུ་གསུམ་འབར་བའི་གཞལ་ཡས་ཁང༔ ལྷ་དང་གཉིས་སུ་མེད་པའི་བ་ལིངྟ༔ ཁྲག་འཐུང་རོལ་པའི་སྐུ་གསུང་ཐུགས་དང་ལྡན༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་བས༔ ཁྲོ་བོ་རོལ་པའི་དབང་མཆོག་ཡོངས་རྫོགས་ཤོག༔ ཤྲཱི་ཧེ་རུ་ཀ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་ཙཀ་གཏད་ལ། སློབ་དཔོན་གྱི་ཐུགས་ཀ་ནས་དགའ་བ་བཞིའི་འབྱུང་གནས་ཕྱག་རྒྱ་གཟུགས་དང་ལང་ཚོ་རྫོགས་པར་སྤྲོས་ཏེ། ཁྱེད་རང་གི་མདུན་དུ་ཆགས་པའི་ཉམས་འགྱུར་དང་བཅས་འཁོད་ནས་བདེ་བ་བསྟེན་པར་བསྐུལ་བར་གྱུར་པར་མོས་ཤིག །ཧོ༔ བདེ་ཆེན་ཕྱག་རྒྱའི་པདྨོའི་མཁའ་དབྱིངས་སུ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན་དང་ལྡན༔ རྣམ་གྲོལ་ལྷན་གཅིག་སྐྱེས་པའི་འཇམ་དཔལ་མཆོག༔ སྐད་ཅིག་ཉིད་ལ་མཇལ་བ་འདི་ལོངས་ཤིག༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོ༔ དེང་ནས་རྩ་རླུང་ཐིག་ལེ་ལས་སུ་རུང་བས་རིག་མའི་བརྟུལ་ཞུགས་ལ་བསྟེན་ནས་འདོད་ཆགས་ལམ་དུ་ལོངས་པར་གྱིས་ཤིག །འཇམ་དཔལ་ཁྲོ་བོའི་བཀའ་སྡོད་ཕོ་ཉ་སྒྲོལ་བའི་གིང་ཆེན་བཻ་བ་ས་ཏྭ་ཡབ་ཡུམ་བྲན་དུ་གཏད་པར་གྱུར། ཧཱུྃ༔ དཔལ་གྱི་བཀའ་ཉན་བཛྲ་ཨཱ་རལླི༔ རུ་ཏྲ་བསྒྲལ་ལ་ཐོགས་པ་མེད་པའི་མཐུ༔ རྔམས་མཛད་བྷཻ་བ་ས་ཏྭ་ཡབ་དང་ཡུམ༔ ལས་ཀྱི་ཕོ་ཉ་ཆེན་པོར་གཉེར་དུ་གཏད༔ ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ དེང་ནས་ཟབ་གསང་ཐབས་མཁས་ཀྱི་ལྟ་དགོངས་གདེང་དུ་གྱུར་པས་སྒྲོལ་བའི་བརྟུལ་ཞུགས་ལ་བརྟེན་ནས་ཞེ་སྡང་ལམ་དུ་ལོངས་པར་གྱིས་ཤིག །དེ་དག་ནི་གཏེར་གཞུང་ལས། སྦྱོར་བས་འདོད་ཆགས་བདེ་ཆེན་འབར༔ སྒྲོལ་བས་ཞེ་སྡང་གསལ་སྟོང་རྟོགས༔ བརྟུལ་ཞུགས་སྤྱོད་པའི་ཕྲིན་ལས་ཀྱིས༔ ཡེ་ཤེས་མཆོག་ཏུ་བརྟན་པར་བྱ༔ ཞེས་གསུངས་པའི་དོན་ལགས་སོ། །གསུམ་པ་རྒྱུད་ཀྱི་མ༵ན་ངག་དང་འབྲེལ་བར་རིག་པ་རྩལ་གྱི་དབང་བསྐུར་བའི་དོན་དུ། སློབ་དཔོན་ཉིད་ཀ་དག་ཡེ་རྫོགས་ཆེན་པོའི་དགོངས་པའི་ངང་དུ་མཉམ་པར་བཞག་ལ། ཁྱེད་རང་རྣམས་མོས་གུས་ཀྱི་རྩལ་བསྐྱེད་དེ། དབྱིངས་རིག་ཟུང་འཇུག་ངོ་སྤྲད་པའི་ཚིག་དོན་རྣམས་རྗེས་སུ་རྟོགས་པར་མཛོད་ཅིག །ཀུན་བཟང་དོན་ཕྲིན་ནི། ཨ༔ ཆོས་རྣམས་ཡེ་ནས་སངས་རྒྱས་རང་བཞིན་ལ༔ བསྐྱེད་པའི་རིམ་པ་དམིགས་སུ་མ་མཆིས་སོ༔ རང་རྩལ་རྫོགས་པའི་འཇམ་དཔལ་ཡེ་ཤེས་སེམས༔ འོད་གསལ་ཐིག་ལེ་རང་ཤར་ཀློང་དུ་བསྐྱེད༔ འཁྲུལ་མ་མྱོང་བའི་ཀ་དག་ཆོས་སྐུ་ལ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་ག་ལ་ཡོད༔ ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ལྷ༔ སྟོང་གསལ་འདུས་མ་བྱས་པར་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ༔ དབང་བསྐུར་རྒྱས་གདབ་བཞུགས་སུ་གསོལ་བྱ་ཅི༔ འོད་གསལ་སྤྲོས་བྲལ་རིག་པ་ཟང་ཐལ་ངང༔ ཡེ་ནས་མ་བཅོམ་རང་བབ་བཞུགས་གསོལ་རྫོགས༔ ཆོས་རྣམས་དབྱིངས་རིག་སྐུ་དང་ཞིང་ཁམས་ལ༔ མཆོད་པའི་ལོངས་སྤྱོད་སྤྲོ་རུ་མ་མཆིས་ཕྱིར༔ དག་པའི་སྣང་བ་འབྱམས་ཀླས་ཡེ་ཤེས་སྤྲིན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་བར་བགྱི༔ སྟོང་གསལ་ཉིད་ལས་གཡོས་པ་མ་མཆིས་པའི༔ ཡོན་ཏན་ལྷུན་གྲུབ་ནང་དབྱིངས་ཆེན་པོའི་ངང༔ ངོ་བོ་རང་བཞིན་མ་འདྲེས་སོ་སོར་གསལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ དབང་དངོས་ནི་སློབ་དཔོན་གྱིས་ཤེལ་རྡོ་ཐོགས་ལ། གདོད་མའི་གནས་ལུགས་ཤེལ་ལྟར་དྭངས་པ་ལ༔ ལྷུན་གྲུབ་སྣང་བ་འཇའ་ལྟར་ཀུན་ཏུ་ཤར༔ གཉིས་མེད་ཟུང་འཇུག་རིག་པའི་རྩལ་དབང་ཆེས༔ འབྲས་བུ་གཞི་རུ་སྨིན་པར་དབང་བསྐུར་རོ༔ ཞེས་ཤེལ་རྡོ་གདེངས་ཤིང་བསྟན། བླ་ན་མེད་པའི་སྣང་བ་མཐར་ཕྱིན་ཕྱིར༔ རེ་དོགས་མེད་པར་སྒོམ་པ་ཀློང་ཆུབ་པ༔ ལྟ་བའི་རྒྱལ་པོ་ནམ་འཕངས་གཅོད་པ་བཞིན༔ ཁྱུང་ཆེན་རྩལ་རྫོགས་ངང་དུ་ངོ་སྤྲད་དོ༔ ཀུན་བཟང་འཇམ་དཔལ་དཔའ་བོའི་སྙིང་ཐིག་བཅུད༔ སྙིང་དང་འདྲ་བའི་བུ་ལ་ལྷུག་པར་གདམས༔ གཟུང་འཛིན་བློ་ཟད་འཁོར་འདས་ཁྱབ་བརྡལ་ངང༔ དགོངས་ཀློང་གཅིག་འདྲེས་ཡེ་ཤེས་མཐར་ཕྱིན་ཤོག༔ ཅེས་བརྗོད་ལ་ཅུང་ཟད་མཉམ་པར་གཞག །དེང་ནས་དབྱིངས་རིག་ཟུང་འཇུག་ཀ་དག་ཡེ་སངས་རྒྱས་པའི་དགོངས་པ་དང་མ་བྲལ་བས་ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་དུ་ལ་ཟླ་བར་གྱིས་ཤིག །དེའང་གཞུང་ལས། དོན་གྱི་ཕྲིན་ལས་དབང་བསྐུར་དང༔ ངོ་སྤྲོད་ཉམས་ལེན་ཐམས་ཅད་ཀུན༔ གཅིག་ཏུ་དྲིལ་བའི་གདམས་པ་འདི༔ སྙིང་གི་བུ་ལ་གདམས་པར་བྱ༔ ཞེས་གསུངས་པའི་དོན་ལགས་སོ། །ཤིས་བརྗོད་རྒྱས་བསྡུས་གང་འཐད་བྱ། དེའང་མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་མཉམ་པ་ཆེན་པོ་ལ་དབང་འབྱོར་བས་ཡོ་ག་ཕྱི་རྒྱུད་ལས་ཆེས་འཕགས་པས་ན་རྣལ་འབྱོར་ཆེན་པོ་སྟེ། བདེན་གཉིས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་མཚན་བཅས་བསྐྱེད་རིམ་དང་སྟེང་སྒོ་འཇུ་འདུལ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག །མཚན་མེད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་འཛིན་ཉམས་སུ་ལེན་ཅིང་། དམ་ཚིག་རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔ་རྣམས་མ་ཉམས་པར་བསྲུང་དགོས་པས་དེ་དག་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་རྣམས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་མཆོད་ཕྱིན་དབང་སྒྲུབ་ལས་བྱང་དུ་བཤད་པ་རྣམས་བྱའོ།། །། ༈ བརྒྱད་པ་ལུང་ཨ་ནུ་ཡོ་ག་པདྨ་གར་དབང་ལ་རྒྱུད་ལུང་མན་ངག་གསུམ་ལས་དང་པོ་ནི། ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད་བྱ། སྔ་མ་དང་སྦྲེལ་ན་མི་དགོས། སེམས་བསྐྱེད་གསལ་གདབ་ལ། འདིར་རིགས་གསུམ་ཐུགས་ཀྱི་ཐིག་ལེ་ལས་སྐབས་སུ་བབས་པ་ནི་རྒྱུད་རྒྱལ་སྙིང་པོ་ལས། ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ཞེས་པའི་བསྟན་དོན་ལུང་གཙོ་བོར་གྱུར་པ་བརྒྱད་པ་ཨ་ནུ་ཡོ་ག་ལའང་ནང་གསེས་སུ་དབྱེ་བའི་རྒྱུད་ལུང་མན་ངག་གསུམ་གྱི་དབང་རིམ་པར་འབྱུང་བའི། དང་པོ་ལུང་གི་རྒྱུད་༵དང་འབྲེལ་བ་པདྨ་གར་དབང་ཞི་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་ནས་བུམ་དབང་བར་གོང་བཤད་འཇམ་དཔལ་རྡོ་རྗེའི་དབང་ཉིད་ཁ་བསྒྱུར་ཏེ། འཇམ་དཔལ་གཙོ་བོ་ལ། པདྨ་སེམས་གཙོ་ཞེས་བསྒྱུར། བསྡུ་ན། མིག་དར་འཆིང་འགྲོལ། མེ་ཏོག་གཏད་འབུལ། དམ་གཞག་རྣམས་དོར། སློབ་མ་ལྷ་བསྐྱེད་སྐབས། སློབ་མ་མི་དམིགས་སྟོང་པའི་ངང་། །པདྨ་རིན་ཆེན་འབར་བའི་དབུས༔ སོགས་ལས་བྱང་ལྟར་ལ། རུས་པའི་རྒྱན་གསོལ་གར་གྱིས་བཞེངས༔ གནས་གསུམ་འབྲུ་གསུམ་སོགས་སྦྱར། མིག་དར་འགྲོལ་རྒྱུ་ཡོད་ན། བཅོམ་ལྡན་འདས་པདྨ་གར་དབང་ཡབ་ཡུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཞེས་བསྒྱུར། བུམ་དབང་བསྐུར། ལྷ་ཚོགས་སུ་དག་པ་ཡིན་ནོ། །ཞེས་པ་ཡན་སོང་ནས། གསང་དབང་ནི། བླ་མ་པདྨ་གར་དབང་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པས་དབང་བསྐུར་བར་གྱུར། ཨཱ༔ གསང་བ་བླ་མེད་བྱང་ཆུབ་སེམས༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་ཡེ་ཤེས་རྟོགས་པར་ཤོག༔ ཝཱ་ཀ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་ངག་ཏུ་སྦྱིན། དེ་ལྟར་གསང་རྫས་ཀྱི་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་དྭངས་མ་དཀར་དམར་གྱིས་གང་སྟེ་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཤེར་དབང་ནི། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་ལ་བསྟེན་ནས་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་དགའ་བཞིའི་ཡེ་ཤེས་ངོས་ཟིན་པར་གྱིས་ཤིག །ཧཱུྃ༔ བདེ་ཆེན་མཆོག་ནི་སྟེར་མཛད་པའི༔ གསང་བའི་ལྷ་མོ་ཆེན་མོ་མཆོག༔ ཡིད་འོང་གཟུགས་མཛེས་ལང་ཚོར་ལྡན༔ འདི་སྤྱོད་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱག་རྒྱར་སྙོམས་འཇུག་གི་རེག་བྱ་ལ་བརྟེན་ནས། རང་ལུས་ལྷ་སྐུར་སྒོམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ལས་བདེ་དྲོད་མི་རྟོག་པའི་གཏུམ་མོ་འབར་བ་དམ་ཚིག་གི་ཕྱག་རྒྱ། དེ་དག་གི་མྱོང་བྱ་འོད་གསལ་སྟོང་ཉིད་དུ་གྲོལ་བ་ཕྱག་རྒྱ་ཆེན་པོ་སྟེ་བདེ་ཆེན་རང་བྱུང་གི་ཡེ་ཤེས་ཀྱི་བརྡ་དོན་ངོ་འཕྲོད་པར་གྱིས་ཤིག །བཞི་པ་ཚིག་དབང་ངོ་སྤྲོད་ནི། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱིས་སྔར་ཉམས་སུ་མྱོང་བའི་བདེ་ཆེན་གྱི་ཡེ་ཤེས་དེ་དྲན་པར་བྱས་ནས་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས་པ། ད་ལྟར་གྱི་སེམས་སྐད་ཅིག་མ་དེའི་སྟེང་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད། ཅེས་དཔོན་སློབ་ཐམས་ཅད་མཉམ་པར་བཞག །ཨ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་འགགས་མེད་ཤར༔ རིག་སྟོང་ཟུང་འཇུག་བདེ་བ་ཆེ༔ འོད་གསལ་ཡེ་ཤེས་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་བཞག་པའི་ཚེ་རིག་པ་གསལ་སྟོང་རྗེན་པ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞེན་འཛིན་མེད་པར་ཁྲིགས་སེ་གནས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་མ་བཅོས་རང་བྱུང་གི་ལྟ་བ་ཡིན་ནོ། །ཞེས་ངོ་སྤྲད། དཀྱིལ་འཁོར་འདི་ཁོལ་འདོན་དུ་བསྐུར་ན་དབང་བཞི་སོ་སོའི་མཇུག་ཏུ་དག་པ་བརྗོད་པ་དང་འདིར་ཤིས་བརྗོད་བྱས་པས་གྲུབ་བོ། །གཉིས་པ་ལུང་གི་ལུང་༵དང་འབྲེལ་བ་པདྨ་ཧེ་རུ་ཀའི་དབང་བསྐུར་བ་ལ། ཐོག་མར་ཡེ་ཤེས་པ་དབབ་པའི་སླད་དུ་སོགས་གོང་གི་རྒྱུད་ཀྱི་ལུང་ལྟར་ལ་མངོན་རྟོགས་རང་གཞུང་ལེན། བྱིན་འབེབ་ཚིག །ཧཱུྃ། མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས། །དབང་ཆེན་འདུས་པའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དབང་མཆོག་མ་ལུས་བསྐུར་བ་དང་། །ཡེ་ཤེས་བརྟན་པར་མཛད་དུ་གསོལ། །སྙིང་པོའི་མཐར་དབབ་སྔགས་བཏགས་པ་བརྗོད། ཏིཥྛ་བཛྲས་བརྟན། གསང་བུམ་ཐོགས་ལ། དེ་ནས་པདྨ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་སོགས་དང་། འཇམ་དཔལ་སྲས་ལ། ཁྲག་འཐུང་སྲས་ཞེས་བསྒྱུར། གཏོར་སྣོད་གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་ཁང་དུ་གཏོར་མ་པདྨ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་གསུམ་བླ་མའི་ལྷ་ཚོགས། བར་གྱི་ཆ་ལ་ཡི་དམ་དབང་དྲག་རོལ་པའི་ལྷ་ཚོགས། འོག་གི་ཆ་ལ་དམ་ཅན་སྲུང་མའི་ཚོགས་རྣམས་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པ་སློབ་མའི་སྤྱི་བོར་བྱོན་ནས་དབང་བསྐུར་བས། དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་མོས་ཤིག །ཧཱུྃ༔ བྷནྡྷ་གྲུ་གསུམ་སོགས་བརྗོད། སྦྱོར་བའི་དབང་ཚིག་གི་འཇམ་དཔལ་མཆོག༔ ཅེས་པར་ཡེ་ཤེས་མཆོག༔ ཅེས་བསྒྱུར། སྒྲོལ་དབང་སྐབས། པདྨ་རིགས་ཀྱི་ཕོ་ཉ་ཀིཾ་ཀ་ར་སྒྲོལ་བའི་གིང་དུ་གཏད་པར་མོས་ཤིག །ཧཱུྃ༔ དཔལ་གྱི་བཀའ་ཉན་བཛྲ་ཨཱ་རལླི༔ རུ་ཏྲ་བསྒྲལ་ལ་ཐོགས་པ་མེད་པའི་མཐུ༔ རྔམས་མཛད་སྒྲོལ་བའི་ལས་བྱེད་ཀིངྐ་ར༔ ལས་ཀྱི་ཕོ་ཉ་ཆེན་པོར་གཉེར་དུ་གཏད༔ ཨོཾ་པདྨ་ཀྲོ་དྷ་ཀིངྐ་ར་ཧཱུྃ་ཕཊ༔ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ དེང་ནས་ཟབ་གསང་སོགས་གོང་ལྟར་རོ། །གསུམ་པ་ལུང་གི་མ༵ན་ངག་དང་འབྲེལ་བར་སོགས་གོང་བཞིན་ལ། འཇམ་དཔལ་ཡེ་ཤེས་སེམས༔ ཞེས་པར། པདྨ་གར་གྱི་དབང༔ ཞེས་དང་། ཀུན་བཟང་འཇམ་དཔལ་དཔའ་བོའི་ལ། ཀུན་བཟང་པདྨ་གར་དབང་ཞེས་བསྒྱུར། ཤིས་བརྗོད། དེའང་ཨ་ནུ་ཡོ་ག་ཞེས་པའི་སྒྲ་ལས་ཤེས་རབ་རྗེས་སུ་ཆགས་པའི་ལམ་གཙོ་བོར་སྟོན་པའི་རྗེས་སུ་རྣལ་འབྱོར་ཞེས་བྱ་སྟེ། དབྱིངས་ཡེ་གཉིས་སུ་མེད་པའི་སྒྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་པས། སྟེང་སྒོ་འཁོར་ལོ་བཞིའམ་དྲུག་ལ་བརྟེན་པ་དང་། འོག་སྒོ་མཁའ་གསང་སྙོམས་འཇུག་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བ་དང་། གལ་མདོ་ངེས་པའི་དམ་ཚིག་བཞིས་མཚོན་པའི་བསྲུང་སྡོམ་རྣམས་ཚུལ་བཞིན་བགྱིའོ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་མཆོད་སོགས་ཕྲིན་ལས་ལྟར་ཚང་བར་བྱའོ།། །། ༈ དགུ་པ་མན་ངག་ཨ་ཏི་ཡོ་ག་གསང་བདག་སྙིང་ཐིག་ལའང་རྒྱུད་ལུང་མན་ངག་གསུམ་ལས་དང་པོ་ནི། ཁྲུས་བྱ། བགེགས་བསྐྲད་མཚམས་གཅོད་སྐབས་བསྟུན། སེམས་བསྐྱེད་གསལ་གདབ། འདིར་རིགས་གསུམ་ཐུགས་ཀྱི་ཐིག་ལེ་ལས་སྐབས་སུ་བབས་པ་ནི་སྙིང་པོའི་རྒྱུད་རྒྱལ་ལས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག༔ ཅེས་པའི་བསྟན་དོན་མན་ངག་གཙོ་བོར་གྱུར་པ་དགུ་པ་ཨ་ཏི་ཡོ་ག་ལའང་ནང་གསེས་སུ་དབྱེ་བའི་རྒྱུད་ལུང་མན་ངག་གསུམ་གྱི་དབང་བསྐུར་རིམ་པར་འབྱུང་བའི། དང་པོ་མན་ངག་གི་རྒྱུད་༵དང་འབྲེལ་བ་གསང་བདག་བླ་མེད་ཞི་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་ནས་བུམ་དབང་བར་གོང་བཤད་རྒྱུད་རྒྱུད་འཇམ་དཔལ་རྡོ་རྗེའི་དབང་ཉིད་ཁ་བསྒྱུར་ཏེ། འཇམ་དཔལ་གཙོ་བོ་ལ། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཅེས་བསྒྱུར། བསྡུ་ན་མིག་དར་འཆིང་འགྲོལ། མེ་ཏོག་གཏད་འབུལ། དམ་གཞག་རྣམས་དོར། སློབ་མ་ལྷ་བསྐྱེད་སྐབས། སློབ་མ་མི་དམིགས་སྟོང་པའི་ངང་། །པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ཡོངས་གྱུར་བཅོམ་ལྡན་གསང་བའི་བདག༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ གནས་གསུམ་འབྲུ་གསུམ་སོགས་སྦྱར། མིག་དར་འགྲོལ་རྒྱུ་ཡོད་ཚེ། བཅོམ་ལྡན་འདས་གསང་བའི་བདག་པོ་ཡབ་ཡུམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཞེས་བསྒྱུར། བུམ་དབང་བསྐུར། ལྷ་ཚོགས་སུ་དག་པ་ཡིན་ནོ། །ཞེས་པ་ཡན་སོང་ནས། གསང་དབང་ནི། བླ་མ་གསང་བའི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སོགས་ལུང་གི་རྒྱུད་དང་འབྲེལ་བའི་པདྨ་གར་དབང་ལྟར། ཤེར་དབང་། ཚིག་དབང་མཇུག །མ་བཅོས་རང་བྱུང་གི་ལྟ་བ་ཡིན་ནོ། །བར། དཀྱིལ་འཁོར་འདི་ཁོ་ན་ཁོལ་འདོན་དུ་བསྐུར་ན་དབང་བཞི་སོ་སོའི་མཇུག་ཏུ་དག་པ་བརྗོད་པ་དང་འདིར་ཤིས་བརྗོད་བྱས་པས་གྲུབ་བོ། །གཉིས་པ་མན་ངག་གི་ལུང་༵དང་འབྲེལ་བ་བཛྲ་ཧེ་རུ་ཀའི་དབང་བསྐུར་བ་ལ། ཐོག་མར་ཡེ་ཤེས་པ་དབབ་པའི་སླད་དུ་སོགས་གོང་གི་རྒྱུད་ཀྱི་ལུང་ལྟར་ལ་མངོན་རྟོགས་མན་ངག་གི་ལུང་གི་ཁྲོ་བོ་རང་གཞུང་ལེན། བྱིན་འབེབ་ཚིག །ཧཱུྃ། ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྡོ་རྗེ་འཛིན་པ་གསང་བའི་བདག །རབ་འབྱམས་ཁྲོ་བོའི་འཁོར་དང་བཅས། །འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དབབ། ཏིཥྛ་བཛྲས་བརྟན། གསང་བུམ་ཐོགས་ལ། དེ་ནས་བཛྲ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་སོགས་དང་། གསང་བདག་སྲས་སུ་ཞེས་དང་། གཏོར་མ་གསང་བདག་བཛྲ་ཧེ་རུ་ཀ་ཡབ་ཡུམ་གསང་བདག་རིགས་བཞི་སྒོ་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་དུ་བྱོན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཅེས་དང་། སྦྱོར་བའི་དབང་ཚིག །གསང་བ་མཆོག༔ ཅེས་བསྒྱུར། སྒྲོལ་བའི་དབང་ལ། བཛྲ་རིགས་ཀྱི་ཕོ་ཉ་ཀིཾ་ཀ་ར་སོགས་གར་དབང་དང་འདྲ་བ་ལས། སྔགས། ཨོཾ་བཛྲ་ཀྲོ་དྷ་ཀིཾ་ཀ་ར་ཧཱུྃ་ཕཊ༔ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ དེང་ནས་ཟབ་གསང་སོགས་གོང་ལྟར་རོ། །གསུམ་པ་མན་ངག་གི་མ༵ན་ངག་དང་འབྲེལ་བ་ཡང་སྙིང་ཐུན་མིན་ཨ་ཏི་རིག་པའི་རྩལ་དབང་ནི། གསང་བདག་སྙིང་ཐིག་ལས། དེ་ལྟར་ཐེག་པ་དགུ་པོ་ཡི༔ ལྟ་སྒོམ་སྤྱོད་པ་མང་བསྟན་ཀྱང༔ དྲང་དོན་ཐུན་མོང་ལམ་ཡིན་ལ༔ མཐར་ཐུག་ཡང་ཟབ་ངེས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་པའི་མཐིལ༔ རིག་འཛིན་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་ཀྱི་ཏི་ལ་ཀ་ཆེན་པོ༔ མཁའ་འགྲོ་རྣམས་ཀྱི་སྙིང་ཏིག་ནི༔ འདི་རུ་བསྟན་གྱིས་ཉམས་སུ་ལོངས༔ ཞེས་དང་། སྙིང་པོའི་གདམས་པ་དུ་མ་ལ༔ དབང་གི་བྱེ་བྲག་ཅིར་བསྟན་ཀྱང༔ འདི་ནི་སྙིང་གི་ཐིག་ལེ་འོ༔ ཞེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་ཟབ་པའི་ཡང་རྩེ་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཆེ་མཆོག་བླ་མ་རྗེ༔ དཀྱིལ་འཁོར་ཀུན་རྫོགས་རྡོ་རྗེ་སེམས༔ ཀུན་བཟང་བླ་མ་བདག་ལ་དགོངས༔ རིག་རྩལ་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ། དོན་དམ་དབྱིངས་དང་རིག་པའི་དཀྱིལ་འཁོར་བསྟན་པ་ལགས་པས་ངོ་འཕྲོད་པར་གྱིས་ཤིག །དབྱིངས་ནི་མཐིང་ག་ཁྱབ་པ་ཆེ༔ ལྷུན་གྲུབ་ཐིག་ལེ་འོད་ལྔར་འབར༔ རིག་པ་སྙིང་པོ་སྐུ་རུ་ཤར༔ རང་གི་སེམས་ཉིད་ངོ་བོ་སྟོང༔ རང་བཞིན་གསལ་བའི་ངང་ཉིད་ལས༔ ཐུགས་རྗེ་སྣ་ཚོགས་སྣང་བའི་དཔལ༔ དེ་ལས་གཞན་དུ་མ་གྲུབ་བོ༔ དབང་དངོས་གཞི་ལ་རྣམ་གྲངས་བཞིར་ཡོད་པ་ལས་དང་པོ་སྤྲོས་བཅས་བུམ་པའི་དབང་ནི། བརྡ་བུམ་པ་རྒྱན་དང་བཅས་པས་མཚོན་ཏེ་དོན་དབྱིངས་རིག་ཟུང་འཇུག་གི་གནས་ལུགས་རྟོགས་པར་མཛོད་ཅིག །རྣམ་བུམ་ཐོགས་ལ། ཨོཾ༔ ཆོས་སྐུ་གཞོན་ནུ་བུམ་པའི་ཀློང༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཐུགས་རྗེའི་ཁ་རྒྱན་མཁའ་ལ་ཁྱབ༔ དབྱིངས་ནི་སྟོང་པ་མེ་ལོང་ལ༔ ཐིག་ལེ་ཐིག་ཕྲན་རྨ་བྱའི་མདོངས༔ རིག་པ་ཤེལ་གྱི་ཕྲེང་བ་བསྟར༔ འགུལ་འཕྲིག་མེད་པར་བཀྲ་ལམ་མེ༔ འོད་ལྔ་ཁ་དོག་ལྔ་ཡི་དར༔ དབྱིངས་རིག་ཐབས་ཤེས་ཟུང་འཇུག་མདའ༔ བུམ་པའི་དཔེ་ཡི་བརྡས་མཚོན་ཏེ༔ དོན་དམ་སྟོང་གསལ་འདུས་མ་བྱས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ དྷརྨ་དྷཱ་ཏུ་ཨ༔ བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད་ཅིང་ཁྲུས་བྱ། སྨོན་ལམ་གདབ་པ་ནི། དེ་ལྟར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ངོ་སྤྲད་པས་འབྲས་བུ་ཕྱི་དུས་ལ་མི་ལྟོས་པར། ལྷུན་རྫོགས་ཀུན་ཏུ་བཟང་པོའི་དགོངས་པ་མངོན་སུམ་རིག་ཐོག་ཏུ་ངོ་འཕྲོད་ནས་འཁོར་འདས་གཞི་གྲོལ་དུ་ལ་བཟླ་བའི་ལམ་བཟང་། དེ་ཡང་གཞི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གནས་ལུགས་ལྟ་བས་གཏན་ལ་ཕབ། ལམ་ཁྲེགས་ཆོད་དང་ཐོད་རྒལ་ཟུང་དུ་འཇུག་པ་སྒོམ་པས་ཉམས་སུ་བླངས། འབྲས་བུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གོ་འཕང་མངོན་དུ་བྱེད་པའི་ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོ། ཆོས་ཉིད་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པས་བུམ་པའི་ནང་དབྱིངས་སྟོང་པ་ཉིད་ལྟར་ངོ་བོ་ཀ་ནས་དག་པ་གཞོན་ནུ་བུམ་པ་སྐུའི་རང་བཞིན་ཡེ་ཤེས་ཆོས་ཀྱི་སྐུ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བུམ་པའི་བཅུད་དང་རྣམ་པ་གསལ་ལ་མ་འདྲེས་པར་སྣང་བའི་དབང་བསྐུར་བས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་འགགས་མེད་རང་སྣང་དུ་ངོ་ཤེས་ནས་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བུམ་པའི་ཁ་རྒྱན་གྱི་དབང་བསྐུར་བས་རིག་རྩལ་ཅིར་ཡང་འཆར་བ་ཡེ་གྲོལ་འཛིན་མེད་དུ་ཤེས་ནས་ཐུགས་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །མེ་ལོང་གི་དབང་བསྐུར་བས་ཕྱི་ནང་གསང་བའི་ནམ་མཁའ་འཁོར་འདས་ཀྱི་ཆོས་ཀུན་མངོན་སུམ་དུ་སྣང་ཡང་སྐྱེ་འགག་གནས་མེད་བློ་འདས་བྱ་རྩོལ་དང་བྲལ་བ་ངོ་བོ་ཉིད་སྐུ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །རྨ་བྱའི་མདོངས་ཀྱི་དབང་བསྐུར་བས་ཐིག་ལེ་ཐིག་ཕྲན་གྱི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་གསལ་ལ་དྭངས་པ་མཐོང་བའི་དབང་ཐོབ་པར་གྱུར་ཅིག །ཤེལ་གྱི་ཕྲེང་བའི་དབང་བསྐུར་བས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་བརྟན་པ་ཤེས་རབ་རང་བྱུང་གི་སྒྲོན་མ་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །དར་ཟབ་ཁ་དོག་ལྔ་ལྡན་གྱི་དབང་བསྐུར་བས་སྐུ་ལྔ། ཡེ་ཤེས་ལྔ། ཞིང་ཁམས་ལྔ། རླུང་ལྔ། ཤེས་རབ་ལྔ། མཁའ་འགྲོ་ལྔ། ཁ་དོག་ལྔ་ལ་སོགས་པ་ཚད་ལ་ཕེབས་པའི་དབང་ཐོབ་པར་གྱུར་ཅིག །ཐབས་ཀྱི་མདའ་བཟང་ཤེས་རབ་མདེའུས་བརྒྱན་པའི་དབང་བསྐུར་བས་ཕྱིའི་སྣང་བ་ཞིང་ཁམས། ནང་གི་སྒྱུ་ལུས་འོད་སྐུ། གསང་བ་རླུང་སེམས་གཞོམ་བྲལ་གཟུང་འཛིན་རྟོག་ཚོགས་ཆོས་སྐུར་གྲོལ་ནས། དབྱིངས་དང་རིག་པ་ཟུང་འཇུག་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཚེ་འདི་ཉིད་ལ་མངོན་དུ་གྱུར། འཁོར་བ་དོང་ནས་སྤྲུགས་ནས་རང་གཞན་གྱི་དོན་གཉིས་འགྲུབ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་སྤྲོས་མེད་གསང་བའི་དབང་ནི། བརྡ་ཐོད་པའི་བདུད་རྩི་ལ་བརྟེན་ནས་རླུང་རྣམས་དབུ་མར་ཐིམ་པས་སྨྲ་བསམ་བརྗོད་བྲལ་གསལ་ལ་མི་རྟོག་ལྷག་གེར་མཐོང་བར་གྱུར་པར་མོས་ཤིག །གསང་ཐོད་བདུད་རྩི་སྦྱིན་ལ། ཨཱ༔ ཐོད་པ་དབྱིངས་ཀྱི་བྷ་ག་རུ༔ རིག་པ་ཐབས་ཀྱི་རྡོ་རྗེའི་བཅུད༔ ཡེ་ཤེས་ལྔ་ལྡན་སྐྱོབས་དང་སྦྱར༔ ཁམས་ལྔ་དག་པའི་རྫས་དང་བཅས༔ བུ་ཡི་ངག་ལ་སྦྱིན་པ་ཡིས༔ རླུང་རྣམས་མ་ལུས་དབུ་མར་ཐིམ༔ སྨྲ་བསམ་བརྗོད་བྲལ་གསལ་ལམ་མེ༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨཱ༔ གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བརྡ་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་གཏད་པ་དང་མཉམ་པར་སྦྱོར་བའི་རྐྱེན་གྱིས་དོན་ལྷན་སྐྱེས་ཀ་དག་གི་ཡེ་ཤེས་སྩོལ་མེད་དུ་སྐྱེས་པར་མོས་ཤིག །རིག་ཙཀ་གམ་རྡོར་པད་གཏད་ལ། ཧོ༔ སྣང་བ་རིག་པ་ཡབ་ཀྱི་ངང༔ སྟོང་པ་ཡུམ་གྱི་དབྱིངས་ཉིད་ལ༔ སྙོམས་ཞུགས་དབྱིངས་རིག་ཟུང་དུ་འཇུག༔ ཐབས་མཆོག་རྡོ་རྗེ་རིག་པའི་རྩལ༔ དབྱིངས་ཀྱི་པདྨར་སྤྱོད་པ་ཡིས༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེ༔ ཁྲེགས་ཆོད་ལྟ་བ་དེར་རྟོགས་པའི༔ རང་རྩལ་ཐོད་རྒལ་སྣང་བ་འཆར༔ གཞི་ཐོག་འབྲས་བུ་སྨིན་པ་ཡིས༔ ཐམས་ཅད་བདེ་སྟོང་ཟང་ཐལ་ལེ༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ བཞི་པ་རབ་ཏུ་སྤྲོས་མེད་ངོ་སྤྲོད་དོན་གྱི་དབང་ནི། བརྡ་ཇི་སྙེད་བརྗོད་པའི་ཚིག་གིས་མཚོན་ཏེ་དོན་རྩོལ་བྲལ་བློ་འདས་འོད་གསལ་བའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དཔོན་སློབ་ཐམས་ཅད་མཉམ་པར་བཞག་ལ་ངོ་སྤྲད་པ་ནི། ཨ༔ འདི་ལྟར་སྣང་བའི་སློབ་དཔོན་དང༔ སློབ་མ་མཆེད་ལྕམ་དཀྱིལ་འཁོར་རྫས༔ དབང་བསྐུར་ཚིག་བརྗོད་ཐོས་བསམ་མྱང་། ཐམས་ཅད་བློ་འདས་གདོད་མའི་དབྱིངས༔ གང་ཡང་མ་བྱས་ལྷུན་གྱིས་གྲུབ༔ མ་བཅོས་ཡེ་ནས་རྫོགས་སངས་རྒྱས༔ ལྟ་བ་སྤྱི་འབྱམས་དབང་འདི་ནི༔ སངས་རྒྱས་ཀུན་གྱི་མཐར་ཐུག་དབང༔ འདི་ཉིད་ཐོབ་ནས་དེ་ཕྱིན་ཆད༔ རྫས་དང་ཚིག་ལ་བརྟེན་པ་ཡི༔ ཀུན་རྫོབ་དབང་ནི་གཅིག་མི་དགོས༔ རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི༔ དབང་མཆོག་ཀུན་གྱི་དམ་པ་ནི༔ སྐད་ཅིག་རེ་ལའང་བྱེ་བ་བསྐུར༔ དེ་བས་སྤྲོས་པ་མང་མི་འཚལ༔ ཐམས་ཅད་འུབ་ཆུབ་རྫོགས་སངས་རྒྱས༔ ཨ་ཏི་བི་ཤུདྡྷ་དྷཱ་ཏུ་ཨ་ཨ༔ འདི་ལྟར་མཉམ་རྗེས་ཀུན་ཏུ་རིག་པ་ཕྱོགས་བྲལ་རྒྱ་ཡན་གསལ་སྟོང་རང་ཤར་རང་གྲོལ་གྱི་ངང་ལ་ཞེན་འཁྲིས་མེད་པར་སྦྱངས་པས། རིག་པའི་ངོ་བོ་གང་དུའང་མ་གྲུབ་པའི་སྐྱེ་མེད་སྟོང་པ་ཉིད་ཀྱི་ཆ་དེ་ཆོས་སྐུ། དེའི་རང་མདངས་འགགས་མེད་དུ་འཆར་བ། ས་ལེ་ཡེར་རེ་ཧྲིག་གེ་གསལ་ལ་དེར་འཛིན་གྱིས་མ་བསླད་པའི་ཆ་དེ་ལོངས་སྐུ། དེ་ལྟར་གསལ་བཞིན་དུ་སྟོང་། སྟོང་པའི་ངོ་བོ་གསལ་བ། གསལ་སྟོང་རང་བཞིན་དབྱེར་མི་ཕྱེད་པ་ཟུང་འཇུག་གི་རྩལ་རང་ཤར་རང་གྲོལ་དུ་འཆར་བའི་ཆ་དེ་སྤྲུལ་པའི་སྐུ། དེ་གསུམ་དབྱེར་མི་ཕྱེད་པའི་ཆ་ངོ་བོ་ཉིད་སྐུ་རང་ལ་གནས་པ་ངོ་འཕྲོད་པར་གྱིས་ཤིག །ཅེས་བྱས་ལ་ཤིས་པ་བརྗོད། དེའང་ཨ་ཏི་ཡོ་གའི་སྒྲ་ལས་རྩོལ་བྲལ་གྱི་རྫོགས་རིམ་མཐར་ཐུག་སྟོན་ཅིང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པས་ཤིན་ཏུ་རྣལ་འབྱོར་ཞེས་བྱ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོ་ངོ་བོ་བྱ་རྩོལ་ལས་འདས་པ་གདོད་ནས་ཡེ་སངས་རྒྱས་པར་ཤེས་པས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་པར་བྱ་དགོས་ཤིང་། གཉིས་འཛིན་བློས་རྟོག་གིས་བསྲུང་དུ་མེད་པ་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞི་ལས་འདའ་བར་མི་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་དང་། ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཆོ་གའི་རྗེས་རིམ་རྣམས་དབང་སྒྲུབ་ཏུ་སྨྲོས་པ་ལྟར་བྱའོ།། །། ༈ བཅུ་པ་རིགས་གསུམ་འདུས་པ་ཕྲིན་ལས་དང་བཅས་པའི་དབང་ལ། ཁྲུས་བྱ། བགེགས་གཏོར་གཏང་ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་གཅད། སེམས་བསྐྱེད་གསལ་གདབ་ལ། འདིར་སྐབས་སུ་བབས་པ་ཀུན་བཟང་རྡོ་རྗེ་སེམས་དཔའི་ཐུགས་བཅུད། སངས་རྒྱས་གཉིས་པ་པདྨཱཀ་རའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་སྙིང་གི་ཐིག་ལེའི་སྨིན་བྱེད་ཀྱི་རིམ་པ་ལས་བཅུ་པ་བསྐྱེད་རྫོགས་ཁོག་ཕུབ་ལས་བྱུང་བའི་རིགས་གསུམ་འདུས་པའི་དཀྱིལ་འཁོར་དང་འགྲོ་འདུལ་ཕྲིན་ལས་ཀྱི་དབང་བསྐུར་རྣམས་རིམ་བཞིན་སྒྲུབ་པ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐེག་པ་མཆོག་ལ་མོས་པ་དང༔ གསང་སྔགས་འབྲས་བུ་འཐོབ་བྱའི་ཕྱིར༔ བླ་མ་མགོན་པོར་གུས་འདུད་ན༔ རེ་བ་ཐམས་ཅད་རྫོགས་པར་མཛོད༔ ལན་གསུམ། དེ་ནས་གོང་གི་རྒྱུད་རྒྱུད་འཇམ་དཔལ་རྡོ་རྗེའི་སྐབས་ལྟར། མིག་དར་མེ་ཏོག་སྦྱིན། རྒྱུན་བཤགས། དམ་ཚིག་གཟུང་། དམ་ཆུ་སྦྱིན། ཡེ་ཤེས་དབབ་པའི་སྐབས། སློབ་མ་མི་དམིགས་སྟོང་པའི་ངང་། ཁྲི་མཆོག་པདྨ་ཉི་ཟླའི་སྟེང༔ ཞེས་རིགས་འདུས་མངོན་རྟོགས་ལྟར་ལ། ཕྱག་གཉིས་རིན་ཆེན་པི་ཝང་བསྒྲེང༔ གཉིས་ཀ་དར་དང་རིན་པོ་ཆེ༔ རུས་པའི་རྒྱན་ལྡན་འོད་ཟེར་འབར༔ གནས་གསུམ་འབྲུ་གསུམ་སོགས་དང་སྤྱན་འདྲེན་ཚིག་བསྒྱུར། སྙིང་པོ་རྣམས་ཀྱི་ཤམ་དུ་འབེབ་སྔགས་བཏགས་པ་བརྗོད། བསྟིམ་ཞིང་བརྟན་པར་བྱ། མེ་ཏོག་འདོར་འཆིང་མིག་དར་དགྲོལ། ལྷ་ངོ་བསྟན། དངོས་གཞིའི་མཎྜལ་དང་གསོལ་གདབ་བྱ། དབང་དངོས་གཞིའི་དང་པོ་བུམ་པའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཧཱུྃ༔ སྣོད་བཅུད་དག་པའི་བུམ་པ་རུ༔ ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས༔ ཕུང་ཁམས་སྐྱེ་མཆེད་ཀུན་སྦྱངས་ནས༔ བདེ་ཆེན་སྐུ་གསུང་ཐུགས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་མོས་ཤིག །དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་རྩའི་དྲི་མ་དག །ལམ་སྣང་སྟོང་ཟུང་འཇུག་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་འཇམ་དཔལ་རྡོ་རྗེ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་ལྗགས་ཐོག་ཏུ་བཞག་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ ལྷན་སྐྱེས་ཡེ་ཤེས་སྐྱེད་པའི་རྒྱུ༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ། རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་ནུབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་དག །ལམ་རང་བྱིན་བརླབས་ཀྱི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞི་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་མེད་དུ་བརྟན་པར་གྱུར་པ་མོས་ཤིག །ཕྱག་རྒྱའམ་རྡོར་པད་གཏད་ལ། ཧཱུྃ༔ བདེ་ཆེན་གསང་བའི་ཡུམ་མཆོག་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདྲེན༔ གཉིས་མེད་བདེ་བའི་ཏིང་འཛིན་མཆོག༔ གང་དུའང་མི་གནས་རྣམ་པར་གྲོལ༔ མ་ཧཱ་སུ་ཁ་ཧོ། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པ་དོན་དམ་ངོ་སྤྲོད་རིག་པ་རྩལ་གྱི་དབང་གི་སླད་དུ། རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། དབྱིངས་ཀ་དག་ནང་གསལ་སྤྲོས་པ་དང་བྲལ་བ་ལས་རིག་གདངས་ལྷུན་གྲུབ་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་ཡང་ངོ་བོ་ལས་ནམ་ཡང་མ་གཡོས་པའི་དོན་གོ་བར་མཛོད་ལ་མཉམ་པར་ཞོག་ཅིག །འཇའ་ཤེལ་བསྟན་ལ། ཨེ་མ་ཧོ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ གཞི་ནི་ཀ་དག་ཀུན་ཏུ་བཟང༔ ལམ་ནི་ལྷུན་གྲུབ་རྡོ་རྗེ་སེམས༔ འབྲས་བུ་རིགས་ལྔའི་སྙིང་པོ་ཅན༔ བྲི་གང་མེད་པར་བཞུགས་པ་ལ༔ རང་བྱུང་ཆེན་པོའི་ཡེ་ཤེས་རྩལ༔ རིག་དང་མ་རིག་དབྱེ་བ་ཡིས༔ འཁོར་འདས་རྒྱབ་གྱེས་གྱུར་པ་འོ༔ ཨེ་མ་ཧོ༔ སེམས་ཉིད་མ་བཅོས་རྗེན་པར་བུད༔ ཆོས་སྐུ་ཟང་ཐལ་ཉིད་དུ་གནས༔ རོལ་པ་འགགས་མེད་ཤར་བ་རྣམས༔ ཆོས་ཉིད་རྒྱན་དུ་ཤེས་པར་བྱ༔ གདོད་ནས་གྲོལ་བའི་ངོ་མཚར་ཅན༔ རང་ཤར་རང་གྲོལ་ངང་དུ་བསྐྱང༔ ནང་དབྱིངས་ཤེལ་དང་འཇའ་ཚོན་བཞིན༔ རྐྱེན་གྱིས་ཕྱི་རུ་ཤར་བ་ལ༔ གཉིས་མེད་ཟུང་འཇུག་ངང་དུ་བསྒོམ༔ སྣང་བ་དང་ནི་མཆེད་པ་དང༔ ཚད་དུ་ཕེབས་དང་ཟད་པ་ཡིས༔ ཀུན་བཟང་དགོངས་པ་རྫོགས་པ་འོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ལམ་ཀ་དག་དང་ལྷུན་གྲུབ་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ།། །།དེ་རྣམས་ཀྱིས་དཀྱིལ་འཁོར་རྩ་བའི་དབང་བཞི་གྲུབ། དེ་ནས་རིགས་གསུམ་འགྲོ་འདུལ་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་གསུམ་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ སྐུ་གདུང་འབར་བའི་དངོས་གྲུབ་དབང༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ མཆོད་རྟེན་ཐོགས་ལ། གསེར་སྦྱངས་ལས་གྲུབ་མཆོད་རྟེན་གྱི༔ བུམ་པ་གཞལ་ཡས་ཁང་ཆེན་དབུས༔ རིགས་གསུམ་འདུས་པའི་ལྷ་ཚོགས་བཞུགས༔ དེ་ལས་སྐུ་གདུང་གྲངས་མེད་སྤྲོས༔ རྡོ་རྗེའི་སློབ་མ་ལ་ཐིམ་པས། །སངས་རྒྱས་མཛད་པ་སྒྲུབ་པར་གྱུར༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ སྐུ་གདུང་དབང་མཆོག་སྦྱིན་པར་བྱ༔ ཨོཾ་རཏྣ་ཙཻཏྱ་པཉྩ་ཡི་བི་བི་སཱ་ར་སྭཱ་ཧཱ༔ ཏདྱ་ཐཱ༔ སཱུཀྵྨེ་སཱུཀྵྨེ༔ ཤཱནྟེ་ཤཱནྟེ༔ ནི་ར་ཀུ་ལེ༔ ཡ་ཤོ་ཏེ་ཛོ༔ སརྦ་བུདྡྷེ༔ ཨ་དྷིཥྛཱ་ན༔ ཨ་དྷིཥྛི་ཏེ༔ ཨ་ནུ་མི་དི་སྭཱ་ཧཱ༔ ཞེས་མཆོད་རྟེན་གྱི་དབང་བསྐུར་རོ། །རིང་བསྲེལ་ཐོགས་ལ། ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས༔ རིང་བསྲེལ་འོད་ཀྱི་གོང་བུའི་ཚོགས༔ ནམ་མཁའི་མཐའ་ཁྱབ་སྤྲོ་ཞིང་བསྡུ༔ སློབ་མ་རྣམས་ལ་ཐིམ་པ་ཡིས། །སངས་རྒྱས་མཛད་པ་སྒྲུབ་པར་གྱུར༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ རིང་བསྲེལ་དབང་མཆོག་སྦྱིན་པར་བྱ༔ ཨོཾ་མ་ཧཱ་ཤ་རཱི་རཾ་གི་ལི་གི་ལི་ཧཱུྃ་ཕཊ༔ ཅེས་དབང་བསྐུར། རིལ་བུ་ཡོད་ན་སྦྱིན། ཤེས་རབ་རིལ་བུའི་དབང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ ཤེས་རབ་རིལ་བུའི་དངོས་གྲུབ་དབང༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ཞེས་ལན་གསུམ། དེ་ནས་རིལ་བུ་ཐོགས་ལ། ལྷ་རྣམས་བདུད་རྩིའི་གོང་བུར་གྱུར༔ མྱོང་བས་ལུས་གང་བདེ་ཆེན་བསྐྱེད༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ བློ་གྲོས་སྣང་བ་རྒྱས་པར་གྱུར༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ ཤེས་རབ་རིལ་བུའི་དབང་བསྐུར་རོ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ པྲ་ཛྙཱ་ཛྙཱ་ན་སིདྡྷི་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ༔ ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་བཱ་ཙ་སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ༔ སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་བཟླ་ཞིང་རིལ་བུ་སྤྱི་བོར་བཞག་ངག་ཏུ་སྦྱིན། དབང་རྫོགས་དཀྱུས་གཅིག་ཏུ་བསྐུར་བའི་ཚེ་འོག་ནས་འབྱུང་བའི་དུད་སོལ་མའི་རྗེས་གནང་འདིར་བྱའོ།། །།མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་གསུམ་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ འཆི་མེད་ཚེ་ཡི་དངོས་གྲུབ་དབང༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ལན་གསུམ། ཚེ་དབང་རིགས་གསུམ་སོ་སོར་སྦྲེལ་ན། འཇམ་དཔལ་སྒྱུ་འཕྲུལ་སོགས་བསྒྱུར་བ་དང་། བྱིན་འབེབ་ལའང་སོ་སོའི་གཙོ་རྐྱང་བསྐྱེད་དགོས་ཀྱང་། འདིར་རིགས་འདུས་ལ་སྦྱོར་སྐབས་གོང་གསལ་རིགས་འདུས་ཀྱི་བྱིན་འབེབ་བསྐྱར་ནས་བྱེད་ལ་བརྟན་པར་བྱ། ཚེའི་རྣམ་རྒྱལ་བུམ་པ་ཐོགས་ལ། ཧཱུྃ༔ རིན་ཆེན་དཔལ་གྱི་བེ་འུ་ནས༔ འགུག་པའི་ལྷ་མོ་མགྱོགས་མ་བཞི༔ ཙཎྜ་ལཱི་ཡི་རྣམ་པར་སྤྲོས༔ སྟོང་ཁམས་མ་ལུས་ཀུན་བསྐུལ་ནས༔ འབྱུང་བ་ལྔ་ཡི་བཅུད་རྣམས་བསྡུས༔ མཐུ་ལྡན་རྣམས་ཀྱི་ཚེ་འཕྲོགས་ནས༔ རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་ཚེ༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསྐྱིལ༔ ཕྱག་རྒྱས་བཀུག་ཅིང་བུམ་པར་བསྡུས༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་རྩ་འགྲུབ༔ འགྱུར་བ་མེད་པར་རྒྱས་ཐོབས་ཤིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སོགས་ཀྱིས་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་བླུད། ཚེ་རིལ་ཚེ་ཆང་སྦྱིན་ལ། ཧཱུྃ༔ ཁམས་གསུམ་ཀུན་གྱི་བཅུད་སྡུས་ལ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་རྒྱུན༔ ཚེ་ཡི་དབང་བསྐུར་རྡོ་རྗེའི་རྒྱ༔ ཐབས་ལ་མཁས་པའི་དབང་མཆོག་ནི༔ རིགས་གསུམ་འདུས་པས་བསྐུར་དུ་གསོལ༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཅིང་། མེ་ཏོག་མནྡཱ་ར་བའི་ཆར་སིལ་མར་བསྙིལ་བས་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པའི་མོས་པ་མཛོད། ཡེ་དྷརྨཱ་དང་ཞལ་ནས་གསུངས་པའི་ཚིགས་གཅད་སྔོན་དུ་འགྲོ་བས་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ཁྱད་པར་རྨད་དུ་བྱུང་བའི་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་ཐུགས་ཀྱི་ཐིག་ལེའི་དབང་བསྐུར་ཡན་ལག་བཅས་ཡོངས་སུ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ་ཚོགས་མཆོད་ནས་ཤིས་བརྗོད་བར་ཕྲིན་ཆོག་ཏུ་བཤད་པ་ལྟར་བྱའོ།། །། ༈ བཅུ་གཅིག་པ་བསྟན་སྲུང་དུད་སོལ་ལྷ་མོའི་རྗེས་གནང་ལ། སྒེར་དུ་བྱེད་ན། ཁྲུས་བགེགས་བསྐྲད་སོགས་བྱ། སྔར་གྱི་འཕྲོས་སུ་བསྐུར་ན་དེ་དག་མི་དགོས། འདིར་ངོ་བོ་དབྱིངས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་རྣམ་པར་རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་གཙོ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྐུར་བཞེངས་པ་ཁྲག་འཐུང་དུད་པའི་སོལ་བ་མ་ཞེས། འཕགས་བོད་མཁས་གྲུབ་ཀུན་གྱིས་ཁྱད་པར་དུ་བསྔགས་ཤིང་ཟབ་གཏེར་འདི་ཉིད་ཀྱི་བཀའི་གཉེར་ཁ་འཛིན་པའི་སྲུང་མའི་དབང་མོ་ཆེན་མོའི་རྗེས་སུ་གནང་བ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འདིར། ལས་བཞིའི་རྫས་ཀྱི་མཎྜལ་ཕུལ༔ ཞེས་གསུངས་པ་ལྟར་འཛོམ་ན་རྟེན་འབྲེལ་ཆེའོ། །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་རིགས་ཀུན་བདག་པོ་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ མ་གཤིན་དྲེགས་པ་ཀུན་གྱི་རྗེ༔ བསྟན་སྲུང་ཆེན་མོའི་སྲོག་དབང་སྩོལ༔ ཅེས་ལན་གསུམ་བྱ། དེ་ནས་རྒྱུད་སྦྱོང་བའི་སླད་དུ་བླ་མ་རིགས་གསུམ་མགོན་པོའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། དེ་ལྟར་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། མདུན་གྱི་གཏོར་མ་དང་ཁྱེད་རང་སློབ་མ་རྣམས་སྐད་ཅིག་གིས་དཔལ་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ་ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི་གཉིས་པ་ན་བྷཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི་གཉིས་པ་ན་ཏྲི་ཤཱུ་ལ་དར་དཔྱང་ཅན་འཛིན་པ། མི་རོ་རངས་པོ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང་གཡོན་ན་སེང་གེས་བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱི་སྨད་དཀྲིས་པ་ལ་ཀླུའི་རྒྱལ་པོ་གཤིབས་པས་སྐ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། ཐུགས་ཀར་ཉི་མ་ལ་གནས་པའི་བྷྱོ་ལས་འོད་ཟེར་འཕྲོས། རང་བཞིན་གྱིས་གྲུབ་པའི་དཔལ་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ སོགས་གཏེར་གཞུང་སྤྱན་འདྲེན་ཚང་མ་དང་སྔགས་རོལ་བཅས་ནན་ཏན་བསྐྱེད་ལ་སྙིང་པོའི་མཐར། ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཱི། ཞེས་སྐུ་སྤྱི་བོར་བཞག །ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཨོཾ། དེས་སྐུའི་རྗེས་སུ་གནང་བ་ལེགས་པར་ཐོབ་པས་ལྷ་སྐུ་སྒོམ་པ་ལ་དབང་བའོ། །གསུང་བཟླས་པ་སྔགས་ཀྱི་ལུང་གི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལྷ་མོའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་ཞིང་དམ་ཚིག་དྲན་པར་བྱས། སྔགས་ཕྲེང་ལས་འོད་ཟེར་གྱི་རང་བཞིན་སྔགས་ཕྲེང་གཉིས་པ་འཕྲོས། སློབ་མ་ལྷར་གསལ་བའི་ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་སྒོམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་དྷོཏྶི་ཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ། ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་ཤམ་བུ་ཡང་སྦྱར། སྔགས་བྱང་མགྲིན་པར་བཞག་པས་བརྟན་པར་གྱུར་པའི་མོས་པ་མཛོད། ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཨཱཿ སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་གོ །དེས་གསུང་གི་རྗེས་སུ་གནང་བ་ལེགས་པར་ཐོབ་པས་བཟླས་བརྗོད་སྔགས་ཀྱི་འཕྲུལ་འཁོར་ལ་དབང་བ་ཡིན་ནོ། །ཐུགས་གཉིས་མེད་ཡེ་ཤེས་ཀྱི་ཀློང་དུ་བསྲེ་བ་ནི་སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས་ཀུན་ཁྱབ་ཀུན་བཟང་ལྷ་མོ་དང་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡིན་ནོ། །སྙིང་གར་དྲི་བཟང་གི་ཐིག་ལེ་བཀོད་ཅིང་། ཨོཾ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་པས་འོད་གསལ་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་བ་ཡིན་ནོ། །ཡོན་ཏན་གཏོར་མ་ལ་བརྟེན་ནས་དམ་ཚིག་བསྲེ་བ་ནི། གཏོར་མ་སློབ་མའི་ལག་ཏུ་གཏད་ཅིང་། ཧཱུྃ་བྷྱོ༔ དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ ཞེས་གཏེར་གཞུང་གི་བསྟོད་པ། རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པའི་བར་བཏང་ལ་མཐར། ཁྱད་པར་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རིག་འཛིན་བརྒྱུད་པས་བཀའ་བསྒོས་ལྟར༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས༔ ས་མ་ཡ་སྨ་ར་རཀྵནྟུ༔ གཏོར་མ་ལ་བདུད་རྩི་བྲན། སློབ་མ་ལ་བདུད་རྩི་སྦྱིན། སློབ་དཔོན་གྱིས་རྡོ་རྗེ་གདེངས་ཤིང་དམ་བསྒྲག་པ་ནི། ཧོ༔ འདི་ནི་གསང་བའི་བདུད་རྩི་སྟེ༔ དམ་ཚིག་བསྲུངས་ན་མཆོག་དངོས་འགྲུབ༔ ཉམས་ན་སྲེག་པར་འགྱུར་བ་ཡིན༔ དེ་ཕྱིར་བུ་དང་སྲུང་མ་གཉིས༔ ཕན་ཚུན་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ༔ དེ་དག་ནི་ཡོན་ཏན་གཏོར་མ་ལ་བརྟེན་ནས་རྡོ་རྗེའི་སློབ་མ་དང་སྲུང་མ་གཉིས་དམ་ཚིག་བསྲེ་བའོ།། ཕྲིན་ལས་ཕྱག་མཚན་གྱི་དབང་བསྐུར་བ་ནི། དཔལ་ལྡན་ལྷ་མོའི་ཐུགས་ཀ་ནས་ཡེ་ཤེས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ་པར་གྱུར། དེ་ཡང་ཕྱག་མཚན་བཞིས་ཕྲིན་ལས་འགྲུབ་པ་སྟེ། ཤཀྟི་ལ་བརྟེན་ནས་ཞི་བ། ཐོད་ཁྲག་ལ་བརྟེན་ནས་རྒྱས་པ། རྩེ་གསུམ་ལ་བརྟེན་ནས་དབང་། རལ་གྲི་ལ་བརྟེན་ནས་དྲག་པོའི་ཕྲིན་ལས་འགྲུབ་པས་ཕྱག་མཚན་ལག་ཏུ་གཏད་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ་བྷྱོ༔ ཞི་དང་རྒྱས་དང་དགུག་པ་དང༔ མངོན་སྤྱོད་དམོད་པས་གྲུབ་པ་ཡི༔ མ་མོའི་ཕྱག་མཚན་ཁྱོད་ལ་གཏད༔ རྣམ་བཞིའི་ཕྲིན་ལས་ཡོངས་རྫོགས་ཤོག༔ སརྦ་ཀརྨ་ཀུ་རུ་ཧོ༔ དེས་ཕྲིན་ལས་ཕྱག་མཚན་ལ་བརྟེན་ནས་ལས་རབ་འབྱམས་ལ་དབང་བའི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །རྟེན་འབྲེལ་སྙིང་པོ་དང་། སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པའི། ཁྲག་འཐུང་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་བསྟན་སྲུང་ཀུན་གྱི་གཙོ་མོ་དཔལ་ལྷ་མོ་ཁྲག་འཐུང་དུད་པའི་སོལ་བ་མའི་རྗེས་གནང་རྒྱས་པ་ཐོབ་པའི་ཕན་ཡོན་ཀྱང་གཞུང་ལས། འདིས་ནི་མ་མོ་གྲིབ་བཞིན་འགྲོགས༔ རྟག་ཏུ་གསོལ་མཆོད་བརྩོན་པར་བྱ༔ ཞེས་གསུངས་པ་ལགས་པས་དེང་ནས་བསྙེན་སྒྲུབ་དང་གསོལ་མཆོད་ལ་རྟག་ཏུ་བརྩོན་དགོས་པས་དེ་ལྟར་བྱ་བའི་བློས་དམ་བཅའ་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་ཆོ་གའི་རྗེས་སྡུད་སྤྱི་ལྟར་བྱས་པས་འགྲུབ་བོ། །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་དང་། །མཛད་པའི་ཕྲིན་ལས་གཅིག་བསྡུས་རྒྱལ་སྲས་མཆོག །རྣམ་གསུམ་སྒྲུབ་ཐབས་བྱེ་བའི་སྙིང་པོ་ཡི། །སྨིན་བྱེད་ཡན་ལག་དང་བཅས་བཀླག་ཆོག་ཏུ། །ཟབ་ཆོས་མངའ་བདག་ཟུང་གི་ཕྱག་བཞེས་དང་། །གསུང་རྒྱུན་འཁྲུལ་མེད་གསལ་བར་བཀོད་པའི་དགེས། །འདི་བསྟན་ཕྱོགས་མཐར་བརྡལ་བས་མཐའ་ཡས་འགྲོ། །རིགས་ གསུམ་རྒྱལ་བའི་རྣམ་ཐར་ལ་འཇུག་ཤོག །ཅེས་རིགས་གསུམ་སྙིང་ཐིག་རྩ་བ་བསྡུས་ཆེས་པས་རྟོགས་དཀའ་ཞིང་ཕྱག་ལེན་འདྲ་མིན་འགའ་ཞིག་འདུག་ཀྱང་གཙོ་བོར་གཏེར་གཞུང་ཉིད་ལ་ཞིབ་མོར་དཔྱད། ༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་བཞེས་རྩ་བར་བཟུང་། གཏེར་ཆེན་ཉིད་ཀྱི་ཕྱག་ལེན་དང་ཡང་མི་འགལ་ཞིང་འཐད་འོས་རྣམས་ཀྱིས་ཁ་བསྐངས་ཏེ། ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

གུ་རུའི་བདུད་རྩི་བུམ་ཆུང་ (Volume 29, Text 27)

༄༅། །གུ་རུའི་བདུད་རྩི་བུམ་ཆུང་ཞེས་བྱ་བ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ། ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །རྒྱལ་པོས་ཞུས་པ། སྙིགས་མའི་དུས་སུ་རིམས་ནད་འབྱུང་བའི་རྒྱུ་ཅི་ལགས། ངོ་བོ་གང་ལགས། བཅོས་ཐབས་དུ་ཡོད་ཅེས་ཞུས་པས། གུ་རུས་བཀའ་བསྩལ་པ། རྒྱལ་པོས་ཞུས་པ་ལེགས་སོ། །བསྐལ་པ་དུས་ཀྱི་སྙིགས་མ་ལ། གཉན་ནད་བདུན་དྲུག་མ་བྱ་བས། འཛམ་གླིང་མི་ཡི་བཞི་ཆ་ཕྱགས་མས་བདས་བཞིན་འཆི་བ་ཡིན་ངེས་པས། དེ་ལ་བཅོས་ཐབས་ཤིན་ཏུ་གཅེས་པས། མངའ་བདག་གི་ཐུགས་ལ་ཞོག ཁོང་ལྷོག་ནག་པོ་གཉན་གྱི་ནད། འདི་ལ་གནས་ནི་ནམ་མཁའ་ལ་གནས། མི་ལ་བབས་ན་ནད་རིགས་བཞི་ཡོད། དོན་གཅིག་ལས་མེད། གཉན་ནད་ཡིན། འདི་ལ་བབས་ས་བཞི་ཡོད། ནད་གཞི་གང་ཡོད་པར་འབབ། །མིང་ནི་སྲིན་བུ་པར་པ་ཏ་བྱ་བ་ཡིན། རྒྱུ་ནི་གདོན་གྱིས་བྱེད། འཇུག་ནི་བ་སྤུའི་བུ་ག་དང་སྣ་ནས་འཇུག །བཅོས་ཐབས་བཞི་ཡོད། སྨན་གཅིག་ལས་མེད། སྨན་གཏའ་བཞི་ཡོད། ནད་རིགས་མང་པོ་ཡོང་། ལྷ་རྗེ་དང་ནད་གཡོག་ཀུན་ལ་འགོ །སྲུང་མཚམས་ནི་ཡུག་ས་ཕོ་དང་མོ་གཉིས་ཉི་མ་རྒས་ནས་མི་གཏོང་། ནད་འདི་ལ་ནག་པོ་གསུམ་སྒྲིལ་བྱ། ཚེ་ཟད་པ་དང་མ་ཟད་པ་མེད། ན་སོ་དག་ལའང་རྒན་གཞོན་མེད། མར་ལ་སྤུ་གྲིའི་སོ་དང་འདྲ། གྲོང་ཁྱེར་ཐམས་ཅད་སྟོང་པར་འགྱུར། འདི་ལ་གཙུག་ཏོར་འདོན། རྣམ་རྒྱལ་གྱི་འཁོར་ལོ་འདོགས། རྫས་ཀྱིས་བྱུག །སྔགས་བཟླ། ཕག་རྒོད་ཀྱི་འཁོར་ལོ་འདོགས། སྨན་པས་རྟོག་མེད་མཚོན་ཆའི་འཁོར་ལོ་འདོགས་སོ། །རྫས་སྔགས་བཟླས། ནད་པའི་མགོ་བྱང་དུ་བསྟན། ནད་ཕོག་ནས་ཞག་གསུམ་ཚུན་ཆད་ལ་སྨན་ཐོན་ན་སོས་སོ། །ནད་བཞི་ཀའི་སྨན་གླ་རྩི་ཡིན། སྨན་གཏའ་བཞི་ནི། བ་ར་འབྲི་མཛོ་བཞིའི་འོ་མ་དང། བུ་རམ། ར་དཀར་མོའི་ཁྲག །ཆང་དང་བཞི་ཡིན། འཇང་ཡུལ་གྱི་བཤལ་ནད་ཞེས་ཟེར། མ་མོའི་རིམས་ནད་ཞེས་ཀྱང་ཟེར། མགོ་ལ་བབས་ན་གླད་གཟེར། ཉྭ་ལ་བབས་ན་ཉྭ་ལོག །རོ་སྟོད་ལ་བབས་ན་གཟེར་ཐུང་ཡས་བབས་སུ་ཡོང་། རྒལ་ཚིགས་དང་བརྒྱུད་པ་ལ་བབས་ན་འཛུམ་བུ་ལྟག་དགྱེ་ཟེར། ལྷོག་པ་ནག་པོ་རྒྱུ་ཁོལ་ཡང་ཟེར། འདི་ལ་བཟང་སྨན་མང་པོ་བཏང་པས་ཁོའི་རོགས་སུ་འགྲོ། གནད་ལ་བབས་པས་ཡུན་རིང་བཅོས་ལོངས་མེད། ནད་གཞི་གང་ཡོད་ཐོག་ཏུ་འབབ་གསོ་དཀའ་བས་སྲོག་ལ་རྒོལ། དྲི་ཆུ་བསྡམས་ན་བྱི་ཁུང་ཁ་ཤར་བསྟན་པའི་ས་བླངས་ནས་དུགས་བྱ། ཁོང་དུ་གླ་རྩི་དང་སྨན་གཏོང་། ར་ལྤགས་ཀྱི་སྟེང་དུ་གན་རྐྱལ་དུ་ཉལ་ལོ། ༈ །ཡང་སྲོག་རྩ་ལ་བབས་ན་རྟགས་འདི་ཡོང་། རྡོ་རྒྱབ་པ་བཞིན་ཡོང་། སྐབས་སུ་ན་ཞིང་སྐབས་སུ་ཅི་ཡང་མིན་ཟེར་བར་ཤེད་ཕྱུང་པར་འགྲོ། མར་ལ་བཤལ་ཡོང་། ལུས་དགྱེ་བོར་འགྲོ། རྔུལ་འབྱུང་། ཡར་ལ་སྐྱུག་ཡོང་། སོ་གཙིགས་མདངས་འཆོར། ལུས་དྲོད་ཆེ་ཆུང་གཉིས་ཀ་འོང་། ཁྲག་ནག་པོ་འཁྲུ་སྐྱུག་བྱུང་ན་སོས་མི་སྲིད། ཞག་བདུན་ཚུན་ཆད་ལ་འཆི་ངེས་སོ། སྲོག་རྩ་ལ་ཞུགས་པའི་རྟགས་ཡིན་ནོ། །དེའི་བཅོས་ཐབས་ལ་ཕུར་མོ་ནག་པོ་བསྐོལ་ལ་གྲངས་སུ་བཅུག །དེ་ལ་གླ་རྩི་དང་ཤུ་དག་བཏབ་ལ་ཡོག་ཚད་བླུད། གླ་རྩི་དང་ཤུ་དག་ནག་པོ་དང་སྤང་སྤོས་ཀྱིས་བྱུག་པ་བྱ། དྲི་ཆུ་དང་སྲད་ནག་དང་ལྷ་ཁང་གྱོ་མོའི་དུགས་བྱ། འདི་དང་སུ་མགྱོགས་ཡིན། འཇིགས་དངངས་དང་ངུ་རྒོད་བྱེད་དོ། རྩ་ལ་སྡོད་ཡོང་། ༈ ནད་འདི་མཆིན་པ་ལ་ཟུག་ན་རྟགས་འདི་ཡོང་། མགོ་ན་སོ་ལ་དྲེག་པ་ཆགས། ཁ་སྐོམ་དང་ཁ་མི་བདེ། རྔུལ་ཆུ་བཞིན་འབབ། ཉལ་འདུག་གང་བྱས་ཀྱང་མི་བཟོད། མཆིན་པའི་རྩ་འབུར་ལ་འདྲིལ། ཞག་ལྔ་ལ་ལྷག་པར་ན། དྲུག་ལ་ན་ན་བདུན་ལ་སྣ་ཁྲག་ཤོར་ནས་གཟའ་རྒྱབ་པ་བཞིན་སོང་ནས་གནད་གཅོད་མེད་པར་ཤེད་ཆུང་ཉལ་སོང་ནས་འཇམ་ཉལ་ཏེ་འཆི། ནད་འདིའི་ཆུ་མདོག་ནི་དམར་པོ་དང་། སེར་པོ་དང་། ནག་པོ་གང་ཡང་ཡོང་། མཁུན་པ་ཆེ་ཆུང་གཉིས་ག་ཡོང་། མཆིན་པའི་རྩ་ནི་འབུར་ལ་འདྲིལ། ཚད་པ་ཆེ། དེ་མཆིན་པ་ལ་ཟུག་པའི་རྟགས་ཡིན། དེ་བཅོས་པའི་ཐབས་ལ་ཕུར་མོང་ལ་གླ་རྩི་བཏབ་ལ་གྲང་ཐང་བཏང་། བུ་རམ་དང་སྦྱར་ལ་བཏང་། རྔུལ་བྱུང་ན་ཆུ་གྲང་བླུད། རྗེས་ལ་སྲིན་བཤལ་གྱི་སྦྱོང་བཏང་ངོ་། མགོ་ན་བ་ལ་བ་ཤ་ཀ་དང་པི་པི་ལིང་རྡོག་པོ་བདུན་དང་། གོ་སྙོད་ཨ་རུ་ར་རྣམས་གདུས་པའི་ཁུ་བ་ག་བུར་དང་སྦྱར་ལ་གཏང་ངོ་། །མཆིན་པ་མ་ཞུ་ན་སྨན་བཏང་ན་སོས་ཡོང་། ཡང་གླ་རྩི་དང་གི་ཝང་གཉིས་ཕུར་མོང་གི་ཐང་གིས་འཕུལ། འདི་རང་གི་གཉེན་པོ་མ་ཤེས་ན་སྨན་བཟང་པོ་བཏང་ཡང་དོན་མེད་འགྱུར་རོ། ༈ །ནད་འདི་མཁལ་མ་ལ་ཟུག་ན། རྟགས་ནི་སྐྱིགས་བུ་འོང་ལུས་ལ་ཐོར་པ་ཡོང་གླང་ཐབས་སུ་ལྡང་། རྐང་ལག་ན་བ་དང་། བཤལ་བ་དང་། རྩ་སྔོན་ཆུ་དམར་གྲང་ཤུམ་བྱེད། རྐང་ལག་གྱོང་པ་ཁ་སྡོང་འཕྲིག་པ། མིག་གྱེན་དུ་ལྡོག་ནས་དྲང་པོར་བལྟ་མི་ཤེས་པ་དང་། རྩིབས་ཐུང་གཟེར་བ་དང་། སྤྱི་མིག་ན་བ་དང་། གཟེར་མིག་ཏུ་ན་བ་ཡོང་། ནད་མཁལ་ཚིལ་ལ་ཞུགས་ནས་དྲོད་ཆུང་པ་ན་ཞག་གསུམ་ནས་འཆི། དེ་བཅོས་ཐབས་ལ། ཕུར་མང་སྐོལ་བ་ཐུན་རེ་གཏང་། གླ་རྩི་དང་པི་པི་ལིང་དང་། སྒ་སྐྱ་དེ་རྣམས་ཁོང་དུ་བཏང་། ཕག་ཤ་ཉ་ཤ་རྣམས་བཙོས་ལ་བཏང་། ལུང་ཐང་རྩེ་མ་རུ་རྩེ་བྱི་ཏང་ཀ་དེ་རྣམས་རིལ་བུ་བྱས་མར་དཀར་གྱིས་བསྟུམས་ལ་ཁོང་དུ་བཏང་། དུགས་རིགས་ཐམས་ཅད་བྱ། མཁན་པ་འབྲུ་མར་འབའ་ཆ་སྒ་སྐྱ་རྣམས་ཀྱི་དུགས་ཤ་ལ་རས་སྲབ་མོ་བླན་ལ་ཚུགས་ཚད་བྱ། ༈ ནད་འདི་ལོང་ལ་ཟུག་ན་རྟགས་འདི་ཡོང་། ལུས་ལ་སྲིན་ཁྲོས་པས་འབོར་འབོར་པོ་དང་རོང་རོང་ཡོང་། ཁ་སྐམ་མིག་ཁྲོ་ཚུགས་སུ་བལྟ། རྒྱུ་སྨད་ལྟེ་བའི་འོག་ཏུ་ན། དྲི་ཆུ་བསྡམ། རྐང་ལག་རེང་། ལུས་ཀྱི་བ་སྤུ་གྱེན་ལ་ལྡོག །ཐེད་པོ་ཀྱང་རེང་། བྲང་ལ་ཐོར་པ་འབྱུང་། སྐད་མི་ཐོན། ལུས་རྔུལ་ཟག་པ་ཁྲག་ཏུ་འོང་། སྐབས་སུ་འཁྲུ་བ་འོངས། རྒྱུ་ལོང་ལ་བབས་པའི་རྟགས་སོ། །དེ་བཅོས་ཐབས་ལ། ཕུར་མོང་སླ་ངའི་ནང་དུ་རྫ་ཕོར་ཁ་སྦུབ་ཐ་མ་འདམ་པས་བསྐོར་ཏེ་དུ་བ་མི་འཆོར་བ་བྱས་ནས་བསྲེགས་པའི་ཐལ་བ་དང་། སྲིན་སྨན་ཚོགས་ཚད་རིལ་བུ་བྱས་ནས་མར་གསར་གྱིས་བསྟུམས་ནས་ཕུར་མོང་གི་གྲང་ཐང་གིས་ཕུལ་ལ་བཏང་ངོ་། །གླ་རྩི་ཆང་དང་སྦྱར་བ་ཡང་བཏང་ངོ་། །ནད་འདི་མི་སོས་པའི་རྟགས་བཞི་ཡོད། སྐད་ཆད་ན་མི་སོས། བཤང་ལམ་ནས་ཁྲག་ནག་པོ་བྱུང་ན་མི་སོས། རོ་སྟོད་དགྱེས་ན་མི་སོས། འདར་ཅིང་སྣ་གཉེར་ན་འཆི། གཟབ་ལ་ངོས་ཟིན་པ་གལ་ཆེའོ། མངའ་བདག་གི་ཐུགས་ལ་དེ་ལྟར་ཞོག ༈ །ནད་འདི་འབྱུང་བའི་རྒྱུ་ནི། བླ་མའི་བཀའ་བཅག་པ། སྔགས་པས་དམ་ཚིག་ཉམས་པ། བཙུན་པ་མང་པོའི་དགེ་འདུན་སྡེ་འཁྲུག་ན་འོང་། ༈ སྲུང་བ་ལ་འཁོར་ལོ་རྩིབས་ལྔའི་དང་པོ་ལ་འདི་འབྲི། ཨཱོཾ་ཨཱོཾ་དྷེ་བ་ནན་ཏེ་སད་ཀ་རུ་ནན་ཏེ་སད། རྩིབས་གཉིས་པ་ལ། ཨཱོཾ་ཨཱོཾ་བྲམ་ཟེ་བྲམ་སད། བཤོག་ཟི་བཤོག་སད། ཨཱོཾ་ཨཱོཾ་ཞུང་ཚེ་ཞུང་སད། ཤོག་བི་ཤོག་སད། གསུམ་པ་ལ། ཨཱོཾ་གནམ་ལྕགས་རྡོ་རྗེ་ཁ་ལ་བྲམ། གནམ་ལྕགས་རྡོ་རྗེ་དུ་མ་བྲམ། བཞི་པ་ལ། གནམ་ལྕགས་རྡོ་རྗེ་ཐིབ་སོད། ཨཱོཾ་ཕེ་ཁྱིམ་ནི་སྭཱ་ཧཱ། ལྔ་པ་ལ། ཨཱོཾ་ཀ་རུ་ན་ཙ་ལེ་ཧཱུྃ་ཕཊ། རྟོག་མེད་ཀྱི་འཁོར་ལོ་རྫོགས་སོ། ༈ །ལྟེ་བ་ལ། ཁྲོམ། མཐར་ཕོ་འཁོར་ལ་ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། དང་། མོ་འཁོར་ལ་ཨོཾ་ཕེ་ཁྱིམ་སྭཱ་ཧཱ། དེ་མཐར་སྤེལ་ཚིག་དང་བཅས་པ་བྲི། རྩིབས་མཆན་དང་པོ་ལ། ཏདྱ་ཐཱ། ཨི་ལི་གི་ཝ་སུ་ལི་ཨི་གི་སྭཱ་ཧཱ། གཉིས་པ་ལ། ཏདྱ་ཐཱ་ཧ་ག་མ་ཧ་མ་ཧ་ལི། ཧ་མ་ཧ་མ་སྭཱ་ཧཱ། གསུམ་པ་ལ། ཏདྱ་ཐཱ་བདག་ལ་བཛྲ་གྷནྡྷེ་ཀན་ཙ་དུར་མི་ཨེ་གེ་ཧེ། བཞི་པ་ལ། ཀན་དེ་ཧི་ཀནྡྷེ་ཙ་དུར་མི་ལི་ཨི་གི་ཧི། ལྔ་པ་ལ། ག་ན་ཧུ་ནི་ཨཱརྱ་སྭཱ་ཧཱ། དེ་རྒྱབ་མུ་ཁྱུད་ལ་ཡི་དམ་སྔགས་ཤམ་ཨཱ་ལི་ཀཱ་ལི་ཡེ་དྷར་སྤེལ་ཚིག་བཅས་བྲི། འབྲི་བའི་རྫས་ནི། བཙན་དུག་ཤུ་དག་གུ་གུལ་ཤིང་ཀུན་ལྡོང་རོས་གླ་རྩི་བ་བླ་སྣག་ཚྭ་དང་བསྲེས་ལ་ཕག་པ་གཉིས་བྲི། གཅིག་གི་སྔགས་མགོ་ནང་དུ་བསྟན་པ་བྲི། གཅིག་ཕྱིར་ལ་བསྟན་པ་བྲི། ཁ་སྦྱོར་བྱས་འདོགས་སོ། །དགེའོ། །བཀྲ་ཤིས། ྀཨཚ། མངྒ་ལཾ།། །།

བཅོམ་ལྡན་འདས་རྟ་མཆོག་རོལ་པ་གཉེན་པོ་ལྷ་བཞིའི་སྒྲུབ་ཐབས་ཡང་སྙིང་ (Volume 46, Text 27)

༄༅། །བཅོམ་ལྡན་འདས་རྟ་མཆོག་རོལ་པ་གཉེན་པོ་ལྷ་བཞིའི་སྒྲུབ་ཐབས་ཡང་སྙིང་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱྀ་ཝ་ཡ། སྐྱབས་སེམས་ནི། ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་འཐོབ་བྱའི་ཕྱིར། །དབང་ཆེན་ལྷ་ཚོགས་བསྒྲུབ་པར་སེམས་བསྐྱེད་དོ། །མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ། སྟོང་ཉིད་དབྱིངས་ལས་ཡེ་ཤེས་སྒྱུ་མའི་འཕྲུལ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་པའི་བྱེ་བྲག་ནམ་མཁའི་མཐའ་ཀླས་པ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ལྷ་བསྐྱེད་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཁྱབ་པའི་སྙིང་རྗེ་ཆེན་པོས་སེམས་ཅན་དོན། །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སེམས་ཀྱི་མཚན་ཉིད་ཡི་གེ་ཧཱུྃ་དུ་གྱུར། །བཛྲ་ཙིཏྟ་ཧཱུྃ། ཨེ་ཡཾ་ར་ཤ་ཀེཾ་རཾ་བྷྲཱུྃ། ཧཱུྃ་ལས་ཨེ་འཕྲོས་གྲུ་གསུམ་མཐིང་ནག་ཨེ། །ཧཱུྃ་ལས་ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་སྟེང་། །ཧཱུྃ་ལས་ར་འཕྲོས་ཁྲག་གི་རྒྱ་མཚོར་གྱུར། །ཧཱུྃ་ལས་ཤ་འཕྲོས་ཤ་ཆེན་ས་གཞིར་བརྡལ། །ཧཱུྃ་ལས་ཀེཾ་འཕྲོས་རུས་པའི་རི་རབ་བརྩེགས། །ཧཱུྃ་ལས་རཾ་འཕྲོས་བསྐལ་པའི་མེ་ཕུང་འབར། །ཧཱུྃ་ལས་བྷྲཱུྃ་འཕྲོས་བྷནྡྷའི་གཞལ་ཡས་ཁང་། །ཆུ་སྲིན་སྦྲུལ་ཆེན་ཀ་གདུང་ཉ་སྦལ་ཐོག །བྱ་ཁྱུང་བླ་བྲེ་སྦྲུལ་ཕྲན་ཟ་ར་ཚགས། །དེ་དབུས་ཉི་ཟླ་པདྨའི་གདན་སྟེང་ན། །གཟའ་ཀླུ་ས་བདག་ཕོ་མོ་བསྣོལ་མར་བཏིང་། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲཱུྃ། གདན་སྟེང་ཧཱུྃ་བབས་དེ་ཉིད་ཧྲཱིཿདམར་པོ། །ཡོངས་གྱུར་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་རབ་ཏུ་གཏུམ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བགྲད། །སྨ་ར་སྨིན་མ་དབུ་སྐྲ་དམར་སེར་འབར། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཕྱག་གཡས་རལ་གྲི་རྩེ་ལ་མེ་འབར་འཕྱར། །གཡོན་པ་ཐུགས་ཀར་སྡིགས་མཛུབ་ཞགས་པ་བསྣམས། །དུར་ཁྲོད་ཆས་བརྒྱད་སྦྲུལ་ཆུན་རིན་ཆེན་སྤྲས། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས། །ཡེ་ཤེས་མེ་ཕུང་འབར་བའི་ཀློང་ན་བཞུགས། །དབུ་གཙུག་བྱ་ཁྱུང་རྒྱལ་པོ་སྐུ་མདོག་ནག །རྭ་དང་མཆུ་སྡེར་སྒྲོ་གཤོག་རྣོ་ཞིང་འཚེར། །སྤྱན་གསུམ་ཉི་ཟླ་ལྟ་བུར་གསལ་ལ་འཁྱིལ། །རིན་ཆེན་སྦྲུལ་རྒྱན་ཕྱག་གཡས་སྦྲུལ་བཟུང་ཟ། །རྭ་བར་ཡིད་བཞིན་ནོར་བུའི་ལྟོ་བ་རུ། །པད་ཟླའི་གདན་ལ་བཅོམ་ལྡན་ཚེ་དཔག་མེད། །དཀར་པོ་ཞལ་གཅིག་ཕྱག་གཉིས་ཚེ་བུམ་འཛིན། །གོས་དཀར་ཡུམ་དང་མཉམ་སྦྱོར་གཉིས་ཀ་ཡང་། །ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་རྣམ་པར་བརྒྱན། །གཙོ་བོའི་ཐུགས་ཀར་པདྨ་ཉི་མའི་སྟེང་། །ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་ཁྲོ་གཏུམ་གཡས་པས་རྡོ་རྗེ་འཕྱར། །གཡོན་པས་དྲིལ་བུ་དཀུར་བརྟེན་རིན་ཆེན་སྦྲུལ། །དུར་ཁྲོད་རྒྱན་རྫོགས་གཡོན་བརྐྱང་ཚུལ་གྱིས་བཞུགས། །སོ་སོའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ནི། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཧྲཱིཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿཧཱུྃ་ཕཊ་སྭཱ་ཧཱ། ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿཧྲཱིཾ་ཧྲཱིཾཿཛཿ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་སཏྭཾ། ཨ་ཏི་པཱུ་ཧོཿ ན་མ་ཧྲཱིཾཿ མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨཱརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧྲཱིཿ མཚན་ཙམ་ཐོས་དང་དྲན་པའི་མོད་ཉིད་ལ། །འཆི་བདག་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ། །མི་འགྱུར་ཚེ་ཡི་མཆོག་སྦྱིན་ལེགས་སྩོལ་བ། །བཅོམ་ལྡན་གར་གྱི་དབང་པོར་ཕྱག་འཚལ་བསྟོད། །བདེ་བར་གཤེགས་པ་ཀུན་གྱི་གསུང་རྡོ་རྗེའི། །སྒྱུ་འཕྲུལ་འགྱུར་མེད་རོལ་པ་རྟ་མཆོག་དཔལ། །རྒྱལ་བསེན་ལ་སོགས་ལྷ་སྲིན་སྡེ་བརྒྱད་ཀྱི། །གཉེན་པོ་དབང་ཆེན་དཔལ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་གསང་བ་མ་ལུས་པའི། །མཛོད་འཛིན་ཕྱག་ན་རྡོ་རྗེ་འབར་བའི་རྭ། །གདེངས་པའི་མོད་ལ་གཟའ་ཀླུ་འབྱུང་པོའི་ཚོགས། །ཕྱེ་མར་འཐག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མི་བཟད་སྡེར་མོས་ཀླུ་གཉན་ས་བདག་གི །དོན་སྙིང་དྲངས་ནས་ཞལ་དུ་གསོལ་མཛད་པའི། །དུག་ལྔའི་དབལ་ཀུན་ཡོངས་འཇོམས་ག་རུ་ཌཿ བྱ་ཁྱུང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་འཁོར། །འོད་འཕྲོས་དོན་གཉིས་བྱས་འདུས་རང་ལ་ཐིམ། །སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་། །དཔལ་ཆེན་སྐུ་གསུང་ཐུགས་སུ་འགྲུབ་པར་གྱུར། །ཧྲཱིཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་བ་བཛྲ་པཱ་ཎི་ག་རུ་ཌཿཧཱུྃ་ཕཊཿ ཅེས་ཅི་ནུས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང་། སྔར་བཞིན་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ། ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ནི། སྣོད་བཅུད་འོད་ཞུ་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་རྣམས་གཙོ་བོར་ཐིམ། །དེ་ཡང་མི་དམིགས་སྟོང་པ་ཉིད་ཀྱི་ངང་། །སླར་ཡང་དཔལ་ཆེན་སྐུ་གསུང་ཐུགས་སུ་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །དབང་ཆེན་ལྷ་ཚོགས་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་གཞུང་རྩ་བ་ལས་སྦྱོར་དངོས་རྗེས་ཀྱི་ཡན་ལག་མདོར་བསྡུས་ཏེ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལ་བྷ་བ་ཏུ།། །།

མཎྜལ་རྒྱས་པ་ཚོམ་བུ་སོ་བདུན་མ་ (Volume 49, Text 27)

མཎྜལ་རྒྱས་པ་ཚོམ་བུ་སོ་བདུན་མ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱི་འོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། དེ་ནས། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱ་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་བརྗོད་དོ།། །།

རྡོ་རྗེ་འཆང༔ བལ་མོའི་ཇག་ཆིངས་ལྕགས་མཛོད་ནས་བྱོན་པ་ (Volume 45, Text 27)

༄༅༔ རྡོ་རྗེ་འཆང༔ བལ་མོའི་ཇག་ཆིངས་ལྕགས་མཛོད་ནས་བྱོན་པ་བཞུགས་སོ༔ མུ་སྟེགས་ཀྱི་སྐད་དུ༔ ཨ་བ་ཤྲཱི་པྲ༔ མཁའ་འགྲོ་མའི་སྐད་དུ༔ མཱ་ར་ཡ་ཏི་ཡ་ནི༔ བོད་སྐད་དུ༔ དགྲ་བོ་གསད་པ་དང་བཅིང་བའི་མན་ངག༔ དཔལ་འཇིགས་པ་སྐྱོབ་པའི་ལྷ་ལ་ཕྱག་འཚལ་ལོ༔ གང་གིས་བསྟན་ལ་འཚེ་བ་དག༔ བཅིང་དང་གསད་པའི་ལས་བྱ་བ༔ རྣལ་འབྱོར་ཅན་གྱིས་ལག་ཏུ་ལོངས༔ ཤ་མ་ཏ་ཡི་འཇིག་རྟེན་དུ༔ ཇི་ལྟར་འཁོར་ལོ་བསྐོར་བ་ལྟར༔ ལྔ་བརྒྱ་ཐ་མའི་དུས་ངན་ལ༔ བཅིང་དང་གསད་པའི་དུས་ལ་བབས༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ངན་སྔགས་རྒྱུད་སྡེའི་ནང་ནས་ཀྱང༔ ཤིན་ཏུ་ཟབ་པའི་མན་ངག་བསྡུས༔ དམ་མེད་ལག་ཏུ་སོང་སྲིད་ན༔ སེམས་ཅན་ཁ་ཕུང་རྣམ་སྨིན་ཆེ༔ རང་རྒྱུད་བསྲེག་པར་ཁ་མཆིས་ཏེ༔ ན་རཀ་དམྱལ་བར་ལྟུང་བར་མཆིས༔ དེ་ཕྱིར་རང་ལ་རྒྱས་ཐེབ་ན༔ ལུང་དང་མཐུན་པར་གཏེར་དུ་སྦོས༔ དཔལ་ལྷ་མོ་བལ་མོ་ནག་མོའི་ཇག་ཆིངས་འདི༔ བསྟན་པ་བསྲུང་བའི་མཆོག་གོ༔ རྒྱུན་གྱི་བག་ཆགས་ངན་པས་མི་གོས་པར་བྱ་བའི་ཕྱིར་བྱ་ཐབས་ལྔ་བསྟན་ཏེ༔ བཅིངས་ཏེ་འགྲོ་མི་ཤེས་པར་བྱ་བ་དང༔ བསྡམས་ཏེ་འགུལ་མི་ཤེས་པར་བྱ་བ་དང༔ བསྒྲིབས་ཏེ་སྣང་བ་དགག་པ་དང༔ རྩ་གཅུས་ཏེ་སྐད་ངན་འདོན་དུ་གཞུག་པ་དང༔ ཡིད་དཀྲུགས་ཏེ་དབང་པོ་སྡིགས་པ་དང་ལྔའོ༔ དང་པོ་བཅིང་པ་ནི་ཐལ་ཆེན་དང༔ ཡུངས་ནག་དང༔ སྐྱེ་ཚེ་དང་གསུམ་ལ་སྔགས་འདི་འབུམ་ཕྲག་གསུམ་བཟླས་སོ༔ ཨོཾ་དར་མ་ཀེ་དུ༔ ཀེ་ླྞ་ནན༔ ཤྲཱི་ཏྲུཾ་པ་ལ་མ་ཤྲཱི་ནན༔ ཁ་ཐུཾ་ཡེད་ཡེད༔ དར་མ་ཆུམ་ཆུམ་ཀྲི་ཏི་ཀྱིས༔ སྭཱ་ཧཱ༔ ཉི་ཤུ་རྩ་བརྒྱད་པ་བཅིངས་པའི་སྔགས༔ དབུ་ནོན་ཆོས་ཀྱི་ཡི་གེ་ལྔ༔ ཨོཾ་དར་མ་ཀེ་དུ༔ དབང་སྡུད་འབྲུ་གསུམ་བོན་ཡིག་ཡིན༔ ཀེ་ླྞ་ནན༔ ལས་བྱེད་འབྲུ་བདུན་རྒྱ་ནག་སྔགས༔ ཤྲཱི་ཏྲུཾ་པ་ལ་མ་ཤྲཱི་ནན༔ བྱེ་བ་འབྲུ་བཞི་སྲིན་པོའི་སྔགས༔ ཁ་ཐུཾ་ཡེད་ཡེད༔ དམྱལ་བའི་ཡིག་འབྲུ་བདུན་པ་ཀླུ༔ དར་མ་ཆུམ་ཆུམ་ཀྲི་ཏི་ཀྱིས༔ མཐའ་བསྡུས་པའི་ཡི་གེ་གཉིས༔ སྭཱ་ཧཱ༔ དེ་ལྟར་ཉི་ཤུ་རྩ་བརྒྱད་ནི༔ མ་མོའི་དམོད་པ་ཇག་ཆིངས་ཡིན༔ དྲག་པོའི་ལས་ཀྱི་མཆོག་ཏུ་བཤད༔ ཐུན་རྫས་གསུམ་ལ་འདི་བཟླས་ནས༔ གདོང་ལ་རྒྱབ་ན་འགུལ་མི་ཤེས༔ དགྲ་བོ་བཅིང་བའི་ལེའུ་སྟེ་དང་པོ་འོ༔ རྫོགས་སོ༔ ཧཾ་ཧཾ༔ གཉིས་པ་སྡོམ་པ་ནི༔ མིའི་རྐང་པའི་རུས་པ་དང༔ གཅན་གཟན་རྒྱུས་པས་བཅིང་སྟེ༔ དགྲའི་དྲི་མ་རྐང་རུས་ལ་སྦྱར་ཏེ་བཅིངས་ནས༔ ངན་སྔགས་འབུམ་བཟླས་ཏེ་བཏབ་ན་རེངས་པར་འགྱུར་རོ༔ གདོན་མི་ཟའོ༔ ཨོཾ་ཤྲཱི་ཏྲཱུཾ་པ་ལ་དར་མ་ཀེ་དུ་ཀེ་ཤ་ནན༔ མ་ཤྲཱི་ནན༔ ཁ་ཐུཾ་ཡེད་ཡེད་ནན༔ དར་མ་ཆུམ་ཆུམ་ནན༔ ཀྲི་ཏི་ཀྱིས་སྭཱ་ཧཱ༔ དེ་ལྟར་བྱས་པས་བསྡམ་པར་འགྱུར༔ དགྲ་བོ་སྡོམ་པའི་ལེའུ་རྫོགས་སོ༔ ལོང་དུ་གཞུག་པ་ནི༔ དགྲའི་དྲི་མ་ལ་དགྲ་བོ་དེའི་གཟུགས་བྱས་ལ༔ ངན་སྔགས་འབུམ་བཟླས་པས་དབང་པོ་ཉམས་ནས་མུན་པ་འཐིབས་སོ༔ ཨོཾ་དར་མ་ཀེ་དུ་ཀེ་ཤ་ནན༔ ཎི་ར་ཟུང༔ ཤྲཱི་ཏྲུཾ་པ་ལ་ནན༔ མ་ཤྲཱི་ཎི་ར་ཟུང༔ ཁ་ཐུཾ་ཡེད་ཡེད་ཡེད༔ དར་མ་ཆུམ་ཆུམ་ཎི་ར་ཟུང༔ ཀྲི་ཏི་ཀྱིས་ཁད་ཁས་སྭཱ་ཧཱ༔ དགྲ་བོ་འཐིབ་པར་བྱེད་པའི་ལེའུ་རྫོགས་སོ༔ རྩ་གཅུ་བ་ནི༔ གཟའ་རྒྱབ་པའི་རྐང་རུས་ལ༔ དུག་དང་ཐལ་ཆེན་ལ་ངན་སྔགས་འབུམ་བཟླས་ཏེ་གདབ་པར་བྱ༔ ཀ་ལ་ཀེ་དུ་ཀེ་ཤ་ནན༔ ཤྲཱི་ཏྲུཾ་ཁྲག་ཏིག་རྦད༔ མས་ཏི་རྦད༔ ཤྲཱི་བ་དུ་ལ༔ ཁ་ཐུཾ་ཡེད་ཡེད༔ བཛྲ་ཛ་ཤྭ་ན་མུ་ཀ་ཡ་ཡཱ༔ དེ་ལྟར་བྱས་པས་སྐད་ངན་འདོན༔ ཆོ་ངེས་འདོན༔ ཤིན་ཏུ་ཡ་ང་བ་ཆེན་པོའི་ལས་ཡིན་ནོ༔ དགྲ་བོའི་རྩ་གཅུ་བའི་ལེའུ་རྫོགས་སོ༔ ཡིད་དཀྲུག་པ་ནི༔ དགྲའི་རྫས་ལ་ལིང་ག་བཅས་ལ༔ ཐོད་པའི་ནང་དུ་གཞུག༔ ཉུངས་དཀར་ཉུངས་ནག་སྐྱེ་ཚེ་གསུམ་ལ་ཐུན་རྫས་ངན་སྔགས་འབུམ་བཟླས་ལ་བྲབ་བོ༔ སྔགས་ཕོ་མོ་དབྱེ་བའི་ལས་སྔགས་འདི་བཟླས་སོ༔ ཨོཾ་དར་མ་དར་མ་ཆུམ་ཆུམ༔ ཡེད་ཡེད༔ ཁ་ཐུཾ་ཁ་ཐུཾ༔ ཤ་ཏྲུཾ་ནི༔ ཤྲཱི་པ་ལ་མ་ཤྲཱི་ནན༔ ཀྲི་ཏི་ཀྱིས་ཀེ་དུ་ཀེ་ླྞ་ནན༔ སྭཱ་ཧཱ༔ དེ་ཡིས་དགྲ་བོ་དབང་པོ་འཐིབ་ཅིང་འཁྲུག་པར་འགྱུར་རོ༔ ཡིད་དཀྲུག་པའི་ལས་རྫོགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལམ་དུ་གཅན་འཕྲང་གི་འཇིགས་པ་འོང་བས༔ ནུས་པ་དེ་ཉིད་དུ་བསྟན་པའི་ཕྱིར༔ མུ་སྟེགས་ཀྱི་མཁན་པོ་དྷ་ན་རཀྴ་ལ༔ ཇག་ཆིངས་ཞུས་པས༔ བལ་མོའི་ཇག་ཆིངས་འདི་གནང་ངོ༔ པདྨས་ལོག་བྱེད་མང་པོ་བཅིངས་ནས༔ བོད་ཡུལ་དབུས་སུ་བྱོན་པས༔ སྤེལ་བའི་དུས་ལ་མ་བབས་པར༔ གཏེར་དུ་སྦེད་པའི་བཀའ་རྒྱ་དང་ཞལ་གདམས་གསུངས་པ༔ ཨེ་མ་ཧོ༔ སངས་རྒྱས་བསྟན་པའི་ཐ་མ་ལ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུ་ཞིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་དགོན་པར་རྒྱལ་པོའི་བླ་གཏེར་སྦས༔ སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་ཀ་རུ༔ དུས་ཀྱི་སྙིག་མ་ལྔ་བརྒྱ་ལ་འགྲོ་བའི་བདེ་སྐྱིད་ཟད༔ མི་ལོ་མང་པོ་མི་ཐུབ་ཀྱང་གཞན་གྱི་སྲོག་གཅོད༔ ཟས་ངན་ལྕི་བ་ཟ་ཞིང་མི་ངན་དཔོན་བྱེད་པས༔ ཕ་དང་བུ་འཐབ་དཔོན་གཡོག་བྱེ་ཞིང་འབྲལ༔ ཆོས་པས་ཆོས་བཞིན་མི་བྱེད་ཆོས་རྭ་རུ་འཛིང༔ རང་སྡུག་མི་ཁ་བསྡུས་ནས་ངན་སོང་འཁྱམས་པར་མཆིས༔ སྐྱེ་བོ་མནའ་ཟ་ཆོས་པའི་ཡོ་བྱད་འཕྲོག༔ ཐ་མ་ཀླུ་ནད་སྨྱོ་འབོག་བྱུང་ནས་ཕུང་བར་འགྱུར༔ སྔགས་པ་སྒོམ་སྒྲུབ་ལོག་པ་ཆོས་སྐྱོང་འདྲེ་རུ་ཟ༔ སྔགས་པ་ནུས་པ་མི་འབྱུང་དོན་མེད་བྲག་ཆ་འདྲ༔ སྒྲུབ་ཀྱང་ནུས་པ་མི་འབྱུང་བྱུང་ཡང་སྒྲུབ་ལོང་མེད༔ ཡུན་རིང་མི་སྒྲུབ་སྙིང་རུས་མེད་པས་ལེན༔ དུས་མཐའ་ཡི་གེས་ཕྲོག་པར་དབྱར་ཚོད་མཆིས༔ སློབ་དཔོན་མང་པོ་བཙལ་ནས་མན་ངག་ཟེ་གཏོགས་བྱེད༔ ཡིག་སྣ་ཕྲན་མང་གསོགས་ནས་ལས་རྣམས་ཀུན་ལ་བརྩམས༔ མཐུ་རྡུག་རང་བརླག་བྱེད་པར་དབྱར་ཚོད་མཆིས༔ རང་ལུས་ཚགས་སུ་མ་ཚུད་དྲེགས་པའི་སྲོག་འཕྲོག་བྱེད༔ བསྙེན་པ་རྟགས་དང་མི་ལྡན་ལས་ལ་སྦྱོར་བར་རིངས༔ སྒྲུབ་པ་མཐར་ཕྱིན་མི་ནུས་དམ་ཅན་རྣམས་ལ་འཁང༔ རང་ལ་ཚེ་ཐུང་ནད་མང་ཡོང་བར་དབྱར་ཚོད་མཆིས༔ ལས་ལ་སྤྱད་ཀྱང་དོན་མེད་འཁྲུལ་པའི་རྒྱུ༔ དད་པ་རྒྱུད་ལ་མེད་པས་རྣལ་འབྱོར་སྤྱོད་པ་འཆོལ༔ དཔེ་ཆ་མང་པོ་སོག་ཅིང་བླ་མ་ཐབས་ཀྱིས་སྤོང༔ བླ་མ་དེ་ལ་ཞེ་འཁོན་འགྲན་སེམས་བྱེད༔ དབང་དང་དམ་ཚིག་རྣམས་ལ་རང་བཟོས་ཚོད་བྱེད་དར༔ འདིར་འཕུང་ཕྱི་མ་དམྱལ་བར་འགྲོ་བ་དབྱར་ཚོད་མཆིས༔ དེ་ཕྱིར་དུས་ཀྱི་ཐ་མར་དམ་ལོག་བན་བཙུན་མང༔ ཉོན་མོངས་རང་རྒྱུད་སྤྱོད་པའི་རིགས་དང་མི་འཕྲད་ཤོག༔ ཆོས་བྱེད་སྙིང་རུས་ལྡན་ཞིང་འགྲོ་དོན་བྱེད་པའི་རིགས༔ ཟང་ཟང་ལྷ་བྲག་རྐེད་ནས་ཟབ་མོའི་གཏེར་ཆེན་འདོན༔ དེ་དུས་ལས་ཅན་སེམས་ཅན་མང་པོ་འདུལ་ཕྱིར་དུ༔ ངོ་མཚར་ཁྱད་པར་ཅན་གྱི་མན་ངག་བརྒྱ་རྩ་གཅིག༔ གཏེར་ན་ཡོད་པ་བླངས་ཏེ་ཉམས་ལེན་བྱས་པ་ཡིས༔ དགེ་བ་རྒྱ་ཆེན་བསྒྲུབས་ནས་དུས་འདིར་བསྟན་པ་འཛིན༔ དེ་ཕྱིར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏོད༔ གཞན་ལ་མ་སྤེལ་སངས་རྒྱས་བསྟན་པའི་སྤྱི་དོན་མཛོད༔ རྒྱ་རྒྱ་རྒྱ༔ གྷུ་ཡ་ཁ་ཐཾ༔ རང་བྱུང་བལ་མོ་ནག་མོའི་ངན་སྔགས༔ ཇག་ཆིངས་ཁྱད་པར་ཅན་འདི༔ མུ་སྟེགས་དྷ་ན་རཀྴ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཞུས་ནས་བོད་དུ་བྱོན་པ་ལ༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་དཔེ་བཞི་ལ་བཀོད་ནས༔ མཐའ་འདུལ་རུ་བཞིའི་བཙུག་ལག་ཁང་དུ་སྦས་པ་ལ་ཡན་ལག་མ་ཚང་བ་ཡོད་དོ༔ འདི་ལ་ཡན་ལག་ཚང་བར་བཀོད་ནས་ཟང་ཟང་ལྷ་བྲག་ལ་སྦས་སོ༔ བསྟན་པ་འཇིག་ལ་ཐུག་ན་སྤྱད་པར་བྱ༔ རང་དགར་དུས་མིན་སྤྱད་ན་དམྱལ་བར་སྐྱེ་ངེས༔ མ་མོའི་ཇག་ཆིངས་ཀྱི་ཁ་བྱང་རྫོགས་སོ༔ སྲིན་པོའི་སྐད་དུ༔ ཀྱི་དུར་སུ་ལ་ཐཱ་དུ་ཏ་དུ་ར་ཐཱ༔ བོད་སྐད་དུ༔ མི་རྒོད་བཅིང་བ་དང་གསད་པའི་ངན་སྔགས༔ དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ མ་མོའི་ཇག་ཆིངས་འདི་ལ༔ རྫས་དང་སྔགས་དང་ལས་སྦྱོར་དྲུག་སྟེ༔ རྫས་ནི་བསེ་ཞོ་ནག་པོ་རྙེད་ན་རབ༔ བསེ་ཞོ་མ་རྙེད་ན་ཐར་ནུ་མའི་ཞོ་ནག་དང༔ བྲག་ལ་ཟ་བའི་ཟེ་ཚྭ་དང༔ ར་དུག་དང༔ མུ་ཟི་ནག་པོ་དང༔ བ་ལུ་བསྲེགས་པའི་སོལ་ཕྱེ་དང༔ མེ་ལ་བསེ་ཞོ་རླངས་པ་ཕྱིར་མ་ཤོར་བར་སྐམ་པ་དང༔ བཙན་དུག་གི་སྣ་བསྲེགས་པ་དང༔ དངུལ་ཐལ་དང༔ བསེ་འབུར་ཕྱེ་མ་དང༔ ཁྱིའི་སྦྲེ་ལ་སོགས་པའི་སྦྲེ་སྣ་ཚོགས་ཆ་མཉམ་ལ༔ དར་ཚགས་ནས་བཏོན་ལ༔ དོང་བུའི་ནང་དུ་བླུགས་པར་བྱའོ༔ སྔགས་འདི་ཡུངས་དཀར་ལ་ཐུན་བཟླས་པ་འདིའོ༔ ཨོཾ་དར་མ་ཀེ་དུ༔ ཀེ་ླྞ་ནན༔ ཤྲཱི་ཏྲུཾ་པ་ལ་མ་པྲི་ཤྲཱི་ནན༔ ཁ་ཐུཾ་རུ་ཡེད་ཡེད༔ མ་དྷ་ར་ལ་ཆུམ་ཆུམ༔ ཀྲི་ཏི་ཀྱིས་སྭཱ་ཧཱ༔ བཀླགས་པས་འགྲུབ་པའི་ངན་ངག་ཡིན་ཏེ༔ དང་པོ་བསྙེན་པ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ་བཟླས་སོ༔ ལས་དང་སྦྱོར་དུས་བརྒྱ་དང་སྟོང་བཟླས་སོ༔ ལས་སྦྱོར་དྲུག་ནི་དེ་ལྟར་གྲུབ་ནས་བཅིང་བ་དང༔ དབང་པོ་སྡོམ་པ་དང༔ མིག་ལོང་དུ་གཞུག་པ་དང༔ རྩ་བཞི་གཅུ་བ་དང༔ ཡིད་དཀྲུག་པ་དང༔ གསད་པ་དང་དྲུག་གོ༔ ལག་ཏུ་བླང་བ་ནི༔ དགྲ་ནམ་བྱུང་དུས་སུ༔ རླུང་ཕྱོགས་རྩིས་ཏེ་རྫིའི་ཕྱོགས་ནས་ས་ཆར་ལ་དོང་བུའི་ཐུན་རྡེག་གོ༔ ཁ་སྣ་མིག་དང་གསུམ་ལ་གཏོར་བ་གལ་ཆེའོ༔ དུས་དེ་ཉིད་དུ་ལས་སྦྱོར་དྲུག་ཚང་བ་ནི༔ ལུས་ལ་ཕོག་པས་འགྲོ་མི་ཤེས་ཏེ་བཅིངས་པ་ཡིན་ནོ༔ དྲི་ཚོར་བས་འགུལ་མི་ཤེས་ཏེ་བསྡམས་པ་ཡིན་ནོ༔ མིག་ལ་ཕོག་ན་མི་མཐོང་སྟེ༔ ལོང་བ་ཡིན་ནོ༔ སྣ་ལ་ཕོག་སྟེ་རྩ་བཞི་འཁུམས་འགྲོ་བས་གཅུ་བའོ༔ ཁ་ལ་ཕོག་ན་ཡིད་འཁྲུགས་པས་དཀྲུགས་པའོ༔ ཁོང་དུ་སོང་ན་ལྐུགས་ཏེ་འཆི་བས་བསད་པ་དང་དྲུག་གོ༔ མུ་སྟེགས་མཁས་པའི་ངན་སྔགས་དང༔ དྲག་པོའི་རྫས་རྒོད་བསྡེབས་པ་ཡིན༔ ཤིན་ཏུ་གསང་བའི་ཇག་ཆིངས་འདི༔ དུས་ངན་བསྟན་པ་འཇིག་པའི་ཚེ༔ བརྒྱབ་ན་རྡོ་རྗེའི་བྲག་ཀྱང་འཇིགས༔ སྲོག་ཆགས་རྣམས་ལ་སྨྲོས་ཅི་དགོས༔ ལོག་བྱེད་མ་རུངས་འདུལ་བའི་ཕྱིར༔ ལྷ་མོ་ནག་མོའི་ངན་སྔགས་འདི༔ སྐལ་ལྡན་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དཔལ་ལྡན་ལྷ་མོའི་ཇག་ཆིངས་དྲུག་པ་རྫོགས་སོ༔ དཔལ་ལྡན་ལྷ་མོའི་ཇག་ཆིངས་ཀྱི་ཏི་ཀ༔ དང་པོ་གནས་དབེན་པར་ཐུན་དོང་གཙང་བའི་ནང༔ མཁའ་འགྲོ་མའི་ལུགས་བྱེད་ན༔ རྫས་གསུམ་བླུགས༔ ཐལ་ཆེན༔ ཉུངས་ནག༔ སྐྱེ་ཚེའོ༔ སྲིན་མོ་ནག་མོའི་ལུགས་བྱེད་ན༔ བསེ་ཞོ་ལ་སོགས་རྫས་རྣམས་བླུགས༔ རང་སྨྲ་བ་བཅད་ལ་མི་གསེབ་ཏུ་མི་འཁྱམས༔ སྒོག་ཙོང་མི་ཟ༔ མཆིལ་མ་ས་ལ་མི་སྐྱུར༔ བུད་མེད་དང་མི་ཉལ༔ རང་གིས་བསྙེན་པ་འབུམ་ཕྲག་གསུམ་བཟླ༔ ཞག་ཉི་ཤུ་རྩ་གཅིག་ན་རང་ལ་རྟགས་མྱུར་བར་འོང་སྟེ༔ རང་བཅིངས་པ་སྙམ་བྱེད་པ་འོང༔ རླུང་གིས་ཁྱེར་བའི་འཇག་མ་ལ་རྟགས་འོང་སྟེ༔ ཐུན་རྒྱབ་པས་མི་འགུལ་བ་ཡིན༔ རི་གཟར་གྱི་རྦབ་ལ་ཐུན་རྒྱབ་པས་མི་འགྲིལ་བར་འོང་ངོ༔ དེ་ཙམ་ན་སྲོག་ཆགས་ལ་བྱ་སྟེ༔ ལམ་ཁའི་མགྲོན་པོ་ལ་ཐུན་རྒྱབ་པས་མི་འགུལ་བར་འཆིང་བ་དང་དགྲ་བོ་བཅིང་ངོ༔ ཞག་ཉི་ཤུ་རྩ་གཅིག་ནས་འགྲུབ་ངེས་སོ༔ ྀཨཚ༔ མ་ར་ནི་ནཾ་ཨེ་ཏྲ་བྷི་ས་ནུ་ཀརྨཱ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་ལྷ་མོའི་ཇག་ཆིངས་ལ༔ འདི་བཀླགས་པས་འགྲུབ་པའི་རིག་སྔགས༔ བརྩམས་པས་འགྲུབ་པའི་ངན་སྔགས་ཡིན་པས༔ དུས་མ་ཡིན་པར་བྱས་ན་རང་ཉིད་ཚེ་ཐུང་བ་དང༔ ལོངས་སྤྱོད་ཆུང་བས་ཤིན་ཏུ་གསང་སྟེ་སྤྱད་པར་བྱའོ༔ གལ་ཏེ་ཇག་ཆིངས་འགྲོལ་མ་ཤེས་ན༔ རྣམ་པར་སྨིན་པའི་སྡིག་པ་ཆེ་བས༔ ལྡེ་མིག་འདིས་བཀྲོལ་བར་བྱའོ༔ དང་པོ་གང་བཅིང་བའི་ས་ལ༔ སྔགས་འདི་ཉི་ཤུ་རྩ་གཅིག་བཏབ་ནས་ཧཱསྭཱསཀྱིཏིཀྲི༔ མཆུམཆུལརདྷམ༔ དཡེདཡེརུཐུཾཁ༔ ནནཤྲཱིམལཔཏྲུཾཤྲཱི༔ ནནླྞཀེ༔ དུཀེམརདཨོཾ༔ དབང་པོ་ཉམས་ན་ཆུའི་ཐུན་བྱ༔ ལུས་འདར་ན་སའི་ཐུན་བྱ༔ རེངས་ན་རླུང་གི་ཐུན་བྱས་ཏེ་ཕུས་བཏབ༔ ཡང་རྫིའི་ཕྱོགས་སུ་གདོང་བསྟན་ལ་སྔགས་རྫི་ཕྱོགས་ནས་རྡེག་གོ༔ གང་བྱེད་ཀྱང་དགྲ་བོ་དེའི་ལུས་ལ་རྫས་བྱུགས་སམ་གཏོར་བས་གྲོལ་བར་འགྱུར་རོ༔ རྗེས་ཀྱི་ཇག་ཆིངས་སྲིན་པོའི་ལུགས་འགྲོལ་ན༔ ཀ་ར་དཀར་པོ་དང༔ མ་གི་ཏས་བྱ༔ ཨ་རུ་ར་གསེར་མདོག་དང༔ མར་དཀར་སྐོལ་བ་ལ་བཏབ་ལ་གཏང༔ མར་དཀར་སྐོལ་བ་ལ་ཨ་མྲྀཏ་བཏབ་ལ་ཁོང་དུ་གཏང༔ སྔགས་གོང་མ་དང་འདྲའོ༔ དེས་གྲོལ་བར་འགྱུར་རོ༔ ཇག་ཆིངས་འགྲོལ་བའི་ལྡེ་མིག་ྀཨཚ༔ རྒྱ་རྒྱ་རྒྱ༔ སྔོན་གྱི་དུས་ན་དཔལ་ལྡན་ལྷ་མོའི་ཇག་ཆིངས་འདི༔ སྲིན་པོའི་དམག་བདུན་འབུམ་གྱིས་ལྷ་མོ་དེད་པ༔ ལྷ་མོས་ཡི་དམ་གྱི་ལྷ་ལ་སྐྱབས་བོས་པ་དང༔ ཡུམ་ཨེ་ཀ་ཛཱ་ཊི་ནམ་མཁའ་ལ་བྱོན་ཏེ༔ དྲེགས་པའི་སྟོབས་འཕྲོག་ལྷ་མོ་ཉིད་ལ་གཏད་པས༔ སྲིན་པོ་ཐམས་ཅད་བཅིངས་སོ༔ དེ་ནས་ལྷ་མོ་ནག་མོས་བར་སྣང་གི་ཁམས་སུ་བྱོན་ཏེ༔ སངས་རྒྱས་ཀྱི་བསྟན་པ་བསྲུང་ནུས་པའི་སྐལ་ལྡན་ཞིག་ལ་གཏོད་པར་འདོད་པས༔ མཁའ་འགྲོ་བདུད་འདུལ་མ་ལ་བཤད༔ དེས་སྲིན་པོའི་རིག་འཛིན་བློ་གྲོས་ཐབས་ལྡན་ལ༔ རྫས་སྦྱོར་གྱི་ལེའུ་བཤད༔ མུ་སྟེགས་དྷ་ན་རཀྴ་ལ༔ ཕྱི་ཐུན་རྫས་གསུམ་ལ་བརྟེན་པར་བཤད་ཅིང༔ རྫས་སྦྱོར་སྲིན་པོའི་ཡུལ་ན་ཡོད༔ ཅེས་ལུང་བསྟན་པས༔ དྷ་ན་རཀྴས་སྲིན་པོ་ལངྐ་མགྲིན་བཅུའི་ཡུལ་དུ་ཕྱིན་ཏེ་ཞུས་སོ༔ ཇག་ཆིངས་འདི་སྒྲུབ་པའི་དམ་ཚིག་ཏུ༔ མཁས་པ་ལྟ་བ་རྟོགས་པ་གསུམ་གྱིས་ཆོས་ལ་བློ་གཏད་དབང་ཐོབ་རྣམས་ཀྱི་དམ་ཚིག་མ་ཉམས་པར་བསྲུང་བ་གལ་ཆེ༔ གཟའ་སྐར་བཟང་པོའི་དུས་ན་སྒྲུབ་པ་ལ་འཇུག༔ རང་གིས་བསྙེན་པ་འབུམ་ཕྲག་གསུམ་བསྐྱལ་དགོས་སོ༔ གར་ཐོད་ཐོད་བྱར་མི་རུང༔ བསྟན་པ་འཇིག་པ་ལ་ཐུག་ན་ཁ་ཕྱེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཡུལ་སྡེ་བཅོ་བརྒྱད་ཁ་བརྒྱུད་ནས༔ དྲག་སྔགས་ངན་སྔགས་ཀུན་བཙལ་བས༔ ཇག་ཆིངས་ཁྱད་པར་འཕགས་པ་འདི༔ བལ་མོ་རོ་ཟན་ཐོད་ཕྲེང་དང༔ མུ་སྟེགས་དྷ་ན་རཀྴ་ལ༔ དཀའ་བ་སྤྱད་ནས་ཞུས་པ་ཡིན༔ བལ་མོའི་རྒྱུད་སྡེ་ཆེན་པོ་ནས༔ ལེ་འུ་དགུ་པའི་རྟོག་པ་འདི༔ ཇག་ཆིངས་ཡིན་པས་ཟུར་དུ་བླངས༔ བོད་དུ་ཡོང་བས་ངན་སྔགས་འདི༔ དུས་ལ་མ་བབས་གཏེར་དུ་སྦེད༔ དགུན་ཟླ་ར་བའི་ཚེས་གསུམ་གྱི༔ སྔ་དྲོའི་དུས་སུ་ཡི་གེར་བཀོད༔ སློབ་དཔོན་ངན་ལམ་ཡིག་མཁན་གྱིས༔ དཔེ་ལ་བྲིས་ནས་སོ་སོར་སྦེད༔ ཡན་ལག་ཚང་བ་གཅིག་ལ་བཀོད༔ ཟང་ཟང་ལྷ་བྲག་རྐེད་ལ་སྦས༔ ནམ་ཞིག་བསྟན་པའི་ཐ་མ་ལ༔ ཆོས་བྱེད་དགེ་བ་ནུབ་ནས་ཀྱང༔ ཇག་འཇོམས་ནང་འཁྲུག་བྱེད་པ་འོང༔ དེ་དུས་གཏེར་འདི་རྙེད་པར་ཤོག༔ ལས་ཅན་གཅིག་དང་འདི་འཕྲད་ནས༔ བསྟན་པ་ཡུན་དུ་གནས་པར་གྱིས༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ ལྕགས་མཛོད་ནག་པོའི་ཁ་ཕྱེ་ནས༔ ཞིང་བཅུ་འདུལ་བའི་དྲག་སྔགས་བརྒྱ༔ མཚོན་འདྲ་དུག་འདྲ་ཐོག་འདྲ་ཡོད༔ མ་གཡེལ་སྒྲུབས་ཤིག་རྟགས་ཐོན་པས༔ ཕོངས་པ་ཁ་ཞན་རྒྱབ་རྟེན་གྱིས༔ དར་གྲགས་འཕན་པོའི་གཉའ་བ་ཆོགས༔ དགེ་འདུན་སྡེ་གཉིས་དར་བར་གྱིས༔ ལྷ་ཁང་གླེགས་བམ་མང་པོ་བཞེངས༔ ཆོས་ཁྲིམས་དགེ་བའི་དཔེ་ལུགས་ཚུགས༔ འཁོར་སྲུངས་དགྲ་བགེགས་ཕྱིར་ལ་ཟློགས༔ བདུད་ཐུལ་དམག་འཁྲུག་ཞི་བར་གྱིས༔ སངས་རྒྱས་བསྟན་པ་ཡུན་དུ་སྲིངས༔ བྱ་ཐབས་ལྕགས་མཛོད་ནག་པོར་ལྟོས༔ ཞེས་གསུངས་སོ༔ བལ་མོའི་ཇག་ཆིངས་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དམ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ྀཨཚ༔ ༈ ཇག་ཆིངས་ཆ་ལག་གི་སྒྲིབ་ཤིང་བཞུགས་སོ༔ ལྔ་བརྒྱ་སྙིགས་མ་རྩོད་ལྡན་དུས༔ དམག་འཁྲུག་མི་རྒོད་དགྲ་རྐུན་དར་བའི་ཚེ༔ མཐའ་མིས་ཡུལ་དབུས་ཞུགས་ཏེ་ཕུང་བར་བྱེད༔ དབེན་གནས་ཇག་པས་འཇོམས་པའི་དུས་བྱུང་ན༔ སྒྲིབ་ཤིང་མན་ངག་འདི་ལ་ཉམས་ལེན་མཛོད༔ འདི་ལ་དགོས་པའི་མན་ངག་རྣམ་པ་གསུམ༔ ཡུལ་ཕྱོགས་ལུང་པ་སྒྲིབ་དང་རང་ཉིད་སྒྲིབ༔ གཅེས་པའི་ནོར་སྦ་དགྲ་རྐུན་བསྲུང་བའོ༔ དང་པོ་ཡུལ་ཕྱོགས་ལུང་པ་ནི༔ འུག་པའི་སྤུ་རུ་བྱི་ལ་ནག་པོའི་སྤུ༔ ཁྭ་ཏིའི་སྒྲོ་ལ་སྔགས་འདི་སྟོང་རྩ་གཅིག༔ བཏབ་ལ་རང་གི་ལུས་ལ་བཅང་བར་བྱའོ༔ ན་མོ་རུ་ཏྲ་ཡ་ཧཾ་རི་མི་རི་སྭཱ་ཧཱ༔ ལུང་པ་དམག་གིས་གང་ཡང་མི་མཐོང་ངོ༔ རང་ཉིད་བསྲུང་ན་འཇག་མ་སོར་བཞི་ལ༔ སྔགས་འདི་སྟོང་བཏབ་རྣ་ལྟག་གཡས་སུ་གཟུགས༔ ལྷ་འདྲེ་མི་གསུམ་དགྲ་ཡིས་མི་མཐོང་ངོ༔ ནོར་ལ་དགྲ་རྐུན་ཇག་པ་བསྲུང་འདོད་ན༔ མི་ཡི་མཁྲིས་པ་རོ་སོལ་ནག་པོ་གཉིས༔ ནོར་གྱི་གསེབ་ཏུ་བཅུག་ལ་སྔགས་སྟོང་བཏབ༔ དབེན་པར་སྦས་པས་དགྲ་རྐུན་འཇིགས་པ་ཐུབ༔ སྦེད་དུས་ས་རྟགས་ལེགས་པར་མ་བཙུགས་ན༔ རང་གིས་མ་རྙེད་སྒྲིབ་ཤིང་གྲགས་པ་སྲིད༔ དེ་ཕྱིར་ཡིད་ཆེས་སྐྱེད་ལ་རྟེན་འབྲེལ་སྒྲིགས༔ ྀཨཚ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ དམ་རྒྱའོ༔

ཀློང་གསལ་གཏེར་བྱོན་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དབང་གི་མཚམས་སྦྱོར་འཆི་མེད་བདུད་རྩིའི་རྒྱུན་བཟང་ (Volume 20, Text 27)

༄༅། །ཀློང་གསལ་གཏེར་བྱོན་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དབང་གི་མཚམས་སྦྱོར་འཆི་མེད་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་ཨཱ་ཡུ་ཥེ། མཚོ་སྐྱེས་ཚེ་དཔག་མེད་མགོན་དང་། །རྣམ་འདྲེན་བླ་མ་དབྱེར་མེད་པའི། །ཞབས་ཀྱི་པད་མོར་གུས་བཏུད་ནས། །འཆི་མེད་གྲུབ་པའི་དབང་བསྐུར་བྲི། །དེ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་བསྒྲུབ་ཅིང་མཆོད་པ་སྔོན་དུ་འགྲོ་བས། སློབ་མ་རྣམས་ཁྲུས་བྱས། བགེགས་ཕྲལ། སྲུང་འཁོར་བསྒོམ། མཚམས་སྦྱོར་རྒྱས་བསྡུས་ཅི་རིགས་པ་དང་། ལོ་རྒྱུས་ཀྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབས་པ་ནི། རབ་འབྱམས་ལས་ཀྱི་ལྷ་རིགས་ལྔའི་ནང་ཚན་པདྨའི་རིགས་མཆོག་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་རང་གཟུགས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྒྱ་གར་བྲག་ཕུག་མཱ་ར་ཏི་ཀར་ལྷ་ལྕམ་མནྡཱ་ར་བ་ཕྱག་རྒྱ་རུ་བསྟེན་ནས་ཕོ་ཉའི་ལམ་གྱིས་འཆི་བ་མེད་པ་རྡོ་རྗེའི་སྐུ་བརྙེས་པའི་ཚེ་ན། དབང་གི་ལྷ་མོ་ཙཎྜ་ལཱིས་ཚེ་དཔག་མེད་ཀྱི་རྒྱུད་དང་སྒྲུབ་ཐབས་མཐའ་ཡས་པ་ཕུལ་པ་ལ་བརྟེན་ནས་སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ནས་འཇམ་དཔལ་དབྱངས་དངོས་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དད་པས་སྤྱན་དྲངས་ཤིང་ཞབས་པད་ཀྱི་ཤིང་རྟའི་ཁ་ལོ་གངས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ནས་མཐར་རྔ་ཡབ་པདྨ་འོད་དུ་གཤེགས་པ་ལ་ཉེ་བ་ན་རྗེ་འབངས་གྲོགས་ལྔས་ཞུས་ཏེ་འཁོར་བཅས་གཡའ་མ་ལུང་དུ་གཤེགས་ནས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་འདི་ཉིད་ཞལ་ཕྱེས། ཞག་བདུན་ཕྲག་ཏུ་བསྒྲུབ་པར་མཛད་དེ་དབང་བསྐུར་བའི་ཚེ།ཡེ་ཤེས་མཚོ་རྒྱལ་དངོས་སུ་འཇའ་སྐུར་སྨིན་ཅིང་གཞན་ཀུན་ཀྱང་ལོ་སུམ་བརྒྱ་རེ་ཐུབ་པར་ལུང་བསྟན་ནས། ཚེ་སྒྲུབ་ཡང་གསང་བླ་མེད་འདི་ཉིད་ད་ལན་མ་གཏོགས་རླུང་ཕྱོགས་ཙམ་ཡང་བསྒྲགས་པ་མེད། འདི་ནི་ཁོག་པའི་ནང་གི་སྙིང་ལྟ་བུ། དཔྲལ་བའི་དཀྱིལ་གྱི་མིག་ལྟ་བུ་སྟེ། ད་ལྟ་སྤེལ་བའི་གནས་མེད། དུས་སྙིགས་མའི་དོན་དུ་ལང་གྲོ་ལོ་ཙཱ་བས་གཏེར་དུ་སྦོས་ལ་རྒྱ་རིམ་པ་བདུན་གྱིས་གདབ་པར་གྱིས་ཤིག །ཅེས་བཀའ་བསྩལ་པ་ལྟར་བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་གྲུབ་པའི་གནས་མཆོག་སྣ་བྲག་དཀར་རྡོ་རྗེའི་ཡངས་རྫོང་དུ་ཟབ་གཏེར་དུ་སྦས་པར་མཛད་པ་ལས། ཕྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ། པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་བར་ཆད་མེད་པར་སྤྱན་དྲངས་པའི་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་སྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་འཆི་མེད་ཚེ་དཔག་མེད་མགོན་ཐ་མི་དད་པའི་སྤྱན་སྔར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ལུང་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་གནས་ཁང་འདི་ཡང་ཐ་མལ་གྱི་གནས་ཁང་འདི་ལྟ་བུ་མ་ཡིན་པར་འཆི་མེད་པདྨོ་བཀོད་པའི་གྲོང་ཁྱེར་དང་། སློབ་དཔོན་ཡང་མགོན་པོ་ཚེ་དཔག་མེད་དངོས་ཡིན་སྙམ་པའི་མོས་གུས་གདུང་ཤུགས་དྲགས་པོ་དང་ལྡན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨེ་མ༔ ཀུན་མཁྱེན་མགོན་པོ་བདག་ལ་དགོངས༔ བདག་ནི་མགོན་པོའི་རྗེས་འཇུག་གིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ སྐྱེ་འཆི་མེད་པའི་དབང་བསྐུར་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་བུ་ལ་བླ་མ་ཚེ་དཔག་མེད་ཀྱིས་མཁྱེན་བརྩེའི་སྒོ་ཕྱེས་ནས་བཀའ་ཡི་གནང་བ་སྦྱིན་པ་ནི། ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ རྡོ་རྗེ་ཚེ་ཡི་དབང་སྦྱིན་གྱིས༔ དད་དང་དམ་ཚིག་ཚུལ་བཞིན་གྱིས༔ དབང་དོན་སྒྲུབ་པའི་ཚུལ་ཟུངས་ཤིག༔ ཅེས་གནང་བ་སྦྱིན། སྤྲོ་ན་སྐྱབས་སེམས་སྡོམ་བཟུང་བྱ། དེ་ནས་དབང་དོན་གྱི་གཙོ་བོ་ཡེ་ཤེས་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཨོཾ་སྭ་བྷཱ་ཝ་སོགས། འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེ་འཛིན་པ་དབང་སྐུར་གྱི་ལྷར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས། རྒྱལ་མཆོག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡབ་ཡུམ་རྒྱན་ཆ་ལུགས་མ་འདྲེས་པ་ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། ནུབ་ཕྱོགས་བདེ་ཆེན་པདྨོ་བཀོད་པ་སོགས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་དུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཚོགས་ཐམས་ཅད། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། ཧྲཱི༔ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས༔ སོགས་ཀྱི་མཐར། བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་དབབ་པའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བརྟན་པར་གྱུར་ཅིག །ཨོཾ་ཡེ་དྷརྨཱ་སོགས་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། བདག་དང་མདུན་བསྐྱེད་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྟོང་ཁམས་ཁྱབ་པར་གྱུར་ནས་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འབྱུང་བ་ཀུན་གྱི་དྭངས་མ་ཐམས་ཅད་དང་། ནང་ཁམས་གསུམ་གྱི་སྐྱེ་འགྲོ་མཆོག་དམན་བར་མ་སོ་སོའི་སྟོབས་རྩལ་ནུས་པ་ཇི་སྙེད་པ་དང་། གསང་བ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་འཁོར་སྤྲུལ་པ་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་སོགས། མདོར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་འོད་དང་འོད་ཟེར་གྱི་སྣེ་ལ་ནྲྀ་ཡིག་གི་རྣམ་པར་བསྡུས་ཏེ། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པའི་ཐུགས་མོས་མཛོད། ཚེ་འགུགས་གཞུང་ལྟར་གཏང་། དེ་ནས་དངོས་གཞི་དབང་བསྐུར་བའི་སླད་དུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སློབ་དཔོན་དབང་རྫས་དང་བཅས་པ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་སུ་གསལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པ་བཞིན་དུ་སྩོལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ནས། བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ རྒྱལ་བའི་སྐུ་ལས་ཐུགས་རྗེའི་ཡེ་ཤེས་རྒྱུན༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་ནས་ཀྱང༔ སྐྱེ་འཆི་མེད་པའི་གོ་འཕང་མྱུར་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པར་གྱུར་ཅིག །བྷནྡྷ་མགྲིན་པར་བཞག་ལ། ཧྲཱི༔ རྒྱལ་བའི་གསུང་ལས་ཐུགས་རྗེའི་ཡེ་ཤེས་རྒྱུན༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི༴ སྐྱེ་འཆི་མེད་པའི༴ སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུང་མི་ཟད་པ༴ གཏོར་མ་སྙིང་གར་བཞག་ལ། ཧྲཱི༔ རྒྱལ་བའི་ཐུགས་ལས་ཐུགས་རྗེའི་ཡེ་ཤེས་རྒྱུན༔ སྐལ་ལྡན་བུ་ཡི་ཡིད་ལ་དབང༴ འཆི་མེད་ཚེ་ཡི༴ སྐྱེ་འཆི་མེད་པའི༴ སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་མི་ཟད་པ༴ ཚེ་རིལ་སྦྱིན་ལ། ཧྲཱི༔ རྒྱལ་བའི་ཡོན་ཏན་མཛད་པ་རྒྱ་ཆེ་བའི༔ བཅུད་ལྡན་མྱང་ཚད་རྣམ་གྲོལ་ཚེ་ཡི་རྫས༔ ཟག་མེད་མྱང་བ་དོན་ལྡན་འཆི་མེད་ཀྱི༔ རྫས་མཆོག་དམ་པ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཡོན་ཏན་མི་ཟད་པ༴ ཚེ་ཆང་ལག་གཡོན་དུ་སྦྱིན་ལ། ཧྲཱི༔ རྒྱལ་བའི་ཕྲིན་ལས་མཐུ་སྟོབས་རླབས་ཆེ་བའི༔ བཅུད་ལྡན་འཆི་མེད་དམ་པ་བདུད་རྩིའི་ཆང༔ རཱ་ས་ཡ་ན་བཅུད་ལྡན་འཆི་མེད་ཀྱིས༔ རྣམ་པར་གྲོལ་བའི་འཆི་མེད་བདུད་རྩི་སྦྱིན༔ རྩ་སྔགས་དང་། སརྦ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཕྲིན་ལས་མི་ཟད་པ༴ ཚེ་ཡི་རྟེན་འབྲེལ་གྱི་རྫས་དཱུརྦ་ཐོགས་ཏེ། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ༔ རྡོ་རྗེ་སེམས་དཔའི་ཚེ་ནི་རབ་སྒྲུབ་ཅིང༔ ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི༔ བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག༔ རྩ་སྔགས་དང་། མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་རྒྱས་གདབ་པ་ནི། དེ་ནས་བདག་ཉིད་ཚེ་དཔག་མེད་པར་གསལ་བའི་ཕྱག་ན་ལས་ཀྱི་རྡོ་རྗེ་རྒྱ་གྲམ་བསྣམས་པ་ཁྱེད་རང་རྣམས་ཀྱི་གནས་ལྔར་བཞག་ཅིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ལུས་ལ་ཡེ་ཤེས་ཀྱི་རྡོ་རྗེའི་གོ་ཁྲབ་བཞུ་ལུགས་སུ་གྱུར་ནས། ཕྱི་ནང་གསང་བའི་བར་ཆད་གང་གིས་ཀྱང་མི་ཚུགས་པར་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པའི་མོས་པ་མཛོད། ཨོཾ༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རྒྱལ་བ་རིགས་ལྔའི་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ༔ མཐའ་རྟེན་དུ་བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མངའ་གསོལ། ཤིས་པ་བརྗོད། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱའོ། །ཚེ་དང་ཡེ་ཤེས་དཔག་མེད་པའི། །སྒྲུབ་ཐབས་རྒྱ་མཚོའི་སྙིང་པོའི་ཕུལ། །ཡང་གསང་བླ་མེད་བདུད་རྩི་འདིས། །དབང་བཅུའི་བཅུད་ལེན་འགྲུབ་གྱུར་ཅིག །ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དོན་དབང་གི་མཚམས་སྦྱོར་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་མངྒ་ལཾ།། །།འདི་ཛ་ཀ་ཀུན་བཟང་རྣམ་རྒྱལ་གསུང་ངོ་།།

གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་ (Volume 33, Text 27)

ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ ཐུགས་གསང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན་ཆེད་དུ༔ གཏུམ་པོ་ཆེན་པོ་དྲེགས་པ་ཀུན་འདུལ་ལས༔ ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་འདི་ལྟར་བསྟན༔ དབེན་པའི་གནས་སུ་སྟེགས་བུ་ཆེ་འབྲིང་ཆུང༔ སྐབས་དང་བསྟུན་ལ་སྨན་རཀ་ཆག་ཆག་བཏབ༔ དེ་སྟེང་གསང་བདག་སྐུ་གསུང་ཐུགས་རྟེན་ནི༔ དང་པོ་རས་བྲིས་ལུགས་སྐུ་གང་ཡོད་བཤམ༔ དེ་མདུན་ཐོད་པ་མཚན་དང་ལྡན་པའི་ནང༔ བདུད་རྩི་སྨན་དང་རཀྟས་བཀང་བར་བྱ༔ ཐོད་པའི་སྟེང་དུ་དར་ནག་དྲི་མེད་ལ༔ གསང་བདག་སྙིང་པོ་གསེར་རམ་མཚལ་བྲིས་དགབ༔ དེ་ཡི་མཐའ་སྐོར་སྨན་རཀ་གཏོར་མ་དང༔ མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་བཤམ༔ དང་པོ་སྐྱབས་འགྲོ་ལས་བྱང་གཞུང་ལྟར་བྱ༔ དེ་ནས་དཀར་གཏོར་བགེགས་གཏོར་གཞུང་ལྟར་གཏང༔ སྲུང་འཁོར་ནས་གཟུང་ཏིང་འཛིན་ཡན་ཆད་བྱ༔ དེ་ནས་འདོན་བསྒོམ་བསྒྲག་ལ་འདི་སྐད་དོ༔ ཨོཾ་སྭ་བྷཱ་བ་སོགས། སྐད་ཅིག་གིས་བདག་མེད་རྟོགས་པའི་དོན་ཡིད་ལ་དྲན་བཞིན་དུ༔ རང་གི་བདག་འཛིན་གྱི་ལུས་དེ་ཉིད་འོད་དུ་ལྟེམས་སེ་ཞུ༔ དེ་ཡང་འོད་ཟེར་ཁ་དོག་ལྔ་དང་ལྡན་པ༔ ཉི་མ་སྤྲིན་ཆར་འདྲེས་པའི་འཇའ་ལྟ་བུར་གྱུར༔ དེ་ཡོངས་སུ་གྱུར་པ་ལས་འོད་ཟེར་དེ་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི༔ མི་མགོ་སྐམ་གཤེར་རིན་ཆེན་ལྔ་འབྲེལ་གྱི་རྩིག་པ་དང༔ རྩིག་པའི་ཕྱི་རོལ་དུ་འདོད་སྣམ་དམར་པོ་ལ་མཆོད་པའི་ལྷ་མོ་དུ་མས་སྤྲས་ཤིང༔ རིན་པོ་ཆེ་ཡི་ཕ་གུ་སེར་པོ་ལ་འོད་ལྔའི་ཐིག་ལེ་དང་ཐལ་ཆེན་ཚོམ་བུ་རྣམ་པར་བཀྲ་བ༔ མི་མགོ་སྐམ་རློན་དང་རུས་པ་ལས་གྲུབ་པའི་ཕྲེང་བ༔ རྒྱུ་མར་བརྒྱུས་པའི་དྲྭ་བ་དྲྭ་ཕྱེད་འཕྱང་ཞིང༔ གཡེར་ཁ་ལ་ཟླ་བ་རླུང་གིས་བསྐྱོད་པས་བརྒྱན་པ༔ གཞན་ཡང་བར་ཁྱམས་ཁ་དོག་སྣ་ཚོགས་པ་དང་ལྡན་ཞིང༔ མདའ་ཡབ་དང་པུ་ཤུ་དག་གིས་ལེགས་པར་བརྒྱན་པ༔ སྒོ་བཞིའི་ཐད་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་ལྡན་གྱི་རྩེ་མོར་ལྕགས་ཀྱི་འཁོར་ལོ་དང་ཞིང་གདུགས༔ དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་ཁྱུང་ཆེན་གཉིས་གཉིས་གནས་ཤིང༔ གཞལ་ཡས་ཁང་གི་ཀ་བ་དང༔ གདུང་མ་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པ༔ ཤ་ཆེན་དང་ཞིང་ཆེན་གྱི་ཐོག་ཁེབས་བརྡལ་བ༔ གཞན་ཡང་མི་ལྤགས་ཀྱི་རྒྱལ་མཚན་དང་གདུགས་ལ་མི་ཡི་མགོ་དང་སྙིང་གི་ཏོག་ཡོད་པ༔ ཐོད་པ་སྐམ་རློན་ལ་མེ་འབར་བའི་རྒྱན་དུ་མས་བརྒྱན་པ༔ གཞལ་ཡས་ཁང་གི་ཕྱི་རོལ་དུ་ཁོར་ཡུག་ཆེན་པོས་ཡོངས་སུ་ཁྱབ་ཅིང༔ རྡོ་རྗེའི་རྭ་བ་མེ་ཡི་ཕྲེང་བས་བསྐོར་བ༔ ཁོར་ཡུག་ལ་ཡང་བསིལ་བ་ཚལ་ལ་སོགས་པའི་དུར་ཁྲོད་བརྒྱད༔ ཙུ་ཏ་ལ་སོགས་པའི་ཤིང་བརྒྱད༔ སྒྲོག་པ་ལ་སོགས་པའི་སྤྲིན་བརྒྱད༔ ཐུགས་རྗེའི་ཆུ་བརྒྱད༔ ཡེ་ཤེས་ཀྱི་མེ་བརྒྱད༔ རང་བྱུང་གི་རི་བོ་བརྒྱད༔ རང་གྲུབ་ཀྱི་མཆོད་རྟེན་བརྒྱད༔ རྟོག་མེད་ཀྱི་བམ་ཆེན་བརྒྱད༔ དེ་དག་ལ་གནས་པའི་མཁའ་འགྲོ་ཤུགས་འགྲོ་མ་བརྒྱད༔ དཔའ་བོ་རྣལ་འབྱོར་ཆེན་པོ་བརྒྱད༔ ཞིང་སྐྱོང་ལྷ་ཀླུ་ཕྲ་མེན་དགེ་སྦྱོང་བྲམ་ཟེ་ལ་སོགས་པ་བརྒྱད་བརྒྱད་གནས་པའོ༔ གཞལ་ཡས་ཁང་གི་ཕྱི་ནང་དང་གཞི་རྣམས་ཤར་དཀར་ལྷོ་སེར༔ ནུབ་དམར་བྱང་ལྗང༔ དབུས་མཐིང་ཀ་སྟེ་དབུས་ནས་རིམ་པ་བཞིན་དུ༔ གནམ་ལྕགས་ཨུར་མོ་ལས་གྲུབ་པའི་འཁོར་ལོ་རྩིབས་བཞི༔ བཅུ༔ བཅུ་དྲུག༔ མུ་ཁྱུད་ཕྱི་ནང་གསུམ་དང་ལྡན་པ༔ འཁོར་ལོའི་དབུས་ཀྱི་ལྟེ་བར་པདྨ་ཉི་ཟླ་འབར་བའི་གདན་ལ༔ རང་གི་ཤེས་རིག་གི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པ༔ སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དང་ལྡན་པ༔ རྩ་ཞལ་མཐིང་ནག་གཡས་དཀར་གཡོན་དམར་བ༔ དེ་སྟེང་ཞལ་དམར་ནག་གཡས་སེར་གཡོན་ལྗང་བ༔ དེ་སྟེང་ཞལ་དུད་ཁ་གཡས་དམར་ཞིང་གཡོན་དཀར་བའོ༔ དབུ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ༔ སྤྱན་ཉི་ཤུ་རྩ་བདུན་གྱིས་ཕྱོགས་ཀུན་ཏུ་གཡོ་ཞིང་སྡང་མིག་ཏུ་གཟིགས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་ངར་དང་ལྡན་པའི་མཆེ་བ་བཞི་རྣམས་རབ་ཏུ་གཙིགས་པ༔ སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་བསྐལ་པ་ཐ་མའི་མེ་ལྟར་དུ་འབར་བ༔ རྩ་བའི་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ནས་ཡུམ་ལ་འཁྱུད་པ༔ ལྷག་མ་གཡས་བརྒྱད་ཀྱིས་རྡོ་རྗེ་དང༔ དབྱུག་པ༔ རྩེ་གསུམ༔ རལ་གྲི༔ མདུང་ཐུང༔ དགྲ་སཏྭ༔ ལྕགས་ཀྱུ༔ གཏུན་ཤིང༔ ལྷ་བརྒྱད་ཀྱི་མགོ་བོ་འཛིན་པ༔ གཡོན་གྱི་ལྷག་མ་བརྒྱད་ཀྱིས་ཕུར་བུ་དང༔ སྤུ་གྲི༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་བུ༔ མེ་ཞགས༔ བྱ་ཁྱུང༔ ཆུ་གྲི༔ ཀླུ་བརྒྱད་ཀྱི་ཙིཏྟ་འཛིན་པ༔ མཚོན་ཆ་འབར་བའི་གཤོག་པ་གཉིས་དང་ལྡན་ཞིང༔ ཞབས་བརྒྱད་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ གཟའ་བརྒྱད་ལ་ཞོན་པ༔ ཐོད་པ་སྐམ་པོ་ལྔ་ཡིས་དབུ་བརྒྱན་པ༔ རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་འཕྱང་བ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས༔ ཞིང་ལྤགས་གཡང་གཞིའི་རྐེད་དཀྲིས༔ སྟག་ལྤགས་རློན་པའི་ཤམ་ཐབས་ཅན༔ སྦྲུལ་དང་མི་སྡུག་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ༔ དེའི་པང་དུ་ཡུམ་རྡོ་རྗེ་གཏུམ་མོ་ལྗང་ནག་ཁྲོ་མོའི་ཆ་བྱད་ཅན༔ གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ ཐོད་པ་སྐམ་རློན་གྱི་ཕྲེང་བ་དང་གཟིག་ལྤགས་དང་རུས་རྒྱན་གྱིས་སྤྲས་པ༔ གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞུགས་པ༔ ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ནག་ཚོན་གང་བ་རྡོ་རྗེ་དང་སྡིགས་མཛུབ་མཛད་པའི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ༔ ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་བྷྱོཿཡིག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ༔ དེ་གཉིས་ལས་འོད་འཕྲོས་ཤིང་སྣང་སྲིད་འཁོར་འདས་ཀྱི་བཅུད་ཐམས་ཅད་སྡུད་པར་བྱེད་པའོ༔ དེའི་ཕྱི་རོལ་རྩིབས་བཞི་ལ༔ ཤར་དུ་བུདྡྷ་ཧེ་རུ་ཀ་དམར་པོ་ཁྲོ་བོའི་ཆ་བྱད་ཅན་འཁོར་ལོ་དང་ཐོད་ཁྲག་འཛིན་པ༔ ཡུམ་བུདྡྷེ་ཤྭ་རཱི་མ་དཀར་སྐྱ་གྲི་ཐོད་འཛིན་ནས་ཡབ་ལ་འཁྱུད་པ༔ ལྷོར་རཏྣ་ཧེ་རུ་ཀ་སེར་པོ་ཁྲོ་བོའི་ཆ་བྱད་ཅན་ཐོད་དབྱུག་ཐོད་ཁྲག་འཛིན་པ༔ ཡུམ་རཏྣེ་ཤྭ་རཱི་མ་སེར་སྐྱ་གྲི་ཐོད་འཛིན་ནས་ཡབ་ལ་འཁྱུད་པ༔ ནུབ་ཏུ་པདྨ་ཧེ་རུ་ཀ་ཁྲོ་བོའི་ཆ་བྱད་ཅན༔ ཁ་ཊྭཱཾ་དང་ཐོད་ཁྲག་འཛིན་པ༔ ཡུམ་པདྨེ་ཤྭ་རཱི་མ་དམར་སྐྱ་གྲི་ཐོད་འཛིན་ནས་ཡབ་ལ་འཁྱུད་པ༔ བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་ཁྲོ་བོའི་ཆ་བྱད་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ༔ ཡུམ་ཀརྨེ་ཤྭ་རཱི་མ་ལྗང་སྐྱ་གྲི་ཐོད་འཛིན་ནས་ཡབ་ལ་འཁྱུད་པ༔ དེ་རྣམས་ཀྱང་རྒྱན་ཆ་ལུགས་གཙོ་བོ་ལྟ་བུ་འོ༔ དེའི་ཕྱི་རིམ་རྩིབས་བཅུ་ལ༔ ཧཱུྃ་མཛད་སྔོན་པོ་འཁོར་ལོ་སྡིགས་མཛུབ་ཅན༔ ཡུམ་མཆོག་སྙེམས་མ་སྔོན་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ རྣམ་རྒྱལ་དཀར་པོ་རྡོ་རྗེ་ཐོད་ཁྲག་འཛིན་པ༔ སྒྲ་འབྱིན་དཀར་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ དབྱུག་པ་སྔོན་པོ་རྡོར་དབྱུག་མེ་དཔུང་འཛིན་པ༔ སྡེར་མོ་སྔོན་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ གཤིན་རྗེ་སེར་པོ་དགྲ་སཏྭ་ཕྱར་ཞིང་ཞགས་པ་འཛིན་པ༔ དུར་བདག་སེར་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ མི་གཡོ་བ་ནག་པོ་རལ་གྲི་ཕྱར་ཞིང་དགྲ་སྙིང་འཛིན་པ༔ གཏུན་ཁུང་ནག་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ རྟ་མགྲིན་དམར་ནག་རྩེ་གསུམ་ལྕགས་སྒྲོག་འཛིན་པ༔ གཏུམ་མོ་དམར་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ འདོད་རྒྱལ་དུད་ཁ་ཕུར་བུ་མདའ་གཞུ་འཛིན་པ༔ མདའ་སྙེམས་དུད་ཁ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དགྲ་མགོ་འཛིན་པ༔ རླུང་འབྱིན་ལྗང་གུ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ ཁམས་གསུམ་རྣམ་རྒྱལ་མཐིང་ག་གྲི་གུག་འཁོར་ལོ་འཛིན་པ༔ གསོད་བྱེད་མཐིང་ག་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ སྟོབས་པོ་ཆེ་ནག་པོ་ཐོ་བ་དགྲ་སཏྭ་འཛིན་པ༔ སྐུལ་བྱེད་ནག་མོ་གྲི་ཐོད་འཛིན་ནས་ཡབ་ལ་འཁྲིལ་བ༔ དེ་རྣམས་རྒྱན་ཆ་ལུགས་གཙོ་བོ་ལྟ་བུ་ཤིན་ཏུ་ཁྲོས་པའོ༔ དེའི་ཕྱི་རིམ་རྩིབས་བཅུ་དྲུག་ལ༔ ཤར་དུ་མ་མོ་གཽ་རཱི་དཀར་མོ་ཞིང་དབྱུག་ཐོད་ཁྲག་འཛིན་པ༔ ཕྲ་མེན་སིཾ་ཧ་མུ་ཁ་སྨུག་ནག་གྲི་གུག་ཐོགས་ནས་བམ་ཆེན་ཟ་བ༔ ཤར་ལྷོར་མ་མོ་པུཀྐ་དམར་སེར་གྲི་གུག་ཕྱར་ཞིང་རྒྱུ་མ་འདྲེན་པ༔ ཕྲ་མེན་ཀྲིཏ་མུ་ཁ་དཀར་སེར་སྤུ་གྲི་ཕྱར་ཞིང་བམ་ཆེན་ཁུར་བ༔ ལྷོར་མ་མོ་ཙཽ་རཱི་སེར་མོ་མདའ་གཞུ་འགེངས་པ༔ ཕྲ་མེན་བྱ་ཀྲྀ་མུ་ཁ་དམར་མོ་ཙིཏྟ་གཉིས་འཛིན་ལག་གཉིས་བསྣོལ་བ༔ ལྷོ་ནུབ་གྷསྨ་རཱི་ལྗང་ནག་རྡོ་རྗེ་ཐོད་ཁྲག་འཛིན་པ༔ ཕྲ་མེན་ཀཾ་ཀ་མུ་ཁ་དམར་ནག་སྤུ་གྲི་ཐོགས་ནས་བམ་རོ་ཁུར་བ༔ ནུབ་ཏུ་མ་མོ་པྲ་མོ་ཧཱ་དམར་མོ་ཆུ་སྲིན་རྒྱལ་མཚན་ཐོད་ཁྲག་འཛིན་པ༔ ཕྲ་མེན་སྲྀ་ལ་མུ་ཁ་ནག་མོ་སྤུ་གྲི་ཕྱར་ཞིང་གློ་སྙིང་ཟ་བ༔ ནུབ་བྱང་མ་མོ་ཙཎྜ་ལཱི་སེར་སྐྱ་གྲི་གུག་ཕྱར་ཞིང་ཐོད་ཁྲག་འཛིན་པ༔ ཕྲ་མེན་ཁ་ཁ་མུ་ཁ་ནག་མོ་རལ་གྲི་ཕྱར་ཞིང་ཐོད་ཁྲག་འཐུང་བ༔ བྱང་དུ་མ་མོ་བེ་ཏཱ་ལཱི་ནག་མོ་རྡོ་རྗེ་བྷན་དམར་འཛིན་པ༔ ཕྲ་མེན་ཤྭ་ན་མུ་ཁ་མཐིང་སྐྱ་བམ་རོ་ཐོགས་ནས་ཟ་བ༔ བྱང་ཤར་མ་མོ་སྨེ་ཤ་ནི་མཐིང་ནག་བམ་རོ་མགོ་ལུས་ཕྲལ་བ༔ ཕྲ་མེན་ཨུ་ལུ་མུ་ཁ་མཐིང་ནག་ལྕགས་ཀྱུ་བྷནྡྷ་ཐོགས་པ༔ དེ་རྣམས་མི་བཟད་པའི་ལུས་ཅན་བམ་ཆེན་གདན་ལ་གར་སྟབས་སུ་འགྱིང་བའོ༔ ཤར་སྒོར་སྟག་གདོང་དཀར་མོ་ལྕགས་ཀྱུ་བྷནྡྷ་འཛིན་པ༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་བྷནྡྷ་འཛིན་པ༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བྷནྡྷ་འཛིན་པ༔ བྱང་སྒོར་སྤྱང་གདོང་ལྗང་ནག་དྲིལ་བུ་བྷནྡྷ་འཛིན་པ༔ ཀུན་ཀྱང་ཕྲ་མེན་གྱི་གཟུགས་ཅན་འཇིགས་སུ་རུང་བའོ༔ ཕྱིའི་ཁོར་ཡུག་གི་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝང་རྡུང་བ༔ ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་ཕྱར་བ༔ ནུབ་སྒོར་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ༔ བྱང་སྒོར་རྣམ་སྲས་སེར་པོ་རྒྱལ་མཚན་ནེའུ་ལེ་འཛིན་པ༔ ཀུན་ཀྱང་བསེ་ཁྲབ་ཅན་རྒྱལ་པོ་རོལ་སྟབས་སུ་གནས་ཤིང་ཅུང་ཟད་ཁྲོས་པའོ༔ རང་གི་ཐུགས་ཀ་ནས་སྤྲུལ་པ་ཁོར་ཡུག་གི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་དང་བཅས་ཏེ་གསལ་བར་གྱུར༔ ལྷ་ཚོགས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ༔ སླར་ཡང་ཐུགས་ཀའི་འོད་ཀྱིས་རྒྱལ་བ་དང་རྒྱལ་བའི་འཁོར་ལོ་སྤྱན་དྲངས་ནས་དབང་བསྐུར་བྱིན་གྱིས་བརླབས་ཏེ༔ རང་རང་གི་རིགས་བདག་རྣམས་ཀྱིས་དབུ་བརྒྱན་པར་གྱུར༔ དེ་ལྟར་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་བདག་མདུན་དབྱེར་མེད་ལྷ་ལ་མཆོད་ཅིང་བསྟོད་པར་གྱུར༔ ཧཱུྃ༔ རྡོ་རྗེ་གཏུམ་པོའི་ལྷ་ཚོགས་གཤེགས་སུ་གསོལ༔ བདག་དང་དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ ཀློང་ཡངས་མཉམ་པ་ཉིད་དུ་ཕྱག་འཚལ་ལོ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ འདོད་ཡོན་ལྔ་དང་སྨན་རཀ་གཏོར་མའི་ཚོགས༔ སྦྱོར་སྒྲོལ་ཟུང་འཇུག་མཆོད་པ་བླ་ན་མེད༔ ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན༔ མཆོད་པའི་བྱེ་བྲག་དུ་མས་མཆོད་པར་བགྱིའོ༔ ཐབས་མཁས་འགྲོ་འདུལ་ལྷ་རྣམས་བསྟོད་པར་བྱ༔ ནོངས་པ་བཤགས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ དེ་ནས་རང་ཉིད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ༔ དེའི་ཐུགས་ཀར་ཧཱུྃ་མཐིང་ག༔ དེའི་མཐར་སྔགས་འཁོར་བཻ་ཌཱུརྻ་གནམ་སྔོན་ཞུན་མ་ལྟ་བུ་གཡས་སུ་འཁོར་བ༔ ཡུམ་གྱི་ཐུགས་ཀར་ཉི་མ༔ དེའི་སྟེང་དུ་བྷྱོ་ཡིག་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ༔ འཁོར་རྣམས་ཕོ་རྒྱུད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་ས་བོན༔ མོ་རྒྱུད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན༔ དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཞི་བ་དང་ཁྲོ་བོའི་རྣམ་པར་བཞུགས་པ་ཀུན་འུར་འུར་ཤིག་ཤིག་སྤྱན་དྲངས་ནས་གཙོ་བོ་ལ་སིབ་སིབ་ཐིམ་པར་གྱུར༔ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲག་འཐུང་ཡབ་ཡུམ་བརྒྱད་ཀྱི་ཐུགས་ཀར་ཕོག༔ དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲོ་བཅུ་ཡབ་ཡུམ་གྱི་ཐུགས་ཀར་ཕོག༔ དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མ་མོ་ཕྲ་མེན་རྣམས་ཀྱི་ཐུགས་ཀར་ཕོག་པས༔ དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་གནས་ལྔའི་འོད་ཟེར་གྱིས་རབ་འབྱམས་མཐའ་ཀླས་པའི་ཞིང་ཡུལ་ཐམས་ཅད་ཁེངས་པས༔ སྣང་སྲིད་འཁོར་འདས་ཀྱི་མཐུ་སྟོབས་གཟི་བརྗིད་ཐམས་ཅད་འུབ་ཀྱིས་བསྡུས་ནས་ལྷ་རྣམས་ལ་སིབ་སིབ་ཐིམ༔ སླར་ཡང་འོད་འཕྲོས་པས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཀྱི་ཁང་པ༔ ནང་བཅུད་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན༔ སྒྲ་རུ་གྲགས་པ་ཐམས་ཅད་དྲག་སྔགས་ཀྱི་སྒྲ་འུར་དི་རི་རི་སྒྲོག་པ༔ ཡིད་ཀྱི་འཕྲོ་འདུ་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་རོལ་པར་འཆར་བར་བསམ་ནས་སྔགས་འདི་བཟླས་སོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ སྤྱི་དྲིལ་གྱི་སྔགས་དང༔ ཡུམ་གྱི་སྔགས་ནི༔ ཨོཾ་བཛྲ་ཙཎྜཱི་བི་ཤྭ་སུ་ཁཱི་ཛྭ་ལི་ནཱི་བྷྱོ་ཧཱུྃ་ཕཊ༔ ཁྲག་འཐུང་ཡབ་ཡུམ་གྱི་སྔགས་ནི༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཁྲོ་བཅུ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡུམ་བཅུ་ནི༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ མ་མོ་བརྒྱད་ནི༔ མ་མ་ཧྲཱིཾ་ཧྲཱིཾ་ཛཿཛཿཧཱུྃ་ཧཱུྃ༔ ཕྲ་མེན་བརྒྱད་ནི༔ ཏྲག་རཀྴ་ཁ་མུན་ཏྲ་རུ་ལུ་རུ་ལུ་བྷྱོ༔ སྒོ་མ་བཞི་ནི༔ ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོ༔ འཁོར་རྣམས་ནི༔ ཨ་རཾ་ཡ་ས་ཕུ་ཡཾ་ག་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་པ་རྣམས་ནི་སྨྲ་བཅད་གསལ་བར་བཟླ༔ སྤྱི་དྲིལ་འབུམ་ལྔ་བཟླས་པས་ཐམས་ཅད་འགྲུབ༔ གཞན་རྣམས་མང་ཉུང་སྐབས་དང་བསྟུན་པར་བྱའོ༔ རྟགས་ནི་རྨི་ལམ་ལྕགས་ཀྱི་རྡོ་རྗེ་རྙེད༔ གོ་ཁྲབ་གྱོན་ཞིང་ཉི་ཟླ་མཉམ་དུ་ཤར༔ མེ་དཔུང་འབར་དང་དམག་དཔུང་ཆེན་པོ་བསྐྱོད༔ གནོད་བྱེད་བསད་གཏུབས་ཤ་ཁྲག་བཟའ་བཏུང་བྱས༔ དུར་ཁྲོད་འཇིགས་སུ་རུང་བར་སླེབ་པ་རྨིས༔ དེ་དག་ཕྱི་ལྟར་སྒྲུབ་པའི་འགྲུབ་རྟགས་ཡིན༔ རྟགས་བྱུང་ཕྲིན་ལས་བཞི་སྒྲུབ་འདི་ལྟ་སྟེ༔ ལྷ་ཚོགས་དེ་རྣམས་ཐུགས་ཀའི་ས་བོན་དཀར༔ སྔགས་ཕྲེང་དཀར་པོ་འཁོར་ལས་འོད་དཀར་འཕྲོས༔ བདག་ཅག་འཁོར་བཅས་ནད་གདོན་སྡིག་སྒྲིབ་དང༔ མི་མཐུན་ཕྱོགས་ཀུན་ཞི་ནས་སླར་འདུས་ཏེ༔ ལྷ་ཚོགས་རང་རང་ཐུགས་ཀར་རྡོ་རྗེར་གྱུར༔ ཨོཾ་ཡིག་མཚན་པར་བསྒོམས་ལ་སྤྱི་དྲིལ་གྱི༔ མཇུག་ཏུ་སྔགས་འདི་སྦྱར་ལ་ཁྲི་གཅིག་བཟླ༔ སརྦ་ཛྭ་ར་རོ་ག་ཨནྟ་རཱ་པཱ་པཾ་ཀརྨ་ཨཱ་བ་ར་ཎ་པྲ་དུཥྚཱཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཞི་བའི་ཕྲིན་ལས་སྒྲུབ་པའོ༔ དེ་ནས་ལྷ་ཚོགས་ཐུགས་ཀར་ས་བོན་སེར༔ སྔགས་ཕྲེང་སེར་པོ་འཁོར་ལས་འོད་ཟེར་འཕྲོས༔ ཚེ་ལྷ་དྲང་སྲོང་རིག་འཛིན་ཐམས་ཅད་དང༔ ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་མ་ལུས་ཀྱི༔ ཚེ་བཅུད་དཔལ་འབྱོར་གཟི་བརྗིད་འུབ་ཀྱིས་བསྡུས༔ བདག་ཅག་འཁོར་དང་བཅས་ལ་ཐིམ་གྱུར་ནས༔ འོད་ཟེར་སླར་འདུས་རིན་ཆེན་སྭཱ་ཡིག་མཚན༔ དེ་ལྟར་གྱུར་བསམ་སྤྱི་དྲིལ་སྔགས་གཤམ་དུ༔ སྔགས་འདི་སྦྱར་ལ་ཁྲི་ཕྲག་གཅིག་བཟླས་སོ༔ ཨཱ་ཡུཿཔུཎྱེ་ཏེ་ཛོ་སིདྡྷི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་རྒྱས་པའི་ཕྲིན་ལས་སྒྲུབ་པའོ༔ དེ་ནས་ལྷ་ཚོགས་ཐུགས་ཀར་ས་བོན་དམར༔ སྔགས་ཕྲེང་དམར་པོ་འཁོར་ལས་འོད་དམར་འཕྲོས༔ རྒྱལ་པོ་རྒྱལ་རིགས་སྟོབས་ལྡན་མ་ལུས་དང༔ ཁམས་གསུམ་ལྷ་མི་དམིགས་ཡུལ་ཐམས་ཅད་ཀྱི༔ སྙིང་ནང་ཞུགས་ཏེ་འཕར་སླད་འདར་ཕྲིལ་བྱས༔ སྣང་སེམས་འུབ་བསྡུས་རང་ལ་ཐིམ་པར་དམིགས༔ འོད་ཟེར་ཚུར་འདུས་པདྨ་ཨཱཿས་མཚན་གྱུར༔ སྤྱི་དྲིལ་ཤམ་དུ་འདི་སྦྱར་ཁྲི་གཅིག་བཟླ༔ སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཏྲི་ཆོལ་ཆོལ་ཧྲཱིཾ་ཧྲཱིཾ་ཙིཏྟ་ཛཿཧཱུྃ་བཾ་ཧོ༔ ཞེས་བཟླ་དབང་གི་ཕྲིན་ལས་སྒྲུབ་པའོ༔ དེ་ནས་ལྷ་ཚོགས་ཐུགས་ཀར་ས་བོན་ལྗང༔ སྔགས་ཕྲེང་ལྗང་ཁུར་འཁོར་ལས་འོད་ལྗང་འཕྲོས༔ བདག་ཅག་འཁོར་བཅས་ལ་གནོད་དགྲ་དང་བགེགས༔ རེངས་རྨོངས་བརྒྱལ་བྲེད་ཐལ་བར་བརླགས་པར་དམིགས༔ འོད་ཟེར་སླར་འདུས་རྒྱ་གྲམ་ཧཱཿས་མཚན་གྱུར༔ སྤྱི་དྲིལ་གཤམ་དུ་སྔགས་སྦྱར་ཁྲི་གཅིག་བཟླ༔ སརྦ་ཤ་ཏྲཱཾ་དུཥྚཱཾ་པྲཱ་ཎ་ཙྪིནྡ་མཱ་ར་ཡ་ཕཊ༔ དེ་ནི་དྲག་པོའི་ཕྲིན་ལས་སྒྲུབ་པ་འོ༔ ཐུན་བསྡུའི་དུས་སུ་འདི་ལྟར་འདོན་བསྒོམ་སྦྲགས༔ རང་ཉིད་གསང་བདག་ཡབ་ཡུམ་འོད་ཟེར་གྱིས༔ སྣོད་བཅུད་འོད་ཞུ་འུབས་བསྡུས་སྲུང་འཁོར་ལ༔ ཐིམ་ཞིང་སྲུང་འཁོར་འོད་ཞུ་གཞལ་ཡས་ཀྱི༔ ཁང་པ་ལ་ཐིམ་དེ་ཉིད་འོད་དུ་ཞུ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཐིམ་པར་གྱུར༔ དཀྱིལ་འཁོར་ལྷ་ཚོགས་གདན་བཅས་འོད་དུ་ཞུ༔ གཙོ་བོ་ཡབ་ཡུམ་གཉིས་ལ་གཉིས་མེད་ཐིམ༔ ཡུམ་ཉིད་འོད་ཞུ་ཡབ་ལ་ཐིམ་པར་གྱུར༔ ཡབ་ཉིད་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་འོག་ནས་ཡར་ཞུ་ཐིག་ལེར་ཐིམ༔ ཐིག་ལེ་སྐྱེ་མེད་དབྱིངས་སུ་ཡལ་བར་གྱུར༔ མཉམ་གཞག་རྗེས་ཐོབ་ཡེངས་མེད་གནས་ལུགས་བསྐྱང༔ འཛིན་མེད་མ་བཅོས་སྤྲོས་བྲལ་རྫོགས་པ་ཆེ༔ ཡེ་ནས་རང་བྱུང་རང་རྫོགས་རང་ལ་གནས༔ དེ་ནས་རྒྱུན་གྱི་རྣལ་འབྱོར་འདི་ལྟ་སྟེ༔ བསྐྱེད་པ་སྐུ་དང་ནམ་ཡང་མི་འབྲལ་ཞིང༔ བཟླས་པ་སྔགས་ལ་རྒྱུན་ཆད་མི་བྱ་འོ༔ ཅིར་སྣང་ཐམས་ཅད་ཐུག་ཕྲད་ལམ་དུ་ཁྱེར༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ཁྲོ་བོའི་སྐུ༔ སྒྲ་གྲགས་སྔགས་གསང་དབྱིངས་ལས་གཡོ་མི་བྱ༔ རྡོ་རྗེ་ཐེག་པའི་དམ་ཚིག་ཚུལ་བཞིན་བསྲུང༔ འདི་ནི་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི༔ ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་ཞེས་བྱ་སྟེ༔ སྒོམ་ཁོག་འདུས་པའི་ལྡེའུ་མིག་འདི་ཟབ་བོ༔ ས་མ་ཡ་རྒྱ་རྒྱ་བརྡ་ཐིམ༔ ྈྈྈྈ བདག་འདྲ་གཏེར་སྟོན་རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་གདན་དྲངས་ནས། ཤོག་དྲིལ་དང་པོ་མཚོ་རྒྱལ་ཕྱག་བྲིས་ངོ་མ་ལས་ཞལ་བཤུས། སྐལ་ལྡན་བུ་ལ་ཕན་ཕྱིར་བཏོན་པ་ཡིན་གྱི། སྐལ་མེད་ཐེ་ཚོམ་ཅན་གྱི་དོན་དུ་མ་བཏོན་པས་སོ་སོར་ངོས་ལེན་མཛད་འཚལ།། །།

བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོ་ཡེ་ཤེས་ཀྱི་སྔོ་བདུད་རྩི་འོད་ལྡན་རྟག་ཏུ་ངུའི་གདམས་སྐོར་ཟབ་མོ་ (Volume 30, Text 27)

༄༅༔ བཅུད་ལེན་ཐམས་ཅད་ཀྱི་རྒྱལ་པོ་ཡེ་ཤེས་ཀྱི་སྔོ་བདུད་རྩི་འོད་ལྡན་རྟག་ཏུ་ངུའི་གདམས་སྐོར་ཟབ་མོ་བཞུགས་སོ༔ རྒྱ་བན་རྡོ་རྗེ་དབང་ཕྱུག་གི་གཏེར་བྱོན་ྀཨཚ།། བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས་ལ་འདུད༔ གུ་རུ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ༔ སྨན་རྟག་ཏུ་ངུའི་བཅུད་ལེན་འདི་མཛད་དོ༔ འདི་ལ་གཉིས༔ སྔོན་བྱུང་གི་ལོ་རྒྱུས་དང༔ བཅུད་ལེན་དངོས་སོ༔ ལོ་རྒྱུས་ནི༔ སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས༔ དུར་ཁྲོད་ཀྱི་གནས་སུ་ཌཱ་ཀི་མ་ལ་སྨན་སྦྱར་ཐབས་གསུངས་ཏེ༔ ཌཱ་ཀིས་གཅིག་ཏུ་དྲིལ་ནས༔ རྒྱ་གར་ཤར་ཕྱོགས་ན་ལས་ཚོགས་ལ་མཁས་པའི་གྲུབ་ཆེན་ལྔ་བཅུ་རྩ་བརྒྱད་ལ་གསུངས༔ དེ་རྣམས་ཀྱི་ཐུགས་དགོངས་གཅིག་ཏུ་དྲིལ་ནས༔ གུ་རུ་པདྨ་ལ་དུར་ཁྲོད་བསིལ་བའི་ཚལ་དུ་ཚོགས་ཀྱི་འཁོར་ལོ་དང་བཅས་ནས་གསུངས༔ གུ་རུ་པདྨས་ལྷོ་བྲག་མཁར་ཆུའི་ཕུག་རིང་གི་བྲག་དཀར་མདའ་སྒྲོ་ལ་སྦས་སོ༔ ས་མ་ཡ༔ དེ་ནས་གཙང་ཉང་རོ་ཚེ་སྤོངས་ཀྱི་རྒྱ་བན་རྡོ་རྗེ་དབང་ཕྱུག་འོད་འབར་བྱ་བས་གཏེར་ནས་བཏོན། དེའང་དེས་ཆོས་མང་དུ་མཁྱེན། མཆོག་ཏུ་ཡང་ཕུར་གྱི་སྒྲུབ་པ་ལ་མཁས་པ་གཅིག་ཡོད། ཁོང་གི་ལོ་དྲུག་ཅུ་རྩ་བདུན་ལོན་ཙ་ན་སྲས་མེད་པ་ལ་ཕ་སྤུན་དང་ཚ་བོས་རྔན་ཅན་བག་རེ་བྱས་པས། ཐུགས་ཤིན་ཏུ་མུག་ནས། ག་རེ་དོན་མི་འདུག་སྙམ་ནས་ཞིང་ཁང་ཀུན་གར་ལོང་ལོང་ཕག་ཚོང་བྱས་ནས་འགྲོ་བར་ཆས་པས། ནུ་བོའི་བུ་མོ་ལོ་བཅུ་གཉིས་ལོན་པ་ན་རེ། ཨ་ཁུ་སྟོན་པ་གང་དུ་འབྱོན་རྒས་ཁར་བྱེས་སུ་གཤེགས་པས་འཆི་ཡེ། ངས་ཨ་ཁུའི་ཞབས་ཏོག་ཅི་བཏུབ་བཏུབ་བགྱིད། བདག་གི་སྐྲ་འདིའང་ཨ་ཁུ་ལ་འབུལ། སྐྲ་གཅད་པར་ཞུ་བྱས་པས། ཨ་ཁུ་སྟོན་པས་ཁྱོད་ཀྱི་དེ་ཀ་ཡིན་ཏེ། ང་ཡུལ་འདིར་བསྡད་ན་དམ་ཚིག་ཉམས་ནས་དམྱལ་བའི་རྒྱུ་བྱེད་པར་འདུག །ཁྱད་པར་དུ་ཡང་ངས་ཁྱོད་ཀྱི་ཕ་ཇོ་འདི་ནུ་བོ་ཆུང་ཤོས་སུ་བྱས་ནས་ཁོ་ལ་བྱམས་ཚད་བྱས་པ་ཡིན་ཏེ། ང་ལ་ཁོས་སྡང་བར་བྱུང་བས། རྒས་ཁར་བྱེས་སུ་འགྲོ་བ་མི་ཡོང་སྟེ་འགྲོ་དགོས་པ་ལས་སྡོད་ཐབས་མེད། གཡོག་པོ་གཅིག་བཙལ་ནས་འགྲོ་ཟེར། དེ་ནས་ཚ་མོ་ལ་གསེར་སྲང་གང་དང་གཡུ་བརྒྱ་ཟི་བ་གཅིག་བྱིན་ནས་ཁྱོད་ཀྱི་ཕག་ནོར་གྱིས་ཤིག་བྱས་ཏེ། ཁྱོད་ཀྱིས་ཟླ་བ་ཕྱེད་གསང་ཞིག་བྱས་སོ། །ད་ག་རེ་དཔེ་ཆ་ཚོ་བསྲེགས་ལ་འགྲོ་སྙམ་ནས་ཆས་ཙ་ན། ཚ་མོ་དེས་ཆང་བུམ་པ་གང་ཁྱེར་ནས་ཨ་ཁུ་ཅིས་ཀྱང་གཤེགས་ན་བཤེགས་སྐྱེམས་མཛོད་ཟེར་ནས་དྲངས་སོ། །དེར་མོས་ཨ་ཁུ་དང་མི་མཇལ་བར་འདུག་ཟེར་ནས་མང་དུ་ངུས་སོ། ཁོང་རང་ཡང་ཆང་གིས་མྱོས་པ་དང་དཔེ་ཆ་བསྲེག་ལོངས་ཀྱང་མ་བྱུང་ནངས་པར་ཐོ་རངས་སུ་སོང་ཙམ་ན། རྨི་ལམ་དུ་དཔེ་ཆ་མ་བསྲེགས་པར་ར་ལུང་ཁུར་ན་ཡར་འབྲོག་ཤ་བོ་སྒང་བྱ་བ་ན་འབྲོག་མི་དཔལ་གྱི་ཡེ་ཤེས་བྱ་བ་སྔགས་ཟབ་མོའི་ཆོས་ལ་མཁས་པ་གཅིག་ཡོད་པས་དེ་ལ་འཆོལ་ཅིག །ཕྱིས་ཁྱོད་རང་ལ་དགོས་པ་འདུག་གིས་ཟེར་བ་ཞིག་རྨིས་སོ། །འོ་ན་བསྲེག་ཏུ་མི་བཏུབ་བམ་སྙམས་ནས་དྲེའུ་གཅིག་ཉོས་ནས་གཡོག་གོ་ཆོད་གཅིག་སྐྱེལ་དུ་བཏང་། ཚ་མོས་ཀྱང་ཉིན་ལམ་གསུམ་དུ་བསྐྱལ་ནས། ཨ་ཁུ་རང་གིས་བྱིན་པའི་གསེར་དང་གཡུའི་ཁར་མོ་རང་གི་རྣ་གཡུ་གཉིས་དང་དེ་ཀུན་ཨ་ཁུའི་ཕྱག་ཏུ་ཕུལ་ཏེ། ཨ་ཁུ་སྟོན་པ་རྒས་ཁར་ལྷོ་བྲག་ཏུ་གཤེགས་པ་ལ་ངའི་ཕག་ནོར་གྱིས་མི་ཕན་པས། བརྒྱགས་ཀྱི་བསྣོན་པ་མཛོད་ཟེར་ནས་མ་འདོད་དོ། །ཨ་ཁུ་མ་མཇལ་ཚེ་སྐུ་ཁམས་བདེ་བར་མཛོད་ཅིག །བདག་ཀྱང་རང་དབང་ཐོབ་ནས་ཨ་ཁུ་ཅན་དུ་འོང་ཟེར་ནས་ལོག་གོ །དེར་རྒྱ་བན་དཔོན་གཡོག་གཉིས་ཡར་འབྲོག་ཤ་བོ་སྒང་དུ་སླེབ་ཙམ་ན། འབྲོག་བན་རལ་པ་ནག་ཤར་རེ་བ་གཅིག་བྱུང་ནས། སྔགས་པ་གང་ནས་འོངས་གར་འགྲོ་འོ་རྒྱལ་ལམ་ཟེར་ནས་བསྡད་འདུག་པས་རྒྱ་བན་གྱིས་ཐག་རིང་ཚད་ནས་འོང་། ཉང་རོ་ཚེ་སྤོངས་བྱ་བ་ནས་འོང་བྱས་པས། འོ་ན་ཐག་རིང་པོ་མིན། ད་གར་འགྲོ་བྱས་པས། ད་མཁར་ཆུའི་བྲག་ལ་རོ་གོག་འདི་སྐྱེལ་དུ་འགྲོ་སྙམ་པ་ཡིན་བྱས་པས་ཁོང་ན་རེ། ཁྱེད་ལ་བསུ་མི་མང་པོ་འདུག་ཟེར། དེ་ཅི་འདུག་བྱས་པས། ཁྱོད་རང་གིས་མཐོང་ནས་འོང་བར་འདུག །དོ་ནུབ་འདི་གར་སྡོད་ཟེར་ནས། ངལ་བར་འདུག་ནས་བསྡད་པས། དེའི་ནུབ་མོ་དཔའ་བོ། དཔའ་མོ་མང་པོ་བྱུང་ནས། ཁོང་གི་ཤ་དང་། ཁྲག་དང་། རུས་པ་ཁྱེར་ནས་སོང་། ཡང་བྱུང་ནས་ཁྱེར་ནས་སོང་། པཎྜི་ཏ་ཆེན་པོ་སྨ་ར་ཞོལ་ཞོལ་བྱས་པ་གཅིག་བྱུང་ནས་སྙིང་གཅུར་གྱིས་བཏོན་ནས་མཁར་ཆུར་ཁྱེར་ནས་སོང་བ་མཐོང་། ཉམས་དགའ་སྙམ་པའི་རིག་པ་ཟི་བ་སྙམ་བྱེད་ནས་ནངས་པར་ཁོ་ལ་དེ་སྐད་བྱས་པས། བཟང་བས་ཁྱེད་གྲུབ་པ་ཐོབ་ནས་ཚེ་ལ་དབང་བའི་རིག་འཛིན་ཐོབ་ནས་འོང་བར་འདུག་ཟེར། དེར་རྒྱ་བན་གྱིས་ཁྱེད་གྲུབ་པ་ཐོབ་པ་གཅིག་ལགས་སམ་བྱས་པས། ངས་གྲུབ་པ་མ་ཐོབ། ཡི་དམ་ལས་སུ་རུང་ཙམ་ཡིན་ཟེར། ངོ་མཚར་དུ་གྱུར་ནས་གསེར་དུམ་གཅིག་ཕུལ་ནས་བྱིན་རླབས་ཞུས། དཔེ་སྒྲོམ་འདི་ཁྱེད་ལ་འཆོལ་ཞུས་ནས་དཔེ་སྒྲོམ་བཅོལ་ལོ། །དང་པོའི་ལུང་བསྟན་དང་མཐུན་པར་བྱུང་ནས་བློ་བདེའོ། །དེ་ནས་མཁར་ཆུར་བྱོན་ནས་ལོ་གཉིས་ནས་གཏེར་འདི་རྙེད་པ་ཡིན་ནོ། །དེས་སྤྱིར་གདམས་པ་མང་པོ་གཏེར་ནས་བཏོན་ཡང་འདི་སྨན་རྟག་ཏུ་ངུའི་བཅུད་ལེན་ལགས། དེ་ཡང་སྟོན་པ་ཉིད་ཀྱི་ཟླ་བ་བཅུ་གསུམ་དུ་བསླབས་པས། ལོ་གསུམ་ནས་སྐྲ་དཀར་དང་སེན་མོ་ཐམས་ཅད་བརྗེས། ལོ་བཅུ་དྲུག་ལོན་པ་ལྟ་བུར་སོང་ནས། མཁར་ཆུར་ལོ་དྲུག་ཅུ་རེ་བརྒྱད་བཞུགས་སོ། །དེ་ནས་དགུང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ལོན་ནས་ཚུར་བྱོན་ཏེ་ཡར་འབྲོག་དཔལ་གྱི་ཡེ་ཤེས་སྲས་རྡོ་རྗེ་ཡེ་ཤེས་ལ་བདག་གི་དཔེ་ཆ་ཡོད་པས་ཞུ་དང་བྱས་པས། ང་ལ་ཁྱེད་ཀྱིས་དཔེ་ཆ་མ་བཅོལ། ང་རང་འདི་འདྲ་བར་རྒས་པས་ཁྱེད་གཞོན་པ་ཕོ་གསར་པ་གཅིག་འདུག་པ། ཁྱེད་འདྲ་བ་བྱུང་དུ་ཡང་མ་ཚོར་ཟེར་བས། ང་འོངས་ཙ་ན་ཁྱེད་ཀྱི་ཕ་བཞི་བཅུ་ལོན་པ་གཅིག་འདུག །ཁྱེད་ཀྱི་ལོ་བཅོ་ལྔ་ལོན་པ་གཅིག་ལ་བཅོལ་བ་ཡིན་མོད་བྱས་པས། འོ་ན་ཁྱེད་དེ་དུས་བནྡྷེ་མགོ་སྐྱ་བ་གཅིག་འདུག་པ་སྙམ་བྱེད་པ་དེ་ཡིན་ནམ་ཟེར། ཡིན་བྱས་པས། འོ་ན་གཞོན་པ་འདི་ལྟར་གྱུར་པ་ཁྱེད་ཀྱིས་ཅི་བྱས་པ་ཡིན་ཟེར། ངས་སྨན་རྟག་ཏུ་ངུའི་བཅུད་ལེན་བྱས་པ་ཡིན་བྱས་པས། འོ་ན་ངོ་མཚར་ཆེ། ང་ལའང་ཞུ་བྱས་པས། འདི་བཞིན་བྱ་དགོས་གསུངས་ནས་ཚོགས་འཁོར་གཅིག་བསྐོར་ནས་གནང་ངོ་། །དེ་ནས་ཡུལ་དུ་འོང་ཙ་ན་སུ་ཡང་མི་འདུག །རྒན་མོ་ལོ་བརྒྱད་ཅུ་ལོན་པ་གཅིག་འདུག །དེ་ལ་ལོ་རྒྱུས་དྲིས་པས། ཐམས་ཅད་ཤི་ནས་མེད། ཁྱེད་འདྲ་བའི་གཞོན་པ་རྒྱུས་ཆེ་བ་སུ་ཡིན་བྱས་པས། དེར་སྔོན་གྱི་ལོ་རྒྱུས་བྱས་པས། རྒན་མོ་ན་རེ། ཁྱེད་ཚེ་འཕོས་པ་ཡིན་ནམ་ཟེར་བས། མིན་བྱས་པས། འོ་ན་ང་ཡི་ཨ་ཁུ་སྟོན་པ་ལྷོ་བྲག་ཏུ་གཤེགས་པ་གཅིག་ཡོད་པ་དེ་ཡིན་ནམ་ཟེར་བས། ཡིན་དུའང་འཐད་བྱས་པས། རྒན་མོ་ན་རེ། ཨ་ཁུ་སྟོན་པ་དང་མཇལ་ནས་འདུག་པ་ལ་རེ་དགའ་ཟེར་ནས་མ་རྒན་གྱིས་བྲོ་འཁྲབ། དེར་མོ་ན་རེ། ཁྱེད་ཚེ་འདི་ཙམ་ཐུབ་པ་ཅི་བྱས་པ་ཡིན་ཟེར། ངས་སྨན་རྟག་ཏུ་ངུའི་བཅུད་ལེན་བྱས་པ་ཡིན་བྱས་པས། འོ་ན་ང་ལའང་བཅུད་ལེན་གྱི་གདམས་པ་ཞུ་ཟེར་ནས་གནང་ངོ་། །རྒན་མོས་ལོ་གསུམ་དུ་ཉམས་སུ་བླངས་པས། འཆི་མེད་ཚེའི་དངོས་གྲུབ་ཐོབ་བོ། །དེ་ནས་རིམ་པར་བརྒྱུད་དོ། །ལོ་རྒྱུས་སོ། གཉིས་པ་བཅུད་ལེན་ལ་ལྔ་སྟེ༔ བརྟག་པ་དང༔ བཏུ་ཞིང་སྐམ་པ་དང༔ བརྡུང་ཞིང་རབ་གནས་བྱ་བ་དང༔ རིལ་བུ་བྱ་བ་དང༔ བཅུད་ལེན་བྱ་ཞིང་བཟའ་ཐབས་སོ་སོར་བསྟན་པ་དང་ལྔའོ༔ དང་པོ་བརྟག་པ་ལ༔ སྐྱེ་བའི་གནས་མཆོད་རྟེན་ནག་པོའི་སེར་ཀའམ་མི་བསོད་ནམས་ཅན་གྱི་ཡུལ་དུ་སྐྱེ༔ བྱིན་གྱིས་བརླབས་པའི་ས་གངས་ཏི་སེའམ༔ བྱང་ཙ་རི༔ ལྷོ་བྲག་མཁར་ཆུ༔ རྒྱ་ལའི་རྩར༔ མོན་བུམ་ཐང༔ སྐྱི་མཐིང་སོ་ན་ཡོད་དོ༔ འདི་ལ་རིགས་ལྔ་ཡོད༔ མེ་ཏོག་དཀར༔ སེར༔ དམར༔ ལྗང༔ མཐིང་ག་དང་ལྔའོ༔ རིགས་ལྔ་ཆར་ལྷོ་བྲག་ན་ཡོད༔ དེ་ལས་སེར་པོ་མིན་པ་མི་རྙེད་དོ༔ སེར་པོ་འདི་གང་ནའང་ཡོད་པ་ཡིན་ཏེ༔ སེར་པོ་གསེར་འགྱུར་རྩི་དང་འདྲ༔ ཟད་མི་ཤེས་ཏེ་རྒྱས་པའི་ལས༔ ལོ་འདབ་ཀུན་ལ་ཟིལ་པ་ཆགས༔ སྦྲང་བུ་སེར་པོ་འདི་ལ་འདུ༔ ཁ་དོག་ལྗང་སེར་དབྱིབས་པདྨའི་འདབ་མ་འདྲ་བ༔ མེ་ཏོག་སེར་པོ་བྱས་པ༔ དེའི་ཡོན་ཏན་ནི༔ ང་ལ་ཡོན་ཏན་བརྒྱ་ཚང་ཡང༔ ཟ་མཁན་མེད་པ་བྱས་ནས་རྟག་ཏུ་ངུས་པས་ཟིལ་པ་ནམ་སྐམ་པོ་ལ་རྩ་གཞན་ལ་ཟིལ་པ་མི་འོང་སྟེ༔ ཁོ་ལ་ཟིལ་པ་འོང་བ་ཡིན་ནོ༔ གཉིས་པ་བཏུ་ཞིང་སྐམ་པ་ལ༔ བཅུ་པའི་དུས་ཚོད་སྲན་མའི་མེ་ཏོག་སྐྱ་ས་་་འདི་དུས་མེ་ཏོག་ཡལ་ཚར་བས་བརྟག།ལེ་བའི་དུས་སམ་ཡང་ན་སྤང་རྒྱན་བདོ་བའི་དུས་སུ་བཏུ༔ མི་སྤྲེའུ་ལོ་པ་བཅུ་དྲུག་གམ༔ བུ་མོ་བྱ་ལོ་པ་བཅུ་དྲུག་གམ༔ བཅུ་གཅིག་གམ༔ ཉེར་གཅིག་ལ་སོགས་པས་འཐུ་ཙ་ན༔ ཨོཾ་ས་ལེ་པདྨ་ས་ལེ་སི་ལེ་སྭཱ་ཧཱ༔ ཞེས་བཟླས་སོ༔ ཡང་ན་ཡི་དམ་གྱི་སྙིང་པོ་བཟླ་ཞིང་བཏུའོ༔ དེ་ལ་གྲི་རྣོན་པོས་རྩ་བ་འདབ་མ་དང་བཅས་པ་བཏུས་ལ༔ སྐམ་པ་ནི་ཉི་མ་དང་རླུང་ལ་སོགས་པས་མ་ཕོག་ཅིང་གྲིབ་སྐམ་བྱའོ༔ སིང་གིས་སྐམ་པར་བྱའོ༔ གསུམ་པ་བརྡུང་ཞིང་རབ་གནས་བྱ་བ་ནི༔ དུས་ལོ་གསར་པའི་ཚེས་བརྒྱད་ལ་བཏགས༔ དེ་ལ་སྨན་སྦྱར་ཟེར་ཡང༔ རང་རེ་རང་རེ་འཐག་པ་ཡིན་ནོ༔་་་རྟག་ཏུ་ངུ་དང་སྨན་གྱི་རིགས་གཞན་ཁ་ཚར་བཏབ་པ་རྣམས་མ་འདྲེས་པ་སོ་སོར་འཐག་པའི་དོན། དེ་ནས་སྨན་བཏགས་པ་ཚོ་མ་བསྲེས་པར་བྱས་ལ་རབ་གནས་བྱའོ༔ དེ་ལ་ཐུན་མོང་དུ་བྱ་བ་དང༔ མཆོག་གཉིས་ལས་ཐུན་མོང་དུ་བཏགས་པའི་ཕྱེ་མ་དང༔ གང་འབྱོར་པའི་ཕྱེ་མ་ཚོ་བསྲེས་པར་བྱས་ལ༔ རང་རེ་རང་རེ་་་སོ་སོར།བཏུམས་ལ་རིགས་ལྔར་བྱིན་གྱིས་བརླབ༔ དེ་ལས་སྨན་ཚོ་གཅིག་ཏུ་བསྡུས་ལ་གཉིས་སུ་མེད་པར་བསྟིམ་པ་དང༔ བཞུགས་སུ་གསོལ་བ་ལེགས་པར་བྱའོ༔ དེའི་དུས་སུ་ཚོགས་འཁོར་ལ་སོགས་མཆོད་པའི་ཡོ་བྱད་བཟང་དུ་བཤམས་ལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད་ལ་ཚོགས་ལ་རོལ༔ བཀྲ་ཤིས་བརྗོད་པར་བྱའོ༔ དེ་ནས་སྨན་སྦྱར་བ་ནི༔ སྔོན་ལ་རྟག་ཏུ་ངུའི་ཕྱེ་མ་ལ༔ ཨ་རུ་ར་རྒྱ་གར་མས་སྣ་དྲངས་པའི་སྨན་གྱི་རིགས་གང་འབྱོར་པའི་ཕྱེ་མ་བསྲེས་ཏེ༔ སྦོལ་ལ་འདྲེས་པར་བྱ༔ འབྲས་ཆང་ཡོད་ན་རབ༔ མེད་ན་ནས་ཆང་ལ་བྱས་ལ་དེ་ལ་རང་གི་དྲི་ཆུ་ཕོར་པ་གང་ཡང་བཏང༔ འོལ་སྐམ་ཙམ་དུ་བསྲེས་ལ་སྦོལ་བར་བྱས་ལ༔ མར་སྦྲང་བུ་རམ་དཀར་པོ་ཚོ་བཞུས་པས་ཁུ་བ་མེར་གྱིས་བྱུང་བ་ལ་ཕྱེ་མ་སྦོལ་བ་ཚོ་བཏབ་ལ༔ ཕྱེ་མ་ཚོ་སྤུངས་ལ༔ རང་ཡི་དམ་དུ་བསྒོམས་པའི་ཐུགས་ཀ་ནས༔ མཿལས་ཉི་མ༔ ཨཿལས་ཟླ་བ་ཉི་ཟླ་གྭའུ་ཁ་སྦྱོར་གྱི་ཚུལ་དུ་འཕྲོས་པས༔ སྨན་གྱི་ཕུང་པོ་ལ་ཐིམ་པས༔ སྨན་ཡང་ཉི་ཟླའི་གྭའུར་གྱུར་པར་བསམ༔ དེ་འོད་དུ་ཞུ་བ་ལས་སྨན་གྱི་ལྷ་མོ་དཀར་མོ་དཀར་ལ་འཚེར་བ་གཅིག་ཏུ་བསྒོམས་ལ༔ དེ་ནས་རང་ཡི་དམ་དུ་གསལ་བ༔ དེ་གཉིས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས༔ འོད་ཟེར་ཁ་དོག་ལྔ་དང་ལྡན་པ་འཕྲོས་པས༔ སྨན་གྱི་ཕུང་པོ་ལ་ཕོག་པར་བསམ༔ སྨན་ཡང་འོད་དུ་ཞུ་ནས་འོད་ཀྱི་ཕུང་པོ་ལྔ་ལྡན་དུ་གྱུར་པར་བསམ༔ དེ་ལ་མེ་ཏོག་གཏོར་ལ་ཚོགས་ལ་སོགས་པ་བཟང་དུ་གཏོང༔ རང་གི་ཚོགས་ཀྱི་དབང་བསྐུར་ལེགས་པར་ཞུས་པའི་སློབ་དཔོན་ལ་རྗེས་གནང་ཞུས་ལ༔ སྨན་བགོས་ལ་རིལ་བུ་བྱེད་དམ་གམ་ཕྱེ་བྱེད་དམ་གང་བྱེད་ཀྱང་འགལ་བ་མེད་དོ༔ མཆོག་ཏུ་བྱེད་ན༔ ཡབ་ཡུམ་གཉིས་ཡོད་ན་ལྷག་པར་ཡང་སྒྲུབ་ཐག་ཉེའོ༔ གོང་གི་ཡོད་པ་ཚོའི་སྟེང་དུ་རང་གི་ཐིག་ལེ་སྲན་མ་ཙམ་གསུམ་ཡུམ་གྱི་ཐིག་ལེ་དམར་ལ་དྭངས་པ་སྲན་འབྲུ་ཙམ་བཏང་ནས༔ སྒྲུབ་པ་གོང་བཞིན་བྱས་ནས་ཟླ་བ་དྲུག་ཟོས་ན༔ ལུས་རྡོ་རྗེའི་ལུས་སུ་འགྱུར་ཏེ༔ སྲ་བ་བརྟན་པ་སྐྱེ་ཤི་མེད་པ་ཉི་ཟླ་དང་མཉམ་པའི་ཚེའི་རིག་འཛིན་ཐོབ་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་ནུས་པར་འགྱུར་རོ༔ མ་འོངས་པའི་སངས་རྒྱས་ཐམས་ཅད་དང་མཇལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ༔ བཞི་པ་རིལ་བུ་བྱ་བ་ནི༔ གོང་གི་སྨན་ལ་རིལ་བུ་ཤུག་འབྲུ་ཙམ་བྱས་ནས༔ ཞག་རེ་ལ་བདུན་བདུན་གསུམ་ཡར་དུ་བཟའ་འོ༔ དེ་ཟླ་བ་གསུམ་དུ་ཟོས་ན་རྩམ་པ་རང་འགགས་སུ་འགྲོའོ༔ ལུས་ཡང་ཞིང་ཤེས་པ་བདེ་རིག་པ་དྭངས་སྙིགས་འབྱེད་པ་འོང་ངོ༔ ལྔ་པ་བཅུད་ལེན་བྱ་ཞིང་བཟའ་ཐབས་ནི༔ གོང་གི་སྨན་ཚོའི་སྟེང་དུ་ཨ་རུ་ར་རྒྱ་གར་མ་དང༔ ར་མོ་ཤག༔ ཅོང་ཞི་དང་སྦྱར་ནས་ཟླ་བ་དྲུག་ཟོས་ན༔ ཡང་རྩལ་སེང་གེ་དང་མཉམ་མོ༔ ༡གོང་གི་སྨན་ཚོའི་སྟེང་དུ༔ བཟང་དྲུག༔ ཚ་བ་གསུམ༔ བུ་རམ་དཀར་པོ་དང་སྦྱར་ལ་ཟླ་བ་གསུམ་མམ་དྲུག་ཟོས་ན༔ ལུས་ལ་དྲོད་སྐྱེ་སྟེ༔ གཞོན་ཞིང་སོ་སྐྲ་སེན་མོ་ཐམས་ཅད་བརྗེའོ༔ ཡང་སྨན་གཏའ་སྦྲང་མར་མིན་པ་གཞན་ཚོ་ལ་ཅོང་ཞི་དགོས་སོ༔ དེ་མིན་ལ་མི་དགོས༔ ༢བྱ་རྒོད་ཀྱི་ཤ་རྙེད་ན་རབ་དེ་མིན་བྱ་ཤ་འཚོགས་ཚད༔ ལུག་ཤ་སྐམ་པོ་ལོ་ལོན་པའི་ཕྱེ་མ་དང་སྦྱར་ནས༔ ལོ་གསུམ་དུ་ཟོས་ན་ལུས་དྲོད་སྐྱེས་ཏེ་གོས་མི་དགོས༔ སེམས་བདེ༔ ཏིང་ངེ་འཛིན་གསལ༔ རང་གཅིག་པུར་བསྡད་ཀྱང་སྐྱོ་བ་མེད་པར་སླར་ཉམས་འཕེལ་ལོ༔ ༣ཡང་ལུགས་གཅིག་ལ་སྦྲང༔ མར༔ ཨ་རུ་ར༔ ཤ་ཆེན༔ ཅོང་ཞི༔ བདུད་རྩི་བཏུལ་བའི་ཕྱེ་མ་གོང་བཞིན་སྦྱར་ནས་ཟླ་བ་གསུམ་ཟོས་ན༔ རིག་པ་ལ་ངར་ཕྱོགས་མེད་དུ་སྐྱེ༔ ཉི་ཟླ་མནན་ཡང་ནོན་པ་སྙམ་བྱེད༔ རི་རབ་བཏེག་ཀྱང་ཐེག་པ་སྙམ་བྱེད༔ ལྷ་འདྲེ་ཐམས་ཅད་དབང་དུ་འདུ༔ རིག་པ་ལ་ངར་སྐྱེའོ༔ ༤ཡང་རྟག་ཏུ་ངུའི་བཅུད་ལེན་སྨན་གཅིག་ལ༔ རྩ་ཨ་བ༔ སྦྲུལ་ཤ༔ ཅོང་ཞི༔ འབྲས་བུ་གསུམ༔ གོང་གི་སྦྲང་མར་དང་སྦྱར་ནས་སྨན་མར་དུ་བྱས་ཏེ༔ ནངས་མ་རེ་ལ་ཐུར་མགོ་གསུམ་གསུམ་བཟའ༔ དེ་ཟླ་བ་གཅིག་ཏུ་ཟོས་ན་མིག་གསལ་བར་འགྱུར་རོ༔ ༥ཡང་དེ་ཚོའི་སྟེང་དུ༔ ཕག་པ་ལོ་ལོན་པའི་མཁྲིས་པ་དང༔ མཆིན་པ་དང༔ དོམ་མཁྲིས༔ ཁྱི་ནག་མཁྲིས་པ༔ བྱ་རོག་མཁྲིས་པ༔ དྲེད་མོ༔ དྲེའུ༔ རྟ་ནག༔ མི་དང་འུག་པའི་མཁྲིས་པ་རྣམས་སྦྱར་ནས་སྨན་མར་དུ་བྱས་ནས་ཟླ་བ་གསུམ་ཟོས་ན་ལོ་ཀའི་ཁམས་ཐམས་ཅད་དུས་གཅིག་ལ་གསལ་བར་འགྱུར་རོ༔ ཉིན་མཚན་ཐམས་ཅད་ལ་ཁྱད་མེད་དོ༔ ༦ཡང་བཟའ་ཐབས་གཅིག་ལ་ཁོ་རང་གི་རྩ་བ༔ ངར་པ༔ འདབ་མ༔ མེ་ཏོག་དང་བཅས་པ་རྣམས་བརྡུངས་ལ་སྟབས་གཅིག་ཏུ་བཏབས་ལ༔ དེ་ལ་ཨ་རུ་ར་རྒྱ་གར་མ༔ ཕུག་རོན་རྐང༔ བོང་ང་འབྲི་ཚིལ་མ༔ དེ་ཚོ་ཞོ་ལ་བཅལ༔ གསུམ་ཆ་གསུམ་གཉིས་སུ་བྱས་ལ༔ རིལ་བུ་གོང་བས་ཆུང་བ་བྱས༔ བོང་ང་དཀར་པོ་དམར་པོ་ཡང་བཏང༔ མེ་ཏོག་གི་རིགས་སུ་གྱུར་པ་ཐམས་ཅད་དང༔ སྲན་མ་དང༔ ཟར་མ་ལ་སོགས་ཏེ་མེ་ཏོག་གི་རིགས་ཐམས་ཅད་བཏང༔ སྦྲང་མར་དང་སྦྱར་བ་དེ་ཟོས་ན་མིག་དྭངས༔ སོ་ལེགས༔ ཤ་བཀྲག་ལེགས༔ རིག་པ་གསལ༔ ལྷ་སྒྲུབ་ཐག་ཉེའོ༔ ༧ཡང་རྒྱུན་གཅོད་དུ་བྱེད་ན་སྨན་རྟག་ཏུ་ངུ་དང༔ ཨ་རུ་ར་རྒྱ་གར་མ་གཉིས༔ བུ་རམ་དཀར་པོ༔ ཀ་ར་དཀར་པོ་ཚོ་དང་སྦྱར་ལ༔ ཕྱེ་མར་བྱས་ལ་རབ་གནས་གང་ཡིན་བྱས་ལ་བཟའ༔ ཉི་མ་རེ་ལ་ཐུར་མགོ་རེ་བཟའ༔ དེ་ཡིས་རྩམ་པ་རྒྱུན་གཅོད་དོ༔ ཟ་ཙ་ན་རང་ཡི་དམ་དུ་བསྒོམ༔ དེའི་ཐུགས་ཀར་འཇམ་དཔལ་ཕྱག་གཡས་རལ་གྲི༔ གཡོན་བདུད་རྩིའི་ཕྱེ་མས་བཀང་བའི་བུམ་པ་བསྣམས་པ༔ ཕྱག་གཡས་པའི་རལ་གྲིས་རང་གི་བྱང་ཁོག་སྟོད་ཀྱི་སྲོག་རྩ་དང༔ སྙིང་ཚིལ་གྱི་མཚམས་ཡས་མས་ཀྱིས་བྲེགས་ནས༔ རྩ་སྦུ་གུ་དོང་ངེ་བ་ན་མར་ལ་སྨན་ཚོ་སིབས་ཀྱིས་སོང་བར་བསམས་ལ༔ ཐུར་མ་གང་འགམ༔ དེ་ནས་སྨན་བདུད་རྩིའི་ཁུ་བ་སྐྱ་མེར་གྱིས་སོང་བར་བསམ༔ ལོ་ཀའི་ཁམས་ཐམས་ཅད་བདུད་རྩིས་གང་བར་བསམས་ལ༔་་་རྩ་ཐམས་ཅད་བདུད་རྩིས་གང་བར་བསམ་ཟེར་བའང་འདུག །བྱང་ཁོག་སྟོད་བྲེགས་པ་དེ་ལ་དམིགས་པའི་འཕྲོ་རྦད་ཀྱིས་བཅད་ལ༔ ཅུང་ཞིག་གཏད་མེད་དུ་བཞག༔ དེ་ནས་རིག་པ་འཕྲོ་ན་བླ་མ་ལ་གསོལ་བ་ཡང་བཏབ༔ ཞག་བདུན་བརྒྱད་ནས་ཚོགས་འཁོར་རེ་བསྐོར༔ དེ་མ་གྲུབ་ན༔ དུས་བཟང་པོ་གསུམ་ལ་མི་བྱ་བའི་ཐབས་མེད་དོ༔ འདི་ལ་བླ་མ་མཉེས་ཤིང་དམ་ཚིག་གཙང་བ་གལ་ཆེ༔ འདི་གཅིག་པུ་བྱས་ན་རྡོ་རྗེའི་སྐུ་དང་ལྡན་ཞིང་ཡོན་ཏན་མང་པོ་སྐྱེ༔ ཟག་པ་རྒྱུན་གཅོད་ཀྱི་མན་ངག་ལགས་སོ༔ ༨ཡང་སྨན་རྟག་ཏུ་ངུའི་བཟའ་ཐབས་ལ༔ གོང་གི་སྦྲང་མར་ལ༔ ཅོང་ཞི༔ ཨ་རུ་ར་རྒྱ་གར་མ༔ གཡག་རོག་པོ༔ ལུག་ཕོ༔ ཁྱི་ནག་པོ་གསུམ་གྱི་ཨོལ་གོང་པ་གློ་ཡུ་དང་བཅས་པ་གསུམ་དང༔ སྟར་བུ༔ ཤིང་མངར༔ ཀ་ར་དཀར་པོ་མཛོ་མར་དང་སྦྱར་ནས་རིལ་བུ་གོང་བཞིན་བྱས་ནས་ཟླ་བ་གསུམ་ཟོས་ན་ཡང་བ་རླུང་དང་འདྲ༔ དྲག་རྩལ་ཆེ་བ་ཐོག་དང་འདྲ༔ ཁྱད་པར་དུ་གློ་གཅོང་ན་བ་གཅུར་ཏེ་འགྲོ་ལ༔ བད་མཁྲིས་ལ་སོགས་པས་མི་ཚུགས༔ གཅོང་ནད་ཐམས་ཅད་ཞི་བར་བྱེད་དོ༔ ༩ཡང་བཅུད་ལེན་རྣམ་པ་གཅིག་ལ༔ རྟག་ཏུ་ངུའི་ཕྱེ་མ་སུམ་གཉིས༔ ནས་ཀྱི་གྲུས་ཕྱེ་སུམ་ཆ་དང་བསྲེས་ལ་ནག་ཐུག་ཏུ་བྱ༔ མར་ཁུ་རྙིང་པ་གང་ཡོད་བཏབ་ལ་ཚོས་པར་བྱས༔ སྐ་སླ་ལུག་ཞོ་ཙམ་བྱས་ལ་གསུམ་ཡར་དུ་ཕུལ་རེ་ཙམ་འཐུང་ན༔ ཤེས་པ་གསལ་རིག་པ་དྭངས་སྙིགས་ཕྱེད་པས་བཅུད་ལེན་དེ་ཀས་ཆོག་གོ༔ ༡༠ཤེས་རབ་སྐྱེད་ན༔ རྟག་ཏུ་ངུ༔ ཨ་ག་རུ་ནག་པོ༔ སྙིང་ཞོ་ཤ༔ ཛཱ་ཏི༔ ཤེས་རབ་ཡེ་ཤེས་རྩྭ་ཟིལ་པ་ཅན་བྱ་བ་ཡིན་ཏེ༔ ཡོད་ས་ནི་རི་ཐམས་ཅད་ལ་ཡོད༔ རྩ་དེའི་དབྱིབས་རྩ་བ་གཅིག་ཏུ་ཧྲིལ་གྱིས་དྲིལ་ན༔ རྩེ་མོ་ལྔ་རུ་ཡོད་པ༔ མདོག་དཀར་པོ་རྩུབ་ཤོད་དེ་བ༔ ལྕེ་ལ་རེག་ན་རྨ་འོང་པ་སྙམ་བྱེད་པ༔ འདབ་མའི་ཞིང་ཚད་ཙམ་ཞིག་ཡོད་པ༔ སྐྱེ་ས་གཡའ་དང་གངས་ཀྱི་མཚམས་སུ་སྐྱེ་སྟེ༔ ལས་ཅན་མིན་པས་མི་རྙེད༔ དེ་རྣམས་ལ་ཐིག་ལེ་གཉིས་པོ་བཏང༔ རིལ་བུ་ཨ་རུ་ར་རྒྱ་གར་མ་དང་མཉམ་པོར་བྱས་ནས་ཟོས་ན་ཤེས་རབ་ཕྱོགས་མེད་སྐྱེའོ༔ ༡༡ཡང་རྟག་ཏུ་ངུས་གཉིད་ཆུང་བ་དང༔ མིག་རྣོ་བར་བྱ་བ་ནི༔ ཞུམ་བུ༔ འུག་པ༔ ཉའི་མཁྲིས་པ༔ ཕག་མོ་ལོ་ལོན་མའི་མཆིན་མཁྲིས་གཉིས༔ དོམ་གྱི་མཆིན་མཁྲིས་ཏེ་དྲུག༔ ཨ་རུ་ར་རྒྱ་གར་མས་གཙོ་བྱས་པའི་འབྲས་བུ་གསུམ་དང༔ དེ་ཚོ་ཆ་མཉམ་པར་བྱས་ནས༔ ར་མར་ལ་སྦྱར་ནས་ཟོས་ན་མིག་རྣོ་ཞིང་གཉིད་ཆུང་བར་འགྱུར་རོ༔ ༡༢རྗེས་གནང་བྱེད་ན་མཁའ་འགྲོ་མའི་གཏོར་མ་བྱས་ལ་ཞུ་བའི་མགོ་ཐོག་ཏུ་བཞག་ནས་རང་ཡི་དམ་གྱི་ང་རྒྱལ་དུ་བྱས༔ བླ་མ་ལ་གསོལ་བ་དྲག་པོ་བཏབ་ལ༔ སྨན་ཚོ་དེའི་སྤྱི་གཙུག་ཏུ་ཐིམ་པར་བསམ༔ བླ་མའི་རྣལ་འབྱོར་ལ་ཞོག་ཅིག་བྱས༔ རང་གཏད་མེད་དུ་བཞག་གོ༔ ༡༣ཡང་གོང་གི་སྨན་ལ་མཆིལ་པའི་ཤ་མ་རུལ་མ་སུམས་པ་གཅིག་བཏང༔ དེ་ལ་རཏྣ་ལྔ་བརྡར་ལ༔ ཐོད་པ་བཟང་པོའི་ནང་དུ་བཞག༔ ཉི་ཟླ་གཟས་ཟིན་དུས་སུ་པཱུ་ཛ་བཤམས་ལ༔ རྟ་མགྲིན་གྱི་སྔགས་སྟོང་ཚོ་གསུམ་བཟླ༔ ཟླ་བ་དྲུག་དྲུག་ཟོས་ན་ལུས་སྟོབས་ཆེ་ཞིང་དབང་པོ་འཁྲང༔ མིག་གསལ༔ སྟོབས་ཆེ༔ ལུས་ཡང༔ པགས་པ་འཇམ་ཞིང་ཐམས་ཅད་དབང་དུ་འདུ༔ འདི་ལ་ཡོན་ཏན་དཔག་ཏུ་མེད་དོ༔ ༡༤ཡང་རྟག་ཏུ་ངུའི་བཅུད་ལེན་ལ༔ རྟག་ཏུ་ངུ་ནི་ཞིབ་བཏགས་ལ༔ ནས་དང་སོ་བ་གང་རུང་ཕྱེ་དང་ནི༔ ཉུང་གཞི་དང་ནི་ཨ་རུ་ར༔ མར་དང་སྦྲང་རྩི་ལེགས་སྦྱར་ཏེ༔ ཟླ་བ་དྲུག་ཏུ་དེ་ཟོས་ན༔ ལུས་སྟོབས་ཆེ་ཞིང་ཚེ་ཡང་རིང༔ ཁྱད་པར་འོག་མ་ལ༔ བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་རོ༔ ༡༥ཡང་རྣམ་པ་གཅིག་ནི༔ བླ་མའི་རྣམ་སྣང་སྐམ་པོ་དང༔ རྟག་ཏུ་ངུ་དང་སྦྱར་ལ༔ རྫ་ཕོར་གསར་པའི་ནང་དུ་རང་གི་མི་བསྐྱོད་པས་བཀང་ལ་བཞག༔ བསྐམས་ནས་བདུད་རྩི་དང་སྦྱར་ནས་ཟླ་བ་དྲུག་ཏུ་བསྟེན༔ ལུས་ཀྱི་བ་སྤུ་ཐམས་ཅད་ནས་འོད་འབྱུང་ནས༔ སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ ༡༦ཡང་ལུགས་གཅིག་ལ༔ སོ་བའི་ཁུ་བ་དང༔ ཉུང་ནག་མར་ཁུ་དང་སྦྱར་ནས་ཟླ་བ་དྲུག་ཟ་ཞིང་བཀུ་མཉེ་བྱས་ན༔ རྐང་ལག་སེར་ག་མི་འགས༔ ལུས་བདེ༔ ཁ་དོག་གསལ༔ མིག་གི་དབང་པོ་གསལ་ཞིང་བཅུད་འཕེལ༔ ཏི་ལ་ཀ་ནི་བརྟན་པ་དང༔ ལས་དང་འགྲོ་འདུག་དྲག་པོ་དང༔ ཤ་རུལ་ཉ་རུལ་སྔོ་ངད་དང༔ ཆང་སྐྱུར་ལ་སོགས་སྤང་བར་བྱ༔ གང་ཡང་རུང་བའི་ཤ་ཚོད་ལ༔ རྟག་ཏུ་ངུ་ཡི་ཕྱེ་མ་དེ༔ ཞིབ་བཏགས་རིལ་བུ་གླ་རིལ་ཙམ༔ དེས་ནི་མར་དུ་བཙོས་ལ་བཟའ༔ ཡང་ན་འབྲི་མར་བཟང་པོ་དང༔ སྦྱར་ནས་ཟླ་བ་བཞི་རུ་ནི༔ ནངས་རེ་བཞིན་དུ་ཟོས་གྱུར་ན༔ ཡོན་ཏན་གོང་དང་མཚུངས་པ་ཐོབ༔ ༡༧ཡང་ལུགས་གཅིག་ལ༔ ཡུང་བ་མར་ནག་འབྲས་བུ་གསུམ༔ རྟག་ཏུ་ངུ་དྲུག་པོ་དེ་ཟླ་བ་དྲུག་ཏུ་ནངས་རེ་བཞིན་ཟོས་ན༔ རྒས་ཁ་སྲ་ཞིང་ལུས་སྟོབས་ཆེ༔ དབང་པོ་འཁྲང་ཞིང་བཅུད་མི་འཛད༔ སྦྲུལ་ཤ་བཏང་ན་ཉམས་སྐྱེ་ཞིང༔ ཤ་དཀར་འཚེར་བག་ཚེ་རིང་འགྱུར༔ ༡༨ཡང་ལུགས་གཅིག་ལ༔ ཨ་རུ་ཞོ་གང༔ སྦྲུལ་ཤ་ཞོ་གང༔ རྟག་ཏུ་ངུ་ཞོ་གང༔ དེ་རྣམས་སྦྲང་དང་སྦྱར་ཏེ་འབྲི་མར་བཟང་པོ་རྟ་བྱས་ཏེ༔ ཟླ་བ་གཉིས་ལ་ཟད་པར་བཟའ༔ དེས་ནི་ལུས་སྟོབས་འཕེལ་ཞིང་དམིགས་པ་གསལ༔ ཤེས་པ་དྭངས༔ དབང་པོ་ལས་སུ་རུང་ཞིང་ཚེ་རིང་ཡོན་ཏན་དཔག་ཏུ་མེད་དོ༔ ༡༩ཡང་རྣམ་པ་གཅིག་ལ༔ ཅོང་ཞི་བཟང་པོ་ཕུལ་གང༔ ཨ་རུ་ར༔ རྟག་ངུ་གང་རྙེད་དང༔ ཀ་ར་སྦྱར་ལ་ལྟོ་སྟོང་ལ་གམ་ཕྱེ་ཐུར་མགོ་བཟང་བ་རེ་བཏང་སྟེ་ལོ་གཅིག་བསྟེན་ན་སྟོབས་སེང་གེ་དང་མཉམ༔ བོང་རྟ་དང་མཉམ༔ སོ་སྲ༔ སོ་བར་ཅི་ཟོས་འཇུ༔ མིག་རྣོ༔ རྣ་བ་གསང༔ ལུས་ཡང༔ ཚེ་ལོ་བརྒྱ་ཐུབ༔ ཌཱ་ཀི་འདུ་ཞིང་ཡོན་ཏན་བརྗོད་ཀྱིས་མི་ལངས་པར་འགྱུར་རོ༔ ༢༠དེ་ནས་ཡང་རྟག་ཏུ་ངུ་༔ ཨ་རུ་ར་རྒྱ་གར་མ༔ བུར་སྨུག་དང་སྦྱར་ནས་ལྟོ་སྟོང་ལ་ཟོས་ནའང་ཡོན་ཏན་གོང་དང་འདྲའོ༔ ༢༡སྨན་གྱི་ཁུ་བ་དང༔ གླ་རྩི༔ མར་ཁུ༔ ཉུངས་དཀར་གྱི་ཁུ་བ་དང༔ དེ་རྣམས་མི་འཆི་ཁ་མའི་སྣར་བླུག་ན་སླར་སོས་པར་འགྱུར་རོ༔ ༢༢ཡང་ཏིལ་མར་དང་སྦྱར་ནས་ཟླ་བ་དྲུག་ཏུ་ཟོས་ན༔ ལུས་རྒྱས་ཏེ་གཟི་མདངས་ཉི་མ་ཤར་བ་དང་འདྲའོ༔ ༢༣ཡང་རྟག་ཏུ་ངུའི་ཁུ་བ་སྣར་བླུག་ན་མགོ་ན་བ་དང༔ རོ་སྟོད་བརྒྱངས་པ་དང༔ ལྕེ་མི་བདེ་བ་ཐམས་ཅད་སོས་པར་འགྱུར་རོ༔ ༢༤སོ་བ་དང་ཏིལ་མར་གྱི་དུད་པ་སྦྱར་ན་ལོ་སྟོང་དུ་འགྱུར་རོ༔ ༢༥རྟག་ཏུ་ངུའི་ཁུ་བ་དང༔ གླང་གི་ཤ་ཞིབ་ཏུ་བཏགས་ལ་འདག་པ་བྱས་ཏེ་རིལ་བུ་དྲིལ་ལ༔ མར་གྱི་ནང་དུ་བཙོས་ལ་བཟའ་འོ༔ མི་བཅུའི་སྟོབས་དང་མཉམ་པར་འགྱུར་རོ༔ ༢༦དེ་ཐམས་ཅད་ཟླ་བ་ཉ་དུས་སུ་སེམས་ཅན་གྱི་དོན་དུ་བྱའོ་སྙམ་དུ་བསམས་ལ༔ བཀྲེས་པ་ལམ་ཁྱེར་ལ༔ བདུད་རྩི་དེའི་སྣོད་རཏྣའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དཀར་ལ་དམར་མདངས་ཆགས་པ་ཌཱ་ཀིས་དྲངས་པར་བསྒོམ་ཞིང༔ དྲངས་པ་ཙམ་གྱིས་ཟག་མེད་ཀྱི་སྐུ་ཐོབ་པ༔ ཕྱག་རྒྱ་ཆེན་པོ་འགྲོ་འོང་མེད་པའི་སྐུ་ཐོབ༔ ཏིང་འཛིན་རང་ཤུགས་སུ་སྐྱེ་བར་བསམས་ལ༔ ཨོཾ་ཨཱཿཧཱུྃ༔ གིས་བྱིན་གྱིས་བརླབས་ལ་བཟའ་འོ༔ དེ་ལྟར་ཟོས་པའི་ཕན་ཡོན་ནི༔ མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ༔ ཁྱད་པར་དུ་ཚེ་རིང་སྟེ༔ རྡོ་རྗེའི་སྐུ་ཁྲུ་བཅུ་གཉིས་པ་གཅིག་ཏུ་གྱུར་ནས་འཆི་བ་མེད་དོ༔ དེ་མ་གྲུབ་ཀྱང་ཚེ་ལོ་སྟོང་དུ་འཕེལ་བར་འགྱུར་རོ༔ དེ་ཡང་པགས་པ་ལ་ནུས་པ་ཞུགས་ན་མཚོན་གྱིས་མི་ཕིག་གོ༔ ཤ་ལ་ཞུགས་ན་གཡང་ལ་ལྷུང་ཡང་བྱ་སྒྲོ་རླུང་གིས་ཁྱེར་བ་དང་འདྲའོ༔ རུས་པ་ལ་ཞུགས་ན་བསད་ཀྱང་མི་སོད་དོ༔ ལྟོ་ཕྱིར་ཕུང་པོ་མི་འཆོར་ཞིང་མཐར་ཐུག་མུ་གེའི་བསྐལ་པ་ལས་ཐར་པར་འགྱུར་རོ༔ ས་མ་ཡ༔ བཅུད་གསང་བ་ལེན་པ་རྟག་ཏུ་ངུའི་ལག་ལེན་ལས༔ ལས་ཁ་ཚར་དང་བཅས་པའི་སྒྲུབ་ཐབས་མན་ངག་གི་གདམས་པ་རྫོགས་སོ༔ ༈ བླ་མ་དམ་པ་རྣམས་དང་ཡི་དམ་ལྷ་ལ་འདུད༔ ཐུགས་རྗེ་ཆེ་ལྡན་གུ་རུ་པདྨ་ཡིས༔ ཕྱི་རབས་རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར༔ རྟག་ཏུ་ངུ་ཡི་སྨན་གྱི་བཟའ་ཐབས་འདི༔ སྔོན་གྱི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང༔ སྤྲུལ་སྐུ་བསམ་མི་ཁྱབ་པའི་ཐུགས་རྗེ་ཡིས༔ སེམས་ཅན་སྐལ་ལྡན་རྣམས་དང་ལས་འཕྲོ་ཅན༔ འགྲོ་བའི་དོན་ལ་ཆགས་མེད་བརྩོན་པ་ཡི༔ ཚེ་གཅིག་སངས་རྒྱས་སྒྲུབ་འདོད་རྣལ་འབྱོར་པ༔ རྟོགས་ལྡན་མི་ཡི་སེང་གེ་རི་ཁྲོད་འགྲིམས༔ དབེན་པའི་གནས་སུ་རང་རེ་གཅིག་པུར་སྡོད༔ སེམས་ནི་མ་བཅོས་གནས་ལུགས་ངང་དུ་བཞག༔ གདོད་ནས་དག་པ་སྨྲ་བསམ་ཡུལ་ལས་འདས༔ བསྒོམ་པས་ནང་གི་སྒྲོ་འདོགས་ལེགས་བཅད་ཅིང༔ ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད་བྱས་ཏེ༔ རྩེ་གཅིག་རང་གི་སེམས་ཉིད་གཏན་ལ་འབེབས༔ དམ་ཚིག་གཙང་ཞིང་ལྷ་བསྙེན་གོང་དུ་རྫོགས༔ དམ་བཅའ་མི་གཡེལ་སྒྲུབ་པ་ཚུལ་བཞིན་བྱེད༔ མོས་གུས་འགྱུར་མེད་བླ་མ་སྤྱི་བོར་འཁུར༔ བྱུང་ཚད་ཕྱོགས་སུ་བཏང་ནས་ཞེན་མེད་ལྷུག་པར་སྡོད༔ དམ་ཆོས་སྐོམ་པས་ཆུ་བཞིན་འཐུང་བའི་རྣལ་འབྱོར་པ༔ ལོངས་མེད་རྒྱུད་ལ་བརྟེན་ཅིང་ཕྱི་མའི་དོན་ལ་བརྩོན༔ དེ་ལྟ་བུ་ཡི་སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ སྐལ་མེད་རྣམས་དང་མི་འཕྲད་པར་གདམས་ནས༔ ལྷོ་བྲག་མཁར་ཆུའི་དཔལ་གྱི་ཕུག་རིང༔ བྲག་དམར་དཀར་པོ་མདའ་སྒྲོ་ཅན་ལ་སྦས་སོ༔ ས་མ་ཡ༔ འདིའི་ལོ་རྒྱུས་ནི༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས༔ དུར་ཁྲོད་དུ་མཁའ་འགྲོ་མ་བརྒྱད་ལ་སྨན་སྦྱར་ཐབས་གསུངས༔ མཁའ་འགྲོ་ལྔ་བཅུ་རྩ་བརྒྱད་ཀྱི་དགོངས་པ་གཅིག་ཏུ་དྲིལ་བ༔ རྒྱ་གར་དབུས་ཕྱོགས་ལ་སོགས་པར་མཁས་པ་ལྔ་བཅུ་རྩ་བརྒྱད་ལ་གསུངས་ཏེ༔ ལྔ་བཅུ་རྩ་བརྒྱད་ཀྱི་ཐུགས་དགོངས་གཅིག་ཏུ་དྲིལ༔ གུ་རུ་པདྨ་ལ་ཚོགས་འཁོར་དང་བཅས་ནས་གསུངས་སོ༔ ད་ནི་གདམས་པ་དངོས་ལ་དོན་བཅུ་གསུམ་སྟེ༔ དེའི་ཐོག་མར་རྩ་བརྟག་པ་ནི༔ ཁ་དོག་ལྗང་སེར་དབྱིབས་པདྨའི་འདབ་མ་དང་འདྲ་བ༔ མེ་ཏོག་སེར་པོ་ཡོད་པ༔ ང་ལ་ཡོན་ཏན་འདི་ཙམ་ཡོད་པ་ལ༔ ཟ་མཁན་མེད་བྱས་རྟག་ཏུ་ངུས་པས༔ རྟག་ཏུ་ངུ་ཟེར་བའོ༔ འདི་ལ་རིགས་ལྔ་ཡོད་དེ༔ མེ་ཏོག་དཀར༔ སེར༔ དམར༔ ལྗང༔ མཐིང་ག་ལྔའོ༔ དེ་ལ་སེར་པོ་མིན་པ་གཞན་རྣམས་རྙེད་པར་དཀའ༔ སེར་པོ་ནི་མོད་པ་ཡིན་ཏེ༔ བཀའ་བདེ་གཤེགས་སྒྲོག་པའི་ས་ན་ཡང་ཡོད༔ རིགས་ལྔ་ཆར་ཚང་བ་ལྷོ་བྲག་ན་ཡོད༔ རི་བོ་མཆོག་རབ་ན་ཡང་ཡོད༔ མཆོད་རྟེན་ཆེན་པོའི་བར་ན་ཡོད༔ རྒྱ་ལའི་རྩར་ལ་ཡོད༔ གངས་ཏི་སེ་ལ་ཡོད༔ བྱར་ཙ་རི་ལ་ཡོད༔ མོན་བུམ་ཐང་ལ་ཡོད༔ རྟག་ཏུ་ངུས་པའི་མཆི་མ་ནི༔ ནམ་སྐམ་དུས་ལ་ཡང་ཟིལ་པ་ཡོང༔ རྩ་དེ་མིན་པ་ལ་ཟིལ་པ་མེད་དོ༔ རྩ་བརྟག་པའི་ཐབས་ཀྱི་ལེའུ་སྟེ་དང་པོའོ༔ བཏུ་བ་ནི༔ སྲན་མའི་མེ་ཏོག་སྔ་བ་ལ་བཏུ་རན་པ་ཡིན༔ རྩ་བ་དང་འདབ་མ་བཅས་པ་བཏུའོ༔ སྐམ་པ་ནི༔ ཉི་མ་དང༔ རླུང་གིས་མ་ཕོག་པར་གྲིབ་མ་ལ་སྐམ་པར་བྱས་ལ་ལག་པས་འཕུར་བ་ཉལ་གྱིས་སོང་ན་སྐམ་པའི་ཚད་ཡིན་ནོ༔ བཏུ་བ་དང༔ སྐམ་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་གཏུན་གཙང་མར༔ རྟག་ཏུ་ངུ་དང་སྨན་རྣམས་མ་འདྲེས་པར་སོ་སོར་བརྡུངས་པར་བྱ་ཞིང༔ ཞིབ་པའི་ཚད་ནི་རང་གི་སྣ་བ་སྙོམས་པར་བྱས་ལ༔ སྦྲང་མར་དང་སྨན་གཉིས་མ་བསྲེས་པ་ལ་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབ་ཅིང༔ རབ་གནས་བྱའོ༔ བརྡུང་ཞིང་རབ་གནས་བྱ་བའི་ལེའུ་སྟེ་གསུམ་པའོ༔ སྦྱོར་བའི་ཁུ་བ་ནི༔ འབྲས་ཆང་ངམ༔ སྐྱེས་པ་བུད་མེད་ལ་མ་ཕྱིན་པའི་དྲི་ཆུས་བྱ༔ དེ་མིན་ན་རང་གི་དྲི་ཆུས་བྱ༔ མྱོས་བྱེད་དྲི་ཆུ་མ་སོང་བར་བྱ༔ རིལ་བུ་ཤུག་འབྲུ་ཙམ་བྱ༔ ཚོགས་དང་པཱུ་ཛ་བཤམས་ཏེ༔ བླ་མ་དང་དཀོན་མཆོག་ལ་མཎྜལ་ཕུལ་ལ༔ བཀྲ་ཤིས་བརྗོད་པར་བྱའོ༔ ཞག་རེ་ལ་རིལ་བུ་ཉི་ཤུ་རྩ་གཅིག་རེའམ༔ བདུན་བདུན་རེ་གསུམ་ཡར་དུ་ཟ་བར་བྱའོ༔ དེ་ལྟར་ཟླ་བ་གསུམ་ཟོས་པས༔ རྩམ་པ་ཟ་མི་དགོས་པར་རང་འགགས་སུ་འགྲོ༔ ལུས་ཡང༔ ཤེས་པ་བདེ་སིང་གིས་འགྲོ༔ རིག་པ་དྭངས་སྙིགས་ཕྱེད་པར་འགྱུར༔ རིལ་བུ་སྦྱོར་བའི་ལེའུ་སྟེ་བཞི་པའོ༔ ཡང་གོང་གི་སྨན་རྣམས་ཀྱི་སྟེང་དུ༔ ཨ་རུ་ར་རྒྱ་གར་མ་དང༔ ཀ་ར་དཀར་པོ་དང༔ ར་མོ་ཤག་དང༔ ཅོང་ཞི་རྣམས་སྦྱར་ནས་རིལ་བུ་གོང་ལྟར་བྱས་ཏེ་ཟླ་བ་དྲུག་ཟོས་པས༔ ཡང་རྩལ་སེང་གེ་ལྟ་བུ་འབྱུང༔ སྟོབས་གླང་པོ་ཆེ་དང་མཉམ༔ ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ༔ ཚེ་རིང་བའི་བཅུད་ལེན་གྱི་ལེའུ་སྟེ་ལྔ་པའོ༔ ཡང་གོང་གི་སྨན་ཚོའི་སྟེང་དུ༔ བཟང་དྲུག༔ བུ་རམ་དཀར་པོ༔ རྩ་བ་གསུམ་་་དབང་ལག །ར་མོ་ཤག །ལྕ་བ་དང་གསུམ།དང་སྦྱར་ཏེ་གོང་བཞིན་ཟླ་བ་གསུམ་མམ་དྲུག་ཟོས་ན༔ གཞོན་པ་ལྷའི་བུ་ལྟ་བུར་འགྱུར༔ སྐྲ་དང༔ སོ་དང༔ སེན་མོ་ཐམས་ཅད་བརྗེའོ༔ ན་སོ་གཞོན་པའི་བཅུད་ལེན་གྱི་ལེའུ་སྟེ་དྲུག་པའོ༔ སྦྲང་མར་མིན་པ་གཞན་ཚོ་ལ་ཅོང་ཞི་དགོས༔ བྱ་རྒོད་ཀྱི་ཤ་རྙེད་ན་རབ༔ གཞན་ཡང་བྱ་ཤ་ཚོགས་ཚད་དང༔ ལུག་ཤ་སྐམ་པོ་ལོ་ལོན་པའི་ཕྱེ་མ་དང་སྦྱར་ནས༔ ཟླ་བ་གསུམ་ཟོས་ན༔ ལུས་ལ་དྲོད་སྐྱེ༔ གོས་གྱོན་མི་དགོས༔ སེམས་བདེ་ཞིང་ཏིང་འཛིན་གསལ༔ གཅིག་པུར་སྡོད་ཀྱང་སྐྱོ་བ་མེད་པར་སླར་ཉམས་འཕེལ་ལོ༔ བཅུད་ལེན་དུ་འགྱུར་བའི་ལེའུ་སྟེ་བདུན་པའོ༔ ཡང་ཟ་ཐབས་ལ༔ སྦྲང་མར་དང༔ ཨ་རུ་ར་ཤ་ཆེན་དང༔ ཅོང་ཞི་དང༔ བདུད་རྩི་བཏུལ་བའི་ཕྱེ་མ་གོང་བཞིན་སྦྱར་ནས༔ ཟླ་བ་གསུམ་ཟོས་ན༔ རིག་པ་ལ་ངར་ཕྱོགས་མེད་དུ་སྐྱེ་སྟེ༔ ཉི་ཟླ་མནན་ཀྱང་ནོན་པ་སྙམ་བྱེད༔ རི་རབ་བཏེགས་ཀྱང་ཐེག་པ་སྙམ་བྱེད་པ་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ཀྱང་འདུས་སྙམ་བྱེད༔ རང་ལ་ཌཱ་ཀིས་ཡོན་ཏན་སངས་རྒྱས་སུ་མཐོང་བར་འགྱུར་རོ༔ རིག་པ་སྐྱེ་བའི་ལེའུ་སྟེ་བརྒྱད་པའོ༔ ཡང་མིག་སྨན་བྱ་བ་ནི༔ རྩ་ཨ་བ་དང༔ སྦྲུལ་སྔོན་པོའི་ཤ་དང༔ ཅོང་ཞི་དང༔ འབྲས་བུ་གསུམ་རྣམས་གོང་གི་སྦྲང་མར་དང་སྦྱར་ལ་ནངས་མ་རེ་ལ་ཐུར་མགོ་གསུམ་གསུམ་རེ་ཟླ་བ་གསུམ་དུ་ཟོས་ན༔ མིག་གསལ་བར་འགྱུར་རོ༔ མིག་གསལ་བར་བྱེད་པའི་ལེའུ་སྟེ་དགུ་པའོ༔ ཡང་ལུགས་གཅིག་ལ༔ གོང་གི་སྨན་གྱི་སྟེང་དུ༔ ཕག་པ་ཁྲ་བོའི་མཆིན་པ་དང་མཁྲིས་པ༔ དོམ་མཁྲིས༔ ཁྱི་ནག་པོའི་མཁྲིས་པ༔ དྲེད་མོ་དང༔ རྟ་ནག་པོ་དང༔ དྲེའུ་དང༔ མི་དང༔ བྱ་རོག་དང༔ འུག་པའི་མཁྲིས་པ་སྟེ༔ མཁྲིས་སྣ་དགུ་པོ་དང་སྨན་མར་སྦྱར་ནས་ཟླ་བ་གསུམ་ཟོས་ན༔ འཇིག་རྟེན་ཀུན་དུས་གཅིག་ལ་མཐོང་ཞིང༔ ཉིན་མཚན་ལ་ཁྱད་པར་མེད་པ་མཐོང་ངོ༔ ཡེ་ཤེས་ཀྱི་སྤྱན་གྱི་བཅུད་ལེན་གྱི་ལེའུ་སྟེ་བཅུ་པའོ༔ ཡང་ཟ་བའི་ཐབས་ལ༔ ཁོ་རང་གི་རྩ་བ་དང་འདབ་མ་དང་ངར་པ་ཚོ་སྟབས་གཅིག་བརྡུང༔ དེ་ལ་སྨན་སྦྱར་བ་ནི༔ ཨ་རུ་ར་རྒྱ་གར་མ་དང༔ ཕུག་རོན་རྐང་དང༔ བོང་ང་འབྲི་ཚིལ་མ་དང་གསུམ་ཞོ་ལ་བཅལ་བས་གསུམ་གསུམ་དུ་བྱས༔ རིལ་བུ་ཅོག་སྒོང་ལས་ཆུང་ཙམ་བྱས་ལ༔ བོང་ང་དཀར་དམར་ཀྱང་མང་དུ་བཏབ༔ པད་ཁའི་མེ་ཏོག་དང༔ ཟར་མའི་མེ་ཏོག་དང༔ སྲན་མའི་མེ་ཏོག་ལ་སོགས་སྨན་གྱི་རིགས་མེ་ཏོག་ཚོགས་ཚད་བཏང༔ དེ་རྣམས་སྦྲང་མར་ལ་སྦྱར༔ ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབ་ཅིང་རབ་གནས་བྱ༔ དེ་ཟོས་པས་མིག་མདངས་ལེགས༔ ཤ་བཀྲག་དང་ལྡན༔ རིག་པ་གསལ༔ ཡི་དམ་སྒྲུབ་ཐག་ཉེ༔ མཛེ་ལྷོག་གི་ནད་ངན་ཐམས་ཅད་སོས༔ མེ་ཏོག་ལ་བརྟེན་ནས་ཟ་བའི་ལེའུ་སྟེ་བཅུ་གཅིག་པའོ༔ ཡང་རྒྱུན་གཅོད་དུ་བྱེད་ན༔ རྟག་ཏུ་ངུ་དང༔ ཨ་རུ་ར་རྒྱ་གར་མ་དང༔ བུ་རམ་དཀར་པོ་དང༔ ཀ་ར་དཀར་པོ་དང༔ འབྲས་ཆང་རྣམས་སྦྱར་ལ་ཕྱེ་བྱས་བྱིན་རླབས་གོང་ལྟར་བྱས་ཏེ༔ ཉིན་ཞག་རེ་ལ་ཐུར་མགོ་རེ་ཙམ་ཟ༔ དེ་མིན་ཙམ་པ་རྒྱུན་བཅད༔ ཟ་བའི་དུས་རང་ཡི་དམ་གང་མོས་སུ་སྒོམ་པའི་ཐུགས་ཀར་འཇམ་དཔལ་ཕྱག་གཡས་རལ་གྲི༔ གཡོན་བུམ་པ་བདུད་རྩིའི་ཕྱེ་མས་གང་བ་ཐོགས་པ་བསམས་ལ༔ ཕྱག་གཡས་པའི་རལ་གྲིས་རང་གི་བྱང་ཁོག་སྟོད་སྙིང་དཀར་ནག་མཚམས་ནས་ལམ་གྱིས་བྲེགས་པའི་རྩ་སྦུབས་སྟོང་པ་ནས་སྨན་ཚོ་སིབ་ཀྱིས་སོང་བར་བསམས་ལ་འགམ༔ དེ་ནས་སྨན་རྣམས་བདུད་རྩིའི་ཁུ་བ་སྐྱ་མེར་གྱིས་སོང་བས༔ རྩ་ནང་ཐམས་ཅད་བདུད་རྩིས་གང་བར་བསམ༔ གྲིས་རྦད་ཀྱིས་བཅད་པ་དེ་ཅུང་ཞིག་གཏད་མེད་དུ་བཞག་གོ༔ དེ་ནས་རིག་པ་འཕྲོ་ན་བླ་མ་ལ་གསོལ་བ་བཏབ་པཱུ་ཛ་འབུལ༔ ཞག་བདུན་བདུན་ལ་ཚོགས་འཁོར་རེ་བྱ༔ དེ་མ་གྲུབ་ན་དུས་བཟང་པོ་གསུམ་ལ་མི་འགྲུབ་པའི་ཐབས་མེད༔ ཌཱ་ཀི་དང་ཆོས་སྐྱོང་གི་བྱིན་རླབས་ཀྱི་ཁ་རླངས་ཐུ་ལེ་བ་ཡིན་པས་དམ་ཚིག་གཙང་བར་བྱ༔ གུ་རུས་ཀྱང་འདི་གསུམ་ལས་མང་བར་མ་གནང་ངོ༔ བྱིན་ན་ཌཱ་ཀིས་བཀའ་ཆད་འོང༔ འདི་ཟླ་བ་དྲུག་ཟོས་ན༔ ལུས་རྡོ་རྗེའི་སྐུ་ཐོབ་པ་ལ་སོགས་པའི་ཡོན་ཏན་མང་པོ་སྐྱེའོ༔ ཟབ་མོ་རྒྱུན་གཅོད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ༔ ཡང་ཟ་ཐབས་ལ་ཅོང་ཞི་དང༔ ཨ་རུ་ར་རྒྱ་གར་མ་དང༔ ཨོལ་གོང་གློ་ཡུ་དང་བཅས་པ་གསུམ་ནི༔ ཁྱི་ནག་པོ༔ ལུག་ནག་པོ༔ གཡག་རོག་པོ་གསུམ་གྱིའོ༔ སྟར་བུ༔ ཤིང་མངར༔ ཀ་ར་རྣམས་སྦྱར་ནས་ཟླ་བ་གསུམ་ཟོས་ན་ཡང་བ་རླུང་དང་འདྲ༔ དཔའ་རྩལ་ཆེ་བ་ཐོག་དང་འདྲ༔ ཁྱད་པར་གློ་གཅོང་ན་བ་གཅུར་གྱིས་འགྲོའོ༔ གཅོང་ནད་སེལ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ༔ ༈ སྔོ་འོད་ལྡན་གྱི་བཅུད་ལེན་འཇམ་པའི་དབྱངས་ཀྱིས་མཛད་པ་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ༔ འདི་ལྟར་སྔོའི་བཅུད་ལེན་འདི་སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ སྔོ་འོད་ལྡན་གང་ཞེ་ན༔ སྔོ་རྟག་ཏུ་ངུ་ཞེས་ཀྱང་བྱ༔ གསེར་ལྡུམ་པ་ཞེས་ཀྱང་བྱ༔ སྔོ་འོད་ལྡན་ཞེས་ཀྱང་བྱ༔ སྔོ་རིན་ཆེན་འོད་ཅེས་ཀྱང་བྱ༔ བདུད་རྩིའི་ཟིལ་པ་ཅན་ཞེས་ཀྱང་བྱ༔ སྔོ་སྦྲང་བུ་འཛིན་ཞེས་ཀྱང་བྱ༔ སྔོ་དན་ཏིག་ཅེས་ཀྱང་བྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དང་པོ་སྐྱེ་ས་བསྟན་པ།་་་སྨན་མཆོག་འདི་ཡི་སྐྱེ་ས་ནི༔ གྲུབ་ཐོབ་གནས་ན་བག་ཙམ་ཡོད༔ གངས་འདབས་རྫ་དང་ས་ལ་སྐྱེ༔ ཆུ་འདུས་ས་དང་ཆོས་བྱེད་ཡུལ༔ བསོད་ནམས་ཅན་གྱི་ཡུལ་དུ་སྐྱེ༔ ཁྱད་པར་ཐུགས་རྗེ་ཆེན་པོ་ཡི༔ ཐེག་ཆེན་སྒྲ་སྒྲོག་ཡུལ་་་ལྷོ་བྲག་མཁར་ཆུའི་ཡུལ་གྱི་ཕུ་མདའ། བུམ་ཐང་ཙ་རི་སྤ་གྲོ་རི་ཡི་རྩེ་མོ་དག་ལ་ཡོད། མཆན།དུ་སྐྱེ༔ གཉིས་པ་ངོས་འཛིན་བརྟག་པ།་་་རིགས་ནི་རྣམ་པ་གསུམ་ཡིན་ཏེ༔ ལྷ་ཀླུ་གནོད་སྦྱིན་དངོས་གྲུབ་ཡིན༔ ཁ་དོག་དཀར་དམར་སེར་པོ་འོ༔ རིང་ཐུང་ཕྲ་སྦོམ་ལྕེ་ཚ་བའི༔ མེ་ཏོག་ཙམ་དུ་ཡོད་པ་ཡིན༔ ལོ་མ་ཡལ་ག་ཐམས་ཅད་ལ༔ ཟིལ་པ་རེ་རེ་རྟག་ཏུ་ཆགས༔ སྦྲང་བུ་རྣམས་ནི་འཛིན་པར་བྱེད༔ ཤིན་ཏུ་རྩི་དང་བཅས་པ་འོ༔ མེ་ཏོག་གསར་པ་ཐང་ཆུ་འཛིན༔ སྔོ་གཞན་ཟིལ་པ་སངས་ཀྱང་ནི༔ ཁོ་བོའི་ཟིལ་པ་མི་སངས་སོ༔ གསུམ་པ་སྦྱང་ཞིང་བཟའ་ཐབས།་་་དེའི་རྩ་བ་མེ་ཏོག་སྡོང་བུ་བཅས༔ གཙང་མའི་གནས་སུ་གྲིབ་སྐམ་བྱས་ལ༔ ཞིབ་ཏུ་བརྡུང༔ སྔོ་སྨན་ཅི་ཙམ་ཡོད་པའི་གསུམ་ཆ་སྦྲང་རྩི་དང༔ གསུམ་གཉིས་སུ་བུ་རམ་བཟང་པོ་ཆུ་བཅད་བཏང༔ མུ་ཟི་སེར་པོ་ཐུན་གསུམ་གྱིས་ངར་བླུད༔ བླ་མའི་དྲི་ཆེན་་་ཐུན་གསུམ་དགོས་སོ།གྱིས་ངར་བླུད༔ གཞན་ཤ་ལྔ་བདུད་རྩི་ལྔ༔ འབྲས་བུ་གསུམ་དང་བཟང་དྲུག་ལ་སོགས་པའི་ཁ་ཚར་ཅི་རིགས་པ་གདབ༔ དེ་རྣམས་སྦྱར་བའི་རིལ་བུ་ལུག་རིལ་ཙམ་བྱས༔ དེ་ནས་གྲི་བསྐམ་བྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་དུས་ཚོད་ཚེས་གྲངས་བཟང་པོ་ལ་དབེན་པའི་གནས་སུ༔ མཎྜལ་ལེགས་པར་བཞེངས་ལ༔ ཁྲིའུའམ་མཉྫིའི་སྟེང་དུ༔ རིན་པོ་ཆེའི་སྣོད་བཞག་སྟེ༔ དེའི་ནང་དུ་རིལ་བུ་བླུག༔ གཏོར་མ་དང༔ མཆོད་པ་རྣམ་པ་ལྔ་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ དེ་ནས་སྟོང་པ་ཉིད་ཀྱི་ངང་ལས༔ རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ༔ དེ་ནས་མདུན་གྱི་ནམ་མཁའ་ལ༔ ཉི་ཟླ་པདྨའི་གདན་བསམ༔ དེའི་སྟེང་དུ་ཡི་གེ་མུཾ་ཧྲཱི་ཧཱུྃ་གསུམ་བསམ༔ ཡི་གེ་མུཾ་ལས་འོད་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་མུཾ་འོད་དུ་ཞུ་བ་ལས་འཇམ་དཔལ་སྐུ་མདོག་སེར་པོ་གསེར་བཙོ་མ་འདྲ་བ༔ ཕྱག་གཡས་ཤེས་རབ་རལ་གྲི༔ གཡོན་མེ་ཏོག་ཨུཏྤ་ལ་བསྣམས་པ༔ སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ་གཅིག་བསྒོམ༔ ཡང་ཧྲཱིཿལས་འོད་འཕྲོས་དོན་གཉིས་བྱས་ནས༔ ཧྲཱིཿའོད་དུ་ཞུ་བ་ལས༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཕྱག་གཡས་པད་འདབ་བསྣམས་པ༔ གཡོན་མུ་ཏིག་གི་ཕྲེང་བ་འཛིན་པ༔ འོག་མ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ སྐུ་འཛུམ་མདངས་དང་ལྡན་པ་གཅིག་བསྒོམ༔ ཡང་ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས་ནས༔ ཧཱུྃ་འོད་དུ་ཞུ་བ་ལས༔ ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ཁ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ སྐུ་གཟི་མདངས་དང་ལྡན་པ་ཞིག་བསྒོམ༔ དེ་ནི་དམ་ཚིག་སེམས་དཔའ་བསྐྱེད་པའོ༔ ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི༔ དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ཡི་གེ་མུཾ་ཧྲཱིཿཧཱུྃ་གསུམ་བསམ༔ དེ་ནས་འོད་འཕྲོས་པས༔ འོག་མིན་གྱི་གནས་ནས་རིགས་གསུམ་མགོན་པོ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོཿས་མདུན་གྱི་དམ་ཚིག་སེམས་དཔའ་ལ་བསྟིམ༔ མཆོད་པ་དང༔ གཏོར་མ་ཅི་རིགས་སུ་འབུལ༔ དེ་གསུམ་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བབས་ནས༔ མདུན་གྱི་རིལ་བུའི་སྣོད་མེར་གྱིས་ཁེངས་པར་བསམ་ཞིང་སྔགས་འདི་བཟླས་སོ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ དེ་ལྟ་བུའི་སྔགས་དེ་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་བསྙེན་པ་བྱའོ༔ དེ་ལ་རྟགས་ནི༔ རིལ་བུ་ལ་རླངས་པ་ཕྱུར་བ་དང༔ དྲི་བཟང་ཚོར་བ་དང༔ འཇའ་ཟུག་པ་དང༔ འོད་ཡོང་བ་དང༔ ལྷས་ལུང་སྟོན་པ་དེ་ལ་སོགས་པའི་རྟགས་ཁྱད་པར་ཅན་ཡོད༔ དེ་ནས་གོང་གི་བསྙེན་པ་ལ་སྔགས་འདི་བཏགས་སོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ནི་མུཾ་ཧྲཱིཿཧཱུྃ༔ ཞེས་པའི་སྔགས་ཅི་ཙམ་ནུས་པ་བཟླས་སོ༔ དེ་ནས་རྗེས་ཀྱི་བྱ་བ་ནི༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རིལ་བུ་ལ་བསྟིམ༔ རིལ་བུ་རྣམས་མཚན་ཉིད་དང་ལྡན་པའི་ཐོད་པའི་སྣོད་དུ་ཚགས་བྱས་ལ༔ སྒྲུབ་པ་པོ་རང་ཉིད་ཐུན་བཞིར་བདུན་བདུན་ཟའོ༔ ཟ་བའི་ཚེ་ཡང་ཐུགས་རྗེ་ཆེན་པོར་བསྒོམ་མོ༔ ཡི་གེ་དྲུག་པ་བཟླས༔ ཕྱེ་སྐྱོ་དང༔ ཟས་བཅུད་ཅན་བསྟེན་ནོ༔ དེ་ལྟར་ཟླ་བ་དྲུག་བྱས་ན་རྡོ་རྗེ་ལྟ་བུའི་ལུས་ཐོབ་བོ༔ ལོ་དྲུག་བྱས་ན་ཚེ་ལོ་བདུན་སྟོང་ཐུབ་བོ༔ དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ངོ༔ རིལ་བུ་ཏིལ་གྱི་འབྲུ་དགུ་ཙམ་རེ་རེ་སེམས་ཅན་ལ་བྱིན་ན༔ ཚེ་ལོ་བརྒྱ་ཐུབ་སྟེ་ངན་སོང་གསུམ་ལས་ཐར་རོ༔ རང་ཉིད་འདི་ནས་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ༔ འོད་ལྡན་དང་ཏིལ་མར་སྦྱར་ཞིང་ཟོས་ན༔ སྟོབས་ཆེ་ཞིང་དབང་པོ་ལས་སུ་རུང་ངོ༔ མྱ་ངན་མེད་པ་མུ་ཟི་སེར་པོ་དང་སྦྱར་ནས་ཟོས་ན༔ རྣག་དང་ཆུ་སེར་སྐམ་ཞིང་སྟོབས་ཆེ་བར་འགྱུར་རོ༔ འོད་ལྡན་ནས་དཀར་མོའི་ཕྱེ་མ་དང༔ ཡུང་བ་དང༔ ཨ་རུ་ར་དང༔ སྦྲང་རྩི་དང་སྦྱར་ནས་ཟོས་ན་སྟོབས་དང་རྫུ་འཕྲུལ་ཕུན་སུམ་ཚོགས་པར་འགྱུར་རོ༔ འོད་ལྡན་དང་སྦྲང་རྩི་ཞིབ་ཏུ་བཏགས་ལ་རིལ་བུ་མར་གྱི་ནང་དུ་བསྲེ་ཞིང་ཟའོ༔ དེས་ཀྱང་མི་བཅུའི་སྟོབས་དང་མཉམ་པར་འགྱུར་རོ༔ སྨན་རྟག་ཏུ་ངུའི་བཅུད་ལེན་གྱི་གདམས་པའོ༔ ཤིན་ཏུ་དཀོན་པའི་གདམས་ངག་གོ༔ སྣོད་དང་ལྡན་པ་གཅིག་མ་གཏོག༔ གཞན་ལ་སྦྱིན་པར་མི་བྱའོ༔ འཕགས་པ་འཇམ་དཔལ་གྱིས་མཛད་པའོ༔ ༈ རྩ་མཆོག་མདངས་ལྡན་བཅུད་ལེན་བཞུགས་སོ༔ གུ་རུ་ལ་ན་མོ༔ ཨོ་རྒྱན་པདྨ་བདག་གི་བཀའ༔ འོད་ལྡན་སྔོ་ཡི་བཅུད་ལེན་འདི༔ སྐལ་བ་ཅན་གྱིས་ཉམས་སུ་ལོངས༔ རྣལ་འབྱོར་སྒྲུབ་པའི་ཆ་རྐྱེན་གྱིས༔ ས་མ་ཡ༔ སྔོ་འོད་ལྡན་གང་ཞེ་ན༔ རྟག་ཏུ་ངུ་ཞེས་ཀྱང་བྱ༔ རྩ་མཆོག་ཟིལ་པ་ཅན་ཞེས་ཀྱང་བྱ༔ སྤྱིར་གྲུབ་ཐོབ་ཀྱི་གནས་ཀུན་ན་བག་རེ་ཡོད༔ ཁྱད་པར་དུ་ལྷོ་བྲག་མཁར་ཆུའི་ཕུ་མདའ༔ སྤ་གྲོ༔ བུམ་ཐང༔ ཙ་རི༔ ཏི་སེ་རྣམས་ན་ཡོད༔ དེ་ཕྲ་སྦོམ་ལྕེ་ཚ་བའི་མེ་ཏོག་ཙམ༔ མེ་ཏོག་པར་བུ་ལྟ་བུ་ཆུ་འཛིན་པ༔ སྔོ་གཞན་གྱི་ཟིལ་པ་སངས་ཀྱང་ཁོ་ཡི་མི་སང་བ་གཅིག་ཡོད༔ དེ་རྩ་ལོ་སྡོང་བུར་བཅས་པ་བརྔས་ལ་་་བཙས་མ་བརྔ་བའི་དུས་སུ།གྲིབ་སྐམ་བྱ༔ ཞིབ་ཏུ་བརྡུང༔ སྨན་དེ་ཇི་ཙམ་ཡོད་པའི་ཆ་གསུམ་སྦྲང་ཆུ་་་སྦྲང་བྱུང་ན་རབ། བུ་རམ་བཟང་པོ་ཡང་རུང་།བཅད་བཏང༔ མུ་ཟི་སེར་པོ་ཐུན་གསུམ་་་དྲི་ཆེན་དང་དབང་ལག་ཐུན་གསུམ་ཙམ་ཡང་བཏང་།གྱིས་ངར་བླུད༔ དེ་རྣམས་སྦྱར་བའི་རིལ་བུ་ལུག་རིལ་ཙམ་གྲིབ་སྐམ་བྱས་ནས་གསུམ་ཡར་མིད་པའམ༔ ཆུ་བསྐོལ་ལ་བཏབ་ནས་བཏུང་བ་གང་བདེ་བྱ༔ རྩམ་པ་བཅད་ལ་རིལ་བུ་གསུམ་དྲུག་དགུ་ལ་སོགས་པ་རིག་པས་དཔག་ཏེ་འཇུ་སྟོབས་དང་སྦྱར༔ དེ་ལྟར་ཟླ་བ་དྲུག་ཟོས་ན་རྡོ་རྗེའི་ལུས་ཐོབ༔ ལོ་དྲུག་ཟོས་ན་ལོ་བདུན་སྟོང་ཐུབ༔ ནད་གདོན་རྣམ་རྟོག་འཇོམས༔ ཚེ་ཉི་ཟླ་དང་མཉམ༔ ཤེས་རབ་འཇམ་དཔལ་དང་མཚུངས༔ ཏིང་ངེ་འཛིན་ཤུགས་ཀྱིས་འཆར༔ རྐང་མགྱོགས་བྱ་དང་འདྲ༔ སྟོབས་གླང་ཆེན་དང་མཚུངས༔ འཛམ་གླིང་གི་སྔོ་སྨན་ཐམས་ཅད་ཟོས་པ་བས་ཀྱང་འདི་ཡོན་ཏན་ཆེའོ༔ སྨན་མཆོག་མདངས་ལྡན་བཅུད་ལེན་འདི༔ མཁོ་མཐིང་ལྷ་ཁང་རྟེན་གྱི་མཆོག༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ ཕྱག་གཡས་མཐེབ་ཆེན་ནང་དུ་སྦས༔ འཕགས་པ་རིགས་གསུམ་མགོན་པོ་ཡི༔ སྤྲུལ་པ་གཅིག་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སྔོ་འོད་ལྡན་རྟག་ཏུ་ངུ་ལ་རིགས་གསུམ་དུ་ཡོད་དེ། མེ་ཏོག་སེར།་་་ལྷ། དཀར།་་་ཀླུ། སྔོ་་་གནོད་སྦྱིན།གསུམ་གྱིས་དབྱེ་བའོ། །དེ་ཡང་རྩ་བ་གྲོ་མ་འདྲ་བ། ཚིགས་རིང་ཞིང་འབྱར་རྩི་ཡོད་པ། རོ་ཁ་ལ་དྭངས་པ། མངར་ལ་ཚ་ཞིང་བེར་བ། དྲི་བཟང་པོ་དང་ལྡན་པ་ཡོད་གསུངས། ༈ བདུད་རྩི་བཞི་སྦྱོར་ནི༔ ལྷའི་བདུད་རྩི་རྟག་ངུ༔ ཀླུ་ཡི་བདུད་རྩི་དབང་ལག༔ དྲང་སྲོང་གི་བདུད་རྩི་ཨ་རུ་ར༔ མཁའ་འགྲོ་མའི་བདུད་རྩི་ཅོང་ཞི་བཞི་པོ་ཆ་མཉམ་དུ་བཏགས༔ མངར་གསུམ་གང་འཛོམས་དང་རྩི་མར་སྦྱར་ལ༔ རིལ་བུ་ཅོག་སྒོང་ཙམ་བྱས་ལ་ཐོད་པ་སོགས་ཀྱི་སྣོད་དུ་གཞུག༔ རང་རྣལ་འབྱོར་མར་བསྒོམས་ལ་ཧ་རི་ནི་ས་བཟླ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་བཀུག་ལ་བསྟིམ༔ ལྟོ་སྟོང་ལ་གསུམ་གསུམ་ཟོས་པས་ལུས་སྟོབས་རྒྱས་ཤིང་ཏིང་ངེ་འཛིན་འཕེལ་ལོ༔ ྀཨཚ༔ ༈ རྟག་ཏུ་ངུ་བདུད་རྩི་ལྔ་སྦྱོར་གྱི་ཟ་ཐབས་ནི༔ རྟག་ཏུ་ངུ་བརྡུངས་པ་ཁྱིམ་བྱའི་སྒོ་ང་ཙམ་ལ༔ ཅོང་ཞི་དེ་དང་མཉམ་པ༔ ཨ་རུ་ར་ཤ་ཆེན་གསུམ༔ དབང་ལག་ལྔའམ་བདུན༔ པི་པི་ལིང་ཚུམ་གཅིག་རྣམས་ཞིབ་པར་བཏགས༔ བུ་རམ་རྡོག་པོ་གསུམ་བཞི་དང་སྦྱར་ལ་རིལ་བུ་ཤ་བའི་རིལ་མ་ཙམ་བྱ༔ ལྟོ་སྟོང་ལ་རེ་རེ་ཟའོ༔ ཕན་ཡོན་སྤྱི་དང་མཐུན༔ དཔལ་མི་ཕམ་མགོན་པོའི་གདམས་པའོ༔ ྀཨཚ༔ ༈ ཡང་ན། ནས་དཀར་མོ་རྡོ་རྡུལ་སོགས་མེད་པ་ལེགས་པར་བཀྲུས་པའི་ཕྱེ་དང་། རྟག་ཏུ་ངུའི་ཕྱེ་མ་ཆ་མཉམ་པར་བྱས་ལ་གམ་ཕྱེ་བྱེད་ནས་བཏང་བའམ། ཐུག་པ་ལྟ་བུ་བྱས་ཀྱང་རུང་། ལྟོ་ལ་འཕྲོད་སླ་ཞིང་ཕན་ཡོན་ཐམས་ཅད་འབྱུང་ངོ་། ༈ ཡང་སྨན་མར་བྱེད་ན། རྟག་ཏུ་ངུ་ཁྱོར་གང་ལ། བུ་རམ་རྡོག་པོ་གསུམ་སྦྱར། མར་སྲང་གང་ལེགས་པར་གཞུར་བ་གྲང་དུ་བཅུག་པ་ལ་བཏབ་ནས་བསྟེན། ནད་གཞི་དང་བསྟུན་ལ་འདུ་བ་སྤྱི་ལ་ཨ་རུ་ར། ཆུ་སེར་ལ་ར་མོ་ཤག །རླུང་ལ་ཤ་ཆེན་རྣམས་ཁ་ཚར་བཏབ་ཀྱང་རུང་ངོ་། ༈ ཡང་སྨན་མར་ཚུལ་བཞིན་དུ་སྦྱར་བ་དང་། རྟག་ཏུ་ངུའི་ཕྱེ་མ་དང་མཉམ་པའི་ཨ་རུ་ར། དེའི་ཕྱེད་ཆའི་བ་རུ་ར། དེའི་ཕྱེད་ཆའི་སྐྱུ་རུ་ར་རྣམས་སྦྱར་ལ། དབང་ལག །སེ་འབྲུ། ཤིང་ཚྭ། པི་པི་ལིང་། སུག་སྨེལ། གུར་གུམ། རྒྱམ་ཚ་བཟང་པོ་རྣམས་ཁ་ཚར་བཏང་། འདྲེས་པར་དཀྲུགས་སྲོད་དང་ཐོ་རངས་གང་རུང་ཁམ་རེ་ཟོས་རྗེས་ཆུ་བསྐོལ་ཚ་མོ་བཏང་། དེས་ནད་འབྱང་། ཚེ་རིང་། དབང་པོ་གསལ་བ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བཅུད་ལེན་གྱི་མན་ངག་མཆོག་ཏུ་ཟབ་པ་རྫོགས་སོ། །ྀཨཚ། བདུད་རྩི་རྟག་ངུ་བཅུད་ལེན་ལ་རྒྱ་བན་གྱི་ལུགས། ཟུང་ངུའི་ལུགས། ཉང་ལུགས་ཏེ་གཙོ་ཆེ་བའི་ལུགས་གསུམ་དུ་གྲགས་སོ།། །།

གྲིབ་སྲུང་རྫས་ཀྱི་ཐོ་གསལ་བར་བཀོད་པ་ (Volume 18, Text 27)

གྲིབ་སྲུང་རྫས་ཀྱི་ཐོ་གསལ་བར་བཀོད་པ་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་མཆོག་སྨེ་བ་བརྩེགས་པ་ལ་ཕྱག་འཚལ་ལོ། །གྲིབ་སྲུང་རྫས་ཀྱི་ཐོ་གསལ་བར་འགོད་པ་ལ། ཐོག་མར་གསག་པའི་རྫས་དགུ་ཚན་དགུ་སྟེ། དཀར་པོ་དགུ །ནག་པོ་དགུ །དམར་པོ་དགུ །ཟག་པ་དགུ །སྐྲ་སེན་དགུ །རུས་པ་དགུ །སྨན་སྣ་དགུ །ཆུ་སྣ་དགུ །འབྲུ་སྣ་དགུ་སྟེ་དེ་ལྟར་དགུ་ཚན་དགུའོ། །དང་པོ་དཀར་པོ་དགུ་ལ་དུང་སྲིན་མེད། མགྲོན་བུ་སྦྲུམ་མ། དཀར་གོང་སྲིན་མེད། ཙནྡན་དཀར་པོ། ག་པུར། སྤོས་དཀར། ཤུ་དག་དཀར་པོ། མཁན་པ་དཀར་པོ། བལ་དཀར་མེ་ཏོག་དང་དགུའོ། །གཉིས་པ་ནག་པོ་དགུ་ནི། གུ་གུལ་ནག་པོ། གླ་བ་ནག་པོའི་རྩི། ཆུ་དག་ནག་པོ། བོང་ང་ནག་པོ། མུ་ཟི་ནག་པོ། རྟ་ནག་པོའི་བོན། ཡུགས་ས་ནག་མོའི་སྐྲ་ཤད། རྒྱ་སྣག །སྤུ་དཀར་མེད་པའི་ཁྱི་ནག་གི་བྲུན་དང་དགུའོ། །གསུམ་པ་དམར་པོ་དགུ་ནི། པདྨ་རཀྟ། རྒྱ་མཚལ། ཕ་ཝང་ཁ་བྱང་བསྟན་གྱི་དྲེག་པ་དམར་པོ། ཙཱ་རི་ཏྲའམ་གནས་ཆེན་གྱི་སིནྡྷུར། སེང་ལྡེང་དམར་པོ། ཙནྡན་དམར་པོ། གྲིར་ཤི་བའི་སྙིང་ཁྲག །ཡུགས་མའི་སྣ་ཁྲག །བཤན་པའི་ཁྲག་སྟེ་དགུའོ། བཞི་པ་ཟག་རྫས་དགུ་ནི། གྲུབ་པ་ཐོབ་པའི་དྲི་ཆེན། སྤྱང་ཀིའི་བྲུན། བྱ་རོག་བྲུན། ཕག་ནག་བྲུན། བྱི་ལ་ནག་པོའི་བྲུན། བ་དམར་སེར་གྱི་ལྕི་བ། ཀློ་མོན་གྱི་བྲུན། ལྐུགས་པའི་བྲུན། མུ་ཏོ་འཆི་བའི་རོ་བྲུན་དང་དགུའོ། །ལྔ་པ་ནི། མི་རིགས་རུས་དང་ལོ་མི་གཅིག་པ་དགུའི་སྐྲ་དང་སེན་མོའོ། །དྲུག་པ་རུས་པ་དགུ་ནི། བཙུན་པ། སྔགས་པ། བོན་པོ། རྗེ་བོ། ཕལ་པ། བུད་མེད། བཤན་པ། བྱིས་པ། སྤྲང་པོ་སྟེ་དེ་ལྟར་རིགས་རུས་ཀྱང་མི་གཅིག་པ་ཡི་ཕུང་པོ་བསྲེགས་པའི་རུས་པ་དགུའོ། །བདུན་པ་སྨན་སྣ་དགུ་ནི། ཨ་རུ་ར། ཛཱ་ཏི། སུག་སྨེལ། ལི་ཤི །གུར་གུཾ །ཅུ་གང་། ཀ་ཀོ་ལ། ཤིང་ཀུན། རུ་རྟ་དང་དགུའོ། །བརྒྱད་པ་ཆུ་སྣ་དགུ་ནི། གངས་ཀྱི་ཆུ། ཁྲོན་པའི་ཆུ། ལུ་མའི་ཆུ། ཤིང་ཆུ། འདམ་ཆུ། ཆུ་དྲོན་གྱི་ཆུ། ལམ་ཆེན་དུ་འཁྱིལ་བའི་ཆུ། ཆུ་ཆེན་གྱི་དཀྱིལ་ནས་བླངས་པའི་ཆུ། ཆར་གྱི་ཆུ་སྟེ་དགུའོ། །དགུ་པ་འབྲུ་སྣ་དགུ་ནི། ཏིལ་དཀར། ཏིལ་ནག །ཡུངས་དཀར། ཡུངས་ནག །ཀེ་ཚེ། ཤང་ཚེ། བྲ་བོ། སྲན་མ། ཟི་ར་ནག་པོ་དང་དགུའོ། །དེ་ལྟར་དགུ་ཚན་དགུའི་ཁ་ཚར་དུ་དེ་བཞིན་གཤེགས་པའི་འཕེལ་གདུང་། བདུད་རྩི་ཆོས་སྨན། རྨ་བྱའི་མདོངས་ཏེ་དེ་རྣམས་ཤིན་ཏུ་ཞིབ་པར་བཏགས་ལ་གོང་གི་ཆུ་དགུ་དང་། ཆང་ཤིན་ཏུ་གར་བའི་སྙིང་ཁུས་རིལ་བུ་ཡུངས་དཀར་འབྲིང་པོའི་ཚད་ཙམ་དྲིལ་ནས་རུལ་སུང་མེད་པར་གལ་ཆེ་ལ། དེ་ཡང་གོང་གི་རྫས་ཁ་ཅིག་ནུས་ལྡན་དུ་བསྲེགས་པ་སོགས་ཕྱག་ལེན་མཐོང་བ་བརྒྱུད་པས་ཀྱང་ཤེས་པར་བྱ་དགོས་སོ། །ཞེས་འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཀྱི་ལས་ཚོགས་གྲིབ་སྲུང་རྫས་ཀྱི་རིམ་པ་འདི་ཡང་རིག་འཛིན་ཚེ་དབང་ནོར་བུས་གསལ་བར་བྱས་པ་སརྦ་མངྒ་ལཾ།། །།

ཚོགས་མཆོད་གྲངས་གསོག་ (Volume 34, Text 27)

ཉང་གཏེར་ཁྲོས་ནག་གི་ཚོགས་མཆོད་གྲངས་མང་གསོག་སྐབས་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས་ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡུམ༔ ཐུགས་རྗེས་ཁྲོས་པའི་ནག་མོ་ལ༔ མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕཻཾ་ཕཻཾ་ཕཻཾ༔ མཆོད་པ་ནི། བཟའ་དང་བཅའ་དང་བཏུང་བ་དང༔ བཤོས་དང་ཞལ་ཟས་སྣ་ཚོགས་དང༔ ཁ་དང་མངར་དང་སྐྱུར་བ་དང༔ ཚ་དང་རྩུབ་དང་ལན་ཚྭའི་རོ༔ གཟུགས་དང་སྒྲ་དང་དྲི་དང་རེག༔ འདོད་ཡོན་ལྔ་ལ་སོགས་པ་ཡིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ཨོཾ་ཤྲཱི་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ༔ འདོད་གསོལ་ནི། ཧཱུྃ༔ ཚོགས་མཆོད་དམ་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཚེ་དང་དབང་ཐང་ལོངས་སྤྱོད་དང༔ འཁོར་དང་རྐང་འགྲོས་ནོར་ཕྱུགས་སྤེལ༔ མ་ལུས་ཐམས་ཅད་དབང་དུ་སྡུས༔ དུས་མིན་འཆི་དང་ཆག་ཆེ་ཟློག༔ གནམ་ཕུད་ནི། ཧཱུྃ༔ དགོངས་ཤིག་རྗེ་བཙུན་བླ་མ་རྣམས༔ དགོངས་ཤིག་ཡི་དམ་ལྷ་ཚོགས་རྣམས༔ དགོངས་ཤིག་མཁའ་འགྲོ་མ་ཡི་ཚོགས༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ༔ ཕུད་གཏོར་གཙང་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ བདེ་བ་ཆེན་པོས་བྱིན་གྱིས་རློབས༔ ཨོཾ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡ་ཁཱ་ཧི༔ ལྷག་མ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཕཻཾ་ཕཻཾ་ཕཻཾ༔ ཧཱུྃ༔ མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ཚོགས་ལྷག་སྡུད། །ཏིང་འཛིན་དྲོད་ཉུལ་ཉམས་ལེན་མ༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་བརྗོད་དོ། །ཞེས་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་གསུང་རབ་ལས་ཁོལ་དུ་ཕྱུངས་པ་དགེ། །།

གནམ་ཆོས་ཐུགས་གཏེར་ལས་དཀར་གཏོར་ (Volume 41, Text 27)

གནམ་ཆོས་ཐུགས་གཏེར་ལས་དཀར་གཏོར་བཞུགས༔ ྈྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཨ་ཀཱ་རོའི་བྱིན་གྱིས་བརླབ༔ ཧཱུྃ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ཚིག་ལ་ནི་བཞག་པ་ཡི༔ དཔལ་ཆེན་མགོན་པོ་བདུན་ཅུ་རྩ་གཉིས་དང༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཚོགས༔ དགེ་བསྙེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་བཅས་དང༔ ཡུལ་ཆེན་ཉི་ཤུ་རྩ་བཞིའི་ཞིང་སྐྱོང་དང༔ གནས་ཀྱི་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ གངས་ཅན་བོད་ཀྱི་བསྟན་མ་བཅུ་གཉིས་དང༔ སྐྱོང་མ་དང་ནི་ཡ་མ་བཅུ་གཉིས་དང༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་དང༔ ཆོས་རྒྱལ་རྗེ་ཡི་མགུར་ལྷ་བཅུ་གསུམ་དང༔ སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང༔ སྐྱོབ་པར་བྱེད་པའི་ལྷ་ལྔ་བསྟེན་པའི་ལྷ༔ ཁྱད་པར་ཡུལ་ནི་འདི་རུ་གནས་པ་ཡི༔ ཕ་རི་ཚུར་རི་གཡས་རི་གཡོན་རི་དང༔ མདུན་རི་རྒྱབ་རི་མཚེར་ས་བྲང་ཁང་འདིར༔ གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔ ཁ་འཛིན་སྡོངས་གྲོགས་མེལ་ཚེ་སྐྱེལ་བསུ་དང༔ མཐུན་རྐྱེན་རོག་དན་སྒྲུབས་ལ་འགལ་རྐྱེན་སོལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ས་མ་ཡ༔ རྒྱ༔ ྈྈྈ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ། །སརྦ་ཐཱ་མངྒ་ལཾ།། །།

ཟབ་ལམ་ཐུགས་ཀྱི་ནོར་བུ་ལས། རྩ་བའི་དབང་བསྐུར་གྱི་ཆོ་ག་མ་བུ་ཁྲིགས་སུ་བསྡེབས་པ་སྨིན་བྱེད་བཅུད་ཀྱི་ནོར་བུ་ (Volume 9, Text 27)

༄༅། །ཟབ་ལམ་ཐུགས་ཀྱི་ནོར་བུ་ལས། རྩ་བའི་དབང་བསྐུར་གྱི་ཆོ་ག་མ་བུ་ཁྲིགས་སུ་བསྡེབས་པ་སྨིན་བྱེད་བཅུད་ཀྱི་ནོར་བུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཙིནྟ་མ་ཎི་ཀཱ་ཡ། རབ་འབྱམས་ཞི་ཁྲོའི་ཐུགས་ཀྱི་གསང་བའི་བཅུད། །ནོར་བུ་དབྱིག་གི་སྙིང་པོའི་ལྷ་སྔགས་སུ། །དབང་རབ་དཔལ་ཤར་གྲུབ་གཉིས་འདོད་འཇོའི་དཔྱིད། །སྙིང་གི་ཟེའུ་འབྲུར་འབྲལ་མེད་གུས་པས་བསྙེན། །སྔ་འགྱུར་རྒྱུད་ལུང་མན་ངག་གི །ཉམས་ལེན་གནད་དྲིལ་བཀའ་དགོངས་ཀྱི། །བཅུད་འདུས་གདམས་པའི་སྨིན་བྱེད་འདིར། །ཟབ་དོན་གཉེར་རྣམས་འཇུག་པར་རིགས། །རྒྱུད་ལུང་མན་ངག་ཀུན་གྱི་བཅུད་དྲིལ་ཟབ་ལམ་བླ་མ་སྒྲུབ་པའི་མཐར་ཐུག་རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ་རྩ་བའི་སྨིན་བྱེད་རྒྱས་པར་བསྒྲུབ་པ་ལ་གསུམ། སྔོན་འགྲོ་སྟ་གོན་གྱི་རིམ་པ། དངོས་གཞི་སྒྲུབ་པ་དང་དབང་བསྐུར། རྗེས་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྒྲུབ་གནས་རྙིང་པར་ས་ཆོག་མི་དགོས་པའི་དབང་དུ་བྱས་ཏེ། བུམ་པ། ལྷ། སྦྱིན་སྲེག །སློབ་མ་སྟ་གོན་བཞི་ལས། དང་པོ་ནི། བདག་བསྐྱེད་ཀྱི་མཆོད་གཏོར་དང་། དཀར་གཏོར་གསེར་སྐྱེམས་སོགས་ཇི་ལྟར་བདེ་བར་བཤམ། སྟེགས་བུ་ཁེབས་ལྡན་ལ་རྣམ་བུམ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་ཅན་དང་ལས་བུམ་ཡང་བཀོད་ལ་མཆོད་གཏོར་བཤམ། ཐོག་མར་གནས་བདག་དཀར་གཏོར་སྤྱི་ལྟར་གཏང་། ཕྲིན་ལས་ཚར་གཅིག་གིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་བུམ་པའི་མཆོད་གཏོར་སྔགས་ཙམ་གྱིས་བྱིན་བརླབ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་གྱི་ཡི་གེ་ལས། །བུམ་པ་རིན་ཆེན་གཞལ་ཡས་ཁང་གི་ནང་། །སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཡི། །ལྟེ་བར་དབང་ཆེན་རྟ་མཆོག་ཧེ་རུ་ཀ །བསྐལ་པའི་མེ་འབར་སོགས་ནས་བསྟོད་པའི་བར་ཕྲིན་ལས་ཚང་བར་གཏང་། གཟུངས་ཐག་བླངས་ལ། བཟླས་པའི་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཕོག༔ སྐུའི་ཆ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་གྱུར༔ ཅེས་བསྒོམས་ལ་ལས་བྱང་ལྟར་སྙིང་པོ་ཅི་འགྲུབ་བཟླས་པའི་མཐར། འབྲུ་གསུམ་གྱིས་དུང་ཆུ་ཕུལ་བས། བུམ་ལྷའི་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་ཏེ་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར༔ ཅེས་དམིགས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཕྲིན་བཅོལ་སྤྱི་ལྟར་བྱས་ལ་བཞག །གཉིས་པ་ནི། སྟེགས་བུའི་སྟེང་ངམ་མཎྜལ་ལ་སྙིང་པོ་བརྗོད་བཞིན་པས་འབྲུའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །མཐའ་སྐོར་ཆུང་བ་ལྔས་བསྐོར་བ་བཀོད་ལ་མཆོད་པ་དང་སྨན་རཀ་གཏོར་གསུམ། ཚོགས་མཆོད་བཅས་བཤམ། མཆོད་པ་བྱིན་རླབས་མདོར་བསྡུས་བྱས་ལ། ཧཱུྃ་ཧྲཱི༔ མདུན་གྱི་ནམ་མཁར་ཧྲཱིཿདམར་འཇའ་ལྟར་གསལ༔ དེ་ལས་དབྱིངས་ཀྱི་ནམ་མཁའ་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དང་། ཚོགས་བྱིན་རླབས་མཆོད་བཤགས་བསྒྲལ་བ་ལྷག་ཆོག་ཡན་བཏང་། སྤོས་དང་རྡོར་དྲིལ་ཐོགས་ལ། ཀྱཻ༔ དགོངས་ཤིག་དཀྱིལ་འཁོར་ལྷ་ཡི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང༔ སྐལ་ལྡན་བུ་མཆོག་རྗེས་སུ་འཛིན་པའི་ཕྱིར༔ བདག་ཅག་རྡོ་རྗེའི་རིག་པ་འཛིན་རྣམས་ཀྱིས༔ རྩ་གསུམ་དཀྱིལ་འཁོར་ཟབ་མོ་འབྲི་འཚལ་གྱིས༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་བཏབ་པས་ལྷ་རྣམས་ཀྱིས་གནང་བ་བསྩལ་བར་མོས། གསུམ་པ་ནི། མེ་སྣོད་ལྟ་བུར་རམ་སྟེགས་བུ་དཀར་པོ་ཟླུམ་པོའི་སྟེང་དུ་བ་ལུ་སོགས་ཀྱི་ཐབ་ཟླུམ་པོར་བརྩིགས། ཞི་བའི་ཡམས་ཤིང་། མར་ཁུ། ཏིལ་ཡུངས་ཙམ་འདུ་བྱས་ལ་མེ་སྦར། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཟླུམ་པོར་འཇིག་རྟེན་པའི་མེ་ལྷའི་ངོ་བོ་མེ་དཀར་གསལ་དུ་འབར་བའི་དབུས་སུ་རྩ་གསུམ་ཐུགས་ཀྱི་ནོར་བུའི་ལྷ་ཚོགས་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་སྐུར་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། བསྲེག་རྫས་བདུད་རྩིའི་རང་བཞིན་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། མར་ཁུ་དགང་བླུགས་ཀྱིས་ཕུལ་ལ། སྙིང་པོ་སྤྱི་དྲིལ་ཤམ་དུ། བདག་ཅག་དཔོན་སློབ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་ནམ་ཉེར་གཅིག་ཕུལ། ཡམས་ཤིང་ཡུངས་ཀར་རྣམས་ཀྱང་སྔགས་དེ་ཀས་གྲངས་གོང་མཚུངས་ཕུལ་མཐར། ལྷ་རྣམས་ལས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་འཕྲོས། བདག་དང་སློབ་མའི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས་ཏེ་རྩ་གསུམ་ལྷ་ཚོགས་རང་ལ་ཐིམ་པར་གྱུར། ཅེས་སོ། །བཞི་པ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་རྫས་བཞི་སོགས་འདུ་བྱས་ལ། སློབ་མ་རྣམས་ཁྲུས་ནས་བཏོན། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དྲང་ངེས་ཀྱི་ཆོས་བཤད། ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ། དེའང་ཀུན་བཟང་རྡོ་རྗེ་འཆང་དང་དགོངས་པ་མཉམ་ཉིད་དུ་བཞུགས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞལ་ཚབ། མཁའ་མཉམ་འགྲོ་བའི་དཔལ་མགོན་རྒྱལ་དབང་པདྨ་སཾ་བྷ་བ་དེ་ཉིད་གདོང་དམར་པྲེ་ཏ་བོད་ཀྱི་ཡུལ་འདིར་སྐུ་དངོས་ཀྱིས་གདུལ་བར་བྱ་བ་རྫོགས་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན། གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱལ་སྲས་ལྷ་རྗེ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་གསང་སྔགས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་ཆེན་པོ་བསྐོར་བའི་སྐབས། མར་ངོའི་ཚེས་བཅུའི་ཐོ་རངས་ཚོགས་འཁོར་རྒྱ་ཆེན་པོ་ལ་ལོངས་སུ་སྤྱད་པའི་ཚེ་ལྷ་ལྕམ་མནྡཱ་ར་བ་བྱོན་ནས་གུ་རུ་རིན་པོ་ཆེར་བརྡ་བསྟོད་ཕུལ་བའི་རྗེས་ཐོག་དེར། ལྷ་སྲས་ཁུ་དབོན་བཻ་རོ་ནམ་སྙིང་ཨརྻ་ས་ལེ་སོགས་འདུས་པ་ཉུང་ངུ་ཞིག་ལ་བླ་མེད་བཀའ་འདུས་དོན་རྫོགས་འདུས་པའི་རྒྱུད་ལུང་མན་ངག་གི་བཅུད་ཐིག་དྲིལ་བ་རྩ་གསུམ་ཟབ་མོ་ཀུན་འདུས་བླ་མ་ཐུགས་ཀྱི་ནོར་བུ་དང་རྫོགས་པ་ཆེན་པོ་པདྨ་གསང་ཐིག་གི་སྨིན་གྲོལ་ཁྱད་པར་དུ་བསྩལ་པའི་གདམས་སྐོར་རྣམས་གུ་རུའི་བཀའ་བཞིན་ལྡན་མ་རྩེ་མང་གིས་ཡི་གེ་ཚར་གསུམ་དུ་བཀོད། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་གཏེར་ཁ་གསུམ་དུ་རྒྱས་བཏབ་པ་ལས། སྐབས་སུ་བབས་པ་འདི་ནི། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་ལུང་བསྟན་པའི་བཅུ་གཉིས་པ་ཨོ་རྒྱན་རོག་རྗེ་གླིང་པ་ཞེས་ཐང་ཡིག་ལས་འབྱུང་བ་སྤྲུལ་པའི་གཏེར་ཆེན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས། སྤུ་རི་བྱ་རྒོད་རྫོང་མཁའ་འགྲོ་གསང་ལམ་བསྣོལ་བའི་དུར་ཁྲོད། རང་བྱུང་ཁྲུས་ཀྱི་རྫིང་བུའི་འགྲམ། མ་ཧཱ་གུ་རུ་རིན་པོ་ཆེའི་རང་བྱུང་ལྷུན་གྲུབ་རྡོའི་བཞུགས་ཁྲིའི་རྒྱབ་ཡོལ་ནས་གུ་རུའི་སྐུ་བརྙན་མཐོང་གྲོལ་ཡིད་བཞིན་ནོར་བུ་དང་སངས་རྒྱས་ཀྱི་འཕེལ་གདུང་རིན་པོ་ཆེའི་གཙོར་བྱས། ཁྱད་པར་འཕགས་པའི་དམ་རྫས་རྣམས་དང་ལྷན་ཅིག་སྤྱན་དྲངས་པའི་ཟབ་ཆོས་བཀའ་དགོངས་གཉིས་ཀའི་སྨིན་གྲོལ་གྱི་སྙིང་པོ་བཅུད་དུ་དྲིལ་བ། ཟབ་ལམ་བླ་མ་རྩ་གསུམ་ཀུན་འདུས་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ཆེན་མོ་ཡོངས་རྫོགས་སུ་བསྒྲུབ་པ་ལ་སྔོན་འགྲོ་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་དུ་འགྲོ་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་འཚལ། ཅེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །ཐལ་སྦྱར་མེ་ཏོག་དང་བཅས་ཏེ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་བ་གསུམ་གྱི་ལྷ་ཚོགས་དང༔ བླ་མ་རྡོ་རྗེ་སློབ་དཔོན་བཅས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཡི་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ རྩ་བ་གསུམ་གྱི་ས་ཐོབ་ཕྱིར༔ མགོན་པོས་གཞུག་ཅིང་གནང་དུ་གསོལ༔ ལན་གསུམ་ཞུ། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་དུ་གཟིགས་ཏེ་སྔགས་ཀྱི་ཆེ་བ་བརྗོད་ཅིང་གནང་བ་སྦྱིན་པ་ནི། ཀྱཻ་ཧོ་ཁྱེད་ཅག་ལས་འཕྲོ་ཅན༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ དུས་གསུམ་བྱོན་པའི་སངས་རྒྱས་ཀྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ ཆོ་ག་ཟབ་མོ་འདི་མཁྱེན་པས༔ བྱང་ཆུབ་སྤྱོད་པ་མཉམ་མེད་ཐོབ༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ༔ ཁྱེད་ཅག་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་བརྗོད། དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་རྩ་གསུམ་ཀུན་འདུས་བླ་མ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་ལ་རིག་འཛིན་སློབ་དཔོན་ཡི་དམ་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རབ་འབྱམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་སོགས་ཚུལ་བཞིན་དུ་བྱ་སྙམ་པའི་ཡིད་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་སྙིང་པོར་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་སྟེ་སོ་སོ་ཐར་པའི་སྡོམ་པ་ཚུལ་བཞིན་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། རྩ་གསུམ་བླ་མའི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། གཞན་ཕན་གཞིར་བཅས་བསྒྲུབ་པ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་འཇུག་པའི་བསླབ་པ་ལ་སློབ་པར་མོས་པས་འདིའི་རྗེས་ཟློས། འདི་བཟུང་བླ་མེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ གསུམ། ཐབས་ཤེས་ཟུང་འཇུག་རྡོ་རྗེ་ཐེག་པའི་དམ་ཚིག་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་བའི་འདུན་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ནི་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བྱ༔ སློབ་དཔོན་ཡང་ནི་གཟུང་བར་བྱ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ ཉིན་དང་མཚན་མོ་རྣམ་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནི་རིགས་ལྔའི་དམ་ཚིག་སྟེ༔ དེ་རྣམས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། འདའ་དཀའ་རྡོ་རྗེའི་དམ་ཚིག་གཉན་པོའི་བསྲུང་མཚམས་བསྒྲག་ཅིང་དེ་ལས་མི་འདའ་བར་བསྒོ་བ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་གསུམ་ལ་གུས་ཤིང་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་རྣམས་ཀྱི་དམ་ཚིག་བསྲུང༔ ལུས་དང་སྲོག་ལ་བབ་པར་གྱུར་ན་ཡང༔ ཅུང་ཟད་ཙམ་ཡང་དམ་ལས་འདའ་མི་བྱ༔ ཞེས་པ་ཙམ་མམ་དམ་ཚིག་གི་རྣམ་གཞག་རྒྱས་པར་བཤད་དོ། །དེ་ནས་སྒོ་གསུམ་བྱིན་གྱིས་རློབ་པའི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཐུགས་ཀྱི་ནོར་བུའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། འབྲུ་གསུམ་བརྗོད་ལ་གནས་གསུམ་དུ་དྲིའི་ཆུས་ཐིག་ལེ་བཀོད། བདུད་རྩི་ལྕེ་ལ་བཞག་སྟེ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ། དབྱེར་མེད་དུ་གྱུར་པ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སོ་ཤིང་དང་མཎྜལ་པདྨ་འདབ་བརྒྱད་ཀྱི་ཁར་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད་པ་འདུ་བྱས་ལ། དེ་ནས་དངོས་གྲུབ་ཀྱི་པྲ་བརྟག་པའི་སླད་དུ། ཨ་ཤྭཏྠ་སྟེ་བྱང་ཆུབ་ཀྱི་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་དམར་པོས་བརྒྱན་པ་ལག་ཏུ་བཟུང་། རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བདག་ལ་བཟང་ངན་གྱི་པྲ་བརྟག་པ་བསྟན་དུ་གསོལ་བསམ་པའི་འདུན་པ་རྩེ་གཅིག་པས། བཛྲ་ཧཱ་ས་ཧཱ༔ ཞེས་བརྗོད་བཞིན་པས་ལྟོས་མེད་དུ་འདོར་བར་ཞུ། ཞེས་འདོར་དུ་གཞུག་པས། དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ལས་ཕྲན་ཚེགས་འགྲུབ། མ་ཚུད་ན་ལན་གསུམ་བསྐྱར་ལ་དོར། གསུམ་ག་མ་ཚུད་ན་སྐལ་པ་ཆད་པར་གསུངས་སོ། །ཕྱིར་མི་ལྡོག་པའི་ཕྱིར་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལས་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨོས་ཅི་དགོས༔ གང་གིས་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པར་འགྱུར༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྩ་བ་གསུམ་གྱི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཞེས་སྤྲོ་བ་བསྐྱེད། དེ་ནས་སྲུང་སྐུད་སྣ་ལྔ་བསྒྲིལ་བ་མདུད་པ་གསུམ་བྱས་ལ་རྩ་གསུམ་གྱི་སྔགས་མཐར། རཀྵ་རཀྵ་ཀུ་རུ་ཧཱུྃ༔ ཞེས་བཟླས་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་ལ། ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་མཚོན་པའི་སྲུང་བའི་སྐུད་པ་དཔུང་པར་བཅིངས་པས་སྒོ་གསུམ་གྱི་བར་ཆད་ཐམས་ཅད་ལས་སྲུང་བར་མོས་ཤིག །སྔགས་དེ་ཉིད་བཟླ་བཞིན་དུ་བཅིངས་པའི་མདུད་པའི་སྟེང་དྲིའི་ཆུས་ཐིག་ལེ་བྱས་པ་རྡོ་རྗེ་རྒྱ་གྲམ་དུ་མོས། ཨོཾ་བཛྲ་རཀྵ་ཧཱུྃ་གིས་རྒྱས་གདབ། དེ་ནས་ཀུ་ཤ་དྷཱིཿདང་ཧཱུྃ་ཡིག་ལས་སྐྱེས་ཤིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཅེས་བྱས་ལ་འབྲུ་གསུམ་བརྗོད་པའི་ཀུ་ཤའི་ཕོན་པོ་གཉིས་ལག་གཡས་གཡོན་དུ་གཏད། དོ་ནུབ་སེང་གེའི་ཉལ་སྟབས་ཀྱིས་མགོ་དཀྱིལ་འཁོར་ལ་ཕྱོགས་པར་བྱས་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བདག་ལ་དགེ་དང་མི་དགེ་བའི་རྟགས་ངེས་པར་བསྟན་དུ་གསོལ་སྙམ་པའི་ངང་ནས་གཉིད་དུ་འགྲོ་བར་གྱིས་ལ་རྨི་ལམ་གྱི་མཚན་མ་ཇི་་་་ལྟར་བྱུང་བ་ནངས་པར་གསལ་བར་སྨྲ་དགོས་སོ། །དེ་ནས་དུང་ཆུ་ལ། ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མུ་ཁི་ནི་སྭཱ་ཧཱ། ཨོཾ་དནྟི་ནི་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཤིང་བྱིན་བརླབས། སྔགས་ཀྱི་ཁྱོར་ཆུས་སྒོ་གསུམ་དང་ཁྱད་པར་ངག་གི་སྐྱེ་གནས་ཀྱི་ཉེས་སྐྱོན་དག་ནས་རྨི་ལམ་གསལ་བར་གྱུར་པ་མོས་ཤིག །ཨོཾ་ཧྲཱིཿབི་ཤུདྡྷེ་དྷརྨ་སརྦ་པཱ་པཾ་ནིཤྩསྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པཱ་ན་ཡ་བི་ཤྭ་དྷཱ་ཡ་སྭཱ་ཧཱ། ཞེས་པས་ཁྱོར་ཆུ་སྦྱིན་ལ་གདོང་དང་ཁ་བཀྲུར་གཞུག །དེས་སློབ་མ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་སོ། །ཞེས་བརྗོད་ཅིང་བསྔོ་བ་བྱས་ལ་གྱེས། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་རྣམས། ས་མ་ཡ་ཛཿ ཞེས་དང་འདེགས་པའི་ཕྱག་རྒྱས་ནམ་མཁར་བཏེགས་ལ་ཡིག་བརྒྱ་བརྗོད་དོ། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་དཀྱིལ་འཁོར་བསྒྲུབ་པ་དང་། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། །སྟ་གོན་བྱས་པའི་སྟེགས་བུའི་སྟེང་དུ་དཀྱིལ་འཁོར་ཚོན་རྫོགས་ཁོར་ཡུག་པདྨ་དུར་ཁྲོད་རྡོ་རྭ་མེ་རི་དང་བཅས་པའི་དབུས་སུ་ཁྲིའུའི་ཁར་རྣམ་བུམ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། ལྷ་ཙཀ་བཅུ་དྲུག་དེའི་ཁ་རྒྱན་གསེབ་བམ་མ་བདེ་ན་མདུན་དུ་སྔགས་བྱང་དང་མཉམ་དུ་བཀོད། གཡས་སུ་དབུ་རྒྱན་དང་དར་དཔྱང་། རྒྱབ་ཏུ་རྡོར་དྲིལ། མདུན་དུ་གཏེར་སྲུང་གཏོར་མ། ནུབ་ཏུ་མཆོག་དབང་མཎྜལ་གྱི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ཆང་བཟང་པོ་བྱང་སེམས་དཀར་དམར་མངར་གསུམ་དང་སྦྱར་བས་བཀང་བ་བཞག་པའི་ཁ་དར་དམར་པོས་བཀབ། དེ་སྟེང་མེ་ལོང་སིནྡྷུ་ར་བྱུགས་པ་ལ་ཆོས་འབྱུང་བསྣོལ་མ་མུ་ཁྱུད་གཉིས་ལྡན་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ་དང་། འདབ་མར་ར་ཧ། ཙ་རི། ཧྲི་ནི། ཡ་ས། ཞེས་གཡས་སྐོར་དུ་བཀོད། ཕྱིའི་མུ་ཁྱུད་ལ་དབྱངས་གསལ་བྲིས་པ་བཞག །དེའི་ལྟེ་བར་ཤེལ་རྡོ་བཀོད། དེའི་ཤར་དུ་ཕྱི་མཆོད་དང་ལས་བུམ། ལྷོར་འདོད་ཡོན་དང་ཚོགས་མཆོད། ནུབ་ཏུ་གསང་མཆོད་དང་སྨན་རཀ་གཏོར་གསུམ། བྱང་དུ་ཆོས་སྐྱོང་སྤྱི་འགྲོ་དང་གཞི་བདག་གཏོར་མ་རྣམས་བཀོད་པར་བཤད་ཀྱང་དབང་རྐྱང་ཙམ་ལ་དེ་རྣམས་སྤྱི་ལུགས་ལྟར་བྱས་པས་ཆོག །དབང་དངོས་གཞིའི་སྦྱོང་ཆས་རྣམས་དང་། རྗེས་གནང་ཆས། འཁོར་ལོ། དུང་། པུསྟི་སོགས་དངོས་སམ་ཙཀླི །གཞན་ཡང་སྔོན་གཏོར་སོགས་ཉེ་བར་མཁོ་བ་དེ་རྣམས་ཚོགས་པར་བྱས་ལ། གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ཀྱི་སྐྱབས་སེམས་བགེགས་བསྐྲད་སོགས་སྔོན་འགྲོ་རྣམས་དང་། དངོས་གཞི་རྟེན་བརྟེན་པ་བདག་མདུན་དབྱེར་མེད་དུ་བསྒོམ་ཞིང་ཡེ་ཤེས་པ་གཞུག་པ་སོགས་ནས་མཆོད་ཅིང་བསྟོད་པའི་བར་དུ་བཏང་། ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་འགྲུབ་དང་། མཐར་སྟོང་ཚིགས་ཁ་སྐོང་བཅས་བྱ། གལ་སྲིད་དངོས་སྟ་སྦྲེལ་བའི་ཚེ་བུམ་པ་སྟ་གོན་མ་སོང་ན་སྐབས་འདིར་བུམ་བཟླས་ཀྱང་སྤྱི་ལུགས་ལྟར་བྱའོ། །གང་ལྟར་ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་བར་དུ་བཏང་། ལས་བུམ་བསྒྲུབ། རིག་པའི་མེ་ཏོག་དོར་བས་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་ལྷག་གནས་བྱས་པའི་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་གཏང་ལ་བཀའ་བསྒོ་དྲག་སྔགས་སོགས་ཚམ་རྔམ་གྱིས་བསྐྲད་ནས་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་དང་ལོ་རྒྱུས་ཅི་རིགས་སྔོན་དུ་འགྲོ་བས། དེ་ལ་འདིར་ཟབ་ལམ་བླ་མ་ཐུགས་ཀྱི་ནོར་བུའི་སྒོ་ནས་སྐལ་ལྡན་སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ། སྒྲིབ་གཉིས་དྲི་མ་འཁྲུད་ཅིང་ཚོགས་གཉིས་ཟུང་འཇུག་གི་སྐལ་པ་འཇོག་བྱེད་རྩ་བའི་དབང་གཞུང་ནོར་བུ་པདྨའི་ཕྲེང་བ་ཉིད་བསྒྲུབ་པ་ལ། སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ་ཟིན་ནས། སྐབས་འདིར་དབང་བསྐུར་དངོས་གཞི་བྱ་བ་ལའང་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད། དང་པོ་ལའང་གདོང་གཡོགས་དང་བཅས་ཏེ་འཇུག་པ་དང་། མཐོང་བའི་བདག་ཉིད་དུ་འཇུག་པ་གཉིས་ལས། ཀུན་གྱི་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཅེས་འབུལ་དུ་གཞུག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་ཀྱི་ནོར་བུ་བླ་མ་དངོས་ཡིན་པའི་འདུ་ཤེས་ཀྱི་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྩ་བ་གསུམ་གྱི་ལྷ་ཚོགས་དང༔ ཞེས་པ་ནས། མགོན་པོས་གཞུག་ཅིང་གནང་དུ་གསོལ༔ ཞེས་པའི་བར་ལན་གསུམ་སྟ་གོན་ལྟར་བྱ། མཚམས་སྦྱོར་སྤྱི་ལྟར་བྱས་ལ་གདོང་གཡོགས་དམར་པོའམ་སེར་པོ་ལས་བུམ་གྱི་ཆུས་བསང་། ཨོཾ་ཙཀྵུརྦནྡྷ་ཝཱ་ར་མ་ཎཱ་ཡ་ཧཱུྃ༔ གིས་གདོང་བཀབ། ཨཱ་ཁཾ་བཱི་ར་ཧཱུྃ༔ གིས་མེ་ཏོག་གི་ཕྲེང་བ་བྱིན་ནས། སློབ་མ་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་ཧེ་རུ་ཀ་སྐུ་མདོག་དམར་པོ་གྲི་གུག་དང་ཐོད་ཁྲག་འཛིན་པ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བར་གྱུར་པར་གསལ་བའི་སྙིང་གར་རྡོ་རྗེའི་ལྟེ་བར་ཉི་མ་ལ་ཧཱུྃ་སྔོན་པོ༔ མགྲིན་པར་པདྨའི་ལྟེ་བར་ཟླ་བ་ལ་ཨཱཿདམར་པོ༔ དཔྲལ་བར་འཁོར་ལོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོས་མཚན་པར་གྱུར་པར་སྒོམས་ཤིག༔ དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་གནས་པ་ལ་རིགས་དང་མོས་པ་དྲིས་པར་མོས་ཤིག །བུ་ཁྱོད་སུ་ཡིན་ཅི་ལ་དགའ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་རྗེས་ཟློས། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ༔ ཞེས་བརྗོད་དུ་གཞུག །དེ་ནས་སྟ་གོན་སྐབས་ལྟར་སྐྱབས་འགྲོ་སོགས་ལྔ་རྣམ་དག་དང་སྡོམ་པ་གསུམ་གཟུང་བ་རྣམས་མཚམས་སྦྱོར་བཅས་རྗེས་ཟློས་བྱར་གཞུག །སློབ་མའི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བས་མཚན་པར་བསྒོམས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ གསུམ། དེ་ཉིད་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཀོད་དེ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔གྱིས་བརྟན་པར་བྱ། དེ་ནས་དམ་ཚིག་བསྒྲག་ཅིང་རྡོ་རྗེའི་ཆུ་ནན་སྦྱིན་པ་ཡིན་པས་དོན་ངེས་པར་གྱིས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། དེང་ཁྱོད་དངོས་གྲུབ་ཆེ་ཐོབ་ཀྱིས༔ དངོས་གྲུབ་དཀྱིལ་འཁོར་འདི་དག་ནི༔ མ་མཐོང་བ་ལ་སྨྲས་པ་ན༔ དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང༔ བདེ་གཤེགས་རྩ་གསུམ་ལྷ་ཚོགས་རྣམས༔ ཁྱོད་ཀྱི་སྙིང་ལ་ཞུགས་པ་སྟེ༔ འདི་སྨྲས་ཡེ་ཤེས་ལྷ་དང་འབྲལ༔ ཅེས་དང་། བདུད་རྩི་ལྕེ་ལ་བཞག་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འདི་ཐུངས༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋཱ༔ དེ་ནས་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་བཀའ་བསྒོས་པ་ཙམ་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཀྱཻ༔ རྩ་གསུམ་དཀྱིལ་འཁོར་ཤར་ལྷོ་ནུབ་བྱང་གི༔ གཞལ་ཡས་སྲུང་མཛད་སྒོ་མ་ཆེན་མོ་བཞི༔ ཞི་རྒྱས་དབང་དྲག་ལས་མཛད་མཁའ་འགྲོ་མས༔ སྐལ་ལྡན་བུ་དང་ཡེ་ཤེས་ལྷ་གཉིས་སྤྲོད༔ དེ་ནས་གཉིས་པ་མཐོང་བའི་བདག་ཉིད་དུ་འཇུག་པའི་ཐོག་མར་རིགས་བརྟག་པའི་ཕྱིར། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ལས་མ་རྙིང་པའི་མེ་ཏོག་གཅིག་བཏོན་ལ། རིན་པོ་ཆེའི་ཕྲེང་བར་མོས་ཏེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས། དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་གནས་པར་བསམས་ལ་ཚིགས་བཅད་འདིའི་རྗེས་ཟློས་ཀྱི་མཐར་ལྟོས་མེད་དུ་འདོར་བར་ཞུ། བདེ་གཤེགས་རྩ་གསུམ་དཀྱིལ་འཁོར་འདིར༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ཚེ་སྦྱངས་པ་གང་ཡོད་པའི༔ ལྷག་པའི་ལྷ་དེར་འབབ་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་སཏྭཾ༔ ཞེས་ཚོམ་བུའམ་དགྲམ་པའི་དཀྱིལ་འཁོར་དུ་དོར་གཞུག །དེ་ལྟར་དོར་བས་ལྷ་ལ་ཕོག་ན་གང་ལ་ཕོག་པའི་དངོས་གྲུབ་འགྲུབ། ཉེ་བར་བབས་ན་གང་ཉེ་བ་དེ་ཡུན་རིང་བསྒྲུབ་ན་དངོས་གྲུབ་འགྲུབ། སྤྱི་མཐུན་མཉམ་པར་བབས་ན་གཉིས་ཀའི་དངོས་གྲུབ་ཐོབ་པར་གསུངས་སོ། །སླར་ཡང་ལྷག་པའི་ལྷ་ཉིད་ཀྱིས་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་བརྗོད། སློབ་མའི་སྙིང་གར་ཟླ་བ་ལ་ཧཱུྃ༔ དཔྲལ་བར་རཾ༔ མིག་གཉིས་སུ་ཨོཾ་འོད་ཟེར་འབར་བས་མཚན་པར་བསྒོམ༔ ཨོཾ༔ རྩ་གསུམ་ལྷ་ཚོགས་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་བ༔ རྡོ་རྗེའི་མིག་མཆོག་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུཿཧཱུྃ་ཨཱ༔ ཞེས་པས་མིག་དར་བཀྲོལ། དེ་ལྟར་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཕྱག་ཤིང་ངམ་རྡོ་རྗེས་མཚོན་ལ། ད་ནི་དད་པའི་ཤུགས་ཀྱིས་སུ༔ རྩ་གསུམ་དཀྱིལ་འཁོར་འདི་ལ་ལྟོས༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ རྡོ་རྗེ་པདྨ་རྩེ་རོལ་པས༔ གསང་སྔགས་རྣལ་མ་སྒྲུབ་པར་གྱིས༔ ཞེས་བལྟ་བར་བསྐུལ་ནས། འདི་ལྟར་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་གཙོ་མཆོག་དབང་ཆེན་ཧེ་རུ་ཀ །དེའི་ཐུགས་ཀར་རིགས་བརྒྱའི་ཁྱབ་བདག་བླ་མ་ཀུན་འདུས་ཐུགས་ཀྱི་ནོར་བུ་ཡབ་ཡུམ་ལ་བླ་མ་སངས་རྒྱས་རིགས་བཞིས་བསྐོར་བ། དུང་ཁང་དུ་ཡི་དམ་ཀུན་འདུས་དམར་ནག་མེ་ཕྲེང་ཡབ་ཡུམ་ལ་དྲག་པོ་རིགས་བཞིས་བསྐོར་བ། གསང་གནས་སུ་མཁའ་འགྲོ་ཀུན་འདུས་རྗེ་བཙུན་ཁྲོས་མ་ནག་མོ་ལ་མཁའ་འགྲོ་རིགས་བཞིས་བསྐོར་བ། ཐམས་ཅད་ཀྱང་འཇའ་འོད་ཐིག་ལེ་མེ་ཕུང་གི་ཀློང་ན་བཞུགས་པ་ནི་ཀུན་བརྟགས་ཕྱིའི་དཀྱིལ་འཁོར། དེ་ཉིད་རང་གི་རྩ་རླུང་ཐིག་ལེ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་པ་ནི་རང་བྱུང་ནང་གི་དཀྱིལ་འཁོར། དེའང་སྣང་རིག་ངོ་བོ་རང་བཞིན་ཐུགས་རྗེ་སྟོང་གསལ་འགག་པ་མེད་པའི་རང་བཞིན་ཉིད་དུ་གདོད་ནས་ལྷུན་གྱིས་གྲུབ་པ་ནི་དོན་དམ་གསང་བ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ཏེ། ཕྱི་མཚོན་བྱེད་ཀྱི་ཐབས་དཔེའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས། ནང་དང་གསང་བ་མཚོན་བྱ་ཤེས་རབ་དོན་གྱི་དཀྱིལ་འཁོར་ཡང་མངོན་དུ་གྱུར་པར་མོས་ལ་དགའ་ཞིང་སྤྲོ་བས་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས། ཨོཾ༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ༔ རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༔ གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་སྐུར༔ ས་མ་ཡ་ཧོཿཧོ༔ དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ། གཉིས་པ་ཞུགས་ནས་དབང་བསྐུར་བ་ལ་གཞི་དགོད་པ་དང་དབང་བསྐུར་དངོས་གཉིས་སུ་ཡོད་པ་ལས། དང་པོ་དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ རྩ་བ་གསུམ་གྱི་ཡེ་ཤེས་བདག་ལ་དབབ་པར་མཛད་དུ་གསོལ༔ ལན་གསུམ། དེ་ནས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཆུས་བསང་། ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་བའི་ངང་ལས། ཁྱེད་རང་གང་དུ་འཁོད་པའི་གོ་སར་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུ་ལ་རང་རིག་རྩ་གསུམ་ཀུན་འདུས་བླ་མ་ཐུགས་ཀྱི་ནོར་བུ་དམར་གསལ་འཛུམ་མཛེས་གཞོན་ནུ་ལོ་བརྒྱད་པའི་ན་ཚོད་ཅན། ཕྱག་གཉིས་གསེར་གྱི་རྡོ་རྗེ་དང་བདུད་རྩིས་བཀང་བའི་ཐོད་ཞལ་བསྣོལ་ཐབས་སུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་མནྡཱ་ར་བ་དམར་སེར་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ། ཡབ་ཡུམ་གཉིས་ཀའང་གཅེར་བུ་རུས་པ་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་ཧཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་དང་ཧྲཱིཿདམར་པོ། རྐང་པའི་འོག་ཏུ་ཡཾ་ལས་རླུང། སུམ་མདོར་རཾ་ལས་མེ། རྐང་མཐིལ་དུ་ཛྷཻཾ་དམར་པོ་ལས་བྱུང་བའི་འོད་ཟེར་གྱིས་ལུས་ཐམས་ཅད་སྦྱངས། སླར་སྙིང་གའི་ཧྲཱིཿལས་ཡེ་ཤེས་སེམས་དཔའ་ཡུམ་དང་བཅས་པར་གྱུར། དེ་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བསྐུལ་ཏེ་ཕྱོགས་བཅུའི་ཞིང་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ཆར་ཆེན་བབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ། ཛྷཻཾ་གྱི་འོད་ཀྱིས་བསྐུལ་བས་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་ལུས་ཐམས་ཅད་བདེ་མེར་གྱིས་གང་བར་གྱུར་པའི་མོས་པ་གྱིས་ཤིག །ཅེས་དམིགས་པ་སྤོད། སྦྱར་སྤོས་བསྲེག །རོལ་མོ་དྲག་ཏུ་བྱ་ཞིང་། གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧྲཱིཿཧཱུྃ་ཧ་ཨཱཿཛྷཻཾཿ ཞེས་ལན་བརྒྱར་བརྗོད་པས་སྐུ་གསུང་ཐུགས་བབས་པའི་རྟགས་སྤྱི་དང་མཚུངས་སོ། །དེ་ལྟར་བབས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རབ་ཏུ་གནས་པ་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་བརྗོད་ལ་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་གོ །དེས་དབང་གི་གཞི་བཀོད་པ་གྲུབ་ནས་གཉིས་པ་དབང་དངོས་བསྐུར་བ་ལ། བུམ་གསང་ཤེར་ཡེ་བཞི་པའི་དབང་རྣམས་རིམ་པར་འབྱུང་བའི་ཐོག་མར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་གཤེགས་རྩ་གསུམ་དཀྱིལ་འཁོར་དུ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཡིས༔ མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར༔ བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར༔ མཆོག་གི་དབང་བསྐུར་དེང་བདག་སྩོལ༔ ལན་གསུམ། ཡུངས་ཀར་དང་ཁམ་ཕོར་དཀར་པོ། དཱུར་བའི་སྤིར། བ་ལྕིའི་ཆངས་བུ། སེང་རས་ཀྱི་ཚལ་པ་རྣམས་མདུན་དུ་བཤམ། ལས་སྔགས་བདུན་དང་ཧཱུྃ་བདུན་བཟླས་པས་བྱིན་བརླབ། རྟེན་འབྲེལ་གྱི་རྫས་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་བྱུར་དང་མི་ཤིས་པ་ཐམས་ཅད་སྦྱངས་ཤིང་བསལ་བར་བྱས་པར་མོས་ཤིག །ཡུངས་ཀར་ནས་བརྩམ་རེ་རེ་བཞིན་ཁུ་ཚུར་གྱིས་བཟུང་སྟེ་སློབ་མ་ལ་གཡོན་སྐོར་གཉིས། གཡས་སྐོར་གཉིས་རེ་བྱས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ༔ ཞེས་པའི་སྔགས་བརྗོད་ལ་ཡུངས་ཀར་མེར་བསྲེག །གཞན་རྣམས་ཕྱི་རྒྱབ་ཏུ་དོར་རོ། །དེས་བགེགས་བསལ་བ་སོང་ནས་བུམ་དབང་དངོས་བསྐུར་བ་ལའང་། ཐུན་མོང་རིག་པའི་དབང་ལྔ། ཁྱད་པར་སྐུ་གསུང་ཐུགས་དབང་། མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་གསུམ་དུ་ཡོད་པ་ལས། དང་པོ་རིག་པའི་དབང་ལྔའི་ཐོག་མ་མི་བསྐྱོད་པ་ཆུའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སློབ་མ་རྣམས་སྦྱངས་ཏེ་འོད་ཀྱི་གོང་བུར་བྱས་པ་དྲངས་ཏེ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་སོན་པ་སྐད་ཅིག་གིས་བླ་མ་ཐུགས་མཆོག་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་སྐུར་གྱུར། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་གྱུར། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རྩ་བ་གསུམ་གྱི་ལྷ་ཚོགས་དབང་གི་ལྷའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བས་དབང་ལྷ་ཡབ་ཡུམ་སྙོམས་པར་ཞུགས་ནས་ཁུ་བ་བྱང་ཆུབ་སེམས་ཀྱི་ངོ་བོས་དབང་བསྐུར། པདྨ་ནས་ཕྱུངས་ཏེ་དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བའི་དབུས་སུ་སེང་གེས་བཏེགས་པའི་ཁྲིར་འཁོད་པར་གྱུར་པར་སྒོམས། སླར་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁར་བཞུགས་པས་དབང་བསྐུར་བའི་དགོངས་པ་མཛད་པ་དང་། བགེགས་བསྐྲད་ཅིང་ཤིས་པ་བརྗོད་པ་དང་། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་གྱུར། བུམ་ཆུ་སྤྱི་བོར་བླུག་ཅིང་། དབང་བསྐུར་བ་ནི་རྡོ་རྗེ་ཆེ༔ ཁམས་གསུམ་པས་ནི་ཕྱག་བྱས་པ༔ བདེ་གཤེགས་ཞི་ཁྲོ་རྩ་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་དག །ཆུ་ཞབས་གྱེན་དུ་འཁྱིལ་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེས་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། བླ་མ་ཐུགས་མཆོག་རྡོ་རྗེ་སེམས་དཔའི་གོ་འཕང་རྒྱུད་ལ་བཞག །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ༔ ཞེས་རྟོགས་པ་བསྐྱེད། སློབ་མ་དང་དབང་རྫས་དབུ་རྒྱན་བསང་སྦྱང་། སྟོང་པའི་ངང་ལས། སློབ་མ་དང་དབང་རྫས་དབུ་རྒྱན་གཉིས་ཀ་བླ་མ་ཡོན་ཏན་རིན་ཆེན་འབྱུང་ལྡན་ཡུམ་དང་བཅས་པའི་སྐུར་གྱུར། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་དབང་རྫས་ལ་མཆོད། དབང་རྫས་ཀྱི་རིན་འབྱུང་འོད་དུ་ཞུ་བ་རིན་པོ་ཆེའི་ཅོད་པན་དུ་གྱུར། སླར་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁར་བཞུགས་པས་དབང་བསྐུར་བའི་དགོངས་པ་མཛད་པ་དང་། བགེགས་བསྐྲད་ཅིང་ཤིས་པ་བརྗོད་པ་དང་། རིན་པོ་ཆེའི་དབུ་རྒྱན་དར་དཔྱང་དང་བཅས་པའི་ཅོད་པན་སྤྱི་བོར་བཅིངས་པར་གྱུར། དབུ་རྒྱན་བཀོན་ལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སངས་རྒྱས་མཆོག་ཏུ་རབ་བསྒྲུབ་ཕྱིར༔ དབུ་རྒྱན་འདི་ཡིས་མཛེས་པར་བྱོས༔ ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་ཐོགས་ལ། དབང་བསྐུར་བ་ནི་རྡོ་རྗེ་ཆེ༔ སོགས་དང་། གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་ཆུ་དབང་བསྐུར། བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་དག །ཆུ་ཞབས་གྱེན་དུ་འཁྱིལ་བ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་གྱུར། དེས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། ཡོན་ཏན་རིན་འབྱུང་གི་གོ་འཕང་རྒྱུད་ལ་བཞག །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །དབང་ཕྱི་མ་རྣམས་ལའང་འདིས་འགྲེས་ཏེ། སློབ་མ་དང་དབང་རྫས་རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས། སློབ་མ་དང་དབང་རྫས་རྡོ་རྗེ་གཉིས་ཀ་བླ་མ་གསུང་མཆོག་འོད་དཔག་མེད་ཡུམ་དང་བཅས་པའི་སྐུར་གྱུར་སོགས་ནས། དབང་རྫས་ཀྱི་འོད་དཔག་མེད་འོད་དུ་ཞུ་བ་རྡོ་རྗེར་གྱུར། སླར་ཡང་ནས། བརྗོད་པ་དང་། རྡོ་རྗེ་འོད་འབར་བས་གནས་གསུམ་དང་ལག་ཏུ་གཏད་ཅིང་དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱིས༔ རབ་ཏུ་བསྒྲུབས་ཕྱིར་རྡོ་རྗེ་ཟུངས༔ ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མའི་གནས་གསུམ་དུ་བཞག་ཅིང་ལག་པ་གཡས་སུ་གཏད། དེས་ཀྱང་སྙིང་གར་མཉམ་པའི་ཚུལ་གྱིས་བཟུང་ལ་གསོར་དུ་གཞུག །ཆུ་དབང་བསྐུར། འོད་དཔག་མེད་པས་དབུར་བརྒྱན་པར་གྱུར། དེས་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས། བླ་མ་གསུང་གི་མགོན་པོ་འོད་དཔག་མེད་ཀྱི་གོ་འཕང་རྒྱུད་ལ་བཞག །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །སློབ་མ་དང་དབང་རྫས་དྲིལ་བུ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་དབང་རྫས་དྲིལ་བུ་གཉིས་ཀ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཡུམ་དང་བཅས་པའི་སྐུར་གྱུར། སོགས་ནས། དབང་རྫས་ཀྱི་ལས་རབ་བདེ་བ་རྩལ་ཞུ་བས་དྲིལ་བུར་གྱུར། སླར་ཡང་ནས། བརྗོད་པ་དང་། དྲིལ་བུ་སྒྲ་དང་ལྡན་པས་དབང་བསྐུར་བར་གྱུར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད༔ བྱང་ཆུབ་མཆོག་ཏུ་མགོན་པོས་བཞེད༔ ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས༔ ཨོཾ་མ་ཧཱ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ གིས་སྦྱིན། སློབ་མས་ཀྱང་དཀྲོལ་ཏེ་དཀུ་གཡོན་དུ་བརྟེན། ཆུ་དབང་བསྐུར། ལས་རབ་བདེ་བ་རྩལ་གྱིས་དབུར་བརྒྱན། དེས་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས། བླ་མ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་གྱི་གོ་འཕང་རྒྱུད་ལ་བཞག །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་དབང་རྫས་བླ་མ་སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཡུམ་དང་བཅས་པའི་སྐུར་གྱུར། སླར་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་སོགས་ནས། བརྗོད་པ་དང་། རྡོ་རྗེ་མིང་གིས་དབང་བསྐུར་བར་གྱུར། རྡོར་དྲིལ་ལྷན་གཅིག་པ་སྤྱི་བོར་དཀྲོལ་ལ། སངས་རྒྱས་ཀུན་གྱི་མིང་གི་དབང༔ བྱང་ཆུབ་སྙིང་པོའི་བར་དུ་ནི༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ བཛྲ་ནཱམ་ཨ་བྷི་ཥེ་ཀ་ཏ༔ ཞེས་པའི་མཐར་སྔར་མེ་ཏོག་དབུས་སུ་བབས་པའམ་སྤྱི་ཁྱབ་ཏུ། ཀྱེ༔ རིགས་འདུས་ཐུགས་མཆོག་ནོར་བུ་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་དང་། ཤར་སོགས་ལ། མི་བསྐྱོད་རྡོ་རྗེ་རྩལ༔ རིན་ཆེན་ཡོན་ཏན་རྩལ༔ པདྨ་བདེ་ཆེན་རྩལ༔ ལས་རབ་བདེ་བ་རྩལ༔ ཞེས་གདགས། ཆུ་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། དེས་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། བླ་མ་རྟག་པའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་གོ་འཕང་རྒྱུད་ལ་བཞག །བདེ་གཤེགས་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་མ་རིག་པའི་དྲི་མ་ལྔ་དག་པར་བྱས་ཏེ་དེ་བཞིན་གཤེགས་པ་རིགས་ལྔའི་ཡེ་ཤེས་ལྔ་རིག་པར་བྱེད་པའི་ཕྱིར་རིག་པའི་དབང་ལྔ་ཞེས་བྱ་བ་ལགས་སོ། །གཉིས་པ་ཁྱད་པར་སྒོ་གསུམ་སྨིན་པར་བྱེད་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་བགྱི་བ་ལ་ཐོག་མར་ཕྱག་ཡོན་མཎྜལ་ཕུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་དཔའ་བོ་ཆེན་པོ་དགོངས༔ རྩ་གསུམ་ཟབ་པའི་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་པར་བྱ་བའི་ཕྱིར༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ༔ བདག་ལ་འཕོ་བར་མཛད་དུ་གསོལ༔ ལན་གསུམ། དེ་ལ་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་སྤྲུལ་པ་རེ་རེ་འཕྲོས་ཏེ་སློབ་མ་དཔལ་ཆེན་རྟ་མཆོག་ཧེ་རུ་ཀར་གསལ་བའི་སྙིང་ག་སྤྱི་བོ་གསང་གནས་ཀྱི་ལྷའི་ཕོ་བྲང་རྣམས་སུ་རིམ་གྱིས་བཞུགས་པར་སྒོམས་ཤིག༔ རྟ་མགྲིན་སྤྱི་བོར། བླ་མ་རྣམས་སྙིང་ཁ། ཡི་དམ་རྣམས་དཔྲལ་བར། མཁའ་འགྲོ་གཙོ་འཁོར་གསང་གནས་བཅས་ཙཀླི་རྣམས་མ་འཆོལ་བར་བཞག་ལ། ཧཱུྃ་ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ བདེ་གཤེགས་རྒྱལ་བའི་ཕྱག་རྒྱ་མཆོག་གི་སྐུ༔ ཧྱ་གྲཱི་ཝ་དཔལ་ཆེན་ཧེ་རུ་ཀས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ པདྨ་ཀྲོ་དྷ་ཧྱ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ཙིཏྟའི་གུར་ཁང་འོག་མིན་ཆོས་ཀྱི་དབྱིངས༔ རྩ་གསུམ་རྒྱལ་བ་ཀུན་འདུས་གུ་རུ་རྗེ༔ གཉིས་མེད་ཡུམ་མཆོག་ལྷ་ལྕམ་མནྡཱ་རས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ གུ་རུ་པདྨ་སིདྡྷི་ཛྙཱ་ན་མནྡྷཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ མེ་ལོང་ངང་ཉིད་མངོན་པར་དགའ་བའི་ཞིང༔ རིག་པ་ཡེ་ཤེས་ཐུགས་མཆོག་རྡོ་རྗེ་སེམས༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྙེམས་མར་སྦྱོར༔ སྐལ་ལྡན་རིགས་ཀྱི༴ བཛྲ་སཏྭ་ཀཱ་ཡ༴ ཧཱུྃ་ཧྲཱི༔ མཉམ་ཉིད་རང་བཞིན་དཔལ་དང་ལྡན་པའི་ཞིང༔ ལྷུན་གྲུབ་གཏེར་མངའ་ཡོན་ཏན་རིན་ཆེན་འབྱུང༔ གཉིས་མེད་ཡུམ་ཆེན་རིན་ཆེན་སྐྱོད་བྱེད་མས༔ སྐལ་ལྡན༴ རཏྣ་སཾ་བྷ་ཝ་ཀཱ་ཡ༴ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་བདེ་བ་ཆེན་པོའི་ཞིང༔ གསུང་གི་མགོན་པོ་སྣང་མཐའ་འོད་དཔག་མེད༔ གཉིས་མེད་ཡུམ་མཆོག་པདྨ་ཙནྡྷ་ལཱིས༔ སྐལ་ལྡན༴ ཨ་མི་ཏ་བྷཱ་ཀཱ་ཡ༴ ཧཱུྃ་ཧྲཱི༔ བྱ་གྲུབ་རང་མདངས་དོན་ཡོད་གྲུབ་པའི་ཞིང༔ ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ༔ གཉིས་མེད་ཡུམ་ཆེན་སྒྲོལ་མ་འཁྲིལ་སྦྱོར་རོལ༔ སྐལ་ལྡན༴ ཨ་མོ་གྷ་པཱ་ཤ་ཀཱ་ཡ༴ ཧཱུྃ་ཧྲཱི༔ ཀླད་ཁྱིམ་ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང༔ མ་ཧཱ་གུ་རུ་ཡེ་ཤེས་ཐུགས་རྗེ་རྩལ༔ གཏུམ་དྲག་མེ་ཕྲེང་ཀྲོ་དྷཱིི་གཉིས་མེད་རོལ༔ སྐལ་ལྡན༴ ཛྙཱ་ན་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཀཱ་ཡ༴ ཧཱུྃ་ཧྲཱི༔ ཞེ་སྡང་རྣམ་དག་རྡོ་རྗེ་བརྩེགས་པའི་ཀློང༔ རྡོ་རྗེ་དྲག་པོ་མཐིང་ནག་འཇིགས་པའི་སྐུ༔ བཛྲ་ཀྲོ་དྷཱི་ཡུམ་དང་གཉིས་མེད་རོལ༔ སྐལ་ལྡན༴ བཛྲ་ཀྲོ་དྷ་ཀཱ་ཡ༴ ཧཱུྃ་ཧྲཱི༔ ང་རྒྱལ་རྣམ་དག་རིན་ཆེན་འབར་བའི་ཀློང༔ རཏྣ་དྲག་པོ་སེར་ནག་བཞད་པའི་སྐུ༔ རཏྣ་ཀྲོ་དྷཱི་ཡུམ་དང་གཉིས་མེད་རོལ༔ སྐལ་ལྡན༴ རཏྣ་ཀྲོ་དྷ་ཀཱ་ཡ༴ ཧཱུྃ་ཧྲཱི༔ འདོད་ཆགས་རྣམ་དག་པདྨ་སྤུངས་པའི་ཀློང༔ པདྨ་དྲག་པོ་དམར་ནག་ཆགས་པའི་སྐུ༔ པདྨ་ཀྲོ་དྷཱི་ཡུམ་དང་གཉིས་མེད་རོལ༔ སྐལ་ལྡན༴ པདྨ་ཀྲོ་དྷཱ་ཀཱ་ཡ༴ ཧཱུྃ་ཧྲཱི༔ ཕྲག་དོག་རྣམ་དག་མཚོན་ཆ་འཁྲུགས་པའི་ཀློང༔ ཀརྨ་དྲག་པོ་ལྗང་ནག་གཏུམ་པའི་སྐུ༔ ཀརྨ་ཀྲོ་དྷཱི་ཡུམ་དང་གཉིས་མེད་རོལ༔ སྐལ་ལྡན༴ ཀརྨ་ཀྲོ་དྷ་ཀཱ་ཡ༴ ཧཱུྃ་ཧྲཱི༔ ཕོ་ཉ་རབ་འཇིགས་འབར་བའི་དུར་ཁྲོད་ནས༔ དུས་གསུམ་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ༔ གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ༔ སྐལ་ལྡན༴ ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ཝཱ་ར་ཧཱི་ཀཱ་ཡ༴ ཧཱུྃ་ཧྲཱི༔ ཤར་ཕྱོགས་གཏུམ་དྲག་འཇིགས་པའི་དུར་ཁྲོད་ནས༔ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་མ༔ རང་རིགས་མཐུན་པའི་རྡོ་རྗེ་མཁའ་འགྲོ་འབུམ༔ སྐལ་ལྡན༴ བཛྲ་ཌཱ་ཀི་ནཱི་ཀཱ་ཡ༴ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་སོ་ས་གླིང་གི་དུར་ཁྲོད་ནས༔ རྒྱས་པའི་ལས་མཛད་རིན་ཆེན་མཁའ་འགྲོ་མ༔ རང་རིགས་མཐུན་པའི་རིན་ཆེན་མཁའ་འགྲོ་འབུམ༔ སྐལ་ལྡན༴ རཏྣ་ཌཱ་ཀི་ནཱི་ཀཱ་ཡ༴ ཧཱུྃ་ཧྲཱི༔ ནུབ་ཕྱོགས་གསང་ལམ་བསྣོལ་བའི་དུར་ཁྲོད་ནས༔ ཁམས་གསུམ་དབང་སྡུད་པདྨ་མཁའ་འགྲོ་མ༔ རང་རིགས་མཐུན་པའི་པདྨ་མཁའ་འགྲོ་འབུམ༔ སྐལ་ལྡན༴ པདྨ་ཌཱ་ཀི་ནཱི་ཀཱ་ཡ༴ ཧཱུྃ་ཧྲཱི༔ བྱང་ཕྱོགས་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས༔ མངོན་སྤྱོད་ལས་མཛད་བི་ཤྭ་ཌཱ་ཀི་ནཱི༔ རང་རིགས་མཐུན་པའི་ལས་ཀྱི་མཁའ་འགྲོ་འབུམ༔ སྐལ་ལྡན༴ ཀརྨ་བི་ཤྭ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་བ་ལ་བརྟེན་ནས་སྣོད་བཅུད་ཐ་མལ་དུ་འཛིན་པ་བཟློག་སྟེ། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རྒྱས་ཐེབ། དེ་ལ་བརྟེན་ནས་ལྷ་སྐུ་ཞལ་ཕྱག་མཚན་དཔེ་གསལ་རྫོགས་ཀྱི་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང། མཐར་ཐུག་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་སྐུ་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་སྔགས་དབྱངས་བཟླས་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པར་ཨཱཿཡིག་དང་ལྗགས་ལས་སྔགས་ཀྱི་ཕྲེང་བ་རྒྱུན་མི་ཆད་དུ་འཕྲོས། སློབ་མའི་སྙིང་གར་ཙིཏྟ་རིན་ཆེན་ཟུར་བརྒྱད་པའི་གཞལ་ཡས་ཁང་གི་བླ་མའི་ཐུགས་ཀར་པདྨ་དམར་པོའི་ལྟེ་བ་ལ་ཧྲཱིཿས་མཚན་པའི་མཐའ་སྐོར་དུ་འཁོད། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་རྒྱལ་བའི་ཐུགས་ཀྱི་ཐུགས་རྗེ་བསྐུལ། འོད་ཟེར་ཚུར་འདུས་སྙིང་གར་ཕོག་ཡིད་སྒྲིབ་དག །དེ་ལས་འོད་གྱེན་དུ་སོང་ལྕེའི་སྟེང་དུ་ཚེ་དཔག་མེད་དམར་སྐྱ་མཐེ་བོང་ཙམ་མཉམ་གཞག་ཚེ་བུམ་འཛིན་པའི་སྐུ་ལ་གཡས་སུ་བསྐོར། དེ་ལས་འོད་འཕྲོས་རྒྱལ་བའི་གསུང་གི་ཐུགས་རྗེ་བསྐུལ། འོད་ཟེར་ཚུར་འདུས་མགྲིན་པར་ཐིམ། ངག་སྒྲིབ་དག །འོད་ཟེར་ཡར་འཕྲོས་དྲག་པོ་རྩལ་གྱི་སྔགས་ཕྲེང་ལ་ཕོག །དེ་ལས་འོད་འཕྲོས་རྒྱལ་བའི་སྐུ་བསྐུལ། འོད་ཟེར་ཚུར་འདུས་ལུས་སྒྲིབ་དག །སླར་འདུས་སྒལ་ཚིགས་ཀྱི་ལམ་བརྒྱུད་ཚངས་པའི་གཞུང་ལམ་ནས་ཡུམ་གྱི་མཁའ་ལ་བབ། དེ་ལས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་སྦྱངས་ཏེ་འགལ་མེ་ཀླད་ལ་འཁོར་བ་ལྟར་དམར་གྱི་ལེར་འཁོར་བར་སྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཅེས་སྙིང་པོ་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་ནས་སྔགས་བྱང་མགྲིན་པར་བཞག །ཕྲེང་བ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ བདེ་གཤེགས་རྩ་གསུམ་ལྷ་ཡི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་སྐུལ་བྱེད་སྙིང་པོའི་དབང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས༔ ཐུགས་རྗེ་ཐོགས་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་གསུང་སྔགས་དབྱངས་བཟླས་བརྗོད་ཟབ་མོའི་དབང་བསྐུར་བ་ལ་བརྟེན་ནས། ངག་གི་སྒྲ་སྐད་དང་རླུང་འབྱིན་འཇུག་ཐ་མལ་དུ་འཛིན་པ་ལས་བཟློག་སྟེ། རྩ་གསུམ་ཞི་ཁྲོའི་གསང་སྔགས་ཟབ་མོའི་ངོ་བོར་རྒྱས་ཐེབ། དེ་ལ་བརྟེན་ནས་ངག་གི་བཟླས་བརྗོད་དང་རྡོ་རྗེའི་བཟླས་པ་ཟབ་མོ་བྱ་བ་ལ་དབང་། མཐར་ཐུག་གསུང་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོགས་མེད་དུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་རིག་རྩལ་བརྡའི་དབང་བསྐུར་བ་ནི། ཤེལ་རྡོ་བསྟན་ལ། རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་དགོངས་པ་འགྱུར་བ་མེད་པ་ནི་མན་ཤེལ་དྲི་མ་མེད་པ་འདི་ཡིན་ནོ། །ཅིའི་ཕྱིར་ན་དུས་གསུམ་གྱི་རྟོག་པའི་དྲི་མ་དང་བྲལ་བ་གསལ་སྟོང་དབྱེར་མེད་རིག་པའི་སྙིང་པོ་ཅན་འདི་ནི་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་ཡང་དག་པའོ། །མན་ཤེལ་ཉི་འོད་ཀྱིས་འཇའ་ཚོན་འཆར་བར་བྱས་པའམ། རྨ་བྱའི་མདོངས་ཐིག་མེ་ལོང་ངོས་ལོགས་སུ་འཆར་བཅུག་པ་བསྟན་ལ། ངོ་བོ་ཀ་དག་རིག་པ་དྲི་མེད་དེ་ལས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུ་དང་ཞིང་ཁམས་ཐིག་ལེ་ཐིག་ཕྲན་སྣ་ཚོགས་པ་འཆར་བ་ཡང་དཔེ་འདིས་མཚོན་ཏེ། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བ་སྣང་སྟོང་དབྱེར་མེད་ཀྱི་བཞུགས་ཚུལ་འདི་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་ཤར་བ་སྟེ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ཡང་དག་པའོ། །ཞེས་པས་ངོ་སྤྲད། མན་ཤེལ་སྙིང་ཁར་བཞག་ལ། ཧཱུྃ་ཧྲཱི༔ བདེ་གཤེགས་རྩ་གསུམ་ཐུགས་མཆོག་ཆོས་ཀྱི་དབྱིངས༔ ཡེ་ནས་རྣམ་དག་སྐྱེ་བ་མེད་པ་ལས༔ སྣ་ཚོགས་འཆར་བ་རིག་པ་རྩལ་གྱི་དབང༔ དབང་པོ་ཡུལ་དྲུག་འཛིན་མེད་བློ་འདས་ངང༔ ངོ་བོ་རང་བཞིན་ཐུགས་རྗེ་ལྷུན་གྲུབ་པ༔ ཉག་གཅིག་རིག་པའི་རྩལ་དབང་རྟོགས་པར་ཤོག༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཐུགས་སྐྱེ་མེད་རིག་རྩལ་བརྡ་ཡི་དབང་ཐོབ་པ་ལ་བརྟེན་ནས་ཡིད་ཀྱི་དྲན་རྟོག་ཐ་མལ་ཨ་འཐས་སུ་འཛིན་པ་ལས་བཟློག་སྟེ། རྩ་གསུམ་ཞི་ཁྲོའི་དགོངས་པ་འགྱུར་མེད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་རྒྱས་ཐེབས། དེ་ལ་བརྟེན་ནས་ཁྲེགས་ཆོད་རིག་སྟོང་དབྱེར་མེད་ལྷུན་གྲུབ་འོད་གསལ་སྣང་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། མཐར་ཐུག་ཐུགས་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་འོད་གསལ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །སྤྱི་དོན་གསུམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཕྱིར་མི་ལྡོག་པའི་དབང་ཆེན་པོ༔ རྡོ་རྗེ་སློབ་དཔོན་བདག་ལ་སྩོལ༔ ལན་གསུམ། སློབ་མ་ཁྱད་པར་ཅན་ཡིན་ན་དབང་གོས་དབང་ཞྭ་བསྐོན། བཞུགས་ཁྲི་རྒྱབ་ཡོལ་དང་ལྡན་པའི་ཁར་བཀོད། གདུགས་དང་རྒྱལ་མཚན་སོགས་ཀྱིས་མཛེས་པར་བྱ། གཞན་ལ་དེ་ལྟར་དམིགས་པས་ཁྱབ་པར་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་སོགས་གོང་གི་ཆུ་དབང་སྐབས་ལྟར་ལ། པདྨར་སོན་པ་སྐད་ཅིག་གིས་ཐུགས་ཀྱི་ནོར་བུ་བླ་མ་ཡབ་ཡུམ་དུ་གསལ་བར་གྱུར། བསྒོམས་པ་དང་འདྲ་བའི་སོགས་ནས། པདྨ་ནས་ཕྱུངས་ཏེ་དཀྱིལ་འཁོར་གྱི་ཤར་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་འཁོད་པར་གྱུར། ཧཱུྃ་ལས་བྱུང་བའི་རྡོ་རྗེ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་གཡས་སུ་སྦྱིན། ཨཱཿལས་བྱུང་བའི་དྲིལ་བུ། གཡོན་དུ་སྦྱིན་ཞིང་། བཛྲ་གྷཱཎྜེ་ཨཱཿ ཞེས་དཀྲོལ་དུ་གཞུག །སློབ་མ་ཐུགས་ཀྱི་ནོར་བུ་བླ་མར་གསལ་བས་གཟུང་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་མནྡྷཱ་ར་བ་མ་རྡོ་རྗེ་དྲིལ་བུ་དང་བཅས་ཏེ་འཁྱུད་པ་ལས་བདེ་སྟོང་གི་ཏིང་འཛིན་སྐྱེ་བར་སྒོམས། བདེ་གཤེགས་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁར་བཞུགས་པས་དབང་བསྐུར་བའི་སོགས་ཚང་བར་བརྗོད་ལ་རྣམ་བུམ་གྱིས་དབང་བསྐུར། བུམ་ཆུ་འཐོར་འཐུང་བྱ། ཆུ་ཞབས་གྱེན་དུ་འཁྱིལ་པ་ལས་བླ་མ་རིགས་ལྔས་དབུར་བརྒྱན་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱཿས་བརྟན་པར་བྱ་ཞིང་མེ་ཏོག་འཐོར། སྔགས་རྒྱ་དང་དངོས་བཤམས་བཏེགས་ལ་མཆོད། རྗེས་གནང་གི་ཆས་རྣམས་རིམ་བཞིན་གཏད་ལ། བྷྲཱུྃ་ལས་བྱུང་བའི་འཁོར་ལོ༔ བཛྲ་ཧེ་ཏུ་མཾ༔གྱིས་རྐང་འོག་ཏུ་བཅུག །ཨཱཿལས་བྱུང་བའི་དུང༔ བཛྲ་བྷཱ་ཥ་རཾ༔གྱིས་བྱིན་ལ་དེས་འབུད། ཨཱཿལས་བྱུང་བའི་བསྐྱེད་རྫོགས་ཀྱི་པུསྟི༔ དེང་ནས་བརྩམ་སྟེ་སེམས་བསྐྱེད་པ༔ ཙམ་གྱིས་ཆོས་དབྱངས་བླ་ན་མེད༔ ཀུན་ནས་ཡོངས་སུ་བཀང་ནས་ནི༔ ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར༔ དེང་ནས་དབང་བསྐུར་ཞིང་ཆོས་བཤད་པ་དང་རབ་ཏུ་གནས་པ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་བསྒྲུབ་པར་གྱིས་ཤིག །ཅེས་གནང་བ་སྦྱིན། ལུང་བསྟན་དབུགས་དབྱུང་ནི། སློབ་དཔོན་གནས་གྱུར་ཏེ་དེ་བཞིན་གཤེགས་པ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཡོན་ཆོས་གོས་ཀྱི་གྲྭ་དང་བཅས་པའི་ཁུ་ཚུར་སྙིང་གར་བཟུང་། གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་ཏེ། ནམ་མཁའ་གང་བའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མོས་ལ། ཨོཾ༔ འདི་ལྟར་ཁྱོད་ལ་ངས་ལུང་བསྟན༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ སྲིད་པ་ཤིན་ཏུ་དག་པས་ན༔ སྲིད་པའི་ངན་འགྲོ་རྣམས་ལས་བཏོན༔ ཀྱཻ་དཔལ་རིགས་འདུས་ཐུགས་མཆོག་ནོར་བུ་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སཏྭཾ་བྷུར་བྷུ་ཝ་སྭ༔ གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་བདེ་གཤེགས་རྩ་བ་གསུམ་གྱི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ་ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་སོ། །བདེ་གཤེགས་རྩ་གསུམ་དཀྱིལ་འཁོར་འདིར༔ ཞུགས་པ་དང་ནི་མཐོང་བ་ཡིས༔ སྡིག་པ་ཀུན་ལས་རྣམ་གྲོལ་ཏེ༔ དེ་ཕྱིར་ཁྱེད་རྣམས་བདེ་བར་གནས༔ བདེ་ཆེན་ཐེག་པ་འདི་ལ་ནི༔ ཕྱི་ནས་འཆི་བ་ཡོད་མ་ཡིན༔ སྲིད་པ་ཤིན་ཏུ་དག་པས་ན༔ སྲིད་པའི་སྡུག་བསྔལ་རྣམས་ལས་གྲོལ༔ དེ་རིང་བདུད་རྣམས་ཕམ་བྱས་ནས༔ གྲོང་ཁྱེར་དམ་པར་རབ་ཏུ་ཞུགས༔ དེང་དུས་ཁྱོད་ཀྱིས་སངས་རྒྱས་ཉིད༔ ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་ལུང་བསྟན་ཅིང་དབུགས་དབྱུང་ངོ་། །དེ་དག་གིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་བྱང་། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་མཆོག་གི་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་འགྱུར་བ་ཡིན་ནོ། །རྩ་བའི་གདམས་པ་གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཚན་ལྡན་གྱི་རིག་མ་དང་བཅས་ཏེ་ཞིང་ཁམས་འབུལ་བའི་འདུན་པས་མཎྜལ་ཕུལ། གསོལ་འདེབས་འདིའི་རྗེས་ཟློས། ཀུན་མཁྱེན་ས་གསུམ་དབང་ཕྱུག་པ༔ ཀུན་གྱི་དབང་ཕྱུག་འགྲོ་བའི་བདག༔ ཐུགས་ཀྱི་ནོར་བུ་དཔའ་བོ་ཆེ༔ དཔའ་བོའི་གཙོ་ལ་ཕྱག་འཚལ་བསྟོད༔ བདེ་སྟོང་ཡེ་ཤེས་མཉེས་པའི་ཡུམ༔ གསང་བ་བླ་མེད་གཏེར་མངའ་བའི༔ མཚན་ལྡན་ཡིད་འོང་ལྷ་མོ་འདི༔ བདེ་སྟོང་ཡེ་ཤེས་བསྐྱེད་བྱའི་ཕྱིར༔ དབང་ཕྱུག་ཆེན་པོ་ཁྱེད་ལ་འབུལ༔ སྨྲ་བསམ་བརྗོད་མེད་བདེ་བའི་ངང༔ ཡང་དག་བདེ་ཆེན་བསྩལ་དུ་གསོལ༔ ཅེས་ལན་གསུམ། སློབ་དཔོན་གྱིས། འོད་གསལ་ཆེན་པོ་འཆར་བའི་མཆོག༔ ཆགས་དང་ཞེན་པ་ལས་གྲོལ་བའི༔ ཏིང་འཛིན་ཡེ་ཤེས་བསྟེན་པར་བྱ༔ ཨེ་ཨ་རལླི་མུ་དྲ་ཧོ༔ ཞེས་གནང་བ་བསྩལ་ཅིང་ཁྱད་པར་གྱི་དམ་ཚིག་བསྒྲག་པ་ལ་སྙན་གཏོད་ཅིག །བུ་ཡིས་སྲོག་ཆགས་གསད་པར་བྱ༔ རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ༔ མ་བྱིན་པ་ཡང་བླང་བར་བྱ༔ གཞན་གྱི་ཆུང་མ་བསྟེན་པར་བྱ༔ འདི་ནི་ཆོ་ག་མདོར་བསྡུས་པའོ༔ ཕྱག་རྒྱ་ཆེན་པོ་དེ་བསྟེན་པས༔ འདི་ནི་རྟག་ཏུ་བསྟེན་པ་ཡིན༔ དམ་ཚིག་བཞི་པོ་འདི་ཉིད་ནི༔ བཟང་པོ་རྟག་ཏུ་བསྟེན་པར་བྱོས༔ སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིག །ཅེས་དང་སྔགས་བརྗོད་ལ་གདོང་བཅིང་། ཡེ་ཤེས་པ་དབབ་པའི་སླད་དུ་ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་སློབ་མ་རྣམས་སྐད་ཅིག་གིས་ཐུགས་ཀྱི་ནོར་བུ་བླ་མར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང༔ སུམ་མདོར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ༔ རྐང་མཐིལ་དུ་ཛྷཻཾ་དམར་པོའི་འོད་ཟེར་གྱིས་བསྐུལ་བས་སྙིང་གར་འོད་ཀྱི་དགའ་འཁྱིལ་དམར་པོ་གྲྭ་བཞི་ལ་ཧ་རི་ནི་ས་ལས་མཁའ་འགྲོ་སྡེ་བཞི་གར་བྱེད་པ་གཡོན་དུ་འགལ་མེ་ལྟར་འཁོར་བ་ལས་འོད་ཟེར་འཕྲོས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པར་སྒོམས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧ་རི་ནི་ས་ཧྲཱིཿཧཱུྃ་ཨཱཿཛྷཻཾ༔ བདུད་རྩི་ལྔ་དང་ཤ་ཆེན་གུ་གུལ་སོགས་རྫས་ཀྱིས་བདུག་རོལ་མོ་དྲག་པོ་བྱ་བས་བྱིན་དབབ། དབང་དངོས་གཞིའི་སླད་དུ་ཁྱེད་རང་རྣམས་ལྷར་གསལ་བའི་ལུས་ཕྱི་གསལ་ནང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་གྱུར་པའི་ལུས་ཀྱི་དབུས་དྲང་པོར་ཨ་ཝ་དྷཱུ་ཏི་གཡས་གཡོན་དུ་ལ་ལ་ར་ས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བཅུ་དྲུག །སྙིང་ག་དྲན་པ་རྣམ་བཀོད་ཀྱི་འཁོར་ལོ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞི། གསང་གནས་བདེ་སྐྱོང་གི་འཁོར་ལོ་སུམ་ཅུ་རྩ་གཉིས་ཐམས་ཅད་ཀྱང་ཁ་དོག་དམར་སེར་དྲྭ་བ་རིས་སུ་བྲེས་པ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བླ་མར་གསལ་བ་གཟུངས་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་མནྡཱ་ར་དང་གཉིས་སུ་མེད་པ་མཉམ་པར་སྦྱར་བའི་སྒྲས། ཕྱོགས་བཅུའི་བདེ་གཤེགས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཡུམ་གྱི་པདྨར་སོན། ཤེས་རབ་མ་དང་ཉིད་ཀྱི་རང་བྱུང་གི་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ནས་ལྕེ་ཐོག་ཏུ་སྦྱིན་པར་མོས་ཤིག །ཐོད་ཆང་ཁར་བྱིན་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ དམ་ཚིག་ཆེན་པོ་རྨད་བྱུང་བ༔ ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན༔ བདེ་བ་ཆེན་པོ་མྱང་བར་གྱིས༔ འདས་པའི་རྡོ་རྗེ་འཆང་སོགས་ཀྱིས༔ ཇི་ལྟར་སངས་རྒྱས་སྲས་དབང་བསྐུར༔ བྱང་ཆུབ་སེམས་ནི་བཟང་པོ་ཡིས༔ དེ་ལྟར་བུ་ཁྱོད་དབང་བསྐུར་རོ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ བུས་ཀྱང་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོར་མོས་ཤིང་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བའི་བློས། ཨ་ཧོ་མ་ཧཱ་སུ་ཁཾ༔ ཞེས་བརྗོད་ལ་མྱང་བར་ཞུ། དེ་ལྟར་མྱངས་པས་ལུས་ཀྱི་རྩ་གནས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོས་ཁྱབ་པ་ལ་བརྟེན་ནས་བདེ་སྟོང་གཉིས་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པ་དེ་ཉིད་གསང་བའི་དབང་གི་ངོ་བོ་ཡིན་ནོ། །ལུས་ཀྱི་དཀྱིལ་འཁོར་མཐོང་བས་གདོང་གཡོགས་སོལ་ཅིག །ཨོཾ་ཨཱཿཧཱུྃ༔ དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གུ་རུ་ཡབ་ཡུམ་གྱི་གསང་བའི་རྫས་བྱང་ཆུབ་སེམས་དཀར་དམར་གྱི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རང་བྱིན་རླབས་ཀྱི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་ཕྱག་རྒྱ་མཚན་ལྡན་དང་བཅས་པའི་ལོངས་སྤྱོད་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ༔ ཐམས་ཅད་སྟོང་པ་བླ་ན་མེད༔ མངོན་པར་བྱང་ཆུབ་མཐོང་བ་ནི༔ སློབ་དཔོན་ཆེན་པོས་བདག་ལ་སྩོལ༔ ལན་གསུམ༔ བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིག །ཅེས་དང་སྔགས་འབྲུ་གསུམ་བརྗོད། བསང་སྦྱང་། གཟུང་མ་མི་དམིགས་ཏེ་སྟོང་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་ངོ་བོ་མནྡྷཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་རྗེས་སུ་ཆགས་པའི་ལང་ཚོ་ཅན་དུ་གསལ་བའི་རྐང་འོག་ཏུ་ཡཾ་ལས་སོགས་སྔ་མ་ལྟར་ལ། འོད་ཟེར་འཕྲོས༔ གནས་གསུམ་གྱི་ཡེ་ཤེས་ཀྱི་ཌཱ་ཀི་ཐམས་ཅད་ཉི་ཟེར་གྱི་རྡུལ་ལྟར་བྱོན་ཏེ་སྙིང་གར་སིབ་སིབ་ཐིམ་པར་སྒོམས༔ ཛྙཱ་ན་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧ་རི་ནི་ས་ཧྲཱིཿཧཱུྃ་ཨཱཿཛྷཻཾ༔ ཞེས་སྔགས་བརྗོད་ཅིང་རྫས་དང་རོལ་མོས་དབབ། སུ་པྲ་ཏིཥྛས་བརྟན་པརབྱ། རིག་མ་ཡེ་ཤེས་དྷཱ་ཀི་དངོས་སུ་གསལ་བ་རྒྱལ་བ་རྣམས་དཔང་པོར་བཀོད་དེ་བྱིན་པར་མོས་ཤིག །རིག་ཙཀ་གཡོན་པས་ཐོགས་པ་སློབ་མའི་ལག་གཡོན་དུ་གཏད། རྡོ་རྗེ་དང་བཅས་པའི་ལག་གཡས་སློབ་མའི་སྤྱི་བོར་བཞག་སྟེ། འདིར་ནི་ཁྱོད་རྣམས་དཔང་པོ་ཡིན༔ བདག་གིས་འདི་ལ་འདི་གཏད་དོ༔ ཞེས་རྒྱལ་བ་རྣམས་དཔང་པོར་བཙུགས་ཏེ༔ ལྷ་མོ་ཕྱག་རྒྱ་ཆེན་མོ་འདི༔ དཔག་མེད་བདེ་བ་རབ་སྟེར་བ༔ བུ་ཡིས་ཀུན་ནས་བླངས་ནས་ནི༔ བླ་ན་མེད་པའི་མཆོད་པ་གྱིས༔ ཐབས་གཞན་གྱིས་ནི་འཚང་མི་རྒྱ༔ དེ་བས་རིག་པ་མཆོག་འདི་ཡིན༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ རིག་མའི་བརྟུལ་ཞུགས་བླ་མེད་པའོ༔ རྨོངས་པ་གང་ཞིག་འདས་གྱུར་ན༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་རིག་མའི་བརྟུལ་ཞུགས་སྦྱིན། དེ་ལྟར་གཏད་པའི་རིག་མ་དེས་འདི་ལྟར་དྲིས་པར་མོས་ཤིག །བཤང་དང་གཅི་བ་ཟ་བ་དང༔ ཤ་དང་ཁུ་ཁྲག་དེ་བཞིན་ཏེ༔ བུ་ཁྱོད་ཅི་དགར་སྤྲོ་གྱུར་རམ༔ བུད་མེད་རྟག་ཏུ་གུས་པ་དང༔ བྷ་གའི་པདྨར་འོ་བྱེད་པ༔ བུ་ཁྱོད་ཅི་བཞེད་བདེན་པར་སྨྲོས༔ ཞེས་དྲིས་པའི་ལན་འདེབས་པར་མོས་ལ་འདིའི་རྗེས་ཟློས། ཁུ་ཁྲག་ལ་སོགས་བཟའ་བ་དང༔ བུད་མེད་རྣམས་ལ་རྟག་གུས་དང༔ བྷ་གའི་པདྨར་འོ་བྱེད་པ༔ ལྷ་མོ་ཅི་ཕྱིར་བདག་མི་སྤྲོ༔ ཞེས་སྨྲས་པས་དགྱེས་ཏེ། གཟུང་མ་དེས་སྐྲ་བཤིགས་གོས་དང་བྲལ་བར་བྱས་ཏེ་ཆུ་སྐྱེས་རྒྱས་པ་སྲིན་ལག་གཉིས་ཀྱིས་ཕྱེ་ནས་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི༔ བདེ་བ་ཐམས་ཅད་ཡང་དག་ལྡན༔ གང་ཞིག་ཆོ་གས་བསྟེན་བྱེད་པ༔ དེ་ཡི་མདུན་དུ་ང་གནས་སོ༔ སངས་རྒྱས་བསྟེན་པ་ལ་སོགས་པ༔ བྱ་བ་པདྨར་ཇི་བཞིན་གྱིས༔ བདེ་ཆེན་རྒྱལ་པོ་རང་ཉིད་ནི༔ འདི་ཉིད་དུ་ནི་རྟག་ཏུ་བཞུགས༔ བླུན་པོ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ བྷནྫ་མོཀྵ་ཧོ༔ ཞེས་བསྐུལ་བར་མོས། ཡེ་ཤེས་པ་དབབ་པའི་སླད་དུ་སོགས་དམིགས་པ་སྔགས་བཅས་གསང་དབང་ལྟར་བྱས་ལ་བྱིན་དབབ། དེ་ནས་ཁྱེད་རང་སློབ་མ་རྣམས་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། གཟུང་མའི་གསང་བ་པདྨ་དམར་པོ་འདབ་བརྒྱད་པ། གཉིས་ཀའི་ལྟེ་བར་ཧཱུྃ་དང་བཾ་རྩེ་མོར་ཕཊ་སེར་པོས་མཚན་པ། རྡོ་རྗེའི་གླུ་ལེན་ཅིང་གཟུགས་སྒྲ་ལ་སོགས་པའི་བདེ་བ་བསྐུལ་ཏེ་མཐར་སྙོམས་པར་ཞུགས་པས་རྗེས་ཆགས་གཏུམ་མོའི་མེས་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་ཞུ་ནས་བབས། ཐིག་ལེ་གནས་བཅུ་དྲུག་ནས་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུར་སྤྱན་དྲངས། དེ་ཡང་མགྲིན་པར་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་དགའ། གསང་བ་ནོར་བུའི་རྩ་བར་ཟག་མེད་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་། ལུགས་འབྱུང་གི་དགའ་བའི་ཡེ་ཤེས་ངོས་ཟིན་པར་བྱ། སླར་ཡང་ལུས་ཀྱི་གནད་དང་རླུང་བཅིངས་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་མས་ཡར་སྤྱན་དྲངས་ཏེ་ལྟེ་བ་སྙིང་ག་མགྲིན་པ་རྣམས་ནས་གཙུག་ཏོར་གྱི་ཧཾ་ལ་བརྟན་པར་བྱས་ཏེ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་། ལུགས་བཟློག་གི་དགའ་བའི་ཡེ་ཤེས་ངོས་ཟིན་པར་གྱིས་ཤིག །དེ་ནས་རིག་མ་དགྱེས་ནས་བྷཉྫ་མོཀྵ་ཞེས་གསུང་ཞིང་རྐང་པ་གཡས་པ་སློབ་མའི་མགོ་བོར་བཞག་ནས༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ རྨི་ལམ་བཞིན་དུ་སེམས་ཅན་གྱི༔ བླ་ན་མེད་པའི་དོན་བྱོས་ཤིག༔ བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག༔ རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད༔ ཅེས་གདམས་པར་མོས་ལ་བྷ་གའི་དཀྱིལ་འཁོར་མཐོང་ཟིན་པས་གདོང་གཡོགས་སོལ་ཅིག །འབྲུ་གསུམ་བརྗོད། དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་གསེར་དང་སྨན་འབྲུ་རིན་པོ་ཆེ་རྣམས་ཀྱི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བར་ཞུ། གསོལ་འདེབས་རྗེས་ཟློས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང༔ བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ༔ ཞེས་དང་། བླ་མ་རྡོ་རྗེ་འཛིན་ཆེན་པོ༔ སྨྲ་བསམ་བརྗོད་མེད་ལ་གནས་པ༔ དེ་ཡི་རྟོགས་པ་བདག་རྒྱུད་ལ༔ དབང་ཆེན་ཁྱོད་ཀྱིས་འཕོ་བར་མཛོད༔ ལན་གསུམ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་གསལ་འཚེར་དང་ལྡན་པ་ཞིག་སྒོམས། དེ་ལ་རིག་པ་གཅེར་གྱིས་གཏོད་ཅིག །སློབ་དཔོན་གྱིས་ངོ་སྤྲོད་པ་ནི། ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་མེད་ཟང་ཐལ་ངང༔ དེ་བཞིན་ཁྱོད་སེམས་ཆོས་ཀྱི་སྐུ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་འགག་མེད་ལྷུན་གྱིས་གྲུབ༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མུ་བཞིས་མ་གོས་དྲི་མ་བྲལ༔ ཁྱོད་ཉིད་རིག་པའི་ངོ་བོར་ལྟོས༔ སྐྱེ་འགག་གཉིས་དང་བྲལ་བས་ན༔ རྒྱལ་བའི་དགོངས་པའི་ངོ་བོ་ཡིན༔ ཐུགས་ཀྱི་ནོར་བུ་དེ་ལ་བྱ༔ ཤེལ་རྡོའམ་མན་ཤེལ་དང་མེ་ལོང་བསྟན་ལ། དཔེར་ན་མན་ཤེལ་དྲི་མ་མེད་པ་འདི་རྒྱུ་རྐྱེན་མ་གྲུབ་པ་ཕྱི་ནང་མེད་པ་ཟང་ཐལ་དུ་ཤར་བ་བཞིན་དུ་རིག་པའི་ངོ་བོའང་དེ་དང་མཚུངས༔ གཞན་ཡང་མེ་ལོང་གཡའ་དག་ཅིང་དྲི་མ་མེད་པ༔ གསལ་ལ་དེར་འཛིན་མེད་པའི་དཔེ་ཉིད་རང་གི་རིག་པ་དང་མཚུངས་ཤིང་ཡེ་ནས་རང་བྱུང་གི་ངོ་བོ་ཡིན་ནོ༔ དེ་ནི་རང་བྱུང་རིག་པའི་རྩལ་དབང་ཡིན་ཏེ་སྟོང་གསལ་བདེ་བ་ཆེན་པོ་མ་ཡེངས་འཛིན་མེད་རང་གསལ་དུ་བཞག་པས༔ གཉུག་མའི་ཡེ་ཤེས་རྩོལ་བྲལ་དུ་འཆར་ཞིང༔ བརྩོན་འགྲུས་དང་ལྡན་པས་མཐར་བསྐྱལ་ཏེ་ཚེ་གཅིག་ལ་ཐར་ལམ་མཆོག་བདེ་བླག་ཏུ་ཐོབ་པའོ༔ དེས་དོན་དམ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་བྱུང་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ལམ་ཁྲེགས་ཆོད་རིག་སྟོང་གཉིས་མེད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལྷུན་གྲུབ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་ནས་ཁྱད་པར་ཐོད་རྒལ་སྣང་སྟོང་དབྱེར་མེད་དུ་ངོ་སྤྲད་པ་སྟེ༔ ཤེལ་གོང་དྭངས་པའམ་མེ་ལོང་དུ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་འོད་ལྔའི་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་སྣ་ཚོགས་འཆར་བ་བསྟན་ལ༔ དེ་ཡང་སངས་རྒྱས་ཀྱི་དགོངས་པ་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་གཞོན་ནུ་བུམ་པའི་ངོ་བོ་དེ༔ སྒོ་གསུམ་གནད་ཀྱིས་གཞི་བཟུང༔ གནད་གསུམ་གྱིས་མཚོན་པར་བྱས་པས་སྙིང་ནང་གི་སྒྲོན་མ་ལྔ་ལྷུན་གྲུབ་ཏུ་བཞུགས་པ་དེ༔ རྩ་ཀ་ཏི་ཤེལ་སྦུག་གི་ནང་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ་ནས་སྣང་བ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར་ནང་དབྱིངས་སྒྲོན་མའི་གདངས་བྱད་དང་འདྲ་བ་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བའོ༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ལྟ་བུ་དང༔ དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་རིག་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་ལོ༔ ཐུགས་རྗེ་རང་བྱུང་གི་ཡེ་ཤེས་ཤེས་རབ་རང་བྱུང་གི་སྒྲོན་མ་སྣང་སྟོང་འཛིན་མེད་དུ་སྣང་བའོ༔ དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྷུན་གྱིས་གྲུབ་པའི་ཐོག་མའི་མགོན་པོ་འོད་མི་འགྱུར་བ་སྙིང་དབུས་སུ་འདུ་འབྲལ་མེད་པ་བཞུགས་པར་ཤེས་པར་བྱོས་ཤིག༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད༔ ཐུགས་རྗེའི་རྟགས་སུ་རང་གསལ༔ ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་གཞི་རྫོགས་སུ་གྱུར་པའོ༔ དེ་ལྟར་ཉམས་སུ་བླངས་པས་དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་གྱེན་འགྲེང༔ རྩིབས་ཤར༔ གྲུ་ཆད༔ དྲྭ་བ་དྲྭ་ཕྱེད༔ མཁར་ཐབས་སྣ་ཚོགས་པ་ཞིང་ཁམས་ཐམས་ཅད་གང་བར་འཆར་ཞིང༔ ཐིག་ལེ་ཡང༔ སྲན་མ༔ མེ་ལོང༔ ཁམ་ཕོར༔ ཕུབ་ཙམ་གྱི་བར་ཇེ་ཆེ༔ ལུ་གུ་རྒྱུད་ཀྱང་འདབ་ཆགས་འཕུར་སྐྱེན་པ་དང༔ རི་དྭགས་རྩིབས་ལ་རྒྱུག་པ་དང༔ ཤར་ཎ་དལ་གྱིས་རྒྱུག་པ་དང༔ བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ༔ ཇེ་གསལ༔ ཇེ་བརྟན་དུ་འགྱུར་ཞིང་ཐིག་ལེའི་ནང་དུ་ལྷ་སྐུ་ཕྱེད་པ་དང་རྐྱང་པ་འགུལ་འཕྲིག་བྲལ་བར་ཤར་བ་ནི་ཉམས་གོང་འཕེལ་དུ་ཤེས་པར་གྱིས་ཤིག༔ ཐིག་ལེ་རེ་རེའི་ནང་དུ་ཡང་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་དེ་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམས་ཀྱང་ཚད་ལ་ཕེབས་པ་ཤེས་པར་གྱིས་ཤིག༔ དེ་ལྟར་ཕྱི་ཉམས་ཀྱི་འཕེལ་ཟད༔ ནང་སྒྱུ་ལུས་ཀྱི་ཆོས་ཟད༔ གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་སྣང་མི་སྣང་དུ་འཛིན་པ་ཟད༔ ངོ་བོ་རང་བཞིན་མ་གྲུབ་པར་རྟོགས་པས་འབྱུང་བཞིས་མི་ཚུགས༔ འགྲོ་འདུག་གི་སྣང་བ་དག༔ མངོན་ཤེས་ལ་ཐོགས་པ་མེད༔ ཐུགས་རྗེ་ལ་ཡེ་ཤེས་ཀྱི་རྩལ་སྣང་འགག་མེད་དུ་འཆར་ཞིང་ཕུང་པོའི་ཟག་པ་མི་ལྡང་བར་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་ཤེས་པར་གྱིས་ཤིག༔ དེས་ཁྱད་པར་དབྱིངས་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་དབྱིངས་རིག་སྣང་སྟོང་ཟུང་འཇུག་མངོན་སུམ་གྱི་དབང་ཐོབ། འཁྲུལ་སྣང་གློ་བུར་བའི་དྲི་མ་སྦྱངས། ལམ་ཐོད་རྒལ་ལྷུན་གྲུབ་སྣང་བཞི་བསྒོམ་པ་ལ་དབང་། འབྲས་བུ་སྐུ་ལྔ་ཡོངས་རྫོགས་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་སྤྱི་ལྟར་བརྗོད་ཀྱང་མི་རུང་བ་མེད་དོ། དེ་ནས་དམིགས་པའི་མཚམས་སྦྱོར་དང་མེ་ཏོག་འཐོར་བཞིན་པས་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་སྙན་ལ་ཡུན་རིང་བར་བྱ། དེ་རྣམས་ཀྱིས་སྤྲུལ་པའི་གཏེར་ཆེན་ཛམ་གླིང་རྡོ་རྗེའི་ཟབ་གཏེར་གྱི་གཙོ་བོ་བསྐྱེད་རྫོགས་ཁ་ཚང་ལ་དོན་འདྲིལ་བ། ཟབ་ལམ་བླ་མ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ་རྩ་བའི་དབང་བཞི་རྒྱས་པ་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ་ལོ། །གསུམ་པ་རྗེས་རིམ་ནི། སློབ་དཔོན་གྱི་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྐུ་གསུང་ཐུགས་ཀྱི་སྐོང་བ་དང་ཐུགས་དམ་བསྐུལ། གཏེར་སྲུང་གི་གཏོར་འབུལ་རྒྱས་པར་བྱ་ཞིང་ཆད་བརྟན་རྟ་བྲོ་བཅས་གྲུབ་ནས། གཏང་རག་མཆོད་བསྟོད་འབུལ། རང་དོན་དངོས་གྲུབ་བླང་ཡང་རུང་ལ་མ་བྱས་ཀྱང་ཆད་པར་མི་འགྱུར། ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་པ་དང་ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་བདག་མདུན་དབྱེར་མེད་འོད་གསལ་དུ་འཇུག་ལྡངས་མཐར་བསྔོ་སྨོན་གྱི་རྒྱས་བཏབ་ལ་ཤིས་བརྗོད་ཀྱིས་མཐའ་རྒྱས་སུ་བྱས་པས་གྲུབ་བོ། །འདིར་དངོས་སྟ་སྦྲེལ་བའི་མགྱོགས་དབང་བྱེད་ན། ལྷ་བུམ་སྟ་གོན་སྐོར་བསྐྱུར། ཐོག་མ་ནས་དངོས་གཞི་དཀྱིལ་འཁོར་དབང་རྫས་བཤམས་ལ་ཕྲིན་ལས་ཚར་གཅིག་གིས་བདག་མདུན་དབྱེར་མེད་དུ་སྒྲུབ་པ་སོགས་སྔར་སྨོས་པ་ལྟར་ལ་བུམ་བཟླས་ཟུར་དུ་བྱ། ལས་བུམ་བསྒྲུབ། སློབ་མ་སྟ་གོན་དང་དངོས་གཞི་སྦྲེལ་ལ་དངོས་གཞིའི་སྐབས་སྐྱབས་སེམས་སྡོམ་བཟུང་རྣམས་དོར་བས་ཆོག་གོ །ཁྱབ་བདག་བླ་མ་ཐུགས་ཀྱི་ནོར་བུ་ཡི། གསང་བ་གསུམ་དང་མི་ཕྱེད་གཅིག་གྱུར་ཏེ། །མཁའ་མཉམ་རིགས་དྲུག་བདེ་ཆེན་རྡོ་རྗེར་བསྡམས། །འཁོར་འདས་དབྱེར་མེད་དག་པ་རབ་འབྱམས་ཤོག །ཟབ་ལམ་འདི་ཉིད་ལུགས་འདིའི་གཏེར་ཆོས་རྣམས་ཀྱི་གཙོ་བོར་གྱུར་པ་དང་ཐོག་མ་ནས་ཕྱག་ལེན་མ་ཉམས་པའི་རྒྱུན་དང་ལྡན་ཅིང་བཀའ་གཉན་པར་སྣང་ཡང་། ཕྱིས་ནས་དབང་རྒྱུན་དཀྱུས་འགྲེར་ཤོར་ཅིང་ཡིག་ཆ་མ་བུ་འཁྲུགས་པ་བསྡེབ་དགོས་མང་བས་རང་འདྲ་ལ་ཕན་པའི་བློས་བཀླག་ཆོག་ཆུ་འབབས་སུ། པདྨའི་རིག་སྔགས་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྒྲུབ་གནས་ཀྱི་རྒྱལ་པོ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད་ཀྱི་གདམས་པ་ཁྱད་པར་ཅན་ (Volume 53, Text 27)

༄༅༔ གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད་ཀྱི་གདམས་པ་ཁྱད་པར་ཅན་བཞུགས་སོ༔ ཨེ་མ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ རྒྱན་དང་ཆོ་ལོ་མིག་མང་ དང༔ ཁ་སྨྲས་ཁ་མཆུ་ཚོང་དང་ནི༔ མདའ་རྟ་བང་འགྲན་བྱེད་པ་དང༔ དེ་ལས་རྒྱལ་བར་བྱེད་པའི་ཐབས༔ ཡི་གེ་ག་ཁ་ལྟག་སྤྲོད་འདིའི༔ རྐང་པ་གཡས་པའི་ལྷྭམ་ཚངས་བྱེད༔ སྟེང་ག་འོག་ཁ་བར་དུ་བསྒྲུབ་བྱ་བཞག༔ གང་བྱེད་ཤམ་བུ་དག་གིས་བསྒྱུར༔ དཀར་ནག་ སྐུད་པས་རྒྱ་གྲམ་བཅིང༔ དེ་ནས་སྔགས་འདི་ལ་འབད་པར་བྱའོ༔ ཨོཾ་ཙ་ཏ་པ་ཨ་པ་ན་ཡ་ཧཱུྃ་ཕཊ༔ ཟབ་བོ༔ ྀཨཚ༔ ཟབ་མོ་ ཡང་དག་ལགས༔ ཞལ་ཤེས་ལ་ཕ་རོལ་པོ་བནྡེ་མི་སྐྱ་སོགས་གང་ཡིན་གྱི་འདྲ་འབག་དོད་པར་བྱེད། སྔགས་འདི་འབྲི་དུས་ཉི་མ་ལ་རྒྱབ་གཏད། དེ་རྗེས་གུ་གུལ་གྱིས་བདུག །ལག་ལེན་སླ་ཆོས་སུ་མ་སོང་བ་བྱས་ན་རྒྱན་དང་ཆོ་ལོ་མདའ་རྡོ་སོགས་གང་འདོད་འགྲུབ་པར་ཐེ་ཚོམ་མེད་པ་ལག་ལེན་མྱོང་གྲུབ་རང་ལགས། རིག་འཛིན་བདུད་འཇོམས་རྡོ་རྗེའི་ཕྱག་དཔེ་ལས་ཞལ་བཤུས་པའོ།། །། ༄༔ ཡང་གཤིན་རྗེ་ནག་པོའི་རྩོད་རྒྱལ་ལུགས་གཅིག་ལ༔ འཁོར་ལོ་འདི་ག་ཁ་གཉིས་ལྟོ་བ་འགྲིག་པར་བྱ༔ ལྟོ་བའི་སྔགས་ཀྱི་མཐར༔ བདག་ཆེ་གེ་མོ་རྩོད་པ་ལས་རྒྱལ་བར་གྱུར་ཅིག༔ ཅེས་སྤེལ་ཚིག་གང་འོས་སྦྲེལ༔ སྣལ་མ་དཀར་ པོས་རྒྱ་གྲམ་དུ་བཅིང༔ མིས་མ་མཐོང་བར་རང་གི་མཆན་ཁུང་གཡོན་པའམ༔ རྐང་པ་གཡོན་པའི་ལྷྭམ་གྱི་ནང་དུ་བཅུག༔ བཟླས་སྔགས་ནི༔ ཨོཾ་ཙ་ཏ་པ་ཨ་པ་ན་ཡ་ཧཱུྃ་ཕཊ༔ ཅེས དང༔ རག་མོ་འགྲིག་ཐལ་ནན་རྒྱལ་པོའི་ཆད་པ་ཁ་ཡོག་ངན་པ་ཟ་ཁ་ཐམས་ཅད་བྷནྡྷ་བྷནྡྷ་ནན༔ ཅེས་སོ༔ ཁ་མཆུ་དང་རྩོད་པ་ལས་རྒྱལ་བའི་མན་ངག་ཕྱག་ལེན་མ་ཟབ་རྒྱ༔ ༄༔ ཡང་ཕྱག་ལེན་བརྒྱུད་མར་མྱོང་བས་གྲུབ་པའི་རྩོད་རྒྱལ་གྱི་མན་ངག་ནི༔ ཡི་གེ་ག་སྟེང་དང་ཁ་འོག་ཏུ་བྱས་པའི་བར་བསྒྲུབ་བྱའི་ལིང་ག་དཔེའུ་རིས་ལྟར་ཉི་མ་ལ་རྒྱབ་གཏད་དེ་བྲི༔ སྐུད་པ་དཀར་ནག་གིས་རྒྱ་གྲམ་དུ་བཅིང༔ གུ་གུལ་གྱིས་བདུག༔ དེ་རྐང་པ་གཡས་པའི་ལྷྭམ་ཚངས་བྱ༔ ལིངྒ་ཕ་རོལ་པོར་དངོས་སུ་གསལ་བ་ལ་བཀུག་ ཅིང་བསྟིམ༔ སྔགས་འདི་སྐེ་ཚེ་དང་ཤང་ཚེའི་ཐུན་ལ་ཅི་འགྲུབ་བཟླས་པ་བཏབ་ནས་བྲབ་བོ༔ ཨོཾ་ཙ་ཏ་པ་ཨ་པ་ན་ཡ་ཧཱུྃ་ཕཊ༔ རཀྨོ་འགྲིག་ཐལ་ནན༔ ཆེ་ གེ་མོའི་སྟོབས་ནུས་དབང་ཀླུང་ཆིངས་ནན༔ ཅེས་པའོ༔ ༄༔ རྩོད་རྒྱལ་ཟ་ཡིག་ནི༔ སརྦདིཧཱུྃྴཧྱཧ༔ རྒྱ་ཤོག་ལ་རྒྱ་སྣག་གིས་བྲི༔ གུ་གུལ་མུ་ཟི༔ སྤང་ སྤོས༔ ཁུ་བྱུག་གི་ཤ༔ སྦྲུལ་གྱི་སྙིང་བཅས་བྱུགས་ལ༔ ཉིན་རེར་བདུན་རེ་ཟོས་ན་རྩོད་པ་ཐམས་ཅད་ལས་རྒྱལ་བར་ཐེ་ཚོམ་མེད་དོ༔ ༄། ཤྭ་རྒྱན་རྒྱལ་ བར་བྱེད་པའི་མན་ངག་ནི། པགས་བྱིའུ་ཕ་ཝང་གི་ཤ་འདབ་ལ་ཐིག་ལེ་དཀར་པོ་ཤྭ་མིག་འདྲ་བ་ཡོད་པ་དེ་བྱུང་ན་རབ། དེ་མིན་ཡང་གཟུགས་ཚང་བ་ཞིག་དར་དམར་པོའི་ནང་དུ་དྲིལ་ལ། ཨོཾ་བ་ཏི་བཾ་བཾ་ཞེས་པའི་སྔགས་འདི་ཁྲི་གསུམ་བཏབ། རང་གི་མཆན་ཁུང་གཡོན་དུ་བཅང་། ཤྭ་རྒྱན་སྐབས་ལག་པ་གཉིས་ཀྱིས་འཕུར་ཞིང་སྔགས་ཡིད་ཀྱིས་བཟླས་པས་རྒྱལ་ཁ་ཐོབ་པར་ངེས་སོ། །ྀཨཚ།

འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་ནག་པོའི་དགྲ་བྲུབ་ཀྱི་ལག་ལེན་གསལ་བྱེད་ལས་ཀྱི་རླུང་དམར་ (Volume 54, Text 27)

༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་ནག་པོའི་དགྲ་བྲུབ་ཀྱི་ལག་ལེན་གསལ་བྱེད་ལས་ཀྱི་རླུང་དམར་བཞུགས་སོ། ། ན་མོ་མཉྫུ་གྷོ་ཥཿཡ། སངས་རྒྱས་ཀུན་དངོས་བླ་མའི་ཚོགས་རྣམས་དང་། །འཇམ་དབྱངས་ཁྲོས་པའི་ལྷ་ལ་ཕྱག་འཚལ་ཏེ། །འཇིག་རྟེན་དགྲ་ཚོགས་མཐའ་དག་བརླག་བྱེད་པའི། །ཀིང་ཀང་ལག་ལེན་ལས་ཀྱི་རླུང་དམར་བྲི། །དེ་ལ་ཐོག་མར་སྒྲུབ་པ་པོ་ནི་འདི་ཉིད་ཀྱི་གླེགས་བམ་ཡ་མ་ཀིང་ཀང་སློབ་དཔོན་པདྨས་བསྒྱུར་པ་བཀའ་མར་བཞུགས་པ་ཆེན་མོའམ། བཻ་རོ་ཙ་ནས་རྒྱ་ནག་ནས་བསྒྱུར་པ་གང་རུང་གི་དཀྱིལ་འཁོར་དུ་དབང་ཐོབ་པ། ཡང་ན་གཤིན་རྗེ་གཤེད་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དེ་དག་གི་ལུང་ནོས། ལག་ལེན་ཤེས། སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ནི་རྟེན་གྱི་གང་ཟག་གི་མཚན་ཉིད་དོ། །དེ་ནས་དང་པོ་སྒྲུབ་པའི་བཅའ་གཞི་བསྟན་པ་དང་གཅིག །རང་དང་ཡོན་བདག་ལ་ཉེས་ཆག་དང་བྱད་ཀ་སྲུང་ཞིང་ལས་ མཁན་བཀའ་ཉན་པར་བྱ་བའི་ཕྱིར་བདག་བསྐྱེད་ཅིང་སྲུང་འཁོར་བསྒོམ་པ་དང་གཉིས། འབྲུབ་ཁུང་བསྐྱེད་ཅིང་ལིངྒ་ལ་དགྲ་བོའི་རྣམ་ཤེས་དགུག་ཅིང་ལྷ་དབྱེ་བ་དང་གསུམ། དགྲ་བགེགས་གཟིར་ཞིང་སྲོག་རྩ་གཅོད་པའམ་གནན་པ་བྱ་བའི་ཕྱིར་མདུན་བསྐྱེད་ཡབ་ཡུམ་འཁོར་དང་བཅས་པ་བསྐྱེད་ཅིང་ལས་ཀྱི་རིམ་པ་བྱ་བ་དང་བཞི། བྱེ་བྲག་གི་དམིགས་རིམ་སྤྱི་བོར་གཤོག་པའི་འཁོར་ལོ་དང་། སྦྲུལ་གྱིས་ཟོས་བསད་གཏུབས་ཏེ་བཤང་ལམ་ནས་ཕྱི་རོལ་དུ་ཐོན་པ་རྣམས་ཟ་བྱེད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཟོས་དམིགས་དང་། སྙིང་དབུས་སུ་ཚེ་དང་སྲོག་ལ་ཟ་བའི་གཤིན་རྗེ་རྣམས་རེས་མོས་སུ་བསྒོམ་པ་དང་ལྔ། གསོད་ན་བླ་ཁུག་རྟགས་བསྟན་ནས་མདུན་བསྐྱེད་ལས་གཤིན་དུ་བསྒྱུར་ནས་འཁོར་ལོ་བསྣོལ་བའི་དམིགས་པ་དང་གསད་སྔགས་སྦྲེལ་བ་དང་དྲུག །ཚེ་རབས་ཀྱི་ལན་ཆགས་ཡོད་ན་མཐུ་རང་ལ་ལྡོག་པས་སྦྱིན་གཏོར་ཆངས་རིལ་གྱི་མན་ངག་དང་བདུན། དགྲ་བོའི་བསོད་ནམས་གཞོམ་པའི་ཕྱིར་ཕྱག་འཚལ་ཐུབ་པའི་ཞལ་ཤེས་བསྟན་པ་དང་བརྒྱད། རྟགས་འབྱུང་ཚུལ་དང་དགུ། ཞལ་གདམས་སྙན་བརྒྱུད་བསྟན་པ་དང་བཅུ། གནན་ཐབས་དང་མནན་ཟིན་ནས་སྔགས་དང་དམིགས་པའི་གནད་བསྟན་པ་སྟེ། དེ་ལྟར་སྤྱི་དོན་བཅུ་གཅིག་གིས་སྟོན་པ་ལས། དང་པོ་བཅའ་གཞི་ནི། ཕུང་ཤུལ་གྱི་ས་དང་། མི་བསད་པའི་ཤུལ་གྱི་ས་དང་། གཡུལ་ཕམ་པའི་ས། དུར་ཁྲོད་ཀྱི་ས་ལ་སོགས་པ་ལ་འབྲུབ་ཁུང་རྒྱར་ཁྲུ་གང་དཔངས་ཁྲུ་ཕྱེད་པ། བང་རིམ་གསུམ་པ། ཕྱི་རོ་སོལ་དང་ནང་དུག་ཁྲག་གིས་བྱུགས། བང་རིམ་འོག་མ་ལ་རྩང་ཉེར་གཅིག་གཟུག །ནང་ཟུར་དུ་ཟ་བྱེད་ཀྱི་ཞལ་དང་མདའ་གཞུ་ལ་སོགས་པ་སྤྱི་མཐུན་དུ་བྱ། དེའི་ནང་དུ་ལིངྒ་དུ་ཡོད་དཔེའུ་ཆུང་ལྟར་གན་རྐྱལ་མགོ་རང་ལ་བསྟན་ནས་བཅུག་སྟེ། དེ་ཡང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ། དཔྲལ་བར་རུས། མི་ཤེས་ན་ཀུང་ཀེག་འུ་ཇི་ཤང་། ལོ་ཁམས་ཤེས་ན་རེ་རེ་དང་མི་ཤེས་ན་རྫོགས་པར་བྲི། རྐང་ལག་སྒྲོག་ཏུ་བཅུག་པ། སྦྲུལ་གཉིས་སྣ་བུག་ནས་ཞུགས་པ། དཔུང་པ་གཡས་སུ་ཛཿ གཡོན་དུ་ཧཱུྃ། གཉིས་ཀ་ལ་ཡུམ་ཤེ །པུས་མོ་གཡོན་པར་བཾ། གཡས་སུ་ཧོཿ བརླ་གཉིས་ལ་བླ་དྭགས་བྲི་མ་ཤེས་ན་བླ་སྲོག་མཱ་ར་ཡ་ཛཿནན། བྲི། བྱིན་པ་གཉིས་ལ་པི། ངར་གདོང་གཉིས་ལ་དུ། འདོམས་སུ་ཚ་དང་ཕཊ། རྐང་མཐིལ་གཉིས་ལ་ཡཾ་རེ་རེ་བྲི། སྙིང་གར་ཛཿཁ་སྤྲོད་བར་དུ་ནྲི། བགེགས་ཡིན་ན་ཏྲི། མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་ མཱ་ར་ཡ་རྦད་ཡིག་མགོ་ཕྱིར་བསྟན་ཕྱོགས་བཞིར་འགོད། དེའི་མཐར་ཡིག་མགོ་ནང་དུ་བསྟན་ཏེ་མིང་གི་མཐར་ལུས་ངག་ཡིད་གསུམ་སཏྭ་བྷ་ཡ་ནན། བྲི། གསོད་ན། མཱ་ར་ཡ་སོད་སོད་དམོད་མོ་གང་འོས་བྲི། ཕྱི་རོལ་དུ་སྦྲུལ་གཉིས་སྣ་བུག་ཏུ་ཆུད་པའི་མཐར་སྔགས་རིང་དམོད་བྱང་དང་བཅས་པ་ཡིག་མགོ་ནང་བསྟན་གྱི་མཇུག་ནང་དུ་ཆུད་པས་བསྐོར། རང་གི་དྲི་མ་ས་ཆུ་མེ་རླུང་རྩ་དུད་ཀྱིས་བསང་། དགུག་གཞུག་བྱེད་ཅིང་ལྷ་དང་ཕྲལ་ལ་བྲུབ་ཁུང་དུ་བཅུག །འབྲུབ་ཁུང་གི་ཁ་རེ་བའམ་དུར་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད། དགུག་གཞུག་དང་ཐུན་རྡེག་དུས་སུ་ཁེབས་བསལ་ལོ། །དེའི་སྟེང་དུ་ལྕགས་སྒྱེེད་དམ་ཁྲི་འུའི་སྟེང་དུ་གཏའ་གཏོར་ཟུར་གསུམ་ཁྲུ་གང་པ་འཁོར་བཞི་དང་བརྒྱད། མདུན་དུ་ཨེ་ཀ་ཙཱ་ཏིའི་དཔལ་གཏོར་མཐེབ་ཀྱུ་དང་ཤ་ཁྲག་གིས་བརྒྱན་པ་དར་ནག་གི་གུར་ཅན་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ་རྟགས་མ་བྱུང་གི་བར་དུ་མི་འབུལ་ཏེ། འདི་ཆོས་སྐྱོང་ལས་བྱེད་ཅིང་རྟགས་མྱུར་དུ་འབྱུང་བའི་གནད་ཡིན་ནོ། །གཞན་ཡང་ཡུགས་སའི་སླང་ང་། སྟེགས་ཀྱི་དུར་རྡོ་གསུམ། རོ་གཡམ་འཚམ་པ་གཅིག་ལ་དབུས་སུ་རི་རབ་གླིང་བཞི་གླིང་ཕྲན། གཡས་སུ་ཟླ་བ་ལ་ལོ་དང་ཟླ་བ་ལ་དགྲ་དར་བ་ནན། གཡོན་དུ་ཉི་མ་ལ་ཞག་དང་ཟ་མ་ལ་དགྲ་དར་བ་ནན། བྲི། ངོས་གཅིག་ལ་རྡོ་རྗེ་རྒྱ་གྲམ་བྲི། གནན་དུས་བཅས་ཀྱི་སྟེང་དུ་རྡོ་རྗེ་འོག་དང་གླིང་བཞི་སྟེང་དུ་འོང་ཞིང་། ཤར་ལ་སོགས་པ་ཕྱོགས་མ་ལོག་པར་བྱ། རེ་བ་དང་། རྩང་། ཚོན་སྐུད་སྣ་ལྔ། ལ་ཆ་རྣམས་དང་། གླང་རུ་ལ་སོགས་པ་སྟ་གོན་བྱའོ།། ༈ །།སྤྱི་དོན་གཉིས་པ་རང་དང་ཡོན་བདག་ལ་སྲུང་འཁོར་བསྒོམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟོ་བ་སྟོང་གསུམ་དང་མཉམ་པའི་ལྟོ་བར་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་སེམས་ཀྱི་ངོ་བོ་འཇམ་དཔལ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ། རྔམ་ཞིང་ཁྲོ་ལ་གཏུམ་པ། ཕྱག་གཡས་པ་གསུམ་ན་ལྕགས་ཀྱུ་དགྲ་སཏྭ་ཐོ་བ། གཡོན་གསུམ་རྒྱུ་ཞགས་ལྕགས་སྒྲོག་ཐོང་གཤོལ་བསྣམས་པ། གང་ལ་བྱ་བའི་དགྲ་བགེགས་དང་མ་ཧེ་ཉི་ཟླ་པདྨའི་གདན་ལ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དཔལ་གྱི་ཆས་བཅུས་སྤྲས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་ཧྲཱིཿཥྚིའི་སྔགས་དང་བཅས་པ་གསལ། མཐའ་སྐོར་དུ་བསྲུང་བྱ་ཕོ་མོ་རྣམས་མདུན་དང་། ནོར་རྫས་གཡས། ཡུལ་མཁར་གཡོན། ཕྱུགས་ལ་སོགས་པ་རྣམས་རྒྱབ་ཏུ་བསྒོམ། དེའི་ཕྱི་རོལ་དུ་གསེར་གྱི་འཁོར་ལོ་རྩིབས་བཅུ་པའི་རྩིབས་སྟེང་རྣམས་སུ་ཁྲོ་བོ་སྟོབས་པོ་ཆེ་སྐུ་མདོག་སེར་པོ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ་བཅུ། ཞལ་ནང་དུ་གཟིགས་ནས་བདག་དང་བསྲུང་བྱ་ལ་བར་དུ་གཅོད་བྱེད་མི་དང་མི་མ་ཡིན་པའི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པར་བྱེད་པ་སེམས་སྐྱིལ་གྱིས་བཞུགས་པ། རྩིབས་མཆན་བཅུ་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་བཅུ་ནག་པོ་དང་མཐིང་ནག་དང་ལྗང་ནག་རྣམས་སྤེལ་བས་བཞེངས་སྟབས་ཀྱིས་ཞལ་ཕྱིར་གཟིགས་ཏེ་ཕྱག་གཡས་རླུང་གཡབ་གཡབས་པས་གོད་ཁ་འཆི་ཐལ་མི་ཁ་བྱད་ཁ་དགྲ་ཁ་དང་འདྲེ་དམག་ལ་སོགས་གནོད་པ་ཐམས་ཅད་དགྲ་ལ་སྒྱུར་བ། གཡོན་པས་རང་ཕྱོགས་རྒྱལ་རྟགས་ཀྱི་བ་དན་ཕྱར་བ་རེ་བསྒོམ། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་འོད་ཟེར་ཚ་ཞིང་རྩུབ་པ་ཕྱིར་འཕྲོ་བ། ནང་རེག་བྱ་འཇམ་ཞིང་ཕྱི་རབ་ཏུ་རྩུབ་པར་བསམ་ལ། ཧྲཱིཿཥྚི་བརྒྱ་སྟོང་ལ་སོགས་པ་ལོངས་སྐབས་དང་སྦྱར་ལ་བཟླ་འོ།། ༈ །།སྤྱི་དོན་གསུམ་པ་བྲུབ་སྐྱེད་འགུགས་དབྱེ་བྱ་བ་ནི། ཨ་མྲྀཏས་་་༼ཞིང་བཅུ་སྒྲོལ་བའི།༽བགེགས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་ཉིད་ཀྱི་གོང་གི་ལྷ་དེའི་ཐུགས་ཀ་ནས་ཀྵ་ནག་པོ་ཞིག་མཆེད་དེ་ཞུ་བ་ལས། འབྲུབ་ཁུང་ནག་པོ་ལྕགས་ཀྱི་ཁང་པ་ཟུར་གསུམ་པ། ཁ་དོག་པ། གཏིང་ཟབ་ཅིང་ཡངས་པ། རྐན་གཉེར་གསུམ་དང་ལྡན་ཞིང་། ཕྱི་ལ་ཞེ་སྡང་གི་མེ་འབར་བ། ནང་ན་གཏི་མུག་གི་མུན་པ་འཐིབས་པ། ཟུར་ལ་འདོད་ཆགས་ཁྲག་གི་རྦ་ཀློང་འཁྲུག་ཅིང་འབབ་པ། མཐིལ་དང་ལོགས་སུ་སྟག་སོ་གཟིངས་འདྲའི་མཚོན་ཆའི་ཚོགས་འཁྲིགས་པ། ནད་རིགས་བཞི་བརྒྱ་རྩ་བཞིའི་ན་བུན་འཚུབས་པ། བདུད་དང་ཟ་འདྲེ་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་རྒྱུ་སྲང་ཆེན་པོར་གྱུར་པར་བསམ་ལ། ཀྵ་རཾ་ཕཊ། །ཨེ་རཾ་ཕཊ། ཛྭ་ལ་རཾཾ་ཕཊ། ཅེས་པས་གསལ་བཏབ་པ་དེའི་ནང་གི་ལིངྒ་མི་དམིགས་པ་ལས་ནྲི་དང་ཏྲི་ལས་དགྲ་བགེགས་གང་ཡིན་དེ་ཁ་ནས་ཁྲག་འཛག་པ། མིག་ནས་མཆི་མ་འབྱིན་པ། སྣ་ནས་ཆུ་སེར་འཛག་པ། ལུས་འདར་ཞིང་རིད་པ། ཡན་ལག་སྒྲོག་ཏུ་བཅུག་པ། མྱ་ངན་གྱིས་གདུང་ཞིང་ཀྱི་ཧུད་ཀྱི་སྒྲ་འབྱིན་པར་གསལ་ལ། སྒོ་མ་བཞིའི་ཕྱག་རྒྱ་དང་། ཛཿཧཱུྃ་བཾ་ཧོཿ གྲངས་མེད་པ་རས་བལ་རླུང་གིས་གཏོར་བ་ལྟར་སྟོང་གསུམ་འཇིག་རྟེན་ཐམས་ཅད་ཁྱབ་པར་སྤྲོས་པ་ཕོ་ཉའི་ཚོགས་སུ་གྱུར་ཏེ། དགྲ་བོ་དབང་མེད་དུ་བཀུག་སྟེ་ལིངྒ་ལ་བསྟིམས་པར་བསམ་ཞིང་བདེན་སྟོབས་བརྗོད་དེ། ལན་གསུམ་ལ་སོགས་པས་ཡིད་ཆེས་པར་བཀུག་ལ། སྤྲོས་པ་ལ་དགའ་ན། ཧཱུྃ། བསྐལ་པ་མེ་ལྟར་འབར་བ་ཡི། །འོད་ཟེར་འཕྲོ་འདུའི་ཀློང་དཀྱིལ་ན། །བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད། །དུས་གསུམ་རྒྱལ་བ་འདུས་པའི་སྐུ། ཁྲག་འཐུང་རྔམས་པའི་དཔལ་ཆེན་པོ། །དབུ་ཡིས་ཚངས་པའི་འཇིག་རྟེན་བརྒལ། །ཞབས་ཀྱིས་ན་རག་ས་གཞི་མནན། །བ་སྤུའི་བུ་ག་རེ་རེ་ནས། །ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །འོད་ཟེར་རེ་རེའི་རྩེ་མོ་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྲས་དང་སྤྲུལ་པ་བྱེ་བ་འཕྲོ། །དེ་དག་སོ་སོ་རང་རང་ལས། །ཡང་སྤྲུལ་ཉིས་སྤྲུལ་སུམ་སྤྲུལ་དང་། །ཕོ་ཉ་བསམ་མི་ཁྱབ་པར་འཕྲོ། །འཇིགས་པའི་ལས་མཁན་སྐར་ལྟར་འཁྲུག །སྲིད་པར་གཏོགས་པའི་འཇིག་རྟེན་ཁམས། །སྟེང་འོག་བར་སྣང་ཐམས་ཅད་ཁྱབ། །ཀུན་ཀྱང་མི་བསྲུན་གདུག་རྩུབ་ཅན། །སྐུ་མདོག་གཅིག་ཏུ་མ་ངེས་ཏེ། །དཀར་སེར་དམར་ལྗང་མཐིང་སྨུག་འབར། །མུན་པ་དམར་ནག་མེ་སྟག་འཕྲོ། །རྔམ་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན། །གློག་ལྟར་མྱུར་བའི་རྫུ་འཕྲུལ་ཅན། །དྲག་རྩལ་རི་རབ་ཀླད་ལ་བསྐོར། །སྟོང་ཁམས་འཇིག་རྟེན་པང་པར་འདེགས། །བསྐལ་པ་སྐད་ཅིག་མ་རུ་སྒྱུར། །སྐད་ཅིག་མ་ཡང་བསྐལ་པར་སྒྱུར། །གར་ཡང་སྒྱུར་བའི་ཆོ་འཕྲུལ་ཅན། །ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས། །གང་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ། །ནམ་མཁས་གར་ཁྱབ་འཇིག་རྟེན་ཁམས། །ཐམས་ཅད་ང་ཡི་གཞལ་ཡས་ཁང་། །སྟེང་འོག་ཕྱོགས་མཚམས་མ་ལུས་པ། །སྲས་འཁོར་སྤྲུལ་པ་མི་བསྲུན་པ། །བུ་ཡུག་འཚུབས་པ་ལྟ་བུར་ཁྱབ། །ཆོས་དབྱིངས་ནམ་མཁའི་མཐས་གཏུགས་པར། །ང་ཡི་སྤྲུལ་པས་ཡོངས་སུ་གང་། །ལས་ངན་གདུག་པའི་དགྲ་བགེགས་ཁྱོད། །བྲོས་པས་ཐར་ས་འདུག་གམ་སོམས། །ཛཿ དཔལ་ཆེན་ཐུགས་སྲོག་ཧཱུྃ་གི་འོད་རྩེ་ལས། །ཛཿཡིག་གྲངས་མེད་ཕྱོགས་བཅུར་སྐར་ལྟར་འཕྲོས། །འགུགས་བྱེད་ཕོ་ཉ་རྡོ་རྗེ་ལྕགས་ཀྱུ་ཅན། །ཕོ་མོ་གྲངས་མེད་བྱུང་ནས་སྟོང་གསུམ་གང་། །ལས་ངན་སྡིག་ཅན་དམ་ཉམས་དགྲ་བོ་འདི། །སྙིང་ཁ་ཕུག་ལ་ནྲི་ཡིག་ལྕགས་ཀྱུས་ཟུངས། །རང་དབང་མེད་པར་སྐད་ཅིག་ཡུད་ཀྱིས་དྲོངས། །དམིགས་རྟེན་མིང་བྱང་ལིངྒ་འདི་ལ་ཕོབ། །ཧཱུྃ། །དཔལ་ཆེན་ཐུགས་སྲོག་ཧཱུྃ་གི་འོད་རྩེ་ལས། །ཧཱུྃ་ཡིག་གྲངས་མེད་ཕྱོགས་བཅུར་སྐར་ལྟར་འཕྲོས། །འཆིང་བྱེད་ཕོ་ཉ་རྡོ་རྗེ་ཞགས་པ་ཅན། །ཕོ་མོ་གྲངས་མེད་བྱུང་ནས་སྟོང་ཁམས་གང་། །ལས་ངན་སྡིག་ཅན་དམ་ཉམས་དགྲ་བོ་འདི། །མགུལ་བར་ཞགས་པས་ཆིངས་ལ་དམ་དུ་སྡོམས། །དྲག་པོའི་གནས་འདིར་ད་ལྟ་ཁྲིད་ལ་ཤོག །དམིགས་རྟེན་མིང་བྱང་ལིངྒ་འདི་ལ་ཕོབ། །བཾ། དཔལ་ཆེན་ཐུགས་སྲོག་ཧཱུྃ་གི་འོད་རྩེ་ལས། །བཾ་ཡིག་གྲངས་མེད་ཕྱོགས་བཅུར་སྐར་ལྟར་འཕྲོས། །སྡོམ་བྱེད་ཕོ་ཉ་རྡོ་རྗེ་ལྕགས་སྒྲོག་ཅན། །ཕོ་མོ་གྲངས་མེད་བྱུང་ནས་སྟོང་ཁམས་གང་། །ལས་ངན་སྡིག་ཅན་དམ་ཉམས་དགྲ་བོ་འདི། །ཡན་ལག་སྒྲོག་གིས་སྡོམས་ལ་རེངས་སུ་ཆུགས། །འབྲུབ་ཁུང་ཁམས་གསུམ་འཁོར་བའི་བཙོན་ཁང་དུ། །གཟུགས་ཕུང་གྲུ་གུ་ཐུམ་རིལ་སྐྱུར་ལ་ཤོག །དམིགས་རྟེན་མིང་བྱང་ལིངྒ་འདི་ལ་ཕོབ། །ཧོཿ དཔལ་ཆེན་ཐུགས་སྲོག་ཧཱུྃ་གི་འོད་རྩེ་ལས། ཧོཿཡིག་གྲངས་མེད་ཕྱོགས་བཅུར་སྐར་ལྟར་འཕྲོས། །འབེབ་བྱེད་ཕོ་ཉ་རྡོ་རྗེ་དྲིལ་བུ་ཅན། །ཕོ་མོ་གྲངས་མེད་བྱུང་ནས་སྟོང་ཁམས་གང་། །ལས་ངན་སྡིག་ཅན་དམ་ཉམས་དགྲ་བོ་འདི། །འགོ་བའི་ལྷ་ཕྲོལ་ཟ་འདྲེ་གཤེད་དང་སྤྲོད། །དྲིལ་བུས་རྒྱབ་ནས་ཕུལ་ལ་དོང་དུ་སྐྱུར། །དམིགས་རྟེན་མིང་བྱང་ལིངྒ་འདི་ལ་ཕོབ། །ཧཱུྃ། དཔལ་གྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ། །སྤྲུལ་པ་ཡང་སྤྲུལ་ཉིས་སྤྲུལ་སུམ་སྤྲུལ་བཅས། །ལས་ལ་མྱུར་མགྱོགས་ཕོ་རྒྱུད་མོ་རྒྱུད་ཚོགས། །དམ་ཅན་སྲུང་མ་སྣང་སྲིད་སྡེ་བརྒྱད་བཅས། །རང་རང་སྡེ་བཅས་མཐུ་དང་དཔུང་སྐྱེད་ལ། །སྡིག་ཅན་དམ་ཉམས་འདི་ཡི་ལྕེ་ནས་སྡུས། །ལྗང་སྔོན་རླུང་གི་དཀྱིལ་འཁོར་སྟེང་དུ་ཞོག །མྱུར་མགྱོགས་རླུང་གི་ཤུགས་ཀྱིས་ད་དྲོངས་ལ། །དམ་ཉམས་འདི་ཡི་བླ་ཚེ་རྟེན་ལ་ཕོབ། །འགོ་བའི་ལྷ་དང་སྲུང་མ་ཡོངས་དང་ཕྲོལ། །སྒྲོ་དོ་ཐག་པ་ཆད་ནས་ལྷུང་བ་ལྟར། །གྲུ་གུ་ཧྲིལ་ཧྲིལ་འབྲུབ་ཁུང་གཏིང་དུ་སྐྱུར། །དམིགས་རྟེན་མིང་བྱང་ལིངྒ་འདི་ལ་ཕོབ། །ཛཿ དམ་ཉམས་སྡིག་ཅན་ལས་ངན་དགྲ་བོ་འདིའི། །བླ་འཁྱམས་མི་རུ་བརྫུས་ནས་འོང་བ་ན། །དཔལ་ཆེན་ཁྲོ་རྒྱལ་སྤྲུལ་པ་གདུག་རྩུབ་ཅན། །ཕོ་ཉ་རྡོ་རྗེ་སྲིན་པོ་འཇིགས་པ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་ཤ་བར་བརྫུས་ཏེ་འོང་བ་ན། །ཕོ་ཉ་གསེར་གྱི་སྟག་མོ་ངར་མ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་གཡག་ཏུ་བརྫུས་ནས་འོང་བ་ན། །ཕོ་ཉ་རྡོ་རྗེ་མཆོང་གི་གཟིག་མོ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་གཉན་དང་དགོ་བར་བརྫུས་འོང་ན། །ཕོ་ཉ་ལྕགས་ཀྱི་དོམ་བུ་ནག་པོ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་ལུག་ཏུ་བརྫུས་ཏེ་འོང་བ་ན། །ཕོ་ཉ་རྡོ་རྗེ་ལྕགས་ཀྱི་སྤྱང་མོ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་རྟ་རུ་བརྫུས་ནས་འོང་བ་ན། །ཕོ་ཉ་རྡོ་རྗེ་བསེ་ཡི་བསེ་རུ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །བླ་འཁྱམས་ར་རུ་བརྫུས་ནས་འོང་བ་ན། །ཕོ་ཉ་རྡོ་རྗེ་བྱི་རུའི་ཁྱི་མོ་དགུ། །སྤྲོས་ཏེ་ཐར་ས་མེད་པའི་གནས་སུ་ཆུགས། །ཀྵ་ལས་བྱུང་བའི་མཐིང་ནག་གྲུ་གསུམ་ཨེ། །ཕྱི་རོལ་ཞེ་སྡང་དྲག་པོའི་མེ་དཔུང་འབར། །དུག་གསུམ་སྒྲོལ་བྱེད་རྩང་དམར་ཉི་ཤུ་གཅིག །རབ་ཏུ་རྣོ་བ་སྲིན་མོ་འགྲོས་སུ་བཙུགས། །ནང་ན་གཏི་མུག་མུན་པའི་སྨག་རུམ་འཐིབས། །ཟུར་ལ་འདོད་ཆགས་ཁྲག་གི་རྦ་ཀློང་འཁྲུགས། །སྟག་སོ་གཟིངས་འདྲའི་སྣ་ཚོགས་མཚོན་ཆའི་སོ། །ནད་དང་དུག་གི་ན་བུན་སྤྲིན་དུ་འཁྲིགས། །བདུད་དང་འཆི་བདག་གཤིན་རྗེ་འདུ་བའི་གནས། །ཟ་འདྲེ་གཤེད་འདྲེ་མང་པོ་རྒྱུ་བའི་གླིང་། །འབྲུབ་ཁུང་ཁམས་གསུམ་འཁོར་བའི་བཙོན་ཁང་དུ། །ནམ་ཡང་ཐར་ས་མེད་པར་གནས་འཆོས་ཤིག །ཅེས་རྟེན་ལ་བསྟིམ་ཞིང་དགྲ་བོའི་བླ་འགུགས་པའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླ་འོ། །དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུམ་ཐུམ། མྱོགས་མྱོགས། ཡེད་ཡེད། །ཤ་མ་རུ་ཏི་ཁུག་ལིང་། མྱོགས་ལིང་། ཤཾ་ལིང་ཐུན་ཛཿ མུན་མུན་བྷྱོ། ཞེས་སོ། །དེ་ནས་ལྷ་དང་དབྱེ་སྟེ་གུ་གུལ་སྦྱར་བའི་དུད་པ་དང་། བྱ་རོག་འུག་པའི་དང་རུ་གཡས་གཡོན་འཐབ་ཅིང་། ཧཱུྃ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་མགོ །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་མགོ །རྟོག་མེད་ཟས་སུ་ཤ་ཟ་ཞིང་། ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུ། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །གཉེན་དང་ཉེ་བ་ཕྲོལ་ལ་ཤོག །ཕུ་བོ་ནུ་བོ་ཕྲོལ་ལ་ཤོག །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་དཀྱིལ་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །བང་ལྷ་མཛོད་ཚང་ནང་ནས་ཕྲོལ། །མ་མ་ཏྲག་རུ་ཏྲག་མཱ་ར་ཡ་ཕྱེས་ཕྱེས། ཞེས་བརྒྱ་རྩ་ལ་སོགས་པ་བཟླ། ཁོའི་ལྷ་དང་སྲུང་མ་བྱ་རོག་རྡོས་བསྐྲད་པ་ལྟར་བྱེར་བར་བསམ་མོ།། ༈ །།སྤྱི་དོན་བཞི་པ་མདུན་བསྐྱེད་ནི། ལིངྒ་དགྲ་བགེགས་གང་ཡིན་དངོས་སུ་གསལ་བའི་སྙིར་གར་གཤིན་རྗེ་ཀིང་ཀང་ནག་པོ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་མེའི་ཚྭ་ཚྭ་འཕྲོ་བ། དགྲ་བོ་དུ་ཡོད་གན་རྐྱལ་དུ་བརྩེགས་པའི་སྙིང་གར་གཟེར་བཏབ་པ་ལྟར་ཟུག་པ། ཁྲོ་ཞིང་གཏུམ་པ། དཔལ་གྱི་ཆས་དང་ལྡན་པ། ཕྱག་གཉིས་ཀྱི་ཕུར་པ་སྨིན་མཚམས་སུ་གསོར་བ། དེའི་རྒྱབ་ཏུ་ཡུམ་ཨེ་ཀ་ཛཱ་ཊི་མ་ནག་མོ་རྔམ་ཞིང་འཇིགས་པ། ཁྲོ་མོའི་ཆས་རྣམས་རྫོགས་པ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མེ་སྟག་འཕྲོ་བ་དགྲ་བགེགས་ཀྱི་ལྟེ་བར་ཟུག་པ། ཕྱག་གཉིས་ཀྱིས་ཕུར་པ་གསང་གནས་སུ་གསོར་བ། ཕུར་རྩེ་བཞི་ཀས་དགྲ་བགེགས་གང་ཡིན་གྱི་ལུས་ཕུག་ནས་གསེར་གྱི་ས་གཞི་ལ་ཐུག་པར་བསམ། འཁོར་བསྐྱེད་པ་ནི། གཡས་སུ་ཨ་ཝ་གླང་མགོ་ཤལ་མ་ལིའི་སྡོང་པོ་འཛིན་པས་དགྲ་བོ་གཟེར་ཞིང་སྐྲག་པར་བྱེད་པ། རྒྱབ་ན་ཆོས་ཀྱི་རྒྱལ་པོ་ཁྲམ་ཤིང་འཛིན་པས་དགྲ་བོ་ཁྲམ་ལ་འདེབས་པ། གཡོན་ན་རཀྵ་ཕག་མགོ་གནམ་ལྕགས་ཀྱི་སོག་ལེས་དགྲ་བོའི་སྲོག་རྩ་ཁྲག་རྩ་ཐམས་ཅད་མྱལ་མྱལ་གཅོད་པ། མདུན་ན་འཆར་ཀ་ནག་པོ་མཆོད་རྟེན་ཐོགས་པས་དགྲ་བོའི་ལུས་ངག་ཡིད་གསུམ་གནན་པའི་ལས་བྱེད་པ། དེའི་ཕྱི་རོལ་དུ་བདུད་དང་གཤིན་རྗེ་མ་མོ་ལྷ་མ་སྲིན་སྡེ་བརྒྱད་བསམ་གྱིས་མི་ཁྱབ་པ། སྙིང་རྗེ་མེད་ཅིང་གསོད་ལ་དགའ་བ། ཤ་ལ་དགའ་ཞིང་ཁྲག་ལ་རྔམས་པ་སྲོག་དབུགས་ཟ་བར་བྱེད་པར་བསྒོམ་མོ། །དེ་ནས་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་ཡེ་ཤེས་པ་དྲངས་ཤིང་མཆོད་པ་ལ་སོགས་ལས་ཀྱི་རིམ་པ་བྱ་སྟེ། དང་པོ་སྤྱན་དྲང་བ་ནི། ཧཱུྃ། ཁྱབ་གདལ་ཆོས་དབྱིངས་དག་པའི་ཀློང་ཡངས་ནས། །དུས་གསུམ་རྒྱལ་བའི་ཡོན་ཏན་རྫོགས་པའི་ལྷ། །འཇིགས་བྱེད་འཇིགས་མཛད་ཁྲོ་རྒྱལ་གཤིན་རྗེ་གཤེད། །འཁོར་བཅས་འདིར་གཤེགས་འབར་བའི་གདན་ལ་བཞུགས། །ཧཱུྃ་བྷྱོ། གཉིས་མེད་ཡེ་ཤེས་དབྱིངས་སུ་རོ་མཉམ་ཡང་། །རུ་དྲ་གདུལ་དཀའ་འདུལ་ཕྱིར་ཁྲོས་པའི་ལྷ། །ཀིང་ཀང་སྲིད་གསུམ་གནས་པའི་དགྲ་བོའི་གཤེད། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་གཤེགས་སུ་གསོལ། །སྟོང་གསུམ་དགྲ་བོའི་སྲོག་རྩ་འབྱིན་མཛད་མ། །མི་བསྲུན་སྲིན་མོ་ཁྲོས་པའི་གདོང་པ་ཅན། །གནམ་ཞལ་དབྱིངས་ཕྱུག་ཨེ་ཀ་ཛཱ་ཊི་མ། །འཁོར་འདས་ཀུན་གྱི་མངའ་བདག་གཤེགས་སུ་གསོལ། །གནན་གཟིར་ཁྲམ་འདེབས་གཅོད་པའི་ལས་མཛད་པའི། །སྐྱེ་འགྲོའི་སྲོག་ལེན་འཆི་བདག་མ་རུངས་པ། །འཆར་ཀ་གླང་མགོ་ཆོས་རྒྱལ་ཕག་གདོང་ཅན། །དྲག་ཤུལ་ཅན་རྣམས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཡ་མ་ཀིང་ཀང་ཨེ་ཀ་ཛཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཧཱུྃ། མི་བཟད་འཁོར་ལོ་རྩིབས་སྟོང་འབར་བའི་དབུས། །གནམ་ལྕགས་རྡོ་རྗེ་འབར་བའི་གཞལ་ཡས་སུ། །དགྲ་བགེགས་ཆུ་གླང་ཉི་ཟླ་པདྨའི་སྟེང་། །བཅོམ་ལྡན་འཇམ་དབྱངས་འཁོར་བཅས་བཞུགས་སུ་གསོལ། །མཐིང་ནག་གྲུ་གསུམ་སྲིད་པའི་བཙོན་ཁང་དུ། །གདུག་པ་གན་རྐྱལ་བསྒྱེལ་པའི་གནས་བཞི་རུ། །སྒྲོལ་བྱེད་དྲག་པོའི་ཕུར་པས་གཟེར་ཐོབས་ལ། །ལས་འབྲས་མཆིས་ཀྱི་བར་དུ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། གྱིས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ པྲ་ཏི་ཛཿཧོཿ ཞེས་པས་ཕྱག་འཚལ། མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་མཆོད། །ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ཧོཿ དགྲ་བགེགས་སྙིང་ཁྲག་བསྐྱིལ་པའི་ཡོན་ཆབ་དང་། །དབང་པོའི་མེ་ཏོག་ཤ་ཆེན་གསུར་གྱི་སྤོས། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་ཚིལ་ནང་ཁྲོལ་སྤུངས་པའི་ཞལ་ཟས་ཚོགས། །གསང་བའི་རྔེའུ་ཆུང་རྐང་གླིང་རོལ་མོས་མཆོད། །མ་ཧཱ་རཀྟ་ཀིང་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོཿ སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། སྟོང་གསུམ་བྷནྡྷའི་སྣོད་ཡངས་སུ། །དམ་ཉམས་བསྒྲལ་པའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོ་ནི། །བསད་ཁྲག་རྦ་ཀློང་འཁྲུག་པས་མཆོད། །མ་ཧཱ་རཀྟ་ཁཱ་ཧི། དམ་ཉམས་བསྒྲལ་པའི་དམར་ཆེན་པོ། །ཤ་རུས་རི་རབ་སྤུངས་པ་ལ། །རཀྟའི་ཞམ་ཆུ་རྒྱ་མཚོར་འཁྱིལ། །དོན་སྙིང་ནང་ཁྲོལ་བཅས་པ་ཡི། །དམར་ཆེན་གཏོར་མའི་མཆོད་པ་ནི། །མངོན་སྤྱོད་ཕྲིན་ལས་རྫོགས་ཕྱིར་བཞེས། །མ་ཧཱ་བ་ལིན་ཏ་ཁཱ་ཧི། ཧཱུྃ། མ་རྟོགས་འཁྲུལ་པའི་དགྲ་བགེགས་རྣམས། །གཉིས་མེད་རོལ་པའི་ཧོམ་ཁུང་དུ། །རིགས་རྒྱལ་འཇམ་དཔལ་བདེན་པ་ཡིས། ཁུག་ཅིག་ཨཱ་ཀརྵཱ་ཡ་ཛཿ བསྟན་པ་འཇིག་པའི་དགྲ་དང་བགེགས། །དྲག་པོ་ཨེ་ཡི་འབྲུབ་གནས་སུ། །རྡོ་རྗེ་རལ་གྲིས་གཏུབ་བྱས་ན། །སངས་རྒྱས་བསོད་ནམས་མཐུ་ཡང་འཇིག །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །སརྦ་ཤཱ་ཏྲཱུཾ་ནྲི་ཏྲི་མཱ་ར་ཡ་རྦད། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་བས། །མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ཤ་ཁྲག་སྲོག་དབུགས་ཞལ་དུ་བསྟབ། །མ་ཧཱ་མཱཾ་ས་ཙིཏྟ་རཀྟ་བ་སུ་ཏ་གོ་རོ་ཙ་ན་ཀིང་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྟོད་པ་ནི། ཧཱུྃ། རབ་འབར་གནམ་ལྕགས་འཁོར་ལོའི་ལྟེ་བ་ན། །སྟོང་གསུམ་གང་བ་མེ་ཡི་རྡོ་རྗེའི་དབུས། །རང་སྣང་ཡེ་ཤེས་དག་པའི་གཞལ་ཡས་སུ། །དགྲ་བགེགས་ཆུ་གླང་ཉི་ཟླ་པདྨའི་སྟེང་། །ཐོག་མའི་རྒྱལ་བ་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་ནག་རྔམ་པ་ཞལ་གསུམ་ཕྱག་དྲུག་པ། །སྣ་ཚོགས་མཚོན་ཆས་དགྲ་བགེགས་ཐལ་བར་བརླག །མི་བཟད་དྲག་གཏུམ་འབར་བའི་སྐུ་ལ་བསྟོད། །འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །སྲིད་དང་ཞི་བ་རྟོག་བྲལ་རྣམ་པར་རྟོག །གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་རང་བཞིན་ཆགས་སྡང་རྣམ་བྲལ་ཀྱང་། །ཞི་བས་མི་ཐུལ་གདུག་པའི་སེམས་ཅན་ལ། །ཀུན་ནས་རྔམས་ཁྲོ་འཇིགས་བྱེད་གཏུམ་པའི་སྐུ། །གཤིན་རྗེ་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །སྟོབས་བཅུའི་སྟོབས་ཀྱིས་བདུད་ཀྱི་སྟོབས་འཇོམས་ཤིང་། །སྲེད་མེད་བུ་ཡི་སྟོབས་ཀྱང་ཟིལ་གྱིས་གནོན། །མི་འཇིགས་དཔལ་སྟེར་འཇིགས་སྐྱོབ་ཕྱག་རྒྱ་ཅན། ཁྲོ་རྒྱལ་སྟོབས་ཆེན་བཅུ་ལ་ཕྱག་འཚལ་བསྟོད། །དུས་ལས་མི་འདའ་གདུག་པ་འདུལ་བར་མཛད། །བགེགས་འཇོམས་དགྲ་འདུལ་རང་རྟགས་བ་དན་འཕྱར། །རླུང་གི་གཡབ་མོས་ཉམ་ང་དགྲ་ལ་འབོད། །བདུད་རྩི་འཁྱིལ་པ་བཅུ་ལ་ཕྱག་འཚལ་བསྟོད། །བརྗོད་བྲལ་དག་པའི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་རོལ་པའི་ཐབས་ཀྱིས་འགྲོ་བ་འདུལ། །འཇམ་དབྱངས་དྲག་པོའི་གར་མཛད་ཧཱུྃ་སྒྲ་ཅན། །གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཡོན་ཏན་རྫོགས་པའི་ཁྲོ་རྒྱལ་གཤིན་རྗེ་གཤེད། །མཐིང་ནག་འབར་བ་མེ་ལྕེའི་འཕྲོ་འདུ་ཅན། ཁོང་ནས་ཁྲོས་པས་དྲག་པོའི་ཕུར་བུ་འདེབས། །དགྲ་བགེགས་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད། །རབ་འབར་རྐན་སྒྲ་ཏོག་པའི་ཞལ་གདངས་ཅན། །གློག་དམར་འཁྱུག་འདྲའི་ལྗགས་འདྲིལ་སྙིང་ཁྲག་འཐུང་། །ཟང་ཡག་མཆེ་བ་རྣོན་པོས་ཀླད་ཁྲག་ཟ། །རྔམ་དྲག་གཏུམ་པ་ཁྱོད་ལ་ཕྱག་འཚལ་བསྟོད། ཁྲག་འཛག་མི་མགོ་རློན་པའི་དོ་ཤལ་འཕྱང་། །དཔའ་བརྗིད་དུར་ཁྲོད་འབར་བའི་ཆས་ཀྱིས་བཀླུབས། །ཆེ་བཙན་དཔེ་མེད་ཁམས་གསུམ་དགྲ་ལས་རྒྱལ། །རིག་འཛིན་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོཿ དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །རྣལ་འབྱོར་དམ་ཚིག་ཅན་གྱི་དགྲ་བླ་མོ། །དམ་ཉམས་དགྲ་བོ་ཞིང་བཅུ་ཡོངས་ཀྱི་གཤེད། །གང་ཚེ་ཁྱོད་ལ་གཏད་པའི་དགྲ་དང་བགེགས། །ཆགས་སྲེད་ཞེ་ལ་བརྣགས་པས་འཆོར་མི་སྲིད། །སྐྱེ་རྒྱུད་རྩད་གཅོད་སྙིང་འབྱིན་མགོ་ལུས་ཕྲལ། །དལ་ཡམས་ནད་གཏོང་དགྲ་བོའི་གྲོང་ཁྱེར་འཇོམས། །སྔགས་སྲུང་ནག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་བྱེད་ཡབ་ཡུམ་བཀའ་ལས་མི་འདའ་བའི། །མདུན་ན་ལས་བྱེད་ནག་པོ་མཐུ་བོ་ཆེ། །འཆར་ཀ་ནག་པོ་ཕྱག་ན་རི་རབ་ཐོགས། །དབུ་ལ་དར་ནག་ཅོད་པན་འཇིགས་པའི་སྐུ། །ཕ་ནི་བདུད་རྒྱལ་ནག་པོ་བཀྲག་མེད་དེ། །མ་ནི་ཀླུ་མོ་དེ་ཕྱིར་ཀླུ་ཡི་ཚ། །ཀླུ་བདུད་དྲེགས་པའི་རྒྱལ་པོ་མཐུ་བོ་ཆེ། །ལྷ་སྲིན་སྡེ་བརྒྱད་སྒྲོལ་བའི་དྲག་རྩལ་ཅན། །ནག་པོ་ཁྱོད་ནི་ལས་ལ་བསྐུལ་བའི་ཚེ། །གནམ་ས་བར་སྣང་ཐམས་ཅད་འགུལ་ཞིང་འདེགས། ཁྱོད་ཀྱི་ཐུགས་ཀར་འཁོར་ལོ་བསྐོར་བ་ནི། །རྟེན་འབྲེལ་བཅུ་གཉིས་འཁོར་བ་རུ་ནས་ཟློག །སྲིད་པ་གསུམ་པོ་ཁྱོད་ཀྱི་ལྟོ་ན་གནས། །ཟས་སྐོམ་དམ་ཉམས་དགྲ་ཡི་ཤ་ཁྲག་རོལ། །ལས་ལ་མི་གཡེལ་བཅོལ་ན་གང་ཡང་སྒྲུབ། །སྤྲུལ་པ་ཕོ་ཉ་མ་གཤིན་ལས་ལ་འགྱེད། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གི །སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་འདི། །རབ་ཏུ་སྐྲག་ཅིང་གཟིར་བའི་ལས་མཛོད་ལ། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གྱིས། །རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས། །བྱས་པའི་ལས་དང་ནུས་མཐུ་བསྟན་ནས་སོད། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །ཧཱུྃ། གཡས་ན་ལས་བྱེད་གཤིན་རྗེ་མཐུ་བོ་ཆེ། །འཇིགས་བྱེད་ཆེན་པོ་ཨ་ཝ་གླང་མགོ་ཅན། །ཕྱག་ན་ཤལ་མ་ལི་ཡི་སྡོང་པོ་ཐོགས། །དགྲ་བོ་མ་ལུས་གཟིར་ཞིང་སྐྲག་པར་བྱེད། །ཟས་སུ་མི་ཤ་རློན་པ་ཁམ་ཁམ་ཟ། །སྐོམ་དུ་མི་ཁྲག་དྲོན་མོ་འཐུང་བྱེད་ཅིང་། །རྦད་ན་དགྲ་བོའི་ཚེ་སྲོག་ཡུད་ཀྱིས་ལེན། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གི །སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་འདི། །རབ་ཏུ་སྐྲག་ཅིང་གཟིར་བའི་ལས་མཛོད་ལ། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གྱིས། །རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས། །བྱས་པའི་ལས་དང་ནུས་མཐུ་བསྟན་ནས་སོད། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །ཧཱུྃ། རྒྱབ་ན་ལས་བྱེད་གཤིན་རྗེ་མཐུ་བོ་ཆེ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི། །བཞུགས་པའི་གནས་ནི་རྒྱ་མཚོའི་འགྲམ་ན་བཞུགས། །བསེ་མཁར་སྨུག་པོ་བསེ་སྒོའི་ནང་ཤེད་ན། །འཁོར་ནི་ལས་ཀྱི་གཤིན་རྗེ་སྟོང་གིས་བསྐོར། །ལས་སུ་ལེགས་ཉེས་ཞལ་ལྕེ་གཅོད་པར་བྱེད། །རྦད་ན་དགྲ་བོ་མ་ལུས་ཁྲམ་ལ་འདེབས། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་རྣམས། །ནག་པོ་ཁྱོད་ཀྱིས་དུས་འདིར་ཁྲམ་ལ་ཐོབས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་འདི། །རབ་ཏུ་སྐྲག་ཅིང་གཟིར་བའི་ལས་མཛོད་ལ། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གྱིས། །རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས། །བྱས་པའི་ལས་དང་ནུས་མཐུ་བསྟན་ནས་སོད། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །ཧཱུྃ། གཡོན་ན་ལས་བྱེད་གཤིན་རྗེ་མི་བསྲུན་པ། །སྲིན་པོའི་གཟུགས་ཅན་མི་སྡུག་ཕག་མགོ་ཅན། །ཕྱག་ན་གཏུབ་པའི་གནམ་ལྕགས་སོག་ལེ་ཐོགས། །དགྲ་བགེགས་སྲོག་རྩ་མགོ་ལུས་དམྱལ་ཐག་གཅོད། །རྣལ་འབྱོར་བདག་གིས་ཁྱོད་ལ་བོས་ཙ་ན། །མཆི་མ་ཐུལ་ཐུལ་ཡུད་ཀྱིས་མི་འབྱོན་ནམ། །སངས་རྒྱས་བསྟན་པ་གཉན་ལ་དགྲ་དར་གྱིས། །ནག་པོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །དགྲ་བོ་མགོ་ལུས་སྲོག་རྩ་དུམ་བུར་གཏུབས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་འདི། །རབ་ཏུ་སྐྲག་ཅིང་གཟིར་བའི་ལས་མཛོད་ལ། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གྱིས། །རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས། །བྱས་པའི་ལས་དང་ནུས་མཐུ་བསྟན་ནས་སོད། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །ཧཱུྃ། འཁོར་དུ་གཏོགས་པའི་ཤན་པའི་ཚོགས་རྣམས་དང་། །མ་གཤིན་གིང་བདུད་སྲོག་བདག་ལྷ་སྲིན་བརྒྱད། །ཀུན་ཀྱང་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། །སངས་རྒྱས་བསྟན་པ་འཇིག་པའི་དགྲ་བོ་འདི། །རབ་ཏུ་སྐྲག་ཅིང་གཟིར་བའི་ལས་མཛོད་ལ། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གྱིས། །རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས། །བྱས་པའི་ལས་དང་ནུས་མཐུ་བསྟན་ནས་སོད། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །དེ་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ། གཤིན་རྗེ་འཇོམས་མཛད་འཇམ་དཔལ་བཤེས་གཉེན་དང་། །གཙུག་ལག་དཔལ་དགེ་བལ་པོ་ནོར་འཛིན་ཞབས། །སངས་རྒྱས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་དང་། །པདྨ་དབང་རྒྱལ་ཇོ་སྲས་འཇམ་དཔལ་དང་། །ཡུམ་མཆོག་སོ་གད་ལྷ་རྗེ་ཡེ་ཤེས་གཟུང་། །དར་རྗེ་ཇོ་དར་ཆོས་རྒྱལ་རྒྱ་ཧོར་དང་། །དབང་གཞོན་ཆོས་སེང་ལྷ་རྗེ་བཀྲ་ཤིས་དར། །ཆོས་སེང་སེང་དར་ཡེ་ཤེས་རྒྱ་མཚོ་དང་། །སངས་རྒྱས་རྡོ་རྗེ་ཀུན་དགའ་བསོད་ནམས་དཔལ། །མཚོ་སྐྱེས་ཕུན་ཚོགས་བླ་མ་རྩ་བརྒྱད་པ། །བླ་ཆེན་ཆོས་དཔལ་བཀྲས་བཟང་མཐུ་སྟོབས་རྒྱན། །བློ་གྲོས་བཟང་པོ་པདྨ་དབང་གི་རྒྱལ། །ངག་དབང་རིག་འཛིན་གར་གྱི་དབང་ཕྱུག་རྩལ། །བློ་གྲོས་རྒྱལ་མཚན་གཞན་ཕན་རྡོ་རྗེ་དང་། །ནམ་མཁའ་རྡོ་རྗེ་རྩ་བའི་བླ་མ་སོགས། །རིག་འཛིན་བརྒྱུད་པའི་བླ་མ་དེ་རྣམས་ཀྱིས། །བསྒྲུབས་ཤིང་བསྟེན་ནས་གསོལ་ཞིང་མཆོད་པའི་ལྷ། །སློབ་དཔོན་རྒྱུད་ཀྱི་སྲུང་མ་དམ་ཚིག་ཅན། །སྐྱབས་མགོན་ལྷ་ལྟར་ལུས་དང་གྲིབ་བཞིན་འབྲང་། །མ་སྲིང་བུ་ལྟར་བརྩེ་གདུང་རྒྱུན་ཆད་མེད། །ཆོས་སྐྱོང་བཞིན་དུ་རྟག་པར་སྲུང་སྐྱོབ་བྱེད། །གྲོགས་ལྟར་སྙིང་ཉེ་བྲན་ལྟར་བཀོལ་སླ་བ། །ལྷ་ཡི་ལྷ་མཆོག་འཇམ་དཔལ་ཁྲོས་པའི་སྐུ། །དགྲ་བླ་ཆེན་པོ་དགྲ་འདུལ་མཐུ་རྩལ་ཅན། །སྔོན་ཆད་ཁྱོད་བསྟེན་སྒྲུབ་ཅིང་གསོལ་མཆོད་པས། །དྲག་སྔགས་ནག་པོ་མཐུ་ཡི་ལྕགས་རི་ཡིས། །ཆོས་ཀྱི་བསྟན་པ་དཀར་པོའི་བཙན་མཁར་བསྲུངས། །ལོག་ལྟའི་དགྲ་བགེགས་སྡེར་བཅས་ཆམ་ལ་ཕབ། །འཇིག་རྟེན་གསུམ་དུ་སྙན་པའི་བ་དན་གྱིས། །ནག་པོའི་ཕྱོགས་རྣམས་རྩལ་ཉམས་སེམས་ཁོང་ཆུད། །བསྟན་འཛིན་དམ་པ་ཐམས་ཅད་དབུགས་དབྱུང་སྟེ། །ས་འདི་དགེ་བའི་དཔལ་གྱིས་ཀུན་ཏུ་གང་། །བསྟན་པ་ཉི་འོད་བདལ་པ་ཇི་བཞིན་གསལ། །སེམས་ཅན་ཞི་བས་འདུལ་བར་མི་ནུས་པ། །འདུལ་ཕྱིར་དྲག་པོར་ཁྲོས་པའི་ཁྲོ་རྒྱལ་ཚོགས། །དེ་དག་གིས་ཀྱང་འདུལ་བར་མ་ནུས་པའི། །དམུ་རྒོད་ངན་པའི་ཡིད་ཅན་མ་རུངས་པ། །འགྲོ་བའི་ཚེ་སྲོག་ཕན་བདེ་འཇོམས་བྱེད་རྣམས། །ཐམས་ཅད་ཐལ་བ་བཞིན་དུ་ཁྱོད་ཀྱིས་བྱས། །དེ་ཕྱིར་མཐུ་སྟོབས་དབང་ཕྱུག་ལྷ་ཡི་ལྷ། །རིག་འཛིན་དམ་ལྡན་ཡོངས་ཀྱི་དགྲ་བླ་ཆེ། །སངས་རྒྱས་བསྟན་པ་སྲུང་བའི་མངའ་བདག་མཆོག །བར་ཆད་བདུད་དང་དགྲ་འདྲེ་ཀུན་གྱི་གཤེད། །སྲིད་ཞིའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེ། །ཡབ་ཡུམ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །རྨད་བྱུང་དམ་རྫས་འདོད་ཡོན་གཏོར་ཚོགས་དང་། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་སྲོག་དང་དབུགས། །སྨན་རཀ་ཛ་གད་སྤྱན་གཟིགས་ཡོ་བྱད་ཚོགས། །དངོས་འབྱོར་སྤྲུལ་པ་ནམ་མཁའི་ཁྱོན་བཀང་སྟེ། །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་དྲན་གསོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང་། །མཐའ་དམག་ལ་སོགས་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་རློག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །ལམ་ལ་གནས་པའི་རིག་པ་འཛིན་པ་བདག །བདེན་པའི་སྟོབས་འཆང་ནུས་པའི་བརྟུལ་ཞུགས་ཅན། །གསང་སྔགས་མཆོག་འཛིན་དགྲ་བླ་ཁྱོད་ཉིད་ཀྱིས། ཁམས་གསུམ་གནས་པའི་དགྲ་ལས་རྒྱལ་བར་མཛོད། །སྔ་དགྲ་ལག་བདར་ད་དགྲ་གློ་བུར་བསྡོ། །མ་འོངས་སྡང་བའི་ཡིད་འཆང་དགྲ་བོ་རྣམས། །མིང་ཙམ་མེད་པར་ཡུད་ཀྱིས་གཞོམ་ནས་ཀྱང་། །ནམ་ཡང་ལྡང་བའི་གོ་སྐབས་མེད་པར་མཛོད། །འདིར་ཡང་སྨྲས་ཀྱང་ཅི་འཚལ་ཁྱོད་སྔོན་གྱི། །དམ་བཅའ་བརྟན་པོ་གང་ཡིན་དྲན་མཛོད་ལ། །ཐུབ་པའི་བསྟན་དང་བསྟན་འཛིན་སྐྱོང་བ་དང་། །བསྟན་པ་རྒྱ་མཚོའི་སྤྱི་དགྲ་བརླག་པར་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་དམིགས་པ་བརྟན་པོས་སྔགས་བཟླ་སྟེ། ཨོཾ་ཀིང་ཀང་ཁ་ཐུན་ཧཱུྃ། དགྲ་ཐུམ་ནྲི་མྱོགས་སྒྲིབས། ཝཱ་ཀ་སཏྭམྦྷ་ཡ་ནན། བིགྷྣན། དགྲ་ཐུམ་དེ་ཤོ་དེ་ཤམ། བྱུར་བྲུབས། དགྲ་སྲི་བྲུབས། བི་ཤ་ཙཀྲ། ཧ་ལ་ཧ་ལ། ཧབ་ཏ་ཧབ་ཏ། ཧལ་ཏ་ཧལ་ཏ་ཧཱུྃ། ས་མ་ཡ་སྒྲིབས་ཧྲིང་། དགྲ་བོ་སཏྭམྦྷ་ཡ་རཀྴ་མཱ་ར་ཡ་ཧཱུྃ་ཧཱུྃ་ལཾ་ལཾ། ཐུཾ་ལཾ་ཐུཾ་ལཾཾ། སཏྭམྦྷ་ཡ་ནན། མཱ་ར་ཡ་ནན། ཡབ་ཀྱི་སྔགས་སོ། །ཨོཾ་རུ་རུ་རཀ་མོ་ཡཀྴ་ཏེ་ཛཿ ཁྲག་སྙིང་ལ་རྦད། ཐུཾ་རིལ་དགྲ་བོ་མཱ་ར་ཡ་ཛཿཛཿ ལ་ལི་པྲ་མ་ནི་ཀྲོ་དྷ་ཀཱ་ལི་ཡ། རྦད་རྦད་ཛཿཛཿ ཡུམ་གྱི་སྔགས་འདི་མེད་ན་དམག་མི་མཚོན་ཆ་མེད་པ་དང་འདྲ་འོ། །འདི་ཕྱི་དྲོ་ཡབ་ཀྱི་སྔགས་ལ་བཏགས་ལ་བཟླ་ཞེས་བྱུང་ཡང་ཆུན་དྲིལ་དུ་བཟླས་ན་ནུས་པ་ཆེ་འོ། །དེ་ནས་ཐུན་མཚམས་སུ་ཉུངས་དཀར། ལན་ཚྭ། གཡེར་མ། རི་ཆེན་པོའི་རྦབ་རྡོའི་དུམ་བུ་རྣམས་ལ་བསྔགས་ཤིང་། ལིངྒ་ལ་ཐུན་འཕངས་ཏེ་དམོད་པ་འདི་སྐད་བརྗོད་དོ། །ལོ་དང་ཟླ་བ་ལ་དགྲ་དར་བ་ནན། ཞག་དང་ཟ་མ་ལ་དགྲ་དར་བ་ནན། དུས་ཚོད་ཚེས་གྲངས་ལ་དགྲ་དར་བ་ནན། སྲོག་ལུས་དབང་ཐང་ལ་དགྲ་དར་བ་ནན། ཀླུང་རྟ་སྡེ་བཞི་ལ་དགྲ་དར་བ་ནན། སྔ་དགྲ་ལག་གིས་བདར་པ་ནན། ཕྱི་དགྲ་ཡིད་ལ་སེམས་པ་ནན། ད་དགྲ་གློ་བུར་དུ་ལྡང་བ་ནན། ཟ་ལམ་དུ་དུག་གཡོ་བ་ནན། འགྲོ་ལམ་དུ་རྩང་འཛུག་པ་ནན། བསམ་པ་ངན་པ་སེམས་པ་ནན། སྦྱོར་བ་རྩུབ་མོ་ཤོམ་པ་ནན། ཁྲམ་ལ་འདེབས་པ་ནན། རྒྱབ་ནས་དེད་དགོས་ཟེར་བ་ནན། མདུན་ནས་སྒུག་དགོས་ཟེར་བ་ནན། ཟུར་ནས་གཅོད་དགོས་ཟེར་བ་ནན། ཨེ་ཐུབ་ཨེ་ནོན་ཟེར་བ་ནན། ཁ་འོ་མ་བས་འཇམ་པ་ནན། སྙིང་ཚེར་མ་བས་རྩུབ་པ་ནན། ཁ་འཇམ་ལ་ཞེ་སྡང་བྱེད་པའི་དགྲ་བོ་ནན། བརྒྱ་ཁ་ཡེ་རེ་རེ་བྱེད་པ་ནན། སྟོང་ཁ་མེ་རེ་རེ་བྱེད་པ་ནན། ལོ་ཀེག་དང་ཟླ་ཀེག་དང་ཞག་ཀེག་ཐམས་ཅད་ནན། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ནན། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནན། ནད་རིགས་བཞི་བརྒྱ་རྩ་བཞི་ནན། འབྱུང་བའི་གཤེད་འཐབ་ངན་པ་ནན། བྱ་ཉེས་ཆག་ཆེ་ཐམས་ཅད་ནན། གནོད་བྱེད་སྡང་སེམས་ལོག་པར་ལྟ་བ་ཐམས་ཅད་ནན། མི་ཁ་བྲ་མཆུ་ཐམས་ཅད་ནན། བྱ་བྱེད་ངན་པ་ཐམས་ཅད་ནན། མདོར་ན་ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ཉེས་པར་གྱུར་པ་ཐམས་ཅད་མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། མ་ལྡང་ཞིག །མ་གནོད་ཅིག །མ་འགུལ་ཅིག །ཆེ་བའི་ཆེ་སྲི། ཆུང་བའི་ཆུང་སྲི། རྒན་པའི་རྒན་སྲི། སྒོའི་གོད་སྲི། ཕོ་སྲི་མོ་སྲི་ཐམས་ཅད་མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ཞེས་ཐུན་གྱིས་བྲབ་བོ། །ཐུན་འཇོག་མཚམས་ཡིན་ན་འདོད་དོན་གསོལ། བཟོད་པར་གསོལ། ལས་འདི་ལ་རྟགས་མ་ཕྱིན་བར་དུ་འབྲུབ་ཁུང་འདི་ཉིད་དུ་དགྲ་བོའི་སྟེང་དུ་བརྟན་པར་བཞུགས་ནས་གཟིར་ཞིང་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ།། ༈ །།སྤྱི་དོན་ལྔ་པ་བྱེ་བྲག་གི་དམིགས་རིམ་བསྟན་པ་ནི། ལིངྒའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་ཁ་གདེངས་པ་རྣོ་བ་ངར་དང་ལྡན་པ་ཞིག་གཡས་སྐོར་དུ་དྲག་ཏུ་འཁོར་བས་སྐྲ་དང་ཤ་ལྤགས་རུས་པ་ཀླད་ཁྲག་ཐམས་ཅད་ཐོ་རོ་རོ་འཐོར་བས་དེ་དག་ལས་ཀྱི་གཤིན་རྗེ་གཉིས་ཀྱིས་ཟོས་པས་ལྷག་མ་མེད་པར་བསྒོམ། ཡང་། བདག་བསྐྱེད་ཀྱི་སྣ་བུག་ནས་རླུང་ཅུང་ཟད་བུས་པས། དུག་སྦྲུལ་ཁབ་ཙམ་པ་གཉིས་སུ་གྱུར་ནས་དགྲ་བོའི་སྣ་བུག་གཉིས་སུ་ཞུགས། ནང་ཁྲོལ་མ་ལུས་པར་ཟོས་པས་ཆེར་སོང་བ་བཤང་ལམ་ལས་བྱུང་སྟེ། ཡང་ཞེ་སྡང་དྲག་པོ་སྐྱེས་ནས་སླར་ཡང་སྣ་བུག་ནས་ཞུགས་ཏེ་ཟོས། ཁ་རླངས་དགྲ་བོའི་རྣམ་ཤེས་མར་མེ་འདའ་ལ་ཁད་པ་དེ་ལ་ཕོག་པས་ནག་ཐུམ་གྱིས་བསད་པར་བསམ་ལ། ཡང་། སྐབས་སུ་སྦྲུལ་གཉིས་གནམ་ལྕགས་ཀྱི་སོག་ལེ་གཉིས་སུ་གྱུར་ནས་ནང་ཁྲོལ་ཐམས་ཅད་གཏུབས་ཏེ་བཤང་ལམ་ནས་ཐོན་པ་རྣམས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཟོས་པར་བསྒོམ། ཡང་། བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་རྩ་སྔགས་ཀྱིས་བསྐོར་བའི་ཧཱུྃ་ལས་ཡ་ཅིག་མཆེད་པས། དགྲ་བོའི་སྙིང་གའི་ནྲི་མིག་གི་ནང་དུ་ལས་ཀྱི་གཤིན་རྗེ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ནས་ནྲི་དེ་ཟོས་པར་བསམ། ནྲིའི་སྟེང་ན་ཚེའི་ས་བོན་ཨ་དཀར་པོ་གཅིག་ཡོད་པའང་ཟོས་པར་བསྒོམ། འདི་དག་གང་ཟག་རབ་ཀྱིས་དུས་གཅིག་ལ་བསྒོམ། མ་ནུས་ན་རེས་མོས་སུ་བསྒོམ། ཐུན་རྡེག་དུས་སུ་མི་བསྒོམ་པ་གནད་ཡིན་ནོ།། ༈ །།སྤྱི་དོན་དྲུག་པ་གསད་པའི་ལས་ནི། བླ་ཁུག་རྟགས་བརྟན་པར་བྱུང་ནས། མདུན་བསྐྱེད་ཀྱི་ཀིང་ཀང་ལས་གཤིན་དུ་བསྒྱུར་ཏེ། དེ་ཡང་སྐུ་སྟོད་ཁྲོ་བོ་ཆེན་པོ་རྒྱན་མེད་པ། གཡས་ཐོད་དབྱུག་གཡོན་ཞགས་པ་འཛིན་པ། སྐུ་སྨད་ཕུར་པ་མགར་གྱི་སོལ་མེ་ནས་ཕྱུང་བ་ལྟ་བུ་དགྲ་བོའི་སྙིང་གར་བཏབ་པས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་གཟེར་བ་འོ། །སྦྲུལ་ལ་སོགས་པ་གཞན་དམིགས་པ་རྣམས་མི་བསྒོམ། རང་གི་ཐུགས་ཀ་ནས་བྷྲཱུྃ་སེར་ནག་ཅིག་མཆེད་པས་ལིངྒའི་རྐེད་མཚམས་སུ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སྟེང་ནས་གཡས་སུ་འཁོར། ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་འོག་ནས་གཡོན་དུ་འཁོར་བས་རྐེད་པ་བཅད། དེ་བཞིན་དུ་རེས་མོས་ཀྱིས་འཁོར་ཏེ་རྩ་འཁོར་ལྔ་རིམ་བཞིན་གཏུབས། སྲོག་རྩ་ཁྲག་རྩ་སྙིང་རྩ་ཐམས་ཅད་བཅད་ནས་བསད་པར་བསམ། ཡབ་ཡུམ་གྱི་སྔགས་ལ་གསད་སྔགས་སྦྲེལ་ལ་བཟླ་འོ།། ༈ །།སྤྱི་དོན་བདུན་པ་ལན་ཆགས་སྦྱང་བ་ནི། དུར་རྡོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཡུགས་སའི་སླང་ངའི་ནང་དུ་དགྲ་གཟུགས་ངར་མི་སྐྱེ་མཆེད་དོད་པ་མཐོ་གང་བ་ཞིག་བྱས་ལ་འགུགས་གཞུག་བྱ་ཞིང་དགྲ་བོ་དངོས་སུ་བསམ། ཆངས་རིལ་དགྲ་བོའི་ལོ་གྲངས་སམ། ཡང་ན་བརྒྱ་རྩ་བརྒྱད་དུ་བྱས་ལ་ཆང་གིས་བླུགས། འདོད་ཡོན་ལྔར་བྱིན་གྱིས་བརླབ། སཾ་བྷ་རའི་སྔགས་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དགྲ་བོ་ཁྱོད་ལ་འབུལ་ལོ། །ལན་ཆགས་མེད་དོ། །བུ་ལོན་ཁྱེར་རོ། །ཤ་མཁོན་དག་པར་གྱུར་ཅིག །ཅེས་ལན་གསུམ་བསྔོས་ལ། སླང་ང་ས་ལ་ཕབ་ནས་ལན་གསུམ་ཕྱིར་ལོག་ཏུ་བསྐོར་བས། ཁོ་གླད་ཡུ་འཁོར་ནས་ཁ་རྗེ་བསོད་ནམས་དབང་ཐང་ཐམས་ཅད་སྐྱུགས། དེ་ནས་ཇེ་ཆུང་ཇེ་ཆུང་ལ་སོང་ནས། མཐར་ས་འོག་ཏུ་ནག་ཐུལ་གྱིས་ཐིམ་པར་བསྒོམ་མོ།། ༈ །།སྤྱི་དོན་བརྒྱད་པ་ཕྱག་འཚལ་ཐུབ་པའི་ཞལ་ཤེས་ནི། གོང་གི་སླང་ངའི་དགྲ་གཟུགས་དེ་ལ་དགུག་གཞུག་བྱ་བ་ནི་རྒྱུན་དུ་ཡིན་ལ། དང་པོ་དང་ཐ་མ་ནི་འབྲུབ་ཁང་གི་ལིངྒ་ལའོ། །རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྐོར་བར་བསྒོམ་ལ། དགྲ་བོ་དེ་ལ་མོས་གུས་བྱེད་ཅིང་ཕྱག་འཚལ་ལོ། །ཕྱག་འཚལ་དུས་དབུ་སྐྲ་རིང་བ་རྣམས་རལ་གྲི་དང་སྤུ་གྲི། ཐུང་བ་རྣམས་སོག་ལེ་ལ་སོགས་པར་གྱུར་ནས། དེ་དག་གིས་དགྲ་བོའི་ཤ་ཁྲག་དམར་ཐོར་ཐོར་བཏང་བར་བསམ་མོ།། ༈ །།སྤྱི་དོན་དགུ་པ་རྟགས་ཀྱི་རིམ་པ་ནི། རྫོང་བཟུང་བ། གོ་ཁྲབ་གྱོན་པ། མཚོན་ཆ་བཟང་པོ་ཐོགས་པ། དར་ཕྱར་བ། དུང་འབུད་པ། གཡག་བསད་པའམ་བཅིང་པ། བྱ་སྙི་ལ་བཟུང་བ། སྒོང་ང་བཅག་པ། ཤོ་དང་ཆོ་ལོ་དང་མིག་མང་རྩེ་བ་ལ་སོགས་པ་རང་རྒྱལ་བ། འཐབ་པས་བདག་ཉིད་རྒྱལ་བ། དུད་འགྲོ་ར་བ་དང་ལྷས་སུ་བཅུག་པ། བཙོན་བཟུང་བ། གཞུ་ཆག་པ་རྣམས་ནི་དགྲ་ཐུབ་པའི་རྟགས་སོ། །གཞན་ཡང་བཟང་རྟགས་ཕལ་ཆེར་སྤྱི་དང་མཐུན་ནོ། །བསད་པའི་རྟགས་ནི། ཤིང་ཆེན་བསྒྱེལ་བ། བྲག་བཤིག་པ། རི་དྭགས་ལ་སོགས་པའི་སེམས་ཅན་བསད་པ། མགོ་སྙིང་དང་ཤ་ཁྲག་སྟེར་བ། སྒྲུབ་ཁང་དུ་གཤིན་དྲི་དང་ཤ་རུལ་གྱི་དྲི་མནམ་པ་ལ་སོགས་དྲག་སྔགས་སྤྱི་དང་འདྲ་བ་འབྱུང་ངོ།། ༈ །།སྤྱི་དོན་བཅུ་པ་སྙན་བརྒྱུད་ཞལ་གདམས་ལྷུག་པར་བཤད་པ་ནི། ཐུན་རྡེག་དུས་སུ་སྦྲུལ་གྱི་དམིགས་པ་མི་སྒོམ། སྤྱིར་དུ་ཐུན་དེ་དུག་དང་ནད་དང་མཚོན་ཆའི་ཆར་གྱིས་དགྲ་བོའི་ལུས་སྲོག་གཏུབས་པར་བསམ་ཞིང་། ཀིང་ཀང་ཡབ་ཡུམ་ཡང་ལིངྒའི་སྟེང་ཕྱོགས་སུ་བྱོན་ནས་དེ་ལྟ་བུའི་མཚོན་ཆའི་ཆར་འབེབ་པར་བསམ་མོ། །ཐུན་རྡེག་ཟིན་ནས་དགུག་གཞུག་བྱས་ནས། སྔར་བཞིན་སྙིང་ག་དང་ལྟེ་བར་བསྐྱེད་ཅིང་། དགྲ་བོའི་བླ་འགུགས་སྔགས་ཉེར་གཅིག་ལ་སོགས་པའམ། བླ་ཁུག་པ་གལ་ཆེ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་གང་འགྲུབ་ལོང་སྐབས་དང་སྦྱར། མི་མང་པོ་ཡོད་ན་གཅིག་གིས་རྒྱུན་དུ་བླ་འགུགས་པའི་སྔགས་བཟླས། ཐུན་མགོ་ལ་ལྷ་དབྱེ་རེའང་བྱེད། ཆངས་རིལ་བྱིན་ཚར་བ་དང་སླར་དགུག་གཞུག་བྱ་འོ། །འདི་གཉིས་ལ་དགུག་གཞུག་སྔགས་ཉེར་གཅིག་རེ་བཟླ་དགོས། དེ་ཚར་ནས་འབྲུབ་ཁུང་གི་ལིངྒ་ལ་སླར་ཡང་དགུག་གཞུག་བྱེད། དགྲ་ཐུབ་རྟགས་བྱུང་ནས་ཡབ་ཡུམ་གྱི་སྔགས་ལ་ཐུན་མོང་གི་སྤུ་གྲི་འདི་བཏགས་ལ་ཞག་གཅིག་བྲུབ་སྟེ། ཡ་མཱནྟ་ཀ་ཡ་མ་རཱ་ཛ། དགྲ་བོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན། མཱ་ར་ཡ་ནན། ཞེས་རྟགས་བཟང་ན་མ་གྲུབ་ཀྱང་ཆོག །གསད་པ་ལ་བླ་རྟགས་བྱུང་ནས་སྔགས་རིང་གི་ཨོཾ་ལཾ་འབྲུ་བརྒྱད་དོར་ལ། མཱ་ར་ཡ་སོད།ཀྱི་མཇུག་ཏུ། གསད་སྔགས། ཏདྱ་ཐཱ། དུ་ཤན་དུ་ཤན་ཡཀྴ་ཡཀྴ་དགྲ་བོ་མཱ་ར་ཡ་རྦད། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས་རྦད་རྦད་སོད་སོད། དགྲ་བོའི་སྙིང་རྩ་ལ་ཧྲིང་ཧྲིང་འདུས་འདུས་རྦད་རྦད་སོད་སོད། དགྲ་བོའི་སྲོག་རྩ་སྙིང་རྩ་ཆོད་ཆོད་མཱ་ར་ཡ་སོད་སོད། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་སྲོག་རྩ་ལ་མཱ་ར་ཡ་རྦད་ཛཿཛཿ ཡ་མ་རཱ་ཛ་དགྲ་བོའི་ཙིཏྟ་ནྲི་ཧུར་ཐུམས་མཱ་ར་ཡ་རྦད་སོད། ཅེས་བཏགས་ནས་ཞེ་སྡང་དྲག་པོ་བསྐྱེད་ལ་བཟླ་འོ། །གཙོ་འཁོར་རྣམས་ཀྱིས་ཕྱི་རོལ་འབྲུབ་ཁུང་ནང་གི་གཡས་སུ་གཤིན་རྗེའི་དམག་ཚོགས་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། གཡོན་དུ་མ་མོའི་དམག་ཚོགས་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། མདུན་དུ་བདུད་དམག་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། རྒྱབ་ཏུ་བཙན་དམག་བྱེ་བ་ས་ཡ་དགྲ་ལ་འགྱེད་པར་བསྒོམ། སྒྲུབ་པ་མ་ཐོན་གྱི་བར་དུ། སྒྲུབ་པ་པོ་རྣམས་ཁ་འཐབ་ཙམ་དང་། ནང་དུ་ཞེ་གནག་ཙམ་ཡང་མི་འགྲུབ་པས་སྒྲིམས་ལ་སྤང་། སློབ་དཔོན་གྱིས་ཐུན་འཕང་ཞིང་དམོད་པ་བརྗོད་དུས་གྲོགས་རྣམས་ཀྱིས་ཀྱང་ཐལ་མོ་བརྡབ། སྐབས་སྐབས་སུ་མཆིལ་མ་ཕོ་ཞིང་། མནན་པ་ཟིན་ནས་རྣམ་འཇོམས་དང་བྱད་བཀྲོལ་ལ་སོགས་པས་རང་ཉིད་གསོ་ཞིང་ཚེ་ཆོག་བྱ། བསྙེན་གྲངས་ཚང་ཡང་རྟགས་མེད་ཅིང་ཁྲོ་ཚིག་བྱུང་ན། ཀིང་ཀང་གི་ཕྱག་གཡས་ཀྱི་ཕུར་པ་དགྲའི་གྲུ་ཚུགས་གཡོན་དུ་གཟེར་བ། གཡོན་གྱི་ཕུར་པ་གྲུ་ཚུགས་གཡས་སུ་གཟེར་བ། ཡུམ་དམར་ནག་གིས་ཕྱག་གི་ཕུར་པ་པུས་མོ་གཉིས་ལ་གཟེར་བར་བསམ། རང་ཉིད་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་དཀར་པོའི་ནང་དུ། གཞུང་ལྟར་སྲུང་འཁོར་གྱི་ལྷ་བསྒོམ་ཞིང་བཟླས་པ་རིམ་བཞིན་བྱ། གནན་པ་ཡིན་ན་ཡུམ་སྔགས་གཞུང་རྐྱང་གིས་ཆོག །གསད་པ་ལ། ཀྲོ་དྷ་ཀཱ་ལིའི་རྗེས་སུ། དགྲ་བོའི་སྲོག་རྩ་ལ་རྦད་རྦད། སྙིང་རྩ་ལ་འཇིབས་འཇིབས། ཤ་རུས་ཁྲག་རྩ་ལ་གནུར་གནུར། ཞེས་པ་འདི་ཡིན་ཏེ། ཐུན་མོང་གི་སྤུ་གྲི་ལ་སོགས་པ་གདག་གོ །རྟགས་བྱུང་ནས་ཐུན་གཏོར་ཕྱིར་དགྲ་ཕྱོགས་སུ་འཕང་། དེ་ཡན་ཆད་ལ་ནང་དུ་འབུལ། ཐུན་འཇོག་དུས་སུ་འབྲུབ་ཁུང་གི་ཁ་རེ་བས་བཅད་ལ་དེ་རི་རབ་ཏུ་བསམ། ཐུན་གྱི་མགོ་མཇུག་ཏུ་གཏོར་མ་རེ་འབུལ་ཞིང་། བསྟོད་བསྐུལ་ཤར་མ་རེ་བྱ། ཚ་བ་ཐོན་འཕྲལ་ལ་ལན་ཆགས་གཏོར་མ་སླང་ང་བསྐོར་འདེད་བྱེད། སྲོད་ཐུན་གྱི་གོང་དེར་ཕྱག་འཚལ་ཐུབ་པའི་ཞལ་ཤེས་རེ་བྱེད་དོ།། ༈ །།སྤྱི་དོན་བཅུ་གཅིག་པ་གནན་པ་བྱ་བ་ནི། ལིངྒ་ཤི་ལྟེབ་ཅེས་པ་མགོ་བོ་པུས་མོའི་བར་བལྟབས་ལ། དེ་ནས་མཐའ་ནས་ལྟེབ་སྟེ་དབུས་སུ་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ་ཐོད་པ་དང་གླང་རུ་ལ་སོགས་པར་གཞུག །ཐོད་པ་ཡང་། དགེ་སློང་ལ་ངང་པའི་ཐོད་པ། སྤྱིར་སྔགས་པ་ལ་བྱ་རོག་གི་ཐོད་པ། མི་དཔོན་ལ་གླང་ཐོད་དམ་གླང་རུ། མི་སྐྱ་ཕལ་པ་ལ་ཕག་ཐོད། བོན་པོ་ལ་ཁྱི་ཐོད། བུད་མེད་ལ་ར་ཐོད། བགེགས་ལ་ཕག་ཐོད་བསྔགས་སོ། །སྤྱིར་དགྲ་ལ་གླང་རུ་མེས་མ་བཤུར་བ། ཆུས་མ་བཙོས་པ། མགོ་ལས་རང་བཞིན་གྱི་ཐབས་ཀྱིས་ཕྱུང་པ་ཤིས་སོ། །བགེགས་ཡིན་ན་ཐོད་པ་ཤིས་སོ། །མ་ཁེངས་ན་མི་ཁའི་རྫས་བླུགས། བགེགས་ཡིན་ན་ཐལ་ཆེན་བླུགས། གཉིས་ཀ་ལ་ཐལ་འདག་གིས་ཁ་བཅད་དེ་རེ་བས་བཏུམ། རྩང་བྲེས་ཏེ་ཁོ་ལ་ལྷ་ཉེ་མི་ནུས་པ་དང་ས་ལ་མི་རེག་པའི་དོན་ཡང་ཡིན། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། ལ་ཆས་བཀག་ལ་རླན་མི་འཆོར་བ་བྱ། ཐོད་པ་ཚོན་སྐུད་ཕྱིར་བཀལ་གྱི་མཐུར་ མདའ་ཐུར་དུ་དྲངས་ལ་གནན། ཐོད་པ་གད་བརྡར་བྱས་ཏེ་དཔྲལ་བར། རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། བྲིའོ། །འགྲམ་པ་གཡས་ལ། ཕོའི་ཕོ་སྲི་ནན། འགྲམ་པ་གཡོན་ལ། མོའི་མོ་སྲི་ནན། བྲིའོ། ཁ་ཐུར་དུ་བསྟན་ལ་གནན་དགོས། བགེགས་ཡིན་ན་ལམ་རྒྱ་གྲམ་དང་། ལམ་པོ་ཆེར་མནན་པས་མི་མང་པོས་བརྫིས་པས་བགེགས་ནུས་ཉམས་འགྲོ་བར་ཕུར་པ་ནས་བཤད། ལམ་ཕྱོགས་གར་གནོན་ཡང་ལྟོ་འཕྱེ་བརྟགས་ཏེ། དེ་ཡང་ལྟོ་བར་གཏད་ན་དགྲ་ལ་ཐེབས། མགོ་ལ་ཐེབས་ན་བུ་སྨད་འཆི། རྒྱབ་ཏུ་གཏད་ན་རང་ལ་ངན། མཇུག་མར་གཏད་ན་ཡོན་བདག་ལ་ངན། དཔྱིད་ཀྱི་སྟག་ཡོས་འབྲུག་གསུམ་བྱང་དུ་མགོ །རྒྱབ་ཤར། ལྷོ་རུ་མཇུག་མ་གནས་པས་ནུབ་ཏུ་གནན། དབྱར་སྦྲུལ་རྟ་ལུག་གསུམ་ལ་ནུབ་ཏུ་མགོ །བྱང་དུ་རྒྱབ། ཤར་དུ་མཇུག་མ། ལྷོ་རུ་གནན། སྟོན་སྤྲེལ་བྱ་ཁྱི་གསུམ་ལྷོ་རུ་མགོ །ནུབ་ཏུ་རྒྱབ། བྱང་དུ་མཇུག་མ། ཤར་དུ་གནན། དགུན་བྱི་ཕག་གླང་གསུམ་ལ་ཤར་དུ་མགོ །ལྷོ་རུ་རྒྱབ། ནུབ་ཏུ་མཇུག་མ་གནས། འདི་དུས་བྱང་དུ་གནན་པ་བྱའོ། །མཆོད་རྟེན་དང་ཐེམ་འོག་ཡིན་ན་བརྟགས་མི་དགོས་སོ། །དེ་ལ་ཁྲུ་གང་ཡན་ཆད་ས་རོ་ཡིན། དེ་ནས་སོར་བརྒྱད་བདུད་ཀྱི་གནས། སོར་བཅུ་དྲུག་པ་ལ་མ་མོའི་གནས་ཡིན་པས། དེ་ཉིད་གང་ཡང་རུང་བར་གྲུ་གསུམ་བཅོས་ལ་གནན། དེ་སྟེང་གོང་གི་རོ་གཡམ་རི་མོ་ཅན་དེས་གནན། ས་རྡོས་བྱིབས། དེ་ནས་ཡུགས་སའི་སླང་ངའི་ནང་གི་གཟུགས་དང་ཆངས་རིལ་རྣམས་བླུགས་ལ་ཁྱི་ལ་སོགས་པས་མི་རྙེད་པར་ལེགས་པར་ཚགས་བསྡམ། དེ་ཡང་དང་པོ་འཇོར་རྡེག་དུས། རང་ཉིད་ལས་ཀྱི་གཤིན་རྗེ་འཇིགས་སུ་རུང་བ་ཞིག་གིས་གནམ་ལྕགས་ཀྱི་འཇོར་ས་ལ་བསྣུན་པས་འོག་གཞི་རྒྱ་མཚོ་ལ་ཐུག །དེའི་ནང་དུ་དགྲ་བོ་རྣམས་བསྐྱུར་བས། ཀླུ་བདུད་ཆུ་སྲིན་གྱི་མགོ་ཅན་ཁ་གདངས་པ་ཞིག་གི་གྲེ་བར་ཆུད་པར་གྱུར་ཏེ་ནམ་ཡང་ཐར་པའི་དུས་མེད་པར་བསྒོམ། རི་རབ་གླིང་བཞིའི་སྟེང་དུ་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་མནན་པར་བསམ། དེའི་སྟེང་དུ་གཤིན་རྗེའི་ཕོ་བྲང་བཏབ་པས་བསྐལ་པ་མ་སྟོངས་བར་དུ་མི་ཐར་བར་བསམ་ལ། ཞེས་དགྲ་བོ་མེ་ཁམས་པ་རྟ་སྦྲུལ་གྱི་ལོ་པ་ཡིན་ན་ཆུ་བླུགས། ཤིང་ཁམས་ཏེ་སྟག་ཡོས་ལོ་པ་ཡིན་ན་ལྕགས་དུམ་གཅིག་གིས་གནན། ལྕགས་ཁམས་བྱ་སྤྲེལ་ཡིན་ན་མེ་གཏང་། ཆུ་ཁམས་བྱི་ཕག་ཡིན་ན་ས་སེར་བཏབ་ལ་གནན། ས་ཁམས་གླང་འབྲུག་ལུག་ཁྱིའི་ལོ་པ་ཡིན་ན་ཤིང་སྣ་དང་བཅས་པས་གནན་ནོ། །དེའི་སྟེང་གཏའ་གཏོར་རྡེག་ཅིང་། གཏོར་མ་ལ་བྱ་ཁྱི་ཡུན་རིང་དུ་བསྲུང་ཞིང་དམོད་པ་རྣམས་བརྗོད། སྔགས་འདི་བརྒྱ་རྩ་བརྒྱད་བཟླ་འོ། །དགྲ་བགེགས་ཙྪིནྡྷ་ཙྪིནྡྷ། ཙྪིནྡྷ་ཡ་ཙྪིནྡྷ་ཡ། བྷིནྡྷ་བྷིནྡྷ། བྷིནྡྷ་ཡ་བྷིནྡྷ་ཡ། ཏཱ་ཌ་ཏཱ་ཌ། ཏཱ་ཌ་ཡ་ཏཱ་ཌ་ཡ། མཱ་ར་མཱ་ར། མཱ་ར་ཡ་མཱ་ར་ཡ། སཏྭཾ་བྷ་སཏྭཾ་བྷ། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། མཱ་ར་ཡ་མཱ་ར་ཡ། ཧ་ས་ནཱ་ཡ། བྷྱ་བརྟ་ན་ཡ། མ་ཙི་ར་ན། མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ཅེས་སོ། །ཅུང་ཟད་བྱིན་ཆུང་བ་འདྲ་ན། དེའི་སྟེང་དུ་དོན་ཡོད་གྲུབ་པའི་ཕོ་བྲང་བཏབ་པར་བྱ་སྟེ། སྟེང་དུ་ཁྲོ་བོ་བཅུ་ཞབས་བགྲད་པས་དགྲ་བགེགས་དེ་མནན། དེ་ལ་རྡོ་རྗེ་བརྗིད་ནོན་གྱི་བསམ་གཏན་གྱིས་གནན་པར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་སྤྱི་བོ་བསྡུས་པའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་རྒྱ་གྲམ་ལྗང་གུ་མེ་ལྕེའི་ཕྲེང་བས་བསྐོར་བའི་ཡི་གེ་སུཾ་སེར་པོ་ལས་གསེར་གྱི་ས་གཞི་མདོག་སེར་པོར་བསམ། ཨོཾ་བཛྲ་སུ་མེ་རུ་ཧཱུྃ་ཧཱུྃ་ས་མ་ཡ་སཏྭཾ། གསེར་གྱི་རི་རབ་དཔག་ཚད་བྱེ་བ་དྲུག །ཞེང་དཔག་ཏུ་མེད་པར་གྱུར་པའི་སྟེང་དུ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་དབུ་གསུམ་ཕྱག་དྲུག་པ། ཕྱག་གཡས་འཁོར་ལོ་ཕྱར་ཏེ་བསྣམས་པ། གཡོན་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བརྟེན་པ། ལྷག་མའི་ཕྱག་ན་ཕྱག་མཚན་ཅི་རིགས་པ་བཀོད་ལ། གཡས་བར་མ་ན་རྩེ་གསུམ། ཐ་མ་ན་དགྲ་སཏྭ། གཡོན་བར་མ་ན་ཐོད་ཁྲག །ཐ་མ་ན་ཕུར་བུ་ཡིན་ཏེ་གབ་པའི་དོན་ཏོ། །འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་པར་བསྒོམ། ཁྲོ་བོ་རྣམས་ཀྱང་སྔོན་དུ་མི་གཡོ་བ་བསྒོམ། ལས་སྒྲུབ་ནས་བསྐལ་པའི་མཐའི་བར་དུ་ཡང་མནན་པར་བསམ། ལག་པ་གཉིས་རྒྱབ་སྦྱར་ནས་མཐེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད་མཛུབ་མོ་གཉིས་ཁ་འགྲམ་གཡས་གཡོན་གཉིས་སུ་སྒྲེང་སྟེ་ཅུང་ཟད་གུག་ཙམ་བྱས། ལྷག་མ་རྣམས་ནང་དུ་བཅང་སྟེ། མཛུབ་མོ་གཉིས་མཆེ་བ་ལྟར་བྱས་ལ། རྐང་པ་གཡོན་པས་དགྲ་བགེགས་ཀྱི་སྙིང་གར་མནན་པར་བསམ་ལ་སྔགས་འདི་ལན་བདུན་བཟླ་འོ། །ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལས་ངན་པའི་སེམས་ཅན་ཁྱོད་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མནན་ཅིང་གཟིར་བས་ཕྲིན་ལས་ཀྱི་བདག་པོ་དོན་ཡོད་གྲུབ་པ། འཁོར་དཔག་ཏུ་མེད་པའི་ཕོ་བྲང་བཏབ་པས། བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་དུ། བསྐལ་པའི་མཐའ་ལ་ཐུག་གི་བར་དུ་ཡང་ལྡང་བའི་དུས་མེད་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ཅིང་རིག་པ་ངར་བསྐྱེད་དོ།། ༈ །།ད་ནི་འདིའི་ཕན་ཡོན་བརྗོད་པར་བྱ་སྟེ། དེ་ལྟར་ཞག་བདུན་སྒྲུབ་ན་ལོ་གསུམ་དུ་དགྲས་མི་སྡང་བ་ངེས་པ་ཡིན་ལ། ཞག་གསུམ་དུ་སྔགས་ཁྲི་བཟླས་ན་ལོ་གཅིག་ལ་དགྲ་མེད་དོ། །དེ་གཉིས་གང་རུང་སྔོན་དུ་སོང་བས་ཉིན་གཅིག་བྱས་ཀྱང་འཕྲལ་རྐྱེན་ཟློག་ངེས་ཤིང་། གཞུང་གཞན་ལས་ནི། མངོན་རྟོགས་སྔགས་བྱང་དམོད་པ་གསུམ་གཅིག་ཏུ་དྲིལ་ནས་ངག་མཚམས་ཉིན་མཚན་ལྔ་བྱས་ན། དུ་རུ་ཀའི་དམག་ཀྱང་ཟློག་ཐུབ། ཅེས་བྱུང་། སྤྱིར་ན་འདི་དགྲ་སྲི། གོད་སྲི། དར་སྲི། རྒན་སྲི། ཆུང་སྲི། བྱུར་དང་འབྱུང་པོའི་གནོད་པ་ལ་སོགས་པ་ལ་བསྔགས་ལ། དགྲ་བོ་སཏྭམྦྷ་ཡ་རཀྴ་ནན་སོགས་ལ། ཆུང་སྲི་ལ་སོགས་པའི་མིང་སྤེལ་ཏེ་བསྒྲུབས་པས། དགྲ་འདྲེ་ལ་སོགས་པ་གང་ཡིན་ཐེམ་བུ་བཀག་པ་ལྟར་འགྲོ་བ་མྱོང་བས་གྲུབ་བོ། །གནུབས་སངས་རྒྱས་རིན་པོ་ཆེའི་ཞལ་ནས་ཀྱང་། མགོན་སྐྱབས་ཆོས་སྐྱོང་དང་འདྲ་སྟེ་གཏོར་མ་མི་དགོས། རྣོ་བ་བཙན་དུག་དང་འདྲ་སྟེ་དམ་རྫས་མི་དགོས། ཞེས་གསུངས། འོ་ན་འདིར་གཏོར་མ་སྨྲོས་པ་ཅི་ཞེ་ན། གནུབས་པ་རྣམས་གཙོ་བོར་ཡི་དམ་གྱི་ལྷ་གཤིན་རྗེ་ལ་མཛད་པས་དེའི་ཁོངས་སུ་འདུ་ལ། གཏོར་མ་ཟུར་པ་དང་དམ་རྫས་སྒེར་པ་མ་དགོས་པ་ཡིན་གྱི། གཏན་ནས་མ་བཤད་པ་ནི་མ་ཡིན་ལ། འདིར་ནི་རྒྱུན་གཏོར་གྱིས་ལྷ་མཉེས་ཏེ་རང་ལ་ སྙིང་ཉེ་བཀྲ་ཤིས། གཏའ་གཏོར་གྱིས་ལས་མྱུར་བའི་དགོས་པ་ཡོད་པ་སྟེ། བླ་མའི་མན་ངག་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ།། ༈ །།ད་ནི་སྙན་བརྒྱུད་མཆོག་ཏུ་གསང་བའི་མན་ངག་བཤད་དེ། འདི་ལ་ཐོག་མར་སྒབ་འདྲེ་གནན་པ་གཅེས་ཏེ། ཕ་གནོད་སྦྱིན་སྦྲང་ཆགས་དང་མ་ས་སྲི་ནག་མོ་གཉིས་ཀྱི་བུ་གནོད་སྦྱིན་སྦྲང་ཆགས་སྤུན་གསུམ་པོ་འདི། ཡ་མཱནྟ་ཀ་གང་སྒྲུབ་རྗེས་སུ་འབྲང་། རྣལ་འབྱོར་པའི་ཚེ་ལ་གནོད། འཁོར་ལ་སྒབ་ངན་པར་བྱེད། ལོངས་སྤྱོད་དང་སྲིད་ལ་གནོད་པས་གནན་པར་བྱའོ། །ཐར་མེད་ཀྱི་གཏིང་རྡོ།་་་ཁྲོ་ལྕགས། འདི་ཡང་བླ་མའི་ཞལ་ལས་ཤེས་ཏེ། གྲོལ་མེད་ཀྱི་ཆིངས།་་་ཤི་སྐྲ། བཏང་མེད་ཀྱི་མུན་པ།་་་ཕུག་རྡུགས་ཀྱི་ས། སྡོམ་བྱེད་ཀྱི་ཆིངས།་་་ཚོན་སྐུད། སྣ་འདྲེན་གྱི་མི་དགུ།་་་རམ་བུའི་མི་དགུ། མི་རྒན་མགོ་སྐྱ་དགུ།་་་སྦང་མིའི་མི་དགུ། ངོ་དམར་སྒབ་སེར་ཞ་བོ་གསུམ།་་་སྤྲེའུ་ཕྱི་བ་ཕོ་མོའི་སྤུ། ནག་པོ་ཆེན་པོའི་སྟེང་གནོན།་་་མི་ནག་བསེ་ཕོར་ཅན། ཧོམ་ཁུང་རོ་གཡམ། འདི་དག་བླ་མའི་ཞལ་ལས་ཤེས་པའི་དོན་ནི་གྲོག་པོ་ཕུག་རྡུགས་ལ་འབྲུབ་ཁུང་བྱ། ནང་དུ་ལིངྒ་དཔེའུ་ཆུང་ལྟར་བྲིས་པ་བཅུག་ལ་དགུག་གཞུག་བྱ། སྙིང་ཁ་ནས་ཏྲི་ཡིག་མ་དྲལ་བར་ཡུགས་སའི་ཁབ་བམ་ཟངས་ཁབ་ཀྱིས་ཤི་སྐྲ་དྲངས་ལ་སྐུད་སྣ་ཕུར་པའམ་སྟེང་གི་གཏོར་མ་ལ་གཏོད། འབྲུབ་ཁུང་གི་མཐར་སྦང་ཟན་གྱི་མི་དགུ །རམ་བུའི་མི་དགུ་རྣམས་ལ་མི་ཁའི་རྫས་གྲོད་སྐོགས། ལྟག་སྐོར་རུས་པ། ར་རུ། ལྟེ་ཕྱེ། སྦང་སྐམ། རམ་བུ། བཙོད་རོ། ཤ་སྐོགས། བྲ་བོ། སྲན་མ། སྒོག་པ། ཕྱེ་ངན་ལ་སོགས་པ་རྒྱབ་ཏུ་ཁུར་བཅོལ། མི་ནག་བསེའི་ཕོར་པ་ཁུར་བ་གཅིག་ལའང་རྫས་དེ་ཚོ་བསྐུར་ལ་འབྲུབ་ཁུང་གི་མདུན་ཟུར་དུ་བཞག་གོ །ལིངྒ་དགུག་གཞུག་མི་བྱེད་དུས་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་གཅད། རང་གཤིན་རྗེ་གཤེད་དུ་བསྒོམས་ལ། དང་པོར་ཀིང་ཀང་གི་སྔགས་ལ། གནོད་སྦྱིན་སྦྲང་ཆགས་སྤུན་གསུམ་ཁུག་ཅིག་ཨང་ཀུ་ཤ་ཛཿཛཿ ཞེས་པ་དགུག་གཞུག་ཚར་རྗེས་སུ་བརྒྱ་རྩ་བརྒྱད་བཟླས་ལ་བསྟིམས། དེ་ནས་རང་ལྷའི་ང་རྒྱལ་གྱིས་སྔགས་འདི་དྲག་ཏུ་བཟླ་འོ། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་གནོད་བྱེད་བྱུར་མི་སྤུན་གསུམ་ཛཿཧཱུྃ་བཾ་ཧོཿ མ་ཧཱ་དེ་ཝ་དགྲ་བོ་ནྲི་མཱ་ར་ཡ་རྦད་ནན། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨེ་ཛཿཏྲི་ནྲི་བྷྱོ་ཛཿ རྦད་ཛ་ཁུག་ཛ་ཨང་ཀུ་ཤ་ཛཿ ཞེས་པས་ཁྲོ་ཆུ་དང་ཉུང་དཀར་བསྔགས་ལ་ཐུན་གྱིས་བྲབ་བོ། །རྟགས་ནི། བུ་ཆུང་གཡང་ལ་སྒྲིལ་བ་དང་། ཁང་པ་འོད་ཀྱིས་གང་བ་དང་། ཆག་ཕྱེ་ཕྱི་ལ་འཇལ་བ་རྨིས་ན་འགྲུབ་རྟགས་ཡིན་པས། ལིངྒ་སྤྲེའུ་དང་ཕྱི་བ་ཕོ་མོའི་སྤུས་དྲིལ་ལ་ཤི་ལྟེབ་བྱ། ཁྱི་ལུག་ཕག་གསུམ་གྱི་ལྟག་པའི་རུས་པའང་རྙེད་ན་ལྷན་ཅིག་རེ་བས་དྲིལ་ལ་ཚོན་སྐུད་སྣ་ལྔས་བཅིང་། ར་རུ་ལ་སོགས་པར་བཅུག་ལ། ལམ་པོ་ཆེའི་གཞི་མདོ་ལ་སོགས་པར་ལྟོ་འཕྱེ་བརྟགས་ལ་གནན་ནོ། །ལིངྒ་ནི་ཁྱི་ལུག་ཕག་གི་མགོ་ཅན་ལ་ལུས་མི་ཡན་ལག་བཅིངས་པ་སྤྱི་འགྲོ་ལྟར་བྲི། དེའི་མཐའ་ལ་སྔགས་ཀྱིས་བསྐོར་རོ། །སྒབ་འདྲེ་གནན་ཐབས་ཤིན་ཏུ་ཟབ་བོ། །ཀིང་ཀང་ཡབ་ཡུམ་འཇིག་རྟེན་ལས་མ་འདས་པའི་ལྷར་འདོད་པ་ནི་ཕྱོགས་འདི་ལ་གོམས་འདྲིས་ཆུང་བའི་སྐྱོན་ནོ།། ༈ །།གཞན་ཡང་འདིའི་སྒོ་ནས་དམག་ཟློག་པར་འདོད་ན། དུད་འགྲོ་མགོ་འཐོམ་ཕོག་པའི་ཁྲག་དང་ཀླད་པ་དང་དུག་སྣས་ཉི་མ་ལྡོག་པའི་དུས་ཀྱི་ཚེ་དགྲ་བོའི་དམག་དཔོན་དམག་མི་དང་བཅས་པའི་ལིངྒ་ཅི་ཙམ་འབྱོར་པ་བྲིས་ལ་འབྲུབ་ཁུང་དུ་གཞུག །དགྲ་བོ་དམག་མི་སྡེ་དང་དཔུང་དང་བཅས་པ་རྣམས་ཀྱི་ཀླད་ཁུང་དུ་མུན་པའི་གཡུང་དྲུང་ནག་པོ་གློག་ལྟར་འཁྱུག་པ་ཆེ་བ་ཞིག་བསམ། དེའི་སྟེང་དུ་ཧཱུྃ་དམར་པོ་ཚ་ལ་རྩུབ་པ་གཅིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བོ་སྡེ་ཚན་དམག་མི་དང་བཅས་པའི་སྙིང་དཀྱིལ་དུ་ཕོག་སྟེ། རྣམ་ཤེས་དྲན་རིག་དང་བཅས་པ་བསྡུས་ཏེ་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཡ་མ་རཱ་ཛ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཅེར་བུ་རྒྱན་མེད་པ། གཡས་མུན་པའི་གཡུང་དྲུང་བསྐོར་བ་བསྣམས་པས་དགྲ་བོའི་དམག་མི་རྣམས་ཀྱི་མགོ་དང་རྣམ་ཤེས་ཐམས་ཅད་སྒོར་རོ་རོ་གཡས་སུ་བསྐོར་བ། གཡོན་པས་རེ་བ་ནག་པོའི་གཡབ་མོ་བརྡབ་པས་དམག་མི་དང་བཅས་པ་ཐམས་ཅད་ཀྱི་རྣམ་ཤེས་ཚོགས་དྲུག་ནག་འཐིབས་བཏང་ནས་མྱོས་པར་བསམ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་དགྲ་བོ་ཆེ་གེ་མོའི་དབང་པོ་རྣམ་ཤེས་ཐམས་ཅད་ཛཿཧཱུྃ་བཾ་ཧོཿཁུག་ཅིག་སྐོར་ཅིག །ཅེས་ཐུན་མགོ་ལ་བརྒྱ་རྩ་བརྒྱད་བཟླས་ལ་དགུག་གཞུག་བྱའོ། ཨོཾ་ཀིང་ཀང་ཁ་ཐུན་ཧཱུྃ། དགྲ་བོ་ཐུམ་ནྲི་མྱོགས་སྒྲིབས། ཝཱ་ཀ་སཏྭམྦྷ་ཡ་བིགྷྣཱན་དགྲ་བོ་ཐུམ། དེ་ཤོ་དེ་ཤམ་བྱུར་བྲུབས། བི་ཤ་ཙཀྲ། ཧ་ལ་ཧ་ལ། ཧབ་ཏ་ཧབ་ཏ། ཧལ་ཏ་ཧལ་ཏ། ཧཱུྃ་ས་མ་ཡ་སྒྲིབས་ཧྲིང་། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། ཧཱུྃ་ཧཱུྃ་ལཾ་ལཾ། ཧཱུྃ་ལཾ་ཐུཾ་ལཾ། དགྲ་བོ་དགྲ་སྲི་སཏྭཾ་བྷ་ཡ་ནན། མཱ་ར་ཡ་བྱུར་ནན། ཧྲཱིཿཥྚྀ་ཝི་ཀྲཱི་ཏ་ན་ན་ཥྚྀ་བྷ་ཏ་ཡ་རྦད་སོད། མཱ་ར་ཡ་རྦད་ནན། དགྲ་བོ་དགྲ་སྲི་བྷནྡྷ་བྷནྡྷ་ཁུག་ཛ་ཛཿ ཞེས་བཟླ་ཞིང་། དགྲ་བོ་སྡེ་ཚན་དམག་དང་བཅས་པ་རྣམས་ཀྱི་དབང་པོ་རྣམ་པར་ཤེས་པ་ཐམས་ཅད་མུན་པའི་གཡུང་དྲུང་གིས་བསྐོར་བས་མིག་ལོང་། རྣ་བ་འོན། ལྕེ་དིག །ཚོར་བ་འགགས་ནས་མྱོས་འཐིབས་འཐིབས་བྱས་ནས་ས་རིམ་པ་དགུའི་འོག་ཏུ་སོང་། དེའི་སྟེང་དུ་འབྱུང་བ་རིམ་པ་ལྔ་བརྩེགས་ནས་མནན་པར་བསམ། དགྲ་དང་དམག་རྣམས་རང་གར་འདུག་པའི་ས་ཕྱོགས་དང་ཡུལ་གྲོང་ཐམས་ཅད་དུ་འོང་བ་མེད་ཅིང་ལྕགས་ཀྱི་དྲྭ་བས་ཕར་ལ་བཏུམ། ཕ་རོལ་པོ་གར་འགྲོ་ཆ་མེད་མགོ་དང་དབང་པོ་དྲན་རིག་ཐམས་ཅད་ནག་འཐིབས་སོང་ནས་ལམ་ནོར་ཏེ། ས་རིམ་པ་དགུའི་འོག་ནས་ནམ་ཡང་ཐར་པའི་དུས་མེད་པར་བསམ་མོ། །ཐལ་མོ་བརྡབ་ཅིང་དམོད་པ་གཞུང་ལྟར་བརྗོད། འདི་ནི་མ་ཡེངས་བརྩོན་པས་བསྒྲུབ་པ་ན། ཕ་རོལ་དམག་ཚོགས་རྣམས་ཀྱི་མགོ་འཁོར། བསམ་པ་བསྒྱུར། ང་རྒྱལ་ཞི། ལུས་མྱོས་པ་དང་ནད་སྣ་ཚོགས་འབྱུང་ཞིང་། འཁྲུ་སྐྱུགས་དྲག་པོས་འཆི་བ་དང་། བཟློག་པར་འགྱུར་རོ། །འདིའི་ལིངྒའི་དཔྲལ་བར་རུས་དང་། ལུས་ཀྱི་རྣམ་ཤེས་སཏྭམྦྷ་ཡ་ནན། སྐེ་ལ་ཆེ་གེ་མོའི་ངག་སཏྭམྦྷ་ཡ་ནན། སྙིང་གར་ནྲི་ཛ་ཁ་སྤྲོད་ཀྱི་མཐར་མིང་དང་། བློ་ཕུང་དུ་ཆུགས་ཤིག །དམག་ཕུང་དུ་ཆུགས་ཤིག །ཅེས་སོགས་དམོད་མོ་བྲི། འདོམས་སུ་སྲོག་ལུས་དབང་ཐང་ཀླུང་རྟ་ སཏྭམྦྷུ་ཡ་ནན། མཚན་མ་ལ། ཆེ་གེ་མོའི་སྐྱེ་བ་སཏྭམྦྷ་ཡ་ནན། བྲང་ཀ་གཡས་པའི་ཐད་དུ། ཆེ་གེའི་འདུ་ཤེས་སཏྭམྦྷུ་ཡ་ནན། གཡོན་དུ། འདུ་བྱེད་སཏྭམྦྷུ་ཡ་ནན། ལག་མགོ་གཡས་སུ། ཆེ་གེའི་ལག་པ་སཏྭམྦྷ་ཡ་ནན། གཡོན་དུ། ཆེ་གེ་མོའི་འདོད་པ་སཏྭམྦྷ་ཡ་ནན། ལག་ངར་གཡས་གཡོན་དུ་ཡུམ་ཤེ་ཆིངས། དཔུང་པ་གཡས་སུ། ཆེ་གེའི་རྨི་ལམ་སཏྭམྦྷུ་ཡ་ནན། གཡོན་དུ། ཆེ་གེའི་དཔུང་པ་སཏྭམྦྷ་ཡ་ནན། རྐང་ངར་གཉིས་ལ། ཆེ་གེ་མོའི་རྐང་ངར་སཏྭམྦྷ་ཡ་ནན། གཡས་སུ། ལོ་དང་ཟླ་བ་ལ་ལངས་པའི་དགྲ་བོ་སཏྭམྦྷུ་ཡ་ནན། གཡོན་དུ། ཞག་དང་ཟ་མ་ལ་ལངས་པའི་དགྲ་བོ་སཏྭམྦྷུ་ཡ་ནན། མདུན་དུ། སྲོག་ལུས་དབང་ཐང་ཀླུང་རྟ་སྡེ་བཞི་ལ་ལངས་པའི་དགྲ་བོ་སཏྭམྦྷ་ཡ་ནན། རྐང་མཐིལ་དུ་ཡཾ། མཐའ་མར་སྦྲུལ། དེའི་ཕྱིར་སྔགས་དང་དམོད་པས་བསྐོར། དེའི་མཐར་ཛ་དང་ཁྲམ་གྱིས་བསྐོར་རོ།། །།དཔལ་ལྡན་གཤིན་རྗེ་གཤེད་པོ་ཀིང་ཀང་གི །དགྲ་བྲུབ་ལག་ལེན་དམར་ཁྲིད་རབ་གསལ་བ། །སྙན་བརྒྱུད་གསང་བར་གདམས་པ་བདག་གིས་བསྡེབས། །གང་ཞིག་མཐོང་བ་ཙམ་གྱིས་རྟོགས་པ་འདི། །གཞན་ལ་ལྷག་པའི་བསམ་པ་བཟང་པོས་བཀོད། །འདི་ལ་བདག་བློའི་ཉེས་པས་གོས་པ་མེད། །མན་ངག་ཇི་བཞིན་གསལ་བར་བཀོད་པ་འདིས། །སངས་རྒྱས་བསྟན་དགྲ་ཐལ་བར་བརླག་གྱུར་ཅིག །འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་གི་དགྲ་བྲུབ་ལག་ལེན་གསལ་བྱེད་ལས་ཀྱི་རླུང་དམར་ཞེས་བྱ་བ། སངས་རྒྱས་དངོས་དང་མཚུངས་པའི་བླ་མ་རྣམས་ཀྱི་གསུང་གི་འོད་ཟེར་ལས་བློའི་སྣང་བ་ཐོབ་པ། གདོང་གི་བཙུན་པ་༼སོག་ཟློག་པ།༽་་་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཟིན་བྲིས་སུ་བཀོད་པའོ། །དགེ་བས་བསྟན་པའི་དགྲ་བོ་ཐལ་བར་བརླག་པར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །།

འཆི་བ་བསླུ་བའི་ཆོ་ག་འཆི་བདག་དཔུང་འཇོམས་ (Volume 24, Text 27)

༄༅། །འཆི་བ་བསླུ་བའི་ཆོ་ག་འཆི་བདག་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ། ། ཨ་མཱ་ར་སིདྡྷི་རསྟུ། སྟོབས་བཅུའི་སྟོབས་ཀྱིས་འཆི་བདག་དཔུང་བཅོམ་ནས། །འཆི་མེད་ཡེ་ཤེས་བདུད་རྩིས་ཚེ་ཡི་སྲོག །རྡོ་རྗེའི་ཁམས་སུ་རྒྱས་འདེབས་གར་དབང་ལྷར། །བཏུད་ནས་འཆི་བདག་ཟློག་བྱེད་ཆོ་ག་བཤད། །འདིར་གར་དབང་ཚེ་དཔག་ཏུ་མེད་པའི་ཆོ་ག་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་སྒྲུབ་པ་ལ། དགོས་དོན་གང་གི་ཆེད་དུ་བྱ་བ་དང་། ཇི་ལྟར་བྱ་བའི་ཆོ་ག་བཤད་པའོ། །དང་པོ་ནི། འཆི་བ་བརྟག་པ་སྟེ་དངོས་དང་རྨི་ལམ་ལ་བརྟག་པའོ། །དངོས་ལ་བརྟག་པ་ནི་གློ་བུར་དུ་ལུས་ཀྱི་བྱད་དང་མཐུ་ཉམས་ཤིང་མདངས་ཤོར་བ་དང་སྐྱོན་ཡོན་གྱི་སྤྱོད་ལམ་སྔར་ལས་འགྱུར་བ་དང་། ཚེ་གཟུགས་ཉམས་ཤིང་མི་གསལ་བ་དང་། རླུང་གི་རྒྱུ་བ་དྲག་དལ་མི་སྙོམས་ཤིང་རྔམས་པ་རྒོད་པ། སྣའི་རླུང་ཕལ་ཆེར་གཡས་ནས་རྒྱུ་བའམ་མཉམ་པར་རྒྱུ་བ་དང་། དོན་མེད་དུ་ཡིད་མི་བདེ་ཞིང་ཆགས་སྡང་གི་ཡུལ་ལ་སྔར་ལས་སྣང་བ་འགྱུར་བ་དང་། ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ་སོགས་སོ། །རྨི་ལམ་ལ་བརྟག་པ་ནི། ཉི་ཟླ་ནུབ་ཅིང་མུན་སྲོད་པ་དང་། ཡིད་མི་བདེ་བས་གཅིག་པུར་ལྷོ་ཕྱོགས་སུ་འགྲོ་ཞིང་བོང་བུ་དང་རྔ་མོང་མ་ཧེ་ལ་ཞོན་པ་དང་། གནས་འཚོལ་ཞིང་གཤིན་པོ་དང་ཕྲད་ནས་བཟའ་བཏུང་བྱེད་པ་དང་། གོས་དང་ཕྲེང་བ་དམར་པོས་བརྒྱན་པ་སོགས་ཤས་ཆེར་རྨིས་ན་འཆི་བའི་ལྟས་སོ། །དེ་ཡང་མེ་ཏོག་ལས་འབྲས་བུ་དང་དུ་བ་ལས་མེ་དང་སྤྲིན་ལས་ཆར་པ་འབྱུང་བ་བཞིན་འཆི་བའི་སྔ་རོལ་དུ་འཆི་ལྟས་འབྱུང་བས་སོ། །གཉིས་པ་ཇི་ལྟར་བསླུ་བའི་ཆོ་ག་བཤད་པ་ལ་སྤྱིར་བསླུ་བ་དང་ཁྱད་པར་དུ་བསླུ་བ་གཉིས་ལས། དང་པོ་སྤྱིར་བསླུ་བ་ནི། རང་གི་འབྱོར་པ་ཅི་ཡོད་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། ཚོགས་འཁོར། སྐོང་བཤགས། སྦྱིན་གཏོང་། སཱཙྪ་གདབ་པ་ཉེའུ་འདོན་སྲོག་བསླུ་ཚེ་སྒྲུབ་འབྱུང་བའི་རྟེན་འབྲེལ་སོགས་སྤྱི་དང་། བྱེ་བྲག་གིས་བསླུ་བའི་ཐབས་གསུངས་པ་རྣམས་བསླུས་པའི་མཚན་མ་མ་མཐོང་གི་བར་དུ་འབད་པར་བྱའོ། །གཉིས་པ་ཁྱད་པར་དུ་བསླུ་བ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་དངོས་གཞི་ཆོ་གའི་ཁྲིགས་བཤད་པའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཚེའི་དཀྱིལ་འཁོར་གང་དུ་བཅས་པ་དེའི་ལྷོ་ཕྱོགས་སུ་འདིའི་ཡོ་བྱད་རྣམས་བཤམ་མོ། །དེ་ཡང་རོ་ཐལ་བྲ་ནག་ཚིག་ནག་གི་ཕྱེ་རྣམས་ས་ནག་དང་བསྲེས་པ་དུག་སྣ་དང་ཁྲག་སྣ་སྦྱར་བའི་ཆུས་སྦྲུས་པ་ལ་འཆི་བདག་གི་གཟུགས་ཁ་དོག་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པ། ཁ་གདངས་ཤིང་མཆེ་བ་གཙིགས་པ་མི་སྡུག་པའི་རྣམ་འགྱུར་ཅན་མི་ལྤགས་ཀྱི་གོས་དང་སྟག་ཤམ་སོགས་འཇིགས་པའི་ཆས་ཅན་གདོང་ཅུང་ཟད་སྨད་དེ་འདུག་པའི་རྣམ་པ་ཅན་དུ་བྱས་པའི་ལྟོ་བར་སྲིད་པའི་འཁོར་ལོ་བཅུག་པ། དུར་གཡམ་ལ་རོ་སོལ་གྱིས་ཆོས་འབྱུང་བྲིས་པའི་ཁར་བཞག་པའི་འོག་ཏུ་རེ་བ་ནག་པོའི་སྟན་འདིང་། དེའི་མདུན་དུ་དུག་གི་མེ་ཏོག །ཉའི་བསུར། ཚིལ་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། འབྲུ་ནག་དང་ཤ་ཆེན་གྱི་ཞལ་ཟས་ཏེ་ཉེར་སྤྱོད་ལྔ་བཤམ། དེའི་མདུན་དུ་ཁམ་ཕོར་བཅུའི་ནང་དུ་ཟན་ཆངས་བཅུ་བཅུ་ལ་ཉ་ཤ་དང་ཤ་རྗེན་སྲན་ཆན་ཁྲག་དང་ཁུར་བ་ཐུག་པ་དང་སྒོག་བཙོང་ཞོ་མར་བུ་རམ་ལ་སོགས་པས་བརྒྱན་པ་བཅུ་ཚར་དང་། དེ་རྣམས་ཀྱི་གསོག་སྣོད་ལྕགས་སླང་གཅིག་དང་བཅས་པ་བཞག །ལས་སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱའི་ལུས་ཐམས་ཅད་དམ་ཡན་ལག་ལྔ་བཀྲུས་པའི་ཁྲུས་ཁུས་འབྲུ་སྣ་སྔའི་ངར་ཕྱེ་སྦྲུས་པའི་ཟན་ལ་དེའི་གཟུགས་རྩེ་ཁྲུ་གང་པ་སྐྱེ་མཆེད་དོད་པ་ཞིག་བྱས་ལ། དེའི་ལྟོ་བར་འབྱུང་བཞིའི་འཁོར་ལོ་རབ་གནས་ཅན་བཅུག །སྤྱི་བོ་དང་ཕྱོགས་བཞིར་མར་མེ་ལྔ་བཀོད། ཕྲག་པ་གཡས་གཡོན་ལ་སྟག་པ་དང་གླང་མའི་བྱང་བུ་ལ་འཆི་བདག་ཕོ་མོའི་ཁྲམ་བྲིས་པ་བཙུག་གོས་དང་རྒྱན་བཏགས་པ་གཞི་གཙང་མའི་ཁར་ཀུ་ཤའི་སྟན་ལ་བཞག །དེའི་མཐའ་སྐོར་དུ་རིན་ཆེན་སྣ་ཚོགས་དང་འབྲུ་སྣ་ཤ་མར་བུ་རམ་སྨན་སྣ་དར་ཟབ་ཚོས་དང་ཚྭ་སོགས་རྫོངས་ཆས་ཀྱི་དཀོར་ཆ་ཇི་ལྟར་འབྱོར་པ་བཤམ། དཀྱིལ་འཁོར་དང་ཉེ་བར་སློབ་དཔོན་འཁོད་པའི་མདུན་དུ་བསྒྲུབ་བྱ་སློབ་དཔོན་ལ་ཕྱོགས་ཏེ་རེ་བ་ནག་པོའི་སྟན་ལ་བཞག་པ་ཚོན་སྐུད་སྣ་ལྔས་ལན་བཅུ་དཀྲིས་པའི་སྣེ་མོ་གཤིན་རྗེའི་གཟུགས་ཀྱི་ལག་ཏུ་གཏད། གཞན་ཡང་འོག་ཏུ་དགོས་པའི་གོས་སྟན་དཀར་པོ་དང་མེ་ཏོག་དཀར་པོ་སོགས་ཤིས་པའི་རྫས་རྣམས་ཀྱང་བཤམ་མོ། །གཉིས་པ་ཆོག་ཁྲིགས་ལ་རྩ་བའི་དཀྱིལ་འཁོར་སྒྲུབ་པ་དང་། ཁྱད་པར་གྱི་ཆོ་ག་གཉིས་ལས། དང་པོ་ནི། རྩ་བའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་སྔོན་གཏོར་ནས་བརྩམ་སྟེ་ཚེ་འགུགས་བསྟིམ་གྱི་བར་ཚེ་ཆོག་བདུད་རྩིའི་ཆར་འབེབ་བཞིན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བསྔོ་དགོས་པ་རྣམས་དང་ཚོགས་ཀྱི་མཆོད་པ་བྱེད་ན་ཡང་སྐབས་འདིར་བྱའོ། །གཉིས་པ་ཁྱད་པར་གྱི་ཆོ་ག་ལ་དགུ་ལས། དང་པོ་རྫས་བྱིན་གྱིས་རློབ་པ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་དངོས་པོ་མཁོ་དགུ་ཚང་ཞིང་བཟང་དགུས་འབྱོར་པ་དགྱེས་དགུར་སྤེལ་བའི་མཐུན་རྫས་ཀྱི་ཚོགས་དང་བཅས་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་རྒྱུན་ཆད་མེད་པར་འབྱུང་བ། འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་སྤྱིར་བྱིན་གྱིས་བརླབས་ནས་ཁྱད་པར་དུ། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལན་གསུམ་བརྗོད་པས། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པ་ཚིགས་ཟུར་བཅགས་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཐལ་མོ་སྦྱར་བ་ཕྱིར་སྐྱེད་མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་འཇོག་པ་བདུད་རྩི་ཐབ་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། གཡས་རྡོ་རྗེ་ཁུ་ཚུར་བཅང་པའི་མཛུབ་མོ་སྒྲེང་། གཡོན་ས་གནོན་བྱ་བ་རྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་ཚུལ་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་སྤྱོད་པར་གྱུར། ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་མཁྲིག་མ་སྦྱར་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་པ་སྤྱི་བོར་འཇོག་པ་དབང་བསྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་ནཱཾ་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གིས་དབང་དུ་གྱུར་པར་བསམ་ཞིང་སྔགས་རྣམས་ལན་གསུམ་གསུམ་བརྗོད་ཅིང་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱའོ། ན་མོཿ བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །གཉིས་པ་མགྲོན་དགུག་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་བཅོས་ལྡན་འདས་པདྨ་གར་དབང་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བསྒྲུབ་བྱ་ཆེ་གེ་མོའི་ཚེ་སྲོག་ལ་བར་དུ་གཅོད་པའི་འཆི་བདག་གཤིན་རྗེའི་དཔུང་ཚོགས་འཁོར་དང་བཅས་པ་ཐམས་ཅད་གཟུགས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྴ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱུགས་པའི་སྒྲ་དང་ཉའི་བསུར་དུད་དང་བཅས་པས་ཡིད་ཆེས་པར་བཀུག་ནས་གཟུགས་བརྙན་གཤིན་རྗེ་དངོས་སུ་གསལ་བ་ལ་མེ་ཏོག་སོགས་ཉེར་སྤྱོད་ལྔ་སྦྱིན་ནོ། །གསུམ་པ་བདེན་པའི་སྟོབས་ཀྱིས་བཀའ་བསྒོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཨོཾ༔ གང་དག་ཆོས་རྣམས་ཐམས་ཅད་ཀྱི༔ རྒྱུ་དང་འབྲས་བུའི་མཚན་ཉིད་ནི༔ མངར་དང་ཁ་བའི་ས་བོན་ལས༔ འབྲས་བུ་སོ་སོར་སྨིན་པ་བཞིན༔ དགེ་དང་མི་དགེའི་ལས་རྣམས་ཀྱི༔ འབྲས་བུ་ཡང་ནི་དེ་བཞིན་ཏེ༔ དེ་བས་ཞེ་སྡང་གདུག་རྩུབ་སོགས༔ མི་དགེའི་ལས་རྣམས་ཀུན་སྤོངས་ལ༔ ཞི་ཞིང་བྱམས་པའི་སེམས་ཀྱིས་ནི༔ འགྲོ་བ་འདི་ལ་ཕན་མཛད་གསོལ༔ ཞེས་བརྗོད་པས་དེ་རྣམས་གདུག་རྩུབ་ཀྱི་བསམ་པ་ཞི་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཇི་ལྟར་བསྒོ་བའི་བཀའ་ནོད་ཅིང་གཏོར་མ་ལེན་པར་བསམ་མོ། །བཞི་པ་གཏོར་མ་བསྔོ་བ་ནི། གཏོར་མ་བཅུ་ཚན་ཤམ་པ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་བརླབས་ཏེ་གཏོར་མ་དང་པོ་ལ་དམིགས་ནས། རང་གི་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩི་འབྱུང་བའི་ཨོཾ་དཀར་པོ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པ་གཏོར་མ་དང་འདྲེས་ནས་འཆི་བདག་འཁོར་བཅས་ཀྱིས་གསོལ་བས་མཉེས་ཤིང་ཚིམ་པར་བསམ་ལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་ཚར་བཅུས་ཚིམས་པར་བསྔོས་པའི་མཐར་བསྒྲུབ་བྱ་ལ་བསྐོར་ཞིང་། ཨོཾ༔ འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་དམ་པ་འདི་བཞེས་ལ་ཆེ་གེ་མོ་འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ ཞེས་གཏོར་མ་གསོག་སྣོད་དུ་བཞག་ལ། དེ་ནས་རྩ་སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཛྭ་ར་དུཥྚཱཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་བཟླས་ནས་རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོས་བསྒྲུབ་བྱ་ལ་བྱབས་ནས་གླུད་ལ་བསྟིམ་ཚུལ་བྱས་ལ། སྔར་བཞིན་བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བསྒྲུབ་བྱ་ཆེ་གེ་མོ་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག༔ གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་གྱུར་ཅིག༔ ཅེས་བརྗོད་པས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ལུས་ལས་དུ་རླངས་ཀྱི་རྣམ་པས་ཐོན་ནས་གླུད་ལ་ཐིམ་པར་བསམ་ཞིང་ལས་ཀྱི་རྡོ་རྗེས་བསྒྲུབ་བྱ་བཅིངས་པའི་ཚོན་སྐུད་རིམ་པ་གཅིག་བཀྲོལ་ནས་གླུད་ལ་དཀྲི་ཞིང་བྱང་བུའི་ཁྲམ་རིས་གཅིག་བསྲུབ། དེ་བཞིན་དུ་གཏོར་མ་གཉིས་པ་ནས་བཅུ་པའི་བར་དུ་བསྔོ་བ་དང་ལས་འཆོལ་བ་དང་ཞགས་པ་འགྲོལ་བ་དང་། ཁྲམ་བསལ་བ་རྣམས་སྔར་ལྟར་ཤེས་པར་བྱའོ། །ལྔ་པ་གླུད་བསྔོ་བ་ནི། སླར་ཡང་ངར་གླུད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞུ་བ་ལས་བྱུང་བའི་ངར་མི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྫོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་དཀོར་ནོར་དང་བཅས་པར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཧཱུྃ༔ འབྲུ་བཟང་ངར་གྱི་མི་བོ་ཆེ༔ ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ༔ རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན༔ གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ཀྱི་རྟོག་དཔྱོད་ཧྲིག་གེ་ཧྲིག༔ མཛེས་པའི་གོས་རྒྱན་པུ་རུ་རུ༔ བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོས་ཉིད་རོལ་པའི་མཐུ་ལས་གྲུབ༔ མི་བས་གླུད་དགའ་བཞེས་སུ་གསོལ༔ བཞེས་ནས་བསྒྲུབ་བྱ་འདི་ཉིད་ལ༔ གདུག་རྩུབ་སེམས་ཀྱི་ཁྲོ་བ་སྤོངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་ཤི་བ་གསོས༔ ཞི་དང་བྱམས་པའི་སེམས་ཀྱིས་ནི༔ འཆི་བའི་འཇིགས་པ་ཞི་བར་མཛོད༔ ཅེས་བསྒྲུབ་བྱའི་ལོ་གྲངས་ལ་སོགས་པ་བསྔོ་ཞིང་བསྐོར་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་བཀོད། དྲུག་པ་དཀོར་ཆའི་རྫོངས་འདེབས་པ་ནི། རྫོངས་ཆས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས་བསྔོས་ཏེ། དེ་ཡང་འདིར་མ་བཤད་ཀྱང་རིགས་མཐུན་གྱི་ཆོ་ག་གཞན་ལས་འབྱུང་བ་ལྟར་ན་རྫས་འཇལ་བྱེད་ཀྱི་བྲེ་སྲང་ཆུང་ངུ་རེ་བཅས་པའི་བྲེ་ལ། ཨོཾ་ཨསྨ་སརྦ་པརྩི་མུར་ཏི་ཐིབས་སྭཱ་ཧཱ༔ ཞེས་བྲེ་ལ་བྲིས་ཤིང་ཉེར་གཅིག་བཟླས་ནས་གདབ། དེ་བཞིན་དུ་བཅད་ཤིང་སྔགས། ཨོཾ་ཐིབས་ཏ་མཐོང་བའི་རྒྱལ་པོ་སྭཱ་ཧཱ༔ ཞེས་ཚར་ལྔ་བཟླས་ཏེ་བཏབ། སྲང་ལ། ཨོཾ་མ་ཏི་སྤཱ་མ་ནི་ཏན་ཐིབས་སྭཱ་ཧཱ༔ ཞེས་བྲིས་ཤིང་ལན་གསུམ་བཟླས་ནས་བཏབ། འབྲུ་སོགས་བྲེས་གཞལ་བར་འོས་པ་རྣམས་གཞལ་ཞིང་། ཧོ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་འབྲུ་སྣ་ལྔ་སོགས་ལོངས་སྤྱོད་ཀྱི་དངོས་པོ་བྲེ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ། །བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་གྲངས་ཀྱི་ཚེ་མཆོད་གཡོག་གིས་དེ་ལྟར་གཞལ་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་སྤུངས་ནས་འཇོག །དེ་བཞིན་དུ་ཤ་མར་བུ་རམ་སོགས་སྲང་ལ་འཇལ་འོས་རྣམས་གཞལ་ནས། ཧོ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཤ་མར་བུ་རམ་སོགས་ལོངས་སྤྱོད་ཀྱི་དངོས་པོ་སྲང་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ། །བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་སྔར་བཞིན་ཕུལ་ནས། སླར་ཡང་། ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་ལ༔ མཐུན་པའི་དཀོར་ཆ་རྫོངས་སུ་འདེབས༔ འདོད་ཡོན་རིན་ཆེན་སྣ་ལྔ་དང༔ འབྲུ་དང་ཤ་མར་བུ་རམ་ཐུད༔ ཆན་དང་ཁུར་བ་མར་མེ་དང༔ སྨན་དང་སྤོས་དང་དར་ཟབ་དང༔ གོས་དང་རྒྱན་ཆ་དུ་མར་བཅས༔ འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་འདི༔ དེང་གི་བསྒྲུབ་བྱ་འདི་ཉིད་ཀྱིས༔ འཆི་བདག་འཁོར་བཅས་སྤྱན་ལམ་དུ༔ མི་ཤེས་པ་དང་བག་མེད་པས༔ ཉེས་ཤིང་འགལ་བ་གང་བགྱིས་པ༔ ནོངས་ཤིང་བཤགས་པའི་སྐོང་དུ་འབུལ༔ སྲོག་གི་རིན་དང་གླུད་དུ་འབུལ༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་ལོ་བཞེས་ཤིང་བསྣམས་ནས་ཀྱང༔ ཐུགས་ཀྱི་བརྣགས་པ་ཞི་བ་དང༔ ཞི་དང་ཕན་པའི་བསམ་པ་ཡིས༔ འཆི་བའི་འཇིགས་པ་བསལ་དུ་གསོལ༔ ཞེས་བརྗོད་ཅིང་རྫོངས་ཆས་རྣམས་མ་ལུས་པར་གཟུགས་ཀྱི་མཐར་སྤུང་ངོ་། །བདུན་པ་ཁྲུས་བྱ་བ་ནི། དེ་ནས་སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱ་ལ་ཁྲུས་བྱས་པས་འཆི་བའི་འཇིགས་པ་ཐམས་ཅད་ཁྲུས་ཁུ་དང་ལྷན་ཅིག་ནག་འདུར་གྱིས་འཐོན་ནས་གླུད་ལ་ཐིམ་པས་འཆི་བའི་འཇིགས་པ་ལས་ཐར་བར་བསམ་མོ། །བརྒྱད་པ་ཡས་སྐྱེལ་བ་ནི། འཆི་བདག་གི་གཟུགས་ཁ་ལྷོ་ཕྱོགས་སུ་བསྒྱུར་བའི་མཐར་རྫོངས་ཆས་རྣམས་ཀྱང་གསར་ལ། ཡི་དམ་གྱི་ང་རྒྱལ་དྲག་པོ་དང་ལྡན་པས་འདི་སྐད་དོ། །ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་རྒྱལ༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་སྟེ༔ ཤི་བ་ཀུན་གྱི་གཤིན་བུ་རྗེ༔ གསོན་པོ་སྐོས་ལ་འདེབས་པ་པོ༔ དགེ་སྡིག་ཤན་ཐང་འབྱེད་པ་པོ༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དེ་རིང་ཡོན་གྱི་བདག་པོ་འདིའི༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ དགྱེས་ཤིང་མགུ་བར་གྱུར་ནས་ཀྱང༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བཀའ་དང་དམ་ལས་མ་འདའ་བར༔ མཆོད་སྦྱིན་བཟང་པོ་འདི་སྣོམས་ལ༔ སོང་ཞིག་གཞན་དུ་འགྲོ་བར་གྱིས༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བདག་ཉིད་ཆེན་པོ་སངས་རྒྱས་བཀའི༔ ཚིག་ལས་འདས་ན་རྡུལ་དུ་རློག༔ དེ་བས་བགེགས་ཆེན་ཁྱོད་སོང་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ ཅེས་བརྗོད་ཅིང་དྲག་སྔགས་བཟླས་གུ་གུལ་གྱིས་བདུག་ཅིང་ཐུན་བྲབ་རོལ་མོ་དང་བཅས་པའི་ཚམ་རྔམ་རྣམས་ཀྱིས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ་ནས་སྲུང་བའི་འཁོར་ལོས་མཚམས་བཅད་དོ། །དགུ་པ་བཀྲ་ཤིས་ཀྱིས་མངའ་གསོལ་བ་ནི། བསྒྲུབ་བྱ་སྟན་དཀར་པོའི་སྟེང་དུ་མེ་ཏོག་དཀར་པོ་བཀྲམ་པ་ལ་བཞག །ཚེ་དཔག་ཏུ་མེད་པར་བསྐྱེད་བསྟིམས་བྱས་ནས། སྙིང་ག་ནས་འཕྲོས་པའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བསྒྲུབ་བྱ་ལ་ཐིམ་པར་བསམ་ཞིང་ཚེ་འགུགས་བྱ། སྔར་བསྒྲུབས་པའི་བུམ་ཆུ་བླུད་དེ། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཚེ་རིལ་དང་ཚེ་ཆང་བྱིན་ལ། ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་ཅིང་རོལ་དུ་བཅུག །རྡོ་རྗེ་སྙིང་གར་གཟུང་སྟེ། ཨོཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ལྷ་དང་འཇིག་རྟེན་སྐྱོང་རྣམས་ཀྱི༔ བདེན་པའི་སྟོབས་དང་གཟི་བརྗིད་ཀྱིས༔ འཆི་བདག་བདུད་ཀྱི་གཡུལ་ངོ་ལས༔ རྒྱལ་བར་གྱུར་ཅིག་དེ་རིང་ཁྱོད༔ མི་འགྱུར་ཚེ་སྲོག་བརྟན་གྱུར་ཅིག༔ ཅེས་མངའ་གསོལ་བས་བསྒྲུབ་བྱ་འདི་ཞེས་བྱ་བའི་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །ཅེས་དང་བཀྲ་ཤིས་ཀྱི་ཚིགས་བཅད་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་དང་བཅས་པས་མཐའ་བརྒྱན་ནོ། །ཡང་འདི་དང་འབྲེལ་བར་ཚེ་དབང་ཉིད་བསྐུར་ན་ཡང་ཤིན་ཏུ་ལེགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་ནི་ལས་གཞུང་བཞིན་ཤེས་པར་བྱའོ། །གཞན་ཡང་ཆོ་ག་འདི་ཉིད་སྒྲུབ་པ་དང་དུས་མཚུངས་པར་རྒྱབ་དཔུང་བསྐྱེད་པའི་ཕྱིར། དཀོན་མཆོག་གི་རྟེན་ལ་མཆོད་འབུལ་བྱ། ཚེ་མདོ་ལ་སོགས་པའི་གཟུངས་མདོ་སྒྲོག །ཆོས་སྐྱོང་ལ་སྐོང་བཤགས་བྱ། ལན་ཆགས་སྦྱོང་བའི་ཆབ་གཏོར་གཏང་། སཱཙྪ་གདབ། ཕོངས་ཤིང་མགོན་མེད་རྣམས་ལ་སྦྱིན་གཏོང་དང་། སྲོག་བསླུ་སོགས་ཅི་འགྲུབ་ཏུ་བྱ་ཞིང་། དེ་དག་སྒྲུབ་མཁན་ཡང་ཁྲིམས་ལྡན་གཙང་སྦྲ་ལ་གནས་པ་དང་ལྷག་པའི་བསམ་པ་དགེ་བ་དག་ཇི་རྙེད་དུ་བྱའོ། །སྔར་བཤད་སྲིད་པའི་འཁོར་ལོ་ཞེས་པ་ནི། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་དབུས་སུ། ཕག་སྤྲུལ་བྱ་རྣམས་བརྩེགས་པ་བྲི། ཕྱི་རིམ་ལིང་ཚེ་དྲུག་ལ། ལྷ་དང་ལྷ་མ་ཡིན་དང་མི་དང་བྱོལ་སོང་ཡི་དྭགས་དམྱལ་བ་རྣམས་ཀྱི་གཟུགས་སམ་མིང་ངམ། ཨ་ཏྲི་ནྲྀ་སུ་པྲེ་དུ་ཞེས་པ་རིམ་བཞིན་བྲི། ཕྱི་རིམ་ལིང་ཚེ་བཅུ་གཉིས་ལ་མ་རིག་པ། འདུ་བྱེད། རྣམ་ཤེས། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་གཟུགས་སམ་མིང་བྲིས་པའོ། །ཡང་འབྱུང་བཞིའི་འཁོར་ལོ་ནི། འཁོར་ལོ་རིམ་པ་གསུམ། ལྟེ་བ། རྩིབས་བཞི། མུ་ཁྱུད་དང་བཅས་པ་ལྔ་ལ་རེ་རེ་བཞིན་ལྟོ་བ་དང་རྩིབས་ལ། ཨེ། ཡཾ། རཾ། ཁཾ། ལཾ་རྣམས་སོ་སོར་བྲི། ཕྱིའི་མུ་ཁྱུད་ལ་དབྱངས་གསལ་བཀོད། འབྱུང་བའི་རང་མདོག་ཏུ་བྱས་པ་ས་བོན་སོ་སོ་ལས་འབྱུང་བ་ལྔའི་ལྷ་མོར་བསྐྱེད་བསྟིམས་མཆོད་ནས་སོ་སོར་རང་སྔགས་ཉེར་གཅིག་རེ་བཟླ། འོད་དུ་ཞུ་བ་ལས་འབྱུང་བ་ལྔར་གྱུར་པར་བསམས་ནས་རྟེན་འབྲེལ་སྙིང་པོའི་རབ་གནས་བྱའོ། །པདྨ་གར་དབང་ཚེའི་སྒྲུབ་པའི་ལས་ཚོགས་ཕྱི་ལྟར་འཆི་བ་བསླུ་བའི་ཆོ་ག་འདི་ནི་གཏེར་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་གནས་སྐབས་ཉེ་བར་མཁོ་བ་ལ་འཇུག་པ་བདེ་བའི་ཆེད་དུ་བཀླག་ཆོག་ཏུ་བཀོད་པ་སྟེ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སོ། །སརྦ་དཱ་མངྒ་ལཾ།། །།

རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་ཐེམ་བྱང་ (Volume 4, Text 27)

<!TCC Tibetan character 3,182 undefined in unicode!>༔ རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་ཐེམ་བྱང་བཞུགས་སོ༔ ༔ སྐུ་གསུམ་ངོ་བོ་རྩ་བ་གསུམ་གྱི་ལྷ༔ འདུ་འབྲལ་མེད་པའི་ངང་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ སྐུ་གསུམ་ཡོངས་རྫོགས་རྩ་གསུམ་གདམས་པའི་སྐོར༔ བསྭེ་སྒྲོམ་ནང་དུ་བྲུབས་ནས་གཏེར་དུ་སྦས༔ གདམས་པའི་ཁ་བྱང་ཐེམས་ཀྱི་ལྡེ་མིག་འདི༔ མ་འོངས་ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཾཐ༔ རྩ་གསུམ་ཡང་གཏེར་གདམས་སྐོར་དང་པོ་ལ༔ སྲོག་གི་དྭངས་མ་བླ་མའི་གསང་སྒྲུབ་དང༔ ཀུན་གྱི་མཐར་ཐུག་ཡི་དམ་བུམ་སྒྲུབ་དང༔ འགྲོ་འདུལ་དབང་སྡུད་དྷཱ་ཀིའི་གནད་སྒྲུབ་དང༔ དབང་སྒྲུབ་ལག་ལེན་བཞི་ཡི་གདམས་པ་ཚང༔ སྐུ་གསུམ་རྒྱ་ཡིས་བསྡམས་ཡོད་ས་མ་ཡ༔ རང་གཞན་གྲོལ་བྱེད་འབྲས་བུའི་དོན་ཁྲིད་ལ༔ མཐའ་རྟེན་ཉམས་ལེན་གོལ་ས་བཅད་ཐབས་དང༔ དཀྱིལ་འཁོར་གསུམ་དང་རྣལ་འབྱོར་བཞི་ལ་སོགས༔ ལམ་མཆོག་ཁྲིད་ཀྱི་རིམ་པ་དེ་ཡི་ཚང༔ ས་མ་ཡ་རྒྱ༔ དེ་དག་ཀུན་ལ་གཅེས་པའི་རྒྱབ་ཆོས་ནི༔ ཚེ་སྒྲུབ་འཕོ་བ་བར་དོའི་ངོ་སྤྲོད་དང༔ སྤྱི་གནད་བླ་རྡོ་ལས་ཚོགས་གནད་འབེབ་དང༔ ལག་ལེན་ཐོ་ཡིག་གཏེར་སྟོན་སྐྱེས་རབས་དང༔ དམ་ཅན་རྡོར་ལེགས་དུག་གི་རེག་གཅོད་དང༔ བྲག་བཙན་དམར་པོའི་ཅོག་བརྡུང་སྤུ་གྲི་སོགས༔ གདམས་སྐོར་བཅོ་བརྒྱད་དག་གི་ཆོས་བཀའ་ཚང༔ སྐུ་གསུང་ཐུགས་ཀྱི་རྒྱ་ཅན་ཐེམས་ཀྱི་སྐོར༔ གསང་བའི་ཁ་བྱང་སྒོ་ལྕགས་ཚུལ་དུ་བཀོད༔ གྲུ་གསུམ་ས་མདུད་ཆུ་འབབས་གཉིས་ཀྱི་བར༔ ལག་སོར་ལྟ་བུའི་གྲོང་དུ་རཏྣའི་མཚན༔ སྦས་པའི་རྣལ་འབྱོར་ཁྱོད་དང་འདི་འཕྲད་ཤོག༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ བརྡ་ཐིམ༔ རྒྱ་རྒྱ་རྒྱ༔ ཨེ་མ་ ཐུགས་གཏེར་ཡང་གཏེར་ཟབ་གཏེར་མང་སྦས་ཏེ༔ ཚེགས་ཆུང་དོན་ཆེ་གྲུབ་རྟགས་འཕྲལ་དུ་འབྱུང༔ མཐར་ཐུག་འདི་ཟབ་སྦས་པ་ཡོད་རེ་ཀན༔ རྒྱ་རྒྱ་རྒྱ༔ ཡང་ནི་ང་ཡི་སྙིང་ནོར་ཟབ་གཏེར་གསུམ༔ མིག་འབྲས་ལྟ་བུ་འབྲས་བུ་དོན་གྱི་ཁྲིད༔ མཐའ་རྟེན་ཉམས་ལེན་མ་བུ་རྒྱབ་ཡིག་ཚང༔ དགོས་པ་ཀུན་འབྱུང་རྒྱལ་པོའི་དཀོར་མཛོད་འདྲ༔ སྣ་རེས་གང་ཟག་རེ་ཡི་ཆ་རྐྱེན་རྫོགས༔ དངོས་གྲུབ་ཀུན་འབྱུང་བླ་མའི་ཐུགས་སྒྲུབ་བྱ༔ བདག་གཞན་ཀུན་དོན་ཐུགས་རྗེ་ཆེན་པོ་བསྒྲུབ༔ གདུལ་བྱ་འགྲོ་འདུལ་དྷཱ་ཀི་ཐོད་རྒལ་བསྒྲུབ༔ སྙན་གྲགས་དབང་སྡུད་དྷཱ་ཀིའི་ལས་ཚོགས་བསྒྲུབ༔ གདུལ་བྱ་འགྲོ་འདུལ་དབང་གིས་སྨིན་པར་གྱིས༔ ཚེ་གཅིག་སངས་རྒྱས་ཐུག་འཕྲད་ཁྲིད་སྐོར་བསྟན༔ གཤིན་རྗེས་ཟིན་ཀྱང་ཟློག་ནུས་ཚེ་སྒྲུབ་དང༔ ཡོད་པས་སངས་རྒྱས་འཕོ་བ་ལམ་འཇུག་ཆོས༔ ཤེས་པས་སངས་རྒྱས་ཀུན་གྲོལ་བར་དོའི་ཆོས༔ མཐོང་བས་ཡིད་ཆེས་སྐྱེས་རབས་ལུང་བསྟན་ཏེ༔ རྣལ་འབྱོར་མཚོན་ཆ་དུག་གི་རེག་ཆོད་དང༔ དམོད་པས་ཆོག་པ་ཅོག་རྡུང་སྤུ་གྲིའི་སྐོར༔ ཐེམས་ཡིག་དཀར་ཆག་ལྡེ་མིག་ལུང་བསྟན་སོགས༔ ཐུགས་གཏེར་ལྔ་དང་ཟབ་གཏེར་ཉེར་ལྔ་དང༔ བླ་གཏེར་བརྒྱ་དང་གཏེར་ཕྲན་བསམ་ལས་འདས༔ དེ་དག་ཀུན་གྱི་སྙིང་ཁྲག་འདི་ཁོ་ནའོ༔ འདི་དང་སུ་འཕྲད་ཨོ་རྒྱན་ང་ཡི་སྲས༔ ལུང་ཐོབ་ཙམ་གྱིས་བདེ་བ་ཅན་དུ་འགྲོ༔ ཉམས་སུ་ལེན་པ་རྣམས་ལ་སྨོས་ཅི་དགོས༔ ལྔ་བཅུ་ཁ་རལ་དམག་འཁྲུགས་དར་བའི་དུས༔ སྦས་པའི་རྣལ་འབྱོར་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གཏེར་ཐེམས་བྱང་འདི། སྤྲུལ་སྐུ་རཏྣ་གླིང་པས་ཁྱུང་ཆེན་བྲག་ནས་གདན་དྲངས་པའོ།། རྩ་གསུམ་འབྲས་བུའི་དོན་ཁྲིད་ལས༔ ཕ་དང་འདྲ་བ་བླ་མའི་ཐུགས་སྒྲུབ་བཞུགས་སོ༔ ཡང་གཏེར་རྩ་གསུམ་སྒྲུབ་པའི་སྐོར་རོ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ སྐུ་གསུམ་ཡོངས་རྫོགས་རྩ་བ་གསུམ་ལ་འདུད༔ གསང་བའི་མཛོད་འཛིན་པདྨ་རྒྱལ་སྲས་ངས༔ ང་ཡི་སྙིང་ཁྲག་མཐར་ཐུག་གདམས་པའི་སྐོར༔ མ་འོངས་དོན་ཕྱིར་དཀར་ཆག་ཡི་གེར་བཏབ༔ རིན་ཆེན་ས་ཡི་གཏེར་དུ་སྦས་ནས་ཀྱང༔ ལྔ་བཅུ་ཁ་རལ་དུས་མཐར་ཐུག་པའི་ཚེ༔ སྐལ་ལྡན་ལས་འཕྲོ་ཅན་གྱི་བཙས་སུ་བཞག༔ ང་ཡིས་དབང་བསྐུར་བྱིན་བརླབས་རྗེས་བཟུང་པའི༔ སྦས་པའི་རྣལ་འབྱོར་ཁྱོད་དང་འདི་འཕྲད་ཤོག༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་རྩ་བ་གསུམ་ལས༔ དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མའི་སྒྲུབ་པ་བསྟན་པ་ནི༔ དེ་ཡང་དགོངས་འདུས་ལེའུ་གསུམ་པ་ལས༔ དུས་གསུམ་ངོ་བོ་དེ་བཞིན་གཤེགས༔ སྐུ་གསུམ་རྩ་བ་གསུམ་དངོས་ཉིད༔ ཀུན་གྱི་སྐྱབས་གནས་དངོས་གྲུབ་གཏེར༔ གཙོར་ནི་རྡོ་རྗེ་སློབ་དཔོན་བསྒྲུབ༔ ཅེས་གསུངས་པ་དང༔ མཁའ་འགྲོའི་གསང་མཛོད་ལས༔ ཐ་མལ་ལུས་ལ་མྱང་འདས་ལམ༔ སྦྱོར་བའི་ལམ་སྟོན་དེད་དཔོན་མཆོག༔ དངོས་གྲུབ་ཉེ་ལམ་བླ་མ་བསྒྲུབ༔ ཅེས་པ་དང༔ རིན་ཆེན་སྤུངས་པ་ལས༔ རིག་འཛིན་སློབ་དཔོན་སུས་སྒྲུབ་པ༔ དངོས་གྲུབ་ཚེ་འདིར་རབ་ཐོབ་ནས༔ མྱུར་དུ་ས་ཐོབ་ཐེ་ཚོམ་བྲལ༔ ཞེས་གསུངས་པའི་ཕྱིར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེགས་ཆུང་དོན་ཆེ་ལམ་ཉེ་བའི༔ མཐར་ཐུག་བླ་མའི་ཐུགས་སྒྲུབ་བརྩམས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ རྒྱ།རྒྱ།རྒྱ།༔ <!TCC Tibetan character 3,182 undefined in unicode!> སྐུ་གསུམ་འདུ་འབྲལ་མེད་ལ་ཕྱག་འཚལ་ལོ༔ འདི་ལ་དོན་བཅུ་དང་གསུམ་གྱིས་བསྟན་ཏེ༔ རྟེན་མཆོད་བཤམ་ཞིང་བདག་བསྐྱེད་བྱ༔ རྔ་ཡབ་གནས་ནས་སྤྱན་ཡང་དྲང༔ བཞུགས་གསོལ་མཆོད་དང་གསོལ་བ་གདབ༔ དམིགས་པའི་འཕྲོ་འདུས་འཛབ་ལ་སྦྱར༔ དངོས་གྲུབ་བླང་ཞིང་བློ་བྲལ་བཞག༔ རྣལ་འབྱོར་བསྔོ་བ་སྨོན་ལམ་གདབ༔ ཐོག་མར་རྟེན་མཆོད་བཤམ་པ་ནི༔ དབེན་ཞིང་བཀྲ་ཤིས་ཉམས་དགའ་བར༔ དཀྱིལ་འཁོར་ཀུན་མཐུན་སྟེགས་བུའི་ཁར༔ དྲི་བཟང་བདུད་རྩིས་ཆག་ཆག་གདབ༔ ལྟེ་བར་བུམ་པ་བདུད་རྩིས་བཀང༔ དཀར་གསུམ་བཟང་དྲུག་སྨན་དང་སྦྱར༔ མར་རམ་བུ་རམ་བདུད་རྩི་ཡི༔ རིལ་བུ་ཉི་ཤུ་རྩ་བདུན་བྲུབ༔ འབྲས་ལྡན་ཤིང་གིས་ཁ་བརྒྱན་ཏེ༔ ལེ་བརྒན་མགུལ་ཆིངས་སྣ་ལྔ་ཡི༔ གཟུངས་ཐག་རྡོ་རྗེ་འཛོམ་བྱ་ཞིང༔ རིན་ཆེན་སྣོད་དམ་ཀ་པཱ་ལར༔ གཏོར་མ་བླ་མའི་གཞུང་བཞིན་ལ༔ དཀར་གསུམ་མངར་གསུམ་སྤོད་དང་སྦྱར༔ ཙ་ཀ་ལི་བཀོད་དངོས་སུ་བསྐྱེད༔ བདུད་རྩི་རཀྟ་མཎྜལ་སོགས༔ མདའ་དར་མེ་ལོང་ཐ་མར་བསྐོར༔ ཚོགས་ཀྱི་ཡོ་བྱད་འབྱོར་ཚད་བཤམ༔ བདག་བསྐྱེད་ཐུགས་སྒྲུབ་ལྟ་བུ་ལ༔ འདི་སྐད་གདུང་བས་སྤྱན་ཡང་དྲང༔ ཧཱུྃ༔ རྒྱ་གར་ཨོ་རྒྱན་བསིལ་བའི་ཚལ༔ དྲི་མེད་རྣམ་དག་པད་སྡོང་ལས༔ སྐུ་སྤྲུལ་རྗེ་བཙུན་ཐོད་ཕྲེང་རྩལ༔ གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ༔ རྔ་ཡབ་གླིང་ནས་སྤྱན་འདྲེན་གྱིས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བདག་ཅག་ཁྱེད་ཀྱིས་མི་སྐྱོབ་ན༔ འཁོར་བའི་སྐྱབས་གནས་སུ་ལ་བྱེད༔ སྐུ་ལྔ་མཚན་བརྒྱད་མཁའ་འགྲོའི་ཚོགས༔ གཉིས་མེད་གནས་འདིར་གཤེགས་སུ་གསོལ༔ རྔ་བརྡུང་ཌཱ་དྲིལ་དུང་འབུད་ཅིང༔ གདུང་བའི་དབྱངས་ཀྱི་ང་རོ་ཡིས༔ རིག་པ་མི་ནོན་འཕྱོ་བ་ཙམ༔ ཉམས་ཀྱི་འུར་སྒྲ་དང་བཅས་ཏེ༔ རྔ་ཡབ་གནས་ནས་སྤྱན་དྲངས་པས༔ ཨོ་རྒྱན་རིག་འཛིན་མཁའ་འགྲོ་རྣམས༔ ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ལ༔ གླུ་ལེན་གར་བྱེད་རོལ་མོ་དཀྲོལ༔ འཇའ་དང་འོད་ཀྱི་གུར་ཕུབ་ཅིང༔ མཁའ་འགྲོ་རྣམས་ནི་རུས་རྒྱན་དང༔ དུར་ཁྲོད་ཆས་བརྒྱན་ཌཱ་དྲིལ་ཐོགས༔ ནམ་མཁའ་གང་བའི་གར་སྟབས་བསྒྱུར༔ ས་གཞིར་ལྷ་སྲིན་སྡེ་བརྒྱད་རྣམས༔ འདར་སྔངས་འཕྱོ་ཞིང་འབོག་བརྒྱལ་བྱེད༔ རང་དབང་མེད་པར་བྱོན་པར་བསམ༔ ཙ་ཀ་ལི་དང་བུམ་པ་ལ༔ ཆུ་འདྲེས་བཞིན་དུ་ཐིམ་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ལྷུན་གྲུབ་བདེ་ཆེན་གནས་འདི་རུ༔ རྩ་བ་གསུམ་དང་དམ་ཅན་རྣམས༔ དགྱེས་ཤིང་སྤྲོ་བའི་ཚུལ་དུ་བཞུགས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཞེས་བྱིན་གྱིས་རློབ་ཅིང་བཞུགས་པར་བསམ༔ དེ་ནས་དང་པོ་ཕྱིའི་མཆོད་པ་ནི༔ ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་ལ་སོགས་པའི༔ ཡིད་འོང་མཛེས་སྙན་དབང་པོ་ཚིམ༔ སྟོང་གསུམ་རྡུལ་སྙེད་འཇིག་རྟེན་གྱི༔ མཆོད་སྤྲིན་རྒྱ་མཚོ་བཞེས་སུ་གསོལ༔ ཅེས་པས་ཕྱི་མཆོད་དོ༔ ནང་མཆོད་འབུལ་བ་ནི༔ ཉོན་མོངས་གནས་གྱུར་ཡེ་ཤེས་ཚོགས༔ དུག་ལྔ་གསང་བ་སྐུ་ལྔའི་བདག༔ སྤང་བླང་རྟོག་ཚོགས་རང་གྲོལ་བའི༔ རྣམ་དག་ཀློང་དུ་མཆོད་པར་བཞེས༔ ཞེས་པ་ནང་གིའོ༔ གསང་མཆོད་ནི༔ ཐབས་ཤེས་ཟུང་འཇུག་བདེ་བ་ཆེ༔ བདེ་བ་ཆེན་པོ་བྱང་ཆུབ་ལམ༔ རྣམ་དག་འཛིན་པ་ཀུན་བྲལ་བའི༔ གསང་བའི་མཆོད་པ་བཞེས་སུ་གསོལ༔ དེ་ནས་གདུང་བའི་ང་རོ་ཡིས༔ མཆི་མ་འཁྲུགས་ཤིང་དད་འདུན་གྱིས༔ སྙན་པའི་དབྱངས་དང་བཅས་ནས་ནི༔ གསོལ་འདེབས་འདི་སྐད་གདབ་པར་བྱ༔ འགྲོ་བའི་མགོན་པོ་ཐོད་ཕྲེང་རྩལ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཕྲིན་ལས་ཉིད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ད་ལྟ་ལྔ་བརྒྱའི་ཐ་མ་ལ༔ སྐལ་དམན་བདག་ཅག་མི་སྐྱོབ་ན༔ ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བརྩེ་བས་སྐྱོབས་ཤིག་ཐུགས་རྗེ་ཅན༔ བདག་ཅག་མ་རིག་མུན་པས་འཐིབས༔ ཐུགས་རྗེའི་སྒྲོན་མེ་སྦར་དུ་གསོལ༔ ཞེ་སྡང་དུག་ལྔའི་འདམ་དུ་བྱིང༔ ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ བློ་སྙིང་གཏད་ས་མ་ནོར་བས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་ཁ་ཙམ་མ་ཡིན་པར་བྱའོ༔ དེ་ནས་དམིགས་པ་གསལ་ཞིང་འཛབ་བཟླས་ནི༔ རང་ཉིད་རྟ་ཕག་གསལ་བྱས་ནས༔ སྙིང་ཁར་ཨོ་རྒྱན་ཡབ་ཡུམ་ནི༔ རྡོ་རྗེ་འཆང་དུ་གསལ་བར་བསྐྱེད༔ སྙིང་གའི་པད་འདབ་ཕྱི་ནང་ལས༔ ནང་གི་ལྔ་ལ་སྐུ་ལྔ་སྟེ༔ ཕྱི་ཡི་བརྒྱད་ལ་མཚན་བརྒྱད་བསྐྱེད༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ བདག་ལ་འཇའ་ལྟར་གསལ་བསྐོར་བསམ༔ ཐུགས་ཀའི་འོད་ཟེར་ཁ་དོག་ལྔ༔ བུམ་པའི་ལྷ་ཚོགས་ཐུགས་ཀར་འབྲེལ༔ འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོས༔ སླར་འདུས་བུམ་པའི་ནང་དུ་བྱོན༔ སངས་རྒྱས་བྱང་སེམས་བདུད་རྩིར་ཞུ༔ འོད་ཟེར་གཟུངས་ཐག་དག་ལ་འཁྲིལ༔ བདག་གི་ཐུགས་ཀར་འཁྲིལ་ཞིང་ཐིམ༔ ཐུན་མཚམས་དངོས་གྲུབ་བླང་བ་ནི༔ ལྷ་ཚོགས་ཚོམ་བུའི་ཐུགས་ཀ་ནས༔ ཨཱོཾ་འཕྲོས་བདག་གི་སྤྱི་བོར་ཐིམ༔ བུམ་དབང་ཐོབ་ཅིང་ཚེ་དབང་ཐོབ༔ ཨཱཿའཕྲོས་བདག་གི་མགྲིན་པར་ཐིམ༔ གསང་དབང་ཐོབ་ཅིང་ངག་སྒྲིབ་དག༔ ཧཱུྃ་འཕྲོས་བདག་གི་ཐུགས་ཀར་ཐིམ༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཧྲཱིཿའཕྲོས་བདག་གི་ལྟེ་བར་ཐིམ༔ དབང་བཞི་ཐོབ་ཅིང་ལྷན་སྐྱེས་འཆར༔ ཡིད་ལ་གང་འདོད་དམིགས་པ་བསྒྱུར༔ སྔགས་ནི་རྩ་གསུམ་དྲིལ་ལ་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཞེས་ནི་མ་ཡེངས་དག་པར་བཟླ༔ གཟུངས་ཐག་རང་གི་ལག་པས་བཟུང༔ དམིགས་པའི་འཕྲོ་འདུ་གསལ་བར་གཅེས༔ དེ་ནས་བུམ་པའི་ལྷ་རྣམས་ཀྱང༔ གཟུངས་ཐག་ལ་ནི་རྟ་བྱས་ནས༔ བདག་གི་སྙིང་གི་དཀྱིལ་དུ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ བུམ་པ་རང་གི་སྤྱི་བོར་བཞག༔ དབང་བཞི་བླང་ཞིང་ནང་རྫས་རོལ༔ དངོས་གྲུབ་ཐོབ་པར་ངེས་ཤེས་བསྐྱེད༔ དེ་རྗེས་དགོངས་པ་སྐྱོང་བ་ནི༔ གོང་གི་མཆོད་བསྟོད་འཕྲོ་འདུ་རྣམས༔ དམིགས་པ་མེད་པར་རྒྱ་ཡིས་གདབ༔ གཉིས་འཛིན་མེད་པའི་ངང་དེ་ལས༔ མ་ཡེངས་མིག་ནི་མཁའ་ལ་གཏད༔ མ་བཅོས་ངང་ལ་ཙེན་ནེ་བཞག༔ བྱིང་རྒོད་མི་བཏང་ངར་དང་ལྡན༔ ཞིབ་པར་ཁྲིད་ཡིག་ནང་དུ་གསལ༔ དུས་བཞིར་རྣལ་འབྱོར་གསལ་བར་གདབ༔ འགྲོ་འཆག་ཟ་འཐུང་ཉལ་འདུག་ཀྱང༔ ཐམས་ཅད་ཆོས་ཉིད་རོལ་པར་ནི༔ དྲན་འཛིན་སྐྱོང་ཞིང་འདྲེས་པར་བྱ༔ བྱ་བློའི་བཟང་རྟོག་མི་འཇུག་ཅིང༔ མ་བཅོས་གང་ཤར་ཉམས་སུ་སྐྱོང༔ ཐེ་ཚོམ་མེད་པར་འགྲུབ་པར་འགྱུར༔ དེ་ནས་སྨོན་ལམ་གདབ་པ་ནི༔ ཨེ་མ་ཧོ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྔོན་ནས་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་འབྲས་བུ་དུས་འདིར་སྨིན༔ ད་ནི་འདུ་འབྲལ་མེད་པར་ཤོག༔ ཅེས་པ་ཅི་རིགས་པར་བྱའོ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧོ༔ མཐོང་ཐོས་དྲན་ཞིང་རེག་པས་ཀྱང༔ འཁོར་བའི་གནས་ནས་ཐར་ལམ་འཇུག༔ ཐོག་མ་བར་དང་མཐར་དགེ་བ༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་པ་གང་ཡང་བྱའོ༔ ང་ཡི་སྙིང་ཁྲག་དྭངས་མའི་སྐོར༔ འཕྲལ་དུ་སྒྲུབ་རྟགས་འབྱུང་བའི་ཆོས༔ ཚེ་གཅིག་སངས་རྒྱས་ལམ་མཆོག་འདི༔ ང་ཡིས་དབང་བསྐུར་བྱིན་བརླབས་པའི༔ སྦས་པའི་རྣལ་འབྱོར་སྣ་ཚོགས་སྤྱོད༔ ཐུགས་སྲས་ཁྱོད་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་སིང༔ བརྡ་ཐིམ༔ ཡང་གསང་བླ་མའི་ཐུགས་སྒྲུབ་འདི། །བདག་འདྲ་གཏེར་སྟོན་རཏྣ་ཡིས། ཁྱུང་ཆེན་བྲག་ནས་ཕྱུང་པ་ལགས། །འགྲོ་དོན་དཔག་མེད་འབྱུང་བར་ཤོག །དགེའོ། ༈ །རྩ་གསུམ་འབྲས་བུའི་དོན་ཁྲིད་ལས༔ བུ་དང་འདྲ་བ་ཡི་དམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!> ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སངས་རྒྱས་རྣམས་ཀྱི་ཐུགས་བཅུད་བསྡུས༔ ཡི་དམ་ལྷ་དང་ཞལ་ཡང་བགྲོས༔ མཁའ་འགྲོ་རྣམས་ཀྱི་གཏད་རྒྱ་བཀྲོལ༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གཏད༔ ཨོ་རྒྱན་བདག་དང་ཡེ་ཤེས་སྣང༔ མཚོ་རྒྱལ་གསུམ་གྱིས་ཡི་གེར་བཏབ༔ མ་འོངས་སྐལ་ལྡན་དྲང་བའི་ཕྱིར༔ རིན་ཆེན་ས་ཡི་གཏེར་དུ་བསྩལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཾཐ༔ ཨེ་མ་ཧོ༔ རྩ་བ་གསུམ་ལས་ཡི་དམ་སྒྲུབ་པའི་སྐོར༔ མ་འོངས་དོན་དུ་པདྨ་བདག་གིས་བྱས༔ ཀུན་ལས་ཁྱད་འཕགས་ཐུགས་རྗེ་ཆེན་པོའི་སྐོར༔ འདི་ལ་སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ སྔོན་དུ་འགྲོ་བ་རྟེན་མཆོད་བཤམ་པ་དང༔ དངོས་གཞི་བསྐྱེད་སྒྲུབ་གསོལ་བ་གདབ་པའོ༔ རྗེས་ལ་དབང་བླང་རྒྱུན་སྤྱོད་སྨོན་ལམ་བྱ༔ ཆོས་ཚན་བདུན་ལས་སྔོན་འགྲོ་བཤད་པ་ནི༔ གནས་ཁང་གཙང་མར་དྲི་ཡིས་ཆག་ཆག་གདབ༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོད་རྒྱས་པར་བཤམ༔ དཀྱིལ་འཁོར་སྟེགས་དུ་མཉྫི་ཁྲིའུའི་ཁར༔ རིན་ཆེན་བུམ་པ་ཆུ་གཙང་སུམ་གཉིས་བཀང༔ དཀར་གསུམ་མངར་གསུམ་དྲི་བཟང་སྤོས་ཆུས་བྲུབ༔ དར་སྣས་མགུལ་བཅིང་གཟུངས་ཐག་དཀར་པོ་གདགས༔ ཤུག་པ་ལ་སོགས་འབྲུ་ཅན་ཤིང་ལོ་དང༔ བ་ལུ་ལ་སོགས་མེ་ཏོག་སྣ་ཚོགས་དང༔ ཁ་རྒྱན་ཀུ་ཤ་རྨ་བྱའི་སྒྲོ་ཡང་གཟུག༔ ཟླུམ་གཏོར་གཅིག་དང་བདུད་རྩི་མཎྜལ་བཤམ༔ གྲི་བཞི་མདའ་བཞི་རྡོ་རྗེ་དྲིལ་བུ་སོགས༔ རྣལ་འབྱོར་ཆ་རྐྱེན་ཤིན་ཏུ་འཛོམ་པར་བྱའོ༔ དེ་ལ་དང་པོ་བསྐྱེད་རིམ་ནི༔ སྭ་བྷཱ་ཝས་སྟོང་པར་སྦྱངས་ལ་དམིགས་མེད་ཀྱི་ངང་ལས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྗོད་པས༔ སྐད་ཅིག་དྲན་རྫོགས་སུ་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་བཞི་རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ལྷབ་ལྷུབ་ཀྱིས་མཛེས་པ༔ ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ༔ གཡས་ཤེལ་ཕྲེང༔ གཡོན་པདྨ་བསྣམས་ཤིང༔ འོད་མི་འགྱུར་བས་དབུ་བརྒྱན་པ༔ ཉི་ཟླ་པདྨའི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞིག་གསལ་བར་བསྐྱེད་དོ༔ དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དཀར་པོ༔ དེའི་ལྟེ་བ་ལ་ཧྲཱིཿདཀར་པོ་ཚེག་དྲག་དང་ལྡན་པ༔ དེའི་མཐའ་ལ་གཡས་ཕྱོགས་ནས་ཡི་གེ་དྲུག་པས་ཆོས་བསྐོར་དུ་དཀར་རམ་མེ་ཡོད་པར་བསྒོམ༔ དེ་ནས་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་བུམ་པ་ལ་ཕོག་བུམ་པ་དེ་ཕྱི་ཐུགས་རྗེ་ཆེན་པོ་གསལ་སྟོང་འོད་ཀྱི་སྐུ་ལ་ནང་ཡེ་ཤེས་ཀྱི་བདུད་རྩིས་འོ་མའི་ཆུ་རྒྱུན་ལྟར་གང་བར་བསམ་མོ༔ བུམ་པ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག༔ ཁྱད་པར་པོ་ཏ་ལ་ན་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཕྲོས་ནས་ཐམས་ཅད་ཐུགས་རྗེ་ཆེན་པོས་ནམ་མཁར་ཐིབས་ཙེར་བྱོན་ནས༔ བུམ་པ་ལ་སིབ་སིབ་ཐིམ་པར་བསམ་ཞིང༔ དེ་དག་ཐམས་ཅད་འོད་དུ་ཞུ་སྟེ་གཟུངས་ཐག་ལ་བརྒྱུད་ནས་འོད་ཟེར་དཀར་པོ་གཟུངས་ཐག་ལ་འཁྲིལ་ནས་རང་གི་སྙིང་གར་དྲུ་གུ་འདྲིལ་བ་ལྟར་བྱུང་བར་བསམ་ཞིང༔ ཞག་རེ་ལ་ཐུན་བཞིར་བྱས་ཏེ༔ ཞག་བདུན་དུ་འབུམ་ཚོ་གསུམ་དུ་བཟླའོ༔ སྐབས་སུ་གསོལ་བ་འདི་སྐད་དུ་གདབ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ བྱམས་མགོན་ཚད་མེད་ཐུགས་རྗེ་ཅན༔ འཁོར་བའི་སྐྱོན་སྤངས་པདྨའི་སྐུ༔ བདག་ཅག་གསོལ་བ་སྙིང་ནས་འདེབས༔ ཐུགས་རྗེའི་ཆུ་རྒྱུན་དབབ་ཏུ་གསོལ༔ དཀར་གསལ་མདངས་ལྡན་ཕྱག་བཞི་པ༔ ཞལ་གཅིག་སྣང་མཐའ་དབུ་ལ་བརྒྱན༔ ཐལ་སྦྱར་ཕྲེང་བ་མེ་ཏོག་རྒྱན༔ རིན་ཆེན་རྒྱན་མཛེས་པད་གདན་བཞུགས༔ འགྲོ་དྲུག་སེམས་ཅན་ཐུགས་རྗེ་ཡིས༔ འདྲེན་པར་ཞལ་བཞེས་དགོངས་མཛོད་ལ༔ བདག་ཅག་ཚེ་འདིར་ས་ཐོབ་ཅིང༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་སྙིང་ནས་གདབ་བོ༔ ཐུན་མཚམས་དབང་ནི་འདི་བཞིན་བླང༔ ཡེ་ཤེས་སེམས་དཔའི་སྤྱི་བོ་ནས༔ ཨཱོཾ་དཀར་རང་གི་སྤྱི་བོར་ཐིམ༔ བུམ་དབང་སྐུ་ཡི་དངོས་གྲུབ་ཐོབ༔ སེམས་དཔའི་མགྲིན་ནས་ཨཱཿདམར་འཕྲོས༔ བདག་གི་ལྗགས་བབ་གསང་དབང་ཐོབ༔ སེམས་དཔའི་ཐུགས་ལས་ཧཱུྃ་མཐིང་འཕྲོས༔ བདག་གི་སྙིང་ཁར་བབ་པ་ཡིས༔ ཤིན་ཏུ་སྤྲོས་མེད་ཡེ་ཤེས་དབང༔ ཐོབ་བསམ་སྤྲུལ་པའི་འཁོར་ལོ་ནས༔ ཧྲཱིཿའཕྲོས་དབང་བཞི་ཡོངས་རྫོགས་ཐོབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ བདེ་གསལ་མི་རྟོག་ཉམས་སྐྱེས་ནས༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ འགྱུར་མེད་རིག་པའི་རྩལ་དབང་ཐོབ༔ རེ་དོགས་མེད་པར་ཤིན་ཏུ་གཅེས༔ དེ་ནས་རྗེས་སྤྱོད་རྣལ་འབྱོར་བཞི་ཡིས་ཉམས་སུ་བླང་སྟེ༔ གཟུགས་སུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་ཝལ་ཝལ་ཤེས་པ་སྣང་བ་སྐུའི་ལམ་ཁྱེར༔ སྒྲར་གྲགས་པ་ཐམས་ཅད་ཡི་གེ་བདུན་པའི་སྒྲར་ཤེས་པ་གྲགས་པ་གསུང་གི་ལམ་ཁྱེར༔ དྲན་རྟོག་ཆོས་ཉིད་ཀྱི་ངང་དུ་ཤིག་གེར་འཇོག་པ་དྲན་པ་ཐུགས་ཀྱི་ལམ་ཁྱེར༔ མདོར་ན་སྣང་སྲིད་རང་སེམས་སུ་ཤེས་པ་ལྟ་བ་དོན་གྱི་ལམ་ཁྱེར་དང་བཞི་པོ་འདི་ཉམས་སུ་ལོངས་ཤིག༔ སྒྲུབས་ཤིག༔ ཐུན་བཞིའི་མཚམས་སུ་སྨོན་ལམ་གདབ་པ་ནི༔ ཧོ༔ རྣམ་དག་ལྷུན་གྲུབ་བདེ་བ་ཅན་གྱི་ཞིང༔ མ་བཅོས་སྤྲོས་བྲལ་ལོངས་སྤྱོད་རྫོགས་སྐུའི་ས༔ བཀོད་པ་མཛེས་ལྡན་འོད་ཀྱི་ཞིང་ཁམས་དེར༔ བདག་དང་མ་གྱུར་འགྲོ་བ་སེམས་ཅན་རྣམས༔ སྤྱན་རས་གཟིགས་ཀྱི་ཞིང་དེར་སྐྱེ་བར་ཤོག༔ ཅེས་པ་ལ་སོགས་པ་རྒྱ་ཆེར་གདབ་བོ༔ ཞག་བདུན་ཐེམ་ནས་ཉི་ཤར་དུས༔ བུམ་པ་ལྷ་རུ་གསལ་བར་བསྐྱེད༔ ནང་རྫས་དངོས་གྲུབ་རྒྱ་མཚོར་བསམ༔ དབང་བཞི་བླང་ཞིང་དག་སྣང་བསྐྱེད༔ དངོས་གྲུབ་གང་འདོད་དམིགས་པས་བླང༔ ཁྲུས་བྱས་ཉམས་ཆག་དག་པར་བསམ༔ ལས་ཚོགས་ཕྲིན་ལས་བསྒྲུབ་འདོད་ན༔ ཨཱོཾ་དང་ཨཱཿདང་ཧཱུྃ་དང་ཧྲཱི༔ ཡིག་འབྲུ་ཁ་དོག་ཕྱོགས་དང་བསྟུན༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞི༔ གང་འདོད་རྣལ་འབྱོར་འཕྲུལ་ཤེས་བྱ༔ ངར་ལྡན་རིག་པས་སྣང་བ་དཀྲུག༔ ཉམ་ངའི་ཕྱོགས་སུ་ཐོག་རྫིས་བྱ༔ སྣང་བ་འར་མ་འུར་མར་སྐྱོང༔ འདི་ལྟར་ཉམས་སུ་སུས་བླངས་པ༔ གོས་དཀར་གོན་དང་མར་མེ་ཐོགས༔ དར་ཁྲ་ཕྱར་དང་དུང་དཀར་འབུད༔ བྲག་རིར་འཛེགས་དང་གཅེར་ཁྲུས་བྱེད༔ མི་དཀར་ཟས་གོས་སྟེར་སོགས་རྨིས༔ དེ་ནི་ངེས་པར་འགྲུབ་རྟགས་ཡིན༔ སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེ༔ ཐོད་རྒལ་ཉམས་མྱོང་ཁོང་ནས་འཆར༔ སྣང་བ་བདེ་ཞིང་བན་བུན་བྱེད༔ དེ་ཚེ་བྱིན་རླབས་ཞུགས་པའི་རྟགས༔ ཡི་དམ་སྒྲུབ་ལུགས་མང་སྦས་ཏེ༔ མཐར་ཐུག་སྙིང་གི་ཡང་སྙིང་སྐོར༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ འདི་ལས་ཟབ་པའི་ཡང་གཏེར་ནི༔ གཏེར་དུ་སྦས་པ་ཡོད་རེ་ཀན༔ འཁོར་བའི་ཆ་འཛིན་ཤེས་རབ་ཅན༔ སྤྱོད་པ་སྣ་ཚོགས་རླབས་ཆེན་སྐྱོང༔ སྐལ་ལྡན་ཁྱོད་དང་འདི་འཕྲད་ཤོག༔ ཨེ་མ་ཧོ༔ ཡིག་བདུན་ཡང་གསང་སྒྲུབ་པ་འདི༔ རང་སྒྲུབ་ཀུན་ལ་སྟོན་ཀྱང་རུང༔ དམིགས་གནད་ཐོ་ཡིག་འདི་ལྟ་སྟེ༔ ཐུགས་ཀྱི་དཀྱིལ་དུ་ཧྲཱིཿགནས་ཏེ༔ ཡིག་དྲུག་མཐའ་ལ་བསྐོར་བསམ་སྟེ༔ ཐམས་ཅད་དཀར་འཚེར་འོད་ཟེར་འཕྲོ༔ སྙིང་དང་ཧྲཱིཿནི་མི་འཁོར་ཞིང༔ ཡིག་དྲུག་གཡས་སུ་འཁོར་བ་བསྒོམ༔ འཕྲོ་གཅོད་པ་ཡི་དུས་དག་ཏུ༔ གོང་གི་དམ་ཚིག་ཡེ་ཤེས་དང༔ བསྒྲུབ་དང་སྒྲུབ་པར་བྱེད་པའི་བློ༔ ཐམས་ཅད་དམིགས་མེད་བློ་འདས་ངང༔ གནས་ལུགས་བཅོས་བསླད་མེད་པའི་སྟེང༔ ཇི་ཙམ་གནས་ཀྱི་བར་དུ་བཞག༔ རྗེས་སྤྱོད་རྣལ་འབྱོར་བཞི་ལྡན་བསླབ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནད་ཀྱི་ཐོ་ཡིག་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རང་ངོ་སྤྲད་པ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ༔ རེ་དོགས་གོལ་ས་མ་ཆོད་ན༔ ཡི་དམ་ལྷ་དང་རྒྱང་ཐག་རིང༔ ཐུགས་རྗེ་ཆེན་པོ་སྙིང་རྗེ་ཅན༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ མ་འགག་སྟོང་གསལ་འཛིན་པ་མེད༔ འཁོར་བའི་སྐྱོན་སྤངས་པད་མར་གནས༔ རེ་དོགས་བྲལ་བའི་ཐུགས་རྗེ་ཅན༔ རང་གནས་ཡེ་ནས་རང་ལ་རྫོགས༔ ཞལ་ཕྱག་སྐུ་མདོག་རྒྱན་ཆ་རྣམས༔ སྐུ་གསུམ་རང་ལ་རྫོགས་པ་དང༔ ཆོས་ཉིད་བརྡ་དོན་མཚོན་པའི་རྟགས༔ དོན་ལ་རང་རྒྱུད་གྲུབ་པ་མེད༔ རང་གནས་རང་ངོ་རིག་པས་ན༔ རེ་དོགས་རྟག་ཆད་གོལ་ས་བྲལ༔ ལམ་ཁྱེར་བཞི་ལྟར་ཉམས་སུ་ལོངས༔ ཡང་གསང་གནད་ཀྱི་གདམས་པ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ བྲག་བཙན་དམར་པོས་བཀའ་འདི་སྲུངས༔ ལས་དང་སྐལ་བ་ལྡན་ལ་གཏོད༔ དམ་མེད་འདོན་ན་སྙིང་ཁྲག་ནི༔ ཐང་ལ་ཕོས་ཤིག་རྡོ་རྗེ་ལེགས༔ ཨེ་མ་ཧོ། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ལས། །ཐུགས་རྗེ་ཆེན་པོའི་གསང་སྒྲུབ་འདི། །སྐལ་ལྡན་རཏྣའི་མིང་ཅན་ངས། །ཆུ་བྱི་སྦྲེལ་ཟླའི་ཚེས་བཅུ་ལ། ཁྱུང་ཆེན་བྲག་ནས་གདན་དྲངས་ནས། །བྱི་ཟླའི་དུས་བཟང་ཉེར་གཉིས་ལ། །ཤོག་སེར་ངོས་ལ་བུ་འདི་བཞེངས། །རྗེས་འཇུག་སྐལ་ལྡན་ལས་ཡོད་རྣམས། །བརྩོན་འགྲུས་བསྐྱེད་ལ་ཉམས་སུ་ལོངས། །དམ་ཅན་རྣམས་ཀྱིས་མཐུན་རྐྱེན་སྒྲུབས། །མངྒ་ལཾ། ཤུབྷཾ། ࿊ རྩ་གསུམ་འབྲས་བུའི་དོན་ཁྲིད་ལས༔ འགྲོ་འདུལ་དབང་སྡུད་མ་དང་འདྲ་བ་ཌཱ་ཀི་ཐོད་རྒལ་གནད་ཀྱི་སྒྲུབ་ཐབས་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!> རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལས་ཅན་སྐྱེས་བུ་ཡིས༔ དྷཱ་ཀི་ལུས་དང་གྲིབ་མའི་ཚུལ༔ རྣལ་འབྱོར་གསུམ་ལྡན་སྒོ་ནས་བསྒྲུབ༔ དང་པོ་ལྷ་ཡི་རྣལ་འབྱོར་ནི༔ བྱང་ཆུབ་སེམས་བསྐྱེད་བླ་མ་ཡི༔ རྣལ་འབྱོར་གསལ་ཞིང་གསོལ་བ་གདབ༔ དེ་ལྟར་སྐད་ཅིག་སྟོང་ཉིད་ལས༔ རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད༔ སྐུ་མདོག་དམར་པོ་ཞལ་གཅིག་མ༔ ཕྱག་གཉིས་ཁྲོ་ཞལ་དམར་མོ་ལ༔ སྤྱན་གསུམ་སྤྱི་གཙུག་ཕག་ཞལ་མཐིང༔ གཡས་སུ་ལྟ་ཞིང་ཁམ་ནག་རལ༔ ཐུར་དུ་འཕྱངས་ཤིང་མུན་ལྟར་གཏིབས༔ གཡས་པས་གྲི་གུག་གཡོན་ཐོད་ཁྲག༔ ཁ་ཊྭཱཾ་མཆན་བཅུག་རུས་རྒྱན་འཁྲོལ༔ ཞབས་ནི་གཡས་བསྐུམ་གཡོན་བརྐྱང་སྟེ༔ མེ་རིའི་ཀློང་ན་རོ་གདན་ལ༔ འགྱིང་བག་དང་བཅས་བཞུགས་པར་བསམ༔ སྤྱི་གཙུག་རྡོ་རྗེ་དྷཱ་ཀི་མ༔ དཀར་མོ་རྡོ་རྗེ་གཡོན་ཐོད་ཁྲག༔ རྡོ་རྗེ་རྒྱ་གྲམ་རོ་གདན་ལ༔ རྣལ་འབྱོར་མ་ལྟར་ཧ་ལས་བསྐྱེད༔ མགྲིན་པར་རཏྣ་དྷཱ་ཀི་སེར༔ ཕྱག་གཡས་རིན་ཆེན་གཡོན་ཐོད་ཁྲག༔ གཡས་བསྐུམ་གཡོན་བརྐྱང་རོ་གདན་ལ༔ འགྱིང་བག་དང་བཅས་རི་ལས་བསྐྱེད༔ ཐུགས་ཀར་པདྨ་དྷཱ་ཀི་དམར༔ ཕྱག་གཡས་པདྨ་གཡོན་ཐོད་ཁྲག༔ གཡས་བསྐུམ་གཡོན་བརྐྱང་རོ་གདན་ལ༔ རུས་རྒྱན་དང་བཅས་ནི་ལས་བསྐྱེད༔ ལྟེ་བར་ལས་ཀྱི་དྷཱ་ཀི་ལྗང༔ ཕྱག་གཡས་རལ་གྲི་གཡོན་ཐོད་ཁྲག༔ གཡས་བསྐུམ་གཡོན་བརྐྱང་རོ་ཡི་གདན༔ ས་བོན་ཡི་གེ་ས་ལས་བསྐྱེད༔ དེ་དག་ཁོ་ན་ཉིད་ལ་ཡང༔ ཕག་མོ་ཕྱི་ལྟར་ཡུམ་ཆེན་མོ༔ ནང་ལྟར་རྡོ་རྗེ་རྣལ་འབྱོར་མ༔ གསང་བར་ཨེ་ཀ་ཙཱ་ཏི་འོ༔ མཁའ་འགྲོ་བཞི་ནི་ཕྱི་འབྱུང་བཞི༔ ནང་ལྟར་ལྷ་མོ་བཞི་ཉིད་དེ༔ གསང་བ་ཡེ་ཤེས་བཞི་ཉིད་དོ༔ གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ མཿཧཿརིཿནིཿས་སྙིང་པོའོ༔ ཞག་བདུན་བཟླས་པས་མཁའ་འགྲོ་མས༔ དངོས་སུ་བྱིན་རློབ་ཉམས་འབར་རོ༔ རང་གི་ཙིཏྟ་པད་འདབ་བཞི༔ དབུས་དང་ལྔ་རུ་འབར་བ་ལས༔ སྲོག་གི་དྭངས་མ་དབུས་ན་མ༔ ཤར་ཕྱོགས་ཆུ་ཡི་རྩ་འདབ་དཀར༔ ས་བོན་དཀར་པོ་ཧ་གནས་སོ༔ ལྷོ་ཕྱོགས་ས་ཡི་རྩ་འདབ་སེར༔ ས་བོན་སེར་པོ་རི་གནས་སོ༔ ནུབ་ཕྱོགས་མེ་ཡི་རྩ་འདབ་དམར༔ དམར་པོ་ནི་གནས་བྱང་ཕྱོགས་སའི༔ རྩ་འདབ་ལྗང་ལ་ས་ལྗང་གནས༔ ཡིག་འབྲུ་རྣམ་ལྔ་དྷཱ་ཀིའི་སྲོག༔ དྷཱ་ཀི་ལྔ་ཡང་སྔགས་ཀྱི་སྒྲ༔ རང་སྒྲ་སྒྲོག་ཅིང་འཁྲབ་པར་བསྒོམ༔ སྙིང་མི་འཁོར་ཞིང་ཡིག་འབྲུ་འཁོར༔ རྟགས་ནི་སྣང་བ་བན་བུན་འཕར་དང་འཁྲབ༔ གླུ་ལེན་གར་བྱེད་ཉམས་དབྱངས་བརྡོལ༔ འཕྲོ་འཇོག་དུས་སུ་འཁོར་འཕྲོ་གཅོད༔ ལུས་སེམས་བདེ་བའི་ངང་ལ་བཞག༔ གསུམ་པ་རྫོགས་རིམ་རྣལ་འབྱོར་ནི༔ དྷཱ་ཀི་མ་ནི་ལྔ་བསྒོམས་ནས༔ ཡིག་འབྲུ་ལྔ་བཟླ་སྐུ་ལྔ་འགྲུབ༔ དུག་ལྔ་དག་ནས་ཡེ་ཤེས་ལྔ༔ རང་བཞིན་འཆར་ཞིང་རྒྱུན་ཆད་མེད༔ ལྟ་བ་སངས་རྒྱས་མཁའ་འགྲོ་སྟེ༔ ཅིར་ཡང་མ་གྲུབ་རང་བཞིན་སྟོང༔ སྒོམ་པ་རྡོ་རྗེ་མཁའ་འགྲོ་སྟེ༔ མི་འགྱུར་མི་ཤིགས་བསྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་མཁའ་འགྲོ་སྟེ༔ ཀུན་དང་མཐུན་པར་རང་བྱུང་བ༔ འབྲས་བུ་པདྨ་མཁའ་འགྲོ་སྟེ༔ འཁོར་བ་མ་སྤངས་རང་སར་གྲོལ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་སྟེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་མཛད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོ་སྡེ་ལྔའི་ལུང་བསྟན་ཐོབ༔ མཁར་ཆེན་བཟའ་ལ་བྱིན་རླབས་ཞུགས༔ མཁའ་འགྲོའི་ལུང་བསྟན་སྣང་བ་ཐོབ༔ ཙིཏྟ་ཐུགས་ཀྱི་དཀྱིལ་དུ་ཞོག༔ མཁའ་འགྲོ་ཐོད་རྒལ་དུ་སྒྲུབ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ <!TCC Tibetan character 3,182 undefined in unicode!> དེ་ནས་ལོག་ནོན་སྒྲུབ་པ་ནི༔ རྟོགས་པ་སྐྱེ་རུ་མ་བཏུབ་ན༔ རྡོ་རྗེ་མཁའ་འགྲོ་རང་དབང་དུ༔ མ་འདུས་པ་ཡི་རྟགས་ཡིན་པས༔ བདུད་རྩི་ལྔ་ལ་ལོངས་སྤྱོད་བྱ༔ གཅེར་བུ་སྨྱོན་སྤྱོད་སྣང་བ་དཀྲུག༔ མ་ཧ་རི་ནི་ས་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཛ༔ རིག་པའི་ངར་བཅས་དབང་བསྡུ་འོ༔ རྟོགས་པ་ཁྱད་འཕགས་རྒྱུད་ལ་སྐྱེའོ༔ ཟས་ནོར་ལོངས་སྤྱོད་མ་འདུས་ན༔ རིན་ཆེན་མཁའ་འགྲོ་དབང་མ་འདུས༔ དེ་ལ་མེ་མཆོད་སྒོས་ཚོགས་བྱ༔ ཞེན་འཛིན་བཅད་ལ་གཡང་ཉམས་བཟློག༔ ཧ་རི་ནི་ས་རཏྣ་དྷཱ་ཀི་ནཱི་ཧཱུྃ་ཛ༔ ཞེས་བཟླས་སྣང་སྲིད་དབང་དུ་འདུའོ༔ བསོད་ནམས་སྐྱེ་ཞིང་ཟས་ནོར་འདུས༔ གཞན་སྣང་དབང་དུ་འདུ་བར་འགྱུར་རོ༔ ལུས་དྲོད་ཉམས་ཤིང་དངོས་འཛིན་ཆེ༔ བུད་མེད་དབང་དུ་མི་འདུ་ན༔ པདྨ་དྷཱ་ཀི་དབང་མ་འདུས༔ དཀའ་ཐུབ་བྱ་ཞིང་གསོལ་བ་གདབ༔ རི་ཁྲོད་འགྲིམ་ཞིང་བདུད་རྩི་ཟ༔ ཧ་རི་ནི་ས་པདྨ་དྷཱ་ཀི་ནཱི་ཧཱུྃ་ཛ༔ ཞེས་བཟླ་ཞིང་དབང་དུ་བསྡུའོ༔ ལུས་ལ་དྲོད་སྐྱེ་བུད་མེད་འདུ༔ སྣང་བ་བན་བུན་ཞེན་ཆགས་བྲལ༔ རྟེན་འབྲེལ་སྣ་ཚོགས་མི་འཆར་ན༔ ལས་ཀྱི་དྷཱ་ཀི་དབང་མ་འདུས༔ དཀའ་ཐུབ་བྱ་ཞིང་སྣང་བ་དཀྲུག༔ རྟེན་འབྲེལ་བརྩི་ཞིང་རི་ཁྲོད་འགྲིམ༔ མཆོད་བཤགས་བྱ་ཞིང་དྲག་སྔགས་བཟླ༔ ཧ་རི་ནི་ས་ཀརྨ་དྷཱ་ཀི་ནཱི་ཧཱུྃ་ཛ༔ ཞེས་བཟླས་ཐམས་ཅད་དབང་དུ་འདུ༔ རིག་པ་དྭངས་ཤིང་རྟེན་འབྲེལ་འཆར༔ གང་བསམ་འགྲུབ་ཅིང་དགྲ་བགེགས་ཐུལ༔ སྣང་བ་དབང་དུ་མ་འདུས་པར༔ འདུ་བ་གང་ཡང་མེད་གྱུར་ན༔ འཇིག་རྟེན་དྷཱ་ཀི་དབང་མ་འདུས༔ རི་ཁྲོད་འགྲིམ་ཞིང་ཟས་ཚོགས་བྱ༔ སྐྲ་བསྲེག་སྣ་ཚོགས་དབང་སྡུད་བྱ༔ ཞེ་འདོད་མེད་པའི་ཕུད་ཀྱིས་མཆོད༔ མེ་ཚོགས་ཕྱེ་མར་རཏྣ་བསྲེག༔ ཧ་རི་ནི་ས་འགུལ་འགུལ་མ་མ་ཧྲིཾ་ཧྲིཾ༔ མ་མ་ཁ་ཤི་མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིཾ་ཧྲིཾ་སྡུས་སྡུས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ ཞེས་བཟླའོ༔ ཁྲོམ་འདུ་མི་འདུ་ཟས་ནོར་འདུ༔ དྷཱ་ཀིའི་བཀའ་ཆད་ནད་བྱུང་ཞིང༔ ཅི་བྱས་མི་བཏུབ་སེམས་འཁྲུགས་ན༔ གཏོར་ཚོགས་བྱ་ཞིང་ཉམས་ཆག་བསྐང༔ རྡོ་གཅིག་ཁུར་ནས་ཕྱོགས་བཞིར་འགྲོ༔ བཀའ་ཆད་བོར་བར་བསམས་ནས་འབོར༔ རྡེའུ་བཅུ་གཅིག་རང་ལ་བསྐོར༔ ཕྱོགས་རེར་གོམ་པ་ཉི་ཤུ་གཅིག༔ བོར་ལ་གཏོར་ཞིང་ནད་གཏོར་བསམ༔ ཧ་རི་ནི་ས་པཱུ་ཙ་སཾ་བྷ་ཝ༔ ཉམས་ཆག་རྟོག་སྒྲིབ་དག་པར་བསམ༔ རང་རིག་གསལ་སྟོང་ངང་དུ་བཞག༔ མཁའ་འགྲོའི་གནད་ཡིག་རྟེན་འབྲེལ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མཁའ་འགྲོའི་གནད་ཡིག་སྙིང་ཁྲག་འདི༔ གསུམ་ལས་མང་སྦེལ་བཀའ་ཆད་འབྱུང༔ རི་ཁྲོད་འགྲིམ་པའི་ཆ་རྐྱེན་ནོ༔ རྣལ་འབྱོར་སྐྲ་ཡི་ལྭ་བ་ཅན༔ འཁོར་བའི་ཆ་འཛིན་རཏྣའི་མཚན༔ ཀུན་ལ་མ་སྤེལ་གསང་ལམ་ཆོད༔ དམ་ཅན་རྒྱལ་བའི་བཀའ་འདི་སྲུངས༔ བདག་པོ་དེ་ལ་གཏེར་འདི་གཏོད༔ མཁའ་འགྲོ་ཐོད་རྒལ་གནད་ཀྱི་སྒྲུབ་ཐབས༔ ས་མ་ཡ༔ ཁ་ཐཾ༔ སྒྲུབ་པའི་ལག་ལེན་ལྷན་ཐབས་ནི༔ དུར་ཁྲོད་གཡའ་གངས་དབེན་པའི་སར༔ མཁའ་འགྲོའི་གཏོར་མ་སྤྱི་དང་མཐུན༔ མེ་ལོང་སྟེང་དུ་པད་རཱག་གམ༔ སིནྡྷུ་ར་ཡིས་ཆག་ཆག་གདབ༔ ཆོས་འབྱུང་ཉིས་བརྩེགས་རྟ་ཕག་བསྐྱེད༔ ཕྱོགས་བཞིར་སྡེ་ལྔའི་སྙིང་པོ་བྲི༔ ཚོམ་བུ་བསྐྱེད་ཅིང་དགུག་གཞུག་བྱ༔ བར་དུ་མཚན་ལྡན་ཀ་པཱ་ལར༔ ཛ་གད་བདུད་རྩི་ལྔ་སྦྱར་ཏེ༔ ཀ་པཱ་ལ་དང་སིནྡྷུར་བསྒྲུབ༔ ཉི་ཟླའི་ཁ་ཆོད་གཞན་དང་མཐུན༔ ཞག་བདུན་འབུམ་ཚོ་ལྔ་ཐོན་བྱ༔ སྒྲུབ་པ་ཐོན་ནས་དངོས་གྲུབ་བླང༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ དབང་བླང་བྲོ་འཁྲབ་ཉམས་མྱོང་སྦར༔ གཙང་སྨེ་ལ་སོགས་རྟོག་པ་སྤང༔ གང་བྱུང་རོལ་བར་ལམ་དུ་ཁྱེར༔ ཡིད་གཉིས་མེད་པར་མཆོག་ཏུ་གཅེས༔ ཐེ་ཚོམ་མེད་ན་ཅི་བསམ་འགྲུབ༔ སྣང་བ་བན་བུན་གཟའ་གཏད་མེད༔ ཆོས་དང་སྤྱོད་ལམ་ངེས་མེད་བྱེད༔ དེ་དུས་ཁྲོམ་དུ་གཅེར་རྒྱུག་བྱེད༔ རང་ལུས་མཁའ་འགྲོ་དྷཱ་ཀི་ལྔའི༔ བསྐྱེད་རིམ་བརྟན་པ་མཆོག་ཏུ་གཅེས༔ དུར་ཁྲོད་གཡའ་གངས་ལ་སོགས་པར༔ སྣང་སྲིད་རང་གི་སེམས་སུ་བཅས༔ གཅེས་འཛིན་བཏང་ཞིང་ཁྲེས་བསྐྱུར་བྱ༔ སྨྱོན་དཔྱོད་བྱ་ཞིང་ཉམས་རྟོགས་སྦར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡང་གཏེར་གསང་བའི་ལྷན་ཐབས་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ལྔ་བཅུ་ཁ་རལ་དུས་ཀྱི་མཐར༔ རྗེ་ཡི་ནང་བློན་དཀོན་མཆོག་འབྱུང༔ ལས་སད་དེ་དུས་འདི་དང་འཕྲད༔ དེ་ཕྱིར་མཁའ་འགྲོའི་གསང་སྒྲུབ་འདི༔ ཁྱུང་ཆེན་བྲག་ལ་ཨ་རྒྱ་ཐམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམ་ཡེ་ཙཱ་ཡེ༔ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མ་བདེ་ཆེན་གླིང་དུ་དག་པར་བཤུས་སོ། ࿊ །རྩ་གསུམ་དོན་ཁྲིད་ཀྱི་དབང་ཆོག་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!>༔ མཉམ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐབས་མཁས་ཐུགས་རྗེས་གང་འདུལ་དེར་སྟོན་པ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ ཨོ་རྒྱན་ཆེན་པོ་པདྨ་བདག་འདྲ་ཡིས༔ འབྲས་བུའི་དོན་ཁྲིད་དབང་གི་རིམ་པ་བསྟན༔ འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་སྟེ༔ སྔོན་འགྲོ་ཇི་ལྟར་རྫས་གསག་པ་དང་བཤམ་པ་ནི་གཞན་དུ་ཤེས་ལ༔ འཛབ་བསྙེན་སྒྲུབ་དང་བཅས་པ་དབང་གི་ཐོ་ཡིག་ལས་ཇི་ལྟར་འབྱུང་བ་བཞིན༔ བསྙེན་སྒྲུབ་ཐེམ་པར་བྱས་ལ༔ བླ་མའི་ལས་བྱང་ངམ་རང་གཞུང་བསྲངས་ལ༔ དངོས་གཞི་དབང་བསྐུར་བ་དངོས་ནི༔ སློབ་མས་བླ་མ་ལ་གསེར་གྱི་མཎྜལ་ཕུལ༔ ཐལ་སྦྱར་མེ་ཏོག་ལག་ཏུ་ཐོགས་ལ༔ སློབ་མས་དབང་བསྐུར་བའི་གསོལ་བ་གདབ་པ་ནི༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས༔ བླ་མའི་རྗེས་གནང་དབང་ཐོབ་ནས༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཀྱང་འཇུག་པར་འཚལ༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ཞེས་ལན་གསུམ་ཞུའོ༔ དེ་ནས་བླ་མས་བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཨོཾ་སྤྲོས་བྲལ་བུམ་པ་ཟླུམ་པོ་ནི༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ དུག་ལྔ་དབྱིངས་སུ་དག་པ་དང༔ དབང་བཞི་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཐོད་ཕྲེང་རྩལ་གྱི་སྔགས་བརྗོད༔ གནས་གསུམ་དུ་གཏུགས༔ བུམ་ཆུས་བཀྲུས་ཤིང་ངག་ཏུ་བླུད༔ དེས་ནི་དབང་བཞི་ཐོབ་པར་འགྱུར༔ གཉིས་པ་བདུད་རྩི་བྷནྡྷ་སྤྱི་བོར་བཞག་ལ༔ ཨཱཿཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཉོན་མོངས་དུག་ལྔ་འཇོམས་ཤིང་སྐུ་ལྔ་སྐྱེད༔ ཆོས་ཉིད་བདུད་རྩི་རྣམ་དག་བདུད་ལས་རྒྱལ༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་རྩ་སྔགས་བརྗོད༔ གནས་གསུམ་དུ་གཏུགས༔ ངག་ཏུ་བླུད༔ གསུང་གསང་བའི་དབང་ཐོབ༔ དེ་ནས་མེ་ལོང་སྤྱི་བོར་བཞག་ལ༔ ཧྲཱིཿ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ གཟུགས་བརྙན་གསལ་ལ་ངོས་བཟུང་དྲི་མ་བྲལ༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་འཆར༔ སྟོང་གསལ་མ་འགག་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་གོང་གིས་འགྲེ༔ དེ་ནས་གཏོར་མ་སྤྱི་བོར་བཞག་ལ༔ ཧྲཱི༔ གཏོར་སྣོད་བནྡྷའི་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ གུ་རུའི་སྐུ་འབག་བདེ་ཆེན་འདུ་འབྲལ་མེད༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང་ཐོབ་ཤོག༔ རྩ་སྔགས་འགྲེ༔ དེ་ལྟར་རེ་རེ་ལ་ཡང་བཞི་རྫོགས་སུ་ཕྱེ་བ༔ བཅུ་དྲུག་ཡེ་ཤེས་བླ་མའི་དབང༔ བྱིན་རླབས་ཐོགས་མེད་དུ་འབེབས་པ༔ ཨོ་རྒྱན་ཐུགས་ཀྱི་ཟབ་དབང༔ དབང་ཆོག་བདུད་རྩིའི་བུམ་པ་ཞེས་བྱ་བ༔ བདག་འདྲ་པདྨས་སྦྱར་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཨ་ཙར་ཡེ་ཤེས་ཀྱིས༔ སློབ་དཔོན་གསུང་བཞིན་ཡི་གེར་བཀོད༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ ཁྱུང་ཆེན་བྲག་ལ་ཨ་ཐཾ་རྒྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ མནྟྲ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ࿊ རྩ་བ་གསུམ་གྱི་དྲིལ་དབང་ཡིད་བཞིན་ནོར་བུ་ཞེས་བྱ་བ་བྱིན་རླབས་ཀྱི་བཀའ་བབ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!> དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་གསུམ་གྱི་ཆ་རྐྱེན་དུ༔ རྣམ་པ་ཉི་ཤུར་བྱང་ཆུབ་དབང༔ དོན་དུ་དྲིལ་བའི་ལག་ལེན་བསྟན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ࿊ དེ་ལ་གཏོར་མ་ལ་བརྟེན་ནས་བླ་མའི་དབང༔ བུམ་པ་ལ་བརྟེན་ནས་ཡི་དམ་གྱི་དབང༔ མེ་ལོང་ལ་བརྟེན་ནས་མཁའ་འགྲོའི་དབང༔ བདུད་རྩི་ལ་བརྟེན་ནས་རྩ་བ་གསུམ་གྱི་བྱིན་རླབས་ཀྱི་དབང་ངོ༔ དང་པོ་གཏོར་ཆེན་རིན་ཆེན་འབར་བ་དང༔ བུམ་པར་ཆུ་གཙང་མ་རིལ་བུ་དང་བཅས་པ་ལ༔ མེ་ལོང་མཐོ་སྐོར་དཔངས་མཐོ་གཅིག་ལ་ཆང་གིས་བྱུག་སིནྡྷུར་བཙགས་ཆོས་འབྱུང་གཉིས་བརྩེགས་ཀྱི་དཀྱིལ་དུ་རྟ་ཕག་གི་སྙིང་པོ༔ མཐའ་མར་མཁའ་འགྲོ་ཡབ་ཡུམ་བཅུའི་ས་བོན་བྲིས་པ་གཅིག༔ བནྡྷ་དུམ་བུ་གཅིག་པའི་ནང་དུ་ཨ་མྲྀཏ་བྱང་སེམས་སིནྡྷུ་ར་དང་བཅས་པ་ཆང་ལ་སྦྱར་ཏེ༔ གཞན་ཡང་མཆོད་གཏོར་ཚོགས་དང་བཅས་པ་འཛོམ་པར་བཤམ་མོ༔ དེ་ནས་དངོས་གཞི་ལ༔ རང་གཞུང་གང་བྱེད་དང་བླ་མའི་ལས་བྱང་གཞུང་བསྲང༔ དམིགས་པའི་འཕྲོ་འདུ་འཛབ་ལ་སྦྱར༔ ཞག་མང་དུ་བྱེད་ན་འཛབ་འབུམ་ཚོ་གསུམ་གྱིས་དབང་བསྒྲུབ༔ ཞག་གཅིག་བྱེད་ན་འཛབ་དང་ཕྲིན་ལས་རིགས་པས་སྦྱར་ལ་ཐོ་རངས་ཁ་ནས་དབང་བསྐུར་བར་བྱ་སྟེ༔ སྟ་གོན་གྱི་རིམ་པ་རྣམས་རྒྱས་པར་བྱེད་ནའང་གཞན་དང་མཐུན་པར་བྱས་པས་མི་འགལ་ལོ༔ བསྡུས་པར་བྱེད་ན་རྡོ་རྗེ་སློབ་དཔོན་གྱིས་ཁྲུས་ཆུ་ཐོགས་ལ་ཐམས་ཅད་ཁྲུས་བྱ༔ རྡོ་རྗེ་སེམས་དཔའི་ལུང་འབོགས་སློབ་དཔོན་གྱིས་མེ་ལོང་ཐོགས་ལ་ཡིག་བརྒྱ་དང་དབྱངས་གསལ་གྱིས་གྲལ་དུ་ཁྲུས་བྱ༔ དངོས་གཞི་དབང་བསྐུར་བ་དངོས་ནི༔ བླ་མས་དྲང་དོན་ངེས་དོན་གྱི་ཆོས་བཤད༔ དེ་ནས་སློབ་མའི་ལུས་ལ་དབང་གི་སྣོད་བཅོས་པ་ནི༔ སྤྱི་བོར་པདྨ་འདབ་མ་ལྔ་པ་དཀར་པོའི་ལྟེ་བར་ཨཱོཾ་དཀར་པོས་མཚན་པ༔ མགྲིན་པར་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར་ཨཱཿདམར་པོ༔ ཐུགས་ཀར་འདབ་བཞི་མཐིང་གར་ཧཱུྃ་མཐིང་ག༔ ལྟེ་བར་འདབ་བཞི་ལྗང་སེར་གྱི་དཀྱིལ་དུ་ཧྲཱིཿལྗང་སེར་གྱིས་མཚན་པ་རེ་བསྒོམ༔ དེ་ནས་བླ་མའི་གཏོར་ཆེན་རྩ་བ་གསུམ་དངོས་སུ་གསལ་བ་དེ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་དང་གནས་བཞིར་གཏུགས་པས༔ བླ་མའི་གནས་བཞི་ནས་ཨོཾ་ཨཱཿཧཱུྃ་ཧྲཱིཿབཞི༔ འོད་དཀར་པོ༔ དམར་པོ༔ མཐིང་ག༔ ལྗང་གུ་དང་བཞི༔ རང་གི་གནས་བཞི་པདྨའི་དབུས་ཡིག་འབྲུ་ལ་ཐིམ༔ དབྱེར་མེད་དུ་ཁྲིག་ཁྲིག་འདྲེས་པས༔ བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང༔ རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་ཏེ༔ ཏིང་ངེ་འཛིན་གྱི་དབང་ཟབ་མོ་བཞི་རྫོགས་སུ་ཐོབ་པ་ཡིན་ནོ༔ དེ་ནས་བུམ་པ་ཐུགས་རྗེ་ཆེན་པོ་དང་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་གསལ་བ་དེ་སྔར་བཞིན་གནས་བཞིར་གཏུགས་པས༔ གོང་བཞིན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞིའི་ཡིག་འབྲུ་འོད་ཟེར་འཕྲོ་འདུའི་ཚུལ་དུ་བྱིན་རླབས་ཀྱི་དབང་བཞི་བླང་ངོ༔ དེ་རྗེས་མེ་ལོང་ཐོགས་ལ་མཁའ་འགྲོ་སྡེ་ལྔར་གསལ་པའི་གནས་ནས་གོང་བཞིན་དུ་བསྐུར་རོ༔ དེ་ནས་བྱིན་རླབས་ཀྱི་བཅུད་བནྡྷ་དེ་བླངས་ཏེ་གནས་ལྔར་གོང་གི་དབང་ལྟར་བླང༔ ཁྱད་པར་དུ་སྤྱི་བོར་བཞག་ལ་ཧ་རི་ནི་ས་ཉེར་གཅིག་བརྗོད་པས༔ ཨོ་རྒྱན་ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས༔ བདག་གི་ལུས་ཐམས་ཅད་སྤྱི་བོ་ནས་རིམ་པར་བྱང་སེམས་ཀྱིས་ཁེངས་ཏེ༔ ལུས་སེམས་བདེ་སྟོང་དུ་ཕྱམ་ཕྱམ་སོང་བར་བསམ༔ དེའི་རྗེས་སུ་སློབ་བུ་རྣམས་ཆོས་བདུན་དང་ལྡན་པས༔ ཕྱི་སྣང་བའི་ཡུལ་ལ་སྤྲོས་ཏེ་ཕཊཿཅེས་བརྗོད༔ ནང་དྲན་པ་སེམས་སུ་འུབ་ཀྱིས་བསྡུ༔ སེམས་གསལ་བདོ་བ་ལ་ཕཊ྄ཿཅེས་བཤིག༔ དེའི་ངང་ལ་ལྷོད་དེ་ཀློད༔ ཤིག་གི་བཤིགས་ལ༔ དབང་བསྐུར་བ་དང་ཞུ་ཐོབ་ཐམས་ཅད་བློ་འདས་ཀྱི་ངང་དུ་ཁྲེས་སེ་བཞག་གོ༔ དེས་ནི་ཏིང་ངེ་འཛིན་ཟབ་མོ་རྣམ་པར་བྱང་བའི་དབང་ཉི་ཤུ་རྩལ་དབང་དང་བཅས་པ་མཐར་ཐུག་དོན་གྱི་དབང་བསྟན་པ་ཡིན་ནོ༔ ཡེ་ཤེས་དབབ་པའི་ལྷན་ཐབས་ལོག་ན་ཡོད་དོ༔ རྩ་བ་གསུམ་རེ་རེའི་དབང་བྱེད་ན༔ གོང་ལྟར་གང་བྱེད་ཀྱི་དབང་རྟེན་རེ་རེ་ལ་བྱའོ༔ ཐམས་ཅད་དྲིལ་དབང་དུ་བྱེད་ན་འདི་ཁོ་ན་ལྟར་བསྐུར་བ་ཡིན་ནོ༔ འདི་ལ་བླ་མ་སངས་རྒྱས་སུ་མཐོང་བ་དབང་བཞིའི་དམིགས་པ་གསལ་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཇི་ལྟ་བ་བཞིན་དུ་ཐོབ་པ་ཡིན་ནོ༔ གཏོར་མ་དངོས་གྲུབ་ཏུ་རོལ༔ བུམ་རྫས་ཚེ་ཆང་བཏུང༔ སིནྡྷུ་ར་བཀྲུས་ལ་བདུད་རྩི་བཏུང༔ ཐམས་ཅད་དགའ་སྟོན་དང་ཚོགས་ལ་རོལ༔ དལ་བསྡུ་སྨོན་ལམ་དང་བཀྲ་ཤིས་བརྗོད༔ རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ༔ རྩ་བ་གསུམ་གྱི་དྲིལ་དབང་ཚིག་ཉུང་ལ་དོན་ཟབ་ཅིང་རྒྱས་པར་གདམས་པ་ཨོ་རྒྱན་བདག་གིས་བསྡེབས་པ་འདི་འགྲོ་བའི་དོན་དུ་གྱུར་ཅིག་ས་མ་ཡ༔ འདི་དང་འཕྲད་པའི་ལས་ཅན་དེས༔ དབང་འདི་དོན་དུ་སྐུར་ལ་དཔེ་འདི་མ་སྤེལ་ཅིག༔ སྤེལ་ན་བྱིན་རླབས་ཀྱི་དྲོད་འཆོར་བས་ཤིན་ཏུ་དམ་པར་བྱའོ༔ རྒྱ་གསུམ་བཏབ་ནས་ཁྱུང་ཆེན་བྲག་ལ་སྦས༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ རཏྣའི་མིང་ཅན་བདག་གིས་བཏོན་པ་ཡིན། །དགེའོ། །བཀྲ་ཤིས། །ྀཨཚ། ࿊ བདག་གཞན་དོན་བྱེད་འབྲས་བུའི་དོན་ཁྲིད་བཞུགས་སོ༔ རང་གཞན་གྲོལ་བྱེད་དོན་ཁྲིད་ཀྱི་སྐོར་རོ།། <!TCC Tibetan character 3,182 undefined in unicode!>༔ སྐུ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་པོ་རབ་འབྲིང་ཐ་མ་གསུམ༔ སངས་རྒྱས་ལམ་ལ་འཇུག་པའི་ཕྱིར༔ ལམ་མཆོག་འབྲས་བུའི་དོན་ཁྲིད་བསྟན༔ ལས་ཅན་གཅིག་དང་འདི་འཕྲད་ཤོག༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔ སྔོན་འགྲོ་བླ་མས་སློབ་མ་བརྟགས་པ་དང༔ སློབ་མས་བླ་མ་བརྟགས་པ་རྣམས༔ ཆོས་སྤྱི་དང་མཐུན་པས་འདིར་མི་སྤྲོའོ༔ དེ་ལ་དབེན་ཞིང་ཉམས་དགའ་བའི་གནས་སུ༔ ཡོ་བྱད་རྫས་རྣམས་ཚོགས་པར་བསག༔ སྔོན་དུ་སློབ་བུ་དབང་གིས་སྨིན་པར་བྱས་ཏེ༔ ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་ལ་སོགས་པ་ཞག་གསུམ་དུ་བྱའོ༔ དེ་ནས་ཡིག་བརྒྱའི་བཟླས་པ་གཞན་དང་མཐུན་པར་ཞག་གཉིས་སམ་གསུམ་དུ་བྱའོ༔ བླ་མའི་རྣལ་འབྱོར་ཀུན་དང་མཐུན༔ དེ་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བའི་ཕྱིར༔ སྐུ་གསུམ་གྱི་ཡིག་འབྲུའི་བཟླས་པ་ཞག་གཅིག་བྱའོ༔ དེ་ནས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ༔ མིག་མི་འགུལ་བར་གར་བདེར་བཞག་སྟེ༔ རྣལ་དུ་དབབ་པ་ལ་ཞག་གཅིག་བྱའོ༔ དེ་ནས་ཤིང་བུའམ་རྡེའུ་ལ་གཏད་དེ་གནས་ཤིང་རང་བབས་སུ་བཞག་པ་ལ་ཞག་གཉིས་བྱའོ༔ དེ་ནས་བསྒྲིམ་པ་ནི༔ ཧཱུཾ་ལ་དམིགས་རྟེན་བྱས་ཏེ་ཀྲིམ་མེ་བསྒྲིམས་ལ་ཡུལ་སྣ་ཚོགས་ལ་མི་འཕྲོ་བར་འཇོག་པ་ལ་ཞག་གཅིག་བྱའོ༔ དེ་ནས་མདུན་དུ་ཨ་དཀར་པོ་ལམ་མེར་ཡོད་པར་དམིགས་ལ༔ གཟུགས་བྲིས་ཀྱང་རུང་སྟེ་སེམས་མི་འཕྲོ་བའི་རྟེན་ཙམ་མོ༔ ལྷོད་དེ་ཀློད་ལ་ཞག་གཅིག་བྱའོ༔ དེ་ནས་ལུས་གནད་ཆོས་བདུན་ལྡན་གྱིས་ཆུན་པར་མཁའ་ལ་གཏད་དེ༔ ཡེ་རེ་འཇོག་པ་ལ་ཞག་གཉིས་བྱའོ༔ དེ་ནས་སེམས་ཉིད་རང་གི་ངོ་བོ་ལ་ཁ་ནང་དུ་བལྟས་ཏེ་ཧྲིག་གེ་བལྟའོ༔ དེ་ལ་ཞག་གཅིག་བྱའོ༔ དེའི་དུས་སུ་དྲི་བ་དང་བསླབ་བྱ་རྣམས་བླ་མས་མཁས་པར་བྱའོ༔ བླ་མའི་རྣལ་འབྱོར་ལ་སོགས་པ་སྤྱི་དང་མཐུན་པར་ཡིག་བརྒྱ་བཟླས་པའི་འོག་ཏུ་བྱའོ༔ དེ་ནས་དངོས་གཞི་ལ་བྱུང་གནས་འགྲོ་གསུམ་རྩད་བཅད་དེ༔ རང་གཅིག་པུར་རྣམ་སྣང་ཆོས་བདུན་དང་ལྡན་པས༔ དཔྱད་སྒོམ་ནི་ཕྱི་སྣང་བའི་ཡུལ་ལ་དཔྱད་དེ་བསྒོམ་མོ༔ ནམ་མཁའ་ས་གཞི་འབྱུང་བ་ལྔ་ལ་སོགས་གང་ནས་བྱུང་བརྟག་གོ༔ དེ་ནས་འཇོག་སྒོམ་ནི༔ སེམས་རང་གི་ངོ་བོ་ལ་ལེགས་པར་བརྟག་གོ༔ དེ་ནས་སེམས་ཀྱི་གནས་ས་བརྟག་སྟེ༔ གོང་བཞིན་ཕྱིའི་ཡུལ་སྣང་རང་ལུས་ངོ་བོ་གང་ལ་ཡང་གང་ན་གནས་ཅི་ལྟར་གནས༔ དབྱིབས་ཁ་དོག་བརྟག་གོ༔ དེ་ནས་འགྲོ་ས་བརྟག་སྟེ༔ འགྲོ་དུས་གར་འགྲོ་ཅི་ལྟར་འགྲོ་དབྱིབས་ཁ་དོག་ཇི་ལྟ་བུ༔ བླ་མས་དྲི་བ་ལེགས་པར་བྱ་སྟེ༔ ལས་དང་པོས་རིག་པས་སྨྲ་ན་བསྐྱར་ཞིང་འཇུན་པ་གལ་ཆེའོ༔ དེ་ལ་ཞག་གསུམ་བྱའོ༔ དེ་ལ་ངོ་སྤྲད་དེ༔ བྱུང་ས་མེད་དེ་ཆོས་ཀྱི་སྐུར་ངོ་སྤྲད༔ གནས་ས་མེད་དེ་ལོངས་སྐུར་ངོ་སྤྲད༔ འགྲོ་ས་མེད་དེ་སྤྲུལ་སྐུར་ངོ་སྤྲད་དོ༔ དེ་ནས་དངོས་གཞིའི་དང་པོ་གཞི་གནས་ལུགས་སུ་ངོ་སྤྲད་པ་ནི༔ ༼ཀ༽ དེ་ནས་བླ་མས་གཞན་ཡང་ཅི་རིགས་པའི་སྒོ་ནས་སེམས་ངོ་ལེགས་པར་སྤྲད་དེ༔ ལུས་གནད་ལེགས་པའི་སྒོ་ནས་ལྟ་སྟངས་གསུམ་པོ་ལས་འདི་གསུམ་བོགས་འདོན་དུ་འགྱུར་རོ༔ ཉན་ཐོས་ཀྱི་ལྟ་སྟངས་བྱ་སྟེ༔ མིག་དང་སྣ་རྩེ་སེམས་གསུམ་གཅིག་ཏུ་ས་ལས་ཁྲུ་གང་ཙམ་གྱི་ནམ་མཁར་རྩེ་གཅིག་ཏུ་ཡེ་རེ་འཇོག་པ་ལ་གནས་པར་བྱའོ༔ དེ་ནས་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི༔ མིག་ཐད་ཀའི་བར་སྣང་ལ་བུན་ནེ་སང་ངེ་བལྟས་ལ་བསྒོམ་མོ༔ དེ་ནས་ཁྲོ་བོའི་ལྟ་སྟངས་ནི༔ འཇིང་པ་ཡུད་ཙམ་གཏོད་དེ༔ སྨིན་ཕྲག་གི་ནམ་མཁའ་ལ་ཧུ་རེ་ཧྲིག་གེ་གནས་པར་བྱའོ༔ དེ་གསུམ་ལ་ཞག་གཉིས་གཉིས་དྲུག་ཏུ་བྱའོ༔ དེ་ནས་ཞི་གནས་གཙོ་ཆེ་ཞིང་འཕྲོ་རྒོད་གང་ཡང་འབྱུང་སྟེ༔ ལྷག་མཐོང་གིས་གང་ཤར་གཤིས་ལུགས་སུ་ངོ་སྤྲད་དོ༔ དེ་ནས་ལྟ་སྟངས་རང་བབ་ཀྱི་ངང་ནས་ཉམས་སུ་བླང་ཏེ༔ དེ་ཡང་བྱིང་ན་ཁྲོ་བོའི་ལྟ་སྟངས་ཀྱིས་ཕྲ་རག་གི་རྣམ་རྟོག་འགྱུ་བ་ཆོད་པ་བར་སྣང་གི་སྤྲིན་དྭངས་པ་ལྟ་བུ༔ བྱིང་ངམ་ལྟེང་ན༔ བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་འགྱུ་བ་གཤིས་ཐོག་ཏུ་གྲོལ་བ་མཚོ་ལ་ཁ་བ་བབས་པ་ལྟ་བུ༔ འཕྲོའམ་རྒོད་ན་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་རྐྱང་དེད་དུ་གང་ཤར་གྱི་ངོ་བོ་ལ་བལྟ་བ༔ སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་ཤེས་པར་བྱ་སྟེ༔ རྒྱས་པར་བླ་མའི་མྱོང་བ་དང༔ ཆོས་སྤྱི་ལྟར་དཔེ་རྟགས་དོན་གསུམ་གྱི་སྒོ་ནས་ལྷག་མཐོང་གི་སྟེང་དུ་ཕ་ལོག་གི་དབང་པོ་དང་བསྟུན་ཏེ་ངོ་སྤྲད་དོ༔ དེ་ནས་ལྟ་སྟངས་གསུམ་མིའི་རྒྱུའམ་འབྱུང་བའི་གཤིས་དང་བསྟུན་ཏེ༔ གང་བབས་སྟེང་ན་གོལ་ས་བཅད་དེ་བསྒོམ་པ་ནི༔ སེམས་ཉིད་ཡེ་གདོད་མ་ནས་བཅིང་གྲོལ་ལས་འདས་པ༔ རང་བྱུང་གི་རིག་པ་ལ་བཅོས་བསླད་མེད་པ་མཁས་པས་བ་གླང་སྐྱོང་བ་ལྟར་དུ༔ དམན་པའི་ཡུལ་ལ་འཕྱོ་རུ་ཡང་མི་གཞུག༔ སྡུག་བཙིར་དུ་བཙིར་ཡང་མི་བཙིར་གང་ཤར་གྱི་སྟེད་དུ་བཟང་ངན་གྱི་རྟོག་པ་དང་ཕྲལ་ཏེ༔ ལྷ་སྐུ་ལ་བཤོས་དྲངས་པ་ལྟ་བུ་གཉིས་འཛིན་སྤང་བླང་མེད་པའི་སྟེང་དུ་ཁྲེས་སེ་ཡེ་རེ་བུན་ནེ་ཧྲིག་གེ་གནས་པ་ནི་ཆོས་སྐུ་རང་ལ་གནས་པ་ཞེས་གསུངས་ཏེ༔ རེ་དོགས་དང་བྲལ་བ་ཞེས་བྱ༔ དེ་ཡང་ཞི་གནས་ཞེས་བྱ་བ་རླུང་གིས་མ་བསྐྱོད་པའི་མཚོ་ལྟ་བུ་ཡིན་ཏེ༔ དེས་རྐྱེན་མི་ཐུབ༔ རྟོག་པ་འོག་འགྱུས་སུ་མ་སོང་བར་བྱ་སྟེ༔ གང་ཤར་གྱི་སྟེང་དུ་མ་བཅོས་པར་ཀློད་ལ༔ དོན་ལ་གཉིས་འཛིན་རྟོག་པར་བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་པ་བློའི་བཅོས་མ་དང་ཕྲལ་ཏེ༔ བྱིང་རྒོད་འབྱམས་སུ་མི་བཏང་བར༔ དོན་ལ་མ་བཅོས་པར་གཞི་རང་ལུགས༔ དོན་རང་གནས༔ ངོ་བོ་རང་གྲོལ༔ གང་ཤར་ཞེན་བྲལ༔ གང་སྐྱེས་འཛིན་མེད༔ གསལ་སྟོང་བློ་བྲལ༔ དེའི་ངང་དུ་འཇོག་པ་ལ་མཐར་ཐུག་གི་དོན་ཡིན་ནོ༔ ༼ག༽བློས་རྣམ་རྟོག་གི་འགྱུ་བ་ཆོད་པའམ༔ བྱ་བྱ་བོ༔ བྱེད་བྱེད་པོ༔ བསྒོམ་བསྒོམ་པོ་གཅིག་བྱུང་ན་བྱས་པའི་ཆོས་འཇོག་པ་ཡིན་པས༔ ཁ་ནང་དུ་བལྟས་ཏེ༔ སེམས་ཉིད་རང་གི་སྟེང་དུ་བློ་ཡི་དཔྱོད་པ་དང་བྲལ་བའི་ངང་ནས་ཀློད་ནས་འཇོག་པ་ཁོ་ན་ཡིན་ནོ༔ སེམས་ཉིད་སྟོང་པའི་རང་རྩལ་རྟག་པ་ལ་སོགས་པ་མི་འདོད་པའི་བློས་བཀག་པས་མི་ཁེགས་ཤིང་རྟོག་པ་རང་གི་ངོ་བོ་ཡང༔ ངོ་བོ་ཡང་དག་གི་དོན་ལ་ཆོས་ཉིད་ཀྱི་རང་རྩལ་ལས་མ་འདས་པས༔ གང་ཤར་གཞི་མེད་རྩ་བྲལ་དུ་ཉམས་སུ་བླང་ངོ༔ དེ་ལྟར་བླ་མས་གང་ཟག་གི་བློ་དང་བསྟུན་ཏེ༔ ཁྲིད་མཁས་པར་བྱའོ༔ བྱིང་ན་གོང་གི་ཁྲོ་བོའི་ལྟ་སྟངས་ཀྱིས༔ ནམ་མཁའ་ལ་མིག་གཏོད་ལ་ཡེ་རེ་སེང་ངེ་བསྒོམ་མོ༔ རྒོད་ན་དམིགས་རྟེན་ནི་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ཀྲིམ་མེ་བསྒྲིམས་ཏེ་རང་བབས་སུ་བཞག་གོ༔ འབྱམས་ན་སླར་གང་འབྱམས་ཀྱི་སྟེང་ན་བལྟ་བའམ༔ ལུས་གནད་བསྒྲིམས་ཏེ༔ བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་རང་ངོ་ལ་བལྟའོ༔ དེ་ལྟར་དམིགས་པ་བླ་མའི་མྱོང་བ་དང་ཞལ་ལས་ཤེས་པར་ངོ་སྤྲད་དོ༔ དེ་ལྟར་གང་ཤར་རང་གྲོལ་དུ་ངོ་སྤྲད་པ་ལ་ཞག་བདུན་དུ་བསྟན་པར་བྱ་སྟེ༔ དེ་ལྟར་ཟླ་བ་གཅིག་གིས་འབྲས་བུའི་དོན་དམ་པའི་གཞུང་གི་ཁྲིད་རྫོགས་སོ༔ རྗེས་ཀྱི་མཐའ་རྟེན་གྱི་ཆོས་འོག་ནས་སྟོན་ནོ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལམ་མཆོག་འབྲས་བུའི་དོན་ཁྲིད་འདི༔ མ་འོངས་སྐལ་ལྡན་དྲང་བའི་ཕྱིར༔ བྱ་རྒྱལ་ཁྱུང་ཆེན་བྲག་ལ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ བྲག་བཙན་དམར་པོས་བཀའ་འདི་སྲུངས༔ དམ་ཅན་བཀའ་ཡི་བྱ་ར་གྱིས༔ ལས་དང་སྐལ་བར་ལྡན་པ་དེ་ལ་གཏོད༔ དམ་མེད་འདོན་ན་ལུས་སྲོག་ཕྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་རྒྱ་ཐཾ༔ ࿊ ༔དོན་ཁྲིད་སངས་རྒྱས་ལག་འཆང་བཞུགས་སོ༔ སྤྲོས་བྲལ་ལྷུན་གྲུབ་རང་གི་སེམས༔ དེ་བཞིན་ཉིད་ལ་ཕྱག་འཚལ་ལོ༔ འབྲས་བུ་སངས་རྒྱས་བསྒྲུབ་འདོད་མིས༔ སེམས་ཉིད་གནས་པར་གཏན་ལ་དབབ༔ རྫོགས་ཆེན་འབྲས་བུ་དོན་གྱི་ཁྲིད༔ ཚེ་གཅིག་སངས་རྒྱས་ལག་འཆང་ཆོས༔ ཕྱོགས་རྟོག་རེ་ལ་རྟེན་འཆའ་བའི༔ ཚིག་རྒྱུད་ཕལ་གྱིས་དོ་མ་ཡིན༔ བྱ་བའི་རྒྱུད་ཀྱིས་ཡང་དག་དོན༔ གཏན་ལ་ཕེབ་པ་ག་ལ་སྲིད༔ དེ་ཕྱིར་བྱར་མེད་སེམས་ཀྱི་རྒྱུད༔ ཡང་གཏེར་ཟབ་རྒྱུད་འདི་འདྲ་བ༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ མ་འོངས་སྐལ་ལྡན་དྲང་བའི་ཕྱིར༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ལྔ་བཅུ་ཁ་རལ་དུས་མཐར་ཐུག༔ བོད་རྣམས་རང་སྡུག་ཤོམ་པའི་དུས༔ དེ་དུས་ང་ཡི་སྨོན་བཙན་པས༔ ལས་ལྡན་གཅིག་དང་འཕྲད་པར་ཤོག༔ དེ་ཡང་སྔོན་འགྲོ་རྣལ་དབབ་བྱུང་གནས་དཔྱད་འཇོག་རྣམས་ཁྲིད་ཁོག་ཆེན་མོར་ཤེས་ལ༔ ༼ཁ༽ འདིར་གནད་ཀྱི་གལ་མདོ་རང་ཐོག་ཏུ་འབེབས་པར་བསྟན༔ དེ་ཡང་རྩ་བའི་སྡོམ་ཚིག་ནི༔ རྡོ་རྗེ་ཨ་ཧཾ་ནམ་མཁའི་དབྱིངས༔ སྒྲིམ་ལྷོད་སོར་འཇོག་ཆ་ཡང་མཉམ༔ བསླབ་བྱ་དུས་མཚམས་ངོ་སྤྲོད་བྱ༔ ཞེས་སོ༔ རྡོ་རྗེ་ཞེས་པ༔ རྡོ་རྗེ་སྐྱིལ་ཀྲུང་ཆོས་བདུན་བྱ༔ ཨ་དང་ཧའི་རླུང་གནད་བཟུང་བར་བྱ་སྟེ༔ དེ་ཡང་ཁ་དང་བཤང་ལམ་བཙུམས་ཏེ་རླུང་གི་འཁྲུལ་པ་བཅད༔ སྟེང་འོག་གི་རླུང་ཕོ་བར་བཟུང་སྟེ༔ གྲེས་ཐག་གསུམ་སྒྲིལ་ཆུར་བཅུག་པ་ལྟར༔ ལུས་སེམས་ཀྲིམ་བསྒྲིམ༔ རླུང་ཐུབ་ཐང་དུ་ཁུག་པ་གསུམ་བཏུད་དུ་བྱས་ཏེ་བསྒྲིམ༔ ཀློད་པ་ནི་ལུས་ངག་ཡིད་གསུམ་བསྒྲིམ་མི་ཐུབ་པའི་ཚེ༔ ཨ་ཧ་ཞེས་རླུང་བཏང་ཞིང་རྗེས་སུ༔ སོག་ཕོན་ཐག་པ་བཅད་པ་བཞིན་དུ༔ ལུས་ངག་ཡིད་གསུམ་ལྷོད་ཀྱིས་ཀློད༔ ཤིག་གིས་བཤིག༔ ཐུན་ཚད་ནི་ཐུང་ཞིང་བཏུང་ལ་བྱ༔ སོར་བཞག་ནི་བྲམ་ཟེའི་སྐུད་པ་དང་འདྲ་སྟེ༔ སྐུད་པའི་ཚད་ནི༔ སྒྲིམ་པ་མིན༔ ལྷོད་པ་མིན༔ རིང་བ་མིན༔ ཐུང་བ་མིན༔ ཇི་སྲིད་དུ་སྙོམས་པའོ༔ དེ་བཞིན་དུ་ས་ལེ༔ ཧྲིག་གེ༔ ཡེ་རེ་བའི་ཕྲི་ལེ་བའོ༔ དེ་བཞིན་དུ་བསྒྲིམ་ཀློད་ཀྱི་ཐུན་ཟུང་འཇུག་ཐུན་དྲུག་གི་རྗེས་སུ་སོར་བཞག་བྱ་སྟེ༔ སེམས་མི་ཀློད་མི་བསྒྲིམ༔ ཐུན་ཡུན་མི་རིང་མི་ཐུང༔ རླུང་ཁུག་པ་གསུམ་གྱི་བར་དུ་སྙོམས་པའོ༔ དེ་ཡང་བསྒྲིམ་ཀློད་སོར་བཞག་གསུམ་ཆ་སྙོམས་པ་གལ་ཆེ༔ ཆ་སྙོམས་ན་བྱིང་རྒོད་དུ་མི་འཆོར༔ མ་སྙོམས་ན་འཆོར༔ བསླབ་བྱ་ནི་ངག་བཅད་དེ་ལོང་གཏམ་སྤང༔ ཆོས་ཁྲིད་མ་ཚར་བར་དུ་མན་ངག་ཡི་གེ་རིས་སུ་མི་བལྟ༔ ངོ་སྤྲོད་ཀྱི་ཚིག་འཁྱར་མི་བརྗོད༔ སྔར་ཁྲིད་ཐོབ་པས་ཉམས་མཚང་མི་བཤད་དོ༔ གལ་ཏེ་བྱ་ཤོར་ན་དྲེད་པོ་ཉམས་མེད་དུ་འཆོར༔ དེས་ན་དཔྱད་བསྒོམ་འཇོག་བསྒོམ་བྱུང་གནས་འགྲོ་གསུམ་ཡན་ཆད་ཀྱི་སྐབས་སུ་བླ་མས་ཤེས་པར་བྱའོ༔ ༼ང༽༔ དོན་བཞི་པ་ནི༔ རང་ཐོག་ཏུ་གནས་ལུགས་ཉམས་སུ་བླང་བ་ནི༔ མི་བཅོས་གསུམ་ལ་གཞི་ཡང་བླང་ཞེས་པས་སྟོན་ཏེ༔ ལུས་མི་བཅོས་བཅོས་ན་ཚོར་བ་དྲག་ཏུ་སྐྱེ༔ མ་བཅོས་ན་ཚོར་བ་བག་ལ་ཉལ་བས་མི་བཅོས༔ ངག་མི་བཅོས་བཅོས་ན་དབུགས་འགྱུ་བ་མང་བས་སེམས་མི་གནས་པའི་རྟ་བྱེད༔ མ་བཅོས་ན་ཟག་པ་བག་ལ་ཉལ་བས་མི་བཅོས༔ ཡིད་མི་བཅོས་བཅོས་ན་རྣམ་རྟོག་གི་སྒོ་མི་ཁེགས༔ མ་བཅོས་ན་མཚན་མའི་འབྱུང་འཇུག་བག་ལ་ཉལ་བས་མི་བཅོས༔ དེ་ལྟར་གནས་པའི་ངང་ནས་རྣམ་རྟོག་མཚན་མ་ཅི་བྱུང་ཡང༔ ད་ལྟར་གྱི་ཤེས་པ་ཁོ་རང་ལ་ཁོ་རང་གིས་བལྟས་པས༔ རང་གསལ་རྟོག་མེད་ཤེས་བྱའི་ཡུལ་སྣང་ལ་རང་བཞིན་མེད་པར་གྲོལ་ཏེ༔ དེ་ཙ་ན་རང་བཞིན་མེད་པ་ལ་རང་བཞིན་མེད་པས་བལྟས་པས༔ རིག་སྟོང་དབྱེར་མེད་དུ་གནས་ལུགས་དེ་ཁོ་ན་ཉིད་དོ༔ དེ་ཙ་ན་ལྟ་བྱེད་ཀྱི་རིག་པ་ཁོ་རང་ལ་ཁོ་རང་གིས་བལྟས་པས༔ བལྟ་བྱ་ལྟ་བྱེད་གཤིས་ལ་མེད་པར་གྲོལ་ཏེ༔ འོ་དེ་ཁོ་ནའི་ངང་ནས༔ ས་ལེ་ཧྲིག་གེ་འཛིན་མེད་དུ་ལྷན་ནེ་གནས་པའི་ཚེ་དྲན་རྟོག་ཆོས་ཉིད་དུ་ཤར་བས༔ གསང་འདུས་ལས༔ རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཞེ་ན༔ ཆོས་ཀྱི་དབྱིངས་ཉིད་གཞན་དུ་བཙལ་དུ་མེད༔ ཅེས་སོ༔ རྩ་བ་དེ་ལྟར་ཆོད་ཕན་ཆད༔ སེམས་རྟོག་ཇི་ལྟར་སྣང་ཡང་ཆོས་ཉིད་ཀྱི་རོལ་པ་ཡིན་པས༔ གཉིས་པ་གོལ་ས་རང་ཐོག་ཏུ་བཅད་པ་ནི༔ རང་བྱུང་ཡེ་ཤེས་ཡུལ་ལ་རང་དག་ཏུ་རྟོགས་པས་ཉན་ཐོས་རང་སར་གྲོལ༔ མཚན་མ་རང་གྲོལ་དུ་ཤེས་པས་སོ་སོ་སྐྱེ་བོ་རང་སར་གྲོལ༔ ངོ་བོ་སྟོང་པས་རྟག་པ་རང་སར་གྲོལ༔ རང་བཞིན་གསལ་བས་ཆད་པ་རང་སར་གྲོལ༔ ཅི་ཡང་ཡིད་ལ་མི་བྱེད་པར་སྙེམས་བྱེད་ཆེད་འཛིན་དང་བྲལ་བས་གོལ་ས་ཐ་སྙད་རང་སར་གྲོལ་ཏེ༔ ལར་ངོ་སྤྲོད་ཀྱིས་འཁོར་འདས་གཞི་རྩ་ཆོད་པས༔ སྐྱོན་ངོས་ཟིན༔ མཚན་མ་རང་སར་དག༔ བྱིང་ན་བྱིང་བ་རང་ལ་བརྟགས༔ བྱིང་མཁན་རང་སར་དག་ནས་རང་བྱུང་ཡེ་ཤེས་གསལ༔ རྒོད་ན་རྒོད་མཁན་རང་ལ་བརྟགས༔ རྒོད་མཁན་རང་སར་དག་ནས་རང་བྱུང་ཡེ་ཤེས་གསལ༔ ལར་ནི་རྩ་བ་བདག་མེད་ཀྱི་རང་བྱུང་ཡེ་ཤེས་ངོ་འཕྲོད་པས༔ བྱིང་རྒོད་ལ་ཆོས་ཉིད་ཀྱི་རྩིས་ཐེབས་པས༔ དཔེར་ན་སྡོང་པོ་ལོ་འདབ་སྔོ་ཞིང་རྒྱས་ཀྱང་རྩ་བ་ཆོད་ཚེ་སྐྱེ་མི་སྲིད་པ་དང་མཚུངས་སོ༔ དོན་གསུམ་པ་རྩལ་སྦྱོང་ཞིང་སྐྱོང་ཐབས་སྟོན་ཏེ༔ འོ་དོན་རང་བྱུང་གི་ཡེ་ཤེས་ཉིད་ལ་ཐུན་བསྒོམ་གྱིས་ཕན་ཡང་མ་བཏགས༔ གནོད་ཀྱང་མ་བསྐྱལ་ཏེ༔ རང་བྱུང་གསལ་འགྲིབ་དང་བྲལ་བ་ཞིག་ཡིན་ཏེ༔ དཔེར་ན་མུན་སྲོས་པའི་ཚེ་སྒྲོན་མེ་གཅིག་བཏེགས་པས༔ མུན་པ་ཐམས་ཅད་བསལ་ལམ་བྲོས་པར་བརྟགས༔ བསལ་ལམ་བྲོས་པ་ཞིག་ཡིན་པར་སོང་ན༔ སྒྲོན་མ་ཤི་བའི་ཚེ་མུན་པ་འོང་བར་མི་རིགས༔ དཔེ་དེ་བཞིན་དུ་ཐུན་སྒོམ་བྱེད་པའི་དུས་སུ་དུག་ལྔ་རྣམ་རྟོག་རྣམས་བསལ་ལམ་བྲོས་པར་བརྟགས༔ བསལ་ལམ་བྲོས་པ་ཞིག་ཏུ་སོང་ན༔ བསྒོམས་པ་ལས་ལང་པའི་ཚེ་རྣམ་རྟོག་ཁོ་ཡོང་བར་མི་རིགས༔ ལན་ཅིག་བསྒོམས་པས་ཉོན་མོངས་རྒྱུན་ཆོད་པར་རིགས་ཏེ༔ དེ་མི་ཆད་པར་འདུག་པས༔ ཐུན་སྒོམ་དུམ་བུས་ཕན་མ་བཏགས་པའོ༔ འོན་ཀྱང་ཉི་འོད་སྤྲིན་གྱིས་བསྒྲིབས་པ་སེར་བུས་བདས་པ་ལྟར༔ གཟུང་འཛིན་འཁྲུལ་པའི་བག་ཆགས་རྩད་བཅད་པའི་ཕྱིར༔ རྩལ་སྦྱོང་བ་བསྟན་པའོ༔ ༼ཆ༽ དོན་བཞི་པའི་ཐ་མ་ནད་གདོན་དྲུང་འབྱིན་པ་ནི༔ རླུང་རིག་རྩེ་གཅིག་བསྡོངས་ཏེ༔ རང་རིག་འཕྲུལ་ཤེས་པར་བྱ་སྟེ༔ རླུང་ནད་ཅན་གྱིས་སྣང་སྲིད་ཐམས་ཅད་མར་ཁུར་བསམ་སྟེ༔ རླུང་རིག་བསྡོངས་ཏེ་ཧུབ་ཧུབ་ཅེས་བརྗོད་དེ༔ ཁོང་པ་མར་ཁུས་ཁེངས་པར་བསམ་སྟེ༔ སྤྲོས་མེད་དུ་མེ་རེ་བཞག་པས་རླུང་ནད་ཡུལ་འབྱིན་ནོ༔ མཁྲིས་པ་ལ་སོགས་ཚད་ནད་ཀུན་ལ༔ ནད་སྔོན་དམར་གྱི་ཁ་དོག་ལུས་མགོ་གཞུག་ནས་བསྡུས་ཏེ་ཨོལ་སྟོང་བར་འདུས་པར་བསམ་སྟེ༔ ཧ་ཧ་ཞེས་ཕྱིར་སོང་བར་བསམ་ཞིང་ཐུན་རྗེས་ལ༔ སྙིང་ཀའི་ཨཱཿདཀར་པོ་ལས་འོད་འཕྲོས་པས༔ གློ་སྙིང་གངས་སུ་བསམ་སྟེ༔ ཡང་དང་ཡང་དུ་བྱ་སྟེ་ཚད་པ་ཡུལ་འབྱིན་པར་འགྱུར་རོ༔ གྲང་བ་ཅན་གྱིས་སྐྱིལ་ཀྲུང་བྱ༔ ལག་གཉིས་མཐིལ་གྱིས་པུས་མོ་ལ་བཀབ་སྟེ༔ ལུས་མགོ་ཞབས་ཀྱི་ནད་ཐམས་ཅད་ཕོ་བའི་ཁུང་བུར་སེར་ཉོག་གིས་བསྡུས་ལ༔ སྟེང་འོག་གི་རླུང་ཕོ་བར་བསྡུས་ཏེ་ནད་དཀྲུགས༔ དེ་རྗེས་འོག་རླུང་ཀློད་མར་སོང་བར་བསམ༔ རླུང་གཡོན་ནས་རྔུབ་བསྐོར་ཞིང་དཀྲུགས༔ རྗེས་ལྟེ་བའི་འོག་ན་རཾ་གནས་པ་ལས་མེ་འབར༔ ལུས་ནང་དུ་འབར་བར་བསམ༔ ཡང་ཡང་བྱས་པས་གྲང་བ་ཡུལ་འབྱིན་པ་ཡིན་ནོ༔ གདོན་བགེགས་ལ་རང་གི་སྙིང་ག་ནས་ཕཊཿསྤྲོས་ལ༔ དེ་དང་གདོན་སྦྲགས་ལ་བཏང་ཞིང༔ གདོན་ཡང་རང་ཉིད་ལས་མི་གཞན་པའི་སྙིང་རྗེས་ཟིན་པར་བྱའོ༔ འོན་ཏེ་ཟང་ཐལ་བྱ་བའམ་བསྐྲད་པར་བྱའོ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སངས་རྒྱས་ལག་འཆང་འབྲས་བུའི་ཁྲིད༔ གཏེར་བདག་གཙང་བཙན་བྲག་བཙན་ལ༔ བཀའ་འདི་གཏད་དོ་དམ་དུ་སྲུངས༔ ངེས་མེད་རཏྣའི་མིང་ཅན་གྱིས། །རྟེན་འབྲེལ་འཛོམ་པའི་མི་ལ་གཏོད། །གྲོལ་བར་བྱེད་པ་ཁྲིད་ཀྱི་ཆོས། །རྣལ་འབྱོར་རཏྣའི་མིང་ཅན་ངས། །མོན་ཙ་གྲོ་ཤུལ་གྱི་ཁྱུང་ཆེན་བྲག་ནས་བཏོན། གནམ་ལོ་ཆུ་བྱིའི་སྤྲེལ་ཟླ་ལ་ཕྱུང་པའོ། །ས་མ་ཡ༔ ཁཾཐ༔ རྒྱ་རྒྱ་རྒྱ༔ ࿊ ཐུགས་ཁྲིད་མན་ངག་གསལ་བའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!> སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དབུ་རྩེ་ཆེན་མོ་ན་བཞུགས་དུས༔ བདག་འདྲ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ལགས༔ ད་ལྟ་ཚེ་རིང་དུས་ཀྱང་བཟང་སྟེ༔ ནམ་ཞིག་དུས་ངན༔ ཚེ་ཐུང༔ བསྐལ་པ་ངན་པའི་དུས་སུ༔ ཚེགས་ཆུང་ངུས་སངས་རྒྱས་པ༔ ཚིགས་སུ་ཉུང་ལ་དོན་དུ་རྒྱས་པ་ཞིག་ཞུ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མཚོ་རྒྱལ་ཁྱོད་ཉོན་ཅིག༔ ཟླ་བ་ཕྱེད་ཀྱིས་སངས་རྒྱས་སུ་འགྲོ་བ༔ ཟུང་འཇུག་ཁ་སྦྱོར་གདམས་པ་ཞིག་བསྟན་ནོ༔ དེ་ལ་དང་པོ་རྣལ་འབྱོར་པ་གཅིག་གཉིས་གསུམ་ལ༔ དབེན་པའི་གནས་སུ་དབང་གིས་སྨིན་པར་བྱས་ལ༔ མཎྜལ་ལ་སོགས་ཚོགས་བསགས༔ ཡིག་བརྒྱའི་བཟླས་པས་སྒྲིབ་པ་སྦྱངས༔ འཁོར་བའི་སྡུག་བསྔལ་བསམ་ལ་བློ་སྣ་བསྟུང༔ མོས་གུས་དང་འདུན་པས་བླ་མ་ལ་གསོལ་བ་གདབ་བོ༔ དངོས་གཞི་ལ་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་སེམས་ལྷོད་ཀྱིས་ཀློད་ལ་རང་མལ་དུ་བཞག༔ འགྱུ་བ་དང་བྱིང་རྒོད་བྱུང་ན་བཤིག་ཅིང་བསྒོམ༔ སྐབས་སུ་རང་ངོ་ལ་གཅེར་གྱིས་བལྟ༔ མ་མཐོང་བའི་ངང་ལ་ཤིག་གེ་ཀློད༔ དེས་རྟོག་པ་ཇེ་ཉུང་ཇེ་ཕྲ་ལ་འགྲོ༔ དེ་ནས་ཚོགས་དྲུག་ལ་སྤྲོས་ལ་བསྒོམ༔ ཡང་བལྟ༔ ཡང་བཤིག༔ རེས་འཇོག་གིས་བལྟ༔ ལུས་རང་ལུགས་སུ་བཞག༔ རྟོག་པ་འགྱུ་ན་རང་ངོ་ཅེར་གྱིས་བལྟ༔ རྗེས་མེད་དུ་བུན་འགྲོ༔ དེ་ཀའི་ངང་ལ་ཀློད་ལ་བཞག༔ ལུས་དང་མིག་གཉིས་མི་འགུལ་བར་བྱ༔ བྱ་བ་དང་བསྲེ༔ རྐྱེན་ལ་ཡང་བསྒོམ༔ ཡང་སྟོང་པ་རང་རྒྱུད་དུ་བསྒོམ༔ རེས་སྣང་བ་རང་རྒྱུད་དུ་བསྒོམ༔ རེས་དེ་གཉིས་ཟུང་འཇུག་ཏུ་བསྒོམ༔ དེ་ནས་ངོ་སྤྲད་དེ༔ སྣང་བཞིན་སྟོང༔ སྟོང་བཞིན་སྣང༔ གཉིས་མེད་དབུས་མ་ངོས་བཟུང་རེས་བསྒོམ༔ རེས་ཀློད༔ དོན་ངོས་བཟུང༔ དེས་དྲོད་ཐོབ་ནས༔ སྣང་བཞིན་སེམས་སྟོང་པ༔ སྣང་བཞིན་རང་རིག་གཉིས་མེད༔ བློ་འདས་དུག་ལྔ་ཡེ་ཤེས་ལྔ༔ སྣང་སྟོང་དབྱེར་མེད༔ རང་གྲོལ༔ བློ་འདས༔ སྒོམ་མེད༔ རང་གྲོལ་དུ་འགྲོ༔ རྒྱུད་དུ་འགྲོ་བར་ཞུན་ཐར་བཅད༔ ངོ་འཕྲོད་ན་རྗེས་ཤེས༔ གེགས་བྱུང་ན་རྗེ་ལ་གསོལ་བ་གདབ༔ བར་བར་རང་ངོ་ལ་བལྟ༔ གོལ་མེད་ཀྱི་ཉམས་ལེན་ཤེས་ན་བོགས་རང་ཐོན་ལ་འབྱུང༔ དེ་ལྟར་ཉམས་སུ་བླང་ཚེ༔ བླ་མའི་རྣལ་འབྱོར་གྱི་ཚེ་སྒྲུབ་སྔོན་ཆད་མ་གྲགས་པའི་ཟབ་མོ་ཞིག་བསྟན་ནོ༔ དེ་ལ་རང་ཡི་དམ་དུ་གནས་པའི་སྤྱི་བོར༔ བླ་མ་ལོངས་སྤྱོད་རྫོགས་སྐུར་བསྐྱེད་ལ༔ གསོལ་བ་གདབ༔ རྗེས་སུ་བླ་མའི་ཐུགས་ཀ་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེའི་བཅུད་བསྡུས༔ བླ་མ་ཚེ་དཔག་མེད་དུ་གྱུར༔ རང་གི་སྙིང་ཁར་བྱོན༔ ལུས་འཆི་མེད་ཀྱི་བདུད་རྩིས་གང༔ སྤྱི་བོར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པར་བསྒོམ་མོ༔ ཐུན་མཚམས་སུ་དེ་ལྟར་ཉམས་སུ་བླང༔ ཟབ་པའི་མཐར་ཐུག་འདི༔ ཨོ་རྒྱན་བདག་གི་སྙིང༔ མཚོ་རྒྱལ་ཁྱོད་ལ་གཏད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འགྲོ་བ་རྣམས་ལ་ཕན་ཐོགས་ཤོག༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ ࿊ མཐའ་རྟེན་གྱི་མན་ངག་བཞུགས་སོ༔ བུ་ཚབ་གསེར་ཁང་གླིང་དུ་རྒྱལ་པོས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་སུ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ སློབ་དཔོན་ལ་བོགས་འདོན་རྒྱབ་ཆོས་ཟབ་མོ་ཞུས་པ༔ སློབ་དཔོན་ལགས༔ ལམ་མཆོག་འབྲས་བུའི་དོན་ཁྲིད་འདིའི་མཐའ་རྟེན་གྱི་མན་ངག་ཇི་ལྟར་ཉམས་སུ་བླང་ཞེས་ཞུས་པས༔ གུ་རུའི་ཞལ་ནས༔ འོ་དད་ལྡན་མ༔ དགེ་བའི་སེམས་ཀྱིས་ཉོན་ཅིག༔ བོད་ཀྱི་རྣལ་འབྱོར་པ་འགའ་ཞིག་ལྟ་སྒོམ་རྒྱུད་ལ་སྐྱེས་ཟེར་བ་མང་བར་གདའ་སྟེ༔ ཆོས་གོལ་མེད་གནས་ལུགས་ཀྱི་སྟེང་ནས༔ གཞི་མེད་རྩ་བྲལ་དུ་ཤེས་པ་ཉུང་བར་གདའ་བས༔ ཉམས་སུ་འདི་ལྟར་ལོངས་ཤིག༔ དེ་ཡང་ཆོས་ཐམས་ཅད་ཀྱི་དོན་ནི༔ བརྗོད་དུ་མེད་པ་ཆོས་ཉིད་ཀྱི་གནས་ལུགས༔ མ་བཅོས་རང་བྱུང་དུ་གནས་པ༔ ཡེ་ནས་གནས་པའི་དེ་བཞིན་ཉིད་ལ༔ དུས་དེར་ཡང་སངས་རྒྱས་བསྒོམས་ཏེ་མ་མཛད༔ སེམས་ཅན་བསྒྲིམས་ཏེ་མ་བཅོས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཉིད་ཚིག་གིས་གཟུང་དུ་མེད༔ དོན་ལ་བསམ་དུ་མེད་ཅིང༔ མ་བཅོས་པའི་ཆོས་ཉིད་རང་བྱུང་དུ་གནས་པ་ཡིན་ནོ༔ འོ་དེ་ལྟ་བུའི་ཆོས་ཉིད་དེ་ཇི་ལྟར་ཉམས་སུ་བླང་ན༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་དགོངས་པ་དེ༔ གང་ཟག་གིས་ལོགས་ནས་འགྲུབ་པའམ༔ ཐབས་ཀྱིས་བཙལ་བའམ༔ བསམ་ནས་རྙེད་དུ་ཡོད་པ་ལྟ་བུ་མ་ཡིན་ཏེ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་གདོད་མ་ནས་ལྷུན་གྲུབ་ཏུ་གནས་པ་ཡིན་ནོ༔ དེ་ཡང་སེམས་ཀྱི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་ཡིན༔ སྟོང་པ་ལས་རྩལ་མ་འགགས་པས༔ སངས་རྒྱས་ལ་ངོ་བོ་དེ་རྟོགས་པས་སྐུ་དང་ཡེ་ཤེས་སུ་ཤར༔ སེམས་ཅན་ལ་མ་རྟོགས་འཁྲུལ་པས་དུག་ལྔ་དང་རྟོག་པར་ཤར་བ་ཡིན་ནོ༔ དེ་ལ་སེམས་ཀྱི་ངོ་བོ་སྟོང་པར་འདུག་པ་དེ་ཆོས་སྐུ་རང་ལ་གནས་པ་ཡིན་ནོ༔ རྩལ་དུག་ལྔ་རྣམ་རྟོག་མ་འགགས་པར་ཤར་ཡང་རྩལ་སྟོང་པ་ཡིན་པས༔ མ་འགགས་པར་གཤིས་རང་ཤར༔ མཚན་མར་མི་གནས་ཏེ་རང་གྲོལ༔ དེས་ན་རྒྱ་ཆད་ཕྱོགས་ལྷུང་མེད་པར་རང་བྱུང་གི་ཡེ་ཤེས་འཆར་རོ༔ སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུར་ཉམས་སུ་ལོངས༔ རང་བཞིན་མ་འགག་པར་གསལ་བ་ལོངས་སྐུར་ཉམས་སུ་ལོངས༔ རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུར་ཉམས་སུ་ལོངས༔ མཚོ་རྒྱལ་དེ་ལྟར་ཉམས་སུ་ལོངས་དང༔ འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་གསུམ་རང་ལ་འཆར་བ་ཡིན་ནོ༔ ཉམས་སུ་དེ་ལྟར་ལོངས་ཤིག༔ མཚོ་རྒྱལ་ལྟ་བའི་མཐའ་ཆོས་ཐམས་ཅད་མ་སྤངས་ཀུན་གྲོལ༔ རང་གནས་ཀ་དག༔ རང་བྱུང་ཕྱོགས་བྲལ༔ ལྟ་བ་མཐའ་བྲལ་གཏད་མེད་ལ་ཐག་བཅད༔ སེམས་ཉིད་སྟོང་གསལ་རང་བྱུང་གི་ཡེ་ཤེས༔ མ་བཅོས་གསལ་དག་རང་གནས༔ སྒོམ་པ་སྟོང་གསལ་འཛིན་མེད་ལ་ཐག་བཅད་དོ༔ རིག་པ་རང་ཤར་རང་གྲོལ་ཞིང་དུག་ལྔ་དང་རྣམ་རྟོག་མ་སྤངས་རང་དྭངས་སུ་སོང་བས༔ སྤྱོད་པ་རང་ཤར་རང་གྲོལ་ལ་ཐག་བཅད་དོ༔ སེམས་ཉིད་སྟོང་པ་ཆོས་སྐུར་བསྟན༔ གསལ་བ་ལོངས་སྐུར་བསྟན༔ རྩལ་མ་འགག་པ་སྤྲུལ་སྐུར་བསྟན་པས༔ འབྲས་བུ་སྐུ་གསུམ་རང་ལ་གནས་པར་ཐག་བཅད་དོ༔ མཚོ་རྒྱལ་ལྟ་བའི་མཐའ་ནི་རྟོགས་པ་བརྟན་པ་ལ་ཐུག་གོ༔ སྒོམ་པའི་མཐའ་ནི་གོམས་ཤིང་འདྲིས་པ་ལ་ཐུག་གོ༔ སྤྱོད་པའི་མཐའ་ནི་འཛིན་མེད་རང་གྲོལ་ལ་ཐུག་གོ༔ འབྲས་བུའི་མཐའ་ནི་སྐུ་གསུམ་རང་ས་ཟིན་པ་ལ་ཐུག་གོ༔ རྩ་བ་གསུམ་གྱི་མཐའ་ཡང་དོན་ལ་སྟོང་པ་དང་སྙིང་རྗེ་ཟུང་འབྲེལ་སེམས་ཅན་གྱི་དོན་བྱེད་པ་ལ་ཐུག་གོ༔ མཚོ་རྒྱལ་དེ་ལྟར་ཉམས་སུ་ལོངས་ཤིག༔ གཞི་མ་བཅོས་པ༔ ལམ་མ་འཁྲུལ་བ༔ དོན་ལ་གང་ཤར་ཆོས་ཉིད་ཀྱི་རོལ་པ༔ གང་སྐྱེས་ཆོས་ཉིད་ཀྱི་རང་རྩལ༔ ཅི་བྱེད་རྨི་ལམ་སྒྱུ་མ༔ རྒྱུན་དུ་དྲན་འཛིན་གྱི་བྱ་ར་བ༔ ཚིག་བཞི་པོ་འདི་ངའི་སྙིང་གཏམ་ཡིན་པས༔ འདི་དང་མ་བྲལ་བར་གྱིས༔ <!TCC Tibetan character 3,182 undefined in unicode!> རྣལ་འབྱོར་བཞིའི་ཉམས་ལེན༔ ཡང་ཇོ་མོས་ཞུས་པ༔ གུ་རུ་ལགས༔ དེ་ལྟར་ཉམས་སུ་ལེན་པའི་དུས་སུ༔ རྒྱུན་དུ་རྣལ་འབྱོར་བཞི་ལ་ཇི་ལྟར་བསླབ༔ དཀྱིལ་འཁོར་གསུམ་ལ་ཇི་ལྟར་བསླབ༔ ཅེས་ཞུས་པས༔ གུ་རུའི་ཞལ་ནས༔ དད་ལྡན་མ་ལེགས་སོ༔ འབྲས་བུ་དོན་གྱི་ཁྲིད་འདི་ཉམས་སུ་ལེན་པའི་རྣལ་འབྱོར་པས༔ རྣལ་འབྱོར་བཞི་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ༔ རྣལ་འབྱོར་པས་ལྟ་བ་ལ་རྣལ་འབྱོར་དུ་བྱེད་ན༔ ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་ཡིད་དཔྱོད་དང་བྲལ་བ༔ བསམ་བརྗོད་དང་བྲལ་བ༔ སྟོང་ཉིད་མངོན་དུ་གྱུར་པ༔ བློ་འདས་ཆེན་པོར་ཤེས་པར་བྱའོ༔ སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི༔ གནས་ལུགས་ཀྱི་ངོ་བོ་ལ༔ དྲན་འཛིན་གྱི་ཐག་པས་གང་ཤར་ངོ་བོས་སྟོང་པར་སྤྱོད་ལམ་རྣམ་བཞི་དུས་རྒྱུན་དུ་བྱའོ༔ སྤྱོད་པ་ལ་རྣལ་འབྱོར་དུ་བྱེད་པ་ནི༔ དགེ་སྦྱོར་ལ་བོགས་འདོན༔ བདེ་སྡུག་རོ་མཉམ་ཞིང་འདོད་ཐོག་ཏུ་ཤེས་པར་བྱ་སྟེ༔ དབེན་པའི་སར་རི་དྭགས་ལྟར་རྒྱུ་ཞིང༔ ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་བདེ་བ་ལམ་དུ་བསླང༔ ཇི་ལྟར་ཉམས་སུ་བླང་ཐབས་ནི༔ ཐབས་ལམ་ཡིད་བཞིན་ནོར་བུ་ན་གསལ་ལོ༔ གཙང་དམེའི་བློ་ཟད་ཅི་བྱེད་ཆོས་དང་མ་བྲལ་བར་བྱའོ༔ འབྲས་བུ་ལ་རྣལ་འབྱོར་དུ་བྱེད་པ་ནི༔ འབྲས་བུ་ནི༔ གཞི་མ་བཅོས་པ་དེ་ཉིད་བཙན་ས་ཟིན་ཏེ༔ ལམ་ཕྱིར་མི་ལྡོག་པར༔ ཡང་དག་དོན་གྱི་ངོ་བོ་འཁྲུལ་མེད་ལ་བརྟན་པ་ཐོབ་ནས༔ སྐུ་གསུམ་རང་ལ་གནས་པས་རེ་དོགས་མེད་པའི་གདིང་ཐོབ་ནས་བཙན་ས་ཟིན་པ་ལ་བྱའོ༔ མཚོ་རྒྱལ་རྣལ་འབྱོར་བཞི་ལ་དེ་ལྟར་ཉམས་སུ་ལོངས་ཤིག༔ རྣལ་འབྱོར་བཞིའི་གདམས་པ༔ ྀཨཚ༔ <!TCC Tibetan character 3,182 undefined in unicode!>༔ དཀྱིལ་འཁོར་གསུམ་གྱི་ཉམས་ལེན༔ རྣལ་འབྱོར་གང་ཟག་གིས་དཀྱིལ་འཁོར་གསུམ་དང་མ་བྲལ་བར་བྱ་བ་ནི༔ འདི་ལྟར་ཉམས་སུ་བླང་སྟེ༔ དུས་དང་རྣམ་པ་ཐམས་ཅད་དུ༔ ལུས་ལྷའི་དཀྱིལ་འཁོར་ཤེས་པས༔ གདོས་བཅས་ཐ་མལ་དུ་མི་བཟུང༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་རོ༔ ཁམས་དཔའ་བོ༔ རྩ་དཔའ་མོ༔ སྤྲོ་ན་རིགས་བརྒྱ་ལ་སོགས་བདུན་བརྒྱ་ཉེར་ལྔ་བྱའོ༔ ཟ་འཐུང་གི་དུས་མགྲིན་པར་བླ་མ༔ སྙིང་གར་ཡི་དམ༔ ལྟེ་བར་མཁའ་འགྲོ༔ དེ་རྣམས་ལ་བསྔོ་ཞིང་ཡི་དམ་ལྷའི་ང་རྒྱལ་རྣམ་པ་ཐམས་ཅད་དུ་མ་བྲལ་བར་བྱའོ༔ གཉིས་པ་ངག་སྔགས་ཀྱི་དཀྱིལ་འཁོར་ནི༔ དེ་ཡང་སྔགས་སྒྲ་གྲགས་སྟོང་དུ་ཐལ་ལེ་བཟླ་སྟེ༔ འཛིན་མེད་སྟོང་པའི་རང་སྒྲར་བཟླའོ༔ བཟླས་པས་སྒྲིབ་པ་བྱང༔ དངོས་གྲུབ་འགྲུབ་པར་འདོད་ན༔ རེ་དོགས་ཀྱི་རྟོག་པ་ཡིན་པས༔ རྟོག་མེད་ཀྱི་ངང་ལ་གྲགས་སྟོང་དུ་བཟླས་པས༔ དངོས་གྲུབ་རྣམ་གཉིས་འབྱུང་ངོ༔ ཡིད་ཐ་མལ་དུ་མི་གནས༔ ཆོས་ཉིད་ངང་ལ་གནས་པར་བྱ་སྟེ༔ སེམས་ལ་རྣམ་རྟོག་འགྱུ་བ་ཅི་ཤར་ཡང༔ བཀག་ཀྱང་མི་བཀག༔ རྗེས་ཕྱིར་ཡང་མི་འབྲང༔ རང་གྲོལ་དུ་བཞག་སྟེ༔ རང་བྱུང་དུ་སྐྱེས༔ རང་ཞིར་གྲོལ༔ བཅོས་བསྒྱུར་མི་བྱ་སྟེ༔ འགྱུ་བྱེད་ཀྱི་རྟོག་པ་ཕྲ་རགས་ཐམས་ཅད༔ བྱུང་ཡང་སེམས་ཉིད་སྟོང་པའི་ངང་ལས་བྱུང༔ དྭངས་ཀྱང་སེམས་ཉིད་སྟོང་པའི་ངང་དུ་དྭངས་སུ་གཞུག་གོ༔ རྒྱ་རྒྱ་རྒྱ༔ དེ་ཡང་རྟག་ཆད་ཀྱི་མཐའ་བསལ་བ་ནི༔ བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམ་སྟེ༔ ལུས་ལྷར་བསྒོམས་པས་ཆད་པའི་མཐའ་བསལ༔ ལྷ་སྣང་ལ་རང་བཞིན་མེད་པར་བསྒོམས་པས༔ རྟག་པའི་མཐའ་བསལ༔ ངག་ཏུ་སྔགས་བཟླས་པས་ཆད་པའི་མཐའ་བསལ༔ གྲགས་སྟོང་བྲག་ཆ་ལྟར་བཟླས་པས་རྟག་པའི་མཐའ་བསལ༔ ཡིད་ཀྱི་རྟོག་པ་མ་བཀག་རང་བྱུང་དུ་བཟླས་པས༔ ཆད་པའི་མཐའ་བསལ༔ རང་གྲོལ་རང་དྭངས་སུ་བཞག་པས་རྟག་པའི་མཐའ་བསལ༔ བསྐྱེད་རྫོགས་ཟུང་འབྲེལ་དུ་ཉམས་སུ་ལོངས་ཤིག༔ མཚོ་རྒྱལ་གང་ཟག་གི་རྟེན་ལ་བཟང་ངན་མེད་ཀྱི༔ གནད་དེ་ལྟར་ཤེས་པར་གྱིས་དང༔ ལུས་འཁོར་བ་ན་འདུག་ཀྱང༔ སེམས་སངས་རྒྱས་ཀྱི་སར་བསླེབས་པ་ཡིན་གྱི༔ འདི་ལྟར་ཉམས་སུ་མི་ལེན་པར༔ གཉིས་འཛིན་གྱི་སྒྲོག་དང་མ་བྲལ་ན༔ རིའི་རྩེར་བསྡད༔ ཆོས་གོས་ཀྱི་ལྷུམས་སུ་ཞུགས༔ སྡོམ་པ་གསུམ་ལས་སྟོང་ཚོར་ལྡན་ཡང་འཁོར་བ་ལས་མི་གྲོལ་བས༔ ངའི་བྱིན་གྱིས་བརླབས་པའི་གང་ཟག་འཁོར་བ་མ་སྤངས་རང་གནས་སུ་གྲོལ་བ་ཡང་མང་གི༔ མཚོ་རྒྱལ་ངའི་རྗེས་སུ་ཞུགས་དང༔ བྱང་ཆུབ་ཀྱི་སྙིང་པོ་ལ་རྟེན་སྐྱེ་བོ་དང་སེར་མོ་ལ་ཡང་དོན་ལ་ཁྱད་པར་མེད་ཀྱི༔ གང་ཟག་ཆོས་སྙིང་ནས་བྱེད་ན༔ པདྨ་འབྱུང་གནས་ཀྱི་ལུགས་སུ་གྱིས་དང༔ ཨེ་མ་བདག་འདྲ་མཚོ་རྒྱལ་བུད་མེད་བློ་དམན་ཡང༔ སློབ་དཔོན་སྤྲུལ་སྐུས་རྗེས་སུ་བཟུང༔ མ་འོངས་དོན་དུ་ཡི་གེར་བཀོད༔ ཨེ་མ་སངས་རྒྱས་ལག་འཆང་དོན་ཁྲིད་སྐོར། །ངེས་མེད་རྣལ་འབྱོར་རཏྣའི་མིང་། ཁྱུང་ཆེན་བྲག་གི་ཤར་ཕྱོགས་ནས། །གདན་དྲངས་ཕྱི་རབས་རྗེས་འཇུག་རྣམས། །འཁོར་བ་མཐའ་མེད་འབྱུང་དོགས་ན། །གདམས་སྐོར་འདི་ཉིད་ཉམས་ལོངས་ཤིག། ࿊ ༔དོན་ཁྲིད་ཐུག་འཕྲད་སངས་རྒྱས་ལག་འཆང་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!> ་་་་སཾ་སྐྲྀཏ་བཀྲ་ཤིས་དགེ་བའི་སྐད། ་་་་ཨོ་རྒྱན་མཁའ་འགྲོའི་སྐད། ་་་དྷ་ན་ཀོ་ཤ་གླིང་པའི་སྐད། རང་གི་སེམས་ལ་ཕྱག་འཚལ་ལོ༔ བཀའ་དང་རྒྱུད་སྡེ་ལུང་མན་ངག༔ རབ་འབྱམས་འོ་མའི་རྒྱ་མཚོ་ལས༔ ཐུགས་བཅུད་མར་གྱི་སྙིང་ཁུ་ཕྱུང༔ དཔེ་སོགས་ཡི་གེ་མི་འཚལ་ཡང༔ ཨོ་རྒྱན་ཐུགས་ཀྱི་བརྣག་པ་འདི༔ གཏེར་ཁ་གཞན་དུ་སྦས་པ་མེད༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ དཔེ་མང་ཡིག་སྣ་མི་འཚལ་གྱི༔ ཡིད་གཉིས་ཐེ་ཚོམ་སྤངས་པ་ཡིས༔ གློ་སྙིང་བྲང་གསུམ་འདི་ལ་གཏོད༔ འདི་ནི་སངས་རྒྱས་ལག་འཆང་མའོ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རང་རིག་ཀུན་ཏུ་བཟང་པོ་དེ༔ དགོངས་པ་ནམ་མཁའི་མཐའ་དང་མཉམ༔ བསྒོམས་པས་གྲོལ་བའི་ཆོས་མེད་དོ༔ ཨེ་མ་སྣང་སྲིད་ཆོས་མེད་དོ༔ སྟོང་པའི་ངང་ལ་གཟའ་གཏད་མེད༔ སྣང་བ་འདི་ལའང་གཟའ་གཏད་མེད༔ བྱ་སྤྱོད་སྤང་བླང་ཆོས་ཀྱང་མེད༔ སྟོང་ཉིད་མངོན་གྱུར་མཐའ་བྲལ་ལ༔ ལྟ་བ་མིང་དུ་བཏགས་པ་ཙམ༔ དོན་ལ་ལྟ་བའི་མིང་ཡང་མེད༔ མ་བཅོས་རང་གནས་བློ་བྲལ་ལ༔ སྒོམ་ཞེས་ཐ་སྙད་ཙམ་དུ་བཏགས༔ དོན་ལ་བསྒོམ་རྒྱུའི་ཆོས་མེད་དོ༔ མ་བཅོས་ལྷུག་པ་རྣལ་མ་ལ༔ སྤྱོད་པ་མིང་གིས་ཕྱེ་བ་ཙམ༔ དོན་ལ་གཏད་མེད་སངས་རྒྱས་མེད༔ གདོད་ནས་རྣམ་དག་སྟོང་པ་ཉིད༔ མཚོན་བྱ་ཆོས་སྐུ་ཙམ་དུ་བཏགས༔ རྣམ་པ་ཀུན་ལྡན་རང་རིག་གསལ༔ ཚིག་གིས་ལོངས་སྐུར་ཕྱེ་བ་ཙམ༔ ཀུན་ཁྱབ་ཤར་གྲོལ་མ་འགགས་པ༔ སྤྲུལ་སྐུ་ཉིད་ཀྱང་མ་འགག་ཙམ༔ རང་བཞིན་སྨྲ་བརྗོད་བྲལ་བ་ལས༔ དོན་ལ་སྐུ་གསུམ་ཆོས་ཉིད་དོ༔ གཟུང་འཛིན་མཚན་མ་སྤང་བའི་ཕྱིར༔ བསྐྱེད་རིམ་ཐབས་ཀྱིས་ཕྱེ་བ་ཉིད༔ རང་རྒྱུད་འཛིན་པ་མེད་ཕྱིར་རོ༔ མཚན་མའི་བདག་ལྟ་སྦྱང་བའི་ཕྱིར༔ རྫོགས་པའི་རིམ་པ་ཤེས་བྱ་སྟེ༔ ཐབས་ཤེས་ཟུང་འཇུག་སྤྲོས་བྲལ་ཉིད༔ དོན་ལ་བསྐྱེད་རྫོགས་བློ་འདས་ཉིད༔ གང་སྐྱེས་པ་ནི་སྐྱེ་མེད་ཉིད༔ ཐོག་མ་ཐ་མ་མེད་ཕྱིར་རོ༔ ཐ་སྙད་རང་རིག་ཙམ་དུ་བཏགས༔ དོན་ལ་གཞི་མེད་རྩ་བ་བྲལ༔ འདི་ཞེས་མཚོན་དུ་ཡོད་མིན་ཏེ༔ མེད་པ་དེ་ཉིད་གནས་ཉིད་དུ༔ རང་ངོ་ཤེས་པ་ལྟ་བ་སྟེ༔ བཅོས་བསླད་མེད་པ་སྒོམ་པ་འོ༔ སྤང་ཐོབ་མེད་པ་སྤྱོད་པ་སྟེ༔ རེ་དོགས་མེད་པ་འབྲས་བུ་འོ༔ འདི་ལྟར་སྐལ་ལྡན་སུས་རྟོགས་པ༔ སངས་རྒྱས་ལག་འཆང་ཞེས་བྱ་སྟེ༔ མཐོང་ཐོས་གྲོལ་བའི་རྣལ་འབྱོར་རོ༔ འདི་ལྟ་བུ་ཡི་གདམས་པ་འདི༔ སྔོན་ཆད་འཛམ་གླིང་མ་གྲགས་ཏེ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ སྐུ་གསུམ་ངོ་བོ་གུ་རུ་ལ༔ མཉེས་པ་གསུམ་གྱིས་ཞབས་ཏོག་བྱས༔ གསང་སྔགས་ཟབ་མོའི་ལམ་ཞུགས་ནས༔ རྗེ་བཙུན་བཀའ་ཡི་བསྡུ་བ་བྱས༔ ལྷ་ཁང་མཆོད་རྟེན་དབེན་པའི་གནས༔ གངས་རི་བྲག་དང་ས་མཚམས་ཅན༔ གངས་ཅན་ཡུལ་གྱི་མཐའ་དབུས་མེད༔ ཐམས་ཅད་གདམས་པའི་གཏེར་གྱིས་བཀང༔ ཁྱད་པར་ཡང་ཟབ་ཐུགས་ཀྱི་བཅུད༔ ངོ་སྤྲོད་སངས་རྒྱས་ལག་འཆང་འདི༔ བུ་ཚབ་རིན་ཆེན་གསེར་ཁང་གི༔ དབུ་རྩེ་བར་མའི་ཤར་སྒོ་རུ༔ མངའ་བདག་ལྷ་སྲས་བཙད་པོ་ཡིས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བཤམས༔ གསེར་ཁྲི་རིན་ཆེན་བཤམས་པའི་སྟེང༔ མཁན་པོ་པདྨ་སཾ་བྷ་ཝས༔ ཐུགས་ཀྱི་ཡང་བཅུད་ཚིག་ཏུ་བྱོན༔ ཁོ་མོས་དཀར་ཆག་ཡི་གེར་བཀོད༔ ཤིན་ཏུ་ཡང་ཟབ་གཅེས་པའི་ཕྱིར༔ ད་དུས་སྤེེལ་བའི་གནས་མེད་དོ༔ སྦས་ཡུལ་རྫོང་ལ་འཆོས་པའི་ཚེ༔ ཁྱུང་ཆེན་བྲག་ལ་གཏེར་དུ་བཙའ༔ གཏེར་བདག་གཙང་བཙན་བྲག་བཙན་ནི༔ དམ་ལ་བཏགས་ནས་གཉེར་དུ་གཏད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དོན་མེད་གཞན་གྱིས་འདོན་སྲིད་ན༔ ཁྱེད་རྣམས་ལས་ཀྱི་ཤན་པར་བསྐོས༔ ལུས་སྲོག་ཕྲོལ་ཅིག་དགེ་བསྙེན་རྣམས༔ ལས་ཅན་དེ་ལ་སྤྲོ་བཞིན་གཏོད༔ ས་མ་ཡཱ༔ ཨོཾ་སྐུ་ཡི་རྒྱ༔ ཨཱཿགསུང་གི་རྒྱ༔ ཧཱུྃ་ཐུགས་ཀྱི་རྒྱ༔ ཨེ་མ་ཆོས་ཟབ་ཡང་ཟབ་འདི༔ དུས་བཟང་ཚེས་བཅུའི་སྔ་དྲོ་ལ༔ བདག་འདྲ་མཚོ་རྒྱལ་ཡི་གེར་བཀོད༔ ལོ་ནི་ལྔ་བཅུ་ཁ་རལ་དུས༔ མི་རྣམས་ཚེ་ཐུང་གཡུལ་འཁྲུགས་དར༔ ཐམས་ཅད་རང་སྡུག་རང་གིས་ཤོམ༔ མཐའ་དབུས་མེད་པར་ཁྲག་མཚོར་འཁྱིལ༔ བོད་ཁམས་ཐམས་ཅད་མར་འགྲིབ་དུས༔ སྙིགས་མ་ལྔ་བརྒྱའི་དུས་དེ་རུ༔ མཐའ་འཁོབ་མོན་མཚམས་གྲུ་ཤུལ་ན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ༔ མོན་བུ་སྐྲ་ཡི་ལྭ་ཐོད་ཅན༔ ཤེས་རབ་བློ་ལྡན་ངེས་མེད་སྤྱོད༔ ཀུན་གྱིས་དགོངས་པ་མི་རྟོགས་པས༔ ཚེ་འདིར་འཁོར་བའི་སྤྱོད་པ་འདས༔ འོན་ཀྱང་འགྲོ་དོན་བྱེད་པར་འགྱུར༔ འདི་ཞེས་ཁ་ཚོན་ཆོད་པར་དཀའ༔ ལས་ལྡན་ཁྱོད་དང་འདི་འཕྲད་ཤོག༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་ངེས་མེད་རཏྣ་ངས། ཁྱུང་ཆེན་ལྡིང་བའི་བྲག་ནས་བཏོན། ࿊ །ཀུན་ལ་གཅེས་པ་རྒྱབ་ཆོས་ཀྱི་སྐོར་རོ༔ ཚེ་སྒྲུབ་གཤིན་རྗེ་གདོང་བཟློག་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!>༔ ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ལྔ་བཅུ་ཁ་རལ་དུས་ཀྱི་མཐར༔ ཚེ་མཐར་ཐུག་ཚེ་རྣལ་འབྱོར་པས༔ རིན་ཆེན་ཚེ་སྒྲུབ་བྱེད་འདོད་ན༔ དེ་ཡང་ཤིན་ཏུ་གཙང་བའི་གནས་སུ་དལ་སྟེགས་བུ་ཅི་རིགས་པར་བྱ༔ བདུད་རྩིས་ཆག་ཆག་གདབ་པའི་སྟེང་དུ༔ ནས་ཀྱི་ཚོམ་བུ་ལྔ་བཀོད༔ རིན་པོ་ཆེའི་བུམ་པའི་ནང་དུ༔ ཆང་དང་མར་གྱི་རིལ་བུ་དང༔ འབྲུ་སྣ་སྨན་སྣ་རཏྣས་བཀང་ལ༔ དར་སྣས་མགུལ་བཅིང༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན༔ གཟུངས་ཐག་དཀར་པོ་བཏགས་ལ་མཎྜལ་དབུས་སུ་བཀོད༔ ཚོགས་གཏོར་བཤམ༔ མཚམས་བཅད༔ མཆོད་པ་འབུལ༔ རྩ་བ་གསུམ་ལ་མཆོད་ཅིང་གསོལ་བ་གཏབ༔ རང་གཟུངས་ཐག་ལག་ཏུ་ཐོགས་ཏེ༔ སྤྱི་གཙུག་ཏུ་ཨོ་རྒྱན་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ མཉམ་གཞག་སྟེང་ན་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་རཏྣའི་རྒྱན་གྱིས་བརྒྱན་པ༔ དབུ་ལ་རིགས་ལྔའི་ཞལ་འཛུམ་འོད་ཟེར་དང་ལྡན་པ༔ པད་སྡོང་སུམ་བརྩེགས་ཀྱི་སྟེང་དུ་བཞུགས་པར་བསྒོམས་ལ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་གསོལ་བ་ལན་གསུམ་གདབ་བོ༔ དེ་ནས་བདག་གི་སྤྱི་གཙུག་ནས་མར་བབས་བདག་གི་སྙིང་གི་དཀྱིལ་དུ་བྱོན༔ དེ་བུམ་པར་ཇེ་ཆེ་ལ་སོང་ནས༔ ཨོ་རྒྱན་དུ་ཀྲོང་ཙེར་བསྒོམ༔ དེ་ནས་བཟླས་པས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་པའི་ནང་དུ་འཕྲོས༔ བུམ་པའི་ནང་ནས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཌཱ་ཀི་ཆོས་སྐྱོང་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ནས་བུམ་པའི་ནང་དུ་དཀར་ཆིལ་གྱིས་འཁྱིལ་བར་བསམ་ཞིང་སྔགས་འདི་བཟླའོ༔ ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ༔ སུ་ས་ཏེ་ན་ཏེ༔ སུ་ས་ཏེ་ན་ཏེ་སྭཱ་ཧཱ༔ ཞེས་བཟླས་ཤིང་བསྒྲུབས་པས༔ འགྲུབ་པའི་རྟགས་ནི༔ ཆུ་བོ་བརྒལ་བ༔ གྱེན་ལ་འགྲོ་བ༔ གོ་ཆ་གྱོན་པ༔ ཉི་མ་ཤར་བ༔ འབྲུ་ལ་ལོངས་སྤྱོད་བྱེད་པ་རྨིས་ན༔ འགྲུབ་པའི་རྟགས་ཡིན་པས་དངོས་གྲུབ་བླང་བར་བྱ་སྟེ༔ བུམ་པ་མགོ་ཐོག་ཏུ་བཞག་ལ༔ བུམ་པའི་བདུད་རྩི་ཚངས་བུག་ནས་མར་དཀར་ན་ར་ར་བྱུང་བས༔ ལུས་བདུད་རྩིས་ལྟེམས་ཀྱིས་གང་བར་བསམས་ལ༔ ཨོཾ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ ཞེས་བརྒྱ་རྩ་བརྒྱད་བཟླའོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ བདག་གི་ཡ་རྐན་ལ་ཨོཾ༔ མ་རྐན་ལ་ཨཱ༔ ལྕེ་སྟེང་ན་ཧཱུྃ༔ མགྲིན་པར་ཡུ་བསྒོམ་མོ༔ བུམ་པའི་བདུད་རྩི་བཏུང་ངོ༔ མར་གྱི་རིལ་བུ་བཟའ༔ ངག་ཏུ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས༔ བདུད་རྩི་ལྕེ་སྟེང་ནས་སྙིང་གི་དཀྱིལ་དུ་བབས༔ དཀར་ལ་འཚེར་བ༔ སྣུམ་ལ་འདྲིལ་བ༔ བདུད་རྩི་འཆི་མེད་ཀྱི་ཐིགས་པ༔ སྙིང་གི་དཀྱིལ་དུ་འཁྱིལ་བར་བསམ་མོ༔ ངག་ཏུ༔ ནད་བཞི་བརྒྱ་རྩ་བཞི༔ རྐྱེན་ཉི་ཁྲི་གཅིག་སྟོང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག༔ ཅེས་ལན་བདུན་བརྗོད་དོ༔ དངོས་གྲུབ་དེ་ལྟར་བླང་ངོ༔ དེ་ལྟར་ཞག་བདུན་སུས་སྒྲུབ་པ༔ ཚེ་དུས་ཟད་པའི་རྣལ་འབྱོར་ཡང༔ ཚངས་པའི་ཚེ་དང་ལྡན་པར་འགྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་སྦས་པ་འགའ་ཡོད་དེ༔ འདི་ལས་ཟབ་པ་ཡོད་རེ་ཀན༔ གསེར་ཁང་གླིང་དུ་ཡི་གེར་བཏབ༔ མཐའ་འཁོབ་མོན་བོད་མཚམས་སུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཁྱུང་ཆེན་བྲག་གི་གཏེར་མའོ། །ྀཨཚ། ࿊ རྣམ་ཤེས་འཕོ་བའི་མན་ངག་བཞུགས༔ ཨེ་མ་གལ་ཏེ་དུས་ལ་བབས་གྱུར་ན༔ རྣལ་འབྱོར་རྣམ་ཤེས་འཕོ་བར་བྱ༔ འབྱུང་བ་ཐིམ་ནས་རླུང་ཟད་ཚེ༔ བསྐྱེད་རིམ་རྣལ་འབྱོར་ཅི་གསལ་བསྒོམ༔ སྐྱབས་འགྲོ་མོས་གུས་དུང་བྱས་ལ༔ འཁོར་དང་ལོངས་སྤྱོད་གནས་མལ་ལ༔ གང་ལའང་ཆགས་ཞེན་བློས་སྤངས་ཏེ༔ རྩེ་གཅིག་སྟེང་དུ་ཅི་གནས་བཞག༔ རང་གི་རྣམ་ཤེས་ཙིཏྟའི་དཀྱིལ༔ ཨ་དཀར་འོད་ཀྱི་རང་བཞིན་ཅན༔ ཁ་དོག་ལྔ་ལྡན་སྣུམ་ལ་འདྲིལ༔ ཙིཏྟའི་ལྷ་ཚོགས་ཞེ་གཉིས་ལ༔ འཁོར་གསུམ་བསྐོར་ཏེ་དབུ་མའི་ནང༔ ཚངས་བུག་དག་ལས་མདའ་འཕངས་བཞིན༔ རིག་པ་རྟེན་མེད་ནམ་མཁར་འཕོ༔ འཕོ་ཚེ་ཧིཀ་གི་སྒྲ་དང་བཅས༔ མ་འཆི་གོང་ནས་སྦྱང་ཡང་རུང༔ རྟགས་ཐོན་གདིང་དང་ལྡན་པར་བྱ༔ གཡེང་བས་ཁྱེར་བའི་འཁོར་བ་པའང༔ རྣམ་ཤེས་འཕོ་ཚེ་དྲན་པས་ཆོག༔ སྡིག་ཅན་རྔོན་པ་ཡིན་གྱུར་ཀྱང༔ ཐབས་ཀྱི་གསེང་ལམ་ཡིན་པའི་ཕྱིར༔ འདི་ཡོད་འཁོར་བར་ལྡོག་པ་མེད༔ ཅི་ཕྱིར་ཐབས་ལ་བརྟེན་པའི་གནད༔ ཟབ་པ་ལས་ཀྱང་ཆེས་ཟབ་ཆོས༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ རྣལ་འབྱོར་ཆ་རྐྱེན་རྫོགས་བྱའི་ཕྱིར༔ མ་འོངས་དོན་དུ་གཏེར་དུ་སྦས༔ འདི་ནི་ཡོད་པས་ཆོག་པའི་ཆོས༔ ངེས་མེད་སྤྱོད་པའི་རྣལ་འབྱོར་པ༔ ལས་ཅན་ཁྱོད་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་སིང༔ འཕོ་བའི་གདམས་སྐོར་མཐར་ཐུག་འདི། །རྣལ་འབྱོར་རཏྣའི་མིང་ཅན་ངས། ཁྱུང་ཆེན་བྲག་གི་ལོག་ནས་བཏོན། །དུས་མཐའི་འགྲོ་བ་འདྲེན་པར་ཤོག ࿊ །བར་དོ་གནད་ཀྱི་ཞལ་གདམས་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ འདི་ནས་ཕ་རོལ་འགྲོ་བའི་ཚེ༔ བར་དོ་རྣམ་པ་མང་བཤད་ཀྱང༔ ཆོས་ཉིད་བར་དོ་ཤེས་པར་བྱ༔ དེ་ཡང་ཉི་ཟླ་ཁ་སྦྱོར་ལས༔ སྐྱེས་བུ་ལུས་ལ་ནད་བཏབ་ནས༔ རྟགས་འདི་སུ་ལ་བྱུང་བ་དེའི༔ ཤི་བའི་དུས་ནི་བཏབ་པ་ཡིན༔ འབྱུང་བ་ལྔ་ཡི་ཐིམ་ལུགས་ནི༔ ས་ནི་ས་ལ་རང་ཐིམ་པས༔ ལུས་ནི་ལྕི་ཞིང་ཟས་མི་ལེན༔ ལངས་དང་འགྲོ་བའི་སྟོབས་ཀུན་ཟད༔ ཆུ་ནི་ཆུ་ལ་ཐིམ་པའི་ཚེ༔ ཁ་ཆུ་སྣ་ཆུ་མིག་ཆུ་འཛག༔ དེ་བཞིན་མེ་ལ་མེ་ཐིམ་པས༔ ཁ་སྣ་རྣམས་ནི་ཤིན་ཏུ་སྐམ༔ ལུས་ཀྱི་དྲོད་དང་བཀྲག་རྣམས་ཤོར༔ དེ་བཞིན་རླུང་ལ་རླུང་ཐིམ་པས༔ དབུགས་ནི་ངར་ངར་ཡན་ལག་གཡབ༔ མིག་ཀྱང་གྱེན་ལ་ཟློག་པར་བྱེད༔ རྟགས་འདི་སུ་ལ་བྱུང་བ་དེ༔ འདི་ལ་མི་གནས་ཕ་རོལ་འགྲོ༔ དེ་ཚེ་བླ་མའི་གདམས་ངག་རྣམས༔ རང་གི་རྒྱུད་ལ་གནས་པར་བྱ༔ ཞེས་སོ༔ དེ་ཡང་རླུང་གིས་ཁྲག་བསྡུས་སྲོག་རྩར་བརྒྱབ༔ མགོ་འགུག་ཨིག་འབྱིན་དབུགས་ནི་ཆད༔ རིག་པ་སྙིང་དཀྱིལ་བརྒྱལ་ནས་བསྡད༔ དེ་ནས་ནང་གི་དབུགས་ཆད་དེ༔ ཆོས་ཉིད་བར་དོ་འཆར་བར་བྱེད༔ རིག་པ་རླུང་གི་རྟ་ཞོན་ནས༔ ཕྱད་ཕྱོད་བན་བུན་ཀུན་ལ་ཁྱབ༔ དེ་ཚེ་རིག་པ་ལུས་རྒྱ་དང་བྲལ་བས༔ སྡོད་མི་ཚུགས་ཤིང་བག་གྲང་བ༔ བྲག་དང་ཆུ་ལ་ཐོགས་པ་མེད་པར༔ བལ་འདབ་རླུང་གིས་བཏེགས་པ་ལྟ་བུ༔ ཡད་ཡུད་ཕྱད་ཕྱོད་བྱེད་ཅིང༔ འོད་ཁ་དོག་སྣ་ཚོགས་པ་ཞིང་ཁམས་ཁྱབ་པས༔ མེར་བ༔ འགུལ་བ༔ འཕྲིག་པ༔ མནན་ན་ནེམ་པ་སྙམ་བྱེད་པ༔ བཏེགས་ན་འཕར་བ་སྙམ་བྱེད་པ༔ འོད་ཀྱི་ཕུང་པོ་ཚོམ་བུའི་སྐུར་ཤིག་ཤིག་པ༔ ཞི་ཁྲོའི་སྐུ་བསམ་གྱིས་མི་ཁྱབ་པ༔ རང་སྣང་ཡེ་ཤེས་སུ་མ་ཤེས་པས༔ གཤིན་རྗེའི་གཟུགས་འཇིགས་སུ་རུང་བ་དཔག་ཏུ་མེད་པ༔ དེ་ལྟར་རང་སྒྲའི་སྐད་རྒྱོབ་སོད་ལ་སོགས་པ་དཔག་ཏུ་མེད་པ་འཆར་རོ༔ གཞན་ཡང་སྔངས་སྐྲག་འཇིགས་སྣང་གྲངས་ལས་འདས་སོ༔ ལུས་མེད་ཀྱང་སྔོན་གྱི་བག་ཆགས་ཀྱིས་ལུས་ཡོད་པའི་རྣམ་པ་འབྱུང་ངོ༔ སྐྱི་ཟིང་ཟིང་ཤེས་པ་ཕྱད་ཕྱོད་བྱེད་དེ༔ བསམ་བློ་ཞིག་བཏང་བས༔ ཨ་ཕ་ཕ་ད་ཤི་བ་ཡིན་པར་འདུག་ཅི་ཙུག་བྱེད་སྙམ་སྟེ༔ སྙིང་གྲང་ལྷང་གི་སྡུག་བསྔལ་དྲག་པོ་འབྱུང་ངོ༔ དེ་ཡང་སྔར་བས་ཤེས་པ་བདུན་འགྱུར་གྱིས་གསལ་བ་ཞིག་འབྱུང་ངོ༔ དེ་ལ་རྣལ་འབྱོར་པ་རབ་ནི་ཁྱུང་སྒོ་ང་དང་བྲལ་བ་ལྟར་འཁྲུལ་སྣང་གྲོལ་ཏེ་བར་དོ་མེད་པར་སངས་རྒྱའོ༔ རྣལ་འབྱོར་པ་འབྲིང་གིས་སྒྲ་འོད་ཟེར་གསུམ་གཟུགས་སྣང་ཐམས་ཅད་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་དུ་བླ་མའི་གདམས་ངག་དྲན་ནས༔ རང་སྣང་འཁྲུལ་པར་ངོ་ཤེས་ཏེ༔ ཆོས་ཉིད་བར་དོར་སངས་རྒྱའོ༔ ད་ལྟ་ནས་འདུན་པས་སྦྱང་ལ་འདྲིས་པར་བྱའོ༔ གཞན་ཡང་ཐ་མས་སྐྱེ་སྒོ་མ་ནོར་བ་བདམ་མོ༔ དེའི་དུས་སུ་ཕོ་མོ་སྤྱོད་པའི་སྣང་བ་འབྱུང་སྟེ༔ རབ་ཀྱིས་བླ་མ་ཡི་དམ་དུ་མོས་པར་བྱའོ༔ འབྲིང་གིས་མིག་སེར་མེད་ཅིང་བདེ་བ་རང་སེམས་སུ་ཤེས་པར་བྱ༔ དེས་རང་སེམས་ལ་དབང་ཐོབ་སྟེ་མངལ་སྒོ་བདམ་མོ༔ ཐ་མ་ཞེན་ལོག་གིས་འཇུག་པར་བྱའོ༔ ཡང་དེའི་དུས་སུ་རིགས་དྲུག་གི་སྐྱེ་སྒོ་འོད་དུ་འཆར་ཏེ༔ ལྷ་ལ་ལྷ་ཁང་གི་སྣང་བ༔ ལྷ་མ་ཡིན་ལ་འོད་ཀྱི་འཁོར་ལོ༔ མི་ལ་སྨུག་པ་དང་སྐྱེ་བོའི་ནང་ན་འདུག་པ༔ བྱོལ་སོང་ལ་སྤྱིལ་པོ༔ ཡི་དྭགས་ལ་གྲོག་ཕུག༔ དམྱལ་བ་ལ་མུན་ནག་ལྟ་བུ་ལ་སོགས་པ་འབྱུང་སྟེ༔ དེ་རྣམས་སུ་ཚུད་ན་རིགས་དྲུག་ཏུ་སྐྱེ་བས་དྲན་པས་ཏུར་གྱིས་བཟུང་ལ་གཟབ་པར་བྱའོ༔ གལ་ཏེ་འཇུག་ན་ལྷ་མི་གཉིས་ངོ་ཤེས་པར་བྱའོ༔ ཐ་མ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གྱིས་ཟློག་པ་ནི༔ སྣང་བ་དེ་རྣམས་ཤར་བའི་དུས་སུ༔ རང་གང་མོས་པའི་ཡི་དམ་ལ་མོས་གུས་རྩེ་གཅིག་ཏུ་གཏད་ཅིང་བསྒོམས་པའི་བྱིན་རླབས་ཀྱིས་ལས་ལྡན་དུ་སྐྱེའོ༔ ཐ་མའི་ཐ་མས་སྐྱབས་འགྲོས་ཟློག་པ་ནི༔ གང་གི་སྣང་བ་དེ་རྣམས་ཤར་དུས་སུ་དཀོན་མཆོག་ལ་སྐྱབས་འགྲོ་དུང་པ་བྱས་པས་དེའི་བྱིན་གྱི་རླབས་ཀྱིས་མི་ལུས་རིན་པོ་ཆེ་ཐོབ་ནས༔ སྐྱེ་བ་དེ་ལ་དགེ་བའི་བཤེས་གཉེན་གྱིས་བཟུང་ནས་སངས་རྒྱའོ༔ བར་དོར་དེ་ལྟར་དྲན་ན་འཁོར་བར་ལྡོག་མི་སྲིད་དོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་ངོ་རང་གིས་མ་ཤེས་ན༔ བསྐལ་བར་བསྒོམས་ཀྱང་སངས་མི་རྒྱའོ༔ འདི་ཤེས་སྡིག་ཅན་ཡིན་གྱུར་ཀྱང༔ ཆོས་ཉིད་བར་དོར་སྐུ་གསུམ་ཐོབ༔ རྣལ་འབྱོར་ཆ་རྐྱེན་རྫོགས་བྱའི་ཕྱིར༔ བར་དོ་གནད་ཀྱི་ཞལ་གདམས་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ ས་མ་ཡ༔ ཁ་ཐཾ༔ གུ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣའི་མཚན་ཅན་གྱིས། ཁྱུང་ཆེན་ལྡིང་བའི་བྲག་ནས་བཏོན། །ཤོག་སེར་ངོས་ལས་དག་པར་བཤུས། །དགེའོ། ࿊ །གསང་སྒྲུབ་བླ་རྡོ་གཅེས་གནད་བཞུགས་སོ༔ ཨེ་མ་རྟ་མགྲིན་ཕག་མོ་གཉིས༔ ང་ཡི་ཡི་དམ་ལྷ་ཡིན་པས༔ སྲོག་གི་ཕྱིར་ཡང་མི་བཏང་སྟེ༔ མཁའ་འགྲོ་སྡེ་བཞི་ང་ཡི་གཡོག༔ བྱ་དགའི་ཕྱིར་ཡང་མི་བཏང་སྟེ༔ བདག་སྙིང་མཚོ་རྒྱལ་ཁྱོད་ལ་གཏད༔ བླ་རྡོ་རིན་ཆེན་ཐམས་ཅད་རྟེན༔ ཡབ་ཡུམ་ཞལ་སྦྱོར་ལྟོ་བ་རུ༔ མུ་ཁྱུད་ལྟེ་བ་དང་བཅས་པའི༔ དབུས་སུ་ཡབ་ཡུམ་ས་བོན་བྲི༔ ཡབ་ཀྱི་ལྟོ་བའི་རྩིབས་བཞི་ལ༔ ཡབ་ཀྱི་ས་བོན་བཞི་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བཛྲ་དཔའ་བོ་ལ་སོགས་བྲི༔ དངོས་གྲུབ་ཤམ་བུ་ཁ་བསྒྱུར་རོ༔ ཡུམ་ལ་འདབ་བཞི་གོང་དང་འདྲ༔ སོ་སོ་བྱེད་ན་དཀར་དམར་བྱུག༔ རབ་གནས་བསྟིམས་ལ་ཞལ་གཉིས་སྦྱར༔ རྟ་དང་ཕག་མོའི་སྙིང་པགས་བར༔ ཞལ་སྦྱར་བར་དུ་ཙཀྲ་གཞུག༔ དབང་རྫས་སྣ་ཚོགས་དག་གིས་དྲིལ༔ ཚོན་སྐུད་བཅིངས་ལ་མགུལ་དུ་གདགས༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ གང་འདོད་རྩ་སྔགས་ཤམ་བུ་བསྒྱུར༔ ཞག་བདུན་བསྒྲུབས་ན་དངོས་གྲུབ་ནི༔ གང་འདོད་འབྱུང་བ་ཐེ་ཚོམ་མེད༔ ཌཱ་ཀི་ལུས་དང་གྲིབ་མ་བཞིན༔ འདི་ཉིད་སུ་ཡིས་བཅངས་ཀྱང་འབྱུང༔ ཌཱ་ཀི་ཐོད་རྒལ་གནད་ཐིག་འདི༔ གཅིག་ཆོག་ལས་ཀུན་བྱེད་པའི་གནད༔ མཁའ་འགྲོ་སྡེ་ལྡའི་སྲོག་ཐིག་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཌཱ་ཀིའི་བཀའ་རྒྱ་བཀྲོལ་ནས་ནི༔ མཚོ་རྒྱལ་ཡེ་ཤེས་སྣང་གཉིས་ཀྱིས༔ གསེར་ཁང་གླིང་དུ་ཡི་གེར་བརྣན༔ མཐའ་འཁོབ་མོན་གྱི་ཆུ་མགོ་དེར༔ རིན་ཆེན་གཏེར་གྱི་བུམ་པར་བཙའ༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ༔ ཤེས་རབ་བློ་ལྡན་ཐོས་པ་འཛིན༔ མཐོང་དང་ཐོས་པ་ཙམ་གྱིས་གྲོལ༔ སྒེག་པར་འཆོས་ལ་སྤྱོད་པ་རྩིང༔ སྣ་ཚོགས་སྤྱོད་ལ་རྣོ་ཐུང་ཞིང༔ ཐམས་ཅད་ཆོ་རོལ་ཉིད་དུ་སྨྲ༔ གདུལ་བྱ་དུས་ལ་མ་བབས་བར༔ དེ་ལ་འདུད་བྱེད་ཤིན་ཏུ་ཉུང༔ སོ་བདུན་ཀག་ལ་མ་འདས་ན༔ གདུལ་བྱ་སྙིང་པོའི་བཀའ་བབ་འགྱུར༔ སྤྱོད་པ་ངེས་པ་མེད་པའི་ཕྱིར༔ ལན་གཅིག་དད་ཀྱང་ལོག་པ་མང༔ དེ་ཕྱིར་དམ་ཚིག་སེལ་འཇུག་པས༔ གདམས་པ་རང་གི་སྙིང་ལ་ཆོངས༔ མཁའ་འགྲོས་བྱིན་བརླབས་ངོས་བཟུང་བའི༔ རིགས་ལྡན་གཉིས་གསུམ་འབྱུང་གིས་བྱིན༔ དད་ལྡན་གཏོང་ཕོད་དམ་ཚིག་ཅན༔ གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཅན༔ བུ་མཆོག་དེ་ལ་ཚང་བར་བྱིན༔ དམ་མེད་འདོད་ཅན་དཔེ་སྲེད་ཅན༔ དེ་ལ་གདམས་པ་སྦ་བར་བྱ༔ སྐལ་ལྡན་འདི་དང་སུ་འབྲེལ་བ༔ མ་འོངས་འདི་ཡིས་གདུལ་བྱར་འགྱུར༔ གདམས་པ་འདི་ལ་སུས་སྤྱོད་པ༔ པདྨ་ང་དང་སྙིང་ཁྲག་འདྲེས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤོག་སེར་ངོས་ལ་བྲིས་པ་དགེ །ཌཱ་ཀི་གནད་འབེབ་ཀྱི་བླ་རྡོའི་གནད། རྣལ་འབྱོར་རཏྣ་ངས་ཁྱུང་ཆེན་བྲག་ནས་བཏོན་ནོ། །ྀཨཚ། ࿊ བསྐྱེད་རྫོགས་ཟུང་སྦྲགས་བཞུགས་སོ༔ འདི་ནས་ཞལ་གདམས་གསལ་སྒྲོན་བར་ཐེམས་མེད་དོ།། འཁོར་བའི་སྐྱོན་གྱིས་མ་གོས་པདྨར་གསལ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ༔ ཚེ་འདིར་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་གིས༔ དཀྱིལ་འཁོར་གསུམ་ལྡན་གྱིས༔ པད་མ་འབྱུང་གནས་འགྲུབ་པར་འདོད་པས༔ སྟན་བདེ་བ་ལ་འདུག་སྟེ༔ རང་གི་མདུན་དུ་ཨོ་རྒྱན་གྱི་སྐུ་འབག་གམ་རྟེན་བཞུགས་ཏེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛ༔ ཞེས་བསྐྱེད་པའི་སྔགས་བརྗོད་པས༔ སྭ་བྷཱ་ཝ་དང༔ སྟོང་པའི་ངང་ལས་བདག་ཉིད་པདྨ་འབྱུང་གནས༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ དུང་ལ་ཕོ་ཚོས་བསྐུས་པ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་དབུ་ལ་པད་ཞྭ་གསེར་གྱི་སྙན་ཆ་ཅན་ཆོས་གོས་དང་ཟབ་བེར་བསྐྱེད་རིམ་སྤྱི་དང་མཐུན་པ་ལྟ་བུ་ཞིག་བསྐྱེད༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེ་ཁོ་ན་འདྲ་བ་ལ༔ རྒྱན་མེད་པ་གསལ་ལ་འཚེར་བ་ཞིག་བསྒོམ༔ དེའི་ཐུགས་ཀར་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་ཞིག་བསྒོམ༔ དེའི་དབུས་སུ་རྡོ་རྗེ་ནས་འབྲས་ཙམ་ཞིག་བསྒོམ༔ རྡོ་རྗེའི་ལྟེ་བ་ལ་ཧཱུྃ་ཉུངས་འབྲུ་ཙམ་ཞིག་ཉི་མའི་དལ་གྱི་དཀྱིལ་དུ་བསྒོམ༔ དབུས་སུ་འབྲུ་གསུམ༔ རིན་པོ་ཆེ་ཟུར་བརྒྱད་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཡིག་འབྲུ་བརྒྱད་པོ་དཀར་དམར་དུ་བསྒོམ་མོ༔ དེ་ལྟར་གསལ་བའི་ངང་ལས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རང་ཉིད་ལྷའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པའི་ངང་ནས་སྔགས་སྒྲ་གྲགས་སྟོང་བྲག་ཆ་ལྟ་བུར་འཛིན་མེད་དུ་ཐལ་ལེ་བཟླའོ༔ དེ་ལྟར་གསལ་བའི་ངང་ལས༔ རང་གུ་རུར་གསལ་བ་ཉིད་ཀྱི་ཐུགས་ཀའི་རྡོ་རྗེ་ལ་ཐིམ༔ རྡོ་རྗེ་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་ཞབས་ཀྱུ་ལ་ཐིམ༔ ཞབས་ཀྱུ་འ་ལ་ཐིམ༔ འ་ཧ་ལ་ཐིམ༔ ཧ་ཟླ་ཚེས་ལ་ཐིམ༔ ཟླ་ཚེས་ཐིག་ལེ་ལ་ཐིམ༔ ཐིག་ལེ་སྐྱེ་མེད་ཆོས་སྐུ་ལ་ཐིམ་ནས༔ དེའི་ངང་ནས་སྔགས་ཀྱི་བསྙེན་པའི་སྒྲ་ཆོས་ཉིད་ཀྱི་རང་རྩལ་དུ་ཤེས་པར་བྱས་ལ་རྟག་ཏུ་བཟླས་པར་བྱའོ༔ དེ་ཡང་ལྷ་དང་ཡིག་འབྲུ་རྣམས་རིམ་གྱིས་ཆོས་སྐུ་ལ་ཐིམ་པས༔ རྟག་པའི་མཐའ་བསལ༔ དེ་ཡང་སྟོང་པའི་རང་རྩལ་མ་འགགས་སྔགས་ཀྱི་སྒྲར་བཟླས་པས་ཆད་པའི་མཐའ་བསལ༔ དེ་ཡང་སྔགས་ཀྱི་སྒྲ་ཡང་སྒྲ་མཐའ་སྟོང་པར་ཤེས་པར་བྱས་ཏེ༔ སེམས་ཉིད་མ་བཅོས་རང་ལུགས་སུ་འཇོག་པའི་སྟེང་ནས་ཆུ་བོའི་རྒྱུན་བཞིན་བཟླའོ༔ འདི་ལྟར་སྒྲུབ་ལ་སུས་བརྩོན་པ༔ ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད༔ དངོས་གྲུབ་རྩ་བ་བླ་མ་ལས༔ རྩ་བ་གསུམ་དང་ཕྲིན་ལས་བཞི༔ ཐམས་ཅད་ཀྱང་ནི་ང་རང་ཉིད༔ དེ་ཕྱིར་སུ་ཞིག་ང་སྒྲུབ་པ༔ ཉམས་སམ་རྨི་ལམ་ཞལ་སྟོན་ཅིང༔ ཆོས་འཆད་ལུང་སྟོན་གདམས་པ་སྨྲ༔ དངོས་གྲུབ་གང་འདོད་སྨོས་ཅི་དགོས༔ གཙོར་ནི་པད་མ་བདག་སྒྲུབ་ཅིང༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ རིག་འཛིན་གྲུབ་ཐོབ་ཐམས་ཅད་དང༔ སྣང་སྲིད་ཐམས་ཅད་ང་ཉིད་དོ༔ ང་ལ་ཐམས་ཅད་ཡོངས་སུ་རྫོགས༔ དེ་ཕྱིར་ཨོ་རྒྱན་བདག་སྒྲུབས་ཤིག༔ སྙིང་ནས་སྙིང་གི་དྭངས་མ་འདི༔ སྙིང་ལ་ཆོངས་ཤིག་སྙིང་ལ་ཟུངས༔ དམ་མེད་ལུས་ཀྱི་བུ་ལའང་མ་སྦྱིན་ཅིག༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ། བསྐྱེད་རྫོགས་བཟླས་པའི་མཐར་ཐུག་འདི། །སྐལ་ལྡན་རཏྣའི་མིང་ཅན་ངས། ཁྱུང་ཆེན་ལྡིང་བའི་བྲག་ནས་བཏོན། །དུས་མཐར་འགྲོ་བ་འདྲེན་པར་ཤོག ༈ །ཞལ་གདམས་གནད་ཀྱི་ཐོར་བུ་བཞུགས་སོ༔ བདེ་གཤེགས་སྙིང་པོ་རང་གི་སེམས༔ རང་གི་ངང་ལ་ཕྱག་འཚལ་ནས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་ང་ཡི་རྗེས་འཇུག་ལ༔ ཞལ་དའི་ཐེམས་ཡིག་འདི་བཀོད་བྱ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་མང་སྟེ་ཆོས་ཤེས་ཉུང༔ ལྟ་སྒོམ་སྤྱོད་དང་འབྲས་བུ་རྣམས༔ གོལ་མེད་ཤེས་པ་ཉིན་སྐར་ཙམ༔ ངལ་བ་དོན་མེད་སྙིང་རེ་རྗེ༔ ལྟ་བ་ཆད་ལྟའི་ཕྱོགས་ལ་ཞེན༔ སྒོམ་པ་མཚན་མའི་བློ་སྒོམ་བྱེད༔ སྤྱོད་པ་བསླུ་བྲིད་གཞན་མགོ་བསྐོར༔ འབྲས་བུ་ཐོབ་འདོད་རྒྱང་ཐག་རིང༔ གདུལ་བྱ་ཟོག་པོ་རྣམས་ཀྱིས་སྐྱོང༔ སྙན་གྲགས་ཐོ་ཅོ་ཅན་གྱིས་སྡུད༔ ཆེ་བ་ང་རྒྱལ་ཅན་གྱིས་འཛིན༔ དགེ་བཤེས་དམག་དཔོན་བོད་ན་བཟང༔ འདུ་ལོངས་གཡོ་སྒྱུ་ཅན་ལ་འཕེལ༔ ཡུལ་མགོ་ཐོན་ན་ཆོས་འགོ་ཐོན༔ རྩེ་གཅིག་དགེ་སྦྱོར་བྱེད་མི་ལ༔ ཁྱད་དུ་གསོད་ཅིང་ཁུར་མཁན་མེད༔ དེ་ལྟར་བོད་རྣམས་བདུད་ཀྱིས་གང༔ ལས་ངན་དེ་འདྲའི་འབྲས་སྨིན་ནས༔ སྙིང་རྗེའི་གནས་གྱུར་བོད་ཁམས་རྣམས༔ སྦྲང་བུ་ཆུ་ལ་འཁོར་མཆོང་བཞིན༔ སྐམ་སར་ཐོན་པ་ཉུང་བའི་ཕྱིར༔ དེ་ཕྱིར་བདེ་བའི་གནས་ཐོབ་པ༔ ཤིན་ཏུ་ཉུང་བས་བརྒྱ་ལམ་འགའ༔ མི་རྣམས་བདུད་ཀྱིས་དབང་བསྒྱུར་བས༔ བཟང་པོའི་སེམས་ཀྱིས་ཕན་བཏགས་ཀྱང༔ མཚན་མར་མི་འཛིན་ལོག་པར་ལྟ༔ སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད༔ ལྟ་སྒོམ་སྤྱོད་པའི་ཆོས་བསྟན་ཀྱང༔ མི་ཉན་མི་མོས་སླར་ཡང་བརྙས༔ ཚད་མར་སྤྱད་ཀྱང་ཟོག་ཏུ་མཐོང༔ ད་ལོ་བས་ཀྱང་ད་གཟོད་ཐུ༔ སངས་རྒྱས་བྱང་སེམས་ཕར་ལ་བྲོས༔ བསྟན་པའི་འཕེལ་འགྲིབ་རིམ་གྱིས་འགྲིབ༔ དམ་ཚིག་རྐུན་ནོར་བཞིན་དུ་བསྐུང༔ དེ་འདྲའི་དུས་སུ་ཕན་མེད་པས༔ རྩེ་གཅིག་རང་གི་སྙིང་ལ་གདབ༔ རང་རྒྱལ་ཉམས་སུ་ལེན་པའི་དུས༔ གཏན་དུ་འཁོར་བ་སྡུག་བསྔལ་བས༔ གཞན་ལ་གསང་ལ་རང་དོན་སྒྲུབ༔ སྙིང་གཏམ་ཡིན་ནོ་རིགས་ཀྱི་བུ༔ གཞན་ཕན་འགོག་པ་མ་ལགས་ཏེ༔ བདུད་ཀྱི་མི་རྣམས་འདུལ་དཀའ་བས༔ ཁྱོད་ཀྱི་ནང་དགོངས་མི་ཤེས་པར༔ ཕྱི་རོལ་སྤྱོད་པའི་སྐྱོན་བཟུང་ནས༔ སླར་ལ་ལོག་པས་དམ་སེལ་འཇུག༔ དེ་བས་གསང་ཞིག་ང་ཡི་སྲས༔ མགོན་པོའི་མིང་ཅན་དེ་ལ་གཏོད༔ གཞན་ལ་སི་ཏིའི་རྒྱས་གདབ་བོ༔ ང་ཡིས་སྙིང་གཏམ་བཙས་སུ་བཞག༔ དང་དུ་ལོངས་ཤིག་རིགས་ཀྱི་བུ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ སྤྲང་བན་རཏྣའི་མིང་ཅན་ངས། །ཆུ་བྱི་སྤྲེལ་ཟླའི་ཚེས་བཅུ་ལ། །བྱ་རྒྱལ་ཁྱུང་ནས་གདན་ཡང་དྲངས། །ཤོག་སེར་གདོང་ལས་བཤུས་པ་ལགས། །དགེའོ། །ཤུ་བྷཾ། ཨོ་རྒྱན་བཀའ་རྟགས་ཕྱག་དམ་བཀྲ་ཤིས་སོ། །མཚོ་རྒྱལ་ཕྱག་དམ་་་་ཤོག་སེར་ལ་མཚལ་གྱི་ཕྱག་དམ་ལེགས་པོར་གདའོ། །དེ་ལུགས་སུ་སྙིང་ལགས་སོ།་་་བཀའ་རྒྱའོ། ࿊ །ཡང་གཏེར་སྙིང་གི་དུམ་བུ་བཞུགས་སོ༔ ༔ རྒྱ།རྒྱ།རྒྱ།༔ འདུ་འབྲལ་མེད་པ་དོན་གྱི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྐལ་ལྡན་དྲང་བའི་ཕྱིར༔ ཞལ་གདམས་སྙིང་གི་དུམ་བུ་འདི༔ ཤིན་ཏུ་ཟབ་ཕྱིར་ལོགས་སུ་བཀོད༔ ལས་འཕྲོ་ཅན་གྱི་སྲོག་ཡིན་པས༔ ཤེས་རབ་ཅན་གྱིས་ཉམས་སུ་ལོངས༔ ལྟ་བ་མངོན་དུ་མ་གྱུར་བར༔ ཕྲ་མོའི་དགེ་བ་ཆུད་མ་གསན༔ སྣང་ཞིང་སྲིད་པའི་ཆོས་འདི་དག༔ བློ་ལས་འདས་པའི་ས་ཐོབ་བར༔ དགེ་བཅུའི་ལས་ལ་ཡེངས་མེད་སྒྲུབས༔ ཡི་དམ་ལྷ་རུ་བརྟན་ཐོབ་ཀྱང༔ བསྐྱེད་རྫོགས་གཉིས་པོ་བརྟན་པར་བྱ༔ གཉིས་འཛིན་བློ་དང་མ་བྲལ་བར༔ མཚན་མའི་རྣམ་རྟོག་སྤང་བར་བྱ༔ བརྟན་པ་ནང་ནས་མ་ཐོབ་བར༔ ཆོས་དང་གྲུབ་མཐའི་ཁ་མི་བཟུང༔ ལྟ་བ་ཕྱོགས་བྲལ་ཆེན་པོ་ལ༔ ཡིད་དཔྱོད་བློ་ཡི་སེལ་མ་གཞུག༔ སྒོམ་པ་གང་ཤར་ཐུག་འཕྲད་ལ༔ བཟང་ངན་རྟོག་པའི་བློ་མི་མཐུད༔ སྤྱོད་པ་སྒྱུ་མའི་རོལ་པ་ལ༔ སྤང་བླང་གཉིས་ཀྱི་བྱ་མི་བཏང༔ འབྲས་བུ་རང་གནས་ལྷུན་གྲུབ་ལ༔ རེ་དོགས་གཉིས་ཀྱི་ཇག་མི་གཞུག༔ དགོས་འདོད་འབྱུང་བའི་ས་གཞི་ལ༔ བྱ་ཁྱི་ཕག་གསུམ་ལྟོར་མི་གཞུག༔ སྨན་གྱི་རྒྱལ་པོ་རྣམ་རྒྱལ་ལ༔ ཉི་ཤུ་རྩ་ཡི་སྲིན་མི་འཁྲུངས༔ དགོས་འདོད་འབྱུང་བའི་ཆར་པ་ལ༔ སྐྱི་སེར་ལྷག་པའི་མདའ་མི་རྒྱབ༔ གངས་ལྟོངས་འགྲིམ་པའི་སེང་ཆེན་ལ༔ གདུག་པའི་གཅན་གཟན་ལྔ་དང་བྲལ༔ སྣང་སྲིད་ལྷ་ཡི་གཞལ་ཡས་ལ༔ དཀྱིལ་འཁོར་སེམས་ཀྱིས་ཚད་མི་བཟུང༔ སྣང་གཟུགས་ལྷ་ཡི་དཀྱིལ་འཁོར་ལ༔ རང་རྒྱུད་རྟོག་པའི་ལྷ་དང་བྲལ༔ རང་བཞིན་ཡེ་ནས་མཆོད་སྤྲིན་ལ༔ ཡིད་ཚོད་འབྱོར་ལྡན་ཚད་མི་བཟུང༔ ཐམས་ཅད་རྟེན་འབྲེལ་འཆར་སྒོ་ལ༔ དབང་ལྷའི་སེམས་ཐག་རང་ལ་བཅད༔ གོང་ལྟར་ཉམས་སུ་ལེན་པའི་བུ༔ འཁོར་བར་གནས་ཀྱང་སངས་རྒྱས་དངོས༔ ཡིད་དཔྱོད་ཁ་ལྟའི་སྒྲོག་གིས་བཅིངས༔ བག་ཉལ་ཞི་གནས་འདམ་དུ་ཚུད༔ འདོད་པ་གཉིས་ཀྱི་ཁྲི་མོན་འདུ༔ རེ་དོགས་བྱིས་པ་ཆུད་མང་བཞིས༔ འདི་དོན་རང་གི་རྒྱུད་ལ་ཁོལ༔ སྙིང་ཚིག་ཡིན་ནོ་རིགས་ཀྱི་བུ༔ ལྟ་ལོག་མུན་ཐུམ་གོ་གནས་ཚོ༔ མི་ཚེར་འབུང་ཡང་ལམ་ཆོད་མེད༔ གནད་དུ་སྣུན་ཅིག་རིགས་ཀྱི་བུ༔ འདི་ལྟར་ཉམས་སུ་སུས་ལེན་པ༔ གོལ་མེད་སྲིད་ཞིའི་མཐའ་ལས་གྲོལ༔ གོལ་ས་ཆོད་དུས་ཤིན་ཏུ་གཅེས༔ ཡང་གཏེར་ཤོག་ཅིག་གབ་པའི་ཆོས༔ སྐལ་ལྡན་ང་ཡི་རྗེས་འཇུག་ཅིང༔ སྨོན་ལམ་འབྲེལ་པའི་བཙས་སུ་བཞག༔ ཡེ་ཤེས་མཚོ་རྒྱལ་ཁྱེད་ལ་གཏད༔ ཤེས་རབ་བློ་ལྡན་སྤོབས་པ་ཅན༔ བཙས་སུ་བཞག་གོ་གཉེར་དུ་གཏད༔ དུས་མཐར་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྭ།རྒྱ།ཐྱ།༔ ཨེ་མ་ཡང་གཏེར་མཐར་ཐུག་བརྡ་ཡི་ཆོས། །སྤྲུལ་སྐུ་རཏྣའི་མཚན་ཅན་གྱིས། བྱ་རྒྱལ་ཁྱུང་ཆེན་བྲག་ནས་བཏོན། །དུས་མཐར་འགྲོ་བ་ཀུན་འདྲེན་ཤོག །བཀྲ་ཤིས་དཔལ་འབར་དོན་གཉིས་ལྷུན་གྲུབ་ཤོག ࿊ །ཞལ་གདམས་གནད་ཀྱི་ཐོར་བུ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཆིམས་ཕུ་དགེའུའི་ཐོག་དྲངས་པའི༔ སྒྲུབ་གནས་བརྒྱ་དང་རྩ་བརྒྱད་དུ༔ སྒྲུབ་པའི་རྐང་བཙུགས་རྒྱལ་མཚན་ཕྱར༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ སྒྲུབ་པ་གནས་ཆེན་རྣམས་སུ་གྱིས༔ བདུད་བཞི་རྣམ་གྲོལ་སྒྲུབ་མཐར་ཕྱིན༔ ཉམས་དང་དགེ་སྦྱོར་ངང་གིས་འཕེལ༔ མཐོང་དང་ཐོས་པས་དངོས་གྲུབ་འབྱུང༔ ཚེ་གཅིག་བསམ་གཏན་བསྒོམ་པ་དང༔ གནས་ཆེན་འདི་དག་སུས་བགྲོད་པ༔ འབྲས་བུ་མཉམ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་བཀའ་མི་འགྱུར༔ ཨོ་རྒྱན་པདྨའི་གསུང་བདེན་གྱིས༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ དེ་ལྟར་དོན་ཆེན་ལས་ལ་འབོད༔ དོན་མེད་བྱ་བ་རྒྱབ་ཏུ་དོར༔ པདྨ་ང་ལ་ཉན་སྲིད་ན༔ ང་ཡིས་ཐུགས་རྗེས་ཟིན་པ་ཡིན༔ དུས་དང་རྣམ་པ་ཐམས་ཅད་དུ༔ བུ་ཤིའི་མ་བཞིན་ང་ཉིད་ལ༔ མོས་གུས་གདུང་བས་གསོལ་བ་ཐོབ༔ གཏོར་ཚོགས་མཆོད་པ་བརྩོན་པར་བྱོས༔ ཞལ་གདམས་གནད་ཀྱི་ཐོར་བུ་འདི༔ དུས་ངན་ལྔ་ཡི་བར་ཚིགས་ལ༔ རྣལ་འབྱོར་སྐྲ་ཡི་ལྭ་བ་ཅན༔ ངེས་མེད་པོ་ཞིག་འབྱུང་བར་འགྱུར༔ སྐལ་ལྡན་འགའ་བཟུང་མ་གཏོགས་པ༔ དེ་ལ་མོས་བྱེད་ཤིན་ཏུ་ཉུང༔ འོན་ཀྱང་ང་ཡིས་བྱིན་བརླབས་པས༔ གཞན་སྣང་ངང་གིས་འདུལ་བར་འགྱུར༔ མཚན་ལྡན་རིག་མའི་བཅུད་ཀྱང་བསྡུ༔ ཚེ་སྒྲུབ་ལ་ནི་བརྩོན་པར་བྱ༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ དེས་ཀྱང་མ་འོངས་དོན་གྱི་ཕྱིར༔ གཏེར་དུ་སྦེད་པའི་སྨོན་ལམ་འཚལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ࿊ ཞལ་གདམས་མཐོང་གྲོལ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!>༔ སྐུ་གསུམ་ཡོངས་རྫོགས་རྩ་བ་གསུམ་ལ་འདུད༔ མཐའ་ཡས་སྤྲུལ་པ་བདག་འདྲ་ཐོད་ཕྲེང་གིས༔ རྩ་བ་གསུམ་གྱི་མཛོད་བརྡོལ་བཅུད་ཕྱུངས་ཏེ༔ མ་འོངས་དོན་དུ་དཀར་ཆག་ཡི་གེར་བཏབ༔ མན་ངག་ཡིག་ཚོགས་མི་གཙོ་ཟབ་ཁྱད་གཙོ༔ དུས་མཐར་ཐུག་པས་གདུལ་བྱ་མོས་བྱེད་ཉུང༔ སྤྲོས་བཅས་མང་ན་ཚེ་ཡི་མཐའ་ལ་ཐུག༔ སྒྲུབ་ལམ་རིང་ན་རྣལ་འབྱོར་བློས་མི་འཁྱོང༔ ཚེ་ཐུང་ནད་མང་ལྔ་བརྒྱའི་ཐ་མ་དེར༔ འཕྲད་ཆོག་མཐོང་གྲོལ་ཨོ་རྒྱན་ང་ཡི་སྙིང༔ ཚེགས་ཆུང་དོན་ཆེ་ཡིག་ཚོགས་ཉུང་བསྡུས་ནས༔ ཟབ་དོན་གབ་ཕྱིར་སྤེལ་བའི་གནས་མེད་པས༔ རྒྱ་གསུམ་བཏབ་ནས་ཁྱུང་ཆེན་བྲག་ལ་བསྟིམ༔ མྱོུ་འུ་སྱ་བྱ་ལུ་ཁྱོད་ཀྱིས་ཙུ་བུ་ཞུག༔ སྤྱོད་པ་ངེས་མེད་རབ་འབྱམས་བློ་གྲོས་ཅན༔ ཆུ་ཁམས་དོན་ཐུ།ཐྭམྲ། དམྲ།དྷ།གྱ།མོས་གུས་ཅན༔ ང་ཡི་སྨོན་བཙན་འདི་དང་ཁྱོད་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གྷུ ཨ་སིང༔ བརྡ་ཐིམ༔ ࿊ འོ་སྐལ་ལྡན་གང་ཞིག་ལྟ་སྒོམ་ཉམས་སུ་ལེན་ཅིང་སྒྲུབ་པའི་དུས་སུ༔ གྲུབ་མཐའི་རྩ་བ་ལྟ་བ་ཡིན་པས༔ འདི་མ་གོལ་ཞིང་ཕུག་ཆོད་པ་གལ་ཆེ་སྟེ༔ རྣལ་འབྱོར་པ་གང་ཞིག་ལྟ་བ་ཕྱོགས་ཅན་དང་རིས་ཅན་དུ་བཟུང་ནས་དོན་གནད་དུ་མ་ཆུད་པར་ཁ་ལྟར་འབྱམས་པས༔ མི་ཚེར་བསྒོམས་ཀྱང་དོན་མེད་དུ་སོང་བས༔ འདིར་གོལ་མེད་གནད་ཀྱི་མེ་ལོང་སྟོན་ཏེ༔ ལྟ་བ་ཞེས་པ་ཆོས་ཉིད་གཤིས་ཀྱི་གནས་ལུགས་སྐྱེ་འགག་གནས་གསུམ་དང་བྲལ་བ༔ རྒྱ་ཆད་ཕྱོགས་ལྷུང་མེད་པའི་སྟོང་ཉིད་མངོན་དུ་གྱུར་ཏེ༔ ཡིད་མཚན་མས་མཚོན་བྱ་དང་མཚོན་བྱེད་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པ༔ ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་དེ་ཡིན་ཞིང༔ དེ་མངོན་དུ་བྱེད་པ་ལ་རྩོལ་བས་ལྟ་བའམ༔ བསྒོམས་པས་ལྷག་ཏུ་གྲོལ་རྒྱུ་མེད་པས༔ གཤིས་ཀྱི་ངོ་བོ་དེ་ཁོ་ན་ལ་རེ་བས་མ་བཅིངས༔ དོགས་པར་མ་ལྷུང་རྒྱ་ཆད་ཕྱོགས་ལྷུང་མེད་པར༔ རང་ངོ་རང་གིས་རིག་ཅིང་དེ་ལས་མི་འགྱུར་བ་ནི་ལྟ་བ་ལ་གདིང་ཐོབ་པ་ཞེས་བྱ་སྟེ༔ ལུས་རྒྱ་ནམ་གྲོལ་རིག་པ་ཆོས་ཉིད་དུ་ལ་བཟླའོ༔ དེ་ལྟར་རྟོགས་ན་ལས་ལ་བཟང་ངན་མེད་པས་སྡིག་ཅན་ཡིན་ཡང་ཚེ་གཅིག་གིས་གྲོལ་ལོ༔ ལྟ་བ་སྟོང་ཉིད་མཐའ་བྲལ་དུ་མ་རྟོགས་ན༔ བསྐལ་པར་བསྒོམས་ཀྱང་མྱང་འདས་ཀྱིས་ལམ་ཐོབ་མི་སྲིད་དེ༔ འདི་ལྟར་རྟོགས་ན་བྱ་རྩོལ་ལ་རང་བཞིན་མེད་པར་རྟོགས་པས༔ ཆོས་ལ་བྱ་རྒྱུ་མེད་པས་སངས་རྒྱས་དངོས་ཞེས་བྱའོ༔ དེ་ཡང་གནས་ལུགས་དེའི་སྟེང་ན་འཇོག་པ་ནི་སྒོམ་པ་ཞེས་བྱ་སྟེ༔ འགའ་ཞིག་གིས་སྒོམ་ཡང་བློས་སྒོམ་ཕྱང་ཆད་དང་རིས་ཅན་དུ་སྒོམ་ན་གོལ་ཞེས་བྱ་སྟེ༔ དེ་གོལ་མེད་དུ་ཇི་ལྟར་བསྒོམ་ན༔ ལུས་སེམས་ཁོང་ཀློད་དེ་མཚན་མའི་རྟོག་པ་མ་ཞུགས་པར༔ ད་ལྟར་གྱི་ཤེས་པ་ཐུག་ཕྲད་ཀྱི་སྟེང་དུ་བཅོས་བསླད་དང་བྲལ་ཏེ་ཤེས་པ་ཁོང་ཀློད་དེ༔ ཡེངས་པའང་ངང་གིས་མེད་པར་ཁོ་རང་གི་ངོ་བོ་ལ་ཡིད་དཔྱོད་བཅོས་བསླད་མེད་པར་རང་དྭངས་སུ་འཇོག་པ་ཁོ་ན་ཡིན་པས༔ འགྱུ་བྱེད་ཀྱི་དྲན་རྟོག་ཤར་ཡང་ཞེན་མེད་ལྷུག་པ་འཛིན་མེད་རང་གྲོལ༔ གར་ཤར་ཐུག་ཕྲད་ཡིད་དཔྱོད་བློ་འདས༔ དེའི་ངང་ན་ཡང་འགྱུ་རྟོག་གི་རྗེས་ཕྱིར་ཡང་མི་འབྲང༔ ཆེད་དུ་འགེགས་ཀྱང་མི་འགེགས༔ བཀག་ཀྱང་སྟོང་པའི་རང་རྩལ་ལ་མི་ཁེགས་པས་མ་བཅོས་རང་ལུགས་སུ་འཇོག་པ་ཁོ་ན་ཡིན་ནོ༔ དོན་ལ་ལུས་ཡན་པ༔ སེམས་འཛིན་མེད༔ ངག་བརྗོད་བཟླས་གཉིས་འཛིན་གྱི་བློ་དང་བྲལ་བ༔ ཧུར་རེ་ཡེར་རེ་ཧྲིག་གེ་ངར་དང་ལྡན་པར་བྱ་སྟེ༔ བྱིང་རྨུགས་འཕྲོ་རྒོད་ལ་སོགས་ཀྱི་ཕྱོགས་སུ་མི་ལྷུང་བར་བྱ་སྟེ༔ ཞི་གནས་ལྟེང་པོས་ངར་མེད་རྟོག་པ་འོག་འགྱུས་སུ་མི་གཞུག༔ བློས་འཛིན་བཅས་ཀྱི་བློ་བསྒོམ་ཡང་སྤང༔ ཕྱང་ཆད་དང་ཧད་པོར་ཡང་མི་བཏང་སྟེ༔ རིག་པ་གང་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་སེང་ངེ་ཡེ་རེ་བྱས་ལ་སྙེམས་བྱེད་ཀྱི་རྟོག་པ་གང་སྐྱེས་དེ་མཚོ་ལ་ཁ་བ་བབས་པ་ལྟར་གཞི་མེད་རྟེན་མེད་ཀྱི་ངང་དུ་འཇོག་པ་ནི་སྒོམ་པ་ཞེས་བྱ་སྟེ་འདི་ལས་ཟབ་པ་ཨོ་རྒྱན་དངོས་དང་མཇལ་ཡང་གུད་དུ་བསྟན་རྒྱུ་མེད་པས༔ མ་འོངས་ངའི་རྗེས་འཇུག་རྣམས༔ རྒྱུད་ལ་ཁོལ་ལ་ཉམས་སུ་ལོངས་ཤིག༔ དེ་ལྟར་གོང་མ་གཉིས་ཉམས་སུ་ལེན་ཅིང་རྗེས་ཐོབ་ཀྱི་སྤྱོད་ལམ་ནི༔ སྤྱོད་ལམ་དུ་སྤྱོད་ཀྱང་ཞེན་འཁྲིས་ཆགས་སྡང་སྤྱད་རྒྱུ་སྤྱད་ལོ་གཉིས་འཛིན༔ བཅོས་བསླད་གཡོ་སྒྱུ་བཟང་འདོད་བྱ་བྱ་པོ་བྱེད་བྱེད་པོ་དེ་རྣམས་ནི་འཛིན་སྤྱོད་བློས་བྱས་ཞེས་བྱ་བ་སྤྱོད་པའི་གོལ་ས་ཡིན་པས༔ འདིར་མ་གོལ་བར་བྱེད་ན༔ སྤྱོད་པ་བཅོས་བསླད་མཚན་མ་དང་བྲལ་བ༔ ཕྱིའི་སྤྱོད་པ་དམིགས་མེད་ངང་ནས་ཆོས་སྤྱོད་དང་གཞན་ཕན་ལ་བརྩོན་པ༔ ནང་གི་སྤྱོད་པ་གཉིས་འཛིན་དང་བྲལ་བ༔ མ་བཅོས་ལྷུག་པར་སྤྱོད་ཀྱང་བདེ་སྡུག་རོ་སྙོམས་པའོ༔ གསང་བའི་སྤྱོད་པ་གསང་སྔགས་ཀྱི་ལམ་ལ་རྟགས་ཐོན་པ༔ རྩ་རླུང་ཐིག་ལེ་ལས་སུ་རུང་བ༔ ཐབས་ལ་དཔའ་མ་ཞུམ་པ༔ གཙང་དམེའི་རྟོག་པ་ཐོག་ཏུ་གྲོལ་བ༔ ཉམས་མྱོང་དགའ་བཞི་མངོན་དུ་གྱུར་པ༔ རོལ་པའི་ཆགས་ལམ་ལ་རྟགས་ཐོན་པའོ༔ འབྲས་བུ་ནི་ལྟ་བའི་དུས་ཀྱི་དབང་ཐོབ་དབྲི་གང་ཡང་མེད་པ་དེ་མངོན་དུ་གྱུར་ནས་རང་གི་ངོ་བོ་རང་གིས་ཐོབ་པ་ཞེས་བྱ་སྟེ༔ འབྲས་བུ་སྤང་ཐོབ་མེད་པ་སྐུ་གསུམ་རང་གནས་སུ་ཐོབ་པའོ༔ ཨེ་མ་མ་འོངས་སྐལ་ལྡན་རྣམས༔ གདམས་པའི་གཏེར་ཁ་མང་སྦས་ཀྱང༔ རྒྱུད་ཚིག་དགོངས་པའི་དོན་གབ་སྟེ༔ འདི་ཉིད་ང་ཡི་ལྟོ་ཕྱུངས་ནས༔ ཤིན་ཏུ་ཡང་ཟབ་རྨད་ཀྱི་ཆོས༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ད་ལྟ་སྤེལ་བ་བློས་མ་ཐེང༔ མ་འོངས་ལས་ལྡན་རྣམས་དང་འཕྲད༔ རང་གཞན་འགྲོ་ཕན་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཾཐ༔ སྤྲུལ་སྐུ་རཏྣ་གླིང་པས་ཁྱུང་ཆེན་བྲག་ནས་གདན་དྲངས་པའོ། ࿊ །ཞལ་གདམས་གསལ་བའི་སྒྲོན་མ་བཞུགས་སོ༔ <!TCC Tibetan character 3,182 undefined in unicode!>༔ ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ བསམ་ཡས་དབུ་རྩེ་བར་མར་སྤྲེལ་ཟླ་ལ་ཚོགས་བརྒྱ་རྩ་བརྒྱད་བྱས་པའི་དུས་སུ༔ སློབ་དཔོན་གྱི་ཞལ་ནས༔ ཁྱེད་འདིར་ཚོགས་ཀྱི་རྒྱལ་བློན་རིག་འཛིན་ཇོ་མོ་དང་བཅས་པ་རྣམས་ལ་བདག་གིས་སྙིང་གཏམ་ཞིག་བཤད་ཀྱིས་ཉོན་ཅིག༔ དེ་ལ་བསྐལ་པ་འདི་ཡང་ལོ་རེ་བཞིན་གྱི་ཇེ་ལོད་ལ་འགྲོ༔ མི་རྣམས་ཀྱི་སྙིང་དུ་འགོང་པོ་ཞུགས་པ་ལས་ལོག་པའི་སྤྱོད་པ་སྣ་ཚོགས་བྱེད༔ དེ་ལྟར་བྱས་པ་དང་འཇིག་རྟེན་སྲུང་མ་རྣམས་ཐུགས་ཁྲོས་པའི་ཚུལ་གྱིས་ཞལ་རི་རབ་ལ་གཟིགས༔ དེའི་དབང་གིས་འགྲོ་རྣམས་ཚེ་ཐུང་ཞིང་ཐན་ཞོད་ཁོད་མི་སྙོམས་གཡུལ་འཁྲུགས་མང་དུ་འབྱུང༔ མཐར་ཆོས་བྱེད་ཀྱང་ནམ་ལངས་ཀྱི་སྐར་མ་ལྟར་འགྲོ་བས་དེའི་དུས་སུ་ངའི་ཚིག་འདི་རྣམས་ཉོན་ཅིག༔ ཆོས་བཀའ་མ་དང་སྔ་འགྱུར་རྣམས་ཀྱང་ཕལ་ཆེར་མཆན་འགྲེལ་དང་རང་བཟོས་བསླད༔ བཀའ་བརྒྱུད་ཆོས་སྡེ་རྣམས་ལ་དམ་ཚིག་གི་སེལ་ཞུགས་པས་བྱིན་རླབས་ཉམས༔ དམ་ཅན་མཁའ་འགྲོ་རྣམས་མ་དགྱེས་པས་སྒྲུབ་པ་ལ་བར་ཆད་བཏང༔ དེའི་དུས་སུ་ངའི་ཟབ་གཏེར་གྱི་ཆོས་རྣམས་གཏེར་སྟོན་རྣམས་ཀྱིས་རིམ་པར་ཐོན་པར་འགྱུར་བས༔ དེ་རྣམས་ལ་བརྒྱུད་པ་དམ་སེལ་མ་ཞུགས་པས་བྱིན་རླབས་མཁའ་འགྲོའི་ཁ་རླངས་མ་ཡལ༔ དྲེགས་པ་ཅན་རྣམས་ལ་བདག་པོ་བཅོལ་བས་རྟོག་གེ་བ་གཞན་གྱིས་འདོན་དུ་མེད༔ མ་ཆད༔ མ་ལྷག༔ མ་གབ༔ མ་བཅོས༔ མ་འདྲེས༔ མ་བསྣན༔ མ་འཁྲུགས་པ་སངས་རྒྱས་ལག་འཆང་དུ་གཏད་པའི་གདམས་པ་ཁོ་ན་ཡིན་པས༔ ཆོས་དྲེད་ཅན་ཕྱོགས་རིས་ཅན་དང་ཁ་འཛིན་ཅན་གྱི་ཁ་ལ་མ་ཉན་པར༔ པདྨའི་ཟབ་གཏེར་རྣམས་ལ་ཉམས་ལེན་གྱིས་ཤིག༔ སྒྲུབ་པའི་རྟགས་བྱིན་རླབས་ཀྱི་ཉམས༔ ཟབ་པའི་གནད་ལ་སོགས་པ་རྣམས༔ བཀའ་ལུང་གདམས་པ་བསྲེས་བསྲེས་པ་གཞན་རྣམས་དང་རང་གི་རྒྱུད་ཐོག་ཏུ་ཁོལ་ལ་ཁྱད་པར་རྣམས་མྱོང་བས་གྲུབ་པར་གྱིས་ཤིག༔ ཅིའི་ཕྱིར་ཟབ་ཅེ་ན༔ མན་ངག་ལ་ཆོས་བདག་མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཡིན་ནོ༔ སྤྱིར་དོན་མ་ནོར་བའི་ཆོས་རང་གཞུང་ལྟར་སྤྱོད༔ རང་གང་མོས་དེ་འབྲེལ་ཆེ་བས་དེ་ལ་སྒྲུབ་པ་གཅིག་པུར་གྱིས་ཤིག༔ དྲེད་པོ་ཁ་ཆོས་མཁན་ལ་མ་ཉན་པར་གདམས་ངག་མྱོང་བས་འགྲུབ་པར་གྱིས་ཤིག༔ བླ་མ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གསུང་ལྟར་བསྒྲུབ༔ སོ་སོ་སྐྱེ་བོ་ལ་སོགས་པ་རྣམས་ཀྱིས་ཀྱང་བསྙེན་གནས་དགེ་བ་སྦྱིན་བཏང་ལ་སོགས་དཀོན་མཆོག་གི་ཞབས་ཐོག་ཏུ་ཅི་འགྲོ་གྱིས་ཤིག༔ དགེ་བསྙེན༔ དགེ་ཚུལ༔ དགེ་སློང་རྣམས་ཀྱང་སོ་སོ་ཐར་པ་འདུལ་བ་ལས་ཅི་ལྟར་བྱུང་བ་བཞིན༔ བསྲུང་སྡོམ་བསླབ་པ་ལ་སོགས་པ་རྣམས་མིག་འབྲས་ལས་གཅེས་པར་གྱིས་ཤིག༔ སྒོམ་ཆེན་པ་རྣམས་ཀྱིས་ཀྱང༔ གེགས་སེལ་བོགས་འདོན་སྤྲོས་གཅོད་རྣམས་གོལ་མེད་དུ་བརྒྱུད་པ་གསུམ་ལྡན་གྱི་བླ་མ་རང་ལ་ཚང་བར་གྱིས་ཤིག༔ གོ་རྫུན་དང༔ རྟོགས་རྫུན་དང༔ བླུན་སྒོམ་དང༔ ཚུལ་འཆོས་དང༔ བཟང་རྫུ་ལ་མི་ཚེ་མ་བསྐྱལ་ཅིག༔ ཁྱད་པར་དུ་སྔགས་པ་ཁ་ཅིག་ཀྱང༔ ངའི་ལུགས་སུ་བྱས་ནས་བསྐྱེད་རྫོགས་ཀྱི་དོན་མི་ཤེས་ཤིང༔ ཡི་དམ་ཀྱི་གྲངས་བསྙེན་དྲོད་ཐོབ་གཅིག་ཀྱང་མི་བསྐྱལ་བར༔ ཁྱི་ཕག་གི་སྤྱོད་པས་བསྟན་པའི་རྐང་འདྲེན༔ མི་ཟས་ཀྱི་འབོད་ལུང༔ དམྱལ་བའི་ལས་མཁན༔ བདུད་ཀྱི་གཡབ་མོ༔ ངའི་རྐང་འདྲེན་པ་རྣམས༔ འདོད་ཁའི་ཕ་འབབ་ལ་འཕྲི་ནས་གཞུང་རེར་ཁ་བཤད་དང༔ བཟའ་བཏུང་རེ་བཟའ་ནས༔ མི་ཟས་ཁ་ཚོ་ལ་འབོད་པ་རྣམས་ངའི་ཆོས་ལ་ཁ་གཡར་ནས༔ འགྲོ་ས་ངན་སོང་ལས་མེད་པ་མང་དུ་འབྱུང་ངེས་པས་གཞིག་པ་ཐོང་ལ་སྒྲུབ་བཟླས་རྣམས་སྣ་རེ་སྐྱོལ་བར་གྱིས་ཤིག༔ ངའི་ལུགས་ཡིན་ན་ངན་སོང་དུ་འགྲོ་བའི་ཆོས་མ་བཤད་དོ༔ ང་ལ་ཉན་ཅིང་རྗེས་སུ་འཇུག་པ་རྣམས༔ བརྒྱུད་པ་བྱིན་རླབས་དང་ལྡན་པ༔ གང་ཟག་རྟོགས་པ་དང་ལྡན་པ་རྣམས་ལ་གཏུགས་ཤིག༔ དང་པོ་གསང་སྔགས་ལག་ལེན་ཀྱི་ཆེ་བར་གྱིས་ཤིག༔ བར་དུ་གཞུང་མཆན་འགྲེལ་དང་བཅས་པ་ལ་བྱན་ཚུད་པར་གྱིས་ཤིག༔ དེ་རྗེས་བསྙེན་པ་གྲངས་རྟགས་ཐེམས་པ་རེ་སྐྱོལ་ཅིག༔ མཐར་ཏིང་འཛིན་གསུམ་ལ་གཟེར་ཐེབས་དྲོད་ཐོབ་པར་གྱིས་ཤིག༔ དེ་ལྟར་བྱས་ན་པདྨའི་ཆོས་ལུགས་མིན་ཀྱང་རུང་ཡུན་དུ་བསྡད་ཀྱང་ཞལ་ད་དེ་ལས་མེད༔ ཡོན་མཆོད་འཁོར་བཅས་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ བརྗེད་པར་ཕངས་པ་བླ་མའི་གསུང་ངག་ལ༔ མ་འོངས་རྗེས་འཇུག་འགྲོ་ལ་ཕན་དགོངས་ནས༔ མཚོ་རྒྱལ་བདག་གིས་ཟིན་རིས་ཡི་གེར་བཀོད༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ རི་བོ་ཆེན་པོ་ཁྱུང་ཆེན་ལྡིང་བའི་གཏེར་གནས་ནས། སྤྲུལ་པའི་སྐུ་མཆོག་ཆེན་པོ་གཏེར་སྟོན་རཏྣ་གླིང་པས་གདན་དྲངས་པའི་གཏེར་མ་ལགས་སོ། ࿊ །རྩ་གསུམ་འབྲས་བུའི་དོན་ཁྲིད་ལས༔ བཀའ་སྲུང་རྡོར་ལེགས་ཀྱི་ལས་མཐའ་རེག་གཅོད་དུག་གི་སྤུ་གྲི་བཞུགས་སོ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གདུག་པ་སྡེ་བརྒྱད་བྲན་དུ་བཀོལ༔ དྲེགས་ཅན་བཀའ་ཡི་སྲུང་མར་བསྐོས༔ གཏེར་བདག་ཕྱི་ཡི་སྲུང་མར་བསྐོས༔ བྲག་བཙན་ནང་གི་སྲུང་མར་བསྐོས༔ རྡོར་ལེགས་གསང་བའི་སྲུང་མར་བསྐོས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ རྣལ་འབྱོར་སྐུ་དགྲ་འདུལ་བའི་ཕྱིར༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ རེག་ཆོད་དུག་གི་སྤུ་གྲི་འདི༔ སྦས་ནས་བག་ཡོད་སྤྱོད་གཅིག་བུ༔ འདི་ལ་གཉིས་ཏེ་བསད་པ་དང༔ གནད་ལ་དབབ་པ་གཉིས་སོ༔ གནས་ཆོ་འཕྲུལ་ཅན་དབེན་པའི་སར༔ གཏོར་མ་བཙན་བཤོས་ལྔ༔ ར་ལུག་བྱ་ཁྱི་སྨན་ལེབ༔ སྤྱན་གཟིགས་ཐ་མ་སྐྱུ་གུས་བསྐོར་ཏེ༔ ར་རྒྱ་བོའི་ཤ་ཁྲག་ནང་རོལ་རྣམ་པ་ལྔ༔ སྙིང་ཚིལ་གྱི་དུ་བ་རྒྱུན་མི་བཅད༔ བྲུབ་ཁུང་གཅིག་དུག་སྣ་ཚོགས་དང་ར་ཁྲག་གིས་བྱུག༔ ལིང་ག་དཔེའུ་ཆུང་ལྟར་བྱས་ལ༔ བྲུབ་ཁུང་དུ་མགོ་མཇུག་ལོག་ལ་གཞུག༔ ཉུངས་ཀར་ལ་སོགས་ཐུན་རྫས་གང་ཡང་རུང་བ་རྟ་ཁྲག་མི་ཁྲག་ར་ཁྲག་གསུམ་ལ་སྦོལ་ཏེ༔ སྔགས་འདིས་ཞག་བདུན་བྲབ་བོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཡ་མ་རཱ་ཙ་ས་མ་ཡ་ཛ༔ ཏྲག་རཀྴ་ཁ་མུན་ཏྲི་ཛ༔ ཏྲི་དུ་རུ་ཧྲིང་དུ་རུ་ཧར་ཏིང་ཛ་ཤུ་ལ་ར་ཏྲི་ཤཾ་ཡ་ཛ༔ བཛྲ་ཏྲི་ན་སཱ་དྷུ་ཁ་ཐུཾ་ཏྲི་ཛ༔ བཛྲ་ཀཱ་ལཀྵ་དུན་ཏྲི་ཛཿནཱ་ག་རཱ་ཛ་ཕུ་ཛཿརཱ་ཛ་རཀྵ་རཱ་ཧུ་ལ་ཏྲིག་ཛ༔ བཛྲ་སཱ་དྷུ་ས་མ་ཡ༔ རཱ་ཙ་ཏྲི་ཛ་ཆེ་གེ་ཤ་ཏྲཱུཾ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ ཅེས་དྲག་ཏུ་བཟླའོ༔ རང་ཉིད་རྟ་མགྲིན་དུ་བསྐྱེད་པ་ནི༔ གོང་ནོན་ཟབ་བོ༔ སྒྲ་འོད་ཆོ་འཕྲུལ་ཅི་བྱུང་ཡང༔ འཁུ་འཕྲིག་མེད་པར་བྱའོ༔ ཆོ་འཕྲུལ་དུས་རྟ་མགྲིན་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ༔ མནའ་དག་གི་ཐ་མ་དམ་ཚིག་བསྲེ༔ ལས་ལ་བཅོལ་ཞིང་རྩ་སྔགས་ཤམ་བུར༔ བཛྲ་སཱ་དྷུ་ཨི་དཾ་གྲྀཧྞ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་འབུལ༔ འདི་སྐད་ཅེས་བསྐུལ་ལོ༔ ཀྱཻ༔ ཕ་ནི་བདུད་ལ་མ་ནི་ཀླུ༔ དམ་ཅན་མགར་བ་རྫུ་འཕྲུལ་ཅན༔ སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས༔ མཐུ་རྩལ་ཅན་དུ་དབང་ཡང་བསྐུར༔ གསང་མཚན་བཛྲ་སཱ་དྷུར་བཏགས༔ དམ་ཚིག་དགོངས་ལ་ད་ཚུར་བྱོན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་ཡི་སྲུང་མར་མངའ་གསོལ་ནས༔ མཐུ་རྩལ་ཅན་དུ་དབང་ཡང་བསྐུར༔ མཚན་ནས་འབོད་དོ་ད་ཚུར་བྱོན༔ དམུ་བདུད་བཙན་སོགས་འཁོར་དང་བཅས༔ དུས་ལ་བབ་བོ་ད་ཚུར་བྱོན༔ རྡོ་རྗེ་ལེགས་པ་ད་ཚུར་བྱོན༔ མགར་བ་ནག་པོ་ད་ཚུར་བྱོན༔ དམུ་བཙན་རོལ་པ་ད་ཚུར་བྱོན༔ ལྕགས་སྤྱང་ནག་པོ་ད་ཚུར་བྱོན༔ སུམ་བརྒྱ་དྲུག་ཅུ་ད་ཚུར་བྱོན༔ ར་ཤ་ར་ཁྲག་ར་སྙིང་དང༔ ར་ཡི་དབང་པོ་རྣམ་ལྔ་ཡི༔ གསུར་དང་རྫས་ཀྱིས་ཁྱོད་མཆོད་དོ༔ བདག་ལ་སྡང་བའི་དགྲ་བགེགས་ནི༔ ཁྱོད་ལ་གཏད་དོ་མྱུར་དུ་སྒྲོལ༔ ལོ་དང་ཟླ་བར་མ་བཞག་ཅིག༔ དགྲ་བོ་དོ་ནུབ་གཉིད་ལོག་ཚེ༔ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ༔ བླ་རྐུན་ཇག་པ་ལས་ལ་ཆོས༔ དགྲ་བོའི་བླ་འཁྱམས་དེད་ལ་ཤོག༔ སྲོག་དང་བླ་རྩ་ཆོད་ལ་ཤོག༔ སྙིང་ཁྲག་ཐང་ལ་ཕོས་ལ་ཤོག༔ ལྟས་ངན་སྣ་དགུ་དགྲ་ལ་ཐོངས་ལ་ཤོག༔ ཁྲག་སྐྱུགས་རྦབ་གྲིར་སོད་ལ་ཤོག༔ གླང་ཐབས་རྦད་གྲིར་སོད་ལ་ཤོག༔ རྣལ་འབྱོར་བདག་གི་བཀའ་མ་བཅག༔ གཞན་མའི་ངག་ལ་མ་ཉན་ཅིག༔ རྡོལ་ཚིག་སྨྲ་ལ་མ་གསན་ཅིག༔ ཇི་སྙེད་རྫས་རྣམས་མ་ལེན་ཅིག༔ སྔོན་གྱི་ཨོ་རྒྱན་བཀའ་མ་བཅག༔ དམ་ཚིག་ཉམས་ན་ལྟུང་བར་བྱེད༔ དེ་བས་དམ་ལ་མ་འདའ་ཞིག༔ སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས༔ དེ་རིང་ནམ་མཁའ་དར་གྱིས་ཁོངས༔ དེ་རིང་ས་གཞི་དམག་གིས་ཁོངས༔ ལོངས་སྤྱོད་དགྲ་ཡི་ཤ་ལ་གྱིས༔ བཛྲ་སཱ་དྷུ་ཁ་རཾ་ཁཱ་ཧི༔ ཞེ་སྡང་གི་ང་རོས་དྲག་ཏུ་བསྐུལ་ལོ༔ གསོད་ན་ཐུན་གྱིས་བྲབ་ཅིང་ལིངྒ་ལ་སྦྱིན་སྲེག་བྱའོ༔ དབང་པོ་ཉམས་སུ་འཇུག་ན་ལིངྒ་སྡིག་པ་ཅན་བཙན་གྱི་འགྱུ་སྲང་ངམ༔ ཆུ་མིག་ཀླུ་གདུག་པ་ཅན་ནམ༔ ལྷ་ཁང་རྙིང་པའི་ཐེམ་འོག་ཏུ་སྦའོ༔ ཆེ་གའི་དབང་པོ་ཁྱོད་ལ་གཏད་དོ༔ ཉམས་པར་གྱིས་ཤིག༔ ནཱ་ག་ཏྲིག་ཛ་མོད་ལ་ཁྲག་ཤག་རྦད༔ ཅེས་གཏད་དོ༔ རེག་ཆོད་དུག་གི་སྤུ་གྲི་འདི༔ རྣལ་འབྱོར་སྲུང་བའི་མཚོན་དུ་བཀོད༔ འདི་ལས་ཟབ་པ་ཡོད་རེ་ཀན༔ བསྟན་པའི་དོན་དུ་བག་ཡོད་བཅས༔ སྤེལ་ཐབས་མེད་དོ་སྙིང་ལ་ཆོངས༔ ས་མ་ཡ༔ ཁ་ཐཾ༔ བརྡ་ཐིམ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རེག་ཆོད་དུག་གི་སྦུ་གྲི་འདི། ཁོ་བོ་རཏྣ་གླིང་པ་ཡི། བསྟན་པ་སྲུང་བའི་མཚོན་ཆ་ཡིན། །མ་སྤེལ་བཀའ་རྒྱ་དམ་དུ་གྱིས། །སྤྲུལ་སྐུ་རཏྣ་གླིང་པས་ཁྱུང་ཆེན་བྲག་ནས་གདན་དྲངས་པའོ། ࿊ །རྩ་གསུམ་འབྲས་བུའི་དོན་ཁྲིད་ལས་བྲག་བཙན་སྲོག་གི་ཅོག་བརྡུང་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བྲག་བཙན་ནང་གི་སྲུང་མར་བཀོད༔ ཕྱི་རབས་སྐལ་ལྡན་རིགས་ཀྱི་བུ༔ མི་གཅིག་པོ་ཡི་རྒྱབ་རྟེན་ཡིན༔ སྙིང་གི་བུ་ལ་སྟེར་སྲིད་དམ༔ མང་དུ་སྤེལ་ན་བདུད་དུ་འགྱུར༔ ངན་སྔགས་བརྒྱ་དང་སྟོང་ཚོགས་ཀྱང༔ འདི་ནི་ཅོག་རྡུང་ལས་ཀུན་བྱེད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལ་སྲོག་དང་ཆོ་འཕྲུལ་གཉིས༔ གདུག་པའི་སྲོག་རྩ་གཅོད་འདོད་ན༔ གཡའ་རི་གངས་རི་དབེན་པའི་སར༔ སྟེགས་བུ་ཁྲུ་གང་ཟངས་གཞོང་ནང༔ ར་ཁྲག་བརྒྱན་པའི་བཤོས་བུ་བཤམ༔ ཐ་མར་མཐེབ་ཀྱུ་བདུན་གྱིས་བསྐོར༔ ཤིང་ལ་དགྲ་བོའི་མིང་རུས་བྲིས༔ གཏོར་མའི་ནང་དུ་སྤྱི་ཚུགས་གཞུག༔ ལས་ཁུང་གཅིག་ཏུ་ལིངྒ་གཞུག༔ ཡུངས་ཀར་སྔགས་ལ་མིང་རུས་བྲབ༔ སྲོག་གི་སྙིང་པོ་འདི་ཡིས་འབོད༔ བ་རི་བ་རི་གིང་ཀ་ར་ཛཿཛཿཆེ་གེ་མོའི་ཤ་ལ་བཾ་བཾ༔ ཞག་གསུམ་བྲབས་པས་སྒྲ་འོད་འོང༔ དེ་ནས་རྦད་བསད་ལས་བྱའོ༔ ཁྲག་སྐྱུགས་ནད་དུ་གསོད་འདོད་ན༔ ཙ་མུན་རག་མུན་ཐུཾ་ས་དུ་རག༔ མཚོན་གྱིས་གསོད་ན༔ རད་སྦྱི་གྷན་དྷ་རི་ས་རུ་ཤིག༔ སྦོས་གྲིར་གསོད་ན༔ ཕུད་ཆོད་ཕུད་ཆོད༔ རུག་དུམ་བུ་ཡར་གཏོར་ཤིག༔ ཞག་གསུམ་སོ་སོའི་ནད་ཁྲག་ཐུན་གྱིས་བྲབ་བོ༔ ཞེ་སྡང་བསྐྱེད་ལ་བསྐུལ་པ་ནི༔ ཧཱུྃ༔ ལྷ་ཡི་དགེ་བསྙེན་དྲག་པོ་རྩལ༔ སྐུ་ལ་དར་དཀར་རལ་ག་གསོལ༔ ཆིབས་སུ་ངང་དཀར་རྣ་སྔོན་བཅིབས༔ འཇིགས་པའི་སྐུ་ལ་ཁྲོས་པའི་ཐུགས༔ མྱུར་དུ་རྒྱུག་པའི་མཐུ་བོ་ཆེ༔ གཡས་པས་དར་དཀར་རུ་མཚོན་ཕྱར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ བཙན་རྒོད་བྱ་ར་སྟོང་གིས་བསྐོར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བསྟན་པ་བཤིགས་པའི་དགྲ་བོ་འདི༔ ཁྲག་སྐྱུག་ནད་ཀྱིས་སོད་ལ་ཤོག༔ མཚོན་གྲི་དག་གིས་གླང་ཐབས་སོད༔ ད་ལྟ་མྱུར་དུ་སོད་ལ་ཤོག༔ ན་གོ་ན་རུ་གྱིན་བུ་ཧཱུྃ༔ ཤོད་ཤོད་ནི་ཏི་ཐ་རྦད༔ ཐུམ་རི་ལི་ས་མ་ཡ་རྦད༔ ཅེས་དྲག་ཏུ་རྦད་དོ༔ བུད་མེད་ཞག་གསུམ་དག་ལ་འཆི༔ སྐྱེས་པ་དྲུག་ནས་སོད་པར་ངེས༔ བསོད་ནམས་ཅན་ལ་ཞག་བདུན་བྱ༔ སྔགས་མཐུ་ནང་འགྲས་བཅུ་གཉིས་སོ༔ རྦད་རྟགས་བསད་རྟགས་སྤྱི་དང་འདྲ༔ ལས་སྦྱོར་གཏོར་མ་ལིངྒ་རྣམས༔ བཙན་རྒོད་འགྱུ་བའི་སྲང་དུ་མནན༔ ལས་ཁུང་ལིངྒ་བཀུག་བསྟབ་བསྲེག༔ ཀླུ་ཡོད་ས་རུ་མནན་པར་བྱ༔ ཙ་ཐུཾ་ས་ཐུཾ་སྨོད་ལ་ཁྲག་ཤ་རྦད༔ ཅེས་ཀླུ་དང་བཙན་ལ་བཅོལ་དམ་བྱ༔ ལས་འགྱངས་སྤོགས་པ་ལན་གསུམ་བསྐྱར༔ བྲག་བཙན་དམར་པོའི་རེག་ཆོད་ཡིན༔ གཏེར་བདག་སྲོག་རྩའི་སྙིང་འབྱིན་ཡིན༔ གསུམ་ལས་མང་སྤེལ་བཀའ་ཆད་འོང༔ སྙིང་ལ་ཆོངས་ཤིག་རཏྣའི་མཚན༔ མ་ཤིའི་གོང་དུ་གཏེར་དུ་སྦོས༔ མ་འོངས་དོན་དུ་སྨོན་ལམ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཨ་རྒྱ༔ ࿊ ཨེ་མ་ཧོ། ཡང་གཏེར་མཐར་ཐུག་རེག་ཆོད་འདི། །རྣལ་འབྱོར་ལས་ལྡན་རཏྣའི་མཚན། །སྔོན་སྦྱངས་ལས་སད་སྨོན་ལམ་དག །ད་ལྟ་ལས་དང་སྐལ་པར་ལྡན། །ཕྱི་མ་རིག་འཛིན་ཞིང་དུ་འགྲོ །གྲོ་ཤུལ་བར་ཚིགས་ཁྱུང་ཆེན་ནས། །ཆུ་བྱི་སྤྲེའུ་ཟླ་བའི་ཚེས་བཅུ་ལ། །གདན་དྲངས་མ་འོངས་འདྲེན་པར་ཤོག །ཁྱི་ཟླའི་ཚེས་བརྒྱད་ལ་ཤོག་སེར་ངོས་ནས་དག་པར་བཞེངས་པའོ། །སྤྲུལ་སྐུ་རཏྣ་གླིང་པས་ཁྱུང་ཆེན་བྲག་ནས་གདན་དྲངས་པའོ།། །།

རྐུན་ཆིངས་དགྲ་ཆིངས་ཟབ་བསྡུས་ (Volume 45, Text 28)

རྐུན་ཆིངས་ཟབ་མོ་འདི་མིས་མ་མཐོང་བར་བྱས་ནས་སྒོ་ལ་སྦྱར་ན།་་་་་་་ རྐུན་མ་སྲུང་བའི་མན་ངག་ཁྱད་པར་ཅན་འདི་རྗེ་བཙུན་མི་ལ་ལ་ཇོ་མོ་བཀྲ་ཤིས་ཚེ་རིང་མས་ཕུལ་བ་དང་། གཏེར་ཁ་རྙིང་པ་ལས་ཀྱང་མཐུན་པར་བྱུང་བས་ཟབ་བོ།། ༄༅། །དམ་ཅན་སྐྱེས་བུའི་དགྲ་ཆིངས་ཟབ་མོ་བཞུགས་སོ།། ན་མོ་གུ་རུ། ནམ་མཁའི་སྙིང་པོས་ཨུ་རྒྱན་པདྨ་ལ་ཕུལ་བའི་ཇག་ཆིངས་ཀྱི་རིམ་པ་ནི། ཙཀྲ་ཇི་སྐད་བཤད་པ་བཞིན། བྱེས་སུ་འགྲོ་དུས་སྐ་རགས་སུ་གཞུག །ནུབ་མོ་ཉལ་ ཁར་གཡས་སུ་བཞག་ལ་ལན་གསུམ་བརྡབ། ཁྱིམ་དུ་བཞག་ན་རྐུན་མ་མི་འོང་། རྟ་བྲེས་སུ་བཞག་ན་རྟ་ཕྱུགས་རྐུན་མས་མི་ཁྱེར། དེ་ལ་ཙཀྲ་ནི། དམ་ཅན་སྐྱེས་བུའི་ཁོག་པར་ སྔགས་འདི་བྲིའོ། །ཨོཾ་ཨི་དཾ་རཀྟ་ཙ་མུན་མཱ་ར་ཡ་དོ་ནུབ་ཀྱི་ཙོ་རིའི་སྙིང་ཁྲག་རུས་པ་དུར་ཝ་དམ་ཅན་སྔོན་པོ་དགྲ་ཇག་རྐུན་གསུམ་ཆིངས་ཤིག །སྔགས་ཀྱི་དབུས་སུ་ཏྲི་ལ་རྟ་ཁྲག་ བྱུག །དེའི་ཁོག་པར་ནྲྀ་ལ་ར་ཁྲག་བྱུག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ལྕགས་ཀྱི་སྡོང་པོ་ལ་མེ་ཡི་ཚྭ་ཚྭ་དམར་ནག་དང་མེ་ དཔུང་འཕྲོ་བ། སྤྱན་དམར་ནག་མེ་འབར་བ། ཤངས་ནས་དུག་རླངས་འཐུལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དགྲ་སྙིང་བསྣམས་པ། ཞབས་གཉིས་པད་ཉི་དགྲ་བགེགས་ཀྱི་སྟེང་ན་གཡས་གེལ་པའི་སྟོབས་ཀྱིས་དགྲ་བགེགས་ཀྱི་སྙིང་ག །གཡོན་པུས་མོ་བཙུགས་པས་གསང་གནས་ནས་བརྫིས་པ། ཕྱོགས་ཀྱི་དགྲ་རྐུན་ཐམས་ཅད་འཇོམས་པར་བསམ་ལ་སྔགས་བརྒྱ་རེ་བགྲང་། སྐར་མ་རྒྱལ་ལ་ར་ཚིལ་གྱི་གསུར་དུད་བྱ། དགྲ་ཆེ་དུས་མགོ་ནས་དྲིལ། ནམ་མཁའི་སྙིང་པོས་ཨོ་རྒྱན་པདྨ་ལ་ཕུལ་བའི་གདམས་པ་ཤིན་ཏུ་ཟབ་བོ། ཁ་ཐཾ། ༈ ཡང་ཕྱག་ལེན་གཅིག་ལ། དམ་ཅན་གྱི་ཇག་ཆིངས་ལྕགས་སྒྲོག་མའི་ཙཀྲ་ནི། ཤོག་བུ་སོར་བཞི་པ་རྐང་གང་ལ། སྐར་མ་རྒྱལ་གྱི་ཉིན་པར་ར་ཁྲག་བསྲེས་པའི་སྣག་ཚས་བྲི། སྒོག་པ། ཤིང་ཀུན། གུ་གུལ། གི་ཝཾ། ཨ་གར། ཤུ་དག །རྒྱ་སྣག །མུ་ཟི་ཞད་ཙམ་ཆེ་བ། གླ་རྩི་རྣམས་ཞིབ་པར་བཏགས་ལ་བྱུག །དེ་སྟེང་ར་ཚིལ་བྱུག །ཚོན་ནི། དགྲ་ཇག་གིས་ཁྲབ་ཅན་མཐོང་བར་འདོད་ན་སྔོན་པོ། སྐྱེས་པའི་ཚོགས་མཐོང་བར་འདོད་ན་དཀར་པོ། བུད་མེད་མང་པོ་མཐོང་བར་འདོད་ན་སྔོན་པོ། བནྡེ་མང་པོ་མཐོང་བར་འདོད་ན་དམར་པོ་བྱ། འཁོར་ལོ་ངོ་བོ་དམ་ཅན་ལ་རྣམ་པ་ལྕགས་ཀྱི་སྡོང་པོ་མེའི་ཚྭ་ཚྭ་འཕྲོ་བའི་ནང་དུ་དགྲ་རྐུན་ཐམས་ཅད་ཚུད་པ་དེ་མུན་ནག་ཐིབས་སེ་གཞོབ་ཧྲག་གིས་སོད་པར་དམིགས་ལ། དམ་ཅན་བསྐྱེད་བསྟིམ་བྱས་ལ་རང་སྔགས་དག་པོས་རབ་གནས་བྱའོ། །གུ་ཧྱ་ས་མ་ཡ། འདིའི་ཞལ་ཤེས་ལ། འཁོར་ལོ་བྲི་བ་ནི། དམ་ཅན་མངོན་རྟོགས་དང་མཐུན་པའི་ལྟོ་བར་ཏྲི། དེའི་ཁོག་པར་ནྲྀ། དེའི་མཐར་ཏྲིའི་གི་གུའི་སྟེང་ནས་བརྩམ་སྟེ་གཡས་སྐོར་གྱིས། ཨོཾ་ཨི་དཾ་སོགས་འབྲི། ཡན་ལག་བཞི་ལའང་། ཕྱག་གཡས་ཀྱི་ཕྱག་མགོ་དང་། གཡོན་གྱི་དཔུང་མགོ་བརླའི་རྩ་བ་གཉིས་ནས་བརྩམ་སྟེ་སྔགས་ཕྲེང་ཚར་རེ་བྲི། རྫས་གོང་འོག་གཉིས་ཀ་བྱུག །ཚོན་འོག་མ་ལྟར་རམ། སྤྱི་ཁྱབ་སྔོན་པོ་བྱ། དང་པོ་རབ་གནས་གོང་མ་ལྟར་བྱས་ལ་བཞི་ལྟེབ་ཕྲེད་དྲིལ་ནར་མོ་དང་། དེ་དུས་རྒྱུན་མཇུག་ནས་ཡར་དྲིལ་ལ་སྐེ་རགས་སྣེ་ཁུག་མ་ལྟ་བུར་བྱས་ལ་གཞུག །དགྲ་དོགས་ཆེ་དུས་མགོ་ནས་མར་དྲིལ། དུས་རྒྱུན་འོག་མ་ལྟར་རབ་གནས་ཁ་གསོ། དམ་ཅན་གྱི་གསོལ་ཁ་ལ་བརྩོན་པས་དགྲ་ཇག་ཆོམ་རྐུན་གྱིས་མི་ཚུགས་པ་མྱོང་བས་གྲུབ་པ་ཡིན་ནོ། །མངྒ་ལཾ།། །། ༈ ཇག་ཆིངས་ཟབ་ཁྱད་མ་ནི། སྐྱེས་པ་དར་མ་གྲིར་ཤི་བའི་རྒྱུས་སྐུད་སུམ་སྒྲིལ་མདའ་གང་ལ་མདུད་པ་གདབ། སྔགས་རྒོད་འདི་མི་ཚིག་གིས་བར་མ་ཆོད་པར་ངག་བཅད་ལ་ཁྲི་ཚོ་གཅིག་བཟླ། ཨོཾ་བྷ་གི༔ མ་ཧི་ཤ༔ ཀུ་བྷིར་ཤ༔ ས་ན་ག་རེ༔ ཁ་འོ་ཤི་རི༔ ཀ་ལི་ཀ༔ མེ་རུ་མ་ཀ་མེ༔ ཁ་ཨརྒཾ༔ དེ་ལྟར་ཁྲི་ཚོ་གཅིག་བཟླས་ལ་གདབ། དེ་ནས་རྒྱུས་སྐུད་དེ་གཟའ་རཱ་ཧུ་ལ་ལག་ན་སྦྲུལ་ཞགས་ནག་པོ་བསྣམས་པས་དགྲ་ཇག་རྣམས་འུབ་བསྡུས་ཧྲིལ་གྱིས་བཅིངས་ནས་འགུལ་མི་ཤེས་པར་བསམ་ལ། ཉེན་ཆེ་སར་ཞག་རེ་བཞིན་སྔགས་བརྒྱ་སྟོང་གང་འགྲུབ་མ་ཆག་པར་བཟླ། གྲི་རྒྱུས་རཱ་ཧུ་ལའི་སྦྲུལ་ཞགས་ནག་པོས་དགྲ་བོ་བཅིངས། དེའི་ཕྱི་ལྕགས་ཞུན་ནམ་ཁྲོ་ཆུས་བསྒྲིལ་བཏུམས་བྱས་པར་བསམ་ལ་རང་གི་རྡོག་འོག་གི་ས་ལ་སྔགས་བརྒྱ་རྩ་བཟླས་ཏེ་དགྲ་ཇག་གི་གདོང་ལ་གཏོར།་་་་གདོང་ལ་གཏོར་མ་ཐུབ་ན་དགྲ་ཕྱོགས་ལ་གཏོར། ས་དུག་རླངས་སུ་གྱུར་པ་དགྲ་བོ་ལ་ཕོག་པས་སྦྲུལ་ཞགས་ཀྱིས་དགྲ་བོ་བཅིངས་པར་བསམ་མོ། །འགྲོལ་ན་མདུད་པ་དགྲོལ། ཤིན་ཏུ་ཟབ་བོ། །གདམས་པ་འདི་ལ་དེ་གོང་ནས་མྱོང་གྲུབ་ཀྱི་ངག་རྒྱུན་འདུག་ཅིང་། ཁྱད་པར་ལྕགས་སྦྲུལ་ལོ་གཞིས་ཀ་བསམ་འགྲུབ་རྩེ་ལ་སོག་བོད་ཀྱི་དམག་གིས་བསྐོར་དུས་ལྷ་བཙུན་ཀོང་སྨྱོན་ཆེན་པོས་ཟླ་བ་ལྔ་པའི་ཚེས་ཉེར་བདུན་ལ་ཉིན་མོ་རྫོང་ནང་ནས་དཔུང་གི་དཀྱིལ་གཤགས་ནས་བྱོན་པ་ཡིན་པ་རྒྱུས་ཅན་ཀུན་ལ་གསལ་ལོ།། །། <!TCC Tibetan character 3,182 undefined in unicode!>༔ རྟ་མགྲིན་གསང་བ་འདུས་པ་ལས༔ མི་རྒོད་ཇག་ཆིངས་བཞུགས་སོ༔ ྈྈྈྈྈ དབང་ཆེན་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དབང་གི་བསྙེན་སྒྲུབ་ཐེམས་ནས་ཀྱང༔ མི་རྒོད་ཇག་ཆིངས་ཞ་རེངས་བསྟན༔ ས་མ་ཡ༔ གཟའ་རྒོད་རེངས་བྱེད་ནག་པོའི་མན་ངག་འདི་ལ་གསུམ་སྟེ༔ རྫས་དང༔ སྔགས་དང༔ དམིགས་པའོ༔ དང་པོ་རྫས་ནི༔ སྐྱེས་པ་དར་མ་གྲིར་ཤི་བའི་རྒྱུས་སྐུད་སུམ་བསྒྲིལ་མདའ་གང་ལ༔ བྲམ་ཟེའི་སྔགས་རྒོད་འདི་མི་ཚིག་གིས་བར་མ་ཆོད་པར༔ ཁྲི་ཕྲག་གཅིག་བཟླས་ཤིང་བསྒྲུབ་པའོ༔ གཉིས་པ་སྔགས་ནི༔ ཨོཾ་བྷ་གི་མ་ཧི་ཤ༔ ཀུ་བྷིར་ཤ༔ ས་ན་ག་རེ༔ ཁའི་འོ་ཤེ་རཾ༔ ཀ་མ་ཀ༔ མེ་རུ་མ་ཀ་མེ༔ ཁ་ཨརྒཾ༔ རྒྱུས་སྐུད་མིས་མ་མཐོང་བར་སྦས༔ ནམ་མཁོ་བའི་ཚེ་ལས་ལ་སྦྱར༔ གསུམ་པ་དམིགས་པ་ནི༔ སྐུད་པ་དེ་གཟའ་བདུད་རཱ་ཧུ་ལ་ལག་ན་སྦྲུལ་ཞགས་ནག་པོས་ཇག་པ་ཐམས་ཅད་འུབ་ཧྲིལ་གྱིས་བསྡུས་ནས༔ སིང་གིས་བཅིངས༔ གྲུ་གུ་ལྟར་དྲིལ༔ འགུལ་མི་ཤེས་པར་བསམ་ལ་སྔགས་རྒོད་བཟླས་ཤིང་གྲི་རྒྱུས་སྦྲུལ་ནག་པོའི་དཀྱིལ་དུ་བསྡམས་ནས༔ སྔགས་བརྒྱབ་པས༔ ལྕགས་ཞུན་ནམ༔ ཁྲོ་ཆུས་དྲིལ་བར་བསམ༔ རྡོག་པའི་འོག་ནས་ས་སྤར་གང་བླངས་ཏེ༔ སྔགས་བཟླས་ནས་ཇག་པས་མཐོང་སར་གཏོར༔ གདོང་ལ་དུག་རླངས་ཕོག་ལུས་སྦྲུལ་ཞགས་ཀྱིས་བཅིངས་པར་བསམ་མོ༔ དེས་ནི་མི་རྒོད་ཞ་ཆིངས་རེངས་པར་ཐེ་ཚོམ་མེད་དོ༔ འཇིགས་པ་གྲོལ་ནས་ཡིག་བརྒྱས་གསོ༔ གཞན་ལ་བསྲུང་བ་བྱེད་ན༔ རྐང་འོག་གི་ས་ལ་བསྔགས་ཏེ༔ གཡོན་དུ་ལན་གསུམ་བསྐོར་ལ་བཟླའོ༔ ལག་ལེན་དུ་ནངས་པར་འཇིགས་སར་འགྲོ་དུས༔ ཐོ་རངས་ཁ་མ་འདྲེས་པར་བརྒྱ་རྩ་བརྒྱད་བཟླས་ནས་གང་བསྲུང་བ་ཐམས་ཅད་ལ་གཡོན་དུ་ལན་གསུམ་བསྐོར་ལ་འགྲོ་ཕྱོགས་སུ་གཏོར་རོ༔ དེས་ནི་འཇིགས་པ་ལས་གྲོལ་ལོ༔ ཤིན་ཏུ་ཟབ་བོ༔ ཨོ་རྒྱན་བདག་གིས་གཤིན་རྗེ་གཙུག་ན་མེ་འབར་གྱི་རྒྱུད་ནས་ཕྱུང་སྟེ༔ མ་འོངས་ལས་ཅན་གྱི་དོན་དུ་རྟ་མགྲིན་གསང་བ་འདུས་པའི་ལས་ཚོགས་སུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ <!TCC Tibetan character 3,182 undefined in unicode!>༔ རྟ་མགྲིན་གསང་བ་འདུས་པའི་ལས་ཚོགས་གནོད་བྱེད་སྐྲོད་པའི་མན་ངག་ཟུར་དུ་གབ་པ་བཞུགས་སོ༔ ྈྈྈྈྈ གདུག་པ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ༔ གནོད་བྱེད་སྐྲོད་པའི་མན་ངག་ནི༔ སྦྲུལ་མགོའི་ཤ་ལ་སྔགས་འདི་གདབ༔ ཨོཾ་མོ་ཧ་ཤ་ཡ་ཧཱུྃ་ཕཊ༔ དགྲ་བོ་ཕྱིའི་རྒྱ་མཚོར་མ་ཐུག་གི་བར་དུ་ཨུཙྪ་ཊ་ཡ་ཕཊ༔ ཅེས་སྦྲུལ་མགོའི་ཤ་ལ་བསྔགས་སོ༔ དམིགས་པ་ནི། དགྲ་བོ་དེའི་ལག་པ་གཡས་པ་ལ་མི་དཀར་པོ་་་ལྷན་ཅིག་སྐྱེས་པའི་ལྷ།གཅིག་གིས་བཟུང་། གཡོན་མཉམ་པོར་འོང་བའི་བདུད།་་་མི་ནག་པོ་གཅིག་གིས་བཟུང་ནས་ལང་མ་ལིང་བྱས་ནས་ཕྱིའི་རྒྱ་མཚོ་ལ་ཐུག་གི་བར་དུ་བསྐྱུར་བར་བསྒོམ་མོ། །རང་ཉིད་འཇམ་དཔལ་དུ་བསྒོམ༔ རྐང་མཐིལ་ཟ་མ་བྱུང་བར་དུ་བསྒྲུབ༔ སྒྲུབ་པ་ཐོན་ནས་སྦྲུལ་ཤ་དགྲ་བོའི་ཁར་ཐེང་བར་བྱའོ༔ འདི་ནི་གང་ལ་བྱ་བར་ལོ་ཟླ་མི་འགྱང་བར་མཐའ་མེད་དུ་འཁྱམས་པར་ཐེ་ཚོམ་མེད་པའི་བསླུ་མེད་གདམ་ངག །ྀཨཚ༔ ཟབ་རྒྱའོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་བརྒྱུད་འཛིན་བུ་ཆུང་དོན༔ ངན་སྔགས་ཟབ་རྒྱ་གཏེར་དུ་སྦས༔ ལས་ཅན་བུ་ཡིས་སྤྱོད་པར་ཤོག༔ པེ་དཀར་ཁྱོད་ལ་གཉེར་དུ་གཏད༔ རཏྣ་གླིང་ལ་གཏེར་སྟེར་རྒྱ༔ ན་ཐ་རྩ༔ རྒྱ་རྒྱ་རྒྱ༔ ༄༅། །ཐུབ་པ་ནག་པོའི་མགོ་འཁོར་ཟབ་མོ་ལག་ལེན་ཅན་བཞུགས་སོ། །དུས་སྙིགས་མར་ཆོས་བྱེད་པ་ལ་དགྲ་མང་ཞིང་། ཁྱད་པར་གཅིག་པུར་འདུག་པར་ཆོམ་རྐུན་ལྡང་བས། གློ་བུར་ཆོམ་རྐུན་གྱིས་ཀ་ཆ་སོགས་ཁྱེར་བ་བྱུང་ན་མགོ་འཁོར་གྱི་གདམས་པ་འདི་བྱ་སྟེ། དུག་ཤོག་ཆེ་ཆུང་རང་གི་རྐང་མཐིལ་ཙམ་ཞིག་ལ་རཱུ་བ་སྐྱེ་མཆེད་དོད་པ་བྲི། མིང་རུས་གང་ཤེས་དགོད། ལྟོ་བར་མཆོད་རྟེན་ནག་པོ་མགོ་མཇུག་ལྡོག་པ་ཞིག་བྲི། དེའི་དབུས་སྙིང་གའི་ཐད་དུ་རྣྲྀ། མཐའ་སྐོར་དུ་སྔགས་ཀྱིས་གཡོན་དུ་བསྐོར། རྐང་རྗེས་ཀྱི་ས་དང་གྲི་ཁྲག་བྱུག །རང་ལྷའི་ང་རྒྱལ་གྱིས་ལིང་ག་ལ་དགུག་གཞུག་ཡིད་ཆེས་པ་བྱས་ལ་ཤི་ལྟེབ་དུ་ལྟེབས། རང་འཐག་སྤོམ་ནག་གི་ལྟེ་བ་ཅན་ལྟེ་ཁུང་མུན་པ་ནག་པོའི་བཙོན་ཁང་དུ་གཞུག །སྔགས་སྟོང་ཕྲག་གཅིག་སྨྲ་བཅད་ལ་བཟླ། རང་འཐག་གི་མིག་ནས་མར་གདབ། ཡུ་བ་མ་རེག་པར་བགྱིས་ཏེ་གཡོན་དུ་བསྐོར། དགྲ་བོ་མུན་ནག་གི་གླིང་དུ་ཚུད་ནས་གར་ཡང་འགྲོ་ས་མེད་པར་མགོ་འཁོར་བར་བསམ་མོ། །ཤིན་ཏུ་ཟབ། ྀཨཚ། ཏིང་འཛིན་ནི། རང་ཐུབ་པ་ནག་པོ་རི་རབ་ཙམ། སྐུ་ལ་ལིང་ནག་པོའི་ཆོས་གོས་བཀླུབས་པ། ཕྱག་ཐལ་མོ་བརྡབ་པས་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་གཡོ་ཞིང་། ཉི་ཟླའི་སྣང་བ་དང་བྲལ་བའི་ནག་ཐིབས་སེ་སོང་བར་བསྒོམ། ཨོཾ་སརྦ་སརྦ་བིགྷྣཱན་དགྲ་ཇག་ཆོམ་རྐུན་རང་དབང་མེད་པར་མགོ་སྐོར་ཅིག་སྭཱ་ཧཱ༔ ཞེས་དང་། དམོད་མོ་གང་ཤེས་བརྗོད་དོ། །མནྟྲ་གུ་ཧྱ། འདི་རྙིང་མ་བཀའ་མའི་མན་ངག་ལས་བྱུང་བའོ།། །། <!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོའི་མན་ངག་ལས༔ རྐུན་མ་མགོ་འཁོར་བཞུགས་སོ༔ གུ་རུ་དྲག་པོའི་ལས་མཐའ་ལས༔ རྐུན་མ་མགོ་འཁོར་བྱེད་ཐབས་ལ༔ རྫས་ནི་རྐུན་མའི་རྐང་རྗེས་ཀྱི་ས་བླངས་ལ༔ རང་འཐག་ཁ་སྦྱོར་བར་དུ་བླུགས༔ རང་འཐག་དེའི་སྟེང་དུ་ནས་ནག་གི་གཏོར་མ་མཛུབ་གང་བ་གཅིག་བཞག༔ དེར་ཁྲག་གིས་བརྒྱན་ལ་བཤམ༔ གཏོར་མའི་ནང་དུ་ལིང་ག་མགོ་མཇུག་ལྡོག་པ་བཞག༔ དེ་ནས་སྔགས་བཟླ༔ ཇག་པ་ཆོམ་རྐུན་ཐམས་ཅད་ཞ་རཾ་ཝ་ཏི་ས་མུན་ཛ༔ ཞ་རཾ་ཝ་ཏི་ས་མུན་ཛ༔ ཞ་རཾ་ཝ་ཏི་མུན་མུན་ཐིབ་ཐིབ་རཱ་ཙ་མུན་མུན༔ རཱ་ཙ་ཐིབ་ཐིབ་སྭཱ་ཧཱ༔ ཆོམ་རྐུན་ཆིངས་ཆིངས༔ སྔགས་འདི་གསུམ་རེ་སོང་བར་དུ་རང་འཐག་དེ་གཡོན་སྐོར་དུ་ལན་གསུམ་བསྐོར༔ སྔགས་ཀྱི་ཐུན་མཚམས་དང་འདྲ་བ་རེ་བྱ༔ རང་འཐག་གི་ཡུ་བ་ནོར་སྨྱོན་གྱི་རྔ་མ་ཆུན་པོས་བརྒྱན༔ དངུལ་རོའི་སླད༔ རྗེས་ས༔ རམ་པ༔ ཕུག་རོན་བྲུན༔ ས་ཆད་པའི་ས༔ ཕ་ཝཾ་འགྱུར་མེད་ཟུག་པའི་དྲེག་པའོ༔ གཏོར་མ་ནང་གི་ལིང་གའི་ལྟེ་བར་རྩ་སྔགས་ཚང་མས་བསྐོར༔ དེའི་མཐར་ཀ་ཆ་འདི་ཞེས་བྱ་བ་ཁྱེར་བ་འཁོར་ཅིག༔ ཁུག་ཅིག༔ རེངས་ཤིག༔ ཁུག་ཅིག༔ བྱིངས་ཤིག༔ རྨུགས་ཤིག༔ འཐིབས་ཤིག༔ སྡོམས་ཤིག༔ ཅེས་པས་བསྐོར༔ འགུག་གཞུག་དྲག་ཏུ་བྱ༔ ལིང་ག་དཔེ་རིས་ཆེ་བར་བྱ༔ ཀ་ཆ་དང་རྟ་ནོར་གྱི་མིང་གིས་ལིངྒའི་མཐའ་སྐོར༔ མུན་ནག་ཐར་མེད་ནང་དུ་ཚུད་པར་སྒོམས༔ རང་ཉིད་གུ་རུ་དྲག་པོའི་ང་རྒྱལ་དང་མ་བྲལ་བར་སྔགས་བཟླ༔ འགྲུབ་རྟགས་རང་ཉིད་སྐྱུགས་བྲོ་བར་འོང༔ ཀ་ཆ་མ་ལོན་བར་བཅའ་གཞི་རྣམས་མ་བཤིག་པར་བྱས་ལ་བཞག་གོ༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ༁ྃ༔ དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས༔ ཆོམ་རྐུན་ཇག་པ་འཆིང་བ་བཞུགས༔ ཆོམ་རྐུན་ཇག་པ་འཆིང་བར་འདོད་ན༔ འཁོར་ལོ་སྟེང་འོག་གཉིས་ཀྱི་འོག་མའི་དབུས་སུ་དགྲ་གཟུགས་གན་རྐྱལ་དུ་བྲིས་པའི་མཐར་སྔགས་འདི་ཡིག་མགོ་ཕྱི་ལ་བསྐོར༔ ཨོཾ་བྷེ་ཏེ་བྷེ་ཏེ་མ་ཧཱ་བྷེ་ཏེ་ཤཱཀྱ་བྷེ་ཏེ་ནག་པོ་རྐུན་ཇག་ཁྲམ་གསུམ་བྷནྡྷ་བྷནྡྷ་ཞ་རི་ཝ་ཏི་ས་མུན་ཛ༔ ཞ་རཾ་ཝ་ཏི་ས་མུན་འཐིབ༔ ཤར་སྟག་ཡོས་གཉིས་ཀྱིས་གནོད་བྱེད་རྐུན་བུ་སཏྭཾ་བྷ་ཡ་ནན༔ ལྷོ་རྟ་སྦྲུལ་གཉིས་ཀྱིས་གནོད་བྱེད་རྐུན་བུ་སཏྭཾ་བྷ་ཡ་ནན༔ ནུབ་བྱ་སྤྲེལ་གཉིས་ཀྱིས་གནོད་བྱེད་རྐུན་བུ་སཏྭཾ་བྷ་ཡ་ནན༔ བྱང་བྱི་ཕག་གཉིས་ཀྱིས་གནོད་བྱེད་རྐུན་བུ་སཏྭཾ་བྷ་ཡ་ནན༔ ཁྱི་འབྲུག་གླང་ལུག་བཞིས་གནོད་བྱེད་རྐུན་བུ་སཏྭཾ་བྷ་ཡ་ནན༔ ཨོཾ་ནི་སིང་ཆིངས་རྨོངས་རྨོངས་རྨོངས་འཐིབ་འཐིབ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་རྐུན་ཇག་གསུམ་ཆིངས་ཤིག༔ སཏྭཾ་བྷ་ཡ་ནན༔ དེའི་ཕྱི་རིམ་མཐར༔ ཡེ་དྷརྨཱ་བྲི༔ སྟེང་མ་དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་མཐར་སྔགས་འདི་ཡིག་མགོ་ནང་དུ་བསྟན་ལ༔ གནོན་བྱེད་རྐུན་བུ་ལུས་སཏྭཾ་བྷ་ཡ་ནན༔ ངག་སཏྭཾ་བྷ་ཡ་ནན༔ ཡིད་སཏྭཾ་བྷ་ཡ་ནན༔ མིག་གི་དབང་པོ་མུན་ཐིབ་ཛ༔ སེམས་ཀྱི་དབང་པོ་མུན་ཐིབ་ཛ༔ ཡན་ལག་རྩ་རྒྱུས་ཐམས་ཅད་མུན་ཐིབ་རྨོངས་རྨོངས་ཐིབ་ཐིབ་ཆིངས་ཤིག༔ སཏྭཾ་བྷ་ཡ་ནན༔ ཛཿཛཿཧྲིཾ་ཧྲིཾ་མུ་སྟེགས་ཨ་ཏི་ནག་པོའི་རྫས་འདི་ལ་མྱུར་ཅིག༔ དེའི་ཕྱི་རིམ་ལ་ཨ་ལི་ཀཱ་ལི་བྲིའོ། །དེ་གཉིས་ཁ་སྦྱར་བའི་བར་དུ༔ རྩ་རྩི་དུག༔ སེ་བའི་མེ་ཏོག་གསུམ༔ གསེར་གྱི་བྱེ་མ༔ རྩ་རྩི་དུག་ལོ་རྣམས་བཞག་ལ་བོན་བསྐོར་བྱའོ༔ དམིགས་པ་གང་ཡང་མི་དགོས༔ འཁོར་ལོ་བསྐོར་བ་ཁོ་ནས་ཆོག༔ ཅེས་པ་འདི་ནི་རིག་འཛིན་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་བཅོ་ལྔའི་ནུབ་མོ་ལ་གནང་བའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །།

གནས་མཆོག་སྐྱིད་འབྱམས་བྲག་ངོས་ནས༔ ཟླ་བདུན་བརྐོས་པའི་ཤོག་སེར་གྱི༔ གསང་སྒྲུབ་ཚེ་སྒྲུབ་ཨེ་མ་ཧོ༔ (Volume 20, Text 28)

<!TCC Tibetan character 1,208 undefined in unicode!>ྈ གནས་མཆོག་སྐྱིད་འབྱམས་བྲག་ངོས་ནས༔ ཟླ་བདུན་བརྐོས་པའི་ཤོག་སེར་གྱི༔ གསང་སྒྲུབ་ཚེ་སྒྲུབ་ཨེ་མ་ཧོ༔ མི་འགྱུར་རྡོ་རྗེ་བདག་གིས་བཏོན༔ སུས་ཀྱང་བཅོས་སླད་མ་བསྲེ་ཞིག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ནམ་མཁའི་སྙིང་པོའི་ཚེ་སྒྲུབ་བཞུགས༔ ྈྈྈྈྈྈྈྈ ཡེ་གདོད་ཉིད་ནས་རྣམ་དག་ཆོས་ཀྱི་སྐུ༔ ཡེ་ཤེས་ལྔ་ཡི་རང་གཟུགས་ལྷན་ཅིག་སྐྱེས༔ རྒྱལ་བ་ཀུན་འདུས་བླ་མ་ཧེ་རུ་ཀ༔ པདྨ་སཾ་བྷ་གང་དེ་རྒྱལ་གྱུར་ཅིག༔ ཆོས་རྣམས་ཀུན་གྱི་དོན་བསྡུས༔ སློབ་དཔོན་པདྨའི་ཐུགས་བཅུད༔ མ་མོ་མཁའ་འགྲོའི་སྙིང་ཁྲག༔ ནམ་མཁའི་སྙིང་པོའི་ཆོས་སྐལ༔ ཚེ་སྒྲུབ་འཆི་མེད་བཙན་རྫོང༔ གསང་སྒྲུབ་རྡོ་རྗེ་ཕ་ལམ༔ ཟབ་དོན་འདི་ཡི་བྱེད་ལས༔ དབེན་པའི་གནས་སུ་མཎྜལ༔ ཟླ་གམ་སྟེང་དུ་དཀྱིལ་འཁོར༔ པདྨ་དམར་པོ་འདབ་བརྒྱད༔ ལྟེ་བ་ལྕགས་ཀྱུ་དམར་པོའི༔ ལྟེ་བར་ཧྲཱིཿཡིག་དམར་པོ༔ འདབ་བརྒྱད་ཧྲཱིཿབརྒྱད་དེ་སྟེང༔ དཔལ་གཏོར་ནོར་བུ་འབར་བ༔ མཐའ་མར་མཆོད་པ་སྣ་ཚོགས༔ སྨན་རཀ་ཚོགས་གཏོར་བཀོད་ནས༔ ལེ་ལོ་བག་ཉལ་སྤངས་ཏེ༔ རིག་པ་ངར་དང་ལྡན་པས༔ ས་ལེ་སང་ངེ་ལམ་མེར༔ ཧྲིག་གེ་རྗེན་ནེ་འདི་ལྟར༔ མོས་བློ་ལྡན་པས་བསྒོམ་མོ༔ རྔ་དུང་རོལ་ཆས་ལྡིར་ཏེ༔ སྤོས་བདུག་ཡུངས་དཀར་བྲབ་བོ༔ དང་པོ་སྲུང་འཁོར་སྒོམ་པ༔ ྈྈ ཧྲཱི༔ སྣང་སྲིད་ལྷ་ཡི་ཕོ་བྲང་འབར༔ མཚོན་ཆ་མེ་དཔུང་ཁྲོ་ཚོགས་འཁྲུགས༔ བགེགས་ཚོགས་ཤ་ཁྲག་དམར་ཉིལ་གཏུབས༔ མིང་ཡང་གྲགས་པ་མེད་ཏ་རེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་པ་སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་བྱང་ཆུབ་སྒྲུབ་བོ༔ ཧྲཱི༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་དང་དུས་གསུམ་སེམས་ཅན་རྣམས༔ བདེ་ལྡན་སངས་རྒྱས་མྱུར་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་འབེབ་ཏིང་འཛིན་བསྒོམ་མོ༔ ཧྲཱི༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ལ༔ འཛིན་མེད་རང་གྲོལ་བྱིན་ཕོབ་ཅིག༔ འཁོར་འདས་བདེན་མེད་སྒྱུ་མའི་གཟུགས༔ ཀློང་ཡངས་དབྱིངས་སུ་རང་གྲོལ་ནས༔ དབྱིངས་རིག་ཡེ་དག་སྤྲོས་བྲལ་ཀློང༔ བརྗོད་མེད་རང་རིག་ཏིང་འཛིན་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསལ་སྟོང་ལྷ་སྐུ་བསྒོམ་མོ༔ ཧྲཱི༔ ཧེ་རུ་ཀ་ཡི་ཆོ་འཕྲུལ་ལས༔ ཀློང་ཡངས་ཆེན་པོའི་ཕོ་བྲང་བདལ༔ མཉམ་ཉིད་ཆེན་པོའི་རང་བཞིན་ལས༔ རང་རིག་ཧྲཱིཿདམར་གསལ་འོད་ཞུ༔ ཡོངས་གྱུར་རྟ་མཆོག་ཧེ་རུ་ཀ༔ དམར་གསལ་ཞལ་གཉིས་ཕྱག་གཉིས་པ༔ རྩ་ཞལ་དམར་པོ་ཁྲོས་རྔམ་བརྗིད༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ སྨིན་མ་ཨག་ཚོམ་དབུ་སྐྲ་འབར༔ ཐོད་སྐམ་ལྔ་དར་དཔྱང་དབུ་བརྒྱན༔ སྤྱི་བོར་རྟ་མགོ་ལྗང་ནག་ཞུར༔ རྟ་སྐད་ཙེར་ཙེར་དྲེགས་ཟིལ་གནོན༔ ཕྱག་གཡས་པདྨའི་དབྱུག་ཐོ་འབར༔ གཡོན་པས་སྡིགས་མཛུབ་ཐོག་སེར་འབེབ༔ སྐུ་ལ་རུས་རྒྱན་མགོ་ཕྲེང་སྦྲུལ༔ སྟག་ཤམ་རིན་ཆེན་ཕྲེང་བས་བཀླུབས༔ ཞབས་གཉིས་འདོར་ཐབས་སྡེ་བརྒྱད་བརྫིས༔ སྐུ་ལ་ཡེ་ཤེས་མེ་རི་འབར༔ རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར༔ གསལ་སྟོང་མེ་འོད་ལྟ་བུར་བསྒོམ༔ ཐུགས་ཀར་དཀྱིལ་འཁོར་གྲུ་བཞི་པ༔ སྒོ་བཞི་རྟ་བབས་བཞི་ལྡན་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿདམར་ལས་བྱུང་ཚེ་དཔག་མེད༔ ཞི་དམར་ཞལ་གཅིག་ཕྱག་མཉམ་གཞག༔ ཚེ་བུམ་སྐུ་ལ་རིན་ཆེན་བརྒྱན༔ དར་ལྔའི་སྟོད་སྨད་གཡོགས་ཞབས་གཉིས༔ རྡོར་སྐྱིལ་ལྷམ་མེར་བཞུགས་པར་གསལ༔ རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར༔ དེ་ལྟར་ཤེས་རབ་དཀྱིལ་འཁོར་བསྒོམ༔ ཀླད་པ་དུང་ཁང་དབུས་སུ་ནི༔ དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ༔ རྟ་བབས་བཞི་ལྡན་དེ་ཡི་དབུས༔ པདྨ་དཀར་པོ་འདབ་བརྒྱད་སྟེང༔ ཧྲཱིཿདཀར་ལས་བྱུང་ཚེ་དཔག་མེད༔ དཀར་གསལ་ཞི་ཞལ་ཕྱག་ཚེ་བུམ༔ མཉམ་གཞག་ཞབས་གཉིས་རྡོར་སྐྱིལ་སྟངས༔ རྒྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ རང་འདྲའི་སྤྲུལ་པ་སུམ་ཅུས་བསྐོར༔ དེ་ལྟར་ཐབས་ཀྱི་དཀྱིལ་འཁོར་བསྒོམ༔ མགྲིན་པར་ཆོས་འབྱུང་བསྣོལ་མ་དམར༔ དེ་དབུས་པད་འདབ་བཅུ་དྲུག་སྟེང༔ ཧྲཱིཿལས་རྡོ་རྗེ་ཕག་མོ་དམར༔ ཞལ་གཉིས་ཕྱག་གཉིས་རྩ་ཞལ་ཁྲོས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ གྲི་ཐོད་ཁ་ཊྭཱཾ་ཕྱག་ན་བསྣམས༔ དྲག་པོའི་རྒྱན་གསོལ་ཞབས་གར་ཐབས༔ རང་འདྲའི་སྤྲུལ་པ་བཅུ་དྲུག་བསྐོར༔ དེ་ལྟར་ཟུང་འཇུག་དཀྱིལ་འཁོར་བསྒོམ༔ ལྟེ་བ་ཆོས་འབྱུང་གྲུ་གསུམ་དབུས༔ པདྨ་ཉི་རོའི་སྟེང་དུ་ཧཱུྃ༔ ལས་བྱུང་མ་ཧཱ་ཀཱ་ལ་ནག༔ དྲག་པོའི་ཞལ་ཁྲོས་ཕྱག་གཉིས་ཀྱིས༔ གྲི་ཐོད་སྐུ་ལ་བེར་ནག་གསོལ༔ ཞབས་གཉིས་འདོར་ཐབས་ལོག་འདྲེན་མནན༔ རང་འདྲའི་སྤྲུལ་པ་དྲུག་ཅུས་བསྐོར༔ དེ་ལྟར་བགེགས་འཇོམས་དཀྱིལ་འཁོར་བསྒོམ༔ དེ་ལྟར་གསལ་བའི་ཐུགས་ཀ་ནས༔ འོད་འཕྲོས་ནུབ་ཕྱོགས་བདེ་ཆེན་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ རང་ལ་སིབ་སིབ་ཐིམ་པར་བསྒོམ༔ དབང་བསྐུར་བྱིན་གྱིས་བརླབ་པར་གྱུར༔ ཛཿཧཱུྃ་བཾ་ཧོཿཨངྐུ་ཤ༔ སྤྱན་འདྲེན་གདན་འབུལ་མཆོད་བསྟོད་ནི༔ ཧྲཱི༔ བདེ་བ་ཅན་དང་ཨོ་རྒྱན་ཡུལ༔ དག་པའི་ཞིང་ཁམས་ཐམས་ཅད་ནས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དང༔ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ བདུད་འདུལ་མ་ཧཱ་ཀཱ་ལ་སོགས༔ ཡེ་ཤེས་པ་དང་དམ་ཚིག་པའི༔ ལྷ་ཚོགས་འཁོར་བཅས་གནས་འདིར་བྱོན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ངར་དང་ལྡན་པའི་སྒྲས་འབོད་དོ༔ ཧྲཱི༔ འདིར་བྱོན་ཚེ་ཡི་ལྷ་ཚོགས་རྣམས༔ རྩ་འཁོར་བཞི་ཡི་གདན་ལ་བཞུགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་གདན་འབུལ༔ ཧྲཱི༔ ཚེ་ལྷ་འཁོར་བཅས་ཁྱེད་རྣམས་ལ༔ ཕུང་ཁམས་སྐྱེ་མཆེད་མཆོད་པ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ནང་གི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ དུག་གསུམ་དུག་ལྔའི་མཆོད་པ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསང་བའི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཤ་ལྔ་བདུད་རྩི་ལྔ་མཆོད་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྫས་ཀྱི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་འདོད་ཡོན་གྱི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཚོགས་གཏོར་སྨན་རཀ་གཏོར་མ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཚོགས་གཏོར་འབུལ༔ ཧྲཱི༔ ཚེ་ལྷ་རིག་འཛིན་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ཐུགས་དམ་བསྐང༔ ཧྲཱི༔ རྡོ་རྗེ་ཚེ་ལྷ་འཁོར་བཅས་ལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་ཉམས་གྱུར་བཤགས༔ ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས༔ སངས་རྒྱས་ཀུན་འདུས་ཁྱོད་ལ་བསྟོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བསྟོད༔ དེ་ནས་ཛཔ྄་དབྱངས་གནད་འབེབ་བྱ༔ ཧྲཱི༔ རྒྱལ་བ་ཀུན་གྱི་ཐུགས་གསང་བ༔ སྙིང་པོ་འབྱུང་བ་བཞི་ཡི་བཅུད༔ བདག་གི་ལུས་ལ་སིབ་སིབ་ཐིམ༔ འཆི་མེད་དངོས་གྲུབ་ཐོབ་པར་བསམ༔ ལྷ་རྣམས་ཐུགས་ཀར་སྔགས་ཕྲེང་གསལ༔ དྲག་ཏུ་འཁོར་བས་ཚེ་དབང་བསྡུས༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧ་ཡ་གྲཱི་ཝ་བཻ་རོ་ཙ་ནཱི་ཨཱ་ཡུཿསིདྡྷི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས་སྣང་སྲིད་འབྱུང་བཞི་གཟུགས་ཅན་གཟུགས་མེད་ཀྱི་ཚེ་བསོད་ནམས་རང་ལ་བསྟིམ་མོ༔ དེ་ནས་གནད་ལ་འབེབ་པ་ནི༔ གཏོར་མ་ལག་ཏུ་ཐོགས་ཏེ༔ རང་གི་སྤྱི་བོར་བཞག་ནས་འདི་སྐད་དོ༔ ཧྲཱི༔ རང་གི་རང་རིག་གསལ་བ་ནི༔ ཡེ་ནས་མ་བཅོས་དམ་ཚིག་སེམས༔ དེ་ལས་འཁྲུལ་ཆ་དག་པ་ནི༔ གདོད་མའི་མགོན་པོ་ཡེ་སངས་རྒྱས༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དམ་ཡེ་སྣང་རིག་དཀྱིལ་འཁོར་འདིར༔ ཚེ་ལྷའི་དཀྱིལ་འཁོར་གཤེགས་ནས་ཀྱང༔ དབང་སྐུར་བདག་རྒྱུད་བྱིན་གྱིས་རློབས༔ དུག་གསུམ་བདེ་སྟོང་གསལ་བ་ཡི༔ དངོས་སྣང་ཡེ་དག་དབང་ཐོབ་ཤོག༔ དུག་ལྔ་རང་མཐོང་རང་གྲོལ་བའི༔ འཛིན་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ ཐམས་ཅད་ཡེ་དག་སྤྲོས་བྲལ་ངང༔ ཀློང་ཡངས་བྱ་བྲལ་དབང་ཐོབ་ཤོག༔ སྐུ་གསུམ་ཡེ་ནས་རྫོགས་པ་ཡི༔ བདེ་གསལ་མི་རྟོག་དབང་ཐོབ་ཤོག༔ དུག་ལྔ་ཡེ་ནས་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཁམས་ལྔ་ཡེ་ནས་དག་པ་ཡི༔ ཆགས་བྲལ་ལུས་མེད་ཡེ་ཤེས་གཟུགས༔ ལུས་མེད་གདོས་པོར་དབང་ཐོབ་ཤོག༔ ཀུན་རྫོབ་ཆོས་ཀུན་ཡེ་དག་པའི༔ དངོས་སྣང་བདེན་མེད་དབང་ཐོབ་ཤོག༔ དོན་དམ་བདེན་མེད་རང་གྲོལ་བའི༔ འཛིན་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ ཐམས་ཅད་ཡེ་དག་ཀུན་བཟང་ཀློང༔ སྨྲ་བསམ་བརྗོད་མེད་དབང་ཐོབ་ཤོག༔ ཚེ་ཡང་དེ་ཡི་དཀྱིལ་དུ་འཛུག༔ ཚེ་དཔལ་བསོད་ནམས་བརྟན་པར་ཤོག༔ ཚེ་ལྷའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ སྐྱེ་བ་འདི་ནས་ཚེ་རབས་ཀུན༔ ཚེ་དཔག་མེད་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧ་ཡ་གྲཱི་ཝ་བཻ་རོ་ཙ་ནཱི་ཨཱ་ཡུཿསིདྡྷི་ཛཿཧཱུྃ་བཾ་ཧོ༔ ཞེས་གཏོར་མ་སྐུ་འབག་ཡི་གེས་སྤྱི་བོར་དབང་བསྐུར་ལ༔ རང་གི་ལུས་ངག་ཡིད་གསུམ་ཡེ་གདོད་མ་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཐག་བཅད་ལ་སྤྱོད་ལམ་ཐམས་ཅད་དུ་ཚེ་ལྷའི་ཏིང་ངེ་འཛིན་དང་མ་བྲལ་བར་བྱའོ༔ འདི་ཡི་ལོ་རྒྱུས་ནི༔ དཔལ་བསམ་ཡས་སུ་པདྨ་སཾ་བྷ་ཝ་དེ་ཉིད་ཀྱི་ཐུགས་སྲས་གནུབས་ནམ་མཁའི་སྙིང་པོ་བདག་གིས༔ སློབ་དཔོན་ལ་གཡུ་ཡི་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པས་བཀའ་དྲིན་དུ་གནང་བ་འདི༔ བདག་གིས་རང་དབང་ཆུབ་པར་བྱས་ཏེ༔ དབང་འབྱོར་པས༔ ནུས་རྟགས་ནི་ཕྱིས་རྒྱལ་པོ་གླང་དར་མས་འཇིགས་པའི་དགྲ་སྡང་བར་བྱས་ཏེ༔ གཏོར་རྫས་ཡང་མ་རྙེད་པས༔ དྲི་ཆུ་གཏོར་རྫས་སུ་བཤམ་པས་ཚེ་ལྷའི་དཀྱིལ་འཁོར་བདག་གི་མདུན་དུ་ལྷགས་ཏེ༔ འོད་ཟེར་དྲི་ཆུ་ལ་ཕོག་པ་ཁྲོ་ཆུ་ཁོལ་མ་དང་ཐོག་སེར་དུ་གྱུར་ཏེ་རྒྱལ་པོ་ཡང་འཇིགས་པར་བྱས༔ སྡིག་བློན་རྣམས་བརྒྱལ་ཏེ་དགེ་སློང་བདག་ལ་འཚེ་བར་མ་ནུས༔ ཧཱུྃ་སྒྲ་བསྒྲགས་པས་གཞན་སེམས་ཕམ་པར་གྱུར་ཏོ༔ ནམ་མཁའི་སྙིང་པོ་བདག་གིས་ཨོ་རྒྱན་ལ་ཞུས་པས༔ ང་ཡིས་བཤད་མི་ནུས་པས་ཁོང་གི་སྐུ་ཚབ་ལ་དྲིས༔ དེ་རིང་ང་ར་ས་འཕྲུལ་སྣང་དུ་རབ་གནས་ལ་འགྲོ་དགོས་གསུངས་པས༔ དེར་དྲིས་པས་སྐུ་ཚབ་ཀྱིས་ཇི་ལྟར་གསུངས་པའི་ཚིག་བཅོས་སླད་མེད་པར་གཏན་ལ་ཕབ་པ༔ མ་འོངས་སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ བཀའ་གཉན་རྒྱ༔ དམ་ཚིག་གསང་རྒྱ༔ གཞན་ལ་སྤེལ་རྒྱ༔ ས་མ་ཡ༔ ྈ ྈ ྈྈ ྈ མི་འགྱུར་རྡོ་རྗེ་ནུས་ལྡན་དྲག་པོ་རྩལ་གྱི་གཏེར་མ་སླད་མེད་པ༔ མངྒ་ལཾ༔ མཐའ་རྒྱས་པར་འཕེལ་འོང༔ སུས་ཀྱང་བཅོས་སླད་མ་སྲེ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནཉྩ་གུཧྱ༔

གཏུམ་པོ་དྲེགས་པ་ཀུན་འདུལ་ལས། ཕྱི་སྒྲུབ་དང་འབྲེལ་བའི་གཏོར་མའི་དབང་བསྐུར་བགེགས་འདུལ་གནམ་ལྕགས་མྱུ་གུ་ (Volume 33, Text 28)

༄༅། །གཏུམ་པོ་དྲེགས་པ་ཀུན་འདུལ་ལས། ཕྱི་སྒྲུབ་དང་འབྲེལ་བའི་གཏོར་མའི་དབང་བསྐུར་བགེགས་འདུལ་གནམ་ལྕགས་མྱུ་གུ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཙཎྜཱ་ཡ། རྒྱལ་ཀུན་ཉོན་མོངས་བདུད་འཇོམས་མཐུ་སྟོབས་ཀྱི། །ནུས་བཅུད་རྡོ་རྗེའི་གཟུགས་ཉིད་སོར་མོའི་རྩེར། །གསོར་བས་འཁོར་འདས་འཇིགས་བྱེད་གཏུམ་པོའི་ཞབས། །སྤྱི་བོར་བཀོད་པས་བདུད་ལས་རྣམ་རྒྱལ་མཛོད། །གསང་བདག་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་བྱིན་རླབས་སྙིང་པོ་གཏོར་མའི་དབང་བསྐུར་ཙམ་བསྒྲུབ་པར་འདོད་པས། སྔོན་འགྲོ་སྟེགས་བཟང་པོར་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད། དེ་སྟེང་རྐང་གསུམ་ཁར་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། གཡས་སུ་ཐོད་པར་ཆང་ལ་ཨ་མྲྀཏ་སྦྱར་བ་དང་གཡོན་དུ་གནམ་ལྕགས་རྡོ་རྗེ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ། སྔོན་འགྲོ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སྔོན་འགྲོའི་རིམ་པ་རྒྱས་པར་འདི་ཉིད་ཀྱི་ལས་བྱང་ལྟར་ལ། བསྡུ་ན་སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་ཙམ་མདོར་བསྡུས་བྱས་ཏེ། དེ་ནས་ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་ལྟར་བདག་མདུན་དབྱེར་མེད་དུ་བསྐྱེད་ཆོག་ཀྱང་། བློ་རྟོགས་དམན་ན་ཚིག་གཅིག་གིས་བདག་དང་གཏོར་མ་སོ་སོར་གཅིག་ཅར་དུ་གསལ་བཏབ། སྤྱན་འདྲེན་ནས་མཆོད་བསྟོད་བར་དེ་ནང་ལྟར་བྱེད། བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ། གཙོ་བོ་སྤྱི་དྲིལ་གྱི་སྔགས་ཅི་ནུས་བཟླས་མཐར་མཆོད་བསྟོད་མདོར་བསྡུས་བྱས་ལ་ཏིང་ངེ་འཛིན་གྱིས་དབང་བླང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱའོ། །དངོས་གཞིའི་ཐོག་མར་སློབ་མ་ཚོགས་ལ། རང་གཞུང་ངམ་སྤྱི་འགྲེ་མདོར་བསྡུས་ཀྱིས་དཀར་གཏོར་དང་བགེགས་གཏོར་བཏང་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོ་ཆེན་པོའི་སྐུ༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བར༔ བར་ཆད་རྩོམ་པའི་ལོག་འདྲེན་འདིར་མ་འདུག༔ གལ་ཏེ་མི་འགྲོ་འདུག་ན་ཁྲོ་ཚོགས་ཀྱིས༔ ལུས་ངག་རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་རང་རང་གནས་སུ་དེངས༔ ཁྲོ་རྒྱལ་འབར་བ་ཆེན་པོའི་མཚམས་ལས་ནི༔ བགེགས་དང་བར་ཆད་སུ་ཡང་འདའ་མ་བྱེད༔ སྤྱི་དྲིལ་སྔགས་ཤམ་དུ། སརྦ་བིགྷྣཱཾ་ཨུཙྪ་ཏ་ཡ་ཕཊ་ཕཊ༔ ཅེས་གཏོར་མ་ཕྱིར་དོར། ཐུན་གྱིས་བྲབ་གུ་གུལ་བདུག་རོལ་མོ་དྲག་ཏུ་འཁྲོལ་ཞིང་སྲུང་འཁོར་ནི། ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་ཐུགས་ཀ་ནས༔ མེ་དཔུང་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་འཕྲོས༔ སྟེང་འོག་ཕྱོགས་མཚམས་གོ་སྐབས་མེད་པར་གཏམས༔ གཞོམ་མེད་རྡོ་རྗེའི་གུར་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ལས་ཀྱི་རྡོ་རྗེས་སློབ་བུ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། མེ་ཏོག་བཀྲམ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས། སྟོབས་བཅུའི་མཐུ་ནུས་གཅིག་ཏུ་བསྡུས་པ་རྡོ་རྗེ་མི་ཕྱེད་པའི་གསང་བ་མཐའ་དག་གི་མཛོད་འཛིན་པ། དཔལ་ལག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཞི་བ་རྡོ་རྗེ་འཛིན་པ། ཁྲོ་བོ་གཏུམ་པོ་ཁྱུང་ཐོགས། གཙོ་རྐྱང་དང་དཀྱིལ་འཁོར་གྱི་འཁོར་ལོ། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་འཁོར་ལོའི་མགོན་པོའི་ཚུལ་དུ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་གསར་རྙིང་གི་བཀའ་སྲོལ་ཀུན་ནས་ཇི་སྙེད་ཅིག་འབྱུང་བ་ལས། ཁྱད་པར་དུ་གྱུར་པ་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་རྒྱུད་མན་ངག་རྣམས་རྒྱལ་བ་གཉིས་པ་བདུད་འདུལ་པདྨ་ཐོད་ཕྲེང་གིས་གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མ་ལ་གདམས། དེ་ཉིད་ཀྱིས་ཕྱི་རབས་སྙིགས་མའི་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ནས་མདོ་ཁམས་ཀེ་རོང་རྡོ་རྗེ་ཅོང་ཕུག་ཏུ་གསང་བ་ཟབ་མོའི་རྒྱས་བཏབ་པ་སྨོན་ལམ་གྱི་དུས་སུ་སོན་པ་ན། ཐུགས་ཀྱི་རིག་འཛིན་ཧཱུྃ་ཆེན་ཀཱ་རའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་རོལ་པའི་རྡོ་རྗེས་ངོ་མཚར་བའི་རྟགས་དང་བཅས་ཏེ་སྤྱན་དྲངས་པ་འདི་ལ་སྨིན་གྲོལ་གྱི་རིམ་པ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། འདིར་འཇིག་རྟེན་མཆོད་བསྟོད་ཀྱི་གཙོ་བོ་ཉིད་ཧེ་རུ་ཀའི་འཁོར་ལོར་བཞེངས་པ་ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན་དང་རྗེས་སུ་འབྲེལ་བའི་གཏོར་དབང་བྱིན་རླབས་ཆར་འབེབ་ཉིད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་གསང་བའི་བདག་པོ་ཐ་མི་དད་པ་ལ་མི་ཕྱེད་པའི་དད་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་སྐུ༔ ཐུགས་རྗེས་བརྩེར་དགོངས་བདག་ཅག་སྨིན་གྲོལ་ཕྱིར༔ ཁྲོ་རྒྱལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ༔ ཉོན་ཅིག་སྐལ་ལྡན་སྐྱེས་བུ་རྣམས༔ གསང་སྔགས་གཉན་པོར་འཇུག་པ་ལ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ནུས་ན་དབང་མཆོག་བསྐུར་གྱིས་སྨྲོས༔ ཞེས་དྲིས་པ་ལ་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཧོ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ཀྱིས༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ དེ་བས་དངོས་གྲུབ་མཆོག་སྩོལ་མཛོད༔ ཡང་སློབ་དཔོན་གྱིས། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ དངོས་གྲུབ་མཆོག་ཉིད་ཐོབ་འདོད་ན༔ མཆོག་གསུམ་ལ་ནི་སྐྱབས་འགྲོ་ཞིང༔ སྡིག་སོགས་ཉེས་ཀུན་བཤགས་པ་དང༔ གསང་སྔགས་ཕྱི་ནང་གསང་བ་དང༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཚུལ་བཞིན་བསྲུང་ཞིང་བྱང་ཆུབ་མཆོག༔ བླ་ན་མེད་པར་སེམས་སྐྱེད་ཅིག༔ བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་པ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒོ་གསུམ་སྤྱོད་ལམ་མཐུན་པ་དང་། བྱང་ཆུབ་བར་དུ་སྐྱབས་སུ་མཆི་བ་དང་། ཉེས་ལྟུང་སྒྲིབ་པའི་ཚོགས་བཤགས་ཤིང་རྡོ་རྗེ་ཐེག་པའི་དམ་ཚིག་བླངས་ནས་ཚུལ་བཞིན་དུ་བསྲུང་ཞིང་། སེམས་ཅན་ཀུན་གྱི་དོན་དུ་གཏུམ་པོ་ཁྲོ་རྒྱལ་ཆེན་པོའི་གོ་འཕང་བསྒྲུབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མཆོག་གསུམ་རྩ་གསུམ་ཞི་ཁྲོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྔོན་ཆད་ཉེས་པ་ཅི་བགྱིས་བཤགས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་ཚུལ་བཞིན་བསྲུང་བར་འཚལ༔ ཁྲོ་རྒྱལ་ཆེན་པོའི་རྣལ་འབྱོར་གྱིས༔ འགྲོ་ཀུན་སྲིད་པའི་མཚོ་བསྒྲལ་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་སློབ་དཔོན་གྱིས་སློབ་མའི་མགོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བླུད་ནས། ཧཱུྃ༔ ང་ནི་རྡོ་རྗེ་འཛིན་པའི་སྐུ༔ ཁྱོད་རྣམས་ང་ཡིས་བསྒོས་བཞིན་གྱིས༔ བླ་མེད་གསང་བའི་བྱིན་རླབས་འདི༔ དམ་མེད་མདུན་དུ་མ་སྨྲ་ལ༔ རྡོ་རྗེ་ཐེག་པའི་དམ་ཚིག་རྣམས༔ བསྲུངས་ན་དངོས་གྲུབ་གཞི་ཡིན་ཅིང༔ མ་བསྲུང་ཉེས་པས་དམྱལ་བར་ལྟུང༔ རྡོ་རྗེ་འདིས་ནི་མགོ་བོ་འགེམས༔ ཆུ་འདིས་བརྒྱལ་བར་གདོན་མི་ཟ༔ དེ་བས་ཇི་ལྟར་བསྒོས་བཞིན་དུ༔ གཅེས་པའི་སྲོག་ལ་ཐུག་ན་ཡང༔ འདའ་བར་མ་བྱེད་ས་མ་ཡ༔ ཨོཾ་བཛྲ་ས་མ་ཡ་ཨི་དཾ་གྲིཧྞ་བཛྲ་ཨུ་ད་ཀ་ཐ་ན་ར་ཀན་སི་ཧཱུྃ༔ དེས་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་སོང་ནས། དབང་གི་གཞི་འགོད་ཅིང་ཡེ་ཤེས་དབབ་པ་དངོས་ལ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་གསལ་ཐོབ་ཅིག །ལས་ཆུ་འཐོར། བསང་སྦྱང། སྟོང་པའི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་འབར་བའི་གདན་ལ། རང་གི་ཤེས་རིག་གི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པ༔ སོགས་ནས། བཅུད་ཐམས་ཅད་སྡུད་པར་བྱེད་པའོ༔ ཞེས་པའི་བར་མངོན་རྟོགས་ལྟར་བརྗོད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་གཏུམ་པོ་དྲེགས་འདུལ་གྱི་སྐུའི་རྣམ་པར་བཞེངས་ཏེ་དཔག་ཏུ་མེད་པར་སྤྱན་དྲངས་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྤོས་བསྲེག །རོལ་མོ་འཁྲོལ། སྤྱི་དྲིལ་སྔགས་མཇུག་ཏུ། བཛྲ་པྲ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །སྤྱི་བོར་རྡོ་རྗེ་བཞག་ལ། ཛྙཱ་ན་སཏྭ་ཏིཥྛ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་དག་གིས་དབང་གི་གཞི་འགོད་པ་སོང་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་བསྐུར་བའི་དང་པོ་སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་ཆོས་དབྱིངས་རང་བྱུང་དྲག་པོའི་གཞལ་ཡས་ཁང་དུ། དྲེགས་འདུལ་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་ཡི་དམ་ལྷའི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་མཛོད། གཏོར་མ་སྐུ་གཟུགས་བཅས་ཐོགས་ལ། ཧཱུྃ༔ གཏོར་མ་ཆོས་དབྱིངས་ལྷུན་གྲུབ་གཞལ་ཡས་སུ༔ དཔལ་ཆེན་ཁྲོ་བོ་ཡབ་ཡུམ་ལྷ་ཚོགས་བཞུགས༔ སྐུ་ལས་སྐུ་འཕྲོས་སློབ་མའི་ལུས་ལ་ཐིམ༔ ལུས་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་ལ་དབང༔ སྣང་སྟོང་རྒྱལ་བའི་སྐུ་མཆོག་མངོན་དུ་གྱུར༔ འགྱུར་མེད་ཡེ་ཤེས་ལྔ་ཡི་ཡོན་ཏན་རྫོགས༔ ཁྲོ་རྒྱལ་ཆེན་པོའི་སྐུ་དང་གཉིས་སུ་མེད༔ མཚན་དཔེའི་གཟི་བྱིན་འབར་བའི་དབང་ཐོབ་ཤོག༔ ཅེས་དང་རྩ་སྔགས་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་སྤྱི་བོར་བཞག །དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ནས་གཟི་བརྗིད་འབར། ལམ་བསྐྱེད་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྣང་སྟོང་རྒྱལ་བའི་སྐུ་མངོན་དུ་གྱུར་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ལ་ཐོག་མར་བཟླས་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་ཕྱི་སྒྲུབ་གཙོ་འཁོར་གྱི་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་གསུང་དབང་དངོས་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་མ་ཁྲོ་རྒྱལ་འབར་བ་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ། གསུང་ལས་གསང་སྔགས་ཀྱི་ཡིག་འབྲུའི་ཚོགས་འཕྲོས། ཁྱེད་རང་གི་ངག་ལ་ཐིམ་པས་ཡི་དམ་ལྷའི་གསུང་དང་གཉིས་མེད་དུ་གྱུར་པར་མོས་ཤིག །གཏོར་མ་དང་ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ གཏོར་མ་ཁྲོ་རྒྱལ་ཡབ་ཡུམ་གསལ་བ་ཡི༔ སྦྱོར་མཚམས་བྱང་སེམས་སློབ་མའི་སྤྱི་བོར་བབས༔ གསུང་གི་ངོ་བོ་ཡིག་འབྲུ་རབ་འཕྲོས་པས༔ སློབ་མའི་ལྕེར་ཐིམ་སྒྲིབ་དག་སྔགས་བཟླས་དབང༔ གྲགས་སྟོང་རྒྱལ་བའི་གསུང་མཆོག་མངོན་དུ་གྱུར༔ འགག་མེད་ཚངས་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཁྲོ་རྒྱལ་ཆེན་པོའི་གསུང་དང་གཉིས་སུ་མེད༔ ཆོས་སྒོ་མཐའ་ཡས་གཞན་ལ་སྟོན་ནུས་ཤོག །རྩ་སྔགས་མཇུག་ཏུ། བཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་མགྲིན་པའི་ཐད་དུ་བཞག །བདུད་རྩི་བླུད་དོ། །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག་ནས་ནུས་པ་བསྐྱེད། ལམ་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་བརྗོད་ལ་དབང་། གྲགས་སྟོང་ཚངས་པའི་གསུང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་ལ་འདུན་པ་འདི་བཞིན་དུ་མཛོད། གཏོར་མ་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་འོད་དང་ཐིག་ལེའི་ཚོགས་འཕྲོས། ཁྱེད་རང་གི་ཡིད་ལ་ཐིམ་པས་ཡི་དམ་ལྷའི་ཐུགས་དགོངས་དང་གཉིས་སུ་མེད་པར་གྱུར་པར་མོས་ལ། ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས་ཆོས་ཐམས་ཅད་བདག་མེད་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་ཞོག་ཅིག །སློབ་དཔོན་ཡང་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་ལས་མ་གཡོས་པར། གཏོར་མ་དང་རྡོ་རྗེ་ཐོགས་ལ། ཧཱུྃ༔ གཏོར་མ་སྐྱེ་མེད་ཆོས་དབྱིངས་ཕོ་བྲང་དུ༔ དཔལ་ཆེན་ཡབ་ཡུམ་འགག་མེད་སྐུ་རུ་སྣང༔ གཉིས་མེད་རོལ་པའི་འོད་ཟེར་སློབ་མ་ཡི༔ སྙིང་ལ་རབ་ཐིམ་སྒྲིབ་དག་དོན་བསྒོམ་དབང༔ བདེ་སྟོང་རྒྱལ་བའི་ཐུགས་མཆོག་མངོན་དུ་གྱུར༔ འཁྲུལ་མེད་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ༔ ཁྲོ་རྒྱལ་ཆེན་པོའི་ཐུགས་དང་གཉིས་སུ་མེད༔ མཁྱེན་བརྩེ་ནུས་ལྡན་ཆོས་ཉིད་ཟད་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད་ལ་སྙིང་གར་གཏོར་མ་དང་རྡོ་རྗེ་བཞག་གོ །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ནས་ཏིང་འཛིན་སྐྱེད། ལམ་རྣམ་པར་མི་རྟོག་པ་བསྒོམ་པ་ལ་དབང་། བདེ་སྟོང་ཡེ་ཤེས་ཀྱི་ཐུགས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་དབང་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་མ་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ཀྱི་ལྟེ་བ་ནས་སྤང་རྟོགས་ཀྱི་ངོ་བོ་འོད་ཟེར་ཐིག་ལེ་སེར་པོའི་ཚོགས་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ་པས་ཡི་དམ་ལྷའི་ཡོན་ཏན་རྒྱུད་ལ་རྫོགས་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་དངོས་གྲུབ་ཀུན་འབྱུང་གཞལ་ཡས་སུ༔ དཔལ་ཆེན་ཡབ་ཡུམ་ཡོན་ཏན་ལྷུན་རྫོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་རྒྱལ་བའི་དགོངས་དོན་མཐར་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལྟེ་བའི་ཐད་དུ་བཞག་གོ །དེས་ཡོན་ཏན་གྱི་དབང་ཐོབ། ཉོན་སྒྲིབ་དག་ནས་ཡོན་ཏན་རྒྱས། ལམ་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། བྲལ་སྨིན་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་དབང་ལ་དམིགས་པ་འདི་བཞིན་དུ་འཚལ། གཏོར་མ་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ཀྱི་གསང་བ་ནས་འོད་ཟེར་ཐིག་ལེ་ལྗང་གུའི་ཚོགས་འཕྲོས། ཁྱེད་རང་གི་གསང་གནས་སུ་ཐིམ་པས་ཡི་དམ་ལྷའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་ཐབས་མཁས་སྤྲུལ་སྐུའི་ཞིང་ཁམས་སུ༔ དཔལ་ཆེན་ཡབ་ཡུམ་ཞི་ཆགས་སྒེག་ཁྲོས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་གསང་བར་བསྐུར་ཚུལ་བྱའོ། །དེས་ཕྲིན་ལས་ཀྱི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག་ནས་མཐུ་སྟོབས་རྒྱས། ལས་བཞི་སྒྲུབ་པ་ལ་དབང་། རྟག་ཁྱབ་ཕྲིན་ལས་ལ་མངའ་བརྙེས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་ལ་མེ་ཏོག་འཐོར་ཞིང་ཤིས་བརྗོད་གང་འོས་བྱ། དེས་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་གཏོར་དབང་བྱིན་རླབས་ཆར་འབེབ་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་གཟུང་ཞིང་དམ་ཚིག་གི་རིམ་པ་ལ་ཚུལ་བཞིན་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བྱ། སྤྲོ་ན་རྩ་གསུམ་སྤྱིའི་ལས་བྱང་ལྟ་བུའི་ཚོགས་སྐོང་བྱ། རྗེས་ཀྱི་རིམ་པ་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་བསྡུ་གཤེགས་སྤྱི་དང་མཐུན། མངོན་རྟོགས་གཤམ་ལྟར་བདག་བསྐྱེད་བསྡུ་ལྡང་དང་། བསྔོ་སྨོན་བཀྲ་ཤིས་བརྗོད་པས་གྲུབ་བོ། །ཟབ་ཁྱད་ཀུན་ལས་འཕགས་པ་མངོན་སུམ་དུ། །གྲུབ་ཀྱང་བཀའ་སྲོལ་ཆུ་བྲན་ཉག་ཕྲ་བ། །འདིས་ཀྱང་རིས་མེད་སྐལ་ལྡན་དཔྱིད་དུ་དྲངས། །དབྱར་མཚོ་བཞིན་དུ་གོང་ནས་གོང་འཕེལ་ཤོག །ཚུལ་འདི་སྨིན་བྱེད་རྒྱས་པ་མ་ཐོབ་པ་ལ་འདི་ཙམ་གྱིས་བསྙེན་སྒྲུབ་ལ་འཇུག་ཏུ་རུང་བས་ཉེ་བར་མཁོ་བར་མཐོང་ནས། འཆི་མེད་བསྟན་གཉིས་གླིང་པས་དཔལ་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཀྱི་སྒྲུབ་སྡེར་བགྱིས་པ་དགེ་ལེགས་འཕེལ།། །།

བཅུད་ལེན་རབ་ཏུ་སྦྱོར་བའི་རྒྱལ་པོ༔ (Volume 30, Text 28)

རྒྱ་གར་སྐད་དུ༔ རོ་དནྟི་ཀ་པྲ་ཡོ་ག་རཱ་ཛ༔ བོད་སྐད་དུ༔ བཅུད་ལེན་རབ་ཏུ་སྦྱོར་བའི་རྒྱལ་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ རྩ་བའི་སྨན་རྟག་ཏུ་ངུ་དང༔་་་ཁྱོར་གང་། ཅོང་ཞི་དང༔་་་་ཁྱོར་གང་། དབང་ལག་དང༔་་་ཉི་ཤུ་ཙམ། བུ་རམ་སྨུག་པོ་་་ལྔ།དང༔ སྦྲང་དང༔་་་་ཁྱོར་གང་ཙམ། གཡག་རྒོད་ཀྱི་རྐང་མར་དང༔་་་གང་རྙེད། མཛོ་མོ་ཡར་མའི་མར་དང༔་་་ཁྱོར་བ་དོ་ཙམ། དེ་རྣམས་སྦྱར་ན་གཞོན་ནུ་ལྷའི་ལུས་ལྟ་བུར་འགྱུར་རོ༔ མགྱོགས་པ་རི་དྭགས་འདྲ་བར་འགྱུར་རོ༔ རྩལ་སྟོབས་པོ་ཆེ་དང་འདྲ་བར་འགྱུར་རོ༔ ལོ་སྟོང་ཐུབ་བོ༔ ༡ཡང་རྟག་ཏུ་ངུའི་བཅུད་ལེན་ལ༔ རོ་དནྟི་མོན་ནས་བྱུང་བ་ཁྱོར་གང་།་་་སྨན་རྩ་བ་དང་ལོ་མར་བཅས་པ་བཏུས་ལ་གྲིབ་སྐམ་བྱས་པ་ཞིབ་པར་བཏགས་ལ༔ འབྲི་མར་་་སུམ་གཉིས།སྦྲང་རྩི་་་སུམ་ཆ།བུ་རམ༔ ཅོང་ཞི༔ དེ་ལྔ་སྦྱར་ནས་ཟླ་བ་དྲུག་ཟོས་ན་སྐྲ་དང་སེན་མོ་བརྗེས་ནས་གཞོན་པ་ལྷའི་བུ་ལྟར་འགྱུར་རོ༔ ལུས་རྡོ་རྗེ་ལྟར་འགྱུར་རོ༔ ལོ་ཉིས་སྟོང་འཚོ༔ རྟག་ཏུ་ངུ་།་་་ཏིལ་མར་དང་སྦྱར་ནས་ཟླ་དྲུག་ཟོས་ན༔ དབང་པོ་ངར་དང་ལྡན་ཞིང༔ ནུབ་གཅིག་ལ་ཡང་ལན་དྲུག་ཅུ་སྤྱོད་ནུས་སོ༔ ལུས་སྟོབས་ཆེ༔ གཟི་མདངས་ཉི་མ་དང་འདྲ༔ བྱ་རོག་ལྟར་མིག་རྣོ༔ ཕག་ལྟར་རྣ་བ་གསང༔ རྟ་བས་མགྱོགས༔ ལོ་བདུན་སྟོང་འཚོ་བར་འགྱུར་རོ༔ ༢རྟག་ཏུ་ངུ་།་་་ནཱ་ག་གེ་སར་དང༔ མུ་ཟི་དང༔ མར་དང་སྦྱར་ནས་ཟླ་བ་དྲུག་ཟོས་ན༔ ལུས་སྟོབས་ཆེ༔ ཁ་དོག་གསེར་འདྲ་བར་འགྱུར་རོ༔ ལོ་ལྔ་སྟོང་འཚོའོ༔ མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ༔ ༣རྟག་ངུ།་་་དྲི་ཆེན་དང༔ བྱང་སེམས་དང༔ སྦྲང་རྩི་དང་མར་སྦྱར་ནས་ཟླ་བ་དྲུག་ཟོས་ན་རྣམ་སྣང་དང་འདྲ་བར་འགྱུར་རོ༔ ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་གདུང་ཤ་རཱི་རམ་འབྱུང་བར་འགྱུར་རོ༔ རྣམ་སྣང་སྐམ་པོ་དང་བསྲེས་ནས་ཞིབ་པར་བཏགས་ཏེ་རྫ་ཕོར་མི་བསྐྱོད་པས་བཀང་བའི་ནང་དུ་བླུགས་ནས་སྐམས་པ་དང་རྟག་ཏུ་ངུའི་ཁུ་བ་དང་ཉུངས་དཀར་གྱི་མར་ཁུ་དང་སྦྱར་ནས་རྣ་བར་རྟག་ཏུ་བླུགས་ན༔ སྐྲ་དཀར་དང་གཉེར་མ་སྤངས་ནས་སྐྲ་མཐོན་མཐིང་འཁྱིལ་པ་འདྲ་བ་ཤིན་ཏུ་མཛེས་པར་འགྱུར་རོ༔ ལོ་དགུ་སྟོང་འཚོ་བར་འགྱུར་རོ༔ རྟག་ཏུ་ངུ་དང་གླ་རྩི་སྦྱར་བ༔ ཟླ་བ་དྲུག་ཟོས་ན༔ དཔག་ཚད་དུ་གླ་རྩིའི་དྲིས་ཁྱབ་པར་འགྱུར་རོ༔ རྟག་ཏུ་ངུའི་ཁུ་བ་དང་བ་གླང་གི་ཤ་དང་སྦྱར་ནས་མར་གྱི་ནང་དུ་འཚོད་ཀྱིན་ཟོས་ན་མི་བཅུའི་སྟོབས་དང་ལྡན་པར་འགྱུར་རོ༔ བཅུད་ལེན་གྱི་རྒྱལ་པོའོ༔ བཀྲ་ཤིས་པར་གྱུར་ཅིག༔

གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་གྲིབ་མདོས་ཤིན་ཏུ་བསྡུས་པ་ (Volume 18, Text 28)

༄༅། །གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་གྲིབ་མདོས་ཤིན་ཏུ་བསྡུས་པ་ཡོད། ། ཡ་མཱ་རི་ན་མོ། གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་གྲིབ་མདོས་བསྡུས་པ་ནི། བྲ་སྲན་འབྲུ་ནག་དང་ཚིག་ཕྱེ་ཡི་ཟན་ནག་ལ་བརྫིས་ཏེ་ལྕགས་སྣོད་ལ་སོགས་པའི་ནང་དུ་རི་རབ་གྲུ་བཞི་བང་རིམ་བཞི་པ་བྱས་པའི་བང་རིམ་དང་པོར་མི་ནག་པོ་མགོ་ལ་འཕྲུ་ནག་པོ་བཙུགས་པ། རྟ་ནག་ཞོན་ཅིང་གླད་ན་བྱ་ནག་ལྡིང་བ། རོལ་དུ་ཁྱི་ནག་ཁྲིད་པ། གོས་ནག་གྱོན་པ། ལག་ན་དར་ནག་འཕྱར་བ། རྒྱབ་ཏུ་བྱ་མོ་ནག་མོའི་སྒོང་སྐོགས་ཁུར་བ་བྱ། བང་རིམ་གཉིས་པའི་ཕྱོགས་བཞིར་མི་གཟུགས་བྱ་སྦྲུལ་ཕག་སྦལ་པའི་མགོ་ཅན་བཞི་བཞག །བང་རིམ་གསུམ་པར་ཤར་སྟོད་སྟག་སོགས་རང་རང་འབྱུང་བའི་མདོག་གམ་ཐམས་ཅད་ནག་པོ་བྱས་ལ་བཀོད། བང་རིམ་བཞི་པར། མར་མེ། བཤོས་བུ། ཆང་བུ། རིལ་བུ། ཨོང་ཀྱུ་རྣམས་བསྒྲུབ་བྱའི་ལོ་གྲངས་དང་མཉམ་པ་ཐམས་ཅད་ཁ་དོག་ནག་པོ་བྱས་ལ་རང་གི་མདུན་དུ་གཞི་མ་ནག་པོའི་སྟེང་དུ་བཤམ། སྣོད་གཅིག་ཏུ་བྲའོ་རམ་བུ་སྦང་མ་གཡེར་མ་རུས་པ་སོགས་མི་ཁའི་རྫས་བསགས། སྣོད་གཅིག་ཏུ་བསྒྲུབ་བྱའི་ལོ་གྲངས་དང་མཉམ་པའི་ངར་གླུད་ཆང་བུ་མཐེབ་སྐྱུ་རྣམས་བཤམ། གཞན་ཡང་ཡ་མཱ་རི་དང་དམེ་བརྩེགས་ལ་འབུལ་གཏོར་མཆོད་པ་སྨན་རཀ་རོལ་མོ་གཡབ་དར་ནག་པོ་སོགས་འདུ་བྱ། རང་ཡ་མཱ་རིར་གསལ་བའི་ཐུགས་ཀར་དམེ་བརྩེགས་བསྐྱེད། བུམ་པ་གཞུང་ལྟར་བཅས་ལ་དམེ་བརྩེགས་བསྐྱེད་བཟླས་སོགས་གྲིབ་འཇོམས་རྡོ་རྗེ་ཕ་ལམ་ལྟར་བྱས་རྗེས་གཡབ་དར་ནག་པོ་བསྒྲུབ་བྱའི་མགོ་ལ་བསྐོར་ཞིང་། ཡ་མཱ་རི་སོགས་ཀྱི་བདེན་སྟོབས་བརྗོད་ནས་གྲིབ་བདག་བཀུག་ནས་གཟུགས་ལ་བསྟིམ། དེ་ནས་སྨྲང་གྱེར་བ་ནི། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ང་ནི་ཁྲོ་རྒྱལ་རྨེ་བ་བརྩེགས། །རྟོག་འཇོམས་རྒྱལ་པོ་ཧེ་རུ་ཀ །སྣང་སྲིད་དྲེགས་པ་ཐམས་ཅད་དང་། །གྲིབ་བདག་ཚོགས་རྣམས་ང་ལ་ཉོན། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མུན་པ་ནག་པོའི་གཏིང་རུམ་ན། །གྲིབ་མཁར་ནག་པོའི་ནང་ཤེད་ན། །གྲིབ་བདག་རྒྱལ་པོ་ཆེན་པོ་སྟེ། །སྐུ་མདོག་ནག་པོ་མུན་པའི་མདོག །འོག་ཏུ་གྲིབ་རྟ་ནག་པོ་ཞོན། །སྟེང་དུ་གྲིབ་བྱ་ནག་པོ་ལྡིང་། །གྲིབ་གོས་ནག་པོ་ལུས་ལ་གྱོན། །གྲིབ་དར་ནག་པོ་ལག་ན་འཕྱར། །གྲིབ་འཕྲུ་ནག་པོ་མགོ་ལ་བཙུགས། །གྲིབ་སྣོད་སྒོང་ནག་རྒྱབ་ཏུ་ཁུར། །གྲིབ་ཁྱི་ནག་པོ་རོལ་དུ་ཁྲིད། །གནས་འདིར་འབོད་དོ་དམ་ལ་འདུ། །གྲིབ་བདག་ཆེན་པོ་གྲིབ་ལོངས་ཤིག །ཀྱེ། དེ་ཡི་བཀའ་ཉན་ལས་བྱེད་བཞི། །འདོད་ཆགས་བྱ་ནག་མགོ་བོ་ཅན། །ཞེ་སྡང་སྦྲུལ་ནག་མགོ་བོ་ཅན། །གཏི་མུག་ཕག་ནག་མགོ་བོ་ཅན། །མ་རིག་སྦལ་ནག་མགོ་བོ་ཅན། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །གནས་འདིར་འབོད་དོ་དམ་ལ་འདུས། །གྲིབ་ཀྱི་བདག་པོ་གྲིབ་ལོངས་ཤིག །ཀྱེ། གྲིབ་བདག་རྒྱལ་པོ་ཆེན་པོ་དང་། །དེ་ཡི་བཀའ་ཉན་བློན་པོ་བཞི། ཁྱེད་རྣམས་གྲིབ་ཀྱི་བདག་པོ་ཡིན། ཁྱེད་རྣམས་གཞི་བྱེས་བདག་པོ་ཡིན། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །ཟས་གྲིབ་གོས་གྲིབ་ནོར་གྱི་གྲིབ། །གསོན་གྲིབ་ཤི་གྲིབ་རོ་ཡི་གྲིབ། །དམ་ཉམས་གྲིབ་དང་དམེ་གྲིབ་དང་། །མཛེ་གྲིབ་མཁོན་གྲིབ་ཡུགས་གྲིབ་དང་། །ལྷ་ཀླུ་གཉན་སོགས་སྡེ་བརྒྱད་གྲིབ། །རྣམ་རྟོག་འཁྲུལ་པའི་གྲིབ་ལ་སོགས། །དུག་གསུམ་དུག་ལྔ་ལས་ཀྱི་གྲིབ། །ཉོན་མོངས་སྔོན་ལས་འཕྲལ་རྐྱེན་གྲིབ། །དེ་འདྲའི་གྲིབ་དང་ཉེས་པའི་ཚོགས། །གྲིབ་བདག་རྣམས་ཀྱིས་ད་ལོངས་ལ། །བདག་ཅག་གྲིབ་རྣམས་སངས་གྱུར་ཅིག །ཀྱེ། གྲིབ་བདག་ཆེན་པོའི་བཀའ་འཁོར་ནི། །ཤར་སྟོད་སྟག་གི་མགོ་བོ་ཅན། །ནུབ་སྟོད་སྤྲེ་འུའི་མགོ་བོ་ཅན། ཁྱོད་གཉིས་བདུན་ཟུར་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །བདུན་ཟུར་གནོད་པ་ཞི་བར་མཛོད། །ཤར་སྨད་ཡོས་ཀྱི་མགོ་བོ་ཅན། །ནུབ་སྨད་བྱ་ཡི་མགོ་བོ་ཅན། ཁྱེད་གཉིས་བྱེ་བྲལ་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །བྱེ་བྲལ་གནོད་པ་ཞི་བར་མཛོད། །ལྷོ་སྟོད་སྦྲུལ་གྱི་མགོ་བོ་ཅན། །བྱང་སྟོད་ཕག་གི་མགོ་བོ་ཅན། ཁྱེད་གཉིས་མཁོན་པའི་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །མཁོན་གྱི་གནོད་པ་ཞི་བར་མཛོད། །ལྷོ་སྨད་རྟ་ཡི་མགོ་བོ་ཅན། །བྱང་སྨད་བྱི་བའི་མགོ་བོ་ཅན། ཁྱོད་གཉིས་རུ་གཅོད་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །རུ་གཅོད་གནོད་པ་ཞི་བར་མཛོད། །ཤར་ལྷོ་འབྲུག་གི་མགོ་བོ་ཅན། །ནུབ་བྱང་ཁྱིའི་མགོ་བོ་ཅན། ཁྱོད་གཉིས་ཐོག་རྫིས་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །ཐོག་རྫིས་གནོད་པ་ཞི་བར་མཛོད། །ལྷོ་ནུབ་ལུག་གི་མགོ་བོ་ཅན། །བྱང་ཤར་གླང་གི་མགོ་བོ་ཅན། ཁྱོད་གཉིས་ཕུང་གྱོད་དགྲ་གཤེད་དེ། །འཁོར་དུ་བགེགས་ཕྲན་འབུམ་གྱིས་བསྐོར། ཁྱེད་རྣམས་གྲིབ་ཀྱི་བདག་པོ་སྟེ། །བདག་ཅག་གྲིབ་རྣམས་ད་ལོངས་ལ། །ཕུང་གྱོད་གནོད་པ་ཞི་བར་མཛོད། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །གྲིབ་དང་མི་གཙང་གནོད་པ་དང་། །དགྲ་གཤེད་ཀག་ངན་སྦྱོར་བ་རྣམས། །གདོན་ཆེན་གནས་པ་བཅུ་གཉིས་པོས། །ད་ལྟ་ལོངས་ལ་ཞི་བར་མཛོད། །དེ་ལ་ཤིང་མེ་ས་ལྕགས་ཆུ། །ལྔ་ལྔར་ཕྱེ་བ་དྲུག་ཅུས་བསྐོར། །འཁོར་དུ་བགེགས་ཕྲན་འབུམ་དང་བཅས། །ལོ་ཟླ་ཞག་དུས་དགྲ་གཤེད་དང་། །དུས་བཞི་ཁམས་ལྔའི་གྲིབ་ལ་སོགས། །མི་གཙང་ངན་དགུ་བྱུང་བ་རྣམས། །གདོན་ཆེན་རྣམས་ཀྱིས་ད་ལོངས་ལ། །བདག་ཅག་གྲིབ་རྣམས་སངས་གྱུར་ཅིག །ཅེས་བརྗོད་གླུད་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། ཀྱཻ། སངས་རྒྱས་ཆོས་ཚོགས་མཆོག་གསུམ་གྱི། །བཀའ་ལ་མི་ཉན་སུ་ཞིག་ཡོད། །སྐྱ་རིང་ལམ་ལ་མི་འགྲོ་མེད། །འབབ་པ་ཆུ་ལ་མི་འཐུང་མེད། །བརྟན་པའི་གཞི་ལ་མི་གནས་མེད། །འཚོ་བའི་སྲོག་ལ་མི་གཅེས་མེད། །དྲང་པོའི་ཚིག་ལ་མི་ཉན་མེད། །རྔན་སྦྱིན་ཡས་ལ་མི་སེམས་མེད། །བདག་ཅག་རྒྱུ་སྦྱོར་བཅས་པ་ཡི། །ལུས་ནི་ཤ་ཁྲག་མི་གཙང་རྫས། །ངག་ནི་བྲག་ཆ་སྟོང་པའི་སྒྲ །ཡིད་ནི་རླུང་ལྟར་དངོས་པོ་བྲལ། །དེས་ནི་ཁྱོད་རྣམས་ཅི་བྱར་ཡོད། །མི་ལས་ལྷག་པའི་ངར་གླུད་འདི། །འབྲུ་སྣ་ལྔ་དང་རིན་ཆེན་སྨན། །དར་ཟབ་ཟས་སྣ་མཁོ་དགུའི་ནོར། །ཀུན་བསྡུས་དབང་པོ་སྐྱེ་མཆེད་ཚང་། །ལུས་ནི་མཛེས་པའི་གར་སྟབས་བསྒྱུར། །ངག་ནི་སྙན་པའི་གླུ་དབྱངས་ལེན། །ཡིད་ནི་མཛའ་བའི་བློ་སེམས་ཅན། །མི་ལས་དགའ་བའི་གླུད་འདི་འབུལ། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །རང་དོན་ཡིན་ན་བདག་ལ་ཞེས་དང་། གཞན་དོན་ཡིན་ན།་་་འཁོར་འདིར་གནོད་པ་མ་བྱེད་ཅིག །ཅེས་བསྒྱུར་བ་འོག་མ་ཀུན་སྦྱར་ནས། ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །སྐྲ་དང་བ་སྤུའི་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །ནང་ཁྲོལ་གླུད་འདི་འཕྲང་ལ་གཏོང་། །འཕྲང་ལ་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །སེམས་ཀྱི་གླུད་འདི་ནམ་མཁར་གཏོང་། །ནམ་མཁར་གནས་པའི་ལྷ་འདྲེ་རྣམས། །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ལ་གནོད་པ་མ་བྱེད་ཅིག །གླུད་བདག་རྣམས་ཀྱིས་གླུད་བཞེས་ཤིག །ཡས་བདག་རྣམས་ཀྱིས་ཡས་ཁྱེར་ཅིག །གྲིབ་བདག་རྣམས་ཀྱིས་གྲིབ་ལོངས་ཤིག །མཐུན་པའི་གླུད་ཆེན་འདི་བཞེས་ལ། །བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡོམས་པ་ལྷོད་ལ་མནན་པ་ཁྱོགས། །ཆག་ཆེ་ཉམ་ང་ལ་སོགས་པའི། །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །ཅེས་གྲིབ་བདག་གི་མདོས་སྣོད་ཀྱི་ནང་དུ་གླུད་རྣམས་འབུལ་ལོ། །དེ་ནས་རྫོངས་བཏབ་པ་ནི། ལྷ་སྔགས་ཀྱིས་བསྒྲུབས་པའི་བུམ་ཆུས་བསྒྲུབ་བྱ་བཀྲུས་པའི་ཁུ་བ་དང་། བསྒྲུབ་བྱའི་ཁ་བཤལ་བའི་ཆུ་དང་། སྐྲ་དང་སེན་མོ་སོགས་དྲི་མ་བསྲེས་པ་དང་བྲ་སྲན་འབྲུ་ནག་ཚིག་ཕྱེ་དང་གཏོར་ཆུང་ནག་པོ་ངར་མི་ཆང་བུ་རྣམས་སྒོང་སྐོགས་སུ་བླུགས་ཤིང་། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ཎ་ཡ་བྷུར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། བཛྲ་བྷུར་ཀུཾ་རི་ལི་ཤུ་ཐར་ཤ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཧཱུྃ། གྲིབ་གནོན་ནག་པོ་ཞི་ཞི་མལ་མལ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཨེ་ཨེ་ཧོ༔ ཨ་དུཾ་ཨཱ་སྭཱ་ཧཱ། ཨ་དུཾ་ཨཱ་སྭཱ་ཧཱ། ཨ་དུཾ་ཨཱ་སྭཱ་ཧཱ། ཨོཾ་ཨེ་ཧོ་ཤུདྡྷེ། བཾ་ཧོ་ཤུདྡྷེ། རཾ་ཧོ་ཤུདྡྷེ། ལཾ་ཧོ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ། ཨེ་བཾ་རཾ་ལཾ་ཡཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་བཏབ་ཅིང་། ཀྱཻ། གྲིབ་བདག་ཆེན་པོ་འཁོར་བཅས་ལ། །སྔགས་འཆང་བདག་དང་ཡོན་མཆོད་ཀྱིས། །དེ་རིང་གཤེགས་སྐྱེམས་རྫོངས་བཏབ་བོ། །བྲ་སྲན་འབྲུ་ནག་ཚིག་ཕྱེ་དང་། །གྲིབ་གཏོར་ནག་པོ་དམ་རྫས་དང་། །ངར་མི་ལམ་ཆས་ཆངས་བུ་དང་། །གྲིབ་རྫས་རྣམ་པ་སྣ་ཚོགས་ཀྱིས། །གྲིབ་བདག་ཁྱོད་ལ་རྫོངས་བཏབ་བོ། །གཞན་ཡང་ཁྱོད་ལ་རྫོངས་བཏབ་པ། །ནད་དང་གདོན་གྱི་རྫོངས་བཏབ་བོ། །དལ་དང་རིམས་ཀྱི་རྫོངས་བཏབ་བོ། །ཐན་དང་ལྟས་ངན་རྫོངས་བཏབ་བོ། །གྱོད་དང་ཁ་སྨྲ་རྫོངས་བཏབ་བོ། །མི་ཁ་ཁ་མཆུའི་རྫོངས་བཏབ་བོ། །རྨི་ལྟས་མཚན་ངན་རྫོངས་བཏབ་བོ། །མོ་པྲ་རྩིས་ངན་རྫོངས་བཏབ་བོ། །ལ་ཡོགས་གཤེད་ཀྱི་རྫོངས་བཏབ་བོ། །ལན་ཆགས་བུ་ལོན་རྫོངས་བཏབ་བོ། །ཤ་མཁོན་སྐྱིན་གྱི་རྫོངས་བཏབ་བོ། །མི་མཐུན་བར་ཆད་རྫོངས་བཏབ་བོ། །ཀག་ངན་གཤེད་ཀྱི་རྫོངས༴ བྱད་ཕུར་རྦོད་གཏོང་རྫོངས༴ བསམ་ངན་སྦྱོར་རྩུབས་རྫོངས༴ དུག་མཚོན་དམོད་པའི་རྫོངས༴ ལ་ཡོགས་ལ་ཉེའི་རྫོངས༴ གྲིབ་དང་མི་གཙང་རྫོངས༴ མི་མཐུན་ཕྱོགས་ཀུན་རྫོངས་བཏབ་བོ། །རྫོངས་སུ་བཏབ་བོ་ད་ཁྱེར་ཅིག །གཤེགས་སྐྱེམས་འབུལ་གྱི་ད་གཤེགས་ཤིག །རིངས་པར་རིངས་པར་ད་གཤེགས་ཤིག །མ་འགོར་མྱུར་དུ་ད་གཤེགས་ཤིག །ཅེས་བརྗོད། ལམ་བསྟན་པ་ནི། མདོས་ཁ་ཕྱིར་བསྒྱུར་དཔལ་འབར་སྦར་ལ་བཙུགས་ལ། ཀྱཻ། ད་ནི་གཤེགས་པའི་ལམ་བསྟན་གྱི། །གྲིབ་ཁ་འཁོར་བཅས་ལམ་དེར་གཤེགས། །ཉི་མ་ནུབ་ཕྱོགས་ཕ་གི་ན། །མུན་པ་ནག་པོའི་ཀློང་དཀྱིལ་ན། །གྲིབ་བདག་ཆེན་པོའི་གནས་དེ་བདེ། །གྲིབ་མཁར་ནག་པོ་ལྡེམས་སེ་ལྡེམ། །གྲིབ་མཁར་ནག་པོ་རྫོང་རེ་བཙན། །གྲིབ་མཁར་ནག་པོའི་ནང་ཤེད་ན། །གྲིབ་ཀྱི་ན་བུན་ཐིབས་སེ་ཐིབ། །མུན་པ་འཐིབས་པ་བརྗིད་རེ་ཆེ། །བརྗིད་ལྡན་མུན་པའི་མཁར་ནང་ན། །གྲིབ་བདག་ཆེན་པོ་ད་གཤེགས་ཤིག །གདོང་ཅན་བཞི་པོ་ད་གཤེགས་ཤིག །ཕྱོགས་མཚམས་ཤིང་མེ་ས་ལྕགས་ཆུ། །འབྱུང་བ་རྣམ་ལྔའི་ཕོ་བྲང་ན། །གནས་པ་བཅུ་གཉིས་ད་གཤེགས་ཤིག །རང་རང་བཞུགས་གནས་ཉམས་དགའ་བར། །གདོན་བགེགས་ཐམས་ཅད་ད་གཤེགས་ཤིག །སྔགས་འཆང་བདག་གི་གནས་འདི་ནི། ཁྱེད་ཅག་བཞུགས་པ་དང་མི་སྤྲོ། །འདི་ན་ཁྱོད་ཀྱི་གནས་མ་མཆིས། །མུན་པའི་ཀློང་རུམ་འདི་ན་མེད། །གྲིབ་མཁར་ནག་པོ་འདི་ན་མེད། །གྲིབ་ཀྱི་ན་བུན་འདི་ན་མེད། ཁྱོད་ལ་དགྱེས་པའི་ཡོ་བྱད་མེད། །དེ་བས་གྲིབ་བདག་འཁོར་དང་བཅས། །རྒྱ་གྲམ་རླུང་གིས་བཏེགས་པ་ལྟར། །གྲིབ་བདག་སོ་སོའི་གནས་སུ་སོང་། །ལས་ཀྱི་རླུང་གིས་དེད་པ་ལྟར། །གྲིབ་བདག་སོ་སོའི་གནས་སུ་སོང་། །འཇིགས་པའི་མུན་པས་བསུས་པ་ལྟར། །གྲིབ་བདག་སོ་སོའི་གནས་སུ་སོང་། །ནམ་མཁར་སྤྲིན་ཚོགས་དེངས་པ་ལྟར། །གྲིབ་བདག་རང་རང་གནས་སུ་གཤེགས། །བདེ་འོ་སྐྱིད་དོ་རང་གི་གནས། །གྲིབ་བདག་གྲིབ་དང་བཅས་པ་རྣམས། །ཕོ་ལ་བསྒྱུར་རོ་གཡས་སུ་བྷྱོཿ མོ་ལ་བསྒྱུར་རོ་གཡོན་དུ་བྷྱོཿ ཆུང་ལ་བསྒྱུར་རོ་ཐད་དུ་བྷྱོཿ ཁྱིམ་མཚེས་བསམ་པ་ངན་ལ་བྷྱོཿ གང་ལ་འཕྲད་པའི་དགྲ་ལ་བྷྱོཿ གང་དང་འཕྲད་པའི་བགེགས་ལ་བྷྱོཿ བྷྱོ་ཟློག་བསྒྱུར་རོ་ས་མ་ཡའོ། །ཞེས་བརྗོད་ཅིང་མདོས་ཕྱི་མིག་མི་བལྟ་བར་ཁྱེར་ལ་ཕྱོགས་ངན་ནམ་བདུད་གཅོད་དམ། འདྲེ་ལྔའི་ཕྱོགས་སམ་ཆུ་ཆེན་ནམ་ལམ་ཆེན་པོར་ཁ་ཕར་ལ་བསྟན་ལ་བསྐྱལ། མདོས་སྐྱེལ་མི་དང་རང་འཁོར་གནས་ཁང་བཅས་པ་བུམ་ཆུས་ཁྲུས་བྱའོ། །དེ་ལྟར་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་གྲིབ་མདོས་བསྡུས་པ་འདི་ཡང་སྨེ་བརྩེགས་ལྗང་སྔོན་གྱི་ལས་མཐའ་ཇོ་བོ་ཆེན་པོ་རྗེས་ཀྱང་གྲིབ་མདོས་ཆུང་ངུ་མཛད་སྣང་བ་ལྟར། འདིར་ཡང་སྨེ་བརྩེགས་ཀྱི་ལས་མཐར་མི་རུང་བ་མ་ཡིན་པར་མཐོང་ནས། དབུར་སྟོད་འབྲི་གུང་སྐྱུ་རའི་རིགས་སུ་སོན་པ་དུས་མཐའི་དགེ་སློང་སྔགས་འཆང་རྡོ་རྗེ་འཛིན་པ་ཐུགས་ཀྱི་རྡོ་རྗེས་མེ་ཕག་མཆུ་ཟླའི་དམར་པོའི་རྒྱལ་བ་དང་པོར་རྩེ་བ་གཞིས་ཀ་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་སྦྱར་བའོ། །མངྒལཾ།། །།

ཁྲོས་མ་ནག་མོའི་རྒྱུན་ཁྱེར་ཡིད་བཞིན་ཆར་འབེབ་ (Volume 34, Text 28)

ཁྲོས་མ་ནག་མོའི་རྒྱུན་ཁྱེར་ཡིད་བཞིན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །སྐྱབས་འགྲོ་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར༔ མཁའ་འགྲོ་དཔའ་བོ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་བྱང་ཆུབ་བར༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ དངོས་གཞི་ནི། གྲོང་ཡུལ་ཚོང་འདུས་དགོན་པ་དང༔ རང་ཉིད་གང་ན་གནས་པ་ནི༔ འདི་དག་སངས་རྒྱས་ཞིང་ཁམས་ཡིན༔ རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རང་སེམས་དག་པ་ཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཊྭཱཾ་ག་ནི་ཐུགས་ཀར་གཏོད༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡིས་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟ༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ༔ མེ་དཔུང་དམར་ནག་ཀློང་དུ་གསལ༔ ལུས་ནང་འཁོར་ལོ་བཞི་ལྡན་པའི༔ ལྟེ་བར་ཨ་ཡིག་རེ་རེས་མཚན༔ སོ་སོའི་རྩ་བའི་འདབ་མ་བཞིར༔ སྤྱི་བོར་བཛྲ་བྷ་ར་ཧེ༔ མགྲིན་པར་ཀྲོ་དྷཱི་ཀཱ་ལཱི་སྟེ༔ སྙིང་གར་ཧ་རི་ནི་ས་དང༔ ལྟེ་བར་ཨཱ་ཝེ་ཤ་ཡ་རྣམས༔ མདུན་ནས་བརྩམ་སྟེ་གནས་པ་ཡི༔ སྔགས་ལས་བྱུང་བའི་འོད་ཟེར་ནི༔ དཀར་དམར་མཐིང་དང་སྣ་ཚོགས་ཀྱིས༔ རེག་པས་ཕྱི་སྣོད་དག་པའི་ཞིང༔ ནང་བཅུད་སེམས་ཅན་ཕག་མོའི་སྐུ༔ སྒྲ་གྲགས་གསུང་ལ་དྲན་རྟོག་ཐུགས༔ བདེ་ཆེན་མཆོག་ཏུ་འོད་གསལ་བའོ༔ ཨོཾ་བཛྲ་བྷ་ར་ཧེ༔ ཀྲོ་དྷཱི་ཀཱ་ལཱི༔ ཧ་རི་ནི་ས༔ ཨཱ་བེ་ཤ་ཡ༔ ཞེས་པའི་ཡིད་བཟླས་རླུང་སྦྱར་དང་། །མ་སྦྱར་བློ་ཡིས་གང་ནུས་བཟླ། །དེ་རྗེས་ངག་གི་བཟླས་པ་བྱ། །དེ་ནས་རྫོགས་རིམ་རླུང་དྲུག་བསྒོམ། །ཐུན་བསྡུ་བ་ནི། སྣོད་བཅུད་གཞལ་ཡས་ཁང་དང་བཅས། །འོད་ཞུ་བདག་ཐིམ་རང་ཉིད་ལྷ། །སྣང་སྟོང་ངང་ལ་མཉམ་པར་བཞག །དེ་ཡང་ཐུགས་ཀའི་ཨའི་བར་ཐིམ། །ཨ་ཡང་མི་དམིགས་ངང་དུ་གྱུར། །དེ་ནས་རང་ཉིད་རྗེ་བཙུན་མའི། སྐུ་རུ་གྱུར་ལ་དགེ་བ་བསྔོ། ཞེས་པ་འདི་ནི་གཙང་སྒྲོལ་མ་ཕུག་གི་བླ་མ་རིན་པོ་ཆེའི་གསུང་ངོར་ཤཱཀྱའི་དགེ་བསྙེན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱིས་གཏེར་གཞུང་རྩ་བ་གཞིར་བཟུང་སྟེ་གང་ཤར་དུ་སྤེལ་བའོ། །སརྦ་དཱ་མངྒ་ལཾ།། །།

གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་སྐོར་གྱི་སྲུང་མའི་གཏོར་འབུལ་ (Volume 41, Text 28)

གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་སྐོར་གྱི་སྲུང་མའི་གཏོར་འབུལ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སྟོང་ཉིད་ངང་ལས་རིག་རྩལ་རང་ཤར་བའི། །དམ་རྫས་འདོད་ཡོན་བཞེད་རྒུའི་དཀོར་ནོར་སྤེལ། །མ་ཚངས་མེད་པའི་མཐུན་རྫས་རྒྱ་མཚོ་འདིས། །དཔལ་མགོན་ཚོགས་བདག་ཡབ་ཡུམ་དྲེགས་པའི་འཁོར། །རྒྱལ་ཆེན་རྣམ་སྲས་བློན་པོ་སྟག་མདའ་གདོང་། །ཨེ་ཀ་ཙཱ་ཏི་གཟའ་བརྒྱད་གདོང་མོ་བཞི། །ཚེ་རིང་མཆེད་ལྔ་ཀླུ་རྒྱལ་ལས་གཤིན་ནག །རྒྱལ་ཆེན་གཡུ་ཕྲེང་བཙན་རྒོད་རོལ་པ་བདུན། །ཤ་ཟ་ཁ་མོ་ཆེ་དང་ཀོང་བཙུན་མ། །བརྟན་མ་བཅུ་གཉིས་ཡང་འཁོར་དྲེགས་པའི་ཚོགས། །བཀའ་དང་གནས་གཏེར་སྲུང་མཛད་ཐམས་ཅད་ལ། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །བསྟན་དང་བསྟན་འཛིན་རྒྱས་ཤིང་ཞབས་པད་བརྟན། །མཆོག་ཐུན་གྲུབ་པ་མྱུར་བའི་སྟོངས་གྲོགས་བཅས། །འགལ་རྐྱེན་ཀུན་ཆོམས་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གངས་ལྗོངས་ཕན་བདེའི་དགེ་མཚན་རྒྱས་པར་མཛོད། །རྡོ་རྗེ་འཆང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་བཀའ་གནང་ལྟར། ཛ་ཀ་སྤྲུལ་མིང་པ་འཇིགས་མེད་ཀུན་བཟང་རྣམ་རྒྱལ་པས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཏུ་སྦྱར་བ་སྨོན་བཞིན་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །།

དྲག་ཁྲོས་གཞུང་ནས་ཕྱུང་བའི་སྐྱབས་སུ་འགྲོ་བའི་རིམ་པ་ (Volume 9, Text 28)

དྲག་ཁྲོས་གཞུང་ནས་ཕྱུང་བའི་སྐྱབས་སུ་འགྲོ་བའི་རིམ་པ་ནི། མདུན་གྱི་ནམ་མཁའ་པདྨ་གེ་སར་གྱི་སྡོང་པོ་འོད་དུ་འབར་བའི་སྟེང་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར༔ དེའི་དབུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་ཐུགས་རྗེའི་སྤྱན་གསུམ་གྱིས་ཕྱོགས་དང་མཐའ་ཐམས་ཅད་ལ་གཟིགས་པ༔ ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་སྣང་སྲིད་ཟིལ་གནོན་གྱི་ཕྱག་རྒྱས་ནམ་མཁར་ཕྱར་ཞིང༔ གཡོན་ཐོད་པ་བདུད་རྩིས་གང་བ་ལྟེ་བའི་ཐད་ཀར་མཉམ་གཞག་གི་ཕྱག་རྒྱས་འཛིན་པ༔ གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ༔ དབུ་ལ་དར་ཤ་བ་རིས་ཀྱི་སྙན་ཞུ་གསོལ་བའི་རྩེ་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ༔ སྐུ་ལ་ཟ་འོག་གི་བེར་དང༔ ཆོས་གོས་དམར་པོ་འཆམ་ཐབས་སུ་གསོལ་ཞིང་གསེར་གྱི་པ་ཏྲ་རིས་སུ་ཡོད་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གིས་རྒྱལ་པོ་རོལ་སྟབས་སུ་བཞུགས་པ༔ འཇའ་འོད་ཐིག་ལེ་ཐིག་ཕྲན་གྱི་དབུས་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་དཔག་ཏུ་མེད་པས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པ༔ དེ་དག་གི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ དཔལ་ཆོས་སྐུ་སྣང་བ་མཐའ་ཡས་ལ་སྐྱབས་སུ་མཆིའོ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་སྐྱབས་སུ་མཆིའོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་སྐྱབས་སུ་མཆིའོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སྐྱབས་སུ་མཆིའོ༔ བསྐྱབ་ཏུ་གསོལ༔ སྐྱབས་འོག་དམ་པ་ན་ཆུད་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ མ་རིག་འཁོར་བའི་སྡུག་བསྔལ་བྲལ་ནས་ཀྱང༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཤོག༔ ཅེས་བརྗོད་ཅིང་སྐྱབས་ཡུལ་གྱི་ལྷ་ཚོགས་རང་ལ་ཐིམ་པར་བསམ་མོ༔

བཙན་པོ་ཁ་འཆིང་ (Volume 53, Text 28)

བཙན་པོ་ཁ་འཆིང་བཞུགས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དགྲ་བོ་བཅིངས་པའི་ལྷ་ལ་ཕྱག་འཚལ་ལོ༔ བཙན་པོ་ཁ་འཆིང་འདི་ལ༔ སྤོམ་ནག་སྐམ་པོ་སོར་བཞི་པ་གཅིག་ལ༔ ཁ་མིག་གཏོད་ལ༔ ལིངྒ་གང་ཡིན་པ་དེ་ཁར་བཅུག༔ ཡུགས་ས་མའི་སྐྲ་ཤད་སྐུད་པ་ཕྱིར་བཀལ་པས་བཅིང་ངོ༔ རྐང་པ་གཡོན་པས་སྒྲིལ་ཞིང་སྔགས་བཟླ༔ ནམ་སང་གིས་ལངས་ནས་མགོ་འཛུགས༔ ཉི་མ་ལ་ཁར་བསྡད་པ་དང༔ སྤོམ་ནག་ལིང་ག་དང་བཅས་པ་སྒོ་ཐེམ་ཞབས་སུ་གནན་ནོ༔ སྔགས་ཕྲེང་སྐོར་རེ་ཐོན་པ་དང༔ མིང་འདི་ཞེས་བྱ་བའི་མཆུ་ཆིངས༔ གྲེ་བ་སྡོམས༔ ཨོག་མ་ཚིར༔ ལུས་གཏུབས༔ སྙིང་ཕྱུངས༔ ཚེ་སྟུངས༔ སྲོག་ཆོད༔ ཐལ་བ་རྡུལ་དུ་རློགས༔ ཞེས་དྲག་པོར་སྒྲིལ་ཞིང་དམོད་བཅོལ་བྱའོ༔ སྐད་ཅིག་གིས་བདག་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་ལ་རྔམ་པ༔ ཕྱག་གཡས་གུ་ལང་གྱེན་དུ་བསྒྲེངས་པ་ཁོའི་ཁར་བརྒྱབས་པས་ནག་ཐམ་གྱིས་བཏང་བར་བསམ༔ གཡོན་པས་ཞགས་པ་ནག་པོས་བསྡམས་པས༔ དགྲ་བོ་བཀྱིག་པར་བསམ༔ ཁ་ཊྭཱཾ་རྩེ་གསུམ་གཡས་ཀྱི་གྲུ་མོར་འཕྱར་པས༔ དགྲ་བོ་དེ་ལྷ་དང་ཕྱེས་པར་བསམ༔ ཆུ་སྲིན་ནག་པོའི་ཁ་ནས་དུག་གི་རླངས་པ་སྔོ་དམར་འཇའ་ཚོན་ལྟ་བུ་བྱུང་བས༔ ཁོ་མྱོས་འཐིབས་པར་བསམ༔ སྐྲ་ཤད་སྐུད་པ་ནག་པོ་སྦྲུལ་ནག་པོ་མགོ་དགུ་འདོམ་པ་དགུ་ཡོད་པ་གཅིག་གིས༔ ཁོའི་མགོ་ལུས་ཡན་ལག་དང་བཅས་པ་བཅིང་པར་བསམ༔ རོ་བཀྱིག་པ་བཞིན་སོང་བར་བསམ༔ སྒོ་ཐེམ་རི་རབ་བང་རིམ་དགུ་པ་ཡིན་པ་དེས་མནན་པར་བསམ༔ དེའི་དུས་སུ་ཡང་དམོད་བཅོལ་གང་ཤེས་བྱའོ༔ སྔགས་ནི༔ ཨོཾ་ཤ་ལམ་ཀ༔ ཤ་ལམ་ཀ༔ དུ་ར་དུ་ར༔ ཧབ་ཤ་ཧབ་ཤ༔ གནོད་བྱེད་དགྲ་བོའི་སྲོག་ཙིཏྟ་ལ་མ་གྷུ་ཤག་ཤག༔ རྦད་རྦད༔ གནོད་བྱེད་དགྲ་བོའི་ཁ་ཆིངས་ཤིག་ཆིངས་ཤིག༔ སྐྱུགས་ཤིག༔ སྐྱུགས་ཤིག༔ སྐྱུགས་ནས་སོད༔ སྐྱུགས་ནས་སོད༔ རྒྱུག་ཅིག་རྒྱུག་ཅིག༔ རྒྱུག་ནས་སོད་རྒྱུག་ནས་སོད༔ དུ་དྷ་ལུ་དྷ་ཡེ་སྭཱ་ཧཱ༔ གསད་འདོད་ན༔ རྒྱུག་ནས་སོད་རྒྱུག་ནས་སོད༔ ཟེར་བ་ཡིན༔ ལིངྒ་དེ་མིང་བྱང་དངོས་སུ་བསམ༔ ཟ་མ་ཟ་དུས་ལྷམ་གཡོན་པས་བཀབ་ནས་བཞག༔ བྲེལ་ཞོག་བྱུང་ན་ཐལ་དིལ་ཞབས་སུ་མནན་སྟེང་དུ་བཅག་བཅག་དགུ་བྱེད་པ་གལ་ཆེའོ༔ མནན་པའི་ཞབས་སུ་རྒྱ་མཚོ་ནག་སྒྱིག་གེ་བ་ཞིག་ཡོད་པའི་ནང་དུ་ཆུ་སྲིན་ནག་པོ་ཁ་གདངས་ནས་ཡོད་པའི་ཁོང་ནང་དུ་དགྲ་བོ་དེ་ནག་ཐོམ་གྱིས་འབྱངས་ནས་རྒྱ་མཚོའི་ནང་དུ་མགོ་ཐུར་དུ་བསྟན་པ་མར་སོང་ནས༔ བསྐལ་པ་སྟོང་དུ་ཡང་མི་ཐར་བར་བསམ༔ གཟའ་དར་བ་དང༔ སྐར་མ་ངན་པ་དང༔ དུས་ཚོད་རྩུབ་པ་ལ་བྱེད༔ གཟའ་དང་གདོང་མི་སྤྲད༔ རྡོ་ལེབ་གཅིག་གི་ཞབས་ལ་རྡོ་རྗེ་རྒྱ་གྲམ་བྲི༔ སྟེང་ལ་རི་རབ་བང་རིམ་དགུ་པ་བྲིས་པས་མནན་ནོ༔ ཟབ་བོ༔ ྀཨཚ༔ དགྲ་བོ་འདི་ཞེས་བྱ་བའི་ཁ་ཆིངས་ཤིག༔ གྲེ་བ་སྡོམས་ཤིག༔ ཨོག་བཙིར་ཅིག༔ ཐལ་བ་རྡུལ་དུ་རློགས་ཤིག༔ བརྒྱ་རེ་ཞིང་བདུན་བཏགས་སོ༔

འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་ནག་པོའི་ཚོགས་མཆོད་སོགས་སྨད་ཀྱི་ལས་འགའ་ (Volume 54, Text 28)

༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་ནག་པོའི་ཚོགས་མཆོད་སོགས་སྨད་ཀྱི་ལས་འགའ་བཞུགས་སོ། ། ཧཱུྃ། དངོས་མེད་དངོས་པོ་བྲལ་བའི་རང་བཞིན་ལ། །འཛིན་མེད་ཁྱབ་གདལ་རོལ་པའི་གཞལ་ཡས་འདིར། །ཟད་མེད་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ལ། །གཉིས་འཛིན་བར་ཆད་ལོག་ལྟས་ཐོ་འཚམས་ན། །ཡེ་སྟོང་ཡེ་བྲལ་ཀློང་དུ་ཕྱིར་དེངས་ཤིག །མ་འགགས་གཅིག་ཅར་ངང་དུ་མཚམས་བཅད་དོ། །ཨོཾ་ལས་བདེ་སྟོང་ཀ་པཱ་ལར། །ཨཱཿལས་ཤ་ལྔ་བདུད་རྩི་ལྔ། །ཧཱུྃ་ལས་ལྷ་ཚོགས་དགྱེས་པའི་ཚོགས། །རཾ་ཡཾ་ཁཾ་གིས་མི་གཙང་བསྲེག་གཏོར་བཀྲུས། །ཡི་གེ་གསུམ་ལྷུང་ཟད་མེད་ལོངས་སྤྱོད་གྱུར། །ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །དུས་གསུམ་རྒྱལ་བའི་ཡོན་ཏན་རྫོགས་པའི་ལྷ། །འཇིགས་བྱེད་འཇིགས་མཛད་ཁྲོ་རྒྱལ་གཤིན་རྗེ་གཤེད། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །གཉིས་མེད་ཡེ་ཤེས་དབྱིངས་སུ་རོ་བསྙམས་ཀྱང་། །རུ་དྲ་གདུལ་དཀའ་འདུལ་ཕྱིར་ཁྲོས་པའི་ལྷ། །ཀིང་ཀང་སྲིད་གསུམ་གནས་པའི་དགྲ་བོའི་གཤེད། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །སྟོང་གསུམ་དགྲ་བོའི་སྲོག་རྩ་འབྱིན་མཛད་མ། །མི་བསྲུན་སྲིན་མོ་ཁྲོས་པའི་གདོང་པ་ཅན། །གནམ་ཞལ་དབྱིངས་ཕྱུག་ཨེ་ཀ་ཛཱ་ཊི་མ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །གནན་གཟིར་ཁྲམ་དང་གཅོད་པའི་ལས་མཛད་པ། །སྐྱེ་འགྲོའི་སྲོག་ལེན་འཆི་བདག་མ་རུངས་པ། །འཆར་ཀ་གླང་མགོ་ཆོས་རྒྱལ་ཕག་གདོང་ཅན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །རྒྱལ་བའི་སྤྱན་སྔར་རང་རང་དམ་བཅས་པའི། །ནག་པོ་ལྕམ་དྲལ་བཀའ་སྡོད་བྲན་འཁོར་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་དམ་པ་བཞེས། །ཨོཾ་ཡ་མཱནྟ་ཀ་ཡ་མ་ཀིང་ཀང་ཨེ་ཀ་ཛཱ་ཊི་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་མཆོད་རིམ་གསུམ་དུ་ཕུལ། གཞན་ཡང་ལྷ་ཚོགས་རྐང་ཐོན་དུ་འབུལ་ལོ། །ཧཱུྃ། ཆོས་དབྱིངས་རང་གྲོལ་བདེ་ཆེན་གཞལ་ཡས་ན། །གཟུགས་སྣང་ལྷ་མོས་མཆོད་རྫས་དཔག་མེད་ཐོགས། །གཤིན་རྗེ་འཇོམས་མཛད་འཇམ་དཔལ་བཤེས་གཉེན་དང་། །གཙུག་ལག་དགེ་སྟོན་བལ་པོ་ནོར་འཛིན་དང་། །སངས་རྒྱས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་དང་། །པདྨ་དབང་རྒྱལ་ཇོ་སྲས་འཇམ་དཔལ་སོགས། །འཇམ་དཔལ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་དང་། །དབང་པོ་ལྔ་ཡི་མཆོད་རྫས་དཔག་མེད་ཀྱིས། །བཅོམ་ལྡན་འཇམ་དབྱངས་འཁོར་བཅས་ཐུགས་དམ་བསྐང་། །ཀིང་ཀང་སྲིད་གསུམ་བདག་པོའི་ཐུགས་དམ་བསྐང་། །དབྱིངས་ཕྱུག་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང་། །འཆར་ཀ་གླང་མགོ་ཆོས་རྒྱལ་ཕག་གདོང་ཅན། །ལས་ཀྱི་མཐའ་སྡུད་རྣམས་ཀྱི་ཐུགས་དམ་བསྐང་། །དཀྱིལ་འཁོར་ཀུན་ཉུལ་རྣལ་འབྱོར་དྲོད་ཚད་མཁན། །ཆོས་ཀྱི་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །མ་རྟོགས་འཁྲུལ་པའི་བག་མེད་དབང་གིས་ནི། །ཕྱི་ནང་གསང་བ་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས། །ཡིག་བརྒྱ་བཟླས་ལ། ཚོགས་ལ་རོལ། ལྷག་མ་བྲན། ཧཱུྃ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །བཀའ་ཉན་དབང་ཕྱུག་གིང་དང་ལང་ཀའི་བདག །འབར་མ་བརྒྱད་སོགས་ཞིང་སྐྱོང་མཁའ་འགྲོ་དང་། །དྲེགས་པ་ཕོ་མོ་དམ་ཅན་ལྷག་སྡུད་རྣམས། །ཕ་འབབ་གཏོར་མ་འདི་བཞེས་ལས་མཛོད་ཅིག །ཨོཾ་བྷཻ་ར་མ་མོ་ཨུ་ཙིཥྚ་བྷ་ལིཾ་ཏ་ཁཱ་ཧི། ཚོགས་དུམ་དང་ཐུན་གཏོར་འབུལ། བདེན་པ་བདར། ཐུགས་དམ་གནད་ནས་བསྐུལ་བ་གཞུང་ཆོག་ལྟར་བྱ། ཐུན་གཏོར་གྱི་དམིགས་པ་ནི། གཏོར་སྣོད་གྲུ་གསུམ་འབར་བ་ལས་ཀྱི་གཤིན་རྗེའི་བཤའ་ཁང་ལྟ་བུ་འཇིགས་སུ་རུང་བའི་ནང་དུ། གཏོར་མ་གཤིན་རྗེའི་ངོ་བོ་གནམ་ལྕགས་ཀྱི་ཆུ་གྲི་སྤུ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་གྱེན་དུ་ལངས་ནས་བལྟ་བ་དང་རེག་པར་མི་བཟོད་པ་ཡོད་པ་ལ། བདག་ཉིད་གཤིན་རྗེའི་ང་རྒྱལ་བརྟན་པོས་དམིགས་བྱ་རྣམས་དབང་མེད་དུ་བཀུག་ནས་གཏོར་མ་མཚོན་ཆ་ཐ་མི་དད་པའི་རྩེར་བརྒྱབས་པས་ཚེ་རྟེན་དང་བྲལ་ནས་ཤ་ཁྲག་ལྟེམ་གྱིས་ཞུ་ནས་བདུད་རྩིར་བསྒྱུར། ཚེ་དང་བསོད་ནམས་ཀྱི་དཔལ་རང་ལ་ཐིམ། ཤ་ཁྲག་བདུད་རྩིར་བསྒྱུར་པ་ལྷ་ལ་མཆོད་པ་འབུལ། དམིགས་པའི་བྱེ་བྲག་གཅིག་བླ་མའི་ཞལ་ལས་ཤེས་སོ། །ཟློག་པ་ནི། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སེམས་ཅན་སྲིད་པའི་འཁོར་ལོ་ལ། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་འདུས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་ལངས། །གཤིན་རྗེའི་རྐང་ཟོར་ནག་པོས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ་ཟློགས། །ཕྱི་དགྲ་ཡིད་ལ་སེམས་པ་ཟློགས། །ད་དགྲ་གདོང་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས༴ ཕུང་སྲི་ལངས་པ་ཐམས་ཅད༴ སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ལ། །ལྷས་བྱིན་བདུད་ཀྱི་དམག་དཔུང་ལངས། །ཤ་རཱིའི་བུ་མཆོག་ཆེན་པོ་ཡིས། །བདུད་དམག་མ་ལུས་ཐམས་ཅད་ཀུན། །བལ་པོའི་གླང་ཟོར་ནག་པོས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ༴ ཕྱི་དགྲ་ཡིད་ལ་སེམས་པ༴ ད་དགྲ་གདོང་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས་ཅད༴ ཕུང་སྲི་ལངས་པ་ཐམས་ཅད༴ སྔོན་ཚེ་རྒྱ་གར་རྒྱལ་པོ་ལ། །རྒྱ་ནག་ཡོངས་ཀྱི་དམག་དཔུང་འདུས། །སློབ་དཔོན་རོ་ལངས་གསང་བ་ཡིས། །རྒྱ་ནག་དམག་དཔུང་ཐམས་ཅད་ཀྱང་། །མཛེ་ཐོད་ནག་པོའི་ཟོར་གྱིས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ༴ ཕྱི་དགྲ་ཡིད་ལ་སེམས་པ༴ ད་དགྲ་ཐད་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས་ཅད༴ ཕུང་སྲི་ལངས་པ་ཐམས་ཅད༴ བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ། །ལྷ་སྲིན་ཡོངས་ཀྱི་དམག་དཔུང་འདུས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དགྲ་སྲི་ཐུན་དང་ཟོར་གྱིས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ༴ ཕྱི་དགྲ་ཡིད་ལ་སེམས་པ༴ ད་དགྲ་ཐད་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས་ཅད༴ ཕུང་སྲི་ལངས་པ་ཐམས་ཅད༴ དེ་འོག་སེང་གེ་རྒྱལ་པོ་ལ། །སྔགས་ཟོར་བྱད་ཁ་མང་པོ་འདུས། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ༴ ཕྱི་དགྲ་ཡིད་ལ་སེམས་པ༴ ད་དགྲ་ཐད་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས་ཅད༴ ཕུང་སྲི་ལངས་པ་ཐམས་ཅད༴ དེ་འོག་ཟ་ཧོར་རྒྱལ་པོ་ལ། །བན་བོན་སྔགས་ཟོར་འདུས་པ་རྣམས། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློགས། །དེ་དང་དེ་ཡི་རྗེས་མཐུན་པར། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་ལེན་བདུད་དང་བར་ཆད་རྐྱེན། །སྡང་བའི་དགྲ་དང་གནོད་པའི་བགེགས། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །སྔ་དགྲ་ལག་གིས་བདར་པ༴ ཕྱི་དགྲ་ཡིད་ལ་སེམས་པ༴ ད་དགྲ་ཐད་དུ་ལངས་པ༴ དགྲ་བྱེད་ཟེར་བ་ཐམས་ཅད༴ གཡག་རྡུང་བྱེད་པ་ཐམས་ཅད༴ ཕུང་སྲི་ལངས་པ་ཐམས་ཅད༴ སྔོན་ཚེ་དེ་ལྟར་བཟློགས་པ་ལྟར། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱད་ཟོར་ཕུར་ཁ་ཟློགས། །བནྡྷེའི་སྔགས་ཟོར་བོན་པོའི་ཛོ་ཟོར་ཟློགས། །མུ་སྟེགས་ངན་སྔགས་ལྷ་འདྲེའི་ཟ་ཁ༴ རྒྱལ་པོའི་བདུན་ཟུར་བློན་པོའི་དབང་བཙན༴ དམག་མིའི་དཔུང་དགྲ་མཚོན་ཆའི་རྣོ་ངར༴ སྤར་ཁའི་སྐྱ་མདའ་སྨེ་བའི་དུར་ཞུགས༴ ས་བདག་གདུག་རྩུབ་འབྱུང་བའི་དགྲ་གཤེད༴ ལོ་ཟླ་ཞག་དུས་གཟའ་སྐར་ངན་པ༴ ཁྲམ་བཏབ་ཧོམ་དང་སྤར་བུ་བསྐོར་པ༴ ལྟས་ངན་མི་ཁ་དགྲ་སྣ་ཡེ་འདྲོག༴ ཕུང་སྲི་གྱོད་སྣ་ནད་རིམས་ཡམས་ནད༴ དགྲ་སྲི་རྨི་ངན་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་གོད་སྲི་མཚོན་སྲི༴ ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་ཟློགས། །ཞེས་སྔགས་རིང་བཟླ་འོ། །དེ་ནས་གསེར་སྐྱེམས་ནི། ཧཱུྃ། བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །བརྒྱུད་པ་གསུམ་ལྡན་རྩ་བརྒྱུད་བླ་མ་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས། །རིན་ཆེན་གསེར་སྐྱེམས་དམ་པ་འདི་བཞེས་ཤིག །ཁྱད་པར་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་དང་ཕྲིན་ལས་སྤྲུལ་པ་སོགས། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཐམས་ཅད་ཀྱིས། །རིན་ཆེན་གསེར་སྐྱེམས་དམ་པ་འདི་བཞེས་ཤིག །དེང་འདིར་ཞིང་བཅུའི་ལྔ་ཕུང་སྒྲོལ་མཛད་པར། །སྔོན་ཚེ་ཉིད་ནས་ཁས་བླངས་དམ་བཅས་ཤིང་། །མངོན་སྤྱོད་དྲག་པོའི་ལས་ལ་མངའ་མཛད་པའི། །འཇིག་རྟེན་འདས་དང་མ་འདས་སྲུང་མ་རྣམས། །རིན་ཆེན་གསེར་སྐྱེམས་དམ་པ་འདི་བཞེས་ཤིག །ཅེས་གསེར་སྐྱེམས་འབུལ། གཟུ་དཔང་ནི། ཧཱུྃ། བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་དང་། །ཆོས་རྣམས་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །བརྩེ་བས་རྗེས་སུ་འཛིན་པའི་ཐུགས་རྗེ་ཅན། །ཕྲིན་ལས་ཐོགས་མེད་སྒྲུབ་པའི་ཡི་དམ་ལྷ། །མཐུ་སྟོབས་རྫུ་འཕྲུལ་ལྡན་པའི་གཤིན་རྗེ་གཤེད། །བདེན་རྫུན་ཤན་མཛད་འཇིག་རྟེན་དྲེགས་པའི་ཚོགས། །སྒྲིབ་མེད་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །བདག་ནི་ཟོལ་མེད་ངེས་པའི་རྣལ་འབྱོར་པས། །འགྲོ་དོན་སེམས་བསྐྱེད་ཕར་ཕྱིན་ལམ་ཞུགས་ནས། །ཚེ་གཅིག་སངས་རྒྱས་གོ་འཕང་སྒྲུབ་པ་ལ། །དགྲ་དང་བགེགས་ཀྱིས་སྒྲུབ་ཏུ་མ་སྟེར་བས། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་མཛོད་ཅིག །བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ལ། །བདག་ནི་མ་ལན་མ་ཉེས་རྣལ་འབྱོར་པས། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །དེང་འདིར་གཟུ་དང་དཔང་པོར་མ་གཡེལ་ཅིག །མངོན་སྤྱོད་དྲག་པོའི་མཐུ་རྩལ་མྱུར་དུ་ཕྱུངས། །ལྡང་དུས་མེད་པར་དགྲ་བོ་མྱུར་དུ་སྒྲོལ། །རིག་སྔགས་དྲག་པོའི་ཐུན་ཟོར་དགྲ་ལ་ཕོབ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཞེས་གཟུ་དཔང་གསོལ། དེ་ནས་བསྐུལ་བ་ནི། ཧཱུྃ་ཨེ་ཡ་བྷྱོཿ ཉི་མ་ལྷོ་ཕྱོགས་ཕ་གི་ན། །བསྐལ་མེ་འཁྲུགས་པའི་ཀློང་དཀྱིལ་ན། །འཇམ་དཔལ་གཤིན་རྗེ་གཤེད་པོ་ནི། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། ཁྲག་འཐུང་རྔམ་པའི་དཔལ་ཆེན་པོ། །དབུ་ནི་ཚངས་པའི་འཇིག་རྟེན་བརྒལ། །ཞབས་ནི་ན་རག་ངན་སོང་མནན། །བ་སྤུའི་བུ་ག་རེ་རེ་ནས། །ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །འོད་ཟེར་རེ་རེའི་རྩེ་མོ་ནས། །འབར་བའི་ཁྲོ་བོ་མི་བཟད་པ། །སྲས་དང་སྤྲུལ་པ་བྱེ་བ་འཕྲོ། །དེ་དག་སོ་སོ་རང་རང་ལས། །ཡང་སྤྲུལ་ཉིས་སྤྲུལ་སུམ་སྤྲུལ་དང་། །ཕོ་ཉ་བསམ་མི་ཁྱབ་པར་འཕྲོ། །འཇིགས་པའི་ལས་མཁན་སྐར་ལྟར་འཁྲུགས། །སྲིད་པར་གཏོགས་པའི་འཇིག་རྟེན་ཁམས། །སྟེང་འོག་བར་སྣང་ཐམས་ཅད་ཁྱབ། །ཀུན་ཀྱང་མི་བསྲུན་གདུག་རྩུབ་ཅན། །སྐུ་མདོག་གཅིག་ཏུ་མ་ངེས་ཏེ། །དཀར་སེར་དམར་ལྗང་མཐིང་སྨུག་འབར། །མུན་པ་དམར་ནག་མེ་སྟག་འཕྲོ། །རྔམ་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན། །གློག་ལྟར་མྱུར་བའི་རྫུ་འཕྲུལ་ཅན། །དྲག་རྩལ་རི་རབ་ཀླད་ལ་བསྐོར། །སྟོང་ཁམས་རི་རབ་པང་པར་འདེབས། །བསྐལ་པ་སྐད་ཅིག་མ་རུ་སྒྱུར། །སྐད་ཅིག་གཅིག་ལ་བསྐལ་པ་སྟོང་། །གར་ཡང་སྒྱུར་བའི་ཆོ་འཕྲུལ་ཅན། །ཅིར་ཡང་སྒྱུར་བའི་མཚོན་ཆ་ཐོགས། །གང་བཅོལ་ཕྲིན་ལས་མྱུར་དུ་སྒྲུབས། །གནམ་ལྕགས་འཁོར་ལོ་རྩིབས་བཅུ་ནས། །སྲུང་ཟློག་ཁྲོ་བོ་བཅུ་པོ་ནི། །སྐུ་མདོག་མ་ངེས་སྣ་ཚོགས་ཏེ། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །གཞན་ཡང་ཁྱོད་ཀྱི་བཀའ་འཁོར་ན། །ལས་བྱེད་གཤིན་རྗེ་བསམ་མི་ཁྱབ། །ལ་ལས་གནམ་ས་སྟེང་འོག་སྒྱུར། །ལ་ལས་རི་རབ་ཚོགས་པོར་འཕེན། །ལ་ལས་ཉི་ཟླ་ཆ་ལང་རྡེབ། །ལ་ལས་འཇིག་རྟེན་མུན་པར་བཅུག །ལ་ལས་མཚོན་ཆའི་འཁོར་ལོ་བསྐོར། །ལ་ལས་གནམ་ལྕགས་ཐོག་སེར་འབེབ། །ལ་ལས་རིམས་དང་ཡམས་ནད་གཏོང་། །ཅིར་ཡང་སྒྱུར་བའི་ཆོ་འཕྲུལ་ཅན། །གར་ཡང་ཐོགས་མེད་ལས་ལ་རྒྱུག །བསྐུལ་ལོ་བསྟན་པའི་དོན་དུ་སྐུལ། །མངོན་སྤྱོད་ལས་འདི་མ་བྱས་ན། །དུས་གསུམ་སངས་རྒྱས་ཆད་པས་སྡིགས། །འབྲས་བུ་དམྱལ་བའི་གནས་སུ་ལྟུང་། །དེས་ན་བསྟན་པའི་དགྲ་བོ་འདི། །ས་སྟེང་འདི་རུ་བཞག་ན་བསྟན་པ་འཇིག །ཉམས་པའི་དགྲ་བོ་ལས་ངན་ལ། །རིག་སྔགས་རྡོ་རྗེའི་མཚོན་ཆར་ཕོབ། །གནམ་ལྕགས་ཕུར་པས་ཀླད་ཁྲག་དཀྲུགས། །ལུས་སྲོག་འཁོར་ལོས་དུམ་བུར་གཏུབས། །རིག་སྔགས་ཞགས་པས་དམ་དུ་ཆིངས། །མུན་པའི་གཡུང་དྲུང་དགྲ་ལ་སྐོར། །རེ་ནག་གཡབ་མོ་དགྲ་ལ་རྡོབས། །རྣམ་ཤེས་ཚོགས་དྲུག་མྱོས་སུ་ཆུགས། །དགྲ་ལ་ནང་དམེ་ཕུང་བཤིག་ཐོངས། །དགྲ་ལ་གྲི་ལིངས་སྨྱོ་འབོག་ཐོངས། །ཡུལ་ཁམས་ཡམས་ནད་སད་སེར་ཐོངས། །སྡང་བའི་དགྲ་བོ་འཁོར་བཅས་རྣམས། །འཆི་བདག་གཤིན་རྗེ་ནག་པོའི་ཁ་རུ་ཐོབས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །ཡ་མ་རཱ་ཙའི་དམག་ཚོགས་དགྲ་ལ་བྷྱོ། །ཞེས་དྲག་པོའི་ངར་དང་བཅས་པས་གཏོར་མ་དེ་ཀའི་སྟེང་གདབ་བོ། །ལས་སྔགས་ཀྱིས་གཟིར། མེ་ཆུ་གོ་ལྡོག་དམིགས་པ་བྱ། ཞེས་གཞུང་དཀྱུས་མ་འདི་ལ་ཟུར་བརྒྱན་པ་ཞིག་དགོས་སྙམ་པའི་ནུབ་མོར་ལས་གཤིན་དངོས་ཡིན་སྙམ་པའི་བསྐུལ་བ་པོ་ཞིག་བྱུང་བ་ལ་བརྟེན་ནས། གདོང་གི་བཙུན་པ་་་༼སོག་ཟློག་པ།༽བློ་གྲོས་རྒྱ་མཚན་དཔལ་བཟང་པོས་སྨྱུག་ལ་ཚལ་དུ་བསྒྲིགས་པའོ། །འདི་ཡི་བསྐུལ་འདི་ལས་གཤིན་རང་གི་གསུངས་ཡིན་སྙམ་པ་ཞིག་འདུག་པས་གར་ཐོད་ཐོད་དུ་མི་བྱའོ། །སརྦ་མངྒ་ལཾ།། །།

གར་ཚེའི་འཆི་བསླུའི་འབྱུང་ལྔའི་འཁོར་ལོའི་རབ་གནས་བྱ་ཐབས་ (Volume 24, Text 28)

གར་ཚེའི་འཆི་བསླུའི་འབྱུང་ལྔའི་འཁོར་ལོའི་རབ་གནས་བྱ་ཐབས་ནི། འཁོར་ལོ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འབྱུང་ལྔའི་འཁོར་ལོ་སོ་སོའི་དབུས་སུ་རང་རང་གི་ས་བོན་ལས་ནམ་མཁའི་ལྷ་མོ་སྔོན་མོ་ཆོས་འབྱུང་། རླུང་གི་ལྷ་མོ་ལྗང་གུ་བ་དན། མེའི་ལྷ་མོ་དམར་མོ་མེ་ཐབ། ཆུའི་ལྷ་མོ་སྔོན་མོ་ཆུ་བུམ། ས་ཡི་ལྷ་མོ་སེར་མོ་ས་དཀྱིལ་གྲུ་བཞི་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་སེམས་སྐྱིལ་གྱིས་བཞུགས་པ། སོ་སོའི་ཐུགས་ཀར་འབྱུང་བ་རང་རང་གི་ས་བོན་དང་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀའི་འོད་ཟེར་གྱིས་འབྱུང་བ་སོ་སོའི་གནས་ནས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ཤིང་བསྟིམ། ཨརྒྷཾ་སོགས་ཀྱིས་མཆོད། ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུྃ། འབྱུང་བ་སྐྱེད་པའི་ལྷ་མོ་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །འབྱུང་བ་ཕྱི་ནང་འཁྲུགས་པ་རྣམས། །ཆོ་ག་འདི་ཡིས་མཐུན་པར་ཤོག །དམིགས་པའི་མི་འདི་ངེད་སླུ་ཡིས། །ནད་གདོན་རྣམ་རྟོག་སྡིག་སྒྲིབ་རྣམས། །ད་ལྟ་ཉིད་དུ་བྱང་ནས་ཀྱང་། །འཆི་བའི་རྐྱེན་རྣམས་ཟློག་ཏུ་གསོལ། །འདོད་ཡོན་མཆོད་པ་རྣམ་པ་ལྔ། །འབྱུང་བ་བསྐྱེད་པའི་ལྷ་ལ་འབུལ། །མཆོད་གཏོར་འདི་བཞེས་དགྱེས་པར་རོལ། །ཞེས་ལན་གསུམ། འབྱུང་བ་སོ་སོའི་སྔགས་ཉེར་གཅིག་བརྗོད། ལྷ་རྣམས་འོད་དུ་ཞུ་བ་འབྱུང་བ་སོ་སོར་གྱུར། རྟེན་སྙིང་བཟླ་ཞིང་ནས་འཐོར་རོ།།

རྩ་གསུམ་དོན་ཁྲིད་ཀྱི་གསོལ་འདེབས་ (Volume 4, Text 28)

རྩ་གསུམ་དོན་ཁྲིད་ཀྱི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ། དམིགས་མེད་སྤྲོས་བྲལ་བདེ་ཆེན་ཞིང་ཁམས་དེར། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །བློ་འདས་ཆོས་སྐུ་ཐོབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །འོད་གསལ་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཚེ་འདིར་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ཉི་ཤུ་རྩ་བཞི་མཁའ་འགྲོའི་གནས་མཆོག་ཏུ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཆོས་འཁོར་བདེ་ཆེན་གླིང་གི་ཕོ་བྲང་དུ། །གཏེར་སྟོན་རཏྣ་གླིང་པ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གནས་མཆོག་ཁྱུང་ཆེན་བྲག་གི་ཤར་ཕྱོགས་སུ། །དམ་ཆོས་རྩ་གསུམ་དོན་ཁྲིད་ལ་གསོལ་བ་འདེབས། །དངོས་པོའི་གཤིས་ལུགས་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྣམ་དག་གསང་བའི་གཞལ་ཡས་སུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །ཕྲིན་ལས་གཏད་རྒྱ་དམ་ཚིག་ཕོ་བྲང་དུ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །གར་བཞུགས་འབྲལ་མེད་དག་པའི་གཞལ་ཡས་སུ། །མཆེད་གྲོགས་ཆོས་མཛད་ཡོངས་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབས། གཉིས་འཛིན་བློ་དང་བྲལ་བར་བྱིན་གྱིས་རློབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །སྒྲུབ་པའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །འཁོར་བཅས་ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ་པར་བྱའོ།། །།

དཔལ་མགོན་མ་ནིང་ནག་པོ་ལས༔ གཏོར་མ་ལ་བརྟེན་པའི་དྲེགས་པའི་སྲོག་དབང་བསྡུས་པ་ (Volume 37, Text 28)

ྈ དཔལ་མགོན་མ་ནིང་ནག་པོ་ལས༔ གཏོར་མ་ལ་བརྟེན་པའི་དྲེགས་པའི་སྲོག་དབང་བསྡུས་པ་བཞུགས་སོ༔ ཆེ་མཆོག་ཧེ་རུ་ཀ་དཔལ་དང༔ དཔལ་མགོན་མ་ནིང་ནག་པོ་ལ༔ དང་པོ་ཉིད་དུ་ཕྱག་འཚལ་ལོ༔ དྲེགས་པའི་གཏོར་དབང་བསྡུས་པ་ནི༔ ལས་ལ་སྦྱོར་དངོས་རྗེས་གསུམ་སྟེ༔ སྦྱོར་བ་སྔོན་འགྲོའི་ལས་རིམ་ནི༔ ཆེ་མཆོག་ཕྱག་རྡོར་ལ་སོགས་པའི༔ ཡི་དམ་བསྙེན་པ་ཐེམས་པ་དང༔ ཁྱད་པར་མ་ནིང་བསྙེན་སྒྲུབ་རྣམས༔ གཞུང་ལྟར་ཐེམས་པའི་སློབ་དཔོན་གྱིས༔ དཀྱིལ་འཁོར་རྩིབས་བརྒྱད་སྒོ་རྫོགས་བྱ༔ དཀྱིལ་འཁོར་དབུས་སུ་ཁྲི་ཡི་སྟེང༔ དཔལ་མགོན་སྐུ་བཅས་གཤམ་པར་བྱ༔ གཏའ་གཏོར་རྒྱུན་གཏོར་མཆོད་གཏོར་བཤམས༔ ཡི་དམ་མགོན་པོའི་ལས་གཞུང་བསྲང༔ མ་ནིང་སྔགས་ཀྱིས་ཁུག་པར་བཀུག༔ ཚོགས་དང་བསྐང་གསོ་རྒྱས་པར་བྱ༔ དེ་དག་སྔོན་འགྲོའི་རིམ་པ་འོ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ མཎྜལ་ཕུལ་དང་ཞུ་གསོལ་དང༔ གཉེན་པོས་སློབ་བུ་བྱིན་བརླབས་དང༔ གཏོར་དབང་དངོས་སུ་བསྐུར་བ་དང༔ ཞལ་གདམས་ལུང་གིས་དབང་བྱིན་ནོ༔ སློབ་བུས་ཁྲུས་བྱས་ཕྱག་འཚལ་ཏེ༔ དངོས་པོ་གསེར་དང་སྨན་སོགས་ཀྱི༔ མཎྜལ་རིམ་གསུམ་ཕུལ་བྱས་ནས༔ འདི་ལྟར་གསོལ་བ་བཏབ་པ་ནི༔ རྒྱལ་བ་ཀུན་དང་མཉམ་སྦྱོར་བས༔ དྲེགས་པ་ཀུན་ལ་དབང་བསྒྱུར་བ༔ སྒྲུབ་ཆེན་རྣལ་འབྱོར་བདག་ལ་དགོངས༔ བདག་ཅག་བྱང་ཆུབ་སེམས་བསྐྱེད་ཅིང༔ འཕགས་མཆོད་འགྲོ་དོན་བགྱིད་དགོངས་པས༔ བདུད་དང་འབྱུང་པོ་ལོག་འདྲེན་དང༔ མི་ནག་སྲིན་པོ་གདོང་དམར་གྱིས༔ བྱང་ཆུབ་བར་ཆད་བསྟན་པ་བཤིག༔ དེ་ཡི་གཉེན་པོར་དྲེགས་པའི་དབང༔ ཆོས་སྐྱོང་སྲོག་དབང་མཐུ་རྩལ་ཞུ༔ ཞེས་ཞུས་བླ་མས་འདི་སྐད་གསུངས༔ ཧོ༔ ཞི་ཁྲོ་བདེ་གཤེགས་ལྷ་བསྙེན་ཅིང༔ རྣལ་འབྱོར་དམ་ཚིག་ལ་གནས་ན༔ ཆོས་སྐྱོང་རྣམས་ཀྱིས་བྲན་ཁོལ་བྱེད༔ དམ་ཆོས་ཚུལ་བཞིན་སྤྱོད་པ་ན༔ མ་བསྒྲུབ་པར་ཡང་ཆོས་སྐྱོང་ཉན༔ འོན་ཀྱང་ཞུ་བ་དེ་བཞིན་དུ༔ དྲེགས་པའི་གཙོ་མཆོག་མ་ནིང་ཆེ༔ བསྲུང་མར་གཏད་ཀྱིས་དམ་ཚིག་སྲུངས༔ གཉེན་པོའི་དབང་ནི་སློབ་བུ་ཉིད༔ ཕྱག་རྡོར་དུ་ཡང་གསལ་བ་ལ༔ བླ་མ་ཆེ་མཆོག་དུ་གསལ་བས་སྙིང་ཁར་ཧཱུྃ་བྲི༔ ལག་དུ་རྡོ་རྗེ་དྲིལ་བུ་གཏད་ལ༔ ཧཱུྃ༔ གཏུམ་ཆེན་བཟང་པོ་དེང་ནས་ནི༔ ཁྱོད་ཀྱང་ཕྱག་རྡོར་སྐུ་རུ་གྱུར༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལྔ་རུ་དབང་ཡང་བསྐུར༔ ཁྱོད་ཀྱང་ཕྱག་རྡོར་སྐུར་གྱུར་ནས༔ དྲེགས་པ་ཀུན་གྱི་གཉེན་པོ་སྟེ༔ ཐམས་ཅད་དབང་སྡུད་ཚར་གཅོད་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཧོ༔ བུ་ཁྱོད་ཕྱག་རྡོར་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གྱུར་ནས༔ དྲེགས་པ་དབང་དུ་སྡུད་ཟིལ་གྱིས་མནན་ནས་བྲན་དུ་ཁོལ་ནུས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ གཉིས་པ་ནི༔ དབང་དངོས་བསྐུར་བ་ལ༔ གསེར་ལ་སོགས་དངོས་པོ་རྣམ་དག་གི་མཎྜལ་ལན་གསུམ་ཕུལ་བྱས་ལ༔ རྡོ་རྗེ་སློབ་དཔོན་ཆེ་མཆོག་ཏུ་གསལ་བས༔ གཏོར་མ་སྐུ་བཅས་དཔལ་མགོན་བསྐྱེད༔ སློབ་བུ་ཡང་མགོན་པོར་བསྐྱེད་པར་བྱ༔ རུ་མཚོན་བིང་གཡས་སྙིང་ཞགས་གཡོན༔ སྒྲུབ་ཡིག་སྙིང་ཁ་བླ་རྡོ་མཆན་དུ་གཏད༔ དཔལ་གཏོར་བུ་ཡི་སྤྱི་བོར་བཞག༔ ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཡོངས་རྫོགས་དཔལ་གྱིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས༔ ལྷ་ཆེན་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མ་ནིང་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ སྲོག་བདུད་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས༔ ཡུམ་མཆོག་དཔལ་འབར་བྱིན༴ མོས་པའི་བུ་ལ་དབང༴ བདུད་རྒྱལ་ཐོད་ཕྲེང་བྱིན་ཕོབ་ལ༔ གནམ་ལྕགས་སྤུ་གྲིས༴ ཚོགས་ཀྱི་བདག་པོས༴ བྷ་ག་ནག་པོས༴ བྱ་རྒོད་ཐང་ནག༴ ཏཱ་ཀི་ནག་པོས༴ འཛམ་ལྷ་ནག་པོས༴ གཟའ་བདུད་ནག་པོས༴ གཙུག་ལག་ཁང་སྐྱོང༴ ཁམས་གསུམ་དབང་དུ་འདུས་པའི་བྱིན་ཕོབ་ལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་བྱིན༴ ཕྲིན་ལས་རྣམ་བཞི་འགྲུབ་པའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཅེས་སོགས་ཚང་བར་བརྗོད་ལ་བསྐུར༔ ༈ སྲོག་དབང་གཏོར་མ་ལ་བརྟེན་ནས་བསྡུས་པར་བསྐུར་བ་ནི༔ གཏའ་གཏོར༔ རྒྱུན་གཏོར༔ མཆོད་ཚོགས་བཤམ་ལ་ལས་གཞུང་བསྲང༔ མ་ནིང་སྔགས་ཀྱིས་ཁུག་པར་བཀུག༔ མཆོད་བསྟོད་ཚར་རྗེས་སུ༔ བདག་ཉིད་ཆེ་མཆོག་ཏུ་གསལ་བས༔ དཔལ་གཏོར་སྐུ་དང་བཅས་པ་དཔལ་མགོན་སྐུ་དངོས་སུ་བསྐྱེད་ལ༔ སློབ་མ་ཡང་མ་ནིང་དུ་བསྐྱེད་ལ༔ བིང་དང་རུ་མཚོན་གཡས༔ སྙིང་དང་ཞགས་པ་གཡོན༔ སྒྲུབ་ཡིག་སྙིང་ཁ༔ བླ་རྡོ་མཆན་དུ་གཏད༔ གཏོར་མ་སྤྱི་བོར་བཞག་ལ༔ གོང་གི་བྱིན་འབེབ་བྱ་ཞིང་རོལ་མོ་བསྒྲགས༔ ཆེ་མཆོག་དང་མ་ནིང་གི་རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨཱ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨཱ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨཱ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག་ཅིང་སློབ་བུ་ལ་ཡང་ཡང་བསྟིམ༔ རྩ་སྔགས་མང་དུ་བཟླས་སོ༔ དེས་ཀྱང་དབང་བཞི་དམ་པར་ཐོབ་ནས༔ ཕྲིན་ལས་འགྲུབ་པར་འགྱུར་རོ༔ མ་ནིང་གི་གསང་སྒྲུབ་དབང་ལས་ཚོགས་བཅས་པ་དགེ་རིའི་བྲག་ལ༔ ྀཨཚ༔ ས་མ་ཡ༔ གཏེར་རྒྱ༔ གཏད་རྒྱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ དགེ་རི་བྲག་ནས་རཏྣ་གླིང་པས་བཏོན། །སུ་ལ་མ་བསྟན་སྙིང་གི་དཀྱིལ་དུ་ཆོངས། །སྙིང་གི་བུ་མཆོག་གཅིག་དང་འཕྲད་པར་ཤོག །རྒྱ་རྒྱ་རྒྱ། ཤུ་བྷཾ།། །།

གཟའ་གདོང་སྙིང་རྐུན་གྱི་སྔགས་ (Volume 23, Text 28)

གཟའ་གདོང་སྙིང་རྐུན་གྱི་སྔགས་ནི༔ ཨོཾ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿཧཱུྃ༔ ཨོཾ་རཀྴ་རཱ་ཧུ་ལ་པ་ཤ་མི་གྷི་ཧྲིང་ཧྲིང་ཛཿཛ༔ དགྲ་བོའི་སྲོག་ལ་རྦད་རྦད༔ དབུགས་ལ་རྔཾ་རྔཾ༔ ཤ་ལ་ཧབ་ཧབ༔ ཁྲག་ལ་ཧུབ་ཧུབ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད༔ སྲིན་པོ་ལངྐ་མགྲིན་བཅུའི་སྲོག་སྔགས་ནི༔ ཨོཾ་རཀྴ་རཱ་ཙ་རཀྴ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཨ་མུ་ཀ་ཤ་ཏྲུཾ་ཆེ་གེ་མོ་ཀ་ཡ་ཧབ་ལིང༔ མུག་ཐིམ༔ ཙིཏྟ་རྦད༔ སྲོག་ལ་མཱ་ར་ཡ་ཧབ་ལེ་ཧབ་ལེ་ས་མ་ཡ་ཛ༔ རཀྴ་རཱ་ཙ་རཀྴ་སརྦ་ས་མ་ཡ་རྒྱུག་རྒྱུག་བྲེང་བྲེང་ཤ་ཏྲུཾ་ཙིཏྟཾ་སྲོག་ལ་མཱ་ར་ཡ་ཛཿཛཿཧཱུྃ་བྷྱོཿཕཊ༔ ཀླུ་རྒྱལ་ནཱ་ག་རཀྴའི་སྔགས་ནི། ཨོཾ་བེ་ཤ་ནཱ་ག་དུ་བྷྲཱུྃ༔ ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་སརྦ་ས་མ་ཡ་དམ་ཏྲི་ཡ་མ་དུ་རཾ་རཀྴ་ནཱ་ག་དུ་ན་ཡ༔ དགྲ་བོ་མི་ནོར་འཁོར་བཅས་ཕུང་ཞིག༔ མཱ་ར་ཡ་སོད༔ ཡཾ་རྦད༔ མ་གཅིག་དཔལ་ལྷའི་སྔགས་ནི། ཨོཾ་ཤྲཱི་དེ་ཝཱི་སརྦ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཧཱུྃ༔ སྔགས་ཤམ་དུ། སིདྡྷི་རཏྣ་ཨངྐུ་ཤ་ཛཿཤཱིནྟཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་མ་མ་ཀུ་རུ་ཧོ༔ ལས་མཁན་མཱ་ར་སྙིང་ཟན་གྱི་སྔགས་ལ། ཨོཾ་ཙིཏྟ་ཁ་ཧོ༔ མཱ་ར་ཏྲི་ཙིཏྟ་ཧྲིང་ཧྲིང༔ ཨ་མུ་ཀ་སརྦ་ཙིཏྟ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཤན་པ་ར་མགོའི་སྔགས་ནི། ཨོཾ་མུཎྜ་ཀ་ས་ཡེ་ཚ་ག་ཙིཏྟ་ཧྲིང་ཧྲིང༔ ཨེ་ཨ་ར་ལི་ས་མ་ཡ་ཛ༔ ཨོཾ་མུཎྜ་ཀ་ས་ཡེ་ཚཱ་ག་ས་པ་རི་ཝཱ་ར་ས་མ་ཡ་ཧཱུྃ་ཕཊ༔ ཨ་མུ་ཀ་ཤ་ཏྲཱུཾ་མུག་ཤུམ་ཙིཏྟ་རྦད༔ ཙིཏྟ་སྲོག་མཱ་ར་ཡ་ཛ་ཛ༔ ཐང་ལྷ་གངས་བཙན་གྱི་སྔགས་ནི། ཨོཾ་དྷེ་བ་ཙན་ཏྲི་ཨེ་ཨཱ་ར་ལི་ཧྲིང་ཧྲིང་ཛ་ཛ༔ ཨོཾ་དྷེ་ཝ་ཙན་ཏྲི་ནཱ་ག་ཨ་མུ་ཀ་ཙིཏྟ་མཱ་ར་ཡ་རྦད༔ ཙིཏྟ་མྱོགས༔ ཙིཏྟ་གཏུབས༔ ཙིཏྟ་ནན༔ མངྒ་ལཾ།། །།

ཡང་དག་བདེ་ཆེན་སྙིང་པོའི་བསྙེན་ཡིག་གསང་ལམ་བརྡ་མཚོན་ (Volume 27, Text 28)

༄༅། །ཡང་དག་བདེ་ཆེན་སྙིང་པོའི་བསྙེན་ཡིག་གསང་ལམ་བརྡ་མཚོན་བཞུགས་སོ། ། བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །ཚེ་གཅིག་ཉིད་ལ་ངེས་སྟེར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཡང་དག་གྲུབ་པ་གཅིག་པུ་ལ། །ཕྱག་བྱས་ནས་ནི་ལམ་འདི་ལ། །འཇུག་བརྩོན་སྐལ་བཟང་བློ་དམན་ཆེད། །བརྡ་སྟོན་ཙམ་གྱིས་བསྙེན་པའི་ཐབས། །དམ་པའི་ཕྱག་བཞེས་གསལ་བར་བྱ། །བྱིན་རླབས་འཕོ་བའི་དབང་གིས་རྒྱུད་སྨིན་ཅིང་མན་ངག་ནོས་ཏེ་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། གནས་བཟང་ཞིང་ཡིད་དུ་འོང་བར་ཡར་ངོའི་ཚེས་དགེ་ཞིང་བཀྲ་ཤིས་པ་ལ་དབུ་བརྩམ། མཆོད་སྦྱིན་བཤགས་སྐོང་སོགས་བར་ཆད་ཞི་ཞིང་བསམ་དོན་འགྲུབ་པའི་དགེ་བའི་དཔུང་བསྐུལ་ཅི་ནུས་སྔོན་དུ་སོང་ནས། སྒྲུབ་པའི་གནས་སུ་འབྱོར་ན་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྒྲུབ་དཀྱིལ་དངོས་གྲུབ་འབྱུང་བ་ནས་བཤད་པ་ལྟར། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་ས་ཆོག་ཐིག་ཚོན་བྱིན་རླབས་བྱས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའམ་ཡང་ན་རས་བྲིས་བཀྲམ། དེ་ཙམ་ཡང་མ་འབྱོར་ན་མཎྜལ་དྲི་བཟང་གིས་སྦགས་པའི་འབྲུའི་ཚོམ་བུ་དགུ་བཀོད། དཀྱིལ་འཁོར་དེ་གསུམ་གང་རུང་གི་དབུས་སུ་ཐུགས་ཀྱི་རྟེན་མར་མེ། དེ་སྟེང་རྐང་གསུམ་ཁར་གསུང་གི་རྟེན་ཐོད་པ་མཚན་ལྡན་བདུད་རྩི་རིལ་བུའམ་ཆང་ལ་ཆོས་སྨན་བཏབ་པས་བཀང་བའི་སྟེང་། སྐུའི་རྟེན་ཐོད་སྐུས་དགབ་ཅིང་དར་མཐིང་ནག་གི་གུར་ཕུབ། རྒྱབ་ངོས་སྟེགས་བུའི་དབུས་སུ་དཔལ་གཏོར་ཟླ་གམ་དགུ་པ། གཡས་གཡོན་ཆོས་སྲུང་སྤྱི་དང་བྱེ་བྲག་གི་གཏོར་མ་གང་འོས་དང་སྨན་རཀ །དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་བཅས་བཤམ་པའམ། སྐུ་གསུང་ཐུགས་རྟེན་མ་འབྱོར་ན་དཀྱིལ་འཁོར་དབུས་སུ་དཔལ་གཏོར། གཡས་གཡོན་སྨན་རཀ །མདུན་དུ་ཕྱི་མཆོད་ཙམ་བཤམས་པས་ཀྱང་རུང་། སྔོན་འགྲོ་དཀར་བགེགས། སྤུ་གྲི་མཆེད་གསུམ་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་དང་། ཐོད་རྔ། རྡོར་དྲིལ། སྤོས་དང་ཡུངས་ཐུན་ཏེ་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ། དགོང་ཐུན་ཞིག་ནས་དབུ་བཙུགས། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་གཏང་། དངོས་གཞིའི་ཉམས་ལེན་གྱི་ཡི་གེ་ཆོག་ཁྲིགས་ཟུར་གསལ་སྙིང་པོར་དྲིལ་བ་ཉིད་ལེགས་ཤིང་སྐབས་སུ་བབས་པས། དེའི་སྐྱབས་སེམས་དང་ཡན་ལག་བརྒྱད་པ་སོང་མཚམས། དཀར་གཏོར་སྤྱི་ལྟར་བསྔོས་ལ་སྒྲུབ་པའི་གྲོགས་ཀྱི་ཕྲིན་ལས་བཅོལ། བགེགས་གཏོར་བྱིན་ལ་བདེན་སྟོབས་བརྗོད་ཅིང་བཀའ་བསྒོ་བས་བགེགས་བསྐྲད། སྒོ་རྩར་ཐོ་དཀར་པོ་རྒྱལ་ཆེན་བཞིར་མོས་ལ་འགྲུབ་ན་གཏོར་འབུལ་ཕྲིན་བཅོལ་བྱས་ཏེ་ཕྱིའི་མཚམས་བཅད། ཧཱུྃ། ང་ནི་རང་བྱུང་སོགས་བརྗོད་ལ་ཁྲོ་བོ། རྡོ་རྗེ། མེ་རིའི་གུར་སུམ་སྦྲགས་བརྟན་པའི་ནང་དུ་བར་ཆད་ཕྲ་རགས་གང་གིས་ཀྱང་གླགས་མི་རྙེད་པར་བསམས་ལ་ནང་མཚམས་བཅད། ཡིད་ཉོན་མོངས་བསྐྱེད་པར་བྱེད་པའི་ཐ་མལ་གྱི་རྣམ་རྟོག་མཐའ་དག་རྦད་ཀྱིས་བཅད་དེ་གསང་བའི་མཚམས་བཅད་པ་ཉམས་ལེན་མཐར་སྐྱེལ་ཞེ་དམ་དྲག་པོ་བྱས་ཏེ་དེ་ཕྱིན་དམིགས་འོག་མ་ཚུད་པའི་གཏུག་འགྲུལ་སོགས་སྤང་། དེ་ནས་བརྡ་སྒོ་དབྱེ་དམ་བཅའ་བྱིན་དབབ་བྱིན་བརླབ་སྔོན་དུ་འགྲོ་བས་དངོས་གཞི་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བདག་དང་སྒྲུབ་རྫས་སོགས་སྣང་སེམས་བདེ་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ཅིང་སྤྱན་དྲངས་པ། བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས། དུང་ཆེན་ལ་སོགས་པའི་བགྲང་ཕྲེང་ལག་པ་གཡོན་པར་བསྐྱིལ་བའི་མདོ་འཛིན་སྟེང་དུ་ཡོང་བར་བྱས་ལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་བགྲང་ཕྲེང་དཔལ་ཆེན་ཡང་དག་བདེ་ཆེན་སྙིང་པོའི་ལྷ་ཚོགས་སུ་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོཿ རྩ་སྔགས་ཉེར་གཅིག་ཙམ་བཟླས་མཐར་ཨརྒྷཾ་སོགས་ཀྱིས་མཆོད། བདག་མེད་ཕྱོགས་བྲལ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། ལྷ་ཚོགས་འོད་དུ་ཞུ། ཕྲེང་བ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར། འགྱུར་སྔགས་དང་དབྱངས་གསལ་ལན་བདུན་བཟླས་པའི་རྗེས་དབྱངས་གསལ་ཡེ་དྷར་གསུམ་གྱིས་དེ་བརྟན་པར་བྱས་ལ་ཕྱིས་འགོམ་ཡུག་སོགས་བྱིན་རླབས་ཉམས་པའི་རྒྱུ་བྱུང་ན་སླར་བསྐྱར་རོ། །དེ་ནས་ཡིག་བདུན་དང་ཐུགས་སྔགས་སྦྲེལ་བ་སྟོང་རྩ་ཙམ་གྲུབ་པ་དང་། དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་གསུམ་གསུམ། སྟོང་ཚིགས་མཆོད་བསྟོད་བྱས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་དཀྱིལ་འཁོར་ནཱ་དའི་བར་དུ་བསྡུས་ལ་ནཱ་ད་འོད་གསལ་དུ་བསྟིམས་ཏེ་མཉམ་པར་འཇོག །ཕཊ་ཕཊ་ཕཊ་ཀྱིས་གཉུག་མའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་ལངས་ལ། བདེ་ཆེན་མཆོག་གི་དངོས་གྲུབ་སྒྲུབ་པའི་བར་ཆད་སེལ་ཕྱིར་རྒྱུན་གྱི་རྣལ་འབྱོར་ཙམ་ལ་བརྟེན་པའམ། སྐད་ཅིག་དྲན་རྫོགས་སུ་གསལ་བས་རྡོ་རྗེ་ཕུར་པའི་བཟླས་པ་བརྒྱ་རྩ་སོགས་བྱས་ལ། རྩ་གསུམ་སྤྱི་དང་། བྱེ་བྲག་གཏེར་སྲུང་སྤུ་གྲི་མཆེད་གསུམ་སོགས་ཀྱི་གཏོར་འབུལ། ཚོགས་མཆོད་རྗེས་ཆོག་བཅས་བྱས་ལ། གཏོར་མགྲོན་ཡེ་ཤེས་བརྟན་བཞུགས་དང་འཇིག་རྟེན་པ་གཤེགས་སུ་གསོལ་ཞིང་བཀྲ་ཤིས་བསྔོ་སྨོན་གྱི་རྒྱས་གདབ། སྲོད་ཐུན་ལ་སླེབ་པ་དང་སྐྱབས་སེམས་ཡན་ལག་བརྒྱད་པ། སྲུང་འཁོར་གསལ་འདེབས། བརྡ་སྒོ་ཕྱག་ནས་བསྟོད་པའི་བར་བཏང་ལ། བཟླས་པ་ཇི་ཙམ་ནུས་པའི་མཐར་ཁ་སྐོང་སྟོང་ཚིགས་འབུལ། སྣོད་བཅུད་འོད་གསལ་དུ་བསྡུས་ལ་དུས་གསུམ་གྱི་རྟོག་པ་གང་གིས་ཀྱང་མ་བསླད་པར་མནལ། ཐོ་རེངས་གནས་ཡུལ་གྱི་མ་མོ་བརྒྱད་ཀྱིས་རུ་ལུའི་སྒྲ་སྒྲོག་པས་གཉིད་སད་པར་མོས་པས། རླུང་རོ་བསལ་ལ་ངག་བྱིན་གྱིས་བརླབ། དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་གསལ་གདབ། རིག་པ་དྭངས་སྙིགས་ཕྱེ་བར་བྱས་ལ་དམ་བཅའི་གོས་གྱོན། སྐྱབས་སེམས་ནས་བཟླས་པའི་བར་སྲོད་ཐུན་ཇི་ལྟ་བ་བཞིན་དང་། བཟླས་པའི་ཐོག་མཐའ་གང་རུང་དུ་རླུང་རྔུབ་པ་ཨོཾ། གནས་པ་རུ་ལུ་རུ་ལུ་ལན་གཉིས། དབྱུང་བ་ཧཱུྃ་བྷྱོ་ཧཱུྃ་སྟེ་རབ་བུམ་ཅན། མི་ཆུན་ན་བར་རླུང་དང་སྦྱར་བའི་རྡོར་བཟླས་ཅི་འགྲུབ་བྱས་ན་ཕན་ཡོན་ལྷག་པར་ཆེ་ཞིང་། ཐུན་མཐར་ཁ་སྐོང་སྟོང་ཚིགས་བསྡུ་ལྡང་བསྔོ་སྨོན་རྣམས་བྱ། སྔ་ཐུན་ལ་སྐྱབས་སེམས་ནས་བརྩམ། ཐོར་ཐུན་དང་འདྲ་ཞིང་། དགོང་ཐུན་ཡང་དེ་ལྟར་ལ་མཇུག་ཏུ་ཕུར་བཟླས། གཏོར་འབུལ་སོགས་ཉིན་དང་པོར་སྨོས་པ་ལྟར་ལ། འགྲུབ་ན་ཚོགས་མཆོད་ཀྱང་རྒྱུན་དུ་བྱ་བ་སྤྲོ་ན་ལས་བསྡུ་བ་ལ་དགའ་ན་ཉ་སྟོང་བརྒྱད་གསུམ་ཚེས་བཅུ་རྣམས་ལ་ངེས་པར་ཚོགས་མཆོད་ཀྱང་བྱའོ། །ཐུན་རེ་རེ་བཞིན་གྱི་ཕྱི་མཆོད་ཁ་གསོ། བཀའ་སྲུང་རྒྱུན་བཞག་ཡོད་ན་ཉིན་རེ་ལན་རེ་གསོ། བཟླས་དམིགས་དངོས་གཞི་བདེ་ཆེན་བཟླས་པ་བྱ་ཞིང་། མཉམ་རྗེས་ཀུན་ཏུ་ཁྱེར་སོ་དང་མ་བྲལ་བས་ཁ་ཟས་ལ་སོགས་པའི་རྣལ་འབྱོར་དང་། མཚམས་ཀྱི་སྤང་བླང་གསང་བ་སྤྱི་ལྟར་ཤེས་པས་འདོར་ལེན་བྱ། ཁྱད་པར་གུང་གཉིས་དང་ཟེར་གཉིས་ལ་དོགས་འཛེམ་གནད་དུ་ཆེ་བས་བག་ཡོད་ཀྱི་གོ་ཆ་བགོ །དེ་ལྟ་བུའི་ཚུལ་གྱིས་དུས་རྟགས་གྲངས་ཀྱི་བསྙེན་པ་རབ་འབྲིང་ཐ་མ་གང་རུང་གཞུང་གཞན་ནས་བཤད་པ་ལྟར་འཁྱོལ་ནས། ནངས་པར་གྲོལ་རྒྱུའི་དོ་ནུབ་དགོང་ཐུན་ལ་གཏོར་ཚོགས་མཆོད་པ་བཟང་དུ་བཤམ། བཟླས་པ་ཆིག་སྟོང་ཙམ་སོང་ནས། སྙིང་པོ་ལ་ཕཊ་ཛཿས་བདག་བསྐྱེད་ལས་སྒྲུབ་རྫས་ཀྱི་གོ་སར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབྱེ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་མཆོད་ཅིང་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དངོས་གྲུབ། བརྟན་གཡོའི་དཔལ་འབྱོར་ཐམས་ཅད་འུབ་འུབ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། སྔགས་ཤམ་དུ། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ཅི་ནུས་བཟླ། རྗེས་བྱ་སོགས་སྔར་དང་འདྲ། སྲོད་ཐུན་དང་ཐོར་ཐུན་ལའང་དེ་ལྟར་བྱས་ལ། རི་རྩེར་ཉི་མ་ཤར་བ་དང་བསྟུན། ཁ་སྐོང་སྟོང་ཚིགས་མཐར། ཧཱུྃ། ལྷག་པའི་ལྷ་མཆོག་ཡང་དག་སོགས་ལན་གསུམ་དབྱངས་དང་བཅས་བརྗོད་ལ། སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ་བཏགས་པ་བརྗོད་བཞིན་སྒྲུབ་རྫས་ལྷར་གསལ་བ་གནས་གསུམ་དུ་གཏུགས་ཤིང་དབང་ལེན་པའི་དམིགས་པའི་མཐར། ལྷ་ཚོགས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཡང་དག་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་གྱུར་པའི་ང་རྒྱལ་བསྐྱེད། གཏོར་མ་དངོས་གྲུབ་ཏུ་ཤེས་པས་རོལ། དེ་ནས་གཏང་རག་གི་ཚུལ་དུ་མཆོད་གཏོར་འབུལ། ཚོགས་མཆོད་བསྔོ་སྨོན་བཀྲ་ཤིས་གཟབ་རྒྱས་རྗེས་ལྷག་མ་བཙོན་འཛིན་ཡོད་ན་ཕྱིར་དོར། སྲུང་མའི་གཏོར་མའང་གཤེགས། རྗེས་ཆོག་མཆོད་བསྟོད་ནོངས་བཤགས། ཡེ་ཤེས་པ་བརྟན་བཞུགས་འཇིག་རྟེན་པ་གཤེགས་གསོལ། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱས་ལ། ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་བཅས་གྲུབ་ནས། གཏོར་མཆོད་འབུལ་བ་ཐོ་འགྲོལ་ཞིང་བགས་ཀྱིས་གློད་དེ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལྟར་ནི་གསང་བ་སྤྱིའི་བསྐྱེད་རིམ་ལ་བརྟེན་པའི་བསྙེན་པ་དང་མཚུངས་པར་ལག་ཏུ་ལེན་པའི་ཚུལ་ཡིན་ལ། གཞུང་འདིའི་དགོངས་པའི་སྐབས་དོན་དངོས་ཀྱི་བསྐྱེད་རིམ་ནི། དུས་འཁོར་ལྷན་སྐྱེས་སོགས་དང་མཚུངས་པར་རྫོགས་རིམ་གྱི་རྟེན་དུ་འགྱུར་བའི་ཟབ་མོའི་བསྐྱེད་བཟླས་ཙམ་སྔོན་དུ་འགྲོ་བས་གཙོ་བོར་རྫོགས་པའི་རིམ་པ་བསྒོམ་པ་ཡིན་པར་མངོན་ལ། དེ་ལྟར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྟགས་ཐོན་དུ་གྲུབ་ནས། བསྐྱེད་བཟླས་ལ་གཞི་བཟུང་། ཐོ་རངས་རླུང་ལ་བརྟེན་པའི་རྡོར་བཟླས་དང་འཕོ་བ། ཉིན་པར་སྒྱུ་ལུས། མཚན་མོ་རྨི་ལམ་དང་འོད་གསལ། ཐམས་ཅད་དུ་ཕྱག་ཆེན་གྱི་རྒྱས་འདེབས་ཤིང་གསང་སྤྱོད་ཀྱི་བོགས་དབྱུང་བ་རྣམས་ནི་གཏེར་གཞུང་གསལ་བྱེད་དང་བཅས་པ་སྤྱི་དང་། བྱེ་བྲག་ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་བྱ་ལུགས་ལྟར་ཉམས་སུ་བླང་བ་གལ་ཆེ་ཡི། བསྐྱེད་རིམ་ལ་བརྟེན་པའི་སྒྲུབ་པ་ལས་སྦྱོར་ལ་སོགས་པ་ནི་གཞུང་འདིའི་བསྟན་དོན་གཙོ་བོ་མ་ཡིན་པས་འདོད་ན་དེ་དག་གསལ་བར་སྟོན་པའི་བཀའ་གཏེར་གྱི་ལུགས་གཞུང་གཞན་ལ་འཇུག་པར་རིགས་སོ། །ཨོ་རྒྱན་རྒྱལ་བ་གཉིས་པ་སོགས། རྒྱ་བོད་མཁས་གྲུབ་ཕལ་མོ་ཆེར། །ལྷ་འདི་ཁོ་ནས་གྲུབ་སྟེར་པ། །ཤེས་ནས་དོར་འདིའི་སྔོན་བསགས་ཅི། །འདིས་ཀྱང་བདེ་ཆེན་ལམ་བཟང་འདིར། །སྐལ་བཟང་བྱེ་བ་སྙེད་ཞུགས་ནས། །མི་ཕྱེད་གྲུབ་པའི་ཕྱག་རྒྱ་ཡིས། །འཁོར་བ་ཇི་སྲིད་འདེབས་གྱུར་ཅིག །ཅེས་པའང་བརྒྱུད་ལྡན་དམ་པའི་ཞལ་ལུང་ལས་མདོར་བསྡུས་པའི་ཚུལ་གྱིས་གཞན་ལ་ཕན་འདོད་ཀྱིས་སུག་བྲིས་པདྨ་གར་གྱི་དབང་ཕྱུག་གིས་དཔལ་སྤུངས་ཡང་ཁྲོད་དུ་བསྟར་བའོ། །དགེ་ལེགས་འཕེལ།། །།

ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པའི་ཆོ་ག་དང་དབང་བསྐུར་གནས་ལུང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར་ (Volume 48, Text 28)

༄༅། །ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པའི་ཆོ་ག་དང་དབང་བསྐུར་གནས་ལུང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ནཱ་ཐཱཀྵོ་བྷྱ་ཡ། མགོན་པོ་གང་གི་རྫོགས་སྨིན་སྦྱངས་པའི་མཚོར། །རྒྱལ་རྣམས་བསྔགས་པའི་མེ་ཏོག་མགྲིན་གཅིག་ཏུ། །འཐོར་བས་ཕྱོགས་བཅུའི་འཇིག་རྟེན་ཤིས་མཛད་པ། །མི་འཁྲུག་རྒྱལ་བའི་ཞབས་ལ་གུས་ཕྱག་འཚལ། །འཇུག་བདེའི་སྒྲུབ་ཐབས་པདྨའི་གསུང་། །འདིར་བརྟེན་མངོན་དགའི་ཞིང་མཆོག་ཏུ། །བགྲོད་འདོད་སྐལ་བཟང་ཡོད་ན་དེང་། །ཚུར་སྤྱོན་སྨིན་གྲོལ་བཅུད་ལ་རོལ། །འདིར་ལས་སྒྲིབ་རྣམ་པར་སྦྱོང་བའི་ཆོ་ག་རྒྱལ་དབང་པདྨཱཀ་རའི་བཀའ་སྲོལ་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གསུམ། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ། ཞུགས་པའི་ཆོ་ག་དངོས། དེའི་ཡན་ལག་གཞན་བཤད་པའོ། །དང་པོ་ནི། བདག་བསྐྱེད་བསྙེན་རྐྱང་བྱེད་ན་ཆུ་གཉིས་ཉེར་སྤྱོད་ཙམ་ལས་ཅིའང་མི་དགོས། དེའང་མི་འཛོམ་ན་ཡིད་སྤྲུལ་གྱིས་འཐུས། མདུན་བུམ་སྒྲུབ་མཆོད་སྐབས། སྟེགས་བུ་གཙང་མར་ཞི་དཀྱིལ་སྒོ་རྫོགས་སྤྱི་འགྲེའི་ནང་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཕྱག་མཚན་རྡོ་རྗེས་མཚན་པ། དཀྱིལ་འཁོར་མ་འཛོམ་ན་མཎྜལ་སྟེང་མེ་ཏོག་སྔོན་པོའི་ཚོམ་བུ་གཅིག་བཀོད་པའི་ཁར་ཁྲིའུའི་སྟེང་བུམ་པ་མགུལ་ཆིངས་སྔོན་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པ་བཞག །དབང་དང་འབྲེལ་སྐབས་སྐུ་རྟེན་དང་ཕྲེང་བ་རྡོ་རྗེ་སྔོན་པོ་རྣམས་ཀྱང་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཏོར་འབུལ་བྱེད་ན། རིན་པོ་ཆེའི་སྣོད་དུ་གཏོར་ཟླུམ་དཀར་པོ་དཀར་མངར་ཤིང་ཏོག་འབྲུ་སྣ་སོགས་དང་བཅས་པ་དང་། ཕྱི་གཏོར་ཡང་བཀོད། འབྱོར་ན་རྒྱན་དང་བླ་བྲེ་སོགས་མཆོད་པ་ཇི་ལྟར་ཚོགས་པ་དང་། ལས་བུམ་སྔོན་གཏོར་སོགས་ཀྱང་འདུ་བྱའོ། །གཉིས་པ་ཆོ་ག་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྔོན་གཏོར་ནི། དཀར་གཏོར། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་ཀླུ་དང་། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ཕྱི་རོལ་དུ་འབུལ། བགེགས་རྣམས། བཛྲ་ཨ་མྲྀཏ་སོགས་དང་། སུམྦྷ་ནིའི་སྔགས་ཀྱིས་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད། སྐྱབས་སེམས་ནི། ན་མོ༔ མཆོག་གསུམ་བླ་མ་མི་འཁྲུག་དཀྱིལ་འཁོར་ལྷ༔ སྲས་དང་སློབ་མར་བཅས་ལ་སྐྱབས་སུ་མཆི༔ ངན་སོང་གསུམ་སོགས་མཁའ་མཉམ་སེམས་ཅན་གྱི༔ སྡིག་སྒྲིབ་ཀུན་བྱང་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་གིས་མི་འཁྲུག་རྒྱལ་པོའི་སྒོམ་བཟླས་བྱ༔ འགྲོ་ཀུན་བྱང་ཆུབ་ལམ་ལ་རེག་གྱུར་ཅིག༔ ལན་གསུམ། མཆོད་པ་བྱིན་རླབས་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨཱོྃ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔ ནས་ ཤབྡ་ཨཱཿཧཱུྃ༔ བཛྲ་སྥ་ར་ཎ་ཁཾ། ཞེས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར། ཚོགས་གསག་སྒྲུབ་པའི་རྣལ་འབྱོར་རོ། །དང་པོ་ལ་བསྐྱེད་བཟླས་གཉིས་ལས་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་ནི། ཨཱོྃ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་དང༔ གདུགས་དང་རི་དྭགས་དར་དཔྱང་ལ་སོགས་པ༔ མཚན་ཉིད་ཀུན་རྫོགས་དབུས་སུ་པད་ཟླའི་གདན༔ རང་ཉིད་བཅོམ་ལྡན་མགོན་པོ་མི་འཁྲུག་པ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང༔ གཡོན་པས་མཉམ་གཞག་སྟེང་དུ་རྡོ་རྗེ་འཛིན༔ ཆོས་གོས་རྣམ་གསུམ་དབུ་ཡི་གཙུག་ཏོར་འཕགས༔ འོད་དང་འོད་ཟེར་བྱེ་བ་དགུ་ཁྲི་དཀྲིགས༔ ནམ་མཁའི་མདངས་འཚེར་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འབྲུ་གསུམ་འོད་འཕྲོས་རང་བཞིན་ནས༔ ཡེ་ཤེས་སེམས་དཔའ་ཐོགས་མེད་སྤྱན་འདྲེན་ནོ༔ ཧཱུྃ༔ རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བ་ན༔ དུག་གསུམ་ནད་སྦྱོང་བཅོམ་ལྡན་མི་འཁྲུག་པར༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་བསྐོར༔ དེང་འདིར་བདག་ཅག་དད་པས་སྤྱན་འདྲེན་གྱིས༔ ངན་འགྲོའི་སྡུག་བསྔལ་བསལ་སླད་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ དྲི་མེད་པདྨ་ཟླ་བའི་གདན་སྟེང་དུ༔ ངན་འགྲོའི་སྡུག་བསྔལ་སྦྱང་ཕྱིར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ ལམ་ངན་སྲིད་པའི་འཇིགས་པ་བསྲུང་དུ་གསོལ༔ ཡ་མི་ན་མོ༔ ཨཱོྃ༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ཆེ༔ ཕ་རོལ་ཕྱིན་པ་དྲུག་ལས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་བཀང་བྱས་ཏེ༔ སངས་རྒྱས་སྲས་དང་སློབ་མར་བཅས་པ་མཆོད༔ ཨཱོྃ་པ་ན་པེ་ནུ་སུ་ར་ཏ་ཏི་པུ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ཧཱུྃ༔ ན་མོ༔ ཕྱོགས་དུས་ཞིང་གི་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་རོལ༔ ཀུན་བཟང་མཆོད་པའི་སྤྲིན་དུ་མོས་བྱས་པ༔ བཅོམ་ལྡན་མགོན་པོ་མི་འཁྲུག་པ་ལ་འབུལ༔ འགྲོ་ཀུན་སྡིག་སྒྲིབ་སྦྱང་ཕྱིར་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། ན་མོ༔ སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་འདུས་པའི༔ སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ ས་གནོན་མཉམ་གཞག་སྙིང་པོའི་ཏིང་འཛིན་ཅན༔ རིགས་མཆོག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ ཁོང་ཁྲོའི་གྲིབ་ཀྱིས་ངན་འགྲོར་ལྟུང་ངོ་ཞེས༔ ཁྲོ་བ་སྤངས་ནས་ཞི་བདེའི་ལམ་བཟང་སྟོན༔ མཉམ་ཉིད་གནས་ཞེས་རྒྱལ་ལ་ཞལ་འཆེས་མཛད༔ བརྩེ་ལྡན་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ༔ ངན་སོང་སྡུག་བསྔལ་སྦྱོང་བར་དམ་བཅས་ནས༔ བརྩེ་ཆེན་གང་ལ་གང་འདུལ་སྐུར་སྟོན་པའི༔ འགྲོ་ཀུན་སྒྲིབ་པ་བསལ་མཁས་ཁྱོད་ཕྱག་འཚལ༔ ཞེས་མཆོད་བསྟོད་བྱས་ནས། གཉིས་པ་བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་སྔོན་པོའི་མཐར། །གཟུངས་སྔགས་བཻ་ཌཱུརྻ་ཡི་ཕྲེང་བ་ལྟར། །གཡས་སུ་བསྐོར་བས་འོད་འཕྲོས་ཁམས་གསུམ་ཁྱབ། །ལས་སྒྲིབ་ཐམས་ཅད་རྣམ་པར་སྦྱངས་པར་གྱུར། །ཅེས་གསལ་བཏབ་ལ། ཨཱོྃ་བཛྲ་ས་མནྟ་པ་ཏྲི་ཧཱུྃ༔་་་གཏེར་གཞུང་ལ་ཡོད་པས་བཞག།མཆན། ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨཱོྃ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླ་འོ། །བསྙེན་ཚད་ནི། རབ་སྒྲིབ་པ་བྱང་བའི་རྟགས་ཡིད་ཆེས་པ་དང་། དེ་བཞིན་གཤེགས་པས་དབུགས་དབྱུང་བ་སོགས་མ་བྱུང་བར་དུ་བཟླ་དགོས་ལ། འབྲིང་བྱེ་བ། ཐ་མས་བཞི་འབུམ་ནས་ཆིག་འབུམ་གྱིས་འགྲུབ། སྤྱིར་བརྒྱ་སྟོང་ཁྲི་སོགས་ཇི་ཙམ་འགྲུབ་ཀྱང་དེ་མཚུངས་ཀྱི་ཕན་ཡོན་ཐོབ་པས་འབྲེལ་པ་ཐོགས་པར་བྱའོ། །ཐུན་མཐར། ཨཱོྃ༔ བཅོམ་ལྡན་མི་འཁྲུག་མགོན་པོ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱེད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ་བོ། །དེ་ནས་བདག་བསྐྱེད་རྐྱང་པ་ཡིན་ན་གཤམ་གསལ་བསྡུ་ལྡང་དང་བསྔོ་སྨོན་བྱའོ། །གཉིས་པ་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་ལ་གཉིས། ཚོགས་རྟེན་སྒྲུབ་པ། ཚོགས་གསག་དངོས་སོ། །དང་པོ་ནི། ཨཱོྃ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་དང༔ གདུགས་དང་རི་དྭགས་དར་དཔྱང་ལ་སོགས་པ༔ མཚན་ཉིད་ཀུན་རྫོགས་དབུས་སུ་པད་ཟླའི་གདན༔ དེ་སྟེང་བཅོམ་ལྡན་མགོན་པོ་མི་འཁྲུག་པ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང༔ གཡོན་པས་མཉམ་གཞག་སྟེང་དུ་རྡོ་རྗེ་འཛིན༔ ཆོས་གོས་རྣམ་གསུམ་དབུ་ཡི་གཙུག་ཏོར་འཕགས༔ འོད་དང་འོད་ཟེར་བྱེ་བ་དགུ་ཁྲི་དཀྲིགས༔ ནམ་མཁའི་མདངས་འཚེར་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འབྲུ་གསུམ་འོད་འཕྲོས་རང་བཞིན་ནས༔ ཡེ་ཤེས་སེམས་དཔའ་ཐོགས་མེད་སྤྱན་འདྲེན་ནོ༔ ཧཱུྃ༔ རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བ་ན༔ དུག་གསུམ་ནད་སྦྱོང་བཅོམ་ལྡན་མི་འཁྲུག་པར༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་བསྐོར༔ དེང་འདིར་བདག་ཅག་དད་པས་སྤྱན་འདྲེན་གྱིས༔ ངན་འགྲོའི་སྡུག་བསྔལ་བསལ་སླད་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ དྲི་མེད་པདྨ་ཟླ་བའི་གདན་སྟེང་དུ༔ ངན་འགྲོའི་སྡུག་བསྔལ་སྦྱང་ཕྱིར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཏང་། གཉིས་པ་ཚོགས་གསག་དངོས་ལ་བཞི། ཕྱག །མཆོད་པ། ཡན་ལག་ལྷག་མ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། ན་མོ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་འདུས་པའི༔ སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ ས་གནོན་མཉམ་གཞག་སྙིང་པོའི་ཏིང་འཛིན་ཅན༔ རིགས་མཆོག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཁོང་ཁྲོའི་གྲིབ་ཀྱིས་ངན་འགྲོར་ལྟུང་ངོ་ཞེས༔ ཁྲོ་བ་སྤངས་ནས་ཞི་བདེའི་ལམ་བཟང་སྟོན༔ མཉམ་ཉིད་གནས་ཞེས་རྒྱལ་ལ་ཞལ་འཆེས་མཛད༔ བརྩེ་ལྡན་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ༔ ངན་སོང་སྡུག་བསྔལ་སྦྱོང་བར་དམ་བཅས་ནས༔ བརྩེ་ཆེན་གང་ལ་གང་འདུལ་སྐུར་སྟོན་པའི༔ འགྲོ་ཀུན་སྒྲིབ་པ་བསལ་མཁས་ཁྱོད་ཕྱག་འཚལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ ལམ་ངན་སྲིད་པའི་འཇིགས་པ་བསྲུང་དུ་གསོལ༔ ཡ་མི་ན་མོ༔ གཉིས་པ་མཆོད་པ་ལ་ཐོག་མར་མཆོད་སྤྲིན་སྤྲོ་བ་ནི། ཨཱོྃ༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ཆེ༔ ཕ་རོལ་ཕྱིན་པ་དྲུག་ལས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་བཀང་བྱས་ཏེ༔ སངས་རྒྱས་སྲས་དང་སློབ་མར་བཅས་པ་མཆོད༔ ཨཱོྃ་པ་ན་པེ་ནུ་སུ་ར་ཏ་ཏི་པུ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ཧཱུྃ༔ ཆུ་གཉིས་ཉེར་སྤྱོད་ནི། ན་མོ༔ ཕྱོགས་དུས་ཞིང་གི་མཆོད་ཡོན་ཇི་སྙེད་རྣམས༔ ཀུན་བཟང་མཆོད་པའི་སྤྲིན་དུ་མོས་བྱས་པ༔ བཅོམ་ལྡན་མགོན་པོ་མི་འཁྲུག་པ་ལ་འབུལ༔ འགྲོ་ཀུན་སྡིག་སྒྲིབ་སྦྱང་ཕྱིར་བཞེས་སུ་གསོལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དེས་འགྲེས་ཏེ། མཆོད་ཡོན་མལ་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ་ པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་བིདྱཱ། ཤབྡ་རྣམས་བཅུག་ལ་མཆོད། དེ་ནས་རིན་ཆེན་སྣ་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་བཟད་གཏེར་ལ་སྤྱོད་པར་ཤོག །ཨཱོྃ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་ཕུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨཱོྃ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་ལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །བཅོམ་ལྡན་རྒྱལ་བ་སྲས་དང་བཅས་པ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨཱོྃ་ཨཥྚ་མངྒ་ལཾ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨཱོྃ་བཛྲ་ཝསཏྲ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་ཡན་ལག་ལྷག་མ་རྣམས་ནི། གང་ཞིག་ཐོགས་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོགས་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པ་ཙམ་མམ། ཅུང་ཟད་སྤྲོ་ན་མཆོད་པའི་འཕྲོས་སུ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྦྱར་ཡང་ལེགས་སོ། །བཞི་པ་བཟླས་པ་ནི། རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། མདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ཨཱོྃ་བཛྲ་ས་མནྟ་པ་ཏྲི་ཧཱུྃ༔་་་གཏེར་གཞུང་ལ་ཡོད་པས་བཞག།མཆན། ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨཱོྃ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ༔ ཞེས་གཟུངས་ཅི་ནུས་བཟླ། བུམ་པ་རང་བྱུང་གཞལ་ཡས་ཁང་པ་རུ། །བཅོམ་ལྡན་མི་འཁྲུག་རྒྱལ་བ་གསལ་བ་ཡི། །སྐུ་ལས་ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །ཅེས་གཟུངས་ཐག་བླངས་ལ་བུམ་བཟླས་བྱ། ཨཱོྃ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་བས་བུམ་ཆུ་བདུད་རྩིར་གྱུར། དབང་དང་གནས་ལུང་འབྲེལ་ན་སྐབས་འདིར་ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་མཐུན་བྱ། གསུམ་པ་རྗེས་ཀྱི་རིམ་པ་ལ། གཏོར་འབུལ་སྤྲོ་ན། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་སྤྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རང་བཞིན་ཟད་མི་ཤེས་པར་གྱུར། །ཨཱོྃ་ཨཱཿཧཱུྃ། ལན་གསུམ་བརྗོད། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱི༔ སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར༔ ཨཱོྃ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཕྱི་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གྱིས་བརླབ། ཐུགས་ཀའི་འོད་ཟེར་གྱིས་རྣམ་བཞིའི་མགྲོན་རིགས་སྐད་ཅིག་གིས་འདུས་པར་གྱུར། བཛྲ་ས་མཱ་ཛཿ སམྦྷ་ར་ལན་བདུན་གྱིས་བསྔོས། ཧཱུྃ༔ རིན་ཆེན་རྒྱ་ཆེན་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ མི་མཉེས་པ་ནི་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ མགྲོན་རྣམས་མ་ལུས་འཁོར་བཅས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་སོགས་སེམས་ཅན་ཐམས་ཅད་ཀུན༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་དང་། མཆོད་སྦྱིན་གཏོར་མ་སོགས་སྤྱི་ལྟར་བརྗོད་ལ་ཕྲིན་ལས་བཅོལ། སྭ་སྡྱཱ་ན་གཙྪས་གཤེགས་སུ་གསོལ། དེ་ནས་མཆོད་པ་ཁ་གསོས་ལ་བྱིན་རླབས། ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་པ་སྔགས་མཆོད་ཙམ་གྱིས་འབུལ་ལ། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུག་ལའོ། །ཞེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། མདུན་བསྐྱེད་རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། བདག་བསྐྱེད་ནི། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེའང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པར་གྱུར། ཅེས་མཉམ་པར་གཞག །སླར་བཅོམ་ལྡན་འདས་མི་འཁྲུག་པའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་བསྡུ་ལྡང་བྱ། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཤླཽ་ཀ་གཉིས། གཞན་ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་ཅི་རིགས་དང་། ཁྱད་པར་མངོན་དགའི་ཞིང་སྨོན་གདབ། ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱ་ཆེར་བྱའོ།། །། ༈ གསུམ་པ་དེའི་ཡན་ལག་རྣམ་གྲངས་མང་ཡང་འདིར་ཉེ་བར་མཁོ་བ་ལ་གསུམ། སློབ་མ་རྗེས་འཛིན། གནས་ལུང་། བྱབ་ཁྲུས་རྣམས་སོ། །དང་པོ་ནི། བཅའ་གཞི་གོང་སྨྲོས་དང་། བདག་མདུན་སྒྲུབ་མཆོད་ལས་བུམ་བསྐྱེད་བཟླས་བར་སོང་ནས། ཏིང་ངེ་འཛིན་གྱི་དབང་ལེན་བྱ། སློབ་མ་གཞུག་པར་གནང་བ་ཞུ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སྤྱི་ལྟར་བྱ་དགོས་མིན་སྐབས་དང་བསྟུན། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་སྤྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་བརྙེས་པར་མཚུངས་པས་ངོ་བོ་ལ་ཁྱད་པར་བྱར་མེད་ཀྱང་། ཐོག་མའི་ཐུགས་བསྐྱེད་ཚུལ་དང་སྨོན་ལམ་གྱི་ཁྱད་པར་ལས་ཕྲིན་ལས་ཀྱི་རྣམ་པ་སྟོན་ཚུལ་རྒྱ་ཆེ་ཆུང་ཅི་རིགས་འབྱུང་བ་ལས། བཅོམ་ལྡན་འདས་མི་འཁྲུག་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་། སྨོན་ལམ་ཆེན་པོ་བརྒྱད། ནན་ཏན་དུ་བྱ་བ་བདུན། སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་སོགས་ཡོངས་སུ་གྲུབ་པས་སངས་རྒྱས་གཞན་ལས་ཁྱད་པར་དུ་བྱས་ཤིང་ད་ལྟ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་འཚོ་ཞིང་གཞེས་ལ་ཆོས་སྟོན་པར་མཛད་པ་སྟེ། དེའི་ཡ་མཚན་གྱི་རྣམ་པར་ཐར་པ་ལ་བདག་ཅག་གི་སྟོན་པ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རང་རང་གི་ཞིང་ཁམས་རྣམས་སུ་བསྔགས་པ་གསུངས་པར་མཛད་ལ། བྱེ་བྲག་ཏུ་མགོན་པོ་གང་གི་མཚན་དང་གཟུངས་སྔགས་ཙམ་འཆང་བ་ལ་ཐོགས་མེད་ནས་བསགས་པའི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། བདུད་དང་བདུད་རིས་ཀྱི་ལྷ་རྣམས་ཀྱིས་ནམ་ཡང་བར་གཅོད་རྩོམ་མི་ནུས་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་རྒྱ་ཆེན་པོ་ཐོབ་པའི་ཕྲིན་ལས་མངའ་བས་ཁྱད་པར་དུ་འཕགས་པ་སྟེ། གཟུངས་མདོ་ལས། འདི་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པའང་བྱང་བར་འགྱུར་རོ། །ཞེས་དང་། ལན་གཅིག་བཟླས་ན། བཀྲ་མི་ཤིས་པ་དང་། ལྟས་ངན་པ་དང་། རྨི་ལམ་ངན་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་དང་། གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་མ་ཡིན་རྣམས་ཀྱང་རུང་སྟེ་འཆི་བའི་ཚེ་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་སོགས་དང་། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་བསྐུར་པ་བཏབ་པའང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ནའང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན་འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨྲོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུག་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །ཞེས་སོགས་དང་། ལུས་ལ་འཆང་ངམ་གླེགས་བམ་ལ་བྲིས་ཏེ་མགུལ་དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་སྲུང་བའི་མཆོག་ཏུ་འགྱུར་བ་སོགས་རྒྱ་ཆེར་བསྔགས་པ་འདི་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་འགའ་ཞིག་འབྱུང་བ་ལས། འདིར་ནི་སངས་རྒྱས་གཉིས་པ་པདྨཱཀ་རའི་ཞལ་ལུང་སྤྲུལ་པའི་གཏེར་ཆེན་བྱང་ཆུབ་རྒྱལ་མཚན་གྱི་ཟབ་གཏེར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ་སྟེ། དེའི་ལུགས་ཀྱི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་རྒྱལ་བའི་ཐུགས་ཀློང་དུ༔ སངས་རྒྱས་ཀུན་གྱི་དཀྱིལ་འཁོར་རྫོགས༔ བདག་ལ་མགོན་པོ་མི་འཁྲུག་པའི༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ གསུམ། བླ་མས། དད་ལྡན་བུ་འོང་སྐལ་པ་བཟང༔ མི་འཁྲུག་མགོན་པོའི་དབང་འདོད་ན༔ ཡིད་ཀྱི་ཁྱེར་སོ་ཇི་ལྟར་ལགས༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོར་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མི་འཁྲུག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཏེ་བཞུགས་པའི་དྲུང་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་སྔར་བྱས་བཤགས་ཤིང་ཕྱིན་ཆད་བསྡམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམས་ལེགས་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སྔོན་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པ་སྐུ་མདོག་མཐིང་ག་སྤྲུལ་སྐུའི་ཆ་ལུགས་ཅན་མཚན་དང་དཔེ་བྱད་རྫོགས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་རྡོ་རྗེ་བསྣམས་པ། ཆོས་གོས་རྣམ་གསུམ་གསོལ་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་མེད་འཕྲོས་པས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་བཅས། ཧཱུྃ༔ རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བ་ན༔ དུག་གསུམ་ནད་སྦྱོང་བཅོམ་ལྡན་མི་འཁྲུག་པར༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་བསྐོར༔ དེང་འདིར་བདག་ཅག་དད་པས་སྤྱན་འདྲེན་གྱིས༔ ངན་འགྲོའི་སྡུག་བསྔལ་བསལ་སླད་གཤེགས་སུ་གསོལ༔ ཞེས་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཏིཥྛ་བཛྲ་དང་རྡོ་རྗེ་མགོར་བཞག་ལ་བརྟན། དངོས་གཞི་ཐོག་མར་བུམ་པ་སྐུའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་བསྣམས་ཏེ་དབང་བསྐུར་བས། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་མོས་ཤིག །བྱས་ལ། ཧཱུྃ༔ བུམ་པ་གཞལ་ཡས་དམ་པ་ནས༔ བཅོམ་ལྡན་མགོན་པོ་མི་འཁྲུག་པའི༔ ཐུགས་རྗེའི་ཆུ་རྒྱུན་རབ་གཡོས་པས༔ སྐུ་ཡི་དབང་ཐོབ་ལུས་སྒྲིབ་དག༔ སྙིང་པོའི་མཐར། བཛྲ་ཨཀྵོ་བྷྱཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་འཐོར་འཐུང་བྱ། དེས་སྐུ་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་སྔགས་ཕྲེང་གསུང་གི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་བཟླས་ཕྲེང་དང་དབྱེར་མེད་པ་ཁྱེད་རང་གི་མགྲིན་པར་ཐིམ་པར་མོས། ཕྲེང་བ་སྔོན་པོ་མགྲིན་པར་བཞག་ལ། བཅོམ་ལྡན་མགོན་པོའི་སྔགས་དབང་རྫོགས༔ བཻ་ཌཱུརྻ་ཡི་ཕྲེང་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསུང་དབང་ཐོབ་ནས་ངག་སྒྲིབ་དག༔ སྔགས་སྔ་མ་ལྟ་བུའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་སྔགས་ཀྱི་དབང་ཐོབ། ངག་སྒྲིབ་དག །གྲགས་སྟོང་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཕྱག་མཚན་ཐུགས་ཀྱི་དབང་བསྐུར་བ་ལ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འཕྲོས་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། བཅོམ་ལྡན་རིགས་ཀུན་འདུས་པ་ཡི༔ བཻ་ཌཱུརྻ་ཡི་ཕྱག་མཚན་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཐུགས་དབང་ཐོབ་ནས་ཡིད་སྒྲིབ་དག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཕྱག་མཚན་གྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གསལ་སྟོང་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཡོངས་རྫོགས་སྐུ་བརྙན་གྱི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྐུ་རྟེན་སྤྱི་བོ་དང་ལག་ཏུ་བཞག་ལ། བུ་ཁྱོད་ཉོན་ཅིག་གསོལ་བ་ཐོབས༔ བཅོམ་ལྡན་མགོན་པོ་མི་འཁྲུག་པ༔ དངོས་སུ་ཁྱོད་ཀྱི་སྤྱི་བོར་བྱོན༔ སྒྲིབ་པ་བཞི་དག་དབང་བཞི་ཐོབ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧོ༔ དེས་ཡོངས་སུ་རྫོགས་པ་ལྷ་སྐུ་ཕྱག་རྒྱའི་དབང་ཐོབ། སྒྲིབ་པ་བཞི་དག །དབང་བཞི་ཅིག་ཅར་དུ་རྫོགས། སྒོམ་བཟླས་ཏིང་ངེ་འཛིན་གྱིས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །སྤྲོ་ན་བཀྲ་ཤིས་རྫས་རྟགས་སྦྱིན། ཤིས་པ་བརྗོད། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ མགོན་དུ་མི་འཁྲུག་རྒྱལ་བ་ཟུངས༔ ལྷ་བསྒོམ་སྔགས་བཟླས་ཏིང་འཛིན་ལས༔ ནམ་ཡང་གཡེལ་བར་མ་བྱེད་ཅིག༔ ཇི་ལྟར་བསྒོས་པ་སོགས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ།། །། ༈ གཉིས་པ་གཤིན་པོ་རྗེས་འཛིན་གནས་ལུང་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱོང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་བྱས་ལ། ཕྲིན་ལས་བསྐྱེད་བཟླས། ལས་བུམ་བསྒྲུབ་པ། དབང་ལེན་པ། གནང་བ་ཞུ་བ་ཡན་གྲུབ་པ་དང་དམིགས་རྟེན་མདུན་དུ་བཞག་ལ། བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། རྣམ་ཤེས་འགུགས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་བཅོམ་ལྡན་འདས་མི་འཁྲུག་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨཱོྃ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར། བགེགས་སྦྱོང་བ་ནི་གཏོར་མ་རྟེན་ལ་བསྐོར་ཞིང་། ཨཱོྃ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་ཆངས་བུས་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ༼ཚེ་ལས་འདས་པའི་ཐོག་མ་མཐའ་མ་རུ༔ སྲོག་གཅོད་དབུགས་ལེན་ཟ་འདྲེ་ཤི་གཤེད་དང༔ འཕྲོག་མ་པཉྩི་མཁའ་ལ་རྒྱུ་བའི་རིགས༔ ཐར་པའི་གེགས་སུ་བྱེད་པ་ཕྱིར་དེངས་ཤིག༔༽ ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་སོགས་བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་དྲག་སྔགས་གུལ་ཡུངས་རོལ་མོ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །སྡིག་སྦྱོང་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེགས་ཆུར་དོར་ལ། ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་པར་བསམ། ༼ཚེ་ལས་འདས་པའི་གཟུགས་ཕུང་གི༔ རྐང་མཐིལ་པུས་མོ་ལྟེ་བ་དང༔ སྙིང་ག་མགྲིན་པ་སྤྱི་བོ་ན༔ ཨ་ནྲྀ་སུཾ་ཏྲི་པྲེ་དུ་སོགས༔ རིགས་དྲུག་འཁོར་བའི་ས་བོན་བསྲེག༔ ཨཱོྃ་ཨཱཿཧཱུྃ༔ སརྦ་པཱ་པཾ་ད་ཧ་ན་ཨ་ནྲྀ་སུཾ་ཏྲི་པྲེ་དུ་ཛཿསརྦ་ཛྭ་ལ་རཾ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ།༽ དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་དཀར་གྱིས་བྲབ་ཅིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨཱོྃ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཞེས་ཀཾ་ཀ་ནི་དང་། ཡིག་བརྒྱ་དང་། ཨཱོྃ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨཱོྃ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ཀུན་རིག་སྔགས་རྣམས་དང་། ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཟླས་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ། ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ངོས་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱི་འོ། །ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱི། ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། ཀཾ་ཀ་ནི་བརྗོད་རྗེས། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུའི། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །དེ་བཞིན་དུ། སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཅེས་དང་། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སུ་བསྒྱུར་བ་སོ་སོའི་མཚམས་སུ་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱ། ༼འདི་ནི་མགོན་པོ་མི་འཁྲུག་པའི༔ བྱམས་ལྡན་ཐུགས་རྗེའི་ཆུ་རྒྱུན་གྱིས༔ ཚེ་འདས་སྒོ་གསུམ་སྒྲིབ་པ་བཀྲུ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ གཟུངས་རོལ་བྱའོ།།༽ དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ་། །དེ་བཞིན་དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་སྦྱོང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱོང་ངོ་། །འབྱུང་བ་སོ་སོས་བྱབས་ཤིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །དེ་བཞིན་དུ། ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མཱ་མ་ཀཱི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དུག་སྦྱང་། སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམ་ལ་མདུན་བསྐྱེད་སྐབས་སུ་བཤད་པའི་ཕྱག །ན་མོ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་འདུས་པའི༔ སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ ས་གནོན་མཉམ་གཞག་སྙིང་པོའི་ཏིང་འཛིན་ཅན༔ རིགས་མཆོག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༔ ཁོང་ཁྲོའི་གྲིབ་ཀྱིས་ངན་འགྲོར་ལྟུང་ངོ་ཞེས༔ ཁྲོ་བ་སྤངས་ནས་ཞི་བདེའི་ལམ་བཟང་སྟོན༔ མཉམ་ཉིད་གནས་ཞེས་རྒྱལ་ལ་ཞལ་འཆེས་མཛད༔ བརྩེ་ལྡན་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ༔ ངན་སོང་སྡུག་བསྔལ་སྦྱོང་བར་དམ་བཅས་ནས༔ བརྩེ་ཆེན་གང་ལ་གང་འདུལ་སྐུར་སྟོན་པའི༔ འགྲོ་ཀུན་སྒྲིབ་པ་བསལ་མཁས་ཁྱོད་ཕྱག་འཚལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་མཆི་ན༔ ལམ་ངན་སྲིད་པའི་འཇིགས་པ་བསྲུང་དུ་གསོལ༔ ཡ་མི་ན་མོ༔ ཞེས་བྱ། དེ་ནས་དབང་བསྐུར་བ་ནི། སྤྲོ་ན་སློབ་མ་རྗེས་འཛིན་སྐབས་ལྟར་བྱ་ཞིང་འདིར་འཇུག །བསྡུ་ན། ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུག་པའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར། སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་རོལ་མོ་བསྒྲག །ཏིཥྛ་བཛྲས་བརྟན། ༼ཚེ་འདས་མ་ཡེངས་རྩེ་གཅིག་གིས༔ སྤྱི་བོར་སངས་རྒྱས་མི་འཁྲུག་པ༔ སྔོན་པོ་ས་གནོན་གཉམ་གཞག་མཛད༔ ཁྱོད་ལ་དབང་བསྐུར་མཛད་པར་སྒོམས༔༽ བུམ་པ་གནས་གསུམ་དུ་རིམ་པར་བཞག་ལ། ཨཱོྃ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །སྔགས་མཐར། བཛྲ་ཨཀྵོ་བྷྱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། དེས་འགྲེས་ཏེ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །སྔགས་མཐར། བཛྲ་ཨཀྵོ་བྷྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །སྔགས་མཐར། བཛྲ་ཨཀྵོ་བྷྱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། དེ་ནས་ཟས་གཏད་ནི། བཟའ་བཏུང་སྣ་ཚོགས་བཤམ། རཾ་ཡཾ་ཁཾ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ༼ཧཱུྃ༔ ལེགས་པའི་འདོད་ཡོན་སྣ་ཚོགས་འདི༔ གསང་བ་སྔགས་ཀྱི་བྱིན་གྱིས་བརླབས༔ གང་ཞིག་བྲམ་ཟེ་སྐྱེ་བདུན་ཤ༔ ཉུངས་འབྲུ་ཙམ་ཟོས་གྲོལ་ལོ་ཞེས༔ དེ་བཞིན་འདོན་ཡོན་དམ་རྫས་འདིས༔ ལོངས་སྤྱོད་ལྡན་དང་གྲོལ་གྱུར་ཅིག༔༽ ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམས་པར་ཤོག །ཨཱོྃ་བཛྲ་ཨཀྵོ་བྷྱ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། གདམས་ངག་བརྗོད་ཅིང་ལམ་བསྟན་པ་ནི། ཉོན་ཅིག་ཚེ་འདས་སྐལ་པ་ཅན། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས།། ༼ཉོན་མོངས་ཁོང་ཁྲོ་ལ་སོགས་པའི༔ དུག་ལྔའི་རྗེས་སུ་མ་འབྲང་ཞིག༔ ཉོན་མོངས་བསམ་མཐའ་དེད་པ་ན༔ འཁོར་བ་ཐར་བའི་དུས་མ་མཆིས༔ མ་ཡེངས་མ་ཡེངས་རིགས་ཀྱི་བུ༔ རིག་པ་མི་འཁྲུག་མགོན་ལ་གཏོད༔ ཡེངས་ན་ཐར་པའི་དུས་མཐའ་མེད༔ སངས་རྒྱས་མཚན་འདི་བརྗེད་མི་རུང༔ འདུན་པ་རྩེ་གཅིག་ལྷ་ལ་གཏོད༔ ལྷ་སྒོམས་སྔགས་ཀྱི་བྱིན་གྱིས་རློབ༔༽ སེམས་ཉིད་ཡེ་ཤེས་ངོ་བོ་ལ༔ འགྱུ་དྲན་འཛིན་ཆགས་རང་སར་གྲོལ༔ རང་རིག་གསལ་སྟོང་དབྱེར་མེད་དེ༔ རྒྱལ་བའི་སྐུ་གསུང་ཐུགས་ལ་ཐིམ༔ སྐྱེ་འཆི་འཁོར་བའི་མིང་ཡང་མེད༔ ཇི་སྲིད་འཁོར་བ་མ་སྟོང་བར༔ སྤྲུལ་པས་འགྲོ་དོན་བྱེད་པར་ཤོག༔ དྷརྨ་ཀཱ་ཡ་ཨ་ཨ༔ ༼ཨཿཕཊ༔༽ རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་མངོན་དགའི་ཞིང་དུ་སོང་ནས་སངས་རྒྱས་མི་འཁྲུག་པའི་ཐུགས་ཀར་ཐིམ་པར་གྱུར་པར་བསམ་མོ།། ༼ཚེ་ལས་འདས་པའི་རྣམ་ཤེས་འདི༔ བཅོམ་ལྡན་མགོན་པོ་མི་འཁྲུག་པ༔ དེ་དང་གཉིས་སུ་མེད་གྱུརཅིག༔ རྒྱལ་བའི་ཞིང་དུ་སྐྱེ་གྱུར་ཅིག༔༽ དེ་ནས་མཚན་བྱང་བསྲེག་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་པར་བསམ་ལ། མེ་སྦར་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་སྲེག ༼།འདི་ནི་མགོན་པོ་མི་འཁྲུག་པའི༔ ཡེ་ཤེས་ལྔ་ཡི་རང་མདངས་མེས༔ ཚེ་འདས་མ་རིག་དུག་ལྔ་སྲེག༔ ཡེ་ཤེས་སྣང་བ་འབར་གྱུར་ཅིག༔༽ འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཞེས་དང་ཀཾ་ཀ་ནི་སོགས་སྒྲིབ་སྦྱོང་གི་སྔགས་རྣམས་ཀྱི་མཐར། ཨགྣ་ཡེ་ཛྭ་ལ་རཾ་བཏགས་པས་བསྲེག །ཐལ་བ་བུམ་ཆུ་དང་ས་གཙང་གི་འཇིམ་པས་སཱཙྪ་འདེབས་ལ་རབ་གནས་བྱ། བསྔོ་སྨོན་ནི། ཧོཿ བླ་མ་ཡི་དམ་ཐུགས་རྗེ་ཡིས། །ངན་སོང་གནས་ནས་ཁྱོད་དྲངས་ཏེ། །མཐོ་རིས་གནས་སུ་མྱ་ངན་འདའ། །རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་པས། །ཚེ་འདས་དོན་ཕྱིར་དགེ་སྤྱད་གང་། །འགྲོ་ཀུན་དོན་དུ་དམིགས་བྱ་ཉིད། །མི་འཁྲུག་རྒྱལ་པོའི་སྐུ་ཐོབ་ཤོག །ཧོཿ དཀོན་མཆོག་བདེན་པའི་མཐུ་བྱིན་གྱིས། །ཚེ་འདས་ངན་སོང་སྒོ་ཁེགས་ནས། །མཐོ་རིས་བྱང་ཆུབ་ལམ་ཞུགས་ཏེ། །མི་འཁྲུག་གོ་འཕང་མྱུར་ཐོབ་ནས། །རྣམ་མཁྱེན་སྐུ་གསུམ་ལྷུན་གྲུབ་ཤོག །ཅེས་དང་གཞན་ཡང་ཞིང་སྨོན་གཙོར་གྱུར་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ལྟར་ནུས་པ་གདབ། དེ་ནས་ལས་གཞུང་གཏོར་འབུལ་སོགས་རྗེས་ཆོག་རྣམས་བྱའོ།། །། ༈ གསུམ་པ་བྱབ་ཁྲུས་ནི། སྤྱིར་ནད་གདོན་རྐྱེན་ངན་ཐམས་ཅད་སྔོན་ལས་ཀྱི་སྡིག་སྒྲིབ་ལས་བྱུང་བ་ཡིན་པས་འདིའི་ཁྲུས་བྱ་བ་ནི་འཕྲལ་ཡུན་གཉིས་ཀར་དགོས་པ་ཕན་ཡོན་ཤིན་ཏུ་ཆེ་བས་དུས་ནམ་ཡང་བྱ་ཆོག་ལ། བྱེ་བྲག་སློབ་དཔོན་ཛེ་ཏཱ་རིའི་རྒྱ་གཞུང་སོགས་ལས་ཀྱང་དམིགས་སུ་བཤད་པས་དགོས་པ་དམིགས་བསལ་བྱུང་ན། བདག་མདུན་བུམ་སྒྲུབ་བཅས་ལེགས་པར་གྲུབ་ནས། བསྒྲུབ་བྱ་མདུན་དུ་འཁོད་པ་ལ། སྦྱོང་བ་ཞི་དྲག །ཏིལ་སྦྱོང་བཅས་སྔོན་དུ་འགྲོ་བས། བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་སྤྱི་འགྲོ་ལྷ་སྔགས་ཁ་སྒྱུར་ལ་བྱ། མཐར་གཟུངས་སྔགས་ཤོག་དྲིལ་ཡོད་ན་མཆོག་ཏུ་གྱུར་པ་དང་། མེད་ན་གཟུངས་སྔགས་བཏབ་པའི་སྲུང་སྐུད་མགུལ་དུ་གདགས་ལ། སྔགས་མཐར། རཀྵ་རཀྵ་བཏགས་པ་བརྗོད་ཅིང་ཤིས་བརྗོད་བྱས་པས་འགྲུབ་བོ། །མི་བསྐྱོད་རྒྱལ་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །འབྲེལ་བཅས་འགྲོ་ཀུན་མངོན་དགའི་ཞིང་དུ་དྲངས། །མགོན་པོ་ཉིད་མཚུངས་བྱང་ཆུབ་སྤྱོད་པ་རྫོགས། །སངས་རྒྱས་ཞིང་སྦྱོང་མངོན་འཚང་རྒྱ་གྱུར་ཅིག །འདི་ལ་གསར་མ་ཇོ་ལུགས་དང་སྦྱར་བའི་ཆོག་ཁྲིགས་ཀཾ་ཚང་ལུགས་ཀྱིས་བཀབ་པ་སོགས་འདུག་ཀྱང་། གྲུབ་ཐོབ་སོ་སོའི་བཞེད་གཞུང་རང་རང་གི་བཀའ་སྲོལ་ལྟར་སྤྱོད་པ་ལས་གཞན་གྱི་རྒྱས་བཀབ་ཚེ་གཉིས་བྱས་པས་གཉིས་མིན་དུ་འགྱུར་བར་མཐོང་བས། རང་གཞན་ལ་ཕན་འདོད་ལྷག་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་བཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །། འདི་ཡི་གནས་ལུང་སྐབས་འདིར་གཏེར་གཞུང་ཕྱག་དཔེ་ཕྱག་སོན་མ་གྱུར་པ་ཡིན་ནམ། གང་ལྟར་ཡང་གཏེར་གཞུང་གི་ཚིག་མི་འདུག་པས། གཏེར་ཚིག་རྣམས་འོས་པའི་སྐབས་མཚམས་སུ་རྟགས་བར་བཙུད་ཡོད་པ་འདི་ལྟར་མི་འོས་སོ་སྙམ་པས་ནི་དེ་རྣམས་དོར་བར་བྱས་ཀྱང་འཐུས་པར་ཞེ་ཆེན་འཕྲུལ་པར་ཞུ་དག་པ་པད་བཀོད་དྭགས་པོ་སྤྲུལ་སྐུས་ཞུ་ཞུཞུ།། ༈ དཔེ་ཚན་འདིའི་གནས་ལུང་སྐབས་ཀྱི་གཏེར་གཞུང་གི་ཚིག་རྣམས་སྔོན་ཆད་གཏེར་མཛོད་ཡིག་ཆའི་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཙུད་བྱས་པས་དེ་ཙམ་གྱི་ལུང་རྒྱུན་ལའང་ཞིབ་རྟོག་དགོས་པ་ཡིན་ནོ།།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བསྙེན་སྒྲུབ་ཟིན་བྲིས་མདོར་བསྡུས་སུ་བཀོད་པ་སཱ་ལ་ཆེན་པོའི་ས་བོན་ (Volume 10, Text 28)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བསྙེན་སྒྲུབ་ཟིན་བྲིས་མདོར་བསྡུས་སུ་བཀོད་པ་སཱ་ལ་ཆེན་པོའི་ས་བོན་ཞེས་བྱ་བ་བཞུགས་སོ། ། དྲན་པས་བར་ཆད་ཀུན་སེལ་ཞིང་། །གསོལ་བཏབ་དངོས་གྲུབ་རྣམ་གཉིས་སྩོལ། །སངས་རྒྱས་ཀུན་འདུས་གུ་རུ་རྗེས། །སྐྱེ་དང་ཚེ་རབས་རྗེས་འཛིན་མཛོད། །བླ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡི། །ངོ་མཚར་སྙིང་པོ་ས་འོག་གི །གཏེར་གཅིག་གང་འདིའི་བསྙེན་སྒྲུབ་ཀྱི། །ལག་ལེན་བླ་མའི་གསུང་བཞིན་དགོད། །སྤྱིར་འདི་ཉིད་ཉམས་སུ་ལེན་པའི་ཚུལ་ཇི་ལྟར་བྱ་བའི་རྩ་ཐོ་ཞལ་གདམས་སྙིང་བྱང་གི་རིམ་པར་ཕྱེ་བ་གསུམ་པ་ལས་གསུངས་པ་ཉིད་གཞིར་བྱས་ཏེ། དེ་ལ་གནས་དུས་གང་ཟག་གི་དབང་གིས་རྒྱས་འབྲིང་བསྡུས་པ་གང་ལྕོགས་སྐབས་དང་བསྟུན་པ་བླ་མའི་མན་ངག་ལས་འབྱུང་བ་ལྟར་ལག་ཏུ་བླང་བར་བྱ་བ་ལ། བསྐྱེད་རྫོགས་ཉམས་ལེན་གང་ལ་འཇུག་ཀྱང་སྔོན་འགྲོ་ཐུན་མོང་གི་བློ་སྦྱོང་རྣམ་པ་བཞི་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་པོ་རྣམས་ཐོག་མར་བཏང་། དངོས་གཞི་གཏེར་ཆེན་མཆོག་གླིང་གི་བཞེད་པས་ཞལ་གདམས་སྙིང་བྱང་ཉིད་རྩ་བར་བཟུང་སྟེ། ཐོག་མར་ཆོས་སྐུ་ཚེ་དཔག་མེད་དང་། དེ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སྦྱོར། དེ་ནས་སྤྲུལ་སྐུ་ལ་ལས་བྱང་རྒྱས་འབྲིང་གང་རུང་སྦྱར་ནས་སོ་སོར་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་སོང་རྗེས། རིམ་པར་རྣམ་འཕྲུལ་བཅུ་གཉིས་ཕྲིན་ལས་སྙིང་པོ་དང་སྦྱར་ལ་སྒོས་བསྙེན་བྱ། ལས་བཞི། ཆ་ལག་བཞི། བཀའ་སྲུང་བཅས་མཐར་རྒྱས་སུ་དགོས་པར་གསུངས། ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཞེད་པས། དངོས་གཞིའི་ཐོག་མར་བསྙེན་པ་རྒྱུན་གྱི་བཀོལ་བྱང་ལྟར་ཕྱག་རྒྱ་གཅིག་པ། ཉེ་བསྙེན་ཕྲིན་ལས་སྙིང་པོ་ལྟར་ཕྱི་དཀྱིལ་མདོར་བསྡུས། སྒྲུབ་པ་ཕྲིན་ལས་འབྲིང་པོ། སྒྲུབ་ཆེན་ཕྲིན་ལས་རྒྱས་པ་ཛཔ྄་ཀྱི་བཀོལ་བྱང་སོགས་རྒྱས་པར་བྱ་ཞིང་། དེ་དག་གི་ཏིང་ངེ་འཛིན་དང་བཟླས་དམིགས་རིམ་པ་གསུམ་པའི་གཞུང་ཚིག་དང་བསྟུན། བསྙེན་སྒྲུབ་ཡན་ལག་བཞི་ཚུལ་བཞིན་སོང་ནས་ཆོས་ལོངས་སོགས་སྒོས་སྒྲུབ་རྣམས་གང་ལྕོགས་སུ་བྱ་བར་གསུངས་པ། ལུགས་དེ་གཉིས་གང་ལྟར་བྱས་ཀྱང་གཉིས་ཀ་ཟབ་ཆོས་འདིའི་མངའ་བདག་ཡིན་པས་ཁྱད་པར་མ་མཆིས་སོ། །འོན་ཀྱང་གཏེར་ཆེན་བླ་མ་རྣམ་གཉིས་བཞེད་པ་གུང་མཐུན་པར་ལས་བྱང་ཁོ་ན་ལ་བརྟེན་པའི་བསྙེན་སྒྲུབ་གཏང་ཚུལ་གསུངས་པ་ཉིད་དེང་སང་གྲངས་བསྙེན་མཁན་པོ་སྤྱི་དང་མཐུན་པའི་འཇུག་པ་བདེ་བས་དེ་ལྟར་བཀོད་པ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། སྔོན་འགྲོ་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་བློ་སྦྱོང་སྔོན་དུ་བཏང་གྲུབ་ན་གལ་ཆེ། མ་འགྲུབ་པས་ཐུན་མིན་སྔོན་འགྲོ་དང་སྦྲེལ་ན། དལ་འབྱོར་རྙེད་དཀའ་ལ་བློ་སྦྱོང་ཞིང་སྙིང་པོ་ལེན་པའི་ལམ་ཐམས་ཅད་ཀྱི་རྩ་བ་སྐྱབས་སུ་འགྲོ་བ་ལ་འཇུག་པར་བགྱིའོ་སྙམ་པས། སྐྱབས་ཡུལ་གཙོ་བོ་བླ་མ་སྣང་སྲིད་ཟིལ་གནོན་ལ་བརྒྱུད་པའི་བླ་མས་བསྐོར་བ་དང་། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས་སྤྲུལ་སྐུ །རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། མཐའ་སྐོར་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྣམས་གསལ་བཏབ་ལ་སྐྱབས་སུ་འགྲོ་ཚུལ་སོགས་སྤྱི་ལྟར་ཤེས་པར་བྱས་ནས་སྐྱབས་འགྲོ་འབུམ་ཐེར་ཁ་སྐོང་བཅས། འདི་སྐབས་སམ་འོག་གི་ཡན་ལག་བདུན་པའི་སྐབས་གང་རུང་དུ་ཕྱག་འབུམ་ཐེར་ཡང་འགྲུབ་ན་མཆོག་ཏུ་འགྱུར། དེ་ནས་མི་རྟག་པས་རྒྱུད་བསྐུལ་ཏེ་ནམ་འཆི་ཆ་མེད་ཀྱི་ཚེ་ཐུང་འདི་ལ་དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་སེམས་གཉིས་བསྐྱེད་ནས། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས་བདེ་ནས་བདེ་བར་འགྲོ་བ་ལ་བློ་གདིང་དང་ལྡན་པ་ཞིག་བྱའོ་སྙམ་པའི་འཕེན་པས་སེམས་བསྐྱེད་རྒྱས་པར་སྨོན་པ། ཚོགས་གསག །འཇུག་པ་བཅས་སོ་སོར་འབུམ་ཐེར། འབྲིང་སོ་སོར་ཁྲི་རེ་སོགས་གང་འགྲུབ་རེ། བསྡུ་ན་སྨོན་སེམས་ཁོ་ནར་འཇུག་པའང་དོན་གྱིས་འདུ་བས་དེ་ཉིད་ཁྲི་སོགས་གང་འགྲུབ། དེ་ནས་ཤི་བའི་འོག་ཏུ་འཁོར་བ་གར་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་དང་། དེའི་རྩ་བའང་ལས་ཉོན་གྱི་ཀུན་འབྱུང་ལ་ཐུག་པས། དེས་བསྐྱེད་པའི་སྡིག་ལྟུང་སྦྱོང་བ་ལ་རག་ལས་པར་ཤེས་ནས་རྡོར་སེམས་སྒོམ་བཟླས་ཇི་སྐད་བཤད་པ་བཞིན་གྱི་ཁོངས་ཡི་གེ་བརྒྱ་པ་འབུམ་ཕྲག་ཁ་སྐོང་དང་བཅས་པ་འགྲོ་ངེས་དང་། ཡིག་དྲུག་ཀྱང་ཅི་ནུས་ཙམ་བཟླ། དེ་ནས་ལས་འབྲས་སྨིན་ཚུལ་ལ་བསམས་ནས། དགེ་ཚོགས་རླབས་པོ་ཆེ་དུས་མྱུར་བ་ཉིད་དུ་བསྒྲུབ་པའི་བློས། ཚོགས་ཞིང་སྐྱབས་ཡུལ་གྱི་སྐབས་བཞིན་གསལ་བཏབ་ལ་མཎྜལ་རྒྱས་པ་འབུམ་ཐེར་རམ་མ་འགྲུབ་ན་རྒྱས་པ་ཁྲི་ཙམ་དང་། བསྡུས་པ་སྒྲོལ་མའི་སྐབས་སུ་གསུངས་པ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་སོགས་ནས། རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་པ་འབུམ་ཕྲག་རེ་འགྲོ་ངེས་བྱ། དེ་ནས་ཐར་པའི་ཕན་ཡོན་དང་། དེ་ཐོབ་བྱེད་ལམ་གྱི་མཐར་ཐུག་བླ་མའི་བྱིན་རླབས་ཞུགས་པ་ལ་རག་ལས་པས། མོས་གུས་བླ་མའི་རྣལ་འབྱོར་ལ་འཇུག་པའི་བློས། དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པའི་རྟེན་གསལ་བཏབ་ནས་གསོལ་འདེབས་བར་ཆད་ལམ་སེལ་ཁྲི་དང་སྟོང་སོགས་གང་འགྲུབ་དང། བསྡུས་པ་དུས་གསུམ་སངས་རྒྱས་མ་འབུམ་ཐེར་འགྲོ་ངེས་བྱ། དེ་ཡང་ཐུན་འགོར་བར་ཆད་ལམ་སེལ་ཉེར་གཅིག་ནས་བདུན་ཡན་གང་རིགས་དང་། དེ་ནས་བསྡུས་པ་གསོག །ནང་བསྙེན་པའི་ཚུལ་དུ་བསྒྲུབ་པ་ལ་རབ་བྱེ་བ། འབྲིང་འབུམ་ཕྲག་བཅུ་གཉིས། ཐ་མ་འབུམ་ཕྲག་བཞི་བཟླ །གསང་སྒྲུབ་དགོངས་པ་བསྐྱང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་མཉམ་གཞག་ཡུན་རིང་བ་རེ་བྱ། དེ་ཡང་སྐྱབས་འགྲོ་ནས་བརྩམ་བླ་མའི་རྣལ་འབྱོར་ཡན་རང་རང་ཉམས་ལེན་གང་ཡིན་དེ་ཐུན་གྱི་དངོས་གཞིར་བྱས་ནས་ཐུན་རེ་རེ་བཞིན་སྤྱིར་སྔོན་འགྲོ་ཚར་རེ་ཆ་ཚང་འགྲོ་བར་བྱའོ། །འདི་དག་གི་ཉམས་ལེན་འདོན་བྱའི་ཚུལ་རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་བྱང་ཆུབ་མཆོག་གི་ས་བོན་ཉིད་དུ་གསལ་ལོ། །བསྙེན་སྒྲུབ་དཀྱུས་འགྲེ་ཙམ་གྱི་སྐབས་སྔོན་འགྲོ་མདོར་བསྡུས་པ་ལ་མོས་ན། ཐོག་མར་སྐྱབས་འགྲོ་ཁྲི་དང་སྦྲགས་པའི་ཕྱག་དེ་མཚུངས་གྲུབ་ན་ལེགས། སེམས་བསྐྱེད་ཅི་ནུས། ཡིག་བརྒྱ་ཁྲི །མཎྜལ་རྒྱས་བསྡུས་གང་རིགས་ཁྲི །བླ་མའི་རྣལ་འབྱོར་ཕྱི་སྒྲུབ་གསོལ་འདེབས་བསྡུས་པ་ཁྲི །བར་ཆད་ལམ་སེལ་ཡང་སྟོང་ཕྲག་ཙམ་གྲུབ་ན་བྱ། ནང་སྒྲུབ་བཛྲ་གུ་རུ་བཞི་འབུམ། གསང་སྒྲུབ་དགོངས་པ་བསྐྱང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱ་སྟེ། དེ་ལྟར་སྔོན་འགྲོ་རྣམས་ལེགས་པར་གྲུབ་ནས། དངོས་གཞི་བསྙེན་པའི་སྐབས་འདིར། མདུན་ངོས་སུ་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་འབྱོར་བཀྲམ། དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བ། གཡས་སུ་སྨན། གཡོན་དུ་རཀྟ། མདུན་དུ་ཉེར་སྤྱོད་སྨན་ཕུད་ཀྱི་གཡས་སུ་བཀའ་སྲུང་ཚེ་རིང་མའི་གཏོར་མ་ནི་དབུས་སུ་བུམ་གཟུགས་སྟེང་དཀར་གཏོར་འདབ་བཞི། བུམ་པའི་ཕྱོགས་བཞིར་བཤོས་བུ་རེ་བར་མཚམས་རིལ་བུས་བསྐོར་བ་དཀར་བྱུགས་ཅན། རཀྟའི་གཡོན་དུ་གཏེར་སྲུང་ཁྱུང་བཙུན་མའི་གཏོར་མ་དམར་གཏོར་ཟུར་གསུམ་རྒྱན་ལྡན་མཐེབ་ཀྱུས་བསྐོར་བ་བཤམ། དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ལས་བྱང་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་དུས་ཚེས་བཟང་པོའི་ཕྱི་ཐུན་ནས་དབུ་བཟུང་། བསྙེན་སྒྲུབ་ཀྱི་སྐབས་འདིར་ཕྲིན་ལས་འབྲིང་བསྡུས། སྒྲུབ་ཆེན་ལ་ཕྲིན་ལས་རྒྱས་པ་གཙོར་བྱ་དགོས་པས། འདིར་ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་འབྲིང་པོ་གཏང་། བགེགས་གཏོར་ཕྱིར་དོར་བའི་སྐབས་ཐོ་འཛུགས་ཤིང་སྲུང་མཚམས་བཅད་ལ་སྔོན་འགྲོའི་ལས་རིམ་རྣམས་དང་། དངོས་གཞི་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་། འཛབ་ཁང་དབྱེ་ཞིང་འཛབ་བསྐུལ་དང་བཟླས་པ་རྣམས་གང་འགྲུབ་མཐར་མཆོད་བསྟོད་བྱ། གསོལ་འདེབས་བར་ཆད་ལམ་སེལ་འདོན། ནོངས་བཤགས་བྱ། དབང་ལེན་དང་འཛབ་ཁང་བསྡུ། བཀའ་སྲུང་ཚེ་རིང་མ་དང་ཁྱུང་བཙུན་མའི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ། ཚོགས་མཆོད། སྐོང་བ་བཅས། ལྷག་མ་བསྙེན་སྒྲུབ་མ་གྲོལ་གྱི་བར་ཕྱིར་མི་བཏང་བཙོན་འཛིན་བྱ། ཆད་བརྟན་ཡང་གྲོལ་དུས་བར་མ་འགྲུབ་ཀྱང་ཆོག །རྗེས་གཏང་རག་མཆོད་བསྟོད་ནོངས་བཤགས། ཚོགས་མགྲོན་རྣམས་རྟེན་ལ་བརྟན་བཞུགས། བདག་བསྐྱེད་དཀྱིལ་འཁོར་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱ། སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ། སྲུང་འཁོར་གསལ་གདབ་ཕྱིན་སྔར་ལྟར་རམ། མི་ལྕོགས་ན་ཕྲིན་ལས་སྙིང་པོ་གཏང་བས་ཀྱང་འཐུས་ལ། འདིའི་སྐབས་བགེགས་བསྐྲད། གཏོར་མ་འདི་ལོངས། ཞེས་པར། གནས་འདིར་མ་འདུག་ཅེས་བསྒྱུར། བསྟོད་པའི་མཇུག་འཛབ་ཁང་དབྱེ་བ་སོགས་སྔར་ལྟར། ཐུན་གྲོལ་སྐབས་མཆོད་བསྟོད། གསོལ་འདེབས། ནོངས་བཤགས། འཛབ་ཁང་བསྡུས་ལ་བདག་བསྐྱེད་བསྡུ་ལྡང་དང་བསྔོ་སྨོན་ཤིས་བརྗོད་བར་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །ཐོ་རངས་ལྡང་བའི་རྣལ་འབྱོར། ངག་བྱིན་རླབས་སོགས་བྱས་ལ་ཕྲིན་ལས་སྙིང་པོ་དང་། སྔ་ཐུན་ཕྱི་ཐུན་གཉིས་ལ་ཕྲིན་ལས་འབྲིང་པོ། སྲོད་ཐུན་ལ་ཕྲིན་སྙིང་ཙམ་བྱས་ན་སྟབས་བདེ་ཞིང་དེ་དག་རང་ཉིད་ཀྱི་མོས་པ་དང་བསྟུན་ཆོག །བཀའ་སྲུང་གཏོར་འབུལ་ཉིན་རེ་བཞིན་མ་ཆག་པ་དང་། ཚོགས་མཆོད་ཚེས་བཅུ་སོགས་དུས་བཟང་རྣམས་ལས་རྒྱུན་དུ་མ་འཁྱོངས་ནའང་ཆོག་ཅིང་། ཚུགས་གྲོལ་གྱི་སྐབས་སོགས་སུ་སྐོང་བཤགས་བཅས་གཟབ་རྒྱས་བྱ་བ་གལ་ཆེ། ཕྲིན་ལས་གཏང་ཚུལ་དེ་ལྟར་བྱས་ནས་བསྙེན་བཟླས་སྐབས་ཐོག་མར་ཆོས་སྐུ་ཚེ་དཔག་མེད་འབུམ་ཕྲག་བཅུ་གཅིག་ཚད་ཡིན་པས་དེ་མ་འགྲུབ་བར་ཐུན་དངོས་གཞི་ལ་དེ་ཁོ་ན་ཉིད་གཙོ་བོར་བཟླ། ཐུན་གཤམ་དུ་གཞན་རྣམས་ཀྱང་བརྒྱ་ཕྲག་རེ་ཙམ་བཟླ། དེའི་གྲངས་བསྙེན་གྲུབ་ནས་ཐུན་འགོར་བརྒྱ་རྩ་ཙམ་རེ་དང་ཐུན་དངོས་གཞིར་ལོངས་སྐུའི་ཡི་གེ་བདུན་པ་འབུམ་ཕྲག་བཅུའམ་བདུན་བཟླ། དེ་གྲུབ་ནས་ཆོས་ལོངས་གཉིས་ཀར་ཐུན་འགོར་ཅུང་ཟད་དང། དངོས་གཞིར་སྤྲུལ་སྐུའི་སྙིང་པོ་བཛྲ་གུ་རུ་རབ་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད། མི་འགྲུབ་ན་འབུམ་ཕྲག་བཅུ་གཉིས་འགྲོ་ངེས་པ་བྱ། དེ་ནས་སྤྱི་དྲིལ་གྱི་སྒྲུབ་པ་ཐོད་ཕྲེང་རྩལ་འབུམ་ཕྲག་བཞི་བཟླ་ཞིང་འདིའི་སྐབས་སུ་ཐུན་འགོ་སོགས་ལ་དབྱངས་རྟ་གང་ཤེས་དང་སྦྱར་ལ་བདུན་ནམ་ཉེར་གཅིག་ཙམ་བཟླ་བ་གལ་ཆེ། དེ་ནས་ལས་སྦྱོར་གྱི་བཟླས་པ་བསྙེན་པའི་བཅུ་ཆ་ཙམ་བཟླ་བར་གསུངས་པས་ཁྲི་ལྷག་ཙམ། དེ་དག་སོ་སོའི་ཁ་སྐོང་བཅས་བཟླ་གྲུབ་ན་ལས་བྱང་ལ་བརྟེན་པའི་བསྙེན་པ་རྒྱས་པ་ཡིན། ཟླ་གཅིག་ཙམ་ལ་འབྲེལ་འཇོག་འདོད་ན། སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་པ་བཅས་ཉིན་གཅིག །རྡོར་སེམས་ཉིན་གཅིག །མཎྜལ་ཉིན་གཅིག །གསོལ་འདེབས་ཉིན་གཅིག །བླ་མ་ནང་སྒྲུབ་ཀྱི་བསྙེན་པ་ཉིན་གཅིག་བཅས་ཉིན་ལྔ་གྲུབ་ནས་དངོས་གཞིའི་ཐོག་མཐའ་ཕྲིན་ལས་འབྲིང་པོར་དང་དངོས་ཕྲིན་ལས་སྙིང་པོ་ལ་བསྟེན་ནས། ཨ་མཱ་ར་ཎི་ཞག་བདུན། ཡིག་བདུན་ཞག་བདུན། བཛྲ་གུ་རུ་འབུམ་ཕྲག་བཞི། ཐོད་ཕྲེང་རྩལ་ཞག་གསུམ། ལས་སྦྱོར་ཉིན་གཅིག་ཙམ་བཟླས་པས་ཀྱང་ལས་རུང་དུ་འགྱུར། རྒྱས་བསྡུས་གང་བྱེད་ཀྱང་བཟླས་གྲངས་ཐེམས་ནས་མཚམས་གྲོལ་ཉེའི་སྐོར་ཐུན་མཐའ་རྣམས་སུ་ཡིག་བརྒྱ་ཅི་འགྲུབ་བཟླ། ནངས་པར་གྲོལ་རྒྱུའི་དོ་ནུབ་ནས་མཆོད་པ་གསར་པ་བརྗེ། ཚོགས་རྫས་གང་འབྱོར་རྒྱས་པར་བཤམ། སང་ཉིན་ཐོར་ཐུན་ལ་ལས་བྱང་གཞུང་བསྲང་། བཟླས་པ་ཅི་འགྲུབ། མཆོད་བསྟོད། བར་ཆད་ལམ་སེལ་གསོལ་འདེབས་ནོངས་བཤགས་བཅས་རྒྱས་པར་བཏང་། སྐྱ་རེངས་ཤར་བའི་དུས་དང་བསྟུན་ལས་བྱང་རྒྱས་པའི་ཚིག་གིས་དངོས་གྲུབ་བསྐུལ། གཏོར་མ་ལྷར་གསལ་བ་གནས་གསུམ་དུ་གཏུགས་ཤིང་དངོས་གྲུབ་བླང་བའི་དམིགས་པ་བྱས་ལ་ཅུང་ཟད་རོལ། དབང་ལེན་དང་འཛབ་ཁང་བསྡུ། དེ་ནས་གཏང་རག་གི་ཚུལ་དུ་ཚོགས་སྐོང་བརྒྱ་རྩ་བྱ་བའམ། མི་འགྲུབ་ནའང་ཚོགས་མཆོད་སྐོང་བཤགས་རྒྱས་པར་བྱ་ཞིང་། ལྷག་མ་སྔར་བསགས་པ་རྣམས་དང་ལྷན་ཅིག་ཕྱི་རོལ་དུ་བཏང་། བཀའ་སྲུང་གཏོར་འབུལ། ཐུགས་དམ་བསྐུལ་བ་དང་། ཆད་བརྟན། རྟ་བྲོ་བཅས་གྲུབ་ནས། གཏོང་རག་མཆོད་བསྟོད་ནོངས་བཤགས་སོགས་སྔ་མ་ལྟར་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྔོ་སྨོན་དང་། བཀྲ་ཤིས་སྤྱི་ལྟར་རྒྱས་པར་བརྗོད། ཁ་སྐོང་སྦྱིན་སྲེག་འགྲུབ་ན་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་བྱ། མི་འགྲུབ་ན་སྔར་བསྙེན་པའི་སྐབས་བཟླས་པ་སོ་སོའི་གྲངས་ཚད་ཀྱི་བཅུ་ཆ་རེ་ལྷག་པོར་འགྲོ་བར་བྱ་དགོས་སོ། །བཟླས་དམིགས་ཕྲིན་ལས་ཉིད་དུ་གསལ་བ་ནི་ས་བོན་ཙམ་ཡིན་ལ་རྒྱས་པ་འཛབ་ཀྱི་བཀོལ་བྱང་ལྟར་བྱ། དེའང་ཆོས་ལོངས་གཉིས་གཞུང་གསལ་ལྟར་དང་། སྤྲུལ་སྐུའི་སྐབས་ཐོག་མར། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ་འོད་འབར་བ། དེའི་མཐར་བཛྲ་གུ་རུའི་སྔགས་ཕྲེང་ཁ་དོག་དཀར་པོ་རང་སྒྲ་དང་བཅས་གཡས་སྐོར་བར་མེད་དུ་འཁོར་བ་ལ་སེམས་བཟུང་བ་ཟླ་བ་སྐར་ཕྲེང་ལྟ་བུ་སྟེ་ལྷའི་རྒྱུད་བསྐུལ་བ་བསྙེན་པའི་དགོངས་པ། དེ་ལས་སྔགས་ཕྲེང་གཉིས་པ་བར་མ་ཆད་དུ་འཕྲོས་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་ཏེ་ཐུགས་ཀ་ནས་སྔར་ལྟར་འཁོར། འོད་ཟེར་གྱི་དྭངས་བཅུད་ཐུགས་ཀྱི་ཐིག་ལར་འཁྱིལ་པས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་ཅིང་དངོས་གྲུབ་རྣམ་པ་གཉིས་རང་དབང་དུ་གྱུར་པར་བསྒོམ་པ་མགལ་མེའི་འཁོར་ལོ་ལྟ་བུ་སྟེ་ལྷ་དང་བདག་ཉིད་ཉེ་བར་བསྙེན་པའི་དགོངས་་པ། སྔགས་འཁོར་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་ཁྱབ། ཕྱི་ནང་གསང་བའི་མཆོད་སྤྲིན་དུ་གྱུར་པ་རྣམས་ཀྱིས་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད་པས་མཉེས། གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་སྒྲིབ་པ་གཉིས་བྱང་། ཚོགས་གཉིས་རྫོགས། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། འོད་ཟེར་སླར་འཕྲོས། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་བཅས་སྦྱངས་པར་མོས་པ་ནི་རྒྱལ་པོའི་ཕོ་ཉ་སྤྲོ་བ་ལྟ་བུ་སྟེ་དངོས་གྲུབ་སྒྲུབ་པ་ལ་དབང་བའི་དགོངས་པ། དེའི་མཐར་ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་རྡོ་རྗེའི་ཞིང་ཁམས། ནང་བཅུད་དུ་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ། བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་ཀྱི་རང་སྒྲ །དྲན་རྟོག་མ་ལུས་པ་རང་བྱུང་ཡེ་ཤེས་ཆེན་པོའི་རོལ་པ་སྟེ། སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་དུ་བཟླ་བ་ནི་བུང་བ་ཚང་ཞིག་པ་ལྟ་བུའི་རྣལ་འབྱོར་ཞེས་དངོས་གྲུབ་མངོན་དུ་བྱ་བ་སྒྲུབ་པ་ཆེན་པོའི་དགོངས་པ་སྟེ་ཛཔ྄་དགོངས་རྣམ་པ་བཞི་པོ་རྒྱུད་ཀྱི་ལུགས་ལྟར་ན་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ལ་གཙོ་བོར་སྦྱོར་ཞིང་། དེ་རྣམས་ཀྱང་སྔ་མ་ལ་ཏིང་ངེ་འཛིན་གྱི་གསལ་སྣང་གྲུབ་ནས་ཕྱི་མ་ལ་རིམ་གྱིས་འཇུག་པར་གསུངས་ཀྱང་། འདིར་གུ་རུ་རིན་པོ་ཆེའི་མན་ངག་གི་དགོངས་པས་བསྙེན་སྒྲུབ་རྣམ་བཞིའི་འཛབ་དགོངས་སྟན་ཐོག་གཅིག་དྲིལ་དུ་བྱ་བ་ཉིད་བྱིན་རླབས་དངོས་གྲུབ་ཀྱི་རྟགས་མཚན་མྱུར་དུ་འབྱུང་བའི་ཟབ་མོའི་གནད་དུ་གདམས་པར་མཛད་པ་ལྟར་བྱ་བ་ཡིན།དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་ནས་གཞན་དོན་དབང་བསྐུར་རྒྱས་འབྲིང་བསྡུས་པ་རྣམས་ཀྱིས་རྗེས་སུ་བཟུང་བའི་ཚུལ་ཟུར་དུ་གསལ་ཞིང་།ཚོམ་བུ་ཚོགས་སྒྲུབ་ཀྱི་ཚུལ་ནི་གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་སིདྡྷི་བུམ་སྒྲུབ་ཉིད་འདིའི་ཆ་ལག་ཡིན་པས་དེ་ལྟར་བྱ་བ་ལས་རྩ་བའི་ཐུགས་སྒྲུབ་སོགས་དང་སྦྲེལ་ན་ར་མགོ་ལུག་སྦྱར་གྱི་དཔེར་འགྱུར་རོ། །གཞན་བསྐྱེད་རིམ་གྱི་གནད། མཚམས་ཀྱི་སྤང་བླང་སོགས་རྩ་བའི་གཞུང་དང་བསྙེན་སྒྲུབ་སྤྱིའི་རྣམ་གཞག་ལྟར་ཤེས་པར་བྱ་བ་ལས་མང་དུ་དོགས་པས་མ་སྤྲོས་སོ། །གསོལ་འདེབས་རྡོ་རྗེའི་ཚིག་རྐང་སྔར་བྱོན་ཀྱང་། དེ་ཡི་སྒྲུབ་ཐབས་སྔོན་ཆད་མ་གྲགས་ཤིང་། དུས་བབ་དབང་གིས་གསར་དུ་སྣང་འདི་ཉིད། ཁ་ཚང་དོན་འདྲིལ་གཏེར་ཆོས་ཀུན་ལས་འཕགས། །རྒྱུ་མཚན་ཤེས་ནས་ཡིད་ཆེས་དད་ཐོབ་པའི། །སྐལ་བཟང་རྣམས་ལ་ཉམས་ལེན་ཕྱོགས་མཚོན་ཕྱིར། །འདི་བྲིས་འདི་ལས་སྤྲོས་ཏེ་གཞུང་དོན་ཉིད། །ཚུལ་བཞིན་སྒྲུབ་པས་ནོར་འཛིན་ཀུན་ཁྱབ་ཤོག །ཟབ་ཆོས་འདིའི་མངའ་བདག་གཏེར་ཆེན་བླ་མ་རྣམ་གཉིས་ནས་སྨིན་གྲོལ་མན་ངག་གི་སྐལ་བཟང་རྫོགས་པར་ཐོབ་པས་རྒྱ་ཆེར་སྤྲོར་ཡོད་ཀྱང་། དང་པོའི་ལས་ཅན་གྱི་ཉམས་ལེན་ཁྱེར་བདེ་ཙམ་ལ་དམིགས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས། རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ (Volume 36, Text 28)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་ལས། རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏཱ་ར་ཙིནྡྷ་ཙཀྲཱ་ཡ། ཚེ་དང་ཡེ་ཤེས་མཆོག་སྟེར་ཅིང་། །བདུད་བཞིའི་འཇིགས་འཇོམས་ལྷག་པའི་ལྷ། །བླ་མ་ཡིད་བཞིན་འཁོར་ལོ་ཡིས། །བྱིན་རླབས་བདུད་རྩིའི་ཆུ་རྒྱུན་སྩོལ། །འཕགས་བོད་ཀུན་ཏུ་གྲགས་ཆེ་ཡང་། །བླ་མེད་སྨིན་གྲོལ་ཤིན་ཏུ་དཀོན། །དེང་སང་སྐལ་བཟང་སྙིང་གི་བཅུད། །ཐུགས་བསྐྱེད་སྟོབས་ལས་འབེབ་འདི་རྨད། །ཡིད་བཞིན་འཁོར་ལོ་སྒྲོལ་མ་བླ་མེད་ཀྱི་རྒྱུད་ལས་གསལ་བར་བསྟན་ཀྱང་འཕགས་བོད་གཉིས་སུ་བསྐྱེད་བཟླས་ཐུན་མོང་བ་ཙམ་ལས་ཆེར་མ་བྱོན། འདིར་སྔ་ན་མེད་པའི་སྨིན་བྱེད་དང་བསྐྱེད་རྫོགས་ཁྱད་པར་ཅན་སྟོན་པའི་གཞུང་བཟང་རྒྱུད་དང་གྲུབ་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་བའི་དབང་གིས་སྐལ་ལྡན་རྗེས་སུ་གཟུང་བ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟེན་པའི་ཚུལ་སོགས་གསང་བ་སྤྱི་ལྟར་ཤེས་ཤིང་ཚོགས་པའི་དབང་དུ་བྱས་ནས་སྨིན་བྱེད་ཀྱི་རིམ་པ་དངོས་ལ་རྩ་བའི་གཞུང་ལས། སྔོན་དུ་བསྙེན་པའི་རིམ་པ། ས་གཞི་བརྟག་སློང་སྦྱོང་སྲུང་། ཡུལ་དང་ཡུལ་ཅན་ལྷག་གནས། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་སྟེ་ས་བཅད་རྣམ་པ་བཞིར་གསུངས་པ་ལས། བསྙེན་སྒྲུབ་གྲུབ་པའི་སློབ་དཔོན་གྱིས་སྒྲུབ་གནས་རྙིང་པ་ལ་དབང་གི་ལས་རིམ་བགྱི་བའི་ཚེ་དང་པོ་གཉིས་མི་དགོས་པའི་དབང་དུ་བྱས་ཏེ། འདིར་སྤྱི་ལྟར་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་ཁོངས་སུ་བསྡུས་པ་ལས་དང་པོ་ནི་ལྷག་པར་གནས་པ་སྟེ། དེ་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་གནས་སོ། །དང་པོ་ནི། བཀྲ་ཤིས་བྱིན་ཆགས་དག་པའི་གནས་སུ་བྱང་བགྲོད་ཡར་ངོའི་ཚེས་བརྒྱད་ལྟ་བུའི་དུས་བཟང་པོར། དམ་ཚིག་གི་བྲིས་སྐུ་སོགས་རྟེན་དང་རྒྱན་གྱི་ཡོ་བྱད་དུ་མས་སྤྲས་པའི་གུང་དུ། བདག་བསྐྱེད་མཆོད་པ་ཆུ་གཉིས་ཉེར་སྤྱོད། སྨན་གཏོར་རཀྟ་རྣམས་ཇི་ལྟར་བདེ་བར་བཤམ། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་བཀོད་པ་ལ་མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་བཞིར་དེ་ལས་དམའ་བ་བཞི། དེ་རྒྱབ་ཆུང་བ་བཞི་བཅས་གཙོ་འཁོར་དགུ་བཀོད། མདུན་རྒྱབ་གང་བདེར་སྨན་རག་གཏོར་གསུམ་དང་། ཆུ་གཉིས་ཉེར་སྤྱོད་གཡོན་སྐོར་དུ་བཤམ། སྔོན་འགྲོ་དཀར་གཏོར་དང་། གཞན་ཡང་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་ཐོག་མར་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བའི་སྐྱབས་སེམས་ནས་བརྩམ་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་ལྟར་བྱས་ལ། བཟླས་པ་རྣམས་ཇི་ལྟར་འགྲུབ་པ་བྱ། དེ་ནས་དཀར་གཏོར་གསེར་སྐྱེམས་བཤམས་ལ། བསང་སྦྱང་བྱིན་བརླབས་མགྲོན་དྲངས་ཤིང་སྔགས་བསྔོས་སྤྱི་ལྟར་བྱས་ལ། གང་དག་འདིར་གནས་སོགས་ཀྱིས་ཕྲིན་ལས་བཅོལ་བས་ནི་ས་སློང་གི་དོན་ཡང་ཚང་ངོ་། །དེ་ནས་ལས་གཞུང་ལྟར་མཆོད་རྫས་བྱིན་བརླབས། ཚོམ་བུ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་རྟེན༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ ནོར་བུ་ཆུ་ཤེལ་སོགས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། ཕྱག་མཆོད་བསྟོད་པའི་བར་དཀྱུས་ལྟར་བཏང་། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུག་ཐལ་མོ་སྦྱར་ལ། ཨོཾ༔ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ འཆི་མེད་སྒྲོལ་མའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཡོ་བྱད་རྣམ་པ་ཐམས་ཅད་པས༔ བདེ་བའི་ལོངས་སྤྱོད་རབ་སྦྱར་ཏེ༔ ལྷ་རྣམས་ཡོངས་སུ་མཆོད་པ་དང༔ སྣོད་ལྡན་རྣམས་ལ་ཕན་གདགས་ཕྱིར༔ སྔགས་ཀྱི་ཆོ་གའི་ཐབས་ཆེན་པོས༔ སྙིང་པོའི་དཀྱིལ་འཁོར་བསྒྲུབ་པ་དང༔ རང་གཞན་དོན་ཀུན་བགྱིད་འཚལ་ན༔ ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས༔ བཟོད་པར་མཛད་དེ་གནང་ནས་ཀྱང༔ སྣོད་བཅུད་འཆི་མེད་སྒྲོལ་མ་ཡི༔ རྡོ་རྗེ་གསུམ་དང་དབྱེར་མེད་པར༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ། ཅེས་གསོལ་བས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་སྒྲུབ་པའི་ས་གཞི་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བར་གྱུར། ཅེས་དམིགས་ལ་མཎྜལ་ཚོམ་བུ་བཅས་བསྡུ། གཉིས་པ་བུམ་པ་ནི། རིན་ཆེན་བུམ་པ་དྲིའི་ཆབ་དང་ཉེར་ལྔའི་བཅུད་ལྡན་གཉིས་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཀོད་ནས། མཆོད་པ་རྣམས་སྔར་ལྟར་གསར་དུ་བཤམ་པའམ་ཁ་གསོ། དུང་ཞལ་གཟུངས་ཐག་འདུ་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ རིན་ཆེན་གཞལ་མེད་ཁང་ཆེན་པོར༔ དབུས་སུ་པདྨ་འདབ་བཞིའི་སྟེང༔ ཐབས་ཤེས་ཉི་ཟླ་སོགས་ཕྲིན་ལས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་བཏང་། བུམ་ནང་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་སོགས་ནས། གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་གནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་པས་ཏིང་ངེ་འཛིན་གསལ་བཏབ། གཟུངས་ཐག་བླངས་ལ་གཙོ་བོ་གསུམ་དང་ཚེ་ཤམ་ཅན་རྣམས་སུམ་བརྒྱ་རེ་ལས་མི་ཉུང་བ་དང་། ལས་བཞི་བརྒྱ་རྩ་རེ། སྒོ་བཞི་ཉེར་གཅིག་རེ་ལས་མི་ཉུང་བ་བཟླ། མཐར། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་མོས། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེའི་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླ། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱིས་དབང་བསྐུར་གྱི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །སྐུ་རྟེན་ཙཀླི་དབུ་རྒྱན་རྡོར་དྲིལ་བདུད་རྩི་སོགས་དབང་རྫས་རྣམས་ཀྱང་སྐབས་འདིར་ཚོགས་པར་བྱས་ལ། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དང་དངོས་གྲུབ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས། གསུམ་པ་སློབ་མ་ནི། སློབ་མ་དམ་ཚིག་སྲུང་ནུས་ཤིང་དྲང་དོན་ཆོས་ཀྱིས་རྒྱུད་སྦྱངས་པས་འོས་སུ་གྱུར་པ་ཇི་ལྟར་རིགས་པ་བོས་ལ། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ཡོལ་བའི་ཕྱི་རོལ་དུ་འཁོད་པ་ལ་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེའང་ལྷ་ལས་ལྷག་པའི་རྟེན་བཟང་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ཁམས་དྲུག་ལྡན་པའི་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་དཀའ་བ་རྙེད་ཅིང་བསྟན་པའི་སྙིང་པོ་གསང་ཆེན་རྡོ་རྗེ་ཐེག་པ་དུས་གསུམ་དུ་འབྱུང་བར་དཀོན་པ་འདི་ཉིད་ལྟ་བུ་དང་མཇལ་ཡང་། འདུས་བྱས་ཀྱི་ཆོས་ལ་སྐད་ཅིག་ཀྱང་རྟག་པ་མེད་པས་འཆི་བ་ནམ་འོང་ཆ་མེད། འཆི་བའི་ཕ་རོལ་ཏུ་རྣམ་པར་ཤེས་པ་ལས་དཀར་ནག་གི་རྗེས་སུ་འབྲང་ཞིང་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པས་དེ་ལས་ཐར་པའི་ཐབས་ལ་ད་ལྟ་ནས་བརྩོན་དགོས། འཁོར་བའི་སྡུག་བསྔལ་གཏིང་མཐའ་མེད་པ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་གང་ཡང་མ་མཆིས་ཤིང་། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ལའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་འགྲུབ་པར་བྱེད་པ་ཡིན་ཅིང་། དེ་ལའང་ལྷག་པའི་ལྷ་རབ་འབྱམས་ཀྱི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་འཕགས་བོད་ཀྱི་ལྗོངས་སུ་བྱོན་པའི་ནང་ནས། རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་འདི་ཉིད་ཐུགས་བསྐྱེད་རྒྱལ་བ་ཀུན་ལས་ཀྱང་ངོ་མཚར་རྨད་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པ་དང་། ཕྲིན་ལས་རླབས་པོ་ཆེས་འགྲོ་བ་སྒྲོལ་བའི་ཐབས་ལ་མཁས་པའི་ཚུལ་ལ་རྒྱལ་བ་དང་རྒྱལ་བའི་མྱུ་གུ་གང་གིས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཕྱིར། མཆོག་དང་ཐུན་མོང་གི་ལས་དང་དངོས་གྲུབ་སྒྲུབ་པ་ལ་འཕགས་མ་འདི་ཉིད་ཀྱི་ལྷ་སྔགས་ཏིང་འཛིན་ལ་བརྟེན་པ་རྣམས་ཆེས་ཟབ་ཅིང་མྱུར་བ་མ་ཟད། དུས་སྙིགས་མའི་སྐབས་སུ་ཐུགས་རྗེའི་ཕྲིན་ལས་ཇེ་མྱུར་དུ་འགྲོ་བས་འཕགས་བོད་གཉིས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐོག་མར་དར་ནས་ད་ལྟའི་བར་དུ། ལྷ་མཆོག་འདི་ཉིད་ལ་བསྟེན་ནས་ཆོས་སྒྲུབ་པའི་བར་ཆད་སེལ་པ་དང་དངོས་གྲུབ་རྣམ་པ་གཉིས་བརྙེས་པ་བར་མ་ཆད་དུ་བྱུང་ཞིང་། རྗེ་བཙུན་འཕགས་མའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་རྒྱུད་སྡེ་གོང་འོག་སོ་སོ་དང་འབྲེལ་བ་མཐའ་ཡས་པ་རྣམས་ཀྱི་ནང་ནས་འདིར་འཆི་མེད་གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་བསྡུས་པ། བླ་མེད་མ་རྒྱུད་ཀྱི་བཀའ་སྲོལ་མཐར་ཐུག་པ། སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གསུམ་དུ་གྲགས་པའི་ནང་ཚན་ཟབ་མོ་དགོངས་པའི་གཏེར། འཇིགས་བྲལ་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་༧འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་རྗེ་བཙུན་འཕགས་མ་ཉིད་ཀྱིས་མངོན་སུམ་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཀློང་ཆེན་དགོངས་པའི་རྩལ་ལས་ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྐལ་ལྡན་གདུལ་བྱ་རྣམས་ཀྱི་དཔྱིད་དུ་མངོན་པར་སྣང་བར་མཛད་པ། འཆི་མེད་འཕགས་མའི་སྙིང་ཐིག་གིས་སྣོད་ལྡན་གྱི་སློབ་མ་རྒྱུད་སྨིན་པར་བྱེད་པ་ལ་རྩ་བའི་དབང་བསྐུར་ཆེན་མོ། ཡང་ཟབ་ཚེའི་བྱིན་རླབས། ཐུན་མོང་ཚེའི་རྗེས་གནང་གསུམ་དུ་བཞུགས་པ་ལས་འདིར་སྨིན་བྱེད་རྩ་བའི་དབང་བསྐུར་ཡེ་ཤེས་ཐིག་ལེེའི་རིམ་པ་བསྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལའང་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་དང་དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨའི་ཡུམ་མཆོག་རྗེ་བཙུན་མ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ ཐུགས་རྗེ་ཆེན་པོས་རྗེས་གཟུང་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་གདབ་པ་ལ་གདམས་པའི་གནད་དགྲོལ་ཞིང་བཀའི་གནང་བ་སྦྱིན་པ་ལགས་ཏེ། བསམ་ཡས་ཐེག་པའི་འཇུག་སྒོ་ནི༔ བློ་དང་འཚམ་པར་སྣང་བ་ལས༔ མཐར་ཐུག་རྡོ་རྗེའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་དང་དམ་ཚིག་མཆོག་ལྡན་ཅིང༔ རྡོ་རྗེ་འཛིན་པའི་བསླབ་པ་ལས༔ ནམ་ཡང་འདའ་བར་མི་བགྱིད་ན༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ མངོན་པར་བྱང་ཆུབ་ལམ་གྱི་མཆོག༔ ཡང་དག་ངེས་པའི་གསང་བ་བཞིན༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བདག་གིས་སྣོད་དུ་རུང་བའི་ཕྱིར༔ ལྷག་པར་གནས་པའི་ཆོ་ག་བྱ༔ ཞེས་གདམས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་གཙོ་བོ་ཁྱོད་ཉིད་ལས༔ སྐྱབས་གནས་གཞན་ན་མ་མཆིས་ཕྱིར༔ ཇི་ལྟར་བཀའ་བསྩལ་བསྒྲུབ་བགྱིད་ན༔ ངེས་པར་དགོངས་ཏེ་གནང་དུ་གསོལ༔ དེ་ནས་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་གྱི་ནམ་མཁར་འཆི་མེད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་སྤྲིན་གཏིབས་པ་བཞིན་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་མཁྱེན་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལས་བྱང་ལྟར་ལན་གསུམ། ཐོག་མེད་ཀྱི་དུས་ནས་ཕ་མར་གྱུར་པའི་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རྗེ་བཙུན་འཕགས་མའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་བླ་ན་མེད་པའི་དཀྱིལ་འཁོར་གཉན་པོ་འདིར་འཇུག་ཅིང་སྨིན་བྱེད་ཀྱི་དབང་བསྐུར་ནོད་ལ་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་བསྒོམ་པར་བགྱིའོ་སྙམ་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས། ཧོ༔ མཁའ་མཉམ་སེམས་ཅན་སོགས་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པ་དང་། སྔར་བྱས་ཀྱི་སྡིག་ལྟུང་མཐའ་དག་སྙིང་ནས་འགྱོད་པས་བཤགས་ཤིང་ཕྱིན་ཆད་མི་བགྱི་བར་དམ་འཆའ་བ་དང་། ཚོགས་གཉིས་ཀྱིས་བསྡུས་པའི་དགེ་སྤྱོད་ལ་རྗེས་སུ་ཡི་རང་ཞིང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། འཁོར་བ་ཇི་སྲིད་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཞིང་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་བཅས་བདུན་རྣམ་དག་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། ཧོ༔ ཕྱོགས་དུས་རྒྱལ་བ་སོགས་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བརྟན་གོང་འཕེལ་དུ་འགྱུར་བ་ལ་རྒྱུད་སྡོམ་པ་དང་ལྡན་པ་དགོས་པས། ཚོགས་ཞིང་དེ་རྣམས་དཔང་པོར་བྱས་ཏེ་ཕྱི་སོ་སོ་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ། གསང་བ་བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། པདྨའི་རིགས་མཆོག་བླ་མ་དང༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་དུས་འདི་ནས་གཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་ཀུན་སྒྲོལ་བའི་ཕྱིར༔ གཞན་གནོད་གཞིར་བཅས་ཡོངས་སུ་སྤང༔ གཞན་ཕན་བྱང་ཆུབ་སེམས་མཆོག་བསྐྱེད༔ གཉིས་ཀ་མཉམ་པ་ཆེན་པོ་ཡི༔ ཐབས་ཆེན་གསང་བ་སྔགས་ཀྱི་སྲོག༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རིག་པ་འཛིན་པའི་དམ་ཚིག་དང༔ སྡོམ་པ་མ་ལུས་ཡོངས་སུ་གཟུང༔ ཚུལ་བཞིན་དུ་ནི་བསླབ་པར་བགྱི༔ ལན་གསུམ། དེ་དག་གིས་དབང་བསྐུར་བའི་སྣོད་དུ་རུང་བར་བྱས་ནས་གཞི་ལུས་ལྷར་བསྐྱེད་པ་ལ་དམིགས་པ་འདི་ལྟར་མཛོད། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཟླ་བའི་མདོག་ཅན་ཞི་ཞིང་འཛུམ་ལ་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་པས་མཆོག་སྦྱིན་དང་གཡོན་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཟེའུ་འབྲུར་འཆི་མེད་ཚེའི་བུམ་པ་བདུད་རྩིས་གང་བས་མཚན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་རང་འོད་ཀྱི་ཡབ་འཇིག་རྟེན་དབང་ཕྱུག་དཀར་དམར་པདྨ་དང་ཚེ་བུམ་བསྣམས་པས་འཁྲིལ་བ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་མ་ལུས་པ་ཡི་གེ་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་ཤིག །མེ་ཏོག་སོགས་གནས་སོ་སོར་སྦྱིན་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། དྲི་དང་བ་བྱུང་གིས་བྱུགས་པའི་མཎྜལ་མདུན་དུ་བཀོད། སོ་ཤིང་ཚད་ལྡན་ལས་སྔགས་དང་ལས་ཆུས་བསང་། དེ་ནས་དངོས་གྲུབ་ཀྱི་སྣོད་བརྟག་པའི་ཕྱིར་དུ། དྲི་ལྡན་གྱི་ཤིང་ལ་སོར་བཅུ་གཉིས་པའི་ཚད་དང་མེ་ཏོག་གི་ཅོད་པན་ཅན་གྱི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས་མཁའ་དབྱིངས་ཀྱི་ཕྱག་རྒྱས་ཐོགས་ཏེ། རྩེ་མོས་སོ་བྲུ་བའི་ཚུལ་བྱས་པས་དེ་ལས་འཕྲོས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་གང་། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྐད་ཅིག་གིས་སྦྱངས་པར་མོས་པ་དང་། བདག་ལ་དངོས་གྲུབ་ཀྱི་ལྟས་གསལ་བར་བསྟན་དུ་གསོལ་སྙམས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དབུས་སུ་ལྟོས་མེད་དུ་དོར་མཛོད། ཧ་ས་ཧ༔ ཞེས་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོའི་ཕྲིན་ལས། མཚམས་རྣམས་སུ་ཕྲ་མོའི་དངོས་གྲུབ། རང་དང་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡིན་པར་གསུངས་སོ། །དུང་ཞལ་དྲི་ལྡན་ཆུས་བཀང་བ་ལས་སྔགས་བཟླས་པས་བྱིན་བརླབས་ལ། རྨི་ལམ་བརྟག་པའི་སྔོན་འགྲོར་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་དང་སྦྱར་བའི་ཆུས་ཁ་བཤལ་ལ་ལྷག་མ་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་ཉེས་པའི་ཚོགས་སྤྱི་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་ལྷག་མེད་དུ་བྱང་བའི་མོས་པ་མཛོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནིཤྩཱསྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ༔ ཞེས་དུང་ཆུ་སྦྱིན་ལ་ཁ་བཤལ། སྐུད་པ་དམར་པོ་སུམ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་བཏབ་པར་ལས་སྔགས་བཟླས་པས་བྱིན་བརླབས། བྱིན་གྱིས་བརླབས་པའི་རྡོ་རྗེའི་མདུད་པ་འདི་ཉིད་ཕོ་ཡི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་བསྲུང་བར་བྱས་པར་མོས་ཤིག །ལས་སྔགས་བཟླ་བཞིན་དུ་འཆིང་། མདུད་མཚམས་རྡོ་རྗེ་བཞག་ལ། བཛྲ་རཀྵ༔ཞེས་བརྟན་པར་བྱ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང་། དྷཱིཿདང་ཧཱ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །དྲི་མེད་ཡིད་འོང་དག་པའི་རྩྭ༔ བྱང་ཆུབ་མཆོག་གི་རྡོ་རྗེའི་སྟན༔ སྔས་དང་གདན་དུ་སྦྱིན་པ་ཡིས༔ རྨི་ལམ་ལྟས་ཀུན་གསལ་བར་ཤོག༔ དྷཱིཿཧཱ་བཛྲ་ཨཱ་ས་ན་ས་མ་ཡ་སཏྭཾ༔ ཞེས་ལག་གཡས་གཡོན་དུ་སྦྱིན། ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་ཅིང་སྤྲོ་བ་སྐྱེད་ལ་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ འདྲེན་པ་སངས་རྒྱས་འབྱུང་བ་དང༔ ཆོས་དང་འཕགས་པའི་ཚོགས་དཀོན་ཏེ༔ དེ་ལས་ཀྱང་ནི་རྡོ་རྗེའི་ཐེག༔ ཟབ་མོ་སྟོན་དང་སྒྲུབ་པ་ནི༔ མ་བྱུང་འབྱུང་བར་ཤིན་ཏུ་དཀའ༔ བསོད་ནམས་བློ་གྲོས་དྲི་མེད་པའི༔ སྣོད་དུ་གྱུར་པ་རྙེད་པ་གང༔ ཚུལ་ཆེན་འདི་ལས་མི་འདའ་ན༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་མང་སྡིག་སྒྲིབ་ཟད་བྱེད་ཕྱིར༔ ཚུལ་བཞིན་དབང་བླངས་དམ་ཚིག་དང༔ སྡོམ་པར་ལྡན་ན་སྨྲོས་ཅི་དགོས༔ དེ་བས་གཞན་དོན་སངས་རྒྱས་ཀྱི༔ གོ་འཕང་མཆོག་ཏུ་དོན་གཉེར་བས༔ རྡོ་རྗེའི་ལམ་འདི་བླང་བར་གྱིས༔ ཞེས་དང་། བུ་ཀྱེ་ཀུ་ཤའི་སྔས་གདན་ལ༔ གཙང་ཞིང་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་ཡུལ་དུ་གང་མཐོང་བ༔ ནངས་པར་སྨྲོས་ཤིག་ལུང་བསྟན་འགྱུར༔ དོ་ནུབ་སྔར་བྱིན་པའི་ཀུ་ཤའི་སྔས་དང་སྟན་ལ་བླ་མ་དང་དཀྱིལ་འཁོར་པ་ལ་མགོ་ཕྱོགས་ཏེ་དགེ་བའི་སེམས་ཀྱིས་ཉོལ་ལ་ཐོ་རངས་རྨི་ལམ་གང་བྱུང་བ་དེ་ངེད་ལ་སྨྲོས་ཤིག །དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། ཞེས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་དང་བསྔོ་སྨོན་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་གསུམ། དཀྱིལ་འཁོར་དང་དབང་རྫས་དགོད་པ། དབང་དོན་དུ་སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་སློབ་མ་གཞུག་པའོ། །དང་པོ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་དུ་སྨྲོས་པ་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་སྟ་གོན་བྱས་པའི་རྣམ་བུམ་བཞག །ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། དབུས་སུ་ལྷ་ཙཀ་བཅུ་གཅིག །ཕྲེང་བ་དང་སྔགས་བྱང་། མེ་ལོང་། མཚམས་སུ་གསང་དབང་ཐོད་པ་ཆང་དང་ཨ་མྲྀཏ་མངར་གསུམ་སྦྱར་བས་བཀང་བ། རིག་ཙཀ །ཤེལ་རྡོ་རྣམས་བཀོད། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ཕྱོགས་གང་བདེར་རྗེས་གནང་ཆས། གདུགས། གླེགས་བམ། དུང་དཀར། དྲིལ་བུ། འཁོར་ལོ་རྣམས་དང་། ལས་བུམ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ལས་བྱང་ལ་དགོས་པ་དང་། མིག་དར། མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ཡེ་ཤེས་སྣང་བ་ལྟར་སྐྱབས་སེམས་ཚོགས་བསགས་འཕྲོས། བགེགས་གཏོར་བྱིན་བརླབས་འགུགས་པ་སྔགས་བསྔོས་སྤྱི་ལྟར་བྱས་ལ་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། བདག་གནས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཆེན་པོའི་གཟི་བྱིན་འབེབ་པའི་ཏིང་འཛིན་ལྷག་པར་གསལ་བས་བྱིན་དབབ། མཆོད་རྫས་བྱིན་བརླབ། ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་ལ་བདག་དང་མདུན་རྟེན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཕྱག་དང་མཆོད་ཕྲེང་རྒྱས་པར་འབུལ། བསྟོད་པའི་གླུས་བསྟོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཕཊ་ཛཿ ཞེས་པས་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་པའི་བཟླས་པ་ཅི་འགྲུབ། སྒྲུབ་པའི་བཟླས་པ་ལ་དངོས་གཞི་བྱས་ཏེ་ཅི་མང་། དེའི་བཅུ་ཆ་ལས་སྦྱོར་གྱི་བཟླས་པ་བྱ། བུམ་བཟླས་ཟུར་དུ་འགྲུབ་ན་གསལ་འདེབས་དང་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་བྱས་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་བརྒྱ་རྩ་སོགས་བྱ། ཁ་སྐོང་དང་སྟོང་ཚིགས་ཕུལ་ལ། སྤྲོ་ན་མཆོག་གླིང་ཟབ་གཏེར་ལས་བྱོན་པའི་ཚེ་འགུགས་སྦྱར། བུམ་བཟླས་བྱས་ན་འོད་ཞུ་སོགས་གོང་སྨྲོས་ལྟར་གྲུབ་ནས། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་གང་འོས་དང་། ཚོགས་བྱིན་བརླབ་ནས་དང་པོ་མཆོད་བཤགས་བསྒྲལ་བ་དང། བར་པ་སྔགས་ཀྱིས་བྱིན་རླབས་བཅས་བཏང་། ལས་བུམ་བསྐྱེད་བཟླས་ཕྲིན་བཅོལ་གོང་ལྟར་བྱའོ། །གསུམ་པ་བདག་འཇུག་དང་སློབ་མ་གཞུག་པ་ནི། བདག་འཇུག་རྒྱས་པ་གྲུབ་ན་ཤིན་ཏུ་ལེགས་པས་སློབ་མ་ལ་ཇི་ཙམ་བསྐུར་བ་ཚང་མའམ། རྗེ་བླ་མ་ཉིད་ཀྱིས་མཛད་པའི་ཟུར་གསལ་སྙིང་པོ་བསྡུས་པ་ཙམ་བྱ། མི་ནུས་ན་དཀྱིལ་འཁོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་གདོད་ནས་དབྱེར་མེད་རོ་མཉམ་ཆེན་པོར་ཤེས་པས་རྒྱུད་ནས་འབྱུང་བའི་སྔགས་ཚིག་གིས་རིག་པའི་མེ་ཏོག་དོར། སླར་ཡང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཨོཾ༔ བླ་ན་མེད་པའི་ཡེ་ཤེས་ཀྱི༔ གོ་འཕང་ཆེན་པོའི་མཆོག་བསྒྲུབ་ཕྱིར༔ སྣོད་ལྡན་སློབ་མ་འཇུག་འཚལ་ན༔ ཐུགས་རྗེས་དགོངས་ཏེ་སྨིན་མཛད་གསོལ༔ ཅེས་གསོལ་བ་བཏབ་པས་དཀྱིལ་འཁོར་པ་རྣམས་དགྱེས་པ་ཆེན་པོས་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་སློབ་མ་རྣམས་ཅི་བདེ་བར་དཀྱིལ་འཁོར་དུ་ཆུགས་ཤིག་ཅེས་གནང་བ་བསྩལ་བར་གྱུར། ཅེས་མོས། དཀྱིལ་འཁོར་ཡོལ་བས་བསྒྲིབ། དེ་ནས་སྔར་སྟ་གོན་བྱས་པའི་སློབ་མ་རྣམས་བོས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་ལ། བཀའ་བསྒོ་ཞིང་དྲག་སྔགས་རོལ་མོ་གུལ་ཡུངས་བཅས་བགེགས་བསྐྲད། སྲུང་བའི་འཁོར་ལོས་མཚམས་བཅད། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དབང་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེ་ལ་འདིར་སྐབས་སུ་བབ་པའི་འཆད་བྱ། ཕྱོགས་དུས་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ་མཆོག་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་འདི་ཉིད་འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་ཐུགས་དམ་ལྷར་གྲགས་ཤིང་སྒྲུབ་ཐབས་མཛད་པས་མཚོན་བཀའ་སྲོལ་མཐའ་ཡས་པ་དང་། རིག་སྔགས་གྲུབ་ཅིང་དངོས་གྲུབ་བརྙེས་པ་སྔ་ཕྱི་ཀུན་ཏུ་བསམ་གྱིས་མི་ཁྱབ་པ་བྱུང་། རྗེ་བཙུན་འཕགས་མས་རྟག་ཏུ་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས་སྒྲོལ་མ་བརྒྱ་རྩའི་སྒྲུབ་ཐབས་དང་རྗེས་གནང་ཕྱོགས་གཅིག་ཏུ་མཛད་པ་བོད་དུ་བྱོན་པ་སོགས་ཕྲིན་ལས་ཀྱི་སྣང་བ་ཉི་ཟླ་ལྟར་གསལ་ཞིང་། རྒྱལ་དབང་པདྨཱ་ཀ་ར་དང་པཎ་ཆེན་བི་མ་ལ་མི་ཏྲས་ཀྱང་ཐུགས་དམ་ལྷག་པའི་ལྷར་མཛད་ཅིང་གདམས་སྐོར་མང་པོ་གཏེར་དུ་སྦས་པ་ཕྱིས་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས། ཁྱད་པར་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་འདི་ནི་རྣལ་འབྱོར་མ་རྒྱུད་བླ་ན་མེད་པ་དོན་གྲུབ་རྟའི་རྒྱལ་པོའི་རིགས་སྒྲོལ་མ་འབྱུང་བའི་རྒྱུད་ཆེན་པོ་དང་། རྡོ་རྗེ་གདན་བཞིའི་རྒྱུད་ཕྱི་མ་རྣམས་ལས་གསལ་བར་གསུངས་པ་ལྟར་འཕགས་བོད་གཉིས་སུ་དེ་ལ་བརྟེན་པའི་བཀའ་སྲོལ་མང་དུ་བྱུང་བ་སོགས་གསར་རྙིང་གི་གདམས་པ་ཀུན་ལས་ཁྱད་པར་དུ་མས་འཕགས་པ་འདི་ནི། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཆེན་པོ། འཇིགས་བྲལ་གྱི་རྡོ་རྗེ་སློབ་དཔོན་༧འོད་གསལ་སྤྲུལ་པའི་རྡོ་རྗེའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་ནང་ནས་བཞི་པ་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པའི་ཆོས་སྡེ་སྟེ། དེའང་རྗེ་ཉིད་དགུང་གྲངས་སོ་ལྔར་སོན་པ་ཤིང་སྟག་རྒྱལ་གྱི་ཟླ་བར་རྗེ་བཙུན་འཕགས་མའི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་པའི་ཚེ། ཤེར་ཕྱོགས་ཀྱི་ཚེས་བཅུའི་ཐོ་རངས་འོད་གསལ་དག་པའི་སྣང་བར་འཕགས་མ་ཡིད་བཞིན་འཁོར་ལོ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་གྱི་ཡེ་ཤེས་སྐུ་མངོན་སུམ་དུ་མཇལ་ཞིང་ཉིད་ལ་ཐིམ་པས་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ནས་རྟོག་མེད་འོད་གསལ་ཆེན་པོར་འབྱམས་སུ་ཀླས། དེ་ལས་སད་པའི་ཚེ་མདུན་གྱི་ནམ་མཁར་རིག་འཛིན་ཤྲཱི་སིཾ་ཧ། པཎ་ཆེན་བི་མ་ལ་མི་ཏྲ། འཆི་མེད་མཚོ་སྐྱེས་རྡོ་རྗེ་རྣམ་པ་གསུམ་གཙོ་འཁོར་གྱི་ཚུལ་དུ་དགྱེས་བཞིན་བཞུགས་ཏེ་བརྡ་དོན་གྱི་ངོ་སྤྲོད་བསྩལ་ནས་དབྱེར་མེད་དུ་ཐིམ་པའི་མོད་ལ་ཐ་མལ་གྱི་རྟོག་པ་དབྱིངས་སུ་ཞི། གསལ་སྟོང་རང་རིག་འདུས་མ་བྱས་པའི་རང་རྩལ་ལས་གདམས་སྐོར་ཡོངས་སུ་རྫོགས་པ་མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་མ་འདྲེས་པར་གསལ་བ་བཞིན་དུ་གཉིས་འཛིན་གྱི་བློ་ལས་འདས་པའི་དག་པ་ཡེ་ཤེས་ཀྱི་སྣང་ངོར་གཅིག་ཆར་དུ་གསལ། ཕྲིན་ལས་སོགས་རྩ་བ་ཅུང་ཟད་ཙམ་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བཞེས་པས་ཕྱི་ནང་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་མཚན་མ་བརྙེས། ཁྱད་པར་སློབ་དཔོན་བི་མ་ལས་ཡང་ཡང་བྱིན་གྱིས་བརླབས་ནས་ཚིག་དོན་རྣམས་ལ་ཞུ་དག་གི་ཚུལ་ཡང་མཛད། དེ་ནས་ལོ་གྲངས་ལྔའི་བར་དུ་གསང་རྒྱ་བཏབ་ནས་ཐོག་མར་གཏེར་ཆེན་མཆོག་གྱུར་གླིང་པ་དང་རིམ་གྱིས་རྒྱལ་དབང་ཀརྨ་པ་སོགས་ལ་ཆོས་སྒོ་དབྱེ་བར་མཛད་པས་སོ་སོའི་སྐུ་ཚེའི་འཕྲང་ལས་བསྒྲལ་པ་སོགས་རྟེན་འབྲེལ་ལེགས་ཚོགས་གོང་འཕེལ་དུ་གྱུར་པའི་ཟབ་ཆོས། ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པ་ལ་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་མྱུར་ཞིང་ཁྱད་པར་དུ་འཕགས་པ་འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་ལ་རྩ་བ་དང་ཡན་ལག་གི་སྐོར་གཉིས། རྩ་བ་ལའང་དབང་དང་བྱིན་རླབས་རྗེས་གནང་གསུམ་དུ་བཞུགས་པ་ལས་འདིར་སྨིན་བྱེད་རྩ་བའི་དབང་བསྐུར་ཡེ་ཤེས་ཐིག་ལེ་ལྟར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་ལྟར་བྱས་ལ་གདོང་དག་བཅིང་མེ་ཏོག་གཏད་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་པུས་བཙུགས་ཐལ་སྦྱར་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་ཆེན་དགྱེས་པའི་ཡེ་ཤེས་སྐུ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ ཐར་པ་མཆོག་གི་གྲོང་ཁྱེར་དུ༔ སློབ་དཔོན་ཆེན་པོས་བདག་གཞུག་གསོལ༔ ལན་གསུམ། བླ་མས། ཧོ༔ གསང་བ་རྨད་བྱུང་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཕན་ཡོན་ཆེ༔ དམ་ཚིག་སྲོག་བཞིན་སྲུང་ནུས་ན༔ འཇུག་ཅིང་དབང་བསྐུར་སྨིན་པར་བྱ༔ ཞེས་གདམས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཧོ༔ བདག་ནི་སེམས་ཅན་ཀུན་དོན་དུ༔ བླ་མེད་བྱང་ཆུབ་དོན་གཉེར་བས༔ རྡོ་རྗེའི་ལམ་མཆོག་བསྙེན་བགྱིད་ཕྱིར༔ དམ་ཚིག་སྡོམ་པ་སྲོག་བཞིན་བསྲུང༔ ཟབ་མོའི་ཚུལ་ལ་འཇུག་པ་དང༔ རྣམ་གྲོལ་འབྲས་བུ་འཚལ་ལགས་ན༔ ཐུགས་རྗེས་དགོངས་ཏེ་གནང་དུ་གསོལ༔ ཞེས་ཞུ། སློབ་དཔོན་གྱིས། དེ་ལྟར་ཡིན་ན་བཅོམ་ལྡན་འདས༔ འཆི་མེད་སྒྲོལ་མའི་དཀྱིལ་འཁོར་དུ༔ གཞུག་ཅིང་ཡེ་ཤེས་བསྐྱེད་པར་བྱ༔ སྤྲོ་བ་སྐྱེད་ལ་གུས་པར་གྱིས༔ ཞེས་གནང་བ་སྦྱིན། འདིར་སྐྱབས་སེམས་ཚོགས་གསག་སྡོམ་པ་གཟུང་བ་རྣམས་གོང་གི་སྟ་གོན་སྐབས་སུ་འབྱུང་བ་ལྟར་དམིགས་པའི་མཚམས་སྦྱོར་བཅས་རྗེས་ཟློས་བྱར་གཞུག །གསང་སྔགས་ཀྱི་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་སྒོམས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། རྡོ་རྗེ་མེ་ཏོག་བཅས་སྙིང་གར་བཞག་ལ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སུ་ར་ཏེ་ས་མ་ཡ་སཏྭཾཿཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། གསང་བའི་དེ་ཁོ་ན་ཉིད་བསྒོ་བའི་དོན་ཐུགས་ལ་ངེས་པར་མཛོད་ཅིག །ཧོཿ ཚུལ་ཆེན་གསང་བ་སྔགས་ཀྱི་ལམ༔ ཐབས་མཁས་ངོ་མཚར་སྤྱོད་པ་ནི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ དེ་ཕྱིར་གཞན་ལ་མ་སྨྲ་ཞིག༔ ཅེས་གདམས། པྲ་བེ་ཤ་ཡ༔ དཀྱིལ་འཁོར་ཆེན་པོའི་སྒོ་ཤག་གིས་ཕྱེས་པར་མོས་ཤིག །ཡོལ་བ་བསལ། ཛཿཧཱུྃ་བཾ་ཧོ༔ ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་སྟེ་གཡས་སྐོར་དུ་བྱམས་པ་སོགས་ཚད་མེད་བཞིའི་འཇུག་པས་རིམ་པར་ཞུགས་ཤིང་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ལན་བཞི། སླར་ཡང་ཤར་སྒོའི་དྲུང་དུ་འཁོད་པ་ལ་སྔགས་ཀྱི་དམ་ཚིག་བསྲུང་བའི་ཕན་ཡོན། དེ་ལས་འདས་པའི་ཉེས་དམིགས། གཉིས་ཀ་དང་སློབ་དཔོན་བཀའ་གཉན་པར་བསྒྲག་པའི་དམ་གཞག་བཞི་པོ་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །རྡོ་རྗེ་སྤྱི་བོར་བཞག་ལ། ཨོཾ༔ དེ་རིང་འཆི་མེད་འཕགས་མ་ཡི༔ ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ༔ གསང་བ་མཆོག་གི་དམ་ཚིག་ལས༔ བླ་མེད་འབྲས་བུ་ཐོབ་ཕྱིར་ཟུངས༔ ཛྙཱ་ན་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཨཱ༔ འདི་ནི་དམ་ཚིག་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་ལ་དབྱེར་མེད་གནས༔ གལ་ཏེ་དམ་ལས་འདས་གྱུར་ན༔ དེ་མ་ཐག་ཏུ་བཀས་ཏེ་གཤེགས༔ ས་མ་ཡ་བཛྲ་ཧཱུྃ༔ ནང་མཆོད་སྦྱར་བའི་དུང་ཆུ་སྦྱིན་ལ། ཧཱུྃ༔ ཐུངས་ཤིག་རྡོ་རྗེའི་བདུད་རྩིའི་ཆུ༔ ལྕེ་ལ་བཞག་ཀྱང་སྙིང་དཀྱིལ་ཐིམ༔ མ་བསྲུང་འདོད་པའི་དངོས་གྲུབ་ཉམས༔ བསྲུངས་ན་ཡེ་ཤེས་ཚེ་འདིར་རྙེད༔ ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ རྡོ་རྗེ་གདེངས་ཤིང་མགོར་བཞག་ལ། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ འཆི་མེད་འཕགས་མ་ང་ཡིན་པས༔ ཇི་སྐད་བསྒོ་བའི་དམ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ མ་ཧཱ་ས་མ་ཡ་ཧཱུྃ༔ དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་ཆིངས། སེམས་ཀྱི་གནད་ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། དེའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་པདྨ་བཀོད་པའི་ཞིང་དང་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་དབུས་སུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དཀར་པོ་རབ་ཏུ་རྒྱས་པ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་གྱི་སྟེང་དུ་རང་གི་རིག་པའི་སྣང་ཆ་ཉི་ཟླའི་གའུ་ཁ་སྦྱོར་བའི་དབུས་སུ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། བརྟན་གཡོ་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐིམ་སྟེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྗེ་བཙུན་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ཟླ་བའི་མདངས་ཅན་ཞི་ཞིང་འཛུམ་ལ་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་པས་མཆོག་སྦྱིན་དང་གཡོན་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཟེའུ་འབྲུར་འཆི་མེད་ཚེའི་བུམ་པ་བདུད་རྩིས་གང་བས་མཚན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་རང་འོད་ཀྱི་ཡབ་འཇིག་རྟེན་དབང་ཕྱུག་དཀར་དམར་པདྨ་དང་ཚེ་བུམ་བསྣམས་པས་འཁྲིལ་བ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། ཐུགས་དབུས་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཏཱཾ་ཡིག་དཀར་པོ་འོད་འཕྲོ་བ་ལ་སེམས་རྩེ་གཅིག་ཏུ་གཏོད་མཛོད། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་ནམ་མཁའི་ཁམས་གང་བ་དང་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་ཡིས་ཐུགས་དམ་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། ཐིག་ལེ་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཅེས་བྱས་ལ། འབེབ་པའི་རྫས་བསྲེག །དབྱངས་དང་རོལ་མོས་བསྐུལ་ལ་ལས་བྱང་གི་བྱིན་འབེབ་དང་སྔགས་མང་དུ་བརྗོད། དེས་མ་ཕེབ་ན་སྤོགས་པའི་ཆོ་ག་ནི། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཡིད་བཞིན་འཁོར་ལོ་སྔར་ལྟར་གསལ་བའི་སྙིང་གའི་དབུས་སུ་རླུང་སེམས་དབྱེར་མེད་པའི་ངོ་བོ་དགའ་བ་འཁྱིལ་བ་དཀར་ལ་དམར་བའི་མདངས་ཅན་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་ལ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ་གི་གླུ་བླངས་ལ་དབབ་པས་ངེས་པར་ཕེབས་པའི་རྟགས་སྒོ་གསུམ་ལ་བདེ་བ་ཆེན་པོའི་ཉམས་འབར་བ་སོགས་བྱུང་ན་རྩོལ་མེད་དུ་བསྐྱང་གཞུག །དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཨོཾ་བཛྲ་ཛྙཱ་ན་ཏིཥྛ་བྷྲཱུྃ༔ ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །མེ་ཏོག་འདོར་བའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གཙོ་འཁོར་རང་རྒྱུད་པའི་བཟང་ངན་གྱི་བྱེ་བྲག་མེད་ཀྱང་རྣམ་པ་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། ཨོཾ༔ རིན་ཆེན་མེ་ཏོག་ཡིད་འོང་ཕྲེང༔ རང་བྱུང་དཀྱིལ་འཁོར་ལྷ་ལ་འབུལ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷས༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་རཏྣ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ། དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབས་ན་བདེ་གཤེགས་རིགས་མཆོག་གཙོ་མོ་ཡིད་བཞིན་འཁོར་ལོ། ཤར་དུ་རྡོ་རྗེ་སྒྲོལ་མ། ལྷོར་རིན་ཆེན་སྒྲོལ་མ། ནུབ་ཏུ་པདྨའི་སྒྲོལ་མ། བྱང་དུ་ལས་ཀྱི་སྒྲོལ་མ་སྟེ་གང་ལ་བབ་པ་ཉིད་ལྷག་པའི་ལྷར་ཟུངས་ཤིག །རིགས་དང་མཐུན་པའི་གསང་མཚན་གདགས། མེ་ཏོག་ཅོད་པན་སླར་བཅིངས་ལ། མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧོ༔ འདི་ནི་ཁྱོད་ཀྱི་བབས་པའི་ལྷ༔ དེང་ནས་གཟུང་སྟེ་བྱང་ཆུབ་བར༔ འབྲལ་མེད་བྱིན་གྱིས་རློབ་པའི་ཕྱིར༔ རིན་ཆེན་ཅོད་པན་ཚུལ་དུ་སྦྱིན༔ ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུར་འཕྲོས། ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །མིག་ཐུར་ཐོགས་ལ། ཨོཾ༔ འཆི་མེད་འཕགས་མའི་ཡེ་ཤེས་ཀྱི༔ སྣང་བས་མ་རིག་སྒྲིབ་བསལ་ནས༔ རང་བཞིན་དཀྱིལ་འཁོར་དོན་དང་རྟགས༔ མངོན་སུམ་ཉིད་དུ་མཐོང་གྱུར་ཅིག༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་དཀྱིལ་འཁོར་བསྟན་ཅིང་སྤྲོ་བ་བསྐྱེད་པ་ལགས་ཏེ། ཧོ༔ གདོད་ནས་རྣམ་དག་རང་བཞིན་དབྱིངས༔ ཡེ་ཤེས་གཟུགས་བརྙན་ཚུལ་དུ་ཤར༔ མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་ནི༔ ཏིང་འཛིན་མཆོག་གི་རོལ་མོ་ལས༔ ལྷག་པའི་ཆོ་འཕྲུལ་བསམ་ཡས་སྤྲོ༔ བྱང་ཆུབ་སེམས་དང་ཚོམ་བུ་ཚོགས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྗེ་བཙུན་འཕགས་མའི་མཎྜལ་ལ༔ འདིར་ཞུགས་འདི་ལྟོས་འདི་དོན་སྒོམས༔ མཐོང་བས་བསྐལ་མང་སྡིག་སྒྲིབ་དག༔ དབང་བསྐུར་ཡེ་ཤེས་རྒྱུད་ལ་སྨིན༔ བསྒོམས་པས་དངོས་གྲུབ་མྱུར་དུ་འགྲུབ༔ དེ་ཕྱིར་དད་བརྩོན་སྐལ་ལྡན་རྣམས༔ ལྷ་སྔགས་ཕྱག་རྒྱར་མཉམ་སྦྱར་ནས༔ རང་གཞན་དོན་གཉིས་བརྩོན་པར་གྱིས༔ དེའང་ཡུམ་ལྔའི་རང་བཞིན་གྱི་འབྱུང་བ་རིམ་ལྔ་བརྩེགས་པའི་སྟེང་དུ་བྱང་ཆུབ་ཕྱོགས་ཆོས་རྣམ་པར་དག་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་ཤིང་ཕྱི་རོལ་འཇིག་རྟེན་སྐྱོང་བའི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་རང་འོད་ཐབས་མཆོག་པདྨ་གར་དབང་གིས་འཁྱུད་པ། དེའི་ཤར་དུ་རྡོ་རྗེ་སྒྲོལ་མ། ལྷོར་རིན་ཆེན་སྒྲོལ་མ། ནུབ་ཏུ་པདྨའི་སྒྲོལ་མ། བྱང་དུ་ལས་ཀྱི་སྒྲོལ་མ། དེ་རྒྱབ་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་སྒྲོལ་མ་རྣམས་རང་རིགས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་མ་འདྲེས་ལ་ཡོངས་སུ་རྫོགས་པ། བར་མཚམས་སུ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པས་བཞུགས་པ་སྟེ། དེ་ལྟར་ན་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ལྷ་དགུ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་དག་རྣམས་ཀྱིས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དུ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རིགས་རྣམས་ཀུན་བདག་སློབ་དཔོན་གྱིས༔ ཐུགས་རྗེས་བརྩེ་བས་ཉེར་བཟུང་ནས༔ གོ་འཕང་མཆོག་ཏུ་དབུགས་དབྱུང་ཕྱིར༔ ཡེ་ཤེས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བུམ་གསང་ཤེར་ཡེ་བཞི་པ་དང་འབྲེལ་བའི་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་ཕྱི་ཕན་པ་དང་ནང་ནུས་པ་འཇུག་པའི་དབང་གཉིས། དང་པོ་རྡོ་རྗེ་སློབ་མའི་དབང་ལ་རིག་པའི་དབང་ལྔ་རིམ་པར་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། བདག་མདུན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་པའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། པཱ་དྱཾ་ནས་ཤབྡའི་བར་བརྗོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ། །ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས། །གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །གསོལ་གདབ་ནི། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་བསྒྱུར། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་དབང་གི་ཕྲིན་ལས་ལ་འཇུག་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་བྱ། སློབ་མ་སྐད་ཅིག་གིས་རྡོ་རྗེ་སྒྲོལ་མ་མཐིང་ག་ཞི་བའི་ཉམས་ཅན། ཕྱག་གཉིས་མཆོག་སྦྱིན་དང་ཨུཏྤལ་རྡོ་རྗེས་མཚན་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པར་སྒོམས། རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་སྤྱི་བོར་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ རྣམ་ཤེས་ཞེ་སྡང་དག་བྱའི་ཕྱིར༔ རྡོ་རྗེ་སྒྲོལ་མའི་ངོ་བོ་ཉིད༔ མི་བསྐྱོད་ཆུ་ཡི་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཏཱ་ར་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པས་དབང་བསྐུར། བུམ་ཆུ་སྦྱིན། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏ་སཏྭཾ་ཨ་ཧཾཿ ཞེས་བུམ་ཆུ་སྤྱི་བོར་བླུགས་པའམ་འཐོར། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། ཡིད་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པ་ལ་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། རྡོ་རྗེའི་རང་བཞིན་རྡོ་རྗེའི་དབྱིངས༔ རྡོ་རྗེའི་འོད་ཟེར་མཐའ་ཡས་པའི༔ རྡོ་རྗེས་བདུད་སྡེ་ཕམ་མཛད་པ༔ རྡོ་རྗེ་སྒྲོལ་མའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད། དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། ཉོན་མོང་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། ཐུགས་རྡོ་རྗེ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། དེ་བཞིན་དུ། སློབ་མ་སྐད་ཅིག་གིས་རིན་ཆེན་སྒྲོལ་མ་གསེར་མདོག་རྒྱས་པའི་ཉམས་ཅན། ཕྱག་གཉིས་ཀྱིས་མཆོག་སྦྱིན་དང་ཨུཏྤལ་རིན་པོ་ཆེས་མཚན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པར་སྒོམས། དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་བཀོན་ལ། ཏྲཱཾ༔ ཚོར་བ་ང་རྒྱལ་དག་བྱའི་ཕྱིར༔ རིན་ཆེན་སྒྲོལ་མའི་ངོ་བོ་ཉིད༔ ལོངས་སྤྱོད་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རཏྣ་ཏཱ་ར་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ བཛྲ་ཀ་ལ་ཤ་སོགས་ཀྱིས་ཆུ་དབང་། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། ཤེས་བྱའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་གྱུར། གོང་ལྟར་མཆོད། རིན་ཆེན་ལས་སྐྱེས་རིན་ཆེན་བདག༔ རིན་ཆེན་སྙིང་པོའི་འོད་ཟེར་གྱིས༔ རིན་ཆེན་ཡིད་བཞིན་འཕེལ་མཛད་པ༔ རིན་ཆེན་སྒྲོལ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཉོན་མོང་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། ཡོན་ཏན་རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་པདྨའི་སྒྲོལ་མ་དམར་མོ་དབང་གི་ཉམས་ཅན། ཕྱག་གཉིས་ཀྱིས་མཆོག་སྦྱིན་དང་ཨུཏྤལ་ལྕགས་ཀྱུས་མཚན་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པར་སྒོམས། རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཅན་ཕྱག་གཡས་སུ་གཏད་པར་མོས་ཤིག །རྡོ་རྗེ་གཏད་ལ། ཧྲཱི༔ འདུ་ཤེས་འདོད་ཆགས་དག་བྱའི་ཕྱིར༔ པདྨའི་སྒྲོལ་མའི་ངོ་བོ་ཉིད༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་ཏཱ་ར་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ བཛྲ་ཀ་ལ་ཤ་སོགས་ཆུ་དབང་། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། ངག་རླུང་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། གོང་ལྟར་མཆོད། པདྨའི་འབྱུང་གནས་པདྨའི་སྒྲ༔ པདྨ་ཟབ་པའི་རྒྱ་མཚོའི་འོད༔ པདྨའི་དཔལ་དུ་འགུགས་མཛད་པ༔ པདྨའི་སྒྲོལ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་གནས་གྱུར། གསུང་པདྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་ལས་ཀྱི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན། ཕྱག་གཉིས་མཆོག་སྦྱིན་དང་ཨུཏྤལ་རལ་གྲིས་མཚན་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པར་སྒོམས། དྲིལ་བུ་དོན་ཡོད་གྲུབ་པའི་བདག་ཉིད་ཕྱག་གཡོན་དུ་གཏད་པར་མོས་ཤིག །དྲིལ་བུ་སྦྱིན་ལ། ཨཱ༔ འདུ་བྱེད་ཕྲག་དོག་དག་བྱའི་ཕྱིར༔ ལས་ཀྱི་སྒྲོལ་མའི་ངོ་བོ་ཉིད༔ ཤེས་རབ་དྲིལ་བུའི་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཀརྨ་ཏཱ་ར་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་ཀ་ལ་ཤ་སོགས་ཆུ་དབང་། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། ཀུན་གཞིའི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་གྱུར། གོང་ལྟར་མཆོད། ལས་ཀྱི་རོལ་པ་ལས་ཀྱི་ཐབས༔ ལས་ཀུན་དབང་སྒྱུར་གྲུབ་པའི་འོད༔ ལས་དང་ཡེ་ཤེས་དངོས་གྲུབ་སྟེར༔ ལས་ཀྱི་སྒྲོལ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར། ཕྲིན་ལས་ཀྱི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །སློབ་མ་སྐད་ཅིག་གིས་བདེ་གཤེགས་སྒྲོལ་མ་དཀར་མོ་བརྗིད་པའི་ཉམས་ཅན། ཕྱག་གཉིས་མཆོག་སྦྱིན་དང་ཨུཏྤལ་འཁོར་ལོས་མཚན་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པར་སྒོམས། རྡོ་རྗེ་དང་བཅས་པའི་དྲིལ་བུ་ཐོགས་ཏེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་གྱི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་ལྷན་ཅིག་པ་སྤྱི་བོར་འཁྲོལ་ལ། ཨོཾ༔ གཟུགས་ཕུང་གཏི་མུག་དག་བྱའི་ཕྱིར༔ བདེ་གཤེགས་སྒྲོལ་མའི་ངོ་བོ་ཉིད༔ རྡོ་རྗེའི་མིང་གི་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བུདྡྷ་ཏཱ་ར་བཛྲ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ གསང་བའི་མཚན་བསྒྲག །བཛྲ་ཀ་ལ་ཤ་སོགས་ཀྱིས་ཆུ་དབང་། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། ལུས་ཀྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། གོང་ལྟར་མཆོད། བདེ་གཤེགས་ཡུམ་གྱུར་བདེ་གཤེགས་གསུང༔ བདེ་གཤེགས་སྣང་བའི་འོད་ཟེར་སྤྲིན༔ བདེ་གཤེགས་དགྱེས་པ་སྒྲུབ་མཛད་པའི༔ བདེ་གཤེགས་སྒྲོལ་མའི་བཀྲ་ཤིས་ཤོག༔ དེས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། ཉོན་མོང་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། སྐུ་བདེ་གཤེགས་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །ནང་ནུས་པ་འཇུག་པའི་དབང་ལ་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་ལས། དང་པོ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་དབང་བསྐུར་ཞིང་དབུགས་དབྱུང་བ་ལ་དམིགས་པ་འདི་ལྟར་མཛོད། རྒྱས་པར་སྤྲོ་ན་གཙོ་མོར་སྐྱེད་པའི་ཚིག་གོང་གསལ་ལྟར་བརྗོད། བསྡུ་ན། ཁྱེད་རང་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་རང་འོད་ཐབས་མཆོག་པདྨ་གར་དབང་གིས་འཁྱུད་པ། རང་རྟགས་ཕྱག་མཚན་དང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་ཤིང་མཚན་དཔེའི་གཟི་བྱིན་འབར་བར་གྱུར་པ་ལ། ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་བྱིན་པར་མོས། རྡོ་རྗེ་ལག་གཡས་སུ་གཏད་ནས་གསོར་དུ་གཞུག །ཧཱུྃ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ དོན་གྱི་རྡོ་རྗེ་རབ་བཟུང་ནས༔ དཀྱིལ་འཁོར་ཀུན་གྱི་འོད་གསལ་ཐུགས༔ ཤིན་ཏུ་རྣམ་དག་རྟོགས་པར་གྱིས༔ ཨོཾ་མ་ཧཱ་བཛྲ་ཛྙཱ་ན་ཧཱུྃ༔ ཤེས་རབ་སྟོང་པ་ཉིད་དྲིལ་བུ་གསུང་གི་དམ་ཚིག་བྱིན་པར་མོས། དྲིལ་བུ་ལག་གཡོན་དུ་གཏད་ལ་དཀྲོལ་དུ་གཞུག །ཨཱ༔ སྲིད་པའི་རླུང་བཅུ་རྣམ་དག་པ༔ གྲགས་སྟོང་ངེས་དོན་དྲིལ་བུའི་སྒྲ༔ མི་ཤིག་ནཱ་དའི་གསུང་དབྱངས་ཀྱིས༔ འགྲོ་བ་ཐམས་ཅད་སད་པར་གྱིས༔ ཨོཾ་བཛྲ་གཎྜེ་ཛྙཱ་ན་ཨཱ༔ བདེ་སྟོང་ཟུང་འཇུག་ཕྱག་རྒྱ་སྐུའི་དམ་ཚིག་སྦྱིན་པར་མོས་ཤིག །རྡོར་དྲིལ་འཁྱུད་པའི་རྒྱ་བྱར་གཞུག་ལ། ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ སྣང་རིག་ཟུང་འཇུག་སྒྱུ་མའི་ཚུལ༔ བདེ་སྟོང་ཡེ་ཤེས་ཕྱག་རྒྱའི་སྐུས༔ ཁ་སྦྱོར་བདེ་བའི་ཏིང་འཛིན་སྒྲུབས༔ ཨོཾ་མ་ཧཱ་མུ་དྲཱ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩིའི་བཅུད་ལྡན་པའི༔ བཀྲ་ཤིས་བུམ་པས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏཱ་སཏྭཾ་ཨ་ཧཾ༔ དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཐིམ་པར་གྱུར། རྟེན་སྙིང་དང་། སུ་པྲ་ཏིཥྛ་བརྗོད། མེ་ཏོག་འཐོར་ལ་རབ་ཏུ་གནས། གོང་ལྟར་མཆོད། དཀོན་མཆོག་གསུམ་གྱི་ཤིས་བརྗོད་བྱ། བྱེ་བྲག་རྗེས་སུ་གནང་བ་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཀྲ་ཤིས་པའི་གདུགས་དབུབ། ལག་གཡས་སུ་དུང་དཀར། གཡོན་དུ་དྲིལ་བུ། བར་དུ་སྔགས་ཀྱི་གླེགས་བམ། རྐང་འོག་ཏུ་འཁོར་ལོ་བྱིན་ཏེ་དེ་ཉིད་བཅུ་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་རབ་འབྱམས་སྒྲུབ་པར་བཀས་གནང་བར་མོས་ཤིག །ཆས་རྣམས་སོ་སོར་གཏད་ལ། ཧོ༔ དེང་ནས་བརྩམ་སྟེ་རིགས་ཀྱི་བུ༔ ཁྱོད་ནི་སྒྲིབ་དག་ཡེ་ཤེས་བརྙེས༔ དཀྱིལ་འཁོར་ཀུན་གྱི་བདག་པོ་ཆེ༔ རྡོ་རྗེ་སློབ་དཔོན་མཆོག་ཏུ་གྱུར༔ ལྟ་སྤྱོད་དཀྱིལ་འཁོར་སྨིན་གྲོལ་དང༔ ལས་ཀྱི་ཡན་ལག་ཐམས་ཅད་ལ༔ བདེ་ཆེན་སྒྱུ་མའི་རོལ་པས་སྒྲུབས༔ སྙིང་རྗེ་ཆེན་པོས་གཞན་དོན་གྱིས༔ འཁོར་བ་རྒྱུད་ལྔ་དྲང་བའི་ཕྱིར༔ བསྡུ་བ་རྣམ་བཞིའི་དུང་བུས་ལ༔ ཐེག་མཆོག་ཆོས་ཀྱི་དྲིལ་བུ་སྒྲོགས༔ རྡོ་རྗེའི་སྔགས་རྒྱུད་རབ་འབྱམས་ཀྱིས༔ རིགས་ཅན་གསུམ་གྱི་གདུལ་བྱ་ཀུན༔ བྱང་ཆུབ་སྙིང་པོར་དབུགས་ཕྱུངས་ཤིག༔ ཨོཾ་བཛྲ་དྷརྨ་བྷཱ་ཥཱ་ཛྙཱ་ན་ས་མ་ཡ་ཧོ༔ ཞེས་གདམས། ཁྱད་པར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་ལྷ་ཚོགས་གཙོ་འཁོར་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །ལྷ་ཙཀ་རྣམས་ཀྱིས་དབང་རིམ་པར་བསྐུར་ལ། ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ རིགས་བདག་ཚེ་དཔག་མེད་མགོན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཏཱཾ༔ པདྨའི་རིགས་མཆོག་གསུང་གི་ཡུམ༔ ཡིད་བཞིན་འཁོར་ལོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷྲཱུྃ༔ བདེ་གཤེགས་འོད་གསལ་ཡེ་ཤེས་ཐུགས༔ གཙུག་ཏོར་ཆེན་མོའི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཏཱཾ༔ ཆུ་ཁམས་རྣམ་དག་མཱ་མ་ཀཱི༔ བཅོམ་ལྡན་རྡོ་རྗེ་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷྲཱུྃ༔ ས་ཁམས་རྣམ་དག་སངས་རྒྱས་སྤྱན༔ བཅོམ་ལྡན་རིན་ཆེན་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཏཱ་རེ་བྷྲཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ མེ་ཁམས་རྣམ་དག་གོས་དཀར་མོ༔ བཅོམ་ལྡན་པདྨའི་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཏཱ་རེ་ཧྲཱིཿསྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ༔ བཅོམ་ལྡན་ལས་ཀྱི་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཏཱ་རེ་ཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཛ༔ བྱམས་པ་ཚད་མེད་ངོ་བོ་ཉིད༔ བཅོམ་ལྡན་ལྕགས་ཀྱུ་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བའི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཏཱ་རེ་ཏཱཾ་ཛཿཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྙིང་རྗེ་ཚད་མེད་ངོ་བོ་ཉིད༔ བཅོམ་ལྡན་ཞགས་པ་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ༴ རྒྱས་པའི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཏཱ་རེ་བྷྲཱུྃ་ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཾ༔ དགའ་བ་ཚད་མེད་ངོ་བོ་ཉིད༔ བཅོམ་ལྡན་ལྕགས་སྒྲོག་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ༴ དབང་གི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཏཱ་རེ་ཧྲཱིཿབཾ་ཝཱ་ཤཾ་ཀུ་རུ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོ༔ བཏང་སྙོམས་ཚད་མེད་ངོ་བོ་ཉིད༔ བཅོམ་ལྡན་དྲིལ་བུའི་སྒྲོལ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་ཏཱ་རེ་ཧཱུྃ་ཧོཿམཱ་ར་ཡ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེང་ནས་གཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་རྣམས་གསལ་ཐོབས། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་གསལ་མཉམ་གཞག་ཚེ་བུམ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པའི་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཏཱཾ་ཡིག་དཀར་པོ། དེའི་མཐར་ཡི་གེ་བཅུ་པའི་སྔགས་ཕྲེང་གིས་བསྐོར་བ་དང་། ཁྱེད་རང་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་པོ་དང་། དེའི་ཐུགས་ཀར་ཉི་ཟླའི་གྭའུ་ཏཱཾ་ཡིག་བཅས་པ་གསལ་ཐོབས། སློབ་དཔོན་དང་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་དང་ཐུགས་ཀའི་ལྷའི་ཞལ་དུ་ཞུགས་ནས་ཐུགས་སྲོག་ཏཱཾ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། གཙུག་ཏོར་ནོར་བུའི་རྩེ་མོ་ནས་ཐོན་ཏེ་འཕགས་མ་རྣམ་པར་རྒྱལ་མ་དཀར་མོ་ལྕགས་ཀྱུ་དང་ཚེ་བུམ་འཛིན་པ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་རྡོ་རྗེའི་ཆོས་སྲུང་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས། འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ཉིད་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་བསྙེན་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། གཙོ་བོའི་ཡིག་བཅུ། ཤམ་འདོགས་ཅན། ཚེ་དཔག་མེད། རྣམ་རྒྱལ་མའི་སྙིང་པོ་རྣམས་ལན་གསུམ་གསུམ་བྱ། སླར་ཡང་འོད་ཟེར་འཕྲོས། བདེ་ཆེན་ཡེ་ཤེས་ཀྱི་གཟི་བརྗིད་འབར། ཁམས་གསུམ་བརྟན་གཡོ་ཐམས་ཅད་ལྷ་སྔགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཁོར་ལོར་རྫོགས་པར་མོས་ལ་སྒྲུབ་སྔགས་རྣམས་ཀྱི་རྗེས་ཟློས། བསྙེན་སྔགས་གསུམ་དང་། སྒྲོལ་མ་རིགས་བཞིའི་སྔགས་བཟླར་གཞུག །སླར་ཐུགས་ཀའི་འོད་ཟེར་ལས་ཕྲིན་ལས་སྒོ་མའི་སྐུ་ནམ་མཁའ་གང་བ་འཕྲོས། ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པར་མོས་ལ་ལས་སྔགས་རྣམས་ཀྱི་རྗེས་ཟློས། སྒོ་བཞིའི་སྔགས་བཟླར་གཞུག །སྔགས་ཀྱི་ཕྲེང་བ་གཏད་པས་བཟླས་བརྗོད་ཀྱི་ནུས་པ་སྐྱེད་ཅིང་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་གཏད་ལ། ཨཱ༔ ཇི་སྙེད་བརྗོད་པ་ཐམས་ཅད་ཀུན༔ རྡོ་རྗེའི་སྔགས་སུ་རྣམ་པར་དག༔ ནུས་པ་སྐྱེད་པའི་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཤོག༔ ཨོཾ་སརྦ་མཎྜ་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲོད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང། གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་རང་བྱུང་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ལ། ཧཱུྃ༔ གཟུང་དང་འཛིན་པའི་རྟོག་པ་ཀུན༔ གདོད་ནས་རང་བཞིན་འོད་གསལ་ངང༔ ཡེ་ཤེས་རྟོགས་པའི་དབང་བསྐུར་བས༔ ཟུང་འཇུག་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་སརྦ་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་གཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་སྦྱངས་བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་སྦྱོར་བ་རྩ་ཁམས་རང་བྱིན་རླབས་པ་གསང་བའི་དབང་གི་སླད་དུ། བླ་མ་བཅོམ་ལྡན་འདས་མ་དང་གར་གྱི་དབང་ཕྱུག་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྱན་དྲངས་ཏེ་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཨཱ༔ དགའ་བ་མཆོག་གིས་དྲངས་པའི་བཅུད༔ བྱང་ཆུབ་སེམས་ཀྱི་དམ་ཚིག་གིས༔ རྩ་ཁམས་རླུང་ལ་དབང་བསྐུར་བས༔ གསལ་སྟོང་ཟུང་འཇུག་ཉམས་མྱོང་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་མྱངས་པའི་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་སྦྱངས་རང་བྱིན་བརླབས་པའི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་དངོས་གཞི་དཔེ་ཡི་ཡེ་ཤེས་མཚོན་པའི་སླད་དུ། གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཕྱག་གཡོན་དུ་བྱིན་པར་མོས་ཤིག །གཟུགས་བརྙན་གཏད་ལ། ཧཱུྃ༔ རྣམ་པ་ཀུན་ལྡན་ཡེ་ཤེས་ནི༔ རིག་མའི་བརྟུལ་ཞུགས་བླ་ན་མེད༔ འདུ་ཤེས་གསུམ་གྱིས་མཉམ་སྦྱར་བས༔ དཔེ་ཡི་ལྷན་སྐྱེས་རྟོགས་པར་ཤོག༔ ཨོཾ་ཀརྨ་མུ་དྲཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་ཐབས་མཆོག་གར་གྱི་དབང་ཕྱུག་དང་རིག་མ་འཆི་མེད་འཕགས་མ་སྒྲོལ་མར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་གར་ཕཊ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུར་ཨཱཾཿགིས་མཚན་པར་གསལ་ཐོབ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཡབ་ཡུམ་འདོད་པ་མཉམ་པས། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཨ་ནུ་རཱ་གཱ་ཡ་ཧོཿ ཨ་ནུ་རཱ་གཱ་ཡ་མི། ཞེས་ཕན་ཚུན་བརྡ་བཞིས་བསྣོལ་མར་བསྐུལ། ཛཿཧཱུྃ་བཾ་ཧོཿ ཞེས་འཁྱུད་སྡོམ་སྤྲད་ནས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་ཐིག་ལེ་གཡོས། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་ཡས་བབ་རྒྱུའི་དགའ་བ་བཞི་ཉམས་སུ་མྱོང་། རྡོ་རྗེ་ནོར་བུའི་རྩེར་ལྷན་ཅིག་སྐྱེས་པའི་བདེ་ཆེན་དཔེའི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བ་བཞི་དང་ཟུང་དུ་འཇུག་པའི་སྟོང་པ་བཞིའི་འོད་གསལ་གྱི་མཐར་ཐུག་བརྗོད་བྲལ་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་རྗེས་དོན་གྱི་ངོ་སྤྲོད་གདབ་པ་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་མཉམ་པར་འཇོག་པ་དང་། རྡོ་རྗེ་སེམས་དཔའི་མེ་ལོང་གི་དཔེས་མཚོན་ཏེ་སེམས་དང་ཆོས་རྣམས་ཀྱི་དབྱིངས་གདོད་ནས་དག་ཅིང་དབྱེར་མེད་སྟོང་པ་ཤེལ་ལྟ་བུ་ལས། རིག་པ་ཡེ་ཤེས་གསལ་སྣང་འགག་མེད་དུ་འཇའ་ཚོན་ལྟར་ཤར་བ་གཉིས་ཀའང་ཡེ་ནས་ཟུང་འཇུག་འདུས་མ་བྱས་པ་གཞི་གྲོལ་ཀུན་ཏུ་བཟང་པོའི་ཀློང་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་བསྟན་ལ། ཧོ༔ དབྱིངས་ནི་རྣམ་དག་ཤེལ་ལྟ་བུ༔ རིག་པ་ཡེ་ཤེས་འཇའ་ལྟར་ཤར༔ ཟུང་འཇུག་འདུས་མ་བྱས་པའི་ངང༔ དོན་གྱི་དགོངས་པ་མངོན་གྱུར་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་ཅུང་ཟད་མཉམ་པར་འཇོག །དེ་ལྟར་རང་བྱུང་གཤིས་ཀྱི་གནས་ལུགས་དབྱིངས་རིག་དབྱེར་མེད་ཀུན་བཟང་དགོངས་པ་གཅེར་མཐོང་དུ་ངོ་སྤྲོད་པ་དེ་ཉིད་ལྟ་སྒོམ་སྤྱོད་པ་ཐུན་མོང་མ་ཡིན་པས་ལམ་དུ་ཁྱེར་ཏེ། འབྲས་བུ་གཞིར་རྫོགས་ཆེན་པོར་ལ་ཟློ་བའི་ཚུལ་རྡོ་རྗེའི་ཚིག་གིས་གསལ་འདེབས་པ་ལགས་པས་སྙན་གཏོད་འཚལ། ཨ༔ ལྟ་བ་བློ་འདས་གདོད་མའི་བབས༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨ༔ དེས་དེ་ཁོ་ན་ཉིད་དབྱིངས་རིག་ཟུང་འཇུག་གི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྣང་གསུམ་འཕོ་བའི་བག་ཆགས་དག །ཀ་དག་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བསྒྲག །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་མོ་དགོངས་པའི་གཏེར་མཛོད་འོད་གསལ་ཀློང་ལྔའི་སྒྲོམ་བུ་ལས་ཕྱུང་པ། འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོའི་རྩ་བའི་དབང་བསྐུར་ཆེན་མོ་རྒྱས་པར་གྲུབ་པ་ལགས། དབང་གི་སྲོག་གམ་གཞི་རྟེན་དུ་གྱུར་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་སྡོམ་པ་དང་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་མཚམས་སྦྱོར་བཅས་སྤྱི་འགྲེ་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། སློབ་དཔོན་གྱིས་ལས་གཞུང་ལྟར་ཚོགས་ལ་རོལ་ནས་ལྷག་མ་གཏང་། སྨོན་ལམ་གདབ། ཆད་མདོ་བརྟན་སྐྱོང་རྟ་བྲོ་བཅས་སོང་ནས། གཏང་རག་མཆོད་བསྟོད་རྒྱས་བསྡུས་གང་ལྕོགས་སྦྱར། ནོངས་བཤགས་དང་། མདུན་བསྐྱེད་ཡེ་ཤེས་པ་རས་བྲིས་དང་རྟེན་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་། བསྔོ་བ་སྨོན་ལམ། བཀྲ་ཤིས་རྣམས་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། །སྒྲུབ་ཐབས་ཆུ་གཏེར་གཏིང་དཔག་དཀའ་བ་ལས། །འཆི་མེད་འཕགས་མའི་གདམས་སྐོར་བདུད་རྩིའི་བུམ། །ཟབ་གཏེར་མེས་པོའི་ཐུགས་བསྐྱེད་ལས་འཁྲུངས་པ། །སྐལ་བཟང་ལེགས་བྲིས་ཡོངས་ཀྱི་བཅུད་དུ་བསྟན། །སྨིན་བྱེད་གངྒཱའི་ཆུ་ཀླུང་སྲིད་པའི་མཐར། །ནུབ་མེད་ཡོངས་པའི་ལྗོངས་སུ་རྟག་པར་འབབ། །ཉེས་ཚོགས་དྲི་བཀྲུས་ལེགས་དགུའི་ཡོན་ཏན་གྱིས། །མངོན་མཐོ་ངེས་ལེགས་སྲོག་ཟུངས་རབ་བརྟན་ཤོག །ཅེས་རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེ་ཉིད་ནས་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་ཞིང་བཀའི་གནང་བ་ཐུན་མོང་མ་ཡིན་པ་བསྩལ་པའི་སྐལ་བཟང་ཐོབ་པ་ལས། འདུ་གསུམ་སྤྱོད་པ་དགེ་སྦྱོང་གི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྣམ་འགྱུར་ལོའི་ས་ག་ཟླ་བའི་ཡར་ཚེས་བཟང་པོར་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་འཆི་མེད་རྟག་བརྟན་དགའ་བའི་ཚལ་དུ་ལེགས་པར་སྦྱར་བ་དགེ་ལེགས་འཕེལ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་བདུད་རྩིའི་ཐིག་ལེ་ (Volume 14, Text 28)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །བླ་མ་མཆོག་དང་དབྱེར་མེད་དེར་བཏུད་ནས། །སྙིང་པོ་དོན་གྱི་དབང་ཆོག་འཇུག་བདེ་སྤེལ། །འདིར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་བསྐུར་བའི་རིམ་པ་ནི། ཇི་སྐད་དུ། བདེ་གཤེགས་འདུས་པའི་དྲག་སྔགས་ལས༔ རང་གཞན་དབང་གིས་སྨིན་བྱེད་པ༔ རྣལ་འབྱོར་རྒྱུན་གྱི་དབང་བླང་བ༔ ཞེས་པའི་རིམ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། དབང་གི་ཆོ་ག་དང་གསུམ་ལས། དང་པོ་ཡོ་བྱད་ཀྱི་གཤོམ་ནི། དམ་རྫས་མཆོད་རྫས་གཞུང་བཞིན་བཤམ༔ ཁྱད་པར་དབང་གི་རྫས་བསྟན་པ༔ རིན་ཆེན་བུམ་པར་ཆུ་སྣ་དང༔ རིན་ཆེན་སྨན་འབྲུ་ལ་སོགས་བཙལ༔ ཁ་རྒྱན་མགུལ་ཆིངས་ཀྱིས་བརྒྱན་ཏེ༔ ཞེས་སོགས་གསུངས་པ་བཞིན། སྒྲུབ་དབང་ལྟ་བུའི་ཆོ་ག་དང་འབྲེལ་ན་བཅའ་གཞི་དེ་ཉིད་ཀྱིས་འགྲུབ་ཅིང་། གཞན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ན་ཆོ་ག་དང་ཐིག་ཚོན་གྱི་ཆོ་ག་སོགས་སྐབས་སུ་གང་བབ་དང་། རས་བྲིས་ལ་བརྟེན་ན་སྟེགས་བུ་ཁེབས་དང་ལྡན་པའི་ཁར་དཀྱིལ་འཁོར་བཀྲམ་པའི་དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་བུམ་རྫས་སོ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་བཀང་། དེའི་ཁ་རྒྱན་གྱི་གསེབ་ཏུ་ཞི་ཁྲོའི་སྐུ་རྟེན་ཙཀ་ལི་རྣམས་དང་གཟུངས་ཐག་རྡོ་རྗེ་བཞག །དཀྱིལ་འཁོར་གྱི་ཤར་དུ་དཔལ་གཏོར་སྨན་རཀ །ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་རྡོ་རྗེ་དང་དྲིལ་བུ། བྱང་དུ་ཐོད་པར་བུར་ཆང་བདུད་རྩི་དང་སྦྱར་བ་མེ་ལོང་གིས་བཀབ་པའི་ཁར་མན་ཤེལ་བཞག །མཐའ་མཆོད་པ་རྣམས་ཀྱིས་གཡས་སུ་བསྐོར། གཞན་ཡང་དུར་ཁྲོད་ཀྱི་ཆས་དང་། འབྲུབ་ཁུང་ལིང་ག །ཕུར་བུ། ཚོགས་རྫས། རྡོར་དྲིལ། ཌཱ་མ་རུ། མེ་ཏོག །མིག་དར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། སྔོན་འགྲོ་རྣམས་ལས་བྱང་གི་དཀྱུས་བཞིན་བྱས་ནས། དངོས་གཞིའི་སྐབས། བསྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་ཀྱི་རང་བཞིན་ཀུན་སྣང་སྙིང་རྗེ་ཆེན་པོའི་ངང་ལས་རྟེན་དང་བརྟེན་པར་བཅས་པ་བདག་མདུན་ཐ་མི་དད་པར་བསྒོམས་ནས། དབང་བསྐུར། སྤྱན་འདྲེན། བཞུགས་གསོལ་རྣམས་དང་། མཆོད་བསྟོད་ཀྱི་ཚེ་རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བས་སམ། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ལྷ་ལ་ལྷས་མཆོད་པའི་ཚུལ་དུ་མཆོད་ཅིང་བསྟོད་ནས་སྤྱི་སྒོས་ཀྱི་ཛཔ྄་དང་ཁྱད་པར། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བ་ལ། ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་བ་མཆོད་པའི་ཚུལ་དུ་སྤྲོས། ལྷ་རྣམས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རྒྱུན་བབ་པ་བུམ་ཆུ་དང་རོ་མཉམ་པར་བསམས་ནས་རྩ་སྔགས་རྣམས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བཏགས་པ་ཅི་ནུས་དང་། ཚུལ་སྔ་མ་ལྟ་བུས་ལས་བུམ་དུ་རྡོར་སེམས་བསྐྱེད་ནས་ཡིག་བརྒྱ་དང་ཡིག་དྲུག་ཅི་རིགས་བཟླས་རྗེས། ཆོས་སྐྱོང་སྤྱི་དང་གཏེར་སྲུང་གི་གཏོར་འབུལ་དང་ཚོགས་མཆོད་རྣམས་བྱས་ནས། བདག་ཉིད་འཇུག་པ་འོག་ནས་འབྱུང་བ་ལྟར་རམ། རིག་པའི་མེ་ཏོག་དོར་བ་གང་འོས་ཀྱིས་ནུས་ལྡན་དུ་བྱའོ། །གཉིས་པ་དབང་བསྐུར་བ་ལ། འཇུག་པ་དང་དབང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་བྱས་བགེགས་གཏོར་བཏང་ནས་མཚམས་བཅད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད་མཚམས་སྦྱོར་ཅི་རིགས་བྱས་ནས་མཎྜལ་ཕུལ། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱས་མིག་དར་འཆིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད་ནས། གསོལ་བ་འདེབས་པ་ནི། ཧོ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེས་དཀྱིལ་འཁོར་བསྟན་པར་ཞུ༔ ཞེས་ལན་གསུམ་ཞུ། སྐྱབས་སེམས་ནི། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་པོ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་གསུམ་གྱིས་རྒྱུད་སྦྱང་། ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་གསུམ་གྱིས་ཚོགས་གསག །སྡོམ་པ་བཟུང་བ་ནི། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ ནམ་ཡང་བདག་གིས་མི་སྤོང་ངོ་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ སློབ་དཔོན་དག་ཀྱང་བཟུང་བར་བགྱི༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་བཟུང༔ ཕྱི་ནང་གསང་བའི་ཐེག་གསུམ་གྱི༔ དམ་ཆོས་མ་ལུས་ཡོངས་སུ་བཟུང༔ སྡོམ་པ་ཐམས་ཅད་དང་ལྡན་པས༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བདག་གིས་སྡོམ་པ་མ་ལུས་བཟུང༔ ཞེས་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང་ནས། རྩ་བར་སེམས་བསྐྱེད་བྱ་བར་བཤད་པས། ཟླ་བ་རྡོ་རྗེ་ལ་བརྟེན་ནས་རྣལ་འབྱོར་སེམས་བསྐྱེད་བྱས་ཀྱང་ལེགས་མོད། འོན་ཀྱང་གོང་གི་སེམས་བསྐྱེད་ཀྱིས་ཆོག་པར་སེམས། དམ་འབོགས་པ་ནི། ལས་བུམ་གྱི་ཆུ་སྦྱིན་ཏེ། ཧཱུྃ༔ འདི་ནི་དམ་ཚིག་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་རཀྵ་ཨི་དཾ་ན་ར་ཀན༔ ཞེས་པས་བྲོ་བོར། ཡེ་ཤེས་དབབ་པ་ནི། སློབ་མ་རྣམས་ལུས་གནད་བཅིངས་ཏེ། ཆེ་མཆོག་ཧེ་རུ་ཀར་བསྒོམས་པའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ་ལ་སེམས་བཟུང་ནས། རྩ་བའི་དཀྱིལ་འཁོར་གྱི་ནམ་མཁའི་གནས་སུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་རབ་འབྱམས་སྤྲིན་ཕུང་གཏིབ་པ་བཞིན་དུ་ཐིབས་ཀྱིས་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་། སྤྱི་བོ་ནས་ཞུགས་སྙིང་གའི་ཧཱུྃ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག་བྱས་ལ། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུག །ཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་དྲག་པོ་ཡུན་རིང་དུ་བྱས་པས་ལུས་འཕར་གཡོ། ངག་སྨྲ་དགོད། སེམས་རྟོག་མེད་ཀྱི་རྟགས་བྱུང་ན། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱའོ། །མེ་ཏོག་འབུལ་བ་ནི། ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ བིདྱཱ་རཏྣ་པུཥྤེ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་ཕུལ་བས་གང་དུ་བབས་པའི་རིགས་དེ་དང་མཐུན་པའི་མིང་རྡོ་རྗེ་ཆེ་མཆོག་རྩལ། དེ་བཞིན་དུ་ཐུགས་མཆོག །སྐུ་མཆོག །དབང་ཆེན། དྲག་པོ། བླ་མེད། བདེ་བ། དབང་ཕྱུག །སྟོབས་མཆོག །ཅེས་པ་རྣམས་སོ་སོའི་མགོར་རྡོ་རྗེ་དང་མཐར་རྩལ་ཞེས་སྦྱར་བའི་མིང་བྱིན་ནས། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ ཞེས་མེ་ཏོག་སྤྱི་བོར་འགོད། མིག་དབྱེ་བ་ནི། ཧཱུྃ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཐོག་བསལ་བ་ལྟར༔ མ་རིག་པ་ཡི་ལིང་ཐོག་ནི༔ རྒྱལ་བའི་དགོངས་པས་བསལ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དགྲོལ། དཀྱིལ་འཁོར་བསྟན་པ་ནི། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ཞེས་བརྗོད་ནས། འདི་ལྟར་མཚོན་བྱེད་དཔེའི་དཀྱིལ་འཁོར་ལས། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡེ་ཤེས་རང་སྣང་ལས་གྲུབ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པའི་ནང་དུ། ཕོ་བྲང་དགུ་ཚོམ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་སྙིང་པོར་དཔལ་ཆེན་ཡང་དག་ལ་སོགས་པ་བརྒྱད་རང་རང་གི་ཡུམ་དང་སོ་སོའི་འཁོར་དུ་བཅས་པ། ཕྱིའི་ཁོར་ཡུག་ལ་མཁའ་འགྲོ་གིང་ལང་མ་སྲིང་འབར་མ་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཐོང་བར་གྱུར་སྙམ་པ་གྱིས། ཞེས་པ་ཙམ་མམ། སྤྲོ་ན་གཙོ་བོ་དགུའི་མངོན་རྟོགས་དང་འཁོར་རྣམས་ཀྱི་མཚན་ཙམ་བརྗོད་པའི་མཚོན་རྒྱས་བསྡུས་ཇི་ལྟར་རིགས་པས་མཐོང་བ་བསྟན་ཞིང་སྤྲོ་བ་བསྐྱེད་པར་བྱ་སྟེ་འཇུག་པའི་བྱ་བའོ། །གཉིས་པ་དབང་གི་དངོས་གཞི་ལ། མཎྜལ་འབུལ་བ་སྔོན་དུ་འགྲོ་བས། དང་པོ་བུམ་དབང་གི་དོན་དུ་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་བསྙེན་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཞེས་གསུམ་གྱིས་གསོལ་བ་གདབ། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་ཤིག །ཅེས་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་སྤྱི་བོར་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུག །དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཏེ། ཧཱུྃ༔ སྙིང་པོ་ལྔ་ལས་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་དབུ་བརྒྱན་པས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་མགོ་བོར་བཀོན། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་ཤེས་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ནས་རྡོར་དྲིལ་ལག་གཡས་གཡོན་དུ་གཏད་དེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔའི་རྡོ་རྗེ༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གྷཎྜེ་ཨ་ཨཱ༔ ཨོཾ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་མཱཾ༔ ཏིཥྛ་བཛྲ་ས་མ་ཡ༔ ཞེས་བརྗོད་ཅིང་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་དུ་འཇུག །སྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཏེ། ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་ཚོགས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་དང་དམ་ཅན་བསྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ སྨན་རཀ་ལག་གཡས་གཡོན་དང་གཏོར་མ་སྤྱི་བོར་བཞག་སྟེ། ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ དེ་བཞིན་དུ་རཀྟ་དང། བ་ལིཾ་ཏ་ཞེས་པའི་མཐར་ཡང་སྦྱར་བས་དབང་བསྐུར་རོ། །དུར་ཁྲོད་ཀྱི་ཆས་བརྒྱད་བཀོན་པས། དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་བསྒྱུར་བར་མོས་ཏེ། ཧཱུྃ༔ དེ་རིང་དུས་འདིར་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པས༔ བརྒྱན་པའི་དཔལ་ཆས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཞེས་ཆས་གོས་རྣམས་ཀྱིས་བརྒྱན། དེ་དག་ནི་ཕྱི་རྫས་ལ་བརྟེན་པའི་དབང་ངོ་། །ནང་ལྷའི་དབང་ལ་གཉིས་ལས། ཞི་བའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་མ་དཔལ་ཆེན་པོར་གསལ་བའི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཏེ། ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔ མགྲིན་པར་སྤྱན་རས་གཟིགས་དབང་སྟེ༔ ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད༔ ལྟེ་བར་དྲུག་པ་རྡོ་རྗེ་འཆང༔ རྒྱལ་བ་རིགས་བཞིས་དབང་བསྐུར་བས༔ སྐུ་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨཱརྻ་ཨ་བ་ལོ་ཀཱི་ཤྭ་རཱ་ཡ༔ བཛྲ་སཏྭ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་བཞིར་བསྐུར་བས་བདེ་གཤེགས་ཞི་བ་ཡོངས་རྫོགས་ཀྱི་མཐུ་དབང་ཐོབ་པར་བསམ་མོ། ཁྲོ་བོའི་དབང་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན། སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ལ། ཆེ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་པ་རྡོ་རྗེ་རྣམ་གསུམ་བསྣམས༔ གཡོན་པ་བྷཉྫ་རྣམ་གསུམ་འཛིན༔ གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཡོན་ཏན་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྲོག་རྩ་བཞིའི་ལྷ་དང་དབྱེར་མེད་དུ་བསམ། གཤིན་རྗེའི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔ བཻ་ཏཱ་ཛཱ་ཊི་གཉིས་མེད་འཁྲིལ༔ གཤེད་པོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་བཞིན་དུ་དབང་ཆེན་མགྲིན་པར་བཞག་སྟེ། ཧཱུྃ༔ དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔ དམར་ནག་དབུ་གསུམ་ཕྱག་དྲུག་པ༔ ཨེ་ཀ་ཛཱ་ཊི་ཡུམ་དང་འཁྲིལ༔ ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན༔ རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གསུང་དབྱངས་ལྷུན་རྫོགས་ཐོབ་པར་ཤོག༔ ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཡང་དག་ཐུགས་ཀར་བཞག །ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་འཁྲིལ༔ ཡང་དག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཐུགས་མཆོག་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཕུར་པ་ལྟེ་བར་བཞག །ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་བསྣམས༔ ཐ་མ་གཉིས་ན་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཕྲིན་ལས་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བླ་མེད་ཧེ་རུ་ཀ་གསང་བར་བཞག །ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས༔ བྷནྫ་ཞིང་གཡབ་གྭ་འུ་གཡོན༔ ཀུན་བཟང་ཡུམ་དང་གཉིས་མེད་འཁྲིལ༔ མ་མོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མ་མོ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིག་འཛིན་སྤྱི་གཙུག་ཏུ་བཞག །ཧཱུྃ༔ རིག་འཛིན་ཐོད་པ་རྩལ་སོགས་དང༔ བརྒྱུད་པ་རྩ་བའི་བླ་མ་རྣམས༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མཐུ་དང་བྱིན་རླབས་ཕུན་ཚོགས་ཤོག༔ ཨོཾ་བཛྲ་གུ་རུ་སརྦ་ཡོ་གི་ནཱི་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དྲེགས་འདུལ་པུས་མོ་གཡས་པར་བཞག །ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་མགོ་བོ་ལ༔ གཡོན་པ་ཀླུ་བརྒྱད་མགོ་བོ་བསྣམས༔ ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ དྲེགས་པ་དབང་དུ་སྡུད་པར་ཤོག༔ སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྟོབས་ལྡན་པུས་མོ་གཡོན་པར་བཞག །ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་ཙིཏྟ་ལ༔ གཡོན་པ་ཀླུ་བརྒྱད་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔ སྔགས་བདག་དྲེགས་པ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག༔ སརྦ་དུཥྚཱན་ཨེ་ཛ་བྷྱོཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བྱ་ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་སྟེ། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་ནག་རྣམ་པ་གཉིས༔ རྡོ་རྗེའི་མཆུ་ཡིས་གདུག་པ་ཟ༔ རལ་གྲིའི་གཤོག་པ་ལྕགས་ཀྱུའི་སྡེར༔ རིགས་ལྔ་སྤྲུལ་པའི་ཁྱུང་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གདུག་པ་མ་ལུས་འདུལ་བར་ཤོག༔ ཁྲོཾ་ག་རུ་ཎ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པས་སྒྲུབ་སྡེ་དགུའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །གསུང་བཟླས་པའི་ལུང་ནི། ལྷ་སྒོམས་སྔགས་ཟློས་ལུང་འབོགས་ལ༔ བདེ་གཤེགས་ཀུན་འདུས་སྒྲུབ་པར་བསྒོ༔ ཞེས་གསུངས་པས། བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་ཟེར་འཕྲོ་བཞིན་པར་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། ཞི་ཁྲོའི་སྤྱི་སྔགས་དང་། གཙོ་བོ་དགུའི་སྙིང་པོ་དང་། སྤྱི་དྲིལ་ལམ་མེ་དཔུང་མར་གྲགས་པའི་རྗེས་ཟློས་བྱ། དཔལ་ཆེན་པོའི་གསུང་གསང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཅ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་ནི་ནང་གི་དབང་ངོ་། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ལས་ཕྱུང་སྟེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ལྕེ་ལ་བཞག་སྟེ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་ནས། ཨ་ཧོཿམ་ཧཱ་སུ་ཁ༔ ཞེས་མྱངས་པས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་སྟོང་གསལ་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་ལས་རྒྱ་དངོས་སམ་དེར་མོས་པའི་གཟུགས་བརྙན་གྱི་ལག་གཡོན་དང་སློབ་མའི་ལག་གཡས་སུ་གཏད་པར་མོས་ཏེ། ཧཱུྃ༔ མཚན་ལྡན་བཀྲ་ཤིས་གཟུངས་མ་འདི༔ བསྟེན་ན་གཉིས་མེད་བདེ་བ་སྐྱེ༔ འཁོར་ལོའི་གནས་གཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོ༔ ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་། ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུཾ་གྱིས་མཚན་པར་བསམས་ནས་འདོད་པའི་ཡོན་ཏན་ལྔའི་བདེ་བ་དང་རོ་མཉམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་རྡོ་རྗེ་པདྨར་རེག་ཅིང་ཞུགས་པ་དང་བསྲུབས་པས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ལས། སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་བསྒོམ་པ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། གཟུགས་བརྙན་གསལ་བའི་མེ་ལོང་དང་མན་ཤེལ་རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། སློབ་མར་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་ལ་བལྟར་བཅུག་སྟེ། ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་མདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་སྒྲོལ་དབང་ནི། སློབ་མའི་ལག་ཏུ་ཕུར་བུ་གཏད་དེ། ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲིལ་ཏེ་འདེབས་པར་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ ཅེས་གཏད་ནས། སློབ་མའི་མདུན་བྲུབ་ཁུང་དུ་ལིང་ག་བཀོད་པར་དམིགས་བྱ་གསལ། སློབ་མ་དཔལ་ཆེན་པོ་དང་། ལག་གི་ཕུར་བུ་སྲས་མཆོག་ཀཱི་ལ་ཡར་བསྐྱེད་པ་སྟེ་གསལ་བ་གསུམ་དང་ལྡན་པས་བདེན་པའི་སྟོབས་བརྗོད་ཅིང་དྲག་སྔགས་སོ་ལྔ་པའི་མཐར་ཨཾ་ཀུ་ཤ་ཛཿས་ལྕགས་ཀྱུས་བཀུག པཱ་ཤ་ཧཱུྃ་གིས་ཞགས་པས་བཅིངས། སྥོ་ཊ་བཾ་ཞེས་ལྕགས་སྒྲོག་གིས་བསྡོམས། གྷཎྜེ་ཧོཿས་དྲིལ་བུས་མྱོས་པར་བྱས་ནས་མགོན་མེད་སྐྱབས་བྲལ་ཉམ་ཐག་པའི་ཚུལ་དུ་གནས་པ་དེ་ཉིད། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། ྎ །ཞེས་སོགས་ཀྱིས་ཕུར་ཐུན་ཚོམ་བུར་བསྐུལ་བ་དྲག་སྔགས་སོ་ལྔ་པ་ཕུར་བསྐོར་དང་བཅས་ཏེ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་རྟེན་མཚོན་ཆས་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་དཀྱིལ་འཁོར་པ་དང་སློབ་མར་བསྟབས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པར་བྱའོ། །དེ་ལྟར་དབང་བསྐུར་པས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད་སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བ་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། འདི་ཉིད་ལས། བླ་མ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ ཞེས་དང་གཞན་ལས་ཀྱང་། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པ་བཞིན་ནོ། །རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་བ་དང་། གཏང་རག་གི་མཎྜལ་འབུལ་ཞིང་དགེ་བ་བསྔོ་བ་རྣམས་བྱའོ། །ཚོགས་ལ་རོལ་ནས་ལྷག་མ་གཏོང་བ་སོགས་ཆོ་གའི་མཐའ་རྒྱས་རྣམས་ནི་སྤྱི་ལྟར་ཤེས་པར་བྱའོ། །དབང་གི་ཆོ་ག་འདི་ལ་རྣལ་འབྱོར་རྒྱུན་དབང་ཞེས་རྩ་བའི་དབང་ཆེན་གྱིས་རྒྱུད་སྨིན་པ་གཞིར་བྱས་ནས་འདི་ཉིད་ལམ་དབང་དུ་གོམས་པར་བྱ་བ་ཡིན་མོད་ཀྱི། ཉམས་ལེན་ལ་འཇུག་པར་འདོད་ཅིང་དབང་ཆེན་ཐོབ་དཀའ་བ་ལ་འདི་ཉིད་སྨིན་བྱེད་སྒོར་ཡང་རུང་བ་ཡིན་ལ། དབང་ཆོག་རྩ་བར་ཆོ་ག་ཡོད་ཅིང་བྱ་བ་མེད་པའི་ཁ་སྐོང་བར་འོས་པ་རྣམས་ནི་ཁ་སྒྱུར་དྲུག་པ་སོགས་ནང་མཐུན་ནས་བླངས་ཤིང་། དཀྱིལ་འཁོར་མཐོང་བ་བསྟན་པའི་རྗེས་སུ་ཡེ་ཤེས་དབབ་པ་རྩ་བར་གསུངས་བཞིན་བྱས་ཀྱང་ཆོག་མོད། འདིར་བླ་མ་རྣམས་ཀྱི་ཕྱག་བཞེས་རྒྱུན་ཆགས་སྤྱི་དང་མཚུངས་པར་བྱས་ཤིང་། གང་ལྟར་ཡང་མི་འགལ་ལོ། །གསང་རྫོགས་ཀྱི་མགྱོགས་དབང་བུམ་རྒྱ་ཅན་དང་འདི་གཉིས་ཚིག་དོན་ཕལ་ཆེར་མཚུངས་པས་གཅིག་ཐོབ་ན་གཉིས་ཐོབ་རུང་དུ་མཛད་མོད། འོན་ཀྱང་དེར་མཐོང་བ་བསྟན་པའི་རྗེས་སུ་ནུས་པའི་དབང་ལྔ་བསྐུར་བ་ལྷག་པོར་ཡོད་པས་མཚོན་སྤྲོ་བསྡུའི་རྣམ་དབྱེ་ཡང་ཤེས་པར་བྱའོ། །རྒྱུད་སྡེའི་མཐར་ཐུག་རྣལ་འབྱོར་བླ་ན་མེད། །སྒྲུབ་སྡེའི་སྙིང་པོ་བདེ་གཤེགས་འདུས་པའི་གཞུང་། །མཆོག་གཟིགས་རིག་འཛིན་བརྒྱུད་པའི་ཐུགས་མཚོ་ལས། །དབང་ཆོག་བདུད་རྩིའི་ཐིག་ལེར་བབས་པའི་རྒྱུན། །ལྷག་བསམ་དད་པའི་རིན་ཆེན་བུམ་བཟང་དུ། །འཁྱིལ་བའི་ངོ་མཚར་སྐལ་བཟང་གདུང་སེལ་ཕྱིར། །འཇུག་བདེའི་ཁྲིགས་སུ་སྤེལ་བའི་བསོད་ནམས་མཐུས། །འགྲོ་ཀུན་སྐུ་བཞིའི་གོ་འཕང་ཐོབ་གྱུར་ཅིག །ཅེས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་འདི་ནི་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པ་ཆེན་པོ་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་གིས་བསྐུལ་བ་དད་པའི་གཙུག་གིས་མཆོད་དེ་རིག་པ་འཛིན་པའི་མིང་གིས་སྙན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟི་གནས་སུ་སྤེལ་བའི་ཡི་གེ་པ་ནི་རིགས་ཀྱི་བུ་སྡོམ་བརྩོན་རྒྱུད་སྡེ་སྨྲ་བ་པདྨ་འགྱུར་མེད་རྒྱ་མཚོས་བགྱིས་པའོ།། །།

བྱང་གཏེར་ཕུར་པ་སྤུ་གྲིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལག་ལེན་མདོར་བསྡུས་པ་རིག་མཆོག་ལམ་འདྲེན་ (Volume 31, Text 28)

༄༅། །བྱང་གཏེར་ཕུར་པ་སྤུ་གྲིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལག་ལེན་མདོར་བསྡུས་པ་རིག་མཆོག་ལམ་འདྲེན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་བཛྲ་ཀཱི་ལ་དེ་བཱ་ཡ། གདོད་མའི་དབྱིངས་ལས་རང་བཞིན་གྱིས། །རྡོ་རྗེའི་དབྱིག་ཏུ་གྲུབ་པ་ཡིས། །སྲིད་པ་རྡོ་རྗེའི་སྲོག་བསྒྲུབས་ཏེ། །གཉིས་རྟོག་ཟུང་འཇུག་ཆེར་སྦྱོར་མཛོད། །གོང་མའི་ཕྱག་བཞེས་ངོ་མཚར་ཞིང་། །བྱིན་རླབས་བབ་དང་ལྡན་མོད་ཀྱང་། །དེང་སང་བྱ་སླའི་ཆོས་འདོམ་པས། །དུས་དང་མཐུན་པའི་ལག་ལེན་འགོད། །བྱང་གཏེར་ཕུར་པ་ལུགས་གསུམ་ལས་རྩ་བའི་དཀྱིལ་འཁོར་སྤུ་གྲིའི་དབང་བསྐུར་ཆེ་མཆོག་ནས་ཁ་བསྐངས་པའི་ཤིན་ཏུ་རྒྱས་པ་བྱ་བའི་ཚུལ་དང་། འབྲིང་པོ་ལའང་རྡུལ་ཚོན་དང་འབྲེལ་བའི་ཕྱག་ལེན་ནི་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་ཡིག་ཆ་སོགས་ལས་ཤེས་པར་བྱ་དགོས་ཤིང་། འདིར་རྩ་བའི་གཞུང་ལས། དབང་བསྐུར་བའི་ཆོ་ག་ལ་དོན་ལྔར་གསུངས་པའི་དང་པོ་དཀྱིལ་འཁོར་བྲི་བ་ནི་ཐོག་མར་སྟ་གོན་རྣམས་མཛད་པ་ཡིན་པས། དེ་ལ་བཞི་ལས། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། རྒྱས་པར་བཀའ་བརྒྱད་རང་ཤར་ལྟར་བྱ། བསྡུ་ན་དཀར་གཏོར་བཤམ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་མོས། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་སྤུ་གྲིའི་ལས་བྱང་ལྟར་རམ། བསྡུ་ན་དྲིལ་སྒྲུབ་ལྟར་བྱ། དཀྱིལ་འཁོར་གང་དུ་བྱ་བའི་གཞིར་མཎྜལ་དྲི་བཟང་ཆུས་བྱུགས་པ་ལ་འབྲུ་དཀར་གྱི་ཚོམ་བུ་གཙོ་བོ། ཁྲོ་བཅུ། དམ་ཅན་བཅུ་གཉིས། སྒོ་བཞི་བཅས་རང་སྔགས་བཟླ་བཞིན་བཀོོད་པའི་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར། ལྷོ་ནུབ་བྱང་གསུམ་དུ་སྨན་གཏོར་རཀྟ་གསུམ་བཤམ། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་སྐྱབས་སེམས་ནས་བཟུང་བཟླས་པའི་བར་སྤུ་གྲིའི་ལས་བྱང་བཞིན་གཞུང་བསྲང་སྟེ་ཚོམ་བུ་རྣམས་མདུན་བསྐྱེད་ཀྱི་ཚུལ་དུ་བསྒྲུབ་པར་གསུངས་ཀྱང་། མགྱོགས་དབང་གི་སྐབས་འདིར་ལས་བྱང་གི་མཆོད་བརླབ་ནས་བརྩམ་ལྷ་བསྐྱེད་ཚིག་ཟུར་ཅུང་ཟད་བསྒྱུར་བས་ཁྲོ་བཅུ་བསྐྱེད་པའི་མཚམས་འོག་གི་སྒོ་མ་བཀའ་སྲུང་བསྐྱེད་པ་ཕྱིན་ཆད་མཐར་ཆགས་སུ་གཏང་། བཟླས་པ་ཅུང་ཟད་ཀྱི་མཐར་མཆོད་བསྟོད་བསྡུས་པ་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་ཐོད་པ་དང་བཅས། གུ་གུལ་གྱིས་བདུག །ཡུངས་དཀར་ཀྱིས་བྲབས་ལ་བགེགས་བསྐྲད། བཀྲ་ཤིས་པའི་ཕྱིར་སྤོས་ཀྱིས་བདུག་ལ་སུམ་གཉིས་ཆུས་གང་བར་བུམ་རྫས་ཉེར་ལྔ་དང་ཆོས་སྨན་བཏབ། མགུལ་ཆིངས་དུར་ཁྲོད་ཀྱི་རས་སམ་དར་སྔོན་པོས་བཅིང་། རིགས་ལྔའི་མཚན་མ་བཀོད། དབུ་རྒྱན་རིགས་ལྔ་གསོལ་བའི་མཁར་ཁྲོ་བོའི་གསང་བུམ་བྷནྡྷ་མཚན་ལྡན་བདུད་རྩིས་གང་བའི་སྟེང་། རྡོ་རྗེ་རྩེ་དགུའམ་རྩེ་ལྔ་འགོད་པར་གསུངས། དེ་རྣམས་བརྩེགས་མ་སོགས་སྟབས་མི་བདེ་ན་བུམ་པར་ཁ་རྒྱན་རྡོར་གཟུངས་དུང་ཆོས་རྣམས་བཀོད། བྷནྡྷ་མ་བྱུང་ཡང་འཐུས་པར་བཤད། ལས་བུམ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཅན་ཡང་བསྡོགས་ལ། བུམ་པ་གཉིས་གཞི་སྟེང་ངམ་སློབ་དཔོན་མདུན་གྱི་སྟེགས་གང་བདེར་བཀོད་པ་ལ་ཉེར་སྤྱོད་ལྔ་དང་སྨན་གཏོར་རཀྟ་བཤམ། མཆོད་གཏོར་རྣམས་གཞུང་བཞིན་བྱིན་བརླབ། སྟོང་པའི་ངང་ལས་བྷྲཱུྃ་གཉིས་ཞུ་བ་ལས༔ བུམ་པ་ཟླུམ་པོ་མཚན་ཉིད་ཀུན་ལྡན་གཉིས༔ ཆུ་དང་བཅུད་ཀྱིས་ཡོངས་སུ་གང་བའི་ནང༔ དྲག་པོའི་ཕོ་བྲང་རྒྱན་རྫོགས་གསལ་བ་ཡི༔ རྣམ་རྒྱལ་བུམ་པའི་གཞལ་ཡས་འཁོར་ལོའི་དབུས༔ རྡོ་རྗེ་བྲག་ཆེན་ཉི་ཟླ་པདྨ་དང༔ རུ་དྲ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ རྒྱུ་ཡི་ཧཱུྃ་དེ་སྟན་ལ་བབས་པ་ལས༔ ཧཱུྃ་སྥ་ར་ཎ་ཕཊ༔སོགས་ནས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ ཞེས་པའི་བར་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷཱ་ཏི་མ་མ་སོགས་ནས། དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ ཞེས་པའི་བར་སྤུ་གྲིའི་ལས་བྱང་ལྟར་བསྐྱེད། ལས་ཀྱི་བུམ་པར་རྡོ་རྗེ་རྣམ་པར་འཇོམས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་ཅན༔ གཡས་པ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཕྱར༔ གཡོན་པའི་དྲིལ་བུ་དཀུར་བརྟེན་སྟག་ཤམ་ཅན༔ ཞལ་བགྲད་མཆེ་གཙིགས་སྐྲ་སྨིན་སྨ་ར་འབར༔ རིན་ཆེན་སྦྲུལ་བརྒྱན་བརྐྱང་བསྐུམ་མེ་ཀློང་འགྱིང༔ ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་སྔགས་ཀྱིས་བསྐོར༔ གནས་གསུམ་འབྲུ་གསུམ་ཡེ་གེས་མཚན་པར་གྱུར༔ དབང་ལྷ་རྣམས་བཛྲ་ས་མ་ཡ་ཛ་ཛ༔ ཞེས་དྲངས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་འགྱུར་ཡེ་ཤེས་ལྷ་ཚོགས་ཀྱི༔ ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལ༔ རང་བྱུང་བདུད་རྩི་རྣམ་པ་ལྔ༔ རོ་དྲུག་ལྡན་པའི་གཏོར་མ་དང༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དགྱེས་པ་ཆེན་པོའི་མཆོད་པར་འབུལ༔ མ་ཧཱ་བ་ལིཾ་ཏ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་མཆོད། བསྟོད་པ་ལས་བྱང་ལྟར། ཧཱུྃ༔ དུས་གསུམ་བདེ་གཤེགས་སོགས་བརྗོད། བཟླས་པ་བྱ་བ་ནི། གཟུངས་ཐག་ནས་བཟུང་སྟེ། བདག་གི་ཐུགས་ནས་སྔགས་ཕྲེང་ཁ་དོག་དམར༔ གཟུངས་ཐག་ལ་འཁྲིལ་བུམ་ནང་ལྷ་ལ་ཕོག༔ མཉེས་པའི་མཆོད་ཕུལ་ཐུགས་དམ་རྒྱུད་བསྐུལ་ནས༔ སྦྱོར་མཛད་བྱང་སེམས་མཁའ་གསང་བ་སྤུའི་སྒོ༔ ཀུན་ནས་བབས་པས་བུམ་ནང་བདུད་རྩིར་འཁྱིལ༔ ལྷ་ཚོགས་འཁོར་བཅས་བདག་གིས་དབང་དུ་འདུས༔ དབང་དང་བྱིན་རླབས་དངོས་གྲུབ་བདུད་རྩིའི་རྒྱུན༔ ནུས་པ་སྟེར་བའི་མཐུ་དང་ལྡན་པར་གྱུར༔ ཀཱི་ལ་ཡ་བརྒྱ་སྟོང་དུ་བཟླ་ཞིང་འཁོར་གྱི་སྔགས་རྣམས་ཀྱང་ཅི་རིགས་བཟླ། ལས་བུམ་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་སྙིང་པོ་བཟླ། སླར་ཡང་ཉེར་སྤྱོད་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་འབུལ། བསྐལ་པའི་མེ་དཔུང་འབར་བའི་སོགས་སམ། དུས་གསུམ་བདེ་གཤེགས་སོགས་ཀྱིས་བསྟོད། ཧེ་རུ་ཀའི་ཡིག་བརྒྱ་ཚར་གསུམ་བཟླ། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ནས་མཆོད་ཡོན་ཕུལ་བས། ལྷ་རྣམས་འོད་ཞུ་བུམ་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་ཅེས་བརྗོད་ལ་དཀྱིལ་འཁོར་དབུས་ལྡིང་ཁྲིའི་ཁར་རྣམ་བུམ་དང་། ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག་གོ །གསུམ་པ་སློབ་མ་སྟ་གོན་ནི། ཆེ་མཆོག་ནས་ཁ་སྐོང་བ་ཕྱག་ལེན་དུ་མཛད་པས་དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་རྫས་བཞི། ཉེར་སྤྱོད་ལྔ། བགེགས་གཏོར་སོགས་འདུ་བྱས་ལ་ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་མཚམས་གཅད། སློབ་མའི་བློ་བཅོས་པའི་ཕྱིར་ངེས་འབྱུང་གི་ཆོས་བཤད་ཅི་རིགས་བྱ། ཤིན་ཏུ་བསྡུ་ན། དེའང་རྒྱལ་བ་བྱམས་པའི་ཞལ་ནས། མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཅེས་གསུངས་པ་ལྟར་ཁམས་གསུམ་འགྲོ་བ་རྒྱུད་ལྔའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེའི་རང་བཞིན་སྲེག་པ་ལས་མི་འདའ་བ་བཞིན་དུ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། སྡུག་བསྔལ་དེའང་དར་དྲགས་ལ་ཡུན་རིང་ཞིང་། ཕ་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་སྤྱོད། གཏན་གྱི་བདེ་བ་ནི་བྱང་ཆུབ་གསུམ་གྱི་མཆོག་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་འདུན་པ་དྲག་པོ་དང་བཅས་ཏེ་ཟབ་མོའི་ཆོས་གསན་པའི་ཀུན་སྤྱོད་གསལ་བཏབ་ནས་གསན་འཚལ། དེའང་མཆོག་གི་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ལྡེམ་ཅན་གྱིས་སྤྱན་དྲངས་པའི་མཛོད་ལྔ་འདུས་པའི་ཟབ་ཆོས་ཀྱི་ནང་ཚན་ཕུར་པ་ལུགས་གསུམ་གྱི་ནང་ནས་རྩ་བ་སྤུ་གྲིའི་དཀྱིལ་འཁོར་དུ་དབང་གི་རིམ་པ་བསྒྲུབ་པ་ལ། སྔོན་འགྲོ་དང་དངོས་གཞིའི་ཆོས་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྤྲོ་བ་སྐྱེད་པ་ནི་འདིར་གསན་པས་ཁྱབ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་བཞུགས་པའི་སངས་རྒྱས་ཀྱང༔ གསང་སྔགས་ཆོ་ག་འདི་མཁྱེན་པས༔ ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས༔ ཧེ་རུ་ཀ་དཔལ་དཔའ་བོ་ཡིས༔ བདུད་སྡེ་དཔུང་ཆེན་མི་བཟད་པ༔ དྲག་ཆེན་དག་ཀྱང་འདིས་བཅོམ་ནས༔ འཁོར་ལོ་བསྐོར་ནས་མྱ་ངན་འདས༔ དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུ༔ ལན་གསུམ། མདུན་གྱི་སྟ་གོན་གྱི་ལྷ་རྣམས་ཀྱི་སྟེང་གི་ཆར་རྩ་བརྒྱུད་བླ་མ་རིག་འཛིན། མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ །གཞན་ཡང་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་གསལ་བའི་དྲུང་དུ། སེམས་ཅན་ཐམས་ཅད་དང་ལྷན་ཅིག་པར་སྐྱབས་སེམས་བྱ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རྩེ་གཅིག་བྱིན་གྱིས་རློབ་མཛད་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། དེ་ནས་གནས་གསུམ་བྱིན་གྱིས་བརླབ་པའི་ཕྱིར། སློབ་དཔོན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་ཕུང་ཁམས་རྟོག་ཚོགས་སྦྱངས་ཏེ། ཧཱུྃ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པའི་དཔྲལ་བར་ཟླ་བའི་གདན་ལ་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨོཾ་དཀར་པོ། མགྲིན་པར་པདྨའི་གདན་ལ་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ལྟར་གདན་གསུམ། ཡི་གེ་གསུམ། ལྷ་གསུམ་གསལ་བཏབ་ཕྱིར། སློབ་དཔོན་གྱི་གཡོན་དུང་ཞལ་གྱི་དྲི་ཆུ་བཟུང་བ་ལག་གཡས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་ཡས་ནས་མར་རེག་ཅིང་། ཨོཾ་ཨཱཿཧཱུྃ། མས་ནས་ཡར་རེག་ཅིང་། ཧཱུྃ་ཨཱཿཨོཾ། ཡས་ནས་མར་རེག་ཅིང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་ཁྱོད་རང་རྣམས་ཀྱི་སྒོ་གསུམ་ལྷའི་རང་བཞིན་དུ་གྱུར་པ་དེ་ཉིད་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས། མཆོད་པ་བྱས་པའི་མོས་པ་མཛོད་བྱས་ལ། མེ་ཏོག་སྤྱན་དང་། བདུག་སྤོས་ཤངས། མར་མེ་ཐུགས། དྲི་ཆབ་སྐུ །ཞལ་ཟས་ལྗགས། རོལ་མོ་སྙན། ཞེས་ཉེར་སྤྱོད་ལྔ་དང་རོལ་མོ་གནས་སོ་སོར་འབུལ་ཚུལ་བྱས་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད་ལ་དྲིལ་བུ་འཁྲོལ། ནང་མཆོད་འབུལ་བར་མོས་ཏེ། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། གསང་མཆོད་འབུལ་བར་མོས་ལ། སློབ་དཔོན་གྱི་རྡོར་དྲིལ་བསྣོལ་ཏེ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་ཧོཿ ཞེས་མཆོད། སྲུང་སྐུད་བསང་སྦྱང་། སྟོང་པའི་ངང་ལས་དམ་ཚིག་པའི་སྲུང་སྐུད་སློབ་མའི་ལུས་ཚད་དང་མཉམ་ཞིང་རྡོ་རྗེའི་མདུད་པ་དང་ལྡན་པ་ལ། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པའི་སྲད་བུ་བསམ་གྱིས་མི་ཁྱབ་པ་བྱུང་བས་དམ་ཚིག་པའི་སྲུང་སྐུད་ལ་ཐིམ་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་སློབ་མའི་སྒོ་གསུམ་གྱི་བར་གཅོད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ལ། སྲུང་སྐུད་ཐལ་མོའི་བར་དུ་འཕུར་ཞིང་། ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་ཅི་རིགས་བཟླས་པའི་སྔགས་བཏབ་སྟེ། ཕོའི་གཡོན། མོའི་གཡས་སུ་ཉིས་བསྐོར་གྱིས་བཅིང་། རྡོ་རྗེའི་མདུད་པ་བཏབ་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་ཆད་བགེགས་སྲུང་ཤོག༔ ཅེས་བརྗོད། ལས་བུམ་ཆུས་བརླན་པའི་སྟེང་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་འཁྱིལ་པའི་སྔགས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བཏགས་པ་བརྗོད། དེས་ལུས་ཀྱི་སྒྲིབ་པ་དག་གནས་སྐབས་སུ་དོ་ནུབ་རྨི་ལམ་བརྟགས་པའི་བར་གཅོད་བསྲུང་ཞིང་། མཐར་ཐུག་སངས་རྒྱས་པའི་ཚེ་བདུད་སྡེའི་དཔུང་ལས་རྣམ་པར་རྒྱལ་བའི་རྟགས་མངོན་དུ་གྱུར་པ་ཡིན་ནོ། །སོ་ཤིང་བསང་སྦྱང་། སྟོང་པའི་ངང་ལས་སོ་ཤིང་མཚན་ཉིད་དང་ལྡན་པ་ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་སློབ་མའི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བྱིན་གྱིས་བརླབ། སློབ་དཔོན་གྱིས། ཨོཾ་བཛྲ་ཧཱ་ས་ཧཱ༔ ཞེས་བརྗོད་ཅིང་སོ་ཤིང་བྲིམ། ཐལ་སྦྱར་གྱིས་བླངས་ཤིང་མཁའ་དབྱིངས་ཀྱི་རྒྱས་བཟུང་སྟེ་རྩེ་མོ་སོས་འཆའ་བའི་ཚུལ་བྱས་པས། སོ་ཤིང་ལས་བྱུང་བའི་འོད་ཟེར་གྱིས་ཁོང་པའི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་ནག་འདུར་གྱིས་ཐོན་ཏེ་དབང་ཆེན་གྱི་ས་གཞིར་ཐིམ་སོང་སྙམ་པ་དང་། རྩེ་མོ་མེ་ཏོག་དེ་ཉིད་མཎྜལ་ལ་གཏད་དེ་དངོས་གྲུབ་ཀྱི་མཚན་མ་གསལ་པོར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ ལྷ་དང་དངོས་གྲུབ་བརྟག་པའི་ཕྱིར༔ མཎྜལ་དབུས་སུ་བདག་འདོར་གྱིས༔ གང་ཡིན་སྐལ་ལྡན་དེར་འབབ་ཤོག༔ ཨོཾ་བཛྲ་ཧཱ་ས་ཧཱ༔ ཞེས་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་ཚོམ་བུ་བཀོད་པ་ལ་འདོར་གཞུག །སོ་ཤིང་དབུས་དང་ཕྱོགས་མཚམས་གང་དུ་ཕོག་པ་གཙོ་འཁོར་དེ་དང་དེའི་གོ་འཕང་ཐོབ་ཅིང་རིགས་ངེས་པ་ནི་མཐར་ཐུག་ཕྲིན་ལས་བཞི་དང་བུམ་པ་བཟང་པོ་འགྲུབ་པ་སོགས་གནས་སྐབས་ཀྱི་དངོས་གྲུབ་ཡིན། དེ་ཡང་སོ་ཤིང་དོར་བས་ངག་གི་སྒྲིབ་པ་དག་ཅིང་ལན་གཅིག་གིས་ཕོག་ན་ཚེ་འདི། གཉིས་ཀྱིས་ཕོག་ན་བར་དོ། གསུམ་གྱིས་ཕོག་ན་ཕྱི་མར་གོང་སྨོས་འབྲས་བུ་རྣམས་མངོན་དུ་བྱེད་པར་གསུངས་སོ། ཁྱོར་ཆུ་དྲི་བཟང་བཏབ་པ་བསང་སྦྱང་། ཁྲོ་ཆེན་གཞན་གྱིས་མི་ཐུབ་པའི་རང་བཞིན་སློབ་མའི་ཡིད་ཀྱི་སྒྲིབ་པ་སྦྱོང་ནུས་པའི་བདུད་རྩིའི་རང་བཞིན་གྱི་ཆུར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ཞེས་པས་བྱིན་གྱིས་བརླབས་ཏེ་སྔགས་དེ་ཉིད་བཟླ་ཞིང་སྦྱིན་ལ། ཁྱོར་ཆུ་ལན་གསུམ་བཞེས་ཏེ་ལྷག་མ་རྒྱབ་ཏུ་དོར་མཛོད། དེས་ནི་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་མི་དགེ་བ་ལས་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ། །དེ་ལྟར་ཁྱོར་ཆུས་སྒོ་གསུམ་དང་ཁྱད་པར་ཡིད་ཀྱི་སྒྲིབ་པ་སྦྱོང་། གནས་སྐབས་སུ་དོ་ནུབ་རྨི་ལམ་གསལ་བ་དང་། མཐར་ཐུག་སྒྲིབ་གཉིས་སྦྱངས་ཏེ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་རྟེན་འབྲེལ་ལོ། །ཀུ་ཤ་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ་རེག་ན་བདེ་བ། སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུལ་ཞིང་གསལ་བའི་ནུས་པ་དང་ལྡན་པར་གྱུར། དྷཱིཿཧཱུྃ་བཟླ། ཧཱུྃ༔ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་མཚན་རྟགས་གསལ་བྱའི་ཕྱིར༔ ཁྱོད་ཉིད་ཉལ་བའི་སྔས་སྟན་གྱིས༔ སློབ་དཔོན་གྱིས་ཀུ་ཤ་ཆེ་བ་གཡས་དང་། ཆུང་བ་གཡོན་དུ་བསྣམས་ཏེ། ཕྱག་རྒྱ་བསྣོལ་མར་གཏད། སློབ་མས་ལག་པ་མ་བསྣོལ་བར་ཐལ་མོ་བཀན་ནས་ལེན་དུ་གཞུག །དེ་ལྟར་ཀུ་ཤ་གཏད་པས་གནས་སྐབས་སུ་རྨི་ལམ་མི་འཁྲུགས་ཤིང་གསལ་བ་དང་། མཐར་ཐུག་རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཀུ་ཤའི་སྟན་ལ་མངོན་པར་སངས་རྒྱས་པར་འགྱུར་བའི་རྟེན་འབྲེལ་ཡིན་ནོ། །དེ་ནས་ཟབ་མོའི་ཆོས་བཤད་པ་འདི་ལ་སྙན་གཏོད་པར་ཞུ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག༔ འབྱུང་བ་ཨུ་དུམྦ་ར་བཞིན༔ དེ་བཞིན་གསང་སྔགས་ཆེར་འབྱུང་བ༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ སེམས་ཅན་སངས་རྒྱས་མྱུར་བྱེད་པ༔ ཚུལ་ཆེན་སྔགས་ཀྱི་ལམ་ཡིན་ནོ༔ དོ་ནུབ་བླ་མ་དང་དཀྱིལ་འཁོར་པ་ལ་སྒོ་གསུམ་གུས་པས་འདུད་ཅིང་རྨི་ལམ་སྤྱི་དང་མཐུན་པར་བརྟག་པར་བྱ་དགོས་པ་ཡིན་ལ། དེ་དག་རྣམས་ཀྱིས་སྟ་གོན་གྱི་ཆོས་རྣམས་གྲུབ་ཟིན་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་གྱེས། མཆོད་པ་ཁ་གསོས། བྱིན་བརླབས་ལ། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་ལ། མ་ཧཱ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ བཏགས་པས་སྨན་རཀ་གཏོར་གསུམ་ཕུལ། ཧཱུྃ༔ དུས་གསུམ་བདེ་གཤེགས་མ་ལུས་འདུས་པའི་དཔལ༔ཞེས་སོགས་ལས་བྱང་ལྟར་བསྟོད། ཨོཾ་བཛྲ་ཨུཏྟིཥྛ༔ ཞེས་སྟ་གོན་གྱི་ལྷ་རྣམས་ནམ་མཁའ་འོད་ཀྱི་ར་གུར་དུ་བཞུགས་པར་གྱུར། སླར་ཡང་གོང་བཞིན་མཆོད་བསྟོད་དབྱངས་གསལ་དང་ཡེདྷར་ཚར་གཅིག་བརྗོད་པས་བརྟན་པར་བྱས། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། རྣམ་རྒྱལ་བུམ་པ་གཙང་སར་སྟེགས་ལ་བཞག །དགེ་བསྔོ་རྒྱུན་སྤྱོད་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བ་དངོས་ནི། དབུས་སུ་གྲུ་གསུམ་རེ་རེ་བྱ། དེའི་ཕྱི་རིམ་གྲུ་ཆད་སྒོ་ཁྱུད་བཅས་པ་བྲི། ཞེས་གསུངས་པ་དང་། དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་ལ་ཁྲག་མཚོ་རིས། ཐོད་ར་ཟླུམ་པོ་གཞི་ནག་ཅིང་། ཐོད་པ་ཁ་ནང་བསྟན་གྱི་ཕྲེང་བ། འཁོར་ལོ་ནི་རྩིབས་བརྒྱད་གསུངས་ཀྱང་། ཕྱག་ལེན་དུ་རྩིབས་བཅུ་མཛད། རྩིབས་མཆན་དམར་པོ་ལ་ཁྲག་མཚོ་རིས། རྩིབས་ཀྱི་དབུས་སུ་གྲུ་གསུམ་རེ་རེ་བྲི་བར་གསུངས་པ་ནི་ཕུར་གདན་འགོད་པས་བྲི་མི་དགོས། གློ་འབུར་གྱི་གྲུ་ཆད་བཞི་ལྗང་གུ། ཁྱམས་ཕྱོགས་མདོག །རྩིག་པ་ཐོད་པ་དང་རིན་པོ་ཆེ་ལྔ་གཉིས་ཀ་གསུངས་པས་ནང་དུ་ཐོད་རྩིག་དང་ཕྱིར་ལྔ་རྩིག །ནང་ནས་མཐིང་སེར་དམར་ལྗང་དཀར་བ་བྲི། མི་སྤྲོ་ན་ཐོད་རྩིག་དང་ལྔ་རྩིག་གང་རུང་བྲི། འདོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གི་ཕྱག་མཚན་མེ་ཏོག་ཟླུམ་མཛེས་ཀྱི་སྟེང་དུ་བྲི། ཕ་གུ་སེར་པོ་རིན་པོ་ཆེའི་ཕྲ་ཚོམ་ཅན། དྲྭ་བ་གཞི་ནག་པོ་སྦྲུལ་དང་ཙིཏྟའི་ཆུན་འཕྱང་རྒྱུ་རློན་དང་རུས་པའི་དྲྭ་བ་དྲྭ་ཕྱེད། མདའ་ཡབ་མཐིང་ག་ལ་རུས་པའི་ཟར་མ་རྩེགས་ཐུར་བསྟན། པུ་ཤུ་དཀར་པོ་ལ་ཐོད་རིམ་པདྨ་ཕྱེད་པའི་དབྱིབས། མུན་པ་འཁྱོགས་པོ་ལ་ཟླ་ཕྱེད་རྡོ་རྗེ། ཀ་བ་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན། ཐོད་སྟེང་གླང་རྒྱབ་མིག་གསུམ་ལ་རུས་ཕྲེང་འཕྱང་བ། རྟ་བབས་བཞི་མས་ནས་སེར་སྔོ་དམར་ལྗང་བའི་སྟེང་དབུས་རྭའི་ནང་དུ་ཆུད་པའི་པདྨས་བཏེག་པའི་བུམ་བྲེ་འཁོར་ལོ་གདུགས་ཏོག་ཅན། བུམ་པའི་གཡས་གཡོན་དུ་རི་དྭགས། ཉི་དཀྱིལ་ལྗང་སེར་ལ་པ་ཏྲ་རིས། དེའི་འཁོར་ཡུག་ལ་སྣ་ཚོགས་པདྨ། དུར་ཁྲོད་རྡོར་ར་མེ་རི་རྣམས་སྤྱི་ལྟར་བྲི་བར་བྱ་སྟེ། རས་བྲིས་སྐབས་འདིར་དེ་ལྟར་བྲིས་པའི་ཆུ་ཚོན་གྱི་དཀྱིལ་འཁོར་གཏིང་ངོ་། །གཉིས་པ་རྫས་གསག་པ་ནི། ལྷ་གནས་སོ་སོར་ཨེ་ཁྲོམ་བཀོད་པའི་དཀྱིལ་འཁོར་དབུས་སུ་གཙོ་ཕུར། རྩིབས་བཅུ་ལ་ཞལ་ནང་བསྟན་གྱིས་ཁྲོ་བཅུའི་ཕུར་པ། སྒོ་བཞིར་སྒོ་ཕུར་བཞི་རྣམས་བཀོད། འཛོམས་ན་ལྷ་ཕུར་ཚང་མའང་བཀོད་པར་བཤད། སྒྲོལ་དབང་གི་མགྱོགས་ཕུར་གདབ་ཕུར། མཆོག་ཕུར་སྲས་མཆོག་རིགས་ལྔའམ་བཛྲ་ཀཱི་ལ་ཡ་རྣམས་ངེས་པར་དགོས་ཤིང་། དེ་རྣམས་ལ་བྱུགས་བདུག་བྲབ་གསུམ་གྱི་སྒོ་ནས་གཟི་བྱིན་བསྐྱེད་པ་དང་བྱིན་རླབས་བརྒྱད་ཀྱི་ཆོ་ག་བྱས་ལ་དཀྱིལ་འཁོར་དུ་བཀོད། གདབ་ཕུར་སྲས་མཆོག་སོགས་སློབ་དཔོན་མདུན་དུ་བཞག །གཙོ་ཕུར་གྱི་སྟེང་དུ་ལྡིང་ཁྲི་ལ་རྣམ་བུམ་འགོད། གཞན་གང་བདེར་ཡུངས་དཀར། བདུད་རྩི། དབུ་རྒྱན། དར་དཔྱང་། རྡོར་དྲིལ། གླེགས་བམ། སྟོད་གཡོགས། སྨད་གཡོགས། གླང་ཀོ །སྟག་ཤམ། སྦྲུལ་ཆུན། མི་ལྤགས། ཐོད་ཕྲེང་ཚར་གསུམ། ཁྲག་ཞག་ཐལ་གསུམ་བཅས་སོ་སོ་བ། འདོད་ཡོན་ལྔ། ཚོགས་སམ་ཚེ་བུམ། གསང་རྫས་ཀ་པཱ་ལ་བདུད་རྩི་ཆོས་སྨན་སྦྱར་བ། དེའི་མཐའ་རྟེན་ཕན་དབང་བཅུའི་ཆས། དབུ་རྒྱན། ཧཱུྃ་ཡིག །རྡོར་དྲིལ། ཡེ་ཤེས་སེམས་དཔའ། དར་དམར་ཅོད་པན། གདུགས། མེ་ཏོག་ཕྲེང་བ། གོ་ཆ། བཟའ་བཏུང་རྣམས་སོ་སོའམ་ཙཀླི་གཅིག་ལ་ཚང་བར་བྲིས་པ། རིག་མའི་ཙཀླི་རྣམས་བཀོད། དཀྱིལ་འཁོར་ནུབ་ཏུ་གཏོར་ཆེན་ནི། རིག་འཛིན་ལེགས་ལྡན་རྗེའི་ཕྱག་བཞེས་ལྟར་ཐོད་པའམ་རིན་པོ་ཆེའི་སྣོད་དུ། དབུས་སུ་དཔལ་བཤོས་གཤོག་པ་སྒོར་མོ་ཅན་གཙོ་བོ་ཡབ་ཡུམ་དང་སྟེང་འོག་གི་ཁྲོ་བོ་ཡབ་ཡུམ། ཕྱོགས་བཞིར་དཔལ་བཤོས་བཞི་དང་མཚམས་བཞིར་པདྨ་འདྲ་བའི་བཤོས་བུ་བཞི་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་གྱི་གཏོར་མ། ཁྲ་ཕྱག་ཉི་ཤུ་ནི་དེའི་མཐར་རིལ་བུ་ཉི་ཤུས་བསྐོར་བ། སྒོ་མ་དམ་ཅན་སོགས་ལ་མཐེབ་ཀྱུས་བསྐོར་བ་བཤམ། དཀྱིལ་འཁོར་གྱི་གཡས་སུ་བདུད་རྩི། གཡོན་དུ་རཀྟ་བཀོད། བྱང་ཤར་མཚམས་འཛིན་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར། བར་མཚམས་གང་བདེར་བསྟན་སྲུང་ཡོངས་རྫོགས་ཀྱི་འབུལ་གཏོར། རྩ་གསུམ་འབུལ་གཏོར། རྒྱལ་ཆེན་བགེགས་གཏོར་སོགས་བཤམ་ཞིང་རྒྱན་རྫས་ཀྱིས་བརྒྱན། བསྒྲལ་དབང་ཆས་བྲུབ་ཁུང་ལིངྒ་བྲིས་འབུར་གང་བདེ། ལྕགས་ཀྱུ་སོགས། བྱ་འུག་སྒྲོ །སྐམ་རློན་ཐུན་སོགས་ཀྱང་ལྕོག་སྟེགས་ལྟ་བུར་བཞག །སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་རྣམས་བྲིས་པའི་དཀྱིལ་འཁོར་དང་སྒྲུབ་རྫས་ལ་བསྟིམ་ཞིང་། ལས་གཞུང་གི་བྱིན་འབེབ་བྱ། རོལ་མོ་སྣ་ཚོགས་བསྒྲག་གོ །གསུམ་པ་དངོས་གཞི་ཆོ་གའི་ལས་རིམ་ནི། རྒྱས་པར་སྤྲོ་ན་བརྒྱུད་འདེབས་རྗེས་སུ་བཀའ་བརྒྱད་རང་ཤར་གྱི་སྔོན་འགྲོའི་གནས་ཡོ་བྱིན་བརླབ་ནས་རྒྱལ་ཆེན་མཆོད་པའི་བར་ཚང་བར་བཏང་ནས་སྤུ་གྲིའི་ལས་བྱང་ལ་འཇུག །བསྡུ་ན་ལས་བྱང་ཟུར་གསལ་ལྟར་བདག་མདུན་བསྒྲུབ་ཅིང་ཛཔ྄་བཟླས་བཀའ་སྲུང་བཅས་གྲུབ་པ་དང་། རྒྱས་པར་གྲུབ་ན་བདག་འཇུག་བླང་། བསྡུ་ན་རིག་པའི་མེ་ཏོག་དོར། དེ་ནས་ཚོགས་བྱིན་བརླབ་ནས་རྩ་གསུམ་སྐོང་གསོ་ཡན་གྲུབ་པར་བྱས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །བཞི་པ་དབང་བསྐུར་བ་དངོས་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བའོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་ནང་འཇུག་གོ །དང་པོ་ནི། ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། མེ་ཏོག་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ། གང་ཞིག་གསན་པར་བྱ་བའི་དམ་པའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་རྣམ་གྲངས་མཐའ་ཡས་པ་རྣམས་ཀྱི་ནང་ནས། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གཏེར་མ་ལ་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པའི་ནང་ཚན་བྱང་གཏེར་རྒྱས་པ་ཡལ་ག་ལྟ་བུའི་སྙིང་པོར་གྱུར་པ་སྟེ། རྡོ་རྗེ་ཕུར་པའི་བཀའ་བབས་མཐུ་སྟོབས་ཀྱི་དབང་ཕྱུག་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད། ཡིད་བཞིན་ནོར་བུ་ལྟ་བུའི་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས། བོད་ཀྱི་བློན་པོ་ལྟ་བུའི་མཛོད་ལྔ་འདུས་པའི་གཏེར་ཆེན་ཆོས་ཚན་ལྔ་བརྒྱ་ཕྲག་གཅིག་ཚང་བར་སྤྱན་དྲངས་པ་ལས། བྱང་ལྕགས་མཛོད་ནག་པོ་ནས་བྱོན་པའི་རྡོ་རྗེ་ཕུར་པ་སྤུ་གྲི་ནག་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་བགྱིད་པ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་སྤྲོ་བ་དྲི་བ་ནི། སྐལ་པར་ལྡན་པ་རིགས་ཀྱི་བུ༔ ཟབ་མོའི་དབང་གི་སྒོར་འཇུག་པ༔ མོས་གུས་དད་པ་ཇི་ཙམ་ཡོད༔ ལོངས་སྤྱོད་འབྱོར་པ་ཇི་ཙམ་ཡོད༔ ཅེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཀྱེ༔ སློབ་དཔོན་ཉིད་ལ་ཉེར་གནས་ཕྱིར༔ བདག་གིས་ལུས་འདི་འབུལ་བར་བྱའོ༔ ལུས་ལ་སོགས་པའི་ལོངས་སྤྱོད་ཀུན༔ དབང་གི་ཡོན་དུ་འབུལ་བར་བྱའོ༔ ལན་གཅིག །ནང་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་སློབ་མའི་རྟོག་འཛིན་གྱི་ཕུང་ཁམས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ཤིང་སྦྱངས། རྣམ་ཤེས་ཡི་གེ་ཧཱུྃ་དུ་གྱུར་པ་དེ་སློབ་དཔོན་གྱི་ཤངས་ནས་རླུང་བྱུང་ཞལ་དུ་རྔབས། སྐུའི་ནང་བརྒྱུད་འཁོར་ལོ་བཞིའི་གནས་སུ་དབང་བཞི་བསྐུར། རྡོ་རྗེའི་རྩེ་ནས་ཕྱུང་ཡུམ་གྱི་མཁར་བབས་ཧཱུྃ་ཡིག་ཞུ་བ་ལས་རྡོ་རྗེ་སེམས་དཔའ་བཛྲ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པར་གྱུར་པའི། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ལ་དྲིན་ལན་གྱི་མཆོད་པ་ཕུལ། འོད་ཟེར་ཕྱིར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་མཁའ་གསང་གི་བར་ན་སྲས་ཧེ་རུ་ཀ་གནས་པའི་སྤྱི་བོར་ཐིམ། བཀྲག་མདངས་འོད་ཟེར་འབར། མཁའ་གསང་ནས་ཕྱིར་ཐོན། རང་རང་གི་གྲལ་ལ་འཁོད་པའི་མོས་པ་མཛོད། དེ་ནས་དཀྱིལ་འཁོར་གསུམ་གྱི་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ་ཞི་ཁྲོ་རབ་འབྱམས་ཀྱི་ཡི་དམ་ཀུན་འདུས་པའི་སྟེང་གི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རིག་འཛིན། མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་སོགས་སྐྱབས་ཡུལ་ཁྱད་པར་ཅན་རྣམས་ཀྱི་དྲུང་དུ། རང་ཉིད་རིགས་དྲུག་སེམས་ཅན་བར་དོ་དང་བཅས་པ་ལྷན་ཅིག་ཏུ་འཁོད་དེ། སྐྱབས་སེམས་རིམ་པ་བཞིན་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། སྟ་གོན་གྱི་དུས་ལྟར་སྐྱབས་སེམས་རྗེས་ཟློས་བྱར་གཞུག །དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ༔ བདག་གིས་འགྲོ་དྲུག་སེམས་ཅན་ཀུན་དོན་དུ༔ གསང་བ་སྔགས་ཀྱི་དམ་ཚིག་གཟུང་བར་བགྱི༔ རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས༔ རིན་ཆེན་རིགས་དང་སྐྱོན་བྲལ་པདྨའི་རིགས༔ ལས་ཀྱི་རིགས་སོགས་དམ་ཚིག་མ་ལུས་དང༔ རྩ་བ་ཡན་ལག་དམ་ཚིག་གཟུང་བར་བགྱི༔ གསང་བ་སྔགས་ཀྱི་རྣལ་འབྱོར་བསྒྲུབ་པར་བགྱིའོ༔ ལན་གསུམ། སྔོན་ཆད་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་བརྡར་མིག་དར་བཅིངས་པའི་མོས་པ་མཛོད། མིག་དར་དམར་པོས་དགབ་ཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ༔ ཅོད་པན་གཏད་ལ། ཨུ་དུམྦ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མལླི་ཀ༔ ཀར་ནི་ཀ་ཡི་ཕྲེང་བ་འདི༔ ལེགས་པར་མནོས་ལ་བུས་ཟུངས་ཤིག༔ ཨཱ་ཁཾ་ཝཱི་ར་ཧཱུྃ༔ ཞེས་གཏད། ནང་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་། དོན་དམ་བྱང་སེམས་ཀྱི་ངོ་བོ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། བདེན་གཉིས་དབྱེར་མེད་ཀྱི་ཚུལ་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ སློབ་དཔོན་གྱིས་ཕྱག་གཡོན་པས་དྲི་ཆུས་སློབ་མའི་སྙིང་ག་བརླན་པའི་སྟེང་གཡས་པས་རྡོ་རྗེ་གྱེན་འགྲེང་བཞག་ལ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ དེ་ལ་བར་དུ་གཅོད་པའི་བགེགས་རིགས་ཐམས་ཅད། དཀྱིལ་འཁོར་ཀྱི་གཙོ་བོ་དང་སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་དཔག་ཚད་བརྒྱའི་མཐར་བསྐྲད་པའི་མོས་པ་མཛོད། ལས་བུམ་ཆུ་ཀུ་ཤས་འཐོར་ཞིང་རྣམ་འཇོམས་ཡང་སྙིང་བཟླ། དེ་ནས་བརྡའི་སྒོ་དབྱེ་བ་ལ་ཐལ་མོ་ནང་བསྡམས་དཀྲོལ་བཞིན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་རྒྱལ་བའི་སོགས་ལས་བྱང་ལྟར་བརྗོད། དཀྱིལ་འཁོར་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག་བྱས་ལ་ཡོལ་བ་བསལ་བ་ནི་ཕྱི་འཇུག་གོ །དཀྱིལ་འཁོར་གསུམ་གྱི་ལྷ་ལ་ཕྱག་འཚལ་བར་མོས་ལ་རྗེས་ཟློས། ཧཱུྃ༔ ཡང་དག་གསང་བའི་སོགས། བྱང་ཆུབ་སྤྱོད་པར་དམ་བཅའ་བ་འདིའི་རྗེས་ཟློས། ཧོ༔ ལྷག་པའི་ལྷ་ཁྱོད་སོགས་བརྗོད། གཉིས་པ་ནང་འཇུག་ནི། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ཕྱེད་བྱིན་ཏེ། ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས་འདོད་སྣམ་གྱི་སྟེང་ནས་ལན་གསུམ་བསྐོར་ཏེ། ཤར་སྒོའི་ནང་དུ་ཞུགས་པར་མོས་ཤིག །དམ་ཆུ་སྦྱིན་པ་ནི། བདུད་རྩི་རྡོ་རྗེས་དཀྲུགས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ དེ་རིང་ཚུན་ཚད་བུ་ཁྱོད་ཀྱི༔ ཕྱག་ན་རྡོ་རྗེ་ང་ཡིན་གྱིས༔ ང་ཡི་སྨྲས་པ་ཐམས་ཅད་ཀུན༔ ཁྱོད་ཀྱིས་ངེས་པར་བྱ་དགོས་སོ༔ ང་ལ་བརྙས་པར་མ་བྱེད་ཅིག༔ གལ་ཏེ་སྨད་པར་བྱས་ན་ནི༔ ཚེ་ཡི་འདུ་བྱེད་དྲལ་ནས་ནི༔ རྡོ་རྗེ་དམྱལ་བར་གྱུར་ཏ་རེ༔ སྐལ་བར་ལྡན་པ་རིགས་ཀྱི་བུ༔ ཁྱོད་ཀྱིས་བསྲུང་བར་བྱ་བ་ནི༔ ལྷ་དང་བླ་མ་སྤུན་མི་སྤང༔ སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད༔ གསང་སྔགས་གཞན་ལ་སྤེལ་མི་བྱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ༔ རྩ་བའི་དམ་ཚིག་ངེས་ཐུབ་ན༔ དམ་ཆུ་འདི་ཡིས་རྐྱེན་བྱས་ནས༔ ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར༔ ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཞེས་དམ་ཆུ་བླུད་ལ་དེའི་དོན་བཤད། དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག༔ ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་བཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། ཨ་མྲྀཏས་བསང་། སྭ་བྷཱས་སྦྱང་། སྟོང་པའི་ངང་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བ་ཉི་མ་རུ་དྲའི་གདན་ལ་སློབ་མའི་རིག་པ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར། དེ་ལས་རྡོ་རྗེ་གཞོན་ནུར་གྱུར་པ་ནི། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ མེ་དཔུང་འབར་བ་ཁ་ཊྭཱཾ་གཡོན༔ ཐ་མའི་ཕྱག་གཉིས་ཕུར་པ་འདྲིལ༔ རྡོ་རྗེ་ཁྱུང་གཤོག་བར་སྣང་ཁེངས༔ དུར་ཁྲོད་ཆས་རྣམས་སྐུ་ལ་བརྒྱན༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཡས་འཁྱུད་གཡོན་པས་དུང་དམར་སྟོབ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆ་སྔོན་པོ་འབར་བ་ཡི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཞེས་པས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་སྒོམས། ཡབ་ཡུམ་གཉིས་མེད་རོལ་པའི་སྲས༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་རྣམས༔ ཀུན་ཀྱང་སྐུ་མདོག་མཐིང་ནག་རྔམ༔ ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ༔ སྐུ་སྨད་ཟུར་གསུམ་ཕུར་པའི་དབལ༔ རྡོ་རྗེ་ཁྱུང་གཤོག་དུར་ཁྲོད་ཆས༔ ཧཱུྃ་ཕཊ་སྒྲ་སྒྲོག་འཁོར་བ་འཇིག༔ སྲས་མཆོག་སྒོ་མ་ལ་སོགས་པའི༔ དཀྱིལ་འཁོར་ཡོངས་རྫོགས་གསལ་བར་བསྒོམ༔ དེ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་འཕྲོས། བླ་མ་ལ་གུས་འདུད་བྱས་པས་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་ཀྱང་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ། ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་གང་བར་བྱོན། བླ་མ་དང་དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རང་འདྲའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། དེ་དག་ཐམས་ཅད་རྒྱ་མཚོ་ལ་ཆར་བབ་པ་བཞིན་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་རྫས་ཀྱི་དུད་པ་བཏུལ། དབྱངས་རོལ་བཅས་ཏེ། ཧཱུྃ་ཛ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་འགྱུར་ཡེ་ཤེས་ལྷ་ཚོགས་ཀྱི༔ ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛ༔ རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་མང་དུ་བརྗོད། ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ལན་གཉིས་ཀྱིས་རྒྱ་གྲམ་མགོར་བཞག །སྔར་གཏད་པའི་མེ་ཏོག་དེ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་རྟེན་དུ་ཕུལ་སྙམ་པས་ཐལ་སྦྱར་བར་དུ་ཟུངས་ལ་འདིའི་རྗེས་ཟློས་མཛོད། ཧོ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོ༔ ཞེས་དཀྱིལ་འཁོར་ལ་འབུལ་བའི་ཚུལ་ཙམ་བྱས་པས་གཙོ་བོའི་དབུ་ལ་བབས་པར་མོས་ཤིག །གསང་མཚན་འདོགས་དགོས་ན་སོ་ཤིང་དོར་བའི་སྐབས་ལྟར་རིགས་ངེས་པར་བྱས་ལ། དབུས་སུ་བབས་ན་རྡོ་རྗེ་གཞོན་དུ་རྩལ། ཤར་དུ་རྡོ་རྗེ་ཐུགས་མཆོག་རྩལ་སོགས་བཀའ་བརྒྱད་རང་ཤར་ལྟར་མཚན་གདགས། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་རྡོ་རྗེ་སློབ་དཔོན་གྱིས་བླངས་ཏེ་མགོ་བོར་ལན་གསུམ་དཀྲིས་ནས་སྤྱི་བོར་བཞག་པས་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ཐོབ་པའི་མོས་པ་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ པྲ་ཏི་གྲྀཧྞ་སཏྭཾ་སུ་མཾ་མི་སཏྭཱ་མ་ཧཱ་བཱ་ལ༔ མིག་དར་དང་ལྷན་ཅིག་ཏུ་མ་རིག་པའི་ལིང་ཐོག་ཀྱང་བསལ་བའི་མོས་པ་མཛོད། ཧཱུྃ༔ སྔོན་གྱི་རྒྱལ་བ་མིག་མཁན་གྱིས༔ གཟུང་འཛིན་རབ་རིབ་བསལ་པ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་ང་ཡིས་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དབྱེ། དཀྱིལ་འཁོར་བསྟན་པ་ནི། ཧོ༔ བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག༔ རང་བྱུང་ཡེ་ཤེས་ཕྱི་ནང་མེད༔ ཟང་ཐལ་བླ་མ་ཡི་དམ་ལྷ༔ རང་ལ་རྟག་ཏུ་གནས་པའི་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ༔ རྟག་ཏུ་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ འདིར་སྤྲོ་ན་རྟེན་བརྟེན་པའི་མངོན་རྟོགས་རྒྱས་པར་བརྗོད། བསྡུ་ན། མདུན་གྱི་དཀྱིལ་འཁོར་སྲུང་བའི་གུར་ཁང་དུར་ཁྲོད་བརྒྱད་དང་བཅས་པ་གཟུང་འཛིན་འཁྲུལ་རྟོག་གི་བདུད་བཅོམ་ཞིང་ཆོས་བརྒྱད་དག་པའི་དབུས་སུ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་རྫོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམ་པར་དག་པའི་ནང་དུ། ང་བདག་ཉོན་མོངས་དག་པ་རུ་དྲ་ལ་སོགས་པའི་གདན་ལ། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན། ཡིད་ཆོས་རྣམ་པར་དག་པའི་རང་བཞིན། རྩིབས་བཅུ་ལ་ས་བཅུའི་དབང་ཕྱུག་ཞིང་བཅུ་སྒྲོལ་བའི་ཕྱིར་ཁྲོ་བོ་བཅུར་བསྟན་པ་ལ་མི་དགེ་བ་བཅུ་གནས་སུ་དག་ནས་ཕར་ཕྱིན་བཅུའི་དོན་མཐར་ཕྱིན་པའི་ཡུམ་ཁྲོ་མོ་བཅུ་མཉམ་པར་སྦྱོར་བ། ཉོན་མོངས་ཉི་ཤུ་རྣམ་པར་དག་པའི་ཁྲ་ཐབས་ཉི་ཤུ་གཡས་གཡོན་དུ་འགྱེད་པ། སྒོ་བཞིར་ཕྲིན་ལས་བཞི་སྒྲུབ་པའི་གདོང་ཅན་མ་བཞི། ནང་དང་ཕྱིའི་ཁྱམས་ལ་ཕུང་ཁམས་རྟོག་ཚོགས་རྣམ་པར་དག་པ་དམ་ཅན་ཕུར་སྲུང་ཕོ་ཉའི་རང་བཞིན་དུ་གྱུར་པ་སྟེ། མདོར་ན་སློབ་དཔོན་ལུས་དཀྱིལ་དང་བཅས་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། དེའི་འཁོར་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། མདུན་གྱི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ་ཡེ་ཤེས་ཀྱི་རང་སྣང་གཅིག་ལས་ཐ་དད་པའི་ཚུལ་གྱིས་ཆུ་ཟླའི་གཟུགས་བརྙན་བཞིན་ཤར་བ་དེ་ཉིད་མངོན་སུམ་དུ་མཇལ་བས། མཚོན་བྱེད་དཔེའི་དཀྱིལ་འཁོར་དེས་མཚོན་བྱ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་རྒྱུ་བྱས་ཏེ་ཕྱི་ནང་གི་འཛིན་རྟོག་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་མོས་པ་མཛོད་ཅིག །ཅེས་པ་ཙམ་གྱིས་ལྷ་ངོ་བསྟན་ནོ། །གཉིས་པ་དབང་དངོས་ལ་སྤུ་གྲིའི་དབང་གཞུང་ལས་རང་རྟགས་ཕྱག་རྒྱའི་དབང་ཞེས་གསུངས་པའི་ས་ཁོང་དུ་བུམ་དབང་འཁོར་བཅས་ཙམ་འབྱུང་ཡང་། བརྒྱུད་པའི་ཕྱག་བཞེས་སུ་བསྒྲལ་དབང་མཆོག་དབང་བཅས་ཆེ་མཆོག་སོགས་ནས་ཁ་འགེངས་མཛད་པའི་ཕྱག་བཞེས་ལྟར་ན། བུམ་དབང་། གསང་དབང་། སྒྲོལ་དབང་། ཤེར་དབང་། ཚིག་དབང་སྟེ་ལྔའོ། །དེ་ལ་དང་པོ་བུམ་དབང་རྗེས་འབྲེལ་དང་བཅས་པ་ནི། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་ཚུལ་བཞིན་ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་རིམ་གྱིས་བསྒྲུབ་པ་ལ་ཐོག་མར་བུམ་དབང་འཁོར་བཅས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ བུམ་པའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་ཐོག་མར་ཡུངས་དཀར་ལག་ཏུ་གཏད་ལ། ཧཱུྃ༔ ཡུངས་དཀར་དབང་གི་རྫས་མཆོག་འདི༔ སྐྱེས་ནི་གྱད་ཀྱི་ཡུལ་དུ་སྐྱེས༔ གཟིགས་ནི་བཅོམ་ལྡན་འདས་ཀྱིས་གཟིགས༔ སྔགས་ནི་ཕྱག་ན་རྡོ་རྗེས་སྔགས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ མ་ཧཱ་ཤ་རཱི་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ལག་ཏུ་གཏད་ཅིང་ཁར་སྦྱིན་ལ། ཧཱུྃ༔ དམ་རྫས་བདུད་རྩི་འཁྱིལ་བ་འདི༔ སྲིད་གསུམ་དབང་སྡུད་ལོངས་སྤྱོད་ཆེ༔ གདོད་ནས་དབང་གི་བདུད་རྩི་ལྔ༔ རྒྱུད་ལྔ་རྩད་བཅད་སྐྱེ་ཤི་མེད༔ བདུད་རྩི་འཁྱིལ་བའི་དབང་བསྐུར་སྦྱིན༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རིན་པོ་ཆེའི་དབུ་རྒྱན་དངོས་སམ་བྲིས་པ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རིན་པོ་ཆེ༔ དཔག་ཏུ་མེད་པའི་འོད་དང་ལྡན༔ རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས༔ ཁམས་གསུམ་བདག་པོར་དབང་བསྐུར་རོ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ༔ རྡོར་དྲིལ་ལག་གཡས་གཡོན་དུ་སྦྱིན་ལ། ཧཱུྃ༔ ཐབས་དང་ཤེས་རབ་དབང་ཆེན་འདི༔ རྡོ་རྗེ་དྲིལ་བུའི་རིག་པ་འཛིན༔ མྱ་ངན་འདས་ཤིང་འཁོར་བ་ཡི༔ སྐྱོན་རྣམས་དག་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པྲ་ཛྙཱོ་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་གཞུག །རྣམ་བུམ་བཏེགས་ལ་སྤོས་རོལ་བྱ་ཞིང་། བུམ་པའི་ལྷ་རྣམས་གཟུགས་སྐུར་རོང་གིས་བཞེངས་ཏེ་སྦྱོར་མཚམས་ནས་བྱང་སེམས་བབས་པས་སློབ་མའི་སྤྱི་བོ་ནས་ཐིམ་པས་བྱིན་རླབས་དབང་བསྐུར་ཐོབ་པར་མོས་ཤིག །ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཨ་མྲྀཏ་ཀུཎྜ་ལཱི་ཙིཏྟ་བཛྲ་ཧཱུྃ་ཀཱ་ར་ཨཱ༔ ཞེས་དང་གཙོ་འཁོར་གྱི་སྔགས་རྣམས་ཚང་བར་བརྗོད། བུམ་ཆུ་བླུད། ཕྱག་རྒྱའི་དབང་ནི། གཙོ་ཕུར་ནས་རིམ་བཞིན་དཀྱིལ་འཁོར་ནས་བླངས་ཏེ། མཚན་མ་རྫས་དཀྱིལ་གྱི་ལྷ་རྣམས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ཏེ་སློབ་མའི་གནས་བཅུར་ཐིམ་པར་བསམ་ལ། ཐོག་མར་གཙོ་བོ་ཡབ་ཡུམ་གྱི་ཕུར་པ་སྤྱི་བོར་བཞག་ལ། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ དབུ་གསུམ་ཕྱག་དྲུག་གདེངས་ཀ་ཅན༔ རྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ རྩེ་མོ་ཟུར་གསུམ་དབལ་དང་ལྡན༔ སངས་རྒྱས་ཡབ་ཡུམ་འདི་གཉིས་ཀྱི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ སྟེང་གི་ཕུར་པ་སྤྱི་གཙུག་ཏུ་བཞག་ལ། ཧཱུྃ༔ ཧཱུྃ་ཀཱ་ར་དང་སྒྲ་འབྱིན་མ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛོད༔ ཆོས་ལ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཤར་གྱི་ཕུར་པ་སྙིང་གར་བཞག་ལ། ཧཱུྃ༔ རྣམ་པར་རྒྱལ་དང་རྣམ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛོད༔ སེམས་ལ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་བི་ཛ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཤར་ལྷོའི་ཕུར་པ་ནུ་མ་གཡས་པར་བཞག་ལ། ཧཱུྃ༔ དབྱུག་པ་སྔོན་དང་རྡོ་རྗེ་སྡེར༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛོད༔ ཡེ་ཤེས་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ནཱི་ལ་དཎྜ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྷོའི་ཕུར་པ་དཔུང་པ་གཡས་པར་བཞག་ཅིང་། ཧཱུྃ༔ གཤིན་རྗེ་གཤེད་དང་དུར་ཁྲོད་བདག༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛོད༔ ཚེ་ལ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྷོ་ནུབ་ཀྱི་ཕུར་པ་སོག་པ་གཡས་པར་བཞག་ལ། ཧཱུྃ༔ མི་གཡོ་མགོན་དང་གཏུན་ཁུང་མ༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཐབས་ཀྱི་སྤྱོད་པས༴ སྐྱེ་ལ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ནུབ་ཀྱི་ཕུར་པ་རྒྱབ་ཀྱི་སོག་དབྲག་ཏུ་བཞག་ལ། ཧཱུྃ༔ རྟ་མགྲིན་རྒྱལ་དང་དབང་སྡུད་མ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཐབས་ཀྱི་སྤྱོད་པས༴ ཁམས་གསུམ་དབང་སྡུད་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ནུབ་བྱང་གི་ཁྲོ་བོ་སོག་པ་གཡོན་པར་བཞག་ལ། ཧཱུྃ༔ གཞན་གྱིས་མི་ཐུབ་མདའ་སྙེམས་མ༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཐབས་ཀྱི་སྤྱོད་པས༴ ཡོ་བྱད་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བྱང་གི་ཕུར་པ་དཔུང་པ་གཡོན་པར་བཞག་ལ། ཧཱུྃ༔ བདུད་རྩི་འཁྱིལ་དང་རླུང་འབྱིན་མ༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཐབས་ཀྱི་སྤྱོད་པས༴ ལས་ལ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨཱ་བེ་ཤ་ཡ་ཨ་ཨཱ༔ བྱང་ཤར་ཕུར་པ་ནུ་མ་གཡོན་པར་བཞག་ལ། ཧཱུྃ༔ ཁམས་གསུམ་རྒྱལ་དང་གསོད་བྱེད་མ༔ ཕྲ་མེན་དྲེད་དང་སྲེ་མོང་མགོ༔ ཐབས་ཀྱི་སྤྱོད་པས༴ སྨོན་ལམ་དབང་བའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ འོག་གི་ཕུར་པ་བཅུ་དྲུག་མདོར་བཞག་ལ། ཧཱུྃ༔ སྟོབས་པོ་ཆེ་དང་སྐྱོད་བྱེད་མ༔ ཕྲ་མེན་དོམ་དང་བྱི་བའི་མགོ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛོད༔ རྫུ་འཕྲུལ་དབང་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ སྒོ་མ་སྒོ་བཞིའི་ཕུར་པ་ལག་ཏུ་གཏད་ལ། ཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ བྱམས་དང་སྙིང་རྗེ་དགའ་བ་དང༔ བཏང་སྙོམས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གཞུང་དུ་མི་གསལ་ཡང་སྦམས་ཕུར་གྱི་དབང་བསྐུར་བ་ཕྱག་ལེན་དུ་མཛད་པས། དམ་ཅན་རྣམས་ཀྱི་ཕུར་པ་ཚང་བ་ཡོད་ན་དང་། མེད་ན་གདབ་ལས་ཀྱི་ཕུར་པ་རྣམས་མི་ལྤགས་ཀྱི་གཡང་གཞིའི་སྟེང་དུ་བཞག །ཤ་ཆེན་གྱི་དུད་པ་བཏང་། རཀྟ་ཕྱར། དར་ནག་གཡབ། བཤུག་པའི་སྒྲ་དང་རྐང་གླིང་རོལ་མོར་བཅས་པས། ཧཱུྃ༔ བྲན་དང་ཕོ་ཉ་བཀའ་ཉན་ཚོགས༔ སྔོན་ཆད་ཇི་ལྟར་ཁས་བླངས་པ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབས༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཅེས་བརྗོད། སློབ་མའི་ལག་ཏུ་གཏད་ཅིང་། ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མཱ་ར་སེ་ན༔ པྲ་མརྡྷ་ནི་ཡེ་ཧཱུྃ་ཕཊ༔ ཅེས་བསྐུར། དེ་ནས་རིག་འཛིན་བླ་མའི་གཏོར་དབང་ནི། གཏོར་ཆེན་སློབ་དཔོན་གྱི་ཕྱག་ཏུ་བཟུང་ལ། གཏོར་མ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་གསལ་བའི་སྟེང་གི་ནམ་མཁར་རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ལྟར་འཐིབ་ཀྱིན་བཞུགས་པ་ལ་མོས་གུས་གདུང་བ་ཆེན་པོས་གསོལ་བ་འདེབས་པའི་མོས་པ་མཛོད། ཛཔ྄་གདངས་བྱས་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་དབྱིངས་དྲག་པོའི་རང་སྒྲ་སྒྲོགས༔ རིག་འཛིན་དེ་ཡི་བྱིན་གྱིས་རློབས༔ རང་བྱུང་རྣམ་དག་གཞལ་ཡས་སུ༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔ༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ཡང༔ བྱང་ཆུབ་སེམས་དཔའི་གནས་མཆོག་ཏུ༔ སྨུག་ནག་དབང་གི་མཁའ་འགྲོ་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་ཡང༔ རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ཡང༔ སིནྡྷུ་རྒྱ་མཚོའི་གཏིང་རུམ་དུ༔ རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ མ་ལ་ཡ་ཡི་རྩེ་མོ་རུ༔ བསོད་ནམས་བསགས་པའི་རྒྱལ་པོ་ཛ༔ ཟ་ཧོར་ཡུལ་གྱི་གནས་ཆེན་དུ༔ མཁས་པ་ཤཱཀྱ་པྲ་བྷཱ་ཡང༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ཀྱང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ ཆུ་བོ་གངྒཱའི་རྩ་བ་རུ༔ རིག་འཛིན་བི་མ་མི་ཏྲ་ཡང༔ མཎྜ་ལ་ཡི་ནགས་ཁྲོད་དུ༔ བལ་པོ་ཤཱི་ལ་མཉྫུ་ཡང༔ མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་བཟའ་ཡི་མཚོ་རྒྱལ་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ རོང་གི་བྲག་དམར་སྐྱེད་ཚང་དུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱང༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཆེན་པོ་ཡང༔ མཁའ་སྤྱོད་དག་པའི་ཞིང་ཁམས་སུ༔ སྔགས་འཆང་རྡོ་རྗེ་མགོན་པོ་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ རྡོ་རྗེ་ཕུར་པའི་གཞལ་ཡས་སུ༔ མཚན་ལྡན་ངག་དབང་གྲགས་པ་ཡང༔ ལྷུན་གྲུབ་འོད་ལྔའི་ཕོ་བྲང་དུ༔ དྲིན་ཆེན་སངས་རྒྱས་དཔལ་བཟང་ཡང༔ བདེ་འགྲོལ་གསང་སྔགས་ཕོ་བྲང་དུ༔ ཐུགས་སྲས་ནམ་མཁའ་རྒྱལ་མཚན་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ རི་རྒྱལ་དཔལ་འབར་ཤར་འདབས་སུ༔ སྔགས་འཆང་ཤཱཀྱ་བཟང་པོ་ཡང༔ ཆུ་བོ་རི་ཡི་ཡང་དབེན་དུ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡང༔ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ༔ ཆོས་རྒྱལ་མངྒའི་མཚན་ཅན་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ སྨོན་ལྡིང་དཔལ་གྱི་ནགས་ཁྲོད་དུ༔ རིག་འཛིན་ངག་གི་དབང་པོ་ཡང༔ ཤེལ་ཕུག་དགའ་བའི་གཞལ་ཡས་སུ༔ རིག་འཛིན་སྟོབས་ལྡན་དཔའ་བོ་ཡང༔ གུང་ཐང་ཆོས་ཀྱི་ཕོ་བྲང་དུ༔ རྗེ་བཙུན་ཆོས་དབྱིངས་རང་གྲོལ་ཡང༔ འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ གྲུ་འཛིན་གཉིས་པའི་ཕོ་བྲང་དུ༔ ཟིལ་གནོན་དྲག་རྩལ་རྡོ་རྗེ་ཡང༔ ཨེ་ཝཾ་ཐུབ་བསྟན་ཆོས་གྲྭ་རུ༔ རིག་འཛིན་པདྨ་ཕྲིན་ལས་ཀྱང༔ འབྲལ་མེད་སྙིང་རྗེའི་ཕོ་བྲང་དུ༔ དྲིན་ཆེན་རྩ་བའི་བླ་མ་ཡང༔ འགྲོ་བའི་དོན་དུ་སྐུར་བཞེངས་ལ༔ ཆོས་དབྱིངས་དྲག་པོའི་རང་སྒྲ་སྒྲོགས༔ རིག་འཛིན་དེ་ཡི་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་རོལ་མོ་སྦིར། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི། རྒྱས་པར་ཆེ་མཆོག་དབང་གཞུང་ལས་གསུངས་པ་བཞིན། ཏིང་འཛིན་རྣམ་གསུམ་དང་གཞལ་ཡས་ཁང་གཙོ་བོའི་གདན་བཅས་བསྐྱེད་ཚིག་ཚང་བར་བརྗོད། དེའི་དབུས་སུ་སློབ་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་ཚིག་ལས་བྱང་བཞིན་བརྗོད་ལ་གསལ་འདེབས། བསྡུ་ན། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞིང་མངའ་གསོལ་བའི་སླད་དུ་ཏིང་ངེ་འཛིན་འདི་བཞིན་དུ་བསྒོམ་པར་ཞུ། སྟོང་ཉིད་སྙིང་རྗེའི་ངང་ལས་རིག་པ་ཧཱུྃ་ཆེན་འབར་བའི་རྒྱུས་བསྐྱེད་པའི་སྟོང་གསུམ་ཕུར་བུར་ཤར་བའི་རྒྱ་མདུད་ཀྱི་དབུས་སུ་རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་ལྟེ་བར་པདྨ་ཉི་ཟླ་རུ་དྲ་བསྣོལ་བའི་གདན་ལ། ཁྱེད་རང་བསྟན་པའི་བདག་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་དུ་བཀྲ་ཤིས་རྫས་རྟགས་སོགས་མཆོད་པའི་ཡོ་བྱད་དུ་མ་དང་ལྡན་པས་མངའ་གསོལ་བའི་མོས་པ་མཛོད། སློབ་མའི་གཙོ་བོ་དང་འགྲོ་དོན་ནུས་པ་རྣམས་ཁྲིའུའི་ཁར་བཞག །གདུགས་རྒྱལ་མཚན་སྟོད་གཡོགས་སྨད་གཡོགས་དབུ་རྒྱན་རྒྱན་དྲུག་རྣམས་བཀོན། རྡོར་དྲིལ་གླེགས་བམ་སོགས་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་འདུས་རིན་པོ་ཆེ༔ དཔག་ཏུ་མེད་པའི་འོད་དང་ལྡན༔ རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས༔ ཁམས་གསུམ་བདག་པོར་དབང་བསྐུར་རོ༔ ཧཱུྃ་ཨོཾ་སྭཱ་ཨཱཿཧཱ༔ ཧཱུྃ༔ འགྲོ་དང་འོང་བའི་ཆོས་རྣམས་ལ༔ སྐྱེ་དང་འགག་པའི་རང་བཞིན་གནས༔ བརྗོད་མེད་རང་བྱུང་ལྟ་བའི་དབང༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་ཨ་ཨ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ རིག་འཛིན་རྒྱལ་པོ་ཁྱོད་ཉིད་ནི༔ སྙིང་ལ་ཡེ་ཤེས་སེམས་དཔའ་གནས༔ རྩ་སྒོ་རྟ་མགྲིན་རྒྱལ་པོས་སྲུང༔ རྡོ་རྗེའི་ཚྭ་ཚྭས་བཀའ་ནན་བྱས༔ ཁྱོད་ཉིད་རྒྱལ་བའི་ངོ་བོར་བསྐྱེད༔ ཁམས་གསུམ་བདག་པོར་དབང་བསྐུར་རོ༔ ཧ་ཡ་གྲཱི་བ་ཧཱུྃ་ཛཿནན༔ དེ་ནས་སྤུ་གྲིའི་དབང་གི་དཀྱུས་ལྟར། གླང་ཆེན་ཀོ་རློན་སྟོད་ལ་གཡོགས་པའི་ཚུལ་བྱས་ལ། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ གླང་ཆེན་ཀོ་རློན་དབང་བསྐུར་བས༔ ཆོས་ཀྱི་དབྱིངས་ཀྱི་དབང་ཐོབ་ཤོག༔ སྟག་ཤམ་སྨད་དཀྲིས་ཀྱི་ཚུལ་བྱ་ཞིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ སྟག་གི་ཤམ་ཐབས་དབང་བསྐུར་བས༔ འཇིགས་བྱེད་རྒྱན་གྱི་དབང་ཐོབ་ཤོག༔ སྦྲུལ་གྱི་ཆུན་པོའི་དོ་ཤལ་དབུ་སྙན་རྣམས་ལ་འདོགས་ཚུལ་བྱ་ཞིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ སྦྲུལ་གྱི་ཆུན་པོས་དབང་བསྐུར་བས༔ འཁྱིལ་བ་རྒྱན་གྱི་དབང་ཐོབ་ཤོག༔ མི་ལྤགས་རྐེད་ལ་དཀྲི་ཚུལ་བྱ་ཞིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ མི་ལྤགས་གཡང་གཞིའི་དབང་བསྐུར་བས༔ མུན་པའི་མདངས་ཅན་དབང་ཐོབ་ཤོག༔ མི་མགོ་ཚར་གསུམ་གྱི་དོ་ཤལ་གཡོགས་ཚུལ་བྱ་ཞིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ ཐོད་པའི་ཕྲེང་བའི་དབང་བསྐུར་བས༔ ཁམས་གསུམ་འདུལ་བའི་དབང་ཐོབ་ཤོག༔ རཀྟའི་ཐིག་ལེ་མཁུར་ཚོས་གཉིས་དང་སྣ་རྩེར་བྱུག་ཅིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ རཀྟའི་ཐིག་ལེས་དབང་བསྐུར་བས༔ ཐུགས་རྗེ་ཆགས་པའི་དབང་ཐོབ་ཤོག༔ ཞག་གི་ཟོ་རིས་ལྐོག་མར་བྱུག་ཅིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ ཞག་གི་ཟོ་རིས་དབང་བསྐུར་བས༔ དོན་དམ་བཅུད་ཀྱི་དབང་ཐོབ་ཤོག༔ ཐལ་ཆེན་ཚོམ་བུས་དཔྲལ་བར་ཐིག་ལེ་གསུམ་བྱ་ཞིང་། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་རུ༔ དུར་ཁྲོད་རྒྱན་གྱིས་བརྒྱན་པའི་ཕྱིར༔ ཐལ་ཆེན་ཚོམ་བུའི་དབང་བསྐུར་བས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ འདོད་ཡོན་ལྔའི་དབང་ལ། བཟའ་བཅའ་བཏུང་བ་དར་སོགས་ཅི་འབྱོར་གཏད་ཅིང་ཁར་སྦྱིན་ལ། ཧཱུྃ༔ བཟའ་དང་བཅའ་སོགས་བཏུང་དང་གོས༔ འདོད་ཡོན་ལྔ་ལྡན་ཐམས་ཅད་ནི༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་རྫས༔ འདོད་ཡོན་ལྔ་ཡི་དབང་ཐོབ་ཤོག༔ ཚེ་བུམ་ཚེའི་རང་བཞིན་དུ་མོས་ལ། མཱཾ་ས་ཡེ་ཤེས་ལྔ་ལྡན་འདི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པས༔ ཡེ་ཤེས་ལྔ་རུ་དབང་བསྐུར་བས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་སྤྱི་བོར་བཞག་གོ །དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། ས་དྲུག་གི་ཡོན་ཏན་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ། ཞི་བའི་ལས་དང་ལྟ་སྟངས་བརྟུལ་ཞུགས་གྲུབ་པའི་ནུས་པ་བསྐྱེད། མཉམ་གཞག་གི་དམ་ཚིག་བསྐྱེད་རིམ་སྒོམས། རྗེས་ཐོབ་ཀྱི་དམ་ཚིག་ལྷ་དང་མི་འབྲལ་ཞིང་ལུས་ཐ་མལ་དུ་མི་འཁྲུལ་བ། བཟའ་བའི་དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔ་ལ་རོལ་པ་ནི་བདུད་རྩི་ཆོས་སྨན་བསྟེན་པས་འགྲུབ། བཅང་བའི་དམ་ཚིག་རྡོ་རྗེ་དང་དྲིལ་བུ། སྲུང་བའི་དམ་ཚིག་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པ་ལས་མི་འབྲལ་བར་མཛོད་ཅིག །གཉིས་པ་ནི། དེ་ནས་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གསང་བའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ༔ སློབ་དཔོན་རྡོ་རྗེ་གཞོན་ནུ་དང་ཡུམ་འཁོར་ལོ་རྒྱས་འདེབས་མ་མཉམ་པར་སྦྱོར་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ལ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི་ཀུནྡ་མུ་ཏིག་དཀར་པོའི་རྒྱུན་ཐོད་པར་བསྐྱིལ་བ། སློབ་མའི་ལྕེ་ཐོག་ཏུ་བཞག་པས་གཟུང་འཛིན་གྱི་རྟོག་པ་བརྒྱད་ཅུ་འགགས། བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། གསང་རྫས་ལྕེ་ཐོག་ཏུ་སྦྱིན་ཞིང་། ཇི་ལྟར་འདས་པའི་སངས་རྒྱས་ཀྱི༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ བདག་གིས་གཉིས་མེད་རོལ་པ་ཡི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གསང་དབང་ཐོབ་པའི་བརྡར་གདོང་གཡོགས་བསལ་བར་མོས། འབྲུ་གསུམ་བརྗོད། དེའི་མཐའ་རྟེན་ཕན་དབང་བཅུ་སྦྱིན་པ་ནི། སྐུར་ཚིག་ནང་བཞིན་རྫས་རྣམས་ཚོགས་པར་བྱས་ལ། སྤྱི་བོ་སོགས་གནས་རྣམས་སུ་འཇོག་ཚུལ་བྱ་ཞིང་། ཧཱུྃ༔ སྤྱི་བོར་དབུ་རྒྱན་དབང་བསྐུར་བས༔ ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ སྙིང་པོ་ཐུགས་ཀར་དབང་བསྐུར་བས༔ ས་བོན་ཡི་གེའི་དབང་ཐོབ་ཤོག༔ རྡོ་རྗེ་དྲིལ་བུ་གཏད་པ་ཡིས༔ ཕྱག་མཚན་ཐུགས་ཀྱི་དབང་ཐོབ་ཤོག༔ ཡེ་ཤེས་སེམས་དཔའ་བསྐྱེད་པ་ཡིས༔ དཔལ་ཆེན་སྐུ་ཡི་དབང་ཐོབ་ཤོག༔ ལེ་བརྒན་ཅོད་པན་དབང་བསྐུར་བས༔ རྟ་མགྲིན་རྒྱལ་པོའི་དབང༴ མཛེས་བྱེད་གདུགས་ཀྱི་དབང་བསྐུར་བས༔ སྐུ་ཡི་ཁྲོ་བོའི་དབང༴ མེ་ཏོག་ཕྲེང་བའི་དབང་བསྐུར་བས༔ གསུང་གི་ཁྲོ་བོའི་དབང༴ བ་སྤུའི་བཀའ་ནན་དབང་བསྐུར་བས༔ རྡོ་རྗེ་གོ་ཆའི་དབང༴ བཟའ་དང་བཏུང་བའི་དབང་བསྐུར་བས༔ ལོངས་སྤྱོད་ཚོགས་ཀྱི་དབང་ཐོབ་ཤོག༔ ཅེས་སོ་སོར་བསྐུར་རོ། །དེ་ལྟར་ན་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ལམ་རླུང་དང་གཏུམ་མོ་མཚན་བཅས་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། ས་བརྒྱད་ཀྱི་ཡོན་ཏན་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ། རྒྱས་པའི་ལས་འགྲུབ་ཅིང་མཆོད་ཅིང་བསྟོད་པའི་ནུས་པ་བསྐྱེད། མཉམ་གཞག་གི་དམ་ཚིག་ཏུ་ཙཎྜ་ལཱི་སྒོམས། རྗེས་ཐོབ་ཀྱི་དམ་ཚིག་ཏུ་གཏུམ་མོའི་ཉམས་དང་མི་འབྲལ། བཟའ་བའི་དམ་ཚིག་ཟས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་རུ་བྱིན་གྱིས་བརླབས་ནས་རོལ། བཅང་བའི་དམ་ཚིག་རླུང་ཁ་སྦྱོར་ཉེར་གཅིག་ཞག་རེར་ཆག་མེད་སྒོམས། སྲུང་བ་ནི། ཁམས་མི་ཉམས་པ་སོགས་ཀྱི་དོན་ངེས་པར་མཛོད་ཅིག །གསུམ་པ་སྒྲོལ་དབང་ནི། ཕྱག་ལེན་རྒྱས་པའི་སྐབས་དཔོན་སློབ་ཆས་འཇུག་བསྒྲལ་འཆམས་དང་ཆབས་ཅིག་མཛད་པ་ཡིན་ཡང་སྤྲོས་པས་མི་འཁྱོངས་ན། སློབ་དཔོན་ཆས་ཞུགས་ཙམ་མཛད་གྲུབ་ན་ལེགས། མ་གྲུབ་ཀྱང་རུང་སྟེ་མདུན་དུ་གྲུ་གསུམ་གྱི་སྟེང་ལྕགས་སྣོད་དུ་ལིངྒ་མགོ་ཕར་བསྟན་ལ་བཀོད། གཡས་ལོགས་སུ་ལྕོག་ཙེའི་ཁར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། བྱ་འུག་གི་སྒྲོ །སྐམ་རློན་ཐུན། མགྱོགས་ཕུར་དམ་ཅན་གྱི་ཕུར་པ། གྲི་གུག །ཐོ་བ་ཧོམ་གཟར་རྣམས་བཤམས་ལ། སྐབས་འདིར་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་དགྲ་བགེགས་བསྒྲལ་བའི་དབང་བགྱིད་པ་ཡིན་པས་ཁྱེད་རང་རྣམས་ཀྱང་དཔལ་ཆེན་པོའི་ང་རྒྱལ་བརྟན་པོའི་ངང་ནས་དྲག་པོའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་འདེབས་པར་ཞུ། ཕྱག་མཚན་བྱིན་གྱིས་རློབ་པའི་དགོངས་པ་དང་ལྡན་པས་རོལ་མོར་བཅས་ཏེ། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ནྲྀ་མཱ་ར་ཡ་རྦད༔ དེ་ནས་གསེར་སྐྱེམས་དང་མཁྱེན་གཟུ་མདོར་བསྡུས་བཀའ་བརྒྱད་ལྟ་བུ་ནས་བླང་། བྲུབ་ཁུང་བསྐྱེད་ཆོག་རྒྱས་པ་དེ་ལྟར་རམ། བསྡུ་ན། ཨེ་ཕཊ་རཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པ་འཆུག་མེད་དུས་ཀྱི་བཙོན་རའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་དམ་སྲི་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། དགུག་གཞུག་སྤྱི་འགྲོ་ལན་གསུམ་བྱ། ཛ༔ དགུག་པར་བྱེད་པའི་ལྕགས་ཀྱུ་མས༔ སྟོང་གསུམ་འཇིག་རྟེན་རབ་ཏུ་ཁོངས༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ དགྲ་བགེགས་གདུག་པའི་རྣམ་ཤེས་ཁུག༔ འཆིང་བར་བྱེད་པའི་ཞགས་པ་མས༔ སྟོང་གསུམ་འཇིག་རྟེན་རབ་ཏུ་ཁོངས༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ གཟུགས་དང་རྣམ་ཤེས་མྱུར་དུ་ཆིངས༔ སྡོམ་པར་བྱེད་པའི་ལྕགས་སྒྲོག་མས༔ སྟོང་གསུམ་འཇིག་རྟེན་རབ་ཏུ་ཁོངས༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ རྣམ་ཤེས་འཆུག་དབང་མེད་པར་གྱིས༔ མྱོས་བྱེད་ལྗང་ནག་དྲིལ་བུ་མས༔ དགྲ་བགེགས་སྐྱོབ་པའི་ལྷ་དང་ཕྲོལ༔ ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་འགུགས་འཆིང་སྡོམ་མྱོས་བྱ། ལྷ་དབྱེ་ནི། གུ་གུལ་བདུག །བྱ་འུག་གི་སྒྲོས་བྱབ་ཅིང་། དམ་ཉམས་དགྲ་བགེགས་སྡིག་ཅན་ལ༔ འགོ་བར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་སྔགས་འཆང་གཉན་དང་འགྲས༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླང༔ མཚམས་མེད་ལྔ་པོའི་འབྲས་བུ་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ འདི་ཡི་མགོན་སྐྱབས་མ་བྱེད་ཅིག༔ ཡེ་ཤེས་ལྷ་རྣམས་རང་བཞིན་གནས་སུ་གཤེགས༔ འཇིག་རྟེན་ལྷ་ཁྱོད་རང་གི་གནས་སུ་གཤེགས༔ གལ་ཏེ་མི་འགྲོ་འདི་ཡི་སྐྱབས་བྱེད་ན༔ ཡེ་ཤེས་ལྷ་ཁྱོད་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ཁྱོད་རྡུལ་དུ་བརླག་པར་འགྱུར༔ དེ་ཕྱིར་འདི་ཡི་མགོན་སྐྱབས་མ་བྱེད་ཅིག༔ ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ དེ་ནས་མགྱོགས་ཕུར་བླངས་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷཱ་ཏི་མ་མ་ཤཱི་གྷྲཾ་ཀ་ཏཾ་ཀ་ཉེ་ལ༔ ནྲྀ་མཱ་ར་ཡ་རྦད༔ སྔགས་བརྗོད་ཅིང་སློབ་མ་རྣམས་ཀྱི་ལག་ཏུ་གཏད་པའི་མཐར་སློབ་མའི་གཙོ་བོ་དེས་ལིངྒ་ལ་འདེབས་ཚུལ་བྱར་གཞུག །གདབ་ཕུར་གོང་བཞིན་གཏད་ལ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་ཕྲན་བཞིན་བརླགས་ནས༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་བཱན༔ ཧྲཱི་ཀྲྀ་ནྲྀ་བི་ཀྲྀ་ནྲྀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨཱ༔ སྐམ་ཐུན་གཏད་ལ། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲ་རུ་ཆུགས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་བཀའ་རྣམས་ཉན་པར་བྱོས༔ ཨོཾ་པ་ར་བི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ ཧ་ས་ཡ་ར་ཧ་ས་ཡ་ར་ཧཱུྃ་ཕཊ༔ ཤྲཱི་ཀྲིན་བི་ཀྲིན་ཨཱ་ན་ཡ་ཧཱུྃ་ཕཊ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ སྔགས་ཀྱི་དུས་སློབ་མ་རྣམས་ལ་གཏད་ཅིང་མཐར་སློབ་མའི་གཙོ་བོས་ལིངྒར་འདེབས་སུ་གཞུག །དམ་ཅན་ཕུར་པ་གཏད་ལ། ཧཱུྃ༔ བྲན་དང་ཕོ་ཉ་བཀའ་ཉན་ཚོགས༔ སྔོན་ཆད་ཇི་ལྟར་ཁས་བླངས་པ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབས༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན༔ པྲ་མརྡྷ་ནི་ཡེ་སྭཱ་ཧཱ༔ སྔར་བཞིན་འདེབས། གྲི་གུག་གཏད་ལ། ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ་ཧཱུྃ་ཕཊ༔ གོང་བཞིན་འདེབས། རློན་ཐུན་གཏད་ལ། ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཨོཾ་སརྦ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ གཏད་ཅིང་འདེབས་གཞུག །ཐོ་བ་ཧོམ་གཟར་གཏད་ལ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྔགས་མཐར་ཐོ་བ་གཡས་དང་ཧོམ་གཟར་གཡོན་དུ་གཏད་ཅིང་སློབ་མའི་གཙོ་བོས་དེའི་བར་དུ་ལིངྒར་འདེབས་ཚུལ་བྱ། དེ་ནས་སྲས་མཆོག་ཕུར་པ་ཐོགས་ལ། དེ་ནས་ཚེ་ལུང་ཁྲུས་ལུང་གི་དགོངས་པས་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་དབྱུང་བ་ཡིན་པས། ཚེ་ཁྲུས་ཆིག་ཆོད་ཀྱི་དམིགས་པ་འདི་ལྟར་དུ་མཛད་འཚལ། རང་གི་མདུན་དུ་དམ་ཅན་རྣམས་སྤུངས་ཀྱིས་བྱུང་སྒྲོལ་བའི་ལས་ལ་ཞུགས། བདག་གིས་ཕུར་བུ་བསྒྲིལ་བས། ཕུར་བུ་ལས་ཕུར་ཆུང་དཔག་ཏུ་མེད་པ་འཕྲོས། ཁོའི་སྤྱི་བོ་ནས་མར་ཞུགས། རྐང་མཐིལ་དུ་རྩ་རེ་བཏོན་ལུས་བསྒྲལ། ལྕེའི་ལྐོག་མར་བཏོན་ངག་བསྒྲལ། སྙིང་གར་བཏོན་ཡིད་བསྒྲལ། ཕུར་བུའི་རྩེ་མོ་མགར་གྱི་སོལ་མལ་ནས་བཏོན་མ་ཐག་པ་འདྲ་བ་དེས་རིགས་དྲུག་གི་ས་བོན་བསྲེགས། ཀུན་གཞིའི་རྣམ་ཤེས་བྱེའུ་ཀ་ལནྟ་ཀའི་མགོ་བོ་ཙམ་ཞིག་འདུག་པ་དེ་ཡང་བསྲེགས། རྣམ་ཤེས་ཕུར་བུའི་ཁོང་སེང་ནས་ཡར་དྲངས། རྒྱ་མདུད་འོག་མ་ལ་ཁྲོ་མོ་བཅུ། གོང་མ་ལ་ཁྲོ་བོ་བཅུ། ལྕིམ་གཞོག་ལ་ཁྲ་ཐབས་ཉི་ཤུ་ཡིན་པའི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་དུ་གནས་སྤར། ཚེ་ལྷག་གི་ནྲྀ་ལྗང་གུ་ཕུར་རྩེར་བླངས། ལག་གཡོན་པའི་མཐེབ་སྲིན་གྱིས་རང་གི་སྙིང་གར་བསྟིམ་པའི་དམིགས་པ་རྣམས་མ་ཡེངས་པར་མཛད་པ་དང་། མཐར་སློབ་མའི་གཙོ་བོས་སྔར་སློབ་དཔོན་ཀྱི་ཕུར་ཤུལ་དང་། བསྒྲལ་བྱ་འཁོར་བ་ལས་མི་ལྡོག་པའི་ཕྱིར། སྤྱི་བོ་ལ་སོགས་པའི་གནས་བཅུར་ཕུར་པ་འདེབས་ཤིང་བསྒྲལ་དགོས་པ་ཡིན་ནོ། །ཞེས་བརྗོད་ལ། ཧཱུྃ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ ཁྲོ་བོ་བཅུ་ཡིས་རྣམ་པར་བརྒྱན༔ གདུག་པ་མ་ལུས་འདུལ་བར་བྱོས༔ ནྲྀ་ཏྲི་ཨེ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད༔ ཅེས་སློབ་མ་རྣམས་ཀྱི་ལག་ཏུ་འགྲིམས་ལ་གཙོ་བོས་བཏབ། དེ་རྗེས་སྤུ་གྲིའམ་གྲི་གུག་གིས་ཐོག་མར་རྐང་ལག་གཡས། དེ་ནས་གཡོན། དེ་ནས་སྨད། དེ་ནས་ལྟོ་བ་རྒྱ་གྲམ་དུ་གཏུབ་ཅིང་བསྒྲལ་ལ། ཞལ་བསྟབ་ནི། ལིང་རོར་བདུད་རྩི་བྲན་པས་ཤ་ཁྲག་གི་རང་བཞིན་བདུད་རྩིའི་ངོ་བོར་གྱུར་པར་བསམ་ལ་བནྡྷར་བཏེགས་ཏེ། ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ ཚེམས་ནི་ཧོམ་ཤིང་བཙུགས་པ་འདྲ༔ ལྗགས་ནི་ཧོམ་གཟར་བརྐྱངས་པ་འདྲ༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི༔ དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་བརྗོད་ལ་ཕུད་དཀྱིལ་འཁོར་དུ་འབུལ། བར་བ་སློབ་མ་ལྷར་གསལ་བ་ལ་སྦྱིན། ལྷག་མ་ཚོགས་ལྷག་གི་ཁར་སྤུང་ངོ་། །བཞི་པ་ཤེར་དབང་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ༔ ལན་གསུམ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ༔ ཁྱེད་རང་རྣམས་ལ་ཕྱག་རྒྱ་མཚན་ཉིད་ལྡན་པ་རེ་གཏད་པའི་མོས་པ་མཛོད། དགའ་བ་ཆེན་པོའི་ལྷ་མོ་ནི༔ མཛེས་སྡུག་ཡིད་འོང་རིག་མ་ཡུམ༔ ཟུངས་ཤིག་ཟུངས་ཤིག་སྐལ་པ་ཅན༔ བདེ་ཆེན་རོལ་པས་མཆོད་པར་གྱིས༔ སློབ་དཔོན་གྱི་ཕྱག་གཡོན་གྱིས་རིག་མའི་ཙཀླི་བཟུང་ལ་སློབ་མའི་ལག་གཡས་པར་གཏད་ལ། དེ་ལྟར་གཏད་པའི་ཕྱག་རྒྱ་དེས་འདི་སྐད་གསུང་བར་མོས་པ་མཛོད། བཤང་གཅིའི་རྫས་ལ་ཟ་ནུས་སམ༔ ཁྲག་དང་ཁུ་བ་བསྟེན་ནུས་སམ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དམ༔ བྷ་ག་པདྨར་འོ་བྱེད་དམ༔ རྟོག་པ་ཐམས་ཅད་འཇོམས་ནུས་སམ༔ ཞེས་གསུངས་པའི་ལན་བཏབ་པ་འདིའི་རྗེས་ཟློས་མཛོད། བཤང་གཅིའི་རྫས་ལ་ཟ་ནུས་སོ༔ ཁྲག་དང་ཁུ་བ་བསྟེན་ནུས་སོ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དོ༔ བྷ་ག་པདྨར་འོ་བྱེད་དོ༔ རྟོག་པ་ཐམས་ཅད་འཇོམས་ནུས་སོ༔ ལན་གཅིག །སླར་ཡང་རིག་མ་དགའ་བས་གོས་ཕུད་དེ། ཆུ་སྐྱེས་གུར་གུམ་སོགས་ཀྱིས་དྲི་ཞིམ་པར་བྱས་ཏེ་འདི་སྐད་གསུང་བར་མོས་མཛོད། ཨེ་མ་ཧོཿབདག་གི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ ཐེ་ཚོམ་མེད་པར་འདི་བསྟེན་ན༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ སྐྱེ་བོ་མ་རིག་རང་གར་སྤྱོད༔ ཐེ་ཚོམ་ཅན་རྣམས་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་གསུངས་པང་དུ་བྱོན་པར་མོས་ལ་སྙོམས་འཇུག་གི་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུར་གསལ་བའི་ལུས་ཀྱི་གནས་བཅུར་ཁྲོ་བོ་བཅུ། ཡུམ་འཁོར་ལོ་རྒྱས་འདེབས་མར་གསལ་བའི་གནས་བཅུར་ཁྲོ་མོ་བཅུར་གསལ་བ་ནི་སྤྲུལ་སྐུ་ལམ་བྱེད་ཡབ་ཡུམ་ལྷར་འདུ་ཤེས་པ། བྷ་ག་བཱན་ཞེས་པས་ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པའི་རྩ་བར་ཨོཾ། རྐེད་པར་ཧཱུྃ། རྩེ་མོར་ཕཊ། ཡུམ་གྱི་མཁའ་གསང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཡི་གེ་ཨཱཿདམར་གསལ་རྣམས་གསལ་བ་ནི་ལོངས་སྐུ་ལམ་བྱེད་མཁའ་གསང་རྡོ་རྗེ་པདྨར་འདུ་ཤེས་པ། དེའི་ངང་ནས་ཤི་ཀྲྀན་ཞེས་པས་ཡབ་ཀྱི་སྦྱོར་བརྡས་བསྐུལ་བས། ཝི་ཀྲྀན་ཞེས་པས་ཡུམ་གྱིས་དགྱེས་པའི་བརྡ་མཛད། ཤི་ཀྲྀན་ཨཱ་ན་ཡ་ཞེས་པས་གཉིས་མེད་རོལ་པ་ཆེན་པོའི་ང་རོ་ལས། ཛཿཧཱུྃ་བཾ་ཧོཿ ཁ་ཐཾ། ཞེས་བརྗོད་པས་ཡབ་ཡུམ་ཉེར་གཅིག་སྦྱོར་བ་མཛད་པར་བསམ་པ་ནི་ཆོས་སྐུ་ལམ་བྱེད་ཡིད་ཆོས་ཉིད་དུ་འདུ་ཤེས་པའོ། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྲིད་པ་རྡོ་རྗེ་གྲུབ་པར་མཛོད། །མཚོན་ཆེན་སྔོན་པོ་འབར་བ་ཡི། །ཡེ་ཤེས་ཆེན་པོ་རང་ལ་ཤར། །ཞེས་བསྐུལ་བས་ཡབ་ཡུམ་ཉེར་གཅིག་སྦྱོར་བ་མཛད་ཅིང་། ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་རྒྱལ་འབར་བའི་ཁྲོ་ཚོགས་ཀྱིས༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ན༔ ལྷ་ཡང་རུང་སྟེ་བརླག་པར་འགྱུར༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁཱ་ཧི་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་བཞིན་དུ་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱང་། རྩ་རླུང་ཐིག་ལེ་བདེ་བ་ཆེན་པོས་ཁྱབ་སྟེ་མཚོན་བྱེད་དཔེའི་ཡེ་ཤེས་ཟུང་འཇུག་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས་དབང་ཐོབ་པའི་བརྡར་ཨོཾ་ཨཱཿཧཱུྃ་གིས་མིག་དར་འགྲོལ་བར་ཞུ། དེ་ལྟར་ན་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་བདེ་སྟོང་ཕྱག་རྒྱ་བསྟེན་པ་ལ་དབང་། ས་བཅུ་གཉིས་ཀྱི་ཡོན་ཏན་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ། དབང་གི་ལས་འགྲུབ་ཅིང་གསང་མཆོད་ལ་དབང་བའི་ནུས་པ་བསྐྱེད། མཉམ་གཞག་གི་དམ་ཚིག་དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ། རྗེས་ཐོབ་བདེ་ཆེན་གྱི་ཉམས་དང་མི་འབྲལ་བར་བྱེད། བཟའ་བའི་དམ་ཚིག་ཟས་ཐམས་ཅད་སྙོམས་འཇུག་གི་ཚུལ་གྱིས་རོལ་བ། བཅང་བའི་དམ་ཚིག་ཀུནྡ་ལུས་ལས་མི་ཉམས་པར་བྱེད། སྲུང་བ་ནི་མུ་དྲ་མཚན་ལྡན་བསྟེན་པ་སོགས་མ་ཉམས་པར་མཛོད་ཅིག །ལྔ་པ་ཚིག་དབང་ནི། དེ་ནས་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ བཞི་པའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ༔ ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་ང་རྒྱལ་འཛིན་པ་དེ་ཡུམ་འོད་དུ་ཞུ་ནས་ཡབ་ལ་ཐིམ། ཡབ་ཀྱང་ཐུགས་སྲོག་ཧཱུྃ་ལ་བསྡུས། ཧཱུྃ་ཞབས་ཀྱུ། ཞབས་ཀྱུ་འ་ལ། དེ་ཧ་ཁོག །དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་འཁྱོགས་གསུམ་ལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རྟག་མཐའ་བསལ་བའི་སྟོང་ཉིད་ཀ་དག་གི་ངང་དུ་མཉམ་པར་བཞག །སླར་ཡང་ལམ་གྱིས་རང་གཞན་སྣང་སྲིད་ཐམས་ཅད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་ཀྱི་རང་བཞིན། སྐུ་འོད་དུ་འབར་ཞིང་གསུང་སྔགས་སྒྲ་སྒྲོག་པ་ཐུགས་བདེ་སྟོང་བརྗོད་མེད་ཀྱི་རོལ་པ་ཆེན་པོ་ཆད་མཐའ་བསལ་བའི་ལྷུན་གྲུབ་འདུས་མ་བྱས་པའི་ཀློང་དུ་མཉམ་པར་འཇོག་པར་ཞུ། དེའང་བསྐྱེད་རིམ་བསྡུས་པས་ཀ་དག་གི་གནས་ལུགས། སླར་ཡང་ལྷར་གསལ་བས་ལྷུན་གྲུབ་ཀྱི་རང་རྩལ་འཆར་ཚུལ། དེ་ཉིད་དབྱེར་མེད་རང་རིག་འོད་གསལ་ཆེན་པོའི་ངང་དུ་འཇོག་པ་ཡིན། དེ་ལྟ་བུའི་རིག་པའི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལོངས་སྐུ །ཐུགས་རྗེའི་རང་རྩལ་ཅིར་ཡང་འཆར་བ་སྤྲུལ་སྐུ །དེ་གསུམ་དབྱེར་མེད་ངོ་བོ་མཉམ་པ་ཉིད་ངོ་བོ་ཉིད་སྐུ །དེ་བཞི་མངོན་པར་བྱང་ཆུབ་པ་རྡོ་རྗེའི་སྐུ་སྟེ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་རང་ཤེས་ཀྱི་ངོ་བོ་སྐྱོང་བ་ལྟ་བ། དེ་ལས་མ་ཡེངས་པ་སྒོམ་པ། འཛིན་མེད་ངང་ལ་འཇོག་པ་སྤྱོད་པ། རང་རིག་གི་ངོ་བོར་གྲུབ་པ་འབྲས་བུ་སྟེ་གནས་ལུགས་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་དངོས་གཞི་ཡིན་ནོ། །དེའང་རྒྱུད་ལས། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབས་པའོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྱའི་དུས་ལ་བབ་པ་བརྣག་པའི་ལས་དེ་ཁོ་ན་ཉིད་དོ༔ ཞེས་གསུངས་ཏེ། དེའི་དོན་ནི་དེ་ལྟར་རྟོགས་པའི་ངོ་བོ་དེ་དོན་དམ་པའི་ཆོས་ཉིད་ཀྱི་གནས་ལུགས་ཡིན་པས་ཆོས་ཉིད་ཀྱི་བདེན་པའོ། །ལམ་སྔགས་ལམ་ཡིན་པས་གསང་སྔགས་ཀྱི་བྱིན་གྱིས་བརླབས་པའོ། །དེ་ཡང་བླ་མ་དང་ལྷག་པའི་ལྷ་ཡི་བྱིན་རླབས་ལས་བྱུང་བས་ན་སངས་རྒྱས་ཀྱི་མཐུའོ། །དེ་ཡང་དབང་ལ་བརྟེན་ནས་བྱུང་བས་ན་ཨ་བྷི་ཙརྱའི་དུས་ལ་བབས་པའོ། །དེ་ནི་འཁོར་བའི་སྡུག་བསྔལ་དབྱུང་བའི་ཐབས་ཟབ་མོ་སྟེ་བརྣག་པའི་ལས་དེ་ཁོ་ན་ཉིད་དོ། །ཞེས་ངེས་པར་མཛོད་ལ་དབང་ཐོབ་པའི་བརྡར་མིག་དར་སོལ་ཅིག །འབྲུ་གསུམ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །ལམ་བློ་འདས་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཐོབ། དྲག་པོའི་ལས་འགྲུབ་ཅིང་སྦྱོར་སྒྲོལ་གྱི་མཆོད་པ་ལ་དབང་བའི་ནུས་པ་བསྐྱེད། མངོན་པར་བྱང་ཆུབ་པ་ཉེར་གཅིག་གི་ས་གནོན། མཉམ་གཞག་གི་དམ་ཚིག་ཟུང་འཇུག་གཉིས་མེད་དུ་སྒོམས། རྗེས་ཐོབ་རྗེས་སྤྱོད་ཐམས་ཅད་དེའི་ངོ་བོར་བལྟ། བཟའ་བའི་དམ་ཚིག་ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་དུ་རོལ། བཅང་བ་ནི་ཆོས་ཐམས་ཅད་གཉིས་མེད་ཀྱི་དོན་ལ་རྟག་པར་གནས་པར་བྱེད། སྲུང་བ་ནི་གཉིས་སུ་མེད་པའི་དམ་ཚིག་ཆེན་པོ་ལས་མི་འདའ་བར་མཛོད་ཅིག །རྩ་བའི་ལྔ་པ་མཇུག་སྡུད་ལ། དབང་གི་མཇུག་ཆོག་ནི། དེ་ལྟར་བྱང་གཏེར་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་སྨིན་བྱེད་ཆེ་མཆོག་དབང་གཞུང་སོགས་ནས་ཁ་བསྐངས་པའི་དབང་བསྐུར་རྒྱས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་བསྐུར་གྲུབ་པ་ཡིན་པས་ཞེས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་གཟུང་བ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་རྣམས་གྱེས། དཀྱིལ་འཁོར་གྱི་རྗེས་རིམ་ནི། ལྷག་མ་དང་བཀའ་སྲུང་གཏོར་འབུལ། ཆད་ཐོ་བརྟན་སྐྱོང་མན་ཆད་ཕྲིན་ལས་ལས་འབྱུང་བ་ལྟར་མཐར་ཆགས་སུ་བྱས་པས་འགྲུབ་བོ། །དྲན་པས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི། །བསྟེན་ན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ། །རིམ་གཉིས་ལམ་ཞུགས་གྲུབ་གཉིས་བདེ་བླག་འཇོ། །ཐུགས་དམ་གསང་བའི་ལྷ་མཆོག་སྒྲུབ་པའི་ཐབས། །ཀུན་གྱི་བཅུད་དྲིལ་ལྷ་ནག་གོང་ཁུག་མའི། །དཀྱིལ་འཁོར་ཆེན་པོར་སྒོ་གསུམ་རྒྱུད་སྨིན་ཏེ། །དུས་གསུམ་སྲིད་པའི་སྲོག་ཏུ་ཡེ་ཤེས་ཀྱི། །རྡོ་རྗེ་རབ་ཞུགས་གཞོན་ནུའི་དཔལ་བརྙེས་ཤོག །ཅེས་པའང་རང་འདྲའི་བློ་དམན་ཉམ་ཆུང་སྔགས་འདོད་ཅན་ལ་ཕན་པའི་བསམ་པས། རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་གསུང་གི་བཅུད་བསྡུས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་འདུ་བའི་ཁང་པ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་ (Volume 22, Text 28)

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བཞུགས། རིགས་ཀུན་ཁྱབ་བདག་མཐའ་ཡས་ཚེ་དཔག་མེད། །བདེ་གཤེགས་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སངས་རྒྱས་ཀུན་དངོས་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡེ་ཤེས་དྷཱ་ཀིའི་རྗེ་མོ་མཁར་ཆེན་བཟའ། །ཆོས་རྒྱལ་ཁྲི་སྲོང་ལྷ་སྲས་མཆོག་གྲུབ་རྒྱལ། །གནུབས་ཆེན་སྔགས་འཆང་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྤྲུལ་པའི་གཏེར་ཆེན་དྲི་མེད་ཀུན་དགའ་མཆོག །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་བབས་ཆོས་བདག་བརྒྱུད་པར་བཅས་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཇིག་རྟེན་དབང་ཕྱུག་རིགས་ཀྱི་འཁོར་ལོས་སྒྱུར། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་གཏེར་སྐྱོང་། །དཀྱིལ་འཁོར་ཡོངས་རྫོགས་རྩ་གསུམ་རབ་འབྱམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྲིད་ལས་ངེས་འབྱུང་གསག་སྦྱང་མཐའ་རུ་ཕྱིན། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སྟོང་བསྐྱེད་རིམ་དག་པ་རབ་འབྱམས་དང། །བསྙེན་སྒྲུབ་ལས་ཀྱིས་འཁོར་བ་དོང་སྤྲུགས་ཤོག །རྩ་རླུང་ཐིག་ལེ་ཞུ་བདེའི་ཡེ་ཤེས་འབྱོངས། །ཡན་ལག་ཐབས་མཆོག་ལྔ་ལ་བརྟན་པ་ཐོབ། །གཞན་ལུས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས། །ཟག་མེད་བདེ་སྟོང་དགའ་བཞིའི་ལམ་བགྲོད་ཤོག །ལྟ་བའི་དོན་རྟོགས་སྒོམ་པའི་ཉམས་མྱོང་བརྟན། །འབྲས་བུ་རིག་སྟོང་ཆོས་སྐུའི་རང་ཞལ་མཇལ། །ཉེ་རྒྱུའི་སྤྱོད་པ་གསུམ་གྱིས་ཚེ་འདི་ལ། །རྒྱལ་བ་རྒྱ་མཚོའི་གོ་འཕང་མཆོག་འགྲུབ་ཤོག །ཅེས་པའང་ཟབ་ཆོས་འདིའི་སྨིན་གྲོལ་བདུད་རྩི་ཐུན་མོང་མ་ཡིན་པ་ཐོག་མར་མྱོང་བའི་སྐལ་ལྡན་བློ་གྲོས་མཐའ་ཡས་ཀྱིས་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།

རྟེན་གྱི་གཟུངས་གཞུག་སྒྲུབ་པའི་ཆོ་ག་དགེ་ལེགས་ནོར་བུའི་གཏེར་མཛོད་ (Volume 52, Text 28)

༄༅། །རྟེན་གྱི་གཟུངས་གཞུག་སྒྲུབ་པའི་ཆོ་ག་དགེ་ལེགས་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་དངོས། ཁྱབ་བདག་བླ་མར་ཕྱག་བྱས་ཏེ། །རྟེན་གྱི་གཟུངས་སྒྲུབ་ཆོ་གའི་ཚུལ། །ཚད་མའི་གཞུང་བཞིན་འདིར་གསལ་བྱ། །དེའང་རྟེན་ལ་གཟུངས་འབུལ་བའི་ཚེ་ཐོག་མར་གཟུངས་སྒྲུབ་ལ་བརྩོན་པ་ཉིད་ཤིན་ཏུ་གལ་ཆེ་བར་གསུངས་ཤིང་དེའི་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུ་ཇི་ལྟར་མཛད་པ་བཞིན་འཇུག་བདེ་བཀླག་ཆོག་ཏུ་འགོད་པ་ལ་གཉིས། སྦྱོར་བ་དང་། དངོས་གཞི་འོ། །དང་པོ་ལ་གཉིས་ཀྱི། ཐོག་མར་བྱ་བའི་སྦྱོར་བ་ནི། གང་དུ་བྱ་བའི་གནས་ཁང་གཙང་ཞིང་མཛེས་པར་བྱས་པའི་མདུན་དུ་ཀ་ཊོ་ར་སོགས་རིན་པོ་ཆེའི་སྣོད་གྲོས་བཀང་བའི་དབུས་སུ་སྲོག་ཤིང་ཉིད་མདུན་བསྟན་གྱིས་བརྟན་པར་བཙུགས་པའི་མཐར་གཟུངས་སྒྲིལ་རྣམས་དབུ་ཞབས་མ་ལོག་པར་འབུལ་དུས་ཀྱི་གོ་རིམ་དང་མཐུན་པར་བསྐོར་ཐབས་སུ་འགོད། སྐུ་རྟེན་བྲིས་འབུར། གླེགས་ བམ། སཱཙྪ། ཕྱག་མཚན། ཆོས་སྐྱོང་གི་བླ་རྡོ་སྲོག་རྟེན། ཀ་པཱ་ལ། གཏེར་བུམ་སོགས་ཡོད་ན་གཡས་གཡོན་མདུན་རྒྱབ་ཀྱི་སྟེགས་བུ་ཁེབས་ལྡན་ལ་སོ་སོའི་གོ་རིམ་བཞིན་འགོད་ཅིང་། གནོད་སྦྱིན་འཁོར་ལོའི་བཞུགས་སྣོད་ཟངས་དཀར་དངུལ་གཞོང་དཀར་ཡོལ་གང་འོས་མར་ཁུས་གཏམས་པའི་ཁར་མོ་འཁོར་སྟེང་དང་ཕོ་འཁོར་འོག་ཏུ་དབུ་མདུན་བསྟན་དུ་བྱས་པའི་ལྟེ་བའི་ཡི་གེ་ཁ་སྦྱར་བ་སྦྲང་རྩིས་མཐའ་སྦྱར་ལ། དར་སྐུད་སེར་པོས་རྒྱ་གྲམ་དུ་བཅིངས་པའི་མདུན་སྣེ་སྟེང་དུ་ཐོན་པའི་ཁུག་པར་གཟུངས་རྡོར་སེར་པོ་བཞག །ཚོགས་བདག་འཁོར་ལོ་ཡོད་ན་དེའི་འོག་ཏུ་འགོད། མཐར་རིན་ཆེན་འབྲུ་སྨན་དར་ཟབ་ས་རྡོ་ཤིང་རྩི་ཆུ་སྣའི་རིལ་བུ་ལྗོན་འབྲས་དྲི་བཟང་གི་ཕུར་མ་སོགས་མདོར་ན་ནང་གཞུག་ཏུ་འབུལ་བར་འོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བཀོད་ལ་མཐའ་མཆོད་པས་བསྐོར། ཕུགས་ལོགས་སུ་བདག་བསྐྱེད་ཀྱི་མཆོད་པ་དང་། ཆོས་སྐྱོང་གནོད་སྦྱིན་ཚོགས་བདག་རྣམས་ཀྱི་མཆོད་གཏོར། ཉེར་ལྔའི་བཅུད་ལྡན་གྱི་ཁྲུས་བུམ། རབ་གནས་ཀྱི་མེ་ཏོག །སྤོས་དང་རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་ཆ་རྐྱེན་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ནི། སློབ་དཔོན་གྱིས་བསྙེན་པ་སྔོན་དུ་སོང་བའི་ཡི་དམ་གང་ཡིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། རྣམ་འཇོམས་སམ་སྨེ་བརྩེགས་ཀྱི་བསྐྱེད་བཟླས་བྱས་ལ་ཁྲུས་བུམ་བསྒྲུབ། སྦྱོང་ཆས་འདུ་བྱས་ལ་ཞི་དྲག་གི་སྦྱོང་བའི་སྐབས། དེང་འདིར་མི་མཐུན་པའི་ཚོགས་སྦྱོང་ཞིང་། ལེགས་པའི་ཚོགས་སྤེལ་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་ཅེས་ཁ་བསྒྱུར་བས་བགེགས་བསྐྲད། ཏིལ་སྦྱོང་། ཁྲུས་གསོལ་རྒྱས་པ་བཅས་རབ་གནས་ཀྱི་སྐབས་བཞིན་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལའང་གཉིས། སྤྱིར་རབ་ཏུ་གནས་པ་དང་། བྱེ་བྲག་གཟུངས་སྒྲུབ་དངོས་སོ། །སྔ་མ་ལ་དགུ་ལས། དང་པོ་རྟེན་བསྐྱེད་པ་ནི། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐུ་རྟེན་བྲིས་འབུར་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གསུང་རྟེན་གཟུངས་སྒྲིལ་དང་གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཱཾ་ལས་པདྨ་ཨཱཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐུགས་རྟེན་སཱཙྪ་དང་ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཡོན་ཏན་ནོར་ལྷའི་རྟེན་དང་དར་གོས་རིན་ཆེན་རྒྱན་ཆས་སོགས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྲིན་ལས་ཆོས་སྐྱོང་གི་རྟེན་དང་རོལ་མོ་གོ་ཆ་སོགས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་དང་འོད་ཟེར་མཐའ་ཡས་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པ་འོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། གཉིས་པ་སྤྱན་དྲང་བ་སོགས་ནི། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། སུམྦྷ་ནི་བཟླ་ཞིང་ཕྱིར་འབྲངས་ཀྱི་བགེགས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །གསུམ་པ་དགུག་གཞུག་བྱ་བ་ནི། སོ་སོའི་ཕྱག་རྒྱ་བཅིང་སྟེ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོཿ བཞི་པ་རྒྱས་གདབ་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་ལ། གནས་བྱའི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པས་རྒྱས་བཏབ་པར་གྱུར། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱཿས་མཚན་པས་རྒྱས་བཏབ་པར་གྱུར། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྔ་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེངས་ཤིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ་ཞིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་པ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ཨོཾ་ཏྲུཾ། ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ །ཨོཾ་བཛྲ་ཏུཥྱ་ཧོཿ ཞེས་ཐལ་མོས་མཉེས་པར་བྱའོ། །དྲུག་པ་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། ཞེས་སྦྱར་བ་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ། རྣམས་བཅུག་པས་མཆོད། བདུན་པ་བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། བརྒྱད་པ་སྤྱན་དབྱེ་ཞིང་རྟེན་སྒྱུར་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་དབྱེ། རྡོ་རྗེ་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བར་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས། ཡིག་བརྒྱ་ལ་ཧཱུྃ་ཕཊ་སྦྱར་བ་ལན་གསུམ་དང་། ལྷ་ཚོགས་རྣམས་འོད་དུ་ཞུ་བ་རྟེན་སོ་སོའི་རྣམ་པར་གྱུར་པར་བསམ་མོ། །དགུ་པ་བརྟན་བཞུགས་ཤིས་པ་བརྗོད་པས་མངའ་གསོལ་བ་ནི། ཨོཾ་སུ་པྲ་ཏིཥྛ་དང་། ཡེ་དྷརྨ་མང་དུ་བཟླས་ནས། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་བརྟན་བཞུགས་དང་། ཕུན་སུམ་ཚོགས་པའི་ཤིས་བརྗོད་བཅས་བྱའོ། །སྐབས་འགའ་ཞིག་ཏུ་རབ་གནས་ཀྱི་ཚུལ་ཆོ་ག་བསྡུས་པའི་སྒོ་ནས་བསྒྲུབ་པར་འདོད་ནའང་འདི་ཙམ་བགྱིས་པས་ཀྱང་དོན་འགྲུབ་པ་ཡིན་ནོ།། ༈ །།གཉིས་པ་བྱེ་བྲག་གཟུངས་སྒྲུབ་དངོས་ནི། གཟུངས་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པས། དབུས་སུ་སེང་ཁྲི་པདྨ་ཉི་ཟླར་བུདྡྷའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དཀར་པོ་འོད་ཟེར་འབར་བ། ཤར་དུ་གླང་པོའི་ཁྲི་དང་པདྨ་ཉི་ཟླར་རྡོ་རྗེའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་སྔོན་པོ་འོད་ཟེར་འབར་བ། ལྷོར་རྟ་མཆོག་གི་ཁྲི་དང་པདྨ་ཉི་ཟླར་རིན་ཆེན་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་སེར་པོ་འོད་ཟེར་འབར་བ། ནུབ་ཏུ་རྨ་བྱའི་ཁྲི་དང་པདྨ་ཉི་ཟླར་པདྨའི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དམར་པོ་འོད་ཟེར་འབར་བ། བྱང་དུ་ཤང་ཤང་གི་ཁྲི་དང་པདྨ་ཉི་ཟླར་ལས་ཀྱི་རིགས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་ལྗང་གུ་འོད་ཟེར་འབར་བ། དམ་ཚིག་པའི་ངོ་བོར་གསལ་བར་གྱུར། བདག་དང་མདུན་རྟེན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཡིག་འབྲུ་ས་བོན་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ནས་ཐིམ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱང་གཟུངས་སོ་སོའི་རྣམ་པར་བྱོན་ནས་དེ་དག་ལ་ཞུགས་པར་བསམ་ཞིང་། གཟུངས་པར་གང་བཞུགས་ཀྱི་གཟུངས་རྣམས་ཚར་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་དང་། བརྟན་བཞུགས་ཤིས་བརྗོད་རྣམས་གོང་ལྟར་བྱའོ།། ༈ །།གཉིས་པ་ཞར་བྱུང་གནོད་སྦྱིན་འཁོར་ལོ་བསྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་ར་གུར་བླ་བྲེ་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ། བཾ་དང་ཛཾ་ཡོངས་སུ་གྱུར་པ་ལས་ནོར་རྒྱུན་མ་དང་ཛམྦྷ་ལ་གཙོ་འཁོར་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི། ཐམས་ཅད་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཀུན་གྱི་ཕྱག་གཡས་བི་ཛ་པཱུ་ར་ཀ་འཛིན་ཅིང་། ཡུམ་རྣམས་ཀྱི་གཡོན་པས་འབྲས་ཀྱི་སྙེ་མ་དང་། ཡབ་རྣམས་ཀྱི་གཡོན་པས་ནེའུ་ལེ་བཙིར་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་ཤམ་ཐབས་མཛེས་པར་གསོལ་བ། ཞབས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའི་ཞབས་འོག་ན་གསེར་གྱི་པདྨ་དང་གཏེར་མནན་པ། ལྷ་མོ་རྣམས་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བར་གྱུར་པའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཱ་སུ་དྷཱ་རི་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་སོགས་ཀྱིས་མཆོད། འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་མུན་པའི་རུམ། །ཐུགས་རྗེ་ཉི་མའི་འོད་ཀྱིས་བསལ་མཛད་པ། །ནོར་རྒྱུན་ལྷ་མོ་ཨཱརྻ་ཛམྦྷ་ལ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡུམ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་བཾ་ཡིག་དང་། ཡབ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་ཛཾ་ཡིག་གི་མཐར་རང་རང་གི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་དྲངས་ཏེ་འོད་དུ་ཞུ་ནས། སྦྱིན་པའི་བདག་པོ་དང་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐིམ་པས་དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་འབྱོར་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཱ་སུ་དྷཱ་རི་ཎི་ཡཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟྱཱེ་ཡཻ་སྭཱ་ཧཱ། ཨོཾ་དཱ་ཏཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བཱི་ཡཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏཱི་ཡཻ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་དྷ་ནཾ་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀེ་ལི་མཱ་ལི་ནཱ་སྭཱ་ཧཱ། ཨོཾ་པི་ཙུ་ཀུཎྜ་ལཱི་ནཱ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙརེྱནྡྲཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་དང་རྟེན་སྙིང་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཱ་སུ་དྷཱ་རི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་སོགས་ལན་གསུམ་རེས་གཏོར་མ་ཕུལ། གོང་ལྟར་མཆོད་ཅིང་བསྟོད་ནས། ནོར་རྒྱུན་མ་ཡབ་ཡུམ་གཙོ་འཁོར་རྣམས་སྒྲུབ་གཞི་ལ་བརྟན་པར་བཞུགས་ནས་རྟེན་རྣམས་ལ་མཆོད་པ་དང་སྦྱིན་པའི་བདག་པོའི་གཙོས་སེམས་ཅན་ཐམས་ཅད་ལ་དཔལ་འབྱོར་རྒྱ་ཆེན་པོ་རྒྱུན་མི་ཆད་དུ་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ནོར་རྒྱུན་མ་ཡབ་ཡུམ་གཙོ་འཁོར་རྣམས་འོད་དུ་ཞུ་ནས་འཁོར་ལོའི་རྣམ་པར་གྱུར། ༈ ཚོགས་བདག་འཁོར་ལོ་ཡོད་ན་སྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བཻ་ཌཱུརྱའི་བྲག་རི་བརྩེགས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བྱི་བ་སྔོན་པོ་མགོ་གཡས་སུ་བསྟན་པའི་སྟེང་དུ་གཾཿཡོངས་སུ་གྱུར་པ་ལས་ཚོགས་ཀྱི་བདག་པོ་སྐུ་མདོག་དམར་པོ་གླང་པོ་ཆེའི་གདོང་པ་ཅན་རལ་པའི་ཐོར་ཅོག་ལ་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། རྟེན་འབྲེལ་གྱི་ཕྱག་གཡས་པ་རྣམས་ན་དགྲ་སཏྭ། མདའ་ཆེན། ལྕགས་ཀྱུ། རྡོ་རྗེ། རལ་གྲི། འཕང་མདུང་། གཡོན་པ་རྣམས་སུ། གཏུན་ཤིང་། གཞུ། ཁ་ཊྭཱཾ་ག །ཁྲག་གིས་གང་བའི་ཐོད་པ། ཤ་ཆེན་གྱིས་གང་བའི་ཐོད་པ། ཕུབ་དང་བ་དན་བརྟེན་ནས་འཛིན་པ། དར་གྱི་ཤམ་ཐབས་དང་རིན་པོ་ཆེའི་ཕྲེང་བ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཐུགས་རྗེ་ཆེན་པོ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། རང་བཞིན་དག་པ་བྱང་ཤར་ཕྱོགས་མཚམས་ནས། །ཐུགས་རྗེ་ཆེན་པོ་ཚོགས་བདག་སྐུར་སྤྲུལ་པ། །མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པའང་གོང་ལྟར་བརླབ་ནས། ཨོཾ་ག་ཎ་པ་ཏིཿཨརྒྷཾ་སོགས་ཀྱིས་མཆོད། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་ཅན། །འགྲོ་རྣམས་དབུལ་ཕོངས་སེལ་ཕྱིར་ནོར་ལྷར་སྤྲུལ། །དགོས་འདོད་སྩོལ་ཕྱིར་གསེར་གྱི་ཁྲི་ལ་བཞུགས། །ནོར་གྱི་འབྱུང་གནས་ཁྱོད་ལ་བདག་བསྟོད་དོ། །ཞེས་བསྟོད། ཚོགས་བདག་གི་ཐུགས་ཀར་ཉི་མའི་གདན་ལ་གཾཿཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། སྦྱིན་པའི་བདག་པོའི་གཙོས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐིམ་པས་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿག་ཎ་ཧཱུྃ་སྭཱ་ཧཱ། ཞེས་དང་། ཨོཾ་གཾཿག་ཎ་པ་ཏིཿཡ་དཱ་ན་པ་ཏི་ས་པ་རི་ཝཱ་ར་བཱ་སུ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་ཨ་དུ་ཤ་མ་ཛ་ཏ་ག་ཏ་པི་ཏ་ཨཱ་ཀརྵཱ་ཡ་དཱ་ན་བཱ་སུ་ཨཱཿཡུ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ག་ག་ག་ག་ག །ཞེས་ཅི་འགྲུབ་བཟླ། མཐར་ཡིག་བརྒྱ་དང་རྟེན་སྙིང་བརྗོད། གཏོར་མ་སྔར་ལྟར་བརླབ། ཚོགས་ཀྱི་བདག་པོས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ག་ཎ་པ་ཏིཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། མཆོད་ཅིང་བསྟོད། ཚོགས་ཀྱི་བདག་པོ་སྒྲུབ་གཞི་འདི་ལ་བརྟན་པར་བཞུགས་ནས་རྟེན་ལ་མཆོད་པ་དང་སྦྱིན་པའི་བདག་པོའི་ཐོག་དྲངས། བདག་སོགས་སེམས་ཅན་ཐམས་ཅད་ལ་དཔལ་འབྱོར་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཚོགས་ཀྱི་བདག་པོ་འོད་དུ་ཞུ་ནས་བྲིས་པའི་འཁོར་ལོའི་རྣམ་པར་གྱུར། ༈ བུམ་རྫས་ཉེར་ལྔའམ་སུམ་ཅུ་བྱིན་གྱིས་རློབ་པའི་སྔགས་ལས། སྨན་ལྔ་ལ། ཨོཾ་པཉྩ་བྷེ་ཥ་ཛྱེ་ཨཱཿཧཱུྃ། དྲི་ལྔ་ལ། ཨོཾ་པཉྩ་གནྡྷེ་ཨཱཿཧཱུྃ། རིན་ཆེན་ལྔ་ལ། ཨོཾ་པཉྩ་རཏྣ་ཨཱཿཧཱུྃ། འབྲུ་ལྔ་ལ། ཨོཾ་པཉྩ་བེ་ག་ཨཱཿཧཱུྃ། སྙིང་པོ་ལྔ་ལ། ཨོཾ་པཉྩ་གརྦྷཱ་ཨཱཿཧཱུྃ། བདུད་རྩི་ལྔ་ལ། ཨོཾ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ། ཞེས་པ་རྣམས་ཅི་རིགས་བཟླ། བང་མཛོད་ཀྱི་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྡན་པའི་ལྷ་རྫས་ཕུན་སུམ་ཚོགས་པ་རྟེན་ལ་མཆོད་པ་དང་། སྦྱིན་པའི་བདག་པོའི་གཙོས་བདག་སོགས་སེམས་ཅན་ཐམས་ཅད་ལ་འདོད་རྒུའི་ཡོ་བྱད་ཟད་མི་ཤེས་པ་རྒྱུན་མི་ཆད་དུ་འབྱུང་བའི་གཏེར་ཆེན་པོར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། རྟེན་སྙིང་ཅི་འགྲུབ་བཟླས་ཏེ་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གཞན་ཡང་རྩ་གསུམ་ཆོས་སྐྱོང་ནོར་ལྷའི་སྲོག་འཁོར། གྭའུ། ཐོད་པ། གཏེར་བུམ་སོགས་གང་ཡོད་རྣམས་སོ་སོའི་གཞུང་བཞིན་ཚད་ལྡན་དུ་བསྒྲུབས་ཏེ་བརྟན་བཞུགས་བྱ་བ་ལས་སྒྲུབ་པ་མ་བྱས་པར་གཟུངས་གཞུག་ཏུ་འཇོག་མི་བཏུབ་ཅིང་ཕན་གནོད་གང་ཡང་མེད་ལ། སྔོན་གྱི་ཆོས་རྒྱལ་ཡོན་མཆོད་དང་གང་ཟག་སྐྱེས་ཆེན་རྣམས་ཀྱིས་དགེ་འདུན་ཚད་ལྡན་མང་པོའི་འདུ་ཚོགས་དང་བཅས་ཟླ་བ་སྦྲེལ་མར་གཟུངས་སྒྲུབ་མཛད་པས་རྒྱལ་ཁམས་སུ་ལོ་གྲངས་མང་པོའི་བར་དུ་སྣོད་བཅུད་ཀྱི་དགེ་མཚན་ཕུན་ཚོགས་མཐོང་ཆོས་སུ་བྱུང་བའི་ལོ་རྒྱུས་ཚད་མར་སྣང་བ་ལྟར་གལ་ཆེ་ཞིང་། དེ་ཙམ་ནུས་པས་མ་ལྕོགས་ཀྱང་ཞག་བདུན་ནམ་ཉིན་གསུམ་གྱིས་མཐའ་རྟེན་པ་ཙམ་དུ་སྒྲུབ་པ་ནི་མ་བྱུང་ཐབས་མེད་ཡིན་ནོ། །དེ་ལྟར་གཟུངས་སྒྲུབ་གྲུབ་མ་ཐག་ཏུ་གཟུངས་འབུལ་གྱི་བྱ་བ་ལ་འཇུག་ཅིང་། གཟུངས་འབུལ་ཟིན་མ་ཐག་པར་རབ་གནས་འགྲུབ་པ་ཞིག་དགོས་པས། སྤྱིར་བཏང་བསླབ་བཏུས་སོགས་མདོ་ལུགས་དང་མཐུན་པའི་རབ་གནས་བསྡུས་པ་ནི། རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབ། མེ་ཏོག་ཐོགས་པས་འགྲེངས་ཏེ་དཀོན་མཆོག་གསུམ་གྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ལྡན་པས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་བྱོན་ནས་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད་ཅིང་གནས་བྱའི་སྔགས་དང་རྟེན་སྙིང་མང་དུ་བཟླས་ལ་སྤོས་དང་རོལ་མོ་བཅས་པས་མེ་ཏོག་གི་ཆར་དབབ། བཟང་སྤྱོད་ནས་འབྱུང་བ་བཞིན་ཡན་ལག་བདུན་པ་ཕུལ་ཞིང་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ནས་སླར་ཡང་ཆོ་གའི་གཟུགས་བརྙན་ཙམ་མིན་པའི་ཕུན་ཚོགས་ལྔ་ལྡན་གྱི་སྒོ་ནས་སྔགས་ལུགས་ཀྱི་རབ་གནས་རྒྱས་པར་མཛད་དེ་གྲོལ་བ་བཞི་ལྡན་དུ་བསྒྲུབ་པར་བྱའོ། །རྟེན་མཆོག་རིང་བསྲེལ་སྙིང་པོ་རུ། །སྒྲུབ་པའི་ཐབས་ཚུལ་འཇུག་བདེའི་སྐྱེས། །ལྷག་པའི་བསམ་པས་བསྡེབས་འདིས་ཀྱང་། །ཀུན་ལ་སྨན་པའི་དཔལ་གྱུར་ཅིག །ཅེས་པའང་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་གྱི་རི་བོ་གླང་ཆེན་འགྱིང་འདྲའི་སྤྱི་གཙུག་ཏུ་འོག་མིན་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྒྲུབ་པའི་ཚེ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེའི་ངག་འདོན་བཀླག་ཆོག་ཏུ་བསྡེབས་པ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དང་ཁྲུས་ཆོག་རྣམས་ནག་པོ་འགྲོ་ཤེས་སུ་བཀོད་པ་མི་གཙང་དག་བྱེད་ (Volume 47, Text 28)

༄༅། །ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དང་ཁྲུས་ཆོག་རྣམས་ནག་པོ་འགྲོ་ཤེས་སུ་བཀོད་པ་མི་གཙང་དག་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྒོ་ནས་གྲིབ་སེལ་བྱབ་ཁྲུས་བྱེད་པར་འདོད་པས། དབེན་པའི་གནས་སུ་ཅོག་ཙེ་སོགས་ཀྱི་ཁར་བུམ་གདན་པདྨ་འདབ་བརྒྱད་ཀྱི་དབུས་ཚོམ་བུའི་སྟེང་རིན་པོ་ཆེའི་བུམ་པ་ཆུ་གཙང་རྫས་ཉེར་ལྔས་སྦགས་པས་བཀང་ལ་མགུལ་ཆིངས་ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་པའི། མདུན་དུ་གཏོར་ཟླུམ་དཀར་པོ་དང་མཆོད་པ་ལྔ་བཤམ། ནད་པའི་མདུན་དུ་གྲིབ་གླུད་ནག་པོའམ་རང་མདོག་ཅན་འབྲུ་སྨན་ཟས་དང་རིན་པོ་ཆེ་སོགས་ཀྱིས་བསྐོར་བ་དང་། སྣོད་གཅིག་ཏུ་ཆངས་རིལ་ཉེར་གཅིག་རེ་བླུགས་པ་བཀོད། རང་གི་མདུན་དུ་རྡོར་དྲིལ། རྨ་བྱའི་མདོངས། ནས་གཟེད་སོགས་བཞག་ནས། ཐོག་མར་སྒྲུབ་པ་ནི། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ། ཚད་མེད་བཞི་སྒོམ་པ་སྤྱི་ལྟར་སོང་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སྐུ་མདོག་མཐིང་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་སྡིགས་མཛུབ་སྒྲེང་བའི་རྩེ་ལས་ཡེ་ཤེས་ཀྱི་མེ་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་ཡན་ལག་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་འཆང་བ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས། གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་བདག་གིས་དབུ་བརྒྱན། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་རྣམས་འཁོར་བ་ལས་འོད་འཕྲོས། ཉམས་གྲིབ་མི་གཙང་བ་ཐམས་ཅད་སྦྱངས། བྱང་སེམས་ཀྱི་བདུད་རྩིས་ལུས་གང་བར་བསམ་ལ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་མཆོད་པ་བྱིན་རླབས་སྤྱི་ལྟར་བྱས་ལ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སོགས་ནས། བཛྲ་ས་མཱ་ཛཿའི་བར་སྔར་བཞིན་ལས། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ཞེས་པའི་བར་དང་། དེ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་པ་ནས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་གིས་དབུ་བརྒྱན་པའི་བར་སྔར་བཞིན་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡའི་བར་རིམ་བཞིན་བཅུག་པས་མཆོད་པ་སྤྱི་ལྟར་ཕུལ་ལ། དྲིལ་བུ་འཁྲོལ་ནས། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །དེ་ནས། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ནང་ཡོངས་སུ་གང་བར་གྱུར། ཨོཾ་བྷུརྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། གཟུངས་ཐག་ལ་འཇུས་ལ་བཟླས་པ་བརྒྱ་རྩ་སོགས་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུས་མཆོད་ཡོན་ཕུལ་བས། ལྷ་ཉིད་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་གྱུར། དེ་ནས་གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་གཏོར་མའི་མགྲོན་དུ་སྤྱན་དྲང་། ལྷའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བྷུརྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ་ནས། དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ཞིང་། ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། བཛྲ་མུཿ གཏོར་མགྲོན་རྣམས་རང་བཞིན་གནས་སུ་གཤེགས། ༈ དེ་ནས་ཁྲུས་བྱབ་གཏོར་མ་བསྲུང་བ་བཞིའི། དང་པོ་ནི། དེའང་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྲིབ་དང་མི་གཙང་བའི་དྲི་མས་གོས་པ་དེ་ཐམས་ཅད་སློབ་དཔོན་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ཕྱག་གི་བུམ་པའི་ཆུས་བཀྲུས་པས། ལུས་ཀྱི་ཆ་ཐམས་ཅད་ནས་ནག་འདུར་གྱིས་ཐོན་ནས་ལུས་གཙང་ཞིང་དག་པར་གྱུར་པའི་མོས་པ་མཛོད་བྱས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང་། ཨོཾ་བྷུརྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བཀྲུའོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་བྷུརྐུཾ་མ་ཧཱ༴ རིན་ཆེན་ཤེལ་བུམ་དྲི་མེད་ནང་། །མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །ཞེ་སྡང་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཨོཾ་བྷུརྐུཾ་མ་ཧཱ༴ རིན་ཆེན་གསེར་བུམ་དྲི་མེད་ནང་། །མཉམ་ཉིད་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །ང་རྒྱལ་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཨོཾ་བྷུརྐུཾ་མ་ཧཱ༴ རིན་ཆེན་ཟངས་བུམ་དྲི་མེད་ནང་། །སོར་རྟོག་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །འདོད་ཆགས་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཨོཾ་བྷུརྐུཾ་མ་ཧཱ༴ རིན་ཆེན་དངུལ་བུམ་དྲི་མེད་ནང་། །བྱ་གྲུབ་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །ཕྲག་དོག་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཨོཾ་བྷུརྐུཾ་མ་ཧཱ༴ རིན་ཆེན་མཐིང་བུམ་དྲི་མེད་ནང་། །ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །གཏི་མུག་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཨོཾ་བྷུརྐུཾ་མ་ཧཱ༴ གཞན་ཡང་ཕར་ཕྱིན་དྲུག་གི་ཁྲུས་སོགས་བྱའོ། །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པའི་མོས་པ་མཛོད། ཅེས་བྱའོ། །གཉིས་པ་བྱབ་པ་ནི། རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོ་མདོངས་བཟུང་ནས། རྨ་བྱའི་མདོངས་ཉིད་ཀྱི་དབུས་སུ་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་འོད་ཟེར་འཕྲོ་བའི་མཐར་སྔགས་ཀྱིས་བསྐོར་བ། དེའི་འོད་ཟེར་གྱིས་ཁྱོད་རང་གི་ལུས་ངག་ཡིད་གསུམ་ལ་གནས་པའི་དྲི་མ་ཐམས་ཅད་སྦུར་མ་རླུང་གིས་བདས་པ་བཞིན་བྱབས་ནས་གླུད་ལ་ཐིམ་པའི་མོས་པ་མཛོད། བསྒྲུབ་བྱ་ལ་དེས་བྱབ་ཅིང་། ཆེ་གེ་མོའི་ནད་དང་། གདོན་དང་། སྡིག་པ་དང་། སྒྲིབ་པ་དང་། ཉམས་ཆག་དང་། གྲིབ་དང་། མི་གཙང་བ་དང་། རྐྱེན་ངན་པ་དང་། བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཀྱི་རིགས་སུ་གྱུར་པ་ལྷ་ནད་མྱོས་པ། བདུད་ནད་འཐིབས་པ། རྒྱལ་ནད་སྨྱོ་འབོག །གཟའ་ནད་ལྐུག་རེངས། བཙན་ནད་གཟེར་ཐབས། མ་མོའི་དལ་ཡམས། ཀླུ་ནད་གདུག་པ། དམུ་ནད་རྨུག་པ། རྒྱ་ནད་མིག་སེར། བལ་ནད་འབྲུམ་བུ་ཐམས་ཅད་བྱང་ཞིང་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་གྱི་རིགས་སུ་གྱུར་པ་བགེགས་ཀྱི་རྒྱལ་པོས་གཙོ་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བདུད་རིགས་སུམ་བརྒྱ་དྲུག་ཅུ། གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། གདོན་ཕལ་པ་བཞི། ལྷ། ཀླུ། བདུད། བཙན། རྒྱལ་པོ། མ་མོ། གཤིན་རྗེ་ལ་སོགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྡིག་པའི་རིགས་སུ་གྱུར་པ་མི་དགེ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བ་སོགས་ངན་སོང་དང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྒྲིབ་པའི་རིགས་སུ་གྱུར་པ་ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། བག་ལ་ཞ་བའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། ལྟ་བ་དམན་པའི་སྒྲིབ་པ། ཆོས་སྤང་པའི་སྒྲིབ་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉམས་ཆག་ཀྱི་རིགས་སུ་གྱུར་པ་མི་ནག་པོའི་མནའ་དང་། ཁྲེལ་དང་། ངོ་ཚ་ཉམས་པ་དང་། ཉན་ཐོས་པ་ལ་སོ་སོ་ཐར་པ་རིགས་བདུན་གྱི་སྡོམ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་སྨོན་འཇུག་སྡོམ་པའི་སེམས་བསྐྱེད་ཉམས་པ་དང་། གསང་སྔགས་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སོགས་པ་ས་མ་ཡ་འབུམ་སྡེ་ཉམས་པ་དང་། བླ་མ་དཀོན་མཆོག་གི་དཀོར་དང་སྐུ་གླུད་ལ་འབགས་པ་དང་། དམ་ཚིག་ཉམས་པ་དང་། སྐུར་པ་བཏབ་པ་དང་། ལོག་པར་བལྟས་པ་དང་། ཡི་དམ་ལྷ་ཚོགས། དཔའ་བོ་ཌཱ་ཀི །ཆོས་སྐྱོང་སྲུང་མ། ཆོས་མཛད་དཔོན་སློབ། ཡོན་མཆོད། མཆེད་ལྕམ། ཕ་མ་ཕུ་ནུ་བཞི་ལ་སྡོམ་པ་ཉམས་པ་དང་། ལོག་པར་ལྟ་ཞིང་སྐུར་པ་དང་། མ་རིག་མུན་པར་འཐིབ་པ། དུག་ལྔ་རང་ཁར་ཤོར་བས་ཆགས་སྡང་རྨོངས་གསུམ་དུ་སོང་བ། མི་དགེ་བའི་ལམ་དུ་ཚུད་པ་དང་། དེ་ལྟར་སྤྱོད་པ་རྣམས་དང་འགྲོགས་པ་དང་། ལུས་ངག་ཡིད་གསུམ་འདྲེས་པ། དེ་རྣམས་ཀྱི་གནས་སུ་སྡོད་པ། ཟས་ཟོས་གོས་གྱོན་པ་དང་། དངོས་པོ་འདྲེས་པ་ལ་སོགས་པ་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གྲིབ་ཀྱི་རིགས་སུ་གྱུར་པ་ཕྱི་ཡུལ་ལ་སྣང་བ་ཨ་འཐས་ཀྱི་གྲིབ། ནང་དུག་ལྔ་འདོད་ཞེན་གྱི་གྲིབ། བར་གཅོད་བློ་འབྲིད་ཀྱི་གྲིབ། གསང་བ་མ་རིག་པས་ཟིན་པ་ཁ་ཆོས་གཏིང་འབྱམས་ཀྱི་གྲིབ། ཐོ་ཅོ་སྤྱོད་རྩིང་གི་གྲིབ། འདོད་བློ་སྡང་སེམས་ཀྱི་གྲིབ། བདག་བསྟོད་གཞན་སྨོད་ཀྱི་གྲིབ། ཞེན་འདོད་སྔོན་བསུའི་གྲིབ། འདོད་པ་ཕྱོགས་མེད་ཀྱི་གྲིབ། མི་ཤེས་ཤེས་རྫུའི་གྲིབ། དམ་བཅའ་རེ་འདོད་ཞེན་པའི་གྲིབ། ཁ་ལྟ་སྟོང་འབྱམས་ཀྱི་གྲིབ། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་གྲིབ། ཁ་འཛིན་ཆོས་སྤང་གི་གྲིབ། སྡོམ་པ་ཉམས་པ་དང་སྡིག་ཅན་གྱི་གྲིབ། ཕྱྭ་དང་མོ་མ་ལ་སོགས་པ་གྲིབ་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཁོན་གྱི་རིགས་སུ་གྱུར་པ་བླ་མ་དཀོན་མཆོག་འཁོན་པ་དང་། ཆོས་མཛད་གོང་མ་དང་། གཟུངས་མ་དང་། མཆེད་གྲོགས་དང་། དཔོན་སློབ་དང་གྲོགས་པོ་དང་མཁོན་པ་དང་། ཕ་མ་སྤུན་ཟླ་ཉེ་འབྲེལ་དང་མཁོན་པ་དང་། ཡུལ་མི་ཁྱིམ་མཚེས་དང་འཁོན་པ་དང་། ལྷ་འཁོན་དང་། ཀླུ་མཁོན་དང་། ལྷ་མ་སྲིན་སྡེ་བརྒྱད་དང་འཁོན་པ་དང་། འཁོན་གསེབ་ཏུ་ཕྱིན་པ་དང་། སྤྱོད་པ་འདྲེས་པ་ལ་སོགས་པ་འཁོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མི་གཙང་བའི་རིགས་སུ་གྱུར་པ་མཛེ་ཕོ་དང་། ཡུགས་ས་དང་། དམེ་ཕོ་དང་། ཤན་པ་དང་། མནོལ་དང་། བཙོག་དང་། བཙུན་པ་དང་། མནའ་ཁང་དང་། གོས་སྟན་དང་། སྣོད་དང་། སྐྱོར་དང་། རོ་བཙོག་ལ་སོགས་པ་མི་གཙང་བའི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྐྱེན་ངན་བར་ཆད་ཀྱི་རིགས་སུ་གྱུར་པ། ཕྱིའི་རྐྱེན་འཚོ་བ་ལོངས་སྤྱོད་ཉམས་པ་དང་། གནས་དང་འཁོར་ངན་པ། སྔ་དགྲ་དར་བ། ཕྱི་དགྲ་སེམས་པ། ད་དགྲ་རྩོམ་པ། ཁ་སྨྲས་དང་གླེང་གཞི་རྩོད་པ། མི་ཁ་དང་སྨྲ་མཆུ་སྡང་བ། བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པ་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནང་གི་རྐྱེན་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ། བསམ་པ་དང་ཚེ་སྲོག་ལ་བར་དུ་གཅོད་པ། གཞན་ཡང་དམ་ཉམས་དང་འགྲོགས་པ། ཟས་ཟོས་གོས་གྱོན་སྤྱོད་པ་འདྲེས་པ། གནས་ཀྱི་གྲིབ། སྟན་གྱི་གྲིབ། བཙོག་གི་གྲིབ། རོའི་གྲིབ། འགལ་རྐྱེན་ཉི་ཁྲི་བཞི་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ་པྲ་མ་ཡ་ཧཱུྃ། ཞེས་པ་དང་། ཨོཾ་བྷུརྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས་རང་ལུས་ཤེལ་ལྟར་དྭངས་པར་གྱུར། གསུམ་པ་གཏོར་མ་གཏང་བ་ནི། ཆངས་རིལ་རེ་རེ་བཞིན་དུ་སྣོད་དུ་བླུགས་ནས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །དེ་ནས་ནད་པ་ལ་གཡས་སུ་བསྐོར་བཞིན། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བརྗོད་ཅིང་གླུད་ཀྱི་ནང་དུ་བླུགས། ཉེར་གཅིག་རྫོགས་པ་དང་། གླུད་བསང་སྦྱང་། སྟོང་པའི་ངང་ལས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་ཞིང་མཛེས་པ་འདོད་དགུའི་འབྱོར་པ་དང་བཅས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་བྱས་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཁྱད་པར་དུའང་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལས་ཆེ་གེ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཨོཾ་བྷུརྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། ཐུན་བྲབས་པ་དང་བཅས་གླུད་ཕྱིར་བསྐྱལ་ལོ། །བཞི་པ་བསྲུང་བ་ནི། ནད་པ་དེ་ཁྱེད་རང་ལས་ཀྱི་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་གཡས་པ་རྒྱ་གྲམ་བསྣམས་པ། གཡོན་པ་སྡིགས་མཛུབ་ཕྱར་བ་ལ་མེ་འབར་བ་སྐད་ཅིག་གིས་སྐྱེད། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་བསམ་ལ། གནས་དེ་རྣམས་སུ་རྡོ་རྗེ་བཞག་ཅིང་། ཨོཾ་ཨཱཿཧཱུྃ་ཞེས་པ་དང་། རང་ཡི་དམ་དུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཆེ་གེའི་འབྲུ་གསུམ་ལ་ཐིམ་པས་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་བསམ། དེ་ནས་གོ་བགོ་བ་ནི། དེའི་སྤྱི་བོ། དཔྲལ་བ། མགྲིན་པ། རྒྱབ། སྙིང་ག །ནུ་མ་གཉིས། ལྟེ་བ། སུམ་མདོ་རྣམས་སུ་རྡོ་རྗེ་རྒྱ་གྲམ་བཞག་ལ། ཨོཾ་བཛྲ་རཀྵ་ཧཱུྃ། བརྗོད་པས་རྡོ་རྗེའི་གོ་ཁྲབ་ཏུ་བསམས་ཤིང་། བགེགས་ཐམས་ཅད་རཀྵ་རཀྵ་ཧཱུྃ། གདོན་ཐམས་ཅད༴ སྡིག་པ་ཐམས་ཅད༴ སྒྲིབ་པ་ཐམས་ཅད༴ ཉམས་ཆག་ཐམས་ཅད༴ གྲིབ་འཁོན་ཐམས་ཅད༴ མི་གཙང་བ་ཐམས་ཅད༴ རྐྱེན་ངན་ཐམས་ཅད༴ བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། ནད་དང་གདོན་བགེགས་བར་ཆོད་གང་གིས་ཀྱང་མི་ཚུགས་པར་བསམ་མོ། །དེ་ནས། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་དང་། ཁྲོ་རྒྱལ་སྨེ་བ་བརྩེགས་པའི་བྱིན་རླབས་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །སུས་ཀྱང་གནོད་པའི་བསམ་པ་མ་བྱེད་ཅིག །མི་འགྱུར་ལྷུན་པོ་སོགས་བརྗོད། དེ་ནས་བདག་གི་རྣལ་འབྱོར་བསྡུ་ཞིང་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་བཀྲ་ཤིས་བརྗོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བྱའོ། །དེ་ལྟར་ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དང་ཁྲུས་ཆོག་རྣམས་ནག་པོ་འགྲོ་ཤེས་སུ་བཀོད་པ་མི་གཙང་དག་བྱེད་ཅེས་བྱ་བ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་བཟང་པོས་གསུང་གིས་བསྐུལ་བ་ལས། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་བཛྲཱཀྵརས་༧རིགས་བརྒྱའི་ཁྱབ་བདག་ཀུན་མཁྱེན་མཆོག་གི་གསང་གསུམ་སྒྱུ་འཕྲུལ་གྱི་རོལ་པ་བཟང་པོས་བྱིན་གྱིས་བརླབས་པའི་ཞིང་ཁམས་དེ་ཉིད་དུ་བསྡེབས་པའོ། །དགེའོ།། །།

སྨན་སྒྲུབ་གནད་ཀྱི་ཞལ་གདམས་ (Volume 40, Text 28)

གནད་ཀྱི་ཞལ་གདམས་དམ་རྫས་ཡང་ཐོག་སྟེང༔ རིང་པོའི་ཤིང་བཙུགས་དེ་ལ་རྩྭ་ཀུ་ཤ༔ རྔ་དཀར་ཕོད་འདོགས་དེ་དབུས་ཐོག་ཤིང་རྩར༔ བདུད་རྩིའི་བཅུད་བདག་བརྒྱ་བྱིན་སྐུ་བྲིས་བཞག༔ དེ་ཡི་ཞབས་སུ་ཤིང་ལ་རྒྱ་གྲམ་ཚུལ༔ ཆུ་འཁོར་གཤོག་འདྲ་བྱས་པའི་ཕྱི་ནང་ནས༔ ལྷ་ཆེན་བརྒྱད་བྲིས་ལྷ་དགུ་ཆ་ལུགས་མཚུངས༔ གཡས་གཡོན་ཕྱག་ན་རྡོ་རྗེ་བཀྲ་ཤིས་རྟགས༔ བརྒྱད་འཛིན་གཡོན་རྣམས་བདུད་རྩི་བུམ་པ་འཛིན༔ རང་རང་ཐུགས་སྲོག་གམ་ནི་ཡི་གེ་ཨཱ༔ རེ་རེའི་ཐུགས་ཀའི་དབུས་སུ་བྲི་བར་བྱ༔ དམིགས་པས་བསྐྱེད་དགུག་བསྟིམ་དང་རབ་གནས་བྱ༔ དེ་འོག་དེ་མཚུངས་རྒྱུ་སྐར་ཉེར་བརྒྱད་སྐུ༔ ཐུགས་ཀར་སྔགས་དང་ཚིག་འདི་ཀུན་ལ་བྲི༔ ནཀྵ་ཏྲ་ཧཱུྃ་ཙིཏྟ་ཨཱ་བེ་ཤ་ཡ་ཧྲིང༔ སྟོད་ལ་ནོན་ཅིག༔ སརྦ་ཨཱནྟ་ར་བྷྱོ༔ སརྦ་ཨ་ཡུཿཔུཎྱེ་སིདྡྷི་ཕཱ་ལ་ཧཱུྃ༔ མི་མཐུན་སོལ་མཐུན་རྐྱེན་སྒྲུབས་ཤིག༔ གཞན་ཡང་ལྷ་མོ་བཅུ་དྲུག་དེ་རུ་བྲི༔ ཀུན་གྱི་སྙིང་གར་སྔགས་འདི་བྲི་བར་བྱ༔ མ་ཧཱ་དེ་བཱི་ཧཱུྃ་ཨ་མྲྀཏ་སིདྡྷི་ཧཱུྃ༔ ཕྱག་མཚན་གཡས་གཡོན་མདའ་དར་མེ་ལོང་ངོ༔ དེ་འོག་ཀླུ་ཆེན་བརྒྱད་ཀྱི་སྐུ་གཟུགས་བྲི༔ སྙིང་གར་སྔགས་འདི་བྲི་བར་བྱ་བ་ཡིན༔ ཕུ་ནཱ་ག་ཧཱུྃ་དྷཱ་ལ་སམྦྷོ་སིདྡྷི་ཧཱུྃ་ལཀྵི་ཏ་སིདྡྷི་བྷྲཱུྃ༔ ཕུ་སིདྡྷི་ཕ་ལ་ཧིང་ཧིང་སྭཱ་ཧཱ༔ ཕྱག་རྣམས་གཡས་གཡོན་པདྨ་དུང་ཕོར་ཏེ༔ སྟོད་ནི་ལྷ་ལུས་སྨད་ནི་སྦྲུལ་མཇུག་དང༔ སྦྲུལ་གདེངས་ཡོད་པ་མཚོ་ནང་གནས་པ་འོ༔ གལ་ཏེ་རྒྱས་པར་བྱེད་པ་སྤྲོ་ན་ནི༔ ཤིང་ལ་གྲུ་བཞི་ཕྱོགས་བཞི་ནས་བསྐོར་བའི༔ སྟེང་དུ་གཟུགས་རྣམས་འདེ་གུ་གཙང་མར་བྱ༔ སྔགས་རྣམས་བྲིས་ནས་རང་རང་སྙིང་གར་བཅུག༔ ཕྱོགས་བཞི་མཚམས་རྣམས་སོ་སོར་བརྟན་པར་བཀོད༔ ལར་ནི་ཀུན་ལ་བསྐྱེད་དགུག་བསྟིམ་གནས་འབད༔ གོང་ལྟར་ཟུར་བཞི་རྣམས་སུ་མེ་ལོང་འདོགས༔ རྡོ་རྗེ་སློབ་དཔོན་མཆོག་གི་གདན་འོག་ན༔ གྲོ་གའམ་ནི་རས་ལ་རུ་སྦལ་གཟུགས༔ བྲིས་པའི་ལྟོ་བར་སྟག་འབྲུག་བྱ་སྦལ་པ༔ རྒྱུ་སྐར་ཉེར་བརྒྱད་རང་རང་ཆ་ལུགས་དང༔ འབྱུང་བ་རླུང་ལྷ་བརྒྱད་ནི་བ་དན་ཐོགས༔ ཡུ་མོར་ཞོན་པ་བྲིས་ནས་དར་འབྲུའི་རིགས༔ འཚོགས་ཚད་བཞག་ནས་ལེགས་པར་དྲིལ་བ་དང༔ དར་དཀར་ཁུད་བཅུག་ཚོན་སྐུད་ལྔ་ཡིས་ནི༔ རྒྱ་གྲམ་རིས་སུ་བསྡམས་ལ་འདིས་སྔགས་སོ༔ ཨོཾ་དྷ་ལ་མ་དྷུ་སི་ཡེ་པདྨེ་ཧཱུྃ༔ ཡི་བྷ་ཡ་བྷེ་དྷེ་ཝ་ཧཱུྃ༔ སརྦ་ཨནྟ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་མང་སྔགས་བཞག་པས་བཀྲ་ཤིས་དགེ༔ བདུད་རྩིའི་ཕོ་བྲང་ལ་ནི་དར་དཀར་གྱི༔ སྐུད་པ་བཏགས་པའི་སྣེ་གཅིག་ཕོ་བྲང་ཐོགས༔ ལྷ་ཡི་རྒྱལ་དང་འབྲེལ་བར་བྱས་པ་ཡི༔ དགོས་པ་སྨན་གྱི་དངོས་གྲུབ་མྱུར་བ་ཡི༔ ཐ་ཚིག་ཡོད་པས་དེ་ལྟར་ཤེས་པར་བྱོས༔ ཤིན་ཏུ་ཟབ་གནད་ལྷ་དགུའི་མདུན་ཕྱོགས་དེར༔ ཤིང་བྱང་དཀར་པོར་སྔགས་བྲིས་ཀུན་ལ་བཞག༔ ཨོཾ་ཨ་དེ་བ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ཝ་ཨ་མྲྀཏ་མི་ཧཱི་ར་ཎ་ཨ་ཐ་ཧཱུྃ་པྲ་བེ་ཤ་ཡ་ཧྲིང༔ སིདྡྷི་ཕཱ་ལ་ཧཱུྃ་བྷྲཱུྃ༔ ཨཱ་ཡུ་ཤེ་ཛཿཔུཎྱེ་བཱ་ལ་ཏེ་ཛོ་བྷྲཱུྃ་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་འདུས་འདུས་སྭཱ་ཧཱ༔ ལྷ་ཡི་སྟེང་དུ་རྡོ་རྗེ་འཛིན་པའི་སྐུ༔ ཞི་ཚུལ་ཚོན་གང་ཐུགས་སྲོག་ཧཱུྃ་ཅན་བཞག༔ གཞན་ཡང་བདུད་རྩི་སྨན་འདི་སྒྲུབ་པའི་ཚེ༔ བར་ཆད་རྟགས་ནི་སྒྲུབ་སྙིང་མི་འདོད་པ༔ གཉིད་འཐིབས་འདོད་ཆགས་ལ་སོགས་དུག་ལྔ་འབར༔ རྨི་ལམ་མང་འཚུབས་ཆོ་འཕྲུལ་ངན་རིགས་འབྱུང༔ མཆེད་ལྕམ་ལ་སོགས་མི་བདེ་རྩོད་སྙིང་འདོད༔ སྒྲུབ་ལ་ཐེ་ཚོམ་བླ་མར་ལོག་ལྟ་སྐྱེ༔ ན་ཚ་འཕྲལ་འབྱུང་སྡོད་མི་ཚུགས་སོགས་དང༔ དམ་རྫས་དཀྱིལ་འཁོར་མར་མེའི་མདངས་ཉམས་སོགས༔ མི་ཤིས་གང་བྱུང་རྒྱལ་བསེན་དམ་སྲི་དང༔ ཉུ་ལེ་དང་ནི་འབྱུང་པོའི་བར་ཆད་ཡིན༔ དེ་ཚེ་རིག་པ་ངར་བསྐྱེད་དམིགས་པས་གཟིར༔ གིང་རྒྱུག་བསྐྲད་པའི་ལས་བྱ་དྲག་རྫས་བདུག༔ ཐུན་བྲབ་སྔགས་རྣམས་དྲག་བཟླས་ཕུར་བསྐོར་བྱ༔ མཐར་ནི་སྲུང་འཁོར་ནན་བསྐྱེད་བསྒོམ་པར་བྱ༔ སྤྲོ་བ་བསྐྱེད་ཕྱིར་བྱིན་དབབ་བསྐྱར་ལ་བྱ༔ སྲུང་མ་བསྐུལ་ནས་ཛཔ྄་དབྱངས་སྙན་པར་འཐེན༔ གར་སྟབས་རོལ་མོ་ལ་སོགས་ཅི་རིགས་བྱ༔ རྒྱུན་པར་མེ་ལ་སྤོས་དང་ཤ་ཆེན་བསྲེག༔ དུད་པ་ཆད་མེད་བྱ་བ་གནད་དུ་ཆེ༔ བླ་མ་རིག་མ་སྲོག་མཐུན་སྒྲུབ་ཁོངས་ཀྱང༔ མ་བུ་གྲོགས་མཐུན་རྟེན་འབྲེལ་གནད་དུ་ཆེ༔ བཟང་རྟགས་རྨི་ལམ་རོལ་མོ་ལེགས་འཁྲོལ་དང༔ གཞན་དག་ཆུ་ལ་སྒྲོལ་དང་ཟོམ་ལ་ཁྲིད༔ རང་ཉིད་ཁྲུས་བྱས་གོས་དཀར་གྱོན་པ་དང༔ ཁྱེ་འུ་བུད་མེད་མཛེས་འདུས་འདུད་དགྱེས་དང༔ གྱེན་འཛེགས་ཉི་ཟླ་ཤར་དང་མེ་ཏོག་བཀྲམ༔ དེ་སོགས་དགེ་བའི་རྟགས་བྱུང་ལེགས་པ་ཡིན༔ དངོས་སུ་ཉམས་སྤྲོ་བག་དྲོ་བྱིན་འཐིབས་པ༔ བསྐྱེད་རྫོགས་གསལ་ཞིང་དག་སྣང་སྐྱོ་ཤས་སྐྱེ༔ ཡིད་དགའ་དྲི་དང་སྒྲ་འོད་སོགས་འབྱུང་སོགས༔ བྱུང་ན་དངོས་གྲུབ་ཆེན་པོའི་རྟགས་སུ་བཤད༔ དམ་སེལ་ཡོད་ན་ངན་རྟགས་སྣ་ཚོགས་འབྱུང༔ དེ་ལ་སྐོང་བཤགས་ཞི་བའི་སྦྱིན་སྲེག་འབད༔ ཚུལ་བཞིན་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར༔ དེ་ལྟར་དམ་རྫས་སྨན་སྒྲུབ་ངོ་མཚར་ཅན༔ སྤྱི་ཆིངས་ཟབ་མོ་གུ་རུའི་གསུངས་པ་ལ༔ ཟིན་བྲིས་བགྱིས་ནས་མཚོ་རྒྱལ་བདག་གིས་བཀོད༔ མང་དུ་སྤེལ་ན་དམ་ཉམས་ལོག་ལྟ་ཡིས༔ སྐྱོན་དུ་བརྗོད་ན་དངོས་གྲུབ་ཡལ་བར་འགྱུར༔ དེ་ཕྱིར་ཐེམ་དུ་མ་བསྟན་གུད་དུ་སྦས༔ ལས་ཅན་འཕྲད་ནས་དངོས་གྲུབ་ཀུན་ཐོབ་ཤོག༔ ས་མ་ཡཱ༔ རྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱ༔

ལྷ་ཆེན་ཐང་ལྷ་གཉན་པོ་སྒྲུབ་ཅིང་མཆོད་པའི་ཕྲིན་ལས་ཀྱི་ཆོ་ག་ཚངས་པ་ལྷའི་རྔ་ཆེན་ (Volume 39, Text 28)

༄༅། །ལྷ་ཆེན་ཐང་ལྷ་གཉན་པོ་སྒྲུབ་ཅིང་མཆོད་པའི་ཕྲིན་ལས་ཀྱི་ཆོ་ག་ཚངས་པ་ལྷའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། ། བླ་མ་རྗེ་བཙུན་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །དབང་ཆེན་པདྨའི་བསྟན་སྐྱོང་ས་བརྒྱད་བདག །དྲི་ཟའི་རྒྱལ་པོ་སྟོང་གསུམ་དྲེགས་པའི་རྗེ། །རྡོ་རྗེ་འབར་བ་རྩལ་གྱིས་དགྱེས་དགོངས་ལ། །འདོད་དགུའི་དངོས་གྲུབ་ཆར་དུ་བསྙིལ་བར་མཛོད། །བོད་འབངས་པདྨའི་རྗེས་འཇུག་རྣམས། །ཕྱི་མཐའི་བར་དུ་མི་གཡེལ་བར། །སྐྱོང་མཛད་རྡོ་རྗེའི་ཡལ་གམ་ཅན། །གང་དེ་མཆོད་པའི་ལས་རིམ་བཤད། །འདིར་སློབ་དཔོན་ཆེན་པོའི་གཏེར་སྲུང་། ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ། སྒྲུབ་བརྒྱུད་བསྟན་པའི་སྲུང་མ་ཆེན་པོ་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་ཕྲིན་ལས་ཟངས་མཛོད་དམར་པོའི་ཆོས་སྡེ་ལས་འབྱུང་བ་ཉིད་གཙོར་བྱས་ཏེ་ཉམས་སུ་བླང་བ་ལ་གསུམ། ཡོ་བྱད་ཉེ་བར་བསྡོག་པ། བདག་ཉིད་ནུས་ལྡན་དུ་བྱེད་པ། མཆོད་པའི་ལས་རིམ་དངོས་སོ། །དང་པོ་ནི། སྒྲུབ་པའི་སྐབས་ཕྱི་ནང་གསང་བའི་རྟེན་དང་འབྲེལ་བ་སོགས་ཀྱི་བཅས་བཤམ་གཞན་ལས་ཤེས་པར་བྱ་དགོས་ཤིང་། འདིར་དུས་བཟང་གསོལ་མཆོད་ཙམ་གྱི་སྐབས་སུ་འཛོམ་ན་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། རས་དཀར་དྲི་མ་མེད་པ་སྤོས་ཀྱིས་བདུག་པའི་སྟེགས་ལ་འབྲུ་དཀར་སིལ་མར་བཀྲམ་པའི་དབུས། རིན་པོ་ཆེའི་སྣོད་གཙང་མར་གྲོ་ནས་འབྲས་དཀར་གྱི་ཕྱེ་མ་རིན་ཆེན་དང་བསྲེས་པ་ལས། པདྨ་འདབ་བརྒྱད་གྱེན་ལངས་གྲུ་བཞིའི་ཁར་བང་རིམ་གཅིག་དང་བཅས་པའི་གཏོར་མ་གྲུ་བཞི་རྩེ་རྒྱལ་ཤེལ་མཁར་གྱི་དབྱིབས་ཅན་ནོར་བུ་སུམ་ཚོམ་གྱིས་སྤྲས་པ་མཐོ་གང་ལས་མི་ཆུང་བ་དར་གདུགས་དཀར་པོས་བརྒྱན་པ་བཀོད། དེའི་གཡས་གཡོན་རྒྱབ་གསུམ་དུ་ཤེལ་སོགས་རིན་པོ་ཆེའི་སྣོད་དུ་གཡའ་ཆུ་གངས་ཆུ་སྐྱེས་ཆུ་གཙང་མས་བཀང་བ་དང་། མདུན་དུ་མཆོད་གཏོར་དཀར་པོ་གྲུ་གསུམ་མཐོ་གང་བ་མཐེབ་ཀྱུ་གྲངས་མང་དང་ལུག་མགོས་བརྒྱན་པ་བཤམ། དེ་དག་གི་རྒྱབ་ཏུ་འབྲུ་དཀར་གྱིས་ཟླུམ་པོར་བསྐོར་བའི་ནང་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་མཐོ་བ་བརྒྱད་བཀོད། མར་གྱི་མཛོ་གཡག །རྟ་ལུག །དཀར་སྐྱེམས། མངར་སྐྱེམས། གསེར་སྐྱེམས། ཕྱེ་མར་རྣམས་དང་། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། མདའ་དར་མདུང་དར་གོ་མཚོན་སོགས་སྤྱན་གཟིགས་གང་འཛོམ་བསྟར་ཞིང་། བཟང་ཤིང་སྤོས་དཀར་གྱི་བསང་དུད་ཀྱང་གཏང་ངོ་། །གཉིས་པ་བདག་བསྐྱེད་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་རང་རིག་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མཆོག་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་བསླེབས་པ། ཞབས་རྒྱ་མཚོའི་སྟེང་དུ་བརྐྱངས་པ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་གནོན་པ། དུར་ཁྲོད་ཀྱི་ཆས་ཀྱིས་ཀུན་ནས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཧྲཱིཿམ་ཧཱ་ཀྲོཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་བ་ཧཱུྃ་ཧཱུྃ་ཕཊ། ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་ཕཊ། ཅེས་ཅི་རིགས་བཟླས་ལ་བསྟོད་པ་ནི་འཇམ་རོལ་དང་བཅས། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུལ་པདྨ་འབྱུང་། །བླ་མ་རིག་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཅེས་བརྗོད། གསུམ་པ་ལས་རིམ་དངོས་ལ། མཆོད་བརླབ་རྟེན་བསྐྱེད་སྤྱན་འདྲེན་བཞུགས། །དམ་བསྒྲག་མཆོད་བསྟོད་ཛཔ྄་བཟླས་སྐོང་། །གསེར་སྐྱེམས་བསང་མཆོད་ལས་བཅོལ་བསྐུལ། །རྗེས་ཀྱི་བྱ་བ་བཅུ་གསུམ་མོ། །ཞེས་པ་ལྟར་ལས། དང་པོ་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཧྲཱིཿམ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་བ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བཟང་ཞིང་གྱ་ནོམ་པ། ལྷ་ཆེན་འཁོར་བཅས་མཉེས་པར་བྱེད་པའི་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རང་བཞིན་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི། གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་རོ་བཅུད་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ། ཡི་གེ་གསུམ་འོད་དུ་ཞུ་ནས་དབྱེར་མེད་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ་བརྗོད། གཉིས་པ་མདུན་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ཤེལ་གྱི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ་རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ༔ རྐེད་ལ་འཇའ་འོད་ན་བུན་གྱི་གུར་ཕུབ་པ༔ རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབ་པ༔ ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ༔ ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ༔ དེའི་དབུས་སུ་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་རྒྱན་དུ་མས་མཛེས་པའི་སྟེང་ན་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལྟར་དུ་བརྗིད་པ༔ ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ༔ སྤྱན་གསུམ་རབ་ཏུ་བཀྲ་བ༔ དབུ་སྐྲའི་ཐོར་ཚུགས་དར་དཀར་པོས་བཅིངས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་བ༔ གཡོན་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ༔ ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ༔ སྤྱི་བོར་ནོར་བུ་འབར་བའི་ཏོག་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ༔ སྐུ་གཞོན་ཞིང་མཛེས་པ༔ རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་པ༔ དེའི་གཡོན་དུ་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་སངས། ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་། དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་འཆིབ་པ། སྟེང་གི་ནམ་མཁར་ཁྱུང་ནག་དབུ་དགུ་པ་གནམ་ལྕགས་ཀྱི་མཆུ་སྡེར་དང་སྤུ་གྲིའི་གཤོག་པ་ཅན་སྦྲུལ་ཟ་བ། མཐའ་སྐོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། གཡས་སུ་སྐྱེས་བུ་གཡུ་ཡི་སྨིན་མ་ཅན། གཡོན་དུ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན། མདུན་དུ་མི་དཀར་གཡུའི་ཐོར་ཅོག་ཅན། རྒྱབ་ཏུ་མི་སྔོན་གཏུམ་ཞིང་འཇིགས་པ། སྟེང་དང་ཕྱོགས་མཚམས་ཀུན་ནས་རུ་འདྲེན་སྡེ་བཞི་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། དེའི་ཤར་དུ་ཞི་མཛད་རྡོ་རྗེ་འབར་བ་རྩལ་དཀར་པོ་གཡས་སྨན་གྱི་ལྗོན་ཤིང་དང་གཡོན་བདུད་རྩིའི་བུམ་པ་འཛིན་པ། དར་དཀར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པ་ལ་སྨན་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། ལྷོར་རྒྱས་མཛད་རྡོ་རྗེ་འབར་བ་རྩལ་སེར་པོ་གཡས་ནོར་བུ་འབར་བ་དང་གཡོན་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། དར་སེར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་ཅིང་ནེའུ་ལེ་དམར་སེར་གྱི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ་ལ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་དབང་མཛད་རྡོ་རྗེ་འབར་བ་དམར་པོ་མཉམ་གཞག་ཚེ་བུམ་འཛིན་པ། ཞི་ཁྲོའི་ཉམས་དང་རྡོ་རྗེའི་རྒྱན་ཅན་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཚེ་ལྷ་རིག་འཛིན་དྲང་སྲོང་གིས་བསྐོར་བ། དེ་གསུམ་ཀ་པད་ཟླའི་གདན་ལ་བཞུགས་པའོ། །བྱང་དུ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ་ནག་པོ་ཁྲོ་གཏུམ་མཆེ་བ་གཙིགས་པ། གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ། དར་བེར་དམར་ནག་རིན་པོ་ཆེ་དང་དུག་སྦྲུལ་གྱིས་བརྒྱན་པ། རྟ་མཆོག་བྲ་ནག་རླུང་གི་ཤུགས་ཅན་བཅིབས་ཤིང་དྲེགས་པའི་སྡེ་དཔོན་རྣམས་ཀྱིས་བསྐོར་བ། ཤར་ལྷོར་ལྷ་ཆེན་སྐྱེས་བུ་བཞིན་བཟང་དཀར་པོ་གཡུའི་ཟུར་ཕུད་ཅན། གཡས་སྐྱབས་སྦྱིན་དང་གཡོན་ཁུ་ཚུར་དཀུར་བརྟེན་པ། དར་དཀར་གྱི་ལའུ་གསོལ་ཞིང་མཉམ་པའི་སྟབས་ཀྱིས་བཞེངས་པ་ལ་རང་འདྲའི་ལྷ་ཕྲུག་དུ་མས་བསྐོར་བ། ལྷོ་ནུབ་ཏུ་འབྲོང་གཡག་ཞོལ་ཅན་དཀར་པོ་རྣོ་བའི་རྭ་གཉིས་ཐང་ཤིང་ཙམ་བརྒྱངས་པ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་ཀྱི་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་བརྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་མེད་འགྱེད་པ། ནུབ་བྱང་དུ་དཔའ་བོ་རྡོ་རྗེ་འབར་བ་རྩལ་དམར་འཚེར་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ། པདྨ་དམར་པོའི་རྒྱན་ཅན་ཕྱེད་སྐྱིལ་གྱིས་བཞུགས་པ་ལ་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་པ། ཨག་ཚོམ་དང་སྨིན་མ་གློག་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། སྤྱན་གསུམ་དང་ལྡན་ཞིང་ཞི་མ་ཁྲོའི་ཉམས་ཅན། གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁར་ཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ། སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་པདྨ་ཉི་ཟླ་དགྲ་བགེགས་ཀྱི་གདན་ལ་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རིས་ཀྱི་འཁོར་ཚོགས་གྲངས་མེད་པས་བསྐོར་བ། ཞི་རྒྱས་དབང་འགུགས་ཚངས་པ་སྟེ་ལྔ་གའང་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན་སྙན་གོང་ཨུཏྤལ་དང་དར་གྱི་ཅོད་པན་འཕྱང་བ། ནང་ཁ་དོག་སྣ་ཚོགས་དང་ཕྱི་རང་མདོག་དང་མཚུངས་པའི་རྩེ་བེར་ཉིས་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐ་བཅིངས་པ། རིན་པོ་ཆེའི་ཧོར་ལྷྭམ་གསོལ་ཞིང་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའོ། །དེ་དག་གི་སྟེང་དང་ཕྱོགས་མཚམས་ཀུན་ན་སྤྲུལ་པའི་དུང་ཁྲ་དཀར་པོ་ལྡིང་ཞིང་འཇུམ་པ། ལྕགས་སྡིག་ནག་པོ་ཁྲོ་ལ་མཆོང་བ། དུང་སྤྱང་ཕོ་མོ་གློག་ལྟར་འཁྱུགས་པ། ཕྱི་རོལ་གྱི་ཁོར་ས་དང་པོ་ལ་ལྷ་དང་ཀླུ་གཉན་བྱེ་བ་འབུམ་སྡེའི་དམག་ཚོགས། ཕྱི་མ་ལ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། ཀུན་ཀྱང་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཧྲཱིཿའི་མཐར་སྙིང་པོས་བསྐོར་བ་དང་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཐོ་རིས་ལྷའི་ཚལ། ལྷ་བརྒྱད་གངས་ཀྱི་རྭ་བས་བསྐོར་བའི་ཕོ་བྲང་སོགས་ནས་སྐུ་ལྷ་ཆེན་པོ་སྤྲུལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་གྱུར། བཛྲ་ས་མཱ་ཛཿ གསུམ་པ་སྤྱན་འདྲེན་བཞུགས་གསོལ་ནི། སྤོས་དཀར་སོགས་སྦྱར་སྤོས་བཏུལ། དར་དཀར་གྱི་གཡབ་མོ་དབྱངས་རོལ་དང་བཅས་ཏེ། ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང༔ སེང་གེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྟེན་ཅིང་རྒྱང་མ་རིང༔ འཇིག་རྟེན་སྲུང་མ་བསྒྲུབ་ཅིང་མཐུ་མ་ཆུང༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛཿཛ༔ ཧཱུྃ༔ སྔོན་ཚེ་ཀ་དག་རྡོ་རྗེའི་དབྱིངས༔ ནང་གསལ་འོད་ཀྱི་གཞལ་ཡས་ཁང༔ འོག་མིན་འཕྲུལ་གྱི་ཞིང་ཁམས་སུ༔ སངས་རྒྱས་བསྟན་པ་བསྲུང་བྱའི་ཕྱིར༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང༔ སྤྲུལ་པ་ལྷ་ཆེན་འབར་བ་རྩལ༔ མི་མཇེད་ཀུན་ལ་དབང་བསྒྱུར་བའི༔ ཚངས་པའི་རྒྱལ་པོ་མཐུ་བོ་ཆེ༔ དྲེགས་པའི་སྡེ་དཔོན་ཀུན་གྱི་རྗེ༔ ཤེལ་གིང་གནམ་ལྷ་དཀར་པོར་གྲགས༔ གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ༔ བྱང་ཐང་གནམ་མཚོའི་བདག་མོ་སྟེ༔ མཆེད་འཁོར་གཙང་རིགས་ལྷ་ཡི་ཚོགས༔ བཀའ་སྡོད་དྲེགས་ལྡན་དུ་མས་བསྐོར༔ ལྷ་ཆེན་དཔལ་འབར་དྲག་ཤུལ་ཅན༔ རྫུ་འཕྲུལ་སྟོབས་ཀྱིས་སྐུ་བསྐྱོད་ཚེ༔ ས་གཞི་རི་བྲག་ཐམས་ཅད་ཀྱང༔ མཐོ་དམའ་མེད་པར་ཞོངས་སེ་ཞོང༔ དཔུང་ཚོགས་ཆར་སྤྲིན་འཐིབས་པ་བཞིན༔ དགྱེས་པའི་གད་རྒྱངས་དི་རི་རི༔ སྤྱན་འདྲེན་དང་བའི་གནས་འདིར་གཤེགས༔ ཉི་ཟླ་པདྨ་རིན་ཆེན་ཁྲིར༔ ཡེ་ཤེས་གསང་བའི་ལྷ་མཆོག་ཁྱེད༔ བསྟན་སྲུང་རྒྱལ་པོར་མངའ་གསོལ་ཚེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ༔ གཟི་བརྗིད་ཉི་མ་འབུམ་བཞིན་རྒྱས༔ ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན༔ དཔའ་བོ་སྟོབས་ལྡན་སྙིང་རྗེ་ཅན༔ སྡེ་དཔོན་ཆེན་པོའི་སྤྱན་སྔ་རུ༔ བདག་གིས་ཁས་བླངས་དམ་བཅའ་གཡེལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ མཉེས་མཆོད་ཐུགས་དམ་བསྐང་བ་ནི༔ མན་ཤེལ་འོད་འཕྲོ་གསང་བའི་རྟེན༔ ཏིང་འཛིན་གསལ་བས་ཐུགས་དམ་བསྐང༔ དམ་རྫས་གཏོར་མ་ནང་གི་རྟེན༔ བསྙེན་སྒྲུབ་བཟླས་པས་ཐུགས་དམ་བསྐང༔ སྐུ་འབག་རྒྱན་ལྡན་ཕྱི་ཡི་རྟེན༔ འདོད་ཡོན་ལོངས་སྤྱོད་ཐུགས་དམ་བསྐང༔ བཞི་པ་དམ་ཚིག་བསྒྲག་པ་ནི། ཧཱུྃ༔ སྐུ་ལྷའི་ཡབ་སྨྲོས་པ༔ འོད་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨྲོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨོས་པ༔ ཡ་ཞུར་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས། ཁྲི་རྒོད་གཡུ་ལྗང་ལྡེམ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡ་ཞུར་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་ན༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་འཆིབ་ན༔ ལྷ་རྟ་ངང་དཀར་འཆིབ༔ ཁམས་གསུམ་ཀུན་ཏུ་རྒྱུ༔ མདོག་དཀར་འོད་ཟེར་འབར༔ ཕྱག་གཡས་སྦ་ལྕག་ཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་ཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློ༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་བྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང༔ སྡང་བའི་དགྲ་སྲོག་གཅོད༔ མགྱོགས་སུ་རྟ་གཏོད་ཀྱི༔ རྨིག་ཐོག་ཟོར་མ་ལྕི༔ རྣོ་རུ་མཚོན་བརྡར་གྱི༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ཏ་རེ༔ མགྱོགས་དང་དཀྱུས་འགྲན་ན༔ དཀྱུས་ཐོག་ཤོར་ར་རེ༔ སྡང་དགྲས་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོང་ལ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་བསྒོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་རྒྱུད་ཆགས་པའི་གདུང་རྒྱུད་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ༔ ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་པ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མར་རི་རྒྱལ་བཀྲ་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ༔ ཐུགས་རྗེ་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གཡའ་ཆུ་གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ རྔོན་ཆ་དར་དང་ཟ་འོག་མཆོད༔ གསང་ལུག་འབྲས་དཀར་གཙང་མས་མཆོད༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དམ་ཚིག་གི་ཕྱག་རྒྱ་བསྟན་ལ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་མཆེད་འཁོར་སྤྲུལ་པའི་དམག་ཚོགས་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་གསང་བའི་བདག་པོ། སློབ་དཔོན་པདྨ་ཐོད་ཕྲེང་། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་མངའ་བདག་ཡབ་སྲས། ཇོ་མོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རིག་འཛིན་ཡབ་སྲས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ། གཞན་ཡང་མཉེས་པའི་དགྱེས་མཆོད་ནི༔ གཡའ་ཆུ་གངས་ཆུ་ལུ་མར་སྐྱེས༔ གཙང་མའི་ཡོན་ཆབ་སྣ་ཚོགས་མཆོད༔ པདྨ་དཀར་པོ་ཨུཏྤལ་དམར༔ མེ་ཏོག་སྣ་ཚོགས་སིལ་མས་མཆོད༔ སྤོས་དཀར་ཙནྡན་ལྷ་ཤུག་སྔོ༔ ཤིང་སྣ་སྣ་ཚོགས་བསང་གིས་མཆོད༔ སྣང་གསལ་མདངས་ལྡན་སྒྲོན་མེ་དང༔ དྲི་མཆོག་ག་པུར་སྨན་གྱིས་མཆོད༔ འབྲས་དཀར་ཕུང་པོ་འབྲུ་བཅུད་སྦྱར༔ བརྗིད་ལྡན་བཟང་རིགས་བཤོས་ཀྱིས་མཆོད༔ རྔ་ཆེན་དུང་རྔ་གླིང་བུའི་ཚོགས༔ དྲི་ཟའི་སྒྲ་སྙན་དུ་མས་མཆོད༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱུན༔ ཤིང་ཐོག་འབྲས་བུ་དུ་མས་མཆོད༔ རྟ་མཆོག་དུང་ཁྲ་ཞོལ་དཀར་སོགས༔ མཐུན་པའི་རྟེན་རྫས་དུ་མས་མཆོད༔ གསེར་གཡུ་རིན་ཆེན་དར་ཟབ་དང༔ གོ་མཚོན་སྤྱན་གཟིགས་དུ་མས་མཆོད༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ དབྱིངས་རིག་དབྱེར་མེད་དགོངས་པས་མཆོད༔ ཨོཾ་བཛྲ་ཐང་ཀ་ར་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། སྨན་མཆོད་ནི། མཚན་ལྡན་བྷཉྫའི་སྣོད་ཡངས་སུ། །རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ལྷ་ཆེན་འཁོར་དང་བཅས་ལ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། གཏོར་མ་འབྲང་རྒྱས་བྲན་ལ། དྲི་མེད་རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །འབྲུ་དཀར་ཕྱེ་མ་དཀར་མངར་སྨན་གྱིས་སྦགས། །རོ་མཆོག་བརྒྱ་ལྡན་བདུད་རྩིའི་གཏོར་མ་འདི། །དྲི་ཟའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨོཾ་ཨཱཿཧཱུྃ༔ གཙོ་བོར་ལན་གསུམ་མམ་བདུན་གྱིས་འབུལ་ལོ། །སྐབས་འདིར་གཏོར་འབུལ་གྲངས་གསོག་བྱ་བར་སྤྲོ་ན། གཏོར་མ་གྲངས་སུ་བཤམ་པའམ། མཐེབ་ཀྱུ་འབྲུ་སྣ་ཚོགས་ཀྱིས་ཁ་གསོས་ལ། ཨ་ཀཱ་རོས་བྱིན་བརླབ༔ ཨོཾ༔ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག༔ སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར༔ འཁོར་གཡོག་དང་བཅས་བརྒྱ་བྱིན་སྲས་མོ་ནི༔ མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང༔ བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན༔ གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང༔ ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ༔ ཨོཾ་ཨ་མ་ནུ་ཥྱ་གནྡྷརྦྦཿརཱ་ཛ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཚར་གསུམ་མམ་བདུན་སོགས་བརྗོད་དོ། །དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ དཔལ་ལྡན་ལྷ་ཡི་ལྷ་མཆོག་ཁྱོད༔ འཛམ་གླིང་བྱང་ཕྱོགས་ཁ་བ་ཅན༔ ཁ་བ་ཅན་གྱི་བྱང་ལྗོངས་སུ༔ ས་གཞི་ལྗང་སྔོན་རྩི་བཅུད་རྒྱས༔ མེ་ཏོག་པདྨ་འོད་དུ་འབར༔ གངས་དཀར་ཤེལ་གྱི་ཕྲེང་བས་བསྐོར༔ ཡིད་འོང་མཚོ་ཆེན་མདངས་དང་ལྡན༔ ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར༔ རྩ་བར་ཡིད་བཞིན་རྒྱ་མཚོར་ལྡན༔ རྐེད་པར་འཇའ་འོད་ན་བུན་འཐིབས༔ རྩེ་མོར་སྤྲིན་དཀར་དགོས་འདོད་ཀྱི༔ རིན་ཆེན་ཆར་འབེབ་འབྲུག་སྒྲ་སྒྲོག༔ གཞལ་ཡས་དེ་ཡི་ནང་ཤེད་ན༔ ཉི་ཟླ་པདྨ་རྟ་མཆོག་སྟེང༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་མདོག་དཀར་གསལ་ཁྲོ་འཛུམ་འགྱིང༔ ཕྱག་གཡས་རྡོ་རྗེ་སྦ་ལྕག་ཕྱར༔ གཡོན་པས་ཟླ་བའི་ཤེལ་ཕྲེང་འདྲེན༔ དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར༔ ཡིད་བཞིན་ནོར་བུ་འབར་བས་བརྒྱན༔ སྐུ་ལ་བེར་ཆེན་ཕྲུགས་གསུམ་གསོལ༔ གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དམག་དཔུང་བྱེ་བ་འབུམ་སྡེས་བསྐོར༔ ཀུན་ཀྱང་ཁྲོ་གཏུམ་བརྗིད་པའི་གཟུགས༔ དར་ཚོན་རོལ་མོས་ནམ་མཁའ་གང༔ བདེ་གཤེགས་སྟོང་གི་བསྟན་པ་སྲུང༔ པདྨ་འབྱུང་གནས་བཀའ་བཞིན་སྒྲུབ༔ ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང༔ དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད༔ རྗེ་དཔོན་ཡོངས་ཀྱི་དགྲ་བླར་གྱུར༔ རྡོ་རྗེ་འབར་བ་རྩལ་ལ་བསྟོད༔ ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད༔ དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེང་ནས་རིག་འཛིན་མཆོག་ཐོབ་བར༔ སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས༔ གྲགས་པ་གཟའ་སྐར་འོད་ལྟར་ཁྱེ༔ དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད༔ རིགས་རྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ༔ དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ༔ སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ༔ སྨྱོ་འདྲེ་རྒྱལ་འགོང་རྡུལ་བཞིན་ཐུལ༔ དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ༔ བདག་གི་ལུས་དང་གྲིབ་མ་བཞིན༔ འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ༔ བདུན་པ་ཛཔ྄་བཟླ་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཨ་དཀར་པོའི་མཐར༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་པ་དུང་གི་ཕྲེང་བ་ལྟ་བུས་བསྐོར་བ༔ རང་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿདམར་པོ་རྩ་སྔགས་ཀྱིས་བསྐོར་བ༔ དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་ཆེན་གྱི་ནུས་པ་དང་གཟི་བྱིན་འོད་ཟེར་སྣ་ཚོགས་སུ་རང་ལ་ཐིམ་པར་བསམ་ལ་སྔགས་བཟླ༔ སླར་ཡང་འོད་ཟེར་འཕྲོས། དབུས་དང་ཕྱོགས་མཚམས་སུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ལྷ་མིའི་གནས་སུ་བཞུགས་པའི་རྡོ་རྗེ་འབར་བ་རྩལ་སོ་སོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ལས་མ་དག་པ་སྦྱོང་བའི་ཁྲུས་ཆར་འབབ། དྲི་བཟང་སྤོས་ཀྱི་ངད་པ་འཐུལ། ཨཱ་ལི་ཀཱ་ལིའི་རང་སྒྲ་བསྒྲགས་པས་ནད་གདོན་བར་ཆད་ཞི་ཞིང་ཚེ་དཔལ་འདོད་དགུའི་ལེགས་ཚོགས་རྣམས་བསྡུས་ནས་རང་ལ་ཐིམ། སྟོང་གསུམ་གྱི་སྐྱེ་རྒུ་ཀུན་དབང་དུ་བསྡུས་ཏེ་བྲན་དུ་བཀོལ་ཞིང་འདར་ཡེད་ཡེད་གནས། དགྲ་བགེགས་བདུད་དཔུང་ཐམས་ཅད་ཚར་བཅད། མདོར་ན་ཅི་བསམ་པའི་དོན་རྣམས་ཡིད་བཞིན་དུ་སྒྲུབ་པར་བསམ་ཞིང་། གོང་གི་སྔགས་ཅི་ནུས་བཟླ། གཞན་ཡང་ཞི་སོགས་ལས་སོ་སོར་སྒྲུབ་ན་སྐབས་བསྟུན་གྱི་གཙོ་བོ་འཕོ་ཞིང་སྔགས་དང་དམིགས་པའི་ཁ་བསྒྱུར་གཞུང་ལྟར་བྱ་བ་ཡིན་ནོ། །བརྒྱད་པ་སྐོང་བ་ནི། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་བརླབས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་གང་འདུལ་སྒྱུ་མའི་སྐུ །ས་བརྒྱད་དབང་ཕྱུག་རྡོ་རྗེ་འབར་བ་རྩལ། །མཚན་དྲུག་རྣམ་འགྱུར་དགུ་ལྡན་མཆེད་འཁོར་བཅས། །དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་། །གཡའ་ཆུ་གངས་ཆུ་ལུ་མའི་མཆོད་ཡོན་སྦྲེང་། །ཆུ་དང་ཐང་སྐྱེས་མེ་ཏོག་ཕྲེང་མཛེས་བསྟར། །སྤོས་དཀར་ཙན་དན་བཟང་ཤིང་དུད་སྤྲིན་འཐིབས། །རྩི་བཅུད་ཏིལ་མར་ནོར་བུའི་སྒྲོན་མེ་སྦར། །ག་པུར་གུར་གུམ་དྲི་ལྡན་ཁྲུས་རྫིང་བསྐྱིལ། །དཀར་མངར་ཤིང་ཏོག་འབྲུ་སྣའི་བཤོས་གཙང་སྦྱར། །རྔ་དུང་སིལ་སྙན་པི་ཝཾ་གླིང་བུའི་སྒྲས། །དྲི་ཟའི་རྒྱལ་པོ་འཁོར་བཅས་ཐུགས་དམ་བསྐང་། །འབྲུ་སྣ་སྨན་སྣ་དར་ཟབ་རིན་ཆེན་དབྱིག །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་པ་བདུན། །གནམ་ལ་འཕུར་དགུ་ས་ལ་འཛུལ་བཅུ་དང་། །བར་ན་འགྲིམ་དགུའི་སྲོག་ཆགས་སྣ་ཚོགས་སོགས། །ལྷ་ཀླུ་གནོད་སྦྱིན་མི་དབང་དཔལ་འབྱོར་གྱིས། །ས་བརྒྱད་སེམས་དཔའ་འཁོར་བཅས་ཐུགས་དམ་བསྐང་། །གདུགས་དང་རྒྱལ་མཚན་དར་འཕན་རྔ་ཡབ་དཀར། ཁྲབ་རྨོག་མདའ་མདུང་གོ་མཚོན་སྲ་བརྟན་རྣོ། །བེར་ཆེན་ལྷབ་ལྷུབ་སྐ་རགས་མཆིལ་ལྷྭམ་བརྗིད། །རིན་ཆེན་པད་ཕྲེང་སྟག་ཤམ་སྦྲུལ་གྱི་ཆུན། །སྦ་ལྕག་ཤེལ་ཕྲེང་ལ་སོགས་ཕྱག་མཚན་གྱིས། །སྐུ་ལྷ་གཉན་པོ་འཁོར་བཅས་ཐུགས་དམ་བསྐང་། །རྟ་མཆོག་ངང་དཀར་གསེར་དངུལ་དར་ཟབ་བརྒྱན། །ལྷ་གཡག་ཞོལ་དཀར་དར་གྱི་ཕོན་པོས་སྤྲས། །མཛེས་པའི་དུང་ཁྲ་འཕུར་ལྡིང་གཟན་ལ་འཇུམ། །དུང་སྤྱང་ཕོ་མོ་ཕྱོགས་ཀུན་གློག་ལྟར་མྱུལ། །ཤེལ་བུམ་ལྟར་དཀར་གཙང་ལུག་ཁྱུ་ཆེན་གྱིས། །ལྷ་ཆེན་ཐང་ལྷ་འཁོར་བཅས་ཐུགས་དམ་བསྐང་། །མཎྜལ་གྲུ་བཞི་སྨྱུག་རྒོད་དར་སྣས་བརྒྱན། །བྲིས་འབུར་ཞལ་བརྙན་ཡེ་ཤེས་སེམས་དཔའ་འཁྱིལ། །དར་དཀར་གཞི་མར་ལེགས་བྲིས་སྙིང་པོའི་ཕྲེང་། །ཕྱི་རྟེན་ཆགས་པའི་བླ་རྡོས་ཐུགས་དམ་བསྐང་། །དཀར་གསུམ་གཙང་ཕྱེ་སྨན་ཕུད་ཡོངས་སྦྱར་བར། །སྣ་ཚོགས་རྒྱན་གྱི་ཁྱད་པར་བཀོད་ལེགས་པ། །ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར་བའི་དབྱིབས། །ནང་རྟེན་དམ་རྫས་གཏོར་མས་ཐུགས་དམ་བསྐང་། །ཏིང་འཛིན་གསལ་བའི་དོན་མཚོན་མན་ཤེལ་དཀར། །དྲི་མེད་འོད་རྒྱུན་ཟད་མི་ཤེས་པའི་རྟེན། །རྣམ་པར་མི་རྟོག་ཐུགས་ཀྱི་དམ་རྫས་མཆོག །གསང་རྟེན་ཡིད་བཞིན་ནོར་བུས་ཐུགས་དམ་བསྐང་། །བདེ་གསལ་མི་རྟོག་དབྱིངས་རིག་དབྱེར་མེད་པ། །དུས་གསུམ་རྒྱལ་བ་རྒྱ་མཚོའི་བགྲོད་གཅིག་ལམ། །ལྷ་ཆེན་ཐུགས་ཀྱི་དགོངས་པ་ཟབ་ཞིའི་ངང་། །ཇི་བཞིན་མཉམ་པར་བཞག་པས་ཐུགས་དམ་བསྐང་། །བསྒྲུབ་རྫས་མ་ཚོགས་མནའ་དང་དམ་ལས་འགལ། །མི་གཙང་གྲིབ་ཕོག་དམ་མེད་མི་དང་འདྲེས། །ནག་ཕྱོགས་ལྷ་རིགས་བསྟེན་སོགས་ཉེས་སྤྱད་ཚོགས། །རང་གནོང་འགྱོད་པས་བཤགས་སོ་བྱང་བར་མཛོད། །བསྟན་ལ་འཚེ་བའི་དགྲ་བགེགས་རྩད་ནས་ཆོམས། །བདག་ཅག་འཁོར་བཅས་བུ་བཞིན་སྐྱོང་བ་དང་། །རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །མི་མཐུན་འགལ་རྐྱེན་གནོད་པ་ཀུན་ཞི་ཞིང་། །མཐུན་རྐྱེན་ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད། །དགུ་པ་གསེར་སྐྱེམས་ནི། ཕུད་གཙང་རིན་ཆེན་དང་སྦྱར་བ་ལས་རྡོར་གྱིས་བཏེགས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཧཱུྃ། འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །དཀར་མངར་རྒྱ་ཇ་གཙང་མ་གསེར་ཕྱེར་སྦྱར། །འཆི་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདིས། །རྡོ་རྗེ་འབར་བ་རྡོ་རྗེ་མཆོག་རབ་རྩལ། །ཡུམ་མཆོག་བརྒྱ་བྱིན་སྲས་མོ་གནམ་མཚོའི་སྨན། །ཐང་སྲས་འཕྱོར་པ་ཐང་འབྲི་དུར་པོ་དང་། །ལྷ་ཡི་ལྕམ་གཅིག་རུ་འདྲེན་ཕྱི་ནང་བློན། །རྟ་ཕྱུགས་རྫི་བོ་སྤྲུལ་པ་ཡང་སྤྲུལ་ཚོགས། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་སྡེ་བརྒྱད་དམག །བྱེ་བ་འབུམ་སྡེ་བསམ་མི་ཁྱབ་པ་ལ། །གསོལ་ལོ་མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྐུ་གསུང་ཐུགས་མཆོག་དགྱེས་མཉེས་ཚིམས་ནས་ཀྱང་། །པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་ཞལ་བཞེས་ཐ་ཚིག་མ་བསྙེལ་བར། །འཇིག་རྟེན་བདེ་ཞིང་རྒྱལ་བསྟན་ཕྱོགས་བརྒྱར་སྤེལ། །རྣལ་འབྱོར་བསམ་པ་འགྲུབ་པའི་གྲོགས་མཛོད་ཅིག །ཧོཿ འབྲུ་བཅུད་སྟོང་སྦྱར་གྱི་ཛ་གད། དཀར་མངར་གཙང་མའི་ཕུད་མཆོད། བཅུད་ལྡན་རྒྱ་ཇའི་ཞལ་སྐྱེམས། ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་འདིས། བྱང་སེམས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ། ཚངས་རིས་ལྷའི་གཙོ་བོ་རྡོ་རྗེ་འབར་བ་རྩལ་ལ་གསོལ་ལོ་མཆོད་དོ། །དམ་ཅན་ཤེལ་གིང་དཀར་པོ་ལ་གསོལ་ལོ་མཆོད་དོ། །ལྷ་མཆོག་གནམ་ཐེའུ་དཀར་པོ་ལ་གསོལ་ལོ་མཆོད་དོ། །གནམ་ལྷ་བྱང་ཆུབ་སེམས་དཔའ་ལ་གསོལ་ལོ་མཆོད་དོ། །ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གསོལ་ལོ་མཆོད་དོ། །དྲི་ཟ་ཟུར་ཕུད་ལྔ་པ་ལ་གསོལ་ལོ་མཆོད་དོ། ཁྱབ་འཇུག་གནམ་མཚོའི་བདག་པོ་ལ་གསོལ་ལོ་མཆོད་དོ། །ཡུམ་མཆོག་བརྒྱ་བྱིན་སྲས་མོ་ལ་གསོལ་ལོ་མཆོད་དོ། །མཆེད་སྲས་སྤྲུལ་པའི་དམག་ཚོགས་ལ་གསོལ་ལོ་མཆོད་དོ། །འཁོར་གཡོག་བྱེ་བ་འབུམ་སྡེ་ལ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ལ་གནོད་པར་བྱེད་པའི་བན་བོན་སྔགས་པའི་མཐུ་བྱད། སྣང་སྲིད་ལྷ་འདྲེའི་ཟ་ཁ་ཟུག་པ། ནད་གདོན་བར་ཆད་ཆག་ཆེ་ཉམ་ང་། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་གྱི་གནོད་པ་སྨྱོ་འབོག་སྙིང་རླུང་སྟོད་འཚང་ལྐུག་འཚལ་བརྒྱལ་གཟེར་འཁྲུག་ལོང་ཞ་གྲུམ་ལ་སོགས་པ། ཞི་བ་དང་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། དངོས་ཉམས་རྨི་ལམ་དུ་ཆོ་འཕྲུལ་ངན་པ་སྟོན་པ་པོ་རྣམས་སྟོབས་ལྡན་དྲག་གཏུམ་སྤྲུལ་པའི་ཚོགས་ཀྱིས་ཚར་གཅོད་པར་མཛད་དུ་གསོལ། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མ་གཡེལ་བར་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་ཕུད་གཙང་སར་འཐོར་རོ། །བཅུ་པ་བསང་མཆོད་ནི། དམིགས་བསལ་སྐབས་སུ་བབས་ན་ཆགས་མེད་རིན་པོ་ཆེས་མཛད་པའི་དབུ་རུ་བྱང་ཕྱོགས་ལྟ་བུ་སྐབས་འདིར་གཏང་། གསོལ་མཆོད་ཀྱི་དཀྱུས་ལ་མི་དགོས་སོ། །བཅུ་གཅིག་པ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ང་ནི་དབང་དྲག་པདྨའི་སྲས༔ ཉིད་ནི་ལྷ་ཆེན་འབར་བ་རྩལ༔ སྔོན་གྱི་ཞལ་བཞེས་ཐུགས་དམ་དགོངས༔ མཐུ་དང་རྫུ་འཕྲུལ་སྟོབས་སྐྱེད་ལ༔ ནད་གདོན་བར་ཆད་མི་མཐུན་ཕྱོགས༔ མ་ལུས་ཞི་བའི་ཕྲིན་ལས་མཛོད༔ ཚེ་དང་བསོད་ནམས་ཕན་བདེའི་ཚོགས༔ འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་འཁོར་དང་ལོངས་སྤྱོད་ཚོགས༔ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ ལོག་ལྟ་གནོད་བྱེད་དགྲ་བགེགས་རྣམས༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ སྙན་པར་བསྔགས་དང་གྲགས་པའི་ཚོགས༔ ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ འགྲོ་ཀུན་སྨིན་གྲོལ་ལེགས་ལམ་སྟོན༔ དོན་གཉིས་མཐར་ཕྱིན་ཕྲིན་ལས་མཛོད༔ ཧཱུྃ༔ གཡས་རུ་རི་རྒྱལ་བཀྲ་བཟང་རྩེར༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ བཀའ་ཉན་ལྷ་སྲིན་ཀུན་འདུས་ཚེ༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཁྱེད༔ ལྷ་བྲག་ཐུགས་གཏེར་བདག་པོར་བསྔགས༔ རྫོགས་པ་ཆེན་པོའི་རྣལ་འབྱོར་སྐྱོང༔ སྙིགས་དུས་རྒྱལ་འགོང་དམ་སྲི་ཡི༔ གཉེན་པོ་སྲོག་གི་གཤེད་མར་བསྐོས༔ རྒྱལ་བའི་བསྟན་པ་གུས་མཆོད་ཅིང༔ དཀར་ཕྱོགས་སྐྱོང་བའི་ལས་ལ་བརྩོན༔ གུས་པས་བསྟེན་ལ་སྙིང་ཉེ་ཞིང༔ མགོན་སྐྱོབ་དཔུང་གཉེན་མི་འབྲལ་སྲུང༔ མདོར་ན་བདག་སོགས་འཁོར་བཅས་ཀྱི༔ བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང༔ བསམ་དགུ་ཆོས་བཞིན་འགྲུབ་པ་དང༔ འདོད་དགུ་ཡིད་བཞིན་འབྱུང་བ་ཡི༔ མཆོག་ཐུན་དངོས་གྲུབ་མ་ལུས་རྣམས༔ འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོད༔ བཅུ་གཉིས་པ་རྒྱལ་གདོན་དམ་སྲིའི་གནོད་པ་སོགས་འཚུབ་འགྱུར་ཆེ་བའི་སྐབས་སུ་བསྐུལ་རིང་བྱེད་ན། ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་ཡུལ་འདམ་ཤོད་སྣར་མོ་ནས༔ ཡ་ཞུར་གཉན་པོ་སྐུ་བཞེངས་ཤིག༔ བླ་མཚོ་འཁྱིལ་བའི་ནང་ཤེད་ནས༔ གཉན་ཆེན་ཐང་ལྷ་སྐུ་བཞེངས་ཤིག༔ བྲག་དཀར་གཉན་པོའི་རྩེ་མོ་ནས༔ དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག༔ གངས་དཀར་མཐོན་པོའི་རྩེ་མོ་ནས༔ ཡུལ་ལྷ་ཆེན་པོ་སྐུ་བཞེངས་ཤིག༔ སྤྲིན་དང་ན་བུན་གསེབ་ཤེད་ནས༔ ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག༔ སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག༔ གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག༔ སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག༔ སྤྲུལ་པའི་ཚུལ་དུ་སྐུ་བཞེངས་ཤིག༔ སྤྲུལ་པ་འཇིགས་པའི་ལུས་པོ་དེ༔ ལྷ་གཡག་དཀར་པོ་ཞིག༔ དུང་རུ་གནམ་དུ་གཡུག༔ དུང་རུ་དཀར་པོ་ཞིག༔ གནམ་གྱི་བདུད་ལ་སྒྱུར༔ ནང་གི་གོད་ཁ་སྒྱུར༔ རྨིག་བཞི་ས་ལ་འཁྲབ༔ དུང་རྨིག་དཀར་པོ་ཡིས༔ ལྷ་སྲིན་དམྱལ་ཐག་ཆོད༔ རྔ་མ་དར་དཀར་གཡུག༔ རྔ་དཀར་སྤྲུགས་པ་ཡིས༔ ལྷ་བཙན་བྲན་དུ་འཁོལ༔ ངར་སྐད་ཐེངས་གསུམ་ངར༔ ཁམས་གསུམ་དབང་དུ་སྡུད༔ རུ་བསིགས་ལན་གསུམ་སྤྲུག༔ སྲིད་གསུམ་དབང་དུ་སྡུད༔ མཐོ་མཐོ་གོང་གསུམ་ནས༔ དུང་ཁྲ་མེལ་ཚེ་བཞིན༔ དུང་ཁྲ་དཀར་པོ་ཞིག༔ ལ་ཉེ་ཁྲི་ལི་ལི༔ རོང་དང་འཕྲང་སྒོ་ནས༔ དུང་སྤྱང་དཀར་པོ་ཞིག༔ དགྲ་བོའི་བླ་ལ་རྒྱུག༔ དྲག་ཏུ་བསྐུལ་བའི་ཚེ༔ སྡང་བའི་དགྲ་བོ་སོད༔ གནོད་པའི་བགེགས་རྣམས་ཐུལ༔ ཨོཾ་བཛྲ་ཀྲོ་ཏ་ན་ཤི་ལི་མི་ལི་དུ་བགེགས་མཱ་ར་ཡ་ཕཊ༔ བསྐུལ་འདི་དོ་གལ་ཆེ་ན་མ་གཏོགས་མི་བྱའོ། །དཀྱུས་སུ་བྱ་བའི་སྐུལ་ཐུང་ནི། ཧཱུྃ༔ ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད༔ བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ༔ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང༔ ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ༔ གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློགས༔ དམ་བཅས་དམ་ལས་མ་འདའ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བིགྷྣཱན་རཱ་ཛ་མཱ་ར་ཡ་ཕཊ༔ ཅེས་བསྐུལ་ལོ། །དུས་བཟང་ལ་བབས་ཤིང་ཕྱི་ནང་གི་རྟེན་འཛོམ་པ་སོགས་དགོས་པ་དང་འབྲེལ་ན་འདིར་མངའ་གསོལ་བྱ་སྟེ། དེའང་ཡོལ་མོ་བའི་གསུང་། ལྷ་དབང་ཀླུ་བདག་ལྟ་བུ་ལ་བྱའོ། །བཅུ་གསུམ་པ་རྗེས་ཀྱི་བྱ་བ་ནི། ཕྲིན་ལས་གཞན་དང་འབྲེལ་ན་འདི་ཕྱིན་ཆད་མི་དགོས་ལ། འདིའི་ཕྲིན་ལས་ཁོ་ན་སྒེར་དུ་བྱེད་ན། མ་རྙེད་ཡོངས་སུ་མ་ཚང་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་རྟེན་ཡོད་ན་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བཀྲ་ཤིས་པའི་ཚིག་ཕྲེང་ཇི་ལྟར་འོས་པ་བརྗོད་ལ་བདེ་ལེགས་སུ་བྱའོ། །འདི་ཉིད་བསྟེན་པའི་སར་ནག་ཕྱོགས་ཀྱི་ལྷ་འདྲེ་ཕོ་མོ་མི་བསྟེན། གྲིབ་དང་མི་གཙང་དམ་སེལ་ལ་འཛེམ། གཏོར་མ་དཀར་གསུམ་མངར་གསུམ་འབྲས་བུ་བཟང་པོས་རྟག་ཏུ་མཆོད། དཀར་ཚེས་བཅོ་ལྔ་ལ་གསོལ་མཆོད་རྒྱས་པ་མ་ཆག་པར་བྱ། སྙིགས་དུས་ཀྱི་སྒྲུབ་པ་པོ་དང་སྡེ་དཔོན་སྟོབས་ལྡན་རྣམས་ཀྱི་སྲུང་མར་བསྟེན་ན་བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཆེ་བར་གསུངས་སོ། །རྗེ་ཡི་སྐུ་ལྷ་རྣལ་འབྱོར་ཡོངས་ཀྱི་གྲོགས། །དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱི་རྗེ་བོ་འདི། །བསྟེན་མཆོད་སྒྲུབ་པོས་ཡངས་པའི་ཁྱོན་ཀུན་ཁྱབ། །ནག་པོའི་མཐུ་ཉམས་དཀར་པོའི་སྟོབས་འཕེལ་ཤོག །ཅེས་པ་འདིའང་བདག་ཅག་གི་འདྲེན་མཆོག་ཏཱའི་སི་ཏུ་པདྨའི་ལྗགས་ལྡན་གཉིས་པའི་ཞལ་སྔ་ནས་རིན་པོ་ཆེའི་མེ་ཏོག་བཅས་བཀའ་ལུང་བཟང་པོས་རྗེས་སུ་གནང་བ་ལས། འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་རྡོ་རྗེའི་གསུང་ལ་ཁ་སྐོང་ཕྲན་བུས་བརྒྱན་ཏེ་ཉུང་གསལ་གྱི་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།

རྟ་མགྲིན་གསང་བ་འདུས་པ་ལས། གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་འགྲིགས་ཆགས་སུ་བཀོད་པ་འཁྲུལ་མེད་གསང་ཐིག་ (Volume 28, Text 28)

༄༅། །རྟ་མགྲིན་གསང་བ་འདུས་པ་ལས། གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་འགྲིགས་ཆགས་སུ་བཀོད་པ་འཁྲུལ་མེད་གསང་ཐིག་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། གསང་བ་གསུམ་གྱི་མཛོད་འཛིན་ཅིང་། །ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད། །གཏུམ་པོའི་ཞབས་ལ་ཕྱག་བྱས་ཏེ། །འོད་ཟེར་ཕྲེང་བའི་ལག་ལེན་བྲི། །དབང་ཆེན་གསང་བ་འདུས་པའི་ཐུགས་སྒྲུབ་རྡོ་རྗེ་གཏུམ་པོའི་དབང་བསྐུར་བསྒྲུབ་པ་ལ། སྦྱོར་བ་དཀྱིལ་འཁོར་དབུས་ཨེ་མཐིང་ནག་ཟླ་གམ་དམར་པོ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་སྔོ་སེར་དམར་ལྗང་ཕྱོགས་མདོག །དེ་རྒྱབ་རྩིབས་བཅུ་མཐིང་ནག །རྩིབས་མཆན་དམར་པོ། དེ་རྒྱབ་ཕྱོགས་བཞིར་རྡོ་རྗེའི་བྲག་རི། མཚམས་བཞིར་མེ་ཏོག་སྔོན་པོའི་ཕྲེང་བས་བསྐོར་བ། ལྷ་མཚན་དང་སྒོ་རྟ་བབས་སོགས་སྤྱི་དང་མཐུན་པར་བྲིས་པའམ། ཡང་ན་ལྷ་གྲངས་ཀྱི་ཚོམ་བུ་མཎྜལ་ལ་བཀོད་པའི་སྟེང་དུ་རྐང་གསུམ་ཁར་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གསེབ་གསང་བདག་གི་སྐུ་གཟུག་པ་དང་གཟུངས་རྡོར་བཅས་བཀོད། གཡས་སུ་དཔལ་གཏོར་སྐུ་གཟུགས་དང་གདུགས་སྔོན་པོས་བརྒྱན་པ། གཡོན་དུ་ཐོད་ཆང་ཨ་མྲྀཏ་སྦྱར་བ། གཞན་ཡང་དར་སྣའི་ཅོད་པན། རྡོ་རྗེ་དྲིལ་བུ། ཧཱུྃ་གི་སྤར་སྣག་ཚ་དང་བཅས་པའམ་བྲི་བའི་ཆས། རལ་གྲི་དང་མེ་དཔུང་། འཁོར་ལོ་སྦྲུལ་ཞགས། གསང་བདག་ཁྱུང་ལྔ་དང་བཅས་པའི་སྐུ །ཁྲོ་བཅུའི་སྐུའམ་ཕྱག་མཚན། སྒྲུབ་ཐབས་དར་གྱིས་དྲིལ་བ་རྣམས་ཅི་བདེར་བཞག །མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར། ལས་བུམ་སོགས་མཁོ་བའི་ཡོ་བྱད་ཀུན་འདུ་བྱ། དངོས་གཞི་བདག་མདུན་སྒྲུབ་པ་ནི། གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ་ལྟར་སྐྱབས་སེམས་ཚད་མེད་བཞི་བར་སྔོན་དུ་འགྲོ་བས། ཞི་བསྙེན་སྐབས། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་དང་། བུམ་པ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་དབུས་སུ་འཁོར་ལོ་རྩིབས་བཅུ་སོགས་ནས། ཡོངས་སུ་གྱུར་པ་ལས། བདག་དང་མདུན་བསྐྱེད་ཕྱག་ན་རྡོ་རྗེ་སོགས་བརྗོད་ཅིང་ཚིག་རིས་གཅིག་གིས་བདག་མདུན་རྣམ་པ་ཐ་དད་དུ་བསྐྱེད་ཅིང་དྲངས་བསྟིམ་བསྐུར། བཟླས་པའི་སྐབས། བདག་གི་ཐུགས་ཀའི་སྔགས་ལས་འོད་འཕྲོས། དཀྱིལ་འཁོར་གྱི་ལྷ་ལ་ཕོག་པས་ཐུགས་དམ་བསྐུལ། འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་དང་བུམ་པ་ལ་ཐིམ། བུམ་པའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་འོད་ཟེར་ཕྲེང་བ་བར་མ་ཆད་དུ་བྱོན་ནས་བདག་ལ་ཐིམ་པར་གྱུར། ཅེས་མོས་ལ་སྔགས་བཟླ། ཁྲོ་སྒྲུབ་སྐབས། ཧཱུྃ་ཞེས་བརྗོད་པས་བདག་དང་བུམ་པ་གཞལ་ཡས་ཁང་གི་ཞེས་དང་། ཡོངས་སུ་གྱུར་པ་ལས། བདག་དང་མདུན་བསྐྱེད་ཁྲོ་རྒྱལ་སོགས་དང་། བདག་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཁྲོཾ་བཞི་སོགས་བསྒྱུར། མཆོད་པ། སརྦ་པཉྩ་ཨོཾ་ཨཱཿཧཱུྃ། ཞེས་པའི་རྗེས་སུ། ཧཱུྃ༔ ཐབས་དང་ཤེས་རབ་སྦྱོར་སྒྲོལ་མཆོད༔ ཏ་ན་གྷ་ན་མཆོག་ཆེན་པོ༔ གཉིས་མེད་རྟོགས་པའི་བདེ་བ་ཆེ༔ གསང་བ་མཆོག་གི་ཨ་མྲྀ་ཏ༔ རྨད་དུ་བྱུང་བའི་གཏོར་ཆེན་པོ༔ ཁམས་གསུམ་འཁོར་བ་བསྒྲལ་པའི་ཁྲག༔ མཆོད་སྤྲིན་རྒྱ་མཚོ་དཔག་མེད་གཏིབས༔ གསང་བདག་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་པཉྩཿམ་ཧཱ་བ་ལིཾ་ཏཿརཀྟ༔ ཏ་ན་གྷ་ན་གྷུ་ཡ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་དག་པའི་དཀྱིལ་འཁོར་ནས༔ སྣང་སྲིད་ཐམས་ཅད་མཆོད་པར་སྦྱར༔ དག་པ་སྐུ་ཡི་དཀྱིལ་འཁོར་ནི༔ གསང་བའི་གསུང་གི་དབྱངས་ཆེན་པོ༔ རོལ་པའི་དབྱངས་ཆེན་ཕྱག་རྒྱ་ཆེ༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ རང་ཉིད་ལྷ་ལ་རང་སྤྲུལ་ནས༔ རང་རིག་ལྷ་ལ་མཆོད་པར་འབུལ༔ བཛྲ་པཱ་ཎི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཞེས་སྦྱར། བཟླས་པའི་སྐབས། བདག་རྩ་བའི་དཀྱིལ་འཁོར་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་རྩ་སྔགས་དང་བཅས་པ་ལས་འོད་འཕྲོས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཚར་བཅད༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་བསྡུས༔ གཞལ་ཡས་ཁང་གི་གཙོ་འཁོར་རྣམས་ལ་ཐིམ་འོད་དུ་འབར༔ ཁྱད་པར་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཧཱུྃ་སྔགས་དང་བཅས་པ་ལ་ཐིམ་པས་མེ་འབར་བ་ལྟར་གྱུར༔ ནུས་པ་དང་བྱིན་རླབས་ཐམས་ཅད་གཟུངས་ཐག་ལ་བརྒྱུད་བདག་གི་ཐུགས་ཀར་བར་མ་ཆད་པར་ཐིམ་པས༔ བདག་ཀྱང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ མཐུ་དང་ནུས་པའི་རྩལ་ཐོབ༔ གཟི་བརྗིད་དང་དཔལ་དུ་འབར་བས༔ སྤྱིར་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད༔ ཁྱད་པར་དུ་གསང་བའི་བདག་པོའི་བྱིན་རླབས་ནུས་སྟོབས་ཐམས་ཅད་བདག་ལ་རྫོགས་པར་བསམ་ཞིང༔ བཛྲ་ཙཎྜ་ཅི་འགྲུབ་དང་། མཐར་སྔགས་གཞན་རྣམས་དེའི་བཅུ་ཆ་ཇེ་ཉུང་གིས་བཟླས་ལ་སྟོང་ཚིགས་དང་བསྟོད་པ་བྱ། སྲུང་མའི་གཏོར་འབུལ་དང་ཚོགས་བྱེད་ན་རྟ་གསང་ལས་བྱང་ལྟར་རམ། རིགས་མཐུན་གཞན་ལས་བླང་། དབང་བླང་བ་ནི། བུམ་པ་ངོ་བོ་གསང་བའི་བདག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡིན་པ་ལ༔ རྣམ་པ་བདུད་རྩི་འོ་མ་ལྟ་བུ་སྤྱི་བོ་ནས་བབས་ལུས་རིམ་པར་གང་བར་བསྒོམ་ཞིང༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ན༔ བཅོམ་ལྡན་གསང་བདག་ལྷ་ཚོགས་བཞུགས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ བདག་ནི་སྐལ་ལྡན་སྒྲུབ་པ་པོ༔ འདོད་པའི་དོན་ལ་གསོལ་འདེབས་ན༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཡོན་ཏན་བྱིན་རླབས་ལུས་ལ་སྩོལ༔ ཕྲིན་ལས་བྱིན་རླབས་ནུས་པར་སྩོལ༔ ཡིད་བཞིན་དངོས་གྲུབ་མ་ལུས་སྩོལ༔ དུས་འདིར་བདག་ལ་བསྩལ་དུ་གསོལ༔ སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་ལ་བུམ་པ་གནས་བཞིར་གཏུགས་ལ་བུམ་ཆུ་མྱོང་། ལས་བུམ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་རྟ་གསང་དབང་ཆེན་ལྟར་བྱ། དེ་ནས་སློབ་མ་བདུན་ལས་མི་མང་བ་ཁྲུས་བྱ། སུམྦྷ་ནིས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་ལ། འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །རྒྱུད་ཐམས་ཅད་ཀྱི་སྟོན་པ། གསང་བ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་གངས་ཅན་གྱི་གདུལ་བྱ་སྐལ་ལྡན་བྱོན་པ་དང་། འབྱོན་པར་འགྱུར་བ་རྣམས་ཀྱི་ཆེད་དུ་སྔོན་ཆད་ས་སྟེང་དུ་མ་གྲགས་པའི་རྡོ་རྗེའི་གསང་མཛོད་དཔག་གིས་མི་ལང་པ་ཞིག་དབྱེ་བར་མཛད་པ་ལས། གསང་བདག་ཐུགས་ཀྱི་སྒྲུབ་པ་དཀྱིལ་འཁོར་དང་གཙོ་རྐྱང་སོགས་ཀྱི་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པ་གསུངས་པའི་ནང་ཚན། མེ་ལྕེ་ཕྲེང་བའི་རྒྱུད་ལས་བཏུས་པ་རྡོ་རྗེ་གཏུམ་པོའི་རྣལ་འབྱོར་འདི་ཡི་སྒོ་ནས་བྲག་དམར་མགྲིན་བཟང་དང་བསམ་ཡས་འོམ་བུའི་ཚལ་གྱི་ས་གཞི་བྱིན་གྱིས་བརླབས་ཤིང་། མལ་གྲོ་གཟི་ཅན་ལ་སོགས་པའི་ཀླུ་གཉན་གདུག་པ་ཅན་བཏུལ་བར་མཛད་པའི་བྱིན་རླབས་དང་ནུས་མཐུ་འགྲན་ཟླ་དང་བྲལ་བའི་སྒྲུབ་ཐབས། རྟ་མགྲིན་གསང་བ་འདུས་པའི་ཐུགས་ཀྱི་སྒྲུབ་པར་བསྡེབས་པར་མཛད་པ་འདི་ཉིད་ཀྱི་དབང་སྐུར་བར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། ཐལ་མོ་མེ་ཏོག་གིས་བརྒྱན་ཏེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་གསང་བདག་ཆེ་བའི་མཆོག༔ རིག་སྔགས་ཀུན་གྱི་མངའ་བདག་ཆེ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན། གསང་བདག་ཐུགས་ཀྱི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཧཱུྃ༔ འདིར་འོང་རིགས་ཀྱི་བུ་རྣམས་ཀུན༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་རབ་ཏུ་མནོས་གྱུར་ཏེ༔ འདི་དག་ཉམས་ན་ཉེས་ཆེན་པོ༔ དམ་ཚིག་ཉམས་ན་ལྟུང་བར་འགྱུར༔ འདི་དག་ངེས་པར་དམ་བཅའ་འམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། བདག་ཅག་རྡོ་རྗེ་འཛིན་པ་དང༔ སློབ་དཔོན་ལ་ནི་གཉིས་མི་བལྟ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ཅག་རྡོ་རྗེའི་བྲོ་བོར་འཚལ༔ རྡོ་རྗེ་གནས་གསུམ་དུ་གཏུགས། དམ་ཆུ་སྦྱིན་ལ། ཧཱུྃ༔ བུ་ཁྱོད་དམ་ལ་གནས་གྱུར་ན༔ གསང་བའི་བདག་པོ་སྙིང་ལ་ཞུགས༔ སྐུ་གསུང་ཐུགས་ལ་གནས་གྱུར་ཏེ༔ ང་ཡང་ཁྱོད་ཀྱི་རྡོ་རྗེ་འཛིན༔ བུ་ཁྱོད་གསང་བའི་བདག་པོར་འགྱུར༔ དངོས་གྲུབ་ཆེན་པོ་འདིས་ཐོབ་བོ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཨུ་ད་ཀ་ཏྲ་ཐ་ཡ་ཧཱུྃ༔ ཞེས་བརྗོད། སྐབས་འདིར་ཡེ་ཤེས་དབབ་པ་ལྟར་ན། ལས་སྔགས་དང་བུམ་ཆུས་བསང་། མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཀླུ་རིགས་ལྔ་བགེགས་དང་དམ་སྲི་ཁ་སྦུབ་ཏུ་མནན་པའི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་རང་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། གདུག་པ་ཅན་གྱི་ནུས་མཐུ་བཅོམ། རྒྱལ་བའི་བྱིན་རླབས་བསྡུས་ཏེ་སླར་ཐིམ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཁྲོ་རྒྱལ་གསང་བའི་བདག་པོ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་སྤྱན་དགུ་སྡང་མིག་ཏུ་བགྲད་ཅིང་མཆེ་བ་གཙིགས་པ། ཨག་ཚོམ་མེ་ལྟར་འབར་བའི་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པའི་གསེབ་ནས་རྟ་ཞལ་ལྗང་གུ་འཚེར་བ། རྟ་དབུའི་སྟེང་དུ་སྐུའི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་དང་མེ་གཤོག་ཅན། ཁྲོ་ཆུའི་རྭ་དང་ཞལ་ནས་མེ་འབར་བ། ཤངས་ནས་རླུང་འཚུབས་པ། སྤྱན་ནས་ཁྲག་ཁོལ་བ། སྦྲུལ་རིགས་ལྔ་བཟུང་ཞིང་ཟ་བ། ཀྲང་ཀྲང་ཀྲིང་ཀྲིང་ཀིང་ཀིང་ཞེས་སྟོང་གསུམ་ཁེངས་པའི་སྒྲ་སྒྲོག་པ། ཕྱག་དྲུག་གཡས་གསུམ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱར་ཞིང་རལ་གྲི་མེ་འབར་བ་དང་། གསེར་གྱི་འཁོར་ལོ་བསྣམས་པ། གཡོན་གསུམ་སྡིགས་མཛུབ་མེ་འབར་བ་ཐུགས་ཀར་བསྒྲེངས་པ་དང་། དྲིལ་བུ་སྦྲུལ་ཞགས་འཛིན་པ་སྦྲུལ་རིགས་ལྔ་དང་གླང་ཀོ་ཞིང་ལྤགས་སྟག་ཤམ་གྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་དང་བ་སྤུའི་བུ་ག་ནས་མེ་འབར་བ། སྐུ་ཆེ་ལ་ཡན་ལག་རགས་ཤིང་འཇིགས་སུ་རུང་བ། རྡོ་རྗེའི་གད་རྒྱངས་ཧ་ཧ་ཧི་ཧི་སྒྲོག་པས་རི་རབ་ལྡེག་ཅིང་ཧཱུྃ་ཧཱུྃ་གི་རྐན་སྒྲ་བརྡབས་པས་ཀླུ་དང་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་འབོག་ཅིང་བརྒྱལ་བ། བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར། ཡེ་ཤེས་སེམས་དཔའ་ཚོན་གང་བ་མཐིང་ནག་ཁྲོ་ཞིང་གཏུམ་པ་འོད་དུ་འབར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བ། ཧཱུྃ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་འཁོར་ཚོགས་སྤྲུལ་པ་དང་བཅས་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ཏེ་གཉིས་མེད་དུ་ཐིམ་པར་མོས་ཤིག །སྤྲོ་ན་སྤྱན་འདྲེན་བརྗོད། རྩ་སྔགས་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བཏགས་པ་བརྗོད་ཅིང་སྤོས་རོལ་གྱི་སྦྱོར་བ་དང་བཅས་ཡེ་ཤེས་པ་དབབ་ལ། ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། བུམ་པ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དུ་གསང་བདག་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་བཀྲུས། ལུས་གསང་བདག་གི་སྐུ་དང་དབྱེར་མེད་པའི་གཟི་བརྗིད་ལྡན་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ གསང་བདག་གཏུམ་པོའི་ལྷ་ཚོགས་བཞུགས༔ བུམ་དབང་སྐུ་ཡི་དབང་བསྐུར་བས༔ བུ་ཁྱོད་ལག་ན་རྡོ་རྗེར་གྱུར༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུས་སྤྱི་བོར་བླུགས་ལ་ཁྲུས་བྱའོ། །དར་སྣའི་ཅོད་པན་སྤྱི་བོར་བཅིངས་ལ། ཁྱོད་ནི་གསང་བདག་རྡོ་རྗེ་འཛིན༔ ལྷ་དང་སྐལ་པ་མཉམ་པར་འགྱུར༔ ཨོཾ་བཛྲ་པུཥྤེ་སིདྡྷི་ཧོ༔ ཁྱེད་རྣམས་ཀྱི་གསང་བའི་མཚན་དུ་ལས་ཀྱི་རྡོ་རྗེ་རྩལ་ཞེས་བྱ་བ་ཡིན་པས་མ་བརྗེད་པར་ཟུངས་ཤིག་དང་ཞིང་ཁམས་ཀུན་ཏུ་གྲགས་པའི་སངས་རྒྱས་ཀྱི་མཚན་ཐོབ་པར་འགྱུར་བ་ཡིན་ནོ། །བནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་ཚོགས་བདེ་བར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ལྕེ་ལ་བཞག་པས་རྩ་ཁམས་བདེ་བ་ཆེན་པོར་སྨིན། དུས་སྦྱོར་འཕོ་བའི་དྲི་མ་བཀྲུས། ངག་གསང་བདག་གི་གསུང་དང་དབྱེར་མེད་པའི་ནུས་མཐུ་འབར་བར་མོས་ཤིག །བནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ བནྡྷ་ཆོས་དབྱིངས་དཀྱིལ་འཁོར་ནས༔ དམ་རྫས་གསང་བའི་བདུད་རྩི་སྦྱར༔ གསང་བ་ངག་ལ་ནུས་པའི་དབང༔ རྩ་ཁམས་བདེ་བའི་རང་བཞིན་མཆོག༔ ངག་ལ་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་ངག་ཏུ་བླུད། ཐབས་ཤེས་རྡོ་རྗེ་དང་དྲིལ་བུ། ཟུང་འཇུག་ཧཱུྃ་ཡིག་ཡེ་ཤེས་ལྔའི་རང་བཞིན་གྱིས་མཚོན་ནས་རང་རིག་གསལ་སྟོང་ཟུང་འཇུག་ཡེ་ཤེས་ལྔའི་ངོ་བོར་རྟོགས། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་དག །ཡིད་གསང་བདག་གི་ཐུགས་དང་དབྱེར་མེད་པའི་མཁྱེན་རྟོགས་ཀྱི་རྩལ་རྫོགས་པར་མོས་ཤིག །སྙིང་གར་ཧཱུྃ་བྲི། རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ལ། ཧཱུྃ༔ ཐུགས་མཆོག་འགྱུར་མེད་ཧཱུྃ་དུ་གསལ༔ མ་སྐྱེས་འཇིགས་མེད་རྡོ་རྗེ་ཆེ༔ དྲིལ་བུ་ཤེས་རབ་སྒྲ་ཆེན་སྒྲོག༔ གསང་བ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྡོར་དྲིལ་སྙིང་གར་བསྣོལ་དུ་གཞུག་གོ །རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་མངའ་གསོལ་བས་འགྲོ་འདུལ་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་མངའ་སྒྱུར་བར་མོས་ཤིག །རལ་གྲི་དང་མེ་དཔུང་གཏད་ལ། ཧཱུྃ༔ རལ་གྲི་འབར་བས་མ་ལུས་གཅོད༔ སྡིགས་མཛུབ་མེ་དཔུང་བགེགས་རྣམས་བསྲེག༔ རྩལ་ཆེན་འགྲོ་བ་འདུལ་བའི་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཀརྨ་ཀྲོ་ཏ་ཨ་བྷི་ཥིཉྩ་མཱཾ༔ འཁོར་ལོ་དང་སྦྲུལ་ཞགས་གཏད་ལ། ཧཱུྃ༔ འཁོར་ལོ་འབར་བས་བདུད་དཔུང་གཏུབ༔ སྦྲུལ་ཞགས་སྡེ་བརྒྱད་ཀླུ་རྣམས་འདུལ༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཧཱུྃ་བཛྲ་སརྦ་དུཥྚཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་སྣོད་ཆོས་དབྱིངས་ཡེ་ཤེས་ཡངས་པའི་ཕོ་བྲང་ཆེན་པོར་གཏོར་མ་གསང་བདག་རྡོ་རྗེ་གཏུམ་པོ་དཀྱིལ་འཁོར་གྱི་ཚོགས་དང་བཅས་པར་གསལ་བའི་སྐུ་གསུང་ཐུགས་ལས་བྱིན་རླབས་འོད་ཟེར་གྱི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་དབང་བཞི་རྩལ་རྫོགས་སུ་ཐོབ་པར་མོས་ཤིག །དཔལ་གཏོར་སྐུ་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་དབྱིངས་འབར་བའི་བནྡྷ་རུ༔ གཏོར་མ་ཡེ་ཤེས་ལྔ་དང་ལྡན༔ གསང་བདག་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འབྲས་བུ་སྐུ་བཞི་ལྷུན་གྲུབ་པར༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གནས་བཞིར་བཞག་གོ །གཙོ་འཁོར་གྱི་སྐུ་ལས་རང་འདྲ་གཉིས་པ་བྱུང་ནས་ཁྱེད་རང་ལ་ཐིམ་པས་ལུས་ལྷ་སྐུར་བསྒོམ་པ་ལ་དབང་བར་མོས། གསང་བདག་ཁྱུང་ལྔའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་བསྐུར༔ ཁྱུང་ཆེན་རྣམ་ལྔ་ཡེ་ཤེས་ལྔ༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་ཏ་ཨོཾ་ཨཱཿཧཱུྃ༔ དེ་ནས་ཁྲོ་བོ་བཅུའི་སྐུའམ་ཕྱག་མཚན་སྤྱི་བོར་བཞག །མི་དགེ་ཕྱོགས་སྐྱོང་བསྣོལ་བའི་གདན༔ དགེ་བཅུའི་རང་བཞིན་ཁྲོ་བོ་བཅུ༔ མཐུ་སྟོབས་རྩལ་ལྡན་ཡོངས་རྫོགས་དབང༔ སྐལ་ལྡན་འདི་ལ་རྫོགས་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲུབ་ཐབས་ཀྱི་གླེགས་བམ་བྱིན་པས་བསྙེན་སྒྲུབ་ལས་ཀྱི་སྦྱོར་བའི་ཕྲིན་ལས་ལ་དབང་ཆེན་ཐོབ་པའི་མོས་པ་མཛོད། སྒྲུབ་ཡིག་ལག་ཏུ་གཏད་ལ། ཧཱུྃ༔ དེ་རིང་ནས་ནི་གསང་བའི་བདག༔ བུ་ཁྱོད་ངོ་བོ་གཅིག་ཏུ་གྱུར༔ བསྙེན་སྒྲུབ་ལས་སྦྱོར་བཀའ་གཏད་དབང༔ རབ་འབྱམས་བཀའ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་སརྦ་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ༔ མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་ལྟར་དབང་ཆེན་ཐུགས་ཀྱི་སྒྲུབ་པ་གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱོར་ལ་དམ་ཚིག་ཁས་ལེན་མན་ཆད་དབང་རྗེས་སྤྱི་ལྟར་བྱ། དཀྱིལ་འཁོར་རྗེས་ཆོག་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་སམ་གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་མཐའ་རྒྱས་སུ་བྱའོ། །ཉོན་མོངས་སྨག་རུམ་སྟུག་པོ་ནི། །ཡེ་ཤེས་འོད་ཟེར་གཏུམ་པོས་བཅོམ། །དབྱིངས་སྣང་ཐིག་ལེ་མཐར་ཐུག་པར། །འཕེལ་ནས་ཁམས་གསུམ་ཡོངས་གྲོལ་ཤོག །ཅེས་ཐུགས་ཀྱི་སྒྲུབ་པ་མཐའ་ཡས་པའི་ཡང་བཅུད་ཀྱི་སྨིན་བྱེད་འདིའང་ཟབ་མོའི་ཡང་བཅུད་ཀྱི་གཅེས་མཛོད་ཆེན་པོའི་ཆོས་སྡེར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བསྡེབས་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ་ (Volume 62, Text 28)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ་བཞུགས་སོ༔ སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་ཡི་དམ་སྒྲུབ་པ་ནི༔ སེམས་ཉིད་ཀ་ནས་དག་པའི་ངང༔ མ་བཅོས་ལྷུན་གྲུབ་ཅིར་ཡང་གསལ༔ སྒོམ་མེད་ངང་དུ་རང་ཤར་དུ༔ ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང༔ ནང་དུ་ཚོམ་བུ་དགུ་ཡི་ཚུལ༔ དབུས་སུ་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཡོན་འཁོར་ལོ་རྡོ་རྗེ་དང༔ རིན་ཆེན་པདྨ་རྒྱ་གྲམ་དྲིལ༔ ཡུམ་ནི་དབྱིངས་ཕྱུག་མ་དང་འཁྲིལ༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་བཅུ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ རྡོ་རྗེ་སེམས་དཔའ་དཀར་གསལ་མདངས༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་སྙེམས་མ་གཉིས་མེད་སྦྱོར༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་བཛྲ་སཏྭ་ཨཱ༔ ལྷོ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ འཇམ་དཔལ་གཞོན་ནུ་སེར་གསལ་མདངས༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རལ་གྲི་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་གཱིརྟི་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ནུབ་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ པདྨ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མཱ་ལྱ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཤྭ་ར་ཧྲཱི༔ བྱང་གི་དཀྱིལ་འཁོར་ཆེན་པོ་རུ༔ ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་ནཱིརྟི་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཤར་ལྷོར་ཀུན་བཟང་རྡོ་རྗེ་འཆང༔ མཐིང་གསལ་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མེ་ཏོག་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ལྷོ་ནུབ་དཀྱིལ་འཁོར་ཆེན་པོ་རུ༔ ནམ་མཁའི་སྙིང་པོ་སྐུ་མདོག་སེར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རིན་ཆེན་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་བདུག་སྤོས་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ནུབ་བྱང་དཀྱིལ་འཁོར་ཆེན་པོ་རུ༔ ས་ཡི་སྙིང་པོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ པདྨ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མར་མེ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་རུ༔ བྱམས་པ་མགོན་པོ་སྐུ་མདོག་ལྗང༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རལ་གྲི་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་དྲི་ཆབ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་མཻ་ཏྲི་དྷཱ་རཱ་ཨཱ༔ ཁྱམས་ཀྱི་ཕྱོགས་མཚམས་ཐམས་ཅད་དུ༔ བྱ་བྱེད་ཐུབ་པ་དྲུག་བཅས་གསལ༔ སྒོ་བཞིར་ཏ་ཀྲྀཏ྄་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ བསྐྱེད་པའི་སྔགས་རྣམས་ཛཔ྄་ཏུ་བཟླས༔ ཕྱི་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་དཱ་མངྒ་ལཾ།། །།

དྲག་པོ་དབུ་དགུའི་བསྙེན་ཡིག་བགེགས་དཔུང་ཚར་གཅོད་ (Volume 12, Text 28)

༄༅། །དྲག་པོ་དབུ་དགུའི་བསྙེན་ཡིག་བགེགས་དཔུང་ཚར་གཅོད་བཞུགས་སོ། ། ཡེ་ཤེས་རབ་འབར་མཐུ་སྟོབས་རྡོ་རྗེ་ཡིས། །གཉིས་འཛིན་རང་གཟུགས་དྲེགས་པའི་ཚོགས་བཅོམ་ནས། །རང་རིག་ལྷ་ཡི་གསལ་སྣང་ལེགས་སྟོན་པ། །དངོས་བརྒྱུད་ཡོངས་འཛིན་ལྷག་པའི་ལྷར་བཅས་འདུད། །སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་རྩལ། །གདུལ་བྱའི་དོན་དུ་རབ་ཁྲོས་རྔམ་པའི་སྐུར། །ལེགས་བསྟན་གུ་རུ་དྲག་པོ་དབུ་དགུ་པའི། །བསྙེན་ཡིག་འབྲི་ལ་མཆོག་གསུམ་གནང་བ་སྩོལ། །འདིར་གཏེར་ཆེན་ལེགས་ལྡན་བདུད་འཇོམས་རྡོ་རྗེས་འོན་ཕུ་སྟག་ཚང་སེང་གེ་བསམ་འགྲུབ་ནས་སྤྱན་དྲངས་པའི་དྲག་པོ་དབུ་དགུ་ཡེ་ཤེས་རང་གསལ་གྱི་བསྙེན་པ་བྱ་བ་ལ་དོན་གསུམ་སྟེ། སྦྱོར་དངོས་རྗེས་གསུམ་གྱི་རིམ་པའོ། །དང་པོ་སྦྱོར་བ་ནི། གནས་ཁང་ཕྱག་དར་བྱ། དམིགས་རྟེན་བྲིས་འབུར་གྱི་རྟེན་བཤམས་པའི་མདུན་དུ་རྒྱས་པར་ན་ས་ཐིག་ཚོན་གྱི་ཆོ་ག་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའམ། འབྲིང་རས་བྲིས། སྤྲོས་པ་ཆུང་ན་ཚོམ་བུ་དབུས་སུ་གཅིག་དང་ཕྱིར་བརྒྱད་བཀོད་པའི་སྟེང་མཉྫིའི་ཁར་སྒྲུབ་གཏོར་ཙཀླི་གཏོར་གདུགས་དམར་པོ་ཅན་དང་། བཀའ་སྲུང་སྤྱི་གཏོར། རྩ་གསུམ། དཀྱིལ་འཁོར་ལྟར་ན་སྒོར་མཆོད་དང་གཞན་དུ་སྦྲེང་ཚར་གྱི་ཉེར་སྤྱོད་ལྔ་གཡས་གཡོན་དུ་སྨན་རཀ་བཀོད། ཕྱི་མཚམས་རྒྱལ་ཐོ་གཟུག་པ་དང་མཚམས་གཅོད། སྒོ་དྲུང་དུ་ཐོ་བརྩིགས་པ་ལས་མི་འདའ་ཞིང་བདེ་བའི་སྟན་ལ་འདུག་སྟེ་སྒོ་གསུམ་གྱི་བྲེལ་བ་སྤང་བ་ནི་སྦྱོར་བའི་ཆོས། གཉིས་པ་དངོས་གཞི་ནི། ཚིག་བདུན་གསོལ་འདེབས་ལན་གསུམ་གྱིས་ནམ་མཁར་སྐྱབས་ཡུལ་གུ་རུ་པདྨ་ཞི་དྲག་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་སྤྱན་དྲངས་པ་ལ། ཡེ་ཤེས་རང་གསལ་གྱི་མཆན་བུ་ལྟར། བླ་མ་བདེ་གཤེགས་ཀྱི་སྐྱབས་འགྲོ་དང་། སེམས་བསྐྱེད་འགྲོ་བ་མའི་སེམས་བསྐྱེད་ལན་གསུམ་རེ་བྱ། དཀྱུས་ལྟར། ཨེ་མ་ཧོ༔ ལྷུན་གྲུབ་འོད་ལྔ་གསལ་བའི་ཞིང་ཁམས་སུ༔ ཞེས་སོགས་ནས། དོན་མཐོང་ཤོག་གི་བར་དང་། ཀུན་མཁྱེན་རིག་པ་ཤོ་ལོ་ཀ་གཅིག་གིས་གསོལ་བ་བཏབ། སྐུ་གསུང་ཐུགས་ལ་ཡི་གེ་གསུམ༔ ཞེས་སོགས་དབང་བཞི་ལེན་པའི་དམིགས་པ་དང་བསྟུན་མ་ཧཱ་གུ་རུའི་འཛབ་བརྒྱ་ཙམ་བཟླ། རྗེས་སུ་སྣང་གྲགས་སོགས་ནས། ལྷམ་མེར་བཞག་གི་བར་བརྗོད་ནས་རང་དྲག་པོའི་སྐུར་ལམ་གྱིས་གསལ་བཏབ་ལ། སྐབས་དེར་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས་ཏེ་ཕྱིར་བཏང་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཡང་དག་དོན་ལ་སོགས་ལས་བྱང་གསང་བ་དོན་གྱི་ནོར་བུ་ལྟར་བཀའ་བསྒོ །མཚམས་གཅོད་བྱ། དེ་ནས་སྒོ་དབྱེ། བརྡ་ཕྱག །དམ་བཅའ་བྱིན་དབབ། མཆོད་པ་བྱིན་རླབས་བཤགས་པ་སོགས་དཀྱུས་ལྟར་བྱ། ཐུན་དང་པོ་ཡེ་ཤེས་རང་གསལ་ལས་བྱང་དང་སྦྱར་ན་ལེགས་པས། ཧཱུྃ་ཧཱུྃ་ཧཱུྃ༔ མ་བཅོས་རིག་པ་བྱང་ཆུབ་སེམས་ཀྱི་སྐུ༔ ཞེས་སོགས་ཏིང་འཛིན་གསུམ་ནས། སྟོབས་ཆེན་དྲག་པོ་རྩལ་གྱི་དཀྱིལ་འཁོར་གསལ༔ གྱི་བར་འབྱུང་རིམ་གཞལ་ཡས་ཁང་སོགས་བསྐྱེད་ནས། ལྷ་བསྐྱེད་པ་དངོས་ཡེ་ཤེས་རང་གསལ་ལས། གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཞེས་པ་ནས། མཁའ་འགྲོ་རིགས་བཞི་དང་བཅས་བསམ༔ ཞེས་པའི་བར་གྱིས་བདག་མདུན་གཉིས་ཀ་ཚིག་གཅིག་གིས་གསལ་བཏབ། ཡེ་ཤེས་རང་གསལ་གྱི་སྒྲུབ་ཆེན་སྐབས་ནས། བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཞེས་པ་ནས་བཟུང་འཁོར་གྱི་ལྷ་རྣམས་གསལ་འདེབས། ཐུགས་ཀར་ཟླ་སྟེང་ཡི་གེ་བཞི༔ རང་རང་སྔགས་ཀྱིས་བསྐོར་བ་བཟླས༔ ཞེས་པའི་བར་བརྗོད་ནས། ལས་བྱང་གི །ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་དམ་ཚིག་སེམས་དཔར་ལྷུན་གྲུབ་ཅིང༔ ཞེས་པ་ནས་བཟུང་། དབང་བསྐུར། སྤྱན་འདྲེན་བཞུགས་གསོལ། ཕྱག་དང་ཕྱག་རྒྱ་གླུ། ཕྱི་མཆོད། ནང་མཆོད། དུག་ལྔ་ཤ་ཁྲག་རུས་གསུམ། སྨན་མཆོད། དངོས་གྲུབ། གཏོར་མ། རཀྟ། གསང་ནན་སྦྱོར་སྒྲོལ་རྣམས་ཀྱིས་མཆོད་པ། བསྟོད་པ། བཤགས་པ། ལྷ་ལ་སེམས་བཟུང་འཛབ་བསྐུལ་བར་སོང་ནས་ཡེ་ཤེས་རང་གསལ་ལྟར་ཐོད་ཕྲེང་རྩལ་དང་། ཨརྩིག་སུམ་བརྒྱ་ཙམ་བཟླ། བཛྲ་ཧཱུྃ་མན་བཏགས་པ་བདུན་ཙམ་དང་། ཨོཾ་གུ་རུ་བཛྲ་པཱ་ཎི་སོགས། ཀརྨ་ཌཱ་ཀི་ནཱིའི་བར་གྱི་སྔགས་རྣམས་ཉེར་གཅིག་གམ་བདུན་རེ་བཟླ། སྟོང་ཚིག་གི་མཆོད་པ་ཧཱུྃ་གསུམ། རིག་པ་རང་གསལ་ལྷ་ཚོགས་ལ༔ ཞེས་སོགས་དང་། དངོས་གྲུབ་བླང་བ། ཧཱུྃ་གསུམ་གྱི་བར་བྱ། སྐབས་དེར་སྤྱི་སྒོས་ཀྱི་གཏེར་སྲུང་མཆོད། དེ་རྗེས་ལས་བྱང་གི་ཆེ་བ་བསྐྱེད་པ་དང་ཕྲིན་ལས་བཅོལ། ཚོགས་འཁོར་བཤམས་པ་ཆབ་དང་བདུད་རྩིས་བྲན་པ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་གྲགས་ཆོས་རྣམས་འོད་ལྔར་འཁྱིལ༔ ཞེས་སོགས་བསང་ཞིང་བྱིན་རླབས་ནས་ཞལ་བསྟབ་ཟློག་པའི་བར། སྐབས་དེར་ཚོགས་སྐོང་རྩ་གསུམ་སྐོང་གསོ་བཏང་། དེ་ནས། ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་དབྱིངས་ཀྱི་ཐིག་ལེ་རུ༔ ཞེས་པ་ནས། ཨ་ལ་ལ་ཧོ༔ ཧཱུྃ་གསུམ་གྱིས་ཚོགས་ལ་རོལ་པའི་བར་དཀྱུས་ལྟར་བྱ། ཚོགས་བསྔོ་འདི་ལྟར་ལེགས་སྤྱད་སོགས་བཏང་། ལྷག་མ་བཙོན་དུ་བཟུང་ལ་མི་བཏང་། ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ཚེ་མགོན་པོ་འོད་མི་འགྱུར༔ ཞེས་སོགས་ཀྱི་ཆད་ཐོ་བཏང་ལ་རྒྱུན་གཏོར་འབུལ། གཏོར་ཟོར་གྱི་བསྐུལ་བཏང་། བརྟན་སྐྱོང་གཏོར་མནན་བྱ། བདག་མདུན་གྱི་ལྷ་རྣམས་རྟག་མཐའ་བསལ་ཕྱིར་བསྡུ་བ་དང་། ཆད་མཐའ་བསལ་ཕྱིར་ལྷར་ལྡང་བསྔོ་སྨོན་བཀྲ་ཤིས་སོགས་དཀྱུས་བཞིན་བྱའོ། །དེའི་ནུབ་མོ་ལྷའི་ང་རྒྱལ་གྱིས་ཉལ་བའི་རྣལ་འབྱོར་བྱ། ནངས་པར་ཐོ་རངས་ནས་བཟུང་ཡེ་ཤེས་རང་གསལ་དཀྱུས་ལྟར་སྐྱབས་སེམས་ནས་བཀྲ་ཤིས་བར་བྱ་བ་ལས། ལས་བྱང་ཉིན་རེར་དགོང་ཐུན་ནམ་སྲོད་ཐུན་ལྟ་བུར་ཚར་རེ་བྱེད་སྐབས་གོང་ལྟར་བྱ་བ་ལས་གཞན་མི་དགོས། བཟླས་པ་ནི་ཐོག་མར་ཐོད་ཕྲེང་རྩལ་སྟོང་ཕྲག་གམ་ལྔ་བརྒྱ་སུམ་བརྒྱ་ཙམ་རེས་མགོ་མནན། གཙོ་བོ་ཨརྩིག་ཁོ་ན་བཟླ །འཚུབས་ཆེ་བ་མ་བྱུང་ན་ཐུན་བཞི་ལ་མགོར་ཐོད་ཕྲེང་རྩལ་བརྒྱ་ཙམ་རེས་ཆོག །ཤམ་བུའི་སྔགས་རེ་ཞིག་མི་འདོགས། ལས་བྱང་སྐབས་མ་གཏོགས་འཁོར་གྱི་ལྷ་སྔགས་འདྲེན་མི་དགོས། ཐོར་ཐུན་ཞོགས་ཐུན་དགོང་ཐུན་སྲོད་ཐུན་བཞིར་བཅད་དེ་བཟླ། དམིགས་པ་ནི་ཐོད་ཕྲེང་རྩལ་གྱི་སྐབས་ཡེ་ཤེས་རང་གསལ་གྱི་མཆན་བུ་ལྟར་དང་། ཨརྩིག་སྐབས་རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཀླད་ཀོར་ནང་དུ་བླ་མ། མདུན་དུ་དཔོན་པོ་ཕ་མ། གཡས་སུ་ཕོ་ཉེ། གཡོན་དུ་མོ་ཉེ། འོག་ཏུ་ཞིང་ཁང་ནོར་རྫས་སོགས་བསྲུང་བྱ་རྣམས་གསལ་བཏབ། ནམ་མཁའི་ཁམས་ཐམས་ཅད་ཧཱུྃ་དམར་པོ་དང་ཁྱུང་གིས་ཁེངས། ས་སྟེང་ཐམས་ཅད་ཡཀྴ་མེ་དབལ། ས་འོག་ཐམས་ཅད་སྡིག་པ་མགོ་དགུས་ཁེངས་ཏེ་གནོད་བྱེད་གདོན་བགེགས་ཐམས་ཅད་ཧབ་དིར་གྱིས་ཟ་བ་དང་། སྣང་བ་ཐམས་ཅད་ལྷ་སྐུ །གྲགས་པ་ཐམས་ཅད་སྔགས་སྒྲ །སེམས་བདེ་གསལ་མི་རྟོག་པའི་ངང་དུ་མཉམ་པར་བཞག །རྨི་ལམ་འཚུབས་པ་དང་ཆོ་འཕྲུལ་བྱུང་ན་གང་བྱུང་འཁོར་ལོའི་རྩིབས་ལ་བསྐྱོན་ཏེ་གཏུབས་ཤིང་མེས་བསྲེགས་པ་དང་། ལྕགས་སྡིག་གིས་ཟ་བ་སོགས་བྱ། སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཕུང་གིས་གང་སྟེ་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་སོང་བར་བསམ། གཙོ་བོར་ཨོ་རྒྱན་ཁོ་ན་ལ་མོས་གུས་རྩེ་གཅིག་ཏུ་བྱ་ཞིང་བློ་གཏད་ལིང་གིས་བསྐྱུར་ནས་སྐྱིད་སྡུག་ཅི་བྱུང་ཨོ་རྒྱན་མཁྱེན་སྙམ་པ་གལ་ཆེ། བཟླས་པ་འབུམ་ཕྲག་ཙམ་སོང་ནས་ཐུན་བཞིའི་མཐར་ཤམ་བུ་བརྒྱ་ཙམ་རེ་བཏགས་ལ་བཟླ། བསྙེན་ཚད་ནི་གྲངས་དུས་རྟགས་ཀྱི་ཁྱད་པར་དྲོད་རྟགས་ལས། དང་པོ་དུས་བསྙེན་ཟླ་བ་གསུམ༔ འབྲིང་གིས་ཟླ་དྲུག་ཐ་མ་ཡིས༔ ཟླ་བ་བཅུ་གཉིས་དག་ནས་འགྲུབ༔ གྲངས་བསྙེན་དང་པོ་འབུམ་ཕྲག་དྲུག༔ དེས་ནི་རང་ལུས་བྱིན་གྱིས་རློབས༔ འབུམ་ཕྲག་བཅུ་གཉིས་ལས་རྣམས་འགྲུབ༔ བྱེ་བ་གཅིག་དང་འབུམ་ཕྲག་གསུམ༔ ནུས་པ་པདྨ་ཉིད་དང་མཉམ༔ ཞེས་དུས་གྲངས་ཀྱི་བསྙེན་ཚད་རབ་འབྲིང་ཐ་གསུམ་བཤད་པས་སྐབས་སྦྱར་དང་། གཙོ་བོར་རྟགས་བསྙེན་ནི། རྟགས་ནི་རབ་ཀྱིས་དངོས་ཞལ་མཐོང༔ ཞེས་སོགས་དང་། འབྲིང་ནི་ཉམས་དགའ་བག་དྲོ་ཞིང༔ ཞེས་སོགས་དང་། ཐ་མ་མཚན་ལྟས་འདི་ལྟ་སྟེ༔ ལུས་ལས་རྣག་ཁྲག་མི་གཙང་འབབ༔ ཞེས་སོགས་ནས། རིགས་བདག་གྲུབ་པའི་མཚན་མ་ཡིན༔ ཞེས་སོགས་དགེ་ལྟས་དང་། མི་འདོད་ལྷ་སྲིན་བགེགས་ཀྱི་རྟགས༔ འབག་དང་སེང་གེ་བྱ་སྤྲེལ་དང༔ ཞེས་སོགས་རྒྱས་པར་གསུངས་པ་གཞུང་དེ་ཉིད་དུ་བལྟའོ། །དེ་ལྟར་དུས་གྲངས་ཀྱི་བསྙེན་པ་སྐབས་སྦྱར་གྲུབ་ནས། གསུམ་པ་རྗེས་ཀྱི་རིམ་པ་ནི། དངོས་གྲུབ་ཀྱི་རྫས་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམ། ལས་བྱང་རྒྱས་པར་གཏང་། ལས་བྱང་གི་དངོས་གྲུབ་བླང་བའི་ཚིག་བརྗོད་ཅིང་གཏོར་མ་ལྷར་གསལ་བ་སྤྱི་མགྲིན་སྙིང་ལྟེར་བཞག་སྟེ་དབང་བཞི་བླང་བའི་དམིགས་པ་བྱ། གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བར་བསམས་ལ་དངོས་གྲུབ་ཀྱི་རྫས་དང་ལྷན་ཅིག་རོལ། དཀྱིལ་འཁོར་རྡུལ་ཚོན་དང་ཚོམ་བུ་ཡིན་ན་གཤེགས་གསོལ་དང་། རས་བྲིས་ལ་བརྟན་བཞུགས་བྱ། བདག་བསྐྱེད་རྫོགས་རིམ་རྟག་ཆད་ཀྱི་མཐའ་བསལ་ཏེ་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །དེ་ལྟར་ཟབ་ལམ་གསལ་བྱེད་བསྙེན་ཡིག་འདི། །ལྷ་མདུན་བླ་མ་གསུང་རབ་རྒྱ་མཚོའི་ངོར། །དགེ་སློང་བྱ་བྲལ་པདྨ་ཕྲིན་ལས་ཀྱིས། །ཐུན་གཅིག་ལ་བྲིས་དགེ་དེས་སངས་རྒྱས་ཤོག །མངྒ་ལམ།། ༈ །།དྲག་པོ་དབུ་དགུའི་དམིགས་གནད་ཟིན་བྲིས་སྙན་བརྒྱུད་བཀའ་རྒྱ་ཅན་བཞུགས་སོ། །རིག་འཛིན་རྗེའི་བླ་དཔེ་ཕྱག་བྲིས་མའི་ཁྲོད་ནས་རྙེད་པའི། དྲག་པོ་དབུ་དགུའི་དམིགས་གནད་ཤིན་ཏུ་ཟབ་པ་ཟིན་བྲིས་སྙན་བརྒྱུད་བཀའ་རྒྱ་ཅན་ཞེས་པ་ལས་འདི་ལྟར་འབྱུང་སྟེ། དྲག་དམར་གྱི་ཧཱུྃ་འདྲེན་པའི་ཚེ། བདག་དང་སྣང་བ་ཐམས་ཅད་དམར་པོར་གྱུར་པ་རེ་རེ་ལའང་ཧཱུྃ་གི་སྒྲ་འབྲུག་ལྡིར་བ་ལྟར་འུར་འུར་གྲགས་པར་བསམ། དེ་ནས་རང་དྲག་དམར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཀླད་ཀོར་གྱི་ནང་དུ་བླ་མ། ཧཱུྃ་གི་མདུན་དུ་དཔོན་པོ་དང་ཕ་མ། གཡས་སུ་ཕོ་ཉེ། གཡོན་དུ་མོ་ཉེ། འོག་ཏུ་ཞིང་ཁང་ནོར་རྫས་ཐམས་ཅད་དངོས་སུ་ཡོད་པར་བསམ། ནམ་མཁའི་ཁམས་ཐམས་ཅད་ཧཱུྃ་གིས་གང་། ས་སྟེང་ཐམས་ཅད་ཡཀྴ་མེ་དབལ་གྱིས་གང་། ས་འོག་ཐམས་ཅད་སྡིག་པ་མགོ་དགུས་ཁེངས་ནས་གནོད་བྱེད་ཧབ་དིར་གྱིས་ཟོས་ནས་རྗེས་མེད་དུ་བཏང་། ཕོ་ཉ་རྣམས་ཚུར་འདུས་རང་ལ་ཐིམ། ཡང་ཕར་འགྲོ་བ་སོགས་བྱེད། སྐབས་སུ་སྐུ་དང་རྡོ་རྗེ་ལས་ཡེ་ཤེས་ཀྱི་མེ་དམར་ཧུར་གྱིས་འབར་སྟོང་གསུམ་ཐམས་ཅད་མེས་དམར་དིར་གྱིས་གང་། བར་ཆད་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་ཐུལ་ཚིག །སྣང་བ་ཐམས་ཅད་མེས་དམར་ཧུར་རེ་བ་ལ་སེམས་གཏད། རྨི་ལམ་རྩུབ་པ་སོགས་བྱུང་ན་གང་བྱུང་དེ་ཕོ་ཉ་རྣམས་ཀྱིས་བཀུགས་ནས་འཁོར་ལོའི་རྩིབས་བར་དུ་བསྐྱུར་བ་དང་། འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་དེ་དུམ་བུར་རྦུད་རྦུད་གཏུབས། རོ་མཚོ་ལྕགས་སྡིག་ཚོས་ཁྱུར་ཁྱུར་མིད། རེས་གནོད་བྱེད་རྣམས་ཚུར་བཀུག་མ་ཐག་ལྕགས་སྡིག་རྣམས་ཀྱིས་བུད་ཀྱིས་བཟུང་། སྤྱི་བོ་དང་བཤང་ལམ་དུ་ཁ་བཙུགས་ནས་འཇིབས་པས། ཀླད་པ་སྙིང་ནང་ཁྲོལ་ཐམས་ཅད་ཧུབ་ཀྱིས་དྲངས་ནས་ཟོས། ཁོ་སྤུན་ལྐོག་ལྟ་བུར་སྟོང་ལྷེབ་སོང་བ་དེ་འཁོར་ལོས་གཏུབས། དུམ་བུ་ཐམས་ཅད་མེས་བསྲེགས་པར་བསམ་ཞིང་སྔགས་དྲག་ཏུ་བཟླ། རྒྱུན་དུ་སྟོང་གསུམ་མེར་འབར་བའི་དབུས་ན། རྡོ་རྗེའི་ལྟེ་བ་ལ་འཁོར་ལོ་འཁོར་བའི་ཤུགས་དང་མེ་འོད་ཀྱིས་གནོད་བྱེད་ཐམས་ཅད་ཉེ་མི་ནུས་པའི་དབུས་ན་རང་ཉིད་དྲག་དམར་དུ་གསལ་བ་ལ་སེམས་གཏོད་པ་གལ་ཆེ། བཟླས་པ་རྫོགས་པ་དང་། རིག་པ་རང་གསལ་ལྷ་ཚོགས་ལ༔ ཞེས་སོགས་གོང་བཞིན་བྱ། དུས་གསུམ་དུ་ཨོ་རྒྱན་མཁྱེན་སྙམ་པའི་འདུན་པ་དུང་ངེ་བ་དང་། རང་ཉིད་ཨོ་རྒྱན་དྲག་པོ་དངོས་ཡིན་སྙམ་པའི་ང་རྒྱལ་ཡང་ཡང་བསྐྱེད། བཟའ་བཏུང་གང་བྱེད་ཀྱང་བདུད་རྩིར་བསམས་ལ། ཨོཾ་ཨཱཿཧཱུྃ་བརྗོད། སྙིང་ག་ན་བཞུགས་པའི་ཨོ་རྒྱན་རིན་པོ་ཆེ་དེ། བླ་མ་ཡི་དམ་ཀུན་འདུས་དེའི་ཞལ་དུ་འབུལ་བར་བསམས་ལ་བཟའ་བཏུང་བྱའོ། །འདི་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་གསུང་ཇི་ལྟ་བ། རང་རང་གིས་ཉམས་ལེན་གང་བྱས་པ་དེ་བྲིས་པ་ཡིན་པས། སྙིང་ལ་གཅག་པའི་བུ་ཁྱོད་ཀྱིས་མ་བརྗེད་པར་ཉམས་སུ་ལོངས་ལ་རང་གཞན་གྱི་དོན་གྲུབ་པ་ཞིག་གྱིས་ཤིག །ང་ཤི་ཡང་ཁ་ཆེམས་འདི་ལས་མེད། མ་ཤི་ན་བསླབ་བྱ་ཡང་འདི་ཡིན་པས་དགེ་སྦྱོར་ལ་འབུངས་ཤིག །ཅེས་གསུངས་འདུག །དགེ་སློང་པདྨ་ཕྲིན་ལས་ཀྱི། །ཡི་དམ་སྙིང་པོའི་རྣལ་འབྱོར་མཐིལ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི། །གསང་བའི་མན་ངག་སྙིང་ལ་བརྣག །བླ་མ་དམ་པའི་བཀའ་དྲིན་གྱིས། ཕ་ཆོས་མཐར་ཐུག་འདི་དང་མཇལ། །འདི་འདྲའི་གདམས་པ་ཐོབ་ཕྱིན་ཆད། །ཟབ་ཟབ་གཞན་ལ་སྨོན་རྒྱུ་མེད། །དེང་ནས་བྱང་ཆུབ་མ་ཐོབ་བར། །རང་རིག་ཨོ་རྒྱན་དྲག་པོ་རྩལ། །འདུ་འབྲལ་མེད་པའི་སྐལ་ཐོབ་ནས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། །དགེ་སློང་པདྨ་ཕྲིན་ལས་ཀྱི་ཉམས་ལེན་ཆག་མེད་ཀྱི་ཡི་དམ་མོ།། །།

ཉང་གཏེར་མཁའ་འགྲོ་ཆེན་མོར་གྲགས་པ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 28)

ཨཱོྃ་སྭསྟི། རྒྱལ་ཀུན་བསྐྱེད་མཛད་ཤེས་རབ་ཡུམ། །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཉིད་སྒྲུབ་པའི་ཐབས་ཀྱི་མཆོག །མདོ་ཙམ་སྙིང་པོར་དྲིལ་ཏེ་བཤད། །འདིར་ཉང་གཏེར་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཡར་ངོ་མར་ངོ་གང་ཡང་རུང་བའི་ཚེས་བཅུ་ལ་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་གྲུ་བཞི་བ་བྱུང་ལྔ་དང་བདུད་རྩི་ལྔ་ཆང་དང་སྦྱར་བས་བྱུག །དེར་རྡུལ་ཚོན་གྱིས་ཆོས་འབྱུང་དམར་པོ་ཉིས་བརྩེགས་གྲུ་ཆད་ལྗང་གུ་དུར་ཁྲོད་དང་མེ་རིས་བསྐོར་བའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་བྃ་ཡིག་བྲིས་པའི་སྟེང་དུ། མཉྫི་ལ་ཐོད་པ་དུམ་གཅིག་བདུད་རྩིས་གང་བ། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མ་ལྟེ་བར་བྃ་ཡིག་སྔགས་ཕྲེང་གིས་གཡོན་དུ་བསྐོར་བའི་ཟུར་གསུམ་དུ་གཡུང་དྲུང་འཁྱིལ་བ་རེ་རེ་བྲིས་པས་བཀབ། སྟེང་ནས་དར་དམར་པོའི་གུར་ཕུབ། ཆུ་གཉིས་ཉེར་སྤྱོད་ལྔ། ཤ་ཆང་གིས་བརྒྱན་པའི་གཏོར་མ་ལྔའམ་གཅིག །བུམ་པ་སྤྱི་མཐུན་དང་སྐུ་འབག་མེ་ཏོག་དམར་པོ་རྣམས་དང་། རང་གི་མདུན་དུ་རྡོར་དྲིལ་ནང་མཆོད་ཌཱ་རུ་བཅས་དང་། གཞན་ཡང་ཚོགས་རྫས་སྔོན་གཏོར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལ། རང་ཉིད་ནུབ་ཏུ་ཕྱོགས་པས་འདུག་སྟེ་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཨོ་རྒྱན་སྤྲུལ་པའི་ཞིང་དང་། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པའི་མིག་གཉིས་ཉི་ཟླ་དང་མིག་འབྲས་རྡོ་རྗེར་འབར་བའི་འོད་ཟེར་གྱིས་བགེགས་ཐམས་ཅད་ཚར་བཅད་པར་བསམ་ལ། ཨཱོྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། དེ་བཞིན་དུ་རཏྣ་པདྨ་ཀརྨ་ཞེས་སྦྱར་བ་དང་ཧཱུྃ་ལན་ལྔ་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོས་བཅིངས་པར་གྱུར། དེ་ནས་རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀཿདང་གཉིས་སུ་མེད་པ་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ལན་གསུམ་དང་། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སད་པར་གྱུར། ཐལ་མོ་སྙིང་གར་སྦྱོར་བཞིན་པས། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བླ་མ་རྡོ་རྗེ་མཁའ་འགྲོ་མ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དུག་ལྔ་ཟད་མཛད་མཁའ་འགྲོ་ལྔ༔ ཞི་རྒྱས་དབང་དྲག་ཚར་གཅོད་པའི༔ བདག་གི་ལས་ཀྱི་འབྲས་བུ་རྣམས༔ ད་ལྟ་ཉིད་དུ་མཆིས་པར་མཛོད༔ བདག་གིས་དགེ་བ་གང་བྱས་པ༔ སེམས་ཅན་ཀུན་གྱི་དོན་དུ་བསྔོ༔ སུ་ཡིས་དམ་པའི་ཆོས་སྤྱོད་པ༔ དེ་དག་ཀུན་ལ་རྗེས་ཡི་རང༔ མཆོག་ཏུ་གསང་བ་སྔགས་ཀྱི་ལམ༔ བདག་གི་རྒྱུད་ལ་བརྟེན་པར་བགྱི༔ ཞེས་ལན་གསུམ་བརྗོད་དེ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་པ་ནི་བསོད་ནམས་ཀྱི་ཚོགས་གསག་པའོ། །གཞི་ལམ་འབྲས་གསུམ་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་པས། ཨཱོྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨཱོྃ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅་ཧཾ། ཨཱོྃ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་དག་པ་གསུམ་གྱི་སྔགས་བརྗོད་པས་སྣོད་བཅུད་ཐམས་ཅད་བདག་ལ་ཐིམ། བདག་ཧཱུྃ་ལ་ཐིམ། དེ་མི་དམིགས་པར་སྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་གསག་པའོ། །སྟོང་པའི་ངང་ལས་རང་ལུས་རྟེན་འབྱུང་བཞི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་པའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་མི་རོ་དམར་སེར་སྒུར་ཏེ་གཡས་སུ་ལྟ་བ་དང་ཉི་མ་ཟླ་བ་པདྨ་རྣམས་བརྩེགས་པའི་གདན་ལ། རང་སེམས་ལྷ་སྐུར་གྱུར་པ་ནི། དབུས་དང་ཕྱོགས་བཞིར་ཨཱོྃ་ཧཱུྃ་མཾ་ཧྲཱིཿཧ་རྣམས་ལས་གྲི་གུག་དེ་དག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་དྲི་མ་སྦྱངས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བསྡུས་ཤིང་ཐིམ་པ་ལས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཉི་མ་བྱེ་བའི་གཟི་མདངས་ཅན། རྩ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བ་གཙིགས་ཤིང་བཞད་པ། སྟེང་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པས་གཡས་ངོས་སུ་བལྟ་བའི་དཔྲལ་བར་གཡུང་དྲུང་འཁོར་བ། ཕྱག་གཡས་ཌཱ་མ་རུ་དང་རྡོ་རྗེ་ཁ་ཊྭཱཾ་ག་བཟུང་བའི་ཡུ་བ་གཡོན་གྱི་བརླ་ལ་བརྟེན་པ། གཡོན་གྲི་གུག་དང་བཅས་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱང་བ། དམར་ཟླུམ་བཀྲ་བའི་སྤྱན་གསུམ་གཡོ་བ། རྡོ་རྗེའི་ཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔའི་ཅོད་པན་དང་། ཁྲག་འཛག་པའི་མི་མགོ་སོ་གཉིས་དང་གསེར་གྱི་དྲིལ་བུ་སྤེལ་བའི་དོ་ཤལ་འཕྱང་བ། འཁོར་ལོ་རྣ་ཆ་མགུལ་རྒྱན་ཚངས་སྐུད་གདུ་བུ་སྟེ་མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་དར་ལ་བབ་ཅིང་ནུ་མ་རྒྱས་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོལ་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཕྱིའི་པད་འདབ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་སྟེ་ཕྱོགས་མདོག་གམ། ཡང་ན་བཞི་ཀ་དམར་མོ་སྟེ་གང་ལྟར་ཡང་། ཐམས་ཅད་གཅེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་རྒྱན་དང་ཆ་ལུགས་ཕྱག་མཚན་ཐམས་ཅད་གཙོ་མོ་ཉིད་དང་མཚུངས་པའོ། །སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས་སྒོ་སྐྱོང་ལྷ་མོ་བཞི་པོ་ཕག་གི་ཞལ་ཅན་ཤིན་ཏུ་ཁྲོས་པ་རིགས་ཀྱི་མདོག་མཚུངས། གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་གཡོན་ཐོད་ཁྲག་ཐོགས་པ། གཅེར་མོ་ཕྱག་རྒྱ་ལྔ་དང་མི་མགོའི་དོ་ཤལ་ཅན་རོའི་གདན་ལ་གནས་པའོ། །དེ་དག་ནི་ལྷ་དགུ་མའི་དབང་དུ་བྱས་ཀྱི། ལྷ་ལྔ་མ་ནི་སྒོ་སྐྱོང་བཞི་དོར་བ་དང་། གཙོ་རྐྱང་དུ་བྱེད་ན་ཆོས་འབྱུང་ནང་གི་ལྷ་གནས་པད་འདབ་བཞི་པོ་བཞག །གཙོ་མོའི་ས་བོན་ཡང་བྃ་ཡིག་ཏུ་བྱེད་པ་རྣམས་ཁྱད་པར་རོ། །དེ་ནས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་དམར་པོ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམ་ལ་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བཞིན་པས་ཕཻཾ་ཛཿཧཱུྃ་བཾ་ཧོཿ སླར་ཡང་བྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔའི་མཁའ་འགྲོ་མདུན་གྱི་ནམ་མཁར་ཕཻཾ་ཞེས་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད། དེ་རྣམས་ཀྱིས་བདུད་རྩིས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། དེ་ནས་རང་གི་སྤྱི་བོར་འཁོར་ལོ་ལ་ཨཱོྃ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་ལ་ཧཱུྃ་ནག་པོས་མཚན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ང་རྒྱལ་གཟུང་ལ། ཨཱོྃ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ་ཞེས་བརྗོད། དག་དྲན་ནི། སྐུ་མདོག་དམར་བ་ནི་སེམས་ཅན་ལ་རྗེས་སུ་ཆགས་པའོ། །གཅེར་བུ་ནི་ཆོས་ཉིད་སྟོང་པར་རྟོགས་པས་ཉམ་ང་དང་བྲལ་བའོ། །ཕག་ཞལ་གཡས་སུ་བལྟ་བ་ནི་དོན་དམ་འགྱུར་བ་མེད་པའོ། །རྩ་ཞལ་ཁྲོ་མོར་སྣང་བ་ནི་ཀུན་རྫོབ་འགྲོ་དོན་བྱེད་པའོ། །སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པའོ། །ཌཱ་མ་རུ་ནི་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པའོ། ཁ་ཊྭཱཾ་ག་ནི་ཐབས་དང་མ་བྲལ་བའོ། །གྲི་གུག་ནི་དུག་གསུམ་གཅོད་པ་སྟོང་ཉིད། ཐོད་པ་ནི་བདེ་བ་ཆེན་པོ་སྐྱོང་བའོ། །རོ་གདན་ནི་རྟོག་པ་དང་བྲལ་བའོ། །ཉི་ཟླ་ནི་ཐབས་དང་ཤེས་རབ་བོ། །པདྨ་ནི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའོ། །ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ་ནི་བདེ་སྟོང་དབྱེར་མེད་པའོ། །ཐོད་སྐམ་ལྔ་ནི་རིགས་ལྔ་ཡེ་ཤེས་ལྔའོ། །རུས་པའི་ཕྱག་རྒྱ་ལྔ་ནི་འདོད་ཡོན་མ་སྤང་པའོ། །མེ་ཕུང་འབར་བ་ནི་ཡེ་ཤེས་ཀྱི་སྣང་བས་དུག་ལྔ་སྲེག་པའོ། །ཞེས་པ་སྟེ་དོན་སེམས་པ་ལས་ངག་ཏུ་མ་བརྗོད་ཀྱང་རུང་ངོ་། །དེ་ནས་བཟླས་པ་བྱ་བ་ནི། སྙིང་གར་ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཟླ་བ་ལ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བཏབ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས། འཕགས་པ་རྣམས་མཆོད་ཅིང་མཉེས་པར་བྱས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། སླར་འདུས་ཏེ་ས་བོན་སྔགས་ཕྲེང་ལ་ཐིམ་པར་མོས་པའི་སྤྲོ་བསྡུ་དང་བཅས་ཏེ་འཁོར་བར་དམིགས་ལ། ཨཱོྃ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་བཛྲ་ཝརྞ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་སྙིང་པོའི་སྔགས་དང་། ཨཱོྃ་སརྦ་བུདྡྷ་བཻ་རོ་ཙ་ནཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་ཡང་སྙིང་སྟེ། ངག་བཟླས་དང་། ཐུགས་ཀའི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཡིད་བཟླས་དང་། ས་བོན་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་སྐུ་འོད་ཀྱི་ཕུང་པོར་གྱུར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་འགོག་པའི་བཟླས་པ་རྣམས་ཅི་རིགས་པ་བྱའོ། །དེ་ཡང་གསལ་བར་འདོད་ན་ཆོས་འབྱུང་སྙིང་ག་དང་། མི་རྟོག་པར་འདོད་ན་ལྟེ་བ་དང་། བདེ་བར་འདོད་ན་གསང་གནས་སུ་བསྒོམས་ཏེ་བཟླ་བ་ཡིན་ནོ། །དེ་ལྟར་འབུམ་ཕྲག་བདུན་དུ་བཟླ་བ་ནི་གཙོ་མོའི་བསྙེན་པའོ། །ཨཱོྃ་བུདྡྷ་ཌཱ་ཀི་ནཱི་ཡེ་བུདྡྷ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དེ་བཞིན་དུ། བཛྲ་རཏྣ་པདྨ་ཀརྨ་ཞེས་རིགས་འགྲེ་སྦྱོར་བ་ནི་སྤྱིའི་བསྙེན་པ་འབུམ་ཕྲག་བདུན་ནོ། །དུས་ནི་ཟླ་བ་གསུམ་མོ། །ཐུན་འཇོག་པའི་ཚེ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་ཅུང་ཟད་མཉམ་པར་བཞག་སྟེ། དེ་ནས་ཡེ་ཤེས་པ་ཕྱེ་ལ་གཤེགས། དམ་ཚིག་པའི་ཆོས་འབྱུང་གདན་དང་བཅས་པ་བདག་ལ་ཐིམ། དེ་སྙིང་གའི་ཆོས་འབྱུང་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ས་བོན་གྱི་ནཱ་དའི་བར་དུ་ཐིམ། དེ་ཉིད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སྤྲོས་བྲལ་དམིགས་གཏད་མེད་པའི་ངང་ལས་ལྷ་སྐུར་ལངས་ཏེ་དགེ་བ་བསྔོ་ཞིང་ཐུན་མཚམས་ལ་འཇུག་པར་བྱའོ། །ཐུན་མཚམས་སུ་བཟླས་པ་ཕྱག་མཆོད་གཏོར་མ་ཁ་ཟས་སྤྱོད་ལམ་ཉལ་ལྡང་གི་རྣལ་འབྱོར་རྣམས་ལ་ནན་ཏན་དུ་བྱའོ། །གཏོར་མའི་ཆོ་ག་ནི། ཀ་པཱ་ལར་ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ་ཤ་ཁྲག་མྱོས་བྱེད་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་བརྒྱན་པ་མཆོད་པ་དང་བཅས་པ་བཤམ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར། གཏོར་རྫས་ཤ་ལྔ་བདུད་རྩི་ལྔར་གནས་པ་མེ་རླུང་གིས་སྦྱངས། བདུད་རྩིར་འཁྱིལ་བའི་ཁ་ཆོད་ཟླ་བ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་རྡོ་རྗེའི་ཁོང་སེང་བརྒྱུད་གཏོར་མ་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་དཀར་མེར་གྱིས་གྱུར་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད། གཏོར་མགྲོན་སྤྱན་འདྲེན་པ་ནི། འཁོར་འདས་ཐམས་ཅད་རྗེ་བཙུན་མ་འཁོར་དང་བཅས་པའི་རྣམ་པར་ཕེཾ་ཞེས་སྤྱན་དྲངས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ལ། རྩ་བའི་སྔགས་ཀྱི་མཐར། ཨཱོྃ་ཨཱ་རལླི་སརྦ་ཌཱ་ཀི་ནཱི་ཨཱོྃ་ཨཱཿཧཱུྃ་བ་ལིནྟ་ཁཱ་ཧི་ཁཱ་ཧི་ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། ཧཱུྃ༔ དོན་དམ་ཀུན་རྫོབ་གཟུགས་ཅན་མ༔ ཁྲོ་མོའི་ཞལ་ནི་བཞད་པ་ཆེ༔ དྲང་བར་བསྟན་པ་དོན་དམ་ཉིད༔ སྤྲོས་བྲལ་ལྷ་མོ་ཁྱོད་ལ་བསྟོད༔ གཡས་པ་ཕག་གདོང་བཞད་པ་ཆེ༔ སྤྱན་གསུམ་གློག་དམར་འོད་འཁྱུག་ཅིང༔ ཀུན་རྫོབ་ཡུལ་རྣམས་སྦྱོང་བྱེད་པ༔ སྣ་ཚོགས་ལྷ་མོ་ཁྱོད་ལ་བསྟོད༔ ཞལ་གཉིས་ཕྱག་གཉིས་ཞབས་གཉིས་མ༔ གཉིས་མེད་བདེ་བ་ཆེན་པོར་གནས༔ ཟུང་འཇུག་གསུམ་སྦྱོར་སྐུ་གསུམ་བདག༔ གཉིས་མེད་མཉམ་སྦྱོར་ཡུམ་ལ་བསྟོད༔ ཁ་ཊྭཱཾ་ཌཱ་མ་རུ་ཡི་སྒྲས༔ ལྷ་ཆེན་བདག་པོ་དབང་དུ་སྡུད༔ འཁོར་བའི་གཡུལ་ཟློག་སངས་རྒྱས་ཞིང༔ གཡས་པ་ཡབ་ཀྱི་སྐུ་ལ་བསྟོད༔ ཐོད་པ་གྲི་གུག་གཅོད་པའི་བདག༔ འཁོར་བའི་ཞེན་གཅོད་བདུད་འཇོམས་ཡུམ༔ རུས་པའི་རྒྱན་ཆ་ཡེ་ཤེས་སྤྲས༔ ཤེས་རབ་བདག་ཉིད་ཡུམ་ལ་བསྟོད༔ ཧཱུྃ༔ སྔོན་བྱུང་དུར་ཁྲོད་བརྟེན་ནས་ཡུམ༔ མི་མགོ་སུམ་ཅུ་རྩ་གཉིས་མཚན༔ ཚོགས་ཀྱིས་བརྒྱན་པའི་མཁའ་འགྲོ་མ༔ དཔའ་བོ་མཉམ་སྦྱོར་མ་ལ་བསྟོད༔ གཡོན་བསྐུམ་གཡས་པའི་བརླ་ལ་གཏད༔ སྐྱེ་བ་རྒྱུན་གཅོད་གཡས་བཞེངས་ཚུལ༔ སྐྲ་གྲོལ་འཇིགས་པའི་མདངས་ཀྱིས་བལྟ༔ རབ་ཁྲོས་ཕག་མོའི་སྐུ་ལ་བསྟོད༔ རྡོ་རྗེ་ཕག་མོ་དུས་གསུམ་ཁྲོས་པའི་ཡུམ༔ ཁྲོ་མོའི་ཁྲོ་མོ་སྔོན་བྱུང་དཔལ་གྱི་སྐུ༔ ཕག་མོ་ཁྱོད་ནི་བྱིན་རླབས་ཀུན་གྱི་དངོས༔ རྩ་བའི་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་རྫས་མཆོད་པ་དམ་པ་འདི་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྟོད་ཅིང་འདོད་གསོལ་ཡིག་བརྒྱ་བཟླ། ནོངས་པ་བཤགས། བཛྲ་མུཿས་གཏོར་མགྲོན་གཤེགས་སུ་གསོལ། འདི་ཉིད་བདག་བསྐྱེད་ཀྱི་ཉེར་བསྡུ་མ་བྱས་པའི་གོང་ཉིད་དུ་བྱེད་པའང་ཡོད་དེ་སྐབས་དང་བསྟུན་ནོ།། ༈ །།གསུམ་པ་བྱིན་རླབས་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། མདུན་བསྐྱེད་ཀྱི་རྟེན་བསང་། དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རྟེན་འབྱུང་བཞི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པའི་ནང་དུ་བྃ་ལས་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་ཧྲཱིཿལས་བདུད་རྩིའི་ལྷ་མོའི་སྙིང་གར་གཡུང་དྲུང་འཁྱིལ་བའི་དབུས་སུ་ཟླ་བའི་སྟེང་དུ། བྃ་ཡིག་གནས་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྣམ་པར་སྤྱན་དྲངས་བདུད་རྩི་ལ་ཐིམ་པས་བདུད་རྩིའི་ལྷ་མོ་ཡང་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་གྱུར། དེའི་ནང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཞེས་པ་ནས། རིགས་ཀྱི་བདག་པོས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས་རང་སེམས་ལྷ་སྐུར་གྱུར་པ་ནི་ཞེས་པ་བོར། དབང་གི་ལྷ་རྣམས་ཀྱང་མདུན་བསྐྱེད་ལ་ཐིམ་པར་བསམ། དེ་ནས་ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ དྲི་ཆབ་གཙང་མ་ཙནྡན་ག་པུར་ཆབ༔ བདུག་སྤོས་དྲི་ཞིམ་ཨ་ཀར་དུ་རུ་ཀ༔ མེ་ཏོག་མཛེས་པ་མདངས་དང་ཁ་དོག་ལྡན༔ སྣང་གསལ་མར་མེས་ཕྱོགས་བཅུའི་མུན་པ་སེལ༔ ཞལ་ཟས་རོ་བཅུད་ཁ་དོག་ལྡན་པ་ཡིས༔ ལུས་སེམས་རྒྱས་ཤིང་ཚིམ་པར་བྱེད་པ་དང༔ སིལ་སྙན་སྣ་ཚོགས་ཕྱོགས་བཅུར་སྒྲ་སྙན་སྒྲོག༔ ཡེ་ཤེས་མཁའ་འགྲོ་རྣམས་ལ་འབུལ་ལོ་བཞེས༔ འདོད་ཡོན་མ་སྤང་ཆོས་ཉིད་ལོངས་སྤྱོད་ཤོག༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ དེ་བཞིན་དུ། དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ༔ ཞེས་པས་འབུལ་ལོ། །མཚན་ལྡན་བྷནྡྷ་ཀ་པཱ་ལར༔ འབྲུ་བཅུད་ཆང་དང་བདུད་རྩི་སྦྱར༔ དྲི་མེད་དཀར་པོ་མུ་ཏིག་མདོག༔ དམ་རྫས་བདུད་རྩི་སྨན་གྱི་མཆོག༔ ཡེ་ཤེས་མཁའ་འགྲོ་རྣམས་ལ་འབུལ༔ ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ༔ ཨཱོྃ་མ་ཧཱ་པཉྩ་ས་མ་ཡེ་ཧཱུྃ༔ ཞེས་བདུད་རྩི་འབུལ། གཏོར་སྣོད་མཚན་ལྡན་ཀ་པཱ་ལར༔ གཏོར་མ་ཤ་ལྔ་བདུད་རྩི་ལྔ༔ བདུད་རྩི་ཆེན་པོར་བསྒྱུར་ནས་ནི༔ ཡེ་ཤེས་མཁའ་འགྲོ་རྣམས་ལ་འབུལ༔ ཐུགས་དམ་སྐོངས་ནས་དངོས་གྲུབ་སྩོལ༔ ཨཱོྃ་མ་ཧཱ་བ་ལིནྟ་ས་མ་ཡེ་ཧཱུྃ༔ ཞེས་གཏོར་མ་འབུལ་ལོ། །ནང་གསང་གི་མཆོད་པའི་རྣམ་གྲངས་ཇི་སྙེད་གསུངས་ཀྱང་རེ་ཞིག་དེ་ཙམ་མོ། །བསྟོད་པ་ནི་སྔར་བཤད་པ་ལྟར་རམ། ཡང་ན། ཧཱུྃ༔ རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ༔ སྤྲོས་བྲལ་ཆོས་སྐུ་བདེ་ཆེན་ལས༔ རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ༔ དམར་མོ་གཅེར་བུ་རུས་པས་བརྒྱན༔ དབུ་སྐྲ་སེར་མོ་མེ་ལྟར་འབར༔ ཐོད་པའི་ཕྲེང་བས་ཡོངས་བསྐོར་ནས༔ ཡབ་ཀྱི་རང་བཞིན་ཁ་ཊྭཱཾ་ག༔ ཁྲག་འཐུང་སྐུ་གསུམ་ཐོད་པའི་སྒྲ༔ ཆོས་དབྱིངས་སྒྲ་ལས་ཌཱ་མ་རུ༔ ཐོད་པ་བདུད་བཞིའི་ཁྲག་གིས་བཀང༔ དངོས་གྲུབ་བྱིན་རླབས་འདོད་ཕྱིར་འཐུང༔ ཞལ་བཞད་མཆེ་གཙིགས་ལྗགས་འདྲིལ་བ༔ ཁྲོ་མོའི་ཞལ་ནས་ཧཱུྃ་སྒྲོག་ཅིང༔ ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག༔ བརྐྱང་བསྐུམ་འགྱིང་བག་ལྡེམ་གཟུགས་ཅན༔ བསྐལ་པའི་མེ་དཔུང་འཁྲིགས་པའི་དཀྱིལ༔ དུར་ཁྲོད་རོལ་པ་མཁའ་འགྲོའི་གཙོ༔ བསྐལ་པ་ཡེ་ཤེས་རྫོགས་ལ་བསྟོད༔ ཞེས་པས་བསྟོད༔ བཟླས་པའི་དམིགས་པ་གསལ་བཏབ་ནས་བཟླས་པ་སྔར་བཞིན་བྱ༔ བུམ་པའི་བསྐྱེད་བཟླས་ནི་མདུན་བསྐྱེད་མཉམ་སྒྲུབ་ཉིད་ལས་བཟླས་པ་དམིགས་ཕྱེད་པའི་ཕྱིར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་སྤྲོས་བུམ་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་བར་བསམ་ནས་བཟླས་པ་ཅི་འགྲུབ་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ་ཞིང་བསྟོད་པ་བསྡུས་པ་ཙམ་བྱའོ། །དེ་ནས་འདས་པའི་གཏོར་མ་སྔར་བཞིན་ལས་མདུན་བསྐྱེད་དང་འབྲེལ་བས་སྤྱན་འདྲེན་ནི་མི་དགོས། གཏོར་མ་གཉིས་པ་ཆོས་སྐྱོང་། གསུམ་པ་གཞི་བདག་རྣམས་ལ་འབུལ་ཏེ་སོ་སོའི་ཆོ་ག་བཞིན་ནོ། །ཚོགས་མཆོད་ནི་དེའི་སྔ་ཕྱི་གང་འོས་སུ་བྱ་ཞིང་དེའི་མཐར་བདུད་རྩི་ཡང་མྱང་། དེ་ནས་ཡི་གེ་རྣམ་དག་གི་མན་ངག་ནི། མདུན་གྱི་གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་རྣམས་མྱུར་དུ་འཁོར་ཞིང་འོད་ཟེར་འཕྲོས་པ་བདག་ལ་ཐིམ་པར་བསྒོམ་ལ། དུས་གསུམ་བདེ་གཤེགས་འདུས་པའི་ཤེས་རབ་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་མཛད་ཅིང༔ རྒྱལ་བ་གསང་སྦྱོར་མཆོད་པས་མཉེས་པར་བྱེད༔ བྱང་ཆུབ་སེམས་ཀྱི་བདེ་བས་ལུས་རྒྱས་པ༔ ཁྱོད་ཀྱིས་བདག་དང་སློབ་མར་བཅས་པ་ལ༔ བྱིན་རློབས་རྣལ་འབྱོར་མ་ཡི་བདེ་ཆེན་སྟོན༔ ཅེས་གསོལ་བ་གདབ་སྟེ་བདག་ཉིད་འཇུག་པའི་དོན་ཡིན་ནོ། །སློབ་མའི་བྱ་བ་ནི། ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་མཚམས་སྦྱོར་ཅི་རིགས་པ་ལས། དེ་ཡང་རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་སྒྲུབ་པའི་ལྷའི་གཙོ་བོ་ནི་རྣལ་འབྱོར་མ་ཉིད་ཡིན་ཏེ། དེ་ཡང་དོན་དུ་ལྷ་ཡབ་ཡུམ་ལ་བཟང་ངན་མེད་ཀྱང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་རྩ་བ་ཡིན་ཞིང་ཐབས་ཡན་ལག་ཡིན་པ་དང་། བདེ་བ་ཆེན་པོ་ཡང་རྣམ་པ་ཀུན་ལྡན་གྱི་སྟོང་པས་སྒྲུབ་དགོས་པ་དང་། བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་བའི་ཕྱིར་ན་མཆོག་འདོད་པ་རྣམས་ཀྱི་ལྷག་པའི་ལྷའི་གཙོ་བོ་ནི་རྡོ་རྗེ་ཕག་མོ་ཉིད་ཡིན་ལ། དེ་ལ་ཡང་བཀའ་སྲོལ་དུ་མ་ཡོད་པ་ལས། ཁྱད་པར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཤིན་ཏུ་ཟབ་པའི་ཐུགས་གཏེར་ཆེན་པོ་ལྔ་ལས་མཁའ་འགྲོའི་ཆོས་སྐོར་ཟབ་རྒྱས་སུ་བཀའ་བབས་པ་ནི་བླ་མ་མངའ་བདག་ཉང་རལ་པ་ཅན་ཡིན་ལ། དེ་ལ་ཡང་མཁའ་འགྲོའི་སྒྲུབ་སྐོར་ཇི་སྙེད་ཅིག་མཆིས་པ་ལས་འདིར་ནི་ཇོ་མོ་མཚོ་རྒྱལ་གྱིས་དངོས་སུ་གཏད་པའི་སྟག་སྒྲོ་ནས་བྱོན་པ་མཁའ་འགྲོ་ཆེན་མོར་གྲགས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། ལྷ་དགུ་མའམ། ལྷ་ལྔའམ། གཙོ་རྐྱང་སྟེ། འདི་ཞེས་བྱ་བའི་དཀྱིལ་འཁོར་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་སོགས་སྦྱར་ནས་མཎྜལ་ཕུལ། མིག་དར་བཅིང་། མེ་ཏོག་གཏད་ལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ། རྣལ་འབྱོར་མའི་བྱིན་རླབས་ལ་འཇུག་པས། རྡོ་རྗེ་རྣལ་འབྱོར་མ་དགོངས་སུ་གསོལ༔ བདག་གི་ལས་དང་ཉོན་མོངས་པ་ཐམས་ཅད་དག་པར་བྱིན་གྱིས་རློབ་ཏུ་གསོལ༔ ཁམས་གསུམ་འཁོར་བ་ལས་དབུགས་དབྱུང་བ་དང༔ གཟེངས་བསྟོད་པ་དང༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སྐྱབས་འགྲོ། སེམས་བསྐྱེད། སྡོམ་གཟུང་རྣམས་་་སྒྲུབ་ཐབས་དབུ་ལྟར།མཆན།བྱས་ལ། བྱིན་གྱིས་བརླབ་པ་བརྒྱད་ཀྱི་སྒོ་ནས་ཡེ་ཤེས་དབབ་པ་ལས། དང་པོ་ནང་གི་རྣལ་འབྱོར་མས་དབབ་པ་ནི། སློབ་མ་རྡོ་ཐལ་གྱིས་ཆོས་འབྱུང་བྲིས་པའི་ཁར་ནུབ་ཏུ་ཕྱོགས་པས་སྐྱིལ་ཀྲུང་བཅས་ཤིང་རླུང་འཛིན་དུ་བཅུག་ལ། སློབ་མ་ལྷར་བསྒོམས་པའི་སྙིང་གི་དཀྱིལ་དུ་རྡོ་རྗེ་ཕག་མོ་མར་མེ་ལྟར་འབར་བ། དེའི་སྙིང་གར་གཡུང་དྲུང་འཁྱིལ་པ་གཡོན་དུ་ཤུགས་དྲག་ཏུ་འཁོར་བར་གྱུར། བླ་མའི་སྨིན་མཚམས་སུ་གཡུང་དྲུང་དྲག་ཏུ་འཁོར་བ་ལས་འོད་ཟེར་འཕྲོས། སློབ་མའི་སྙིང་གར་གནས་པའི་ཕག་མོའི་སྐུ་ལ་ཕོག་བདེ་བ་བཟོད་མེད་དུ་འབར་བས་གར་མཛད་པར་མོས་ལ། སྔགས་དང་རོལ་མོའི་སྒྲ་བྱ། དེས་ལུས་འཕར་གཡོ། ངག་སྨྲ་བརྗོད། སེམས་བདེ་གསལ་དུ་འཆར་བ་ནི་ཕེབས་པའོ། །གཉིས་པ་བླ་མ་ཡི་དམ་མཁའ་འགྲོ་བསྐུལ་ཏེ་བྱིན་དབབ་པ་ནི། གཞིའི་དམིགས་པ་སྔར་བཞིན་ལས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་བདེ་བ་བཟོད་མེད་དུ་འབར་བར་བསམ་ལ་ཌཱ་དྲིལ་གྱི་སྒྲ་དང་བཅས་ཏེ། ཧཱུྃ༔ བཞེངས་ཤིག་མཁའ་འགྲོ་གནས་ནས་བཞེངས༔ དགོངས་ཤིག་བླ་མ་སློབ་དཔོན་དགོངས༔ རིག་འཛིན་གནས་ནས་སྐུ་སྐྱོད་འཚལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་བཞིན་དུ། ཧཱུྃ། བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས༔ དགོངས་ཤིག་རྒྱལ་བ་རིགས་ལྔའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་འཚལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བཞེངས་ཤིག་ཡེ་ཤེས་མཁའ་འགྲོ་བཞེངས༔ དགོངས་ཤིག་ཌཱ་ཀི་སྡེ་ལྔའི་ཚོགས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་འཚལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་དང་། ཨཱོྃ༔ སྐུ་ཡིས་བྱིན་གྱིས་རློབ་ཏུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གིས་བྱིན་གྱིས་རློབ་ཏུ་གསོལ༔ ངག་ལ་ནུས་པ་སྤར་དུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསུང་གི་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་ཀྱིས་བྱིན་གྱིས་རློབ་ཏུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་ཞིག་སྐུར༔ བརྒྱུད་འཛིན་བུ་ལ་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ཞེས་དང་རོལ་མོའི་སྒྲ་བྱའོ། །གསུམ་པ་སྤོས་ཀྱིས་བྱིན་གྱིས་བརླབ་པ་ནི། སློབ་མ་སྙིང་གའི་གཡུང་དྲུང་འཁྱིལ་པ་ལ་སེམས་གཏོད་དུ་བཅུག་ལ། བྱི་ལ་ནག་པོའི་བྲུན། པདྨ་རཀྟ། ཤ་ཆེན། ཀླད་ཆེན། བདུད་རྩི་ལྔ། རའི་ལྕེ་དང་རྐང་ལག་གི་ཉྭ་བཞིའི་ཤ །བ་ལང་གི་སྤུའམ་རང་རང་གི་སྐྲ་རྣམས་གུ་གུལ་དང་སྦྱར་བའི་དུད་པས་བདུག་ཅིང་། ཨཱོྃ་ཨཱཿཧྲཱིཿཧཱུྃ་ཧཱུྃ་ཧ༔ ཨཱོྃ་བཛྲ་བྷ་ར་ཧེ་ཨཱ་བེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཾ་སྭཱ་ཧཱ༔ ཞེས་བཟླ་ཞིང་རོལ་མོ་བྱའོ། །བཞི་པ་མེ་ཏོག་གིས་བྱིན་གྱིས་བརླབ་པ་ནི། སྔར་དཀྱིལ་འཁོར་དུ་བཀོད་པའི་མེ་ཏོག་ནས་སློབ་མའི་སྤྱི་བོར་བཞག་སྟེ། དཀྱིལ་འཁོར་པའི་ཐུགས་ཀ་ནས་རྣལ་འབྱོར་མ་གཅིག་མེ་ཏོག་གིས་མཚོན་པར་དམར་རིལ་གྱིས་བྱོན། སློབ་མའི་སྤྱི་བོ་ནས་སིབ་ཀྱིས་ཐིམ་པར་བསམ་ཞིང་ཕཻཾ་ཉེར་གཅིག་བརྗོད་པས་དབབ་བོ། །ལྔ་པ་མར་མེས་བྱིན་གྱིས་བརླབ་པ་ནི། སློབ་མ་ལྷར་གསལ་བའི་ལྟེ་བར་ཨ་དམར་པོ་མར་མེ་ལྟར་འབར་བ་དང་། སྤྱི་བོར་ཧྃ་དཀར་པོས་མཚན་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་སློབ་མའི་ལྟེ་བའི་ཨ་ལ་ཐིམ་པས་གཏུམ་མོའི་མེ་གསལ་ཞིང་རྣོ་བ་འབར། འཁོར་ལོ་བཞི་བརྒྱུད་ཧྃ་ཡིག་ཞུ་བའི་བྱང་སེམས་ཀྱི་རྒྱུན་བབས་པ་ཨ་ལ་ཐིམ་པས་མེ་ཆེར་འབར་བས། ལུས་དང་ལུས་ཀྱི་བག་ཆགས་ཉོན་མོངས་དང་བཅས་པ་ཐམས་ཅད་བསྲེགས་པར་བསམ་ཞིང་རླུང་འཛིན་དུ་འཇུག །རྗེས་བདེ་གསལ་མི་རྟོག་པའི་ངང་གདངས་སྐྱོང་དུ་གཞུག་གོ །དྲུག་པ་གཏོར་མས་བྱིན་གྱིས་བརླབ་པ་ནི། འོག་རླུང་འཐེན་ལ་སློབ་མའི་བཤང་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་མེ། མགྲིན་པར་རྩ་གསུམ་ལ་ཨཱོྃ་ཨཱཿཧཱུྃ་གསུམ་ལས་ཐོད་པའི་སྒྱེད་པུ། མགོ་བོ་ཀ་པཱ་ལ་རང་བྱུང་གི་སྣོད་དུ། དབང་པོ་ལྔ་ཤ་ལྔ། ཡུལ་ལྔ་བདུད་རྩི་ལྔ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔའི་རང་བཞིན་གྱི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་སྦར་པ་དབྱིངས་སུ་འབུལ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཕུང་པོ་གཟུགས་ཀྱི་གཏོར་མ་བཞེས༔ རྣལ་འབྱོར་པ་ཡི་ལམ་སྣ་དྲོངས༔ དབྱིངས་ནས་ཡེ་ཤེས་མཁའ་འགྲོ་མ༔ ཉོན་མོངས་རྣམ་རྟོག་གཏོར་མ་བཞེས༔ ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་སྩོལ༔ གནས་པ་ཡེ་ཤེས་མཁའ་འགྲོ་མ༔ ལུས་གནས་རྩ་རླུང་གཏོར་མ་བཞེས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འདྲེན་པ་ལས་ཀྱི་མཁའ་འགྲོ་མ༔ དུག་གསུམ་ཤ་ཁྲག་གཏོར་མ་བཞེས༔ དམ་ཚིག་ཉམས་པ་བསྐང་དུ་གསོལ༔ གཙོར་བྱེད་དམ་ཚིག་མཁའ་འགྲོ་མ༔ དུག་ལྔ་དུག་གསུམ་གཏོར་མ་བཞེས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཅེས་ལུས་ཆགས་ཞེན་མེད་པར་ཕུལ་པས་བདེ་བའི་ཡེ་ཤེས་རྒྱས་པར་བསམ་མོ། །བདུན་པ་ལྷས་བྱིན་གྱིས་བརླབ་པ་ནི། སློབ་མ་ལྷར་གསལ་བའི་སྤྱི་བོར་རྩ་བའི་བླ་མ་དང་། དེའི་དབུ་གཙུག་ནས་རིམ་བཞིན་བརྒྱུད་པའི་བླ་མ་རྣམས་གསལ་བཏབ་ལ། དེ་ལ་མོས་གུས་དུང་དུང་བསྐྱེད་པས་རིམ་བཞིན་འོད་ཟེར་གྱི་གོང་བུར་ཞུ་བ་སྤྱི་བོ་ནས་སིབ་ཀྱིས་ཐིམ་པར་བསམ་ལ། སྔགས་མཐར། ཧཾ་ཤི་དྷིཾ་རི་ཧཱུྃ་ཞེས་བཏགས་པ་བཟླའོ། །བརྒྱད་པ་ཡི་གེས་བྱིན་གྱིས་བརླབ་པ་ནི། སློབ་མའི་ལྟེ་བར་ཧྲཱིཾ་ལས་ཆོས་འབྱུང་གི་ནང་དུ་ཧྲཱིཾ་ཡིག་བྃ་དམར་པོས་མཚན་པ། མགྲིན་པར་ཨཱོྃ་ལས་གཡུང་དྲུང་དཀར་པོ་གཡོན་དུ་འཁོར་བ་ཨཱོྃ་གྱིས་མཚན་པ། སྤྱི་བོར་ཧྃ་སེར་པོ་ལས་གཡུང་དྲུང་སེར་པོ་གཡས་སུ་འཁོར་བ་ཧྃ་གིས་མཚན་པ་རྣམས་ཤུགས་དྲག་ཏུ་འཁོར་བར་བསམ་ལ་རྩ་སྔགས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་བྱའོ། །དེ་ནས་ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །དེ་དག་ནི་བྱིན་གྱིས་བརླབ་པའི་ཆོ་གའོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་ཕུལ། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་མགོར་བཅིང་། ཨཱོྃ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་མིག་དབྱེ། དཀྱིལ་འཁོར་གྱི་རྣམ་པ་བསྟན་པ་ལ། རྡུལ་ཚོན་གྱི་ཆོས་འབྱུང་ནི་དུག་གསུམ་གྱི་ཆོས་ཉིད། བདུད་རྩིའི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་སྐུ་གསུམ་གྱི་ཡེ་ཤེས་སོ། །གཡུང་དྲུང་རིས་ནི་ཆོས་ཉིད་མི་འགྱུར་བ། ཡིག་འབྲུ་རྣམས་སྐུ་གསུང་ཐུགས་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་སྤྲོས་བྲལ། དམར་བ་སྙིང་རྗེ། རྩ་བ་ཕྲ་བ་ཉོན་མོངས་སྤངས་པ། གདེངས་ཀ་ཆེ་བ་ཡེ་ཤེས་དང་ཡོན་ཏན་རྒྱས་པ་མཚོན་ནོ། །ཞེས་དང་། བླ་མ་ཕག་མོར་སྒོམས་ལ་མོས་གུས་དུང་བ་བྱོས་ཤིག །ཅེས་དང་། མདུན་བསྐྱེད་ཀྱི་ལྷའི་རྣམ་པ་མངོན་རྟོགས་ལྟར་བཤད་ལ། མཚོན་དོན་དག་དྲན་བཞིན་བཤད་དེ། དཀྱིལ་འཁོར་དང་། བླ་མ་ལྷའི་དེ་ཁོ་ན་ཉིད་བསྟན་པའོ། །མིག་དར་འཆིང་འགྲོལ་མཐོང་བ་སྟོན་པ་སོགས་བརྒྱུད་པའི་ཕྱག་ལེན་ཡིན་གྱི། བྱིན་རླབས་ཀྱི་ཆོ་གའི་དངོས་བསྟན་ལ་མེད་པས་མ་བྱས་ཀྱང་རུང་ངོ་། །དེ་ནས་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། བླ་མ་སངས་རྒྱས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས༔ དཀྱིལ་འཁོར་དབང་བསྐུར་ཐོབ་གྱུར་ནས༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཅག་འཇུག་ལགས་ན༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དབང་བསྐུར་བ་དངོས་ནི། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པས་འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་ཡང་གནས་གསུམ་དུ་བཞག་ནས་རྟོགས་པ་བསྐྱེད་པ་ནི་དབང་བཞིའི་བདག་ཉིད་ཅན་ནོ། །དེ་ལ་དང་པོ་བུམ་པས་དབང་བསྐུར་བ་ནི། ཨཱོྃ༔ བུམ་པ་སྤྲོས་མེད་ཟླུམ་པོ་ནི༔ ཆོས་སྐུ་རང་གཟུགས་ལྔ་ཡི་བདག༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུ༔ ཉོན་མོངས་བག་ཆགས་ཀུན་བྱང་ནས༔ དབང་བཞི་ཡེ་ཤེས་རྫོགས་པར་ཤོག༔ ཨཱོྃ་སརྦ་བུདྡྷ་བཻ་རོ་ཙ་ནཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨཱོྃ་བུདྡྷ་ཌཱ་ཀི་ནཱི༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི་སྭཱ་ཧཱ༔ ཞེས་ལན་གསུམ་བརྗོད་དེ། བུམ་པ་སྤྱི་བོར་བཞག་སྟེ་ཁྲུས་བྱས་པ་བུམ་དབང་། མགྲིན་པར་གཏད་དེ་བུམ་ཆུ་བླུད་པ་གསང་དབང་། སྙིང་གར་གཏད་པ་ཤེས་རབ་ཡེ་ཤེས། དེ་ལས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་བཞི་པའོ། །གཉིས་པ་ཐོད་པས་དབང་བསྐུར་བ་ནི། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་འབྲུ་བཅུད་ཆང་གིས་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་ལན་གསུམ་བརྗོད་ལ། ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང་། སྙིང་གར་གཏད་པ་ཤེས་རབ་ཡེ་ཤེས། དེ་ལས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །གསུམ་པ་མེ་ལོང་གིས་དབང་བསྐུར་བ་ནི། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་དབྱིངས་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས༔ གཟུགས་བརྙན་གསལ་ལ་ངོས་གཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མའི་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང༔ གསལ་སྟོང་མ་འགགས་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་ལན་གསུམ་བརྗོད། སྔགས་ལན་དང་པོས་སྤྱི་བོར་བཞག །གཉིས་པས་མགྲིན་པར་འཇོག་པ་དང་སློབ་དཔོན་གྱི་སྙིང་ག་ནས་སྔགས་ཕྲེང་ཞལ་དུ་ཐོན་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་ལ་ཐིམ་པར་བསམ་ཞིང་སྔགས་ཀྱི་རྗེས་ཟློས་བྱ། གསུམ་པས་སྙིང་གར་བཞག་སྟེ། མེ་ལོང་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་སྔགས་ཀྱི་རྗེས་གནང་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་རིག་པ་གསལ་ལ་མ་འགགས་པར་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། དེ་ལས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །བཞི་པ་གཏོར་མའི་དབང་ནི། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ མཁའ་འགྲོ་སྐུ་ལྔ་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་མཁའ་འགྲོ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ འཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་བརྗོད་བཞིན་དུ་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་རོལ་པ་གསང་དབང་། སྙིང་གར་གཏད་དེ་མཁའ་འགྲོ་མ་དང་གཉིས་མེད་དུ་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། དེ་ལས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ལྔ་པ་སྐུ་འབག་གིས་དབང་བསྐུར་བ་ནི། ཨཱོྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་ལྷ་མོའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མཉམ་ཉིད་མ་འདྲེས་གསལ༔ སྔོན་ཚེ་ལྷ་མོ་ཁྱོད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་ལྷར་འཛིན་ཅིང༔ སྲོག་གི་ཕྱིར་ཡང་མི་སྤོང་སྒྲུབ་ལགས་ན༔ དབང་བཞི་རིམ་པར་རྫོགས་པའི་དབང་ཐོབ་ཤོག༔ སྔར་གྱི་སྔགས་གཤམ་དུ་ཨཱོྃ་བཛྲ་ཡོ་གི་ནཱི་ཧཱུྃ་ཕཊ༔ ཅེས་སྦྲེལ་བ་ལན་གསུམ་བརྗོད་པས་དང་པོས་སྤྱི་བོར་བཞག །གཉིས་པས་མགྲིན་པར་འཇོག་པ་དང་མཉམ་དུ་རིགས་དང་མཐུན་པའི་གསང་མིང་གདགས། གསུམ་པས་སྙིང་གར་བཞག་སྟེ། སྐུ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་སྟེ་གསང་མཚན་བཏགས་པ་གསང་དབང་། སྙིང་གར་གཏད་དེ་མཁའ་འགྲོ་མ་དང་གཉིས་མེད་དུ་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། དེ་ལས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པ་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནས་དམ་ཚིག་ཁས་བླང་བ་དང་མཎྜལ་ཡོན་འབུལ་རྣམས་སྤྱི་དང་མཐུན་ནོ། །གོང་དུ་ཚོགས་མཆོད་མ་གཏང་ན་སྐབས་འདིར་གཏོང་ཞིང་། རྗེས་གཏང་རག་གི་མཆོད་བསྟོད། ནོངས་བཤགས་གཤེགས་གསོལ་ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་ན་ཞལ་གཉིས་མ་ལྷ་དགུ་པ་དང་ལྔ་པ་གཙོ་རྐྱང་རྣམས་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའོ། །རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ལ། གྲུབ་ཐོབ་ཀྱི་གཞུང་གི་ཁུངས་དང་། བླ་མའི་མན་ངག་དང་། བྱིན་རླབས་ཀྱི་བཀའ་མ་ཆད་པ་དང་། རྫོགས་རིམ་དང་ལས་ཚོགས་སུ་འཛོམ་པ་སོགས་སྒོ་ཐམས་ཅད་ནས་འདི་ཉིད་ཁོ་ན་ཕུལ་དུ་གྱུར་པ་ཡིན་ནོ། །དེ་ལྟ་བུའི་ཟབ་རྒྱས་ཀྱི་མན་ངག་མཐའ་དག་ལ་འཇུག་པར་འདོད་པས་ནི་གཏེར་གཞུང་གི་ཡི་གེ་དག་ལས་ཤེས་པར་བྱ་ཞིང་། འདིར་ནི་སྙིང་པོ་ཉེར་བསྡུས་སུ་བཀོད་པའོ། །མི་འ༵གྱུར་བདེ་ཆེན་ཟག་མེ༵ད་དབྱིངས། །རྒྱས་འདེབས་རྡོ༵་རྗེ༵་བཙུན་མོ་ཡི། །སྒྲུབ་ཐབས་ཉང་གཏེར་སྙིང་པོའི་བཅུད། །འཇུག་བདེའི་ངག་འདོན་ཉུང་ངུར་དྲིལ། །ཉང་གཏེར་མཁའ་འགྲོ་ཆེན་མོར་གྲགས་པའི་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས་ (Volume 3, Text 28)

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་བྷྱ༔ འདིར་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་དང་འབྲེལ་བར་བཀའ་སྲུང་མཆོད་གསོལ་མདོར་བསྡུས་ནི། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སོགས་བཀའ་སྲུང་སྡེ་བདུན་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུར་སྐུར་བཞེངས་པ༔ བླ་མ་བདེ་གཤེགས་ཡི་དམ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཧཱུྃ༔ གཏེར་བདག་དཔལ་མགོན་མ་ནིང་གཙོ་དང་འཁོར༔ ཨེ་ཀ་ཛ་ཊཱི་ལྷ་མོ་རེ་མ་ཏི༔ ཤན་པ་སྲོག་སྒྲུབ་གཟའ་བདུད་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་གནོད་སྦྱིན་དམར་ནག་དང༔ སོ་སོའི་རིགས་དང་གཡོག་འཁོར་དཔུང་དང་བཅས༔ བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་པས་སྤྱན་དྲང་། བཛྲ་ས་མ་ཡ་ཏིཥྛ་ལྷན༔ གྱིས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ མ་སྲིང་མཁའ་འགྲོའི་ཚོགས་དང་བཅས༔ དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ སྨན་རག་གཏོར་གསུམ་གསང་བའི་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉན་པོ་སྐོང་ཕྱིར་འབུལ༔ མ་ཧཱ་པཉྩ་སརྦ་པཱུཙྪ་ཧོ༔ ཞེས་པས་མཆོད། ཧཱུྃ༔ བྱིན་རླབས་དངོས་གྲུབ་འདོད་སྟེར་རོལ་པ་ཅན༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག༔ བོད་ཁམས་སྐྱོང་བའི་ལྷ་རབས་བསྟན་མར་བཅས༔ གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་པར་བྱའོ། །ཞེས་པའང་གཏེར་གཞུང་རྩ་བ་ལས་མདོར་བསྡུས་པ་དགེ། །།

དཔལ་བཀའ་འདུས་ཀྱི་བསྙེན་སྒྲུབ་བྱ་ཚུལ་མདོར་བསྡུས་སྙིང་པོ་རིན་ཆེན་དོ་ཤལ་ (Volume 15, Text 28)

༄༅། །དཔལ་བཀའ་འདུས་ཀྱི་བསྙེན་སྒྲུབ་བྱ་ཚུལ་མདོར་བསྡུས་སྙིང་པོ་རིན་ཆེན་དོ་ཤལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། དཔལ་བཀའ་འདུས་ཀྱི་བསྙེན་སྒྲུབ་བྱ་ཚུལ་ལ་གཉིས། རྩ་བའི་ལྷ་ཕྱག་རྒྱ་གཅིག་པ་ལ་བརྟེན་ནས་བསྙེན་པ་རྐྱང་པ་བྱ་བའི་ཚུལ་དང། དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་སྦྲེལ་མར་བྱ་བའི་ཚུལ་ལོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་རོ་རས་ལ་ཧཱུྃ་མཐིང་ནག་ཁྲུ་གང་པ་བྲིས་པ་དང་། ཕྱག་རྒྱ་གཅིག་པའི་ཐོད་སྐུ །དེའི་མདུན་དུ་སྨན་རག་གཏོར་མ་གསུམ་དང་ཉེར་སྤྱོད། གཡས་གཡོན་དུ་ཆོས་སྐྱོང་གི་གཏོར་འབུལ་དང་སྐྱེམས་ཕུད་ཙམ་བཤམ། རང་ཉིད་ཧེ་རུ་ཀར་གསལ་བས་གཞི་བགེགས་ཀྱི་གཏོར་མ་བཏང་། རྒྱལ་ཆེན་ཐོ་འཛུགས་ཙམ་དང་། སྲུང་འཁོར་ནན་ཏན་དུ་བསྒོམ། དེ་ནས་ཐུགས་ཁྲིད་ལྟར་སྔོན་འགྲོ་བླ་མའི་རྣལ་འབྱོར་ཡན་རྒྱས་བསྡུས་གང་རིགས་གྲུབ་རྗེས། བླ་མ་རང་ལ་བསྟིམས་མཐར་ཐུགས་ཡིད་བསྲེས་ཏེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཉམས་མ་སྐྱེས་ཀྱི་བར་རམ། ཞག་གསུམ་སོགས་བྱ། དེ་ནས་ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་སྒྱུ་མ་ལྟ་བུའི་རྩལ་སྦྱང་བ་ལ་ཞག་གསུམ་སོགས་ཅི་རིགས། དེ་ནས་རྒྱུའི་ཏིང་ངེ་འཛིན་མདུན་དུ་ཧཱུྃ་ཡིག་གསལ་གདབ། བྲིས་པའི་ཧཱུྃ་ལ་ཡིད་མིག་རླུང་གསུམ་གཏད། གསལ་སྣང་སྐྱེས་པ་ན་ཧཱུྃ་དང་དབྱེར་མེད་དུ་སེམས་བསྲེས་ཏེ་མཉམ་པར་བཞག་པ་ཞག་གསུམ་སོགས་ཅི་རིགས། དེ་ནས་ཕྱག་རྒྱ་གཅིག་པའི་བསྙེན་པ་དངོས་ལ། ཕྲིན་ལས་རིན་ཆེན་སྙིང་པོ་ལྟར་མཚམས་གཅོད་ནས་བྱིན་འབེབ་བར། དེ་ནས་ཐུགས་ཁྲིད་ལྟར་བདག་དང་དམ་ཚིག་གི་བྲིས་སྐུ་དབྱེར་མེད་པའི་ཚུལ་གྱིས་རྟེན་དང་བརྟེན་པར་བཅས་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གསལ་བཏབ་ནས་མདུན་གྱི་བྲིས་སྐུ་ལ་ཡིད་མིག་རླུང་གསུམ་གཏད། གསལ་སྣང་སྐྱེས་པ་ན་དེ་ལ་སེམས་འཛིན་པ་དང་། ང་རྒྱལ་བརྟན། དག་པ་དྲན། དེ་ལྟ་བུའི་ཚུལ་གྱིས་གསལ་བརྟན་གྱི་ཉམས་སྐྱེ་བའམ། ཞག་ལྔ་བདུན་སོགས་ཅི་རིགས་པར་ཉམས་སུ་བླང་། ཐུན་མཐར་བཟླས་པ་ཅུང་ཟད་ཀྱང་བྱ། ལྷ་དང་རང་སེམས་དབྱེར་མེད་ཀྱི་ངང་དུ་རྣལ་དབབ། རང་སེམས་ལྷ་སྐུར་ཤར་བའི་གསལ་སྣང་ལ་སེམས་གཏད་ཅིང་རླུང་བུམ་ཅན་བཟུང་། ཐུན་བསྡུ་བ་ན་མཆོད་བསྟོད་མདོར་བསྡུས། ཧཱུྃ། བླ་མེད་མཆོག་གི་སོགས་སྔགས་བཅས། ཧཱུྃ༔ ཞི་ཁྲོའི་སྐུ་སོགས་ནས། དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ། བཀའ་སྲུང་མཆོད་པ། སྤྲོ་ན་ཚོགས་མཆོད་ལྷག་མའི་བར་དང་། སྲུང་མའི་གཏོར་འབུལ་བྱ། གང་ལྟར་ཡང་བསྡུ་ལྡང་བསྔོ་ཤིས་མཐར་དབྱུང་། དེའང་བསྡུ་བའི་ཚིག །ཧཱུྃ་སརྦ་མཎྜལ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ ཁྲག་འཐུང་ཡབ་ཡུམ་མཁའ་ལ་སྤྲིན་དེངས་ལྟར། དམིགས་བསམ་བརྗོད་པ་བྲལ་བའི་ངང་དུ་ཐིམ༔ ཐུགས་དགོངས་མ་བཅོས་སྐྱེ་མེད་དབྱིངས་སུ་བཞག །ཨ་ཨ༔ ཞེས་བསྒྱུར་བས་འཐུས། དེ་ནས་བསྙེན་བཟླས་གཙོ་བོར་བཏོན་སྐབས། སྤྱི་ཆིངས་གོང་ལྟར་ལ་ཐོག་མར་ལྷ་ལ་སེམས་ཅུང་ཟད་བཟུང་། དེ་ནས་ཐུགས་ཀར་ཉི་དཀྱིལ་ལ་སྔགས་ཕྲེང་བཀོད་པ་ལ་སེམས་བཟུང་། དེ་ནས་སྤྲོ་བསྡུའི་དམིགས་པ་བཅས་བཟླས་པ་ལ་འབད། རྣལ་དབབ་དང་རླུང་སྦྱོར་སོགས་ཀྱིས་མཐར་དབྱུང་། དེ་ལྟ་བུའི་ཚུལ་གྱིས་བསྙེན་པ་རྒྱས་པ་ཞི་ཁྲོ་སྦྲེལ་བའི་སྔགས་འབུམ་ཕྲག་བཅོ་བརྒྱད་དམ། ལས་རུང་ཙམ་ལ་འབུམ་ཕྲག་བཞི་ལྷག་ཁ་སྐོང་དང་བཅས་པ་བཟླའོ། །བསྙེན་པ་གྲངས་ཐེམས་ནས་སྒྲུབ་པ་མཚོན་བྱེད་ཙམ་སྤྲོ་ན། མདུན་དུ་དཀྱིལ་འཁོར་རས་བྲིས་སམ། མཎྜ་ལར་ཚོམ་བུ་ཉེར་གཅིག་བཀོད། ཕྲིན་ལས་རིན་ཆེན་སྙིང་པོའི་གཞུང་བསྲང་། བཟླས་པའི་སྐབས་སུ་བབས་པ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེའི་མཐར། ཞི་ཁྲོའི་སྤྱི་སྔགས་དང་། ཕཊ་ཛཿཞེས་བཏགས་པས་ཛཔ྄་ཁང་དབྱེ། ཧཱུྃ༔ བཅོམ་ལྡན་སྤྱི་དཔལ་སོགས་ཛཔ྄་དགོངས་གསལ་བཏབ་ལ་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བཟླས་པ་ཅི་ནུས་བྱ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང་། སྟོང་ཚིགས་མཆོད་པ་ནས་ཚོགས་ལྷག་མའི་བར་གཞུང་ལྟར་དང་། ནོངས་བཤགས་བསྡུ་ལྡང་བསྔོ་ཤིས་མཐར་དབྱུང་། དེ་ལྟར་ཞག་བདུན་སོགས་བསྒྲུབས་མཐར་སང་དངོས་གྲུབ་ལེན་རྒྱུའི་དོ་ནུབ་མཆོད་གཏོར་ཁ་གསོ་དང་། དངོས་གྲུབ་ཀྱི་རྫས་འདུ་བྱ། ཕྱི་ཐུན་དང་སྲོད་ཐུན་ལ་བཟླས་པ་ཅུང་ཟད་མཐར་དངོས་གྲུབ་རང་དང་རྫས་ལ་བསྡུ་བའི་དམིགས་པ་སྤྱི་ལྟར་དང་། ཞི་ཁྲོ་སྤྱི་སྔགས་སྦྲེལ་བའི་མཐར་ཀཱ་ཡ་ཝཱ་ཀ་སོགས་དངོས་གྲུབ་བསྐུལ་བའི་སྔགས་བཏགས་པ་སྟོང་ཕྲག་ལས་མི་ཉུང་བར་བཟླ། སང་ནངས་པར་སྔ་བར་ལངས་ལ་ལས་བྱང་ཚོགས་སྐོང་ཡན་དཀྱུས་ལྟར་གྲུབ་རྗེས་སྐྱ་རེངས་ཤར་བ་དང་བསྟུན་ཐུགས་ཁྲིད་ལས་འབྱུང་བ་ལྟར་དངོས་གྲུབ་བསྐུལ། ཐོད་སྐུ་སྤྱི་བོར་བཞག །དངོས་གྲུབ་རྫས་དང་ཚོགས་ལ་ལོངས་སྤྱད། ལྷག་མ་བཙོན་འཛིན་དུ་བྱས་པ་གཏང་བ་ནས་བཟུང་བསྡུ་ལྡང་བར་མཐར་དབྱུང་། དེའང་གཏོང་རག་གི་མཆོད་བསྟོད་ནོངས་བཤགས་རྗེས། མདུན་རྟེན་རས་བྲིས་དང་། ཐོད་སྐུ་སོགས་ལ་བརྟན་བཞུགས། ཚོམ་བུ་ཡིན་ན་གཤེགས་གསོལ་སྤྱི་ལྟར་དང་། མཚམས་ཐོའི་རྒྱལ་ཆེན་ལ་གཏང་རག །གཤེགས་གསོལ། ནང་དུ་ལོག་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱས་པས་གྲུབ་བོ། །བསྙེན་པ་ཙམ་ལ་སྔགས་ཁ་སྐོང་དང་བཅས་པ་བཟླས་ཕྱིན་སྦྱིན་སྲེག་མ་གྲུབ་ཀྱང་འགལ་བ་ཆུང་མོད། བྱེད་པར་སྤྲོ་ན། དངོས་གྲུབ་ལེན་ཆོག་ཚར་རྗེས། ཕྲིན་ལས་རྒྱུན་གྱི་མེ་མཆོད་ལྟར་ཞི་བའི་ལས་རིམ་སྦྱར་ནས་གང་འགྲུབ་བྱ། གཉིས་པ་བསྙེན་སྒྲུབ་ལས་གསུམ་རྒྱས་པར་བྱེད་པའི་དབང་དུ་བཏང་ན། བསྙེན་པ་གོང་ལྟར་ལ། སྒྲུབ་པའི་མཚོན་བྱེད་མི་དགོས་པས་བསྙེན་པ་སྔ་དྲོ་གྲུབ་པའི་སྐབས་ཐོད་སྐུ་ལས་རྒྱུན་གྱི་དངོས་གྲུབ་བླང་བ་ཙམ་བྱ། བཀྲ་ཤིས་ཡན་གྲུབ་ནས་རྒྱལ་ཆེན་ཐོ་གསོས་དང་། དམ་སྲི་མནན་པ་ནས་བཟུང་སྒྲུབ་ཆེན་ཁོག་ཕུབ་སྦྱར། དེའང་ཁོག་ཕུབ་ལས་ས་ཆོག་ནས་བརྩམ་སྟེ་གསུངས་པ། སའི་ཆོ་ག་དང་། ཚོགས་གསག་བཤགས་སྐོང་སོགས་བསྙེན་པ་ལ་འཇུག་པའི་སྔོན་དུ་བྱ་དགོས། གཞན་སྒྲུབ་གྲོགས་མེད་ཚེ་མངའ་གསོལ་རྟགས་གདབ་སོགས་མི་དགོས་པ་གཞིར་བཅས་པས་འདོར་ལེན་ཤེས་པར་བྱ། ལྷ་སྟ་གོན་ནི་རས་བྲིས་ལའང་དཀྱིལ་འཁོར་བྲི་བའི་ཆེད་ཙམ་མ་ཡིན་པར་སྒྲུབ་པའི་ཆེད་དུའང་ཡིན་པས་གྲུབ་ན་ལེགས། མཇུག་ཏུ་གཞན་ལ་དབང་བསྐུར་བ་དང་བདག་འཇུག་སྦྲེལ་ན་བུམ་པ་སྟ་གོན་ཀྱང་གྲུབ་ན་ལེགས་ཤིང་། གང་ལྟར་ཡང་སྟ་གོན་ཡན་གྲུབ་ནས་ཕྱི་ཐུན་ནམ་སྲོད་ཐུན་ནས་འགོ་བརྩམ་སྟེ་ལས་གཞུང་བསྲང་། བཟླས་པ་ཅི་ནུས་དང་སྟོང་ཚིགས་མཆོད་པ་སོགས་གོང་གི་སྒྲུབ་པ་མཚོན་བྱེད་ཀྱི་སྐབས་སོར་བཞག་གིས་འཐུས། ཐུན་བཞི་ཀའམ་སྔ་ཐུན་དང་། ཕྱི་ཐུན་གྱི་ཐུན་མཚམས་སུ་ཉུལ་ལེར་ཕུར་གདབ་དང་། བྱིན་འབེབ་རེ་གྲུབ་ན་ལེགས། དེ་ལྟ་བུའི་ཚུལ་གྱིས་ཞི་སྔགས་དང་། གཙོ་བོའི་སྔགས་འབུམ་ཕྲག་བཞི། འཁོར་རྣམས་ལ་ཁྲི་བཞི་རེ། སྤྱི་དྲིལ་ལ་འབུམ་ཕྲག་བཞི་བཟླས་པས་ལས་རུང་གི་སྒྲུབ་པ་འབྲིང་ཙམ་དུ་འགྱུར་སྙམ། གཞན་སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམས་སྒྲུབ་ཆེན་ཁོག་འབུབས་ལྟར་མཐར་དབྱུང་དགོས་གཞིར་བཅས་དང་། སྦྱིན་སྲེག་ཀྱང་ཞི་རྒྱས་གཉིས་ཀ་བྱུང་ན་ལེགས། ལས་སྦྱོར་ལ། ཐུན་མོང་དང་མཆོག་གི་ལས་སྦྱོར་གཉིས་ལས། སྒྲུབ་པ་དང་སྦྲེལ་ཏེ་བྱ་བའི་དབང་དུ་བྱས་ན་དངོས་གྲུབ་བླང་བ་གྲུབ་པའི་ཕྱི་ཉིན་ནས་གཞུང་ལྟར་ཚེ་སྒྲུབ་བདུན་ཕྲག་ཙམ་དང་བདུད་རྩི་ཆིག་སྒྲུབ་ཀྱི་ཚུལ་དུ་བདུན་ཕྲག་ཙམ་གྲུབ་ན་ཕུན་སུམ་ཚོགས་པར་འགྱུར། དྲག་པོའི་ལས་སྦྱོར་གདབ་ལས་དང་། གཏོར་ཟློག་མཚོན་བྱེད་ཙམ་སྒྲུབ་པ་དེའི་ཁོང་དུ་བྱེད་ན་ཉིན་གསུམ་མམ་གཅིག་གིས་མཐའ་རྟེན་པར་བྱ། དེའང་བསྒྲལ་ལས་གཞུང་དུ་ས་བཅད་ཙམ་ལས་མེད་པས། ཅུང་ཟད་སྤྲོ་ན་གསེར་གཟུ་དཔང་གསུམ་སོགས་ཁ་བསྐང་དགོས་རིགས་གཤིན་རྗེ་དྲེགས་འཇོམས་སམ་རྩ་བའི་ཐུགས་སྒྲུབ་ལྟ་བུའི་ལས་རིམ་ལ་ཚིག་ཁ་བསྒྱུར་གང་དགོས་བྱས་པས་གྲུབ་བོ། །མངྒ་ལཾ།། །།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཡང་གསང་བླ་ན་མེད་པ་པདྨ་འོད་འབར་གྱི་སྒྲུབ་པ་དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་མཁའ་འགྲོའི་སྙིང་ཁྲག་དྭངས་མ་ (Volume 8, Text 28)

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ ཡང་གསང་བླ་ན་མེད་པ་པདྨ་འོད་འབར་གྱི་སྒྲུབ་པ་དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་མཁའ་འགྲོའི་སྙིང་ཁྲག་དྭངས་མ་བཞུགས་སོ༔ སྙན་བརྒྱུད་ཡི་གེ་མེད་པའི་སྐོར༔ ཁོ་བོ་བདུད་འདུལ་རྡོ་རྗེ་བདག །མ་ནུས་རྫུན་རྒན་ཟེར་ཡང་སྐལ་པ་བཟང་།། ྈ ཉག་གཅིག་མཐའ་བྲལ་ཐིག་ལེའི་ལྷ་ལ་འདུད༔ བདག་འདྲ་འཆི་མེད་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ ཐུགས་གཏེར་གསང་གཏེར་ཡང་གཏེར་དཔག་མེད་སྦས༔ ཀུན་གྱི་བཅུད་ཕྱུངས་པདྨའི་ཡང་ཏིག་འདི༔ སྒྲུབ་པའི་གང་ཟག་ལ་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་དབྱེ༔ ཡིད་འོང་བཀྲ་ཤིས་བྱིན་ཆགས་དབེན་གནས་སུ༔ ས་སྤྱིན་དམར་ལ་མ་རྡལ་གྲུ་བཞི་མདའ་གང་ལ༔ སིནྡྷུར་ཤེས་རབ་མཚལ་གྱིས་ཆག་ཆག་གདབ༔ བཟང་དྲུག་ཆུ་ཡིས་ཐིག་གདབ་ལ༔ པདྨ་འདབ་བཞི་འཇའ་འོད་སྣ་ལྔ་དང༔ པདྨ་རྡོར་ར་མེ་རི་ལྔ་ཡིས་བསྐོར་བ་བྲི༔ དེ་སྟེང་མཉྫི་ཁྲི་འུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར། གཙང་མའི་ཆུ་ཡིས་སུམ་ ཆ་་་་བུ་མོ་གཙང་མས་་་དགང༔ བུམ་སྟེང་ལྷ་བཟོ་མཁས་པ་ཡིས༔ བསྐྱེད་ཆོག་དང་མཐུན་སྐུ་འབག་བསྐྱོན༔ ཡང་ན་ཀཱ་ཤི་རས་འཇམ་ལ༔ རིས་སུ་བྲིས་ལ་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབ་པར་བྱ༔ སྐུ་འབག་དེ་ཡི་གནས་རྣམས་སུ༔ བྱང་སེམས་དཀར་དམར་སིནྡྷུ་ར༔ གི་ཝཾ་ཙནྡན་དཀར་དམར་བཟང་དྲུག་གིས༔ ཁུ་བས་གསང་སྔགས་འདི་རྣམས་བཀོད༔ གུ་རུ་ས་མནྟ་བྷ་དྲ་ས་མནྟ་ཕ་ལ་ཨོཾ༔་་་དཔྲལ་བར། ཨོཾ་བུདྡྷ་གུ་རུ་སརྦ་ཧྲཱི༔་་་མགྲིན་པར། ཨོཾ་པདྨ་གུ་རུ་སརྦ་ཨཱ༔་་་ཐུགས་ཀར། ཨོཾ་བཛྲ་གུ་རུ་སརྦ་ཧཱུྃ༔་་་གསང་གནས། ཨོཾ་ཀརྨ་གུ་རུ་སརྦ་ཧྲཱི༔་་་སྐུའི་བྱིན་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔་་་དེ་བཞིན་ལྟེ་བར། ཨཱཿཧྲཱིཿཧཱུྃ་ཨཱརྻ་ཧྱ་ཝ་དན་ཏེ་ཧཱུྃ་ཧྲཱི༔ རཏྣ་སརྦ་གུ་རུ་ཧྲཱི༔་་་དེ་རྣམས་རེ་རེ་བཞིན་སྔགས་འདིས་བསྐོར༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཿམ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ དེ་ནས་སྐུ་དེ་ལ་ཡེ་ཤེས་པ་བསྐྱེད་བསྟིམ་ནན་དུ་བྱ༔ གཡས་སུ་བླ་མའི་གཏོར་མ་ནོར་བུ་འབར་བ་དང༔ གཡོན་དུ་བྷནྡྷ་ཆང་གིས་བཀང་བ་དང༔ མདུན་དུ་སྨན་རཀ་སོགས་བག་དྲོ་བརྗིད་ལྡན་བཤམ༔ ག་ཎའི་ལོངས་སྤྱོད་འབྱོར་ཚད་རྔ་དུང་ཌཱ་དྲིལ་ཐོད་རྔ་གླིང་བུ་རྣམ་ལྔ༔ སྤོས་སྣ་ཚོགས་གསུར་ཆེན་དུད་སྤྲིན་བཏང་ལ༔ སྒོ་གསུམ་གདུང་བ་ཆེན་པོའི་མོས་གུས་དྲག་པོས་རྩེ་གཅིག་ཏུ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ རྗེ་བཙུན་བླ་མ་རྒྱལ་བ་ཀུན་གྱི་བདག༔ སྐྱབས་གྱུར་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བདག་སོགས་འགྲོ་ཀུན་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་གསོལ་དཀོན་མཆོག་གསུམ་དང་རང་རྒྱུད་བསྲེ༔ ལམ་ནོར་འཁོར་བའི་འཚེ་བ་སྐྱོབ༔ ྈྈྈྈྈྈྈ ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མ་གཏོགས་བདེ་བའི་མིང་མི་འདུག༔ འདི་རྣམས་ཐོག་མེད་དུས་ནས་བདག་གི་ཕ་མ་ཡིན༔ འཇིགས་རུང་མཐའ་མེད་འགྲོ་རྣམས་བསྒྲལ་བར་བྱ༔ བཟོད་མེད་སྙིང་རྗེ་ཆེན་པོས་འདི་སྐད་བརྗོད༔ ཀྱེ་མ༔ ཁམས་གསུམ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས༔ བདེ་བ་འདོད་ཕྱིར་སྡུག་བསྔལ་འདམ་དུ་བྱིང༔ ཐབས་མི་མཁས་པའི་འགྲོ་བ་འདི་དག་རྣམས༔ བདག་གིས་བྱང་ཆུབ་ལམ་ལ་བཀོད་པར་བྱ༔ བཅོས་མིན་སྙིང་རྗེས་ཅི་འགྲུབ་བཟླ༔ རྫོགས་པའི་སངས་རྒྱས་ས་བོན་ཐེབ་པར་ངེས༔ ྈྈྈྈྈྈྈ བཤགས་བྱང་ནི། ཧཱུྃ་ཧྲཱི༔ རང་རིག་ཀ་དག་ལྷ་ཚོགས་དགོངས་སུ་གསོལ༔ གདོད་མའི་དུས་ནས་རང་སེམས་ཆོས་སྐུར་ཡང༔ གློ་བུར་དབང་གིས་དེ་ལྟར་མ་རྟོགས་པས༔ ཀུན་རྫོབ་ཙམ་གྱིས་དམ་ཚིག་ཉམས་ཆག་དང༔ བསྙེན་སྒྲུབ་ཡུན་ཐུང་བསྐྱེད་པའི་ལྷ་མ་གསལ༔ ལེ་ལོ་གཉིད་རྨུགས་གཡེང་བའི་ལས་མནར་སོགས༔ བླ་མ་རིག་འཛིན་རྣམས་ཀྱི་ཐུགས་མ་ཟིན༔ བཀའ་འདས་དམ་ཉམས་ལོག་སྤྱོད་ཅི་བྱས་རྣམས༔ བླ་མ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ མི་བཟོད་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ སླན་ཆད་མི་བགྱིད་སྒོ་གསུམ་ཉེ་བར་བསྡམ༔ དེ་ལྟར་བཤགས་པས་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་སོར་ཆུད་ནས་སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟ་བུར་ཡོངས་སུ་དག་པར་བསམ་མོ༔ ྈྈྈྈྈྈྈ དེ་ནས་མ་རིག་འཁོར་བའི་འདྲེ་བོ་ཆེ་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་རང་བྱུང་ལྷ༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ལས༔ སྐྱེས་ཙམ་ཉིད་ནས་སྐྱེ་མེད་དབྱིངས༔ རང་རིག་སྤྲོས་བྲལ་ཆོས་ཀྱི་སྐུ༔ རང་གསལ་རང་བྱུང་ལོངས་སྤྱོད་རྫོགས༔ འགག་མེད་ཅིར་སྣང་སྤྲུལ་པའི་སྐུ༔ གཉིས་མེད་རང་གྲོལ་གཤིས་ལུགས་ལ༔ གཉིས་འཛིན་ལོག་ལྟའི་གདོན་བགེགས་ཀུན༔ འབྱུང་བ་ཁམས་མེད་གནས་སུ་དེངས༔ གནས་མེད་ཡུལ་མེད་ངང་དུ་མུ༔ འགྲོ་འོང་གཉིས་མེད་གནས་དེར་དེངས༔ རེ་དོགས་གཉིས་མེད་གདེངས་ཆོས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱིངས་རིག་གཉིས་མེད་ཁྱབ་བརྡལ་ཆེན་པོའི་ངང་ལ་གནས་པར་བྱའོ༔ ྈྈྈྈྈྈྈ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧྲཱི༔ སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་སྐུ༔ མ་རིག་རྒྱུད་དྲུག་འཁོར་བར་འཁྱམས༔ རང་རིག་རང་རྟོགས་ཀུན་ཏུ་བཟང༔ མ་རིག་ཕྲ་རགས་ང་བདག་མཚམས་ཆོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་རྟོགས་འགྱུ་དྲན་བྱུར་འདྲེ་དྲུང་ཕྱུངས་ནས༔ རང་གྲོལ་ཆོས་སྐུ་བློ་འདས་ངང་ལ་བཞག༔ ྈྈྈྈྈྈ དེ་ནས་བྱིན་འབེབ་པ་ནི༔ ཧཱུྃ་ཧྲཱི༔ ངོ་བོ་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ རང་རིག་བླ་མ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ རང་བཞིན་གནས་ཡུལ་དག་པའི་དཀྱིལ་འཁོར་འདིར༔ དུ་མ་རོ་གཅིག་ངང་དུ་བྱིན་ཕོབ་ཅིག༔ སྐུ་དང་ཡིག་འབྲུ་དང་ཐིག་ལེ་འོད་ཁྱིམ་དང་ཕྱག་མཚན་གྱི་རིགས་བྱེད་རྣམས༔ རང་དང་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་མོ༔ འུབ་ཆུབ་བློ་འདས་ཆེན་པོའི་ངང་དུ་བཞག་གོ༔ ྈྈྈྈྈྈྈ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དག་པ་འོད་ཀྱི་བྷནྡྷ་རུ༔ རང་རྩལ་རྣམ་དག་མཆོད་པའི་རྫས་མཆོག་རྣམས༔ དེར་འཛིན་མཚན་བཅས་ཉེས་སྐྱོན་ཀུན་སྦྱངས་ནས༔ མི་ཟད་རྒྱན་འཁོར་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེར་འཛིན་གྱི་རྟོག་པ་ཕྲ་མོ་ཙམ་ཡང་མི་མངའ་བར༔ རང་སྣང་མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོའི་ངང་དུ་འཇོག༔ ྈྈྈྈྈྈྈ གཞལ་ཡས་ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ འཁོར་འདས་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ གཟུང་བའི་ཡུལ་འཛིན་སྤྲོས་དང་བྲལ་བའི་ངང༔ མ་བཅོས་ལྷུན་གྲུབ་དག་པ་རབ་འབྱམས་ངང༔ རང་རིག་རང་གསལ་ཡེ་ཤེས་འོད་ལྔའི་ཀློང༔ རང་མདངས་དྲི་བྲལ་པད་དཀར་ཟླ་བའི་སྟེང༔ ཧྲཱི༔ ཐབས་ཀྱི་ཆོ་འཕྲུལ་འགྲོ་དྲུག་འདྲེན་ཕྱིར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ རིག་འཛིན་ཆེན་པོ་འོད་འབར་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་དམར་མཛེས་འཛུམ་འོད་ཟེར་འཕྲོ༔ མཉམ་ཉིད་སྐྱིལ་ཀྲུང་ལོ་བརྒྱད་བྱིས་པའི་ཚུལ༔ གསང་སྔགས་པའི་ཆས་་་རྡོ་རྗེ་གསང་གོས་དར་མཐིང་ན་བཟའ་ལྷུབ༔ རབ་བྱུང་གི་ཆས་་་དར་ཆོས་དམར་པོ་གསེར་གྱི་ཧ་རིས་ཅན༔ འཁོར་ལོས་སྒྱུར་རྒྱལ་གྱི་ཆས་་་ཟ་འོག་བེར་ཕྱམ་ཕོད་ཁ་རླུང་གིས་གཡེངས༔ རིག་པའི་དབང་རྫོགས་རྡོ་རྗེ་ཐུགས་ཀར་འཛིན༔ གསང་བའི་དབང་རྫོགས་བྷནྡྷ་ཚེ་བུམ་བསྣམས༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གྲུ་མོར་བཀལ༔ སྐུ་ལྔའི་དབང་རྫོགས་ཐོད་ཕྲེང་དྲིལ་བུ་དང༔ ཡེ་ཤེས་ལྔ་ལྡན་མེ་ལོང་ཅོད་པན་གཡེངས༔ དབུ་ལ་ལྡེམ་ཞུ་པདྨ་མཐོང་གྲོལ་གསོལ༔ རྩེ་ལ་རྒོད་སྒྲོ་དར་སྣའི་ཅོད་པན་འཕུར༔ ཐེག་མཆོག་ཨ་ཏི་ཡོ་གའི་རྩེ་མོར་བཅིངས༔ ཀུན་བཟང་བཀའ་བརྒྱུད་ཡི་དམ་མཁའ་འགྲོ་དང༔ སྲུང་མ་དམ་ཅན་རྒྱ་མཚོར་བཅས་པ་ཀུན༔ རྣམ་མང་འཇའ་ཚོན་འཁྲིགས་པ་ཇི་བཞིན་དུ༔ མ་ཧཱ་གུ་རུའི་སྐུ་ཡི་ངོ་བོར་གསལ༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་རྔ་ཡབ་གླིང་གི་ཕོ་བྲང་ནས༔ ཏིལ་གོང་ཁ་ཕྱེས་ལྟ་བུར་སྤྱན་འདྲེན་ནོ༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ རིག་འཛིན་པདྨ་འོད་འབར་སྒྲུབ་འདོད་ན༔ རང་ཉིད་གཅིག་པུར་དབེན་པའི་གནས་མཆོག་ཏུ༔ བླ་མའི་ཆོས་ལ་མོས་གུས་གཏིང་སྐྱེད་ལ༔ འཁོར་བའི་སྡུག་བསྔལ་བསམས་ནས་སྐྱོ་བ་སྙིང་ནས་བསྐྱེད༔ ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་བསམ༔ དུས་གཏན་བློ་གཏད་ཐུབ་པ་ཨོ་རྒྱན་ལ༔ སྙིང་ཁུང་རུས་གཏིང་དད་པའི་དཔུང་སྐྱེད་ལ༔ བ་སྤུ་གཡོ་ཞིང་མཆི་མ་ཀློང་འཁྲུགས་ངང༔ སྐྱབས་མགོན་རེ་ས་དཔུང་གཉེན་གཞན་ན་མ་མཆིས་པས༔ སྐྱིད་རུང་སྡུག་རུང་མཐོ་དམན་གར་ལྷུང་ཡང༔ རེ་ལྟོས་ཨོ་རྒྱན་རྗེ་ལས་གཞན་དུ་མེད༔ སྙམས་ལ་རང་ཉིད་འདུག་པའི་གནས་དེ་ཡང༔ འོག་མིན་གནས་དང་བདེ་བ་ཅན༔ པད་འོད་པོ་ཏ་ལ་དང་མངོན་པར་དགའ༔ དངོས་ཡིན་སྙམས་ལ་དད་པ་བརྟན་པོ་སྐྱེད༔ རང་གི་མོས་པའི་རྟེན་གྱུར་སྤྱི་བོའི་གཙུག་གམ་སྙིང་གི་དབུས་སམ་མདུན་གྱི་ནམ་མཁར་དམིགས༔ སངས་རྒྱས་ཀུན་འདུས་ཡི་དམ་ལྷ་ཡི་ཚོགས༔ རིག་འཛིན་གྲུབ་ཐོབ་མཁའ་འགྲོ་རྒྱ་མཚོ་ཡི༔ ངོ་བོ་གཅིག་བསྡུས་པདྨ་འོད་འབར་སྐུ༔ རྟག་ཏུ་དད་མོས་ལྡན་པས་ཤུགས་བསྐྱེད་ཚེ༔ ཨོ་རྒྱན་པདྨ་འོད་ཀྱི་གཞལ་ཡས་ནས༔ ཐུགས་རྗེའི་བྱིན་རླབས་འོད་ཟེར་ལྕགས་ཀྱུའི་ཚོགས༔ དྭངས་པའི་མཁའ་ལ་སྐར་ཚོགས་བཀྲ་བ་བཞིན༔ པདྨ་འོད་འབར་རིག་འཛིན་མཁའ་འགྲོའི་ཚོགས༔ དཔག་མེད་ཆར་སྤྲིན་གཏིབས་འདྲ་སྤྱན་དྲངས་རང་ཉིད་དང༔ སྒྲུབ་རྫས་གནས་མལ་རྣམས་ལ་གཉིས་མེད་ཡང་ཡང་བསྟིམ༔ སྤོས་བསྲེགས་ཅང་ཏེའུ་དཀྲོལ་ཞིང་རོལ་མོ་སྣ་ཚོགས་བསྒྲགས་ལ་སྙན་པའི་དབྱངས་སྙན་ངག་གིས་འདི་སྐད་བརྗོད༔ ྈྈྈྈྈྈྈ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་ཨོ་རྒྱན་ཆེན་པོ་བཞེངས༔ དགོངས་ཤིག་རིག་འཛིན་རྒྱ་མཚོའི་ཚོགས༔ ཨོ་རྒྱན་པདྨ་འོད་འབར་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་སྐུ་བསྐྱོད་ལ༔ བཞེངས་ཤིག་ཡི་དམ་རྒྱ་མཚོའི་ཚོགས༔ དགོངས་ཤིག་རྒྱལ་བ་རྒྱ་མཚོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ དབུ་སྐྲ་ཐོར་ཅོག་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གསེར་གྱི་གདུ་བུ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་མང་པོ་དི་རི་རི༔ ཡི་དམ་ལྷ་ཚོགས་སྤྲིན་ལྟར་གཏིབས༔ རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཆོས་སྐྱོང་རྒྱ་མཚོ་བྲན་དུ་འཁོལ༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ ཞུབ་ཆེན་སྟོང་དང་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་སྤུངས་སེ་སྤུང༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སླར་ཡང་གདུང་བ་དྲག་པོས་གསོལ་བ་གདབ་པ་ནི། ཧཱུྃ་ཧྲཱི༔ འཁྲུལ་མེད་སྔོན་གྱི་བསྐལ་པའི་དང་པོ་ལ༔ གཤིས་ལུགས་མ་བཅོས་སྙིང་པོ་ཡེ་སངས་རྒྱས༔ ཡེ་ཤེས་ལྔ་ལྡན་ཐིག་ལེ་ཟེར་ཐག་སྦྲེང༔ གདོད་མའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ རིགས་ཀྱི་བདག་པོ་ཀུན་བཟང་རྡོ་རྗེ་འཆང༔ མ་སྐྱེས་ལྷུན་གྲུབ་འོད་འབར་ཐོད་ཕྲེང་རྩལ༔ འཛིན་བྲལ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་སིནྡྷུ་རྒྱ་མཚོའི་གླིང༔ དཔལ་ཆེན་ཀུན་བཟང་ཡུམ་མེད་བརྡ་ཡི་ཚུལ༔ འཆི་མེད་རིག་འཛིན་སྣང་སྲིད་འོད་ཀྱིས་གང༔ བྱེ་བ་ཕྲག་བརྒྱ་སྤྲུལ་མཛད་པདྨ་འབྱུང༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ རྗེ་བཙུན་ཆེན་པོ་འོད་འབར་ཐོད་ཕྲེང་རྩལ༔ གནས་འདིར་གདུང་བ་དྲག་པོས་སྤྱན་འདྲེན་ནོ༔ རིག་འཛིན་གྲུབ་ཐོབ་རྒྱལ་བ་རྒྱ་མཚོ་རྣམས༔ དྭངས་པའི་མཁའ་ལ་སྤྲིན་ཚོགས་ལྟ་བུར་བྱོན༔ མ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས༔ ས་ལ་གནས་པའི་རྡུལ་བཞིན་ཤུགས་ཀྱིས་བྱོན༔ འཇའ་འོད་རྣམ་མང་ཉི་རྡུལ་འཁྲིགས་བཞིན་དུ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་འཛབ་བྲོ་བརྡུངས་ལ་སྟངས་སྟབས་སྣ་ཚོགས་བསྒྱུར་ཞིང༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན༔ རཀྴ་སྲིན་པོ་གནས་པའི་གྲོང་ཁྱེར༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་ཆེན་པོ་པདྨ་འོད་འབར་ལ༔ རིག་འཛིན་མཁའ་འགྲོ་རྒྱ་མཚོ་དང༔ ཆོས་སྐྱོང་ཞིང་སྐྱོང་ནོར་ལྷ་རྒྱ་མཚོར་བཅས༔ བྱིན་ཐིབ་བྱོན་ནས་བདག་དང་སྒྲུབ་རྫས་ལ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ གཉིས་མེད་ཐིམ་ནས་གཟི་བརྗིད་འོད་ཕུང་འབར༔ ཐུན་མོང་དངོས་གྲུབ་ཕྲན་བུ་མ་ལྟོས་པར༔ ཚེ་གཅིག་ཉིད་ལ་རིག་འཛིན་ས་གནོན་མོས་གུས་བསྐྱེད༔ བཞུགས་གསོལ་ཕྱག་མཆོད་ནི༔ ཧཱུྃ་ཧྲཱི༔ རང་བཞིན་འོད་གསལ་རང་སྣང་ལྷུན་གྲུབ་དབུས༔ ཉོན་མོངས་འཛིན་བྲལ་པདྨ་ཟླ་བའི་སྟེང༔ རང་རིག་བླ་མ་འོད་འབར་ཐོད་ཕྲེང་རྩལ༔ ཐབས་ཤེས་གཉིས་མེད་རོལ་པ་ཆེན་པོར་བཞུགས༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པ༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ ྈྈྈ མཆོད་པ་ནི། ཧཱུྃ་ཧྲཱི༔ རང་བྱུང་བླ་མ་འོད་འབར་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་བདག་གདུང་ཞིང༔ ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ ཉོན་མོངས་ཀུན་བྲལ་སྨན་མཆོད་འབུལ༔ ཆོས་ཉིད་རོལ་པའི་བདུད་རྩི་འབུལ༔ དུག་ལྔ་དབྱིངས་གྲོལ་སྐུ་ལྔ་མཆོད༔ དུག་གསུམ་སྒྲོལ་བའི་རཀྟ་མཆོད༔ བདེ་ཆེན་ཆོས་ཉིད་རྩིས་ཟིན་མཆོད༔ མཆོད་མེད་རྨད་བྱུང་འཕྲུལ་པས་མཆོད༔ གྲོལ་མེད་ངོ་མཚར་གཟུང་འཛིན་གྲོལ༔ ཁོག་མེད་རྒྱུ་དྲུག་མངལ་སྒོ་ཁོགས༔ གཏོར་གཞོང་སྐྱེ་མེད་ཆོས་ཀྱི་དབྱིངས༔ དཔལ་གཏོར་འགག་མེད་ལོངས་སྤྱོད་རྫོགས༔ སྣ་ཚོགས་རང་རྩལ་རྗེན་པ་སྤྲུལ་པའི་སྐུ༔ ཉམས་རྟོགས་འོད་གསལ་སྨན་རཀ་བྲན༔ ཡེ་གྲོལ་བླ་མ་འོད་འབར་ཐོད་ཕྲེང་རྩལ༔ སྣང་བ་རང་གྲོལ་ཆེན་པོའི་མཆོད་པ་འབུལ༔ མཉམ་ཉིད་རོ་གཅིག་ངང་དུ་བཞེས་སུ་གསོལ༔ མཆོད་བྱ་མཆོད་བྱེད་གཉིས་མེད་ཀློང་གྲོལ་ཆེན་པོའི་ངང་དུ་ལྷུག་པར་བཞག་གོ༔ ྈ ཡང་དག་དོན་གྱི་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་རྣམ་དག་ཆོས་དབྱིངས་ཆེན་པོའི་ངང༔ འོད་གསལ་ལྷུན་གྲུབ་འདུས་མ་བྱས་པའི་སྐུ༔ ཐིག་ལེ་ཉག་གཅིག་རང་བྱུང་དོན་གྱི་ལྷ༔ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ འཁོར་འདས་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ༔ རང་བྱུང་འོད་གསལ་ལོངས་སྤྱོད་རྫོགས་སྐུར་ཤར༔ ཡེ་ནས་ཀུན་ཁྱབ་རང་རིག་བྱང་ཆུབ་སེམས༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་གཉེན་གཅིག་པུ༔ མ་རིག་མཐའ་འཁོར་ཐར་པའི་ལམ་སྣ་འདྲེན༔ བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ འུབ་ཆུབ་བློ་འདས་རྫོགས་པ་ཆེན་པོའི་ངང༔ རྣམ་རྟོག་འཛིན་བཅིང་ཕྱོགས་འཛིན་ཀུན་བྲལ་བ༔ སྐྱེ་དང་འགག་མེད་རྣམ་རྟོག་རང་སར་གྲོལ༔ ལྟ་བ་མཐར་ཕྱིན་འོད་འབར་ཐོད་ཕྲེང་རྩལ༔ བློ་བྲལ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་རླབས་བྲལ་ཏིང་འཛིན་མི་གཡོ་བ༔ དམིགས་མེད་སྤྲོས་བྲལ་རང་རིག་ངོ་བོར་གནས༔ ཏིང་འཛིན་མཐར་ཕྱིན་འོད་འབར་ཐོད་ཕྲེང་རྩལ༔ འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆགས་འཛིན་ཀུན་བྲལ་སྣང་སྲིད་ཆོས་སྐུའི་ངང༔ ཐོགས་རྡུགས་མི་མངའ་ཕ་ལམ་རྡོ་རྗེ་བཞིན༔ སྤང་བླང་ཀུན་བྲལ་ཆོས་སྐུ་རོལ་པའི་ཀློང༔ སྤྱོད་པ་མཐར་ཕྱིན་འོད་འབར་ཐོད་ཕྲེང་རྩལ༔ འཇིགས་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡེ་སངས་རྒྱས་པའི་རང་རིག་ཀ་དག་ལ༔ མ་རིག་དབང་གིས་འཁོར་བ་མཐའ་མེད་འཁྱམས༔ རང་རིག་ངོ་ཤེས་འཁྲུལ་པ་ཀུན་བྲལ་བ༔ གསེར་འགྱུར་རྩི་བཞིན་ཡེ་ཤེས་རང་སྣང་མཐོང༔ འབྲས་བུ་མཐར་ཕྱིན་འོད་འབར་ཐོད་ཕྲེང་རྩལ༔ ཀུན་བཟང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ཉི་མ་འབུམ་གྱི་འོད་ལས་གཟི་བརྗིད་ཆེ༔ ཚངས་དབྱངས་ཀ་ལ་པིང་ཀའི་སྒྲ་ལྟར་སྙན༔ ཡིད་བཞིན་ནོར་བུ་ལྟ་བུ་དགོས་འདོད་འབྱུང༔ ཐུགས་རྗེ་ཕྱོགས་རིས་མེད་པ་འགྲོ་བའི་མགོན༔ སྐད་ཅིག་དྲན་པས་དགོས་འདོད་ཆར་བཞིན་འབེབ༔ ཕྲིན་ལས་ཐོགས་མེད་སྤྲུལ་བསྒྱུར་སྣ་ཚོགས་འགྱེད༔ དད་པ་རབ་བརྟན་མཆོག་གི་དངོས་གྲུབ་བརྙེས༔ སྐུ་ལྔ་ལྷུན་གྲུབ་འོད་འབར་ཐོད་ཕྲེང་རྩལ༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འདས་པའི་སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ ད་ལྟའི་སངས་རྒྱས་ཀུན་གྱི་གདུང་ཚབ་པ༔ མ་འོངས་སངས་རྒྱས་ཀུན་གྱི་བསྐུལ་བའི་དཔལ༔ ཡོན་ཏན་ལྷུན་གྲུབ་བླ་མ་རིན་པོ་ཆེ༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་བསྟོད༔ ྈ ྈ རང་ཉིད་པདྨ་འོད་འབར་གསལ་བའི་སྤྱི་བོའི་གཙུག༔ འཇའ་འོད་འཁྲུགས་པའི་ཀློང་དཀྱིལ་དུ༔ བླ་མ་ཀུན་བཟང་ཡབ་ཡུམ་གསལ༔ རང་གི་ཐུགས་ཀར་པད་དཀར་ཟླ་བའི་སྟེང༔ གསེར་གྱི་རྡོ་རྗེ་ལྟེ་བའི་ཁོང་སེང་དབུས༔ རང་རིག་ངོ་བོ་ཧཱུྃ་ཡིག་དཀར་གསལ་མཐར༔ གསང་སྔགས་སྙིང་པོའི་འོད་ཟེར་ཀྱི་ལེ་འཁོར་བ་ཡི༔ རང་དང་བླ་མའི་ཐུགས་ཀ་ནས༔ འོད་ཟེར་དཔག་མེད་རྒྱལ་བ་རྣམས་ཀྱི་སྐུ་ལ་འཕྲོས༔ ཕྱོགས་དུས་རྒྱལ་བ་རིག་འཛིན་རྒྱ་མཚོ་ཡི༔ བྱིན་རླབས་འོད་ཟེར་སྣང་སྲིད་གང་བ་ཏ་ལ་ལ༔ གསུང་གི་སྒྲ་སྒྲོག་རང་ཐིམ་སྡིག་སྒྲིབ་ཐམས་ཅད་དག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་པར་བསམ༔ བསྙེན་པའི་རིམ་པ་འདི་ལ་འབད༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དེ་ནས་སྒྲུབ་པའི་རིམ་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན༔ མ་ཧཱ་གུ་རུ་གསལ་བ་ཡི༔ བླ་མ་རང་གི་སྙིང་གར་བཞུགས༔ བླ་མའི་ཐུགས་ཀར་སྔགས་ཕྲེང་གོང་དང་མཚུངས༔ ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྒྱུད་བྱིན་རླབས་ཐམས་ཅད་རང་ལ་བསྡུས༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་ པར་བསམ༔ གནས་སྐབས་སུ་ཡང་རང་ཉིད་གར་འདུག་པདྨ་འོད་ཀྱི་ཞིང༔ གཟུགས་སྣང་ཐམས་ཅད་པདྨ་འོད་འབར་སྐུ་རུ་གསལ༔ སྒྲ་གྲགས་ཐམས་ཅད་པདྨ་འོད་འབར་གསུང༔ དྲན་རྟོག་ཐམས་ཅད་བདེ་སྟོང་ཡེ་ཤེས་ངང༔ སྤྲོས་པས་སྣང་སྲིད་འཇའ་འོད་སྐུ་ཡིས་གང༔ བསྡུས་པས་རང་བྱུང་སྙིང་དབུས་ཐིག་ལེར་ཐིམ༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་སྲོག་གི་ཕྱིར་མི་གཏོང༔ དུས་དང་གནས་སྐབས་ཐམས་ཅད་དུ༔ སྐད་ཅིག་ཡེངས་མེད་གསང་སྔགས་ཆིག་ཆོག་གི༔ རྒྱལ་པོ་འདི་བཟླས་འོད་སྐུར་འགྲུབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ལྟར་བཟླས་ཚེ་སྔོན་གྱི་དམ་ཚིག་དབང་གིས་ནི༔ རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ རང་དབང་མེད་པར་མངོན་སུམ་བྱོན༔ དམ་ཚིག་ཟོལ་མེད་སྒྲིབ་སྦྱོང་སྐལ་ལྡན་ལ༔ མངོན་སུམ་ཞལ་གཟིགས་ཉམས་རྟོགས་འབར༔ ཆོས་གསུང་ལུང་བསྟན་རིག་པ་རང་དབང་མེད་པར་འགྱུར༔ མངོན་ཤེས་དྲུག་ལྡན་རང་གི་ལེགས་ཉེས་དང༔ གཞན་གྱི་ཚེ་ཚད་སྐྱེ་བ་སྔ་ཕྱི་ཤེས༔ རང་བཞིན་ཤུགས་འབྱུང་མི་རྣམས་དགའ་བ་དང༔ ལུས་སེམས་བདེ་བ་ཁྱད་པར་ཅན་སྐྱེ་བ་དང༔ རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན༔ བྱིན་རླབས་རྟགས་རྣམས་རང་བཞིན་གྱིས་འབྱུང་ངོ་༔ རང་བྱུང་ཡེ་ཤེས་ཀྱི་རྟོགས་པ་འཆར་བ་དང༔ ཡང་དག་པའི་ཤེས་རབ་རྒྱུད་ལ་སྐྱེ་བ་དང༔ རྨི་ལམ་དུ་ཡང་ཉི་ཟླ་ཤར་བ་དང༔ གངས་རི་ལ་འཛེགས་པ་དང༔ ཁྲི་སྟེང་ལའདུག་ཅིང་ཁྲོམ་འདུས་པ་དང༔ གཞན་ལ་ཆོས་སྟོན་པ་དང༔ མཁའ་འགྲོའི་ཚོགས་དཔོན་བྱེད་པ་དང༔ ནམ་མཁའ་ལ་འཕུར་བ་དང༔ གཏེར་བཏོན་པ་དང༔ སྒྲུབ་པ་བྱེད་པ་དང༔ བུད་མེད་ཀྱི་རིགས་མང་པོ་འདུ་བ་དང༔ མེ་ཏོག་གི་གླིང་དུ་ཕྱིན་པ་དང༔ དམག་དཔོན་ཚོགས་དཔོན་བྱེད་པ་དང༔ གཞན་ཡང་ཡ་མཚན་པའི་ལྟས་ཁྱད་པར་ཅན་དཔག་ཏུ་མེད་པ་རྣམས་འབྱུང་ངོ་༔ ཡ་མཚན་རྨིས་ལྟས་ངེས་ཤེས་མོས་གུས་དག་སྣང་ཅན་དཔག་མེད་ཐོབ་པར་ངེས༔ ཁོ་བོ་པད་འབྱུང་བདག་གི་ཐུགས་ཀྱི་བཀའ་བབས་ནས༔ ཡང་དག་པའི་རྒྱུད་ལ་མཁས་པར་འགྱུར་རོ༔ མཁའ་འགྲོའི་རིགས་བྱེད་དཔག་ཏུ་མེད་པ་འདུ་བར་བྱེད༔ དེ་ཚེ་བཟང་པོ་དགའ་བྲོད་ཀྱི་བདུད་མ་ཞུགས་པར་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་གནས་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་སྦྱོར་དུས་ཀྱི་ཚེ༔ རང་ཉིད་པདྨ་འོད་འབར་གསལ་བ་ཡི༔ རང་དང་བླ་མ་གཉིས་མེད་བསྲེ༔ ལྟེ་བར་ཧྲཱིཿམ་ཁ་སྦྱོར་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ནས༔ རིག་འཛིན་རྒྱལ་བ་ཡབ་ཡུམ་རྣམས༔ སྦྱོར་མཛད་བྱང་སེམས་དཀར་དམར་རྒྱུན་བབས་པས༔ ཚངས་བུག་ནས་ཞུགས་འཁོར་ལྔ་འོད་ཀྱིས་ཁེངས༔ དབང་བཞི་རབ་རྫོགས་རྩ་ཁམས་རླུང་རྣམས་སྨིན༔ སྒྲིབ་བཞི་དག་ནས་སྐུ་ལྔ་ཡེ་ཤེས་རྒྱས༔ སླར་ཡང་ལྟེ་བའི་ཧྲཱིཿམ་འོད་འཕྲོས་པས༔ ཕྱོགས་བཅུའི་རིག་འཛིན་རྒྱལ་བ་ཀུན་ལ་མཉེས་མཆོད་ཕུལ༔ རིག་པ་འཛིན་པའི་ཐུགས་རྒྱུད་བྱིན་རླབས་འོད་ཟེར་ཚུལ༔ རང་གི་ལྟེ་བ་ནས་ཞུགས་འཁོར་ལྔ་འོད་ཀྱིས་ཁེངས༔ བདེ་ཆེན་ཡེ་ཤེས་ཟག་མེད་རབ་རྒྱས་ནས༔ རྩ་ཁམས་ཀུན་གྱི་གསང་སྔགས་རང་སྒྲ་ལྡིར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར༔ རིག་པ་གཟའ་གཏད་མེད་པ་ཁྱབ་བརྡལ་ ངང་དུ་བཞག༔ སྐབས་སུ་གར་འཁྱུག་འཛབ་བྲོ་འཁྲབ༔ རིག་པ་གྲུང་ཐོན་ཟང་ཐལ་ངང་ཉིད་ལ༔ ཤེས་རིག་དཔའ་བསྐྱེད་ཧཱུྃ་གི་སྣང་གླུ་ལེན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞི་རྒྱས་དབང་དྲག་ལས་ཀུན་གང་འདོད་པ༔ སོ་སོའི་ལྷ་སྔགས་ཁ་བསྒྱུར་རིག་པའི་གནད༔ གསང་སྔགས་སྒྲ་སྒྲོག་འོད་ཟེར་སྤྲོ་བསྡུ་བཅས༔ རྩལ་ཆེན་རྫོགས་པའི་རིག་པ་ཟང་ཐལ་ངང༔ གར་སྟབས་བསམ་པ་འབད་མེད་ལྷུན་གྲུབ་འབྱུང༔ དཔེར་ན་ཡིད་བཞིན་ནོར་བུ་དབང་རྒྱལ་དངོས་དང་མཚུངས༔ རྫོགས་སངས་རྒྱས་པའི་འབྲས་བུ་ནི༔ ཚེ་འདི་ཉིད་ལ་ཆོས་སྐུ་ངེས་པར་འགྲུབ༔ འདས་ཚེ་འཇའ་འོད་ས་གཡོ་དང༔ གདུང་རིགས་ལྔ་དང་རིང་བསྲེལ་དང༔ ཕྱག་མཚན་ལྔ་སོགས་ཡིག་འབྲུ་སྣ་ཚོགས་འབྱུང༔ ཐེ་ཚོམ་ལོག་ལྟ་ཅན་ལ་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཆི་མེད་ཚེ་སྒྲུབ་ནི༔ གོང་བཞིན་རང་ཉིད་པདྨ་འོད་འབར་གསལ༔ མདུན་བསྐྱེད་བུམ་པའམ༔ ཉི་ཟླ་གངས་རི་ལྷུན་ཆགས་དང༔ གཡུ་མཚོ་གཏན་འཁྱིལ་རྣམས་ལ་མདུན་བསྐྱེད་བྱ༔ རང་གི་ཐུགས་ཀར་གསེར་གྱི་རྡོ་རྗེའི་དབུས༔ དྭངས་མ་ལྔ་ལྡན་ཧྲཱིཿཡིག་གསལ༔ ཐ་མར་སྔགས་ཕྲེང་གསང་སྔགས་རྒྱལ་པོས་བསྐོར་བར་དམིགས༔ འོད་འཕྲོས་འཆི་མེད་རིག་འཛིན་སངས་རྒྱས་བྱང་སེམས་དང༔ དྲང་སྲོང་ཚེ་ལ་མངའ་བ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཚེ་བཅུད་དང༔ དྲི་ཟ་གཤིན་རྗེ་འཇིག་རྟེན་ལྷ་འདྲེ་ཡིས༔ རང་གི་བླ་ཚེ་བར་ཆད་ཉམས་པ་ཀུན༔ ཡི་གེ་ནྲྀ་ཡིག་རྣམ་པ་ཅན༔ སིབ་སིབ་ཚངསཔའི་བུ་ག་ནས༔ རང་ཐིམ་གཟི་བརྗིད་འོད་འབར་ནས༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་བསམ༔ ཡེངས་མེད་སྨྲ་བཅད་གསང་སྔགས་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ དེ་ལྟར་བཟླས་ཚེ་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་གནམ་ལྕགས་རྡོ་རྗེ་རྙེད༔ ཆུ་ཆེན་བརྒལ་དང་གོས་རྒྱན་སོ་མ་གྱོན༔ གཞན་ཡང་ཡ་མཚན་ལྟས་བཟང་དཔག་མེད་འབྱུང༔ དེ་རྣམས་འགྲུབ་པའི་རྟགས་ངེས་ཅན་ཡིན་ནོ༔ ྈ དེ་ནས་ཚོགས་མཆོད་ནི༔ བསང་ཆུ་གཏོར་ལ༔ ཧཱུྃ་ཧྲཱི༔ རང་བཞིན་རྣམ་དག་ཆོས་སྐུ་རོལ་པའི་ཀློང༔ རཾ་ཡཾ་ཁཾ༔ གདོད་ནས་མ་སྐྱེས་བློ་བྲལ་སྟོང་པའི་ངང༔ ཨོཾ་ཨཱཿཧཱུྃ༔ རང་བྱུང་བཅུད་ལྡན་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ བླ་མ་རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་གནས་འདིར་སྤྱན་འདྲེན་གཤེགས༔ རིག་འཛིན་རྩ་གསུམ་མཁའ་འགྲོའི་ཚོགས་བཅས་ལ༔ རང་བྱུང་རྣམ་དག་བདུད་རྩི་དམ་རྫས་འབུལ༔ ཐུགས་རྗེས་བརྩེར་དགོངས་ཉེས་བྱས་འགལ་འཁྲུལ་བཤགས༔ མ་རིག་གཉིས་འཛིན་འཁྲུལ་སྣང་ཞལ་དུ་བསྟབ༔ མ་ཧཱ་གུ་རུ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་ཕྱོགས་བཅུ་དུས་བཞིའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ༔ རྒྱལ་བ་དགོངས་པ་བརྒྱུད་པ༔ རིག་འཛིན་བརྡ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་བརྒྱུད་པ་ཐམས་ཅད་དང༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༔ མཁའ་འགྲོ་སྡེ་ལྔ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་མགྲོན་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལྷག་མ་ནི། ཧཱུྃ་ཧྲཱི༔ རང་རིག་རང་གསལ་མཁའ་འགྲོ་དབང་ཕྱུག་གིང༔ འགྱུ་བྱེད་ལང་ཀ་མ་བདུན་འབར་མ་དང༔ ཕྲ་རགས་ཕོ་ཉ་སྤོར་བྱེད་སྲུང་མ་རྣམས༔ དྲན་ཤེས་རང་གྲོལ་གཏོར་མ་འདི་བཞེས་ལ༔ སྙོམ་ལས་ལེ་ལོའི་བདུད་དབང་དབྱིངས་སུ་ཟློག༔ སརྦ་ཨུཙྪིཥྚ་བྷཀྵ་བ་ལིཾ་ཏ་ཁཱ་ཧི༔ བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ རྗེ་བཙུན་བླ་མ་པདྨ་འོད་འབར་ཐོད་ཕྲེང་རྩལ༔ ཐུགས་རྗེས་བདག་གི་གཉེན་གཅིག་པོ༔ རང་གསལ་འགག་མེད་མཆོད་པས་ཐུགས་དམ་བསྐང༔ རང་འཁྲུལ་ཉེས་བྱས་འཁྲུལ་པ་དབྱིངས་སུ་ཟློག༔ རང་བྱུང་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱི༔ རང་རིག་བླ་མ་འདུས་མ་བྱས་པའི་སྐུ༔ མཉམ་ཉིད་རིག་འཛིན་འོད་འབར་ཐོད་ཕྲེང་རྩལ༔ སྙིང་རྗེས་བདེ་གར་འགྲོ་འདུལ་མཚོ་རྒྱལ་མ༔ སྤྲུལ་པ་ཡང་སྤྲུལ་རིག་འཛིན་རྒྱ་མཚོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྒྱ་མཚོར་བཅས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ༔ མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་མཆོག༔ འབད་མེད་ལྷུན་གྲུབ་མྱུར་དུ་བསྩལ་དུ་གསོལ༔ སརྦ་མ་ཧཱ་གུ་རུ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཆད་མདོ་བརྟན་སྐྱོང་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་ཆེན་པོ་འོད་འབར་ཐོད་ཕྲེང་རྩལ༔ བཀའ་དང་དམ་ལ་བཏགས་པའི་མཁའ་འགྲོའི་ཚོགས༔ བདུད་མོ་མཆེད་བཞི་གནོད་སྦྱིན་འཁོར་ཚོགས་དང༔ སྨན་བཙུན་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ རྟག་ཆད་ཆོས་མིན་ལོག་ལྟ་བསྲུང་བ་དང༔ ཕྱི་ནང་རྟེན་འབྲེལ་བཅུ་གཉིས་དབང་བསྡུས་ལ༔ ཚེ་བསོད་སྙན་སྒྲོགས་གྲགས་པའི་བ་དན་ཕྱོར༔ རིམས་དུག་ནད་གདོན་མི་མཐུན་རྐྱེན་ཞི་ནས༔ རྨད་བྱུང་གསང་སྔགས་བསྟན་པའི་བྱ་ར་མཛོད༔ ཆོས་རྒྱུད་རིགས་རྒྱུད་དར་རྒྱས་ཕུན་ཚོགས་སྤེལ༔ མ་སྲིན་མཁའ་འགྲོའི་ཚོགས་རྣམས་གཏོར་མ་བཞེས༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྟ་བྲོ་བརྡུང་ཞིང་དམ་སྲི་མནན་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རིགས་ཀུན་བདག་ཉིད་འོད་འབར་ཐོད་ཕྲེང་རྩལ༔ སྐུ་ལས་འཇའ་འོད་ཁྲོ་ཆུང་མཚོན་ཆར་འཕྲོས༔ གསུང་ལས་འོད་འཕྲོས་དྲག་སྔགས་ཐོག་སེར་འབེབ༔ ཐུགས་ལས་འོད་འཕྲོས་རྡོ་རྗེས་རྒྱལ་སྲིན་བརྡུངས༔ ཆོས་སྲིད་ནོར་ལ་བར་ཆད་བྱེད་པའི་བགེགས༔ བགེགས་ཚོགས་ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ སུམྦྷ་ནི་ཡ་མ་དམ་སྲི་སཏྭམྦྷ་ཡ་ནན༔ བསྔོ་བ་ནི༔ ཨེ་མ་ཧོ༔ བདག་གཞན་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར༔ བསྐལ་པ་གྲངས་མེད་དུས་ནས་ད་ལྟའི་བར༔ ཐོས་བསམ་སྒོམ་གསུམ་རྣམ་དག་ལྷུར་བླངས་པས༔ ཟག་བཅས་ཟག་མེད་བསོད་ནམས་ཡེ་ཤེས་ཚོགས༔ བླ་མེད་འགྲན་བྲལ་ཨོ་རྒྱན་དྲུང་དུ་བསྔོ༔ ཡང་དག་མཆོག་གི་དངོས་གྲུབ་མཆོག་ཐོབ་ནས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ པདྨ་འོད་འབར་འོད་གསལ་རྡོ་རྗེའི་དཔལ༔ ཀུན་ཏུ་སྣང་བའི་འོད་གསལ་བཀྲ་ཤིས་ཤོག༔ རྗེ་བཙུན་པདྨ་རིགས་ཀུན་འདུས་པའི་དཔལ༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ འོད་གསལ་མཁའ་འགྲོའི་སྤྲིན་ཚོགས་འདུས་པའི་དཔལ༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ གསང་བའི་ཡུམ་མཆོག་བདེ་ཆེན་རྒྱ་མཚོ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཐེག་དགུའི་རྩེ་རྒྱལ་ཡང་སྙིང་བླ་མའི་ཆོས༔ གསང་སྔགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་རྒྱལ་པོ་སྒྲུབ་པའི་མཆེད་ལྕམ་ཀུན༔ སྐད་ཅིག་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས༔ ཕྱི་ནང་སྣོད་བཅུད་འཁོར་འདས་གཞལ་ཡས་ཁང༔ ཐམས་ཅད་ཐིག་ལེའི་འོད་ཀྱི་ཀློང་དུ་བསྡུ༔ དེ་ཡིས་རྟག་པའི་མཐའ་སེལ་མཉམ་ཉིད་ཀློང༔ སྣོད་བཅུད་སྐྱེ་འགྲོ་ལྷ་དང་གཞལ་ཡས་ཁང༔ རང་བཞིན་པདྨ་འོད་འབར་སྐུ་རུ་གསལ༔ ཆད་པའི་མཐའ་སེལ་འོད་སྐུའི་ཀློང་དུ་གྲོལ༔ ཕྱི་ནང་སྣོད་བཅུད་སྣང་བ་འདི་དག་ཀུན༔ རྟག་ཏུ་དྲན་པར་སྣང་ཡང་བདེན་འཛིན་སྤངས༔ གཟུང་འཛིན་བྲལ་བའི་ངང་ལ་ཤིགས་སེ་ཞོག༔ དེ་ནས་རྗེས་ཐོབ་རིམ་པ་ནི༔ ཇི་ལྟར་སྣང་ཞིང་རྟོག་པའི་ཆོས་རྣམས་ཀུན༔ གཟུང་དང་འཛིན་པའི་དེར་འཛིན་བྲལ་བའི་ངང༔ སྣང་སྟོང་སྒྱུ་མ་ལྷ་ཡི་སྐུ་རུ་བསྒོམ༔ ཆགས་སྡང་རྨོངས་པའིབག་ཆགས་རང་སར་གྲོལ༔ སྣང་བའི་ཡུལ་དུ་དགའ་སྡུག་སྒྲ་ཐོས་ཚེ༔ རང་རིག་རང་སྟོང་མ་འདྲེས་ཆོས་སྐུའི་ངང༔ སྙན་དང་མི་སྙན་འཇིགས་པའི་སྒྲ་ཐོས་ཚེ༔ སྨྲ་བསམ་བརྗོད་བྲལ་ངང་དུ་མཉམ་པར་ཞོག༔ དེར་སྐྱེས་ཆགས་སྡང་འཁྲི་བ་རྦད་ཀྱིས་ཆོད༔ མི་བསམ་མི་སྨྲ་དྲན་པ་མ་སླེབ་ལ༔ ཆགས་སྡང་རྨོངས་པའི་ཆོས་རྣམས་གྲགས་སྟོང་ངང༔ ཚིག་རྗེས་མ་བཅད་ཡང་ཡང་མཉམ་པར་འཇོག༔ རང་གསལ་ཆོས་སྐུའི་ངང་དུ་ཁྲོལ་ལེ་ཤིགས་སེ་ཞོག༔ ཡིད་ཡུལ་དུག་ལྔའི་འགྱུ་རྟེན་ཅི་ཤར་ཡང༔ འཛིན་མེད་ངོས་བཟུང་མེད་པར་རང་སར་གྲོལ༔ འཁྲུལ་པའི་ཉམས་རྒྱུད་ཆོད་ལ་ལྷུག་པར་ཞོག༔ རང་སར་དྭངས་ནས་བྱ་རྩོལ་འཛིན་བྲལ་དོན༔ ཚེ་འདིར་གདོད་མའི་ལྷུན་གྲུབ་ཨེ་མ་ཧོ༔ འདི་ཉིད་སྒྲུབ་པའི་སྐལ་ལྡན་རྣམས༔ པད་འབྱུང་བདག་དང་འབྲལ་མེད་དངོས་གྲུབ་རྣམ་གཉིས་ཐོབ༔ སྐད་ཅིག་ཉིད་ལ་ཚེ་འདི་ལ༔ པད་འབྱུང་བདག་དང་སྐལ་བ་མ་མཉམ་ན༔ པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ ཕྱི་རབས་སེམས་ཅན་བསླུ་བར་ངེས༔ དེ་ཕྱིར་གྲོ་ལོད་གསང་སྒྲུབ་གསང་བའི་ཏཱི་ཀ་དང༔ མཚོ་རྒྱལ་སྒྲུབ་པ་མན་ངག་ཞལ་གདམས་རྣམས༔ སྐྱེས་ཆེན་རིག་འཛིན་བརྒྱད་དང་རིགས་ཀྱི་དཔའ་བོ་བཞི༔ དཔའ་བོ་གིང་ཆེན་དྷཱ་ཀི་སྡེ་ལྔ་འབྱུང༔ ཆོས་བདག་ནོར་མེད་གུ་རུའི་ལུང་བསྟན་འོང༔ དེ་ལྟར་མ་ཡིན་མང་དུ་སྤེལ་གྱུར་ན༔ གནས་གསུམ་མཁའ་འགྲོའི་ཚོགས་གྱིས་སྲོག་རྩ་ཆོད་ཅིག་ས་མ་ཡ༔ གསང་སྔགས་ཆོས་དང་བླ་མ་ལ་གུས་ཤིང༔ ཚེ་འདི་བློས་བཏང་འཛིན་ཆགས་བྲལ་བའི་བུ༔ གཅིག་པུར་གངས་བྲག་རི་སུལ་ནགས་ཁྲོད་དང༔ ཕྱོགས་མེད་དབེན་གནས་རི་ཁྲོད་དུ༔ ཐེ་ཚོམ་ཀུན་སྤངས་སྒྲུབ་བརྩོན་པ༔ སྐལ་ལྡན་དེ་ལྟར་བྱུང་ན་རིམ་བཞིན་སྤེལ༔ འདི་སྒྲུབ་སྐལ་ལྡན་ཐ་མ་ཡང༔ ཕྱི་རོལ་གཟུང་བའི་ཡུལ་སྣང་རྣམ་པར་དག༔ བར་དུ་འོད་གསལ་སྦུབས་སུ་དབྱིངས་རིག་འདྲེས༔ ཚེ་འདིར་པདྨའི་ཐུགས་ཀར་དབྱེར་ མེད་ཐིམ༔ ཡོངས་རྫོགས་བླ་མའི་སྒྲུབ་པ་མཁའ་འགྲོའི་སྙིང་ཁྲག་འདི༔ ད་ལྟ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ མ་འོངས་དུས་ངན་ཐ་མར་བབས་པའི་ཚེ༔ གསང་སྔགས་བོན་གྱེར་མདོ་སྔགས་ཆོས་ཀྱི་རླངས་པ་ཡལ༔ དམ་མེད་སྔགས་པས་ཡུལ་གྲོང་ཁེངས༔ དགེ་སློང་མིང་བཏགས་ནག་ཆང་བུད་མེད་སྤྱོད༔ དགེ་བཤེས་མིང་བཏགས་ཤ་ཁྲག་དམར་གཡོས་བྱེད༔ དམ་ཉམས་དམ་སྲི་སྡེ་དགུ་ཡིས༔ བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས༔ ཡུལ་དབུས་ཀུན་ཏུ་ཧོར་དམག་འདྲེན༔ བོད་ཁམས་ཐམས་ཅད་སིལ་བུར་བཏང༔ མཐའ་དམག་གཡོ་ཞིང་ཡུལ་དབུས་མཐའ་མིས་བཟུང༔ སྐྱེ་འགྲོ་སེམས་ཅན་སྡུག་གིས་ནོན་པའི་དུས༔ དེ་ཚེ་རིག་འཛིན་རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བསྐུལ་བའི་སྲས༔ བསྐལ་བ་དུ་མའི་སྔོན་རོལ་ནས༔ བསོད་ནམས་ཚོགས་ཆེན་བསགས་པའི་ལས་འཕྲོ་ཅན༔ ཨོ་རྒྱན་རྡོ་རྗེ་བདུད་འདུལ་རྩལ་དང་འཕྲད་པར་ཤོག༔ གདུལ་བྱ་གཞན་དོན་ལྷུན་གྲུབ་དར་རྒྱས་ཤོག༔ ཟབ་གཏེར་ཀུན་གྱི་སྙིང་བཅུད་དམ་པ་འདི༔ བདུད་མགོན་གཟི་ལྡན་ཡབ་ཡུམ་ཁྱོད་ལ་གཏད༔ སྐལ་ལྡན་བུ་ལ་མྱུར་དུ་སྤྲོད༔ སྐལ་མེད་བྱུང་ན་དབང་པོ་སྣུབས༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། །སྒྲོ་བྲག་པདྨ་འོད་ནས་བཏོན། །ལོ་ལྔ་བར་དུ་བཀའ་རྒྱ་བསྡམས། །མཁའ་དབྱིངས་ཆོས་སྐུ་ཀུན་ཏུ་བཟང་མོ་ཡིས། །ལེགས་ཤར་ལོངས་སྐུ་བདེ་གར་དབྱངས་ཅན་མ། །ཐབས་སྤྲུལ་རང་གཞན་དོན་གཉིས་ཡིད་བཞིན་ནོར། །འབད་རྩོལ་མི་མངའ་རང་བྱུང་ལྷུན་གྲུབ་དཔལ། །སྣ་ཚོགས་ཐབས་ཀྱིས་སྐྱེ་འགྲོ་སྲིད་མཚོ་སྒྲོལ། །བདེ་ཆེན་མཆོག་བརྙེས་ཐར་པའི་ལམ་སྟོན་མ། །མཚན་ལྡན་རྒྱལ་བའི་ཡུམ་གྱུར་དེས་བསྐུལ་ངོར། །བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། །ཀ་ནམ་ཆོས་རྒྱལ་ཕོ་བྲང་ཡང་དབེན་དུ། །ཤོག་སེར་ངོས་ནས་དག་པར་ཕབ་པ་འོ། །ཀྱེ་མ་ད་ལྟ་བཞུགས་དང་མ་འོངས་འབྱོན་རྣམས་ཀུན། །ཡང་དག་དོན་ལ་རྨོངས་པའི་སྒྲོག་གིས་བཅིངས། །རྟོག་གེའི་གོ་ཡུལ་ཤེས་རབ་ཕྲན་བུ་ཡིས། །སྒྲ་དོན་ཡིན་སྨྲ་བཀའ་གཙང་རས་ཆོད་མཁན། །མཁས་འདོད་མེ་ཁྱེར་སྤྲེའུ་འདྲའི་གང་ཟག་འགས། །རང་བཟོ་རས་ཆོད་རང་ཚུགས་བབ་ཅོལ་གྱིས། །བྱིན་རླབས་ན་བུན་ཡལ་དང་བར་ཆད་རྒྱུ། །ཐར་པའི་ལམ་འགག་གྲུབ་ཐོབ་སྐར་ཚོགས་སྒྲིབ། །མི་ཁོམས་གནས་ལྡན་རྟོག་གེས་བཟོ་བཅོས་ན། །བདུད་མགོན་ཡབ་ཡུམ་བམ་རོ་ཕོ་མོ་ཡིས། །སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་ལ་ཕོས། །ཤི་ནས་རྡོ་རྗེ་དམྱལ་བར་སྐྱོལ་ཅིག་ས་མ་ཡ། །ཀྵེ་ཏྲ་པཱ་ལས་བཀའ་འདི་དམ་པར་ཆོངས། །ཚུལ་ལྡན་རྣམས་ལ་མགོན་སྐྱོབས་གྲོགས་མཛོད་ཅིག །ས་མ་ཡ། རྒྱ་རྒྱ་རྒྱ།། །།

བསེ་རག་བཀར་བ་བསྡུས་པ (Volume 51, Text 28)

བསེ་རག་བཀར་བ་བསྡུས་པ་ནི། ན་མོ་ཨཱརྻ་ཛཾ་བྷ་ལ་ཡ། ཁ་འགོང་ཆེ་ན་ཆངས་བུ་ཏིང་ལོ་དང་། ཁ་ལྷག་བོ་གཏོར་ཤོར་བ་བསྡུས་ལ་བླུགས། ཨ་ཀཱ་རོས་བྱིན་རླབས་བྱས་ལ། བསེ་རག་ཁ་འགོང་མདུན་དུ་འགུག་གཞུག་བྱས་ནས། ཡི་དམ་སྔགས་ཤམ་ལ་འདི་བཏགས་ཐུན་གྱིས་བྲབ། ཨོཾ་འགྲིག་ཤོག །ན་མོ་ཁ་ལ་དུན་ཙེ་རྦད། ནག་མོ་ཟ་འདྲེ་མི་ལ་ཁ་ཆིངས། འགྲིག་ཤོག །དུན་ཧབ་དུལ་དུལ་ནན་རྦད། མྱག་མྱག་བསེ་རག་ཁ་ཆིངས། མི་ལ་ཁ་ཆིངས། ཆུང་སྲིའི་ཁ་ཆིངས། ནད་འདྲེའི་ཁ་ཆིངས། རབས་ཆད་ཀྱི་ཁ་ཆིངས། ཅི་མང་བཟླ། ཀྱེ། བསེ་རག་མི་ལ་གཞོན་ནུ་པ། །བུ་ཆུང་ལུས་ལ་གཡུ་རྣ་ཅན། །སྟག་རལ་གཟིག་ཤུབས་གྲི་ཆུང་རྐེད། །དར་ཟབ་པད་རིས་ཕྱགས་ལྷྭམ་ཅན། །འཕྲུ་བཙུགས་ལག་ན་སྡུད་མོ་གཟུང་། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །རི་བོང་འཆིབས་ཤིང་དུང་སོ་ཅན། །མིག་རྣོ་སྐྲ་ནི་ཁམ་པ་སྟེ། །བསེ་རག་ལྟོག་འགོང་མང་པོས་བསྐོར། །ཆངས་བུ་ཏིང་ལོ་ཁ་ལྷག་འདིས། ཁྱེད་ཅག་འཁོར་བཅས་ཚིམས་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཁ་ཟས་ཆངས་བུ་འདི་ཁྱེར་ལ། །ཟ་ཁ་འཐུང་ཁ་དགྲ་ལ་སྤོས། །ཟད་མེད་ཟ་རྒྱུ་དེ་ན་ཡོད། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དམ་ལ་མ་འདའ་ད་སོང་ཞིག །སུམྦྷ་ནི་སོགས་བརྗོད། ཐུན་གྱིས་བྲབས་ལ་ཕྱི་རོལ་དུ་དོར་བཅུག །སྲུང་འཁོར་བསྒོམ། འདི་བྱས་པས་ཆང་ལད་པ་དང་། འོ་མ་ལ་མར་མི་ཐོན་པ་དང་། ཚོང་ཉེས། བོར་གཏོར། ཆག་ཉམས། འགོང་པོ་བསེ་རག་ཁ་འགོང་ཞི་ཞིང་གནོད་པ་ཐམས་ཅད་ལ་ཕན། ཞེས་ཨོ་རྒྱན་གྱིས་མཛད་པའི་དོན་རཱ་ག་ཨ་སྱས་བསྡུས་པའོ། །སརྦ་མངྒ་ལཾ།། །། ༈ འདི་ལ་རང་ཡི་དམ་ལྷ་གང་ཡང་རུང་བའི་ང་རྒྱལ་དང་བཅས་སྔགས་ཅུང་ཟད་བཟླས་རྗེས་གཏོར་མ། ཨ་ཀཱ་རོ་ལན་གསུམ་ཕྱག་རྒྱ་བཅས་པས་བརླབས། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །གནོད་བྱེད་ཁ་འགོང་བསེ་རག་ཀུན། །མཆོད་སྦྱིན་གནས་འདིར་མྱུར་དུ་ཁུག །གནོད་བྱེད་ཁ་འགོང་བསེ་རག་ཐམས་ཅད་ཨཱ་ཀརྵ་ཡ་ཛཿཛཿ ལན་གསུམ་གྱིས་བཀུག །ན་མསྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དེ་ནས་སྔགས་བཟླ་ཞིང་ཐུན་གྱིས་གཟིར་བ་མན་བྱའོ། །མངྒ་ལཾ།། །།

གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བླ་མའི་ཞལ་ལུང་ (Volume 21, Text 28)

༄༅། །གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བླ་མའི་ཞལ་ལུང་བཞུགས་སོ། ། ན་མོ་གུ་རུ་བྷྱཿ འཆི་མེད་གྲུབ་པའི་སློབ་དཔོན་སྤྲུལ་པའི་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་བྱོན་ཟབ་ལམ་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་སྐབས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྤྱི་དང་མཐུན། དངོས་གཞིར་རང་ཕག་མོ་དམར་མོ་ཞལ་གཉིས་མ་སྤྱི་འགྲོ །ཚངས་བུག་གི་རྒྱབ་ཏུ་སེང་ཁྲི་པད་ཉི་ཟླ་སྟེང་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་བྱམས་བཞུགས་ཀྱིས་བཞུགས་པ། རྩ་བརྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་ཀྱི་མཐེ་བོང་གཉིས་ཀྱིས་རང་གི་ཚངས་བུག་བཀག་པ། རང་ལུས་ཀྱི་དབུས་དྲང་པོར་དབུ་མ་ཆོས་བཞི་ལྡན་གྲོ་སོགས་འབྲིང་པོ་ཙམ། སྙིང་དངོས་པདྨ་འདབ་བརྒྱད་ཁ་འབུས་པའི་དབྱིབས་སུ་ཡོད་པའི་དབུས་ཀྱི་དབུ་མའི་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་དཀར་ཙམ་འཇའ་འོད་སྣ་ལྔའི་ཀློང་དུ་གནས་པ། དེའི་ནང་དུ་ཆོས་སྐུའི་ས་བོན་ཨ་ཡིག་མཐིང་ནག་སྤུས་བྲིས་པ་ལྟ་བུ་གསལ་བཏབ་ལ་སྤྱི་བོའི་རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས༔ རྟོགས་ལྡན་སངྒྷ་བྷ་དྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ མཚུངས་མེད་མ་ཏིའི་མཚན་ཅན་ལ༴ ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ༴ རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ༴ གྲུབ་ཆེན་འོད་གསལ་མཆོག་ལྡན་ལ༴ བླ་ཆེན་ཆོས་རྒྱལ་རྡོ་རྗེ་ལ༴ མཁས་གྲུབ་ཉི་ཟླ་ཀློང་གསལ་ལ༴ ཀུན་མཁྱེན་ཆོས་དབང་རྡོར་འཛིན་ལ༴ མཚུངས་མེད་པདྨ་ཀུན་གསལ་ལ༴ གར་དབང་ཆོས་ཀྱི་དོན་གྲུབ་ལ༴ ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ༴ འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དེའང་ཐམས་ཅད་ཀྱི་མགོར། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཞེས་དང་། མཇུག་ཏུ། ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཤི་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་གདངས་དང་བཅས་ཏེ་ཚར་གསུམ་ཙམ། ཧིཀ་ཅེས་འོག་རླུང་ནར་གྱིས་དྲངས་ཤིང་གསུས་པ་སྒལ་ཚིགས་ལ་སྦྱར་ནས་འཇམ་ལ་རིང་བར་བརྗོད་སྐབས་ཐིག་ལེ་འཕར་ལིང་ལིང་བྱེད་པ་དང་། མཐར་དྲག་པོར་གཅོད་སྐབས་ཞབས་ཀྱི་མཐེ་བོང་ལ་རེག་པར་བསམ་ལ་སེམས་གཟུང་། ཀ་ཞེས་མར་བབས་པར་བསམ། དེའང་བདུན་ནམ་གསུམ། ཡང་གསོལ་འདེབས་སོགས་སྤེལ་མར་བྱ། རྗེས་རྟགས་མཐོང་བ་ན། འོད་དཔག་མེད་ཚེ་དཔག་མེད་དུ་བསྒྱུར། ཚེ་བཅུད་བསྡུ་བསྟིམ་དང་བདུད་རྩི་འབེབ་སྦྱོང་སྤྱི་ལྟར་དང། ཚེ་གཟུངས་རིང་ཐུང་གང་ཤེས་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་པས་དེ་འོད་དུ་ཞུ་ནས་སྙིང་གའི་ཚེ་རྟེན་ཨ་ལ་ཐིམ། ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་བསམ། འདི་སྤྱིར་ཉི་ནུབ་ཙམ་ནས་ཐུན་ཚུགས་པར་བྱས། མཚན་ཐོག་ཐག་གཅིག་ལ་ཉམས་སུ་བླངས་ན། རབ་སྲོད། འབྲིང་གུང། ཐ་མའང་ཐོ་རེངས་ངེས་པར་རྟགས་ཐོན་ཡོང་བས་དམིགས་བསལ་ཐུན་གྲངས་མང་པོ་མི་དགོས་ཀྱང་། ངེས་མེད་རྟགས་མ་མཐོང་བར་ཟས་ཀྱི་བྱ་བ་སོགས་ལ་འཇུག་དགོས་པ་བྱུང་ན་ལྷར་སྣང་དེ་ཀའི་ངང་དུ་བཞག་པ་ལས་ཚེ་བཅུད་བསྡུ་བསྟིམ་དགེ་བསྔོ་སོགས་མི་དགོས། གང་ལྟར་ཡང་ལས་སྦྱོར་ཚེ་འཆི་ལྟས་བརྟག་བསླུ་ཚུལ་བཞིན་བྱས་ཀྱང་མ་བསླུས་ནས་འཆི་བར་ཐག་ཆོད་ན། ཕྱི་དབུགས་ཆད་མིན་ལ་མ་ལྟོས་པར་ལྷ་བསད་པའི་ཉེས་དོགས་སོགས་མི་དགོས་པས། འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་བཞུགས་པར་བསམ་པའི་འོག་སྒོ་དང་རང་གི་རྩ་དབུ་མ་ཁ་སྦྱར་བར་བསྒོམ། ཐིག་ལེ་སྤར་སྐབས་ཐུགས་ཀར་ཐིམ་པར་བསམས་མཐར་འོད་དཔག་མེད་བདེ་ཆེན་ཞིང་དུ་གཤེགས་པར་བསམ་ལ་མི་དམིགས་པའི་ངང་ལ་བཞག །གཞན་ལ་རྒྱག་ནའང་དེ་དང་འདྲའོ། །ཀ་དག་མ་ལའང་དམིགས་པ་མི་འདྲ་བ་མེད། གསོལ་འདེབས་ཀྱི་ཁྱད་པར་ཙམ་ཡིན། འདི་གཙོ་བོར་གཞན་དོན་ལ་སྦྱར་རོ་གསུངས། འདིའི་བརྒྱུད་པ་ནི། སངས་རྒྱས་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒྷ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། མངའ་རིས་པ་འཆི་མེད་གྲུབ་པ་འོད་གསལ་མཆོག་ལྡན། བྲེས་གཤགས་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ། མཁས་གྲུབ་ཆེན་པོ་ཉི་ཟླ་ཀློང་གསལ། ཀུན་མཁྱེན་ཆོས་དབང་རྡོར་འཛིན། རྟ་ནག་སྒྲོལ་ཕུག་པ་གར་དབང་ཕྲིན་ལས་རྒྱ་མཚོའམ་པདྨ་ཀུན་གསལ། དགོན་བྱང་པ་སྤང་སྟོན་གར་དབང་ཆོས་ཀྱི་དོན་གྲུབ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྒྲོལ་སྟོན་ཆེན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེས་བདག་ལའོ། །ཡང་ན་བླ་ཆེན་ཆོས་རྒྱལ་རྡོ་རྗེ་ནས། བླ་མ་ཤེས་རབ་ཆོས་འཕེལ། རྗེ་བཙུན་ཚེ་དབང་སྒྲོལ་མ། ཚེ་བདག་འགྱུར་མེད་རྡོ་རྗེ། འཇམ་དབྱངས་ངག་དབང་རྡོ་རྗེ། རྗེ་པདྨ་ཀུན་གསལ་མན་འདྲ། འབྲི་གུང་ཆོས་གྲགས་པས་མཛད་པའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ། ཕུན་ཚོགས་རྣམ་རྒྱལ་ནས། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། མཚུངས་མེད་དཀོན་མཆོག་རཏྣ། དེ་ལས་རྗེ་ཆོས་གྲགས་ཀྱིས་གསན། དེ་ནས་གནས་བརྟན་འཇམ་དབྱངས་གྲགས་པ། སྒྲོལ་ཕུག་པ་འཇམ་དབྱངས་ངག་དབང་རྡོ་རྗེ།་་་ཚེ་བདག་འགྱུར་མེད་རྡོ་རྗེའི་གཅུང་། མཆན། པདྨ་ཀུན་གསལ་མན་འདྲ། ཞེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་སྒྲོལ་ཆེན་རིམ་བྱོན་གྱི་གདན་སར་རྗེ་བླ་མ་དམ་པ་ལས་ཚུལ་འདིའི་བཀའ་དྲིན་ནོས་པའི་སྐབས། བྱ་བྲལ་བ་མཉྫུ་གྷོ་ཥས་ཟིན་བྲིས་སུ་བཏབ་པ་དགེ་འོ།། །།

སྤ་གྲོ་གདོང་ཁ་ལ་ཁ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་སྤྱི་ཏིའི་གཞུང་སྐོར་ (Volume 58, Text 28)

༄༅། །སྤ་གྲོ་གདོང་ཁ་ལ་ཁ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་སྤྱི་ཏིའི་གཞུང་སྐོར་བཞུགས་སོ། ། ལུང་བསྟན་གསལ་བྱེད་སྒྲོན་མ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ མཆིམས་ཕུ་གསང་བའི་ཕུག་པར་རྗེ་འབངས་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས༔ རྫོགས་པ་ཆེན་པོ་སངས་རྒྱས་དགོངས་འདུས་ཞུས་པའི་རྗེས་ལ༔ ལྷ་ལྕམ་ནུས་འབྱིན་ས་ལེ་བཞེངས་ནས༔ གཡུ་རི་འོད་འབར་བཀྲོལ་ནས་གྷུ་རུ་ལ་ཕུལ་ཏེ༔ རྗེ་གྷུ་རུ་རིན་པོ་ཆེ་ལགས༔ བདག་གི་ཁ་ལ་འཁྲི་བའི་གཡོག་མོ་འདི་མ་འོངས་པའི་དུས་སུ་སྐྱེ་བ་གང་འདྲ་ཞིག་ཏུ་སྐྱེ༔ གསང་སྔགས་ཀྱི་ཆོས་གང་འདྲ་ཞིག་དབང༔ རྗེ་གུ་རུས་གསུང་དུ་གསོལ༔ ཅེས་ཞུས་པས༔ གྷུ་རུའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་དེ་ལྟར་ཞུས་པ་ལེགས་སོ༔ བདག་གིས་བཤད་ཀྱིས་ཉོན་ཅིག༔ ཁྱོད་ཀྱི་ཞལ་ཏ་མ་འདི་ཁ་ལག་ལ་འཁྲི་བ་དང༔ ངའི་གསང་སྔགས་ཀྱི་དབང་ཆོས་མང་པོ་ཐོབ་པ་ལ་བརྟེན་ནས་སྐྱེ་བ་འདི་ནས་དག་མ་དག་འགའ་ཙམ་བརྒྱུད་པའི་རྗེས་ལ༔ མོན་བོད་མཚམས་ཀྱི་སའི་དཔལ་གྱི་རི་བོའི་ཕྱོགས་སུ་སྐྱེ༔ མིང་ནི་བཛྲ་མིང་ཅན་ཞེས༔ འདི་ཕ་མ་རུས་ལོ་རྟ་རྣམས་སོ༔ ལུས་གསོ་རགས་ཤིང་འདོད་བློ་ཞིག༔ སྤྱོད་པ་མ་ངེས་སྣ་ཚོགས་བྱེད༔ ང་ཡི་རྫོགས་ཆེན་ཆོས་ལ་སྤྱོད༔ སྐྱེས་བུ་དེ་དང་སུ་འབྲེལ་བ༔ ཕྱི་མ་ཨུ་རྒྱན་གནས་སུ་འགྲོ༔ ནུས་འབྱིན་ས་ལེ་ཁྱོད་ཀྱི་སྐྱེ་མཐའ་ནི༔ སྐྱེས་བུ་དཔལ་གྱི་མིང་ཅན་འབྱུང་དུས་སུ༔ དེ་དང་འཕྲད་ནས་སྨོན་ལམ་འབྲེལ་བ་ཡིན༔ ལས་འཕྲོ་བག་ཆགས་སད་པ་ནི༔ ཆོས་དང་དམ་རྫས་འདི་རྣམས་དབང༔ རྫོགས་ཆེན་སྤྱི་ཏིའི་ཡང་ཟབ་སྐོར༔ འདུས་སླ་ཟབ་པའི་སྐོར་རྣམས་དང༔ དམ་རྫས་ཤ་རིལ་ཤེལ་འདྲ་ལ༔ ཨ་དམ་རྒྱ་དང་བཅས་པ་སྤྱོད༔ ཅེས་གསུངས་སོ༔ ཡང་ནུས་འབྱིན་ས་ལེས་ཨོ་རྒྱན་ལ་ཞུས་པ༔ ཤིན་ཏུ་ལེགས་པར་ཐུགས་རྗེས་ཟུངས༔ རྫོགས་ཆེན་སྤྱི་ཏིའི་སྐོར་རྣམས་དང༔ དམ་རྫས་ཤེལ་འདྲའི་གཏེར་ཁ་ནི༔ གཏེར་གནས་གང་གི་ཕྱོགས་ན་ཡོད༔ འདོན་པའི་དུས་ནི་ནམ་ཙམ་ཡིན༔ འདི་རྣམས་ཀྱི་ནི་ཁ་བྱང་དང༔ ཡང་བྱང་སྙིང་བྱང་མ་ལུས་པ༔ གྷུ་རུས་བདག་ལ་གསུང་དུ་གསོལ༔ ཅེས་ཞུས་སོ༔ ས་མ་ཡཱ༔ ྈྈྈ ཡང་གྷུ་རུས་གསུང་པ༔ དམ་རྫས་འདི་ཡི་གཏེར་གནས་ནི༔ བདག་གི་སྒྲུབ་གནས་དམ་པ་དེ༔ བཙན་ཆུང་བྲག་གི་ལོགས་ན་ཡོད༔ སྤྱི་ཏི་གཏེར་གནས་གནས་པར་ནི༔ བྲག་དམར་གཏེར་ཁུང་ལོགས་ན་ཡོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཨོ་རྒྱན་གྱིས་གསུང་པ༔ འདི་ཉིད་འདོན་པའི་ལོ་ཟླ་ནི༔ བྱ་འམ་ཁྱི་ཡི་དབྱར་ཟླ་འབྲིང༔ ཚེས་བཅུ་འམ་ནི་བཅོ་ལྔ་ལ༔ ཉིན་ཕྱེད་དག་ཏུ་འདོན་པ་འོ༔ ས་མ་ཡཱ༔ གྱཾ༔ ཡང་གྷུ་རུས་གསུང་པ༔ དམ་རྫས་ཡང་བྱང་ཆ་ལག་ནི༔ བཙན་བྲག་བདེ་མཆོག་ཕོ་བྲང་ཡིན༔ ཕོ་བྲང་དེ་ཡི་རྩེ་མོ་ན༔ དང་པོའི་རྩིག་པ་རྙིང་པ་ཡོད༔ རྩིག་པ་དེ་ཡི་ཤར་ཕྱོགས་ན༔ བྲག་དང་རྡོ་ཧྲོག་མཚམས་དག་ན༔ རྡོ་བ་རུས་སྦལ་འདྲ་བའི་ལོགས༔ གཏེར་མཚན་ཞ་ཉེའི་ཆོས་འབྱུང་ཡོད༔ མར་ལ་ཁྲུ་གང་བརྐོས་པ་ན༔ རྡོ་ཡི་སྒྲོམ་བུ་སོལ་བའི་དཀྱིལ༔ དམ་རྫས་དབང་ལུང་རྒྱ་དང་བཅས༔ གཏེར་བདག་བན་ཆེན་ཡབ་ལྷ་དང༔ རྡོ་རྗེ་ལེགས་པར་གཏད་ནས་བཞག༔ བཀའ་སྲུང་གཏེར་བདག་འདི་ཉིད་ལ༔ ཚོགས་ཀྱི་འཁོར་ལོ་རྒྱས་པ་དང༔ གསེར་སྐྱེམས་གསོལ་ཁ་རེམ་པ་གཅེས༔ ཨོ་རྒྱན་ང་ལ་གསོལ་བ་ཐོབས༔ ཞེས་གསུངས་སོ༔ ས་མ་ཡཱ༔ གྱཾ༔ སྙིང་བྱང་ཁ་ལག་འདི་ལྟར་རོ༔ གཏེར་སྒྲོམ་དེ་ལ་རེག་དུག་ཡོད༔ དེ་རྣམས་སེལ་ལུགས་འདི་ལྟར་རོ༔ བདག་ཉིད་ལྷ་ཡི་ང་རྒྱལ་ལྡན༔ ལ་ཆའི་ལག་མགོ་གཉིས་བཅོས་ལ༔ དེ་ལ་རྫས་ནི་འདི་ལྟར་བྱུག༔ དུག་དང་གླ་རྩི་བྱུག་པར་བྱ༔ རང་གི་ལུས་ལ་སྒོག་པ་བྱུག༔ དེས་ནི་དུག་རྣམས་སེལ་བ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ གཏེར་འདི་རྣམས་འདོན་པའི་དུས་ཀྱི་རྟགས་རྣམས་གསུང་དུ་གསོལ༔ ཞུས་པས༔ དེ་འདོན་པའི་རྟགས་ནི༔ ཧོར་དམག་ལུགས་ནས་བོད་ཚོང་དེང་བ་ཡོང༔ སྤ་གྲོ་ལི་ཐང་མེ་རུ་འབར་བ་ཡོང༔ གནམ་ལ་རྟགས་ནི་ཁ་ཆར་ཆུང་ཞིང་སྒང་གཤོང་ཡོང༔ དེ་ཡི་སྟོབས་ཀྱིས་ལོ་ནི་མི་ལེགས་སོ༔ སྐར་མ་ཕོད་ཅན་དུ་བ་མཇུག་རིང་ཤར་བ་དང༔ མི་མ་ཡིན་གྱིས་སྐད་ངན་འདོན་པ་འོང༔ སྐྱེ་ཆུའི་གནས་སུ་ཕ་བུ་དམེ་འཐབ་ཡོང༔ སྟག་ཚང་གནས་སུ་མ་བུ་གསོད་བྱེད་ཡོང༔ དེ་རྣམས་བྱུང་དུས་གཏེར་དེ་འདོན་པའི་དུས༔ བཏོན་ནས་ཟླ་གསུམ་མཚམས་ལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གུ་རུས་གསུང་པ༔ སྤྱི་ཏིའི་ཁ་བྱང་ཡང་བྱང་སྙིང་བྱང་རྣམས༔ དམ་རྫས་འདི་ཡི་ཟླ་ལ་ཡོད༔ དམ་རྫས་འདི་ཡི་སྦྱོར་སྡེབ་ལ༔ ཨོ་རྒྱན་བདག་གི་བྱང་སེམས་དང༔ མཚོ་རྒྱལ་མ་ཡི་དམར་པོ་དང༔ རིག་འཛིན་བརྒྱད་དང་སྒྲུབ་ཆེན་བརྒྱད་རྣམས་བྱང་སེམས་དང༔ དབུ་ལོ་ཤངས་མཚལ་བདུད་རྩི་ཡོད༔ གཞི་མ་བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ་ཡིན༔ རིལ་བུ་འདི་ནི་སུས་མྱང་བ༔ མཐོང་དང་རེག་དང་ཐོས་གྱུར་ན༔ ཀུན་གྱིས་མཆོད་པའི་གནས་སུ་འགྱུར༔ གསུངས་སོ༔ གཏེར་སྲུང་ཡབ་ལྷ་འཁོར་བཅས་ཀྱིས༔ བྱ་འམ་ཁྱི་ཡི་ལོ་དག་ལ༔ གཏེར་འདི་བཛྲ་མིང་ལ་གཏོད༔ དེ་མིན་གཏེར་རྐུན་བྱུང་བ་ན༔ སྲོག་རྩ་ཆོད་ལ་དབང་པོ་སྣུབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ པདྨ་ང་ཡི་སྨོན་ལམ་འགྲུབ་པར་ཤོག༔ ལྷ་ལྕམ་གྱིས་ཞུས་ཨོ་རྒྱན་གྱིས་ཇི་ལྟར་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་མ་ནོར་བར་བྲིས་ནས༔ སངས་རྒྱས་དགོངས་འདུས་ཟླ་ལ་སྦས་སོ༔ ྈྈྈ ྈ སྤྱི་ཏིའི་ཐེམ་བྱང་གསལ་བྱེད་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ནམ་མཁའི་མདོག་ཅན་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཏེར་ཁ་བྱེ་བ་ས་ཡ་སྦས༔ ཡང་གསང་དགོངས་གཏེར་འདི་ལས་མེད༔ ཀྱེ་མ་ངོ་མཚར་རྨད་ཀྱི་ཆོས༔ འདི་ཡི་ཐེམ་བྱང་བསྟན་པ་ནི༔ ཨོ་རྒྱན་ང་ཡི་ཆོས་རྣམས་ལ༔ སྤྱི་ཐེམ་སྒོས་ཐེམ་གཏད་རྒྱ་གསུམ༔ སྤྱི་ཐེམ་ཆོས་རྣམས་ཐམས་ཅད་ཀྱང༔ ཐེག་པ་རིམ་པ་དགུར་འདུས་ཏེ༔ དེ་ཡང་བསྡུས་པས་གསུམ་དུ་འདུས༔ སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ༔ ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ༔ ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ༔ དེ་རྣམས་ཨ་ཏི་གཅིག་པུར་འདུས༔ ཨ་ཏི་ཡོ་གའི་ཆོས་སྐོར་ལ༔ རྒྱུད་དང་ལུང་དང་མན་ངག་གསུམ༔ དེ་ཡང་མན་ངག་དག་ཏུ་འདུས༔ མན་ངག་གནད་ཀྱི་སྐོར་ལ་ཡང༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ དེ་ཡང་གནད་ཀྱི་སྡེ་རུ་འདུས༔ གནད་ཀྱི་སྡེ་ལ་ཕྱི་སྐོར་དང༔ ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡང་གསང་སྐོར་དང་ལྔ་རུ་འདུས༔ དེ་ཡང་ཡང་གསང་སྐོར་དུ་འདུས༔ ཡང་བཅུད་སྤྱི་ཏི་ཆེན་པོ་འདི༔ ཨོ་རྒྱན་སྙིང་གི་ནོར་བུ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒོས་ཐེམ་སྤྱི་ཏིའི་ཐེམ་བྱང་ནི༔ ཆོས་ཀྱི་གནད་འཕྱོང་བསྟན་པའི་ཕྱིར༔ གནད་ཀྱི་ཐེམ་བྱང་སྐོར་དང་གཅིག༔ གང་ཟག་བློ་ཁ་བསྒྱུར་བའི་ཕྱིར༔ ཐུན་མོང་སྔོན་འགྲོའི་གདམས་པ་དང༔ མ་སྨིན་སྨིན་པར་བྱེད་པའི་ཕྱིར༔ དབང་བཞི་ཡོངས་རྫོགས་སྐུར་ཐབས་དང༔ ཆོས་ཉིད་མངོན་དུ་རྟོགས་པའི་ཕྱིར༔ ཁྲིད་གཞུང་མ་རིག་མུན་སེལ་དང༔ སྣང་བཞིས་མཐའ་རུ་སྐྱེལ་བའི་ཕྱིར༔ མུན་ཁྲིད་ཨར་གཏད་ལག་ཁྲིད་དང༔ ཉམས་ལེན་མཐའ་རུ་འཐོན་པའི་ཕྱིར༔ ཀ་དག་ལྷུན་གྲུབ་ཉམས་ལེན་དང༔ དུས་ཚོད་གནད་འགགས་བསྟན་པའི་ཕྱིར༔ ལུང་བསྟན་གསལ་བྱེད་མེ་ལོང་དང༔ སྤྱི་ཏིའི་བསྟན་པ་བསྲུང་བའི་ཕྱིར༔ བཀའ་སྲུང་རེག་ཆོད་སྤུ་གྲི་དང༔ དེ་ལྟར་ཆོས་ཁ་བརྒྱད་པོ་དེར༔ སྤྱི་ཏིའི་ཆོས་སྐོར་མ་ལུས་ཚང༔ སངས་རྒྱས་ཆོས་ལ་འདི་ཀས་ཆོག༔ གཞན་རྣམས་བྱས་ཆོས་རྒྱུ་ཙམ་ཡིན༔ འདི་ནི་བྱར་མེད་དོན་གྱི་ཆོས༔ ཀུན་བཟང་སྙིང་གི་ཐིགས་པ་འོ༔ སློབ་མ་གསུམ་བཞི་མ་གཏོགས་པ༔ མང་ན་མཁའ་འགྲོའི་བཀའ་ཆད་ཡོང༔ ཟབ་པར་གྱིས་ཤིག་ལས་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐཾ༔ བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ཨཱ་ཡུ་བཛྲ་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་ཤིང་སླར་ཡང་ཀུན་བཟང་ཆོས་རྫོང་དུ་ཕབ་པ་འདིའང་ཆ་ལག་གོ། །། ྈ ཁྲིད་ཀྱི་སྔོན་འགྲོ་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ཐེག་པ་དགུའི་མཐར་ཐུག་ཡང་གསང་སྤྱི་ཏིའི་མན་ངག་འདི་སྒོམ་པར་བྱེད་པ་ལ་བླ་མ་མཚན་ཉིད་དང་ལྡན་པ༔ སློབ་མ་སྣོད་དང་ལྡན་པ༔ གདམས་པ་འདི་ཉིད་ཞུ་བ་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས༔ གནས་ཆེན་ནམ་ནི་དུར་ཁྲོད་དམ༔ ནགས་ཚལ་དབེན་པའི་གནས་དག་ཏུ༔ ཟས་གོས་མཐུན་རྐྱེན་འཛོམ་པར་བསགས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བཤམ༔ བླ་མ་དག་ལ་ཆོས་འདི་ཞུ་བའི་སྙན་གསན་དབབ༔ དེ་ནས་བླ་མས་ཆོས་བསྟན་པ་ནི༔ སྔོན་འགྲོའི་ཆོས་འདི་ལྟར་རོ༔ དང་པོ་དལ་འབྱོར་རྙེད་དཀའ་དང༔ གཉིས་པ་འཆི་བ་མི་རྟག་པ༔ གསུམ་པ་ལས་རྒྱུ་འབྲས་དང༔ བཞི་པ་ཚོགས་གསག་མཎྜལ་དང༔ ལྔ་པ་སྐྱབས་འགྲོ་དང༔ དྲུག་པ་སེམས་བསྐྱེད་རྒྱ་ཆེན་དང༔ བདུན་པ་ཡིག་བརྒྱས་སྦྱང༔ བརྒྱད་པ་མོས་གུས་བླ་མའི་རྣལ་འབྱོར་དང༔ དགུ་པ་རིགས་དྲུག་རུ་ཤན་འབྱེད༔ བཅུ་པ་ལ་རིགས་དྲུག་ས་བོན་སྦྱང༔ བཅུ་གཅིག་ལུས་ཀྱི་རུ་ཤན་འབྱེད༔ བཅུ་གཉིས་རྒྱས་བཏབ་ཅིང་རྩལ་སྦྱང་བ༔ བཅུ་གསུམ་པ་མཉེན་བཙལ་ལམ་དུ་གཞུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་བསྟན་པ་ནི༔ ཡེ་ཐོག་དང་པོའི་དུས་སུ༔ དམིགས་མེད་གདལ་ཁྱབ་ཆེན་པོའི་ཀློང་ནས༔ གང་གིས་ཀྱང་བཅོས་བསླད་མ་གྲུབ་པ༔ སངས་རྒྱས་སེམས་ཅན་མིང་ཡང་མེད་པའི་དུས༔ མཁའ་ཀློང་རྣམ་པར་དག་པ་ནི༔ རང་བྱུང་རིག་པའི་རྒྱལ་པོ༔ རྒྱ་དང་ཕྱོགས་ལྷུང་དང་བྲལ་བ༔ ཡེ་ནས་རང་བྱུང་དུ་ཡོད་པ་ལས༔ ཡེ་རླུང་གཅིག་གིས་བསྐྱོད་ནས་འཛིན་པ་དཔག་ཏུ་མེད་པ་བྱུང་ངོ༔ དེ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཆགས་སོ༔ མ་རིག་པའི་དབང་གིས་ལས་ངན་སོ་སོ་ལ་སྤྱོད་ཅིང་འཁོར་བར་འཁྱམས་སོ༔ དེ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ༔ ངན་སོང་གསུམ་དང་མཐོ་རིས་གསུམ་དུ་མནར་ཅིང་གནས་པ་ལས༔ ངན་སོང་གསུམ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་འོ༔ མཐོ་རིས་གསུམ་ནི་ལྷ་དང་མི་དང་ལྷ་མ་ཡིན་ནོ༔ དེ་ཡང་མི་རུ་སྐྱེས་པ་ནི་གཤིས་ཀྱིས་དཀོན༔ ཆོས་ལྡན་ལུས་འདི་ཐོབ་པར་དཀའ་འོ༔ རྒྱུད་ལུང་ཆེན་པོའི་ནང་ཞིག་ནས༔ རྒྱ་མཚོ་དག་གི་རུས་སྦལ་དང༔ གྱང་ལོགས་དག་གི་སྲན་མ་དང༔ གནམ་སྟོང་ཉིན་གྱི་སྐར་མ་དང༔ དེ་དག་རྣམས་ལས་དལ་འབྱོར་མི་ལུས་ཐོབ་པ་དཀའ་འོ༔ ཤར་ལུས་འཕགས་པོ་དང༔ ནུབ་བ་གླང་སྤྱོད་དང༔ བྱང་སྒྲ་མི་སྙན་ན་མི་ལུས་ཡོད་དེ༔ ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འགྲུབ་པའི་སྐལ་བ་མེད་དོ༔ ལྷོ་འཛམ་བུ་གླིང་དུ་སྐྱེས་པ་རྣམས་ནི་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པའི་སྐལ་བ་ཡོད་དོ༔ ལྟ་ལོག་བྱེད་པར་གྱུར་ན་ཡང༔ སྙིང་ནི་རུལ་བར་མི་འགྱུར་རམ༔ ད་རེས་མི་ལུས་ལན་གཅིག་ཐོབ་དུས་འདིར༔ དམ་པའི་ཆོས་གཅིག་མ་བྱུང་ན༔ ངན་སོང་འགྲོ་བ་མ་ཤེས་སམ༔ ཉེས་དམིགས་རྣམས་སུ་ཡང་དྲན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་འཆི་བ་མི་རྟག་པ་ནི༔ ཕྱི་འབྱུང་བའི་དར་རྒུད་མི་རྟག༔ ནང་འཇིག་རྟེན་ལོངས་སྤྱོད་མི་རྟག༔ གསང་བ་ལུས་སེམས་མི་རྟག་པ་འོ༔ ཕྱི་འབྱུང་བའི་དར་རྒུད་ནི་ཟླ་དུས་དབྱར་དགུན་རྣམས་མི་རྟག་པའོ༔ ཐམས་ཅད་འཆི་བའི་ཆོས་ཅན་ཡིན་ན་ད་རེས་མི་ལུས་ལན་གཅིག་ཐོབ་དུས་འདིར༔ ཆོས་མི་བྱེད་ན་ཕྱིས་མི་ལུས་འདི་ཐོབ་པར་དཀའ་བས༔ དེས་ན་ད་རེས་མི་ལུས་ཐོབ་དུས་འདིར༔ འཆི་བ་དྲན་པའི་ཆོས་ཞིག་མ་བྱས་ན༔ འཆི་བདག་བདུད་ཀྱིས་ནམ་ཁྱེར་མི་ཤེས་སོ༔ མ་ཡེངས་པའི་དྲན་པ་དུང་དུང་ཡང་ཡང་བསམ༔ འཆི་བ་མི་རྟག་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་རྒྱུ་འབྲས་ཁྲིད་ནི༔ ཆོས་པ་འཇིག་རྟེན་ལ་ཆགས་པ་རྣམས་ནི༔ ནག་ཅན་བཙོན་དོང་ན་ཡོད་ཀྱང༔ བཙོན་བདག་གི་བུ་མོ་མཛེས་མ་ལ་ཆགས་པ་ལྟ་བུའོ༔ ཆོས་པ་འཁོར་བའི་སྡུག་བསྔལ་ལ་ཆགས་པ་ནི༔ ཡུགས་ས་མོ་ཁྱོ་ལ་ཆགས་པ་ལྟ་བུའོ༔ དངོས་པོ་ནོར་རྫས་ལ་ཆགས་པ་རྣམས་ནི༔ བུང་བ་སྦྲང་རྩི་ལ་ཆགས་པ་ལྟ་བུའོ༔ ཆོས་པ་ཡུལ་གཞིས་ལ་ཆགས་པ་ནི༔ སྦྲང་མ་སྦྲང་རྩི་འཐུང་བ་ལྟ་བུའོ༔ མ་གོ་བ་རྣམས་ནི་ཆོས་ཇི་ལྟར་བཤད་ཀྱང༔ ཉོན་མོངས་པ་སྡུག་བསྔལ་གྱི་མཚང་མ་རིག་པར༔ ཆོས་ཀྱི་དོན་མི་རྟོགས་པ་ལྟ་བུའོ༔ རྒྱུ་འབྲས་ཁྱད་དུ་གསོད་པས་འཁོར་བའི་སྡུག་བསྔལ་མྱོང་བའོ༔ གསང་སྔགས་ཀྱི་དམ་ཚིག་ལས་འདས་པ་ནི༔ དམྱལ་བ་ལྕགས་བསྲེགས་ཀྱི་ས་གཞིར་སྐྱེ་འོ༔ འཁོར་བ་སྡུག་བསྔལ་གྱི་བྱ་བྱེད་འདི༔ ཟོ་ཆུའི་འཁྱུད་མོ་འདྲའ་འོ༔ ཞེ་སྡང་དང་ང་རྒྱལ་ཕྲག་དོག་གཏི་མུག་བསགས་པའི་རྣམ་པར་སྨིན་པ་ནི༔ ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་འཕོ་ལྟུང་འཐབ་རྩོད༔ བྲེལ་ཕོངས་རིགས་དྲུག་གི་སྡུག་བསྔལ་མྱོང་དགོས་ཡོང་བ་ཡིན༔ དམ་པའི་ཆོས་གཅིག་མ་བྱས་ན༔ ཅིས་ཀྱང་ཕན་པ་མེད༔ འདི་རྣམས་ཡང་ཡང་དུ་བསམ་མོ༔ ལས་རྒྱུ་འབྲས་ཀྱི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ བཞི་པ་ཚོགས་གསག་མཎྜལ་གྱི་ཁྲིད་ནི༔ མཆོད་པའི་ཡུལ་དང་མཆོད་པའི་མཎྜལ་གཉིས་ལས༔ མཆོད་པའི་ཡུལ་ནི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཡིན་པས༔ སངས་རྒྱས་ཆོས་དང་དགེ་འདུན་ཕྱིའི་མཆོད་ཡུལ༔ བླ་མ་ཡི་དམ་མཁའ་འགྲོ་ནང་གི་མཆོད་ཡུལ༔ བདེ་གསལ་མི་རྟོག་ཏིང་ངེ་འཛིན་གསང་བའི་མཆོད་ཡུལ་ལོ༔ བློ་བྲལ་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཡུལ་ལོ༔ དེ་དག་རྣམས་མཆོད་པའི་ཡུལ་ཡིན་ནོ༔ རང་གི་སྤྱི་བོར་གདན་བཞིའི་སྟེང་དུ༔ དྲིན་ཅན་རྩ་བའི་བླ་མ་དམ་པ་ཨོ་རྒྱན་ཀུན་ཏུ་བཟང་པོ་དེ་ཉིད་ལ་གཡས་སུ་སངས་རྒྱས་དཀོན་མཆོག༔ རྒྱབ་ཏུ་དམ་པའི་ཆོས༔ གཡོན་དུ་འཕགས་པའི་དགེ་འདུན༔ མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས༔ དེ་རྣམས་གསལ་བཏབ་ལ༔ ཕྱི་ནང་གསང་གསུམ་གྱི་མཎྜལ་ཕྱོགས་གཅིག་ཏུ་བསྡུས་ཏེ༔ ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་མཎྜལ་སྤྲོས་བྲལ་བརྗོད་ལས་འདས༔ རང་སྣང་འཛིན་མེད་ཚོམ་བུ་ལེགས་བཀོད་ནས༔ ཆོས་སྐུའི་བླ་མ་ཡང་དག་རྗེ་ལ་འབུལ༔ ཆོས་སྐུའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ ལོངས་སྐུའི་མཎྜལ་རང་སྣང་འོད་ལྔར་འདྲེས༔ སྐུ་དང་ཐིག་ལེ་མཎྜལ་རྒྱན་དུ་བཀོད༔ ལོངས་སྐུའི་བླ་མ་ལྷ་ཚོགས་རྗེ་ལ་འབུལ༔ འོད་གསལ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ སྤྲུལ་སྐུའི་མཎྜལ་བྱེ་བ་ཕྲག་བརྒྱའི་ཞིང༔ མཛེས་ཤིང་ཡིད་འོང་ལེགས་པར་བཀོད་པ་ནི༔ སྤྲུལ་པའི་སྐུ་མཆོག་བླ་མ་རྗེ་ལ་འབུལ༔ འགྲོ་དོན་ཕྱོགས་མེད་རྟོགས་པར་བྱིན་གྱིས་རློབས༔ ཅི་མང་དབུལ་བར་བྱའོ༔ དེ་ནས་བླ་མ་ཐམས་ཅད་རྩ་བའི་བླ་མ་ལ་བསྡུ༔ དབང་བཞི་བླངས་ནས་བླ་མ་རང་ལ་བསྡུས༔ སེམས་མ་བཅོས་པར་ལྷོད་དེ་གཞག༔ ཚོགས་གསག་མཎྜལ་གྱི་ཁྲིད་དོ༔ ས་མ་ཡཱ༔ ྈྈྈ ལྔ་པ་སྐྱབས་སུ་འགྲོ་བའི་ཁྲིད་ནི༔ སྡུག་བསྔལ་དག་ལས་ཟློག་པ་ལ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པས༔ སྐྱབས་འགྲོའི་ཡུལ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁར་སེངྒེའི་ཁྲི་སྟེང་དུ༔ ཉི་ཟླ་དར་ཟབ་བརྩེགས་པའི་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་དཔལ་ཀུན་ཏུ་བཟང་པོའི་རྣམ་པ༔ རྒྱན་མེད་གཅེར་བུ་མཉམ་པར་བཞུགས་པ་ལ༔ དེའི་གཡས་སུ་སངས་རྒྱས་གཡོན་དུ་དགེ་འདུན་མདུན་དུ་ཡི་དམ༔ རྒྱབ་ཏུ་ཆོས་སྐྱོང༔ མཐའ་སྐོར་དུ་དཔའ་བོ་མཁའ་འགྲོས་བསྐོར་ནས་བཞུགས་པར་བསྒོམས་ལ༔ མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚོ༔ སྐྱོབ་པ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་གཟུང་བླ་མེད་མ་འཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་སྙིང་ཁུང་རུས་པའི་གཏིང་ནས༔ བརྒྱ་རྩ་སྟོང་རྩ་ལ་སོགས་པ་བྱའོ༔ སྐྱབས་སུ་འགྲོ་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་སེམས་བསྐྱེད་པའི་ཁྲིད་ནི༔ ཚད་མེད་བཞི་བསྒོམ༔ སྙིང་རྗེ་དགའ་བ་བྱམས་པ་བཏང་སྙོམས་ཚད་མེད་བསྒོམ་པར་བྱའོ༔ སྙིང་རྗེ་རྒྱལ་པོའི་གཅེས་ཕྲུག་སྟོར་བ་ལྟ་བུ་བསྒོམ༔ དགའ་བ་རབས་ཆད་མ་བུ་མེད་ལ་བུ་སྐྱེས་པ་ལྟ་བུ་བསྒོམ༔ བྱམས་པ་བྱ་མོ་སྒོ་ང་བསྲོ་བ་ལྟ་བུ་བསྒོམ༔ བཏང་སྙོམས་ལ་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་བསྒོམ༔ ཚད་མེད་བཞི་བསྒོམ་པའི་ངང་ནས༔ ངག་ཏུ༔ རྩ་གསུམ་བླ་མ་དགོངས་སུ་གསོལ༔ འགྲོ་བ་སེམས་ཅན་མ་ལུས་རྣམས༔ བླ་མེད་བྱང་ཆུབ་མ་འཐོབ་བར༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་སྒྲིབ་སྦྱོང་ཡིག་བརྒྱའི་ཁྲིད༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ལ༔ རང་གི་སྤྱི་བོར་རྡོར་སེམས་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་དྲིལ་བུ༔ དཀུ་ལ་བརྟེན་ནས་འགྱིང་བག་ཚུལ་དུ་བཞུགས༔ རིན་པོ་ཆེ་ཡི་རྒྱན་ཆ་དུ་མས་བརྒྱན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ངག་ཏུ་བཛྲ་སཏྭ་ཧཱུྃ་ལ་འབད༔ རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐེ་བོང་གཡས༔ བདུད་རྩི་དཀར་པོའི་རྒྱུན་བབས་པས༔ རང་གི་སྤྱི་བོར་ཐིམ་པར་བསམ༔ འདི་ཕྱི་ཚེ་རབས་ཐམས་ཅད་དུ༔ ལས་ངན་སྡིག་སྒྲིབ་དག་པར་བསམ༔ ལུས་ནི་ཤེལ་གོང་ཕྱིས་པ་ལྟར༔ ཕྱི་ནང་མེད་པར་གསལ་བར་བསྒོམ༔ རྡོར་སེམས་རང་ལ་ཐིམ་ནས་སུ༔ རྫོགས་རིམ་ངང་ལ་མ་ཡེངས་གཞག༔ སྡིག་པ་དག་པའི་རྟགས་རྣམས་ནི༔ གསང་སྔགས་སྤྱི་དང་མཐུན་པ་འོ༔ ཡིག་བརྒྱའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི༔ རང་གི་སྤྱི་བོར་ཉི་ཟླའི་སྟེང༔ གཙོ་བོར་རྩ་བའི་བླ་མ་ལ༔ རྣམ་པ་ཀུན་བཟང་ཡབ་ཡུམ་ནི༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་གཅེར་བུའི་རྣམ་པ་ལ༔ མཉམ་གཞག་སྐྱིལ་ཀྲུང་དག་ཏུ་བཞུགས༔ དེ་ཡི་འཁོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ ཁྲོམ་ཚོགས་ལྟར་དུ་བཞུགས་པ་ལ༔ གསོལ་བ་འདི་ལྟར་གདབ་པར་བྱ༔ དམིགས་མེད་ཀ་དག་ཆེན་པོའི་ཕོ་བྲང་དུ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ གཟུང་འཛིན་རྟོག་པའི་དྲི་མ་དག་ནས་ཀྱང༔ ཀ་དག་དྲི་བྲལ་རྟོགས་པར་བྱིན་གྱིས་རློབས༔ ལྷུན་གྲུབ་རང་གསལ་ཡེ་ཤེས་གཞལ་ཡས་སུ༔ རྒྱལ་བ་རིགས་ལྔའི་ལྷ་ལ་གསོལ་བ་འདེབས༔ མ་རིག་མུན་པའི་བྱིང་རྨུགས་རང་དག་ནས༔ འོད་གསལ་ལྔ་ལྡན་འཆར་བར་བྱིན་གྱིས་རློབས༔ རིག་རྩལ་རྣམ་དག་རང་བཞིན་གཞལ་ཡས་སུ༔ རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ བདེ་གསལ་རྟོགས་པ་རྒྱུད་ལ་འཆར་བ་དང༔ གཞན་དོན་ཐོགས་མེད་འགྲུབ་པར་བྱིན་གྱིས་རློབས༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིགས་དྲུག་སེམས་ཅན་སྙིང་རྗེས་སྐྱོང་བ་དང༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་རྣམ་དག་མཁའ་འགྲོའི་གཞལ་ཡས་སུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ བདག་གཞན་སྨོན་ལམ་ཡོངས་དག་འགྲུབ་པ་དང༔ བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ རིག་འཛིན་ཚེ་རིང་རྡོ་རྗེ་ལ་གསོལ་བ་འདེབས༔ རང་རིག་གསལ་སྟོང་སྐྱེ་མེད་རྟོགས་པ་དང༔ ཚེ་འདིར་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས༔ བྲག་དམར་གཏེར་ཁུང་གསང་བའི་གཏེར་གནས་སུ༔ ཡང་གསང་ཟབ་ཆོས་སྤྱི་ཏི་ལ་གསོལ་བ་འདེབས༔ བདག་གཞན་འཁོར་བའི་མཚོ་ལས་སྒྲོལ་བ་དང༔ གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་རྩ་ཡི་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ སྒྲ་འོད་ཟེར་གསུམ་རང་ངོ་ཤེས་པ་དང༔ ཕུང་པོ་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཙང་མའི་ཕོ་བྲང་དུ༔ བཀའ་སྲུང་དམ་ཅན་གཏེར་བདག་ལ་གསོལ་བ་འདེབས༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༔ རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཞེས་སྙིང་ཁུང་རུས་པའི་གཏིང་ནས་དུང་དུང་བར་གསོལ་བ་བཏབ༔ མོས་གུས་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་ལུས་ངག་ཡིད་གསུམ་རུ་ཤན་འབྱེད་པའི་ཁྲིད་ནི༔ དམྱལ་བ་ཡི་དྭགས་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ རྗེས་ལ་ཤེས་པ་གློད་ལ་གཞག༔ མཁན་པོ་རྩད་གཅོད་གཏང་བར་བྱ༔ གང་ཡང་མ་ཡིན་རང་གི་སེམས༔ སེམས་ཉིད་རྩ་བྲལ་ངང་དུ་གཞག༔ བྱོལ་སོང་མི་ཡི་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ མཁན་པོ་རྩད་གཅོད་ལེགས་པར་བྱ༔ རྗེས་ལ་ཤེས་པ་གློད་ལ་གཞག༔ རང་སེམས་མིན་པ་ལོགས་ན་མེད༔ ལྷ་མིན་ལྷ་ཡི་ལུས་གནད་བྱ༔ ངག་ཏུ་དེ་ཡི་སྒྲ་སྐད་འདོན༔ མཁན་པོ་རྩད་གཅོད་ཤེས་པ་གློད༔ རང་སེམས་མིན་པ་གཞན་ན་མེད༔ དེ་ལྟར་རིགས་དྲུག་གནས་ལ་ཆགས་ཞེན་མི་སྐྱེའོ༔ མི་ཤ་ཡོད་པའི་དགྲ་དང་འཕྲད་ན་ཡང༔ འཇིགས་པའི་སྣང་བ་སྐད་ཅིག་མི་སྐྱེའོ༔ དེ་ལྟར་བྱུང་ན་རུ་ཤན་ཕྱེད་པའི་རྟགས༔ མ་བྱུང་བར་དུ་སྙིང་རུས་བསྐྱེད་ལ་བསྐྱང༔ རིགས་དྲུག་རུ་ཤན་འབྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་རིགས་དྲུག་ས་བོན་སྦྱོང་བ་ནི༔ སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་དུ༔ རིགས་དྲུག་གི་ས་བོན་བཀོད་པ་ལས༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་ལས་མེ་འབར་འཚིག་པར་བསམ་མོ༔ ས་བོན་སྦྱོང་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་པ་ལུས་རུ་ཤན་འབྱེད་པའི་ཁྲིད་ནི༔ རང་ལུས་རྡོ་རྗེའི་ཕྱག་རྒྱ་བྱས༔ རྡོ་རྗེའི་ལྟེ་བ་དག་ལས་ནི༔ འོད་འཕྲོས་སྣང་བ་ཁྱབ་པར་གང༔ ལུས་ནི་ཁང་རུལ་ཞིག་ལྟར་འགྱུར༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས༔ ལུས་རུ་ཤན་འབྱེད་པའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་པ་རྒྱས་གདབ་རྩལ་སྦྱོང་བའི་ཁྲིད་ནི༔ ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ངག་ཏུ་ཧཱུྃ་ཞེས་བཟླས་པ་ཡིན༔ སྣང་བ་ཧཱུྃ་གིས་གང་བར་བསྒོམ༔ ནང་ཕུང་པོ་དག་ལ་རྒྱས་གདབ་པ༔ ཧཱུྃ་དེ་ཚུར་ལ་ལོག་ནས་ནི༔ ཁོག་པ་ཧཱུྃ་གིས་གང་བར་བསྒོམ༔ ངག་ཏུ་ཧཱུྃ་དེ་མ་ཡེངས་བསྒྲང༔ དེ་ལྟར་བྱས་པའི་རྟགས་རྣམས་ལ༔ ཕྱི་ནང་སྣང་བ་གཞན་མི་འཆར༔ ཧཱུྃ་གིས་རྣམ་པ་རང་རོང་འགྱུར༔ དེ་ལྟར་བྱུང་ན་རྒྱས་ཐེབས་རྟགས༔ མ་བྱུང་བར་དུ་བསྐྱར་ལ་བྱ༔ ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ ཧཱུྃ་དེས་ས་རྡོ་རི་བྲག་རྣམས༔ ལྕགས་ཚགས་ལྟར་དུ་ཕུག་པར་བསམ༔ ཧཱུྃ་དེས་ཚུར་ལ་ལོག་ནས་ནི༔ ནང་ཕུང་པོ་ཤ་རུས་ཕུག་པར་བསམ༔ ཕྱི་ནང་ཁྲོལ་མ་ལྟར་དུ་འགྱུར་རོ༔ མ་བྱུང་བར་དུ་ཡང་ཡང་བསྐྱར༔ རྒྱས་བཏབ་པ་དང་རྩལ་སྦྱོང་བའི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་པ་མཉེན་བཙལ་ལམ་དུ་གཞུག་པའི་ཁྲིད་ནི༔ མདུན་དུ་ཤིང་གཅིག་བསམས་ལ༔ ངག་ཏུ་ཧཱུྃ་དེ་ཕར་འཕྲོས་པས༔ ཤིང་རིང་དེ་ལ་སྦྲུལ་ལྟར་དཀྲིས༔ ཧཱུྃ་དེ་ཤིང་རྩེར་སླེབ་པ་དང༔ ཤེས་པ་མ་ཡེངས་ངང་ལ་ལྷན་ནེ་གཞག༔ ཧཱུྃ་དེ་ཚུར་ལ་བཤིག་ནས་སུ༔ ཁོག་པའི་ནང་དུ་ཧཱུྃ་དེ་སླེབ༔ ཡེངས་པ་མེད་པར་མཉམ་པར་གཞག༔ ལམ་དུ་གཞུག་པ་ལྟ་བུར་བྱ༔ ངག་ཏུ་ཧཱུྃ་དེ་འཕྲོས་ནས་ནི༔ སྔར་གྱིས་ཕྱིན་པའི་ས་ཆ་དང༔ མ་ཕྱིན་པ་ཡི་ས་རྣམས་སུ༔ སྦྲུལ་འཁྱོགས་ལྟར་དུ་འགྲོ་བར་བྱ༔ ཐང་ཆད་ངལ་བའི་དུས་སུ་ཡང༔ རྩེ་གཅིག་ལྷན་ནེ་གཞག་པར་བྱ༔ སྣང་བ་གང་གཏད་ལམ་ལམ་འགོད་པ་བྱུང༔ མ་བྱུང་བར་དུ་བསྐྱར་ལ་བྱ༔ མཉེན་བཙལ་ལམ་གཞུག་གི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་གཅིག་གསལ་སྒྲོན་ཁྱོད་ཀྱི་སྐྱེ་མཐའ་དེ་དང་སྤྲོད༔ ྈྈྈྈ རྱརྱརྱ༔ ས་མོ་ཕག་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ། རིག་འཛིན་ཨཱ་ཡུ་བཛྲ་གྱི་མཚན་ཅན་གྱིས་མཁའ་འགྲོའི་ལུང་བསྟན་བྱུང་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །གནས་ཆེན་སྟག་ཚང་ལུང་པའི་མདའ་རྡོ་གོར་མ་སྟེང་སེང་ཆེན་འགྱིང་འདྲའི་མདུན་ཕ་ཝང་དང་ཤུག་པ་རྒྱ་མདུད་འཁྱིལ་བའི་མཚམས་སུ། རི་བོ་བཀྲ་ཤིས་དཔལ་འབར་འདྲ་བའི་སྟེང་དབྱར་དགུན་མེད་པར་ན་བུན་འཐིབས་པའི་དབེན་གནས། ཡང་དབེན་ཆེན་པོ་ཀུན་བཟང་ཆོས་རྫོང་ཞེས་བྱ་བའི་རྩེ་མོ་ལ་ཆུ་ཕོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ། སྐལ་ལྡན་གྱི་གྲྭ་པ་ཀུན་དཔལ་རྒྱལ་མཚན་གྱིས་སྦྱིན་བདག་བྱས་ནས་ཤོག་སེར་གྱི་ལོགས་ལས་ཕབ་པའི་ཡི་གེ་པ་ནི་ཀུན་དགའ་མཆོག་རྒྱལ་གྱིས་བགྱིས་པ་ལགས་སོ།། ྈ རྫོགས་པ་ཆེན་པོ་སྤྱི་ཏིའི་དབང་བཞི་རྫོགས་དྲི་མེད་ཕྲེང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དབང་བཞི་སྐུར་བར་བྱེད་པའི་རྣལ་འབྱོར་པས༔ དབེན་ཞིང་ཉམས་དགའ་བ་ཡི་གནས་དག་ཏུ༔ མཎྜལ་མདའ་གང་གྲུ་བཞི་ལ༔ དབུས་མཐིང་འོད་ལྔས་བསྐོར་བ་བྱ༔ དེའི་པདྨ་འདབ་བཞི་ཕྱོགས་མདོག་ལ༔ མུ་ཁྱུད་འོད་ལྔས་བསྐོར་བ་བྱ༔ དེ་མིན་གཞན་དང་འདྲ་བ་ཡིན༔ དེ་ལ་དབུས་ཀྱི་སྟེགས་བུའམ་མཉྫིའི་ཁར༔ མངར་གསུམ་སྤོད་རྣམས་བླུགས་བྱས་ལ༔ གཏོར་མ་རིན་ཆེན་འབར་བ་རྒྱན་གྱིས་བརྒྱན་པ་བཞག༔ བུམ་པའི་ནང་དུ་བུམ་རྫས་ཉེར་ལྔ་དང་འོ་མ་བླུག༔ ཁ་རྒྱན་མགུལ་ཆིངས་ཀྱིས་བརྒྱན༔ དེའི་གཡོན་དུ་ཀ་པཱ་ལ་མཚན་དང་ལྡན་པ་ལ༔ ཆང་ལ་ཨ་མྲྀཏ་བཏབ་པ་བླུག༔ ལས་བུམ་གཅིག་ཆར་བཤམ་པར་བྱ༔ གཏོར་ཚོགས་དག་ཀྱང་ཅི་བདེར་བཤམ༔ དལ་གྱི་རྒྱན་བཀོད་ལ་ཕྱོགས་བཞིར་གྲི་བཞི༔ ཕུར་པ་བཞི༔ མདའ་དར་མེ་ལོང་བཏགས་པ་བཞི༔ རྒྱན་བཀོད་གཞན་ཡང་ལེགས་པར་བྱ༔ དེ་ནས་སློབ་མ་རྣམས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས་ལ༔ དེ་ནས་སྒོ་བ་རྣམས་ལ་ཞུ་བ་ཕུལ་བ་ནི༔ ཀྱཻ༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ ཡང་གསང་དཀྱིལ་འཁོར་ཕོ་བྲང་སྲུང༔ བདག་རྣམས་ནང་དེར་གཏང་དུ་གསོལ༔ ཅེས་ལན་གསུམ་ཞུ་འོ༔ སློབ་དཔོན་གྱིས༔ ཁྱེད་ནི་སུ་ཡིན་ཅི་ཞིག་བྱ༔ སྐལ་མེད་རྣམས་ཚོ་ཕྱིར་དེངས་ཤིག༔ ཅེས་བྱའོ༔ ཡང་སློབ་མས༔ ཀྱེ་ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འགྲོ་བའི་མགོན་པོ་བླ་མ་ལ༔ སྨིན་གྲོལ་དབང་བསྐུར་གདམས་པ་ཞུ༔ ཞེས་ཞུས་སོ༔ སྒོ་ཕྱེ་ཡོལ་བའི་ཕྱི་རུ་གཞག༔ སློབ་དཔོན་ལ་ཞུ་བ་ནི༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ སློབ་དཔོན་ཁྱེད་ལ་སྐྱབས་སུ་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ བདག་ཅག་བུ་རྣམས་དྲང་དུ་གསོལ༔ ཅེས་ལན་གསུམ་ཞུ་འོ༔ བླ་མས༔ ཀྱེ་མ་སྐལ་ལྡན་བུ་སློབ་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ནས༔ ཚེ་འདིར་སངས་རྒྱས་ས་ལ་སྦྱོར༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲི་འོ༔ སློབ་མས་ལན་དུ༔ ཀྱཻ༔ རྡོ་རྗེ་སློབ་དཔོན་བདག་ལ་གསོན༔ དུས་གསུམ་རྒྱལ་བ་བླ་མ་དང༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཅི་གསུང་བཀའ་ལས་མི་འདའ་བྱ༔ ཞེས་ཞུ་འོ༔ དེ་ནས་ཡོལ་བ་བཀྲོལ་ཏེ་གིང་པ་རྣམས་ཀྱིས་བགེགས་བསྐྲད༔ གུ་གུལ་དུད་པ་གཏང༔ རོལ་མོ་དྲག་ཏུ་བརྡུང༔ དེ་ནས་གྲལ་ལ་འཁོད་ཐལ་མོ་སྦྱར་ལ་འདི་སྐད་དོ༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་དུ་མི་འདུག་པས༔ ཁྱེད་ཀྱིས་བདག་ལ་ཐུགས་རྗེས་ཟུངས༔ ཞེས་ཞུ་འོ༔ བླ་མས་གནང་བ༔ ཀྱེ་མ༔ ཁྱོད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ བདག་གིས་ཁྱོད་རྣམས་བསྒྲལ་བྱའི་ཕྱིར༔ འདོད་པའི་དབང་མཆོག་དམ་པ་སྦྱིན༔ ཞེས་བཤད་དོ༔ དེ་ནས་དམ་ཚིག་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་མེས་སྲེག༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ དམ་ཚིག་གཉན་པོ་བསྲུང་བར་གྱིས༔ མིག་དར་གཡོགས་ལ༔ སློབ་བུ་རྣམས་ཀྱིས་ལག་ཏུ་ཅོད་པན་ཐོགས་ལ་འདི་སྐད་ཞུ་བར་བྱ༔ ཀྱཻ༔ ལྷུན་གྱིས་གྲུབ་པའི་རིགས་ལྔའི་ཚོགས༔ ཕོ་བྲང་གཞལ་ཡས་སྒོ་ཕྱེས་ལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ རིགས་ལྔའི་ལྷ་དང་བདག་སྤྲོད་ཅིག༔ ཨོཾ་པུཥྤེ་སིདྡྷི་ཧོ༔ ཞེས་འདོར་རོ༔ གང་དུ་ཕོག་པའི་ལྷ་ངོས་གཟུང་ངོ༔ ཤར་དུ་བབས་ན་བཛྲ་ཐོད་ཕྲེང་རྩལ༔ སོགས་གང་དུ་ཕོག་པའི་ལྷའི་མིང་བཏགས་སོ༔ མིག་དར་བཤུ་བ་ནི༔ སློབ་མས་ཞུ་བ་ཕུལ་བ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་མ་རིག་རྨོངས་པ་རྣམས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་མཛོད༔ ཅེས་ཞུ་འོ༔ བླ་མས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ སྟོན་པ་རྡོ་རྗེ་སློབ་དཔོན་ངས༔ ཁྱོད་ཀྱི་མ་རིག་མུན་པའི་མིག༔ ཤེས་རབ་ཐབས་དང་ཐུགས་རྗེ་ཡིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསྡུ་འོ༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་མ་སྐལ་ལྡན་བུ་རྣམས་ཉོན༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ བསྐལ་པར་བསགས་པའི་སྡིག་པ་འདག༔ དངོས་གྲུབ་སྣ་ཚོགས་ཁྱེད་ལ་འབྱུང༔ ཞེས་སོ༔ དེ་ནས་དབང་དངོས་བསྐུར་བ་ནི༔ ཁྲུས་བུམ་ཐོགས་ལ༔ ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནི་བུམ་པའི་རང་བཞིན་ལ༔ ནང་ན་ཁྲུས་ཀྱི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་དྲི་མ་དག་གྱུར་ཅིག༔ བཛྲ་སཏྭ་ཨཱ༔ ཞེས་དྲི་མ་བཀྲུ་འོ༔ གཙོ་བུམ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་དབང་གི་བུམ་པ་འདི༔ ཕྱི་ནི་བུམ་པའི་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་ཐོགས་ལ་མགྲིན་པར་བཞག་ནས༔ ཧཱུྃ༔ རྣམ་དག་ཡེ་ཤེས་ཀ་པཱ་ལ༔ ཕྱི་ནི་ཀ་པཱ་ལ་ཡི་རང་བཞིན་ལ༔ ནང་ནི་ཡེ་ཤེས་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་སིདྡྷི་ཧཱུྃ༔ མེ་ལོང་ཐོགས་ལ་སྙིང་གར་བཞག་ནས༔ ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་དབྱིངས་དྲི་མ་མེད༔ དག་ཅིང་གསལ་ལ་རྙོགས་པ་མེད༔ གཟུང་འཛིན་གསལ་ལ་ངོས་གཟུང་མེད༔ དྲི་བྲལ་སེམས་ཀྱི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ཧཱུྃ༔ བྷན་དྷ་ཡེ་ཤེས་རྣམ་པར་དག༔ ལྕང་ལོ་དབྱིངས་དང་འདུ་འབྲལ་མེད༔ གཏོར་མ་རང་སྣང་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཡོངས་རྫོགས་ཆེན་པོའི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧྲཱི༔ སྤྲོས་མེད་ཚིག་དབང་བསྐུར་བ་ནི༔ ཀྱེ་མ༔ སྐལ་ལྡན་བུ་རྣམས་བདག་ལ་ཉོན༔ ཅི་ཤར་ཐམས་ཅད་སེམས་སུ་གོ༔ སེམས་ཀྱི་གཞི་རྩ་རང་ཐོག་ཆོད༔ མི་དམིགས་སྤྲོས་བྲལ་ངང་ལ་ཞོག༔ ལྷམ་མེ་ལྷན་ནེ་དོན་གྱི་དབང༔ མ་ཡེངས་ཁྱོད་ཀྱིས་སེམས་ལ་ཞོག༔ རྗེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཇུག་བསྡུ་འོ༔ སྤྱི་ཏིའི་དབང་བཞི་རྫོགས་ཤིན་ཏུ་ཟབ་པ་རྫོགས་སོ༔ ས་མ་ཡཱ༔ རྱརྱརྱ༔ ྈྈྈྈ པུཎྱཻ་བཛྲ་མཚན་ཅན་གྱིས་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །ཤོག་སེར་ཚ་ལས་ཞལ་བཤུས་པའོ། །མངྒ་ལཾ།། ྈ ཟབ་ཁྲིད་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་སེམས་ཉིད་དག་པའི་ལྷ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ལུང་ཐམས་ཅད་ཀྱི་བདག་པོ༔ ཐེག་པ་ཐམས་ཅད་ཀྱི་མཐར་ཐུག༔ ཆོས་ཐམས་ཅད་ཀྱི་སྙིང་པོ༔ རྫོགས་པ་ཆེན་པོ་ཡང་གསང་སྤྱི་ཏིའི་མན་ངག༔ སངས་རྒྱས་མངོན་སུམ་དུ་ངོ་སྤྲོད་པའི་ཆོས་འདི་ལ༔ སྔོན་དུ་འགྲོ་བ་གཞན་དུ་བསྟན་པ་ཡིན༔ དངོས་གཞིའི་མན་ངག་འདི་ལ་ཡང༔ མ་བཅོས་གནས་ལུགས་གཏན་ལ་དབབ་པ་དང་གཅིག༔ གེགས་སེལ་བོགས་འདོན་གྱིས་བོགས་བཏོན་པ་དང་གཉིས༔ མཁན་པོ་རྩད་གཅོད་ཀྱིས་གཅེར་བུ་བསྟན་པ་དང་གསུམ༔ སེམས་ཉིད་རང་ཤར་གྱི་ཞི་གནས་ལྷག་མཐོང་ངོ་སྤྲོད་པ་དང་བཞི༔ སྒོམ་མེད་ཐོད་རྒལ་གྱི་ཆོས་ཟད་སར་བསྐྱལ་བ་དང་ལྔ་འོ༔ དང་པོ་མ་བཅོས་གནས་ལུགས་གཏན་ལ་དབབ་པའི་ཁྲིད་ནི༔ ཕྱི་ནང་བྱ་བ་ཀུན་གཏང་ལ༔ ལུས་ནི་རྣམ་སྣང་ཆོས་བདུན་བྱས༔ ངག་ནི་མ་བཅོས་སྨྲ་བ་བཅད༔ སེམས་ནི་མ་བཅོས་བྱ་བྱེད་བྲལ༔ སྤྲོས་བྲལ་ངང་དུ་ལྷན་ནེ་གཞག༔ ཕྱི་ནང་གི་བྱ་བ་བློས་བཏང་ལ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ༔ ལག་པ་མཉམ་གཞག་དང༔ སྒལ་ཚིགས་གསེར་གྱི་དོང་རྩེ་བཞིན་དུ་བསྲང༔ དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང༔ མིག་སྣ་རྩེ་ལ་ཕབ༔ ཨོལ་མགོས་ཨོལ་མདུད་མནན༔ འགུལ་བསྐྱོད་མེད་པར་གནས་པ་ནི༔ ལུས་མ་བཅོས་པའོ༔ ངག་མ་བཅོས་པ་ནི༔ མདོ་འདོན་སྔགས་འདྲེན་བྱ་བྱེད་སྨྲ་བ་བཅད༔ ཡིད་མ་བཅོས་པ་ནི༔ སྔར་འདས་པའི་རྗེས་མི་བཅད༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟའི་ཤེས་པ་ལ་བཅོས་བསླད་མི་བྱ༔ སྤྲོས་བྲལ་ངང་དུ་ལྷན་ནེ་གཞག༔ ལུས་ངག་ཡིད་གསུམ་མ་བཅོས་རང་བབས་གཞག༔ ཅི་ཡང་ཡིད་ལ་མི་བྱེད་པར༔ བཅོས་བསླད་མེད་པའི་ངང་དུ་ཞོག༔ རྣལ་དུ་དབབ་པ་འདི་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཉམས་སུ་བླངས་པའི་ཚེ༔ བྱིང་རྒོད་ལ་སོགས་གེགས་བྱུང་ན༔ བོགས་འདོན་གེགས་སེལ་འདི་ལྟར་རོ༔ ནང་དུ་ཁྲག་མཁྲིས་ཤས་ཆེ་ན༔ བྱིང་རྨུགས་དྲག་པོའི་གེགས་འབྱུང་སྟེ༔ རིག་པ་གཡེར་སྟོན་བསིལ་བར་སྡོད༔ མིག་ནི་ལྟ་སྟངས་གོས་ནི་སྲབ་པར་བྱ༔ ཕཊ་ཅེས་རིག་པ་ཧུར་སྟོན་བྱ༔ ནམ་མཁའི་དབྱིངས་སུ་བླ་མ་བསྒོམ༔ གསོལ་བ་དྲག་པོ་གདབ་པར་བྱ༔ བྱིང་མཁན་མཁན་པོ་རྩད་གཅོད་བྱ༔ བྱིང་བ་རང་བཞིན་མེད་པར་ཤེས༔ རྟོགས་པའི་ངང་ནས་བོགས་ཐོན་འགྱུར༔ གང་དག་རླུང་ཤས་ཆེ་བ་ན༔ རྒོད་པའི་གེགས་ནི་འབྱུང་སྲིད་པས༔ དེ་ལ་གེགས་སེལ་འདི་ལྟར་རོ༔ འདུག་ས་དམའ་ཞིང་ཟས་སྣུམ་པར་བྱ༔ གོས་གྱོན་མིག་གིས་ལྟ་སྟངས་དམའ་བར་བྱ༔ ཕཊ་ཅེས་རྒོད་མཁན་མཁན་པོ་རྩད་གཅོད་བྱ༔ གཞི་མེད་རྩ་བྲལ་ངང་དུ་ཤེས༔ དེ་ཡི་ཐོག་ནས་བོགས་ཐོན་འགྱུར༔ ཤེས་པ་རྒྱ་ཡན་ལྷོད་དྲགས་ན༔ ལུང་མ་བསྟན་དུ་འགྲོ་ཉེན་ཡོད༔ སིང་ངེ་ཡེར་རེ་གྲུངས་ཐོན་ངང་དུ་ཞོག༔ བོགས་འདོན་བསྟན་པའི་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སེམས་ཀྱི་གཞི་རྩ་གཅད་པ་ནི༔ ལུས་དང་སེམས་ནི་གཙོ་གང་ཆེ་བརྟག༔ ལུས་གཙོ་ཆེ་ཟེར་ན་སྒོམ་དུ་བཅུག༔ སེམས་གཙོ་ཆེ་ཟེར་ན་གཙོ་ཆེ་ཟེར་བའི་སེམས་དེ་དང་པོ་གང་ནས་བྱུང༔ ཕྱི་ནས་བྱུང་ངམ༔ ནང་ནས་བྱུང་ལྟོས་ཤིག༔ ཕྱི་རོལ་ནས་བྱུང་ཟེར་ན༔ ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་གང་ནས་བྱུང༔ གཟུགས་སྒྲ་དྲི་རོ་གང་ནས་བྱུང༔ ནང་ཕུང་པོ་ལས་བྱུང་ཟེར་ན༔ པགས་པ་རུས་པ་ཤ་སྟོད་སྨད་ཡན་ལག་གང་ནས་བྱུང༔ ཞེས་ནན་ཏན་དྲི་བར་བྱ༔ ནང་ནས་བྱུང་ཟེར་ན༔ སྙིང་མཆིན་པ་ནང་ཁྲོལ་རྣམས་གང་ནས་བྱུང་དྲིས༔ དེ་རྣམས་ལས་བྱུང་ཟེར་ན༔ བྱུང་མཁན་གྱི་ཤེས་པ་དེ་གང་འདྲ་གཅིག་འདུག༔ དཀར་སེར་ལ་སོགས་སྐུ་མདོག་གང་འདྲ་འདུག༔ དབྱིབས་ལ་སོགས་གང་འདྲ་འདུག་འདྲི་བར་བྱའོ༔ བར་དུ་གནས་པ་ཡང་ཕྱི་ནང་གསང་གསུམ་གང་དུ་གནས༔ སྔར་ལྟར་དྲིའོ༔ མི་རྙེད་ཟེར་ན་ཁྱོད་ལ་སེམས་ཞེས་གྱུར་གྱུར་གཅིག་འདུག་གམ་ལྟོས་དང༔ དངོས་པོ་ཅན་དུ་འདུག་གམ་དངོས་མེད་དུ་འདུག༔ མི་འདུག་ཟེར་ན༔ མི་འདུག་ཟེར་མཁན་དེ་གང་འདྲ་འདུག༔ སྐྱིད་ན་སྐྱིད་མཁན་དང་སྡུག་ན་སྡུག་མཁན་གྱི་སེམས་དེ་གང་འདྲ་གཅིག་འདུག་ལྟོས་ཤིག༔ ཁྱེད་རང་གི་སེམས་ཚོལ་མཁན་དེ་གང་འདྲ་འདུག༔ མི་འདུག་ཟེར་ན༔ ཁྱོད་ཀྱི་སེམས་བཙལ་བས་མི་འདུག་པ་ཟེར༔ བཙལ་ཟེར་ན་སུས་བཙལ་ཟེར༔ བདག་གི་སེམས་ཀྱིས་བཙལ་ཟེར་ན༔ ཚོལ་མཁན་གྱི་སེམས་དེ་རང་ཚོལ་ཤོག་ཟེར༔ ཟད་སར་མ་འཁྱོལ་བར་དུ་ཚོལ་དུ་བཅུག་གོ༔ དྲིས་ལན་དངོས་པོ་ཅན་དུ་མི་འདུག༔ ཝལ་ཝལ་རྗེས་མེད་གཟུང་རྒྱུ་མི་འདུག༔ གྱུར་གྱུར་གཅིག་འདུག་ཟེར་ན༔ སེམས་ཀྱི་རང་བཞིན་ཤེས་ཙམ་ཡིན་པས༔ ཁྱེད་ཀྱིས་བཙལ་བས་མི་རྙེད༔ བཟུང་བས་མི་ཟིན༔ དང་པོ་རྒྱུ་གང་ལས་མ་སྐྱེས༔ ཡེ་སྟོང་རྩ་བྲལ་གཅིག་ཏུ་འདུག་ལགས༔ འདི་ལས་བྱུང་བྱ་བའི་ཡུལ་མེད་དེ༔ ཡུལ་མེད་རྗེན་པ་གཅིག་ཏུ་འདུག་ལགས༔ བར་དུ་གནས་ས་མེད་དེ༔ སེམས་ངོ་བོ་ངོས་གཟུང་མི་འདུག་ལགས༔ ཡིད་ཝལ་ཝལ་པོ་རྗེས་མེད་ཟང་ཐལ་དུ་འདུག་ལགས༔ ཐ་མར་འགྲོ་ས་མེད་དོ༔ འདིར་སོང་རྗེས་མེད༔ དབྱིབས་དང་ཁ་དོོག་མེད་དེ༔ དངོས་མེད་དུ་འདུག་ལགས༔ དངོས་པོ་ཐམས་ཅད་ཀྱིས་མཐའ་ལས་འདས་པ་འོ༔ འདི་ཡང་བེམ་སྟོང་ཧ་ཤང་གི་ལྟ་བར་མ་སོང༔ རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང༔ འདོད་པས་མ་བཅིངས་ཆོས་སྐུའི་བདག་ཉིད་དུ་གནས་པའོ༔ མཁན་པོ་རྩད་གཅོད་གཅེར་བུར་ལྟ་བ་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞི་གནས་ལྷག་མཐོང་ངོ་སྤྲད་པ་ནི༔ སྙེམས་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་ལྷོད་ལྷོད་དེ་ནི་ལྟ་སྟངས་ནམ་མཁར་གཏད་ནས༔ རིག་པ་དང་ནམ་མཁའ་དབྱེར་མེད་པའི་ངང་ལ་ཁྲེས་སེ་གཞག༔ དེ་ནི་སྒོམ་རང་ལུགས་ལ་འོང་སྟེ༔ ཡང་སེམས་འཕྲོ་ཞིང་མི་གནས་ན་རྟོག་པ་སྔ་མའི་རྗེས་མི་འབྲང༔ ཕྱི་མའི་སྔོན་མི་བསུ༔ བར་གྱི་ཤེས་པ་ལ་བཟོ་མི་བྱེད་པར༔ སྣང་བ་གང་ཤར་གྱི་ངོ་བོ་ལ་གཅེར་གྱིས་ཕབ་རང་ཐོག་ཏུ་ལྷན་ནེ་ཞོག་ཅིག༔ འཕྲོ་རྒྱུ་གཅིག་བྱུང་ན་དེ་ཡི་ངོ་བོ་གང་ཡིན༔ མཁན་པོ་གང་ཡིན༔ རྩ་བ་གང་དུ་གནས་བལྟས་པས༔ རྟོག་བྱེད་ཀྱི་མཁན་པོ་གསལ་ཡང༔ ངོ་བོ་རྩ་བ་གང་དུ་ཡང་གྲུབ་པ་མེད་པར་ཡིད་ཆེས༔ སྟོང་སང་ངེ༔ འཛིན་མེད་རྩ་བྲལ་ངང་དུ་ལྷན་ནེ་གནས་པའོ༔ དེའི་དུས་སུ་འགྱུ་བྱེད་ཐམས་ཅད་ཞི་ནས༔ སེམས་རང་སར་གནས་པ་གཅིག་འོང་སྟེ༔ རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་གཅིག་འོང་སྟེ༔ དེ་ལ་ཞི་གནས་ཟེར་སྒོམ་གྱི་གཞི་ཡིན་ནོ༔ ལྷག་མཐོང་ནི༔ འཁྱག་རོམ་ཆུ་རུ་ཞུ་བ་ལྟ་བུ་སྟེ༔ གང་ཤར་གྱི་ངོ་བོ་ལ་བཟང་ངན་ཁྱད་པར་བློས་མི་དཔྱོད་ཅིང༔ རང་ཐོག་ལ་སིང་ངེ་བཞག་པས༔ རྟོག་དང་མི་རྟོག་གནས་དང་མི་གནས༔ འགྱུ་བ་གང་ཤར་སྟོང་ཉིད་དུ་ཕྱམ་མེ་བ་རང་རིག་རང་གསལ་དུ་ཧྲིག་གེ་བསྒོམ༔ འགྱུ་བ་གང་རྟོག་ཇི་ལྟར་སྣང་ཡང་རྟོག་དཔྱོད་མི་བྱ༔ དགག་ཀྱང་མི་དགག༔ རང་ངོ་རང་གིས་ཤེས་ཙམ་གྱི་ངང་དུ་གསལ་ཧྲིག་གེ༔ རྗེན་ནེ་སལ་ལེ༔ བུན་ནེ་ཤིག་གེ༔ གནས་པ་ལ་འཛིན་པ་མེད༔ རང་གསལ་ལེའི་ངང་ནས༔ གདངས་གསལ་དངོས་པོ་ཡུལ་མེད་དུ་ཁྲིགས་སེ༔ རྗེན་ནེ་ལྷང་ངེ་བ་འབྱུང་ངོ༔ དེ་ལྷག་མཐོང་ཡིན་ནོ༔ དེའི་ངང་དུ་རིག་པ་སྐད་ཅིག་མའི་སྟེང་དུ་ཐམས་ཅད་ཧྲིལ་གྱིས་རྫོགས་ཏེ་ཞི་གནས་ལྷག་མཐོང་དབྱེར་མེད་དོ༔ ཞི་གནས་ལྷག་མཐོང་ལ་ཁྲིད་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐོད་རྒལ་གྱི་ཁྲིད་བསྟན་པ་ནི༔ སོས་ཀའི་དུས་དང་སྟོན་སེར་དུས༔ ཕྱི་ཡི་འབྱུང་བ་སྙོམས་པ་དང༔ ནང་གི་ལུས་ནི་དར་གུད་སྙོམས༔ རི་ཁྲོད་དབེན་པའི་གནས་ཕྱིན་ལ༔ རྐྱེན་གསུམ་བྲལ་བའི་གནས་ཉིད་དུ༔ དང་པོ་ཞི་གནས་བརྟན་པར་བསྒོམ༔ བཞུགས་སྟངས་གསུམ་གྱིས་རིག་པ་གཅུན༔ བཞུགས་སྟངས་གསུམ་པོ་གང་བདེ་ལྟར་རོ༔ དང་པོ་ཆོས་སྐུའི་བཞུགས་སྟངས་བྱ༔ དེ་ནས་ལོངས་སྐུའི་བཞུགས་སྟངས་བྱ༔ དེ་ནས་སྤྲུལ་སྐུའི་བཞུགས་སྟངས་བྱ༔ འདུག་སྟངས་གསུམ་གྱིས་ཉམས་སུ་བླང༔ ཟིམ་བུའི་མིག་གིས་ནམ་མཁར་མ་ཡེངས་བལྟ༔ ཟུར་ལྟ་ཟུར་ཁྲིད་རབ་ཏུ་གཅེས༔ སྐུ་ཡི་འོད་ཟེར་འཕྲོས་པ་ལས༔ མངོན་སུམ་སྣང་བ་མཆེད་པར་འགྱུར༔ དང་པོ་དུ་བ་སྤྲིན་ལྟ་བུ༔ བར་དུ་ཁུ་རླངས་འཇའ་ཤར་བ༔ དང་པོ་སྐུད་པ་ལྟ་བུ་དང༔ སྐར་མདའ་ཁུ་རླངས་ལྟ་བུ་དང༔ གློག་དང་ཟ་འོག་ལྟ་བུ་དང༔ མིག་མང་ཕྲེང་བ་ལྟ་བུ་དང༔ ཟང་ཟིང་དཀར་པོ་དམར་པོ་དང༔ མཐིང་ག་ཁ་དོག་གང་ཡང་འཆར༔ དེ་ནས་ཡར་ཆེར་སྐྱེ་བ་དང༔ ཐིག་ཕྲན་དཔག་ཏུ་མེད་པ་འཆར༔ དང་པོ་སྐྱ་ཆེམ་སྐུད་པ་དང༔ འགུལ་བ་དང་འཁྲིག་པ་འབྱུང་ངོ༔ དེ་ནས་ཐིག་ལེ་རྣམས་ཆེར་རྒྱས་ནས༔ འཁར་གཞོང་ཙམ་དང་ཕུབ་ཙམ་དང༔ འཇའ་རིས་འོད་ལྔས་བསྐོར་བ་འཆར༔ དེ་ནས་ལུ་གུ་རྒྱུད་ཀྱིས་སྦྲེལ་བ་ནི༔ འགུལ་འཕྲིག་མེད་པར་གནས་པ་འོ༔ དེའི་ནང་དུ་བཞུགས་གདན་ཁྲི་རྐང་བསམ་གྱིས་མི་ཁྱབ་པ༔ དེ་དག་རྣམས་ཀྱི་ནང་དབྱིངས་སུ༔ འོད་དཔག་མེད་དང་རྡོར་སེམས་དང༔ ཨོ་རྒྱན་པདྨས་གཙོ་བྱས་པའི༔ ལྷ་ཚོགས་བསམ་མི་ཁྱབ་པ་འཆར༔ གཞན་ཡང་ཞི་བའི་ལྷ་ཚོགས་དང༔ རིགས་དྲུག་ལ་སོགས་གཟུགས་བརྙན་དུ་མ་འཆར་རོ༔ འོད་དང་འོད་ཟེར་མདངས་དང་བཅས་ཏེ་འཆར་རོ༔ དེ་ལྟར་འཆར་བའི་དུས་སུ༔ ཕྱི་སྣང་བའི་རྟོག་པ་ཟད༔ ནང་སེམས་ཀྱི་འགྱུ་བ་ཟད༔ བར་དྲན་འཛིན་ཤེས་པ་སྟོར་ནས༔ དབྱིངས་དང་རིག་པ་འདྲེས་པར་འགྱུར༔ དེ་དུས་ཟས་སྐོམ་གྱི་ཤེས་པ་སྟོར༔ ཆོས་ཉིད་ཟད་པའི་སྣང་བ་མཐོང༔ མ་འགགས་རིག་པའི་ཁྱེར་སོ་རྣམས༔ སྦྲ་ཡི་ཆོན་ཐག་བསྡུས་པ་བཞིན༔ ཆོས་ཉིད་རིག་པར་འུབ་ཀྱིས་བསྡུས༔ བལྟ་བྱ་ལྟ་བྱེད་ཞེན་པ་སྟོར༔ ཟག་བཅས་མི་སྣང་མངོན་སངས་རྒྱས༔ ཕྱིར་མི་ལྡོག་པ་སྤྱི་ཏི་ཡི༔ གདོད་མའི་ཀུན་བཟང་ཉིད་དུ་གྲོལ༔ རབ་ནི་ལོ་གསུམ་འབྲིང་ནི་ལོ་བཞི༔ ཐ་མ་ལོ་ལྔ་ལ་གྲོལ༔ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད༔ གདམས་པ་འདི་དང་སུ་འཕྲད་པ༔ རྒྱལ་བ་ཀུན་གྱི་དབང་པོ་ཡིན༔ བདག་འདྲ་པདྨ་འབྱུང་གནས་ངས༔ ཀུན་བཟང་ཐུགས་ཀྱི་ཡང་བཅུད་འདི༔ གསལ་སྒྲོན་སྐྱེ་བ་ཐ་མ་ནི༔ སྐྱེས་བུ་གཟུགས་བཟང་ཚེ་ཡི་མིང༔ ལས་ཅན་དེ་ཡི་དོན་དུ་ཡང༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བྲག་དམར་རྒྱ་ཞྭ་དབུབ་འདྲའི་གཡས་ཕྱོགས་དེ་རུ་གཏེར་དུ་སྦོས༔ མ་འོངས་བཞི་བཅུ་ཁ་རལ་དུས༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས༔ བྲག་དམར་གཏེར་ཁུང་གཡའ་སྒྲོམ་དུ་གཏེར་དུ་སྦས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈ བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ཨཱ་ཡུ་བཛྲ་མིང་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །མོན་ཡུལ་སྤ་གྲོ་ལུང་པའི་མདའ་ཀུན་བཟང་ཆོས་རྫོང་ཞེས་བྱ་བའི་རྩེ་མོ་ལ་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། ྈ མུན་ཁྲིད་ཨར་གཏད་ལག་ཁྲིད་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དང་པོའི་སངས་རྒྱས་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སེམས་ཅན་དོན་སླད་དུ༔ སྤྱི་ཏིའི་མཐར་ཐུག་གཅིག་དྲིལ་ནས༔ ཨར་གཏད་མུན་པའི་སྒྲོན་མེ་འདི༔ ལྷ་གཅིག་གསལ་སྒྲོན་ཁྱོད་ལ་གཏད༔ ཉམས་སུ་ལོངས་ལ་སྙིང་དཀྱིལ་སྦོས༔ ཉིན་སྣང་གཏན་ལ་ཕེབས་ནས་ནི༔ མུན་པའི་ཉམས་ལེན་བསྟན་པར་བྱ༔ བཀྲ་ཤིས་དབེན་པའི་གནས་དག་ཏུ༔ ས་ཆ་ཁོད་སྙོམས་དག་ལ་ཡང༔ ཁང་པ་གཉིས་རིམ་གསུམ་རིམ་བྱ༔ འོག་ཏུ་སེང་ནི་ལེགས་ཡོད་པ༔ མུན་པ་ཤིན་ཏུ་དམ་པར་བྱ༔ སྤྱི་བོའི་གཙུག་གི་ནམ་མཁའ་ལ༔ བུག་པ་མདའ་ཤོང་ཙམ་གཅིག་བཅོས༔ དེ་ཡང་གཡག་གི་རྔ་མས་བཀབ༔ སྤྱི་བོའི་རླངས་པ་འགྲོ་བའི་གནས༔ ནང་དུ་ནང་ཚངས་ཅན་གྱི་གདན་བཏིང་ལ༔ སྟེང་དུ་སྐྱི་ཆགས་ཁ་གདན་འདིང་བར་བྱ༔ གཡས་གཡོན་སྙེས་འབོལ་ལེགས་པར་བཅུག༔ སྒྲུབ་ཁང་དེ་ཡི་སྒོ་དག་ཏུ༔ ཕྱུག་པོ་ཆེན་པོ་བཞི་ཡི་ཞིང་ས་དང༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་སས༔ མཆོད་རྟེན་བུམ་པའི་གཟུགས་ཅན་བཅོས་ལ༔ ནང་དུ་བུམ་གཏེར་ལེགས་པར་བཅུག༔ བུམ་གཏེར་རྫས་རྣམས་འདི་ལས་འདི་ལྟར་ཡིན༔ འབྲུ་ལྔ་རིན་ཆེན་རྣམ་པ་ལྔ༔ དར་སྣ་ལྔ་ལ་སོགས་པ་བཅུག༔ ཤོག་བུ་དག་ལ་འདི་ལྟར་བྲིས༔ ཨོཾ་བྷཻ་ཤར་མ་ཎཱ་ཡེ་སྭཱ་ཧཱ༔ བདག་དབུལ་བའི་རྐྱེན་དང་བྲལ་ནས༔ དགེ་སྦྱོར་ལ་བར་ཆད་མེད་པར་གྱུར་ཅིག༔ ཅེས་པའོ༔ སྒྲུབ་ཁང་དེ་ཡི་ཕྱོགས་བཞི་ལ༔ རྒྱལ་ཆེན་རིགས་བཞིའི་ཐོ་བརྩིགས་ནས༔ གསེར་སྐྱེམས་གཏོར་ཞིང་བཅོལ་གཏམ་བྱ༔ བདག་གིས་སྒྲུབ་པ་འདི་མ་ཐོན་བར་དུ༔ ཕྱི་ཡི་བར་ཆད་ནང་དུ་མ་གཏང༔ ནང་གི་དངོས་གྲུབ་ཕྱིར་མ་ཤོར་མཛོད༔ ཅེས་བརྗོད༔ དེ་ནས་སྒྲུབ་ཁང་དུ་གུ་གུལ་དུད་པ་གཏང༔ སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་བསྒོམ༔ དྲང་སྲོང་ཙོག་པུ་པུས་མོའི་སྟེང༔ གྲུ་མོ་གཉིས་པོ་བཞག་བྱས་ལ༔ གཡས་གཡོན་ལག་པའི་མཐེབ་མཛུབ་ཀྱིས༔ མིག་གི་མཐའ་གཉིས་ཅུང་ཟད་བཙིར༔ མིག་འབྲས་སྟེང་གི་པགས་པ་དེ༔ ཆིལ་གྱིས་དལ་བུས་གནས་པར་བྱ༔ དང་པོ་ཡེ་ཤེས་སྣང་བ་འཆར༔ དཀར་མདངས་སེར་མདངས་དམར་མདངས་ལྗང༔ སྤྲིན་པ་ཁུ་རླངས་རྣམས་ཀྱང་འཆར༔ འོད་ཀྱི་སྣང་བ་སྐྱ་ཆེམ་འཆར༔ འོད་སྣང་སྦ་ཕུབ་ལྟ་བུ་འཆར༔ མཛུབ་མོ་བཏང་སྟེ་བལྟས་པ་ཡིས༔ ཐིག་ལེ་སྟོང་སྒྲོན་རྨ་བྱའི་མདོངས༔ ཕུབ་ཀྱི་རི་མོ་ལྟ་བུར་འཆར༔ སྟོང་གཟུགས་མ་ཡལ་བར་དུ་ཡང༔ ཉམས་སུ་རྩེ་གཅིག་བླང་བར་བྱ༔ ཡལ་བ་ལ་ཐུག་པའི་དུས་སུ༔ སྔར་བཞིན་རྒྱ་མཚོ་ཨར་ལ་གཏད༔ མ་བརྟན་བར་དུ་ཉམས་སུ་བླང༔ ཞག་ནི་ལྔའམ་བདུན་དག་ལ༔ མཐེབ་མོའི་རྩོལ་བ་བཞག་ནས་ཀྱང༔ རང་བྱུང་ཐོགས་མེད་འཆར་བ་ན༔ ཨར་གཏད་ལག་ཁྲིད་འབྱོངས་པའི་རྟགས༔ དེ་ནས་ལུས་ནི་སྐྱིལ་ཀྲུང་བྱ༔ ཐུར་ལ་བལྟ་བ་ཞག་པོ་བདུན༔ ཐད་ལ་བལྟ་བ་ཞག་པོ་བདུན༔ སྟེང་ལ་བལྟ་བ་ཞག་པོ་བདུན༔ མིག་གི་གང་བལྟའི་ཐད་ཀ་རུ༔ ཡི་གེ་ཧཱུྃ་མཐིང་ཚོན་གང་བསྒོམ༔ སྔར་བས་འོད་སྣང་ཇེ་ཆེར་འགྲོ༔ དུ་བ་སྤྲིན་དཀར་རི་རབ་འབབ་ཆུ་དང༔ མཆོད་རྟེན་འཇའ་དཀར་འཆར་བ་འོ༔ ཐིག་ལེ་ཐིག་ཕྲན་དཔག་མེད་འཆར༔ ཐིག་ལེའི་ནང་དུ་ཞི་བ་དང༔ ཁྲོ་བོ་ཁྲོ་མོ་དཔག་མེད་འཆར༔ གཞན་ཡང་ཀེའུ་རཱི་མ་དང༔ ཕྱག་མཚན་རྣམ་པ་སྣ་ཚོགས་འཆར༔ གང་ཟག་རྩ་རིགས་མི་གཅིག་པས༔ འཆར་སྒོ་མི་གཅིག་མང་པོ་ཡོང༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ ཡེངས་པ་མེད་པར་བསྒོམས་པ་ཡིས༔ སྣང་བ་བཞི་པོ་མཐའ་རུ་ཕྱིན༔ བུམ་ཅན་རླུང་ལ་གནད་དུ་བསྣུན༔ འདི་དག་རྩེ་གཅིག་བསྒོམས་བྱས་ན༔ རབ་ནི་ལོ་གསུམ་དག་ལ་གྲོལ༔ འབྲིང་ནི་ལོ་བཞི་དག་ལ་གྲོལ༔ ཐ་མ་ལོ་ལྔ་དག་ལ་གྲོལ༔ ཉིན་མཚན་དབྱེར་མེད་འདྲེས་འདུག་ན༔ དེ་ནས་དོན་ལ་དབེན་པའི་གནས༔ རི་ཁྲོད་གཙང་མ་དག་ལ་སོགས༔ མིག་ལ་སེང་རས་བཀབ་བྱས་ལ༔ ཟེར་གཉིས་ཕྱོགས་སུ་བལྟ་བར་བྱ༔ གཡས་གཡོན་དག་ཏུ་ཁྲིད་ལ་སྦྱང༔ དེ་ལྟར་ཉམས་བླངས་སྐྱེས་བུ་དེ༔ ཀུན་ཏུ་བཟང་པོའི་གོ་འཕང་གྲོལ༔ དེ་ལྟར་སྤྱི་ཏིའི་སྙིང་པོའི་གནས༔ ཀུན་བཟང་ཡབ་ཡུམ་ཐུགས་ཀྱི་བཅུད༔ རྡོ་རྗེ་སེམས་དཔས་བརྡ་ཙམ་བསྟན༔ དགའ་རབ་རྡོ་རྗེའི་ཐུགས་ལ་ཤར༔ ཨུ་རྒྱན་པདྨ་ཉིད་ལ་གནང༔ ལྷ་གཅིག་ཉིད་ཀྱི་དཔལ་དུ་ཤར༔ མཚོ་རྒྱལ་བདག་གིས་ཡི་གེར་བྲིས༔ ས་ཡི་སྙིང་པོའི་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ ྈྈྈ ས་མོ་ཕག་གི་ཁྱིའི་ཟླ་བའི་ཚེས་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས། བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །མངྒ་ལཾ། ཤུ་བྷཾ།། ྈ སྤྱི་ཏིའི་ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་གནད་དུ་འདུས་པ་བཞུགས༔ ྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈ སྟོང་གསལ་རིག་པའི་གདེང་ཅིར་མི་དགོངས་ལ་ཕྱག་འཚལ་ལོ༔ ངོ་རང་ཐོག་ཏུ་སྤྲད་པ༔ ཐག་གཅིག་ཐོག་ཏུ་གཅད་པ༔ གདེང་གྲོལ་ཐོག་ཏུ་བཅའ་བ་དང་གསུམ༔ དང་པོ་ངོ་རང་ཐོག་ཏུ་སྤྲད་པ་ནི༔ སེམས་ཉིད་ཡེ་སྟོང་རྩ་བྲལ་ནི༔ དཔེར་ན་ནམ་མཁའ་ལྟ་བུའི་ངང་ནས༔ ད་ལྟ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་རླུང་དང་འདྲ༔ བཟང་ངན་རྟོག་ཚོགས་འགྱུ་བ་འདི༔ ངོ་རང་ཐོག་གཅིག་ཆོད་དུ་སྤྲད་ནས༔ གང་ཤར་འགྱུ་དྲན་གྱི་སྣང་བ་རླུང་དང་འདྲ་བ་མི་སྤོང༔ མི་དགག་མི་སྐྱོང་མི་བསྐྱར༔ རྣམ་རྟོག་གང་ཤར་ལ་སྣ་མི་བསྐྱིལ༔ རྗེས་སུ་མི་འབྲེང་གཉེན་པོས་མི་གཞོམ༔ རྩོལ་མེད་ཀྱི་དྲན་པ་ཅེར་གྱིས་ལྟོས༔ བལྟས་པས་མ་མཐོང་འགྱུར་མེད་པ༔ གང་ཤར་གྱི་རྣམ་རྟོག་ཐམས་ཅད་རང་སར་གྲོལ་ནས༔ རྣམ་རྟོག་མ་སྤང་དབྱིངས་སུ་དག༔ རྣམ་རྟོག་ཆོས་སྐུ་ཡིན་པར་ངོ་ཤེས༔ ཐག་ཆོད་འགྱུ་བ་རང་མདངས་ངང་ལས༔ རང་ཤར་རང་གྲོལ་སྐྱེས་གྲོལ་དུས་མཉམ༔ ཤར་གྲོལ་ངང་སྐྱེ་མེད༔ ཐ་མལ་ཤེས་པ་སྒོམ་དུ་འཆར༔ རྣམ་རྟོག་ཆོས་སྐུ་དབྱེར་མེད༔ ཐག་གཅིག་ཐོག་ཏུ་བཅད་ནས༔ རྣམ་རྟོག་ཆོས་སྐུར་ངོ་ཤེས༔ ཡིད་ཆེས་ཐག་ཆོད་གདེང་ཐོབ༔ དཔེར་ན་རྒྱ་མཚོ་རླབས་དང་བྲལ་བ་ལ༔ རྦ་རླབས་བར་མ་ཆད་པ་བྱུང་ན་ཡང༔ རླབས་ཉིད་ཀྱང་རྒྱ་མཚོ༔ རྒྱ་མཚོ་ཉིད་ཀྱང་རྦ་རླབས་སོ༔ རླབས་དང་རྒྱ་མཚོ་དབྱེར་མེད་བཞིན༔ རྣམ་རྟོག་གཉིས་ལ་ཅེར་བལྟས་པས༔ བྱུང་ཡང་ཆོས་སྐུའི་ངང་ལས་བྱུང༔ ཤར་ཡང་ཆོས་སྐུའི་ངང་ལས་ཤར༔ ཐིམ་ཡང་ཆོས་སྐུའི་ངང་ལ་ཐིམ༔ རྣམ་རྟོག་འཆར་སྒོ་ཡེ་ཤེས་རོལ་པར་འཆར༔ སྐྱེ་མེད་ངང་ལ་འཆར་ཚུལ་ཅི་ཡང་འཆར༔ འགག་མེད་རོལ་པར་ཅི་འཆར་ཡང༔ འཆར་བཞིན་གྲུབ་པ་སྤུ་ཙམ་མེད༔ སྟོང་ཉིད་ལས་སྟོང་ཉིད་ཤར་བས་སྟོང༔ སྐྱེ་མེད་ལས་སྐྱེ་མེད་ཤར༔ འགག་མེད་ལས་འགག་མེད་ཤར༔ ཅི་བྱུང་ཅི་སྣང་ཅི་འགྱུར་ཡང༔ ཆོས་སྐུའི་རོལ་པ་ཉིད་ཡིན་པས༔ ཤར་བ་དེ་ནི་རང་ཐོག་གྲོལ༔ གདེང་གྲོལ་ཐོག་བཅའ་བ་ནི༔ ཏོལ་སྐྱེས་པ་གཅེར་བལྟས་ཚེ༔ ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ༔ ཐོག་བབས་སུ་འདུག་པ་ཅེར་མཐོང་དུ་གྲོལ༔ བསྐྱར་ནས་འགྲོ་རྒྱུ་མེད་པའི་གདེང་ཆེན་ཆོད༔ མདོར་ན་རང་སེམས་གྲོལ་བ་ཞེས་བྱ་བ༔ གཅིག་ནས་གཅིག་ཏུ་སོང་བ་མེད༔ གཞི་ནས་རྫོགས་པས་འགྲོ་འོང་མེད༔ བརྟགས་པས་མ་རྙེད་རྒྱུ་མཚན་མེད༔ གཞི་རྩ་མ་རྙེད་སྟོང་གསལ་གནས༔ རང་གསལ་གནས་པའི་སེམས་ཉིད་དེ་ནི༔ ཨ་འཐས་མི་སྒོམ་རིག་པ་རྒྱ་སྐྱེད་ལས༔ སྒོ་ལྔ་རང་ཡན་མི་ཤོར་གཞན༔ གང་ཤར་ཆོས་ཉིད་རོལ་པ་ལ༔ ཐམས་ཅད་ཆོས་སྐུའི་ལམ་དུ་ཁྱེར༔ དེ་ལྟར་བསྒོམས་པས་རྣམ་རྟོག་གི༔ འཆར་སྒོ་ཇི་ཙམ་མང་བཞིན་དུ༔ ཡེ་ཤེས་རོལ་པ་མང་བ་ཡིན༔ རྟོག་མེད་ངོ་བོ་སེམས་ཉིད་འདི༔ ཀ་དག་ངང་དུ་གནས་པ་འོ༔ དེ་རྣམས་ཁྲེགས་ཆོད་ཉམས་ལེན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ད་ནི་ལྷུན་གྲུབ་ཉམས་ལེན་བསྟན༔ ནང་ན་རིག་པ་ཆོས་ཀྱི་སྐུ༔ བསྒོམས་པས་ཕྱི་རུ་མངོན་སུམ་གསལ༔ རིག་པ་ཆོས་སྐུ་དྲི་མེད་འདི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་ན༔ འོད་ཀྱི་གོང་བུར་གནས་པ་འོ༔ དེ་ནས་རིག་པ་འགྱུ་བའི་ལམ༔ རྩ་ནི་ཀུན་འདར་ཞེས་བྱ་བ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ བ་མེན་རྭ་འདྲའི་ནང་ནས་ཐོན༔ ཕྱི་དབྱིངས་ནམ་མཁའི་དབྱིངས་སུ་ཤར༔ ཐིག་ལེ་ཐིག་ཕྲེང་ལུ་གུ་རྒྱུད༔ མངོན་སུམ་སྣང་བ་ཡན་ཆོད་ནས༔ ཟད་པའི་སྣང་བ་མན་ཆོད་རྣམས༔ སྣང་བ་བཞི་པོ་ཉམས་བླངས་པས༔ འདི་ནི་སྐྱེས་བུ་མདའ་བཀང་བཞིན༔ ཚུར་ལ་ལྡོག་པར་ག་ལ་འགྱུར༔ གསལ་སྟོང་རྗེན་པར་སངས་རྒྱས་ཡིན༔ བྱས་པ་མེད་པས་འཁྲུལ་པ་སངས༔ འོད་ལྔ་གསལ་བས་ཡེ་ཤེས་རྒྱས༔ རྟོག་པ་མེད་པས་ཉོན་མོངས་སངས༔ རྟོག་མེད་རིག་པ་ནམ་མཁར་རྒྱས༔ འཛིན་པ་མེད་པས་ཞེན་པ་སངས༔ དམིགས་གཏད་བྲལ་བས་སྐུ་གསུམ་རྒྱས༔ རང་བཞིན་གསལ་བས་མདངས་ལྔ་ཡང༔ གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ གསལ་བྱེད་སྣང་བའི་ཆ་མ་འགགས༔ ངོ་བོ་ཉིད་ཀྱི་སྣང་བ་ནི༔ ཡེ་ཤེས་ཁ་དོག་ལྔ་དང་ལྡན༔ རང་བཞིན་བཀྲག་མདངས་མེར་མེར་ནི༔ གསལ་འཚེར་ལྷུན་སྡུག་ཙེ་རེ་རེ༔ ཉི་མ་ལས་ནི་འོད་བཞིན་དུ༔ རང་གི་བྱེད་པ་མ་ཡིན་ཏེ༔ རང་གི་རང་བཞིན་དེ་ལྟར་སྣང༔ གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ ངོ་བོ་ཀ་དག་ཡེ་ཤེས་ཀྱིས༔ མ་རིག་ལ་སོགས་རྟོག་པ་དག༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱིས༔ གསལ་བྱེད་རང་མདངས་ཉིད་དུ་གནས༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱིས༔ འགག་མེད་རོལ་པ་ཅི་ཡང་མང༔ དེ་ལྟར་ངོ་བོ་མི་འགྱུར་ཆོས་སྐུར་བཞུགས་པས༔ སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་ཀྱང༔ མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་དོ༔ རང་བཞིན་གསལ་བའི་འོད་ལྔ་རུ་འདུག་པས༔ མདངས་གསུམ་རང་གསལ་ཀྱང༔ ཁ་དོག་རིས་ཅན་དུ་གྲུབ་པ་མེད་དོ༔ ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་པས༔ མཁྱེན་པའི་ཡེ་ཤེས་མ་འགག་ཅིང༔ སོ་སོར་གསལ་ལ་བྱ་བ་བྱེད་པ་ནི་མེད་དོ༔ དེ་ལྟར་སྤྱི་ཏིའི་ལུགས་ཀྱི་གཞི་སྟོང་གསལ་འགག་མེད་དུ་འདོད་དོ༔ ལམ་ཁྲེགས་ཆོད་ཐོད་རྒལ་དུ་འདོད་དོ༔ སྣང་བ་བཞི་སྦྲགས་ཆེན་པོ་ཉིད་དུ་ཉམས་སུ་བླངས་པས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དང༔ ཡེ་ཤེས་ཉི་ཤུ་རྩ་ལྔར་སངས་རྒྱས་པ་ནི་ཟླ་བ་བདུན་ནམ་ལོ་གཅིག་ནས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ ཐ་མའང་ཆོས་ཉིད་བར་དོ་ལ་སངས་རྒྱས་པར་ཐེ་ཚོམ་མེད་དོ༔ ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་སངས་རྒྱས་ལག་བཅང་མ་རྫོགས་སོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈ རྱརྱརྱ༔ ྈ ས་ཕོ་ཕག་གི་ལོ་ཁྱིའི་ཟླ་བའི་ཚེས་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་སྤྱན་དྲངས་པའོ། །དགེའོ།། ྈ རྫོགས་པ་ཆེན་པོ་སྤྱི་ཏི་ལས་ལུང་བསྟན་གསལ་བྱེད་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ སྐུ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པད་མ་འབྱུང་གནས་ཀྱིས༔ སྐུ་ཡི་རྣམ་སྤྲུལ་ཨུ་རྒྱན་ཡུལ་དུ་བསྟན༔ གསུང་གི་རྣམ་སྤྲུལ་རྒྱ་གར་ཡུལ་དུ་བསྟན༔ ཐུགས་ཀྱི་རྣམ་སྤྲུལ་བོད་ཀྱི་ཡུལ་དུ་བསྟན༔ ཨོ་རྒྱན་རྒྱ་གར་བོད་ཡུལ་རྣམས་སུ་ཡང༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འགྲོ་དོན་དཔག་མེད་མཛད༔ ཁྱད་པར་རྫོགས་ཆེན་སྤྱི་ཏིའི་ཟབ་ཆོས་ཟབ་མོ་འདི༔ མངའ་བདག་རྗེ་འབངས་བཻ་རོ་ཙ་ན་དང༔ ཡེ་ཤེས་མཚོ་རྒྱལ་ནུས་འབྱིན་ས་ལེ་དང༔ ཁྲོམ་པ་རྒྱན་དང་དེའི་ནུ་མོ་ལྷ་གཅིག་གསལ་སྒྲོན་དང༔ རྗེ་འབངས་མང་དུ་འཚོགས་པ་ལ༔ གདམས་པ་བཤད་པའི་རྗེས་ལ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཀྱཻ་གུ་རུ་རིན་པོ་ཆེ༔ བདག་ཅག་རྣམས་ལ་གནང་བའི་ཟབ་ཆོས་སྤེལ་ལམ་གཏེར་དུ་སྦེད༔ བཀའ་མའི་ཕྱོགས་སུ་འཇོག་གམ༔ གཏེར་དུ་སྦ་ན་གང་གི་ཕྱོགས་སུ་སྦ༔ གཏེར་དེ་འདོན་པའི་སྐྱེས་བུ་ཅི་འདྲ་ཡོང༔ འདོན་པའི་དུས་ཚོད་ནམ་ཙམ་ཡིན༔ ཞེས་ཞུས་པ་དང༔ ཨོ་རྒྱན་ཐུགས་ཤིན་ཏུ་དགྱེས་ནས༔ མཚོ་རྒྱལ་ཞུས་པ་ལེགས༔ ད་ལྟ་དུས་དང་བསྐལ་པ་ཡང་བཟང༔ མ་འོངས་བཞི་བཅུ་ཁ་རལ་དུས༔ སེམས་ཅན་དམུ་རྒོད་དུག་ལྔ་གསོག༔ དེ་དུས་ལྷ་གཅིག་སྐྱེ་བའི་མཐའ༔ ལྷོ་མོན་ཕྱོགས་སུ་སྐྱེ་བར་འགྱུར༔ དེ་ཡི་ཆོས་སྐལ་དག་ཏུ་སྦོས༔ གཏེར་འདི་སྦ་བའི་ས་ཕྱོགས་ནི༔ རྩིས་ཀྱི་གནས་གསར་ཞེས་པའི་བྱང་ཐད་ན༔ ཨོ་རྒྱན་བདག་གི་གསང་མཛོད་བྲག་དམར་ནི༔ རྒྱ་ཞྭ་ཕུབས་པ་འདྲ་བའི་གཡའ་སྒྲོམ་དག་ཏུ་སྦོས༔ གཏེར་དེ་འདོན་པའི་དུས་ཚོད་ནི༔ གནམ་ལ་ཆར་མེད་ལོ་ཐོག་སྐམ༔ སད་དང་སེར་བ་མང་དུ་འབྱུང༔ མུ་གེ་ནད་ཡམས་རྒྱལ་ཁམས་གང༔ གྲོང་ལ་རྡིབ་པ་མང་པོ་འོང༔ དབུས་གཙང་བྱ་ལྟར་འཛིང་པ་འོང༔ ལྷོ་བོད་རྣམས་སུ་དམེ་འཁྲུག་དར༔ ཆོས་པ་རྣམས་ནི་ཆགས་སྡང་བྱེད༔ དམ་ཆོས་རྒྱབ་ཏུ་བསྐྱུར་བྱས་ནས༔ འཁོར་གསུམ་གོ་ཁྲབ་དང་དུ་ལེན༔ མི་ནག་ཆོས་པ་མེད་པ་རུ༔ མི་ལ་བརྐུ་གསད་མང་པོ་བྱེད༔ བདུད་ཀྱི་སྤྲུལ་པས་རྒྱལ་ཁམས་གང༔ ལ་ལ་བླ་མའི་ཚུལ་དུ་འོང༔ ལ་ལ་དཔོན་པོའི་ཚུལ་དུ་འོང༔ ལ་ལ་གཙོ་བོའི་ཚུལ་དུ་འོང༔ དུས་ཚོད་དེ་རྣམས་བྱུང་བ་དང༔ གཏེར་འདི་འདོན་པའི་དུས་ཡིན་ནོ༔ གཏེར་འདི་འདོན་པའི་སྐྱེས་བུ་ནི༔ ད་ལྟའི་མན་དེ་བཟང་མོའི་སྲས༔ གསལ་སྒྲོན་ཞེས་བྱའི་ལྷ་གཅིག་ནི༔ སྐྱེ་བ་འདི་ལ་སྦྱངས་པ་ལྡན༔ ནུས་འབྱིན་ས་ལེའི་ཞབས་ཏོག་བསྒྲུབས༔ ཨོ་རྒྱན་ང་དང་དམ་ཚིག་འབྲེལ༔ ང་ཡི་སྨོན་ལམ་མཐུ་བཙན་པས༔ དེ་ཡི་སྐྱེ་བ་ཐ་མ་ལ༔ ལྷོ་མོན་སྤ་གྲོའི་མཚམས་དག་ཏུ༔ སྐྱེས་བུ་གཟུགས་བཟང་སྤྱོད་པ་འཚུབས༔ མ་ངེས་ཐོ་ཅོ་སྣ་ཚོགས་བྱེད༔ ང་ཡི་རྫོགས་ཆེན་ཆོས་དང་མཇལ༔ ལ་ལས་ཟོག་པོ་ཡིན་ཞེས་སྨྲ༔ ལ་ལས་བདུད་ཀྱི་སྤྲུལ་པ་ཡིན་ཞེས་སྨྲ༔ དམྱལ་བའི་བྲེ་ཁ་མ་གང་བའི༔ སེམས་ཅན་རྣམས་ལ་ཅི་བྱུང་ན༔ ང་ཡི་སྐྱེས་བུ་དམ་པ་འདི༔ འབྲེལ་ཚད་དོན་དང་ལྡན་པ་ཡིན༔ གཏེར་འདི་སྐྱེས་བུ་དེ་ཡིས་འདོན༔ བར་ཆད་ཤིན་ཏུ་མང་བས་ན༔ སེམས་རིག་སྒྲིམས་ལ་གཟབ་པར་བྱ༔ ཨོ་རྒྱན་ང་ལ་གསོལ་བ་ཐོབས༔ བར་ཆད་བདུད་ཡིན་ཁེངས་དྲེགས་མ་བྱེད་པར༔ སྒྲུབ་ལ་འབུངས་ཤིག་ལས་ལྡན་རིགས་ཀྱི་བུ༔ ཞེས་གསུངས་སོ༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ སྐྱེས་བུ་དེ་ལ་ལས་ལྡན་སློབ་མ་ཡང༔ ཕོ་ཡི་རིགས་ནི་དུ་ཙམ་ཡོང༔ མོ་ཡི་རིགས་ནི་དུ་ཙམ་ཡོང༔ ཞེས་ཞུས་པས༔ ཉོན་ཅིག་རིགས་ལྡན་མཚོ་རྒྱལ་མ༔ སྐྱེས་བུ་དེ་ལ་ལས་ལྡན་ནི༔ ཆ་ལུགས་སྤྱོད་པ་མི་གཅིག་པ༔ བརྒྱད་དགུ་དག་ནི་འབྱུང་བ་འོ༔ རྡོ་རྗེའམ་ནི་རིན་ཆེན་མིང༔ ཤར་ཕྱོགས་སམ་ནི་ཤེས་རབ་མིང༔ ལྷོ་ཡི་ཕྱོགས་ནས་འབྱུང་བ་འོ༔ ཚུལ་ཁྲིམས་དང་ནི་གྲགས་པའི་མིང༔ ནུབ་ཀྱི་ཕྱོགས་ནས་འབྱུང་བའོ༔ ཤཱཀྱའམ་ནི་བུདྡྷའི་མིང༔ བྱང་གི་ཕྱོགས་ནས་འབྱུང་བ་འོ༔ དཔལ་ལྡན་འབུམ་གྱི་མིང་ཅན་ནི༔ དབུས་ཀྱི་ཕྱོགས་ནས་འབྱུང་བ་འོ༔ གཞན་ཡང་ལས་ལྡན་མང་དུ་འབྱུང༔ ལས་ལྡན་རིག་མ་འདི་ལྟར་འོང༔ སྟོད་དང་དབུས་ཀྱི་ཕྱོགས་ནས་ཀྱང༔ རྒྱལ་མཚན་ནམ་ནི་དཔལ་གྱི་མིང༔ ལས་ལྡན་ཕྱག་རྒྱ་བུད་མེད་འོང༔ དབུས་གཙང་ལྷོ་ཡི་ཕྱོགས་དག་ནས༔ རིན་ཆེན་མིང་དང་སངས་རྒྱས་མིང༔ ལས་ལྡན་ཕྱག་རྒྱ་བཞི་པོ་ནི༔ སྐྱེས་བུ་དེ་དང་འཕྲད་དུས་སུ༔ སྐྱེས་བུས་ཟབ་གཏེར་འདི་རྣམས་འདོན༔ གཡས་རུའི་གཏེར་དང་ཀོང་པོ་བུ་ཆུའི་གཏེར༔ སྔོན་མོ་ལུང་དང་མཁར་ཆེན་བྲག་གི་གཏེར༔ འདི་རྣམས་ཐོགས་པ་མེད་པར་འདོན༔ གཞན་ཡང་གཏེར་ཁ་འགའ་རེ་འདོན༔ ལས་ལྡན་ཕོ་མོ་དེ་རྣམས་ལ༔ སྤྱི་ཏིའི་ཆོས་བཀའ་ཚང་བ་བྱིན༔ རང་ཡང་ཚེ་སྒྲུབ་རང་ལ་འབུངས༔ གཏེར་སྟོན་ཡིན་སྙམ་ང་རྒྱལ་མ་ཆེ་ཞིག༔ ང་རྒྱལ་ཆེས་ན་བདུད་ཀྱིས་འཁྱེར༔ མི་ཤེས་ཟེར་ཞིང་སྨྲ་བ་ཉུང་དུ་བྱ༔ ཆང་དང་ནག་མོ་གཉིས་ལ་གཟབ་པར་བྱ༔ ཚེ་ཡི་བར་ཆད་དག་ཏུ་འགྱུར༔ སྤྱི་ཏིའི་སྐོར་ནི་རྒྱ་མི་ཆེ་དོན་འདྲིལ་བ་ཡོད༔ སྤྲོས་པ་རང་ལ་དགའ་བ་རྣམས༔ ཁྱོད་ཀྱི་རྗེ་མོ་ནུས་འབྱིན་ས་ལེ་ཡི༔ སངས་རྒྱས་དགོངས་འདུས་ནས་ཁ་སྐོངས་ལ་ཤོད་ཅིག༔ ཨོ་རྒྱན་བདག་གི་སྙིང་གཏམ་ཡིན༔ གཏེར་འདི་རྩིས་མགོན་དང་དམ་ཅན་གཉིས་ཀྱིས་ལེགས་པར་སྲུངས་ཤིག༔ ལས་ལྡན་བྱུང་ན་གཏེར་འདི་སྤྲོད༔ གཏེར་རྐུན་བྱུང་ན་དབང་པོ་སྣུབས༔ སྙིང་ཁྲག་ཐང་ལ་ཕོས༔ ྈྈྈ རྱརྱརྱ༔ ྈྈྈྈྈྈ ས་ཕོ་ཕག་གི་ལོ་ཁྱི་ཟླའི་ཚེས་པ་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །གདོང་དཀར་འོད་གསལ་རྩེ་མོར་ཤོག་སེར་ལས་ཞལ་བཤུས་པའོ། །ཤོག་སེར་ཚ་ལས་ཞུས་སོ།། ྈ སྤྱི་ཏིའི་གཏེར་བདག་དམ་ཅན་གྱི་སྐོར་སྤུ་གྲི་རེག་གཅོད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ༔ གིང་གི་སྒྲུབ་ཐབས་བསྟན་པ་ནི༔ ལྷ་ཡི་ང་རྒྱལ་ལྡན་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་སོང་བྱས་ལ༔ གནས་དང་མཐུན་པའི་སྟེགས་བུ་ལ༔ ཁྲག་གིས་བཏབ་ཅིང་སྤོས་ཀྱིས་བྱུག༔ ཤོག་བུ་འམ་ནི་རས་དག་ལ༔ གིང་གི་སྐུ་ནི་འདི་ལྟར་བྲི༔ སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས༔ གཡས་པས་རྡོ་རྗེ་རྩེ་དགུ་ཐོགས༔ གཡོན་པས་ཙིཏྟ་དམར་པོ་བསྣམས༔ སེང་གེ་དཀར་མོ་དག་ལ་འཆིབས༔ ན་བཟའ་ཟ་འོག་བེར་ཆེན་གསོལ༔ ལེ་བརྒན་དམར་པོའི་འགྱིང་ཐོད་བཅིངས༔ སྐྱེས་བུ་སྟག་ཆས་རྒྱན་གྱིས་བརྒྱན༔ ཀླད་ལ་ལྕགས་ཀྱི་བྱ་ཁྲ་ལྡིང༔ ཅེ་སྤྱང་སྔོན་མོ་རོལ་དུ་འབྲངས༔ ནང་བློན་བཞི་དང་ལས་བྱེད་མོན་པ་གསུམ༔ གིང་པ་སུམ་བརྒྱ་དྲུག་ཅུས་བསྐོར་བར་སྐྱེད༔ དེ་ལྟ་བུའི་སྙིང་གར་ཨ་ཏྲི་ཅེས་པ་བྲིས་པ་གཅིག་གཞག༔ དེའི་མདུན་དུ་བཤོས་བུ་ནི༔ རྩ་བ་གྲུ་བཞི་རྩེ་མོ་ཟུར་གསུམ་བཅད༔ ཁྲུ་གང་གི་ཚད་གཅིག་ལ༔ ར་ཤ་ར་ཁྲག་གིས་བརྒྱན༔ མདའ་བྱ་རྒོད་མ་ཞིག་ལ༔ དར་དཀར་དང་ཟ་འོག་སྟག་གཟིག་སྤུ་རས༔ མེ་ལོང་དང་བཅས་པ་བཏགས༔ ཕ་ཝང་ལོང་བུ་ལ་ར་ཁྲག་གིས༔ ཨ་ཏྲི་ར་བམ་ཛ་བྲིས་པ་དང༔ རིན་པོ་ཆེ་ལྔས་སྲོག་སྙིང་གསེར་དངུལ་ལ་བྲིས་པ་དང༔ རྒྱ་སྤོས་ཙནྡན་རྣམས༔ དར་དཀར་ཁུད་དུ་བཏུམས་ལ༔ ཟ་འོག་ཁུག་མར་བཅུག་ལ་མདའ་ལ་བཏགས༔ རང་གི་ཐུགས་ཀའི་འོད་ཀྱིས་གིང་འཁོར་བཅས་འགུག་པར་བསམ་ལ༔ བརྟན་པར་བསྟིམ་མཆོད་པ་འབུལ་སྲོག་སྙིང་ནས་དྲང་བ་ནི༔ ཨོཾ་བཛྲ་སཱ་དྷཱུ་ས་མ་ཡ་ཧཱུྃ་ར་བྷཾ་གིང་ཛ་ཛཿདུན་བྷྱོ༔ དེ་ཉིད་འབུམ་ཕྲག་གཅིག་བཟླ༔ དེ་ནས་ཛཿཧཱུྃ་བཾ་ཧོ༔ བཛྲ་སཱ་དྷཱུ་ས་མ་ཡ་ཏྲེ་ཏྲེ་ན་ཏྲེ་མེ་བེར་ས་མ་ཡ༔ སཱ་དྷཱུ་ཏྲི་ཛ་ཛ༔ ཞེས་པ་བདུན་ཁྲི་བཟླ༔ རྟགས་ནི་སྤྱང་ཀི་ཕྱིར་ཞིང་འབྲེང་ངོ༔ སྐྱེས་པས་གྲོགས་བྱེད་པའམ༔ མགར་བ་དང་མོན་པ་སྔགས་པས་དགའ་ཚུལ་སྟོན་པ་འབྱུང༔ དེ་བྱུང་བ་དང་གཏོར་མ་འབུལ་དམ་བདར༔ སྲུང་མར་བཅོལ༔ ཟ་འོག་ཁུག་མ་ལུས་ལ་བཅང༔ དེས་ལུས་དང་གྲིབ་མ་བཞིན་འོང་ངོ༔ བཛྲ་སཱ་དྷཱུ་ས་མ་ཡ༔ རཀྟ་ཙིཏྟ་བམ་ནན༔ ཞེས་པས་མནའ་བོར་བྱས་ཏེ༔ དམ་ལ་མི་འདའ་བར་བསམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ གསང་བདག་ལ་ན་མོ༔ གོང་གི་སྒྲུབ་པ་མཐར་ཕྱིན་ནས༔ ད་ནི་རྡོ་རྗེ་ལེགས་པའི་ཚུལ་འདི་ཁོ་ནའོ༔ བག་ཟན་ལ་རྟ་དཀར་པོ་མི་དམར་པོས་ཞོན་པ་ལ༔ རྟ་ལ་རྟའི་སྤུས་མཚན་པ༔ སྤྲེའུ་ལ་སྤྲེའུ་ཡི་སྤུས་མཚན་པ༔ ལིང་ག་བྲིས་ལ་གདན་བྱ༔ ཞག་བདུན་བསྒྲུབ༔ གཉིས་འབོད༔ ཧཱུྃ༔ མོན་པ་ནག་པོ་ཧུར་ཐུམས་ནན་ནན༔ འབོད་པའོ༔ མི་རྟ་ཁ་ཚུར་བསྟན་ལ་བསྒྲུབ༔ རྦད་པའི་དུས་སུ་ཁ་ཕྱིར་བསྟན་ལ༔ མི་ལག་གཡས་པའི་ཁུད་དུ༔ དུག་དང་ཉུངས་དཀར་གྱི་ཐུན་བླུག་ལ་བྲབ་ཅིང༔ སྔགས་འདིས་རྦད་དོ༔ མོན་པ་ནག་པོ་ཧཱུྃ་ཛ་ཛཿབྷྱོ༔ ཞེས་ཞག་ཉི་ཤུ་རྦད་དོ༔ ལིང་ག་དང་མི་རྟ་ཁོའི་ཐེམ་རྩར་སྦ་ཐུབ་ན་རབ༔ མ་ཐུབ་ན་ཡུལ་ཕྱོགས་སུ་སྦས་སོ༔ ཡང་ན་ཁ་དགྲ་ཕྱོགས་སུ་བསྟན་ལ་བཞག་གོ༔ དེ་ནས་རང་གི་ཁྱིམ་ཕྱོགས་སུ༔ མི་ཤ་དང་གུ་གུལ་ནག་པོའི་དུད་པ་བཏང་བས་བདུག་གོ༔ ཁོ་ལ་རྫི་བསྐུར་རོ༔ ཁོའི་ཁྱིམ་དུ་འདི་འདྲ་བའི་ཆོ་འཕྲུལ་ཡོང་བའི་རབ་མདའ་གཏོང་བས༔ དེ་ཤིན་ཏུ་མྱུར་བ་ཡིན་ནོ༔ ཨོ་རྒྱན་བདག་གིས་ཕྱག་བཞེས་རྫོགས་པ་ཆེན་པོ་སྤྱི་ཏིའི་བསྟན་སྲུང་ནི༔ སྙིང་དང་འདྲ་བས་གཞན་ལ་མེད༔ སློབ་མ་གཉིས་གསུམ་མ་གཏོགས་པ༔ དེ་བས་མང་ན་བཀའ་ཆད་འོང༔ དམ་པར་གྱིས་ཤིག་སྙིང་གི་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་སྤྱི་ཏིའི་གཏེར་བདག་མཆོད་ཐབས་འདི་ལ༔ རིན་པོ་ཆེའི་སྣོད་གཙང་མ་རུ༔ གཏོར་མ་རྩ་བ་ཟུར་བཞི་རྩེ་མོ་ཟུར་གསུམ་བྱས་ལ༔ འཁོར་བཞིས་བསྐོར་བ་དང་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར༔ ར་ཤ་དམར་པོ་ལ་སོགས་པས་བརྒྱན་ལ༔ སྭ་བྷཱ་ཝས་སྟོང་པར་སྦྱང༔ ཨོཾ་ཨཱཿཧཱུྃ་གསུམ་བདུད་རྩིར་བསམ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ བོད་ཡུལ་ཁ་བ་ཅན་གྱི་བདག༔ སྙིང་ཉེའི་བཀའ་ཉན་དམ་ཚིག་ཅན༔ ཨོ་རྒྱན་བདག་གི་བཀའ་ཉན་ལ༔ གཏེར་གྱི་སྲུང་མར་ཁས་བླངས་པ༔ གཏེར་བདག་ཆེན་པོ་རྡོ་རྗེ་ལེགས༔ སྐུ་མདོག་ལྗང་གུ་བེར་ཆེན་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་ཙིཏྟ་དམར་པོ་གཟུང༔ སྐུ་ལ་ལེ་བརྒན་འགྱིང་ཐོད་བཅིངས༔ ཞབས་ལ་ཟ་འོག་ལྷྭམ་འབོབ་གསོལ༔ ཆིབས་སུ་སེངྒེ་དཀར་མོ་འཆིབས༔ ལས་མཁན་རྟ་དམར་གིང་ཆེན་ནི༔ སུམ་བརྒྱ་དྲུག་ཅུ་ཕོ་ཉར་འགྱེད༔ བདག་གི་གྲོགས་དང་ཕྲིན་ལས་མཛོད༔ རྫོགས་ཆེན་སྤྱི་ཏིའི་བསྟན་པ་སྲུངས༔ གཏེར་བདག་ཆེན་པོ་འཁོར་བཅས་ལ༔ གཏོར་མ་བདུད་རྩི་སྣ་ལྔས་མཆོད༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ བདག་གི་ཆོས་དང་ལོངས་སྤྱོད་རྣམས༔ གཏམ་མོ་ཁྱོད་ཀྱིས་ཐུབ་པར་སྲུངས༔ ཨོཾ་བཛྲ་སཱ་དྷཱུ་ས་མ་ཡཱ༔ ཨ་ཏིང་སེམས་དཔའ་ར་བམ་སྲོག་ཛ༔ མ་ཧཱ་བྷ་ལིཾ་ཏ་ལ་ཁཱ་ཧི་ཁཱ་ཧི༔ ཞེས་ཉི་མ་ཤར་ཕྱོགས་སུ་མཆོད༔ སྤྱི་ཏིའི་བསྟན་སྲུང༔ རྣོ་ལ་མེ་དང་འདྲ་བའི་སྐོང་གསོ་རྫོགས་སོ༔ ཤིན་ཏུ་དམ་པར་གྱིས་ཤིག་སྙིང་གི་བུ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྀཨཚ༔ ས་མོ་ཕག་གི་ལོ་ཁྱི་ཟླ་བའི་བཅོ་ལྔ་ལ་ཨཱ་ཡུ་བཛྲ་མཚན་ཅན་གྱིས་བྲག་དམར་གཏེར་ཁུང་ནས་གདན་དྲངས་པའོ། །པདྨ་ཁ་བྱེ་བ་འདྲ་བའི་ཟེའུ་འབྲུ་རྒྱལ་བའི་ཞབས་ཀྱིས་བཅགས་མཚན་གསོལ་བའི་གནས་དགོངས་པས་བྱིན་བརླབས་གནས་ཆེན་ཀུན་དང་མཚུངས་པ། ཁམས་གསུམ་ཟིལ་གྱིས་གནོན་པའི་འོད་གསལ་རྩེ་མོར་ཆུ་ཕོ་བྱི་བའི་ལོ་བྱ་ཟླ་བའི་ཚེས་བརྒྱད་ལ་ཤོག་སེར་ལས་ཕབ་པའོ།། །།

གྲྭ་མངོན་གཏེར་བྱོན་ཛཾ་དམར་སྒྲུབ་ཐབས་དང་ཆུ་སྦྱིན་གཏོར་ཆོག་རྒྱུན་ཁྱེར་སྦྱིན་སྲེག་བཅས་ (Volume 50, Text 28)

༄༅། །གྲྭ་མངོན་གཏེར་བྱོན་ཛཾ་དམར་སྒྲུབ་ཐབས་དང་ཆུ་སྦྱིན་གཏོར་ཆོག་རྒྱུན་ཁྱེར་སྦྱིན་སྲེག་བཅས་བཞུགས་སོ། ། འཕགས་པ་ཛཾ་བྷ་ལ་དམར་པོའི་སྒྲུབ་ཐབས་འདོད་དགུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །རྒྱལ་ཀུན་གསུང་གི་སྒྱུ་འཕྲུལ་ཡེ་ཤེས་གར། །རབ་དམར་སྒེག་འཛུམ་ཆགས་པའི་ལང་ཚོ་ཡིས། ཁམས་གསུམ་དབང་མཛད་མགོན་དེར་ཕྱག་བྱས་ནས། །དེ་ཉིད་སྒྲུབ་པའི་ཕྲིན་ལས་བརྗོད་བདེར་བྲི། །འཕགས་པ་ཛཾ་བྷ་ལ་དམར་པོ་སྒྲུབ་ཅིང་མཆོད་པར་འདོད་པས་ཐུན་མོང་དང་ཁྱད་པར་གྱིས་སྒྲུབ་རྫས། ཕྱི་ནང་གི་མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་མཐའ་དག་ཚང་བར་བྱས་ལ། མཆོད་གཏོར་བྱིན་བརླབ་ནི། རཾ་ཡཾ་ཁཾ། མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་སྨན་རཀ་དང་། །བཟའ་བཅའི་གཏོར་མ་འཛད་མེད་འདོད་དགུའི་གཏེར། །ཡེ་ཤེས་བདུད་རྩིས་ནམ་མཁའ་གང་བར་གྱུར། །ཨོཾ་ཨརྒྷཾ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་བྱིན་གྱིས་བརླབ། སྐྱབས་སེམས་ནི། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་ཛཾ་བྷ་ལའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །བླ་མ་མཆོག་དང་སྐྱབས་གསུམ་ཛཾ་བྷ་ལར། །གུས་པས་སྐྱབས་མཆི་འགྲོ་བའི་དབུལ་ཕོངས་ཀྱི། །གདུང་བ་བསལ་ཕྱིར་མགོན་ཁྱོད་བསྙེན་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། ལྷ་བསྐྱེད་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། བརྟན་གཡོ་སྣང་གྲགས་འཁོར་འདས་ཆོས་རྣམས་ཀུན། །ཀ་དག་བདེ་ཆེན་སྟོང་ཉིད་གྱུར་པའི་ངང་། །པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །མ་ལས་ཉི་དཀྱིལ་ནོར་སྐྱུག་གནོད་སྦྱིན་ཟུང་། །བསྣོལ་མར་བརྩེགས་སྟེང་རང་རིག་ཡི་གེ་ཛཾ། །དམར་པོར་གྱུར་ལས་འོད་འཕྲོས་འཕགས་པ་མཆོད། །འགྲོ་བའི་དབུལ་བསལ་ཚུར་འདུས་ཛཾ་ལ་ཐིམ། །དེ་ཉིད་ཡོངས་གྱུར་མགོན་པོ་ཛཾ་བྷ་ལ། །རབ་དམར་སྒེག་ཅིང་ཆགས་པའི་ཉམས་ལྡན་སྐུ། །ཞལ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། ཁྲོ་འཛུམ་རྗེས་སུ་ཆགས་པའི་ལང་ཚོ་ཅན། །སྣ་ཚོགས་དར་གྱི་སྟོད་གཡོགས་སྨད་དཀྲིས་གསོལ། །རིན་ཆེན་དབུ་རྒྱན་དོ་ཤལ་སེ་མོ་དོ། །ཀླུ་རིགས་སྦྲུལ་གྱི་གདུ་བུ་མགུལ་རྒྱན་སོགས། །མཛེས་ཞིང་བརྗིད་ཆགས་རྒྱན་ཕྲེང་དུ་མས་སྤྲས། །དང་པོའི་ཕྱག་གཉིས་དབང་གི་རྒྱལ་པོ་དང་། །ནོར་བུས་གང་བའི་ཐོད་པ་སྟེང་འོག་འཛིན། །གཉིས་པས་འགུགས་བྱེད་ལྕགས་ཀྱུ་ཞགས་པ་འཛིན། །ཐ་མ་གཉིས་ཀྱིས་ནོར་སྐྱུག་ནེའུ་ལེ་བཙིར། །ཞབས་བཞི་གྱད་ཀྱི་དོར་སྟབས་གནོད་སྦྱིན་མནན། །ཛཾ་ལའི་ཐུགས་ཀར་ཧྲཱིཿལས་སྦས་པའི་ཡུམ། །ཀུ་རུ་ཀུལླེ་ཉི་གཞོན་འཆར་ཀའི་མདོག །ཞལ་གཅིག་ཕྱག་བཞི་མཛེས་ཤིང་ཡིད་འོང་གཟུགས། །དང་པོ་གཉིས་ཀྱིས་འདོད་པའི་མདའ་གཞུ་འགེངས། །གཉིས་པ་ལྕགས་ཀྱུས་འགུགས་ཤིང་ཞགས་པས་འཆིང་། །ཞབས་གཉིས་གཡོན་བརྐྱང་གར་གྱི་འགྱུར་བག་ཅན། ཁམས་གསུམ་དབང་སྡུད་ཆགས་པའི་ཉམས་སུ་འབར། །རང་གི་སྤྱི་མགྲིན་སྙིང་ཁར་ཨོཾ་དང་ཨཱཿ ཧཱུྃ་ཡིག་མཚན་ལས་འོད་ཟེར་དཔག་མེད་འཕྲོས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ཧྲཱིཿ མགོན་པོ་ཐུགས་རྗེའི་སྤྱན་ལྡན་རྒྱལ་བ་ཀུན། །འགྲོ་ལ་རྗེས་སུ་ཆགས་པའི་སྒྱུ་འཕྲུལ་གར། །གནོད་སྦྱིན་གཏེར་གྱི་བདག་པོར་རྣམ་རོལ་པ། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། ཞེས་སྤྱན་དྲངས་ལ་བཞུགས་སུ་གསོལ། མཆོད་པ་ནི། དྭངས་བསིལ་ཆུ་གཏེར་རྣམ་བཀྲའི་ཆུ་སྐྱེས་ཚལ། །ལྷ་ཡི་སྤོས་སྤྲིན་སྣང་གསལ་ཕྲེང་བར་སྤེལ། །དྲི་བཟང་ཆུ་ཀླུང་ཞལ་ཟས་ལྷུན་པོར་སྤུངས། །སྙན་འཇེབས་རོལ་མོའི་སྒྲ་འཁྲོལ་འདོད་ཡོན་ལྔ། །འཆི་མེད་བདུད་རྩི་རཀྟ་རུ་དྷཱི་རཾ། །པད་ཅན་ཆགས་པས་ཡིད་འགུལ་བདེ་བ་སྐྱེད། །ཟག་མེད་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁྱོན། །དོག་པོར་བྱས་ནས་མཆོད་དོ་དགྱེས་པར་མཛོད། །ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། པཉྩ་ཀཱ་མ་གུ་ཎ་ཨ་མྲྀཏ་རཀྟ་ཀརྨ་མུ་དྲ་པཱུ་ཛ་ཧོཿ གཏོར་མ་འབུལ་བ་ནི། ཛཾ་ལའི་སྨྲ་བྱེད་རྡོ་རྗེ་རྩེ་གསུམ་པའི། འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། མཁའ་ལྟར་ཁྱོན་ཡངས་ཡིད་འོང་ཟངས་གཞོང་དུ། །ཤ་ལྔ་བདུད་རྩི་སྣ་ལྔ་འབྲས་ཆན་དང་། ཁུར་བ་ཤིང་ཏོག་བུ་རམ་སྦྲང་རྩིའི་བཅུད། །སྣ་ཚོགས་ཤ་དང་མྱོས་བྱེད་བཅོས་པའི་ཆང་། །ཡིད་འོང་བཟའ་བཅའ་བཏུང་མྱང་ལྡག་པའི་ཚོགས། །མ་དག་སྦྱངས་ཤིང་བདུད་རྩིར་རབ་སྦར་ནས། །རྨུགས་འཛིན་གཏེར་གྱི་བདག་པོའི་ཞལ་དུ་འབུལ། །རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་གྱིས་ཕུལ་བས། ཛཾ་ལ་མཉེས་པས་གནས་གསུམ་ནོར་སྐྱུག་ལས། །འདོད་དགུའི་ཆར་ཕབ་བདག་ལ་བསྩལ་བར་གྱུར། །བསྟོད་པ་ནི། རྒྱལ་བ་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཡས༔ གཡོན་གཉིས་ནོར་བུས་གང་བའི་ཐོད་པ་དང༔ འཆིང་བྱེད་ཞགས་པས་ཁམས་གསུམ་འཆིང་བར་བྱེད༔ ཐ་མ་གཉིས་ཀྱིས་ནོར་སྐྱུག་བཙིར་ཞིང་འབེབ༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་རིགས་སྦྲུལ་ཆུན་ལྷ་ཡི་ན་བཟས་སྤྲས༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ ཅེས་བསྟོད། བཟླས་པ་ནི། ཐུགས་ཀའི་ཧྲཱིཿལས་ཀུ་རུ་ཀུལླེ་མ། །ལྕགས་ཀྱུ་ཞགས་པ་འཛིན་པ་དཔག་མེད་སྤྲོས། །འཇིག་རྟེན་ཁམས་ཀྱི་ནོར་རྫས་གང་འདོད་ཀུན། །ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས་བྱས་ལ། །རང་གི་ཁྱིམ་དྲངས་ཡོངས་སུ་གང་བར་གྱུར། །ཛཾ་ལའི་ཞལ་དང་ནེའུ་ལེ་གནོད་སྦྱིན་གྱིས། །སྣ་ཚོགས་རིན་ཆེན་འདོད་དགུའི་ལོངས་སྤྱོད་གཏེར། །འཛད་མེད་སྐྱུགས་པས་ཡོངས་སུ་གང་བར་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ། ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པ་བྱ་བ་ནི། ཐུགས་ཀའི་ལྷ་མོ་ཀུ་རུ་ཀུལླེ་ལས། །ལས་ཀྱི་མཁའ་འགྲོ་ཞལ་གཅིག་ཕྱག་གཉིས་མ། །ལྕགས་ཀྱུ་ཞགས་པ་འཛིན་པ་དཔག་མེད་སྤྲོས། །ཆེ་བཙན་འགྲོ་ཀུན་སྙིང་ནས་ལྕགས་ཀྱུས་བཟུང་། །ཞགས་པས་བཅིངས་ནས་རང་མདུན་དབང་མེད་བཀུག །དེ་ཉིད་བདག་ལ་དད་མོས་ཐལ་སྦྱར་ནས། །གུས་ཤིང་འདུད་པའི་ཚུལ་གྱིས་གནས་པར་གྱུར། །ལས་ཀྱི་ལྷ་མོས་བསྒྲུབ་བྱའི་སྤྱི་བོ་ནས། །སྙིང་གར་ཞུགས་པས་དབང་བསྡུས་སེམས་རྒྱུད་བསྐུལ། །ཡིད་ཆགས་མྱོས་པས་བརྒྱལ་ཏེ་རང་མདུན་འཁོད། །སླར་ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས། །འོད་འཕྲོས་བསྒྲུབ་བྱར་ཕོག་པས་ཆེར་མྱོས་ཏེ། །རང་དབང་མེད་པར་བདག་ལ་ཆགས་པར་བསམ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་པ་ཅི་ནུས་སུ་བྱས་ལ། ཐུན་མཚམས་སུ་ཆུ་སྦྱིན་བྱ་བ་སོགས་ཟུར་དུ་གསལ་བས་ཤེས་སོ། །ཚོགས་མཆོད་ནི། བཟའ་བཏུང་གི་ཡོ་བྱད་ཅི་འབྱོར་བཤམས་ལ། རཾ་ཡཾ་ཁཾ། མ་དག་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཟག་མེད་འདོད་ཡོན་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། ཚོགས་ཡུལ་སྤྱན་འདྲེན་པ་ནི། འདོད་དགུའི་མཆོག་སྩོལ་རྨུགས་འཛིན་གཏེར་གྱི་བདག །འགྲོ་བའི་དབུལ་ཕོངས་སེལ་མཛད་འཁོར་དང་བཅས། །ཡེ་ཤེས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །དགྱེས་ཤིང་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཚོགས་ཕུད་ནི། འདོད་ཡོན་ཟག་མེད་ཡེ་ཤེས་བདུད་རྩིའི་གཏེར། །རབ་འབྱམས་ནམ་མཁའ་གང་བར་རབ་སྤྲུལ་ཏེ། །སྐྱབས་གནས་མཆོད་འོས་སྤྱི་དང་ཁྱད་པར་དུ། །ནོར་བདག་ཛཾ་ལ་འཁོར་དང་བཅས་ལ་འབུལ། །རྩ་སྔགས་ལ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ཕུལ་བས་དགྱེས་པར་བསམ། བདག་ཉིད་ལྷར་གྱུར་མགྲིན་པར་ཛཾ་བྷ་ལ། །གསལ་བས་ཚོགས་རྫས་ལོངས་སུ་སྤྱད་པར་གྱུར། །ཅེས་པའི་དོན་བསམ་ཞིང་རོལ། ལྷག་མ་བདུད་རྩིར་སྤེལ་ལ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵཱ་ཡ་སྭཱ་ཧཱ། ཞེས་འབྱུང་པོ་རྣམས་ལ་ཕྱིར་སྦྱིན། ཐུན་བསྡུ་བ་ནི། མཆོད་བསྟོད་དང་ནོངས་བཤགས་བྱས་ལ། ཡེ་ཤེས་ལྷ་ཉིད་སྒྲུབ་པའི་རྟེན་ལ་ཐིམ། །དམ་ཚིག་འོད་ཞུ་ཐུགས་སྲོག་དྭངས་མར་བསྡུ། །དེ་ཡང་མི་དམིགས་སྤྲོས་ཀུན་ཞི་བའི་ངང་། ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་བཛྲ་མུཿ ཞེས་པས་ཐུན་བསྡུས་ལ། བསྔོ་སྨོན་ནི། འདིར་འབད་བསོད་ནམས་ཉིན་བྱེད་ལྟར་འབར་བས། །འགྲོ་བའི་དབུལ་ཕོངས་རྒུད་པའི་མུན་བསལ་ནས། །འཛད་མེད་འདོད་དགུའི་སྣང་བས་ཚིམ་བྱེད་པའི། །དགེ་ལེགས་ནོར་སྦྱིན་ཁྱོད་དང་མཉམ་པར་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད། གཞན་ཡང་བང་མཛོད་ཀྱི་གྭའུ་ཐོད་སྒྲུབ་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ལོངས་སྤྱོད་སྤེལ་ཞིང་། གཞན་དབང་དུ་བྱེད་པའི་ཚུལ་ལ་སོགས་པ་རྣམས་རྩ་བའི་ཡི་གེའི་དོན་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ཚད་མར་གྱུར་པའི་མན་ངག་ལ་གོམས་འདྲིས་སུ་བྱའོ། །འཕགས་པ་ཛཾ་བྷ་ལ་དམར་པོའི་སྒྲུབ་ཐབས་གཏེར་གཞུང་གི་དགོངས་པ་འཁྲུགས་བསྡེབས་དང་། ཁ་སྐོང་དུ་འོས་པ་རྣམས་བརྗོད་བདེའི་ཚིགས་བཅད་དུ་བགྱིས་པ་འདོད་དགུའི་གཏེར་མཛོད་ཅེས་བྱ་བ་འདི་ནི། ཆོས་མཛད་བློ་བཟང་མཁྱེན་བརྩེའི་གསུང་གིས་ནན་ཏན་དུ་བསྐུལ་བའི་ངོར་དགེ་བསྙེན་རྣལ་འབྱོར་སྤྱོད་པ་འགྱུར་མེད་རྡོ་རྗེས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཆོས་དཔལ་ལོ། །དགེའོ།། །། ༄༅། །ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་འབུལ་བའི་ཆོ་ག་བསམ་འཕེལ་ནོར་བུ་བཞུགས། །གང་ཞིག་དྲན་པས་དབུལ་བའི་གདུང་བ་ཀུན། །མཐར་བྱས་འདོད་དགུའི་ཆར་ཆེན་འབེབ་མཛད་པའི། །ནོར་སྦྱིན་རྒྱ་མཚོའི་མངའ་བདག་དེར་བཏུད་ནས། །ཟག་མེད་བདུད་རྩིའི་མཆོད་ཡོན་འདི་ན་སྦྲེང་། །འདིར་ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་བྱ་བར་འདོད་ན་སྟེགས་གཙང་མར་ཆུ་སྦྱིན་དང་གཏོར་སྣོད་ཀྱི་ཟངས་གཞོང་སོ་སོར་བཤམས་པའི་དང་པོར་སྐུ་གཟུགས་དང་། གཉིས་པར་གཏོར་མ། ཉེ་ལོགས་སུ་ཆུ་བུམ་སོགས་དགོས་ཆ་རྣམས་ཚོགས་པར་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པདྨ་ཉི་ཟླའི་དབུས། །གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །ཛཾ་ཡིག་དམར་པོ་མཆོག་ཏུ་འབར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་དབུལ་བ་བསལ། །ཚུར་འདུས་ཡོངས་གྱུར་ནོར་བདག་ཛཾ་བྷ་ལ། །དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པའི་སྐུ། །ཀླུ་རིགས་ལྔ་དང་རིན་ཆེན་རྒྱན་གྱིས་སྤྲས། །གཡས་པའི་ཕྱག་གཉིས་རིན་ཆེན་ལྕགས་ཀྱུ་འཛིན། །གཡོན་གཉིས་ནོར་བུའི་ཐོད་པ་ཞགས་པ་བསྣམས། །མཐའ་གཉིས་ནོར་སྐྱུག་ནེའུ་ལེ་རེ་རེ་འཛིན། །བ་སྤུའི་གསེབ་ནས་རིན་ཆེན་ཆར་པ་འབེབ། །གཟི་བརྗིད་རབ་རྒྱས་འོད་ཟེར་ཕུང་པོར་འབར། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཛཾ་ལའི་ཐུགས་ཀར་སླར་ཡང་རཾ་དམར་པོ། །མེ་ཡི་སྙིང་པོ་འོད་ཟེར་འབར་བས་མཚན། །རཾ། ལན་གསུམ་བརྗོད། སྙིང་གའི་རཾ་ལས་སྲེག་བྱེད་མེ་འབར་བའི། །མེ་ལྕེས་བསྐམས་ཤིང་རབ་ཏུ་གདུངས་བར་གྱུར། །ཆུ་རྒྱུན་དལ་བུར་སྦྲེང་ཞིང་། ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུ་བོའི་རྒྱུན། །བསིལ་ཞིང་རྙོག་མེད་ཡིད་འོང་འདི་ཕུལ་བས། །སྐོམ་པའི་ཚ་གདུང་མ་ལུས་ཀུན་ཞི་ནས། །བདེ་དགའ་རྒྱ་མཚོས་ཁྱོད་ཉིད་འཚོ་གྱུར་ཅིག །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ། ཞེས་ཉེར་གཅིག་གིས་དབུལ། ཆུ་སྦྱིན་ཕུལ་པས་མཉེས་ཤིང་ཚིམས་གྱུར་ནས། །ཛཾ་ལའི་ཞལ་དང་ཕྱག་གི་ནེ་འུ་ལེ། །ཞབས་འོག་གནོད་སྦྱིན་གཉིས་ཀྱི་ཞལ་སྒོ་ནས། །འདོད་དགུའི་རིན་ཆེན་འཛད་མེད་གཏེར་ཆེན་པོ། །ཆར་ལྟར་ཕབ་ནས་བདག་ལ་བསྩལ་བར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཆུ་ཐིགས་གཅིག་རང་གི་ལྕེ་ཐོག་ཏུ་མྱོང་ངོ་། །དེ་ནས་གཏོར་མ་འབུལ་བ་ནི། བསང་སྦྱང་། ཨོཾ་ཨཱཿཧཱུྃ། གཏོར་མ་ཁ་དོག་དྲི་རོ་བཅུད་ལྡན་པའི། །འདོད་ཡོན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་གྱིས་ཕུལ་ལ། སླར་ཡང་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཧྲཱི༔ བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ༔ ཞེས་པ་ཙམ་མམ། རྒྱས་པར་གཞུང་གི་བསྟོད་པ་ཡོངས་རྫོགས་བྱ། དེ་ནས། མགོན་ཁྱོད་བརྩེ་བས་བདག་ལ་རྗེས་དགོངས་ཏེ། །ཚེ་དང་ནོར་དང་མཐུ་དཔལ་ལོངས་སྤྱོད་སོགས། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། བཛྲ་མུཿས་སྙིང་གར་བསྟིམ། གཏོར་མ་དང་ཆུ་སྦྱིན་གྱི་ཆུ་རྣམས་རང་གིས་ལོངས་སྤྱད་པར་བྱའོ། །ཞེས་པ་བཤེས་གཉེན་གྲྭ་སྟོན་ཆེན་པོའི་གཏེར་ལས་བྱུང་བའི་ཛཾ་དམར་གྱི་ཆུ་སྦྱིན་འབུལ་བའི་ཚུལ་ལ་དེང་སང་ཕྱག་ལེན་མི་མཐུན་པ་མང་ཞིག་འདུག་ཀྱང་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་། ཁྱབ་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་ཕྱག་ལེན་འཁྲུལ་པ་མེད་པའི་དོན་རྣམས་ཡིད་བརྟན་དུ་བཟུང་ནས་འཇུག་པ་བདེ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་འདི་ནི། རྣམ་པར་དགེ་བའི་ཐུགས་གསལ་ཞིང་ཟབ་མོའི་རྣལ་འབྱོར་སྤྱོད་པའི་ཆོས་མཛད་བློ་བཟང་མཁྱེན་བརྩེའི་གསུང་ངོར་འགྱུར་མེད་རྡོ་རྗེས་ཡི་གེར་བཏབ་པ་ཛ་ཡནྟུ།། །། ༄༅། །ཛཾ་དམར་གྲྭ་པའི་གཏེར་མའི་རྒྱུན་ཁྱེར་དངོས་གྲུབ་ཆར་འབེབ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། འདིར་གྲྭ་པ་མངོན་ཤེས་ཅན་ལུགས་ཀྱི་ཛཾ་དམར་བསྒོམ་པར་འདོད་པས། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆི་འོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས༴ དམ་པའི་ཆོས་རྣམས་ལ་སྐྱབས༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས༴ ཞེས་སོགས་སྐྱབས་འགྲོ་ཅི་འགྲུབ་དང་། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར་བདག་གིས་ཛཾ་བྷ་ལ་བསྒྲུབ་པར་བགྱི་འོ། །ཞེས་སེམས་བསྐྱེད་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ་མ་ལས་ཉི་མ་པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཛཾ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་བ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ༔ གཡོན་སྔོ་བ༔ རྩ་ཞལ་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ བར་པ་ན་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུག་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་པ༔ དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མ་ལྕགས་ཀྱུ༔ གཡོན་འོག་མ་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿདམར་མོ་ལས་འོད་འཕྲོས་པས༔ ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས༔ ཁང་པར་མི་ཤོང་བ་ཙམ་སྤུངས་ཏེ་བྱིན༔ ཛཾ་བྷ་ལའི་ཞལ་དང༔ ནེའུ་ལེའི་ཞལ་དང༔ གནོད་སྦྱིན་ནོར་སྐྱུག་གཉིས་པོའི་ཞལ་རྣམས་ནས་གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས་བདག་གི་ཁང་པ་ཁེངས་པར་གྱུར༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་ཅི་མང་བཟླའོ། །མཐར་མི་དམིགས་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །ཆུ་སྦྱིན་ནི། མདུན་དུ་ཟངས་གཞོང་གི་ནང་དུ་བྲིས་འབུར་གྱི་རྟེན་ཡོད་ན་དེ་ཉིད་ལྷར་བསམ། རྟེན་མེད་ན་ལྷ་བསྐྱེད་ལ། དེའི་ཐུགས་ཀར་རཾ་དམར་པོ་ལས་མེ་འབར་ཏེ། ཞལ་ནས་མེ་ལྕེ་ལྷབ་ཀྱིས་བྱུང་བས་ཛཾ་བྷ་ལ་དེ་སྐོམ་པས་གདུང་བར་བསམ་ལ། ཨོཾ་ཛཾ་བྷ་ལ་སོགས་སྔགས་གོང་ལྟར་བརྒྱའམ་ཉེར་གཅིག་ཙམ་བརྗོད་ཅིང་ཆུ་གཙང་ཕུལ་བས་སྐོམ་པ་ཞི་ནས་མཉེས་ཏེ། ཞལ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུག་པ་དང་། ནེའུ་ལེ་གཉིས་ཀྱང་ཕྱག་གིས་བཙིར་བས་ནོར་བུ་སྐྱུགས། ཞབས་འོག་གི་ནོར་བདག་གཉིས་ལ་ཞབས་ཀྱིས་ཆེར་མནན་པས་ཀྱང་ནོར་བུ་སྐྱུག་ཅིང་། དེ་ལྟ་བུའི་ནོར་བུས་ཁྱིམ་གང་བར་བསམ་ལ་མཐར། ཛཾ་བྷ་ལའི་ཞལ་དང་ནེའུ་ལེ་གཉིས་པོ་ནོར་བདག་གཉིས་ལ་རང་གི་ལག་པས་རེག་པས་དངོས་གྲུབ་བདུད་རྩི་དམར་པོའི་རྣམ་པ་དེ་ཉིད་ལྕེ་ལ་མྱོང་བར་བསམ་སྟེ། ཨོཾ་ཨཱཿཧཱུྃ་ཞེས་ཆུ་ལ་རེག་ཅིང་འཐུངས་པའི་ལྷག་ཀྱང་རང་གིས་ལོངས་སྤྱད་པར་བྱའོ། །གཏོར་བསྔོ་བྱེད་ན། ཟངས་གཞོང་དུ་གཏོར་མ་རིན་པོ་ཆེ་འབར་བ་དམར་པོ་ལ་ཤ་ཆང་། སྦྲང་བུར་ཟས་སྣ་འབྲུ་སྣས་བརྒྱན་པའམ། མ་འབྱོར་ན་རང་གང་ཟ་བའི་ཁ་ཟས་དེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར། མདུན་དུ་ཛཾ་བྷ་ལ་འཁོར་བཅས་བྱོན་པར་བསམ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་ཞིང་གནས་གསུམ་ནས་རིན་པོ་ཆེ་འཛག་པར་བསམ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས༔ གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད༔ རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན༔ ཐ་མ་གཉིས་ནི་ནེའུ་ལེ་བཙིར་ཞིང་འབེབ༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཅེས་བསྟོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་བརྗོད། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། བསྔོ་སྨོན་བཀྲ་ཤིས་བྱའོ། །འདི་ཡང་ངག་དབང་དཔལ་བཟང་གི་རྒྱུན་ཁྱེར་དུ་གཏེར་གཞུང་ལས་དགེ་སློང་པད་ཕྲིན་གྱིས་བཏུས་སོ།། །། ༄༅། །ཛཾ་བྷ་ལ་དམར་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་སྣང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རིགས་བརྒྱའི་ཁྱབ་བདག་བླ་མ་དང་། །རྒྱལ་ཀུན་གསུང་ལས་རྣམ་སྤྲུལ་པ། །པད་རཱག་མདངས་འཛིན་ཛཾ་བྷ་ལར། །བཏུད་ནས་དེ་ཡི་སྦྱིན་སྲེག་བྲི། །འདི་ལ་རྒྱས་པ་དང་དབང་གི་སྦྱིན་སྲེག་གཉིས་ལས། དང་པོ་རྒྱས་པའི་སྦྱིན་སྲེག་ནི། ཟླ་བའི་དཀར་ཕྱོགས་སམ་ཉི་ཕྱེད་ཀྱི་དུས་ནགས་ཚལ་སོགས་ཤིས་པའི་གནས་སུ་མཎྜལ་བ་བྱུང་དང་དྲི་བཟང་གིས་ཆག་ཆག་བཏབ་པར་རྡུལ་ཚོན་གྱིས་དཀྱིལ་འཁོར་རིན་པོ་ཆེའི་དབྱིབས་ཅན་བྲི། དེའི་ཁར་སྲོག་ཆགས་མེད་པའི་འོ་མ་ཅན་གྱི་ཤིང་སྐམ་པོས་གྲུ་བཞིར་བརྩིག །རང་གི་གཡས་ངོས་སུ་སྟེགས་ཀྱི་ཁར་ཁ་ཟས་བཟང་རྒུས་བརྒྱན་པའི་གཏོར་མ་དང་མཆོད་པ། ཁྱད་པར་མེ་སྲོག་འཛིན་པའི་རྫས་འོ་མ་ཅན་གྱི་ཡམ་ཤིང་དང་ཞུན་མར། བསྲེག་རྫས་ནི་རྩ་བར། ནས་དང༔ གྲོ་དང༔ འབྲས་དང༔ རིན་པོ་ཆེ་དང༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་དང༔ གོས་ཆེན་ལ་སོགས་གོས་སྣ་དང༔ ཞེས་པ་ལྟར་བསགས་ལ་བཤམས་ཤིང་། དགང་གཟར་བླུག་ལ་སོགས་པ་དགོས་ཆ་རྣམས་ཚོགས་པར་བྱས་ལ་སྤྲོ་ཞིང་དགའ་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་བཟང་པོའི་སྟབས་ཀྱིས་སྟན་ལ་འདུག་སྟེ། བདག་བསྐྱེད་ནི། ཡི་དམ་གང་ཡང་རུང་བའི་བསྐྱེད་བཟླས་བྱ་བའམ། ཡང་ན་དབང་གི་སྦྱིན་སྲེག་གི་སྐབས་རྩ་བར། ཏིང་ངེ་འཛིན་ནི་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད༔ ཅེས་པ་ལྟར་བདག་བསྐྱེད་ཛཾ་དམར་དུ་བསྒོམ་ན། སྒྲུབ་ཐབས་འདོད་རྒུའི་གཏེར་མཛོད་ལྟར་མཆོད་གཏོར་བྱིན་བརླབ་ནས་བཟླས་པའི་བར་དཀྱུས་བཞིན་དུ་བྱ་ཞིང་། ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པ་ནི་མ་བྱས་ཀྱང་ཆོག །དེ་ནས་བསྲེག་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་ལས་མཆོད་རྫས་བསྲེག་རྫས་ཚོགས། །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། རིན་པོ་ཆེ་ལས་བྱུང་བའི་མེས་ཏིང་ལོ་སྦར་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་མར་ཁུས་ཀྱང་གསོ། ཐབ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་རྒྱས་པའི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་སེར་པོ་འཕྲོ་བའི་དབུས། །ཞེས་པའི་མཇུག་ཏུ། པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་བླངས་ལ། རྫས་རྣམས་བསྲེགས་པའི་བདུད་རྩི་དྭངས་མའི་འོད། །ཞལ་དུ་དྲངས་པས་མཉེས་ཤིང་ཚིམས་གྱུར་ནས། །ཛཾ་ལའི་ཞལ་དང་ཕྱག་གི་ནེ་འུ་ལེ། །ཞབས་འོག་གནོད་སྦྱིན་ཀུན་གྱི་ཞལ་སྒོ་ནས། །འདོད་དགུའི་རིན་ཆེན་འཛད་མེད་གཏེར་ཆེན་པོ། །ཆར་ལྟར་ཕབ་ནས་བདག་ལ་བསྩལ་བར་གྱུར། །ཅེས་གསལ་བཏབ་ནས། སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཛྭ་ལ་རཾ་རཏྣ་སིདྡྷི་ཧཱུྃ༔ ཞེས་པས་རྫས་རྣམས་ཐབ་ཏུ་རིམ་པར་ཕུལ་ཞིང་། བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ནོར་དང་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ། །ཞེས་འདོད་དོན་ཀྱང་གསོལ། སྤྲོ་ན་ཚོགས་མཆོད་སྒྲུབ་ཐབས་ནས་བླངས་ཏེ་ཚོགས་ཕུད་ཀྱང་ཐབ་ཏུ་འབུལ། ལྷག་མ་ཕྱིར་དོར། མཆོད་བསྟོད་ནོངས་བཤགས་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་དང་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་པ་བྱ། ཐལ་བ་མཛོད་དུ་སྦའོ།། ༈ །།གཉིས་པ་དབང་གི་སྦྱིན་སྲེག་ནི། ཟླ་བ་མར་ངོའམ་ཉི་མ་ཕྱི་དྲོའི་དུས། ཆུ་བོ་འདུས་པའི་མདོ་ལ་སོགས་པའི་གནས་སུ་མཎྜལ་ཟླ་གམ་བྲིས་པའི་ཁར་ཙན་དན་ནམ་མཛོ་མོ་ཤིང་ལ་སོགས་པས་ཟླ་གམ་དུ་བརྩིག །སྤྱི་མཆོད་གཏོར་མ་རྣམས་སྔར་ལྟར་ལས། ཁྱད་པར་དམར་ལ་དྲི་ཞིམ་པའི་ཡམ་ཤིང་། འབྲི་མོག་གིས་བསྒྱུར་བའི་མར་ཁུ། བསྲེག་རྫས་རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ། མེ་ཏོག་གླང་སྣ་དམར་པོ་དང་ཁུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམས་བསགས་ལ། ཆགས་ཤིང་དུང་བའི་བསམ་པ་དང་ལྡན་པས་བྱང་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་འདུག་སྟེ། སྒྲུབ་ཐབས་ལྟར་ཛཾ་དམར་གྱི་བདག་བསྐྱེད་བཟླས་པའི་བར་བྱ་ཞིང་། འདིར་ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པའང་བྱེད། ཁྱད་པར་གསང་བའི་ལྷ་མོ་ཀུ་རུ་ཀུལླེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་ལྷ་མོས་བསྒྲུབ་བྱ་གང་ཡིན་ལྕགས་ཀྱུ་དང་ཞགས་པས་དྲངས་པའི་དམིགས་གནད་དེ་ཉིད་ཀྱིས་བསྒྲུབ་བྱ་ལིངྒ་ལ་ཡང་ཡང་བསྟིམ་མོ། །དེ་ནས་བསྲེག་རྫས་རྣམས་བྱིན་རླབས་སྔར་ལྟར་བྱ། རང་འདོད་པའི་ལག་ནས་བྱུང་བའི་མེ། ཨོཾ་ཨགྣི་ཛྭ་ལ་རཾ་གྱིས་སྦར། ཐབ་བསང་སྦྱང་། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་དབང་གི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་དམར་པོ་འཕྲོ་བའི་དབུས། །པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ནས་བླངས་རྗེས། རྫས་རྣམས་བསྲེགས་པའི་བདུད་རྩི་དྭངས་མའི་འོད། །ཞལ་དུ་དྲངས་པས་མཉེས་ཤིང་ཚིམས་གྱུར་ནས། །དེ་ཡི་ཐུགས་ནས་ལས་ཀྱི་ལྷ་མོ་དམར། །ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་མེད་འཐོན། །ཆེ་བཙན་འགྲོ་རྣམས་མེ་ལྷའི་མདུན་དུ་བཀུག །དེ་དག་གུས་པས་ཐལ་སྦྱར་གནས་པ་ལ། །ལས་ཀྱི་ལྷ་མོ་བསྒྲུབ་བྱའི་སྤྱི་བོ་ནས། །སྙིང་གར་ཞུགས་པས་དབང་འདུས་སེམས་རྒྱུད་བསྐུལ། །ཡིད་ཆགས་མྱོས་པས་བརྒྱལ་ཐབས་གནས་པར་གྱུར། །སླར་ཡང་རྫས་ཕུལ་མེ་ཉིད་ཆེར་འབར་ཤིང་། ཁྱད་པར་ལྷ་ཡི་ཐུགས་ཀའི་འོད་དམར་པོས། །རེག་པས་བསྒྲུབ་བྱ་ཆགས་པའི་མེས་གདུངས་ཏེ། །རང་དབང་མེད་པར་བདག་ལ་ཆགས་པར་གྱུར། །ཅེས་པའི་དོན་བསམ་བཞིན་དུ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་པས་རྫས་རྣམས་ཐབ་ཏུ་རིམ་པར་ཕུལ་ཞིང་། བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ཆེ་བཙན་འགྲོ་ཀུན་དབང་དུ་སྡུད་པར་མཛོད། །ཅེས་འདོད་དོན་ཡང་གསོལ། ཚོགས་མཆོད་བྱ། མཆོད་ཅིང་བཟོད་པར་གསོལ་ནས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། ཐལ་བ་རིའི་རྩེ་ནས་འཕྱར་བའམ། ཡང་ན་ཆུ་ལ་སྦྱང་ངོ་། །རྒྱས་པ་དང་དབང་གཉིས་ཀ་ལ་བསྲེག་རྫས་རྣམས་སོ་སོར་འབུལ་བར་མི་ནུས་ན། ཡམ་ཤིང་དང་མར་ཁུ་ལིངྒ་གསུམ་མ་གཏོགས་པའི་རྫས་རྣམས་ཕྱེ་མའམ་རིལ་བུ་གང་བདེར་བྱས་ལ་ཕུལ་ཀྱང་འགལ་བ་མེད་དོ། །ཚུལ་འདི་ཟིང་པོ་རིག་སྔགས་འཆང་བའི་ངོར། །གྲྭ་སྟོན་ཆེན་པོའི་གཏེར་གཞུང་དགོངས་དོན་བསྒྲིགས། །བླ་མའི་དྲིན་ལས་དྷརྨ་ཤྲཱིས་བསྡེབས། །འགྲོ་ཀུན་དབུལ་བའི་གདུང་བ་སེལ་བར་ཤོག། །།

སེམས་རིག་དབྱེ་བ་དོན་གྱི་ངོ་སྤྲོད་ (Volume 56, Text 28)

སེམས་རིག་དབྱེ་བ་དོན་གྱི་ངོ་སྤྲོད་བཞུགས་སོ༔ རང་རིག་གསལ་སྟོང་ཀུན་གྱི་བདག་ཉིད་ཆེ༔ སྣ་ཚོགས་མ་འདྲེས་ཆུ་ཟླ་འཇའ་ཚོན་བཞིན༔ རང་གསལ་བདེ་སྟོང་དྲི་མེད་གཅེར་བུ་ལ༔ ཀུན་བཟང་ཡངས་པའི་ཀློང་དུ་ཕྱག་འཚལ་ལོ༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ངས༔ བདེ་གཤེགས་སྙིང་པོས་འགྲོ་ལ་ཁྱབ་ཚུལ་བསྟན༔ ལྔ་ལྡན་བུ་དང་འདི་ཉིད་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀུན་གཞི་སྤྱི་གཞི་དེ་ཉིད་ནི༔ གནས་སྐབས་ལུས་ལ་ཇི་ལྟར་གནས༔ ཞེས་པ་ནས་བསྟན་ཏེ༔ སྟོང་གསལ་འགག་མེད་འོད་ཀྱི་གོང་བུ་དེ་ཉིད༔ སྤྱིར་འཇག་མའི་སྲིན་འབུ་ཡན་ཆད་ནས༔ དུས་གསུམ་སངས་རྒྱས་མན་ཆད་ལ༔ ཆེ་ཆུང་དང༔ བྲི་གང༔ དཀར་དམར་རུ་མ་ཕྱེ༔ ཏིལ་ལ་མར་གྱིས་ཁྱབ་པ་ལྟར་དུ་གནས་སོ༔ དེ་ཡང་རྒྱུད་ལས༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཏིལ་ལ་མར་གྱིས་ཁྱབ་པ་བཞིན༔ ཞེས་གསུངས༔ ཁྱད་པར་མིའི་སྙིང་དང་དུང་ཁང་ན་གནས་ཏེ༔ སྤྱིར་ལུས་ཀུན་ལ་དབྱེར་མེད་ཀྱང༔ དེ་ཉིད་རྩ་རླུང་ཐིག་ལེའི་དྭངས་མ་རྣམས་འགག་འདུས་པའོ༔ དེ་ཡང་རྒྱུད་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ མ་བསྐྱེད་རྫོགས་ཚུལ་ཙིཏྟར་གནས༔ ཞེས་གསུངས་སོ༔ དེ་ཡང་ཆོས་སྐུ་ཡེ་ཤེས་ཟང་ཐལ་ཆེན་པོ་དེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ༔ ངོ་བོ་སྟོང་པར་ཟང་ཐལ་ལེ༔ སྒྲིབ་གཡོགས་བྲལ་བར་ཧྲིག་གེ༔ རང་བྱུང་གི་རིག་པ་སང་ངེ༔ ཕྱོགས་མཚམས་དང་བྲལ་བར་བརྡལ་ལེ༔ གསལ་འགྲིབ་དང་རེ་དོགས་མེད་པར་ལྷུན་ནེ་བཞུགས་སོ༔ རང་བཞིན་ནི་ལྷུན་གྲུབ་ཀྱི་སྐུ་རུ་བཞུགས་ཏེ༔ རྒྱུད་ལས༔ ཤེལ་འཇའ་ཉི་འོད་ཇི་བཞིན་ནོ༔ ཞེས་གསུངས་སོ༔ མ་འདྲེས་ལ་ཡོངས་སུ་རྫོགས་པ་ཤེལ་ནང་གི་སྐུ་ལྟ་བུ༔ རྒྱ་མཚོའི་གཟའ་སྐར་ལྟ་བུ༔ མེ་ལོང་ནང་དུ་བྲིས་སྐུའི་དཀྱིལ་འཁོར་བཀྲམ་པ་ལྟ་བུར་གནས་སོ༔ དེ་ཡང་དཀར་དྭངས་མེ་ལོང་ཡེ་ཤེས་སུ་གནས་སོ༔ ཁ་དོག་ལྔ་ཆ་ཕྱོགས་རིས་མེད་མཉམ་པ་ཉིད་དུ་གནས་སོ༔ ཁ་དོག་མ་འདྲེས་པ་རེ་རེ་སྣང་བས་སོ་སོར་རྟོག་པ་ཉིད་དུ་བཞུགས་སོ༔ ཡེ་ནས་བཅོས་མེད་དུ་ལྷུན་ནེ་སྡུག་གེ་གནས་པས༔ བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་སོ༔ དེ་ཉིད་ལ་རེ་དོགས་དང་དེར་འཛིན་མེད་དངོས་པོར་མ་གྲུབ༔ གཟུང་ཡུལ་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ ཐུགས་རྗེ་ནི་རྟོག་ཚོགས་བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བཀོད་པའི་ཚུལ་དུ་སྙིང་ནང་ན་བཞུགས་སོ༔ ཉོན་མོངས་པ་ལྔ་བཅུ་རྩ་བརྒྱད་ནི་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དུང་ཁང་ན་བཞུགས་སོ༔ དེ་ཡང་རྒྱུད་ལས༔ སེམས་ཅན་རང་རྒྱུད་རྟོག་ཚོགས་ཉིད༔ བཞི་བཅུ་ཞེ་གཉིས་སངས་རྒྱས་ཏེ༔ ཞེས་གསུངས་སོ༔ གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད༔ རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ༔ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན༔ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས༔ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ༔ ཁྲག་མཱ་མ་ཀཱི༔ ཤ་སངས་རྒྱས་སྤྱན༔ དབུགས་དམ་ཚིག་སྒྲོལ༔ དྲོད་གོས་དཀར་མོ༔ སེམས་ཀུན་ཏུ་བཟང་མོའོ༔ དེ་ལྟར་ཡང་རྒྱུད་ལས༔ ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ༔ ཞེས་གསུངས་སོ༔ ང་རྒྱལ་ལྷའི་ཐུབ་པ༔ ཕྲག་དོག་ལྷ་མིན་ཐུབ་པ༔ འདོད་ཆགས་མིའི་ཐུབ་པ༔ གཏི་མུག་བྱོལ་སོང་ཐུབ་པ༔ སེར་སྣ་ཡི་དྭགས་ཐུབ་པ༔ ཞེ་སྡང་དམྱལ་བའི་ཐུབ་པར་གནས་ཏེ༔ དེ་ལྟར་ཡང་རྒྱུད་ལས༔ དུག་ལྔ་སེར་སྣ་ཐུབ་པ་དྲུག༔ ཅེས་སོ༔ རྣམ་པར་ཤེས་པའི་ཚོགས་བརྒྱད་ནི་སེམས་དཔའ་བརྒྱད༔ ཡུལ་བརྒྱད་ནི་སེམས་མ་བརྒྱད་དུ་གནས་པའོ༔ སྒོ་བཞི་ལས༔ ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་བུ་ཡབ་ཡུམ་སྟེ༔ རྣམ་རྒྱལ༔ གཤིན་རྗེ་གཤེད༔ རྟ་མགྲིན༔ བདུད་རྩི་འཁྱིལ་བ་དང་བརྒྱད་དུ་བཞུགས་སོ༔ མིག་གཉིས་ཉི་མ་དང་ཟླ་བའི་ཚུལ་དུའོ༔ སྐུ་ལྔ་ནི་སྟོང་སངས་ཆོས་ཀྱི་སྐུ༔ རང་གསལ་ལོངས་སྤྱོད་རྫོགས་སྐུ༔ མ་འགགས་སྤྲུལ་པའི་སྐུ༔ ཀ་དག་དགེ་སྡིག་གིས་མི་ཤིགས་ཤིང་རྡོ་རྗེའི་སྐུ༔ སྡིག་སྒྲིབ་ཐམས་ཅད་ཡེ་ནས་བྱང་ཞིང༔ འཁོར་འདས་འུབ་ཆུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ༔ ཡེ་ཤེས་ལྔ་ནི༔ མེ་ལོང༔ མཉམ་ཉིད༔ སོར་རྟོག༔ བྱ་གྲུབ༔ ཆོས་དབྱིངས་ཡེ་ཤེས་སོ༔ འོད་ལྔ་ནི༔ དཀར་སེར་དམར་ལྗང་མཐིང་ཁའོ༔ རླུང་ལྔ་ནི༔ རབ་གསལ་བས་གསལ་བྱེད་ཀྱི་རླུང༔ རང་བཞིན་གཡོ་བས་གཡོ་བྱེད་ཀྱི་རླུང༔ སོ་སོར་བཀྲ་བས་འབྱེད་བྱེད་ཀྱི་རླུང༔ ཡེ་ནས་གནས་པ་ཡེ་ཤེས་ཀྱི་རླུང༔ ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་ངོ༔ ཤེས་རབ་ལྔ་ནི༔ ངོ་བོ་སྟོང་པ་ལས་འཁོར་འདས་ཀྱི་གཞི་བྱུང་བས་མ་ཕྱེ་བའི་ཤེས་རབ༔ དེ་དག་ཐམས་ཅད་རིག་པ་ལ་འདུས་པས་ན་བསྡུས་པའི་ཤེས་རབ༔ ཀུན་ལ་ཁྱབ་ཅིང་རྒྱར་མ་ཆད་པས་ཁྱབ་པའི་ཤེས་རབ་ཡིན༔ ཡེ་ཤེས་རང་རླུང་གི་རྩལ་བསྐྱོད་པས་སྐྱོད་བྱེད་ཀྱི་ཤེས་རབ་ཡིན༔ དེའི་གནད་ཤེས་ན་འཁོར་འདས་སྐད་ཅིག་གིས་གཅོད་པས་སྒྲོལ་བྱེད་ཀྱི་ཤེས་རབ་ཡིན་ནོ༔ ཐིག་ལེ་ལྔ་ཡང༔ སྤྱི་བོར་ཆུའི་ཐིག་ལེ་དཀར་པོ༔ མགྲིན་པར་སའི་ཐིག་ལེ་སེར་པོ༔ སྙིང་གར་ནམ་མཁའི་ཐིག་ལེ་མཐིང་ཁ༔ ལྟེ་བར་མེའི་ཐིག་ལེ་དམར་པོ༔ གསང་བར་རླུང་གི་ཐིག་ལེ་ལྗང་ཁུའོ༔ མཁའ་འགྲོ་ལྔ་ཡང༔ རྡོ་རྗེ་མཁའ་འགྲོ༔ རིན་ཆེན་མཁའ་འགྲོ༔ པདྨ་མཁའ་འགྲོ༔ ལས་ཀྱི་མཁའ་འགྲོ༔ བུདྡྷ་མཁའ་འགྲོའོ༔ དཔའ་བོ་ལྔ་ཡང༔ རྡོ་རྗེ་དཔའ་བོ༔ རཏྣ་དཔའ་བོ༔ པདྨ་དཔའ་བོ༔ ཀརྨ་དཔའ་བོ༔ བུདྡྷ་དཔའ་བོ་དང་ལྔའོ༔ གཞི་ལྔ་ནི༔ རང་གསལ་ཆེན་པོ་དཀར་པོའི་གཞི༔ རང་གནས་ཆེན་པོ་མཐིང་ཁའི་གཞི༔ ལྷུན་གྲུབ་ཆེན་པོ་འཁོར་འདས་ཀྱི་གཞི༔ རང་བྱུང་ཆེན་པོ་རྟོག་ཚོགས་ཀྱི་གཞི༔ རང་གྲགས་ཆེན་པོ་ཚིག་གི་གཞིའོ༔ ལམ་ལྔ་ནི༔ ཡལ་བ་མེད་པ་ཁྲ་ལམ་མེ་བ་དེ་མེ་ལོང་ལམ༔ ཤར་ལྷོ་ནུབ་བྱང་དུ་མ་ཕྱེ་བར་ལྷམ་མེ་བ་མཉམ་ཉིད་ལམ༔ ཡེ་ནས་ལྷུན་གྱིས་གྲུབ་ཅིང་ཕྱིས་འབྲས་བུ་བཙལ་མི་དགོས་པས་བྱ་གྲུབ་ལམ༔ དེ་ལས་ཞི་བ་དང༔ ཁྲོ་བོ་དང༔ ཁ་དོག་དང༔ ཕྱག་མཚན་དང༔ རྒྱན་དང་ཆ་ལུགས་གསལ་བས༔ སོ་སོར་རྟོག་པའི་ལམ་མོ༔ ཀུན་ཀྱང་ངོ་བོ་སྟོང་ཉིད་རང་གནས་སུ་འདུས་པས་ཆོས་དབྱིངས་ལམ་མོ༔ འབྲས་བུ་ལྔ་ཡང༔ དེ་ཤེས་ན་ལམ་སྦྱང་བགྲོད་མི་དགོས་པས་ལྷུན་གྱིས་གྲུབ་པའི་འབྲས་བུ༔ ངོས་ཟིན་པ་ཙམ་གྱིས་ཡིན་ཐོག་ཏུ་གྲོལ་བས་གྲོལ་བའི་འབྲས་བུ༔ རྐྱེན་བླ་མ་ལ་རག་ལས་པས་རྐྱེན་གྱི་འབྲས་བུ༔ ཡིན་པར་ངོ་ཤེས་པ་ཡིན་པས་ཡིན་པའི་འབྲས་བུ༔ ཡེ་ནས་ཤེས་པ་དེ་ལ་སྒྲིབ་གཡོགས་བྲལ་བས་རྩོལ་བྲལ་གྱི་འབྲས་བུའོ༔ དེ་ལྟར་ཡང་རྒྱུད་ལས༔ ཚོགས་བརྒྱད་སེམས་དཔའ་ཡབ་ཡུམ་བརྒྱད༔ སྒོ་བཞི་སྒོ་བ་ཡབ་ཡུམ་བརྒྱད༔ གཡས་གཡོན་ཉི་མ་ཟླ་བ་གཉིས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ རིག་པ་འོད་ལྔ་རླུང་ནི་ལྔ༔ ཤེས་རབ་ཡེ་ཤེས་ཐིག་ལེ་ལྔ༔ མཁའ་འགྲོ་དཔའ་བོ་ལྔ་ལྔ་དང༔ གཞི་ལྔ་ལམ་ལྔ་འབྲས་བུ་ལྔ༔ ཞེས་སོ༔ འདི་རྣམས་ཀུན་ལ་ཚང་ངམ་ཞེ་ན༔ ཀུན་ལ་གནས་པ་ཡིན་ཏེ༔ ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེ༔ ཞེས་གསུངས་སོ༔ དེ་རྣམས་ཀྱང་བདེ་བར་གཤེགས་པའི་ཐུགས་ཀྱི་རང་བཞིན༔ བརྗོད་བྲལ་དུ་གནས་ཏེ༔ སྐུ་རང་རིག་ཧཱུྃ་གི་རྣམ་པ༔ གསུང་རང་རིག་ཧཱུྃ་གི་རྣམ་པ༔ ཐུགས་རང་གྲོལ་ཧཱུྃ་གི་རྣམ་པ༔ དབྱེར་མེད་དམ་མིང་མང་པོར་ཕྱེ་ཡང༔ དོན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ལྷག་གེ་འདུས་སོ༔ དེ་ཡང་རྒྱུད་ལས༔ ཡི་གེ་ཧཱུྃ་གི་ཚུལ་ཉིད་དུ༔ ལུས་ལྔ་དག་གམ་སྐྱེ་བཞི་ལས༔ དབྱེར་མེད་གསུམ་བརྩེགས་ཚུལ་དུ་གནས༔ ཞེས་གསུངས་སོ༔ ལམ་ནི་ཀ་ཏི་ཤེལ་སྦུག་ཅན༔ ཁྲག་དང་ཆུ་སེར་མེད་པ་ལ་བརྒྱུད་དེ༔ དྷཱུ་ཏི་ལ་ལམ་བྱས༔ རྩེ་ཆུང་གཉིས་ལ་བརྒྱུད༔ དུང་ཁང་ནང་དུ་ཁྲོ་བོའི་ལྷ་ཚོགས་སུ་ཤར་ཏེ༔ མིག་གི་ཨ་འབྲས་ལ་རྩ་ཁ་ཡངས་ལ་གཏིང་དོག་པ་གཅིག་ཏུ་དོད་ནས་ཕྱིའི་ཡུལ་ནམ་མཁར་འཆར་རོ༔ དེ་ལྟར་ཡང་རྒྱུད་ལས༔ ལམ་ནི་ཀ་ཏི་ཤེལ་སྦུག་ནས༔ དྷཱུ་ཏི་སྒལ་ཚིགས་དུང་ཁང་ནང༔ ཙཀྵུ་སྒོར་ཐོན་ནམ་མཁའ་འོ༔ ཞེས་གསུངས་སོ༔ དེ་ནི་དག་པ་ཡེ་ཤེས་ཀྱི་གནས་ལུགས་དང༔ ལམ་དང༔ སྒོ་དང༔ ཡུལ་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འོ་ན་དེ་ལྟ་བུ་དག་པའི་རང་སྣང་ལ༔ མ་དག་པ་འཁོར་བ་ཅི་ལས་བྱུང་སྙམ་ན༔ དག་པའི་ཡེ་ཤེས་དེ་ནམ་མཁའ་དང་འདྲ༔ མ་དག་པའི་སེམས་ནི་རླུང་དང་འདྲ༔ སྐབས་སུ་བྱེད་ལས་སོ་སོར་གྱེས་ཏེ༔ མཐར་ཐུག་ནམ་མཁའ་ལས་མ་འདས་པ་བཞིན༔ རིག་པ་ཡེ་ཤེས་ལས་སེམས་ཞེས་བྱ་བ་ཀུན་ཏུ་བཏགས་པ་གཅིག་བྱུང་སྟེ༔ དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དུས་ན་ཐུགས་རྗེའི་རྩལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ སེམས་ཞེས་བྱ་བའི་འགྱུ་འགྱུ་པོ༔ ངོ་ཤེས་ཐུགས་རྗེའི་བདག་ཉིད་དེ༔ ཞེས་སོ༔ སེམས་ཞེས་བྱ་བ་ཀུན་བྱེད་ཅིང༔ ལས་རྣམས་སོ་སོར་གསོག་པ་འདི༔ རླུང་ཆེན་གློ་བའི་གྲོང་ཁྱེར་ན་གནས་ཏེ༔ ལམ་ནི་གློ་བ་ལས་རྩ་ལྔ་གྱེས༔ རྣ་བ་ལ་སོགས་སྒོ་བཞི་གསང་བ་ལ་གཅིག་གཞུག་གོ༔ སྒོ་ནི་རྣ་བ་གཉིས༔ སྣ་ལྕེ་གསང་གནས་སུ་ཟུག་པ་དེ་ལས་འདོན་པའོ༔ དེ་ལས་ལེགས་ཉེས༔ སྙན་མི་སྙན༔ ཞིམ་མི་ཞིམ༔ གཟུང་འཛིན༔ ཆགས་སྡང༔ ཡོད་མེད༔ བདེ་སྡུག༔ ཆགས་ཞེན་དུ་བཟུང་སྟེ༔ ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་ལས་རྣམས་བྱེད༔ དེས་ཁམས་གསུམ་རིགས་དྲུག་ཏུ་འཁྱམས་ཤིང་རླུང་གི་རྟ་ལ་བཞོན་པའོ༔ དེ་ལྟར་ཡིན་པ་ཡང་རྒྱུད་ལས༔ རླུང་ཆེན་གློ་བའི་གྲོང་ན་གནས༔ ལམ་ནི་ཁ་སྣའི་སྒོ་ལ་འདོན༔ སྟོང་ཕྲག་བརྒྱད་ཅུའི་ལས་རྣམས་བྱེད༔ སྨིན་པ་ཁམས་གསུམ་རིགས་དྲུག་སྨིན༔ ཞེས་གསུངས་སོ༔ འོ་ན་གཉིས་སུ་ཡོད་དམ་སྙམ་ན༔ སྟོང་ཕྲག་བརྒྱད་ཅུའི་ངོ་བོ་ལ་བལྟས་ཤིང་གློད་པས་རང་གྲོལ་དུ་སོང་བ་ནི༔ གཉིས་མེད་ཐུགས་རྗེའི་བདག་ཉིད་དུ་གྱུར་པའོ༔ ངོ་བོ་སྟོང་པར་རང་ཚུགས་ཐུབ་པ་ནི༔ ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་གྱི་དོན་བྱེད་པའོ༔ རང་བཞིན་གསལ་བས་ཞིང་ཁམས་མི་ཟད་པར་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད༔ ཐུགས་རྗེ་འགགས་མེད་ཤུགས་འབྱུང་གིས༔ སེམས་ཅན་རེ་རེའི་མདུན་དུ་གང་འདུལ་རེ་རེར་སྤྲུལ་ནས་དོན་བྱེད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སེམས་དང་རིག་པའི་དབྱེ་བ་འདི༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ྀཨཚ༔ ཞུས་དག་གོ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

དམ་ཆོས་དགོངས་པ་ཡང་ཟབ་ཆོས་སྡེའི་འཆི་མེད་ཚེའི་སྐོར་ལས་ཕྱི་ནང་གསང་བ་གསུམ་གྱི་ཟབ་དབང་བསྐུར་བའི་རིམ་པ་གསལ་བར་བཀོད་པ་རྡོ་རྗེའི་སྲོག་སྒྲུབ་ (Volume 19, Text 28)

༄༅། །དམ་ཆོས་དགོངས་པ་ཡང་ཟབ་ཆོས་སྡེའི་འཆི་མེད་ཚེའི་སྐོར་ལས་ཕྱི་ནང་གསང་བ་གསུམ་གྱི་ཟབ་དབང་བསྐུར་བའི་རིམ་པ་གསལ་བར་བཀོད་པ་རྡོ་རྗེའི་སྲོག་སྒྲུབ་ཅེས་བྱ་བ་བཞུགས་སོ། ། གུ་རུ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱི་ནང་འབྱུང་ལྔ་དྭངས་མའི་ཐིག་ལེར་སྨིན། །རྡོ་རྗེའི་སྐུ་བརྙེས་འཁོར་བ་ཇི་སྲིད་བཞུགས། །འཆི་མེད་མགོན་པོ་པདྨ་སཾ་བྷ་བས། །བདག་རྒྱུད་བྱིན་རློབས་ཚེ་དབང་ཡེ་ཤེས་སྩོལ། །འོད་སྐུ་སྒྲུབ་བྱེད་ཡང་ཟབ་ལམ། །འཇུག་སྒོ་སྨིན་བྱེད་རྒྱ་མཚོའི་བཅུད། །བདུད་རྩིའི་ཐིག་ལེ་སྤྱོད་འདོད་ཀྱི། །སྐལ་བཟང་སྙིང་གི་དཔྱིད་དུ་དབྱེ། །དེའང་དང་པོ་ཕྱི་དབང་ནི། གཞུང་ལས། ཉམས་རྟགས་ཚད་དུ་ཕྱིན་པའི་བླ་མ་ཡིས༔ ཕྱི་དབང་བུམ་པའི་གཏོར་མ་གནས་སུ་བསྐུར༔ ཅེས་གསུངས་པ་ལྟར་མཚན་ཉིད་དང་ལྡན་པའི་བླ་མས་སྐལ་པ་ཅན་གྱི་སློབ་མ་རྗེས་སུ་འཛིན་པ་ན། སྟེགས་བུར་ཁྲིའུ་ལ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཆང་གི་ཉིང་ཁུ་དང་མར་གྱིས་སྦྲུས་པའི་ཟན་ལ་འཆི་བདག་གླང་གདོང་ཁ་སྦུབས་པའི་སྟེང་དུ་པདྨ་ཁ་སྦུབ་གྱེན་ལང་ཉིས་བརྩེགས། དེ་སྟེང་འབྲང་རྒྱས་བུམ་གཟུགས་ཤིང་ལོ་སྣ་ཚོགས་རྡོ་རྗེ་ཉི་ཟླ་མེ་རིས་མཚན་པ་བཀོད། རྒྱས་སྤྲོས་བྱེད་ན་ཚེ་བདག་རིགས་ལྔའི་ཙཀླིའང་བཞག །གཡས་གཡོན་དུ་ཚེ་རིལ་ཚེ་ཆང་མངར་གསུམ་དང་སྦྱར་བ། མདའ་དར་རྣམས་དང་། ལས་བུམ། སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར། ལས་བྱང་ལ་མཁོ་བའི་སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །དེ་ནས་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ལས་བྱང་ལྟར་སྐྱབས་སེམས་ནས་རིམ་པར་གཏང་ལ། བཟླས་པའི་འཕྲོ་འདུས་བདག་མདུན་ལ་ཚེ་བཅུད་བསྡུ་བསྟིམ་བྱ་ཞིང་ནུས་ལྡན་དུ་བསྒྲུབས། འདིར་བདག་མདུན་དབྱེར་མེད་གསུངས་པ་དོན་དམ་རྣལ་འབྱོར་ཆེན་པོའི་དགོངས་པ་ཡིན་ཡང་། ཕྱི་དབང་སྐབས་འདིར་བདག་བུམ་ཐ་དད་དུ་སྒྲུབ་པ་གཏེར་གཞུང་ལས་དམིགས་སུ་གསུངས་པ་དང་། ལས་དང་པོ་པ་དང་ཕལ་པ་ལ་ཚེ་དབང་བསྐུར་བ་སྤྱི་དང་མཐུན་པར་ཚིག་གཅིག་གིས་བདག་མདུན་ཐ་དད་དུ་བསྒྲུབ་པ་ལེགས་སོ། །བཟླས་པའི་མཐར་གཏེར་སྲུང་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་ལྷག་མའི་བར་དུ་བཏང་། ཏིང་ངེ་འཛིན་གྱི་དབང་བསྐུར་བླང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་གཏང་། བདེན་སྟོབས་དྲག་སྔགས་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཁྱད་པར། དེ་ལ་མཚན་ཙམ་འཛིན་པས་འགྲོ་བ་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། ཚེ་དབང་དངོས་གྲུབ་སྟེར་བའི་སྨོན་ལམ་དང་ཐུགས་རྗེ་ཚད་མ་མཆིས་པ་བཅོམ་ལྡན་འདས་ཚེ་དཔག་མེད་པའི་རྒྱུད་དང་སྒྲུབ་ཐབས་རྒྱ་མཚོ་ལྟ་བུ་བཞུགས་པ་ལས། འདིར་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་སངས་རྒྱས་གཉིས་པ་ལ་བོད་ཀྱི་རྒྱལ་པོ་ལྷ་སྲས་མཇིང་ཡོན་སད་ན་ལེགས་མུ་ཏིག་བཙད་པོས་གསོལ་བ་བཏབ་པའི་ངོར། རྒྱུད་དང་མན་ངག་ཀུན་གྱི་ཉིང་ཁུ། ཟབ་ཆོས་མ་ལུས་པའི་འདུས་སོ། ཀུན་བཟང་དགོངས་པའི་བདུད་རྩི། དམ་ཆོས་དགོངས་པ་ཡང་ཟབ་ཅེས་བྱ་བའི་སྨིན་གྲོལ་བཀའ་གཏད་དང་བཅས་པ་གནང་ནས། མ་འོངས་སྐྱེ་བའི་ཆོས་སྐལ་དུ་ཤོག་བུ་རིགས་དྲུག་གི་ངོས་སུ་བརྡའི་ཡི་གེར་བཏབ་སྟེ། གཞོ་སྟོད་གཏེར་སྒྲོམ་བྲག་དཀར་གྱི་ཚོགས་ཁང་ཆེན་མོའི་ཡང་རྩེར། མཁའ་འགྲོ་གསང་བ་མཆོག་གྲུབ་ཀྱི་ཕུག་པ་དབུས་མར་གཏེར་དུ་སྦས་པ། ཕྱིས་ལྷ་སྲས་ཉིད་ཀྱི་ཡང་སྲིད་འབྲི་གུང་སྐྱུ་རའི་གདུང་ལས་བྱོན་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་མཁའ་གྲོལ་ཀློང་ཡངས་ཞབས་ཀྱིས་སྤྱན་དྲངས་པའི་ཟབ་ཆོས་གཡེར་པོ་ཆེར་ཡོངས་སུ་གྲགས་པ་ལས། ཟངས་ཤོག་དམར་པོའི་ཆོས་སྡེ་དྭངས་མས་དྭངས་མ་སྒྲུབ་པ་འདོད་ཆགས་རང་གྲོལ་གྱི་ཚེ་སྒྲུབ་ཡང་ཟབ་ཡེ་ཤེས་གསང་ཏིག་གི་དབང་ལ་ཐུན་མོང་ཕྱི། ཐུན་མིན་ནང་། ཁྱད་པར་གསང་བའི་དབང་བསྐུར་གསུམ་དུ་བཞུགས་པ་ལས་ད་ལམ་ཕྱི་ཚེ་འབྲང་ལ་བརྟེན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་གིས་བརྒྱན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ༔ གུ་རུ་ཡབ་ཡུམ་རིགས་ལྔ་ཚེ་ཡི་བདག༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་ཀུན་གྱི་སྐུ༔ འཆི་མེད་ཚེ་སྒྲུབ་རིག་པ་མཆོག་གི་མཛོད༔ བདག་ལ་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ་བླ་མས། རྩོད་དུས་བསྐལ་པའི་སྙིགས་མ་འདིར༔ འཆི་མེད་གྲུབ་པའི་སྐལ་ཅན་ནི༔ ཉིན་སྐར་ཙམ་ཞིག་མཐོང་བས་ན༔ ཁྱོད་ནི་སྐལ་བར་ལྡན་ནམ་ཅི༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ནི་གསང་བ་དམ་པའི་སྣོད༔ ལོག་རྟོག་ཐེ་ཚོམ་དྲི་མ་མེད༔ གུ་རུ་ཡབ་ཡུམ་ཐུགས་རྗེ་ཡིས༔ བདག་ཅག་བརྩེ་བར་བཟུང་དུ་གསོལ༔ ལན་གསུམ། སྐྱབས་སེམས་སོགས་གཞུང་དུ་མ་གསུངས་པ་སྔོན་དུ་རྒྱུད་སྦྱངས་པ་ལ་དགོངས་པ་ཡིན་ཡང་ཕལ་པར་དཀྱུས་འགྲེ་བསྐུར་བའི་སྐབས་སུ་སྤྱི་ལྟར་བྱས་ན་ལེགས་པས། བླ་མ་ཚེ་བདག་རྒྱལ་བ་རིགས་ལྔ་སངས་རྒྱས་སྲས་དང་བཅས་པ་ལ་དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་ཞིང་གཞན་དོན་དུ་མགོན་པོ་ཚེ་དཔག་མེད་པའི་གོ་འཕང་བསྒྲུབ་པར་སེམས་བསྐྱེད་ལ་འདིའི་རྗེས་ཟློས། ཧྲཱི༔ བདེ་གཤེགས་འདུས་པ་སྐུ་གསུམ་གྲུབ་པའི་ལྷ༔ དོན་གཉིས་མཐར་ཕྱིན་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་བྱང་ཆུབ་ཐོབ་བྱའི་ཕྱིར༔ བྱམས་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྟོང་ཉིད་འོད་གསལ་ཆེན་པོའི་ངང་ལས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་འཆི་མེད་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དཀར་དམར་མདངས་དང་ལྡན་པ། ཞི་འཛུམ་ཡིད་དུ་འོང་ཞིང་དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཆི་མེད་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ལྷ་ལྕམ་མནྡཱ་ར་བ་དམར་སེར་བཅུ་དྲུག་ལོན་པའི་ན་ཚོད་ཅན་རྒྱན་ཆ་ཡབ་དང་མཚུངས་པ། ཚེ་མདའ་དང་ཚེ་བུམ་བསྣམས་ཤིང་ཞབས་པད་སྐྱིལ་གྱིས་ཡབ་ལ་འཁྲིལ་བ། ཡབ་ཀྱི་སྤྱི་བོར་པདྨ་དཀར་པོ་ལ་སངས་རྒྱས་ཚེ་དཔག་མེད་ཡབ་ཡུམ་དཀར་པོ། མགྲིན་པར་པདྨ་དམར་པོ་ལ་པདྨ་ཚེ་དཔག་མེད་ཡབ་ཡུམ་དམར་པོ། ཐུགས་ཀར་པདྨ་སྔོན་པོ་ལ་རྡོ་རྗེ་ཚེ་དཔག་མེད་ཡབ་ཡུམ་སྔོན་པོ། ལྟེ་བར་པདྨ་སེར་པོ་ལ་རིན་ཆེན་ཚེ་དཔག་མེད་ཡབ་ཡུམ་སེར་པོ། གསང་བར་པདྨ་ལྗང་གུ་ལ་ལས་ཀྱི་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ །ཕྱག་མཚན་དང་རྒྱན་ཆ་ལུགས་རྣམས་ཕྱིའི་གུ་རུ་ཡབ་ཡུམ་དང་མཚུངས་པ། སྙིང་གའི་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་གཡུང་དྲུང་རིས་དམར་པོ་དང་། སློབ་དཔོན་ཚེ་དཔག་མེད་རིགས་ལྔའི་ཐུགས་སྲོག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་ལྷོ་ནུབ་རྔ་ཡབ་གླིང་ནས་འཆི་མེད་གུ་རུ་པདྨ་འབྱུང་གནས་ཡབ་ཡུམ། ཚེ་ལྷ་རྒྱལ་བ་རིགས་ལྔའི་ལྷ་ཚོགས་མཐའ་ཡས་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། རིགས་ལྔའི་སྔགས་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དང་སྤོས་རོལ་སོགས་ཀྱིས་བྱིན་དབབ། དེ་ནས་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཨ་མྲྀཏས་བསང་། སྭ་བྷ་བས་སྦྱང་། སྟོང་པའི་ངང་ལས་ཚེ་འབྲང་པདྨ་ཉི་ཟླའི་གདན་ལ་གུ་རུ་ཡབ་ཡུམ། གནས་ལྔར་རྒྱལ་བ་རིགས་ལྔ་དང་བཅས་པར་གསལ་བའི་ཡུམ་རྣམས་ཀྱི་ཕྱག་གཡོན་པའི་མདའ་དར་རང་རང་གི་མདོག་ཅན་ལས་འོད་ཟེར་མདོག་མཚུངས་དང་། ཡབ་ཡུམ་རྣམས་ཀྱི་སྐུའི་ཆ་ལས་འགུགས་བྱེད་ཕོ་ཉ་མགྱོགས་མ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས། རང་རང་བླ་ཚེ་བརྐུས་ཕྲོགས་ཆད་ཉམས་ཡར་བ་ཐམས་ཅད་དང་། བརྟན་གཡོའི་དྭངས་བཅུད་སྲིད་ཞིའི་ཚེ་དཔལ་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེའི་རྣམ་པར་བསྡུས་ཏེ་ཁྱེད་རང་གི་གནས་ལྔ་དང་མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཨོཾ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ འགུགས་བྱེད་ལྷ་མོ་དཀར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་འཐོར་ཡར་ཉམས་ཡོ་གས་འཁྱམས་རལ་ཞིག༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཐུགས་རྗེའི་རྩལ་གྱིས་ཚེ་དཔལ་དབང་དུ་སྡུས༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་མགོན་པོ་པདྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྨིན་བྱེད་ལྷ་མོ་དམར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་བཀྲག་དྲོད་ཀྱི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ མེ་ཡི་ཁམས་ནས་དྲོད་ཀྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྡུད་བྱེད་ལྷ་མོ་སྔོན་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་འཛིན་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་མདངས་ཁྲག་གི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཆུ་ཡི་ཁམས་ནས་གཤེར་གྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཏྲཱཾ༔ བཅོམ་ལྡན་མགོན་པོ་རཏྣ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ བརྟན་བྱེད་ལྷ་མོ་སེར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་འཛིན་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ གཟུགས་ཕུང་ཤ་རུས་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ས་ཡི་ཁམས་ནས་སྲ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཨཱ༔ བཅོམ་ལྡན་མགོན་པོ་ཀརྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ གྲུབ་བྱེད་ལྷ་མོ་ལྗང་གསལ་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ སྲོག་འཛིན་དབུགས་ཀྱི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ རླུང་གི་ཁམས་ནས་གཡོ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ཞེས་བསྟིམ། དངོས་གཞིའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཚེ་འབྲང་ཐོགས་ལ། གཏོར་མ་གུ་རུ་ཡབ་ཡུམ་གྱི་གནས་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་རྣམས་གསལ་བའི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་དཀར་པོ་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་དཀར་པོ་བབ། སློབ་མ་གུ་རུ་ཡབ་ཡུམ་གྱི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་སྤྱི་བོའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་དཀར་པོ་བབས་པས་མགོ་བོའི་ནང་ཐམས་ཅད་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་གང་། གཏི་མུག་གི་ཉེས་ལྟུང་སྦྱངས། རྣམ་པར་ཤེས་པའི་ཁམས་དང་། འབྱུང་བ་ནམ་མཁའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། མེ་ལོང་ལྟ་བུའི་འཁོར་འདས་ཡོངས་གྲོལ་གྱི་རང་བྱུང་གཞིའི་དགའ་བའི་ཡེ་ཤེས་ཐོབ། གུ་རུ་རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཨོཾ༔ སྐུ་ཡི་དབང་མཆོག་བུདྡྷ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དཀར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ སྐུ་ཡི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་བཞག །རྒྱས་པར་སྤྲོ་ན་རིགས་ལྔའི་ཚེ་དཔག་མེད་སོ་སོའི་ཙཀླིའང་གནས་རྣམས་སུ་བཞག་པར་གཞུང་ལས་གསུངས་སོ། །གཏོར་མ་གུ་རུ་ཡབ་ཡུམ་གྱི་མགྲིན་པའི་པདྨ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་དམར་པོ་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་དམར་པོ་བབ། སློབ་མ་གུ་རུ་ཡབ་ཡུམ་གྱི་མགྲིན་པའི་པདྨ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་མགྲིན་པའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་དམར་པོ་བབས་པས་མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ་བཀྲག་མདངས་དང་ལྡན་པས་གང་། འདོད་ཆགས་ཀྱི་ཉེས་ལྟུང་ཐམས་ཅད་སྦྱངས། དྲོད་ཀྱི་ཁམས་དང་མེའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། སོ་སོར་རྟོག་པའི་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཐོབ། གུ་རུ་པདྨ་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཧྲཱི༔ གསུང་གི་དབང་མཆོག་པདྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དམར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ གསུང་གི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧྲཱི༔ མགྲིན་པར་བཞག །གཏོར་མ་གུ་རུ་ཡབ་ཡུམ་གྱི་སྙིང་གར་རྡོ་རྗེ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་སྔོན་པོ་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་སྔོན་པོ་བབ། སློབ་མ་གུ་རུ་ཡབ་ཡུམ་གྱི་སྙིང་གའི་རྡོ་རྗེ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་སྙིང་གའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་སྔོན་པོ་བབས་པས་ལྟེ་བ་ཡན་སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་མཐིང་གསལ་བཀྲག་མདངས་དང་ལྡན་པས་གང་། ཞེ་སྡང་གི་ཉེས་ལྟུང་སྦྱངས། ཁྲག་གི་ཁམས་དང་འབྱུང་བ་ཆུའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས་ཐོབ། གུ་རུ་རྡོ་རྗེ་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཧཱུྃ༔ ཐུགས་ཀྱི་དབང་མཆོག་རྡོ་རྗེ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ མཐིང་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ ཐུགས་ཀྱི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག །གཏོར་མ་གུ་རུ་ཡབ་ཡུམ་གྱི་ལྟེ་བར་རཏྣ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་སེར་པོ་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་སེར་པོ་བབ། སློབ་མ་གུ་རུ་ཡབ་ཡུམ་གྱི་ལྟེ་བའི་རཏྣ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་ལྟེ་བའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་སེར་པོ་བབས་པས་ལྟེ་བ་མན་སྤུ་མཚམས་ཡན་བདུད་རྩི་སེར་གསལ་བཀྲག་མདངས་དང་ལྡན་པས་གང་། ང་རྒྱལ་དང་སེར་སྣའི་ཉེས་ལྟུང་སྦྱངས། ཤ་དང་རུས་པའི་ཁམས་དང་འབྱུང་བ་སའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། མཉམ་ཉིད་ཀྱི་མཆོག་དགའི་ཡེ་ཤེས་ཐོབ། གུ་རུ་རཏྣ་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཏྲཱཾ༔ ཡོན་ཏན་དབང་མཆོག་རཏྣ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ སེར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ ཡོན་ཏན་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཏྲཱཾ༔ ལྟེ་བར་བཞག །གཏོར་མ་གུ་རུ་ཡབ་ཡུམ་གྱི་གསང་བར་ཀརྨ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་ལྗང་གུ་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་ལྗང་གུ་བབ། སློབ་མ་གུ་རུ་ཡབ་ཡུམ་གྱི་གསང་གནས་ཀྱི་ཀརྨ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་གསང་གནས་ཀྱི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་ལྗང་གུ་བབས་པས་རྐང་སོར་ནས་ལོང་བུ་པུས་མོ་དཔྱི་དང་གསང་གནས་ཕྱིན་བདུད་རྩི་ལྗང་གསལ་བཀྲག་མདངས་དང་ལྡན་པས་གང་། ཕྲག་དོག་གི་ཉེས་ལྟུང་སྦྱངས། དབུགས་ཀྱི་ཁམས་དང་འབྱུང་བ་རླུང་གི་ཁམས་ནས་ཚེ་ཉམས་པ་སོར་ཆུད། བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས་ཐོབ། གུ་རུ་ཀརྨ་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཨཱ༔ ཕྲིན་ལས་ཚེ་དབང་ཀརྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ ལྗང་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ ཕྲིན་ལས་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ གསང་བར་བཞག་གོ །དེ་ལྟར་རིགས་ལྔའི་སྔགས་བཟླ་ཞིང་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། ཡེ་དྷར་དང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར། ཤིས་བརྗོད་བྱས་ཀྱང་རུང་། ཚེ་དབང་ཚར་གྲངས་གསོག་ན་ཚེ་འབྲང་ནས་འདི་ཡན་ལ་གྲངས་བཟུང་། མཐར། གཏོར་མ་གུ་རུ་ཡབ་ཡུམ་དུ་གསལ་བའི་གནས་ལྔའི་ཚེ་ལྷ་རིགས་ལྔ་ལས་ལྷ་རང་རང་འདྲ་བ་རེ་རེ་སྤྲོས་ཏེ། སློབ་མའི་གནས་ལྔའི་ཚེ་དཔག་མེད་རྣམས་འོད་དུ་ཞུ་བ་རྣམས་སུ་ཐིམ་མ་ཐག །སློབ་མ་གུ་རུ་ཡབ་ཡུམ་དུ་གསལ་བ་ཡང་འོད་ཟེར་དུ་གྱུར་ཏེ། ལྔ་ལྡན་ཐིག་ལེ་ཆེན་པོ་སྟོང་གསལ་ཏི་ལ་ཀ་ཉག་གཅིག་གི་རང་མདངས་སུ་མཉམ་པར་གྱུར་པ་ལ་ཚེ་མདའ་སྲུང་བའི་ལྷ་མོ་ལྔས་འཁོར་ལོ། པདྨ། རྡོ་རྗེ། རིན་པོ་ཆེ། རྒྱ་གྲམ་རྣམས་དཀར་དམར་མཐིང་སེར་ལྗང་བའི་ཕྱག་རྒྱས་བཏབ་པས་འདུས་བྱས་ལ་འཕྲལ་རྐྱེན་གྱི་འཚེ་བ་གང་གིས་ཀྱང་མི་ཚུགས་ཤིང་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བལྟས་ལ། བྷྲཱུྃ༔ ཡེ་ཤེས་ལྷ་མོ་ཚེ་མདའ་སྲུང་བའི་ལྷ༔ སྣ་ཚོགས་མདོག་ཅན་རིན་ཆེན་རྒྱན་འཆང་མ༔ འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ༔ རྒྱ་གྲམ་འབར་བའི་ཕྱག་རྒྱ་རབ་བཀྲ་བས༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་སྲོག་ལུས་ཟུངས་དབང་ཐང་ཀླུང་རྟའི་སྟོབས༔ ཕྱི་ནང་བར་ཆད་མི་མཐུན་རྐྱེན་རྣམས་ལས༔ ཡོངས་སུ་སྲུངས་ཤིག་བཛྲ་རཀྵ་བྷྲཱུྃ༔ ཞེས་ཚེ་མདའ་གནས་སོ་སོར་གཏུགས་ཤིང་རྒྱས་གདབ་བོ། །དེ་དག་གིས་ཡང་ཟབ་ཚེའི་དབང་བསྐུར་ཕྱི་བུམ་པའི་གཏོར་མ་ལ་བརྟེན་པ་ལེགས་པར་གྲུབ་པ་ཡིན་པས་སོགས་བརྗོད་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་དང་། ལས་བྱང་ལྟར་བདག་མདུན་ལ་མཆོད་བསྟོད། ཆད་བརྟན་ནས་ཤིས་བརྗོད་བསྔོ་སྨོན་གྱི་བར་ཚང་བར་བྱའོ། །གཉིས་པ་ནང་དབང་ནི། གཞུང་ལས། ནང་དབང་ཡབ་ཡུམ་ལུས་དཀྱིལ་སྤྱི་བོར་བསྐུར༔ ཅེས་གསུངས་པ་ལྟར་ནང་གསང་གཉིས་པོ་བླ་མ་ཉིད་ཐབས་ལམ་ལ་ནུས་པ་རྙེད་པས་སློབ་བུ་སྣོད་ལྡན་རེ་རེ་ཙམ་ལ་མཁའ་གསང་དང་བྱང་ཆུབ་སེམས་ལ་བརྟེན་ནས་བསྐུར་བར་བྱ་བ་ཡིན་པས། མཚན་མའི་རྫས་དང་དབང་སྒྲུབ་ལ་ལྟོས་པ་མིན་ཡང་། ད་ལྟ་གཞུང་བཤད་ཀྱི་སྣོད་བཅུད་འཛོམ་པའི་སྐབས་ཆེར་མི་འབྱུང་བས་དབང་རྒྱུན་མ་ཆད་ཙམ་བརྡ་ལ་བརྟེན་ནས་བསྐུར་བ་ཕྱག་ལེན་ཡིན་པས། དབང་རྫས་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་བཅས་བཀོད། ཚེ་རིལ་ཆང་ཡོད་མེད་ཅི་བདེར་ཆོག །བཤམ་གཞན་སྔར་དང་འདྲ། ཚེའི་ལས་བྱང་གཏང་། གཏོར་མའི་གནས་སུ་བུམ་པ་ཞེས་བསྒྱུར། བཟླས་པ་ཚོགས་འཁོར་བཅས་གྲུབ་ནས། དབང་ལ་ཁྲུས་དང་བགེགས་བསྐྲད། རིན་པོ་ཆེ་དང་དར་ཟབ་སྙིང་ནོར་གྱི་མཎྜལ་ཕུལ། འབྲུ་གསུམ་གྱིས་གདོང་གཡོགས་ལ་མེ་ཏོག་སྦྱིན། ཕྱི་དབང་ལྟར་གསོལ་གདབ་དང་དྲི་བ་དྲིས་ལན། སྐྱབས་སེམས་ནི་ཡོད་མེད་གང་བྱས་ཆོག །ནང་དཀྱིལ་དུ་གཞུག་པ་ནི། སློབ་དཔོན་བདག་ཉིད་གུ་རུ་ཡབ་ཡུམ་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས་སློབ་མའི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེགས༔ རྣམ་ཤེས་ཧྲཱིཿདམར་པོར་གྱུར་པ་ཞལ་དུ་ཞུགས་དབུ་མའི་ལམ་བརྒྱུད༔ ཡུམ་གྱི་མཁར་པདྨ་འབྱུང་གནས་ཀྱི་སྐུར་གསལ་བ་ཕྱིར་ཕྱུང༔ རང་གི་གྲལ་དུ་འཁོད་པར་གྱུར་པར་བསམ་ལ། གནས་གསུམ་བདུད་རྩིའི་ཐིག་ལེ་རིམ་པར་བཀོད་ལ། སྤྱི་བོར་འཁོར་ལོ་ཨོཾ་དཀར་པོས་མཚན་པ་ལས་སྐུའི་ཚེ་ལྷ་དཀར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགྲིན་པར་པདྨ་ཨཱཿདམར་པོས་མཚན་པ་ལས་གསུང་གི་ཚེ་ལྷ་དམར་པོ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་རྡོ་རྗེ་ཧཱུྃ་སྔོན་པོས་མཚན་པ་ལས་ཐུགས་ཀྱི་ཚེ་ལྷ་སྔོན་པོ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གསུམ་ཀའང་ལོངས་སྤྱོད་རྫོགས་པའི་རྒྱན་ཅན་ཕྱག་མཉམ་གཞག་ཚེ་བུམ་འཛིན་པའི་གནས་རྣམས་ནས། འོད་ཟེར་སོ་སོའི་ཁ་དོག་ཅན་འཕྲོས་པས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་རིགས་གསུམ་ཚེའི་ལྷ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་བ་དྷཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཞེས་བརྗོད། སྤོས་རོལ་བྱ། ཡེ་ཤེས་ཀྱི་བྱིན་ཕབ་པས་གསལ་སྟོང་ཟུང་འཇུག་གི་རྟོགས་པ་སྐྱེས་པ་དེའི་ངོ་བོར་ལྟོས་ལ་མཉམ་པར་ཞོག་ཅིག །ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་སློབ་དཔོན་ཡབ་ཡུམ་གཉིས་ཀྱི་བར་དུ་དོར་བའི་མོས་པས་འབུལ་བར་ཞུ། ཞེས་མེ་ཏོག་སློབ་དཔོན་ལ་ཕུལ། གསང་བའི་མཚན་དུ་གུ་རུ་རྡོ་རྗེ་ཚེ་དབང་རྩལ་ཅེས་བྱ་བར་ཟུངས་ལ། མ་རིག་པའི་སྒྲིབ་གཡོགས་བསལ་བར་གྱུར་པའི་མོས་པས་མིག་དར་བཀྲོལ་མཛོད། ཨོཾ་ཨཱཿཧཱུྃ། སློབ་དཔོན་གུ་རུ་པདྨ་འབྱུང་གནས་ཡབ་ཡུམ་ལུས་ཀྱི་གནས་ལྔར་ཚེ་ལྷ་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཞུགས་པ་རྣམས་མངོན་སུམ་དུ་མཇལ་བར་མོས་ཤིག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གུ་རུ་ཡབ་ཡུམ་གནས་ལྔའི་ཚེ་བདག་རིགས་ལྔ་ཡབ་ཡུམ་བཅས་གསལ་བའི་སྐུ་དང་སྦྱོར་མཚམས་ནས་སྤྲུལ་པའི་ལྷ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས་སྲིད་ཞི་བརྟན་གཡོ་ཀུན་གྱི་ཚེ་བཅུད་དྭངས་མ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས། གནས་ལྔའི་ཚེ་བདག་རྣམས་ཀྱི་ཕྱག་གི་བུམ་པར་འཁྱིལ་བར་གྱུར། ཨོཾ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ སོགས་གོང་ལྟར་ཚེ་འགུགས་གྱེར། དངོས་གཞིའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མཚམས་སྦྱོར་རྒྱས་པར་སྤྲོ་ན་སྔ་མ་ལྟར་ལ་ཅུང་ཟད་ཁ་བསྒྱུར་ནས་སོ་སོར་སྦྱར། བསྡུ་ན། སློབ་དཔོན་ཉིད་གུ་རུ་ཡབ་ཡུམ་དུ་གསལ་བའི་གནས་ལྔར་བཞུགས་པའི་ཚེ་བདག་རིགས་ལྔའི་བུམ་པ་ནས་བདུད་རྩི་ཁ་དོག་སྣ་ལྔའི་རྒྱུན་བབས་པས་གུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་ཕྱག་གི་བུམ་པ་ནས་ཀྱང་བདུད་རྩི་ཁ་དོག་སྣ་ལྔའི་རྒྱུན་བབས། སློབ་མ་གུ་རུ་ཡབ་ཡུམ་གནས་ལྔར་ཚེ་བདག་རིགས་ལྔ་ཡུམ་དང་བཅས་པར་གསལ་བའི་རིགས་ལྔའི་ཕྱག་གི་བུམ་པར་ཞུགས། གང་ཞིང་ལུད་པས་འཁོར་ལོ་ལྔའི་པད་འདབ་རྣམས་ཁེངས། དེ་ལས་ཀྱང་བདུད་རྩིའི་རྒྱུན་ཆེར་བབས་པས་ལུས་ཀྱི་གནས་ལྔར་བདུད་རྩི་ཁ་དོག་སྣ་ལྔ་བཀྲག་མདངས་དང་ལྡན་པས་གང། སྒྲིབ་པ་ལྔ་དག །ཁམས་ལྔའི་ཚེ་ཉམས་པ་སོར་ཆུད། དགའ་བ་བཞི་དང་འགྱུར་མེད་ཀྱི་བདེ་ཆེན་སྐྱེས། ཡེ་ཤེས་ལྔ་ཐོབ། སྐུ་ལྔ་མངོན་དུ་བྱས་པར་མོས་ཤིག །ཅེས་བྱས་ལ་དེ་ཉིད་མཚོན་བྱེད་བུམ་པ་སྐུར་ཚིག་དང་མཐུན་པར་གནས་ལྔར་བཞག་ལ། ཨོཾ༔ སྐུ་ཡི་དབང་མཆོག་སོགས་སྐུར་ཚིག་ལྔ་པོ་གོང་ལྟར་བརྗོད། བུམ་ཆུ་སྦྱིན། ཚེ་ཆང་ཚེ་རིལ་བཞག་ཡོད་ན་སྦྱིན། སློབ་དཔོན་ཉིད་གུ་རུ་ཡབ་ཡུམ་དུ་གསལ་བའི་སོགས་བརྗོད་ལ་མདའ་དར་གྱིས་རྒྱས་གདབ་པ་ཕྱིན་ཆད་ཀྱང་སྔར་དང་འདྲའོ། །གསུམ་པ་གསང་དབང་ནི། གཞུང་ལས། གསང་བ་བྱང་ཆུབ་བདུད་རྩིའི་བཅུད་མཆོག་མྱོང་། ཞེས་གསུངས་པ་ཉིད་མཚོན་བྱེད་སྔ་མའི་བུམ་གཏོར་གྱི་ཚབ་ཏུ་ཐོད་པའི་བདུད་རྩི་མངར་གསུམ་ཆོས་སྨན་སྦྱར་བ་བཤད། བཤམ་དང་སྒྲུབ་ཚུལ་སྔར་དང་འདྲ་བ་ལས། བདག་དང་བདུད་རྩི་ཞེས་བསྒྱུར། བཟླས་པ་ཚོགས་འཁོར་བྱས་ནས་དབང་ལ་ཁྲུས་དང་བགེགས་བསྐྲད། རིག་མ་མཚན་ལྡན་འབུལ་བར་མོས་ལ་མཎྜལ་ཕུལ་ནས་གདོང་གཡོགས་པ་ནས་བྱིན་འབེབ། བརྟན་པར་བྱ་བའི་བར་ཡང་ནང་དབང་ལྟར་ལ། སྔར་བྱིན་པའི་མེ་ཏོག་བླ་མ་ཡབ་ཡུམ་གྱི་མཁའ་དཀྱིལ་དུ་དོར་བའི་མོས་པས་འབུལ། གསང་བའི་མཚན་དུ་གུ་རུ་པདྨ་ཚེ་དབང་རྩལ་ཞེས་སོགས་གོང་ལྟར་ལ། ཚེ་འགུགས་ཀྱི་དམིགས་པར། གནས་ལྔའི་ཚེ་བདག་རྣམས་དང་སློབ་དཔོན་ཡབ་ཡུམ་གྱི་མཁའ་གསང་དུ་འཁྱིལ་བར་གྱུར། ཅེས་དང་། ཚེ་འགུགས་ལ། འཆི་མེད་བདུད་རྩི་ཚེ་རྟེན་འདི་ལ་ཁུག༔ ཅེས་བསྒྱུར། དངོས་གཞིའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛད་འཚལ། སློབ་དཔོན་གུ་རུ་ཡབ་ཡུམ་དུ་གསལ་བ་དང་གནས་ལྔར་བཞུགས་པའི་ཚེ་བདག་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཐམས་ཅད་འདོད་ཆགས་ཆེན་པོས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདུད་རྩི་ཁ་དོག་སྣ་ལྔའི་རྒྱུན་བབས། གུ་རུ་ཡབ་ཡུམ་གྱི་སྐུ་གང་། བདེ་བས་མྱོས་ནས་དྲག་ཏུ་སྦྱོར་བ་མཛད་པས་སྦྱོར་མཚམས་ནས་བྱང་སེམས་འཆི་མེད་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཁ་དོག་སྣ་ལྔ་པའི་རྒྱུན་བབས། སློབ་མ་གུ་རུ་ཡབ་ཡུམ་དུ་གསལ་བའི་ལྕེས་མྱངས་པས་མགྲིན་པ་ནས་འཕེལ་ཏེ་གནས་ལྔའི་ཚེ་བདག་རིགས་ལྔའི་སྐུ་གང་། དེ་རྣམས་ཀྱང་བདེ་བས་དགྱེས་ཏེ་སྙོམས་འཇུག་མཛད་པས་མཁའ་གསང་ནས་བྱང་སེམས་བདུད་རྩི་ཁ་དོག་ལྔ་པའི་རྒྱུན་བབས་པས་འཁོར་ལོ་ལྔ་དང་ལུས་ཀྱི་གནས་ཐམས་ཅད་བྱང་སེམས་བདུད་རྩི་བདེ་བའི་རང་བཞིན་ཁ་དོག་ལྔ་པས་གང་། སྒྲིབ་པ་ལྔ་དག་སོགས་སྔར་ལྟར་བརྗོད་ལ། ཐོད་པའི་བདུད་རྩི་གནས་ལྔར་བཞག་ཅིང་། སྐུར་ཚིག་ལྔ་པོ་བརྗོད། ཚེ་རིལ་ཆང་ཅི་བདེར་བྱ་ཆོག །རྒྱས་གདབ་ཕྱིན་ཆད་ཀྱང་གོང་ལྟར་བྱས་པས་འགྲུབ་བོ། །གསུམ་ཀ་དཀྱུས་གཅིག་ཏུ་བསྐུར་ན་ཐོག་མ་ནས་ཚེ་འབྲང་། བུམ་པ། ཐོད་པའི་བདུད་རྩི་གསུམ་ཀ་བཤམ། ལས་བྱང་ཚར་གཅིག་གིས་བསྒྲུབ། ཕྱི་དབང་གི་ཚེ་རིལ་ཆང་སྦྱིན། ཡེ་དྷར་བརྗོད་པའི་རྗེས་སུ་ནང་དབང་། དེའི་རྗེས་སུ་གསང་དབང་རིམ་པར་བསྐུར། མཐར་རྒྱས་གདབ་ཚར་གཅིག་བྱས་ཀྱང་ཆོག་གོ །གཞན་ལས་ཁྱད་འཕགས་འཆི་མེད་ཚེ་ཡི་དབང་། །ཇི་བཞིན་བསྐུར་པས་ཚུལ་བཞིན་རྒྱུད་སྨིན་ཏེ། །བདེ་སྟོང་ཟག་མེད་རྡོ་རྗེའི་སྐུ་མཆོག་བརྙེས། །འཁོར་བ་ཇི་སྲིད་གཞན་གྱི་དོན་བྱེད་ཤོག །ཅེས་པའང་གཏེར་གཞུང་རྩ་བ་དང་དཔལ་ཆོས་ཀྱི་གྲགས་པའི་དགོངས་དོན་གཞིར་གཞག །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། ཀུན་མཁྱེན་མདོ་སྔགས་གླིང་པ་ཟུང་གི་ཕྱག་བཞེས་ཀྱི་རྒྱུན་ཇི་ལྟར་བར་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཚེའི་ཆུ་བོ་རྒྱུན་བབས་ཀྱི་གནས། ཤྲཱི་དེ་བཱི་ཀོ་ཊིའི་ཡང་ཁྲོད་རྟག་བརྟན་དགའ་བའི་ཚལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་རྟ་མཆོག་རོལ་པའི་བརྒྱུད་འདེབས་ (Volume 26, Text 28)

སྙན་བརྒྱུད་རྟ་མཆོག་རོལ་པའི་བརྒྱུད་འདེབས་བཞུགས་སོ། །བདེ་ལྡན་དང་པོའི་སངས་རྒྱས་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་དབང་ཆེན་རྟ་མཆོག་དཔལ། །གྲུབ་པའི་རིག་འཛིན་ནཱ་གརྫུ་ན་ལ། །གསོལ་བ་འདེབས་སོ་བདུད་དཔུང་མཐར་བྱེད་ཤོག །སྣང་སྲིད་དབང་བསྒྱུར་པདྨ་རྒྱལ་པོ་དང་། །སྙན་བརྒྱུད་བཀའ་བབས་པདྨ་མདོ་སྔགས་གླིང་། །ཆོས་བདག་སྐྱེས་མཆོག་བརྒྱུད་པར་བཅས་པ་ལ། གསོལ་བ་འདེབས་སོ་བདུད་དཔུང་མཐར་བྱེད་ཤོག །ཡི་དམ་དབང་ཆེན་རྟ་མཆོག་རོལ་པ་དང་། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །པདྨ་གསུང་གི་དཀྱིལ་འཁོར་རབ་འབྱམས་ལ། །གསོལ་བ་འདེབས་སོ་བདུད་དཔུང་མཐར་བྱེད་ཤོག །གཞི་ཡི་རིགས་སད་ལམ་གྱི་བགྲོད་པ་ཡིས། །སྣང་སྲིད་ཐམས་ཅད་གདོན་ནས་དག་པར་ཤར། །རྟ་སྐད་ཐེངས་གསུམ་དགོངས་པ་མངོན་གྱུར་ནས། །འབྲས་བུ་རྟ་མཆོག་རོལ་པ་མངོན་གྱུར་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ །དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དབང་བཞི་ཡོངས་སུ་རྫོགས་པ་ཁྲིགས་བཀོད་འཆི་མེད་བདུད་རྩིའི་རོལ་མཚོ་ (Volume 6, Text 28)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དབང་བཞི་ཡོངས་སུ་རྫོགས་པ་ཁྲིགས་བཀོད་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡ། རང་བྱུང་ཀུན་ཁྱབ་རྡོ་རྗེའི་གསང་བ་གསུམ། །སྒོ་གསུམ་འཕོ་འཇིག་བཅོམ་པའི་དཔལ་དུ་ཤར། །འཆི་མེད་ཚེ་དང་བདེ་ཆེན་ཡེ་ཤེས་ཀྱིས། །ལུས་ཅན་ཀུན་སྐྱོབ་མགོན་པོ་མཆོག་དེར་འདུད། །ཚེ་སྒྲུབ་ཟབ་མོ་བརྒྱ་སྟོང་ལས། །ཡང་ཟབ་བསྔགས་པ་དོན་ལྡན་ཆོས། །གསང་འདུས་དབང་བསྐུར་བདུད་རྩིའི་རྒྱུན། །གྲུབ་གཉིས་སྲོག་འཚོར་བསྟེན་པར་བྱོས། །འདི་ཉིད་ཀྱི་རང་གཞུང་གི་དགོངས་པ་ལྟར་ན་འགྲོས་ཁྱད་པར་བ་ཞིག་སྣང་ཡང་བཀའ་བབས་ཀྱི་སྲོལ་འབྱེད་ཧེ་པ་ཆོས་འབྱུང་ཞབས་ཀྱིས་ཁྲིགས་བཀོད་སྤྱི་མཐུན་མཛད་པ་ལྟར་ན། སྒྲུབ་ཁོག་དང་འབྲེལ་བའི་སྐོར་རྣམས་དཀྱུས་ལ་མི་འགྲུབ་པས། གཞུང་དོན་མ་ཆད་པའི་ལག་ལེན་ཁྱེར་བདེར་བཀོད་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དང་དབང་། རྗེས་དབང་དང་དཀྱིལ་འཁོར་གྱི་བྱ་བའོ། །དང་པོ་ནི། བཀྲ་ཤིས་རྒྱས་པའི་གནས་དང་དུས་སྣོད་བཅུད་ཀྱི་ནུས་ཡུལ་གཞུང་དོན་ལྟར་ཚོགས་པའི་ཚེ། གནས་ཁང་རྟེན་དང་རྒྱན་གྱི་བཀོད་པས་བག་དྲོ་མཛེས་པར་བྱས་པའི་གུང་དུ་སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དེའི་དབུས་སུ་ཁྲིའུའི་སྟེང་བུམ་པའི་ཁར་གཏོར་མ་བཀོད་པ་ཡིན་ཡང་འགྱེལ་བ་སོགས་སྟབས་མི་བདེ་ན་ཁྲིའུ་ཉིས་བརྩེགས་ཀྱི་འོག་མར་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། སྟེང་མར་རིན་པོ་ཆེའི་སྣོད་དུ་གཏོར་མ་གཡང་ཞག་འཁྱིལ་པ་གདན་ཟླུམ་པོ་རིམ་ཆུང་དྲུག་བརྩེགས་ཀྱི་སྟེང་དུ་གཏོར་ཟླུམ་རིན་པོ་ཆེའི་དབྱིབས་ཅན་རྒྱན་མཛེས་སྤྲོས་བྱས་པ། གདན་གྱི་མུ་ཁྱུད་རྣམས་ལ་མུ་ཏིག་གི་ཕྲེང་བའི་ཚུལ་གྱི་དཀར་ཐིག་དང་། བང་རིམ་ཐམས་ཅད་ལ་ཚེའི་རིལ་བུས་བསྐོར་བ་བཞག །གཡས་སུ་དངུལ་ལམ་གས་ཆག་མེད་པའི་སྣོད་དུ་མར་གྱི་རིལ་བུ་ཅི་མང་དང་ཆང་ལ་མངར་གསུམ་སྦྱར་བས་བཀང་བ། མདུན་དུ་རྡོ་རྗེ། པདྨ། འཁོར་ལོ། རིན་པོ་ཆེ། རྒྱ་གྲམ་རྣམས་སོ་སོར་བྲིས་པའི་ཙཀླི །གཡོན་དུ་སྙིང་པོ་ལྔ་སྟེ་གསེར། ལན་ཚྭ། ཏིལ་དཀར། མར། སྦྲང་རྣམས་སྣོད་བཟང་པོར་བླུགས་པ་དང་མ་འཛོམ་ན་རི་མོར་བྲིས་པ་དང་རྡོ་རྗེའི་གོ་ཁྲབ་ཀྱི་ཙཀླི །རྒྱབ་ཏུ་གསང་དབང་ཐོད་པ་མཚན་ལྡན་ཆོས་སྨན་མངར་གསུམ་སྦྱར་བའི་ཆང་བཟང་པོས་བཀང་བའི་ཁར་མེ་ལོང་ངོས་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་གཉིས་བསྣོལ་དབུས་སུ་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས་ཞེས་པས་བསྐོར་བ་བྲིས་པ་བཞག་ལ་དར་དམར་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཙུགས། དེ་མཉམ་རིག་ཙཀ་ཀྱང་བཀོད། ཚེ་མདའ་གཞུང་གསལ་ཆས་ལྡན་མ་ཉམས་པ་ཚེ་ནས་དཀར་མོའི་སྣོད་དུ་གཟུག །བཀྲ་ཤིས་རྟགས་བརྒྱད་སོ་སོ་བ་དང་། སྤྱི་འགྲོ་སྤྲོ་ན་རྫས་བརྒྱད་དང་ནོར་བདུན་གྱི་ཙཀླི །ལས་བུམ། སྟ་གོན་རྫས་སོ་ཤིང་། སྲུང་སྐུད་སྣ་ལྔ། ཀུ་ཤ །མིག་དར། མེ་ཏོག་སོགས་ཉེ་བར་བསྡོག །དཀྱིལ་འཁོར་མདུན་ངོས་སྨན་རཀ་གཏོར་གསུམ། ཕྱི་མཆོད་གཙང་དག་ཕྲེང་ཚར་དུ་བཤམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ། སྤོས་ཐུན་འཐོར་ནས་ལ་སོགས་པའང་ཚོགས་པར་བྱའོ། །གཉིས་པ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ལས་བྱང་གཏེར་གཞུང་ལ་ཁྲིགས་བསྡེབས་ཀཿཐོག་རྙིང་མའི་ལུགས་དང་། གནས་མདོ་ལུགས་སོགས་འདྲ་མིན་མང་བས་གང་ལྟར་བྱས་ཀྱང་། བརྒྱུད་འདེབས། སྐྱབས་སེམས། སྔོན་གཏོར་ནས་བརྩམ་རིམ་པར་གཏང་བ་ལས། ལྷ་བསྐྱེད་སྐབས་ཆགས་མེད་ཞབས་ཀྱི་བཞེད་པར་ཚིག་རིས་གཅིག་གིས་བདག་མདུན་སོ་སོར་དུས་གཅིག་ཏུ་བསྐྱེད་ཅིང་མདུན་བུམ་དབྱེར་མེད་དུ་བསྒོམ་པ་ཡིན་ཡང་། སྐབས་འདིར་དངོས་སྟ་ཕྲལ་བའི་དབང་དུ་བྱས་ཏེ་འཆད་འགྱུར་ལྟར་བྱས་ན་ཟོར་ཡངས་ཤིང་རྙིང་ལུགས་སྤྱི་དང་ཡང་མཐུན་པར་འགྱུར་བས། ཐོག་མར་བདག་བསྐྱེད་ཁོ་ན་ལ་དམིགས་ཏེ་བསྟོད་པའི་བར་དུ་བཏང་ཞིང་བཟླས་པ་ཅི་ལྕོགས་མཐར་སྟོང་ཚིགས་འབུལ། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས། པད་ཟླའི་སྟེང་དུ་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ལྗང་གུ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་ཁྲོ་ཞིང་འཛུམ་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་བསྣམས་ཤིང་གཡོན་སྡིགས་མཛུབ་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་དུ་བཞེངས་པའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལྗང་གུ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་གང་བར་གྱུར། ཨོཾ་ཨ་མྲྀཏ་ཀུན་དྷ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཅེས་བརྒྱ་ཙམ་བཟླས་པའི་མཐར། ལྷ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པའི་རྡོ་རྗེའི་ཆུར་གྱུར། ཅེས་མོས། དེ་ནས་གཤམ་དུ་འབྱུང་བ་ལྟར་མི་རུང་བའི་ཡུལ་མ་ཡིན་པའི་སློབ་མ་སྣོད་དང་ལྡན་ངེས་པ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་སྤྱི་ལྟར་བྱིན་བརླབས་ཤིང་སྔགས་ཀྱིས་བསྔོ། ལས་བྱང་ལྟར་བཀའ་བསྒོ། དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམས་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ། བློ་བཅོས་པ་སོགས་ཆོས་བཤད་ཇི་ལྟར་འོས་པ་ལས་བྱེ་བྲག་ཏུ། དེའང་རང་བྱུང་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་རྒྱ་ཚད་བཀོད་པ་བསམ་གྱིས་མི་ཁྱབ་པའི་གནས་སུ། ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཉིད་ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་ཏུ་མེད་པའི་སྐུར་བཞེངས་ཏེ། ཚེ་བདག་རྒྱལ་བ་རིགས་ལྔ་ལ་སོགས་པ་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་ཚེ་རྒྱུད་ཏནྟྲ་བྱེ་བ་ཕྲག་བཅོ་བརྒྱད་ལ་སོགས་པ་ཆོས་ཉིད་ཀྱི་རང་སྒྲར་སྣང་བར་མཛད་པ་ཉིད། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཙོར་གྱུར་པའི་ས་བཅུའི་བྱང་སེམས་དང་རིག་པ་འཛིན་པ་རྣམས་ཀྱིས་བསྡུས་ཤིང་བརྡ་དང་ཡི་གེར་བྱིན་གྱིས་བརླབས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ལ་གཉེར་དུ་གཏད། དེ་རྣམས་ཀྱིས་རིན་པོ་ཆེའི་གླེགས་བམ་དུ་བཀོད་དེ་གནས་ཐ་དད་པ་རྣམས་སུ་རྫུ་འཕྲུལ་གྱིས་གཏེར་རྒྱས་བཏབ། དེ་ནས་ཐུབ་པའི་དབང་པོའི་བསྟན་པ་ལ་བཅོམ་ལྡན་འདས་ཚེ་དཔག་མེད་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་འཇིག་རྟེན་དུ་བྱོན་ཏེ་ཐུན་མོང་མ་ཡིན་པའི་ངོ་མཚར་མཛད་པ་བསམ་ལས་འདས་པས་གདུལ་བྱའི་དོན་མཛད་པ་ལས། བྲག་ཕུག་མཱ་ར་ཏི་ཀར་ཚེ་ལམ་གྱི་ཕྱག་རྒྱ་མནྡྷཱ་ར་བ་ལ་བསྟེན་ཏེ་འཆི་མེད་ཚེའི་དངོས་གྲུབ་བསྒྲུབས་པས་ཚེ་བདག་རྒྱལ་བ་རིགས་ལྔ་དངོས་སུ་བྱོན་ཏེ། གདན་ཐོག་དེ་ཉིད་དུ་ཚེའི་རིག་འཛིན་བརྙེས་པའི་དབང་བསྐུར། སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་རྡོ་རྗེའི་སྐུར་བྱིན་གྱིས་བརླབས། ཚེའི་རྒྱུད་ལུང་མན་ངག་གཅིག་ཅར་དུ་རྫོགས་པར་མཛད། སླར་ཤར་ཕྱོགས་རི་བོ་ཏ་ལ་གསང་བའི་དབང་ཕུག་ལ་སོགས་པ་ནས་ཀྱང་མཁའ་འགྲོས་སྦས་པའི་གླེགས་བམ་རྣམས་སྤྱན་དྲངས། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་སོགས་པདྨ་གསུང་གི་རིག་འཛིན་ཆེན་པོ་རྣམས་ལས་ཀྱང་གདམས་སྐོར་མ་ལུས་པ་གསན་པའི་ཚུལ་བསྟན་ཏེ་འཕགས་བོད་འགྲོ་ལྡིང་གཙོ་བོར་གྱུར་པའི་ཛཾ་གླིང་གླིང་ཕྲན་དང་བཅས་པ་གདུལ་བྱའི་ཡུལ་རྣམས་སུ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་སྒྲུབ་པའི་ཆོས་ཀྱི་བདུད་རྩི་དུས་གསུམ་རྒྱུན་ཆད་མེད་པར་སྩོལ་བར་མཛད་པ་ལས། བྱིན་རླབས་ཀྱི་གཟི་བྱིན་དང་གྲུབ་པའི་རྟགས་མཚན་རྒྱུན་མ་ཆད་པས་ཁྱད་པར་དུ་བྱས་པ་ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་རྩ་བའི་དབང་བཞི་སྟན་ཐོག་གཅིག་ཏུ་བསྒྲུབ་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམས་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ མགོན་པོ་ཚོགས་རྗེ་དབང་དང་ལྡན༔ དཀྱིལ་འཁོར་ཀུན་དང་ཡང་དག་མཆོག༔ ལས་དང་སྐལ་བར་ལྡན་པ་ཡིས༔ དམ་པ་མཆོག་ཉིད་བདག་ལ་སྩོལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཧོ༔ ཚུར་ཤོག་རྒྱལ་བའི་དཀྱིལ་འཁོར་དུ༔ ཚུལ་བཞིན་འཇུག་འདོད་བུ་གང་སུ༔ གསང་བ་གསུམ་གྱི་མཆོག་ཆེན་པོ༔ ཡང་དག་ཉིད་དབང་ཁྱོད་ལ་སྦྱིན༔ ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པ་དཀོན་མཆོག་རྩ་གསུམ་ཚོགས་དང་བཅས་ཏེ་བཞུགས་པ་ལ་བདག་སོགས་ཕ་མར་གྱུར་པའི་སེམས་ཅན་མཐའ་དག་དེང་ནས་བྱང་ཆུབ་ཀྱི་སྙིང་པོར་མཆིས་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་ཏུ་གུས་པས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་དུ་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གསུམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ། བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་བཅས་དགོངས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདིའི་རྗེས་ཟློས། ཀྱེ༔ མགོན་པོ་རྡོ་རྗེ་མཆོག་སྩོལ་མཛད༔ སྐྱེ་ཤི་མེད་པ་རྡོ་རྗེའི་མཆོག༔ ཚེ་ཡི་དངོས་གྲུབ་ཡང་དག་ཉིད༔ གཙོ་བོས་བདག་ལ་བསྩལ་དུ་གསོལ༔ ཨི་དཾ་དྷི་རཏྣ་ས་མ་ཡ༔ དེ་ལ་གསང་སྔགས་དབང་གི་སྲོག་དམ་ཚིག་ཡིན་པས་དམ་ཚིག་དང་མི་ལྡན་པ་ལ་དབང་བསྐུར་དུ་མི་རུང་བས། སྤྱིར་སོ་བྱང་གི་བསླབ་སྡོམ། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག །ལྷག་པར་འདི་ཉིད་ཀྱི་སྒྲུབ་པའི་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྐྱབས་ཆེན་དཀོན་མཆོག་རྣམ་གསུམ་ལས༔ མི་འདའ་དམ་ཚིག་སྡོམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ མདོར་ན་གསང་སྔགས་དམ་ཚིག་ལས༔ ནམ་ཡང་མི་འདའ་གཟུང་བར་བྱ༔ ལན་གསུམ། དེ་ལྟར་དམ་ཚིག་དང་སྡོམ་པ་བླངས་པ་ལས་ནམ་ཡང་འདར་མི་རུང་བས་ཁེ་ཉེན་གྱི་དཔང་པོར་རྡོ་རྗེའི་མནའ་ཆུ་སྦྱིན་པ་ཡིན་པས་ངེས་པར་གྱིས་ཤིག །དུང་ཞལ་དུ་ལས་བུམ་གྱི་ཆུ་བླུགས་པ་སྦྱིན་ལ། ཧཱུྃ༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་ཡང་དག་མནོས་གྱུར་ཏེ༔ འདི་ཀུན་ཉམས་ན་ཉེས་སྐྱོན་ཆེ༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་ཟུངས༔ ས་མ་ཡ་ཕེ་མི་ཏ་ཛ༔ སྒོ་གསུམ་ལ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་རབ་ཏུ་གནས་ཤིང་གསང་བར་གདམས་པ་འདི་དོན་ངེས་པར་མཛོད། རྡོ་རྗེ་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི༔ མཆོག་གི་དམ་པ་ཁྱོད་ཀྱིས་ཐོབ༔ ཚུལ་འདི་སྨྲ་བའང་མ་ཡིན་ཞིང༔ མི་འགྱུར་རྡོ་རྗེ་མཆོག་ཐོབ་འགྱུར༔ ཨོཾ་ཨཱཿཧཱུྃ་ཀ་རོ་ཀ་ཧཱུྃ་ཛ༔ ཚེ་བདག་མགོན་པོ་དང་གཉིས་སུ་མེད་པའི་དམ་ནོས་པ་ལས་འདའ་བར་མི་བྱ་བར་ནན་ཏན་གྱིས་བཀའ་བསྒོ་བ་ཡིན་པས་ཐུགས་ལ་ངེས་འཚལ། བདུད་རྩི་སྦྱིན། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ དེ་རིང་མགོན་པོ་ཚེ་ཡི་བདག༔ གཉིས་སུ་མེད་པར་ཁྱོད་ལ་ཞུགས༔ དཀྱིལ་འཁོར་གསུམ་དུ་ཡང་དག་གནས༔ མི་འདའ་རྡོ་རྗེའི་དམ་ནོས་ཤིག༔ བཛྲ་ཨུ་ད་ཀ་ཐ་མི་ཛ་ཧཱུྃ༔ སོ་ཤིང་མེ་ཏོག་གི་ཅོད་པན་ཅན་གཏད། མཎྜལ་འབྲུ་ཚོམ་ལྔ་བཀོད་པ་ལ་འདོར་དུ་གཞུག་ལ། དངོས་གྲུབ་ཀྱི་པྲ་བརྟག་པའི་སླད་དུ༔ སོ་ཤིང་སོར་བཅུ་གཉིས་པ་མགོ་མཇུག་མ་ལོག་པ་ལ་ཅོད་པན་དང་བཅས་པ་མེ་ཏོག་གི་ཚོམ་བུ་བཀོད་པ་ལ་འདོར་བཞིན་པས་འདིའི་རྗེས་ཟློས། ཧཱུྃ༔ ཚེ་ལ་དབང་བའི་དཀྱིལ་འཁོར་དུ༔ འབྲེལ་བའི་མེ་ཏོག་འདི་འབུལ་བས༔ ལས་དང་སྐལ་བར་ལྡན་པའི་ལྷ༔ དེ་རིང་དམ་པ་ཉིད་དུ་སྩོལ༔ ཨོཾ་བཛྲ་ཧཱ་ས་ཧཱ༔ ཞེས་དོར་བས། སོ་ཤིང་རྩེ་མོ་ཤར་ལྷོ་ནུབ་བྱང་བཞིར་བསྟན་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས། མཚམས་བཞིར་གཏེར་གྱི་བུམ་པ་སོགས་དངོས་གྲུབ་ཕྲན་ཚེགས། སྟེང་དུ་མཁའ་སྤྱོད། རང་དང་བླ་མ་ལ་བསྟན་ན་མཆོག་འགྲུབ་པའི་ལྟས་སུ་ཤེས་པར་གྱིས་ཤིག །སྲུང་སྐུད་ཁ་དོག་ལྔ་ལྡན་རྡོར་མདུད་བྱས་པ་ལ་སྔགས་འདི་ལན་བརྒྱ་རྩ་བརྒྱད་གསུངས་ཀྱང་ཅི་འགྲུབ་བཏབ་སྟེ། ཨོཾ་བཛྲ་པདྨ་ཀྲོ་ཏ་བཛྲ་ཙཀྲ་ཏཱིག་སྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཀྵ་ཧཱུྃ༔ རྡོ་རྗེའི་མདུད་པ་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་བར་ཆད་ཐམས་ཅད་སྲུང་བའི་རྡོ་རྗེའི་གོ་ཆར་གྱུར་པར་མོས་ཤིག །ཧཱུྃ༔ ཁ་དོག་ལྔ་ལྡན་སྲད་བུ་ལ༔ མི་ཤིགས་རྡོ་རྗེའི་གུར་དང་ལྡན༔ ལས་ཀྱི་རྡོ་རྗེས་དཔུང་པར་བཅིངས༔ བར་ཆད་ཀུན་གྱིས་མི་ཚུགས་ཤོག༔ ཅེས་གཏད་ནས་བཅིངས་པ་ལ། རྡོ་རྗེས་རྒྱས་གདབ་ཅིང་། བཛྲ་རཀྵ་ཧཱུྃ༔ ཞེས་བརྗོད་དོ། །ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས། ཨོཾ་ཨཱཿཧཱུྃ་མང་དུ་བཟླས་པས་བྱིན་གྱིས་བརླབས་ལ། ལེགས་ཉེས་ལྟས་རྨི་ལམ་དུ་གསལ་བར་མཐོང་བའི་སླད་དུ་ཀུ་ཤའི་ཆུན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །ཧཱུྃ༔ སྔོན་གྱི་རྒྱལ་བ་འཇིག་རྟེན་མགོན༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ མི་འགྱུར་རྡོ་རྗེ་མཆོག་ཐོབ་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ བཛྲ་ཏིཀྵ་བཾ༔ ཅེས་སྦྱིན། དེ་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་འཚལ། ཅེས་བསྔོ་སྨོན་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་རྒྱས་པར་སྤྲོ་ཞིང་ནུས་ན་སླར་ཡང་མཆོད་པ་བྱིན་རླབས་ཕྱིན་གྱི་ལས་བྱང་ཚར་གཅིག་གཏང་ལ་མདུན་བསྐྱེད་སྒྲུབ་མཆོད་བྱ། མི་ལྕོགས་ན་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་མདའ་དར་གཡབ་ཅིང་ཚེ་བསྐུལ་དང་བཟླས་པ་རྣམས་ཅི་འགྲུབ་མཐར་ཚེ་འགུགས་ནས་ཐུགས་དམ་གནད་བསྐུལ་ཡན་རྫོགས་པར་གཏང་། རྒྱས་གདབ་མི་དགོས། མདུན་གྱི་ཚེ་རྫས་རྣམས་ལ་ཚེ་བཅུད་བསྡུ་བའི་དམིགས་པ་བྱས་ལ། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་ལས་སྦྱོར་སྔགས་ཅི་འགྲུབ་བཟླ། ཚོགས་བྱིན་རླབས་ནས་ཞལ་བསྟབ་ཀྱི་བར་སོང་ནས་ཆགས་མེད་ཀྱིས་མཛད་པའི་སྒྲུབ་ལུང་མ་ཉིད་ཡོད་ན་དང་མེད་ན་བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་འགྲོ་བྱ། དབང་རྫོགས་པར་བླང་བར་གསུངས་པས་སྙིང་པོ་བསྡུས་པའི་དབང་ལེན་ནམ་ཏིང་ངེ་འཛིན་གྱི་དབང་ཙམ་བླང་། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་དབང་དངོས་ལ། སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཁྲུས་བྱ། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་རང་ཅག་བོད་ཁ་བ་ཅན་པ་རྣམས་ཀྱི་སྐྱབས་མགོན་གཅིག་པུར་གྱུར་པ་གུ་རུ་རིན་པོ་ཆེ་པདྨ་ཚེ་དཔག་ཏུ་མེད་པ་ཉིད་ཀྱིས་བོད་ཡུལ་ལས་ཅན་རྗེ་འབངས་སྤྱི་དང་བྱེ་བྲག་སོ་སོའི་ངོ་སྐལ་དང་འཚམ་པར་ཟབ་རྒྱས་རྡོ་རྗེའི་གསང་བ་རྨད་དུ་བྱུང་བའི་བདུད་རྩིའི་ཆར་ཆེན་ཕབ་པས་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་གོ་འཕང་མཆོག་ལ་སྦྱོར་བར་མཛད། འཆི་མེད་ཚེ་སྒྲུབ་པའི་གདམས་སྐོར་ཁོ་ནའང་མཐའ་ཡས་པ་ཞིག་བསྩལ་པ་ལས་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ལ་དམིགས་སུ་གནང་བ་རྣམས་ཀྱི་བྱེ་བྲག །ཐུགས་རྗེ་ཆེན་པོ་ཞི་དྲག་ཟབ་ལམ་ཚེ་སྒྲུབ་དང་བཅས་པའི་ཟབ་ཆོས་འདུས་པ་སྐོར་བཞི་རྣམས་མ་འོངས་པའི་གདུལ་བྱའི་དོན་དུ་ལྷོ་བྲག་གནམ་སྐས་ཅན་ལ་གཏེར་དུ་སྦས་པ་ལྔ་བཅུ་ཁ་རལ་འདུལ་བའི་དུས་སུ་སོན་པ་ན། ལང་གྲོ་ལོ་ཙཱའི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་ཆོས་རྒྱལ་རཏྣ་གླིང་པས་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་སྤྱན་དྲངས་ནས་གདུལ་བྱ་བགྲང་གིས་མི་ལང་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ལས། ཁྱད་པར་དུ་ཚེ་སྒྲུབ་གསང་བ་འདུས་པ་འདི་ཉིད་ལ་བརྟེན་ནས་རྗེ་ཉིད་དགུང་གྲངས་བརྒྱད་ཅུ་རྩ་བརྒྱད་དུ་བཞུགས་ཏེ་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཕྲིན་ལས་མཐའ་རུ་ཕྱིན། རྒྱལ་སྲས་ཚེ་དབང་གྲགས་པ་དགུང་ལོ་བརྒྱ་དང་བཅུར་བཞུགས་ཏེ་ཟབ་གཏེར་གྱི་བསྟན་པ་ཁྱབ་གདལ་དུ་སྤེལ་ཅིང་ནམ་ཡང་ཉམས་པ་མེད་པའི་རྩ་ལག་ཏུ་གྱུར་པས་མཚོན། ད་ལྟའི་བར་དུ་རྗེས་འཇུག་ཟབ་ཆོས་འདི་ལ་ཉམས་ལེན་མཛད་པ་ཐམས་ཅད་སྐུ་ཚེ་མཐར་ཕྱིན་པའི་དངོས་གྲུབ་བརྙེས་པ་ཤ་སྟག་བྱུང་བས་བྱིན་རླབས་ཀྱི་བཀའ་བབས་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ལ་སྨིན་བྱེད་དབང་བསྐུར་རྒྱས་བསྡུས་གཏོར་དབང་དང་བཅས་པ་རྣམས་སུ་ཡོད་པ་ལས། ད་ལམ་དབང་བསྐུར་རྒྱས་པ་མཆོག་དབང་དང་བཅས་པ་མཐར་ཆགས་སུ་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་ལེགས་པར་གྲུབ་པ་ཡིན་པས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་བྱས་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ་འབྲུ་གསུམ་གྱིས་གདོང་གཡོགས་དང་མེ་ཏོག་གམ་ཅོད་པན་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག༔ ཚེ་ཡི་བདག་པོ་རིགས་ཀྱི་མཆོག༔ འགྱུར་མེད་རྡོ་རྗེ་ཚེ་ཡི་དབང༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། འདོད་དོན་འདྲི་བ་ནི། བླ་མས། ཧོ༔ ཁྱོད་ཅག་སུ་ཡིན་འདོད་དོན་གང༔ ཇི་ལྟར་སྣོད་དང་ལྡན་པ་ཡིས༔ དམ་ཚིག་བཀའ་ལས་མི་འདའ་ཞིང༔ ཚུལ་བཞིན་བསྒྲུབ་པར་སྤྲོ་ལགས་སམ༔ ཞེས་སྐལ་པ་དང་འདོད་དོན་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་བཀའ་ལས་མི་འདའ་ཞིང༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ རྡོ་རྗེའི་ཚེ་མཆོག་བསྩལ་དུ་གསོལ༔ འདིར་དངོས་སྟ་སྦྲེལ་དུས་མི་དགོས་ཀྱང་ཕྱེ་བའི་སྐབས། སྐྱབས་འགྲོ་སེམས་བསྐྱེད་སྡོམ་བཟུང་རྣམས་སྟ་གོན་སྐབས་ལྟར་བླངས་ནས་བསྐྱར་ཏེ་བྱས་ན་ལེགས། དེ་ནས་སྨིན་བྱེད་ཀྱི་གཞི་དང་རྩ་བར་གྱུར་པ་ཡེ་ཤེས་པའི་བྱིན་རླབས་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན། ངག་གནད་རླུང་ཁ་སྦྱོར་དུ་ཆིངས་ལ། ཡིད་ཀྱི་གནད་དམིགས་པ་འདི་ཡེངས་མེད་རྩེ་གཅིག་པས་སྒོམས་ཤིག །རང་རང་རྣམས་དམ་ཚིག་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་རེ་རེ་སྒོམས། དེའི་ལྟེ་བར་འོག་ཉི་མ། སྟེང་ཟླ་བ། ཉི་ཟླའི་གྭའུ་ཁ་སྦྱོར་བ་གཅིག་སྒོམས། དེའི་ནང་དུ་སྲོག་མི་འགྱུར་བའི་ཡི་གེ་ནྲྀ་ལྗང་གུ་གཅིག་ལ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་སྡུད་པའི་ནུས་པ་དང་ལྡན་པ། དེའི་གཡས་ཕྱོགས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ། གཡོན་ཕྱོགས་ན་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་དང་གསུམ་གནས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་མགོན་པོ་ཚེ་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འཇའ་འོད་བདུད་རྩི་ཟེར་ཐིག་གི་རྣམ་པར་ཆར་ཆེན་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དྲི་ཞིམ་པའི་སྤོས་བཏུལ། དབྱངས་རོལ་དང་མདའ་དར་གཡབ་ལ་ལས་བྱང་ལྟར། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ སོགས་བརྗོད། གནས་མཆོག་འདི་རུ་ཞེས་པའི་མལ་དུ། སྐལ་ལྡན་རྣམས་ལ་བྱིན་ཕོབ་ཅིག༔ ཅེས་བསྒྱུར། རྩ་སྔགས་ལ་འབེབ་སྔགས་བཏགས་པ་མང་དུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ཅིང་། ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱཿ ཞེས་བརྗོད། མཎྜལ་ཚོམ་བུའམ་ཕྱག་མཚན་གྱི་དཀྱིལ་འཁོར་བཀོད་ལ། ཁྱེད་རང་རྣམས་དཀྱིལ་འཁོར་ཤར་གྱི་སྒོ་ནང་དུ་གནས་པར་མོས་པས་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་ལ་བབས་པར་ཤོག་ཅིག་བསམས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། ཧོ༔ གསང་བ་འདུས་པའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེ་ཟུང་འབྲེལ་བའི༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨཱ་ཡུ་ཥེ་པུཥྤེ་སིདྡྷི་གྲྀཧྞ་ཧོ༔ ཞེས་འདོར་དུ་གཞུག །དབུས་སུ་ཕོག་ན། ཁྱེད་ཀྱི་མེ་ཏོག་དབུས་སུ་ཕོག་པས་གསང་མཚན་བུདྡྷ་ཚེ་དབང་རྩལ་ལམ། རིགས་འདུས་ཚེ་དབང་རྩལ་གང་རུང་བཏགས་ལ། ཅེས་བྱ་བ་ཡིན་པས་མ་བརྗེད་པར་ཟུངས་དང་། མ་འོངས་པ་ན་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་པདྨོའི་དཔལ་ཞེས་བྱ་བའི་སངས་རྒྱས་དེའི་མཚན་འཛིན་པར་འཚང་རྒྱ་བར་འགྱུར་རོ། །དེས་འགྲེས་ཏེ། ཤར་དུ་བབས་ན་བཛྲ་དང་ཞི་བ། ལྷོར་རཏྣ་དང་རྒྱས་པ། ནུབ་ཏུ་པདྨ་དང་དབང་། བྱང་དུ་ཀརྨ་དང་དྲག་པོ་ལས་དྲང་པ་གདགས་ལ་ལུང་བསྟན། དེ་ནས་མ་རིག་པའི་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ༔ ལས་དང་སྐལ་བར་ལྡན་པ་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲོངས༔ རྡོ་རྗེ་སློབ་དཔོན་མཆོག་གིས་ཟུངས༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ མ་རིག་ལྡོངས་པའི་ལིང་ཏོག་སོལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ བླ་མས་གསེར་ཐུར་ཐོགས་ལ། དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་བར་མོས་ཤིག །ཧོ༔ ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་བསལ་བར་བྱ༔ གསང་བ་འདུས་པའི་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་སྐྱེད༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། དེ་ལྟར་བསལ་བས་རྣམ་དག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་དབྱེར་མེད་པ་ཚེ་དཔག་མེད་གསང་བ་འདུས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་སྤྲོ་དགའ་རྒྱ་ཆེན་པོ་སྐྱེད་ཅིག །སྔར་ཕུལ་བའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོས་ཁྱེད་རང་རྣམས་ལ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་ཤིག །ཅོད་པན་སྤྱི་བོར་བཞག་ལ། ཧཱུྃ༔ ཅོད་པན་འདི་ནི་དབང་གི་རྟགས༔ ཡི་དམ་ལྷ་དང་སྐལ་བ་མཉམ༔ ཚེ་དང་དཔལ་གྱི་རྒྱལ་མཚན་ཤོག༔ ཨོཾ་པུཥྤེ་སིདྡྷི་གྲྀཧྞ་ཧཱུྃ༔ དེ་དག་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་ཕྱི་སྤྲོས་བཅས་བུམ་དབང་། ནང་སྤྲོས་མེད་གསང་དབང་། གསང་བ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། མཐར་ཐུག་ཡང་གསང་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་དང་བཞིར་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལ་ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། མདུན་རྟེན་བུམ་པ་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་ཚེ་དཔག་མེད་ཡབ་ཡུམ་གཙོ་འཁོར་ཕོ་ཉ་མགྱོགས་མ་ཚེ་ལྷ་རིག་འཛིན་གྱི་ཚོགས་རྣམས་སྐུ་གཟི་བརྗིད་འོད་དུ་འབར། གསུང་སྔགས་ཀྱི་རང་སྒྲ་སྒྲོག །ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བཞུགས་པར་མོས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་ལས་བྱང་ལྟར་ཚེ་བསྐུལ་བཏང་། དེ་ལྟར་ཐུགས་དམ་བསྐུལ་པས་ཚེའི་ལྷ་ཚོགས་ཐམས་ཅད་དང་། སྤྲུལ་པའི་ལྷ་མོ་མགྱོགས་མ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པ་རྣམས་ཀྱིས་ཕྱག་ན་རང་རྟགས་མདའ་དར་ཚེའི་བུམ་པ་བསྣམས་ནས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་ཧྲིལ་གྱིས་བསྡུས་ནས་སྤྱི་བོ་ནས་མར་རྒྱ་མཐོངས་སུ་ཁ་བ་བབས་པ་ལྟར་ཐིབ་ཐིབ་བྱུང་ནས་ཚེ་བཅུད་ཀྱི་དྭངས་མ་ཐམས་ཅད་ནྲྀ་ཡིག་ལ་སིབ་སིབ་ཐིམ་པར་སྒོམས། སླར་ཡང་བཀྲག་མདངས་འོད་དུ་འབར་ཏེ་འོད་ཟེར་བ་སྤུའི་བུ་ག་ནས་སྟེང་འོག་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་ནྲྀ་ཡིག་འབྲུ་གསུམ་དང་བཅས་པ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སོགས་ནས། ཨཱ་ཡུ་ཥེ་ཛྙཱ་ན་ཛཿཛ༔ བར་བརྗོད། དེས་འཁོར་འདས་ཀྱི་ཚེ་བཅུད་བསྡུ་བ་སོང་ནས་དངོས་གཞི་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པས་བྱིན་གྱིས་བརླབས། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཅིང་བཀྲ་ཤིས་བརྗོད། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་ཏུ་མེད་པ་ཚེའི་ལྷ་མོ་རྣམས་དང་བཅས་པ་ཐམས་ཅད་ཀྱིས་ཕྱག་ན་འཆི་མེད་ཚེའི་བདུད་རྩིས་བཀང་བའི་བུམ་པ་རེ་ཐོགས་ཏེ་ཐམས་ཅད་ཀྱང་འཆི་མེད་ཚེའི་སྔགས་སྒྲ་ཏི་རི་རི་དབང་བསྐུར་བས། བདུད་རྩིའི་རྒྱུན་དཀར་པོ་འོ་མ་ལྟ་བུ་སྤྱི་བོ་ནས་མར་བབས། ལུས་འཆི་མེད་ཀྱི་བདུད་རྩིས་མེ་རེ་རེ་གང་ཞིང་འོད་ཟེར་བ་སྤུའི་བུ་ག་ནས་ཕར་འཕྲོས། འཁོར་འདས་སྣང་སྲིད་ཐམས་ཅད་ཀྱི་ཚེ་བཅུད་བཀྲག་མདངས་ཐམས་ཅད་ཨ་ནྲྀ་ཧཱུྃ་གསུམ་གྱི་རང་བཞིན་དུ་འཇིག་རྟེན་ཐམས་ཅད་མེ་རེ་རེ་གང་བ་འུབ་འུབ་བསྡུས་ནས་སྙིང་གའི་སྲོག་རྟེན་ནྲྀ་ལ་ཐིམ། བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག །རྣམ་བུམ་སྤྱི་བོའི་གནས་ལྔ་མགྲིན་པ་སྙིང་ག་རྣམས་སུ་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧཱུྃ༔ བུམ་པ་ལོངས་སྐུའི་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་འཚེར་འོད་ཟེར་འབར༔ ཕྱག་ན་ཚེ་ཡི་བུམ་པ་འཛིན༔ བུམ་པ་འཆི་མེད་བདུད་རྩིས་བཀང༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས༔ སྣོད་བཅུད་ཐམས་ཅད་ཚེ་རུ་སྡུས༔ ཨ་ནྲྀ་ཧཱུྃ་གི་འཕྲོ་འདུར་གསལ༔ སྐལ་ལྡན་འདི་ལ་དབང་བསྐུར་རོ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བུམ་པའི་དབང་བསྐུར་སྣོད་བཅུད་དཔལ༔ འབྲུ་ལྔ་སྨན་ལྔ་སྙིང་པོ་ལྔ༔ རིན་ཆེན་སྣ་ལྔ་དར་སྣ་ལྔ༔ སྐྱེ་འཆི་མེད་པ་ཚེ་ཡི་བཅུད༔ སྣོད་ལྡན་ཁྱོད་ལ་དབང་མཆོག་བསྐུར༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ འོ་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་མཆོག་འདི་བསྐུར་པས༔ སྐུ་རྡོ་རྗེ་འགྱུར་མེད༔ གསུང་རྡོ་རྗེ་འགག་མེད༔ ཐུགས་རྡོ་རྗེ་འཁྲུལ་མེད་ཀྱི་དབང་མཆོག་ཐོབ་ནས་རྟག་པ་གཡུང་དྲུང་གི་ཚེ་ཐོབ་པར་གྱུར་ཅིག༔ ཅེས་བུམ་དབང་སྨོན་ལམ་དང་བཅས་པ་བྱས་ནས། དེ་ལྟར་ཚེ་བདག་རྒྱལ་བ་རིགས་ལྔའི་རང་བཞིན་ཅན་གྱི་བུམ་ཆུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས་ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་འཆི་མེད་བདུད་རྩིས་གང་སྟེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཨ་ནྲྀ་ཧཱུྃ་གསུམ་དུ་འུབ་བསྡུས་སྙིང་གའི་འབྲུ་གསུམ་ལ་ཐིམ་བཀྲག་མདངས་འོད་དུ་འབར། མི་འགྱུར་རྟག་པའི་ཚེ་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། གཏོར་མ་ཚེ་བདག་དབྱིངས་ཕྱུག་ཡུམ་ལྔའི་རང་བཞིན་ཅན་གྱིས་དབང་བསྐུར་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཚེ་དབང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །ཧཱུྃ༔ གཏོར་མ་རིན་ཆེན་དཔལ་དུ་འབར༔ གཡང་ཞག་འཁྱིལ་པ་ཚེ་ཡི་རྟེན༔ ཚེ་བདག་རིགས་ཀྱི་ཡུམ་རྣམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི༔ ཛཿཧཱུྃ་བཾ་ཧོ༔ ཨཱ་ཡུཿསརྦ་ཛྙཱ་ན་པུཎྱེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཟན་དངོས་གྲུབ་ཏུ་སྦྱིན། དེ་ལྟར་བུམ་པ་དང་གཏོར་མ་ལ་བརྟེན་ནས་སྐུའི་དབང་བསྐུར་པ་ཐོབ། ཕུང་ཁམས་ལྷའི་སྐུ་རུ་སྨིན། འཆི་མེད་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་པས། དེང་ཕྱིན་ཆད་གཟུགས་སྣང་ཐམས་ཅད་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ་ཤེས་པས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །འཁོར་འདས་བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཚེ་ཆང་དང་ཚེ་རིལ་མྱང་བས་འཆི་མེད་རྡོ་རྗེའི་བཅུད་ལེན་འགྲུབ་པར་མོས་ཤིག །ཚེ་ཆང་སྣོད་མགྲིན་པར་གཏུག །བདུད་རྩི་དང་རིལ་བུ་སྦྱིན་ལ། ཧཱུྃ༔ རྩ་ཁམས་ལུས་ཀྱི་དཀྱིལ་འཁོར་དུ༔ དམ་རྫས་ཚེ་ཡི་བཅུད་ཀྱིས་བཀང༔ ཚེ་བཅུད་ལུས་ལ་བརྟན་གྱུར་ཅིག༔ ཨོཾ་ཨཱཿཡུརྫྙཱ་ན་གརྦྷ་བྷྲཱུྃ་བྷྲཱུྃ༔ དེ་ལྟར་ཚེ་ཆང་དང་རིལ་བུ་ལ་བརྟེན་ནས་གསུང་གི་དབང་བསྐུར་པ་ཐོབ། སྲོག་རྩོལ་སྔགས་ཀྱི་རང་སྒྲར་སྨིན། གཞོམ་མེད་རྡོ་རྗེའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་པས། དེང་ཕྱིན་ཆད་སྒྲ་གྲགས་ཐམས་ཅད་འཆི་མེད་ཚེ་ཡི་གསང་སྔགས་སུ་ཤེས་པས་བཟླས་བརྗོད་ཀྱི་རིམ་པ་ལ་བརྩོན་པར་གྱིས་ཤིག །ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་གཟུགས་རིགས་ལྔའི་ཕྱག་རྒྱ་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་རིགས་ལྔའི་ཚེའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ། དབང་རྟགས་སུ་རིན་པོ་ཆེའི་པྲོག་ཞུ་རིགས་ལྔ་ཡབ་ཡུམ་དང་བཅས་པས་དབུར་བརྒྱན་པར་མོས་ཤིག །ཕྱག་མཚན་ལྔ་སྤྱི་བོའི་གནས་ལྔར་རིམ་པར་བཞག་ལ། ཧཱུྃ༔ རྡོ་རྗེ་སེམས་དཔའ་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་གཉིས་མེད་སྦྱོར༔ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ པདྨ་རིགས་ཀྱི་དཀྱིལ་འཁོར་ནས༔ གསུང་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ རྣམ་པར་སྣང་མཛད་ཚེ་དཔག་མེད༔ ཀུན་བཟང་ཡུམ་དང་གཉིས་མེད་སྦྱོར༔ དེ་བཞིན་རིགས་ཀྱི་དཀྱིལ་འཁོར་ནས༔ སྐུ་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་གཉིས་མེད་སྦྱོར༔ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས༔ ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ དོན་ཡོད་གྲུབ་པ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས༔ ཕྲིན་ལས་ཚེ་ཡི་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ཕྱག་མཚན་རྣམས་བསྡམས་ལ་ལུས་ཀྱི་གནས་ལྔར་གཏུགས་ཤིང་། ཧཱུྃ༔ དུག་ལྔ་གནས་སུ་དག་པ་ལས༔ རྒྱལ་བ་ཚེ་བདག་རིགས་མཆོག་རྣམས༔ ཡེ་ཤེས་ལྔ་ཡི་ངོ་བོར་གསལ༔ སྐལ་ལྡན་བུ་ལ་རྡོ་རྗེའི་ཚེ༔ སྐྱེ་ཤི་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མཾ༔ དེ་ལྟར་ཕྱག་མཚན་རྣམ་པ་ལྔ་ལ་བརྟེན་ནས་ཐུགས་ཀྱི་དབང་བསྐུར་པ་ཐོབ། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་སྨིན། བདེ་ཆེན་རྡོ་རྗེའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་པས། དེང་ཕྱིན་ཆད་རྟོག་ཚོགས་ཐམས་ཅད་འཆི་མེད་ཚེ་ལྷའི་ཡེ་ཤེས་སུ་ཤེས་པས་གནས་ལུགས་ཀྱི་དོན་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །མེ་ཏོག་འཐོར་ཞིང་། ཨོཾ༔ འགྲུབ་པར་གྱུར་ཅིག་སྐྱེ་ཤི་མེད་པའི་དབང༔ རིགས་བདག་ཚེ་དབང་ལྷ་མོ་མགྱོགས་མའི་ཚོགས༔ བཀྲ་ཤིས་མཆོག་གི་དམ་པ་དཔལ་བརྙེས་པ༔ སྐལ་ལྡན་བུ་ལ་རབ་འབྱམས་དབང་ཐོབ་ཤོག༔ ཅེས་ཤིས་པ་བརྗོད། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་བསྐོན་པས་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེའི་སྐུར་གྱུར་པར་སྒོམས་ཤིག །གོ་ཁྲབ་བསྐོན་ཚུལ་བྱས་ལ། ཧཱུྃ༔ སྐལ་ལྡན་ལུས་ཀྱི་དཀྱིལ་འཁོར་དུ༔ མི་ཤིགས་འགྱུར་མེད་རྡོ་རྗེའི་ཁྲབ༔ གསལ་བ་གསུམ་གྱིས་རྒྱས་བཏབ་ནས༔ བར་ཆད་བདུད་ལས་རྣམ་རྒྱལ་ཤོག༔ ཨོཾ་བཛྲ་ཙཀྲ་ཡཀྵ་ཧཱུྃ༔ སྙིང་པོ་ལྔ་གཏད་པས་སོ་སོའི་ནུས་པ་དང་མཚུངས་པའི་ཚེ་དབང་དངོས་གྲུབ་ཐོབ་པར་མོས་ཤིག །སྙིང་པོ་ལྔ་དངོས་སམ་བྲིས་པ་གཏད་ལ། ཧཱུྃ༔ ས་ཡི་སྙིང་པོ་གསེར་ཡིན་ཏེ༔ ཚེ་ནི་སྲ་ཞིང་བརྟན་པར་ཤོག༔ ཆུ་ཡི་སྙིང་པོ་ཚྭ་ཡིན་ཏེ༔ ཚེ་ནི་རྒྱུན་ཆད་མེད་པར་ཤོག༔ འབྲུ་ཡི་སྙིང་པོ་ཏིལ་ཡིན་ཏེ༔ ཚེ་བསོད་དཔག་མེད་འཕེལ་བར་ཤོག༔ རྩི་བཅུད་སྙིང་པོ་མར་ཡིན་ཏེ༔ འགྱུར་མེད་ཚེ་ཡི་བཅུད་རྒྱས་ཤོག༔ རྩི་ཐོག་སྙིང་པོ་སྦྲང་ཡིན་ཏེ༔ བཀྲག་མདངས་དཔལ་དུ་རྒྱས་པར་ཤོག༔ ཨོཾ་པུཥྤེ་པཉྩ་ལི་ཁྲི་ཤ་དྷ་ར་སརྦ་སིདྡྷི་ཕ་ལ་ཧོ༔ ཅེས་ཤིས་པ་བརྗོད་དོ། །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་དབང་རྗེས་འབྲེལ་དང་བཅས་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་ནང་སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། མཚན་ཉིད་དང་ལྡན་པའི་རིག་མ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ གསང་བ་བླ་ན་མེད་པའི་རྟེན༔ མཚན་ལྡན་ཡིད་འོང་ལྷ་མོའི་གཟུགས༔ བདེ་བའི་གར་གྱི་ཉམས་ལྡན་མ༔ མཉེན་ལྕུག་འཁྲིལ་ནས་དབྱེར་མི་ཕྱེད༔ རྣལ་འབྱོར་དབང་ཕྱུག་ཁྱེད་ལ་འབུལ༔ དཔེ་ལས་འདས་པའི་བདེ་ཆེན་པོ༔ ཁྱེད་ཀྱིས་བདག་ལ་གནང་བར་མཛོད༔ ལན་གསུམ། བླ་མས། རོལ་པ་ཆེན་པོ་བདེ་བའི་མཆོག༔ ཆགས་དང་འཛིན་པ་ལས་གྲོལ་བའི༔ ཏིང་འཛིན་མཆོག་ནི་བདག་གིས་མྱོང༔ ཨེ་ཨཱ་རལླི་མུ་དྲ་ཧོ༔ ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཤིག །འབྲུ་གསུམ་བརྗོད། དེ་ནས་ཁྱད་པར་གྱི་བྱིན་རླབས་འབེབ་པ་ཡིན་པས་དམིགས་པ་འདི་རྩེ་གཅིག་ཏུ་མཛོད་ཅིག །ཁྱེད་རང་རྡོ་རྗེ་ཕག་མོར་གསལ་བའི་ཐུགས་ཀར༔ ཚེ་དཔག་མེད་ཡབ་ཡུམ་དཀར་པོ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་ཡབ་ཡུམ་ཐམས་ཅད་ལ་ཕོག༔ མཉེས་པའི་མཆོད་པ་འབུལ༔ དེ་རྣམས་ཀྱི་སྦྱོར་མཚམས་ནས་འོད་ཟེར་ཐིག་ལེ་དཀར་དམར་ཚེའི་རང་བཞིན་དུ་འདུས་ཏེ༔ ཁྱེད་རང་གི་སྙིང་གའི་ནྲྀ་ལ་ཐིམ་པར་སྒོམས་ཤིག༔ བླ་མས་ཀྱང་དེ་ལྟར་དམིགས་པ་གཏད་ཅིང༔ ཐོད་རྔ་དང་དྲིལ་བུ་འཁྲོལ་ལ༔ ཧཱུྃ༔ ཁྱེད་ལུས་བདེ་བའི་རྣལ་འབྱོར་མ༔ སྙིང་གར་ཚེ་བདག་ཡབ་ཡུམ་ནི༔ དྲི་མེད་ཤེལ་འདྲའི་སྦྱོར་མཚམས་ནས༔ ཕྱོགས་བཅུའི་ཚེ་བཅུད་ཀུན་བསྡུས་ནས༔ བུ་ཁྱོད་བདེ་བའི་ཉམས་སྐྱེས་སྒོམས༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་དབྱངས་དང་སྦྱར་སྤོས་བཅས་དབབ། གསང་བའི་དཀྱིལ་འཁོར་བལྟ་བར་དབང་བའི་བརྡར་གདོང་གཡོགས་སོལ་ཅིག །ཨོཾ་ཨཱཿཧཱུྃ༔ ཚེ་བདག་རིགས་ལྔའི་རྒྱལ་བ་ཡབ་ཡུམ། དེའི་རང་འོད་ལས་སྤྲུལ་པའི་ཚེ་ལྷ་མགྱོགས་མའི་འཁོར་ཚོགས་དང་བཅས་པ་བླ་མ་ཡབ་ཡུམ་གྱི་ལུས་གནས་རྩའི་འཁོར་ལོ་ལྔ་ལ་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པ་ཡིན་པས་བརྡ་སྤྲད་པ་ཙམ་གྱིས་དོན་མངོན་སུམ་དུ་མཐོང་བར་མོས་ཤིག །ཅེས་ལུས་དཀྱིལ་བསྟན། བླ་མ་ཚེ་དཔག་མེད་ཡབ་ཡུམ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་རྗེས་ཆགས་བསྐུལ་ཏེ་ཚུར་འདུས་ལུས་ལ་ཞུགས་པ་བྱང་ཆུབ་སེམས་འཆི་མེད་བདུད་རྩིའི་རང་བཞིན་དུ་ཞུ། ཨ་ཧཾ་ཕཊ༔ ཡོ་གི་ནཱི་ཧོ༔ མཁའ་གསང་ནས་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ་ཁྱེད་རང་གི་མགྲིན་པར་མྱང་བས་ལུས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཁྱབ། རྩ་ཁམས་འཁོར་ལོ་ལ་གནས་པའི་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་བྱེ་བ་ལྟ་བུ་རྣམས་བདེ་བའི་གར་གྱིས་རོལ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ རྩ་ཁམས་བདེ་བའི་རང་བཞིན་ལ༔ རྟོག་མེད་ཡེ་ཤེས་རོལ་པའི་ཉམས༔ བདེ་དང་སྟོང་པ་དབྱེར་མི་ཕྱེད༔ དགའ་བཞིའི་ཡེ་ཤེས་དབང་ཐོབ་ཤོག༔ ཛྙཱ་ན་མུ་དྲ་ཨན་ཛ་ལི་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །རྩ་དང་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་གསང་བ་ཤིན་དུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཤིག །སླར་ཡང་ཁྱད་པར་གྱི་བྱིན་རླབས་འབེབས་པ་ཡིན་པས་སོགས་གོང་ལྟར་སྤོས་རོལ་དབྱངས་བཅས་བརྗོད་ལ་གདོང་བསལ། རིག་ཙཀ་གཏད་ལ། མཚན་ཉིད་ཡོངས་སུ་རྫོགས་པའི་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་གྱི་སྲིན་ལག་གཡོན་པ་ནས་བཟུང་སྟེ་ཁྱེད་རང་ལ་གཏད་པར་མོས་ཤིག །ཧཱུྃ༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ བདེ་བ་དབྱེར་མེད་ཆེན་པོའི་ལམ༔ ཤེས་རབ་ཕྱག་རྒྱ་བསྟེན་པས་འབྱུང༔ བློ་དམན་འདི་ལ་ལོག་ལྟ་བ༔ མཉན་པ་ལག་སྐྱ་མེད་པ་བཞིན༔ འཁོར་བའི་མཚོ་ལས་སྒྲོལ་མི་འགྱུར༔ བུ་ཁྱོད་དགའ་བས་དང་དུ་ལོངས༔ བུད་མེད་ཙམ་ལ་བརྙས་པ་སྤོངས༔ ཞེས་གཏད་པའི་ཕྱག་རྒྱ་དེས་ཀྱང་གནང་བ་བྱིན་པར་མོས་ཤིག །ཧཱུྃ༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ བདེ་བའི་རྡོ་རྗེ་དགའ་བའི་གནས༔ ཤེས་རབ་ལ་བསྟེན་འབྱུང་བས་ན༔ ཞེན་མེད་བདེ་བའི་དགའ་བ་ལ༔ ཁྱོད་ཉིད་སྤྲོ་ན་ལེན་པར་གྱིས༔ དེ་ནས་ཁྱེད་རང་དབང་ཆེན་རྟ་མགྲིན། རིག་མ་རྡོ་རྗེ་རྣལ་འབྱོར་མ། མཁའ་གསང་རྡོ་རྗེ་པདྨ་ཧཱུྃ་དང་ཨཱཿས་མཚན་པ། གནས་ལྔར་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ། སེམས་ཅན་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པའི་བདེ་ཆེན་ཡེ་ཤེས་ཀྱི་སྐུ་བསྒྲུབ་པའི་འདུན་པ་རྣམས་གསལ་ཐོབ་ལ་ཆགས་པའི་རོལ་རྩེད་ཀྱིས་སྙོམས་པར་ཞུགས་པས། ཡུམ་གྱི་མཁའ་ནས་ཨཱཿདམར་པོ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་ཚེའི་ངོ་བོ་དང༔ འགྲོ་བ་མིའི་སྲོག་ནྲྀ་ལྗང་གུས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་རེ་རེ་གང་བ་འོད་ཟེར་གྱིས་བསྡུས་ཏེ་ཡུམ་གྱི་མཁར་བསྐྱིལ༔ བདེ་བ་གོང་འཕེལ་དུ་སྐྱེས་པས་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་སྐྱེས་ཀྱི་དགའ་བ་རྣམས་སུ་ངོས་བཟུང༔ ཡུམ་གྱི་མཁའ་རུ་གནས་པའི་ཚེ་བཅུད་ཐམས་ཅད་ཁྱེད་རང་གི་ནོར་བུའི་བུམ་པ་ན་གནས་པའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འུབ་ཀྱིས་བསྡུས༔ ཧཱུྃ་དང་ཁོང་འདྲེན་གྱིས་སྙིང་གར་དྲངས་ཏེ་སྙིང་གའི་ཚེ་དཔག་མེད་ལ་ཐིམ་པར་མོས་ཤིག༔ རང་བྱུང་ཡེ་ཤེས་སྤྲོས་དང་བྲལ༔ སྨྲ་རུ་མེད་པའི་བདེ་ཆེན་པོ༔ ཁྱོད་ཀྱིས་ངོ་བོ་ཤེས་སམ་ཅི༔ སྨྲ་མེད་སྡོད་པའི་བདེ་བ་ལ༔ འཛིན་ཆགས་སྤངས་ནས་ངོ་བོ་ལྟོས༔ ལྷན་ཅིག་སྐྱེས་པའི་དབང་ཐོབ་ཤོག༔ ཅེས་བརྗོད། དེ་ནས་ཕྱག་རྒྱའི་ལག་གཡོན་ཁྱེད་རང་གི་སྤྱི་བོར་བཞག་ནས་འདི་སྐད་བརྗོད་པར་མོས་ཤིག །ཀྱེ་ཧོ༔ བློ་ཅན་ཁྱོད་ཉིད་ཐབས་ལྡན་ན༔ ང་ཡི་བྷ་ག་གསང་ཆེན་འདི༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་གནས༔ འདི་ལས་བྱུང་གི་གཞན་དུ་མིན༔ པདྨ་ལ་ནི་འོ་བྱེད་པར༔ ཁྱོད་ནི་གུས་པར་སྤྲོ་འམ་ཅི༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། འདི་ནི་ཐབས་ཤེས་བདེ་བའི་ལམ༔ སྨྲ་བསམ་བརྗོད་དུ་མེད་པའི་དོན༔ གཞན་གྱིས་མིན་ཞེས་བླ་མས་གསུངས༔ དེ་ཕྱིར་བདག་གིས་ཅིས་མི་སྤྲོ༔ ཞེས་ལན་བཏབ་ནས་ཆུ་སྐྱེས་ལ་འོ་བྱས་པར་ཡང་མོས་ཤིག །དེང་ཕྱིན་ཆད་ཁྱད་པར་གྱི་དམ་ཚིག་ཏུ་རྩ་བའི་རིག་མ་ལྟ་ཅི་སྨོས་བུད་མེད་ཙམ་ལའང་བརྙས་པ་སྤང་དགོས་པ་ཡིན་ནོ། །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐིག་ལེ་དང་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཡང་གསང་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་ཆེ༔ སྨྲ་བསམ་བརྗོད་མེད་ངང་ལ་གནས༔ དེ་ཡི་རྟོགས་པ་བདག་རྒྱུད་ལ༔ དཔལ་ཆེན་ཁྱོད་ཀྱིས་འཕོ་བར་མཛོད༔ ལན་གསུམ། ཤེལ་རྡོ་མེ་ལོང་ཐོགས་ལ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ནམ་མཁའ་ལ་བྱོན་ཏེ་ཁྱེད་རང་ལ་དབང་ཡོངས་རྫོགས་དུས་གཅིག་ཏུ་བསྐུར་བར་མོས་ལ༔ རྡོ་རྗེའི་ཚིག་འདིའི་དོན་སྒོམ་ཞིང་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་ཞོག་ཅིག །བླ་མས་དབྱངས་བཅས། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ སྙིང་གར་ཚེ་ཡི་བདག་པོ་ནི༔ དྲི་མེད་ཤེལ་འདྲའི་ཐུགས་ཀ་རུ༔ སྐྱེ་མེད་རྡོ་རྗེའི་ཨ་གཅིག་སྒོམས༔ དེ་ལ་སེམས་ཉིད་རྩེ་གཅིག་གཏོད༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་དུ་མེད་པ་ལྟར༔ ཁྱོད་ཀྱི་སེམས་ཉིད་ཆོས་ཀྱི་སྐུ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་མ་འགག་ཤར་བ་ལ༔ འཆར་མཁན་བདག་མེད་སྟོང་པ་ཉིད༔ གདོད་ནས་མ་བཅོས་ལྷུན་གྱིས་གྲུབ༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མུ་བཞིར་གོལ་བའི་དྲི་མ་བྲལ༔ ཁྱོད་ཉིད་རིག་པའི་ངོ་བོ་སྟོང༔ སྐྱེ་འགག་གནས་དང་བྲལ་བས་ན༔ རྡོ་རྗེ་ཚེ་ཡི་ངོ་བོ་ཉིད༔ སྐྱེ་ཤི་མེད་ཅེས་དེ་ལ་བྱ༔ ཤེལ་འདི་རྒྱུ་དང་རྐྱེན་མ་གྲུབ༔ ཕྱི་ནང་མེད་པར་ཟང་ཐལ་ལེ༔ རིག་པ་ཉིད་ཀྱང་དེ་དང་མཚུངས༔ མེ་ལོང་དག་ཅིང་དྲི་མ་མེད༔ གསལ་ལ་འཛིན་མེད་ཡེ་ཤེས་ངང༔ སེམས་ཉིད་རིག་པ་དེ་དང་མཚུངས༔ དོན་ནི་ཕྱི་རོལ་དཔེ་མ་ཡིན༔ རང་བྱུང་ཡེ་ཤེས་ངོ་བོ་ལ༔ རང་བྱུང་རིག་པའི་རྩལ་དབང་ཡིན༔ ངོ་བོ་ལ་ལྟོས་དེ་དོན་སྐྱོངས༔ མ་ཡེངས་འཛིན་མེད་རང་གསལ་དུ༔ མ་ཡེངས་མི་བསྒོམ་གཉུག་མའི་དོན༔ བརྩོན་འགྲུས་ལྡན་པས་སུས་སྐྱོང་བ༔ ཚེ་གཅིག་ཐར་པའི་ལམ་མཆོག་ཐོབ༔ སྤྲོ་ན་དེའི་དོན་བཀྲོལ་ལ་ངོ་སྤྲད་པར་བྱའོ། དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་དོན་བསྒོམ་པ་ལ་དབང་། འབྲས་བུ་སྐུ་ལྔ་ལྷུན་གྲུབ་བདེ་བ་ཆེན་པོ་ཐིག་ལེའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཕྱག་བཞེས་རྙིང་པར་ཚེ་གཏོར་པྲ་ཁྲིད་དབང་ཐམས་ཅད་ཀྱི་རྗེས་སུ་སྦྱོར་བར་མཛད་ཀྱང་པྲ་ཁྲིད་ནི་དོན་དབང་གི་ཆ་ལག་ཡིན་ཞིང་། འདིར་ཚེ་གཏོར་ཚེ་ཆང་རྣམས་གོང་དུ་སོང་བས་སྦྱར་དགོས་ངེས་མེད་ཀྱང་དབང་ཆེན་ཙམ་ལས་དོན་དབང་མི་བསྐུར་བ་དང་། པྲ་ཁྲིད་དབང་ཡང་ཞར་བྱུང་རྫོགས་པར་འདོད་ན་འདིར་བསྐུར་བར་རིགས་ཏེ། དེ་རྣམས་ཀྱིས་དབང་བཞི་ཟབ་པའི་མཐར་ཐུག་ཡོངས་རྫོགས་གྲུབ་ནས་མཐའ་རྟེན་དུ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་མཛོད། གཏོར་སྣོད་འཆི་མེད་བདེ་ཆེན་པདྨོ་བཀོད་པའི་གཞལ་ཡས་ཁང་དུ་གཏོར་མ་བཅོམ་ལྡན་འདས་ཚེ་དཔག་མེད་རིགས་ལྔ་མགྱོགས་མ་ཕོ་ཉའི་ཚོགས་དང་བཅས་པ་འོད་ཟེར་གྱི་ཀློང་ན་བཞུགས་པའི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་འཆི་མེད་རྡོ་རྗེའི་དབང་དང་བྱིན་རླབས་ཡོངས་རྫོགས་ཐོབ་པར་མོས་ཤིག །ཚེ་གཏོར་ཐོགས་ལ། ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞག་འཁྱིལ་པའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་དཔལ་གྱི་འཕྲོ་འདུར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག །གཏོར་མའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རྟེན་དམ་ཚིག་པ་འོད་དུ་ཞུ་ནས་ཟག་པ་མེད་པའི་བདུད་རྩི་ཆེན་པོར་གྱུར་པ་དང་། ཚེ་ཆང་མགྲིན་པར་རོལ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །གཏོར་ཟན་དུམ་བུ་དང་ཚེ་ཆང་སྦྱིན་ལ། ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་ན༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་བསྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམ༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་བརྗོད། ཚེ་རྟེན་མདའ་དར་ཕྱག་ཏུ་གཏད་པས་བླ་ཚེ་སྲོག་གསུམ་རང་མལ་དུ་ཚུད་ནས་ནམ་ཡང་འགྱུར་བ་མེད་པར་སྒོམས་ཤིག །ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛོད༔ གཡུ་ནི་ཟ་མ་མོ་ཡི་རྟེན༔ བལ་ནི་ལོངས་སྤྱོད་གཡང་གི་རྟེན༔ ཤྭ་ནི་བྱིས་པ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱིས་པའི་བླ་རྟེན་ཆུང་ལ་གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཅེས་མདའ་དར་གཏད། དེའང་ཚད་ལྡན་བྱེད་ན་སོ་སོའི་ཚེ་མདའ་གཏད་ལ་འབྲལ་མེད་དུ་འཆང་དགོས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས་ལས་དང་པོ་དབང་གི་རྗེས་ཀྱི་བྱ་བ་ནི། དེ་དག་གིས་དབང་དངོས་གཞི་ཡོངས་རྫོགས་རྒྱས་པར་གྲུབ་ནས་བརྟན་བྱེད་བཀྲ་ཤིས་པའི་རྟགས་བརྒྱད། འདིར་རྫས་བརྒྱད་དང་རྒྱལ་སྲིད་ཡོད་ན་སྨོས་དགོས། རེ་རེ་བཞིན་ཕྱག་ཏུ་གཏད་ནས་མངའ་གསོལ་བར་མོས་ཤིག །རྟགས་བརྒྱད་ནོར་བུ་བཅས་རེ་རེ་ནས་གཏད་ལ། ཧཱུྃ༔ གསེར་གདུགས་སྐྱབས་ཆེན་ཀུན་ཏུ་ཁྱབ༔ ནོར་བུ་ཆེན་པོ་རིན་ཆེན་ཏོག༔ དབུ་ཡི་བཀྲ་ཤིས་དཔལ་འབར་བས༔ སྐལ་ལྡན་བུ་ལ་སྐྱོབ་པར་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ གསེར་ཉ་དྲི་མེད་གསལ་འགྲིབ་མེད༔ ཡེ་ཤེས་མིག་ནི་དྲི་མ་མེད༔ སྤྱན་གྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་གསལ་བར་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཚེམས་མཆོག་དྲི་མེད་སྐྱེ་ཤི་གཅོད༔ དུང་མཆོག་དྲི་མེད་ཆོས་ཀྱི་སྒྲ༔ ཚེམས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་བརྟན་པར་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ པདྨ་རབ་རྒྱས་རྣམ་པར་དག༔ དབྱངས་ཀྱི་ཆོས་སྒྲ་རྒྱ་ཆེན་སྒྲོག༔ ལྗགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་རྒྱས་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ མགྲིན་པར་བུམ་བཟང་ཆེ་བའི་མཆོག༔ དྲི་མེད་དབང་བསྐུར་ཡང་དག་དཔལ༔ མགྲིན་དུ་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་དབང་རྫོགས་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཐུགས་མཆོག་མི་འགྱུར་དཔལ་བེའུར་འབར༔ ནམ་མཁའ་ལྟ་བུར་གསལ་འགྲིབ་མེད༔ ཐུགས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་རྒྱས་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ ཕྱག་ནི་ནོར་བུ་དཔལ་འབར་བ༔ དགོས་འདོད་ཡིད་བཞིན་རིན་ཆེན་གཏེར༔ ཕྱག་གི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་ཡིད་བཞིན་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་ཆོས་འཁོར་བསྐོར༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཞབས་ཀྱི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་བརྟན་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ ཧཱུྃ༔ མི་ནུབ་རྒྱལ་མཚན་ཕྱོགས་བཅུར་སྒྲེང༔ རྟག་པ་རྡོ་རྗེ་གཡུང་དྲུང་ཉིད༔ སྐུ་ཡི་བཀྲ་ཤིས་དཔལ་འབར་བ༔ སྐལ་ལྡན་བུ་ལ་རབ་གནས་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་བྷྲཱུྃ་མཾ་ག་ལཾ་སྭ་སྟི་ཧཱུྃ་བྷྲཱུྃ༔ རྫས་བརྒྱད་རྒྱལ་སྲིད་སྤྲོ་ན་སྤྱི་འགྲོའི་ཚིག་རྒྱས་བསྡུས་གང་རུང་གིས་སྦྱིན་ནོ། །དེ་ལྟར་འཆི་མེད་རྡོ་རྗེ་ཚེའི་དབང་བསྐུར་པ་དེ་ཉིད་ནམ་ཡང་མི་ཉམས་ཤིང་བརྟན་པའི་ཕྱིར་ཚེ་སྦ་ཞིང་བསྟིམས་ལ་ཕྱག་རྒྱས་འདེབས་པ་དང་། ཚེའི་རྟེན་ཕུར་འཛུགས་ཤིང་ཤིས་བརྗོད་རྡོ་རྗེའི་ཚིག་གིས་རྒྱས་གདབ་པ་རྣམས་རིམ་པར་བསྒྲུབ་པ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཡུམ་ལྔའི་ཐུགས་དམ་བསྐུལ་བས་སྤྲུལ་པ་འཇིག་རྟེན་གྱི་ཁམས་གང་བས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དང་ཁྱད་པར་འབྱུང་བ་ལྔའི་བཅུད་དང་དྭངས་མ་ཐམས་ཅད་འུབ་འུབ་བསྡུས་ནས་ཁྱེད་རང་རྣམས་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་འོད་དུ་འབར། ཕྱག་རྒྱ་ལྔའི་རྒྱས་བཏབ་པས་ནམ་ཡང་ཉམས་མེད་བརྟན་པར་གྱུར་པར་མོས་ཤིག །ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ སོགས་ནས་ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཞེས་པའི་བརལས་བྱང་ལྟར་བརྗོད་ལ། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བའི་དྭངས་མ་དང་སྙིང་པོའི་བཅུད་ཐམས་ཅད་སྙིང་གའི་ཉི་ཟླའི་གྭའུའི་བར་ནས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་འུབ་བསྡུས་ཏེ་ཚེ་རྟེན་ཨ་ནྲྀ་ཧཱུྃ་གསུམ་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་མེད་ཚེའི་རིག་འཛིན་ཐོབ། ཉི་ཟླའི་གྭའུ་ཁ་བསྒྲིགས་ཏེ། འོག་གི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་གྱེན་ལ་ལང་སྟེ་བསྣོལ་མར་རྒྱས་གདབ། སྟེང་དུ་ཚེ་དཔག་མེད་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་བ་གཅིག་འགྱུར་མེད་དབང་རྟགས་སུ་བཞུགས་པར་སྒོམས་ཤིག །ཧཱུྃ་ཏྲ་ཏྲ་ཤག་སོགས་ཉེར་གཅིག་ཙམ། ཧཱུྃ༔ སྙིང་པོ་བརྟན་པ་སོགས་སྐབས་འདིར་གནད་བསྐུལ་མི་དགོས་པས། འོག་གི །ཧཱུྃ༔ དམ་ཚིག་ཆེན་པའི་དུས་ལ་བབ༔ སོགས་ཚེ་འཛུག །ཨོཾ༔ སྐུ་ཡི་སྐུ་སྟེ་སོགས་བརྗོད། མདའ་དར་གཡབ་ཅིང་མེ་ཏོག་འཐོར། རོལ་མོ་བསྒྲག །ཨོཾ༔ འགྲུབ་པར་གྱུར་ཅིག་སོགས་རྡོ་རྗེའི་ཚིག་ལན་གསུམ་བརྗོད་ལ་བརྟན་པར་བྱའོ། དེ་རྣམས་ཀྱིས་ཟབ་པའི་གནད་མང་པོས་ཁྱད་པར་དུ་བྱས་ཤིང་མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་འཐོབ་པར་བྱེད་པ་ཚེ་དཔག་མེད་གསང་བ་འདུས་པའི་དབང་བཞི་མཐའ་རྟེན་དང་བཅས་རྒྱས་པར་བསྐུར་གྲུབ་པ་ཡིན་པས་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་དང་། བྱེ་བྲག་ཚེ་སྒྲུབ་པའི་སྤང་བྱའི་དམ་ཚིག་ཏུ། སྲོག་གཅོད་རྟེན་གསུམ་བཤིག་གཞོམ༔ གཉན་ཁ་སྲོལ་བ༔ ལྷ་འདྲེ་དྲེགས་པ་ཅན་རྣམས་ལ་དོ་བསྡོ་བ་རྣམས་མི་བྱའོ༔ བསྒྲུབ་བྱའི་དམ་ཚིག་ཏུ༔ ལམ་ཟམ་བཅོས་པ༔ རྟེན་གསུམ་རྙིང་པ་གསོ་བ༔ ཚ་ཚ་གདབ་པ༔ སེམས་ཅན་གྱི་སྲོག་སྐྱོབ་པ༔ དཀར་པོ་དགེ་བའི་རྩ་བ་མཐའ་དག་ལ་འབད་དོ༔ རྒྱས་བསྡམ་པ་ནི༔ ཚེ་དབང་ཟབ་མོ་འདི་ཉིད་སྣོད་མེད་དང༔ དམ་མེད༔ སྡིག་ཅན༔ དམ་ལོག༔ ལོག་སྤྱོད་ཅན་ལ་མི་བསྐུར་བར་ཤིན་ཏུ་བཀའ་རྒྱ་དམ་པར་བྱ་དགོས་པར་གསུངས་པས་དེ་དག་ཚུལ་བཞིན་བླང་དོར་ལ་བརྩོན་ཞིང་འདི་ཉིད་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །གཉིས་པ་དཀྱིལ་འཁོར་གྱི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་རྟ་བྲོ། དཀྱིལ་འཁོར་ལ་མཆོད་བསྟོད་ཕུལ་ཞིང་ནོངས་བཤགས་བཟོད་གསོལ་དང་། རྟེན་དང་བསྟུན་པའི་མདུན་བསྐྱེད་གཤེགས་བསྟིམ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་རྒྱུན་སྤྱོད་ལ་འཇུག །རྡོ་རྗེའི་ཚིག་ལན་གསུམ་གྱི་སྨོན་ལམ་དང་བཀྲ་ཤིས་ལས་བྱང་ལྟར་བརྗོད་པ་སོགས་མཐའ་རྒྱས་སུ་བྱའོ། །འདི་ནི་དངོས་སྟ་ཉིན་གཅིག་འགྲུབ་པའི་ལག་ལེན་བསྡུས་པའི་དབང་དུ་བྱས་ཤིང་། ཤིན་ཏུ་བསྡུ་ན་སྟ་གོན་ཕྱིར་འཐེན་ནས་དངོས་གཞི་དང་སྦྲལ་ཡང་རུང་ལ། འདི་ཁོ་ན་ཆེད་དུ་བྱ་བའི་ཆ་ཅུང་རྒྱས་པར་སྤྲོ་ན་དངོས་སྟ་ཞག་གིས་ཆོད་དགོས་པས། ཐོག་མར་ཐུགས་གསང་སྒྲུབ་ཁོག་ལྟར་རྟ་མགྲིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ། ས་ཆོག་རྒྱས་བསྡུས་གང་འོས་བྱས་ལ། སྟེགས་བུར་ཚོམ་བུ་ལྷ་གྲངས། བུམ་པ་གཉིས། མཆོད་གཏོར་བཅས་བཤམས་ལ་མཆོད་པ་བྱིན་རླབས་ནས་བསྟོད་པ་ཡན་ལས་བྱང་ཚར་གཅིག་གིས་ལྷ་སྟ་གོན་སྙན་གསན་དབབ་པ་བཅས་བྱས་ལ་དཀྱིལ་འཁོར་ནམ་མཁར་བཏེགས། དེ་ནས་བུམ་བསྐྱེད་རྒྱས་བསྡུས་གང་རུང་གིས་བཟླས་པ་འོད་ཞུ། ལས་བུམ་སྒྲུབ་པ་རྣམས་སོང་ནས་སློབ་མ་སྟ་གོན་བྱ། ཕྱིར་ཉིན་བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་སྤྱན་འདྲེན་སྐབས་ནམ་མཁའི་ལྷ་བསྟིམས་ནས་་ཛཔ྄་ཁང་དབྱེ་ཞིང་བཟླས་པ་སོགས་དངོས་གཞིའི་ལས་རིམ་རྣམས་གོང་དུ་བསྟན་པ་བཞིན་བྱའོ། །ཟབ་གཉན་བྱིན་རླབས་ཚིག་ཙམ་མ་སོང་བའི། །དབང་འདིས་སྐལ་ལྡན་ཀུན་གྱི་རྒྱུད་སྨིན་ནས། །རྡོ་རྗེའི་སྲོག་འགྲུབ་བདེ་ཆེན་ཡེ་ཤེས་བརྙེས། །ཚེ་འདིར་ཚེ་དཔག་མེད་ཀྱི་མཆོག་ཐོབ་ཤོག །ཚུལ་འདིར་དཔལ་ཀཿཐོགས་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་ཆ་ཚད་མར་གྱུར་ཀྱང་ཕྱག་ལེན་རྒྱས་པའི་ཕྱོགས་ལ་སྔོན་གྱི་རྙིང་ལུགས་ཅུང་རྙོགས་པས་དུས་དང་བསྟུན་པའི་ཁྱེར་བདེར། ཚེ་དབང་པདྨའི་རྗེས་འཇུག་གི་རྟགས་ཙམ་འཆང་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོང་བདེ་གཤེགས་རྣམ་དགུའི་ཕོ་བྲང་གི་བྱེ་བྲག་གསུང་མཆོག་པདྨ་བརྩེགས་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

རྟ་མགྲིན་གསང་སྒྲུབ་ཀྱི་འཁོར་ལོའི་དཔེའུ་རིས་ (Volume 25, Text 28)

                    ༄༅། །རྟ་མགྲིན་གསང་སྒྲུབ་ཀྱི་འཁོར་ལོའི་དཔེའུ་རིས་དགེ། 
           རྟ་མགྲིན་གསང་སྒྲུབ་ཀྱི་འཁོར་ལོ་ཤིན་ཏུ་ཟབ་པ། སྟེང་འཁོར་ཁེར་རྐྱང་གི་སྲུང་བ་ཁ་སྦྱར་བའི་རང་སྲུང་དང་། སྲིའུ་སྲུང་བར་དབྱུག་པར་བཏགས་ནས་བརྡུང་བ།
               འོག་འཁོར་ལིངྒ་བྲི་ནས་མནན་པ་སོགས་རྣམ་གྲངས་མང་ཡང་། རྩ་བ་གཏེར་བྱོན་ཡིན་པ་ཙམ་ལས་བར་སྐབས་ནས་ཤངས་པ།
           ས་དགེ་སོགས་གསར་མ་བའི་ཉམས་བཞེས་སུ་སོང་ནས། སྔ་འགྱུར་ལ་དར་སོ་ཆུང་གཤིས་འཁོར་ལོ་རྣམས་ཀྱང་སྐུ་མཚམས་དམ་དྲགས་པས་སྣ་ཚོགས་སྣང་ཡང་།
               འདིར་གསལ་བ་གཏེར་གཞུང་དགོངས་དོན་ལྟར་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པ། སྔགས་རྒན་རལ་པ་ཅན་ཚོས་དཔྱད་པར་ཞུ།།  
         ལྕགས་ཟམ་ལུགས་ཀྱི་རྒྱུན་ལ་མོ་འཁོར་ལུགས་འདི་ལྟར་འདུག་ཀྱང་། ཟུར་ཆེན་ཕྱག་བྲིས་མར་རྩིབས་མཆན་ལ་རཀྵ་ས་མ་ཡ་ཛཿཚར་རེ་དང་། ལྟེ་བར་ཏྲི་འདུག་གོ།
            ལྕགས་ཟམ་ཕྱོགས་ཀྱི་རྒྱུན་ལ་ཕོ་འཁོར་འདི་ལྟར་སྣང་ཞིང་། ཟུར་ཆེན་གྱི་ཕྱག་བྲིས་ལ་རྩིབས་མཆན་ལ་བྷྱོ་མ་གཏོགས་གཞན་མི་སྣང་ངོ་། །
         ༈ རྟ་མགྲིན་གསང་སྒྲུབ་ཀྱི་འཁོར་ལོ་འདི་ལ། སྟེང་འཁོར་ཁེར་རྐྱང་ལ་བརྟེན་པའི་སྲུང་བ། སྔགས་མགོ་གཏོད་ཕྱོགས་བསྒྱུར་བའི་ཟློག་པ། གདོན་ཚབས་
         ཆེ་ན་སྟེང་འོག་ཁ་སྦྱར་ནས་རང་དང་སྲིའུ་གསོ་བ། བདག་གཞན་སྲུང་བ། འཁོར་ལོ་དབྱུག་པ་ལ་བཏགས་ནས་འདྲེ་བརྡུང་བ། འོག་འཁོར་གྱི་ལྟེ་བར་རྒྱལ་ཆེན་སོགས་
         གནོད་བྱེད་ཀྱི་ལིངྒ་བྲིས་ཏེ་མནན་སྲེག་སོགས་འོག་འཁོར་རྐྱང་པའི་ལས་སྦྱོར། ཨཽ་ཌཱི་ཡཱ་ནའི་ཨ་ཙརྻ་དེའི་བཞེད་པར་ཟ་ཧོར་གྱི་སྔགས་སྨྱོན་གྱི་གོ་བ་ཚད་ལྡན་ཡིན་མིན་
         གསང་ཆེན་རྙིང་མའི་བསྟན་འཛིན་རྣམས་ཀྱིས་དཔྱད་པར་ཞུ། བར་སྐབས་སུ་གསར་མའི་བླ་བྲང་ཚོར་སྐུ་མཚམས་ལ་བཞུགས་ནས་དབུ་ཉུག་ཉུག་ཙམ་ཡང་མི་འདུག་གོ།

ཡེ་ཤེས་རབ་འབར་ལས༔ རྩ་བའི་སྒྲུབ་པ་ (Volume 13, Text 28)

ཡེ་ཤེས་རབ་འབར་ལས༔ རྩ་བའི་སྒྲུབ་པ་བཞུགས་སོ༔ རྒྱལ་བསེན་བཅལ་དུ་བཀྲམ་པའི་གདན་སྟེངས་སུ༔ ཧཱུྃ་ཡིག་དམར་ནག་ཚྭ་ཚྭ་འཕྲོ་བ་ལས༔ བདག་ཉིད་དྲག་པོ་ཆེ་མཆོག་དམར་ནག་འཁྲུགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བསྒྲད༔ གཡས་དཀར་གཡོན་ལྗང་དབུས་དམར་སྤྱན་དགུ་འཁྲུགས༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་སྨིན་མ་འབར༔ རྡོ་རྗེ་ཐོ་བ་བསྐལ་པའི་མེ་དཔུང་གཡས༔ བྷན་ཁྲག་ལྕགས་སྡིག་ལྕགས་ཕུར་གཡོན་ན་འཛིན༔ ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་སྟོབ༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་དང༔ གླང་ཆེན་ཀོ་རློན་སྟག་ཤམ་སྦྲུལ་ཆུན་དང༔ ཞིང་ལྤགས་གཡང་གཞི་དུར་ཁྲོད་ཆས་རྣམས་རྫོགས༔ བདེ་ཆེན་འཁོར་ལོར་འཇམ་དཔལ་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོར་དབང་ཆེན་རྟ་མགྲིན་དམར༔ ཆོས་ཀྱི་འཁོར་ལོར་གསང་བདག་རྡོ་རྗེ་འཛིན༔ སྤྲུལ་པའི་འཁོར་ལོར་མཁའ་འགྲོ་སྡེ་ལྔ་ཤར༔ བདེ་སྐྱོང་འཁོར་ལོར་ཡཀྴ་མེ་དབལ་འཁྲུགས༔ རང་མདུན་ཤར་དུ་རྡོ་རྗེ་དྲག་པོ་རྩལ༔ ལྷོ་ཡི་ཕྱོགས་སུ་རཏྣ་དྲག་པོ་རྩལ༔ ནུབ་ཀྱི་ཕྱོགས་སུ་པདྨ་དྲག་པོ་རྩལ༔ བྱང་གི་ཕྱོགས་སུ་ཀརྨ་དྲག་པོ་རྩལ༔ ཀུན་ཀྱང་གནམ་ལྕགས་རྡོ་རྗེ་ལྕགས་སྡིག་འཛིན༔ ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་བཅུ་ལ༔ དཔལ་ཆེན་ཐུགས་སྤྲུལ་རབ་འཇིགས་ཁྲོ་རྒྱལ་བཅུ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་གནམ་ལྕགས་ཕུར༔ ཉམས་པའི་སྙིང་གར་གཟིར་བའི་ཚུལ་དུ་བསྐྱེད༔ ཐུགས་ཀར་ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ ཉི་གདན་དབུས་སུ་ཧཱུྃ་ཡིག་དམར་ནག་མཐར༔ ཡེ་ཤེས་རབ་འབར་གསང་བའི་སྙིང་པོས་བསྐོར༔ འབར་འཁྲུགས་ཟེར་གྱིས་ལོག་འདྲེན་གདོན་བགེགས་འདུལ༔ རབ་འབར་ཚྭ་ཚྭས་རྒྱལ་བསེན་འགོང་པོ་གཟིར༔ བདུད་བགེགས་ལོག་འདྲེན་གཤེད་དུ་ལྷུན་གྱིས་གྲུབ༔ དེ་ལྟར་གསལ་བའི་གནས་གསུམ་འོད་ཟེར་གྱིས༔ རང་བཞིན་དབྱིངས་ནས་ཡེ་ཤེས་ལྷ་མཆོག་བསྐུལ༔ ས་མ་ཡ༔ ཡེ་ཤེས་རབ་འབར་རྩ་བའི་སྒྲུབ་པ་ནི༔ མཚོ་རྒྱལ་ལང་གྲོའི་རྗེས་འཇུག་དོན་མཛད་ཕྱིར༔ དྲག་པོ་གསུམ་ལ་བཀའ་ཡི་གཉེར་བཅོལ་བ༔ དུས་སུ་སྐལ་པར་ལྡན་པའི་སྤྱོད་ཡུལ་ཏེ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡ༔ ཞེས་གནམ་ཆེན་བྲག་དཀར་གྱི་དཀྱིལ་འཁོར་ནས་མཁའ་འགྲོ་རལ་གཅིག་མས་སྤྱན་དྲངས་པ་སྟེ། སྒྲུབ་པ་པོ་ཟབ་མོའི་བཀའ་བབས་སུ་མཐོང་བའི་ཕྱིར། ལྷ་དང་བླ་མས་བྱིན་གྱིས་བརླབས་པའི་ཕོ་བྲང་དུ། རྫོགས་ཆེན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བུམ་སྒྲུབ་ཐབས་ (Volume 17, Text 28)

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བུམ་སྒྲུབ་ཐབས་བཞུགས་སོ། །ཡ་མ་རཱ་ཛས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་དབུས་སུ་མ་ཧེའི་སྟེང་། །འཆི་བདག་ནག་པོ་གཤིན་རྗེའི་གཤེད། །ཐོད་དབྱུག་བྷཉྫ་ཁྲག་བཀང་འཛིན། །གཏུམ་དྲག་སྲིན་པོ་ཁྲོས་བཞིན་གྱུར། །གནས་གསུམ་འབྲུ་གསུམ་གནས་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་སོགས་ཀྱིས་བསྟོད། བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན། གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཞུགས་པར་གྱུར། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ། མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བལྟའོ། །ཅེས་པའང་འགྱུར་མེད་རྡོ་རྗེས་སོ།། །།

པདྨ་གསང་ཐིག་གནས་འདྲེན་སྐབས་བདག་འཇུག་གི་དབང་ནང་ནང་གསེས་སྐུ་གསུང་ཐུགས་དབང་སོགས་སྦྱོར་དགོས་པའི་ཟུར་བྱང་དཀྱུས་བཀོད་ (Volume 63, Text 28)

པདྨ་གསང་ཐིག་གནས་འདྲེན་སྐབས་བདག་འཇུག་གི་དབང་ནང་ནང་གསེས་སྐུ་གསུང་ཐུགས་དབང་སོགས་སྦྱོར་དགོས་པའི་ཟུར་བྱང་དཀྱུས་བཀོད་ཡིན། བུམ་དབང་གི་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པའི་མཚམས། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་ཁྱེད་རང་གི་དཔྲལ་བར་ཐིམ་པས་རྡོ་རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །གཙོ་སྐུ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། ཧཱུྃ། ཆོས་རྣམས་རྣམ་དག་སོགས་ལྷ་དབང་ཟུར་བྱང་འདིར་སྦྱར་ནས། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་ཕྲེང་བ་སྦྲེལ་ཏེ། རྩ་སྔགས་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ་རེ་བཟླ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་བར་བསམ་ལ། ཨཱ༔ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགག་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་དྭངས་གསལ་མེ་ལོང་སྙིང་གར་བཞག་སྟེ། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་པའི་མོས་པ་མཛོད་ཅིག །ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ལ། སྒེག་སོགས་མཆོད་པའི་ལྷ་མོ་ལས་རང་སྣང་གི་སྐུ་གཉིས་པ་རེ་འཕྲོས་ཏེ་འདོད་ཡོན་གྱི་རོལ་པས་མངའ་གསོལ་བའི་མོས་པ་མཛོད་ཅིག །ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱཻ་མཱ་ལྱེ་གཱིརྟཱི་ནིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཨཱཿཧཱུྃ༔ བརྗོད་ཅིང་མངའ་གསོལ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་བདག་པོ་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བྷོ་དྷི་ཙིཏྟ་ཨཱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། དཀྱིལ་འཁོར་གྱི་ཕྲིན་ལས་སྒོ་མའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་གི་ལག་ཏུ་གཏད་པས་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ། ཧྲཱི༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་སོགས་གསང་དབང་ནས་བདག་འཇུག་མཐར་དབྱུང་། འདི་ལྟར་བདག་འཇུག་ནང་མི་གསལ་བ་དབང་ཆེན་ནང་འགྲོ་དགོས་པ་འདོན་ཆོག་དཀྱུས་མའི་སྐབས་འཇུག་བདེར་ཟུར་བྱང་བཟོས་པ་ཡིན་ཞིང་། སྐུ་དང་གསུང་བཟླས་ལུང་ཙམ་ལས་གཞན་དགོས་མིན་གསལ་ཁ་མི་འདུག་ཀྱང་། རྩ་དཀྱིལ་གྱི་ལྷ་སྔགས་ཡོངས་རྫོགས་དང་བདག་ཆེན་དབང་བཅས་དབང་ཆོག་དཀྱུས་ལྟར་བྱས་པས་མི་རུང་བ་མེད་སྙམ་གྱིས་ཟབ་ཆོས་ཁྱད་པར་ཅན་འདི་རང་གཞན་ལག་ཏུ་ལེན་པའི་སྐབས་འདྲ་བྱུང་ན་འཇུག་པ་བདེ་ཕྱིར་དྭགས་པོ་སྤྲུལ་སྐུས་འདི་ལྟར་དཀྱུས་སུ་བྲིས་པ་ཡིན་ནོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བཀའ་སྲུང་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་སྒྲུབ་ཐབས་ (Volume 38, Text 28)

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བཀའ་སྲུང་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་སྒྲུབ་ཐབས་བཞུགས་པའོ༔ ྈ ྈྈྈྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཨ་ཕྱི་ཆོས་སྒྲོན་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་དེ་གཏོར་མ་བཅས༔ རང་ཉིད་པདྨ་འབྱུང་གནས་བསམ༔ མདུན་དུ་ཨ་ཕྱི་ཆོས་སྒྲོན་མ༔ སྐུ་མདོག་དཀར་མོ་མཛེས་པའི་གཟུགས༔ གཡས་པས་མདའ་དར་གཡོན་མེ་ལོང༔ སྐུ་ལ་དར་དཀར་བེར་ཆེན་གསོལ༔ རྟ་དཀར་འཕུར་ཤེས་ཆིབས་སུ་འཆིབ༔ འཁོར་དུ་ལྷ་མོ་བཞི་ཡིས་བསྐོར༔ རང་རང་གནས་ནས་སྤྱན་དྲངས་སོ༔ ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ དེ་ནས་མཆེད་བཞིའི་སྔགས་ནི་འདི༔ མ་ཡ་འདུས༔ སརྦ་འདུས༔ ར་ཙ་འདུས༔ མ་མ་འདུས་སྭཱ་ཧཱ༔ དེ་ཡིས་ཨ་ཕྱི་ཆོས་སྒྲོན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་དབང་སྡུད་ལས་ཚོགས་ནི༔ འདི་ལྟར་ལྷ་མོའི་སྐུ་དམར་པོ༔ བྲིས་ཏེ་སྔགས་འདི་བགྲང་བས་ཆོག༔ ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ ལོ་ཀའམ་ཆེ་གེ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ དེ་ནས་རིམས་སྲུང་གདམས་པ་སྟེ༔ འདི་ལྟར་ལྷ་མོའི་སྐུ་ལྗང་སེར༔ བྲིས་ཏེ་སྔགས་འདི་བགྲང་བས་ཆོག༔ ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ ཛྭ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་ནས་སྲིད་ཚོལ་རིམ་པ་སྟེ༔ འདི་ལྟར་ལྷ་མོའི་སྐུ་ལྗང་ནག༔ བྲིས་ཏེ་སྔགས་འདི་བགྲང་བས་ཆོག༔ ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ ཆེ་གེ་མོ་ལ་སྲིད་བུ་ཕོབ༔ དེ་ནས་ནོར་སྒྲུབ་རིམ་པ་ནི༔ འདི་ལྟར་ལྷ་མོའི་སྐུ་སེར་པོ༔ བྲིས་ཏེ་སྔགས་འདི་བགྲང་བས་ཆོག༔ ཨོཾ་ཡ་མ་རཱ་ཙ་སྭཱ་ཧཱ༔ བ་སུ་སི་ཏི་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈྈྈ ྈྈ འདིའི་ཞལ་གདམས་ལ༔ འདི་ལ་དམ་ཅན་མགར་དམར་དང་ལྷ་རུ་མེད༔ མགར་ནག་དང་ལྷ་རུ་ཡོད༔ དེའི་བཅོས་ལ་ཨ་ཕྱིའི་སྐུ་བྲི༔ དེའི་སྤྱི་བོར་དམ་ཅན་མགར་ནག་བྲིས་ལ༔ བྷནྡྷ་གཅིག་གི་ནང་དུ་གཏོར་མ་མཉམ་དུ་བཤམས་ལ༔ བདུད་རྩི་གཅིག་གིས་མཆོད་ཅིང་སྔགས་གཉིས་བསྲེས་ནས་འདོན༔ དེ་ལྟར་བྱས་པས་སྐྱོན་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་དགུའི་ཉིན་ཨ་ཕྱི་ཆོས་ཀྱི་སྒྲོན་མ་གཙོ་འཁོར་ལྔ། འཁོར་རྐང་ཐང་བཞི་ནི་རྒྱན་དང་ཕྱག་མཚན་གཙོ་མོ་ལྟ་བུ་ལ། ཁ་དོག་སྔོ་སེར་དམར་ལྗང་བཞིས་བསྐོར་བ་དངོས་སུ་བྱུང་ནས། སྒྲུབ་ཐབས་འདི་གཙོ་མོ་དེས་དངོས་སུ་སྨྲས་སོ། །ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་རོ།། །།

མགོན་པོ་ལེགས་ལྡན་གྱི་དགྲ་ཆོས་དགྲ་བླ་བཅུ་གསུམ་གྱི་བསང་མཆོད་རྒྱས་བསྡུས་དང་འདོད་གསོལ་དགྲ་བླ་དཔུང་བསྟོད་བཅས་ཕྱོགས་གཅིག་ཏུ་བཀོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ (Volume 43, Text 28)

༄༅། །མགོན་པོ་ལེགས་ལྡན་གྱི་དགྲ་ཆོས་དགྲ་བླ་བཅུ་གསུམ་གྱི་བསང་མཆོད་རྒྱས་བསྡུས་དང་འདོད་གསོལ་དགྲ་བླ་དཔུང་བསྟོད་བཅས་ཕྱོགས་གཅིག་ཏུ་བཀོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་བཞུགས་སོ། ། ཤྲཱི་མ་ཧཱ་ཀཱ་ལ་ཡེ། ཡང་དག་ཡེ་ཤེས་རྡོ་རྗེ་ཡིས། །བདག་ལྟའི་དགྲ་བགེགས་བརླག་པའི་ཕྱིར། །དཔལ་ཆེན་རོལ་པའི་ཕྲིན་ལས་གར། །ལེགས་ལྡན་དགྲ་བླའི་མཆོད་ཕྲེང་བཤད། །དེ་ལ་ལེགས་ལྡན་དགྲ་བླའི་ཚོགས་ཐམས་ཅད་མཆོད་པར་འདོད་ན། བསང་དཀར་བྱ་ལ་ལྷ་ཤིང་སྣ་དགུ་དང་། ཕྱེ་མར་སྤོས་དང་ཤ་སྣ་ཚོགས་བསྲེག །གཏོར་མ་གཞན་ནས་འབྱུང་བ་ལྟར་རྒྱན་སྤྲས་བཤམས་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་པ་ནི། ཕྱག་རྒྱ་དང་ཏིང་འཛིན་ཞལ་ལས་འབྱུང་བ་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་སྔགས་རྣམས་སོ་སོར་ལན་བདུན་ནམ་གསུམ་བརྗོད་པས་སྦྱངས་ཤིང་སྤེལ་བ་སོགས་བྱ། དེ་ནས་དར་ཕྱར་དུང་འབུད་རྔ་བརྡུང་ཞིང་རོལ་མོ་དབྱངས་དང་བཅས་པས། བསྭོ། མགོན་པོ་ལེགས་ལྡན་དམག་ཚོགས་བསྭོ། །དེ་རིང་ལེགས་ལྡན་དམག་ཚོགས་རྣམས། །སྲུང་མ་གཉན་པོར་བསྐོ་བ་ལ། །སྔོན་ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མོ་བདེ་སྐྱིད་ལྡན་མ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །ལེགས་ལྡན་དམག་ཚོགས་མང་དུ་སྲིད། །ནོར་ལྷ་ཚོང་ལྷ་ཟས་ལྷ་དང་། །ཇག་ལྷ་མགྲོན་ལྷ་ལམ་ལྷ་དང་། །ལེགས་ལྡན་དགྲ་བླའི་དམག་ཚོགས་རྣམས། །བཙན་པའི་གོ་ཁྲབ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ན་ཐོགས། །མགྱོགས་པའི་རྟ་ཕོ་འོག་ཏུ་ཞོན། །དར་མདུང་ཕྱར་ཞིང་དུང་སྐད་སྒྲོག །ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་བླ་དྲང་མཁན་དྲུག །ནོར་ལྷ་ཟས་ལྷ་གྲོགས་ལྷ་དགུ །ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་སྟེ། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །གནས་ཁང་འདི་ལ་བྱིན་ཞིག་ཕོབ། །མཆོད་རྫས་འདི་རྣམས་བཞེས་སུ་གསོལ། །ཟས་ནོར་འདི་ལ་གཡང་ཞིག་ཕོབ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཟས་ནོར་འཕེལ་བའི་དགྲ་བླ་མཛོད། །མི་ནོར་ཟས་གསུམ་འཕེལ་བར་མཛོད། །དགྲ་འདྲེ་གདོན་གསུམ་མེད་པར་མཛོད། །རྨོངས་སྡུག་དབུལ་གསུམ་ཞི་བར་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། ནོར་ལྷ་མགོན་པོའི་དམག་ཚོགས་རྣམས། །མཆོད་པའི་གནས་འདིར་ཚུར་བྱོན་ལ། །ཟ་ཁ་ཕྱེས་ལ་འཐུང་ཁ་ཕྱེས། །གྲོགས་ཁ་ཕྱེས་ལ་ནོར་ཁ་ཕྱེས། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བདག་དང་ཡོན་བདག་དོན་རྣམས་སྒྲུབས། །ཐེའུ་རང་རྐྱལ་ཁ་མ་བྱེད་ཅིག །བྱུར་འདྲེ་དབུལ་འདྲེ་དགྲ་ལ་ཟོར། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། སྐྱེས་བུ་ཕྲག་ལྷ་བྱ་བ་ནི། །མི་དཀར་དུང་གི་གོ་མཚོན་ཅན། །ཕྱག་ན་རྒྱལ་མཚན་མདུང་དར་བསྣམས། །བྱ་རྒྱལ་ཁྱུང་ཆེན་རྟ་ལ་ཞོན། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐྱེས་པ་ཕོ་ཡི་སྲོག་རྫི་མཛོད། །ན་ཆུང་སྨན་གྱི་རྩ་དཀར་ཁྲོལ། །མཐོ་བའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེལ་ཚེ་མཛོད། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །བསྭོ། དགྲ་བླ་མ་ལྷ་བུ་རྫི་ནི། །བུད་མེད་ལུས་ལ་གསེར་མདོག་ཅན། །དར་དཀར་ན་བཟའ་ལུས་ལ་མནབས། །ཕྱག་ན་དྲུ་གུ་འཕང་ལོ་བསྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བུད་མེད་རྣམས་ཀྱི་མ་ལྷ་མཛོད། །བུ་ཆུང་སྐྱེས་པའི་རྫི་བོ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། དགྲ་བླ་ཐབ་ལྷ་ཡུ་མོ་ནི། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་དཀར་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་གཟར་བུ་བསྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཐབ་ཀ་སྒྱེད་གསུམ་རྩེ་མོ་ན། །མར་ཁུའི་མཚོ་མོ་འཁྱིལ་པའི་དགྲ་བླ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། དགྲ་བླ་ཁྱིམ་ལྷ་གེལ་ཐུང་ནི། །སྐུ་མདོག་སྔོན་པོ་གཡུ་ཡི་རྒྱན་ཆ་ཅན། །ཕྱག་ན་དུང་གི་ཀ་བ་བསྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གནས་ཁང་འདི་ལ་སྲུང་སྐྱོབ་མཛོད། །ཀ་བ་མ་འགྱེལ་ཁང་པ་མ་བསྲེག་ཅིག །དགྲ་འདྲེ་གདོན་གསུམ་རྡུལ་དུ་རློགས། །ཆུ་ཆེན་རབ་སོ་འབོག་དུས་སུ། །རྐང་གཉིས་ཤུགས་སྐྱེད་བརྟན་པར་མཛོད། །བྲག་ལམ་ངོས་བཞི་བགྲོད་པའི་ཚེ། །བརྟེན་ས་འཇུ་ས་མ་ཞིག་ལ། །མི་རྟ་ཕྱམ་ལ་མ་སྐུར་ཅིག །དགྲ་ཟུན་ས་བར་འགྲོ་དུས་སུ། །དགྲ་རྐུན་ཇག་གསུམ་མེད་པར་མཛོད། །ཕར་འགྲོ་བྱེས་ལམ་སྙེགས་པའི་ཚེ། །ཞག་ཡུལ་བདེ་བར་ཕྱིན་པར་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། དགྲ་བླ་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་གསེར་གྱི་མདོག་ཅན་ལ། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །དབུ་ལ་དར་གྱི་ཅོད་པན་གསོལ། །ཕྱག་གཡས་རིན་ཆེན་དབྱུག་ཏོ་འཛིན། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་ཐོགས། །དབུ་ལ་ནོར་བུ་རིན་ཆེན་འབར། །སེང་གེ་དཀར་མོའི་རྟ་ལ་འཆིབ། །ནོར་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །མི་ནོར་ཚེ་གསུམ་འཕེལ་བར་མཛོད། ཁ་རྗེ་བསོད་ནམས་ནོར་ལྷ་མཛོད། །ཟས་ལྷ་བཏུང་ལྷ་གྲོགས་ལྷ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། ནོར་ལྷ་ཨཱརྱ་ཛམྦྷ་ལ། །སྐུ་མདོག་གསེར་གྱི་སྙིང་པོ་ལ། །རིན་ཆེན་སྣ་ཚོགས་སྐུ་ལ་བརྒྱན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་སྙེ་མ་འབྲས་བུ་འཛིན། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་ཐོགས། །གསེར་གྱི་བུམ་པའི་ཁྲི་ལ་བཞུགས། །ནོར་ལྷ་སྟོང་དང་ཁྲི་ཡིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བང་མཛོད་ནོར་གྱིས་གང་བར་མཛོད། །འཇིག་རྟེན་ཟས་ནོར་དབང་དུ་སྡུས། །བསོད་ནམས་གདུལ་བྱའི་སྟོངས་གྲོགས་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། ཚོང་ལྷ་ཚོགས་བདག་གླང་སྣ་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །དར་སྣ་རིན་ཆེན་སྐུ་ལ་གསོལ། །གླང་པོའི་མགོ་ལ་སྤྱན་གསུམ་པ། །ཕྱག་གཡས་ནོར་བུའི་དབྱུག་ཏོ་ཐོགས། །གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །གསེར་གྱི་འཁོར་ལོའི་ཁྲི་ལ་བཞུགས། །ལྷ་དམག་བརྒྱ་དང་སྟོང་གིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚོང་པ་རྣམས་ཀྱི་བསམ་པ་ཕྲོགས། །ཚོང་པའི་ཟས་ནོར་བདག་ལ་སྤྲོད། །ནོར་གྱི་སྙིང་པོ་ཐོབ་པར་གྱིས། །ཟས་ནོར་རྙེད་པའི་ཚོང་ལྷ་མཛོད། །ཚོང་དུས་རུ་བཞི་འགྲིམ་པའི་ཚེ། །སྤྲོད་ཁ་ཡག་པའི་དགྲ་བླ་མཛོད། །ཚོང་ལྷ་ནོར་ལྷ་གྲོགས་ལྷ་རྣམས། ཁེ་བསྐྱེད་ཡག་པའི་དགྲ་བླ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མགོན་པོ་མགྲོན་ལྷ་དཀར་པོ་ནི། །སྐུ་མདོག་དཀར་པོ་ཤེལ་འོད་འབར། །སྤྱན་གསུམ་དབུ་ལ་དུང་རྨོག་གསོལ། །གསེར་གྱི་གོ་ཁྲབ་སྐུ་ལ་མནབས། །ཕྱག་གཡས་དར་མདུང་དཀར་པོ་འཛིན། །ཕྱག་གཡོན་ནོར་གྱི་རྐྱལ་པ་ཐོགས། །ཆིབས་སུ་དུང་རྟ་དཀར་པོ་འཆིབ། །མགྲོན་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །མཐོ་བའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེལ་ཚེ་མཛོད། །དགྲ་རྐུན་ཇག་གསུམ་ཕྱིར་ལ་ཟློག །སྐྱེས་བུ་མགྲོན་ལྷ་དཀར་པོ་ཡིས། །མགྲོན་ཁ་ཡག་པའི་དགྲ་བླ་མཛོད། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མགོན་པོ་འཐབ་སྐྱེན་སྣ་ནག་ནི། །སྐྱེས་མཆོག་མི་ཡི་ལུས་པོ་ལ། །དཔའ་རྔམས་སེང་གེའི་མགོ་བོ་ཅན། །གཡུ་འབྲུག་སྔོན་པོའི་རྒྱན་ཆ་ཅན། །དབུ་ལ་བྱ་རྒྱལ་ཐོར་ཚུགས་ཅན། །དགྲ་སཏྭ་ངར་མའི་དབུ་རྒྱན་ཅན། །རལ་པ་ཁམ་སེར་མེ་དཔུང་འབར། །རལ་པའི་ནང་ནས་ཚྭ་ཚྭ་འཕྲོ། །ཚྭ་ཚྭའི་ཐོག་མདའ་དགྲ་ལ་རྒྱོབ། །སྤྱན་མིག་ཉི་ཟླ་ཤར་བ་འདྲ། །བདག་ཅག་རྣམས་ལ་བྱ་ར་མཛོད། །ཤངས་ནས་ན་བུན་རླུང་ལྟར་འཚུབས། །དགྲ་བགེགས་མ་ལུས་གཏོར་བར་མཛོད། །གློག་དམར་འགྱུ་བའི་ལྗགས་བརྐྱང་འཁྱུག །ཐོག་རྒོད་འབར་བའི་མཆེ་བ་ཅན། །ལག་པ་ཆུ་སྲིན་སྡེར་མོ་ཅན། །དགྲ་གཟུང་སྡིག་པ་ནག་པོ་འདྲ། །བ་སྤུ་ཐོག་གི་ཚྭ་ཚྭ་འཕྲོ། །རལ་གྲི་ངར་མའི་རྐང་པ་ཅན། །ཆུ་སྲིན་རྔམས་པའི་པུས་མོ་ཅན། །ཤ་ཟུང་ངར་མའི་སྡེར་མོ་ཅན། །ཆུ་གྲི་ངར་མའི་གཤོག་པ་ཅན། །རྐེད་པ་རླུང་གི་འཁོར་ལོ་ཅན། །རེ་འབྱམས་རྒྱུག་པའི་རྔམ་སྟབས་ཅན། །སྟག་གི་པགས་པའི་ཤམ་ཐབས་ཅན། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །བསྭེ་ཁྲབ་འབར་བ་སྐུ་ལ་མནབས། །ཕྱག་གཡས་གནམ་ལྕགས་རལ་གྲི་ཕྱར། །ཕྱག་གཡོན་དགྲ་བླའི་རུ་མཚོན་འཛིན། །ཆིབས་སུ་སྟག་མོ་གྲུས་མ་བཅིབས། །རྩལ་དྲག་བྱ་རྒྱལ་ཁྱུང་ཆེན་འདྲ། །དཔའ་གཏུམ་སེང་གེ་རྔམ་པ་འདྲ། །ངར་སྐད་ཐོག་འབྲུག་ལྡིར་བ་འདྲ། །འཇིགས་སྒྲ་མེ་དཔུང་འབར་བ་འདྲ། །ཐོག་རྒོད་གློག་དམར་འགྱུ་བ་འདྲ། །རྐང་ལག་ཐོག་སེར་འཚུབས་པ་འདྲ། །ལྷ་དམག་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །མི་ནོར་འདི་ལ་ཚེ་གཡང་ཕོབ། །དམག་མི་རྣམས་ཀྱི་ཚེ་སྲོག་སྐྱོབས། །གོ་ཁྲབ་མཚོན་གྱི་བཀྲག་མདངས་ཕྱུངས། །དགྲ་བོའི་གོ་མཚོན་ཐོབ་པར་མཛོད། །དམག་དཔུང་ཕར་ལ་ཆས་པའི་ཚེ། །བུ་རྟ་གོ་མཚོན་སྲུང་བར་མཛོད། །དགྲ་བོའི་དམག་དཔུང་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་གོ་ཁྲབ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་དར་འཕྲུ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་ཡུལ་མཁར་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་ནོར་ཕྱུགས་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་ཚེ་སྲོག་གཅོད་པའི་དགྲ་བླ་མཛོད། །དགྲ་བོའི་འདུན་གྲོས་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་གཡུལ་སོ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོ་ཕོ་རྣམས་སྦུབ་སྟེ་སོད། །དགྲ་བོ་མོ་རྣམས་བཀན་ཏེ་སོད། །དགྲ་བོའི་བུ་ཚ་དམྱལ་ཐག་ཆོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མགོན་པོ་ཇག་ལྷ་བྱ་བ་སྟེ། །དགྲ་བླ་དར་མ་སྐྱེས་གཅིག་ནི། །སྐུ་མདོག་དཀར་པོ་དུང་འོད་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །དུང་རྨོག་དཀར་པོ་དབུ་ལ་གསོལ། །བསྭེ་ཁྲབ་འབར་བ་སྐུ་ལ་མནབས། །རྫུ་འཕྲུལ་མདའ་གཞུ་རྐེད་ལ་བསྐོར། །ཕྱག་གཡས་ཡ་ཚ་དཀར་པོ་ཕྱར། །གཡོན་པས་མདུང་དར་དམར་པོ་འཛིན། །ཆིབས་སུ་དུང་རྟ་དཀར་པོ་འཆིབ། །ཇག་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཇག་སྣ་དགྲ་ལ་བསྟན་པའི་ཚེ། །དགྲ་བོའི་མི་རྟ་བྲུབས་འཆིང་གྱིས། །རང་གི་མི་རྟའི་ཁ་འཛིན་མཛོད། །དགྲ་བསད་ཤ་ལོན་དགྲ་བླ་མཛོད། །མི་བསད་ནོར་ཐོབ་དགྲ་བླ་མཛོད། །དགྲ་བོ་ནང་འཁྲུགས་བྱེད་པའི་དགྲ་བླ་མཛོད། །དགྲ་བོའི་སྐྱེས་པ་བྲང་བརྡུང་བྱེད་པའི་དགྲ་བླ་མཛོད། །དགྲ་བོའི་བུད་མེད་ངུ་འབོད་བྱེད་པའི་དགྲ་བླ་མཛོད། །དགྲ་བོའི་ར་མདའ་གཡུལ་ཉེས་ཕམ་པའི་དགྲ་བླ་མཛོད། །རང་གི་ཇག་པ་བྲོས་ན་ཐར་བའི་དགྲ་བླ་མཛོད། །རང་གི་བུ་རྟ་དཔའ་བའི་དགྲ་བླ་མཛོད། །རྒྱལ་ཁ་ཐོབ་པའི་དགྲ་བླ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། དགྲ་བླ་ལྷ་མགོན་དམར་པོ་ནི། །ཟངས་མི་ལྕགས་ཀྱི་གོ་མཚོན་ཅན། །རྫུ་འཕྲུལ་མདའ་གཞུ་ལག་ན་ཐོགས། །ངང་པ་རྔོག་སེར་རྟ་ལ་འཆིབ། །ཕོ་ཉ་མགྱོགས་བྱེད་སྔོན་ན་རྒྱུག །ལྷ་དམག་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྡང་བའི་དགྲ་ལ་ཆས་ཙམ་ན། །དགྲ་བོ་ཐུལ་བའི་དགྲ་བླ་མཛོད། །དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །དགྲ་མཁར་བཤིག་པའི་དགྲ་བླ་མཛོད། །དགྲ་ནོར་ཐོབ་པའི་དགྲ་བླ་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མགོན་པོ་ཟས་ལྷ་དམར་པོ་ནི། །སྐུ་མདོག་ཟངས་ཀྱི་འོད་དང་ལྡན། །རིན་ཆེན་གསེར་གྱི་གོ་མཚོན་ཅན། །ཕྱག་ན་གསེར་གྱི་ནོར་བུ་བསྣམས། །ཆིབས་སུ་དུང་རྟ་དཀར་པོ་འཆིབ། །རྫུ་འཕྲུལ་མདའ་གཞུ་རྐེད་ལ་ཐོགས། །ཟས་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཕྱོགས་བཅུ་གང་དུ་འགྲོ་བའི་སར། །ཟ་ཁ་དང་ནི་འཐུང་ཁ་ཕྱེས། །ནོར་ཁ་གྲོགས་ཁ་གར་ཚོལ་ཡང་། ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །ཟས་སྣ་འདུ་བའི་དགྲ་བླ་མཛོད། །བཏུང་སྣ་འདུ་བའི་དགྲ་བླ་མཛོད། །ཕུན་ཚོགས་བཟའ་བཏུང་དངོས་གྲུབ་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མགོན་པོ་སྲོག་ལྷ་དཀར་པོ་ནི། །དུང་མི་ཤེལ་གྱི་གོ་མཚོན་ཅན། །ཕྱག་ན་ཤེལ་གྱི་ཚེ་བུམ་བསྣམས། །ཆིབས་སུ་ངང་པ་གསེར་མདོག་འཆིབ། །སྲོག་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འབྱུང་བཞི་མི་འཁྲུགས་པ་ཡི་དགྲ་བླ་མཛོད། །ནད་རིགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པ་ཡི་དགྲ་བླ་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་ཡི་དགྲ་བླ་མཛོད། །གློ་བུར་ཉིས་ཁྲི་ཆིག་སྟོང་ཞི་བའི་དགྲ་བླ་མཛོད། །ཡེ་འདྲོག་བདུན་བརྒྱ་ཉི་ཤུ་ཞི་བའི་དགྲ་བླ་མཛོད། །ནད་པ་ཡོ་ནས་སློང་བའི་དགྲ་བླ་མཛོད། །སྲིའུ་ཚང་ནས་སྐྱེད་པའི་དགྲ་བླ་མཛོད། །ཚེ་སྲིངས་སྲོག་སྐྱོབས་སྟོངས་གྲོགས་མཛོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྭོ། མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བཀའ་ཡི་གཏོར་མ་རྒྱན་དང་བཅས། །མཐུན་པའི་དམ་རྫས་སྣ་ཚོགས་འབུལ། །གནོད་བྱེད་འབྱུང་པོ་རྡུལ་དུ་རློགས། །རྩ་ནག་རྨོངས་འདྲེའི་ཁོ་ཐག་ཆོད། །ཆུང་སྲི་བྱུར་ངན་ཁ་སྦུབ་ཆུག །རེམས་ཤིག་སྲུང་མ་མཐུ་རྩལ་ཅན། །སྲིའུ་སྐག་ལས་ཐར་བར་མཛོད། །སྲུང་མ་ལྷ་ལྔའི་སྐྱབས་ལ་ཚུད། །སྲོག་སྐྱོབ་ཚེ་ཡི་མགོན་དང་སྤྲོད། །མི་འཆི་ཚེ་ཡི་རྫི་བོ་མཛོད། །གྲི་ཁ་མཚོན་ལས་ཐར་བར་མཛོད། །ནད་རིགས་རྐྱེན་ལས་ཐར་བར་མཛོད། །བྱད་ཟོར་གཏད་ལས་ཐར་བར་མཛོད། །བདུད་ཀྱི་རྩིས་ལས་ཐར་བར་མཛོད། །གཤིན་རྗེའི་ཁྲམ་ལས་ཐར་བར་མཛོད། །ལྷ་ཡི་ཆད་ལས་ཐར་བར་མཛོད། །ཀླུ་ཡི་གདོན་ལས་ཐར་བར་མཛོད། །གཟའ་ཡི་གཟེར་ལས་ཐར་བར་མཛོད། །མ་མོའི་ཁྲག་ལས་ཐར་བར་མཛོད། །བཙན་གྱི་མདའ་ལས་ཐར་བར་མཛོད། །གནོད་སྦྱིན་ཐུན་ལས་ཐར་བར་མཛོད། །བར་ཆད་རྐྱེན་ལས་ཐར་བར་མཛོད། །དགྲ་དང་བགེགས་ལས་ཐར་བར་མཛོད། །མི་མཐུན་ཕྱོགས་ལས་ཐར་བར་མཛོད། །མི་དང་ནོར་གྱི་རྫི་བོ་མཛོད། །མ་གཡེལ་ལྷ་དང་སྲུང་མ་རྣམས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་དམག་ལ་འགྲོ་བའམ། ཚོང་ལ་འགྲོ་བའམ། རྐུན་མར་ནོར་ཤོར་བའམ། ནད་པ་གསོ་བའམ། སྲིའུ་གསོ་བའམ། མོ་རྩིས་འཁྲུགས་པའམ། མགྲོན་ལ་འགྲོ་བ་སོགས་ཐམས་ཅད་ལ་འདི་ལྟར་བྱས་ན་ཕྲིན་ལས་འགྲུབ་པར་འགྱུར་རོ། །ཚིག་ཉུང་དོན་འདུས་པའི་དགྲ་ཆོས་འདི་བདག་བཻ་རོ་ཙཱ་ནས་ལེགས་ལྡན་འབུམ་གྱི་ཏི་ཀ་ནས་བཏུས་ཏེ་གསུམ་དུ་ཕྱེས་ནས་གཅིག་བཙན་རྒོད་ཀྱི་གནས་སུ་སྦས། གཅིག་རྒྱལ་མོ་དམུ་རྡོ་ལྷ་གཉན་གྱི་ཐུགས་ཀར་སྦས། གཅིག་མགོན་པོ་ལེགས་ལྡན་གྱི་ལག་ཏུ་གཏད་ནས་སྦས་སོ། །ཤིན་ཏུ་ཟབ་བོ།། ༈ །།ལེགས་ལྡན་དགྲ་བླའི་བསང་མཆོད་བསྡུས་པ་ནི། དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དགྲ་བླའི་དམག་ཚོགས་འགྲན་ཟླ་ཀུན་བྲལ་བ། །བསྟན་འཛིན་སྲུང་ཞིང་མི་བསྲུན་འདུལ་བའི་ཕྱིར། །ཐུགས་རྗེའི་དབང་གིས་བསྟན་སྲུང་སྐུར་སྤྲུལ་པའི། །དགྲ་བླ་འཁོར་དང་བཅས་ལ་གུས་པས་འདུད། །འདིར་དཔལ་ལྡན་མགོན་པོ་དགྲ་བླ་བཅུ་གསུམ་གྱི་ཐུགས་དམ་བསྐུལ་བའི་བསང་མཆོད་འབུལ་བ་ནི། དམར་གཏོར་ཟུར་གསུམ་རྩེ་མོ་བཅུ་གསུམ་ཡོད་པ། རྒྱལ་སྲིད་བདུན་དང་། རྫས་རྟགས་བརྒྱད། གོ་མཚོན། གཡག་ལུག་ར་གསུམ་གྱིས་བསྐོར། དར་ཚོན་སྟག་རས་གཟིག་རས་ཀྱིས་བརྒྱན་པར་བྱའོ། །བསྭོ། མགོན་པོ་ལེགས་ལྡན་དམག་ཚོགས་བསྭོ། །དེ་རིང་དགྲ་བླའི་དམག་ཚོགས་བསྭོ། །དེ་རིང་སྲུང་མའི་དམག་ཚོགས་བསྭོ། །དེ་རིང་ལམ་ལྷའི་དམག་ཚོགས་བསྭོ། །དགྲ་བླ་མགོན་པོའི་དམག་ཚོགས་རྣམས། །བཙན་པའི་གོ་ཁྲབ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མགྱོགས་པའི་རྟ་ཕོ་རྟ་རུ་ཞོན། །དར་མདུང་ཕྱར་ལ་དུང་སྐད་སྒྲོག །ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་བླ་དྲང་མཁན་དྲུག །ནོར་ལྷ་ཟས་ལྷ་གྲོགས་ལྷ་དགུ །ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་པོ། །མཐུན་པའི་རྫས་ལ་སྤྱན་འདྲེན་གྱིས། །དེ་རིང་སྤྱན་འདྲེན་འདི་རུ་བྱོན། །གནས་ཁང་འདི་ལ་བྱིན་གྱིས་རློབས། །མཆོད་རྫས་འདི་རྣམས་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཟ་ཁ་ཕྱེས་ལ་འཐུང་ཁ་ཕྱེས། །གྲོགས་ཁ་ཕྱེས་ལ་ནོར་ཁ་ཕྱེས། །ཅི་བསམ་དོན་རྣམས་བདག་ལ་བྱིན། །བདག་དང་ཡོན་བདག་དོན་རྣམས་སྒྲུབས། །ཐེའུ་རང་ཀྱལ་ཀ་མ་བྱེད་ཅིག །དགྲ་བླའི་དམག་ཚོགས་ཁྱེད་རྣམས་ལ། །ཡིད་དང་མཐུན་པའི་དམ་རྫས་འབུལ། །འབྱོར་པ་བསང་གི་མཆོད་རྫས་ནི། །འཆི་མེད་བདུད་རྩི་ཤིང་གསུམ་དང་། །དཀར་གསུམ་མངར་གསུམ་གཏོར་མ་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །སྟག་རས་གཟིག་རས་དར་སྣ་དང་། །འབྲང་རྒྱས་ཞལ་དཀར་ཕྱེ་མར་དང་། །ཞལ་ཟས་འདོད་རྒུ་སྣ་ཚོགས་དང་། །དྲི་ཞིམ་སྤོས་ཀྱི་དུད་པ་ཡིས། །བསང་ངོ་དགྲ་བླའི་དམག་ཚོགས་བསང་། །མགོན་པོ་ཚོགས་བདག་ཡབ་ཡུམ་བསང་། །མགོན་པོ་ལེགས་ལྡན་དམག་ཚོགས་བསང་། །སྐྱེས་བུ་ཕྲག་ལྷ་བྱ་བ་བསང་། །དགྲ་བླ་མ་ལྷ་བུ་རྫི་བསང་། །དགྲ་བླ་ཐབ་ལྷ་ཡུ་མོ་བསང་། །དགྲ་བླ་ཁྱིམ་ལྷ་གེལ་ཐུང་བསང་། །དགྲ་བླ་རྒྱལ་ཆེན་རྣམ་སྲས་བསང་། །ནོར་ལྷ་ཨཱརྻ་ཛམ་ལྷ་བསང་། །མགོན་པོ་ཚོགས་བདག་གླང་སྣ་བསང་། །མགོན་པོ་མགྲོན་ལྷ་དཀར་པོ་བསང་། །མགོན་པོ་འཐབ་སྐྱེན་སྣ་ནག་བསང་། །མགོན་པོ་ཇག་ལྷ་བྱ་བ་བསང་། །མགོན་པོ་ལྷ་མགོན་དམར་པོ་བསང་། །མགོན་པོ་ཟས་ལྷ་དམར་པོ་བསང་། །མགོན་པོ་སྲོག་ལྷ་དཀར་པོ་བསང་། །རེམ་ཞིག་སྲུང་མ་མཐུ་རྩལ་ཅན། །བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ། །དུས་ལ་བབ་བོ་ས་མ་ཡ། །འབོད་པའི་དུས་སུ་སྙན་མ་སྲ། །བསྟེན་པའི་དུས་སུ་རྒྱང་མ་རིང་། །སྒྲུབ་པའི་དུས་སུ་མཐུ་མ་ཆུང་། །བསྒྲལ་བའི་ལས་ལ་རྩལ་མ་ཞན། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་ཚེ་ཁྱོད་ཀྱིས་སྲིངས། །རྣལ་འབྱོར་སྐུ་དགྲ་ཆམ་ལ་ཕོབ། །མི་མཐུན་གནོད་པའི་རྐྱེན་རྣམས་ཟློག །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རིག་འཛིན་ཀློང་གསལ་སྙིང་པོས་ཀཿཐོག་རྡོ་རྗེ་གདན་དུ་སྦྱར་བས་བསྟན་དགྲ་བརླག་པར་གྱུར་ཅིག ༈ །འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། གཏོར་མ་ཁ་གསོས་ལ་བདུད་རྩི་བྲན་ཏེ། །ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་དང་གསེར་སྐྱེམས་རྒྱ་ཆེན་པོ་འདི། མཆོད་ཅིང་འབུལ་བའི་གནས་ནི། དཔལ་མགོན་པོ་ཤྲཱི་མ་ཧཱ་ཀཱ་ལ། བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། དབུས་ཀྱི་དེ་ཝ་མགོན་པོ། ཕྱི་ནང་གཉིས་ཀྱི་ཚོགས་བདག །ཡུམ་ཡཀྴ་བཻ་ཏ་ལི། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། གཞན་ཡང་ལེགས་ལྡན་མགོན་པོའི་དམག་ཚོགས། ཕྲག་ལྷ་དང་། མ་ལྷ་བུ་རྫི། ཐབ་ལྷ་ཡུ་མོ། ཁྱིམ་ལྷ་གེལ་ཐུང་། རྒྱལ་ཆེན་རྣམ་སྲས། ནོར་ལྷ་ཨཱརྻ་ཛམྦྷ་ལྷ། ཚོང་ལྷ་ཚོགས་བདག་གླང་སྣ། མགྲོན་ལྷ་དཀར་པོ། འཐབ་སྐྱེན་སྣ་ནག །ཇག་ལྷ་དར་མ་སྐྱེས་གཅིག །དགྲ་བླ་ལྷ་མགོན་དམར་པོ། མགོན་པོ་ཟས་ལྷ་དམར་པོ། སྲོག་ལྷ་དཀར་པོ་ལ་སོགས་པ་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ། མཆོད་ཅིང་བསྟེན་པ། བསྒྲུབས་ཤིང་གཡབས་པ། མ་བསྒྲུབ་རང་ལ་འཁོར་བའི་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ལ། ཕྱི་ནང་གསང་གསུམ་གྱི་སྤྱན་གཟིགས་ལོངས་སྤྱོད་དགྱེས་པའི་ཚོགས། ནམ་མཁའ་བར་སྣང་ས་གཞི་གང་བར་བཤམས་པ་འདིས་མཆོད་དོ། །འབུལ་ལོ། །གསོལ་ལོ། །བསྟོད་དོ། །མཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ། འདོད་པའི་ཡོན་ཏན་ལྔའི་ཚོགས་ཀྱི་མཉེས་པར་མཛད་དུ་གསོལ། །བདག་མི་ནོར་འཁོར་དང་བཅས་པ་ལ་སྲུང་ཞིང་སྐྱོབ་པ་དང་། བསམ་པ་དང་། སྨོན་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། འོ། ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བའི་མདོ་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་། སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་བར་དུ་གཅོད་པའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ཕྱིར་ཟློག་ཅིག །མཐོ་ལ་ཁ། དམའ་ལུང་ཁུང་། ཆུ་ཁ་རབ་སོ། འབྲོག་ཡུལ་དགོན་གསུམ། ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་གར་འདུག་ཀྱང་། སྔོན་ནས་སུས། རྒྱབ་ནས་སྐྱོལ། ཆུ་རབ་མེད་ལ་རབ་སྟོན། བྲག་ཐེམ་མེད་ལ་ཐེམ་ཚུགས། མཐོ་ལ་ཁ་ནས་བྱ་ར་གྱིས། དམའ་ལུང་ཁུང་ནས་མེལ་ཚེ་གྱིས། བདུད་བྱུང་ན་ཤོལ་ཐོབས། དགྲ་བྱུང་ན་བྱ་ཐོངས། དུག་བྱུང་ན་སྨན་ཐོངས། དཔའ་བའི་དཔུང་སྐྱེད། བཙན་པའི་མཁར་རྩིགས། སྲ་བའི་གོ་གྱོན། རྣོ་བའི་ངར་གྱིས། རིངས་ན་རྟ་སྟོད། བྲེལ་ན་གཞུ་བདུངས། བཟང་དང་ལ་ཁར་སྤྲོད། ངན་དང་ལུང་ཁུང་དུ་སྣོལ། མི་ནོར་ལ་མིག་མ་ཕྲ། ཁ་ཟས་འདོད་ཟས་དང་སྤྲོད། ལག་པ་ནོར་འདོད་ནོར་དང་སྤྲོད། མི་ཟས་ལ་ཁམ་མ་ཆུང་། མི་ནོར་ཆོད་ལ་རང་ལ་སྣོན། དགྲ་ནོར་རང་ནོར་གྱིས། སུ་ལ་མི་རེ་ཁྱོད་ལ་རེ། །སུ་ལ་མི་ལྟོས་ཁྱོད་ལ་ལྟོས། རྒྱལ་མཚན་བཞིན་དུ་ཁྱོད་ཕྱར། སྡང་བའི་དགྲ་ལ་ཁྱོད་སྡིགས། སྔ་རྗེ་རྙིང་པ་ཁྱོད་མི་སྤང་། ད་རྗེ་གསར་པ་གཞན་མི་བཙལ། རྗེ་མི་འགྱུར་བ་གསེར་གྱི་ཕ་བོང་ཁྱོད་ཡིན། འབངས་མི་འགྱུར་བ་གཡུ་ཡི་བཀྲག་མདངས་ངེད་ཡིན། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིག །བདག་གིས་ཅི་བསམ་པ་དང་སྨོན་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཁ་ངན་དུ་སྨྲ་བ། ལག་པ་ཚིག་ཏུ་རྔོད་པ། རྟ་ཁ་བསྟན་པ། ཡོབ་ཆེན་དགྲོལ་བ། མདའ་ཁ་འཕེན་པ། མདུང་ཁ་བཙུགས་པ། རྐུ་འཕྲོག་བཅོམ་གསུམ་ཚད་པ། ཕོད་བཙུགས་པ། དོ་བསྡོ་བ། ཡ་འགྲན་པ། སྔ་དགྲ་བྱས་པ། ཕྱི་དགྲ་བྱེད་པ། ད་དགྲ་རྩོམ་པའི་དགྲ་བོ་འདི་རྣམས་གསད་པ་དང་། གཅད་པ་དང་། བཅིང་པ་དང་། རེངས་པ་དང་། སྨྱོས་པ་དང་། དཔའ་བསྐུམ་པ་དང་། རྡུལ་དུ་བརླག་པ་དང་། ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །ཁྱད་པར་དུ་ཡིད་ལ་བརྣགས་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློག །ཕ་རོལ་གྱི་གནོད་པའི་བན་བྱད་བོན་བྱད་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་བཟློག་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །དེ་ལྟར་མཛད་ན། ལས་གྲུབ་དུས་སུ་ཁྱེད་རྣམས་ལ་བརྔན་པའི་གཏང་རག་ཆེན་པོ་གཏོང་ངོ་། །ཞེས་གྱེར་ཞིང་། མེ་ཏོག་དང་ཕྱེ་མར་གསེར་སྐྱེམས་རྣམས་ནམ་མཁར་འཐོར། དེ་ནས་ལྷ་ངོ་བསྟོད་ཅིང་སྨོན་ལམ་བཏབ་པ་ནི། ཀྱཻ། དགུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །བྲག་དང་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །རྨོག་ལ་ཁྱུང་ཐུར་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །རྟ་མཆོག་དར་སྣས་བརྒྱན་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །གངས་དང་སེང་གེ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །མཁར་ལ་བ་གམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །གཞུ་མོ་གཞུ་རྒྱུད་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །ཉ་མོ་ཆུ་དང་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །མདའ་མོ་སྒྲོ་གསུམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །ཁྲབ་ལ་ཁྲབ་ཤམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔུང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཞིག །བཀའ་བརྒྱུད་བླ་མ་རྣམས་ཀྱི་དབུ་འཕང་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་དབུ་འཕང་བསྟོད། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་དབུ་འཕང་བསྟོད། །ནོར་ལྷ་གཏེར་བདག་རྣམས་ཀྱི་དབུ་འཕང་བསྟོད། །ཡུལ་ལྷ་གཞི་བདག་རྣམས་ཀྱི་དབུ་འཕང་བསྟོད། །གནས་བདག་དཀོར་བདག་རྣམས་ཀྱི་དབུ་འཕང་བསྟོད། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་ཁྱེད་ལ་ཕྲིན་ལས་ཞུས་པའི་དགེས། །ནད་དང་འཐབ་རྩོད་ཞི་བ་དང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད། མཆོད་གཏོར་གསེར་སྐྱེམས་རྟེན་གྱི་དྲུང་ངམ་བསང་ཁང་དུ་འབུལ། སྦྱིན་བདག་རྣམ་གཡུལ་དང་ལམ་དུ་འཇུག་པ་སོགས་ཡིན་ན། དཔའ་བོ་དང་མགྲོན་པོ་རྣམས་ཀྱི་གྲི་མཚོན་བསང་ཁར་ཕྱུངས། བསང་ཁང་དང་དགྲ་བླའི་རྟེན་ལ་བསྐོར་བ་རབ་ལོ་གྲངས། འབྲིང་བདུན། ཐ་མ་གསུམ་སོགས་བསྐོར་ལ། ཀི་བསྭོ་ལྷ་རྒྱལ་འཐེན་པ་སོགས་བྱ་ཞིང་ཕྱེ་མར་གྱིས་ཞལ་བསྲོ། བཀྲ་ཤིས་བརྗོད་པ་སོགས་བྱའོ། །བརྒྱ་བྱིན་མཚོན་གྱིས་རི་བོ་བཞིན། །དགྲ་བླའི་མཐུ་སྟོབས་ཐོག་སེར་གྱིས། །བདུད་དགྲའི་གཡུལ་ངོ་ཕྱེ་མར་བརླག །གྲགས་སྙན་དབྱར་རྔ་སྒྲོག་གྱུར་ཅིག །དེ་ལྟར་དགྲ་བླའི་བསང་མཆོད་སོགས་སྔར་གྱི་གསུང་རྒྱུན་ཉིད་སྒར་བསང་ཆེན་མོའི་ཆ་ལག་ཏུ་བསྡེབས་པ་པོ་ནི་རླངས་ཀྱི་བནྡེ་མཁའ་ཁྱབ་རྡོ་རྗེས་སོ།། །། ༄༅། །དགྲ་བླ་གཏོང་ན། དེའི་གཏོར་མ་རིན་པོ་ཆེའི་སྣོད་དུ་བང་རིམ་གསུམ་གྱི་སྟེང་། བཤོས་བུ་ཟུར་གསུམ། དེའི་ཟུར་རེར་རྩེ་མོ་བཞི་རེ་བྱས་པ་རྒྱན་ལྡན་གྱི་མཐའ་སྐོར་དང་། བང་རིམ་རྣམས་ལ་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད། འདོད་ཡོན་ལྔ། གོ་མཚོན་རིགས། ཁྱུང་འབྲུག་སོགས་གནམ་ལ་འཕུར་དགུ །སེང་སྟག་སོགས་བར་ནས་འགྲིམ་དགུ །སྦལ་སྦྲུལ་སོགས་ས་ལ་འཛུལ་དགུ། ཀྲྀཥྞ་ས་ར་སོགས་རི་དྭགས། རྟ་གཡག་ལུག་སོགས་གཡུང་དྭགས་རིགས་སྣ་ཚོགས་པས་བསྐོར། དར་སྣ། སྟག་གཟིག་རས་མོ། བྱ་སྤུ་རྣམས་ཀྱིས་བརྒྱན། སྨན་སྣ། རིན་ཆེན་ཕྱེ་མ། འབྲུ་སྣ། ཡོས་ཁྲ། ཤ་སྣ། ཕྱེ་མར། འོ་ཞོ། ཇ་ཆང་སོགས་ཕུད་སྣ་རྣམས་བཤམས་པ་དང་། བདུད་རྩི་ཅན་དང་དྲི་བཟང་པོའི་ཤིང་སྣ་གཙང་མའི་བསང་དུད་སྦྱར་བ་ལ། འགྲུབ་ན་བསང་རྫས་ཀུན་འདུས་ཀྱི་ཕབས་གཏའ་བྲན། དར་ནག་དང་དར་སྣ་ཚོགས་པའི་བ་དན་ཕྱོགས་ཀུན་ཏུ་བཀྲམ། གཞན་ཡང་སྲུང་མ་དགྲ་བླ་འཁོར་བའི་རྟེན། དགྱེས་པ་སྐྱེད་པའི་རྫས། སྤྱན་གཟིགས་རྣམས་ཀྱིས་བག་དྲོ་བྱིན་ཆགས་པར་བྱའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གླུད་གཏོར་གྱི་ཆོ་ག་ཉེར་མཁོ་ཁྱེར་བདེ་ཕན་བདེའི་དགའ་ཚལ་ (Volume 44, Text 28)

༄༅། །གླུད་གཏོར་གྱི་ཆོ་ག་ཉེར་མཁོ་ཁྱེར་བདེ་ཕན་བདེའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། །བཀའ་གཏེར་སྤྱི་ཁྱབ་ཡི་དམ་གང་ལའང་སྦྱར་དུ་རུང་། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ མི་ཕྱུགས་གང་ཡང་རུང་བའི་དོན་དུ་གླུད་རྫོང་བྱེད་པར་འདོད་པས། སོ་སོའི་ལུས་ཀྱི་དྲི་མ་དང་བསྲེས་པའི་འབྲུ་སྣའི་ཟན་ལས་བསྒྲུབ་བྱའི་གཟུགས་སྐྱེ་མཆེད་དོད་པར་བཅོས་པའི་མཐར་ཅི་འབྱོར་པའི་དཀོར་ཆས་གཏིབས། གྲངས་གསོག་ན་གླུད་ཕྲན་ཆངས་བུ་གཏོར་རིལ་བཅས་གྲངས་མཉམ་དུ་བྱ། དེ་ནས་བདག་བསྐྱེད་ཡི་དམ་གང་རིགས་ཀྱི་གཞུང་རྒྱས་བསྡུས་ཇི་ལྟར་རིགས་པ་བཟླས་པ་དང་བཅས་གྲུབ་པའི་མཐར། བསྒྲུབ་བྱ་མདུན་དུ་འཁོད་པའམ། གནས་གཞན་དུ་གཏོང་ནའང་རུང་སྟེ། གླུད་གཏོར་རྣམས་བསང་ཆུས་བྲན་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གླུད་གཏོར་རྣམས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་མི་གཟུགས་སྨྲ་མཁས་འགྲོ་ཤེས་ཡིད་དུ་འོང་བ། མགྲོན་རྣམས་དགྱེས་པའི་རྫས་སུ་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་གྱི་བྱིན་གྱིས་བརླབ། གཏོར་མ་རྣམས། རཾ་ཡཾ་ཁཾ་གསུམ་གྱིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་ངོ་བོ་བདུད་རྩིའི་རྒྱ་མཚོ་ལས། རྣམ་པ་འདོད་པའི་ཡོན་ཏན་ལྔས་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དེ་ནས་རང་ཉིད་ལྷའི་ང་རྒྱལ་བརྟན་པོས། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་སྣེ་མོ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་དམར་སྐྱ་དྲག་ཤུལ་ཅན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་བྱུང་ནས་རས་བལ་རླུང་གིས་གཏོར་བ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་སྟེ། འཆི་བདག་གཤིན་རྗེ་འཁོར་དང་བཅས་པའི་གཙོར་བྱས། སྲིད་པའི་རྩེ་མོ་ནས་དམྱལ་ཁམས་ཡན་ཆད་ཀྱི་བགེགས་རིགས་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུག་པར་གྱུར། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཐམས་ཅད་འགུགས་མཛད་ཁྲོ་བོའི་རྒྱལ། །ཊཱ་ཀི་ཞེས་བྱ་བྱུང་ནས་ནི། །བགེགས་རྣམས་འགུགས་པའི་ལས་མཛད་དོ། །ནམ་མཁའ་སྟོང་པ་འགུགས་བྱེད་ན། །གཟུགས་སུ་སྣང་བ་སྨྲོས་ཅི་དགོས། །བེམ་པོའི་རྡོ་ཡང་འགུགས་བྱེད་ན། །རྣམ་ཤེས་ལྡན་པ་སྨྲོས་ཅི་དགོས། ཁུགས་ཤིག་དྲོངས་ཤིག་ཁྲོ་བོའི་རྒྱལ། །བགེགས་རྣམས་ཐམས་ཅད་མྱུར་ཁུགས་ཤིག །ཊཱ་ཀི་ཧཱུྃ་ཛཿ ཞེས་ལན་གསུམ་ལ་སོགས་པས་བཀུག །དམིགས་པ་གསལ་ན་གཅིག་གིས་ཆོག །ཧཱུྃ། ཞེ་སྡང་གདུག་པའི་སེམས་རྣམས་ཞི་བར་གྱིས། །སྙིང་རྗེ་བྱམས་པའི་སེམས་སུ་ད་བྱོན་ལ། །དགའ་མགུ་རངས་པའི་སེམས་ཀྱིས་གཏོར་མ་ལོངས། །ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཅེས་བརྗོད་པས། དེ་རྣམས་གདུག་སེམས་ཞི་ནས་དགའ་ཞིང་གུས་པས་གཏོར་གླུད་ལེན་པའི་ཚུལ་དུ་འཁོད་པ་ལ། གླུད་དེ་དག་རེ་རེ་ལས་རང་རང་འདྲ་བའི་རིན་པོ་ཆེའི་མི་་་འདི་དང་འོག་ཏུ་རྟ་ཕྱུགས་སོགས་ལ་སོ་སོའི་མིང་ཁ་བསྒྱུར་བས་འཐུས།མཆན།རྒྱན་ཆ་ལུགས་དང་ལྡན་པ་ནམ་མཁའི་ཁམས་གང་བ་བྱུང་ནས་བགེགས་རིགས་སོ་སོ་ལ་བྱིན་པས་ཐོབ་ཅིང་། གཏོར་མ་བདུད་རྩིའི་རྒྱ་མཚོ་དང་དེ་ལས་བྱུང་བ་འདོད་ཡོན་ལྔ་གནམ་ས་གང་བ་ཡང་ཐམས་ཅད་ཀྱིས་ཐོབ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལག་པ་གཡོན་པ་སེ་གོལ་དང་བཅས་པས་ལན་བདུན་ལ་སོགས་པ་དམིགས་པ་རྒྱ་ཆེན་པོས་རང་ཡིད་ཆེས་ཀྱི་བར་དུ་བསྔོས་པས་བགེགས་རྣམས་ཀྱིས་ཀྱང་དེ་ལྟར་ཐོབ་པ་ཡིན་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས། འཐབ་རྩོད་དང་ཕམ་རྒྱལ་མེད་པར་སོ་སོའི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་བདའ་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་བདེ་བ་ཕུན་སུམ་ཚོགས་པ། ཇི་ལྟར་མཛེས་པའི་རྒྱན་སྤུངས་པ། མལ་ཆ་དང་། ན་བའི་གསོས་སྨན་དང་། བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ལྡག་པ་དང་། བཏུང་བ་དང་། གཞན་ཡང་དར་ཟབ་རས་ཆེན་དང་། སྟག་གཟིག་ལྤགས་པ། གོ་ཁྲབ། གོས་སྣམ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། འབྲི་གཡག་རྟ་ཕྱུགས་ལ་སོགས་པ། མདོར་ན་སོ་སོ་རང་རང་གི་ཡིད་ལ་གང་འདོད་པ་ཐམས་ཅད་བྱུང་སྟེ་དུས་འདི་ནས་གཟུང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ཟད་པར་མི་འགྱུར་བའི་གཏེར་ལ་ལོངས་སྤྱོད་པར་གྱུར། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམས་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་ལག་པ་གཡས་ཁ་སྦུབས་པའི་མཐེབ་མཛུབ་ཀྱིས་གླུད་གཏོར་བཟུང་ལ་མི་དེ་ཡི་གཡས་སུ་ལན་གསུམ་ཤབ་པའི་ཚུལ་དུ་བསྐོར་བས། དེའི་ཆག་ཆེ་ཉམ་ང་ཐམས་ཅད་འུབ་ཀྱིས་བསྡུས་ནས་གླུད་ལ་ཐིམ་པས། མི་དེ་དཀར་སང་གིས་སོང་བས་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བྲལ་བར་བསམ་ལ། གཏོར་གླུད་དེ་མི་སྣོད་སྟོང་རྒྱབ་ཏུ་ཁུར་བ་ཁ་ཕྱིར་ཕྱོགས་པ་དེའི་རྒྱབ་ཏུ་བོར་ཏེ། ཡང་གཏོར་གླུད་རེ་རེ་བཞིན་གོང་ལྟར་བསྔོས་ལ། ལོ་གྲངས་སོགས་རྫོགས་པ་དང་། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །བྱང་ཆུབ་བསྒྲུབ་ལ་མི་དབང་ཞིང་། །ལུས་སེམས་སྦྱོར་བ་ངན་པ་ཡིས། །མི་ལ་གནོད་ཅིང་འཚེ་བྱེད་པ། །ཚེ་ལ་རྐུ་ཞིང་སྲོག་ལ་འཇབ། །ཞེ་སྡང་གདུག་པའི་སེམས་འཆང་བའི། །འབྱུང་པོའི་རིགས་སུ་གང་གཏོགས་པ། །མཐོ་བ་སྲིད་པའི་རྩེ་མོ་ནས། །ན་རག་དམྱལ་ཁམས་ཡན་ཆད་ཀྱི། །འབྱུང་པོའི་རིགས་གྱུར་ཐམས་ཅད་དང་། །འཆི་བདག་གཤིན་རྗེའི་རྒྱལ་པོ་དང་། །བཙུན་མོ་དུས་མཚན་ནག་མོ་དང་། །ཀ་ལ་པཱ་ཤ་ཡ་བ་ཏི། །ནམ་གྲུ་མ་དང་ཀ་ཤ་ལི། །གཤིན་རྗེ་ཕོ་མོ་མ་ལུས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ནད་ཡམས་དལ་གྱི་བདག་མོ་དང་། །བགེགས་ཀྱི་རིགས་གྱུར་ཐམས་ཅད་ཀྱང་། །གླུད་དང་གཏོར་མས་ཚིམས་གྱིས་ལ། །རང་རང་སོ་སོའི་གནས་སུ་སོང་། །མཆོད་སྦྱིན་གཏོར་གླུད་རྒྱ་ཆེན་འདི། །ཏིང་འཛིན་དགོངས་པས་བྱིན་གྱིས་བརླབས། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་འཐབ་རྩོད་ཕམ་རྒྱལ་མེད། །འདི་བཞེས་གནོད་སེམས་ཞི་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །བུ་ལོན་ཁྱེར་ལ་ཤ་མཁོན་བྱང་། །མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ། །འཆི་བདག་འཁོར་བཅས་རང་གནས་དེངས། །ལན་ཆགས་གླུད་གཏོར་བྱིན་ནས་ཀྱང་། །ད་རུང་གནོད་པའི་སེམས་འཆང་ན། །འབར་བ་ཁྲོ་བོའི་བྱིན་རླབས་ཀྱིས། ཁྱེད་རྣམས་རྡུལ་དུ་བརླག་པར་བྱེད། །རྡོ་རྗེ་ཆེན་པོ་སངས་རྒྱས་བཀའི། །ཚིག་ལས་འདས་ན་རྡུལ་དུ་བརླག །དེ་བས་རང་རང་གནས་སུ་དེངས། །ཞེས་གུ་གུལ་བསྲེག །ཡུངས་ཐུན་གྱིས་བྲབ། གཉེན་པོའི་དྲག་སྔགས་དང་ཧཱུྃ་བཞིའི་སྔགས་བཟླ་ཞིང་དཀར་དམར་གྱི་གསུར་དང་བཅས་ཏེ། གཏོར་གླུད་རྣམས་ལྷ་འདྲེ་གནས་པའི་སར་བསྐྱལ་བ་ཡིན་ནོ། །བརྒྱུད་ལྡན་བླ་མའི་ཕྱག་ལེན་ཁུངས་བཙུན་འཁྲུལ་མེད་ཡིན་ཏེ། ༧རྗེ་གཏེར་ཆེན་བླ་མ་རིག་འཛིན་གཏེར་བདག་གླིང་པས་དུས་རྒྱུན་དུ་ཕྱག་བཞེས་སུ་མཛད་པའོ། །མངྒ་ལཾ།། །། ༈ གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས་བཞུགས་སོ། །ཐེབ་རྩེ་ནང་ངམ་གང་རུང་སྣོད་དུ་ནི། །རྒྱུན་དུ་གཏོང་ན་ཆུ་དང་ནས་ཀྱང་རུང་། །ནད་པའི་གླུད་དུ་བཏང་ན་ངར་མིའི་གཟུགས། །ཆངས་བུ་ཏིང་ལོ་ལ་སོགས་བཤམས་བྱས་ལ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམ་བཞི་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། རང་ཉིད་ཁ་སརྤ་ཎིའི་སྐུ་རུ་གྱུར། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། །ཨོཾ་ཨཱཿཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ། །གནོད་པའི་ལན་ཆགས་བགེགས་རྣམས་འདིར་ཁུགས་ཤིག །ཊཱ་ཀི་ཧཱུྃ་ཛཿ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ལན་ཆགས་བུ་ལོན་ཤ་མཁོན་བཅས་རྣམས་ལ། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། གླུད་གཏོར་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ། །ཕྱིན་ཆད་འཁོར་འདིར་གནོད་པར་མ་བྱེད་ཅིག །ཅེས་ཚར་མང་དུ་བཏང་རྗེས། ཆོས་སྦྱིན་སྤྱི་ལྟར་བྱས་ལ། གནོད་བྱེད་བགེགས་རིགས་ལན་ཆགས་རྣམས། །སོ་སོ་རང་རང་གནས་སུ་གཤེགས། །སརྦ་བྷཱུ་ཏ་གཙྪ་གཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་བཏང་རྗེས། གཏོར་མ་ཕྱི་རོལ་དུ་བསྐྱལ། ནད་པ་ཡིན་ན་ལོ་གྲངས་བཏང་ནས་ལོ་བདུད་ཕྱོགས་སུ་འབུལ། གང་ལྟར་ཡང་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ནི་རྒྱུན་དུ་གཏོང་ན་རང་ངམ་ནད་པ་ལ་ཤིན་ཏུ་ཕན་པས་ཉམས་སུ་བླང་བ་གལ་ཆེའོ། །ཅེས་རང་ངམ་ནད་པ་གང་ལའང་སྦྱར་ཆོག་པའི་གླུད་གཏོར་ལོ་གྲངས་དང་བརྒྱ་རྩ་སོགས་ཁྱེར་བདེ་འདི་བཞིན་དགོས་པ་འགའ་བྱུང་ནས་ཀརྨ་ཨ་རཱ་གས་སྦྱར་བའོ། །ཤུ་བྷཾ།། །།

རྩ་གསུམ་ཚེའི་ཟབ་པ་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མང་ (Volume 5, Text 28)

རྩ་གསུམ་ཚེའི་ཟབ་པ་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མང་བཞུགས་སོ། །རང་བྱུང་མི་ཤིགས་དྭངས་མ་ཚེ་དཔག་མེད། །འོད་གསལ་སྣང་བ་ལྷུན་གྲུབ་སྙིང་རྗེའི་གཏེར། །རིགས་བརྒྱའི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གསང་ཆེན་ཆོས་ཀྱི་འབྱུང་གནས་མཚོ་རྒྱལ་ཡུམ། །བསྟན་པའི་ཤིང་རྟ་འཇམ་མགོན་ཁྲི་ལྡེའི་ཞབས། །རྒྱལ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །པདྨའི་རྒྱལ་ཚབ་མཆོག་གྱུར་བདེ་ཆེན་གླིང་། །ཟབ་ཆོས་བཀའ་བབ་ལུང་ཟིན་ཆོས་ཀྱི་བདག །ཡང་དག་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྣམ་བཅས་བདེ་ཆེན་ཐིག་ལེ་རྟ་མཆོག་དཔལ། །རྣམ་མེད་སྟོང་ཉིད་དཔྱིད་དཔལ་ཕག་ཞལ་ཅན། །ཟུང་འཇུག་ཆོ་འཕྲུལ་རིགས་བཞིའི་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁྱེན་པའི་བྱིན་རླབས་རྩ་བ་བླ་མ་རྗེ། །བརྩེ་བའི་དངོས་གྲུབ་རྩ་བ་ཡི་དམ་ལྷ། །ནུས་པའི་ཕྲིན་ལས་རྩ་བ་མཁའ་འགྲོ་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེའི་ཡེ་ཤེས་སྒྲིབ་པ་མེད་པར་ཞུགས། །ཚེ་དབང་མཆོག་ཐུན་ཐོགས་པ་མེད་པར་ཐོབ། །ལས་བཞིའི་འཕྲུལ་འཁོར་ཐོགས་པ་མེད་པར་འགྲུབ། །རྩ་གསུམ་ངང་དུ་བརྡལ་ཁྱབ་ལྷུན་གྲུབ་ཤོག སྟོང་ཉིད་དྲི་བྲལ་ཤེས་རབ་པདྨའི་ཀློང་། །སྣང་བ་བདེ་ཆེན་འགྱུར་མེད་རྡོ་རྗེ་གཉིས། །ཟུང་འཇུག་འོད་མི་འགྱུར་བའི་ཚེ་གྲུབ་ནས། །ཡེ་ཤེས་རོལ་པའི་འཁོར་ལོ་རབ་བསྐོར་ཤོག །རྡོ་རྗེ་བཙུན་མོའི་མཁའ་ཀློང་དཀྱིལ་འཁོར་དུ། །དབང་བཞིས་སྨིན་པའི་རང་རིག་བྱང་ཆུབ་སེམས། །རྩལ་ཆེན་རྫོགས་པའི་ཕྲིན་ལས་ཀུན་འབྱུང་བ། །མི་ཟད་རྒྱན་གྱི་གསང་བའི་མཛོད་འཛིན་ཤོག །ཅེས་རྩ་གསུམ་ཚེའི་ཟབ་པའི་བརྒྱུད་འདེབས་འདིའང་། ཟབ་ཆོས་འདི་ཉིད་ཀྱི་བདག་པོ་དབོན་སྤྲུལ་རིན་པོ་ཆེའི་བཀའ་གནང་ལྟར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་སྙིང་པོ་ཡིད་དགའ་ཆོས་འཛིན་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་ཕྲིན་ལས་ (Volume 11, Text 28)

༁ྃ༔ ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་ཕྲིན་ལས་བཞུགས༔ ༔ བདེ་ཆེན་ལྷན་ཅིག་སྐྱེས་མར་འདུད༔ ཆོས་ཀུན་འབྱུང་གནས་ཟབ་མོའི་དབྱིངས༔ རིག་འཛིན་ཀུན་གྱི་ལམ་འདྲེན་མ༔ ཤེས་རབ་རང་བཞིན་བདེ་བ་ཆེ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ དངོས་གྲུབ་སྒྲུབ་འདོད་རྣལ་འབྱོར་པ༔ དབང་ཐོབ་དམ་ཚིག་ལྡན་པ་ཡིས༔ དྷཱ་ཀི་འདུ་བའི་དབེན་གནས་སུ༔ ཡར་མར་ཚེས་བཅུའི་མཚན་མོའི་ཆར༔ རྒྱས་བསྡུས་གང་འགྲུབ་དཀྱིལ་འཁོར་བཞེངས༔ གསང་བའི་རྟེན་དང་བླ་རྡོ་བཀྲམ༔ མཁའ་འགྲོ་དགྱེས་པའི་དམ་རྫས་བསགས༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས༔ ཇི་ལྟར་འབྱོར་པ་བུངས་བསྐྱེད་ལ༔ དཔྲལ་བར་སིནྡྷུའི་ཐིག་ལེ་གདབ༔ ཞིང་གི་སྟན་་ལ་འདུག་ནས་སུ༔ སྔོན་འགྲོ་དངོས་གཞི་རྗེས་ཚང་བའི༔ ཕྲིན་ལས་གྱེར་སྒོམ་སྦྲགས་མར་འཇུག༔ ས་མ་ཡ༔ སྔོན་དུ་འགྲོ་བའི་ལས་རིམ་ལྔ༔ ཐོག་མར་སྐྱབས་སེམས་ཚོགས་གསག་ནི༔ ན་མོ༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མ༔ ལྷན་སྐྱེས་ཡེ་ཤེས་ཌཱ་ཀི་ལ༔ དེང་ནས་དབྱེར་མེད་གཅིག་གྱུར་བར༔ འབྲལ་བ་མེད་པར་སྐྱབས་སུ་མཆི༔ རྟོག་འཁྲུལ་དབང་གིས་འཁོར་བར་འཁྱམས༔ ལས་ཉོན་དྲྭ་བས་བཅིངས་པ་རྣམས༔ རྣམ་གྲོལ་བདེ་ཆེན་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་བསྒྲུབ་པར་བགྱི༔ ཆོས་དབྱིངས་ཡུམ་གྱི་ཀློང་ནས་གཤེགས༔ མ་བཅོས་མཉམ་པ་ཆེན་པོར་བཞུགས༔ རང་ཞལ་མངོན་སུམ་མཇལ་བས་འདུད༔ བདེ་སྟོང་ཟུང་འཇུག་མཆོད་སྤྲིན་འབུལ༔ གཞི་མེད་རྩ་བྲལ་ངང་དུ་བཤགས༔ ལྷན་ཅིག་སྐྱེས་ལ་རྗེས་ཡི་རང༔ བདེ་ཆེན་ཆོས་འཁོར་བསྐོར་བཞིན་དུ༔ གདོད་ནས་མ་སྐྱེས་རྫོགས་པར་བཞུགས༔ ཤེས་རབ་ཕ་རོལ་ཕྱིན་བསྔོས་པས༔ དབྱིངས་ཀྱི་ཡུམ་ཆེན་མྱུར་འགྲུབ་ཤོག༔ གཉིས་པ་བཀའ་བསྒོ་མཚམས་ཀྱང་བཅད༔ ཧྲཱི༔ དོན་དམ་སྐྱེ་བ་མེད་པ་ལས༔ རང་ཉིད་ཁྲོས་པའི་དབང་མོ་ཆེ༔ འཁོར་འདས་ཀུན་ཀྱང་ང་ཡི་ཞིང༔ མ་དག་བགེགས་རིགས་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཀྲོ་དྷ་དྷཱ་ཀི་ནཱི་ཨ་ཕཊ༔ ཧཱུྃ༔ སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང༔ སྲིད་བཅུད་ཡེ་ཤེས་མཁའ་འགྲོའི་སྐུ༔ ལྷ་སྔགས་བདེ་ཆེན་ཕྱག་རྒྱར་རྫོགས༔ གཟུང་འཛིན་འཁྲུལ་རྟོག་མཚམས་བཅད་དོ༔ དྷཱ་ཀི་ནཱི་ཛྙཱ་ན་མུ་དྲ་རཀྵ་རཀྵ༔ གསུམ་པ་བླ་མའི་རྣལ་འབྱོར་ནི༔ རང་མདུན་ནམ་མཁར་པད་ཉིའི་སྟེང༔ བླ་མ་ཀུན་བཟང་རྣལ་འབྱོར་མ༔ དམར་གསལ་སྤྱན་གསུམ་ཁྲོ་འཛུམ་ཉམས༔ ཐོར་ཚུགས་རུས་རྒྱན་སྟག་ཤམ་གསོལ༔ ཕྱག་གཉིས་ཅང་ཏེའུ་ཐོད་ཞལ་བསྣམས༔ ཕྱེད་སྐྱིལ་ཡེ་ཤེས་འོད་ལྔའི་ཀློང༔ གནས་གསུམ་མཁའ་འགྲོའི་འཁོར་དང་བཅས༔ དགྱེས་པས་དགོངས་ཏེ་བཞུགས་པར་བསམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡེ་ཤེས་དྷཱ་ཀིའི་རྣམ་པར་བྱོན༔ བདེ་ཆེན་དགའ་བཞིའི་དབང་མཆོག་སྐུར༔ གཟུང་འཛིན་དབུ་མར་ཐིམ་པ་དང༔ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་མཛོད༔ ཕཊ༔ རང་སེམས་རྡོ་རྗེ་རྣལ་འབྱོར་མ༔ བྷཉྫ་ཉི་ཟླའི་སྣོད་ཡངས་སུ༔ རང་ལུས་ཟག་མེད་བདུད་རྩིར་སྤེལ༔ འདོད་རྒུའི་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ གུ་རུ་མཁའ་འགྲོའི་འཁོར་བཅས་ལ༔ དགྱེས་མཆོད་བླ་མེད་ཚོགས་སུ་འབུལ༔ རྟོག་སྒྲིབ་ཉམས་ཆག་ཀུན་བྱང་ནས༔ ཆོས་སྐུ་ཡུམ་ཆེན་མྱུར་འགྲུབ་ཤོག༔ ཕཊ་ཀྱིས་རྟོག་ཚོགས་དབྱིངས་སུ་བསྐྱལ༔ གདུང་ཤུགས་དྲག་པོས་གསོལ་བ་གདབ༔ ཀྱེ་ཀྱེ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཁའ་འགྲོའི་དབང་ཕྱུག་བདེ་བ་ཆེ༔ སངས་རྒྱས་ཀུན་འདུས་འགྲོ་བའི་མགོན༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེས་གཟིགས་ཤིག་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་དྷཱ་ཀིའི་གཙོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཞི་ཡི་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེའི་འཁྲུལ་པ་སོལ༔ བདེ་ཆེན་མཆོག་ཏུ་མི་འགྱུར་བའི༔ རང་བྱུང་རིག་རྩལ་རྫོགས་ནས་ཀྱང༔ ཉིད་དང་དབྱེར་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཟབ་མོའི་དབང་བླང་རང་ལ་བསྟིམ༔ བཞི་པ་ཡེ་ཤེས་བྱིན་ཆེན་འབེབ༔ ཧྲཱི༔ སྐྱེ་མེད་བཟང་མོའི་མཁའ་ཀློང་ནས༔ རང་བྱུང་འོད་གསལ་བྱིན་ཕོབ་ཅིག༔ རྡོ་རྗེ་བཙུན་མོའི་བྷ་ག་ནས༔ ལྷན་སྐྱེས་བདེ་ཆེན་བྱིན་ཕོབ་ཅིག༔ རིགས་ལྔ་མཁའ་འགྲོའི་བདེ་ཀློང་ནས༔ དགའ་བཞི་འགྱུར་མེད་བྱིན་ཕོབ་ཅིག༔ སྣང་སྲིད་ཡུམ་གྱི་ཨེ་དབྱིངས་ནས༔ ཞུ་བདེ་རང་འབར་བྱིན་ཕོབ་ཅིག༔ འཁོར་འདས་ཀུན་ཁྱབ་ཤེས་རབ་དབྱིངས༔ ཐབས་མཆོག་རིག་པའི་རྡོ་རྗེས་སྐུལ༔ བདེ་མཆོག་བདེ་བའི་རོལ་མོ་ཡིས༔ སྣང་གྲགས་རྟོག་ཚོགས་བྱིན་གྱིས་རློབས༔ སྣོད་བཅུད་དག་པའི་འཁོར་ལོར་སྒྱུར༔ གཟུང་འཛིན་བདེ་བ་ཆེན་པོར་ཐིམ༔ སྣང་རིག་ཡེ་ཤེས་ཕྱག་རྒྱར་སད༔ དངོས་གྲུབ་ཆར་ལྟར་དབབ་ཏུ་གསོལ༔ བཛྲ་ཛྙཱ་ན་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ལྔ་པ་མཆོད་རྫས་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་རྣམ་དག་ཀུན་ཏུ་བཟང་མོའི་ཀློང༔ རིག་རྩལ་མཆོད་སྤྲིན་བདེ་ཆེན་རོལ་པའི་རྒྱན༔ གནས་གསུམ་མཁའ་འགྲོ་དགྱེས་པའི་དམ་ཚིག་རྫས༔ བསམ་གྱིས་མི་ཁྱབ་དབྱིངས་དང་མཉམ་པར་གྱུར༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ དེ་ཡིས་སྔོན་འགྲོའི་ཆོས་རྣམས་རྫོགས༔ ས་མ་ཡ༔ དངོས་གཞི་ལ་ཡང་རྩིས་འགོ་ལྔ༔ དང་པོ་དམ་ཚིག་འཁོར་ལོ་བསྐྱེད༔ཨ༔ གདོད་ནས་རྣམ་དག་ཡུམ་གྱི་དབྱིངས༔ ཀུན་ཏུ་བཟང་མོ་ཀུན་ལ་ཁྱབ༔ འོད་གསལ་སྙིང་རྗེས་ཆགས་པའི་མདངས༔ རང་བྱུང་རིག་པ་ཡི་གེ་ཧྲཱི༔ བདེ་ཆེན་འབར་བའི་ཆོ་འཕྲུལ་ལས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ ངོ་མཚར་རྒྱན་དང་བཀོད་པ་རྫོགས༔ དགའ་བ་བཞི་ཡི་འཇའ་ཟེར་ཀློང༔ ལྷན་སྐྱེས་འོད་ལྔའི་ཐིག་ལེར་འཁྱིལ༔ དུ་མ་རོ་གཅིག་མུ་ཁྱུད་ཟླུམ༔ ཕྱི་ནང་ཀུན་ཁྱབ་བདེ་དྲོད་འབར༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས༔ དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ༔ བདེ་ཆེན་རྒྱལ་མོ་མནྡཱ་ར༔ དཀར་དམར་མདངས་ལྡན་ཁྲོ་འཛུམ་ཉམས༔ གཡས་པས་ཅང་ཏེའུ་གྲི་གུག་ཕྱར༔ གཡོན་པས་བྷནྡྷ་ཚེ་བུམ་བརྒྱན༔ གྲུ་མོར་ཐབས་ཀྱི་ཁ་ཊྭཱཾ་བསྟེན༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ དར་དང་རིན་ཆེན་རུས་པས་བརྒྱན༔ པདྨའི་ཕྲེང་བའི་དོ་ཤལ་འཕྱང༔ བརྐྱང་བསྐུམ་གར་གྱིས་པད་ཉིར་རོལ༔ དབུ་གཙུག་རིགས་བདག་པདྨ་འབྱུང༔ མདོག་དམར་ཧེ་རུ་ཀ་ཡི་ཆས༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད༔ དེ་སྟེང་པདྨ་ཉི་མའི་སྟེང༔ ལོངས་སྤྱོད་རྫོགས་པ་གོས་དཀར་མོ༔ འཆི་མེད་ཚེ་བདག་ཙནྡྷ་ལཱི༔ གུར་གུམ་མདངས་འཛིན་བཅུ་དྲུག་ཉམས༔ གཡས་པས་རྡོ་རྗེ་མདའ་དར་གཡབ༔ གཡོན་པས་འཆི་མེད་ཚེ་བུམ་བསྣམས༔ ཞི་ཚུལ་རིན་ཆེན་དར་གྱིས་སྤྲས༔ ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས༔ མདུན་དང་ཕྱོགས་བཞིར་གཡས་སྐོར་དུ༔ སངས་རྒྱས་མཁའ་འགྲོ་མཚོ་རྒྱལ་དཀར༔ རྡོ་རྗེ་མནྡཱ་ར་བ་སྔོ༔ རིན་ཆེན་ཀཱ་ལ་སིདྡྷི་སེར༔ པདྨ་ཤཱཀྱ་དྷེ་མ་དམར༔ ཕྲིན་ལས་བཀྲ་ཤིས་ཁྱེ་འདྲེན་ལྗང༔ གཡས་རྣམས་རང་རྟགས་མདའ་དར་གཡབ༔ གཡོན་པས་བཅུད་ལྡན་ཚེ་བུམ་བསྣམས༔ པད་ཟླའི་གདན་ལ་ཕྱེད་སྐྱིལ་བཞུགས༔ དེ་སྟེང་པད་ཟླ་འོད་ལྔའི་ཀློང༔ ཆོས་སྐུ་ཤེས་རབ་ཕ་རོལ་ཕྱིན༔ གདོད་མའི་ཡུམ་ཆེན་ཀུན་བཟང་མོ༔ ཆུ་ཤེལ་མདོག་ཅན་མཉམ་པའི་ཕྱག༔ སྤྲོས་བྲལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ༔ ཕྱི་ལྟར་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་གཅེར་བུ་ཅང་ཏེའུ་འཁྲོལ༔ གྲི་གུག་ཐུར་སྡིགས་མཁའ་ལ་སྤྱོད༔ ནང་ལྟར་སྒྲོལ་མ་རྣལ་འབྱོར་ལྗང༔ ཁྲོ་འཛུམ་མཆོག་སྦྱིན་བུམ་པ་དང༔ སྐྱབས་སྦྱིན་ཨུཏྤལ་བརྐྱང་བསྐུམ་གར༔ གསང་བ་ཡེ་ཤེས་ལི་ཁྲིའི་མདངས༔ ཕྱག་བཞི་གྲི་ཐོད་རལ་གྲི་དང༔ ཁ་ཊྭཱཾ་ག་འཛིན་ཞབས་བརྐྱང་བསྐུམ༔ ཡང་གསང་དགྱེས་མཛད་ཁྲོས་མ་ནག༔ གྲི་ཐོད་ཁ་ཊྭཱཾ་ཕྱག་རྒྱ་ལྔ༔ བརྐྱང་བསྐུམ་དུར་ཁྲོད་ཆས་བརྒྱད་རྫོགས༔ རང་འོད་མེ་ཕུང་ཀློང་ན་འགྱིང༔ གཙོ་མོའི་ཕྱི་རོལ་པད་འདབ་ལ༔ རྣམ་སྣང་སྐུ་ཡི་རྣལ་འབྱོར་མ༔ དཀར་མོ་སྒེག་ཉམས་འཁོར་ལོ་འཛིན༔ དུམ་སྐྱེས་གསུང་གི་རྣལ་འབྱོར་མ༔ དམར་མོ་ཆགས་ཉམས་པདྨ་འཛིན༔ ཌཱ་ཀི་ཐུགས་ཀྱི་རྣལ་འབྱོར་མ༔ སྔོན་མོ་ཞི་ཚུལ་རྡོ་རྗེ་འཛིན༔ གཟུགས་ཅན་ཡོན་ཏན་རྣལ་འབྱོར་མ༔ སེར་མོ་བརྗིད་བག་རིན་ཆེན་བསྣམས༔ ལཱ་མ་ཕྲིན་ལས་རྣལ་འབྱོར་མ༔ ལྗང་མོ་ཁྲོ་ཚུལ་རྒྱ་གྲམ་འཛིན༔ གར་དབང་དབྱིངས་ཀྱི་རྣལ་འབྱོར་མ༔ མཐིང་མདོག་རྔམ་བཞད་བུམ་པ་འཛིན༔ བདེ་བའི་དབང་མོ་ཡེ་ཤེས་གཙོ༔ འོད་ལྔའི་མདངས་ལྡན་ཌཱ་རུ་བསྣམས༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཁྲོལ༔ གར་སྟབས་འགྱིང་བག་ཚུལ་གྱིས་རོལ༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ ཤར་ལ་སོགས་པའི་ཕྱོགས་བཞི་རུ༔ ཡེ་ཤེས་རྗེ་མོ་ལཱ་སེ་དཀར༔ མེ་ལོང་ཐོད་པ་བདུད་རྩིས་བཀང༔ བདེ་བའི་རྣལ་འབྱོར་མཱ་ལེ་སྔོ༔ ཕྲེང་བ་གཞུ་གཞོང་ཆང་གིས་གཏམས༔ བདག་མེད་ལྷ་མོ་གཱིརྟི་མ༔ དམར་གསལ་པི་ཝཾ་ཐོད་ཆང་བསྣམས༔ རྡོ་རྗེ་ཕྲ་མེན་ནཱིརྟི་མ༔ ལྗང་སྔོན་དུང་ཆེན་དམར་གྱིས་བཀང༔ ཤར་ལྷོ་ནས་བཟུང་མཚམས་བཞི་རུ༔ མཚོ་གླིང་མཁའ་འགྲོ་དྷཱུ་པེ་མ༔ སེར་མོ་བདུག་སྤོས་པད་ཕོར་ཐོགས༔ ཞི་བ་འཚོ་བྱེད་པུཥྤེ་མ༔ དཀར་གསལ་མེ་ཏོག་རྔ་གཡབ་གཡོབ༔ ཤཱཀྱ་དྷེ་བཱི་དཱི་པེ་མ༔ དམར་སེར་མར་མེ་ལྷུང་བཟེད་ཐོགས༔ བདུད་འདུལ་དྲག་མོ་གནྡྷེ་མ༔ ལྗང་ནག་དྲི་ཆབ་ཐོད་ཁྲག་ཐོགས༔ དར་གྱི་ལྷབ་ལྷུབ་མེ་ཏོག་ཕྲེང༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ མ་ངེས་སྟངས་སྟབས་ཅིར་ཡང་སྒྱུར༔ མཚམས་བཞི་སྟེང་དང་འོག་རྣམས་སུ༔ སྦྱིན་པའི་ཕར་ཕྱིན་སྡུད་བྱེད་མ༔ དམར་མོ་དགོས་འབྱུང་རིན་ཆེན་བསྣམས༔ ཤེས་རབ་ཕར་ཕྱིན་རྨོངས་བྱེད་མ༔ སྔོན་མོ་དྭངས་གསལ་མེ་ལོང་བསྣམས༔ ཚུལ་ཁྲིམས་ཕར་ཕྱིན་ཙནྟི་ཀ༔ གཡུ་མདོག་ཡེ་ཤེས་རལ་གྲི་བསྣམས༔ བརྩོན་འགྲུས་ཕར་ཕྱིན་སྲེག་བྱེད་མ༔ འཆར་ཁའི་མདངས་ལྡན་འཁོར་ལོ་བསྣམས༔ བསམ་གཏན་ཕར་ཕྱིན་འཇོམས་བྱེད་མ༔ དུང་མདོག་བདུད་རྩིའི་བུམ་པ་བསྣམས༔ བཟོད་པའི་ཕར་ཕྱིན་སྐྱོད་བྱེད་མ༔ མདོག་ནག་མེ་ཤེལ་ཆུ་ཤེལ་བསྣམས༔ ཀུན་ཀྱང་ཕྱག་གཡས་མཆོག་སྦྱིན་བརྐྱང༔ གཡོན་པས་སྐྱབས་སྦྱིན་ཨུཏྤ་ལའི༔ ཟེའུ་འབྲུར་རང་རྟགས་ཕྱག་རྒྱས་མཚན༔ བཞེངས་སྟབས་པདྨའི་སྟེང་ན་རོལ༔ ཤར་སྒོར་སྣ་ཚོགས་མཁའ་འགྲོ་དཀར༔ ལྷོ་སྒོར་ཐམས་ཅད་མཁའ་འགྲོ་སེར༔ ནུབ་སྒོར་དམ་ཚིག་མཁའ་འགྲོ་དམར༔ བྱང་སྒོར་འཇིག་རྟེན་མཁའ་འགྲོ་ལྗང༔ ཕྱག་རྒྱ་བཞི་འཛིན་ཐོད་ཁྲག་སྟོབ༔ རྒྱན་ལྡན་གར་སྒྱུར་ཕྲིན་ལས་སྒྲུབ༔ ཕྱི་རོལ་བར་མཚམས་ཐམས་ཅད་དུ༔ གནས་དང་ཡུལ་གྱི་རྣལ་འབྱོར་མ༔ ཞིང་སྔགས་ལྷན་ཅིག་སྐྱེས་མའི་ཚོགས༔ སྤྲིན་ལྟར་འཁྲིགས་ཤིང་སྐར་ལྟར་བཀྲ༔ བདེ་ཆེན་རྡོ་རྗེའི་གསང་བ་གསུམ༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ གཉིས་པ་ཡེ་ཤེས་དྲང་ཞིང་བསྟིམ༔ འབྲལ་མེད་དམ་བཅའ་སྲོག་ཏུ་བཟུང༔ ཧྲཱི་ཕེཾ༔ བཞེངས་ཤིག་ལྷན་སྐྱེས་དྷཱ་ཀི་མ༔ སྐྱོད་ཅིག་གནས་གསུམ་མཁའ་འགྲོའི་ཚོགས༔ དོན་ལ་གཤེགས་བཞུགས་མི་མངའ་ཡང༔ རྣལ་འབྱོར་གདུང་བས་བསྐུལ་བའི་ཚེ༔ གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས༔ མཁའ་ལ་སྤྲིན་བཞིན་གཏིབས་ཏེ་བྱོན༔ གཙོ་མོ་དབྱིངས་ནས་བཞེངས་པའི་ཚེ༔ འབུམ་ཕྲག་ཡངས་པའི་འཁོར་དང་བཅས༔ ཐོར་ཚུགས་ཅོད་པན་ལྡེམས་སེ་ལྡེམ༔ རུས་རྒྱན་ཅང་ཏེའུ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ སྣ་ཚོགས་དར་དཔྱང་པུ་རུ་རུ༔ སྙན་པའི་གླུ་ལེན་ཀྱུ་རུ་རུ༔ མཛེས་པའི་གར་སྟབས་ཤིགས་སེ་ཤིག༔ བདེ་ཆེན་གཟི་མདངས་ལམས་སེ་ལམ༔ འཇའ་ཟེར་ཐིག་ལེ་ཀྱི་ལི་ལི༔ དགྱེས་པའི་ཐུགས་ཀྱིས་དགོངས་ནས་ཀྱང༔ འདིར་གཤེགས་དབང་སྐུར་བྱིན་གྱིས་རློབས༔ གཉིས་རྟོག་འཁྲུལ་པ་དབྱིངས་སུ་སོལ༔ མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མ་ཧཱ་སུ་ཁེ་ཤྭ་རཱི་སརྦ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཧཱུྃ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ༔ ལུས་ལ་ལས་ཀྱི་ཕྱག་རྒྱས་བསྲེ༔ ངག་ལ་ཆོས་ཀྱི་ཕྱག་རྒྱས་བཅིངས༔ ཡིད་ལ་དམ་རྒྱས་དབྱེར་མེད་པར༔ ཟུང་འཇུག་ཕྱག་ཆེན་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧོ༔ ཡེ་ནས་རང་དང་གཉིས་མེད་ཀྱང༔ རྟོག་འཁྲུལ་དབང་གིས་གཉིས་སུ་བཟུང༔ དེང་ནས་ལྷན་ཅིག་སྐྱེས་པའི་ངང༔ འདུ་འབྲལ་མེད་པར་དམ་བཅའ་འོ༔ བཛྲ་ས་མ་ཡ་ཧཱུྃ༔ གསུམ་པ་ཕྱག་མཆོད་བསྟོད་པས་བཀུར༔ ན་མོ༔ ཆོས་ཀུན་འབྱུང་གནས་ཆོས་ཀྱི་སྐུ༔ རིགས་ལྔའི་ཡུམ་མཆོག་ལོངས་སྤྱོད་རྫོགས༔ བདེ་ཆེན་རྒྱལ་མོ་ཅིར་ཡང་སྤྲུལ༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་ལོངས་སྤྱོད་མཆོད་པའི་སྤྲིན༔ ཡེ་ཤེས་རྣམ་རོལ་དགྱེས་རྒུའི་གཏེར༔ ལྷ་རྫས་ཉེར་སྤྱོད་ཚར་དུ་དངར༔ རང་བྱུང་འདོད་ཡོན་དབང་པོའི་རྒྱན༔ སྨན་གཏོར་རཀྟ་དམ་ཚིག་རྫས༔ ཐབས་མཆོག་དགའ་བཞིའི་རྦ་རླབས་གཡོ༔ སྲིད་གསུམ་དབྱིངས་སྒྲོལ་བམ་ཆེན་སྤུངས༔ བདེ་སྟོང་ཟག་མེད་འོད་གསལ་ངང༔ ཐིམ་པའི་ཚུལ་གྱིས་བཞེས་ནས་ཀྱང༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲིཏ་རཀྟ་བ་ལིཾ་ཏ་སྟ་ན་ག་ཎ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཨ་ཧོ༔ སྣང་སྟོང་ཟུང་འཇུག་རོལ་པའི་སྐུ༔ གང་འདུལ་རྣམ་འགྱུར་མཁའ་དང་མཉམ༔ ཡན་ལག་འབུམ་ལྡན་རྡོ་རྗེའི་དབྱངས༔ འགྲོ་བའི་སྐད་དང་འཚམ་པར་འཇུག༔ རྣམ་པར་མི་རྟོག་འོད་གསལ་ཐུགས༔ བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ རྩོལ་མེད་ཆེ་བའི་ཡོན་ཏན་ལ༔ འཁོར་འདས་ཆོས་ཀུན་རྒྱན་དུ་རྫོགས༔ ཕྲིན་ལས་རྣམ་བཞིའི་འདུལ་བའི་ཐབས༔ འདོད་རྒུར་སྒྱུར་བའི་འཕྲུལ་མོ་ཆེ༔ གསང་ཆེན་གསང་བའི་མཛོད་འཛིན་ཅིང༔ ལས་དང་དངོས་གྲུབ་ཀུན་གྱི་གཏེར༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་བསྟོད་པར་བགྱི༔ ཚད་མེད་ཐུགས་རྗེའི་གཟི་བྱིན་གྱིས༔ བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ བཞི་པ་བཟླས་པའི་འཕྲོ་འདུ་བསྐུལ༔ ཧྲཱི༔ སྣང་སྲིད་ཡུམ་གྱི་ཕྱག་རྒྱའི་དཀྱིལ་འཁོར་དུ༔ བདེ་ཆེན་ཏིང་འཛིན་འཕྲོ་འདུའི་གཟེར་གདབ་ཅིང༔ རིག་སྲོག་རྡོ་རྗེའི་བཟླས་པས་རྒྱུད་བསྐུལ་ན༔ དབྱིངས་ལས་ཡེ་ཤེས་རོལ་པའི་ཕྲིན་ལས་མཛོད༔ ཆོས་སྐུའི་བྱིན་རླབས་བསྙེན་པ་ནི༔ ཡུམ་ཆེན་གཙོ་འཁོར་གནས་གསུམ་དུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ གསོལ་གདབ་བཟླས་པས་ཐུགས་རྒྱུད་བསྐུལ༔ བདུད་རྩི་འོད་ཟེར་དཀར་དམར་མཐིང༔ རང་གི་གནས་གསུམ་ཐིམ་པ་ཡིས༔ རྟོག་སྒྲིབ་བག་ཆགས་ཀུན་སྦྱངས་ཏེ༔ དབང་དང་བྱིན་རླབས་ཐོབ་པར་བསམ༔ ཨོཾ་ཨཱཿཧཱུྃ༔ ལོངས་སྐུར་ཉེ་བསྙེན་ཚེ་བཅུད་བསྡུ༔ ཚེ་བདག་གཙོ་འཁོར་ཐུགས་ཀ་རུ༔ ཉི་སྟེང་ས་བོན་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་དང༔ སྲིད་ཞིའི་ཚེ་དཔལ་དངོས་གྲུབ་ཀུན༔ འོད་ཀྱི་རྣམ་པས་བུམ་ནང་བསྡུས༔ བདུད་རྩིར་ཞུ་ཁོལ་ཁ་ནས་ལུད༔ སྤྱི་བོར་བབས་ཏེ་ལུས་ཀུན་གང༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་བསམ༔ ཨོཾ་ཧྲཱིཿདྷཱ་ཀི་ཙནྡྷ་ལཱི་ཧ་རི་ནི་ས་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ སྤྲུལ་སྐུས་སྐུ་གསུང་ཐུགས་སུ་བསྒྲུབ༔ གཙོ་མོའི་བདེ་ཆེན་ཐུགས་ཀྱི་ཀློང༔ ཐབས་ཤེས་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཿཡིག་དཀར་གསལ་རྩ་སྔགས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ སྣོད་བཅུད་ལྷ་ཡི་འཁོར་ལོར་སྦྱངས༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་མ་མ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཉི་ཟླའི་ག་འུར་ས་བོན་མཐར༔ སྙིང་པོས་བསྐོར་ལས་འོད་ཟེར་འཕྲོས༔ སེམས་ཅན་སྒྲིབ་སྦྱངས་དངོས་གྲུབ་བསྡུས༔ སྒྲ་སྐད་སྔགས་ཀྱི་དབྱངས་སུ་སྨིན༔ ཨོཾ་བཛྲ་ཝཱ་རཱ་ཧཱི་དྷཱ་ཀི་ནཱི་སྭཱ་ཧཱ༔ ག་འུར་ཐུགས་སྲོག་ཉེ་སྙིང་བསྐོར༔ འོད་ཟེར་སྣང་བས་འཁོར་འདས་ཀུན༔ བདེ་ཆེན་མཆོག་ཏུ་མི་འགྱུར་བའི༔ འོད་གསལ་ཡེ་ཤེས་ཐིག་ལེར་རྫོགས༔ ཨ་ཧ་རི་ནི་ས་ཧཱུྃ་ཛ༔ ཡོངས་རྫོགས་སྒྲུབ་ཆེན་ལས་ལ་སྦྱར༔ གཙོ་འཁོར་ཀུན་གྱི་ཐུགས་འོད་ཀློང༔ རང་སྲོག་སྔགས་ཕྲེང་སྤྲོ་བསྡུ་ཡིས༔ བདེ་ཆེན་མཆོག་གི་ཡེ་ཤེས་བསྐྱེད༔ རྣམ་བཞིའི་ཕྲིན་ལས་ཀུན་འགྲུབ་བསམ༔ ཨོཾ་བཛྲ་ཝ་རཱ་ཧཱི་ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཏིང་འཛིན་དམིགས་པའི་གཟེར་བཏབ་ལ༔ ཡེངས་མེད་སྐྱོན་དང་བྲལ་བར་བཟླ༔ ལྔ་པ་དབང་དང་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ བདེ་ཆེན་དགྱེས་རོལ་བླ་མ་མཁའ་འགྲོའི་ལྷ༔ རྩེ་གཅིག་བསྒྲུབས་པས་ཐུགས་དམ་རྒྱུད་བསྐུལ་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབྱིངས་ཉིད་ལས༔ དབང་དང་བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ༔ ཛྙཱ་ན་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བསྙེན་ཅིང་སྒྲུབ་པའི་དྲོད་ཚད་ཀྱི༔ ལྟས་བཟང་ཉམས་དགའ་བྱུང་བ་འམ༔ དུས་དང་རྒྱུན་གྱི་ཐུན་མཐར་ཡང༔ མོས་གུས་གདུང་ཤུགས་དྲག་པོས་བསྐུལ༔ དབང་དང་བྱིན་རླབས་དངོས་གྲུབ་ཀུན༔ སྟན་ཐོག་གཅིག་ཏུ་ཐོབ་པར་བསམ༔ དངོས་གཞིའི་ལས་ཀྱི་རིམ་པ་འོ༔ ས་མ་ཡ༔ རྗེས་རིམ་ལ་ཡང་ལྔ་ཡིན་ཏེ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཡར་གནས་ཕྱི་ནང་གསང་བ་དང༔ མར་གནས་ལྷག་མས་དགྱེས་ཚིམས་བྱ༔ ཐོག་མར་ཚོགས་རྫས་སྦྱང་བསྒྱུར་སྤེལ༔ རཾ་ཡཾ་ཁཾ༔ ཚོགས་གཞོང་བདེ་ཆེན་དབྱིངས་ཀྱི་བནྡྷ་རུ༔ ཡེ་ཤེས་རྣམ་རོལ་ལོངས་སྤྱོད་ཚོགས་ཀྱི་རྫས༔ བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྤྲིན་ཕུང་འཕྲོ༔ མཁའ་འགྲོ་དགྱེས་སྐྱེད་དམ་ཚིག་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ དེ་ནས་ཚོགས་མགྲོན་སྤྱན་འདྲེན་ཏེ༔ ཧྲཱིཿཕེཾ༔ འོག་མིན་གནས་དང་མཁའ་སྤྱོད་ཞིང༔ པདྨ་དྲྭ་བའི་གཞལ་མེད་ཁང༔ ཕྱི་ནང་གནས་ཡུལ་དུར་ཁྲོད་ནས༔ དབྱིངས་ཕྱུག་བདེ་ཆེན་དབང་རྒྱལ་མོ༔ ཆོས་དང་ལོངས་སྤྱོད་སྤྲུལ་པར་བཅས༔ ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བདེ་ཆེན་བྱིན་རླབས་ཐིབས་སེ་ཐིབ༔ ཡེ་ཤེས་གཟི་འོད་ལམས་སེ་ལམ༔ དངོས་གྲུབ་ཆར་འབེབ་སི་ལི་ལི༔ གླུ་གར་རོལ་མོར་བཅས་ཏེ་བྱོན༔ གནས་ཡུལ་དག་པའི་ཞིང་དུ་སྒྱུར༔ སྣང་གྲགས་ལྷ་དང་སྔགས་སུ་རློབས༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོར་སྐྱིལ༔ དག་མཉམ་ཆེན་པོར་བྱིན་ཕོབ་ཅིག༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཕྱི་ལྟར་མཆོད་བཤགས་བསྟབ་པ་ནི༔ ཨོཾ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ འདོད་ཡོན་རྣམ་ལྔ་ཚོགས་སུ་སྤུངས༔ ཀུན་བཟང་མཆོད་སྤྲིན་བྱིན་བརླབས་ཏེ༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ སྐུ་ཡི་དམ་ཚིག་ཉམས་ཆག་བཤགས༔ དགྲ་བགེགས་འབར་བའི་ཞལ་དུ་བསྟབ༔ ལུས་ལ་བདེ་ཆེན་རྒྱས་པར་མཛོད༔ ཕུང་པོ་གཟུགས་ཀྱི་གཏོར་གཞོང་དུ༔ ཁམས་དང་སྐྱེ་མཆེད་ཚོགས་སུ་སྤུངས༔ ཟག་མེད་བདུད་རྩིར་བྱིན་བརླབས་ཏེ༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ གསུང་གི་དམ་ཚིག་ཉམས་ཆག་བཤགས༔ ནད་གདོན་སྐྱེ་མེད་དབྱིངས་སུ་བསྟབ༔ ངག་ལ་ནུས་པ་འབར་བར་མཛོད༔ ཀུན་གཞི་ཀློང་ཡངས་གཏོར་གཞོང་དུ༔ གཟུང་འཛིན་རྟོག་པ་ཚོགས་སུ་སྤུངས༔ རང་གྲོལ་ཆེན་པོར་བྱིན་བརླབས་ཏེ༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཁྲུལ་རྟོག་ཀ་དག་ཀློང་དུ་བསྟབ༔ སེམས་ལ་རྟོགས་པ་འཆར་བར་མཛོད༔ མ་སྐྱེས་དབྱིངས་ཀྱི་གཏོར་གཞོང་དུ༔ རང་གསལ་རིག་པ་ཚོགས་སུ་སྤུངས༔ ཟུང་འཇུག་བདེ་ཆེན་བྱིན་བརླབས་ཏེ༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ཡེ་ཤེས་དམ་ཚིག་ཉམས་ཆག་བཤགས༔ འཁོར་འདས་རོ་མཉམ་ངང་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ སརྦ་ཤ་ཏྲུཾ་བིགྷྣཱན་མཱ་ར་ཡ་ཁཱ་ཧི༔ ནང་གི་སྲེག་བླུགས་ལུས་དཀྱིལ་མཆོད༔ ཧོ༔ བཟའ་བཅའ་བཏུང་བའི་དམ་ཚིག་བདུད་རྩིའི་རྒྱུན༔ ལག་གཉིས་དགང་བླུགས་ཁ་ཡི་ཐབ་ཁུང་དུ༔ སྦྱར་བས་ལྟེ་བར་ལྷན་སྐྱེས་ཙནྡྷ་ལཱིའི༔ གཟི་བརྗིད་ཆེར་གསོས་མ་དག་ཕུང་ཁམས་བསྲེགས༔ དྭངས་མ་བྱང་སེམས་ཞུ་བས་ལུས་གནས་ཀྱི༔ དྷཱ་ཀི་བྱེ་བ་བསམ་ཡས་མཉེས་ཤིང་ཚིམས༔ དགྱེས་པའི་གར་སྒྱུར་སྔགས་ཀྱི་རང་སྒྲ་སྒྲོག༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས་པར་གྱུར༔ ཨ་ཧོཿམ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ གསང་བ་སྙོམས་འཇུག་བདེ་ཆེན་སྦེལ༔ ཧོ༔ ཐབས་མཆོག་བདེ་བའི་རྡོ་རྗེས་བསྐུལ་བ་ལས༔ ཤེས་རབ་ཆགས་པའི་མདངས་ཀྱིས་ཁམས་གསུམ་པོའི༔ བརྟན་གཡོའི་དངོས་ཀུན་བདེ་ཆེན་ཐིག་ལེར་ཞུ༔ ཟུང་འཇུག་དབྱིངས་སུ་སྐད་ཅིག་བྱང་ཆུབ་ཤོག༔ ཨེ་ཝཾ་ཨ་ཧཾ་ཡོ་གི་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ ལྷག་མ་བདུད་རྩིར་བྱིན་བརླབས་ལ༔ བྷྱོ༔ མི་སྲུན་ལས་ཀྱི་མཁའ་འགྲོ་མ༔ དུར་ཁྲོད་གནས་ཉུལ་ཤ་ཟ་མོ༔ ལྷག་ལ་དབང་བའི་དམ་ཚིག་ཅན༔ འདིར་འདུས་བསྟན་དགྲའི་ཤ་ཁྲག་དང༔ དབྱེར་མེད་དཔལ་གྱི་ཕམ་ཕབ་རོལ༔ ཅི་བཅོལ་ལས་རྣམས་ཐོགས་མེད་སྒྲུབས༔ ཀརྨ་དྷཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་ལས་ལ་བསྐུལ་བ་ནི༔ གཏོར་མ་སྨན་རཀ་བདུད་རྩིར་བརླབས༔ ནམ་མཁའི་དབྱིངས་སུ་འཐོར་བྱས་ལ༔ ཧཱུྃ་བྷྱོ༔ ཡེ་ཤེས་མཁའ་འགྲོ་གཙོ་དང་འཁོར༔ རྣལ་འབྱོར་གདུང་བས་ཐུགས་དམ་བསྐུལ༔ མི་མངོན་དབྱིངས་ནས་སྐུ་སྐྱོད་ལ༔ སྒྱུ་འཕྲུལ་རོལ་པའི་ཕྲིན་ལས་མཛོད༔ སྤྱི་བོ་བདེ་ཆེན་འཁོར་ལོ་ནས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ གསང་གནས་བདེ་སྤྱོད་འཁོར་ལོ་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ༔ ཡན་ལག་ཉིང་ལག་ཐམས་ཅད་ནས༔ ལས་དང་འཇིག་རྟེན་མཁའ་འགྲོ་འབུམ༔ དྭངས་མ་འོད་ལྔ་འཁྱིལ་པ་ནས༔ ལྷན་སྐྱེས་བདེ་ཆེན་མཁའ་འགྲོ་འབུམ༔ སྐུ་ཡི་གནས་མཆོག་ཉེར་བཞི་ནས༔ ཞིང་ལས་སྐྱེས་པའི་མཁའ་འགྲོ་འབུམ༔ མི་ཤིགས་གསུང་གི་གསང་མཛོད་ནས༔ སྔགས་ལས་སྐྱེས་པའི་མཁའ་འགྲོ་འབུམ༔ བྷ་ག་ཆོས་འབྱུང་ཡངས་པ་ནས༔ རིགས་ལས་སྐྱེས་པའི་མཁའ་འགྲོ་འབུམ༔ ཀུན་ཀྱང་མ་ངེས་སྣ་ཚོགས་གཟུགས༔ རྣམ་པ་ཅིར་ཡང་འགྱུར་བ་ཅན༔ སྒྲུབ་པ་པོ་ལ་བུ་ལྟར་བརྩེ༔ ཐོགས་མེད་མཁའ་ལ་སྤྱོད་པ་རྣམས༔ སྨན་གཏོར་རཀྟའི་དགྱེས་མཆོད་བཞེས༔ དུས་ལ་བབ་བོ་མཐུ་རྩལ་ཕྱུངས༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ རྩ་རླུང་ཐིག་ལེའི་འཁྲུལ་པ་སོལ༔ སྒོ་གསུམ་བག་ཆགས་རྩད་ནས་ཆོམས༔ དུག་ལྔའི་རྟོག་ཚོགས་དབྱིངས་སུ་ཞི༔ འབར་བ་གསུམ་གྱི་དངོས་གྲུབ་སྩོལ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ ཐུན་མོང་ལས་བཞིའི་ཕྲིན་ལས་སྒྲུབས༔ བདེ་ཆེན་མཆོག་གི་ཡེ་ཤེས་སྐྱེད༔ ཉེ་རྒྱུའི་བརྟུལ་ཞུགས་གྲུབ་པ་དང༔ འབྲེལ་ཚད་སྨིན་ཅིང་གྲོལ་བར་མཛོད༔ གསུམ་པ་གཏོར་བསྐྱང་ལས་མཇུག་བསྡུ༔ ཧཱུྃ༔ འོག་མིན་གནས་སུ་ཀུན་བཟང་མོ༔ བདེ་ཆེན་ཞིང་དུ་ཙནྡྷ་ལཱི༔ རྔ་ཡབ་དཔལ་རིར་བདེ་ཆེན་རྒྱལ༔ རང་རྩལ་མཁའ་འགྲོའི་འཁོར་དང་བཅས༔ རྒྱུད་ལུང་མན་ངག་གཏན་ཕབ་ཚེ༔ བཀའ་བཞིན་སྒྲུབ་པར་དམ་ནོས་པའི༔ ཆོས་སྲུང་རྒྱ་མཚོས་གཏོར་མ་ལོངས༔ ཐ་ཚིག་བཞིན་དུ་ཕྲིན་ལས་སྒྲུབས༔ གཡར་དམ་དགོངས་ལ་བསྟན་པ་སྲུངས༔ བཀའ་གསང་ཕྱོགས་བཅུར་རྒྱས་པར་མཛོད༔ སརྦ་དྷཱ་ཀི་ནཱི་དྷརྨ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ བྷྱོ༔ དཔལ་གྱི་བཀར་བཏགས་རྣལ་འབྱོར་གྲོགས༔ དམ་ཚིག་དབང་མོ་བརྟན་སྐྱོང་ཚོགས༔ བཤལ་ཆུ་བདུད་རྩིའི་གཏོར་མ་བཞེས༔ རླུང་སེམས་སྣང་བ་དབང་དུ་སྡུས༔ དུས་འཁྲུགས་མཐའ་དམག་ཟློག་པ་དང༔ བོད་ཁམས་ཕན་བདེས་སྐྱོང་བར་མཛོད༔ མ་མ་སྲིང་འགྲོ་མ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྣང་སྲིད་ཁྲོས་མའི་དཀྱིལ་འཁོར་དུ༔ འབར་བ་རྡོ་རྗེའི་བྲོ་བརྡུངས་པས༔ བར་ཆད་དམ་སྲི་དཔུང་དང་བཅས༔ ནམ་ཡང་ལྡང་མེད་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ བཞི་པ་ནོངས་བཤགས་བསྡུ་ལྡང་བྱ༔ སྐལ་པ་ངན་དང་ཉོན་མོངས་དབང་གྱུར་པས༔ མ་ཚོགས་མཁའ་འགྲོའི་དམ་ལས་འགལ་བ་རྣམས༔ གནོང་ཞིང་འགྱོད་པས་སྙིང་ནས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་བཟླ༔ སྣང་སྲིད་ཡེ་ནས་བླ་མ་མཁའ་འགྲོའི་ངང༔ ཀུན་ཀྱང་རང་བྱུང་རིག་པའི་གཤིས་སུ་རྫོགས༔ མ་བཅོས་ཐིག་ལེ་ཁྱབ་གདལ་ཆེན་པོ་ལས༔ འགག་མེད་སྣང་ཆ་དཀྱིལ་འཁོར་གསུམ་དུ་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ལྔ་པ་བསྔོ་སྨོན་ཤིས་པ་བརྗོད༔ ཧོ༔ དགེ་བ་འདི་དང་དགེ་བ་གཞན༔ གཅིག་ཏུ་བསྡུས་ཏེ་ཚེ་འདི་རུ༔ ཡེ་ཤེས་མཁའ་འགྲོའི་གོ་འཕང་མཆོག༔ དཀའ་བ་མེད་པར་འགྲུབ་ཕྱིར་བསྔོ༔ སྣོད་བཅུད་ལྷ་ཡི་འཁོར་ལོར་དག༔ སྲོག་རྩོལ་དབུ་མའི་སྦུབས་སུ་སྨིན༔ རྟོག་ཚོགས་ཡེ་ཤེས་ཆེན་པོར་རྫོགས༔ བཟང་མོའི་ཀློང་དུ་བྱང་ཆུབ་ཤོག༔ ངོ་བོ་རང་བཞིན་ཐུགས་རྗེ་རོལ་པའི་རྩལ༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར༔ ཡེ་ཤེས་ལས་དང་འཇིག་རྟེན་མཁའ་འགྲོ་མའི༔ བདེ་མཆོག་བདེ་བས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་འཁོར་གསུམ་མི་རྟོག་པའི༔ ལྟ་བས་རྒྱས་གདབ་རྗེས་སྣང་ཀུན༔ མཁའ་འགྲོའི་གསང་བར་ལམ་དུ་ཁྱེར༔ བདེ་ཆེན་ཡེ་ཤེས་གོང་འཕེལ་བྱ༔ ས་མ་ཡ༔ སྐུ་གསུམ་དབྱིངས་ཀྱི་ཡུམ་ཆེན་དང༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཐབས༔ མཁའ་འགྲོའི་རྒྱུད་དང་ལུང་མན་ངག༔ བརྗོད་ལས་འདས་པའི་སྙིང་པོ་ལས༔ སྙིང་པོའི་བཅུད་དུ་དྲིལ་བ་ཡི༔ ཕྲིན་ལས་ཟབ་མོ་འདི་ཉིད་ཀྱང༔ རྗེ་འབངས་སྐལ་ལྡན་ཡོངས་ལ་གདམས༔ རྣམ་སྣང་ལོ་ཙཱའི་ཐུགས་མཛོད་གཏམས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྤྲུལ་པས་འགྲོ་དོན་སྤྱོད་པའི་ཚེ༔ ང་སྤྲུལ་པདྨའི་མིང་ཅན་དང༔ སྨོན་ལམ་གཅིག་པའི་གྲོགས་ལ་སོགས༔ ལེགས་པའི་རྟེན་འབྲེལ་འགྲིགས་པའི་ཚེ༔ ཀློང་གསལ་དགོངས་པའི་རྒྱ་ཁྲོལ་ནས༔ གང་འབྲེལ་མཁའ་སྤྱོད་གནས་སུ་འཁྲིད༔ ཚེ་དང་ཡེ་ཤེས་གཅིག་ཅར་འགྲུབ༔ རྣམ་བཞིའི་ཕྲིན་ལས་ཤུགས་ལས་འབྱུང༔ ཟབ་ཕྱིར་སྙིང་གི་བུ་ལ་སྟོན༔ གཞན་དོན་མཐའ་རུ་རྒྱས་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་གི་ཕུག་པ་ནས༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་སྟེ་ལོ་གསུམ་འདས་པ་ན་ལེགས་པའི་རྟེན་འབྲེལ་རང་བབ་ཏུ་འགྲིགས་པའི་རྐྱེན་གྱིས་རྒྱ་ཁྲོལ་ནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་གཏན་ལ་ཕབ་པའོ།། །།

བླ་མ་བཀའ་བརྒྱད་ཡོངས་འདུས་ལས། རིག་འཛིན་སྤྱི་སྒྲུབ་ཡང་ཏིག་སྙིང་པོ་ལྔ་དང་དེའི་དབང་བསྐུར་གྱི་ཡི་གེ་དྲི་མེད་པདྨའི་ཕྲེང་བ་ (Volume 7, Text 28)

༄༅། །བླ་མ་བཀའ་བརྒྱད་ཡོངས་འདུས་ལས། རིག་འཛིན་སྤྱི་སྒྲུབ་ཡང་ཏིག་སྙིང་པོ་ལྔ་དང་དེའི་དབང་བསྐུར་གྱི་ཡི་གེ་དྲི་མེད་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། བླ་མ་སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །དུས་དང་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དུས་གསུམ་རྒྱལ་བ་ཀུན་གྱི་རྣམ་ཐར་འཆང་། །མདོ་རྒྱུད་དམ་ཆོས་མ་ལུས་འབྱུང་བའི་གནས། །ཚོགས་མཆོག་ལམ་འདྲེན་འགྲོ་བའི་མགོན་གཅིག་པུ། །དཀོན་མཆོག་ཀུན་འདུས་དཔལ་ལྡན་པདྨ་སྐྱེས། །གཅིག་ཆོག་སྐྱབས་ཀྱི་ཕུལ་དུ་ངེས་རྙེད་ནས། །དད་པའི་བློ་སྣ་ཅིས་ཀྱང་མི་འཕྲོག་ན། །སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེ་དང་། །དབྱེར་མེད་བཞུགས་ལ་སྒོ་གསུམ་བྱིན་གྱིས་རློབས། འགྲན་གྱིས་ཟླ་མེད་མཁས་གྲུབ་མངའ་རིས་པའི། །གསང་གཏེར་ཟབ་ཅིང་དབྱིངས་ཆེ་རྡོ་རྗེའི་ཚིག །བློ་དམན་བདག་འདྲས་ཆར་ཡང་མི་ཕྱེད་ཀྱང་། །མོས་པ་ཁོ་ནས་རང་མཉམ་དོན་དུ་དབྱེ། །དེ་ལ་གངས་ཅན་ཙམ་ན་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་མངའ་རིས་པཎ་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་ཟབ་གཏེར། བླ་མ་བཀའ་བརྒྱད་ཡོངས་འདུས་སམ་རིག་འཛིན་ཡོངས་འདུས་སུ་གྲགས་པ་ལ་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་ལས། རྩ་བའི་སྐོར་གསོལ་འདེབས་ལེའུ་བདུན་མའི་རྒྱུད་དབང་ཆོག་བསྐྱེད་རྫོགས་ཀྱི་སྒྲུབ་ཐབས་དོན་འགྲེལ་དང་བཅས་པ་འདིའི་དབང་ལུང་གི་རྒྱུན་འབྲི་བྱང་གནས་གསུམ་གཙོ་བོར་གྱུར་པའི་འཆད་སྤེལ་མཛད་པ་མང་ཡང་། རང་གཞུང་བཙུགས་ནས་ཉམས་ལེན་མཛད་པ་ཆེས་ཉུང་བ་དང་། པཎ་ཆེན་སྐུ་མཆེད་དངོས་ཀྱི་ཡིག་ཆས་མཚོན་ཕྱག་བཞེས་རྒྱུན་སྲོལ་རྐང་ཚུགས་པ་མ་མཆིས་ཤིང། གཏེར་གཞུང་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བས་ནང་ཚན་སྟོད་སྨད་ཕན་ཚུན་གསལ་བྱེད་དུ་གྱུར་པ་རྣམས་ཀྱང་འཁྲུགས་བསྡེབས་གུང་བསྒྲིགས་ཀྱི་ཡིག་ཆ་ཡིད་རྟོན་ཕེར་བ་དཀོན་པས། དབང་རྐྱང་ཉི་ཚེ་བ་ཙམ་ལའང་རང་འདོད་ཐད་སོར་ཁྱེར་བ་ལས་གཞུང་དང་མཐུན་པའི་སྒྲུབ་ཚུལ་སོགས་ཇི་བཞིན་འབྱུང་དཀའ་བར་སྣང་བས། གཙོ་བོར་དབང་དང་ཞར་ལ་སོ་སོའི་སྒྲུབ་ཚུལ་ཡང་རྟོགས་པར་འགྱུར་བའི་ཡི་གེ་རང་བློས་ཇི་ཙམ་དཔོག་པ་ཉུང་ངུ་རྣམ་གསལ་དུ་འགོད་པར་བྱ་བའོ། །དེ་ལ་བདུན། ཕྲིན་ལས་ཀྱི་སྤྱི་ཆིངས། སྙན་བརྒྱུད་སྙིང་པོ་ཐུགས་ཀྱི་ཡང་ཏིག་གི་སྐོར། ཡོངས་འདུས་ཡང་ཏིག་སྙིང་པོའི་སྐོར། རྩ་བའི་ཆོས་གསང་བ་ཡེ་ཤེས་ཡང་ཏིག་ནོར་བུའི་སྐོར། སྲིན་སྦར་གཏེར་བྱོན་ཡང་གཏེར་གུ་རུའི་སྒྲུབ་སྐོར། སྒྲུབ་ཐབས་རྡོ་རྗེ་གསང་བ་ནོར་བུའི་སྐོར། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་སྐོར་དང་འབྲེལ་བའི་སྒྲུབ་ཐབས་དབང་གི་ཆོ་ག་དང་བཅས་པ་རྣམས་སོ། །དང་པོ་ཕྲིན་ལས་ཀྱི་སྤྱི་ཆིངས་ལ་གསུམ། སྦྱོར་བ་སྔོན་དུ་འགྲོ་བ། དངོས་གཞི་སོ་སོའི་བསྙེན་སྒྲུབ་ལས་གསུམ། རྗེས་ཚོགས་མཆོད་མཇུག་ཆོག་དང་བཅས་པའོ། །དང་པོ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། སྒྲུབ་ཐབས་སོ་སོ་དང་འབྲེལ་བའི་དབང་བསྐུར་སྐབས་སུ་གང་བབས་པ་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་དང་ཚེས་བཅུའི་དུས་མཆོད་ལྟ་བུ་ལ། རབ་གུ་རུ་རིན་པོ་ཆེའི་སྐུ་ཚབ། མ་འབྱོར་ན་ཐང་སྐུ་གཞུང་གསལ་མཚན་ཉིད་དང་ལྡན་པ་བཞེངས་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་སྤོད་སྨན་གྱིས་བྲན་པ་དང་སྨན་རཀ །ཕྱི་མཆོད། ཚོགས་ཀྱི་ཡོ་བྱད་ཙམ་ལ་བརྟེན་པར་བྱའོ། །ཆོ་གའི་སྔོན་དུ་འགྲོ་བ་ལའང་། བསྙེན་སྒྲུབ་རྐང་ཚུགས་བྱེད་པའི་སྐབས་འཁོར་བ་ལ་སྐྱོ་བ་བསྐྱེད་པ་ནས་བླ་མའི་རྣལ་འབྱོར་གྱི་བར་གཏེར་གཞུང་སྔོན་འགྲོ་གནད་ཀྱི་གཟེར་ལྔ་སྤྱི་ཆོས་སུ་བཏང་ནས། གཤམ་གསལ་སྔོན་འགྲོའི་ཆོས་བཅུ་ལས། ཚིག་བདུན་གསོལ་འདེབས། བློ་སྦྱོང་སྐྱབས་སེམས་ཐུན་ཐམས་ཅད་ཀྱི་ཐོག་མ་དང་། ཚོགས་གསག་རྣམ་གསུམ་མཆོད་རླབས་ཀྱང་ཀུན་ལ་སྦྱོར་ཞིང་གཞན་རྣམས་ཉིན་དང་པོ་ཙམ་ལ་བཏང་བ་སོགས་བྱེ་བྲག་ཕྱེད་པར་སྦྱར་རོ། །འདིར་དབང་དང་སྒྲུབ་མཆོད་དཀྱུས་མ་ལྟར་ན། །བྱིན་དབབ་ཕྱི་གཏོར་ཕྱི་མཚམས་བཅད། །བློ་སྦྱོང་སྐྱབས་སེམས་བགེགས་གཏོར་གཏང་། །མཚམས་སྲུང་ཚོགས་གསག་བྱིན་རླབས་བཅུ། །ཞེས་པའི་དང་པོ་ནི། བདེ་བའི་གདན་ལ་ལུས་སེམས་བག་བརྐྱངས་པས་འཁོད་དེ། ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། མར་གྱུར་འགྲོ་བ་རིགས་དྲུག་ལ་བྱམས་སྙིང་རྗེ་ཚད་མེད་པས་ཀུན་ནས་བསླངས་ཏེ། ཕྱོགས་དུས་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ལ་བློ་གཏད་གཅིག་ཆོག་གི་མོས་གུས་སྙིང་ཁུང་རུས་པའི་གཏིང་ནས་བསྐྱེད་དེ། ཚིག་བདུན་གསོལ་འདེབས་ལན་གསུམ་དང་། སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། གཉིས་པ་ནི། གཏོར་མ་པདྨའི་དབྱིབས་ཅན་དཀར་གསུམ་སྨན་འབྲུ་དང་བཅས་པ་ཆུ་ཆང་གིས་བྲན་ལ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་མེད་འདོད་ཡོན་གྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ས་ཕྱོགས་བདག་པོ་འཇིག་རྟེན་སྐྱོང་བ་རྣམས༔ སྙིང་པོ་ཧཱུྃ་ལས་ཛཿཡིག་འོད་ཟེར་གྱིས༔ སྤྱན་དྲངས་གཙང་མའི་གདན་ལ་བཞུགས་སུ་གསོལ༔ ཧཱུྃ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདི་དག་བཞེས་སུ་གསོལ༔ ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་མཆོད། ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་བསྔོ། ཧཱུྃ༔ ས་ཕྱོགས་འདིར་གནས་ལྷ་ཀླུ་གནོད་སྦྱིན་དང༔ དྲི་ཟ་གྲུལ་བུམ་ལྟོ་འཕྱེ་སྲིན་པོ་སོགས༔ མཐུ་ཆེན་ལྡན་པའི་སྡེ་དཔུང་བཅས་པ་རྣམས༔ གཏོར་མ་འདི་སྣོམས་རང་རང་ཕྱོགས་བཞུགས་ལ༔ བདག་ལ་གནོད་ཅིང་གདུག་པའི་སེམས་སྤངས་ནས༔ ཞི་དང་ཕན་དང་རྒྱས་པའི་ལས་རྣམས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་བསྐྱལ། དཀྱིལ་འཁོར་གྱི་ས་སློང་བའི་དོན་ཡང་འདི་ལ་ཚང་བའོ། །གསུམ་པ་ནི། ཟླུམ་གཏོར་ལ་བསང་སྦྱང་བྱིན་རླབས་གོང་ལྟར་བྱ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་སྤྱན་དྲངས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་ཌྷྲྀཥྚ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཨརྒྷཾ་ནས་ ཤབྡ་པཱུ་ཛ་ཧོཿས་མཆོད། ཧཱུྃ༔ སྟོན་པའི་བཀའ་ཉན་འཇིག་རྟེན་མ་ལུས་འདུལ༔ ཐུགས་རྗེའི་ཐབས་ཀྱིས་བགེགས་རིགས་ཐམས་ཅད་འཇོམས༔ སངས་རྒྱས་སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོ༔ ཕྱི་མཚམས་སྲུང་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ ཞི་མཛད་ཞི་བའི་རང་བཞིན་ཡུལ་འཁོར་སྲུང༔ རྒྱས་མཛད་རྒྱས་པའི་རང་བཞིན་འཕགས་སྐྱེས་པོ༔ དབང་མཛད་དབང་གི་རང་བཞིན་སྤྱན་མི་བཟང༔ དྲག་མཛད་དྲག་པོའི་རང་བཞིན་རྣམ་ཐོས་སྲས༔ ཕྱོགས་བཞིའི་གདོན་སྲུང་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་འབུལ། བསྙེན་སྒྲུབ་ལྟ་བུའི་སྐབས་སུ་སྐུ་རྟེན་གྱི་ཐོ་བཞག་པ་ལ་བསྐྱེད་བསྟིམ་དང་། སྒྲུབ་པ་གྲུབ་ནས་གཤེགས་གསོལ་སྤྱི་མཐུན་བྱའོ། །བཞི་པ་ནི། ཨེ་མ༔ མཐའ་མེད་འཁོར་བའི་མལ་དུ་ཡུན་རིང་ཉལ༔ དེར་ནི་བདེ་བའི་འབྲས་བུ་མི་འདུག་པས༔ ཆགས་སྡང་རྟོག་པའི་འཁྲི་བ་རྦད་ཀྱིས་བཅད༔ ཚེ་གཅིག་བླ་མེད་བྱང་ཆུབ་སྒྲུབ་རེ་རན༔ ཞེས་བརྗོད་ལ་དོན་བསམ། ལྔ་པ་ནི། ན་མོ༔ བདེ་གཤེགས་མ་ལུས་འདུས་པ་བླ་མའི་སྐུ༔ སངས་རྒྱས་ཆོས་དང་དགེ་འདུན་རང་བཞིན་ལ༔ བདག་དང་འགྲོ་བ་དྲུག་གི་སེམས་ཅན་རྣམས༔ འདི་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། ཨེ་མ་ཧོ༔ འགྲོ་བ་མ་ལུས་ཀུན་གྱི་དོན་ཆེད་དུ༔ བླ་མ་བདེ་གཤེགས་རྒྱལ་བ་ཀུན་བསྒྲུབས་ནས༔ ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་གྱིས༔ འགྲོ་ཀུན་བྱང་ཆུབ་མཆོག་ཏུ་བསྒྲལ་བར་བགྱིའོ༔ ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དྲུག་པ་ནི། བགེགས་གཏོར་བྱིན་རླབས་གོང་ལྟར་བྱ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་གྱིས་བསྔོ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ས་ཕྱོགས་འདིར་གནས་ལྷ་ཀླུ་འབྱུང་པོའི་ཚོགས༔ དངོས་སུ་བཤམས་པའི་མཆོད་སྦྱིན་བདུད་རྩིའི་རྒྱུན༔ འཛད་པ་མེད་པར་བྱིན་གྱིས་བརླབས་ནས་འབུལ༔ འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང༔ ས་ཕྱོགས་དགེ་ཞིང་བར་ཆད་མེད་པ་དང༔ ཇི་སྲིད་སྒྲུབ་པའི་འབྲས་བུ་མ་ཐོབ་བར༔ ཁྱེད་རྣམས་ས་ཕྱོགས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས༔ ལས་ལ་མི་མཐུན་འབྲས་བུ་འབྱིན་གྱུར་ན༔ རྡོ་རྗེ་གསང་བ་དཔལ་གྱི་མཐུ་སྟོབས་ཀྱིས༔ ལུས་ངག་ཡིད་གསུམ་ཐལ་བ་བཞིན་དུ་བྱེད༔ ཅེས་བརྗོད་ལ་གཏོར་མ་དོར། བདུན་པ་ནི། ཧཱུྃ་ཧཱུྃ༔ དུས་གསུམ་བླ་མ་བྱིན་རླབས་རྨད་པོ་ཆེ༔ ཡི་དམ་ལྷ་ཚོགས་ཏིང་འཛིན་ཆོ་འཕྲུལ་འབར༔ མཁའ་འགྲོ་དམ་ཅན་མཐུ་རྩལ་དྲག་པོ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་བར་གཅོད་བགེགས༔ བདེན་པའི་སྟོབས་ཀྱིས་རྡུལ་བཞིན་བརླག་པར་བྱ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྞཱ་པ་ཡ་གྷྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཅེས་བགེགས་བསྐྲད། བརྒྱད་པ་ནི། ཧཱུྃ་ཧཱུྃ༔ ང་ནི་ཡེ་ནས་ཁྲོ་ཞིང་ངང་གིས་འཁྲུགས༔ ཕྱི་ནང་མཚམས་གཅོད་ཁྲོ་རྒྱལ་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བཅུ་རོལ་པས་བར་མཚམས་གཏམས༔ དེ་ལ་སུ་ཡང་གནོད་པར་མ་བྱེད་ཅིག༔ ཧཱུྃ༔ བདག་ཉིད་རྡོ་རྗེ་འཛིན་རྒྱལ་ཁྲོས་པ་ཡི༔ ཐུགས་ལས་སྤྲུལ་པའི་མཚོན་ཆ་རྡོ་རྗེ་མེ༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་གཏམས༔ བསྐལ་པ་ལས་ཀྱི་རླུང་ཡང་ལྡང་མི་འགྱུར༔ དྲག་སྔགས་སོ་ལྔ་པ་དང་། ཨོཾ་བཛྲ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་བསྒོམ་མོ། །དགུ་པ་ལ་གཉིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསག་པའོ། །དང་པོ་ལའང་གཉིས་ལས། དག་པ་ལྷ་དང་བླ་མ་ལ་བསྟེན་པ་ནི། བདག་ཉིད་དཔལ་གྱི་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་ཚུལ་གྱིས་སྤྲོ༔ སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་དང༔ རིག་འཛིན་སྒྲུབ་པའི་གནས་ན་བཞུགས་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཟླ་པད་སྟེང་མདུན་གྱི་ནམ་མཁར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་བཞེས༔ རང་གཞན་བཅས་པའི་ཉམས་ཆག་འགལ་འཁྲུལ་བཤགས༔ ཐེག་གསུམ་ལམ་ཞུགས་སྒྲུབ་ལ་རྗེས་ཡི་རང༔ སྡོམ་གསུམ་སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་འདའ་བཞེད་དེ་དག་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ༔ ཡང་དག་ཡེ་ཤེས་རྡོ་རྗེ་གསུམ་ཐོབ་ཤོག༔ མ་དག་པ་སེམས་ཅན་ལ་བསྟེན་པ་ནི། ཚད་མེད་པ་བཞི་ལ་བློ་བཞག་སྟེ། ཨེ་མ་ཧོ༔ སེམས་ཅན་ཁམས་རྣམས་མ་ལུས་བདེ་བར་ལྡན༔ དེ་དག་སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ དམ་ཚིག་ཚུལ་བཞིན་སྤྱོད་པའི་བདེ་ལྡན་ཞིང༔ ཉེ་རིང་ཕྱོགས་ཆ་ཀུན་དང་བྲལ་གྱུར་ཅིག༔ གཉིས་པ་ཡེ་ཤེས་ཚོགས་གསག་ནི། མདུན་གྱི་སྐུ་རྟེན་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་དངོས་སུ་དམིགས་ལ། མོས་གུས་དྲག་པོ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ༔ ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ རྣམ་དག་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ མི་མཐུན་རྐྱེན་དང་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེར་གཤེགས་འདུས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ མི་མཐུན་རྐྱེན་དང་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཅིར་ཡང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ མི་མཐུན་རྐྱེན་དང་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་སྤྲུལ་དང༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་བྱང་སེམས་ལ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ༔ འཁོར་བ་སྡུག་བསྔལ་མཚོ་ལས་བསྒྲལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་གྲངས་སུ་བསྐྱར་བའམ། མ་ནུས་ན་ཤློ་ཀ་ཕྱི་མ་དང་སྙིང་པོ་ཅི་འགྲུབ་བཟླ། བདག་མདུན་གནས་གསུམ་འབྲུ་གསུམ་གསལ་བཏབ་ལ་དབང་ལེན་པ་ནི། མདུན་རྟེན་གུ་རུ་དངོས་སུ་གསལ་བ་ཡི། །དཔྲལ་བར་ཟླ་སྟེང་ཨོཾ་ལས་འོད་དཀར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་ཡི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་དཔྲལ་བའི་ཨོཾ་ལ་ཐིམ། །འོད་ཟེར་དཀར་པོས་ལུས་གང་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྣང་སྟོང་སྒྱུ་མ་ཡེ་ཤེས་སྐུ་རུ་གྱུར། །ཞེས་མོས་ལ་སྙིང་པོ་ཡིད་བཟླས་བྱ་ཞིང་རླུང་བཟུང་། མ་ཐུབ་ན་རླུང་བཏང་བས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་སྟོང་གསལ་ནམ་མཁའི་དབྱིངས་སུ་སངས་ཀྱིས་དག་པར་བསམས་ཏེ་ཡང་དག་པའི་དོན་ལ་ལྟ་བ་ཕྱི་མ་གཉིས་ལ་འགྲེའོ། །མགྲིན་པར་པད་སྟེང་ཨཱཿལས་འོད་དམར་འཕྲོས། །རྒྱལ་བ་ཀུན་མཆོད་གསུང་གི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་མགྲིན་པའི་ཨཱཿལ་ཐིམ། །འོད་དམར་རྩ་ཡིག་ཀུན་གང་ངག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ་རུ་གྱུར། སྔགས་རླུང་འཛིན་གཏོང་སྐབས་གསུང་གི་དམ་ཚིག་ཉམས་ཆག་དག །ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད་མཐིང་འཕྲོས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་སྙིང་གའི་ཧཱུྃ་ལ་ཐིམ། །འོད་ཟེར་སྔོན་པོས་ཁམས་གང་ཡིད་སྒྲིབ་དག །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །རིག་སྟོང་འགྱུར་མེད་བདེ་ཆེན་ཐུགས་སུ་གྱུར། །སྔགས་རླུང་འཛིན་གཏོང་སྐབས་ཐུགས་ཀྱི་དམ་ཚིག་ཉམས་ཆག་དག །སླར་ཡང་མདུན་གྱི་བླ་མའི་གནས་གསུམ་ལས། །རང་འདྲའི་བླ་མ་སྤྲོས་ནས་བདག་ཉིད་ཀྱི། །གནས་གསུམ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས༔ ཡེ་ཤེས་སྙིང་པོ་མཆོག་ཏུ་མཉམ་སྦྱོར་བས༔ ཤེས་བྱའི་སྒྲིབ་སྦྱངས་བཞི་པའི་དབང་ཐོབ་པས༔ སྒོ་གསུམ་དྭངས་མ་ཡེ་ཤེས་དངོས་སུ་གྱུར༔ རིགས་གསུམ་གསལ་བ་མངོན་སུམ་སྙིང་གར་བསྒོམ༔ སྤྲོས་མེད་ཡེ་ཤེས་ཐིག་ལེ་ཉིད་ལ་བལྟ༔ ཞེས་བརྗོད་ཅིང་སྙིང་པོ་ཡིད་བཟླས་བྱས་ལ་མཉམ་པར་གཞག །འདི་ནི་སྒྲུབ་པ་ཕྱི་ནང་གསང་བ་ཀུན་གྱི་སྔོན་དུ་འགྲོ་བའི་སྤྱིའི་བསྙེན་པ་ཡིན་པས་ཚོགས་གསག་འདི་གསུམ་ཙམ་ཁོལ་ཕྱུང་དུ་སྒྲུབ་ནའང་། འདི་ལྟར་བསྙེན་པས་ཀུན་གྱི་སྲོག་རྩ་ཟིན༔ ཞེས་སོགས་གལ་བྱང་ལས་གསུངས་པ་ལྟར་རོ། །ཚོགས་ཞིང་གི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཛཿཧཱུྃ་བཾ་ཧོ༔ བཅུ་པ་ནི། མཆོད་རྫས། རཾ་ཡཾ་ཁཾ་གིས་སྦྱང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ར་རཀྟ་ས་མནྟ་མཎྜ་ལ་ཧཱུྃ༔ ཧཱུྃ༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དང༔ ཉོན་མོངས་རྒྱུད་དྲུག་བསྒྲལ་པའི་རཀྟ་དང༔ ཐབས་དང་ཤེས་རབ་སྦྱར་བའི་ཟླ་གམ་དང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ མ་རིག་མུན་པ་སེལ་བའི་སྒྲོན་མེ་དང༔ རིག་འཛིན་སྒྲུབ་པ་རྣམས་ཀྱི་ཚེ་མཆོག་དང༔ ཞལ་ཟས་སྣ་ཚོགས་སྦྱར་བའི་མཆོད་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང༔ དམ་ཚིག་བསྐང་བའི་རྫས་སུ་བྱིན་གྱིས་རློབས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་ཨ་ཧོ་སུ་ཁ་ས་མ་ཡ་ཧོ༔ ཐམས་ཅད་ཡེ་ཤེས་ལྔ་རྫོགས་རང་བཞིན་ལྡན༔ མ་འགག་གསལ་བའི་ཆོ་འཕྲུལ་ཆེན་པོར་བསྒོམ༔ ཞེས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་ལས་གསུམ་ནི་འཆད་འགྱུར་སྒྲུབ་ཐབས་སོ་སོར་ཇི་སྐད་བཤད་པ་རྣམས་སྐབས་འདིར་སྦྱར། བསྙེན་སྒྲུབ་ལ་སྲོད་ཐུན་མཇུག་དང་། དབང་གི་སྐབས་བཟླས་པའི་མཇུག་ཏུ་བྱ་དགོས་པའི་གཏེར་སྲུང་མཆོད་པ་ནི། གཏོར་མ་གསུམ་ལ་མཐེབ་སྐྱུ་བརྒྱད་གྱིས་བསྐོར་བ་ཤ་ཁྲག་གིས་བརྒྱན། སྨན་རཀ་སྦྲན་ལ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ༔ ཉེར་གཅིག་གིས་བྱིན་བརླབ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དག་པའི་ཡུམ༔ སྨུག་ནག་རལ་གཅིག་ཁྲོ་མོའི་གཟུགས༔ ཏིར་དབྱུག་ཁ་ཊྭཱཾ་ཕྱག་ན་བསྣམས༔ སྤྲིན་དང་འཇའ་འོད་ན་བཟའ་གསོལ༔ སྤྱན་གཅིག་མཆེ་གཅིག་ནུ་གཅིག་མ༔ རལ་གཅིག་ཐིག་ལེ་གཅིག་གི་རྟགས༔ མཆོད་གཏོར་འདི་བཞེས་མངོན་སུམ་གྱི༔ ཡེ་ཤེས་རང་ལ་གནས་པ་ལ༔ འཁྲུལ་རྟོག་རླུང་གིས་སྒྲིབ་པ་སོལ༔ རྫོགས་པ་ཆེན་པོའི་བསྟན་པ་སྲུངས༔ མ་མ་ཏྲག་རཀྴ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ མགོ་དགུ་ཕྱག་བཞི་སྦྲུལ་མཇུག་ཅན༔ མིག་སྟོང་དང་ལྡན་མདའ་གཞུ་དང༔ རྒྱལ་མཚན་ཆུ་སྲིན་ཞགས་པ་འཛིན༔ རིག་པ་རང་གསལ་བསྟན་པའི་གཉེར༔ མཆོད་གཏོར་བཞེས་ལ་བར་ཆད་སྲུངས༔ རཀྴ་རཱ་ཧུ་ལ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ མདོག་དམར་རྡོ་རྗེ་ཙིཏྟ་བསྣམས༔ དར་དཀར་གོས་གསོལ་སྙུག་ཞྭ་ཅན༔ བཙན་དམག་འཁོར་དང་བཅས་པ་རྣམས༔ མཆོད་གཏོར་འདི་བཞེས་བསམ་པ་སྒྲུབས༔ རིག་པ་རང་རྩལ་རྫོགས་པར་མཛོད༔ བཛྲ་སཱ་དྷུ་ས་མ་ཡ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ གཞན་ཡང་གནས་སྔགས་རིགས་ལས་སྐྱེས༔ ལས་ལས་གྲུབ་པའི་དམ་ཚིག་ཅན༔ མཁའ་འགྲོ་དམ་ཅན་འཁོར་དང་བཅས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་དེ་ཝ་ཌཱ་ཀི་ནཱི་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཞེས་འབུལ། གཏོར་མ་གཞན་གཉིས་ལ་སྐུ་ལྔའི་གསོལ་ཁ་འབྲི་ལུགས། དགྲ་བགེགས་ལོག་འདྲེན་ཚར་གཅོད་མའམ་སྨིན་ལུགས། ཀྱེ། སྲིད་པའི་བདག་པོ་གང་རུང་དང་། ཙི་དམར་། ཀྱེ༔ ཕྱོགས་ཕྱོགས་མ་གཏེར་གཞུང་ཉིད་ཀྱིས་སོ་སོར་བསྔོའོ། །གསུམ་པ་རྗེས་ཚོགས་མཆོད་མཇུག་ཆོག་དང་བཅས་པ་ལ། ཚོགས་མཆོད་ཆད་མདོ་བརྟན་མ་སྐྱོང་། །རྟ་བྲོ་དངོས་གྲུབ་མཆོད་བསྟོད་དང་། །ནོངས་བཤགས་གཤེགས་བསྡུ་སྨོན་ལམ་གདབ། །ཤིས་པ་བརྗོད་བཅས་བཅུ་ཡིན་ནོ། །ཞེས་པའི་དང་པོ་ཚོགས་མཆོད་ནི། ཚོགས་ཀྱི་ཡོ་བྱད་ཇི་ལྟར་འབྱོར་པ་བཤམས་ཏེ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ རང་བཞིན་དག་པ་ཆོས་ཀྱི་སྐུ་རུ་བལྟ༔ རཾ་ཡཾ་ཁཾ༔ གདོད་ནས་མ་སྐྱེས་བློ་བྲལ་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ལྡན་པའི་འདོད་ཡོན་བདུད་རྩིར་བརླབས༔ སྤྱན་དྲང་བ་ནི། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པ་ཡི༔ སངས་རྒྱས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱོགས་བཅུ་དག་པའི་ཞིང་ཁམས་སོ་སོ་ནས༔ ཐུགས་རྗེ་ཆེན་པོས་འགྲོ་དོན་མཛད་པ་ཡི༔ ཡེ་ཤེས་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལ༔ སྒྲུབ་པའི་ས་དང་ལམ་ལ་རབ་གནས་པའི༔ རིག་འཛིན་རྩལ་འཆང་ཐམས་ཅད་གཤེགས་སུ་གསོལ༔ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན༔ བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལ༔ ཚོགས་ཁང་པདྨ་འོད་ཀྱི་གཞལ་ཡས་འདིར༔ དགའ་མགུ་རངས་པའི་སེམས་ཀྱིས་ཕྱག་འཚལ་ལོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིང་ཧྲཱིང་ཛ༔ ཛཿཧཱུྃ་བཾ་ཧོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ སྤྱིར་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་གསུམ་ཡེ་ཤེས་རོལ་པ་ལས༔ ཟག་མེད་ལོངས་སྤྱོད་བདུད་རྩིའི་མཚོ་ཆེན་པོ༔ དག་ཅིང་གཙང་མར་སྦྱར་ནས་འབུལ་ལགས་ཀྱིས༔ ཡེ་ཤེས་དམ་པའི་དགོངས་སྤྱོད་ཀྱིས་བཞེས་ཤིག༔ ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱེ་བྲག་ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ ཀུན་བཟང་རྡོ་རྗེ་འཆང་དང་རིགས་ལྔའི་ཚོགས༔ ཡེ་ཤེས་ཆེན་པོའི་ཚོགས་མཆོད་འབུལ་གྱིས་བཞེས༔ རིག་འཛིན་བླ་མ་སྤྲུལ་སྐུས་དོན་མཛད་རྣམས༔ འདོད་ཡོན་རྣམ་ལྔའི་ཚོགས་མཆོད་འབུལ་གྱིས་བཞེས༔ ཞི་ཁྲོ་བཀའ་བརྒྱད་མ་མོ་མཁའ་འགྲོའི་ཚོགས༔ བདེ་བ་ཆེན་པོའི་ཚོགས་མཆོད་འབུལ་གྱིས་བཞེས༔ ཆོས་སྐྱོང་བཀའ་སྲུང་སྡེ་དཔོན་སུམ་ཅུའི་ཚོགས༔ ཚོགས་མཆོད་གཏོར་མའི་མཆོད་པ་འབུལ་གྱིས་བཞེས༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ བདག་སོགས་སེམས་ཅན་མ་རིག་འཁྲུལ་པའི་བློས༔ ཀུན་ནས་དཀྲིས་པའི་རྣམ་རྟོག་འཁྲུལ་དབང་ཤོར༔ སོ་ཐར་བྱང་སེམས་ལམ་གྱི་རྨིངས་མ་ཚུགས༔ གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་དམ་ལས་འགལ༔ རྩ་བ་ཡན་ལག་ཉམས་ཆག་འགལ་འཁྲུལ་རྣམས༔ སྐུ་གསུམ་བླ་མའི་ལྷ་ཚོགས་སྤྱན་སྔར་བཤགས༔ ཚོགས་གཏོར་ཉམས་དང་ཕུད་ལྷག་ཁ་ཚར་ཤོར༔ དམ་ཅན་མཁའ་འགྲོ་སྲུང་མའི་སྤྱན་སྔར་བཤགས༔ ཡི་གེ་བརྒྱ་པ་བརྗོད། སྤྲོ་ན་ཚོགས་གཏོར་རིན་ཆེན་ཆར་འབེབ་ལྟར་སྐོང་བཤགས་རྒྱས་པར་བྱ། བསྡུ་ན། ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ༔ རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མར་མེ་གཏམས་ཏེ་འབུལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ༔ གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས༔ འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པ་འབུལ༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་དག༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་ཙམ་བརྗོད། ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ཧཱུྃ༔ རྡོ་རྗེ་ལྕགས་ཀྱུའི་ཚོགས་ཀྱིས་སྙིང་ནས་དྲོངས༔ རྡོ་རྗེ་ཞགས་པའི་ཚོགས་ཀྱིས་མགུལ་ནས་ཆིངས༔ རྡོ་རྗེ་ལྕགས་སྒྲོག་ཚོགས་ཀྱིས་ཡན་ལག་སྡོམས༔ རྡོ་རྗེ་དྲིལ་བུའི་ཚོགས་ཀྱིས་རྡུལ་དུ་རློག༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་བསྟིམ་བྱས་ལ། ཧཱུྃ༔ སྒྲོལ་བྱེད་ཆེན་པོ་གནོད་སྦྱིན་གིང་གི་ཚོགས༔ གདུག་པའི་མཚོན་ཆས་གནོད་བྱེད་ཕྱེ་མར་གཏུབས༔ ཤ་ཁྲག་རུས་པའི་ཕུང་པོ་ཞལ་དུ་སྟོབ༔ བག་ཆགས་འཁོར་བའི་སྐྱེ་རྒྱུད་མེད་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་སརྦ་ནྲི་ཏྲི་ཨ་མུ་ཀ་མཱ་ར་ཡ་རྦད་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་བསྟབས་ཤིང་ཕུད་ཟུར་དུ་བཅད་ལ་བཞག་གོ །ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་བཟའ་བཏུང་བཏེགས་ལ། ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་པར་དགོངས་ཏེ་རོལ༔ ལན་དུ། འདི་ནི་ཆོས་རྣམས་བཟང་པོ་སྟེ༔ འདོད་ཆགས་ལ་སོགས་དྲི་མ་སྤངས༔ གཟུང་དང་འཛིན་པ་རྣམ་པར་དག༔ དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ༔ ཞེས་པདྨའི་ཕྱག་རྒྱས་བླངས་ལ། ནང་གི་སྲེག་བླུགས་སུ་རོལ་ཞིང་རྡོ་རྗེའི་གླུ་དང་སྨོན་ལམ་བྱ། དེ་ནས་ཕུད་བདུད་རྩི་དང་། རྣལ་འབྱོར་པའི་ལྷག་མ་ཁ་ཕྲུས་བྲན་ལ། འབྲུ་གསུམ་གྱིས་བརླབས་ཏེ། ཧཱུྃ་ཧྲཱི༔ རྗེ་བཙུན་གུ་རུ་པདྨ་འབྱུང་གནས་ཁྱེད༔ ཐུགས་རྗེ་མི་འགྱུར་བདག་གི་བྱམས་མགོན་ལགས༔ ཚོགས་དང་སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐང༔ མཉེས་མཆོད་བཞེས་ལ་ཉམས་ཆག་སྡིག་སྒྲིབ་ཟློག༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལྔ༔ ཏིང་འཛིན་དགོངས་པའི་དབང་བསྐུར་མཆོད་པའི་སྤྲིན༔ རིགས་ཀྱི་མཁའ་འགྲོ་ལྔ་དང་དུར་ཁྲོད་ཀྱི༔ བདག་པོ་མ་མགོན་སྡེ་བརྒྱད་དྲེགས་པའི་ཚོགས༔ སྲུང་མ་དམ་ཅན་རྣམས་ལ་འབུལ་གྱིས་བཞེས༔ ལས་ཀྱི་དངོས་གྲུབ་མཐུ་རྩལ་ཚེ་དབང་སྩོལ༔ སརྦ་ས་མ་ཡ་ཌཱ་ཀི་ནཱི་བ་ལིཾ་ཏ་ག་ཎ་ཙཀྲ་ཁཱ་ཧི་ཁཱ་ཧི་གཙྪ༔ ཞེས་ཕུད་ཕུལ། ཧཱུྃ་ཧྲཱི༔ འཁོར་གྱི་མཁའ་འགྲོ་དབང་ཕྱུག་གིང་ལང་ཀ༔ མ་བདུན་སྲིང་བཞི་འབར་མ་སྤོར་མ་དང༔ ཕོ་ཉ་ལས་བྱེད་བཀའ་ཡི་སྲུང་མ་རྣམས༔ ལྷག་མཆོད་བཞེས་ལ་བདུད་དབང་བསྒྱུར་དུ་གསོལ༔ སརྦ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལྷག་མ་དོར་རོ། །གཉིས་པ་ཆད་མདོ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་ཡེ་ཤེས་དཔལ་གྱི་དམ་ཚིག་དང༔ བར་དུ་སྤྲུལ་པའི་རིག་འཛིན་དམ་ཚིག་དང༔ ཐ་མ་གང་ཟག་དམ་ཚིག་གཉན་པོ་དང༔ ད་ལྟ་བདག་ཉིད་རྣལ་འབྱོར་དམ་ཚིག་ལ༔ ཚུལ་བཞིན་རྟོག་པ་མ་ལུས་འདིར་གཤེགས་ལ༔ ཇི་ལྟར་རང་རང་དམ་བཅས་ཚུལ་བཞིན་དུ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ གསུམ་པ་བརྟན་མ་སྐྱོང་བ་ནི། ཧཱུྃ་ཧྲཱི༔ རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་དམ་ལ་བཏགས་པའི་མཁའ་འགྲོ་མ༔ བདུད་མོ་བཞི་དང་གནོད་སྦྱིན་ཆེན་མོ་བཞི༔ སྨན་བཙུན་བཞི་པོ་འཁོར་བཅས་གཏོར་མ་བཞེས༔ རྟག་ཆད་ཆོས་ཀྱི་ལོག་ལྟ་བསྲུང་བ་དང༔ ཕྱི་ནང་རྟེན་འབྲེལ་བཅུ་གཉིས་དབང་དུ་སྡུས༔ ཚེ་དང་བསོད་ནམས་སྙན་པའི་སྒྲ་སྒྲོག་ཅིང༔ རིམས་དུག་ནད་ཀྱི་ཚོགས་རྣམས་ཞི་བ་དང༔ རྨད་བྱུང་སངས་རྒྱས་བསྟན་པའི་བྱ་ར་མཛོད༔ ཆོས་དང་རིགས་རྒྱུད་དར་ཞིང་རྒྱས་པར་སྤེལ༔ མ་མ་སྲིང་འགྲོ་མ་པཉྩ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་རྟ་བྲོ་བརྡུང་བ་ནི། ཧཱུྃ་ཧཱུྃ༔ ཡོངས་རྫོགས་རྗེ་བཙུན་གུ་རུ་པདྨ་ཡི༔ སྐུ་ལས་འོད་འཕྲོས་རིག་འཛིན་ཚོགས་ཀྱིས་གང༔ གསུང་ལས་འོད་འཕྲོས་དྲག་སྔགས་ཐོག་སེར་འཕྲོ༔ ཐུགས་ལས་འོད་འཕྲོས་རྡོ་རྗེས་དམ་སྲི་བཏུལ༔ ཆོས་དང་སྲིད་ལ་བར་ཆད་བྱེད་པའི་བགེགས༔ ཐམས་ཅད་ཕྱེ་མ་རྡུལ་ཕྲན་བརླག་པར་བྱ༔ སུམྦྷ་ནི་སོགས་བརྗོད། ལྔ་པ་དངོས་གྲུབ་བླང་བ་ནི། མོས་གུས་སྤྲོ་དགའ་དང་བཅས་ཏེ། ཧཱུྃ༔ བདེ་མཆོག་བདེ་ཆེན་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ སྙིང་པོའི་གཤམ་དུ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་ལ་གཏོར་མ་དང་སྒྲུབ་རྫས་གནས་བཞིར་དབང་བླང་ཞིང་ཆ་ཤས་ལོངས་སྤྱོད་དོ། །དྲུག་པ་མཆོད་བསྟོད་ནི། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ནམ་མཁའི་གཏེར་ཆེན་ཀུན་བཟང་མཆོད་པའི་ཚོགས༔ རྗེ་བཙུན་གུ་རུ་འཁོར་དང་བཅས་ལ་འབུལ༔ བཛྲ་གུ་རུ་ས་པ་རི་བཱ་ར་ཨརྒྷཾ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་ཀུན་གྲོལ་བར་མཛད༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ བདུན་པ་ནོངས་བཤགས་བཟོད་གསོལ་ནི། ཡིག་བརྒྱ་ལན་གསུམ་དང་། མ་རྙེད་ཡོངས་སུ་མ་ཚང་སོགས་བརྗོད། བརྒྱད་པ་ནི། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་དམ་ཡེ་གཤེགས་བསྡུ་སྤྱི་ལྟར་རམ། དམ་ཡེ་མི་ཕྱེ་བར་རང་ལ་བསྟིམས་ཏེ། སྣོད་བཅུད་ཨོ་རྒྱན་ཞིང་དང་བླ་མའི་སྐུ༔ ལྷ་དང་རིག་འཛིན་རང་གི་སྙིང་གར་ཐིམ༔ ཐིག་ལེ་འོད་ལྔ་གསལ་བའི་གཡུང་དྲུང་ལྷ༔ རྟག་ཏུ་མི་འགྱུར་ཆད་པའི་མཐའ་དང་བྲལ༔ རང་བཞིན་གང་དུའང་མ་གྲུབ་མཐའ་དང་བྲལ༔ གཉིས་མེད་ཟུང་འཇུག་དགོངས་པའི་དོན་ལ་བསྒོམ༔ ཞེས་མཉམ་པར་གཞག་ལ་རྗེས་ཐོབ་ཏུ་ལྷ་སྣང་སྒྱུ་མའི་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་བླ་མའི་རོལ་པར་ལམ་དུ་ཁྱེར་བར་བྱའོ། །དགུ་པ་ནི། ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་གྱི་དོན་ཆེད་དུ༔ བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར༔ དམ་ཆོས་ཐོས་དང་བསམ་པ་ལྷུར་བླངས་ནས༔ ཡང་དག་བསྒོམས་པའི་བསོད་ནམས་ཡེ་ཤེས་ཚོགས༔ བླ་མེད་བླ་མ་ཨོ་རྒྱན་རིན་པོ་ཆེ༔ ཡང་དག་མཆོག་གི་གོ་འཕང་ཐོབ་པར་ཤོག༔ བཅུ་པ་ནི། མེ་ཏོག་འཐོར་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ དྭངས་པའི་མཁའ་ལ་རྡུལ་བྲལ་ཉི་འོད་ལྟར༔ ཨོ་རྒྱན་གུ་རུ་འོད་གསལ་རྡོ་རྗེའི་དཔལ༔ ཀུན་ཏུ་སྣང་བའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གུ་རུའི་སྐུ་ནི་རིག་འཛིན་འདུས་པའི་དཔལ༔ གསུང་ནི་བདེར་གཤེགས་རྒྱལ་བའི་སྔགས་རྣམས་འདུས༔ ཐུགས་ནི་འོད་གསལ་མཁའ་འགྲོའི་ཚོགས་དང་རོལ༔ སྐུ་གསུམ་དབྱེར་མེད་བདེ་ཆེན་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པར་བརྗོད་དོ། །དགེ་ལེགས་ཡོན༵་ཏན༵་ཀུན་འབྱུང་གནས། །བླ་མེད་བླ་མ་སྒྲུབ་པའི་ཐབས། །གཏེར་བྱོན་རྒྱ༵་མཚོ༵འི་སྙིང་པོ་ནི། །ཡོངས་འདུས་རང་གཞུང་གཙང་མར་བསྡེབས། །ཡོངས་འདུས་སྤྱི་སྒྲུབ་ཕྲིན་ལས་ཀྱི་སྤྱི་ཆིངས་སྙིང་པོར་དྲིལ་བའི་ལེ་ཚན་ནོ།། ༈ ཨོཾ་སྭསྟི། དགུ་ལྡན་བརྒྱུད་པའི་བླ་མ་ཀུན་གྱི་གཙོ། །དཀྱིལ་འཁོར་ཞི་ཁྲོ་རབ་འབྱམས་སྤྲོ་ཞིང་སྡུད། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་རྗེ། །རྡོ་རྗེ་སློབ་དཔོན་ཐོད་ཕྲེང་རྩལ་ལ་འདུད། །དགེ་སློང་ནམ་མཁའི་སྙིང་པོས་ཞུས་པའི་གསོལ་འདེབས་སྤྲོས་བྲལ་བདེ་ཆེན་མའི་ཕྲིན་ལས་ལ་སྦྱོར་བའི་ཆོས་ཕྱི་མ་གཉིས་དང་འབྲེལ་བའི་དབང་དུ་བྱས་ནས་རྟེན་དང་ཡོ་བྱད་བཤམ་པ་ནི། འབྱོར་ན་གུ་རུའི་སྐུ་བརྙན་བྲི་བའི་རྒྱུ་དང་གནས་ལྔའི་ཡི་གེ་རབ་གནས་སོགས་དབང་ཆོག་ཡེ་ཤེས་སྒྲོན་མེ་སྲིན་སྦར་གཏེར་བྱོན་གུ་རུའི་སྒྲུབ་ཐབས་ལྟར་སྔར་ནས་ལེགས་པར་བཞེངས་པ་བཀྲམ་པའི་མདུན་དུ། སྟེགས་གཙང་མར་རས་བྲིས་དཀྱིལ་འཁོར་ཞི་དཀྱིལ་སྒོ་རྫོགས་ཅན་སྤྱི་འགྲེའི་དབུས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་གུ་རུ་རྡོ་རྗེ་འཆང་གི་སྐུའམ་ཕྱག་མཚན་རྡོར་དྲིལ་བྲིས་པའམ། མ་འབྱོར་ན་མཎྜལ་བདུད་རྩི་ལྔས་བྱུག་པ་ལ་འབྲུའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་མཉྫིལ་བུམ་པ་དྲི་བཟང་གི་ཆུ་དང་སོ་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་དམར་པོ་གཟུངས་ཐག་དང་བཅས་པའི་ཁར། ཐོད་པ་དུམ་བུ་གཅིག་པར་ཆང་ངམ་འོ་མ་ལ་རྩ་བརྒྱད་སྟོང་སྦྱར་གྱི་བདུད་རྩི་བཏབ་པ་བཞག་ལ་དར་དམར་གྱིས་བཀབ་པའི་སྟེང་། མེ་ལོང་མཐོ་སྐོར་ལ་བདུད་རྩི་དང་སིནྡྷུ་རས་བྱུགས་པར་ཆོས་འབྱུང་བསྣོལ་མའི་དབུས་སུ་རྩ་སྔགས་ཤམ་བུ་ཅན། དེ་མཐར་རྩ་བརྒྱུད་བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱི་གསང་མཚན་རྣམས་ཀྱི་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པའམ་བསྡུ་ན་ཐིག་ལེ་བླ་མ་བརྒྱུད་པ་དང་ལྷ་གྲངས་ཀྱིས་བསྐོར་བ་བཞག་པའི་སྟེང་སྒྲུབ་ཐབས་གང་བྱེད་དང་མཐུན་པའི་བླ་མའི་སྐུ་འབག་བཞུགས་པར་གསུངས་པས། འདིར་བླ་མ་རྡོ་རྗེ་འཆང་གི་སྐུ་བརྙན་བཞག་ལ་དར་དམར་གྱི་གུར་ཕུབ། དེ་དག་གི་མདུན་དུ་ཐོད་སྣོད་དུམ་བུ་ལྔ་པའམ། རིན་པོ་ཆེའི་སྣོད་དུ་འབྲུ་སྣའི་ཕྱེ་མ་དཀར་གསུམ་མངར་གསུམ་ཆང་གིས་སྦྲུས་པ་ལ་སྒྲུབ་ཐབས་སོ་སོའི་གཏོར་མ་དཔེའུ་རིས་ལྟར་འགྲུབ་ན་ལེགས། བཟོ་དབྱིབས་ཚད་ལྡན་གྱི་ལག་རྒྱུན་མེད་ན་སྣོད་བཅུད་ཡོངས་སུ་རྫོགས་པའི་གཏོར་མ་རི་རབ་སྟེང་དུ་རིན་ཆེན་ཟུར་བརྒྱད་ལ་བླ་མའི་གཏོར་མ་རིན་ཆེན་འབར་བ་པདྨ་འདབ་བརྒྱད་ཅན་ལ་ཉི་ཟླ་ནོར་བུ་དང་། འདབ་བརྒྱད་ལ་ལས་བཞིའི་ཕྱག་རྒྱ། ཟུར་བརྒྱད་ལ་རིན་ཆེན་འབར་བ་བརྒྱད། ཤ་མར་ཐུད་སོགས་སྤོད་སྨན་གཙང་མ་དང་། དར་འཕན་མེ་ལོང་གིས་བརྒྱན་པ་བཀོད་པའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར། བཀའ་སྲུང་གི་གཏོར་མ། མདུན་ཕྱོགས་སུ་མཆོད་པའི་མཎྜལ་རིན་པོ་ཆེའི་ཚོམ་བུ་ཅན། ཚོགས་ཀྱི་ཡོ་བྱད་སོགས་དགོད། འཛོམ་ན་དཀྱིལ་འཁོར་གྱི་ཕྱོགས་བཞིར་རྒྱལ་མཚན་དང་རལ་གྲི །མཚམས་བཞིར་འཕན་དང་མདའ་དར་མེ་ལོང་བཏགས་པ་བཙུགས་ཤིང་། ཕྱོགས་བཞིར་ཐོད་པ་བཟའ་བཏུང་གིས་བཀང་བ་བཞི་ཡང་བཞག་པར་གསུངས་སོ། །རིག་འཛིན་རྩལ་དབང་གི་ཕྲིན་ལས་ནི་བསྙེན་སྒྲུབ་ཆེན་པོ་ཡང་ཏིག་ནམ་མཁའི་ནོར་བུ་ཉིད་བཏང་དགོས་པ་ཡིན་ཡང་། ད་ལྟ་བྱ་སླ་ཟོར་ཡང་ལྟ་བུས་སྙན་བརྒྱུད་སྙིང་པོ་ཐུགས་ཀྱི་ཡང་ཏིག་ལ་མཛད་པ་བརྒྱུད་པའི་ཕྱག་བཞེས་སུ་སྣང་བས་དེ་ལྟར་ན། ཕྲིན་ལས་དངོས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། སྔོན་འགྲོ་བྱིན་དབབ་པ་ནས་ཚོགས་གསག་རྣམ་གསུམ་ཡན་ཆད་ཕྲིན་ལས་སྤྱི་ཆིངས་ལྟར་སྔོན་དུ་སོང་ནས། མདུན་གྱི་ནམ་མཁར་རབ་ཏུ་རྒྱས་པ་ཡི༔ པད་སྡོང་ཁྲི་འཕང་འཁོར་ལོ་བཞི་ལྡན་པའི༔ སྟེང་ན་ཉི་ཟླ་འོད་སྟོང་འབར་བའི་དབུས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་པའི་མགོན༔ རྩ་བ་བརྒྱུད་པའི་བླ་མ་ཀུན་འདུས་པ༔ བདག་ཉིད་ཆེན་པོ་ཨོ་རྒྱན་པདྨ་ལ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར༔ ཀུན་ཀྱང་འོད་ཟེར་འཕྲོ་འདུའི་དབུས་ན་བཞུགས༔ བདག་དང་འགྲོ་ལ་སྤྱན་འབྲས་ཧྲིག་གེར་གཟིགས༔ དེ་ལ་རྩེ་གཅིག་གུས་འདུད་བྱས་པ་ཡིས༔ ཐུགས་ཀྱི་འོད་ཟེར་ལྕགས་ཀྱུའི་ཚོགས་སུ་སྤྲོས༔ མ་ཧཱ་གུ་རུ་ཨོ་རྒྱན་པདྨ་ལ༔ ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རིག་འཛིན་དང༔ ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་གིས༔ ཡོངས་སུ་བསྐོར་བ་མདུན་གྱི་ནམ་མཁར་བཞུགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པར་གྱུར༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་རྣམས༔ གཉིས་མེད་མཁའ་ལྟར་དག་པའི་ཞིང་ཁམས་ནས༔ ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་བརྩེར་དགོངས་གཤེགས༔ ཕྱག་འཚལ་མཆོད་འབུལ་ཉམས་ཆག་འགལ་འཁྲུལ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་རབ་བསྐོར་ནས༔ མྱ་ངན་མི་འདར་རྟག་ཏུ་གསོལ་བ་འདེབས༔ ཞེས་དང་། ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་སོགས་གསོལ་འདེབས་ཅི་འགྲུབ་བྱས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་སྙིང་པོ་ཅི་ནུས་བཟླ། མཐར། དེ་ལྟར་གསོལ་བཏབ་རྟེན་གྱི་ལྷ་རྣམས་ཀྱི༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གའི་འོད༔ རང་ཉིད་ལྷར་གསལ་སྒོ་གསུམ་གནས་གསུམ་གྱི༔ རྟོག་སྒྲིབ་གསུམ་སྦྱངས་སྐུ་གསུང་ཐུགས་བྱིན་བརླབས༔ གུ་རུ་འཁོར་བཅས་འོད་དུ་ལྟེམ་གྱིས་ཞུ༔ རང་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས༔ བདེ་སྟོང་མ་བཅོས་ཕྱག་རྒྱ་ཆེན་པོར་བཞག༔ ཅེས་སྣང་སྟོང་གྲགས་སྟོང་དྲན་སྟོང་རང་ཤར་རང་གྲོལ་གྱི་དོན་ལ་བལྟ་ཞིང་། རྗེས་ཐོབ་ཚོགས་དྲུག་གང་ཤར་རང་གྲོལ་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ནི། ཕྲིན་ལས་ལྟར། མཆོད་པ་བྱིན་བརླབས་ལ། སྟོང་གསལ་ངང་ལས་བདག་ཉིད་སྒྱུ་མའི་ལུས༔ ཞེས་སམ། དབང་གི་སྐབས། སྟོང་གསལ་ངང་ལས་སྒྱུ་ལུས་མཚན་མའི་རྟེན༔ དྭངས་པའི་མཚོ་དབུས་པད་སྡོང་འདབ་བརྒྱད་སྟེང༔ ཉི་ཟླ་པདྨ་འོད་འབར་དབུས་བཞུགས་པའི༔ རང་རིག་རྒྱལ་པོ་པདྨ་འབྱུང་གནས་ནི༔ སྐུ་མདོག་དཀར་དམར་རྡོ་རྗེ་ཐོད་པ་འཛིན༔ མཐིང་ནག་དར་གྱི་ཕོད་ཀ་ཆོས་གོས་དམར༔ དབང་གོས་ཟབ་ཆེན་བེར་སྨུག་ཧ་རིས་ཅན༔ པད་ཞྭ་སྒྲོ་དར་མེ་ལོང་འོད་ཟེར་འབར༔ རིན་ཆེན་ཉི་ཟླ་འོད་ལྔའི་དཀྱིལ་འཁོར་རྫོགས༔ རིན་ཆེན་མགུལ་རྒྱན་ཕྱག་ཞབས་གདུ་བུ་མཛེས༔ མཚན་དང་དཔེ་བྱད་མ་ལུས་ཡོངས་སུ་རྫོགས༔ སྣ་ཚོགས་འོད་ལྔའི་ཕུང་པོ་འཁྱིལ་པའི་དབུས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དྲང་པོར་བཞུགས༔ མཆན་ཁུང་རྡོ་རྗེ་ཁ་ཊྭཱཾ་རྩེ་གསུམ་ལ༔ མེ་ལོང་དར་འཕན་སྟག་རས་གཡེར་ཁས་བརྒྱན༔ དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ གདོད་ནས་ལྷུན་གྲུབ་སྲུང་བའི་འཁོར་ལོ་རྫོགས༔ སྤྱི་བོ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ༔ རྐང་པ་རྡོ་རྗེ་འབར་བའི་ས་གཞི་གདལ༔ རྩིབ་ལོགས་རྡོ་རྗེ་ར་བ་དྲྭ་བ་ཕྱེད༔ པགས་པ་རྡོ་རྗེའི་གུར་དང་བླ་རེར་གསལ༔ བ་སྤུ་མདའ་ཡི་དྲྭ་བ་མེ་རི་འབར༔ སྐྲ་སེན་རྡོ་རྗེའི་ལྕགས་ཀྱུས་ལོག་འདྲེན་འདུལ༔ རྐང་མཐིལ་འབྱུང་བ་རླུང་ཆེན་དམ་ཚིག་སྒྲོལ༔ སུམ་མདོ་གྲུ་གསུམ་མེ་ཉིད་གོས་དཀར་མོ༔ ལྟོ་བ་ཆུ་ཆེན་མཱ་མ་ཀཱི་ཡི་དངོས༔ སྙིང་ག་ས་ཡི་དཀྱིལ་འཁོར་སངས་རྒྱས་སྤྱན༔ སྒལ་ཚིགས་རི་རབ་མགོ་བོ་སྟོད་ཀྱི་ཆ༔ ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་ཀུན་བཟང་ཡུམ༔ འབྱུང་ལྔ་ལྷུན་གྲུབ་ཡུམ་གྱི་ངོ་བོར་རྫོགས༔ འདོམ་གང་གྲུ་བཞི་ལུས་ཀྱི་དཀྱིལ་འཁོར་ལ༔ ཁ་སྣ་གསང་གཤང་རང་བྱུང་སྒོ་བཞིར་གསལ༔ མིག་གི་ཁ་དོག་རྩིག་པ་རྣམ་ལྔ་རྫོགས༔ སྣ་བུག་རིན་ཆེན་ཕ་གུ་རང་བྱུང་ཉིད༔ ལྕེ་དང་མཆུ་ནི་འདོད་ཡོན་སྣམ་བུར་གསལ༔ རྣ་བ་རྟ་བབས་སྨིན་མ་བྱ་རུ་ཏོག༔ སྙན་ཁུང་དྲིལ་བུ་སྐྲ་ཡི་དར་དཔྱངས་མཛེས༔ ཐོད་ལྤགས་གདུགས་དང་ཚངས་བུག་རང་བྱུང་ཏོག༔ མ་འདྲེས་ཡོངས་རྫོགས་ལུས་ཀྱི་དཀྱིལ་འཁོར་དབུས༔ སྟོང་གསལ་སྙིང་གར་པདྨ་འདབ་བརྒྱད་སྟེང༔ པདྨ་ཉི་ཟླ་དཀར་དམར་བརྩེགས་པའི་དབུས༔ ཧཱུྃ་ལས་མཐའ་བྲལ་ཐིག་ལེ་མཐིང་གསལ་ལས༔ གུ་རུ་པདྨ་ཐོད་ཕྲེང་མཐིང་གསལ་སྐུ༔ རྡོ་རྗེ་དྲིལ་བསྣོལ་ཡུམ་བཅས་མཚན་དཔེ་སྤྲས༔ བདེ་སྟོང་རོ་མཉམ་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཧྲཱིཿབརྒྱད་རང་བྱུང་དཀར་དམར་ཐིག་ལེ་ལས༔ ཕྱོགས་མཚམས་གུ་རུ་མཚན་བརྒྱད་དཀར་དམར་སྐུ༔ རྡོ་རྗེ་ཐོད་པ་བདུད་རྩིས་གང་བ་བསྣམས༔ པད་ཞྭ་སྒྲོ་དར་ཁ་ཊྭཱཾ་དཀུ་ལ་བརྟེན༔ དར་ཕོད་ཆོས་གོས་བེར་ཕྱམ་རིན་ཆེན་བརྒྱན༔ ལྟ་བས་མི་ངོམ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ འོད་ལྔ་མ་འདྲེས་ཚོམ་བུ་དགུ་རྫོགས་ལ༔ གཙོ་དང་འཁོར་བརྒྱད་ཐུགས་ཀྱི་དཀྱིལ་འཁོར་ན༔ པདྨ་དམར་པོ་འདབ་བརྒྱད་གེ་སར་དབུས༔ པདྨ་ཉི་ཟླ་དབང་ཕྱུག་གདན་སྟེང་དུ༔ ཧཱུྃ་བརྒྱད་གཙོ་དགུ་ཐིག་ལེར་ཞུ་བ་ལས༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་དགུ༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་ཐུགས་ཀར་བསྣོལ༔ གནམ་ཞལ་ཡུམ་རྫོགས་ཁ་ཊྭཱཾ་ཐོད་ཁྲག་བསྣམས༔ བརྐྱང་བསྐུམ་ཞབས་བཞེངས་ཉམས་དགུའི་གར་གྱིས་འགྱིངས༔ དུར་ཁྲོད་ཆས་ལྡན་རུས་བརྒྱན་མེ་འོད་འབར༔ ཁྲག་འཐུང་ཀུན་གྱི་བདག་ཉིད་ཡོངས་སུ་རྫོགས༔ དཔལ་དགུའི་ཐུགས་ཀར་པད་འདབ་མཐིང་གསལ་དབུས༔ རིན་ཆེན་ཟུར་བརྒྱད་ཉི་མ་ཟླ་བའི་སྟེང༔ དུང་མདོག་ཤེལ་འདྲའི་ཡེ་ཤེས་རྡོ་རྗེ་སེམས༔ དཀར་གསལ་རྡོར་དྲིལ་ཞི་ཚུལ་བཅུ་གསུམ་ཆས༔ རྡོ་རྗེ་སྐྱིལ་ཀྲུང་འོད་ལྔའི་དབུས་ན་གསལ༔ མ་ལུས་ཐུགས་ཀར་རིན་ཆེན་ཟུར་བརྒྱད་དབུས༔ ནས་འབྲུའི་དབྱིབས་འདྲའི་མཐིང་གསལ་རྡོ་རྗེ་དགུ༔ ལྟེ་བར་ཉི་ཟླ་ཁ་སྦྱོར་མཐིང་མདོག་ཧཱུྃ༔ མ་འདྲེས་ཡོངས་རྫོགས་གསང་སྔགས་འཁོར་ལོ་བསྐོར༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་རྡོ་རྗེ་གསུམ༔ བ་སྤུ་ཁྲོ་བཅུ་ལྷ་དང་རིག་འཛིན་གཏམས༔ མེ་ལོང་ཆུ་ཟླ་འཇའ་ཚོན་ལྟར་གསལ་བ༔ སྟོང་གསུམ་ཀུན་ཁྱབ་ཐུགས་སྲོག་འོད་ཟེར་གྱིས༔ རང་བཞིན་གནས་ནས་ལྷ་དང་རིག་འཛིན་དང༔ དཔའ་བོ་མཁའ་འགྲོ་མ་ལུས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་དབྱིངས་ནས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཡེ་ཤེས་དམ་ཚིག་གཉིས་མེད་དོན་གྱི་ལྷ༔ འདུ་འབྲལ་མེད་པའི་ཀློང་དུ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ རང་ཉིད་ཐུགས་ལས་སྤྲུལ་པའི་མཆོད་པའི་ཚོགས༔ དཔག་མེད་ཏིང་འཛིན་རྒྱ་མཚོའི་ཆོ་འཕྲུལ་ལས༔ ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་རོལ་མོ་ཀུན་བཟང་མཆོད་པས་མཆོད༔ སརྦ་པཱུ་ཛ་ཧོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་ནི༔ སྨན་རཀ་གཏོར་མ་བདེ་ཆེན་སྙོམས་འཇུག་གིས༔ གཉིས་མེད་དོན་གྱི་ལྷ་ལ་མཆོད་པ་འབུལ༔ རིག་སྟོང་འོད་གསལ་འཕོ་འགྱུར་མེད་པའི་ལྷ༔ འདུ་འབྲལ་མེད་པའི་ལོངས་སྤྱོད་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ རང་རིག་ངོ་བོ་བླ་མ་ཐོད་ཕྲེང་རྩལ༔ རང་བཞིན་བདེ་གཤེགས་བཀའ་བརྒྱད་ཞི་ཁྲོའི་ལྷ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སེམས་དཔའ་ལ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཕྱག་ལེན་དུ་བསྙེན་སྒྲུབ་ཆེན་པོ་ཡང་ཏིག་ནམ་མཁའི་ནོར་བུ་ལྟར་མཛད་པར་སྣང་བས། དེ་ལྟར་ན་བདག་མདུན་གཉིས་ཀ་ལ་དམིགས་ཏེ། རིག་འཛིན་ཀུན་གྱི་གནས་གསུམ་འོད་ཟེར་གྱིས༔ སྣང་སྲིད་ཐམས་ཅད་སྐུ་དང་འོད་ཀྱིས་བཀང༔ སྐུ་ལས་གསུང་བྱུང་སྔགས་ཀྱི་སྒྲ་རུ་སྒྲོག༔ ཁམས་གསུམ་སྒྲིབ་སྦྱངས་སྐུ་གསུམ་དངོས་གྲུབ་བསྡུས༔ བདག་ཉིད་གནས་གསུམ་འོད་ཀྱིས་བྱིན་རླབས་ཞུགས༔ རིག་པ་ངར་བསྐྱེད་བཟླས་པས་དངོས་གྲུབ་ཐོབ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་བ་ནི་བསྙེན་པའོ། །དེ་ནས་རིག་འཛིན་ཀུན་གྱི་བདག་ཉིད་ཅན༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི༔ གནས་གསུམ་དཀར་དམར་མཐིང་གསུམ་གདན་དང་སྔགས༔ དེ་ལས་འོད་འཕྲོས་རིག་འཛིན་ཐམས་ཅད་ཀྱི༔ གནས་གསུམ་ཐིམ་པས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ གར་འདུག་གནས་ནི་པདྨ་བཀོད་པའི་ཞིང༔ གཟུགས་སྣང་ཐམས་ཅད་རིག་འཛིན་བླ་མའི་སྐུ༔ སྒྲ་གྲགས་ཐམས་ཅད་གུ་རུ་པདྨའི་སྔགས་་་ཨོཾ་ཨཱཿཧཱུྃ༔ དྲན་རྟོག་ཐམས་ཅད་བདེ་སྟོང་ཡེ་ཤེས་གསལ༔ སྤྲོས་པས་འོད་ཀྱིས་སྟོང་གསུམ་སྐུ་ཡིས་གང༔ བསྡུས་པས་ཐུགས་གསང་ཐིག་ལེའི་དབུས་སུ་ཐིམ༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་གཏང་བར་མི་བྱ་འོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ་བ་ནི་ཉེ་བར་བསྙེན་པའོ། །དེ་ནས་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ལྟེ་བར་ཧྲཱིཿམ་ཁ་སྦྱོར་འོད་ཟེར་གྱིས༔ བདེ་གཤེགས་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡེ་ཤེས་བསྐུལ་བྱས་ཏེ༔ མཁའ་ལ་རིག་འཛིན་རྒྱལ་བ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་སེམས་དབང་གི་རྒྱུན༔ དང་པོ་བདག་གི་ཚངས་པའི་བུ་ག་ནས༔ རིམ་གྱིས་ཞུགས་ནས་གནས་བཞི་འོད་ཀྱིས་གང༔ དབང་བཞི་བསྐུར་ནས་རྩ་ཁམས་རླུང་རྣམས་སྨིན༔ སྒྲིབ་བཞི་དག་ནས་སྐུ་བཞིའི་ཡེ་ཤེས་རྒྱས༔ སླར་ཡང་ལྟེ་བའི་ཁུང་ནས་འོད་བྱུང་སྟེ༔ རྒྱལ་བ་ཀུན་ལ་འོད་ཀྱི་མཆོད་པ་འབུལ༔ ལྟེ་བ་ནས་བརྒྱུད་སྤྱི་གཙུག་འོད་ཀྱིས་གང༔ ཀུན་ཀྱང་བདེ་ཆེན་ཡེ་ཤེས་འབར་བའི་འོད༔ རང་གི་ལྟེ་བ་ནས་ཞུགས་སྙིང་ག་དང༔ མགྲིན་པ་སྤྱི་གཙུག་བདེ་ཆེན་འོད་ཀྱིས་གང༔ སྔགས་ཕྲེང་སྔགས་ཀྱི་རང་སྒྲས་བསྐུལ་བར་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། སྐབས་ཀྱི་སྒྲུབ་ཐབས་འདི་དང་འབྲེལ་བར། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་པའང་བཟླ་སྟེ་སྒྲུབ་པའོ། །དེ་ནས་རིག་འཛིན་རྣམས་ལས་སྤྲུལ་པའི་ལྷ༔ སྔགས་ཀྱི་སྒྲ་སྒྲོག་དགོངས་པའི་དོན་ལྡན་པས༔ བདག་གི་སྙིང་ཁར་འོད་ཀྱི་ཐིག་ལེ་ཞུགས༔ དངོས་པོ་ཟང་ཐལ་ཤེས་པ་དྲུང་ཐོན་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ་ཞིང་འོད་ཟེར་དཀར་སེར་དམར་ལྗང་སྣ་ཚོགས་པའི་སྤྲོ་བསྡུས་ལས་བཞི་དང་མཆོག་སྒྲུབ་པ་ནི་ལས་སྦྱོར་གྱི་བཟླས་པ་སྟེ་དབང་རྐྱང་ཙམ་ལ་ཕྱི་མ་འདི་མ་བྱས་ཀྱང་ཆོག་གོ །བྱང་ལུགས་ཀྱི་ཕྱག་བཞེས་སུ་བདག་མདུན་བུམ་པ་སོགས་ཆབས་ཅིག་ཏུ་དམིགས་པ་ལས་བུམ་བཟླས་ཟུར་དུ་མི་མཛད་པར་སྣང་བས་དེ་ལྟར་སྟབས་བདེ་ཡང་དམིགས་པས་མ་ཆུན་ན། སླར་ཡང་བུམ་ཐོད་ལ་བླ་མའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནམ་མཁའ་ལ་འཇའ་སྤྲིན་ལྡངས་པ་ལྟར་སྐད་ཅིག་གིས་གསལ་བར་གྱུར་པར་བལྟས་ལ་གཟུངས་ཐག་ལ་འཇུས་ཏེ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ཐོད་ལྷའི་ཐུགས་རྒྱུད་བསྐུལ་བས་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པར་བསམས་ལ་སྙིང་པོ་རྣམས་བཟླ། གང་ལྟར་མཐར་སྟོང་ཚིགས་སྤྱི་ལྟར་དང་། ཕྲིན་ལས་སྤྱི་ཆིངས་རྗེས་ཆོག་ལྟར་མཆོད་བསྟོད་བྱ། བཟླས་མཐར་དངོས་གྲུབ་བླང་བ་ནི། ཧཱུྃ་ཧྲཱི༔ མཉམ་མེད་བླ་མ་པདྨ་ཐོད་ཕྲེང་རྩལ༔ མཚོ་རྒྱལ་ཡུམ་དང་གཉིས་མེད་བདེ་བར་རོལ༔ ཐོད་ཕྲེང་རྩལ་བཞི་མཚན་བརྒྱད་ཡུམ་དང་བཅས༔ སྤྲུལ་པ་ཡང་སྤྲུལ་རིག་འཛིན་དུ་མའི་ཚོགས༔ དཔའ་བོ་མཁའ་འགྲོ་སྒོ་སྐྱོང་ལྷ་མོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ཆེན་པོ་ཡིས༔ མོས་པའི་བུ་ལ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་ཐམས་ཅད་མྱུར་བའི་ཤུགས་ཀྱིས་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ དཀར་དམར་འདྲེས་པའི་བདེ་ཆེན་ཆུ༔ ཚངས་བུག་ནས་ཞུགས་གནས་བཞི་གང༔ བུམ་གསང་ཤེས་རབ་རིག་རྩལ་གྱི༔ དབང་བཞི་ཡོངས་རྫོགས་ཐོབ་པར་གྱུར༔ ཅེས་པའི་དོན་བསྒོམ་པར་བྱ་སྟེ་བདག་འཇུག་བླང་བའི་དོན་ཡང་ཚང་ངོ་། །འདི་ཉིད་ཀྱི་བསྙེན་པ་བྱེད་ན་བཟླས་པའི་མཐར་མཆོད་བསྟོད་བྱ། དབང་བླང་མིན་གང་བྱས་ཀྱང་རུང་ལ་བསྡུ་ལྡང་སྨོན་ལམ་སོགས་བྱ་ཞིང་བུམ་བཟླས་མི་དགོས་སོ། །དབང་ལ་ལས་བུམ་སྐབས་འདི་ཉིད་དུ་བསྒྲུབ་པར་བྱ་སྟེ། བསང་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་འབར་བའི་རལ་པ་གྱེན་དུ་བརྫེས་པ། གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་མེ་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་དག་བྱེད་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་མོས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླས་མཐར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ བདུད་དང་ལོག་འདྲེན་ཐམས་ཅད་འདུལ་མཛད་པ༔ དྲག་པོའི་སྟངས་སྟབས་འགྱིང་བག་ཚུལ་དུ་བཞུགས༔ བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར༔ ཅེས་མོས་ལ། དེ་ནས་གཏེར་སྲུང་གསོལ་མཆོད་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱ་ཞིང་། དཀྱིལ་འཁོར་ལ་ཡོལ་བ་གཏང་ངོ་། གསུམ་པ་ནི། དེ་ནས་སྐལ་ལྡན་སློབ་བུ་རྣམས༔ ལས་ལ་དབང་གིས་སྦྱར་བྱས་ཏེ༔ ཞེས་སོགས་གསུངས་པ་ལྟར། སྣོད་དང་ལྡན་པའི་སློབ་མ་རྗེས་སུ་བཟུང་བ་ལ་གཉིས། སྦྱོར་བ་འཇུག་པའི་ཆོས་དང་། དངོས་གཞི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་བསྐུར་བའོ། །དང་པོ་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་། ཨེ་ཧོ་ཤུདྡྷེ་སོགས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས་ལ་ནང་དུ་འཁོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་ལྷག་བསམ་རྣམ་པར་དག་པའི་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ་བར་དུ་གཅོད་པའི་གནོད་བྱེད་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམས་པར་གྱིས་ལ་རང་རང་གི་གནས་་་་སུ་དེངས་ཤིག །གལ་ཏེ་མི་འགྲོ་བ་རྣམས་ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །ཞེས་དང་། ཧཱུྃ་ཧཱུྃ༔ དུས་གསུམ་བླ་མ་སོགས་བཀའ་བསྒོ་མཚམས་གཅོད་སྲུང་འཁོར་ལས་བྱང་ལྟར་བརྗོད་ལ་བགེགས་བསྐྲད་ཅིང་མཚམས་བཅིང་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོ་རིགས་ཀུན་ཁྱབ་བདག་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དབང་བསྐུར་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་ཆོས་ཉན་པའི་སྤྱོད་ལམ་ཚུལ་བཞིན་དུ་མཛད་ནས་ལེགས་པར་གསན་འཚལ། གསན་བྱ་ཆོས་ཀྱི་རྣམ་གྲངས་དུ་མ་མཆིས་པ་ལས་སྐབས་སུ་བབས་པ་ནི། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལམ་ཟབ་བླ་མའི་རྣལ་འབྱོར་ཞེས་གསར་རྙིང་ཀུན་ལ་རྒྱ་ཆེར་གྲགས་པ་ལས། བླ་མ་ཐམས་ཅད་ཀྱི་མཆོག་རབ་ཕུལ་དུ་གྱུར་པ་ནི། སངས་རྒྱས་སྣང་བ་མཐའ་ཡས་ཉིད་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་རྣམས་སུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཀྱིས་རྣམ་པར་རོལ་ནས་འཇའ་ལུས་རྡོ་རྗེའི་སྐུས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱ་ཆེར་མཛད་པ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་ར་སྟེ། སངས་རྒྱས་གཉིས་པ་དེ་ཉིད་བོད་ཡུལ་མུན་པའི་ལྗོངས་སུ་སྐུ་དངོས་ཀྱི་ཞབས་ཀྱིས་གཅགས་ཤིང་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་སུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས། གྲོགས་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མ། འབངས་དགེ་སློང་ནམ་མཁའི་སྙིང་པོ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཏེ་ལས་ཅན་རྣམ་པ་ལྔ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ། མདོ་རྒྱུད་ཀྱི་ཆོས་སྒོ་རབ་འབྱམས་ཚིག་ཉུང་ངུར་འདུས་པའི་གསོལ་འདེབས་དང་དེའི་མན་ངག་གཙོ་བོར་གྱུར་པའི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་བསྩལ་པ་རྣམས། ཕྱི་ནང་གསང་བའི་སྐོར་གསུམ་དུ་ཕྱེས་ནས་ཕྱིས་དུས་ཀྱི་གདུལ་བྱ་ལ་དགོངས་ནས་གཏེར་གནས་རྣམས་སུ་སྦས་པ། ཕྱི་སྐོར་གསོལ་འདེབས་ལེའུ་བདུན་མ་ལྷ་སྲས་རྣམ་འཕྲུལ་མང་ལམ་རི་ཁྲོད་པ་བཟང་པོ་གྲགས་པས་རུ་ལག་གྲམ་པ་རྒྱང་ནས་ཕྱུང་ཞིང་། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཤོག་སེར་ལས་བསྒྱུར་ཏེ་གངས་ཅན་གྱི་ལྗོངས་ཙམ་ན་འགྲོ་དོན་རྒྱ་ཆེ་ལ་རྒྱུན་ཆགས་པར་སྤེལ། ནང་སྐོར་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་སྐོར་རྣམས་བདུད་འཇོམས་སྐྱེ་བ་རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱིས་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས། གསང་སྐོར་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་མ་ཚང་བ་གཅིག་ཀྱང་མེད་པ་སྤྱི་དང་བྱེ་བྲག་གི་ལྷའི་སྒྲུབ་ཐབས་སུམ་བརྒྱ་བསྟན་པ་ཡོངས་འདུས་རྣམ་གསུམ་གྱི་ཆོས་སྡེའམ། བཀའ་འདུས་གསུམ་པའི་སྐོར་དུ་གྲགས་པ་རྣམས་ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི་དབུ་རྩེ་རྣམ་སྣང་ཐུགས་ཀྱི་གསང་སྒྲོམ་དུ་རྒྱས་བཏབ་པ་ཉིད། ཇི་སྐད་དུ། ཨེ་མ་དུས་ཀྱི་སྙིགས་མར་འགྲོ་རྣམས་བསོད་ནམས་དམན༔ ཚོགས་ལ་མི་འབད་སྡིག་པའི་ལས་ལ་བརྩོན༔ རྣམ་སྨིན་དང་ནི་དབང་བདག་འབྲས་བུ་སོགས༔ ཡིད་མི་འཐད་པའི་སྡུག་བསྔལ་ལས་ལ་སྤྱོད༔ དེ་དུས་ཨོ་རྒྱན་ཉིད་དང་རིག་འཛིན་རྣམས༔ དགོངས་པ་གཅིག་དང་དབྱངས་གཅིག་ཉིད་དུ་འགྱུར༔ ཡང་དག་སྙིང་པོ་བླ་མ་སྒྲུབ་པའི་ཆོས༔ རིག་པ་དོན་ལྡན་ཚེ་གཅིག་སངས་རྒྱས་ལམ༔ འདི་ཉིད་བསྟན་པའི་དུས་ལ་བབས་ནས་འོང༔ ཞེས་གསུངས་པ་ལྟར་གདུལ་བྱའི་ཡུལ་དང་རྒྱལ་བའི་ཐུགས་རྗེ་ཉེ་བར་ལེན་པའི་རྟེན་འབྲེལ་ཚོགས་པ་ན། གཏེར་འབྱིན་གྱི་གང་ཟག་ཀྱང་། རྡོ་རྗེའི་གསུང་ལས། དེ་ལྟར་བསྟན་པའི་དུས་ཀྱི་མཐར་ཐུག་ཚེ༔ པདྨ་རྒྱལ་པོ་ཡེ་ཤེས་རྡོ་རྗེ་རྩལ༔ དེ་ཉིད་རྒྱལ་བ་ཀུན་གྱིས་རབ་བསྐུལ་ནས༔ དམ་ཆོས་མ་ལུས་ཀུན་གྱི་སྙིང་པོ་སྡུད༔ དེ་ཉིད་འཕྲད་དང་མཐོང་དང་ཐོས་པས་ཀྱང༔ སྲིད་པ་ཐ་མའི་འགྲོ་བ་ཉིད་དུ་བྱེད༔ ཅེས་སོགས་རྒྱ་ཆེར་བསྔགས་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཕྲུལ་ལྔ་བསྒྱུར་བ་ལས་གསུམ་པ་ཐུགས་རྗེའི་བདག་ཉིད། བསྟན་པ་ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ་ལམ། སྤྲུལ་སྐུ་ཡོན་ཏན་འོད་ཟེར་སོགས་མཚན་གྱི་རྣམ་གྲངས་མང་པོ་དང་ལྡན་པ་དེ་ཉིད་དང་། གཅུང་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའམ་རྡོ་རྗེ་གྲོ་ལོད་རྩལ་ཏེ་སྐུ་མཆེད་ཟུང་དུ་འབྲེལ་བས་དབུ་རྩེའི་སྟེང་ཁང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་རྟེན་གཙོ་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་སྙིང་མཛོད་བ་གམ་སྨུག་པོ་མུན་པའི་དཀྱིལ་འཁོར་ནས། ཡོངས་འདུས་རྣམ་གསུམ་དང་ལྟ་བ་རྫོགས་ཆེན་པདྨ་སྙིང་ཏིག་སོགས་ངོ་མཚར་བའི་ཆོས་སྡེ་རབ་འབྱམས་སྤྱན་དྲངས་པ་ལས། ཆོས་བཀའ་རགས་རིམ་པཎ་ཆེན་རིན་པོ་ཆེའི་ཆོས་བདག་ལུང་ཟིན་སྤྲུལ་པའི་གཏེར་སྟོན་བཞིའི་ཡ་གྱལ་ལྷ་སྲས་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སོགས་ནས་རིམ་པར་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་ལས། བརྒྱུད་པའི་ཕྱག་བཞེས་ལྟར་སྨིན་བྱེད་རྣམས་ཀྱི་ཐོག་མ་རིག་འཛིན་རྩ་དབང་དུ་གྲགས་པ་དགེ་སློང་ནམ་མཁའི་སྙིང་པོ་ལ་གནང་བའི་གསོལ་འདེབས་སྤྲོས་བྲལ་བདེ་ཆེན་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པ་ལགས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་བརྡ་དང་དོན་གྱི་དཀྱིལ་འཁོར་ཇི་བཞིན་པ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར། དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་རིན་ཐང་དང་བྲལ་བའི་ལྷ་མིའི་རིན་པོ་ཆེའི་མེ་ཏོག་གི་ཅོད་པན་ཐོགས་པའི་མོས་པ་མཛོད། སྔགས་སྔ་མས་མེ་ཏོག་སྦྱིན། གསོལ་བ་གདབ་པ་ནི། སྙིམས་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ་སློབ་དཔོན་གྱིས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ སེམས་བསྐྱེད་དམ་ལ་མི་གནས་ན༔ བསྟན་པས་མི་མཐོང་དེ་བས་ཁྱོད༔ འདིར་འཇུག་སེམས་སྐྱེད་དམ་ཚིག་སྲུངས༔ ཞེས་པའི་ལན་དུ་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་བར་དུ༔ བཀའ་སྒྲུབ་དབང་ཞུ་དམ་སྲུང་ལགས༔ བདག་ཅག་དཀྱིལ་འཁོར་འཇུག་པར་འཚལ༔ ཞེས་དམ་བཞག །མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར། ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ། སེར་སྣའི་གཉེན་པོར་མཆོད་པ་འབུལ་བ། གཏི་མུག་གི་གཉེན་པོར་སྡིག་པ་བཤགས་པ། ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་བ། འདོད་ཆགས་ཀྱི་གཉེན་པོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ཞེ་སྡང་གི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ལོག་ལྟའི་གཉེན་པོར་སྐྱབས་སུ་འགྲོ་བ། ཐེག་དམན་གྱི་གཉེན་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ། ལུང་མ་བསྟན་པའི་གཉེན་པོར་བསྔོ་བ་དང་སྨོན་ལམ་སྟེ། ཡན་ལག་བཅུ་པས་ཚོགས་གསག་པར་བྱའོ་སྙམ་པས་འདིའི་རྗེས་ཟློས། སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་དང༔ སོགས་ནས། ཡང་དག་ཡེ་ཤེས་རྡོ་རྗེ་གསུམ་ཐོབ་ཤོག༔ བར་ལས་བྱང་སྔོན་འགྲོ་ལྟར་ལན་གསུམ། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གོང་བཞིན་བཞུགས་པ་ལ་ཁྱེད་རང་རྣམས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ངེས་པ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་ངེས་པར་ཤེས་པ་སྟེ་སྐྱབས་སུ་འགྲོ་བའི་རྒྱུ་གཉིས་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདག་དང་དུས་གསུམ་ཕ་མ་རྣམས༔ ཀུན་བཟང་ཀློང་དུ་མ་གྱུར་བར༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ངང་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པའི་སླད་དུ་མོས་པ་འདི་བཞིན་དུ་མཛོད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པས། འདི་རྣམས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་ནུས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་སྨོན་པ་སེམས་བསྐྱེད་དང་། དེའི་སླད་དུ་བླ་མ་རིག་འཛིན་འདུས་པའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ལ་འཇུག་པར་བྱེད་སྙམ་པ་འཇུག་པའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀ་དག་རང་བྱུང་ཡེ་ཤེས་སྐུ༔ ལྷུན་གྲུབ་འོད་གསལ་འདུས་མ་བྱས༔ ཁྱབ་བརྡལ་ཀློང་དུ་མ་གྱུར་བར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། དེ་ལྟར་སྐྱབས་སེམས་ཀྱི་སྡོམ་པ་བཟུང་ནས་གསང་སྔགས་ཀྱི་རྩ་བ་དམ་ཚིག་ལ་རག་ལས་པས། རིགས་ལྔའི་དམ་ཚིག་དང་སྡོམ་པ་བཟུང་བའི་སླད་དུ་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །སྡོམ་པ་རྣམ་བཞི་རྟག་ཏུ་བཟུང་། །བདག་གིས་སྡོམ་པ་མ་ལུས་བཟུང་། །ལན་གསུམ། སློབ་དཔོན་གྱིས་དཀྱིལ་འཁོར་བ་ལ་གནང་བ་ཞུ་བ་ནི་གུས་འདུད་བཅས། ཧོ༔ བླ་མ་རིག་འཛིན་ཡོངས་རྫོགས་དགོངས༔ བླ་མ་རིག་འཛིན་དཀྱིལ་འཁོར་འདིར༔ བདག་གི་སློབ་མ་འཇུག་པར་བགྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབ་མཛོད། །ལན་གསུམ། ད་ནི་དབང་གི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པ་ནི། གཞུང་ལས། བུ་ཁྱོད་གནས་སྐབས་འདི་ཉིད་དུ༔ མ་ཡེངས་ཡེངས་ན་དམ་ཚིག་ཉམས༔ ཞེས་གདམས་པར་མཛད་པ་ལྟར་ཡིད་གཞན་དུ་མ་ཡེངས་པར་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་བུམ་གྱི་ཆུ་འཐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་ཡུལ་ཕྱོགས་ཐམས་ཅད་པདྨོ་བདེ་བ་ཅན་གྱི་ཞིང་ཁམས། གནས་ཁང་པདྨ་འོད་ཀྱི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་སྟོན་པ་པོ་སློབ་དཔོན་ཡང་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པ་དང་། ཁྱོད་རང་རྣམས་ཀྱང་པདྨ་ཉི་ཟླའི་གདན་ལ་གཙོ་མཆོག་གུ་རུ་པདྨ་ཐོད་ཕྲེང་རྩལ་མཐིང་གསལ་རྡོར་དྲིལ་བསྣོལ་བས་ཡུམ་དང་འཁྲིལ་བའི་སྙིང་གར་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཚོན་གང་བ་ཞིག་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་དབུས་སུ་རླུང་སེམས་ཡེ་ཤེས་ཀྱི་ངོ་བོ་བཾ་དམར་སེར། ཡན་ལག་བཞི་ལ་ཧ་རི་ནི་ས། ཡི་གེ་བཞིའི་འོག་ནས་ཡཾ་ལས་རླུང་གཡོས་པས་གཡུང་དྲུང་གཡོན་དུ་ཇེ་མྱུར་འཁོར་ཞིང་བསྐུལ་བས། རིམ་པར་སྨིན་མཚམས་སུ་སླེབ་པ་ལ་ཤེས་པ་དྲག་ཏུ་གཏད། སྟེང་རླུང་ཆིར་གྱིས་མནན། འོག་རླུང་ཅུང་ཟད་བསྐུམས་ཏེ་རིག་པའི་ངར་བསྐྱེད་པས། བླ་མ་དང་ལྷའི་མཐུས་བསྐུལ་ནས་འོག་མིན་གྱི་དབྱིངས་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཡོས་ཏེ། འཇིག་རྟེན་དག་པའི་ཞིང་ཁམས་དང་གནས་ཆེན་པོ་སོ་སོ་ནས་ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་དུ་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་འཁྲིགས། ཐུགས་རྗེའི་ཐིག་ལེ་དང་རིག་པ་ལུ་གུ་རྒྱུད་དུ་ཆར་ལྟར་བབ། སྣ་བུག་དང་སྨིན་ཕྲག་ནས་བབས་སྙིང་གར་ཐིམ་པར་མོས་ཤིག །ཆོས་སྨན་སྦྱར་བའི་བདུད་རྩི་བླུད། འབེབ་པའི་རྫས་བསྲེག །ཌ་དྲིལ་སོགས་རོལ་མོ་དང་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ སོགས་ཚང་བ་དང་། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་དྲག་ཏུ་བརྗོད་མཐར། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་བཞག །དོན་ངོ་སྤྲད་པ་འདི་ལ་གསན་འཚལ། ལུས་སེམས་བདེ་བ་སྤྲུལ་པའི་སྐུ༔ དེ་ཉིད་གསལ་བ་ལོངས་སྤྱོད་རྫོགས༔ མི་རྟོག་སྟོང་པ་ཆོས་ཀྱི་སྐུ༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད༔ དཀྱིལ་འཁོར་བཞི་མཐོང་དེ་ཉིད་ལས༔ རྣམ་པ་གང་དུའང་མ་ཡེངས་ཤིག༔ དེ་ནས་མེ་ཏོག་འདོར་བའི་སླད་དུ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ངོ་བོ་ཡེ་ཤེས་རང་སྣང་ཉི་མ་དང་ཟེར་བཞིན་ལྷ་ཚོགས་གཙོ་འཁོར་ལ་བཟང་ངན་གྱི་དབྱེ་བསལ་མ་མཆིས་ཀྱང་། རྣམ་པ་རང་རང་གིས་ཚེ་རབས་ཐོག་མ་ནས་འབྲེལ་བའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་བློས་འདིའི་རྗེས་ཟློས་དང་བཅས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བར་ཞུ། ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་དུ༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པ༔ གང་ཡིན་ཕོ་བྲང་ནང་དེར་བོབས༔ པུཥྤེ་པྲ་ཏཱིཙྪ་པཱུ་ཙ་ཧོ༔ ཞེས་མེ་ཏོག་དཀྱིལ་འཁོར་རམ་སློབ་དཔོན་གྱི་སྐུ་ལ་དོར་ཚུལ་བྱ། སླར་ཡང་ཡེ་ཤེས་ཀྱི་ལྷའི་བྱིན་གྱིས་བརླབས་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ཀྱིས་ཁྱེད་རང་རྣམས་ལ་དབང་བསྐུར་བས་ཡེ་ཤེས་པ་ཐིམ་པའི་མོས་པ་མཛོད། ཧོ༔ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ རིག་འཛིན་ཡོངས་རྫོགས་ཐུགས་སྲོག་འཛིན༔ དབང་རྟག་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ པུཥྤེ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཅོད་པན་སྤྱི་བོར་བཞག །ཡེ་ཤེས་ཀྱི་མཐོང་བ་ལ་སྒྲིབ་པའི་མ་རིག་པའི་ལིང་ཏོག་ཀྱང་མིག་དར་དང་ལྷན་ཅིག་པར་བསལ་བའི་མོས་པ་མཛོད། གསེར་ཐུར་རམ་རྡོ་རྗེས་མིག་དབྱེ་ཚུལ་བྱས་ལ། ཧོ༔ བུ་ཁྱོད་རྡོ་རྗེ་ཐོད་ཕྲེང་རྩལ༔ རིག་འཛིན་ང་དང་དབྱེར་མེད་གྱུར༔ རིག་པ་ཡེ་ཤེས་མིག་ཕྱེ་བས༔ རང་བྱུང་ཡེ་ཤེས་ངོ་ལ་ལྟོས༔ ཨོཾ་ཨཱཿཧཱུྃ༔ མིག་དར་ཡོལ་བ་བསལ། ལྟོས་ཤིག་རིག་འཛིན་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པས་ཆོས་ཀྱི་དབྱིངས༔ འདུ་འབྲལ་མེད་པར་རྟག་ཏུ་ཟུངས༔ ཞེས་དཀྱིལ་འཁོར་བསྟན། ནང་མཆོད་སྦྱིན་ལ། དབང་བསྐུར་བའི་ཡེ་ཤེས་རྒྱུད་ལ་བརྟན་པར་བྱེད་པ་ལ་རྩ་བ་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་སྔགས་དང་ཕྱག་རྒྱ་ལ་ཐེ་ཚོམ་སྤང་ཞིང་གསང་བཅུ་གཞན་ལ་མི་སྨྲ་བ་ལ་སོགས་པའི་བརྟུལ་ཞུགས་སྲོག་གི་ཕྱིར་ཡང་བསྲུང་བའི་དཔང་པོ་དམ་ཚིག་རྡོ་རྗེའི་ཆུ་འཐུངས་ཏེ་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེ་ནས་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་སྟེ། སྤྱིར་དཀྱིལ་འཁོར་ལ་ཕྱི་སྣོད་བཅུད་རང་བཞིན་གྱི་དཀྱིལ་འཁོར། ནང་འབྱུང་ཁམས་ཕུང་པོའི་དཀྱིལ་འཁོར། གསང་བ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར། གློ་བུར་བརྡར་བཏགས་གཟུགས་བརྙན་གྱི་དཀྱིལ་འཁོར་སོགས་རྣམ་གྲངས་མང་ཡང་། དོན་བསྡུ་ན་མཚོན་བྱེད་དཔེའི་དཀྱིལ་འཁོར་དང་མཚོན་བྱ་དོན་གྱི་དཀྱིལ་འཁོར་གཉིས་སུ་འདུ་བ་ཡིན་ལ། དོན་གྱི་དཀྱིལ་འཁོར་དེ་ཉིད་ངོ་འཕྲོད་པར་བྱེད་པ་ནི། དཔེའི་དཀྱིལ་འཁོར་ལ་ངེས་པར་ལྟོས་དགོས་པའི་ཕྱིར་ན་མདུན་གྱི་སྒྲུབ་གཞིའི་དཀྱིལ་འཁོར་འདི་ཉིད་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སྲུང་འཁོར་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། གཙོ་བོ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་ལ། གུ་རུ་སྤྲུལ་པའི་མཚན་བརྒྱད་ཀྱིས་བསྐོར་བ་སོགས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་གསལ་ལ་མ་འདྲེས་པ་བཀྲ་ལམ་གྱིས་མཐོང་བའི་མོས་པ་མཛོད་ཅིག །གཉིས་པ་ནི། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས། རྣམ་པ་ཉི་ཤུའི་བྱང་ཆུབ་པའི་ཚུལ་དང་མཐུན་པར་དབང་བསྐུར་བྱིན་རླབས་ཀྱི་སྙིང་པོ་གསན་པའི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ འཁོར་བ་མཐའ་མེད་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བདག་ལ་རེ་ལྟོས་གཞན་ན་མེད༔ མཆོག་གི་ཐུགས་རྗེས་དབང་བསྐུར་གསོལ༔ ལན་གསུམ། ལུས་སྲོངས་བུ་ཁྱོད་མ་ཡེངས་ཤིག༔ དབང་གི་ངོ་བོ་རང་བཞིན་ལ༔ རང་བྱན་ཚུད་པ་དམ་ཚིག་གོ༔ དེ་ཕྱིར་ཚིག་དོན་རྗེས་སུ་རྟོག༔ བདེ་གཤེགས་རིག་འཛིན་ཉིད་དུ་འགྱུར༔ ཞེས་བརྗོད། དེ་ནས་བུམ་པ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་གསལ་བས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་བླུད་པས་གསང་དབང་། སྙིང་གར་བཞག་སྟེ་ཚིག་དོན་ངོ་སྤྲད་པས་ཤེར་དབང་། དེ་ལ་བརྟེན་ནས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་བུམ་པ་ལ་ལྟོས་པའི་དབང་བཞི་རྫོགས་པར་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ནི༔ ཕྱི་ནང་སྣོད་བཅུད་ལྷུན་གྱིས་གྲུབ༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་རྣམ་དག་དབྱིངས་སུ་འཁྲུད༔ ཉོན་མོངས་ལྔ་ཡི་བག་ཆགས་སྦྱོང༔ བུམ་གསང་ཤེས་རབ་ཡེ་ཤེས་ཀྱི༔ དབང་བཞི་མ་ལུས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྔགས་ལན་གསུམ་གསུམ་བརྗོད་ཅིང་སྤྱི་བོར་བཞག་ལ་ཁྲུས་བྱ། མགྲིན་པར་བཞག་ལ་བུམ་ཆུ་བླུད། སྙིང་གར་བཞག་ལ་སྔགས་མཐར། ཆོས་ཉིད་སྤྲོས་བྲལ་གྱི་བུམ་པ་ཟླུམ་པོར་རང་བྱུང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འཁྱིལ་བས་མ་རིག་འཁྲུལ་རྟོག་གི་དྲི་མ་འཁྲུད་ཅིང་རིག་པ་ཡེ་ཤེས་ཀྱི་བཅུད་རྒྱས་པར་བྱས་པ་ཡིན་པས་ཉམས་གང་སྐྱེས་ཀྱི་རང་ངོ་ལ་ལྟོས་ཤིག །ཐོད་པའི་བདུད་རྩི་ཐོགས་ལ། རིག་འཛིན་བླ་མ་ཡབ་ཡུམ་རོལ་པའི་བྱང་སེམས་དཀར་དམར་གྱི་རང་བཞིན་དུང་ཆེན་གྱི་སྣོད་དུ་བསྐྱིལ་བ་འདི་ཉིད་ཀྱིས་གནས་གསུམ་དུ་དབང་བསྐུར་ཞིང་ཚིག་གིས་བརྡ་སྤྲད་པས་གསང་དབང་ལ་ལྟོས་པའི་དབང་བཞི་རྫོགས་་་་་་པར་ཐོབ་པའི་མོས་པ་མཛོད། ཧཱུྃ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཐོད་ཕྲེང་རྩལ་གྱི་སྔགས་ལན་གསུམ་བརྗོད་ཅིང་བསྐུར་ཚུལ་སྔར་དང་འདྲ་བ་ལས། སྙིང་གའི་སྔགས་མཐར། དབྱིངས་སྐྱེ་མེད་ཐོད་པ་ཟླུམ་པོའི་ནང་དུ་རིགས་ལྔ་ཡེ་ཤེས་ལྔའི་བདུད་རྩིས་བཀང་བས་ཉོན་མོངས་པ་ཆོས་ཉིད་ཀྱི་ངང་དུ་སྦྱངས་པ་ཡིན་པས། ཉམས་གང་སྐྱེས་ཀྱི་རང་ངོ་ལ་ལྟོས་ཤིག །མེ་ལོང་ཐོགས་ལ། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་གྱིས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་དབང་བསྐུར་ཞིང་། ཚིག་གིས་བརྡ་སྤྲད་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ལྟོས་པའི་དབང་བཞི་རྫོགས་པར་ཐོབ་པའི་མོས་པ་མཛོད། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོགས་པ་མེད་པར་དྭངས༔ གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མའི་དངོས་པོ་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅི་ཤར་ཡང༔ གསལ་སྟོང་མ་འགག་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་གསུམ་བརྗོད་དེ་སྤྱི་བོ་དང་། མགྲིན་པར་བཞག་པའི་རྗེས་སུ། བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་གཙོ་མཆོག་རིག་འཛིན་འདུས་པའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་ཞིག་བྱེ་སྟེ་ཁྱེད་རང་རྣམས་ཀྱང་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་ཞལ་དུ་ཞུགས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་དང་བཅས་འདི་ཡི་རྗེས་ཟློས་མཛོད། བྱས་ལ། ཐོད་ཕྲེང་རྩལ་གྱི་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །སྙིང་གར་སྔགས་བཅས་བཞག་ལ། ཆོས་སྐུ་འགྱུར་བ་མེད་པའི་མེ་ལོང་ཟླུམ་པོར་གཟུགས་སྐུའི་སྣང་བརྙན་སྣ་ཚོགས་སུ་ཤར་ཡང་སྣང་ལ་རང་བཞིན་མེད་པ་ལྟར་སེམས་ཉིད་ཀ་དག་གི་ཀློང་དུ་ཅི་སྣང་ཅི་ཤར་ཐམས་ཅད་གསལ་སྟོང་རང་གྲོལ་དུ་རྟོགས་པར་བྱས་པ་ཡིན་་་པས། ཉམས་གང་སྐྱེས་ཀྱི་རང་ངོ་ལ་ལྟོས་ཤིག །གཏོར་མ་ཐོགས་ལ། གཏོར་སྣོད་བྷནྡྷ་གཞལ་ཡས་ཁང་གི་དབུས་སུ་གཏོར་མ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་སུ་གསལ་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་དབང་བསྐུར་ཞིང་ཚིག་གིས་བརྡ་སྤྲད་པས་དབང་ཆེན་གསུམ་པ་གཏོར་མའི་དབང་ལ་ལྟོས་པའི་དབང་བཞི་རྫོགས་པར་ཐོབ་པའི་མོས་པ་མཛོད། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཐོད་ཕྲེང་རྩལ་ལན་གསུམ་བརྗོད་ལ་སྤྱི་བོར་བཞག །སྔགས་དེའི་གཤམ་དུ། གུ་རུ་དེ་བ་ཌཱ་ཀི་ནཱི་ཛྱོ་ཀི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བཏགས་པ་བརྗོད་ལ་གཏོར་མའི་ཆ་ཤས་སྦྱིན་ལ་མྱང་དུ་གཞུག །སྔགས་བཅས་སྙིང་གར་བཞག་ལ། གཏོར་སྣོད་ཆོས་དབྱིངས་རང་བྱུང་ཡེ་ཤེས་གཞལ་ཡས་ཁང་དུ་གཏོར་མ་འདོད་ཡོན་རྣམ་ལྔ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་གྱིས་དུག་ལྔ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྨིན་པར་བྱས་པ་ཡིན་པས། ཉམས་ཀྱི་རང་ངོ་ལ་ལྟོས་ཤིག །བླ་མའི་སྐུ་འབག་ཐོགས་ལ། རིག་འཛིན་བླ་མ་ཡབ་ཡུམ་གྱི་སྐུ་འབག་འདི་ཉིད་གནས་གསུམ་དུ་དབང་བསྐུར་ཞིང་ཚིག་གིས་བརྡ་སྤྲད་པས་དབང་བཞི་པར་ལྟོས་པའི་དབང་བཞི་རྫོགས་པར་ཐོབ་པའི་མོས་པ་མཛོད། ཨ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་སེམས་ཅན་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེ་པདྨ་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག༔ སྔགས་ལན་གསུམ་གསུམ་བརྗོད་ཅིང་སྤྱི་བོ་དང་། མགྲིན་པའི་རྗེས་སུ། ཁྱེད་རྣམས་ཀྱི་དབང་རྟགས་གསང་བའི་མཚན་ཡེ་ཤེས་རྡོ་རྗེ་རྩལ་ཞེས་བྱ་བ་ཡིན་ནོ། སྙིང་གར་བཞག་ལ། རང་སེམས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །རྣམ་པ་མ་འགག་སྤྲུལ་པའི་སྐུ་སྟེ་བླ་མ་ཡི་དམ་རང་སེམས་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་རང་བྱུང་དོན་གྱི་སངས་རྒྱས་ཀུན་བཟང་པདྨ་འབྱུང་གནས་ཀྱི་རང་ཞལ་མཇལ་བར་བྱས་པ་ཡིན་པས། ཉམས་ཀྱི་རང་ངོ་ལ་ལྟོས་ཤིག །དེ་ལྟར་རྩ་བ་དོན་གྱི་དབང་བསྐུར་རྣམ་པ་ལྔ་ལ་ཡན་ལག་བཞི་བཞིར་དབྱེ་བ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྐུར་ཐབས་ཀྱིས་རིག་འཛིན་རྩ་དབང་ལེགས་པར་གྲུབ་པ་ཡིན་པས། རྩ་བ་ཡན་ལག་གི་དམ་ཚིག་སྤྱི་དང་བྱེ་བྲག་ཏུ། རང་གཞུང་ལས། མི་འབྲལ་དོན་གྱི་ཡེ་ཤེས་རྒྱུན་བཟུང་ཕྱིར། ཐོད་ཕྲེང་རྩལ་གྱི་སྐུ་དེ་རྟག་ཏུ་བཅང༔ རྡོ་རྗེ་དྲིལ་བུ་གླིང་གཅིག་པདྨའི་སྣོད༔ ཁ་ཊྭཱཾ་ཌཱ་མ་རུ་དང་ཨ་མྲྀཏ༔ རུས་པའི་རྒྱན་བཟུང་གསང་བའི་རྒྱ་ཡིས་གདབ༔ མི་མེད་དབེན་པའི་ས་རུ་རྟག་ཏུ་བསྒྲུབ༔ ཚེས་བཅུའི་མཆོད་པ་བྱུང་ངོ་ཅོག་ལ་བྱ༔ བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་ཐོབ༔ པདྨ་འབྱུང་གནས་བདག་དང་འདུ་འབྲལ་མེད༔ སྤྱོད་ལམ་སྤྱོད་པ་ཆོས་སྤྱོད་བཅུ་དང་བསྲེ༔ སེམས་དང་རིག་པ་བླ་མའི་ཐུགས་དང་བསྲེ༔ འདི་ཕྱི་བར་དོ་སྐུ་གསུམ་ཀློང་དུ་བསྲེ༔ ན་ཚ་སྡུག་བསྔལ་ལམ་གྱི་གྲོགས་སུ་ཁྱེར༔ དངོས་པོ་ཀུན་ལ་ཆགས་མེད་ཚོགས་འཁོར་བསྐོར༔ རྩ་སྦྱང་རླུང་བཟུང་ཐིག་ལེ་སྟོང་གསལ་བསྒོམ༔ མྱུར་བ་ཉིད་དུ་པདྨ་ཅན་དུ་སྐྱེ༔ ཞེས་གསུངས་པའི་དོན་ཉམས་སུ་བླང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་རྗེས་ཀྱི་རིམ་པ་ལས་བྱང་ལྟར་བྱའོ། །དཔལ་ཆེན་གྲུབ་པའི་བློ༵་གྲོ༵ས་ཀྱིས། །མཆོག་ལ་སྦྱོར་བའི་གདམས་ཟབ་ནོས། །སྐལ་ལྡན་གདུལ་བྱ་མཐ༵འ་ཡ༵ས་དཔྱིད། །འབད་མེད་སྤྱོད་འདི་རྨད་དུ་བྱུང་། །སྙན་བརྒྱུད་སྙིང་པོ་ཐུགས་ཀྱི་ཡང་ཏིག་གི་སྒྲུབ་ཐབས་རིག་འཛིན་རྩ་དབང་དང་བཅས་པའི་ལེ་ཚན་ནོ།། ༈ ཨོཾ་སྭསྟི། རྡོ་རྗེའི་སྐུ་ལ་དཀྱིལ་འཁོར་རབ་འབྱམས་རྫོགས། །གཞོམ་མེད་ཆོས་གསུང་རང་རང་སྐད་དུ་སྒྲོག །དགོངས་པ་རྒྱལ་བ་ཀུན་དང་རོ་གཅིག་པ། །རིགས་བརྒྱའི་ཁྱབ་བདག་གུ་རུ་རྗེ་ལ་འདུད། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པའི་གསོལ་འདེབས་བསྟན་པ་རྨད་བྱུང་གི་ཕྲིན་ལས་ལ། སྦྱོར་བ་དཀྱིལ་འཁོར་ཁྲོ་དཀྱིལ་སྤྱི་འགྲེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོར་དྲིལ། འདབ་མ་བརྒྱད་ལ་སྒྲུབ་སྡེ་བརྒྱད་ཀྱི་ཕྱག་མཚན་ནམ་རང་མདོག་ཐིག་ལེ་བཀོད། ཡང་ན་ཚོམ་བུ་དགུའི་མཎྜལ་ལ་བརྟེན་ཀྱང་རུང་། གང་ལྟར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན། ཤར་དུ་ཞི་བ་རིགས་ལྔ། རིགས་བཞི། དཔལ་དགུ །མཁའ་འགྲོ་ཁྱུང་དང་བཅས་པའི་ཙཀླི །ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། རྒྱབ་ཏུ་གསང་དབང་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་དང་ཤེལ་རྡོ་རིག་ཙཀ་བཅས། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་གཡས་སྐོར་སོགས་རིག་འཛིན་རྩ་དབང་སྐབས་ཇི་ལྟ་བ་དང་། ལྕགས་ཕུར་དར་ནག་གི་ཅོད་པན་ཅན། སྟ་གོན་རྫས་བཞི་དང་མཆོད་པ། ཕྱག་ལེན་ཁ་ཅིག་ལྟར་ན་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཧཱ་ལྔ་པོའང་སོ་སོར་ཙཀ་ལི་བྲིས་པ་གནས་རྣམས་སུ་རེག་སྲོལ་འདུག་པ་སྤྲོ་ན་དེ་ལྟར་ཡང་དབང་ཆོག་ལ་དགོས་ངེས་ནི་མ་ཡིན་ནོ། །གཞན་ཡང་ཚོགས་གཏོར་གྱི་རིགས་སོགས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། སྔོན་འགྲོ་བདུན་པོ་མཆོད་རླབས་ཡན་ལས་བྱང་ལྟར་སོང་ནས། སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར་ནང་དུ༔ ཏྲཱཾ་ལས་པདྨའི་མཆོད་སྡོང་པད་ཟླུམ་རྩེར༔ ཨ་ལས་ཟླ་བ་མ་ལས་ཉི་སྟེང་དུ༔ ཧྲཱིཿདཀར་འོད་འཕྲོས་ཡོངས་སུ་གྱུར་པ་ལས༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུའི་སྐུ༔ ཞལ་གཅིག་ཕྱག་གཉིས་དཀར་དམར་འཛུམ་མདངས་ཅན༔ མཛེས་པའི་སྤྱན་གསུམ་ཐུགས་རྗེའི་ཡུལ་ལ་གཟིགས༔ ཤངས་ཀྱི་དབྱིབས་རྣོ་སྨིན་མ་འཁྱུག་ཅིང་གསལ༔ ཞལ་གྱི་དཀྱིལ་འཁོར་ཟླ་རྒྱས་པདྨའི་མདངས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་བསྣམས༔ གཡོན་པས་པད་ཕོར་བདུད་རྩིས་གང་བ་ནི༔ ལྟེ་བར་བསྣམས་ནས་དཀྲུགས་འཐུང་བུ་ལ་སྦྱིན༔ གྲུ་མོར་འཆང་བ་རྡོ་རྗེའི་ཁ་ཊྭཱཾ་ག༔ མེ་ལོང་དར་དཔྱངས་སྟག་རས་གཟིག་རས་འཕྱང༔ ཌ་རུ་གཡེར་ཁ་སིལ་ཁྲོལ་ཚངས་སྐུད་ལྡན༔ མཛེས་པའི་པད་ཞྭ་འདབ་ལྔས་བརྒྱན་པ་ལ༔ ཟ་འོག་པདྨ་རྡོ་རྗེའི་རི་མོས་མཛེས༔ རྡོ་རྗེའི་གཙུག་ཏོར་དར་སྣའི་ཅོད་པན་ཅན༔ ཉི་ཟླའི་མཐོང་གསལ་མེ་ལོང་ལྔ་ཡིས་སྤྲས༔ དཀར་དམར་སྤེལ་བའི་ན་བཟའ་དྲི་མ་མེད༔ མཐིང་ནག་དར་གྱི་ཕོད་ཆེན་རྡོ་རྗེ་ཡི༔ གོང་ཐོད་སྟོད་ཅོད་སྨད་དཀྲིས་སྟག་རས་ཅན༔ དར་དམར་གསེར་གྱི་པ་ཏྲས་སྤྲས་པའི་གོས༔ ཟ་འོག་སྨུག་བེར་གསེར་གྱི་ཧ་ཚོམ་ཅན༔ སྙན་མགུལ་རྡོ་རྗེ་རིན་ཆེན་འབར་བས་བརྒྱན༔ འོད་ལྔའི་ཀློང་ན་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ མཚན་དང་དཔེ་རྫོགས་ཡན་ལག་དྲུག་ཅུའི་དབྱངས༔ བསམ་ཡས་ཏིང་འཛིན་ངང་དུ་མི་གཡོ་བ༔ པདྨའི་སྡོང་པོ་ཡལ་ག་ལོ་མ་ལྡན༔ ཕྱོགས་མཚམས་བརྒྱད་དུ་འབར་བའི་པད་སྟེང་དུ༔ ཕྱི་ལྟར་བྱང་སེམས་ནང་ལྟར་སྒྲུབ་སྡེ་བརྒྱད༔ གསང་བ་སློབ་དཔོན་ཡང་གསང་དུར་ཁྲོད་ཀྱི༔ མཁའ་འགྲོ་སྡེ་བརྒྱད་སྐུ་མདོག་མ་ངེས་ཤིང༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐོགས༔ རུས་རྒྱན་དུར་ཁྲོད་ཆས་བརྒྱད་བརྐྱང་བསྐུམ་གར༔ ཟག་མེད་ཡར་མར་དགའ་བཞིའི་ངོ་བོར་བཞུགས༔ ཀུན་ཀྱང་ཡེ་ཤེས་འོད་ལྔའི་མེ་ཀློང་ན༔ ཧ་རི་ནི་ས་སྔགས་ཀྱི་གདུང་དབྱངས་ལེན༔ བྱིན་རླབས་དངོས་གྲུབ་ཀུན་གྱི་ངོ་བོར་བཞུགས༔ ཀུན་གྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱི༔ དེ་ལྟར་གསལ་བས་འཇིག་རྟེན་ཁམས་འདི་གང༔ ཕྱི་རོལ་སྣང་བ་བླ་མ་མཁའ་འགྲོར་གསལ༔ བར་དུ་སྔགས་ཀྱི་འུར་སྒྲ་དི་རི་རི༔ ནང་དུ་བདག་ཉིད་གུ་རུར་གསལ་བ་ཡི༔ སྙིང་ནང་པདྨ་དམར་པོ་འདབ་བརྒྱད་དབུས༔ ཉི་ཟླ་པད་སྟེང་རྡོ་རྗེ་ཐོད་པ་རྩལ༔ ཕྱོགས་མཚམས་སྒྲུབ་ཆེན་བརྒྱད་དང་རིག་འཛིན་བརྒྱད༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་དཀར་དམར་མདོག༔ རྡོ་རྗེ་དྲིལ་འཛིན་འགྱིངས་ལྡེམ་མདངས་དང་ལྡན༔ དར་དཔྱངས་རུས་རྒྱན་དབང་གི་ཐོར་ཚུགས་ཅན༔ འོད་ཟེར་ལྔ་ལྡན་སྙིང་གི་མུན་པ་སེལ༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་ཡི་གྲངས༔ མ་ལུས་དཔའ་བོ་མཁའ་འགྲོ་བསམ་མི་ཁྱབ༔ ཏིལ་གྱི་གོང་བུ་ཁ་བྱེ་ཇི་བཞིན་དུ༔ ཀུན་ཀྱང་ཧཱུྃ་ཧཱུྃ་ཧ་རི་ནི་ས་ཞེས༔ གསང་བའི་སྔགས་སྒྲ་རྒྱུན་མི་ཆད་དུ་སྒྲོག༔ དེ་ཉིད་སྤྱི་གཙུག་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་དུང་མདོག་རྒྱན་དང་ལྡན༔ དེ་ཡི་དབུ་གཙུག་སངས་རྒྱས་སྣང་མཐའ་ཡས༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལྷུང་བཟེད་བསྣམས༔ དར་དམར་ཆོས་གོས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འོད་ཀྱིས་རྣམ་དག་ཞིང་ཁམས་ནས༔ རིག་འཛིན་བརྒྱུད་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ མཁའ་འགྲོ་དམ་ཅན་འཁོར་དང་བཅས་པ་རྣམས༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབ་ཕྱིར་གཤེགས༔ སྤྱན་དྲང་བ་ནི། ཧཱུྃ་ཧཱུྃ༔ བདེ་བ་ཅན་དང་གྲུ་འཛིན་དང༔ རྔ་ཡབ་གླིང་དང་དུར་ཁྲོད་བརྒྱད༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ འཁོར་དང་སྤྲུལ་པ་བསམ་མི་ཁྱབ༔ རིག་འཛིན་གཙོ་བོ་པདྨ་འབྱུང༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང༔ སྤྲུལ་སྐུ་རིག་འཛིན་ཆེན་པོ་བརྒྱད༔ མཁའ་འགྲོ་སྡེ་བརྒྱད་དམ་ཅན་རྣམས༔ སྐུ་ནི་མཚན་མཆོག་མདངས་དང་ལྡན༔ གསུང་ནི་དོན་དམ་ཆོས་ཀྱི་སྒྲ༔ ཐུགས་ནི་འོད་གསལ་བདེ་ཆེན་འབར༔ རྣམ་འགྱུར་ཡོན་ཏན་བསམ་མི་ཁྱབ༔ ཕྲིན་ལས་སྤྲུལ་པ་འཇིག་རྟེན་ཁྱབ༔ རྒྱན་དང་ཆ་ལུགས་བསམ་ལས་འདས༔ སྒྲུབ་མཆོག་བདག་ལ་བརྩེར་དགོངས་ལ༔ གནས་མཆོག་འདིར་ཡང་བྱིན་ཆེན་ཕོབ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ ཉི་ཟླ་པདྨའི་སྟེང་བཞུགས་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི། ལྷ་རྣམས་མདུན་གྱི་ནམ་མཁའ་ལ༔ མཛེས་པའི་འོད་ཕུང་དཀྱིལ་འཁོར་དབུས༔ སྣ་ཚོགས་ཉི་ཟླ་པད་གདན་ལ༔ དགྱེས་ཤིང་བརྩེ་བས་བཞུགས་པར་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ མཆོད་པ་ནི། ཨེ་མ་ཧོ༔ རྣམ་དག་རབ་འབྱམས་ཀུན་བཟང་མཆོད་པའི་སྤྲིན༔ མ་ལུས་ཀུན་ཁྱབ་ཡིད་འོང་ཕུན་སུམ་ཚོགས༔ ཕྱི་ནང་གསང་འདུས་ཡོངས་རྫོགས་བསམ་མི་ཁྱབ༔ བླ་མ་བདེ་གཤེགས་ཡོངས་རྫོགས་ལྷ་ལ་འབུལ༔ སྐུ་གསུང་ཐུགས་སུ་བདག་ཀྱང་འགྱུར་བ་དང༔ ཡེ་ཤེས་ལྔ་ཡི་ངོ་བོར་སྨིན་པར་མཛོད༔ སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ ཐོག་མར་བསྙེན་པའི་བསྙེན་པ་གསོལ་བ་འདེབས་པ་ནི། དེ་ནས་བདག་དང་སེམས་ཅན་རྣམས༔ ཡེ་ནས་གཉིས་སུ་མེད་པ་ལ༔ རང་སྣང་འཐས་པས་གཉིས་སུ་བཟུང༔ ཐར་མེད་འཁོར་བའི་སྡུག་བསྔལ་མྱངས༔ ད་ནི་སྲིད་པའི་མཐའ་གྲོལ་ནས༔ ཡེ་ཤེས་ཀློང་དུ་སངས་རྒྱས་ཕྱིར༔ སྙིང་ནས་གདུང་བས་གསོལ་བ་འདེབས༔ མོས་གུས་མཆི་མ་འཁྲུགས་པར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་གསོལ་འདེབས་ཇི་ཙམ་ནུས་པ་དང་། ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་སོགས་ཀྱིས་གསོལ་བ་བཏབ་ལ་མཐར། གསོལ་བ་བཏབ་པས་མདུན་གྱི་ལྷ་ཚོགས་ལས༔ དཀར་དམར་མཐིང་ཚོགས་བསམ་ཡས་འོད་ཟེར་གྱིས༔ གནས་གསུམ་གང་བས་སྒོ་གསུམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང༔ འོད་ཟེར་ཕར་འཕྲོས་སྐུ་གསུང་ཐུགས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པས་མཉེས་པ་དང༔ བར་དུ་འོད་ཟེར་སྣོད་བཅུད་ཐམས་ཅད་གང༔ བླ་མ་ཡི་དམ་མཁའ་འགྲོར་གསལ་བར་གྱུར༔ ཅེས་མོས་ལ་རིག་པ་གཟེངས་བསྟོད་ཅིང་མོས་གུས་དྲག་ཏུ་བསྐྱེད་ལ་གོང་གི་སྙིང་པོ་ཇི་ཙམ་ནུས་པ་བཟླ་སྟེ་གསོལ་འདེབས་ཀྱི་བསྙེན་པ་ལ་ཐུན་གྱི་སུམ་ཆ་བྱའོ། །དེ་ནས་བསྙེན་པའི་སྒྲུབ་པ་ནི། སྙིང་ནང་རིག་འཛིན་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ཀར་པདྨ་དམར་པོ་སྲན་གཤགས་ཙམ༔ གེ་སར་དབུས་སུ་གསེར་གྱི་རྡོ་རྗེ་ནི༔ ནས་ཙམ་དྲང་པོར་ལངས་པའི་ལྟེ་བའི་ནང༔ ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་དངུལ་ཆུའི་མདོག༔ གསལ་འཚེར་དྭངས་པ་འོད་ལྔའི་དབུས་སུ་བསྒོམ༔ རིག་འཛིན་རྣམས་ཀྱི་སྐུ་གསུང་ཐུགས་ཡིག་ལས༔ འོད་ཟེར་འཕྲོས་པས་ཁོང་པའི་རྩ་ཁམས་གང༔ རྩ་ཁམས་གནས་པའི་མཁའ་འགྲོ་བདེ་བས་ཚིམ༔ བུང་བའི་ཚང་ལྟར་ཧ་རི་ནི་ས་སྒྲོག༔ མཁའ་འགྲོའི་འོད་ཟེར་རིག་འཛིན་སྐུ་ལ་འདུས༔ ཟག་མེད་བདེ་བས་སྒོ་གསུམ་སྨིན་པར་གྱུར༔ སྣང་བ་སྐུ་ལ་སྒྲ་གྲགས་སྔགས་དང་ནི༔ དྲན་རིག་བླ་མའི་མོས་གུས་འོད་གསལ་ལོ༔ ཞེས་མོས་ལ་བྱིང་རྒོད་སྤངས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་ཐུན་གྱི་སུམ་ཆ་བཟླ། དེ་ནས་བསྙེན་པའི་ལས་སྦྱོར་ནི། སྤྱི་གཙུག་བླ་མ་བརྒྱུད་པའི་ཐུགས་ཀ་ནས༔ འོད་འཕྲོས་ནམ་མཁའི་ཁམས་ན་བཞུགས་པའི་ལྷ༔ ཐམས་ཅད་དངུལ་ཆུའི་རྣམ་པ་འབའ་ཞིག་གྱུར༔ སྣོད་བཅུད་སྣང་བ་ལྷ་སྐུར་ཤིགས་སེ་ཤིག༔ ཐམས་ཅད་སྔགས་ཀྱི་སྐུར་གྱུར་གཅིག་ཏུ་འདྲེས༔ བདག་གི་སྤྱི་གཙུག་ཚངས་པའི་བུ་ག་ནས༔ སྙིང་དབུས་བླ་མ་རྡོ་རྗེ་ཐོད་པ་རྩལ༔ དེ་ཉིད་སྤྱི་བོར་སྐུ་གསུམ་ཐིམ་ཞིང་ཞུ༔ དེ་དུས་སྙིང་ནང་ལྷ་ཚོགས་ཐམས་ཅད་ཀྱང༔ འོད་ཟེར་ལྔ་ཡི་ཕོ་བྲང་དང་ལྡན་པས༔ ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར༔ ཅེས་བསམས་ལ་སྟེང་འོག་གི་རླུང་རྔུབས་པས་སྣང་བ་དང་སྟོང་པ་དབང་དུ་འདུས། བར་རླུང་བསྐྱིལ་ཞིང་དཀྲུགས་པས་ཟུང་དུ་ཚུད། གཡས་གཡོན་གྱི་རླུང་རྔུབས་པས་ཕོ་རྒྱུད་མོ་རྒྱུད་དབང་དུ་འདུས། དབུ་མར་ཐིམ་པས་མ་ནིང་གི་སྲོག་རྒྱུད་བསྡུས། འཁོར་འདས་གཉིས་མེད་བྱང་ཆུབ་ཐོབ་པར་མོས་ཏེ་རླུང་སྦྱོར་གང་ལ་གོམས་པ་དང་སྔར་གྱི་དམིགས་གནད་བསྲེ་ཞིང་། སྔགས། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པ་ཡིད་བཟླས་སམ། ངག་བཟླས་ཐུན་གྱི་སུམ་ཆ་བྱ་སྟེ་བསྙེན་པའི་ཚད་ནི་ཞག་བདུན་ཕྲག་གཅིག་གོ །ཐུན་མཐར། བླ་མ་ལྷ་དང་མཁའ་འགྲོ་རང་ལ་ཐིམ༔ རང་ཉིད་འོད་ཕུང་ཡེ་ཤེས་ལྔ་ལྡན་གྱུར༔ ཅེས་མོས་ལ་ལྟ་བའི་ངང་དུ་མཉམ་པར་གཞག་གོ །གཉིས་པ་ནི། ཐོག་མར་བསྙེན་པའི་རྣལ་འབྱོར་ཐུན་གཅིག་ཉམས་སུ་བླངས་ནས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ དུར་ཁྲོད་སྲུང་འཁོར་རིན་ཆེན་གཞལ་ཡས་དབུས༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ བདེ་གཤེགས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་རྩེ་ལྔ་ཐུགས་ཀར་ལྡན་པ་ལ༔ གཡོན་པས་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་སྟོབ༔ གཉིས་མེད་སྐུ་མཆོག་མཚན་དང་དཔེ་བྱད་ལྡན༔ གསང་རྡོར་ནུ་མ་བྷ་ག་རྒྱས་ཤིང་མཛེས༔ བདེ་སྟོང་གར་ཉམས་དབུ་སྐྲ་ཐོར་ཅོག་དང༔ སྐྲ་གྲོལ་གཅེར་བུ་འོད་ལྡན་རུས་རྒྱན་དང༔ རིན་ཆེན་དར་དཔྱངས་རྒྱན་ལྡན་འོད་ལྔའི་ཀློང༔ ལྟ་བས་མི་ངོམས་ཡེ་ཤེས་སྒྱུ་མའི་སྐུ༔ བདེ་སྟོང་ཟུང་འཇུག་སྐུ་གསུམ་ལྷུན་གྱིས་གྲུབ༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ དགའ་རབ་རྡོ་རྗེ་དཀར་གསལ་རྡོར་དྲིལ་འཛིན༔ རིན་ཆེན་རུས་རྒྱན་མཛེས་པའི་གར་དགུར་ལྡན༔ དེ་ཉིད་སྤྱི་གཙུག་གསང་བདག་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྡོ་རྗེ་དྲིལ་བུ་འགྱིང་བག་ཕྱག་རྒྱས་འཛིན༔ རིན་ཆེན་རུས་རྒྱན་དར་དང་མཚན་དཔེ་ལྡན༔ དེ་ཉིད་སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ ཐོག་མའི་རྒྱལ་བ་ཀུན་བཟང་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ ཨུཏྤ་ལར་གནས་རྡོ་རྗེ་དྲིལ་བུ་འཛིན༔ བཟང་མོ་ཐལ་སྦྱར་བདེ་སྟོང་རིག་པའི་སྐུ༔ འོད་ལྔའི་ཀློང་ན་མཚན་རྫོགས་དཔེ་བྱད་ལྡན༔ དེ་ལྟར་གསལ་བའི་པདྨའི་སྡོང་པོ་ལ༔ ཕྱོགས་མཚམས་གྱེས་པའི་པད་སྡོང་ཉི་ཟླའི་སྟེང༔ ཆེ་མཆོག་ལ་སོགས་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྐུ་མདོག་ཞལ་ཕྱག་མ་འདྲེས་ལྷུན་གྱིས་གྲུབ༔ གཙོ་དང་འཁོར་བཅས་བསམ་ལས་འདས་པར་བསྒོམ༔ དེ་ལྟར་བདག་ཉིད་གསལ་བའི་སྙིང་ག་རུ༔ ཞེས་སམ། དབང་གི་སྐབས། དེ་ལྟར་བདག་དང་མདུན་བསྐྱེད་མཚན་མའི་རྟེན༔ མ་འདྲེས་སོ་སོར་གསལ་བའི་སྙིང་ག་རུ༔ ཞེས་བསྒྱུར། པདྨ་ཉི་ཟླ་ལྷ་ཀླུ་བྱོལ་སོང་སྟེང༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་ཐོད་ཁྲག་དཀྲུགས་འཐུང་བརྐྱང་བསྐུམ་གར༔ གནམ་ཞལ་ཡུམ་དང་གཉིས་མེད་གཙོ་འཁོར་གསལ༔ སྐུ་བཞི་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ༔ ཚོགས་བརྒྱད་དག་པ་སྙིང་གི་ཕྱོགས་མཚམས་སུ༔ ཤར་གྱི་འདབ་སྟེང་རུ་དྲ་ཉི་ཟླའི་སྟེང༔ མེ་ལོང་ཡེ་ཤེས་བཛྲ་ཧེ་རུ་ཀ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཁྲོ་མོ་དབང་གི་ཡུམ་དང་གཉིས་སུ་མེད༔ ལྷོ་ཡི་འདབ་སྟེང་ཆུ་གླང་ཉི་ཟླའི་སྟེང༔ མཉམ་ཉིད་ཡེ་ཤེས་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་ཕྱག་གཉིས་འཁོར་ལོ་སྡིགས་མཛུབ་མཛད༔ རོ་ལངས་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ ནུབ་ཀྱི་འདབ་སྟེང་ཆུ་བདག་ཉི་ཟླའི་སྟེང༔ སོར་རྟོག་ཡེ་ཤེས་པདྨ་དབང་གི་རྒྱལ༔ དམར་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རལ་གཅིག་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ བྱང་གི་འདབ་སྟེང་དབང་ཕྱུག་ཉི་ཟླའི་སྟེང༔ བྱ་གྲུབ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཕྱག་གཉིས་རི་རབ་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་སུ་མེད༔ ཤར་ལྷོ་འདབ་སྟེང་མ་བདུད་ཉི་ཟླའི་སྟེང༔ ཀློང་གྱུར་ཡེ་ཤེས་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་འཛིན༔ ཀུན་ཏུ་བཟང་མོ་ཡུམ་དང་གཉིས་སུ་མེད༔ ལྷོ་ནུབ་འདབ་སྟེང་སྲིན་པོ་ཉི་ཟླའི་སྟེང༔ འདའ་ཀ་ཡེ་ཤེས་རིག་འཛིན་དྲག་པོ་རྩལ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་སུ་མེད༔ ནུབ་བྱང་པད་སྟེང་དྲེགས་པ་ཉི་ཟླའི་སྟེང༔ དབྱིངས་གྲོལ་ཡེ་ཤེས་དྲེགས་པ་ཀུན་འདུལ་དཔལ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་གཉིས་སུ་མེད༔ བྱང་ཤར་པད་སྟེང་ལྷ་ཆེན་ཉི་ཟླའི་སྟེང༔ མཐའ་གྲོལ་ཡེ་ཤེས་སྟོབས་ལྡན་ནག་པོའི་སྐུ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་སུ་མེད༔ རང་རང་འཁོར་ཚོགས་ཡེ་ཤེས་རོལ་པའི་སྐུ༔ རྩ་ཁམས་ཉི་ཁྲི་ཆིག་སྟོང་ཐམས་ཅད་ན༔ དབྱིངས་དང་ཡེ་ཤེས་རྩལ་ལས་གྲུབ་པའི་རྩལ༔ དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར༔ སྣང་སྟོང་ཡེ་ཤེས་བདེ་ཆེན་ལྷུན་གྱིས་གྲུབ༔ གཉིས་མེད་འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་ལྡན༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང༔ སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི༔ གར་དགུའི་ཚུལ་གྱི་ཡེ་ཤེས་སྒྱུ་མའི་སྐུ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་ལྷུན་གྱིས་གྲུབ༔ དཔལ་ཆེན་སྤྱི་གཙུག་ཀུན་བཟང་རྡོ་རྗེ་སེམས༔ ཚོམ་བུ་དགུ་ལྡན་ཞི་བའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རང་རྩལ་ལས༔ ཞི་ཚུལ་དགུ་ལྡན་རྒྱན་ཆས་བཅུ་གསུམ་མཛེས༔ དབུ་རྒྱན་ལྷག་པའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ དུག་ལྔ་དག་པ་ཡེ་ཤེས་ལྔ་ཡི་ཀློང༔ བཞི་བཅུ་རྩ་གཉིས་དམ་པ་རིགས་བརྒྱའི་སྐུ༔ དུ་མར་སྣང་ཡང་གཅིག་གི་ངོ་བོར་བཞུགས༔ འདོམ་གང་གྲུ་བཞི་ལུས་ནི་གཞལ་ཡས་ཁང༔ ཁ་སྣ་གསང་གཤང་ཕྱི་ཡི་སྒོ་བཞིར་གསལ༔ མིག་གཉིས་དང་ནི་རྣ་བ་གཉིས་ཀྱི་སྒོ༔ ལྐོག་གྱུར་ཡེ་ཤེས་གསལ་བའི་སྒོ་བཞི་དང༔ སྙིང་གི་སྒོ་ནས་ཕྱོགས་བཞིར་འབྱུང་བཞིའི་རླུང༔ རྟག་ཏུ་རྒྱུ་བས་བར་གྱི་སྒོ་བཞི་གསལ༔ རྐང་བརྒྱད་ཀ་བ་རྩ་བརྒྱད་ཀ་གདུང་དང༔ ཚིལ་བུ་ཕ་གུ་ཤ་ཡི་འདོད་པའི་ཁྱམས༔ རྩ་བྲན་དྲལ་ཁར་རྩིག་པ་རྟ་བབས་དང༔ རྣ་བ་རི་དྭགས་སྨིན་མ་བྱ་རུ་དང༔ ཐོད་ལྤགས་གདུགས་དང་སྐྲ་ཡི་དར་དཔྱངས་དང༔ ཚངས་བུག་ཏོག་དང་རྩ་ཡི་དྲྭ་བ་དང༔ པགས་པ་རྭ་གུར་བ་སྤུ་མེ་རི་འབར༔ པགས་པའི་ཕྱི་རྩ་འཁོར་ལོ་རྩིབས་སྟོང་གསལ༔ ཁམས་ལྔ་དག་པ་ལུས་རྣམས་འབྱུང་བཞི་དང༔ རི་རབ་རྩིག་པ་རང་བཞིན་ལྷུན་གྱིས་གྲུབ༔ ཀུན་ཀྱང་འོད་གསལ་མེ་ཀློང་འོད་ལྔའི་དཀྱིལ༔ གསལ་ལ་མ་འདྲེས་རང་བྱུང་དཀྱིལ་འཁོར་རྫོགས༔ རང་བྱུང་རང་ཤར་རང་རིག་གསལ་བར་བསྒོམ༔ ཀུན་ཀྱང་རིགས་ལྔས་དབུར་བརྒྱན་སྐུ་གསུང་ཐུགས༔ རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་དཀྱིལ་དུ༔ ཐོད་པ་ལ་གནས་རྡོ་རྗེ་རྩེ་དགུ་པའི༔ ལྟེ་བ་ཉི་ཟླའི་སྟེང་དུ་སྤུ་ཤད་ལྟར༔ གསལ་བའི་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བས་བསྐོར༔ འབྲུག་ལྟར་གསལ་བའི་གདངས་ཅན་མེ་འོད་འཕྲོ༔ སྣོད་བཅུད་སྦྱངས་ནས་རྣམ་དག་ལྷ་རུ་བསྒོམ༔ འོད་ཟེར་འདུས་ནས་དངོས་གྲུབ་སྙིང་ནང་བསྟིམ༔ ཞེས་བསྒོམས་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བུང་བ་ཚང་བརྡོལ་བ་ལྟ་བུར་བཟླ་བ་ནི་སྒྲུབ་པའི་བསྙེན་པ་སྟེ། དེའང་། ཐུན་གཅིག་སྐུ་ཡི་ཀློང་དུ་གསལ་བར་བལྟ༔ ཐུན་གཅིག་ཡིད་ཀྱི་ཡུལ་དུ་གསལ་བར་བསྒོམ༔ ཐུན་གཅིག་མ་ཡེངས་ལྟ་བའི་ངང་དུ་བཞག༔ ཅེས་གསུངས་པ་ལྟར་ཉམས་སུ་ལེན། དེ་ལ་གསལ་སྣང་ཐོབ་ནས་སྒོམ་དོན། འབྲུག་ལྟར་གསལ་བའི་གདངས་ཅན་མེ་འོད་འཕྲོ༔ ཞེས་པའི་མཇུག་ཏུ། འོད་ཟེར་ཕར་འཕྲོས་མགལ་གྱི་སོལ་མེ་ཡི༔ མེ་སྟག་ལྟར་འཕྲོས་སྣང་བ་ཁྲོ་བོས་གང༔ སྐུ་ལས་གསུང་འཕྲོས་སྔགས་ཀྱི་འབྲུག་སྒྲ་སྒྲོག༔ འོད་ཟེར་ཚུར་འདུས་ཕྱི་ནང་ལྷ་ཚོགས་ཀྱི༔ སྦྱོར་མཚམས་ནས་ཞུགས་སྙིང་གར་ཧཱུྃ་ལ་ཐིམ༔ མ་གསལ་བར་དུ་ལྷ་ཚོགས་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་བདེ་སྟོང་ངང་ནས་བསྒྲུབ༔ ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨཱ༔ ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨོཾ་ཧཱུྃ༔ བཛྲ་ཧེ་རུ་ཀ༔ ཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལ་ཡ༔ མ་མ་ཀྲོ་དྷཱི་ཤྭ་རི༔ བཛྲ་མ་ཧཱ་གུ་རུ༔ བཛྲ་ཙཎྜ་སརྦ་དུཥྚཱན༔ ཨེ་ཛ་བྷྱོ༔ ཁྲོཾ་ག་རུ་ཌ༔ སརྦ་ཌཱ་ཀི་ནཱི༔ ས་མ་ཡ་ཧྲཱིང་ཧྲཱིང༔ མ་ཧཱ་ཡཀྵ་ཀ་ལ་རཱུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་བཟླ་སྟེ། དེའང་། མ་ཡེངས་ཐུན་བཞིའི་དང་པོ་ལྷ་ལ་བལྟ༔ གཉིས་པ་འཁྲུལ་འཁོར་ལུས་ཀྱི་གནད་དང་བསྟུན༔ གསུམ་པ་ལྟ་སྟངས་རླུང་དང་བསྟུན་ནས་བསྒོམ༔ བཞི་པ་འོག་རླུང་བསྐུམ་ཞིང་གསང་སྔགས་བཟླ༔ ཞེས་གསུངས་པ་ལྟར་བྱ་ཞིང་། བཟླས་པ་སྟོང་སྟོང་གི་མཚམས་སུ་གོང་གསལ། ཨེ་མ་ཧོ༔ རྣམ་དག་རབ་འབྱམས་སོགས་ཀྱིས་མཆོད། ཧཱུྃ་ཧཱུྃ༔ ཡང་དག་རང་རིག་ཡེ་ཤེས་ཐུགས་ཀྱི་ལྷ༔ མ་བཅོས་སྤྲོས་བྲལ་མཐིང་ནག་ཆོས་ཀྱི་སྐུ༔ ཞལ་གཅིག་འགྱུར་མེད་ཕྱག་གཉིས་ཐབས་ཤེས་སྦྱོར༔ ཞབས་གཉིས་མཐའ་གནོན་ཡེ་ཤེས་གར་དགུར་ལྡན༔ དུག་ལྔ་མ་སྤངས་རིན་ཆེན་དུར་ཁྲོད་ཆས༔ བདེ་སྟོང་མཉམ་སྦྱོར་ཡབ་ཡུམ་སྤྱི་གཙུག་ན༔ རང་རིག་ཡེ་ཤེས་བླ་མ་རྡོ་རྗེ་འཆང༔ སྐུ་དང་ཡེ་ཤེས་གཉིས་མེད་ཚོགས་བརྒྱད་ཀྱི༔ ལྷ་ཚོགས་དག་པ་སྒྲུབ་སྡེ་བརྒྱད་ཀྱིས་བསྐོར༔ གསལ་ལ་མ་འདྲེས་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་མ་གྲུབ་ཡེ་ཤེས་སྒྱུ་མའི་སྐུ༔ གཅིག་ཏུ་མ་ངེས་སྣ་ཚོགས་ཅིར་ཡང་སྤྲུལ༔ དབྱིངས་ལས་མ་གཡོས་ཐིག་ལེ་ཆེན་པོའི་ངང༔ རང་རིག་ངོ་བོ་བླ་མ་རྡོ་རྗེ་འཆང༔ རང་རིག་རང་གྲོལ་ལྷ་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གསང་བ་གཉིས་མེད་ཡེ་ཤེས་ཀྱི༔ མཆོད་པའི་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ ཅེས་བསྟོད། འདི་ནི་སྒྲུབ་པའི་སྒྲུབ་པ་དངོས་གཞི་ཡིན་ལ་ཐུན་མཚམས་རྣམས་སུ་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བ་ནི་སྒྲུབ་པའི་གྲུབ་མཐའ་ལས་ལ་སྦྱོར་བའོ། །འདིའི་ཚད་ནི་བརྟན་པ་ཐོབ་ཀྱི་བར་དུ་བྱ་བ་ཡིན་ལ། ཐུན་མཐར་བསྡུ་ལྡང་སོགས་སྤྱི་དང་མཐུན་ནོ། །གསུམ་པ་ནི། གཞུང་ལས། དེ་ནས་ལས་ལ་སྦྱོར་བ་རྣམ་པ་གསུམ༔ སྦྱོར་ན་རྩ་དང་རླུང་གི་རྣལ་འབྱོར་སྦྱང༔ སྒྲོལ་ན་རྟོག་མེད་རིག་པའི་རྩལ་ཁ་བསྐྱེད༔ ཟུང་འཇུག་འོད་གསལ་ཕྲ་ཐིག་སྤྲོས་མེད་བསྒོམ༔ མ་ཡེངས་བྱི་དོར་བསྟན་པའི་བྱ་བ་ཡིན༔ ཀུན་གྱི་ཐོག་མར་དབང་བཞིའི་རྣལ་འབྱོར་བླང༔ ཞེས་གསུངས་པ་ལས་སྐབས་སུ་བབས་པ་སློབ་མ་ལ་དབང་བསྐུར་བའི་ཚེ་བསྟོད་པའི་མཐར་དངོས་སྟ་ཕྱེ་ན་ལས་བུམ་སྒྲུབ་ཅིང་སྟ་གོན་ལ་འཇུག །མི་ཕྱེ་ན། གཏེར་སྲུང་གཏོར་འབུལ་ནས་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ། སྤྲོ་ན་བདག་འཇུག་བླང་། བསྡུ་ན་ཏིང་ངེ་འཛིན་གྱི་དབང་དང་དངོས་གྲུབ་བླང་བ་རིག་འཛིན་རྩ་དབང་གི་བསྙེན་པའི་མཇུག་ལྟར་བྱས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ། དབང་ལ་སྟ་གོན་དང་དངོས་གཞི་གཉིས། དང་པོ་ནི། དབང་གི་གལ་མདོ་དང་སྒྲུབ་ཆེན་དབང་གི་ཁ་སྐོང་རྣམས་འདིར་བསྡེབས་པ་ཕྱག་ལེན་དུ་སྣང་བས་དེ་ལྟར་ན། སློབ་མ་སྒོ་དྲུང་དུ་འཚོགས་ལས་ཀྱི་རྡོ་རྗེས་སྒོའི་ཕྱི་རོལ་ནས། ཁྱེད་རང་གསང་བའི་དཀྱིལ་འཁོར་གཉན་པོར་འཇུག་པར་འདོད་པ་རྣམས་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་གསོལ་བ་གདབ་དགོས་པས་འདིའི་རྗེས་ཟློས། ཀྱེ༔ ཁྲོ་བོ་ཆེན་པོ་མི་བཟད་པ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ ནོར་བུ་རིན་ཆེན་སྤྱིར་བཅིངས་ཤིང༔ དབྱུག་ཐོ་ལག་ན་བསྣམས་པ་ཀྱེ༔ བདག་ཉིད་འཁོར་བ་ལས་བསྒྲལ་ཕྱིར༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ བཟང་པོའི་སྒོ་འདི་ཕྱེ་མཛོད་ལ༔ གཙོ་བོས་གནང་གིས་གཏང་དུ་གསོལ༔ ཞེས་ཞུས་པའི་ལན་དུ་འདི་ལྟར་གསུང་བར་མོས་མཛོད། ཁྱོད་ནི་ཕྱི་རོལ་མུ་སྟེགས་དང༔ ལྟ་སྤྱོད་ལོག་པའི་རིགས་མིན་ནམ༔ སློབ་མས། མ་ཡིན་ལགས་བརྗོད་པ་ཀུན་ལ་འགྲེས། ཉན་ཐོས་དང་ནི་རང་སངས་རྒྱས༔ སེམས་བསྐྱེད་སྤངས་དམན་མ་ཡིན་ནམ༔ སྔར་ནས་དམ་མནོས་དམ་འགལ་བ༔ དམ་སྲིའི་རིགས་ཅན་མ་ཡིན་ནམ༔ དམ་མེད་སྔགས་ཀྱི་དངོས་གྲུབ་ལ༔ སྐྲག་ཅིང་སྔངས་པའི་རིགས་མིན་ནམ༔ མ་ཡིན་ལགས། བརྗོད། དུང་ཆོས་ཀྱི་ཆུ་སྦྱིན་ལ། ཧོ༔ མ་སྨིན་སྐྱེ་བོ་དམ་ཉམས་དང༔ སྐལ་མེད་ནང་དུ་གཏོང་བ་མིན༔ ཅི་ཕྱིར་གསང་སྔགས་གསང་བའི་ལམ༔ བཀའ་བཙན་བྱིན་དང་ལྡན་པའི་ཕྱིར༔ ཀུན་གྱི་མཐོང་ལམ་མ་ཡིན་ནོ༔ སྐལ་ལྡན་ཡིན་ན་དམ་ཚིག་ཆུ༔ འདི་འཐུངས་ནང་དུ་འདུ་བ་དང༔ རང་རང་གྲལ་ལ་འདུག་པར་གྱིས༔ ཧཱུྃ་བཛྲ་གྷ་ཊ༔ ཞེས་བརྗོད། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་ནང་དུ་འཁོད་ནས། ཡེ་ཤེས་སྐུ་མཆོག་མ་སོགས་བཤགས་པ་དང་ཡིག་བརྒྱ་བཟླ། བགེགས་གཏོར་གཏང་ཞིང་མཚམས་བཅད་སྲུང་འཁོར་བསྒོམ་པ་བཅས་རྩ་དབང་ལྟར་བྱས་ཏེ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། སྐབས་སུ་བབས་པའི་གསན་བྱ་ནི། བདེ་གཤེགས་འདུས་པའི་རྒྱུད་དང་འཇམ་དཔལ་རྩ་བའི་རྒྱུད་སོགས་ནས་ལུང་བསྟན་ཅིང་། གངས་ཅན་མུན་པའི་ལྗོངས་སུ་དམ་པའི་ཆོས་ཀྱི་ཉིན་བྱེད་ཐོག་མར་འདྲེན་པའི་ཤིང་རྟ་པ་ཆེན་པོ། རྗེ་བཙུན་བརྟན་པའི་འཁོར་ལོའི་ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པ་མངའ་བདག་ཆོས་རྒྱལ་ཆེན་པོ་ཚངས་པ་ལྷའི་མེ་ཏོག་གིས། ཨོ་རྒྱན་སངས་རྒྱས་གཉིས་པ་ལ། བདག་དང་མ་འོངས་པའི་དད་པ་ཅན་རྣམས་ཀྱི་དོན་དུ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ༔ ཚེ་འདིའི་བར་ཆད་སེལ་བ༔ ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ༔ ནངས་ནུབ་ཏུ་གསོལ་བ་འདེབས་པའི་ཆོས་ཤིག་ཞུས་པ་ལ་བརྟེན་ནས་བཀའ་དྲིན་དུ་བསྩལ་པ། མདོ་རྒྱུད་ཀྱི་ཆོས་སྒོ་རབ་འབྱམས་རྒྱ་མཚོའི་དོན་འདུས་པའི་གསོལ་འདེབས་བདེ་གཤེགས་ཡོངས་འདུས་ཀྱི་མཚན་གཞི་བསྟན་པ་རྨད་བྱུང་མའི་སྤྱི་སྒྲུབ་ཡང་ཏིག་སྙིང་པོའི་དབང་བསྐུར་བ་ཡིན་ལ། དེ་ལའང་སྟ་གོན་དང་དངོས་གཞིའི་རིམ་པ་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ ཁྲོ་ལ་ཁྲོས་པ་ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས༔ འབར་བའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ལན་གསུམ། ཁམས་གསུམ་ལས་ཡིད་ངེས་པར་འབྱུང་ཞིང་འཇིག་རྟེན་ལས་འདས་པའི་འབྲས་བུ་དོན་དུ་གཉེར་བའི་བློ་བརྟན་པོར་སྐྱེད་ཅིག །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད། རིགས་ཀྱི་སྣོད་ལྡན་དུ་བསྐྲུན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་གཟི་བརྗིད་ཀྱིས་ཁྱེད་རང་རྣམས་ཀྱི་ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་འོད་གསལ་གྱི་དབྱིངས་སུ་སྦྱངས། ལས་བུམ་གྱི་ཆུ་འཐུང་ལ། སྔགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་སེམས་ཉིད་ཧཱུྃ་ཡིག་མཐིང་གའི་རྣམ་པར་གྱུར་པ་སློབ་དཔོན་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དུ་སྦྱོར་བའི་ཞལ་དུ་སོང་། ཡུམ་གྱི་མཁར་བབས་པ་ལས་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཡེ་ཤེས་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ མཁའ་ནང་ནས་ཕྱིར་ཕྱུང་། བླ་མ་དང་ལྷ་ལ་ཕྱག་ལན་གསུམ་མཛད་ནས་རང་རང་གི་གདན་ལ་འཁོད་པར་མོས་ཤིག །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། ཁྱོད་ནི་ཚུལ་བཞིན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་སངས་རྒྱས་དཔའ་ཆེན་པོས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་སྤྲོ་བ་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལ་རྩ་བ་གསུམ་དང་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་ཏེ་བཞུགས་པའི་དྲུང་དུ་ཕྱག་འཚལ་བ་སོགས་ཡན་ལག་བཅུ་པའི་ཚིག་དོན་རྗེས་དྲན་གྱི་ངང་ནས་འདིའི་རྗེས་ཟློས། སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་དང༔ སོགས་ལས་བྱང་བཞིན་ལན་གསུམ། སྐྱབས་ཡུལ་ཁྱད་པར་ཅན་དེ་རྣམས་ཀྱི་དྲུང་དུ་ཁྱད་པར་བཞི་ལྡན་གྱིས་སྐྱབས་སུ་འགྲོ་ཞིང་། སྨོན་འཇུག་དོན་དམ་པའི་སེམས་བསྐྱེད་རྣམས་ཀྱང་བླང་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདེ་གཤེགས་མ་ལུས་སོགས་དང་། ཨེ་མ་ཧོ༔ འགྲོ་བ་མ་ལུས་སོགས་ལན་གསུམ། དེ་ནས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་སླད་དུ་དཔོན་སློབ་གཉིས་ཀ་ཆེ་མཆོག་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་སྐུ་འཛིན་པ༔ རྡོ་རྗེ་སྐུ་ཡི་དམ་ཚིག་ཏུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཨཱ༔ དཔལ་ལྡན་རྡོ་རྗེའི་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་གསུང་འཛིན་པ༔ རྡོ་རྗེ་གསུང་གི་དམ་ཚིག་ཏུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཧཱུྃ༔ དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐུགས་འཛིན་པ༔ རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཏུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དཔལ་ཆེན་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཀོད་པ་ལ་བརྟེན་ནས། སྤྱི་བོར་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་རྣམ་པར་སྣང་མཛད། མགྲིན་པར་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་སྣང་བ་མཐའ་ཡས། སྙིང་གར་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་མི་བསྐྱོད་པས་མཚན་པ་གསལ་ཐོབ་ལ་འདིའི་རྗེས་ཟློས་མཛོད། དུང་ཞལ་དུ་སྦྱར་བའི་དྲི་བཟང་གི་ཆུ་གུང་མཛུབ་ཀྱིས་སྤྱི་བོར་ཐིག་ལེ་བཀོད་ལ། ཨོཾ༔ དཔལ་ལྡན་རྡོ་རྗེའི་སྐུ་སོགས་ཀྱི་ཚིག་མཐའ། བྱིན་གྱིས་བརླབ་པའི་གནས་མཛོད་ཅིག༔ ཅེས་བསྒྱུར་བ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། མགྲིན་པར་གསུང་དང་། ཀཱ་ཡའི་གནས་སུ་ཝཱ་ཀ་ཞེས་དང་། སྙིང་གར་ཐུགས་དང་ཙིཏྟ་ཞེས་འདོན་པ་སྤོ། དེ་ལྟར་གདོད་གནས་ཀྱི་རྡོ་རྗེ་གསུམ་སྔགས་དང་ཏིང་འཛིན་གྱི་མཐུས་གསལ་ཞིང་བརྟན་པར་བྱས་པ་ལ་ཕྱི་ནང་གི་མཆོད་ལྷ་རྣམས་ཀྱིས་མཆོད་པར་མོས་ཤིག །མཆོད་རྫས་རྣམས་ཕྱག་རྒྱས་སྟོབ་པའི་ཚུལ་བྱས་ལ། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར་དང་། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི་ཞེས་པས་མཆོད། དེ་ནས་སོ་ཤིང་འདོར་བའི་སྟེགས་མཎྜལ་ཚོམ་བུ་དགུ་པ་དང་། སྟན་པད་དཀར་བྲིས་པ་འདུ་བྱ། སོ་ཤིང་ལས་ཆུས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་དཀར་པོ་འོད་དུ་ཞུ་བ་ལས། སོ་ཤིང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། སློབ་མའི་དངོས་གྲུབ་ཀྱི་ལ་ཉེ་བརྟགས་པའི་ནུས་ལྡན་དུ་གྱུར། ལག་ཏུ་གཏད་ལ། ཁྱེད་རང་རྣམས་མཁའ་དབྱིངས་ཀྱི་ཕྱག་རྒྱ་དང་བཅས་སོ་ཤིང་བཟུང་སྟེ་ཅུང་ཟད་འཆའ་བའི་ཚུལ་བྱས་པས་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཁོང་ནས་ཕྱིར་བསལ་ཏེ་དམིགས་མེད་དུ་སོང་། རྩེ་མོ་རིགས་ཀྱི་ལྷའི་ཕྱོགས་སུ་ཕོག་པར་ཤོག་ཅིག་པའི་མོས་པ་དང་བཅས་རྐང་པ་པདྨའི་སྟན་ལ་བརྫིས་ཏེ་འདིའི་རྗེས་ཟློས། ཧཱུྃ༔ བླ་མས་གནང་བའི་སོ་ཤིང་འདི༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ༔ ཞི་ཁྲོ་ཡོངས་རྫོགས་ལྷ་བརྟག་ཅིང༔ དངོས་གྲུབ་རྣམ་གཉིས་འདོད་པའི་ཕྱིར༔ མཎྜལ་དབུས་སུ་བདག་འདོར་ན༔ བསྐལ་པ་སྔོན་ནས་བསགས་པ་ཡི༔ གང་ཡིན་སྐལ་ལྡན་དེར་འབབ་ཤོག༔ ཨོཾ་བཛྲ་ཧཱ་ས་ཧཱ༔ ཞེས་འདོར་དུ་གཞུག །སོ་ཤིང་རྩེ་མོ་དབུས་སུ་གཏད་ན་ཆེ་མཆོག་ཡོན་ཏན་དང་མཆོག་གི་དངོས་གྲུབ། ཤར་དུ་ཡང་དག་ཐུགས་དང་ཞི་བའི་ཕྲིན་ལས་སོགས་ཕྱོགས་མཚམས་གང་དུ་བསྟན་པ་དང་མཐུན་པའི་རིགས་ཀྱི་ལྷ་དང་ཕྲིན་ལས་རྣམས་འགྲུབ་པ་ཡིན་ནོ། །སྲུང་སྐུད་སྔོ་དམར་མདུད་པ་གསུམ་བཏབ་པ་བསང་སྦྱང་། སྟོང་པའི་ངང་ལས་སྲུང་སྐུད་སྔོན་པོ་བདུད་རྩི་འཁྱིལ་པ། དམར་པོ་དབང་ཆེན་རྟ་མགྲིན་གཉིས་ཁྲོ་བོའི་ཆས་རྫོགས་ཤིང་ཞབས་ཟུང་བསྣོལ་བའི་སྟབས་ཅན། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ལས་སྔགས་དང་། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བཟླ། ལྷ་འོད་དུ་ཞུ་ནས་སྲད་བུ་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་བར་ཆད་སྲུང་བའི་ནུས་ལྡན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡས་གཡོན་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་གཅོད་བགེགས་སྲུང་ཤོག༔ ཅེས་དང་། ལས་ཆུས་བརླན་པའི་སྟེང་རྡོ་རྗེ་རྒྱ་གྲམ་དུ་གདབ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཧཱུྃ༔ སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་ཧཱུྃ༔ དང་དྲག་སྔགས་སོ་ལྔ་པ་བརྗོད། དུང་ཞལ་གྱི་ཆུ་ཧཱུྃ་ཡིག་དཀར་པོ་ཆུའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གསལ་བ་ཁྱེད་རང་རྣམས་ལ་བྱིན་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་ཅིང་རྩ་ཁམས་ཐམས་ཅད་ཧཱུྃ་ཡིག་དཀར་པོའི་རང་བཞིན་དུ་གྱུར་པར་མོས་ཤིག །ཁྱོར་ཆུ་སྦྱིན་ལ། ཨོཾ་ཧྲཱིཿསུ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཡ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པཱ་ན་ཡ་ཧཱུྃ༔ ཀུ་ཤའི་ཕོན་པོ་ཆེ་ཆུང་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལྗང་གུ་ཞུ་བ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྡོ་རྗེ་སློབ་མའི་དངོས་གྲུབ་ཀྱི་པྲ་བརྟགས་པའི་ནུས་ལྡན་དུ་གྱུར། ཧཱུྃ༔ རྩྭ་མཆོག་གཙང་མའི་ཀུ་ཤ་འདི༔ རྨི་ལམ་མཚན་རྟགས་གསལ་བའི་ཕྱིར༔ རྡོ་རྗེ་སློབ་དཔོན་ངས་སྦྱིན་གྱིས༔ བུ་ཁྱོད་ཉལ་བའི་སྔས་གདན་མཛོད༔ དྷཱི་ན་རཀྵ་ན་བྷི་པྲ་མོ་ཧོ༔ ཞེས་བརྗོད་ལ་གཡས་གཡོན་གཉིས་སུ་གཏད་ལ། ཆུང་བ་སྔས་དང་ཆེ་བ་སྟན་གྱི་འོག་ཏུ་ཟུངས་ཤིག །ཟབ་མོའི་ཆོས་བཤད་མདོར་བསྡུས་པ་རྡོ་རྗེའི་གསུང་འདི་ལ་གསན་པར་ཁྱབ་པར་གདའ། ཨེ་མ་ཧོ༔ འཇིག་རྟེན་དུ་ནི་ཀུན་མཁྱེན་དག༔ འབྱུང་བ་ཨུ་དུམྦ་ར་བཞིན༔ དེ་བཞིན་གསང་སྔགས་ཆེ་འབྱུང་བ༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ སེམས་ཅན་སངས་རྒྱས་མྱུར་བྱེད་པ༔ ཚུལ་ཆེན་སྔགས་ཀྱི་ལམ་ཡིན་ནོ༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། སྤྲོ་ན་དེའི་དོན་གསོལ་འདེབས་ཉིད་ཀྱི་ལུང་དང་སྦྱར་ཏེ་རྒྱས་པར་འཆད། དེས་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་གྲུབ་པ་ལགས། དངོས་སྟ་ཕྱེ་ན་དགེ་བསྔོ་བརྗོད་ལ་གྲོལ། སྲུང་མའི་གཏོར་ཆོག་སོགས་རྗེས་རིམ་རྣམས་བྱ། ནངས་པར་ལས་གཞུང་གོང་དུ་ཇི་སྐད་སྨོས་པ་བསྲང་ཞིང་བདག་ཉིད་འཇུག་པ་བཅས་གྲུབ་ནས། ཁྲུས་དང་བགེགས་བསྐྲད། མཚམས་སྦྱོར་ཇི་ལྟར་འོས་པ་དང་བཅས་མཎྜལ་འབུལ་བ་ལ་འཇུག །དེང་སང་དངོས་སྟ་སྦྲེལ་མའི་ཕྱག་ལེན་ལྟར་ན། གོང་གི་འཕྲོས་སུ། གཉིས་པ་དབང་བསྐུར་དངོས་ཀྱི་རིམ་པ་ལ་སྔོན་འགྲོ་འཇུག་པའི་ཆོས་དང་། དངོས་དབང་བཞི་རྫོགས་སུ་སྦྱིན་པ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། མིག་དར་དང་མེ་ཏོག ཨཱ་ཁཾ་བཱི་ར་ཧཱུྃ་གིས་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་རིག་འཛིན་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་རྣམས། མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་སྤྱན་དྲངས་བཞུགས་པའི་སྤྱན་སྔར་ཡན་ལག་བརྒྱད་པའི་གསག་སྦྱང་བགྱིའོ་སྙམ་པས་འདིའི་རྗེས་ཟློས།ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་ཡེ་ཤེས་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་སྟེང་དུ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་སུ་གསོལ་འདེབས་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ ལན་གསུམ། རྩ་གསུམ་རྒྱལ་བ་རབ་འབྱམས་དཔང་པོར་གསོལ་ནས་སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱིས་བསྡུས་པའི་སྡོམ་པ་དམ་ཚིག་སྤྱི་དང་ཁྱད་པར་བ་ཐམས་ཅད་བླངས་ཏེ་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ བདག་ཉིད་རྡོ་རྗེ་ཆེ་གེ་མོས༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་དང་གཉིས་མེད་སྐྱབས་སུ་མཆི༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ ཨེ་མ་ཧོ༔ ཁྱད་པར་དུ་ཡང་རིགས་ལྔ་ཡི༔ དམ་ཚིག་སྡོམ་པ་བདག་གིས་བཟུང༔ འགྲོ་བ་མ་བརྒལ་བ་རྣམས་བསྒྲལ༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ཕྱག་རྒྱ་གཞོན་པ་མི་དམད་ཅིང༔ ལྷ་དང་ལྷ་མིན་གསང་བ་པ༔ ལྷ་དང་མཉམ་སྦྱོར་བརྙས་པ་སྤང༔ བླ་མ་སངས་རྒྱས་རྟག་ཏུ་མཆོད༔ རྒྱལ་བས་བསྒྲགས་པ་གང་ཡིན་པ༔ དེ་དག་ཐམས་ཅད་བདག་གིས་བཟུང༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་དབང་གི་རྫས་རྣམས་རང་བྱུང་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་གསལ་བ་ལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་མོས་པ་དང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཕྱི་ནང་མཆོད་པའི་ཚོགས༔ མ་ལུས་མངོན་བྱས་རྒྱལ་བ་རྣམས་ལ་འབུལ༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ཐམས་ཅད་ལ༔ ཇི་ལྟར་མཆོད་ཆེན་བསྩལ་པ་དེ་བཞིན་དུ༔ བདག་ཀྱང་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་འདིར་བདག་ལ་སྩོལ༔ ལན་གསུམ། དེ་ནས་སྤྱོད་པ་སྔགས་ཀྱི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པའི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། སེམས་མ་རྣམས་ཀྱིས་མཆོད་པས་མཆོད། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་ཚོགས་ཀྱིས་བགེགས་བསྐྲད་ཅིང་སྲུང་བའི་ཕྲིན་ལས་མཛད་དེ་བྱིན་གྱིས་བརླབས་པས། ཁྱེད་རང་རྣམས་ཀྱི་ཉན་བྱེད་རྣ་བའི་དབང་པོ་རིན་འབྱུང་གི་རང་བཞིན། ལྕེའི་དབང་པོ་སྣང་མཐའི་རང་བཞིན། བསམ་བྱེད་རྡོ་རྗེ་སེམས་དཔའི་རང་བཞིན། ཡན་ལག་གི་བྱ་བྱེད་ཐམས་ཅད་དོན་གྲུབ་ཀྱི་རང་བཞིན། འགུལ་བསྐྱོད་ལ་སོགས་པ་བདག་རྟོག་ཡིད་ཆོས་ཀྱི་རོལ་པ་ཐམས་ཅད་ཀུན་བཟང་རྒྱལ་བའི་རང་བཞིན་ཕྱག་རྒྱ་ཆེན་པོར་རྒྱས་ཐེབས་པའི་མོས་པ་མཛོད། འབྲུ་ལྔའི་ཙཀ་ལི་ཡོད་ན་གནས་སོ་སོར་བཞག །མེད་ན་བདུད་རྩིའི་ཐིག་ལེ་བཀོད་ལ། ཧཱུྃ༔ ཉན་བྱེད་རྣ་བའི་དབང་པོ་ནི༔ རིན་ཆེན་འབྱུང་གནས་དེ་བཞིན་གཤེགས༔ ཉན་པ་ཐམས་ཅད་སངས་རྒྱས་གསུང༔ ཐོས་པས་རང་གྲོལ་མཉམ་ཉིད་ངང༔ ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ༔ ཧཱུྃ༔ སྨྲ་བྱེད་ལྕེ་ཡི་དབང་པོ་ནི༔ སྣང་བ་མཐའ་ཡས་དེ་བཞིན་གཤེགས༔ བརྗོད་པ་ཐམས་ཅད་སངས་རྒྱས་སྒྲ༔ བརྗོད་པ་རང་གྲོལ་སོར་རྟོག་ངང༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱི༔ ཧཱུྃ༔ བསམ་པར་བྱེད་པ་སེམས་ཀྱི་རྟེན༔ ཙིཏྟ་ཀུན་བཟང་རྡོ་རྗེ་སེམས༔ དྲན་པ་ཐམས་ཅད་སངས་རྒྱས་ཐུགས༔ དྲན་པ་རང་གྲོལ་ཆོས་ཉིད་ངང༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བྱ་བ་བྱེད་པ་ཡན་ལག་ལྔ༔ དོན་ཡོད་གྲུབ་པ་དེ་བཞིན་གཤེགས༔ བྱ་བྱེད་སྤྱོད་པ་སངས་རྒྱས་མཛད༔ འདུ་བྱེད་རང་གྲོལ་བྱ་གྲུབ་ངང༔ ཧཱ་ཧཱ་ཧཱ་ཧཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་བདེ་བ་ཆེ༔ བདག་ཉིད་ཁྱབ་བདག་ཀུན་ཏུ་བཟང༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ འགུལ་བསྐྱོད་རྒྱལ་བའི་ཕྱག་རྒྱ་ཆེ༔ ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ༔ གསང་ཆེན་རྒྱུད་ལུང་མན་ངག་ཟབ་མོ་རྣམས་ལ་ཉན་འཆད་སྒོམ་ཕྲིན་ལ་སོགས་པས་རང་གཞན་དོན་གཉིས་སྤྱོད་པའི་མཐུ་དབང་ཐོབ་པར་མོས་ཤིག །དེ་ནས་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་མོས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསང་སྦྱང་། སྟོང་པའི་ངང་ལས། རང་ཉིད་གནས་པའི་ཡུལ་ཕྱོགས་སྲུང་འཁོར་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་པད་སྡོང་ཉི་ཟླ་བརྩེགས་པའི་གདན་ལ་ཁྱེད་རང་རྣམས་བླ་མ་བདེ་གཤེགས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་་བུ་དཀུར་བརྟེན་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དུག་ལྔ་དག་པ་ཡེ་ཤེས་ལྔའི་འོད་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཁ་བ་དང་བུ་ཡུག་འཚུབས་པ་ལྟ་བུར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། འབེབ་རྫས་དབྱངས་རོལ་དང་བཅས་ཏེ། ཧཱུྃ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མཁའ་ལ་ཆར་ལྟར་བབས་ནས་ཀྱང༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེར་མཛོད༔ བླ་མ་རིག་འཛིན་བརྒྱུད་པར་བཅས༔ བར་སྣང་གློག་ལྟར་འཁྱུག་ནས་ཀྱང༔ རྩ་ཁམས་རླུང་ལ་ཡེ་ཤེས་སྤོར༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ས་ལས་རླངས་ལྟར་བརྡོལ་ནས་ཀྱང༔ རིག་པའི་རྩལ་ཆེན་རང་ལ་སྤོར༔ ཧཱུྃ་ཧཱུྃ་ཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི༔ སརྦ་ས་མ་ཡ་ཨཱ་རལླི་ཕེཾ་ཕེཾ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ མ་ཧཱ་རཾ་མ་ནུ་ཏ་རཾ༔ ཛཿཛཿཛ༔ ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་དབབ། དེ་ལྟར་ཕབ་པས་རྒྱུད་ལ་ཡེ་ཤེས་ཀྱི་བྱིན་རླབས་ཞུགས་པའི་ཉམས་མྱོང་རྟོག་བྲལ་ནམ་མཁའ་ལྟ་བུར་དྭངས་པའི་རང་ངོ་ལ་ལྟོས་ཤིག །ཅེས་མཉམ་པར་འཇོག་ཏུ་བཅུག །སྔར་བྱིན་པའི་མེ་ཏོག་དེ་ཉིད་མཉམ་ཉིད་ཆོས་སྐུའི་ངང་ལས་ཀུན་བཟང་ཐུགས་མཆོག་རྡོ་རྗེ་སེམས་དཔའི་རང་རྩལ་དུ་སྣང་བའི་མདུན་གྱི་དཀྱིལ་འཁོར་ལ་འབུལ་བའི་བློས་འདིའི་རྗེས་ཟློས། ཧོ༔ སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ༔ སྒྲུབ་པའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རིག་པ་ཡེ་ཤེས་ཆེན་པོ་ཡི༔ སྔགས་ཀྱི་མེ་ཏོག་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །མེ་ཏོག་སླར་སྤྱི་བོར་སྦྱིན་ལ། མེ་ཏོག་གང་ལ་བབས་པའི་ལྷ་དང་རིགས་མཐུན་པའི་གསང་མཚན་བླ་མ་དང་དཀྱིལ་འཁོར་གྱི་ལྷས་མགྲིན་གཅིག་ཏུ་བཏགས་པའི་མོས་པ་མཛོད། སྤྲོ་ན་རང་ཤར་སོགས་ལྟར་རིགས་དང་མཐུན་པའི་སྔགས་ཀྱིས་དབང་བསྐུར་ཞིང་གསང་མཚན་སོ་སོར་གདགས། བསྡུ་ན། ཨོཾ་མ་ཧཱ་ཧེ་རུ་ཀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་བྱ་བའོ། ཁོ་བོས་ཇི་ལྟར་བཏགས་པ་བཞིན་དུ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་ཀྱང་དེ་ལྟར་བརྗོད་ནས་རྡོ་རྗེ་མིང་གི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཧོ༔ ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ རྩ་གསུམ་བདེ་གཤེགས་དཀྱིལ་འཁོར་བསྟན༔ དགའ་དང་འདུན་པ་སྤྲོ་སེམས་ཀྱིས༔ དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ རྩེ་གཅིག་རྟག་ཏུ་མཉམ་པར་བྱོས༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དབྱེ། མདུན་གྱི་རྟེན་དཀྱིལ་འཁོར་ཆེན་པོ་འདི་ཉིད་མཚན་ཉིད་ཡོངས་སུ་རྫོགས་པའི་རང་བཞིན་གྱི་དབུས་སུ་བརྟེན་པ་ལྷ་བདེ་གཤེགས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ། དེའི་དབུ་གཙུག་ཏུ་དགའ་རབ་རྡོ་རྗེ། དེ་སྟེང་གསང་བདག །དེའི་སྤྱི་གཙུག་ཏུ་ཀུན་བཟང་ཡབ་ཡུམ། གཙོ་བོའི་ཕྱོགས་མཚམས་སུ་ཆེ་མཆོག་ལ་སོགས་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དཔལ་ཆེན་པོའི་སྤྱི་གཙུག་གི་ཀུན་བཟང་རྡོ་རྗེ་སེམས་དཔའ་ལ་ཞི་བའི་ལྷ་ཚོགས་ཀྱི་འཁོར་དང་བཅས་པ་མངོན་སུམ་ལྟ་བུར་མཐོང་བའི་མོས་པ་མཛོད། དེས་འཇུག་པའི་ཆོས་རྣམས་གྲུབ་ནས། གཉིས་པ་དངོས་གཞིའི་དབང་རྣམས་ལས་ཐོག་མར་བུམ་དབང་ཞུ་བའི་སླད་དུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ འཁོར་བ་འདམ་རྫབ་རྒྱ་མཚོ་ལ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དབང་བཞིའི་རིམ་པ་རྫོགས་པ་དང༔ མཆོག་གི་ཐུགས་རྗེས་བདག་སྐྱོབས་ཤིག༔ ལན་གསུམ། ནམ་མཁའ་གང་བའི་དབང་གི་ལྷ་རྣམས་དང་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པས་དྲི་མ་གཏོར་ཞིང་བླུགས་པའི་བུམ་དབང་། བཀའ་རྟགས་ཀྱི་ཅོད་པན། ཐབས་ཤེས་ཀྱི་ཕྱག་རྒྱ་གཏད་ཅིང་། ཞི་ཁྲོའི་རྒྱན་ཆ་མཆོད་པའི་དམ་རྫས་དང་བཅས་པས་རིམ་པར་དབང་བསྐུར་ཞིང་མངའ་གསོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ སྣོད་བཅུད་རབ་འབྱམས་བུམ་པའི་དབང༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ལ་བུམ་ཆུ་སྦྱིན། དབུ་རྒྱན་མགོར་བཞག་ལ། ཧཱུྃ༔ འདི་ནི་དབུ་རྒྱན་རིགས་ལྔའི་དབང༔ དུག་ལྔ་རྣམ་དག་ཡོངས་རྫོགས་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿ་ཧཱ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་གཡས་གཡོན་དུ་གཏད་ལ། ཧཱུྃ༔ ཐབས་ཀྱི་རྡོ་རྗེ་ཕྱག་རྒྱའི་དབང༔ ཡེ་ཤེས་ལྔ་ལྡན་ཡོངས་རྫོགས་ཤོག༔ མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོའི་དབང༔ ཡན་ལག་དྲུག་ཅུའི་དོན་རྟོགས་ཤོག༔ བཛྲ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ དུར་ཁྲོད་ཆས་གཏད་ལ། ཧཱུྃ༔ རིན་ཆེན་དར་དཔྱངས་དུར་ཁྲོད་དབང༔ ཕྱི་ནང་བརྡའ་རྟགས་དོན་རྟོགས་ཤོག༔ རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་གཏོར་རཀྟ་གཏད་ལ། ཧཱུྃ༔ སྨན་རག་གཏོར་མ་བསྙེན་སྒྲུབ་རྟེན༔ ལྷ་དང་མཁའ་འགྲོའི་རྟེན་དབང་བསྐུར༔ པཉྩ་རཀྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་བུམ་པ་སོགས་ཕྱིའི་དབང་བསྐུར་ཐོབ་པ་ཡིན་པས་བསླབ་བྱ་ནི། གཞུང་ལས། སྣོད་བཅུད་དག་པ་རྩ་བ་གསུམ༔ རང་དང་གཉིས་མེད་རྟག་ཏུ་བསྒོམ༔ ཞེས་གསུངས་པ་ལྟར་ངེས་པར་གྱིས་ཤིག །དེ་ནས་ནང་ལྷ་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པའི་མོས་པ་མཛོད། ལྷ་ཙཀ་རིམ་པར་གནས་སོ་སོའམ་སྤྱི་བོར་བཞག་ལ། ཧཱུྃ༔་་་འདི་སྤྱིར་བསྐུར་བ་ཡིན་པས་ཙཀླི་མེད། རང་བྱུང་རྩ་གསུམ་དཔལ་ཆེན་པོ༔ མཐུ་རྩལ་ཡོངས་རྫོགས་ཡེ་ཤེས་ལྷ༔ སྐུ་གསུང་ཐུགས་སུ་བྱིན་དབང་བསྐུར༔ ཡེ་ཤེས་ལྔ་རྫོགས་རང་གནས་སྟོན༔ ཧཱུྃ༔་་་ཞི་བ་རིགས་ལྔ། དུག་ལྔ་དག་པ་ཞི་བའི་སྐུ༔ བཞི་བཅུ་རྩ་གཉིས་དབང་ཐོབ་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔་་་ཞི་བ་རིགས་བཞི། འཁོར་ལོའི་གནས་བཞིར་བདེ་གཤེགས་བཞི༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ མུཾ་ཧྲཱིཿཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་ལྷ༔ ཆེ་མཆོག་ཡོངས་རྫོགས་དབང་བསྐུར་རོ༔ ཧཱུྃ་མཱུཾ་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇམ་དཔལ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་ཡོངས་རྫོགས་ལྷ༔ རྟ་མགྲིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་ཧ་ཡ་གྲཱི་བ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ཡོངས་རྫོགས་ལྷ༔ ཡང་དག་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ ཕུར་པ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་ཡོངས་རྫོགས་ལྷ༔ མ་མོ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདའ་ཀ་ཡེ་ཤེས་ཡོངས་རྫོགས་ལྷ༔ རིག་འཛིན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇིག་རྟེན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་ཡོངས་རྫོགས་ལྷ༔ དྲག་སྔགས་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་ཀློང་དབྱིངས་གྲོལ་ཡོངས་རྫོགས་ལྷ༔ མཁའ་ལྡིང་མཁའ་འགྲོའི་རྫོགས་དབང་བསྐུར༔ ཁྲོཾ་ག་རུ་ཌ་སརྦ་ཌཱ་ཀི་ནཱི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་ནང་ལྷ་དབང་ཐོབ་པ་ཡིན་པས་བསླབ་བྱ་ནི། རྩ་ཁམས་བདེ་སྟོང་ཡོངས་རྫོགས་སྐུ༔ ཡེ་ཤེས་ཆེན་པོ་རྟག་ཏུ་བསྒོམ༔ ཕྱི་ནང་བུམ་པའི་དབང་བཞི་རྫོགས༔ སྣང་སྟོང་ཟུང་འཇུག་དོན་ལ་བལྟ༔ ཐུན་གཅིག་ལྷ་ཡི་རྣམ་པ་བསྒོམ༔ གཉིས་པ་ཡིད་དང་གཉིས་མེད་བསྲེ༔ གསུམ་པ་ཟུང་འཇུག་སྒྱུ་མར་བསྲེ༔ བཞི་པ་མངོན་སུམ་དོན་ལ་འཇོག༔ ཅེས་གསུངས་པ་ལྟར་ཉམས་སུ་ལེན་དགོས་སོ༔ དེ་དང་རྗེས་སུ་འབྲེལ་བ་བཟླས་པའི་ལུང་སྦྱིན་པའི་སླད་དུ་སྤྱན་དམིགས་འདི་ལྟར་མཛོད། བླ་མ་བདེ་གཤེགས་རྡོ་རྗེ་འཆང་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་ཞིག་བྱོན་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་དང་བཅས་བསྙེན་སྒྲུབ་ཀྱི་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨཱ༔ ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨོཾ་ཧཱུྃ༔ བཛྲ་ཧེ་རུ་ཀ༔ ཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལ་ཡ༔ མ་མ་ཀྲོ་དྷཱི་ཤྭ་རི༔ བཛྲ་མ་ཧཱ་གུ་རུ༔ བཛྲ་ཙཎྜ་སརྦ་དུཥྚཱན༔ ཨེ་ཛཿབྷྱོ༔ ཁྲོཾ་ག་རུ་ཌ༔ སརྦ་ཌཱ་ཀི་ནཱི༔ ས་མ་ཡ་ཧྲཱིང་ཧྲཱིང༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ཕྲེང་བ་གཏད་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྩ་བའི་སྔགས༔ རྐྱེན་དང་སྦྱར་ཏེ་འཁོར་ལོ་བཞིར༔ སྐྱོར་ཞིང་རྟག་ཏུ་བཟླས་པས་འགྲུབ༔ ཅེས་བརྗོད། རས་བྲིས་དལ་དུ་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་ཀུན་ཏུ་འོད༔ ས་ནོན་ཞི་བའི་ལས་རྣམས་འགྲུབ༔ སྤྲུལ་སྐུ་མངོན་དུ་བྱས་པ་འོ༔ ཞེས་རྟོགས་པ་བསྐྱེད། གསང་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ འགྱུར་མེད་བདེ་གཤེགས་བླ་མ་ལོངས་སྤྱོད་རྫོགས༔ གསང་དབང་རང་བྱུང་བསྐུར་དུ་གསོལ༔ ལན་གསུམ། བླ་མ་དང་ནམ་མཁར་བཞུགས་པའི་ལྷ་ཚོགས་ཡབ་ཡུམ་རྣམས་མཁའ་གསང་རྡོ་རྗེ་པདྨ་མཉམ་པར་སྦྱར་བའི་བདེ་བའི་སྒྲས་བསྐུལ་ཏེ་རྒྱལ་བ་སྲས་བཅས་བདེ་རོལ་མཛད་པའི་བྱང་སེམས་དཀར་དམར་ལྷན་ཅིག་འདྲེས་པའི་རྒྱུན་བདུད་རྩིའི་རང་བཞིན་དུ་གྱུར་པས་དབང་བསྐུར་བའི་མོས་པ་མཛོད། གསང་རྫས་ཐོད་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ ནམ་མཁར་བཞུགས་པའི་བདེ་གཤེགས་རྣམས༔ མཁའ་གསང་སྦྱར་བའི་སྒྲས་བསྐུལ་ཏེ༔ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས༔ དབང་བསྐུར་སྲས་ལ་སྦྱིན་པ་ལྟར༔ གཉིས་མེད་སྦྱོར་བའི་བདུད་རྩིའི་ཆུ༔ གདན་གསུམ་ངོ་བོས་ཁྱོད་དབང་བསྐུར༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་བླུད་ལ། བྱང་ཆུབ་སེམས་ཀྱི་བདུད་རྩི་མགྲིན་པ་ནས་བརྒྱུད། རྩ་ཁམས་གང་བས་ཡེ་ཤེས་སུ་སྨིན་པར་མོས་ཤིག །དེའི་ཉམས་ལེན་ནི། སྐྱོན་ཅན་རླུང་ནི་ཕྱིར་ལ་འབུད༔ ཡོན་ཏན་རླུང་ནི་ནང་ལ་རྔུབ༔ རོ་རྐྱང་དབུ་མ་རང་གསལ་གདབ༔ ལྟེ་བར་གནམ་ཞལ་འབར་བ་ཡིས༔ འཁོར་ལོ་བཞི་བསྲེགས་སླར་གསོས་ཏེ༔ སྤྱི་བོར་ཧེ་རུ་ཀ་དང་སྦྱོར༔ འབར་འཛག་དྲོད་ཀྱི་ཡེ་ཤེས་བསྒོམ༔ གཡས་སུ་བསྐོར་ཞིང་གཡོན་དུ་གཅུ༔ འོག་ནས་དྲངས་ཏེ་སྟེང་ནས་བསྡིག༔ དེ་བཞིན་གོ་ལོག་སྦྱོར་བ་དང༔ དཀྲུག་པ་དགུ་དང་བསྡིག་པ་དགུ༔ བསྐོར་བ་དགུ་དང་འབུད་པ་དགུ༔ རྔུབ་པ་དགུ་དང་དགང་གཞིལ་དགུ༔ བསྒོམས་པས་འགྲུབ་པ་ལོངས་སྤྱོད་རྫོགས༔ ཞེས་གསུངས་པའི་དོན་ཉམས་སུ་ལེན་པར་ཞུ། ཀུན་རྫོབ་བྱང་སེམས་དཀྱིལ་འཁོར་དུ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྒྱས་པའི་ལས་འགྲུབ་པད་ཅན་ནོན༔ རང་བྱུང་རྣམ་བཞི་མངོན་དུ་གྱུར༔ ལོངས་སྐུ་འགྲུབ་པའི་སྐལ་ཅན་ནོ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧཱུྃ༔ བདེ་གཤེགས་བླ་མ་ཆོས་ཀྱི་སྐུ༔ ཤེས་རབ་ཡེ་ཤེས་བདག་ལ་སྩོལ༔ ལན་གསུམ། བླ་མ་དཔལ་ཆེན་པོ་གཉིས་སུ་མེད་པའི་ཐུགས་ཀ་ནས་བྱུང་བའི་ལྷ་མོ་གཟུགས་དང་ལང་ཚོ་ལྡན་པ་ཞིག་ཁྱེད་རང་རྣམས་ལ་སྦྱིན་པའི་མོས་པ་མཛོད། རིག་ཙཀ་ཐོགས་ལ། ཧཱུྃ༔ དཔལ་ཆེན་ཐུགས་ཀ་ནས་བྱུང་བའི༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ གཟུགས་དང་ལང་ཚོ་ཀུན་ལྡན་མ༔ འདི་ཁྱེར་རྟག་ཏུ་མཆོད་པར་གྱིས༔ དེ་ནས་ལྷ་མོ་དེས་འདི་སྐད་གསུངས་པར་མོས་མཛོད། ལྷ་མོ་དང་ནི་བདེ་ཆེན་མ༔ ཆོ་ག་ཚུལ་བཞིན་བསྟེན་ནུས་སམ༔ ཞེས་གསུངས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས་མཛོད༔ ཇི་ལྟར་གསུངས་པའི་ཆོ་ག་སྒྲུབ༔ སྤྲོ་བས་བསྟེན་ནོ་མཛེས་ལྡན་མ༔ རིག་མ་དགྱེས་ནས་ཁྱེད་རང་གི་པང་དུ་བྱོན་ཏེ། ང་ཡི་བྷ་ག་ཆོས་ཀྱི་དབྱིངས༔ འདི་བསྟེན་བདེ་བ་མ་ལུས་ཐོབ༔ མ་ཡེངས་ཡེངས་ན་མཆོག་མེད་དོ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ པདྨ་བྷཉྫ་མོཀྵ་ཧོ༔ ཞེས་གསུངས་ཏེ་འདུ་ཤེས་གསུམ་ལྡན་གྱིས་སྣང་སྟོང་ཁ་སྦྱོར་དུ་རོལ་པར་མོས་ཤིག །ཛཿཧཱུྃ་བཾ་ཧོཿདཔལ་དང་ལྡན༔ སྣང་སྟོང་རྡོ་རྗེ་པདྨ་ལས༔ བྱུང་བའི་ཡིད་ཀྱི་བདུད་རྩིའི་ཆུ༔ འཁོར་ལོ་བཞི་བབས་ལྡོག་ཁྱབ་ཀྱིས༔ སྲིད་པ་ངོ་བོ་ཉིད་ཀྱི་ངང༔ ཐུངས་ཤིག་ཐུངས་ཤིག་དཔའ་བོ་ཆེ༔ བདེ་མཆོག་བདེ་བའི་དོན་སྒོམས་ཤིག༔ ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧ་ཧ་ཧོ༔ དགའ་བཞི་ལུགས་འབྱུང་དུ་དྲངས་པའི་མཐར༔ རྡོ་རྗེའི་ལམ་དུ་ཞུགས༔ སྙིང་གར་བརྒྱུད་དེ་སྤྱི་བོར་ཐིམ༔ མས་བརྟན་དགའ་བཞི་མཐར་བསྐྱལ་ལོ༔ ཞེས་གསུངས་པ་བཞིན་ལྷ་མོ་འོད་དུ་ཞུ་མཁའ་གསང་ནས་སྙིང་ག་བརྒྱུད་དེ་སྤྱི་བོར་ཐིམ་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བའི་མོས་པ་མཛོད། དེའི་ཉམས་ལེན་ཡང་། དངོས་སམ་ཡིད་ཀྱིས་བསྟེན་བྱས་ལ༔ སྣ་ཚོགས་གཟུགས་ཅན་ཡིད་ལ་བསྒོམ༔ འབུད་པ་གསུམ་དང་རྔུབ་པ་གསུམ༔ འདུ་ཤེས་གསུམ་དང་སྙོམས་འཇུག་དང༔ ལྡོག་ཁྱབ་བདེ་སྟོང་ཆེན་པོར་བསྐྱལ༔ དལ་བུ་དལ་བུས་མ་ལུས་བྱ༔ སེང་གེ་རྣམ་རོལ་དགའ་བཞི་འཁྲབ༔ རྣམ་སྣང་ཆོས་བདུན་ངང་དུ་བསྐྱལ༔ ཐུན་ཀྱང་ཉུང་མིན་ཉེར་གཅིག་སོགས༔ འབད་པས་འཁོར་བདག་གྲོལ་བར་འགྱུར༔ ཅེས་གསུངས་པའི་དོན་ལ་ནན་ཏན་བསྐྱེད་འཚལ། ཆོས་ཀུན་འབྱུང་བའི་དཀྱིལ་འཁོར་དུ༔ ཤེས་རབ་དབང་ཐོབ་ཡིད་སྒྲིབ་དག༔ དབང་གི་ལས་འགྲུབ་ཚོགས་ཆེན་ནོན༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ ཆོས་སྐུ་འགྲུབ་པའི་སྐལ་ཅན་ནོ༔ དེ་ནས་ཚིག་དབང་རིན་པོ་ཆེའི་དོན་དུ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་བླ་མ་ངོ་བོ་ཉིད༔ བཞི་པའི་དབང་མཆོག་བདག་ལ་སྩོལ༔ ལན་གསུམ། སློབ་མའི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད། རྡོ་རྗེ་དང་མེ་ལོང་མིག་སྔར་ཕྱར་ཏེ། ཁྱེད་རང་རྣམས་ལ་སྔར་གསུམ་པའི་དབང་དུས་སུ་སྐྱེས་པའི་བདེ་སྟོང་གི་ཉམས་མྱོང་དྲན་པར་མཛོད་ལ་དེའི་རང་ངོ་ལ་བཟོ་མེད་ཀྱི་ཏིང་འཛིན་བསྐྱང་བར་ཞུ། ཧཱུྃ༔ བདེ་ལ་སེམས་བཟུང་སྟོང་པའི་ངང༔ སྲིད་པ་ངོ་བོ་ཉིད་དག་པ༔ སྣང་སྟོང་ཟུང་འཇུག་མཐའ་ལས་འདས༔ རང་བཞིན་དག་པའི་དོན་བསྒོམ་བྱ༔ ཨ་ཏི་ཧོ༔ བིདྱ་ཐ༔ དེའི་ཉམས་ལེན་ནི། སྒོ་གསུམ་ཀློད་ལ་རླུང་གསུམ་འབུད༔ སོ་མ་རང་དྭངས་ལྷུག་པར་བཞག༔ རྟོག་མེད་རང་གསལ་དོན་ལ་བལྟ༔ མི་འགུལ་གསུམ་དང་དལ་བ་གསུམ༔ ཐུན་བཞི་ཐུན་དྲུག་དག་ཏུ་བསྐྱང༔ ཞེས་གསུངས་པའི་དོན་ལས་གཡེལ་བ་མེད་པར་མཛོད་ཅིག །དོན་དམ་བྱང་སེམས་དཀྱིལ་འཁོར་དུ༔ བཞི་པའི་དབང་ཐོབ་རྦ་རླབས་དང༔ དྲག་པོའི་ལས་འགྲུབ་བླ་མའི་ས༔ ནོན་ཅིང་སྒོ་གསུམ་སྒྲིབ་པ་དག༔ ངོ་བོ་ཉིད་སྐུ་ཧེ་རུ་ཀ༔ མ་བཅོས་རྫོགས་པ་ཆེ་མཆོག་འགྲུབ༔ དེ་ལྟར་དབང་བཞི་རྫོགས་པར་ཐོབ་པའི་མཐའ་རྟེན་དྲག་པོ་སྒྲོལ་བའི་དབང་བསྐུར་བ་ལ། ལྟ་བའི་རྫོང་ལ་གཞི་བཅའ། སྒོམ་པའི་འཕྲང་གིས་གནད་བཟུང་། སྤྱོད་པའི་སྲོག་གིས་མན་ངག་གཏན་ལ་ཕབ་ནས། ཡུལ་གསུམ་གསལ་བའི་ངང་དུ་ཕུར་བུ་བསྒྲིལ་ཞིང་བཏབ་པས་དགྲ་གསུམ་སྐུ་གསུམ་གྱི་ངང་དུ་བསད་པའི་མོས་པ་མཛོད། ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་འདུས་པའི་སྐུ༔ ཕུར་བུ་འདྲིལ་ཞིང་འདེབས་པར་བྱ༔ ཡུལ་གསུམ་གསལ་བ་དང་བཅས་པས༔ དགྲ་གསུམ་སྐུ་གསུམ་ངང་དུ་གསོད༔ བདུད་བཞི་སྐྱེ་མེད་ངང་དུ་བསྒྲལ༔ འཕྲང་གསུམ་དཔལ་ཆེན་རང་ངོར་སྤྲད༔ ཅེས་དང་དྲག་སྔགས་སོ་ལྔ་པ་བཟླས་ལ། ཕུར་པ་གཏད་དེ་ཕྱོགས་མཚམས་སུ་བསྒྲིལ་དུ་བཅུག་གོ །དེ་དག་གིས་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་རྩ་བའི་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ། བླ་མ་དཔལ་ཆེན་པོ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་ལ་ཁྱེད་རང་གི་ལུས་ལོངས་སྤྱོད་ཀུན་འབུལ་གྱིས་ཡོངས་སུ་བཞེས་ཏེ་ཐུགས་རྗེས་བཟུང་ནས་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པའི་སྨོན་སེམས་དང་བཅས་ཏེ་འདིའི་རྗེས་ཟློས། ཧཱུྃ༔ བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས༔ ཁྱེད་ཀྱི་ཐུགས་རྗེས་བདག་ཟུངས་ལ༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་དུ་གཞུག་ལ། ཛཿཧཱུྃ་བཾ་ཧོ༔ ནམ་མཁའ་གང་བའི་དབང་ལྷ་རྣམས་ཡི་གེ་གསུམ་གྱི་རྣམ་པར་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པ་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཡེ་ཤེས་བརྟན་པའི་ཤིས་བརྗོད་མཛད་པར་མོས་ཤིག །ཤིས་བརྗོད་གང་འོས་དང་དགེ་བསྔོ་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། རྗེས་ཚོགས་ལ་རོལ་པ་སོགས་ལས་བྱང་ལྟར་བྱའོ། །པ༵དྨ༵་ཀུན་ཏུ་འཆང་ཆེན་པོའི། །ཡེ་ཤེས་གར༵་གྱིས་རྣམ་རོལ་ལྷ། །བཀའ་འདུས་ཆོས་ཀྱི་དབ༵ང་ཕྱུག་རྣམས། །བསྒྲུབས་ནས་མཆོག་གི་གྲུབ་བརྙེས་ཤོག །ཡོངས་འདུས་ཡང་ཏིག་སྙིང་པོའི་སྒྲུབ་ཐབས་ཡོངས་འདུས་རྩ་དབང་དང་བཅས་པའི་ལེ་ཚན་ནོ།། ༈ ཨོཾ་སྭསྟི། བདེ་བ་ཆེན་པོ་འཁོར་འདས་མཉམ་པ་ཉིད། །རྟག་བརྟན་ཆེན་པོ་འགྱུར་མེད་རྡོ་རྗེའི་སྐུ །ཐུགས་རྗེ་ཆེན་པོས་འཁོར་བ་དོང་ནས་སྤྲུགས། །ཨོ་རྒྱན་ཆེན་པོ་སངས་རྒྱས་གཉིས་པར་འདུད། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས་པའི་གསོལ་འདེབས་ཉི་མ་ལྷོ་ནུབ་མའི་ཕྲིན་ལས། སྦྱོར་བ་བླ་མའི་ཕོ་བྲང་གནས་བབ་མའི་དཀྱིལ་འཁོར་རམ། མ་འཛོམ་ན་མཎྜལ་ཚོམ་བུ་ཕྱི་ནང་བརྒྱད་རིམ་གཉིས་གཙོ་བོ་དང་བཅས་པའི་ཁར་བུམ་ཐོད་མེ་ལོང་སྐུ་འབག །སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། ཚོགས་གཏོར་སོགས་འདུ་བྱས་ཏེ། ཕྲིན་ལས་དངོས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། སྔོན་འགྲོ་ཚོགས་གསག་ཡན་ལས་བྱང་ལྟར་སོང་ནས། གནས་ཁང་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་ཉིད་མོས་པའི་རྟེན་གྱུར་མདུན་གྱི་མཁར། །དུས་གསུམ་བདེ་གཤེགས་ཡི་དམ་ལྷ་ཡི་ཚོགས༔ མཁའ་འགྲོ་དམ་ཅན་ཀུན་གྱི་ངོ་བོ་ཉིད༔ པདྨ་འབྱུང་གནས་བདེར་གཤེགས་འདུས་པའི་སྐུ༔ གཅིག་ཆོག་སྐྱབས་ཀྱི་རྒྱལ་པོ་ཉིད་དུ་བཞུགས༔ དེ་ལས་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུའི་ཚུལ༔ སྤྲོས་པས་ཞིང་མཆོག་དམ་པ་ཨོ་རྒྱན་ནས༔ རྗེ་བཙུན་པདྨ་རིག་འཛིན་མཁའ་འགྲོའི་ཚོགས༔ རྟེན་དང་བརྟེན་པར་སྤྱན་དྲངས་རང་ཉིད་ཀྱི༔ འདུག་པའི་གནས་དང་སྣང་བའི་ཡུལ་ལ་ཐིམ༔ ཞེས་མོས་ལ་ཅང་ཏེའུ་འཁྲོལ་ཞིང་སྤོས་རོལ་མོས་གུས་འདུད་བཅས། ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ས་མ་ཡ་ཛ༔ ཞེས་ཅི་ནུས་ཀྱིས་གསོལ་བ་གདབ་ཅིང་བསྙེན་པའི་ཚད་ནི་ཞག་བདུན་ནོ། །ཐུན་མཐར་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་མཉམ་དུ་བཞག་གོ །གཉིས་པ་ནི། འདི་ཉིད་ཀྱི་སྒྲུབ་ཐབས་ནག་འགྲོས་དཀྱུས་སུ་བཀླག་པ་ལས་ལྷ་བསྐྱེད་སོ་སོར་གསལ་བ་མི་སྣང་ཞིང་རྟོགས་པ་དང་ལྡན་ན་དེ་ལྟར་རུང་ཡང་། རྟོགས་པ་དམན་པ་དང་དབང་གི་གལ་མདོའི་ཚིག་ཟིན་ལྟར་གསོལ་འདེབས་དང་མཐུན་པའི་ལྷ་བསྐྱེད་འདུས་པ་རྒྱུད་སྒྲུབ་ཐབས་འདིར་བླངས་ན་འབྲེལ་ཆགས་པར་སྣང་བས། ཀུན་གཞི་མ་བཅོས་རིག་པ་བྱང་ཆུབ་སེམས༔ མཐའ་དང་དབུས་མེད་རིན་ཆེན་གཞལ་ཡས་ཁང༔ རྒྱན་དང་བཀོད་པ་མ་འདྲེས་ཡོངས་སུ་རྫོགས༔ གྲུ་ཆད་བར་ཁྱམས་གློ་འབུར་འོད་ཀྱིས་མཛེས༔ ཀུན་བཟང་ཀུན་ཁྱབ་ཞིང་གི་ལྟེ་བ་ནས༔ ཡོངས་འདུ་ས་བརྟོལ་པད་སྡོང་འདབ་བརྒྱད་འབར༔ གེ་སར་ཟེའུ་འབྲུ་ཉི་ཟླ་པདྨའི་དབུས༔ ལྷ་ཆེན་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང༔ ཀུན་བཟང་རྣལ་འབྱོར་བཛྲ་ཧེ་རུ་ཀ༔ དབུ་གསུམ་མཐིང་དཀར་དམར་བའི་འོད་ཟེར་འབར༔ སྨ་ར་སྨིན་སེར་དབུ་སྐྲ་ཁམ་ནག་མཛེས༔ ཕྱག་དྲུག་དང་པོས་རྡོ་རྗེ་དྲིལ་བུ་བསྣོལ༔ བར་པས་ཁ་ཊྭཱཾ་ཐོད་ཁྲག་གང་བ་བསྣམས༔ ཐ་མས་རྔེའུ་ཆུང་རྒྱུ་ཞགས་འཁྲོལ་ཞིང་འདེབས༔ གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་བཞིའི་དང་པོ་གཡས་བརྐྱང་གཡོན་བསྐུམ་བགྲད༔ གཉིས་པ་བརྐྱང་བསྐུམ་གར་གྱི་རོལ་པར་བཞུགས༔ དཔལ་ཆེན་ཡུམ་མཆོག་ཁྲོ་མོ་དབང་ཕྱུག་སྔོ༔ ཁ་ཊྭཱཾ་ཐོད་ཁྲག་གཟིག་ཤམ་རུས་རྒྱན་མཛེས༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་འདུ་འབྲལ་མེད༔ དེ་ཡི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ ཀུན་ཏུ་བཟང་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་རྡོར་དྲིལ་བསྣོལ༔ ཀུན་བཟང་ཡུམ་ཆེན་མཚོ་རྒྱལ་པད་མདོག་འཁྲིལ༔ གྲི་གུག་ཐོད་འཛིན་དར་དང་རུས་རྒྱན་གསོལ༔ མཉམ་སྦྱོར་བདེ་བའི་ལུས་ཅན་བྱིན་གྱིས་བརླབས༔ ཡེ་ཤེས་འོད་ལྔ་མེ་དཔུང་ཀློང་ན་བཞུགས༔ ཕྱི་རིམ་འདབ་བརྒྱད་ཉི་ཟླའི་གདན་སྟེང་དུ༔ ཤར་དུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད༔ ཤར་ལྷོར་མངོན་རྫོགས་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་ཐོད་ཁྲག་ཡུམ་ལ་འཁྱུད༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་སྐུ་མདོག་མཐིང༔ འཁོར་ལོ་བེ་ཅོན་འཛིན་ཅིང་ཡུམ་ལ་འཁྱུད༔ ལྷོ་ནུབ་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་བུམ་འཛིན་ཡུམ་ལ་འཁྱུད༔ ནུབ་ཏུ་པདྨ་རྟ་མཆོག་དབང་གི་རྒྱལ༔ དམར་ནག་པདྨ་སྡིགས་མཛུབ་ཡུམ་ལ་འཁྱུད༔ ནུབ་བྱང་དབང་ཆེན་དྲེགས་པ་ཀུན་འདུལ་རྒྱལ༔ མཐིང་ནག་རྡོ་རྗེ་ཐོད་ཆེན་ཡུམ་ལ་འཁྱུད༔ བྱང་དུ་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ མཐིང་ནག་རྡོ་རྗེ་ཕུར་བུ་ཡུམ་ལ་འཁྱུད༔ བྱང་ཤར་སྟོབས་ལྡན་ནག་པོ་ཧ་ལའི་སྐུ༔ མཐིང་ནག་རྡོ་རྗེ་སྙིང་ཕྲེང་ཡུམ་ལ་འཁྱུད༔ ཀུན་ཀྱང་ཞི་དང་ཁྲོ་གར་རྒྱན་ཆས་ལྡན༔ དྲེགས་པ་ཕོ་མོ་འདུལ་བྱེད་སྟབས་ཀྱིས་བཞུགས༔ གྲུ་ཆད་བཞི་ལ་མཆོད་པའི་ལྷ་མོ་བརྒྱད༔ གསེར་ཁྱམས་རིགས་ཀྱི་མཁའ་འགྲོ་འབུམ་སྡེ་དང༔ ཁྲག་ཁྱམས་ཆོས་སྐྱོང་དམ་ཅན་སྐར་ལྟར་འཁྲུགས༔ སྒོ་བཞིར་དཔའ་བོ་སྡེ་བཞི་ཡུམ་དང་བཅས༔ ཁོར་ཡུག་རྒྱལ་ཆེན་ཕྱོགས་སྐྱོང་ཚོགས་ཀྱིས་བསྐོར༔ སྟེང་འོག་འདོད་ཡོན་སྣམ་བུ་མཁའ་འགྲོས་གཏིབས༔ གསལ་ལ་མ་འདྲེས་འཛུམ་བཞད་ཧཱུྃ་སྒྲ་སྒྲོག༔ བདེ་ཆེན་འོད་གསལ་ཐུགས་སུ་རོ་གཅིག་ཤར༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ སྲིད་པ་བཅུད་ཀྱི་སེམས་ཅན་བླ་མའི་ཚོགས༔ སྒྲ་དབྱངས་གསུང་གི་སྙིང་པོ་གྲགས་སྟོང་གསལ༔ དྲན་རིག་ཐམས་ཅད་བདེ་ཆེན་འདུ་འབྲལ་མེད༔ རང་ཤར་རང་གྲོལ་ཆོས་ཉིད་རོལ་པར་གྱུར༔ དེ་ལྟར་བདག་མདུན་གྱི་ལྷ་ཚོགས་ཆབས་ཅིག་ཏུ་གསལ་བཏབ་ལ་ཡན་ལག་བཅུ་པ་བྱ་བ་ནི། ཨེ་མ་ཧོ༔ བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་སྤྱན་དྲངས་གནས་འདིར་གཤེགས༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ནི༔ དྭངས་པའི་མཁའ་ལ་སྤྲིན་ཆགས་ལྟ་བུར་བྱོན༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ནི༔ བར་སྣང་ཆར་ཆེན་རྒྱུན་འབབ་ལྟ་བུར་བྱོན༔ ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཚོགས་རྣམས་ནི༔ ས་ལ་གནས་པའི་རྡུལ་བཞིན་ཤུགས་ཀྱིས་བྱོན༔ ཧཱུྃ་ཧཱུྃ༔ རིན་ཆེན་འོད་འབར་འཇའ་ཚོན་འཁྱིལ་པའི་གནས༔ གྲུ་བཞི་སྒོ་བཞི་རྟ་བབ་རྒྱན་ལྡན་པའི༔ དབུས་སུ་བཻ་ཌཱུར་འོད་ལྔའི་ས་གཞི་ལ༔ པད་སྡོང་ཟླ་ཉི་བམ་ཆེན་གདན་སྟེང་དུ༔ འཛུམ་བཞད་དགྱེས་པའི་ཉམས་ལྡན་བཞུགས་སུ་གསོལ༔ ཧཱུྃ༔ ཕོ་བྲང་དབུས་ཀྱི་རྡོ་རྗེ་སློབ་དཔོན་ཁྱོད༔ རང་གིས་རེ་ལྟོས་གྱུར་པའི་བླ་མ་རྣམས༔ མ་ལུས་གཅིག་འདུས་རྒྱལ་བ་འདུས་པའི་སྐུ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཧཱུྃ་ཧཱུྃ༔ ཕྱི་མཆོད་འདོད་ཡོན་རྣམ་ལྔ་གཙང་ཞིང་མཛེས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང༔ སྨན་གཏོར་རཀྟ་གསེར་སྐྱེམས་དང་རེ་སྤྲོ༔ དགྱེས་མཛད་ལྷ་མོའི་ཚོགས་དང་བཅས་ལ་འབུལ༔ ཧཱུྃ་ཧཱུྃ༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་བཅུ་དང་མཚམས་མེད་ཆེན་པོ་ལྔ༔ ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད༔ རང་བཞིན་བཅས་དང་འགལ་བའི་ཉེས་ཀུན་བཤགས༔ ཧཱུྃ་ཧཱུྃ༔ སོ་སོ་སྐྱེ་བོ་འཕགས་པའི་ཚོགས་རྣམས་དང༔ སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་གྱི༔ དུས་གསུམ་ཟག་མེད་དགེ་ཚོགས་ཐམས་ཅད་ལ༔ དད་པས་རྗེས་སུ་ཡི་རང་འབུལ་བར་བགྱི༔ ཧཱུྃ་ཧཱུྃ༔ བླ་མ་རིག་འཛིན་བདེ་གཤེགས་མཁའ་འགྲོ་དགོངས༔ འགྲོ་རྣམས་ལས་དང་མ་རིག་རྐྱེན་དབང་གིས༔ ཆོས་ཀྱིས་ཕོངས་པ་མུན་འཐོམས་འཁྱམས་གྱུར་ན༔ ཐེག་གསུམ་སྔགས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ཧཱུྃ་ཧཱུྃ༔ གང་ཞིག་གདུལ་བྱའི་སྤྱོད་པར་ཐུགས་ཆད་ཅིང༔ དུས་ལས་ཡོལ་བར་ཞིང་ཁམས་གཞན་རྣམས་སུ༔ གཤེགས་པར་དགོངས་པའི་སྐྱེས་ཆེན་ཐམས་ཅད་ཀྱང༔ སྲིད་མཚོ་བསྒྲལ་སླད་ཡུན་དུ་བཞུགས་སུ་གསོལ༔ ཧཱུྃ་ཧཱུྃ༔ བདག་གཞན་དགེ་བའི་ལོ་ཏོག་ཇི་སྙེད་ཀུན༔ ཡུན་གྱི་དགེ་བས་འགྲོ་ཀུན་ཚིམ་བྱའི་དོན༔ སྙིང་པོ་མཆོག་གི་ས་ལ་རྒྱས་བྱའི་ཕྱིར༔ འཁོར་གསུམ་མི་དམིགས་ཀུན་བཟང་ཀློང་དུ་བསྔོ༔ ཧཱུྃ་ཧཱུྃ༔ མ་དག་ལས་ངན་རྐྱེན་གྱི་སྣང་བ་ཡིས༔ འཁོར་བ་ཟོ་ཆུའི་ཀློང་དུ་ཆུད་གྱུར་ནས༔ ཐར་པའི་དུས་མེད་འགྲོ་བ་རིགས་དྲུག་ཚོགས༔ རང་གྲོལ་རྫོགས་པའི་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ༔ བདག་ནི་དུས་འདི་ནས་བཟུང་སྙིང་པོའི་བར༔ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ སྤངས་པ་མཐར་ཕྱིན་རྟོགས་པའི་ཡེ་ཤེས་རྒྱས༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ སངས་རྒྱས་གསུང་ལས་སྤྲུལ་པའི་ཡིག་འབྲུར་ཤར༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ སར་གནས་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆི༔ གདུལ་བྱ་འདུལ་ཕྱིར་ཕྲིན་ལས་བཞི་སྟོན་པའི༔ ཆོས་སྐྱོང་དམ་ཅན་ཚོགས་ལ་སྐྱབས་སུ་མཆི༔ ཨེ་མ་ཧོ༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་དྲུག་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོག༔ ཧོ༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་རྟོགས་པར་བྱིན་གྱིས་རློབས༔ མཆོད་པའི་མཎྜལ་དངོས་འབྱོར་ཡིད་སྤྲུལ་གྱིས་ཕུལ་ལ། ན་མོ༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དབུས༔ མཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་ལྡན༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་བརྒྱན༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མ་དཀོན་མཆོག་གསུམ་ལ་གུས་པས་འབུལ༔ བདག་གི་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ན་མོ༔ འཇིག་རྟེན་ལས་ཀྱིས་བསྡུས་པའི་བར་དོ་རུ༔ བདག་ལུས་ཤིན་ཏུ་གཅེས་པར་འཛིན་པ་ནི༔ ཡུལ་འཁོར་ལོངས་སྤྱོད་འདོད་པའི་ར་བར་བཅས༔ བྱམས་པའི་ཕ་མ་མཛའ་བའི་གྲོགས་རྟེན་དང༔ བུ་དང་བུ་མོ་བརྩེ་བའི་འཁོར་གྱིས་བསྐོར༔ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡན༔ བཀྲག་མདངས་ཁ་དོག་རང་འོད་མཛེས་པས་བརྒྱན༔ འཛིན་པའི་ཡིད་ཀྱིས་གཅེས་པར་བཟུང་བ་ཡི༔ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་རྣམས༔ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པའི་ཡེ་ཤེས་ཆེན་པོ་བསྟན་དུ་གསོལ༔ ཧཱུྃ༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དབུས༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་སྒོ་ལྔ་བརྟེན་པས་མཐའ་རྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བསྐོར༔ ཤ་ཁྲག་རུས་པ་ནང་ཁྲོལ་ལོངས་སྤྱོད་ལྡན༔ མིག་གཉིས་དྭངས་མའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ལོངས་སྤྱོད་རྒྱས་པའི་སྒྱུ་ལུས་འདི༔ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ༔ བདག་གི་ཡིད་འཁྲུལ་སྣང་བ་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ དེ་ནས་སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ སོགས་ནས། ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ལ་གསོལ་བ་འདེབས༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ལན་གྲངས་གང་ནུས་བརྗོད་ལ། བཟླས་པ་ནི། བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ བྱང་སེམས་འོད་ཀྱི་ཆུ་རྒྱུན་བབས༔ སྤྱི་བོར་བབས་པས་བུམ་དབང་ཐོབ༔ མགྲིན་པར་བབས་པས་གསང་དབང་ཐོབ༔ སྙིང་གར་བབས་པས་ཤེར་དབང་ཐོབ༔ ལྟེ་བར་བབས་པས་བཞི་པ་ཐོབ༔ སྒྲིབ་བཞི་དག་ཅིང་རྒྱུད་བཞི་སྨིན༔ སྐུ་བཞི་ཐོབ་པའི་སྐལ་ལྡན་བྱས༔ ཞེས་མོས་ལ། བཛྲ་གུ་རུ་བརྒྱ་རྩ་བརྒྱད་བཟླ། བླ་མ་ཡབ་ཡུམ་གནས་གསུམ་བྱོན༔ ལུས་ངག་ཡིད་གསུམ་གསལ་བརྟན་བྱས༔ བདག་ཉིད་དཔལ་གྱི་ཐུགས་ཀ་རུ༔ འདབ་བརྒྱད་པདྨའི་དབུས་ཉིད་དུ༔ སྤྱན་དྲངས་སྐུ་ལ་སེམས་གཏད་དེ༔ སྐུ་ཡི་སྦྱོར་མཚམས་འོད་ཟེར་གྱིས༔ ལྷུན་གྱིས་གྲུབ་པའི་རྩ་རྣམས་ཀུན༔ བུམ་དབང་སྤྲུལ་སྐུའི་ལྷ་རུ་བསྒོམ༔ འོད་ཟེར་སྔགས་ཀྱི་རང་སྒྲ་ཡིས༔ ལས་རླུང་གསང་དབང་ལོངས་སྐུར་བསྒོམ༔ ཐིག་ལེ་བདེ་སྟོང་ཡེ་ཤེས་ཀྱིས༔ ཤེར་དབང་ཆོས་སྐུའི་ལྷ་རུ་བསྒོམ༔ ཟུང་འཇུག་འོད་ལྔའི་ཐིག་ལེ་ཡིས༔ དྭངས་མའི་རླུང་ཆེན་ངོ་བོ་ཉིད༔ གདལ་ཁྱབ་མངོན་པར་བྱང་ཆུབ་གྱུར༔ ཅེས་མོས་ལ་སྙིང་པོ་ཅི་ནུས་བཟླ །དབང་གི་སྐབས་བུམ་ཐོད་བྱིན་རླབས་ཀྱི་བཟླས་པའང་བྱ། དེ་ནས་མཆོད་པའི་ཡོ་བྱད་བདུད་རྩིས་བྲན་ལ། ལས་བྱང་ལྟར་མཆོད་པ་བྱིན་བརླབས། འབྲུ་གསུམ་ལན་གསུམ་བརྗོད་དེ། དང་པོ་སྤྱན་དྲང་བ་ནི་ཐོད་རྔ་འཁྲོལ་ལ། ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེར་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཅོག་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔ་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་པ་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོ་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མཆོད་ཚོགས་བྱིན་གྱིས་བརླབས་ནས་འབུལ་བ་ནི། ཨོཾ་ཨོཾ་ཨོཾ་སྤྲོས་ཚོགས་ཀྱི་སྐྱོན་རྣམས་ཀུན༔ བསྲེགས་སྦྱངས་སྟོང་པ་ནམ་མཁའི་དཀྱིལ་ལྟར་གྱུར༔ ཨཱཿཨཱཿཨཱཿསྤྲོས་སྨན་རཀ་བདུད་རྩིའི་རྫས༔ སྟོང་གསུམ་སྣོད་ནང་ཟག་མེད་བཅུད་ཀྱིས་གང༔ ཧཱུྃ་ཧཱུྃ་ཧཱུྃ་སྤྲོས་ཕྱི་ནང་མཆོད་པའི་སྤྲིན༔ རྡུལ་ཕྲན་རབ་འབྱམས་ལྷ་མོས་རྩ་གསུམ་མཆོད༔ ཧྲཱིཿཧྲཱིཿཧྲཱི༔ ཚོགས་ཁང་རིན་ཆེན་སྨན་གྱི་ཆག་ཆག་གདབ༔ སྣ་ཚོགས་རྒྱན་ཕྲེང་དར་གྱི་ཡོལ་བ་བྲེས༔ རྩ་བ་གསུམ་གྱི་ལྷ་ཚོགས་བྱོན་ནས་ཀྱང༔ པད་སྡོང་ཉི་ཟླ་དར་ཁྲིར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བླ་མ་པདྨ་ཐོད་ཕྲེང་རྩལ༔ གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས༔ ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་མཆོད་འབུལ༔ བ་ལིཾ་དར་གྱི་རྒྱན་ལྡན་མཆོད་པ་འབུལ༔ འཆི་མེད་སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ བདེ་ཆེན་རིག་མ་དགའ་བཞིའི་མཆོད་པ་འབུལ༔ འོད་གསལ་ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་ཚོགས་རྣམས་མཆོད་པ་བཞེས༔ བདེ་ཆེན་རྒྱལ་བ་རྒྱ་མཚོ་མཆོད་པ༴ མཁའ་འགྲོ་ཞིང་སྐྱོང་རྒྱ་མཚོ་མཆོད༴ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་མཆོད༴ དམ་ཅན་བཀའ་སྲུང་གཏེར་བདག་མཆོད༴ དུས་གསུམ་ཕ་མ་རིགས་དྲུག་མཆོད༴ བགེགས་རིགས་ལན་ཆགས་གདོན་རིགས་མཆོད་པ་བཞེས༔ ཐམས་ཅད་ཐིག་ལེ་བྱང་ཆུབ་ཆེན་པོའི་ངང༔ ཀུན་བཟང་ཡངས་པའི་ཀློང་དུ་མཆོད་པ་བཞེས༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་ནི༔ རི་རྒྱལ་ལྷུན་པོ་བས་ཀྱང་བརྗིད་རེ་ཆེ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱིས་ཐིག་གདབ་དམར་གྱིས་གུར་ཕུབ་པ༔ ཉི་ཟླ་གཟའ་སྐར་བས་ཀྱང་འོད་རེ་གསལ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེངས་པ་འདི༔ རྒྱ་མཚོའི་མཆིང་སྣམ་བས་ཀྱང་གཏིང་རེ་ཟབ༔ བདུད་རྩི་སྨན་མཆོད་གཏོར་མར་སྦྲན་པ་ནི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་རྟ་དང་གླང་ཆེན་བ་ལང་དང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་རྣམ་ལྔ་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་སྣ་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མར་བཅས༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འདི་དག་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ ཚོགས་མཆོད་བཞེས་ལ་མི་མཐུན་རྐྱེན་གྱི་ཚོགས༔ ཆག་ཆེན་ཉམ་ང་རྣམ་རྟོག་ཞི་བར་མཛོད༔ ཚེ་དཔལ་ལོངས་སྤྱོད་རྩ་རླུང་ཉམས་རྟོགས་སྤེལ༔ མོས་པ་བཞི་པོ་བདག་གི་དབང་དུ་མཛོད༔ གདུག་ཅན་དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་མཆོག་གི་ནི༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་སརྦ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ། བཀའ་སྲུང་གི་གཏོར་ཆོག་བྱ། ཧཱུྃ་ཧྲཱི༔ མཉམ་མེད་བླ་མ་སོགས་ཀྱིས་དབང་དང་དངོས་གྲུབ་བླང་། དབང་གི་སྐབས་ལས་བུམ་བསྒྲུབ་བོ། །གསུམ་པ་ནི། སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད་པ་ན་བགེགས་གཏོར་བཏང་ཞིང་མཚམས་སྲུང་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། སྐབས་སུ་བབས་པ་འདི་ནི། དབྱིངས་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། གསང་ཆེན་བཀའི་སྡུད་པོ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ། ཚིག་ཉུང་ལ་དོན་འདུས་པ། དོན་ཟབ་ལ་བྱིན་རླབས་ཆེ་བ། གུ་རུ་ཉིད་ལ་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་ནམ་མཁའི་སྤྲིན་ལྟར་གཡོ་ནུས་པ། བདག་ཐ་མལ་པ་རྣམས་ཀྱིས་བོད་ཡུལ་དུ་གསོལ་བ་བཏབ་པས། གུ་རུ་ཉིད་སླར་ཨོ་རྒྱན་དུ་གཤེགས་པའི་དུས་སུ་ཨོ་རྒྱན་མཁའ་འགྲོའི་གླིང་ནས་ཐུགས་རྗེས་བོད་ཀྱི་དད་པ་ཅན་གྱི་གནས་སུ་བྱོན་ཏེ་བྱིན་གྱིས་རློབ་ནུས་པ་ཞིག་ཞུས་པ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཐུགས་རྗེའི་རྩལ་སྤྲུགས་ཏེ་གནང་བ་གསོལ་འདེབས་ཉི་མ་ལྷོ་ནུབ་མའི་སྒྲུབ་ཐབས་རིག་འཛིན་སྤྱི་སྒྲུབ་ཡང་ཏིག་ནོར་བུ་དང་འབྲེལ་བའི་སྨིན་བྱེད་སྒྲུབ་པ་ལ་བདག་གི་བྱ་བ་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཨཱཿཁཾ་བཱི་ར་ཧཱུྃ། ཞེས་པས་མིག་དར་དང་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། ཞུ་དོན་གནང་བ་སྦྱིན་པ་དང་དམ་ཚིག་བསྒྲགས་པ་འདི་ལ་སྙན་གཏོད་ཅིག །ཧོ༔ བུ་ཁྱོད་ང་ལ་ལེགས་པར་ཉོན༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ དམ་ཚིག་ཉམས་ན་བརླག་པར་འགྱུར༔ དམ་ཚིག་བསྲུང་ན་དབང་བསྐུར་སྦྱིན༔ དམ་ཚིག་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བླ་མེད་མཆོག་གི་དཀྱིལ་འཁོར་འདིར༔ སྔོན་ནས་དད་པའི་སྐལ་ལྡན་བདག༔ ལུས་དང་སྲོག་ལ་མི་ལྟོས་པས༔ དམ་ཚིག་མཆོག་བསྲུང་དབང་བསྐུར་སྩོལ༔ མདུན་བསྐྱེད་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་། གཞན་ཡང་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ་བཞུགས་པའི་དྲུང་དུ་ཕྱག་མཆོད་སྡིག་པ་བཤགས་པ་སོགས་གསག་སྦྱོང་སྙིང་པོར་བསྡུས་པ་བགྱི་བའི་ཚིག་རྗེས་སུ་དོན་དྲན་པས་ཡན་ལག་བཅུ་པ་འདིའི་རྗེས་ཟློས། སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་དང༔སོགས་ལས་བྱང་ལྟར་ལན་གསུམ། སྐྱབས་ཡུལ་མཐར་ཐུག་ཏུ་གྱུར་པ་དེ་དག་ལ་བདག་གཞན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། སྙིང་རྗེ་ཆེན་པོས་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ལས་བྱང་ལྟར་སྐྱབས་སེམས་ཀྱི་རྗེས་ཟློས་གསུམ་གསུམ་བྱ། ཡོན་ཏན་ཀུན་གྱི་གཞི་དང་རྩ་བར་གྱུར་པ་སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ཏེ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མཆོག་གསུམ་ཡི་དམ་ལྷ༔ བྱང་ཆུབ་སེམས་དཔའ་མཁའ་འགྲོར་བཅས༔ ཕྱོགས་དུས་ཀུན་ན་བཞུགས་པ་རྣམས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་རྡོ་རྗེ་སེམས༔ དུས་འདི་ནས་ནི་ཡོངས་བཟུང་ནས༔ ཇི་སྲིད་བྱང་ཆུབ་མཆོག་གི་བར༔ ལུས་ངག་སེམས་ཀྱི་སྡོམ་པ་ནི༔ སོ་ཐར་བྱང་སེམས་གསང་བ་སྔགས༔ དེ་དག་ཚུལ་བཞིན་བཟུང་བར་བགྱི༔ བདེ་གཤེགས་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་རིགས་མཆོག་གི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་ཐམས་ཅད་བསྒྲལ༔ མ་གྲོལ་ཀུན་ནས་དགྲོལ་བར་བགྱི༔ དབུགས་མ་ཕྱིན་པ་དེ་དག་ཀྱང༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དེ་ལྟར་ཐོབ་ལ་སྤྲོ་བའི་ཡིད༔ རབ་ཏུ་བརྟན་པོར་བཟུང་བར་བགྱིའོ༔ དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཐུགས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛད་འཚལ། ཁྱེད་རང་རྣམས་ཀྱི་སྙིང་གི་ནང་དུ་འབྱུང་བ་བཞིའི་དྭངས་མའི་རླུང་གཅིག་ཏུ་འཁྱིལ་པའི་གཡུང་དྲུང་རིས་དམར་པོ་བདེ་དྲོད་ཀྱི་རང་བཞིན། ཟུར་བཞིར་ཡེ་ཤེས་བཞིའི་ངོ་བོ་ཧ་རི་ནི་ས། དབུས་སུ་ཡེ་ཤེས་ལྔ་གཅིག་ཏུ་འདུས་པ་དྭངས་མའི་སྙིང་པོ་ཀུན་རྫོབ་དོན་དམ་གྱི་བྱང་ཆུབ་སེམས་དབྱེར་མེད་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་པདྨ་རཱ་གའི་མདོག་ཅན༔ བདེ་བ་ཆེན་པོའི་དྲོད་ཀྱིས་ཕྱི་ནང་གི་ཁམས་གསུམ་པོ་བདེ་གསལ་མི་རྟོག་པའི་རང་བཞིན་དུ་བྱིན་གྱིས་རློབ་པ། དེ་དག་གི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་འོད་ཕུང་ལྗང་གུར་འཁྱིལ་བའི་ཤུགས་ཀྱིས་བསྐུལ་ཏེ་གཡུང་དྲུང་གཡས་དང་གཡོན་དུ་འཁོར། རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པའི་ཐུགས་ཀྱི་གསང་བར་འཕྲོས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གཙོ་འཁོར་རྣམས་ལས་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་མ་ལུས་ལུས་པ་མེད་པ་ཐམས་ཅད་ཀུན་ཏུ་རབ་ཏུ་གཡོས་ཤིང་བསྐུལ་བས། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཐིམ། སྟེང་འོག་གི་རླུང་ཁ་སྦྱོར་གྱི་ཤུགས་ཀྱིས་གཡུང་དྲུང་དྲག་ཏུ་འཁོར་ཞིང་རྣལ་འབྱོར་མ་མི་གཡོ་བའི་སྐུ་ལས་འཕྲོས་པའི་བདེ་དྲོད་ཀྱིས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོས་ཁྱབ་པ་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །འབེབ་རྫས་དབྱངས་རོལ་སྦྱར་ནས། ཚིག་བདུན་གསོལ་འདེབས་དང་། བཞེངས་ཤིག་པདྨའི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ ཨཱ་བེ་ཤ་ཡ༔ ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ༔ ཨ་ཛྷཱེཾ༔ ཞེས་དྲག་ཏུ་དབབ་ལ་ངོ་སྤྲོད་པ་ནི། དེ་ལྟར་བྱིན་དབབ་པའི་མཐུ་ལས་རང་བྱུང་གི་ཡེ་ཤེས་འབེབས་པའི་ཉམས། བདེ་བ་སྐྱེས་ན་བུམ་པའི་དབང་སྟེ་འདོད་ཁམས་དག་པ་སྤྲུལ་སྐུ །རྟགས་འཕར་གཡོ་ལྡེག་པ། གསལ་བ་ཤར་ན་གསང་དབང་སྟེ་གཟུགས་ཁམས་དག་པ་ལོངས་སྐུ །རྟགས་སྨྲ་བརྗོད་ངུ་དགོད། མི་རྟོག་རང་ཤར་ཤེར་དབང་སྟེ་གཟུགས་མེད་དག་པ་ཆོས་སྐུ། རྟགས་བདེ་གསལ་མི་རྟོག་པ། ཉམས་རྟོགས་སྒོ་གསུམ་ལ་སྐྱེས་པ་དེ་དག་རེ་རེ་ལའང་གསལ་བ་དང་ཤིན་ཏུ་གསལ་བ་དང་རབ་ཏུ་གསལ་བ་ནི་རིམ་བཞིན་སྐུ་གསུང་ཐུགས་ཡིན་ལ། དེ་ལྟར་རྣམ་པར་དབྱེ་བ་དགུ་པོའང་ཡེ་ཤེས་གཅིག་གི་ངོ་བོར་དབྱེར་མེད་ངོ་བོ་ཉིད་སྐུ་ཟུང་འཇུག་ཚིག་གི་དབང་དམ་ཡེ་གཉིས་མེད་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་སྟེ། དེ་དག་གོམས་ཤིང་རྟོགས་པས་ལུས་ངག་ཡིད་གསུམ་སྨིན་ཅིང་འཆིང་བ་ཀུན་དང་བྲལ་ནས་སྐུ་བཞི་མངོན་དུ་འགྱུར་བ་ནི། ཇི་སྐད་དུ། ཡང་དག་ཡེ་ཤེས་ཟླ་འོད་བཟང༔ གཉིས་མེད་ཡེ་ཤེས་འཆང་བའི་ཚུལ༔ རྣམ་པ་སངས་རྒྱས་ཀུན་རིག་པ༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ ཅེས་གསུངས་པ་ལགས་པས་འདི་ནི་དབང་བཞིའི་རྩ་བ་མཚུངས་ལྡན་དབང་དོན་གྱི་དངོས་གཞི་ཡིན་པས་སྤྱོད་ལམ་རྣམ་བཞིར་འབྲལ་མེད་དུ་བསྒོམ་པ་ཡིན་ནོ། །དབང་གི་ཡེ་ཤེས་དེ་ཉིད་གཙོ་བོར་གྱུར་པའི་བརྡ་དོན་མཐའ་དག་གི་གསང་བ་བསྲུང་ཞིང་དམ་ཚིག་ལས་མི་འདའ་བ་བྲོས་བསྒགས་པའི་དོན་རྟོགས་པར་མཛོད་ཅིག །རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ཨ་མྲྀཏ་ཁར་སྦྱིན་ཏེ། ཧཱུྃ༔ འདི་ཉིད་དམ་ཚིག་རྡོ་རྗེའི་ཆུ༔ ཐུངས་ཤིག་དངོས་གྲུབ་ཀུན་ཐོབ་འགྱུར༔ ཡེ་ཤེས་རྡོ་རྗེ་བརྟན་པའི་ས༔ ཉམས་ན་དམྱལ་བ་ཉིད་དུ་འོ༔ ས་མ་ཡ་ན་ར་ཀན༔ ལས་ཀྱི་རྡོ་རྗེས་ཕྱག་གི་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་དྲངས་པར་མོས་ཤིག །ཧཱུྃ་ཛཿཛ༔ ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ༔ འཇུག་པར་འདོད་པའི་བུ་ཚུར་ཤོག༔ འདི་ན་བདེ་གཤེགས་རིག་འཛིན་གྱི༔ ལྷ་དང་མཁའ་འགྲོ་དམ་ཅན་བཞུགས༔ ཡོལ་བ་བསལ། སྔགས་ཀྱི་དངོས་གྲུབ་དང་ཡེ་ཤེས་བསྐུལ་བའི་ཕྱིར་དཀྱིལ་འཁོར་ལ་བསྐོར་བ་བྱས་པར་མོས་ལ་གསོལ་འདེབས་ཀྱི་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧྲཱིཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་ཕྱེས་ཏེ་སོ་སོ་ནས་ལྷ་ལ་ཕྱག་འཚལ་བར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཤར་གྱི་སྒོ་ནས་རིགས་དང་འབྲེལ་བའི་ལྷ་ལ་འབུལ་བའི་བློས་ཚིག་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་འདོར་བར་ཞུ། ཧོ༔ སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ༔ སྒྲུབ་པའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རིག་པ་ཡེ་ཤེས་ཆེན་པོ་ཡི༔ སྔགས་ཀྱི་མེ་ཏོག་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ དེ་ལྟར་ཕུལ་བས་གང་ལ་བབས་པའི་རིགས་ཀྱི་ལྷ་དང་གསང་བའི་མཚན་ནི་རྩ་བ་རྡོ་རྗེའི་གསུང་ལས། འདོད་ཁམས་བུམ་པ་རྡུལ་ཚོན་ལ༔ བབ་ན་བུདྡྷ་ཐོད་ཕྲེང་རྩལ༔ གཟུགས་ཁམས་ཐོད་པའི་དཀྱིལ་འཁོར་ལ༔ བབ་ན་པདྨ་ཐོད་ཕྲེང་རྩལ༔ གཟུགས་མེད་དག་པ་མེ་ལོང་གི༔ སིནྡྷུ་ར་ལ་བབ་གྱུར་ན༔ བཛྲ་ཐོད་ཕྲེང་མིང་དང་སྔགས༔ ཐམས་ཅད་འདུས་པ་ཡེ་ཤེས་ཀྱི༔ དཀྱིལ་འཁོར་སྐུ་འབག་ལ་ཕོག་ན༔ ཀུན་བཟང་རྡོ་རྗེ་རིག་པ་རྩལ༔ གལ་ཏེ་སྐུ་འབག་དེ་ཉིད་ཀྱི༔ གནས་ལྔ་གང་ལ་བབ་པ་ཡི༔ རིགས་དང་མཐུན་པར་མིང་ཡང་གདགས༔ སྐུ་ཀུན་ཁྱབ་པར་བབ་པ་ན༔ ཡེ་ཤེས་རྡོ་རྗེ་ཐོགས་མེད་རྩལ༔ ཅེས་གསུངས་པ་ལྟར་སོ་སོར་ངེས་པར་ཞུ། ཐུར་མས་མིག་དར་བསལ་ལ། ཧོ༔ ལེགས་འོང་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ རྩ་གསུམ་བདེ་གཤེགས་དཀྱིལ་འཁོར་བསྟན༔ དགའ་དང་འདུན་པ་སྤྲོ་སེམས་ཀྱིས༔ དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ རྩེ་གཅིག་རྟག་ཏུ་མཉམ་པར་བྱོས༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དེ་ལྟར་མིག་དགབ་པའི་བརྡས་མཚོན་ནས་ཡེ་ཤེས་མཐོང་བ་ལ་སྒྲིབ་པའི་ལྷན་སྐྱེས་ཀྱི་མ་རིག་པ་བསལ་བས་རང་བྱུང་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། ཧོ༔ སྒྱུ་མའི་ལུས་འདི་རང་བྱུང་ཡང༔ འཁྲུལ་རྟོག་རྩ་ཡིས་ཀུན་ཏུ་བཅིངས༔ རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ཏེ༔ འདོད་པའི་ཁམས་ལས་རྣམ་གྲོལ་བའི༔ རྡུལ་ཚོན་རྫས་དང་བུམ་པ་ནི༔ རྣམ་དག་ཡེ་ཤེས་ངང་དུ་ལྟོས༔ ཧོ༔ གྲགས་སྟོང་སྔགས་འདི་རང་བྱུང་ཡང༔ འཁྲུལ་རྟོག་རླུང་གིས་ཀུན་ནས་བཅིངས༔ རྣམ་དག་ལོངས་སྐུའི་ད་ལ་ནི༔ གསལ་བ་བདེ་ཆེན་ཡེ་ཤེས་ཏེ༔ གཟུགས་ཀྱི་ཁམས་ལས་རྣམ་གྲོལ་བའི༔ རང་བྱུང་ཐོད་པ་རྫས་ཀྱི་ལྷ༔ རྣམ་གྲོལ་ཡེ་ཤེས་ངང་དུ་ལྟོས༔ ཧོ༔ བདེ་སྟོང་ཁམས་འདི་རང་བྱུང་ཡང༔ འཁྲུལ་རྟོག་ཡིད་ཀྱིས་ཀུན་ནས་བཅིངས༔ རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ནི༔ མི་རྟོག་ཆེན་པོའི་ཡེ་ཤེས་ཏེ༔ གཟུགས་མེད་ཁམས་ལས་རྣམ་གྲོལ་བའི༔ དྭངས་གསལ་མེ་ལོང་སིནྡྷུ་ལྟར༔ རྣམ་མཁྱེན་ཡེ་ཤེས་ངང་དུ་ལྟོས༔ ཧོ༔ རིག་སྟོང་སྐྱོན་བྲལ་རང་བྱུང་ཡང༔ གློ་བུར་ལས་དང་བག་ཆགས་བཅིངས༔ རྣམ་མཁྱེན་རིག་པའི་དཀྱིལ་འཁོར་ནི༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ཏེ༔ ཁམས་གསུམ་པ་ལས་གྲོལ་བ་ཡི༔ རང་རིག་བླ་མ་མཆོག་གི་ལྷ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ལྟོས༔ བལྟས་པས་ཕྱི་རོལ་བརྡ་མཚོན་ལ༔ དོན་གྱི་ཡེ་ཤེས་གསལ་བར་མཐོང༔ མཚམས་མེད་ལྔ་བྱང་ཡེ་ཤེས་ཐོབ༔ ཆོས་ཉིད་མངོན་སུམ་མཐོང་བའི་ཕྱིར༔ ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ༔ མ་ལུས་མཐར་ཕྱིན་མཐོང་ལམ་ཡིན༔ རྟག་ཏུ་བདེ་གསལ་མི་རྟོག་པའི༔ ཡེ་ཤེས་ཉིད་ལ་ལྟ་བར་བྱོས༔ ཐམས་ཅད་ཡེ་ཤེས་ཆོ་འཕྲུལ་ཏེ༔ སྔངས་སྐྲགས་ལོགས་སུ་མ་རྟོག་བུ༔ མ་རྟོགས་འཆིང་བ་ཆེན་པོ་སྟེ༔ རྟོགས་ན་གྲོལ་བ་ཉིད་དུ་འགྱུར༔ དེ་དག་གིས་འཇུག་པའི་ཆོ་ག་གྲུབ་པ་ལགས། དབང་བསྐུར་དངོས་གཞི་ཞུ་བའི་དོན་དུ་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་པདྨའི་སྟན་ལ་འཁོད་དེ། ཕྱི་ལྟར་རི་རབ་གླིང་བཞི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་གང་བ་ཡིད་ཀྱིས་སྤྲུལ་ཏེ་འབུལ་བར་དམིགས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི༔ རྣམ་དག་ཡེ་ཤེས་བཀོད་པའི་ཞིང་ཁམས་སུ༔ རིན་ཆེན་སྣ་ཚོགས་འདོད་ཡོན་རྒྱ་མཚོའི་སྤྲིན༔ ཡོངས་སུ་བཀང་པའི་མཎྜལ་རབ་འབྱམས་རྣམས༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ རཏྣ་མཎྜལ་པཱུ་ཛ་ཧོ༔ སླར་ཡང་ནང་ལྟར་ཡུལ་འཁོར་ནོར་རྫས་ལ་སོགས་པ་བདག་གིར་བཟུང་བའི་དངོས་པོ་ཐམས་ཅད་འབུལ་བའི་བློས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་གིས་བདག་ཏུ་བཟུང་བའི་ཡུལ་ནོར་འཁོར༔ རབ་ཏུ་གཅེས་དང་ཡིད་ལ་འཐད་པ་རྣམས༔ སྙིང་པོ་མེད་ལས་སྙིང་པོའི་དོན་རྟོགས་ཕྱིར༔ ཞེན་པ་སྤངས་ལ་འབུལ་གྱིས་བཞེས་སུ་གསོལ༔ རཏྣ་མཎྜལ་པཱུ་ཛ་ཧོ༔ གསང་བ་བདག་ལུས་གཟུགས་ཀྱི་ཕུང་པོ་ཚོགས་སུ་འབུལ་བ་ནི་ངེད་ཀྱིས་ཇི་ལྟར་བརྡ་སྤྲད་པའི་དམིགས་རིམ་ལ་འཇུག་པར་ཞུ། ཨཱ༔ རིག་པ་སྙིང་ནང་ནས་བྱུང་བའི༔ རང་རིག་རྡོ་རྗེ་རྣལ་འབྱོར་མས༔ རྣམ་པར་སྤྲུལ་པའི་ཡེ་ཤེས་ལས༔ མདུན་དུ་མི་མགོའི་སྒྱེད་བུ་གསུམ༔ རྣམ་པར་ཤར་བས་འཇིག་རྟེན་གང༔ བདག་གི་ཕྱག་གཡས་གྲི་གུག་གིས༔ བདག་ལུས་ཟག་བཅས་ཕུང་པོ་ཡི༔ སྨིན་མཚམས་ནས་བཅད་སྟེང་དུ་བཀབ༔ ལུས་ཀུན་ཕྱེ་མར་རབ་ཏུ་གཏུབས༔ ཕྱག་གཡོན་ཐོད་པ་དང་བཅས་ཏེ༔ བསྡུས་ནས་ཐོད་པ་རབ་ཏུ་བཀང༔ དེ་སྟེང་ཟླ་སྟེང་རྡོ་རྗེ་དཀར༔ རྩེ་ལྔ་དབུས་ཀྱི་རྭ་རྩེར་ཨོཾ༔ ནང་དུ་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱཿ ཤ་ལྔ་ཡེ་ཤེས་ལྔ་དང་ལྡན༔ དེ་དང་ལྷན་ཅིག་གནས་པ་ཡི༔ མཱུྃ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་ལྔ༔ བདུད་རྩི་སྐུ་ལྔར་ལྷུན་གྱིས་གྲུབ༔ ནད་སེལ་དུག་སྦྱང་ཡེ་ཤེས་སྤེལ༔ འཁོར་བ་དག་པའི་བཅུད་དུ་བསམ༔ འོག་ཏུ་རང་བྱུང་རང་འབར་བའི༔ ཡཾ་རཾ་ལས་བྱུང་མེ་རླུང་གིས༔ ཐོད་རྫས་བཀོལ་ཞིང་ཡེ་ཤེས་ལྔའི༔ རླངས་པ་འོད་ཟེར་ལྔ་ལྡན་གྱིས༔ ཕྱོགས་བཅུའི་སངས་རྒྱས་རབ་འབྱམས་ཀྱི༔ ཞིང་ཁམས་ཀུན་ཏུ་ཁྱབ་པའི་དྲི༔ བདེ་བ་ཆེན་པོར་རབ་ཏུ་འཕྲོས༔ སླར་ཡང་ཡེ་ཤེས་བདུད་རྩིའི་རྒྱུན༔ ནམ་མཁའ་གང་བའི་ཆར་ལྟར་བཀུག༔ རྡོ་རྗེ་ལ་ཐིམ་དེ་ཉིད་ཀྱིས༔ གཡས་སུ་ལན་གསུམ་དཀྲུགས་པ་ལས༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་འབར༔ ཁམས་གསུམ་དག་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཕེཾ༔ རང་རིག་རྡོ་རྗེ་རྣལ་འབྱོར་མས༔ རྣམ་པར་སྦྱངས་རྟོགས་སྤར་བྱས་པའི༔ བདུད་རྩིའི་འོད་ཀྱིས་སྤྱན་དྲངས་པའི༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ ཆོས་སྐྱོང་རིགས་དྲུག་གདོན་བགེགས་རྣམས༔ ཐམས་ཅད་ཡེ་ཤེས་གཅིག་ཏུ་བསྒོམ༔ རང་འདྲ་སྤྲུལ་པའི་ལྷ་མོ་ཡིས༔ ཐོད་པས་བདུད་རྩི་བཅུས་ཏེ་མཆོད༔ ཧཱུྃ་ཧཱུྃ༔ རྗེ་བཙུན་བླ་མ་འཁོར་དང་བཅས༔ གདུང་ཤུགས་དྲག་པོས་བདག་ཉིད་གདུང༔ མོས་གུས་ཆེན་པོས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་བྱོན༔ ཨོཾ་བཛྲ་ས་མ་ཡ་ཛཿཛ༔ ནམ་མཁའི་ཁམས་ཀུན་གང་བ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་རིགས་དྲུག་ལན་ཆགས་མགྲོན༔ ཡེ་ཤེས་གཅིག་ཏུ་མཉམ་སྦྱར་ནས༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་དག་གིས་མཆོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྨན་གཏོར་རཀྟ་བདེ་བས་མཆོད༔ ཚད་མེད་བཞི་དང་ཡེ་ཤེས་ལྔ༔ སྐྱེ་མེད་བྱང་སེམས་རིག་པའི་རྩལ༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ མ་ལུས་ཀུན་ནས་མཉེས་གྱུར་ཅིག༔ པདྨ་པཱུ་ཛཿཧོ༔ ཞེས་དལ་བུས་བརྡ་སྤྲད་ཅིང་བརྗོད། མཆོད་ཡུལ་དཀྱིལ་འཁོར་ལྷར་རྟོག་ཡེ་ཤེས་དབྱེར་མི་ཕྱེད་པའི་དྲུང་དུ་དབང་གི་དོན་དུ་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ འཁོར་བ་འདམ་རྫབ་རྒྱ་མཚོ་ལ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དབང་བཞིའི་རིམ་པ་རྫོགས་པ་དང༔ མཆོག་གི་ཐུགས་རྗེས་བདག་སྐྱོབས་ཤིག༔ ལན་གསུམ། བརྡ་དང་བྱིན་རླབས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པའི་ཚུལ་ལྔ་ལ་བརྟེན་ནས། སྒོ་གསུམ་ཡེ་ཤེས་སུ་སྨིན་པར་བྱེད་པ་བུམ་པ་ལ་སོགས་པའི་དབང་རྣམས་རིམ་པར་བསྐུར་བ་ཡིན་པས། ཚིག་དོན་རྗེས་སུ་མཐུན་པར་བུ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བ་གནས་སྐབས་ཀྱི་དམ་ཚིག་ཏུ་གསུངས་པས་ཡིད་རྩེ་གཅིག་ཏུ་མཛོད་ཅིག །བུམ་པ་ཐོགས་ལ། ཨོཾ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ནས༔ སྐྱེ་མེད་བྱང་སེམས་ཆུ་རྒྱུན་བབ༔ གཟུང་འཛིན་རྣམ་རྟོག་བག་ཆགས་འཁྲུད༔ ཀུན་གཞི་གསང་བའི་བུམ་པ་ནས༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ རྣམ་རྟོག་མ་རིག་བག་ཆགས་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ དུག་ལྔ་དུག་གསུམ་དབྱིངས་སུ་འཁྲུད༔ གཉིས་མེད་རྟོགས་པའི་ཡེ་ཤེས་ཀྱིས༔ ལས་ཉོན་ཤེས་བྱའི་སྒྲིབ་སྦྱངས་ནས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལན་གསུམ་བརྗོད་པ་སྤྱི་བོར་བཞག་སྟེ་བུམ་ཆུ་འཐོར། མགྲིན་པར་བཞག་ལ་ཁར་བླུད། སྙིང་གར་བཞག་སྟེ། བུམ་དབང་གི་དམིགས་པ་དང་བྱེད་ལས་ནི་འདི་ལྟར་དུ་ངེས་འཚལ། བུམ་ནང་ལྷ་ལས་བྱུང་བ་ཨོཾ༔ བདུད་རྩི་འོད་ཟེར་ལྔར་བཅས་པ༔ སྤྱི་བོ་ནས་ཞུགས་ལུས་གང་བ༔ བུམ་པ་དབང་གི་དང་པོ་སྟེ༔ གཙོ་བོར་ལུས་ཀྱི་སྒྲིབ་པ་དག༔ སྐལ་པར་བསྐྱེད་རིམ་བསྒོམ་ལ་དབང༔ བདེ་བའི་ཡེ་ཤེས་དགའ་བ་དང༔ སྤྲུལ་སྐུ་མཆོག་གི་ཡེ་ཤེས་ཀྱིས༔ ལུས་ཀྱི་ཕྲ་བ་རྩ་དང་ནི༔ རགས་པ་རིལ་པོར་འཛིན་པ་སྦྱོང༔ འདོད་ཁམས་སྐྱེ་བའི་རྒྱུན་བཅད་དེ༔ ཐུགས་རྗེ་ཀུན་ཁྱབ་བརྡ་དོན་རྟོགས༔ མགྲིན་པ་ནས་བརྒྱུད་རྩ་ཡིག་རྣམས༔ བྱིན་རླབས་གསང་དབང་གཉིས་པ་སྟེ༔ གཙོ་བོར་ངག་གི་སྒྲིབ་པ་དག༔ སྐལ་པར་གསང་སྔགས་བཟླས་ལ་དབང༔ གསལ་བའི་ཡེ་ཤེས་མཆོག་དགའ་དང༔ ལོངས་སྐུ་མཆོག་གི་ཡེ་ཤེས་ཀྱིས༔ ངག་གི་ཕྲ་བ་རླུང་དང་ནི༔ རགས་པ་སྒྲ་ཡི་འཛིན་པ་སྦྱོང༔ གཟུགས་ཁམས་སྐྱེ་བའི་རྒྱུན་བཅད་དེ༔ རང་བཞིན་ཀུན་གསལ་བརྡ་དོན་རྟོགས༔ སྙིང་ག་ནས་བརྒྱུད་ཁམས་རྣམས་ཀུན༔ བྱིན་རླབས་ཤེར་དབང་གསུམ་པ་སྟེ༔ གཙོ་བོར་ཡིད་ཀྱི་སྒྲིབ་པ་དག༔ སྐལ་པར་བདེ་ཆེན་བསྒོམ་ལ་དབང༔ མི་རྟོག་ཡེ་ཤེས་དགའ་བྲལ་དང༔ ཆོས་སྐུ་མཆོག་གི་ཡེ་ཤེས་ཀྱིས༔ ཡིད་ཀྱི་ཕྲ་བ་ཀུན་གཞི་དང༔ རགས་པ་ཚོགས་བདུན་བག་ཆགས་སྦྱོང༔ གཟུགས་མེད་སྐྱེ་བའི་རྒྱུན་བཅད་དེ༔ ཟུང་འཇུག་འོད་གསལ་བརྡ་དོན་རྟོགས༔ དབང་ཆེན་གསུམ་པ་བདེ་ཆེན་དབང༔ སྒོ་གསུམ་བག་ཆགས་མ་ལུས་དག༔ སྐལ་པར་ཡེ་ཤེས་ལྔ་ལ་དབང༔ དབྱེར་མེད་ལྷན་ཅིག་སྐྱེས་དགའ་དང༔ མངོན་པར་བྱང་ཆུབ་སངས་རྒྱས་ནས༔ ཤེས་བྱའི་སྒྲིབ་པ་ཕྲ་མོ་དང༔ རགས་པ་ལས་དང་ཉོན་མོངས་སྦྱོང༔ ས་བཅུ་རྒྱུན་གྱི་མཐའ་བགྲོད་དེ༔ ཀུན་བཟང་དོན་གྱི་ཐིག་ལེ་མཐོང༔ རིན་ཆེན་བུམ་པའི་དཀྱིལ་འཁོར་ལ༔ བརྟེན་ནས་དབང་བཞི་རྫོགས་པ་འོ༔ དེའི་བརྡ་དོན་ངོ་སྤྲད་པའང་འདི་ལ་སྙན་གཏོད་པར་ཞུ། ཕྱི་ནི་རིན་ཆེན་བུམ་པ་སྟེ༔ ཆོས་སྐུ་གྲྭ་ཟུར་མེད་པའི་བརྡ༔ བུམ་རྫས་ཆུ་རྒྱུན་རྒྱན་དང་གོས༔ བྱང་ཆུབ་ཆོས་མཆོག་སུམ་ཅུ་བདུན༔ འགག་མེད་བདེ་ཆེན་ལོངས་སྐུའི་བརྡ༔ རོ་དང་ནུས་པ་ལྷ་དང་སྔགས༔ ཆུ་རྒྱུན་སྤྲུལ་སྐུ་རང་གྲོལ་བརྡ༔ དེ་གསུམ་གཅིག་ལ་གཅིག་བརྟེན་པ༔ སྣང་སྟོང་ཟུང་འཇུག་དབྱེར་མེད་དོན༔ ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ༔ ནང་ནི་བུམ་པ་པགས་པ་སྟེ༔ ཟླུམ་པོ་ཀུན་ཁྱབ་ཆོས་ཀྱི་སྐུ༔ ཕུང་ཁམས་སྐྱེ་མཆེད་དོན་སྣོད་རྫས༔ རང་བྱུང་བྱང་ཆུབ་མཆོག་ཆོས་རྣམས༔ ལོངས་སྤྱོད་རྫོགས་སྐུ་ལྷུན་གྱིས་གྲུབ༔ ཕུང་ཁམས་སྐྱེ་མཆེད་ཆུ་བོའི་རྒྱུན༔ རང་སར་རང་གྲོལ་སྤྲུལ་པའི་སྐུ༔ གཅིག་ལ་གཅིག་བརྟེན་གཅིག་པའི་ངང༔ བདེ་སྟོང་དགའ་བཞི་ལྷུན་གྱིས་གྲུབ༔ ཟུང་འཇུག་ངོ་བོ་ཉིད་ཡིན་ནོ༔ གསང་བ་ཀུན་གཞི་ཀུན་གྱི་གནས༔ ཕྱོགས་ཆ་མེད་པ་བུམ་པ་སྟེ༔ སྣང་སྟོང་ཀུན་ཁྱབ་ཆོས་ཀྱི་སྐུ༔ སེམས་དང་སེམས་ལས་བྱུང་བའི་ཆོས༔ ཐམས་ཅད་བུམ་རྫས་ལོངས་སྤྱོད་རྫོགས༔ རྟོག་ཚོགས་ལས་དང་བྱེད་དབང་རྣམས༔ རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན༔ སྣ་ཚོགས་རང་གྲོལ་སྤྲུལ་པའི་སྐུ༔ ཐམས་ཅད་ཡེ་ཤེས་ཆེན་པོའི་རྩལ༔ རང་ཤར་རང་གྲོལ་ངོ་བོ་ཉིད༔ དེ་དག་བརྡ་རུ་བསྟན་པ་ནི༔ དོན་གྱི་ཡེ་ཤེས་ཐིག་ལེ་གཅིག༔ ཆོས་སྐུ་རང་བྱུང་བུམ་པ་ཡིན༔ རང་མདངས་འོད་ལྔ་སྐུ་དང་ཟེར༔ བུམ་རྫས་ལོངས་སྤྱོད་རྫོགས་པའི་སྐུ༔ སྣང་བཞི་ཚད་ཕེབ་བྱང་ཆུབ་སེམས༔ རང་གྲོལ་ཆུ་རྒྱུན་སྤྲུལ་པའི་སྐུ༔ གཞི་དང་ལམ་གྱི་ཉེས་ཟད་ནས༔ རྩལ་ཆེན་རྫོགས་པའི་ངོ་བོ་ཉིད༔ བདེན་བཞིའི་ཚུལ་གྱི་རྣམ་པ་ཅན༔ ཅེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། བནྡྷའི་བདུད་རྩི་ལྷ་རྣམས་གཉིས་མེད་སྦྱོར་བའི་བྱང་སེམས་སུ་མོས་པ་ཐོགས་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དུག་འཇོམས་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩིས་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གནས་གསུམ་བསྐུར་འཐོར་བླུད་པ་གོང་ལྟར་བྱས་ལ། བྷནྡྷའི་བདུད་རྩིའི་དབང་གི་དམིགས་པ་དང་བྱེད་ལས་ནི་འདི་ལྟར་དུ་ངེས་འཚལ། བདུད་རྩི་སྤྱི་གཙུག་ནས་ཞུགས་མགྲིན་པར་མྱོང༔ ཨཱཿདམར་མདངས་ལྡན་འོད་ཀྱི་བདུད་རྩི་ཡིས༔ རྩ་ཡིག་མ་ལུས་ཡོངས་སུ་གང་བར་གྱུར༔ སྙིང་གར་གཏད་དེ་རླུང་ཉིད་ནང་དུ་རྔུབས༔ སྒྲིབ་བཞི་དག་ཅིང་ལྷག་མེད་ལྷན་གྱིས་གྲོལ༔ དེ་དུས་དབང་བཞིའི་ཡེ་ཤེས་དོན་ལ་བལྟ༔ དེ་ནི་གཟུགས་ཁམས་དག་པ་རང་བྱུང་གི༔ རྫས་ཀྱི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་སྐུ་དེར༔ གསང་བའི་དབང་བཞི་མ་ལུས་ལྷུན་གྱིས་རྫོགས༔ རང་བྱུང་ཤ་ལྔ་བདུད་རྩི་ལྔ་སྤྱོད་དང༔ སྙིང་པོ་ཟློས་ཤིང་འབྲས་བུ་ལོངས་སྐུ་ཐོབ༔ ཀུན་ཏུ་འོད་ཀྱི་ས་ལ་རབ་སྦྱངས་ནས༔ པདྨ་ཅན་གྱི་ས་ལ་མངོན་རྫོགས་འགྱུར༔ བདེ་གསལ་མི་རྟོག་དབྱེར་མེད་དོན་བསྒོམ་ཞིང༔ བདེ་ཆེན་དོན་དམ་རྣམ་པ་བཅུ་གཉིས་ལྡན༔ བྷནྡྷ་རང་བྱུང་རྫས་ཀྱི་དཀྱིལ་འཁོར་ལ༔ བརྟེན་ནས་དབང་བཞི་ཡོངས་རྫོགས་ཐོབ་པ་ཡིན༔ དེའི་བརྡ་དོན་ངོ་སྤྲད་པའང་འདི་ལ་སྙན་གཏོད་པར་ཞུ། ཕྱི་ཡི་ཐོད་པ་ཁམས་གསུམ་ཡུལ་དྲུག་ཡིན༔ རྫས་ནི་ཁམས་གསུམ་སྲིད་པའི་སྒོ་གསུམ་སྟེ༔ རང་རང་ལས་དང་ཉོན་མོངས་རོ་དང་བཅུད༔ ཐམས་ཅད་མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས༔ ནང་གི་བྷནྡྷ་མགོ་བོ་ཐོད་པའི་ནང༔ རྫས་ནི་ཕུང་ཁམས་སྐྱེ་མཆེད་བཅུད་ཀྱིས་གཏམས༔ རང་རང་ལས་དང་བྱེད་དབང་རོ་དང་བཅུད༔ ཐམས་ཅད་མཉམ་ཉིད་བྱང་ཆུབ་བདེ་བའི་ལམ༔ གསང་བའི་བྷནྡྷ་ཨ་ཝ་དྷཱུ་ཏིའི་ནང༔ རོ་རྐྱང་ལས་སྐྱེས་རྩ་ཁམས་བཅུད་ཀྱིས་གང༔ རང་གསལ་བདེ་ཆེན་རོ་བཅུད་ནུས་པར་ལྡན༔ ཐམས་ཅད་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ༔ ཡང་གསང་བྷནྡྷ་ཀུན་གཞི་གསང་བའི་མཁའ༔ ཅིར་སྣང་ཚོགས་བརྒྱད་ཡེ་ཤེས་རྫས་ཀྱིས་བཀང༔ རང་བྱུང་ཡེ་ཤེས་རང་ཤར་རང་གྲོལ་བཅུད༔ ཐམས་ཅད་མཉམ་ཉིད་ཆོས་སྐུའི་ཐིག་ལེར་གསལ༔ ཅེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་མི་འགག་འཛིན་མཐའ་བྲལ༔ སྣང་སྟོང་ཟུང་འཇུག་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྙིང་པོའི་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་གྱིས་དང་པོས་སྤྱི་བོར་བཞག །གཉིས་པའི་རྗེས་སུ། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་ཞལ་ནས་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས་ཏེ་ཐུགས་སྲོག་ས་བོན་གྱི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས། བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་རྗེས་ཟློས་གསུམ་གསུམ་བྱར་གཞུག་ལ། སིནྡྷུ་རའི་ཐིག་ལེ་མགྲིན་པར་བྱུག །སྙིང་གར་གཏད་ལ། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་དབང་གི་དམིགས་པ་དང་བྱེད་ལས་ནི་འདི་ལྟར་དུ་ངེས་འཚལ། སྤྱི་བོར་གཏུགས་པ་བུམ་པའི་དབང་ཡིན་ཏེ༔ ཆོས་རྣམས་ཐམས་ཅད་མེ་ལོང་གཟུགས་བརྙན་ལྟར༔ རྟོགས་ཤིང་གོམས་པར་གྱུར་ན་སྤྲུལ་སྐུ་མངོན་དུ་འགྱུར༔ མགྲིན་པར་གཏད་པ་སིནྡྷུ་སྔགས་ཀྱིས་བྱུག༔ སྔགས་ཀྱི་ལུང་དང་སྒྲུབ་པའི་དམ་བཅའ་སྦྱིན༔ གསང་བའི་དབང་ཡིན་གྲགས་སྟོང་ཡེ་ཤེས་རྟོགས༔ གོམས་པར་གྱུར་ན་ལོངས་སྐུ་མངོན་དུ་འགྱུར༔ སྙིང་གར་གཏད་དེ་སྔགས་ཀྱི་འོད་ཟེར་རྣམས༔ ཧཱུྃ་གི་ཡི་གེ་མཐིང་ནག་ཉིད་ལས་འཕྲོས༔ སྙིང་ནང་ཞུགས་ཤིང་རྩ་ཁམས་རླུང་ལྟར་དགྲམ༔ བདེ་སྟོང་ཆེན་པོ་དགའ་བཞིའི་ཡེ་ཤེས་འབར༔ དེ་ཉིད་དོན་རྟོགས་གོམས་ན་ཆོས་སྐུར་འགྱུར༔ གསལ་ལ་མ་འགག་ཤེས་རབ་ཡེ་ཤེས་དབང༔ དེ་དུས་སྐྱེས་པ་རང་བྱུང་དོན་གྱི་ལྷ༔ བདེ་གསལ་མི་རྟོག་དོན་དེ་སུས་མྱོང་བ༔ བཞི་པའི་དབང་ཡིན་སྒོམ་ན་མངོན་བྱང་འགྱུར༔ གཟུགས་མེད་དག་པ་མེ་ལོང་དཀྱིལ་འཁོར་དུ༔ ཤེས་རབ་ཡེ་ཤེས་ཆོས་སྐུའི་དབང་བཞི་སྟེ༔ དེ་ཉིད་རྣམ་པ་བཅུ་དྲུག་དོན་རིག་པ༔ གསང་བའི་དབང་ཆེན་དབང་རྫོགས་ཐོབ་པ་འོ༔ དེའི་བརྡ་དོན་ངོ་སྤྲད་པའང་འདི་ལ་སྙན་གཏོད་པར་ཞུ། ཕྱི་ཡི་མེ་ལོང་རྒྱ་ཆེན་སྣང་བའི་ཡུལ༔ སིནྡྷུ་ར་ཡི་ཚོགས་དྲུག་དཀར་དམར་ཆོས༔ ཐིག་ལེ་ཡུངས་འབྲུ་སྙིང་པོ་བྱང་ཆུབ་སེམས༔ དབྱེར་མེད་མཉམ་སྦྱོར་སྤྲུལ་སྐུའི་བརྡ་དང་དོན༔ གང་གིས་ཤེས་སྒོམ་ཤེས་རྒྱུད་སངས་རྒྱས་འགྲུབ༔ ནང་གི་མེ་ལོང་སེམས་ཉིད་བརྡལ་བའི་མཁའ༔ སིནྡྷུ་ར་ཡི་གསང་བ་དག་པའི་ཀློང༔ ཐིག་ལེ་ཡིག་འབྲུ་དབྱིངས་དང་ཡེ་ཤེས་གསལ༔ དབྱེར་མེད་བྱང་ཆུབ་ཆེན་པོར་ལོངས་སྤྱོད་སྐུ༔ ཤེས་དང་སྒོམ་པས་ཐབས་རྒྱུད་སངས་རྒྱས་འགྲུབ༔ གསང་བའི་མེ་ལོང་ཡུམ་གྱི་བྷ་ག་ཨེ༔ སིནྡྷུ་ར་ཡི་ཡབ་ཀྱི་རྡོ་རྗེ་ཝཾ༔ བཅུ་དྲུག་དགའ་བ་ཐིག་ལེ་ཡིག་འབྲུ་གསལ༔ རྣམ་པ་ཀུན་ལྡན་དབྱེར་མེད་ཆོས་ཀྱི་སྐུ༔ གོམས་འདྲིས་བསྟེན་པས་འབྲས་བུའི་སངས་རྒྱས་འགྲུབ༔ དེ་ཁོ་ན་ཉིད་མེ་ལོང་ཆོས་ཀྱི་དབྱིངས༔ སིནྡྷུ་ར་ནི་སྟོང་སྒྲོན་ལུ་གུ་རྒྱུད༔ གོང་འཕེལ་སྣང་བ་ཐིག་ལེ་ཡིག་འབྲུར་གསལ༔ བག་ཆགས་ཀུན་ཟད་ཆོས་ཉིད་སྣང་བ་རྒྱས༔ དེ་ཉིད་མཐོང་དང་སྒོམ་པར་བྱས་པ་ཡིས༔ དང་པོའི་སངས་རྒྱས་འོད་ཕུང་ཆེན་པོ་འགྲུབ༔ དེ་ཉིད་རྣམ་པ་བཅུ་དྲུག་རིག་པའི་དོན༔ གཟུགས་མེད་ཁམས་ལས་རྣམ་གྲོལ་ཆོས་ཀྱི་སྐུ༔ མེ་ལོང་སིནྡྷུར་ཤེས་རབ་ཡེ་ཤེས་དབང༔ རིམ་པ་བཞི་རྫོགས་གསང་བའི་མཐར་ཐུག་གོ༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། དབང་དེ་རྣམས་བརྟན་པར་བྱེད་པའི་དོན་དུ་གུ་རུའི་སྐུ་འབག་འདི་ཉིད་མཚོ་སྐྱེས་རྡོ་རྗེ་འཆང་དངོས་སུ་གསལ་བ་ལ་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབ་པ་ནི། དྭངས་མའི་ལུས་ལ་བླ་མའི་སྐུ་དབང་ཐིམ༔ དྭངས་མའི་གསུང་ལ་བླ་མའི་གསུང་གི་དབང༔ དྭངས་མའི་ཐུགས་ལ་བླ་མའི་ཐུགས་དབང་བསྐུར༔ ཐམས་ཅད་མཉམ་ཉིད་བདེ་ཆེན་ཐིག་ལེ་ལ༔ བླ་མ་རྩ་གསུམ་འཁོར་བཅས་ཐིམ་པ་ཡིས༔ བླ་མའི་སྐུ་གསུང་ཐུགས་མཆོག་དྲི་མེད་དང༔ སློབ་བུའི་ལུས་ངག་སེམས་གསུམ་དྭངས་མ་གསུམ༔ དབྱེར་མེད་ཆུ་ལ་ཆུ་བཞག་འདྲེས་པ་ལྟར༔ ལེགས་པར་སྒོམས་ལ་རིག་རྩལ་དོན་ལ་བལྟ༔ ཞེས་གསུངས་པའི་སྒོམ་དོན་ངེས་པར་མཛོད་ལ་རིག་པ་གཟེངས་བསྟོད་ཅིག །སྤོས་དང་རོལ་མོ་དབྱངས་དང་བཅས་སྐུ་འབག་ཐོགས་ལ། ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་རྩ་གསུམ་ལྷ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྔོན་ཚེ་རྩ་གསུམ་ལྷ་དང་གཉིས་སུ་མེད༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་ཕྱིར༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་བཞི་ཐོབ་པར་ཤོག༔ སྙིང་པོའི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལན་བཞིར་བརྗོད་ལ་གནས་བཞིར་བཞག །དབང་བསྐུར་དེའི་བྱེད་ལས་དང་དགོས་པའང་འདི་ལྟ་སྟེ། སྤྱི་བོར་ཐིམ་པས་བུམ་དབང་སྤྲུལ་པའི་སྐུ༔ རྩ་རྣམས་དྭངས་མ་བླ་མའི་སྐུ་རུ་གྱུར༔ མགྲིན་པར་ཐིམ་པས་གསང་དབང་ལོངས་སྤྱོད་རྫོགས༔ རླུང་རྣམས་དྭངས་མ་བླ་མའི་གསུང་དུ་གྱུར༔ སྙིང་གར་ཐིམ་པས་ཤེར་དབང་ཆོས་ཀྱི་སྐུ༔ ཐིག་ལེའི་དྭངས་མ་བླ་མའི་ཐུགས་སུ་གྱུར༔ ལྟེ་བར་ཐིམ་ནས་དྭངས་མ་ཀུན་ཁྱབ་པ༔ བཞི་པའི་དབང་བསྐུར་ཡེ་ཤེས་རླུང་གི་དངོས༔ བླ་མའི་ཡེ་ཤེས་མཆོག་གི་ཐིག་ལེར་གྱུར༔ དབང་རྣམས་ཀུན་ཐོབ་རྡོ་རྗེ་སློབ་དཔོན་མཆོག༔ རབ་འབྱམས་རྒྱལ་པོ་བཀའ་ཡི་བདག་པོར་འགྱུར༔ གསང་བའི་མཚན་དུ་ཡེ་ཤེས་རྡོ་རྗེ་རྩལ༔ ཞེས་བྱ་བ་ཡིན་ནོ། །དེ་ནས་ཁྱེད་རང་རྣམས་རྡོ་རྗེ་རིན་པོ་ཆེ་པདྨའི་ཁྲི་སྟན་ལ་བཀོད་ཅིང་གདུགས་དང་བ་དན་སྒྲེང་། མཆོད་པའི་ཡོ་བྱད་དུ་མས་མདུན་བདར་ཏེ་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་གནས་ལ་མངའ་གསོལ་བར་མོས་ཤིག །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར་བ་ཉིད༔ ཁམས་གསུམ་ཀུན་ན་ཡོངས་སུ་གྲགས་པའི་ཕྱིར༔ རིན་ཆེན་ཁྲིར་བཀོད་རྒྱན་དང་ཆོས་ཀུན་སྦྱིན༔ མེ་ཏོག་གཏོར་ཞིང་ཀུན་གྱིས་དེ་ཉིད་མཆོད༔ རྒྱ་ཆེན་ཁུར་གྱིས་འགྲོ་བ་འདྲེན་པའི་ཕྱིར༔ གང་ལ་གང་འདུལ་ཕྲིན་ལས་རྣམ་པ་ལྔས༔ གདུལ་བྱ་རྒྱ་མཚོའི་འདྲེན་པར་མངའ་དབུལ་ལོ༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། དེས་ནི་གཟུང་འཛིན་མཚན་མའི་ཡུལ་དག་པར༔ ཡེ་ཤེས་རྒྱལ་པོ་བླ་མའི་དཀྱིལ་འཁོར་དུ༔ ཚིག་དབང་རིན་ཆེན་དབྱེར་མེད་བདེ་ཆེན་ཐོབ༔ སྣང་སྲིད་ཐམས་ཅད་བླ་མའི་སྐུ་གསུང་ཐུགས༔ བདག་དང་ཐ་དད་འཛིན་པའི་རྟོག་པ་དག༔ ཀུན་ཁྱབ་ཕྱག་རྒྱ་ཆེན་པོ་རྫོགས་པའི་ཀློང༔ རབ་འབྱམས་ཏིང་འཛིན་འབུམ་ཕྲག་སྒོ་འབྱེད་ཅིང༔ སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་འཐོབ༔ རྣམ་དག་ཡེ་ཤེས་འཁོར་བ་དོང་སྤྲུགས་ཀྱི༔ དབང་བཞི་ཡོངས་རྫོགས་ཀུན་བཟང་རྡོ་རྗེ་ཡི༔ ཡི་གེ་འཁོར་ལོ་ཚོགས་ཆེན་ཉིད་ལ་གནས༔ རང་རིག་དག་པ་བླ་མའི་དཀྱིལ་འཁོར་དུ༔ དབང་བསྐུར་རྒྱལ་པོ་རབ་འབྱམས་བཀའ་ཡི་དབང༔ ཡོངས་རྫོགས་བསྐུར་བ་མཐར་ཐུག་ཉིད་དུ་གནས༔ དེའི་བརྡ་དོན་ངོ་སྤྲད་པའང་འདི་ལ་སྙན་གཏོད་པར་ཞུ། ཕྱི་ཡི་བླ་མ་སྤྲུལ་པའི་སྐུ་ཡིན་ཏེ༔ སྣོད་ཀྱི་འཇིག་རྟེན་བླ་མའི་གཞལ་ཡས་ཁང༔ བཅུད་ཀྱི་སེམས་ཅན་བླ་མའི་སྐུ་གསུང་ཐུགས༔ བྱེད་སྤྱོད་འཕོ་འགྱུར་བླ་མའི་མཛད་པར་བསྒོམ༔ ཆགས་སྡང་བྲལ་ནས་སྣང་བ་བླ་མར་འཆར༔ ནང་གི་ལོངས་སྐུ་སྐྱེ་འགྲོ་སེམས་ཅན་གྱི༔ ལུས་ཀྱི་ཁོག་པ་བླ་མའི་གཞལ་ཡས་ཁང༔ ཕུང་པོ་ཡབ་ལྔ་འབྱུང་བ་ཡུམ་ཆེན་ལྔ༔ སྐྱེ་མཆེད་སེམས་དཔའ་ཡན་ལག་ཁྲོ་བོ་དང༔ ཁྲོ་མོར་བསྒོམས་པས་བྱེད་སྤྱོད་མཛད་པར་འཆར༔ གསང་བའི་ཆོས་སྐུ་རྩ་རྣམས་གཞལ་ཡས་ཁང༔ ཁམས་ཀྱི་བྱེ་བྲག་བླ་མའི་སྐུ་གསུང་ཐུགས༔ རླུང་གི་འགྲོ་འོང་མཛད་པ་ཡིན་པར་ཤེས༔ དོན་གྱི་བླ་མ་འཁོར་འདས་མ་ལུས་ཀུན༔ གསང་གསུམ་བདག་ཉིད་སྐུ་གསུང་ཐུགས་ཡིན་ཕྱིར༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ་རུ་གྲུབ༔ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུར་ཤར༔ སྣ་ཚོགས་རང་གྲོལ་སྤྲུལ་སྐུ་མངོན་དུ་གྱུར༔ ཐམས་ཅད་མཉམ་ཉིད་ཆོས་སྐུ་ཐིག་ལེར་འཁྱིལ༔ རྣམ་པ་ཉི་ཤུས་བྱང་ཆུབ་མངོན་བྱེད་ཐབས༔ ཆགས་སྡང་སྤངས་ནས་རབ་འབྱམས་བླ་མ་སྒོམས༔ ཚེ་གཅིག་སྐད་ཅིག་ཡུད་ཅིག་སངས་རྒྱས་གནད༔ འདི་ཉིད་རྟོགས་དང་བསྒོམས་པས་མངོན་དུ་བྱེད༔ ཅེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། རིན་ཆེན་འབར་བའི་གཏོར་མ་ལ་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཆུ་ཟླ་བཞིན་དུ་གསལ་ལ་མ་འདྲེས་པར་རྫོགས་ཤིང་འདོད་དགུ་འབྱུང་བའི་དངོས་གྲུབ་ཀྱི་རྫས་ཀྱིས་ཕྱུར་བུར་གང་བ་དེ་ཉིད་ཀྱིས་གནས་བཞིར་བྱིན་གྱིས་རློབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འགྱུར་བ་མེད༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡི༔ དམ་རྫས་གཏོར་མའི་དབང་མཆོག་འདི་བསྐུར་བས༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྙིང་པོའི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ་བརྗོད་ལ་གནས་གསུམ་དུ་བསྐུར། མགྲིན་པའི་སྐབས་སུ་གཏོར་མའི་ཆ་ཤས་སྦྱིན། དེའི་བྱེད་ལས་དང་དགོས་པའང་འདི་ལྟ་སྟེ། གཏོར་མ་སྤྱི་བོའི་གནས་སུ་བཞག་པ་ཡིས༔ བུམ་པའི་དབང་ཐོབ་སྐུ་ཡི་ཡེ་ཤེས་རྒྱས༔ མགྲིན་པར་གཏད་དེ་ཁམ་གཅིག་ཟོས་པ་ཡིས༔ གསང་བའི་དབང་བསྐུར་གསུང་གི་ཡེ་ཤེས་རྒྱས༔ སྙིང་གར་གཏད་དེ་ལྷ་ཚོགས་རང་ལ་ཐིམ༔ ཤེས་རབ་དབང་ཐོབ་ཐུགས་ཀྱི་ཡེ་ཤེས་རྒྱས༔ ལྟེ་བར་གཏད་དེ་མཉམ་ཉིད་དོན་ལ་བལྟ༔ བཞི་པའི་དབང་ཐོབ་སྐུ་ལྔ་ཡེ་ཤེས་རྒྱས༔ བ་ལིཾ་དམ་རྫས་གཏོར་མའི་དཀྱིལ་འཁོར་ལ། །བརྟེན་ནས་དབང་བཞི་ཡོངས་སུ་རྫོགས་པའོ། །དེའི་བརྡ་དོན་ངོ་སྤྲོད་པའང་འདི་ལ་སྙན་གཏོད་པར་ཞུ། ཕྱི་ཡི་གཏོར་སྣོད་འཇིག་རྟེན་དྲུག་གི་ཞིང༔ གཏོར་མ་ཁམས་གསུམ་སྲིད་པའི་སེམས་ཅན་ཁམས༔ གཏོར་རྒྱན་ཕུང་ཁམས་སྐྱེ་མཆེད་བཀྲག་མདངས་ལྡན༔ ཐམས་ཅད་མཉམ་ཉིད་རྒྱལ་བའི་དཀྱིལ་འཁོར་ཡིན༔ ནང་གི་གཏོར་སྣོད་ལུས་ཅན་ཁོག་པ་སྟེ༔ གཏོར་མ་དོན་ལྔ་ཁམས་ཀྱི་བྱེ་བྲག་ཡིན༔ གཏོར་རྒྱན་རླུང་དང་ནུས་པ་སྣ་ཚོགས་པ༔ ཐམས་ཅད་ལྷུན་གྲུབ་རང་བྱུང་བླ་མ་ཡིན༔ གསང་བའི་གཏོར་སྣོད་གསང་བ་ཡུམ་གྱི་མཁའ༔ ཡབ་ཀྱི་རྡོ་རྗེ་བདེ་ཆེན་གཏོར་མར་འཁྱིལ༔ སྙོམས་འཇུག་དགའ་བཞིའི་ཡེ་ཤེས་གཏོར་མའི་རྒྱན༔ ཐམས་ཅད་བདེ་ཆེན་ཡེ་ཤེས་བླ་མ་ཡིན༔ དོན་དམ་གཏོར་སྣོད་གཞི་དབྱིངས་དག་པའི་མཁའ༔ རིག་རྩལ་མ་འགག་གཏོར་མར་རྟག་ཏུ་ཤར༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་གཏོར་མའི་རྒྱན༔ མ་ལུས་གཅིག་གྱུར་མངོན་སུམ་ཐེག་ཆེན་ཡིན༔ དེ་ལྟར་གཏོར་སྣོད་གཞལ་ཡས་ཁང་པའི་ནང༔ གཏོར་མ་དཀྱིལ་འཁོར་ལྷ་དང་དབྱེར་མེད་ལ༔ སྐུ་གསུམ་ཡེ་ཤེས་དབང་བཞི་བརྡ་སྤྲད་ནས༔ རྟག་ཏུ་བསྒྲུབ་ན་དངོས་གྲུབ་ཐམས་ཅད་འགྲུབ༔ གཏོར་མ་རིན་ཆེན་འོད་དུ་འབར་བ་ལ༔ གཞི་ལམ་འབྲས་བུའི་ཆོས་ཀུན་ངོ་སྤྲད་པས༔ སྐུ་དང་ཡེ་ཤེས་རང་ལ་གནས་པའི་དོན༔ མཐོང་དང་ཐོས་དང་བཅངས་དང་བསྒྲུབས་པས་འགྲུབ༔ ཅེས་གསུངས་པའི་དོན་ཐུགས་ལ་ངེས་པར་ཞུ། རྡོ་རྗེ་ལག་གཡས་སུ་གཏད་ལ། ཡབ་ཀྱི་དབང་རྟགས་རྡོ་རྗེ་ཐུགས་ཀར་གསོར་ལ་ཡང་དག་ཐིག་ལེ་འགྱུར་མེད་བདེ་བ་ཆེན་པོའི་དོན་སྒོམས་ཤིག །འདི་ནི་ཐབས་ཀྱི་རྡོ་རྗེ་ཉིད་ཡིན་པས༔ རྟག་ཏུ་བཅང་ཞིང་སྟོང་ཉིད་ཡེ་ཤེས་ཀྱི༔ དོན་ལ་སྤྱོད་ཅིག་ཡབ་ཀྱི་དབང་རྟགས་སོ༔ མ་ཧཱ་བཛྲ་ཧཱུྃ༔ ཐོད་པ་དུམ་གཅིག་བདུད་རྩི་ལྔས་བཀང་བ་གཡོན་དུ་གཏད་ལ། ཡུམ་གྱི་དབང་རྟགས་ཀ་པཱ་ལ་ལྟེ་བར་ཟུངས་ལ་སྲོག་རྩོལ་ཁ་སྦྱོར་གྱི་རྣམ་པར་སྒོམས་ཤིག །འདི་ནི་ཤེས་རབ་བདེ་ཆེན་མཆོག་ཡིན་ཏེ༔ རྟག་ཏུ་བཅང་ཞིང་བདེ་བའི་དོན་ལ་སྤྱོད༔ འཛག་མེད་བདེ་སྟོང་ཡུམ་གྱི་དབང་རྟགས་སོ༔ མ་ཧཱ་སུ་ཁ་བཛྲ་ཨཱ༔ ཟུང་འཇུག་གི་དབང་རྟགས་རྡོ་རྗེ་ཀ་པཱ་ལ་སྤྱི་བོར་བསྣོལ་ལ་བཟུང་སྟེ་བདེ་གསལ་མི་རྟོག་པའི་དོན་བསྒོམ་ཞིང་། སླད་ནས་ཡར་ངོ་ཚེས་བཅུའི་མཆོད་པ་མ་ཆག་པར་གྱིས་ཤིག །རྡོར་ཐོད་དཔྲལ་བར་བསྣོལ་ལ་བཟུང་དུ་གཞུག །གཏོར་ཆེན་སྤྱི་བོར་བཞག་ལ། འདི་ནི་ཡོན་ཏན་ཀུན་འབྱུང་དངོས་གྲུབ་རྟེན༔ ཡབ་ཡུམ་གཉིས་མེད་རླུང་སེམས་དྭངས་མའི་བཅུད༔ རྟག་ཏུ་མཉམ་སྦྱོར་སངས་རྒྱས་ཐམས་ཅད་འགྲུབ༔ ཡར་ངོ་ཚེས་བཅུ་རྣམ་པ་རྟག་ཏུ་ཟུངས༔ རྩ་རྣམས་སྒོ་གསུམ་རྩ་རླུང་ཐིག་ལེ་གསུམ༔ ཁམས་གསུམ་སྐུ་གསུམ་གཞི་ལམ་འབྲས་བུ་གསུམ༔ རྟག་ཏུ་བདེ་གསལ་མི་རྟོག་དོན་ལ་སྤྱོད༔ སརྦ་ས་མ་ཡ་ཨོཾ་ཨཱཿཧཱུྃ༔ དེས་ནི་རྒྱལ་པོ་རྒྱལ་སར་བྱུང་བ་ལྟར༔ སྣང་སྲིད་འཁོར་འདས་བླ་མའི་སྐུ་ལྔ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྣམ་རོལ་ཡེ་ཤེས་བདེ་གསལ་མི་རྟོག་པ༔ ལེགས་པར་རྟོགས་ན་མངོན་པར་འཚང་རྒྱ་འགྱུར༔ ཡང་གསང་གཅེས་པ་སྲོག་ཐེམ་གསང་བའི་དབང༔ ཐོབ་པས་རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་གི་ཕྱིར་ཡང་མ་གཏང་ཞིག༔ རྟག་ཏུ་གསང་མཚན་ཐུགས་ཀྱི་སྒྲུབ་པ་སྤྱོད༔ ཇི་ལྟར་བཀས་གནང་བའི་དམ་ཚིག་དང་སྡོམ་པའི་བརྟུལ་ཞུགས་མཐའ་དག་ལ་ལེགས་པར་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དེ་ནས་རྩ་བ་རྡོ་རྗེའི་གསུང་ལས། གསེར་སྲང་བརྒྱ་དང་གླང་པོ་ནོར་བུ་རྟ༔ བུ་དང་བུ་མོ་གཅེས་པའི་ཡོ་བྱད་རྣམས༔ ཡུལ་འཁོར་ལོངས་སྤྱོད་བཅས་པ་ཀུན་ཕུལ་ལ༔ གུས་པས་ལྷ་ཕྱག་བརྒྱ་དང་སྟོང་དུ་བྱ༔ སྤྲོ་བའི་ཡིད་ཀྱིས་བླ་མའི་བསྟོད་པ་བྱ༔ ཞེས་གསུངས་པ་ལྟར་གཏང་རག་གི་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་བ་དང་། སྐྱེ་འགག་འགྱུར་མེད་མའི་བསྟོད་པ་བྱར་གཞུག །ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །དེ་ནས་རྗེས་ཀྱི་བྱ་བ་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་རློབ་པ་ནས་བརྩམ། ཤིས་པ་བརྗོད་པའི་བར་ཡང་ལས་བྱང་མཐར་ཆགས་སུ་བཏང་བས་འགྲུབ་བོ། །ས་ལམ་ཡོན༵་ཏན༵་ཇི་སྙེད་པ། །ལམ་ཟབ་འདི་ཁོ་ན་ཉིད་ལས། །འབྱུང་ཕྱིར་གཞུང་གདམས་རྒྱ༵་མཚོ༵འི་བཅུད། །ལས་འཕྲོ་ཅན་རྣམས་བསྟེན་པར་རིགས། །རྩ་བའི་ཆོས་གསང་བ་ཡེ་ཤེས་ཡང་ཏིག་ནོར་བུའི་སྒྲུབ་ཐབས་ཡང་གཅེས་སྲོག་ཐེམ་དབང་གི་གལ་མདོ་དང་བཅས་པའི་ལེ་ཚན་ནོ།། ༈ ཨོཾ་སྭསྟི། རང་བྱུང་ཆོས་སྐུ་མཁའ་ཁྱབ་གདོད་མའི་མགོན། །ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་ཞིང་སྐུ་སྤྲོ། །སྤྲུལ་པའི་ཆོ་འཕྲུལ་གང་འདུལ་བསམ་ཡས་བདག །པདྨ་རྒྱལ་པོས་སྐྱེ་ཀུན་རྗེས་འཛིན་མཛོད། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པའི་གསོལ་འདེབས་སིནྡྷུ་རྒྱ་མཚོ་ཆེ་བའི་ཕྲིན་ལས་ལ། སྦྱོར་བ་སྐུ་རྟེན་གྱི་མདུན་དུ་མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་བདུད་རྩི་དར་དམར་གྱིས་བཀབ་པ། བླ་མའི་དབང་གཏོར་སྨན་རཀ །ཕྱི་མཆོད། གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། སྔོན་འགྲོ་ཚོགས་གསག་ཡན་ལས་བྱང་ལྟར་སོང་ནས། མདུན་གྱི་ནམ་མཁར་རབ་ཏུ་རྒྱས་པ་ཡི༔ པད་སྡོང་ཁྲི་འཕང་འཁོར་ལོ་བཞི་ལྡན་པའི༔ སྟེང་ན་ཉི་ཟླ་འོད་སྟོང་འབར་བའི་དབུས༔ བདག་ལ་དབང་བསྐུར་བྱིན་གྱིས་རློབ་པའི་མགོན༔ རྩ་བ་བརྒྱུད་པའི་བླ་མ་ཀུན་འདུས་པ༔ བདག་ཉིད་ཆེན་པོ་ཨོ་རྒྱན་པདྨ་ལ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར༔ ཀུན་ཀྱང་འོད་ཟེར་འཕྲོ་འདུའི་དབུས་ན་བཞུགས༔ བདག་དང་འགྲོ་ལ་སྤྱན་འབྲས་ཧྲིག་གེར་གཟིགས༔ དེ་ལ་མོས་ཤིང་རྩེ་གཅིག་འདུན་པ་ཡིས༔ བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་གསལ་གདབ་ལ། ན་མོ༔ དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས༔ བདག་སོགས་འགྲོ་བ་ཀུན་ལ་དགོངས་སུ་གསོལ༔ ན་མོ༔ དཀོན་མཆོག་གསུམ་དང་བླ་མ་མཆོག༔ ཡི་དམ་ལྷ་དང་མཁའ་འགྲོ་མར༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ། གུ་རུའི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་ལ་སོགས་པའི་ཡིག་འབྲུ་དང་འོད་ཟེར་དཔག་ཏུ་མེད་པ་སྤྲོས་ཏེ༔ བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔའི་དབང་ཐོབ་པར་གྱུར། ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་སོགས་དང་། ཨོཾ་ཨཱཿཧཱུྃ༔ བླ་མ་ལ་གསོལ་བ་འདེབས་སོ༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ བླ་མ་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གདུང་ཤུགས་དྲག་པོས་གསོལ་བ་ཅི་ནུས་ཕུར་ཚུགས་སུ་གདབ། མཐར། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཡིད་ལ་གང་འདོད་པའི་དངོས་གྲུབ་ཐོབ། བླ་མའི་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་གཞག །གཉིས་པ་ནི། མཆོད་པ་བྱིན་བརླབས་ལ། གཞུང་ལས་མདུན་གྱི་ནམ་མཁར་བསྐྱེད་པར་གསུངས་ཀྱང་། བདག་མདུན་གཉིས་ཀར་སྒོམ་པར་མཛད་དེ། ཨོཾ་སྭ་བྷཱ་བས་སྦྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་བྲལ་ཆོས་ཀྱི་སྐུའི་རང་བཞིན་དུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་ངང་ནས་རང་སེམས་ཧྲཱིཿཡིག་གི་འཕྲོ་འདུ་ལས་རང་གནས་པདྨ་འོད་ཀྱི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སྐད་ཅིག་གིས་རྗེ་བཙུན་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དུང་ལ་ཕོ་ཚོས་བྱུག་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཨ་ཙ་རའི་ཆ་བྱད་གཞོན་ནུ་ལོ་བརྒྱད་པའི་ཚུལ་ཅན། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་ཀ་པཱ་ལ་བདུད་རྩིས་བཀང་བ་ལྟེ་བའི་ཐད་ཀར་འཛིན་པ། སྐུ་ལ་དར་མཐིང་ནག་དང་ཟབ་བེར་སྦྲགས་མ་གསོལ་བ། དར་དམར་པོའི་ཆོས་གོས་གསེར་གྱི་པ་ཏྲ་རིས་གསོལ་བ། དབུ་ལ་ཤེའུའི་སྙན་ཞུ་གསོལ་བ། རྩེ་ལ་རྒོད་སྒྲོ་དར་སྣ་ལྔས་བཅིངས་པ་ལ་མེ་ལོང་གིས་བརྒྱན་པ། སྙན་ཆ་གསེར་དང་མགུལ་རྒྱན་རིན་ཆེན་འབར་བས་བརྒྱན་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་སིནྡྷུ་རའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་དབང་སྡུད་ཀྱི་ཕྱག་རྒྱས་ཡབ་ལ་འཁྱུད་པ། གཡོན་ཐོད་ཁྲག་བདུད་རྩི་ལྔའི་རང་བཞིན་ཡབ་ལ་སྟོབ་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། གཅེར་བུ་གཡོན་ནས་ཡབ་ལ་འཁྲིལ་བ། གུ་རུའི་ཕྱག་ཞབས་བཞི་ལ་རིགས་བཞིའི་མཁའ་འགྲོ་དཔའ་བོ་དང་དཔའ་མོའི་རིགས་དཔག་ཏུ་མེད་པ་འོད་ཟེར་དུ་མ་འཕྲོས་ནས་ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འདུས་པའི་སྐུར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྩ་བ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་རང་དང་སྒྲུབ་རྫས་ལ་ཐིམ་པར་མོས་ལ། ཐོད་རྔ་དང་གསུར་ཆེན་དུད་པ་གདུང་བའི་དབྱངས་ཀྱིས་བསྐུལ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧཱུྃ་ཧཱུྃ་ཧ་ཧཱུྃ༔ བཞེངས་ཤིག་བླ་མ་རྗེ་བཙུན་བཞེངས༔ དགོངས་ཤིག་བླ་མ་སློབ་དཔོན་དགོངས༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་གནས་ནས་སྐུ་བསྐྱོད་ལ༔ བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས༔ དགོངས་ཤིག་རྒྱལ་བ་རིགས་ལྔའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་འཚལ༔ དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན༔ དབུ་སྐྲའི་ཐོར་ཅོག་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ གསེར་གྱི་གདུ་བུ་སི་ལི་ལི༔ སིལ་སྙན་མང་པོ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་མང་པོ་དི་རི་རི༔ ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར༔ མཁའ་འགྲོ་རྣམས་ཀྱི་ཚོགས་ཀྱིས་བསྐོར༔ ཆོས་སྐྱོང་རྣམས་ནི་བྲན་དུ་ཁོལ༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ ཞུབ་ཆེན་སྟོང་གདངས་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་ལྡན་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་མོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུ༔ དབང་རྣམས་རྫོགས་པའི་རིམ་པ་ཞུ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན༔ སྲིན་པོ་གནས་པའི་འཇིག་རྟེན༔ པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་པདྨ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་ཐིབས་ཀྱི་བྱོན་ནས༔ སྐུ་འབག་སོགས་མདུན་རྟེན་དང་དབྱེར་མེད་དུ་གྱུར་པར་བསམ། མཆོད་པ་ནི། ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་བདག་གདུང་ཞིང༔ མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ འདོད་ཡོན་ལྔ་ལྡན་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ཁཱ་ཧི་སྭཱ་ཧཱ༔ ཞེས་དང་། ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ས་མཆོད། ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཛཔ྄་བཟླ་བ་ནི། སྒོ་གསུམ་མི་གཡོ་ཞིང་རིག་པ་མ་ཡེངས་པར་མདུན་བསྐྱེད་ལས་དབང་བཞི་ལེན་པ་དང། ཐུགས་སྲོག་འོད་ཀྱི་སྤྲོ་བསྡུས་དོན་གཉིས་སྒྲུབ་པ་དང་། སྣང་གྲགས་རིག་གསུམ་བླ་མའི་གསང་བ་གསུམ་དུ་ལྟ་བས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བཟླ་སྟེ་བསྙེན་པའི་ཚད་ནི་འབུམ་ཕྲག་བཅུ་གཉིས་ཡིན་ལ། དབང་དང་ཚོགས་མཆོད་སོགས་གནས་སྐབས་ཀྱི་ཕྲིན་ལས་ལ་བརྒྱ་རྩ་བརྒྱད་བཟླ་བར་གསུངས་སོ། །དབང་གི་སྐབས། བུམ་པ་ཐོད་པ་གཏོར་མ་རྣམས་ཀྱི་སྣོད་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ། ནང་བཅུད་གུ་རུ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་བདེ་བའི་རྒྱུན་གྱིས་ཁེངས་པར་བསམས་ལ། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། པ་ཤཾ་ཀུ་རུ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཨཱ༔ བརྒྱ་རྩ་རེ་བཟླས་ལ། གོང་གི་མཆོད་བསྟོད་ཚང་བར་བྱ། བཀའ་སྲུང་གི་གཏོར་འབུལ་དང་། ལས་བྱང་ལྟར་དམིགས་པའི་དབང་བླངས་ལ། དཀྱིལ་འཁོར་ཡོལ་བས་བཅད། །གསུམ་པ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་མཚམས་སྲུང་། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ་ཀྱི་བར་དུ་བྱས་ལ། སྐབས་སུ་བབས་པ་ནི། བོད་ཁམས་ཕུར་ཐོགས་ཡོངས་ཀྱི་རྗེ་བཙན་དུ་བསྔགས་པ་ཞང་སྣ་ནམ་པ་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱིས། བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ཉིད་ཀྱི་བྱོན་ཚུལ་མཛད་ཚུལ་ལ་བརྟེན་ནས་ཐོས་པ་ཙམ་གྱིས་དང་བ་འདྲེན་ཅིང་། ཡིད་ཆེས་མོས་གུས་སྐྱེ་བའི་གསོལ་འདེབས་ཞུས་པ་ལ་བརྟེན་ནས། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ལས་འཛམ་བུའི་གླིང་དང་ཁྱད་པར་བོད་ཀྱི་ཡུལ་དུ་སྤྲུལ་པས་འགྲོ་དོན་མཛད་པའི་ཚུལ་མདོར་བསྡུས་ཏེ་བསྟན་པ་ལྷོ་ནུབ་རྔ་ཡབ་མའམ།སིནྡྷུ་རྒྱ་མཚོ་ཆེ་བར་གྲགས་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་དབང་དང་འབྲེལ་བ་འདི་ཉིད་རིག་འཛིན་ཡོངས་འདུས་ཀྱི་ཁ་བྱང་དང་ལྷན་ཅིག་ལྷོ་་་་་་བྲག་གཏམ་ཤུལ་གྱི་བྲག་སྲིན་མོ་སྦར་རྗེས་ནས་རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེས་སྤྱན་དྲངས་ནས་རིམ་པར་བརྒྱུད་པ་སྟེ། དེ་ཉིད་ཀྱི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པར་གསལ་བའི་སྤྱན་སྔར་ཡན་ལག་བདུན་པའི་ཚོགས་གསག་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བླ་མ་བདེ་གཤེགས་རིག་འཛིན་ཞིང་འདིར་བྱོན༔ པདྨ་ཉི་ཟླའི་གདན་སྟེང་མཁའ་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཕྱི་ནང་གསང་གསུམ་དངོས་འབྱོར་ཡིད་ཀྱིས་མཆོད༔ སྡིག་པའི་ལས་དང་ཏིང་འཛིན་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་རྗེས་ཡི་རང༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་འགྲོ་བའི་དོན་ལ་བཞུགས༔ སྒོ་གསུམ་དགེ་བ་བྱང་ཆུབ་ཕྱིར་དུ་བསྔོ༔ འགྲོ་ཀུན་རྡོ་རྗེ་གསུམ་མཆོག་ཐོབ་པར་ཤོག༔ ལན་གསུམ། ཕྱག་སྙིམས་པ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ༔ བདག་ཆེ་གེ་མོ་ཞེས་བྱ་བ་བྱིན་རླབས་དངོས་གྲུབ་ལ་འཇུག་པས༔ གུ་རུ་ཐོད་ཕྲེང་རྩལ་དགོངས་སུ་གསོལ༔ བདག་གི་ལས་དང་ཉོན་མོངས་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ འཁོར་བ་ལས་དབུགས་དབྱུང་བ་དང༔ གཟེངས་བསྟོད་པ་དང༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ་སྟེ་ཡོལ་བ་བསལ། གསང་སྔགས་ཀྱི་རྩ་བ་དམ་ཚིག་ལ་རག་ལས་པའི་ཕྱིར་ན། དམ་ཚིག་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས། ཧོ༔ བླ་མ་མཆོག་གསུམ་ཡི་དམ་ལྷ༔ བྱང་སེམས་དཔའ་བོ་མཁའ་འགྲོར་བཅས༔ ཕྱོགས་དུས་ཀུན་ན་བཞུགས་པ་རྣམས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་རྡོ་རྗེ་སེམས༔ དུས་འདི་ནས་ནི་ཡོངས་བཟུང་ནས༔ ཇི་སྲིད་བྱང་ཆུབ་མཆོག་གི་བར༔ ལུས་ངག་སེམས་ཀྱི་སྡོམ་པ་ནི༔ སོ་ཐར་བྱང་སེམས་གསང་བ་སྔགས༔ དེ་དག་ཚུལ་བཞིན་བཟུང་བར་བགྱི༔ བདེ་གཤེགས་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་རིགས་མཆོག་གི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་ཐམས་ཅད་བསྒྲལ༔ མ་གྲོལ་ཀུན་ནས་དགྲོལ་བར་བགྱི༔ དབུགས་མ་ཕྱིན་པ་དེ་དག་ཀྱང༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དེ་ལྟར་ཐོབ་ལ་སྤྲོ་བའི་ཡིད༔ རབ་ཏུ་བརྟན་པོར་བཟུང་བར་བགྱིའོ༔ ལན་གསུམ། ཁེ་ཉེན་གྱི་གནད་ལ་བཀར་ཏེ་ཐ་ཚིག་རྡོ་རྗེའི་དམ་ཆུ་སྦྱིན་པ་འདི་གསོལ་ལ་བརྟུལ་ཞུགས་ཀྱི་གནས་ལས་ནམ་ཡང་མི་འདའ་བར་མཛོད་ཅིག །ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཐུངས་ཤིག་དངོས་གྲུབ་ཀུན་ཐོབ་འགྱུར༔ ཡེ་ཤེས་རྡོ་རྗེ་བརྟེན་པའི་ས༔ ཉམས་ན་དམྱལ་བ་ཉིད་དུ་འོ༔ ས་མ་ཡ་ན་ར་ཀན༔ ཞེས་བདུད་རྩི་བླུད་རྡོ་རྗེ་སྤྱི་བོར་བཞག་གོ །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་རྩ་བར་ཞལ་ལྷོ་ནུབ་ཏུ་བསྟན་ཏེ་འཁོད་པར་མོས་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་མཛོད་ཅིག །ཁྱེད་རང་རྣམས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱི་གཙུག་ཏུ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པ། སྙིང་གར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་དབུས་སུ་བཾ་དམར་སེར། ཡན་ལག་བཞིར་ཧ་རི་ནི་ས་ཕྱོགས་ཀྱི་མདོག་ཅན་དུ་གསལ་བའི་འོག་ཏུ་ཡཾ་ལྗང་གུ་དང་། བླ་མའི་སྨིན་མཚམས་སུའང་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བ་ལ་ཤེས་པ་གཏོད་ཅིག །བླ་མས་ཧ་རི་ནི་ས་ཡཾ་ཞེས་བརྗོད་པ་ལ་བརྟེན་ནས་ཁྱེད་རང་གི་སྙིང་གའི་ཡཾ་ལས་རླུང་གཡོས་པས་གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་ཞིང་། སྤྱི་བོའི་གུ་རུ་ཡབ་ཡུམ་གྱི་སྨིན་མཚམས་ཀྱི་བར་དུ་སླེབ། དེ་དག་ལས་འོད་ཟེར་ཕྱིར་འཕྲོས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྩ་བ་གསུམ་གྱི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །སྤོས་རོལ་དང་བཅས། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་ཡེ་ཤེས་མཁའ་འགྲོ་བཞེངས༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་འཚལ༔ དབུ་ལ་ཐོར་ཅོག་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ སིལ་སྙན་མང་པོ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་མང་པོ་ཁྲོ་ལོ་ལོ༔ ཡི་དམ་ལྷ་ཡི་འཁོར་གྱིས་བསྐོར༔ མཁའ་འགྲོ་རྣམས་ཀྱི་ཚོགས་ཀྱིས་གཏིབས༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ ཞུབ་ཆེན་སྟོང་དང་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་ལྡན་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་མྱུར་དལ་སྤེལ་མའི་དབྱངས་ཀྱིས་བརྗོད། སླར་ཡང་རོལ་མོ་སྣ་ཚོགས་ཀྱི་སྒྲས་བསྐུལ་ཏེ། ཨོཾ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་གཟི་བརྗིད་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ཨཱ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསང་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་ཞིག་སྐུར༔ བརྒྱུད་འཛིན་བུ་སློབ་བྱིན་གྱིས་རློབས༔ ཞེས་བརྗོད་ལ་དབབ་བོ། །དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས༔ བླ་མའི་རྗེས་གནང་ཐོབ་ནས་ནི༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཀྱང་འཇུག་པར་འཚལ༔ བདག་ལ་བསྐུར་བར་མཛད་དུ་གསོལ༔ ལན་གསུམ། རིགས་ཀྱི་བུ་རྣམས་བརྡ་སྤྲོད་པའི་ཚིག་དོན་ལ་རྗེས་སུ་རྟོགས་ཤིག །བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལུས་དཀྱིལ་ལྷ་དང་བཅས་པ་རྣམས་ཀྱི་སྐུ་ལས་བབས་པའི་བདུད་རྩིའི་རྒྱུན་གྱིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་ཐོགས་ལ། ཨོཾ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ནས༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་དུག་གསུམ་དབྱིངས་སུ་འཁྲུད༔ ཉོན་མོངས་བག་ཆགས་ཀུན་བྱང་ནས༔ དབང་རྣམས་ཡེ་ཤེས་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ་བརྗོད་དེ་གནས་གསུམ་དུ་བསྐུར་བ་སོགས་ཚིག་མཐུན་བྱས་ལ། བུམ་པ་སྤྱི་བོར་བཞག་སྟེ་ཁྲུས་བྱ་བ་བུམ་དབང་། མགྲིན་པར་བཞག་སྟེ་བུམ་ཆུ་བླུད་པས་གསང་དབང་། སྙིང་གར་བཞག་སྟེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་འགྱུར་བ་མེད་པའི་བུམ་པ་ཟླུམ་པོར་རིག་པ་འོད་གསལ་ཟང་ཐལ་གྱི་བཅུད་གཏམས་པའི་རྒྱུན་གྱིས་མ་རིག་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་རྗེས་ཤེས་སུ་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་ནི་དབང་བཞི་པ་དེ་ཁོ་ན་ཉིད་དེ་བུམ་པ་ལ་ལྟོས་པའི་དབང་བཞི་ཡོངས་རྫོགས་ཐོབ་པ་ཡིན་ནོ། །བནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཟག་མེད་བདེ་བའི་རྒྱུན་གྱིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད་ཅིག །ཐོད་པ་ཐོགས་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་གང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་ལ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངང༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་རྣམས་རྫོགས་པའི་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ལན་གསུམ་བརྗོད་དེ་གོང་ལྟར་བསྐུར་ལ། ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་བདུད་རྩི་འཐུང་བ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། ཐབས་བདེ་བ་ཆེན་པོའི་བནྡྷ་ཟླུམ་པོར་ཤེས་རབ་སྟོང་ཉིད་ཆོས་ཀྱི་དབྱིངས་རྣམ་པའི་ལྡོག་ཆར་ཡེ་ཤེས་ལྔར་སྣང་བའི་བཅུད་ཀྱིས་དུག་ལྔའི་བདུད་ལ་ཡེ་ཤེས་ཀྱི་རྩིས་ཐེབས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་རྗེས་ཤེས་སུ་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་ནི་དབང་བཞི་པ་དེ་ཁོ་ན་ཉིད་དེ་ཐོད་པ་ལ་ལྟོས་པའི་དབང་བཞི་ཡོངས་རྫོགས་ཐོབ་པ་ཡིན་ནོ། །གཏོར་མ་གུ་རུ་ཐོད་ཕྲེང་རྩལ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་དངོས་སུ་གསལ་བའི་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ གཏོར་སྣོད་བནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མའི་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་ཤམ་བུར། གུ་རུ་དེ་བ་ཌཱ་ཀི་ནཱི་ཛོ་ཀི་ནི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ་བརྗོད་དེ་བསྐུར་ཚུལ་གོང་བཞིན་བྱས་ལ། གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་གཏོར་ཟན་དངོས་གྲུབ་ཏུ་རོལ་པ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། གཏོར་སྣོད་ཆོས་དབྱིངས་ཡངས་པའི་ཞིང་ཁམས། གཏོར་མ་རང་རིག་གུ་རུ་སྐུ་ལྔ་ཟུང་དུ་འཇུག་པས་རྡོ་རྗེ་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་བསྩལ་བར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་རྗེས་སུ་བདེ་གསལ་མེ་རྟོག་པའི་ཉམས་སྐྱེ་བ་ནི་དབང་བཞི་པ་དེ་ཁོ་ན་ཉིད་དེ་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་བརྡའི་དབང་བཞི་རྣམ་པ་བཅུ་གཉིས་སུ་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས། རྩ་བ་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་དང་རྡོ་རྗེ་བཟུང་ཞིང་། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀ་པཱ་ལ་གླིང་གཅིག་པ་བཅང་བ། ཡབ་ཡུམ་གཉིས་སུ་མེད་པའི་རྟགས་ཚེས་བཅུའི་དུས་མཆོད་བཟུང་བ་ལ་བརྩོན་པར་བགྱིའོ་སྙམ་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བྱས་ལ། རྗེས་ཀྱི་ཆོ་གའང་ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་དཀྱུས་ལྟར་བསྙེགས་པས་འགྲུབ་བོ། །གང་བློ༵་ནམ་མཁར་སྦྱོར་བ་རྣམས། །འདུན་གྲོ༵ས་མ་འཆུགས་ཡིད་བཞིན་ནོར། །ཆོས་སྒོ་མཐ༵འ་ཡས༵་རྒྱ་མཚོའི་བཅུད། །འདི་འདྲ་སྙིང་གི་ནོར་དུ་འཆོངས། །སྲིན་སྦར་གཏེར་བྱོན་ཡང་གཏེར་གུ་རུའི་སྒྲུབ་སྐོར་དབང་དང་བཅས་པའི་ལེ་ཚན་ནོ།། ༈ ཨོཾ་སྭསྟི། སྐུ་ལྔ་ལྷུན་གྲུབ་མཚན་མཆོག་བརྒྱད་དང་ལྡན། །རིགས་དྲུག་འདུལ་མཛད་འཕྲུལ་མཚན་བཞི་བཅུའི་བདག །སྟོང་གསུམ་ཕྱོགས་བཅུར་རྣམ་འཕྲུལ་རབ་འབྱམས་ཀྱིས། །འགྲོ་འདུལ་སངས་རྒྱས་ཐོད་པ་རྩལ་གྱིས་སྐྱོངས། །ལྷ་སྲས་འཇིང་ཡོན་མུ་ཏིག་བཙན་པོའི་ཆོས་སྐལ་དུ་གནང་བའི་གསོལ་འདེབས་ནུབ་ཕྱོགས་བདེ་ཆེན་མའམ། སིནྡྷུ་རྒྱ་མཚོ་ཆུང་བའི་ཕྲིན་ལས་ལ། སྦྱོར་བ་དཀྱིལ་འཁོར་རྡུལ་ཚོན་བྱེད་ན་ཐིག་ཚོན་བྱིན་རླབས་གཞུང་གསལ་ལྟར་ལ། རས་བྲིས་སྐབས་ཞི་དཀྱིལ་སྒོ་རྫོགས་སྤྱི་མཐུན་ལ་ནང་པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་འདབ་བརྒྱད་མཛེས་ཚོན། ལྟེ་བ་མཐིང་གའི་དབུས་སུ་རྡོར་དྲིལ། འདབ་བཞིར་འཁོར་ལོ་སོགས་རིགས་རྟགས། འདབ་བརྒྱད་ལ་རྡོ་རྗེ། གྲུ་ཆད་བཞི། སྒོ་བཞི་ཕྱི་ནང་མཚམས་བཞི་རྣམས་སུ་ཐིག་ལེ་ལྷ་མདོག་དགོད། མ་འཛོམ་ན་མཎྜལ་བདུད་རྩིས་བྱུགས་པ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་མཉྫི་ལ་སྒྲུབ་གཏོར་དཔེའུ་རིས་ལྟར་རམ་རིན་ཆེན་འབར་བ་རྒྱན་ལྡན་དར་གདུགས་བཅས་བཞག་པའི་གཡས་གཡོན་དུ་སྨན་རག །མདུན་དུ་རྣམ་བུམ་བཅུད་ལྡན་ཁར་མེ་ལོང་ལ་སིནྡྷུ་ར་བྱུགས་པར་ཆོས་འབྱུང་བསྣོལ་མའི་ནང་ཐིག་ལེ་ལྔ་ཚོམ་ཧཱུྃ་གིས་མཚན་པའི་མཐར་རྩ་སྔགས་གཡས་སྐོར་དུ་བཀོད་པའི་སྟེང་དུ་གུ་རུའི་སྐུ་འབག་ན་བཟའ་བཅས་བཞུགས། ལས་བཞིའི་འབྲང་རྒྱས་དཀར་སེར་དམར་ལྗང་དར་གྱི་རྒྱལ་མཚན་དང་ཟས་སྣས་བརྒྱན་པ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་གཞན་གོང་མཚུངས་ཉེ་བར་བསྡོགས་པར་བྱའོ། །ཕྲིན་ལས་དངོས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། སྔོན་འགྲོ་ཚོགས་སག་ཡན་ལས་བྱང་ལྟར་སོང་ནས། སྤྱི་གཙུག་པདྨའི་སྡོང་པོའི་སྟེང༔ པདྨ་ཉི་ཟླ་འོད་འབར་དབུས༔ རྡོ་རྗེ་དེ་བཞིན་རིན་པོ་ཆེ༔ པདྨ་ལས་ཀྱི་ཐོད་ཕྲེང་རྩལ༔ སྐུ་མདོག་འོད་ཀྱི་རང་འོད་འབར༔ ཕྱག་གཡས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ རིགས་ཀྱི་ཡུམ་བཅས་འཁྲིལ་སྦྱོར་བཞུགས༔ དར་དང་རིན་ཆེན་རུས་པས་བརྒྱན༔ འཇའ་འོད་ཕུང་པོའི་དཀྱིལ་ན་གསལ༔ དེ་ཡི་ཕྱི་རིམ་གུ་རུའི་སྐུ༔ མཚན་བརྒྱད་སྤྲུལ་པའི་རིག་འཛིན་རྣམས༔ ཡེ་ཤེས་དཔལ་གྱི་སྐུ་རུ་བཞུགས༔ ཕྱི་རོལ་ལྷ་དང་རིག་འཛིན་དང༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ལྡན༔ ཐུགས་ཀར་ཟླ་སྟེང་ཧཱུྃ་འོད་འཕྲོས༔ རང་བཞིན་ཆོས་སྐུ་དག་པའི་ཞིང༔ མ་འདྲེས་ཡོངས་རྫོགས་འོག་མིན་གནས༔ སྤྲུལ་པ་སངས་རྒྱས་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ སྤྱན་དྲངས་སྤྱི་བོའི་ལྷ་ལ་ཐིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཚིག་བདུན་གསོལ་འདེབས་བརྗོད། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་ཀྱི་སོགས་གསོལ་འདེབས་ཅི་ལྕོགས་དང་། ཁྱད་པར། ཀྱེ༔ རྗེ་བཙུན་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ༔ སྒྲིབ་པ་སྦྱང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་གྲངས་སུ་བསགས་ལ་མཐར། ཨོཾ་ཨཱཿཧཱུྃ་ཧྲཱི༔ རྣམ་དག་ཡེ་ཤེས་བཀོད་པའི་ཞིང་ཁམས་སུ༔ རིན་ཆེན་སྣ་ཚོགས་འདོད་ཡོན་རྒྱ་མཚོའི་སྤྲིན༔ ཡོངས་སུ་བཀང་བའི་མཎྜལ་རབ་འབྱམས་རྣམས༔ བླ་མ་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ༔ རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་གིས་བདག་ཏུ་བཟུང་བའི་ཡུལ་འཁོར་ནོར༔ རབ་ཏུ་གཅེས་དང་ཡིད་ལ་འཐད་པ་རྣམས༔ སྙིང་པོ་མེད་ལས་སྙིང་པོའི་དོན་རྟོགས་ཕྱིར༔ ཞེན་པ་སྤངས་ཏེ་འབུལ་གྱིས་བཞེས་སུ་གསོལ༔ སརྦ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཕྱི་ནང་གི་མཎྜལ་ཁོ་ནའམ། གསང་བའི་མཎྜལ་ལྕོགས་ཤིང་སྤྲོ་ན་དབང་གི་གལ་མདོ་ལྟར་འབུལ་བ་ཚར་རེ་དང་། གསོལ་འདེབས་ཚར་རེ་སྤེལ་བ་ལན་བདུན་གྱི་རྗེས་སུ། གུ་རུའི་ཐུགས་ཀྱི་དཔལ་བེའུ་ལས༔ འོད་ཟེར་བྱེ་བ་དྲུག་ཅུ་འབར༔ སྒྱུ་ལུས་བདེ་བའི་རང་བཞིན་ལས༔ འོད་ཟེར་སྟོང་གསུམ་མ་ལུས་ཁྱབ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན༔ འོད་ཀྱི་རྩ་ནས་ཚུར་འདུས་ནས༔ བདག་གི་སྨིན་མཚམས་མཛོད་སྤུར་ཐིམ༔ ཉི་མའི་འོད་ཟེར་འབུམ་ཤར་བས༔ དངོས་པོ་ཤུགས་ཀྱིས་སྦྱངས་པ་ལྟར༔ བདག་གི་ལུས་ངག་ཡིད་གསུམ་གྱི༔ བག་ཆགས་མི་དགེ་བཅུ་པོ་སྦྱངས༔ བདག་ལུས་འོད་ཀྱི་ཕུང་པོ་ནི༔ གསལ་འཚེར་དྭངས་པ་འོད་ལྔར་འཆར༔ ཚོན་ལྔའི་དྲུ་གུ་ལྟ་བུའི་དབུས༔ ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་གསལ༔ དེ་ལ་སྤྱི་བོའི་གུ་རུའི་སྐུ༔ ཐིམ་པས་བདེ་བ་བུམ་པའི་དབང༔ གསལ་བ་གསང་དབང་མི་རྟོག་པ༔ ཤེས་རབ་དབྱེར་མེད་དབང་བཞི་པ༔ སྐུ་བཞིའི་ངོ་བོར་རྫོགས་པ་འོ༔ ཞེས་མོས་ལ་ཧཱུྃ་བཟླ་ཞིང་ངོ་བོ་བསྐྱང་ངོ་། །གཉིས་པ་ནི། ལས་བྱང་ལྟར་མཆོད་པ་བྱིན་བརླབས་ལ། ཧཱུྃ༔ སྟོང་གསལ་མཐའ་དབུས་མེད་པ་ལ༔ དེ་ཉིད་མ་རྟོགས་ཡང་དག་ཉིད་ལ་རྨོངས༔ འཁྲུལ་པའི་ཡུལ་ལ་སྙིང་རྗེ་ཕྱིར༔ སྟོང་ཉིད་སྙིང་རྗེ་གཉིས་མེད་ཧཱུྃ༔ མཐིང་ཞུན་མདོག་ཅན་གསལ་བར་གྱུར༔ ཧཱུྃ་ལས་ཨེ་ཡཾ་རཾ་བཾ་སུཾ་ཡིག་ལས༔ འབྱུང་བ་ནམ་མཁའ་རླུང་མེ་ཆུ་སའི་སྟེང༔ ཀེཾ་ལས་རི་རབ་མེ་དཔུང་འབར་བའི་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་གྲུ་བཞི་པ༔ སྒོ་བཞི་རྟ་བབས་རིན་ཆེན་རྒྱན་ཕྲེང་ལྡན༔ ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་ལྡན༔ རྩིག་པ་འདོད་སྣམ་ཀ་གདུང་གདུགས་དང་ཏོག༔ ཕྱི་ནང་མེད་པར་ཀུན་ཏུ་གསལ་བའི་དབུས༔ ཤར་ཕྱོགས་དུང་ལ་ལྷོ་ཕྱོགས་བཻཌཱུརྻ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག༔ ལྟེ་བ་མི་འགྱུར་བཻཌཱུར་ས་གཞིའི་སྟེང༔ གྲུ་ཆད་བཞི་ལྡན་ལྟེ་དབུས་ཏྲཱཾ་སེར་ལས༔ པདྨའི་སྡོང་པོ་འདབ་བརྒྱད་གེ་སར་མཛེས༔ དེ་དབུས་པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང༔ ཧཱུྃ་བྱུང་ཧཱུྃ་ཞུ་ཧཱུྃ་ལས་བདག་ཉིད་ནི༔ བླ་མ་བདེ་གཤེགས་ཀུན་འདུས་རྡོ་རྗེ་འཆང༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ སྐྱིལ་ཀྲུང་མཐིང་འབར་ཡུམ་བཅས་རིན་ཆེན་དང༔ དར་དང་རུས་རྒྱན་འཛུམ་མདངས་ཡ་ལ་ལ༔ ཕྱོགས་བཞིར་ཧཱུྃ་ལས་ཧཱུྃ་བྱུང་ཞུ་བ་ཡི༔ ཐིག་ལེ་ཧཱུྃ་གིས་བསྐུལ་བའི་བདག་ཉིད་དཔལ༔ རིགས་བཞིའི་ཐོད་ཕྲེང་རྡོ་རྗེ་འཆང་གི་ཚུལ༔ དཀར་སེར་དམར་ལྗང་རིགས་ཀྱི་ཁ་དོག་འཛིན༔ དེ་ཡི་ཕྱི་རིམ་སྤྲུལ་པའི་རིག་འཛིན་ནི༔ གུ་རུ་མཚན་བརྒྱད་དཀར་སྨུག་རྡོར་དྲིལ་འཛིན༔ སྐྱིལ་ཀྲུང་གཟི་བརྗིད་ལྡན་པའི་ཕྱི་རིམ་དུ༔ གྲུ་ཆད་བཞི་ལ་ཌཱ་ཀི་ཞི་བ་འཚོ༔ རྡོ་རྗེ་བདུད་འདུལ་ཕག་མོ་ཕྲ་མེན་བཞི༔ རིགས་བཞིའི་ཕྱག་མཚན་རྒྱན་དང་ཆ་ལུགས་འཛིན༔ སྒོ་བཞིར་ཕུང་སྲུང་མ་མོ་ཤྭ་ན་བཞི༔ མཚམས་བཞིར་ལྷ་མོ་བདག་ཉིད་ཆེན་མོ་བཞི༔ ཕྱི་རོལ་སྒོ་ཡི་གློ་འབུར་མཚོ་ཆེན་བཞིར༔ བསེ་ཡི་མ་བཞི་སྐྱེས་བུ་གིང་བཞི་དང༔ མཁའ་འགྲོ་འབུམ་སྡེ་བརྟན་མའི་ཚོགས་བཅས་བསྒོམ༔ ཀུན་ཀྱང་རང་རང་སྤྲུལ་པ་སྤྲིན་ཕུང་བཞིན༔ སྐུ་མདོག་ཕྱག་མཚན་རྒྱན་རྣམས་གསལ་བར་བསྐྱེད༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་གསལ་བསྒོམ་འོད་ཟེར་གྱིས༔ ཨོ་རྒྱན་གནས་དང་འོག་མིན་གནས་མཆོག་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ལྷ་བསྐྱེད་ལས་བྱང་ལྟར་ན། ཧཱུྃ༔ སྟོང་གསལ་སོགས་ནས། མཐིང་ཞུན་མདོག་ཅན་དེ་ཉིད་ལས༔ མཁའ་རླུང་ཆུ་ས་རི་བོ་མེ༔ རིམ་བརྩེགས་སྲུང་འཁོར་རྡོ་རྗེའི་དབུས༔ ཧཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ མཐའ་དབུས་མེད་པའི་ཡོན་ཏན་རྫོགས༔ ཧཱུྃ༔ དེ་དབུས་པདྨའི་སྡོང་པོའི་སྟེང༔ པདྨ་ཉི་ཟླ་འོད་འབར་སྟེང༔ ཧཱུྃ་བབས་ཡོངས་གྱུར་སྐད་ཅིག་ལ༔ རྡོ་རྗེ་དེ་བཞིན་རིན་པོ་ཆེ༔ པདྨ་ལས་ཀྱི་ཐོད་ཕྲེང་རྩལ༔ སྐུ་མདོག་འོད་ཀྱི་རང་འོད་འབར༔ ཕྱག་གཡས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ རིགས་ཀྱི་ཡུམ་བཅས་འཁྲིལ་སྦྱོར་བཞུགས༔ དར་དང་རིན་ཆེན་རུས་པས་བརྒྱན༔ འཇའ་འོད་ཕུང་པོའི་དཀྱིལ་ན་གསལ༔ དེ་ཡི་ཕྱི་རིམ་གུ་རུའི་སྐུ༔ མཚན་བརྒྱད་སྤྲུལ་པའི་རིག་འཛིན་རྣམས༔ ཡེ་ཤེས་དཔལ་གྱི་སྐུ་རུ་བཞུགས༔ བར་ཁྱམས་གྲུ་ཆད་མཁའ་འགྲོའི་ཚོགས༔ ལས་དང་ཡེ་ཤེས་སྤྲུལ་པ་ཅན༔ སྒོ་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ལྡན༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རང་བཞིན་ཆོས་སྐུ་དག་པའི་ཞིང༔ མ་འདྲེས་ཡོངས་རྫོགས་འོག་མིན་གནས༔ སྤྲུལ་པ་སངས་རྒྱས་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཅེས་བརྗོད། གོང་མ་རྣམས་ཀྱིས་ཕྱག་ལེན་སྔ་མ་ལྟར་མཛད་ཀྱང་། སྒྲུབ་དུས་སུ་སྔ་མ་དང། དབང་བསྐུར་སོགས་ལ་ཕྱི་མ་གཙོ་བོར་བཟུང་ན་ལེགས་པར་སེམས་སོ། །དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་རོལ་པ་ཆེན་པོའི་གནས༔ མ་འདྲེས་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་ནས༔ ཐུགས་རྗེ་ཆེ་མངའ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཉི་ཟླ་པདྨའི་གདན་སྟེང་དགྱེས་པར་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པའི་ཚོགས༔ ཨརྒྷཾ་མེ་ཏོག་སྤོས་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཆོས་དང་སྨན་གཏོར་རཀྟ་ཚོགས་མཆོད་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང༔ དམ་ཅན་སྲུང་མའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ་ཌཱ་ཀི་ནཱི་སཱུརྻ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ བླ་མའི་སྐུ་ནི་འོད་གསལ་དབྱིངས་ལས་ཤར༔ འགག་མེད་གསུང་ནི་གཞོམ་མེད་གསང་བའི་དབྱངས༔ འགྱུར་མེད་ཐུགས་ནི་འོད་གསལ་མཐའ་དབུས་བྲལ༔ སྐུ་ལྔ་ཡོངས་རྫོགས་བླ་མའི་སྐུ་ལ་འདུད༔ སྣང་སྟོང་ལྷ་སྐུ་རང་རིག་ཆོས་ཀྱི་སྐུ༔ རྒྱ་ཆད་ཕྱོགས་བྲལ་ནམ་མཁའི་མཐའ་དང་མཉམ༔ ཡེ་ནས་མ་བསྐྱེད་ལྷུན་རྫོགས་གསང་བའི་གཏེར༔ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་སྟོང་པའི་མཁའ་དབྱིངས་དག་པ་ལས༔ ཐུགས་རྗེའི་ཆོ་འཕྲུལ་མི་གཡོ་ཤུགས་ཀྱིས་བསྐྱེད༔ རང་གྲོལ་གཉུག་མ་འོད་གསལ་སྙིང་པོའི་གཏེར༔ རིག་རྩལ་མཁའ་འགྲོ་དམ་ཅན་ཚོགས་ལ་བསྟོད༔ ཅེས་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་ཀྱི་ཕྲིན་ལས་བྱས་ནས། འཛབ་བསྐུལ་བ་ནི། རྨད་བྱུང་ཏིང་འཛིན་འཛབ་ཀྱི་འཕྲོ་འདུ་ཡི༔ དགོངས་སྤྱོད་དག་པའི་ཡེ་ཤེས་ཀྱིས་སྦྱངས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཚུལ་བཞིན་དུ༔ དུས་འདི་ཉིད་དུ་བདག་ལ་གནང་བར་མཛོད༔ བཟླས་དམིགས་ནི། སྒྲུབ་ཐབས་རྡོ་རྗེ་གསང་བ་ལས། གསོལ་བ་གདབ་ཅིང་འོད་ཟེར་འཕྲོ་འདུ་ཡིས༔ དབང་བཞི་བླང་ཞིང་སྣོད་བཅུད་སེམས་ཅན་ཀུན༔ གཞལ་ཡས་ཁང་དུ་བླ་མའི་སྐུ་རུ་བསྐྱེད༔ དག་སྣང་ཆེར་བསྐྱེད་སྒྱུ་ལུས་འོད་གསལ་བསྒོམ༔ ཞེས་གསུངས་པ་ལྟར་ལས། བཟླ་བྱའི་སྙིང་པོའང་དེ་ལས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་དང་། ནང་སྒྲུབ་རྡོ་རྗེ་རིན་ཆེན་ལས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ཞེས་འབྱུང་བ་སྒྲུབ་པའི་སྐབས་སུ་སྔ་མ་གཙོ་བོར་བཟླ་ཞིང་། ཕྲིན་ལས་ཙམ་ལ་ཕྱི་མ་གཙོ་བོར་བཟླ། སྒྲུབ་པའི་ཚད་ནི་ཞག་བདུན་ནམ་ཟླ་གཅིག་གམ་ཟླ་དྲུག་ཏུ་གསུངས་ཤིང་། དབང་གི་སྐབས་སུ་དབང་རྫས་རྣམས་ཀྱང་ལྷར་གསལ་བ་ལ་སྤྲོ་བསྡུ་སྤྱི་མཐུན་བྱ་ཞིང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་སོགས་གཟུངས་ཐག་བླངས་ལ། བུམ་པར་དམིགས་པའི་བཟླས་པ་དང་། ལས་བུམ་བསྐྱེད་བཟླས་བྱ། མཐར། ཨརྒྷཾ་མེ་ཏོག་སོགས་དང་། ཧཱུྃ༔ བླ་མའི་སྐུ་ནི་སོགས་ཀྱིས་མཆོད་བསྟོད་སྔར་བཞིན་བྱ། དེ་ནས་གཏེར་སྲུང་གཏོར་འབུལ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་རྗེས། རིག་པའི་མེ་ཏོག་དོར་ལ་བདག་ཉིད་འཇུག་པར་བྱའོ། །གསུམ་པ་ནི། སློབ་མ་རྣམས་ལ་ཁྲུས་བགེགས་བསྐྲད་མཚམས་སྲུང་སེམས་བསྐྱེད་གསལ་གདབ་ཡན་སོང་ནས། སྐབས་སུ་བབས་པ་ནི། བོད་རྗེ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོའི་སྲས་མཆོག་གསུམ་གྱི་སྲས་མཆོག་ཐ་ཆུང་། ཐུགས་སྒམ་བཀའ་བཙན་པ་སོགས་ལེགས་པ་ལྔ་དང་ཁྱད་འཕགས་བཅུ་གསུམ་ལྡན་པར་གྲགས་པ་མཇིང་ཡོན་མུ་ཏིག་བཙན་པོའམ་རྒྱལ་སྲིད་སྐྱོང་བའི་མཚན་ལྷ་སྲས་མུ་ཁྲི་བཙད་པོར་གྲགས་པ་དེ་ཉིད་ཀྱིས་ལྔ་བརྒྱ་སྙིགས་མའི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་ནུས་པའི་གསོལ་འདེབས་ཞུས་པ་ལ་་་་་བརྟེན་ནས། གུ་རུ་ཉིད་ཀྱི་རྣམ་པར་ཐར་པ་མཐའ་དག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ་དང་སྦྱར་ཏེ་གནང་བ་སིནྡྷུ་རྒྱ་མཚོ་ཆུང་བར་གྲགས་པའི་དབང་བསྐུར་རྡོ་རྗེ་གསང་བ་རིན་པོ་ཆེ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བྱ་བའི་འོས་སུ་གྱུར་པ་རྣམས་སོང་བ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་སོགས། ཨོཾ་ཨཱཿཧཱུྃ་གིས་མིག་དར། ཨཱཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཕྱག་སྙིམས་པ་མེ་ཏོག་དང་བཅས་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་ཀྱིས་ཐུགས་རྗེས་གཟིགས༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་དགོངས༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ དུས་གསུམ་བདེ་གཤེགས་རྣམས་ལ་གསོལ་བ་འདེབས༔ བདག་ཅག་སྐལ་ལྡན་དབང་སྐུར་བྱིན་གྱིས་རློབས༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་བདེ་གཤེགས་རིག་འཛིན་ཞིང་འདིར་བྱོན༔ པདྨ་ཉི་ཟླའི་གདན་སྟེང་མཁའ་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཕྱི་ནང་གསང་གསུམ་དངོས་འབྱོར་ཡིད་ཀྱིས་མཆོད༔ སྡིག་པའི་ལས་དང་ཏིང་འཛིན་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་རྗེས་ཡི་རང༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་འགྲོ་བའི་དོན་ལ་བཞུགས༔ སྒོ་གསུམ་དགེ་བ་བྱང་ཆུབ་ཕྱིར་དུ་བསྔོ༔ འགྲོ་ཀུན་རྡོ་རྗེ་གསུམ་མཆོག་ཐོབ་པར་ཤོག༔ ལན་གསུམ། སོ་ཐར་གྱི་རྩ་བ་ལམ་ལོག་པ་ལས་ལྡོག་པ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ བླ་མ་མཆོག་དང་སངས་རྒྱས་དང༔ དམ་ཆོས་འཕགས་པའི་ཚོགས་རྣམས་ལ༔ བདག་དང་སེམས་ཅན་མ་ལུས་པ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གསུམ། བྱང་སེམས་ཀྱི་རྩ་བ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས༔ ན་མོ༔ བདག་གི་ལུས་ངག་སེམས་ཀྱི་ལས༔ འགྲོ་ཀུན་བྱང་ཆུབ་ས་ཐོབ་ཕྱིར༔ དམིགས་མེད་ཕྱོགས་བྲལ་སྨོན་འཇུག་གིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ། དེའི་ཉམས་ལེན་གྱི་སྙིང་པོ་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། ན་མོ༔ ཚད་མེད་ནམ་མཁའ་དང་མཉམ་པའི༔ འགྲོ་རྣམས་བདག་གི་མར་ཤེས་ཤིང༔ དེ་དག་སྡུག་བསྔལ་བྲལ་བ་དང༔ ཆགས་སྡང་གཉིས་བྲལ་བཏང་སྙོམས་བསྒོམ༔ སྔགས་ཀྱི་རྩ་བ་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་བའི་སླད་དུ་འདིའི་རྗེས་ཟློས། ཧོ༔ བླ་མ་མཆོག་གསུམ་ཡི་དམ་ལྷ༔ བྱང་ཆུབ་སེམས་དཔའ་མཁའ་འགྲོར་བཅས༔ ཕྱོགས་དུས་ཀུན་ན་བཞུགས་པ་རྣམས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་རྡོ་རྗེ་སེམས༔ དུས་འདི་ནས་ནི་ཡོངས་བཟུང་ནས༔ ཇི་སྲིད་བྱང་ཆུབ་མཆོག་གི་བར༔ ལུས་ངག་སེམས་ཀྱི་སྡོམ་པ་ནི༔ སོ་ཐར་བྱང་སེམས་གསང་བ་སྔགས༔ དེ་དག་ཚུལ་བཞིན་བཟུང་བར་བགྱི༔ བདེ་གཤེགས་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་རིགས་མཆོག་གི༔ དམ་ཚིག་སྡོམ་པ་མ་ལུས་བཟུང༔ མ་བརྒལ་བ་རྣམས་ཐམས་ཅད་བསྒྲལ༔ མ་གྲོལ་ཀུན་ནས་དགྲོལ་བར་བགྱི༔ དབུགས་མ་ཕྱིན་པ་དེ་དག་ཀྱང༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དེ་ལྟར་ཐོབ་ལ་སྤྲོ་བའི་ཡིད༔ རབ་ཏུ་བརྟན་པོར་བཟུང་བར་བགྱིའོ༔ ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་ཁམས་གནས་ཁང་པདྨ་འོད་ཀྱི་གཞལ་ཡས་ཁང་དུ། སློབ་དཔོན་ཡང་ཐ་མལ་པ་མ་ཡིན་པ་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་པད་སྡོང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ཐོད་ཕྲེང་རྩལ་དཀར་ལ་དམར་བའི་མདངས་དང་ལྡན་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུ་ལ་བརྟེན་པའི་པང་ན་རིགས་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། དར་དང་རིན་པོ་ཆེ་རུས་པས་བརྒྱན་ཅིང་འཇའ་འོད་ཀྱི་ཀློང་ན་བཞུགས་པར་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོ་རང་འོད་འཕྲོ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་རྣལ་འབྱོར་མ་གཅེར་བུ་གར་སྟབས་བདེ་བ་ཆེན་པོའི་ཉམས་དང་ལྡན་པ། ཡན་ལག་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་མཁའ་འགྲོ་སྡེ་བཞི། རླུང་ཁ་སྦྱོར་བཟུང་བའི་རྐྱེན་གྱིས་འོག་གི་རླུང་གཡོས་པས་བསྐུལ་ཏེ་སྙིང་གའི་གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བས། ལུས་ཀྱི་ནང་ཐམས་ཅད་འཇའ་ཟེར་འོད་ཕུང་འཁྲུགས་པའི་དབུས་སུ་མཁའ་འགྲོ་མ་བྱེ་བ་འབུམ་ཕྲག་གར་སྟབས་མེར་མེར་བསྒྱུར་ཞིང་། དེ་དག་ལས་ཀྱང་འོད་ཟེར་ཕྱིར་འཕྲོས་པས་ཕྱོགས་བཅུ་འཇའ་དང་འོད་ཀྱིས་གང་སྟེ་པདྨ་འོད་ཀྱི་ཞིང་དང་འོག་མིན་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས། བདེ་གཤེགས་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡམ་ཡམ་མེར་མེར་ཤིག་ཤིག་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། བླ་མ་རིག་འཛིན་འདུས་པའི་སྐུ་གསུང་ཐུགས་དབྱེར་མེད་གཅིག་ཏུ་གྱུར་པའི་མོས་པ་མཛོད། ཌཱ་དྲིལ་དབྱངས་དང་འབེབ་རྫས་བསྲེགས་ལ། ཧཱུྃ༔ བཞེངས་ཤིག་པདྨ་སོགས་ཚང་བའི་གཤམ་དུ། ཧཱུྃ་ཧཱུྃ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་མཐུ་ལས་རང་བྱུང་གི་ཡེ་ཤེས་རྩོལ་མེད་དུ་སྐྱེས་པ་དེ་ཉིད་གནས་ལུགས་ཀ་དག་གི་ལྟ་བ་ཡིན་པས་དེའི་ངོ་བོ་མ་བཅོས་ལྷུག་པར་བསྐྱང་བར་ཞུ། གཞུང་ལས་ལྟ་བ་ངོ་སྤྲད་ཅིང་ངལ་གསོ་བར་གསུངས་པའི་དོན་བསྡུ་ན་དེ་ཙམ་གྱིས་འཐུས་ལ། དགོས་ཤིང་སྤྲོ་ན། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ སོགས་ནས། བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ བར་བརྗོད་པར་བྱ་སྟེ་ངོ་སྤྲོད་ཀྱི་བཤད་པ་རྒྱ་མཚོ་ཙམ་ལས་བྱིན་རླབས་ཆེའོ། །སྔར་བྱིན་པའི་མེ་ཏོག་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དོར་མཛོད། ཧོ༔ སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ༔ སྒྲུབ་པའི་དངོས་གྲུབ་ཐོབ་པའི་ཕྱིར༔ རིག་པ་ཡེ་ཤེས་ཆེན་པོ་ཡི༔ སྔགས་ཀྱི་མེ་ཏོག་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བ་སླར་སྦྱིན་ཏེ། གསང་མཚན་ཡེ་ཤེས་རྡོ་རྗེ་ཐོགས་མེད་རྩལ་ཞེས་བྱ་བ་ཡིན་ཞིང་མེ་ཏོག་ཀྱང་དབང་རྟགས་ཅོད་པན་དུ་ཟུངས་ཤིག །མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ ལེགས་འོངས་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ རྩ་གསུམ་བདེ་གཤེགས་དཀྱིལ་འཁོར་བསྟན༔ དགའ་དང་འདུན་པ་སྤྲོ་སེམས་ཀྱིས༔ དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ རྩེ་གཅིག་རྟག་ཏུ་མཉམ་པར་བྱོས༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དབྱེ། མདུན་གྱི་སྒྲུབ་གཞི་དཔེའི་དཀྱིལ་འཁོར་འདི་ཉིད་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དབུས་སུ། གདན་པདྨ་ཉི་ཟླ་སུམ་བརྩེགས་ཀྱི་སྟེང་དུ། དབུས་སུ་གཙོ་མཆོག །བླ་མ་རྡོ་རྗེ་འཆང་ལ་རིགས་བཞིའི་རྡོ་རྗེ་འཆང་གིས་བསྐོར་བ། ཞེས་སམ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འཁོར་ཐོད་ཕྲེང་རྩལ་རིགས་བཞིས་བསྐོར་བ། ཞེས་ལྷ་བསྐྱེད་གང་བྱས་ལྟར་བསྒྱུར། དེའི་ཕྱི་རོལ་པདྨ་འདབ་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། གྲུ་ཆད་བར་ཁྱམས་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དཔའ་བོ་མཁའ་འགྲོའི་ཚོགས་དང་། སྒོ་བཞི་སྐྱོང་བ་བཞི་སོགས་མདོར་ན་བླ་མ་རིག་འཛིན་འདུས་པའི་རྟེན་བརྟེན་པའི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །ཅེས་ལྷ་ངོ་བསྟན། དངོས་གཞིའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ མེ་ཏོག་པདྨ་འབར་བའི་སྡོང་པོ་ལ༔ ཕ་དང་མ་མེད་རང་བྱུང་ཤུགས་ལས་བྱུང༔ རྒྱུ་མེད་རྐྱེན་མེད་འགྲོ་བའི་དོན་ལ་བྱོན༔ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ནས་སྐུ་འབག་ཐོགས་ལ། བླ་མའི་སྐུ་འབག་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ལ་བརྟེན་ནས། ལུས་སྣང་སྟོང་སྒྱུ་མ་ལྟ་བུར་སྣང་ལ་མ་འགགས་པ་རིག་འཛིན་བླ་མའི་སྐུ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔ ཁྱེད་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཡ་མཚན་སྤྲུལ་པའི་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ ཞེས་སྤྱི་བོར་བཞག །མེ་ལོང་ཐོགས་ལ། མེ་ལོང་སྔགས་དང་སིནྡྷུ་ར༔ སློབ་བུའི་མགྲིན་པར་བཞག་ཅིང་གྲགས་སྟོང་གི༔ སྔགས་ཀྱི་རང་སྒྲ་རྡོ་རྗེའི་ངག་ཏུ་བསམ༔ ཞེས་གསུངས་པས། མེ་ལོང་ཐོགས་ཏེ། མོས་པ་འདི་བཞིན་དུ་མཛོད། མེ་ལོང་སྔགས་དང་བཅས་པ་ཁྱོད་རང་རྣམས་ཀྱི་མགྲིན་པར་བཞག་ནས་དབང་བསྐུར་བས། སྒྲ་སྐད་དང་རླུང་འབྱིན་འཇུག་གནས་གསུམ་རང་བྱུང་རྡོ་རྗེའི་སྔགས་སུ་སྨིན་པར་བྱེས་པའི་མོས་པ་མཛོད། ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ མ་ཆགས་པདྨ་འབར་བའི་རྩེ་ལས་འཁྲུངས༔ འབྲུག་སྟོང་ལྡིར་བའི་སྒྲ་ལས་གསུང་གདངས་ཆེ༔ འགྲོ་བའི་དོན་དུ་ཐེག་ཆེན་ཆོས་སྒྲ་སྒྲོག༔ འབྲུག་ཆེན་སྒྲོག་པའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ ཞེས་མགྲིན་པར་བཞག །བུམ་པ་ཁ་རྒྱན་རྨ་བྱའི་མདོངས་བཅས་ཐོགས་ལ། བུམ་པ་སྙིང་གར་གཏད་དེ་དབང་བསྐུར་ཞིང་བུམ་ཆུ་མྱང་བས་ཁྱེད་རང་རྣམས་ཀྱི་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུར་གསལ་བར་མོས་ལ་མ་བཅོས་སོ་མའི་ངང་དུ་འཇོག་པར་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱ་མཚོ་གཏིང་མཐའ་མེད་པའི་ཀློང་ལས་སྐྱེ༔ ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ༔ ཅིར་ཡང་ས་ལེའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྙིང་གར་བཞག་ལ་བུམ་ཆུ་སྦྱིན། གཏོར་ཆེན་ཐོགས་ལ། གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས། བདེ་གཤེགས་འདུས་པ་བླ་མའི་སྐུ་གསུང་ཐུགས་དང་ཁྱད་པར་ཡོན་ཏན་ཡོངས་རྫོགས་སངས་རྒྱས་སྐུ་ལྔའི་བདག་ཉིད་ཡིད་བཞིན་ནོར་བུ་བླ་མའི་སྐུར་གྱུར་ནས་རྡོ་རྗེ་སློབ་དཔོན་ཆོས་ཆེན་རྒྱལ་སྲིད་ལ་དབང་འབྱོར་ཐོབ་པར་མོས་ཤིག །ཧྲཱི༔ འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུའི་སྐུ༔ ཁྱེད་ཀྱི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སེལ༔ འཇའ་ཚོན་བཞིན་དུ་ཡོན་ཏན་སོ་སོར་གསལ༔ སྐད་ཅིག་དྲན་པས་བྱང་ཆུབ་ལམ་སྣ་འདྲེན༔ ཡོན་ཏན་ཀུན་འབྱུང་བླ་མའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ ཞེས་སྤྱི་བོར་བཞག །ལས་བཞིའི་འབྲང་རྒྱས་ཐོགས་ལ། འབྲང་རྒྱས་བཞི་པོ་རྡོ་རྗེ་འཆང་ངམ་ཐོད་ཕྲེང་རྩལ་རིགས་བཞིར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་དང་ལག་ཏུ་བཞག་སྟེ་དབང་བསྐུར་བས། བདེ་གཤེགས་ཀུན་གྱི་ཕྲིན་ལས་རྒྱ་མཚོའི་དཔལ་ལ་ཐོགས་པ་མེད་པར་དབང་སྒྱུར་བའི་ནུས་པ་བརྙེས་ཏེ་ལས་རབ་འབྱམས་ཀྱི་གཉེར་ཐོབ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱི༔ ཐུགས་རྗེ་ཕྲིན་ལས་དབང་གིས་འགྲོ་དོན་མཛད༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐམས་ཅད་ཐབས་ཀྱིས་འདུལ༔ ནམ་མཁའི་སྐར་ལྟར་ཕྲིན་ལས་བསམ་མི་ཁྱབ༔ ཕྲིན་ལས་རྒྱ་མཚོའི་རླབས་ཆེན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱ་ཧཱ་ཧཱ༔ ཞེས་སྤྱི་གཙུག་དང་ལག་པར་བཞག །རྡོར་དྲིལ་ཐོད་པ་ཌ་རུ་ཐོགས་ལ། སློབ་དཔོན་སངས་རྒྱས་སྐུ་ལྔའི་བདག་ཉིད་མ་ཧཱ་གུ་རུར་གསལ་བའི་ཕྱག་གི་རྡོ་རྗེ་དྲིལ་བུ་ཐོད་པ་ཅང་ཏེའུ་དང་བཅས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་། སླར་ཡང་སྤྱི་བོ་དང་ལག་མཐིལ་དུ་སྤྲད་པས། བླ་མའི་ཐུགས་རྗེས་ཁྱེད་རང་རྣམས་ཀྱི་རྒྱུད་གཏམས་ཏེ་རྣམ་དག་སྔགས་ཀྱི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པའི་སྐལ་ལྡན་དུ་བྱས་པའི་མོས་པ་མཛོད། ཨེ་མ་ཧོ༔ སྟེང་འོག་ཕྱོགས་བཅུར་འགྲོ་བའི་དོན་མཛད་ཀྱང༔ བོད་ཡུལ་ཁ་བ་ཅན་དུ་ཐུགས་རྗེས་གཟིགས༔ བོད་ཀྱི་མངའ་བདག་རྗེ་འབངས་ཐམས་ཅད་ལ༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་གཏུག །སླར་ཡང་སྤྱི་བོ་དང་ལག་པར་བཞག་གོ །དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་ནས་རྩ་བ་རྡོ་རྗེའི་གསུང་ལས། བླ་མའི་སྐུ་ནི་སངས་རྒྱས་ཀུན་གྱི་སྐུ༔ དེ་ཡི་གསུང་ནི་བདེ་གཤེགས་འདུས་པའི་སྔགས༔ འོད་གསལ་ཐུགས་ནི་མཉམ་ཉིད་ཆོས་ཀྱི་སྐུ༔ ཡོན་ཏན་ལྷུན་རྫོགས་མཛད་པ་སངས་རྒྱས་སྐུ༔ ཕྲིན་ལས་ཆེན་པོ་འགྲོ་མགོན་གུ་རུ་རྗེ༔ ང་ལ་རྩེ་གཅིག་གདུང་བས་བྱང་ཆུབ་ཐོབ༔ མི་མཐུན་བགེགས་ཞི་འདོད་པའི་དངོས་གྲུབ་སྟེར༔ དེ་ཕྱིར་ཉོན་མོངས་སྡུག་བསྔལ་ཐམས་ཅད་ལས༔ ང་ཡི་བྱིན་རླབས་ཐུགས་རྗེས་མྱུར་དུ་སྐྱོབ༔ དེ་ཕྱིར་དད་གུས་མོས་པས་ང་ཉིད་ཀྱི༔ སྒྲུབ་ཐབས་ཕྱི་ནང་གསང་བ་དག་འབད་དོ༔ ཞེས་གསུངས་པའི་དོན་བཞིན་ཉམས་སུ་ལེན་པ་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། ཁྱད་པར་དུའང་ཡར་ངོ་ཚེས་བཅུའི་དུས་ཀྱི་མཆོད་པ་དང་གསོལ་འདེབས་ལ་བརྩོན་པ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་ཞིང་དགེ་བ་བསྔོ་བ་སྤྱི་ལྟར་བྱས་ནས་སློབ་མ་རྣམས་གྲོལ་ལོ། །རྗེས་ཀྱི་བྱ་བ་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་ཆགས་སུ་གཏང་ངོ་། །པ༵དྨ༵ས་གཙིགས་སུ་གདམས་པའི་ཆོས། །རྡོ་རྗེའི་གར༵་གྱིས་གསང་བའི་ལམ། །བགྲོད་བྱེད་འདི་ཀོ་རིགས་འཆང་གི །དབ༵ང་ཕྱུག་རྣམས་ཀྱི་སྙིང་བཅུད་དོ། །གུ་རུའི་ཐུགས་སྒྲུབ་རྡོ་རྗེ་གསང་བའི་ནོར་བུ་རིན་པོ་ཆེ་དབང་དང་བཅས་པའི་ལེ་ཚན་ནོ། །འདི་དག་སོ་སོར་བསྙེན་ཅིང་སྒྲུབ་པའི་ཚེ་སྔོན་འགྲོའི་འདོར་ལེན་གོང་སྨོས་ལྟར་ལ། ཡེ་ཤེས་ཚོགས་གསག་ཀྱང་ཐུན་རྗེས་མ་རྣམས་ལ་མ་བཟུང་ན་ཆད་སྐྱོན་མེད་དེ་སྒྲུབ་ཐབས་སོ་སོའི་བསྙེན་པ་དང་དོན་གཅིག་པ་ཡིན་ལ། བསྙེན་པ་ཟུར་དུ་གཏང་སྐབས་བསྟན་པ་རྨད་བྱུང་མ་མ་གཏོགས་གཞན་ལ་མཆོད་རླབས་ཀྱང་མི་དགོས་པ་དང་། ཚོགས་མཆོད་ནི་སྒྲུབ་ཆེན་རིགས་སོགས་ལ་གཏང་བས་ཆོག་ཅིང་། རྗེས་ཆོག་ལའང་དབྱེ་བསྡུ་ཕྲིན་ལས་གཞན་གྱིས་རིགས་འགྲེ །དབང་བསྐུར་དཀྱུས་གཅིག་ཏུ་སྒྲུབ་པའི་སྐབས་སུ་སྔོན་འགྲོ་ཚང་མ་རིག་འཛིན་རྩ་དབང་གི་དབང་སྒྲུབ་ལ་བཏང་ནས། གཞན་ལྔ་པོར་ཕྱི་གཏོར་གྱི་མཚམས་དང་བགེགས་གཏོར་རྣམས་མི་དགོས་ཤིང་ཡེ་ཤེས་ཚོགས་གསག་ཀྱང་ལོངས་ཁྱབ་དང་བསྟུན། དབང་གི་སྔོན་འགྲོའི་བགེགས་གཏོར་དང་བཀའ་སྲུང་མཆོད་གཏོར་ཡང་ཉིན་གཅིག་ལ་དབང་རྣམས་གྲངས་དུ་ཙམ་བསྐུར་ཡང་ཐོག་མར་ལན་གཅིག་གིས་ཆོག་པ་སོགས་བྱེ་བྲག་ཕྱེད་པར་བྱའོ། །སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་ཕྲིན་ལས་དབང་དང་བཅས་པ་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །རྩ་བའི་གཞུང་དང་བརྒྱུད་པའི་ཕྱག་བཞེས་ལ། །བརྟེན་ནས་རང་འདྲའི་བློ་ཡི་མུན་སེལ་ཕྱིར། །ལེགས་བཤད་སྒྲོན་མེ་ཆ་ཙམ་བཏེགས་ན་ཡང་། །ནོངས་པའི་དྲི་མ་ཐུགས་རྗེས་བགྲུང་བར་གསོལ། །སྐྱེ་ནས་སྐྱེ་བར་མགོན་པོ་པདྨའི་ཞབས། །རིགས་ཀྱི་བདག་གྱུར་གསང་བའི་མཛོད་ཀུན་འཛིན། །དེ་ལས་སྲིད་པའི་རྒྱ་མཚོ་དོང་སྤྲུགས་ཏེ། །ཕྲིན་ལས་འཁོར་ལོ་མཁའ་མཐར་སྒྱུར་བྱེད་ཤོག །ཅེས་པའང་པདྨའི་རྒྱལ་ཚབ་ཀུན་མཁྱེན་ཏཱའི་སི་ཏུ་པདྨ་དབང་ཆེན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་ཅིང་། གཉགས་ཆེན་དྲི་མེད་ཟླ་ཤར་གྱི་རྣམ་འཕྲུལ་གྲུབ་དབང་ཟླ་བ་བཟང་པོ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཟབ་ཆོས་འདིའི་སྨིན་གྲོལ་གྱི་བདུད་རྩི་དང་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་སྐལ་བ་བཟང་པོ་ཅན། སྔགས་རིག་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་བྱིན་གྱིས་བརླབས་པའི་བསྟི་གནས་སུ་སྦྱར་བ་དགེ་ལེགས་འཕེལ། ཉི་མ་ལྷོ་ནུབ་མའི་དབང་རྒྱུན་གསན་ཡིག་ཁུངས་མ་ཕལ་ཆེར་དུ་མི་བཞུགས་ཀྱང་ཁམས་ཕྱོགས་ཀྱི་རྒྱུན་འགའ་རེར་བྱུང་བ་ལྟར་བཀོད་པའོ།། །།

ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་ (Volume 55, Text 28)

༁ྃ༔ ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་བཞུགས་སོ༔ ྈྈྈྈྈ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཕྱག་རྒྱ་ཆེན་པོའི་ཞལ་གྱི་གདམས་པ་ནི༔ ཨོ་རྒྱན་གྱི་ཞལ་ནས༔ མཚོ་རྒྱལ་ཉོན་ཅིག༔ ཕྱག་རྒྱ་ཆེན་པོའི་ཞལ་གྱི་གདམས་པ་དམར་ཁྲིད་དུ་བསྟན་པ་ལ་བཞི་སྟེ༔ ལྟ་བ་ཕྱག་རྒྱ་ཆེན་པོ༔ སྒོམ་པ་ཕྱག་རྒྱ་ཆེན་པོ༔ འབྲས་བུ་ཕྱག་རྒྱ་ཆེན་པོ༔ ཉམས་ལེན་ཕྱག་རྒྱ་ཆེན་པོའོ༔ དང་པོ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གྲུབ་བསལ་མེད་པའི་སེམས་ཀྱི་གཤིས༔ ལྟ་བ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས་རྟེན་མེད་པ༔ གཏད་སོ་མེད་པ༔ ངོ་བོ་ཉིད་ཀྱིས་མ་སྐྱེས་པ༔ རྒྱུན་གྱིས་མི་འཇིག་པ༔ རོལ་པ་འགག་པ་མེད་པ༔ ཤེས་བྱ་ཐམས་ཅད་ཀྱི་གཤིས་སམ་བབས་ཀྱི་གནས་ལུགས་ནི་ཕྱག་རྒྱ་ཆེན་པོ་སྟེ༔ དེ་ལ་ཡོན་ཏན་བསྒྲུབ་ཏུ་མེད༔ སྐྱོན་བསལ་དུ་མེད༔ དཔེར་ན་ཐག་པ་ལ་སྦྲུལ་དུ་འཛིན་པའི་ཚེ༔ སྦྲུལ་འཛིན་གྱི་རྟོག་པ་འཁྲུལ་གྱི༔ ཐག་པ་མ་འཁྲུལ༔ རྟོགས་ན་སྦྲུལ་དུ་སྣང་བའི་དུས་ནས་ཐག་པ་ཉིད་ཡིན་གྱི༔ ཐག་པ་བཞག་པར་བྱ་བ་དང༔ སྦྲུལ་བསལ་བར་བྱ་བ་ཅང་མེད༔ དཔེ་དེ་བཞིན་དུ་ཤེས་བྱའི་གཤིས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་པས༔ མི་རྟོག་པའི་ཡེ་ཤེས་སྒྲུབ་པ་དང༔ རྟོག་པ་བསལ་བར་བྱ་བ་ཅུང་ཟད་ཀྱང་མེད༔ རྟོག་པ་ཉིད་ཀྱི་དུས་ན་མི་རྟོག་ཡེ་ཤེས་རྗེན་པར་གནས་པས་རྟག་ཆད་དང༔ བདག་གཉིས་དང༔ གཟུང་འཛིན་གྱི་མཐའ་གང་དུའང་མི་གནས་པས་གཟོད་མ་ནས་རྣམ་པར་དག་པ་ཞེས་བྱའོ༔ གཉིས་པ་སྒོམ་པ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གཉུག་མའི་གཤིས་ལ་འཛིན་མེད་བཞག༔ སྒོམ་པ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས༔ གཤིས་གཉུག་མར་གནས་པ་ལ་བློས་ཅིར་ཡང་མི་འཛིན་པར་བཞག་པས་བསམ་དུ་མེད༔ མཚོན་དུ་མེད༔ ཡིན་པ་མེད༔ མིན་པ་མེད༔ འགལ་བ་མེད༔ མ་ཁྱབ་པ་མེད༔ ཡིད་ལ་མི་བྱེད་པ་ནི༔ སྒོམ་པ་ཕྱག་རྒྱ་ཆེན་པོའོ༔ དེ་ལ་རང་ལུགས་སུ་བཞག་པ་ལས་གཉེན་པོས་བཅོས་མི་དགོས་ཏེ༔ རྒྱ་མཚོ་དང་རླབས་བཞིན་ནོ༔ རྒྱ་མཚོ་ཆེན་པོ་ལས་རླབས་གཡོ་བའི་ཚེ༔ བྱུང་ཡང་རྒྱ་མཚོ་ལས་བྱུང༔ ཐིམ་ཡང་རྒྱ་མཚོ་ལ་ཐིམ༔ རྒྱ་མཚོ་ལས་རླབས་གཞན་མ་ཡིན༔ རླབས་ལས་རྒྱ་མཚོ་གཞན་མ་ཡིན༔ རླབས་དང་རྒྱ་མཚོ་རོ་མཉམ་པར་ལྷན་ནེར་གནས་སོ༔ དཔེ་དེ་བཞིན་དུ་སེམས་ཉིད་ཕྱག་རྒྱ་ཆེན་པོ་གཉུག་མ་བསམ་ངོ་དང་བྲལ་བའི་ངང་དུ་བློས་ཅིར་ཡང་མི་འཛིན་པར་རང་ལུགས་སུ་ཁྲེས་སེ་བཞག་པས༔ རྣམ་རྟོག་གང་སྐྱེས་ཀྱང་སྐྱེས་པའི་དུས་ཉིད་ན་རྟོག་བྲལ་མ་འཁྲུལ་པའི་ཡེ་ཤེས་ལས་གུད་ན་མེད་པས་ན༔ རང་ལས་བྱུང༔ རང་དུ་སྣང༔ རང་སར་ཐིམ༔ དེའི་ཚེ་གནས་ལུགས་དེ་ལ་འདི་ཞེས་བསམ་དུ་མེད༔ ཚིག་གིས་མཚོན་དུ་མེད༔ གཟུང་འཛིན་གཉིས་ཆོས་དང་བྲལ་བས་ཡིན་པ་མེད༔ གཉིས་མེད་ཀྱི་ཤེས་པ་ཅིར་ཡང་འཆར་བས་མིན་པ་མེད༔ བདེན་གཉིས་ཟུང་དུ་འཇུག་པས་འགལ་བ་མེད༔ ཟུང་གིས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་མ་ཁྱབ་པ་མེད་དེ་གཟོད་མ་ནས་གྲོལ་བ་གཉུག་མའི་རང་འགྲོས་ཞེས་བྱའོ༔ གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གཞི་ཉིད་འབྲས་བུར་སྨིན་པ་ནི༔ འབྲས་བུ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས་ཤེས་བྱ་ཐམས་ཅད་ཀྱི་གཤིས་སམ་བབས་ཀྱི་གནས་ལུགས་དེ་ཉིད་མངོན་གྱུར་དུ་སྨིན་པ་ནི་འབྲས་བུའི་ཕྱག་རྒྱ་ཆེན་པོ་སྟེ༔ ངོ་བོ་ཆོས་ཀྱི་སྐུ་སྟོང་ཉིད་མཚུངས་ལྡན་དང་བཅས་པའོ༔ རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་གསལ་བའི་ཐབས་དང་བཅས་པའོ༔ ཐུགས་རྗེ་སྤྲུལ་པའི་སྐུ་རང་རྩལ་འགག་པ་མེད་པའོ༔ དེ་ཡང་དཔེར་ན་ས་བོན་ཉིད་སྙེ་མར་སྨིན་པའི་ཚེ༔ ས་བོན་དེ་ཁོ་ན་སྙེ་མར་རྒྱས་པ་ཡིན་གྱི༔ ས་བོན་ལས་ལོགས་སུ་སྙེ་མ་མེད༔ སྙེ་མ་ལས་ལོགས་སུ་ས་བོན་སྨིན་དུ་མེད་དོ༔ དཔེ་དེ་བཞིན་དུ་དང་པོའི་སེམས་གཉུག་མ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་རྐྱེན་སྣ་ཚོགས་པའི་འགྱུར་བ་རང་སར་གྲོལ་ནས༔ གནས་ལུགས་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་འབྲས་བུ་ཞེས་བྱ་སྟེ༔ སེམས་ཀྱི་ངོ་བོ་སྟོང་སང་ངེ་གོ་མ་འགགས་པ་འདི་ཀ་ཆོས་སྐུ༔ རང་བཞིན་གསལ་བའི་ཉམས་མྱོང་སྨྲ་མི་བཏུབ་པ་འདི་ཀ་ལོངས་སྐུ༔ ཐུགས་རྗེའི་རྩལ་ཅིར་ཡང་འཆར་པ་རང་གྲོལ་དུ་གྲོལ་བ་འདི་ཀ་སྤྲུལ་སྐུའོ༔ བཞི་པ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་ཐབས་ནི༔ རྒྱུད་ལས༔ འདི་ནི་བྱིན་རླབས་རིམ་པའི་ཕྱིར༔ ཉམས་ལེན་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས༔ བརྒྱུད་པ་དང་ལྡན་པ༔ རྟོགས་པ་དང་ལྡན་པ༔ ཐུགས་རྗེ་དང་ལྡན་པའི་བླ་མ་ཞིག་ལས་གདམས་ངག་འདི་ཞུས་ཏེ༔ དེང་ཕྱིན་ཆད་བླ་མ་དེ་སངས་རྒྱས་ཆོས་ཀྱི་སྐུ་མ་གཏོགས་པ་གཟུགས་སྐུ་ཙམ་དུའང་བློས་མི་གཞལ་བར་ཕར་ཐིམ་འགྲོ་བ༔ ཚུར་འབྲལ་མི་བཟོད་པ་ལྟ་བུར་གསོལ་བ་བཏབ་པས་བླ་མའི་བྱིན་རླབས་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རང་ཤར་བས་ལམ་རིམ་པ་གཉིས་གཞན་ལ་ལྟོས་མི་དགོས་པ་གཅིག་ཆོག་གསེང་ལམ་གྱི་ཉམས་ལེན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སྟེ༔ དཔེར་ན་ཉི་མ་འོད་ཟེར་དང་ལྡན་པ༔ མེ་ཤེལ་གས་ཆག་གཡའ་གསུམ་མེད་པ༔ སྤྲ་བ་རླན་མེད་པ་རྣམས་འཛོམས་ན་འདུ་བྱས་པ་ཙམ་གྱིས་སྤྲ་བ་ལ་མེ་རང་འབྱུང་ངོ༔ དཔེ་དེ་བཞིན་དུ་བླ་མའི་བྱིན་རླབས༔ རང་གི་མོས་གུས༔ རང་རྒྱུད་དག་པ་གསུམ་འཛོམས་ན་གསོལ་བ་བཏབ་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རང་ཤར་དུ་འབྱུང་ངོ༔ རང་རྒྱུད་དག་པའི་ཐབས་ལ༔ ཐོག་མ་ཁོ་ནར་གདམས་ངག་ཐོབ་པའི་ཕྱི་ནས་གནས་དབེན་པར་གཅིག་པུར་འདུག༔ ལྟོས་པ་ཐམས་ཅད་ཅམ་སྟེ་བཞག༔ ལིང་གིས་བསྐྱུར༔ ཁྲེས་སེ་བོར༔ དལ་འབྱོར་གྱི་ལུས་ལན་གཅིག་ཐོབ་པ་འདི་སྟོང་ཟད་དུ་རེ་ཕངས༔ དོ་ནུབ་ཤིའམ་ད་ལྟ་ཤི་ཆ་མེད་པས་ཇི་ལྟར་བྱ༔ ཤི་བའི་རྗེས་སུ་རང་སེམས་བཙན་ས་མ་ཟིན་ན་གཞན་ཅིས་ཀྱང་མི་སྟོངས་ཨང་སྙམ་དུ་ཀམ་ཀམ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་མང་དུ་བྱ༔ སྒྲིབ་སྦྱོང་དང་ཚོགས་གསག་སྒོ་དུ་མ་ནས་བྱ༔ ཁྱད་པར་རང་གི་རྩ་བའི་བླ་མ་དེ་སྙིང་གི་དཀྱིལ་དུ་བསྒོམ༔ སངས་རྒྱས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ནི་འདི་ཁོ་ནའོ་སྙམ་དུ་བསམ༔ གསོལ་བ་དྲག་ཏུ་གདབ༔ ཐང་ཆད་ཆད་དུ་བྱ༔ དེ་ནས་བར་ཞིག་ཤེས་པ་རྟོག་མེད་ཧད་པོར་གནས་པ༔ གསལ་བའི་ཉམས་སྨྲ་རུ་མི་བཏུབ་པ༔ བདེ་ལ་ཞེན་འཛིན་མེད་པ་ཞིག་འཆར་བས༔ དེ་ཁོ་ན་བླ་མའི་ཐུགས༔ རང་གི་སེམས༔ ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པར་ཤེས་པར་བྱས་ལ་རང་བབས་རང་ལུགས་རང་གྲོལ་དུ་བཞག༔ དང་པོ་ཐུན་ཆུང་ལ་གྲངས་མང་བར་བསླབས་པས་རྟོག་པ་བུན་ལང་གིས་འགྲོ༔ བར་དུ་ངང་བསྲིངས་ནས་རྟོག་མེད་དུ་ཆམ་མེར་གནས༔ མཐར་མཉམ་རྗེས་ཐུན་མཚམས་མེད་པར་ཐམས་ཅད་ཆོས་ཉིད་གཅིག་གི་ངང་དུ་ཕྱམ་གདལ་བར་འགྱུར་རོ༔ ཐུན་མཚམས་སུའང་ཡིད་ལ་ཅིའང་མི་བྱེད་པར་སྤྱོད་ལམ་ཐམས་ཅད་གསལ་ཁྱབ་ཀྱི་ངང་ནས་བྱ༔ གནས་ལུགས་དེ་བཞིན་དུ་རྟོགས་ཀྱང་འགྲོ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་གཞན་དོན་བྱར་མེད་པའི་ཚུལ་གྱིས་ལྷུན་གྲུབ་ཏུ་འབྱུང་བའི་སྨོན་ལམ་ཡང་གདབ་བོ༔ ཕྱག་རྒྱ་ཆེན་པོ་ཡེ་ཤེས་རང་གྲོལ་གྱི་ཞལ་གདམས་དམར་ཁྲིད་དུ་བསྟན་པའི་དུམ་བུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་གསལ་མདོ་སྔགས་གླིང་པས་བྲག་དམར་མགྲིན་པ་བཟང་པོ་ནས་དངོས་གྲུབ་ཏུ་རྙེད་པའི་དྲི་མེད་ཀུན་དགའི་ཡང་གཏེར་མཐར་ཐུག་གི་གདམས་པ་ངོ་མཚར་ཅན། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་ཕུལ་བ་རྟོགས་པ་དོན་གྱི་བརྒྱུད་པ་མཁའ་ཁྱབ་ཏུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

སྙན་བརྒྱུད་གནད་ཏིག་ཕུར་པའི་བསྙེན་སྒྲུབ་ཟིན་བྲིས་ (Volume 32, Text 28)

སྙན་བརྒྱུད་གནད་ཏིག་ཕུར་པའི་བསྙེན་སྒྲུབ་ཟིན་བྲིས་བཞུགས། ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་བང་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་སྟེང་མེ་ཏོག་སྔོན་པོའི་ཚོམ་བུ་གཙོ་བོ་གཅིག །འཁོར་བཅུ་དང་། དེ་རྒྱབ་སྒོ་བཞིའི་ཚུལ་དུ་བཞི་བཀོད་པའི་ཁར་འཕྲུལ་སྟེགས་སྟེང་ཨེ་ཁྲོམ་ལ་བསྙེན་ཕུར་ཡུངས་དཀར་གྱི་ཐུམ་བཏགས་པ་ལ་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་བཀོད། མདུན་དུ་མཆོད་གཏོར་དཔལ་བཤོས་མཐེབ་སྐྱུ་བཅུས་བསྐོར་བའི་གཡས་སུ་སྨིན་ལུགས་དམ་ཅན་སྤྱི་གཏོར། གཡོན་དུ་ཕུར་སྲུང་བཅུ་དྲུག་གི་གཏོར་སྤུངས། གསུམ་ཀ་དར་གདུགས་མཐིང་ག་བཅས། དེའི་གཡས་གཡོན་དུ་སྨན་རཀ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ། རྒྱབ་ངོས་སུ་ཚེ་འབྲང་བུམ་གཟུགས། གཡས་གཡོན་དུ་མངར་གསུམ་དང་སྦྱར་བའི་ཚེ་རིལ་ཆང་། ཚེ་མདའ་དར་སྣ་མེ་ལོང་གཡུ་བྱང་ནྲྀ་ཡིག་བཏགས་པ་རྣམས་བཞག །གཞན་ཡང་སྔོན་འགྲོ་དཀར་བགེགས། གཏེར་སྲུང་གཏོར་འབུལ། ཚོགས་བྱེད་ན་དེའི་ཆས་དང་། ཆད་བརྟན། ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ནི། སྔོན་འགྲོ་སྣ་སེལ་སཱཙྪ་ཆུ་གཏོར། གསུང་རབ་ཀློག་པ། བཤགས་སྦྱོང་སོགས་སྤྱི་འགྲེ་ལྟར་ཅི་འགྲུབ་བྱ། ཕྱི་དྲོ་ཞིག་ནས་ཐུན་གྱི་དབུ་བརྩམ་སྟེ་རྣམ་འཇོམས་ཀྱིས་བསྒྲུབས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་ཐམས་ཅད་ལ་འཐོར། དཀར་གཏོར་སྤྱི་འགྲོ་བཏང་། སྒོ་དྲུང་ཐོ་དཀར་པོ་བཙུགས་པ་ལ་རྒྱལ་ཆེན་བསྐྱེད་བསྟིམ་དང་གཏོར་འབུལ་ཡང་སྤྱི་ལྟར་བྱ། ཚིག་བདུན་དང་སྤྲོས་བྲལ་བདེ་ཆེན་ལྟ་བུའི་བརྒྱུད་འདེབས་གཏང་། སྐྱབས་འགྲོ་སེམས་བསྐྱེད་ཡང་དག་ཟབ་ཏིག་ཁ་བསྒྱུར་ཅན་ཚར་གསུམ། བགེགས་གཏོར་བྱིན་བརླབ་བསྔོ་བ་རྣམས་སྨིན་ལུགས་ལྟར་སྤྱི་འགྲོ་བྱས། གུ་གུལ་བདུག །ཡུངས་ཐུན་དང་སུམ་བྷ་ནིའི་དྲག་སྔགས་ཀྱིས་བགེགས་བསྐྲད། གཏེར་གཞུང་སྲུང་བའི་སྐབས་ལྟར་སྲུང་འཁོར་བསྒོམས་ལ་སྲུང་སྔགས་ལན་མང་དུ་བརྗོད། ཉིན་དང་པོར་ཕུར་པ་བྱིན་བརླབ་ནི། བསྡུས་པ་གཏེར་གཞུང་དབུ་ནས་འབྱུང་བ་དེས་ཀྱང་འཐུས་མོད། ས་ཕུར་ལྟར་གྲུབ་ན་ལེགས་པས་སྔགས་སོ་སོར་བརྗོད་ལ་བྱུགས་བདུག་བྲབ་གསུམ་དང་། བྱིན་རླབས་རྣམས་དེ་ལྟར་བྱས་ལ་ཨེ་ཁྲོམ་དུ་བརྟན་པར་གཟུག །གཏེར་གཞུང་། སངས་རྒྱས་ཐམས་ཅད་འདུས་པའི་བདག༔ སོགས་དང་སྔགས་མང་དུ་བརྗོད། དེ་ནས་མཆོད་པ་བྱིན་བརླབ། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་སྤྲིན་ཕུང་འདི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ལན་གསུམ་བརྗོད། དེ་ནས་མངོན་རྟོགས་ཏིང་འཛིན་རྣམ་གསུམ་ནས་བདག་མདུན་དབྱེར་མེད་དུ་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཕྱག་མཆོད་བསྟོད་པའི་བར་དུ་གཏང་། དེ་ནས་ཛཔ྄་དམིགས་བསྙེན་པ་མ་རྫོགས་བར་དུ་སྔགས་ཕྲེང་ཡབ་ཡུམ་ཞལ་དུ་འཁོར་བ་དོ་ལིའམ་མགལ་མེ་བསྐོར་བ་ལྟ་བུ་ཁོ་ནར་དམིགས་པ་གཏད་ལ་ཀཱི་ལ་འབྲུ་དགུ་པ་བཟླ་དགོས་པས། ཐོག་མར་ཕྲེང་བ་བྱིན་རླབས་སྤྱི་འགྲེའམ། དབྱངས་གསལ་དང་། ཨོཾ་རུ་ཙི་ར་མ་ཎ་པྲ་བརྟ་ན་ཡེ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་པས་བྱིན་བརླབས་ནས་བཟླས་པ་ལ་འཇུག །ཐུན་མཐར་སྒྲུབ་སྔགས་ཕྲེང་སྐོར་ཙམ་བཟླ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་ཕུལ། དགོང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་བྱེ་བྲག་གི་གཏོར་འབུལ་རེ་གྲུབ་དགོས་པས། སྤྱིར་སྨིན་ལུགས་དམ་ཅན་སྤྱི་གཏོར་ཉིད་ལེགས་ཤིང་། བསྟོད་པའི་འཕྲོས་སུ་བྱེ་བྲག་ཕུར་སྲུང་གཏོར་ཆོག་རེ་དགོས་པས། སྐབས་འདིར་ཕུར་སྲུང་གཏོར་འབུལ་ས་ཕུར་ལྟར་མཛད་ན་ལེགས་ཤིང་ཉུང་དགོས་སྐབས་སྨིན་ལུགས་རྗེས་འབྲང་ནང་གསལ་དེས་ཀྱང་ཆོག །སྐབས་འདིར་དགོང་རེ་བཞིན་འགྲུབ་ན་ལེགས་ཤིང་མ་འགྲུབ་ན་ཉིན་དང་པོ་དང་། ཉ་སྟོང་བརྒྱད་གསུམ། བསྙེན་སྒྲུབ་ལས་གསུམ་སོ་སོ་གྲུབ་པའི་སྐབས། ཐམས་ཅད་ཀྱི་རྗེས་རྣམས་ལ་ཚོགས་མཆོད་རེ་ཕུལ་དགོས་པས་འདོན་ཆ་ཡང་དག་ཟབ་ཏིག་ནས་ལེན་དགོས། ཚོགས་ཀྱི་ཐོག་མར་བརྗོད་མེད་དོན་བཤགས་ཡེ་ཤེས་སྐུ་མཆོག་ཚར་རེ་གསུང་བ་ཕྱག་ལེན་ཡིན་ཞིང་། དེ་འཕྲོས་སྨན་གཏོར་རཀྟ་མར་མེའི་སྐོང་བ་བཅས་པའང་ཚར་རེ་མ་ཆག་ན་ལེགས། དེ་ནས་ཚོགས་བྱིན་རླབས་ནས་ལྷག་མའི་བར་དུ་གཏང་། ལྷག་མ་སྒྲུབ་པ་མ་གྲོལ་བར་ཕྱིར་མི་གཏོང་བར་སྣོད་གཅིག་ཏུ་ཁེབས་ཀྱིས་བཀབ། དེ་ནས་ཚོགས་མགྲོན་ལ་གཏང་རག་མཆོད་བསྟོད་ལས་བྱང་ལྟར་དང་། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱ་བརྗོད་ལ་ནོངས་བཤགས་བྱ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་བ་དང་། བསྔོ་སྨོན་ཤིས་བརྗོད་རྣམས་ཟབ་ཏིག་ལྟར་བྱ། ཟབ་ཏིག་ལས་བླང་དགོས་རིགས་ཚོགས་མ་གཏོགས་གཞན་ཀུན་མཁྱེན་བླ་མ་ཉིད་ཀྱིས་མཛད་པའི་རྒྱུན་ཁྱེར་ལ་ཆ་ཚང་ཡོད་པས་དེ་ལྟར་གནང་བས་འཐུས། འདི་མན་ཆད་ཐུན་གཞན་རྣམས་ལ་དཀར་བགེགས་བསྔོ་བ་དང་བགེགས་བསྐྲད་རྣམས་མི་དགོས་པས། སྲོད་ཐུན་ལ་ཚིག་བདུན་གསོལ་འདེབས། ལེའུ་བདུན་མ་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ སོགས་ཚིག་རྐང་ལྔ། བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་སོགས་ཚིག་རྐང་ལྔ་གསུང་སྲོལ་སྣང་། དེ་ནས་སྐྱབས་སེམས། སྲུང་འཁོར་གསལ་འདེབས། མཆོད་པ་བྱིན་བརླབ། མངོན་རྟོགས་ནས་བསྟོད་པའི་བར་དང་། ཕྲེང་བ་བྱིན་བརླབ་བཅས་བསྙེན་ཐུན་གཟུང་། ཐུན་མཇུག་སྒྲུབ་སྔགས། ཁ་སྐོང་སྟོང་ཚིགས་སོགས་ནས། འོད་གསལ་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ཉལ་བའི་རྣལ་འབྱོར་ལ་འཇུག །ཐུན་རེ་རེ་བཞིན་མཆོད་པ་ཁ་གསོས་ལ་བདུད་རྩིས་བྲན་པའང་མ་ཆག་པར་བྱ། ཕྱིར་ནངས་ཐོར་ཐུན་ལ་ལྡང་བའི་རྣལ་འབྱོར་གྱིས་ལྡང་། ངག་བྱིན་བརླབ། བདུད་རྩི་རིལ་བུའམ་ཆོས་སྨན་མྱང་། ཚིག་བདུན་ནས་བརྩམ། མཇུག་གི་ཤིས་བརྗོད་བར་སྲོད་ཐུན་དང་འདྲ། དེ་ལྟ་བུའི་སྔ་དྲོ། ཕྱི་དྲོ། སྲོད་ཐུན་ཏེ་ཐུན་བཞིའམ། ཐོར་ཐུན་མི་ལྕོགས་ན། སྔ། ཕྱི། སྲོད་ཐུན་གསུམ་གཅོད་ལུགས་དེ་ཁོ་ན་ལྟར་ལ། ཕྱི་ཐུན་ནམ་དགོང་ཐུན་གཤམ་དུ་གཏོར་འབུལ་མ་ཆག་པ་དང་། ཚོགས་མཆོད་ནམ་འགྲུབ་ཀྱང་སྐབས་དེར་ཕུལ་ལུགས་ཉིན་དང་པོར་སྨྲོས་པ་ལྟར་རོ། །དེ་ལྟ་བུས་བསྙེན་པ་རབ་འབུམ་ཕྲག་བཅུ། མ་གྲུབ་ན་བདུན་རྫོགས་པ་དང་། གཉིས་པ་སྒྲུབ་པ་ནི་མཆོད་གཏོར་ཁ་གསོ། དཀར་བགེགས་བསྔོ་བ་དང་བགེགས་བསྐྲད་བསྐྱར་གྲུབ་ན་ལེགས། སྲུང་འཁོར་གསལ་འདེབས་སོགས་འདོན་འགྲིགས་སྔར་ལྟར་ལ་བཟླས་པའི་ཐོག་མར་སྒྲུབ་སྔགས་ལ། ཕཊ྄་ཛཿ བཏགས་པས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། ཐོག་མར་འབྲུ་དགུ་སྟོང་ཕྲག་ཙམ་བཟླ། དེ་ནས་དོ་ལི་ལ་སྤྲོ་བསྡུའི་དམིགས་གནད་སྦྱར་ཏེ་སྒྲུབ་སྔགས་བཅུ་བཞི་པ་ལ་བཟླས་པའི་དངོས་གཞི་བྱ། ཐུན་མཇུག་གི་བྱ་བ་སྔར་དང་འདྲ་བ་ལས་ཛཔ྄་ཁང་རང་ལ་བསྡུ་བ་ཙམ་ཁྱད་པར་རོ། །དེ་ལྟ་བུས་སྒྲུབ་སྔགས་འབུམ་ཚོ་བཅུ་བཞི་ནི་ཚད་ཡིན་ལ། བྱེ་བ་བཟླས་ཀྱང་ཆོག་པ་གཏེར་གཞུང་ལས་གསུངས་སོ། །དེ་ལྟར་སྒྲུབ་པ་ཐེམས་ནས་གསུམ་པ་ལས་སྦྱོར་ནི། འདོན་འགྲིགས་དང་དམིགས་གནད་ཀྱི་གཞི་སྒྲུབ་པའི་སྐབས་དང་འདྲ་བ་ལས་བསྙེན་སྒྲུབ་སྔགས་སྟོང་རྩ་རེ་ཙམ་དང་། སྒྲུབ་སྔགས་ལ་སྤུ་གྲི་བཏགས་པ་བཟླ། ཐུན་རྗེས་སོགས་འདྲ། དམིགས་པ་རང་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག །དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ཁྲོ་བཅུ་ཕྲ་ཐབས་སྒོ་མ་དམ་ཅན་རྣམས་ལ་ཕོག་པས་དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོའི་ཕྲིན་ལས་དྲུག་གིས་མིང་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ། སྔགས་གྲངས་ཁྲི་ཕྲག་ཏུ་གསུངས་ཀྱང་གོང་དུ་སྒྲུབ་སྔགས་མང་དུ་མ་སོང་ན་སྟོང་ཕྲག་ལས་མང་བ་མི་བྱའོ། །གསུམ་པ་རྗེས་ནི་བཀྲ་ཤིས་པའི་ཆེད་དུ་མཐའ་རྒྱས་ཚེའི་སྒྲུབ་པ་སྦྱོར་ཏེ། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས། འདོན་འགྲིགས་སྔ་མ་ལྟར་ལ། བསྙེན་སྒྲུབ་བཟླས་པ་ཁྱུག་ཙམ་སོང་རྗེས་གཏེར་གཞུང་གཤམ་གྱི། བདག་མདུན་བཛྲ་ཀུ་མཱ་རའི༔ སོགས་ཀྱི་བཟླས་དམིགས་དང་། སྒྲུབ་སྔགས་གཤམ་དུ་ཚེ་ཤམ་སྦྱར་བ་བཟླ། ཐུན་མཐར་མདའ་དར་དམར་པོ་གཡབ་ལ་ཚེ་འགུགས་བྱ། ཐུན་རྗེས་སྔ་མ་རྣམས་དང་མཚུངས། འདི་ལ་སྤྱིར་ཇི་ཙམ་མང་ན་ལེགས་ཀྱང་། གྲངས་གཙོར་བྱེད་ན་འབུམ་ཕྲག་ལས་མི་ཉུང་བ་དང་། ཞག་གཙོར་བྱེད་ན་བདུན་ལས་མི་ཉུང་བ་བྱའོ། །དེ་ལྟར་བསྙེན་སྒྲུབ་མཐའ་རྒྱས་བཅས་གྲུབ་པའི་ཐོར་ཐུན་ལྟ་བུར་མཆོད་པ་རྒྱས་པ་དང་གཏོར་འབུལ་ཚོགས་མཆོད་སོགས་བཟང་དུ་བཤམ། ཕྲིན་ལས་བཟླས་པ་ཚེ་སྒྲུབ་ཁ་སྐོང་སྟོང་ཚིགས་བཅས་སོང་ནས། སྲུང་མའི་གཏོར་ཆོག །བཤགས་སྐོང་། ཚོགས་མཆོད་ཕུལ། ལྷག་མ་སྔར་བསགས་པ་རྣམས་དང་བཅས་ཕྱི་རོལ་དུ་གཏང་། ཆད་མདོ་དང་མཉམ་དུ་བཀའ་སྲུང་གཏོར་མའང་ཕྱི་རོལ་དུ་འབུལ་ཞིང་བརྟན་མ་བསྐྱང་། མཆོད་བསྟོད་ཕུལ། སྒྲུབ་སྔགས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ བཏགས་པ་བརྒྱ་རྩ་སོགས་ཅི་འགྲུབ་བཟླ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་འཕྲོས་ནས། རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་ཟབ་ཏིག་ལྟར་དངོས་གྲུབ་བསྐུལ་ཚིག་བརྗོད་ལ། སྒྲུབ་རྟེན་ཕུར་བུ། ཚེ་འབྲང་རྣམས་གནས་གསུམ་དུ་གཏུགས། ཚེ་རིལ་ཆང་རོལ། དེ་ནས་ནོངས་བཤགས།བརྟན་བཞུགས་ཕྱིན་སྔར་ལྟར་དང་། བླ་མ་ཡི་དམ་ལྟ་བུའི་བསྔོ་སྨོན། ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱ། འགྲུབ་ན་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བསྙེན་སྒྲུབ་ཀྱི་བཅུ་ཆ་དགོས་པ་སྨིན་ལུགས་ལས་ཐམས་ཅད་པ་ལྟ་བུས་ཆོག་ཅིང་། ཡང་འབྲེལ་འཇོག་བསྙེན་སྒྲུབ་ཟླ་གཅིག་མ་ལྟ་བུ་ལ། བསྙེན་པ་བདུན་ཕྲག་གཉིས། སྒྲུབ་པ་བདུན་ཕྲག་གཉིས། ལས་སྦྱོར་ཉིན་གཅིག །ཚེ་སྒྲུབ་ཞག་གསུམ་ཙམ་བྱའོ།། ཞེས་པའང་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་རིན་པོ་ཆེ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་ཉམས་བཞེས་གསལ་འདེབས་སུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་བསྡུས་ (Volume 16, Text 28)

རྫོགས་པ་ཆེན་པོ་བཀའ་འདུས་ལས༔ རྩ་སྒྲུབ་སྙིང་པོ་དོན་བསྡུས་བཞུགས༔ ༔བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈ ཀུན་བཟང་ཧེ་རུ་ཀ་ལ་འདུད༔ ཡང་གསང་སྒྲུབ་པའི་སྙིང་པོ་ནི༔ དབེན་པར་བདེ་བའི་སྟན་ལ་འདུག༔ རྟེན་མཆོད་ཇི་ལྟར་འབྱོར་པ་བཤམ༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླངས༔ ས་མ་ཡ༔ སེམས་ཅན་སངས་རྒྱས་རང་བཞིན་ལ༔ རྟོག་པའི་དབང་གིས་འཁོར་བར་འཁྱམས༔ གཉིས་མེད་དབྱིངས་སུ་བསྒྲལ་བའི་ཕྱིར༔ ཡང་ཟབ་ལམ་མཆོག་བསྒོམ་པར་བྱ༔ ཧཱུྃ༔ མ་བཅོས་གསལ་རྫོགས་ངང་ཉིད་ལས༔ སྣང་སྲིད་སྐུ་དང་ཞིང་ཁམས་ཆེ༔ མ་རྟོགས་ལོག་པའི་མིང་ཡང་མེད༔ རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་དག་པ་ལ༔ ཀུན་ཏུ་བཟང་པོ་རོལ་པའི་རྒྱན༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཧཱུྃ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བ་ཡི༔ རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་དབུས༔ ཕོ་བྲང་གདན་ཁྲི་བཅས་པ་རྣམས༔ འཇའ་ཚོན་བྲེས་པ་ལྟ་བུར་གསལ༔ དབུས་སུ་ཀུན་བཟང་ནམ་མཁའི་མདོག༔ མཉམ་གཞག་ཀུན་ཏུ་བཟང་མོ་འཁྲིལ༔ མདུན་དུ་རྡོ་རྗེ་སེམས་དཔའ་མཐིང༔ དབྱིངས་ཕྱུག་ཡུམ་འཁྲིལ་རྡོར་དྲིལ་འཛིན༔ ཕྱོགས་བཞིའི་རིན་ཆེན་རྩིབས་སྟེང་དུ༔ རྣམ་པར་སྣང་མཛད་སྤྱན་མ་དཀར༔ རིན་འབྱུང་མཱ་མ་ཀི་སེར་པོ༔ སྣང་བ་མཐའ་ཡས་གོས་དཀར་དམར༔ དོན་ཡོད་གྲུབ་པ་སྒྲོལ་མ་ལྗང༔ ཀུན་ཀྱང་རིགས་ཀྱི་ཕྱག་མཚན་འཛིན༔ གཞན་ཡང་སེམས་དཔའ་སེམས་མ་དང༔ ཐུབ་པ་དྲུག་དང་སྒོ་བ་བཞི༔ ཉི་དང་འོད་ཀྱི་ཚུལ་དུ་གསལ༔ དམ་ཚིག་ཡེ་ཤེས་ལྷུན་གྱིས་གྲུབ༔ མཆོད་པའི་སྤྲིན་གྱིས་བར་སྣང་གང༔ བསྟོད་དབྱངས་གླུ་དབྱངས་རྒྱུན་མི་ཆད༔ འབད་པ་མེད་པའི་འགྲོ་དོན་ལ༔ བསྐུལ་ཞིང་གསོལ་གདབ་མ་མཆིས་པས༔ རང་བྱུང་རང་ཤར་སྔགས་འདི་བཟླས༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞི་བ་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ ནམ་མཁའི་ཁྱོན་རྣམས་མ་ལུས་པ༔ མེ་རི་འབར་བའི་དུར་ཁྲོད་དབུས༔ ཕོ་བྲང་རྔམ་བརྗིད་ལྡན་པའི་ནང༔ བྱོལ་སོང་རྣམས་ཀྱི་ཁྲི་སྟེང་དུ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་རྡོ་རྗེ་དུང་ཁྲག་འཛིན༔ གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ དབུས་དང་ཕྱོགས་བཞིའི་ཁྲི་སྟེང་དུ༔ བཛྲ་ཁྲག་འཐུང་ཡབ་ཡུམ་མཐིང༔ བུདྡྷ་ཁྲག་འཐུང་ཡབ་ཡུམ་སྨུག༔ རིན་ཆེན་ཁྲག་འཐུང་ཡབ་ཡུམ་སེར༔ པདྨ་ཁྲག་འཐུང་ཡབ་ཡུམ་དམར༔ ལས་ཀྱི་ཁྲག་འཐུང་ཡབ་ཡུམ་ལྗང༔ དུར་ཁྲོད་ཆས་རྫོགས་རང་རྟགས་འཛིན༔ བར་མཚམས་ཀཻ་རི་སིཾ་ཧ་དང༔ སྒོ་མ་དབང་ཕྱུག་མ་མོའི་ཚོགས༔ འབར་བའི་དཀྱིལ་འཁོར་ལྷམ་མེར་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲོ་བོ་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སྟོང་གསལ་འདུས་མ་བྱས་པའི་ངང༔ སྐད་ཅིག་རྫུས་སྐྱེས་ཚུལ་དུ་ནི༔ འཁོར་ལོ་ལ་སོགས་ཕྱག་མཚན་ལྔ༔ འབྱུང་བ་ལྔ་ཡི་གུར་གྱི་དབུས༔ དུར་ཁྲོད་འབར་བའི་གཞལ་ཡས་ཁང༔ འཁོར་ལོ་འབར་བ་རྩིབས་བཞིའི་སྟེང༔ ཆུ་གླང་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ སྨུག་ནག་འཁོར་ལོ་ཐུན་ཁྲག་འཛིན༔ བཻ་ཏཱ་ལི་དང་གཉིས་མེད་འཁྲིལ༔ ཕྱོགས་བཞིར་གཤེད་ཆེན་ཡབ་ཡུམ་བརྒྱད༔ བེ་ཅོན་གཡས་ལ་ཐོད་ཁྲག་གཡོན༔ མཐིང་ནག་མུན་པའི་མདོག་དང་མཚུངས༔ ཁྱམས་ལ་སྡེ་དཔོན་བཅུ་གཉིས་དང༔ དྲེགས་པ་སྡེ་བཞི་སྲུང་མར་བཅས༔ རྗེ་བློན་འབངས་ཀྱི་ཚུལ་དུ་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ བསྐྱེད་རིམ་སྐུ་ཡི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སྣང་སྲིད་དབང་དྲག་འབར་བའི་ཞིང༔ པདྨ་དབང་གི་ཕོ་བྲང་དབུས༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ ཀླུ་རྒྱལ་བསྣོལ་བའི་གདན་སྟེང་དུ༔ དཔལ་ཆེན་པདྨ་དབང་གི་སྐུ༔ དམར་ནག་གཙུག་ན་རྟ་སྐད་བཞད༔ རལ་གྲི་གདེངས་ཤིང་སྦྲུལ་ཞགས་འཕེན༔ པདྨ་གཟི་ལྡན་གཉིས་མེད་འཁྲིལ༔ ཕྱོགས་བཞིར་དབང་ཆེན་ཡབ་དང་ཡུམ༔ ཟིལ་གནོན་ཁྲོ་བོ་ཁྲོ་མོའི་ཚོགས༔ སྒོ་མ་གསུང་གི་བཀའ་སྲུང་ཚོགས༔ ཀུན་ཀྱང་བསྐལ་པའི་མེ་ལྟར་འབར༔ གསུང་གི་སྒྲ་སྒྲོག་འཇིག་རྟེན་གཡོ༔ སངས་རྒྱས་མཛད་པ་མ་ལུས་བསྒྲུབ༔ ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ གསུང་གི་སྙིང་པོ་འདུས་པ་འོ༔ ས་མ་ཡ༔ ཧཱུྃ༔ མ་བཅོས་ཐུགས་ཀྱི་ཐིག་ལེ་ལས༔ སྣང་སྲིད་ཁྲག་འཐུང་ཆེན་པོའི་ཞིང༔ དཔལ་གྱི་ཕོ་བྲང་ཟླ་གམ་དབུས༔ འཇིགས་བྱེད་རོལ་པའི་གདན་སྟེང་དུ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ ཕྱོགས་བཞིར་རིགས་བཞི་ཡབ་དང་ཡུམ༔ ཁྱམས་ལ་སྲས་མོ་ཉི་ཤུའི་ཚོགས༔ མུ་རན་དབང་ཕྱུག་ཉེར་བརྒྱད་རྣམས༔ ཆོས་ཉིད་ངོ་བོ་རོ་གཅིག་པ༔ རྣམ་པ་སོ་སོར་མ་འདྲེས་གསལ༔ ལྷ་རྟོག་གཉིས་སུ་མེད་པ་ཡི༔ དམིགས་པ་མེད་པའི་ངང་ལ་གནས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཐུགས་ཀྱི་སྙིང་པོ་འདུས་པ་འོ༔ ས་མ་ཡ༔ ཧཱུྃ༔ ནམ་མཁའ་ཐམས་ཅད་གཞལ་ཡས་ཁང༔ རིམ་དགུ་འབར་བའི་དབུས་ཉིད་དུ༔ འཇིགས་བྱེད་རོལ་པའི་ཁྲི་སྟེང་དུ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཉེར་གཅིག་ཞལ་དང་ལྡན༔ བཞི་བཅུ་རྩ་གཉིས་ཕྱག་རྣམས་ཀྱིས༔ ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔ དཔལ་གྱི་གཟི་འབར་ཞབས་རྣམས་བགྲད༔ གནམ་ཞལ་དབྱིངས་ཕྱུག་ནམ་མཁའི་མདོག༔ ཞལ་དགུ་ཕྱག་ནི་བཅོ་བརྒྱད་པ༔ རྡོ་རྗེ་དུང་ཁྲག་མ་མོ་བསྣམས༔ ཞབས་བཞི་བརྐྱང་བསྐུམ་རོལ་པའི་གར༔ བདེ་སྟོང་རྡོ་རྗེ་པདྨར་རོལ༔ མདུན་དུ་དབང་མཆོག་ཧེ་རུ་ཀ༔ དབུས་དང་ཕྱོགས་མཚམས་བརྒྱད་པོ་ལ༔ ཁྲག་འཐུང་དགུ་པོ་ཡུམ་དང་བཅས༔ གནས་ཡུལ་སྒོ་སྐྱོང་འབར་མ་དང༔ གསང་བའི་ཡུམ་དང་མཁའ་འགྲོའི་ཚོགས༔ མ་མོ་བདུན་དང་སྲིང་མོ་བཞི༔ གིང་དང་ཕོ་ཉའི་ཚོགས་ཐམས་ཅད༔ ནམ་མཁའི་ཀློང་ན་གཟའ་སྐར་བཞིན༔ སྐད་ཅིག་ཉིད་ལ་གསལ་བར་གྱུར༔ ལུས་ཀྱི་འགུལ་བསྐྱོད་ཐམས་ཅད་ནི༔ གར་དང་ཕྱག་རྒྱའི་ངང་དུ་གནས༔ བརྗོད་པ་ཐམས་ཅད་སྔགས་ཀྱི་ཚིག༔ སེམས་ཉིད་རང་གྲོལ་ཆེན་པོར་གནས༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཡོན་ཏན་སྙིང་པོ་འདུས་པ་འོ༔ ས་མ་ཡ༔ ཧཱུྃ༔ རང་བྱུང་རིག་པའི་རྩལ་ཆེན་ལས༔ ཐམས་ཅད་མཐིང་ནག་གྲུ་གསུམ་དབྱིངས༔ དུར་ཁྲོད་འབར་བའི་གཞལ་ཡས་དབུས༔ ཕོ་བདུད་བསྒྱེལ་བའི་གདན་སྟེང་དུ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་རྡོ་རྗེ་ཕུར་བུ་འདྲིལ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ རྩིབས་བཞིར་སྲས་མཆོག་རིགས་བཞི་ནི༔ དཀར་སེར་དམར་ལྗང་ལས་བཞིའི་དབྱིབས༔ དབལ་དང་ལྡན་པའི་སྐུ་སྨད་ལ༔ འཁོར་ལོ་རིན་ཆེན་པདྨ་དང༔ རྒྱ་གྲམ་ལས་བཞིའི་ཕུར་བུ་འཛིན༔ ཁྱམས་ལ་འཇིགས་བྱེད་ཁྲོ་བོ་བཅུ༔ མཐིང་ནག་རྡོ་རྗེ་ཕུར་བུ་འདྲིལ༔ རང་རང་ཡུམ་འཁྲིལ་ཕྲ་མེན་འགྱེད༔ སྒོ་སྐྱོང་སྲུང་མའི་ཚོགས་ཐམས་ཅད༔ ཁྲོ་བོའི་དམག་དཔུང་ཆེན་པོར་འཁྲིགས༔ བདུད་དཔུང་ཐམས་ཅད་ཐལ་བར་བརླག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཕྲིན་ལས་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སྣང་སྲིད་ཡུམ་གྱི་མཁའ་དབྱིངས་སུ༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ མ་མོ་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཁྱུང་ཆེན་ཞིང་དབྱུག་འཛིན༔ མུ་ཁ་ལེ་ནི་ནམ་མཁའི་མདོག༔ དྲིལ་བུ་ཞིང་གཡབ་འཛིན་པ་འཁྲིལ༔ དབུས་དང་ཕྱོགས་བཞིར་དྲེགས་པའི་སྟེང༔ རིགས་ལྔའི་མཁའ་འགྲོ་རང་རྟགས་འཛིན༔ མཐིང་དཀར་སེར་དམར་ལྗང་བའི་མདོག༔ གཞན་ཡང་རྗེ་མོ་བཅུ་གཉིས་དང༔ བྲན་མོ་ལྔ་བཅུ་རྩ་བརྒྱད་རྣམས༔ ཆར་སྤྲིན་གཏིབས་པ་ལྟ་བུར་གསལ༔ རྩ་རླུང་ཐིག་ལེ་ཐམས་ཅད་ཀུན༔ བདེ་ཆེན་མཁའ་ཀློང་གཅིག་ཏུ་འཁྱིལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མཁའ་འགྲོ་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་རོལ་པའི་ཞིང༔ གཏུམ་དྲག་འབར་བའི་ཕོ་བྲང་དབུས༔ དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་རྡོ་རྗེ་མགོ་ཕྲེང་བསྣམས༔ ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ གཙོ་བོའི་མདུན་དང་ཕྱོགས་བཞི་རུ༔ དྲེགས་པའི་སྡེ་དཔོན་ཡབ་ཡུམ་བཅུ༔ སྟེང་འོག་གཉིས་སུ་དྲེགས་པ་བཞི༔ ཁྱམས་ལ་ལྕམ་དྲལ་བཅུ་གཉིས་ཏེ༔ སྒོ་བཞིར་དྲེགས་པ་ཆེན་པོ་བཞི༔ མུ་རན་སྡེ་བརྒྱད་དྲེགས་པའི་ཚོགས༔ གཏུམ་ཞིང་ཁྲོ་འཁྲུགས་འབར་བར་བསྐྱེད༔ བསྟན་པའི་དགྲ་བགེགས་བསྒྲལ་བར་བསམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དམ་ཅན་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སྣང་སྲིད་འཇིགས་སུ་རུང་བའི་ཞིང༔ དགྲ་བགེགས་ཐོ་མཁར་ཕོ་བྲང་དབུས༔ དགྲ་དང་བགེགས་ཀྱི་གདན་སྟེང་དུ༔ དྲག་སྔགས་སྟོབས་ལྡན་ནག་པོ་ནི༔ རྡོ་རྗེ་ཙིཏྟའི་ཕྲེང་བ་ཅན༔ འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔ ཕྱོགས་བཞིར་དམོད་པའི་ལས་བྱེད་བརྒྱད༔ ཁྱམས་ལ་དྲག་སྔགས་ཟོར་འཕེན་དྲུག༔ སྒོ་བཞིར་དམོད་པའི་ལས་མཛད་བཞི༔ མུ་རན་གཏུམ་པོ་ངན་སྔགས་བདག༔ ཀུན་ཀྱང་དམོད་པའི་ལས་ལ་བརྩོན༔ བསྐལ་པའི་མེ་རླུང་འཚུབས་ལྟར་གསལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དྲག་སྔགས་འདུས་པའི་སྙིང་པོ་འོ༔ ས་མ་ཡ༔ ཧཱུྃ༔ སེམས་ཉིད་སངས་རྒྱས་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ༔ ཐུགས་རྗེ་རིག་པའི་སྙིང་པོ་ནི༔ རིག་འཛིན་བླ་མ་རྡོ་རྗེ་འཆང༔ ཕྱོགས་བཞིར་རིགས་བཞིའི་རིག་འཛིན་དང༔ ཁྱམས་ལ་རིག་འཛིན་ཆེན་པོ་བརྒྱད༔ སྒོ་བཞིར་རྡོ་རྗེ་སློབ་དཔོན་རྣམས༔ དཀར་གསལ་ཧེ་རུ་ཀ་ཡི་ཆས༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ རང་རིག་ཡུམ་དང་བདེ་ཆེན་འཁྲིལ༔ མུ་རན་དཔའ་བོ་མཁའ་འགྲོའི་ཚོགས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ནི༔ བྱིན་རླབས་སྤྲིན་ཕུང་འཁྲིགས་པར་གསལ༔ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཾ་གི་ལི་ཧཱུྃ༔ རིག་འཛིན་འདུས་པའི་སྙིང་པོ་སྟེ༔ ཐམས་ཅད་མ་བཅོས་རྫོགས་པའི་ངང༔ བསྒོམ་བྱ་སྒོམ་བྱེད་མེད་པར་བཞག༔ བསྐྱེད་རྫོགས་ཀུན་གྱི་སྙིང་པོ་འོ༔ ས་མ་ཡ༔ ཞི་ཁྲོ་ཡོངས་རྫོགས་ལྷ་དང་སྔགས༔ མདོ་སེམས་རྒྱུད་དང་སྒྲུབ་པའི་སྡེ༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འདི༔ ད་ལྟ་ཐུགས་ཡིད་གཅིག་འདྲེས་པའི༔ ལས་ཅན་སྙིང་གི་བུ་ལ་གདམས༔ སྣོད་ལྡན་མཚན་ལྡན་རྣམས་ལ་གཏད༔ མ་འོངས་དེ་རྣམས་སྨོན་ལམ་མཐུ༔ རྩོལ་མེད་ངང་གིས་སད་པའི་མཐུས༔ རྡོ་རྗེའི་གཡར་དམ་གཅིག་པ་ཡི༔ ཤིན་ཏུ་ཉེ་བའི་འདུས་པའི་དོན༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ བར་ཆད་མེད་པར་ཐོན་ནས་ཀྱང༔ བཤད་སྒྲུབ་ཆོས་སྒོ་རབ་འབྱམས་ལ༔ དབང་བསྒྱུར་དངོས་གྲུབ་མཆོག་ཐོབ་ཤོག༔ ས་མ་ཡ༔ རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་མཐོང་གྲོལ་བདུད་རྩི་ལྔ་ཤོག་ལས་རང་གནས་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་ (Volume 67, Text 28)


༄༅། །ས མ ནྟ བྷ དྲཾ མཱ ལཾ ནཱ མ མ ཧཱ གུ ཧྱ མ ནྟྲཾ ཡཱ ན ས མ ཡ སོ ཥ དྷཱ སྱ བི དྷི བི ཧ ར ཏི སྨ། ། ༄༅། །གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ། དཔལ་ལྡན་བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །བདེ་ཆེན་འགྱུར་མེད་གཉུག་མའི་རྡོ་རྗེ་སེམས། །ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །རབ་འབྱམས་རྩ་གསུམ་ཞི་དང་ཁྲོ་བོའི་གར། །ཅིར་ཡང་སྟོན་མཛད་ཁྱབ་བདག་བླ་མར་འདུད། །བླ་མེད་སྔགས་ཀྱི་ལམ་ཞུགས་རྣལ་འབྱོར་གང་། །འདའ་དཀའི་གནས་ལས་ཉམས་པའི་དྲིས་ནོངས་པ། །འཁྲུད་བྱེད་སྤྱི་ཁྲུས་མན་ངག་བདུད་རྩིའི་གཏེར། །ངོ་མཚར་ཀུན་བཟང་དགོངས་རྒྱན་འདི་ན་དབྱེ། །དེའང་ཇི་སྐད་དུ་ཧེ་རུ་ཀཿའདུས་པའི་རྒྱུད་ལས། མི་འདའ་དམ་༵པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚི༵ག་པར་བཤད། །ཅེས་གསུངས་པས། གང་ཡང་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དབང་སྲོག་དམ་ཚིག་གིས་འཛིན་དགོས་པའི་ཕྱིར། རྟག་ཏུ་དྲན་ཤེས་བག་ཡོད་བརྟན་པོས་སྒོ་གསུམ་ལེགས་པར་བསྡམས་ཏེ་ཚུལ་བཞིན་དུ་བསྲུངས་ན་རིག་འཛིན་རྣམ་པ་བཞིའི་ས་ལམ་བདེ་མྱུར་གྱིས་བགྲོད་པར་བྱེད་ཅིང་། གལ་ཏེ་ཉམས་པར་གྱུར་ན་སོ་བྱང་གི་བསླབ་སྡོམ་ཉམས་པ་ལས་འབུམ་འགྱུར་གྱི་ཆར་ཡང་མི་ཕོད་པའི་ཉེས་པ་རྩུབ་མོས་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མར་གྱི་ཟང་ཐལ་དུ་བྱེད་པའི་ཕྱིར། ཁེ་ཉེན་གྱི་གནད་ཤེས་པའི་སྒོ་ནས་ཉམས་ཆག་ཕྲ་མོ་ཙམ་བྱུང་ཡང་ཡལ་བར་མི་འདོར་བར་གསོ་ཞིང་སྦྱོང་བའི་ཐབས་ལ་འབད་པ་ནི་ཆེ་ཐང་དུ་བརྩོན་པར་རིགས་པའི་གནས་ཡིན་ནོ། །དེས་ན་དེའི་ཚུལ་ཡང་བཀའ་གཏེར་རྒྱུད་ལུང་མན་ངག་གི་ངེས་པས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ལ་བསྟེན་པའི་ཆོ་ག་རྒྱས་བསྡུས་ཅི་རིགས་པར་འབྱུང་བ་ལས། འདིར་ཀུན་ལས་ཁྱད་པར་དུ་མས་འཕགས་པ་ཡོ་ག་རྣམ་པ་གསུམ་ཀའི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་སྡེ་ན་རཀ་དོང་སྤྲུག་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་སློབ་དཔོན་ཆེན་པོས་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་གཏན་ལ་ཕབ་པའི་ཉེ་བརྒྱུད་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལ་བརྟེན་ནས་འཆད་པར་སྤྲོ་འོ། །དེ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། སྔོན་དུ་འགྲོ་བ་དཀྱིལ་འཁོར་གྱི་གཞུང་བསྲང་བ། དེ་ལ་བརྟེན་ནས་གསོ་སྦྱོང་དངོས་བྱ་བ། རྗེས་བརྟན་ཅིང་མཐའ་རྒྱས་པར་བྱེད་པའོ། །དང་པོ་ལའང་གཉིས། རྟེན་མཆོད་བཤམ་པ་དང་། གཞུང་དངོས་ལ་འཇུག་པའོ། །དང་པོ་ནི། ཉ་སྟོང་ཚེས་བརྒྱད་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོའམ་སྐབས་སུ་བབས་པའི་དུས་ནམ་དུའང་རུང་སྟེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་ཅི་འབྱོར་པ་དགྲམ། གཞི་མ་འདུལ་བ་ཡིན་ན་སའི་ཆོ་ག་སྤྱི་ལྟར་བྱས་ལ་འགྲུབ་ཏུ་རུང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའམ། མི་འགྲུབ་ན་སྟེགས་བུ་ཁེབས་ལྡན་ལ་ཚུལ་བཞིན་འདུ་བྱས་པའི་རས་བྲིས་དགྲམ་ཞིང་། དེའང་མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེ་སྟེང་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆས་སུ་བཅུག་པ་དང་། འཛོམ་ན་ཕྱོགས་བཞིར་བུམ་པ་སོ་སོའི་བཅུད་ལྡན་མགུལ་ཆིངས་རིགས་ཀྱི་ཁ་དོག་ཅན་བཞི་དགོད། མཐའ་སྐོར་དུ་ཐུན་མོང་རིག་པའི་དབང་ལྔའི་ཆས་དང་རིགས་ལྔའི་ཕྱག་མཚན། བདུད་རྩི་ཨ་མྲྀཏས་བཀང་བའི་གསང་ཐོད། མེ་ལོང་སིནྡྷུ་རས་བྱུག་པར་ཆོས་འབྱུང་མཱུྃཿགྱིས་མཚན་པ་བྲིས་པ། རྡོ་རྗེ་སེམས་དཔའི་མེ་ལོང་། ཁྲུས་བུམ་བཅུད་ལྡན། ཞི་ཁྲོ་ཡོངས་རྫོགས་ཀྱི་སྐུ་ཙཀ་དང་ཐུབ་དྲུག་ཕྱག་མཚན། དབང་གཏོར་རིན་ཆེན་འབར་བ། རྒྱབ་ཕྱོགས་དབུས་སུ་རྩ་གསུམ་སྤྱིའི་བླ་གཏོར་དང་། གཡས་སུ་ཞི་བའི་ཟླུམ་གཏོར་རིལ་བུ་ཞེ་གཉིས་ཀྱིས་བསྐོར་བ། གཡོན་དུ་ཁྲོ་བོའི་དཔལ་གཏོར་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ། དེའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་བྱེ་བྲག་གི་གཏོར་མ་སྨན་རཀ་དང་བཅས་པ། དཀྱིལ་འཁོར་གྱི་མཐའ་སྐོར་དུ་སྨན་གཏོར་རཀྟ་མར་མེ་རྣམས་བརྒྱ་ཡན་ཆད་ཀྱི་ཕྲེང་བ་དང་། མེ་ཏོག་ལ་སོགས་པའི་མཆོད་རྫས་ཅི་འབྱོར་པས་བསྐོར། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ། སྟོན་འཁོར་མཆེད་ལྕམ་ཐམས་ཅད་ཡིག་བརྒྱ་བཟླས་པའི་ཁྲུས་ཀྱིས་དག་པར་སྦྱང་། ཡེ་ཤེས་དང་བསླབ་པ་རྒན་རིམ་གྱི་ངེས་པས་ཕྱག་དང་གྲལ་གྱི་རིམ་པ་ཚུལ་བཞིན་བྱས་ཏེ་སྒོ་གསུམ་བསྡམ་ཞིང་དད་བརྩོན་ལྷག་པར་བསྐྱེད་པའི་ངང་ནས་འཇུག་པར་བྱའོ། །གཉིས་པ་ཆོ་ག་དངོས་ལ་གཉིས། སྔོན་འགྲོའི་ལས་རིམ་དང་། དངོས་གཞིའི་གཞུང་བསྲང་བའོ། །དང་པོ་ལ་ལྔ། བསང་ཆུ་སྒྲུབ་པ། སྔོན་གཏོར་གཏོང་བ། རྒྱུད་སྦྱོང་བ། མཚམས་གཅོད་པ། མཆོད་རྫས་བྱིན་གྱིས་བརླབ་པའོ། །དང་པོ་བསང་ཆུ་སྒྲུབ་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤྭ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ། ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་སྔོན་གཏོར་གཏོང་བ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམ་ལ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ལུས་ངག་སེམས་ལ་གནོད་བྱེད་ཅིང་། །མཆོད་པའི་མདངས་འཕྲོག་མ་རིག་བགེགས། །མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སརྦ་བྷུཏ་གཙྪ། ཞེས་གཏོར་མ་ཕྱི་རོལ་དུ་དོར། གསུམ་པ་རྒྱུད་སྦྱོང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་མོས་ལ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པ༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེངྒེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེས༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང༔ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམས༔ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལ༔ དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམས༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེ༔ ནམ་མཁའི་མཐར་ཐུག་དབྱངས་ཀྱིས་རབ་གང་བའི༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་བྱེད་ཅིང༔ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་པ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བརྗོད་པས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་ཞིང་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་གཞག །བཞི་པ་མཚམས་གཅད་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿ བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀཿམཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་བྷན་དམར་དགྲ་སྟྭ། གཡོན་གསུམ་དྲིལ་བུ་ཐོད་ཁྲག་ཐོང་གཤོལ་འཛིན་པ། ཞབས་བཞི་གཡོན་བརྐྱང་བའི་དོར་སྟབས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་དུང་དམར་སྟོབ་པའི་ཚུལ་གྱིས་ཡབ་ལ་འཁྱུད་པ། ཆེར་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་སྐུ་ལས་ཁྲོ་ཚོགས་མཚོན་མེའི་ཚྭ་ཚྭ་འཕྲོས་པས་བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་སྡིགས་བསྐྲད་བརླགས་པར་བསམ་ཞིང་། ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་པས། མཚོན་ཆ་ལྔའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་ཞིང་ཁྲོ་བོའི་སྤྲིན་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམ། ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས༔ བདག་གཞན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་སྔགས་རྣམས་ལན་གསུམ་རེ་བརྗོད་པས། བདེ་སྟོང་ཡེ་ཤེས་ཀྱི་རྣམ་རོལ་ཕྱི་ནང་གི་མཆོད་སྤྲིན་མཐའ་ཡས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སྤྲོ་བའོ། །དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་གདལ་བས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ་སྙམ་པས། དེའི་ཆེད་དུ་རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་མཐིང་གའི་རྣམ་པར་གྱུར་པར་བསམ་ལ། ཧཱུྃ༔ རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང༔ འགག་མེད་རྒྱུ་ཡི་ཨ་ཡིག་མཐིང༔ སྟོང་གསལ་རང་བབ་གདོས་བཅས་བྲལ༔ ཞེས་པས་གསལ་གདབ། གཉིས་པ་ལ་རྟེན་དང་བརྟེན་པ་གཉིས་ཀྱི། དང་པོ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུ་ཡི་ཨ་ཡིག་ལས་ཨེ་ཡཾ་བཾ་ལཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀྭ་བ་བརྒྱད་ཀྱིས་བཏེགས་ཤིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀྭ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ། ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་དུར་ཁྲོད་བརྒྱད་དང་རྡོ་རྗེའི་ར་བ་མེ་ཕུང་འབར་བའི་འཁོར་ཡུག་གིས་བསྐོར་བ། ནང་བར་ཁྱམས་གྲུ་བཞི་པ་ལ་ལྷ་སྣམ་རིམ་པ་གཉིས་སུ་ཕྱེ་བའི་ནང་དུ་གྲུ་ཆད་དང་འཁོར་ལོ་ཉིས་རིམ་གྱིས་བསྐོར་བའི་ལྟེ་བར་རིགས་ཀྱི་ཁ་དོག་ཅན་གྱི་ཐིག་ལེ་ལྔ་ཚོམ་གྱིས་མཛེས་པ། ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་གསལ་བར་བསམ་ལ། ཨ་ལས་ཨེ་ཡཾ་བཾ་ལཾ་འཕྲོས༔ ནམ་མཁའ་རླུང་ཆུ་ས་གཞིར་གདལ༔ ཨ་ལས་བྷྲཱུྃ་འཕྲོས་གཞལ་ཡས་ཁང༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ཧཱུྃ༔ ཞེས་གསལ་གདབ། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་གྱི་དབུས་སུ་མཐིང་གསལ་ཐིག་ལེའི་ལྟེ་བར་སེང་ཁྲི་པད་ཉི་ཟླ་བའི་གདན་སྟེང་དུ་རྒྱུའི་ཨ་ཡིག་བབས་པ་ཉིད་རྡོ་རྗེ་སྔོན་པོ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས། ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཡུམ་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པར་བཞུགས་པའི་སྐུར་གྱུར་པའི་ཐུགས་ཀ་ནས། ཨོཾ་ལཱཾ། ཧཱུྃ་མཱུཾ། སྭཱ་མཱཾ། ཨཱ་པཱཾ། ཧཱ་ཏཱཾ་རྣམས་འཕྲོས་པ་ལས། གཙོ་བོའི་གཡས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཕྱོགས་ཀྱི་ཐིག་ལེ་བཞིའི་ལྟེ་བར་རིམ་པ་བཞིན། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་གནས། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་གྲུབ་པ་ལྔ་རང་རང་གི་ཡུམ་དང་འཁྲིལ་བ། རིགས་བཞི་ཡབ་ཡུམ་གྱི་ཐུགས་ཀ་ནས་ས་བོན་མཆེད་པ་ལས། རང་རང་གི་གཡས་གཡོན་དུ་ནང་དང་ཕྱིའི་སེམས་དཔའ། མདུན་རྒྱབ་ཏུ་ཡུལ་དུས་ཀྱི་སེམས་མ་རེ་རེ་སྟེ་གཙོ་འཁོར་དྲུག་དྲུག །གཙོ་བོའི་ཐུགས་ཀ་ནས་ས་བོན་མཆེད་པ་ལས། སྟེང་འོག་དང་གྲུ་ཆད་བཞིར་ཐུབ་པ་དྲུག །སྒོ་ཕུབ་བཞིར་མཐར་བྱེད་ཡབ་ཡུམ་སྟེ་ཞི་བ་བཞི་བཅུ་རྩ་གཉིས་དང་། སླར་ཡང་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་ཟུང་མཆེད་པ་ལས། གཙོ་བོའི་མདུན་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀཿཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་ཐུགས་ཀ་ནས་ཧཱུྃ་ ཧ་ ཧེ་ ཕཊ་ བྷྱོ་རྣམས་སོ་སོའི་གནས་སུ་སྤྲོས་པ་ལས། ཀུན་བཟང་གི་གཡོན་དུ་བུདྡྷ་ཧེ་རུ་ཀཿ རྩིབས་བཞིར་བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀཿརྣམས་སོ་སོའི་ཡུམ་དང་འཁྲིལ་བ། རྩིབས་བརྒྱད་ལ་གནས་ཀྱི་མ་མོ་བརྒྱད། ལྷ་སྣམ་ནང་མར་ཕྲ་མེན་ཡུལ་མ་བརྒྱད། ཕྱི་མའི་ཕྱོགས་རེར་ལས་བཞིའི་དབང་མོ་དྲུག་དྲུག །སྒོ་ཕུབ་ཀྱི་མཐར་བྱེད་བཞིའི་ཕྱི་རོལ་དུ་སྒོ་སྐྱོང་གདོང་མོ་བཞི། སྒོ་གཡབ་བཞིར་སྒོ་སྐྱོང་དབང་མོ་བཞི་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་བཀྲ་ལམ་གྱིས་གསལ་བར་མོས་ལ། གསལ་གདབ་པ་ནི། ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་གཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ དཀྱིལ་འཁོར་དབུས་སུ་སེང་ཁྲི་དང༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར༔ སེང་གེ་གླང་ཆེན་རྟ་མཆོག་དང༔ རྨ་བྱ་ཤང་ཤང་ཁྲི་སྟེང་དུ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལ༔ རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་གཉིས་མེད་འཁྲིལ༔ རང་སྣང་དཀྱིལ་འཁོར་དབུས་ཕྱོགས་སུ༔ སྣང་ལ་རང་བཞིན་མེད་པར་གསལ༔ རྡོར་སེམས་སྤྱན་མ་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱཻ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ རིན་འབྱུང་མཱ་ཀཱི་སྐུ་མདོག་སེར༔ རིན་ཆེན་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མདུན་དུ་མཱ་ལྱེ་ཕྲེང་འཛིན་སེར༔ རྒྱབ་ཏུ་དྷཱུ་པེ་སྤོས་ཕོར་སེར༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ མཐའ་ཡས་གོས་དཀར་སྐུ་མདོག་དམར༔ པདྨ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྤྱན་གཟིགས་པད་འཛིན་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གཱིརྟི་པི་ཝཾ་དམར༔ རྒྱབ་ཏུ་དཱི་པཾ་མར་མེ་དམར༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང༔ རྒྱ་གྲམ་དྲིལ་འཛིན་གཉིས་མེད་འཁྲིལ༔ གཡས་སུ་སྒྲིབ་སེལ་པུསྟི་ལྗང༔ གཡོན་དུ་ཕྱག་རྡོར་རྡོར་འཛིན་ལྗང༔ མདུན་དུ་གནྡྷེ་དུང་ཕོར་ལྗང༔ རྒྱབ་ཏུ་ནཱིརྟི་ཞལ་ཟས་ལྗང༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ སྣང་ལ་རང་བཞིན་མ་གྲུབ་པར༔ འཛིན་མེད་མ་བཅོས་གསལ་བར་གྱུར༔ སྟེང་དུ་བརྒྱ་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐགས་བཟང་གོ་མཚོན་ལྗང༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེང་གེ་པུསྟི་མཐིང༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པད་རྐྱང་སྟེང་ན་བཞེངས་སྟབས་གསལ༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཁྲོ་བོའི་ཚུལ་རྫོགས་དོར་སྟབས་བཞུགས༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཧཱུྃ༔ རང་བྱུང་རང་ཤར་དཀྱིལ་འཁོར་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ལས་ཧཱུྃ༔ འཕྲོས་པས་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དེ་ལས་ཁྲོ་བོའི་དཀྱིལ་འཁོར་སྤྲོས། །དབུས་སུ་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སྟྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན༔ བུདྡྷ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷནྡྷ་དགྲ་སྟྭ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་རྩེ་གསུམ་གཡོན༔ རཏྣ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་དབུས་དམར་ནག༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ པདྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རལ་གྲི་ཁ་ཊྭཱཾ་རྒྱ་གྲམ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་དྷཱི་གཉིས་མེད་འཁྲིལ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་བོའི་ཆ་ལུགས་རྫོགས་པར་ལྡན༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ པདྨ་ཉི་སྟེང་གསལ་བར་གྱུར༔ ཤར་ཕྱོགས་གཽ་རཱི་ཞིང་དབྱུག་དཀར༔ ལྷོ་ཕྱོགས་ཙཽ་རཱི་མདའ་གཞུ་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བཻ་ཏཱ་རྡོ་རྗེ་ལྗང༔ ཤར་ལྷོར་པུཀྐ་རྒྱུ་འདྲེན་སེར༔ ལྷོ་ནུབ་གྷསྨ་བྷན་དམར་ལྗང༔ ནུབ་བྱང་ཙཎྜ་རྒྱུ་ཟ་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང༔ ཞིང་ཆེན་སྟེང་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ སེང་ཧ་སེང་གདོང་རོ་ཟ་སྨུག༔ བྱཱ་གྷྲྀ་སྟག་གདོང་ལག་བསྣོལ་དམར༔ སྲི་ལ་ཝ་གདོང་བྱིས་ལྡག་ནག༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང༔ གྷྲྀ་ཌྷ་བྱ་རྒོད་རྒྱུ་འདྲེན་སེར༔ ཀངྐཱ་དུར་བྱ་ཞིང་ཕྲག་དམར༔ ཀ་ཀ་བྱ་རོག་བྷན་གྲི་ནག༔ ཨུ་ལཱུ་འུག་གདོང་རྡོར་ཀྱུ་མཐིང༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ ཤར་དུ་ཞི་བའི་ལས་མཛད་དྲུག༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤཱུལ་ལྗང༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ལྷོ་རུ་རྒྱས་པའི་ལས་མཛད་དྲུག༔ རྡོ་རྗེ་ཕ་ཝཾ་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང༔ སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ ནུབ་ཏུ་དབང་གི་ལས་མཛད་དྲུག༔ ཟ་བ་བྱ་རྒོད་བེ་ཅོན་ལྗང༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ བྱང་དུ་དྲག་པོའི་ལས་མཛད་དྲུག༔ རླུང་ལྷ་སྤྱང་གདོང་བ་དན་ལྗང༔ མེ་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་ཕྱི་རིམ་སྒོ་བཞི་རུ༔ ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར༔ ལྷོ་རུ་ར་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང༔ མ་ཡེངས་ཡིད་ཡུལ་གསལ་བར་གྱུར༔ དེ་ལྟར་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གསལ༔ འདིར་བླ་མ་གོང་མ་འགའ་ཞིག་འོག་ཁང་ཞི་བ་དང་སྟེང་ཁང་ཁྲོ་དཀྱིལ་དུ་མཛད་པ་ནི་ཆོས་སྤྱོད་དང་མཐུན་ཕྱིར་འགལ་བ་མེད་ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་སྒྲོས་མེད་པས་ཁྲོམ་དཀྲུགས་ཀྱི་ལུགས་འདི་གཞུང་དང་འབྱོར་བར་སྣང་བས་བཀོད་པ་སྟེ། འདི་ལའང་རྣམ་སྣང་དབུས་སུ་བཀོད་པའི་སྟེང་བར་སྣང་ལ་ཀུན་བཟང་འགོད་པའི་ལུགས་ཀྱང་དཔེ་ལ་ལའི་མཆན་བུར་སྣང་ཞིང་། གཞན་དུ་དཀྱིལ་འཁོར་ནང་ནས་པད་འདབ་བཞི། འཁོར་ལོ་རྩིབས་བཞི། པད་འདབ་བཅུ་དྲུག་དང་། བཅུ་དང་། འཁོར་ལོ་རྩིབས་བཅུ་དྲུག་རྣམས་ལ་འགོད་པའི་ལག་ལེན་སྣང་བ་ནི་ལས་བྱང་ཆེ་ཆུང་ཆོས་སྤྱོད་ཆོས་ཉིད་བར་དོའི་ངོ་སྤྲོད་སོགས་འདིའི་རྩ་བའི་ཡི་གེ་གང་དང་ཡང་མ་མཐུན་པས་གཟུ་ལུམ་རང་བཟོ་འོ། །དེ་ནས་བྱིན་གྱིས་བརླབ་པ་ནི། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ། དབང་བསྐུར་བ་ནི། རྡོ་རྗེ་བསྡམས་པ་ལས་རང་རིགས་ཀྱི་སོར་མོ་བརྐྱང་པ་མགོ་བོའི་གནས་ལྔར་འཇོག་ཅིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ། ཨོཾ་མ་ཧཱ་པྲཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཾཿ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛཱ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱ། ཞེས་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག་སྟེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔ྄་བཟླ་བའོ། །དང་པོ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་ཀུན་བཟང་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་གནས་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུམ་ཡོན་ཏན་གསལ་ལ་འགག་པ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་མཆོག་འདིར༔ ཀུན་བཟང་རིགས་ལྔ་གཙོ་བོ་ཡབ་ཡུམ་རྣམས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མ་བརྒྱད༔ འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་ཆེ་མཆོག་རིགས་ལྔའི་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་དྷཱིའི་ཚོགས་དང་འཁྲིལ༔ ཉོན་མོངས་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་སྤྱོན༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་སྤྱོན༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ས་མ་ཡ་བཛྲ་ཨངྐུ་ཤ་ཛཿ ཞེས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲང་ངོ་། །གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ སྟོབས་ལྡན་རིན་ཆེན་པདྨ་ཉི་ཟླའི་སྟེང༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རིགས་དྲུག་དོང་སྤྲུག་བཅོམ་ལྡན་ཐུབ་པ་དྲུག༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོ༔ དཔལ་ཆེན་ཆེ་མཆོག་རིགས་ལྔའི་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷཱིའི་ཚོགས་དང་འཁྲིལ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་འབར་བ་ལྔ་བཅུ་བརྒྱད༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དགྱེས་པ་བསྐྱེད་ནས། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བཞུགས་པར་བསམ། གསུམ་པ་ཕྱག་འཚལ་བ་ནི། གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་ཉིད་གཙོ་བོ་གཉིས་པའི་རྣམ་པས་ཤར་སྒོར་ཐོན་ཏེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་མཆོད་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་ལ། ཧཱུྃ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་ལྔ་རྣམ་དག་བདེ་ཆེན་ཡེ་ཤེས་ངང༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ རིགས་དྲུག་དོང་སྤྲུག་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ མ་རིག་དུག་ལྔ་འཇོམས་མཛད་ཧེ་རུ་ཀ༔ དཔལ་ཆེན་ཆེ་མཆོག་རིགས་ཀྱི་ཁྲག་འཐུང་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱིའི་ཚོགས་བཅས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། བཞི་པ་མཆོད་པ་འབུལ་བ་ལ། སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་མཆོད་ནི། ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱིས་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང༔ དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿམ་ཧཱ་པཱུ་ཛ་ཧཱུྃ། ཞེས་པ་ཙམ་མམ། སྤྲོ་ན་ལས་བྱང་ཆེ་བ་ལྟར་ལ་ཚིག་སྣ་ཅུང་ཟད་བསྡུས་ནས་འབུལ་བ་འདི་ལྟ་སྟེ། སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ མྱོང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ནཻ་བིདྱཱ་ཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཤབྡ་ཧཱུྃ༔ ནང་མཆོད་ནི། ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་རཱུ་པ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་སྤརྴེ་པྲ་ཏཱིཙྪ་ཧཱུྃ༔ ཨོཾ་ཨཱཿབཛྲ་དྷརྨཱ་པྲ་ཏཱིཙྪ་ཧཱུྃ༔ གསང་མཆོད་ནི། ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གསལ་བ་ཡབ་ལ་འོད་ཟེར་ཡུམ༔ བདེ་བ་ཡབ་ལ་སྟོང་པ་ཡུམ༔ སྒྲ་གྲགས་ཡབ་ལ་གྲགས་སྟོང་ཡུམ༔ དྲན་པ་ཡབ་ལ་རིག་སྟོང་ཡུམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེ༔ རིག་མ་དཀར་སེར་དམར་ལྗང་མཐིང༔ བདེ་བ་ཡེ་ཤེས་ཀུན་ལྡན་དུ༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་བཞེས༔ ཨོཾ་ཨཱཿམ་ཧཱ་སུ་ཁ་ཧཱུྃ། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་སྨན་རཀ་གཏོར་གསུམ་ལས། སྨན་མཆོད་ནི། ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ཤིང༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྦྱར་བའི༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། བརྒྱུད་མཆོད་ནི། ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སིཾ་པད་འབྱུང་མཚོ་རྒྱལ་མ། །ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སཱུརྻ་ཙནྡྲ་རྒྱ་བཙུན་ནམ་མཁའི་མཚན། །བསོད་ནམས་འོད་ཟེར་པུཎྱེ་ཤྲཱིའི་ཞབས། །བསོད་ནམས་ཆོས་སྐྱོང་སྣ་ཚོགས་རང་གྲོལ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཀུན་དགའ་གྲགས་པ་མདོ་སྔགས་བསྟན་འཛིན་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྡེ། །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་རྡོ་རྗེ་གཟི་བརྗིད་རྩལ། །ངེས་དོན་དབང་པོ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་གྱི་ལྷ་ལ། བཅོམ་ལྡན་ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་ཆེ་མཆོག་ཧེ་རུ་ཀཿ འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་དང་། །གནས་ཡུལ་ཕྱག་རྒྱ་སྒོ་མ་བཞི་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ལྟར་བྱམས་ཤིང་སྲིང་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དེ་ནས་བདུད་རྩི་ལྕེ་ཐོག་ཏུ་མྱང་ཞིང་། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་དངོས་གྲུབ་བླང་ངོ་། །རཀྟའི་མཆོད་པ་ནི། ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་པའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོའི་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་འཁོར་གསུམ་ཡོངས་དག་མི་དམིགས་སྤྲོས་བྲལ་གྱི་ཡེ་ཤེས་སུ་རྒྱས་བཏབ་ལ་མཉམ་པར་གཞག་གོ །ལྔ་པ་བསྟོད་པ་ནི། ཧཱུྃ༔ སྐུ་ནི་མི་འགྱུར་ཀ་དག་ཟང་ཐལ་སྐུ༔ གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང༔ ཐུགས་ནི་མི་གཡོ་བསམ་བརྗོད་བྲལ་བའི་ཐུགས༔ ཀུན་བཟང་སྐྱེ་འགག་མེད་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལས༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འོད་ཟེར་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་སྤྲས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་རྗེ་ངོ་མཚར་ཞི་ཚུལ་གར་དགུར་ལྡན༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་ཕུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན༔ རྣལ་འབྱོར་ཀུན་གྱི་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་དོ། །དྲུག་པ་ཛཔ྄་བཟླ་བ་ལ་བཞི། རྩ་བའི་ཛཔ྄། བུམ་ཛཔ྄། ལས་སྦྱོར། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། སྤྱིར་ཨ་ཏིའི་བསྐྱེད་རིམ་སྣང་སྲིད་གཞིར་བཞེངས་ཡེ་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་ངེས་པ་རྙེད་དེ་རྟོགས་པ་ལྷོངས་སུ་གྱུར་པའི་གང་ཟག་ལ་བདག་མདུན་གྱི་སྤྲོས་པ་མི་དགོས་མོད། ཐུན་མོང་དུ་འཕྲོ་འདུའི་ཏིང་ངེ་འཛིན་གྱི་དམིགས་པའི་རྣམ་པ་གསལ་བདེ་བའི་ཕྱིར་དོང་སྤྲུག་གི་དགོངས་པ་བཞིན་ཛཔ྄་ཁང་ཕྱེ་བ་ཉིད་ལེགས་པས་ན། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཕཊ་ཛཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ ཞེས་བརྗོད་པས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་ཞིང་། བདག་ཉིད་གཙོ་བོའི་ཐུགས་སྲོག་ཨ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ནུས་བཟླ། གཉིས་པ་བུམ་ཛཔ྄་ལ་གཉིས་ཀྱི། དང་པོ་རྣམ་བུམ་སྒྲུབ་པ་ནི། འདིར་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པའི་ལུགས་ཡིན་པས་བསྐྱེད་ཆོག་ཟུར་པ་མི་དགོས་མོད། འོན་ཀྱང་རྣམ་པ་གསལ་འདེབས་ཙམ་དུ་རང་གཙོ་བོ་དང་གཉིས་སུ་མེད་པར་བྱས་ཏེ། ཕཊ་ཛཿ ཞེས་པས། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ལམ་གྱིས་གསལ་བ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། རྣམ་བུམ་གྱི་གཟུངས་ཐག་ལ་འཇུས་ནས། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། ཞི་ཁྲོའི་སྤྱི་སྔགས་སྔར་ལྟར་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། གཉིས་པ་ཁྲུས་བུམ་སྒྲུབ་པ་ནི། ཁྲུས་བུམ་གྱི་ནང་དུ་པདྨ་འདབ་མ་བརྒྱ་པའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཟླ་བ་ལྟར་གསལ་བ་ལས། རིགས་བརྒྱའི་རང་བཞིན་ཡི་གེ་བརྒྱ་པའི་སྤྲིན་ཕྱུང་ནས་པདྨའི་འདབ་མ་དང་པོ་ནས་བརྩམ་སྟེ་རིམ་པ་བཞིན་མུ་ཏིག་གི་ཕྲེང་བ་ལྟ་བུར་གཡས་སྐོར་དུ་འཁོད་པ་ལས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་བསམ་ཞིང་། ཨོཾ་བ་ཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ་བ་ཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥ་ཋ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀ་ཏོ་མེ་བྷ་ཝ་སར་བ་སིད་དྷི་མྨེ་པྲ་ཡཙ་ཚ་སར་བ་ཀར་མ་སུ་ཙ་མེ་ཙིཏ་ཏཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སར་བ་ཏ་ཐཱ་ག་ཏ་བ་ཛྲ་མཱ་མེ་མུྙ་ཙ་བ་ཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཡི་གེ་བརྒྱ་པ་ཅི་ནུས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པའང་ཅི་རིགས་བཟླས་མཐར། ཡི་གེའི་འཁོར་ལོ་བདུད་རྩིར་ཞུ་ནས་བུམ་ཆུ་དང་རོ་གཅིག་པ་ཉམས་ཆག་སྦྱོང་བའི་ནུས་ལྡན་དུ་གྱུར་པར་བསམ། གསུམ་པ་ལས་སྦྱོར་གྱི་བཟླས་པ་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་ཐམས་ཅད་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། ཞི་ཁྲོའི་སྤྱི་སྔགས་དང་རྡོར་སེམས་ཡིག་བརྒྱའི་ཤམ་བུར། དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ནྲྀ་ཙྪིནྡྷ་ཙྪིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བཏགས་པ་བཟླས་ནས་བྱེ་ཡུངས་སོགས་ལ་བསྔགས་སོ། །བཞི་པ་སྐབས་ཀྱི་མཇུག་བསྡུ་བ་ལ་གསུམ། མཆོད་ཅིང་བསྟོད་པ། བཤགས་པ་བྱ་བ། ཛཔ྄་ཁང་བསྡུ་བའོ། །དང་པོ་ནི། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ། ཞེས་མཆོད་ཅིང་། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཉིས་པ་བཤགས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་རྣམས་བཤགས། གསུམ་པ་ཛཔ྄་ཁང་བསྡུ་བ་ནི། དམ་ཡེའི་དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་རིག་སྟེ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ། ཞེས་དང་། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། ཞེས་དངོས་གྲུབ་བསྐུལ་ནས། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་གསལ་བརྟན་དབང་དུ་བྱས་ནས་ཡིག་གེ་བརྒྱ་པའང་བཟླ་འོ། །འདིར་གཞན་རྗེས་སུ་འཛིན་པ་དང་འབྲེལ་ན་དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ།། ༈ །།སྤྱི་དོན་གཉིས་པ་གསོ་སྦྱོང་གི་རིམ་པ་དངོས་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ལྔ། བཤགས་པའི་གཞི་འགོད་པ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། ལྟུང་བ་བཤགས་པ། སྡོམ་པ་གཟུང་བ། དམ་ལ་གཞག་པའོ། །དང་པོ་ནི། རང་གི་སེམས་ཉིད་རྣམ་པར་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྩ་བའི་བླ་མ་དང་དབྱེར་མེད་དུ་བལྟས་པ་ཉམས་ཆག་སྦྱོང་ཞིང་ཡེ་ཤེས་གསོ་བྱེད་དབང་ལེན་པའི་ཡུལ་དང་། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་ལུས་སྦྱོང་བ་པོ་སློབ་བུའི་ཚུལ་དུ་བྱས་ལ། ཁྲུས་དང་དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་པར་མོས་ནས་ལས་རིམ་ལ་འཇུག་པ་སྟེ། ལྷག་པའི་བསམ་པ་ཤུགས་དྲག་པོས། ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པའི༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལས༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༔ བྱང་སེམས་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཧཱུྃ༔ ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་བྱང་ཆུབ་གོ་འཕང་འཐོབ་བྱའི་ཕྱིར༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ༔ དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ན༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་ལས་བྱུང་ཡང་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ༔ ཞེས་གསོལ། གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ནི། རྒྱས་པར་ཚོམ་བུ་སོ་བདུན་མ་སྤྱི་ལྟར་ལས། མ་ཚང་བ་མེད་པ་འདི་ཉིད་བླ་མ་དཀྱིལ་འཁོར་གྱི་འཁོར་ལོའི་དྲུང་དུ་ཉམས་ཆག་སྐོང་བའི་ལུང་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་བསྒྱུར་བས་དབུལ་ཞིང་། ཐལ་མོ་སྦྱར་བས་བཏུད་དེ། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིག་ཉམས་ཆག་དཔག་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམས་ཀུན་དུས་འདིར་སྐུར༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གསུམ་པ་ལྟུང་བ་བཤགས་པ་ནི། སྡོམ་པ་གསུམ་དང་འགལ་བའི་ཉེས་བྱས་ལ་གནོང་འགྱོད་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཐོག་མར་འཁྲུལ་པ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པའི་གཞན་དབང་དུ་སོང་སྟེ། ཀུན་འབྱུང་གི་ཉེ་བར་ལེན་པས་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མངོན་པར་འདུ་བྱས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་གསོད་སེམས་སྐྱེས་པ། མ་བྱིན་བླངས་པ་དང་། འདོད་པས་ལོག་པར་གཡེམ་པའི་རིགས། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་མི་དགེ་བ་བཅུ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་ཏེ་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་སྟེང་། བཅས་པའི་ཁྲིམས་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་སྟེ་སོ་སོ་ཐར་པའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང་། རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་པ་དང་འགལ་པ་དང་། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕས་ཕམ་པ་དང་། ཁ་ན་མ་ཐོ་བའི་མཐུས་བཅོམ་སྟེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་ཕྲ་ཞིབ་བསྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང་། རང་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་མཆོག་གསུམ་དང་བླ་མ་ལ་བརྙས་པ་དང་། དམ་པའི་ཆོས་སྤངས་པ་དང་། མཁན་པོ་ལ་མ་གུས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་དང་། ཕ་མའི་དྲིན་ལན་མ་བཅལ་བ་དང་། དཀོན་མཆོག་གི་དཀོར་ཕྲོགས་པ་དང་། ཚངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང་། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང་། དགེ་བ་ཅན་གྱི་ཚོགས་བཅག་པ་དང་། དད་པ་ཅན་སུན་ཕྱུང་བ་དང་། རྒྱུ་འབྲས་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང་། ཁྲེལ་དང་ངོ་ཚ་སྤངས་པ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། དེ་དག་ཀྱང་རྟག་པའི་སེམས་དང་། མངོན་པར་ཞེན་པ་དང་། གཉེན་པོ་སྟོབས་ཞན་པ་དང་། ཡུལ་ཁྱད་པར་ཅན་དང་བཞི་ལས་བྱུང་བ་ལ་སོགས་པས་ཁ་ན་མ་ཐོ་བ་ཆེན་པོར་གྱུར་པས་མཚོན། མདོར་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཐམས་ཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པར་ལྡན་པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། སྔོན་ཆད་ནི་བཀའ་ལས་འདས་སོ། ད་ནི་ཉེས་པ་ལ་ཉེས་པར་མཐོང་ལགས་པས་མི་འཆབ་བོ། མངོན་གྱུར་དུ་སྒྲོག་པས་མི་སྦེད་དོ། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གིས་འགྱོད་ཚངས་དང་དུ་མ་བཞེས་ན་སྐྱབས་མེད་དོ། མགོན་མེད་དོ། དཔུང་གཉེན་དང་བྲལ་ལོ། དེ་བས་ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས་དེ་ལ་དགོངས་ཏེ་ཚངས་པ་བསྩལ་དུ་གསོལ། ཞེས་བཤགས། བཞི་པ་སྡོམ་པ་གཟུང་བ་ནི། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ཉིད་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་གྱིས་སྤྱི་དང་ཁྱད་པར་གྱི་སྐྱབས་སུ་འགྲོ། བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོ་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒོམ༔ སྡོམ་པ་ཡོངས་སུ་གཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སོ་ཐར་དང་། ཧོ༔ བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ འདི་བཟུང་འཁོར་བ་མ་སྟོངས་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ བདག་གིས་འདི་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་པོ་མི་སྤང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་གཟུང༔ ཞེས་ལན་གསུམ་གྱིས་སྔགས་སྡོམ་བླང་། ལྔ་པ་དམ་ལ་གཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རཀ་དམྱལ་བར་ལྟུང༔ བསྲུང་ན་སྤྲུལ་སྐུའི་འགྲོ་དོན་ནུས༔ དམ་ཚིག་བདུད་རྩི་ལྕེ་ལ་བཞག་སྟེ། ཧཱུྃ༔ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས༔ ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ ཅེས་དམ་ལ་བཞག་གོ །གཉིས་པ་དངོས་གཞི་ལ་གསུམ། ཉམས་ཆགས་སྦྱོང་བ་ཁྲུས་ཀྱི་ལུང་དང་། ཡོན་ཏན་སྤེལ་བ་བཤགས་སྐོང་ཚོགས་མཆོད། ཡེ་ཤེས་གསོ་བ་དབང་གི་ཆོ་གའོ། །དང་པོ་ལ་གཉིས། སྤྱིར་རིགས་དྲུག་གི་སྐྱེ་གནས་སྦྱོང་བ། བྱེ་བྲག་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱོང་བའོ། །དང་པོ་ལའང་བཞི་ལས། དང་པོ་བགེགས་བསལ་བ་ནི། སློབ་མ་ཁྲུས་སའི་སྟན་ལ་བཞག་སྟེ། ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོའི་ཚོགས་དང་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས་བགེགས་རྣམས་བསྐྲད་པར་བསམ་ལ་ཡུངས་ཐུན་གྱིས་བྲབ་པ་སོགས་བྱ། གཉིས་པ་སྦྱང་གཞི་གསལ་བ་ནི། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ་རྣམས་ཀྱི་རྣམ་པར་གནས་པ་དང་། གསུམ་པ་སྦྱོང་བྱེད་ནི། དེ་རྣམས་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བར་བསམ། བཞི་པ་སྦྱོང་ཐབས་ནི། རིགས་དྲུག་རེ་རེ་བཞིན་ལྔ་ལྔ་ལས། ཐོག་མར་དམྱལ་བ་ལ། དང་པོ་འབྲུ་གསུམ་གྱིས་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་རྐང་མཐིལ་གྱི་དུ་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། གཉིས་པ་རིགས་ལྔས་སྦྱོང་བ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་མོས་ལ། ཨོཾ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ཞིང་། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་པར་བསམ། གསུམ་པ་སྔགས་ཀྱིས་སྦྱོང་བ་ནི། སྔགས་བཟླས་པའི་བྱེ་མ་དང་ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། བཞི་པ་ཁྲུས་ཀྱིས་སྦྱོང་བ་ལ་གསུམ་ལས། དང་པོ་འགྱོད་ཚངས་ཀྱི་བཤགས་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །གཉིས་པ་དབང་སྟེགས་སུ་དྲང་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །གསུམ་པ་ཁྲུས་བྱ་བ་ནི། ཁྲུས་བུམ་ཐོགས་ལ། འདི་ནི་བཟོད་པའི་རང་བཞིན་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ༔ བྱམས་པའི་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཞེས་བཏགས་པ་བརྗོད་བཞིན་དུ་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱ། ལྔ་པ་དབང་བསྐུར་བས་སྦྱོང་བ་ནི། དཀྱིལ་འཁོར་དབུས་ཀྱི་རྣམ་བུམ་མགོར་བཞག་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ མེ་ཆུའི་ཙཀླི་ལག་ཏུ་གཏད་ལ། ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། ཧཱུྃ་བཛྲ་སཏྭ་ས་མ་ཡ་སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་མཐར། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང་མེ་ཆུའི་དབང་བསྐུར་པས༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས༔ དབུས་ཕྱོགས་འཐུག་པོ་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེ་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བསྐུར་རོ། །དེ་བཞིན་རིགས་འགྲེ་བས། གཉིས་པ་ཡི་དྭགས་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་པྲེ་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་ཧོ། བཛྲ་བྷནྡྷ་བཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་སེར་སྣའི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བྲབ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ཡི་དྭགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲངས། འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱོང་མཛད་པ༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཏགས་པས་བཀྲུ། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནུབ་ཀྱི་བུམ་པ་མགོར་བཞག་ལ། ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ རིན་ཆེན་སྒྲོམ་བུ་ལག་ཏུ་གཏད་ལ། ཨཱ༔ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། ཨཱཾ་པདྨ་སཏྭ་ས་མ་ཡ་སོགས། པདྨ་མཱ་མེ་མུཉྩ༔ པདྨེ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་པོ་ཆེའི་སྒྲོམ་བུའི་དབང་བསྐུར་པས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ་དུག་ལྔའི་ཉེས་པ་ལས་གྲོལ་ནས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་གསུང་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཅེས་བསྐུར། གསུམ་པ་དུད་འགྲོ་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་ཧོ། བཛྲ་བྷནྡྷ་བཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བྲབ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲངས། འདི་ནི་ཤེས་རབ་རང་བཞིན་ཆུ༔ མི་ཤེས་དྲི་མ་སྦྱོང་མཛད་པ༔ ཡེ་ཤེས་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཏགས་པས་བཀྲུ། རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤར་གྱི་བུམ་པ་མགོར་བཞག་ལ། ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ པུསྟི་ལག་ཏུ་གཏད་ལ། ཨོཾ༔ ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། ཨོཾ་བུདྡྷ་སཏྭ་ས་མ་ཡ་སོགས། བུདྡྷ་མཱ་མེ་མུཉྩ༔ བུདྡྷི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་པུསྟིའི་དབང་བསྐུར་པས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ་ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེ་ནས་སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཅེས་བསྐུར། བཞི་པ་ལྷ་མིན་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ཨོག་མའི་སུ་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་ཧོ། བཛྲ་བྷནྡྷ་བཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཨ་སུ་ར་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ལྷ་མིན་དུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ། སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་བྲབ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ལྷ་མིན་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲངས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ༔ ཕྲག་དོག་དྲི་མ་སྦྱོང་མཛད་པ༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པས་བཀྲུ། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྱང་གི་བུམ་པ་མགོར་བཞག་ལ། ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ གོ་མཚོན་ལག་ཏུ་གཏད་ལ། ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། ཧཱ་ཀརྨ་སཏྭ་ས་མ་ཡ་སོགས། ཀརྨ་མཱ་མེ་མུཉྩ༔ ཀརྨེ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་གོ་མཚོན་གྱི་དབང་བསྐུར་པས༔ ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ་ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཤིང་དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཅེས་བསྐུར། ལྔ་པ་ལྷ་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་དཔྲལ་བའི་ཨ་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་ཧོ། བཛྲ་བྷནྡྷ་བཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་ང་རྒྱལ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སུ་ར་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ལྷ་རུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ། ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བྲབ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ལྷ་ཡི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲངས། འདི་ནི་བསམ་གཏན་རང་བཞིན་ཆུ༔ ལྟུང་བའི་དྲི་མ་སྦྱོང་མཛད་པ༔ ཏིང་འཛིན་ཆུ་ཡིས་ལེགས་བཀྲུས་པས༔ ང་རྒྱལ་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བཏགས་པས་བཀྲུ། རིགས་ཀྱི་བུ་འདིས་ཉོན་མོངས་པ་ང་རྒྱལ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷོ་ཡི་བུམ་པ་མགོར་བཞག་ལ། ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག༔ པི་ཝཾ་ལག་ཏུ་གཏད་ལ། སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གི་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བུམ་ཆུ་སྦྱིན་ལ། སྭཱ་རཏྣ་སཏྭ་ས་མ་ཡ་སོགས། རཏྣ་མཱ་མེ་མུཉྩ༔ རཏྣེ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་རིན་ཆེན་ལྔའི་བུམ་པ་དང་པི་ཝཾ་གི་དབང་བསྐུར་པས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ་འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས༔ ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་བྱམས་པ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཅེས་བསྐུར། དྲུག་པ་མི་སྦྱོང་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་ནྲྀ་བསྲེག་གཏོར་སྦྱང་བར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི་ཧོ། བཛྲ་བྷནྡྷ་བཾ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ནྲྀ་ཤུདྡྷེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་མིར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ། ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ ཅེས་བྲབ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །མི་ཡི་གནས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲངས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ཡིད་གཉིས་དྲི་མ་སྦྱོང་མཛད་པ༔ སྤྲོ་དགའི་ཆུ་ཡིས་ལེགས་བཀྲུས་པས༔ ཐེ་ཚོམ་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ ཅེས་བཏགས་པས་བཀྲུ། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕྱོགས་བཞིའི་བུམ་ཆུ་གཙོ་བུམ་དུ་བསྡུས་པ་ཐོགས་ལ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཤིཉྩ་ཨ་ཨཱ༔ ཞེས་མགོ་བོའི་གནས་ལྔར་བསྐུར་ཞིང་བུམ་ཆུ་མྱང་། པར་བུ་གསེག་ཤང་ལག་ཏུ་གཏད་ལ། ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཨ་ཝ་དྷཱུ་ཏིའི་དབང་ཐོབ་ཤོག༔ ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ སྐལ་ལྡན་ཁྱོད་ལ་བུམ་པ་འདི་ཡི་ནང་ནས་སྨན་ལྔའི་དབང་བསྐུར་པས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔའི་དབང་བསྐུར་པས༔ ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔའི་དབང་བསྐུར་པས༔ འདོད་ཡོན་ལྔའི་ཉེས་པ་ལས་གྲོལ༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔའི་དབང་བསྐུར་པས༔ དུག་ལྔའི་ཉེས་པ་ལས་གྲོལ༔ དགའ་བ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔའི་དབང་བསྐུར་པས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང༔ སྒྲིབ་པ་ལྔ་དག༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར་རོ། །གཉིས་པ་བྱེ་བྲག་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱོང་བ་ལ་གསུམ་ལས། དང་པོ་ལུས་སྒྲིབ་སྦྱོང་བ་ལའང་། བཤགས་པ་དང་། ཁྲུས་དབང་གཉིས་ཀྱི། དང་པོ་ལུས་ཀྱི་ཕྱག་འཚལ་བའི་སྒོ་ནས་བཤགས་པ་ནི། རང་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་དང་། གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་དང་བཅས་པ་ཐམས་ཅད་སངས་སངས་དག་པར་བསམ་ལ། མཆེད་ལྕམ་རྣམས་ལུས་ས་ལ་བརྡབ་སྟེ་བརྐྱང་ཕྱག་འཚལ་བཞིན་དུ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པད་འབྱུང་མཚོ་རྒྱལ་མ། །ཀརྨ་གླིང་པ་ཐུགས་སྲས་ཆོས་རྗེ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སུརྻ་ཙནྡྲ་རྒྱ་བཙུན་ནམ་མཁའི་མཚན། །བསོད་ནམས་འོད་ཟེར་པུཎྱེ་ཤྲཱིའི་ཞབས། །བསོད་ནམས་ཆོས་སྐྱོང་སྣ་ཚོགས་རང་གྲོལ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཀུན་དགའ་གྲགས་པ་མདོ་སྔགས་བསྟན་འཛིན་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྡེ། །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་རྡོ་རྗེ་གཟི་བརྗིད་རྩལ། །ངེས་དོན་དབང་པོ་རྩ་བརྒྱུད་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་བརྒྱུད་ཕྱག་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་ལྷའི་ཕྱག་ནི། སྤྲོ་ཞིང་ནུས་ན་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལམ། ཡང་ན་དོང་སྤྲུག་གི་ཕྱག་གི་བཀོལ་བྱང་གཉིས་གང་བདེ་བྱ་ཞིང་། དེ་ཙམ་མི་ནུས་ན། ཨེ་མ་ཧོཿ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག༴ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཅིང་། །བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ། །རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག༴ རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །ཉོན་མོངས་སྤྱོད་པའི་རྐྱོན་དང་བྲལ་བ་ཡི། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ། །བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ། །མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག༴ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །བདུད་བཞིའི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །ཏ་ཀྲིཏ་སྒོ་བ་བཞི་ལ་ཕྱག༴ རྟག་ཆད་མུ་བཞི་གསང་བ་ཡུམ་གྱི་ངང་། །མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག༴ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག༴ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་སྐུ། །དཔལ་ཆེན་ཧེ་རུ་ཀཿལ་ཕྱག༴ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ། ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །ཀྲོ་དྷཱི་ཤྭ་རཱི་ཡུམ་ལ་ཕྱག༴ ཐུགས་རྗེ་ཐབས་མཁས་མ་རུངས་འདུལ་མཛད་ཅིང་། །ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་གཅོད། །སྲིད་གསུམ་བླ་མེད་དབྱིངས་སུ་སྒྲོལ་མཛད་པ། །རིགས་ལྔའི་ཁྲག་འཐུང་ཚོགས་ལ་ཕྱག༴ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ། ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན། །འགྲོ་རྣམས་ཐུགས་རྗེས་འདྲེན་པར་མཛད་པའི་ཡུམ། །རིགས་ལྔའི་ཁྲོ་མོ་ཡུམ་ལ་ཕྱག༴ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང་། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། །གཽ་རཱི་ཁྲོ་མོ་བརྒྱད་ལ་ཕྱག༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ། །སིཾ་ཧ་ཕྲ་མེན་བརྒྱད་ལ་ཕྱག༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་། །སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག༴ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག༴ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག༴ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག༴ འབྱུང་བ་ལྔ་ལས་སྐུ་བཞེངས་མ། །རྟག་རྒྱལ་ལྔ་ལ་ཕྱག༴ རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག༴ རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག༴ ག་ཎ་པ་ཏིའི་སྤྲུལ་པ་སྟེ། །ཀིང་ཀ་ར་ལ་ཕྱག༴ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རཱི་ལ་ཕྱག༴ འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག༴ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་པས། སྟོན་པ་ཀུན་ཏུ་བཟང་པོའི་ཞལ་ནས། ཨ་ལ་ལ་ཧོ༔ བུ་ཁྱོད་ཤིན་ཏུ་སྐལ་པ་བཟང༔ གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ ཅེས་དབུགས་དབྱུང་བསྩལ་པར་མོས། གཉིས་པ་སྐུའི་ཁྲུས་དབང་ནི། རྣམ་བུམ་ཐོགས་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་དམ་ཚིག་ཉམས་ཆག་དག༔ སྣང་བ་ལྷ་རུ་འཆར་བ་དང༔ སྐུ་ཡི་རྡོ་རྗེ་འགྲུབ་པར་ཤོག༔ ཅེས་ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་མཐར་ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་རིག་པ་བཏགས་པས་བཀྲུའོ། །གཉིས་པ་ངག་སྒྲིབ་སྦྱོང་བ་ལ་གཉིས་ལས། དང་པོ་ངག་གསང་སྔགས་བཟླ་བའི་སྒོ་ནས་བཤགས་པ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ན༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་ཆུ་རྒྱུན་ཚངས་བུག་བབས༔ བདག་གི་ཉམས་ཆག་སྡིག་སྒྲིབ་དག༔ བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས༔ བདག་དང་འགྲོ་བ་སེམས་ཅན་མ་ལུས་པའི༔ སྡིག་སྒྲིབ་སྦྱོང་ཕྱིར་ཡེ་ཤེས་བདུད་རྩིའི་རྒྱུན༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར། ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་བཞིན༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་ལས་སྤྱད་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རང་གནོང་འགྱོད༔ དར་ཅིང་དྲགས་པའི་ལས་དབང་དེ་བཙན་ནས༔ འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབ་མས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟོད་ཆར་ལྟར་འབེབས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས༔ སྐྱེས་པས་འགྱོད་དེ་ལས་ལ་ཡིད་རེ་ཆད༔ ཡིད་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལས༔ བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲགས་ཤིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་བྲལ་བའི་ཚེ༔ གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གི་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་པའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས༔ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོངས་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་ཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན༔ ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབ་བམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་ནས་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ ཞེས་སྨྲེ་བཤགས་གསོལ་བས། བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས། རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན། ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ། ངན་སོང་དུ་ལྷུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟ་འོ། །ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ། གཉིས་པ་གསུང་གི་ཁྲུས་དབང་ནི། རྣམ་བུམ་ཐོགས་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ངག་གི་དམ་ཚིག་ཉམས་ཆག་དག༔ སྒྲ་གྲགས་སྔགས་སུ་འཆར་བ་དང༔ གསུང་གི་རྡོ་རྗེ་འགྲུབ་པར་ཤོག༔ ཅེས་ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་མཐར་ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་རིག་པ་བཏགས་པས་བཀྲུའོ། །གསུམ་པ་ཡིད་སྒྲིབ་སྦྱོང་བ་ལ་གཉིས་ལས། དང་པོ་ཡིད་མ་བཅོས་ལྟ་བའི་ཀློང་གི་བཤགས་པ་ནི། ཉམས་དང་མ་ཉམས་ཀྱི་རྟོག་པ་རྣམས་མཉམ་ཡངས་ཀ་དག་རིས་མེད་ཀྱི་ངང་དུ་མཉམ་པར་བཞག་ལ། ཨོཾ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་རྨེ་བར་འཛིན་པ་ཉོན་རེ་མོངས༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་འཆི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོངས་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པར་བགྱི༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོངས་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལས༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གིས་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་པས༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་སེམས་ཀྱིས་ཆགས་པ་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་བདག་ཏུ་འཛིན༔ མི་དགེའི་ལས་ཀྱི་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ནས༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཞེས་བཤགས། གཉིས་པ་ཐུགས་ཀྱི་ཁྲུས་དབང་ནི། རྣམ་བུམ་ཐོགས་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡིད་ཀྱི་དམ་ཚིག་ཉམས་ཆག་དག༔ དྲན་རྟོག་ཐུགས་སུ་འཆར་བ་དང༔ ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག༔ ཅེས་ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་མཐར་ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་རིག་པ་བཏགས་པས་བཀྲུའོ། །གཉིས་པ་ཡོན་ཏན་སྤེལ་བ་བཤགས་སྐོང་ཚོགས་མཆོད་ཀྱི་རིམ་པ་ལ་གསུམ་ལས། དང་པོ་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་ནི། ཨོཾ། དང་པོ་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་སྐྱེ་བར་མི་བགྱིད་དེ། །ཕ་དང་མ་ལ་བསྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པར་འཇིག་རྟེན་གནས་འདི་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ན། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་ཏེ། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དང་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེས་བརྒྱད་དུས་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་སེམས་མ་མཆིས་ཏེ། །ཉ་སྟོང་ཚུལ་བཞིན་སྲུང་བའི་དགེ་བསྙེན་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་ནས། །ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས། །ཉན་ཐོས་འདུལ་ཁྲིམས་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །རྟེན་འབྲེལ་བཅུ་གཉིས་སྒྲུབ་པའི་སྒོར་ཞུགས་ཏེ། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པས་ན། །དེ་ལ་ཉམས་པར་བྱ་བའི་སྐྱོན་མ་མཆིས། །རང་རྒྱལ་སྡོམ་པ་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །སྡོམ་བརྩོན་ཚུལ་བཞིན་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །དག་པ་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ། །ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་རྣམས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཀྲི་ཡའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཨུ་པ་ཡ་ཡི་དམ་ཚིག་སྒོར་ཞུགས་ནས། །ཕྱག་རྒྱ་སྔགས་དང་མན་ངག་སྒྲུབ་པ་ཡི། །ལྟ་སྤྱོད་ཀྲི་ཡོག་ཚུལ་སྲུང་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ནས། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེ་འཁོར་བྱང་ཆུབ་སེམས། །རྡོ་རྗེ་བླ་མ་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་སྲུང་བ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཡོ་གའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ནས། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔར་སྦྱོར་བས་ན། །རྒྱལ་བའི་དམ་ཚིག་མཆོག་ཏུ་གསུངས་པ་ལས། །མ་ཧཱ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ནས། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཆང་བྱེད་ཅིང་། །ཨ་ནུ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། ཁྱབ་གདལ་ཆེན་པོ་ཐེག་པའི་སྒོར་ཞུགས་ནས། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་པ་དང་། །གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱིས་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལ། །རྒྱལ་བ་རྣམས་ཀྱིས་དམ་ཚིག་མཆོག་ཏུ་གསུངས། །བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པས་ཕྱལ་པ་ཡིན། །ཐམས་ཅད་སེམས་སུ་འདུས་པས་གཅིག་པུ་ཉིད། །ལྷག་མ་མེད་པར་འདུས་པས་ལྷུན་གྱིས་རྫོགས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ཏི་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པས་འདུལ་མཐར་ཕྱིན། །རང་དབང་མངོན་དུ་གྱུར་པས་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེའི་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲི་ཡོག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་གཉིས་མེད་ཨུ་པ་ཡ་མཐར་ཕྱིན། །སུམ་ཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་བདུན་ཅུ་ལ་སོགས་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་གསུམ་དམ་ཚིག་བསྲུང་བྱ་ནི། །རྩ་བ་ཡན་ལག་བསྲུང་བ་རྣལ་འབྱོར་ཆེ། །སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་དང་ཐེག་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་གཅད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་དགྱེ། །རྒྱུ་འབྲས་མ་སྤངས་དགེ་བ་དང་དུ་བླངས། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམ། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲངས། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། །སྒོམ་སྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམས་ཆག་བྱུང་ན་བསྐང་གྱུར་ཅིག །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་། །དེ་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་པར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས། །འཕྲལ་གྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་ཟློགས། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བཤགས། གཉིས་པ་ཐུགས་དམ་སྐོང་བ་ལ་དག་གྱུར་གཉིས་ལས། དང་པོ་ཞི་བ་གནས་དག་གི་སྐོང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས༴ ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས༴ འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས༴ ལུས་ཀྱི་ཆོས་བཞི་གནས་དག་པ། ཁྲོ་བོ་བཞི་ཡི་ཐུགས༴ རྟག་ཆད་མུ་བཞི་གནས་དག་པ། ཁྲོ་མོ་བཞི་ཡི་ཐུགས༴ ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །གཉིས་པ་ཁྲོ་བོ་གནས་གྱུར་གྱི་སྐོང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། ཁྲག་འཐུང་ཡབ་ལྔའི་ཐུགས༴ འབྱུང་བ་ཡུལ་ལྔ་གནས་གྱུར་པ། ཁྲག་འཐུང་ཡུམ་ལྔའི་ཐུགས༴ རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀཿབཞིའི་ཐུགས༴ སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི་ཐུགས༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། ཁྲོ་མོ་བརྒྱད་ཀྱི་ཐུགས༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི་ཐུགས༴ རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི་ཐུགས༴ སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད་ཐུགས༴ མི་ཤིགས་སྐུ་ཡི་ཐུགས༴ འགག་མེད་གསུང་གི་ཐུགས༴ འགྱུར་མེད་ཐུགས་ཀྱི་ཐུགས༴ ཡོན་ཏན་མི་ཟད་ཐུགས༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི་ཐུགས༴ ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་བསྐང་། གསུམ་པ་ཚོགས་ཀྱི་མཆོད་པ་ལ་བཞི་ལས། དང་པོ་ཡོ་བྱད་བཤམ་ཞིང་བགེགས་བསྐྲད་པ་ནི། དམ་རྫས་སུ་འོས་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་རྣམས་ཚོགས་པར་བཤམས་ལ། རང་ཉིད་གཙོ་བོའི་ཐུགས་ཀ་ནས་ཞེ་སྡང་རྡོ་རྗེའི་རྣམ་པས་ཐོན་པར་བསམ་སྟེ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རིགས༔ ཚོགས་ལ་བར་གཅོད་བྱེད་པའི་བགེགས༔ ལན་ཆགས་གནས་འདིར་མ་འདུག་པར༔ སོ་སོ་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ ཅེས་བགེགས་བསྐྲད། གཉིས་པ་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་ང་རྒྱལ་འཕོས་ལ། རྫས་རྣམས་ལ་ལས་བུམ་གྱི་ཆུ་དང་བདུད་རྩི་གཏོར་ནས། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གི་ངོ་བོར་གྱུར༔ དེ་ལས་མེ་རླུང་ཆུ་གསུམ་འཕྲོས༔ ཚོགས་ཀྱི་རྣམ་རྟོག་བསྲེག་གཏོར་བཀྲུས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ནི༔ དཀར་དམར་མཐིང་གསུམ་རྣམ་པར་གྱུར༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོ༔ ཞེས་བྱིན་གྱིས་བརླབ། གསུམ་པ་ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་དང༔ རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས། བཞི་པ་མཆོད་པ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་སྤྱིར་མཆོད་པ་ནི། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཔཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ། ཞེས་པས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་མཆོད་པ་ནི། ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་ཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཞེས་ཕུལ་ཏེ་འདོད་ཡོན་ལྔའི་མཆོད་སྤྲིན་གྱིས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ བཟོད་པ་བཞེས་ནས་ཚངས་པ་བསྩལ་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པས་འཁོན་གཅུག་སྦྱང་ངོ་། །ཐ་མ་བསྒྲལ་སྟོབ་ནི། ལིང་ག་ལོགས་སུ་མ་བཅས་ན་སྔར་བྱིན་རླབས་མ་བྱས་གོང་ནས་ཚོགས་ཟན་བཅད་པ་མདུན་དུ་བཞག་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ། ཅེས་པས་བདག་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་ལངས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཞེས་ལྕགས་ཀྱུའི་རྒྱས་བཀུག་ལ། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ནས། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ༔ ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྟན་པ་བཤིག་པའི་དགྲ་བགེགས་མ་རུངས་པ༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་ཕུར་བུ་བཏབ་པ་ལས་འཕྲོས་པའི་འོད་ཟེར་གྱིས་ལས་ཉོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་རྡུལ་བྲལ་དྭངས་མའི་ཐིག་ལེ་ཆོས་ཀྱི་དབྱིངས་སུ་སྤར་ཏེ་སངས་རྒྱས་པར་མོས་ལ་བཅད་གཏུབ་ཁོག་པ་ཕྲལ་བ་བདུད་རྩིར་སྤེལ་ནས་སྟོབ་པ་ནི། ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་སྤྲུལ་འཁོར་བཅས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔ དུག་ལྔ་དུག་གསུམ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་ལྔ་ལྡན་མི་འགྱུར་ཞལ་དུ་སྟོབ༔ རྣམ་རྟོག་བག་ཆགས་ཆོས་ཉིད་ཀློང་དུ་རོལ༔ བསྟབ་བོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ ཅེས་ཕུལ་ལ་བསྒྲལ་མཐར་སྦྱོར་བའི་དམ་ཚིག་གིས་ཚོགས་ཞིང་རྣམས་ཀྱང་རྗེས་ཆགས་ཀྱི་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རང་ལ་ཐིམ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་རང་རྡོར་སེམས་སུ་ང་རྒྱལ་འཕོ་འོ། །གསུམ་པ་ཡེ་ཤེས་གསོ་བ་དབང་གི་ཆོག་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བླང་བ་དངོས་སོ། །དང་པོ་ལ་ལྔ། གསོལ་བ་གདབ་པ། བྱིན་དབབ་པ། མེ་ཏོག་དོར་བ། མིག་དབྱེ་བ། མཐོང་བ་བསྟན་པའོ། །དང་པོ་གསོལ་བ་གདབ་པ་ནི། མཎྜལ་འབུལ་བ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཟུང་ལ། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ཅག་འགྲོ་བ་མ་ལུས་རྣམས༔ ལོག་པའི་ལམ་དུ་ཞུག་གྱུར་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གཉིས་པ་བྱིན་དབབ་པ་ནི། སློབ་མ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པའི་ཐུགས་ཀར་ཞི་བ། སྤྱི་བོར་ཁྲག་འཐུང་། མགྲིན་པར་རིག་འཛིན་མཁའ་འགྲོ་ཡབ་ཡུམ་རྣམས་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་དཀོན་མཆོག་རྩ་གསུམ་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་མོས་ལ། སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་སྦྱར་ཏེ་སྤྱི་སྔགས་མཐར། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ༔ ར་རཱ༔ ར་རཱ༔ ཙཱ་ལ་ཡ་ཧཱུྃ་ཨ་ཛྷཻཾ་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་པས་དབབ་ལ། ཕེབས་ནས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཛྙཱ་ན་སཏྭ་ཏིཥྛ་བཛྲ། ཞེས་བརྟན་པར་བྱ། གསུམ་པ་མེ་ཏོག་འདོར་བ་ནི། ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཅེས་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་མོས་ལ། ཧཱུྃ་ཛཿ ཞེས་རྒྱལ་ཐེབས་ཀྱིས་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་ཁྲིད། དེ་ནས་དཀྱིལ་འཁོར་གྱི་ཁྱམས་ལ་གནས་པས་ཕྱག་དང་བཅས་མེ་ཏོག་འབུལ་བ་ནི། བདག་ཅག་རིག་པའི་མེ་ཏོག་འདི༔ ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ པྲ་ཏཱིཙྪ་ཧོ༔ ཞེས་དོར། མེ་ཏོག་དབུས་སུ་བབས་ན་རབ། ཕོ་བྲང་ནང་དུ་འབྲིང་། ཁོར་ཡུག་ཏུ་ཐ་མ། རླུང་གིས་གཞན་དུ་བསྐྱོད་པ་སོགས་བྱུང་ན་ཉམས་པ་བསྐང་མ་ཐུབ་པའི་རྟགས་སོ། །གང་ལ་བབས་པའི་ལྷ་དེ་སྤྱན་དྲངས་ནས་སློབ་བུར་ཐིམ་པར་བསམ་ལ། ཧཱུྃ་བཛྲ་སཏྭ་ཨཱ་བེ་ཤ་ཡ་ཨཱཿ ཞེས་མེ་ཏོག་མགོ་བོར་བཅིངས། བཞི་པ་མིག་དབྱེ་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ལིང་ཏོག་བདག་གིས་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བཀྲོལ། ལྔ་པ་མཐོང་བ་བསྟན་པ་ནི། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་སྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་བསྟན་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་དབང་བླང་བ་དངོས་ལ་གཉིས། རྩ་བའི་དབང་བཞི་དང་། བྱིན་རླབས་གཏོར་དབང་ངོ་། དང་པོ་ལའང་བཞི། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་ངོ་། །དང་པོ་བུམ་པའི་དབང་ལའང་གསུམ་ལས། དང་པོ་བུམ་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཨོཾ། བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས། །ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་གཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་བྲོད་ངང་དུ་བཤགས་པར་བགྱི། །ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པར་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །ཅེས་བཤགས། གཉིས་པ་ལུས་རྩའི་ཉམས་པ་གསོ་ཕྱིར་འདོད་ཡོན་གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་བསྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁྱབ་བརྡལ་ལྤགས་པའི་གཏོར་གཞོང་དུ། །རུས་པ་རང་གསལ་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་བསྩལ། ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་གསལ་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་རོལ་ཛ་གད་བསྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་བསྐང་། གསུམ་པ་བུམ་པའི་དབང་ལ་ཕན་ནུས་གཉིས་ལས། དང་པོ་ཕྱི་ཕན་པའི་དབང་ནི། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་སོ་སོའི་ཕྲིན་ལས་ཚུལ་བཞིན་དུ་མཛད་དེ་དབང་བསྐུར་བསྩལ་བར་མོས་ལ། རྣམ་བུམ་སྤྱི་བོར་བཞག་སྟེ། སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་པ་ཡི༔ ལྷ་ཡི་བདུད་རྩི་དག་པ་འདིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཧཱུྃ་བཛྲ་དྷརྨྨ་དྷཱ་ཏུ་ཛྙཱ་ནམ྄་ཨ་བྷི་ཥིཉྩ་མི༔ ཞེས་བུམ་ཆུ་སྤྱི་བོར་གཏིགས་པས། མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དབུ་རྒྱན་མགོ་བོར་བཅིང་ཞིང་རྣ་ལྟག་གཡས་སུ་བུམ་ཆུ་གཏིགས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མ་ཏཱ་ཛྙཱ་ནམ྄་ཨ་བྷི་ཥིཉྩ་མི༔ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིན་འབྱུང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། །དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་མགོ་ཐོག་དང་ལག་པ་གཡས་པར་གཏད་ཅིང་ལྟག་པར་བུམ་ཆུ་གཏིགས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཨཱཾ་པདྨ་པྲཏྱ་བེཀྵ་ཎ་ཛྙཱ་ནམ྄་ཨ་བྷི་ཥིཉྩ་མི༔ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད་ནས་རྣ་ལྟག་གཡོན་དུ་བུམ་ཆུ་གཏིགས་ལ། ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཀརྨ་ཀྲྀཏྱཱ་ནུཥྛཱ་ན་ཛྙཱ་ནམ྄་ཨ་བྷི་ཥིཉྩ་མི༔ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། དོན་ཡོད་གྲུབ་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །རྡོར་དྲིལ་སྤྱི་བོར་དཀྲོལ་ཞིང་གསང་མཚན་ཡིད་ལ་བྱ། བུམ་ཆུ་དཔྲལ་བར་གཏིགས་ལ། རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ཨོཾ་བུདྡྷ་ཨཱ་དརྴ་ཛྙཱ་ནམ྄་ཨ་བྷི་ཥིཉྩ་མི༔ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རྣམ་པར་སྣང་མཛད་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པའི་ཡེ་ཤེས་ལྔ་ཐོབ་བྱེད་ཡིན་པས་ན་རིག་པའི་དབང་ལྔ་ཞེས་གྲགས་སོ། །དེ་ནས་སླར་ཡང་བུམ་པ་སྤྱི་བོར་འཇོག་ཅིང་། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱེད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་བུམ་ཆུ་མྱང་། འོ༔ རིགས་ཀྱི་བུ་ཁྱོད་ལ་བུམ་པ་འདིའི་དབང་བསྐུར་པས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུའི་དབང་བསྐུར་པས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕྱག་མཚན་ལྔའི་དབང་བསྐུར་པས༔ བདུད་བཞི་ཟིལ་གྱིས་ནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཁ་རྒྱན་གྱི་དབང་བསྐུར་པས༔ འབྲས་བུ་མྱུར་དུ་སྨིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱི་དབང་བསྐུར་པས༔ གཞན་དོན་འབད་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྡོ་རྗེའི་དབང་བསྐུར་པས༔ སྡོམ་པ་གསུམ་དང་དམ་ཚིག་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པ་བུམ་རྫས་དང་བཅས་པའི་དབང་བསྐུར་པས༔ རང་དོན་མཐར་ཕྱིན་ནས་གཟུགས་སྐུ་རྣམ་པ་གཉིས་ཀྱིས་བསྐལ་པ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ། ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་བསྐུར་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། །དེས་འགྲོ་དོན་བྱེད་པའི་ཕྱིར་ཕྱག་མཚན་ལྔ་གཏད་ལ། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁཏྒ་ཨ་བྷི་ཥིཉྩ་ཨཱ༔ དེས་རིགས་ལྔའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་པ་ཡིན་ནོ། །གཉིས་པ་ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་ནི། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་ནས། རང་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་དང་བཅས། སོ་སོའི་ཙཀླི་ཐོགས་ལ། གཙོ་བོ་ཡབ་ཡུམ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་པས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ༔ ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེས་རིགས་འགྲེས་ཏེ་རིགས་ལྔ་ཡབ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ སམྦྷོ་ཀཱ་ཡ་ཨ་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་པས༔ ཕུང་པོ་ལྔ་པོ་གནས་སུ་དག་ནས༔ ལོངས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཡུམ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔ་མ་སྤང་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་ཡུམ་ལྔའི་དབང་བསྐུར་པས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སེམས་དཔའ་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤང་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་པས༔ རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སེམས་མ་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤང་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭ་ནཱི་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་པས༔ ཡུལ་བརྒྱད་མ་སྤང་གནས་སུ་དག་ནས༔ བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག༔ ཐུབ་པ་དྲུག་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་པས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས༔ སྤྲུལ་སྐུ་རབ་འབྱམས་ཀྱི་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ སྒོ་བ་བཞི་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟིཾ༔ པུཥྚིཾ༔ ཝ་ཤཾ༔ མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྒོ་བ་བཞིའི་དབང་བསྐུར་པས༔ རྟག་ཆད་མུ་བཞི་གནས་སུ་དག་ནས༔ ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ སྒོ་མ་བཞི་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྒོ་མ་བཞིའི་དབང་བསྐུར་པས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་བཞི་རྒྱུད་ལ་སྐྱེས་ནས་ཕྲིན་ལས་རྣམ་པ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ཁྲོ་བོ་ཆེ་མཆོག་ཡབ་ཡུམ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤང་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀཿམ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་པས༔ ཉོན་མོངས་པ་མ་སྤང་རང་སར་དག་ནས༔ ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀཿཡབ་ཡུམ་གྱི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་ཐམས་ཅད་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ཁྲག་འཐུང་ཡབ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤང་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་པས༔ དུག་ལྔ་མ་སྤང་གནས་སུ་དག་ནས༔ ཧེ་རུ་ཀཿསྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཡུམ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤྭ་རཱི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་པས༔ ཡུལ་ལྔའི་རྟོག་པ་མ་སྤང་གནས་སུ་དག་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ མ་མོ་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤང་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་མ་མོ་གཽ་རཱི་བརྒྱད་ཀྱི་དབང་བསྐུར་པས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤང་གནས་སུ་དག་ནས༔ མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ཕྲ་མེན་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སིཾ་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤང་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་ཕྲ་མེན་སིཾ་ཧ་བརྒྱད་ཀྱི་དབང་བསྐུར་པས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤང་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ སྒོ་མ་བཞི་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་པས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས༔ ཕྲིན་ལས་རྣམ་པ་བཞིས་སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་ཅིག༔ དབང་ཕྱུག་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་པས༔ ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤང་གནས་སུ་དག་ནས༔ མ་མོ་དང་དམ་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ཅེས་བསྐུར། ཤིན་ཏུ་བསྡུ་ན་རྣམ་རྒྱལ་བུམ་པ་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ༔ ཞེས་དང་ཡིག་བརྒྱའི་མཐར། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མི༔ ཞེས་བསྐུར། གང་ལྟར་ཡང་། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དམ་པ་རིགས་བརྒྱའི་ལྷའི་འཁོར་ལོ་རང་རིག་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པའོ། །ཞེས་ངོ་སྤྲད། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པ་ལྷ་ཡི་དབང་བསྐུར་པས། ལུས་རྩའི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་བའི་དབང་ལ་གསུམ་ལས། དང་པོ་གསང་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཨཱཿ ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམས། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་ཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་ག་རོ་རྐྱང་དབུ་མ་ཟུང་འཇུག་བདེ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམ་རང་ཆས་ཡིན་པར་མ་ཤེས་པ། །འཆི་དུས་རང་གསལ་བྱུང་བར་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་པ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །གསང་བ་དབང་གི་གདམས་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་བཤགས། གཉིས་པ་ངག་རླུང་གི་ཉམས་པ་གསོ་ཕྱིར་དམར་ཆེན་རཀྟའི་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བསྐང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ཞེས་བསྐང་། གསུམ་པ་གསང་དབང་དངོས་ནི། བླ་མ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པར་མོས་ལ། ཐོད་པའི་བདུད་རྩི་མྱང་ཞིང་། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་སེམས་རོས༔ བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་། དུས་གསུམ་གྱི་རྣམ་རྟོག་འགག །བདེ་བའི་ཡེ་ཤེས་སྐྱེས་པར་བསམ། རྗེས་འབྲེལ་དུ་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམ་ལ། ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་རྗེས་ཟློས་ལན་གསུམ་དུ་བྱས་ནས་བསྒོམ་བཟླས་ཀྱི་དམ་བཅའ་བླང་། དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གསང་བའི་དབང་བསྐུར་པས། ངག་རླུང་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་གསུམ་ལས། དང་པོ་ཤེར་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཧཱུྃ། ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ། །ཡུམ་བདག་འདོད་པ་བྱིན་རླབས་མཉམ་པ་དག །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས། །བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིའི་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས། །བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྐུར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོངས་པ། །འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ་བཤགས། །ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལ། །མ་ཤེས་མ་རྟོགས་བདུད་རྩི་མ་སྦྱངས་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཞེས་བཤགས། གཉིས་པ་ཡིད་ཐིག་ལེའི་ཉམས་པ་གསོ་ཕྱིར་བདུད་རྩི་སྨན་གྱི་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་བསྐང་། གསུམ་པ་ཤེར་དབང་དངོས་ནི། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་བཟང་མོའི་ངོ་བོ་ཅན་པང་དུ་འཁོད་པར་མོས་ལ། སིནྡྷུ་རའི་དཀྱིལ་འཁོར་བླངས་ཏེ། ལྷ་མོ་དགའ་བའི་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་ཐིག་ལེ་བྱ། ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་གྱུར་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཐིག་ལེའི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་རིན་པོ་ཆེ་ལ་གསུམ་ལས། དང་པོ་ཚིག་དབང་གི་དམ་ཚིག་ཉམས་ཆག་བཤགས་པ་ནི། ཧྲཱིཿ ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱངས་པ། །རྡོ་རྗེའི་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་ཏེ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །སྦྱང་དང་གོམས་དང་ལས་ལ་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱང་གོམས་ལས་མ་སྦྱར། །སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་པ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེའི་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སོགས། །རླུང་བཅུ་སྲོག་ཤིང་གསུམ་དུ་མ་རྟོགས་པ། །བདེ་བ་ཆེན་པོའི་དབང་གི་ཀློང་དུ་བཤགས། །ཞེས་བཤགས། གཉིས་པ་ཀུན་གཞི་ཡེ་ཤེས་ཀྱི་ཉམས་པ་གསོ་ཕྱིར་སྣང་གསལ་མར་མེའི་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཨ་བ་དྷཱུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བསྐང་། གསུམ་པ་ཚིག་དབང་དངོས་ནི། མན་ཤེལ་བསྟན་ལ། འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ འདི་ནི་སངས་རྒྱས་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་གཞག །དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་བྱིན་རླབས་གཏོར་དབང་ལ་གསུམ་ལས། དང་པོ་དམ་ཚིག་གི་གནད་ཐམས་ཅད་བསྡུས་ཏེ་བཤགས་པ་ནི། ཨོཾ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་ལྟར་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོད༔ གསང་ཚིག་འདས་ནས་འཆོལ་བར་སྨྲས་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱི་བསྒྲུབ་བྱ་འདས་པ་ཡི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཞེས་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ༴ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་གྱིས་མ་ལོན་མཐོལ༴ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ༴ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ༴ སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ༔ འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི༔ དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བཤགས། གཉིས་པ་རྟོགས་པའི་སྐོང་བ་ནི། ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་ཆོས་ཐམས་ཅད་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐང་། གསུམ་པ་གཏོར་དབང་དངོས་ནི། གཏོར་མ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས། བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་ཡོངས་རྫོགས་སུ་ཐོབ་ཅིང་བརྟན་པར་མོས་ཏེ། གཏོར་ཆེན་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགག་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཡི་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོར་གྲོལ་བར་ཤོག༔ རྨི་ལམ་བར་དོར་ངོ་ཤེས་ཤོག༔ བསམ་གཏན་བར་དོར་གདིང་ཐོབ་ཤོག༔ འཆི་ཁ་བར་དོར་རང་གྲོལ་ཤོག༔ ཆོས་ཉིད་བར་དོར་ངོ་ཤེས་ཤོག༔ སྲིད་པ་བར་དོར་དབུགས་དབྱུང་ནས༔ གཞན་དོན་དཔག་མེད་འགྲུབ་པ་དང༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གནས་གསུམ་དུ་བཞག་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་རང་ལ་སིབ་ཀྱིས་ཐིམ་པས་ལྷ་དང་བདག་དབྱེར་མེད་དུ་གྱུར་པར་བལྟའོ།། ༈ །།སྤྱི་དོན་གསུམ་པ་རྗེས་བརྟན་ཅིང་མཐའ་རྒྱས་པར་བྱེད་པ་ལ་གཉིས། གསོ་སྦྱོང་གི་རྗེས་རིམ་དང་། ཆོ་གའི་རྗེས་རིམ་མོ། །དང་པོ་ལ་གསུམ། དམ་ཚིག་ཁས་བླང་བ། དགའ་སྟོན་བྱ་བ། སྨོན་ལམ་གདབ་པའོ། །དང་པོ་དམ་ཚིག་ཁས་བླང་བ་ནི། སྤྱི་དང་ཁྱད་པར་གྱི་སྡོམ་པ་དམ་ཚིག་རྣམས་ཚུལ་བཞིན་གཟུང་བའི་དམ་བཅའ་བརྟན་པོས། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་གྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེ་དཔལ་གྱི་མགུལ་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩིའི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་བར། །ཇི་ལྟར་འཚམ་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བསྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ། །ཞེས་དང་། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱོད་ལ་བདག་ཉིད་འབུལ་ལགས་ན། ཁྱོད་ཀྱི་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་དམ་ཚིག་ཁས་བླངས་ལ་ལུས་ལོངས་སྤྱོད་དབུལ་ཞིང་གཏང་རག་གི་མཎྜལ་ཀྱང་བྱའོ། །གཉིས་པ་དགའ་སྟོན་བྱ་བ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་གྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཧོ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཅེས་དྲངས། ལེན་པ་པོས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་། ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་བླང་། དེ་ལྟར་བརྡ་དང་བརྡའི་འབུལ་ལེན་གྱི་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་འདུས་པ་ཐམས་ཅད་ལའང་བྲིམ་སྟེ་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ཚིམས་པ་དྲུག་ལྡན་དུ་ལོངས་སྤྱད་ཅིང་། སྐབས་སུ་བབས་ན་རྡོ་རྗེའི་གླུ་གར་ཡང་གཞུང་བཞིན་བྱའོ། །གསུམ་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ལག་པ་བསྣོལ་བས་སྲིན་ལག་སྦྲེལ་ཏེ་མར་མེ་བཟུང་ལ་འདུན་པ་རྩེ་གཅིག་པས། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སྨོན་ལམ་སྙིང་ཐག་པ་ནས་གདབ་བོ། །གཉིས་པ་ཆོ་གའི་རྗེས་རིམ་ལ་བདུན། ལྷག་མ་གཏོང་བ། སྲུང་མའི་བཅོལ་བསྐུལ། ཆད་མདོ་བསྒྲག་པ། བརྟན་མ་བསྐྱང་བ། བྲོ་བརྡུང་བ། དཀྱིལ་འཁོར་བསྡུ་བ། སྨོན་ལམ་ཤིས་པ་བརྗོད་པའོ། །དང་པོ་ལྷག་མ་གཏོང་བ་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པ་སྟེགས་དམའ་བ་དང་། སྔར་ཟུར་དུ་བཞག་པའི་མཆོད་པ་ཆ་གསུམ་པ་སྟེགས་མཐོ་བ་ལ་བཀོད་དེ། ཕུད་གཏོར་ལ་བདུད་རྩི་བྲན་ནས་ཡར་གནས་མཆོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལས༔ ལོངས་སྐུ་འགག་མེད་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ༔ ཧཱུྃ༔ དང་པོ་གཙང་མ་ཕུད་ཀྱིས་མི་མཆོད་རྒྱུ༔ རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དགྱེས༔ བར་དུ་བཅུད་ལྡན་ཚོགས་ལ་མི་རོལ་རྒྱུ༔ ཁྲག་འཐུང་འབར་བའི་ཚོགས་ཀྱང་ཚོགས་ལ་དགྱེས༔ ཐ་མ་ཚོགས་ཀྱི་ལྷག་མས་མི་བརྔན་རྒྱུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལྷག་ལ་དགྱེས༔ ཕུད་ལ་དགྱེས་པའི་བདེ་གཤེགས་ཕུད་ལ་རོལ༔ ཚོགས་ལ་དགྱེས་པའི་ཁྲག་འཐུང་ཚོགས་ལ་རོལ༔ ལྷག་ལ་དགྱེས་པའི་བྲན་གཡོག་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ ཅེས་བརྗོད་ཅིང་ལས་རྡོར་གྱིས་མཁའ་ལྡིང་གི་རྒྱས་དམེ་གཏོར་ནས་ཅུང་ཟད་བླངས་པ་ཕུད་ལ་བསྲེས་རྗེས་ཕུད་ཐམས་ཅད་དམེ་གཏོར་གྱི་སྟེང་དུ་ཕབ་ལ་བསྲེ་ནས། སློབ་དཔོན་གྱི་ལྕེ་ལ་རྟ་མགྲིན་ཡབ་ཡུམ་བསྒོམས་ནས་རོལ་པའི་བྱང་སེམས་བདུད་རྩིར་གནས་པར་བསམ་ལ་མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཁ་ཕྲུ་འདེབས་ཤིང་། ཧཱུྃ༔ ཐ་མ་ལྷག་མ་ཁ་ཕྲུས་མི་འདེབས་རྒྱུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ན་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིའི་བཀའ་ཉན་བསྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་ཞལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ལྷག་གཏོར་ལ་སྨན་རཀ་བྲན་ཞིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་པར་བསམ་ལ། དཔལ་འབར་བཙུགས་ནས་ཅུང་ཟད་ཕྱིར་སྣུར་དུ་བཞག་སྟེ། བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཕྱོགས་བཞི་ནས་གཤེགས་དབང་མོ་བདུན་ཚན་བཞི༔ ལས་བཞིའི་མདོག་ཅན་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་འགྲིམ་ཞིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་སྐྱོགས་བཟང་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་མི་རོ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་དམ་ཚིག་ཉམས་པའི་ཤ་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ལྷག་མ་ཕྱིར་དོར་རོ། །གཉིས་པ་སྲུང་མ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། བཀའ་སྲུང་སྡེ་བདུན་འཁོར་བཅས་ཀྱི་གསོལ་མཆོད་གཞུང་བཞིན་བྱས་ལ། ལྟ་བའི་བརྟུལ་ཞུགས་དང་སྒོམ་པའི་གསལ་སྣང་གི་ང་རྒྱལ་བསྐྱེད་དེ། ཧཱུྃ༔ བཀའ་དང་དམ་ཚིག་གཞལ་ཡས་སུ༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་རྣམས༔ ལ་ལ་བསྟན་པའི་གཞི་འཛིན་མཛད༔ ལ་ལ་བཀའ་ཡི་བྱ་ར་མཛད༔ ལ་ལ་ཆོས་མཛད་སྲུང་མ་མཛད༔ ལ་ལ་གཙུག་ལག་དཀོར་སྲུང་མཛད༔ ལ་ལ་ཡུལ་དགོན་དབེན་གནས་སྲུང༔ ལ་ལ་དམ་ཚིག་ལས་རྗེས་གཅོད༔ ལ་ལ་སྒྲུབ་པའི་སྟོངས་གྲོགས་མཛད༔ ལ་ལ་སྟོང་ཁམས་ཁྱབ་པར་ཉུལ༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལ་སྐྱེ་འགྲོའི་བླ་ཚེ་བརྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ལོ། །གསུམ་པ་ཆད་ཐོ་བསྒྲག་པ་ནི། སྲུང་མའི་གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་བྲན་ཏེ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་རུ་དྲ་བཏུལ་བའི་ཚེ༔ གཽ་རཱི་ཕྲ་མེན་དབང་ཕྱུག་ཉེར་བརྒྱད་དང༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ གཏོར་མ་བཞེས་ལ་བདག་གི་སྡོང་གྲོགས་མཛོད༔ སྔོན་ཚེ་ཁས་བླངས་དམ་ལས་མ་འདའ་བར༔ ཆད་ཐོའི་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ད་ལྟ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཅེས་གཙང་སར་ཕུལ། བཞི་པ་བརྟན་མ་བསྐྱང་བ་ནི། སྔར་གྱི་གཏོར་གཞོང་བཤལ་བའི་ཕུད་བརྟན་གཏོར་ལ་བྲན་ཅིང་། དབང་མོའི་གཏོར་མར་སྨན་ཕུད་བྲན་ལ་གཉིས་ཀ་འབྲུ་གསུམ་གྱིས་བརླབས་ནས། ཧཱུྃ་བྷྱོ༔ ཤར་གྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ ཉོན་མོངས་དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ཡི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ བསོད་ནམས་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཀྱི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ འཁོར་འདས་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ བྱང་གི་དབང་ཕྱུག་མ་བདུན་གཏོར་མ་ལོངས༔ མ་རིག་སྡིག་སྒྲིབ་ཚར་གཅོད་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔ མི་མཐུན་བར་ཆད་རྐྱེན་ངན་ཟློག་ཏུ་གསོལ༔ ཉམས་རྟོགས་བསོད་ནམས་སྤེལ་བའི་སྡོང་གྲོགས་མཛོད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་བསྐྱལ་ལོ། །ལྔ་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་མ་རིག་ཉོན་མོངས་པའི་རང་མདངས་དགྲ་བགེགས་དམ་སྲི་རྣམས་མནན་ལ་སྣོད་བཅུད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་ཏེ་བྲོས་གཟིར་བར་བསམ་ཞིང་། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿ ཞེས་རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་བཅུ་ནས༔ དུག་ལྔ་འཇོམས་པའི་ཡེ་ཤེས་ལྔ་ལྡན་གསལ༔ གསལ་འཚེར་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཕྱོགས་བཅུ་བདེ་གཤེགས་རིགས་ཀྱི་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་ཡེ་ཤེས་ཆེམས་སེ་ཆེམ༔ བྲོ་ཡང་ཡེ་ཤེས་ལྔ་ཡི་སྣང་སྟོང་བྲོ༔ གླུ་ཡང་ཡེ་ཤེས་ལྔ་ཡི་གྲགས་སྟོང་གླུ༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ མ་རིག་ཉོན་མོངས་ཀ་དག་དབྱིངས་སུ་ནོན༔ ཨོཾ་ཨཱཿཧཱུྃ་སྟྭམྦྷ་ཡ་ནན༔ དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས། ཤབྡའི་བར་གྱིས་མཆོད། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གང་ཡང་བདག་བློ་མ་རིག་གཏི་མུག་པས༔ ཡེ་ནས་ཀ་དག་ཆེན་པོའི་རང་བཞིན་ལ༔ དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པ་ཡིས༔ ཆོ་ག་ལྷག་ཆད་ནོར་འཁྲུལ་ཅི་མཆིས་པ༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཚངས་པ་བསྩལ་ནས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླས་པས་བཟོད་གསོལ་བྱ། རྡུལ་ཚོན་གྱི་ཉིན་དང་པོ་རྣམས་དང་རས་བྲིས་ལ་རྣམ་པ་ཀུན་ཏུ་ཡེ་ཤེས་པ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱ། རྡུལ་ཚོན་གྱི་ཉིན་ཐ་མ་ལ་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཞེས་པས་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ་ཞིང་གང་ལྟར་ཡང་། བདག་ཉིད་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་འོད་དུ་ཞུ་ནས་བདག་ཉིད་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་ཡང་ཐུགས་སྲོག་ནཱ་དའི་བར་རིམ་གྱིས་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་པར་བསམ་ལ། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་དུ་ཐིམ༔ སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང༔ གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔ གྲགས་སྟོང་བརྗོད་དུ་མེད་པའི་ངང་ལ་ཐིམ༔ དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེངས་ལྟར༔ ཐུགས་དགོངས་སྐྱེ་མེད་མ་བཅོས་ངང་ལ་གནས༔ ཨ་ཨ་ཨ༔ ཞེས་དོན་བསམ་ཞིང་མཉམ་པར་གཞག །དེའི་ངང་ནས། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཞེས་བརྗོད་པས་རང་ཉིད་ཀུན་ཏུ་བཟང་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་ཤེས་པས་ཐུན་མཚམས་ཐམས་ཅད་དོན་ཡོད་པར་སྤྱོད་ཅིང་། རྡུལ་ཚོན་ཡིན་ན་ལས་ཀྱི་རྗེས་མི་མངོན་པར་བསྡུས་ལ་ཆུ་ཀླུང་ལ་སོགས་པར་གཤེགས་སུ་གསོལ་ལོ། །བདུན་པ་སྨོན་ལམ་དང་ཤིས་པར་བྱ་བ་ནི། ན་མོ༔ འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་འདིས༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ སྐུ་གསུམ་འབྲས་བུ་མྱུར་དུ་འགྲུབ་གྱུར་ནས༔ འགྲོ་བ་སེམས་ཅན་ཡོངས་ཀྱི་དཔལ་དུ་ཤོག༔ ཅེས་དགེ་བའི་རྩ་བ་བྱང་ཆུབ་ཀྱི་དོན་དུ་བསྔོ་ཞིང་། མེ་ཏོག་གི་ཆར་དབབ་ལ། སྟོང་ཞིང་བདག་མེད་ཆོས་སྐུའི་བཀྲ་ཤིས་ཤོག༔ གསལ་བ་འཛིན་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔ ཐུགས་རྗེ་ཆད་མེད་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་འདུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཇི་སྐད་བཤད་པ་རྣམས་ནི་རང་དོན་དམ་ཚིག་ཉམས་ཆག་གསོ་སྦྱོང་གི་ཚུལ་ཁོ་ན་ཡིན་ཅིང་། འདིའི་སྒོ་ནས་སློབ་མ་སོགས་གཞན་གྱི་སྒྲིབ་སྦྱོང་ལ་དམིགས་པའམ། མོས་པ་ཅན་གྱི་སྐལ་ལྡན་རྗེས་སུ་འཛིན་པར་འདོད་ན། བདག་མདུན་གྱི་སྒྲུབ་མཆོད་ཛཔ྄་ཀྱི་མཐར་ཐུག་པའི་བར་དཀྱུས་བཞིན་སོང་ནས་རིག་པའི་མེ་ཏོག་དོར་ཏེ་སློབ་མ་འཇུག་པར་གནང་བ་ནོད། དེ་ནས་འདིར་བསྟན་གསོ་སྦྱོང་གི་གཞུང་ལ་སྐབས་སུ་བབས་པའི་མཚམས་སྦྱོར་དང་ཚིག་གི་བསྒྱུར་སོ་ཅུང་ཟད་དང་བཅས་ཏེ་མར་མེ་སྨོན་ལམ་གྱི་བར་མཐར་ཆགས་སུ་བསྐུར་བས་འགྲུབ་བོ། །ཡང་ཆོ་ག་འདི་དང་འབྲེལ་བར་གཤིན་པོའི་སྒྲིབ་སྦྱོང་གི་ཆེད་དུ་གནས་འདྲེན་གྱི་དབང་བསྐུར་བྱེད་པར་འདོད་ནའང་སྤྲོས་པས་ཆོག་ཅིང་ལྷག་པར་ལམ་ཞུགས་ཀྱི་ཚེ་འདས་ལ་ཤིན་ཏུ་དགོས་པ་དང་ཕན་ཡོན་ཆེན་པོ་ལྡན་པ་ཡིན་ལ། དེའི་ཚུལ་ནི་གནས་ལུང་གི་ཆོ་ག་རྒྱས་བསྡུས་ཅི་རིགས་དང་ཕན་ཚུན་འབྲེལ་བསྡེབས་ཏེ་ལག་ཏུ་ལེན་ཞིང་ཞིབ་པར་མཐོང་བརྒྱུད་ལས་ཤེས་པར་བྱའོ། །དེ་ལྟ་ན་རྒྱུད་གསང་བ་སྙིང་པོ་ལས། ཉམས་གྱུར་ཉེས་པ་བརྗོད་མི་ལང་། །རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོགས་དམ་ཚིག་ཉམས་པའི་ཉེས་དམིགས་བཀའ་བསྩལ་པ་རྣམས་ལ་ཡང་ཡང་བསམས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་བློས་མ་ཉམས་པར་བསྲུང་བ་ལ་འབད་ཅིང་། བརྒྱ་ལ་ཉམས་ན་ཕྱིར་འཆོས་པའི་ཐབས་ཀྱང་། ཉམས་ན་སྐོང་བས་རྫོགས་པ་དང་། །ཞེས་སོགས་གསུངས་པའི་དོན་བཞིན་ཇི་སྐད་སྨྲོས་པའི་ཆོ་གའི་ཚུལ་འདི་ཉིད་ལྟུང་བ་བྱུང་ཚབ་དང་བསྟུན་ཏེ་ཡུན་མ་འགྱང་བར་བརྩོན་པ་དྲག་པོས་ཉམས་སུ་ལེན་པ་དང་། སྤྱིར་དམ་ཚིག་ཕྲ་མོ་ཕལ་ཆེར་ཞིག་ནི་མ་ཚོར་བཞིན་དུ་ཉམས་པ་ཤས་ཆེ་ཞིང་། ལྷག་པར་སྙིགས་དུས་ཀྱི་ལམ་ཞུགས་ཉོན་མོངས་རགས་ཤིང་གཉེན་པོ་ཞན་པ་རྣམས་ལ་ཉམས་པའི་ཉེས་པ་ཆ་ཤས་མི་འབྱུང་མི་སྲིད་པས་ན་དུས་དང་དུས་སུ་དམ་ཚིག་གསོ་སྦྱོང་གི་རིམ་པ་ལ་ཡང་ཡང་འབད་པར་བགྱིས་པས། གསང་སྔགས་ཐབས་ཀྱི་ཐེག་པའི་ཁྱད་ཆོས་ཟབ་མོས་ཉམས་ཆག་ཉེས་ལྟུང་ཅི་མཆིས་ལྷག་མེད་དུ་འབྱང་བར་སྟོན་པ་ཀུན་བཟང་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་ཏེ། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་དག་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་ཤིང་། དམ་ཚིག་རྣམ་པར་དག་པའི་ཕན་ཡོན་ཀྱང་། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དམ་ཚིག་བསྲུངས་ན་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལག་པའི་མཐིལ་ན་གནས་པ་ལྟ་བུར་གསུངས་སོ། །ཉམས་ཆག་སྒྲིབ་པའི་ཁུར་ཆེན་བླང་བཞིན་དུ། །དངོས་གྲུབ་ཆ་ཙམ་ཐོབ་པ་ལྟ་ཞོག་གི །འདི་ཕྱིར་ཡིད་དུ་མི་འོང་སྡུག་བསྔལ་ཆར། །བཟོད་དཀའི་དབལ་གྱིས་མནར་འགྱུར་ཀྱེ་མ་ཧུད། །དེ་ཚུལ་སྦྱོང་བྱེད་ཐབས་མཆོག་མན་ངག་ཕུལ། །ཀུན་ལས་ཁྱད་གྱུར་སྔོན་མེད་ཤིང་རྟ་གང་། །སྔགས་ཀྱི་ལམ་ཞུགས་སྐལ་བཟང་བདག་ལེགས་སུ། །འདོད་ཀུན་ངལ་གསོའི་སྐྱེས་སུ་ཁོ་བོས་སྦྱིན། །ཨེ་མ་གྲུབ་པའི་ཞལ་ལུང་བདུད་རྩིའི་བཅུད། །ཉེས་བཤད་དུག་ཆུས་བསླད་མིན་ལེགས་བཤད་ཀྱི། ཁྲིགས་བསྡེབས་རིན་ཆེན་ཡོལ་གོར་བསྐྱིལ་འདི་ཀོ། །ཐར་འདོད་སྲོག་གི་ཟུངས་སུ་ཅིས་མི་སྨིན། །འདིར་འབད་བསོད་ནམས་ཉིན་མོར་བྱེད་པའི་གཟིས། །ཆག་ཉམས་ཉེས་པའི་མུན་འཐུག་མཐར་བྱས་ཏེ། །གྲུབ་གཉིས་སྣང་བའི་དགའ་སྟོན་རྒྱས་པ་ཡིས། །འཁོར་བ་དོང་སྤྲུགས་བཀྲ་ཤིས་དཔལ་འབར་ཤོག །དེ་ལྟར་གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། རང་གཞན་སྔགས་ཀྱི་ལམ་ཞུགས་མཆོག་ཏུ་གསང་བའི་དགོངས་པ་ཉམས་འོག་ཏུ་མ་ཆུད་པར་བརླང་པོའི་བརྟུལ་ཞུགས་བྱོལ་ཉོག་ཏུ་སྤྱོད་པས་འདའ་དཀའི་འཕྲང་ལ་ཐོགས་པ་རྣམས་ལ་ཕན་འདོད་ཀྱི་བསམ་པས་རྒྱུ་བྱས། ངེས་པ་དོན་གྱི་བྱ་བཏང་གི་རྒྱལ་པོ་རིམ་གཉིས་གྲུབ་པའི་དབང་ཕྱུག་སངས་རྒྱས་རྡོ་རྗེ་རྩལ་གྱི་གསུང་གིས་བསྐུལ་བ་རྐྱེན་དུ་གྱུར་ཏེ། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་མ་ཧཱ་ལོ་ཙཱ་བ་དྷརྨ་ཤྲཱིའི་ཞལ་སྔ་ནས་གཏེར་བྱོན་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་ན་རཀ་དོང་སྤྲུག་བཀའ་མའི་གཞུང་གི་ཁོག་ཕུབ་སྟེ་གསལ་བར་མཛད་པའི་ལེགས་བཤད་ཉིད་གཙོ་བོར་བཟུང་། སློབ་དཔོན་ཆེན་པོའི་ཞལ་གདམས་ལས་ཁྲིགས་མན་ངག་གི་དགོངས་པ་སྐབས་དོན་ལག་ལེན་དུ་བསྡེབས་ཤིང་དཀྱུས་ཀྱི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ནས། དུས་མཐའི་སྔགས་བན་སྙོམ་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་ཆུ་ཕོ་འབྲུག་གི་ལོ་སྟོན་གྱི་ཟླ་བ་འབྲས་བུ་བཅུད་དུ་སྨིན་པའི་དུས་བཟང་པོ་ལ། གངས་ཅན་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་ལས་ཐོག་མའི་གླེགས་བམ་དུའང་བསྐུལ་བ་པོ་ཉིད་ཀྱིས་འབེབ་པར་མཛད་པ་འོ། །འདིས་ཀྱང་བླ་མེད་རྡོ་རྗེ་ཐེག་པའི་གདུལ་བྱར་གྱུར་པ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།༄༅། །སླར་ཡང་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་གྱི་རྗེས་སུ་ཉམས་ཆག་སྐོང་བའི་ཆ་རྐྱེན་དུ་འཇོག་སྐབས། གཏེར་གཞུང་གི་དཔེ་རྒྱུན་ཁུངས་ལྡན་གང་རྙེད་དང་བཤགས་རྒྱུད་རྩ་འགྲེལ་སོགས་དང་བསྟུན་ནས་ཞུས་དཔྱད་གང་ནུས་བྱས་པས། དཔེ་རྒྱུན་གཞན་ལས་འདི་དག་ངེས་སུ་ཡོད་པར་ཞུས་དཔྱད་པ་པད་བཀོད་སྒམ་སྤྲུལ་མིང་འཛིན་པས་ཞུ་འོ།།

བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ (Volume 42, Text 28)

༄༅། །བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་དི་བུདྡྷ་ཡ། ཐིག་ལེ་གཅིག་ཏུ་འཁྱིལ་ཡང་གཉིས་སུ་འཁྲུལ། །དེ་ཉིད་བཙན་ཐབས་ཟླུམ་མཛད་གདོད་མའི་མགོན། །གྲོལ་བ་དྲུག་གི་རྣམ་པར་ཤར་བ་ལས། །རྨད་བྱུང་སངས་རྒྱས་སྲས་གཅིག་ཉིད་ལ་འདུད། །ཀུན་བཟང་ཐུགས་ཀྱི་བསྟན་པའི་བཙས། །སུ་འཕྲད་གཞི་ཐོག་གྲོལ་བྱེད་པ། །གསེར་གྱི་ཉི་མ་སྐལ་ལྡན་གྱི། །སྙིང་ལ་ཤར་གྱིས་ངེས་ཤེས་བྱོས། །དེའང་དཀར་པོའི་ས་བོན་མ་སད་པས་ཚུལ་འདི་རྣ་བའི་ལམ་དུ་མ་སོན་པ་རྣམས་དང་། རྟོག་གེའི་བག་ཆགས་འཐས་པས་ཐོས་ཀྱང་ཡིད་ཆེས་མེད་པ་དང་། ངེས་ཤེས་མེད་ པས་ལག་ཏུ་མི་ལེན་པར་དྲང་དོན་དོན་དུ་གཉེར་བ་རྣམས་ནི་རེ་ཞིག་ཐབས་འདིས་གདུལ་བའི་ཡུལ་དུ་མ་གྱུར་ལ། ལག་ལེན་རྣམ་པ་ཙམ་བྱེད་ཀྱང་ཚུལ་བཞིན་མི་བྱེད་པར་བྱ་སླ་དེས་ཆོག་ཅན་ལའང་ཕན་ཡོན་ཚུལ་བཞིན་འབྱུང་བ་མ་ཡིན་པས། འདིར་བླ་མ་དགོངས་འདུས་ཀྱི་བཏགས་གྲོལ་ལག་ལེན་སྤྱི་དོན་བཅུ་པ་གཞིར་བྱས་ཏེ་ཉེར་མཁོ་ཅུང་ཟད་འགོད་པ་ལ་དོན་བཅུ། བྲི་ཚུལ། རབ་གནས། དབང་བསྐུར། བཅང་ཚུལ། བཀླག་ཚུལ། འདའ་ཀའི་བྱ་ཐབས་དང་འདོགས་ཐབས། གྲོལ་བའི་རྟགས་མཚན། དམ་ཚིག །ཕན་ཡོན། ལས་ཁ་ཚར་རྣམས་སོ། །དང་པོ་ལ་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱང་། ཡར་ཚེས་དུས་བཟང་གཟའ་སྐར་ཤིས་པའི་ཉིན་རྩ་གསུམ་ལ་མཆོད་པ་ཚོགས་སྐོང་བྱ་ཞིང་རྒྱུད་བཀླག །མཆོད་སྦྱིན་ཚོགས་གསོག་གང་འགྲུབ་བྱ། འབྲི་མཁན་ཕལ་པས་མི་རུང་བས་དབང་དང་དམ་ཚིག་ལྡན་པ་ཞིག་གིས་སྐྱབས་སེམས་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་ལ་གནས་ཏེ་ཁ་ཤར་དུ་ཕྱོགས་ལ་སྔ་དྲོ་དབུ་བརྩམ། རབ་གླེགས་བམ་ལུགས་ལ་མཐིང་ཤོག་རྣལ་འབྱོར་རང་གི་སོར་བཞིའི་ཚད་ལ་ལྡེབ་རེ་རེ་བཞིན་ཁ་དོག་ལྔའི་ལྕགས་རི་བསྐོར་བ་ལ། བསྟན་པ་གང་བབ་མདོག་ཏུ་གསུངས་པས་གསེར་འདུར་གྱིས་བསྟན་པ་བུ་གཅིག་རྒྱུད་བི་མ་སྙིང་ཐིག་དང་འདི་ཉིད་ལས་མཚུངས་པར་འབྱུང་བ་སོགས་རྒྱས་པའི་རིགས་སམ། མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་ལྟ་བུ་བསྡུས་པའི་རིགས་གང་ཡང་རུང་བ་ཆད་ལྷག་མེད་པར་བྲིས་པའི་མཇུག་ཏུ་དབྱངས་གསལ་རྟེན་སྙིང་དང་སྤེལ་ཚིག་འདི་ཉིད་ཀྱི་དབང་གི་སྐབས་སུ་འབྱུང་བའི་ཚིག་ལྷུག་མ་ཅུང་ཟད་ཁ་བསྒྱུར་བ་ལྟ་བུ་བྲི། ཡབ་ཡུམ་དགོངས་པ། ཞེན་ཟློག་ཉེར་ལྔ་སོགས་རང་བྱུང་རྡོ་རྗེའི་སྒྲ་ཡིན་པས། གཏེར་ཁ་རེ་རེ་བཞིན་ཟུར་ཅུང་ཟད་འདྲ་མིན་ཡོད་ཀྱང་གཅིག་དཔེ་ཀུན་འགེབས་ཀྱི་ཞུ་དག་གཏན་ནས་མི་རུང་བས་མ་དཔེ་དག་པ་ལ་གང་ཡོད་ཐེ་ཚོམ་མེད་པར་འབྲི་ཀློག་བྱེད་པ་གནད་ཡིན། ཆགས་མེད་ཞབས་ཀྱིས་སྔགས་ཁོ་ན་ལས་བོད་སྐད་བྲི་སྲོལ་མེད་གསུངས་པ་འབྲིང་པོ་ཤོག་དྲིལ་ལུགས་ལ་དེ་ལྟར་ཡིན་གྱི། རྒྱས་པ་གླེགས་བམ་ལ་ནི་ཚང་བ་བྲི་དགོས་ཏེ་རང་བྱུང་གི་རྒྱུད་ལ་དབྱེ་བསལ་མི་རུང་བ་དང་། གཞུང་ལས་ཆད་ལྷག་མེད་པ་ཡང་ཡང་གསུངས་པའི་ཕྱིར་རོ། །མཐིང་ཤོག་ལ་གསེར་བྲིས་མ་འབྱོར་ན་འབྱོར་ཚོགས་དང་བསྟུན་ཆོག་པར་གསུངས་པས་དར་རས་གྲོ་ཤོག་གང་འཛོམ་ངོས་སུ་མཚལ་སྣག་གིས་འབྲི་བར་བྱ་ཞིང་། འབྲི་རྫས་གང་ཡིན་ཡང་བདུད་རྩི་ཆོས་སྨན་དང་རིན་པོ་ཆེའི་ཁུ་ བ་བསྲེ། འཁོར་ལོ་བྲི་བའི་ཡིག་ཆུང་ལས། ག་པུར། ཙནྡན་དཀར་དམར། གུར་གུམ། ལི་ཤི །ཛཱ་ཏི། རུ་རྟ་རྣམས་ཀྱི་ཁུ་བ་སྦྱོར་བར་གསུངས་པས་ཐམས་ཅད་ལ་དེ་རྣམས་ཀྱི་ཕྱེ་མའམ་ཁུ་བ་སྦྱར་གྲུབ་ན་ལེགས་སོ། །འབྲིང་པོ་ཤོག་དྲིལ་ལུགས་བྱེད་ན་ལྕགས་རི་ལྔ་པོ་མི་དགོས། ཤོག་དྲིལ་ངོས་ཕྲེང་བྱེད་ནས་འབྲི་བ་ཡིན་ཡང་ད་ལྟ་ལག་ལེན་བྱེད་པ་མི་སྣང་། བསྡུས་པ་འཁོར་ལོ་ནི་སོ་སོའི་གཞུང་ལས་འབྱུང་བ་ལྟར་བྲིས་ལ་ཤོག་གུར་མཚལ་བྲིས་ཡིན་ན་དྲི་བཟང་ངམ་ཚོན་གྱིས་བྱུག །འདི་རྣམས་སྤར་ལ་འདེབས་པའི་སྐབས་སུའང་གོང་སྨྲོས་ཚོགས་སྐོང་སོགས་ནི་ངེས་པར་དགོས་གལ་ཆེ་ཞིང་། སྤར་མཁན་ཡང་སྡོམ་ལྡན་དབང་བསྐུར་ཐོབ་པ་ཞིག་གལ་ཆེའོ། ༈ །གཉིས་པ་རབ་གནས་ནི། གཞུང་ཕར་ཆེར་དུ་རབ་གནས་ཙམ་ལས་མ་གསུངས་པ་དང་། རབ་གནས་དང་སྒྲུབ་པ་ལྷན་ཅིག་ཏུ་བསྟན་པ་སོགས་ཡོད་ཀྱང་། དགོངས་འདུས་རྒྱུད་དགུའི་ལག་ལེན་དུ་རྒྱུད་དཀྱིལ་འཁོར་དུ་སྒྲུབ་ཅིང་བརྒྱ་རྩ་བརྒྱད་ཀློག་དགོས་པར་དམིགས་སུ་བསྟན་པས་མཚོན་སྒྲུབ་པ་ངེས་པར་དགོས་ཤིང་། དེའང་རབ་གནས་དང་ལྷན་ཅིག་སྟབས་མི་བདེ་བས་ཐོག་མར་བྲིས་ཟིན་མ་ཐག་ཏུ་སྟེགས་གཙང་མར་བཀོད། སློབ་དཔོན་གྱིས་བདག་བསྐྱེད་སྔོན་དུ་འགྲོ་བས་རབ་གནས་ཆོ་ག་མདོར་བསྡུས་ཤིག་ལ་བརྟེན་ཏེ། སྦྱོང་ཁྲུས། དམ་ཚིག་པ་རིགས་ལྔའི་ལྷ་བསྐྱེད། ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར་རྒྱས་གདབ། མཆོད་བསྟོད། སྤྱན་དབྱེ། རྟེན་བསྒྱུར་ལ་མངའ་དབུལ་དང་རྗེས་ཆོག་མདོ་ཙམ་བཅས་བྱ། དེ་ནས་གླེགས་བམ་ཡིན་ན་སྔོན་ནས་བསྒྲིགས་ཟིན། འཁོར་ལོ་ཡིན་ན་བལྟབས། གཉིས་ཀ་ལ་དར་གྱི་ན་བཟའ་གསོལ་བ་སོགས་བྱ། སྒྲུབ་པ་དངོས་ལ་རྒྱས་བསྡུས་གཉིས་ལས་རྒྱས་པར་སྤྲོ་ན་རང་གཞུང་བསྐྱང་དགོས་པས། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་བཏགས་གྲོལ་དབུ་ཞབས་མདུན་རྒྱབ་མ་ལོག་པར་བཞུགས། གཏོར་མཆོད་སོགས་ཅི་རྒྱས་བཤམ། དམིགས་བསལ་རེ་ཟུང་མ་གཏོགས་བཏགས་གྲོལ་ཐམས་ཅད་གཙོ་བོར་ཨ་ཏི་ཞི་ཁྲོ་དང་འབྲེལ་བའི་ཕྱིར་ཞི་ཁྲོའི་དཀྱིལ་འཁོར་ཞིག་ངེས་པར་བསྐྱེད་དགོས་པས། དགོངས་འདུས་ལ་མཚོན་ན་རྩེ་ལེའི་ཆོག་སྒྲིག་ལྟ་བུ་གཏང་། མདུན་བསྐྱེད་བསྙེན་པའི་རྗེས་གླེགས་བམ་ཡིན་ན་དཀར་པོ་གཅིག་ཐུབ་རྒྱུད་ཉིད་བཀླག །འཁོར་ལོ་ཡིན་ན་དེའི་སྔགས་རྣམས་བཟླ། གང་ཡང་བརྒྱ་རྩ་རེ་འགྲུབ་པ་གལ་ཆེ་བས་འདོན་མཁན་དང་ཉིན་གྲངས་མང་ན་ལེགས་ཤིང་། མི་ལྕོགས་ན་གཞུང་སྲོང་མཁན་ཁ་ཤས་དང་། རྒྱུད་ཀློག་མཁན་ཁ་ཤས་ཟུར་དུ་བཞག་ཀྱང་ཆོག་གོ །གང་ལྟར་ལྷ་བསྐྱེད་སྐབས་བཏགས་གྲོལ་ཉིད་དཀྱིལ་འཁོར་པར་བསྐྱེད་པ་དང་། ཡེ་ཤེས་པ་བསྟིམ་པའི་སྐབས་ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བའི་ཚོགས་ཐམས་ཅད་ཆར་བཞིན་བབས་ནས་ཡིག་འབྲུ་ལ་ཐིམ་པར་བསམ་པ་དང་། རྒྱུད་བཀླག་པའི་ཚེ་ནའང་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་བྱ། མཐར་དབྱངས་གསལ་རྟེན་སྙིང་འདོད་གསོལ་དང་བཅས་པ་བརྗོད། ལས་བྱང་ཆེན་མོ་ལས་འབྱུང་བ་ལྟ་བུའི་བྱིན་འབེབ་ཅིག་ངེས་པར་བྱ། གཞན་ལྷ་བཙུན་དག་སྣང་བྱིན་འབེབ་མེ་ཏོག་ཆར་སིལ་ལྟ་བུ་ལེགས་པར་སྣང་ངོ་། །དེ་ནས་བུམ་བསྐྱེད། ཕྱག་བཤགས། སྐོང་ཚོགས་སོགས་ཆོག་བསྒྲིགས་ལྟར་རྒྱས་པར་བཏང་ལ། རྗེས་ཆོག་མཆོད་བསྟོད་རྗེས་སུ། ཐལ་སྦྱར་མེ་ཏོག་ཐོགས་ལ། ཨེ་མ་ཧོ༔ གདོད་ནས་རྣམ་དག་ཀུན་བཟང་ཡབ་ཡུམ་ཀློང༔ དཀྱིལ་འཁོར་ཡོངས་རྫོགས་པདྨོར་འཁྱིལ་བའི་སྐུ༔ རང་བྱུང་གྲགས་སྟོང་སྙིང་པོའི་སྒྲ་སྒྲོག་ཅིང༔ ཐུགས་རྡོལ་ཉག་གཅིག་མངོན་སུམ་ལྷམ་མེ་བ༔ སྣང་སྲིད་འཁོར་འདས་མ་ལུས་སྤྱི་དཔལ་གཙོ༔ ཡེ་ཤེས་མཁའ་མཉམ་ཉོན་མོངས་རང་སར་དག༔ ཕྱི་ནང་གསང་བ་དེ་ཉིད་མཐའ་བྲལ་བ༔ མཐོང་ཐོས་རེག་གྲོལ་ཁྱེད་ལ་ཕྱག་འཚལ་ལོ༔ བདག་སོགས་འགྲོ་བ་སེམས་ཅན་གང་དག་གིས༔ སྐད་ཅིག་ཁྱེད་དྲན་ངེས་པའི་དོན་རྟོགས་ཤིང༔ ཡུད་ཙམ་མཐོང་བས་ཞིང་ཁམས་ཚོམ་བུར་གྲོལ༔ ཐེངས་གཅིག་རེག་པས་ཟག་བཅས་འོད་དུ་ཡལ༔ མཚན་ཐོས་ཙམ་གྱིས་འཁྲུལ་སྣང་ཀ་ནས་དག༔ གང་འབྲེལ་ཁྱེད་དང་སྐལ་པ་མཉམ་པར་མཛོད༔ ཁྱེད་ཀྱི་ཐུགས་རྗེའི་རྩལ་གྱི་འོད་འཕྲོས་པས༔ རིགས་དྲུག་གནས་སོགས་སངས་རྒྱས་ཞིང་དུ་བརྡལ༔ གཏི་མུག་ལ་སོགས་ཡེ་ཤེས་དབྱིངས་སུ་སྣང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཕྱི་ནང་ཀུན༔ གང་ཡང་མ་སྤང་ཀུན་འདས་དེ་ཉིད་ཀློང༔ ཐམས་ཅད་ཡེ་གྲོལ་ཆེན་པོར་སྣང་བར་མཛོད༔ ཁྱོད་ཀྱི་དཔལ་ལ་ཕྱོགས་དུས་གནས་སྐབས་མེད༔ ཉེ་རིང་ཐང་ཀློད་ཕྱི་ནང་བྱེར་ཟུག་བྲལ༔ ཀུན་སྙོམ་ཆེན་པོ་ཁྱོད་ཀྱི་ཀློང་ཡངས་སུ༔ བླ་མེད་བྱང་ཆུབ་གདོད་མའི་ས་ཐོབ་ཅིང༔ ཕྱིར་མི་ལྡོག་པའི་དོན་འབྲས་འགྲུབ་པར་མཛོད༔ དེ་འབྲས་འགྲུབ་པར་མ་གྱུར་བར་དུ་ཡང༔ གནས་སྐབས་ཡུལ་རིས་རྒྱལ་ཁམས་ས་ཕྱོགས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་ལ་ལོངས་སྤྱོད་ཅིང༔ ཀུན་ཀྱང་ལུས་ངག་ཡིད་དགེ་ཆོས་ལ་གནས༔ བསམ་འགྲུབ་ཡིད་བཞིན་གཏེར་ལ་ལོངས་སྤྱོད་ཤོག༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས༔ བདག་གཞན་དོན་འགྲུབ་ཟབ་དོན་ཉམས་སུ་ལེན༔ འཇིག་རྟེན་འཁྲུལ་པའི་རྣམ་གཡེང་ཚོགས་བྲལ་ནས༔ རྩོལ་མེད་རང་བྱུང་ཤུགས་ཀྱིས་དོན་ལ་སྤྱོད༔ ཁྱེད་དང་རྟག་ཏུ་འདུ་འབྲལ་མེད་པར་ཤོག༔ ཅེས་བརྗོད་ལ། ནོངས་བཤགས་དང་། བཏགས་གྲོལ་ལ་དམིགས་ཏེ་བརྟན་བཞུགས་བྱ། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར། བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་ངོ་། །བསྡུས་པ་ལའང་སྤྱི་དང་བྱེ་བྲག་ཏུ་བྱ་བ་གཉིས་ལས། དང་པོ་ནི། དགོངས་འདུས་ལུགས་སོགས་གང་ལའང་སྦྱར་རུང་སྟེ། སྟེགས་བུའི་དབུས་འབྲུའི་ཚོམ་བུ་ལྔ་བཀོད་པའི་སྟེང་ཁྲིའུ་ལ་བཏགས་གྲོལ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བཤམ། སྔོན་འགྲོ་རྣམས་སྤྱི་གཞུང་གང་རུང་ལྟར་བྱ་ཆོག་ཀྱང་། དཔེར་མཚོན་ན། སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མཚམས་གཅོད། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ སྲུང་འཁོར། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝཱ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་པས་རྡོ་རྗེ་ཁྲོ་བོའི་སྲུང་བའི་གུར་གྱིས་ཁྱབ་པར་བསམ་མོ། །མཆོད་བརླབ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བརྗོད་དོ། །བདག་བསྐྱེད་ནི། དབྱིངས་རྣམ་པར་དག་པའི་ཐིག་ལེ་མཐའ་དང་མུ་མེད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་བདག་ཉིད་གཞིའི་ཀུན་ཏུ་བཟང་པོ་མཐིང་གསལ་ནམ་མཁའ་དྭངས་པའི་མདོག་ཅན། ཕྱག་མཉམ་གཞག །ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་རང་འོད་ཀྱི་ཡུམ་ཀུན་ཏུ་བཟང་མོ་དཀར་མོས་འཁྱུད་པ་གསལ་སྟོང་འོད་ཕུང་ཆེན་པོར་བཞུགས་པའོ། །ཞེས་གསལ་བཏབ་ལ། ཨ་ཨ་ཨ། ཞེས་བཟླ། མདུན་བསྐྱེད་ནི། ཨ། གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །སྟོང་གསལ་ཡེ་རྫོགས་ཆེན་པོའི་ངང་། །ལྷུན་གྲུབ་འོད་ཀྱི་གཞལ་ཡས་ཁང་། །ཡེ་ཤེས་བཀོད་པ་རབ་འབྱམས་དབུས། །རང་བྱུང་འོད་ལྔའི་ཐིག་ལེའི་ཀློང་། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་སྟེང་དུ། །རིགས་རྣམས་ཀུན་འདུས་རྩ་བའི་ལྷ། །དབུས་སུ་རྣམ་སྣང་དབྱིངས་ཕྱུག་མ། །དཀར་གསལ་འཁོར་ལོ་དྲིལ་བུ་འཛིན། །ཤར་དུ་མི་བསྐྱོད་སངས་རྒྱས་སྤྱན། །མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་རུ་རིན་འབྱུང་མཱ་མ་ཀཱི །སེར་གསལ་རིན་ཆེན་དྲིལ་བུ་འཛིན། །ནུབ་ཏུ་སྣང་མཐའ་གོས་དཀར་མོ། །དམར་གསལ་པདྨ་དྲིལ་བུ་འཛིན། །བྱང་དུ་དོན་གྲུབ་དམ་ཚིག་སྒྲོལ། །ལྗང་གསལ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་མཚན་དཔེའི་གཟི་བརྗིད་འབར། །དར་དང་རིན་པོ་ཆེ་ཡིས་བརྒྱན། །ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་བཞུགས། །ཡུམ་རྣམས་མཉམ་པའི་སྟབས་ཀྱིས་འཁྲིལ། །རིག་རྩལ་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས། །འབར་བ་ཁྲག་འཐུང་ཁྲོ་བོའི་ཚོགས། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ལྷ། །དག་པ་རབ་འབྱམས་དཀྱིལ་འཁོར་པ། །སྟོང་གསལ་འོད་ཀྱི་སྙིང་པོ་ཅན། །རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ། །ཡེ་ཤེས་དབང་བསྐུར་གདོད་ནས་རྫོགས། །ཨཱོྃ་ཨཱཾཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་པ་བཀུག་བསྟིམ་ནི། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་བཞུགས་སུ་གསོལ་བར་མ་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ མཆོད་བསྟོད་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ལྷ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །གོང་སྨྲོས་ཡེ་ཤེས་པ་བསྟིམ་པའི་དམིགས་པ་དང་བཟླས་པའི་འཕྲོ་འདུ་སྤྱི་མཐུན་བཅས། རྒྱུད་དམ་འཁོར་ལོའི་སྔགས་རྣམས་ཅི་འགྲུབ་དང་། སྤྱི་སྔགས་བོ་དྷི་ཙིཏྟ། བཏགས་གྲོལ་འབྲུ་དྲུག །ཡིག་བརྒྱ། དབྱངས་གསལ། རྟེན་སྙིང་རྣམས་བརྒྱ་སྟོང་བཟླ་ཞིང་། ༼ཨཱོྃ་ཧཱུྃ། ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་སྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུས་པས། མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ།།༽ ཞེས་བབས་དྲུག་འདས་བཞི་ལྟ་བུའི་བྱིན་འབེབ་ཀྱང་བྱ། སྤྲོ་ན་བྱང་གཏེར་ལྟ་བུ་སྤྱི་འགྲོའི་སྐོང་ཆོག་ཉུང་ངུ་དང་ཚོགས་མཆོད་ཀྱང་ཕུལ། གང་ལྟར་སླར་ཡང་མཆོད་བསྟོད་བྱ། གོང་གསལ་འདོད་གསོལ་བརྗོད། ནོངས་བཤགས། བརྟན་བཞུགས་བྱས་ལ་འབྲུ་འཐོར། བསྒོམས་པའི་དཀྱིལ་འཁོར་པ་བཏགས་གྲོལ་དང་དབྱེར་མེད་གྱུར་པར་མོས་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་གཞག །བསྔོ་སྨོན་ཤིས་བརྗོད་ཀྱིས་འགྲུབ་བོ། །གཉིས་པ་བྱེ་བྲག་སོ་སོའི་ཁྱད་ཆོས་ཡོད་པ་ལ་དེ་དང་དེའི་ཕྲིན་ལས་བསྡུས་པའམ་རྒྱུན་ཁྱེར་ཙམ་ལ་བརྟེན། ཆོ་གའི་འགྲོས་གོང་བཞིན་བྱས་པས་འགྲུབ་སྟེ། དགོངས་འདུས་ལ་མཚོན་ན། སྨིན་གཏེར་གསུང་ཁ་སབ་ཅན་གྱི་རྒྱུན་ཁྱེར་ལ་ལྷ་བསྐྱེད་རྗེས། གཙོ་བོའི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་གྱི། །ཐུགས་ཀློང་ཞི་བ་བཞི་བཅུ་རྩ་གཉིས་གསལ། །རྣམ་སྣང་ཐུགས་ཀར་ཁྲག་འཐུང་ལྔ་བཅུ་བརྒྱད། །འཇའ་ཟེར་ཐིག་ལེ་མེ་ཕུང་ཀློང་དུ་བཞུགས། །ཞེས་གསལ་བཏབ་ལ་གོང་གི་གནས་གསུམ་བྱིན་རླབས་སོགས་བྱའོ། །མཆོད་པའི་གོང་དུ་ལྷ་ཁྲུས་དང་སྐུ་ཕྱི་ན་བཟའ་འབུལ་བ་བཅས་སྤྱི་མཐུན་སྦྱར། གཞན་གོང་བཞིན་གྱིས་འགྲུབ་བོ། ༈ །གསུམ་པ་དབང་བསྐུར་བ་ནི། རང་དོན་བདག་འཇུག་བྱེད་ན་དུས་བཟང་ལ་བབས་པའི་ཚེ་སྒྲུབ་ཚུལ་རྒྱས་བསྡུས་གང་རུང་བྱས་པའི་ཚོགས་མཆོད་ཡན་གྲུབ་ནས་གཞུང་སོ་སོ་ལས་འབྱུང་བ་བཞིན་སློབ་མ་ལ་བསྐུར་བ་ཇི་ལྟ་བར་རང་གིས་བླང་། དེ་ནས་རྗེས་ཆོག་བྱ། སློབ་མ་ལ་དབང་བསྐུར་ཚུལ་སྤྱིར་སྙིང་ཐིག་གི་ཐོད་རྒལ་རིག་པའི་རྩལ་དབང་དང་སྦྲེལ་བ་དོན་ཐོབ་ཡིན་ཡང་། འདི་ཉིད་ཁོལ་འདོན་དུའང་བྱེད་ཆོག་པས་འདིར་དགོངས་འདུས་ལྟར་ན། སྦྱོར་བ་མཎྜལ་ཚོམ་བུའི་ཁར་ཁྲིའུའི་སྟེང་རིན་པོ་ཆེའི་སྣོད་དུ་བཏགས་གྲོལ་གླེགས་བམ་ཙཀྲ་གང་ཡིན་དར་གྱི་ན་བཟའ་དང་བཅས་ཏེ་བཞུགས། དབུས་སུ་འཁོར་ལོ། གཡས་སུ་རིན་པོ་ཆེ། གཡོན་དུ་རྒྱ་གྲམ་རྣམས་ཀྱི་ཙཀླི། མདུན་དུ་བུམ་པ་བཅུད་ལྡན། རྒྱབ་ཏུ་ཐོད་པ་བདུད་རྩིས་བཀང་བ་དང་། ཤེལ་རྡོ་མེ་ལོང་རྣམས་བཞག །ལས་བུམ། གཏོར་མཆོད་སོགས་སྤྱི་ལྟར་བཀོད། སྒྲུབ་ཚུལ་གོང་སྨྲོས་བསྡུས་པའི་ལུགས་གཉིས་གང་འཐད་བྱས་ལ་བཟླས་པའི་སྐབས་སུ་བུམ་ཐོད་རྣམས་ལའང་འོད་ཟེར་སྤྲོ་བསྡུའི་བྱིན་བརླབ་བྱ། རྗེས་ཆོག་མ་བྱས་པའི་གོང་དུ་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་བདག་ཅག་གི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཅན་དེས་སངས་རྒྱས་ཀུན་ལས་ཀྱང་ཁྱད་པར་འཕགས་པའི་ཐུགས་བསྐྱེད་ཆེན་པོའི་མཐུ་ལས། སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་དཀོན་པའི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་བསྟན་པ་བྱོན་ཅིང་། ཁྱད་པར་དུའང་རྩོད་དུས་སྙིགས་མའི་མཐར་ཐུག་གི་སེམས་ཅན་ལས་ངན་དང་ཉོན་མོངས་པའི་སྟོབས་ཤུགས་བདོ་བས་ཤིན་ཏུ་རྨུ་རྒོད་པའི་ཕྱིར། རྒྱུ་འབྲས་ཀྱི་ཐེག་པ་རྩོལ་བཅས་ཀྱིས་འདུལ་བའི་ཞིང་དུ་མ་གྱུར་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་མ་འགགས་ཤིང་ཕྲིན་ལས་འཇུག་ཚུལ་བསམ་གྱིས་མི་ཁྱབ་པས། རྩོལ་མེད་གྲོལ་བ་དྲུག་གི་ཕྲིན་ལས་གདོད་མའི་མགོན་པོའི་བྱིན་རླབས་ལས་རང་ཤར་བ། མཐོང་གྲོལ་འཁོར་ལོ་དང་འོད་གསལ་ངོ་སྤྲོད། བཏགས་གྲོལ་གླེགས་བམ་དང་ཙཀྲ །མྱོང་གྲོལ་སྐྱེ་བདུན་གྱི་དམ་རྫས། ཐོས་གྲོལ་བར་དོ་དྲུག་གི་ངོ་སྤྲོད། ཚོར་གྲོལ་བདུག་སྤོས་ལ་འདེབས་པའི་སྔགས། རེག་གྲོལ་པད་ཅན་གྱི་མྱུར་ལམ་ལ་སོགས་པ། ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་ཕྲིན་ལས་རླབས་པོ་ཆེས་དུད་འགྲོ་ཡན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པར་མཛད་ཅིང་། སྔོན་གོམས་འཁྲུལ་པའི་བག་ཆགས་ཆེན་པོས་དེ་ཉིད་དུ་གྲོལ་བར་མ་གྱུར་ནའང་། དེ་ལ་བརྟེན་ནས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད། མྱུར་དུ་སངས་རྒྱས་ཀྱི་རིགས་སད་ནས་མཐར་བྱང་ཆུབ་སྙིང་པོར་རེག་པར་གདོན་མི་ཟ་ཞིང་། གསང་སྔགས་ཀྱི་གེགས་སུ་ཆེ་བ་ལོག་ལྟ་དང་ཐེ་ཚོམ་མེད་ཅིང་ལས་འཕྲོ་དང་ལྡན་པ་རྣམས་ཐབས་འདི་དག་གིས་གྲོལ་བའི་རྟགས་ཐོབ་པའི་ལོ་རྒྱུས་ཀྱང་མཐོང་ཐོས་སྤྱོད་ཡུལ་དུ་གྱུར་པ་མང་ལ། ཚུལ་འདི་གསང་སྔགས་གསར་མའི་རྒྱུད་རྣམས་ལས་ཀྱང་ཆ་མཐུན་འབྱུང་སྟེ། སྐྱེ་བདུན་གྱི་ཤས་མཁའ་སྤྱོད་སྒྲུབ་པ་དང་། སོ་སོ་འབྲང་མའི་འཁོར་ལོ་བཏགས་པས་སྦྱོར་ལམ་ཟིན་པ་དང་། པདྨ་གཙུག་ཏོར་སྔགས་བཟང་ཤིང་ལ་འདེབས་པའི་ཚུལ་དང་། བྱེ་མ་ལ་གཟུངས་སྔགས་ཀྱིས་བཏབ་སྟེ་རུས་པ་ལ་འཐོར་བས་ངན་འགྲོའི་སྐྱེ་གནས་ལས་ཐར་བ་སོགས་རྒྱ་ཆེར་གསུངས་པ་གསང་སྔགས་གསར་རྙིང་དགོངས་པ་མཐུན་ཅིང་། སྔ་འགྱུར་གྱི་སྐབས་འདིར་སོ་སོ་ལ་རང་རྐང་ཚུགས་པའི་རྒྱུད་ཀྱི་ཁུངས་དང་མན་ངག་གི་གནད་ཟབ་པས་གསར་མ་ལས་ཁྱད་པར་དུ་འཕགས་པའང་ཡིན་ལ། དེ་ལྟ་བུའི་གྲོལ་བ་དྲུག་གི་ཕྲིན་ལས་རྣམས་ལས་སྐབས་སུ་བབས་པ་བཏགས་གྲོལ་གྱི་དབང་བླ་མ་དགོངས་པ་འདུས་པའི་རྫོགས་རིམ་སྙིང་པོ་གསེར་གྱི་ཡང་ཞུན་ལས་འབྱུང་བ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །བདག་གཞན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཐོག་མ་ནས་གདོད་མའི་མགོན་པོའི་རང་བཞིན་ལས་གང་དུའང་མ་གཡོས་པར་ཤེས་པས། རང་རིག་རང་གསལ་གདབ་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སྐྱབས་སུ་མཆི། །ལན་གསུམ། རྟོག་འཁྲུལ་སེམས་ཀྱི་རོལ་པ་གློ་བུར་བ་གཞི་ནས་གྲུབ་པ་མེད་པས། ཐམས་ཅད་ཀྱང་རིག་སྟོང་འོད་གསལ་ཆེན་པོའི་ལྷུམས་སུ་ཆུད་པ་དེ་ཉིད་རང་རིག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་སོགས་སྔ་མ་ལྟར་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསུམ། རྡོ་རྗེ་དང་བཅས་པས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཾཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་ལམ་གྱིས་གསལ་བས་སྒོ་གསུམ་གཞི་གནས་ཀྱི་རྡོ་རྗེ་གསུམ་དུ་སད་པར་མོས་ཤིག །ཨཱོྃ་ཨཱཾཿཧཱུྃ། དེས་རྒྱུད་དག་ཅིང་སྣོད་རུང་དུ་གྱུར་པ་ལ་དབང་དངོས་གཞི་བསྐུར་བའི་སླད་དུ་མོས་པ་འདི་བཞིན་དུ་གྱིས། བླ་མ་ཉིད་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་ཀྱི་འཆར་གཞི་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་འདི་གསུང་བར་ཞུ། ཞེས་རྒྱས་པར་སྤྲོ་ན། ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ལྟ་བུའི་ཞི་ཁྲོའི་ཕྱག་འཚལ་བྱ། བསྡུ་ན། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་ཡོངས་རྫོགས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས། ཁྱད་པར་གྱི་དོན་ཞུ་བའི་ཡོན་དུ་དམིགས་ཏེ་སྐུ་གསུམ་གྱི་ཞིང་ཁམས་མཐའ་དག་བློས་བླངས་ནས་འབུལ་བའི་མོས་པས་མཎྜལ་འབུལ་བར་ཞུ། དགོངས་འདུས་རང་གཞུང་གི་སྨན་འབྲུ་རིན་པོ་ཆེའི་མཎྜལ་གྲུབ་ན་ལེགས་ཀྱང་མི་ཤེས་ན། སྙིང་ཐིག་སྤྱི་ལུགས། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །སོགས་སྐུ་གསུམ་མཎྜལ་འབུལ་དུ་གཞུག །དད་མོས་ཀྱི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་དོན་དམ་ངེས་པའི་བཅོམ་ལྡན་འདས༔ ཀུན་བཟང་ཡབ་ཡུམ་བདག་ལ་དགོངས་སུ་གསོལ༔ བསྟན་པ་ཡོངས་རྫོགས་གསེར་གྱི་སྙིང་པོ་ཡི༔ སྲས་གཅིག་ཅོད་པན་ཡང་དག་དབང་ལུང་དེ༔ དུས་འདིར་དད་ལྡན་བུ་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་དབང་དངོས་བསྐུར་བ་ལ་རིམ་པར་ཏིང་ངེ་འཛིན་རྣམས་སྤྱི་དོན་ལས་འབྱུང་བ་འདི་ལྟར་གསལ་ཐོབས་ཤིག །ཁྱེད་རང་རྣམས་ཀྱང་གཞི་ཡི་ཀུན་བཟང་གྱུར། །བླ་མ་ཀུན་བཟང་ཡབ་ཡུམ་དངོས་གསལ་བས། །དབང་གི་ཕྲིན་ལས་མཛད་དང་ལྷན་ཅིག་ཏུ། །ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ༔ མཁའ་ལ་སྤྲིན་ཕུང་བཞིན་དུ་གཏིབས་ནས་ཀྱང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་བསྐུར་རྒྱུད་གཏད་བྱིན་གྱིས་བརླབས་ནས་ཀྱང༔ སྨིན་གྲོལ་ངེས་པའི་གདིང་ཆེན་ཐོབ་པར་བསམ༔ བྱེ་བྲག་སོ་སོའི་སྐབས་ཀྱི་དམིགས་པ་ཡང་། །གླེགས་བམ་འཁོར་ལོ་སྤྱི་བོར་བཞག་པའི་ཚེ༔ རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ དབང་བསྐུར་ཉོན་མོངས་གཏི་མུག་གནས་དག་ནས༔ སྐུ་དང་ཆོས་དབྱིངས་ཡེ་ཤེས་དབང་ཐོབ་བསམ༔ འདི་ཕྱིན་དབང་རྫས་རྣམས་ཚིག་མཐུན་བསྐུར་ལ། ཨཱོྃ༔ ཆོས་དབྱིངས་ཡེ་ཤེས་རྣམ་སྣང་བདེ་གཤེགས་སྐུ༔ དོན་ཐོབ་ཐིག་ལེ་ཉག་གཅིག་དབང་བསྐུར་བས༔ གཏི་མུག་གནས་དག་དཀྱིལ་འཁོར་ཡོངས་རྫོགས་ནས༔ ཆོས་ཉིད་བདེན་པ་མངོན་སུམ་མཐོང་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ལུས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྨིན་གྲོལ་གང་རྒྱས་འཕེལ་བར་མཛད་པ་དང༔ ཡང་དག་མངོན་མཐོང་རྡོ་རྗེའི་སྐུ་ཐོབ་མཛོད༔ ཨཱོྃ་ཨཱཾཿཧཱུྃ་བུདྡྷ་དྷརྨ་གྷ་ཛ་ཙཀྲ་ནིརྨཱ་ཀཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ སྐུ་ཡི་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ ལུས་ནི་སྤྲུལ་པའི་སྐུ་རུ་གྲོལ་བར་མོས༔ གླེགས་བམ་བདུད་རྩི་མགྲིན་པར་བཞག་པའི་ཚེ༔ འོད་དཔག་མེད་པ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་འདོད་ཆགས་གནས་དག་ནས༔ གསུང་དང་སོར་རྟོག་ཡེ་ཤེས་དབང་ཐོབ་བསམ༔ ཧྲཱི༔ སོར་རྟོག་ཡེ་ཤེས་དཔག་མེད་བདེ་གཤེགས་གསུང༔ གསུང་མཆོག་བདེ་ཆེན་རབ་འབྱམས་དབང་བསྐུར་བས༔ འདོད་ཆགས་གནས་དག་བཀའ་ལུང་ཡོངས་རྫོགས་ནས༔ རབ་འབྱམས་ཆོས་ལ་དབང་འབྱོར་ཐོབ་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ངག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལུས་སྨིན་ངག་གྲོལ་རྟོགས་པས་རྒྱུད་གང་ཞིང༔ མཁྱེན་བརྩེ་ཡེ་ཤེས་མ་ལུས་རྒྱས་པ་དང༔ ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ནས་ནི༔ ཚངས་པའི་གསུང་དབྱངས་པདྨོའི་ལྗགས་ཐོབ་མཛོད༔ ཨཱོྃ་ཨཱཾཿཧཱུྃ་པདྨ་དྷརྨ་གྷ་ཛ་པདྨ་སམྦྷོ་ཀཱ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱི༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ གསུང་གི་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ ངག་ནི་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་མོས༔ གླེགས་བམ་བུམ་པ་སྙིང་གར་བཞག་པའི་ཚེ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ཞེ་སྡང་གནས་དག་ནས༔ ཐུགས་དང་མེ་ལོང་ཡེ་ཤེས་དབང་ཐོབ་བསམ༔ ཧཱུྃ༔ མེ་ལོང་ཡེ་ཤེས་མི་བསྐྱོད་བདེ་གཤེགས་ཐུགས༔ བདེ་གསལ་མི་རྟོག་མཉམ་ཡངས་དབང་བསྐུར་བས༔ ཞེ་སྡང་གནས་དག་ཀ་དག་དོན་རྟོགས་ནས༔ མངོན་སུམ་ཐོད་རྒལ་དག་ལ་དབང་འབྱོར་ཞིང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ཡིད་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སེམས་ཉིད་སྨིན་གྲོལ་གང་རྒྱས་འཕེལ་བ་དང༔ གནས་ལུགས་ཆེན་པོའི་ཐུགས་མཆོག་ཐོབ་པར་མཛོད༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་དྷརྨ་གྷ་ཛ་བཛྲ་དྷརྨ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ རྡོ་རྗེའི་ཐུགས་དང་དབྱེར་མེད་གྱུར་ནས་ཀྱང༔ སེམས་ནི་ཆོས་ཀྱི་སྐུ་རུ་གྲོལ་བར་བསམ༔ གླེགས་བམ་རིན་ཆེན་ལྟེ་བར་བཞག་པའི་ཚེ༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ང་རྒྱལ་གནས་དག་ནས༔ ཡོན་ཏན་མཉམ་ཉིད་ཡེ་ཤེས་དབང་ཐོབ་བསམ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་རིན་འབྱུང་ཡོན་ཏན་རྫོགས༔ ཁྱད་པར་འདོད་འབྱུང་ཡིད་བཞིན་དབང་བསྐུར་བས༔ ང་རྒྱལ་གནས་དག་དགོས་འདོད་གཏེར་ལ་སྤྱོད༔ ཕྱི་ནང་གཞན་སོགས་ཡོངས་ལ་དབང་འབྱོར་ཞིང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ དབང་པོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡོན་ཏན་སྨིན་གྲོལ་གང་རྒྱས་འཕེལ་བ་དང༔ བསམ་པ་ཡིད་བཞིན་ཆོས་མཆོག་ཐོབ་པར་མཛོད༔ ཨཱོྃ་ཨཱཾཿཧཱུྃ་རཏྣ་དྷརྨ་གྷ་ཛ་རཏྣ་ཏིཥྛ་བཛྲ་ཀཱ་ཡ་ཨརྱ་པཉྩ་ཨ་བྷི་ཥིཉྩ་ཏྲཱཾ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཡོན་ཏན་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ སྒོ་ལྔ་འོད་ལྔའི་དབྱིངས་སུ་གྲོལ་བར་བསམ༔ གླེགས་བམ་རྒྱ་གྲམ་གསང་བར་བཞག་པའི་ཚེ༔ དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ཕྲག་དོག་གནས་དག་ནས༔ ཕྲིན་ལས་བྱ་གྲུབ་ཡེ་ཤེས་དབང་ཐོབ་བསམ༔ ཨཱ༔ བྱ་གྲུབ་ཡེ་ཤེས་དོན་ཡོད་ཕྲིན་ལས་བདག༔ མཛད་པ་མཐར་ཕྱིན་འགྲོ་འདུལ་དབང་བསྐུར་བས༔ ཕྲག་དོག་གནས་དག་འཁོར་བ་རྒྱུན་བཅད་ནས༔ ཕྲིན་ལས་ཡོངས་ལ་དབང་འབྱོར་ཐོབ་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་ཏུ་གསོལ༔ ཕུང་ཁམས་སྐྱེ་མཆེད་གདོས་བཅས་རང་གྲོལ་ཞིང༔ ཕྱི་ནང་སྣོད་བཅུད་ལྷ་ཡི་རང་བཞིན་ཉིད༔ གཞལ་ཡས་ཁང་དང་རྣམ་རོལ་བརྩེ་བ་ཅན༔ རྣམ་པ་ཀུན་ལྡན་མཆོག་ལ་སྤྱོད་པར་ཤོག༔ ཨཱོྃ་ཨཱཾཿཧཱུྃ་ཀརྨ་དྷརྨ་གྷ་ཛ་སརྦ་ཀརྨ་བོ་དྷི་སྐན་དྷ་རཱུ་པ་ཨ་བྷི་ཥིཉྩ་ཨཱ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཕྲིན་ལས་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ སྒོ་གསུམ་རྣམ་སྤྱོད་འགྲོ་བའི་དོན་གྱུར་བསམ༔ ད་ལྟའི་སྐབས་སུ་ཇི་ལྟར་བསམ་པ་བཞིན༔ ཕྱིས་ནས་ཐེ་ཚོམ་མེད་པར་འགྲུབ་པ་འོ༔ དེ་ནས་བཏགས་གྲོལ་དང་ཕྱག་མཚན་ཤེལ་རྡོ་མེ་ལོང་རྣམས་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས། སྤོས་བསྲེག །རོལ་མོ་བསྒྲག །དཔེ་སོགས་འགྲིགས་ན་སྨོན་ལམ་དཔོན་སློབ་གཉིས་ཀས་བརྗོད། མ་འགྲིགས་ན་འདུན་པ་རྩེ་གཅིག་གཏད་དུ་གཞུག་ལ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད༔ གསང་བ་ཅོད་པན་ས་བོན་གྱི་དགོངས་པ་ཆེན་པོ་ཡོངས་རྫོགས་ཀྱིས༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་རང་སར་གྲོལ་ནས༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཀློང་དུ་གྲོལ་བར་མཛད་དུ་གསོལ༔ ཉོན་མོངས་པ་ཐམས་ཅད་རང་སར་གྲོལ་ཞིང༔ རྒྱུད་ཡེ་ཤེས་ཀྱིས་གང་བར་མཛད་དུ་གསོལ༔ འཁྲུལ་པའི་བག་ཆགས་རང་སར་དག་ནས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་ཆེར་འཕེལ་བར་མཛད་དུ་གསོལ༔ རྒྱལ་བའི་དཀྱིལ་འཁོར་ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་པར་མྱུར་དུ་སངས་རྒྱས་པར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་དྷརྨ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ལྟར་ཇི་སྐད་བརྗོད་པ་ཐམས་ཅད་ངེས་པར་འགྲུབ་པའི་ངེས་ཤེས་ཆེར་བསྐྱེད་ལ་ཀ་དག་གི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དར་གཅིག་རྟོགས་པ་བསྐྱེད། དེ་ནས་རྒྱུད་དམ་ཙཀྲའི་སྔགས་ཚར་གཅིག་བཀླགས་ལ་ལག་ཏུ་གཏད་དེ། གུས་པའི་ཡིད་རྩེ་གཅིག་པས་སྨོན་ལམ་འདི་ལྷན་ཅིག་འདེབས་པར་ཞུ། ཞེས་སམ་ཡང་ན་རྗེས་ཟློས་བྱར་གཞུག་ལ། ཀྱེ་ཧོ༔ ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན༔ མ་ལུས་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འགྲོ་བ་སེམས་ཅན་ཀུན་དོན་དུ༔ རྒྱུད་འདི་བཏགས་ཤིང་བཞུགས་པའི་བྱིན་རླབས་ཀྱིས༔ བདག་ཉིད་མཐོང་ངམ་ཐོས་དང་དྲན་པ་དང༔ མཆོད་དང་བསྟོད་པ་ལ་སོགས་སྨྲ་ཡང་རུང༔ རེག་ཅིང་འབྲེལ་བར་གྱུར་པའི་སེམས་ཅན་རྣམས༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཤོག༔ ཨཱོྃ་ཨཱཾཿཧཱུྃ་མ་ཧཱ་གུ་རུ་་་ཀུན་བཟང་ཡབ་ཡུམ་་་ན་མཿསྭ་བྷཱ་བ་ཨ་དྷིཥྛཱ་ནཾ༔ ཞེས་སོགས་བརྒྱུད་པ་ཚང་མའི་མཚན་བོད་སྐད་དུ་སྦྱར་བའམ། བསྡུ་ན། ཨཱོྃ་ཨཱཾཿཧཱུྃ་མ་ཧཱ་གུ་རུ་་་ས་མནྟ་བྷ་དྲ་བྷ་དྲཱི་་་ན་མཿསྭ་བྷཱ་བ་ཨ་དྷིཥྛཱ་ནཾ༔ སྔགས་ཐོག་མཐའ་དེ་བཞིན་དུ་སྦྱར་ཏེ། ས་མནྟ་བྷ་དྲ་བྷ་དྲཱི། ཞེས་པའི་མལ་དུ། པཉྩ་ཀུ་ལ་རཱ་ཛྙ་རཱ་ཛྙི། བཛྲ་སཏྭ། པྲ་ཧེ་བཛྲ། ཤྲཱི་སིཾ་ཧ། པདྨཱ་ཀ་ར། ཛྙཱ་ན་སཱ་ག་ར་རཱ་ཛྙི། དྷརྨ་རཱ་ཛ་པི་ཏཱ་པུ་ཏྲ། བུདྡྷ་དྭཱི་པ་ཀ །མཱུ་ལ་ཤྩ་པ་རམྤ་ར་སརྦ་གུ་རུ། ཞེས་པ་ཙམ་གྱིས་བྱིན་བརླབས་ལ། དེང་ཕྱིན་ཆད་བཏགས་གྲོལ་འདི་ཉིད་རྡོ་རྗེ་འཆང་གིས་དུས་གནད་ངེས་པ་ལས་ཇི་ལྟར་གསུངས་པ་བཞིན་དྲོད་དང་སྐད་ཅིག་ཀྱང་མ་བྲལ་བར་ཆོངས་ཤིག །དེ་ནས་ཤིས་པ་བརྗོད་པ་དང་རྗེས་རིམ་སྤྱི་མཐུན་བྱ། སློབ་དཔོན་གྱིས་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གོང་སྨྲོས་ལྟར་བྱའོ། ༈ །བཞི་པ་ཇི་ལྟར་བཅང་ཚུལ་ནི། བཏགས་གྲོལ་དར་སྣ་ཚོགས་ཀྱི་ན་བཟས་དྲིལ། བྱིན་རླབས་ཅན་གྱི་རྫས་སྤྱི་དང་ཁྱད་པར་མཆོག་གི་གདུང་དང་རིང་བསྲེལ། དྲི་བཟང་སོགས་སྨན་སྣ་གཙང་མ། རིན་ཆེན་ཕྱེ་མ་བཅས་རིན་པོ་ཆེའི་གྭའུར་བཅུག་ལ་དབུ་ཞབས་མ་ལོག་པར་སྐྱེས་པས་མཆན་ཁུང་གཡོན། བུད་མེད་ཀྱིས་གཡས་སུ་བཅང་། དེའང་ཐོག་མ་ནས་ཆ་གསུམ་བཞེངས། རབ་གནས་སྒྲུབ་པ་ལྷན་ཅིག་བྱས་ལ་གཅིག་ལུས་ལ་གདགས། གཅིག་ནམ་ཕུགས་འཆི་བའི་བཙས་སུ་བཞག །གཅིག་སྐབས་སུ་བབས་པའི་ཚེ་བཀླག་པར་བྱ་བར་གསུངས་པ་ལས་འདོན་རྒྱུ་དཔེ་ཆུང་བྲིས་པ་ཉིད་སྟབས་བདེ་བས་ཆ་གཉིས་ནི་ངེས་པར་དགོས་སོ། །འདི་ལ་བླ་མ་ཁ་ཅིག་གིས། བཏགས་གྲོལ་གྱིས་དགེ་སྡིག་གཉིས་ཀར་འགྱུར་ཆེ་བར་གསུངས་པས་ད་ལྟ་ནི་ཕལ་པས་ལྟ་ཅི་སྨྲོས། ལམ་ཞུགས་རྣམས་ཀྱིས་ཀྱང་བཏགས་མི་རུང་སྟེ་སོ་སྐྱེའི་སྐབས་དངོས་སུ་སྡིག་པ་ཆེན་པོ་མ་བྱས་ཀྱང་དུག་ལྔའི་རྟོག་པ་ལ་རྒྱུན་ཆད་མེད། དབུགས་ལ་སླེབ་ཀྱང་གྲོལ་བར་གསུངས་པས་འཆི་དུས་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར་ཚོར་བ་འགགས་པས་བཏགས་པ་ཡིན་གསུངས། ཀུན་མཁྱེན་བླ་མ་འཇམ་དབྱངས་དགྱེས་བློའི་ཞལ་ནས། འཕགས་པ་ལ་བཏགས་གྲོལ་མི་དགོས། འདི་རྣམས་སྐྱེ་བོ་ཕལ་པ་དང་ལམ་ཞུགས་སོ་སྐྱེ་བཙན་ཐབས་སུ་གྲོལ་བའི་ཆེད་དུ་གསུངས་པ་ཡིན། སྔ་འགྱུར་རིག་འཛིན་ཁུངས་ལྡན་རྣམས་ཀྱི་ཞལ་ལུང་བར་མ་ཆད་པར་རྒྱུད་ཀྱི་རྡོ་རྗེའི་གསུང་ལྟར་བྱེད་དགོས། དོན་དུ་སྡིག་པའི་སྟོབས་འཇོམས་ཤིང་དགེ་བའི་སྟོབས་འཕེལ་བར་བྱེད་པ་ཡིན་གསུངས་པ་འདི་ཟབ་པར་གོ་སྟེ། མི་ཚེར་སྔ་ཚགས་བྱས་པ་ཕལ་མོ་ཆེ་དབུགས་ཆད་ཀར་བཏགས་གྲོལ་དང་མྱང་གྲོལ་གྱིས་མ་བསླེབ་པ་མང་དུ་མཐོང་བས་སོ། །འོན་ཀྱང་གུ་རུའི་བཀའ་ལས། དམ་ཉམས་སྡིག་ཆེན་རྣམས་ཀྱིས་མ་བཤགས་པར༔ བཏགས་ན་སྡིག་པའི་སྟོབས་བྱེད་བཤགས་ལ་གདགས༔ བཤགས་ཤིང་ཕྱིས་འབྱུང་སྡོམ་སྟེ་བཏགས་གྱུར་ན༔ སྔར་བྱས་བྱང་ཞིང་ཕྱིན་ཆད་གོས་མི་སྲིད༔ ཅེས་གསུངས་པ་ལྟར་སྡིག་ཅན་དད་པ་རྙེད་ན་སྔར་བྱས་སྟོབས་བཞིའི་སྒོ་ནས་བཤགས། ཕྱིན་ཆད་སྡིག་འཕྲོ་བཅད་ནས་གདགས་སོ། །འདིའི་དོན། དུས་གནད་ངེས་པ་ལས། འདི་དང་བྲལ་བར་མ་བྱས་པ༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ འདི་ཉིད་ལུས་ལ་གནས་པ་ལ༔ རིགས་དྲུག་སྐྱེ་བ་རྣམ་བཞི་ཡི༔ གྲོང་ཁྱེར་དུ་ནི་འཇུག་མི་སྲིད༔ དེ་ཡི་ཕྱིར་ན་འདི་ཉིད་དང༔ འགྲོ་དང་ཉལ་དང་འདུག་པ་དང༔ དེ་བཞིན་ཟ་དང་འཆག་པ་དང༔ ཕྱག་དང་བསྐོར་བ་ལ་སོགས་བྱེད༔ འདུད་པའི་ལག་པ་གར་ཉིད་དང༔ སྐྱུག་དང་ཁྲུས་བྱེད་ཕྱི་ས་དོར༔ དེ་བཞིན་སྨྲ་དང་སྔགས་ཟློས་དང༔ ཡི་གེ་ཀློག་དང་མཆོད་བཤགས་དང༔ ཅི་ལྟར་སྨྲ་བ་ལ་སོགས་དང༔ བསམ་པ་ཇི་སྙེད་གཡོ་བ་དང༔ ཇི་ལྟར་སྣ་ཚོགས་སྤྱོད་བྱེད་ཀྱང༔ འདི་དང་བྲལ་བར་མི་བྱ་འོ༔ འདི་ནི་རིས་མེད་སྤྲུལ་པའི་སྐུ༔ རང་གཞན་དོན་རྣམས་རྫོགས་པར་བྱེད༔ བྱོལ་སོང་རིགས་སམ་བུད་མེད་དང༔ སྐྱེ་བ་དམན་པའི་སེམས་ཅན་ཡང༔ འདི་དང་བྲལ་བར་མ་བྱས་ན༔ ངེས་པར་འབྲས་བུ་ཐོབ་པས་ན༔ བྲལ་བའི་བར་མཚམས་མ་ཞུགས་པ༔ འདི་ལ་རབ་ཏུ་གཅེས་པ་ཡིན༔ དེ་བཞིན་དྲོད་དང་མ་བྲལ་བར༔ རྒྱུན་དུ་ལུས་ལ་བཅང་བར་བྱ༔ ཞེས་གསུངས་སོ། ༈ །ལྔ་པ་ཇི་ལྟར་བཀླག་པ་ལ། ཀློག་པའི་དུས་ནི། སྤྱི་དོན་ལས། དང་པོ་དུས་ནི་སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་དུས་བཟང་ཉ་སྟོང་བརྒྱད་སོགས་དང༔ དབང་དང་ཚོགས་གཏོར་རྣལ་འབྱོར་འབྱུང་བཞི་འཁྲུགས༔ རབ་ཏུ་གནས་བྱེད་འདུ་བ་ཆེན་པོའི་དུས༔ མདོར་ན་དགེ་དང་མི་དགེའི་ཆོ་འཕྲུལ་ལྟས༔ གང་གི་ཚེ་ཡང་བསྟན་རྒྱུད་བཀླག་པར་བྱ༔ བྱེ་བྲག་དུས་ཚིགས་རྣམ་པ་དགུར་གསུངས་པས༔ ས་གཡོས་༡སྒྲ་༢འོད་༣སད༤་སེར་༥འཁྲུགས་པའི་༦དུས༔ རིམས་ནད་༧ཉི་ཟླ་གཟས་ཟིན་༨མུ་གེ་མཆེད༩༔ ཕྱུགས་ལ་ནད་བྱུང་དུས་དང་རྣམ་པ་དགུར༔ སྦྱོར་བ་ལག་ལེན་ལྡན་པས་བསྟན་རྒྱུད་བཀླག༔ ཅེས་པ་ལྟར་འདི་རྣམས་ཀྱི་དུས་སྐབས་སུ་བབས་པའི་ཚེ་བཀླག་པ་སྟེ། ཀློག་པའི་རྣལ་འབྱོར་ཁོ་བོས་གཞན་དུ་བྱས་པ་ལྟར་ལ། སྤྱི་ཙམ་དུ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྣང་བ་མཐའ་ཡས་ལྗགས་པདྨ་ཧྲཱིཿཡིག་གིས་མཚན་པ། རྒྱུད་བཀླགས་པའི་སྒྲ་དང་ཧྲཱིཿཡི་འོད་ཟེར་འདྲེས་པས་སྣོད་བཅུད་ཀུན་ལ་ཁྱབ། ཐམས་ཅད་རྡོ་རྗེའི་རང་སྒྲར་འུར་བས་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་སྟེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ་མོ། །གཉིས་པ་དུས་བྱེ་བྲག་སྐབས་སུ་འབྱུང་འཕྲོད་ནི། གཞུང་ལས། ཉིན་དུས་ནམ་ལངས་དྲོས་ཆེན་བར་དུ་བྱེར༔ དེ་ནས་གུང་ལ་མ་སླེབ་བར་དུ་ཟུག༔ འཕྱུག་མེད་ཉིན་གུང་སྙོམས་པའི་དུས་ཉིད་ལ༔ དེ་ནས་བསིལ་ཕེབ་ཉི་ནུབ་བར་དེར་འཁྲུགས༔ མཚན་དུས་སྲོད་བྱེར་སྲོད་ཡོལ་ཟུག་པའི་དུས༔ ནམ་ཕྱེད་སྙོམས་ཤིང་ཐོ་རངས་འཁྲུགས་པ་འོ༔ དེ་ལྟར་ཉིན་མཚན་བྱེར་ཟུག་འཁྲུགས་པའི་དུས༔ རྟགས་རྣམས་གང་བྱུང་རིག་པས་ཀློག་སོགས་བྱ༔ ཞེས་པ་ལྟར་རོ། །ཀློག་ཚུལ་ནི། གཞུང་ལས། གང་ཞིག་ས་གཡོས་ཆེན་པོ་བྱུང་བའི་ཚེ༔ བྱེར་བའི་དུས་སུ་རྒྱུད་བཀླག་རྣལ་འབྱོར་པས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ་བར་བསྐྱེད༔ དཀར་གསལ་འོད་འཕྲོ་བདུད་འདུལ་རྡོ་རྗེ་ཕྱག༔ ལྗགས་སྟེང་རྡོ་རྗེ་རྩེ་གསུམ་ཧཱུྃ་གིས་མཚན༔ དེ་ལས་འོད་དཀར་འཕྲོས་པས་ཕྱོགས་བཅུར་ཁྱབ༔ འགྲོ་བའི་ནད་གདོན་སྡིག་སྒྲིབ་མི་མཐུན་ཕྱོགས༔ ཞི་ནས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས༔ དེ་དམིགས་ངང་ལས་ལན་བདུན་རྒྱུད་བཀླགས་པས༔ རྒྱུད་ཀྱི་རང་སྒྲ་ཕྱོགས་བཅུར་གྲགས་པ་ཡིས༔ ས་གཡོས་གར་ཁྱབ་འགྲོ་རྣམས་གྲོལ་ཞེས་གསུངས༔ སྙོམས་པའི་དུས་སུ་དམ་ཚིག་ལྡན་པ་ཡི༔ རྣལ་འབྱོར་མཆེད་ལྕམ་ལོ་གྲངས་ཙམ་ཞིག་ལ༔ ཚོགས་འཁོར་དྲངས་པས་དེ་སྙེད་ལོ་ཚོགས་འཕེལ༔ འཁྲུགས་དུས་སྐྱེ་བོ་ལ་ཡང་སྟོན་མོ་བཀྱེ༔ དེ་བཞིན་ཟུག་དུས་གནས་ནས་མགྲོན་རྣམས་འབོད༔ ས་འོག་ས་སྟེང་ས་བླར་སྒྲ་བྱུང་ཚེ༔ བྱེར་དུས་རྣལ་འབྱོར་དཔག་མེད་ཡབ་ཡུམ་བསྐྱེད༔ དམར་པོ་མཉམ་གཞག་ཕྱག་རྒྱ་པདྨ་འཛིན༔ ལྗགས་སྟེང་པདྨ་དམར་པོ་ཧྲཱིཿཡིག་མཚན༔ དེ་ལྟར་ངང་ནས་བསྟན་རྒྱུད་ཚར་ལྔ་འམ༔ བདུན་སོགས་ཀློག་པའི་སྒྲ་དང་ལྗགས་ཀྱི་འོད༔ ཕྱི་ཡི་འོད་འདྲེས་ཕྱོགས་ཀུན་ཁྱབ་པ་ཡིས༔ སྣང་སྲིད་དབང་འདུས་སྨིན་ཅིང་གྲོལ་བར་བསམ༔ སྙོམས་དུས་དཀོན་མཆོག་མཆོད་ཅིང་ཟུག་པའི་དུས༔ ཁྲིམས་ལྡན་དགེ་འདུན་ཚོགས་ལ་ཆོས་སྟོན་དྲང༔ འོད་ཀྱི་འདུ་འཕྲོ་ཕྱོགས་ཀུན་ཁྱབ་པའི་ཚེ༔ སྙོམས་པའི་དུས་སུ་རྒྱུད་བཀླག་འདི་ལྟར་བསྒོམ༔ རིན་འབྱུང་ཡབ་ཡུམ་གསེར་མདོག་མཆོད་སྦྱིན་ཕྱག༔ རིན་ཆེན་དང་ལྡན་ལྗགས་སྟེང་རིན་ཆེན་གྱི༔ དུང་འཁྱིལ་ཏྲཱཾ་མཚན་སེར་པོའི་འོད་འཕྲོ་བ༔ དེ་ཡི་ངང་ནས་རྒྱུད་ཚར་ལྔ་གསུམ་གཅིག༔ བཀླག་པའི་སྒྲ་དང་ཕྱི་ནང་འོད་ཟེར་ཀུན༔ ཕྱོགས་དུས་ཁྱབ་པས་འགྲོ་བ་མ་ལུས་པ༔ བསམ་དོན་ཆོས་བཞིན་གྲུབ་ནས་གྲོལ་བར་དམིགས༔ བྱེར་ཚེ་རླུང་བཟུང་འཁྲུགས་དུས་རྣལ་འབྱོར་མ༔ དམ་ལྡན་རིགས་བཟང་དགུ་འམ་བཅུ་གཅིག་ལ༔ དྲག་པོའི་ལྷ་བསྐྱེད་ཚོགས་དང་སྟོན་མོ་བྱ༔ གང་ཚེ་སད་དང་སེར་བ་བྱུང་བ་ན༔ ཟུག་པའི་དུས་ན་རྣལ་འབྱོར་རང་ཉིད་ནི༔ དོན་ཡོད་ཡབ་ཡུམ་ལྗང་གུ་སྐྱབས་སྦྱིན་ཕྱག༔ རྒྱ་གྲམ་བསྣམས་པའི་ལྗགས་སྟེང་ཨཱཿས་མཚན་པའི༔ རལ་གྲི་འོད་ལྗང་འཕྲོ་དམིགས་ངང་ཉིད་ལས༔ ཚར་བདུན་ཉེར་གཅིག་ལ་སོགས་རྒྱུད་བཀླག་པའི༔ སྒྲ་དང་འོད་ཀྱིས་ས་དང་བར་སྣང་གང༔ སད་སེར་བར་ཆད་ཞི་ནས་དོན་ཡོད་བསམ༔ སྙོམས་དུས་རོལ་མོ་ལ་སོགས་མཆོད་པས་མཆོད༔ བྱེར་དུས་རྣལ་འབྱོར་ལྔ་འམ་བཅོ་ལྔ་འབོད༔ དེ་བཞིན་འཁྲུགས་པའི་དུས་སུ་སྟོན་མོ་བྱ༔ མ་རུངས་དམག་སྡེ་འཁྲུགས་པ་གཡོས་པའི་ཚེ༔ རང་ཉིད་དཔའ་བོ་སྟོབས་ལྡན་ཧེ་རུ་ཀ༔ འཇིགས་པའི་གཟུགས་ལ་དུར་ཁྲོད་ཆས་དང་ལྡན༔ ལྗགས་ཀྱི་དབང་པོ་མཚོན་ཆ་ཕཊ་ཀྱིས་མཚན༔ དེ་ཡི་ངང་ལས་རྒྱུད་ཚར་ཉེར་གཅིག་སོགས༔ གང་འགྲུབ་བཀླག་པའི་སྒྲ་དང་འོད་ཟེར་ལས༔ མཚོན་ཆའི་འཁོར་ལོ་དཔག་ཏུ་མེད་འཕྲོས་པས༔ ཕ་རོལ་དགྲ་སྡེ་དམག་དཔུང་འཐོར་བར་བསམ༔ སྦྱོར་བ་འདི་ནི་འཇིགས་པ་བརྒྱད་ལའང་སྦྱོར༔ བར་ཆད་སེལ་བའི་མན་ ངག་སྡེབ་ཏུ་བསྟན༔ ཟུག་པའི་ཚེ་ན་རྒྱུད་བཀླག་ལ་སོགས་པ༔ གོང་དང་མཚུངས་ལ་ཁྱད་པར་འཁྲུགས་པའི་དུས༔ སྔགས་པ་མང་པོས་གཏོར་མ་གཏང་བར་བྱ༔ ཡུལ་ཁམས་རྣམས་སུ་རིམས་ནད་བྱུང་བའི་ཚེ༔ སྔར་ལྟར་དོན་ཡོད་གྲུབ་པ་བསྐྱེད་པ་ཡི༔ ལྗགས་ཉིད་ལྕགས་ཀྱུ་ཛཿཡིས་མཚན་དམིགས་ཤིང༔ དགུ་འམ་བཅུ་གཅིག་བཅུ་དགུ་རྒྱུད་བཀླག་པའི༔ འོད་དང་སྒྲ་ཡིས་ཕྱོགས་ཀུན་ཁྱབ་གྱུར་ཅིང༔ རིམས་ནད་ཞི་ཞིང་ཀུན་ཏུ་བདེ་བར་བསམ༔ འཁྲུགས་ཚེ་རྒྱུད་བཀླག་སྙོམས་དུས་མི་རྟོག་བསྒོམ༔ བྱེར་དུས་བྱིས་པ་དགུ་འམ་བཅོ་བརྒྱད་འབོད༔ ཟུག་པའི་དུས་ན་སྟོན་མོ་བྱ་བ་འོ༔ གང་ཚེ་ཉི་མ་ཟླ་བ་གཟས་ཟིན་ན༔ རྣལ་འབྱོར་རྣམ་སྣང་ཡབ་ཡུམ་བསྐྱེད་པ་ཡང༔ མཐིང་ག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ འཁོར་ལོ་འཛིན་པའི་ལྗགས་ཀྱི་སྟེང་དུ་ཡང༔ འཁོར་ལོ་དཀར་པོ་ཨཱོྃ་གྱིས་མཚན་པར་བསམ༔ དེ་ཡི་ངང་ལས་རྒྱུད་ཚར་དྲུག་དགུ་སོགས༔ གསལ་དག་ཀློག་པའི་སྒྲ་ཡིས་སྟོང་ཁམས་ཁྱབ༔ ཕྱི་ནང་ཡུལ་དང་ཡུལ་ཅན་མ་ལུས་པ༔ འོད་ཀྱིས་གང་འབྲེལ་འཁོར་བ་ལས་གྲོལ་དམིགས༔ དེ་ཡང་ཉིན་མཚན་ཉི་ཟླ་གང་ཟིན་པའི༔ བྱེར་དུས་རྒྱུད་ཀློག་སྙོམས་ཚེ་འཆི་སྲོག་འདོན༔ ཟུག་པའི་དུས་སུ་དུད་འགྲོའི་རིགས་རྣམས་ལ༔ སོ་སོར་ཁ་ཟས་མཐུན་པའི་བཟའ་བཏུང་བཀྱེ༔ འཁྲུགས་ཚེ་རྣལ་འབྱོར་ཆོས་ཉིད་དོན་བསྒོམ་བྱ༔ རྒྱལ་ཁམས་ཀུན་ཏུ་མུ་གེ་མཆེད་པའི་ཚེ༔ རྣལ་འབྱོར་ཀུན་བཟང་ཡབ་ཡུམ་མཐིང་གསལ་མདོག༔ མཉམ་པའི་ཕྱག་རྒྱས་ཡིད་བཞིན་ནོར་བུ་བསྣམས༔ ལྗགས་ཀྱི་འོད་ཟེར་ཟླ་ཕྱེད་རྡོ་རྗེས་མཚན༔ ཁ་ཊྭཱཾ་བསྣམས་པས་རྒྱུད་ཚར་གཉིས་གསུམ་ལྔ༔ བཀླག་པའི་སྒྲ་འོད་ཀུན་ཏུ་ཁྱབ་པ་ཡིས༔ འཚེ་བ་ཞི་ཞིང་ལོངས་སྤྱོད་ཕུན་ཚོགས་ནས༔ ཀུན་ཀྱང་མཐུན་པའི་ཆོས་ལ་སྤྱོད་པར་མོས༔ བྱེར་བའི་དུས་སུ་རྒྱུད་བཀླག་སྙོམས་པའི་དུས༔ དྲི་ཡི་མཆོད་པ་བྱ་དང་འཁྲུགས་པའི་ཚེ༔ མུ་སྟེགས་ཤན་པ་རང་རང་གནས་ནས་འབོད༔ ཟུག་པའི་དུས་ན་སྟོན་མོ་བཀྱེ་བར་བྱ༔ རི་ཀླུང་ཕྱུགས་ལ་ནད་ཡམས་བྱུང་བའི་ཚེ༔ གོང་ལྟར་ཀུན་བཟང་ཡབ་ཡུམ་བསྒོམ་པའམ༔ ལུང་ལྟར་ཀུན་ཏུ་བཟང་མོ་ཡབ་ལྟར་བསྒོམ༔ རྒྱུད་བཀླག་སྒྲ་འོད་ཟེར་གྱིས་འགྲོ་བ་རྣམས༔ གནོད་འཚེ་ཞི་ནས་བདེ་དང་ལྡན་པར་བསམ༔ དེ་ཡང་ཟུག་དུས་བརྒྱད་དམ་བཅུ་དྲུག་བརྗོད༔ བྱེར་བའི་དུས་ན་མར་གྱི་སྣང་གསལ་འབུལ༔ སྙོམས་དུས་བླ་མ་དགྲ་བཅོམ་སྤྱན་དྲངས་ལ༔ འཁྲུགས་པའི་དུས་སུ་བསྙེན་བཀུར་བརྩོན་པར་བྱ༔ དེ་ལྟར་བཀླག་པའི་རིམ་པ་ནམ་དུ་ཡང༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བྱ༔ མཚན་མ་སྟེང་འོག་ཕྱོགས་མཚམས་གར་བྱུང་བའི༔ དེ་ཡི་ཕྱོགས་སུ་ཁ་བལྟས་རྒྱུད་བཀླག་ཅིང༔ འཕྲོ་འདུའི་ཏིང་འཛིན་ཕྱོགས་ཀྱི་ལྷ་དང་བསྟུན༔ སྒྲ་འོད་ལ་སོགས་ཕྱི་ཡི་མཚན་མ་དང༔ རང་ཉིད་ལྷར་གསལ་ལྗགས་ཀྱི་འོད་ཟེར་དང༔ རྒྱུད་གསུངས་སྒྲ་རྣམས་དབྱེར་མེད་འདྲེས་ནས་ནི༔ མཐོང་ཐོས་དྲན་འབྲེལ་གནས་སྐབས་མཐར་ཐུག་ཏུ༔ དོན་འབྲས་འགྲུབ་ཅིང་སངས་རྒྱས་ཐོབ་པར་དམིགས༔ ཞེས་གསུངས་པ་ལྟར་རོ། ༈ །དྲུག་པ་འདའ་ཀ་མའི་བྱ་བ་ལ། ཐོག་མར་ཇི་ལྟར་བྱ་བའི་ཚུལ་ནི། གཞུང་ལས། འབྱུང་བའི་འདུ་ཚུལ་རིམ་གྱིས་རྫོགས་ནས་ནི༔ ཡ་རབས་གོང་མ་ཉམས་ལེན་ལྡན་པ་དེ༔ ལུས་ཚུགས་དྲང་པོར་བསྲངས་ནས་གཏོར་མཆོད་བཤམ༔ བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་ཤིང༔ མདུན་གྱི་མཁའ་ལ་སྤྲིན་ལྟར་འཁྲིགས་དམིགས་ལ༔ མདུན་གྲོགས་སློབ་མ་དམ་ཚིག་ལྡན་གཅིག་གིས༔ མདུན་དུ་ལངས་ཏེ་དལ་གྱིས་བསྟན་རྒྱུད་བསྒྲག༔ ཚར་གྲངས་དབུགས་དང་སྤྲད་པ་གནད་ཡིན་ཞིང༔ དེ་འོག་ཉམས་ལེན་འབྲིང་པོའི་གང་ཟག་ནི༔ གཞོག་གཡས་ཕབ་ལ་གསོལ་འདེབས་འཕོ་བ་གདབ༔ ཁོ་ཡི་གཡས་ཕྱོགས་མཐུན་གྲོགས་བླ་མ་ཡིས༔ སྙན་པའི་ཚུལ་གྱིས་རྒྱུད་བཀླག་གསོལ་འདེབས་བྱ༔ ཐ་མལ་སྐྱེ་བོ་ལ་སོགས་འཆི་བའི་ཚེ༔ གང་ཞིག་སྣང་བ་མཐུན་པའི་མི་དག་གིས༔ ལག་པ་གཡས་པས་སྤྱི་བོའི་སྐྲ་ནས་འཐེན༔ གཡོན་པས་གླེགས་བམ་བཟུང་སྟེ་ཚར་གཅིག་བཀླག༔ བདེ་གཤེགས་མཚན་བསྒྲག་ཞིང་གི་སྨོན་ལམ་གདབ༔ དེ་ལྟར་ཀློག་ཚུལ་རྣམས་ཀྱང་ཐོགས་རྡུགས་མེད༔ སྙན་དག་སྒྲ་ཟུར་མ་ཉམས་ཤིན་ཏུ་གཅེས༔ དེས་ནི་གང་ཟག་རབ་འབྲིང་ཐ་རིམ་བཞིན༔ གྲོལ་བར་འགྱུར་ལ་ཐ་མའང་ངན་སོང་མེད༔ དེ་ལྟར་ལུས་གནད་ལ་སོགས་མ་འགྲུབ་ཀྱང༔ གང་ཡང་འགྲོ་བ་འཆི་ཁར་བབས་པའི་ཚེ༔ བསྟན་རྒྱུད་ཚར་གཅིག་ཐོས་པར་གང་གྱུར་པ༔ ངན་འགྲོའི་སྒོ་ཁེགས་ཐར་ལམ་ཡོན་ཏན་ཐོབ༔ དེ་ཕྱིར་སེམས་བསྐྱེད་ལྡན་པས་ནན་ཏན་བྱ༔ ཞེས་གསུངས་པ་ལྟར་བཏགས་པ་ཙམ་གྱིས་ཆོག་པར་མི་འཛིན་པར་ཐོས་ངེས་པར་བཀླག་པ་གལ་ཆེ། བཏགས་གྲོལ་དུས་རྒྱུན་འཆང་བ་ཡིན་ན་ཡིག་འབྲུ་སོགས་དྲོད་ཀྱིས་ཆུད་ཟོས་སུ་འགྱུར་སྲིད་པས་སྔར་ཡུན་གྱི་བཙས་སུ་བཞག་པ་དེའང་བླངས་ལ་གདགས། རྒྱུན་བཏགས་མེད་ན་གསར་དུ་བཏགས་ལ་གཉིས་ཀའང་དར་རས་ཀྱི་སྐུད་པ་ལ་སོགས་པས་བཅིངས་ནས་དབུ་ཞབས་མ་ལོག་པར་དབུགས་ཡོད་ངེས་པའི་ཚེ་སྐྱེས་པའི་མཆན་ཁུང་གཡོན་དང་བུད་མེད་ཀྱི་གཡས་པ་ལྟ་བུའམ། གང་ལའང་མགུལ་ལམ་སྤྱི་བོར་བཏགས་ཀྱང་ཆོག །དབུགས་ལ་སླེབ་ངེས་མ་བྱས་ན་ཕན་པ་མེད་པས་དབུགས་ལ་སླེབ་ངེས་པར་བྱ། འཆི་བའི་སེམས་སྐད་ཅིག་མས་ཡར་མར་གང་ལའང་འཕེན་ཤུགས་ཀྱི་སྟོབས་ཤིན་ཏུ་ཆེ་བའི་ཕྱིར་མཚམས་སྦྱོར་བཟང་པོ་གནད་ཤིན་ཏུ་ཆེ་བས། གནད་གཅོད་ཆུང་། འདུན་སྟངས་བཟང་ན་བཏགས་གྲོལ་གྱི་ཕན་ཡོན་བཤད་ལ་སྤྲོ་བ་བསྐྱེད། འདུན་སྟངས་ཞན་པ་ལའང་དལ་བུས་བློ་བྲིད་ལ་དགེ་བློའི་བསྐུལ་མ་གདབ་ཅིང་དད་མོས་བསྐྱེད་དུ་གཞུག་ལ་གདགས། མཆོག་དམན་གང་ཡང་དབུགས་ཆད་ནས་བེམ་རིག་བྲལ་ངེས་པའི་རྟགས་མ་བྱུང་བར་དུ་མི་བསྒུལ་བ་ལེགས་ཤིང་ཐ་ནའང་དྲོད་ཡལ་ཡལ་བར་དུ་མི་རེག །ཁྱད་པར་ཉམས་ལེན་འཕྲོ་ཅན་གྱི་གདུང་ནི་ཉིན་ཞག་ཕྲུགས་གཅིག་གི་བར་གཏན་ནས་བསྐུལ་བསྐྱོད་མི་བྱ་བར་རང་ལུགས་སུ་ཇི་ལྟར་གནས་པ་དེ་གར་བཞག་ནས་ཉམས་མྱོང་ཡོད་པས་ངོ་སྤྲོད་གསལ་འདེབས་བྱེད་པ་ལེགས་ཀྱི། ཆོས་བརྒྱད་ངོམ་པའི་ཕྱིར་ཐུགས་དམ་བཅོས་པ་སོགས་ ལ་སྙིང་པོ་མེད། བསྲེག་ནའང་ཞག་བདུན་ནམ་ལྔའམ་གསུམ་ལས་སྔ་བར་བསྲེག་མི་རུང་། བསྲེག་པའི་རིགས་ལ་བཏགས་གྲོལ་ཉིད་ཚར་གསུམ་བཀླག་པར་གསུངས་ཀྱང་མ་འགྲུབ་ན་ཚར་གཅིག་ངེས་པར་བཀླག །རོལ་མོ་བསྒྲག་ཅིང་དཀྲིས་ཕུད་ལ་གླེགས་བམ་རིགས་ཞལ་ནང་བསྟན་གྱིས་སྙིང་གར་བུར་སྦྲང་མར་སོགས་ཀྱི་ལྡེ་གུས་སྦྱར་བར་གསུངས་པ་ལྟར་རམ་དཀྲིས་ཀྱིས་ལྷན་ཅིག་བསྡམ། ཤོག་དྲིལ་ཡིན་ན་ཚར་གཅིག་བཀླགས་ཏེ་མགོ་ལ་དཀྲི། འཁོར་ལོ་གླེགས་བམ་དང་མཚུངས། དགོངས་འདུས་དཀར་པོ་གཅིག་ཐུབ་ནི་རང་གཞུང་ལྟར་ལེའུ་དང་པོ་སྤྱི་གཙུག །གཉིས་པ་ཕྲག་པ་གཡས། གསུམ་པ་གཡོན། བཞི་པ་མགྲིན་པ། ལྔ་པ་རྩིབ་ལོགས་གཡས། བདུན་པ་གཡོན། དྲུག་པ་སྙིང་གར་ཞལ་ནང་བསྟན་རྒྱུད་ཀྱི་ལེའུ་རེ་རེ་བཞིན་བཀླགས་ཤིང་རོལ་མོ་བསྒྲག་པ་དང་ལྷན་ཅིག་སྦྱར། གང་ཟག་མཆོག་གི་གདུང་རྒྱུན་བཞག་ལའང་དེ་ལྟར་བྱས་ན་ཉེས་པ་མེད་པའི་སྟེང་འབྲེལ་གྲོལ་གྱི་ཕན་ཡོན་འབྱུང་བར་ངེས་ཤིང་། དུར་དུ་སྦེད་དགོས་པ་གཞན་དང་རི་ལ་སྐྱེལ་བའི་རིགས་ལ་དུར་ཐོག་ཏུ་སླེབ་ནས་རོ་གན་རྐྱལ་དུ་བཞག་པའི་སྙིང་གར་ཞུན་མེས་བསྲེག །དེའི་ཚེ་བཏགས་གྲོལ་ངེས་པར་བཀླག་དགོས་པས་རྒྱུད་སོགས་འདོན་ནས་བསྲེག །ཅིས་ཀྱང་མི་འགྲུབ་ན་བཏགས་གྲོལ་གྱི་སྔགས་སྤྱི་དང་། བྱེ་བྲག་བོ་དྷི་ཙིཏྟ། འབྲུ་དྲུག །ཡིག་བརྒྱ། དབྱངས་གསལ། རྟེན་སྙིང་རྣམས་བཟླ་བཞིན་དུ་བསྲེག་པའི་ཐལ་བ་ཞུན་མར་དང་སྦྱར་ཏེ་སྤྱི་བོ་སོགས་གནས་ལྔར་བྱུག །ཐོད་པ་སོགས་གནས་ལྔའི་རུས་ཐལ་དུང་ངམ་དངུལ་དང་བསྲེས་ཏེ་བཏགས་གྲོལ་རྒྱུད་བྲིས་པ་དབེན་པའི་གནས་སུ་བཞག་ན་བསྐལ་པ་གྲངས་མེད་པའི་སྒྲིབ་པ་བྱང་ཞིང་སངས་རྒྱས་ཐོབ་པར་གསུངས་པས་བསྲེག་གཏོར་གཉིས་ཀར་འགྲུབ་ན་གལ་ཆེ་བར་སྣང་ངོ་། ༈ །བདུན་པ་གྲོལ་ཚད་ཀྱི་རྟགས་དང་མཚན་མ་འབྱུང་ཚུལ་ནི་རྒྱུད་གཞུང་ལས་རྒྱས་པར་གསུངས་ཀྱང་འདིར་ཉེ་བར་མི་མཁོ་བས་མ་བྲིས་ལ། འབྱུང་བར་ཐེ་ཚོམ་ནི་མི་སྣང་སྟེ། ཉམས་ལེན་ཡོད་པ་དང་ལས་འཕྲོ་ཅན་འགའ་ལ་བཏགས་གྲོལ་གྱིས་གདུང་རིགས་དང་། འཇའ་འོད་མཚན་མ་བྱུང་བ་མང་དུ་མཐོང་བའི་ཕྱིར་རོ། ༈ །བརྒྱད་པ་དམ་ཚིག་ནི། གཞུང་ལས། བཏགས་གྲོལ་ཡིག་འབྲུ་ཆད་ལྷག་མ་ཤོར་དང༔ ལྟེབ་དྲིལ་འཆང་དུས་དབུ་ཞབས་མ་ལོག་ཅིང༔ ཡིག་འབྲུ་མ་ཉམས་རླན་གྱིས་མ་གོས་བྱ༔ བྲིས་ནས་ཡུན་དུ་མ་འགྱང་རབ་གནས་ཤིང༔ རབ་གནས་བྱས་ནས་གཞན་ལག་མི་བརྒྱུད་དང༔ རྗེན་པ་མ་ཡིན་ས་ལ་མི་བཞག་གཅེས༔ འཆི་བའི་དུས་སུ་དབུགས་ལ་སླེབ་དགོས་པས༔ དབང་བསྐུར་གྲུབ་ནས་ལུས་ལ་མ་བྲལ་འཆང༔ གཞན་ལ་མི་བསྟན་ཡོད་ཅེས་བསྒྲག་མི་བྱ༔ ཤིན་ཏུ་གསང་བ་དམ་ཚིག་མཐར་ཐུག་ཡིན༔ བཏགས་གྲོལ་ལུས་ལ་ཡོད་པའི་མི་དེས་ཀྱང༔ དགེ་བ་གང་བྱས་ཁྲི་རུ་འཕེལ་བར་འགྱུར༔ དེ་བཞིན་སྡིག་པ་གང་བྱས་འབུམ་དུ་འགྱུར༔ དེ་ཕྱིར་མི་དགེ་སྤངས་ཤིང་དགེ་ལ་འབད༔ གར་འཆི་མི་ཤེས་ནམ་ཡང་འབྲལ་མི་བྱ༔ ཞེས་དང་། བཏགས་གྲོལ་ལུས་གནས་ཕལ་ལ་ཕྱག་མི་བྱ༔ གཞན་ལ་འཆང་མཐོང་དེ་ལ་གུས་ཕྱག་འཚལ༔ འདི་ལྡན་རོ་དེ་རྒྱལ་བའི་གདུང་ཡིན་པས༔ བསྐྱལ་ལམ་སྦེད་དམ་བཞུ་བ་གང་བྱེད་དེར༔ བརྙས་པར་མི་བྱ་བཀུར་སྟིའི་ཚུལ་གྱིས་སོ༔ ཞེས་དང་། གང་ཞིག་འདོད་གདུང་ཅན་གྱིས་འདི་དག་གི༔ གཤིན་རོ་བཏགས་གྲོལ་ཕྲལ་ནས་བཅངས་གྱུར་ན༔ མི་དེ་བསྐལ་པ་ཐེར་འབུམ་ཐར་ལམ་ཆད༔ ལོག་ལམ་ཞུགས་ནས་དུཿཁ་མྱོང་ཞེས་གསུངས༔ དེ་ཕྱིར་ཚེ་འདས་བཏགས་གྲོལ་རང་རྫོགས་པ༔ ཉིད་དུས་བཞུ་བར་བྱེད་པ་དམ་ཚིག་ཡིན༔ གཞན་ཡང་སྤྱི་དང་བྱེ་བྲག་ཁྱད་པར་གྱི༔ གསང་སྔགས་དམ་ཚིག་རྣམས་དང་མ་འགལ་བར༔ ལུས་ངག་ཡིད་གསུམ་ཚུལ་དང་ལྡན་པར་བྱ༔ དེ་ལྟར་གང་ལྡན་ཚེ་གཅིག་འཚང་རྒྱ་འོ༔ ཞེས་གསུངས་པ་ལྟར་དང༔ བཏགས་གྲོལ་བཏགས་ཡོད་པ་རྒྱུས་ཡོད་ཀྱིས་ཤེས་ནའང་རང་གིས་ཡོད་མི་སྨྲ་བ་ཤིན་ཏུ་གལ་ཆེ་བར་གསུངས་སོ། ཁྱད་པར་བཏགས་པས་གྲོལ་བར་ངེས་ཤེས་བསྐྱེད་པ་ལས་ཐེ་ཚོམ་སྐད་ཅིག་ཀྱང་མི་སྐྱེ་བ་དམ་ཚིག་གི་སྙིང་པོ་ཡིན་ཏེ། དུས་གནད་ལས། སྒྲིབ་བྱེད་ཉིད་དང་མ་བྲལ་བས༔ འདི་ལ་ཐེ་ཚོམ་སྐྱེ་བར་འགྱུར༔ དེས་ན་འདི་ཉིད་རྣམ་སྤངས་པས༔ འབྲས་བུ་གཏན་ནས་བརླགས་པ་ཡིན༔ ཞེས་གསུངས་ཏེ། བློ་ཆུང་དང་ལོག་ལྟ་ཅན་གསང་སྔགས་བླ་མེད་སྤྱིའི་སྣོད་མ་ཡིན་པས་དེ་འདྲའི་རིགས་ལ་སྤེལ་ན་ལོག་ལྟ་དང་ཐེ་ཚོམ་དབང་གིས་ཕན་མི་ཐོགས་པའི་སྟེང་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བས་གསང་བར་གདམས་ཏེ། ཆོས་དྲེད་ལྟ་ལོག་ཅན་དང་མུ་སྟེགས་རིགས༔ བློ་ཆུང་རྒྱང་འཕེན་པ་ཡི་རིགས་རྣམས་ལ༔ རླུང་གི་ཕྱོགས་ཙམ་མི་བསྒྲག་བཀའ་རྒྱས་གདབ༔ ཅེས་སོ། །འོ་ན་དུད་འགྲོ་ལའང་བཏགས་པས་གྲོལ་བར་བཤད་པ་ཅི་ཡིན་ཞེ་ན། དེ་ལ་ཐེ་ཚོམ་དང་ལོག་ལྟའི་འདུ་ཤེས་མེད་པས་སོ། ༈ །དགུ་པ་ཕན་ཡོན་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུང་གི་སྤྲུལ་པ་ཉིད་ལ་ཡང༔ སྟོན་པའི་ཁ་དོག་གིས་བྲིས་ཤིང༔ མཆན་ཁུང་གཡོན་དུ་བཏགས་བྱས་ནས༔ དུས་གསུམ་ཀློག་དང་འཛིན་བྱས་ན༔ གདོན་མི་ཟ་བར་འཚང་རྒྱ་ངེས༔ རྒྱུད་འདི་མང་དུ་བཏགས་བཀླགས་ན༔ དེས་ཀྱང་གོང་མ་བཞིན་དུ་འགྱུར༔ ཞེས་སོགས་དང་། རྒྱུད་གཞན་རྣམས་ལས། ཨེ་མ་འདི་ནི་ཁྱད་པར་འཕགས༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ༔ དབང་པོ་རྣམ་ལྔ་འོན་གྱུར་ཀྱང༔ རྒན་གཞོན་ཕོ་མོ་དགེ་སྡིག་མེད༔ བག་ཆགས་བཟང་ངན་མེད་པས་ན༔ འདི་ཉིད་བཅངས་པས་སངས་རྒྱ་འོ༔ ཐ་མ་དབུགས་ལ་སླེབ་ཀྱང་གྲོལ༔ སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན༔ ཞེས་སོགས་དང་། དུས་གནད་ངེས་པ་ལས། འདི་ནི་བཅངས་པ་ཙམ་གྱིས་ཀྱང༔ སངས་རྒྱས་ཉིད་དུ་འགྱུར་བ་ལ༔ ཐེ་ཚོམ་ཟ་བ་ཅི་ཞིག་དགོས༔ གལ་ཏེ་བྱོལ་སོང་མགུལ་དུ་འདི༔ བཏགས་ན་དེ་ཉིད་གྲོལ་བས་ན༔ འགྲོ་བ་མི་རྣམས་སྨྲོས་ཅི་དགོས༔ ཨེ་མ་རང་བྱུང་ཡི་གེ་འདིས༔ སེམས་ཅན་གཞན་གྱི་དོན་བྱེད་ན༔ ཚེ་འདས་དེ་ཡི་སྤྱི་བོ་འམ༔ མགུལ་དུ་འདི་བཏགས་བསྲེགས་ན་ནི༔ དེ་ཉིད་གྲོལ་བ་སྨྲོས་ཅི་དགོས༔ མཚམས་མེད་ལྔ་པོ་སྤྱད་པ་ཡང༔ ཉན་ཐོས་རྣམས་དང་སྐལ་པ་མཉམ༔ ལུང་དུ་མ་བསྟན་སྐྱེ་བོ་རྣམས༔ བྱང་ཆུབ་སེམས་དཔའི་ས་དང་མཉམ༔ ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང༔ རྡོ་རྗེ་འཆང་ དང་མཉམ་པར་ངེས༔ ཞེས་དང་། བཏགས་གྲོལ་གྱི་གླེགས་བམ་ཕལ་ཆེར་ཚིག་མཐུན་པར། དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང༔ འདི་འཕྲད་ངན་སོང་ལྷུང་མི་སྲིད༔ ཆོས་མ་བྱས་ཀྱང་སངས་རྒྱ་བས༔ དེ་ཕྱིར་བཏགས་གྲོལ་ཞེས་བྱ་འོ༔ བྲིས་པས་མཐོང་ཚད་སངས་རྒྱ་འོ༔ བཀླགས་པས་ཐོས་ཚད་སངས་རྒྱ་འོ༔ བཅངས་པས་རེག་ཚད་སངས་རྒྱ་འོ༔ ཞེས་ཡང་ཡང་གསུངས་པ་དང་། སྲས་རྒྱུད་ཀྱི་ལེའུ་དང་པོ་ལས་ཤིན་ཏུ་རྒྱ་ཆེར་གསུངས་པས་མཚོན་ཆེ་བའི་ཡོན་ཏན་དྲང་དོན་ཙམ་མ་ཡིན་པར་ངེས་དོན་རང་བྱུང་རྡོ་རྗེའི་ཚིག་རྒྱ་ཆེར་འབྱུང་བ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་རྩེ་གཅིག་པས་འབྲི་བ་དང་། དུས་དང་རྒྱུན་དུ་ཀློག་པ་དང་། གཞན་ལ་བསྐུལ་བ་དང་། དམན་པ་ལོང་སྤྲང་དང་དུད་འགྲོ་སོགས་ལ་འཆི་ཁར་གདགས་ཤིང་རྣ་ལམ་དུ་སྒྲོག་པ་ལ་བརྩོན་པ་ཆེ་ཐང་དུ་བྱས་ན། འགྲོ་དོན་རླབས་སུ་ཆེ་བས་ཕན་ཡོན་ཚད་མེད་ཐོབ་ངེས་པ་ནི་ཀུན་བཟང་རྡོ་རྗེ་འཆང་གི་གསུང་ལ་བསླུ་བ་མི་སྲིད་པས་སོ། ༈ །བཅུ་པ་འདི་ལ་བརྟེན་ནས་ལས་བྱེ་བྲག་པ་སྒྲུབ་པའི་ཚུལ་རྣམས་ནི་བི་མ་ལའི་སྙིང་ཐིག་གཙོར་གྱུར་སྙིང་ཐིག་གི་རྒྱུད་གཞུང་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །སྐལ་དམན་བློ་ངན་མུན་པ་སྟུག་དྲགས་ཀྱང་། །རྒྱལ་བའི་ཐུགས་རྗེའི་ཉི་མར་ཕྱོགས་ལྷུང་མེད། །འོན་ཀྱང་བྱང་བལྟས་ཕུག་པར་མི་འཛའ་བས། །སངས་རྒྱས་ཕྲིན་ལས་བློ་རུ་ཤོང་འཚལ་ལོ། །འབྲེལ་གྲོལ་བསྟན་པ་འདི་ཉིད་བབས་པའི་སྣོད། །ཕྱོགས་དང་རིས་མེད་འགྲོ་བ་ཀུན་གྱུར་ནས། །སྲིད་པ་རུ་ལྡོག་འཁོར་བ་གཏིང་ནས་སྤྲུགས། །གདོད་མའི་རྒྱལ་སར་ཕྱམ་གཅིག་གྲོལ་བར་ཤོག །ཅེས་པ་རང་གཞན་ལ་ཉེ་བར་མཁོ་ཞིང་སྐལ་བཟང་དོན་གཉེར་ཅན་ལ་ཕན་འདོད་ཀྱི་བློས། བླ་མ་དགོངས་འདུས་ཀྱི་སྤྱི་དོན་བཅུ་པ་ཉིད་ཁུངས་སུ་སྦྱར་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

རིགས་གསུམ་སྙིང་ཏིག་གི་ཐེག་དགུའི་སྒོམ་རིམ་གྱི་ཟིན་བྲིས་རྒྱུད་ལུང་མན་ངག་གི་སྙིང་པོ་རིག་པ་འཛིན་པའི་དགའ་སྟོན་ (Volume 59, Text 28)

༄༅། །རིགས་གསུམ་སྙིང་ཏིག་གི་ཐེག་དགུའི་སྒོམ་རིམ་གྱི་ཟིན་བྲིས་རྒྱུད་ལུང་མན་ངག་གི་སྙིང་པོ་རིག་པ་འཛིན་པའི་དགའ་སྟོན་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ནི་དྷི་ཡེ། གཞི་ལམ་འབྲས་གསུམ་ཡེ་ནས་དག་པའི་རྒྱུདྃ། །མཁྱེན་བརྩེ་ནུས་གཏེར་རིགས་གསུམ་མགོན་པོའི་ལུངྃ་། །མཆོག་གྱུར་གླིང་པའི་མྃན་ངྃག་ཟབ་མོའི་གཏེར། །ངེས་གསང་ཐེག་པའི་དགའ་སྟོན་འདི་ན་སྤེལ། །བླ་མ་དཀྱིལ་འཁོར་ལྷ་ཡིས་གནང་བ་སྩོལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བར་ཆད་སོལ། །བཀའ་སྲུང་དུད་སོལ་ལྷ་མོས་ཕྲིན་ལས་སྤེལ། །གཏེར་བདག་སྲུང་མས་སྟོངས་གྲོགས་ཤིས་པ་སྩོལ། །དེ་ལ་འདིར་ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་མགོན་པོའི་སྙིང་ཏིག་འདི་ཉིད་ཉམས་སུ་ལེན་པ་ལ། འཇམ་དཔལ་རྫོགས་པ་ཆེན་པོའི་འཕགས་པ་འཇམ་དཔལ་སྙིང་པོའི་རྒྱུད་ཀྱིས་ངོ་བོ་མདོར་བསྟན། གར་དབང་སྙིང་ཐིག་གིས་མཚན་ཉིད་ཞིབ་པར་གཏན་ལ་ཕབ། གསང་བདག་སྙིང་ཐིག་མན་ངག་གིས་ཉམས་སུ་ལེན་པ་ལ། འཇམ་དཔལ་སྙིང་པོའི་རྒྱུད་རྒྱས་པ་བཤད་པ་དང་། རྒྱུད་ལུང་མན་ངག་གི་རྒྱས་བཤད་གཉིས་གཞན་དུ་ཤེས་ཤིང་། འདིར་ཐེག་པ་རིམ་དགུའི་སྒོམ་རིམ་གྱི་རྣམ་གཞག་མདོར་བསྡུས་འཆད་པ་ལ། གསང་བདག་སྙིང་ཐིག་ལས། ལྷ་མི་ཉན་རང་བྱང་སེམས་གསུམ༔ མཚན་ཉིད་རྒྱུ་ཡི་ཐེག་པར་བཤད༔ བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད༔ དཀའ་ཐུབ་རིག་བྱེད་སྔགས་ཕྱི་པ༔ བླ་མེད་ཤིན་ཏུ་རྣལ་འབྱོར་གཉིས༔ ནང་པ་གསང་སྔགས་ཐུན་མོང་བ༔ ཁྱད་པར་ཡང་ཟབ་རྡོ་རྗེ་སྙིང༔ ཐེག་པ་ཀུན་གྱི་རྩེ་མོ་ཡིན༔ ཞེས་གསུངས་པ་ལྟར། མངོན་མཐོ་ལྷ་དང་མིའི་ཐེག་པ་དང་། ངེས་ལེགས་ཉན་ཐོས་རང་རྒྱལ་གྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་ནི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ཞེས་བྱ་སྟེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་གི་ལམ་ནས་འདྲེན་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ། བྱ་རྒྱུད་ཀྲི་ཡཱའི་ཐེག་པ། གཉིས་སྤྱོད་ཨུ་པའི་ཐེག་པ། རྣལ་འབྱོར་རྒྱུད་ཡོ་གའི་ཐེག་པ་གསུམ་ནི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་བྱ་སྟེ། ཕྱིའི་དཀའ་ཐུབ་ལ་བརྟེན་ཅིང་། ནང་གི་དེ་ཁོ་ན་ཉིད་རིག་པར་བྱེད་པའམ། ཁྲུས་དང་གཙང་སྦྲ་སོགས་བྲམ་ཟེ་རིག་བྱེད་སྨྲ་བ་རྣམས་དང་སྒོ་བསྟུན་པས་ན་དེ་སྐད་ཅེས་བྱའོ། །བསྐྱེད་པ་མ་ཧཱ་ཡོ་གའི་ཐེག་པ། ལུང་ཨ་ནུ་ཡོ་གའི་ཐེག་པ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་གསུམ་ནི་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་བྱ་སྟེ། སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕབ་སྟེ་ཉོན་མོངས་པ་ཡེ་ཤེས་སུ་དབང་བསྒྱུར་བས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་གསུངས་པ། དེ་དག་ཕྱི་ནང་གསང་གསུམ་དུ་འདུས་པའི་ཚུལ་སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་སོ། །དེ་དག་ཀྱང་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་ཁྲིད་ཀྱི་རིམ་པ་གཉིས་སུ་འདུའོ། །མདོ་རང་རྐང་ལ་དབང་མི་འབྱུང་བས་འགལ་ལོ་ཞེ་ན་མི་འགལ་ཏེ། འདི་ཉིད་ཨ་ནུ་ཡོ་ག་རང་གི་སྒེར་ཆོས་སྔགས་དང་འབྲེལ་བ་ཡིན་ཏེ།་་་འདི་དག་གི་འཐད་སྒྲུབ་རིག་འཛིན་སྔ་མ་རྣམས་ཀྱི་ཡིག་ཆ་ཡོད་པས་འདིར་མ་བྲིས།མཆན། ལུང་ཨ་ནུ་ཡོ་གའི་འདུས་པ་མདོ་དབང་ཆེན་པོ་དང་མཚུངས་པའི་ཕྱིར། སྨིན་གྲོལ་ཁྲིད་ཀྱི་རིམ་པ་རྣམས་ལའང་བཞི་སྟེ། གཞི་ལྟ་བས་གཏན་ལ་ཕབ་པ། ལམ་སྒོམ་པས་ཉམས་སུ་ལེན་པ། གྲོགས་སྤྱོད་པས་བོགས་འདོན་པ། སོ་སོའི་འབྲས་བུ་མངོན་དུ་འགྱུར་ཚུལ་ལོ།། ༈ །།དང་པོ་ལྷ་མིའི་ཐེག་པའི་ལྟ་བ་ནི། འཇིག་རྟེན་ཕ་རོལ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ལ། ལུང་གི་རྗེས་སུ་འབྲངས་ཏེ་གཏན་ལ་དབབ་པ་དང་། མན་ངག་གིས་ཚད་ལ་ཕབ་སྟེ་ཉམས་སུ་ལེན་ཚུལ་གཉིས་ལས། སྔ་མ་ནི་འདུས་མདོ་བཀའ་མའི་རྗེས་སུ་འབྲངས་ཏེ་ལུང་རིགས་ཀྱིས་རྒྱས་པར་དབྱེ་བའོ། །གཉིས་པ་མན་ངག་གིས་ཚད་ལ་ཕབ་སྟེ་ཉམས་སུ་ལེན་ཚུལ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། དང་པོ་མཚན་ཉིད་སྡེ་གསུམ་གྱི༔ སྔོན་དུ་འགྲོ་བ་ལྷ་མི་ཡིས༔ མདུན་དུ་དཀོན་མཆོག་གསུམ་དམིགས་ནས༔ དེ་ལ་རྩེ་གཅིག་ཡིད་གཏད་ཅིང༔ རྣམ་པ་ཀུན་ཏུ་འབྲལ་མེད་བསྒོམ༔ འཇིགས་པ་གང་གིས་ཚུགས་མི་འགྱུར༔ མདུན་གྱི་རྟེན་ལ་སེམས་གཏད་དེ༔ གཞན་དུ་མི་གཡེང་ཞི་གནས་བསྒོམ༔ བདེ་གསལ་མི་རྟོག་ཉམས་ཤར་ནས༔ འཇིག་རྟེན་པ་ཡི་བསམ་གཏན་འགྲུབ༔ ས་མ་ཡ༔ ཞེས་གསུངས་པའི་སྒོམ་ལ། ལྷ་མིའི་ཐེག་པར་འདུས་མདོ་བཀའ་མ་ལྟར་ན། ངན་སོང་སྦྱོང་བའི་ལྷ་ཀུན་རིག་རྣམ་པར་སྣང་མཛད། ལས་སྒྲིབ་སྦྱོང་བའི་ལྷ་མི་འཁྲུགས་པ་དང་། དུས་བཟང་གི་ལྷ་གསུམ་ཞེས། ནད་ཀྱི་བསྐལ་པ་ཞི་བྱེད་ཚེས་བརྒྱད་སྨན་བླ། མཚོན་གྱི་བསྐལ་པ་ཞི་བྱེད་ཉའི་སྣང་བ་མཐའ་ཡས། མུ་གེའི་བསྐལ་པ་ཞི་བྱེད་སྟོང་གི་ཤཱཀྱ་ཐུབ་པ་དང་ལྔ་སྒོམ་པ་ཡིན་ཀྱང་། འདིར་འཇམ་དཔལ་ལ་མགོན་པོ་ཀུན་གཟིགས་སྐུ་མདོག་དམར་སེར་ཉི་མའི་གཟི་འོད་ལྟར་འབར་བ་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་ཅན་ཆགས་བྲལ་མཆོག་གི་སྤྲུལ་སྐུའི་ཆ་ལུགས་དང་ལྡན་པ། གར་དབང་སྤྱན་རས་གཟིགས་ལ་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་གསེར་མདོག་མཆོག་སྦྱིན་མཉམ་གཞག་མཛད་པ་སྤྲུལ་སྐུའི་ཆས་ཅན། གསང་བདག་ལ་རྡོ་རྗེ་འཆང་སྤྱི་ལྟར་བསྒོམས་པའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་བསྒོམ་པ་ཡིན་ཅིང་། གོང་བཤད་ཀྱི་ལྷ་ལྔ་པོའང་སྒོམ་པར་འདོད་ན། མདུན་དུ་རྣམ་སྣང་དང་མི་འཁྲུགས་པ། ལྷོ་སྟེ་གཡས་སུ་ཤཱཀྱ་ཐུབ་པ། ནུབ་སྟེ་རྒྱབ་ཏུ་སྣང་བ་མཐའ་ཡས། བྱང་སྟེ་གཡོན་དུ་སྨན་བླ་བསྒོམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྲོ། དེ་ཉམས་སུ་ལེན་པ་ལ་དོན་དྲུག་གིས་སྟོན་ཏེ། གང་ལ་སྐྱབས་སུ་འགྲོ་བ། གང་གིས་འགྲོ་བ། ཚུལ་ལམ་ཐབས་ཇི་ལྟར་དང་། དངོས་གཞི་དབྱེ་བ་དང་བཅས་པ་དང་། སྐྱབས་སུ་མ་སོང་བའི་སྐྱོན་ནམ་ཉེས་དམིགས། སོང་བའི་ཕན་ཡོན་ནོ། །དང་པོ་གང་ལ་འགྲོ་བའི་ཡུལ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མོ། །གཉིས་པ་གང་ཟག་གང་གིས་འགྲོ་ན་མོས་པ་གུས་པ་དད་པ་གསུམ་དང་ལྡན་པས་སྐྱབས་སུ་འགྲོ་བའི་ཡུལ་དེ་རྣམས་ཀྱི་ཡོན་ཏན་དྲན་པ། བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་ཅིང་། ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་སྐྱབས་སུ་འགྲོ་བའོ། །གསུམ་པ་ཐབས་ཚུལ་ཇི་ལྟར་འགྲོ་སྙམ་ན། འདུ་ཤེས་གསུམ་ལྡན་གྱི་གང་ཟག་གིས་ཆོས་བཞི་ལྡན་གྱི་སྒོ་ནས་འགྲོ་དགོས་ཏེ། དད་པ་དང་ལྡན་པ། ལས་དང་ལས་ཀྱི་རྣམ་སྨིན་ལ་འཛེམ་ཞིང་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་ཆེས་པ། དུས་རྟག་ཏུ་བླ་མ་བསྟེན་ཅིང་བླ་མ་ལ་གུས་པ། དེས་བསྟན་པའི་ཆོས་ལ་ཐེ་ཚོམ་མི་ཟ་བ་དང་བཞི་འོ། །བཞི་པ་དངོས་གཞིའམ་དབྱེ་བའི་དབང་དུ་བྱས་ན་དོན་གསུམ་སྟེ། སྤང་བྱ་དང་། བླང་བྱ་དང་། ཆོ་ག་དངོས་སོ། །དང་པོ་སྤང་བྱ་ནི། མདོ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འཚོལ་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་གཞན་ལ་ཕྱག་མི་བྱ། །ཞེས་སོ། །གཉིས་པ་བླང་བྱ་ལ། ཐུན་མོང་སྤྱིའི་བླང་བྱ་དང་། ཁྱད་པར་གྱི་བླང་བྱ་གཉིས་ལས། དང་པོ་ནི། དུས་རྟག་ཏུ་བྱ་སྤྱོད་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་གྱི་ཡོན་ཏན་འབའ་ཞིག་དྲན་པར་བྱའོ། །གཉིས་པ་ཁྱད་པར་གྱི་བླང་བྱ་ནི། དཀོན་མཆོག་སོ་སོར་གུས་པ་བསྐྱེད་ཅིང་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། མཆོད་པ་དང་། དགེ་འདུན་ལ་ཞབས་ཏོག་བསྙེན་བཀུར་དད་གུས་བྱ་བའོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཆོ་ག་དངོས་ལ་ཕྱི། ནང་། གསང་བ། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་སྐྱབས་སུ་འགྲོ་བ་དང་བཞི་ལས། དང་པོ་ནི། མདོ་སྡེ་ཁང་བུ་བརྩེགས་པ་ལས། སངས་རྒྱས་ལྟ་བུའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་ལྟ་བུའི་ཞིང་ས་མེད། །དེས་ན་གསུམ་ལ་བསྙེན་བཀུར་བྱ། །ཞེས་སོ། །གཉིས་པ་ནང་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ། དེའང་བླ་མ་ཁོ་ན་ལ་འདུས་ཏེ། གསང་འདུས་ལས། བླ་མ་དང་ནི་རྡོ་རྗེ་འཆང་། །ཐ་དད་དུ་ནི་མི་ལྟ་འོ། །ཞེས་སོ། །གསུམ་པ་གསང་བ་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་ངང་ལ་གནས་པ་ལའང་སྐྱབས་འགྲོར་བཞེད་དེ། ལྟ་བ་དབྱིངས་དང་ཡེ་ཤེས་དབྱེར་མེད། སྒོམ་པ་ཏིང་ངེ་འཛིན་ལ་སྲན་ཚུགས་པ། སྤྱོད་པ་བདག་གཞན་དོན་གྲུབ། འབྲས་བུ་སྐུ་ལྔ་ལྷུན་གྲུབ། དེའི་ངང་ལས་མི་འདའ་མི་ཡེང་། མི་འགྱུར་བར་ཉམས་སུ་ལེན་པའོ། །བཞི་པ་དངོས་གཞི་དབྱེ་བ་དང་བཅས་པ་ནི། གཞི་གནས་ལུགས། ལམ་རང་གནས། སྤྱོད་པ་རང་ཤར། འབྲས་བུ་རང་གྲོལ། དེ་ལས་མི་འདའ་བར་ཉམས་སུ་ལེན་པའོ། །ལྔ་པ་སྐྱབས་སུ་མ་སོང་བའི་སྐྱོན་ནི། འདི་དག་དང་མི་ལྡན་ན་ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད། རྩ་བ་གསུམ་གྱི་བྱིན་རླབས་མི་འཇུག །འདུལ་སྡོམ་དང་དམ་ཚིག་རྣམས་ཀྱི་རྟེན་མེད་པར་འགྱུར་རོ། །དྲུག་པ་སོང་བའི་ཕན་ཡོན་ནི། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཡོན་ཏན། ནང་པ་སངས་རྒྱས་པའི་སྡེ་ཚན་དུ་ཚུད་པ། འཇིགས་པ་གང་གིས་ཀྱང་མི་ཚུགས་པ། ལམ་ལོག་པར་མི་འགྱུར་ཞིང་ངན་སོང་གསུམ་དུ་མི་སྐྱེ་བ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ། རྩ་བ་གསུམ་གྱི་བྱིན་རླབས་འཇུག་པ་སོགས་ཡོན་ཏན་མང་ངོ་། །གོང་དུ་གསང་བདག་སྙིང་ཐིག་གི་རྩ་ཚིག་མན་ངག་ཚད་ལ་ཕབ་སྟེ་ཉམས་སུ་ལེན་ཚུལ་ལས་མདུན་རྟེན་ལ་སེམས་གཏད་དེ་ཞི་གནས་སྒོམ་པའི་ཚུལ་གསུངས་པ་དེ། ལང་ཀར་གཤེགས་པ་ལས། ཚངས་པའི་ཐེག་པར་གསུངས་པ་དང་དོན་གཅིག་སྟེ། བྲཧྨའི་སྒྲ་ལས་ཚངས་པ་དང་། གཙང་བ་དང་། དག་པ་ལ་འཇུག་པས་འདོད་པའི་ཉོན་མོངས་པས་གཙང་བའམ། དག་ཅིང་ཚང་བས་ན། སྒྲ་ཡངས་པའི་དབང་དུ་བྱས་ཏེ། ཁམས་གོང་མའི་ལྷ་གཟུགས་ཁམས་གནས་རིགས་བཅུ་བདུན་དང་། གཟུགས་མེད་ཁམས་པའི་གནས་བཞི་སྟེ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལ་ཚངས་པའི་སྒྲས་བརྗོད་ཅིང་། དེར་བགྲོད་པའི་ལམ་འཁོར་བཅས་ལ་ཚངས་པའི་ཐེག་པ་ཞེས་བྱའོ། །དེའང་ཞི་གནས་དང་། རང་གི་ས་འོག་མ་ལ་རགས་པར་ལྟ་ཞིང་། རང་ས་ལ་ཞི་བར་ལྟ་བའི་ལྷག་མཐོང་སྒོམ་པའི་སྟོབས་ཀྱིས་ས་འོག་མའི་ཉོན་མོངས་སྤངས་ཤིང་གོང་མར་སྐྱེ་བའོ། །བསམ་གཟུགས་གཉིས་ནི་ཚངས་པའི་ཐེག་པ་དངོས་དང་། ཚད་མེད་བཞི་དང་། འཇིག་རྟེན་པའི་མངོན་ཤེས་ལྔ་ནི་ཚངས་པའི་ཐེག་པའི་ཡོན་ཏན་ཁྱད་པར་ཅན་ནོ། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་ཚུལ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། མི་དགེ་བཅུ་སྤངས་ཕ་རོལ་ན། །དགེ་བཅུ་བྱ་བ་ལོགས་ན་མེད། །ཅེས་པ་ལྟར་རོ། །གཞན་ཡང་ལུས་ཀྱི་ལས་ཕྱག་བསྐོར་དང་། ངག་གི་བསྟོད་པ་སོགས་དང་། ཡིད་ཀྱིས་གཞན་ལ་ཕན་འདོད་ཀྱི་སེམས་དགེ་བ་ལ་སོགས་པའོ། །བཞི་པ་སོ་སོའི་འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས་གླིང་བཞིའི་མི་དང་། འདོད་ལྷ་རིགས་དྲུག་སྟེ་འདོད་ཁམས་ཀྱི་མཐོ་རིས་གནས་བཅུར་སྐྱེ་བའོ། །ཞར་བྱུང་འཕྲོས་དོན་ལྷ་མིའི་ཐེག་པའི་སྐབས་འདིར་ཁྱིམ་པ་ཡིན་ན་གནས་འཇོག་གི་མདོ་ལྟར་བསྙེན་གནས་ལེན་པ་དང་། རབ་ཏུ་བྱུང་བའི་དགེ་ཚུལ་སློང་ཡིན་ན་དོན་ཞགས་ལྟར་ཐེག་ཆེན་གསོ་སྦྱོང་ལེན་པ་གལ་ཆེ། བསྙེན་གནས་ལེན་པའི་ཡུལ་བྱེ་བྲག་སྨྲ་བ་ལྟར་ན་དགེ་སློང་ལས་ལེན་པ་དང་། སྐྱེ་བའི་ཡུལ་ལམ་རྟེན་གླིང་གསུམ་གྱི་སྐྱེས་པ་བུད་མེད་དགོས་ཤིང་། ཟ་མ་མ་ནིང་དང་སྒྲ་མི་སྙན་པ་རྣམས་ལ་མི་སྐྱེ་བར་བཞེད། མདོ་སྡེ་པ་ལྟར་ན། མདོ་སྡེ་པ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་དགེ་བསྙེན་སོགས། །གང་ཡང་རུང་ལས་བླང་བར་བཤད། །ཅེས་གསུངས་པ་ལྟར་རོ། །ཐེག་ཆེན་གསོ་སྦྱོང་ལ་ངེས་པར་སྡོམ་རྒྱུན་དང་ལྡན་པ་ལས་ལེན་དགོས་པ་མ་གཏོགས་སོ་ཐར་ཐོབ་པ་རྒྱུ་མཚན་དུ་བྱས་ནས། བསྙེན་གནས་ལྟར་གཞན་ལ་འབོགས་ཆོག་མི་རུང་བར་ཤེས་དགོས། དང་པོ་སྡོམ་རྒྱུན་དེ་ཐོབ་ནས་རང་གིས་ལེན་དགོས་པ་དང་གཞན་ལ་འབོགས་པ་སོགས་བྱང་སྡོམ་དང་འདྲ་བ་སྟེ། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས། དོན་ཡོད་ཞགས་པའི་རྟོག་པ་ལས། །བསྙེན་གནས་རང་གིས་ལེན་པ་ཡི། །ཆོ་ག་སེམས་བསྐྱེད་འདྲ་བར་གསུངས། །ཞེས་སོ། །བཤེས་སྤྲིང་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །ཅེས་གསུངས་པ་ནི། ལྷའི་གོ་འཕང་ཁྱད་པར་བ་ལ་ཡང་དག་པར་བླངས་པ་ལས་བྱུང་བའི་ཚུལ་ཁྲིམས་ངེས་པར་དགོས་པ་ལ་དགོངས་ཏེ། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོ། །ཙམ་པོ་བ་ལ་གོང་བཤད་ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ཀྱིས་འགྲུབ་པའོ། །འདི་དག་ནི་སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་བཞག །ཅེས་གསུངས་པ་ལྟར་འཇིག་རྟེན་པའི་ཐེག་པའམ། སོར་བཞག་ལྷ་མིའི་ཐེག་པ་ཞེས་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར། ཡང་དག་པའི་ལྟ་བས་མ་ཟིན་པ་དང་། དངོས་གཞི་དགེ་བཅུའི་ལས་ལ་མི་སྤྱོད་པའི་ཐེག་པ་ནི་ནང་པ་སངས་རྒྱས་པ་ལ་མི་འབྱུང་ངོ་། །དགྱེས་པ་རྡོ་རྗེ་ལས་ཀྱང་། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་སོ། །དེ་ཡང་མངོན་མཐོའི་ཐེམ་སྐས་ལ་འཛེགས་ནས་ངེས་ལེགས་རྣམ་པར་གྲོལ་བའི་ཁང་བཟང་དུ་འཇུག་དགོས་པ་ནི། རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལྟར་རོ།། ༈ །།གཉིས་པ་ཐེག་དམན་ལ་ཉན་རང་གཉིས་ལས། ཉན་ཐོས་ཀྱི་ལྟ་བ་ནི། ཆོས་བདག་གཟུང་འཛིན་དོན་དམ་དུ་ལྟ་ཞིང་འཁོར་འདས་བདེན་བཞིའི་རྒྱུ་འབྲས་ལ་བླང་དོར་དུ་འཛིན་པ་སྟེ། བུདྡྷ་གུ་ཧྱའི་ལམ་རིམ་ལས། གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོར་ཡོད་ལྟ་ཞིང་། །སྤང་དང་མི་སྤང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་ཡིན་ནོ། །ཞེས་སོ། །དེ་ལའང་བྱེ་མདོ་གཉིས་ཏེ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་པས། བྱེ་བྲག་སྨྲ་བས། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་ནེའུ་སེང་ལྟར་ཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲ་རབ་བར་དང་བཅས་པ་ཆ་ལྡན་སིལ་བུར་འདོད། མདོ་སྡེ་པས་རྡུལ་ཕྲ་རབ་འབྱར་ཡང་མ་འབྱར། བར་ཡང་མེད་པར་འབྲས་བུའི་ཕུང་པོ་ལྟར་འདོད་པ་ཉིད་དོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་ཚུལ་མན་ངག་གིས་ཚད་ལ་ཕབ་པ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། ཉན་ཐོས་རང་གི་སྨིན་དབྲག་ལ༔ རུས་པའི་ཐིག་ལེར་ཀེང་རུས་བསྒོམ༔ སྣང་བ་མི་སྡུག་པ་རུ་བསླབ༔ འཁོར་བར་འཆིང་བའི་གང་ཟག་བདག༔ ལུང་དང་རིགས་པས་མེད་པར་སྒྲུབ༔ འཁོར་བའི་རྩ་བ་རྩད་ནས་དབྱུང༔ ས་མ་ཡ༔ དེ་ལ་ཐོག་མར་རང་གི་དཔྲལ་བར་ཆུ་བུར་བྱུང་བ་དེ་རྡོལ་བ་ལ་བརྟེན་ཏེ། རུས་པའི་ཐིག་ལེ་ཡུངས་དཀར་ཙམ་ཞིག་བསྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་ཇེ་ཆེ་ལ་རང་གི་ལུས་ཀེང་རུས་རང་བཞིན་དུ་བསམ། དེ་དང་ཆ་མཐུན་པར་སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དཀྱིལ་འཁོར་དུ་བསམ། དེ་ཡང་དགོས་པ་ཅི་ཡོད་ན་ད་ལྟའི་ལུས་འདི་ཉིད་ཡུལ་རང་རྒྱུད་པ་ལ་བརྟེན་ན་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སྐྱེ་སྟེ། ཉོན་མོངས་འཁོར་བའི་རྒྱུ་ཡིན། དེས་འབྲས་བུ་སྡུག་བསྔལ་མྱོང་བ་ཡིན་ཏེ། དེའི་གཉེན་པོར་རུས་པའི་འཁོར་ལོ། ཡུལ་མི་སྡུག་པ་བསྒོམས་པས་ཉོན་མོངས་པ་ཆགས་སྡང་མི་སྐྱེ། ཀུན་འབྱུང་གི་ཉོན་མོངས་པ་རྩད་ནས་བཅད་པས་འབྲས་བུ་སྡུག་བསྔལ་རང་བཞིན་གྱིས་འགོག་པ་དེ་ཀ་ལམ་གྱི་བདེན་པ་ཡིན་ནོ། །འདི་སྐབས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ་ཞིང་བདག་མེད་སྒོམ་པ་ལས་མ་གསུངས་ཀྱང་ལྷའི་རྗེས་དྲན་བསྒོམ་པར་འདོད་ན་སྤྱན་རས་གཟིགས་པདྨ་གཙུག་ཏོར་གྱི་ཉན་ཐོས་ཐེག་པ་ལྟར་འདོན་སྒོམ་བཟླས་པ་རྣམས་བྱའོ། །མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །ཉན་ཐོས་ཚུལ་བཟུང་འཇམ་པའི་དབྱངས༔ ཞེས་པ་ཤཱ་རིའི་བུ་དང་། ཉན་ཐོས་ཚུལ་བཟུང་སྤྱན་རས་གཟིགས༔ ཀུན་དགའ་བོ་དང་། ཉན་ཐོས་ཚུལ་བཟུང་གསང་བའི་བདག༔ ནི་མོའུ་གལ་བུ་ཡིན་ལ། ཕྱག་མཚན་ཡང་། ཀུན་དགའ་བོ་བསིལ་ཡབ། ཤཱ་རིའི་བུ་རིན་པོ་ཆེ། མཽངྒལ་བུ་པདྨ་བསྣམས་པའོ། །གོང་དུ་བཤད་པའི་ལྟ་བས་གཏན་ལ་ཕབ་པའི་དོན་བདག་མེད་དེ་ཉིད་བསྒོམ་པར་བྱ་བ་སྟེ། ཇི་སྐད་དུ་ཡང་། འདི་ལྟར་སྣང་བ་འདི་ནི་སྒྱུ་མ་ཙམ། །ཡང་དག་ཉིད་ལ་ཡོད་པ་མ་ཡིན་ཏེ། །ཤིན་ཏུ་ཆད་ལྟར་གྱུར་ན་མི་རུང་བས། །ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་སོ། །དེའང་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་སོགས་ཞི་གནས་ཀྱི་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་བདེན་བཞི་མི་རྟག་བཅུ་དྲུག་སྒོམ་པས་ཉམས་སུ་ལེན་པར་བྱ་བ་ཉིད་དོ། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་པ་ནི། སོ་སོ་ཐར་པ་རིས་བདུན་གང་ལ་ཞུགས་པའི་བསླབ་བྱ་ལམ་དུ་ཁྱེར་ཞིང་། སྦྱངས་པའི་ཡོན་ཏན་ལ་གནས། ཉོན་མོངས་པ་དགྲ་དང་ཚེར་མ་ལྟར་སྤང་། དགེ་བཅུ་སྨན་དང་ཟས་ལྟར་ལེན་ཅིང་། འདུ་ཤེས་བཅུ་བརྟེན། འདུ་ཤེས་བཅུ་ནི། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས།་་་ཟོས་པས་ཕུང་བ། ༡ གོས་ལ་རྨ་དཀྲིས་ལྟ་བུའི་འདུ་ཤེས།་་་ཆོས་གོས་གསུམ་དང་མི་འབྲལ་བ། ༢ ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས།་་་རེག་པས་ཕུང་བ། ༣ ཁ་ཟས་ལ་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས།་་་སྲེད་པ་མི་བྱ། ༤ རྙེད་བཀུར་ལ་རྒྱ་དང་རྙི་ལྟ་བུའི་འདུ་ཤེས།་་་འཐུམ་པར་དོགས་ཏེ་བྱོལ། ༥ བླ་མ་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས།་་་མཆོད་ཅིང་གུས་པས་གསོལ་བ་བཏབ། ༦ ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས།་་་བདེ་བར་འགྲོ་བ། ༧ སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས།་་་དཀོན་ཞིང་བཟང་ལ་རྙེད་པ་དོན་ལྡན། ༨ ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས།་་་གཅེས་སྤྲས་ཀྱིས་ཉར་ཚགས་བྱ། ༩ ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་་་ཏིང་ངེ་འཛིན་ལ་བརྩོན་པ་མི་འདོར། ༡༠ དང་མི་འབྲལ་བར་བྱའོ། །བཞི་པ་འབྲས་བུ་མངོན་དུ་འགྱུར་ཚུལ་ནི། རྒྱུན་ཞུགས་དང་། ལན་གཅིག་ཕྱིར་འོང་དང་། ཕྱིར་མི་འོང་བ་སྟེ་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་དང་ལྡན་པའི་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་ཅིང་། འབྲས་བུ་བཞི་པོ་རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དེ། དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་ཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་ཅེས་བྱ་འོ།། ༈ །།གསུམ་པ་རང་རྒྱལ་གྱི་ལྟ་བ་ནི། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ།། ཞེས་གསུངས་པ་ལྟར། གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་རང་བཞིན་མེད་པར་རྟོགས་ཀྱང་། ད་དུང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་ལྟ་ཞིང་འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པས་ན་བདག་མེད་ཕྱེད་དང་གཉིས་རྟོགས་པ་ཞེས་བྱའོ། །སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་རྗེས་སུ་མཐུན། །ཞེས་སོ། །གཉིས་པ་ལམ་མན་ངག་གིས་ཚད་ལ་ཕབ་སྟེ་ཉམས་སུ་ལེན་ཚུལ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། རང་རྒྱལ་སྨིན་མཚམས་ཐིག་ལེ་ལ༔ གཅིག་ནས་བཅུ་གཉིས་བར་དག་ཏུ༔ རྟེན་འབྲེལ་གཟུགས་ཤར་རིམ་པར་བསླབ༔ ལུགས་འབྱུང་ལུགས་ལྡོག་སྒོམ་པ་ཡིས༔ ཆོས་རྣམས་རྟེན་འབྲེལ་ཉིད་དུ་འཆར༔ ཤེས་པ་ཆ་མེད་མ་གཏོགས་པ༔ ཆོས་ཀྱི་བདག་མེད་རྟོགས་པ་ཡིས༔ འཁོར་བའི་རྩ་བ་རྩད་ནས་གཅོད༔ ས་མ་ཡ༔ རང་གི་སྨིན་མཚམས་ནས་མདུན་ཕྱོགས་སུ་ཐིག་ལེ་དཀར་པོ་བཅུ་གཉིས་ཀྱི་ནང་དུ་མ་རིག་པ་རྒན་མོ་ལོང་བ། འདུ་བྱེད་རྫ་མཁན་གྱིས་རྫ་བཟོ་ཚུལ། རྣམ་ཤེས་ཁང་སྟོང་དུ་སྤྲེའུ། མིང་གཟུགས་གང་ཟག་གྲུར་ཞུགས་པ། སྐྱེ་མཆེད་གྲོང་ཁྱེར། རེག་པ་ཕོ་མོ་འོ་བྱེད་པ། ཚོར་བ་མིག་ལ་མདའ་ཟུག །སྲེད་པ་འོ་ཐུག་འཐུང་བ། ལེན་པ་མེ་ཏོག་འཐུ་བ། སྲིད་པ་མངལ་ཆགས་པ། སྐྱེ་བ་སྦྲུམ་སྐྱེ་བ། རྒ་ཤི་རྒུད་པ་ཤི་བའི་རོ་རྣམས་གསལ་བཏབ། དེ་དག་ནི་ལུགས་འབྱུང་བའི་རྟེན་འབྲེལ་ཡིན་ལ། དེ་ནས་རྒ་ཤི་སྐྱེ་བ་ལ་ཐིམ་པ་སོགས་ནི་ལུགས་ལྡོག་མྱང་འདས་ཀྱི་རྟེན་འབྲེལ་ཡིན་ལ། མཐར་མ་རིག་པ་དམིགས་མེད་ཀྱི་དབྱིངས་སུ་ཡལ་བའི་ངང་དུ་མཉམ་པར་བཞག །དེ་དག་གི་སྐབས་སུ་རྟེན་འབྲེལ་གྱི་གཟུགས་བསྒོམས་པས་སྐྱོ་ན་ལུགས་འབྱུང་ལ་ཐིག་ལེ་དམར་པོ་བཅུ་གཉིས་དང་། ལུགས་ལྡོག་ཏུ་ཐིམ་ཚེ་དཀར་པོ་རུ་བསྒྱུར་ཞིང་བསྟིམས་པས་ཆོག་པར་ངང་སྒོམ་ཁྲིད་ཀྱི་སྐབས་སུ་གསུངས། འདི་དག་རྟེན་འབྲེལ་ལམ་ཁྱེར་གྱི་མན་ངག་སྟེ། དེ་ཡང་ཕྱི་ནང་གི་རྟེན་འབྲེལ་གཉིས་ཏེ་ཕྱིའི་རྟེན་འབྲེལ་གྱི་འབྲས་བུ་ལས་ཤེས་ཏེ། འབྲས་བུ་དེ་ཅི་ལས་བྱུང་བརྟགས་པས་མེ་ཏོག་ལས་བྱུང་། དེ་འདབ་མ་ལས། དེ་མྱུ་གུ་ལས། དེ་ས་བོན་ལས་བྱུང་སྟེ་རྒྱུ་དང་འབྲེལ་བ་དྲུག །རྐྱེན་དང་འབྲེལ་བ་དྲུག་ནི། ནམ་མཁས་གོ་འབྱེད། ས་ཡིས་རྟེན་བྱེད། ཆུ་ཡིས་བསྡུས། མེས་སྨིན། རླུང་གིས་བསྐྱོད། དུས་ཀྱིས་མི་རྟག་པར་བསྒྱུར་ནས་་་དབྱར་རྒུན་སོགས་དུས་བཞིས་བསྒྱུར་ནས་འབྲས་བུ།བྱུང་བར་ཤེས་ཏེ་ཕྱིའི་རྟེན་འབྲེལ་ལོ། །ཤེས་རབ་ཆེ་བས་དུར་ཁྲོད་དུ་ཕྱིན་ནས་ཀེང་རུས་ཀྱི་ཕུང་པོ་ལ་བརྟགས་པས་ཤི་བ་ལས་བྱུང་བར་ཤེས། དེ་ན་བ་ལས། དེ་རྒས་པ་ལས། དེ་སྐྱེ་བ་ལས། དེ་སྲིད་པ་ལས། དེ་ལེན་པ་ལས། དེ་སྲེད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག་ལས། དེ་མིང་གཟུགས་ལས། དེ་རྣམ་ཤེས། དེ་འདུ་བྱེད། དེ་མ་རིག་པ། དེ་གང་ལས་བྱུང་བརྟགས་པས་མ་རྙེད་དེ། སྟོང་པར་རྟོགས་པས་སྟོང་ཉིད་དུ་ཤེས། རྒྱུ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་ལ་མ་རིག་པ་ནས་རྒ་ཤིའི་བར་བརྟགས་པས་འགྲོ་བའི་རྒྱུར་ཤེས་སོ། །རྟེན་འབྲེལ་མདོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་སོ། །ལྟ་བ་གང་ཟག་གི་བདག་མེད་དང་ཕྱིའི་གཟུང་ཡུལ་སྟོང་པར་རྟོགས། ནང་འཛིན་སེམས་ཉན་ཐོས་བཞིན་འདོད་པས་བདག་མེད་ཕྱེད་དང་གཉིས་རྟོགས་པ་སྟེ། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། འཛིན་པའི་སེམས་ནི་མ་སྤངས་ན། །གཟུང་བྱའི་ཡུལ་ནི་རྣམ་རྟོག་ཙམ། །རང་རྒྱལ་གྱི་ནི་ལྟ་བ་སྟེ། །ཉན་ཐོས་པ་ལས་ཁྱད་པར་འཕགས། །ཞེས་པ་ལྟར་གོང་བཤད་ལྟ་བས་གཏན་ལ་ཕབ་སྟེ་མཉམ་པར་བཞག་གོ །རྟེན་འབྲེལ་སྙིང་པོ་བཟླ་ཞིང་རྟེན་འབྲེལ་གྱི་ལམ་སྒོམ་པ་ལས། ལྷ་ལམ་ཁྱེར་མ་གསུངས་ཀྱང་སྤྲོ་ན་པདྨ་གཙུག་ཏོར་ལྟར་སྒོམ་བཟླས་གྲུབ་ན་ལེགས་པ་ཡིན་ནོ། །རང་རྒྱལ་ཚུལ་བཟུང་འཇམ་པའི་དབྱངས༔ ཞེས་པ། རང་རྒྱལ་ཤེས་རབ་མཆོག་ཆེན་ཟླ་ཚེས་བསྣམས་པ། སྤྱན་རས་གཟིགས་རང་རྒྱལ་གདུང་བ་སེལ་བ་བསིལ་གཡབ་ཐོགས་པ། ཕྱག་རྡོར་རང་རྒྱལ་རྫུ་འཕྲུལ་ཆེར་སྟོན་མེ་ཕུང་བསྣམས་པ། གསུམ་ཀ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་དབུ་ལ་གཙུག་ཏོར་ཅུང་ཟད་དང་བཅས་པའོ། །ཡང་ན་ཉན་ཐོས་རང་རྒྱལ་ཐམས་ཅད་འཁར་གསིལ་ལྷུང་བཟེད་ཅན་དུ་སྒོམ་ཡང་རུང་ངོ་། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་པ་ནི། གདུལ་བྱ་ལ་ངག་གིས་ཆོས་མི་གསུང་བར། ལུས་ཀྱི་རྫུ་འཕྲུལ་གྱི་བརྡས་དོན་བྱེད་པ་སྟེ། གཡུ་ཐང་ལས། སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པ་འོ། །ཞེས་སོ། །བཞི་པ་འབྲས་བུ་མངོན་དུ་འགྱུར་ཚུལ་ནི། དབང་རྣོན་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་ནི་ལམ་ལྔ་སྟན་ཐོག་གཅིག་ཏུ་རྫོགས་ནས། ཡིད་བཞིན་བདེ་བ་མཆོག་གི་ས་ཟད་མི་སྐྱེ་ཤེས་པའི་དགྲ་བཅོམ་མངོན་དུ་མཛད་དེ། དབྱིག་གཉེན་ཞབས་ཀྱི་མངོན་པ་མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །ནེ་ཙོ་ལྟ་བུ་ཁྱུས་བཞུགས་པ་ཚོགས་སྤྱོད་ཆེ་ཆུང་གཉིས་ནི། རིམ་པར་ལམ་བཞིའམ་གསུམ་མངོན་དུ་མཛད་དེ་འབྲས་བུ་མངོན་དུ་རྟོགས་པ་སྟེ། རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གིས་རིག་པས་རྟོགས། །བྱང་ཆུབ་སར་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ།། ༈ །།བཞི་པ་བྱང་སེམས་ཀྱི་ཐེག་པ་ལ། དང་པོ་གཞི་ལྟ་བས་གཏན་ལ་དབབ་པ་ནི། བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། བྱང་སེམས་སྣ་རྩེའི་ཐིག་ལེ་ལས། ཚད་མེད་སྤྲོ་ཞིང་བསྡུ་བ་ཡིས༔ སྙིང་རྗེ་ཆེན་པོ་རབ་ཏུ་བསྐྱེད༔ ཆོས་རྣམས་ཐམས་ཅད་བདག་མེད་པའི༔ དོན་དམ་དང་ནི་ཀུན་རྫོབ་ཀྱིས༔ ས་བཅུ་མཐའ་རུ་ཕྱིན་པར་འགྱུར༔ ས་མ་ཡ༔ རང་གི་སྣ་རྩེ་ནས་ཐིག་ལེ་ཡུངས་འབྲུ་ཙམ་ནམ་མཁས་གར་ཁྱབ་ཏུ་བསྒོམ། ནམ་མཁས་ཁྱབ་པ་ཙམ་དུ་སེམས་ཅན་གྱིས་ཁྱབ། སེམས་ཅན་དེ་དག་ལ་སྡུག་བསྔལ་གྱིས་ཁྱབ། དེ་ཐམས་ཅད་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་སྟེ། ཇི་སྐད་དུ་ཡང་། སྙིང་རྗེའི་རྒྱུ་ནི་བྱམས་པ་སྟེ།། དེ་སྡུག་བསྔལ་ལས་ཡང་དག་སྐྱེས། །ཞེས་དང་། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་པ་ལྟར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པས། ཡུལ་དཔོན་ཡུལ་རྩིས་བྱེད་པ་བཞིན་དུ་གཞན་དོན་ཁོ་ནར་ཡོངས་སུ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། ཐེག་ཆེན་དེ་དག་རྣམ་པ་མ་འགགས་པར་ཅིར་ཡང་སྣང་ལ། དོན་དམ་པར་གང་དུའང་མ་དམིགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་བཞག་པ་ནི་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟེ། ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཡེ་ཤེས་ངང་སྒོམ་ཆེན་པོ་འོ། །ཞེས་གསུངས་པའི་དོན་ནོ། །དེ་ཡང་སྒོམ་གྱི་དངོས་གཞི་སློབ་པའི་ལམ་བཞིར་བྱང་ཕྱོགས་སོ་བདུན་སྒོམ་པ་ཡིན་ཞིང་། བསྡུ་ན་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ལ་འཇུག་པའོ། །བདེན་གཉིས་འཇོག་སྐབས་དབྱེ་གཞི་ཤེས་བྱ་ཙམ་ལས། སྣང་ལུགས་ཀུན་རྫོབ་དང་གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་བ་སྟེ། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་ཞིང་ཡང་གྲུབ། །ཅེས་གསུངས་པ་ལྟར་རོ། །ལྷ་ལམ་ཁྱེར་དུ་རིགས་གསུམ་མགོན་པོ་སྒོམ་ཞིང་བྱང་སེམས་འཕེལ་བའི་སྔགས་བཟླའོ། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་པ་ནི། རྗེས་ཐོབ་ཀྱི་དུས་སུ་བདག་བས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་སྤྱོད་པ་ཕ་རོལ་ཕྱིན་པ་དྲུག་གམ་བཅུ་ལ་སྒྱུ་མ་ལྟར་སྤྱོད་པའོ། །བཞི་པ་རང་འབྲས་མངོན་དུ་འགྱུར་ཚུལ་ནི། ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ནས། མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རང་དོན་ཆོས་སྐུར་གྲོལ་ཏེ་གཞན་དོན་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡིན་ནོ། །དེ་དག་ཀྱང་སྒྱུ་འཕྲུལ་རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་སར་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་སོ།། ༈ །།ལྔ་པ་ཀྲི་ཡའི་ཐེག་པ་ལ། དང་པོ་ལྟ་བ་ནི། དོན་དམ་པའི་བདེན་པ་སེམས་དག་པའི་མཐའ་བཞི་དང་བྲལ་བ་འདི་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས་པ་དང་། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷ་ཡི་དཀྱིལ་འཁོར་དུ་བལྟ་ནས་སངས་རྒྱས་པར་འདོད་དེ། ཇི་སྐད་དུ། ཀུན་རྫོབ་སྣང་བ་རིགས་གསུམ་ལྷ། །རྗེ་དང་འདྲ་བ་གཙང་མས་གྲུབ། །དོན་དམ་དག་པའི་ཆོས་ཉིད་དོ། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། ཀྲི་ཡཱ་གནས་གསུམ་ཐིག་ལེ་ལ༔ འགོག་པའི་སྦྱོར་བ་ལ་བརྩོན་ཏེ༔ ཆོས་རྣམས་སྤྲོས་པའི་མཐའ་བཞི་བྲལ༔ རྒྱས་པར་སྒོམ་ཚུལ་དྲུག་སོགས་ཀྱིས༔ རིགས་གསུམ་གོ་འཕང་བླ་མེད་འགྲུབ༔ ས་མ་ཡ༔ འདི་ལ་སྒོམ་ཚུལ་རྒྱས་བསྡུས་གཉིས་ལས། དང་པོ་རྒྱས་པ་ལ། རང་གི་སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསྒོམ། དཀར་པོ་ལས་འོད་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད་ཅིང་ཚུར་འདུས་སྤྱི་བོར་ཐིམ་པས་འཇམ་དཔལ་སེར་པོ་རལ་གྲི་དང་པོ་ཏི་འཛིན་པས་མཚན་པར་བསམ། དམར་པོ་ལས་འོད་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་མགྲིན་པར་ཐིམ་པས་སྤྱན་རས་གཟིགས་དམར་པོ་པདྨ་འཛིན་པར་བསམ། མཐིང་ག་ལས་འོད་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་མཆོད། ཚུར་འདུས་སྙིང་ཁར་ཐིམ་པས་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པར་བསྒོམ། དེ་ལྟར་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ནས་སྤྱོད་ལམ་ཐམས་ཅད་ལྷ་གསུམ་གྱི་ངང་ལས་མི་་འདའ་བའོ། །དེ་ཙམ་སྒོམ་པར་མ་ནུས་ན། གཉིས་པ་བསྡུས་པའི་ལུགས་སུ། སེམས་འཕྲོ་རྒོད་ཤས་ཆེ་ན་སྙིང་གར་ཐིག་ལེ་སྔོན་པོ། བྱིང་བ་ཤས་ཆེ་ན་མགྲིན་པར་ཐིག་ལེ་དམར་པོ། ཤིན་ཏུ་རྨུགས་ན་ཐིག་ལེ་དཀར་པོའམ་སེར་པོ་བསྒོམ་པ་ནི་སེམས་འགོག་པའི་སྦྱོར་བ་སྟེ། མཉམ་བཞག་གི་སྐབས་སུ་ལས་དང་པོ་པ་ལ་འཆར་བདེ་བས་ན་བསྡུས་པའོ། །རྒྱས་པ་སྒོམ་ཚུལ་དྲུག་ནི། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་གསུངས་པ་ལྟར། ལྷ་ལམ་ཁྱེར་དུ་རིགས་གསུམ་མགོན་པོ་སྒོམ་ཞིང་བཟླས་པ་ལ་འབད་པར་བྱའོ། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་པ་ལ། བཟའ་བ་ཟས་ཀྱི་བྱ་བ་དཀར་གསུམ་མངར་གསུམ་བཟའ་ཞིང་། ཤ་ཆང་སྒོག་ཙོང་སྤང་བའོ། །བགོ་བ་གོས་ཀྱི་བྱ་བ་རས་ཁ་ཚར་མ་ཉམས་པ་གསར་པ་གྱོན། གཙང་སྦྲ་ཁྲུས་ཀྱི་བྱ་བ་ལ་བཞི་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་བ་རགས་པའི་བག་ཆགས་ལྟ་བ་རྟོགས་པས་འདག །བག་ལ་ཉལ་གྱི་བག་ཆགས་ཏིང་ངེ་འཛིན་གོམས་པས་འདག །སྤྱོད་ལམ་ཉམས་པའི་དྲི་མ་ལྷའི་དཀྱིལ་འཁོར་བསྡུ་ཞིང་ཡེ་ཤེས་པ་གཤེགས་པས་འདག །ཐ་མལ་གྱི་དྲི་མ་ཆུས་དག་པ་དང་བཞི་འོ། །ཇི་སྐད་དུ། ཐ་མལ་དྲི་མ་ཆུ་ཡིས་དག །ཆུ་ནི་སྔགས་ཀྱིས་འདག་པར་བྱའོ། །ཞེས་སོ། །དངོས་གྲུབ་རྟེན་གྱི་བྱ་བ། དངོས་གྲུབ་ཀྱི་རྟེན་ཡི་དམ་ལྷའི་སྐུ་གཟུགས་གཙང་སྦྲ་དང་ལྡན་པས་བཞེངས་པའོ། །འཇུག་པ་དུས་ཚོད་ཀྱི་བྱ་བ་ནི་གཟའ་སྐར་བཟང་པོ་ལའོ། །བཟླས་བརྗོད་སྔགས་ཀྱི་བྱ་བ་ནི་དེ་ཉིད་གསུམ་ལྡན་ཏེ། བདག་གི་དེ་ཉིད། ལྷའི་དེ་ཉིད། འཕྲོ་འདུའི་དེ་ཉིད་གསུམ་མོ། །སྤྱིར་བཏང་གི་དེ་ཉིད་བཞི་ནི། བདག །ལྷ། བཟླས་བརྗོད། བསམ་གཏན་གྱི་དེ་ཁོ་ན་ཉིད་བཞི་ལ་བཤད་དོ། །ཧེ་རུ་ཀ་གལ་པོ་ལས། གཟའ་སྐར་དུས་ཚིགས་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་སྤྱོད། །ཅེས་སོ། །བཞི་པ་རང་འབྲས་མངོན་དུ་འགྱུར་ཚུལ་ནི། ཧེ་རུ་ཀ་གལ་པོ་ལས། མི་ཚེ་བདུན་ནས་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་གསུངས་པ་ལྟར། དག་པ་མཐའ་བཞི་དང་བྲལ་བ་ཆོས་སྐུ། རིགས་གསུམ་མགོན་པོ་ལོངས་སྐུ། རིགས་ཀྱི་ཁྲོ་བོ་དང་ཕོ་ཉ་ལ་སོགས་པ་སྤྲུལ་སྐུ་སྟེ། རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་འགྱུར་བའོ།། ༼འདིའི་དབང་སྒྲུབ་བསྐུར་ནི་ལྟ་སྤྱོད་ཐེག་པ་གོང་འོག་དང་འབྲེལ་བས་གཏེར་གཞུང་དུ་མ་གསུངས་ཀྱང་། ཐེག་པ་རང་ཁྲིད་འདི་ཀྲི་ཡཱ་དང་སྦྲེལ་ནས་བྱས་ན་ལེགས་འདྲའོ། །མཆན།་་་དེ་ནས་གཉིས་སྤྱོད་ཨུ་པའི་ཐེག་པ་ལ། དང་པོ་ལྟ་བ་ནི། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡཱར་སྤྱོད་པ་འོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ལ། བདག་དམ་ཚིག་སེམས་དཔར་གསལ་བ་བདག་གི་དེ་ཁོ་ན་ཉིད། མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་གསལ་བ་ལྷའི་དེ་ཁོ་ན་ཉིད། དེ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཏྲཱཾ་སེར་པོ་བཞིས་མཚན་པར་སྒོམ་པ་སྔགས་ཀྱི་དེ་ཁོ་ན་ཉིད། དེས་མིང་བཞིའི་ཕུང་པོ་སྦྱངས་ཏེ་རྡོ་རྗེ་བཞི་མངོན་དུ་གྱུར་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་བཞི་ཞེས་ཨུ་པ་ཡའི་ཁྱད་ཆོས་སོ། །ལྷ་སྒོམ་པ་དང་བཟླ་བྱའི་སྔགས་གོང་མ་ཡོ་ག་ལྟར་རོ། །གསུམ་པ་གྲོགས་སྤྱོད་པས་བོགས་འདོན་པ་ནི་འོག་མ་ཀྲི་ཡཱ་ལྟར་རོ། །འདི་དག་ལ། ཀུན་མཁྱེན་ཀློང་ཆེན་པས། སྤྱོད་པ་རང་དང་ལྷ་གཉིས་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན། །ཞེས་སོ། །བཞི་པ་རང་འབྲས་མངོན་དུ་འགྱུར་ཚུལ་ནི། སྐྱེ་བ་ལྔ་ནས་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པའོ།། ༈ །།དྲུག་པ་རྣལ་འབྱོར་རྒྱུད་ཡོ་གའི་ཐེག་པ་ལ། དང་པོ་ལྟ་བ་ནི། ཧེ་རུ་ཀ་གལ་པོ་ལས། ཡོ་གའི་ཐེག་པར་གནས་འདོད་པས། །འོག་མིན་རྡོ་རྗེ་དབྱིངས་སུ་ལྟ། །ཞེས་གསུངས་ལྟར། དོན་དམ་བདེན་པ་སྤྲོས་མཚན་ཀུན་བྲལ་རང་བཞིན་འོད་གསལ་སྟོང་པ་ཉིད་དང་། ཀུན་རྫོབ་ཅིར་སྣང་ཡོ་ག་རྡོར་དབྱིངས་དཀྱིལ་འཁོར་དུ་གཏན་ལ་ཕབ་པ་ཉིད་དོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། རྣལ་འབྱོར་སྤྱི་བོའམ་སྙིང་ག་རུ༔ ཐིག་ལེ་ལྔ་སྒོམ་སྤྲོ་བསྡུ་དང༔ མངོན་བྱང་ལྔ་ཡིས་ལྷ་སྐུ་བསྒོམ༔ ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ཅིང༔ སྟོང་པ་ཆེན་པོའི་ལྟ་བ་ཡིས༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ ས་མ་ཡ༔ རང་གི་སྙིང་གར་དྭངས་མ་ཁ་དོག་ལྔ་ལྡན་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ། དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཐིག་ལེ་ལྔ་ཚོམ་དང་། སྤྱི་བོར་དབྱིངས་ཀྱི་ཐིག་ལེ་ལྔ་ཚོམ། དེ་ལྟར་བསྒོམ་ཞིང་འོད་ཟེར་སྤྲོ་བསྡུ་བྱ་ཞིང་མཉམ་པར་བཞག་པ་ནི་རྒྱས་པའི་ལུགས་དང་། ངང་སྒོམ་བསྡུས་པའི་ལུགས་སུ། སྙིང་གར་ཐིག་ལེ་གཅིག་ལ་འོད་ལྔ་འབར་བ་དང་། སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་གསལ་བཏབ་ཅིང་། གསལ་བ་དང་ཐིག་ལེ་དཀར་པོ་དེ་སྙིང་གའི་ཐིག་ལེ་ལ་བསྟིམ་ཞིང་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་ཉིད་དོ། །དེ་ཡང་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་སྒོམ་པའོ། །ཧེ་རུ་ཀ་གལ་པོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུ་སྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རླབས་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །སྒོམ་ཞིང་མཆོད་པ་བྱ་བ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། །ཅེས་སོ། །ཕྱག་རྒྱ་བཞི་ནི། ལུས་ངག་ཡིད་དང་བྱ་བ་བཞི་ལ་རིམ་བཞིན། སྐུ་ཕྱག་རྒྱ་ཆེན་པོ་སྒོམ། གསུང་ཆོས་ཀྱི་ཕྱག་རྒྱ་བཀོད། ཐུགས་དམ་ཚིག་གི་ཕྱག་རྒྱས་རྒྱས་གདབ། ཕྲིན་ལས་ལས་ཀྱི་ཕྱག་རྒྱས་སེམས་ཅན་གྱི་དོན་མཛད་པའོ། །ལྷ་སྔགས་ལམ་ཁྱེར་གཞན་ཕན་མཁའ་ཁྱབ་སོགས་དཀྱིལ་ཆོག་ལྟར་རོ། །གསུམ་པ་སྤྱོད་པས་བོགས་འདོན་པ་ནི། གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་གྲོགས་དང་ལྡན་པའི་སྒོ་ནས། གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་དོན་སྤྱོད་པ་ནི། རྡོ་རྗེ་རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པས་མཆོད། །ཅེས་སོ། །བཞི་པ་རང་འབྲས་མངོན་དུ་འགྱུར་ཚུལ་ནི། མི་ཚེ་གསུམ་ནས་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་འཚང་རྒྱ་བའོ། །སྐུ་གསུམ་ནི། དོན་དམ་ཡེ་ཤེས་རྟོགས་པ་ཆོས་སྐུ། རིགས་ལྔ་ལོངས་སྐུ། དེ་ལས་ཤར་བ་སྤྲུལ་པའི་སྐུའོ། །དེ་ཡང་ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ།། ༈ །།བདུན་པ་བསྐྱེད་པ་མ་ཧཱ་ཡོ་གའི་ཐེག་པ་ལ། དང་པོ་ལྟ་བ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྲུབ་ཏུ་འདོད་པའི་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་ཀྱི་བདེན་པར་འདོད་ལ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ་ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་། དེར་འཛིན་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། དམ་ཡེ་གཉིས་མེད་བྱེད་པ་འམ༔ སྤྲོ་ན་སྤྱན་འདྲེན་ལ་སོགས་བྱ༔ ཡབ་ཡུམ་བདེ་ཆེན་བཟླས་པ་དང༔ ཕྲ་བ་ཐིག་ལེའི་རྣལ་འབྱོར་བསྒོམ༔ ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་བོ༔ ས་མ་ཡ་རྒྱ༔ ཞེས་གསུངས་པ་འདི་དག་གི་བསྐྱེད་རྫོགས་དང་འབྲེལ་བའི་རྣམ་བཤད་རྒྱས་པ་གཞན་དུ་ཤེས་ཤིང་འདིར་རྐང་གྲངས་ས་བཅད་ཙམ་ལ། མཚན་བཅས་དང་མཚན་མེད་གཉིས། དང་པོ་ལ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ནི་ཏིང་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྒོམ་པའོ། །རྫོགས་རིམ་ལ་སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གཉིས་སོ། །མཚན་མེད་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པའོ། །ལྷ་སྐུ་ལམ་ཁྱེར་བཟླས་པའི་མན་ངག་རྣམས་གཏེར་གཞུང་ལྟར་རིགས་གསུམ་ཀའི་ཉམས་ལེན་ལམ་གྱི་གཞུང་དུ་གཟུང་ངོ་། །ཕྲ་ཐིག་མན་ངག་ངང་སྒོམ་ནི། རང་ཉིད་རིགས་གསུམ་གང་མོས་སུ་གསལ་བའི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་བས་ཁྲུ་གང་གི་མཐོ་སར་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། དེ་ནས་སྣ་བུག་གཡོན་ནས་འོད་དམར་པོའི་ཐིག་ལེ་སྲན་མ་ཙམ་ཞིག་བྱུང་ནས་སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག །དེས་རྐྱེན་བྱས་ཏེ་ཐིག་ལེ་ལས་འོད་འཕྲོས། སེམས་ཅན་ལ་ཕོག་འགྲོ་དོན་བྱས། དེ་བཞིན་གཤེགས་པ་ལ་ཕོག །ཐུགས་མཉེས་པའི་མཆོད་པ་ཕུལ། འོད་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ། ཡང་སྣ་བུག་གཡས་ནས་འོད་དཀར་པོ་བྱུང་། གོང་གི་ཐིག་ལེ་དཀར་པོ་ལ་ཕོག །འོད་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ལ་མཉེས་མཆོད་ཕུལ། ཚུར་འདུས་ཐིག་ལེར་ཐིམ། ཐིག་ལེ་དཀར་པོ་དམར་པོ་ལ་ཐིམ་སྟེ་ཚངས་བུག་ནས་སྙིང་གི་དཀྱིལ་དུ་ཐིམ་ནས་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བཞག་གོ །སྟེང་སྒོ་དང་འོག་སྒོ་སྒོམ་པའི་མན་ངག་ཞིབ་པར་བཀའ་འདུས་ངང་སྒོམ་ཟུར་གསལ་ལྟར་བསྒོམ་པར་བྱའོ། །འདི་དག་གི་སྐབས་སུ། ཐམས་ཅད་ལྷར་གསལ་བ་ལྟ་བ། དེའི་ངང་ལ་གནས་པ་སྒོམ་པ། ལྷ་ལ་ལྷ་རོལ་པ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག །མངོན་དུ་གྱུར་པ་འབྲས་བུའོ། །གསུམ་པ་བོགས་འདོན་སྤྱོད་པ་ནི། ཐབས་ལ་མཁས་པའི་གདེངས་ཀྱིས་ཟིན་པས་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་སྤྱོད་པ་སྟེ། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཏ་ན་དང་ནི་ག་ཎ་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པ་སྤྱད། །ཅེས་སོ། །བཞི་པ་འབྲས་བུ་མངོན་དུ་འགྱུར་ཚུལ་ནི། ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ། གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་སོ།། ༈ །།བརྒྱད་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ལ། དང་པོ་ལྟ་བ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་སྟེ། དབྱིངས་སྟོང་པ་ཉིད་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། རིག་པ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། དེ་གཉིས་དང་ཐ་མི་དད་པ་དབྱིངས་ཡེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་ཏུ་ཤར། །ཤར་བ་ཉིད་ནས་ཤར་པ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ལ། གསང་བདག་སྙིང་ཐིག་རྩ་བ་ལས། ཨ་ནུ་ཡོ་གའི་ཉམས་ལེན་ནི༔ པདྨ་ཧེ་རུ་ཀ་རུ་བསྒོམ༔ སྤྱི་བོ་སྙིང་གའི་ཐིག་ལེ་ནི༔ དཀར་དམར་འཕྲོ་འདུ་ཞུ་བདེ་ཡིས༔ ཡེ་ནས་ཇི་བཞིན་དོན་དམ་པ༔ ཡེ་ཤེས་ལྷུན་གྲུབ་ཀུན་རྫོབ་གཉིས༔ ཟུང་འཇུག་བདེ་ཆེན་འོད་གསལ་བའི༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད༔ བསལ་བཞག་མེད་པར་རྟོགས་པ་ཡིས༔ ཧེ་རུ་ཀ་ཡི་གོ་འཕང་ཐོབ༔ ས་མ་ཡ༔ དེ་དག་གི་སྒོམ་ཚུལ་ལ། སྙིང་གར་ཐིག་ལེ་དམར་པོ་སྲན་མ་ཙམ་དང་། སྤྱི་གཙུག་ཏུ་ཐིག་ལེ་དཀར་པོ་སྲན་མ་ཙམ་བསྒོམ། དེ་གཉིས་གསལ་ཐེབས་པ་ན་སྤྱི་བོའི་ཐིག་ལེ་དཀར་པོ་དེ་ཡར་འཕར་ཏེ་མདའ་གང་གི་ནམ་མཁའ་ལ་གནས་པ་དང་། སྙིང་གའི་ཐིག་ལེ་དེ་སྤྱི་གཙུག་ཏུ་འཕར་བར་བསམ། དེ་ནས་ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས་བདེ་བའི་རང་བཞིན་འདར་བའི་རྐྱེན་བྱས་ནས། དཀར་པོའང་འདར་ནས་དམར་པོ་ལ་ཐིམ། གཅིག་ཏུ་འདྲེས་པ་ཚངས་བུག་ནས་ཞུགས་སྙིང་གི་དཀྱིལ་དུ་ཐིམ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་བཞག །དེ་དག་གིས་བདེ་བ་ཤས་ཆེན་སྐྱེས་པ་ན། རང་གི་སྙིང་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་ཞིག་བསྒོམ། དེ་ལས་འོད་སྤྱི་གཙུག་ན་ཡར་མདའ་འཕང་བ་བཞིན་ཐོན། དེ་ལས་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་ཇེ་ཆེ་ཇེ་ཆེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གང་བར་བསམ། ཐིག་ཕྲན་རྣམས་ཚུར་འདུས་ཐིག་ལེ་ལ་ཐིམ་པས་རོ་གཅིག་ཏུ་འདྲེས། དབྱིངས་རིག་པ་དབྱེར་མེད་བདེ་བ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །དེ་དག་དང་པོ་དམིགས་པ་རྟེན་བཅས་ལ། དེ་རྗེས་ཀ་དག་གི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པ་ཁོ་ན་གནད་དུ་ཆེའོ། །པདྨ་ཧེ་རུ་ཀའི་སྒོམ་རིམ་དང་ཟིན་བྲིས་གཞན་དུ་ཤེས་སོ། །གསུམ་པ་བོགས་འདོན་སྤྱོད་པ་ནི། མཉམ་པ་ཉིད་ལ་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །བྱེ་བྲག་ཏུ་དབྱེ་ན། བྱིན་གྱིས་བརླབས་པའི་སྤྱོད་པ་ཀུན་ལ་ཁྱབ་པ་ནམ་མཁའ་འམ་དབང་དུ་བྱེད་པ་རྒྱལ་པོ་ལྟ་བུ། དབང་བསྒྱུར་བའི་སྤྱོད་པ་དུག་ལྔ་སྲེག་པ་མེ་ཕུང་ལྟ་བུའི་སྤྱོད་པ། ཐབས་མཁས་ཀྱི་སྤྱོད་པ་ཆུ་བོའི་རྒྱུན་ལྟར་ཆད་པ་མེད་པ་སྟེ། སྤྱི་མདོ་ལས། བྱིན་གྱིས་བརླབས་པའི་སྤྱོད་པ་དང་། །དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོ་འམ། །ཇི་ལྟར་མེ་ཕུང་ཆུ་བོ་འདྲ། །ཞེས་སོ། །བཞི་པ་འབྲས་བུ་མངོན་དུ་འགྱུར་ཚུལ་ནི། འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ།། ༈ །།དགུ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་ལ། དང་པོ་ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོ་ངོ་བོ་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་དང་། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་སོ། །གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ནི། གསང་བདག་སྙིང་ཐིག་རྩ་བ་ལས། མན་ངག་ཨ་ཏིའི་རྫོགས་རིམ་ནི༔ དམིགས་བཅས་ཨ་ཡིག་འོད་འབར་བར༔ ལུས་བསྡུས་མཁའ་ལ་ལིང་ངེ་བ༔ དམིགས་མེད་ཆོས་རྣམས་སེམས་ཀྱི་ངང༔ སྟོང་གསལ་རང་རིག་འདུས་མ་བྱས༔ ཡིད་དཔྱོད་མཚན་མའི་བློ་དང་བྲལ༔ དེ་ཡང་ཆོས་རྣམས་སྟོང་པའི་ཀློང༔ རང་བྱུང་ཡེ་ཤེས་གསལ་བའི་ཀློང༔ ལྷུན་གྲུབ་ཟུང་འཇུག་བློ་འདས་ཀློང༔ ཆོས་རྣམས་དེ་བཞིན་ཉིད་ཀྱི་ཀློང༔ དེ་བཞིན་ཉིད་ནི་ཀུན་བཟང་ཀློང༔ ཀུན་བཟང་ཆོས་སྐུ་ཐོབ་པ་འོ༔ ས་མ་ཡ༔ སྒོམ་པའི་ཚུལ་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དང་པོ་སེམས་སྡེ་ལ། གཉིས་མེད་རང་ཤར་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མི་འབྲལ་བ་དེ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག་གོ །ཨ་ཏི་ཡོ་གའི་ངང་སྒོམ་ཆེན་པོ་ནི། རང་གི་སྙིང་དབུས་སུ་ཨ་ཡིག་དཀར་པོ་འོད་ལྔ་འབར་བ་ཞིག་བསྒོམ། ཕྱོགས་བཞིར་ཨ་དེ་འདྲ་བ་བཞི་བསྒོམ། དེ་ནས་ཨ་དེ་ལས་འོད་དཀར་པོ་སྤྱི་གཙུག་ཚངས་པའི་བུ་ག་ནས་ཡར་སྐར་མདའ་ལྟར་ཐོན། དེ་ལས་ཨ་ཆེ་ཆུང་གྲངས་མེད་པ་སྤྲོས་ནས་སྟོང་གསུམ་འཇིག་རྟེན་ཐམས་ཅད་ཁེངས། ཐམས་ཅད་སྙིང་གའི་ཨ་ཡིག་གཅིག་པུ་ལ་བསྡུས་ཏེ་དལ་ཅིག་གཞག །དེ་ནས་རྣམ་སྨིན་གདོས་བཅས་ཀྱི་ལུས་ཀྱང་མི་དམིགས་པར་ཨ་དཀར་པོ་དེ་བར་སྣང་ལ་ལིང་ངེ་ཡོད་པར་བསམས་ལ་མཉམ་པར་གཞག །དེ་ཡང་དམིགས་མེད་ཀྱི་ངང་དུ་ཡལ་བར་བསམས་ལ་མཉམ་པར་གཞག་གོ །དཔེ་ནི། སྒེག་མོས་མེ་ལོང་བལྟ་བ་བཞིན། །ཡང་བལྟ་ཡང་བལྟ་སེམས་ལ་བལྟ། །སྤང་ལ་ནོར་ཕྱུགས་སྐྱོང་བ་བཞིན། །ཡང་སྐྱོང་ཡང་སྐྱོང་སེམས་ལ་སྐྱོངས། །བྱིས་པ་རྒོད་ཚང་མྱུལ་བ་བཞིན། །ཡང་མྱུལ་ཡང་མྱུལ་སེམས་ལ་མྱུལ། །ཅེས་སོ། །བསྡུ་ན་ནམ་མཁའི་ཨ་ཡིག་ལ་རང་གི་ལུས་བསྡུ་ཞིང་ཨ་ཁོ་ན་ལ་སེམས་གཏད་དེ་དམིགས་མེད་དུ་བཞག་པས་འཐུས་ཤིང་སྤྲོ་བསྡུ་གཞན་མི་དགོས་སོ། །ཀློང་སྡེའི་ངང་སྒོམ་ཀློང་ལྔ་བརྡ་བཞིའི་ཉམས་ལེན་གཏེར་ཆེན་བླ་མ་དང་། ཀུན་གཟིགས་ཞབས་དྲུང་རིན་པོ་ཆེའི་ཞལ་ལུང་ལྟར་མདོར་བསྡུས་རང་རེས་ཟུར་དུ་བྲིས་ཡོད་པ་དེ་དག་ ལས་ཤེས་པར་བྱའོ། །མན་ངག་སྡེའི་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཁྲིད་རིམ་རིགས་གསུམ་མགོན་པོའི་ཞལ་ལུང་དང་དགོངས་རྒྱན་གཏེར་ཆེན་བླ་མས་མཛད་པ་ཉིད་སྙིང་གི་ཐིག་ལེར་གཟུང་ངོ་། །གསུུམ་པ་བོགས་འདོན་སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པར་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་པས་ལས་རྣམས་ཟིན། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །བཞི་པ་རང་འབྲས་མངོན་དུ་འགྱུར་ཚུལ་ནི། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། གཏེར་གཞུང་ལས། ཚེ་འདིར་སྐུ་དང་ཡེ་ཤེས་རྙེད༔ ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད༔ ཅེས་དང་། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། རྫོགས་པ་ཆེན་པོ་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་སོ། །དེ་ལྟར་ཐེག་རིམ་དགུ་པོ་དེ་ཡང་རང་རང་གི་བློ་དང་འཚམ་པར་ཉམས་སུ་བླང་དགོས་ཏེ། རིགས་གསུམ་འདུས་པའི་ལས་ཐོ་ལས། ངེས་འབྱུང་བསམ་པ་ལྡན་པ་ཡིས༔ སོ་ཐར་བྱང་སེམས་ཉམས་སུ་བླང༔ ཤེས་རབ་བརྩོན་འགྲུས་ལྡན་པ་ཡིས༔ ཕྱི་རྒྱུད་སྡེ་གསུམ་ཉམས་སུ་བླང༔ བློ་ཆེན་བརྟུལ་ཞུགས་ལྡན་པ་ཡིས༔ ནང་རྒྱུད་སྡེ་གསུམ་ཉམས་སུ་བླང༔ ཞེས་སོ། །དེ་རྣམས་ལ་མོས་པ་ཙམ་གྱི་ཕན་ཡོན་ཀྱང་། དེ་ཉིད་ལས། ཚུལ་བཞིན་སྤྱོད་པ་ལྟ་ཅི་སྨྲོས༔ མོས་པ་ཙམ་ཞིག་བསྒོམས་པས་ཀྱང༔ སྒྲིབ་གཉིས་ཞི་ཞིང་མཁྱེན་རབ་རྒྱས༔ སྙིང་རྗེ་ཡེ་ཤེས་དབང་དུ་འགྱུར༔ ཕྱི་ནང་བར་ཆད་ཐམས་ཅད་ཐུལ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང༔ འཕགས་པ་གསུམ་གྱི་ཐུགས་རྗེ་ཡིས༔ ཕྱིར་མི་ལྡོག་པར་ངས་ལུང་བསྟན༔ དེ་ཕྱིར་གསེར་ཞུན་སྙིང་པོའི་བཅུད༔ ཡལ་བར་མ་དོར་ཉམས་སུ་ལོངས༔ དངོས་གྲུབ་རྣམ་གཉིས་ལྷུན་གྱིས་འགྲུབ༔ ཅེས་གསུངས་པས། སངས་རྒྱས་གཉིས་པ་པདྨཱཀ་རའི་གདམས་ངག་ལ་ཡིད་ཆེས་པར་གྱིས་ཤིག །ཅེས་པ་འདི་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ལུང་ལྷོ་བྲག་སྒོམ་ཆེན་པདྨ་རང་གྲོལ་གྱིས་ཁྲིད་རྐང་གྲངས་ས་བཅད་ཀྱི་ཐོ་ཡིག་ལ་རྩ་བར་གཟུང་། བཀའ་འདུས་ཀྱི་ངང་སྒོམ་ཞིབ་ཁྲིད་ཐོབ་པས་ཟུར་བརྒྱན། སྙིང་པོའི་སྤྱི་དོན་གྱིས་ཁོག་ཕུབ། ཞལ་རྒྱུན་སྔ་ཕྱི་ཐམས་ཅད་གབ་སྤྲད། སྔ་འགྱུར་བཀའ་མའི་ཡིག་སྙིང་ལས་ལུང་བཏུས་ཤིང་། དམིགས་ཐུན་འབོགས་ཆོག་ཆུ་བབས་སུ་བཀོད་པ་འདི་ཡང་རིགས་གསུམ་སྙིང་ཏིག་གི་ཆ་ལག་ཏུ་དམིགས་ནས། མཁན་པོ་འདུལ་འཛིན་པ་ཀརྨ་སངས་རྒྱས་ཆོས་འཕེལ་རྒྱ་མཚོ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་འབོད་པའི་རྒྱལ་ཁམས་པ་དེས། བསམ་པ་དག་ཅིང་སྦྱོར་བ་གུས་པ་ཆེན་པོས། མཚུར་ཕུ་མདོ་བོ་ལུང་གི་གནྡྷོ་ལའི་བྱེ་བྲག་སེང་གེ་རྣམ་པར་རོལ་པའི་བ་གམ་ནས་སྤེལ་བ། ༧རྒྱལ་དབང་ཀརྨ་པ་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་ཞལ་སྔ་ནས་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་ངོ་བོར་འཚོ་ཞིང་གཞེས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མདོ་སྔགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་སོགས་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བས་ཕྱོགས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར་ཅིག །ཤུ་བྷཾ།། །།

འཆི་མེད་བདུད་རྩི་བུམ་པ་གསང་བའི་གནད། ལྷ་སྒོམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་ (Volume 29, Text 28)

༄༅། །འཆི་མེད་བདུད་རྩི་བུམ་པ་གསང་བའི་གནད། ལྷ་སྒོམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་བཞུགས་སོ། ། དྷཱིཿཧཱུྃཿཧྲཱིཿ གུ་རུ་པདྨ་ཇོ་མོ་མཁར་ཆེན་བཟའ། །སྨན་བླ་རིགས་གསུམ་མགོན་དང་རྡོ་རྗེ་འབུམ། །རིག་འཛིན་འཚོ་བྱེད་བརྒྱུད་པར་བཅས་རྣམས་ལ། །གུས་བཏུད་ལག་ལེན་ངག་འདོན་ཁྲིགས་བཀོད་བཤད། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རང་བཞིན་སྐྱེ་མེད་སྟོང་པའི་ངང་ཉིད་ལས། །རོལ་པ་འགག་མེད་གསང་བདག་རྡོ་རྗེའི་སྐུ །མཐིང་ནག་ཞལ་བསྒྲད་ཚེམས་དང་མཆེ་བ་གཙིགས། །ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཞབས་དོར་སྟབས། །ཉི་ཟླ་པདྨ་བརྩེགས་པའི་གདན་གྱི་སྟེང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དབུས། །གཟི་བརྗིད་འོད་འཕྲོ་རྒྱན་མཛེས་གསལ་བར་གྱུར། །སྙིང་དཀྱིལ་གུ་རུ་པདྨ་སྨན་རྒྱལ་ཚུལ། །ཕྱག་གཡས་གསེར་གྱི་མདོག་ལྡན་ཨ་རུ་ར། །གཡོན་པས་བདུད་རྩིས་གང་བའི་ཐོད་པ་འཛིན། །དར་ནག་གསང་གོས་མནྟྲའི་ཆོས་གོས་དམར། །ཟབ་ཆེན་བེར་སྨུག་མནབ་ཅིང་མཉེན་ཞུ་གསོལ། །གཟུངས་མ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ། །རྣམ་པ་ཁ་ཊྭཱཾ་ཚུལ་གྱིས་སྐུ་ལ་བརྟེན། །སྣ་ཚོགས་པདྨའི་གདན་ལ་སྐྱིལ་ཀྲུང་བཞུགས། །སྤྱི་གཙུག་ཁྱུང་སྔོན་མེ་ཡི་རལ་པ་ཅན། །གནམ་ལྕགས་རྡོ་རྗེ་འབར་བའི་མཆུ་སྡེར་སྒྲོས། །རྒྱ་མཚོའི་གཏིང་དཀྲུགས་ཀླུ་གཉན་ས་བདག་གི །ངོ་བོ་སྦྲུལ་ཆེན་ཞལ་གསོལ་ནུས་པ་འཇོམས། །སྤྱན་གསུམ་ཉི་ཟླ་འབར་བའི་སྡང་མིག་གིས། །གདུག་པ་ཀུན་འདུལ་ཉི་ཟླ་རིན་ཆེན་བརྒྱན། །ཕྱག་གཉིས་གཡས་གཡོན་མཐིལ་ལ་འཁོར་ལོ་ནི། །ཨ་ལས་ཟླ་དཀྱིལ་རྩིབས་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་ཨཿཙནྡྲ་མཎྜ་ལ། མཿལས་ཉི་དཀྱིལ་འདབ་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་མཿསཱུརྱ་མཎྜ་ལ། རྩིབས་དང་འདབ་མར་གཏུམ་པོའི་སྔགས་རྒོད་འདི། །ནཱི་ལམ་ཛ་རམ་བྷྲཱུྃ་ས་ཏྲི་རྦད། །ས་བོན་ལ་བསྐོར་ཡིག་མགོ་ཕྱི་ནང་བསྟན། །ལྟོ་སྦྱར་ཐབས་ཤེས་ཕྱག་རྒྱ་སྒྱུར་བརྡབས་པས། །གནོད་བྱེད་བསྲེགས་སྦྱངས་ཐལ་བར་བརླགས་པར་གྱུར། །ཕྲག་གོང་མཁའ་ལ་རྣམ་པ་འདོད་ཆགས་ཀྱི། །རང་བཞིན་ཁྱུང་དམར་ཕུར་ཞིང་བྱ་ནག་ལྡིང་། །དེ་བཞིན་ཞེ་སྡང་གཡས་པར་སྨན་སྦྲུལ་དང་། །གཡོན་པར་དུག་སྦྲུལ་མཐིང་ནག་འཁྱུག་ཅིང་རྒྱུག །གཏི་མུག་ལྕགས་ཀྱི་ཕག་རྒོད་མགོ་དགུ་དང་། །དུག་གི་གཡུང་ཕག་ནག་པོ་མདུན་ན་རོལ། །གཙོ་དང་འཁོར་བཅས་ཡེ་ཤེས་མེ་ཕུང་དབུས། །གཞོམ་མེད་གནམ་ལྕགས་ལས་གྲུབ་རྩེ་ལྔ་པ། །རྡོ་རྗེའི་ལྟེ་བ་ལ་གནས་དེ་ཡི་ཕྱི། །ཐོད་པ་སྐམ་པོ་ཕྱི་དཀར་ནང་དམར་བ། །མེ་རླུང་རབ་འབར་ལྷུན་གྲུབ་གཞལ་ཡས་ཁང་། །ཅིས་ཀྱང་མི་ཆོད་མི་ཤིགས་བདེན་སྲ་བརྟན། །གང་ལའང་ཐོགས་དང་ཕམ་པ་མེད་པར་གྱུར། །ལྷ་བསྒོམ་ཁ་རྒྱན་དཔག་བསམ་ལྗོན་པའི་ཤིང་། །ཤུ་བྷཾ།། ༄༅། །འཆི་མེད་བདུད་རྩི་བུམ་པའི་གསང་བའི་གནད། །ཛཔ྄་དགོངས་མགུལ་རྒྱན་པཉྩ་ལི་ཀ་བཞུགས། །བཟླས་པའི་སྔགས་ལ་བསྙེན་སྒྲུབ་ལས་སྦྱོར་ཏེ། །གསང་བདག་ཡི་དམ་ལྷ་དང་མ་ཧཱ་གུ་རུ། །རྩ་བ་ཡེ་ཤེས་ལས་གྲུབ་རྡོ་རྗེའི་ཁྱུང་། །ནད་བདག་ཕོ་མོའི་གཉེན་པོ་རྒོད་གཡུང་ཕག །རིམ་བཞིན་གསལ་བཏབ་ཡི་དམ་སྙིང་པོ་དང་། །བླ་མའི་ཐུགས་སྔགས་ཁྱད་བཅས་བུ་ཡིག་བཞིན། །ལས་བྱེད་ཁྱུང་སྔགས་དྲུག་དང་སྲོག་སྔགས་གཉིས། །སོ་སོར་ཕྱེ་དང་དཀྱུས་གཅིག་ཉིད་དུ་དྲིལ། །བསྙེན་པ་དང་ནི་ཉེ་བར་བསྙེན་པའི་ཚུལ། །སྣོད་རུང་ཇི་བཞིན་ཡོ་བྱད་ལྡན་པར་བྱ། །བཤད་རྒྱུད་སྔགས་བྱང་ཡོངས་རྫོགས་སྒྲུབ་པ་དང་། །བདུད་རྩི་སྨན་གྱིས་བརྒྱན་པའི་སྒྲུབ་ཆེན་པོ། །ཕྱི་ནང་སྦྱིན་སྲེག་ཀུན་གྱིས་ཁ་སྐོང་ཚུལ། །ཛཔ྄་དགོངས་མགུལ་རྒྱན་པཉྩ་ལི་ཀའི་དར། །ཤུ་བྷཾ།། ༈ འཆི་མེད་བདུད་རྩི་བུམ་པ་གསང་བའི་གནད། །རྣམ་དག་དབང་གི་ཆུ་རྒྱུན་བུམ་བཅུད་བཞུགས། །བདག་ཉིད་གསང་བདག་གསལ་བའི་ཐུགས་ཀ་ནས། ཁྲོ་རྒྱལ་ངོ་བོ་མཐིང་ནག་ཧཱུྃ་ཡིག་བཅུ། །འཕྲོས་པས་བར་ཆད་གདོན་བགེགས་མཚམས་བཅད་དེ། །ཚུར་འདུས་སྟེང་འོག་ཕྱོགས་མཚམས་སྲུང་བའི་གུར། །ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཁྲོ་བོ་རཱ་ཛས་ནད་ཁ་ཁོགས་རིམས་ཁ་ཆིངས། སླར་ཡང་བདག་ཉིད་གསང་བདག་ཡི་དམ་ལྷར། །གསལ་བའི་ཐུགས་ཀའི་གུ་རུའི་གནས་གསུམ་ནས། །དཀར་དམར་མཐིང་ཁའི་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་རབ་འཕྲོས་ནས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་དང་ནི། །མ་ལ་ཡ་དང་པདྨ་འོད་ལ་སོགས། །དག་པའི་ཞིང་ཁམས་རྣམས་ནས་བླ་མ་དང་། །དཀོན་མཆོག་རིན་ཆེན་ཞི་བ་བྱང་སེམས་དང་། ཁྲག་འཐུང་ཁྲོ་བོ་དཔའ་བོ་མཁའ་འགྲོ་དང། །ཆོས་སྲུང་རྒྱལ་པོ་སྡེ་བཞི་གཏེར་གྱི་བདག །བོད་སྐྱོང་བརྟན་མ་བཅུ་གཉིས་ལ་སོགས་པ། །ཡེ་ཤེས་ལས་གྲུབ་དཔག་ཏུ་མེད་པའི་ཚོགས། །འཁོར་བཅས་གནས་འདིར་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་འགྱུར་མེད་རྡོ་རྗེའི་གདན། །དྲི་མེད་པདྨ་ཉི་ཟླ་བརྩེགས་པ་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཕྱག་འཚལ་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །བདག་གི་ཐུགས་ཀར་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ། །ཨོཾ་འཕྲོས་གཏོར་མའི་མ་དག་ཉེས་ཀུན་སྦྱངས། །ཨཱཿའཕྲོས་འདོད་ཡོན་དྲུག་གི་མཆོད་པར་བསྒྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་བརྗོད་ཚིག་དོན་བཞིན་གྱུར་ཏེ། །གཏོར་མའི་དངོས་པོ་ཀུན་བཟང་མཆོད་པའི་སྤྲིན། །བྱེ་བྲག་ཕྱི་ནང་གསང་བ་དེ་ཁོ་ན། །ཚོགས་ཀྱི་འཁོར་ལོ་འཆི་མེད་བདུད་རྩི་སྨན། །ཆགས་མེད་རཀྟའི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཆོད་པའི་ལྷ་མོ་རིགས་མ་བཅུ་དྲུག་སོགས། །དཔག་ཏུ་མེད་པའི་མཆོད་པ་དམ་པ་འདི། །རྩ་བརྒྱུད་བླ་མ་སངས་རྒྱས་ཆོས་དགེ་འདུན། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པས་འབུལ་ལོ་བཞེས་ཤིག་ཐུགས་དམ་བསྐང་། །ཉམས་པ་སོར་ཆུད་དབང་དང་དངོས་གྲུབ་སྩོལ། །གུ་རུ་ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨཱ་སཾ་གྷ་དེ་ཝ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱག་རྒྱར་བཅས་པའི་སྔགས་ཀྱིས་ལན་བདུན་འབུལ། །མཉེས་གྱུར་ལྷ་ཚོགས་བདག་གི་སྙིང་ཁར་བསྡུས། །དེ་ནས་སློབ་བུ་རྣམས་ཀྱིས་བླ་མ་ལ། །ཕྱག་འཚལ་བསྐོར་བ་བྱས་ཏེ་ཅི་འབྱོར་པའི། །མཎྜལ་མེ་ཏོག་ཕུལ་ལ་གསོལ་བ་གདབ། །གུ་རུ་མཁྱེན་རབ་རྡོ་རྗེ་དགོངས་སུ་གསོལ། །བདག་ཅག་ལུས་ངག་ཡིད་གསུམ་སྨིན་པའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྣོད་རུང་དབང་བསྐུར་ཟབ་མོ་བསྩལ་དུ་གསོལ། །རུ་ལྷར་གསལ་བའི་ཐུགས་ཀའི་ཡི་གེ་བྷྲཱུྃ། ཁ་དོག་ལྔ་ལྡན་གཅིག་འཕྲོས་གཏོར་མར་ཕོག །གཏོར་སྣོད་བྷནྡྷ་ཕྱི་དཀར་ནང་དམར་བ། །ཇ་རིལ་མེ་ཕུང་འབར་བའི་གཞལ་ཡས་ཁང་། །ནང་གི་གཏོར་མ་བཅུད་ཀྱི་འགྲོ་བ་ཀུན། །རྣམ་དག་རྫས་ཀྱི་དངོས་པོ་ཡི་དམ་ལྷ། །གུ་རུ་པདྨ་ཇོ་མོ་མཚོ་རྒྱལ་ཡུམ། །སྤྲུལ་པའི་བྱ་ཁྱུང་རིགས་གསུམ་ལས་སྤྲུལ་པའི། །དུག་གསུམ་རྣམ་དག་རྒོད་གཡུང་ཞི་ཁྲོའི་འཁོར། །གཞོམ་མེད་རྡོ་རྗེའི་མཁར་རྫོང་ཁྲོ་བོ་བཅུ། །ཚོགས་ཀྱི་འཁོར་ལོ་འདོད་ཡོན་མཆོད་རྫས་བཅས། །རབ་འབྱམས་དབང་རྫོགས་བསྐུར་བའི་རྟེན་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་སྐྱེ་མེད་གཏོར་མ་རང་དང་སློབ་མ་ཡི། སྤྱི་བོ་མགྲིན་སྙིང་ལྟེ་གསང་རིམ་བཞིན་དུ། །བཞག་ལ་རུ་ཡི་ངག་ཏུ་འདི་སྐད་དོ། །སྣོད་ནི་བྷནྡྷ་འབར་བའི་གཞལ་ཡས་ཁང་། །བཅུད་ནི་ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས། །རྫས་ནི་མཆོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །འདིར་ཤོག་དབང་མཆོག་དམ་པ་ཁྱེད་ལ་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ། ཀཱ་ཡ། ཝཱ་ཀ །ཙིཏྟ། གུ་ཎ། ཀརྨ། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་བྷ་ལིཾ་ཏ་མ་ཧཱ་སིདྡྷི་ས་མ་ཡ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨཱཿཧཱུྃཿ ཞེས་པ་ལན་གྲངས་ལྔའམ་བསྡུ་ན་གསུམ། མགོ་འདྲེན་སྔགས་དང་འོད་ཟེར་འདོད་གསོལ་རྣམས། །བརྗོད་ཚེ་སོ་སོར་འདོན་པ་བསྒྱུར་བྱས་ལ། །རིགས་གསུམ་མགོན་པོའི་ལྷ་ཚོགས་ཐུགས་ཀ་ནས། །འོད་ཟེར་དཀར་སེར་དམར་ལྗང་དཔག་མེད་འཕྲོས། །རང་དང་སློབ་བུའི་སྤྱི་མགྲིན་སྙིང་ལྟེ་གསང་། །གནས་ལྔར་ཐིམ་པར་བསམ་ལ་འདི་སྐད་དོ། །བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཅེས་པའི་བདེན་པ་བརྗོད་ལ་མེ་ཏོག་འཐོར། །དྲིལ་བུ་ལ་སོགས་སྙན་པའི་སྒྲ་བསྒྲགས་ལ། །ལྷ་ཚོགས་གཞལ་ཡས་བསྒོམ་དོན་དང་པོར་བསྟན། །དེ་བཞིན་གཉིས་པར་བཟླས་སྔགས་རླུང་སྦྱོར་དང་། །གསུམ་པར་མི་རྟོག་ཏིང་འཛིན་གལ་ཆེན་གནད། །བཞི་པར་བདུག་བྱུག་ཕུར་སྨན་བདེན་པ་བརྗོད། །ལྔ་པར་རྡོ་རྗེའི་ཁྲབ་ཉིད་གདགས་ཤིང་སྔགས། །དེ་ལྟར་དབང་ཐོབ་སློབ་བུ་ཐ་མལ་པའི། །གནས་ལས་འགྱུར་ཏེ་ལུས་ལྷ་ངག་རྒྱུད་སྔགས། །སེམས་ཉིད་གཞོམ་མེད་རྡོ་རྗེའི་རང་བཞིན་དང་། །དབྱེར་མེད་ཉིད་དུ་གྱུར་ལ་འདོད་དོན་སྨོན། །ཕྲིན་ལས་རྣམ་བཞི་གང་ལའང་ཐོགས་མེད་པར། །སྤྱོད་པས་ཆེ་བའི་ང་རྒྱལ་ལེགས་བསམ་མོ། །དེ་ནས་དགའ་སྟོན་ཚོགས་ཀྱི་ཡོ་བྱད་རྣམས། །སྔོན་དུ་ལས་བྱེད་ཀྱིས་བསགས་བསང་ཆུ་གཏོར། །བདག་གི་ཐུགས་ཀའི་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ། །ཨོཾ་འཕྲོས་ཚོགས་ཀྱི་མ་དག་ཉེས་ཀུན་སྦྱངས། །ཨཱཿའཕྲོས་འདོད་ཡོན་དྲུག་གི་མཆོད་པར་བསྒྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་པས་བྱིན་བརླབ་གཙང་མའི་སྣོད་དུ་བཤམ། །གུ་རུ་ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨཱ་སངྒྷ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཚོགས་ཀྱི་འཐོར་ཕུད་སློབ་དཔོན་གྱིས། །ཕྱོགས་བཞིར་གཏོར་ལ་རང་ཉིད་ལྷར་གསལ་བས། །ནང་གི་སྦྱིན་སྲེག་དོན་དང་ལྡན་པར་རོལ། །དེ་བཞིན་སློབ་བུའི་ལག་གཉིས་ཐབས་ཤེས་ནང་། །སིདྡྷི་ས་མ་ཡ་ཨ་ཧོ་སུ་ཁ་ཧོཿ ཞེས་བརྗོད་ཚོགས་ཀྱི་དངོས་གྲུབ་ལག་ཏུ་གཏད། །བུས་བླང་སིདྡྷི་ཨ་ལ་ལ་ཧོཿཞེས། །རོལ་ལ་དེ་ནས་ཀ་པཱ་ལ་ཡི་ནང་། །དབང་བསྐུར་གཏོར་མ་དེ་ཉིད་སྤྲོད་བྱས་ལ། །སླར་ཡང་སློབ་བུ་རྣམས་ལ་རིམ་བཞིན་དུ། །བྷ་ལིནྟ་སིདྡྷི་ས་མ་ཡ་ཨ་ཧོ་སུ་ཁ་ཧོཿ ཞེས་སྦྱིན། སློབ་བུས་སིདྡྷི་ཨ་ལ་ལ་ཧོ་བརྗོད། །གོང་བཞིན་དངོས་གྲུབ་རྫས་ལ་རོལ་དུ་གཞུག །དཀར་དམར་གཏོར་མ་གཙང་མའི་ཕུད་ཀྱིས་བྲན། །ཨོཾ་ཨཱཿཧཱུྃ། འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །སྨན་གྱི་བཀའ་སྲུང་མཐུ་ཆེན་དྲེགས་པ་དགུ །གཏེར་བདག་དམག་དཔོན་ཡང་ལེ་བེར་རྣམས་ལ། །འབུལ་ལོ་མཆོད་ཅིང་གཏོར་མ་འདི་བཞེས་ལ། །རིག་འཛིན་པདྨའི་བཀའ་བཞིན་སྙིགས་དུས་འདིར། །གསོ་རིག་བསྟན་པ་དར་ཞིང་ནད་རིམས་འཇོམས། །བདག་ཅག་དཔོན་སློབ་བསམ་དོན་འགྲུབ་པར་མཛོད། །ཞེས་པས་བསྔོས་ལ་ས་ཕྱོགས་གཙང་སར་བསྐྱལ། །སློབ་དཔོན་ཆེན་པོ་པདྨའི་དགོངས་པའི་ཀློང་། །རྟོལ་ཕྱིར་སྤྲུལ་འཁོར་གསུམ་སོགས་ཞུས་པའི་ལན། །གསོ་དཔྱད་བདུད་རྩི་བུམ་ཆེན་མ་བུའི་སྐོར། །གསང་སྔགས་ལམ་གྱི་རིམ་པ་རྩ་འགྲེལ་བཅས། །བསྟན་པ་སྲུང་ཕྱིར་སྐུ་དགྲ་བསྒྲལ་ཐབས་ཏེ། །རྣམ་པ་གསུམ་ལ་སོགས་ཏེ་མདོར་བསྡུ་ན། །གུ་རུ་པདྨས་མཛད་པའི་རིག་པའི་གནས། །ཐམས་ཅད་ཀུན་གྱི་སྣོད་རུང་འདིས་ཆོག་གོ །ནད་པ་གསོ་བ་ལ་ཡང་སྔོན་ཉིད་དུ། །སྣོད་རུང་བྱས་ལ་དེ་ནས་སྨན་དཔྱད་སོགས། །བཏང་བས་ནུས་ཆེ་འཇུག་ཅིང་བཀྲ་ཤིས་སོ། །སློབ་བུ་ཡོན་བདག་སྙིང་དང་འདྲ་བ་ལ། །སྲུང་བ་མན་ངག་སྦྱིན་པར་བྱེད་ན་ཡང་། །སྔོན་ལ་སྣོད་རུང་བྱས་ལ་སྲུང་ཡོན་གྱི། །མེ་ཏོག་འབུལ་དུ་བཅུག་ལ་སྲུང་བ་བཏགས། །དེ་ལྟར་བྱས་པས་བདག་གཞན་གང་ལ་ཡང་། །བར་ཆོད་གདོན་གྱི་གནོད་པས་མི་ཚུགས་སོ། །བྱ་སླ་ཚེགས་ཆུང་འགྲོ་དོན་རྒྱ་ཆེ་བ། །སྣོད་རུང་རྩ་བ་མདོར་བསྡུས་སྤྲོས་པའོ། །འཆི་མེད་བདུད་རྩིས་སྒྲིབ་གཉིས་དྲི་མ་འཁྲུད། །རྣམ་དག་དབང་གི་ཆུ་རྒྱུན་བུམ་པའི་བཅུད། །མ་ལུས་སེམས་ཅན་ཀུན་ལ་ཁྱབ་པར་ཤོག །མངྒ་ལཾ། །བྷ་བནྟུ།། ༈ འཆི་མེད་བདུད་རྩི་བུམ་པ་གསང་བའི་གནད། །ཕྱི་ནང་སྦྱིན་སྲེག་ཁ་རྒྱན་རྨ་བྱའི་མདོངས་བཞུགས། ཕྱི་ཡི་སྦྱིན་སྲེག་རིགས་གསུམ་བྱིན་བརླབས་ཤིང་། །སྐྱེར་པ་གྲ་མ་ཚར་བུས་གྲུ་གསུམ་བརྩིག །ཕ་རོལ་འགོ་བག་ཅན་དང་ལོངས་སྤྱོད་ཚོགས། །བདག་མདུན་ཚང་མའི་གདན་ལ་བསྲེག་རྫས་བཤམས། །བསྐྱེད་རིམ་གསལ་བཏབ་བཟླས་རྗེས་འདི་སྐད་དོ། །དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །ནུས་སྟོབས་སྤྱི་གཙུག་མཁའ་ལྡིང་རྒྱལ་པོར་འདུས། །རྩ་གདོན་རིམས་བགེགས་ཀླུ་གཉན་ས་བདག་སོགས། །གནོད་བྱེད་ཀུན་གྱི་ཁྱད་པར་གཉེན་པོ་ནི། །བདག་ཉིད་ཁྱུང་སྔོན་མེ་ཡི་རལ་པ་ཅན། །གནམ་ལྕགས་རྡོ་རྗེ་འབར་བའི་མཆུ་སྡེར་སྒྲོས། །རྒྱ་མཚོའི་གཏིང་དཀྲུགས་ཀླུ་གཉན་ས་བདག་གི །ངོ་བོ་སྦྲུལ་ཆེན་ཞལ་གསོལ་ནུས་པ་འཇོམས། །སྤྱན་གསུམ་ཉི་ཟླ་འབར་བའི་སྡང་མིག་གིས། །གདུག་པ་ཀུན་འདུལ་ཉི་ཟླ་རིན་ཆེན་བརྒྱན། །ཕྱག་གཉིས་གཡས་གཡོན་མཐིལ་ལ་འཁོར་ལོ་ནི། །ཨཱཿལས་ཟླ་དཀྱིལ་རྩིབས་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་ཨཿཙནྡྲ་མཎྜལ། མ་ལས་ཉི་དཀྱིལ་འདབ་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་མཿསཱུརྱ་མཎྜ་ལ། རྩིབས་དང་འདབ་མར་གཏུམ་པོའི་སྔགས་རྒོད་ནི། །ནཱི་ལཾ་ཛ་རཾ་བྷྲཱུྃ་ས་ཏྲི་རྦད། ས་བོན་ལ་བསྐོར་ཡིག་མགོ་ཕྱི་ནང་བསྟན། །ལྟོ་སྦྱར་ཐབས་ཤེས་ཕྱག་རྒྱ་བསྒྱུར་བརྡབས་པས། །གནོད་བྱེད་བསྲེགས་སྦྱངས་ཐལ་བར་བརླགས་པར་གྱུར། །ཞེས་པས་ལས་བྱེད་ལྷར་གསལ་ཐལ་མོ་བརྡབ། །མེ་སྦར་སྭ་བྷཱ་ཝ་ཡིས་དངོས་འཛིན་སྦྱང་། །སྟོང་པའི་ངང་ལས་བསྐལ་པའི་མེ་ཕུང་ལྟར། །ཡེ་ཤེས་ལྔ་ལྡན་རབ་ཏུ་འབར་བའི་དབུས། །དྲང་སྲོང་མེ་ལྷ་དམར་པོ་ར་སྐྱེས་ཆིབས། །བགྲང་ཕྲེང་གུནྡྷེ་འཛིན་པ་དམ་ཚིག་དང་། །ཡེ་ཤེས་དབྱེར་མེད་སྤྱན་འདྲེན་བརྟན་པར་བཞུགས། །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་། །ལྷ་ཚོགས་ཡོངས་བསྐྱེད་སྤྱི་དང་བྱེ་བྲག་རྫས། །ལག་གཉིས་དགང་བླུགས་གཟར་བུའི་བར་གཟུང་སྟེ། །བསྲེགས་པས་མེ་ལྷའི་ལྗགས་སྟེང་ཉེར་བརྒྱུད་ནས། །ལྷ་ཚོགས་ཀུན་ལ་མཉེས་པའི་རྫས་སུ་འབུལ། །ཧཱུྃཿབཞིའི་སྔགས་ཀྱིས་བགེགས་སྐྲོད་ཚུལ་དུ་བསྲེགས། །གུ་རུ་ཡབ་ཡུམ་གསང་བདག་སྤྲུལ་པའི་ཁྱུང་། །རིགས་གསུམ་ངོ་བོ་དུག་གསུམ་འཇིགས་པའི་འཁོར། །ལས་བྱེད་བྱིན་ཟའི་ལྷ་ཚོགས་འཁོར་བཅས་ལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ། །རྒྱུད་ལྔའི་བག་ཆགས་ནད་གདོན་རིམས་བགེགས་ཀུན། །ཐབས་ཤེས་ཉི་ཟླ་འབར་བའི་ཕྱག་རྒྱས་བསྲེག །ནུས་ལྡན་སྨན་དང་བདུད་རྩིའི་མཆོད་པ་འབུལ། །དམིགས་མེད་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བསྲེག་རྫས་རྒྱལ་བློན་འབངས་གསུམ་གང་རུང་དང་། །ཕུར་མ་བྱུག་སྨན་བྱེ་བྲག་གཉེན་པོ་སྦྱར། །གང་ཡོད་བསྲེག་པར་འོས་པའི་ཕུད་དབུལ་ཞིང་། །དེ་མིན་ཀུན་ཀྱང་བསྲེག་ཚུལ་བསྟན་བྱས་པས། །བགེགས་དང་ལོག་འདྲེན་ནད་རིམས་བར་དུ་གཅོད། །མི་དང་མི་མིན་གནོད་བྱེད་རྣམས་བསྲེགས་ཤིང་། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་སྐྲོད་བྱེད་བསམ། །ལོངས་སྤྱོད་ཚུར་བླངས་གདན་སྟེང་བཀོད་ལ་བསང་། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། བདག་དང་གཞན་དང་གནོད་བྱ་གནོད་བྱེད་དང་། །དགོས་བྱ་དགོས་བྱེད་དེ་ལས་གཞན་པའི་ཚོགས། །མ་ལུས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། །མཐེབ་མཛུབ་རྩེ་སྦྱར་གུང་མོའི་རྩེ་གཉིས་སྤྲད། །སྲིན་ལག་གུང་སྦྱར་མཐེབ་ཆུང་སོར་མོ་བསྒྲེང་། །རིན་ཆེན་འབར་བའི་ཕྱག་རྒྱས་རྫས་བྱིན་བརླབ། །ཨོཾ་ཨཱཿཧཱུྃ། རཏྣ་ཏྲཱཾ། རྒྱུ་མཆོག་ནོར་བུ་རིན་ཆེན་སྣ་ཚོགས་ལས། །གྲུབ་པའི་མཆོད་སྡོང་རྩེ་གསུམ་འོད་འབར་བ། །ངོ་བོ་དངོས་པོ་རྣམ་དག་དཔག་བསམ་ཤིང་། །ཅི་འདོད་དངོས་གྲུབ་འབྱུང་བའི་རིན་ཆེན་དབྱིག །ཟས་བཅུད་གོས་དབྱིག་རྟ་གླང་འདོད་འཇོའི་བ། །ཅང་ཤེས་རྟ་མཆོག་གཏེར་བུམ་བདུད་རྩིའི་མཚོ། །དགོས་དགུ་བསམ་དོན་འགྲུབ་པའི་དཔལ་དུ་གྱུར། །ཡེ་ཤེས་དབྱིངས་གཤེགས་དམ་ཚིག་བདག་ལ་བསྡུ། །དེ་བཞིན་ལུས་ཀྱི་དཀྱིལ་འཁོར་རང་བྱུང་ལྷར། །གཏུམ་མོའི་མེ་སྦར་ལས་བཞིའི་ཧོཾ་ཁུང་གསལ། །ཐབས་ཤེས་གཟར་བུས་དགྲ་བགེགས་ཤ་ཁྲག་རུས། །དུག་གསུམ་རྩད་གཅོད་ནང་གི་སྦྱིན་སྲེག་འགྲུབ། །ལྟས་ངན་གཡང་དུ་འགུགས་པའི་གནད་ཟབ་བོ། །དུག་ཉིད་བདུད་རྩིར་བསྒྱུར་བའི་དཔེས་མཚོན་པའི། །ཕྱི་ནང་སྦྱིན་སྲེག་ཁ་རྒྱན་རྨ་བྱའི་མདོངས། །ཤུ་བྷཾ། མངྒ་ལཾ།། ༄༅། །སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཐིག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དངོས་ཅག་ཁ་བ་ཅན་པའི་སྙིགས་དུས་ཀྱི་འགྲོ་བ་རྣམས་ལ་ཐུགས་ལྷག་པར་བརྩེ་བས་ཟབ་གཏེར་གྲངས་མེད་པ་ཞིག་སྦ་བར་མཛད་པ་ལས། སྤྲུལ་པའི་གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པའི་གཏེར་བྱོན་གསོ་དཔྱད་བདུད་རྩི་བུམ་པའི་ཆོས་སྡེ། ནད་གདོན་བགེགས་དང་དུས་མིན་འཆི་བ་སོགས་མི་མཐུན་པའི་རིགས་སྤྱི་དང་། ཁྱད་པར་དུས་མཐའི་གཉན་ནད་པརྦ་ཏས་མཚོན་ཡམས་ཐབས་སུ་འགོ་བའི་ནད་ཀྱི་རིགས་མཐའ་དག་སྲུང་བར་བྱེད་པ་རྨད་དུ་བྱུང་བའི་སྙིང་པོ་གྱད་བཞི་ཞེས་གྲགས་པའི་ནང་ཚན། འཁོར་ལོའི་གྱད་ནི་ལུས་ལ་གདགས། །ཅེས་གསུངས་པའི་སྲུང་འཁོར་རྡོ་རྗེ་ཁྲབ་རིང་རྒྱས་པའི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ལ་གནད་བཅུ་གསུམ་གྱིས་ཏེ། །དང་པོ་འབྲི་ཡུལ་གཞི་ཡི་གནད་ནི། དར་རས་གྲོ་ག་ཤོག་བུ་མཐིང་དཀར་སོགས་གང་ཡང་རུང་བའོ། །གཉིས་པ་འདྲི་བའི་རྒྱུ་སྣག་ཚྭའི་གནད་ནི། རབ་གསེར། འབྲིང་དངུལ། ཐ་མ་མཚལ་སྣག་སོགས་ཅི་འབྱོར་པའོ། །གསུམ་པ་འདྲི་མཁན་མཆོད་གནས་ཀྱི་གནད་ནི། སྣོད་རུང་གི་དབང་བཞི་རྫོགས་པར་ཐོབ་ཅིང་སྡོམ་གསུམ་དང་ལྡན་པ་དབང་པོ་གསལ་ཞིང་འབྱོར་པ་དང་ལྡན་པས་སོ། །བཞི་པ་འབྲི་བྱ་འཁོར་ལོའི་གནད་ནི། སྤྲུལ་པའི་ཁྱུང་ཞལ་གསུམ་པ་གཡས་གཡོན་དབུས་སུ་བལྟ་བ་དེའི་ལྟོ་བར་ཡབ་འཁོར་གཡས་དང་། ཡུམ་འཁོར་གཡོན་སྐོར་དུ་མུ་ཁྱུད་དྲུག་ལྟེ་བ་དང་བཅས་པ་བྲི། དེའི་དབུས་སུ་ཡི་དམ་གྱི་སྙིང་པོ། ཨོཾ་ཐིམ་ཐར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་དང་། ནད་བདག་གི་སྲོག་སྔགས། རྒྱུ་གཟེར་སྲུང་ན། ཨོཾ་ཀུནྡྷེ་ཀུནྡྷེ་ཀུན་བྷུ་ལམ་བྷྲཱུྃ་ཤལ་ཤལ་སྭཱ་ཧཱ། འབྲུམ་པ་སྲུང་ན། ཧཱ་ར་བ་ལ་མཱ་ར་ཡ་ཙ་ཏུར་ཕཊ་རྦད་རི་ཤི་ཁས་པ་ཡ་ཀརྨཱ་ཛ་ཏི་པུ་ཐ་རྦད་ཕཊ། མིག་སེར་སྲུང་ན། ཨོཾ་ཚལ་དུ་ཚལ་དུ་བ་ཏ་ནི་ནཱ་ཤ་ཡ་ནཱ་ཤ་ཡ་ཏྲིཾ་ཛ་ཏྲིཾ་ཛ་ཝརྞ་ཡ་ཕཊ་སྭཱ་ཧཱ། ཚ་རིམས་ཆམ་པ་སྲུང་ན། ཏདྱ་ཐཱ། ཨོཾ་ཨ་ལི་མ་ཏི་ལི་མེ་ཧ་ནི། ཨུ་ཏན་ཧེ་ཨཱཏྨན་ཛྷ་རླན་བྷ་ཏི་མི། ཨོཾ་ཀ་ཧི་ཀན། ཙ་ཐ་ཀུ་ནི་རཱ་ཛ་ན་ཧཱུྃ་ཕཊ་སྭཱ་ཧཱ། གཉན་ལྷོག་སྲུང་ན། ཨོཾ་ར་ཏ་ཤེ་བ་རུ་ཏྲི་པཾ་རྦད། ཏྲི་རྦད་ནི་ཤོ །དུ་ཡཾ་ཏྲཾ་རྦད་བྷྱོ། གག་པ་སྲུང་ན། ནཱ་ག་ས་རུ་པ་ཙ་ལ་ཧ་ལེ་ཕིས་སོད་གྷ་ལ་ཧུར་ཆུང་རྦད། ཅེས་ཤམ་བུ་གང་དགོས་སྤེལ་ནས་བྲིས་པའི་ཤམ་དུ། འཆང་བ་པོ་ལ་གཉན་ནད་ཐམས་ཅད་སྲུངས་ཤིག་རཀྵ། ཞེས་པ་བྲི། དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ་གཟུངས་སྔགས་འདི་བྲིའོ། །ཏདྱ་ཐཱ། ཨ་ལི་མ་ཏ་ལི། ཧ་ལ་ཧ་ལ། འཆང་བ་ཆེ་གེ་མོ་ཛ་རན་ཙཎྜ་ཡཱི། ཨ་ཀ་ཧ་ནི་ཀན་ཏེ་ཧོ། ཀན་ཙ་ཙ་རུ་ཀ །ཐ་མུ་ནི་ཨཱརྻ་སྭཱ་ཧཱ། དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ་འཁོར་ལོ་རྩིབས་བརྒྱད་འབར་བ་ཞིག་གི །ཕྱོགས་བཞིར་གསོད་པའི་ཕོ་སྔགས། ཨོཾ་ཧུར་ཁྱུང་ཧུར་ཁྱུང་སོད། ཨོཾ་སྦྲུལ་ཁྱུང་སྦྲུལ་ཁྱུང་སོད། ཨོཾ་ནཱ་ག་སོད། ཨོཾ་དེ་བ་དེ་བ་སོད། མཚམས་བཞི་སྲུང་བའི་མོ་སྔགས་ནི། ཨོཾ་ཧུར་ཁྱུང་ཧུར་ཁྱུང་སྲུངས། ཨོཾ་སྦྲུལ་ཁྱུང་སྦྲུལ་ཁྱུང་སྲུངས། ཨོཾ་ནཱ་ག་སྲུང་། ཨོཾ་དེ་བ་དེ་བ་སྲུངས། ཞེས་སྔགས་ཚན་རེ་རེ་དང་། རྩིབས་མཆན་རྣམས་ལ་རྡོ་རྗེའི་རྭ་བ་བྲིའོ། །དེའི་ཕྱི་རིམ་མུ་ཁྱུད་གསུམ་པར་གུ་རུའི་ཐུགས་སྔགས། མ་ཧཱ་གུ་རུ། ཨུ་ཧཱ་གུ་རུ། ཏྲི་ན་གུ་རུ། ནི་ནཱ་ག་ཤད། རཾ་རཾ་ཐུལ་རཾ། ནཱ་ག་ཙིཏྟ་ཕོ། ནཱ་ག་རྦུད་ལིང་ཤག་ཐུམ་མྱོག་སོད་ཅེས་བྲི། དེའི་ཕྱི་རིམ་མུ་ཁྱུད་བཞི་པར། གཉན་ནད་ལྟོ་སྦྱོར་སྦྲགས་མ། ཨོཾ་སོ་པུརྞ་སོ་པུརྞ་བཛྲ་ཙིག་ཙིག་གོ་གྷོ་ནན། བྱ་པུར་ནན། ཁྱུང་པུར་ནན། ཨོཾ་ག་རུ་ཊ་ག་རུ་ཊ་སྭཱ་ཧཱ། ཧྲི་ཏྲི་བ་ཏྲི་ནན། ནད་དུ་གྱུར་ཏོ་ཅོག་ལ་སྭཱ་ཧཱ། ནད་ཐམས་ཅད་ལ་བྷྱོ། གདོན་ཐམས་ཅད་ལ་བྷྱོ། འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ་འཁོར་ལོ་རྩིབས་བཅུ་པར་ཁྲོ་བོ་བཅུའི་སྙིང་པོ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཁྲོ་བོ་རཱ་ཛས་ནད་ཁ་ཁོགས། རིམས་ཁ་ཆིངས་སྭཱ་ཧཱ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་འདྲ་བས། ཧཱུྃ་ཀཱ་རའི་གནས་སུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྻ་ཨ་ཙ་ལ། ཧ་ཡ་གྲཱི་བ། ཨ་པ་ར་ཛི་ཏ། ཨ་མྲྀཏ་ཀུཎྜ་ལཱི། ཏྲཻ་ལོ་ཀྱ་བི་ཛ་ཡ། མ་ཧཱ་བཱ་ལ། ཞེས་དང་། གརྫ་གརྫའི་གནས་སུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། སྥོ་ཊ་སྥོ་ཊ། ཞེས་བཅུག་པ་བྲི། རྩིབས་མཚམས་རྣམས་སུ་གསང་བདག་གི་ཕྱག་མཚན་རྡོ་རྗེ་རེ་རེ་བཀོད། དེའི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ། རྟེན་འབྲེལ་སྙིང་པོ་ཚར་གསུམ་གྱིས་འཁོར་བར་བྲིའོ། །གཞན་ཡང་ཁྱུང་གི་མཆུ་ལ། ཨོཾ་ཧུར་ཁྱུང་ཧུར་ཁྱུང་ནད་ཐམས་ཅད་ལ་བྷྱོཿ སྦྲུལ་ཁྱུང་སྦྲུལ་ཁྱུང་ནད་ཐམས་ཅད་ལ་བྷྱོཿ ནཱ་ག་ནཱ་ག་ནད་ཐམས་ཅད་ལ་བྷྱོཿ དེ་བ་དེ་བ་ནད་ཐམས་ཅད་ལ་བྷྱོཿ ཞེས་བྲི། མགྲིན་པར་སྐུ་གསུང་ཐུགས་ཀྱི་སྔགས། ཨོཾ་ཨཱཿཧཱུྃ༔ ཞེས་བཀོད། ཕྱག་ལ་གཏུམ་པོའི་སྔགས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་བྲི། གཤོག་པ་གཡས་ལ་ཕོ་སྔགས། ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ། ཞེས་དང་། གཡོན་པར་མོ་སྔགས། ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་ཡ་ཡཱ་སྐད་ཅིག །ཅེས་པ་བྲི། ཕྱག་གཡས་གསུམ་ཟླ་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཨཿས་མཚན་པ། སྔགས་མགོ་ཕྱིར་བསྟན་ལ། ནཱི་ ལཾ་ ཛ་ རཾ་ བྷྲཱུྃ་ ས་ ཏྲི་ རྦད་ ཅེས་པ་ཚར་གསུམ་དགོད། གཡོན་གསུམ་གྱི་ཕྱག་མཐིལ་དུ་ཉི་མའི་འཁོར་ལོ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མཿས་མཚན་པ། སྔགས་མགོ་ནང་བསྟན་གོང་བཞིན་བྲི། མཇུག་མ་ལ། ཨོཾ་ཨ་ཀ་སེ་བི་ཀ་སེ། མ་ཧཱ་པ་སེ་ཧཱུྃ་ལུ་ཀ་སྭཱ་ཧཱ། ཞེས་པ་འགོད། རྐང་པ་རྣམས་ལ་ཨོཾ་ཁྲག་ཉག་རཾ་སྭཱ་ཧཱ། ཞེས་བྲི། རྐང་མཐིལ་སྡེར་མོའི་ཁོངས་སུ་ནད་བདག་འདུས་པའི་སྲོག་སྔགས། ཨོཾ་ཚི་བརྟུལ་བརྟུལ། རྨུག་ཤི་ཤི་ཧྲི་ཏྲི་ཙ་ཏྲི་སོད་རྦད། ཧ་ལ་བི་སརྦ་མཱ་ར་ཡ་རྦད། ཅེས་བྲི། ཡབ་ཡུམ་འཁོར་ལོ་གཉིས་ཀྱི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་ཚར་གཅིག་བྲི། ལྔ་པ་བྱུག་པ་རྫས་ཀྱི་གནད་ནི། རྩ་བའི་ཡེ་ཤེས་ཀྱི་ཁྱུད་སྨན་དྲི་བཟང་པོ་རོ་ཞིམ་ནུས་པ་ཆེ་བས་བྱུག །གཤོག་པར་བོང་ང་དཀར་སེར། མགྲིན་པར་གི་ཝང་དང་དཔའ་སེར། རྐང་པར་སེར་པོ་ཁྲག་རྐང་དང་དཔའ་སེར། མཇུག་མར་དཔའ་བོ་དཀར་པོ་དང་བོང་ང་དཀར་སེར། མཆུ་སྔགས་ལ་མུ་ཟི་ཤུ་དག་ཙན་དན། ཡི་དམ་གྱི་སྙིང་པོ། གུ་རུའི་ཐུགས་སྔགས། ཁྲོ་བཅུ། རྟེན་འབྲེལ་སྙིང་པོ་རྣམས་དྲི་བཟང་། སྔགས་གཞན་རྣམས་གླ་རྩི་ཤུ་དག་ནག་པོ་བོང་ང་ནག་པོ་གསུམ་གྱིས་བྱུག །དབུས་ཀྱི་གཙོ་བོའི་ཁྱུང་སྔོན་པོར་བྱ། གཡས་ཀྱི་ཡབ་འཁོར་གི་ཝང་གིས་དབུ་ཞབས་ཐམས་ཅད་སེར་པོ། གཡོན་གྱི་ཡུམ་འཁོར་གུར་གུམ་དང་ཚོས་ཁུས་དམར་པོར་བྱུགས་ཏེ་རིགས་གསུམ་མགོན་པོའི་མཚོན་བྱེད་དོ། །དེ་ཡང་བྱུག་རྫས་རྣམས་ཞིབ་ཏུ་བཏགས་ལ་ཆུར་སླ་མོར་སྦྱར་ཏེ་ཡིག་འབྲུ་རྣམས་མ་ཟུབ་པར་བྱུག་པ་གནད་དུ་ཆེའོ། །དྲུག་པ་དུས་ཚོད་གཟའ་སྐར་གྱི་གནད་ནི། ཟླ་ནག་དང་ཟླ་ཞབས་མ་ཡིན་པ། རང་ཉིད་ཀྱི་བླ་གཟའ་བླ་སྐར་དར་བའི་སྔ་དྲོའི་དུས་སུའོ། །བདུན་པ་རབ་གནས་བཀྲ་ཤིས་ཀྱི་གནད་ནི། དགེ་སློང་གཙང་མ་ནུས་ལྡན་དང་། འབྲི་མཁན་སྟན་ལས་མ་ལངས་པར། སྐྱབས་སེམས་སྔོན་དུ་འགྲོ་བས། རང་བཞིན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཞེས་སོགས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་རང་ཉིད་ནུས་ལྡན་དུ་བྱས། དེ་ནས་འཁོར་ལོ་མདུན་དུ་བཞག་བགེགས་བསྐྲད། གུ་གུལ་གྱིས་བདུག །སྲུང་བའི་འཁོར་ལོ་བསྒོམས་པའི་རྗེས་སྟེགས་ཀྱི་ཁར་རས་དཀར་རམ་སྣམ་བུ་དཀར་པོ་གཙང་མའི་སྟེང་དུ་སྤྱན་དྲངས་ཏེ་བཞག །མཐའ་མཆོད་པ་རྣམ་ལྔས་བསྐོར། གཞན་ཡང་སྨན་རག་དང་ཚོགས་གཏོར་གྱི་ཡོ་བྱད་ཇི་ལྟར་རིགས་པ་འདུ་བྱས་ལ། །ཤཱུ་ནྱ་ཏཱས་མཚན་རྟོག་བསལ། འཁོར་ལོ་མི་དམིགས་སྟོང་པའི་ངང་། །གསང་བདག་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་སྡིགས་མཛུབ་རྒྱན་ཆ་ལུགས། །ཡོངས་སུ་རྫོགས་པའི་ལྟེ་བ་རུ། །མུ་ཁྱུད་གཉིས་ལྡན་དེ་ཡི་དབུས། །གུ་རུ་སྨན་བླའི་ཕྱག་མཚན་ཅན། །ལྟེ་བ་དང་བཅས་གསང་བདག་གི །སྤྱི་བོར་བྱ་ཁྱུང་སྦྲུལ་ཟ་བ། །དཔུང་སྟེང་བྱ་ཁྱུང་དམར་ནག་ལྡིང་། །གཡས་གཡོན་དུག་སྦྲུལ་སྨན་སྦྲུལ་འཁྱུག །ལྕགས་ཀྱི་ཕག་རྒོད་མགོ་དགུ་དང་། །གཡུང་ཕག་ནག་པོ་མདུན་ནས་རོལ། །སྤྱི་བོར་ཁྱུང་དང་རྒོད་གཡུང་ཕག །ལྟོ་བསྡེབས་མུ་ཁྱུད་རེ་རེས་བསྐོར། །ཀུན་ཀྱང་ཡེ་ཤེས་མེ་དཔུང་གི །འབར་བའི་དབུས་ན་བཞུགས་པ་ཡི། །སོ་སོའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀ་རུ། །ཧཱུྃ་ཡིག་སྔོན་པོས་མཚན་པར་གྱུར། །ཅེས་གསལ་བཏབ། སླར་ཡང་བདག་ཉིད་གསང་བདག་ཡི་དམ་ལྷར། །གསལ་བའི་ཐུགས་ཀ་གུ་རུའི་གནས་གསུམ་ནས། །དཀར་དམར་མཐིང་བའི་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་རབ་འཕྲོས་ནས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་དང་ནི། །མ་ལ་ཡ་དང་པདྨ་འོད་ལ་སོགས། །དག་པའི་ཞིང་ཁམས་རྣམས་ནས་བླ་མ་དང་། །དཀོན་མཆོག་རིན་ཆེན་ཞི་བ་བྱང་སེམས་དང་། ཁྲག་འཐུང་ཁྲོ་བོ་དཔའ་བོ་མཁའ་འགྲོ་དང། །ཆོས་སྲུང་རྒྱལ་པོ་སྡེ་བཞི་གཏེར་གྱི་བདག །བོད་སྐྱོང་བརྟན་མ་བཅུ་གཉིས་ལ་སོགས་པ། །ཡེ་ཤེས་ལས་གྲུབ་དཔག་ཏུ་མེད་པའི་ཚོགས། །འཁོར་བཅས་གནས་འདིར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། མདུན་གྱི་ནམ་མཁའི་གནས་སྤྱོན་རྡོ་རྗེའི་གདན། །དྲི་མེད་པདྨ་ཉི་ཟླ་བརྩེགས་པ་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཕྱག་འཚལ་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །ཞེས་པས་བཞུགས་སུ་གསོལ། བདག་གི་ཐུགས་ཀར་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་རབ་གནས་ཡིག་འབྲུ་གསུམ། །ཨོཾ་འཕྲོས་གཏོར་མའི་མ་དག་ཉེས་ཀུན་སྦྱངས། །ཨཱཿའཕྲོས་འདོད་ཡོན་དྲུག་གི་མཆོད་པར་གྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་མཆོད་གཏོར་བརླབ། གཏོར་མའི་དངོས་པོ་ཀུན་བཟང་མཆོད་པའི་སྤྲིན། །བྱེ་བྲག་ཕྱི་ནང་གསང་བ་དེ་ཁོ་ན། །ཚོགས་ཀྱི་འཁོར་ལོ་འཆི་མེད་བདུད་རྩིའི་སྨན། །ཆགས་མེད་རཀྟའི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་སོགས། །དཔག་ཏུ་མེད་པའི་མཆོད་པ་དམ་པ་འདི། །རྩ་བརྒྱུད་བླ་མ་སངས་རྒྱས་ཆོས་དགེ་འདུན། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པས་འབུལ་ལོ་བཞེས་ཤིག་ཐུགས་དམ་བསྐང་། །ཉམས་པ་སོར་ཆུད་དབང་དང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བུདྡྷ་དྷརྨཱ་སཾ་གྷ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། སྔགས་མཐར། མ་ཧཱ་པཉྩ་དང་། རཀྟ་བཏགས་པས་སྤྱིར་མཆོད། གུ་རུ་ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨཱ་སདྒྷ་དེ་བ་ཌཱ་ཀི་ནཱི་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བྱེ་བྲག་ཚོགས་གཏོར་འབུལ། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་སྤྱན་དབྱེ། གོང་དུ་བཤད་པའི་འཁོར་ལོའི་སྔགས་རྣམས་ཅི་ནུས་སམ། དབྱངས་གསལ་དང་སྦྲེལ་བ་ཉེར་གཅིག་ཙམ་དང་། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་ཤིང་མེ་ཏོག་ལ་སྔགས་མཐར་ཐལ་མོ་སྦྱར་ཏེ། ཡི་དམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔར་བཞིན་མཆོད་ཅིང་བསྟོད། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་བཟླ་བཞིན་པས་སྔགས་ཀྱི་མེ་ཏོག་འཐོར་བས་ལྷ་ཚོགས་རྣམས་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པར་གྱུར་ནས་ནད་གདོན་སོགས་མི་མཐུན་པའི་ཕྱོགས་སྲུང་བའི་ནུས་པ་དང་ལྡན་པར་གྱུར་པར་བསམ། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར། །ལྷ་དང་དྲང་སྲོང་གིས་བྱས་པའི། །རིག་སྔགས་བསླུ་བར་མི་འགྱུར་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བདེན་པའི་སྟོབས་བརྗོད་པ་དང་། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་གི་ཆར་དབབ། དེ་ནས་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡངས་ལ་བསྔོ་སྨོན་གྱི་རྒྱས་གདབ་པ་སོགས་དཀྱུས་བཞིན་དུ་བྱའོ། །བརྒྱད་པ་ལྟེབ་པ་ལྕིབས་ཀྱི་གནད་ནི། ཡབ་ཡུམ་གྱི་འཁོར་ལོ་དང། ཕྱག་མཐིལ་གཡས་གཡོན་གྱི་ཉི་ཟླའི་འཁོར་ལོ་རྣམས་ཞལ་སྤྲད། དབུ་གྱེན་དུ་བསྟན། འཁོར་ལོའི་ལྟེ་བ་མ་ཉམས་པར་ལྟེབ་བོ། །དགུ་པ་ན་བཟའ་དཀྲི་ཤུབས་ཀྱི་གནད་ནི། དར་ཚོན་སྣ་ལྔའི་སྐུད་པས་དཀྲིས་ལ་དར་ཟབ་སྣ་ཚོགས་ཀྱིས་དྲིལ་ལ་གང་བསྲུང་བའི་མགུལ་དུ་སྐབས་སུ་བབས་ན་སྣོད་རུང་གི་དབང་བསྐུར་དང་བཅས་པའི་སྒོ་ནས་གདགས་ཤིང་། གལ་ཏེ་དེ་ཙམ་མ་བྱུང་ཡང་གཟའ་སྐར་ཤིས་པ་དང་བསྟུན་ལ་གཞན་གྱིས་མ་རེག་པར་སྒྲུབ་པ་པོ་རང་ཉིད་ཀྱིས་གདགས་སོ། །བཅུ་པ་ཚོགས་གསོག་མཆོད་སྦྱིན་གྱི་གནད་ནི། དེ་ལྟར་གྲུབ་ནས་རིགས་གསུམ་གུ་རུ་ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་གི་ཚོགས་ལ་གཏང་རག་གི་མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ། རབ་གནས་མཁན་དང་འབྲི་མཁན་ཡོན་གྱིས་མཉེས་པ་སོགས་མཐའ་རྒྱས་སུ་བྱའོ། །བཅུ་གཅིག་པ་དམ་ཚིག་སྲུང་བའི་གནད་ནི། སྲུང་བ་ཡོད་ཅེས་མི་ལ་མི་སྨྲ། གཞན་གྱི་ལག་ཏུ་མི་གཏད། འཁོར་ལོ་དེ་ལ་མ་ཕྱི་བྱས་ནས་ཞལ་མི་བཤུ། ཟླ་རེ་སོང་བ་དང་རབ་གནས་རྒྱས་བསྡུས་ཇི་ལྟར་རིགས་པ་རེ་འཁོར་ལོ་ལྐོག་ཅན་དེ་ལ་བསྐྱར། རབ་གནས་ཀྱི་བར་མ་གཏོགས་ལུས་དྲོད་དང་མ་བྲལ་བར་བྱའོ། །བཅུ་གཉིས་པ་རྒྱབ་ཆོས་བསྐྱེད་རིམ་གྱི་གནད་ནི། ཐབས་དང་འདྲ་བའི་འཁོར་ལོ་ལུས་ལ་བཏགས་ནས། ཤེས་རབ་དང་འདྲ་བའི་བསྐྱེད་རིམ་གསལ་ཞིང་སྔགས་བཟླས་པ་རྣམས་རྒྱུན་ཁྱེར་ལྟར་མ་ཆག་པར་ཉམས་སུ་བླང་ངོ། །བཅུ་གསུམ་པ་དེ་ལྟ་བུའི་གནད་རྣམས་ལེགས་པར་ཚང་བའི་འཁོར་ལོའི་ཡོན་ཏན་ནི། གཞུང་རྩ་བར། ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྲུང་བ་རྡོ་རྗེའི་ཁྲབ་རིང་འདི༔ ལུས་ཀྱི་ནང་ནས་མགོ་དང་འདྲ༔ སྐུ་གསུམ་ལྷུན་གྲུབ་སྲུང་བ་འདི༔ མགོ་བོའི་ནང་ནས་མིག་དང་འདྲ༔ མང་དུ་མ་སྤེལ་སྙིང་ལ་ཆོངས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ ཞེས་དང་། འགོ་བའི་ནད་རིགས་གང་བྱུང་ཐུབ༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ཐུབ༔ གག་པ་ལྷོག་པ་མཆོག་ཏུ་ཐུབ༔ མཆོག་ཏུ་རྒྱུ་གཟེར་དམར་བཤལ་ཐུབ༔ མཛེ་དང་སྲིའུ་སྨྱོན་པ་ཐུབ༔ གཟའ་དང་གནམ་ལྕགས་སེར་བ་ཐུབ༔ རྦོད་གཏོང་དམག་དང་ཆུང་སྲི་ཐུབ༔ ལོ་སྐག་ཟླ་སྐག་ཕྱོགས་ངན་ཐུབ༔ འཁོར་ལོ་འདི་བཏགས་ངན་དགུ་ཐུབ༔ ནོར་ལ་བཏགས་བཞག་རེག་མི་ནུས༔ རྟ་ལ་བཏགས་ན་བྱ་དང་མཉམ༔ ཁྱི་ལ་བཏགས་ན་རྡོ་མི་འཕོག༔ ཕོ་ལ་བཏགས་ན་དཔའ་ལ་མཛངས༔ མོ་ལ་བཏགས་ན་གཤིམས་ལ་མཛངས༔ དཔལ་དང་བསོད་ནམས་ཕུན་ཚོགས་བསྐྱེད༔ ཅི་བསམ་འགྲུབ་པར་ཐེ་ཚོམ་མེད༔ ཡིད་བཞིན་ནོར་བུ་བསམ་འཕེལ་བཞིན༔ གནམ་ལྕགས་རྡོ་རྗེའི་སྲུང་བ་འདིས༔ འགོས་པའི་ནད་ཀུན་སྨོས་ཅི་དགོས༔ འཆི་བདག་བདུད་ཀྱང་བཟློག་པར་འགྱུར༔ དེ་ཕྱིར་ཀུན་ཐུབ་རྡོ་རྗེ་ཡིན༔ ཞེས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་ལྟར་སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་འདི་ཡང་། གཏེར་གཞུང་རྩ་བའི་དགོངས་དོན་དང་། བྲང་ཏི་མཁས་པའི་ཕྱག་བཞེས་ལྟར་སྙིང་པོར་དྲིལ་ཏེ་དཔལ་ཨེ་ཝཾ་ཐར་པ་རྩེར། ཤཱཀྱའི་དགེ་སློང་མཉྫུ་གྷོ་ཥས་བྲིས་པའི་དགེ་བས་འགྲོ་ཀུན་དུས་མིན་འཆི་བའི་འཇིགས་པ་ཐམས་ཅད་ལས་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

བཅོམ་ལྡན་འདས་རྟ་མཆོག་རོལ་པ་གཉེན་པོ་ལྷ་བཞིའི་དོན་དབང་མདོར་བསྡུས་པ་ (Volume 46, Text 28)

༄༅། །བཅོམ་ལྡན་འདས་རྟ་མཆོག་རོལ་པ་གཉེན་པོ་ལྷ་བཞིའི་དོན་དབང་མདོར་བསྡུས་པ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱྀ་བ་ཡ། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུའི་དབུས་སུ་བུམ་པ། གཡས་སུ་གསང་རྫས། རྒྱབ་ཏུ་རིག་ཙཀ །གཡོན་དུ་ཤེལ་རྡོ། གཏོང་དབང་བྱེད་ན་མདུན་དུ་དབང་གཏོར། དེའི་མདུན་དུ་སྨན་གཏོར་རཀྟ་ཉེར་སྤྱོད་སོགས་བཤམ། བདག་མདུན་བུམ་གསུམ་དབྱེར་མེད་ཀྱི་སྒོམ་བཟླས་མཆོད་བསྟོད་ཡིག་བརྒྱར་བཅས་པའི་མཐར། ལས་བུམ་དུ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ཨ་མྲྀཏ་ཅི་ནུས་བཟླས་མཐར། རིག་པའི་མེ་ཏོག་དོར་བས་བདག་འཇུག་བླང་། སྤྲོ་ན་ཚོགས་མཆོད་སོགས་བྱ། དེ་ནས་སློབ་མ་ལ་ཁྲུས་བྱས། བགེགས་གཏོར་གཏང་། སྲུང་འཁོར་བསྒོམ་པ་བཅས་རྒྱས་བསྡུས་གང་རིགས་མཐར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་ཀུན་མཁྱེན་རྒྱལ་བའི་དབང་པོ་༧རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི། ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་གསེས་ལྟོ་འགྲོས་བཏེགས་པའི་ཡིད་བཞིན་དབང་རྒྱལ་གྱི་རྒྱ་ཅན་ལས། དུས་མ་ཡིན་པའི་འཆི་བའི་གཉེན་པོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་དང་། བར་གདོན་རྒྱལ་འགོང་དམ་སྲིའི་གཉེན་པོ་རྟ་མགྲིན། སྟེང་གདོན་གཟའི་གཉེན་པོ་ཕྱག་རྡོར། འོག་གདོན་ཀླུའི་གཉེན་པོ་རྡོ་རྗེའི་བྱ་ཁྱུང་སྟེ་གཉེན་པོ་ལྷ་བཞི་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དུ་དོན་དབང་མདོར་བསྡུས་ཏེ་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཉེན་པོ་ལྷ་བཞི་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །སློབ་དཔོན་གྱིས་ཀྱང་བདག་གཞུག་གསོལ། །རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་གསུམ་རྣམས་ལ། །བྱང་ཆུབ་མ་འཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་རོལ་པའི་དབུས་སུ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་རབ་ཏུ་གཏུམ། །ཞེས་པ་ནས། དུར་ཁྲོད་ཆས་རྫོགས་གཡོན་བརྐྱང་ཚུལ་གྱིས་བཞུགས། །ཞེས་པའི་བར་ལས་གཞུང་ལྟར་གསལ་གདབ། དེ་ལྟར་དུ་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧྲཱིིཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་བཛྲ་པཱ་ཎི་ག་རུ་ཌཿཧཱུྃ་ཕཊ་སྭཱ་ཧཱ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་གཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་ལྷའི་ངོ་བོར་དག་པའི་མོས་པ་མཛོད། ཧོཿ བདེ་གཤེགས་གཉེན་པོ་ལྷ་བཞི་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བྱིན་རླབས་ལྷ་ཡི་བདུད་རྩིའི་ཆུས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཉོན་མོངས་དྲི་མ་ལྔ་དག་སྟེ། །ཕུང་པོ་རྣམ་ལྔ་གནས་གྱུར་པ། །ཡེ་ཤེས་ལྔ་པོ་མངོན་དུ་བྱས། །མི་བསྐྱོད་ལ་སོགས་རིགས་ལྔ་ཡི། །བག་ཆགས་རྒྱུད་ལ་འགོ་བར་ཤོག །རྩ་སྔགས་མཐར། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་གཙུག་ཏུ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། བུདྡྷ་ཨ་བྷི་ཥིཉྩ་ཨོཾ་གྱིས་དཔྲལ་བ། རཏྣ་ཨ་བྷི་ཥིཉྩ་སྭཱས་རྣ་ལྟག་གཡས། པདྨ་ཨ་བྷི་ཥིཉྩ་ཨཱཾ་གྱིས་ལྟག་པ། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཞེས་རྣ་ལྟག་གཡོན་དུ་བཞག་ནས་དབང་བསྐུར་རོ། །བླ་མ་དབང་ཆེན་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གསང་བའི་དབང་བསྐུར་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧོཿ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །མུ་ཏིག་ལྟ་བུར་ཆེས་དཀར་བའི། །བདུད་རྩིས་ངག་ལ་དབང་བསྐུར་བས། །རྩ་ཁམས་བདེ་བས་ཁྱབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བདུད་རྩི་སྦྱིན། སློབ་དཔོན་གྱི་ཐུགས་ཀ་ནས་ཤེས་རབ་མ་པདྨ་གཟི་ལྡན་གྱི་རྣམ་པར་སྤྲོས་པ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། རིག་ཙཀ་གཏད་ལ། ཨེ་མ་མཚན་ལྡན་རིག་མ་འདི། །བསྟེན་ན་ཟག་མེད་བདེ་བ་ཆེས། །འཁོར་ལོའི་མདུད་རྣམས་རབ་གྲོལ་ནས། །ཚེ་འདིར་ཟུང་འཇུག་ཐོབ་པར་འགྱུར། །ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོ། དཔེའི་ཡེ་ཤེས་དེ་ཉིད་བརྡ་དང་ཚིག་གིས་ངོ་སྤྲད་པས་མཚོན་བྱ་དོན་གྱི་དབང་བཞི་པའི་དེ་ཁོ་ན་མངོན་དུ་གྱུར་པའི་མོས་པ་མཛོད། འཇའ་ཤེལ་བསྟན་ལ། ཧཱུྃ། སེམས་ཉིད་ཀ་དག་ལྷུན་རྫོགས་དོན། །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ །གཉིས་མེད་འཛིན་གྲོལ་སྤྲུལ་པའི་སྐུ །ཡང་དག་ངེས་དོན་རྟོགས་པར་གྱིས། །ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ་ཨ། དེ་ལྟར་ན་དཀྱིལ་འཁོར་རྣམ་པ་བཞིར་དབང་བཞི་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ལམ་བཞི་བསྒོམ་པ་ལ་དབང་། སྐུ་བཞི་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཞུང་རྩ་བར་མ་གསུངས་ཀྱང་བརྟན་བྱེད་དུ་གཏོར་མའི་དབང་བསྐུར་བར་སྤྲོ་ན། སླར་ཡང་གཏོར་མ་ལྷར་གསལ་བའི་གནས་ལྔ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་བཅོམ་ལྡན་འདས་གཉེན་པོ་ལྷ་བཞིའི་་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། ཧྲཱིཿ བཅོམ་ལྡན་གཉེན་པོ་ལྷ་བཞི་ཡི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པས། །བར་ཆད་མི་མཐུན་ཀུན་ཞི་ཞིང་། །དངོས་གྲུབ་མ་ལུས་སྩོལ་བར་མཛོད། །ཧྲཱིཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་བཛྲ་པཱ་ཎི་ག་རུ་ཌཿཧཱུྃ་ཕཊཿ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡེ་དྷརྨཱ་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། དེས་དབང་བསྐུར་ལེགས་པར་གྲུབ་ནས་དམ་ཚིག་བསྡུས་ཏེ་ཁས་བླངས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟ་བུའི་དགེ་ཚོགས་བྱང་ཆུབ་རིན་པོ་ཆེར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་གནང་འཚལ། བསོད་ནམས་འདི་ཡིས་སོགས། རྗེས་མཆོད་བསྟོད། ནོངས་བཤགས། ཉེར་བསྡུ། བསྔོ་སྨོན་ཤིས་བརྗོད་སོགས་བྱའོ། ༈ །དབང་ཚར་གྲངས་བྱེད་ན། གཏོར་དབང་ཡན་རྒྱས་པ་ཚར་གཅིག་མཚམས། སླར་ཡང་དབང་གཉིས་པ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་སོགས། ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་བཅོམ་ལྡན་འདས་གཉེན་པོ་ལྷ་བཞིར་གསལ་བཞིན་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ནམ་མཁའ་གང་བར་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པའི་མོས་པ་མཛོད། རྩ་སྔགས་དང་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་རྣམས་རིམ་པ་བཞིན་དུ་སྩོལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཧོཿ བདེ་གཤེགས་གཉེན་པོ་ལྷ་བཞི་ཡི། །སོགས་བུམ་པ། གསང་དབང་། རིག་ཙཀ །ཤེལ་རྡོ་རྣམས་ཚིགས་བཅད་སྔགས་བཅས་ཀྱིས་བསྐུར། སྤྲོ་ན་གཏོར་དབང་ཡང་བྱ། བཀྲ་ཤིས་གང་རུང་ཤློ་ཀ་རེ་བརྗོད། དེ་ལྟ་བུའི་རིམ་པས་གྲངས་གཟུང་ངོ་། །ཞེས་པའང་གཞུང་རྩ་བ་ལས་ཕྱག་ལེན་ལྟར་བསྡུས་ཏེ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།

གཟུངས་རིགས་དང་གསུང་མགུར་ཁྱད་འཕགས་རྣམ་གསུམ་ (Volume 49, Text 28)

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་ཡི་སྙིང་པོ་ནི། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཚེ་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ༈ དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་མའི་གཟུངས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོཀྱ། པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ་ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ། བ་ར་བ་ཙ་ནཱ་ཨ་མྲྀཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་མ་མ་ཨཱ་ཡུཿསཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ་མ་མ་ཨཱ་ཡུཿ བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར་སྨཱ་ར་ཡ་སྨཱ་ར་ཡ། སྥ་ར་སྥ་ར་སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ་བུདྡྷེ། བུདྡྷེ་བཛྲེ་བཛྲེ། མ་ཧཱ་བཛྲ་སུ་བཛྲེ། བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོདྦྷ་བེ་བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲམྦྷ་བ་ཏུ་མ་མ་ཤཱ་རཱི་རཾ། སརྦ་སཏྭཱ་ནཱཉྩ། ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། མ་མ་སཱ་དཱ་སརྦ་ག་ཏི། པ་རི་ཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྡྷ་བུདྡྷ་སིདྡྷ། སིདྡྷ་བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱནྨོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། གཟུངས་ཐུང་འབྲིང་ནི། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ༈ བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །སྒྲོལ་དཀར་སྙིང་པོ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྙིང་པོ་སྤེལ་ཚིག་ཅན་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སོ།། །། ༄༅། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་མངོན་པར་འདུད་པའི་རྡོ་རྗེའི་གླུ་འཆི་མེད་རྟག་པའི་རོལ་མོ་ཞེས་བྱ་བ། ཨ་ཧོ། ཨོཾ་ཡིག་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་ཡེ་ཤེས། །རྣམ་ཀུན་སྟོང་པའི་གཟུགས་བརྙན་ཟུང་འཇུག་ཏུ་སྣང་བ། །སྐུ་ཡི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །རྩ་ཁམས་ལྷ་སྐུར་དག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨ་མཱ་ར་ཎི་འཆི་མེད་རྟག་པ་ཡི་དབྱངས་སྙན། །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་རྒྱ་མཚོ་རུ་ཤར་བ། །གསུང་གི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །ལས་རླུང་སྔགས་སུ་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །ཛཱི་བནྟི་ཞེས་འཕོ་མེད་གཉུག་མ་ཡི་འཚོ་བ། །བརྟན་གཡོ་སྲི་ཞི་ཀུན་གྱི་ཁྱབ་བྱེད་དུ་རོལ་པ། །ཐུགས་ཀྱི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །ཐིག་ལེ་བདེ་བར་སྨིན་པའི་དངོས་གྲུབ་ཅིག་སྩོལ་དང་། །ཡེ་ཞེས་གང་ལ་དགོངས་པའི་སྐལ་བཟང་གི་ཚོགས་ཀུན། །ཡིད་བཞིན་འདོད་པ་འཇོ་བའི་དཔག་བསམ་གྱི་ཤིང་ཆེན། །ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །སྤངས་རྟོགས་རྩལ་ཆེན་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་མངོན་མཐོ་ངེས་ལེགས་གྲུབ་པ་ཡི་དཔལ་ཀུན། །གང་འདུལ་ཅིར་ཡང་སྦྱིན་པའི་སྒྱུ་འཕྲུལ་དུ་འཆར་བ། །ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །གཞན་ཕན་མཁའ་ཁྱབ་རྟག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཕུན་སུམ་ཚོགས་པ་ལྔ་ལྡན་འོག་མིན་གྱི་ཞིང་ལྟར། ཁྱད་བདག་བླ་མ་ཞབས་པད་བསྐལ་བརྒྱ་རུ་བརྟན་ཅིང་། །ཐེག་མཆོག་འདུས་པའི་ཚོགས་ལ་སྨིན་གྲོལ་གྱི་བདུད་རྩིས། །གྲུབ་གཉིས་པདྨོ་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །འཕགས་པའི་དགེ་འདུན་བྱེ་བས་ས་ཆེན་ཀུན་ཁྱབ་ཅིང་། །བཤད་སྒྲུབ་ལས་ཀྱི་སྣང་བ་སྲིད་མཐའ་རུ་རྟག་པས། །འགྲོ་རྣམས་རྫོགས་ལྡན་གསར་པའི་དུས་སྟོན་ལ་སྤྱོད་བཞིན། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞིག་ཞུ་འོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་མོ་དགོངས་གཏེར་གྱི་བཀའ་རྒྱ་འགྲོལ་བ་དང་ལྷན་ཅིག་ཏུ་གང་ཤར་གསོལ་བ་བཏབ་པས་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག། །། ༄༅། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་དམ་སྐུལ་བའི་རྡོ་རྗེའི་གླུ་འཆི་མེད་རྟག་པའི་རྒྱུན་མངས་ཞེས་བྱ་བ། ཨ་ཧོ། ཨོཾ་ཡིག་ཡེ་ཤེས་ལྔ་ལྡན་འོད་གསལ་གྱི་ཐིག་ལེ། །ཟུང་འཇུག་བདེ་ཆེན་གྲུབ་པའི་སྣང་བརྙན་དུ་ཤར་བ། །མི་ཤིགས་སྐུ་ཡི་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །རྩ་ཁམས་དྭངས་མར་དག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨ་མྲྀ་ཏ་ཞེས་བརྗོད་བྲལ་འཆི་མེད་ཀྱི་ཟིལ་མངར། །བརྟན་གཡོ་ཀུན་ལ་ཁྱབ་པའི་དབྱངས་སྙན་དུ་ཤར་བ། །འགག་མེད་གསུང་གི་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །སྲོག་རྩོལ་དབུ་མར་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨཱ་ཡུར་རྟག་པ་དམ་པའི་སྤྲོས་བྲལ་གྱི་ཚེ་བཅུད། །མཁྱེན་གཉིས་ལང་ཚོ་རྒྱས་པའི་རྩེ་དགའ་ལ་རོལ་པ། །འགྱུར་མེད་ཐུགས་ཀྱི་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །རྟོག་ཚོགས་ཆོས་སྐུར་སྨིན་པའི་དངོས་གྲུབ་ཅིག་སྩོལ་དང་། །ད་དེ་རྨད་དུ་བྱུང་བའི་སྤངས་རྟོགས་ཀྱི་རོལ་མོ། །འདོད་རྒུ་ཡིད་བཞིན་འཇོ་བའི་སྤྲིན་ཆེན་དུ་ཤར་བ། །རྩོལ་མེད་ཡོན་ཏན་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །ཕན་བདེའི་དགེ་མཚན་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་ལེགས་པའི་དངོས་ཀུན་གང་འདུལ་དུ་སྦྱིན་པ། །ངོ་མཚར་དབང་པོའི་གཞུ་བཞིན་སྣ་ཚོགས་སུ་ཤར་བའི། །ཐོགས་མེད་ཕྲིན་ལས་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །བསམ་ཀུན་ཡོངས་སུ་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །དཔལ་ལྡན་བླ་མའི་ཞབས་པད་ལྷུན་པོ་ལྟར་རྟག་ཅིང་། །ཚུལ་ལྡན་འདུས་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བས། །ཆོས་ལྡན་རྒྱལ་བློན་འབངས་བཅས་ལྷུན་གྲུབ་ཀྱི་འབྱོར་པ། །རྫོགས་ལྡན་དུས་ལྟར་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །ལྷ་རྣམས་དགྱེས་པའི་མེ་ཏོག་ཆལ་ཆིལ་དུ་འབེབ་ཅིང་། །ཀླུ་རྣམས་དགའ་བའི་དུས་སྟོན་ས་སྟེང་དུ་སྣང་བས། །མི་རྣམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཀྱི་གླུ་དབྱངས། །འཇིག་རྟེན་ཀུན་ཏུ་སྙན་པའི་སྨོན་ལམ་ཞིག་ཞུ་འོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་གཏེར་གྱི་གསང་བ་གཏན་ལ་ཕབ་པའི་རྗེས་འབྲེལ་དུ། རབ་ཚེས་དཔལ་གདོང་ལོའི་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་ཀྱི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གང་ཤར་བྲིས་པ་དཔལ་ལྡན་བླ་མ་དམ་པ་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཕན་བདེའི་སྣང་བ་གསར་པས་ས་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག། །། ༄༅། །རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པ་རྗེས་སུ་དྲན་པའི་རྡོ་རྗེའི་གླུ་འཆི་མེད་རྟག་པ་དམ་པའི་དབྱངས་སྙན་ཞེས་བྱ་བ། ཨ་ཧོ། ཨོཾ་ཡིག་བཀྲ་ཤིས་བྱེ་བའི་དགེ་ལེགས་ཀྱི་རེ་ཁཱ། །མཚན་བཟང་སྐུ་ཡི་ཆ་ཤས་རེ་རེ་ལ་རྫོགས་པས། །མཐོང་བས་ཡིད་འཕྲོག་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འགྱུར་མེད་རྟག་པ་དམ་པའི་དངོས་གྲུབ་ཅིག་སྩོལ་དང་། །ཏཱ་རེ་སྲིད་མཚོ་སྒྲོལ་བའི་ཟབ་རྒྱས་ཀྱི་ཆོས་ཀུན། །འཕགས་མའི་གསུང་གི་གསང་བའི་རྒྱུད་མངས་ལས་ཤར་བ། །ཐོས་པས་རྣམ་གྲོལ་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འགག་མེད་རྡོ་རྗེ་ནཱ་དའི་དངོས་གྲུབ་ཅིག་སྩོལ་དང་། །ཏུཏྟཱ་རེ་ཞེས་གཟུང་འཛིན་གདུང་བ་ལས་སྐྱོབ་པའི། །ཤེས་རབ་ཕ་རོལ་ཕྱིན་མའི་ཡེ་ཤེས་ཀྱི་སྣང་བ། །དྲན་པས་མཆོག་སྟེར་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འཁྲུལ་མེད་འོད་གསལ་སྙིང་པོའི་དངོས་གྲུབ་ཅིག་སྩོལ་དང་། །ཏུ་རེ་གློག་ལྟར་མྱུར་བའི་ཐུགས་རྗེ་ཡི་ལང་ཚོ། །སྤངས་རྟོགས་བྱེ་བས་སྒེག་པའི་བདེ་ཆེན་གྱི་དགའ་མ། །དོན་གཉིས་ཆར་འབེབ་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །རྩོལ་མེད་ཡོན་ཏན་མཐའ་ཡས་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་དགེ་ལེགས་དངོས་ཀུན་ཇི་བཞིན་དུ་སྦྱིན་པའི། །ཞི་རྒྱས་དབང་དྲག་མཆོག་གི་སྒྱུ་འཕྲུལ་གྱི་གཟི་བརྗིད། །སྲིད་ཞི་ཀུན་ཁྱབ་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །ཐོགས་མེད་ཕྲིན་ལས་འདོད་རྒུའི་དངོས་གྲུབ་ཅིག་སྩོལ་དང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱ་རུ་རྟག་ཅིང་། །བཤད་སྒྲུབ་ལས་གསུམ་སྣང་བས་ས་ཆེན་ཀུན་ཁྱབ་སྟེ། །ཆོས་ལྡན་རྒྱལ་བློན་འབངས་བཅས་དགེ་བཅུ་ལ་སྤྱོད་བཞིན། །བསམ་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཅིག་སྩོལ་དང་། །མཁའ་ལ་ཡེ་ཤེས་ལྔ་ལྡན་འཇའ་སྤྲིན་དུ་འཁྲིགས་ཤིང་། །བར་སྣང་དགེ་ལེགས་མེ་ཏོག་ཆར་ཟིལ་དུ་འབེབས་པས། །ས་སྟེང་སྐྱེ་རྒུ་བདེ་སྐྱིད་བཀྲ་ཤིས་ཀྱི་རྒྱང་གླུས། །འཇིག་རྟེན་ཀུན་ཏུ་དགེ་བའི་སྨོན་ལམ་ཞིག་ཞུ་འོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མོད་སྔགས་གླིང་པས་འཕགས་མ་ཡིད་བཞིན་ཟླ་བའི་སྒྲུབ་མཆོད་ཀྱི་སྐབས། གསང་བ་བསམ་གྱིས་མི་ཁྱབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་གསོལ་བ་འདེབས་པའི་ངག་གི་གླིང་བུ་གང་ཤར་ཡིད་ཀྱི་སོར་མོས་བསྒྲེངས་པ་སྟེ། དགེ་ལེགས་ཀྱི་སྣང་བ་འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྟག་པར་གྱུར་ཅིག། །། ༈ ཚེ་དཔག་མེད་མགོན་ཕྱག་གི་བུམ་བཟང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་སྣ་ཚོགས་རྡོ་རྗེས་མི་མཐུན་ཕྱོགས་ཀུན་ཡོངས་སུ་བཅོམ། །ཡིད་བཞིན་འཁོར་ལོའི་སྐྱབས་སྦྱིན་ཨུཏྤལ་བྱིན་རླབས་ཟིལ་དངར་གཡོ་བ་ཡིས། །སྐལ་ལྡན་རྣམས་ཀྱི་སྙིང་ལ་སིམ་པས་འཆི་མེད་གྲུབ་པའི་བཀྲ་ཤིས་ཤོག །མཁྱེན་བརྩེའི་གསུང་འབུམ་ལས་སོ། །ཨོཾ་སྭསྟི་སིདྡྷཾ། བཀྲ་ཤིས་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། །དགེ་ལེགས་ཆར་འབེབ་རྩ་གསུམ་རབ་འབྱམས་ལྷ། །ཕུན་ཚོགས་འདོད་རྒུའི་དཔལ་སྟེར་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་རྒྱ་མཚོས་ཤིས་པར་མཛོད། །ཅེས་པའང་མཁྱེན་བརྩེའི་དབང་པོས་སྨྲས་པ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

རིན་ཆེན་ཤོག་འདྲ། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ (Volume 38, Text 29)

༄༅། །རིན་ཆེན་ཤོག་འདྲ། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་བཞུགས་སོ། །མཁའ་འགྲོ་ཡང་ཏིག ། རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཡིད་བཞིན་རེ་བ་ཀུན་འགྲུབ་ཅིང་། །འདོད་དགུའི་བསམ་པ་རྫོགས་མཛད་པ། །ཡེ་ཤེས་མཚོ་རྒྱལ་ལ་བཏུད་དེ། །རྡོ་རྗེ་གཡུ་སྒྲོན་སྒྲུབ་ཐབས་བཤད། །འདི་ལ་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལ། །ནང་ལྟར་ཡིད་འོང་ལྷ་མོ་ལྔ། །གསང་བར་མཁའ་འགྲོ་ལྔ་ཡིན་པས། །སྐུ་གསུང་ཐུགས་ཡིན་འདི་ལྟར་བསྒྲུབ། །དང་པོ་ཕྱི་ལྟར་སྒྲུབ་པ་ནི། །ཡིད་དང་མཐུན་པའི་གངས་རི་འམ། །ནགས་རི་སྤང་རི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའི་གནས་ཉིད་དུ། །མཎྜལ་པདྨ་འདབ་བཞིའི་སྟེང་། །སྨན་མོའི་གཟུགས་དང་མེ་ལོང་མདའ། །དར་སྣ་ལྔས་བརྒྱན་བཞག་པར་བྱ། །མཐའ་སྐོར་དཀར་གསུམ་མངར་གསུམ་དང་། །མེ་ཏོག་ལ་སོགས་མཆོད་པ་བཤམ། །དེ་ནས་རང་ཉིད་སྐད་ཅིག་གིས། །པདྨ་འབྱུང་གནས་བསྒོམས་བྱས་པ། །མདུན་དུ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟང་སྟེ། །དེ་ནང་རིན་ཆེན་ཁྲི་སྟེང་དུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་ན་དངུལ་དཀར་མེ་ལོང་འཛིན། །དར་ཐོད་མེ་ལོང་ཕྲེང་རྒྱན་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནས་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དངོས་དང་ཡིད་ཀྱིས་མཆོད་བྱས་ལ། །སྔགས་འདི་མ་ཡེངས་བཟླས་པར་བྱ། །ཨཱོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། བདག་ཉིད་པདྨའི་འོད་ཟེར་ནི། །ཕོག་པས་དེ་དག་སྐུ་གསུང་ཐུགས། །དགྱེས་པས་རིན་ཆེན་ཆར་འབེབ་ཅིང་། །འདོད་དགུའི་བསམ་པ་བསྒྲུབ་པར་བསམ། །རྗེས་ལ་དཀར་གསུམ་མངར་གསུམ་གྱི། །གཏོར་མ་འབྲུ་གསུམ་བྱིན་བརླབས་ལ། །ཨོཾ་བཛྲ་པྲ་མོ་ཧ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔ་འམ་བདུན་གྱིས་དབུལ། །བསྟོད་པ་འདི་ཡང་བརྗོད་པར་བྱ། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་དགྱེས་པས་དོན་འགྲུབ་བསམ། །ཐུན་མཚམས་སྤྱོད་ལམ་ཅི་བདེར་བྱ། །དེ་ལྟར་ཞག་བདུན་བསྒྲུབས་པ་ཡིས། །རྨི་ལམ་སྔར་བས་འགྱུར་ཞིང་དགའ། །བུད་མེད་འདུ་དང་ཟས་སྟེར་དང་། །ཕྱག་དང་བསྐོར་བ་བྱེད་པ་རྨི། །དངོས་གྲུབ་ཟས་ནོར་སྤྲིན་བཞིན་འདུ། ཁྱད་པར་བུད་མེད་བཟང་མོ་དང་། །ཡུལ་མི་མང་པོ་འདུ་བ་ཡིན། །འདོད་དོན་ཐུན་མོང་དངོས་གྲུབ་ཐོབ། །དེ་ནི་ཕྱི་ལྟར་སྒྲུབ་པའོ། །ྀཨཚ། རྒྱ་རྒྱ་རྒྱ། གཉིས་པ་ནང་ལྟར་སྒྲུབ་པ་ནི། །གནས་དང་དཀྱིལ་འཁོར་སྔོན་བཞིན་ཏེ། ཁྱད་པར་ཟ་འོག་ཁུག་མ་རུ། །ཤེལ་དང་བྱི་རུ་གཡུ་ཆུང་གཞུག །བླ་རྡོ་ལྷ་མོ་མཆེད་ལྔ་ནི། །དམར་མཛེས་མེ་ལོང་པདྨ་བསྣམས། །དར་ཟབ་རིན་ཆེན་སྣ་ཚོགས་བརྒྱན། །ཕྱེད་ཀྲུང་འཛུམ་བཅས་འོད་ཟེར་འཕྲོ། །ཚངས་པ་ལྷ་ཡི་འཇིག་རྟེན་ནས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །མཆོད་དང་བསྟོད་པས་མཉེས་བྱས་ལ། །བདག་ཉིད་ཉི་མ་འོད་ཟེར་གྱི། །ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས། །འཇིག་རྟེན་སྐྱེ་བོ་ཟས་ནོར་བཅས། །སྐད་ཅིག་དབང་དུ་སྡུད་པར་བསམ། །ཨོཾ་ཧྲཱིཿབཛྲ་པྲ་མོ་ཧ་ཧྲཱིང་ཧྲཱིང་སྡུས་སྡུས་ཨཱ་ཀར་ཤ་ཡ་ཁུག་ཛཿ སྒོམ་དང་བཟླས་པའི་འོད་ཟེར་གྱིས། །སྟོང་གསུམ་འོད་དམར་གཅིག་གྱུར་ནས། །རང་ལ་ཐིམ་ཞིང་འདུས་པར་བསམ། །ལྷ་མོ་མཆེད་ལྔའི་འོད་ཟེར་ལས། །སྤྲུལ་པའི་ལྷ་མོ་དཔག་མེད་འཕྲོས། །ཐམས་ཅད་དབང་བསྡུས་བཀུག་པར་བསམ། ཁྱད་པར་གང་དམིགས་བསྒྲུབ་བྱ་ནི། །སྐད་ཅིག་བཀུགས་ནས་དབང་གྱུར་བསམ། །རྗེས་ལ་ཅི་འབྱོར་གཏོར་མས་མཆོད། །བསྟོད་པ་འདི་ཡང་བརྗོད་པར་བྱ། །ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མན་དྷཱ་ར། །དཔག་མེད་ལྷ་ཡིས་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཇི་ལྟར་བདག་གིས་བསམ་པ་བཞིན། །འདོད་དགུའི་རེ་བ་འགྲུབ་པར་མཛོད། །ཅེས་བརྗོད་ཐུན་མཚམས་ཅི་བདེར་གནས། །རྨི་ལམ་སྐྱེ་བོ་དཔག་མེད་འདུ། །ཉི་ཟླའི་སྟེང་གནས་ལྷ་ཡུལ་འགྲོ །བུད་མེད་འདུ་དང་གཏེར་འདོན་རྨི། །དངོས་སུ་གང་དམིགས་དབང་དུ་འདུ། །ཀུན་གྱི་ཡིད་འཕྲོག་སྐྱེ་བོ་འདུ། །དབང་གིས་དངོས་གྲུབ་རྒྱ་ཆེན་ཐོབ། །དེ་ནི་ནང་ལྟར་སྒྲུབ་པ་འོ། །ྀཨཚ། རྒྱ་རྒྱ་རྒྱ། གསུམ་པ་གསང་བར་སྒྲུབ་པ་ནི། །དབེན་ཞིང་ཡིད་དང་རྗེས་མཐུན་པར། །མཎྜལ་འདབ་བཞི་དཀར་སེར་དམར། །ལྗང་དང་ལྟེ་བ་མཐིང་གའི་ལྟེར། །ཐོད་པ་བདུད་རྩིས་བཀང་བའི་སྟེང། །མེ་ལོང་ཆོས་འབྱུང་སུམ་བརྩེགས་ནང་། །ཧྲཱིཿཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཁུག་ཛཿ ཞེས་པ་དང་ནི་ཕྱི་རོལ་ལ། །ཡུལ་དང་སྐྱེ་བོའི་སྤེལ་ཚིག་བྲི། །དེ་ཉིད་མཁའ་འགྲོ་ལྔ་བསྐྱེད་དོ། །ཧྲཱིཿལས་དབུས་སུ་ཌཱ་ཀི་མ། །དམར་ནག་སྤྱི་གཙུག་རིན་ཆེན་ཏོག །ཕག་ཞལ་མཆེ་གཙིགས་གཅེར་བུ་ལ། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན། །གཡས་བསྐུམ་གཡོན་བརྐྱང་རུས་པས་བརྒྱན། །གྲུ་མོ་ཁ་ཊྭཱཾ་མཚན་པ་ལ། །ཕྱོགས་བཞིར་ཧ་རི་ནི་ས་ལས། །གཙོ་མོ་འདྲ་བའི་འཁོར་བསྐྱེད་དོ། །ཀུན་གྱི་སྙིང་ཁར་པད་ཟླ་དང་། །ཉི་སྟེང་ཧྲཱིཿདམར་ཚེག་དྲག་ཅན། །ཧ་རི་ནི་སས་བསྐོར་བ་ལས། །འོད་ཟེར་འཕྲོ་བ་བསྒོམ་པར་བྱ། །རང་ཉིད་པདྨ་ཐོད་ཕྲེང་ནི། །མཐིང་ནག་འཇིགས་པའི་འོད་ཟེར་གྱིས། །འོག་མིན་ཡེ་ཤེས་བཀུག་ལ་བསྟིམ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྔགས་འདི་མ་ཡེངས་བཟླས་པར་བྱ། །ཨོཾ་ཧྲཱིཿཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཨཱ་ཀར་ཤ་ཡ་ཁུག་ཁུག་སྡུས་སྡུས་ཛཿཛཿཙིཏྟ་ཧྲིཾ་ཧྲིཾ། བདག་གི་སྙིང་གའི་འོད་ཟེར་གྱིས། །མཁའ་འགྲོ་ལ་ཕོག་བསྐུལ་མ་ཐག །མཁའ་འགྲོའི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་སྐྱེ་བོའི་ཟས་ནོར་དང་། །གང་དམིགས་བསྒྲུབ་བྱ་བཀུག་པར་བསམ། །ཡང་ཅིག་འཕྲོས་པའི་འོད་ཟེར་གྱིས། །འཛམ་གླིང་ཁྱོམ་ཁྱོམ་མེར་མེར་ལ། །རྒྱལ་པོ་ལ་སོགས་བཀུག་པར་བསམ། །ཡང་ཅིག་འཕྲོས་པའི་འོད་ཟེར་གྱིས། །ནམ་མཁའ་རྒྱ་མཚོ་རྔ་ལྤགས་ལ། །འཁོར་ཡུག་རྔ་ཆེན་གཅིག་གྱུར་ལ། །ཉི་ཟླའི་རྔ་ཡོག་གིས་བརྡུངས་པས། །བདག་གི་གྲགས་པའི་རྔ་སྒྲ་ཡིས། །འཇིག་རྟེན་གསུམ་པོ་ཀུན་གྲགས་ནས། །གཡོ་ལྡེག་མེར་ཞིང་ཁྱོམ་པ་ཡིས། །བདག་གི་དབང་དུ་འདུས་པར་བསམ། །སྔགས་དང་ཏིང་འཛིན་མ་ཡེངས་པས། །ཞག་བདུན་བར་དུ་བསྒྲུབ་པར་བྱ། །རྨི་ལམ་ཁྲོམ་འདུ་སྐྱེ་བོས་བསྟོད། །ཟས་ནོར་ཆར་འབབ་མཁའ་ལ་འགྲོ །གཏེར་དང་རིན་ཆེན་རྙེད་པ་དང་། །དུང་འབུད་རྔ་ཆེན་བརྡུང་བ་རྨི། །དངོས་སུ་འགྲོ་ཀུན་དབང་དུ་འདུ། །ཆེ་བཙུན་ཐམས་ཅད་འདུ་བ་དང་། །ཟས་ནོར་གཏེར་ནི་རྡོལ་བ་བཞིན། །ཕྱོགས་རྣམས་ཀུན་ནས་འདུ་བ་ཡིན། །དེ་ལྟར་གྲུབ་པའི་རྟགས་བྱུང་ནས། །མེ་ལོང་ཡེ་ཤེས་བདུད་རྩིས་བཀྲུ །ཐོད་པའི་བདུད་རྩིའི་འོད་ཟེར་གྱིས། །འཇིག་རྟེན་གསུམ་པོ་འོད་དུ་ཞུ། །ཐོད་པའི་ནང་ཐིམ་དམིགས་ནས་ནི། །བདག་ཉིད་བཏུང་བས་དངོས་གྲུབ་ཐོབ། །གསང་སྒྲུབ་ཡིད་བཞིན་ནོར་བུ་འདི། །སྒོམ་དང་བཟླས་པ་ཙམ་གྱིས་ནི། །ཐམས་ཅད་འདུ་ཞིང་ཟས་ནོར་འཕེལ། །ཅི་བསམ་འགྲུབ་དང་ཆོས་འཕེལ་ལོ། །དེ་ལྟར་བསྒྲུབས་པའི་དམ་ཚིག་ཏུ། །ཆགས་ཞེན་མི་བྱ་སྦྱིན་པར་གཏང་། །བླ་མ་ལ་གུས་དམ་ཚིག་བསྲུང་། །རིག་པ་ངར་བསྐྱེད་བརྟུལ་ཞུགས་བྱ། །གཏུམ་མོ་སྦར་ཞིང་བདེ་སྟོང་བསྒོམ། །དེས་ནི་མྱུར་དུ་འགྲུབ་པ་ཡིན། །ྀཨཚ། རྒྱ་རྒྱ་རྒྱ། ཡང་གསང་བླ་ན་མེད་པ་ནི། །རང་ཉིད་པདྨའི་ཐུགས་ཀ་རུ། །ཧྲཱིཿདང་ཧ་རི་ནི་ས་ལས། །མཐིང་ནག་བདེ་ཆེན་ཕག་མོ་ནི། །ཕག་ཞལ་གཅིག་སྟེ་སྤྱན་གསུམ་བསྒྲད། །གྲི་གུག་ཐོད་པ་ཁ་ཊྭཱཾ་འཛིན། །གར་བྱེད་འོད་ཟེར་དཔག་མེད་འཕྲོ། །ཕྱོགས་བཞིར་དེ་འདྲའི་འཁོར་བཞི་བསམ། །ཀུན་གྱི་ཐུགས་ཀའི་ཉི་ཟླ་ལས། །ཧྲཱིཿདང་ཧ་རི་ནི་ས་བསམ། །དེ་ལས་འོད་འཕྲོས་སྣོད་བཅུད་བསྡུས། །སླར་འདུས་སྙིང་གའི་ཧྲཱིཿལ་ཐིམ། །སྟེང་འོག་རླུང་ནི་ཁ་སྦྱར་ཏེ། །སྤྲོ་བསྡུའི་དམིགས་པ་སྔར་བཞིན་ལས། ཁྱད་པར་སྣ་བུག་གཡས་པ་ནས། །རླུང་ནི་ལྕགས་ཀྱུ་ཞགས་པ་ཡིས། །ཐམས་ཅད་འོད་ཞུ་ཚུར་འདུས་ནས། །སྣ་བུག་གཡོན་ནས་སྙིང་གར་ཐིམ། །ལུས་ཁེངས་བདེ་དང་སྟོང་པར་བསྒོམ། །རྗེས་ལ་ཆོས་ཀུན་རང་གི་སེམས། །སེམས་ཉིད་ཡེ་སྟོང་སྤྲོས་དང་བྲལ། །མ་སྐྱེས་ནམ་མཁའི་རང་བཞིན་དུ། །མི་བསྒོམ་མི་བསྐྱེད་རང་སར་གཞག །མཉམ་ཉིད་ཡེ་ཤེས་གདོད་མའི་ངང་། །རྩ་བ་བྲལ་བའི་རང་བཞིན་དུ། །ཡེ་ཤེས་རླུང་གིས་མཐར་ཕྱིན་ཏེ། །བདེ་ཆེན་ས་ལ་མྱ་ངན་འདའ། །འདི་ནི་རྫོགས་པའི་རིམ་པ་སྟེ། །མཆོག་གི་གོ་འཕང་མྱུར་དུ་ཐོབ། །སྔ་མ་གསུམ་ནི་བསྐྱེད་པ་སྟེ། །ཐུན་མོང་དངོས་གྲུབ་ཆར་བཞིན་འབབ། །དེ་ལྟར་བསྒོམ་ཤེས་རྣལ་འབྱོར་ལ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཇི་ལྟར་བསྐྱེད་རིམ་བསྒོམས་ཀྱང་འདྲ། །སྙིང་པོའི་རྫོགས་རིམ་ཁ་ལོ་པས། །ལེགས་བསྒྱུར་ཐར་པའི་གྲོང་དུ་འགྲོ །གཞན་ཡང་འཁོར་འདས་མཉམ་པ་ཉིད། །ཇི་ལྟར་བསྒོམས་ཀྱང་བློ་ལས་འདས། །དེ་ལྟར་རྟོགས་ཏེ་འཁོར་བ་གྲོལ། །དེ་ཕྱིར་རྡོ་རྗེ་གཡུ་སྒྲོན་གྱི། །བསྐྱེད་དང་རྫོགས་པའི་རིམ་གཉིས་ཀྱིས། །ཐར་ལམ་འབྲས་བུ་རབ་སྦྱིན་པས། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །ཤིན་ཏུ་ཡང་ཟབ་མཁའ་འགྲོའི་གནད། །བདེ་ཆེན་དངོས་གྲུབ་གཉིས་སྩོལ་བ། །དེ་འདྲ་རྒྱལ་སྲས་པདྨའི་ལུགས། །གང་དེ་དྲི་མེད་འོད་ཟེར་གྱིས། །གཅིག་ཏུ་བསྡུས་པ་ཟབ་མོའི་དོན། །སྟོན་གསུམ་གངས་རི་ཐོད་དཀར་དུ། །ལེགས་སྦྱར་དགེ་བས་འགྲོ་བ་ཀུན། །རྒྱལ་བའི་གོ་འཕང་ཐོབ་པར་ཤོག །འདི་ནི་རྩ་གནས་འཁོར་ལོ་ལས། །ཡི་གེ་བསྡུ་བའི་སྦྱོར་བ་ཡིས། །གནད་འདིས་མྱུར་དུ་འགྲུབ་པ་ཡིན། །སྐལ་བཟང་དོན་དུ་གསལ་བར་བྱས། །དཔལ་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ཞེས་བྱ་བ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་སུ་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་དཱ་མངྒ་ལཾ།། །།

ཐུན་མོང་རྟེན་འབྲེལ་སྒྲིག་བྱེད་པའི༔ ལྷ་རྣམས་མཉེས་བྱེད་བསང་ཡིག་ (Volume 43, Text 29)

༄༅༔ ཐུན་མོང་རྟེན་འབྲེལ་སྒྲིག་བྱེད་པའི༔ ལྷ་རྣམས་མཉེས་བྱེད་བསང་ཡིག་བཞུགས༔ གུ་རུ་པདྨ་སིདྡྷི་ཧཱུྃ། སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་དུས་གསུམ་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་བྱང་གཏེར་རྒྱགས་བརྔན་བསང་ཆོག་ཇི་ལྟར་བྱ་བའི་ཚུལ་ལ། སྦྱོར་བ་དངོས་གཞི་མཇུག་དང་གསུམ། དང་པོ་སྦྱོར་བ་ལ་བཅའ་སྒྲིག་དང་སྔོན་འགྲོའི་ཆོ་གར་འཇུག་ཚུལ་གཉིས་ལས། དང་པོ་ནི། འདི་ཉིད་ཀྱི་གཏེར་གཞུང་ལས། བརྔན་གྱི་ཆོ་གའི་རིམ་པ་ལ༔ ཤིན་ཏུ་གཙང་བའི་ས་ཕྱོགས་སུ༔ དཀར་གསུམ་མངར་གསུམ་བརྒྱན་པ་དང༔ དམར་གཏོར་ཤ་ཆང་བརྒྱན་པ་དང༔ བསང་བཤོས་ཟས་སྣས་བརྒྱན་པ་དང༔ ཕྱེ་མར་ཅི་འབྱོར་སྣོད་ཁེངས་དང༔ དྲི་བཟང་འབྲུ་སྣ་སྨན་སྤོས་དང༔ རིན་ཆེན་མེ་ཏོག་སྣ་ཚོགས་དང༔ ཁྱད་པར་རྟ་གླང་ར་དང་ལུག༔ མཛོ་གཡག་སྦལ་སྦྲུལ་ལ་སོགས་དང༔ གཟུགས་འགྲོས་སྣ་ཚོགས་བྱས་པ་དང༔ སྦ་སྙུག་ཤུག་པ་ལྕང་མ་དང༔ མཁན་པ་མཚེ་དང་འོམ་བུ་དང༔ བ་ལུ་གླང་མ་ལ་སོགས་པའི༔ རྩི་ཤིང་སྣ་ཚོགས་མཆོད་པ་བཤམས༔ སྟག་གཟིག་དར་ཟབ་ལ་སོགས་པ༔ མདའ་མདུང་དར་ཆེན་འཕྱར་བ་དང༔ རྔ་དུང་ལ་སོགས་རོལ་མོའི་སྒྲ༔ སྤྱན་གཟིགས་མཆོད་པ་སྣ་ཚོགས་བཤམས༔ ཞེས་གསུངས་པ་བཞིན། ཐོག་མའི་བཅའ་གཞི་སྒྲིག་ཚུལ་ལ་དམ་པའི་ཕྱག་བཞེས་འདྲ་མིན་སྣ་ཚོགས་ཞིག་མཆིས་རུང་། འདིར་ནི་རིག་འཛིན་གསང་སྔགས་དགའ་ཚལ་གྱི་མཐོང་བརྒྱུད་ཕྱག་ལེན་ཇི་ལྟར་བསྟར་བའི་ཚུལ་དགོད་པར་བྱ་སྟེ། དེ་ཡང་གང་དུ་བྱ་བའི་གནས་ནི་རི་རྩེ་འམ། ཁང་ཐོག་སོགས་ཤིན་ཏུ་གཙང་བའི་ཡིད་མཐུན་གྱི་གནས་སུ། རས་དཀར་སོགས་དྲི་མ་མེད་པའི་མཆོད་གདན་བཏིང་བའི་སྟེགས་བུའི་ཁར། ཨན་སྟར་སོགས་ཀྱི་གཏོར་སྣོད་གཙང་མའི་དབུས་སུ་བཟང་དྲུག་རིན་ཆེན་སྣ་ལྔའི་ཕྱེ་མ་དཀར་གསུམ་མངར་གསུམ། བདུད་རྩི་རིལ་བུའམ་ཆོས་སྨན་སོགས་རྣལ་འབྱོར་བླ་མེད་ནས་བཤད་པའི་གཏོར་རྫས་ཅི་འབྱོར་བསྲེས་པའི་རྩམ་ཕྱེ་ཆང་ཕུད་ཆུ་གཙང་གིས་སྦྲུས་པའི་ཟན་ལེབ་གྲུ་བཞི་རྩི་དཀར་ཅན་བཞི་བང་རིམ་གྱི་ཚུལ་དུ་བརྩེགས་པའི་འོག་མ་གསུམ་དཔངས་མཉམ་དང་། དེ་གསུམ་བསྡོམས་པའི་དཔངས་དང་མཉམ་པའི་བང་རིམ་བཞི་པའི་སྟེང་དུ་རྩ་གསུམ་སྤྱིའི་དཔལ་གཏོར་ཟླུམ་པོ་པད་འདབ་བཞི་པ་རྩི་དཀར་ཅན། པད་འདབ་རྣམས་ཀྱི་བར་བར་དུ་མཐེབ་ཀྱུ་རྩི་དཀར་ཅན་སྒོར་མོའི་སྟེང་དུ་ཟན་རིལ་བཞག་པས་བསྐོར། བང་རིམ་འོག་མ་གསུམ་གྱི་ཟུར་བཞིར་བཤོས་བུ་སྐེད་རིས་ཅན་རྩི་དཀར་གྱིས་བྱུགས་པ་ལ་ཤིང་རྩེར་སྙིང་དངོས་སམ་ཟན་གྱི་སྙིང་གཟུགས་དམར་པོ་རེ་བཙུགས་པ་སྡོམ་བཅུ་གཉིས་དང་། ངོས་བཞིར་དམར་གཏོར་ཟུར་གསུམ་རེ་རེ་བཅས་སྡོམ་བཅུ་གཉིས། བང་རིམ་འོག་མའི་མདུན་ངོས་དབུས་སུ་གཡག་མགོས་མཚན་པའི་ཐང་ལྷའི་གཏོར་མ་ཟུར་གསུམ་རྩི་དཀར་ཅན། གཡས་སུ་ལུག་མགོས་མཚན་པའི་བསྟན་མའི་གཏོར་མ་དབྱིབས་རྩི་གོང་འདྲ། གཡོན་དུ་ར་མགོས་མཚན་པའི་དམ་ཅན་གྱི་གཏོར་མ་དབྱིབས་རྩི་གོང་འདྲ། ཨན་སྟར་གྱི་གཡས་གཡོན་རྣམས་སུ་བཀྲ་ཤིས་རྫས་རྟགས་འདོད་ཡོན་རིན་ཆེན་སྣ་བདུན་གསེར་དངུལ་དོང་རྩེ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་དང་། སྐུ་གླུད་ཕོ་གཟུགས་མོ་གཟུགས་རྟ་དྲེལ་མཛོ་གཡག་ར་ལུག་སོགས་མདོར་ན་འཕུར་དགུ་འཛུལ་དགུའི་གཟུགས་འགྲོས་ཟན་པར་གྱི་ནར་མོས་ཟླུམ་གཏོར་བར་སྟོང་རྣམས་སུ་བཀང་། གོང་གི་གཟུགས་འགྲོས་རྣམས་ཀྱི་བར་དུ་ཟན་ཆད་དང་ཆངས་བུ་མཐེབ་ཀྱུ་སོགས་ཀྱིས་ཀྱང་བཀང་། དེའི་གཡས་གཡོན་གང་འོས་སུ་དགྲ་བླ་དང་རང་ལུགས་སྒེར་གསོལ་གྱི་མཆོད་པ་ཇི་དགོས་མཐོང་བརྒྱུད་བཞིན་དང་། ཕྱི་ནང་གི་མཆོད་པ། ཤིང་སྣ་སྨན་སྤོས་ཤིང་འབྲས་ཟས་སྣ་དཀར་གསུམ་མངར་གསུམ་སོགས་སྦྱར་བའི་བསང་བཤོས། ཕྱེ་མར་ཆང་ཕུད་འོ་སྐྱེམས་རྒྱ་ཇའི་བཏུང་བ། འོ་མ་དྲི་བཟང་རིན་ཆེན་ཕྱེ་མ་སྨན་སོགས་སྦྱར་བའི་བསང་ཆུ། དགྲ་བླའི་སྤྱན་གཟིགས་གོ་མཚོན་སོགས་དང་། དར་ཚོན་སྣ་ལྔ་མེ་ལོང་སོགས་ཀྱིས་བརྒྱན་པའི་མདའ་དར། གཡང་རྟེན། ཕྱོགས་བཞིའམ་གང་འོས་སུ་འཕྱར་དར། རང་གི་མདུན་དུ་རྔ་རོལ་སོགས་སྐབས་ཀྱི་ཉེར་མཁོ་རྣམས་འཚོག་པར་བྱ་ཞིང་། བསང་གཡོག་དང་བཅས་པ་སྟ་གོན་བྱ། སྦྱོར་ཆོག་གཉིས་པ་སྔོན་འགྲོའི་རིམ་པ་ནི། གཏེར་གཞུང་ལས། རང་ཉིད་པདྨའི་ང་རྒྱལ་གྱིས༔ མཆོད་རྫས་ཀུན་ལ་སྤོས་ཆུ་གཏོར༔ ཐམས་ཅད་ཅི་འདོད་འབྱུང་བ་ཡི༔ མཆོད་སྦྱིན་ཡིད་བཞིན་གཏེར་གྱུར་པ༔ ས་གཞི་བར་སྣང་གང་བར་བསམ༔ ཤིང་སྣ་མེ་སྦར་བསང་དུད་སྦྱར༔ རོལ་མོའི་སྒྲ་ཡིས་བྱིན་དབབ་བོ༔ ཞེས་གསུངས་པ་ལྟར་གྱི་ཆོ་གར་འཇུག་པའི་རིམ་པ་ལ། ཐོག་མར་སྐྱབས་འགྲོ་ནི། རོལ་མོ་དབྱངས་དང་བཅས་ཏེ་འདི་སྐད་དོ། །ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལ་ཡེ་ཤེས་ཤར་བའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་བརླབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད་བྱ། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་བཅུ་བསགས་བཤགས༔ དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང༔ བདག་གཞན་ཡོངས་སྒྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་འགྱུར་ཤོག༔ ཅེས་པས་ཡན་ལག་བདུན་པ་འབུལ། ཧཱུྃ༔ སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས༔ ཡིད་བཞིན་སྤྲིན་ཕུང་མཁའ་ལ་ཆར་འབེབ་པས༔ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག༔ ཨོཾ་ཤུདྡྷེ་ཤུདྡྷེ་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་ཚར་གསུམ་བརྗོད་ཅིང་གནས་དང་ཡོ་བྱད་ལ་ཆབ་གཏོར་ནས་མ་དག་པ་སྦྱངས་ཏེ་བྱིན་གྱིས་བརླབས་ལ། ཐོག་མར་རང་ཉིད་སྐད་ཅིག་གིས་པདྨ་དཀར་པོ་འདབ་མ་དྲུག་པའི་ལྟེ་བར་རང་རིག་ཧཱུྃ་དཀར་པོའི་འཕྲོ་འདུ་ལས། དཔལ་རྡོ་རྗེ་སེམས་དཔའི་སྐུར་ཐལ་གྱིས་བསྐྱེད་པ་ནི། ཧཱུྃ༔ པད་སྡོང་འདབ་དྲུག་ཁྲི་འཕང་བཞིན༔ ཉི་མ་ཟླ་བའི་གདན་སྟེང་དུ༔ བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན༔ དར་དང་རིན་ཆེན་དུ་མས་སྤྲས༔ སྤྱི་གཙུག་བླ་མ་ཀུན་བཟང་མཐིང༔ མཚན་དཔེས་སྤྲས་པ་ཡུམ་དང་སྦྱོར༔ སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ༔ ཆུ་ནང་ཟླ་བ་ལྟ་བུར་གསལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ལན་བདུན་ནམ་ཉེར་གཅིག་བཟླ། འདབ་དྲུག་ཤར་གྱི་པད་འདབ་ལ༔ སྦྱོང་བའི་ལྷ་ནི་ཤཱཀ་ཐུབ་སེར༔ ཕྱག་གཉིས་ས་གནོན་ལྷུང་བཟེད་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང༔ ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་དངོས་འཛིན་དག་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ སྤེལ་བའི་ལྷ་ནི་རྣམ་སྣང་དཀར༔ ཕྱག་གཉིས་འཁོར་ལོ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང༔ ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏྞཾྐ་ཨཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་ལེགས་ཚོགས་སྤེལ་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ སྒྱུར་ལྷ་བདུད་རྩི་འཁྱིལ་པ་ལྗང༔ ཕྱག་མཚན་རྒྱ་གྲམ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཁ་གྱེར་ཕྱག་རྒྱའི་ནང༔ ཛ་དམར་འོད་འཕྲོས་བདུད་རྩིར་སྒྱུར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་ཟག་མེད་བདུད་རྩིར་བསྒྱུར༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ ཐོབ་ལྷ་རིན་འབྱུང་སྐུ་མདོག་སེར༔ ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ མཆོག་སྦྱིན་ཕྱག་རྒྱ་ཏྲཾ་སེར་ལས༔ འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ མགྲོན་རྣམས་ཀུན་གྱིས་ཐོབ་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ ཚིམ་ལྷ་དོན་ཡོད་གྲུབ་པ་ལྗང༔ ཕྱག་མཚན་རལ་གྲི་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང༔ ཧ་ལྗང་འོད་འཕྲོས་མགྲོན་མཉེས་གྱུར༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མསྶ་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ མགྲོན་ཀུན་དགྱེས་ཤིང་ཚིམས་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ དབང་ཆེན་ཕྱག་རྡོར་ལྗང་དམར་ནི༔ ཕྱག་མཚན་རྡོ་རྗེ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ སོར་བསྣོལ་ཕྱག་རྒྱ་ཛ་དམར་ལས༔ འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་བསྡུས༔ ན་མསྶ་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་ན་མ་ཧཱ་ས་མ་ཡ་ཧཱུྃ་ཕཊ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ དབང་སྡུད་འཕྲིན་ལས་ཀུན་འགྲུབ་ཤོག༔ ཅེས་བྱིན་གྱིས་བརླབས། གཉིས་པ་དངོས་གཞི་ལ། གཏེར་གཞུང་ལས། དེ་ནས་དངོས་གཞི་བརྔན་པ་ནི༔ རང་ཉིད་པདྨའི་ང་རྒྱལ་གྱིས༔ མགྲོན་རྣམས་སྤྱན་དྲངས་བཞུགས་པ་ལ༔ རིམ་བཞིན་མཆོད་ཅིང་བརྔན་པ་ནི༔ མཆོད་གཏོར་གཟུགས་འགྲོས་བཤམས་པ་ལ༔ བསང་ཆུ་ཕུད་ཆུ་འཐོར་ཕུད་དང༔ ཕྱེ་མར་རིན་ཆེན་འབྲུ་སྣ་ཚོགས༔ མེ་ནང་ཕུལ་ལ་འདི་སྐད་དོ༔ ཞེས་གསུངས་པ་བཞིན་རང་ཉིད་སློབ་དཔོན་ཆེན་པོ་དམ་ཚིག་པར་བསྐྱེད་པ་ནི། པདྨ་ཉི་ཟླའི་གདན་སྟེང་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པའི་རིག་འཛིན་ནི། །པདྨ་འབྱུང་གནས་རྒྱལ་བའི་སྐུ །སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛད། །གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ། །སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཆོས་གོས་དམར། །རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །དབུ་ལ་པདྨའི་མཉེན་ཞུ་གསོལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བཀྲག་དང་གཟི་མདངས་ལྡན་པ་ལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ཚོགས། །མ་ལུས་འཁོར་གྱིས་བསྐོར་བར་གྱུར། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་དམ་ཡེ་གཅིག་ཏུ་གྱུར་པར་བསམ་ལ། མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དང་། །ལྷ་བཤོས་དྲི་ཆབ་མཆོད་པར་བཤམས། །བླ་བྲེ་རྒྱལ་མཚན་ན་བཟའ་དང་། །བ་དན་གདུགས་དང་རོལ་མོའི་ཚོགས། །རིན་པོ་ཆེ་དང་མེ་ཏོག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ཆོས་དང་མདངས་ཆེན་བྱང་ཆུབ་སེམས། །མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ། །རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །ཆོས་བདག་དཔའ་བོ་མཁའ་འགྲོའི་ཚོགས། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བརྒྱ་རྩ་སོགས་བཟླ། དང་པོ་བརྔན་གྱི་བྱུང་ཁུངས་ནི། འཛམ་བུ་གླིང་གི་བོད་ཡུལ་དབུས༔ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་གཙུག་ལག་བཞེངས་པའི་དུས༔ ས་བདག་ཀླུ་གཉན་ཁྲོས་གྱུར་ནས༔ ལྷ་ཁང་ཉིན་བརྩིགས་མཚན་མོ་བསྒྱེལ༔ རི་རྡོ་ཐམས་ཅད་ཀླུངས་སུ་ཕབ༔ ཀླུངས་རྡོ་ཐམས་ཅད་རི་ལ་བསྐྱལ༔ རྩི་ཤིང་ཐམས་ཅད་མེ་ལ་བསྲེགས༔ ནད་དང་གནོད་པ་སྣ་ཚོགས་བྱུང༔ རྒྱལ་པོའི་ལྷ་ཁང་བཤོལ་ལ་ཐུག༔ དེ་ཚེ་རྒྱལ་བློན་བཀའ་བགྲོས་མཛད༔ སློབ་དཔོན་པདྨ་སྤྱན་དྲངས་ནས༔ བྲག་དམར་དཔལ་གྱི་བསམ་ཡས་སུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ དཀོན་མཆོག་གསུམ་ལ་མཆོད་པ་ཕུལ༔ ལྷ་དང་སྲུང་མ་ཐམས་ཅད་དང༔ ས་བདག་ཀླུ་གཉན་ཐམས་ཅད་བརྔན༔ དེ་ཡིས་བསམ་ཡས་ཆོས་འཁོར་གྲུབ༔ རྗེ་འབངས་བདེ་ཞིང་བཀྲ་ཤིས་ལ༔ རྒྱལ་བློན་སྐུ་ཚེ་རིང་བ་དང༔ རྩི་ཤིང་མེ་ཏོག་ཐམས་ཅད་སྨིན༔ ལེགས་པའི་ཡོན་ཏན་བསམ་མ་ཁྱབ༔ བརྔན་གྱི་བྱེད་ལས་དགོས་པ་ནི༔ དེ་ཡང་ཕྱི་རབས་རྣལ་འབྱོར་པས༔ གང་འདོད་འཕྲིན་ལས་སྒྲུབ་པ་དང༔ སངས་རྒྱས་བསྟན་པ་སྲུང་བ་དང༔ སྒྲུབ་ལ་བར་ཆད་སེལ་བ་དང༔ འཁོར་སྲུང་རྐྱེན་ཟློག་གྲགས་པ་སྤེལ༔ ལྷ་ཁང་བཞེངས་དང་མཆོད་རྟེན་བརྩིག༔ མི་ནད་ཡམས་ནད་གཅད་པ་དང༔ མཁར་ལས་བྱེད་དང་བཀྲ་ཤིས་འདོད༔ ཐག་རིང་མགྲོན་ལ་འགྲོ་བ་དང༔ ཆུ་ཆེན་གྲུ་ལ་འགྲོ་བ་དང༔ ལམ་འཕྲང་བགྲོད་དང་དམག་ལ་འགྲོ༔ ལྷོ་བལ་སྦས་ཡུལ་འགྲོ་བ་དང༔ ཆེ་ཧྲག་བྱ་བ་ཐམས་ཅད་ཀྱི༔ སྔོན་དུ་བརྔན་འདི་བྱས་པས་འགྲུབ༔ ཅེས་བསང་ཆོག་འདི་ཉིད་གང་དུ་མཛད་པའི་གནས་དང་མཛད་པ་པོ་དང་དགོས་པ་དང་བྱེད་ལས་དང་ཕན་ཡོན་ཏེ་དོན་ལྔའི་སྒོ་ནས་ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱིས་འདོད་པའི་དོན་རྣམས་གེགས་མེད་ལྷུན་གྱིས་འགྲུབ་པའི་སླད་དུ་ཆོ་ག་འདིར་འཇུག་པར་སྤྲོ་བ་བསྐྱེད་དེ། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་སྐྱབས་གྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས༔ ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་ཐམས་ཅད་བརྙེས༔ ཁ་བ་ཅན་དུ་བསྟན་པ་དར་བར་མཛད༔ ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ༔ དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན༔ བདག་དང་བླ་མ་དབྱེར་མེད་ཧེ་རུ་ཀ༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་འདིར༔ མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང༔ བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མགྲོན་སྤྱན་དྲང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ཞི་རྒྱས་དབང་དང་མངོན་སྤྱོད་ལྷ༔ ཕྱི་ནང་སྲུང་མའི་ཚོགས་རྣམས་དང༔ གསང་སྔགས་རིག་སྔགས་ལྷ་རྣམས་དང༔ འདས་དང་མ་བྱོན་ད་ལྟར་གྱི༔ ལྷ་དང་སྲུང་མ་དམ་ཚིག་ཅན༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང༔ འཇིག་རྟེན་གནས་ཀྱི་མཆོག་གྱུར་པ༔ སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང༔ གཞན་ཡང་ས་འོག་ས་སྟེང་གི༔ གནས་བདག་ཆེན་པོ་ཐམས་ཅད་དང༔ འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ༔ སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན༔ ཆེ་དགུ་གཉན་དགུ་ཐམས་ཅད་དང༔ གཙུག་ལག་ཁང་དང་སྒྲུབ་གནས་ཀྱི༔ སྲུང་མ་གཉན་པོ་ཐམས་ཅད་དང༔ གཞན་ཡང་ལྷ་དང་གནོད་སྦྱིན་དང༔ དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས༔ བརྔན་པར་འོས་པའི་མགྲོན་རྣམས་དང༔ ས་བདག་ཀླུ་གཉན་ཐམས་ཅད་ཀུན༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སྒྲུབ་པའི་སྟོངས་གྲོགས་བྱ་བ་དང༔ དགོན་གནས་བར་ཆད་སེལ་བ་དང༔ དགྲ་དང་བགེགས་རྣམས་གཞོམ་པ་དང༔ ནད་གདོན་གནོད་པ་ལ་སོགས་པ༔ ཆག་ཆེ་ཉམ་ང་ཟློག་པ་དང༔ འདོད་པ་ཐམས་ཅད་བསྒྲུབ་པའི་ཕྱིར༔ མགྲོན་རྣམས་སྤྱན་འདྲེན་གཤེགས་སུ་གསོལ༔ འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔ བསྟན་པ་དར་ཞིང་རྒྱས་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཡིད་ལ་རེ་བ་སྐོང་བ་དང༔ ཀུན་ཀྱང་བཤད་པའི་ཆོས་ལ་ཉོན༔ བསང་གྱེར་བ་ནི༔ ཀྱཻ༔ བསང་གི་རྒྱུ་བྱུང་གང་ནས་བྱུང༔ བསང་གི་རྒྱུ་བྱུང་གནམ་ནས་བྱུང༔ ཕ་གནམ་ལ་འབྲུག་ཆེན་ལྡར་མ་ལྡིར༔ མ་ས་ལ་གློག་ཆེན་གྱ་མ་གྱུ༔ བུ་རྟ་རྒོད་གངས་ཀྱི་ཐིགས་པ་ཡིན༔ རྒྱ་མཚོ་ཆུ་ཡི་ལྦུ་བ་ཡིན༔ མ་ཕམ་གཡུ་མཚོའི་ཁ་ཞག་ཡིན༔ བཟང་དྲུག་སྨན་གྱི་ནུས་པ་ཡིན༔ དྲི་ཞིམ་སྤོས་ཀྱི་ངད་པ་ཡིན༔ ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད༔ ཤིང་བདུད་རྩི་ཅན་གྱི་དུད་པ་དང༔ གསེར་ལོ་འབར་བའི་སྟག་པ་དང༔ གཡུ་ལོ་འབར་བའི་ཤུག་པ་དང༔ དུང་ལོ་འབར་བའི་བ་ལུ་དང༔ མཁན་པ་སྤོས་དཀར་ཨ་ཀ་རུ༔ ཤིང་བདུད་རྩི་ཅན་གྱི་དུད་པ་དང༔ ཕྱེ་མར་ཟས་ཕུད་གསེར་སྐྱེམས་ཀྱིས༔ ལྷ་འདྲེ་ཐམས་ཅད་བསང་བའི་ཕྱིར༔ ཀྱཻ༔ སྐྱབས་མཆོག་མགོན་གནས་ཡོན་ཏན་ཞིང༔ རྩ་བ་བརྒྱུད་པའི་བླ་མ་བསང༔ ལས་དང་སྐལ་བར་ལྡན་པ་ཡི༔ ཡི་དམ་ལྷ་ཚོགས་ཐམས་ཅད་བསང༔ སྔ་རབས་འདས་དང་ད་ལྟར་བཞུགས༔ སླད་ནས་འབྱོན་དང་དུས་གསུམ་གྱི༔ སངས་རྒྱས་ནམ་མཁའ་གང་བ་བསང༔ རྣམ་པར་སྣང་མཛད་ལ་སོགས་པའི༔ རིགས་ལྔ་བདེ་བར་གཤེགས་པ༴ རིགས་གསུམ་མགོན་པོ་ལ་སོགས་པའི༔ བྱང་ཆུབ་སེམས་དཔའ་ཐམས་ཅད༴ སྟོན་པ་བླ་མེད་སངས་རྒྱས༴ སྐྱོབ་པ་བླ་མེད་དམ་ཆོས༴ འདྲེན་པ་བླ་མེད་དགེ་འདུན༴ བླ་མེད་དཀོན་མཆོག་གསུམ་པོ༴ བུདྡྷ་བཞི་བཅུ་རྩ་གཉིས༴ ཁྲོ་བོ་རྨད་དུ་བྱུང་བ༴ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༴ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ པདྨ་གསུང་གི་ལྷ་ཚོགས༴ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཆེ་མཆོག་ཡོན་ཏན་ལྷ་ཚོགས༴ ཕུར་པ་འཕྲིན་ལས་ལྷ་ཚོགས༴ བདུད་རྩི་སྨན་གྱི་ལྷ་ཚོགས༴ མ་མོ་རྦོད་གཏོང་ལྷ་ཚོགས༴ བླ་མ་རིག་འཛིན་ལྷ་ཚོགས༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དམོད་པ་དྲག་སྔགས་ལྷ་ཚོགས༴ དཔལ་མགོན་བདུན་ཅུ་རྩ་གཉིས༴ ནམ་མཁའ་གང་བའི་ལྷ་ཚོགས༴ བར་སྣང་གང་བའི་གཉན་རྣམས༴ ས་གཞི་གང་བའི་ཀླུ་རྣམས༴ སྡེ་བརྒྱད་དམ་ལ་གནས་པ༴ ལྷ་མིན་གཡུལ་ངོ་ཟློག་པ༴ ལྷ་དམག་བྱེ་བ་དུང་ཕྱུར༴ དཔལ་ལྡན་ལྷ་མོ་ནག་མོ༴ ལྷ་མོ་བྱེ་བ་འཁོར་བཅས༴ འཇིག་རྟེན་བསྟན་མ་བཅུ་གཉིས༴ གསང་སྔགས་ཕྱི་ནང་བསྟན་སྲུང༴ རིག་འཛིན་བརྒྱུད་ཀྱི་སྲུང་མ༴ སློབ་དཔོན་བརྒྱུད་ཀྱི་སྲུང་མ༴ ཕ་མེས་བརྒྱུད་ཀྱི་སྲུང་མ༴ དབེན་གནས་གཉན་གྱི་སྲུང་མ༴ ཕྱི་ཨ་དཀར་དཀར་གྱི་སྲུང་མ༴ ཚངས་པ་ལ་སོགས་ལྷ་བརྒྱད༴ ཉི་མ་ལ་སོགས་གཟའ་བརྒྱད༴ སྨིན་དྲུག་ལ་སོགས་རྒྱུ་སྐར༴ མཐའ་ཡས་ལ་སོགས་ཀླུ་བརྒྱད༴ ཛམ་ལྷ་ལ་སོགས་ནོར་ལྷ༴ དྲི་ཟ་ལ་སོགས་ཕྱོགས་སྐྱོང༴ ཕྱི་ནང་གསང་བའི་ཆོས་སྐྱོང༴ མེད་པ་ཡོད་ཅེས་དགྲ་བླ༴ སྟོང་ལ་ཆགས་པའི་དགྲ་བླ༴ འབྱུང་བ་ཆགས་པའི་དགྲ་བླ༴ སྲིད་པའི་ལྷ་ལུང་དཀར་པོ༴ འདོད་རིགས་སྨན་པ་བཅོ་བརྒྱད༴ མ་ཆགས་སྟོང་གི་དགྲ་བླ༴ ཡེ་ནས་སྲིད་པའི་དགྲ་བླ༴ འདོད་དགུ་ཆགས་པའི་དགྲ་བླ༴ མི་ཐུབ་དགྲ་བླ་སྤུན་གསུམ༴ ཕ་མེས་བརྒྱུད་ཀྱི་དགྲ་བླ༴ མི་རབས་བརྒྱུད་ཀྱི་དགྲ་བླ༴ ཕྱི་རབས་བརྒྱུད་ཀྱི་དགྲ་བླ༴ དམུ་རབས་བརྒྱུད་ཀྱི་དགྲ་བླ༴ གཙུག་རབས་བརྒྱུད་ཀྱི་དགྲ་བླ༴ མི་འུ་གདུང་དྲུག་དགྲ་བླ༴ སྨོན་པའི་རྫི་ལུང་འཕྱོ་བ༴ ཕ་མཚུན་ཡབ་ལྷ་གདལ་དྲུག༴ མ་བཙུན་རྒྱལ་མོ་མཐིང་གེ༴ སྨན་བཙུན་དེ་མོ་དབུ་དཀར༴ གྲི་མཚུན་སྟག་ཆས་བལ་བུ༴ རྗེ་ཡི་མགུར་ལྷ་བཅུ་གསུམ༴ སྲིད་པ་ཆགས་པའི་དགྲ་བླ༴ མ་སང་རྡོ་རྗེ་ལེགས་པ༴ བཙན་རྒོད་འབར་བ་སྤུན་བདུན༴ ཤར་གྱི་རྨ་ཆེན་སྤོམ་ར༴ རྨ་རིགས་སུམ་བརྒྱ་དྲུག་ཅུ༴ ལྷོ་ཡི་འཛམ་བུ་གླིང་ཆུང༴ ཀླུ་འཁོར་སུམ་བརྒྱ་དྲུག་ཅུ༴ ནུབ་ཀྱི་གཉན་ཆེན་ཐང་ལྷ༴ ལྷ་འཁོར་སུམ་བརྒྱ་དྲུག་ཅུ༴ བྱང་གི་ལྷ་བཙན་བུ་ལེ༴ བཙན་འཁོར་སུམ་བརྒྱ་དྲུག་ཅུ༴ ཤར་ལྷོ་ནུབ་བྱང་ཀུན་འགྲོ་བའི། །དགྲ་བླ་གཉན་པོ་ཐམས་ཅད༴ སྨ་རེ་མཆེད་དང་ལྕམ་དྲལ༴ ཡར་ལྷ་དེ་ནི་ཤམ་པོ༴ འོ་དེ་དེ་ནི་གུང་རྒྱལ༴ གཉན་པོ་སྐུ་ལྷ་གེར་འཛོ༴ ཕོ་ལྷ་ལྷ་འུ་གཡང་དཀར༴ ལྷ་གཉན་ཚོགས་ལྷ་གུ་རུ༴ ཁམས་གསུམ་ཀླུ་དང་ས་བདག༴ ཕོ་ལྷ་དགྲ་བླ་གཉན་པོ༴ ཡུལ་གྱི་ས་བདག་གཉན་པོ༴ གཞིས་ལ་གནས་པའི་གཞི་བདག༴ མཁར་ལ་གནས་པའི་རྩེ་ལྷ༴ ཇག་ཡག་ཅང་སེ་གཉན་པོ༴ ཐབ་ལ་གནས་པའི་ཐབ་ལྷ༴ ལམ་ལ་གནས་པའི་ལམ་ལྷ༴ དུད་པ་གནམ་དུ་སོང་བ་ཡིས༔ ནམ་མཁའ་གང་བའི་ལྷ་ཚོགས༴ མེ་ལྕེ་བར་དུ་འབར་བ་ཡིས༔ བར་སྣང་གང་བའི་ལྷ་ཚོགས༴ མེ་གཞི་ས་གཞིའི་སྟེང་དུ་འབར༔ ས་གཞི་གང་བའི་ལྷ་ཚོགས༴ མེ་སྟག་དྲག་པོའི་ཐོག་རྒོད་འཕྲོ༔ གདུག་པའི་དགྲ་བགེགས་ཁོ་ཐག་ཆོད༔ ཐལ་བ་ཆེན་པོའི་རླུང་ལ་བསྐུར༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཀྱཻ༔ ཕྱི་སྣོད་འཇིག་རྟེན་ལྷ་ཚོགས་བསང༔ རྩི་ཤིང་ནགས་ཚལ་ལྷ་ཚོགས་བསང༔ ནང་བཅུད་སེམས་ཅན་ལྷ་ཚོགས་བསང༔ ཕ་རི་གཡས་ལ་གནས་པ༴ ཚུར་རི་གཡོན་ལ་གནས་པ༴ ཉིན་དང་སྲིབ་ལ་གནས་པ༴ ཕྱི་རབས་བརྒྱུད་ཀྱི་སྲུང་མ༴ དམུ་རབས་བརྒྱུད་ཀྱི་སྲུང་མ༴ གཙུག་རབས་བརྒྱུད་ཀྱི་སྲུང་མ༴ སྟོང་གི་སྟོང་ལྷ་མོ་ཆུ༴ དབྲ་ཡི་དབྲ་མོ་དབྲ་ཁྲ༴ འབྲུ་ཡི་འབྲུ་མོ་ཁྲོམ་ཁྲོམ༴ སྒ་ཡི་སྒ་མོ་ལེ་ལེ༴ དབའ་ཟླའི་ཚལ་སྟག་དམར་པོ༴ སྡ་ཡི་དགུ་རྒྱུད་དགུ་ཁྲམས༴ རང་ལ་ཡོད་པའི་དགྲ་བླ༴ གྲོགས་ལ་འགོ་བའི་དགྲ་བླ༴ དགྲ་བསད་གྲུབ་པའི་དགྲ་བླ༴ དར་མ་ཐོབ་པའི་དགྲ་བླ༴ ཆེ་བཙུན་སྨོན་པའི་དགྲ་བླ༴ ཐུག་དཀར་སུམ་བརྒྱ་དྲུག་ཅུ༴ འབར་བ་ཉིས་བརྒྱ་ལྔ་བཅུ༴ ཝེར་མ་བརྒྱ་དང་བརྒྱད་ཅུ༴ མེད་པ་ཡོད་སྲིད་དགྲ་བླ༴ སྲིད་པའི་ལྷ་ལུང་དཀར་པོ༴ གླིང་བཞི་དར་བའི་དགྲ་བླ༴ སྐུ་གསུང་ཐུགས་ཀྱི་དགྲ་བླ༴ ཕ་མེས་དར་བའི་སྲས་བཙུན༴ མ་ཕྱི་སྔ་མའི་སྨན་བཙུན༴ གཅོད་ཁམས་བཟང་བའི་ཟོ་དོར༴ ཚེ་རབས་བརྒྱུད་ཀྱི་ཟོ་དོར༴ དམུ་རབས་བརྒྱུད་ཀྱི་ཟོ་དོར༴ གཙུག་རབས་བརྒྱུད་ཀྱི་ཟོ་དོར༴ མི་འུ་གདུང་དྲུག་ཟོ་དོར༴ བོད་ཀྱི་མགུར་ལྷ་བཅུ་གསུམ༴ དགེ་བསྙེན་སུམ་བརྒྱ་དྲུག་ཅུ༴ གནམ་གྱི་བརྒྱ་བྱིན་དཀར་པོ༴ ས་ཡི་བརྒྱ་བྱིན་ནག་པོ༴ བར་སྣང་བརྒྱ་བྱིན་ཁྲ་བོ༴ ཕྱི་བཙན་ནང་བཙན་དབུས་བཙན༴ ལྷ་ཁང་བཙན་རྒོད་འཁོར་བཅས༴ རིགས་ལྡན་ཁྲོ་རྒྱལ་ནུབ་རེ༴ མཆེད་འཁོར་སུམ་བརྒྱ་དྲུག་ཅུ༴ རི་རབ་ཆེན་པོའི་ས་བདག༴ གསེར་གྱི་རི་ལ་གནས་པ༴ རོལ་མཚོ་བདུན་ལ་གནས་པ༴ གླིང་བཞི་གླིང་ཕྲན་ས་བདག༴ མངའ་རིས་སྐོར་གསུམ་གཞི་བདག༴ དབུས་གཙང་རུ་བཞིའི་གཞི་བདག༴ མདོ་ཁམས་སྒང་དྲུག་གཞི་བདག༴ ཏི་སེ་གངས་ཀྱི་ས་བདག༴ ཕུ་དྲུག་གནས་པའི་ས་བདག༴ མཐོ་བ་མཁའ་ལ་གནས་པ༴ དམའ་བ་ས་ལ་གནས་པ༴ ས་བདག་གཙང་བཙན་འཁོར་བཅས༴ ས་ཡི་ལྷ་མོ་བསྟན་མ༴ ས་འཛིན་ལག་པ་ཆེན་པོ༴ ལོ་འཁོར་བཅུ་གཉིས་ལྷ་རྣམས༴ གབ་རྩེ་དགུ་ཡི་ལྷ་རྣམས༴ ས་བདག་ཀླུ་གཉན་སྟོང་སྐོར༴ ཕོ་ལྷ་དགྲ་བླ་གཉན་པོ༴ མ་ལྷ་བུ་རྫི་ཞང་ལྷ༴ དགྲ་བླ་རེ་མོ་གཉན་པོ༴ རྣོ་མཐོང་སྟོན་པའི་རྣོ་ལྷ༴ མདུད་ལྷ་སུམ་བརྒྱ་དྲུག་ཅུ༴ ཟ་ཁ་འབྱེད་པའི་ཞལ་ལྕེ༴ ཝེར་མ་སུམ་བརྒྱ་དྲུག་ཅུ༴ ཁས་དྲགས་སུམ་བརྒྱ་དྲུག་ཅུ༴ སྤྱན་རྣོན་སུམ་བརྒྱ་དྲུག་ཅུ༴ རྫི་འུ་སུམ་བརྒྱ་དྲུག་ཅུ༴ ཉིན་གྱི་གྲོགས་མཁན་ཉི་མ༴ མཚན་གྱི་གྲོགས་མཁན་ཟླ་བ༴ སྒྲ་གཅན་ལ་སོགས་གཟའ་བརྒྱད༴ ཇག་ལ་འགྲོ་བའི་ཇག་དཔོན༴ དམག་ལ་འགྲོ་བའི་དམག་དཔོན༴ སྐུ་ལྷ་དེ་ནི་འཇིགས་མེད༴ ས་གཞི་འདི་ལ་གནས་པ་བསང༔ བདག་ཅག་འཁོར་དང་བཅས་པ་ཡི༔ མགོན་སྐྱབས་སྟོངས་གྲོགས་རྒྱབ་རྟེན་མཛོད༔ ཆོས་དང་མཐུན་པའི་སྟོངས་གྲོགས་མཛོད༔ མི་མཐུན་དགྲ་བགེགས་མེད་པར་མཛོད༔ འདོད་པའི་རེ་བ་བསྐང་དུ་གསོལ༔ རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ༔ ཞེས་སྨོན་ལམ་བཏབ༔ ཕྱག་མཆོད་ནི༔ སེམས་ཅན་ཀུན་གྱི་མགོན་གྱུར་པའི༔ རྒྱལ་བ་ཤཱཀྱ་ཐུབ་པ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཡུམ་ལྔ་རིན་ཆེན་ཕྲེང་བ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ རིགས་གསུམ་མགོན་པོ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གདུང་བ་སེལ་བ་ལ་སོགས་པའི༔ འཕགས་པ་རང་རྒྱལ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འོད་སྲུངས་ཆེན་པོ་ལ་སོགས་པའི༔ ཉན་ཐོས་ཆེན་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ བྷ་ར་དྷྭ་ཛ་ལ་སོགས་པའི༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནམ་མཁའི་སྙིང་པོ་ལ་སོགས་པའི༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཆོས་སྐུ་ཀུན་བཟང་ལ་སོགས་པའི༔ རྩ་བརྒྱུད་བླ་མ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཨིནྡྲ་བོ་དྷི་ལ་སོགས་པའི༔ གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་ཡི་བྱང་ཆུབ་ལ་སོགས་པའི༔ གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ རྒྱན་དྲུག་མཆོག་གཉིས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འཇམ་དཔལ་སྐུ་དང་པདྨ་གསུང༔ ཕུར་པ་འཕྲིན་ལས་ལ་སོགས་པའི༔ སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ཀྱི༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ གནས་དང་ཉེ་བའི་གནས་དང་ཡུལ༔ ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང༔ སྲུང་མ་ཞིང་སྐྱོང་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཁྱད་པར་འགྲོ་བའི་གཉེན་གཅིག་པུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འདོད་དགུའི་རེ་བ་བསྐང་དུ་གསོལ༔ རྒྱགས་བརྔན་གྱི་གཞུང་དངོས་ནི༔ ཧཱུྃ༔ མཆོད་ཡོན་མེ་ཏོག་བདུག་སྤོས་དྲི༔ ཞལ་ཟས་རོལ་མོ་གཏོར་མ་དང༔ སྐུ་གླུད་བསང་ཕུད་སྣ་ཚོགས་ཀྱིས༔ འཇིག་རྟེན་འདས་དང་མ་འདས་པའི༔ སྲུང་མ་གཉན་པོ་ཐམས་ཅད་དང༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ ཤེལ་སྒོང་ནག་པོ་སྤྱི་དཀར་དང༔ ཤ་ཁྲག་དམར་གྱི་གཏོར་མ་ཡིས༔ མ་ཧཱ་ཀ་ལ་ལྕམ་དྲལ་དང༔ ལེགས་ལྡན་ནག་པོ་འཁོར་བཅས་བརྔན༔ རྒྱ་ཆེའི་མཆོད་པ་སྣ་ཚོགས་དང༔ བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང༔ མཁའ་ལྡིང་ནག་པོ་གསེར་མིག་གིས༔ དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན༔ ཕྱི་ནང་གསང་བའི་མཆོད་གཏོར་དང༔ བྱ་ནག་ཁྱི་སྤྱང་དོམ་དྲེད་དང༔ བསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས༔ སྔགས་བདག་ཤན་པ་གཟའ་མཆོག་དང༔ དམར་ནག་དམ་ཅན་ལ་སོགས་པ༔ སྲུང་མ་དམ་ཅན་འཁོར་བཅས་བརྔན༔ ལྷ་རྣམས་མེ་ཏོག་ཕྲེང་བས་བརྔན༔ ཀླུ་རྣམས་དཀར་གསུམ་གཏོར་མས་བརྔན༔ གཉན་རྣམས་མངར་གསུམ་དར་ཟབ་བརྔན༔ ས་བདག་གསེར་དངུལ་རིན་ཆེན་བརྔན༔ ལྷ་མོ་བསྟན་མ་བུམ་པས༴ དྲི་ཟ་དྲི་དང་གསུར་གྱིས༴ གཤིན་རྗེ་ཤ་ཡི་གཏོར་མས༴ ལྟོ་ཕྱེ་གྲུལ་བུམ་མི་འམ་ཅི༔ མཁའ་ལྡིང་མཆོད་སྦྱིན་གཏོར་མས༴ གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས༔ གསེར་གཡུ་སྦ་དང་སྙུག་མས༴ དགེ་བསྙེན་ཤ་དང་ཆང་གིས༴ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས༔ ཡིད་དང་མཐུན་པའི་གཏོར་མས༴ བཙན་རྣམས་བྱ་དང་རི་དྭགས༴ ཀླུ་བདུད་སྦྲུལ་དང་སྦལ་པས༴ ལན་ཆགས་མགྲོན་རྣམས་གཏོར་མས༴ སྡེ་བརྒྱད་དམ་སྲི་འབྱུང་པོ་རྣམས༔ སྐུ་གླུད་དར་ཟབ་གཏོར་མས༴ རྒྱ་མཚོའི་ནང་གི་ཀླུ་ཆེན་བརྒྱད༔ ཀླུ་རྟ་རྒྱན་དང་བཅས་པས༴ བར་སྣང་གནས་པའི་གཟའ་ཆེན་བརྒྱད༔ ནས་ནག་ར་ནག་སྙིང་གིས༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ བློན་པོ་སུམ་ཅུ་རྩ་བདུན་རྣམས༔ རིན་ཆེན་གསེར་དངུལ་ཕྱེ་མས༴ འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས༔ ཆངས་བུ་དག་གི་གཏོར་མས༴ རིགས་ཀྱི་སྲུང་མ་ཐམས་ཅད་ལ༔ སོ་སོར་དགྱེས་པའི་གཏོར་མས༴ སྒོ་བཞིའི་སྲུང་མ་འཁོར་བཅས་རྣམས༔ རིན་ཆེན་དར་ཟབ་དོང་ཙེས༴ ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བྱང་ཆུབ་ཐུགས་སུ་ཆུད་པའི་ས༔ རྡོ་རྗེ་གདན་གྱི་ས་བདག་བརྔན༔ རྒྱ་གར་ཤར་ནུབ་རི་བོ་ཆེ༔ མ་མོ་མཁའ་འགྲོ་འདུ་བའི་གནས༔ རི་བོ་ཏ་ལའི་ས་བདག་བརྔན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ན༔ བྱ་རྒོད་ཕུང་པོའི་རི་དང་ནི༔ སྤོས་ངད་ལྡན་པའི་རི་བོ་ཡི༔ ས་བདག་ཀླུ་གཉན་ཐམས་ཅད་བརྔན༔ ཙ་རི་ཙ་གོང་ལ་སོགས་པའི༔ རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི༔ ས་བདག་གཉན་པོ་ཐམས་ཅད༴ བསིལ་བ་ཚལ་གྱི་དུར་ཁྲོད་དང༔ རྔམ་པ་སྒྲ་སྒྲོག་ཚང་ཚིང་འཁྲིགས༔ ཧ་ཧ་རྒོད་པ་ལ་སོགས་པའི༔ དུར་ཁྲོད་བརྒྱད་ཀྱི་ས་བདག༴ རྒྱལ་པོའི་ཁབ་དང་ཡངས་པ་ཅན༔ མཉན་ཡོད་གནས་བཅས་ལ་སོགས་པའི༔ གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི༔ ས་བདག་གཉན་པོ་ཐམས་ཅད༴ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ༔ ལི་ཡུལ་བལ་ཡུལ་ལ་སོགས་པའི༔ ས་བདག་གཉན་པོ་ཐམས་ཅད༴ འཇིག་རྟེན་གསུམ་སྣང་མནྡྷ་ར༔ འབིགས་བྱེད་ལ་སོགས་འཛམ་གླིང་རི༔ ས་བདག་གཉན་པོ་ཐམས་ཅད༴ མ་དྲོས་ལ་སོགས་མཚོ་རྣམས་དང༔ གངྒ་པཀྵུ་སིནྡྷུ་སོགས༔ ཆུ་ཆེན་རྣམས་ཀྱི་ས་བདག༴ ཏི་སེ་གངས་རི་ལ་སོགས་པའི༔ མགུར་ལྷ་གཉན་པོ་ཐམས་ཅད༴ མ་དྲོས་ཀླུ་གཉན་ལ་སོགས་པའི༔ ས་བདག་ཀླུ་གཉན་ཐམས་ཅད༴ རི་བོ་གནྡྷ་ལ་སོགས་པའི༔ ལི་ཡི་ས་བདག་གཉན་རྣམས༴ ལྕང་ར་སྨུག་པོ་ལ་སོགས་པའི༔ སོག་ཡུལ་གཞི་བདག་གཉན་པོ༴ གཞན་ཡང་གྲུ་གུ་ཞང་ཞུང་ཡུལ༔ གར་ལོག་ལ་སོགས་མཐའ་ཁོབ་ཡུལ༔ གཞི་བདག་གཉན་པོ་ཐམས་ཅད༴ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་བོད་ཡུལ་ལི་ཡུལ་སོགས༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ སྒེར་གསོལ་མཛད་དགོས་རྣམས་དང་། དགྲ་བླ་དཔངས་བསྟོད། གཡང་འགུགས་བཅས་སྐབས་འདིར་བྱ། ཧཱུྃ༔ ཡུལ་ནི་རྡོ་རྗེ་བྲག་དམར་གྱི༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེའུ་རྟ་རྐང་གསུམ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་རྨ་ཆེན་སྤོམ་ར་ཡི༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུ་ཀ་ཚལ་གྱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་མ་ཧཱ་དེ་ཝ་ཡི༔ སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ལྷོ་ཡུལ་དེ་སྙིང་གི༔ སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང༔ ཆིབས་སུ་གསེར་ཤ་ཡུ་མོ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་སྔ་ཕྱི་དེ་གྲོང་ན༔ སྲིང་གཅིག་ཨུག་ཆོས་གཡའ་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་བལ་ཡུལ་གསེར་ཕུག་ན༔ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ན་ལེན་ཤིང་ལེན་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེའུ་རྟ་རྐང་གསུམ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེ་གཙུག་གི་འོད་འཆང་མ༔ ཆིབས་སུ་འབྲོང་བུ་དར་མ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ནི་དབུ་རུ་སྙིང་པོ་ཡི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་ཆེན་འགྱིང་བ་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཡུལ་ན་སྒྲུབ་ཡུལ་ཀ་ཚལ་གྱི༔ མདའ་ལ་བཙན་མོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་འཆིབ༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ བསྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ བོད་ཡུལ་ཀུན་གྱི་གཞི་བདག་ནི༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ རྡོ་རྗེ་ལེགས་པ་ལ་སོགས་པའི༔ གཙང་གི་གཡས་རུ་ཉིན་སྲིབ་ཀྱི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཐང་ལྷ་བར་ལྷ་ལ་སོགས་པའི༔ དབུ་རུ་ཉིན་སྲིབ་ས་བདག༴ ཤམྦྷོ་གངས་བཟང་ལ་སོགས་པའི༔ གཡོ་རུ་ཉིན་སྲིབ་གཞི་བདག༴ ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན༔ བྱང་གི་གནམ་མཚོ་ཕྱུག་མོ༴ སྟོད་ཀྱི་ལྷ་རྒོད་མདུང་རྩེ༴ འོ་དེ་གུང་རྒྱལ་ལ་སོགས་པའི༔ ཉང་པོ་འོལ་དགའི་གཞི་བདག༴ སྒམ་པོ་དཔལ་རི་ལ་སོགས་པའི༔ དྭགས་པོའི་གཞི་བདག་ཐམས་ཅད༴ ཀོང་བཙུན་དེ་མོ་ལ་སོགས་པའི༔ ཀོང་པོའི་གཞི་བདག་གཉན་པོ༴ རྡོ་རྗེ་བྲག་སྐྱེས་ལ་སོགས་པའི༔ མོན་ཡུལ་རྡོ་དང་གློ་རྣམས་ཀྱི༔ གཞི་བདག་གཉན་པོ་ཐམས་ཅད༴ སྐུ་ལྷ་མཁའ་རི་ལ་སོགས་པའི༔ ལྷོ་བྲག་ཡུལ་གྱི་གཞི་བདག༴ ནགས་སོགས་ཆུ་རྒྱུད་དགེ་བསྙེན་དང༔ ཨ་ལ་རྔོད་ཀྱི་གཞི་བདག་བརྔན༔ རྔུ་ཡི་ཉིན་སྲིབ་ས་བདག་དང༔ གཞི་བདག་གཉན་པོ་ཐམས་ཅད༴ ལྷོ་ཡི་རོང་ལྷ་རྒྱལ་མཚན་དང༔ རོང་བཙན་ཁ་བ་དཀར་པོ༴ དབང་ལྷ་མོ་ནམ་མཆེད་བརྒྱད་དང༔ དམག་དཔོན་དགྲ་འདུལ་དབང་ཕྱུག་དང༔ སྨུག་རི་དམུ་བཙན་ལ་སོགས་པའི༔ ཚ་བ་སྒང་གི་གཞི་བདག༴ སྐམ་གྱི་མཐོང་ལ་རྨོག་གཞུ་དང༔ གཟེ་ཡི་རྔ་མོང་གྭ་པ་དང༔ ལྕི་ཡི་བྲག་ལ་མདའ་ཟུག་དང༔ ཟླ་སྙིང་དཀར་ནག་གསུམ་མདོ་དང༔ རྩི་ཡི་སྦ་རྒོད་མཐོན་པོ་དང༔ རྒྱམ་རྡོའི་གངས་དཀར་མཆེད་བརྒྱད་དང༔ ཟླ་བའི་གཞི་བདག་གཉན་པོ་བརྔན༔ ཀླུ་རྒྱལ་མི་མགོན་དཀར་པོ་སོགས༔ སྨར་ཁམས་སྒང་གི་གཞི་བདག༴ ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ༔ སྒྱོགས་ཆེན་སྡོང་ར་ལ་སོགས་པའི༔ འབྲི་ཀླུང་ཉིན་སྲིབ་གཞི་བདག༴ ལྡན་གྱི་ཝེར་ཏེ་སྨེ་དགུ་དང༔ གེར་མཚོའི་རི་བོ་དབང་གཞུ་དང༔ མཚམས་ལྔའི་གཞི་བདག་གཉན་རྣམས༴ བཛྲ་བྲམ་ཟེ་ལ་སོགས་པའི༔ སྤོམ་འབོར་སྒང་གི་གཞི་བདག༴ ཤར་གྱི་རྨ་ཆེན་སྤོམ་ར་ནི༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད༔ སྲིང་ལྕམ་བཞི་བཅུ་རྩ་ལྔར་བཅས༔ རྨ་ཀླུང་ཉིན་སྲིབ་གཞི་བདག༴ བེ་འུ་ཡི་ནི་དུག་མཚོ་དང༔ སྟོང་ར་ཡི་ནི་མཚོ་ནག་དང༔ དབུ་ཡི་ཚྭ་མཚོ་དཀར་པོ་དང༔ ཁྲི་ཤོར་རྒྱལ་མོའི་མཚོ་དང་ནི༔ ཙོང་ཁ་ཡི་ནི་མཚོ་སྔོན་དང༔ མཚོ་སྨན་རྒྱལ་མོ་མཆེད་ལྔ༴ དགེ་རི་གཉན་པོ་ལ་སོགས་པའི༔ ཙོང་ཁའི་གཞི་བདག་གཉན་པོ༴ བྷ་དང་བྱ་རོག་ཧ་ལ་ཤན༔ གྷ་དང་བྱང་ངོས་གཞི་བདག༴ བྷ་དའི་བཙན་རྒོད་ལ་སོགས་པའི༔ གནས་རི་གནས་མར་ས་བདག༴ རྨ་ལུང་དན་ཏིག་ལ་སོགས་པའི༔ རྨ་ཡི་ཡུལ་གྱི་ས་བདག༴ གཞོན་ནུ་ཀརྟི་ལ་སོགས་པའི༔ ཧལ་ཧའི་ཡུལ་གྱི་གཞི་བདག༴ གཞོང་ལག་ལ་འོ་ཆེ་ལ་སོགས༔ གཡར་མོ་ཐང་གི་གཞི་བདག༴ སྤྱི་ཡི་མདུང་རི་མཐོན་པོ་དང༔ སྤོ་རི་བྲག་དམར་སྒང་རྒྱུད༴ སྤོ་ནའི་ཤེལ་ལུང་ཕྱུག་མོ་དང༔ གྲོལ་གྱི་མ་ལུང་གྲལ་གསུམ་དང༔ རྨང་གྲོལ་རལ་གསུམ་གཞི་བདག༴ དགུ་མིག་བཞི་གསུམ་གཞི་བདག༴ སྙེ་གོང་སྙེ་དམར་ལ་སོགས་པའི༔ སྙེ་གོང་ཉིན་སྲིབ་གཞི་བདག༴ བྲག་དམར་བྱ་རྒོད་ལ་སོགས་པའི༔ ཏེ་ཆུའི་ས་བདག་གཉན་པོ༴ ལྷ་སྲིན་གདུག་པ་མང་བྱེད་པའི༔ འོ་དེ་རལ་གསུམ་ས་བདག༴ ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི༔ རྒྱལ་མོ་རོང་གི་གཞི་བདག༴ འཇང་རི་སྨུག་པོ་ལ་སོགས་པའི༔ འཇང་ཡུལ་གཞི་བདག་གཉན་པོ༴ རི་བོ་རྩེ་ལྔ་ལ་སོགས་པའི༔ རྒྱ་ནག་ཡུལ་གྱི་གཞི་བདག༴ ཤར་ཕྱོགས་བ་རེག་འོ་དེ་ཡི༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས༔ ཆེ་དགུ་གཉན་དགུ་ཐམས་ཅད་བརྔན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ རེ་བ་ཐམས་ཅད་སྐོང་བ་དང༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ༔ ས་འོག་ས་སྟེང་ས་བླ་ཡི༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ས་ལ་གནས་པའི་ས་བདག༴ ཆུ་ལ་གནས་པའི་ཀླུ་རྣམས༴ བྲག་ལ་གནས་པའི་བཙན་རྣམས༴ བར་སྣང་གནས་པའི་གཉན་རྣམས༴ ཡུལ་ལྷ་གཞི་བདག་གཉན་པོ༴ ལ་ལ་གནས་པའི་གཞི་བདག༴ ཕྲང་ལ་གནས་པའི་གཞི་བདག༴ གྲུ་ཟམ་གནས་པའི་གཞི་བདག༴ ལམ་ལ་གནས་པའི་གཞི་བདག༴ གཞི་བདག་གཉན་པོ་ཁྱེད་རྣམས་ཀྱང༔ མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཆེ༔ དཔལ་དང་འབྱོར་པ་སོ་སོར་ཆེ༔ མངའ་རིས་མངའ་ཐང་སོ་སོར་ཆེ༔ མཛད་པ་འཕྲིན་ལས་སོ་སོར་ཆེ༔ མཆོད་པའི་འོས་སུ་སོ་སོར་ཆེ༔ དེ་བས་གཞི་བདག་གཉན་རྣམས་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ དགྱེས་པའི་མཆོད་པ་བཞེས་ནས་ཀྱང༔ བདག་གི་རེ་བ་བསྐང་དུ་གསོལ༔ བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཧཱུྃ༔ གཞན་ཡང་བརྔན་པར་འོས་པའི་མགྲོན༔ མིང་དང་མཚན་ནས་མ་ཐོན་པའི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྲུང་མ་དམ་ཅན་རྒྱ་མཚོ་དང༔ ལྷ་དང་དྲང་སྲོང་ཐམས་ཅད་དང༔ ཡུལ་ལྷ་ནོར་ལྷ་ནང་ལྷ་དང༔ ལམ་ལྷ་གཉན་པོ་ཐམས་ཅད་དང༔ གཞན་ཡང་དུས་གསུམ་ཕ་མ་དང༔ ཁམས་གསུམ་རིགས་དྲུག་ཐམས་ཅད་དང༔ ཡི་དྭགས་རྣམས་དང་བགེགས་རྣམས་དང༔ ལན་ཆགས་སྙིང་རྗེའི་མགྲོན་རྣམས་དང༔ གློ་བུར་ལྷགས་པའི་མགྲོན་རྣམས་དང༔ ལྷག་མའི་མགྲོན་རིགས་ཐམས་ཅད་ལ༔ རྒྱལ་ཕམ་མེད་པར་ཐོབ་ནས་ཀྱང༔ ཡིད་ལ་རེ་བ་རྫོགས་པར་ཤོག༔ ཧཱུྃ༔ དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱི༔ མངའ་རིས་སྤྱན་ལམ་སོ་སོ་རུ༔ མཆོད་སྦྱིན་དམ་པ་འདི་བསྔོས་པས༔ ལོངས་སྤྱོད་ནམ་མཁའ་མཛོད་གྱུར་ཏེ༔ གང་ལ་ཅི་དགོས་ཐོབ་པར་ཤོག༔ མགྲོན་རྣམས་བརྔན་པའི་བྱིན་རླབས་ཀྱིས༔ བདག་གི་དོན་རྣམས་འགྲུབ་པར་ཤོག༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ རྒྱགས་བརྔན་ཆེན་པོ་འདི་མཛད་པས༔ གཙུག་ལག་གྲུབ་ཅིང་མཐའ་དམག་ཐུལ༔ རྗེ་ཡི་དགོངས་པ་གྲུབ་པ་ལྟར༔ བདག་གི་དོན་རྣམས་མངག་པ་ནི༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ༔ ཚེ་སྲིངས་དཔལ་དང་འབྱོར་པ་སྤེལ༔ སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས༔ རྟག་ཏུ་འགོ་ཞིང་གྲོགས་མཛོད་ལ༔ འགྲོ་ལམ་བདེ་ཞིང་འཇིགས་པ་མེད༔ ལམ་འཕྲང་བདེ་བར་བགྲོད་པ་དང༔ རྙེད་པ་ཆེན་པོ་འགྲུབ་པ་དང༔ གཞིས་བྱེས་ཀུན་ཏུ་བཀྲ་ཤིས་ཤོག༔ ལྷ་དང་སྲུང་མ་ཐམས་ཅད་ཀྱང༔ དགེ་དང་ཞི་བའི་ལས་མཛད་པ༔ དམ་ཆོས་རིན་ཆེན་སྤྱོད་པར་ཤོག༔ ཀུན་ཀྱང་རྒྱལ་བའི་བཀའ་ལ་ཉོན༔ སྡིག་པ་ཅི་ཡང་མི་སྤྱད་ཅིང༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ༔ དག་ཅིང་གསལ་ལ་རྙོག་པ་མེད༔ གཟུང་དུ་མེད་ཅིང་བརྗོད་དུ་མེད༔ རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༔ དེ་ལྟར་ཆོས་རྣམས་ཤེས་གྱིས་ལ༔ སེམས་ཅན་དོན་ནི་མཉམ་མེད་བྱོས༔ འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ༔ དེ་ལྟར་ཆོས་དང་ཟང་ཟིང་གི༔ སྦྱིན་པས་ཚོགས་ཆེན་ཀུན་རྫོགས་ཏེ༔ ཐམས་ཅད་མངོན་པར་སངས་རྒྱས་ཤོག༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གཞན་དོན་ནུས་པ་མཐར་ཕྱིན་ནས༔ བྱིན་རླབས་དངོས་གྲུབ་ཡིད་བཞིན་གཏེར༔ ཀུན་བཟང་ཡེ་ཤེས་ཐོབ་པར་ཤོག༔ གནས་སྐབས་གནས་དང་ལམ་བགྲོད་དང༔ རྩོད་དང་དམག་དང་དགྲ་འཐབ་ལས༔ བདག་ཅག་ཡོན་མཆོད་རྒྱལ་གྱུར་ཅིག༔ གང་འདོད་དོན་ཀུན་འགྲུབ་པར་ཤོག༔ མགྲོན་པོ་དག་ནི་དོན་གཉེར་བར༔ ཕྱོགས་རྣམས་སུ་ནི་འགྲོ་བ་ན༔ བདག་གི་དོན་ཀུན་འགྲུབ་པ་དང༔ རྙེད་པ་ཆེན་པོ་ཐོབ་པར་ཤོག༔ ཕྱོགས་རྣམས་ཀུན་གྱི་ལྷ་རྣམས་དང༔ འཇིག་རྟེན་སྐྱོང་བ་གྲགས་དང་ལྡན༔ བཀྲ་ཤིས་བདེ་ལེགས་བྱེད་པོ་རྣམས༔ སྐྱེ་དགུ་ཀུན་གྱི་བསྲུང་བར་ཤོག༔ གསུམ་པ་མཇུག་གི་ཆོ་ག་ནི། ཡིག་བརྒྱས་ལྷག་ཆད་ཁ་བསྐངས་ལ། ཧཱུྃ༔ མགྲོན་རྣམས་ཀུན་གྱི་སྤྱན་ལམ་དུ༔ བདག་གིས་མཆོད་སྦྱིན་བཤམས་པ་ལ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ ཐམས་ཅད་མ་ལུས་བཟོད་པར་གསོལ༔ གཙོ་བོས་ནུས་པ་མ་མཆིས་པ༔ མ་འབྱོར་མ་རྙེད་མ་ཚང་བ༔ འདིར་ནི་བྱ་མིན་གང་བྱས་པ༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ འཇིག་རྟེན་འདས་དང་མ་འདས་ཀྱི༔ མགྲོན་རྣམས་མ་ལུས་ཐམས་ཅད་ཀུན༔ རང་རང་བདེ་བར་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་བཛྲ་མུ༔ སརྦ་ལོ་ཀ་གཙྪ༔ རྒྱགས་བརྔན་ཆེན་མོ་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་གདན་དྲངས་པའོ།། །། ༄༅། །བྱང་གཏེར་གྱི་དགྲ་བླ་དཔངས་བསྟོད་གཞན་ཕན་རོལ་པ་ཞེས་བྱ་བ་བཞུགས་སོ། །དགྲ་བླ་དཔངས་བསྟོད་འདི་ལ་བསང་མཆོད་གཞུང་བཞིན་བྱས་ལ༔ གོ་མཚོན་མདའ་གཞུ་ཁྲབ་རྨོག་འཁོར་གསུམ་དང༔ འོག་རྟ་མདའ་དར་དཀར་པོ་དང༔ ཤ་ཁྲག་དམར་གཏོར་མདུད་དར་དང༔ དཀར་གསུམ་མངར་གསུམ་ཕྱེ་མར་འོ་སྐོལ་དང༔ གསེར་སྐྱེམས་གཡུ་སྔོན་དང་བཅས་བཤམས་ལ༔ ལས་ཀྱི་རྡོ་རྗེས་དམག་མི་ཚོ་ཁ་ལག་བཀྲུར་བཅུག་སྤོས་བསྲེག་ནས་གཡུག་ཆབ་བྲན༔ དེ་ནས་སྙན་ངར་འབོལ་གསུམ་འཛོམ་པའི་གསུང་སྐད་དང༔ སྔགས་པའི་དབྱངས་ཀྱིས་ཐོག་མར་འདི་སྐད་དོ༔ དཔག་བསམ་ནམ་མཁའི་ཀློང་རུམ་དུ༔ དུང་སྐྱོང་དཀར་པོ་ཡེ་ནས་སྲིད༔ ཞལ་གྱི་རླངས་པ་རླུང་ལྟར་འཕྱོ༔ ནམ་མཁའི་མཐོངས་ནས་སྤྲིན་ལྟར་འཕྱོ༔ དེ་ལས་ཆུ་ཡི་ཟིལ་འཕྲོས་པས༔ བདུད་རྩི་རྒྱ་མཚོར་མེར་ཏེ་འཁྱིལ༔ སྟེང་དུ་འཕྱོ་བའི་ལྦུ་བ་ལ༔ སྒོ་ང་བརྒྱ་དང་སྟོང་དུ་སྲིད༔ ནག་པོ་ལྕགས་ཀྱི་སྒོ་ང་བརྒྱ༔ རྡོལ་བའི་ནང་ནས་བྱུང་བ་ནི༔ ལྕགས་ཀྱི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ ནག་པོ་བདུད་ཀྱི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ གསེར་སྒོང་བརྒྱ་པོ་རྡོལ་པ་ལས༔ གསེར་གྱི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ བཙུན་པ་དམུ་ཡི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ གཡུ་སྒོང་བརྒྱ་པོ་རྡོལ་པ་ལས༔ གཡུ་ཡི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ ཡེ་མཁྱེན་སྐོལ་གྱི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ དངུལ་སྒོང་བརྒྱ་པོ་རྡོལ་པ་ལས༔ དངུལ་གྱི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ ཡེ་མཁྱེན་སྨན་གྱི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ འཁར་སྒོང་བརྒྱ་པོ་རྡོལ་པ་ལས༔ འཁར་གྱི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ བདུད་འདུལ་འཁར་གྱི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ དུང་སྒོང་བརྒྱ་པོ་རྡོལ་པ་ལས༔ དུང་གི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ ཆུ་ཁམས་རླུང་གི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ བསེ་སྒོང་བརྒྱ་པོ་རྡོལ་པ་ལས༔ བསེ་ཡི་མི་བརྒྱ་རྟ་བརྒྱ་བྱུང༔ རྣོ་བའི་མཚོན་ཆ་ལག་ན་ཐོག༔ མགོ་ནག་མི་ཡི་དགྲ་བླ་ཡིན༔ དེ་རིང་དགྲ་བླའི་རྟེན་ལ་བྱོན༔ ཅེས་སྤྱན་འདྲེན་ནོ༔ དགྲ་བླ་དཔངས་བསྟོད་ཀྱི་བསང་ནི༔ ཕྱེ་མར་ཇ་ཕུད་ཆང་ཕུད་རྣམས་བསང་ཁང་དུ་འབུལ་ཞིང་གསོལ་བ་བཏབ༔ ལྷ་གསོལ་ནས་བསང་གི་རིམ་པ་ནི་འདི་སྐད་དོ༔ ཀྱཻ༔ གསེར་ལོ་འབར་བའི་སྟག་པ་དང༔ གཡུ་ལོ་འབར་བའི་ཤུག་པ་དང༔ དུང་ལོ་འབར་བའི་སུར་དཀར་དང༔ མཁན་པ་སྤོས་དང་ཨ་ཀ་རུ༔ བདུད་རྩི་ཅན་གྱི་དུད་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དགྲ་བླ་བསང༔ ཡེ་ནས་སྲིད་པའི་དགྲ་བླ་བསང༔ མཐོན་པོ་དགུང་གི་དགྲ་བླ་བསང༔ དམའ་བ་ས་ཡི་དགྲ་བླ་བསང༔ ཤར་ཕྱོགས་གླིང་གི་དགྲ་བླ་ནི༔ དུང་སེང་གཡུ་ཡི་རལ་ཅན་བསང༔ ལྷོ་ཕྱོགས་གླིང་གི་དགྲ་བླ་ནི༔ གཡུ་འབྲུག་མེ་ཡི་ཟེ་ཅན་བསང༔ ནུབ་ཕྱོགས་གླིང་གི་དགྲ་བླ་ནི༔ གླང་ཆེན་གསེར་གྱི་རྣ་ཅན་བསང༔ བྱང་ཕྱོགས་གླིང་གི་དགྲ་བླ་ནི༔ མཚལ་སྟག་གཡུ་ཡི་རལ་ཅན་བསང༔ དགྲ་བླ་ཁྱུང་འབྲུག་སེང་གསུམ་བསང༔ སྨོན་པ་འགྲུབ་པའི་དགྲ་བླ་བསང༔ འདོད་དགུ་འབྱུང་བའི་དགྲ་བླ་བསང༔ མྱུར་མགྱོགས་ཆེ་བའི་དགྲ་བླ་བསང༔ དཔའ་སྙིང་ཆེ་བའི་དགྲ་བླ་བསང༔ དགྲ་དཔུང་འཇོམས་པའི་དགྲ་བླ་བསང༔ བགེགས་དཔུང་ཞི་བའི་དགྲ་བླ་བསང༔ ཅི་བསམ་འགྲུབ་པའི་དགྲ་བླ་བསང༔ བསྡུས་པ་བྱེད་ན་ལ་རྫས་ཀྱི་གཏོར་མ་འདིར་འབུལ༔ ཀྱཻ༔ དགྲ་བླ་མཐུ་ཆེན་ཁྱེད་རྣམས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་དང༔ དཀར་གསུམ་མངར་གསུམ་མཆོད་རྫས་དང༔ ཕྱེ་མར་འོ་སྐོལ་སྐྱེམས་ཕུད་དང༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ མགོན་སྐྱབས་བྱེད་པའི་དགྲ་བླ་མཆོད༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ རྦད་པའི་ཚེ་ན་མཐུ་མ་ཆུང༔ དགྲ་དཔུང་འཇོམས་པའི་དགྲ་བླ་ཡིས༔ སྐུ་ཡི་སྤྲུལ་པ་མེ་ལྟར་འབར༔ གསུང་གི་སྤྲུལ་པ་འབྲུག་ལྟར་ལྡིར༔ ཐུགས་ཀྱི་སྤྲུལ་པ་གློག་ལྟར་འཁྱུག༔ ཡང་སྤྲུལ་ལྕགས་ཀྱི་བྱ་ཁྲ་དང༔ དུང་གི་བྱ་ཁྱུང་ཀ་རུ་དང༔ བསེ་ཡི་བྱ་གླག་རྨུག་པོ་རྣམས༔ འཕུར་ཞིང་ལྡིང་ལ་གཞུར་པ་དང༔ དགྲ་བོའི་དཔུང་རྣམས་རྡུལ་དུ་རློགས༔ ཞེས་མཆོད་དེ༔ རྟེན་འཛུགས་ཀྱི་རིམ་པ་ནི༔ འཁོར་གསུམ་མཚོན་ཆ་ལ༔ ཆབ་དང་བདུད་རྩི་བྲན༔ དེ་ནས་གྲི་འདོན༔ སྔགས་རྒན་དག་གིས་གྱེར་བ་ནི་འདི་སྐད་དོ༔ ཀྱཻ༔ དགྲ་བླ་གཉན་པོ་འཁོར་བཅས་ལ༔ ཁྲབ་རྨོག་ཕུབ་ཞོལ་འཁོར་གསུམ་དང༔ སྤྱན་གཟིགས་གོ་མཚོན་སྣ་ཚོགས་པ༔ ཆགས་ཤིང་འགོ་བའི་རྟེན་དུ་འཛུགས༔ ཁྲབ་སྟོད་སེང་གེ་འགྱིང་པ་འདྲ༔ ཁྲབ་སྐེད་དངུལ་གྱི་རྡོ་རྗེ་འདྲ༔ ཁྲབ་གཤམ་ཁྱུང་གཤོག་བརྒྱངས་པ་འདྲ༔ སྲོག་རི་སྲོག་མཁར་སྲོག་རྩེ་གསུམ༔ ལྷ་ལྕམ་བག་མར་ཆས་པ་འདྲ༔ འདྲ་བཞིས་སྤྲས་པའི་སྲོག་མཁར་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ ཀྱཻ༔ རྨོག་ལ་གླིང་བཞི་ཟུར་བཞི་ལྡན༔ རྨོག་གི་ཤར་གྱི་གླིང་ཁམས་ན༔ དགྲ་བླ་གོས་སྔོན་གཤོག་རིང་བཀོད༔ རྨོག་གི་ལྷོ་ཡི་གླིང་ཁམས་ན༔ མགོན་བྱེད་དཀར་པོའི་དགྲ་བླ་བཀོད༔ རྨོག་གི་ནུབ་ཀྱི་གླིང་ཁམས་ན༔ འགྲོ་བ་བདུད་འདུལ་དགྲ་བླ་བཀོད༔ རྨོག་གི་བྱང་གི་གླིང་ཁམས་ན༔ སྣང་གསལ་སྒྲོན་མེའི་དགྲ་བླ་བཀོད༔ རྩེ་ལ་བྱ་རྒྱལ་རྒོད་སྒྲོས་མཚན༔ ཡ་མཚན་ཅན་གྱི་ལྕགས་ཞྭ་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ མི་འཇིག་སྲ་བརྟན་མཛེས་པའི་ཕུབ༔ གཟི་བརྗིད་རྔ་མས་མཛེས་པར་བརྒྱན༔ གནམ་ལྕགས་འབར་བའི་ཞོལ་གྱིས་མཚན༔ ཕུབ་མོའི་ཤར་གྱི་གླིང་ཁམས་ན༔ བསྙབ་པ་ལག་རིང་དགྲ་བླ་བཀོད༔ ཕུབ་མོའི་ལྷོ་ཡི་གླིང་ཁམས་ན༔ འགྲོ་བ་བང་མགྱོགས་དགྲ་བླ་བཀོད༔ ཕུབ་མོའི་ནུབ་ཀྱི་གླིང་ཁམས་ན༔ ཁུར་བ་སྟོབས་ཆེན་དགྲ་བླ་བཀོད༔ ཕུབ་མོའི་བྱང་གི་གླིང་ཁམས་ན༔ སྣང་གསལ་འོད་ལྡན་དགྲ་བླ་བཀོད༔ འོད་ཟེར་སྣ་ཚོགས་དྲྭ་བས་ཁྱབ༔ གཡས་གཡོན་དར་གྱི་འཕྲུ་དང་བཅས༔ ཡ་མཚན་ཅན་གྱི་ཕུབ་ཆེན་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ དགྲ་བགེགས་འབྱུང་པོ་འགུག་བྱེད་པའི༔ མདུང་རྩེ་གནམ་དུ་བསྟན་པ་འདི༔ རྣོ་ངར་ལྡན་པའི་དགྲ་བླའི་རྟེན༔ བ་དན་བར་སྣང་འཕྱོ་བ་འདི༔ དགྲ་བོའི་བླ་འགུགས་དགྲ་བླའི་རྟེན༔ མདུང་རྟིང་ས་ལ་བཙུགས་པ་འདི༔ འཕོ་འགྱུར་མེད་པའི་དགྲ་བླའི་རྟེན༔ མདུང་སྐེད་ལག་པས་བཟུང་བ་འདི༔ དགྲ་བགེགས་སྲོག་གཅོད་དགྲ་བླའི་རྟེན༔ ཡང་ལ་རིང་བ་རྣོ་བའི་མཚོན༔ སྣ་ཚོགས་དར་གྱི་འཕན་བཅས་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ མཆོག་དཀར་གཞུ་མོ་བདུངས་པ་འདི༔ གཞུ་རྒྱུད་དྲང་བའི་གདང་རིང་ལ༔ དགྲ་བླ་ཆེ་བ་ཀུན་བཞིན་བཀོད༔ མཆོག་དཀར་གཞུ་ཡི་མཆོག་མ་ལ༔ མྱུར་མགྱོགས་སྟོབས་ཆེན་དགྲ་བླ་བཀོད༔ མདའ་མོ་ཤུགས་རྒོད་ཐོག་འབེབ་ལ༔ དགྲ་བླ་ངར་མ་ཀླད་གཞུར་བཀོད༔ ཁྱུང་ཆེན་གཡུ་ཡི་སྒྲོ་གསུམ་ལ༔ དགྲ་བླ་རྣོ་ཆོད་ངར་མ་བཀོད༔ མདེ་འུ་རྡོ་རྗེ་ཕ་ལམ་ལ༔ དགྲ་བླ་རྩེ་མོས་རྣོ་གཅོད་བཀོད༔ ཡ་མཚན་ཅན་གྱི་མདའ་གཞུ་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ དགྲ་བོའི་སྐྱེ་རྒྱུད་གཅོད་པ་ཡི༔ གནམ་ལྕགས་འབར་བའི་རལ་གྲི་འདི༔ རྩེ་མོ་མེ་ཡི་ཕུང་པོ་ལ༔ དགྲ་བགེགས་སྲོག་གཅོད་དགྲ་བླ་བཀོད༔ ཡུ་བ་རྔམ་བརྗིད་འཕྲོ་བ་ལ༔ སྲུང་མ་ཐོགས་མེད་དགྲ་བླ་བཀོད༔ གཞུང་རིང་ཚངས་པ་འདྲ་བ་ལ༔ འགྱུར་བ་མེད་པའི་དགྲ་བླ་བཀོད༔ ཐུག་གཅོད་རལ་གྲི་འཇའ་དང་ལྡན༔ རབ་འཇིགས་དཔའ་བོའི་ཕྱག་མཚན་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ ཅང་ཤེས་ཤུགས་ལྡན་གྱི་ལིང་རྟ༔ དེ་ཡི་ཟེ་རྔོག་གཡས་གཡོན་ལ༔ དགྲ་བླ་དུང་སྐྱོང་དཀར་པོ་བཀོད༔ གྱི་ལིང་རྟ་ཕོའི་རྣ་མཆོག་ལ༔ གསལ་བྱེད་གསལ་བའི་དགྲ་བླ་བཀོད༔ དཔུང་པ་རླུང་གི་འཁོར་ལོ་ལ༔ མཚོ་ལ་ངར་བྱེད་དགྲ་བླ་བཀོད༔ ཚང་ར་སྨད་ཀྱི་འགྲོ་བ་ལ༔ ཕ་གཅིག་བཙན་ལ་རོལ་པ་བཀོད༔ མདོ་བ་བདེ་བའི་རྨིག་བཞི་ལ༔ མགྱོགས་བྱེད་སྟོབས་ཀྱི་དགྲ་བླ་བཀོད༔ གང་འདོད་ས་ལ་ཐོགས་མེད་སྦྱོར༔ མྱུར་མགྱོགས་རླུང་གི་རྟ་ཕོ་འདི༔ དགྲ་བླ་གཉན་པོའི་རྟེན་དུ་འཛུགས༔ དགྲ་བླ་རི་རྒྱལ་ལྷུན་པོ་ལ༔ དམག་མི་རྩི་ཤིང་རྒྱས་པ་འདྲ༔ དགྲ་བླ་ཉི་ཟླ་ཤར་བ་ལ༔ དམག་མི་རྒྱུ་སྐར་བཀྲམ་པ་འདྲ༔ དགྲ་བླ་གངས་ཀྱི་སེང་གེ་ལ༔ དམག་མི་གཡུ་རལ་རྒྱས་པ་འདྲ༔ དགྲ་བླ་རྒྱ་སྟག་ཁྲ་བོ་ལ༔ དམག་མི་འཛུམ་དྲུག་རྒྱས་པ་འདྲ༔ དགྲ་བླ་བྱ་ཁྱུང་ག་རུ་ལ༔ དམག་མི་སྒྲོ་གཤོག་རྒྱས་པ་འདྲ༔ དགྲ་བླ་གཡུ་འབྲུག་སྔོན་མོ་ལ༔ དམག་མི་གློག་འོད་འཁྱུག་པ་འདྲ༔ དགྲ་བླ་རྒྱ་མཚོ་འཁྱིལ་བ་ལ༔ དམག་མི་ཡིད་བཞིན་ནོར་བུ་འདྲ༔ ཀྱཻ༔ དེ་རིང་སྲིད་པའི་དགྲ་བླ་མཆོད༔ བྲོས་ན་ཐར་བའི་དགྲ་བླ་མཆོད༔ དེད་ན་ཟིན་པའི་དགྲ་བླ་མཆོད༔ གོ་ཁྲབ་སྲ་བའི་དགྲ་བླ་མཆོད༔ འོག་རྟ་མགྱོགས་པའི་དགྲ་བླ་མཆོད༔ ཤགས་ཁ་ཐུབ་པའི་དགྲ་བླ་མཆོད༔ ཅི་བསམ་འགྲུབ་པའི་དགྲ་བླ་མཆོད༔ ཅེས་བསྟོད་དོ༔ དཔངས་བསྟོད་ཀྱི་རིམ་པ་ནི་འདི་སྐད་དོ༔ ཀྱཻ༔ དགྲ་བླ་འཁོར་བཅས་དཔངས་བསྟོད་དོ༔ གངས་ལ་ཉི་མ་ཤར་བ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ སེང་གེ་གཡུ་རལ་རྒྱས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ སྟག་ལ་འཛུམ་དྲུག་རྒྱས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ ཁྱུང་ཆེན་མཁའ་ལ་འཕྱོ་བ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ གཡུ་འབྲུག་མཁའ་ལ་སྒྲ་སྒྲོག་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ ཤ་བ་རྭ་བཅུ་རྒྱས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ མདུང་ལ་བ་དན་བཏགས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ ཁྲབ་ལ་འཛབ་ཞོལ་བཏགས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ གྲི་ལ་རྣོ་ངར་འཛོམ་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ གཞུ་མོ་རྒྱུད་ཀྱིས་བདུངས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ མདའ་ལ་སྒྲོ་གསུམ་བསྐྱོན་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ མཁའ་ལ་དར་ཆེན་འཕྱར་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ མཚོ་ལ་ཉ་མོ་འཕྱོ་བ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ མཁར་ལ་བ་གམ་བསྐྱོན་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ དགུང་ལ་ཉི་མ་ཤར་བ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ དེ་ལྟར་མངའ་གསོལ་དཔངས་བསྟོད་པས༔ བདག་ཅག་ཡོན་མཆོད་འཁོར་བཅས་རྣམས༔ ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང༔ མི་མཐུན་ཕྱོགས་ལས་རབ་རྒྱལ་ཞིང༔ བར་དུ་གཅོད་པའི་དགྲ་བགེགས་འཐུལ༔ བསམ་སྒྲུབ་རེ་སྐོང་འཕྲིན་ལས་མཛོད༔ ཅེས་དཔངས་བསྟོད་དོ༔ ལམ་ལྷའི་རིམ་པ་ནི༔ དཀར་གསུམ་མངར་གསུམ་ཕྱེ་མར་དང༔ འོ་སྐོལ་ནམ་མཁའ་ལ་འབུལ་ལོ༔ ཀྱཻ༔ ནམ་མཁའ་དཀར་པོའི་ཡར་སྟེང་ན༔ གཡུ་འབྲུག་སྔོན་པོའི་ལམ་ལྷ་མཆོད༔ དུང་སྐྱོང་དཀར་པོའི་ལམ་ལྷ་མཆོད༔ ཡོལ་གྱི་ཐོ་གྲུབ་ལམ་ལྷ་མཆོད༔ རྒྱ་སྟག་ཁྲ་བོའི་ལམ་ལྷ་མཆོད༔ སྤྱང་གདོང་སྔོན་པོའི་ལམ་ལྷ་མཆོད༔ གཉེན་བྱེད་དོན་གྲུབ་ལམ་ལྷ་མཆོད༔ རེ་འབྱམས་སྨུག་པོའི་ལམ་ལྷ་མཆོད༔ དུག་སྦྲུལ་དཀར་པོའི་ལམ་ལྷ་མཆོད༔ ལྷ་དམག་བྱེ་བ་དུང་ཕྱུར་མཆོད༔ སྐྱེས་བུ་དཔའ་བའི་ལམ་ལྷ་མཆོད༔ འོག་རྟ་མགྱོགས་པའི་ལམ་ལྷ་མཆོད༔ གོ་ཆ་སྲ་བའི་ལམ་ལྷ་མཆོད༔ མཐུ་རྩལ་ཆེ་བའི་ལམ་ལྷ་མཆོད༔ ཁ་དྲགས་ལམ་ལྷ་ཤུགས་མགོན་མཆོད༔ ཅང་སེ་ལམ་ལྷ་ཁ་དྲོ་མཆོད༔ ཁྱོད་ལ་མཆོད་པ་ཕུལ་པ་ཡིས༔ ལམ་གྱི་བར་ཆད་ཞི་བ་དང༔ དམག་མི་རྣམས་ཀྱི་རྫི་བོ་མཛོད༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ ཅེས་པས་འཕྲིན་ལས་བཅོལ༔ ལ་རྫས་མཆོད་པའི་རིམ་པ་ནི༔ ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་ལ་གཏོར་མ་འབུལ༔ དེ་ནས་དབུས་ཀྱི་གཏོར་མ་ཡུལ་ལྷ་ལ་གསོལ༔ ཀྱཻ༔ ལ་རྫས་ཁྱོད་ཀྱི་ཤར་ཕྱོགས་སུ༔ སེང་གེ་དཀར་མོའི་ཚང་ཞིག་བཅའ༔ མདའ་མདུང་དར་དཀར་བརྒྱན་པ་འདི༔ ལ་རྫས་གཉན་པོའི་རྟེན་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མགོན་དང་སྐྱབས་སུ་གྱུར་པར་མཛོད༔ སྲིད་པ་ཆགས་པའི་ལ་རྫས་ཁྱེད༔ གསེར་སྐྱེམས་གཙང་མ་འདི་བཞེས་ལ༔ མགོན་དང་དཔུང་གཉེན་མཛད་དུ་གསོལ༔ ལ་རྫས་ཁྱོད་ཀྱི་ལྷོ་ཕྱོགས་སུ༔ གཡུ་འབྲུག་སྔོན་པོའི་ཚང་ཞིག་བཅའ༔ མདའ་མདུང་དར་དཀར་བརྒྱན་པ་འདི༔ ལ་རྫས་ཁྱོད་ཀྱི་རྟེན་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མགོན་དང་སྐྱབས་སུ་གྱུར་པར་མཛོད༔ སྲིད་པ་ཆགས་པའི་ལ་རྫས་ཁྱེད༔ གསེར་སྐྱེམས་གཙང་མ་འདི་བཞེས་ལ༔ མགོན་དང་དཔུང་གཉེན་མཛད་དུ་གསོལ༔ ལ་རྫས་ཁྱེད་ཀྱི་ནུབ་ཕྱོགས་སུ༔ རྒྱ་སྟག་ཁྲ་བོའི་ཚང་ཞིག་བཅའ༔ མདའ་མདུང་དར་དཀར་བརྒྱན་པ་འདི༔ ལ་རྫས་ཁྱེད་ཀྱི་རྟེན་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མགོན་དང་སྐྱབས་སུ་གྱུར་པར་མཛོད༔ སྲིད་པ་ཆགས་པའི་ལ་རྫས་ཁྱེད༔ གསེར་སྐྱེམས་གཙང་མ་འདི་བཞེས་ལ༔ མགོན་དང་དཔུང་གཉེན་མཛད་དུ་གསོལ༔ ལ་རྫས་ཁྱོད་ཀྱི་བྱང་ཕྱོགས་སུ༔ འབྲོང་བུ་དར་མའི་ཚང་ཞིག་བཅའ༔ མདའ་མདུང་དར་དཀར་བརྒྱན་པ་འདི༔ ལ་རྫས་ཁྱོད་ཀྱི་རྟེན་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མགོན་དང་སྐྱབས་སུ་གྱུར་པར་མཛོད༔ སྲིད་པ་ཆགས་པའི་ལ་རྫས་ཁྱོད༔ གསེར་སྐྱེམས་གཙང་མ་འདི་བཞེས་ལ༔ མགོན་དང་དཔུང་གཉེན་མཛད་དུ་གསོལ༔ ཀྱཻ༔ མཛེས་པའི་མཁན་བྱ་དཀར་པོ་འདི༔ ལ་རྫས་ཁྱེད་ཀྱི་རྩེ་འཛིན་མཛོད༔ མདའ་མདུང་དར་དཀར་བརྒྱན་པ་འདི༔ ཡུལ་ལྷ་ཁྱོད་ཀྱི་རྟེན་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མགོན་དང་སྐྱབས་སུ་གྱུར་པར་མཛོད༔ སྲིད་པ་ཆགས་པའི་ལ་རྫས་ཁྱེད༔ གསེར་སྐྱེམས་གཙང་མ་འདི་བཞེས་ལ༔ མགོན་དང་དཔུང་གཉེན་མཛད་དུ་གསོལ༔ རང་རྟ་བཙན་ལ་མ་སྐུར་ཅིག༔ ཁྱུང་དང་འབྲུག་དང་གྱི་ལིང་གསུམ༔ ལ་རྫས་རྩེ་ལ་རོལ་ལོ་ལོ༔ ཁྲ་དང་གླག་དང་རྒོད་པོ་གསུམ༔ ལ་རྫས་རྩེ་ལ་ལྡིང་ཞིང་འཁོར༔ ལ་རྫས་དབུས་ཀྱི་དྲང་ཤིང་ན༔ དུང་སྐྱོང་དཀར་པོའི་ཚང་ཞིག་བཅའ༔ ཤར་དུ་སེང་གེའི་ཚང་ཞིག་བཅའ༔ ལྷོ་རུ་གཡུ་འབྲུག་ཚང་ཞིག་བཅའ༔ ནུབ་ཏུ་སྟག་གི་ཚང་ཞིག་བཅའ༔ བྱང་དུ་འབྲོང་གི་ཚང་ཞིག་བཅའ༔ དེ་ལྟར་བཞི་པོ་ལ་རྫས་ཀྱི༔ སྒོ་བཞི་སྲུང་བའི་ཕོ་ཉ་ཡིན༔ ཝེར་མ་ཀུན་ཐུབ་འཇིགས་མེད་དེ༔ དམག་མི་མང་པོའི་ལམ་ལྷ་ཡིན༔ ཝེར་མ་དཔའ་བརྟན་ཐོགས་མེད་དེ༔ གཡུལ་ངོ་ཟློག་པའི་ལམ་ལྷ་ཡིན༔ ཝེར་མ་ཁྲོ་གཏུམ་འཇིགས་མེད་དེ༔ མདའ་དང་མདུང་གི་དགྲ་བླ་ཡིན༔ གསེར་གྱི་འུག་པ་མིག་རྣོ་དེ༔ དམག་སྣ་འདྲེན་པའི་ལམ་ལྷ་ཡིན༔ སྲིད་པ་བརྒྱུད་ཀྱི་ལ་རྫས་ཁྱོད༔ བདག་གིས་བསཽ་སྒྲ་གདབ་ཙ་ན༔ གཉེན་གྱི་སྤྱང་སྤུན་དགུ་པོ་ཡང༔ བདག་ལ་འགོ་བའི་སྲུང་མ་མཛོད༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད༔ སྨོན་ལམ་བཏབ་པ་ནི༔ གངས་དང་སེང་གེ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ ནགས་དང་རྒྱ་སྟག་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ བྲག་དང་རྒོད་པོ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ སྤང་དང་ཤ་བ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ ཆབ་དང་ཉ་མོ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ མདུང་ལ་བ་དན་བཏགས་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ གཞུ་མོ་རྒྱུད་ཀྱིས་བདུངས་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ རྨོག་དང་རྒོད་འཕྲུ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ མདའ་དང་སྟག་དོང་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ རལ་གྲི་ཤུབས་དང་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ ལུས་དང་གྲིབ་མ་འགྲོག་པ་བཞིན༔ མི་དང་དགྲ་བླ་མ་བྲལ་ཅིག༔ དགྲ་བླ་གཉན་པོ་ཁྱེད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང༔ རྟག་ཏུ་མི་འབྲལ་སྡོངས་གྲོགས་མཛོད༔ དགྲ་བླ་དཔངས་བསྟོད་འདི་ཨོ་རྒྱན་རིན་པོ་ཆེས་མཛད་པའོ༔ གཏེར་སྟོན་རིགས་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། །། ༄༅། །ཕྱྭ་གཡང་འགུགས་པ་ནི། ཀྱཻ། ཕུན་ཚོགས་བཀྲ་ཤིས་འཁྱིལ་པའི་གནས་མཆོག་འདིར། །འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུག །གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན། །གྲགས་པའི་མུ་ཁྱུད་འཁོར་ལོས་སྒྱུར་བ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་། །ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག །མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི༔ ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་གཡས་འཁྱིལ་དཔལ་བེ་འུ། །རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་བརླབས་དགེ་ལེགས་འབྱུང་བའི་སྒོ །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཅེས་ཕྱྭ་གཡང་འགུགས་པ་འདི་ནི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༧ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་པ་ནས་འཁོལ་དུ་ཕྱུང་བའོ། །མངྒ་ལཾ།། །།ལྷ་ལྡན་དེ་མོ་བསྟན་རྒྱས་གླིང་གི་ཤིང་པར་ལྟར་ཡིན་ནོ། ༈ །དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

གསང་བདག་དྲེགས་པ་འདུལ་བྱེད་ལས་ཚོགས་དམ་སྲིའི་གླུད་མདོས་ (Volume 44, Text 29)

ྈ གསང་བདག་དྲེགས་པ་འདུལ་བྱེད་ལས་ཚོགས་དམ་སྲིའི་གླུད་མདོས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ ཐུགས་གསང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་པྲེ་ཏ་བོད་ཡུལ་དུ༔ དམ་སྲི་འབྱུང་པོ་ཁ་དར་ན༔ དེ་ཉིད་འདུལ་བའི་གདམས་པ་བསྟན༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་ངན་སྙིགས་མ་ལྔ་བདོའི་དུས༔ བོད་འདིར་དམ་སྲི་འབྱུང་པོ་དང༔ གསོན་འདྲེ་དངོས་སུ་རྒྱུག་པ་འབྱུང༔ ཉིན་མོ་དུར་ཁྲོད་ཀུན་ཏུ་རྒྱུག༔ མཚན་མོ་འགྲོ་བའི་སྲོག་དབུགས་རྒོལ༔ གཟུགས་ནི་སྔགས་བཙུན་བུད་མེད་གཟུགས༔ སྐད་ནི་བྱོལ་སོང་གཅན་གཟན་སྐད༔ དེ་ཡི་ནད་གདོན་ཞུགས་པའི་རྟགས༔ ངོས་གཟུང་མེད་པའི་གཉན་ནད་དང༔ གློ་བུར་སྨྱོ་འབོག་བརྒྱལ་ནད་འོང༔ ཁ་ཅིག་དྲང་སྲོང་གཟའ་ནད་འདྲ༔ ཁ་ཅིག་ཇི་མི་སྙམ་གྱིས་འཆི༔ ཁ་ཅིག་ཁ་ལྐུག་ལུས་འདར་ཞིང༔ རྣམ་པ་སྣ་ཚོགས་འབྱུང་བར་འགྱུར༔ དེ་རྣམས་སྲུང་ཟློག་གསད་པའི་ཐབས༔ མང་བར་འདུག་ཀྱང་འདིར་མ་སྨྲོས༔ དེ་རྣམས་གླུད་ཀྱིས་བཀར་ཐབས་བསྟན༔ སྣོད་ཤིན་ཏུ་ཆེ་བའི་ནང་དུ་དམ་སྲི་བཙུན་གཟུགས་ལག་ན་རྐང་གླིང་ཐོགས་པ༔ གཡས་སུ་སྔགས་པ་ནག་པོ་བསྭེ་ཞྭ་ཅན་ཐུན་ཕོར་ཐོགས་པ༔ གཡོན་དུ་བུད་མེད་ནག་མོ་རང་གི་སྐྲ་ནས་བཟུང་བ༔ དེ་རྣམས་སྙིང་གར་ཏྲིཿཛཿདུ༔ ཡིག་འབྲུ་བྲིས་ལ་སྙིང་གར་བཅུག༔ འབྲུ་ནག་ལ་བཅའ༔ མཐའ་སྐོར་དུ་ཡུལ་མི་རྣམས་ཀྱི་ཆངས་བུ༔ ཕྱུགས་ཤི་ཚད་ཀྱི་སྤུ་དང་ར་རྨིག་རྣམས་ཇི་ལྟར་ཚོགས་པས་བསྐོར༔ ཤ་དུམ་ཚྭ་རམ་པ་སྒོག་པ་སོགས་ཡས་སྟགས་ཚང་བར་བསགས༔ ཡི་དམ་གཏོར་ཟློག་སྔོན་དུ་སོང་ནས་བྱིན་རླབས་བསྐྱེད་ཆོག་ནི༔ ཨོཾ་སྭ་བྷཱ་བ་སོགས། རང་ཉིད་ལྷར་གསལ་མདུན་དུ་ནི༔ རྒྱལ་བསེན་བཙུན་གཟུགས་རྐང་གླིང་ཐོགས༔ དམ་སྲི་སྔགས་ཆས་ཐུན་ཕོར་ཅན༔ བསེན་མོ་ནག་མོ་རང་སྐྲ་འཛིན༔ རྒྱལ་བསེན་དམ་སྲི་འདྲེ་མོ་སོགས༔ རང་རང་འཁོར་ཚོགས་དུ་མས་བསྐོར༔ ནད་བདག་ཡམས་བདག་གླུད་ཀྱི་བདག༔ དཔག་མེད་ཁྲོམ་ཚོགས་བཞིན་དུ་གསལ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་ཁྲོ་ཚོགས་རབ་ཁྲོས་ནས༔ གདོན་བགེགས་དམ་སྲི་ཕོ་མོ་ཀུན༔ མདུན་གྱི་གཟུགས་ལ་ཐིམ་པར་གྱུར༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ༴ ལྷ་སྔགས་ཏིང་འཛིན་བསླུ་བ་མེད་པའི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒྱལ་བསེན་དམ་སྲི་བསེན་མོ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ བྱིས་པའི་གདོན་ཆེན་བཅོ་ལྔ༔ ནད་བདག་ཡམས་བདག་གནོད་ཅིང་འཚེ་བ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཆེད་དུ་འདིར་ཁུག་ཅིག༔ ལན་གསུམ་བརྗོད༔ ཡི་དམ་གང་ཡིན་སྔགས་ཤམ་དུ་ལན་བདུན་བརྗོད༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ར༔ ཏྲི་པ་ཡ༔ ཏྲི་པ་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ སརྦ་དུཥྚཱཾ་ཏྲིག་ནན་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ གནོད་བྱེད་གསོན་འདྲེ་ཕོ་མོ་ཨང་ཀུ་ཤ་ཛ༔ ཞེས་གཟུགས་ལ་བསྟིམ༔ གླུད་ཆས་བྱིན་བརླབ་པ་ནི༔ སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར༔ ཁཾ་ཡིག་ལས་བྱུང་གླུད་གཏོར་རྒྱ་ཆེ་བ༔ འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་ཏེ༔ སོ་སོར་མོས་པའི་རོ་མཆོག་ཆར་འབེབ་གྱུར༔ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང༔ འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་བརྗོད་ལ་གོང་གི་བྱིན་རླབས་ཚར་ནས་སྔགས་ཚར་གསུམ་མམ་བདུན་སྐབས་དང་བསྟུན༔ རབ་ལ་བརྒྱ་རྩ་བརྒྱད༔ འབྲིང་ལ་ལྔ་བཅུ་ལོ་གྲངས་ཉེར་དགུ་བདུན་སོགས་གྲངས་བསགས་ལ༔ ཀྱཻ༔ དམ་ཉམས་ཁྲེལ་མེད་དམ་ལ་འདུས༔ གསོན་འདྲེ་ཕོ་མོ་དམ་ལ་འདུས༔ ནད་བདག་ཡམས་བདག་དམ་ལ་འདུས༔ སྔོན་ཡང་དམ་ཚིག་ཉམས་པས་ན༔ ལས་ངན་འདྲེ་ཡི་ལུས་སུ་སྐྱེས༔ འཁོར་བ་མ་སྟོངས་བར་དུ་ནི༔ ལུས་ངན་གནས་ནས་ཐར་དུས་མེད༔ དམ་ལྡན་སྔགས་འཆང་དམ་ལ་འདུས༔ གཞན་ལ་གནོད་པའི་སེམས་སྤངས་ན༔ མཐོ་རིས་བདེ་བ་ཐོབ་པ་ཡིན༔ དེ་ཕྱིར་གླུད་གཏོར་ཆངས་བུ་དང༔ འདོད་པའི་ཡས་སྟགས་ཚང་བ་འདི༔ ལོངས་ལ་ཡུལ་འདིའི་མི་ཕྱུགས་ལ༔ མ་གནོད་མཐའ་ཡི་རྒྱ་མཚོ་ལ༔ ཐུག་གི་བར་དུ་འགྲོ་བར་གྱིས༔ འོན་ཀྱང་ཕྱི་མིག་མ་བལྟ་ཞིག༔ ཚར་གྲངས་བསགས་ནས་དེ་ནས་ཁ་བསྒྱུར་ལ༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ གནད་དུ་བོར་ནས་བརླག་ཏ་རེ༔ ཁྱོད་ཀྱི་ངན་མཚང་ང་ལ་ཡོད༔ ངན་མཚང་སྨྲས་ན་མི་གནོད་དམ༔ དེ་བས་ཡུལ་འདིའི་མི་ཕྱུགས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ནད་ཁ་ཆོད་ལ་ཡམས་ཁ་སྒྱུར༔ གནས་མལ་སྤོས་ལ་མྱུར་དུ་སོང༔ མཐའ་མེད་རྒྱ་མཚོའི་ཕ་རོལ་སོང༔ ཁྱོད་ཀྱི་གནས་ཀྱང་དེ་ན་མཆིས༔ འདོད་པའི་ཡོན་ཏན་དེ་ན་ལྡན༔ གླུད་དང་ཡས་སྟགས་འདི་ཁྱེར་ལ༔ མྱུར་བ་ཉིད་དུ་དེ་རུ་སོང༔ དམ་ཉམས་ཁྲེལ་མེད་དེ་རུ་སོང༔ གསོན་འདྲེ་ཕོ་མོ་དེ་རུ་སོང༔ ནད་བདག་ཡམས་བདག་དེ་རུ་སོང༔ འོན་ཀྱང་ཕྱི་མིག་མ་བལྟ་ཞིག༔ ཅེས་པ་ཁྲོ་བོ་གང་རུང་སྔགས་ཤམ་ལ་གཟིར་སྔགས་བཏགས་ལ་ཐུན་གྱིས་བྲབས་ལ་ཡས་སྟགས་ཆུ་ལ་དོར༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ས་ཏྲི་ཡ༔ ས་ཏྲི་ཡ༔ ཏྲི་པ་ཡ༔ ཏྲི་པ་ཡ༔ ཛི་ལི་ཐར་ཕྲོམ་རྦད༔ སརྦ་དུཥྚཱཾ་ཏྲིག་ནན༔ ཧུར་ཐུམས་ཛ་མཱ་ར་ཡ་རྦད་རྦད༔ གནོད་བྱེད་གསོན་འདྲེ་ཕོ་མོ་མཱ་ར་ཡ་རྦད་རྦད༔ ཧབ་ལེ་ཧོབ་ལེ་ཛ༔ གནོད་བྱེད་ཕོ་མོའི་གཏི་མུག་ཤ་ལ་མྱག་མྱག༔ འདོད་ཆགས་ཁྲག་ལ་ལྗིབ་ལྗིབ༔ ཞེ་སྡང་རུས་ལ་རྦད་རྦད༔ སྤུ་གྲི་འབར་བས་ཤད་ཤད་སྙིང་ལ་ཤད༔ རཾ་རཾ་སྲོག་ལ་རཾ༔ སྲོག་རྩ་དམར་པོ་ཏྲི་དུ་ཛ༔ མཱ་ར་ཡ་རྦད་རྦད༔ ཅེས་ཁྲོ་བོ་བསྐུལ༔ སྲུང་འཁོར་བསྒོམ༔ གུ་གུལ་བསྲེག༔ ཐུན་གཏོར༔ དེ་ལྟར་བྱས་ན་ནད་ཡམས་ཆད་པར་ཐེ་ཚོམ་མེད་དོ༔ ཁོ་བོ་རོལ་པའི་རྡོ་རྗེ་ངས། །གནས་མཆོག་རྡོ་རྗེ་ཅོང་ཕུག་གི །སྲ་མཁྲེགས་བྲག་གི་འདོམ་གང་སར། །རོ་སོལ་ནང་ན་གཏེར་སྒྲོམ་འདུག །ཀུན་གྱིས་མཐོང་བར་སྤྱན་དྲངས་ནས། །ཤོག་དྲིལ་དང་པོའི་ཞལ་ལས་བཤུས། །མཁས་གྲུབ་རྣམས་ཀྱིས་གཟིགས་མཛོད་དང་། །ཀུན་ལ་ཕན་པའི་གདམས་ངག་ཟབ། །ས་མཱ་ཡ། རྒྱ་རྒྱ་རྒྱ། ྈྈྈྈྈྈ ས་མ་ཡ་རྒྱ་རྒྱ་རྒྱ། ཁ་ཐཾ། གུ་ཧྱ། །ྀཨཚ།

ཟབ་པ་སྐོར་བདུན་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་ (Volume 5, Text 29)

༁ྃ༔ ཟབ་པ་སྐོར་བདུན་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ཀུན་གྱི་རྩ་བ་ཡང་ཟབ་སྙིང་པོའི་ཆོས༔ བླ་མེད་ཡང་ཟབ་རྩ་གསུམ་དྲིལ་སྒྲུབ་ཏུ༔ ཉམས་སུ་བླང་ཕྱིར་སྔོན་འགྲོའི་ཆོས་རྣམས་བྱ༔ དངོས་གཞི་བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔ ཧཱུྃ༔ ཆོས་རྣམས་མི་དམིགས་མཐའ་བྲལ་ངང༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ལས༔ རང་རིག་རྡོ་རྗེ་ཧྲཱིཿབཅས་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང༔ པདྨ་རིན་ཆེན་འབར་བ་སྤེལ༔ རྡོ་རྗེ་ཧྲཱིཿབཅས་ཡོངས་གྱུར་ལས༔ བདག་ཉིད་དབང་ཆེན་རྟ་མགྲིན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་དབང་སྡུད་གྲི་གུག་འཛིན༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ནི༔ དམར་གསལ་གྲི་གུག་ཐོད་ཁྲག་འཛིན༔ ཕྱག་རྒྱ་ལྔ་འཆང་ཡབ་ལ་འཁྲིལ༔ ཡབ་ཡུམ་གཉིས་ཀྱི་དབུ་གཙུག་ཏུ༔ རྟ་སྐད་ཕག་སྐད་ཕྱོགས་བཅུར་སྒྲོག༔ མེ་དཔུང་འབར་བའི་ཀློང་དུ་བཞུགས༔ དཔའ་བོ་མཁའ་འགྲོ་སྡེ་བཞིས་བསྐོར༔ ཐུགས་ཀར་ཞི་བ་ཚེ་དཔག་མེད༔ དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ ཡུམ་མཆོག་ཚེ་ཡི་བདག་མོ་ནི༔ དམར་གསལ་ཚེ་ཡི་བུམ་པ་འཛིན༔ ཡབ་ཡུམ་ཞལ་སྦྱོར་ཐུགས་ཀ་རུ༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་དབུས༔ མི་འགྱུར་ཨ་ནྲྀ་ཧཱུྃ་གསུམ་གསལ༔ ཚེ་ཡི་མགྱོགས་མ་ཕོ་ཉར་སྤྲོ༔ སྤྱི་གཙུག་པད་སྡོང་གསུམ་བརྩེགས་ནང༔ དུས་གསུམ་སངས་རྒྱས་པདྨ་འབྱུང༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས༔ རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད༔ སྤྱན་གསུམ་ཐོར་ཚུགས་ཅོད་པན་ཅན༔ ཐོད་སྐམ་རུས་པའི་དྲྭ་ཕྱེད་མཛེས༔ དར་དང་སྟག་ཤམ་རུས་རྒྱན་ཅན༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པའི་པང༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ ཚེ་བུམ་ཐོད་ཆང་འཛིན་པས་འཁྱུད༔ འོད་དང་འོད་ཟེར་འབར་བར་བསམ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཛ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལྷོ་ནུབ་ནས་འོད་དཔུང་ངེར་བྱོན་པར་བསམས་ལཿ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཛབ་བཟླས་ཤིང་ཐོད་རྔ་འཁྲོལ༔ ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞས་ཡས་བྱིན་རེ་ཆགས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་ཨ་ཏི་པཱུ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ པུཥྤེཿ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤབྡ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གཉིས་སུ་མེད་པར་ཐིམ་གྱུར་ཅིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་མཉམ་མཆོད་པ་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ སྨན་རཀ་གཏོར་གསུམ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ རྩ་བ་གསུམ་གྱི་ཚོགས་ལ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ རྣལ་འབྱོར་ཅན་གྱིས་ཧཱུྃ་བསྒོམ་ཞིང༔ ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླང༔ ལྕེ་ལ་ཐིམ་པས་དངོས་གྲུབ་ཐོབ༔ སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ དུང་ཆེན་སྣོད་དུ་རུ་དྲ་བསྒྲལ༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོངས་པའི་རཀྟ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འཆི་མེད་མགོན་པོ་པདྨ་ཚེ་དཔག་མེད༔ བདེ་ཆེན་དབྱེར་མེད་ཚེ་མཐའ་ཡས་པའི་སྐུ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་བདག་མོ་ཡུམ༔ ཞི་བ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དཔའ་བོ་འཇིགས་བྱེད་དབང་ཆེན་འདུས་པའི་སྐུ༔ ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན་མཛད་པའི༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རྣལ་འབྱོར་མཁའ་འགྲོ་ཀུན་གྱི་གཙོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔ སྟོང་ཉིད་བདེ་ཆེན་དབྱིངས་ལས་བཞེངས་པ་ཡི༔ རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ འཛབ་བཟླས་ནི༔ ཧཱུྃ༔ སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ རིགས་འདུས་བླ་མ་རྡོ་རྗེ་འཛིན༔ བདེར་གཤེགས་ཀུན་གྱི་བདག་ཉིད་ཆེ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ སྐུ་བཞི་འགྲུབ་པར་མཛད་དུ་གསོལ༔ ཞེས་རྩེ་གཅིག་པས་བླ་མ་ལ་གསོལ་བ་འདེབས་པ་དང་བཅས་པས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ འཆི་མེད་དངོས་གྲུབ་རྡོ་རྗེའི་ཚེ་མངའ་བ༔ བདག་ཅག་སྐྱེ་འཆི་བགྲེས་རྒུད་མེད་པ་ཡི༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལ་ཨ་ནྲྀ་ཧཱུྃ་གསུམ་དེ་ལས་འོད་ཟེར་མཐའ་ཡས་པ་སྤྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ༔ ཨ་ནྲྀ་ཧཱུྃ་གསུམ་འོད་འབར་ཞིང་ཚེ་ཡི་བདུད་རྩིའི་དྭངས་མའི་དྭངས་མ་ཐམས་ཅད་ཀྱིས་ཉི་ཟླའི་གའུ་གང༔ ལུས་ཐམས་ཅད་ཀྱང་འཆི་མེད་ཀྱི་བདུད་རྩིས་གང་རྡོ་རྗེའི་སྲོག་ཐོབ་པར་བསྒོམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ རྟ་མགྲིན་གྱི་ཐུགས་ཀའི་ཆ་སྨད་དུ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་འཁོར༔ དེ་ལས་སྔགས་ཀྱི་ཕྲེང་བ་འཕྲོས་ཏེ་ཞལ་ནས་ཐོན༔ རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ཞུགས༔ ཐུགས་ཀའི་སྔགས་ཕྲེང་བསྐུལ་སྟེ་དངོས་གྲུབ་བྱང་སེམས་ཀྱི་རང་བཞིན་བྷ་ག་ནས་ཐོན་ཏེ་རྡོ་རྗེའི་ལམ་ནས་བརྒྱུད་ཐུགས་ཀར་ཐིམ་པས་བདེ་ཆེན་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཏེ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཡབ་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ཡུམ་ལ་བསྐུལ༔ དེའི་ཐུགས་ཀ་ནས་འོད་དཀར་སེར་དམར་ལྗང་འཕྲོས་པས་ལས་བཞིའི་ཕྲིན་ལས་གང་འདོད་འགྲུབ་པར་བསམཿ གཙོ་མོའི་སྔགས་མཐར༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ འཁོར་ཀྱི་མཁའ་འགྲོ་བསྐུལ་ན་གུད་དུ་ཤེས༔ བསྡུ་རིམ་ནི༔ དཀྱིལ་འཁོར་རྣམས་སྤྱི་བོའི་བླ་མ་ལ་བསྡུ༔ བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ཉིད་འོད་དུ་ཞུ་བ་ཐུགས་ཀའི་ཚེ་དཔག་མེད་ལ་ཐིམ༔ ཚེ་དཔག་མེད་ཡབ་ཡུམ་ཡང་རིམ་གྱིས་ཨ་ནྲྀ་ཧཱུྃ་གསུམ་ལ་ཐིམ༔ དེ་ཉིད་ནམ་མཁའི་རྡོ་རྗེ་གཞོམ་གཞིག་དང་བྲལ་བར་གྱུར་པར་བསམ༔ ཚོགས་ཀྱི་འཁོར་ལོ་སོགས་ཕྲིན་ལས་གཞུང་བཞིན་བྱ༔ ཐུན་མཚམས་སུ་ཚེ་འགུག་པར་འདོད་ན་མདའ་དར་གཡབ་ཅིང༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ནམ་མཁའི་དབྱིངས་ནས་ཚེ་ཁུག་ལ༔ དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔ སེམས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔ ཤར་ཕྱོགས་ཚེ་བདག་མགྱོགས་མ་དམར༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཆུ་ཡི་ཁམས་ནས་ཚེ་ཁུག་ལ༔ དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔ ཁྲག་གི་ཁམས་ཀྱི་ཚེ་འཕེལ་མཛོད༔ ལྷོ་ཕྱོགས་ཚེ་བདག་མགྱོགས་མ་སེར༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་སྐུལ༔ ས་ཡི་ཁམས་ནས་ཚེ་ཁུག་ལ༔ དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔ ཤ་ཡི་ཁམས་ཀྱི་ཚེ་འཕེལ་མཛོད༔ ནུབ་ཕྱོགས་ཚེ་བདག་མགྱོགས་མ་དམར༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐུལ༔ མེ་ཡི་ཁམས་ནས་ཚེ་ཁུག་ལ༔ དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔ དྲོད་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔ བྱང་ཕྱོགས་ཚེ་བདག་མགྱོགས་མ་ལྗང༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐུལ༔ རླུང་གི་ཁམས་ནས་ཚེ་ཁུག་ལ༔ དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔ དབུགས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔ ཚེ་སྦ་བ་ནི༔ འབྱུང་བ་ལྔ་དང་ཡེ་ཤེས་ལྔ༔ སྙིང་པོ་ལྔ་ཡི་ཕྱག་མཚན་འདིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ མི་ཤིགས་ཚེ་ཡི་རྒྱས་གདབ་བོ༔ ཨོཾ་ཏྲུཾ་ཧྲཱིཿཏྲུཾ་ཧཱུྃ་ཏྲུཾ་ཏྲཱཾ་ཏྲུཾ་ཨཱཿཏྲུཾ༔ ཞེས་ཚེ་ཡི་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་གི་རྟེན་མཁར་རྒྱབ་ངོས་ནས་སྤྱན་དྲངས་པའི་གནམ་ལྕགས་ཕུར་སྒྲོམ་ནང་གི་བྱང་བུ་ཨོ་རྒྱན་ཕྱག་བྲིས་ལས་དག་པར་ཕབ་པའོ།། །།

ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་སྐོང་བཤགས་ (Volume 11, Text 29)

༁ྃ༔ ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་སྐོང་བཤགས་བཞུགས༔ ༔ བདེ་ཆེན་ལྷན་ཅིག་སྐྱེས་མར་འདུད༔ སྙིགས་དུས་ཉོན་མོངས་དར་ལ་དྲག༔ བསྟན་དང་སྔགས་ཀྱི་སྒོར་ཞུགས་ཀྱང༔ བཀའ་བཞིན་མི་སྒྲུབ་ལོག་པར་སྤྱོད༔ སྲུང་སྡོམ་གཡེལ་ཞིང་བསླབ་ཁྲིམས་ཉམས༔ དམ་མེད་གསང་སྔགས་བོན་དུ་གྱེར༔ སྒྲུབ་པའི་རྟགས་མེད་ནུས་མཐུ་དམན༔ གདིང་དང་མི་ལྡན་ལས་སྦྱོར་རྩོམ༔ དེ་ཡི་སྣང་སྲིད་མ་མོ་དང༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ སྣོད་བཅུད་དཔལ་འབྱོར་རིམ་བཞིན་འཇོམས༔ དེ་ཚེ་ཐབས་མཆོག་འདིར་འབད་ན༔ ཕན་བདེའི་འབྲས་བུ་སྟེར་བར་འགྱུར༔ ས་མ་ཡ༔ དེ་ཡང་དབེན་པའི་གནས་མཆོག་ཏུ༔ རྟེན་དང་མཆོད་རྫས་ཅི་འབྱོར་བཤམ༔ རིན་ཆེན་སྣོད་དམ་བནྡྷ་རུ༔ ཚིལ་ཆེན་གཙོར་གྱུར་མར་མེ་དང༔ མཚན་ལྡན་ཐོད་པར་ཆང་གིས་བཀང༔ ར་ས་ཡ་ནའི་ཕབ་དང་སྦྱར༔ ཤ་ཆེན་ཆོས་སྨན་འབྲུ་ཕྱེ་ལས༔ བམ་གྱི་གཟུགས་བརྙན་སྐྱེ་མཆེད་རྫོགས༔ བཟའ་བཅའ་བཏུང་བའི་ཚོགས་རྫས་དང༔ ཕྱི་ནང་འབྱུང་བའི་ཁྲག་སྣ་སོགས༔ མཁའ་འགྲོ་མཉེས་པའི་དམ་རྫས་རྣམས༔ གོ་རིམ་བཞིན་དུ་ལེགས་པར་བཤམ༔ རྒྱས་པར་སྤྲོ་ན་སྤྱི་བཞིན་དུ༔ སྐོང་བའི་མདོས་གཏོར་དག་ཀྱང་བཞེངས༔ ཕྲིན་ལས་གཞུང་བསྲང་ཚོགས་མཆོད་འབུལ༔ རཾ་ཡཾ་ཁཾ་གིས་མི་གཙང་སྦྱངས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབྷྲཱུྃ་ལས༔ སྣང་གསལ་མར་མེ་བདུད་རྩི་སྨན༔ མཚན་ལྡན་བམ་ཆེན་ལོངས་སྤྱོད་ཚོགས༔ དམར་ཆེན་རཀྟ་མཐུན་པའི་རྫས༔ ངོ་བོ་ཡེ་ཤེས་རོལ་པ་ལས༔ རྣམ་པ་འཁོར་འདས་མ་མོ་རྣམས༔ ཐུགས་དམ་དགྱེས་སྐོང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་མཛོད་དུ་གྱུར༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ གུ་གུལ་ཚིལ་ཆེན་དུད་པ་བཏང༔ ཐོད་རྔ་རྐང་གླིང་དབྱངས་ཀྱིས་བསྐུལ༔ མོས་གུས་གདུང་ཤུགས་རྩལ་བསྐྱེད་ལ༔ ཧྲཱིཿཧཱུྃ༔ དགོངས་སུ་གསོལ་ལོ་མཁའ་འགྲོའི་ཚོགས༔ བཞེངས་ཤིག་སྐུ་གསུམ་བདེ་ཆེན་རྒྱལ༔ འོག་མིན་མཁའ་སྤྱོད་གནས་ནས་བཞེངས༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ དམ་ཚིག་གསང་བའི་གནས་མཆོག་འདིར༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ མོས་པའི་བུ་ལ་བརྩེར་དགོངས་ནས༔ དགྱེས་པའི་གདན་ལ་བརྟན་པར་བཞུགས༔ ཐུགས་དམ་གཉན་པོ་དུས་འདིར་བསྐང༔ གཡར་དམ་དགོངས་ལ་ཚངས་པར་སྩོལ༔ ཧྲཱི༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ རྟེན་སྒྲུབ་མཆོད་ཅིང་སྐོང་བའི་རྫས༔ ངོ་མཚར་བཀོད་པའི་སྤྲིན་ཆེན་འཁྲིགས༔ བཞེད་རྒུའི་འདོད་ཡོན་ཆར་དུ་འབེབ༔ ཞུན་ཆེན་སྣང་གསལ་ཉི་ལྟར་འབར༔ ཡེ་ཤེས་ཟེར་གྱིས་འཁོར་འདས་ཁྱབ༔ བདུད་རྩི་སྨན་ཕུད་རྒྱ་མཚོར་བསྐྱིལ༔ ཟག་མེད་བདེ་བའི་རྦ་རླབས་གཡོ༔ མཚན་ལྡན་བམ་ཆེན་ནུས་བཅུད་ལྡན༔ དམ་ཚིག་རྫས་མཆོག་ལྷུན་གྱིས་གྲུབ༔ ཞལ་ཟས་ཚོགས་མཆོད་རི་ལྟར་སྤུངས༔ བཟའ་བཅའ་བཏུང་བ་རོ་བརྒྱ་ལྡན༔ དམར་ཆེན་རཀྟ་ལྦུ་ཕྲེང་འཕྱོ༔ ཁམས་གསུམ་ཆགས་པའི་བཅུད་དུ་འཁྱིལ༔ མཉེས་རྫས་སྣ་ཚོགས་གཅལ་དུ་བཀྲམ༔ ཡིད་མཐུན་ལོངས་སྤྱོད་ཟད་མི་ཤེས༔ རིག་རྩལ་དགོངས་པའི་ཏིང་འཛིན་གྱིས༔ ཆོས་དབྱིངས་ཁྱབ་པར་སྤེལ་པ་འདིས༔ དབྱིངས་ཕྱུག་དྷཱ་ཀི་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧོ༔ བདག་ཅག་གསང་སྔགས་སྒོར་ཞུགས་ཀྱང༔ ལས་ཀྱི་དབང་གིས་སྙིགས་དུས་སྐྱེས༔ གཉེན་པོའི་སྟོབས་ཆུང་དུག་ལྔ་ཧྲག༔ རྩ་བ་ཡན་ལག་དམ་ཚིག་ལ༔ འགལ་ཉམས་འདས་རལ་ཅི་མཆིས་པ༔ གནོང་འགྱོད་དྲག་པོས་བསྐང་ཞིང་བཤགས༔ རྒྱལ་བའི་བསྟན་ལ་ཞུགས་བཞིན་དུ༔ སྐྱབས་འགྲོའི་བསླབ་བྱ་ཡལ་བར་དོར༔ སོ་ཐར་སྡོམ་པ་ཁྱད་དུ་བསད༔ སྲུང་སྡོམ་མ་ནུས་འདུལ་ཁྲིམས་འཆལ༔ ཐེག་ཆེན་ལྟ་བའི་གནད་མ་རྟོགས༔ སྨོན་འཇུག་བསླབ་པ་རྒྱང་དུ་བསྲིང༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ དམ་ཚིག་བཟུང་ཡང་ལེ་ལོས་གཡེང༔ བཀའ་གཞུང་བཞིན་དུ་མ་སྤྱད་པས༔ ཐུན་མོང་སྤྱི་ཡི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས་དམ་བསྐང༔ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༔ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས་དམ་བསྐང༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང༔ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས་དམ་བསྐང༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང༔ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི༔ བདག་པོར་མ་ཤེས་མི་རུ་བཟུང༔ ལོག་པར་བལྟས་ཤིང་སྙིང་ནས་དམད༔ ཐུགས་དང་འགལ་བའི་ལས་ངན་བསགས༔ མཆེད་གྲོགས་སྤུན་ལ་དགྲ་རུ་བལྟས༔ ངན་སེམས་འཕྱ་སེམས་རྡེག་ཅིང་བཙོགས༔ བརྐུ་འཕྲོག་ངན་དུ་སྨྲས་ལ་སོགས༔ ཁྱད་པར་སྐུ་ཡི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས་དམ་བསྐང༔ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ ལྷ་དང་དཀྱིལ་འཁོར་མ་གསལ་ཞིང༔ ལས་སོགས་ཕྱག་རྒྱ་རྣམ་པ་བཞི༔ ཚུལ་བཞིན་སྒོམ་པ་རྔོ་མ་ཐོགས༔ ཛཔ྄་དང་བཟླས་བརྗོད་རྒྱུན་ཆད་ཅིང༔ བསྙེན་སྒྲུབ་ལོ་ཟླའི་དུས་ལས་འདས༔ ཚོགས་གཏོར་སྐོང་བའི་ཆོ་ག་རྣམས༔ དུས་སུ་མ་བྱས་ལེ་ལོས་གཡེངས༔ གསུང་གི་དམ་ཚིག་གཉན་པོ་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ དམ་མ་འདྲེས་དང་ཉམས་པ་ལ༔ སྤྱི་ཡི་གསང་བ་ཚིག་ཏུ་ཟག༔ བར་གསང་རྣམ་བཞིའི་སྤྱོད་ལམ་རྩིང༔ གསང་བར་འོས་པ་མངོན་དུ་ཕྱུངས༔ གསང་བར་གཉེར་གཏད་རྗེན་པར་སྨྲས༔ བཀའ་གསང་གཉན་རྣམས་གཞུང་བཞིན་དུ༔ མ་སྤྱད་འཆོལ་བར་གྱུར་ལ་སོགས༔ རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ སྤྱད་བྱ་རྣམ་ལྔ་གཞན་དོན་དུ༔ ཐབས་ཀྱིས་ཟིན་པར་སྤྱད་མ་ནུས༔ མི་སྤང་ལྔ་པོ་རིགས་ལྔ་རུ༔ མ་རྟོགས་ཉོན་མོངས་རང་གར་སྤྱད༔ བདུད་རྩི་ལྔ་ལ་མཚན་མར་བཟུང༔ དང་དུ་མ་བླངས་གཙང་དམེར་བལྟས༔ ཤེས་བྱ་སྐུ་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ལྔ་རུ་སྦྱོར་མ་ཤེས༔ བསྒྲུབ་བྱ་རིགས་ལྔ་གཡེལ་མེད་དུ༔ མ་བསྒྲུབས་འབྲས་བུ་འགྱངས་ལ་སོགས༔ ཡན་ལག་དམ་ཚིག་ཉེར་ལྔ་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པ་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ སློབ་དཔོན་བཀའ་བཅགས་མཆེད་ལ་གཙེས༔ གཟུང་མར་སྤྱད་ཅིང་དཀོར་ལ་འབགས༔ དད་ཅན་ཚོགས་བཅགས་གསང་བ་འཆད༔ མཚན་ལྡན་སྣོད་ལྡན་སྤང་བླང་འཛོལ༔ རང་གཞན་མཚམས་འདྲལ་དབང་རྟགས་དོར༔ རྫས་ངན་བསྲེལ་ཅིང་དམ་རྫས་སྤངས༔ དཀྱིལ་འཁོར་དཀྲུག་ཅིང་གཞན་ལ་གཤེ༔ སྡིག་ཅན་སྐྱེ་བོའི་མཐུ་ཟློག་བྱས༔ བྱིང་རྒོད་དབང་གྱུར་བཟླས་བརྗོད་གཡེལ༔ དོན་རྟགས་ཐབས་ཤེས་ཡ་བྲལ་སོགས༔ སྒྲུབ་པ་ལྷག་པའི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ ཕུང་ཁམས་ལྷ་རུ་མ་གསལ་ཞིང༔ སྣོད་བཅུད་དཀྱིལ་འཁོར་འདུ་ཤེས་བྲལ༔ སྨྲ་བརྗོད་སྔགས་སུ་ཁྱེར་མ་ཤེས༔ རླུང་དང་གཏུམ་མོའི་རྣལ་འབྱོར་གཡེལ༔ ཕྱག་རྒྱ་མ་བསྟེན་ཐིག་ལེ་ཉམས༔ སྣང་སྲིད་བདེ་བ་ཆེར་མ་སྨིན༔ བློ་འདས་ཆོས་ཉིད་ཁྱབ་བདལ་ལ༔ ཞེན་འཛིན་རྟོག་པས་དགག་སྒྲུབ་བྱས༔ མདོར་ན་བླ་མེད་དབང་བཞི་པོའི༔ མཉམ་རྗེས་བཟའ་བཅའ་བསྲུང་བ་ཡི༔ དམ་ཚིག་རྣམས་ལས་འགལ་བ་དང༔ ལྟ་སྒོམ་སྤྱོད་པ་དམ་ཚིག་བཞི༔ འབྲལ་མེད་ཉམས་སུ་མ་ལོན་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ ཁྱད་པར་རྡོ་རྗེ་མཁའ་འགྲོ་མའི༔ རྒྱུད་ལུང་མན་ངག་ལས་གསུངས་པ༔ མཆོག་གསུམ་ཕྱག་རྒྱ་རྣམ་བཞི་སྤངས༔ སྦྱིན་པ་མ་བཏང་ཐེག་གསུམ་དམད༔ ཚོགས་གཏོར་མཆོད་འབུལ་རྒྱུན་བཅད་སོགས༔ སྤྱི་ཡི་དམ་ལས་འགལ་བ་དང༔ མཉམ་པ་ཆེན་པོར་རིས་སུ་བཅད༔ རྟོག་པའི་སྣ་བསྐྱིལ་དགག་སྒྲུབ་བྱས༔ དམ་རྫས་བཅུ་པོ་ཡལ་བར་དོར༔ ལས་རྒྱ་མ་བསྟེན་བདེ་ཆེན་ཉམས༔ འདུ་འཛིར་གཡེངས་ཤིང་དབེན་གནས་སྤངས༔ ཞི་རྒྱས་དབང་དྲག་བརྟུལ་ཞུགས་དང༔ མེ་མཆོད་གླུ་གར་མ་བགྱིས་སོགས༔ ཁྱད་པར་དམ་ཚིག་ཉམས་པ་དང༔ དུག་ལྔ་མཁའ་འགྲོ་རིགས་ལྔ་ཡི༔ རང་བཞིན་ཡེ་ནས་ཡིན་པ་ལ༔ ཨ་འཐས་འཁྲུལ་པས་རང་གར་བཟུང༔ ཉོན་མོངས་དབང་གྱུར་ལྟ་སྤྱོད་དམན༔ རིག་པའི་རྩལ་ཆུང་བླང་དོར་བྱས༔ ཐོག་བརྫིས་མ་ནུས་ཡ་ངས་ཁྱེར༔ ཕྱག་རྒྱ་ལྔ་དང་ཁ་ཊྭཱཾ་ག༔ ཅང་ཏེའུ་དྲིལ་གླིང་ཀ་པཱ་ལ༔ ཚུལ་བཞིན་མ་བརྟེན་ཐ་མལ་གྱི༔ ཆས་དང་རྒྱན་གོས་བཅངས་ལ་སོགས༔ ལྷག་པའི་དམ་ཚིག་གཉན་པོ་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས༴ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ ལྟ་བས་ཆོས་ཉིད་འཕང་མ་ཆོད༔ སྤྱོད་པས་དབྱིངས་སུ་ལ་མ་དོར༔ མཆོད་ཚོགས་སྐོང་བ་དུས་ལས་འདས༔ ཉམས་ཆག་བཤགས་པ་ཚད་ལས་ཡོལ༔ སེར་སྣའི་དབང་གིས་འབྱོར་ཚོགས་ཆུང༔ ཕུད་ལ་གཞོལ་ཅིང་ལྷག་ལ་འཕྲིས༔ སྒོམ་སྒྲུབ་བསྔོས་པའི་ཡོ་བྱད་བསྒྱུར༔ དཀོན་མཆོག་དཀོར་ལ་ཐུབ་ཆོད་སྤྱད༔ སྐུ་དགྲར་གྱུར་པའི་སྔགས་ཟློག་བྱས༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས༔ ཉམས་ལ་ཆོས་བཤད་ཟས་ནོར་བླངས༔ གྲོགས་ངན་ཉམས་པའི་སྐྱོན་དབང་གིས༔ ཉམས་ཤིང་ཆགས་པའི་གནས་གྱུར་སོགས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང༔ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ མདོར་ན་བླ་མེད་གསང་སྔགས་ཀྱི༔ དཀྱིལ་འཁོར་གཉན་པོའི་སྒོར་ཞུགས་ཏེ༔ དམ་ཚིག་ཚུལ་བཞིན་ནོས་པ་ལས༔ རྟོགས་པ་ཀློང་དུ་མ་གྱུར་ཅིང༔ དགོངས་སྤྱོད་ཟབ་མོའི་གདིང་མ་ཐོབ༔ མ་ཤེས་མ་རིག་འཁྲུལ་པ་དང༔ བག་མེད་ལེ་ལོའི་དབང་གྱུར་ཏེ༔ ཁས་བླངས་དམ་དུ་བཅས་པ་ཡི༔ སྡོམ་པ་དམ་ཚིག་བརྟུལ་ཞུགས་སོགས༔ འདའ་དཀའ་རྡོ་རྗེའི་གཡར་དམ་ལས༔ ཟླ་དང་ཞོར་གྱིས་ཉམས་པ་དང༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ ཚེ་འདིར་མི་མཐུན་བར་གཅོད་དང༔ ཡུན་གྱི་སྒྲིབ་པར་འགྱུར་བ་ཡི༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས༴ ལོངས་སྐུ་ཚེ་བདག་གཙོ་འཁོར་རྣམས༔ བདུད་རྩི་སྨན་གྱིས་ཐུགས༴ སྤྲུལ་སྐུ་ལྷན་སྐྱེས་དྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས༴ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས༴ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང༔ བསྐང་ངོ་བཤགས་སོ་ཚངས་པ་སྩོལ༔ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་གྱི༔ ཉེར་སྤྱོད་ལྔ་དང་འདོད་ཡོན་རྒྱན༔ དུར་ཁྲོད་དྲག་པོའི་རྫས་ཆེན་དང༔ ཤ་ཁྲག་རུས་པའི་བ་ལིཾ་ཏ༔ བདུད་རྩི་སྨན་དང་རཀྟ་ཁྲག༔ གླུ་གར་རོལ་མོ་ལོངས་སྤྱོད་ཚོགས༔ སྦྱོར་སྒྲོལ་གསང་བའི་བརྟུལ་ཞུགས་སོགས༔ རྟེན་རྫས་སྒྲུབ་རྫས་སྐོང་བའི་རྫས༔ མཆོད་རྫས་མཐུན་པའི་དམ་ཚིག་གིས༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ གཡར་དམ་གཉན་པོ་སོར་ཆུད་ནས༔ ཡེ་ཤེས་དབྱིངས་ཀྱི་ཡུམ་ཆེན་རྣམས༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ ལས་བྱེད་སྤྲུལ་པའི་མཁའ་འགྲོ་རྣམས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཇིག་རྟེན་སྣང་སྲིད་མ་མོ་རྣམས༔ ཇི་ལྟར་བསྒོས་པའི་ཕྲིན་ལས་སྒྲུབས༔ རྩ་རླུང་ཐིག་ལེའི་རྟོག་སྒྲིབ་སྦྱོངས༔ སྡེ་བརྒྱད་མཁའ་འགྲོའི་སུན་མ་ཟློག༔ གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྟིམས༔ ཐུན་མོང་ལས་དང་དངོས་གྲུབ་སྒྲུབས༔ བདེ་ཆེན་མཆོག་གི་ཡེ་ཤེས་སྐྱེད༔ ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ཡི༔ གོ་འཕང་ཚེ་འདིར་འགྲུབ་པར་མཛོད༔ མ་རིག་དབང་གྱུར་སྤྱོད་ངན་གྱིས༔ མ་མོ་མཁའ་འགྲོ་ཁྲོས་པ་ཀུན༔ ཀ་དག་ཆེན་པོའི་ངང་དུ་ཞི༔ འཁྲུགས་པ་དགྲ་དང་བགེགས་ལ་སྒྱུར༔ མི་ནད་ཕྱུགས་ནད་དལ་ཡམས་སོགས༔ དུས་ཀྱི་འཁྲུགས་པ་ཕྱིར་ལ་ཟློག༔ ལོ་ཉེས་སད་སེར་མིང་མེད་ཅིང༔ འཇིག་རྟེན་ཕན་བདེས་སྐྱོང་བར་མཛོད༔ ཡེ་ཤེས་སྤྱན་ལྡན་མཁའ་འགྲོའི་ཚོགས༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ བསྐངས་ཤིང་བཤགས་པས་དགྱེས་དགོངས་ཏེ༔ ཕྲིན་ལས་ཐོགས་མེད་བསྒྲུབ་པར་མཛོད༔ ཅེས་བརྗོད་རོལ་མོའི་སྒྲ་དང་བཅས༔ ཕུད་གཏོར་ནམ་མཁའི་དབྱིངས་སུ་འཐོར༔ ཉམས་པའི་རྒྱུ་དང་འབྲས་བུར་བཅས༔ ལྟ་བས་སྐྱེ་མེད་དབྱིངས་སུ་བསྐྱལ༔ དགོངས་པའི་གདིང་གི་ཟིལ་གྱིས་མནན༔ དག་ཚངས་ཆེན་པོར་ངེས་ཤེས་བསྐྱེད༔ བསམ་བཞིན་ཐོགས་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ མཁའ་འགྲོ་འདུས་པའི་སྐོང་བཤགས་འདི༔ ཚུལ་བཞིན་ལན་གཅིག་བགྱིས་པས་ཀྱང༔ རྣལ་འབྱོར་ཕོ་མོའི་ཉམས་ཆག་སྐོང༔ དམ་ཚིག་འགལ་ཉམས་སོར་ཆུད་ནས༔ ཡིད་ལ་ཅི་འདོད་དངོས་གྲུབ་ཐོབ༔ ནད་ཡམས་དུས་འཁྲུགས་ལོ་ཉེས་སོགས༔ མ་མོ་མཁའ་འགྲོའི་འཚུབས་འགྱུར་ཞི༔ རྒྱལ་ཁམས་ཐམས་ཅད་བདེ་བ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ དོན་ཆེན་བླ་མེད་འགྲུབ་པར་འགྱུར༔ ཚིག་ཉུང་དོན་ཟབ་བཅུད་འདྲིལ་བ༔ དྷཱ་ཀི་གསང་བའི་ཏནྟྲའི་དོན༔ འོད་གསལ་བརྡ་ཡི་རི་མོར་ཟུངས༔ སྣོད་བཅུད་སྙིགས་མས་བཅོམ་པའི་ཚེ༔ སྔོན་གྱི་སྨོན་ལམ་སད་པ་ཡི༔ ལས་ཅན་དགོངས་པའི་རྒྱ་ཁྲོལ་ནས༔ གཞན་ཕན་ཡུན་རིང་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དམ་གྲིབ་ཉེས་པ་ཀུན་སེལ་ (Volume 47, Text 29)

འུའུའུ༔ དམ་གྲིབ་ཉེས་པ་ཀུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈྈ སྙིང་གི་ཐིག༔ སྙིང་གི་ཐིག༔ སྙིང་གི་ཐིག༔ བདག་འདྲ་པདྨ་འབྱུང་གནས་ངས༔ སླར་ཡང་ཟ་ཧོར་རྒྱལ་ཁམས་ཀྱི༔ འགྲོ་བ་འདུལ་དུ་ཕྱིན་པའི་ཚེ༔ གྲོགས་འཁོན་ལོག་ལྟས་དམ་ཉམས་པས༔ རླུང་ཕྱོགས་ཙམ་དུ་ཕྱིན་པས་ཀྱང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པ་གཅིག་བསྡུས་བདག་ཉིད་ཀྱང༔ སྣ་ཚོགས་རྩལ་ཁའི་རྫུ་འཕྲུལ་འགྲིབ༔ ཟབ་གནད་འདི་དང་མི་ལྡན་ན༔ མེར་བསྲེགས་ཆུ་རུ་བསྒྱུར་མི་བཏུབ༔ དེ་ཕྱིར་སྙིང་ཁྲག་མཐར་ཐུག་འདི༔ སངས་རྒྱས་ལས་ཀྱང་མི་དཀོན་རེ༔ མ་འོངས་ཐ་མའི་དུས་ཀྱི་ཚེ༔ ཕལ་ལ་འགོང་པོ་སྙིང་ཞུགས་པས༔ ཆོས་དང་ནོར་ལ་ཆེ་འགྲན་བྱེད༔ ཕ་བུ་སྤུན་འཁྲུགས་རྒྱལ་ཁྲིམས་འཇིག༔ གསང་སྔགས་རྡོ་རྗེའི་ནང་དམེས་བཤིག༔ མཁས་བཙུན་མིང་འཛིན་ཆད་ལྟ་སྟོན༔ དུས་མཐར་དམག་གི་འཇིགས་པས་མནར༔ སྙིང་རེ་རྗེ་སྟེ་བྱ་ཐབས་དཀོན༔ འོན་ཀྱང་ལྷ་སྲས་སྐྱེས་མཐའ་དང༔ ཁྱེད་སྤྲུལ་བདག་གི་རིགས་སྐྱེས་དང༔ ལྷན་ཅིག་སྨོན་ལམ་ཚོགས་པ་ན༔ དག་སྣང་གསལ་བའི་མེ་ལོང་འཆར༔ ལྟས་ངན་བདུད་ཚོགས་ཀུན་འཇོམས་ཀྱང༔ ཟབ་ཕྱིར་མི་མཐུན་བར་ཆད་སློང༔ ཟློག་སྐོང་དམ་པའི་གནད་ལ་འབུངས༔ དུས་དྲུག་ཀུན་ཏུ་ལྟ་ཟིལ་ནོན༔ ཉམས་གྲིབ་ལས་གཞན་དགྲ་དང་བྲལ༔ བཀླག་ཆོག་དམ་གྲིབ་ཀུན་སེལ་འདི༔ རིག་སྔགས་རྡོ་རྗེའི་གོ་ཆ་ཞེས༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ བསྐལ་ངན་དུས་ཀྱི་ཐ་མ་ལ༔ རིག་པ་འཛིན་པའི་ཚེ་མཐུད་ཡིན༔ བོད་ཡུལ་གཏེར་ཆེན་བརྒྱ་རྩ་དང༔ གཏེར་ཕྲན་བྱེ་བ་སྦས་པའི་ནང༔ གྲིབ་སེལ་སྲུང་ཐབས་མང་བསྟན་ཀྱང༔ འདི་དང་འདྲ་མིན་གཉིས་ལས་མེད༔ གཅིག་ནི་མཆིམས་ཕུའི་གནས་སུ་ཡོད༔ མཐར་ཐུག་འདི་མིན་སྦས་རེ་ཀན༔ རྩུབ་འགྱུར་དུས་འབྱུང་འཕྲད་ཆོག་འདི༔ བདག་ལ་ཌཱ་ཀིས་དངོས་སུ་གནང༔ དཀོན་མོད་རྒྱལ་ཁམས་ཡོངས་ལ་དྲིས༔ རིག་འཛིན་ལས་ལྡན་མ་གཏོགས་པ༔ ཀུན་ལ་མ་སྤེལ་ན་ར་ཀན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ་ཁཐཾ་ཁཐཾ༔ སྐྱབས་སེམས་སྔོན་སོང་སྐད་ཅིག་གིས༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ ཐུགས་ཀར་པད་ཉིར་ས་བོན་མཐར༔ བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེགས་བསམ༔ ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ༴ ཨུ་ཊ་ཤ་ཏ་ཡ་ཏོར༴ ཨེ་ལིང་ཨེ་ཊ་ཡ་ཏོར༴ ལ་མོན་ཊ་ཡ་ཏོར༴ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲཱ་ཎ་ཡེ་བྷུར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ བསྙེན་པ་ཁྲི་ཉིད་སྔོན་སོང་ནས༔ ལས་སྦྱོར་བརྒྱ་ཕྲག་གཅིག་གིས་འགྲུབ༔ བུམ་སྒྲུབ་ཁྲུས་ཆབ་བྱ་བ་ནི༔ རིན་ཆེན་བུམ་པ་ཆུ་གཙང་དང༔ འབྲུ་སྨན་བཅུད་དང་ཉེར་ལྔས་བཀང༔ དར་སྣའི་མགུལ་ཆིངས་འབྲས་བུ་ཅན༔ ཤིང་གི་ཁ་རྒྱན་བཟུངས་ཐག་བཅས༔ གོང་ལྟར་བསྒོམས་ཏེ་སྔགས་བཟླས་པས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང༔ ཡི་དམ་ཌཱ་ཀི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་བསྡུས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང༔ བདུད་རྩིས་མེར་གྱིས་གང་བར་བསམ༔ སྔགས་བཟླས་བུམ་ཆུས་དག་པར་བཀྲུ༔ ངག་ཏུ་བཞི་བརྒྱ་རྩ་བཞིའི་ནད༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཅེས་པ་ལན་བདུན་བརྗོད་པ་ཡིས༔ དམ་གྲིབ་ཉམས་ཆག་ལྡོག་འགྱུར་ཞིང༔ དུས་ཟད་པ་ཡི་རྣལ་འབྱོར་ཀྱང༔ ཚངས་པའི་ཚེ་དང་མཉམ་པར་ཐུབ༔ འཆི་བ་རྣམ་པ་བརྒྱད་མི་འབྱུང༔ གཞན་ཡང་ཡོན་ཏན་བརྗོད་མི་ལང༔ འདི་ཉིད་ད་ལྟ་མི་སྤེལ་ཏེ༔ མ་འོངས་དུས་ཀྱི་ཐ་མ་ལ༔ བཻ་རོ་ཁྱོད་སྤྲུལ་ང་ཡི་སྲས༔ ཆོས་ཐོབ་པདྨ་ཅན་དུ་སྐྱེ༔ འདི་ལ་སྨོད་ཅིང་འཚེ་བ་ཡང༔ འཁོར་བ་མཐའ་ཡོད་ངེས་པར་སྐྱོབ༔ སྨོན་ལམ་སྔོན་སོང་དམ་ཚིག་ཡིན༔ བློ་ལྡན་དོན་ལས་མི་གཡོ་བཞིན༔ ཆོས་སྨྲ་རྫུབ་ཆེ་བདེན་ཞེན་ཆུང༔ ང་དང་དབྱེར་མེད་སྦས་ཚུལ་ཅན༔ རླུང་གི་ཕྱོགས་ཀྱི་སྐྱེ་འགྲོ་ཡང༔ ངན་སོང་གནས་ཀྱི་སྐྱེ་སྒོ་གཅད༔ ལས་ཅན་དེ་དང་འདི་འཕྲད་ཤོག༔ བཀའ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གབ་རྒྱ༔ གཏད་རྒྱ༔ ཐུབ་པར་སྲུངས་ཤིག་དགེ་བསྙེན་མ༔ དུས་ལ་བབས་ཚེ་སྤྲོད་ཅིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ བཻ་རོའི་རྣམ་འཕྲུལ་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་མལ་གྲོའི་གཙུག་ལག་ཁང་ནས་གདན་དྲངས་པའི་ཟབ་ཆོས་སོ།། །། འུའུའུ༔ རྩ་གསུམ་མཐོང་བ་རང་གྲོལ་ལས༔ གནས་ཁང་གི།་་་བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་བཞུགས་སོ༔ ྈྈྈྈ བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་འདི་མེད་ན༔ སྡེ་འཁྲུགས་བྱས་སམ་དམ་ཉམས་མི་གཙང་གནས༔ ཚེ་སྲོག་ཉམས་དང་ས་ལམ་ཀུན་ལ་སྒྲིབ༔ གྲིབ་སེལ་ཀུན་མཆོག་རང་ཉིད་ཡི་དམ་ལྷ༔ སྐད་ཅིག་དྲན་རྫོགས་ཐུགས་ཀྱི་ས་བོན་ལས༔ འོད་ཟེར་སྣ་ལས་ཡེ་ཤེས་མེ་བྱུང་བས༔ ཉམས་གྲིབ་མི་གཙང་ཐུལ་གྱིས་བསྲེགས་པར་བསམ༔ ཨོཾ་ལས་རྣམ་སྣང་གཞལ་ཡས་ཁང་དུ་གྱུར༔ ཨཱཿལས་སྣང་བ་མཐའ་ཡས་པད་ཉིའི་སྟེང༔ ཧཱུྃ་ལས་བསྐྱེད་རིམ་ཡོངས་གྲུབ་སྙིང་པོ་བཟླས༔ འདི་ཡིས་མི་བསལ་གནས་ཀྱི་ཉམས་གྲིབ་མེད༔ མ་འོངས་འགྲོ་བ་གནས་གྲིབ་ཀུན་བྲལ་ནས༔ ཡེ་གྲོལ་མི་འགྱུར་གནས་ལ་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སྨྲག་ཁ་ཐཾ༔ མེ་མོ་ལུག་གི་ལོ་རང་ལོ་སུམ་ཅུའི་ཐོག་འོད་གསལ་སྣ་ཚོགས་རང་གྲོལ་བདག་གིས་སྤྲེལ་ཟླ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན། བྲག་རི་རིན་ཆེན་སྤུངས་པ་ནས་གདན་དྲངས་པའོ།། །། ༄༅། །དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་སོགས་གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་ཟླ་ཟེར་ཞེས་བྱ་བ་བཞུགས། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ འདིར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་བཀྲུ་བྱབ་སྲུང་གསུམ་བྱ་ཚུལ་དང་། གཞན་ཡང་གྲིབ་སེལ་ལ་ཉེ་བར་མཁོ་བའི་མན་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བརྗོད་ན། ཐོག་མར་བཀྲུ་བྱབ་སྲུང་གསུམ་བྱ་ཚུལ་ནི། གནས་གཙང་ཞིང་དབེན་པར་སྟེགས་བུའི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ། མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་རྡོར་དྲིལ། གུལ་ཡུངས། མེ་ཏོག་གི་སྣོད་སོགས་ཉེར་མཁོའི་བྱེ་བྲག་རྣམས་ཚང་བར་འདུ་བྱ། དེ་ནས་བདག་གི་རྣལ་འབྱོར་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ༔ ཐུགས་ཀར་པད་ཉིར་ཧཱུྃ་མཐིང་མཐར༔ བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེགས་གྱུར༔ ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲཱ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་བཟླས་པ་ཅི་ནུས་བྱ། བུམ་པ་བསྒྲུབ་པའི་ཐོག་མར་མཆོད་རྫས། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་བར་གྱིས་བརླབ། བུམ་པ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ། །ཚད་དང་མཚན་ཉིད་ཡོངས་རྫོགས་ཤིང་། །བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་སྨེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཨོཾ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཡི་བར་གྱིས་མཆོད། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་ལྟའི་འབྱུང་པོ་བསྒྲལ་བའི་ཚེ། །སྣམ་ནས་ཁྲོ་བོའི་རྒྱལ་པོ་བྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད། །ཅེས་བསྟོད། གཟུངས་ཐག་བླངས་ལ། བདག་དང་བུམ་ལྷའི་ཐུགས་ཀ་ནས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང༔ ཡི་དམ་ཌཱ་ཀི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་བསྡུས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང༔ བདུད་རྩིས་མེར་གྱིས་གང་བར་གྱུར༔ ཅེས་དམིགས་ལ་བཟླས་པ་ཅི་ནུས་མཐར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་བའི་ཆུ་ནུས་པ་དང་ལྡན་པར་བསམ་མོ། །དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། འོ། དེ་ལ་སྤྱིར་གྲིབ་དང་མི་གཙང་བའི་ཉེས་པས་སྣོད་བཅུད་ཀྱི་བདེ་ལེགས་ཐམས་ཅད་འགྲིབ་ཅིང་། གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་མང་དུ་སྐྱེད་པས་ན། དེ་སེལ་བ་དང་སྲུང་བའི་ཐབས་ལ་འབད་དགོས། དེ་ལའང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱའི་ཁམས་ཡལ་བར་མི་འདོར་བས། རྒྱུད་དང་མན་ངག་རྣམས་ནས་གྲིབ་སེལ་གྱི་གདམས་པ་ཇི་སྙེད་ཅིག་གསུངས་པ་ལས་ཁྱད་པར་དུ་གྱུར་པའི་གདམས་པ་འདི་ནི་གཞུང་རྩ་བ་ལས། བཀླག་ཆོག་དམ་གྲིབ་ཀུན་སེལ་འདི༔ རིག་སྔགས་རྡོ་རྗེའི་གོ་ཆ་ཞེས༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ བསྐལ་ངན་དུས་ཀྱི་ཐ་མ་ལ༔ རིག་པ་འཛིན་པའི་ཚེ་མཐུད་ཡིན༔ བོད་ཡུལ་གཏེར་ཆེན་བརྒྱ་རྩ་དང༔ གཏེར་ཕྲན་བྱེ་བ་སྦས་པའི་ནང༔ གྲིབ་སེལ་སྲུང་ཐབས་མང་བསྟན་ཀྱང༔ འདི་དང་འདྲ་མིན་གཉིས་ལས་མེད༔ ཅེས་ཆེས་ཆེར་བསྔགས་པ་ལྟར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་སྒོ་ནས་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་གས་རྗེས་སུ་འཛིན་པ་ལ། ཐོག་མར་བཀྲུ་བའི་སླད་དུ། སློབ་དཔོན་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་བྱས་པ་ལ་བརྟེན་ནས། ཁྱེད་རང་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་གྲིབ་དང་མི་གཙང་བའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་བཟླས་སྔགས་དང་། རྡོ་རྗེའི་སློབ་མའམ། སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ༴ གདོན་ཐམས་ཅད༴ འཁོན་གྲིབ་ཐམས་ཅད༴ དམེ་གྲིབ་ཐམས་ཅད༴ དམ་གྲིབ་ཐམས་ཅད༴ ཟས་གྲིབ་ཐམས་ཅད༴ ནལ་གྲིབ་ཐམས་ཅད༴ མཛེ་གྲིབ་ཐམས་ཅད༴ གདོན་གྲིབ་ཐམས་ཅད༴ ཡུགས་གྲིབ་ཐམས་ཅད༴ བཙོག་གྲིབ་ཐམས་ཅད༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །འཆལ་བའི་དྲི་མ་སྦྱོང་མཛད་པ། །སྲུང་བ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ། །བྱམས་པའི་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་པ། །བརྩོན་པའི་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་པ། །ཏིང་འཛིན་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེལ་འཆལ་དྲི་མ་སྦྱོང་མཛད་པ། །ཡེ་ཤེས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །ཞེས་ཕར་ཕྱིན་དྲུག་གི་ཚིགས་གཅད་སྔགས་དང་བཅས་པའང་བརྗོད། གང་ལྟར་ཡང་མཐར། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཅེས་ལན་བདུན་གྱི་མཚམས་རྣམས་སུ་སྔགས་སྤེལ་ཚིག་དང་སྦྱར་བས་བཀྲུ། བྱབ་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། ནད་གདོན་བར་ཆད། གྲིབ་དང་མི་གཙང་བའི་ཚོགས་བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་ཕྱག་དར་མཁས་པའི་བྱེད་ལས་བཞིན་དུ་བྱབས་ཏེ་མདུན་གྱི་ཁྲུས་ཁུ་ལ་ཐིམ་པའི་མོས་པ་མཛོད། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ སོགས་ཚིགས་གཅད་སྔགས་དང་བཅས་པའི་མཐར། རྡོ་རྗེའི་སློབ་མའམ། སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། སོགས་སྤེལ་བ་ལན་གསུམ་མམ་བདུན་གྱིས་བྱབ། སྐབས་འདིར་གླུད་གཏོར་གཏོང་ན། ཆངས་བུ་དང་རིལ་བུ་རེ་རེ་བཞིན་སྣོད་དུ་བླུགས། ཆུ་གཙང་གིས་སྦྱང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། སམྦྷ་ར་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་བཞིན་དུ་བསྒྲུབ་བྱ་ལ་བསྐོར་ནས་གླུད་ནང་དུ་དོར། དེ་ལྟ་བུ་ལོ་གྲངས་སོགས་ཅི་རིགས་པ་བྱ། གྲངས་རྫོགས་པ་ན་བདེན་སྟོབས་བརྗོད། དྲག་སྔགས་ཀྱིས་བསྐྲད། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གཏོར་གླུད་ཕྱི་རོལ་དུ་དོར། དེ་ནས་བསྲུང་བར་བྱ་བའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། སློབ་དཔོན་གྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་རེག །སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་སྲུང་བར་བྱས་པའི་མོས་པ་མཛོད། སྔགས་སྤེལ་ཚིག་དང་བཅས་པའི་མཐར་རཀྵ་རཀྵ༔ བཏགས་པ་བརྗོད་ཅིང་རྡོ་རྗེ་སྤྱི་བོར་རྒྱ་གྲམ་གྱི་ཚུལ་དུ་བཀོད་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། ཁྱོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ། ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡཱ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ནས་བསྒྲུབ་བྱ་རྣམས་རང་གནས་སུ་གཏང་། བདག་བསྐྱེད་ཀྱི་མཇུག་གི་བྱ་བ་ཉེར་བསྡུ་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །དེ་ཡང་མི་དམིགས་འོད་གསལ་ངང་། ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་བྱ། གལ་ཏེ་གློ་བུར་དུ་བྱ་བའི་ཚེ་བདག་མདུན་སོགས་སྒྲུབ་པའི་ལོང་སྐབས་མ་བྱུང་ན། བཟླས་སྔགས་ཚར་གཅིག་བརྗོད་པས། སློབ་དཔོན་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཕྱག་ན་ཞེས་སོགས་མཚམས་སྦྱར་ལ་བཀྲུ་བྱབ་སྲུང་གསུམ་ཤིས་བརྗོད་བཅས་སྔ་མ་ལྟར་བྱས་པས་ཀྱང་རིག་སྔགས་ཀྱི་ནུས་པས་ཕན་ཡོན་ཅི་རིག་པ་འབྱུང་ལ། ཡང་ཤིན་ཏུ་རྒྱས་པར་སྤྲོ་ན་སྨེ་བརྩེགས་ཀྱི་ཁྲུས་ཆོག་གཞན་ནས་འབྱུང་བའི་ཚིག་ཚོགས་ཀྱི་སྤྲོས་པའང་སྦྱར་དུ་རུང་མོད། འོན་ཀྱང་སྔར་སྨྲོས་པ་ཙམ་གྱིས་དོན་འགྲུབ་ཅིང་གཞུང་གི་དགོངས་པ་དང་འབྱོར་པ་ཡིན་ནོ།། །། ༈ བསྙེན་པ་བྱེད་ན་ཐུན་བཞིར་བདག་བསྐྱེད་བཟླས་པ་དང་བཅས་གོང་དུ་བཤད་པ་ལྟར་དང་། ཐུན་སོ་སོའི་མཐར་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། བསྙེན་ཚད་ཁྲི་ཕྲག་གཅིག་གམ། གྲུབ་ན་ཁྲི་ཕྲག་བཞི་བཟླའོ། །རྒྱུན་གྱི་རྣལ་འབྱོར་ལ། ཐོ་རངས་མི་གཞན་དང་གཏམ་མ་འདྲེས་པའི་གོང་བདག་བསྐྱེད་གསལ་བཏབ་ལ་བཟླས་པ་བརྒྱ་ཕྲག་མན་ཅི་འགྲུབ་བྱས་པའི་མཐར་སྣ་བུག་གཉིས་སུ་ཕུས་གདབ། དམིགས་བསལ་ཉམས་གྲིབ་སོགས་བྱུང་དོགས་པའི་ཚེ་སྔགས་བཟླས་པའི་མཆིལ་མ་ཚངས་བུག་དང་སྒོ་དགུར་བྱུགས་པའང་མན་ངག་གོ །དེ་རྣམས་ནི་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་རསྨིའི་ཟབ་གཏེར་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་གདམས་ངག་གི་དངོས་བསྟན་ཙམ་ཞིག་ཅུང་ཟད་རྒྱས་པར་བཀོད་པའོ།། །། ༈ ཞར་བྱུང་དེ་དང་རྗེས་སུ་འབྲེལ་བའི་ཉེར་མཁོའི་ལས་ཕྲན་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལ་བཅུ་གཅིག་སྟེ། དང་པོ་གནས་ཡུལ་གྱི་ཉམས་གྲིབ་བསྲུང་བ་ནི། སྡེ་འཁྲུགས་བྱས་པའི་ས་ཕྱོགས་སམ། དམ་ཉམས་དང་མི་གཙང་བས་འབགས་པའི་གནས་ཁང་སོགས་སུ་སྡོད་དགོས་པ་བྱུང་ན། རང་སྐད་ཅིག་གིས་སྨེ་བ་བརྩེགས་པར་གསལ་བའི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བས་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་ལྷག་མེད་དུ་བསྲེགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་བརྗོད་པས་གནས་ཡུལ་ཐམས་ཅད་རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་དུ་གྱུར། ཨཱཿབརྗོད་པས་གདན་སྣང་བ་མཐའ་ཡས་ཀྱི་རང་བཞིན་པདྨ་དང་ཉི་མའི་གདན་དུ་གྱུར། ཧཱུྃ་ཞེས་བརྗོད་པས་རང་ཁྲོ་བོའི་སྐུར་གསལ་བ་ལྷག་པར་གསལ་ཞིང་བརྟན་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་གསལ་བཏབ་ལ་བཟླས་པ་ཅི་རིགས་པར་བྱའོ། །འདི་ནི་རང་གི་རྩ་བའི་ཡི་དམ་གཞན་གང་ལའང་སྦྱར་དུ་རུང་ཞིང་། ཇོ་བོ་རྗེས། སྡེ་འཁྲུགས་བྱས་པའི་གནས་སུ་ལོ་བཅུ་གཉིས་བསྒྲུབས་ཀྱང་ནུས་པ་མི་འབྱུང་བར་གསུངས་པས་ན། དེ་ལྟ་བུའི་གནས་དང་། དམ་ཚིག་ཉམས་པས་བཟུང་བའི་གནས་སོགས་སུ་བསྙེན་སྒྲུབ་བགྱིད་དགོས་པ་བྱུང་བའི་ཚེ། ཐོ་རངས་ཐུན་ལ་མ་ཆག་པར་ཉམས་སུ་བླངས་ན་ཉེས་སྐྱོན་ཐམས་ཅད་སེལ་བར་འགྱུར་བས་ཤིན་ཏུ་གཅེས་པ་སྟེ། རྗེ་བཙུན་པྲཛྙཱ་རསྨིའི་ཟབ་གཏེར་ལས་བྱུང་བ་ལྟར་བཀོད་པའོ། ༈ །གཉིས་པ་ཟས་གོས་ཀྱི་གྲིབ་སེལ་ནི། གོང་དུ་སྨྲོས་པའི་དམིགས་པ་འདི་ཉིད་ཀྱིས་ཀྱང་དོན་འགྲུབ་མོད། དམིགས་ཀྱིས་བསལ་བ་ནི། རང་སྐད་ཅིག་གིས་སྨེ་བ་བརྩེགས་པར་གསལ་ནས་སྔགས་བཟླས་པའི་མཆིལ་མས་ཟས་གོས་ལ་བཏབ། སྔགས་མཆིལ་ཡེ་ཤེས་ཀྱི་མེར་གྱུར་པས་གྲིབ་དང་མི་གཙང་བའི་དངོས་པོ་ཐམས་ཅད་བསྲེགས། ཟས་ཡེ་ཤེས་ཀྱི་བདུད་རྩི་དང་གོས་ལྷ་རྫས་ཀྱི་རེག་བྱར་གྱུར་པར་བསམ་ལ་ལོངས་སྤྱད། ༈ གསུམ་པ་གྲིབ་སེལ་གྱི་བུམ་སྒྲུབ་ཁྱད་པར་ཅན་ནི། བུམ་རྫས་ཉེར་ལྔའི་སྟེང་དུ། ཁྱད་པར་གྱི་རྫས། རིན་པོ་ཆེའི་གྲིབ་སེལ་ཤེལ་དཀར་པོ། སྨན་གྱི་གྲིབ་སེལ་ཕུར་མོང་དཀར་པོ། རྫས་ཀྱི་གྲིབ་སེལ་ཤུ་དག་དཀར་པོ་རྣམས་སྦྱར། གོང་དུ་ཇི་སྐད་བཤད་པའི་བུམ་སྒྲུབ་ཐུན་བཞི་སོགས་སུ་གཅད་དེ། སྔགས་ཁྲི་ཕྲག་གིས་མཚོན། ཇི་ལྟར་རིགས་པས་བསྒྲུབས་ལ། གནས་ཁང་དང་ཡོ་བྱད་ལ་འཐོར་བ། རང་གཞན་གྱིས་བཀྲུ་ཞིང་བཏུང་བ་སོགས་བགྱིས་པས་ཉམས་གྲིབ་ཇི་ལྟར་ཆེ་ཡང་བྱང་བར་གསུངས་སོ།། ༈ བཞི་པ་རྫས་ཀྱི་གྲིབ་སེལ་ནི། དེ་ལྟ་བུའི་བུམ་ཆུའི་རྒྱུན་དང་། གུ་གུལ་ལམ་གླ་རྩི། ཤུ་དག །ཏིལ་ནག་པོ། གཞན་ཡང་སྤོས་སྨན་གྱི་རིགས་དང་བཅས་སྦྱར་ལ་སྔགས་ཀྱིས་བཏབ། ཕྱེ་མའམ་རིལ་བུ་གང་རུང་ཁོང་དུ་གཏང་བ་དང་། ཕྱི་ནས་བྱུགས་པ་དང་། དུད་པས་བདུག་པ་སོགས་བགྱིས་ན་ནད་གདོན་གྲིབ་རིགས་ཀུན་ལ་བསྔགས་སོ། །གཞན་ཡང་གནས་ཆེན་རྣམས་སུ་སྐྱེས་པའི་ཤུག་པ། མཁན་དཀར་བ་ལུ་སོགས་བདུད་རྩི་ཅན་གྱི་སྨན་ཤིང་བཟང་པོའི་ཕུར་མ་མདུན་དུ་བཞག །བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བསྐྱེད་གཞིའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་རྫས་ལ་ཐིམ་པས་ནུས་པ་མཆོག་དང་ལྡན་པར་བསམ་ལ་སྔགས་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ། སྔགས་མང་དུ་བཟླས་ལ་བཏབ་པའི་དུད་པས་ནད་གདོན་གྲིབ་རིགས་སེལ་བ་དང་། ཚུལ་དེ་བཞིན་གྱིས་བ་དམར་མོའམ་གཞན་ཡང་ཇི་ལྟར་རིགས་པའི་མར་ལ་སྔགས་པ་དང་། མི་ཁྱིས་མ་འགོམ་པའི་ས་དཀར་པོ་ཚི་ཅན་ལ་སྔགས་ཏེ་བྱུགས་པས་ཀྱང་ནད་གདོན་གྲིབ་གཟེར་སོགས་ལ་ཕན་པ་མྱོང་བས་གྲུབ་པ་ཡིན་ནོ།། ༈ །ལྔ་པ་ཟ་ཡིག་གིས་གྲིབ་སེལ་བ་ནི། ཉམས་གྲིབ་སྲུང་བའི་ཟ་ཡིག་འདི༔ ྈ གི་ཝཾ་གུར་ཀུམ་གླ་རྩིས་བྲིས༔ ནངས་རེ་ལྟོ་རུ་ཟོས་གྱུར་ན༔ དམ་གྲིབ་ཡུགས་གྲིབ་མཛེ་གྲིབ་དང༔ མི་མཐུན་གྲིབ་རིགས་ཀུན་ལ་མཆོག༔ ཅེས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ལས་བྱུང་བ་སྟེ། གྲིབ་རིགས་ཞི་བ་དང་སྲུང་བ་གཉིས་ཀ་ལ་བསྔགས་སོ།། ༈ དྲུག་པ་རྟེན་འབྲེལ་གྱིས་གྲིབ་སེལ་བ་ནི། རྣལ་འབྱོར་པ་ཉམས་གྲིབ་སེལ་བར་འདོད་ན༔ སྣོད་གཙང་མར་ཆུ་བླུགས་ལ་ཙནྡན་་་དཀར་པོ།བརྡར༔ ཆུའི་ནང་དུ་ཟླ་བའི་སྟེང་དུ་ཧ་དཀར་པོ་བསམ་ལ༔ ཨོཾ་ཤུདྡྷེ་ནེ་ཏྲ་ཡ་སྭཱ་ཧཱ༔ ཉེར་གཅིག་བཟླས་ལ་བཏབ་པས་ཉམས་གྲིབ་ཐམས་ཅད་འདུས་ནས་ཧ་ནག་པོར་ཧྲིལ་སོང་བར་བསམ༔ ཡང་ཉེར་གཅིག་བཏབ་པས་ཧ་དེ་ཡང་དཀར་སངས་སོང་བར་བསམ་ལ་ཁྲུས་བྱའོ༔ དེ་ལྟར་བྱས་པས་ཉམས་གྲིབ་ཐམས་ཅད་སེལ་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ཞེས་སྤྲུལ་སྐུ་ཨོ་རྒྱན་གླིང་པའི་ཟབ་གཏེར་རྟེན་འབྲེལ་ཡང་སྙིང་འདུས་པ་ལས་གསུངས་སོ། ༈ །བདུན་པ་གྲིབ་ཁྲུས་ཁྱད་པར་ཅན་གྱི་ཕྱག་ལེན་ནི། ཤིང་བྱང་ངམ། གྲོ་ག་སོགས་ལ་འཁོར་ལོ་གྲུ་བཞི་ལིང་ཚེ་དགུར་བཅད་པ་བྲིས་པའི་དབུས་སུ། ཨོཾ་ཨིས་ཙ་ཏྲ་ཡ་ཏོར་ཡ་ཏོར་ཡ་འཁོན་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་བཞིན་དུ་ཤར་ནས་བརྩམ་སྟེ་གཡས་སྐོར་གྱིས། ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་དམེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་དམ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་ཟས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་ནལ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་མཛེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་གདོན་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་ཡུགས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་བཙོག་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཐམས་ཅད་ཀྱི་ཡིག་མགོ་ཕྱིར་བསྟན་ལ་བྲི། དེ་ཉིད་ཁྲུས་གཞོང་གི་དབུས་སུ་བཀོད། དེའི་སྟེང་དུ་སྔགས་ཆུས་བཀྲུ་བའི་དྲི་ཁུ་བབས་པ་བྱས། འཁོན་གྲིབ་སོགས་གྲིབ་སྣ་དགུ་པོ་སངས་ཀྱིས་དག་པར་བསམ་ལ། བཀྲུ་བྱབ་སྲུང་གསུམ་བྱ། ཁྲུས་ཆུ་དང་འཁོར་ལོ་ས་གཙང་སར་དོར། ཡང་ན་འཁོར་ལོ་མེ་ལ་བསྲེག་ཀྱང་རུང་ངོ་། །འཁོར་ལོ་རྒྱུན་དུ་བྲི་མ་ལྕོགས་ན། ཟངས་ལེབ་ལྟ་བུ་ལ་བརྐོས་ནས་ཁྲུས་ཟིན་པ་དང་བུམ་ཆུས་ལེགས་པར་བཀྲུས་ལ་ཚགས་བྱ། ནམ་དགོས་དུས་ལོངས་སྤྱད་པས་ཀྱང་རུང་བར་རྟོག་གོ ༈ །བརྒྱད་པ་འཁོར་ལོས་གྲིབ་སྲུང་བ་ནི། རྒྱ་ཤོག་ལ་རྒྱ་སྣག་གིས་མུ་ཁྱུད་ལྔ་བསྐོར། ལྟེ་བར། ཨོཾ་ཨིས་ཙ་ཊ་སོགས། མུ་ཁྱུད་དང་པོ་ལ་རྩིབས་བརྒྱད་པར་ཤར་ནས་བརྩམ་སྟེ། ཨུ་ཊ་མི་ཊ་སོགས་སྔགས་ཚན་རེ་རེ། མུ་ཁྱུད་གཉིས་པར་ཨཱ་ལི། གསུམ་པར་ཀཱ་ལི། བཞི་པར་རྟེན་སྙིང་རྣམས་མགོ་ཕྱིར་བསྟན་གཡས་སྐོར་དུ་བཀོད། ལྔ་པར་མེ་རི་བྲི། སྨེ་བརྩེགས་སུ་བསྐྱེད་བསྟིམ་གྲིབ་རིགས་སྲུང་བར་གསོལ་བ་གདབ། ལྷ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟར་བར་བསམ་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། བྱ་རྒོད་ཀྱི་སྡེར་མོ། གྲུམ་པའི་སྤུ་དང་བཅས་དར་དམར་གྱིས་དྲིལ་ནས་ལུས་ལ་དྲོད་དང་མ་བྲལ་བར་བཅང་ན་གྲིབ་འཁོན་གྱི་རིགས་གང་གིས་ཀྱང་མི་ཚུགས་པར་གསུངས་ཏེ། འདི་དག་ནི་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལས་བྱུང་བའི་གདམས་པ་ཁྱད་པར་ཅན་ནོ། ༈ །དགུ་པ་སྔགས་བྱང་གིས་སྲུང་བ་ནི། སྔགས་འདི་ཤོག་བུའམ་གྲོ་ག་ལ་བྲི༔ ཨོཾ་ཏཱ་རེ་ཀྲོ་དྷི་ཀཱ་ལི་སརྦ་པཱ་པཾ་མི་དུ་ས་མ་ཡ་སྭཱ་ཧཱ༔ བླ་མའི་བྱིན་རླབས་དབུ་ལོ་དང་བཅས༔ ཡིག་འབྲུ་རྣམས་ཇོ་མོ་ཁྲོ་གཉེར་ཅན་དུ་བསྐྱེད༔ ཡེ་ཤེས་སེམས་དཔའ་བསྐྱེད་བསྟིམ་མཆོད་བསྟོད་བྱ༔ སྨོན་ལམ་གདབ༔ ཞབས་ནས་དྲིལ༔ མཎྜལ་གྱི་སྟེང་དུ་བཞུགས༔ བརྒྱ་རྩ་བརྒྱད་ཀྱི་བསྙེན་པ་བྱ་ཞིང༔ སྔགས་བྱང་དར་ནག་གིས་དྲིལ་ཏེ་སྤྱི་བོར་གདགས་ན་མི་གཙང་བའི་གྲིབ་ཐམས་ཅད་ཐུབ་བོ༔ ཞེས་འཇའ་ཚོན་ལས་འཕྲོ་གླིང་པའི་ཟབ་གཏེར་ཡེ་ཤེས་མགོན་པོའི་ལས་ཚོགས་ལས་འབྱུང་ངོ་། ༈ །བཅུ་པ་སྔགས་མདུད་ཀྱིས་སྲུང་བ་ནི། ལུག་དར་མའི་སོག་བལ་གཡས་པ་ལ་སྐུད་པ་སུམ་སྒྲིལ་དུ་བྱས་ལ་རྡོ་རྗེའི་མདུད་པ་བདུན་བྱ། མདུད་པ་རེ་རེ་བཞིན་སྔགས་མང་དུ་བཟླས་པའི་མཆིལ་མ་གདབ། ཁྲོ་བོའི་རང་བཞིན་གྱི་ཧཱུྃ་མཐིང་ནག་མེ་འབར་བ་རེ་རེར་གྱུར་པས་ཉམས་གྲིབ་གདོན་བགེགས་ཐམས་ཅད་བསྲེགས་པར་བསམ་ལ་གང་བསྲུང་བའི་མགུལ་ལམ་དཔུང་པར་གདགས་སོ། ༈ །བཅུ་གཅིག་པ་མཁའ་འགྲོ་གྲིབ་སེལ་གྱི་གདམས་པ་མདོར་བསྡུས་བྱ་བའི་ཚུལ་ནི། སྟེགས་ཀྱི་ཁར་བུམ་པ་བཅུད་ལྡན་དང་མཆོད་པ། ཉེ་ལོགས་ཅི་བདེ་བར་བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་གླུད་གཏོར་དཀོར་ཆ་དྲི་གོས་སོགས་འདུ་བྱ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། བུམ་སྒྲུབ་རྒྱས་པར་སྤྲོ་ན་ཐོག་མར་སྨེ་བརྩེགས་ཀྱི་བསྐྱེད་བཟླས་འོད་ཞུ་དང་བཅས་པ་བྱ། སླར་འོག་ནས་འབྱུང་བ་ལྟར་མཁའ་འགྲོའི་བསྐྱེད་བཟླས་ཏེ་གཉིས་ཀ་བགྱིས་ཀྱང་རུང་། གང་ལྟར་ཡང་མཁའ་འགྲོ་གྲིབ་སེལ་གྱི་བུམ་སྒྲུབ་དངོས་ནི། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བུམ་པ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ། །ཚད་དང་མཚན་ཉིད་ཡོངས་རྫོགས་ཤིང་། །བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །པདྨ་འདབ་བཞིའི་ལྟེ་བ་རུ། །ནམ་མཁའི་ལྷ་མོ་སྐུ་མདོག་མཐིང་། །ཤར་དུ་ཆུ་ཡི་ལྷ་མོ་སྔོ། །ལྷོ་རུ་ས་ཡི་ལྷ་མོ་སེར། །ནུབ་ཏུ་མེ་ཡི་ལྷ་མོ་དམར། །བྱང་དུ་རླུང་གི་ལྷ་མོ་ལྗང་། །བདེ་གཤེགས་ཡུམ་ལྔའི་ངོ་བོར་བཞུགས། །ཀུན་ཀྱང་དར་དང་རིན་ཆེན་བརྒྱན། །རང་མདོག་བདུད་རྩིའི་བུམ་པ་བསྣམས། །སྔགས་ཀྱི་རང་སྒྲ་སྒྲོག་པ་ཡི། །གནས་གསུམ་ཡི་གེའི་འཕྲོ་འདུ་ལས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །དུག་ལྔའི་དྲི་མ་སྦྱོང་མཛད་པ། །འབྱུང་ལྔ་དབྱིངས་ཀྱི་ལྷ་མོ་ལྔར། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ལྷ་མོའི་ཐུགས་ཀར་ཟླ་བ་ལ་གནས་པའི་རང་རང་གི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་སླར་ཡང་མཆོད་ཅིང་བསྟོད། རིགས་ཀྱི་ཡུམ་ལྔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། ཐོག་མར། སློབ་དཔོན་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བ་དང་། བུམ་པའི་ནང་དུ་བདེ་གཤེགས་ཡུམ་ལྔའི་ངོ་བོ་འབྱུང་བ་ལྔའི་ལྷ་མོ་རྣམས་ཀྱི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྲུས་བགྱིས་པས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཧཱུྃ༔ ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུ༔ བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཕྱི་བཀྲུས་དུང་བས་དཀར་གྱུར་ཅིག༔ ནང་བཀྲུས་མཆོང་བས་དམར་གྱུར་ཅིག༔ ཕྱི་ནང་དྲི་མ་དག་གྱུར་ཅིག༔ ཤེལ་སྒོང་བཞིན་དུ་དྲི་མེད་ཤོག༔ ཡི་དམ་ལྷ་ཚོགས་མི་དགྱེས་པ༔ བླ་མ་མཁའ་འགྲོ་མི་དགྱེས་པ༔ སྲུང་མ་དམ་ཅན་མི་དགྱེས་པ༔ ཉམས་གྲིབ་སྐྱོན་གྱིས་ཕོག་པ་རྣམས༔ དག་པར་གྱུར་ཅིག་བྱང་གྱུར་ཅིག༔ སྟོང་པར་གྱུར་ཅིག་མི་གནས་པར༔ ཆོས་ཉིད་ཆེན་པོར་དག་གྱུར་ཅིག༔ ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ༴ ཨུ་ཊ་ཤ་ཏ་ཡ་ཏོར༴ ཨེ་ལིང་ཨེ་ཊ་ཡ་ཏོར༴ ལ་མོན་ཊ་ཡ་ཏོར༴ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲཱ་ཎ་ཡེ་བྷུར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨཱཿཧཱུྃ། ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱི་མཐར། ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ་བ་ལན་བདུན་སོགས་བྱ། མཐར། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཅེས་ཀྱང་བརྗོད། དེ་ནས་བྱབ་པའི་དམིགས་པ་བརྡ་སྤྲད་ལ། སྔགས་གཉིས་ཀྱི་མཐར་ཨ་པ་ན་ཡེ་སྭཱ་ཧཱ། བཏགས་པས་བྱབ། ཁྲུས་ཁུ་གླུད་ཀྱི་ནང་དུ་བླུགས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་མཁའ་འགྲོའི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་གྲིབ་བདག་མ་མོ་མཁའ་འགྲོ་སྡེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཕྱིར་དུ་འདིར་མཆིས་པར་གྱུར་ཅིག །ཊཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག །ཧཱུྃ། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་པོ་ལྔ་པོ་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་གྲོ་ཐིབས་སེ་ཐིབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱིས། །བཟུང་པ་དང་ནི་བཅིངས་པ་དང་། །བསྡམས་པ་རྣམས་ནི་གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་བྱེད་ཅིག །གནོད་ཅིང་འགལ་བར་མ་བྱེད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཀྱེ༔ གྲིབ་བདག་གླུད་བདག་ཕོ་མོ་རྣམས༔ གྲིབ་གླུད་རྒྱན་ལྡན་འདི་ལོངས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ གནོད་ཅིང་སྡིག་པར་མ་བྱེད་ཅིག༔ ཅེས་བསྔོ། བདེན་བརྗོད་གོང་བཞིན་གྱི་མཐར། གླུད་ཀྱི་གཏོར་མ་འདིས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་གྱིས་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཞེས་དང་། སྨེ་བརྩེགས་ཀྱི་སྔགས་མཐར་སུམྦྷ་སྦྲེལ་བས་བསྐྲད། གླུད་གཏོར་འདྲེ་ལྔ་སྡོད་པའི་ཕྱོགས་སམ་ཆུ་བོ་ཆེ་ན་པོའི་གཞུང་དུ་བསྐྱལ། སྲུང་བ་ནས་ཤིས་བརྗོད་ཀྱི་བར་ཁྲུས་ཆོག་གི་སྐབས་ལྟར་བྱ། གྲིབ་ཚབས་ཆེ་ན་སྲུང་བ་ཚར་བའི་རྗེས་སུ་གྲིབ་སྲུང་གི་འཁོར་ལོ་གདགས་སོ། །རྗེས་སུ་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཚར་གྲངས་བྱེད་ན་བཀྲུ་བྱབ་སྲུང་གསུམ་དང་གླུད་ཆུང་བསྔོས་ལ་གྲངས་གཟུང་། དགུག་གཞུག་དང་པོ་ཚར་གཅིག་ལས་རྗེས་མ་རྣམས་ལ་མི་དགོས། གྲངས་རྫོགས་ན་བདེན་བརྗོད་མན་ཚར་གཅིག་བྱས་པས་འཐུས་སོ། །འདི་ནི་ཆོས་དབང་རིན་པོ་ཆེའི་བླ་མ་གསང་འདུས་དང་། སངས་གླིང་དགོངས་འདུས་ཀྱི་ཆ་ལག་ལས་འབྱུང་བའི་མཁའ་འགྲོ་གྲིབ་སེལ་ཤིན་ཏུ་བསྡུས་པ་བྱ་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་གཞེས་ལྟར་བཀོད་པའོ། །ཞེས་པའང་སྔ་སོར་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་ཙམ་མདོར་བསྡུས་སུ་བཀོད་པ་ལ། སླད་ནས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཁྱབ་བདག་འཇམ་པའི་རྡོ་རྗེ་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་བཀའི་གནང་བ་ཐོབ་པ་ལ་བརྟེན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གཞན་ལ་སྨན་པའི་བསམ་པ་བཟང་པོ་ཁོ་ནས་རྒྱུན་ལྡན་གྱི་མན་ངག་ཁྱེར་བདེ་བ་འགའ་ཞིག་བཅས་ཕྱོགས་གཅིག་ཏུ་བསྡེབས་པའི་དགེ་བས། མཐའ་ཡས་པའི་ཡིད་ཅན་ཐམས་ཅད་སྒྲིབ་གསུམ་བག་ཆགས་དང་བཅས་པའི་མུན་པ་ལས་དབུགས་དབྱུང་སྟེ། ཡེ་ཤེས་མཆོག་གི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་ལས་བྱང་གི་བརྒྱུད་འདེབས་ (Volume 7, Text 29)

གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་ལས་བྱང་གི་བརྒྱུད་འདེབས་བཞུགས་སོ། །མཐའ་ཡས་རྒྱལ་བའི་ངོ་བོ་ཀུན་ཏུ་བཟང་། །བདེ་ཆེན་སྒྱུ་མའི་གར་མཛད་རིགས་ལྔའི་ལྷ། ཁྲག་འཐུང་བཀའ་བརྒྱད་དཀྱིལ་འཁོར་གཙོ་བོ་དགུར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱ་ཐུབ། །འཇམ་དབྱངས་སྤྱན་རས་གཟིགས་དབང་གསང་བའི་བདག །ལྷ་ཀླུ་མི་ཡི་རིག་འཛིན་རྣམ་གསུམ་བཅས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙིང་པོའི་དོན་རྟོགས་གྲུབ་ཆེན་དཔལ་སེངྒེ། །པཎ་གྲུབ་རྒྱ་མཚོའི་སྤྱི་གཟུགས་རིག་འཛིན་བརྒྱད། །སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དག་པའི་འཁོར་ལྔ་མཇིང་ཡོན་སད་ན་ལེགས། །གསང་སྒྲོམ་སྒོ་འབྱེད་ཡེ་ཤེས་རོལ་པ་རྩལ། །མཁས་གྲུབ་གཙུག་རྒྱན་ལེགས་ལྡན་བདུད་འཇོམས་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་དབང་རྒྱལ་སྲས་བསྟན་པའི་འབྱུང་གནས་རྗེ། །རིག་འཛིན་འཁོར་ལོས་སྒྱུར་བ་ངག་གི་དབང་། །འཇམ་མགོན་རྡོ་རྗེ་འཆང་དངོས་བཀའ་འགྱུར་བར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔ་འགྱུར་ཆོས་ཀྱི་ཉིན་བྱེད་པདྨ་དབང་། །ཐམས་ཅད་མཁྱེན་པ་བླ་མེད་རྡོ་རྗེ་རྩལ། །རྡོ་རྗེ་འཛིན་པ་པདྨ་ཕྲིན་ལས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། <!TCC Tibetan character 4,84 undefined in unicode!> །སྡུག་བསྔལ་མགོན་མེད་གྱུར་པའི་འགྲོ་རྣམས་ལ། །ཚད་མེད་ཐུགས་རྗེའི་ཐུགས་ཀྱིས་དོན་མཛད་པ། དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །སྨིན་བྱེད་དབང་གིས་རང་རྒྱུད་ལེགས་སྨིན་ནས། །ཡིད་བཞིན་ནོར་འདྲའི་མན་ངག་བཅུ་གསུམ་ལ། །ཚུལ་བཞིན་ཉམས་སུ་བླངས་པས་འདི་ཕྱིའི་དོན། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བྱིན་རླབས་སྙིང་པོ་མོས་གུས་བླ་མའི་ལམ། །གསོལ་འདེབས་གདུང་ཤུགས་དྲག་པོས་རབ་འབད་པས། །རང་རིག་པད་འབྱུང་རྒྱལ་བའི་ཞལ་མཐོང་ནས། །ཀ་དག་ལྷུན་གྲུབ་ལམ་བཟང་མངོན་གྱུར་ཤོག །ཅེས་པ་འདི་དགེ་སྦྱོང་སྤོང་བ་པ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་དོན་གྲུབ་དཔལ་བཟང་གིས་བསྐུལ་བ་ལྟར། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བ་དགེ་སློང་པདྨ་ཕྲིན་ལས་ཀྱིས་བྲིས་པའོ། ཁ་སྐོང་པད་ཕྲིན་རྗེས་སུ། <!TCC Tibetan character 4,84 undefined in unicode!> གཉགས་སྟོན་རིག་འཛིན་པདྨ་དབང་གི་རྒྱལ། །སྙིང་པོའི་དོན་གཟིགས་པདྨ་གསང་སྔགས་རྩལ། །ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤང་སྟོན་གྲུབ་དབང་ཀུན་བཟང་པདྨའི་མཚན། །སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དཔལ། །མཚོ་སྐྱེས་གཞོན་ནུ་མཉྫུ་གྷོ་ཥ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སྦྱར་རོ། །ཞེས་པའང་བློ་གྲོས་མཐའ་ཡས་ཀྱི་སུག་རྗེས་སོ།། །།

ཞུས་ལན་ལུང་བྱང་མཁར་ཆུ་རྟ་རྒྱུན་མ་ (Volume 55, Text 29)

<!TCC Tibetan character 3,182 undefined in unicode!>༔ ཞུས་ལན་ལུང་བྱང་མཁར་ཆུ་རྟ་རྒྱུན་མ་བཞུགས་སོ༔ ྈྈྈྈྈྈ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ དཔལ་གྱི་བསམ་ཡས་ནས༔ ནེ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ༔ ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་གནམ་ལོ་མེ་རྟ་གླང་གི་ཟླ་བའི་ཚེས་བརྒྱད་ལ་ཕེབས་ནས༔ དཔལ་རྡོ་རྗེ་གཞོན་ནུའི་ཙཀྲ་ཨེ་ཁྲོམ་བཅུ་གསུམ་པ་ཞལ་ཕྱེས༔ ཟླ་བ་གསུམ་དུ་སྒྲུབ་པ་མཛད༔ དེའི་དུས་སུ་ཡོས་བུ་ཟླ་བའི་ཉའི་ཉིན་པར་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་རྣམས་དང༔ མདོར་ན་ཞིང་སྐྱོང་གི་ལྷ་སྲིན་སྡེ་བརྒྱད་འཚོགས་ནས༔ ཚོགས་ཀྱི་འཁོར་ལོ་དཔག་མེད་མཛད༔ དེའི་རྗེས་ལ་བདུད་པོ་ཟུ་ར་ར་སྐྱེས༔ དགེ་བསྙེན་སྨྱོན་ཁ༔ ཀླུ་བདུད༔ ཀླུ་མོ་ཞ་མིག་མ༔ སྤང་རི་བྲག་བཙན་དང་བཞི་ལ་གཏེར་ཁ་བརྒྱད་ཀྱི་གཉེར་གཏད་མཛད་དོ༔ དེའི་དུས་སུ༔ ཁོང་བཞི་དང༔ མཚོ་རྒྱལ་གྱིས་ཞུས་པ༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ མཁར་ཆུ་གསང་ཕུག་གསང་བའི་གཏེར༔ གསང་བའི་རྒྱུད་འདི་སུ་ཡིས་འདོན༔ ཡ་རྒྱལ་བྲག་ལ་སྦས་པའི་གཏེར༔ ལས་ཚོགས་རྒྱུད་འདི་སུ་ཡིས་འདོན༔ སྟག་ཚང་རོང་དུ་སྦས་པའི་གཏེར༔ མཁའ་འགྲོ་གསང་ཐིག་སུ་ཡིས་འདོན༔ ནེ་རིང་ཕུག་མོ་ཆེར་སྦས་པའི༔ རྫོགས་ཆེན་སྤྱི་ཡི་ཟབ་གཏེར་འདི༔ ནམ་ཞིག་གང་ཟག་སུ་ཡིས་འདོན༔ གསང་ཕུག་དལ་དུ་སྦས་པ་ཡི༔ ཉི་ཟླའི་སྙིང་པོའི་ཟབ་གཏེར་འདི༔ འདོན་དུས་གང་ཟག་ཅི་ལྟ་བུ༔ དེ་ཡི་གཡས་གཡོན་སྦས་པའི་གཏེར༔ སྲོག་སེར་གཏད་གསུམ་ལས་ཚོགས་དང༔ བརྟན་མ་བཅུ་གཉིས་སྒྲུབ་མདོས་དང༔ དགེ་བསྙེན་ཉེར་གཅིག་སྐོང་མདོས་རྣམས༔ འདོན་དུས་གང་ཟག་ཅི་ལྟ་བུ༔ ཞེས་ཕྱག་དང་བསྐོར་བ་བྱས་སོ༔ དེར་ཨོ་རྒྱན་ཆེན་པོས་བཀའ་བསྩལ་པ༔ ཉོན་ཅིག་དགེ་བསྙེན་སྨྱོན་ཁ་ཁྱོད༔ མཁར་ཆུ་གསང་ཕུག་སྦས་པའི་གཏེར༔ འདི་ནས་མི་ལོ་ལྔ་བརྒྱ་དང༔ བཅུ་གཉིས་སོང་སྟེ་མཁའ་རིའི་ཤར༔ ལ་ཡག་སྤང་སྟོད་མཁར་དམར་དུ༔ ཆོས་ཀྱི་དབང་ཕྱུག་ཅེས་གྲགས་པའི༔ མངའ་བདག་སྐྱེ་བས་འདོན་པར་འགྱུར༔ ཡ་རྒྱལ་བྲག་ལ་སྦས་པའི་གཏེར༔ རྡོ་རྗེ་སྤྲེལ་ཆུང་སྐྱེ་བ་ཡི༔ ཤེས་རབ་མཚན་ཅན་དག་གིས་འདོན༔ ཟངས་ཕུག་ཆེན་མོའི་གཏེར་ཡང་འདོན༔ གུང་རུ་མཁར་དམར་གཡུ་ཡི་གཏེར་འདི་ཡང༔ ལས་ཅན་དེ་ཡིས་འདོན་པར་འགྱུར༔ སྟག་ཚང་རོང་དུ་སྦས་པ་འདི༔ མངའ་བདག་མྱང་གི་གདུང་རྒྱུད་ནི༔ མི་རབས་ཡང་རྒྱུད་བཅུ་གསུམ་ན༔ འཇམ་དབྱངས་སྤྲུལ་པ་བློ་གྲོས་ཅན༔ འཇམ་དཔལ་བཤེས་གཉེན་ཞེས་པས་འདོན༔ གདུལ་བྱ་གངས་ཅན་ཡོངས་ཁྱབ་འབྱུང༔ ཕྱག་ཆེན་ཉི་མའི་སྙིང་པོ་འདི༔ དཀོན་མཆོག་འབྱུང་གནས་སྐྱེ་བ་གཅིག༔ སྐྱེས་ཐོབ་བློ་ལྡན་སྦས་པའི་ཚུལ༔ བརྫུབ་ཆེ་བརྟག་དཀའ་ངེས་མེད་གཅིག༔ པདྨ་མཁའ་འགྲོས་བྱིན་གྱིས་བརླབས༔ བརླ་གཡས་ནང་ན་མཁའ་འགྲོ་ཡི༔ ཤ་མཚན་སྤྱན་འདྲས་མཚན་པ་གཅིག༔ ཁྱུང་ཆེན་རི་ཡི་ལྷོ་རུ་འབྱུང༔ གཏེར་འདི་སྐལ་ལྡན་དེ་ཡིས་འདོན༔ འདི་ཡི་གཡས་གཡོན་སྦས་པའི་གཏེར༔ མཐའ་ཕྱོགས་བུམ་ཐང་སྐྱེས་པ་ཞིག༔ དཔལ་གྱི་སེང་གེའི་སྐྱེས་མཐའ་སྟེ༔ སྔགས་འཆང་ཚུལ་ཁྲིམས་རྡོ་རྗེས་འདོན༔ མ་གཅིག་ཇོ་མོ་མཚོ་རྒྱལ་འདི༔ རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མ༔ སྤྲུལ་པའི་འགྲོ་དོན་དཔག་མེད་འབྱུང༔ ལན་གཅིག་ལབ་ཀྱི་སྒྲོན་མ་ཞེས༔ དེ་ནས་ཁམས་སྨད་གཙང་ཁ་རུ༔ ཚེ་དཔལ་རྒྱལ་མོ་ཞེས་བྱ་བ༔ འཁོར་ཡང་སྟོང་ཕྲག་གཅིག་གིས་བསྐོར༔ ཕར་ཕྱིན་དོན་ལ་མཁས་པར་འགྱུར༔ ལན་གཅིག་གཙང་གི་ས་སྟོད་དུ༔ མ་གཅིག་ཇོ་མོ་འོད་ཟེར་སྒྲོན༔ ཡན་ལག་དྲུག་གི་ཆོས་ལ་མཁས༔ དེ་ནས་རྒྱ་གར་བལ་ཡུལ་མཚམས༔ སྐལ་ལྡན་བཟང་མོ་སྦས་ཚུལ་བྱེད༔ སྒྱུ་མའི་ལུས་ཅན་མཁའ་ལ་འགྲོ༔ དེ་ནས་ཁྲོམ་གླིང་གཙང་གི་སར༔ མ་གཅིག་ཆོས་ལྡན་འབུམ་དུ་གྲགས༔ འཁོར་རྒྱུན་གཅོད་པའི་ཆོས་ལ་མཁས༔ གནས་འདིའི་གསང་སྒོ་དེ་ཡིས་འབྱེད༔ དེ་ཡི་སྤྲུལ་པ་ཡང་སྤྲུལ་གྱིས༔ དུས་ཀྱི་མཐའ་ལ་ཐུག་གི་བར༔ ཟབ་གཏེར་བརྒྱད་པོ་རིམ་གྱིས་འབྱེད༔ ཁྱེད་རྣམས་སེམས་ལ་དེ་ལྟར་ཞོག༔ དེ་བར་ཐུབ་པར་ཁྱོད་ཀྱིས་སྲུངས༔ དེ་སོགས་བདག་དང་མཚོ་རྒྱལ་གྱིས༔ བྱིན་གྱིས་བརླབས་པའི་གང་ཟག་གིས༔ རང་གི་སྨོན་ལམ་དང་བསྟུན་པའི༔ འགྲོ་དོན་བྱེད་པ་དཔག་མེད་འབྱུང༔ མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར༔ དུས་ཀྱི་མཐའ་རུ་སོང་བའི་ཚེ༔ པདྨ་ང་ཡི་བསྟན་པ་འབྱུང༔ ཀུན་ཀྱང་གཏེར་ལ་སྤྱོད་པར་འགྱུར༔ ཞེས་གསུངས༔ དེ་ནས་ཁོང་རྣམས་ཀྱིས་གྷ་ཎའི་མཆོད་པ་དཔག་མེད་མཛད༔ ཡང་ཇོ་མོས་ཞུས་པ༔ དེ་རྣམས་འདོན་དུས་གནས་སྐབས་དུས་སྤྱོད་ཅི་ལྟར་འབྱུང༔ ཞེས་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ གུས་པས་ཉོན་ཅིག་འདི་ལྟ་སྟེ༔ ཆོས་ཀྱི་དབང་ཕྱུག་འབྱུང་བའི་ཚེ༔ སྟོད་ཧོར་སྨད་ཧོར་གཉིས་ཀ་གཡོ༔ བོད་རྣམས་སྐྱ་སེར་འདོད་པ་འབྱུང༔ གནས་ཆེན་ཉམས་ཤིང་སྡེ་དགོན་འཇིག༔ གློ་བུར་རྒྱལ་པོའི་བོད་ཁམས་བདུད༔ དུས་ངན་ཐ་མ་བཅུ་གསུམ་དར༔ ཐམས་ཅད་རང་སྡུག་རང་གིས་ཤོམ༔ ཡ་རྒྱལ་བྲག་དང་ཕུག་མོ་ཡི༔ གཏེར་ཁ་འདོན་དུས་འདི་ལྟར་འབྱུང༔ དབུས་ཀྱི་རྒྱལ་བློན་སིལ་བུར་འགྲོ༔ དཔོན་དང་གཡོག་གཉིས་ཡུལ་འཁྲུགས་བྱེད༔ རྒྱ་ཡིས་བོད་ཀྱི་ཁྲལ་རྩིས་བཏང༔ བསམ་ཡས་རྒྱལ་རྒྱུད་སྐམ་ལ་ཐུག༔ གློ་བུར་རྒྱལ་པོའི་འོག་ཏུ་འགྲོ༔ གསང་ཕུག་ཕྱག་ཆེན་ཉི་མ་འདི༔ འདོན་དུས་སྙིགས་མའི་མཐའ་ལ་ཐུག༔ དཔོན་གཡོག་མི་ཉན་འཁུ་ལྡོག་བྱེད༔ ཕ་ལ་བུ་ཡིས་ཉན་མཁན་མེད༔ རང་རྩིས་ལྟ་བ་སྐྱེ་དམན་མཐོ༔ ཆོས་སྐད་སྐྱེ་བོ་ཕལ་པས་གཏང༔ ཟས་སྐོམ་མནའ་དང་དུག་ལས་བྱེད༔ གོས་སུ་ཁྲབ་གྱོན་གྲོགས་སྲིད་ཚོང༔ ནོར་དུ་རྣམ་སྨིན་སྡིག་པ་གསོག༔ སློབ་དཔོན་དམག་དཔོན་བྱེད་པ་འབྱུང༔ སློབ་བུ་དགྲ་རུ་སྡང་བ་དང༔ མཁན་པོས་ཁྲལ་རྩིས་གཏང་བ་འབྱུང༔ དགེ་སློང་མཚོན་ཆ་འཛིན་པ་དང༔ གནས་ལ་འཐབ་ར་བསྐོར་བ་དང༔ རྟེན་རྣམས་མགོ་མཇུག་ཟློག་པ་དང༔ སྡེ་དཔོན་གཡོག་ལ་བསྐོར་བ་དང༔ རྒྱལ་མོ་ཁྲི་སྒོ་ཤིང་སྒོ་དང༔ འབྲིང་ཐོག་ཚོང་ཁ་དབྱེ་སྒོ་དང༔ ཏི་ཏི་སྟུ་དམ་འགྲེལ་ལྟེ་མ༔ ལྕང་ར་གྱི་གྲང་ཕུམ་བུ་དང༔ སྤ་གྲོ་འཁུམ་བུ་བུམ་ཐང་སྟེ༔ མཐའ་འཁོབ་ཆེན་པོ་དེ་རྣམས་སུ༔ གློ་བུར་ནོར་གྱི་བསྟན་པ་འབྱུང༔ རག་གྷོ་ཚོགས་ནས་རང་སྡུག་ཤོམ༔ སྡུག་བསྔལ་ཁྲག་མཚོ་འཁྱིལ་འདྲ་འོང༔ དེ་དུས་བོད་ཁམས་གློ་བུར་གྱི༔ རྒྱལ་བློན་ནང་འཁྲུགས་བསྟན་པ་དར༔ མི་ཕྱེད་གྲི་རུ་འགུམ་པ་འབྱུང༔ དེ་དུས་བོད་རྣམས་སྙིང་རེ་རྗེ༔ སྟག་ཚང་རོང་གི་གཏེར་འདོན་ཚེ༔ བོད་ཀྱི་གློ་བུར་རྒྱལ་ཕྲན་སོགས༔ རང་གི་མངའ་འོག་མི་འདུས་པར༔ ཧོར་དང་སེ་ཆེན་རྒྱལ་པོ་བཀུག༔ བོད་རྣམས་རྒྱ་འབྱི་རྐུན་འཆང་འདྲ༔ ཐམས་ཅད་རང་མགོ་སིལ་བུར་འགྲོ༔ རྒྱ་ཡི་རྒྱལ་པོས་བཀའ་ཆད་འབེབ༔ ལྷ་ས་རྒྱ་ཡི་ཕྱེད་མངའ་བདག༔ བྱིའུ་སེར་བས་བརྡུང་བ་བཞིན༔ ཐང་གཅིག་དེ་ཡི་འོག་ཏུ་འདུས༔ འགའ་ཞིག་འདྲེས་དང་འགའ་ཞིག་སྡུག༔ དེ་ཚེ་བོད་ཁམས་སྙིང་རྗེའི་གནས༔ གསང་ཕུག་གཡས་གཡོན་གཏེར་འདོན་ཚེ༔ པ་གོར་བཻ་རོའི་སྤྲུལ་པ་དང༔ རྡོ་རྗེ་བདུད་འཇོམས་སྤྲུལ་པ་དང༔ ཆོས་རྒྱལ་ཁྲི་སྲོང་སྤྲུལ་པ་དང༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་དང༔ སྤྲུལ་སྐུ་ཆེན་པོ་ཉེར་ལྔ་ཡིས༔ བསམ་ཡས་གཙུག་ལག་མངའ་གསོལ་ལོ༔ དུས་དེར་གཏེར་ཁ་ཕལ་ཆེར་རྡོལ༔ གནས་སྒོ་ཉི་ཤུ་རྩ་གཅིག་འབྱེད༔ སྤྱོད་པ་སྣ་ཚོགས་སྤེལ་བ་ཡིས༔ བོད་རྣམས་ཐམས་ཅད་བདེ་ལ་བཀོད༔ ཟབ་གཏེར་བརྒྱད་པོ་འདོན་པའི་དུས༔ བོད་ལ་གིར་ཏི་ནག་པོ་འཇུག༔ ཐམས་ཅད་རྒྱལ་པོར་འདོད་པ་བྱེད༔ ཛཾ་གླིང་བྱིན་དུ་བདུར་བར་འགྱུར༔ བོད་ཀྱི་རྟེན་མཆོད་མཆོད་གནས་རྣམས༔ ཐམས་ཅད་མཐའ་ལ་ཁྱེར་བར་འགྱུར༔ ཀྱེ་མ་དེ་དུས་སྙིང་རེ་རྗེ༔ འོན་ཀྱང་གནས་དེ་ཀུན་ཏུ་ཡང༔ ང་ཡི་སྤྲུལ་པ་གྲངས་མེད་ཀྱིས༔ འགྲོ་བ་མང་དུ་འདྲེན་པར་འགྱུར༔ དེ་དུས་སྡེ་སྣོད་བཀའ་རྣམས་ནུབ༔ གསང་སྔགས་བསྟན་པ་ནུབ་མེད་འགྱུར༔ འོན་ཀྱང་ལྔ་བརྒྱ་ཐ་མ་དེར༔ ཕན་སེམས་བྱས་ནས་ཨོ་རྒྱན་ངས༔ གདམས་པའི་གཏེར་ཁ་མང་སྦས་ཀྱང༔ ལས་ཀྱི་དམག་དཔུང་མཐུ་ཆེ་བས༔ ལས་ཅན་འགའ་ཟུང་མ་གཏོགས་པ༔ ལོག་རྟོག་ཅན་ལ་ཕན་མ་གྱུར༔ དེ་ཚེ་བདག་ནི་ཡི་རེ་སྐྱོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསམ་པ་བཟང་པོ་གསེར་ལྟ་བུས༔ སྙིགས་མའི་སེམས་ཅན་ཕན་དོན་དུ༔ ཟབ་མོ་གཏེར་ཁ་མང་སྦས་ཀྱང༔ བདུད་མི་ལོག་ཡིད་མི་ཆེས་སོ༔ དེ་ཚེ་བདག་ཀྱང་ཐུགས་ཡིད་སྐྱོ༔ ཐུགས་རྗེ་ཡོད་ཀྱང་གཟུང་ཐབས་མེད༔ འོན་ཀྱང་ང་ཡི་གདམས་པ་ལ༔ ལས་འབྲེལ་བཟང་ངན་གང་ཡང་རུང༔ ཐམས་ཅད་འབྲེལ་ཚད་དོན་ལྡན་ཡིན༔ ཚིག་ཙམ་རྣ་བར་ཐོས་པ་ཡང༔ ང་ཡི་ཐུགས་རྗེས་ངེས་པར་སྐྱོབ༔ དེ་ལྟར་བསྟན་པའི་དུས་སྤྱོད་ཀྱང༔ དབྱར་དགུན་ནམ་ཟླའི་འཕོ་འགྱུར་དང༔ དབྱར་ཁའི་ཆུ་ལྟར་འཕོ་འགྱུར་མང༔ མར་མེ་འཆི་ཁ་གསལ་བ་བཞིན༔ བོད་འདིར་ཅུང་ཟད་དར་བར་འགྱུར༔ མཐར་ནི་གནས་གཞི་སྡེ་དགོན་ཀྱང༔ གྱང་སྒོག་ཁྲ་བོ་སྟག་ལྤགས་ཙམ༔ མཐར་ནི་བྱེད་ལས་དེ་ལྟར་འགྱུར༔ དེ་ཕྱིར་བློ་སྣ་མ་རིང་བར༔ བརྩོན་འགྲུས་དྲག་པོས་སངས་རྒྱས་སྒྲུབས༔ དེ་མ་གྲུབ་ན་བདེ་སྐབས་མེད༔ ཟབ་མོའི་སྙིང་བྱང་ཞལ་གདམས་འདི༔ དགེ་བསྙེན་སྨྱོན་ཁ་ལྕམ་དྲལ་དང༔ དགེ་བསྙེན་བདུད་པོ་ར་སྐྱེས་ལ༔ ཆེད་དུ་གཉེར་རོ་བཀའ་འདི་སྲུངས༔ ལོ་ཡང་ལྔ་བཅུ་ཁ་རལ་དུས༔ རི་བོ་ཁྱུང་ཆེན་ལྡིང་བའི་ལྷོར༔ ཤེས་རབ་བློ་ལྡན་སྦས་པའི་ཚུལ༔ ལས་ཅན་བུ་ལ་བཙས་སུ་བཞག༔ དེ་བར་གཏེར་བདག་ཁྱོད་ཀྱི་ནོར༔ ཐོན་ནས་ལས་ཅན་ཡོངས་ཀྱི་ཆོས༔ འཛད་མེད་ཆོས་ལ་སྤྱོད་པར་ཤོག༔ སྨྰ༔ ཁ་ཐཾ༔ གུ་ཧྱ༔ ཟབ་གཏེར་སྦས་གཏད་བཀའ་རྒྱའོ༔ མནྟྲ༔ གུ་ཧྱ༔ ས་མ་ཡཱ༔ ྈྈྈྈྈྈ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ ཟབ་པའི་མཐར་ཐུག་ཨོ་རྒྱན་ཐུགས་གཏེར་རྣམས༔ རྒྱ་བདུན་བཏབ་ནས་གཏེར་ཁ་མང་དུ་སྦས༔ མཚོ་རྒྱལ་བདག་གིས་ཡིག་རིགས་བཅུ་གསུམ་ཤེས༔ རིན་ཆེན་གཏེར་ཡིག་ཕྲ་སྦོམ་ཚག་མེད་གསུམ༔ རྫབ་གཤར་མ་ཕྱེས་ཡི་གེའི་རང་གཟུགས་ཡིན༔ སྤྱིར་ནི་ཡིག་རིགས་ཕྱོགས་གཅིག་མ་ངེས་པས༔ མ་འོངས་མཁས་པས་དོན་རྩིས་གང་ཤེས་བྱ༔ གཏེར་ཁ་རེ་ལ་ཨོ་རྒྱན་ཕྱག་རྟགས་རེ༔ ཤོག་སེར་ཡི་གེ་ཕྲ་བ་ཨོ་རྒྱན་ཉིད༔ ཞིབ་ལ་སྦོམ་པ་ཨ་མ་མཚོ་རྒྱལ་དེ༔ གསལ་ལ་དག་པ་འདན་མ་རྩེ་མང་ཡིན༔ ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་སྟེ༔ བཀླག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན༔ འཇམ་ལ་སྙོམས་པ་ཤེལ་དཀར་རྡོར་མཚོ་ཡིན༔ གསལ་དག་མཉེན་ལྕུགས་པ་གོར་བཻ་རོ་ལགས༔ ཤོག་སེར་རྣམས་ཀྱང་ཁ་དོག་མ་ངེས་ཏེ༔ ཁ་དོག་རིགས་གསུམ་བྱུང་ན་ཆོས་ཁྱད་ཡིན༔ སྤྱིར་ནི་ཤོག་སེར་དྲི་བཟང་ཚོས་ཀྱིས་བསྒྱུར༔ ཟབ་གཏེར་ཕལ་ཆེར་གུར་གུམ་ཚོས་ལ་དྲང༔ ཤིང་ཤུན་གྲོ་ག་ཆུ་དར་རྒྱ་ཤོག་ལེགས༔ འབྱུང་བའི་ཡི་གེ་རང་རང་བཀའ་རྟགས་ཡིན༔ འབྱུང་བཞིའི་ཡི་གེ་འཆོས་དང་བརྟགས་པའི་ཐབས༔ རིན་ཆེན་འཕྲུལ་ཡིག་ཅན་དུ་ལེགས་པར་ལྟོས༔ ཤོག་སེར་ཕལ་ཆེར་བསམ་ཡས་དབུ་རྩེའི་ཤར༔ ཞལ་དཀར་ཐང་ལ་དར་འབོལ་དགུ་བརྩེགས་སྟེང༔ སློབ་དཔོན་བཞུགས་ནས་སྒྲ་རྣམས་རང་འགྱུར་མཛད༔ གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་ཀྱིས༔ སློབ་དཔོན་གསུང་ལ་ཟིན་རིས་སོ་སོར་བྱས༔ མགྱོགས་པ་མཐར་ཕྱིན་འདན་མ་རྩེ་མང་ཡིན༔ ཤོག་སེར་ཕལ་ཆེར་ཡེ་ཤེས་མཚོ་རྒྱལ་བྲིས༔ ཆོས་ཚན་མ་འདྲེས་རྒྱས་བཏབ་སོ་སོར་ཕྱེས༔ མཐའ་དབུས་མེད་པར་གཏམས་པའི་གཏེར་གྱིས་བཀང༔ མ་འོངས་དུས་མཐར་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་རཏྣ་གླིང་པས་མཁར་ཆུ་གསང་ཕུག་དཔལ་གྱི་རྟ་རྒྱུན་ནས་བཏོན་པ་ལགས་སོ། །ཨེ་མ་ཨོ་རྒྱན་ཟབ་གཏེར་ཉི་ཤུ་རྩ་ལྔ་ཡི། །གཏེར་བདག་རཏྣ་གླིང་པ་ལ། ཁམས་ཀྱི་བན་ཆུང་བྱང་ཆུབ་བློ་གྲོས་ཀྱིས། །ལུས་དང་སྲོག་ལ་མ་ལྟོས་པར། །དཀའ་སྤྱད་དང་བླངས་ཟས་ལ་ས་ཡང་ཟོས། །སྒྱུ་མའི་དངོས་པོ་མ་འབུལ་ཀྱང་། །སྡུག་སྲན་བརྩོན་འགྲུས་བྱས་པས་བླ་མ་མཉེས། །ལོ་ལྔ་ཟླ་བརྒྱད་མ་འབྲལ་རྟག་ཏུ་འགྲོགས། །ཟབ་ཆོས་གདམས་པ་མ་ལུས་ཚིམས་པར་གནང་། །ད་ནི་ཚེ་གཅིག་སངས་རྒྱས་བསྒྲུབ་བསམ་ཡོད། །ཚེ་འདི་བློས་བཏང་མི་བྱུང་སྣ་རེ་འབུལ། །དེས་ཀྱང་ཚེ་གཅིག་སངས་རྒྱས་སྒྲུབས། །ཧ་ཧ། ཉམས་དགའ།

ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་བྱང་ཆུབ་ལམ་བཟང་ (Volume 32, Text 29)

༄༅། །ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་བཛྲ་ཀུ་མཱ་ར་ཡེ། རང་བྱུང་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རིགས་དྲུག་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས། །ལྷུན་གྲུབ་སྣང་བའི་གདངས་རྩལ་དཔལ་ཆེན་པོར། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། ཁ་སྦྱོར་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་། །མི་མཇེད་ཞིང་གི་སྟོན་མཆོག་ཤཱཀྱ་ཐུབ། །རྒྱལ་བའི་གདུང་འཛིན་དགའ་རབ་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །མཆོག་གི་བདག་ཉིད་ཨིནྡྲ་བྷཱུ་ཏི་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །ཤྲཱི་སིང་ཧ་རིག་འཛིན་ཡོངས་ཀྱི་རྗེ། །བདེ་ཆེན་མཆོག་གི་གར་བསྒྱུར་གོ་མ་ས། །རྡོ་རྗེ་འཛིན་པ་ཧཱུྃ་ཆེན་ཀཱ་ར་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །མཐུ་སྟོབས་དབང་ཕྱུག་པྲ་བྷ་ཧསྟི་དང་། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་འབྱུང་། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །སྨོན་ལམ་དབང་བསྒྱུར་ཚངས་ཆེན་ལྷ་ཡི་ལྷ། །དེ་སྲས་སེམས་དཔའ་ཆོས་ཀྱི་བློ་གྲོས་ཞབས། །མཁོན་རིགས་སྟོན་པ་ཀླུ་དབང་སྲུང་བ་ལ། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །ཤུད་བུ་དཔལ་སེང་གདུལ་དཀའ་འདུལ་བའི་དཔལ། །གཉགས་ཆེན་ཛྙཱ་ནས་རང་བྱུང་ཡེ་ཤེས་རྟོགས། །ཨོ་རྒྱན་ཐུགས་སྲས་མཆོག་གྱུར་གླིང་པའི་ཞབས། །གསོལ་བ་འདེབས་སོ་མཐུ་དབང་དངོས་གྲུབ་སྩོལ། །སྨོན་ལམ་ལས་ཅན་གཏད་རྒྱ་དང་ལྡན་པའི། །རྒྱུད་ལུང་མན་ངག་གདམས་པ་ཟབ་མོ་ཡིས། །བཤད་སྒྲུབ་བསྟན་པ་མི་ནུབ་འཛིན་མཛད་པ། །ཆོས་བདག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྨིན་གྲོལ་བདུད་རྩིས་རྒྱུད་བརླན་བསྐྱེད་དང་རྫོགས། །དོན་དམ་ལྷན་སྐྱེས་ཡེ་ཤེས་གདིང་ཐོབ་ནས། །མཐའ་ཡས་འགྲོ་བ་སྒྲོལ་བའི་ནུས་ཐོབ་ཤོག །རང་བྱུང་ཀ་དག་ཕུར་པ་ཆོས་དབྱིངས་ལ། །བདེ་ཆེན་ཐིག་ལེའི་ཕུར་པ་ཡུམ་གྱི་མཁར། །ཚད་མེད་ཐུགས་རྗེའི་ཕུར་པ་འགྲོ་ལ་ཐེབས། །མཚན་མ་རྫས་ཀྱི་ཕུར་པས་ཞིང་བཅུ་བསྒྲལ། །ཕུར་བཞིའི་དགོངས་པ་སྦྱོར་སྒྲོལ་འཁོར་ལོ་ཡིས། །གཟུགས་ཅན་གཟུགས་མེད་བྱང་ཆུབ་སྒྲུབ་པའི་གེགས། །མ་ལུས་ཚར་གཅོད་རྗེས་སུ་འཛིན་པ་དང་། །རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་གཏེར་གསར་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་བརྒྱུད་འདེབས་འདི་ལྟར་དགོས་ཞེས་རིམ་གཉིས་རྣལ་འབྱོར་ཟུར་མང་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་ནས་བཀྲ་ཤིས་པའི་ལྷ་རྫས་དར་སྣ་ལྔའི་ཅོད་པན་དང་བཅས་བསྐུལ་བ་དང་། གཏེར་ཆེན་མཆོག་གིས་ཀྱང་བཀའི་གནང་བ་ལ་བརྟེན་བཀའ་གཏེར་དག་སྣང་བརྒྱུད་པ་ཀུན་འདུས་ཀྱི་ལུགས་སུ་མོས་ནས། ཟླ་བཟང་སྤྲུལ་མིང་པ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱིས་ས་སྤྱོད་གསུང་གི་འཁོར་ལོའི་གནས་ཆེན་དུ་བྲིས་པ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ དཀྱིལ་འཁོར་འཇུག་པའི་སྙིང་པོ་ (Volume 16, Text 29)

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ དཀྱིལ་འཁོར་འཇུག་པའི་སྙིང་པོ་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ ྈྈྈྈྈྈྈྈྈ བླ་མ་ཧེ་རུ་ཀ་ལ་བདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་འདུས་པ་ལས༔ དཀྱིལ་འཁོར་འཇུག་པའི་སྙིང་པོ་བསྟན༔ ཡོ་བྱད་ཐམས་ཅད་འདུ་བྱས་ལ༔ སློབ་མ་ཁྲུས་བྱ་བགེགས་བསྐྲད་ནས༔ ཡོན་འབུལ་གསོལ་བ་འདི་སྐད་གདབ༔ ཧོ༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལ༔ བྱིང་བ་སྐྱབས་མེད་རྣམས་ལ་སྐྱོབས༔ དངོས་གྲུབ་རྣམ་གཉིས་བདག་འདོད་པས༔ སྟ་གོན་ལ་ནི་གནས་པར་ཞུ༔ དེ་ལ་བླ་མས་བཀའ་བསྩལ་བ༔ ཧོ༔ མ་རིག་སྲིད་པའི་འཁྲུལ་འཁོར་འདིར༔ འཁོར་བའི་སེམས་ཅན་སྙིང་རེ་རྗེ༔ ཐར་པ་མྱུར་དུ་ཐོབ་པའི་ཐབས༔ དངོས་གྲུབ་སྣ་ཚོགས་འཐོབ་འགྱུར་བའི༔ གསང་སྔགས་བླ་མེད་འདི་ལ་ནི༔ སྐལ་པ་མེད་པ་མི་རུང་བས༔ དངོས་གྲུབ་སྐལ་པ་བརྟག་པར་བྱ༔ ངེས་འབྱུང་སྐྱབས་འགྲོ་སེམས་བསྐྱེད་ལྡན༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ སློབ་མའི་ལུས་ངག་ཡིད་གསུམ་སྦྱངས༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རྒྱན་རྫོགས་པད་ཟླའི་གདན་བཞུགས་པའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སོ་ཤིང་ཚད་ལྡན་བཟུང་དུ་གཞུག༔ ཡེ་ཤེས་ལྔ་ལྡན་མཎྜལ་དུ༔ ཧ་ས་ཧཱ་ཡིས་དོར་བར་བྱ༔ རྩ་བ་རང་ལ་བསྟན་པ་ངན༔ སྒྲིབ་སྦྱོང་འབད་ལ་སླར་ཡང་བསྐྱར༔ བི་ཤུདྡྷེ་ཡིས་ཁྱོར་ཆུ་སྦྱིན༔ རྨི་ལམ་གསལ་ཕྱིར་འཐུང་ཞིང་བཀྲུ༔ བསྲུང་ཕྱིར་ཁྲོ་བོའི་ལས་སྔགས་ཀྱིས༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཕོ་གཡས་མོ་ཡི་གཡོན་དུ་གདགས༔ དྷཱི་དང་ཁཾ་ལས་སྐྱེས་པ་ཡི༔ ཀུ་ཤས་སྔས་དང་སྟན་དུ་བྱ༔ རྨི་ལམ་བཟང་ངན་བརྟག་པ་ལ༔ ངན་ན་སྡིག་སྒྲིབ་སྦྱོང་ལ་འབད༔ མི་ལྡོག་ཕྱིར་དུ་ཆོས་བཤད་དོ༔ སྐལ་པ་ལྡན་པའི་སློབ་མ་རྣམས༔ རིན་ཆེན་མཎྜལ་ཡོན་དུ་དབུལ༔ ཧོ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་བཅུག་པར་མཛད་ནས་ཀྱང༔ ཐུགས་རྗེས་ལྷ་ཞལ་བསྟན་པ་དང༔ ཐར་པའི་གནས་ལ་འགོད་དུ་གསོལ༔ དེ་ལ་བླ་མས་ལན་སྦྱིན་པ༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ སྐལ་པ་ལྡན་པ་ཁྱོད་གཞུག་པས༔ བདེ་བ་བླ་ན་མེད་པ་ཐོབ༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ སློབ་མས་དམ་ཚིག་བཟུང་བ་ནི༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞུགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ བདུད་རྩི་ཧཱུྃ་དུ་དམིགས་ནས་ཀྱང༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བ་ཆེན་པོར་ལྟུང༔ རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ དེ་ནས་སློབ་མས་བྲོ་བོར་བ༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་དུ་གསལ༔ དཀྱིལ་འཁོར་པ་ཡི་ཐུགས་ཀ་ནས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཆར་ལྟར་བབས་ནས་ལུས་ནང་ཁེངས༔ གནས་གསུམ་ཡིག་འབྲུར་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཕྱག་མཚན་རྡོ་རྗེ་མེ་ཏོག་བཅས༔ སྤྱི་བོར་བཞག་ནས་བརྟན་པར་བྱ༔ ཏིཥྛ་བཛྲ༔ འབྲེལ་པ་བརྟག་པའི་མེ་ཏོག་འབུལ༔ ཧཱུྃ༔ བསྐལ་པ་གོང་ནས་འབྲེལ་པ་ཡི༔ བདག་གི་ལྷ་མཆོག་གང་ཡིན་ལ༔ མེ་ཏོག་བཟང་པོ་འདི་འབུལ་གྱིས༔ ཐུགས་རྗེའི་བརྩེ་བས་བཞེས་སུ་གསོལ༔ པུཥྤེ་པྲ་ཏིཙྪ་ཧོ༔ གང་ལ་བབ་པའི་གསང་མཚན་གདགས༔ མེ་ཏོག་སླར་ཡང་སྤྱི་བོར་བཀོད༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ ཡེ་ཤེས་ཐུར་མས་མིག་དབྱེ་ལ༔ ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་མཐོང༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ དངོས་གྲུབ་བཟང་པོ་ཐོབ་ནས་ཀྱང༔ མྱུར་དུ་རྒྱལ་བའི་སྲས་སུ་འགྱུར༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མཐོང་བ་ལེགས་པར་བརྟན་པ་ཡིས༔ དབང་རྣམས་བསྐུར་བའི་སྣོད་དུ་རུང༔ དད་པ་ཅན་གྱི་འཇུག་སྒོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིིང་པོ་ཟླ་གམ་དབང་ཆེན་ཕུག་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ (Volume 67, Text 29)

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྡིག་སྒྲིབ་ཀུན་བྱང་ནས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ དམ་པ་རིགས་བརྒྱ་ཞི་ཁྲོ་རབ་འབྱམས་ལ༔ སྡིག་སྒྲིབ་སྦྱང་ཕྱིར་བརྒྱ་ཕྱག་འཚལ་བའི་ཐབས༔ ཕྱག་འཚལ་སྡིག་སྒྲིབ་རང་གྲོལ་འདི་བསྟན་གྱིས༔ དུས་གསུམ་ཀུན་ཏུ་འདི་ལ་འབད་པར་གཅེས༔ ན་མོ༔ དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ ཡིད་ཤེས་རྣམ་དག་སངས་རྒྱས་ཀུན་གྱི་ཡབ༔ ནམ་མཁའི་མདོག་ཅན་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཀུན་བཟང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔་་་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒོམ་པའི་སྐབས་སུ༔ སྐུ་ལ་ཕྱག་འཚལ་ལོ༔ ཞེས་པའི་མལ་དུ་སྐུ་རུ་ཡེ་ནས་གསལ༔ ཞེས་པའི་ཚིག་ཁ་བསྒྱུར་ཤེས་པར་བྱའོ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཁམས་རྣམ་དག་དྲི་མེད་ཤེལ་ལྟར་དཀར༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་ཀུན་ཏུ་བཟང་མོར་ཕྱག་འཚལ་ལོ༔ སེང་ཆེན་ཁྲི་སྟེང་གཏི་མུག་མ་སྤང་དག༔ གཟུགས་ཕུང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང༔ དུང་མདོག་ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས༔ སྐུ་མཆོག་རྣམ་སྣང་སྐུ་ལ་ཕྱག་འཚལ་ལོ༔ གླང་ཆེན་ཁྲི་སྟེང་ཞེ་སྡང་མ་སྤང་དག༔ རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་ངང༔ མཐིང་མདོག་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས༔ ཐུགས་མཆོག་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ༔ རྟ་མཆོག་ཁྲི་སྟེང་ང་རྒྱལ་མ་སྤང་དག༔ ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ གསེར་མདོག་ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ ཡོན་ཏན་རིན་ཆེན་འབྱུང་ལ་ཕྱག་འཚལ་ལོ༔ རྨ་བྱའི་ཁྲི་སྟེང་འདོད་ཆགས་མ་སྤང་དག༔ འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་ངང༔ ཟངས་མདོག་ཕྱག་ན་པདྨ་དྲིལ་བུ་བསྣམས༔ གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་ལོ༔ ཤང་ཤང་ཁྲི་སྟེང་ཕྲག་དོག་མ་སྤང་དག༔ འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༔ གཡུ་མདོག་ཕྱག་ན་རྒྱ་གྲམ་དྲིལ་བུ་བསྣམས༔ ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་ལོ༔ ནམ་མཁའ་རྣམ་དག་སངས་རྒྱས་རིགས་ཀྱི་ཡུམ༔ ཟླ་བའི་མདོག་འདྲ་འཁོར་ལོ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ ས་ཁམས་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ༔ བཻ་ཌཱུར་མདོག་འདྲ་རྡོ་རྗེ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་སངས་རྒྱས་སྤྱན་ལ་ཕྱག་འཚལ་ལོ༔ ཆུ་ཁམས་རྣམ་དག་རིན་ཆེན་རིགས་ཀྱི་ཡུམ༔ བཙོ་མའི་མདོག་འདྲ་རིན་ཆེན་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་མཱ་མ་ཀཱི་ལ་ཕྱག་འཚལ་ལོ༔ མེ་ཁམས་རྣམ་དག་པདྨ་རིགས་ཀྱི་ཡུམ༔ མེ་ཤེལ་མདོག་འདྲ་པདྨ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་གོས་དཀར་མོ་ལ་ཕྱག་འཚལ་ལོ༔ རླུང་ཁམས་རྣམ་དག་ལས་ཀྱི་རིགས་ཀྱི་ཡུམ༔ ཨིནྡྲའི་མདོག་འདྲ་རྒྱ་གྲམ་དྲིལ་འཛིན་མ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཡུམ་ཆེན་དམ་ཚིག་སྒྲོལ་ལ་ཕྱག་འཚལ་ལོ༔ མིག་གི་རྣམ་ཤེས་མ་སྤང་གནས་སུ་དག༔ གངས་རིའི་མདོག་ཅན་མྱུ་གུ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༔ རྣ་བའི་རྣམ་ཤེས་མ་སྤང་གནས་སུ་དག༔ སྤྲིན་དཀར་མདོག་འདྲ་ཀླུ་ཤིང་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ བྱམས་པ་མཻ་ཏྲིའི་ཞབས་ལ་ཕྱག་འཚལ་ལོ༔ སྣ་ཡི་རྣམ་ཤེས་མ་སྤང་གནས་སུ་དག༔ སྦུར་ལེན་མདོག་འདྲ་སྙེ་མ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ལྕེ་ཡི་རྣམ་ཤེས་མ་སྤང་གནས་སུ་དག༔ གསེར་ཆེན་མདོག་འདྲ་རལ་གྲི་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ནམ་མཁའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ལུས་ཀྱི་རྣམ་ཤེས་མ་སྤང་གནས་སུ་དག༔ བྱེ་རུའི་མདོག་ཅན་པདྨ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ སྤྱན་རས་གཟིགས་དབང་ཞབས་ལ་ཕྱག་འཚལ་ལོ༔ ཡིད་ཀྱི་རྣམ་ཤེས་མ་སྤང་གནས་སུ་དག༔ ལི་ཁྲིའི་མདོག་ཅན་ཨུཏྤལ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ འཇམ་དཔལ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ལོ༔ ཀུན་གཞིའི་རྣམ་ཤེས་མ་སྤང་གནས་སུ་དག༔ ཀུནྡའི་མདོག་ཅན་པོ་ཏི་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ སྒྲིབ་པ་རྣམ་སེལ་ཞབས་ལ་ཕྱག་འཚལ་ལོ༔ ཉོན་ཡིད་རྣམ་ཤེས་མ་སྤང་གནས་སུ་དག༔ མར་གད་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པའི༔ ཕྱག་ན་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ༔ གཟུགས་སུ་སྣང་བ་མ་སྤང་གནས་སུ་དག༔ ཆུ་ཤེལ་མདོག་ཅན་མེ་ལོང་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་སྤྱན་ལ་མཆོད་འབུལ་མ༔ ལཱ་སྱཻ་དཀར་མོའི་ཞབས་ལ་ཕྱག་འཚལ་ལོ༔ འདས་པའི་རྟོག་པ་མ་སྤང་གནས་སུ་དག༔ མུ་ཏིག་མདོག་ཅན་པད་དཀར་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་མཆོད་པས་མཉེས་བྱེད་མ༔ པུཥྤེ་དཀར་མོའི་ཞབས་ལ་ཕྱག་འཚལ་ལོ༔ ཆོས་ཅན་རྟོག་པ་མ་སྤང་གནས་སུ་དག༔ གུར་གུམ་མདོག་ཅན་ཕྲེང་བ་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་ཕྱག་རྒྱས་མཉེས་བྱེད་མ༔ མཱ་ལྱེ་སེར་མོའི་ཞབས་ལ་ཕྱག་འཚལ་ལོ༔ དྲི་རུ་སྣོམ་པ་མ་སྤང་གནས་སུ་དག༔ རཏྣའི་མདོག་ཅན་དྲི་ཞིམ་སྤོས་ཕོར་བསྣམས༔ དུས་གསུམ་བདེ་གཤེགས་ཤངས་ལ་མཆོད་འབུལ་མ༔ དྷཱུ་པེ་སེར་མོའི་ཞབས་ལ་ཕྱག་འཚལ་ལོ༔ སྒྲ་རུ་གྲགས་པ་མ་སྤང་གནས་སུ་དག༔ ཧ་ལོའི་མདོག་ཅན་པི་ཝཾ་སྒྲ་སྒྲོག་མ༔ དུས་གསུམ་བདེ་གཤེགས་སྙན་ལ་མཆོད་འབུལ་མ༔ གཱིརྟི་དམར་མོའི་ཞབས་ལ་ཕྱག་འཚལ་ལོ༔ མ་འོངས་རྟོག་པ་མ་སྤང་གནས་སུ་དག༔ པདྨའི་མདོག་ཅན་སྣང་གསལ་མར་མེ་འཛིན༔ དུས་གསུམ་བདེ་གཤེགས་སྤྱན་ལ་མཆོད་འབུལ་མ༔ ཨཱ་ལོ་དམར་མོའི་ཞབས་ལ་ཕྱག་འཚལ་ལོ༔ ད་ལྟའི་རྟོག་པ་མ་སྤང་གནས་སུ་དག༔ ཨུཏྤལ་མདོག་ཅན་དྲི་ཡི་དུང་ཕོར་འཛིན༔ དུས་གསུམ་བདེ་གཤེགས་ཐུགས་ལ་མཆོད་འབུལ་མ༔ གནྡྷེ་ལྗང་མོའི་ཞབས་ལ་ཕྱག་འཚལ་ལོ༔ རོ་བྲོའི་རྟོག་པ་མ་སྤང་གནས་སུ་དག༔ རྒྱ་མཚོའི་མདོག་ཅན་བཅུད་ལྡན་ཞལ་ཟས་འཛིན༔ དུས་གསུམ་བདེ་གཤེགས་ལྗགས་ལ་མཆོད་འབུལ་མ༔ ནཱིརྟི་ལྗང་མོའི་ཞབས་ལ་ཕྱག་འཚལ་ལོ༔ རྟག་པར་ལྟ་བ་མ་སྤང་གནས་སུ་དག༔ སྐུ་མདོག་དཀར་པོ་དབྱུག་ཏོ་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ཤར་སྒོའི་བར་ཆད་སྲུང༔ རྣམ་པར་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ༔ ཆད་པར་ལྟ་བ་མ་སྤང་གནས་སུ་དག༔ སྐུ་མདོག་སེར་པོ་ཐོད་དབྱུག་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ལྷོ་སྒོའི་བར་ཆད་སྲུང༔ གཤིན་རྗེ་གཤེད་པོའི་ཞབས་ལ་ཕྱག་འཚལ་ལོ༔ བདག་ཏུ་ལྟ་བ་མ་སྤང་གནས་སུ་དག༔ སྐུ་མདོག་དམར་པོ་ལྕགས་སྒྲོག་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་ནུབ་སྒོའི་བར་ཆད་སྲུང༔ རྟ་མགྲིན་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ༔ མཚན་མར་ལྟ་བ་མ་སྤང་གནས་སུ་དག༔ སྐུ་མདོག་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ ཁྲོ་བོའི་གཟུགས་ཀྱིས་བྱང་སྒོའི་བར་ཆད་སྲུང༔ བདུད་རྩི་འཁྱིལ་བའི་ཞབས་ལ་ཕྱག་འཚལ་ལོ༔ སྙིང་རྗེ་ཚད་མེད་རིགས་དྲུག་གནས་ནས་འདྲེན༔ སྐུ་མདོག་དཀར་མོ་འགུགས་བྱེད་ལྕགས་ཀྱུ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ བྱམས་པ་ཚད་མེད་འགྲོ་བའི་དོན་མཛད་མ༔ སྐུ་མདོག་སེར་མོ་འཆིང་བྱེད་ཞགས་པ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ༔ དགའ་བ་ཚད་མེད་འགྲོ་བ་དང་དུ་ལེན༔ སྐུ་མདོག་དམར་མོ་སྡོམ་བྱེད་ལྕགས་སྒྲོག་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བཏང་སྙོམས་ཚད་མེད་འགྲོ་ལ་ཉེ་རིང་མེད༔ སྐུ་མདོག་ལྗང་གུ་འབེབ་བྱེད་དྲིལ་བུ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ང་རྒྱལ་རྣམ་དག་ལྷ་ཡི་འཇིག་རྟེན་འདྲེན༔ སྐུ་མདོག་དཀར་པོ་སྒྲ་སྙན་པི་ཝཾ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ལྷ་དབང་བརྒྱ་བྱིན་ཞབས་ལ་ཕྱག་འཚལ་ལོ༔ ཕྲག་དོག་རྣམ་དག་ལྷ་མིན་འཇིག་རྟེན་འདྲེན༔ སྐུ་མདོག་ལྗང་གུ་སྐྱོབ་བྱེད་གོ་མཚོན་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཐགས་བཟང་རིས་ཀྱི་ཞབས་ལ་ཕྱག་འཚལ་ལོ༔ འདོད་ཆགས་རྣམ་དག་མི་ཡི་འཇིག་རྟེན་འདྲེན༔ གསེར་མདོག་ཕྱག་ན་ལྷུང་བཟེད་འཁར་གསིལ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ༔ གཏི་མུག་རྣམ་དག་བྱོལ་སོང་འཇིག་རྟེན་འདྲེན༔ སྐུ་མདོག་མཐིང་ག་པུསྟི་གླེགས་བམ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ སེངྒེ་རབ་བརྟན་ཞབས་ལ་ཕྱག་འཚལ་ལོ༔ སེར་སྣ་རྣམ་དག་ཡི་དྭགས་འཇིག་རྟེན་འདྲེན༔ སྐུ་མདོག་དམར་པོ་རིན་ཆེན་སྒྲོམ་བུ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ བཅོམ་ལྡན་ཁ་འབར་ཞབས་ལ་ཕྱག་འཚལ་ལོ༔ ཞེ་སྡང་རྣམ་དག་དམྱལ་བའི་འཇིག་རྟེན་འདྲེན༔ ནག་པོ་ཕྱག་ན་བསིལ་དྲོད་མེ་ཆུ་འཛིན༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ༔ ༈ སྨུག་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས་ན་འཛིན༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ ཆེ་མཆོག་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དམར་སྨུག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ འཁོར་ལོ་དགྲ་སྟྭ་རལ་གྲི་གཡས་ན་འཛིན༔ དྲིལ་བུ་ཐོང་གཤོལ་བྷནྡྷ་གཡོན་ན་བསྣམས༔ བུདྡྷ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རྡོ་རྗེ་བྷནྡྷ་དགྲ་སྟྭ་གཡས་ན་འཛིན༔ དྲིལ་བུ་བྷནྡྷ་ཐོང་གཤོལ་གཡོན་ན་བསྣམསཿ བཛྲ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སེར་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས་ན་འཛིན༔ དྲིལ་བུ་བྷནྡྷ་ཏྲི་ཤཱུལ་གཡོན་ན་བསྣམས༔ རཏྣ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དམར་ནག་ཞལ་གསུམ་ཕྱག་དྲུག་དཀར་སྔོ་ཞལ༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས་ན་འཛིན༔ དྲིལ་བུ་བྷནྡྷ་རྔེའུ་ཆུང་གཡོན་ན་བསྣམས༔ པདྨ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རལ་གྲི་ཁ་ཊྭཱཾ་དབྱུག་ཏོ་གཡས་ན་འཛིན༔ དྲིལ་བུ་བྷནྡྷ་ཐོང་གཤོལ་གཡོན་ན་བསྣམས༔ ཀརྨ་ཧེ་རུ་ཀཿཕྱག་འཚལ་ལོ༔ ཁྲོ་མོ་དབྱིངས་ཕྱུག་མཐིང་ནག་རྡོ་རྗེ་འཛིན༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་དབྱིངས་ཕྱུག་དམར་སྨུག་འཁོར་ལོ་འཛིན༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ བུདྡྷ་ཀྲོ་དྷཱི་མ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་དབྱིངས་ཕྱུག་མཐིང་སྐྱ་རྡོ་རྗེ་འཁྱུད༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ བཛྲ་ཀྲོ་དྷཱི་མ་ལ་ཕྱག་འཚལ་ལོ༔ རིན་ཆེན་དབྱིངས་ཕྱུག་སེར་སྐྱ་རིན་ཆེན་འཁྱུད༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ རཏྣ་ཀྲོ་དྷཱི་མ་ལ་ཕྱག་འཚལ་ལོ༔ པདྨ་དབྱིངས་ཕྱུག་དམར་སྐྱ་པདྨ་འཁྱུད༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ པདྨ་ཀྲོ་དྷཱི་མ་ལ་ཕྱག་འཚལ་ལོ༔ ལས་ཀྱི་དབྱིངས་ཕྱུག་ལྗང་སྐྱ་རྒྱ་གྲམ་འཁྱུད༔ དམར་ཆེན་བྷནྡྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཀརྨ་ཀྲོ་དྷཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དཀར་མོ་ཞིང་ཆེན་གདན་ལ་འགྱིང༔ འཁོར་བའི་རྣམ་རྟོག་གཞོམ་ཕྱིར་ཞིང་དབྱུག་ཕྱར༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤར་ཕྱོགས་གོའུ་རཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་མོ་ཞིང་ཆེན་གདན་ལ་འགྱིང༔ ཐབས་ཤེས་གཉིས་སུ་མེད་ཕྱིར་མདའ་གཞུ་འགེང༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ལྷོ་ཕྱོགས་ཙོའུ་རཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་མོ་ཞིང་ཆེན་གདན་ལ་འགྱིང༔ འཁོར་བར་མི་གཏོང་ཆུ་སྲིན་རྒྱལ་མཚན་འཛིན༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ནུབ་ཕྱོགས་པྲ་མོ་ཧཱ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ལྗང་ནག་ཞིང་ཆེན་གདན་ལ་འགྱིང༔ ཆོས་ཉིད་འགྱུར་མེད་རྡོ་རྗེ་བྷནྡྷ་འཛིན༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱང་ཕྱོགས་བཻ་ཏཱ་ལི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་སེར་ཞིང་ཆེན་གདན་ལ་འགྱིང༔ ཉོན་མོངས་གནས་ནས་འདྲེན་ཕྱིར་རྒྱུ་མ་གསོལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤར་ལྷོ་པུསྐ་སཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ལྗང་ནག་ཞིང་ཆེན་གདན་ལ་འགྱིང༔ འཁོར་བ་ཞལ་དུ་གསོལ་ཕྱིར་དུང་ཁྲག་འཐུང༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ལྷོ་ནུབ་གྷསྨ་རཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་སྐྱ་ཞིང་ཆེན་གདན་ལ་འགྱིང༔ ལོག་རྟོག་ཕྲལ་ཕྱིར་བམ་རོ་མགོ་ལུས་ཕྲལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ནུབ་བྱང་ཙནྜ་ལཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་མཐིང་ནག་ཞིང་ཆེན་གདན་ལ་འགྱིང༔ འཁོར་བ་རྟེན་དང་ཕྲལ་ཕྱིར་བམ་ཆེན་ཕྲལ༔ མ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱང་ཤར་སྨེ་ཤ་ནཱི་ལ་ཕྱག་འཚལ་ལོ༔ སྨུག་ནག་སེང་གེའི་གདོང་ཅན་ཁར་རོ་ཐོགས༔ འཁོར་བ་གཏིང་ནས་སྤྲུག་ཕྱིར་རལ་པ་གསིག༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སེང་ཧ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དམར་མོ་སྟག་གདོང་ལག་གཉིས་ཐུར་དུ་བསྣོལ༔ འཁོར་བ་ཞེ་ལ་གནོན་ཕྱིར་འབྲུ་ཚུགས་བལྟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ བྱཱ་གྷྲྀ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ནག་མོ་ཝ་ཡི་གདོང་ཅན་སྤུ་གྲི་ཕྱར༔ ཉོན་མོངས་གནས་སུ་དག་ཕྱིར་གློ་སྙིང་ཟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སྲི་ལ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ མཐིང་ནག་སྤྱང་མོའི་མགོ་ཅན་བམ་རོ་འདྲད༔ འཁོོར་བ་དོང་ནས་སྤྲུག་ཕྱིར་འབྲུ་ཚུགས་བལྟ༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤྭ་ན་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དཀར་སེར་བྱ་རྒོད་མགོ་ཅན་བམ་རོ་ཐོགས༔ དུག་གསུམ་རྩད་ནས་གཅོད་ཕྱིར་རྒྱུ་མ་འདྲེན༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ གྷྲྀ་ཌྷ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ དམར་ནག་ཀངྐཱའི་མགོ་ཅན་བམ་རོ་ཁུར༔ འཁོར་བ་དང་དུ་ལེན་ཕྱིར་ཕྲག་ལ་གཟར༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཀངྐཱ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ནག་མོ་བྱ་རོག་གདོང་ཅན་རལ་གྲི་ཕྱར༔ ཉོན་མོངས་བསྒྲལ་ཞིང་གསོལ་ཕྱིར་དུང་ཁྲག་འཐུང༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཀ་ཀ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ མཐིང་ནག་འུག་པའི་གདོང་ཅན་ལྕགས་ཀྱུ་འཛིན༔ འཁོར་བའི་ལོག་རྟོག་འདྲེན་ཕྱིར་བྷནྡྷ་ཐོགས༔ ཕྲ་མེན་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཨུ་ལཱུ་མུ་ཁ་མ་ལ་ཕྱག་འཚལ་ལོ༔ ཤར་སྒོོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ སྙིང་རྗེ་ཚད་མེད་འཁོར་བ་གནས་ནས་འདྲེན༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ རྟ་གདོང་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ བྱམས་པ་ཚད་མེད་ལོག་རྟོག་འཆིང་བར་བྱེད༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཕག་གདོང་ཞགས་པ་མ་ལ་ཕྱག་འཚལ་ལོ༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན༔ དགའ་བ་ཚད་མེད་མ་རིག་ཉོན་མོངས་སྡོམ༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སེང་གདོང་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ བཏང་སྙོམས་ཚད་མེད་དུག་ལྔའི་རྟོག་པ་འཇོམས༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སྦྲུལ་གདོང་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་དག་ཅིར་ཡང་སྣང་བ་ཡི༔ སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ༔ སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན༔ སྤོར་བྱེད་ཞགས་འཕེན་མ་ལ་ཕྱག་འཚལ་ལོ༔ རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར༔ ཉོན་མོངས་ལྔ་སྦྱོང་ཐོད་ཁྲག་མདུང་ཐུང་འཕེན༔ ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར༔ སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ༔ མ་རིག་སེམས་ཅན་དབྱིངས་ལ་གཟུད་པའི་ཕྱིར༔ སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ༔ བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར༔ སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ༔ མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ༔ འདོད་ལྔ་དབང་མཛད་དུང་ཁྲག་ཐུགས་ཀར་བསྐྱིལ༔ ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན༔ སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ༔ མཐིང་ནག་ཆེན་མོ་རྔམས་པའི་སྐུ་མངའ་ཞིང༔ གཡུལ་ཆེན་རབ་ཟློག་རྡོ་རྗེ་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ༔ སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ༔ སྐུ་མདོག་དམར་ནག་དབང་དྲག་འཛོམས་པའི་ཞལ༔ ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར༔ རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར༔ སྤོར་བྱེད་གློག་ཕྲེང་འཛིན་ལ་ཕྱག་འཚལ་ལོ༔ དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ༔ གཏི་མུག་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ༔ བྱོལ་སོང་གནས་སྤོར་རྡོ་རྗེ་སློག་ཤ་རྡེབ༔ སྤོར་བྱེད་སློག་ཤ་རྡེབ་ལ་ཕྱག་འཚལ་ལོ༔ སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ༔ དམྱལ་བ་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ༔ དམྱལ་བའི་གནས་སྤོར་རྡོ་རྗེ་རལ་གྲི་འཛིན༔ སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སྨུག་རྡོ་རྗེ་བྷནྡྷ་འཛིན༔ སྲིན་མོ་གཡག་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སེར་རྡོ་རྗེ་པདྨ་འཛིན༔ ཚངས་པ་སྦྲུལ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་ལྗང་རྡོ་རྗེ་ཏྲི་ཤཱུལ་འཛིན༔ ལྷ་ཆེན་གཟིག་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སྔོ་རྡོ་རྗེ་འཁོར་ལོ་འཛིན༔ གཏོགས་འདོད་སྲེ་མོང་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་དམར་རྡོ་རྗེ་མདུང་ཐུང་འཛིན༔ གཞོན་ནུ་དྲེད་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་མོ་རྡོ་རྗེ་རྒྱུ་ཞགས་འཛིན༔ བརྒྱ་བྱིན་དོམ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་མོ་རིན་ཆེན་སྤུ་གྲི་འཛིན༔ རྡོ་རྗེ་ཕ་ཝང་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་རིན་ཆེན་བུམ་པ་འཛིན༔ ཞི་བ་ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་རིན་ཆེན་པདྨ་འཛིན༔ བདུད་རྩི་སྡིག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་སེར་རིན་ཆེན་རྡོ་རྗེ་འཛིན༔ ཟླ་བ་ཁྲ་མགོ་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་ལྗང་རིན་ཆེན་དབྱུག་ཏོ་འཛིན༔ བེ་ཅོན་ཝ་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་ནག་རིན་ཆེན་ཐོད་ཁྲག་འཐུང༔ སྲིན་མོ་སྟག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ལྗང་པདྨ་བེ་ཅོན་འཛིན༔ ཟ་བ་བྱ་རྒོད་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་ཁོག་ཆེན་འཛིན༔ དགའ་བ་རྟ་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོོར་དམར་སྐྱ་པདྨ་དབྱུག་ཏོ་འཛིན༔ སྟོབས་ཆེན་ཁྱུང་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་རྡོ་རྗེ་འཛིན༔ སྲིན་མོ་ཁྱི་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་པདྨ་མདའ་གཞུ་འཛིན༔ འདོད་པ་པུ་ཤུད་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ལྗང་པདྨ་བུམ་པ་འཛིན༔ ནོར་སྲུང་ཤ་བའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་སྔོན་རྒྱ་གྲམ་བ་དན་ཕྱར༔ རླུང་ལྷ་སྤྱང་མོའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་དམར་རྒྱ་གྲམ་གསལ་ཤིང་འཛིན༔ མེ་མོ་སྐྱིན་གྱི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་རྒྱ་གྲམ་མཆེ་ཞགས་འཛིན༔ ཕག་མོ་ཕག་གདོང་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་དམར་རྒྱ་གྲམ་ཞིང་ཆུང་འཛིན༔ རྡོ་རྗེ་ཁྭ་ཏའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་རྒྱ་གྲམ་བམ་ཆེན་འཛིན༔ སྣ་ཆེན་གླང་ཆེན་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་གུ་རྒྱ་གྲམ་སྦྲུལ་ཞགས་འཛིན༔ ཆུ་ལྷ་སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་དཀར་མོ་རྡོ་རྗེ་ལྕགས་ཀྱུ་འཛིན༔ རྡོ་རྗེ་ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ༔ སྒོ་མ་སེར་མོ་རིན་ཆེན་ཞགས་པ་འཛིན༔ རྡོ་རྗེ་ར་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་དམར་མོ་པདྨ་ལྕགས་སྒྲོག་འཛིན༔ རྡོ་རྗེ་སེང་གདོང་མ་ལ་ཕྱག་འཚལ་ལོ༔ སྒོ་མ་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན༔ རྡོ་རྗེ་སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ༔ ཞེས་པ་རྣལ་འབྱོར་མཆེད་ལྕམ་དུ་ཡོད་ཀུན༔ གཅེར་བུར་ཕྱུང་སྟེ་བརྐྱང་ཕྱག་གུས་པས་འཚལ༔ ངག་གིས་ཚིག་དབྱངས་སྙན་པོས་བསྟོད་བྱས་ནས༔ ཡིད་ཀྱིས་དུས་གསུམ་བསགས་པའི་སྡིག་སྒྲིབ་རྣམས༔ གནོང་འགྱོད་ཚུལ་གྱིས་བརྒྱ་ཕྱག་གུས་པར་འཚལ༔ ཞི་ཁྲོའི་ལྷ་ཕྱག་བརྒྱ་དང་བཅུར་ལོངས་པའི༔ སྒྲིབ་སྦྱོང་ཁྱད་འཕགས་སྡིག་སྒྲིབ་རང་གྲོལ་འདི༔ ན་རཀ་བསྐང་བཤགས་ལ་སོགས་གང་བྱེད་ཀྱང༔ འདི་བཞིན་བྱས་པས་བསོད་ནམས་ཚད་ལས་འདས༔ དེ་ཕྱིར་བརྒྱ་ཕྱག་འདི་ལ་རབ་ཏུ་འབད༔ ཞི་ཁྲོ་དམ་པ་རིགས་བརྒྱའི་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ བར་དོའི་ཐོས་གྲོལ་གྱི་ཆ་ལག༔ ན་རཀ་བསྐང་བཤགས་ཀྱི་ཆ་རྐྱེན༔ ཞི་ཁྲོའི་ལས་བྱང་གསུམ་གྱི་དོན་འདུས་ཤིན་ཏུ་ཟབ་པར་བསྟན་པ་འདི་ནི༔ ཀུན་ལ་སྤེལ་ཞིང་དུས་གསུམ་དུ་མ་ཆག་པར་བརྩོན་པར་གྱིས་ཤིག་ཕྱི་རབས་རྣམས༔ ས་མ་ཡ༔ ཀརྨ་གླིང་པའི་གཏེར་མའོ། །སརྦ་མངྒ་ལཾ།། །།

བཏགས་གྲོལ་སྤྱིའི་ལག་ལེན་འཇམ་མགོན་གསུང་གི་ལྷན་ཐབས་ (Volume 42, Text 29)

བཏགས་གྲོལ་སྤྱིའི་ལག་ལེན་འཇམ་མགོན་གསུང་གི་ལྷན་ཐབས་ཡིན། ཕྱག་འཚལ་རྒྱས་པར་སྤྲོ་ན། ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ༔ རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ༔ སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད༔ བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཐོགས༔ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུ་དྲུག་དག་པར་སྦྱོང༔ བཅོམ་ལྡན་ཐུབ་པ་རྣམས་ལ་ཕྱག་འཚལ་ལོ༔ འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ དཔལ་ཆེན་ཧེ་རུ་ཀ་རྣམས་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང༔ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག༴ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ སངས་གླིང་གཏེར་བྱོན་བཤགས་རྒྱུད་ལས་ཟུར་ཕྱུང་ཞུས་པའོ། ༈ །བསྡུ་ན། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་ཡོངས་རྫོགས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ།། །། ༁ྃ༔ འབུལ་ཚིག་ནི༔ དེ་ལྟར་བཀོད་པའི་མཎྜལ་དེ་ཉིད་ལག་པ་གཉིས་ཀྱིས་སྙིང་ཁར་བཟུང་ལ༔ མདུན་གྱི་ནམ་མཁར་མཆོད་ཡུལ་ཐམས་ཅད་གོང་ལྟར་དམིགས་ཤིང༔ མཆོད་པ་ཡང་དཔག་ཏུ་མེད་པ་བློས་ཁྱབ་ཚད་དུ་སྤྲུལ་པར་དམིགས་ནས༔ དང་པོ་བླ་མ་ལ་འབུལ་བ་ནི༔ ཨཱོྃ༔ ཆོས་དབྱིངས་རབ་འབྱམས་ནམ་མཁའི་མཐའ་ཀླས་གདལ་ཁྱབ་བརྗོད་མེད་བསམ་འདས་ནས༔ ལྷུན་གྲུབ་རང་བྱུང་ཐུགས་རྗེས་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ དོན་གྱི་དབྱིངས་ལ་མཆོད་ཡུལ་མཆོད་བྱ་མཆོད་བྱེད་མཆོད་པ་ལས་འདས་ཀྱང༔ གློ་བུར་ལྟར་སྣང་འགྲོ་བློའི་ཉོན་མོངས་མ་རིག་མུན་པ་བསལ་བའི་ཕྱིར༔ ཀུན་ཏུ་བཟང་པོའི་ཞིང་ལས་སྣ་ཚོགས་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཅན༔ བཀོད་པའི་རྒྱན་མཛེས་བུམ་བཟང་ཉོན་མོངས་ནད་སེལ་ཡེ་ཤེས་བདུད་རྩིས་གཏམས༔ སྐུ་བཞིའི་དབྱིངས་ལས་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་ཡུམ་ལས་ཀྱང༔ གཏེར་གྱི་བུམ་པ་སྒྲ་གཅན་དུས་མེ་དང་བྲལ་ཐབས་ཤེས་ཉི་ཟླས་མཚན༔ བདེ་མཉེན་མཛེས་པའི་གར་བྱེད་བཅུ་དྲུག་བདེ་བའི་ལྷ་མོས་སྤྲས་པ་ཅན༔ དགའ་བཞི་ལོངས་སྤྱོད་མཆོད་སྤྲིན་ཉི་མ་ཟླ་བ་ལྟར་གསལ་གྱུར་པ་འདི༔ མོས་བློས་གུས་པར་འབུལ་གྱིས་འགྲོ་བའི་དོན་ཕྱིར་ཐུགས་རྗེས་བཞེས་དགོངས་ནས༔ གཉིས་མེད་དབྱིངས་ལས་བཞེས་ཤིང་འགྲོ་རྣམས་ཉོན་མོངས་གཅོང་ནད་ཞི་བར་མཛོད༔ ཨཱོྃ་ཨཱཾཿཧཱུྃ༔ བཛྲ་གུ་རུ་སརྦ་བྷུདྡྷ་བྷོ་དྷི་སཏྭ་སརྦ་དྷརྨཱ་སྭ་བྷཱ་ཝ་ཨ་མྲྀཏ་མཎྜལ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པས༔ བླ་མ་ཆོས་སྐུའི་ཚོགས་ལ་སྨན་གྱི་མཎྜལ་འབུལ༔ ཧྲཱི༔ སྣ་ཚོགས་སྤྲིན་འཕྲོ་སྤྲུལ་པའི་དྲྭ་བས་ཕྱོགས་རྣམས་ཀུན་ཏུ་གདལ་ཁྱབ་ཅིང༔ ཐུགས་རྗེ་ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་རབ་ཁྲོས་མ་རུངས་འཇོམས༔ ལོངས་སྤྱོད་རྫོགས་པའི་སྐུར་སྣང་ཞི་དང་ཁྲོ་བོར་སྟོན་མཛད་དངོས་གྲུབ་ཀུན༔ ཅི་ལྟར་འདོད་རྣམས་ཆར་ལྟར་འབེབ་མཛད་རྒྱལ་སྲས་ཡབ་ཡུམ་འཁོར་བཅས་ལ༔ རྣམ་པར་རྒྱལ་བའི་ཞིང་ཁམས་རྣམ་མང་མེ་ཏོག་བཀྲ་ཞིང་ཡངས་པ་ན༔ རིན་ཆེན་སྣ་ཚོགས་འབར་བའི་རྒྱན་གྱི་མཆོད་རྫས་རྡུལ་རྙེད་རབ་བཀོད་ཅིང༔ གཞལ་ཡས་ཁང་མཛེས་འོད་དང་འོད་ཟེར་དུ་མས་རབ་ཏུ་སྤྲས་པ་པོ༔ ཤིན་ཏུ་མཛེས་པའི་མཚོ་རྫིང་ལྗོན་པ་པདྨ་རིན་ཆེན་དྲྭ་བ་སོགས༔ ཕྱི་ནང་འབྱུང་བའི་རྟེན་འབྲེལ་ལས་བྱུང་མཆོད་འོས་གྲངས་ནི་ཇི་སྙེད་པ༔ དེ་སྙེད་འདོད་དགུའི་དཔལ་འབྱོར་ལུས་དང་ལོངས་སྤྱོད་དངོས་བཤམས་ཡིད་སྤྲུལ་རྣམས༔ མཎྜལ་རྒྱན་དུ་བཀོད་པར་གུས་པས་འབུལ་གྱིས་ཐུགས་རྗེས་བཞེས་ནས་ཀྱང༔ འགྲོ་རྣམས་བསོད་ནམས་ཞིང་ལ་སྤྱོད་ཅིང་ཅི་འདོད་དངོས་གྲུབ་འབྱུང་བར་ཤོག༔ ཨཱོྃ་ཨཱཾཿཧཱུྃ༔ དྷེ་ཝ་ཤཱནྟི་ཀ་བཛྲ་མ་ཧཱ་ཀྲོ་དྷཱ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པས་ཡི་དམ་ལོངས་སྐུའི་ཚོགས་ལ་རིན་པོ་ཆེའི་མཎྜལ་འབུལ༔ ཧཱུྃ༔ བདེ་གཤེགས་སྤྲུལ་སྐུའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་དཔག་ཏུ་མེད་པ་ན༔ བཞུགས་པའི་རྒྱལ་བ་རྒྱ་མཚོ་ཐུབ་དབང་གསེར་མདོག་ཅན་དང་དེ་ཡི་སྲས༔ སྤྲུལ་པ་ཡང་སྤྲུལ་གྲངས་འདས་སེམས་དཔའ་ཆེ་དང་དཔའ་བོ་མཁའ་འགྲོའི་ཚོགས༔ དམ་ཅན་རྒྱ་མཚོ་ཆོས་སྐྱོང་སྲུང་མ་ཕོ་ཉ་ལས་མཁན་བཅས་རྣམས་ལ༔ རིན་ཆེན་འབྲུ་ཡི་ཚོགས་ཀྱི་དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ནས་ནི༔ གདལ་བ་ཆེན་པོ་གསེར་གྱི་ས་གཞི་སྤོས་ཆུའི་རྫིང་བུ་བཅས་པ་ཡི༔ རྒྱ་ཆེན་གནས་སུ་སྣ་ཚོགས་རིན་ཆེན་ལས་གྲུབ་རི་བོ་ཆེན་པོ་དང༔ གླིང་དང་གླིང་ཕྲན་ཉི་ཟླ་ལྷ་མིའི་ཕོ་བྲང་ལྕགས་རི་མུ་ཁྱུད་བཅས༔ དེ་དག་རྣམས་སུ་མཛེས་ཤིང་བཀོད་པའི་ཁྱད་པར་འཕགས་པ་ཇི་སྙེད་པ༔ དེ་སྙེད་རྣམས་ནི་བསོད་ནམས་ཡེ་ཤེས་ཚོགས་དང་དེ་འབྲས་ཐོབ་བྱའི་ཕྱིར༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་ལུས་སུ་སྤྲུལ་ནས་གུས་པར་འབུལ་ལགས་ན༔ ཐུགས་རྗེས་བཞེས་ནས་འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ༔ བྷ་ག་ཝ་ཏི་སརྦ་དྷཱཀྐི་ནཱི༔ དྷརྨཱ་རཀྵ་བྷྲཱི་ཧ༔ མཎྜལ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པས་སྤྲུལ་སྐུ་དང་མཁའ་འགྲོ་དམ་ཅན་རྣམས་ལ་འབྲུའི་མཎྜལ་དབུལ་བར་བྱའོ༔ ༈ སྐུ་གསུམ་ཞིང་ཁམས་སོ་སོར་གསལ་བཏབ་ནས་མཎྜལ་ཕུལ་ཏེ། ཚོམ་བུ་སོ་བདུན་ནམ་ཉེར་གསུམ་བཀོད་དེ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཚོམ་བུ་དགུ་བཀོད་ལ། འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཚོམ་བུ་ལྔ་བཀོད་ལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་འོད་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་དབུལ། ༈ སྨོན་ལམ་ནི་འདུན་པ་རྩེ་གཅིག་གཏད་ལ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད༔ གསང་བ་ཅོད་པན་ས་བོན་གྱི་དགོངས་པ་ཆེན་པོ་ཡོངས་རྫོགས་ཀྱིས༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་རང་སར་གྲོལ་ནས༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཀློང་དུ་གྲོལ་བར་མཛད་དུ་གསོལ༔ ཉོན་མོངས་པ་ཐམས་ཅད་རང་སར་གྲོལ་ཞིང༔ རྒྱུད་ཡེ་ཤེས་ཀྱིས་གང་བར་མཛད་དུ་གསོལ༔ འཁྲུལ་པའི་བག་ཆགས་རང་སར་དག་ནས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་ཆེར་འཕེལ་བར་མཛད་དུ་གསོལ༔ རྒྱལ་བའི་དཀྱིལ་འཁོར་ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་པར་མྱུར་དུ་སངས་རྒྱས་པར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་དྷརྨ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཞེས་བརྗོད་ལ་རྟོགས་པ་བསྐྱེད།

ཐེག་ཁྲིད་ནང་ཞལ་འཕངས་ཀློང་སྡེའི་ངང་སྒོམ་ཟུར་བྲིས་ཤིག་ཡོད་པར་གསུངས་པ། སྡེ་གསུམ་སྐོར་ལས་འབྱུང་བ་འདི་ཡིན་རྒྱུའི་ཟུར་བྱང་དུ་བཀོད་པ་ (Volume 59, Text 29)

ཐེག་ཁྲིད་ནང་ཞལ་འཕངས་ཀློང་སྡེའི་ངང་སྒོམ་ཟུར་བྲིས་ཤིག་ཡོད་པར་གསུངས་པ། སྡེ་གསུམ་སྐོར་ལས་འབྱུང་བ་འདི་ཡིན་རྒྱུའི་ཟུར་བྱང་དུ་བཀོད་པ་ནི། ༈ ཀློང་སྡེའི་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར་བཞུགས་སོ།། ན་མོ་གུ་རུ་པདྨཱཀ་ར་ཡ། ཀློང་སྡེ་བརྡ་བཞིའི་ཉམས་སུ་ལེན་པའི་ཚུལ། །དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །བདེ་བའི་སྟན་འདུག་རླུང་རོ་བསལ། །སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད། །བླ་མར་མོས་གུས་གསོལ་བ་གདབ། །ཅེས་པ་ནི་སྔོན་དུ་འགྲོ་བའི་རིམ་པོ།། །།གཉིས་པ་དངོས་གཞི་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས་དང་པོ་གསལ་བ་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་པ་སྟེ་མིག་སྣ་རྩེའི་མཐོ་གང་ཙམ་གྱི་ཐད་ཀར་བལྟ། དེས་རྒྱུད་ལ་སེམས་ཉིད་རང་གི་ངོ་བོར་རང་གསལ་ཞིག་འོང་ངོ་། །གཉིས་པ་མི་རྟོག་པ་གནད་ཀྱི་བརྡ་ནི། དབང་པོ་མི་གཡོ་བ་སྟེ་མིག་གི་འབྲས་བུ་མི་གཡོ་མི་འགུལ་བར་གཞག །དེ་ལ་ཇི་ལྟར་འཆར་ན་སེམས་ཉིད་རང་གསལ་ཅི་ཡང་མི་རྒྱུ་བ་ཞིག་འོང་ངོ་། །དེ་ནི་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཞེས་བྱའོ། །གསུམ་པ་བདེ་བ་གནད་ཀྱི་བརྡ་ནི། འོག་རླུང་ཅུང་ཞིག་འཐེན། དེས་ནི་ལུས་པོ་ཡོད་དུ་མི་ཚོར་བའི་བདེ་ཉམས་སྐྱེ། བཞི་པ་དབྱེར་མི་ཕྱེད་པའི་བརྡ་ནི། ལྕེ་རྩེ་གང་དུའང་མི་རེག་ཅིང་དབང་པོ་མ་གཡོས་པར་བཞག་གོ །དེས་བདེ་གསལ་མི་རྟོག་པ་དབྱེར་མི་ཕྱེད་པ་ཉིད་ཀྱི་མཐའ་ལ་མི་གནས་པ་རྒྱུད་ལ་འཆར་རོ། །དེ་ཇི་ལྟ་བུ་ཞེ་ན་ངོ་བོ་ཅི་ཡང་མ་གྲུབ། རྒྱ་གང་དུའང་མ་ཆད། ཕྱོགས་གང་དུའང་མ་ལྷུང་བ་སྟེ། ཆོས་རྗེ་རང་བྱུང་རྡོ་རྗེས། རྒྱུ་ནི་སེམས་ཉིད་ཐོགས་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུ་བརྡ་བཞི་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྫོགས་པ་ཆེན་པོ་ལས། མིག་མ་བཙུམས་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལ་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། །ཅེས་དང་། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །བདེ་བའི་ལུས་ནི་ཡོད་མི་ཚོར། །བདེ་གསལ་མི་རྟོག་ཕ་མཐར་ཕྱིན། །ཅེས་དང་། གང་དུའང་ལུས་མི་ཚོར་བ་བདེ་བ་དེ་ནི། ཟག་པ་མེད་པའི་བདེ་བ་འོ། །བླ་ན་མེད་པའི་བདེ་བ་འོ། །བདེ་བ་ཆེན་པོའོ་ཞེས་བཤད་དོ།། །།གསུམ་པ་བློ་སྦྱོང་བ་དེ་ལྟ་བུའི་དོན་ཉམས་སུ་ལེན་པ་ལ། ཚུགས་པ་དྲུག་དང་ལྡན་དགོས་ཏེ། རྒྱལ་བ་རྒོད་ཚང་པས། ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་མཚམས་སྤྱིལ་པོར་སྡོད་ཚུགས་པ། གསང་མཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་སྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དྲུག་དང་ལྡན་པ་ཞིག་དགོས་སོ། །ཞེས་པའང་ཀརྨ་ལུང་རིགས་ཡར་འཕེལ་གྱི་མི་བརྗེད་ཐོར་མཁན་རཏྣས་བྲིས་པ་དགེའོ།། །།

འཆི་མེད་བདུད་རྩི་བུམ་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ (Volume 29, Text 29)

འཆི་མེད་བདུད་རྩི་བུམ་པའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥ་ཛྱཱ་ཡ། སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །གསང་བདག་ལྷ་ཚོགས་བསྒོམ་པར་བགྱི། །ལན་གསུམ། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རང་བཞིན་སྐྱེ་མེད་སྟོང་པའི་ངང་ཉིད་ལས། །རོལ་པ་འགག་མེད་གསང་བདག་རྡོ་རྗེའི་སྐུ། །མཐིང་ནག་ཞལ་བགྲད་ཚེམས་དང་མཆེ་བ་གཙིགས། །ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཞབས་དོར་སྟབས། །ཉི་ཟླ་པདྨ་བརྩེགས་པའི་གདན་གྱི་སྟེང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དབུས། །གཟི་བརྗིད་འོད་འཕྲོ་རྒྱན་མཛེས་གསལ་བར་གྱུར། །སྙིང་དབུས་གུ་རུ་པདྨ་སྨན་རྒྱལ་ཚུལ། །ཕྱག་གཡས་གསེར་གྱི་མདོག་ལྡན་ཨ་རུ་ར། །གཡོན་པས་བདུད་རྩིས་གང་བའི་ཐོད་པ་འཛིན། །དར་ནག་གསང་གོས་མན་ཊའི་ཆོས་གོས་དམར། །ཟབ་ཆེན་བེར་སྨུག་མནབ་ཅིང་སྙན་ཞུ་གསོལ། །གཟུངས་མ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ། །རྣམ་པ་ཁ་ཊྭཱཾ་ཚུལ་གྱིས་དཀུ་ལ་བརྟེན། །སྣ་ཚོགས་པདྨའི་གདན་ལ་སྐྱིལ་ཀྲུང་བཞུགས། །སྤྱི་གཙུག་ཁྱུང་སྔོན་མེ་ཡི་རལ་པ་ཅན། །གནམ་ལྕགས་རྡོ་རྗེ་འབར་བའི་མཆུ་སྡེར་སྒྲོས། །རྒྱ་མཚོའི་གཏིང་དཀྲུགས་ཀླུ་གཉན་ས་བདག་གི །ངོ་བོ་སྦྲུལ་ཆེན་ཞལ་གསོལ་ནུས་པ་འཇོམས། །སྤྱན་གསུམ་ཉི་ཟླ་འབར་བའི་སྡང་མིག་གིས། །གདུག་པ་ཀུན་འདུལ་ཉི་ཟླ་རིན་ཆེན་བརྒྱན། །ཕྱག་གཉིས་གཡས་གཡོན་མཐིལ་ན་འཁོར་ལོ་ནི། །ཨཿལས་ཟླ་དཀྱིལ་རྩིབས་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་ཨཿཙནྡྲ་མཎྜ་ལ། མཿལས་ཉི་དཀྱིལ་འདབ་བརྒྱད་འོད་ཟེར་འཕྲོ། །ལྟེ་བར་མ་སཱུརྻ་མཎྜ་ལ། རྩིབས་དང་འདབ་མར་གཏུམ་པོའི་སྔགས་རྒོད་ནི། །ནཱི་ལཾ་ཛ་རཾ་བྷྲཱུྃ་ས་ཏྲི་རྦད། ས་བོན་ལ་བསྐོར་ཡིག་མགོ་ཕྱིར་ནང་བསྟན། །ལྟོ་སྦྱར་ཐབས་ཤེས་ཕྱག་རྒྱ་བསྒྱུར་བརྡབས་པས། །གནོད་བྱེད་བསྲེགས་སྦྱངས་ཐལ་བར་བརླགས་པར་གྱུར། །ཕྲག་གོང་མཁའ་ལ་རྣམ་པ་འདོད་ཆགས་ཀྱི། །རང་བཞིན་ཁྱུང་དམར་འཕུར་ཞིང་བྱ་ནག་ལྡིང་། །དེ་བཞིན་ཞེ་སྡང་གཡས་པར་སྨན་སྦྲུལ་དང་། །གཡོན་པར་དུག་སྦྲུལ་མཐིང་ནག་འཁྱུག་ཅིང་རྒྱུག །གཏི་མུག་ལྕགས་ཀྱི་ཕག་རྒོད་མགོ་དགུ་དང་། །དུག་གི་གཡུང་ཕག་ནག་པོ་མདུན་ནས་རོལ། །གཙོ་དང་འཁོར་བཅས་ཡེ་ཤེས་མེ་དཔུང་དབུས། །གཞོམ་མེད་གནམ་ལྕགས་ལས་གྲུབ་རྩེ་ལྔ་པ། །རྡོ་རྗེའི་ལྟེ་བ་ལ་གནས་དེ་ཡི་ཕྱིར། །ཐོད་པ་སྐམ་པོ་ཕྱི་དཀར་ནང་དམར་བ། །མེ་ཀློང་རབ་འབར་ལྷུན་གྲུབ་གཞལ་ཡས་ཁང་། །ཅིས་ཀྱང་མི་ཆོད་མི་ཤིགས་བདེན་སྲ་བརྟན། །གང་ལའང་ཐོགས་དང་ཕམ་པ་མེད་པར་གྱུར། །ཞེས་ནན་ཏན་དུ་གསལ་བཏབ། བཟླས་པ་བྱ་བ་ནི། ཨོཾ་ཐིམ་ཐར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཡི་དམ་གྱི་སྙིང་པོའོ། །ཨོཾ་མ་ཧཱ་གུ་རུ༔ ཨུ་ཧཱ་གུ་རུ༔ ཏྲི་ན་གུ་རུ༔ ནི་ནཱ་ག་ཤ༔ རཾ་རཾ་ཐུལ་ཐུལ༔ ནཱ་ག་ཙིཏྟ་ཕོ༔ ནཱ་ག་ཙིཏྟ་རྦུད༔ ལིང་ཤག་ཐུམ་མྱོགས་སོད༔ གུ་རུའི་ཐུགས་སྔགས་སོ། །ཧབ་ཙེ་ཧབ་ཙེ་ཧཱུྃ་སོད༔ སུ་རུ་སུ་རུ་ཧཱུྃ་སོད༔ སུཾ་ཀ་ཛུཾ་ཀ་ཧཱུྃ་སོད༔ ས་ཏི་ཀ་རུ་ཧཱུྃ་སོད༔ ཐུ་ལ་རཀྴི་ཧཱུྃ་སོད༔ མེ་རུ་ཐུན་ཙེ་ཧཱུྃ་སོད༔ ཁྱུང་སྔགས་སོ། །ཨོཾ་པི་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ༔ ཨོཾ་པི་ཁྲི་ལི་མི་ལི་ཧ་ལ་ཡ་ཡཱ༔ རྒོད་གཡུང་གི་སྔགས་སོ། །དེ་རྣམས་བརྒྱའམ་ཉེར་གཅིག་ཙམ་རེ་བཟླས་ཤིང་། ཨོཾ་ཚི་བརྟུལ་བརྟུལ་རྨུ་ཤི་ཤི་ཧྲཱིཿཀྲི་ཙཀྲ་ཏྲི་སོད་རྦད༔ ཧ་ལ་བྷ་ཡེ་སརྦ་མཱ་ར་ཡ་རྦད༔ རིམས་ནད་ཐམས་ཅད་སྲུངས་ཤིག་བྷྲཱུྃ་ཧཱུྃ་བྷྲཱུྃ་ཧཱུྃ༔ ཞེས་པའང་ཅུང་ཟད་བཟླས། མཐར་ཐལ་མོ་སྦྱར་ཏེ། དེའང་ཡི་དམ་གྱི་སྙིང་པོ་ཕྱེད་ཆ་ཙམ་ཐུགས་སྔགས་བཟླས་པས་མཚོན་རིམ་པར་ཇེ་ཉུང་དུ་བཏང་ནས་བཟླ། སེམས་ཅན་སྒྱུ་ལུས་འཇིགས་པའི་ནད་བྱུང་ཚེ། །མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས། །ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཅི་ནུས་ཀྱིས་གསོལ་བ་བཏབ། སྤྲོ་ཞིང་ནུས་ན་རླུང་རོ་ཕྱིར་འབུད་པའི་ཚེ་ནད་གདོན་བསལ་བ་དང་། ནང་དུ་རྔུབ་པ་ན་སྲིད་ཞིའི་ཚེ་བཅུད་བསྡུ་བའི་དམིགས་པ་དང་སྦྲགས་བུམ་པ་ཅན་ཁ་སྦྱོར་དུ་འཛིན་ཅིང་སྔགས་རྣམས་ཡིད་བཟླས་ཀྱང་བྱ། ཐུན་བསྡུ་བ་ན། སྣང་ཆའི་སྤྲོས་པ་ཐམས་ཅད་འོད་གསལ་གཉུག་མའི་དབྱིངས་སུ་བསྟིམས་ཏེ་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡང་བའི་ཚེ། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བདག་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །འདིའི་དམིགས་གནད་སོགས་རྒྱས་པར་གཏེར་གཞུང་རྩ་བ་དང་། ཆོས་རྒྱལ་དབང་པོའི་སྡེའི་ལྗགས་བསྒྲིགས་རྒྱན་དག་ལས་ཤེས་པར་བྱ་ཞིང་། སྣོད་རུང་གི་དབང་བསྐུར་བ་ཐོབ་ནས་འདི་ཙམ་ཞིག་ཐོ་རངས་མ་ཆག་པར་ཉམས་སུ་བླངས་པས་ཀྱང་སྙིགས་དུས་ཀྱི་གཉན་ནད་པརྦ་ཏ་སོགས་ཡམས་ཐབས་སུ་འགོ་བའི་ནད་རིགས་ཐམས་ཅད་བསྲུང་བར་ཐེ་ཚོམ་མེད་དོ། །གཞན་བསྲུང་ན། ཡུང་བ། བོང་ང་། ཤུ་དག་གསུམ་རིགས་གསུམ་མགོན་པོར་བསྐྱེད་ལ་གོང་གི་སྔགས་ཀྱིས་ངར་བཏགས་ཏེ་དར་ནག་པོའི་ཁུད་དུ་ཐུམ་བུར་བྱས་ལ་མགུལ་དུ་གདགས། ནངས་རེ་བཞིན་ལྟོ་སྟོང་གི་དུས་སུ་སྣོམ་པས་ཐུབ་པར་ངེས་སོ། །འཆི་མེད་བདུད་རྩི་བུམ་པའི་སྒོམ་བཟླས་སྙིང་པོར་དྲིལ་བ་ས་མཔྟ་མཾ་ཐི། ཤུ་བྷཾ།། །།འདི་གཞི་བྱང་བདག་གི་མཛད་པར་འཇམ་མགོན་རིན་པོ་ཆེས་ཅུང་ཟད་ཞལ་བསྐང་མཛད་པ་ཡིན་པར་གསུངས་སོ།།

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་ (Volume 49, Text 29)

འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱཡུརཾ་སྟོཏྲཾ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པའི། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ཀྱིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་འཇོམས། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་པར་རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང་། ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པའོ། །འཆི་མེད་མགོན་པོའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བསྟོད་པའི་མཐུས། །བདག་གི་རྒྱུད་ལ་ངེས་འབྱུང་དང་། །བྱང་ཆུབ་སེམས་གཉིས་རྒྱས་གྱུར་ཅིག །ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་པའི། །ཚེ་མཐའ་ཡས་པའི་ལྷ་སྔགས་དང་། །ཏིང་འཛིན་སྣང་བས་གྲུབ་གཉིས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་ཤོག །རྣམ་སྣང་རྡོ་རྗེ་རིན་ཆེན་དང་། །པདྨོ་ལས་རིགས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བའི། །སྐལ་བཟང་ལྷག་པར་གྲུབ་གྱུར་ཅིག །སྐྱེ་ཀུན་དུག་ལྔས་བསགས་པ་ཡི། །འཚོ་བ་ཐུང་བའི་སྒྲིབ་བྱང་ནས། །རིགས་ལྔ་ཚེ་དཔག་མེད་མགོན་གྱི། །གོ་འཕང་རྒྱུད་ལ་འཇོག་པར་ཤོག །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོའི་རང་བཞིན་ཟིལ་དངར་གྱིས། །འགལ་རྐྱེན་བཀྲུ་ཞིང་བྱང་བ་དང་། །རྡོ་རྗེའི་སྲུང་བ་མཆོག་གྱུར་ཅིག །བདག་གི་སྙིང་དབུས་པདྨོ་དང་། །སྤྱི་བོར་བཞུགས་པའི་ཡེ་ཤེས་ལྷ། །བདེ་འཐུང་བཅུད་དུ་ཞུ་བ་ཡིས། །ལུས་སེམས་འཆི་མེད་གྲུབ་པར་ཤོག །རིན་ཆེན་བདུན་དང་རྫས་བརྒྱད་སོགས། །སྲིད་ཞིའི་འབྱོར་པས་དགེ་བྱས་མཐུས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་བར། །དཔག་མེད་མགོན་པོས་རྗེས་བཟུང་ནས། །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི། །གྲུབ་གཉིས་དགེ་མཚན་འཕེལ་བར་ཤོག །ཅེས་པའི་འདོད་གསོལ་སྨོན་ཚིག་འདིའང་གཞུང་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །། ༈ རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨུཥྞཱི་ཥ་བི་ཛ་ཡེ་སྟོཏྲཾ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆར་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །པད་སྟེང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱ་འོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང་། །གཞུ་དང་མི་འཇིགས་ཕྱག་རྒྱ་དང་། །བུམ་པ་དག་ནི་ལེགས་པར་བསྣམས། །རྣམ་པར་སྣང་མཛད་དབུར་བརྒྱན་ཅིང་། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །བློ་དང་ཚེ་འཕེལ་མཛད་པ་མོ། །པུ་རིའི་ནང་དུ་མཛེས་པར་བཞུགས། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པད་བསྣམས་གཡས་པ་ན། །རྔ་ཡབ་འཛིན་ལ་བདག་ཕྱག་འཚལ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པ་རྔ་ཡབ་མཛེས་འཛིན་པ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་བ། །སྔོ་བསངས་གཡས་ན་རལ་གྲི་འཛིན། །གཡོན་ན་སྡིགས་མཛུབ་སྐྲ་བརྫེས་པ། །སྦྲུལ་རྒྱན་སྟག་གི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་བསངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ནི། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་བསངས་ཀུན་འདུལ་ཁྱོད་ལ་བསྟོད། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཀུན་ཀྱང་སྟག་དང་སྤྲུལ་གྱིས་བརྒྱན། །པདྨ་ཉི་མའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱེད་ལ་བསྟོད། །སྟེང་གི་ཕྱོགས་ན་མཛེས་པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟས་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབ་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ཞིག་ནངས་ནངས་སྔར་ལངས་ཏེ། །བསྟོད་པ་འདི་ཡིས་དུས་ཀུན་ཏུ། །འཁོར་དང་བཅས་ལ་བསྟོད་གྱུར་ན། །བློ་དང་ཚེ་རྣམས་འཕེལ་བ་དང་། །དཔལ་དང་འབྱོར་པའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །གུས་པའི་སེམས་ཀྱིས་སྔར་ལངས་ནས། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །གཙུག་གཏོར་རྣམ་པར་རྒྱལ་མའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཨཱརྻ་ཏཱ་ར་སྟོཏྲཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོཾ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་བསླུ་བའི་རྟོག་པའི་མངོན་རྟོགས་བསྟོད་པར་ཁ་བསྒྱུར་པའོ། །གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་མ་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའང་ངག་དབང་གྲགས་པས་མཛད། འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པ་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། ཁྱེད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་གཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །འདོད་གསོལ་འདི་འབྲོམ་སྟོན་པའི་གསུང་བྱིན་རླབས་ཅན་ཡིན་པར་ཡོངས་སུ་གྲགས་པའོ།། །། ༄༅། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཏ་ཐཱ་ག་ཏཱཔ་རི་མི་ཏཱཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱཛྙེ་སྟོཏྲཾ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་ངོ་མཚར་མཚན་དཔེའི་འཇོ་སྒེག་ཅན། །གདུལ་བྱའི་དབང་པོར་འཚམ་པར་འཇུག་པའི་གསུང་གསང་བརྗོད་བྲལ་ནཱ་དའི་དབྱངས། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་དགྱེས་རོལ་བདེ་ལྡན་ཞིང་གཙོ་ཚེ་མཐའ་ཡས། །གང་མཚན་ནོར་བུའི་དོ་ཤལ་གཡོ་བ་ལུས་ཅན་བསོད་ནམས་རྣ་ལུང་དུ། །དཔྱངས་པ་ཙམ་གྱིས་སྡུག་བསྔལ་གསུམ་གྱི་མྱ་ངན་གྲོང་ལས་དབུགས་འབྱིན་ནས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གི་འདོད་དོན་ཅི་དགར་འཇོ་བ་ཡིས། །རེ་བའི་ཤིང་རྟ་ཕྱུར་བུར་འགེངས་ཕྱིར་སུ་ཞིག་རབ་ཏུ་བསྟོད་མི་བྱེད། །ཆོས་ཀྱི་འབྱུང་གནས་རྣམ་དག་བདེན་སྨོན་སྤྲིན་དཀར་མེ་ཏོག་འཇོ་བ་ལས། །གནས་ངན་ལེན་གྱི་རྡུལ་དང་མི་མཛའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་བཀོད་ཡོན་ཏན་གཅིག་བསྡོམས་ཟ་མ་ཏོག །དག་པ་རབ་འབྱམས་དགའ་ཚལ་དམ་པར་ཕུལ་བྱུང་བསྔགས་འོས་བརྗོད་མི་ལང་། །ཤིན་ཏུ་གཞོན་ཤ་ཆགས་པའི་ལག་མཐིལ་ཛམྦུ་ནཱ་དས་མདངས་པའི་དབྱིག །གང་གི་གཞིར་ཆགས་ཨུཏྤལ་གྱིས་བསྲུངས་མནན་ནེམ་བཏེག་འཕར་ས་འཛིན་ངོས། །ཡན་ལག་བརྒྱད་ལྡན་ཅ་ཅོ་རྣམ་སྤངས་ཞི་བསིལ་བདེན་གཉིས་ཆོས་ཀྱི་སྒྲས། །ཀུན་རྨོངས་མ་རིག་གཉིད་ལས་སད་མཛད་བདེ་འབྱུང་ཆུ་གཏེར་གཡོ་བའི་འགྲམ། །བཻ་ཌཱུརྻ་དང་ཨིནྡྲ་ནཱི་ལ་ཤེལ་དང་མརྒད་ལ་སོགས་པའི། །རིན་ཆེན་སྣ་ཚོགས་མནྡཱ་ར་བ་ཡིད་འོང་གཡོ་བའི་བར་བར་ནས། །གསེར་གྱི་དྲ་བས་རྣམ་པར་སྦྲེལ་གྱུར་དྲི་བཞོན་ཕོ་ཉས་བསྐུལ་བ་ལས། །མཉན་པར་འོས་པའི་སྒྲ་དབྱངས་ཟད་མེད་ཆོག་མི་ཤེས་པར་ཀུན་ཏུ་སྒྲོག །དེ་དག་རྣམས་ཀྱི་ཡལ་འདབ་གཞོན་ནུས་བསྟི་སྟང་བྱས་པའི་དོ་ཀེར་རྩེར། །ཤིན་ཏུ་རབ་སྒེག་ངང་ཚུལ་ཞི་ཞིང་ཕན་ཚུན་རྩེ་བའི་ཤ་ཀུ་ན། །གཙུག་ཕུད་མདངས་ཅན་མ་རྒད་གཤོག་ལྡན་མགྲིན་པའི་རྫ་རྔ་འཁྲོལ་ལ་སོགས། །སྣ་ཚོགས་ཤིང་རྟའི་གླུ་དབྱངས་ལས་ལྷག་རབ་སྙན་རོལ་མོས་ཡོངས་སུ་བཀང་། །དེ་ན་ཐུན་མཚམས་མངའ་བ་མ་ཡིན་ཁོར་ཡུག་འོད་སྣང་ཕྲེང་བས་གཏམས། །མཆོག་ཏུ་མཛེས་པའི་དགའ་ཚལ་ལས་བྱུང་འདོད་པའི་ཡོན་ཏན་གཞལ་དཀའ་བ། །གཞན་འཕྲུལ་དབང་བྱེད་བཀོད་པས་མི་བསྒྲུན་ཕུན་སུམ་ཚོགས་པའི་བདེ་བ་ཆེར། །ངོམས་པ་མེད་པར་ལོངས་སུ་སྤྱོད་ཕྱིར་མཚན་གྱི་སྤྲིང་ཡིག་རྣམ་པར་གསལ། །མདོར་ན་ཀུན་མཁྱེན་ཡེ་ཤེས་ཀྱིས་སྦྱངས་དག་པའི་རྡུལ་བྲལ་སྤྱན་རྣོན་པོས། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་བཙལ་ཀྱང་མཚུངས་ཟླས་དབེན་པར་རབ་གཟིིགས་ནས། །མཆོག་ཏུ་བསྔགས་པའི་སྤྲིན་གྱི་མེ་ཏོག་རྨད་བྱུང་འཇོ་བའི་ངོ་མཚར་ཁུར། །ནོར་འཛིན་བུ་མོས་ཐེག་པར་དཀའ་བའི་དོགས་པས་རིང་དུ་འདར་བ་བཞིན། །གང་ན་རིན་ཆེན་སྣ་ཚོགས་ཕ་གུས་རྣམ་པར་བརྩེགས་པའི་གཞལ་ཡས་ཁང་། །འཆི་མེད་གྲུབ་པའི་གྲོང་ཁྱེར་ལས་ལྷག་བྱང་ཆུབ་ཕྱོགས་ཆོས་ཡོངས་རྫོགས་དབུས། །མདངས་ལྡན་གཞོན་ནུའི་རོལ་སྒེག་གིས་བསྟེན་ནོར་བུའི་བ་གམ་གཡོ་བའི་ཁྲིར། །ལོ་འདབ་གོས་བཟང་མངོན་པར་འཛིན་པའི་ཆུ་སྐྱེས་སར་པའི་འཛུམ་ཕྲེང་གིས། །ཐིག་ལེ་མཆོག་མའི་ལང་ཚོ་སྨ་དབབ་ལྟ་ན་སྡུག་དེའི་དཔལ་འཕྲོག་ཕྱིར། །པདྨའི་རྩ་ལག་ཀུནྡཱའི་བཤེས་ཟུང་དོ་ཟླར་ལྷགས་པའི་དེ་མ་ཐག །གང་གི་ཞལ་བཟང་བལྟ་བས་མི་ངོམས་འོད་ཟེར་བརྒྱ་ཕྲག་གཡོ་བའི་དཔལ། །ཆ་ཤས་ཙམ་ཡང་བཟོད་པར་མ་ནུས་ཞབས་མཐིལ་འཁོར་ལོར་ཡིབས་པ་བཞིན། །བྱེ་རུའི་ལྷུན་པོ་ཉི་གཞོན་འཆར་ཀའི་དྲྭ་བས་མཛེས་པའི་ལང་ཚོ་ལྟར། །ཀུན་ཏུ་རབ་དམར་གཟུགས་སྐུའི་དཀྱིལ་འཁོར་མཐོང་ན་མི་མཐུན་བྲལ་བ་དེར། །མཚན་དཔེའི་འཇོ་སྒེག་གསར་པས་འཁྱུད་གྱུར་འོད་ཟེར་དཔག་མེད་ཕྲེང་བ་ཡིས། །ཕྱོགས་བཅུའི་ཁྱོན་ཀུན་ཡོངས་སུ་རབ་འགེངས་སྒྲིབ་པའི་མུན་པ་རྣམ་པར་བཅོམ། །ཐལ་མོའི་ཨུཏྤལ་དམར་པོ་ཕན་ཚུན་མཉམ་གཞག་གིས་སྦྲེལ་ཆུ་སྐྱེས་སྦུབས། །སྣ་ཚོགས་དར་གྱི་ལོ་འདབ་རབ་གཡོ་པདྨ་རཱ་གའི་ཀེ་ལ་ཤ །སྲིད་ཞིའི་བཅུད་བསྡུས་འཆི་མེད་ཆུ་གཏེར་རིང་འཚོའི་ཟླ་ཤེལ་འཛུམ་དཀར་ཅན། །འགྲོ་ཀུན་ཚེ་ཡི་ཀུ་མུ་དཱ་དཔལ་ཡིད་འོང་དབྱེ་བའི་བྱེད་པོར་གྲུབ། །ཞལ་གྱི་དཀྱིལ་འཁོར་བནྡྷུ་ཛཱི་བའི་འདབ་བརྒྱ་དགོད་པའི་སྤྱན་རས་ཟུང་། །ཀུན་ནས་དཀྱུས་རིང་རྟག་ཏུ་འགྲོ་ལ་རྗེས་སུ་ཆགས་པའི་རོལ་སྒེག་ཅན། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུ་སྣ་ཚོགས་རིན་ཆེན་དྲྭ་བ་ཡིས། །རྣམ་པར་བཅིངས་བྱས་རལ་པའི་གདེངས་ཀ་དགོས་འབྱུང་ནོར་བུའི་རྒྱན་གྱིས་སྤུད། །དབང་པོའི་གཞུ་ལྟར་ཁ་དོག་ཡིད་འོང་ལྕིད་ཀྱིས་ནོན་སྤངས་རེག་བྱ་ཡི། །སྟོད་གཡོགས་སྨད་དཀྲིས་མཛེས་པར་འཆང་ཞིང་དོ་ཤལ་དཔུང་རྒྱན་གདུ་བུ་སོགས། །རིན་ཐང་བྲལ་བའི་རཏྣའི་རྒྱན་དང་མེ་ཏོག་ཕྲེང་བའི་ཚངས་སྐུད་རྣམས། །བྱང་ཆུབ་ཡན་ལག་བདུན་གྱི་མཚོན་བྱེད་གང་སྐུའི་གསང་བར་ཡོངས་སུ་འཛིན། །དེ་ནི་མཐའ་གཅིག་ཁོ་ན་ཉིད་མོད་གཞན་དུ་ཚོགས་གཉིས་ཆུ་གཏེར་ཆེ། །བསྐལ་པར་གོམས་པའི་མནྡཱ་རས་བསྲུབས་ཟག་བྲལ་ཟླ་བའི་ལང་ཚོ་ལ། །སྐྱེ་དང་འབྲི་སོགས་དོན་ལ་མེད་ཀྱང་སྣང་ཚུལ་རྣམ་མང་སྤྲུལ་པའི་གར། །ཉན་རང་སོ་སྐྱེའི་བློ་ལས་འདས་དེར་རབ་གུས་ཀུ་མུད་འཛུམ་ཕྲེང་དགོད། །གསུང་གི་གསང་བ་མཆོག་ཏུ་མི་འགྱུར་སྒྲ་དང་སྒྲ་མིན་རྣམ་དཔྱད་ལས། །ཡོངས་སུ་བརྒལ་ཀྱང་ཐ་དད་རྟོག་པའི་རྗེས་སུ་འགྲོ་བའི་ནཱ་དའི་དབྱངས། །ཡན་ལག་དྲུག་ཅུའི་འཇོ་སྒེག་གིས་འཁྱུད་བདེན་གཉིས་ཆོས་ཚུལ་རྒྱ་མཚོ་ཡིས། །ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་འབྲས་བུའི་ཁུར་གྱིས་ལྕི་ལ་འདུད། །རྟག་ཆད་གདོན་དང་མཛའ་བ་མ་ཡིན་སྤྲོས་པ་ཀུན་བྲལ་དེ་བཞིན་ཉིད། །གཅིག་པུ་ཉིད་མིན་དུ་མ་ལས་འདས་བསམ་གྱིས་མི་ཁྱབ་ཡེ་ཤེས་ནི། །སོ་སོ་ཡང་དག་རིག་པའི་རང་བཞིན་ཇི་ལྟ་ཇི་སྙེད་མཁྱེན་དང་བརྩེའི། །ཐུགས་རྗེའི་རྣམ་རོལ་བྲི་གང་མེད་པར་ལྷུན་གྱིས་གྲུབ་པ་མཆོག་ལ་འདུད། །ཕྱོགས་བཅུའི་ཞིང་བཞུགས་གངྒཱའི་བྱེ་སྙེད་དེ་བཞིན་གཤེགས་པའི་ཚོགས་རྣམས་ཀྱང་། ཁྱོད་ཀྱི་སྤངས་རྟོགས་རྗེས་སུ་བསྔགས་པའི་རོལ་མོ་རྣམ་པར་འཁྲོལ་བ་དང་། །མིག་མི་འཛུམ་དང་གསང་བ་འཛིན་སོགས་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གིས། །སྤྱི་བོས་ཞབས་མཐིལ་འཁོར་ལོ་ལ་བཏུད་ཡོན་ཏན་དཔག་ཡས་དེ་ལ་འདུད། །འདི་ན་སྣ་ཚོགས་ལས་ཀྱི་ཕྱི་བཞིན་རྣམ་པར་འཁྱམས་པའི་འགྲོ་བ་ཀུན། །སྒྲིབ་གཉིས་ཉོན་མོངས་ལིང་ཏོག་གིས་ལྡོང་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར། །བརྩེ་ཆེན་ཐུགས་རྗེའི་ཞགས་པས་འཛིན་ཕྱིར་སྣ་ཚོགས་སྤྲུལ་པའི་ཟློས་གར་ནི། །སེམས་ཅན་ཁམས་དང་མཐུན་པར་འཇུག་པའི་ཕྲིན་ལས་མཆོག་མངའ་ཁྱོད་ལ་འདུད། །དེ་ལྟར་གསེར་གྱི་མངལ་ཅན་བློས་ཀྱང་གཞལ་བར་མི་ནུས་ཡོན་ཏན་ཕུལ། །ཟླ་བས་འཕེལ་བའི་གཏིང་ལས་རབ་ཟབ་ཀུན་གསལ་ཁམས་ལས་རྒྱ་ཆེ་བའི། །རྣམ་པར་ཐར་པ་སོ་སྐྱེའི་ཡིད་ངོར་ཆ་ཤས་ཕྲ་བའང་མི་མཐོང་མོད། །འདིར་ནི་རྟག་ཏུ་དད་པའི་དབང་གྱུར་བསྟོད་ཚིག་རོལ་མོ་གསར་པས་མཆོད། །སྙན་པའི་སྒྲ་དབྱངས་དྲི་བཞོན་དགའ་མ་དལ་བུར་གཡོ་བའི་འཇོ་སྒེག་གིས། །ཀུན་ནས་མཁྱེན་པའི་ཡེ་ཤེས་ཆེ་ལྡན་ཐུགས་རྗེའི་སྤྲིན་དཀར་ལ་འཁྱུད་པས། །རྗེས་སུ་བརྩེ་བའི་སྙིང་རྗེའི་དབང་གྱུར་གློག་ཕྲེང་དོ་ཤལ་གཡོ་བ་དང་། །ལྷན་ཅིག་བདག་བློའི་ཆུ་སྐྱེས་མཛེས་པར་ཕན་བདེའི་བདུད་རྩིས་བརླན་གྱུར་ཅིག །གནས་སྐབས་གང་མཚན་དཔལ་གྱི་དུམ་བུའི་བསིལ་ངད་ལས་ལྷག་ཟླ་གཞོན་ཟེར། །བརྒྱད་གཉིས་འཇིགས་པའི་ཚ་གདུང་གིས་ཉེན་ས་ཡི་གདུ་བུ་ལ་རྩེན་པས། །མི་མཐུན་ཕྱོགས་ཀུན་ཡོངས་སུ་བཅོམ་སྟེ་མཐོ་རིས་ཡོན་ཏན་བདུན་ལ་སོགས། །ལེགས་ཚོགས་འདབ་མའི་འཛུམ་ཕྲེང་གྲོལ་བས་ཀུན་ཡིད་དགའ་བ་སྦྱིན་གྱུར་ཅིག །ཁྱད་པར་སྲིད་དང་ཞི་བར་ཡོངས་ཁྱབ་རིང་འཚོའི་ཆུ་གཏེར་འཕྱུར་བ་ཉིད། ཁྱོད་སྐུའི་འོད་ཟེར་རྣམ་པར་གཡོ་བའི་མནྡཱ་ར་ཡིས་བསྲུབས་པ་ལས། །ཕུན་ཚོགས་བདུད་རྩིའི་སྣང་བས་རབ་མཛེས་འཆི་མེད་གྲུབ་པའི་ཀཏྤུར་དབང་། །རབ་ཏུ་གུས་པས་བསྟོད་པ་ལྷུར་ལེན་སྐལ་བཟང་བདེ་འབྱུང་རལ་རྩེར་སྩོལ། །དེ་མཐུས་འཚོ་བའི་འཁྲི་ཤིང་ཡིད་འོང་གཡོ་མེད་གཅིག་ཏུ་བཙུགས་པའི་མོད། །མི་བགྲེས་ལང་ཚོའི་མེ་ཏོག་འཛུམ་དཀར་ཐར་པ་ཉིན་མོའི་ཕྱོགས་སུ་གྲོལ། །ལུང་རྟོགས་འབྲས་བཟང་ཁུར་གྱིས་རབ་དུད་ལྷ་དང་བཅས་པའི་འགྲོ་ཀུན་ལ། །དགའ་དང་གཏན་བདེའི་ནོར་གྱིས་ཚིམ་བྱེད་ཡོན་ཏན་མཆོག་གིས་ལྕི་བར་ཤོག །གང་སྐུ་ཡིད་འོང་མཚན་དཔེའི་རླབས་ཕྲེང་ལྟ་ན་སྡུག་པའི་ཞིང་ཁམས་བཅས། །རྟག་ཏུ་གསལ་བཏབ་གསང་སྔགས་མཆོག་བཟླས་ཟབ་མོའི་ཏིང་འཛིན་ལ་གཞོལ་ཚེ། །དཔག་མེད་འདྲེན་པ་ཀུན་གྱི་འཁོར་བཅས་བྱེ་རུའི་ཞལ་བཟང་གཡོ་བའི་རྡུལ། །མངོན་སུམ་མིག་གི་བདུད་རྩིར་བཏུང་བས་དོན་གཉིས་ལང་ཚོ་རྒྱས་གྱུར་ཅིག །གཞན་ཡང་ཐོས་བསམ་སྒོམ་པའི་ཆུ་གཏེར་རླབས་ཆེན་འཕྱུར་བ་ལས་ཐོན་པའི། །རྩོད་འཆད་རྩོམ་སོགས་ལུང་རྟོགས་ཆོས་ཚུལ་འོད་ཟེར་འབུམ་ཕྲག་བཞུ་བའི་རྡུལ། །འཁོར་ལོ་གསུམ་ལྡན་དགེ་འདུན་འདུས་པའི་བློ་མཆོག་སྤོབས་པས་གཟུང་བ་ལས། །རྒྱལ་བསྟན་རིན་ཆེན་པདྨའི་དགའ་ཚལ་དར་བབས་གཡོ་བའི་རྒྱུར་གྱུར་ཅིག །ཤིན་ཏུ་དབེན་པའི་ནགས་ཀྱི་སྤྱིལ་པོར་ཀུ་ཤ་འཇམ་པོའི་གདན་གྱི་སྟེང་། །དག་བྱེད་ཁྲུས་བཏུང་དཀའ་ཐུབ་ལ་གནས་དྲང་སྲོང་ཆེན་པོའི་ངང་ཚུལ་ལྟར། །གཅིག་ཏུ་ངེས་འབྱུང་སེམས་ཀྱིས་རབ་བསྐུལ་ཐར་པ་དོན་དུ་གཉེར་རྣམས་ཀྱི། །སྦྱངས་པའི་ཡོན་ཏན་ཆ་ཤས་ཀུན་གང་ངེས་ལེགས་ཐེམ་སྐས་ལ་འཛེགས་ཤོག །ནམ་ཞིག་བདག་གཞན་འདིར་སྣང་རྫོགས་ཏེ་སྲོག་གི་དབང་པོ་སྡུད་པའི་ཚེ། །མགོན་པོ་གང་གིས་དགྱེས་པའི་ཕྱག་གིས་འཁོར་བའི་གཡང་ས་ལས་དྲངས་ཏེ། །ཡོན་ཏན་བཀོད་པ་གཞལ་གྱིས་མི་ལང་དག་པའི་ཞིང་དེར་པདྨོའི་སྦུབས། །མཚན་དཔེའི་ལུས་མཆོག་རྣམ་པར་འཛིན་ནས་ཁྱོད་ཞབས་རྟག་ཏུ་བསྙེན་པར་ཤོག །དེ་ལྟར་བསྟོད་བསྔགས་འོད་ཟེར་ཕྲེང་ལྡན་ཟླ་ཤེལ་མྱུ་གུ་གསར་པའི་གཟུགས། །ཤིན་ཏུ་གུས་པའི་བདེ་འབྱུང་རལ་རྩེར་བྲལ་ཐོབ་སྤངས་པར་སོན་པ་ལས། །ཚེ་བསོད་དཔལ་འབྱོར་ཀུ་མུད་འཛུམ་དཀར་ཡིད་འོང་བྱེ་བའི་དེ་མ་ཐག །རྣམ་པ་ཐམས་ཅད་མཁྱེན་པའི་གེ་སར་རྟག་ཏུ་ལྕི་བ་ཐོབ་པར་འགྱུར། །དེ་ལྟར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་འདི་ནི། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་དང་མཐུན་ཅིང་མངོན་རྟོགས་དག་གི་དོན་དང་ཡང་མི་འགལ་བར་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅོ་བརྒྱད་པར་བྲྀཥབྷ་ཞེས་ཁྱུ་མཆོག་ཟླ་བའི་དགའ་བ་གཉིས་པའི་གྲལ་ཚེས་དགེ་བར་ཡོངས་སུ་གྲུབ་པར་བགྱིས་པའི་དགེ་བས། གནས་སྐབས་ལུས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱི་ཆུ་གཏེར་ལས་བསྒྲལ་ནས་མཐར་ཐུག་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་དབུགས་འབྱིན་ཐོབ་པའི་རྒྱུར་གྱུར་ཅིག། །། ༈ འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻ་ཨུཥྞཱི་ཥ་བི་ཛ་ཡེ་སྟོཏྲཾ་ནཱ་མ། བོད་སྐད་དུ། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བློ་ལྡན་གང་ཞིག་མཚན་ཙམ་འཛིན་ནམ་འོན་ཏེ་ཐོས་པ་དག་གིས་ཀྱང་། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་ཚོགས་ཀུན་ཉེ་བར་བཅོམ་པའི་དེ་མ་ཐག །འཆི་མེད་ཚེ་དང་རྒ་ན་རྒུད་པའི་རྐྱེན་གྱིས་མི་འཕྲོག་ལང་ཚོའི་སྟོབས། །དད་དང་ཤེས་རབ་བསོད་ནམས་འབྱོར་པ་མངོན་དུ་སྩོལ་མཛད་དེ་བསྟོད་བྱ། །གཟོད་མ་ཉིད་ནས་བསྐལ་པ་དུ་མར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཐར་པ་མཆོག་གི་ཆ་ཤས་ཡོངས་གང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །རི་དྭགས་གཞོན་ནུའི་རྟགས་ཀྱིས་མངོན་རོལ་བདེ་གཤེགས་ཆོས་སྐུའི་རྟེན་མཆོག་གི །གཞལ་ཡས་ཁང་ཆེན་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །དེ་དབུས་ཆར་སྤྲིན་དཀར་པོའི་བར་བར་ཨུཏྤལ་དམར་པོས་མདངས་པ་བཞིན། །སྲབ་འཇམ་མཉེན་ལྕུག་མཆོག་ཏུ་ཡིད་འོང་འདབ་སྟོང་རྒྱས་པའི་ཆུ་སྐྱེས་རྩེར། །བརྒྱད་གཉིས་ཆ་ལྡན་རྙོག་པའི་ར་རི་ཀུན་ནས་བྲལ་བའི་དཔལ་དེ་ཡིས། ཁྱོད་ཞབས་འཁོར་ལོའི་རེ་ཁཱས་མཚན་པ་ཉེ་བར་བསྟན་པ་དེ་ལ་འདུད། །གང་སྐུ་སྟོན་ཟླ་ཆ་རྫོགས་འོད་ཟེར་བརྒྱ་སྟོང་བརྩེགས་པའི་དཔལ་ལྟར་གསལ། །སྤྱན་གྱི་གེ་སར་རྣམ་པར་མཛེས་ལྡན་འགྲོ་ལ་རྗེས་སུ་བརྩེ་བའི་གཟུགས། །གནག་སྣུམ་རལ་པའི་ཆུན་པོ་གཡོ་བ་པུཎྜ་རཱི་ཀས་རྣམ་བཅིངས་རྩེར། །ཆོས་དབྱིངས་ཡེ་ཤེས་མཚན་པའི་ཟློས་གར་རིགས་ཀྱི་བདག་པོ་འཛིན་དེར་འདུད། །རྩ་བའི་ཞལ་ནི་ཆུ་ཤེལ་ཇི་བཞིན་གཡས་པ་འཛམ་བུའི་གསེར་གྱི་མདོག །གཅིག་ཤོས་ཨིནྡྲ་ནཱི་ལའི་འོད་ལྟར་ཀུན་ཏུ་སྔོ་བའི་གཟི་བརྗིད་ཀྱིས། །ལོག་འདྲེན་ཚོགས་ཀུན་རྣམ་པར་འཆིང་བའི་ཞགས་པ་ཉིད་དོ་དེ་ལྡོག་པའི། །ཡོན་ཏན་མ་ལུས་མངོན་དུ་འགུགས་བྱེད་དབང་གི་མཆིལ་པ་རྣོན་པོའང་ལགས། །རྣམ་པར་ཐར་པ་གསུམ་དང་ལྡན་པའི་སྤྱན་གྱི་ཡེ་ཤེས་མེ་བོ་ཡིས། །སྡུག་བསྔལ་གསུམ་གྱི་གཅོང་རོང་གཏིང་ཟབ་འཁོར་བའི་ཚང་ཚིང་བསྲེགས་ནས་སླར། །དུས་གསུམ་ཀུན་ཏུ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྣང་བ་དེས། ཁམས་གསུམ་འཛིན་པའི་རབ་རྨོངས་མུན་པ་ཡོངས་སུ་བསལ་མཛད་དེ་ལ་འདུད། །ཕྱག་གི་དཀྱིལ་འཁོར་བརྒྱད་ཀྱི་གཡས་པར་ཕྲིན་ལས་བཞི་སྟེར་རྡོ་རྗེ་དང་། །པདྨ་དཀར་པོའི་ཞབས་མཐིལ་མངོན་བསྟེན་བཅོམ་ལྡན་འོད་སྣང་མཐའ་ཡས་ཚེ། །དུས་མ་ཡིན་པའི་ཉི་བུའི་སྙིང་འབིགས་མྱུར་དུ་འགྲོ་བའི་མཚོན་ཆའི་དབལ། །ཐར་པའི་དཔལ་ཀུན་ཡོངས་སུ་སྟེར་བྱེད་མཆོག་སྦྱིན་ཕྱག་རྒྱས་མཛེས་དེར་འདུད། །གཅིག་ཤོས་དང་པོར་བགེགས་ཀྱི་ཚོགས་ཀུན་གཟིར་དང་འགུགས་པའི་སྡིགས་མཛུབ་ཞགས། །སྙིང་རྗེ་ཆེན་པོས་འགྲོ་ཀུན་སྡུད་མཛད་ཤེས་རབ་མཆོག་གི་རཏྣའི་གཞུ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་དབུགས་འབྱིན་ཐར་པའི་དཔལ་སྟེར་མི་འཇིགས་རྒྱ། །ལས་དང་ཉོན་མོངས་སྒྲིབ་གཉིས་འཁྲུད་མཛད་བདུད་རྩིའི་བུམ་བཟང་འཛིན་དེར་འདུད། །བརྟེན་པ་མེད་པར་མཁའ་དབྱིངས་ལ་ཤར་དབང་པོའི་གཞུ་ཡི་ཞུན་མ་ཡིས། ཁ་དོག་བསྒྱུར་འདྲའི་ལྷ་རྫས་རེག་བྱ་ལྕིད་ཀྱིས་སྤངས་པའི་ཤམ་ཐབས་དང་། །ག་པུར་འཛིན་པའི་ཚོན་གྱིས་མངོན་བསྒྱུར་སྟོད་གཡོགས་སར་པས་མཛེས་བྱས་ཤིང་། །ཡན་ལག་འཁྲི་ཤིང་རིན་ཆེན་དྲྭ་བའི་རྒྱན་གྱིས་ཀུན་ཏུ་སྤྲས་ལ་འདུད། །འཁོར་གྱི་ཚོགས་ནི་སྙིང་རྗེའི་གཏེར་འཛིན་འཕགས་པ་མཆོག་དང་གསང་བའི་བདག །བསྡུ་དངོས་བཞི་ཡི་རང་བཞིན་ལས་སྐྱེས་ཉོན་མོངས་བདུད་དགྲ་ཀུན་བཅོམ་པའི། །མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དབྱུག་སྔོན་བཟུང་དང་སྟོབས་པོ་ཆེ། །མེ་ཏོག་ཕྲེང་འཛིན་གཙང་རིས་ལྷ་བུ་གཞོན་ནུ་གཉིས་བཅས་ཀུན་ལ་འདུད། །གང་ཞིག་ཀུན་ཏུ་ཉེ་བར་རབ་ཞི་གདོད་ནས་རྣམ་དག་ཡེ་ཤེས་ནི། །སྣ་ཚོགས་གཟུང་འཛིན་སྤྲོས་པ་ཀུན་བྲལ་འོད་གསལ་དབུ་མའི་ཆོས་ཉིད་ཅན། །འཕོ་འགྱུར་མེད་བཞིན་གང་འདུལ་མཛད་པ་ལྷུན་གྱིས་གྲུབ་པར་རྟག་འཇུག་པའི། །ཟག་བྲལ་མཆོག་གི་ཡོན་ཏན་གྱིས་དགྱེས་གཙུག་ཏོར་ཆོས་ཀྱི་སྐུ་ལ་འདུད། །སྨོན་ལམ་སྟོབས་ཀྱིས་མངོན་པར་བསྐྱེད་བསྲིངས་དཔག་ཡས་དག་པའི་ཞིང་ཁམས་སུ། །རྨད་བྱུང་ཚོགས་གཉིས་བྱེད་པོས་རབ་བསྐྲུན་མཚན་དཔེའི་འོད་ཟེར་དྲྭ་བ་ཡིས། ཁྲག་ཁྲིག་བདུད་ཀྱི་མུན་པ་ཕམ་བགྱིད་གདུལ་བྱའི་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པར་དགའ་བས་ཚིམས་མཛད་གཙུག་ཏོར་ལོངས་སྤྱོད་རྫོགས་ལ་འདུད། །འགྲོ་འདིའི་ཀུན་རྟོག་རྒྱ་མཚོའི་རླབས་བཞིན་ཐ་དད་བར་མེད་མངོན་འཕྱོ་བ། །རྒ་ན་འཆི་དང་སྐྱེ་བ་ལ་སོགས་སྡུག་བསྔལ་འཛིན་ཁྲིའི་གྲོང་ཁྱེར་ཅན། །དེ་ལས་སྣ་ཚོགས་ཐབས་ཚུལ་དུ་མའི་མཛད་པ་དཔག་ཡས་རིན་ཆེན་གྲུས། །ཞི་བདེ་ཐར་པའི་གླིང་དུ་འདྲེན་མཛད་གཙུག་ཏོར་སྤྲུལ་པའི་སྐུ་ལ་འདུད། །འོད་སྣང་མཐའ་ཡས་ཚེ་དཔག་མེད་མགོན་གཙུག་ཏོར་གདེངས་ཀའི་ཆུ་གཏེར་ལས། །ཐབས་དང་ཤེས་རབ་མི་ཕྱེད་འདྲེས་གྱུར་ཐུགས་རྗེ་ཆེན་པོའི་ཟླ་ཤེལ་དབང་། །མངོན་པར་མཐོན་གང་ཕན་དང་བདེ་བའི་འཛུམ་ཟེར་གསར་པའི་འཇོ་སྒེག་གིས། །སྲིད་པའི་མུན་ནག་ཕུང་པོར་རྣམ་རྒྱལ་ཞི་བའི་ཀུ་མུད་བཞད་དེར་འདུད། །གང་གསུང་སྒྲ་དང་ཚིག་གིས་མི་མཚོན་ལུང་རྟོགས་ཆར་སྤྲིན་རོལ་མོ་ནི། །སྐལ་བཟང་གཉིས་སྐྱེས་རྣ་བའི་བཅུད་ལེན་རྟག་པར་སྦྱིན་པའི་དེ་མ་ཐག །བྱང་ཆུབ་སྤྱོད་པའི་སྒྲོ་གཤོག་ཟླུམ་པོས་གྲུབ་གཉིས་རོལ་གར་བསྒྱུར་བ་དང་། །ལྷན་ཅིག་རྣམ་གྲོལ་མཆོག་གི་མངལ་ཁུར་མངོན་པར་འཛིན་མཛད་དེ་ལ་འདུད། ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐོར་ཚུགས་རིན་ཆེན་དྲྭ་བས་སྤ་བ་དེར། །ཞབས་མཐིལ་བཀོད་ལ་ངོ་མཚར་ཅི་ཞིག་དེ་ཀུན་འདྲེན་པའི་རྒྱལ་བ་ཡིས། །ཐུགས་རྗེ་སྐུལ་མཛད་ཡེ་ཤེས་རབ་བསྐྱེད་ཡུམ་གྱུར་ཤེས་རབ་ཕར་ཕྱིན་དང་། །གཉིས་སུ་མ་ཡིན་མཉམ་པར་བཞུགས་པའི་ངོ་མཚར་མཆོག་དེར་བསྟོད་པར་བགྱི། །རྟག་ཏུ་མི་འབྲལ་ཏིང་འཛིན་བྱེད་པོས་ཁྱོད་སྐུ་རབ་མཛེས་ལྷུན་སྟུག་པ། །ཡིད་ཀྱི་ཐིག་ལེར་རོ་གཅིག་བཀོད་ཅིང་གྲགས་སྟོང་གསང་སྔགས་རོལ་མོ་ནི། །མགྲིན་པའི་རྒྱན་དུ་བར་མེད་འཁྲོལ་བས་དགྱེས་པའི་སྤྱན་ཟུར་གཡོ་བའི་འོད། །གུས་པ་ཆེན་པོའི་ཆུ་སྐྱེས་རྩེར་སོན་དགེ་མཚན་འདབ་བརྒྱ་དགོད་པར་ཤོག །བརྟན་གཡོའི་འབྱུང་ལྔའི་དྭངས་མ་ཀུན་དང་ཕུན་ཚོགས་རིང་འཚོའི་ཟིལ་དངར་གྱིས། །སྲོག་གི་མདུད་པ་དམ་པོར་བཅིངས་གྱུར་ལྷ་དང་དྲང་སྲོང་གྲུབ་པའི་སྡེ། །སྐྱེ་སོགས་བརྒལ་དཀའི་ཕ་མཐར་སོན་པའི་སྲས་བཅས་རྒྱལ་བའི་ཐུགས་རྗེའི་དཔལ། །ཀུན་ནས་བསྡུས་ཏེ་རྣལ་འབྱོར་ལ་བརྩོན་སྐལ་བཟང་འགྲོ་ལ་རྒྱ་ཆེར་སྩོལ། །དེ་མཐུས་མི་བགྲེས་ལང་ཚོའི་སྟོབས་ཀྱིས་གཉིས་འཐུང་དབང་པོ་ཟིལ་གནོན་ཅིང་། །བསྲུབས་སྐྱེས་བདུད་རྩིའི་བཅུད་ལེན་གྲུབ་བཞིན་བསྐལ་པར་མི་ཤིགས་རྡོ་རྗེའི་སྲོག །ཚེ་གྲངས་མེད་པར་ཀུན་ནས་ཐོབ་པའི་ལྷ་ཡི་ཚལ་སྐྱེས་གོ་བི་དཱ། །བསོད་ནམས་ཡེ་ཤེས་ལོ་འདབ་རབ་གཡོ་མཆོག་གི་འབྲས་བུ་འཛིན་པར་ཤོག །ཁྱད་པར་དུས་མིན་འཆི་བའི་འཇིགས་སྟེར་ཤ་ཟ་ཁྲོས་པའི་གདོང་པ་ལྟའི། །ནད་ཀྱིས་འཚེ་དང་རྒྱལ་པོའི་ཆད་པ་གཅན་གཟན་ཆུ་གཏེར་འཁྲུགས་པའི་རླབས། ཆོམ་རྐུན་བྲང་འགྲོ་སེང་གེ་ཁྲོས་དང་གཉིས་འཐུང་ལ་སོགས་གདུག་པའི་རྐྱེན། །ཐུགས་བརྩེའི་ཤུགས་ཀྱིས་མྱུར་དུ་བཅོམ་ནས་བདེ་བའི་གོ་སར་སོན་གྱུར་ཅིག །ལམ་གསུམ་འགྲོ་བས་རྟག་པར་བཀྲུས་ཀྱང་ཅུང་ཟད་དག་པའི་སྐབས་བྲལ་ཞིང་། །ལྷ་ཡི་དབང་པོའི་ལག་ན་ཉལ་བའི་རྡོ་རྗེའི་མཚོན་གྱིས་བརྡར་བས་མིན། །ཤིན་ཏུ་གནག་པའི་ལས་ཀྱི་མུན་པས་མཐའ་མེད་འཁོར་བར་འཕྱན་གྱུར་གང་། ཁྱོད་ཞལ་དྲན་ཅིང་རིག་སྔགས་བཟླས་པའི་ཟླ་བའི་ཟེགས་མས་མྱུར་བཅོམ་མཛོད། །སྔོན་བྱུང་སྐབས་གསུམ་གྲོང་ཁྱེར་ལ་རྩེན་ཤིན་ཏུ་བརྟན་པར་དུས་མིན་གྱི། །འཆི་དང་ལས་ཀྱིས་སྡུག་བསྔལ་ཕུང་པོར་མངོན་པར་འཇུག་ཐོས་དེ་ཡི་ཚེ། །ཀུན་ནས་གདུང་བའི་སྤྲིན་བཞོན་བསྐུལ་ཏེ་བཅོམ་ལྡན་འདས་ལ་གསོལ་བའི་མོད། ཁྱོད་ཀྱི་རིགས་སྔགས་བསྟན་ནས་ཞི་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། །འདི་ན་པདྨ་གཞོན་ཤ་ཆགས་པས་འགྲམ་པའི་འཇོ་སྒེག་བསྟེན་བྱས་པའི། །རི་དྭགས་ཚོགས་རྣམས་ནགས་ན་རོལ་བཞིན་རྣལ་འབྱོར་ལ་བརྩོན་འཁོར་བཅས་ཀྱང་། །བས་མཐའི་གནས་མཆོག་ཤིན་ཏུ་ཉམས་དགར་ཤིང་ཤུན་འཇམ་པོའི་ཁང་བཟང་དབུས། །སྦྱངས་ཡོན་བཅུ་གཉིས་ཚུལ་བཞིན་སྤྱོད་ནས་སྲོག་གི་ལྷག་མ་དོན་ལྡན་ཤོག །སྟོང་ཉིད་སྙིང་རྗེའི་ཤིང་རྟའི་དབང་གྱུར་ཁྱོད་ཞབས་པདྨའི་རྩ་ལག་གིས། །བརྒྱད་གཉིས་འཇིགས་པའི་མུན་པ་རབ་ཞི་རིག་པའི་བློ་དང་བསོད་ནམས་དཔལ། །དད་ནོར་གཏོང་སོགས་ཡོན་ཏན་བདུན་ལྡན་ཨུཏྤལ་གཞོན་ནུ་ཉེར་རྒྱས་ཤིང་། །ལེགས་ཚོགས་དབང་གྱུར་ཚུལ་མིན་ཀུ་མུད་ཀུན་ནས་ཀུན་ཏུ་ཟུམ་པར་མཛོད། །ནམ་ཞིག་འདི་སྣང་ནུབ་པར་གྱུར་ཚེ་གང་གི་ཐུགས་རྗེའི་ཕྱག་སོར་གྱིས། །དགྱེས་པར་བཟུང་ནས་ཉམ་ངའི་འཕྲང་ལས་དབུགས་འབྱིན་སྩོལ་བའི་དེ་མ་ཐག །ཆུ་སྐྱེས་གཞོན་ནུའི་མངལ་ལས་གྲོལ་བའི་དག་པའི་ལུས་མཆོག་འཛིན་པའི་མོད། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་མགོན་པོ་དེ་ཡི་ཞལ་མཐོང་ཤོག །དེ་ལྟར་གུས་པས་གསོལ་བ་བཏབ་ཅིང་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ། །ངག་གི་གདུང་དབྱངས་མགྲིན་པར་བརྩེགས་ནས་ཡིད་ཀྱིས་ཉིན་མཚན་བར་མེད་དུ། །འཕགས་མ་གང་གི་ཡོན་ཏན་ལ་དད་བསྟོད་པའི་རྒྱལ་པོ་འདི་བཀླགས་པས། །ཇི་སྐད་གསུངས་པའི་དོན་རྣམས་གྲུབ་སྟེ་སྐལ་པ་བཟང་ལྡན་སྐྱེ་བོར་འགྱུར། །དེ་ལྟར་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་འདི་ནི་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ། བློ་གསལ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་ལེགས་པར་སྦྱར་བ་འདིས་ཀྱང་བླ་ན་མེད་པའི་དགེ་མཚན་དམ་པ་རྨད་དུ་བྱུང་བ་འབྱུང་བར་གྱུར་ཅིག། །། ༈ རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻ་ཏཱརཱཙིཏྟཱཙཀྲེ་སྟོཏྲཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ན་སྣ་ཚོགས་ལས་ཀྱི་འཁྲི་ཤིང་མཐའ་མེད་བཙུགས་ཀུན་སྡུག་བསྔལ་ཁུར། །བརྒྱ་ཕྲག་འབྲས་བུའི་ངལ་བས་གཙེས་བྱས་དེ་ཚེ་འཕགས་མ་གང་གི་མཚན། །འཛིན་པ་ཡིས་ཀྱང་བྱུང་དང་འབྱུང་འགྱུར་འཇིགས་པའི་ཆུ་གཏེར་བསྒྲལ་མཛད་ཕྱིར། །དེ་ཉིད་ཁོ་ནར་བསྟོད་པའི་ཚིག་འདི་བློ་ལྡན་སུ་ཞིག་འཛིན་མི་བྱེད། །གང་ན་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་ཚོགས་ཀྱི་དགའ་ཚལ་ནི། །མནན་ནེམ་བཏེག་འཕར་རཏྣའི་ས་གཞི་བཻ་ཌཱུརྻ་ཡི་བྲག་རིས་བརྗིད། །དྭངས་པའི་རོལ་མཚོར་པུཎྜ་རཱི་ཀའི་དྲྭ་བས་སྦྲེལ་བའི་བར་བར་དུ། །དབང་པོའི་བྱ་ཚོགས་ཁ་དོག་སྣ་ཚོགས་ཡིད་འོང་སྙན་པའི་སྒྲ་སྒྲོག་དེར། །རིན་ཆེན་ལྗོན་ཤིང་བལྟ་ན་ལྷུན་སྟུག་ཡལ་འདབ་གཡོ་བའི་བསྟི་སྟང་གིས། །རྟ་བབས་བསྟེན་འདྲའི་གཞལ་མེད་ཁང་ཆེན་བཀོད་པས་ཁྱད་པར་གྱུར་པ་གང་། །སྒྱུ་མའི་ཟློས་གར་རྩེ་བ་ཇི་བཞིན་སྒོ་འཕར་གཡོ་བའི་དཔལ་དེ་ཡིས། །ཏིང་འཛིན་བརྒྱ་ཕྲག་དུ་མ་ཐོབ་བྱེད་ལྷ་ཡི་སྐྱེད་ཚལ་ལས་འཕགས་དབུས། །རབ་མཛེས་གཞོན་ནུའི་མཆུ་སྒྲོས་ལས་ལྷག་ཨུཏྤལ་དཀར་པོའི་འདབ་མ་ཡི། །འཛུམ་ཕྲེང་དགོད་པ་ཆུ་གཏེར་ལ་ཞུགས་ཉིན་མོའི་ཕྱོགས་ཀྱིས་སྨད་བྱས་པར། །གཅིག་ཤོས་འོད་ཟེར་ཕྲེང་བས་མངོན་བསུས་རང་དྲིན་དྲན་པས་འདེགས་རྩོམ་ཚེ། ཁྱོད་ཞབས་སྙིང་རྗེའི་གཞོན་ཤ་ཆགས་དེའི་འབབ་སྟེགས་གཅིག་ཏུ་གྱུར་པ་བཞིན། །ག་པུར་འཛིན་པའི་འོད་རིས་ཀྱིས་ཕྱེ་ཀུ་མུད་འཛུམ་ཕྲེང་གཡོ་བ་དང་། །ཆུ་འཛིན་གཞོན་ནུའི་བླ་བྲེ་ལས་བྱུང་ཁ་བའི་རྡུལ་བརྩེགས་ཀཻ་ལ་ཤས། །མཚོན་པ་མ་ཡིན་ཁྱོད་སྐུ་རབ་མཛེས་རྡུལ་གྱི་ཐིག་ལེའི་ལང་ཚོ་ལ། །མཚན་དཔེའི་ཡོན་ཏན་རི་དྭགས་ཀྱིས་འཁྱུད་ཀུན་རྨོངས་མ་རིག་སེལ་ལ་འདུད། །ཕྱག་གཡས་ལྕུག་ཕྲན་གཞོན་ནུའི་འཁྲི་ཤིང་མཆོག་སྦྱིན་བསིལ་ཡབ་དམ་པ་དེར། །གཟུང་འཛིན་འཁྲུལ་པའི་མྱ་ངམ་ཐང་ལ་མཐའ་མེད་འཁྱམས་གྱུར་སྲིད་པའི་འགྲོ། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་གསུམ་གྱི་ཚ་གདུང་དག་ལས་དབུགས་འབྱིན་ནས། །དགའ་དང་གཏན་བདེའི་ངལ་བསོ་སྦྱིན་མཛད་ཐུགས་རྗེ་བརྩེ་ལྡན་ཁྱོད་ལ་འདུད། །གཡོན་པས་རིན་ཆེན་རྣམ་གསུམ་མཚོན་བྱེད་ཕྱག་རྒྱ་དང་བཅས་མཐེབ་སྲིན་གྱིས། །སྙིང་རྗེའི་བདུད་རྩིས་མངོན་པར་ཕྱེ་བའི་པུཎྜ་རཱི་ཀའི་མེ་ཏོག་གསར། །ལོ་འདབ་དང་བཅས་རབ་ཏུ་སྒེག་པར་འཛིན་དེས་སྐལ་བཟང་སྐྱེ་བོ་ལ། །ཐར་པ་མཆོག་གི་བཅུད་ལེན་སྦྱིན་མཛད་ཀུན་ནས་ཞི་མ་ཁྱོད་ལ་འདུད། །གནས་སྐབས་བྱང་ཆུབ་ཡན་ལག་བདུན་ལྡན་འདྲེན་བྱེད་ཟིམ་བུའི་འཇོ་སྒེག་གིས། །མངོན་པར་མཐོ་བའི་གོ་འཕང་ཆེན་པོ་ནེམ་ནུར་མེད་པར་སྦྱིན་པ་དང་། །ཆབས་ཅིག་མཐར་ཐུག་སྐུ་བཞིའི་འབྱོར་པ་རྨད་དུ་བྱུང་བའི་རྒྱལ་སྲིད་ལ། །མཆོག་ཏུ་དབང་བསྒྱུར་ཕྲིན་ལས་སྩོལ་མཛད་ཀུན་མཁྱེན་མ་ཁྱོད་ལས་གཞན་སུ། །ཤིན་ཏུ་ཞི་ཞིང་འཛུམ་པའི་བཞིན་ཅན་སྣ་ཚོགས་འོད་ཟེར་ཕྲེང་བས་མཛེས། །ལྕིད་ཀྱིས་ནོན་སྤངས་ལྷ་རྫས་མཆོག་གི་སྟོད་གཡོགས་སྨད་དཀྲིས་རབ་འཆང་ཞིང་། །ཐ་དད་རིན་ཆེན་དྲྭ་བར་འབྲེལ་བ་ཕྱག་ཞབས་མགུལ་པར་སྤྲས་པ་དེས། །འགྲོ་ལ་མི་འཇིགས་སྦྱིན་པ་སྟེར་བའི་ཡོན་ཏན་མངའ་བ་ཁྱོད་ལ་འདུད། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུའི་འོད་ཟེར་གྱིས་བོས་རིགས་ཀྱི་བདག །མི་བགྲེས་སྐྱེ་འཆིའི་རྟོག་པ་རྣམ་སྤངས་ཚེ་དང་ཡེ་ཤེས་དཔག་མེད་པའི། །ཞབས་མཐིལ་བཅིངས་པས་འགྲོ་ཀུན་འཆི་མེད་བདེ་བའི་བཅུད་ལེན་སྦྱིན་པ་དེ། །གེ་སར་ཉིད་ཡིན་གཞན་དུ་སྲིད་ན་འདུ་འབྲལ་དབྱེན་གྱིས་ཕྱེད་མི་འགྱུར། ཁྱོད་སྐུ་རབ་མཛེས་ཀུན་ཏུ་ཞི་ཞིང་རྣམ་པར་དག་པའི་དཔལ་དེ་ཡི། །གཟི་བྱིན་འགོག་ཕྱིར་བཅུ་དྲུག་ཆ་ལྡན་དོ་ཟླར་འོངས་པའི་དེ་མ་ཐག །ཅུང་ཟད་ཙམ་ཡང་བསྒྲུན་པར་མ་བཟོད་སླར་ཡང་ངོ་ཚའི་གྲིབ་མ་རུ། །མངོན་པར་ཡིབས་དེས་རྒྱབ་ཡོལ་མཛད་པའི་ངོ་མཚར་མཆོག་ལྡན་དེ་ལ་འདུད། །ཆོས་ཀུན་གཟོད་ནས་བདག་གིར་མ་བཅིངས་རྣམ་ཐར་གསུམ་ལྡན་མཁའ་འདྲའི་དབྱིངས། །མཚན་རྟོག་སྤྲོས་པའི་སྦུབས་སུ་མི་གནས་ཡང་དག་དབུ་མའི་ལམ་རིག་པས། །གཉིས་སྣང་རྟོག་པའི་ཕ་མཐར་བརྒལ་ཀྱང་བདེ་ཆེན་སྙིང་རྗེའི་འཇོ་སྒེག་ཅན། །ཟུང་འཇུག་དབྱེར་མེད་རྣམ་ཀུན་མཆོག་ལྡན་འོད་གསལ་ཆོས་ཀྱི་སྐུ་ལ་འདུད། །གང་གི་རང་བཞིན་གཡོ་བ་མེད་ཀྱང་སྟོང་གཟུགས་སྒྱུ་མའི་རོལ་མོ་ནི། །ཟག་བྲལ་བདེ་བ་མཆོག་གིས་རྒྱས་བཏབ་ཀུན་ཏུ་མཉམ་པར་སྦྱར་བ་ཡིས། །འོག་མིན་གནས་སུ་མཚན་དཔེའི་རོལ་གར་སྒྱུ་འཕྲུལ་དྲྭ་བའི་རྣམ་པ་ཅན། །དག་པའི་གདུལ་བྱའི་ཚོགས་རྣམས་སྨིན་མཛད་ལོངས་སྤྱོད་རྫོགས་སྐུ་ཁྱོད་ལ་འདུད། །འདི་ན་བློ་མིག་ཉོན་མོངས་ཀྱིས་ལྡོངས་སྣ་ཚོགས་རྟོག་པར་འཕྱན་པའི་འགྲོ། །སྐད་ཅིག་རེར་ཡང་དེ་སྙེད་བརྩེ་བའི་ཟློས་གར་ཟད་མེད་བསྒྱུར་བ་ཡིས། །ལམ་གྱི་སྟེགས་དང་ལམ་དང་ལམ་གྱི་འབྲས་བུར་སྦྱོར་བར་མཛད་པའི་དཔལ། །ཚད་མེད་འཇུག་པ་དུས་ལས་མི་ཡོལ་སྤྲུལ་པའི་སྐུ་མངའ་ཁྱོད་ལ་འདུད། །རིན་ཐང་བྲལ་བའི་རཏྣས་གཙུག་ཕུད་དམ་པོར་བཅིངས་བྱས་འཇིག་རྟེན་ན། །གྲགས་པའི་དཔལ་ནི་ཉི་མ་ལྟར་གསལ་དེ་དག་གིས་ཀྱང་ཁྱོད་ཞབས་ལ། །བཏུད་པར་མཛད་པའི་ངོ་མཚར་འགོག་ཕྱིར་དུས་གསུམ་རྒྱལ་བ་སྲས་བཅས་ཀུན། །སྐྱེད་པའི་ཡུམ་གཅིག་ཤེས་རབ་ཕར་ཕྱིན་མཆོག་གི་སྐུ་རུ་བསྟན་ལ་འདུད། །ཤིན་ཏུ་རབ་མཛེས་ཆུ་སྐྱེས་གཞོན་ནུའི་དཔལ་ལྟར་གསལ་བའི་མཚན་དཔེའི་གཟུགས། །སྙིང་རྗེའི་དྲི་བསུང་མངར་པོས་ཕྱོགས་ཀུན་ཡོངས་སུ་འགེངས་བྱས་དེ་ཡི་མཐུས། །བྱང་སེམས་ལྷ་དབང་དྲང་སྲོང་གྲུབ་པའི་འཁོར་ཚོགས་རཿཡིག་གཉིས་པའི་སྤྲིན། །གྲངས་མེད་རོལ་སྒེག་རྣམ་པར་གཡོ་བས་གསུང་གི་བཅུད་ལེན་བཏུང་ལ་འདུད། །དེ་ལྟར་རབ་སྙན་བསྟོད་ཚིག་དྲི་བཞོན་དལ་བུར་རྒྱུ་བའི་ཕོ་ཉ་ཡིས། །སྤྲོས་བྲལ་ཀུན་གསལ་གཞོན་ནུར་རབ་ཆགས་མཁྱེན་བརྩེའི་སྤྲིན་དཀར་འཛུམ་ཞལ་ལ། །རྣམ་པར་འཁྱུད་པས་རྗེས་སུ་གཟིགས་པའི་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང་གིས། །བདག་སོགས་གུས་པའི་བ་ཀུ་ལར་རེག་ཕན་བདེའི་འདབ་ཕྲེང་གྲོལ་མཛོད་ཀྱེ། །གནས་སྐབས་བསོད་ནམས་མ་ཡིན་ཆང་གི་བཏུང་བས་མྱོས་པའི་སྣ་ཞགས་ཅན། །བརྒྱད་གཉིས་འཇིགས་པའི་མཚོན་འཁོར་གཡོ་བས་བདག་གཞན་སྡུག་བསྔལ་གསུམ་ལྡན་གྱི། །ཟུག་རྔུའི་ཚོར་བས་རྣམ་པར་འཆིང་བྱེད་ཐུགས་རྗེའི་མཆིལ་པས་དབང་བསྡུས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་བདག་ཉིད་བདེ་བའི་ཤུལ་ལམ་ལ་ཞུགས་མཛོད། ཁྱད་པར་དུས་མིན་འཆི་བའི་རླབས་ཕྲེང་མི་བཟད་ལྡན་པའི་སིནྡྷུའི་བདག །མ་རུངས་འབྱུང་པོ་རལ་གྲིའི་སོ་ཅན་སྣ་ཚོགས་ཀུན་གྱིས་གང་བ་དེར། །བསྟི་བར་ཕྱོགས་ཚེ་ཁྱོད་ཀྱི་ཐུགས་རྗེའི་ཆུ་གཏེར་ལམ་ལས་ལེགས་བསྐྱོད་ནས། །འཆི་མེད་བདེ་ལྡན་རིན་ཆེན་གླིང་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྟག་ཏུ་གང་སྐུའི་ཤར་གྱི་ཐིག་ལེ་རབ་གུས་བདེ་འབྱུང་གཙུག་ཏོར་རྩེར། །སྣང་སྟོང་ཟུང་འཇུག་འཁོར་ལོར་བསྒོམས་ནས་གསང་སྔགས་འབྲུ་བརྒྱད་འབར་བའི་མོད། །དུས་ཀུན་སྙིང་གི་ཀུནྡཱར་བརྟེན་ལས་རིང་འཚོའི་བཅུད་ལེན་གྲུབ་པ་དང་། །ལྷན་ཅིག་དགྱེས་ཞལ་རྣམ་པར་གཡོ་མཐོང་ལུང་བསྟན་དབུགས་དབྱུང་སྩོལ་བར་མཛོད། །གཞན་ཡང་ཕན་བདེའི་རྩ་ལག་གཅིག་གྱུར་རྒྱལ་བསྟན་འཛིན་པའི་ཨུཏྤ་ལ། །ལུང་རྟོགས་ཉིན་མོའི་འོད་ཟེར་ལ་ཕྱོགས་རིག་གྲོལ་འཛུམ་ཕྲེང་དགོད་པ་རྣམས། །སྐྱེ་རྒུའི་དད་པའི་ཐོར་ཚུགས་རྩེར་བཀོད་དེ་མཐུས་སྣོད་བཅུད་ཐམས་ཅད་ལ། །སླར་ཡང་རྫོགས་ལྡན་གསར་པའི་དགའ་སྟོན་ནུབ་པ་མེད་པར་སྦྱིན་གྱུར་ཅིག །ནམ་ཞིག་འདིར་སྣང་ཟད་པར་གྱུར་ཚེ་འབྱུང་བཞི་འདུས་པའི་ཡིད་ཀྱི་ལུས། །རབ་ཏུ་འཇིགས་བཅས་འཐོར་རླུང་གིས་བསྐྱོད་རྣལ་དུ་གནས་མིན་དེ་ཡི་ཚེ། །ཀུན་ནས་བརྩེ་ལྡན་འཕགས་མ་ཁྱོད་མཐོང་ཐུགས་རྗེའི་ར་བར་བཟླུམས་པ་ལས། །དག་པའི་ཞིང་དུ་དབུགས་འབྱིན་མཛད་ནས་གནས་ངན་ལེན་པ་ཡོངས་སྤོང་ཤོག །མཐར་ཐུག་བློ་ཡིས་གཞལ་བར་མི་ནུས་ཡོན་ཏན་རིན་ཆེན་ཡོངས་ཀྱི་མཛོད། །དྲན་པས་སྲིད་ཞིའི་དགོས་འདོད་ཀུན་འབྱུང་རྒྱལ་བའི་ཡུམ་གཅིག་ཁྱོད་བཞིན་དུ། །སྤངས་རྟོགས་ཕུན་ཚོགས་འགྲོ་ཀུན་སྒྲོལ་མཛད་གོ་འཕང་མཆོག་དེར་མྱུར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཕ་མཐའ་འཛིན་གྱུར་ཅིག །དེ་ལྟར་བསྔགས་བརྗོད་ཆུ་འཛིན་གཞོན་ནུ་ཚིག་སྙན་གློག་ཕྲེང་དོ་ཤལ་ཅན། །དོན་བཟང་སྤྲིན་གྱི་རོལ་མོ་གསར་པས་རབ་གུས་ལྡན་པའི་གཉིས་སྐྱེས་ཚོགས། །གནས་སྐབས་མངོན་མཐོའི་ཟློས་གར་བསྒྱུར་བས་སྲིད་ཞིའི་ཕུན་ཚོགས་འགུགས་པ་དང་། །མཐར་ཐུག་ཟུང་འཇུག་སྐུ་གསུམ་དབྱེར་མེད་མངལ་ཁུར་མཆོག་གིས་ལྕི་བར་འགྱུར། །དེ་ལྟར་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་འདི་ནི། ཞིང་གི་བཀོད་པ་དང་མཐུན་པར་རྟེན་དང་བརྟེན་པ་ཀུན་ལ་བསྔགས་བརྗོད་ཀྱི་ཚུལ་དུ་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་སྦྱར་པའི་དགེ་བས་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་རྣམས་རྟག་ཏུ་ཞབས་པད་བརྟན་ཅིང་། བདག་གཞན་ཐམས་ཅད་དུས་མིན་གྱི་འཆི་བའི་འཇིགས་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།

དགོངས་གཏེར་ལས་འོད་ཟེར་ཅན་མའི་དབང་ (Volume 45, Text 29)

༄༅། །དགོངས་གཏེར་ལས་འོད་ཟེར་ཅན་མའི་དབང་བཞུགས། ། ན་མོ་མཱ་རི་ཙྱཻ། འོད་ཟེར་ཅན་མའི་དབང་ནི། བུམ་པ་གཏོར་མ་སོགས་དབང་རྫས་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་འཚམ་གཅིག་ད་ནངས་སོང་བས་འཐུས། སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་དུ། བདག་དང་བུམ་ལྷ་དང་གཏོར་མ་འོད་ཟེར་ཅན་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཞིང་ནས་འོད་ཟེར་ཅན་གྱི་སྐུ་ཆེ་ཕྲ་སྣ་ཚོགས་ཆར་བཞིན་བབས་ནས་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར། ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་མང་དུ་བཟླས་ནས། ཨརྒྷཾ་སོགས། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས༔ མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང༔ འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་མ། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཁྲུས་བྱས་ལ་མཎྜལ་ཕུལ། འོ་ན་ད་ལམ་ཁྱེད་རྣམས་ལ་ལྷ་མོ་འོད་ཟེར་ཅན་གྱི་དབང་བསྐུར་བ་ཡིན་ཏེ། ལྷ་འདིའི་ངོ་བོ་ནི་རྗེ་བཙུན་མའི་རིགས་སུ་ཡང་གཏོགས་ལ་ཞི་བ་ལྷ་མོ་འོད་ཟེར་ཅན། དྲག་མོ་བྱས་ན་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཡིན་པས་བཀའ་ཡང་ཤིན་ཏུ་གཉན། སྔོན་གྱི་དུས་ན་ལྷ་དང་ལྷ་མིན་འཐབ་པའི་ཚེ། ལྷ་རྣམས་ཀྱི་མདངས་ལས་ལྷ་མོ་འདི་འཁྲུངས། ལྷ་མོས་གསེར་གྱི་ཅོ་ཐོའང་སྤྲུགས་པའི་ནང་ནས་གསེར་གྱི་གོ་ཁྲབ་བྱེ་བ་དུང་ཕྱུར་བྱུང་བས་ལྷ་རྣམས་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ། ལྷ་མོ་ཡང་དཔག་བསམ་ཤིང་གི་བདག་མོར་བསྐོས་པས། ཤིང་གི་ལྷ་མོ་འོད་ཟེར་ཅན་ཞེས་གྲགས་སོ། །ངོ་བོ་ས་བཅུའི་སེམས་མ་ཡིན་ཡང་། རྣམ་པ་འཇིག་རྟེན་པའི་ཚུལ་གྱིས་རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ན་བཞུགས་པས། རྣོ་མྱུར་འཇིག་རྟེན་པ་དང་འདྲ་སྟེ་ཤིན་ཏུ་རྣོ། དེ་ཡང་འོད་ཟེར་ཅན་གྱི་གཟུངས་དང་རྟོགས་པ་ནི་བྱ་བའི་རྒྱུད་ཡིན་ལ། སྒྱུ་འཕྲུལ་དྲྭ་བ་སོགས་ནས་གསུངས་པ་ནི་རྣལ་འབྱོར་རྒྱུད། རྡོ་རྗེ་གུར་ལས་གསུངས་པ་ནི་བླ་མེད་རྒྱུད། ལྷ་མོ་དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས་གསུངས་པ་ནི་རྙིང་མ་ཡིན། དགོངས་གཏེར་འདི་ནི་རྙིང་མའི་རྒྱུད་དང་མཐུན་པ་ཡིན། དེ་ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་བསྩལ་པ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པ་གཅིག་ཡོད་དོ། །དེའི་མིང་ཤེས་པ་དེའང་བཟུང་བ་དང་བཅིང་བ་དང་ཆད་པས་གཅོད་པ་དང་། མགོ་བྲེག་པ་དང་། མེར་བསྲེག་ཏུ་མེད། དགྲའི་དབང་དུ་མི་འགྲོ་གསུངས་སོ། །རྡོ་རྗེ་གུར་ལས་ཀྱང་། ཆོམ་རྐུན་མེད་ཕྱིར་མཱ་རི་ཙྱཻ། ཞེས་དང་། དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས། ཆོམ་རྐུན་འཇོམས་བྱེད་བཅུ་བཞི་མཱ་རི་ཙྱཻ། ཞེས་དང་། གཟུངས་དང་རྟོགས་པ་ལས་ཀྱང་། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར་རོ། །རིམས་ཐམས་ཅད་མེད་པར་བྱེད་དོ། །ནད་ཐམས་ཅད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན་སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བསྐྱེད་པར་བྱེད་དོ། །ཞེས་གསུངས་སོ། །འདི་སྒྲུབ་པའི་ཚེ་རྟགས་ནི། སྦྲུལ་སྤྲེའུ་བྱི་བ་བོང་བུ་རྟ་གླང་ཆེན་མ་ཧེ་དྲེད་དང་ཁྱི་སོགས་ཕན་ཚུན་འཐབས་པ་དང་། རང་ཉིད་སྐྲག་པར་རྨིས་ན་སྔགས་ད་རུང་ཉིས་འགྱུར་བཟླ། རྒྱ་མཚོ་ལས་བརྒལ་བ་དང་། རི་བོ་ལ་གནས་པ་དང་། གཞོན་ནུ་མ་དང་འཕྲད་པར་རྨིས་པ་དང་། མར་མེའི་རྩེ་མོ་འཕེལ་ཞིང་དྲི་ཞིམ་པ་སྣ་ཚོགས་བྲོ་བ་དང་། སངས་རྒྱས་བྱང་སེམས་འོད་ཟེར་ཅན་མཐོང་བར་འགྱུར་ཏེ་འགྲུབ་རྟགས་སོ། །འོག་དང་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་རང་ཡོད་པར་བསྒོམ། ཡང་ཉི་ཟླ་གཉིས་ཕན་ཚུན་འདྲེས་པར་བསྒོམས་ལ། འོད་ཟེར་ཅན་བདག་ལ་སྐྱོབས་ཤིག །ཅེས་འཇིགས་པ་ཆེན་པོའི་དུས་སོ། །དབྱུག་པའི་སྟེང་རྡོ་རྗེ་རྩེ་གསུམ་འོག་རྡོ་རྗེ་རྩེ་གཅིག་པ་བྱས་པས་རྐུན་མ་སོགས་ཀྱི་གནོད་པ་བསྲུང་ཞིང་། འཇིགས་པ་ཆེ་དུས་ལག་ཏུ་ཐོགས་ལ་ཡི་གེ་དྲུག་པ་བཟླས་ན་འཇིགས་པ་ཐམས་ཅད་བསྲུང་ངོ་། །གསེར་གྱི་མདོག་གི་ཕག་གི་དབུས་སུ་རང་ལྷ་མོ་ཕྱག་དྲུག་པའམ་གཉིས་པར་བསྒོམ། ཕྱག་རྒྱ་བཅིངས་ནས་སྔགས་རིང་འདི་བཟླས་ན་དགྲའི་ནང་དུ་སོང་ཡང་བཟུང་བ་དང་བཅིང་བ་དང་ཆད་པ་གཅད་པ་དང་། མགོ་བྲེག་པ་དང་། མེས་སྲེག་ཏུ་མེད་ཅིང་དགྲའི་དབང་དུ་མི་འགྲོའོ། །སྔགས་འདི་ཡིད་ལ་བྱས་ནས་དལ་བུའི་རླུང་བཟུང་ལྕེ་ལ་སོས་བསྡམས། ལྷ་མོ་དྲན་པས་སྔགས་བཟླ་ཞིང་ཁ་མིག་ལྕེ་བསྡོམས་གོས་མཐའ་མ་སྐུད་པ་ལ་ཉེར་གཅིག་བཟླ་ཞིང་ཉེར་གཅིག་མདུད་དེ་བཏགས་ན་ནགས་ནང་གི་ལམ་ངན་དུ་ཡང་རྐུན་མའི་གནོད་པ་བསྲུང་ངོ་། །ཞེས་གསུངས། མདོར་ན་བཀའ་གསར་རྙིང་གཏེར་གསུམ་ཐམས་ཅད་ནས། དགྲ་དང་ཆོམ་རྐུན་དང་ལམ་དགྲའི་འཇིགས་པ་སྐྱོབ་པའི་མཆོག་ཏུ་གསུངས་པའི་ཕྱིར། ཐག་རིང་དུ་འགྲོ་བ་རྣམས་ལམ་དགྲའི་བར་ཆད་ཞི་བ་དང་མགོ་ཐོན་པའི་ཐབས། གཞི་བྱེས་གང་དུ་ཡང་རུང་སྟེ། དགྲ་དང་ཇག་པ་དང་རྐུན་མ་དང་རྒྱལ་པོའི་ཆད་པ་དང་མ་ཉེས་པའི་ཁ་ཡོག་དང་། ཕྱི་ནང་གི་འཁྲུག་རྩོད། མི་ཁ་བྲ་མཆུ་ལ་སོགས་པ་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་མཆོག་ཏུ་གྱུར་པ་ཡིན། འདི་ལ་ཡང་གསར་རྙིང་རིགས་མང་དུ་ཡོད་དེ། འདི་ནི་དགོངས་གཏེར་བརྒྱུད་པ་ཉེ་བས་ཤིན་ཏུ་རྣོ་བ་ཡིན། དེ་ནས་དེ་ཡི་དབང་བསྐུར་ནི། གསོལ་འདེབས་འདི་ཡི་རྗེས་ཟློས་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷ་མོ་འོད་ཟེར་ཅན་མ་ལ། གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །གསུམ། དེ་ནས་འདི་ཡི་རྗེས་ཟློས་གྱིས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་མམ་རྗེས་མ་གསུམ་བྱ། ད་ཁྱེད་རང་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ནས་འོད་ཟེར་ཅན་མ་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། ཧཱུྃ༔ འོད་ཟེར་ཅན་མའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་མགོར་བཞག་ལ། ཏིཥྠ་བཛྲ༔ ད་བུམ་པ་འདིའི་ནང་ན་ལྷ་མོ་འོད་ཟེར་ཅན་འོད་དུ་ཞུ་བའི་བདུད་རྩིའི་ཆུས་དབང་བསྐུར་བས་བདུད་རྩིའི་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གཞན་ལ་གནོད་འཚེ་བྱས་པའི་སྒྲིབ་པ་དག །འོད་ཟེར་ཅན་གྱི་སྐུའི་བྱིན་རླབས་ཞུགས། ལུས་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག །བླ་མས་བུམ་པ་ཐོགས་ཏེ། ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ སྐུ་ཡི་དབང་མཆོག་བསྐུར་བའི་རྫས༔ རྣམ་རྒྱལ་བུམ་པ་བདུད་རྩིའི་མཚོ༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཀཱ་ཡ་སིདྡྷི་ཧཱུྃ༔ གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་སྐུ་ཡི་བཀྲ་ཤིས་ཤོག །འོ་དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། ལུས་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་ནོ། །ད་བུམ་པ་འདིའི་ནང་ན་ལྷ་མོ་འོད་ཟེར་ཅན་ཞུ་བའི་བདུད་རྩི་ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཀྱི་རྩ་གནས་ཐམས་ཅད་གང་བས་རྩ་མདུད་རྣམས་གྲོལ། བདེ་སྟོང་གི་ཡེ་ཤེས་འབར་བར་སྒོམས་ཤིག །ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ གསུང་གི་དབང་མཆོག་བསྐུར་བའི་རྫས༔ རོ་མཆོག་ལྡན་པའི་ཨ་མྲྀ་ཏ༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཝཱ་ཀ་སིདྡྷི་ཧཱུྃ༔ ཞེས་བུམ་པ་མགྲིན་པར་བཞག །བུམ་ཆུ་བླུད། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་གསུང་གི་བཀྲ་ཤིས་ཤོག །འོ་དེས་ངག་གི་སྒོ་ནས་གཞན་ལ་མི་སྙན་པར་བརྗོད་པའི་སྒྲིབ་པ་དག །གསུང་གི་དབང་ཐོབ། ངག་བདེན་ཚིག་འགྲུབ་པའི་སྐལ་པ་དང་ལྡན་ནོ། །ད་གཏོར་མ་འདི་ཉིད་ལྷ་མོ་འོད་ཟེར་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ ཐུགས་ཀྱི་དབང་མཆོག་བསྐུར་བའི་རྫས༔ དཔལ་གྱི་གཏོར་མ་བརྗིད་ལྡན་འདི༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྙིང་གར་གཏུགས། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །འོད་ཟེར་ཅན་མའི་ཐུགས་ཀྱི་བཀྲ་ཤིས་ཤོག །དེས་སེམས་ཀྱིས་གཞན་ལ་གནོད་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། སེམས་འཇིགས་སྐྲག་དང་བྲལ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པར་དབང་བའི་སྐལ་པ་དང་ལྡན་ནོ། །ད་ལྷ་མོ་འོད་ཟེར་ཅན་གྱི་སྐུའི་གནས་བརྒྱད་ནས་བཀྲ་ཤིས་པའི་ལྷ་མོ་བརྒྱད་རང་རང་གི་ཕྱག་མཚན་འཛིན་པ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་བརྒྱད་ལ་ཐིམ་པས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག །བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེ་འུ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཤྲཱི་ཝཏྶ་ཨ་བྷི་ཥཱིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཙཀྲ་ཨ་བྷི་ཥཱཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་པདྨ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཚ་ཏྟྲཾ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཀུམ་བྷ་ཨཱ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཤཾ་ཁ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་མཏྶྱ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སོགས། ད་གཏོར་མ་འདི་ཉིད་ལྷ་མོ་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ནས་ལྷ་མོ་འོད་ཟེར་ཅན་གྱི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་མཱཾ་ཡིག་སེར་པོ་ཆར་བཞིན་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ། མཐར་ལྷ་མོ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །ཨཱོྃ་མཱ་རི་ཙྱཻ་འོད་ཟེར་ཅན་སློབ་མ་འདི་འཇིགས་པ་དང་སྐྲག་པ་ཐམས་ཅད་ལས་སྐྱོབས་ཤིག་སྭཱ་ཧཱ། ཨཱོྃ་མཱ་རི་ཙྱཻ་བད་ཏ་ལི། བད་ད་ལི་བ་ར་ཧི། བ་ར་ཧ་མུ་ཁི་སརྦ་དུཥྚཱཾ་པྲ་དུཥྚཱཾ་ཙཀྵུ་མུ་ཁ་བྷནྡྷ་བྷནྡྷ་སྭཱ་ཧཱ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་བཀྲ་ཤིས་ཤོག །འོ་དེས་དགོངས་གཏེར་ལས་བྱུང་བའི་འོད་ཟེར་ཅན་མའི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་འཛིན་པའི་མོས་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །མཎྜལ་ཕུལ། གྲྭ་སློབ་བམ་ཡོན་བདག་གལ་ཆེན་རྒྱ་དབུས་ལྷོ་བྱང་སོགས་ཐག་རིང་དུ་འགྲོ་བ། དམག་སོགས་འཇིག་སྐྲག་གི་སར་འགྲོ་བ། ཁྲིམས་ར་སོགས་སུ་འགྲོ་དུས་སམ། ཁ་ཡོག་དང་ཆད་པས་གཟིར་དོགས། གཞི་ན་འདུག་ནའང་དགྲ་ཇག་ཁ་མཆུ་སོགས་ཀྱི་འཇིགས་སྐྲག་ཆེ་བ། དེ་དག་ལ་འདིའི་དབང་བསྐུར་ནས་བསྙེན་པ་བྱེད་ན་མཆོག་ཡིན། བསྙེན་པ་ཡང་མི་ཤེས་ན་རབ་འདིའི་དབང་བརྒྱའམ་ལོ་གྲངས་སུམ་འགྱུར། འབྲིང་ལོ་གྲངས། ཐ་ནའང་བཅུ་གསུམ་ཡན་ཆད་བསྐུར། དེས་བར་ཆད་དེ་དག་ལ་ཕན་པའི་ཐབས་འདི་ལས་ཟབ་མེད་དོ། །ཞེས་དགོངས་གཏེར་རྡོ་རྗེའི་གསུང་གི་རྩ་ཆིག་དོན་གཏེར་བློན་ཀརྨ་ཨ་རཱ་གས་རྒྱས་པར་བཀྲོལ་བ་ལ། ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་མ་འོངས་སེམས་ཅན་མང་པོ་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཆེན་པོར་གྱུར་ཅིག །ཡི་གེ་པ་ནི་བརྩོན་འགྲུས་ཀྱིས་བགྱིས་པའོ། །མངྒ་ལཾ།། །།

ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར་ (Volume 20, Text 29)

༄༅། །ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར་བཞུགས་སོ། ། ན་མོ་བཛྲ་ཨ་མི་ཏཱ་ཡུ་ཥེ། འཆི་མེད་རིག་འཛིན་ཐུགས་ཀྱི་བཅུད། །ཡབ་ཟབ་ཚེ་སྒྲུབ་ཨ་ཏའི་ལུགས༔ བྱིན་རླབས་བཅུད་དྲིལ་སྨིན་དབང་གི །མཚམས་སྦྱོར་བདུད་རྩིའི་གྲུ་ཆར་སྤྲོ། །དེ་ཡང་དང་པོ་རྩ་གསུམ་གྱི་ཞལ་ཐང་བཤམས་ཤིང་མདུན་དུ་སྟེགས་ཀྱི་ཁར་མཎྜལ་ལ་རྡུལ་ཚོན་གཞུང་མཐུན་ནམ། ཚོམ་བུ་གང་རུང་གི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་རྒྱན་ལྡན་གྱི་རྩེར། སྐུ་རྟེན་ཙཀླི་ཡོད་ན་བཙུགས། མདུན་དུ་སྨན་རཀ་གཏོར་གསུམ། མཆོད་པ་ཕྲེང་ཚར། ལས་བུམ་གང་བདེར། ཚེ་རིལ་ཆང་ཡང་བཀོད། སྔོན་འགྲོ་དཀར་བགེགས། སྤོས་ཐུན་ཌཱ་དྲིལ་སོགས་འདུ་བྱས་ལ། ལས་བྱང་བསྙེན་པ་ཡན། གྲངས་གསོག་དགོས་མིན་དབང་བསྐུར་གྱི་གྲངས་སམ་ལོང་སྐབས་དང་བསྟུན། བདག་འཇུག་དབང་ལེན། ཧྲཱི༔ རང་གི་རང་རིག་སོགས་ཀྱིས་གཏོར་མ་སྤྱི་བོར་བཞག །ཚེ་རིལ་ཆང་དངོས་གྲུབ་ཏུ་རོལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱང་བྱ། དེ་ནས་སློབ་མ་རྣམས་འཚོགས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་ཁྲུས་དང་སྔོན་གཏོར་བྲན། དཀར་བགེགས་པདྨ་བཛྲ་ལྟར་གཏང་། གུ་གུལ་བདུག །ཡུངས་དཀར་བྲབ། སྲུང་འཁོར། ཧྲཱི༔ སྣང་སྲིད་ལྷ་ཡི་སོགས་དང་། མཎྜལ་བཀྱེ་བསྡུ་བྱ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལས་གྲུབ་པའི་མི་ལུས་རིན་པོ་ཆེ་ཁམས་དྲུག་ལྡན་པ་འདིའང་། སྲོག་བཅད་པའི་དབང་གིས་ཚེ་ཐུང་བ་དང་། རྡེག་རྡུང་རྔན་ཆེན་བྱས་པས་ནད་མང་ཞིང་། ཁྱད་པར་སུམ་ཅུ་ཁ་རལ་གྱི་དུས་སུ་གློ་བུར་གྱི་འཆི་རྐྱེན་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་ལས་སྔོན་སོང་གི་འབྲས་བུ་བསླུ་མེད་སྨིན་པར་ངེས་པས། མོ་བོན་རྩིས་སོགས་ཀུན་རྫོབ་ཀྱི་སྲུང་སྐྱོབ་སྤྱི་དང་། ཁྱད་པར་སྲོག་གཅོད་ཀྱི་མཆོད་སྦྱིན་སོགས་སྡིག་དང་འདྲེས་པའི་དགེ་བས་འཕྲལ་ཕུག་གཉིས་ཀར་རྣམ་སྨིན་ལོག་པར་འགྱུར་བས། རྒྱུ་སྲོག་གཅོད་སྤང་ཞིང་མི་འཇིགས་པ་སྲོག་གི་སྦྱིན་པ་སོགས་ཆོས་དང་ཟང་ཟིང་གི་གཏོང་བ་ལ་གོམས་པས་ཚེ་སྲིང་བ་མདོ་སྔགས་ཐུན་མོང་གི་ལུགས་དང་། རྐྱེན་རྩ་གསུམ་ལྷའི་བྱིན་རླབས་ལ་བརྟེན་ཏེ་ཚེ་སྲིང་བ་ནི་སྔགས་ལུགས་ཁྱད་པར་བ་སྟེ་ཐབས་ཟབ་ཅིང་རྒྱ་ཆེ་ལ་འཕྲལ་ཕུག་གཉིས་ཀར་རྟག་བརྟན་བདེ་བའི་དཔལ་ཡོན་གོང་འཕེལ་དུ་འགྱུར་བས། དེ་ལྟ་བུའི་རྒྱུད་དང་མན་ངག་སྒྲུབ་ཐབས་ཀྱི་རིམ་པ་གསར་རྙིང་བཀའ་གཏེར་གདམས་ངག་མཐའ་ཡས་པ་ཞིག་བཞུགས་པ་ལས། ད་ལམ་གྱི་སྐབས་འདིར་གསང་སྔགས་རྙིང་མ་གཏེར་གྱི་ཕྱོགས་སུ་གཏོགས་པ་མགོན་པོ་ཚེ་དཔག་མེད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་རོལ་པས་ནམ་མཁའ་ཇི་སྲིད་སྐྱེ་འཆི་འདས་གྲོངས་མི་མངའ་བར་འཇའ་ལུས་འཕོ་བ་ཆེན་པོས་འཁོར་བ་དོང་སྤྲུགས་མཛད་པ། དུས་གསུམ་ཀུན་མཁྱེན་པདྨ་སམྦྷ་ཝ་དེ་ཉིད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བཞེད་བསྐང་ཕྱིར་བོད་ཡུལ་དུ་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སྐབས། ཚེ་གཅིག་གིས་གྲུབ་པ་རྣམ་གཉིས་མངོན་དུ་བརྙེས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ནས། ལས་ཅན་དག་པའི་འཁོར་དགུའི་ཡ་གྱལ། ཡང་དག་ཐུགས་ཀྱི་རིག་འཛིན་གནུབས་བན་ནམ་མཁའི་སྙིང་པོས་ཕྱི་རབས་ཀྱི་དོན་དུ་གཡུའི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེ་ར་ས་འཕྲུལ་སྣང་དུ་རབ་གནས་ལ་ཕེབས་པའི་ཤུལ་དུ། ཡེ་ཤེས་སེམས་དཔའ་སྐུ་ཚབ་གཟུགས་བརྙན་གྱི་རྣམ་པར་བྱིན་གྱིས་བརླབས་པ་དེའི་ཞལ་ནས་ཇི་ལྟར་གསུངས་པའི་ཚེ་སྒྲུབ་རྡོ་རྗེའི་ཚིག་རྐང་རྣམས་གནུབས་བན་ཆེན་པོས་ཐུགས་ཉམས་སུ་བསྟར་པས། དགུང་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་ཤིང་། ཕྱིས་སྡིག་སྤྱོད་རྒྱལ་པོ་གླང་དར་གྱིས་བསྟན་ལ་འཚེ་བ་རྩོམ་པའི་སྐབས་སུ། དྲི་ཆུ་བྷནྡྷ་གང་ལ་བརྟེན་ཏེ་བསྐྱེད་བཟླས་མཛད་པ་ཙམ་གྱིས་ཚེ་ལྷའི་དཀྱིལ་འཁོར་མདུན་དུ་ལྷགས། འོད་ཟེར་དྲི་ཆུ་ལ་ཕོག་པས་ཁྲོ་ཆུ་ཁོལ་མ་དང་ཐོག་ཟེར་དུ་གྱུར་ནས་རྒྱལ་པོ་འཇིགས་ཤིང་སྤ་བསྐངས། སྡིག་བློན་རྣམས་ཀྱང་བརྒྱལ། ཧཱུྃ་སྒྲ་བསྒྲགས་པས་ཕ་རོལ་གཞན་སེམས་ཕམ་པ་སོགས་དངོས་གྲུབ་ནུས་མཐུ་གཅིག་ཅར་ཐོབ་པའི་ཟབ་ཆོས་དེ་ལྟ་བུ་མ་འོངས་ད་ལྟའི་སྐལ་ལྡན་ལས་ཅན་རྣམས་ཀྱི་དོན་དུ། ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་སྐྱིད་འབྱམས་སྒྲུབ་གནས་སེང་གེ་གནམ་འཕྱོང་གི་ཉེ་ཆར་ཉི་ཟླ་ཕུག་གི་མདུན་ཟུར་འགྱུར་མེད་རྡོ་རྗེའི་བྲག་ལ་རྒྱས་བཏབ་པ། ཆོས་རྒྱལ་མུ་ཁྲི་བཙད་པོའི་སྐྱེ་མཐའ་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ལས་ཅན་དུ་མ་ཚོགས་པའི་དབུས་སུ། ཟླ་བ་བདུན་དུ་འབད་རྩོལ་ཆེན་པོས་རྡོ་རྗེའི་རྒྱ་བཀྲོལ་བའི་ཚུལ་མཛད་པས། ཡིད་ཆེས་ངོ་མཚར་རྨད་དུ་བྱུང་ཞིང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བ་ནི་རྡོ་རྗེའི་གསུང་ལས། ཆོས་རྣམས་ཀུན་གྱི་དོན་བསྡུས༔ སློབ་དཔོན་པདྨའི་ཐུགས་བཅུད༔ མ་མོ་མཁའ་འགྲོའི་སྙིང་ཁྲག༔ ནམ་མཁའི་སྙིང་པོའི་ཆོས་སྐལ༔ ཚེ་སྒྲུབ་འཆི་མེད་བཙན་རྫོང༔ གསང་སྒྲུབ་རྡོ་རྗེ་ཕ་ལམ༔ ཞེས་བྱ་བའི་དབང་བསྐུར་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་ཕུལ་དུ་གཞུག །དེ་ནས་ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར། བླ་མ་དང་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དབྱེར་མེད་པའི་སྤྱན་སྔར། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཏན་བདེའི་གོ་འཕང་ལ་འགོད་པའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱི༔ དུས་གསུམ་རྒྱལ་བའི་སོགས་ལན་གསུམ། དེས་དབང་དོན་གྱི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བསྒྲུབས་ནས། ད་བྱིན་འབེབ་ཏིང་ངེ་འཛིན་སྒོམ་པ་ནི༔ ཧྲཱི༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སོགས། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པ་ལ་ཡུལ་སྣང་སེམས་གསུམ་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྫོགས་པ་དེ་ཉིད་བརྡ་སྤྲད་པའི་ཚིག་བརྗོད་པ་ན། ཡིན་པ་ལ་ཡིན་པར་གསལ་ཐོབ་མཛོད། ལས་བུམ་ཆུས་བྲན་ལ། ཧྲཱི༔ ཧེ་རུ་ཀ་ཡི་ཆོ་འཕྲུལ་ལས༔ སོགས་ནས་སྔགས་དང་བཅས་ཌཱ་དྲིལ་སྤོས་རོལ་བྱ། དེ་ནས་ཚེ་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། ཧྲཱི༔ བདེ་བ་ཅན་དང་སོགས། མཐར་ཧཱུྃ་ངར་དང་ལྡན་པའི་སྒྲས་འབོད་ཅིང་སྤོས་རོལ་བྱ། དེ་ལྟར་ཕབ་པའི་ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་པར་མོས་མཛོད། ཧྲཱི༔ འདིར་བྱོན་ཚེ་ཡི་ལྷ་ཚོགས་སོགས། དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ། ད་བདེ་གཤེགས་ཚེ་ཡི་ཕོ་བྲང་གཏོར་མ་རིན་ཆེན་འབར་བ་སྐུ་རྟེན་དང་བཅས་པ་འདི་ཉིད་ཐར་པ་ཆེན་པོའི་གཞལ་མེད་ཁང་། འཇའ་ཟེར་ཐིག་ལེ་ལུ་གུ་རྒྱུད་མུ་མཐའ་བྲལ་བའི་ཀློང་ན། ཀ་དག་རང་རིག་རང་གསལ་གྱི་རང་མདངས་འོད་མི་འགྱུར་བ་ཚེ་དཔག་མེད་དམ་ཡེ་དབྱེར་མེད་ཐབས་ཤེས་ཁ་སྦྱོར་གྱི་ཚོམ་བུ། མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་འོད་ཟེར་དཔག་ཏུ་མེད་པ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། ཕུང་ཁམས་སྐྱེ་མཆེད་དུག་ལྔ་བདག་འཛིན་དང་བཅས་པ་རང་སར་དག །གཞི་རྫོགས་ཀློང་ཡངས་ཆེན་པོ་འཆི་མེད་རྡོ་རྗེ་དྭངས་མའི་སྲོག་ཏུ་སྨིན་ཅིང་གྲོལ། གནས་སྐབས་སུ་ཚེ་བསོད་ཡེ་ཤེས་འབྱོར་པ་དབང་ཐང་ཀླུང་རྟ་ཉམས་ཤིང་གུད་པ་སོར་ཆུད། བརྟན་དང་གཡོ་བའི་དྭངས་བཅུད་མ་ལུས་པའི་བླ་སྲོག་གི་གཏེར་བསྡུས། འཆི་མེད་མགོན་པོའི་རྡོ་རྗེ་བཞི་དང་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཚེའི་དཔལ་གཏོར་གྱིས་དབང་བསྐུར་ཏེ། ཧྲཱི༔ རང་གི་རང་རིག་གསལ་བ་སོགས་སྔགས་དང་བཅས་བརྗོད་ཅིང་ཚེ་རིལ་ཆང་ཡང་སྦྱིན། གྲངས་གསོག་སྐབས། ཡང་གཏོར་མ་འཆི་མེད་རྡོ་རྗེ་ཚེའི་ལྷ་ཚོགས་སུ་གསལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་འོད་ཟེར་ཁ་དོག་སྣ་ཚོགས་ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཧྲཱི༔ རང་གི་རང་རིག་གསལ་བ་སོགས་སྔར་ལྟར་གྱི་གྲངས་འཛིན་ནས། མཐར། དེ་ལྟར་ཡང་ཟབ་ཨ་ཏི་ཡོ་གའི་ལུགས་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པས་གནས་སྐབས་སུ་འཇིགས་པ་བརྒྱད་དང་བཅུ་དྲུག །ཁྱད་པར་དུས་མ་ཡིན་པའི་འཆི་བ་ཟློག་ཅིང་། མཐར་ཐུག་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་དབྱིངས་དང་ཡེ་ཤེས་སུ་དབྱེར་མེད་དུ་འགྱུར་ལ། སྐབས་སུ་བབས་པའི་དམ་ཚིག །སྲོག་གཅོད་པ་དང་། འདོད་པས་ལོག་སྤྱོད་གདུག་ཅན་ཨར་ལ་གཏད་པ་སོགས་སྤང་བྱ། སྲོག་བསླུ་ཉེ་འདོན་སཱཙྪ་བཏབ་པ་སོགས་བླང་བྱ། ཁྱད་པར་རང་གི་སྒོ་གསུམ་ཡེ་ནས་ཚེ་ལྷའི་རང་བཞིན་དེའི་ཏིང་ངེ་འཛིན་དང་མ་བྲལ་བར་སློབ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་དོན་དུ་མཎྜལ། ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། དེ་ལྟར་ཚེ་སྒྲུབ་ཡོངས་ཀྱི་ཟབ་པའི་མཐར་ཐུག་གུ་རུ་རིན་པོ་ཆེའི་ཐུགས་བཅུད་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སོགས་བརྗོད། མཐར་འཁོར་གསུམ་སྤྲོས་བྲལ་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་གཞག་ཅིང་། བཀྲ་ཤིས་དང་བསྔོ་སྨོན་གྱི་རྒྱས་གདབ་པར་བྱའོ། །དེ་ལྟར་རིག་འཛིན་མི་འགྱུར་རྡོ་རྗེའི་སྐྱེས་རབས་ཀྱི་ཕྲེང་བ་བཞི་པ་མཆོག་སྤྲུལ་གང་དེའི་འགྲོ་དོན་ཆེད་དུ་དབོན་ཀརྨ་བདེ་གསལ་གྱིས་བཞེད་ངོར་སི་ཏུ་པདྨའི་མིང་ཅན་གྱིས་བཀོད་པ་བསྟན་འགྲོ་ཡོངས་ལ་ཕན་དང་བདེ་བའི་རྒྱུར་གྱུར་ཅིག །ཤུབྷཾ། མངྒ་ལཾ། འདིར་རིག་འཛིན་རྟ་མགྲིན་མགོན་པོའི་ཕྱག་བཞེས་སུ་ཁྲུས་དང་མཎྜལ། པདྨ་བཛྲ་ལྟར་དཀར་བགེགས་བཏང་། རང་གཞུང་བགེགས་བསྐྲད། སྐྱབས་སེམས། སློབ་མ་ལྷར་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཡན་གྲུབ་ནས་དབང་ཚིག་ལན་གསུམ་བརྗོད་པའི་དང་པོས་བུམ་པ། གཉིས་པས་ཚེ་གཏོར། གསུམ་པས་སྒྲུབ་དཔེ་རྣམས་གནས་གསུམ་བཞག་ལ་དབང་བསྐུར། མཐར་སྙིང་པོ་བརྗོད་ལ་ཚེ་རིལ་ཆང་སྦྱིན། ཤིས་བརྗོད་རྗེས་ཀྱི་བྱ་བ་སྤྱི་ལྟར་མཛད་པའི་ཕྱག་སྲོལ་སྣང་སྟེ་ཟུར་མང་ཕྱོགས་སུ་བརྒྱུད་པ་སོགས་ཀྱིས་འདི་ཁོ་ན་ལྟར་མཛད་ཀྱིན་སྣང་ངོ་། །འོན་ཀྱང་དཀར་བགེགས་ནི་དཀྱུས་ཙམ་ལ་སྤྱི་འགྲེ་བཏང་བས་འཐུས་སོ།། །།

ཐུགས་དམ་ཟབ་པ་སྐོར་བདུན་ལས༔ གསང་བདག་དྲེགས་འདུལ་སྒྲུབ་ཐབས་ (Volume 33, Text 29)

༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ གསང་བདག་དྲེགས་འདུལ་སྒྲུབ་ཐབས་བཞུགས༔ ྈྈྈ གསང་བདག་དྲེགས་པ་ཀུན་འདུལ་ལ་ཕྱག་འཚལ་ལོ། །དྲེགས་པ་ཐམས་ཅད་དབང་སྡུད་ཕྱིར༔ གསང་བདག་དྲེགས་འདུལ་སྒྲུབ་ཐབས་བསྟན༔ ཚོགས་བསགས་དབེན་པར་རྟེན་མཆོད་བཤམ༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱ༔ དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཧཱུྃ༔ མ་སྐྱེས་ཆོས་ཀྱི་དབྱིངས་ཉིད་ལས༔ རང་མདངས་འགག་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་ཀུན་སྦྱངས་ཆོ་འཕྲུལ་ལས༔ ཨེ་ཡཾ་ར་སུཾ་ཀིཾ་རཾ་འཕྲོས༔ འབྱུང་བ་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཐོད་པ་རིམ་བརྩེགས་གནམ་ལྕགས་གཟེར༔ ཁྲག་ཞག་ཞིང་དང་ཉ་སྦྲུལ་བརྒྱན༔ དྲེགས་པ་བྱོལ་སོང་རྣམས་ཀྱིས་མཛེས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ འཁོར་ལོ་འབར་བའི་ལྟེ་བ་ལ༔ རྡོ་རྗེ་བྲག་ཆེན་པདྨ་དང༔ ཉི་ཟླ་དྲེགས་པ་ཕོ་མོའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འཕྲོ་འདུའི་དོན་གཉིས་བྱས་འདུས་པས༔ བདག་ཉིད་བཅོམ་ལྡན་གསང་བའི་བདག༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་སེར་གཡོན་སྨུག་དབུས་མཐིང་ཞལ༔ ཞལ་གདངས་ལྗགས་འདྲིལ་སྤྱན་དགུ་བསྒྲད༔ སྨར་སྨིན་ཁམ་ནག་གྱེན་དུ་འབར༔ རལ་པ་སྤྲིན་བསྙིལ་རྡོ་རྗེའི་ཏོག༔ ཐོད་སྐམ་རིན་ཆེན་རྩེ་བྲན་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་པས༔ གཡོན་པའི་དུང་ཁྲག་དཀྲུག་ཅིང་གསོལ༔ གཡས་གཉིས་ལྷ་བརྒྱད་མགོ་བོ་བསྣམས༔ གཡོན་གཉིས་ཀླུ་བརྒྱད་མགོ་བོ་བསྣམས༔ ཞབས་བཞི་འདོར་སྟབས་དྲེགས་པ་བརྫིས༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རྒོད་དང་གཤེ་དང་རྔམ་པ་དང༔ སྙིང་རྗེ་ཁྲོ་དང་ཞི་བ་དང༔ འབར་བའི་གར་དགུ་ལྡན་ཅིང་གཟི་བརྗིད་འབར༔ གླང་ཆེན་ཀོ་རློན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་ལྤགས་ཤམ་ཐབས་སྦྲུལ་རིགས་ལྔ་ཡིས་བརྒྱན༔ རུས་པའི་རྒྱན་དྲུག་ཁྲག་ཞག་ཐལ་བས་བྱུགས༔ སྤུ་གྲི་འབར་བའི་གཤོག་པས་ནམ་མཁའ་ཁེབས༔ རྡོ་རྗེའི་གོ་ཁྲབ་གསོལ་ནས་ཁྲོ་ཆུང་དང༔ མེ་ཡི་སེར་བ་རྡོ་རྗེའི་ཐོག་རྒོད་འཕྲོ༔ ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མཐིང༔ ཁ་ཊྭཱཾ་དུང་ཁྲག་འཛིན་པས་འཁྲིལ༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དུ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ སྲོག་སྒོར་ཉི་སྟེང་རྡོ་རྗེའི་དབུས༔ ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་འབར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཞེས་བཟླས་མན་ངག་གཞུང་བཞིན་བསྐྱེད༔ རྗེས་སུ་མཆོད་བསྟོད་བསྡུ་རིམ་བྱ༔ ལྷར་ལྡང་རྒྱུན་གྱི་སྤྱོད་ལམ་བསྐྱང༔ དྲེགས་པ་བྲན་དུ་ཁོལ་བར་འགྱུར༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གསང་བའི་བདག་པོར་ཕྱག་འཚལ་ལོ༔ དེ་ནས་དབང་གི་རིམ་པ་ཡང༔ སྤྱི་ལྟར་ཁྱད་པར་བྱེ་བྲག་ནི༔ སྐུ་རྟེན་ཕྱག་རྒྱ་སྤྱི་བོར་བཞག༔ ཧཱུྃ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དྲེགས་པ་གནོད་སྦྱིན་ཐམས་ཅད་འདུལ༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྲེང་བ་སྔགས་བྱང་མགྲིན་པར་བཞག༔ ཧཱུྃ༔ གསང་སྔགས་རིག་སྔགས་རྣམས་ཀྱི་རྒྱལ༔ དྲེགས་པ་ཟིལ་གནོན་རྡོ་རྗེའི་སྒྲ༔ སངས་རྒྱས་ཀུན་གྱི་རིག་སྔགས་འདུས༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྒྲུབ་རྟེན་རྡོ་རྗེ་ལག་ཏུ་གཏད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ སྟོང་ཉིད་ཡེ་ཤེས་མཁའ་འདྲ་བ༔ མི་གཡོ་མི་འགྱུར་གཞོམ་གཞིག་བྲལ༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟབ་པའི་དབང་ཡང་སྦྱིན༔ སྨིན་བྱེད་དབང་གི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ༔ མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་གཏེར་ཤོག་བུ་དཔེ་ཕྱག་བྲིས་དངོས་ལས་ཞལ་བཤུས་སོ།། །།

སློབ་དཔོན་རིན་པོ་ཆེས་མངའ་བདག་ལ་གདམས་པའི་བདུད་རྩི་དབང་ལག་གི་བཅུད་ལེན་ (Volume 30, Text 29)

༄༅༔ སློབ་དཔོན་རིན་པོ་ཆེས་མངའ་བདག་ལ་གདམས་པའི་བདུད་རྩི་དབང་ལག་གི་བཅུད་ལེན་བཞུགས་སོ༔ ཀུན་སྤང་ཟླ་འོད་ཀྱི་ཟབ་གཏེར། གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་དོན་ཆེད་དུ༔ དབང་པོ་ལག་པའི་བཅུད་ལེན་འདི༔ མཁའ་འགྲོ་གསང་བ་ཡེ་ཤེས་ལ་ཞུས༔ བསམ་ཡས་ཀྱི་བྱང་ཕྱོགས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གདམས་སོ༔ དེས་སྲས་མོ་དྲུག་བཙན་ལ་གདམས་པའོ༔ སྲས་མོས་སྤ་གྲོའི་བྲག་སྟོད་དུ༔ བྲག་སོག་པོ་ཁྲོས་པ་འདྲ་བའི་ཕ་ཝང་སྡིག་རུ་ཅན་གྱི་འོག་ཏུ་སྦས་སོ༔ གཏེར་སྲུང་སྤ་གྲོའི་ཇོ་བོ་བྲག་སྐྱེས་ལ་གཏད་དོ༔་་་་ཕྱིས་ལྷ་རྗེ་ཀུན་སྤང་ཟླ་འོད་ཀྱིས་སྟག་གི་ལོ་ལ་བཏོན་ཏོ། དེ་ཡང་དབུ་རྩེའི་བྱང་ཕྱོགས་བཀྲ་ཤིས་བྲག་དམར་གྱི་ལུང་པ་རི་བོ་མཐོན་མཐིང་གི་དྲུང་དུ༔ ཆུ་བོ་ལོ་ཧི་ཏའི་འགྲམ་སྒྲོལ་མས་ཞབས་ཀྱིས་བཅགས་པའི་སར༔ སློབ་དཔོན་པདྨས་མངའ་བདག་ལ་གདམས་པ༔ རྗེ་ལགས༔ དབང་ལག་གི་བཅུད་ལེན་ལ༔ སྦྱར་ཐབས་དང་ལས་ཚོགས་གཉིས་ལས༔ རྩ་བ་ལ་སྨན་སྣ་བདུན༔ དབང་ལག་སོས་ཀའམ་གཡུར་ལས་དུས་བཏུས་ལ༔ སད་ཀྱིས་མ་ཁྱེར་བ༔ མ་རུལ་བ༔ མ་ཟགས་སྐམ་སྲེད་ལེགས་པར་བྱས་ལ༔ རབ་ཚད་སྙིམ་པ་གསུམ༔ འབྲིང་ཚད་དོ༔ ཐ་མ་གང་ངོ༔ དོ་ལ་ཨ་རུ་ར་རྒྱ་གར་མ་བདུན༔ བ་རུ་ར་ལྔ༔ སྐྱུ་རུ་ར་སྙིམ་པ་གང༔ དེ་རྣམས་ཁྲམ་ཁྲུམ་བརྡུངས་ལ༔ ཆུ་བྲེ་གསུམ་ལ་བསྲིངས་ལ༔ དགུན་དུས་ཞག་ཉེར་གཅིག་མནན༔ དབྱར་ཞག་བདུན་ནོ༔ དེ་སྐོལ་ལ་མ་འདྲེད་པར་ཁཎྜ་བྱ༔ དེ་ལ་བ་དམར་མོའི་མར་དང་འབྲི་མར་སྲང་ལྔའམ་བཅུ༔ སྦྲང་སྲང་བཅུ་གཅིག་དང་སྦྱར་ལ༔ དེ་ཁཎྜ་དང་བསྲེས་ཏེ་ཟས་སུ་བྱའོ༔ སྦྱར་ཚད་སྨན་མར་དང་འདྲའོ༔ དེ་ལ་རྩྭ་ཨ་ཝ༔ ལྕགས་ཕྱེ༔ གོ་སྙོད༔ ལྕགས་སྦྲུལ༔ ཕོ་རོག་དང་འུག་པའི་མིག༔ གོ་བོའི་བྱ་ཐལ་རྣམས་སྦྱར་ནས་ཟོས་ན་མིག་ཤིན་ཏུ་གསལ་བར་འགྱུར་ལ༔ ས་འོག་སྟེང་གི་ལྷ་འདྲེ་ཐམས་ཅད་མཐོང་བར་འགྱུར་རོ༔༡༽ ཡང་དབང་ལག་དང༔ མ་ནུ་པ་ཏྲ༔ ཨུཏྤལ་སྔོན་པོ༔ དར་ཡ་ཀན༔ ཟར་མའི་མེ་ཏོག༔ རྒྱ་སྐྱེགས༔ གྲོ་གའི་ཐལ་བ༔ དུང་ཐལ་རྣམས་སྦྱར་ཏེ་ཟོས་ན༔ རྣ་བ་འོན་པར་མི་འགྱུར་ཏེ༔ རྣ་བས་ལྷ་འདྲེ་མི་གསུམ་གྱི་སྒྲ་ཐོས་པར་འགྱུར་རོ༔༢༽ ཡང་དབང་ལག༔ ད་བྱིད་ཀྱི་ཤ༔ མཆིལ་པའི་ཤ༔ ཅོང་ཞི༔ སྡིག་སྲིན༔ མཐིང་རིལ་གྱི་ཤ༔ ལུག་ཐུག་འབྲས་བུས་སྦྱར་ཏེ་ཟོས་ན༔ སྟོབས་གླང་པོ་ཆེ་དང་མཚུངས་སོ༔ དམང་པོ་རྣམས་རབས་མི་འཆད་ཤིན་ཏུ་རོ་བཙའ་བར་འགྱུར་རོ༔༣༽ ཡང་ར་མོ་ཤག༔ ཉེ་ཤིང༔ ཨ་ཤྭ་གནྡྷ༔ ལྕ་བ༔ འབྲས་བུ་གསུམ་གྱི་ཁུ་བ་གདུས་པ༔ དབང་ལག་སྦྲང་ངམ་བུ་རམ་དང་སྦྱར་ལ༔ ཁ་ཚར་བཟང་དྲུག༔ གི་ཝཾ༔ གླང་ཤ༔ ཤ་ཆེན༔ གོ་སྙོད༔ ཨ་བྱག༔ མཚལ༔ དུང་ཕྱེ༔ ལྕགས་ཕྱེ༔ བྲག་ཞུན༔ ཅོང་ཞི༔ ཨ་འབྲས༔ གུ་གུལ་རྣམས་ཞིབ་པར་བཏགས་ཏེ༔ ཚེས་གསུམ་ནས་ཉེར་གསུམ་བར་ཟོས་ན་ཚེ་བསྐལ་པར་ཐུབ་བོ༔༤༽ མགྱོགས་པ་རླུང་དང་འདྲ༔ སྟོབས་གླང་ཆེན་འདྲ༔ བཀྲག་མདངས་ཉི་ཟླ་འདྲ༔ རྒན་པོ་བཅུ་དྲུག་ལོན་པར་འགྱུར༔ སྐྲ་དཀར་ནག་པོར་གྱུར་པ་སྟེ༔ དཔྲལ་བར་གཉེར་མ་དང་བྲལ་བར་འགྱུར་རོ༔ ཡང་དབང་ལག་དང༔ རྩྭ་ཀུ་ཤ༔ ཉུང་དཀར༔ བྱ་ངང་པའི་སྙིང༔ གཡེར་མ༔ རུ་རྟ་སྦྱར་ནས་ཟོས་ན༔ ཐོས་པ་འཛིན་པར་འགྱུར་རོ༔༥༽ ཡང་དབང་ལག་དང༔ སིནྡྷུ་ར༔ ཨུཏྤལ༔ རྩ་ཁུ་བྱུག༔ རྡོ་རྗེ་ཟིལ་པ༔ པདྨའི་ཁྲག༔ སྦྲང་རྩིར་སྦྱར་ཏེ་དཔྲལ་བར་ཐིག་ལེ་བྱས་ན༔ གང་ལ་བལྟས་པ་དགའ་ཞིང་དབང་དུ་འགྱུར་རོ༔༦༽ ཡང་དབང་ལག་དང༔ ཨ་ཤྭ་གནྡྷ༔ སོ་མ་རཱ་ཛ༔ དྷཱ་དྷུ་ར་སྦྱར་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ༔༧༽ ཡང་དབང་ལག༔ དྲེས་མའི་རྩ་བ༔ ཨུག་ཆོས༔ ཨ་ཤྭ་གནྡྷའི་རྐང་འབྲས་བུ་རྩ་བ༔ ཁོ་ཤོགས་སྦྲང་དང་སྦྱར་ཏེ་བྱིན་ན༔ གང་ལ་དམིགས་པ་འགུགས་པར་འགྱུར་རོ༔ ཡང་དབང་ལག་དང༔ གུ་གུལ་ནག་པོ༔ བཙོད་དང༔ བཙན་དུག༔ ར་དུག༔ བོང་དུག༔ གླ་རྩི༔ སྒོག་སྐྱ༔ ཁྱི་ལུད༔ དྲི་ཆེན༔ རྟ་བོན་པ༔ སྤྲུ་ནག༔ ཡུགས་སའི་ཞབས་མ༔ སོལ་བའི་མེ་ལ་བསྲེགས་ཏེ་དུ་བས་བདུག་ན༔ བགེགས་ཐམས་ཅད་བྲོས༔༨༽ ཞོ་ཉེས་ཆང་ཉེས་ཐམས་ཅད་ཐུབ་བོ༔༩༽ ཡང་དབང་ལག་དང༔ གླ་རྩི༔ ཤིང་ཀུན༔ ཤུ་དག་ནག་པོ༔ སྨན་ཆེན༔ བསེ་རུ་ནག་པོ་རྣམས་ཞིབ་པར་བཏགས་ཏེ༔ མགུལ་དུ་བཏགས་ན༔ འགོས་པའི་ནད་རིམས་ཐམས་ཅད་ཐུབ་པར་འགྱུར་རོ༔༡༠༽ ཡང་དབང་ལག་དང༔ ལྡུམ་བུ་རེ་རལ༔ བོང་ང་དཀར་དམར༔ ལྕགས་ཕྱེ༔ ཟངས་ཕྱེ༔ སྤང་རྩི་དོ་བོ་རྣམས་ཞིབ་པར་བཏགས་ནས་ཟོས་ན༔ དུག་རིགས་ཐམས་ཅད་ཐུབ་བོ༔༡༡༽ ཡང་དབང་ལག་དང༔ རྒྱ་ཚྭ༔ སྡིག་སྲིན༔ བུ་རམ༔ སྦུར་བ༔ རྒྱ་མཚོ་གསེར་གྱི་བྱེ་མ་རྣམས་སྦྱར་ནས་བཏང་ན༔ ཆུ་འགགས་སེལ་ལོ༔༡༢༽ ཡང་དབང་ལག་དང༔ ཟེ་ཚ༔ གོ་བོའི་ཤ༔ ཁ་རུ་ཚྭ༔ པི་པི་ལིང༔ ལྒ༔ རྒྱམ་ཚྭ༔ བུ་རམ་དེ་རྣམས་སྦྱར་ལ་བཏང་ན༔ གྲང་སྐྲན་ཐམས་ཅད་སེལ་ལོ༔༡༣༽ ཡང་དབང་ལག་དང༔ སེ་འབྲུ༔ ཨ་རུ་ར༔ ཅོང་ཞི༔ ཤིང་ཚྭ༔ འུ་སུ༔ པི་པི་ལིང༔ ན་ལེ་ཤམ༔ བུ་རམ་རྣམས་སྦྱར་ཏེ་བཏང་ན༔ ཕོ་མཆིན་མ་ཞུ་བ་དང༔ ཕོ་སྟོད་ན་བ་སོས་སོ༔༡༤༽ ཡང་དབང་ལག་དང༔ ཨ་འབྲས༔ སྲ་འབྲས༔ འཇམ་འབྲས༔ སྡིག་སྲིན་རྣམས་བུ་རམ་ལ་སྦྱར་ནས་བཏང་ན༔ མཁལ་མ་གྲང་གཞི་ཐམས་ཅད་སེལ་ལོ༔༡༥༽ ཡང་དབང་ལག་དང༔ རུ་རྟ༔ མ་ནུ༔ ཅུ་གང༔ བ་རུ་ར༔ བ་ཤ་ཀ༔ གི་ཝཾ༔ ཀ་ར་སྦྱར་ནས་བཏང་ན༔ རོ་སྟོད་གཟེར་བ་སེལ་ལོ༔༡༦༽ ཡང་དབང་ལག་དང༔ ཁ་རུ་ཚྭ༔ བྱི་ཏང་ཀ༔ རྩི་བོ་ཆེ༔ ཕོ་རིལ༔ རྒྱམ་ཚྭ༔ བུ་རམ་རྣམས་སྦྱར་ནས་བཏང་ན་ཕོ་བ་གཟེར་བ་སེལ་ལོ༔༡༧༽ སློབ་དཔོན་པདྨས་མངའ་བདག་ལ་གདམས་ནས༔ མངའ་བདག་གིས་ཕྱག་བཞེས་མཛད་པའོ༔ ས་མ་ཡ༔ མངའ་བདག་གི་སྲས་ཀྱིས་སྤ་གྲོ་བྲག་སྟོད་དུ་སྦས་པ་ལས། ཕྱིས་ལྷ་རྗེ་ཀུན་སྤང་ཟླ་འོད་ཀྱིས་སྟག་ལོ་ལ་བཏོན་པའོ། །ལས་འཕྲོ་ཅན་དང་འཕྲད་པར་ཤོག། །།

ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཚལ་པའི་ཕྲིན་ལས་རྗེས་གནང་དང་བཅས་པ་མཐུ་སྟོབས་མཆོག་ཏུ་རྒྱས་པ་ (Volume 18, Text 29)

༄༅། །ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཚལ་པའི་ཕྲིན་ལས་རྗེས་གནང་དང་བཅས་པ་མཐུ་སྟོབས་མཆོག་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱ་ར་ཡེ། བདུད་འཇོམས་ཁྲག་འཐུང་དཔའ་བོ་མིག་སྨན་མདོག །ཆིག་ཤུར་མཐུ་སྟོབས་བདག་པོ་དུས་ཀྱི་དགྲ །འཁོར་འདས་གཉིས་ན་འགྲན་གྱི་ཟླ་བྲལ་བ། །འཇམ་དཔལ་དྲག་ཏུ་ཁྲོས་པས་བདག་བྱིན་རློབས། །གཞུང་དང་དམ་པ་སྔ་མ་ཡི། །གསུང་ལས་བདེ་བླག་རྟོགས་འགྱུར་ཕྱིར། །བསྙེན་སྒྲུབ་བསྐྱར་ནས་མ་ཟློས་ལ། །དབང་དང་རྒྱུན་གྱི་ཉེར་མཁོ་བྲི། །སྲུང་ཟློག་བསད་གསུམ་གྱི་མཐར་ཐུག་ཚེ་བདག་གསང་བའི་ཡང་ཞུན་འཇམ་དཔལ་ནག་པོའི་སྐོར་འདི་ལ། རང་ལུས་དཀྱིལ་འཁོར་ལ་བརྟེན་པའི་བསྙེན་པ། མདུན་བསྐྱེད་ལས་དཀྱིལ་ལ་བརྟེན་པའི་སྒྲུབ་པ། སྲུང་བ་རྡོ་རྗེའི་གོ་ཁྲབ། ཟློག་པ་རལ་གྲིའི་འཁོར་ལོ། བསད་པ་ལས་ཀྱི་སྤུ་གྲི་རྣམས་མ་བུ་སུམ་སྦྲགས་ཀྱི་ལས་ལ་སྦྱོར་བ་རྩ་བ་དང་། ཁ་ཚར་གྲིབ་འཇོམས་རྡོ་རྗེ་ཕ་ལམ་རྣམས་སུ་ཡོད་པ་ནི་རྩ་བའི་གཞུང་དང་རིག་འཛིན་ཚེ་དབང་ནོར་བུའི་ཡིག་ཆ་སོགས་ལས་རྟོགས་པར་བྱ་དགོས་ཤིང་། འདིར་དཀྱུས་སུ་ཉེ་བར་མཁོ་བ་ལ་གཉིས། སྒྲུབ་པའི་ཕྲིན་ལས་དང་། བྱིན་རླབས་རྗེས་གནང་ངོ་། །དང་པོ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། རྗེས་གནང་དང་སྦྲེལ་ན་དེའི་བཅའ་གཞི་འོག་ནས་འབྱུང་བ་ལྟར་བྱ་ཞིང་། སྒྲུབ་པ་ལ་དཀྱིལ་འཁོར་རྟེན་རྫས་གཞུང་གསལ་དང་། དུས་ཀྱི་མཆོད་ཚོགས་འབུལ་བ་ལ་ནི། དམར་གཏོར་གཙོ་འཁོར་ལྔ་པ། འབུལ་གཏོར་བཞི་ཚར། སྨན་རཀ །ཚོགས་ཀྱི་ཡོ་བྱད་སོགས་དང་། འཛོམ་ན་དམ་ཚིག་གི་བྲིས་སྐུ་སོགས་རྟེན་ཡང་བཀྲམ་མོ། །གཉིས་པ་དངོས་གཞིའི་ཐོག་མར་བརྒྱུད་འདེབས་སྤྲོ་ན། ཨོཾ་ཨཱཿཧཱུྃ། ཀུན་བཟང་འཇམ་དཔལ་པདྨ་ཐོད་ཕྲེང་རྩལ། །མངའ་བདག་ཡབ་སྲས་ཡེ་ཤེས་མཚོ་རྒྱལ་མ། །ཟབ་གཏེར་མངའ་བདག་ཨོ་རྒྱན་སངས་རྒྱས་གླིང་། རང་སྲས་བདུན་རྒྱུད་བདེ་ཆེན་དར་རྒྱས་དང་། །བདེ་ཆེན་རབ་གསལ་ཚེ་དབང་ནོར་བུའི་སྡེ། །གཙུག་ལག་དགའ་བ་ཐུགས་ཀྱི་རྡོ་རྗེ་རྩལ། །ཚེ་དབང་བསྟན་འཛིན་ཐེག་མཆོག་བསྟན་འཕེལ་ཞབས། །རྩ་བའི་བླ་མ་དྲན་ཆོག་འཁོར་ལོའི་མགོན། །འཇམ་དཔལ་ཡང་ཞུན་སྨིན་གྲོལ་བརྒྱུད་པ་ཡི། །བླ་མ་རྣམས་དང་ཡི་དམ་ལྷག་པའི་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །ལས་བཞི་ལྷུན་གྲུབ་གྲུབ་པ་ཆེ་བརྒྱད་ཐོབ། ཁྱད་པར་ཚེ་དབང་ཕྱག་རྒྱ་ཆེ་མཆོག་འགྲུབ། །འཇམ་དཔལ་གོ་འཕང་ཚེ་འདིར་ཐོབ་བྱིན་རློབས། །ཞེས་རིག་འཛིན་ཆེན་པོའི་གསུང་ལ་བརྒྱུད་པ་བསྐངས་པའོ། །སྐྱབས་སེམས་ཚོགས་གསག་ནི། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གསལ་བའི་སྙིང་གར་པད་ཉི་ལ་གནས་པའི་ཧཱུྃ་ཡིག་ནག་པོ་དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་བྱ། ཛཿཧཱུྃ་བཾ་ཧོཿས། ཚོགས་ཞིང་རྣམས་རང་ལ་བསྟིམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཧཱུྃ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར་ནི་གཏོར་མ་དཀར་དམར་གཉིས་བཤམ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿགསུམ་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་གཏོར་མགྲོན་རྣམས་བཀུགས་ལ། དང་པོ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ་མཐུན་རྐྱེན་སྒྲུབས་ཤིག །གཉིས་པ། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་བཀའ་བསྒོ་བ་ནི། ཧཱུྃ། ས་ཕྱོགས་འདིར་གནས་བགེགས་དང་འབྱུང་པོའི་ཚོགས། །འདོད་ཡོན་བདུད་རྩིའི་གཏོར་མ་འདི་ལོངས་ལ། །ཕན་བདེའི་བསམ་པས་རང་རང་གནས་སུ་སོང་། །གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས། །མི་མཐུན་བར་གཅོད་འབྲས་བུ་འབྱིན་གྱུར་ན། །བདག་ཉིད་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས། ཁྱོད་རྣམས་བརླག་ཅིང་བསྲེག་པར་གདོན་མི་ཟ། །དེ་བས་བཀའ་ལས་མ་འདའ་ཕྱིར་དེངས་ཤིག །ཨོཾ་མ་ཧཱ་ཀྲོ་དྷ་སརྦ་བྷཱུ་ཏ་གཙྪ། ཞེས་དང་། སུམྦྷ་ནི་བརྗོད་ཅིང་རོལ་མོའི་སྒྲ་དྲག་པོ་ཡང་བྱའོ། །མཚམས་གཅོད་སྲུང་འཁོར་ནི། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས། །ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར། །རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ། །སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར། །སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད། །དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར། །སྲ་བརྟན་མི་ཤིགས་ར་བས་བསྐོར། །ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར། །བགེགས་དང་འབྱུང་པོ་རྡུལ་དུ་རློག །ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ། བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱར་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་བརྗོད་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཋ། ཞེས་སྨན་རཀ་གཏོར་གསུམ་བྱིན་བརླབ། ཏིང་འཛིན་རྣམ་གསུམ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྟོང་ཞིང་བདག་མེད་ནམ་མཁའི་དཀྱིལ་ལྟར་བལྟ། །དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། །དེ་ཉིད་མ་རྟོགས་སེམས་ཅན་རྣམས། །སྙིང་རྗེས་བསྐྱབ་ཕྱིར་བརྩེ་བའི་སྙིང་རྗེ་བསྒོམ། །ཨོཾ་བཛྲ་ཙིཏྟ་ཧཱུྃ། སྙིང་རྗེར་གྱུར་པའི་འགྲོ་བ་མ་ལུས་ཀུན། །སྐད་ཅིག་གནས་ནས་བདེ་ལ་བཀོད་དོན་དུ། །རྒྱུ་ཡི་ཧེ་རུ་ཡེ་ཤེས་སེམས་དཔའ་ནི། །ཞི་ཚུལ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རལ་གྲི་ཨུཏྤལ་པོ་ཏི་ཕྱག །དར་དང་རིན་ཆེན་དུ་མས་སྤྲས་པ་ཞིག །རང་སེམས་དག་པ་བྱ་བབ་ལྟ་བུ་འམ། །ཆུ་ལས་ཉ་འཕར་ཚུལ་དུ་གསལ་བར་གྱུར། །དེ་ལས་འོད་འཕྲོས་བསྐུལ་དོན་བྱས་ནས་འདུས། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡ་མཐིང་ནག །ཡ་ལས་འོག་གི་ཕྱོགས་སུ་ཡཾ་འཕྲོས་པས། །རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་ནི། །འཆང་བཟུང་ཡཾ་གིས་མཚན་པ་གསལ་བའི་སྟེང། །ཡ་ལས་རཾ་ཆད་གྲུ་གསུམ་རཾ་གྱིས་མཚན། །བཾ་ཆད་ཆུ་ཡི་དཀྱིལ་འཁོར་ཟླུམ་ཞིང་འཁྱིལ། །ལཾ་ཆད་ས་ཡི་དཀྱིལ་འཁོར་གྲུ་བཞིའི་སྟེང་། །ཀེཾ་ལས་ཀེཾ་རུས་རི་རབ་འབར་བའི་དབུས། །ཧཱུྃ་ལས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དེ་དག་ཐམས་ཅད་ཨེ་ལས་མཁའ་དབྱིངས་ཀློང་། །གསལ་ཞིང་སྟོང་ལ་འཛིན་པ་མེད་པར་བསྐྱེད། །གཞལ་ཡས་ཁང་ཉིད་ཕྱི་བལྟས་ནང་གསལ་བ། །ཡངས་ཤིང་རྒྱ་ཆེ་མཐའ་དབུས་མེད་པ་ལ། །ཕྱི་ནི་ཐབས་མཆོག་རིན་ཆེན་ལས་གྲུབ་ཅིང་། །ནང་ནི་ཤེས་རབ་དུར་ཁྲོད་ལས་གྲུབ་པ། །གྲུ་བཞི་སྒོ་བཞི་རྟ་བབས་མུ་ཁྱུད་བཅས། །ཉི་མ་ཟླ་བའི་ཕྲེང་བས་རབ་སྤྲས་ཏེ། །འོད་དང་འོད་ཟེར་རླུང་མེ་འཁྲུགས་པའི་དབུས། །ཕོ་བྲང་རྩིབས་བཞི་མུ་ཁྱུད་ལྟེ་བར་བཅས། །བམ་རོ་གསར་རྙིང་བརྩིགས་པའི་ཁྲི་སྟེང་དུ། །པདྨ་ཉི་མ་བརྡལ་བའི་ཟེའུ་འབྲུ་ལ། །ཡེ་ཤེས་སེམས་དཔའ་བྱ་བབ་ཚུལ་དུ་ལྷགས། །གདན་སྟེང་འོད་དུ་ཞུ་བས་སྐད་ཅིག་གིས། །བདག་ཉིད་བཅོམ་ལྡན་འཇམ་དཔལ་ནག་པོའི་སྐུ །ཞལ་གཅིག་ཕྱག་གཉིས་དབྱར་ཁའི་ཆར་སྤྲིན་ལྟར། །ནག་ཅིང་གཟི་བརྗིད་འབར་བའི་གཟུགས་མངའ་བ། །ཕྱག་གཡས་ཐོད་དབྱུག་བེ་ཅོན་ནམ་མཁར་ཕྱར། །བདུད་དང་ལོག་འདྲེན་བར་གཅོད་འཇོམས་པའི་ཚུལ། །གཡོན་པས་ཐོད་པ་ཁྲག་གིས་བཀང་ནས་ནི། །ཉོན་མོངས་འཇོམས་ཕྱིར་ཞལ་དུ་གསོལ་བའི་ཚུལ། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཁྲོ་གཉེར་བསྡུས། །སྲིད་གསུམ་ཟིལ་གནོན་སྤྱན་གསུམ་སྡང་མིག་བགྲད། །སྨིན་མ་ཨག་ཚོམ་རལ་པ་གྱེན་དུ་འཁྱིལ། །ཞབས་གཉིས་དཔའ་བོའི་འདོར་ཐབས་བརྐྱང་བསྐུམ་བསྒྲད། །སྣ་ཚོགས་དར་དང་རིན་ཆེན་དུར་ཁྲོད་ཆས། །སྟོད་སྨད་སྐུ་ཡི་ཆ་ལུགས་རྣམ་པར་བརྒྱན། །དཔའ་གཏུམ་འཇིགས་གཟུགས་ཤིན་ཏུ་ཁྲོས་པའི་ཚུལ། །བསྐལ་པའི་མེ་དཔུང་ནང་དུ་གསལ་བར་བསྐྱེད། །དེ་ཡི་ཕྱི་རོལ་ཕྱོགས་ཀྱི་རྩིབས་བཞི་ལ། །འཇིགས་པའི་སྐུར་སྟོན་སྤྲུལ་པའི་འཁོར་བཞི་ནི། །གཙོ་བོའི་མདུན་ཕྱོགས་ཞེ་སྡང་གཤིན་རྗེ་གཤེད། །མཐིང་ནག་ཕྱག་གཡས་རྡོ་རྗེ་བེ་ཅོན་ཕྱར། །གཡས་ཕྱོགས་ང་རྒྱལ་གཤིན་རྗེ་སེར་ནག་མདོག །ཕྱག་གཡས་རིན་ཆེན་བེ་ཅོན་ནམ་མཁར་ཕྱར། །རྒྱབ་ཕྱོགས་འདོད་ཆགས་གཤིན་རྗེ་དམར་ནག་མདོག །ཕྱག་གཡས་པདྨ་འབར་བའི་བེ་ཅོན་ཕྱར། །གཡོན་ཕྱོགས་ཕྲག་དོག་གཤིན་རྗེ་ལྗང་ནག་མདོག །ཕྱག་གཡས་རྒྱ་གྲམ་བེ་ཅོན་མཁའ་ལ་ཕྱར། །ཀུན་ཀྱང་ཕྱག་གཡོན་ཁྲག་གིས་བཀང་བ་ཡི། །ཐོད་པ་འཛིན་བཅས་ཤིན་ཏུ་ཁྲོས་པའི་ཚུལ། །ཆ་ལུགས་གཞན་རྣམས་གཙོ་དང་མཐུན་པར་བསྐྱེད། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱང་། །སྐུ་ཆེ་ཡན་ལག་རགས་ལ་རྒྱས་པ་སྟེ། །མི་སྲུན་སྲིན་པོ་ཁྲོས་པའི་ཚུལ་དུ་གསལ། །འོད་ལྔ་འཁྲིག་ཅིང་མེ་རླུང་འཁྲུགས་པའི་ཀློང་། །མ་བསྒྲིབས་རྗེན་སྣང་ཐུགས་ཀར་ཉི་མའི་སྟེང་། །མཐིང་ནག་ཡ་གསལ་དེ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་དངོས་འདྲ་སྤྱན་དྲངས་གྱུར། །གསུར་ཆེན་དུད་པ་དབྱངས་རོལ་དང་བཅས་སྤྱན་འདྲེན་པ་ནི། ཧཱུྃ། འཇིགས་པའི་སྐུར་སྟོན་འཇམ་དཔལ་ནག་པོའི་སྐུ། ཁྲོ་རྒྱལ་འབར་བ་ཆོས་ཉིད་འགྱུར་བ་མེད། །ཞི་བའི་ངང་ལས་དྲག་པོའི་ཚུལ་སྣང་ཞིང་། །ཅིར་ཡང་སྒྱུར་བའི་རྣམ་འཕྲུལ་དུ་མ་ཡིས། །དགྲ་བགེགས་བར་ཆད་ལོག་འདྲེན་འདུལ་བར་མཛད། །འདོད་པའི་དོན་རྣམས་མ་ལུས་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་རྣམས་བདག་གིས་སྤྱན་འདྲེན་ན། །ཕྲིན་ལས་མྱུར་མགྱོགས་གར་ཡང་ཐོགས་པ་མེད། །བདག་གི་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། བཞུགས་སུ་གསོལ་བ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ། །འབྱུང་བ་རྣམ་ལྔ་འཁྲུགས་པའི་ཕོ་བྲང་དབུས། །དགྲ་བགེགས་བསྒྲལ་བ་ཁྲག་གི་ཀློང་རུམ་ན། །དྲེགས་པ་ཁྲོ་ཆེན་དུར་ཁྲོད་གཞལ་ཡས་ཁང་། །དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ། །བམ་རོ་གསར་རྙིང་ཉི་ཟླའི་གདན་ཁྲི་ལ། །དཔལ་ཆེན་ཁྲོ་རྒྱལ་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། དུས་གསུམ་བདེར་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་ཡི་དབང་ཕྱུག་འཕགས་པ་འཇམ་དཔལ་ཏེ། །ངང་ཉིད་ཆོས་ཉིད་ཞི་བའི་བདེ་ཀློང་ནས། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིང་། ཁྲོ་བོའི་ཆ་ལུགས་དགྲ་བགེགས་ལོག་འདྲེན་འདུལ། །ཐུགས་རྗེ་ཡེ་ཤེས་འབར་བའི་མེ་དཔུང་གིས། །ཉོན་མོངས་ལོག་རྟོག་གཞོབ་ཏུ་སྲེག་མཛད་པའི། ཁྲོ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཨེ་ཧྱེ་ཧི། དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་བ་ནི། ཧཱུྃ། སྐུ་མཆོག་འདུས་པའི་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་མདོག་མཐིང་ནག་ཆར་སྤྲིན་འཁྲུགས་པ་ལྟར། །རྔམ་བརྗིད་འཇིགས་གཟུགས་འགྱུར་མེད་དག་པའི་སྐུ །ཕྱག་གཡས་བེ་ཅོན་ཐོད་དབྱུག་གདུག་པ་འདུལ། །གཡོན་པས་ཐོད་ཁྲག་ཉམས་པའི་སྙིང་ཁྲག་འཐུང་། །སྤྲུལ་པ་གཤེད་བཞི་ལས་ཀྱི་ཕོ་ཉར་འགྱེད། །བདུད་དང་བར་ཆད་འབྱུང་པོ་བརླག་པར་མཛད། །ཀུན་ཀྱང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན། །གཤིན་རྗེ་ནག་པོ་མ་རུངས་འཇིགས་པའི་གཟུགས། ཁྲོ་གཏུམ་ལྕང་ལོ་རལ་པའི་ཅོད་པན་ཅན། །སྤྲུལ་པ་ཡང་སྤྲུལ་ཁྲོ་ཚོགས་སྐུ་ལས་འཕྲོ། །ཡེ་ཤེས་ཁྲོ་རྒྱལ་འབར་བ་འཁོར་བཅས་ལ། །དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བ་མཆོད་པའི་སྤྲིན་ཆེན་པོ། །ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི། །རཀྟའི་ཨརྒྷཾ་རྒྱ་མཚོར་འཁྱིལ་བ་དང་། །དབང་པོ་ལྔ་ཡི་མེ་ཏོག་རྒྱན་དུ་བཀྲམ། །གསུར་ཆེན་བདུག་སྤོས་སྤྲིན་ལྟར་འཁྲིགས་པའི་ཚོགས། །ཞུན་ཆེན་སྣང་གསལ་མར་མེ་འོད་དུ་འབར། །དུག་གི་དྲི་ཆབ་སྔོན་དམར་བྱུགས་པར་བཅས། །མཱཾ་ས་ཤ་ཡི་ཞལ་ཟས་གྲམ་བུར་བརྡལ། །རྐང་གླིང་ཐོད་པའི་རྔ་སྒྲ་འབྲུག་ལྟར་སྒྲོག །ཕྱི་ཡི་མཆོད་པ་འབུལ་གྱིས་བཞེས་སུ་གསོལ། །སྨན་དང་རཀྟ་བདུད་རྩི་རྫས་ཀྱི་མཆོག །ཤ་ཁྲག་གཏོར་མའི་པཱུ་ཛ་ཆེན་པོ་འདི། །འདོད་ཡོན་ནང་གི་དགྱེས་མཆོད་འབུལ་གྱིས་བཞེས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ། །ཕྲག་དོག་ལ་སོགས་དུག་ལྔའི་མཆོད་པ་འདི། །གསང་བའི་མཆོད་པར་འབུལ་གྱིས་བཞེས་སུ་གསོལ། །གཞན་ཡང་ཁྲོ་རྒྱལ་དགྱེས་པའི་རྫས་ཆེན་པོ། །མཆོད་པའི་འོས་སུ་གྱུར་པ་ཅི་མཆིས་རྣམས། །མཆོད་པར་འབུལ་ལོ་དགྱེས་པར་བསྐངས་ནས་ཀྱང་། །བདག་གི་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། ཡ་ལས་བྱུང་བའི་གཤིན་རྗེ་ནག་པོ་ནི། །ཆར་སྤྲིན་ལྟ་བུ་ཤིན་ཏུ་དྲག་པོའི་སྐུ །བདུད་དང་བར་ཆད་ཉོན་མོངས་ལོག་འདྲེན་གཤེད། །འཇིགས་པའི་གཟུགས་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞལ་ཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །སྤྱན་གསུམ་སྡང་མིག་བསྒྲད་ཅིང་གློག་ལྟར་འཁྱུག །ཐོད་དབྱུག་བེ་ཅོན་དགྲ་བགེགས་བདུད་དཔུང་འཇོམས། །ཐོད་ཁྲག་དམར་པོ་ཉོན་མོངས་ཞལ་དུ་རྔུབས། །གྲུབ་པའི་སྟོབས་འབྱིན་རྡོ་རྗེ་ཕ་ལམ་སྐུ །དཔའ་བོ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །གོ་ཆ་ཆེན་པོས་ཕ་རོལ་ལོག་འདྲེན་གཤེད། །དྲག་སྔགས་གསུང་སྒྲོག་སྟོང་ཁམས་ཟིལ་གྱིས་གནོན། །ངན་སོང་གསུམ་ཡང་སྐད་ཅིག་གནས་ནས་འདྲེན། །སྡུག་བསྔལ་རྒྱ་མཚོ་དག་ཀྱང་སྐེམ་པར་བྱེད། །ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་པོ། །མ་རུངས་གཞོམ་པར་མཛད་ལ་ཕྱག་འཚལ་བསྟོད། །ཞི་ཞིང་འཛུམ་པས་འགྲོ་རྣམས་ཐབས་ཀྱིས་སྦྱོང་། ཁྲོ་ཞིང་གཏུམ་པས་ལོག་པར་འདྲེན་བྱེད་འདུལ། །ཞི་ཁྲོ་འབར་བ་གར་དགུའི་ཉམས་དང་ལྡན། །སྣ་ཚོགས་ཆོ་འཕྲུལ་སྟོན་ལ་ཕྱག་འཚལ་བསྟོད། །སྐུ་ཡི་ཡེ་ཤེས་གཟི་བརྗིད་སྟོབས་དང་ལྡན། །གསུང་གི་ཡེ་ཤེས་རྡོ་རྗེའི་སྒྲ་དང་ལྡན། །ཐུགས་ཀྱི་ཡེ་ཤེས་འགྲོ་བློའི་མུན་པ་སེལ། །སྐུ་གསུང་ཐུགས་མཆོག་འབར་བ་ཁྱེད་ལ་བསྟོད། །ཧཱུྃ། ཁྱོད་ཀྱི་སྤྲུལ་པ་བཀའ་ཉན་རོལ་པའི་ཚོགས། །བདུད་བཞི་འཇོམས་མཛད་དཔའ་བོ་ཆེན་པོ་བཞི། །ཉོན་མོངས་མཚོ་སྐེམ་ཐུགས་རྗེའི་ཉི་མ་ཅན། །གཤིན་རྗེ་ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །ཞེ་སྡང་འཇོམས་མཛད་རྡོ་རྗེ་ཁྲོ་བོའི་སྐུ །རྡོ་རྗེ་བེ་ཅོན་འབར་བའི་ཕྱག་ཆ་ཅན། །མེ་ལོང་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །ང་རྒྱལ་འཇོམས་མཛད་རིན་ཆེན་ཁྲོ་བོའི་སྐུ །རིན་ཆེན་བེ་ཅོན་དབྱུག་པའི་ཕྱག་ཆ་ཅན། །མཉམ་ཉིད་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །འདོད་ཆགས་འཇོམས་མཛད་པདྨ་ཁྲོ་བོའི་སྐུ །པདྨ་བེ་ཅོན་དབྱུག་པའི་ཕྱག་ཆ་ཅན། །སོར་རྟོག་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །ཕྲག་དོག་འཇོམས་མཛད་ལས་ཀྱི་ཁྲོ་རྒྱལ་སྐུ །རྒྱ་གྲམ་བེ་ཅོན་དབྱུག་པའི་ཕྱག་ཆ་ཅན། །བྱ་གྲུབ་ཡེ་ཤེས་སྣང་ལ་ཕྱག་འཚལ་བསྟོད། །མཐིང་སེར་དམར་ལྗང་འཇིགས་པའི་སྐུ་མདོག་ལ། །དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་འཆང་། ཁྲོ་གཏུམ་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད། །གཞན་ཡང་དྲག་ཤུལ་འཇིགས་པའི་ཚུལ་སྟོན་ཅིང་། །གར་ཡང་ཐོགས་མེད་རྒྱུག་པའི་མཐུ་རྩལ་ཅན། །གཞན་རྐྱེན་བར་ཆོད་སེལ་ཞིང་རྫུ་འཕྲུལ་འགྱེད། །སྤྲུལ་པའི་འཁོར་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །འཛབ་བཟླས་ཀྱི་འཁྲུལ་འཁོར་ནི། བདག་ཉིད་གཙོ་མཆོག་ཐུགས་ཀར་ཉི་མའི་སྟེང་། །གནམ་ལྕགས་མཆོད་རྟེན་ཁྲི་འཕང་དགུ་པའི་དབུས། །བྲེ་ཡི་ནང་དུ་རྡོ་རྗེ་ཧཱུྃ་གིས་མཚན། །བུམ་པའི་ནང་དུ་བེ་ཅོན་ཡ་ཡིས་མཚན། །རི་རབ་ནང་དུ་ཐོད་དབྱུག་བྷྱོ་ཡིས་མཚན། །མཆོད་རྟེན་ཕྱི་རོལ་སྔགས་འབྲུ་བཅོ་ལྔ་པོ། །གསལ་འཚེར་གཟི་བརྗིད་ལྡན་པའི་ཕྲེང་བར་གསལ། །ངག་ཏུ་བརྗོད་པས་སྔགས་རྣམས་སྒྲ་དང་བཅས། །གཡས་སུ་འཁོར་ཞིང་སྔགས་ལས་འོད་འཕྲོས་པས། །ཕྱི་ནང་སྣང་སྲིད་ཡོངས་ལ་ཕོག་པ་ཡིས། །ནུས་མཐུ་བཅུད་བསྡུས་སྔགས་ལ་ཐིམ་པས་ཀྱང་། །བཀྲག་དང་ནུས་མཐུ་འོད་ཟེར་འབར་བར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཡ་བྷྱོ། ཞེས་བཟླ། ཕྱོགས་ཀྱི་གཤེད་ཆེན་བཞི་ལའང་བཟླས་པའི་འཁྲུལ་འཁོར་གཙོ་བོ་དང་མཚུངས་པར་བྱ། མདུན་བསྐྱེད་སྐབས་སུའང་དམིགས་པའི་གཞི་དེ་ལྟར་ལ་གཙོ་བོར་མགལ་མེ་ཀླད་སྐོར་གྱི་དམིགས་པ་དང་བསྡུ་བསྟིམ་བསྒྲུབ་རྫས་རྣམས་ལ་བྱའོ། །ཐུན་མཚམས་གཏོར་མ་འབུལ་བ་ནི། སྨན་རཀ་གིས་བྲན་ཅིང་སྡིགས་མཛུབ་གཏད་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། གིས་སྦྱང་། ཉེས་སྐྱོན་རྣམ་དག་སྟོང་པའི་ངང་ཉིད་ལས། །གཏོར་སྣོད་འོག་ཏུ་ཡཾ་ལས་རླུང་གི་དལ། །གཞུ་ཡི་དབྱིབས་ཅན་འཆང་བཟུང་ཡཾ་གིས་མཚན། །དེ་སྟེང་རཾ་ལས་མེ་ཡི་དལ་གྲུ་གསུམ། །དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ། །དེ་སྟེང་ཨ་ལས་ཐོད་སྣོད་རྒྱ་ཆེ་ཞིང་། །ཕྱི་དཀར་ནང་དམར་ཆོས་དབྱིངས་མཉམ་པའི་ནང་། །ཤུ་ལས་བྱང་སེམས་ན་ལས་མི་ཤ་དབུས། །མ་ལས་ཀླད་པ་དེ་ལས་རྟ་ཤ་ཤར། །ར་ལས་རཀྟ་ཧ་ལས་གླང་ཆེན་ལྷོ། །བི་ལས་དྲི་ཆེན་གོ་ལས་བ་ལང་ནུབ། །མུ་ལས་དྲི་ཆུ་ཀུ་ལས་ཁྱི་ཤ་བྱང་། །དེ་ལྟར་རྫས་རྣམས་དཔག་ཏུ་མེད་པར་གསལ། །ལག་གཡོན་ཨོཾ་ལས་ཟླ་དཀྱིལ་ཨོཾ་དཀར་མཚན། །དེ་ལས་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །གཏོར་མའི་ཉེས་སྐྱོན་དྲི་མ་དག་པར་གྱུར། །ཨོཾ་ཨོཾ་ཨོཾ། ཞེས་ལག་མཐིལ་གཡོན་བསྟན། ལག་གཡས་ཨཱཿལས་ཉི་དཀྱིལ་ཨཱཿདམར་མཚན། །དེ་ལས་འོད་ཟེར་དམར་པོ་འཕྲོས་པ་ཡིས། །གཏོར་སྣོད་གང་ཞིང་རྒྱ་ཆེར་འཕེལ་བར་གྱུར། །ཨཱཿཨཱཿཨཱཿ གཡས་བསྟན། ལག་གཉིས་མཐིལ་དུ་ཧཱུྃ་ཡིག་སྔོན་པོ་ལས། །འོད་ཟེར་འཕྲོས་པས་གཏོར་མ་བདུད་རྩིར་གྱུར། ཧཱུྃ་ཧཱུྃ་ཧཱུྃ༔ ཡཾ་ལས་རླུང་བྱུང་མེ་ཡི་དཀྱིལ་འཁོར་སྦར། །ཐོད་པ་དྲོས་པས་རྫས་རྣམས་ཆིལ་གྱིས་ཞུ། །ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་གྱིས་ལུད། །རླངས་པ་འོད་ཟེར་ཚུལ་དུ་ཡར་འཕྲོས་པས། །རང་བཞིན་གནས་ནས་ཡེ་ཤེས་བདུད་རྩི་བཀུག །དབྱེར་མེད་འདྲེས་པས་ཟག་མེད་བདུད་རྩིར་བསྒྱུར། །ཕེཾ་ཕེཾ་གྱི་རྒྱ་སྨིན་མཚམས་སུ་བསྐོར་ལ། གཏོར་མའི་མགྲོན་རྣམས་མདུན་གྱི་ནམ་མཁར་བཀུག །ཀུན་ཀྱང་གཤིན་རྗེའི་གཤེད་དུ་རྣམ་རོལ་པས། །དགྱེས་པའི་ཚུལ་གྱིས་རྡོ་རྗེའི་ལྗགས་སྦུབས་ཀྱིས། །གསོལ་ཞིང་བདག་ལ་དངོས་གྲུབ་སྩོལ་བར་གྱུར། །གཏོར་མ་དབུས་ཀྱི་གཡས་མར་དམིགས་ཏེ། བླ་མ་ཡི་དམ་དམིགས་བསལ་དགོས་ན་སོ་སོའི་སྔགས་ཀྱིས་བསྔོ་ཞིང་། སྤྱི་ཙམ་དུ། ཨོཾ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་གྱིས་འབུལ། དབུས་མར་དམིགས་ཏེ། འདི་ཉིད་ཀྱི་སྙིང་པོའི་མཐར། ཨོཾ་ཡ་མཱནྟ་ཀ་ཏེ་ཛོ་བ་ལིཾ་ཏ་སྭཱ་ཧཱ། ཞེས་བཏགས་པ་ལན་བདུན་ལས་མི་ཉུང་བས་ཕུལ། དབུས་ཀྱི་གཡོན་མར་དམིགས་ལ་ཆོས་སྐྱོང་དམིགས་བསལ་བའི་སྔགས་སམ། སྤྱི་ལ། ཤཱ་ས་ནའམ། ཨོཾ་སརྦ་དྷརྨ་པཱ་ལ་ས་པ་རི་སོགས་གསུམ་གྱིས་འབུལ། གཡས་ཀྱི་གཡས་དེ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མཱ་ཡཥྚཱི། ཝ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲྀ །ཨཱི་ཤྭ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནིྱྱི་ཏྱེ་ན། ཝ་ཡ་ཝེ་ན། བྲཧྨཱ་ཡེ་ཧཱུྃ། བ་སུནྡྷ་ར་ཎ་ཡེ་ཕཊ། སརྦ་བྷཱུ་ཏེ་བྷྱོཿ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིས་ཕྱོགས་སྐྱོང་ལ་བསྔོས། གཡོན་གྱིས་གཡོན་དེ་འགྲོ་བ་རིགས་དྲུག་ཐམས་ཅད་པར་དམིགས་ཏེ། ཨ་ཀཱ་རོ་ལན་བརྒྱད་ཀྱིས་བསྔོས་པས་ཚིམས་པར་བསམས་ལ། ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཧཱུྃ། ཐུགས་རྗེ་ཆེན་པོའི་དབྱིངས་ནས་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཁྲོ་བོ་ཀུན་གྱི་རྗེ། །ཐབས་དང་ཤེས་རབ་གཉིས་མེད་ཆོས་ཀྱི་སྐུ ཁྲོ་རྒྱལ་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་གཤིན་རྗེ་གཤེད་ལ་སོགས། །བླ་མ་བདེ་གཤེགས་མ་ལུས་དང་། །ཡ་མ་རཱ་ཙ་ལ་སོགས་ཏེ། །ལས་ཀྱི་གཤིན་རྗེ་གདུག་པ་ཅན། །གཏུམ་པོ་འཇིགས་བྱེད་ཕོ་མོའི་ཚོགས། །བྱེ་བ་ཐེར་འབུམ་འཁོར་དང་བཅས། །དམ་རྫས་གཏོར་མ་འདི་ལོངས་ལ། །བཀའ་ཡི་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །གཞན་ཡང་འདོད་དོན་གང་ཡིན་གྱི་གསོལ་བ་དྲག་ཏུ་གདབ། སླར་ཡང་མགྲོན་ཐམས་ཅད་ལ་དམིགས་མཆོད་པ་བསྡུས་པ་གཅིག་བྱས་ལ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་ཁྲོ་ཆེན་པོ། ཁམས་གསུམ་སྐྱེ་འགྲོ་འཇམ་དཔལ་དཀྱིལ་འཁོར་ཆེར། །གུས་པས་མཆོད་བསྟོད་གསོལ་བཏབ་བྱིན་རླབས་ཀྱིས། །བླུན་རྨོངས་བློ་ཡི་རབ་རིབ་བསལ་བ་དང་། །བདུད་དང་ལོག་འདྲེན་བར་གཅོད་ཐུལ་བ་དང་། །གྲིབ་དང་མི་གཙང་གཅོང་ནད་ཞི་ལ་སོགས། །འདོད་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །མཐུ་དང་རྫུ་འཕྲུལ་ནུས་སྟོབས་ཆེ་བ་དང་། །འཇིག་རྟེན་སྣང་སྲིད་ཟིལ་གྱིས་ནོན་པ་དང་། །ངན་སོང་ཐམས་ཅད་སྟོང་པར་གྱུར་ལ་སོགས། །དཔལ་ཆེན་ཁྱེད་དང་མཐུ་རྩལ་མཉམ་པར་ཤོག །ཅེས་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཚོགས་ཀྱི་འཁོར་ལོ་བྱ་བ་ནི། ཚོགས་རྫས་འདུ་བྱས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་དང་། ཨོཾ་སརྦ་བིགྷྣཱན་ཏ་ཀྲྀཏ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བདུད་རྩི་རྡོ་རྗེའི་ཆུ་འཐོར་ལ། ཧཱུྃ། བདག་ཉིད་འཇམ་དཔལ་ཁྲོ་བོའི་ཐུགས་ཀ་ནས། །ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས། །མེ་རླུང་ཆུ་ཡིས་ཚོགས་ཀྱི་དངོས་འཛིན་དྲི། །བསྲེགས་གཏོར་བཀྲུས་ནས་གཙང་ལ་རྙོགས་མེད་གྱུར། །རཾ་ཡཾ་ཁཾ། ཞེས་ལན་གསུམ་བརྗོད་པས་ཚོགས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་བསམ། དེ་ནས་བྱིན་གྱིས་བརླབ་པ་ནི། ཧཱུྃ། སླར་ཡང་དཔའ་བོ་འབྲུ་ལྔ་ཚོགས་ལ་འཕྲོས། །སྒྲ་དང་བཅས་པས་ཚོགས་རྣམས་འོད་དུ་ཞུ། །ཡེ་ཤེས་བདུད་རྩི་འོད་ཕུང་ལྡེམས་སེ་ལྡེམ། །འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་པས་མཆོད་རྫས་བདུད་རྩིའི་རང་བཞིན་བསམ། ཚོགས་ཀྱི་ཡུལ་སྤྱན་དྲང་བ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུ་ཀུན་བཟང་ཀློང་ཡངས་ནས། །མ་འགག་གཟུགས་ཀྱི་སྐུར་བཞེངས་འཇམ་དཔལ་ལྷ། །ཞི་ཁྲོའི་དཀྱིལ་འཁོར་གཞན་ཡང་བསྐང་འོས་མགྲོན། །མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ཡོན་ཏན་ལྷུན་གྲུབ་ཚོགས་ཁང་འདིར། །ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དེ་ནས་ཚོགས་ཕུད་རིམ་གསུམ་བཅད་ལ། དང་པོ་ཕུལ་ལ། ཧཱུྃ། བཅོམ་ལྡན་གཏུམ་ཆེན་གཤིན་རྗེ་གཤེད་དཀྱིལ་འཁོར། །གཞན་ཡང་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ལ། །ཕྱི་ནང་གསང་མཆོད་བདུད་རྩི་སྨན་རཀ་གཏོར། །རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་ཚོགས་མཆོད་འབུལ། །ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་ནས་ཀྱང་། །དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་ཚོགས་བཤགས་ནི། ཧཱུྃ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འཇམ་དཔལ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ། །ལོངས་སྤྱོད་འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་སཏྭ་ས་མ་ཡ་སོགས་བརྗོད། ཐ་མ་བསྒྲལ་བསྟབ་ནི། བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། ཚོགས་སྣོད་དེ་ཉིད་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ། ཚོགས་རྫས་དགྲ་བགེགས་དངོས་སུ་གསལ། བདག་ཅག་གི་སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་སྟེ། ལུས་ངག་ཡིད་ལ་གནོད་འཚེ་བར་ཆད་དགྲ་བགེགས་ཐམས་ཅད་གཅིག་ཏུ་དྲིལ་ནས། གཟུགས་ལིངྒ་ལ་ཐིམ་པར་གྱུར། བདེན་སྟོབས་ཀྱིས་བཀུག་པ། ཧཱུྃ། བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན། །བླ་མ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས། །སྐད་ཅིག་ཙམ་གྱིས་གཟུགས་ལིང་འདི་ལ་ཁུག །ཛཿཧཱུྃ་བཾ་ཧོཿ བསྒྲལ་བ་ནི། ཧཱུྃ། དུག་ལྔའི་ལས་ཀྱིས་བསགས་པའི་བག་ཆགས་རྣམས། །སྐུ་གསུམ་སྐུ་ལྔའི་ཀློང་དུ་ད་ལྟ་སྒྲོལ། །མ་རིག་བདག་འཛིན་ཨ་འཐས་རུ་དྲ་འདི། །རང་ཤེས་རིག་པའི་དབྱིངས་སུ་མཱ་ར་ཡ་ཕཊ། །ཞལ་དུ་བསྟབ་པ་ནི། ཧཱུྃ། ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས། །ཞལ་དུ་སྟོབས་ཤིག་གཤིན་རྗེའི་ལྷ་ཚོགས་ཀྱི། །ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་སྟིམས། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་བྷྱོཿཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ། མ་ཧཱ་མཱཾ་ས་ཁ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་ཚོགས་ལ་རོལ་པ་ནི། བརྡ་དང་བརྡ་ཡིས་ལེན་པ་སྔོན་དུ་འགྲོ་བས་རྫས་ལ་ལོངས་སྤྱོད། གསང་བའི་མཆོད་པས་ཀྱང་དགྱེས་པའི་དམ་ཚིག་བཟུང་། ཚོགས་ལྷག་ཕུལ་བ། ཞལ་ཆབ་བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབརྗོད་ནས་བྱིན་བརླབས་ལ། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོ་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་ལ་དགྱེས་པས་མཆོད། །མཐའ་མ་ཆོས་རྣམས་རྒྱུ་འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་ཁོལ་ནི། །དྲེགས་པ་ཕོ་མོ་མ་སྲིང་གིང་ལངྐ་། །དུར་ཁྲོད་བདག་བྱེད་བརྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླངས་དམ་བཅའ་མ་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་པའི་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་བྱང་ཤར་གཙང་མའི་གནས་སུ་བསྟབ་བོ། །ཆད་མདོ་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཟླ་གསང་རྒྱུད་སྡེ་གསུངས་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི། །བཀའ་ཡི་སྲུང་མ་འཁོར་དང་བཅས། །འདིར་སྤྱོན་དམ་རྫས་གཏོར་མ་ལོངས། ཁས་བླངས་མ་གཡེལ་ཕྲིན་ལས་མཛོད། །དེ་འོག་འཇམ་དཔལ་བཤེས་གཉེན་གྱིས། །རྒྱུད་དོན་མན་ངག་ལ་བསྡེབས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི། །བཀའ་ཡི་སྲུང་མ་འཁོར་དང་བཅས། །འདིར་སྤྱོན་དམ་རྫས་གཏོར་མ་ལོངས། ཁས་བླངས་མ་གཡེལ་ཕྲིན་ལས་མཛོད། །དེ་འོག་པད་འབྱུང་བཻ་རོ་ཡིས། །འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི། །བཀའ་ཡི་སྲུང་མ་འཁོར་དང་བཅས། །འདིར་སྤྱོོན་དམ་རྫས་གཏོར་མ་ལོངས། ཁས་བླངས་མ་གཡེལ་ཕྲིན་ལས་མཛོད། །དེ་འོག་སྐལ་ལྡན་ཆོས་བདག་གིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི། །བཀའ་ཡི་སྲུང་མ་འཁོར་དང་བཅས། །འདིར་སྤྱོན་དམ་རྫས་གཏོར་མ་ལོངས། ཁས་བླངས་མ་གཡེལ་ཕྲིན་ལས་མཛོད། །ད་ལྟ་སྔགས་འཆང་བདག་ཅག་གིས། །འཇམ་དཔལ་བསྙེན་ཅིང་སྒྲུབ་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི། །བཀའ་ཡི་སྲུང་མ་འཁོར་དང་བཅས། །འདིར་སྤྱོན་དམ་རྫས་གཏོར་མ་ལོངས། ཁས་བླངས་མ་གཡེལ་ཕྲིན་ལས་མཛོད། །བརྟན་མ་བསྐྱང་བ་ནི། གཏོར་མའི་བཤལ་ཆུ་བདུད་རྩིར་སྦར་ཏེ། ཧཱུྃ། བོད་ཡུལ་སྐྱོང་བར་མཛད་པ་མོ། །བདུད་མོ་གནོད་སྦྱིན་སྨན་མོ་བཞི། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །འདིར་སྤྱོན་གཏོར་མའི་བཤལ་ཆུ་བཞེས། །སྔོན་ཚེ་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །གངས་ཅན་ལྗོངས་འདིར་དུས་འཁྲུགས་དང་། །མི་མཐུན་ནད་མུག་ཀུན་ཞི་ནས། །རྫོགས་ལྡན་དཔལ་ལ་སྤྱོད་པ་དང་། །ཐེག་མཆོག་བསྟན་པ་རྒྱས་པར་མཛོད། །པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི། རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དམིགས་བྱ་མནན་པར་བསམས་ལ། ཧཱུྃ། སྟོང་གསུམ་འཇིག་རྟེན་གཞལ་ཡས་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་གཤེད། །སྤྲུལ་པའི་ཁྲོ་བོས་སྣང་སྲིད་གང་། །ཐབས་མཆོག་རྐང་གཡས་བྲོ་བརྡུངས་པས། །ཕོ་སྲི་ཐམས་ཅད་གཡས་སུ་མནན། །ཤེས་རབ་གཡོན་གྱིས་བྲོ་བརྡུངས་པས། །མོ་སྲི་ཐམས་ཅད་གཡོན་དུ་མནན། །གཉིས་སུ་མེད་པར་བྲོ་བརྡུངས་པས། །ཆུང་སྲི་དམ་སྲི་དབྱིངས་སུ་མནན། །དྲག་པོའི་གར་གྱིས་བྲོ་བརྡུངས་པས། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློག །ཕྲིན་ལས་རྣམ་བཞིས་བྲོ་བརྡུངས་པས། །ལས་བཞི་མྱུར་དུ་འགྲུབ་པར་ཤོག །སརྦ་ཤ་ཏྲཱུཾ་ཨ་མུ་ཀཾ་མཱ་ར་ཡ་རྦད་ནན། ཤཱནྟིཾ་ པུཥྚིཾ་ ཝ་ཤཾ་ མཱ་ར་ཡ་རྦད། དངོས་གྲུབ་བླང་བ་ནི། ཧཱུྃ། འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་གྲུབ་པར་སྩོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སླར་མཆོད་པ་ནི། ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟ་བཅས་པས་མཆོད་ཅིང་བསྟོད་དོ། །བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དཀྱིལ་འཁོར་བསྡུ་བ་ནི། རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་རྣམས། བཛྲ་མུཿས་གཤེགས། ཉེར་བསྡུ་ནི། སྣང་སྲིད་གཞལ་ཡས་ཚོགས་དང་བཅས་པ་རྣམས། །རང་ལ་བསྡུ་ཞིང་རང་ཡང་ཐུགས་ཀ་ཡི། །ཡིག་འབྲུ་བཅས་པ་མཆོད་རྟེན་དག་ལ་སྟེ། །དེ་ཉིད་ཧཱུྃ་ཡ་བྷྱོཿགསུམ་དག་ལ་བསྡུ། །དེ་གསུམ་དག་ཀྱང་རིམ་གྱིས་མས་རིམ་བཞིན། །གཅིག་ལ་གཅིག་ཐིམ་ཧཱུྃ་ལ་ཐིམ་ནས་ནི། །ཧཱུྃ་ཉིད་དམིགས་མེད་མཁའ་ལ་འཇའ་ཡལ་ལྟར། །ཞེན་མེད་རྟོག་བྲལ་ཁྱབ་གདལ་རོལ་པར་བལྟ། །ཞེས་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་ལ་ཅི་ནུས་སུ་མཉམ་པར་བཞག །སླར་རྩ་སྔགས་བརྗོད་ལ་འཇམ་དཔལ་དཔའ་བོའི་སྐུར་ལྡང་། བསྔོ་སྨོན་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་དང་། དུས་གསུམ་གཤེགས་པའི་སོགས་བརྗོད། བཀྲ་ཤིས་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་རྒྱ་ཆེར་བརྗོད་དོ། །གཉིས་པ་བྱིན་རླབས་རྗེས་གནང་ནི། གཟའ་སྐར་དུས་ཚེས་དྲག་ཅིང་རྩུབ་པའི་སྐབས་སུ། སྟེགས་བུ་དུག་ཁྲག་ཆང་གིས་བྱུགས་པའི་ཁར་དྲག་པོའི་དཀྱིལ་འཁོར་སྤྱི་འགྲེ་ལ། ལྟེ་བ་མཐིང་ནག །མུ་ཁྱུད་དམར་པོ། དེ་རྒྱབ་དྲག་འཁོར་རྩིབས་བཞི་སྔོ། མུ་ཁྱུད་སེར། དེ་རྣམས་ལ་ལྷ་སྐུའམ་ས་བོན་སོགས་བྲི། མ་འབྱོར་ན་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་མཉྫི་ལ་བུམ་པ་བཅུད་དང་རྒྱན་ལྡན་མགུལ་ཆིངས་ནག་པོ་ཅན་བཀོད། རྩིབས་བཞིའི་ཤར་དུ་སྐུ་རྟེན། ལྷོར་བེ་ཅོན། ནུབ་ཏུ་ཐོད་ཁྲག །བྱང་དུ་ཕུར་པ། མཆན་བཞི་ལ་སྒྲུབ་དཔེ། ཐོད་པ་ཐུན་གྱིས་གང་བ། རཀྴའི་ཕྲེང་བ། དམར་གཏོར་གྲུ་གསུམ་པ་ཁྲག་གིས་བྱུག་པ་རྣམས་བཀོད། གཞན་ཡང་ལས་བུམ། སྣ་ཚོགས་རྡོ་རྗེ་དང་དྲིལ་བུ། བྲུབ་ཁུང་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་དང་། ལས་བྱང་སྐབས་སུ་སྨྲོས་པའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ་སྤྱི་ལྟར་བཤམ་བཀོད་བག་དྲོ་བར་བྱ། དེ་ནས་བརྒྱུད་འདེབས་ནས་བརྩམ་བཟླས་པའི་བར་ལས་བྱང་མཐར་ཆགས་སུ་གཏང་ཞིང་མངོན་རྟོགས་ཚིག་རིས་གཅིག་གིས་བདག་མདུན་བུམ་གསུམ་ལ་ལྷ་ལྔ་རྟེན་བརྟེན་པར་བཅས་པ་སོ་སོར་བསྐྱེད་ལ། སྤྱན་འདྲེན་མཆོད་བསྟོད་སོགས་བྱ། བདག་མདུན་བཟླས་དམིགས་སོ་སོར་སོང་བ་དང་། གཟུངས་ཐག་འཐེན་ལ། རང་སྲོག་སྔགས་ཀྱི་སོགས་སྤྲོ་བསྡུ་བྱས་ཏེ་བུམ་བཟླས་བྱ། མཐར་དུང་ཞལ་ཕུལ་ལ། ཨོཾ་ཨཱཿཧཱུྃ། བུམ་ལྷ་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ནུས་པ་དང་ལྡན་པར་གྱུར། ལས་བུམ་གྱི་ནང་དུ་པདྨ་ཉི་མའི་གདན་ལ་ཡ་མཐིང་ནག་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གཤིན་རྗེ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་རབ་ཏུ་ཁྲོས་པའི་ཚུལ་ཅན་གཡས་བེ་ཅོན་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། སྦྲུལ་སྟག་རིན་ཆེན་དར་དཔྱངས་ཀྱིས་འཇིགས་ཤིང་མཛེས་པར་བརྒྱན་པ། ཞབས་གཉིས་འདོར་ཐབས་ཀྱི་ཚུལ་གྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླ། མཐར། ཨརྒྷཾ་སོགས་ཀྱིས་མཆོད། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། དེ་ནས་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པ་དང་། རིག་པའི་མེ་ཏོག་དོར། དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ་། །དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ་པ་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཐུགས་བསྐྱེད་ཕྲིན་ལས་ཀྱི་རླབས་རྒྱལ་བ་དང་རྒྱལ་བའི་མྱུ་གུ་ཀུན་ལས་ཁྱད་པར་དུ་འཕགས་པས། བདུད་དང་གཤིན་རྗེ་ལ་སོགས་པ་ཤིན་ཏུ་གདུལ་དཀའ་བའི་ལོག་པར་འདྲེན་པ་རྣམས་ཀྱི་གཉེན་པོར་ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོ་ལ་སོགས་པ་ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་མཐའ་ཡས་པ་རྣམས་སུ་སྤྲུལ་པ་དང་། དེ་ཡིས་འདུལ་སྐལ་དང་མི་ལྡན་པ་རྣམས་ཀྱི་ཆེད་དུ་འཇོམས་བྱེད་འཆར་ཀ་ནག་པོ་དང་། ཁྲོ་ཆུ་དུག་གི་སྡོང་པོ་སོགས་ལས་ལས་གྲུབ་པའི་ཁྲོ་བོའི་དབང་པོའི་སྐུར་བཞེངས་པ་དང་། དེས་ཀྱང་མོད་ལ་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་ལ་ལས་མྱུར་དམར་པོ་གྱད་ཆེན་དང་དོང་བདག་མུན་པའི་སྐྱེས་གཅིག་སོགས་འཇིག་རྟེན་དྲེགས་པ་ཅན་གྱི་ཚུལ་དུའང་བསྟན་ནས་མ་བསྒྲལ་བསྒྲལ་དང་མ་དུལ་འདུལ་བའི་ཆོ་འཕྲུལ་ནམ་མཁའ་དང་མཉམ་ཞིང་། ཁྱད་པར་དུའང་རྩོད་ལྡན་སྙིགས་མའི་མཐར་ཐུག་པ་ན་ལྷ་འཇམ་དཔལ་ཞི་ཁྲོ་ཁོ་ན་འགྲུབ་ཐག་ཉེ་ཞིང་། དེའི་རིག་སྔགས་རྣམས་ནུས་པའི་མཐུ་མྱུར་བ་གསར་རྙིང་གི་རྒྱུད་སྡེ་མང་པོ་ལས་མགྲིན་གཅིག་ཏུ་བསྔགས་ཤིང་མངོན་སུམ་གྱི་སྤྱོད་ཡུལ་དུའང་གྲུབ་པའི་ནང་ཚན། འཇོམས་བྱེད་རྡོ་རྗེའི་རིགས་སུ་གཏོགས་ཤིང་རྣ་ཆ་བརྒྱད་ལས་ཁྲོ་འདུས་ཟློག་པའི་རྣ་ཆར་ཡང་འགྲོ་བ། འཇམ་དཔལ་ནག་པོའི་མན་ངག་ཡང་གསང་ཐུགས་ཀྱི་ཚལ་པ་སྲུང་ཟློག་བསད་གསུམ་གྱི་གདམས་པ་གསང་བའི་ཡང་ཞུན་ནག་པོ་ཡང་ཟབ་རྡོ་རྗེ་ཕ་ལམ་གཤིན་རྗེ་ཚེ་བདག་གི་ཡང་སྙིང་གཅིག་ཆོག་དོན་གྱི་བཅུད་ཕུར་དམ་པ་འདི་ནི། སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པས་ཀོང་རྒྱ་ལའི་རྦ་དོང་བར་བ་གཤིན་རྗེ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་ཟབ་རྒྱ་གསུམ་པ་སྟེ། དེ་ལྟ་བུའི་སྨིན་བྱེད་བྱིན་རླབས་ཀྱི་རིམ་པ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་འདེབས་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ། བླ་མ་ཡ་མཱནྟ་ཀའི་སྐུ །བདག་ཅག་ཕོ་ཉའི་འཇིགས་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་སྐྱེལ་མ་དང། །རྫུ་འཕྲུལ་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། སྐལ་བ་དྲི་བ་ནི། ཨེ་མ། མ་དག་སྐྱེ་འགྲོ་བགེགས་ཀྱི་ཚོགས། །ལོག་པར་འདྲེན་བྱེད་མ་ཡིན་ནམ། །དེ་ཡིན་ན་ནི་སྐལ་མེད་ཅིང་། །རྡོ་རྗེ་ཁྲོ་བོས་བརླག་པར་འགྱུར། །ཅེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། བདག་སོགས་ལས་དང་སྐལ་བར་ལྡན། །སྐྱབས་ཆེན་ཁྱོད་ཀྱིས་བསྐྱབ་པར་འོས། །སྣོད་དུ་རུང་ཕྱིར་བཀའ་སྩོལ་ཅིག །ཅེས་ལན་ཞུ། དཀྱིལ་འཁོར་གྱི་ཡོལ་བ་བསལ། མདུན་བསྐྱེད་བཅོམ་ལྡན་འདས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ལྷ་ལྔ་ལ་དཀོན་མཆོག་རྩ་གསུམ་བཀའ་སྡོད་སྲུང་མ་དང་བཅས་པས་བསྐོར་ཏེ། མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་རྗེས་ཟློས། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ། །བདག་གཞན་གུས་པས་སྐྱབས་སུ་མཆི། །དུས་འདི་ནས་ནི་སྙིང་པོའི་བར། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །བསྐྱེད་ཅིང་བསླབ་པའི་དོན་ལ་འཇུག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ལན་གསུམ། རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཀྱེ་ཧོ། དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །ཇི་ལྟར་རྡོ་རྗེ་འཆང་སོགས་རྣམས། །རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་གཤེགས་པའི་རིགས་རྣམས་ལ། །སྡོམ་པའི་ཚུལ་ལ་གནས་པ་ལྟར། །བདག་མིང་འདི་ཞེས་བགྱི་བས་ཀྱང་། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་རྫོགས་སངས་མ་རྒྱས་བར། །གཙོ་བོས་ཇི་ལྟར་བསྒོས་པ་བཞིན། །རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི། །སྡོམ་པ་མ་ལུས་བཟུང་ནས་ཀྱང་། །གདམས་ངག་བསླབ་པའི་དོན་རྣམས་ལ། །ཡེངས་མེད་རྟག་ཏུ་འཇུག་པར་བགྱིད། །ཀུན་ཀྱང་ཀུན་བཟང་ས་ལ་དགོད། །ལན་གསུམ། ཁྱེད་རང་རྣམས་ཀྱི་སྙིང་གར་ཡ་མཐིང་ནག་རེ་རེའི་མཐའ་སྐོར་དུ་རྩ་སྔགས་ཀྱིས་བསྐོར་བ་རེ་རེ་སྒོམས་ཤིག །ཨོཾ་ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ། ཞེས་བདུད་རྩི་ལྕེ་སྟེང་བྱིན། རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ། འདི་ནི་གསང་ཆེན་ཐེག་པའི་ཆུ། །རབ་འཇིགས་རྡོ་རྗེ་འབར་བ་སྟེ། །བདག་གིས་བསྒོ་བའི་ལས་གང་ཡིན། ཁྱོད་ཀྱིས་ཀྱང་ནི་རྩོམ་ནུས་ཤིང་། །དམ་ཚིག་དག་ལ་གནས་བྱེད་དམ། །ཞེས་པའི་ལན་དུ་འདིའི་རྗེས་ཟློས། །མགོན་པོ་ཁྱོད་ཀྱིས་གང་བསྒོས་དང་། །བསྲུང་བྱའི་དམ་ཚིག་ཐམས་ཅད་ནི། །ལུས་དང་སྲོག་ལ་བབ་གྱུར་ཀྱང་། །གུས་ཤིང་བརྩོན་པས་བསྒྲུབ་པར་བགྱི། །ཞེས་བརྗོད་དུ་བཞུག །དེ་ནས་བྱིན་རླབས་དངོས་གཞི་བྱ་བ་ལ། ཐོག་མར་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་སྒོམ་མཛོད། ལས་ཆུ་འཐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མ་རོའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ངོ་བོ་ཐོད་དབྱུག་ཡ་ཡིས་མཚན་པ་ལས་འོད་ཟེར་འཕྲོས། བདེར་གཤེགས་འཕགས་པ་རྣམས་མཆོད། བགེགས་དང་བར་ཆད་ཐམས་ཅད་བཏུལ། འགྲོ་དྲུག་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་ཁྲོ་རྒྱལ་འཇམ་དཔལ་ནག་པོ་དབྱར་ཁའི་ཆར་སྤྲིན་འཁྲིགས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་མཆེ་བ་བཞི་གཙིགས་ཤིང་རྐན་སྒྲ་རྡེབ་པ། སྨིན་མ་ཨག་ཚོམ་མེ་ལྟར་དུ་འབར་ཞིང་སེ་ཡན་རལ་པ་ཁམ་ནག་གྱེན་དུ་འཁྱིལ་ཞིང་ཐུར་དུ་འཕྱངས་པ། ཕྱག་གཡས་ཐོད་དབྱུག་ནམ་མཁར་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐོད་པ་སྐམ་རློན་སྦྲུལ་དང་རུས་པ་རིན་པོ་ཆེ་ཁྲག་ཞག་ཐལ་བ་སོགས་དུར་ཁྲོད་ཆས་རྣམས་ཀྱིས་བརྒྱན་པ། གླང་ཀོའི་སྟོད་གཡོགས་ཞིང་གཡང་གི་རྐེད་དཀྲིས་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་འདོར་ཐབས་བརྐྱང་བསྐུམ་སྲིན་པོ་ཁྲོས་པའི་ཚུལ་གྱིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་བའི་གནས་གསུམ་དུ་འབྲུ་གསུམ་དང་། ཐུགས་ཀར་ཉི་མའི་སྟེང་དུ་ཡ་མཐིང་ནག །དེ་ལས་འོད་ཟེར་འཕྲོས། བླ་མ་འཇམ་དཔལ་ནག་པོ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། ཁྱེད་རང་རྣམས་དམ་ཚིག་པ་ལ་རྗེས་སུ་གནང་བ་རྣམས་རིམ་པར་བསྩལ་བའི་མོས་པ་མཛོད། དེ་ལ་ཐོག་མར་དཀྱིལ་འཁོར་དབུས་ཀྱི་བུམ་པ་གཞལ་ཡས་ཁང་གི་ནང་དུ། ལྷ་ཚོགས་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིས་དབང་བསྐུར་ཞིང་ཆུ་བྱིན་པས། སྒོ་གསུམ་གྱི་སྒྲིབ་པ་དག་ནས། ཡེ་ཤེས་ཀྱི་ལྷ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཧཱུྃ། ལྷ་ཚོགས་འབར་བའི་གཞལ་ཡས་ཁང་། །ལྷ་རྣམས་ལས་བྱུང་བདུད་རྩི་ཡིས། །བྱིན་རླབས་བུམ་པའི་དབང་བསྐུར་བས། །སྒོ་གསུམ་སྒྲིབ་དག་ལྷར་གྱུར་ཤོག །སྙིང་པོའི་མཐར། ཀ་ལཱ་ཤ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། བུམ་ཆུ་སྦྱིན། ཁྲུས་བྱ། གཙོ་འཁོར་ལྔའི་སྐུ་རྟེན་དཀྱིལ་འཁོར་བའི་ལྷའི་ངོ་བོ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་དཔལ་ཆེན་འཇམ་དཔལ་ནག་པོ་དང་གཉིས་སུ་མེད་པར་གྱུར་སྙམ་དུ་མོས་ཤིག །ཙཀླི་སྤྱི་བོར་བཞག་ལ། ཧཱུྃ། རབ་འབྱམས་རྒྱལ་བ་རྣམས་ཀྱི་སྐུ །རྫུ་འཕྲུལ་དུ་མས་དབང་བསྐུར་བས། ཁྲོ་རྒྱལ་ཉིད་དང་དབྱེར་མེད་དེ། །ལྷ་རྣམས་གྲུབ་པའི་དབང་ཐོབ་ཤོག །སྔགས་མཐར། ཨ་བྷི་ཥིཉྩ་མཱཾ། ཕྱག་མཚན་བེ་ཅོན་དང་ཐོད་ཁྲག་ལག་གཡས་གཡོན་དུ་གཏད་པས་ཁྲོ་རྒྱལ་ཉིད་དང་མཐུ་རྩལ་མཉམ་པར་མོས། ཧཱུྃ། ཡ་མཱནྟ་ཀའི་ཕྱག་རྒྱ་མཆོག །སྐྱེས་བུ་ཁྱོད་ལ་གཏད་པ་ཡིས། །འཁོར་བའི་འཁྲུལ་འཁོར་བཅད་པ་དང་། །ལོག་འདྲེན་ཐུལ་བའི་དབང་ཐོབ་ཤོག །ལག་གཡས་སུ་ཕུར་པ་གདེངས་ཤིང་གཡོན་དུ་སྒྲུབ་དཔེ་བྱིན་པ་ཀློག་པའི་ཚུལ་གྱིས་རང་གཞན་གྱི་དོན་སྤྱོད་པའི་མཐུ་ཐོབ་པར་མོས། ལོག་འདྲེན་གདུག་པ་འདུལ་བའི་མཆོག །ཡོན་ཏན་མི་འཛད་གཏེར་འབྱུང་བ། །རྫས་དང་གླེགས་བམ་དབང་བྱིན་པས། །དེ་ཉིད་ཡང་དག་ལྡན་གྱུར་ཅིག །གཡས་སུ་ཐོད་ཐུན་གཏད་པས་དགྲ་བགེགས་སྒྲོལ་བའི་ནུས་པ་བརྙེས་ཤིང་གཡོན་དུ་རཀྴའི་ཕྲེང་བ་བྱིན་པ་བསྙེན་སྒྲུབ་ཀྱི་ཕྱིར་དུ་མི་འབྲལ་བར་བྱ་སྙམ་པ་མཛོད། གཟི་བྱིན་བསྐྱེད་པའི་ཐུན་དང་ནི། །བགྲང་ཕྲེང་རཀྴ་གཏད་པ་ཡིས། །དགྲ་བགེགས་མ་ལུས་བསྒྲལ་བ་དང་། །སྔགས་ཀྱི་བརྟན་པ་ཐོབ་ནས་ཀྱང་། །བཅོམ་ལྡན་གཤིན་རྗེ་ནག་པོ་ཡི། །ཕྲིན་ལས་མ་ལུས་འགྲུབ་པར་ཤོག །ལག་ཏུ་དམར་གཏོར་གཏད། མདུན་དུ་བྲུབ་ཁུང་བཞག་ལ། སྐྱེས་བུ་སྟོབས་ལྡན་ཁྱོད་ཀྱིས་ནི། །ལྷ་རྣམས་རྟག་ཏུ་མཆོད་པ་དང། །སྒྲུབ་པ་རྒྱུན་དུ་བྱེད་པ་ཡི། །དབང་དང་བྱིན་རླབས་གཟི་བྱིན་པས། །ལྷ་རྣམས་ཐམས་ཅད་འགྲུབ་པར་ཤོག །སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་གཏད་ལ། ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པའི་རྫས། །གཉིས་མེད་དོན་གྱི་དབྱིངས་ལས་སྒྲ་སྒྲོག་པ། །ཐབས་དང་ཤེས་རབ་ལྡན་པའི་ཕྱག་རྒྱ་འདི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས། །ཕྲིན་ལས་འདི་ཡི་བདག་པོར་ཁྱོད་གྱུར་ཅིག །ཕྲིན་ལས་མཐུ་དང་རྫུ་འཕྲུལ་སྟོབས་ལྡན་ཞིང་། ཁྲོ་རྒྱལ་ཡོན་ཏན་ཀུན་དང་ལྡན་པར་ཤོག །ཅེས་དང་། ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཡ་བྷྱོ། ཨོཾ་ཨཱཿཧཱུྃ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ། ཨོཾ་མཉྫུ་ཤྲཱི །ཨྱཻ་ཡ་མཱནྟ་ཀ །ཨ་ཀྲོ་ཏེ་ཀ །ཀཱ་ལ་རཱུ་པ། ས་མ་ཡ། ཛྙཱ་ན་སཏྭ། མ་མ་རཀྵ། ཀཱ་ཡ་ཝཱ་ཀ་ཙིཏྟ། རཀྵ་ཀུ་རུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨྱཻ་ཨ་ཀྲོ་ཏེ་ཀ །ཡ་ཡ་མཱནྟ་ཀ །ཀ་ཀཱ་ལ་རཱུ་པ། ཤྲཱི་མཉྫུ་ཤྲཱི །ཨོཾ་ཧཱུྃ་བྷྱོཿ ཏྲིག་ཁྲོཾ་བྷྱོཿ ཨོཾ་ནི་མཱ་ར་ཎི་བྷྱོཿ མཱ་ར་དུ་ན་བྷྱོཿ རག་མོ་རག་ཤན་བྷྱོཿ ཏིང་ཡ་རགཤ་བྷྱོཿ ཤ་ཏྲཱུཾ་མཱ་ར་ཡ། ཡ་མ་རཱ་ཙ་ཀཱི་ལ་ཡ་བྷྱོཿ ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་བླ་ཚེ་ཨཾ་ཀུ་ཤ་རྩ་ཁྲག་སྙིང་ཐུཾ་རིལ་བཾ་ཤག་རྦད། དགྲ་བོའི་བླ་ཚེ་མུག་ཧྲིང་། ཨྱེ་ཡ་ཤཀ་མྱགས་དུན། རྔུབས་ཀ་མུག །སྲོག་ཐུཾ་རིལ་ནྲྀ་ཧུར་ཐུཾ་ཛཿ ཐུཾ་ཁྲག་སྙིང་རྩ་ལ་ཐུན་ཤག་རྦད། ཨ་མུ་ཀ་སྲོག་ལ་བྲེང་ཐུཾ། ཙིཏྟ་ཤག །ཧུར་ཛ་ལ་རྦད། ཨ་མུ་ཀཾ །མཱ་ར་ཡ། རྒྱུག་བྷྱོ་རྒྱུག་བྷྱོ། ཧྲཱིཿཏྲི་ཨ་པ་ཡེ། ཡ་མཱནྟ་ཀ །བྷི་ཏྲི་ཏ། ཀཱ་ལི་ཀྲོ་ཏ། དགྲ་བོའི་སྙིང་རྩ་ལ་མྱོག་རྦད། སྲོག་རྩ་ལ་མཱ་ར་ཡ་རྦད། ནི་ཤ་ཀུ་རུ་ནི་རྦད། ནྲྀ་ཧུར་ལོང་བྲེང་། དུན་དུན་ཧུར་ཐུཾ་ཛཿ ཙིཏྟ་རྦད་ཡ། ཨོཾ་མཉྫུ་ཤྲཱི་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ཎ་ཡེ། བྷུར་ཙི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། བཛྲ་བྷུར་ཀུཾ་རི་ལི་ཤུ་ཐར་ཤ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། དེ་དག་རྣམས་ཀྱི་སྒོ་ནས་འཇམ་དཔལ་ནག་པོའི་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་སྲུང་ཟློག་བསད་གསུམ་གྲིབ་འཇོམས་དང་བཅས་པའི་རྗེས་སུ་གནང་བ་བྱིན་ནས། དེང་ཕྱིན་ཆད་ཕྲིན་ལས་འདིའི་བདག་པོར་མངའ་གསོལ་བ་ཡིན་པས་སློབ་དཔོན་དཀྱིལ་འཁོར་བ་དང་བཅས་པས་ཤིས་པ་བརྗོད་པར་མོས་ཤིག །ཤིས་བརྗོད་གང་རུང་བྱ། དེ་ལྟར་འཇམ་དཔལ་ནག་པོའི་བྱིན་རླབས་འདི་ཐོབ་ཕྱིན་ཆད་བར་དོའི་གཤིན་རྗེའི་ཕོ་ཉའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་འགྱུར་བར་གསུངས་ཤིང་། གཞན་ཡང་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་ཞིང་དམ་ཚིག་ལ་བརྩོན་པར་བགྱིའོ་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ཡན་ཆད་ལས་བྱང་ལྟར་བྱས་པས་འགྲུབ་བོ། །སྲུང་ཟློག་བསད་པའི་མཐར་ཐུག་ཅིང། །གྲིབ་འཇོམས་རྡོ་རྗེ་ཕ་ལམ་མཚུངས། །ཆོས་ཟབ་འདི་འདྲ་ཉེར་མཁོའི་ཕྱིར། །སྤྱི་འགྲེས་འཇེབས་པར་བསམས་ནས་བཀོད། །བདུད་ཀྱི་བདུད་དེ་གཤིན་རྗེའི་དགྲ །སྲིད་གསུམ་རྣམ་རྒྱལ་མཆོག་གྲུབ་ནས། །མི་དང་མི་མིན་གདུལ་དཀའ་བ། །མཐའ་དག་སྒྲོལ་བའི་ནུས་ཐོབ་ཤོག །ཅེས་པའང་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གཤིན་རྗེ་གཤེད་པོའི་བཀའ་བབས་ཀྱི་ལུང་ཐོབ་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྦྱར་བ་དགེ་ལེགས་འཕེལ།། །།

རྗེ་བཙུན་ཁྲོས་མའི་ཕྲིན་ལས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གནས་ལུང་དང་རོ་སྲེག་གི་ཆོ་ག་སྒྲིབ་གཉིས་མུན་སེལ་ (Volume 34, Text 29)

༄༅། །རྗེ་བཙུན་ཁྲོས་མའི་ཕྲིན་ལས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གནས་ལུང་དང་རོ་སྲེག་གི་ཆོ་ག་སྒྲིབ་གཉིས་མུན་སེལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཤེས་རབ་མཆོག་གི་ཕྱག་རྒྱས་བརྟན་གཡོ་ཀུན། །བདེ་བ་ཆེན་པོར་རྒྱས་འདེབས་ཁྲོས་མ་དང་། །དབྱེར་མེད་རྡོ་རྗེ་ཅན་ཞབས་བླ་མ་ཉིད། །རང་རིག་ངོ་བོར་རྟག་བཞུགས་དེ་ལ་འདུད། །གང་ཞིག་ལམ་འདིའི་རྣལ་འབྱོར་པས། །གཞན་ཕན་ཕྲིན་ལས་ཆོ་ག་ཡིས། །གདུལ་བྱ་རྗེས་འཛིན་གནས་ལུང་དང་། །སྦྱིན་སྲེག་ཆོ་ག་མདོ་ཙམ་བཤད། །འདིར་རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་གཤིན་ལ་ཕན་གདགས་པའི་ཕྱིར་ལས་སྒྲུབ་པ་ལ། གང་གིས་སྒྲུབ་པའི་གང་ཟག་དང་། དེས་སྒྲུབ་པའི་ཆོ་ག་བཤད་པའོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ། བསྙེན་སྒྲུབ་ཀྱི་དྲོད་ཐོབ་ཅིང་སྟོང་ཉིད་སྙིང་རྗེས་བློ་སྦྱངས་པ། གསང་བ་ཟབ་མོའི་ལམ་ལ་མི་ཞུམས་པ། བསྒྲུབ་བྱའི་ལས་ལ་མཁས་ཤིང་རང་དབང་དུ་སྤྱོད་པར་ནུས་པའི་གང་ཟག་གིས་སོ། །གཉིས་པ་དེས་སྒྲུབ་པའི་ཆོ་ག་ལ། གནས་ལུང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། སྦྱིན་སྲེག་གི་ཆོ་གས་མཐའ་བསྐྱང་བའོ། །དང་པོ་གནས་ལུང་གི་ཆོ་ག་ལ་ཡོ་བྱད་བཤམ་པ་དང་། ཆོ་ག་དངོས་སོ། །དང་པོ་ཡོ་བྱད་བཤམ་པ་ནི། སྒྲུབ་མཆོད་ལ་དགོས་པའི་ཡོ་བྱད་རྣམས་གཞུང་བཞིན་བཤམས་ནས། ཁྱད་པར་གྱི་ཆས་ནི། དམིགས་བྱའི་རོ་ཡོད་ན་དེ་ལ་བརྟེན་པའམ། མིན་ན་སྦྱོང་རྒྱུད་དུ། དེ་ཡི་གཟུགས་བརྙན་བྲིས་པ་འམ། །གུར་གུམ་གྱིས་བྲིས་མིང་ཡང་རུང་། །ངན་སོང་གསུམ་གྱི་སྡུག་བསྔལ་ལས། །སེམས་ཅན་རྣམས་ནི་གྲོལ་བྱའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་གསུངས་པ་བཞིན། ཤོག་བུ་ལ་དམིགས་བྱའི་གཟུགས་བརྙན་ནམ་གུར་གུམ་གྱིས་མིང་ཡིག་ནྲྀ་དང་བཅས་པ་དྲི་མའི་རྟེན་དང་མཉམ་དུ་པདྨ་འདབ་བརྒྱད་ཀྱི་སྟན་ལ་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཞག །དེ་དང་ཉེ་བར་བགེགས་སྦྱོང་བའི་གཏོར་མ་གསུམ་དང་། ཏིང་ལོ་གསུམ་དང་ཆངས་བུ་གསུམ་རེ། ཏིལ་དང་མེ་ཆུ། བྲབ་རྫས་བྱེ་མ་དང་ཡུངས་དཀར། འབྱུང་བཞིའི་རྫས། ཟས་གཏད་ཀྱི་བཟའ་བཏུང་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚང་བར་བཤམ་མོ། །གཉིས་པ་ཆོ་ག་དངོས་ལ། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན། ཨོཾ་སུམྦྷ་སོགས་ཧཱུྃ་བཞི་པས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་དེ་ཉིད་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བར་བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལག་གཉིས་རྡོར་བསྡམས་ལས་ནང་བསྣོལ་མཛུབ་མོ་གཉིས་བརྐྱང་། མཐེའུ་ཆུང་བཀུག་པ་ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། གསུམ་པ་བགེགས་སྦྱང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་པའི་མཐར་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པ་ལན་གསུམ་གྱི་མཐར་གཏོར་མ་རྒྱང་རིང་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །བཞི་པ་སྡིག་པ་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་གྱུར། ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་ཏེ་སྦྱངས། དེ་ནས་རྩ་བའི་སྔགས་དང་སྒྲིབ་སྦྱོང་གི་གཟུངས་ཀྱི་སྔགས་ཀྱིས་བསྔགས་པའི་བྱེ་མ་དང་ཡུངས་དཀར་བྲབ་ཅིང་། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བྷེ་ཤ་ཡ།ཞེས་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ མཐར། ཚེ་ལས་འདས་པ་ཆེ་གེ་ཞེས་བགྱི་བའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྔགས་དེ་དག་གི་མཐར་ཚེ་འདས་ཀྱི་མིང་སྤེལ་སྒྲིབ་སྦྱོང་གི་ཤམ་བུ་ཅན་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏཱིརྱ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཅེས་སོགས་ངན་སོང་སྦྱོང་བའི་སྔགས་ཅི་ནུས་བཟླས་ལ། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་ལྟར་དག་པར་བསམ་མོ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱིས་ནས་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བྷེ་ཤ་ཡ། ཅེས་རྩ་སྔགས་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་སོགས་བཟླ་ཞིང་བཀྲུ །གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ།  །ཞེས་གཟུངས་སྔགས་རོལ་མོར་བཅས་པས་ཁྲུས་བྱའོ། །དྲུག་པ་དུག་སྦྱང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་སྦྱང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་ཏེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱང་ངོ་། །འབྱུང་བ་སོ་སོས་བྱབ་ཅིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མཱ་མ་ཀཱི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དུག་སྦྱང་། བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ མ་རིག་མུན་པ་སེལ་མཛད་པ༔ ཡེ་ཤེས་སྒྲོན་མེ་ལ་ཕྱག་འཚལ༔ ཨ་ནི་སངས་རྒྱས་ཌཱ་ཀི་མ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ གཏི་མུག་འཇོམས་པའི་རྗེ་བཙུན་མ༔ ཁྲོས་མ་ནག་མོ་ཁྱོད་ཕྱག་འཚལ༔ ཧ་ནི་རྡོ་རྗེ་ཌཱ་ཀི་མ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་འཇོམས་པའི་རྗེ་བཙུན་མ༔ བདེ་ཆེན་དཀར་མོ་ཁྱོད་ཕྱག་འཚལ༔ རི་ནི་རིན་ཆེན་ཌཱ་ཀི་མ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ ང་རྒྱལ་འཇོམས་པའི་རྗེ་བཙུན་མ༔ སེར་མོ་དོན་གྲུབ་ཁྱོད་ཕྱག་འཚལ༔ ནཱི་ནི་པདྨ་ཌཱ་ཀི་མ༔ ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད༔ འདོད་ཆགས་འཇོམས་པའི་རྗེ་བཙུན་མ༔ དམར་མོ་སྒྲ་སྒྲོག་ཁྱོད་ཕྱག་འཚལ༔ ས་ནི་ལས་ཀྱི་ཌཱ་ཀི་མ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ཕྲག་དོག་འཇོམས་པའི་རྗེ་བཙུན་མ༔ སྣ་ཚོགས་མཐར་ཕྱིན་ཁྱོད་ཕྱག་འཚལ༔ ཕྱོགས་སྐྱོང་འདུལ་མཛད་མཁའ་འགྲོ་བརྒྱད༔ ཕར་ཕྱིན་དྲུག་རྫོགས་གཡུང་དྲུང་ལྷ༔ གནས་དང་ཡུལ་གྱི་མཁའ་འགྲོའི་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཞེས་ལས་བྱང་གི་ཕྱག་འཚལ་དང་། ཁྱད་པར། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་སྐྱབས་སུ་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་པ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་པ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོར་འཇུག །བརྒྱད་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་རྗེས་གནང་གཏང་རག་འབུལ་བའི་བར་དབང་ཆོག་བཞིན་བྱའོ། །དགུ་པ་ཟས་གཏད་ནི། རྟེན་བསྒྲུབ་བྱར་མོས་པ་ལ་དབང་བསྐུར་བས་སྡིག་པ་དག་སྟེ་རྡོ་རྗེ་ཁྲོ་མོའི་སྐུར་གསལ་བ་ལ། བཟའ་བཏུང་གོས་ལྷམ་སོགས་འདོད་ཡོན་གཏད་འོས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་ཁྲོས་མའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམས་པར་ཤོག །ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་ཙམ་མམ། སྤྲོ་ན་འདོད་ཡོན་ལྔ་སོ་སོར་ཕྱེ་ནས་ཕུལ་ཀྱང་ཆོག །བཅུ་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་ཁྲོས་མ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །བཅུ་གཉིས་པ་ས་ལམ་སྦྱང་བ་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མའི་ཐུགས་ཀར་ཐིམ་སྟེ་གཉིས་སུ་མེད་པར་གྱུར། །བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ། ཨོཾ་བཛྲ་བྷ་ར་ཧེ་སོགས་རྩ་སྔགས་ལན་གསུམ་གྱིས་མེ་སྦར་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣེ་ཛྭ་ལ་རཾ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་ལ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུའང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་མདོ་ཡང་བཏོན་ན་ལེགས་སོ། །རོ་སྲེག་གིས་མཚོན་ཏེ་སྒྲིབ་སྦྱོང་གི་མཚན་མ་མེའི་པྲ་ལས་ཤེས་པར་བྱ་བ་ནི། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བར། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་བ། །བཞིན་མདོག་བཟང་བཞིན་ལྷམ་མེར་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་པས་སྟེང་དུ་དྲང་པོར་འབར་བ་དང་། དུ་བ་ལ་སོགས་པས་ནག་ནོག་མེད་པ་དང་། ཟླུམ་ཞིང་སྟེང་དུ་མི་འཕྲོ་བ་དང་། དལ་ཞིང་མདངས་གསལ་བ་དང་། སྒྲ་ལ་སོགས་པ་ཆུང་བར་འབར་བ་དང་། མེ་ལྷ་ཉིད་ཀྱི་རང་གཟུགས་ཇི་ལྟ་བར་མེ་ཡི་གཟུགས་ལས་སྟོན་པ་རྣམས་ནི་དམིགས་ཡུལ་དེ་ངན་སོང་ལས་གྲོལ་ཞིང་ལྷ་ལ་སོགས་པའི་བདེ་འགྲོར་སྐྱེ་བའི་རྟགས་ཡིན་ཏེ། འདིའི་མེ་པྲ་ལས་ཀྱང་། དཀར་གསལ་ཟླུམ་པོ་ཞི་བའི་མེ༔ ནད་གདོན་སྡིག་སྒྲིབ་དག་པའི་རྟགས༔ ཞེས་གསུངས་པ་བཞིན་དགེ་བའི་རྟགས་སུ་ཤེས་པར་བྱའོ། །ཡང་མི་དགེ་བའི་མཚན་མ་ནི། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་དང་། དལ་བུས་མདོག་མི་གསལ་བར་འབར་བ་དང། ཞན་པ་དང་མེ་ལྕེ་ཆད་པ་དང་། འོད་མེད་ཅིང་སྔོ་བ་དང་། མདུང་རྩེ་གསུམ་པ་ལྟ་བུ་དང་། ཞིབ་མ་ལྟ་བུ་མིག་ཚགས་ཅན་དང་། བ་ལང་གདོང་གི་དབྱིབས་ལྟ་བུ་དང་། མི་རོ་ལ་སོགས་པའི་དྲི་ང་བ་དང་། དྲི་མེད་པའམ། དྲག་ཏུ་འཚུབས་ཤིང་འབར་བ་རྣམས་ནི་དམིགས་ཡུལ་དེ་ངན་འགྲོར་སྐྱེ་བའི་རྟགས་ཡིན་པས། དགེ་བར་མཐོང་ནའང་ཚོགས་གཉིས་ཀྱི་དཔུང་བསྐྱེད་པའི་དགེ་བའི་སྟོབས་ཇི་ལྟར་རིགས་པ་བསྒྲུབས་པས་བདེ་འགྲོར་སྐྱེ་འགྱུར་ཉིད་ཀྱང་འགལ་རྐྱེན་ཉུང་བ་དང་། མཐུན་རྐྱེན་མངོན་པར་མཐོ་བའི་རྟེན་དེ་ཡང་གཟུགས་དང་ལང་ཚོ་དང་འབྱོར་པ་ཕུན་སུམ་ཚོགས་པ་གོང་ནས་གོང་དུ་སྤེལ་ཞིང་ངེས་པར་ལེགས་པའི་ལམ་དུ་འཇུག་པ་ལ་སོགས་པར་འགྱུར་ཞིང་། གལ་ཏེ་ངན་པར་མཐོང་ན་ནི་སྟོབས་བཞི་ལྡན་གྱིས་སྡིག་པ་སྦྱང་བ་ལ་འབད་པར་བྱ་སྟེ། སྟོབས་བཞིའི་ནང་ནས་ཀྱང་སྐབས་འདིར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉིད་གཙོ་བོར་བསྒྲུབ་པ་གལ་ཆེའོ། །དེ་ཡང་ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་ཟབ་མོ་བཀླག་པ་སོགས་དང་། བདག་མེད་འོད་གསལ་གྱི་དོན་ལ་འཇུག་པ་དང་། ཡིག་བརྒྱ་ལ་སོགས་པའི་གཟུངས་ཁྱད་པར་ཅན་ཆོ་ག་བཞིན་དུ་བཟླ་བ་དང་། བདེ་བར་གཤེགས་པའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་བཞེངས་པ་དང་། སཱཙྪ་གདབ་པ་དང་། དེ་དག་དང་དགེ་འདུན་ལ་མཆོད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱི་མཚན་གཟུང་ཞིང་བསྒྲག་པ་དང་། གཞན་ཡང་སྦྱིན་གཏོང་དང་སྲོག་བསླུ་བ་ལ་སོགས་དགེ་བའི་དཔུང་སྐྱེད་པའི་ཐབས་ཚུལ་མདོ་སྡེ་དང་རྒྱུད་སྡེ་རྣམས་སུ་གསུངས་པ་བཞིན་བསྒྲུབས་པས་ནི། ངན་སོང་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་ནི། སྡུག་བསྔལ་ཆུང་བར་འགྱུར་བ་དང་། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བ་དང་། རིང་པོར་མྱོང་བ་རྣམས་ཡུན་ཐུང་ངུའམ་གཏན་ནས་མྱང་མི་དགོས་པར་འགྱུར་བ་སོགས་གཉེན་པོ་སྟོབས་ཆེ་ཆུང་ལས་སྡིག་པ་འདག་ཚུལ་ཡང་དེའི་རྗེས་སུ་འགྲོ་བས། གསག་སྦྱོང་གི་ལས་གང་སྒྲུབ་ཀྱང་ལྷག་པའི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་ནན་ཏན་དུ་བསྒྲུབ་པ་གལ་ཆེའོ། །བྱང་བུའི་བརྟག་པ་སོགས་ཀྱང་འདི་ཉིད་ལས་མཚོན་ཏེ་དཔོག་པས་རྒྱལ་བ་བདེན་པར་གསུང་བའི་ལུང་གི་རྗེས་སུ་འབྲང་བའི་ཕྱིར་མི་བསླུ་བར་ངེས་སོ།། ༈ །།གཉིས་པ་རོ་སྲེག་གི་ཆོ་གས་ལས་ལ་སྦྱར་བ་ལ། ཡོ་བྱད་ཀྱི་བཤམ་དང་། ཆོ་ག་དངོས་ལས། དང་པོ་ནི་སྔར་སྦྱིན་སྲེག་མ་མྱོང་བའི་ས་ཡིན་ན་བརྟག་སློང་སྦྱོང་བ་སོགས་ས་ཆོག་གང་འགྲུབ་བྱ་ཞིང་། སྔར་དུལ་ཟིན་དང་ཆོ་ག་རྒྱས་པ་མི་ནུས་ན་ནི། གང་དུ་བྱ་བའི་ས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོ །ལྷའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པས་བྱིན་གྱིས་བརླབས་ནས་སར་འཛིན་གྱི་རྟོག་པ་སྦྱངས། དེར་ཐབ་སྟེགས་རྒྱར་འདོམ་གང་པ་གྲུ་བཞི་བ་བྱུང་གིས་བྱུགས་པའི་ཁར་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱི་ནས་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་བསྐོར། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་པའི་ལྟེ་བ་དང་བཅས་པ་དང་། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་རྡུལ་ཚོན་དཀར་པོས་བྲིས་པའི་ཁར་རས་དཀར་པོར་པདྨ་འདབ་བརྒྱད་བྲིས་པ་བུམ་ཆུ་ལ་དྲངས་པས་བཀབ། ཐབ་ཀྱི་ཁ་ཁྱེར་གྱི་ཕྱི་ནས་ཕ་གུ་སོགས་ཀྱིས་རོ་ཁང་གི་རྒྱར་ཁྲུ་གང་གྲུ་བཞི་པ་ཇི་ལྟར་རིགས་པ་བརྩིགས་ནས། ཆོ་ག་དངོས་གཞིའི་ལམ་སྦྱང་བསྟན་ཡན་ཆད་ཚར་བ་ན། རོ་ཁང་རྙིང་པ་ལས་གུད་དུ་ཕྱུངས་ཏེ། བགེགས་ལ་གཏོར་མ་བྱིན་ནས་དྲག་སྔགས་སྤོས་རོལ་ཡུངས་ཐུན་དང་བཅས་པས་བསྐྲད། སྒྲིབ་སྦྱོང་གི་གཟུངས་བཟླས་པའི་བྱེ་མ་དང་ཡུངས་དཀར་གྱིས་བྲབ། ཁྲུས་བུམ་གྱི་ཆུས་ཀྱང་བཀྲུ་ཞིང་དར་རས་ཀྱིས་ཕྱི། དྲི་བཟང་པོའི་ལྡེ་གུས་ཁྱབ་པར་བྱུག །སྤྱི་བོ་ལ་སོགས་གནས་བཞིར་ཨ་ཡིག་གིས་དྲངས་པའི་བཛྲ་བྷ་ར་ཧེ་སོགས་སྔགས་ཚན་བཞི་དང་། གཞན་ཡང་གོ་ཆའི་སྔགས་རྣམས་དང་བཏགས་གྲོལ་སོགས་གདགས་ཡིག་ཇི་ལྟར་འབྱོར་པ་རྣམས་མར་སྦྲང་གིས་གནས་སོ་སོར་སྦྱར། དར་རས་ཀྱིས་སྟོད་གཡོགས་དང་སྨད་དཀྲི། ལྷར་བསྐྱེད་ནས་ཅུང་ཟད་མཆོད་ཅིང་བསྟོད་པ་རྣམས་བྱ་སྟེ། འདུས་པ་མདོར། རོ་ཡི་རྫས་རྣམས་བསྲེགས་སྦྱངས་ཐིམ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །བདུད་རྩི་ཞུན་ཆེན་ཁུ་བ་ཡིས། །རས་ལ་བྱུགས་པས་རོ་དཀྲིས་ཏེ། །རོ་ཡི་གནས་རྣམས་གང་ཡིན་པར། །སྔགས་ཀྱི་སྦྱོར་བ་ཀུན་བཀོད་ནས། །ཕྱག་རྒྱའི་མཚན་མ་གདབ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བཀོད་པ་གང་། །དེ་ཡི་མཚན་མ་ཕྱག་རྒྱ་རྣམས། །གང་དུ་བཀོད་པ་དེ་ཉིད་དུ། །སྙིང་པོའི་གྲངས་ཀྱང་དེ་ལྟར་བྱ། །ཞེས་སོགས་གསུངས་བཞིན་དང་། དེ་ནས་ཕུང་པོ་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་འབུད་ཤིང་ངམ་ལྕགས་སྟེགས་རྒྱབ་མཐོ་ཞིང་མདུན་དམའ་བའི་ཁར་ཙོག་པུའི་སྟབས་ཀྱིས་དགུ་བར་བཞག་པའི་རྐང་པ་གཉིས་འོག་ཏུ་ཅུང་ཟད་བརྐྱངས་པའི་ནང་ཁོངས་སུ་མེ་ཚང་བཅས་ནས་མེའི་མཐིལ་རྒྱུ་ཞབས་སུ་ཕོག་པ་བྱ་ཞིང་། ཟ་འདྲེ་སྦུབས་ཞུགས་ཀྱི་དོགས་པ་ཡོད་ན་རྐང་མཐིལ་གཉིས་སུ་པོ་ཝི་བཙུགས་པའི་རྩེ་བོལ་གོང་དུ་འཐོན་པ་ཡང་བྱེད། དྲི་ཞིམ་པོའི་ཤིང་བཤགས་ཕྲ་བ་རྣམས་མདུན་དང་། རྒྱབ་རྣམས་སྦོམ་པས་དམ་དུ་བཅེར་བའི་བར་དུ་ཐོག་མར་མེ་མི་འགྲོ་བར་བྱས་པའི་ཕྱིའི་མདུན་གྱི་རྩ་བར་སྦར་ཁུང་། སྐེད་པར་རྫས་ཁུང་རྣམས་དང་ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་མ་གཏོགས་སྔར་གྱི་རོ་ཁང་གི་འཕྲོ་ནས་སྤྱི་བོའི་ཐད་མཉམ་བར་གྲུ་བཞི་པར་བརྩིགས། དེའི་སྟེང་ནས་རྫ་ལ་སོགས་བུམ་པའི་དབྱིབས་རུང་མཐུན་སྟེང་དུ་དུད་ཁུང་དང་ལྡན་པ་མཆོད་རྟེན་ལྟ་བུའི་དབྱིབས་ཅན་མཛེས་ཤིང་བརྟན་པར་བརྩིགས། ཕྱི་ནས་འཇིམ་པ་བཟང་པོའི་ཞལ་བ་དང་དཀར་རྩིས་བྱུག །འཚིག་དཀའ་བ་ལ་སོགས་པའི་དོགས་པ་ཡོད་ན་རྫས་ཁུང་དང་ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་བྱ། སྟེང་ནས་གདུགས་དང་ཟུར་དང་ལོགས་བཞིར་རྒྱལ་མཚན་དང་བ་དན་མཛེས་པས་བརྒྱན། སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་ཉེར་སྤྱོད་ལྔ་དང་གཏོར་མ་སོགས་མཆོད་རྫས་དང་། གཡས་སུ་ཡམ་ཤིང་སོགས་བསྲེག་རྫས་རྣམས་མེ་ལྷ་མཆོག་དམན་གྱི་དབྱེ་བས་ཉིས་རིམ་དང་། ཁྱད་པར་གྱི་རྫས་རྩ་བའི་གཞུང་ལས། རྫས་ནི་ཕྱེ་མར་རཏྣ་སྨན༔ ཟས་ནི་རྣམ་པ་སྣ་ཚོགས་དང༔ རིན་པོ་ཆེ་དང་འབྲུ་སྣ་སྨན༔ དང་ཟབ་གོས་ལ་སོགས་པ་བསྲེག༔ ཅེས་པ་རྣམས་རིལ་བུའམ། ཁྲོལ་བུར་སྤུངས་པ་འམ། སྣོད་དུ་བླུགས་པ་བཀོད། མདུན་དུ་ཉེ་བའི་སར་བསང་ཆུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་དགང་བླུག་མར་ཁུའི་སྣོད་རྣམས་བཞག །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་བཞིན་འཚོགས་པར་བྱའོ། །གལ་ཏེ་དུར་ཁྲོད་ལ་སོགས་པར་ཁྱེར་ནས་སྲེག་ན་རོ་ཁྱེར་བ་པོ་ལ་སྲུང་སྐུད་གདགས་ཤིང་གཤིན་རྗེར་མོས། གྲོགས་གཞན་རྣམས་ཀྱང་དཀར་ཕྱོགས་སྐྱོང་བ་སོ་སོར་མོས། ཡོ་བྱད་ཐ་དད་པ་རྣམས་དང་རོལ་མོ་སྣ་ཚོགས་དང་བཅས་ནས་སློབ་དཔོན་གྱིས་རྡོར་དྲིལ་ཐོགས་ལ་སྙིང་པོ་དང་ཡིག་བརྒྱ་བཟླ་བཞིན་པས་སྣ་འདྲེན་པར་ཡང་བཤད་དོ། །གཉིས་པ་ཆོ་ག་དངོས་ལ་ལྔ་ལས། དང་པོ་སྔོན་དུ་བྱ་བའི་རིམ་པ་ནི། སློབ་དཔོན་ཆས་གོས་དཀར་པོ་དང་ལྡན་པས་འཇམ་པའི་སྟན་ལ་ཤར་དུ་ཕྱོགས་པས་འཁོད་དེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་དང་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜཱེ་ཨཱཿ ཞེས་ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་འཁྱུད་རྒྱ་བྱ་ཞིང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་སྟེ། ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པས་དམ་ཚིག་གསུམ་དྲན་པར་བྱ། མཆོད་རྫས་རྣམས། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང། ཧཱུྃ༔ དུར་ཁྲོད་ཞིང་མཆོག་འོག་མིན་གནས་སུ་གསལ༔ ཞེས་སོགས་ཆོ་ག་གཞུང་བཞིན་བྱིན་གྱིས་བརླབ། བསྲེག་རྫས་རྣམས་བདུད་རྩིས་བྲན་ནས། རྡོ་རྗེ་རྩེ་གཅིག་ཕྱག་རྒྱས་རེག་ཅིང་། ཨོཾ་ཧཱུྃ་སྭཱ་ཧཱ། རྫས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱ་སྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པ་གསལ་བར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་ལན་གཅིག་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ལན་གསུམ་བཏགས་པ་བརྗོད། དེ་བཞིན་དུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྫས་སྔགས་རྣམས་འབྲུ་གསུམ་དང་སྤེལ་བ་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ། བྲམ་ཟེའི་རྒྱུན་བཞག་གི་མེའམ། དགེ་འདུན་ཚང་མང་གི་མེ་སྦར་བའི་དཔལ་འབར་བཟུང་ནས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣེ་ཛྭ་ལ་རཾ། ཞེས་པས་གཡས་སུ་བསྐོར་ནས་ཐབ་ཀྱི་མེ་ཚང་དུ་བཅུག་ནས་ཏིང་ལོ་སྦར་ཞིང་། ཧཱུྃ་མང་དུ་བརྗོད་ལ་རླུང་གཡབ་ཀྱིས་མེ་སྦར། འབར་བ་ན། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་གྱི་མར་ཁུའི་ཐིགས་པས་གསོས་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་པའི་ཀུ་ཤ་རྩ་རྩེ་མ་ཉམས་པ་རྣམས། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་ཐབ་ཀྱི་ཁར་རང་གི་གཡོན་ནས་རྩེ་མོ་ཤར་དུ་བསྟན་པ་གཉིས་བཞག་པའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པ་ཕྱོགས་རེར་ཟུང་རེ་གཡས་སྐོར་དུ་བཀྲམ། སླར་ཡང་ཆུན་པོ་གཅིག་ཐབ་ཀྱི་ཁར་རྩེ་མོ་ཤར་དུ་བསྟན་ནས་བཞག་གོ །གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པ་ལས་མཐེ་བོང་སྲིན་ལག་གི་རྩར་མནན་པས་གཡབ་ཅིང་། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་སྤྱན་དྲངས་ལ། ཨོཾ་སུམྦྷ་ནི་སོགས་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། དེ་བཞིན་དུ་པཱ་དྱཾ་གྱིས་ཞབས་བསིལ་ཕུལ། ཨོཾ་ཨགྣ་ཡེ་ས་མ་ཡ་སཏྭཾ། ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ལ། བྱང་ཆུབ་མཆོག་གི་རྒྱས་དགང་བླུག་བཟུང་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བདུན་དང་། མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། དགང་བླུག་ཁ་སྤྲོད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །མཚན་མ་ངན་ན་ལས་སྔགས་དང་བུམ་ཆུས་བསང་། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །ཅེས་བསྟོད་ནས་བསྲེག་རྫས་རྣམས་འབུལ་བ་ལས། ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པའི་མཐར། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་རིགས་འགྲེ་བས། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ། སྔགས་སོ་སོའི་མཐར། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པས་དབུལ་ཞིང་། གཞན་ཡང་བསྲེག་རྫས་ཅི་འབྱོར་པ་རྣམས། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཁོ་ནས་འབུལ། དེ་ནས་ཡུངས་དཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ཞིང་བླུག་གཟར་གྱིས་མར་ཁུ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །གསུམ་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་མེའི་དབུས་སུ་རྡོ་རྗེ་སྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་གྲྭ་ཟུར་རྣམས་ལ་དགའ་བ་འཁྱིལ་བ་དང་། ནང་པདྨ་འདབ་མ་བཞི་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བ་ལྟེ་བ་དང་བཅས་པ། དེའི་དབུས་སུ་པད་ཉི་རོའི་སྟེང་དུ་ཨ་ཡིག་མཐིང་ནག་འབར་བ་ལས་འོད་ཟེར་འཕྲོས་སོགས་ནས། རྩིབས་མཆན་གྱི་གཡུང་དྲུང་རྣམས་གོ་ཆའི་ལྷ་མོ་དྲུག་གི་ངོ་བོར་གྱུར། ཞེས་པའི་མཐར། དེ་ཐམས་ཅད་ཀྱི་སྤྱི་བོར་སྐྱབས་གསུམ་གྱི་འཁོར་ལོ་ཀུན་འདུས་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་བཞུགས་པར་བསམ་ཞིང་། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རང་རིག་པའི་བདག་ཉིད་ཁམས་གསུམ་མ་ལུས་པར་ཡོངས་སུ་ཁྱབ་པའི་རང་བཞིན་དུ་གསལ་བར་གྱུར་པར་བསམ་ལ། གཙོ་མོའི་ཐུགས་འཁོར་གྱི་ལྟེ་བའི་ཨ་ཡིག་ལས་འོད་ཟེར་སྤྲོ་བ་ནས་གཟུང་། ཡེ་ཤེས་པ་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། བསྟོད་པའི། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པའི་མཐར་ཐུག་པའི་བར་ལས་བྱང་གི་དཀྱུས་བཞིན་བྱས་ནས་དགང་བླུག་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར་སོགས་སྔར་དང་འདྲ་བ་ལས། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་རྩ་སྔགས་བདུན་གྱིས་བཀང་ནས། ཨོཾ་ཨགྣ་ཡེ་དཱི་བྱ་སོགས་ཀྱིས་ཕུལ་ལ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་བ་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ། བསྲེག་རྫས་གཞན་རྣམས། ཡམ་ཤིང་ལ། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ཚར་གཅིག་གི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བཅུ་རེའི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས། དེ་བཞིན་དུ་མར་ཁུ་ནས་ཀུ་ཤའི་བར་རྫས་སྔགས་སྤེལ་ཚིག་དང་བཅས་པ་གོང་ལྟར་ལས། ཁྱད་པར་གྱི་རྫས་རྣམས་རིལ་བུའམ་ཁྲོལ་བུ་གང་ཡིན་ནའང་རྩ་བའི་སྔགས་ཁོ་ནས་ཕུལ་ཏེ། ཞུགས་མྱུར་བུལ་གྱི་སྐབས་དང་སྦྱར་ནས་རྫས་རྣམས་བཅུ་ཚན་རེའི་འགོར་རྩ་སྔགས་ཀྱིས་དྲངས་ཏེ་ཕུལ་བའི་མཐར་ཕྲིན་ལས་འཆོལ་བའི་སྤེལ་ཚིག་སྦྱར་བ་ཚར་རེ་རྫོགས་མཚམས་སོ་སོར་བསྟོད་པ་ཚར་རེ་དང་། མཐར་ཨོཾ་བཛྲ་བྷ་ར་ཧེ་སོགས་རྩ་བའི་སྔགས་དང་ཡིག་བརྒྱ་སྤེལ་བའི་ཡུངས་དཀར་ཕུལ་ལ། ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་བཅོལ་སྔར་ལྟར་བྱ། དེ་ནས་སླར་གཤེགས་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་སོགས་ནས། གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ་གྱི་བར་སྔར་བཞིན་ཚར་གསུམ་གྱིས་དགང་བླུག་ཕུལ་ནས། གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། ཨོཾ་བཛྲ་བྷ་ར་ཧེ་མ་ཧཱ་ཡོ་གི་ནཱི་ཨི་དམ་བྷ་ལིཾ་ཏ་གྷྲྀཧྞ་གྷྲྀཧྞ་བྷཱུཉྫ་ཧོ༔ པི་པ་ཧོ༔ ཨ་ཏི་ཀྲ་མ་ཏི༔ ས་མ་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་ཕུལ་ལ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཁམས་གསུམ་པ་རྣམས་ཟིལ་གནོན་ཅིང༔ ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས༔ མཐུ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ མཁའ་འགྲོ་མ་ཡི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། གཏང་རག་གི་མཆོད་བསྟོད་ནི། ཨོཾ་གུ་རུ་མཎྜ་ལ་ཤྲཱི་བཛྲ་ཡོ་གི་ནཱི་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། གནྡྷེའི་གནས་སུ། དྷཱུ་པེ་ པུཥྤེ་ ཨཱ་ལོ་ཀེ་ ནཻ་ཝིདྱཱ་ ཤབྡའི་བར་གྱིས་མཆོད། སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་ཤ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་དང་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམ། བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། བཞི་པ་རྫས་ལྷག་གཏང་རག་ཁ་སྐོང་ཚུལ་དུ་འབུལ་བ་ནི། བླུག་གཟར་གྱི་མར་ཁུ་དང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད་པས་མེ་གསོ་ཞིང་། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་སོགས་ཀྱིས་དགང་བླུག་ཕུལ་ནས་ཕྲིན་ལས་གསོལ་བ་ལན་གསུམ་སྔར་བཞིན་བྱ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། སོགས་ཡམ་ཤིང་ནས་ཀུ་ཤའི་བར་གྱི་བསྲེག་རྫས་རྣམས་ལན་བདུན་རེ་སོགས་སྔར་བཞིན་ཕུལ། གཏོར་མ། ཨོཾ་ཨགྣ་ཡེ་དེ་ཝ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪཿ ཞེས་རང་གནས་སུ་གཤེགས་སུ་གསོལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ལྔ་པ་རྗེས་བསྡུ་བ་ནི། ཉི་མ་དག་ནི་གསུམ་པ་ལ། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསང་གཏོར་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩིག །ཅེས་གསུངས་པས་ལོང་ཡོད་ན་ཞག་གསུམ་ལ་སོགས་པ་ཐབ་མི་བསྒུལ་བར་བཞག་ཅིང་། སྲུང་བ་པོ་རྣམས་ཀྱིས་ཤེས་རབ་སྙིང་པོའི་མདོ་འདོན། ལོང་མེད་ན་འོ་མ་དང་དྲི་བཟང་གིས་ཆུས་མེ་གཞིལ་བར་བྱས་ནས་ལྷའི་ང་རྒྱལ་གྱིས། སཾ་ཧ་ར་ཎ་ཧཱུྃ། ཞེས་རུས་པ་རྣམས་བསྡུས་ལ། རིན་པོ་ཆེའི་སྣོད་དུ་དྲི་བཟང་གི་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག །དེའི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གིས་གང་བ་དང་། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། རྩ་སྔགས་དང་ཡིག་བརྒྱ་སོགས་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་རྣམས་ལ་གདབ་ཅིང་། དེ་དག་གིས་རུས་བུ་རྣམས་དག་པར་བཀྲུས། དེ་ཉིད་ཞིབ་པར་སྦྱངས་ནས་སྔར་གྱི་བུམ་ཆུ་དང་དྲི་བཟང་བ་བྱུང་ལྔ་རྣམས་ལྷན་ཅིག་ས་བཟང་པོ་དང་སྦྱར་བའི་འཇིམ་པ་གོང་བུར་བྱས་ལ་རྒྱུ་བྱིན་རླབས་སོགས་སཱཙྪ་གདབ་པའི་ཆོ་ག་གཞན་དུ་བཤད་པ་བཞིན་བྱའོ། །དེ་ཡང་གང་ཟག་མཆོག་ཡིན་ན་དམིགས་ཡུལ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱས་ནས་བསྲེག་རྫས་རྣམས་མཆོད་པའི་ཚུལ་དུ་ཕུལ་ལ་དེ་དང་འབྲེལ་བའི་འདོད་གསོལ་བྱ། གང་ཟག་དམན་པ་ཡིན་ན་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་བསྲེག་རྫས་སུ་དམིགས་ནས་འབུལ་ཞིང་འདོད་གསོལ་བཤད་མ་ཐག་པ་ལྟར་ལ། ཞིབ་མོར་ནི་མཐོང་བ་བརྒྱུད་པ་ལ་འདྲིས་པར་བྱའོ། །རྗེ་བཙུན་ཁྲོས་མའི་ཕྲིན་ལས་གནས་ལུང་དང་། །སྦྱིན་སྲེག་ཆོ་ག་སྒྲུབ་བྱེད་བཀོད་པའི་མཐུས། །ལས་ཉོན་བག་ཆགས་བཅས་པ་ཡོངས་སྦྱངས་ནས། །རྡོ་རྗེ་བཙུན་མོའི་གནས་ལ་འགོད་པར་ཤོག །ཅེས་པའང་གྲུབ་དབང་བློ་བཟང་རྒྱལ་མཚན་གྱིས་གསེར་གྱི་མེ་ཏོག་གི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་བཀོད་པའོ།། །།

ཐུགས་དམ་ནང་གི་གཏོར་བསྔོ་གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་དམིགས་རིམ་ཞོར་ལ་གསལ་བའི་ཁྲོ་རྒྱལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ (Volume 41, Text 29)

༄༅། །ཐུགས་དམ་ནང་གི་གཏོར་བསྔོ་གསང་སྔགས་ནང་གཏོར་ཀུན་གྱི་དོན་བསྡུས་དམིགས་རིམ་ཞོར་ལ་གསལ་བའི་ཁྲོ་རྒྱལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཞུགས་སོ།། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་ལས་མེ་ཆུ་རླུང་གསུམ་གྱུར། །གཏོར་རྫས་མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །གདོད་ནས་དག་པ་སྐྱེ་མེད་སྟོང་པ་ཉིད། །སྐྱེ་བའི་ཆོ་འཕྲུལ་རཾ་ཡཾ་ཀཾ་ཨཱ་ལས། །རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཉི་ཟླའི་རང་བཞིན་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་གི་ཕྱོགས་མཚམས་དབུས། །དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཤ་ཆེན་ལྔ། །དབུགས་སོང་དྲོད་མ་བྲལ་བ་ཆེ་ཞིང་ཚོ། །ཡེ་ཤེས་གསལ་བའི་སྒྲོན་མ་བདུད་རྩི་ལྔ། །དྲོད་དང་མ་བྲལ་རླངས་པ་འབྱུང་བ་འོ། །དེ་སྟེང་འབྲུ་གསུམ་ཡི་གེ་དཀར་དམར་མཐིང་། །རླུང་དཀྱིལ་གཡོས་པས་མེ་དཀྱིལ་དྲག་ཏུ་འབར། །ཐོད་པ་དྲོས་ནས་དམ་རྫས་བཅུ་པོ་ཞུ། །དམ་ཚིག་བདུད་རྩིའི་རྒྱ་མཚོའི་བྷནྡྷ་ལ། །མཁའ་སྤྱོད་དག་པའི་ཞིང་ཁམས་ཐམས་ཅད་ཀྱི། །ཡེ་ཤེས་བདུད་རྩི་སྤྱན་དྲངས་གཉིས་མེད་བསྟིམ། །ཧཱུྃ་ཞུ་ཐིམ་པས་ཐུགས་ཀྱི་བདུད་རྩི་སྔོ། །ཨཱཿཞུ་ཐིམ་པས་གསུང་གི་བདུད་རྩི་དམར། །ཨོཾ་ཞུ་ཐིམ་པས་སྐུ་ཡི་བདུད་རྩི་དཀར། །ཧ་ཞེས་བརྗོད་པས་ཁ་དོག་མུ་ཏིག་མདོག །ཧོ་ཞེས་བརྗོད་པས་དྲི་བཟང་དཔག་མེད་འཐུལ། །ཧྲཱིཿཞེས་བརྗོད་པས་རོ་བཅུད་ཕུན་སུམ་ཚོགས། །སྭཱ་ཞེས་བརྗོད་པས་དགོས་འདོད་ལྷུན་གྱིས་གྲུབ། །ཧཱ་ཞེས་བརྗོད་པས་མགྲོན་རྣམས་དགྱེས་པ་བསྐྱེད། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿསྭཱ་ཧཱཿ བདུད་རྩིའི་རླངས་པ་མཆོད་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་སངས་རྒྱས་ཞིང་ཀུན་ཁྱབ། །ཕྱག་ན་རིན་ཆེན་ལས་གྲུབ་བྷནྡྷའི་སྐྱོགས། །ཉི་ཟླའི་ཚད་ཙམ་བསྣམས་ནས་བདུད་རྩི་བཅུས། །ལྷ་ཚོགས་སོ་སོའི་མདུན་དུ་བཏེག་ཙམ་གྱིས། །ལྗགས་ཀྱི་འོད་ཟེར་སྦུ་གུས་བདུད་རྩི་གསོལ། །མཉེས་ཤིང་ཚིམས་ནས་སྐུ་ལུས་བཀྲག་རྒྱས་གྱུར། །དེ་ནི་དམིགས་པའི་རིམ་པ་འོ། །ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཨི་དམ་བྷ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ དེ་ནི་སྔགས་ཀྱིས་བསྔོ་བའོ། །བསྡུ་ན་དེས་ཆོག །རྒྱས་པར་སྤྲོ་ན། བཛྲ་གུ་རུ་སོགས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་རྩ་སྔགས་ལ་ཨི་དམ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས། ལག་པ་ཐལ་མོ་སྦྱར་ལ་ཁ་གྱེན་དུ་བསྟན་པ་བྷནྡྷའི་དབྱིབས་བྱ། ཁཱ་ཧི་ཟེར་ཙམ་ན་སེ་གོལ་བརྡབ། དེ་ནི་ཕྱག་རྒྱས་བསྔོ་བ་ཡིན། དེ་ནས་གྱེར་གྱིས་བསྔོ་བ་ནི། ཧྲཱིཿ ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །ཚེ་བདག་རིགས་ལྔ་ཡབ་ཡུམ་ལྷ་མོ་ལྔ། །མགྱོགས་མ་བཞི་དང་སྒོ་མ་བཞི་ལ་སོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བྷ་ལིནྟ་ཡི་མཆོད་པ་བཞེས། །འཆི་མེད་ཚེ་དང་ནད་མེད་བདེ་བ་སྩོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཡབ་ཡུམ་སྲས་འཁོར་བསྐལ་བཟང་སངས་རྒྱས་སྟོང་། །ཐུགས་རྗེས་འགྲོ་འདུལ་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་མཛོད། །སྤྲུལ་སྐུ་པདྨ་འབྱུང་གནས་ཐོད་ཕྲེང་རྩལ། །མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་ཐམ་པ་དང་། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ལ་སོགས་པ། །པད་འབྱུང་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིན་ཏ་ཡི་གཏོར་མ་བཞེས། །སྐྱེ་འཆི་མེད་པའི་དངོས་གྲུབ་བསྩལ་དུ་གསོལ། །དགའ་རབ་ཤྲཱི་སིཾ་རྒྱ་གར་རིག་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །དབང་ལུང་མན་ངག་གང་ལས་བརྒྱུད་པ་ཡི། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐམས་ཅད་ཀྱིས། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །དམར་ནག་མེ་ཕྲེང་ཡབ་ཡུམ་གོ་ཆའི་ལྷ། །དྲག་པོ་རིགས་བཞི་མཁའ་འགྲོ་སྡེ་བཞི་དང་། །ཕྲིན་ལས་ལྷ་བཞི་ཁྲོ་བཅུ་སྒོ་བར་བཅས། །རིག་འཛིན་ཁྲོས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བྷ་ལིནྟ་ཡི་མཆོད་པ་བཞེས། །ལུས་ངག་ཡིད་གསུམ་སྲུང་སྐྱོབ་མཛད་དུ་གསོལ། །ཀུན་བཟང་ཡབ་ཡུམ་ཞི་བ་བཞི་བཅུ་གཉིས། ཁྲག་འཐུང་རིགས་དྲུག་འབར་བ་ལྔ་བཅུ་བརྒྱད། །སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིནྟ་ཡི་མཆོད་པ་བཞེས། །བར་དོ་རང་སར་གྲོལ་བར་མཛད་དུ་གསོལ། །ཆེ་མཆོག་དཔལ་དགུའི་དཀྱིལ་འཁོར་ལྷ་ཡི་ཚོགས། །བདུན་བརྒྱ་ཉི་ཤུ་རྩ་ལྔ་ཐམས་ཅད་ཀྱིས། །མ་ཧཱ་བ་ལིནྟ་ཡི་མཆོད་གཏོར་བཞེས། །ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད། །དབང་ཆེན་དམར་ནག་རིགས་བཞི་ཡུམ་དང་བཅས། །མེ་དབལ་གནོད་སྦྱིན་ལྕགས་སྡིག་བྱ་ཁྱུང་སོགས། །པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བྷ་ལིཾ་མཆོད་པ་འདི་བཞེས་ལ། །སྣང་སྲིད་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩོལ། །རྡོར་སེམས་རྣམ་འཇོམས་དཀར་པོ་གསང་བའི་བདག །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་མཆོག་བཞི། ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཕུར་སྲུང་སོགས། །བདུད་འདུལ་ཕུར་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིནྟ་ཡི་མཆོད་གཏོར་བཞེས། །བདུད་དགྲ་དམ་སྲི་འདུལ་བའི་ཕྲིན་ལས་མཛོད། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན། །ཕག་ཁྲོས་ལ་སོགས་དྷཱ་ཀི་བྱེ་བ་འབུམ། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་འགྲོ་རྣམས། །དམ་ཚིག་རྫས་ཀྱི་བ་ལིན་འདི་བཞེས་ལ། །རྟེན་འབྲེལ་སྣ་ཚོགས་འཆར་བའི་ཕྲིན་ལས་མཛོད། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །ཡང་འཁོར་བརྒྱ་དང་བདུད་དམག་བྱེ་བ་འབུམ། །མགོན་ཆེན་བཞི་བཅུ་རྩ་གཉིས་ཐམས་ཅད་ཀྱིས། །མ་ཧཱ་བ་ལིནྟ་ཡི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་བཅས། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་ཚོགས། །དམ་རྫས་བྷ་ལིན་མཆོད་པ་འདི་བཞེས་ལ། །གསང་སྔགས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཨ་ཏི་བླ་མེད་བཀའ་ཡི་བྱ་ར་བ། །ཨེ་ཀ་ཙཱ་ཏི་གཟའ་མཆོག་རཱ་ཧུ་ལ། །དགྲ་འདུལ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བཀའ་སྲུང་གསུམ་པོ་དམ་རྫས་བྷ་ལིན་བཞེས། །རྫོགས་ཆེན་ཉམས་རྟོགས་འཕེལ་བའི་གྲོགས་མཛོད་ཅིག །བཙན་བདུད་ཀླུ་ཡི་མགོན་ཆེན་མཐུ་བོ་ཆེ། །སྤུ་གྲི་མཆེད་གསུམ་ལྡང་ལྷ་མཆེད་གསུམ་དང་། །དམག་རྒྱལ་སྤུན་གསུམ་འཁོར་བཅས་གཏོར་མ་བཞེས། །བདག་གི་ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག །སྨྱོ་ཁ་མཁར་ནག་ཐང་ལྷ་ལ་སོགས་པ། །གནས་བརྒྱད་མཚན་བརྒྱད་སྤྲུལ་པའི་མཐུ་བོ་ཆེ། །ས་བརྒྱད་སེམས་དཔའ་ཆེན་པོས་མཆོད་གཏོར་བཞེས། །རྒྱལ་འགོང་དམ་སྲིའི་བར་ཆད་སྲུང་བར་མཛོད། །ལྷ་སྲིན་ཀུན་གྱི་ནང་ནས་དམ་ཚིག་ཅན། །མཁའ་རི་ལྕམ་དྲལ་འཁོར་བཅས་མཆོད་གཏོར་བཞེས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །བདག་དང་ཨོ་རྒྱན་མཇལ་བའི་མཇལ་ཁ་མཛོད། །ཧཱུྃ། རིན་ཆེན་སྣོད་དམ་རང་བྱུང་བྷནྡྷའི་སྣོད། །རྩ་གསུམ་ཀུན་འདུས་གཏོར་མ་རིན་ཆེན་འབར། །ལོག་གསུམ་ནོར་བུ་རྩ་གསུམ་ལྷ་ཚོགས་གསལ། །ཟུར་གསུམ་ཕོ་རྒྱུད་མོ་རྒྱུད་མ་ནིང་མཉེས། །གཏོར་སྨད་ཟླུམ་པོས་འཇིག་རྟེན་མགྲོན་ཀུན་མཉེས། །པད་འདབ་བཞིས་བསྐོར་རིགས་བཞིའི་མ་མོ་མཉེས། །ཀྱུ་གུ་བཞིས་མཚན་ཕྲིན་ལས་རྣམ་བཞི་འགྲུབ། །དཀར་རྩི་དམར་རྩི་ཐབས་ཤེས་འདུ་འབྲལ་མེད། །མཆོད་པའི་སྤྲིན་འཕྲོ་སངས་རྒྱས་ཞིང་ཀུན་ཁྱབ། །དངོས་འབྱོར་བཤམས་པའི་རྟེན་འབྲེལ་དམ་རྫས་འདི། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་ཐམས་ཅད་གཏོར་མར་བཤམས། །རི་རབ་བྱེ་བ་ཕྲག་བརྒྱའི་དཔལ་བཤོས་ལ། །ཉི་ཟླ་བྱེ་བ་ཕྲག་བརྒྱའི་གཏོར་རྒྱན་སྤྲས། །གླིང་བཞི་བྱེ་བ་ཕྲག་བརྒྱའི་མཐེབ་སྐྱུས་བསྐོར། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གཏོར་མའི་བཅུད། །སྣང་སྲིད་གཞིར་བཞེངས་རང་བྱུང་བ་ལིན་ཏ། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་ལྷ་ལ་འབུལ། །བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང། །བདག་དང་འགྲོ་ཀུན་ཚོགས་རྫོགས་སྒྲིབ་བྱང་ནས། ཁམས་གསུམ་འཁོར་བ་སྟོངས་པའི་ཕྲིན་ལས་མཛོད། །ཅེས་པ་ཨ་མཆོད་ཡོན་ཏན་གྱིས་བསྐུལ་ནས། ཨ་རཱ་གས་རྟ་ལོ་ཐ་སྐར་ཟླ་བའི་སྔ་དྲོའི་ཐུན་མཚམས་སུ་སྨྲས་པ། ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་པདྨ་ཐབས་མཁས་ཀྱིས་བྲིས་པའོ། །འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ།། །།

གཏེར་གསར་གྱི་སྔོན་འགྲོའི་རིམ་པ་དཀར་གཏོར་དང་བགེགས་གཏོར་གཉིས་ (Volume 9, Text 29)

གཏེར་གསར་གྱི་སྔོན་འགྲོའི་རིམ་པ་དཀར་གཏོར་དང་བགེགས་གཏོར་གཉིས་ནི། དང་པོ་དཀར་གཏོར་བཤམས་ནས་བྲན་ལ་འདི་སྐད་དོ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྣོད་དག་པར་བྱ་བའི་ཕྱིར་དུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ༔ དེའི་ནང་དུ་བཅུད་དག་པའི་ཕྱིར་ཨོཾ་ཨཱཿཧཱུྃ་གིས་མཚན་པ་འོད་དུ་ཞུ་བ་ལས་བྱུང་བ༔ ལྷ་རྫས་ལས་གྲུབ་པའི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཛ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡེ་སཏྭཾ༔ བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར༔ ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་ཨཱཿཧཱུྃ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པའི་མཆོད་སྦྱིན་གྱི་གཏོར་མ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི༔ མི་མཇེད་འཇིག་རྟེན་གྱི་ཁམས་ལ་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང༔ སྐོར་གསུམ་རུ་བཞི་སྒང་དྲུག་ལ་གནས་པ་རྣམས་དང༔ ཁྱད་པར་ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་བོད་ཁ་བ་ཅན་གྱི་སྒྲུབ་གནས་གཙུག་ལག་ཁང་གདན་ས་ཁྱད་པར་དུ་འཕགས་པ༔ གཏེར་གནས་སྲུང་མ་གཏེར་གྱི་སྲུང་མ༔ གཞི་བདག་ཡུལ་བདག་གནས་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ བདུད་རྩིའི་གཏོར་མ་འདི་བཞེས་ལ་གནོད་པའི་སེམས་དང་ཕྲག་དོག་མ་བྱེད་པར་བདག་གིས་བཅོལ་བའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདེ་ལེགས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པ་ཡི༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང༔ སྲིན་པོ་ཡི་དྭགས་སྨྱོ་བྱེད་དང༔ དྲི་ཟ་གྲུལ་བུམ་མི་འམ་ཅི༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཡུལ་བདག་གནས་བདག་གྲོང་བདག་དང༔ བོད་ཁམས་སྐྱོང་དང་འཇིག་རྟེན་སྲུང༔ མ་ལུས་ཇི་སྙེད་ཡོད་པ་རྣམས༔ བུ་སྨད་མཛའ་བཤེས་གཉེན་འདུན་བཅས༔ འདིར་གཤེགས་བདག་ལ་དགོངས་སུ་གསོལ༔ བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གནོད་སེམས་ཕྲག་དོག་མ་བྱེད་པར༔ བདག་གི་ལས་ཀྱི་འབྲས་བུ་ནི༔ སྐད་ཅིག་ཉིད་ལ་མཆིས་པར་མཛོད༔ ཀུན་ཀྱང་བཤད་པའི་ཆོས་ལ་ཉོན༔ བདེ་ལེགས་བྱང་ཆུབ་སེམས་ལྡན་ཤོག༔ ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ དེ་ནས་བགེགས་གཏོར་བསང་སྦྱང་བྱིན་གྱིས་བརླབ་པའི་སྐབས་སུ༔ ཨོཾ་བཛྲ་ཨ་མྲྀཏ་སོགས༴ ཨོཾ་སྭ་བྷཱ་ཝ་སོགས༴ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཡི་གེ་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འབྱུང་པོའི་གཏོར་མ་ཕུན་སུམ་ཚོགས་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ལན་གསུམ་བརྗོད་ལ་ཧཱུྃ་མཛད་ཕྱག་རྒྱ་ཡིས༔ བདེན་པས་བགེགས་ཚོགས་བཀུག་པ་འདི་ལྟ་སྟེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི༴ དགེ་འདུན་གྱི༴ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ་བདེན་པ་དང༔ ལྷ་སྔགས་ཏིང་ངེ་འཛིན་བསླུ་བ་མེད་པའི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས༔ བདག་ཅག་འཁོར་དང་བཅས་པས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཊཱ་ཀི་ཧཱུྃ་ཕཊ༔ བགེགས་ཀྱི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི་ཉིད་ལན་ཆགས་ཀྱི་བདག་པོ་ཐམས་ཅད་ལ་བསྔོ་ཞིང་སྦྱིན་པས་ཚིམས་པར་གྱིས་ལ་ས་ཕྱོགས་འདིར་མ་གནས་པར་ཕྱོགས་མེད་ཀྱི་གནས་སུ་སོང་ཞིག༔ གལ་ཏེ་མི་འགྲོ་ཞིང་གནོད་པར་བྱེད་ན་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟའོ༔ དེ་ནས་ལྷའི་ང་རྒྱལ་དྲག་པོ་ཡིས༔ རོལ་ཆ་ལྡིར་ལ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་བླ་མ་ཧེ་རུ་ཀ༔ སོགས།

བཀའ་རྫོགས་པ་ཆེན་པོ་པདྨ་ཡོངས་གྲོལ་སྙིང་ཐིག་ལས༔ གུ་རུ་ཞི་བའི་ཟློག་པ་བྱད་ཁ་འབུམ་ཐུབ་ (Volume 53, Text 29)

ྈ བཀའ་རྫོགས་པ་ཆེན་པོ་པདྨ་ཡོངས་གྲོལ་སྙིང་ཐིག་ལས༔ གུ་རུ་ཞི་བའི་ཟློག་པ་བྱད་ཁ་འབུམ་ཐུབ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ དེ་ནས་བེ་རོ་ཙ་ནས་གསེར་གྱི་མཎྜལ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་པ༔ བྱིན་རླབས་འགྲན་ཟླ་བྲལ་བའི་སྐྱབས་གཅིག་པུ༔ ཕྲིན་ལས་ཟློག་པའི་ཐུགས་རྗེ་དེང་དགོངས་ལ༔ བདག་ལ་གསན་ཅིང་དུས་འདིར་དགོངས་སུ་གསོལ༔ ད་ལྟ་དུས་བཟང་སྐལ་བཟང་བདེ་ལགས་ཀྱང༔ མ་འོངས་སེམས་ཅན་བར་ཆད་ཚེ་ཐུང་ཞིང༔ ཁྱད་པར་ལྷ་སྲིན་སྡེ་བརྒྱད་ཁ་རྒྱས་ནས༔ སྒྲུབ་ལ་བར་ཆད་སེམས་ཅན་ཡོངས་ལ་འཚེ༔ དེ་དུས་ཟློག་ཅིང་ཞི་བར་མཛད་སླད་དུ༔ བླ་མ་སྒྲུབ་པའི་དཀྱིལ་འཁོར་འདིར་བསྟན་ནས༔ བར་ཆད་ཟློག་པའི་ཐབས་ཤིག་བཀའ་སྩོལ་ཅིག༔ ཞེས་ཞུས་པས༔ སློབ་དཔོན་པདྨའི་ཞལ་ནས་གསུངས་པ༔ ཨེ་མ་དེ་ལྟར་ཞུ་བ་ཤིན་ཏུ་ལེགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་བསྟེན་ནས༔ ཟློག་པའི་ཐབས་ལམ་ཟབ་མོ་ཡོད་ཀྱི་ཉོན༔ དེ་ལ་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པའོ༔ སྔོན་འགྲོ་བཅའ་བའི་ཐབས་ལམ་ནི༔ ལྕགས་ཁང་ནང་དུ་གྲུ་གསུམ་བྱ༔ གྲུ་གསུམ་སྟེང་དུ་སྟག་རས་བཏིང༔ དེ་སྟེང་དམར་གཏོར་གྲུ་གང་བྱ༔ དབུས་སུ་རྡོ་རྗེས་མཚན་པ་བྲི༔ ཐུགས་ཀར་ཕུར་བུས་མཚན་པར་བྱའོ༔ དེ་ཡི་ཕྱི་རིམ་གཏོར་མ་ལྔ༔ དེ་ཡི་ཕྱི་རིམ་བརྒྱད་དང་བཅས༔ དེ་ཡི་ཕྱི་རིམ་དུར་ཁྲོད་དེ༔ དེ་ཡི་ཕྱི་རིམ་སྒོ་མཚམས་བྱེད༔ བར་བར་དཔལ་གཏོར་དགུ་འམ་བརྒྱད༔ དེ་འོག་དུར་ཁྲོད་བཀོད་པ་བྱ༔ རུ་དྲའི་ཞིང་ལྤགས་གདན་དུ་བཏིང༔ ཕྱི་རིམ་རྩང་དམར་བརྒྱ་རྩ་བརྒྱད༔ སྟེང་དུ་ཁྱུང་དམར་བརྒྱན་པ་འོ༔ འོག་ཏུ་ལྕགས་སྡིག་ནག་པོ་བྱ༔ ཁྲག་ཐུན་ཡུངས་ཐུན་མེ་ཆུ་སོགས༔ རྡོ་ཐུན་དུག་ཐུན་ཁྲག་ཐུན་བསགས༔ ལས་བྱང་གཞུང་བསྲང་བསྐང་བ་བྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ དེ་ཉིད་ངང་ལས་དྲན་རྫོགས་སུ༔ དུར་ཁྲོད་འཇིགས་རུང་གཞལ་ཡས་དབུས༔ དགྲ་བགེགས་ཉི་མ་དམར་པོའི་གདན༔ ཧཱུྃ་ལས་འོད་འཕྲོས་ཚུར་འདུས་པས༔ ཐོད་ཕྲེང་རྡོ་རྗེ་གྲོ་ལོད་སྐུ༔ གཏུམ་དྲག་རྔམས་ཤིང་འཇིགས་པའི་ཞལ༔ དབུ་སྐྲ་སྨུག་འབོལ་གཡས་སུ་འཁྱིལ༔ སྐུ་ལ་མེ་ཡི་ན་བཟའ་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གདེངས༔ གཡོན་པས་འཁར་བའི་ཕུར་བུ་འདྲིལ༔ སྤྱི་གཙུག་རྟ་སྐད་ཕྱོགས་བཅུར་འཚེར༔ མགྲིན་པར་ཡུངས་ཐུན་སྐར་ལྟར་འཕྲོ༔ ཐུགས་ཀར་རྡོ་རྗེ་གློག་ལྟར་འཁྱུག༔ ལྟེ་བར་ཕུར་ཐུན་སེར་ལྟར་འཕྲོ༔ གསང་གནས་དུག་ཐུན་ཁྲག་ལྟར་ཁོལ༔ སྟག་མོའི་སྟེང་ན་འགྱིང་སྟབས་བཞུགས༔ གནས་འདིར་བླ་མ་གཤེགས་སུ་གསོལ༔ མི་ཤ་ཁྲག་གི་མཆོད་ཡོན་བཞེས༔ བདུད་རྩི་ཆང་གི་མཆོད་ཡོན་བཞེས༔ བ་ལིཾ་རྒྱན་གྱི་མཆོད་པ་བཞེས༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ སྨུག་ནག་གཏུམ་པོ་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག་ཏུ་གསོལ༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ འཇིགས་བྱེད་རྡོ་རྗེ་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག༴ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ སྒྲོལ་བྱེད་རྣལ་འབྱོར་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག༴ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ དབང་ཕྱུག་གྲོ་ལོད་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག༴ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ གཏེར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག༴ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ བདེ་གཤེགས་འདུས་པ་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག༴ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཁྱེད༔ མཁའ་འགྲོ་མ་ཡིས་མཚན་གསོལ་བ༔ རྡོ་རྗེ་གཏུམ་དྲག་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་ཟློག་ཏུ་གསོལ༔ ཧཱུྃ༔ མཁའ་འགྲོའི་དབང་ཕྱུག་སྤྱན་གསུམ་བགྲད༔ ལྷ་ཡི་དམོད་པའི་མཚོན་ཆ་ཟློག༔ ལས་ཀྱི་དབང་ཕྱུག་མཆེ་དཀར་གཙིགས༔ གཤིན་རྗེའི་དམོད་པ་ཟློག་ཏུ་གསོལ༔ དྲག་སྔགས་དབང་ཕྱུག་ལྗགས་དམར་འདྲིལ༔ ལྷ་མིན་དམོད་པ་ཟློག༴ མ་མོའི་དབང་ཕྱུག་རལ་པ་འཁྱིལ༔ མ་མོ་ཡོངས་ཀྱི་ལྟས་ངན་ཟློག༔ གསུང་གི་དབང་ཕྱུག་རྟ་སྐད་སྒྲོག༔ ནང་བདུད་གསུང་གི་བར་ཆད་ཟློག༔ ལས་བྱེད་དབང་ཕྱུག་ཡུངས་དཀར་འཕྲོ༔ ཕྱི་བདུད་སྐུ་ཡི་བར་ཆད་ཟློག༔ མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཕྲོ༔ གསང་བདུད་ཐུགས་ཀྱི་བར་ཆད་ཟློག༔ སྲེག་བྱེད་མེ་ཡི་ན་བཟའ་འབར༔ གིང་བཙན་ཡོངས་ཀྱི་བར་ཆད་ཟློག༔ ཕྲིན་ལས་ཕྱག་གཡས་རྡོ་རྗེ་བསྣམས༔ གཟའ་རྣམས་ཡོངས་ཀྱི་བར་ཆད་ཟློག༔ ཕྱག་གཡོན་ཕུར་བུ་ཟུར་དུ་གསོར༔ མུ་སྟེགས་ཡོངས་ཀྱི་བར་ཆད་ཟློག༔ ཡན་ལག་བཞི་ལ་མིག་བཞི་བགྲད༔ མགོན་པོ་ཡོངས་ཀྱི་བར་ཆད་ཟློག༔ གསང་གནས་དམར་ནག་གྱེན་དུ་སྒྲེང༔ དབང་ཕྱུག་ཡོངས་ཀྱི་བར་ཆད་ཟློག༔ ཞབས་གཉིས་འགྱིང་བའི་སྟབས་སུ་བཞུགས༔ གནོད་སྦྱིན་ཡོངས་ཀྱི་བར་ཆད་ཟློག༔ སྟག་ལ་སྤུ་རིས་མི་གཅིག་གྲུབ༔ བོན་གྱི་ཛོ་ཟོར་ངན་པ་ཟློག༔ སྤྱན་མིག་དམར་ནག་གྱེན་དུ་ཟློག༔ གནམ་སྨན་ཡོངས་ཀྱི་བར་ཆད་ཟློག༔ ཞལ་གདངས་ལྗགས་དམར་བར་སྣང་ཁེངས༔ རུ་དྲ་མ་སང་ཡོངས་ཀྱི་བར་ཆད་ཟློག༔ ཞབས་བཞི་ཉི་ཟླའི་གདན་ལ་འདོར་བ་ནི༔ སྡེ་བརྒྱད་ཡོངས་ཀྱི་བར་ཆད་མྱུར་དུ་ཟློག༔ ཧཱུྃ༔ གཏུམ་དྲག་འབར་བ་རྡོ་རྗེ་གྲོ་ལོད་ཁྱེད༔ ཕྱི་ཡི་བར་ཆད་ཕྱི་རུ་ཟློག་ཏུ་གསོལ༔ ནང་གི་བར་ཆད་ནང་དུ་ཟློག༴ གསང་བའི་བར་ཆད་དབྱིངས་སུ་ཟློག༴ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༴ ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་ཟློག༴ ཡུལ་ལྷ་རྣམས་ཀྱི་རུ་ང་ཟློག༴ སྡེ་བརྒྱད་ཡོངས་ཀྱི་གདུག་རྩུབ་ཟློག༴ མཐའ་ཡི་དམག་དཔུང་གཡུལ་འཁྲུག་ཟློག༴ དངོས་གྲུབ་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་སྒྱུར༔ ཟློགས་ཤིག་གཏུམ་དྲག་གྲོ་ལོད་རྩལ༔ སྒྱུར་ཅིག་མ་སྲིན་མཐུ་མ་ཆུང༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ འོག་གི་སྔགས་སོགས་ཀྱིས་ཟློག་པར་བྱའོ༔ གཉིས་པ་ཐོད་ཕྲེང་སྡེ་ལྔ་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ལྷ་ཡི་བདུད་ཀྱི་བར་ཆད་ཟློག་ཏུ་གསོལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ འཆི་བདག་བདུད་དཔུང་བར་ཆད་ཟློག༴ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ ཕུང་པོའི་བདུད་ཀྱི་བར་ཆད་ཟློག༴ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཉོན་མོངས་བདུད་ཀྱི་བར་ཆད་ཟློག༴ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ དུག་ལྔའི་བར་ཆད་མ་ལུས་ཟློག་ཏུ་གསོལ༔ ཀྱེ༔ རྒྱལ་བའི་སྲས་མཆོག་ཐོད་ཕྲེང་སྡེ་ལྔ་རྣམས༔ འདིར་གཤེགས་མི་ཤ་ཁྲག་གི་མཆོད་པ་བཞེས༔ དམ་རྫས་བདུད་རྩི་ཆང་གི་མཆོད་པ་བཞེས༔ འབྲུ་སྣ་བ་ལིཾ་རྒྱན་གྱི་གཏོར་མ་བཞེས༔ ཕྱི་ཡི་བར་ཆད་ཕྱི་རུ་ཟློག་ཏུ་གསོལ༔ ནང་གི་བར་ཆད་ནང་དུ་ཟློག༴ གསང་བའི་བར་ཆད་དབྱིངས་སུ་ཟློག༴ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༴ ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་ཟློག༴ ཡུལ་ལྷ་རྣམས་ཀྱི་རུ་ང་ཟློག༴ སྡེ་བརྒྱད་ཡོངས་ཀྱི་གདུག་རྩུབ་ཟློག༴ མཐའ་ཡི་དམག་དཔུང་གཡུལ་འཁྲུག་ཟློག༴ དངོས་གྲུབ་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་སྒྱུར༔ ཟློགས་ཤིག་ཐོད་ཕྲེང་སྡེ་ལྔའི་ཚོགས༔ སྒྱུར་ཅིག་མ་སྲིང་མཐུ་མ་ཆུང༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ གསུམ་པ་གུ་རུ་མཚན་བརྒྱད་ལ་ཕྲིན་ལས་བཅོལ་བ་ནི༔ ཧྲཱི༔ མཆོག་གི་བདག་ཉིད་པདྨ་འབྱུང་གནས་པ༔ ལུས་ཀྱི་བར་ཆད་མ་ལུས་ཟློག་ཏུ་གསོལ༔ ཤེས་བྱའི་བདག་ཉིད་པདྨ་སཾ་བྷ་བ༔ ངག་གི་བར་ཆད་མ་ལུས་ཟློག༴ ཡོན་ཏན་བདག་ཉིད་པདྨ་བློ་ལྡན་མཆོག༔ གང་བསམ་བར་ཆད་མ་ལུས་ཟློག༴ ཕྲིན་ལས་ངོ་བོ་པདྨ་སེང་གེའི་སྒྲ༔ ལས་བསྒྲུབ་བར་ཆད་མ་ལུས་ཟློག༴ སྐུ་ཡི་སྣང་བ་པདྨ་ཐོད་ཕྲེང་རྩལ༔ བརྟུལ་ཤུགས་དྲག་པོའི་བར་ཆད་ཟློག༴ ཐུགས་རྗེའི་བདག་ཉིད་པདྨ་རྒྱལ་པོའི་སྐུ༔ བསོད་ནམས་བར་ཆད་མ་ལུས་ཟློག༴ མི་ནུབ་ཚེ་བདག་པདྨ་ཉི་མའི་ཟེར༔ ཚེ་ཡི་བར་ཆད་མ་ལུས་ཟློག༴ བྱིན་རླབས་བདག་ཉིད་པདྨ་ཤཱཀྱ་སེང༔ དཔལ་འབྱོར་བར་ཆད་མ་ལུས་ཟློག༴ མཐུ་སྟོབས་བདག་ཉིད་པདྨ་གྲོ་ལོད་རྩལ༔ དུས་མིན་ནད་གདོན་བར་ཆད་ཟློག་ཏུ་གསོལ༔ ཀྱེ༔ བླ་མ་མཚན་བརྒྱད་སྔོན་གྱི་ཐུགས་དམ་ཅན༔ གནས་འདིར་གཤེགས་ལ་བཅོལ་པའི་ལས་ཀུན་སྒྲུབས༔ མི་ཤ་ཁྲག་གི་མཆོད་ཡོན་འདི་བཞེས་ཤིག༔ དམ་རྫས་བདུད་རྩི་ཆང་གི་མཆོད་ཡོན་བཞེས༔ ཤ་ཁྲག་དམར་གྱི་བ་ལིཾ་གཏོར་མ་བཞེས༔ ཕྱི་ཡི་བར་ཆད་ཕྱི་རུ་ཟློག་ཏུ་གསོལ༔ ནང་གི་བར་ཆད་ནང་དུ་ཟློག༴ གསང་བའི་བར་ཆད་དབྱིངས་སུ་ཟློག༴ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༴ ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་ཟློག༴ ཡུལ་ལྷ་རྣམས་ཀྱི་རུ་ང་ཟློག༴ སྡེ་བརྒྱད་ཡོངས་ཀྱི་གདུག་རྩུབ་ཟློག༴ མཐའ་ཡི་དམག་དཔུང་གཡུལ་འཁྲུག་ཟློག༴ དངོས་གྲུབ་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་སྒྱུར༔ ཟློགས་ཤིག་བླ་མ་རིག་རྩལ་བརྒྱད༔ སྒྱུར་ཅིག་མ་སྲིང་མཐུ་མ་ཆུང༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཡི་དམ་བཀའ་བརྒྱད་ལ་བསྐུལ་བ་ནི༔ ཧཱུྃ༔ ཆེ་མཆོག་རོལ་པ་ཡོན་ཏན་ལྷ་ཚོགས་རྣམས༔ ཡེ་ཤེས་ལྷ་ཡི་བར་ཆད་ཟློག་ཏུ་གསོལ༔ ཡང་དག་རོལ་པ་ཐུགས་ཀྱི་ལྷ་ཚོགས་རྣམས༔ ཞི་ཁྲོ་ཡོངས་ཀྱི་བར་ཆད་ཟློག༴ གཤིན་རྗེ་རོལ་པ་སྐུ་ཡི་ལྷ་ཚོགས་རྣམས༔ གཤིན་རྗེ་ཡོངས་ཀྱི་བར་ཆད་ཟློག༴ པདྨ་རོལ་པ་དབང་གི་ལྷ་ཚོགས་རྣམས༔ ཟིལ་གནོན་ཡོངས་ཀྱི་བར་ཆད་ཟློག༴ ཕུར་པ་རོལ་པ་ཕྲིན་ལས་ལྷ་ཚོགས་རྣམས༔ ཁྲོ་བཅུ་ཡོངས་ཀྱི་བར་ཆད་ཟློག༴ མ་མོ་རོལ་པ་རྦོད་གཏོང་ལྷ་ཚོགས་རྣམས༔ མ་མོ་ཡོངས་ཀྱི་བར་ཆད་ཟློག༴ རིག་འཛིན་རོལ་པ་བླ་མའི་ལྷ་ཚོགས་རྣམས༔ མཁའ་འགྲོ་ཡོངས་ཀྱི་བར་ཆད་ཟློག༴ དྲེགས་པ་རོལ་པ་འཇིག་རྟེན་ལྷ་ཚོགས་རྣམས༔ དྲེགས་དཔོན་ཡོངས་ཀྱི་བར་ཆད་ཟློག༴ དྲག་སྔགས་རོལ་པ་དམོད་པའི་ལྷ་ཚོགས་རྣམས༔ སྔགས་བདག་ཡོངས་ཀྱི་བར་ཆད་ཟློག་ཏུ་གསོལ༔ ཀྱེ༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ལྷ་ཚོགས་རྣམས༔ འདིར་གཤེགས་བཅོལ་པའི་ལས་ཀུན་གྲུབ་པར་མཛོད༔ མི་ཤ་ཁྲག་གི་མཆོད་པ་འདི་བཞེས་ཤིག༔ དམ་རྫས་བདུད་རྩི་ཆང་གི་མཆོད་པ་བཞེས༔ འབྲུ་སྣ་བ་ལིཾ་རྒྱན་གྱི་གཏོར་མ་བཞེས༔ ཕྱི་ཡི་བར་ཆད་ཕྱི་རུ་ཟློག་ཏུ་གསོལ༔ ནང་གི་བར་ཆད་ནང་དུ་ཟློག༴ གསང་བའི་བར་ཆད་དབྱིངས་སུ་ཟློག༴ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༴ ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་ཟློག༴ ཡུལ་ལྷ་རྣམས་ཀྱི་རུ་ང་ཟློག༴ སྡེ་བརྒྱད་ཡོངས་ཀྱི་གདུག་རྩུབ་ཟློག༴ མཐའ་ཡི་དམག་དཔུང་གཡུལ་འཁྲུག་ཟློག༴ དངོས་གྲུབ་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་སྒྱུར༔ ཟློགས་ཤིག་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྒྱུར་ཅིག་མ་སྲིང་མཐུ་མ་ཆུང༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ དེ་ནས་དཔའ་བོ་གིང་ཚོགས་ལ་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་རྡོ་རྗེ་གིང་ཆེན་དཔའ་བོའི་ཚོགས༔ རྡོ་རྗེ་མཁའ་འགྲོ་དཔའ་མོ་རོལ་པ་བཅས༔ ཤར་ཕྱོགས་བྱད་ཁ་འབུམ་གྱི་བར་ཆད་ཟློག༔ ལྷོ་ཕྱོགས་རིན་ཆེན་གིང་ཆེན་དཔའ་བོའི་ཚོགས༔ རིན་ཆེན་མཁའ་འགྲོ་དཔའ་མོ་རོལ་པའི་ཚོགས༔ ལྷོ་ཕྱོགས་བྱད་ཁ་འབུམ་གྱི་བར་ཆད་ཟློག༔ ནུབ་ཕྱོགས་པདྨ་གིང་ཆེན་དཔའ་བོའི་ཚོགས༔ པདྨ་མཁའ་འགྲོ་དཔའ་མོ་རོལ་པའི་ཚོགས༔ ནུབ་ཕྱོགས་བྱད་ཁ་འབུམ་གྱི་བར་ཆད་ཟློག༔ བྱང་ཕྱོགས་ལས་ཀྱི་གིང་ཆེན་དཔའ་བོའི་ཚོགས༔ ལས་ཀྱི་མཁའ་འགྲོ་དཔའ་མོ་རོལ་པའི་ཚོགས༔ བྱང་ཕྱོགས་བྱད་ཁ་འབུམ་གྱི་བར་ཆད་ཟློག༔ ཤར་ལྷོ་སྣ་ཚོགས་དཔའ་བོ་དཔའ་མོའི་ཚོགས༔ ཤར་ལྷོ་ཕྱོགས་ཀྱི་བྱད་ཁ་འབུམ་བཅས་ཟློག༔ ལྷོ་ནུབ་དམ་ཚིག་དཔའ་བོ་དཔའ་མོའི་ཚོགས༔ ལྷོ་ནུབ་ཕྱོགས་ཀྱི་བྱད་ཁ་འབུམ་བཅས་ཟློག༔ ནུབ་བྱང་ལས་ཀྱི་དཔའ་བོ་དཔའ་མོའི་ཚོགས༔ ནུབ་བྱང་ཕྱོགས་ཀྱི་བྱད་ཁ་འབུམ་བཅས་ཟློག༔ བྱང་ཤར་དྲག་ཤུལ་དཔའ་བོ་དཔའ་མོའི་ཚོགས༔ བྱང་ཤར་ཕྱོགས་ཀྱི་བྱད་ཁ་འབུམ་བཅས་ཟློག༔ ཟློག་སྒྱུར་ཕྲིན་ལས་མཛོད་ཅིག་དྲག་རྩལ་ཅན༔ ཀྱེ༔ དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་མི་ཤ་ཁྲག་གི་མཆོད་པ་བཞེས༔ དམ་རྫས་བདུད་རྩི་ཆང་གི་མཆོད་པ་བཞེས༔ ཤ་ཁྲག་དམར་གྱི་བ་ལིང་གཏོར་མ་བཞེས༔ ཕྱི་ཡི་བར་ཆད་ཕྱི་རུ་ཟློག་ཏུ་གསོལ༔ ནང་གི་བར་ཆད་ནང་དུ་ཟློག༴ གསང་བའི་བར་ཆད་དབྱིངས་སུ་ཟློག༴ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག༴ ཆོས་སྐྱོང་རྣམས་ཀྱི་འཁུ་ལྡོག་ཟློག༴ ཡུལ་ལྷ་རྣམས་ཀྱི་རུ་ང་ཟློག༴ སྡེ་བརྒྱད་ཡོངས་ཀྱི་གདུག་རྩུབ་ཟློག༴ མཐའ་ཡི་དམག་དཔུང་གཡུལ་འཁྲུག་ཟློག༴ དངོས་གྲུབ་བར་དུ་གཅོད་པ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་སྒྱུར༔ ཟློགས་ཤིག་དཔའ་བོ་དཔའ་མོའི་ཚོགས༔ སྒྱུར་ཅིག་མ་སྲིང་མཐུ་མ་ཆུང༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ དེ་ནས་སྒོ་མཚམས་མར་བཅོལ་བ་ནི༔ ཧཱུྃ་ཧྲཱི༔ ལྕགས་ཀྱུ་དཀར་མོས་ཤར་ཕྱོགས་བར་ཆད་ཟློག༔ དྲི་ཟ་ལ་སོགས་གནོད་པ་ཟློག་ཏུ་གསོལ༔ ཞགས་པ་སེར་མོས་ལྷོ་ཕྱོགས་བར་ཆད་ཟློག༔ གཤིན་རྗེ་ལ་སོགས་གནོད་པ་ཟློག༴ ལྕགས་སྒྲོག་དམར་མོས་ནུབ་ཀྱི་བར་ཆད་ཟློག༔ ཀླུ་དབང་ལ་སོགས་གནོད་པ་ཟློག༴ དྲིལ་བུ་ལྗང་མོས་བྱང་གི་བར་ཆད་ཟློག༔ གནོད་སྦྱིན་ལ་སོགས་གནོད་པ་ཟློག༴ ལྷ་མོ་བརྟན་བྱེད་ཤར་ལྷོའི་བར་ཆད་ཟློག༔ མེ་ལྷ་ལ་སོགས་གནོད་པ་ཟློག༴ མ་མོ་ཕོ་ཉས་ལྷོ་ནུབ་བར་ཆད་ཟློག༔ སྲིན་པོ་ལ་སོགས་གནོད་པ་ཟློག༴ སྲིན་མོ་འཇོམས་བྱེད་ནུབ་བྱང་བར་ཆད་ཟློག༔ རླུང་ལྷ་ལ་སོགས་གནོད་པ་ཟློག༴ གནོད་སྦྱིན་མཆེ་གདོང་བྱང་ཤར་བར་ཆད་ཟློག༔ བྷི་ན་ཡ་སོགས་བགེགས་ཀྱི་བར་ཆད་ཟློག༔ ཀྱེ༔ སློབ་དཔོན་པདྨའི་ཕྱི་འཁོར་སྐྱོང་མཛད་པ༔ མ་སྲིན་དམ་ཅན་རྒྱ་མཚོ་འདིར་གཤེགས་ཤིག༔ མི་ཤ་ཁྲག་གི་མཆོད་པ་བཞེས་སུ་གསོལ༔ དམ་རྫས་བདུད་རྩི་ཆང་གི་མཆོད་པ་འབུལ༔ ཤ་ཁྲག་དམར་གྱི་བ་ལིང་མཆོད་པ་འབུལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཕྱི་ནང་བར་ཆད་མ་ལུས་ཟློག་ཏུ་གསོལ༔ ཞེས་ཁྱུང་ཟློག་ཀྱང་བྱ༔ ཐུན་དང་ཟོར་ནི་ཁ་བསྐང་ལྟར་དུ་བྱ༔ སྔགས་བོན་ཕུར་ཐོགས་བརྒྱ་ཡིས་གླགས་མི་རྙེད༔ སྔགས་ནག་སྟོང་དང་འགྲས་ཀྱང་བྱད་མི་རྙེད༔ དུས་མིན་འཆི་བའི་ཚོགས་ནི་ཟློག་པར་འགྱུར༔ གསོལ་བ་གང་བཏབ་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་སེམས་ཅན་དོན་དུ་དག་པར་བྲིས༔ ལས་འཕྲོ་སྟག་ཤམ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཨྑྟྀ༔ རྒྱ་རྒྱ་རྒྱ༔ ཕོ་བྲང་ཤར་མཛོད་ཤེལ་ཕུག་ནས། །གུ་རུ་པདྨའི་ཐུགས་རྗེའི་འོད་ཟེར་ལས། །ལེགས་ཤར་རིག་འཛིན་སྟག་ཤམ་གླིང་པས་བཏོན། །ཡི་གེའི་རིས་བྱེད་ཕྱོགས་བྲལ་ལྡོམ་བུ་བ། །ཀུན་བཟང་བདེ་ཆེན་སྙིང་པོ་ཞེས་པས་བགྱིས། །ཕྱི་ནང་གསང་གསུམ་བར་ཆད་ཞི་གྱུར་ཅིག། །།

འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོའི་སྲུང་ཟློག་གསད་གནན་གྱི་ལས་གཞུང་ཕྲིན་ལས་ཀྱི་འདོད་འཇོ་ (Volume 54, Text 29)

༄༅། །འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོའི་སྲུང་ཟློག་གསད་གནན་གྱི་ལས་གཞུང་ཕྲིན་ལས་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཨེ། སྟོང་པའི་ངང་ལས་གནམ་ས་གནམ་ལྕགས་ཀྱི། །འཁོར་ལོ་སྤུ་གྲི་ལྟར་རྣོ་གཡས་གཡོན་འཁོར། །དེ་ནང་རྡོ་རྗེའི་རྭ་གུར་མེ་འབར་ནང་། །གནམ་ལྕགས་ལས་གྲུབ་རྡོ་རྗེ་རྩེ་དགུ་པ། །ཡར་རྩེ་ཚངས་གནས་མར་སྣེ་ན་རག་གནས། །བྱད་མ་གན་རྐྱལ་གནས་པའི་ལྕེ་སྙིང་གཟིར། །རྡོ་རྗེའི་ལྟེ་བར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་རྫོགས་དབུས། །འཁོར་ལོ་རྩིབས་བཞི་རྩིབས་བཅུ་ཉིས་རིམ་དབུས། །ཆོས་འབྱུང་ཆུ་གླང་པད་ཉི་དགྲ་བགེགས་སྟེང་། །རང་སེམས་ཧཱུྃ་ཡིག་མཐིང་ནག་འཕྲོ་འདུ་ལས། །གདོད་མའི་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་དང་། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་གར་དགུའི་ཉམས། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །འཇམ་དཔལ་རྟ་མགྲིན་གསང་བདག་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་པ་པང་དུ་བཻ་ཏཱ་ལི། །གྲི་གུག་ཕུར་པ་ལྕགས་དྲྭ་བྷཉྫའི་ཕྱག །ཕྱོགས་བཞིའི་རྩིབས་སྟེང་རིགས་བཞིའི་གཤིན་རྗེ་གཤེད། །ནང་མའི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཅུ། །ཕྱི་མའི་རྩིབས་བཅུར་བདུད་རྩི་འཁྱིལ་པ་བཅུ། །རྩིབས་མཆན་ཁྲོ་རྒྱལ་མ་ཧཱ་བ་ལ་བཅུ། །སྒོ་འཛིན་གིང་བདུད་རྩིས་ཤན་བཞི་བཞིའི་ཚོགས། །གཤིན་རྗེ་མ་མོ་བདུད་བཙན་མ་མགོན་ཟུང་། །གཟའ་ཀླུ་པེ་གཙང་རྒྱལ་ཆེན་ཕྱོགས་སྐྱོང་ཚོགས། །ཀུན་ཀྱང་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས། །ཡེ་ཤེས་རྣམ་ལྔས་དབང་བསྐུར་རྒྱ་ཡིས་བཏབ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ། ཀུན་བཟང་དགོངས་པ་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སྐུ་མཆོག་ལྷ། །སྲིད་གསུམ་ལོག་འདྲེན་བསྒྲལ་བའི་ཕྱིར། །འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་སོགས། ཤབྡ་པྲ་ཏཱིཙྪ་ཧོཿ མ་ཧཱ་མཱཾ་ས། རཀྟ། ཀིཾ་ནི་རི་ཏི། བ་སུ་ཏ། བ་ལིཾ་ཏ་ཁཱ་ཧི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཕྱོགས་དུས་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་མཛད་དྲག་པོའི་སྐུར་བསྟན་པ། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པའི། །བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་བསྟོད། །སྔོན་ཚེ་རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས། །གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བའི། །མ་རུངས་ཞིང་བཅུ་ལྡན་པའི་དགྲ་དང་བགེགས། ཁྱོད་ཀྱིས་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད། །དེ་ནས་བཟླས་པའི་རིམ་པ་ནི། རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །ཐུགས་ཀར་གསང་བདག་ཐུགས་དབུས་ཉི་མའི་སྟེང་། །ཡ་ཡིག་གདན་ཐབས་སྟེང་དུ་ཧཱུྃ་མཐིང་ནག །ཧ་ཁོག་ནང་དུ་མུཾ་ཡིག་དམར་སེར་མཚན། །དེ་མཐར་རྩ་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས། །རྒྱལ་དང་དེ་སྲས་ཁྲོ་རྒྱལ་མ་ལུས་མཆོད། །མཐུ་སྟོབས་བྱིན་རླབས་ཀུན་བསྡུས་རང་ལ་ཐིམ། །འགྲོ་བའི་ཉོན་མོངས་བདུད་བགེགས་ཐམས་ཅད་བཏུལ། །བསོད་ནམས་མཐུ་ནུས་ཀུན་བསྡུས་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊཿ་་་སྙིང་པོ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རུ་པ་ཧྲཱིཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊཿ་་་ཉེ་སྙིང་། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་ར་མ་ཡ་ཧཱུྃ་ཕཊཿ་་་རྩ་སྔགས། ཅེས་དང་། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊཿ ཅེས་དང་། ࿊ སྲུང་བ་ནི། ཐུགས་ཀའི་ཧཱུྃ་ནང་བསྲུང་བྱ་འཁོར་བཅས་སྦས། །གཡས་གཡོན་མདུན་རྒྱབ་བསྲུང་བྱ་ཐམས་ཅད་གསལ། །ཕྱི་རོལ་སྲུང་འཁོར་རྡོ་རྗེའི་རྭ་གུར་གསལ། །རྡོ་རྗེའི་གོ་ཁྲབ་ཞུ་ལུབ་གསོལ་བ་ལས། །རྡོ་རྗེའི་ཚྭ་ཚྭ་འོད་ཟེར་དཔག་ཡས་འཕྲོས། །ཕ་རོལ་སྲུང་བའི་རྭ་གུར་ཐམས་ཅད་ཀུན། །བསྡུས་ནས་རང་གི་སྲུང་འཁོར་ལ་ཐིམ་པས། །སྲ་མཁྲེགས་མི་འགྱུར་རབ་ཏུ་བརྟན་གྱུར་པ། །སྲེད་མེད་བུ་ཡི་སྟོབས་ཀྱིས་མི་བཟློག་ཅིང་། །རྩིབས་མཆན་མ་ཧཱ་བ་ལ་བཅུ་པོ་དང་། །རྩིབས་ནང་བདུད་རྩི་ཐབས་སྦྱོར་བཅུ་རྣམས་ཀྱིས། །ནང་དུ་ཞལ་གཟིགས་སྐྱབས་སྦྱིན་ཕྱག་རྒྱས་སྲུང་། །ལྷ་ཚོགས་ཀུན་གྱིས་སྲུང་སྔགས་སྒྲོག་པར་གྱུར། །རྩ་སྔགས་མཐར། མ་མ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བ་བཟླ། ཐུགས་ཀའི་ཧཱུྃ་ཡ་སྔགས་ཕྲེང་འོད་ཟེར་གྱིས། །དགྲ་བོའི་བླ་ཚེ་སྲོག་གི་དྭངས་མ་དང་། །སྟོབས་དང་བསོད་ནམས་ཁ་རྗེ་དབང་ཐང་རྣམས། །རང་གི་ཐུགས་ཀར་ཐིམ་པས་བཀྲག་མདངས་དང་། །མཐུ་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། །འོད་དེས་དགྲ་བོ་བཀུགས་ཏེ་འོག་གཞི་ཡི། །ལྕགས་ཁང་ལིང་གར་བསྟིམས་ནས་ལྕེ་སྙིང་གཟིར། །དགྲ་བགེགས་སྒོ་གསུམ་ནུས་མཐུ་བཅོམ་པར་གྱུར། །ཨོཾ་ཡ་མ་ཀིང་ཀང་ཁ་ཏྲུཾ་ནྲི་མྱོགས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན། བིག་ནན་དགྲ་ཐུཾ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབས། བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུན་དྲུན་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་གདུག་རྩུབ་གནོད་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐཾ། ཞེས་བཟླ་འོ། ࿊ །ཟློག་པ་ནི། རྩིབས་མཆན་མ་ཧཱ་བ་ལ་བཅུ་པོ་ཡིས། །ཕྱིར་གཟིགས་བ་དན་རླུང་གཡབ་གཡབས་པ་ལས། །བསྐལ་པའི་རླུང་ནག་འཚུབས་མ་དཔག་མེད་འཕྲོས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། །དབང་མེད་བྱ་སྤུ་རླུང་གིས་གཏོར་བ་ལྟར། །སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད་པར་གྱུར། །རྩ་སྔགས་ཤམ་དུ། ཨོཾ་མི་ཁ་ཧུར་ཐུམས་རྦད་རྦད་དྲིལ་དྲིལ་ཐུཾ་ཐུཾ་ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར། ཡང་ཀིང་ཀང་སྔགས་རིང་ཡང་བཟླ་སྟེ། བདག་ཉིད་ལྷར་གསལ་སྐུ་ཡི་འོད་ཟེར་ལས། །མེ་ཡི་ཁྲོ་བོ་མེ་ཡི་མཚོན་ཆ་དང་། །དམག་དཔུང་རྣམ་པ་དཔག་ཏུ་མེད་འཕྲོས་ནས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། ཁོ་རང་རང་གཤེད་རང་ལ་ཕབ་ནས་ཀྱང་། །གཞོབ་དུ་བསྲེགས་ནས་གཏན་ནས་བརླག་པར་གྱུར། །ཨོཾ་ཀིང་ཀང་ཁ་ཏྲུན་ནྲི་མྱོགས་དགྲ་བོ་ཝཱ་ཀ་སཏྭམྦྷ་ཡ་ནན། བིག་ནན་དགྲ་ཐུཾ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབས། བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུན་དྲུན་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་ཟློག །བྱུར་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །རཱ་ཙ་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སཾུ་ཏྲི་རཀྴ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློགས་ཤིག །དེ་ནས་སྨད་ལས་ནི། ཨེ། གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་གྲུབ་གཤིན་རྗེའི་གྲོང་ཁྱེར་ནི། །ལྕགས་རི་འོབས་ཆེན་བདུན་གྱིས་བསྐོར་བའི་དཀྱིལ། །ཐར་མེད་བཙོན་ཁང་གྲུ་གསུམ་འབར་བའི་ནང་། །ནྲི་ཏྲི་ལས་བྱུང་གནོད་བྱེད་དགྲ་དང་བགེགས། །མངོན་གསུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །གསད་པའི་སྐབས་ཟུར་འདེབས་ནི། ཐུགས་ལས་ཛཿབཞི་འཕྲོས་པས་ཚིགས་ཆེན་བཞིར། །དྲི་ཟ་གཤིན་རྗེ་སྲིན་པོ་གནོད་སྦྱིན་གྱི། །མཱ་རུ་ཙེ་བཞི་ཐོ་བ་ལྕགས་ཀྱུ་འཛིན། །སྐུ་སྨད་རྡོ་རྗེ་རྩེ་གཅིག་ཚིགས་བཞིར་ཟུག །ཡ་ཡིག་བཞི་ལས་དགྲ་བོའི་ཕྱོགས་བཞི་རུ། །ཤར་དུ་ཆོས་རྒྱལ་དགྲ་བོ་ཁྲམ་ལ་འདེབས། །གཡས་སུ་ཡཀྵ་ཕག་མགོས་སོག་ལེ་ཡིས། །དགྲ་བོའི་ཚེ་སྲོག་སྐྱེ་རྒྱུད་རྩད་ནས་གཅོད། །འཆར་ཀས་ནུབ་ནས་རི་རབ་ནག་པོས་གནོན། །རྔམས་པ་དྲེད་མགོས་ཤལ་སྡོང་ལ་བསྐྱོན་བྱ། །ཞེས་དང་། བདག་དང་མདུན་བསྐྱེད་རྣམས་ལས་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། །དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། །མགོན་སྐྱབས་མེད་པ་རང་དབང་དང་བྲལ་ཏེ། །འགུགས་བྱེད་ལྕགས་ཀྱུས་སྙིང་གའི་ནྲི་ནས་བཟུང་། །ལས་ཀྱི་རླུང་དམར་ཞགས་པས་སྐེ་ནས་བཅིངས། །འཇིགས་པའི་མུན་པ་ནག་པོས་མདུན་ནས་བསུས། །ལས་བྱེད་ཕོ་ཉས་ཧབ་སྒྲ་དིར་རི་རིར། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་བསྐོར། །བདག་མདུན་བྲུབ་ཁུང་མཐར་སླེབས་འཁོར་རྣམས་ཀྱིས། །ཀླད་ལ་གཡུག་ཅིང་ལྕགས་བསྲེགས་ས་གཞིར་བརྡབས། ཁོ་ཡི་ཁོང་པའི་ནང་གི་ཚེ་དང་བཅུད། །ཐམས་ཅད་ཡར་སྐྱུགས་བདག་ལ་ཚུར་ཐིམ་པས། །དངོས་གྲུབ་གསོས་གྱུར་བཀྲག་དང་གཟི་མདངས་རྒྱས། །བཅུད་བྲལ་སྒྱེ་སྟོང་ལྟར་གྱུར་དགྲ་བོ་ནི། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དང་བྲལ་ཏེ། །ལུས་རིད་ནག་པོ་ཀེམ་ཀེམ་གྱུར་པ་དང་། །རྣམ་ཤེས་མར་མེ་འཆི་ཁའི་འོད་ཙམ་དང་། །བཅས་ཏེ་བྲུབ་ཁུང་ནང་གི་ལིང་གར་ཐིམ། །ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཕྲིན་ལས་འཇམ་དཔལ་ཤོར་སང་ཉི་མ་ཁྲོས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་འཆི་བདག་གཤིན་རྗེའི་རྗེ། །མ་ལུས་འཁོར་དང་བཅས་ཏེ་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང་། །དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙེགས། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །གནོད་པར་བྱེད་པའི་དགྲ་བོ་གང་ཡིན་གྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་འདུག་ཀྱང་ལིང་ག་འདི་ཉིད་ལ། ཁུག་ཅིག་བཛྲ་ཨང་ཀུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊཿ དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨཱཿ རྩ་སྔགས་དང་། དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུམ་ཐུམ་མྱོགས་མྱོགས་ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། ལིང་ཤ་ལིང་ཐུཾ་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཡང་། དགྲ་བོ་ཆེ་གེ་ཨཱ་ཀརྵཱ་ཡ་ཧཱུྃ་ཛ་ཛཿ ཡིད་འགུག་པའོ། །ཆེ་གེའི་རཱུ་པ་སྐནྡྷ་ཨཱ་ཀརྵཱ་ཡ་ཛ་ཛཿ རྩ་སྔགས་དང་། ཤེལ་ཤེལ་དགྲ་བོའི་བླ་ལ་ཤེལ། ཤག་ཤག་དགྲ་བོའི་བླ་ལ་ཤག །ཕུང་ཕུང་དགྲ་བོའི་བླ་ལ་ཕུང་། །ཆེ་གེའི་བླ་ཁུག་ཨཾ་ཀུ་ཤ་ཛ་ཛཿ ཛཿ ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཕྱིན་ཆད་འཆོར་བ་མེད་པ་དེ་ལུས་ལ། །སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། །ལྷན་ཅིག་སྐྱེས་པ་དགྲ་བོའི་ལྷ་ཡིན་ཏེ། །དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབས། །སྤྱི་བོར་ཚངས་པའི་བུ་ག་ནས་ཡར་འཇིབ། །སྙིང་ག་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲངས། །དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་གཅིག །བྱུང་བ་མཉམ་པོར་འོང་བའི་འཆི་བདག་བདུད། །ཡིན་ཏེ་ཁོ་ཡི་ལས་དབང་རང་གཤེད་གྱུར། །གསང་བའི་གནས་ནས་མར་ལ་ཁོང་ཁྲག་རྣམས། །དྲངས་ཏེ་མཆིན་ཁྲི་མན་ཆད་འཇིབ་ཅིང་དྲངས། །སྦྲུལ་དཀར་གཡས་དང་གཡོན་གྱི་ནག་པོ་གཉིས། །འཛིང་ཞིང་འཐབ་ཅིང་དགྲ་བོའི་སྙིང་ཁྲག་ལ། །ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། །འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། །མགོ་གཉིས་སྤྱི་བོར་མགུལ་པ་མདུད་བྱས་ནས། །ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་དང་། །རྣ་བར་ཁ་གདང་ལྕེས་ལྡག་སོ་ཡིས་འདེབས། །དེ་ཚེ་སྤྱི་བོར་སྣ་ཚོགས་རྡོ་རྗེ་ནི། ར་གདེང་ལུས་ལས་རླུང་གིས་ཤུགས་དྲག་འཁོར། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། །ཞོ་ལྟར་དཀྲུགས་པ་སྦྲུལ་ཆེན་གཉིས་ཀྱིས་འཇིབ། །དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། །ཨོཾ་ཀིང་ཀང་ཁ་ཏྲུན་ནྲི་མྱོགས་དགྲ་བོ་ཝཱ་ཀ་སཏྭམྦྷ་ཡ་ནན། བིག་ནན་དགྲ་ཐུཾ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབས། བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུན་དྲུན་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཡང་ན། ཨོཾ་ཀིང་ཀང་ཐུཾ་རིལ་ནྲི་མྱོགས་སྒྲིབས་དགྲ་བོ་ཝཱ་ཀ་སཏྭམྦྷ་ཡ་ནན༔ བིག་ནན་དགྲ་ཐུཾ་དེ་ཤོ་དེ་ཤཾ་བྱུར་བྲུབས༔ བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭམྦྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ མཐར། སྦྲུལ་གཉིས་དུག་གི་སོག་ལེར་གྱུར། །ཚངས་བུག་ནས་ཞུགས་ནང་ཁྲོལ་རྣམས། །བཤང་སྒོར་དྲངས་ཏེ་འདྲེ་སྲིན་གྱི། །ཚངས་པས་ཧབ་ཐོབ་ཟོས་པར་གྱུར། །གླང་རུའི་ཚེ། རང་ཉིད་ཀིང་ཀང་ཕུར་ཤམ་ཅན། །དགྲ་བོའི་སྙིང་གར་ཟུག་པ་དང་། །ཕྱག་གཡས་ལྕགས་ཀྱུས་བསྒྲུབ་བྱ་བཀུག །གཡོན་པས་ཐོ་ལུམ་རྐང་ལག་དང་། །མགོ་བོ་རྣམས་ནི་བརྡུང་ཞིང་བཅོམ། །ཀླད་པའི་ནང་དུ་མུན་ནག་གི །གཡུང་དྲུང་གཡོན་འཁོར་ལུས་སེམས་མྱོས། །སྔགས་རིང་ཤམ་དུ། ཟ་དགོས་རྡུང་དགོས་འཕྲོག་དགོས་རྐུ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐཾ། དེ་དག་གི་སྐབས་སུ་དམོད་བཅོལ་ཡང་བྱའོ། ࿊ །གསད་པ་ནི། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། །ལུས་ཀྱི་སྟེང་དུ་དྲག་པོའི་ཐུན་གྱི་རྫས། །བརྒྱབས་པ་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། །ཞེས་དང་། སྤྱི་བོར་ཡ་མ་རཱ་ཛ་རལ་གཅིག་མ། །མགྲིན་པར་མྱོས་བྱེད་འབར་བ་ཙཎྜ་ལཱི། །སྙིང་གར་ཨཱརྻ་མ་རུ་འོད་ཟེར་ཅན། །ལྟེ་བར་རལ་པ་ཚར་དགུ་རེ་བ་ཏི། །ཡབ་རྣམས་ཡར་གཟིགས་ཡུམ་རྣམས་ཐུར་ལ་གཟིགས། །རིམ་བཞིན་གསེར་དངུལ་ཟངས་ལྕགས་འཁོར་ལོ་རྣམས། །ཡབ་རྣམས་ཡར་བསྐོར་ཡུམ་རྣམས་ཐུར་དུ་བསྐོར། །རྩ་འདབ་ཀླད་པ་དོན་སྙིང་ཤ་རུས་གཏུབས། །ཡབ་སྔགས་ཀྱི་གཤམ་དུ། ཨོཾ་རུ་རུ་རཀྨོ་ཏི་ཙ་སྙིང་ལ་རྦད། ཐུམ་རིལ་ཁ་ཁུག་ཡཀྴ་རྦད། ཐུཾ་རིལ་བྷྱོ། ཤ་སི་ར་དྷ་ཁ་ཏྲི་མི་ཁ་ཐུཾ་རིལ། ག་དུ་ནཾ་ཀུཾ་ཡཀྴ་ནཾ་དགྲ་བགེགས་ཁ་ཐཾ། ནཱ་ཤ་ཡ་ནཱ་ཤ་ཡ་གནོད་བྱེད་ངག་སཏྭཾ་བྷ་ཡ་ནན། མཱ་ར་ཡ་རྦད། རུ་རུ་རཀྨོ་ཧུར་ཐུམས་ཛཿ དགྲ་བོའི་སྲོག་ལ་མཱ་ར་རྦད། ཅེས་དང་དཀྱུས་ནི་སྔགས་རིང་གཤམ་དུ། དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན་སོད། ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་རྦད་རྦད༔ དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཅེས་སོ། །ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་མེ་ལྟར་དུ་འབར་ཞིང་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་ཤིང་ས་ལྟར་གཡོ་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངོ་ལ་གདོང་ཐུག་བྱེད་ཅིང་ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གསོད་ཤོམ་རྐུ་ཤོམ་འཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟས་ནོར་ལ་གོད་ཁ་དང་བསམ་པ་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྔ་དགྲ་ལག་ལ་བདར་པ་ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་ཐད་དུ་ལངས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན། སརྦ་ཤ་ཏྲཱུན་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཁུག་རྟགས་བྱུང་ནས། མདུན་བསྐྱེད་འཁོར་བཅས་ཕུར་ཞབས་གྱུར། །བསྒྲུབ་བྱའི་སྙིང་གར་གཤིན་རྗེ་གཤེད། །དེ་མདུན་ཡུམ་དང་ཕྱོགས་བཞི་རུ། །སྲས་བཞི་མ་སྲིན་བདུད་བཙན་བཞི། །མདོར་ན་མཐིལ་བཞི་ཚུལ་གྱི་ལུས། །འཁོར་དང་བཅས་པས་ས་གཞི་ལ། །ཐུག་པར་བཏབ་པ་ཉིད་དུ་གྱུར། །ཧཱུྃ། གཉིས་མེད་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས། །འགྲོ་དོན་མ་ལུས་རང་བྱུང་ལྷུན་གྲུབ་ལྷ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། ཁྱད་པར་ལྷག་པའི་ལྷ་མཆོག་གཤིན་རྗེ་གཤེད། །མི་བཟད་རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ། །འཁོར་དང་བཅས་པ་འགྲོ་བའི་དོན་ལ་སྐུལ། ཁྱེད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབས། །ཡིད་ལ་བརྣགས་པའི་དམ་ཉམས་དགྲ་དང་བགེགས། །དུག་ཁྲག་ཐུན་མཚོན་ནད་ཀྱི་ཆར་ཕབ་ནས། །གཟུགས་ཕུང་བླ་སྲོག་རྣམ་ཤེས་རྡུལ་དུ་རློགས། །མྱུར་སྒྲོལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཅེས་པས་བསྐུལ་ལོ། །ཕུར་པ་རྡེག་ཅིང་། ཧཱུྃ། དུས་གསུམ་སངས་རྒྱས་ཀུན་འདུས་དཔལ། །སྲས་མཆོག་བཛྲ་ཀཱི་ལ་ཡ། །སྐུ་སྟོད་རབ་འཇིགས་ཁྲོ་བོའི་སྐུ། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོས། །ཀཱི་ལ་ཡ་ཡི་སྒྲ་ཆེན་སྒྲོག །ཕྱག་དྲུག་མཚོན་ཆའི་ཆར་པ་འབེབ། །སྐུ་རྐེད་ཆུ་སྲིན་རྔམས་པའི་ཞལ། །སྦྲུལ་ནག་ཞགས་པ་གློག་ལྟར་འཁྱུགས། །སྐུ་སྨད་ཕུར་བུ་ཟུར་གསུམ་ལ། །ལྕགས་སྲེག་ཚྭ་ཚྭ་སྐར་ལྟར་འཁྲུགས། །གང་ལ་བཏབ་ཀྱང་རྡུལ་དུ་བརླག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །ཡིད་ལ་བརྣགས་པའི་དགྲ་བགེགས་ཀྱི། །གཟུགས་ཕུང་ཐལ་བ་རྡུལ་དུ་རློགས། །དུག་གསུམ་མ་རིག་གཞི་རྩ་ཆོད། །སྡང་བྱེད་དམ་ཉམས་དགྲ་དང་བགེགས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ནྲི་ཏྲི་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊཿ རལ་གྲིས་གཏུབ་ཅིང་། ཧཱུྃ། ཤེས་རབ་རལ་གྲི་མེ་ལྟར་འབར། །གྲི་ཐུན་དྲག་པོ་ཆུ་ལྟར་འབྲུབ། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །གཏི་མུག་ཤ་ཡི་ཕུང་པོ་གཏུབས། །དེ་ནས་ཞལ་བསྟབ་ནི། ཧཱུྃ། གྲུ་གསུམ་བྷཉྫ་འབར་བ་ཡངས་པའི་སྣོད། །ཕྱི་ནང་དབང་པོ་ལྔ་དང་དོན་སྙིང་ལྔ། །ཀླད་རུས་རྐང་མར་ཁོང་ཁྲག་བླ་ཚེ་དབུགས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞལ་དུ་བསྟབ། །ཡུམ་མཆོག་བཻ་ཏཱ་ལི་ཡི་ཞལ་དུ་བསྟབ། །གོ་ཆའི་ཁྲོ་རྒྱལ་ལྔ་ཡི་ཞལ་དུ་བསྟབ། །སྲས་མཆོག་རིགས་བཞི་ཡབ་ཡུམ་ཞལ་དུ་བསྟབ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཞལ་དུ་བསྟབ། །གིང་བདུད་རྩིས་ཤན་བཅུ་དྲུག་ཞལ་དུ་བསྟབ། །གཤིན་རྗེ་མ་མོ་བདུད་བཙན་ཞལ་དུ་བསྟབ། །མ་མགོན་གཟའ་ཀླུ་པེ་གཙང་ཞལ་དུ་བསྟབ། །རྒྱལ་ཆེན་ཕྱོགས་སྐྱོང་རྣམས་ཀྱི་ཞལ་དུ་བསྟབ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །འདོད་ཆགས་ཁྲག་ལ་ལྗིབ་ལྗིབ་དགྱེས་པར་རོལ། །ཞེ་སྡང་རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁཱ་རཾ་ཁཱ་ཧི། མགུལ་དུ་བསྟིམ་མོ་བཛྲ་ཨ་རལླི་ཧོ། ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ། དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། རྒྱས་པར་རྟགས་ཟློག་དང་བསྡུ་བའི་ཚེ་ན། བྷྱོཿ སྔོན་ཚེ་ཟློག་པ་གང་ནས་བྱུང་། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ལ། །ལྷས་བྱིན་བདུད་ཀྱི་ཆད་པ་བྱུང་། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློགས། །དེ་འོག་ཟ་ཧོར་རྒྱལ་པོ་ལ། །བན་བོན་སྔགས་ཟོར་འདུས་པ་རྣམས། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློགས། །སྔོན་དུས་དེ་ལྟར་བཟློགས་པ་ལྟར། །བྷྱོཿ མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་དཔོན་སློབ་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློགས། །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བན་དྷེའི་སྔགས་ཟོར་འདུས་པ༴ མུ་སྟེགས་བོན་པོའི་ཛོ་དམར༴ ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཆུད་པ༴ ས་བདག་ཀོ་ལོང་བསྡམས་པ༴ འབྱུང་བའི་དགྲ་གཤེད་འཐབས་པ༴ གཟའ་སྐར་དུས་ཚེས་ངན་པ༴ ལོ་ཟླ་ཞག་དུས་སྐག་བབས་ཟློག །ཁྲམ་དང་བྱད་དུ་བཅུག་པ༴ ཧོམ་དང་པར་བུ་བསྐོར་པ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ དུས་མིན་འཆི་བ་རྣམ་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་བསྒུག་ཕྱི་ནས་འདེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་ཡམས་སྣ་རིམས་སྣ༴ དགྲ་སྲི་མོ་རྨི་ངན་པ༴ ཆེ་སྲི་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ དགྲ་སྲི་མཚོན་སྲི་ནད་སྲི༴ མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོ། །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོཿ །བར་ཆད་བདུད་ཀྱི་སྟེང་དུ་བྷྱོཿ །ཟ་འདྲེ་ཕུང་སྲིའི་སྟེང་དུ་ཟོར། །དམ་ཉམས་བྱད་མའི་སྟེང་དུ་བྷྱོཿ ཀིང་ཀང་གི་སྔགས་རིང་དང་། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ནན་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །རཱ་ཙ་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུཾ་ཏྲི་རཀྴ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོཿ ཟློག་ཟློག །ཨེ་ས་བྷྱོ་ཟློག །དེ་ནས་ཟོར་གྱི་ཕོ་ཉ་བསྐུལ་བ་ནི། བྷྱོ། ཉི་མ་ལྷོ་ཕྱོགས་ཕ་གི་ན། །རིམ་པ་བདུན་གྱི་ས་འོག་ན། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་ཀོང་ཟོར་ཐོགས། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་བཟློགས་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད། །ཡ་མ་རཱ་ཛ་དགྲ་བགེགས་ཀྱི་སྙིང་ལ་བྷྱོ་བྷྱོཿ ࿊ ཐུན་མཚམས་སུ་ཆངས་རིལ་བཤམས་ནས་གཟི་བརྗིད་ཚད་མེད་སྔགས་ཀྱིས་ཡོངས་སུ་སྤེལ་ཏེ། དམ་ཉམས་ཁྱོད་ལ་ལན་ཆགས་འཇལ་བ་ནི། རྣལ་འབྱོར་པ་བདག་གི་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་བསད་པ་ཚེ་ཐུང་བའི་ལན་ཆགས་འཇལ་ལོ། །བརྡུངས་པ་ནད་མང་བའི་ལན་ཆགས་འཇལ་ལོ། །བརྐུས་ཕྲོགས་ལོངས་སྤྱོད་ནོར་དབུལ་བའི་ལན་ཆགས་འཇལ་ལོ། །མི་རྟ་གྲི་རུ་བསད་པའི་ལན་ཆགས་འཇལ་ལོ། །མཐོ་བ་མཁར་སོགས་ནས་ཕབ་པའི་ལན་ཆགས་འཇལ་ལོ། །དམའ་བ་ཡུལ་ཞིང་བཅོམ་པའི་ལན་ཆགས་འཇལ་ལོ། །གསེར་དངུལ་བྱེ་རུའི་ལན་ཆགས་འཇལ་ལོ། །བང་ཁང་འབྲུ་ཡི་ལན་ཆགས་འཇལ་ལོ། །ལྷབ་ལྷུབ་གོས་ཀྱི་ལན་ཆགས་འཇལ་ལོ། །དེ་ལ་སོགས་པའི་ལན་ཆགས་བྱང་། བུ་ལོན་ཐམས་ཅད་སོད་པ་ཡིན་ནོ། །ཞེས་བརྗོད་དོ། །ཆངས་རིལ་འདོད་ཡོན་ལྔའི་ཕུང་པོ། །བསྔོས་པས་སྔར་ནས་ད་ཕན་གྱི། །ཟས་ནོར་སྲོག་གི་ལན་ཆགས་བྱང་། །བུ་ལོན་ཤ་མཁོན་བྲལ་བར་བསམ། ࿊ །ཕྱག་འཚལ་བ་ནི། རང་ཉིད་ཤཱཀ་ཐུབ་སྐུ་མདོག་ནག །དར་ནག་ཆོས་གོས་རྣམ་གསུམ་བཀླུབས། །རྒྱལ་བ་སྲས་བཅས་ཀུན་གྱིས་བསྐོར། །དབུ་སྐྲ་རལ་གྲི་སྤུ་གྲི་ཡིས། །དགྱེ་དང་རྒུ་དུས་ཡར་མར་གཤག །ཕྱག་སྣ་མ་ཐུབ་དགྲ་དེ་ཡི། །སྟོབས་ནུས་ཚེ་བསོད་ཐམས་ཅད་ཟད། །ས་འོག་རིམ་དགུར་ལྷུང་བར་བསམ། །གསད་གནོན་གྱི་སྔགས་བཟླ་བཞིན་པར་ཕྱག་བྱེད་དོ། ࿊ །དེ་ནས་ཟོར་གྱི་ས་མཱ་དྷི་ནི། མདུན་བསྐྱེད་དཔལ་ཆེན་མདུན་རྒྱབ་གཡས་གཡོན་ནས། །བདུད་བཙན་མ་གཤིན་སྡེ་བརྒྱད་དམག་དཔུང་སྤྲོས། །དཔལ་གྱི་སྐུ་གསུང་ཐུགས་སྤྲུལ་ཁྲོ་བོ་དང་། ཁྲོ་མོའི་ཚོགས་ཀྱིས་དགྲ་ཡི་ཡུལ་དུ་བདས། །དགྲ་མཁར་བཤིག་བསད་ཤ་ཁྲག་ཧབ་ཐོབ་ཟོས། །དགྲ་བོའི་སྟོབས་ནུས་ཞེ་སྡང་སྦྱོར་ངན་རྣམས། །བསྐལ་མེས་བསྲེགས་རྗེས་ཆུས་བཤལ་རླུང་གིས་གཏོར། །མིང་ཡང་མེད་པར་དམིགས་མེད་སྟོང་ཉིད་གྱུར། །ཅེས་སོ། ࿊ །གནན་པའི་ས་མཱ་དྷི་ནི། ཨེ། ཕྱག་གཡས་རལ་གྲིས་བསྣུན་པས་ས་གཞི་གས། །ཆུ་མེ་རླུང་གི་དཀྱིལ་འཁོརའང་བཀས་འོག་ནས། །ལས་ཀྱི་གཤིན་རྗེ་མ་ཧེ་ཁྲོས་པའི་གདོང་། །གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །དགྲ་ཇག་གྱོད་རྐུན་མི་ཁ་གདོན་བགེགས་རྣམས། །དབང་མེད་དེད་ནས་ལས་གཤིན་ཞལ་དུ་བསྟབས། །བྷྱོཿ ཉི་མ་ལྷོ་ཕྱོགས་ཕ་གི་ན། །ཞེས་སོགས་གནན་བསྐུལ་གང་རིགས་བཏང་ནས། ལིངྒ་དགྲ་བོ་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་འཛུམ་མདངས་ཤོར། ཁ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །དེ་སྟེང་རླུང་མེ་ཆུ་སའི་དཀྱིལ་འཁོར་ཆགས། །རི་རབ་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འཇམ་དཔལ་སྲས་བཅས་ཀུན་གྱིས་མནན་པར་གྱུར། །ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཞེས་སོགས་དམོད་པ་བརྗོད། རང་ཉིད་ལྷར་གསལ་ཞབས་སུ་དགྲ་བོ་ཚུད། །ལྕགས་ཁང་སྒོ་མེད་ནང་དུ་དགྲ་བགེགས་རྣམས། །གནམ་ལྕགས་འཛེར་བཏབ་རྡོ་རྗེ་རྒྱ་གྲམ་དང་། །དེ་སྟེང་རི་རབ་ཀྱིས་མནན་ཐར་མེད་གྱུར། །ཀིང་ཀང་གི་སྔགས་རིང་དང་། གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་བོ་ས་ཡི་ཁམས་སུཾ་ནན། མེ་ཡི་ཁམས་རཾ་ནན། ཆུའི་ཁམས་བཾ་ནན། རླུང་གི་ཁམས་ཡཾ་ནན། ནམ་མཁའི་ཁམས་ཨེ་ནན། རྣམ་པར་ཤེས་པའི་ཁམས་སཏྭཾ་བྷ་ཡ་ནན། །ཞེས་བརྗོད་དོ། །དགྲ་བགེགས་ཙྪིནྡྷ་ཙྪིནྡྷ། ཙྪིནྡྷ་ཡ་ཙྪིནྡྷ་ཡ། བྷིནྡྷ་བྷིནྡྷ། བྷིནྡྷ་ཡ་བྷིནྡྷ་ཡ། ཏཱ་ཌ་ཏཱ་ཌ། ཏཱ་ཌ་ཡ་ཏཱ་ཌ་ཡ། མཱ་ར་མཱ་ར། མཱ་ར་ཡ་མཱ་ར་ཡ། སཏྭཾ་བྷ་སཏྭཾ་བྷ། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། མཱ་ར་ཡ་མཱ་ར་ཡ། ཧ་ས་ནཱ་ཡ། བྷྱ་བརྟ་ན་ཡ། མ་ཙི་ར་ན། མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ཞེས་བརྒྱ་རྩ་བརྒྱད་བརྗོད། སྟེང་དུ་ཁྲོ་བཅུ་ཞབས་བསྒྲད་ཕྱིར་གཟིགས་མནན། །དེ་སྟེང་ཧཱུྃ་མཐིང་ལས་བྱུང་རྒྱ་གྲམ་ལྗང་། །མེ་ལྕེའི་ཕྲེང་བསྐོར་ཁྲོ་བཅུའི་སྤྱི་བསྡུས་མནན། །ལྟེ་བར་སུཾ་སེར་ལས་བྱུང་ས་དཀྱིལ་སེར། །ཨོཾ་བཛྲ་སུ་མེ་རུ་ཧཱུྃ་ཧཱུྃ་ས་མ་ཡ་སཏྭཾ། དེ་སྟེང་གསེར་གྱི་ལྷུན་པོས་མནན་པའི་སྟེང་། །དོན་གྲུབ་ལྗང་གུ་དབུ་གསུམ་ཕྱག་དྲུག་པ། །གཡས་གསུམ་འཁོར་ལོ་ཏྲི་ཤུལ་ཐོད་ཁྲག་དང་། །རྒྱ་གྲམ་དགྲ་སྟ་ཕུར་བུ་གཡོན་ན་འཛིན། །འཁོར་དང་བཅས་པས་ལྡང་མེད་མནན་པར་བསམ། །ཨོཾ་བཛྲ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཧཱུྃ། ཧཱུྃ་མཛད་ཕྱག་རྒྱ་ཁར་འཕྱར་ཏེ། རྡོ་རྗེ་གནོད་སྦྱིན་སྔགས་རྒྱས་བཏབ། །དོན་གྲུབ་འཁོར་བཅས་ཕོ་བྲང་བཏབ། ཁྱོད་ནི་བྱང་ཆུབ་མ་སྐྱེས་པར། །ནམ་ཡང་ལྡང་བ་མེད་པར་ཤོག །ཅེས་བརྗོད་དོ། ࿊ །དེ་ནས་བགེགས་ཚོགས་གཟིར་ན། ཕྱི་རོལ་གནམ་ས་གཉིས་པོ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་སྟོང་སྤུ་གྲི་ལྟར་རྣོ་བ། །གཡས་གཡོན་དྲག་ཏུ་འཁོར་བའི་རྩིབས་བར་དུ། །གནོད་བྱེད་གང་དག་མྱལ་མྱལ་ཧྲུག་ཧྲུག་གཏུབས། །རྩིབས་ནང་གཤིན་རྗེ་རྣམས་ཀྱིས་གསོལ་བར་གྱུར། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། བཛྲ་སརྦ་དུཥྚཱཾ་ཨེ་ཏྲིག་ནན་ནྲི་ཏྲི་ཧུར་ཐུམས་ཛཿ བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། རླུང་གི་རྣལ་འབྱོར་ནི། ལྟེ་བའི་ཉི་བུའི་གསུས་ཁྱིམ་ནང་། །སྲིད་པ་ལས་ཀྱི་འཁོར་ལོ་འབར། །རོ་རྐྱང་ལམ་ནས་རླུང་སྦྱོར་གྱི། །ཕོ་ཉའི་དཔུང་གིས་བཀུག་ནས་དེ། །ཉི་བུའི་ཞལ་བསྟབས་འཁོར་ལོར་བསྐྱོན། །ཞེས་སོ།། ࿊ མདུན་བསྐྱེད་གནས་ལྔའི་འོད་ཟེར་ཁ་དོག་ལྔ། །རང་གི་གནས་ལྔར་ཐིམ་པས་དབང་བཞི་ཐོབ། །རྩ་སྔགས་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ སྲུང་འཁོར་ལྷར་བཅས་ཐུགས་སྲོག་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་ཀ་དག་གདོད་མའི་ཀློང་། །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་དང་། གང་ཚེ་བལྟ་བར་འདོད་པ་འམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །འཇམ་དཔལ་ཁྲོ་བོ་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །འཇམ་དཔལ་ཁྲོ་བོས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །གཞན་ཡང་ཤིས་པ་བརྗོད་པ་སོགས་གསང་བ་སྤྱི་ལྟར་བྱའོ། །གཤིན་རྗེ་གཤེད་ཀྱི་དྲག་སྔགས་ཀྱི། །གལ་མདོ་འདི་ཤེས་མངོན་སྤྱོད་ཀྱི། །གསང་བ་སྤྱི་འདོམས་ཆོ་ག་སྟེ། །ཚེ་དབང་ཀུན་ཁྱབ་བློ་མཚོ་ལས་སོ། །ཛ་ཡནྟུ།། །།

ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་དབང་གི་ཆུ་བོ་ (Volume 24, Text 29)

ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་དབང་གི་ཆུ་བོ་བཞུགས་སོ།། ཧྲཱིཿ ཡེ་ཤེས་སྐྱེ་མེད་སྣང་བ་མཐའ་ཡས་དང་། །མ་འགགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་དང། །ཚད་མེད་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་གྱིས་རློབས། །དབྱིངས་གཞི་ངང་ཉིད་ཤེས་རབ་ན་བཟའ་དཀར། །ལམ་གྱི་ཆོ་འཕྲུལ་གསང་བའི་ཡེ་ཤེས་མོ། །འབྲས་བུ་གར་དབང་བདེ་ཆེན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་གྱིས་རློབས། །དཀྱིལ་འཁོར་ངོ་བོའི་དབང་ཕྱུག་ལོ་ཙཱ་བ། །རང་བཞིན་ཡོངས་ལ་མངོན་སྣང་ཟབ་གཏེར་བདག །ཐུགས་རྗེ་གང་འདུལ་ལུང་ཟིན་ཆོས་བདག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་གྱིས་རློབས། །བྱམས་པ་ཆེན་པོ་རྒྱལ་བའི་ཆོ་འཕྲུལ་གྱི། །སྙིང་རྗེས་བསྟན་འགྲོ་བུ་བཞིན་སྐྱོང་མཛད་པའི། །བྱང་སེམས་བརྒྱུད་རིམ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་གྱིས་རློབས། །ཡང་གསང་བླ་མེད་ཐུགས་རྗེ་ཆེན་པོ་ཡི། །ལམ་གྱི་སྨིན་གྲོལ་བསྐྱེད་རྫོགས་འབྲས་བུ་ཡི། །བཅུད་འཛིན་བཀའ་ཡི་སྲུང་མ་དང་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་གྱིས་རློབས། །སྔོན་སྦྱང་ལས་འཕྲོ་ཅན་ལ་སྐལ་བཟང་གིས། །ཡང་གསང་བླ་མེད་ལམ་བཟང་བསྐྱེད་རྫོགས་ཀྱིས། །བསྒྲུབ་ཅིང་གྲུབ་པའི་འབྲས་བུ་མངོན་འགྱུར་ཞིང་། །རང་གཞན་དོན་གཉིས་མྱུར་དུ་ལྷུན་གྲུབ་ཤོག །ཅེས་སྐལ་ལྡན་ཀུན་བཟང་ཏིང་འཛིན་གྱིས་བསྐུལ་བ་དོན་ཡོད་པའི་ཕྱིར། སྒྱུ་འཕྲུལ་རྡོ་རྗེ་ཀློང་གསལ་སྙིང་པོས་ཤར་ཤིང་སྒོ་གངས་ཀྱི་ར་བར་སྦྱར་བའོ། །མངྒ་ལཾ།། །།

རྩ་གསུམ་འབྲས་བུའི་དོན་ཁྲིད་ལས། དོན་བསྡུས་ནོར་བུའི་གསང་ཁྲིད་རཏྣ་གླིང་པས་མཛད་པའི་དབུ་ཕྱོགས་ (Volume 4, Text 29)

༄༅། །རྩ་གསུམ་འབྲས་བུའི་དོན་ཁྲིད་ལས། དོན་བསྡུས་ནོར་བུའི་གསང་ཁྲིད་རཏྣ་གླིང་པས་མཛད་པའི་དབུ་ཕྱོགས་བཞུགས་སོ། ། ན་མོ་གུ་རུ་ཧྲཱིཿ བྱིན་རླབས་ཀུན་གྱི་རྩ་བ་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཡི་ཚོགས། །བར་ཆད་ཐམས་ཅད་སེལ་བའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་གུས་པས་རབ་བཏུད་དེ། །དེ་གསུམ་སྙིང་པོ་གཅིག་ཏུ་དྲིལ་བ་ཡི། །འབྲས་བུ་དོན་གྱི་ཟབ་ཁྲིད་ལས། །དོན་བསྡུས་ནོར་བུའི་གསང་ཁྲིད་འདི། །བཅུད་ནས་ཡང་བཅུད་སྙིང་པོ་ཕྱུང་། །བདག་གི་སྙིང་ཕྱུང་འདིར་བཀོད་བྱ། །དེ་ལ་རྩ་བ་གསུམ་འབྲས་བུ་དོན་གྱི་ཁྲིད་འདི་ཉམས་སུ་ལེན་པའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་མོ། །དང་པོ་ལ་ལྔ་སྟེ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ་བསྒོམ་པ། འཁོར་བའི་སྡུག་བསྔལ་ལ་བསམས་ནས་འཁོར་བ་ལས་བློ་བསྒྱུར་ཞིང་ཐར་པའི་ཡོན་ཏན་མཐོང་བས་སྐམ་ཤ་ཆོས་ལ་ཟ་བར་བྱ་བ་དང་། སྐྱབས་སུ་འགྲོ་བར་བྱ་བས་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཚུད། མུ་སྟེགས་ལ་སོགས་ལོག་པར་མི་འགྲོ་བས་འཁོར་བ་ལས་སྐྱོབ་པ་དང་། སེམས་བསྐྱེད་པས་ཉན་རང་ལ་སོགས་ཐེག་པ་དམན་པར་མི་འགྲོ་ཞིང་། ཐེག་པ་ཆེན་པོ་གསང་སྔགས་བླ་མེད་ཀྱི་སྡོམ་པར་འགྲོ་བ་དང་། མཎྜལ་ལ་བརྟེན་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། དེ་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བ་དང་། ཡིག་བརྒྱའི་བཟླས་པ་ལ་བརྟེན་ནས་ཕྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པ་དང་། ནང་རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཉམས་ཆག་བསྐང་བར་བྱ་བ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་གྱིས་དབང་བཞི་བཀའ་བབས་ཀྱི་ཚུལ་དུ་བླངས་ནས་བྱིན་རླབས་དངོས་གྲུབ་ཏུ་ཐོབ་པར་བྱ་བའོ། །གཉིས་པ་དངོས་གཞི་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལྔ་སྟེ། དང་པོ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཅིང་སྐུ་གསུམ་གྱི་འབྲས་བུ་ཐོབ་པ་འབྲུ་གསུམ་གྱི་བཟླས་པ་དང་། གནས་ལུགས་ཀྱི་ངང་ནས་རང་བབས་སུ་ངལ་གསོ་བ་དང་། ཤེས་པ་ཡུལ་ལ་མི་འཕྲོ་བར་རང་ཐོག་ཏུ་བསྒྲིམ་པ་དང་། ཤེས་པ་སྡུག་བཙིར་དུ་མི་བཏང་བར་ཆ་ཡིས་ཀློད་པ་དང་། རིག་པ་བྱིང་རྨུགས་སུ་མི་བཏང་བར་རང་དྭངས་སུ་བཞག་པ་དང་ལྔའོ། །དངོས་གཞི་ཉམས་སུ་ལེན་པ་ལ་དོན་བཅུ་གཅིག་སྟེ། དཔྱད་སྒོམ་དང་འཇོག་སྒོམ་ལ་བརྟེན་ནས་བྱུང་གནས་འགྲོ་གསུམ་རྩད་བཅད་པ་དང་། དེ་གསུམ་སྐུ་གསུམ་རང་ཐོག་ཏུ་ངོ་སྤྲད་པ་དང་། རླུང་རྩོལ་བུམ་པ་ཅན་ལ་བརྟེན་ནས་རླུང་རིག་དྭངས་སྙིགས་དབྱེ་བ་དང་། བསྒྲིམ་ཀློད་སོར་འཇོག་གསུམ་ལ་བརྟེན་ནས་གཤིས་ལུགས་དོན་གྱི་རང་ངོ་བལྟ་བ་དང་། ཉན་ཐོས་བྱང་སེམས་ཁྲོ་བོ་གསུམ་གྱི་ལྟ་སྟངས་ཀྱིས་ལྷག་མཐོང་ཡེ་ཤེས་ཀྱི་ངང་དུ་སྤྲོས་བྲལ་དུ་སྐྱོང་བ་དང་། དེ་ལྟར་བཅུ་གཅིག་གིས་བསྟན་ནོ། །གསུམ་པ་གང་ཤར་ཐུག་འཕྲད་ཀྱི་གཟེར་གྱིས་གོལ་ས་བཅད་པ་དང་། རིག་པ་བརྟུལ་ཞུགས་ཀྱི་འཁྲུལ་འཁོར་གྱིས་རྩལ་སྦྱོང་བའོ། །རྗེས་ཀྱི་ཆོས་ལ་ལྔ་སྟེ། དྲན་པ་སོར་འཇོག་གིས་ཉམས་ལེན་གྱི་རྗེས་སྐྱོང་བ་དང་། རང་མཚང་རང་ངོ་རིག་པས་གཉིས་སྣང་གི་གེགས་སེལ་བ་དང་། ཐུག་འཕྲད་ཆོས་ཉིད་དུ་ཤེས་པས་སྒོམ་གྱི་བོགས་འདོན་པ་དང་། འོད་གསལ་སྦུབས་སུ་འཇུག་པས་ཉིན་མཚན་འཁོར་ཡུག་ཏུ་འདའ་བ་དང་། འབྲས་བུ་སྤང་ཐོབ་མེད་པས་ཆོས་ཉིད་བདེ་བ་ཆེན་པོ་ལ་ལ་བཟླ་བ་དང་ལྔས་བསྟན་པའོ། །ཨེ་མ་ཧོཿ དམ་ཆོས་རྩ་གསུམ་འབྲས་བུའི་དོན་གྱི་གསང་ཁྲིད། ལྟ་བ་ཀློང་ཡངས་ཆེན་པོ་ལྷུན་གྲུབ་རྫོགས་པ་ཆེན་པོ་དང་མཐུན་པ། བསྒོམ་པ་མ་བཅོས་ཀྱི་རྣལ་འཇོག་ཕྱག་རྒྱ་ཆེན་པོ་དང་མཐུན་པ། སྤྱོད་པ་འཛིན་མེད་ཀློང་ཡངས་གང་ཤར་ཞེན་བྲལ་གཅོད་ཡུལ་དང་མཐུན་པ། མཐར་ཐུག་སྙིང་པོ་དོན་གྱི་མན་ངག་འདི་ཉམས་སུ་བླང་བའི་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ་དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་དུཿཁ་ལ་ཉེ་བར་བློ་ལོག་པ་རྣམས་ཆོས་སྤྱི་དང་མཐུན་པར་ངེས་འབྱུང་སྐྱོ་ཤས་ཡོང་བའི་དཔེ་དང་བཅས་ཏེ་རྒྱས་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་སྐྱབས་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། གསང་སྔགས་ཁྱད་དུ་བྱ་བའི་སེམས་བསྐྱེད་དང་། ཚོགས་ཀྱི་མཐར་ཐུག་མཎྜལ་འབུལ་བ། རྡོ་རྗེ་སེམས་དཔའི་བཟླས་བརྗོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བ། བྱིན་རླབས་བརྒྱུད་པའི་བླ་མ་ལ་གསོལ་འདེབས་རྣམས་ཆོས་སྤྱོད་ཡིད་བཞིན་ནོར་བུ་ལྟར་ཤེས་པར་བྱའོ། །དངོས་གཞི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལྔ་ལས། དང་པོ་དཔོན་སློབ་རྟེན་འབྲེལ་འཛོམ་དུས་སུ། དབེན་ཞིང་བཀྲ་ཤིས་པའི་གནས་སུ། ཟླ་བ་ཡར་གྱི་ངོ་གཟའ་སྐར་ཚེས་གྲངས་བཟང་པོ་ལ་བརྩམ་མོ། །གཉིས་པ་ནི་བདེ་བའི་གདན་ལ་འདུག་སྟེ། ལུས་ངག་ཡིད་གསུམ་གྱི་སྒྲིབས་པ་དག་ཅིང་འབྲས་བུ་སྐུ་གསུམ་ཐོབ་པར་བྱ་བའི་ཕྱིར། རང་གི་སྙིང་ནང་རྩ་དབུ་རྐྱང་རོ་གསུམ་སྲོག་ཤིང་གི་ཚུལ་དུ་གནས་པ་ལ། གཡས་རོ་མ་ལ་ཨཱོཾ། གཡོན་རྐྱང་མ་ལ་ཨཱཿ དབུས་དབུ་མ་ལ་ཧཱུྃ་གསུམ་གནས་པ་ལ་དམིགས་པ་གཏད་དེ་འབྲུ་གསུམ་བཟླས་པས། ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་ཐུལ་གྱི་ཚིག་པར་བསམ་ཞིང་བཟླ། རྗེས་ལ་རྐང་མཐིལ་ནས་ཡཾ་ལས་རླུང་གཡོས་ནས་ལུས་ཕྱི་ནང་ཐམས་ཅད་སངས་ཀྱིས་དག་པར་སྦྱངས་པའི་ངང་ལ་མ་བཅོས་པར་དར་རེ་ངལ་གསོའོ། །དེ་ལྟར་ཞག་གཅིག་གམ་འབུམ་ཚོ་གསུམ་དུ་བཟླ་པར་བྱའོ། །དེ་ནས་དང་པོ་ནི་ལུས་ངག་ཡིད་གསུམ་གྱི་ཁམས་དང་འབྱུང་བ་འཁྲུགས་པ་རྣམས་སོར་གཞུག་པའི་ཕྱིར། བདེ་བའི་གདན་ལ་ཆོས་བདུན་དང་ལྡན་པས་ཡིད་རྣམ་རྟོག་འཛིན་པའི་བློ་དང་བྲལ་བའི་ངང་ནས་རང་བབས་སུ་རྣལ་དུ་དབབ་པ་ལ་ཞག་གཅིག་གམ་གཉིས་སུ་བྱའོ། །གཉིས་པ་ནི་ཤིང་བུའམ་རྡེའུ་ལ་དམིགས་རྟེན་བྱས་ཏེ་འཛིན་མེད་ཀྱི་ངང་དུ་གནས་ཤིང་རང་བབས་སུ་བཞག་པ་ལ་ཞག་གཉིས་བྱའོ། །གསུམ་པ་ནི་རང་གི་མདུན་དུ་ཁྲུ་གང་ཙམ་གྱི་ནམ་མཁའ་འདིར་ཧཱུྃ་མཐིང་ནག་ཚོན་གང་པ་ཞིག་ལ་དམིགས་རྟེན་བྱས་ཏེ། རྣམ་རྟོག་ཡུལ་ལ་འཕྲོ་རུ་ཡེ་མི་འཇུག་ཅིང་། ལུས་ངག་ཡིད་གསུམ་བསྒྲིམ་བསྒྲིམས་ལ་བཞག་པ་རེ་ལ་ཞག་གཅིག་ལ་སོགས་བྱའོ། །བཞི་པ་ནི་གོང་བཞིན་དུ་རང་གི་མདུན་དུ་ཨ་དཀར་པོ་མཐེ་བོང་ཙམ་གཅིག་ལམ་མེ་ཡོད་པ་ལ་དམིགས་པ་གཏད་དེ། དེ་ཡི་འོད་ཀྱིས་སྟོང་གསུམ་གང་བ་དང་རིག་པ་བསྲེས་ཏེ་དམིགས་པ་གཏད་ལ་དེའི་སྟེང་དུ་ལྷོད་དེ་ཀློད་ལ་བཞག །དེ་ལ་ཞག་གཅིག་བྱས་ཏེ། ཤེས་པ་གསལ་དྭངས་ནམ་མཁའ་ལྟ་བུར་ཀློད་པར་བྱ་སྟེ། ཡིག་འབྲུ་དེ་རྣམས་ཀྱང་འདིར་རྣམ་རྟོག་ཏུ་འཛིན་པ་ནི་མིན་གྱིས་སེམས་མི་འཕྲོ་བའི་གཏོད་ཕུར་ཙམ་དུ་བྱའོ། །ལྔ་པ་ནི་ལུས་གནད་གོང་བཞིན་དུ་མིག་ནམ་མཁའ་ལ་གཏད་དེ། དམིགས་པ་ནམ་མཁའ་ལྟར་རྒྱ་བསྐྱེད་དེ་རིག་པའི་དྲུང་ཐོན་པར་བྱའོ། །དེ་ནས་སེམས་ཉིད་རང་གི་ངོ་བོ་ལ་ཁ་ནང་དུ་ལོག་ལ་ཧྲིག་གེ་མ་ཡེངས་བར་བལྟའོ། །དེ་ལ་ཞག་གཅིག་བྱའོ། །དངོས་གཞིའི་དང་པོ་ལ་སེམས་ཀྱི་བྱུང་ས་བཙལ་ཏེ། ཕྱི་སྣང་བའི་ཡུལ་ལ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྣོད་བཅུད། མདོར་ན་སྲིད་པའི་རྩེ་ནས་དམའ་ན་རག་དམྱལ་བ་ལ་སོགས་པ་གང་ནས་བྱུང་། གང་ལྟར་བྱུང་། ཅི་ལྟར་བྱུང་། ཕྱི་ནང་སྣོད་བཅུད་ནམ་མཁའ་ཐམས་ཅད་བརྟགས་ཤིང་དཔྱད་དེ་བསྒོམ་མོ། །ཡང་རང་གི་སེམས་ཀྱི་ངོ་བོ་ལ་ལེགས་པར་བརྟག །སེམས་ལས་སེམས་བྱུང་ངམ་ཇི་ལྟར་བྱུང་བརྟག་གོ །བྱུང་ན་གཟུགས་དང་ཁ་དོག་ལ་སོགས་ཇི་ལྟར་འདུག་ལེགས་པར་བརྟགས་ལ་རྒྱུད་ཐོག་ཏུ་མ་འབྱོར་བར་བྱས་ཏེ་འཇོག་བསྒོམ་གྱིས་ལེགས་པར་བརྟག་གོ །གཉིས་པ་ནི་སེམས་ཀྱི་གནས་ས་བཙལ་ཏེ། གོང་བཞིན་དུ་ཕྱི་ནང་སྣོད་བཅུད་ཐམས་ཅད་གང་ལ་གནས་བརྟག་གོ །ཡང་རང་གི་ལུས་ཕྱི་ནང་སྟོད་སྨད་གང་ལ་གནས། ཇི་ལྟར་གནས་ལ་སོགས་དཔྱད་སྒོམ་དང་འཇོག་སྒོམ་ལ་སོགས་སྤེལ་ཞིང་བརྟག་གོ །གསུམ་པ་ནི་སེམས་ཀྱི་འགྲོ་ས་ལ་བརྟག་སྟེ། ཕྱི་ནང་སྣོད་བཅུད་གང་དུ་འགྲོ་ཞིང་ཇི་ལྟར་འགྲོ་ས་རྣམས་ལེགས་པར་རྟོག་ལ་ཤོག་ཅེས་འདི་ལ་གལ་ཆེ་བས་རང་ངོ་ཇི་ལྟ་བ་མ་མཐོང་བར་ལ་འཇུར་བར་གནད་ཆེ་ཞིང་། དྲེད་པོ་ཉམས་མེད་ཁ་ལྟ་ཅན་གྱི་རིག་པས་སྨྲ་ན་གནད་ནས་འཇུར་བ་གལ་ཆེ་སྟེ་དེ་ལ་ཞག་གསུམ་མོ། །དེ་ནས་སྐུ་གསུམ་རང་ཐོག་ཏུ་ངོ་སྤྲད་དེ། དང་པོ་བྱུང་ས་མེད་དེ་ཡེ་གདོད་མ་ནས་ཆོས་སྐུ་ཁྱབ་གདལ་ཆེན་པོར་གནས་པར་ངོ་སྤྲད་དོ། །བར་དུ་གནས་ས་མེད་དེ་ལྷུན་གྲུབ་རང་གསལ་དུ་གནས་པ་ལོངས་སྐུར་ངོ་སྤྲད། ཐ་མ་འགྲོ་ས་མེད་དེ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོ་སྤྲུལ་སྐུར་ངོ་སྤྲད་དོ། །དེ་ནས་གནས་ལུགས་ཉམས་སུ་ལེན་པ་ལ་རླུང་རིག་དྭངས་སྙིགས་དབྱེ་བ་ནི་རླུང་བུམ་པ་ཅན་བསྒོམ་སྟེ། བདེ་བའི་སྟན་ལ་ཆོས་བདུན་དང་ལྡན་པས་རླུང་རོ་དྲག་པོ་ལན་གསུམ་ཕྱིར་འབུད་ལ། རླུང་རོ་རྐྱང་གཉིས་ནས་རིང་ལ་ཁེངས་པར་རྔུབ་སྟེ་ལྟེ་འོག་ཏུ་བསྐྱུར། འོག་རླུང་ཅུང་ཟད་འཐེན་ལ་ཐུབ་ཐང་དུ་བཟུང་། མི་ཐུབ་པ་དང་དལ་བུས་བཏང་། དམིགས་པ་ནི། ལུས་སྟོང་པ་ཕྲུ་མ་ཕུས་བརྒྱངས་པ་ལྟར་བསྒོམ། རང་གི་ལྟེ་འོག་ཏུ་ཨ་དཀར་པོ་སྲན་མ་ཙམ་ལ་ཤེས་པ་གཏད། རླུང་བཏང་བའི་ཚེ་ཨ་དེ་སྣ་བུག་གཡོན་ནས་ཕར་ཕྲི་ལི་ལི་ཐོན་ནས་ནམ་མཁའ་ལ་ཡལ་སོང་བར་བསམ་མོ། །ཡང་ནང་ན་ཚུར་རྔུབ་པའི་ཚེ་གཡོན་ནས་ཚུར་བྱུང་སྟེ་ལྟེ་འོག་ཏུ་དཀར་ཕྲི་ལི་ལི་བ་ལ་དམིགས་པ་གཏད། དེ་ཡང་གྲང་བ་ཤས་ཆེ་ན་ཨ་དམར་པོ་མེའི་རང་བཞིན་ཅན་དུ་བསྒོམ། ཚ་ཤས་ཆེ་ན་བསིལ་ཟེར་དང་ལྡན་པས་ཤེལ་ལྟ་བུ་ལ་ཤེས་པ་གཏད། འབྱུང་བ་ཆ་སྙོམས་ན་ཨ་དཀར་པོ་འོད་ཀྱི་རང་བཞིན་དུ་བསྒོམ་མོ། །དེ་ནས་གནས་ལུགས་ཉམས་སུ་ལེན་པ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་གསུམ་སྟེ། རྡོ་རྗེ་ཨ་ཧ་ནམ་མཁའི་དབྱིངས། བསྒྲིམ་ཀློད་སོར་བཞག་ཆ་ཡང་སྙོམས། །བསླབ་བྱ་དུས་མཚམས་བསྔོ་སྤྱོད་བྱ། །ཞེས་འབྱུང་བས། ལུས་རྡོ་རྗེའི་སྐྱིལ་ཀྲུང་ཆོས་བདུན་བྱ། ཨ་དང་ཧའི་རླུང་གིས་གནད་བཟུང་སྟེ། སྟེང་རླུང་མནན། འོག་རླུང་བསྐུམ། བར་རླུང་ཕོ་བར་བཟུང་སྟེ་དྲེས་ཐག་སུམ་བསྒྲིལ་ཆུར་བཅུག་པ་ལྟ་བུ་སྟེ། ལུས་ངག་ཡིད་གསུམ་གྲིམ་བསྒྲིམ། མི་ཐུབ་པའི་ཚེ་ཨ་ཧ་ཞེས་རླུང་སྒྲ་སྟོང་པ་ཞིག་བརྗོད་ལ་བཏང་ངོ་། །ཀློད་པ་ནི། དེ་རྗེས་ལུས་ངག་ཡིད་གསུམ་སོག་ཕོན་ཐག་པ་ཆད་པ་ལྟར་ལྷོད་ཀྱིས་ཀློད། ཤིག་གིས་བཤིག །རྟོག་མེད་ཀྱི་ངང་ལ་ས་ལེ་སེང་ངེ་བཞག་གོ །འདི་ཉིད་ལ་རླུང་ཁུག་པ་གསུམ་བཏུད་ཅེས་པས། རླུང་འཛིན་པའི་ཐུན་དང་། ཀློད་པའི་ཐུན་གཉིས་ཆ་མཉམ་པ་སྟེ་ཁུག་པ་དྲུག་ཏུ་ཆ་མཉམ་པའོ། །གསུམ་པ་སོར་བཞག་པ་ནི། བྲམ་ཟེས་སྐུད་པ་འཁལ་བའི་དཔེར་བཞག་སྟེ། སྐུད་པའི་ཚད་ནི་གྲིམས་པ་མིན། ལྷོད་པ་མིན། རིང་བ་མིན། ཐུང་བ་མིན་ཞིང་སྐྱོན་བཞི་དང་བྲལ་བ་སྟེ། ཇི་སྲིད་དུ་ཆ་སྙོམས་པའོ། །དཔེ་དེ་བཞིན་དུ་སེམས་དེ་ཡང་མི་བསྒྲིམ་མི་ཀློད། ཐུན་ཡུན་མི་རིང་མི་ཐུང་། ཇི་སྲིད་དུ་ཆ་སྙོམས་པར། ཧྲིག་གེ་ཡེ་རེ། ཕྲི་ལེ་བར་ཐུན་ཚད་གོང་བཞིན་གོང་མ་གཉིས་དང་འོག་མ་གཅིག་ཏུ་ཆ་སྙོམས་པའོ། །དེ་ཡང་བསྒྲིམ་ཀློད་སོར་འཇོག་གསུམ་ཐུན་རན་ཞིང་ཆ་སྙོམས་པ་གལ་ཆེ་སྟེ། སྙོམས་ན་སྒོམ་ལ་བྱིང་རྒོད་སྐྱོན་མི་འབྱུང་སྟེ། མ་སྙོམས་ན་འབྱུང་བས་བླ་མའི་མྱོང་རྟོགས་ཀྱིས་གྲུབ་པར་བྱའོ། །བསླབ་བྱ་ཞེས་པ། ཁྲིད་མ་ཚར་བར་དུ་ངག་བཅད། ལོང་གཏམ་སྤང་། མན་ངག་གི་ཡི་གེ་རིས་མི་བལྟ། བླ་མ་དང་མཆེད་གྲོགས་ཀྱིས་ཀྱང་ངོ་སྤྲོད་ཀྱི་ཚིག་འཁྱར་མི་བརྗོད། ལས་དང་པོ་པ་རྣམས་ལ་སྔར་ཁྲིད་ཐོབ་པས་ཉམས་མཚར་མི་བཤད། ཁྲིད་པ་རྣམས་ཀྱིས་ཀྱང་གོ་ཡུལ་སྟོང་འདེད། དྲེད་པོ་ཉམས་མེད། རྨོངས་པ་ཕྱོགས་འཕུལ་ཁ་ལྟ་ལ་མ་དྲེད་པར། དོན་གྱི་རྡོ་རུས་ཐུག་པ། རིག་ཐོག་ཏུ་ཐག་ཆོད་པ། གནས་ལུགས་ཀྱི་ཕུ་ཐག་འཁྲུས་པར་བྱའོ། །དེ་ལྟར་མིན་ན་དྲེད་པོ་ཉམས་མེད་དུ་འཆོར་རོ། །བསྔོ་སྤྱོད་བྱ་ཞེས་པས། ཐུན་མཚམས་སུ་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ། སྤྱོད་ལམ་ཟ་འཐུང་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་གཤིས་གང་ཤར་སྟོང་ཉིད་དུ་ཕྱམ་ཕྱམ། མདངས་བླ་མའི་མོས་གུས་སུ་དུང་དུང་བ། ངེས་འབྱུང་དང་སྐྱོ་ཤས་ཞེན་ལོག་ཏུ་བུན་ནེ་བ་དང་མ་འབྲལ་བར་བྱའོ། །དེ་ལྟར་ཉམས་སུ་བླངས་པ་ཇི་ལྟར་གཅིག་ལ་སྔར་བས་འཕྲོ་རྟོག་རགས་པའམ་མང་དུ་སོང་བ་འདྲ་བ་འབྱུང་སྟེ། དེས་ནི་གནས་པ་ཅུང་ཟད་གཅིག་སྐྱེས་པ་ཡིན་ཏེ། རིག་པ་དྭངས་སྙིགས་ཕྱེད་པས་འགྱུ་བ་ངོས་ཟིན་པ་ཡིན་ཞིང་སྔར་བག་ལ་ཉལ་གཙོ་ཆེ་བས་མ་བསླངས་པའོ། །དེའི་ཚེ་ཞི་གནས་བྱ་བ་ནི་རླུང་གིས་མ་བསྐྱོད་པའི་རྒྱ་མཚོ་ལྟ་བུའམ། སེམས་རྟོག་མེད་འགྱུ་མེད་དུ་འབོ་ལེ་བ་དེ་ཞི་གནས་ཀྱི་གཞིའི་གནས་ལུགས་ཡིན། དེའི་ངང་ལ་བཞག་པས་སྟོང་སང་ངེ་བ་འདིར་འཛིན་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ཞི་གནས་ཀྱི་ལམ་མམ་མཚན་ཉིད། དེ་ནས་ཞི་ལྷག་འབྲེལ་ཞིང་སྤྱོད་ལམ་གྱི་དུས་སུའང་དྲན་པ་འཛིན་མེད་དུ་ཕྱམ་མེ་བ། རྟོག་མེད་དུ་ལམ་ལམ་བའམ་ཕྱམ་ཕྱམ་འགྲོ་བ་དེ་ཞི་གནས་ཀྱི་འབྲས་བུའམ་ངོ་བོ་ཡིན་པས། འདི་ལ་སྒོམ་ཆེན་པ་ཕལ་ཆེར་གཞི་གནས་ལུགས་ཀྱི་སྒོམ་ལྷག་མཐོང་གི་ཡེ་ཤེས་དང་བཅས་པར་འདོད་དེ། ཅུང་ཟད་མིན་ཞིང་གནས་པ་སྐྱོན་མེད་ཅིག་སྐྱེས་པར་རུང་བས། རྟགས་དང་ཡོན་ཏན་ལམ་གྱི་ཁྲིད་ཐབས་བླ་མའི་མྱོང་བས་བསུ་ལ། དེའི་སྟེང་ནས་ལྷག་མཐོང་གི་ངོ་སྤྲད། གནས་པ་ལ་ཞེན་པར་མི་འཛིན་འགྱུ་རྟོག་ལ་སྐྱོན་དུ་མི་ལྟ་བའི་ངོ་སྤྲོད་རྣམས་བླ་མའི་མྱོང་བ་དང་། དོན་ཁྲིད་ཀྱི་གཞུང་གཉིས་དང་རྒྱབ་ཆོས་རྣམས་སུ་གསལ་བས་ལེགས་པར་ངོ་སྤྲད་དེ་སྐྱོན་མེད་ཀྱི་རྩིས་ཐེབས་པར་བྱའོ། །དེ་ནས་གནས་ལུགས་སྐྱོན་མེད་ཉམས་ལེན་དུ་སྐྱོང་བ་ནི། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་བྱ་སྟེ། ཆོས་བདུན་དང་ལྡན་པའི་ལུས་གནད་ཀྱི་མིག་རྩེ་སྣ་རྩེ་སེམས་རྩེ་གསུམ་གཅིག་ཏུ་དྲིལ་ནས་གསལ་སྟོང་དུ་ཧྲིག་གེ་འཇོག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་གོང་བཞིན་ལ། མིག་ཐད་ཀར་བར་སྣང་ལ་ཧྲིག་གེ་ཡེ་རེ་སེང་ངེ་དྭངས་སེང་ངེ་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོའི་ལྟ་སྟངས་ནི། མཇིང་པ་གྱེན་ལ་བསྟོད་དེ། སྨིན་ཕྲག་གི་ནམ་མཁའ་ལ་རིག་པ་ངར་བསྐྱེད་ལ་ཧུ་རེ་ཧྲིག་གེ་བསྒོམ་པར་བྱའོ། །དེ་གསུམ་ལ་ཞག་རེ་རེའམ་གཉིས་གཉིས་གང་ཡང་རུང་བར་བྱའོ། །དེ་ཡང་རྗེས་སྐྱོང་བ་ནི། རིག་པ་བྱིང་ན་ཁྲོ་བོའི་ལྟ་སྟངས་ཀྱིས་རིག་པ་ངར་བསྐྱེད་པས་ཕྲ་རགས་ཀྱི་རྣམ་རྟོག་འགྱུ་བ་ཆོད་པ་བར་སྣང་གི་སྤྲིན་དེངས་པ་ལྟ་བུ་འབྱུང་ངོ་། །འབྱམས་སམ་ལྡིང་ན། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་འགྱུ་བ་རང་གི་གཤིས་ཐོག་ཏུ་གྲོལ་བ་མཚོ་ལ་ཁ་བ་བབས་པ་ལྟ་བུ། འཕྲོའམ་རྒོད་ན་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་གང་ཤར་གྱི་ངོ་བོ་ལྟ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་ཤེས་པར་བྱའོ། །གང་ཤར་ཐུག་འཕྲད་ཆོས་སྐུའི་ཡོ་ལང་དུ་བླ་མའི་མྱོང་བས་ངོ་སྤྲད་པར་བྱའོ། །དེ་ལྟར་བསྒོམས་པས་གཤིས་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བ་སྟོན་སེར་གྱི་ནམ་མཁའ་དྭངས་པ་ལྟ་བུ་ལ། ཚིག་སྨྲ་བརྗོད་དང་བྲལ་བ་གསལ་དྭངས་རྗེན་པ། འདིར་རྟོག་མེད་བཞིན་དུ་རང་ངོ་རང་གིས་མཚང་རིག་པས། འདི་ཞེས་སྨྲར་མ་ཤེས་པའི་རང་གསལ་ཡིད་ཆེས་དང་བཅས་པའི་ཉམས་སུ་མྱོང་རྒྱུ་ཞིག་འབྱུང་བས་དེ་ལ་རང་བཞིན་གཉུག་མའི་ལྷག་མཐོང་ཞེས་བྱའོ། །དེ་ཉིད་གོལ་ས་རྟག་ཆད། མཆོག་འཛིན། རྒྱ་ཆད་ཕྱོགས་ལྷུང་མེད་པར་མཉམ་གཞག་དང་རྗེས་ཐོབ་ཟུང་དུ་འབྲེལ་བ། རུ་སྦལ་གྱི་འགྲོས་ལྟ་བུས་མུ་ལ་འབྲེལ་བ་གོལ་མེད་དུ་སྐྱོང་བ་ལ་མཁས་པར་བསླབ་བོ། །དེའི་རྗེས་ལ་ཐུག་འཕྲད་ཀྱི་གཟེར་གྱིས་གོལ་ས་བཅད་པ་ནི། སེམས་ཉིད་ཡེ་གདོད་མ་ནས་བཅིངས་གྲོལ་ལས་འདས་པས། རང་བྱུང་གི་རིག་པ་གསལ་སྟོང་མཐའ་བྲལ་གྱི་ངོ་བོ་ཉིད། མཁས་པས་བ་གླང་སྐྱོང་བ་ལྟ་བུར་དམན་པའི་ཡུལ་ལ་འཆོར་དུ་ཡང་མི་གཞུག །འདོད་པའི་བློས་བཙིར་ཡང་མི་བཙིར། གང་ཤར་གྱི་ངོ་བོ་ལ་གསལ་སྟོང་རྗེན་པའི་རང་མཚང་རང་གིས་རིག་པ་ཙམ་དུ་གྱི་ན་ལ་ཁད་ཀྱིས་བཞག་གོ །ཞི་གནས་ཀྱི་རོ་ལ་མི་ཆགས། ཁ་འབྱམས་ཀྱིས་རྟོག་པ་འོག་འགྱུས་སུ་མི་གཞུག །གང་ཤར་ཞེན་བྲལ་གསལ་སྟོང་རྗེན་པར། འཛིན་མེད་དུ་བསྐྱང་ངོ་། བསྒོམ་བསྒོམ་པོ། བྱ་བྱ་པོ། བྱེད་བྱེད་པོ། བྱུང་བྱུང་པོར་འདོད་ན་རྣལ་འབྱོར་པ་སྒོམ་གྱིས་འཆིང་བས། རྩོལ་མེད་དུ་ལྷུག་པར་བསྐྱང་ངོ་། །གནས་པ་ལ་མ་ཞེན་པས་ཁོང་གི་སྐྱོན་ཆོད། གསལ་བ་ལ་མི་འཛིན་པས་ཉམས་ཀྱི་ཞེན་པ་དང་བྲལ། རྟོགས་པ་དང་རྣམ་རྟོག་ཀྱང་རྩ་བྲལ་ཤར་གྲོལ་ཀྱི་མཚང་རིག་པས་ལྟས་ངན་གཡང་དུ་ཁུག །གང་ཤར་ཆོས་སྐུའི་རོལ་པར་སྐྱོང་བས་ཕུང་མཁན་ངོས་ཟིན་པའོ། །དོན་གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་རྩལ་སྦྱོང་བ་ནི། དོན་ཁྲིད་སངས་རྒྱས་ལག་འཆང་ལས། གཟུང་འཛིན་འཁྲུལ་པའི་བག་ཆགས་རྩད་བཅད་པའི་ཕྱིར༔ རྩལ་སྦྱོང་བ་བསྟན་པའོ༔ ཞེས་པའི་དོན་འདིར་བསྒོམ་སྟེ། སེམས་འདི་རེས་སྣང་བ་རང་རྒྱུད་དུ་བསྒོམ། རེས་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་མོ། །ཡང་ལུས་སེམས་ཐོགས་མེད་དུ་ནམ་མཁའ་ལ་འགྲོ་བར་བསྒོམ་མོ། །ཡང་རི་ལ་ཐོགས་མེད་དུ་ཕར་ཐལ་ཚུར་ཐལ་དུ་འགྲོ་བར་བསྒོམ་མོ། །ཡང་གསེར་གྱི་ས་གཞི་ལ་ཟང་ཐལ་ཏེ་རྒྱ་མཚོའི་གཏིང་དུ་འགྲོ་བར་བསྒོམ། བརྒྱ་བྱིན་དང་ཚངས་པ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་འཁོར་ལོངས་སྤྱོད་བྱེད་ལས་ཐམས་ཅད་ལ་སྦྱང་ངོ་། །ཡང་མི་དང་དུད་འགྲོ། །ཡི་དྭགས་དམྱལ་བ་ལ་སོགས་པ་དམན་པའི་སྡུག་བསྔལ་བྱེད་སྤྱོད་ཐམས་ཅད་ལ་སྦྱང་ངོ་། །དེ་རྣམས་ནི་འཇིག་རྟེན་པའི་རྩལ་སྦྱང་ངོ་། །འཇིག་རྟེན་ལས་འདས་པའི་རྩལ་སྦྱོང་ནི། ཡི་དམ་ཞི་བ་དང་ཁྲོ་བོ། །རྒྱན་ཅན་རྒྱན་མེད་ལ་སོགས་པ་དཔག་མེད་ལ་སྦྱང་ངོ་། །ཡང་མངོན་དགའ་དང་བདེ་བ་ཅན་ལ་སོགས་པར་འགྲོ་བ་དང་། དེའི་རིགས་ཀྱི་བདག་པོ་རྣམས་ལ་ཆོས་ཞུ་བ་དང་། པད་སྡོང་ལས་སྐྱེ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དཔག་ཏུ་མེད་པ་ལ་སྦྱང་ངོ་། །རྗེས་སྤྲོས་བྲལ་ངང་ལ་བཞག་གོ །དེ་ནི་རིག་པ་བརྟུལ་ཞུགས་ཀྱི་རྩལ་སྦྱོང་བསྟན་པའོ་་་འདི་རྣམས་རེ་རེ་ཞིང་བསྒོམ་པའམ། ཁྲིད་ཞབས་དང་བསྟུན་ལ་བླ་མས་ཤེས་པར་བྱའོ། །རྗེས་ཀྱི་ཆོས་ལྔ་ལས། མ་བཅོས་དྲན་པ་སོར་བཞག་གི་ཉམས་ལེན་གྱིས་རྗེས་སྐྱོང་བ་ནི། མ་བཅོས་པ་གསུམ་ལ་བསླབ་སྟེ། ལུས་མི་བཅོས། བཅོས་ན་ཚོར་བ་དྲག་ཏུ་སྐྱེ། མ་བཅོས་ན་ཚོར་བ་བག་ལ་ཉལ་བས་མི་བཅོས། ངག་མི་བཅོས། བཅོས་ན་རླུང་འགྱུ་བ་མང་བས་སེམས་མི་གནས་པའི་རྟ་བྱེད། མ་བཅོས་ན་རླུང་བག་ལ་ཉལ་བས་མི་བཅོས། ཡིད་མི་བཅོས། བཅོས་ན་རྣམ་རྟོག་གི་གོ་མི་ཁེགས། མ་བཅོས་ན་མཚན་མའི་འབྱུང་འཇུག་བག་ལ་ཉལ་བས་མི་བཅོས། དེའི་ངང་ནས་འགྱུ་བྱེད་ཀྱི་རྣམ་རྟོག་ཅི་བྱུང་ཡང་། དེར་སྣང་ལ་དེར་འཛིན་གྱི་རྟོག་པ་མེད་པས་རང་མཚང་རང་གིས་རིག་པས་སྐྱེས་གྲོལ་དུས་མཉམ། ཤར་གྲོལ་ཞེན་བྲལ་རང་གསལ་རྟོག་བྲལ་ཆོས་སྐུའི་ཡོ་ལངས་རབ་འབྱམས་ལྷུག་པར་བསྐྱང་ངོ་། །གཉིས་པ་ནང་མཚང་རང་ངོ་རིག་པས་གེགས་བསལ་བ་ནི། གོང་བཞིན་དུ་ལུས་གནད་ཆོས་བདུན་གྱི་ངང་ནས་ཤེས་པ་གསལ་སྟོང་གི་ངོ་བོ་རང་ལ་བརྟག །སྣང་ལ་རང་བཞིན་མེད་པར་གསལ་སྟོང་རྗེན་པར་འཆར་རོ། །ཡང་གསལ་སྟོང་རྗེན་པ་ཁོ་ནའི་སྟེང་དུ་ལྷུག་པར་བསྐྱངས་པས་བལྟ་བྱ་ལྟ་བྱེད་བྲལ། གསལ་སྟོང་འཛིན་མེད་རྗེན་པ་འགག་མེད་དེའི་ངང་ནས་འཛིན་མེད་དུ་ལྷན་ནེ་མ་བཅོས་པ་གསལ་ལེ། དེའི་ཚེ་དྲན་རྟོག་འཁོར་ཡུག་ཆོས་སྐུའི་རོལ་པར་ཤེས་པས། གསང་འདུས་ལས། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་ནས་བཙལ་དུ་མེད། །ཅེས་སོ། །གསུམ་པ་གང་ཤར་ཐུག་ཕྲད་ཆོས་ཉིད་དུ་ངོ་ཤེས་པས་བོགས་འདོན་པ་ནི། རང་བྱུང་གི་རྟོག་པ་རང་སར་དག །ཐམས་ཅད་རང་སེམས་སུ་ཤེས་པས་ངོ་བོ་སྟོང་པ། རང་བཞིན་གསལ་བ། སྙེམས་བྱེད་བློའི་འཛིན་པ་དང་བྲལ་བས། ཉན་ཐོས། རང་རྒྱལ། སོ་སོ་སྐྱེ་བོ། ལར་འཁོར་འདས་གཅིག་ཏུ་ཤེས་པས་འཁོར་འདས་གཞི་རྩ་ཆོད། དེ་ཆོད་པས་གོལ་ས་རང་སར་ཆོད་པའོ། །ཡང་བྱིང་ན་བྱིང་མཁན་ཁོ་རང་ལ་ལྟ། རྒོད་ན་རྒོད་མཁན་ཁོ་རང་ལ་ལྟ། འཕྲོ་ན་འཕྲོ་མཁན་ཁོ་རང་ལ་ལྟ། གནས་ན་གནས་མཁན་ཁོ་རང་ལ་ལྟ། འགྱུ་ན་འགྱུར་མཁན་ཁོ་རང་ལ་ལྟ། རྟོགས་ན་རྟོགས་མཁན་ཁོ་རང་ལ་ལྟ། དེ་རྣམས་གང་སྐྱེས་སེམས་ཀྱི་རང་ངོ་ལ་བལྟས་པས་ཐམས་ཅད་རྩ་བ་བདག་མེད་དུ་རང་ངོ་རང་གིས་ཤེས་ཏེ། དཔེར་ན་དྲོད་བྱུང་མེར་ཤེས། རླན་བྱུང་ཆུར་ཤེས། དབུགས་བྱུང་རླུང་དུ་ཤེས་པ་ལྟར་རང་ངོ་གཅིག་པུའི་མཚང་རིག་པའོ། །རྗེས་ལ་ཁོར་ཡུག་ཏུ་སྐྱོང་བ་ནི། གང་ཤར་ཆོས་ཉིད་ཀྱི་རོལ་པར་མ་ཤེས་ན། ཐུན་སྒོམ་དུམ་བུས་རྐྱེན་མི་ཐུབ་པར་ངེས་ཏེ། དཔེར་ན་མུན་པར་སྒྲོན་མེ་བཏེགས་ཚེ་མུན་པ་དེ་བསལ་ལམ་བྲོས་པ་བརྟག །བསལ་ལམ་བྲོས་པ་ཡིན་ན་མར་མེ་ཤི་དུས་མུན་པ་འོང་མི་རིགས། དེ་བཞིན་དུ་ཐུན་སྒོམ་བྱས་དུས་འགྱུ་བ་རྣམ་རྟོག་བསལ་ལམ་བྲོས་པ་བརྟག །བསལ་ལམ་བྲོས་པ་ཡིན་ན། སྒོམ་པ་ལས་ལངས་ནས་རྗེས་ཐོབ་ཀྱི་ཚེ་དུག་ལྔའི་རྣམ་རྟོག་འོང་བར་མི་རིགས་ཏེ། རྒྱུན་མི་ཆད་པར་འདུག་པས་འཁོར་ཡུག་ཏུ་དྲན་པའི་རྩིས་ཟིན་པ། གང་ཤར་ཞེན་བྲལ། ཤར་གྲོལ་དུས་མཉམ། འཛིན་མེད་རང་དྭངས། དེའི་ཚེ་འདི་ཞེས་སྨྲ་མ་ཤེས་པའི་ངང་དུ། རང་ལ་ཉམས་གསལ་སྟོང་གི་མྱོང་རྒྱུ་ཡིད་ཆེས་ངེས་ཤེས་དང་བཅས་པའི་ཐག་ཆོད་གཅིག་འབྱུང་བས། དེ་ལ་འགྲོ་འཆག་ཉལ་འདུག་རྣམ་པ་ཐམས་ཅད་དུ་ཏིག་ཏིག་མེད་པ་ལ་སྭཱ་ཧཱ། ཐམས་ཅད་ལྟོར་ཟོས། མ་འགགས་པ་ཕྱིན་དུ་སྦོ། ཧ་ཧ་དེ་ཡང་རྗེས་མེད་དུ། རྐུབ་ཀློད་སྭཱ་ཧཱ། དེའི་ཞལ་ཤེས་བྲི་བར་བྱ། རྣམ་པ་ཐམས་ཅད་ཏིག་ཏིག་མེད་པ་ལ་སྭཱ་ཧཱ། ཞེས་པ་ནི། གཉིས་འཛིན་རྟོག་པ་བློ་ཡི་སྤུ་རིས་དང་ཕྲལ། ཞེན་མེད་ཤར་གྲོལ་དུ་སྐྱོང་བའོ། ཐམས་ཅད་ལྟོར་ཟོས། ཞེས་པ་ནི། སེམས་ཉིད་ཆོས་སྐུའི་ཡོ་ལངས་སུ་སྐྱོང་བའོ། མ་འགགས་པར་ཕྱིན་དུ་སྦོ་ཞེས་པ་ནི། སེམས་སྡུག་བཙིར་དུ་མི་འཇུར་སྤྲོས་བྲལ་རྒྱ་ཡན་མ་བཅོས་ཅོག་བཞག་ཏུ་འཇོག་ཤེས་པའོ། ཧ་ཧ་དེ་ཡང་རྗེས་མེད་དུ། ཞེས་པ་ནི། སྤྲོས་བྲལ་ཅོག་བཞག་ཏུ་འཇོག །རང་གི་ངོ་བོ་ཡང་དོན་ལ་རང་རིག་གསལ་སྟོང་གཏད་མེད་ཟང་ཐལ་དུ་སྐྱོང་བའོ། །རྐུབ་ལྷོད་སྭཱ་ཧཱ། ཞེས་པ་ནི། གང་ཤར་འཛིན་མེད་དུ་སྐྱོང་བའོ། །སྤྲུལ་སྐུ་གཏེར་སྟོན་དེ་སྐད་ཅེས་གསུངས་སོ། །བཞི་པ་འོད་གསལ་སྦུབས་སུ་བཅུག་ནས་སྤྲོས་བྲལ་འཁོར་ཡུག་ཏུ་སྐྱོང་བ་ནི། ཉིན་མོ་ནི་ཕྱག་རྒྱ་ཆེན་པོ་ཡེངས་མེད་དུ་སྐྱོང་ཞིང་། མཚན་མོའི་ཉལ་ཁར་འོད་གསལ་ཟིན་པར་བྱིན་གྱིས་རློབས། རྨི་ལམ་འཁྲུལ་པ་ཆོད་པར་བྱིན་གྱིས་རློབས། །གསལ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཞེས་སྙིང་ནས་གསོལ་བ་གདབ་བོ། །དེ་ནས་དོ་ནུབ་ཅི་ནས་ཀྱང་འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་ཏུ་བྱས་ལ། དེ་ནས་གཉིད་འཐུམ་འགྲོ་ཁར། རང་གི་སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་འོད་ཀྱི་རང་བཞིན་སྲན་མ་ཙམ་ཞིག་ལ་རིག་པ་མ་ཡེངས་པར་གཏད་ལ། དེའི་ངང་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །ཡང་གཉིད་ལ་ཐུམ་སད་བྱ་ཞིང་། གོང་བཞིན་དུ་ཡང་བཟུང་ངོ་། །དེ་ལ་མ་ཟིན་ན་འདུན་པ་གོང་བཞིན་བྱས་ལ། རང་ཡི་དམ་དུ་གསལ་བའི་སྙིང་གི་དཀྱིལ་དུ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་ལྟ་བུ། འོད་ཀྱིས་འཇིག་རྟེན་ཁམས་ཐམས་ཅད་ཁེངས་པ་ལ་རྩེ་གཅིག་ཏུ་གཏད་ལ་ཉལ་ལོ། །དེས་མ་ཟིན་ན་བླ་མ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གི་དཀྱིལ་ན་གསལ་བ། དེའི་ཡང་ཐུགས་ཀ་ནས་ཐིག་ལེ་སྲན་མ་ཙམ་པ་འོད་ཀྱི་རང་བཞིན་དེས་བདག་ལུས་ཀྱང་འོད་ཀྱིས་ཟང་ཐལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འོད་ཀྱི་རང་བཞིན་དུ་བསྒོམ་ཞིང་། གཙོ་བོར་ནི་རིག་པ་སྙིང་གི་ཐིག་ལེ་ལ་རྩེ་གཅིག་ཏུ་གཏད་ལ་གཉིད་ལ་ཐུམ་སད་བྱ་ཞིང་འདུན་པ་དྲག་པོས་བཟུང་ངོ་། །ཞག་ནི་མ་ཟིན་བར་ལ་བསྒོམ་མོ། །དེ་ཡང་འོད་གསལ་ཟིན་པའི་གནད་ནི་ཉིན་སྣང་རྟོག་པས་བར་མ་ཆོད་པ་ཞིག་ཁག་ཆེ་བས་ཉིན་མོ་སྣང་བ་བདེན་མེད་གཏད་མེད་ཀྱི་ངང་ལ་ཕྱག་རྒྱ་ཆེན་པོར་རྩེ་གཅིག་ཏུ་བཞག །རྟོག་པས་བར་མ་ཆོད་པ་དེའི་ངང་ནས་མཚན་མོ་འོད་གསལ་བཟུང། དེས་རབ་ཀྱིས་འོད་གསལ་ཟིན་པས་དེའི་རྩལ་ཉིན་སྣང་འཁོར་ཡུག་ཏུ་སྐྱོང་ངོ་། །འབྲིང་རྨི་ལམ་རྨི་ལམ་དུ་ཤེས་པ་འབྱུང་། དེ་ལ་ཉིན་སྣང་བཞིན་འདུན་པ་དྲག་པོ་གཏད་དེ་རྩེ་གཅིག་ཏུ་བསྐྱངས་པས། ཐ་མལ་སྒྲིབ་པ་དག་པའི་རྟགས་ལ་སོགས་རྨི་ལམ་བཟང་པོར་འགྱུར། དེ་ལ་གསོལ་བ་གདབ་ཅིང་འདུན་པ་དྲག་པོ་བརྟེན་པས་འོད་གསལ་ཟིན་པར་འགྱུར་རོ། །དོན་ལ་ཉིན་མོའི་དགེ་སྦྱོར་རྩེ་གཅིག་ཏུ་སོང་བའི་ཤུགས་ཀྱིས་མཚན་མོ་འོད་གསལ་ཟིན་ཞིང་། མཚན་མོའི་ཤུགས་ཀྱིས་ཉིན་སྣང་འབྱོངས་ཤིང་། ལར་ཐ་མལ་གྱི་རྟོག་པས་བར་མ་ཆོད་པ་ཞིག་འོད་གསལ་ཟིན་པའི་གནད་དུ་འདུག་སྙམ་པ་འདི་གཏེར་སྟོན་རཏྣའི་སྙེམས་བྱེད་གེགས་སེལ་ཡིན་ནོ། །སྤྲང་པོ་རིན་ཆེན་དཔལ་བཟང་པོ། །དེ་ལ་སྤྱན་ཅེ་རེ་གཟིགས་ཤིག །འོ་དེ་ཁོ་ན། འོ་དེ་ཁོ་ན། དེ་ལ་རྐུབ་ལྷོད་པ་གཅིག་མཛོད་དང་ལོ། །གཞུ་རྒྱུད་བར་དུ་གྲིམས། མཇེ་ཕུགས་སུ་སྡུས། མཛུབ་མོ་སྣ་རྩེར་ཁུག །སྤྱན་ནམ་མཁའ་ལ་ལྟོས། སྣང་སྲིད་ལ་ཁྱུར་མིད་ཐོངས། དེའི་ཞལ་ཤེས་བྲི་བར་བྱའོ། །སྤྱན་ཅེ་རེ་བ་གཅིག་གཟིགས། ཞེས་པ་ནི། རྒྱུན་དུ་དྲན་འཛིན་བསྐྱངས་ཏེ་འཁོར་ཡུག་འོད་གསལ་ཕྱག་རྒྱ་ཆེན་པོར་ཤར་བའི་ཚེ། བསྒོམ་བདག་པོ་ལ་འཕྲོད། སྒོམ་མཁན་བློ་སྟོར་བའི་དུས་སུ་བྱར་མེད་བློ་འདས་ཀྱི་རྣལ་འབྱོར་པ་ཡིན་ནོ། །གཞུ་རྒྱུད་བར་དུ་གྲིམས་ཞེས་པ་གནས་ལུགས་ཀྱི་དོན་སྒོམ་པའི་ཚེ། ཤེས་པ་རྟོག་པ་མ་ཡེངས་ཀྲིམ་བསྒྲིམ་མོ། །བསྒོམ་འདོད་སྡུག་བཙིར་དུ་མི་བསྒྲིམས་གསལ་དྭངས་སུ་ཀློད་པའོ། །མཇེ་ཕུགས་སུ་སྡུས་ཞེས་པ། ཚོགས་དྲུག་དབང་པོ་བྱུང་ཚོར་འདུ་འཛི་ཕྱིའི་ཡུལ་སྣང་རྟོག་ཚོགས་ཐམས་ཅད་ནང་རིག་པ་སེམས་སུ་ཐག་ཆོད་པས་འཛིན་རྟོག་རང་སར་དག་པའོ། །མཛུབ་མོ་སྣ་རྩེ་ཞེས་པ། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་རང་རྩལ་དུ་ཐག་ཆོད་དགོས་པར་བསྟན་པའོ། །སྦྱན་ནམ་མཁའ་ལ་ལྟོས་ཞེས་པ། སེམས་ཉིད་རྒྱ་ཆད་དམ་ཕྱོགས་ལྷུང་མཐོ་དམན་ཕྱི་ནང་མདོར་ན་ཡིད་དཔྱོད་བློ་བྲལ་དུ་རྟོགས་པའོ། །སྣང་སྲིད་ཁྱུར་མིད་ཐོངས་ཞེས་པས། སྣང་བ་སེམས་སུ་རྟོགས། སེམས་སྟོང་པར་རྟོགས། སྟོང་པ་ཆོས་སྐུར་རྟོགས། ཆོས་སྐུ་ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་མ་འགག་ཤར་གྲོལ། ལྷུན་གྲུབ་འགྱུར་མེད་དུ་ཤེས་པར་བྱའོ། །བླ་མའི་ཞལ་ནས་བྱུང་བ་དམུས་ལོང་གི་མིག་འབྱེད་ཅེས་བྱ་བ་གཏེར་སྟོན་ཆེན་པོའི་གསུང་ལགས་སོ། །དེས་འོད་གསལ་སྦུབས་འཇུག་གནད་ཀྱི་གདམས་པ་བསྟན་པའོ། །སྤྱི་དོན་ལྔ་པ་འབྲས་བུ་སྤང་ཐོབ་མེད་པར་བསྟན་པ་ནི། རྒྱ་རུ་མེད་པའི་སངས་རྒྱས། ཐོབ་ཏུ་མེད་པའི་འབྲས་བུ། དང་པོའི་གཞི་ཐོག་ཡེ་ནས་ལྷུན་གྱིས་གྲུབ་པའི་མ་དང་། གནད་ཟབ་མོ་གསང་སྔགས་ཀྱི་ལམ་བསྒོམ་པའི་བུ་གཉིས། མ་བུ་འཕྲད་དེ་སྐུ་བཞིའི་དབང་ཕྱུག་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ། །ཨོ་རྒྱན་རིན་པོ་ཆེའི་ཟབ་གཏེར་རྩ་བ་གསུམ་འབྲས་བུ་དོན་གྱི་ཁྲིད་ཅེས་བྱ། གཞུང་གཉིས་ལས་ཡང་བཅུད་སྙིང་པོར་དྲིལ་བ་དོན་བསྡུས་ནོར་བུའི་གསང་ཁྲིད་ཅེས་བྱ་བ་རྒྱས་ཤིང་ཟབ་པར་བསྟན་པ། དུས་མཐའི་གཏེར་སྟོན་སྔགས་འཆང་བའི་རྣལ་འབྱོར་པ་རིན་ཆེན་དཔལ་བཟང་གིས་སྦྱར་བ་འདི་རྫོགས་སོ། །གཏེར་སྟོན་འགའ་ཞིག་གིས་ཨོ་རྒྱན་བཀའ་ལ་བསྲེ་བསླད་མེད་པར་སྣང་བས། དེ་ནི་ནས་གསེབ་ཏུ་ཕུབ་མ་མེད་པར་མངོན་ཅིང་། བདག་གིས་གདམས་པའི་ནང་ནས་གདམས་པ་རྙེད་ནས་འདི་ལྟར་བཀོད་པས། འགལ་མེད་ཀྱི་སྟེང་དུ་ཡང་ཡོན་ཏན་འཆར་ངེས་སོ། །རྗེས་ཀྱི་གཏེར་སྟོན་རྣམས་ཀྱང་དེ་ལྟར་དགོངས། རྟ་ལོ་སྟག་ཟླའི་ཉེར་གཉིས་ལ། ཤར་གངས་རི་དཀར་པོའི་ངོས་ཞོལ། ཆོས་རྫོང་དཔལ་གྱི་ཡང་དགོན་དུ་སྦྱར་བས་སེམས་ཅན་ལ་ཕན་པ་རྒྱ་ཆེན་དུ་གྱུར་ཅིག། ༈ །།འཕོ་བ་ཡེ་ཤེས་གསང་ལམ་མ་རཏྣ་གླིང་པས་མཛད་པའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ། །འདིར་ཨོ་རྒྱན་པདྨའི་ཐུགས་བཅུད་བསྒོམས་པས་སངས་རྒྱས་པ་རྩ་གསུམ་འབྲས་བུའི་དོན་ཁྲིད། མ་བསྒོམ་པར་སངས་རྒྱས་པ་འཕོ་བ་ཡེ་ཤེས་གསང་ལམ་མ་ཞེས་བྱ་བ་ལས། དེ་ཡང་འཕོ་བ་འདི་ཉིད་ཤོག་སེར་ལས་ཇི་ལྟར་འབྱུང་བ་ནི། ཚིག་རྣམས་བསྡུས་ཤིང་དགོངས་པ་ཅན་དུ་འདུག་པས། ཕྱི་རབས་གང་ཟག་བློ་དམན་རྣམས་ཀྱིས་གོ་ཞིང་ཇི་ལྟ་བ་བཞིན་ལག་ལེན་དཀའ་བས། བདག་གིས་གཞུང་ཚིག་དང་རང་གི་མྱོང་བས་འདིར་གསལ་བར་བཀོད་པ་ལ་རྩ་བ་གསུམ་གྱིས་རྗེས་སུ་གནང་བར་ཞུའོ། །དང་པོ་ནི། གཞུང་ལས། ཨེ་མ་གལ་ཏེ་དུས་ལ་བབས་གྱུར་ན༔ རྣལ་འབྱོར་རྣམ་ཤེས་འཕོ་བར་བྱ༔ ཞེས་པས། འཆི་ལྟས་ཕྱི་ནང་གསང་གསུམ་ངེས་པར་ཚང་བ་ལ་བྱ་ཞིང་། དུས་མིན་དུ་བྱས་ན་དལ་འབྱོར་བསད་པའི་ཉེས་པར་འགྲོ་བས། དེས་ན་གཟབ་ཅིང་བློ་བརྟན་པར་བྱའོ། །འབྱུང་བ་ཐིམ་ནས་རླུང་ཟད་ཚེ༔ ཞེས་པས། ཕྱིའི་དྲན་པ་འགགས་ཚེ། མིག་གིས་མི་ངོ་རེས་ཤེས་རེས་མི་ཤེས་པས། ལུས་བྱིང་བ་སྙམ་བྱེད་ཅིང་། དབུགས་ནང་དུ་བསྡུ་དཀའ་བ། ལུས་དྲོད་ཉམས་པ། ཤེས་པ་ཟི་ལོང་བྱེད་པའི་དུས་དེར། རིག་པ་གཉའ་མི་བཅག་པར། བླ་མ་དང་གདམས་ངག་ཡིད་ལ་དྲན་པར་བྱའོ། །བསྐྱེད་རིམ་རྣལ་འབྱོར་ཅི་གསལ་བསྒོམ༔ ཞེས་པས། ནད་ཟུག་གི་དབང་དུ་མི་བཏང་བར། ལུས་མ་ཆགས་ན་གྲོགས་ཀྱིས་བཟུང་། དྲང་པོར་ཅི་གནས་བྱས་ལ། རང་ཡི་དམ་གང་མོས་སུ་ཅི་གསལ་ཡུན་དུ་ཅི་ཙམ་ལྕོགས་པར་བྱའོ། །སྐྱབས་འགྲོ་མོས་གུས་དུང་བྱས་ལ༔ ཞེས་པས། ནད་ཟུག་ཆུང་ངམ་བློ་སྐྱེད་ཆེ་ན་ངག་ཏུ་བྱ་ཞིང་། མ་ལྕོགས་ན། ཡིད་ཀྱིས་བླ་མ་སྤྱི་གཙུག་ཏུ་བཞུགས་པར་མོས་པ་རྩེ་གཅིག་ཏུ་གཏད་ལ། སྐྱབས་འགྲོ་ཡང་ཡིད་ཀྱིས་དུང་བྱེད་པ་ཡིན་ནོ། འཁོར་དང་ལོངས་སྤྱོད་གནས་མལ་ལ༔ གང་ལའང་ཆགས་ཞེན་བློས་སྤངས་ཏེ༔ རྩེ་གཅིག་སྟེང་དུ་ཅི་གནས་བཞག༔ ཅེས་པས། གཉེན་ཉེ་འཁོར། ནོར་རྫས་ལོངས་སྤྱོད། མཆོད་ཆ་ལྷ་རྟེན། ཐ་ན་ཁབ་སྐུད་ཙམ་ལ་ཡང་། ཞེན་པའི་འཁྲི་བ་བཅད་དེ། ག་རེ་ད་ནི་ཆགས་པས་ཅི་ཕན་བསམ་པའི་བློ་བཅད་ཀམ་ཀམ་པ་བྱའོ། །དུས་བརྒྱའི་ཐ་མ་ཡིན་ཞེས་བྱ་བ་ཡང་དེ་ཚེ་ཡིན་པས། བུ་ཀུན་ཅིས་ཀྱང་ཕན་རེ་ཤིའོ། །ཞེན་ཅིང་ཆགས་ཀྱང་ཇི་སྐད་དུ་སྐད་ཅིག་ཀྱང་སྡོད་དུ་མེད་པའི་སྟེང་དུ། སླར་དམྱལ་བར་འགྲོ་བས། ཆགས་མེད་ཞེན་མེད་འཁྲིས་མེད་དུ་གོ་ཆ་ཆེན་པོ་བློས་ཆོད་པ་གཅིག་དགོས། དེའི་སྟེང་ནས་སྔར་གྱི་དགེ་སྦྱོར་གསལ་གདབ། བླ་མར་མོས་གུས་རྩེ་གཅིག་ཏུ་བྱ་སྟེ། གནས་ལུགས་ཀྱི་ངང་དུ་ཅི་གནས་བཞག །དེ་ནས་སྤྱི་བོའི་ཚངས་བུག་ཕྱེ་ལ་འཕོ་བར་བྱའོ། །ད་འཕོ་བ་དངོས་ནི། འཆི་ཁ་ལས་ལ་སྦྱར་བའི་འཕོ་བ་དང་། གོང་དུ་སྦྱོང་བ་གཉིས་བྱ་སྟེ། དེ་ཡང་། རང་གི་རྣམ་ཤེས་ཙིཏྟའི་དཀྱིལ༔ ཨ་དཀར་འོད་ཀྱི་རང་བཞིན་ཅན༔ ཁ་དོག་ལྔ་ལྡན་སྣུམ་ལ་འདྲིལ༔ ཙིཏྟའི་ལྷ་ཚོགས་ཞེ་གཉིས་ལ༔ འཁོར་གསུམ་བསྐོར་ཏེ་དབུ་མའི་ནང༔ ཚངས་བུག་དག་ལས་མདའ་འཕངས་བཞིན༔ རིག་པ་རྟེན་མེད་ནམ་མཁར་འཕོ༔ འཕོ་ཚེ་ཧིཀ་གི་སྒྲ་དང་བཅས༔ མ་འཆིའི་བར་དུ་སྦྱངས་བྱས་ནས༔ ཞེས་པས། འདི་ལྟར་འཕོ་བར་བྱ་སྟེ། རང་ཡི་དམ་དུ་གསལ་བའི་སྤྱི་བོ་ནས་ལྟེ་བའི་བར་དུ། རྩ་དབུ་མ་ཁ་དོག་དམར་སྐྱ། ནང་སྟོང་པ་ཁང་སྟོང་ངམ། རྒྱ་མཐོང་ལྟ་བུ་སྐྱ་ཧ་རེ་བ་སྟོང་སང་ངེ་བ་གསལ་བ་ཞིག་བསྒོམ། དེའི་སྙིང་ཁར་རང་གི་སེམས་ཉིད་ཨ་དཀར་པོ་སྲན་མ་ཙམ་གཅིག་ཏུ་བསམ། དེའི་མཐར་ཞི་བའི་ལྷ་ཚོགས་ཞེ་གཉིས་འཇའ་ཚོན་ལྟར་ཁ་དོག་ལྔ་ལྡན་དུ་ཁྲ་སྤུང་ངེ་བ་ཞིག་བསམ། དེ་ཡང་ངོ་བོ་སྙིང་། རྣམ་པ་ལྷ་ཚོགས། གཟུགས་བུམ་སྐུ་ལྟར་ཁྲ་སྤུང་ངེ་བ་དེའི་དཀྱིལ་ནས་ཨ་དཀར་པོ་གཅིག་རྒྱངས་རྩེར་ཐོན་ནས། སྙིང་ནང་ཞི་བའི་ལྷ་ཚོགས་ལ་བསྐོར་བ་ལན་གསུམ་སྒ་ར་ར་བསྐོར། སྤྱི་བོ་ཚངས་པའི་བུ་གར་ཡར་དཀར་རྒྱངས་སོང་བར་བསམས་ལ། རླུང་དང་སྦྲགས་ཏེ་ཧིཀ་ཅེས་པས། མིག་གྱེན་ལ་ལོག་ཅེར་བྱ། གསུས་པ་སྒལ་པ་ལ་བཅར་བ་རྣམས་དུས་གཅིག་ལ་སྦྲགས། རླུང་ཐུབ་ཚད་དུ་བརྒྱལ་ལོག་ལོག །སོ་སྒྲ་ཐམ་ཐམ་ལུས་འདར་ཁྲི་ལེ་བ། སྤྱི་བོར་རླུང་གི་སྒྲ་ཐོན་པ་ཙམ་དུ་འཕུལ་བ་ཡིན་ནོ། །ལུས་ཀྱི་འདུག་སྟངས། རླུང་གི་འཕུལ་ལུགས། ཐལ་ན་འབེབ་ཐབས། ཚེ་སྒྲུབ་ལོག་ནོན་བཞི་པོ། བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ནས་རྗེས་ཀྱི་ཡོན་ཏན་ཏེ། རྟགས་ཐོན་གདིང་དང་ལྡན་པར་བྱ༔ གཡེང་བས་ཁྱེར་བའི་འཁོར་བ་པའང༔ རྣམ་ཤེས་འཕོ་ཚེ་དྲན་པས་ཆོག༔ སྡིག་ཅན་རྔོན་པ་ཡིན་གྱུར་ཀྱང༔ ཐབས་ཀྱི་གསེང་ལམ་ཡིན་པའི་ཕྱིར༔ འདི་ཡོད་འཁོར་བར་ལྡོག་པ་མེད༔ ཅི་ཕྱིར་ཐབས་ལ་བརྟེན་པའི་གནད༔ ཟབ་པ་ལས་ཀྱང་ཆེས་ཟབ་ཆོས༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ རྣལ་འབྱོར་ཆ་རྐྱེན་རྫོགས་པའི་ཕྱིར༔ མ་འོངས་དོན་དུ་གཏེར་དུ་སྦས༔ འདི་ནི་ཡོད་པས་ཆོག་པའི་ཆོས༔ ངེས་མེད་སྤྱོད་པའི་རྣལ་འབྱོར་པ༔ ལས་ཅན་ཁྱོད་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའི་དོན་ཅུང་ཟད་བཀྲོལ་ན། ཚེ་འདིར་འཁོར་བའི་གཡེང་བས་ཁྱེར་ནས། ཁྲིད་ཁྱད་པར་ཅན་གདམས་སྐོར་རྣམས་ལ་མ་སྦྱང་དྲོད་མ་ཐོབ་པ་ཞིག་ཡིན་ཡང་། འདི་ནི་ཁྱད་པར་ཅན་གྱི་ས་ཐོབ་པ། གསང་སྔགས་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། གོང་དུ་རྟགས་ཐོན་པ་རང་གིས་གདིང་ཐོབ་པ་ཞིག་སྦྱངས་ནས། ཕྱིས་ནས་མི་བརྗེད་ཙམ་དུ་བྱས་པས། ནམ་འཆི་བའི་ཚེ་དམིགས་པ་རྩེ་གཅིག་ཏུ་རྩོམ་པ་དང་། སྤྱི་བོར་དམིགས་པ་རྩེ་གཅིག་ཏུ་གཏད་ནས་ལས་ལ་སྦྱར་བས་ཆོག་པ་ཡིན་ནོ། །དེ་ཡང་རྣམ་ཤེས་སྤྱི་བོ་ནས་ཐོན་ན། སྡིག་ཅན་ཡིན་ཡང་རུང་དག་པའི་ཞིང་དུ་འགྲོ་ཞིང་། རྣམ་ཤེས་ཐུར་དུ་སོང་ན་གྲུབ་ཐོབ་ཡིན་ཡང་ངན་སོང་འགྲོ་བ་ཆོས་ཉིད་ཡིན་པས། སྡིག་པོ་ཆེ་གསེང་ལམ་ལས་སངས་རྒྱ་བའི་ཐབས། ཀུན་གྱི་ཐུན་མོང་མ་ཡིན་པ་ཡོད་པས་ཆོག་པའི་གདམས་པ། དྲན་པས་ཆོག་པའི་རྩི། སྙིང་ནས་སྙིང་གི་ནོར་བུ། ཤིན་ཏུ་གསང་བའི་ཟབ་ཁྱད་མཐར་ཐུག་པ་ཡིན་ཅིང་། ལུང་ལས། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །ཟབ་པའི་མཐར་ཐུག་འདི། ཨོ་རྒྱན་པདྨའི་ཐུགས་བཅུད། བདག་གཏེར་སྟོན་རཏྣ་གླིང་པའི་བཀའ་བབས། འགྲོ་བ་འདྲེན་པའི་ལྕགས་ཀྱུ། ལས་དང་སྐལ་པར་ལྡན་པ་རྣམས་ཀྱིས་ཉམས་ལེན་དུ་བྱ་བ་འདི། གཞན་ཕན་ལྷག་བསམ་གྱི་སྒོ་ནས། བདག་རིན་ཆེན་དཔལ་བཟང་གིས་སྦྱར་བ་འདིས། འགྲོ་བ་དཔག་ཏུ་མེད་པའི་དོན་འབྱུང་བར་གྱུར་ཅིག །དགེའོ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་དཔལ་མགོན་མ་ནིང་གི་སྲོག་དབང་དང་གཏོར་མ་ལ་བརྟེན་པའི་སྲོག་དབང་བཅས་ (Volume 37, Text 29)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་དཔལ་མགོན་མ་ནིང་གི་སྲོག་དབང་དང་གཏོར་མ་ལ་བརྟེན་པའི་སྲོག་དབང་བཅས་བཞུགས་སོ། ། ཆེ་མཆོག་ཁྲག་འཐུང་ཐུགས་ལས་སྤྲུལ། །རྒྱུད་གསུམ་དྲེགས་པའི་ཚོགས་རྗེ་ལ། །གུས་བཏུད་བཀའ་ཡི་གནང་བ་དང་། །དངོས་གྲུབ་རྣམ་གཉིས་ལྷན་ཅིག་སྩོལ། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་དབུས་སུ་གྲུ་གསུམ་མཐིང་ནག་གི་ཕྱི་ལ་ཟླ་གམ་དམར་པོ་གསུམ་ཐོད་ཕྲེང་གིས་བསྐོར་བ། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་སྔོན་པོ། ཕྱི་རིམ་སྒོ་རྫོགས་པད་རྡོར་མེ་རི་དུར་ཁྲོད་བཅས་བྲིས་པའི་དབུས་སུ་མཉྫི་ལ་བུམ་པ་མགུལ་ཆིངས་མཐིང་ནག་བཅུད་དང་ཁ་རྒྱན་ལྡན་པ་བཀོད། མདུན་རྒྱབ་གང་བདེར་རྟེན་གཏོར་ནག་པོ་སྐུ་གཟུགས་དར་གདུགས་ཀྱིས་བརྒྱན་པ་དང་། གཡས་གཡོན་བྷནྡྷའི་བདུད་རྩི། སྒྲུབ་ཐབས་དཔེ། སྔགས་བྱང་། རྡོ་རྗེ་དང་གྲི་གུག་ཧཱུྃ་གིས་མཚན་པ། དར་ནག་སྐུ་བྲིས་པའམ་མེད་ན་ཨོཾ་ཨཱཿཧཱུྃ་རཾ་རྣམས་བྲིས་པ། ཞགས་པ། གྲི་སྙིང་སོགས། བླ་རྡོ་སྲོག་འཁོར་གང་འཛོམ། ཁ་ཊྭཱཾ། མདུང་ཐུང་། བེང་ཕུར་རམ་མ་འཛོམ་ན་ལྕགས་སམ་སེང་ཕུར་གང་རུང་། རུ་མཚོན་སྙིང་ཞགས་རྣམས་བཀོད། མདུན་དུ་སྨན་གཏོར་རཀྟ་དང་། དྲག་པོའི་མཆོད་པ་སྤྱི་ལྟར་བཤམ། བསྒྲལ་དབང་ཆས་ཐོད་ངན་དུ་ལིངྒ་བཅུག་པ། ལས་ཕུར་གྲི་གུག་ཐུན་རྫས་རྣམས་དང་། ལས་བུམ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ནི། ཐོག་མར་བདག་བསྐྱེད་ཡི་དམ་གང་རུང་གི་ལས་གཞུང་བསྲང་བའམ། བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་ཀྱི་བསྐྱེད་བཟླས་བསྡུ་ལྡང་བཅས་བྱ། མཆོད་རྫས་རྣམས་བྱིན་རླབས། གཏེར་གཞུང་ལྟར་བསྐྱེད་ཆོག་སྐབས། མདུན་གྱི་དཀྱིལ་འཁོར་དུར་ཁྲོད་ཆེན་པོ་མེ་རླུང་རབ་ཏུ་འབར་བའི་དབུས་སུ་བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་དང་བཅས་པ། ཕྱི་ཐོད་པ་སྐམ་རློན་གྱིས་བརྩིགས་པ། ནང་མེ་རླུང་དམར་ནག་འབར་བའི་དབུས་སུ་དཔལ་མགོན་མ་ནིང་ནག་པོ་འཁོར་དང་བཅས་པ་གསལ་བར་གྱུར། ཅེས་གཏེར་གཞུང་ལས་བྱུང་བ་ལྟར་དཀྱིལ་འཁོར་བུམ་པ་གཏོར་མ་རྣམས་ལྷན་ཅིག་ཏུ་མགོན་པོར་གསལ་གདབ། བུམ་དཀྱིལ་གཞལ་ཡས་ཁང་གི་སྟོད་དུ་བཀའ་བརྒྱད་དཔལ་དགུ་གསལ་གདབ་ན་འོག་གི་དབང་དོན་དང་འབྱོར་ལ་གཞན་དང་མཐུན་པས་ལེགས། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནས་མཆོད་བསྟོད་རྫོགས་ཀྱི་བར་བཏང་། བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་སྔགས་འཁོར་ལས་འོད་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་སྤྱི་འགྲེའི་དམིགས་པ་བཅས་བཟླས་པ་ཅི་འགྲུབ་བྱ། སླར་ཐུགས་ཀའི་འོད་ཟེར་ཕོག་པས་གཙོ་འཁོར་རྣམས་གཟི་བརྗིད་རབ་ཏུ་འབར་བར་བསམ་ལ་བསྟོད་པ་མངའ་གསོལ་སྐོང་གསོ་རྣམས་ཅི་ལྕོགས་གཏང་། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་བྱ། སློབ་མ་གཞུག་པར་གནང་བ་ཞུ། དེ་ནས་སློབ་མ་རྣམས་ཁྲུས་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་དང་ཁྱད་པར། འདིར་སྐབས་སུ་བབས་པ་གསང་སྔགས་བསྟན་པའི་སྲུང་མ་ཐམས་ཅད་ཀྱི་གཙོ་བོ། ཆོས་སྐྱོང་དྲེགས་བྱེད་ཐམས་ཅད་ཀྱི་སྤྱི་རྗེ། དཔལ་མགོན་མ་ནིང་ནག་པོ་འདི་ཉིད་ངེས་པའི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་ངོ་བོར་བཞུགས་ཀྱང་། གདུལ་བྱ་མ་རུངས་པ་རྣམས་འདུལ་ཞིང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་དྲེགས་བྱེད་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་མཐུ་སྟོབས་ནུས་རྩལ་གཅིག་ཏུ་བསྡུས་པ་གཉིས་མེད་མ་ནིང་ནག་པོའི་སྐུར་བཞེངས་པས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་སྟེ། འདི་ཉིད་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཟབ་གཏེར་ཀུན་གྱི་གཉེར་དཔོན་དུ་བཀས་གཏད་པས་གཏེར་ཁ་རྣམས་ལས་རྒྱུད་དང་མན་ངག་སྒྲུབ་ཐབས་ཀྱི་སྐོར་མི་འདྲ་བ་མང་དུ་བྱོན་པ་ལས། འདིར་ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་གི་ཆོས་སྡེ་ལས་བྱོན་པ་མ་ནིང་དྲེགས་པ་སྲོག་གི་གསང་དབང་ཐུན་མོང་མ་ཡིན་པ་བསྒྲུབ་པར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་གསེར་གྱི་མཎྜལ་འབུལ་བར་གསུངས། བླ་མ་དང་དཔལ་ཆེན་ཧེ་རུ་ཀ་དབྱེར་མེད་པ་ལ་དད་གུས་བསྐྱེད་ཅིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ དྲེགས་པ་ཀུན་ལ་དབང་སྒྱུར་བ༔ སྒྲུབ་ཆེན་རྣལ་འབྱོར་བདག་ལ་དགོངས༔ བདག་ཅག་བྱང་ཆུབ་སེམས་བསྐྱེད་ཅིང༔ འཕགས་མཆོད་འགྲོ་དོན་བགྱིད་དགོངས་པས༔ བདུད་དང་འབྱུང་པོ་ལོག་འདྲེན་དང༔ མི་ནག་སྲིན་པོ་གདོང་དམར་གྱིས༔ བྱང་ཆུབ་བར་ཆད་བསྟན་པ་བཤིག༔ དེ་ཡི་གཉེན་པོར་དྲེགས་པའི་དབང༔ ཆོས་སྐྱོང་སྲོག་དབང་མཐུ་རྩལ་ཞུ༔ ཞེས་ལན་གསུམ། བླ་མས་གནང་བ་སྦྱིན་པ་ནི། ཧོ༔ ཞི་ཁྲོ་བདེ་གཤེགས་ལྷ་བསྙེན་ཅིང༔ རྣལ་འབྱོར་དམ་ཚིག་ལ་གནས་ན༔ ཆོས་སྐྱོང་རྣམས་ཀྱིས་བྲན་ཁོལ་བྱེད༔ དམ་ཆོས་ཚུལ་བཞིན་སྤྱོད་པ་ན༔ མ་བསྒྲུབ་པར་ཡང་ཆོས་སྐྱོང་ཉན༔ འོན་ཀྱང་ཞུ་བ་དེ་བཞིན་དུ༔ དྲེགས་པའི་གཙོ་མཆོག་མ་ནིང་ཆེ༔ སྲུང་མར་གཏད་ཀྱིས་དམ་ཚིག་སྲུངས༔ དེའང་ཆོས་སྐྱོང་སྲོག་གི་དབང་གཉན་པོ་སྦྱིན་པ་ལ་སློབ་མ་རྣམས་ལྷར་བསྒོམ་གྱི་གདིང་དང་མི་ལྡན་ན་བདག་པོ་ངན་པ་ལ་ཁྱི་རྒོད་བཙོངས་པ་ལྟར་མི་ཆུན་པས། ཁྱེད་རང་རྣམས་ངོ་བོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཡིན་པ་ལ་རྣམ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གཏུམ་ཆེན་ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པའི་གསལ་སྣང་དང་ང་རྒྱལ་བརྟན་པོར་སྐྱེད་ཅིག །སྙིང་གར་ཧཱུྃ་ནག་པོ་བྲི། ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་ལ། ཧཱུྃ༔ གཏུམ་ཆེན་བཟང་པོ་དེང་ནས་ནི༔ ཁྱོད་ཀྱང་ཕྱག་རྡོར་སྐུ་རུ་གྱུར༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལྔ་རུ་དབང་ཡང་བསྐུར༔ ཁྱོད་ཀྱང་ཕྱག་རྡོར་སྐུར་གྱུར་ནས༔ དྲེགས་པ་ཀུན་གྱི་གཉེན་པོ་སྟེ༔ ཐམས་ཅད་དབང་སྡུད་ཚར་གཅོད་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཧོ༔ བུ་ཁྱོད་ལ་ཕྱག་ན་རྡོ་རྗེས་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་མཐུ་སྟོབས་བདག་པོའི་སྐུ་གསུང་ཐུགས་སུ་གྱུར་ནས༔ དྲེགས་པ་ཐམས་ཅད་དབང་དུ་འདུས་ཤིང་ཟིལ་གྱིས་ནོན་ནས༔ བྲན་དུ་ཁོལ་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ དེས་ནི་ཇོ་བོ་ལ་བྲན་གཏད་པ་དང་འདྲ་སྟེ། མ་ནིང་ནག་པོ་ལ་སོགས་སྡེ་བརྒྱད་ཐམས་ཅད་བྲན་དུ་ཁོལ་ནུས་པ་ཡིན་ནོ། །དེ་ནས་བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་རྣམ་དག་གཞལ་ཡས་ནས༔ བདེ་གཤེགས་ཡོངས་རྫོགས་ལྷ་རྣམས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང༔ ལུས་ངག་ཡིད་ལ་སྨིན་གྱུར་ཅིག༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ དཔལ་དགུའི་སྔགས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་གྷུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ སརྦ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བརྗོད་ལ་སྤྱི་བོ་སོགས་གནས་ལྔར་གཏུགས་ལ། བུམ་ཆུ་སྦྱིན། དཔལ་གཏོར་སྤྱི་བོར་བཞག་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་དཔལ་མགོན་གཙོ་འཁོར་དངོས་སུ་གསལ་བ་སྤྱི་བོར་བྱོན་ཏེ་བྱིན་གྱིས་བརླབས་པས་ལྷ་ཆེན་དཔལ་འབར་གཙོ་འཁོར་གྱི་སྐུའི་དབང་མཆོག་ལུས་ལ་ཐོབ་པར་མོས་ཤིག །ཧཱུྃ༔ དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེ༔ དྲག་པོ་ཆེན་པོ་དྲག་ཤུལ་ཆེ༔ ལྷ་ཆེན་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ མ་ཧཱ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་གི་རྟེན་མགྲིན་པར་བཞག་པས་ལྷ་ཆེན་དཔལ་འབར་གཙོ་འཁོར་གྱི་གསུང་གི་དབང་མཆོག་ངག་ལ་ཐོབ་པར་མོས་ཤིག །ལྕེ་ལ་བདུད་རྩི་སྦྱིན། སྒྲུབ་ཐབས་ཀྱི་དཔེ་དང་སྲོག་སྙིང་མགྲིན་པར་གཏུགས། དྲིལ་བུ་འཁྲོལ་ཞིང་གོང་གི་སྔགས་ཤམ་བུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བིང་ནི་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཀྱི་རྟེན་སྙིང་གར་བཞག་པས་ལྷ་ཆེན་དཔལ་འབར་གཙོ་འཁོར་གྱི་ཐུགས་ཀྱི་དབང་མཆོག་ཡིད་ལ་ཐོབ་པར་མོས་ཤིག །རྡོ་རྗེ་དང་གྲི་གུག་ཧཱུྃ་གིས་མཚན་པ་སྙིང་གར་གཏུགས་ལ་གོང་གི་སྔགས་ཤམ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་ཧཱུྃ་གཅིག་རྡོ་རྗེས་བྲིའོ༔ ཡོན་ཏན་གྱི་རྟེན་རྣམས་གཏད་པས་ལྷ་ཆེན་དཔལ་འབར་གཙོ་འཁོར་གྱི་ཡོན་ཏན་གྱི་དབང་ལོངས་སྤྱོད་དུ་ཐོབ་པར་མོས་ཤིག །དར་ནག་སྐུ་ལག་གཡས། ཞགས་པ་གཡོན། བླ་རྡོ་མཆན་ཁུང་གཡོན་དུ་གཏད། གོང་གི་སྔགས་ཤམ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་གྷུ་ཧྱ་ཧྲྀ་ཏ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཕྲིན་ལས་ཀྱི་རྟེན་རྣམས་གཏད་པས་ལྷ་ཆེན་དཔལ་འབར་གཙོ་འཁོར་གྱི་ཕྲིན་ལས་ཀྱི་དབང་དྲག་པོར་ཐོབ་པར་མོས་ཤིག །ཁ་ཊྭཱཾ་མདུང་ཐུང་ལག་གཡས་སུ་གཏད། ལྕགས་སམ་སེང་ཕུར་གཡོན་དུ་གཏད། སྔགས་ཤམ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཀརྨ་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ༔ དེ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དངོས་གཞི་སོང་ནས། མཐའ་རྟེན་དུ་དྲག་པོ་སྒྲོལ་བྱེད་ཀྱི་དབང་བསྐུར་བ་ལ་ཁྱེད་རང་རྣམས་ཀྱང་གཏུམ་ཆེན་རྡོ་རྗེ་སྲིན་པོའི་ང་རྒྱལ་དང་ལྡན་པས་འགུགས་སྒྲོལ་མངོན་སྤྱོད་ཀྱི་དམིགས་པ་རྣམས་རིམ་བཞིན་མཛད་འཚལ། ཐོད་ངན་ལིང་ག་བཅས་བཀོད་ལ་རཀྟས་བྲན། བདེན་སྟོབས་བརྗོད་ལ་འགུགས་གཞུག་བྱ། དབྱེ་བའི་རྒྱ་དང་པྲ་བེ་ཤ་ཡ་ཕཊ་ཀྱིས་ལྷ་དང་དབྱེ། ཕུར་པས་གདབ་ཅིང་གྲི་གུག་གིས་གཏུབས་པ་དང་ཐུན་བྲབ་པ་སོགས་བྱར་གཞུག་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རུ་ཏྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི་ཙིཏྟ་རྦད༔ དྲག་པོའི་མེ་ཧོམ་སྦར་ལ། ལྷ་ཚོགས་རྣམས་ཞལ་རབ་ཏུ་གདངས་པའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་དྭངས་མར་སྦར་ཏེ་གསོལ་བར་གྱུར། ལིང་རོ་བསྲེག་ལ། ཨོཾ་ཕཊ་མཱ་ར་ཡ་ཏི་ཧཱུྃ་ཨེ་སྥ་ར་ཎ་ཕཊ༔ ཅེས་བསྐུར་རོ། །དེ་ནས་རྟག་གཏོར་གཡས་སུ་གཏད། རྒྱུན་གཏོར་གཡོན་དུ་གཏད། ཧཱུྃ༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ ནག་པོ་ཆེན་པོའི་སྐུ་ཡི་རྟེན༔ ཕོ་བྲང་གཞལ་ཡས་དམ་པར་ཟུངས༔ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ རྟག་ཏུ་མཆོད་གཏོར་སྒྲུབ་ལ་བརྩོན༔ ཆོས་སྐྱོང་ལུས་དང་གྲིབ་བཞིན་འགྲོགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བ་ལིངྟ་ས་མ་ཡ་ཧཱུྃ༔ དེ་ནས་སྟོབས་ཆེན་བྱིན་འབེབ་ཀྱི་དབང་བསྐུར་བ་ལ། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་དང་དམ་ཚིག་གི་ཐུགས་དམ་བསྐུལ་བས་དཔལ་མགོན་མ་ནིང་ནག་པོ་གཙོ་འཁོར་རྣམས་རང་རང་གི་གནས་ནས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སློབ་མའི་མགོ་ལ་རིགས་ལྔའི་པྲོག་ཞུ་བཀོན། སྐུ་དང་སྒྲུབ་ཡིག་སྙིང་གར་བཞག །གཡས་སུ་རུ་མཚོན་གཡོན་དུ་སྙིང་ཞགས་གཏད་ལ། རོལ་མོ་རྣམས་བསྒྲགས། རྒྱ་སྤོས་དང་ཨ་ག་རུ་མེར་བསྲེག་ཅིང་། ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཡོངས་རྫོགས་དཔལ་གྱིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས༔ ལྷ་ཆེན་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མ་ནིང་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ སྲོག་བདུད་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས༔ ཡུམ་མཆོག་དཔལ་འབར་བྱིན༴ མོས་པའི་བུ་ལ་དབང༴ བདུད་རྒྱལ་ཐོད་ཕྲེང་བྱིན༴ མོས་པའི་བུ་ལ་དབང༴ གནམ་ལྕགས་སྤུ་གྲིས་བྱིན༴ མོས་པའི་བུ་ལ་དབང༴ ཚོགས་བདག་ཆེན་པོས་བྱིན༴ མོས་པའི་བུ་ལ་དབང༴ བྷ་ག་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ བྱ་རྒོད་ཐང་ནག་བྱིན༴ མོས་པའི་བུ་ལ་དབང༴ ཏཱ་ཀི་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ འཛམ་ལྷ་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ གཟའ་བདུད་ནག་པོས་བྱིན༴ མོས་པའི་བུ་ལ་དབང༴ ཆོས་སྐྱོང་ཆེན་པོས་བྱིན༴ མོས་པའི་བུ་ལ་དབང༴ གཙུག་ལག་ཁང་སྐྱོང་བྱིན༴ མོས་པའི་བུ་ལ་དབང༴ ཁམས་གསུམ་དབང་དུ་འདུས་པའི་བྱིན༴ མོས་པའི་བུ་ལ་དབང༴ སྲིད་གསུམ་ཟིལ་གྱིས་གནོན་པའི་བྱིན༴ མོས་པའི་བུ་ལ་དབང༴ ཕྲིན་ལས་རྣམ་བཞི་འགྲུབ་པའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག །ཅེས་བརྗོད་ཅིང་རོལ་མོ་དྲག་ཏུ་བྱས་པས་སྐྱི་ཟིང་ཟིང་འཇིགས་འུབ་འུབ་འབྱུང་བར་གསུངས་སོ། །དེ་ནས་དྲེགས་པ་སྲོག་གི་དབང་བསྐུར་བ་ཡིན་པས་ཁྱེད་རང་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཇི་སྐད་བརྗོད་པའི་དོན་ལ་མཉམ་པར་ཞོག་ཅིག །ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་སེམས་འགག་མེད་ཆོས་ཀྱི་སྐུ༔ འཁོར་འདས་ཀུན་གྱི་རྩ་བ་སྟེ༔ ཡ་ཀི་ཀུན་བཟང་ཆེ་མཆོག་ནས༔ མ་ཀི་ཐེའུ་རང་ཡན་ཆད་དུ༔ ཀུན་སྲོག་སེམས་ཉིད་གཅིག་ཏུ་འདུས༔ མ་ནིང་ལ་སོགས་དྲེགས་པ་རྣམས༔ དོན་ལ་རང་གི་རྟོག་ཚོགས་ཏེ༔ ལྷ་སྲིན་སྟོང་གི་དྲྭ་བར་བྱུང༔ རྟོག་ཚོགས་སུམ་བཅུ་སྡེ་དཔོན་ཚོགས༔ ཁམས་ཆེན་བཅོ་བརྒྱད་དྲེགས་པ་བཅོ་བརྒྱད་དེ༔ རྣམ་ཤེས་ཚོགས་བརྒྱད་སྡེ་བརྒྱད་དོ༔ དུག་གསུམ་ཕོ་མོ་ཀླུ་གསུམ་སྟེ༔ ངར་འཛིན་ལྷན་སྐྱེས་མ་རིག་པ༔ འདི་ཉིད་གཅིག་པུ་མ་ནིང་སྟེ༔ འདི་ནི་ཀུན་གྱིས་མི་ཐུབ་པས༔ གཞན་གྱིས་སྲུང་ཟློག་མི་ནུས་ཏེ༔ ངར་འཛིན་རུ་ཏྲའི་རྒྱལ་པོ་ཡིན༔ གཅིག་པུ་དུར་ཁྲོད་བདག་པོ་སྟེ༔ མ་རིག་ན་ནི་རང་གི་བདུད༔ རྟོགས་པ་ཀུན་བཟང་ཧེ་རུ་ཀ༔ སྟོང་སྲོག་རང་རིག་ཆོས་སྐུར་བཅད༔ དེ་ཕྱིར་མ་ནིང་རང་རྒྱུད་དུ༔ མ་བཀོལ་རང་སེམས་ཆོས་སྐུ་ཡི༔ རྩལ་དུ་ཤེས་ན་ལས་ཀུན་འགྲུབ༔ དེ་ལྟར་ཤེས་པས་ཀུན་གྱི་སྲོག༔ རང་རྩལ་མཐུ་སྟོབས་དབང་བསྐུར་རོ༔ ཨེ་ཧུར་ཐུམས་ཛ་རྦད༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྔགས་བཟླས་པའི་རྗེས་སུ་གནང་བ་ཡིན་པས་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ་མ་ནིང་གི་རྩ་སྔགས་བཟླར་གཞུག །དེས་ནི་དཔེར་ན་དམག་དཔོན་རིན་པོ་ཆེ་ཆས་པ་ལྟར། དྲེགས་པའི་ཚོགས་རྣམས་རང་དབང་མེད་པར་དབང་དུ་འདུ་བར་འགྱུར་རོ། །དེ་ནས་ཞལ་གདམས་ལུང་གི་དབང་བསྐུར་བ་ཡིན་པས་འདི་ལ་གསན་ཏེ་དོན་ཐུགས་ལ་འཇོག་པར་ཞུ། ཧཱུྃ༔ དེ་ཡང་བུ་ཁྱོད་ཚུར་ཉོན་ཅིག༔ དཔལ་མགོན་མ་ནིང་ནག་པོ་ཡང༔ དཔལ་ཆེན་དངོས་ཀྱི་སྤྲུལ་པ་སྟེ༔ དགོངས་པ་མྱ་ངན་འདས་མོད་ཀྱང༔ ཕྲིན་ལས་འཇིག་རྟེན་ཚུལ་དུ་མཛད༔ མཆོད་བསྟོད་གུས་པས་བསྙེན་ཅིང་སྒྲུབས༔ ལས་མགོན་དང་ནི་སྡེ་བརྒྱད་སོགས༔ མ་རུངས་ནག་པོའི་འཁོར་ཚོགས་རྣམས༔ ད་རུང་འཇིག་རྟེན་བྱ་བ་བཏང༔ དགེ་བའི་ལས་ལ་མོས་ན་ཡང༔ དམ་ལ་མ་ཐོགས་ལས་ངན་པས༔ ས་བོན་རྩུབ་ལས་ཕན་གནོད་ཆེ༔ འགའ་ཞིག་བདེ་གཤེགས་ཞལ་མ་མཐོང༔ ཆོས་ལ་མི་དད་ནག་པོའི་ཕྱོགས༔ ངང་ཐུང་ཆད་འབེབ་ལེགས་ཉེས་སྟོན༔ གནས་མེད་ཟས་སུ་ཕུད་གཏོར་ཉུལ༔ དེ་འདྲའི་དྲེགས་པ་མ་རུངས་པ༔ གདོལ་པ་རྒོད་ཀྱི་རིགས་མང་བས༔ ཨེ་མ་རྣལ་འབྱོར་བུ་ཁྱོད་ཀྱང༔ ལྟ་སྒོམ་བསྙེན་སྒྲུབ་ལ་སོགས་ཏེ༔ དྲོད་ཚད་རིམ་གྱིས་མ་ཐོབ་བར༔ མངལ་གྱི་ལུས་ལ་བརྟེན་པ་ཡིས༔ དཔའ་སྙེམ་བརྟུལ་ཞུགས་ང་རྒྱལ་གྱིས༔ ལྷ་སྲིན་དྲེགས་པ་འདུལ་མི་བྱ༔ བསོད་ནམས་རླུང་རྟ་གུད་དུས་སུ༔ ཁོས་ཀྱང་ཡལ་བར་ཅི་ལ་འདོར༔ རབ་འཇིགས་དྲེགས་པ་འདི་དག་ཀྱང༔ ཕལ་དུ་སྤྱི་མཐུན་རིགས་མ་འདས༔ འཇིག་རྟེན་མཆོད་ཅིང་བསྟོད་བསྒྲུབ་ཕྱིར༔ འདོད་ཡོན་གཏོར་རྫས་འཛོམ་ན་འགྲུབ༔ སྒྲུབ་ལ་ཐེ་ཚོམ་སྐྱེས་པ་ན༔ ལས་མི་འགྲུབ་པས་ཐེ་ཚོམ་སྤོངས༔ ལྷ་མ་བསྙེན་པར་འདྲེ་མ་སྒྲུབས༔ རང་རྒྱུད་འགྲོགས་ཀྱང་མི་བདེ་བས༔ སྐྱོན་ཡང་ཤིན་ཏུ་མང་བར་གསུངས༔ ཐམས་ཅད་ཆོས་སྐུའི་རང་རྩལ་དུ༔ ཤེས་ན་ཕྲིན་ལས་ཀུན་འགྲུབ་བོ༔ ཨེ་མ་བུ་ཁྱོད་ཁྱད་པར་དུ༔ གཅེས་པའི་དབང་སྲོག་དམ་ཚིག་སྲུངས༔ འདས་དང་མ་འོངས་དངོས་གྲུབ་ཀུན༔ བླ་མའི་ཐུགས་རྒྱུད་མཉེས་ན་འགྲུབ༔ དེ་བས་འདི་ཞུས་བླ་མ་ཡི༔ རྩ་བ་སྐུ་གསུང་ཐུགས་དམ་སྲུངས༔ བཀའ་བསྩལ་ཟུར་ཡང་བཅག་མི་རུང༔ དངོས་པོ་ཀུན་ལ་མི་འབགས་ཤིང༔ ལུས་སེམས་ལོངས་སྤྱོད་འབུལ་བར་བྱ༔ དབང་བསྐུར་སྒྲུབ་ཐབས་ཚང་བར་ཞུས༔ ཉམས་ན་མ་ནིང་རང་སྲོག་གཅོད༔ མཆོག་ཏུ་དམ་ཚིག་གཙོ་བོར་ཟུངས་ཤིག༔ ཅེས་བརྗོད། དམ་ཚིག་ཁས་ལེན་གཏང་རག་མཎྜལ་སོགས་དང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱའོ། །ཡང་གཏོར་མ་ལ་བརྟེན་པའི་སྲོག་དབང་བསྡུས་པ་བྱེད་ན། གཤོམ་གྱི་སྐབས་དཔལ་གཏོར་སྐུ་གཟུགས་ཅན་ཁོ་ན་དང་མཆོད་གཏོར་བཤམ། བདག་མདུན་བསྐྱེད་བཟླས་སྐོང་གསོལ་ཅི་འགྲུབ་བྱ། དངོས་གཞི་མཎྜལ་གསོལ་གདབ་གནང་སྦྱིན་གཉེན་པོའི་དབང་ཡན་སྔར་ལྟར་བྱ། སློབ་དཔོན་ཆེ་མཆོག་དང་གཏོར་མ་སྐུ་བཅས་དཔལ་མགོན་གཙོ་འཁོར་བསྐྱེད། སློབ་མ་མགོན་པོར་གསལ་གདབ་ལ། བིང་དང་རུ་མཚོན་གཡས། ཞགས་པ་གཡོན། སྒྲུབ་ཡིག་སྙིང་ག་བླ་རྡོ་མཆན་ཁུང་དུ་བཀོད། དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ འོག་མིན་གནས་མཆོག་སོགས་ཀྱིས་བྱིན་དབབ། དཔལ་མགོན་འཁོར་བཅས་ཡང་ཡང་བསྟིམ་ལ་རྩ་སྔགས་བཟླ་ཞིང་རོལ་མོ་བསྒྲག་མཐར། ཆེ་མཆོག་ཡབ་ཡུམ་དང་མ་ནིང་གི་སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་གནས་བཞིར་གཏུགས། དེས་ཀྱང་དབང་བཞི་རྫོགས་པར་ཐོབ་ཅིང་ཕྲིན་ལས་བཞི་འགྲུབ་པ་ཡིན་ནོ། །ཞེས་བརྗོད། རྗེས་ཀྱི་རིམ་པ་སྤྱི་ལྟར་རོ། །སྲོག་དབང་གཉན་པོ་འདི་ཉིད་སྙིང་དང་འདྲ་བའི་སློབ་མ་གསུམ་ལས་མང་ལ་བསྐུར་དུ་མི་རུང་བར་གསུངས་ཤིང་སྤྱིར་བསྐུར་མཁན་དང་བསྐུར་ཡུལ་སོགས་གཞུང་གསལ་གྱི་དོན་ལྟར་བྱ་བ་གཅེས་སོ། །གཞུང་འདིར་མན་ངག་ཟབ་མོའི་གནད། ཁྱད་པར་མང་དང་ལྡན་པས་ན། །དེ་ལ་འཇུག་སྒོ་སྲོག་གི་དབང་། །གསལ་བར་བྱས་འདིས་གཞན་ཕན་ཤོག །ཅེས་པའང་རཏྣའི་ཆོས་བཀའ་རྣམས་ཀྱི་སྨིན་དབང་ཆ་ཚང་བའི་སླད་དུ་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་ཚེ་རྫོང་ཤོད་ཀྱི་སྒྲུབ་གནས་སུ་པདྨ་གར་དབང་རྩལ་གྱིས་མཚམས་སྦྱོར་མདོར་བསྡུས་སུ་བཀོད་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཆུ་རྒྱུན་ (Volume 23, Text 29)

ཧྃ༔ ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བསྐལ་བཟང་སངས་རྒྱས་སྟོང་རྩ་འབྱུང་བའི་གཞི། །རྒྱལ་སྲས་རྒྱལ་བའི་ཡབ་གྱུར་མཚན་ཙམ་གྱིས། །སྲིད་པ་གཏིང་སྤྲུགས་ཐུགས་རྗེའི་དབང་ཕྱུག་ལ། །གུས་པས་ཕྱག་བགྱིད་བརྩེ་བས་བདག་སྐྱོངས་ཤིག །བཀའ་གཏེར་སྒྲུབ་ཐབས་རྒྱ་མཚོ་ལས། །སྙིང་པོ་ཡིད་བཞིན་དབང་གི་རྒྱལ། །བྱི་དོར་བྱས་འདིས་སྐལ་བཟང་ལ། །གྲུབ་གཉིས་འདོད་པ་ཅིར་ཡང་འཇོ། །གཏེར་ཆེན་ཞིག་གླིང་གར་གྱི་དབང་ཕྱུག་རྩལ་གྱི་ཟབ་ཆོས་གཙོ་བོ་འཕགས་པ་ནམ་མཁའི་རྒྱལ་པོའི་སྨིན་བྱེད་བསྒྲུབ་པ་ལ། གཏེར་གཞུང་དུ་ས་བཅད་བདུན་གྱིས་བསྟན་པའི་སྙན་གསན་གསོལ་གདབ། བསྙེན་པ་ཁ་གསོ། སྒྲུབ་ཆེན་ཁོག་དབུབ་སྦྲེལ་བ་སོགས་དེང་སང་དབང་རྒྱུན་ཙམ་དོན་དུ་གཉེར་བ་ལ་ལག་ཏུ་མི་ལོན་པས། འདིར་མགྱོགས་དབང་དཀྱུས་འགྲེའི་དབང་དུ་བྱས་ཏེ་འཆད་པ་ལ་དོན་ལྔ། སྔོན་འགྲོ་སྟ་གོན། དབང་རྫས་གཤོམ་བཀོད། དབང་དོན་སྒྲུབ་མཆོད། ཡོངས་རྫོགས་དབང་བསྐུར། ཆོ་གའི་རྗེས་ཀྱི་རིམ་པ་རྣམས་སོ། །དང་པོ་ལ་ལྔ། བདག་བསྐྱེད། སྔོན་གཏོར་བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི། འཆད་པར་འགྱུར་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ་ལས་བྱང་ལྟར་བརྒྱུད་འདེབས་དང་སྐྱབས་སེམས་ལན་གསུམ་བཏང་། དམིགས་མེད་སྟོང་པའི་ངང་ཉིད་ལས༔ ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ རང་རིག་ཡི་གེ་ཧྲཱིཿདམར་པོ༔ ཕར་འཕྲོས་རྒྱལ་བ་མཉེས་མཆོད་ཕུལ༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་དངོས་གྲུབ་བདག་ལ་བསྡུས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་ཚེ་བུམ་པད་སྡོང་བསྣམས༔ རིན་ཆེན་པད་ཕྲེང་རུས་རྒྱན་དང༔ དར་དཔྱང་རྒྱན་མཆོག་དཔག་མེད་བརྒྱན༔ ཡུམ་མཆོག་གསང་བ་ཡེ་ཤེས་མ༔ ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི༔ ཟུང་འཇུག་ཡབ་ཀྱི་མགུལ་ལ་འཁྱུད༔ གཅེར་བུ་རྒྱན་དྲུག་པད་ཕྲེང་འཛིན༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ གཉིས་མེད་ཟུང་འཇུག་དག་ཏུ་བསྒོམ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿཡིག་དམར་པོ་འོད་ཟེར་ཅན༔ ཡིག་དྲུག་མཐའ་ལ་བསྐོར་བར་བསམ༔ དེ་ལས་འོད་འཕྲོས་རང་བཞིན་གྱི༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་བསམ༔ བདག་ཉིད་ཐུགས་སྲོག་ཧྲཱིཿཡིག་ལས༔ འོད་ཟེར་ཕར་འཕྲོས་རྒྱལ་བ་མཆོད༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར༔ ཚུར་འདུས་སྐུ་གསུང་ཐུགས་ཀྱི་བཅུད༔ བྱིན་རླབས་དངོས་གྲུབ་བདག་ལ་ཐིམ༔ ཏིང་འཛིན་ཐུགས་སྲོག་ཧྲཱིཿཡིག་མཐར༔ ཡིག་དྲུག་གཡོན་དུ་འཁོར་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བཟླ། གཉིས་པ་སྔོན་གཏོར་ནི། དཀར་གཏོར་དང་གསེར་སྐྱེམས་བཤམས་ལ། བྱིན་བརླབས་དང་བསྔོ་བ་བླ་མ་དགོངས་འདུས་ལྟར་ཤེས་ན་ལེགས། ཡང་ན་སྤྱི་འགྲེ་སྨིན་ལུགས་ལྟ་བུ་བྱའོ། །གསུམ་པ་བུམ་པ་ནི། རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དཀར་པོས་སྤྲས་པ། ལས་བུམ་དེ་མཚུངས་མགུལ་ཆིངས་ལྗང་གུས་སྤྲས་པ་གཞི་སྟེང་དུ་བཀོད། ཕྱི་མཆོད་བཤམ། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་བྱིན་བརླབས། སྭཱ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་གདན་ལ་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡུམ་གསང་བ་ཡེ་ཤེས་དང་བཅས་པ་ལ་སྒྲོལ་མ་དཀར་ལྗང་ནོར་འཛིན་གསང་འཛིན། སངས་རྒྱས་སྟོང་རྩ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཐུབ་པ་དྲུག །ཁྲོ་ཆེན་བཞི་རྣམས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་ཨཱརྱ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་སུ་མེད་པར་གྱུར། ཅེས་པ་ཙམ་གྱིས་གསལ་བཏབ་ལ་ལས་བྱང་ལྟར་མཆོད་བསྟོད་མདོར་བསྡུས་བྱ། དེ་དག་གི་ཐུགས་སྲོག་ལས་འོད་འཕྲོས། སེམས་ཅན་གྱི་སྒྲིབ་པ་སྦྱང་། འཕགས་པ་མཆོད། ཚུར་འདུས་བུམ་པའི་ལྷ་ལ་ཐིམ་པར་བསམ། གཟུངས་ཐག་བླངས་ལ་ཡིག་བཅུ། གཟུངས་རིང་། གཙོ་འཁོར་དྲིལ་བའི་བཟླས་པ་རྣམས་ཅི་འགྲུབ་བྱས་ལ་མཐར། རང་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་གཙོ་འཁོར་གྱི་ཐུགས་ཀར་ཕོག །ཐམས་ཅད་བདུད་རྩིར་ཞུ་བར་གྱུར། ཅེས་དམིགས་ལ། ལས་བུམ་དུ་རྣམ་འཇོམས་བསྐྱེད་བཟླས་ལས་བཅོལ་བཅས་དོན་དབང་ལྟར་བྱ། བཞི་པ་ལྷ་ནི། དཀྱིལ་འཁོར་གྱི་སྟེགས་བུར་དྲིའི་ཐིག་ལེ་ལྷ་གྲངས་དང་མཉམ་པ་ལ་མེ་ཏོག་གི་ཚོམ་བུ་བཀོད། ཕྱི་མཆོད། སྨན་གཏོར་རཀྟ་རྣམས་ལ་བྱིན་རླབས་ལས་བྱང་ལྟར་རམ་གོང་སྨོས་བྱ། རྒྱས་པར་གྲུབ་ན་ལས་བྱང་ལྟར་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་བསྟིམ་པ་ནས་བསྟོད་པའི་བར་བྱ། ཚོགས་མཆོད་ཀྱང་འབུལ་བར་བཤད། བསྡུ་ན། སྒྲུབ་གཞི་དཀྱིལ་འཁོར་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ཉི་ཟླའི་གདན་ལ་སོགས་གོང་བུམ་བསྐྱེད་སྐབས་ལྟར་ལ་སྤྱན་འདྲེན་ཤྭ་ལོ་ཀ་གཅིག་ཙམ་དང་སྔགས་བརྗོད་དམ་ཡེ་བསྲེ། མཆོད་བསྟོད་ཅི་རིགས་བྱས་ལ་གསོལ་བ་གདབ་པ་ནི། ཧོ༔ དགོངས་ཤིག་དཀྱིལ་འཁོར་ལྷ་ཡི་གཙོ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ འཕགས་པ་སྲས་བཅས་མཆོད་པ་དང༔ སློབ་བུ་ཁྱེད་ཀྱི་རྗེས་འཇུག་ཕྱིར༔ རྡོ་རྗེ་འཛིན་པ་མིང་འདི་ཞེས་བྱ་བས༔ ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི༔ ཐུགས་རྗེ་ཆེན་པོས་དགོངས་ནས་ནི༔ བྱིན་གྱིས་རློབ་པར་མཛད་དུ་གསོལ༔ ཞེས་བརྗོད། སྐབས་འདིར་སྟེགས་བུ་དཀར་ཟླུམ་སྟེང་ཤིང་ཟླུམ་བརྩིག །ཏིལ་ཡུངས་སོགས་བསྲེག་རྫས་གང་འཛོམ་བཞག །མེ་འབར་བའི་ནང་དུ་དཀྱིལ་འཁོར་པ་ཡོངས་རྫོགས་སྐད་ཅིག་གསལ་བ་ལ་བསྲེག་རྫས་བདུད་རྩི་དཀར་པོའི་རྣམ་པར་ཕུལ་བས་བཞེས་ཏེ་ཞི་བའི་ཕྲིན་ལས་མཛད་པར་མོས་ལ། གཙོ་འཁོར་དྲིལ་སྔགས་ཀྱི་ཤམ་བུ། བདག་ཅག་རྣམས་ཀྱི་མི་མཐུན་བར་གཅོད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭ་ཧཱ༔ ཞེས་ལན་གྲངས་ཅི་རིགས་སུ་འབུལ་ལ་མི་དམིགས་པར་བཞག །ལྔ་པ་སློབ་མ་ནི། དཀྱིལ་འཁོར་བཅས་རྣམས་ཡོལ་བས་བསྒྲིབས། དྲིའི་ཆུ། སོ་ཤིང་། སྲུང་སྐུད་ལྔ་བསྒྲིལ། ཀུ་ཤ་རྣམས་འདུ་བྱ། སློབ་མ་རྣམས་ལ་ཕྱིར་རོལ་དུ་ཁྲུས་བྱ། ནང་དུ་མེ་ཏོག་བཀྱེ་བསྡུ་དང་སྤྲོ་ན་རྒྱུ་འབྲས་ཀྱི་ཆོས་བཤད་སྤྱི་ལྟར་བྱ། མདོར་བསྡུས་སྐབས་སེམས་བསྐྱེད་གསལ་གདབ་ལ། དེའང་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་མ་ལུས་པའི་ཁྱབ་བདག་ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་ཇི་སྙེད་པ་སྐྱོབ་པའི་དཔལ་མགོན། ཁྱད་པར་གདོང་དམར་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་རྣམས་ལ་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེན་པོས་སྐྱོང་བར་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རྒྱུད་སྡེ་རྣམ་པ་བཞི་ལས་སྒྲུབ་པའི་ཐབས་ཚུལ་མཐའ་ཡས་པ་གསུངས་པ་ཐམས་ཅད་འཕགས་ཡུལ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མན་ངག་ལག་ལེན་དུ་དྲིལ་བའི་བཀའ་སྲོལ་ཇི་སྙེད་བོད་ཡུལ་དུའང་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ། འཇིག་རྟེན་དབང་ཕྱུག་གང་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་རྣམ་པར་རོལ་པས་གངས་ཅན་གདུལ་བྱའི་མགོན་དུ་བྱོན་པ་ཨོ་རྒྱན་པདྨ་སམྦྷ་བ་ཉིད་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་སྟེང་ཁང་སངས་རྒྱས་རབས་བདུན་གྱི་སྐུ་བརྙན་དྲུང་དུ་གཞུགས་པའི་སྐབས་སུ། ཆོས་རྒྱལ་ཁྲི་སྡེ་ཡབ་སྲས་དང་མཁའ་འགྲོ་མཚོ་རྒྱལ་སོགས་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་རྩ་གསུམ་ཡོངས་སུ་རྫོགས་པའི་སྨིན་གྲོལ་གདམས་ངག་མཐའ་རྒྱས་སུ་བསྩལ་པ་ཉིད། ཕྱི་རབས་གདུལ་བྱའི་དོན་དུ་ཟབ་མོའི་གཏེར་དུ་སྦས་དགོས་པའི་བཀའ་བསྩལ་གནང་བ་ལྟར་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་དཀའི་བསྡུ་བ་མཛད་ནས་བཻ་ཌཱུརྱའི་ཤོག་བུ་ལ་རིན་ཆེན་གསེར་གྱི་ཁུ་བས་མཁའ་འགྲོའི་བརྡའི་ཡི་གེར་བཀོད། གྲོལ་བ་བཞི་ལྡན་གྱི་དམ་རྫས་དང་ལྷན་ཅིག་པདྨ་རཱ་གའི་བུམ་པར་བཅུག་ནས་གློ་འབུར་ནུབ་ཕྱོགས་སུ་རྒྱ་བདུན་གྱིས་བཏབ་པ་རྩུབ་འགྱུར་བཞི་བཅུ་ཁ་རལ་གྱི་དུས་སུ་སོན་པའི་ཚེ། ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་ཡང་སྲིད་སྤྲུལ་པའི་གཏེར་སྟོན་ཞིག་གླིང་འོད་གསལ་སྒྱུ་མས་སྤྱན་དྲངས་ཏེ་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་པར་མཛད་པའི་གདམས་སྐོར་འདི་ལ་སྨིན་བྱེད་ཀྱི་ཆོས་སྡེ་མང་དུ་བཞུགས་པ་ལས། འདིར་རྩ་བའི་སྨིན་བྱེད་ཡན་ལག་ཡོངས་རྫོགས་བཀའ་གཏད་ཀྱི་རིམ་པ་མཐའ་རྒྱས་སུ་བསྒྲུབ་པ་ལ་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་འདིར་སློབ་མ་ལྷག་གནས་ཀྱི་ཆོས་རྣམས་སྒྲུབ་པའི་སྐབས་སུ་བབས་པ་ཡིན་པས་དེ་ཉིད་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་འབུལ་གཞུག །ཐལ་སྦྱར་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་འཕགས་པ་སྤྱན་རས་གཟིགས༔ བླ་མ་རྗེ་བཙུན་དགོངས་སུ་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ ཐུན་མོང་མཆོག་གི་སྐྱབས་འགྲོ་དང༔ སོ་ཐར་བྱང་སེམས་དམ་ཚིག་སྡོམ༔ འཕགས་པ་མཆོག་གི་ས་ཐོབ་ཕྱིར༔ མགོན་པོས་བདག་ལ་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བཀའི་གནང་བ་སྦྱིན་པ་ཡིན་པས་སྙན་གཏོད་འཚལ། ཀྱེ་མ་སྐལ་བཟང་ལས་ཅན་རྣམས༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ གསང་གསུམ་ཆོ་ག་འདི་མཁྱེན་པས༔ འཕགས་པ་རྫོགས་སངས་རྒྱས་ཐོབ་ཅིང༔ ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ནི༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཏུལ༔ ཁྱེད་ཀྱང་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་གསག་སྦྱང་ཡན་ལག་བཅུ་པའི་དམིགས་པ་རྣམས་རྩེ་གཅིག་ཏུ་གསལ་ཐོབ་ལ་འདིའི་རྗེས་ཟློས་མཛོད། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སླད་དུ་ཚོགས་ཞིང་དེ་དག་གི་སྤྱན་སྔར་རང་དང་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་གིས་གུས་པས་སྐྱབས་སུ་མཆི༔ དུས་གསུམ་སངས་རྒྱས་བླ་མ་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་ཕྱི་ལྟར་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ གསུམ། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ་ལ་ཐོག་མར་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བླ་མ་འཕགས་པའི་ལྷ་ཚོགས་དགོངས༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་པ་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ གསུམ། འཇུག་པའི་བསླབ་པ་རྣམས་ལ་ཚུལ་བཞིན་དུ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྔོན་གྱི་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བདག་གིས་སྡོམ་བཟུང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ གསུམ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་བཟུང་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་དུ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ གསུམ། སྤྱིར་བསྲུང་བྱའི་དམ་ཚིག་གི་གནས་བསྒྲག་པ་ཡིན་པས་ངེས་པར་མཛོད་ཅིག །དཀོན་མཆོག་ལ་གུས་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ རྩ་བའི་དམ་ཚིག་འདའ་མི་བྱ༔ ཞེས་དེའི་དོན་བཀྲོལ་ལ་བཤད། དེ་ནས་གཞི་ལུས་དང་སྒོ་གསུམ་བྱིན་གྱིས་བརླབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞི་འཛུམ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བར་མོས་ཤིག །གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་ལ་འབྲུ་གསུམ་བརྗོད། ལྕེ་ལ་བདུད་རྩི་བཞག །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཡེ་ཤེས་པ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཅེས་དམིགས་ལ་རོལ་མོ་བསྒྲག །དེ་ཉིད་བརྟན་པར་བྱས་པར་མོས། ཨོཾ་སུ་པྲ་ཏིཥྛ༴ སྤྱི་བོར་རྡོ་རྗེ་དང་མེ་ཏོག་བཞག །དེ་ནས་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པ་བཞག །སོ་ཤིང་སྦྱིན་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་བདག་ལ་དངོས་གྲུབ་གང་ཐོབ་པའི་ལྟས་བསྟན་དུ་གསོལ་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་མཛོད། བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་ལ་དངོས་གྲུབ་བཟང་པོ་སྟོན༔ ཧ་ས་ཧ༔ ཞེས་དོར། སོ་ཤིང་རྩེ་མོ་ཕྱོགས་བཞི་དབུས་ལྔར་བསྟན་ན་རིགས་ལྔའི་ཕྲིན་ལས། མཚམས་སུ་ལས་ཕྲན་ཚེགས། དབུས་སུ་འགྲེང་ན་མཆོག་ཐོབ་པར་གསུངས་སོ། །ཟབ་མོའི་ཆོས་བཤད་པ་འདི་ལ་གསན་པས་ཁྱབ་སྟེ། ཀྱེ་མ་རིགས་ལྡན་བུ་རྣམས་ཉོན༔ བླ་མེད་འདི་འདྲའི་དཀྱིལ་འཁོར་མཆོག༔ ཨུ་དུམ་ཝ་རའི་མེ་ཏོག་མཚུངས༔ འདི་རུ་གང་ཞུགས་སྡིག་སྒྲིབ་འདག༔ མཐོང་བས་བདེ་ཆེན་ཞིང་ལ་རེག༔ ཚུལ་བཞིན་སྒྲུབས་ཤིག་བསོད་ནམས་ཆེ༔ སྲུང་སྐུད་ལྔ་བསྒྲིལ་མདུད་པ་གསུམ་བྱས་ལ་རྩ་སྔགས་བཏབ། རྡོ་རྗེའི་མདུད་པ་འདི་ཉིད་དཔུང་པ་གཡོན་ལ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་སྲུང་བར་མོས་ཤིག །ལས་སྔགས་བཟླས་པས་བཅིངས། བཛྲ་རཀྵ་ཧཱུྃ༔ ཞེས་རྡོ་རྗེའི་རྒྱས་གདབ། ཀུ་ཤའི་ཆུན་པོ་འབྲུ་གསུམ་བཟླས་པས་བྱིན་བརླབས། དག་བྱེད་རྩའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱིས་ལ་དོན་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ དགེ་བའི་རྟགས་རྣམས་བསྟན་དུ་གསོལ༔ ཞེས་བརྗོད་ཅིང་འདུན་པ་རྩེ་གཅིག་པས་ཉལ་བའི་རྨི་ལམ་དུ་བཟང་ངན་གྱི་ལྟས་མཐོང་བར་འགྱུར་རོ། །ཞེས་ཀུ་ཤ་སྦྱིན། དགེ་བ་བསྔོས་ལ་རང་གནས་སུ་བཏང་། སྟ་གོན་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་འོད་ཀྱི་དྲྭ་བར། བཛྲ་ས་མ་ཡ་ཛ༔ ཞེས་པས་བཏེགས་ཏེ་བཞུགས་པར་མོས། གཉིས་པ་དབང་རྫས་གཤོམ་བཀོད་ནི། དབང་ཆེན་ཡན་ལག་རྣམས་དང་བཅས་པ་དཀྱུས་གཅིག་ཏུ་བསྐུར་བའི་དབང་དུ་བྱས་ཏེ། རྟེན་དང་རྒྱན་གྱི་བཀོད་པ་ཇི་ལྟར་ཚོགས་པ་བཀྲམ་པའི་གུང་དུ་སྟེགས་བུ་ཡངས་པ་ཁེབས་ལྡན་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་མཉྫི་ལ་སྔར་སྟ་གོན་བྱས་པའི་རྣམ་བུམ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཞག །རྒྱབ་ངོས་སུ་སྒྲུབ་གཏོར་དོན་དབང་གི་སྐབས་སུ་བཤད་པ་ལྟར་རམ་བླ་གཏོར་དམར་པོ་པད་འདབ་ཅན་རྒྱན་ལྡན་བཞག་ཀྱང་འཐུས། བཏགས་གྲོལ་འཁོར་ལོ་དར་སྣས་བཀླུབས་པ་ཁྲིའུ་ལ་བཀོད། མདུན་དུ་སངས་རྒྱས་སྟོང་རྩ། སྤྱན་རས་གཟིགས་ལྔ། ནོར་འཛིན་གསང་འཛིན། སྒྲོལ་མ་སྔོ་དཀར། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །ཁྲོ་བོ་བཞི་བཅས་ལྷ་ཙཀ་ཚང་བ་དང་དབུ་རྒྱན། ཞི་ཆས། ཕྱག་མཚན་རྣམས་བཀོད། གཡས་སུ་གསང་དབང་ཐོད་པ་བདུད་རྩིས་བཀང་བའི་ཁར་སིནྡྷུ་རའི་ཐིག་ལེ་ཅན་གྱི་མེ་ལོང་དང་ཤེལ་རྡོ་བཞག །གཡོན་དུ་རྗེས་གནང་ཆས། རྫས་བརྒྱད། རྒྱལ་སྲིད་སོ་སོ་བ། འཁོར་ལོ། དུང་། པུསྟི། རྡོ་རྗེ། དགང་བླུགས། མཆོད་གཏོར། གདབ་ཕུར། མེ་ལོང་གསལ་བ། ཕྲེང་བ། རིག་ཙཀ་རྣམས་བཞག །རྒྱབ་ངོས་སམ་སྟེགས་བུ་ཟུར་བར་ཐེག་པ་རིམ་དགུའི་དབང་རྫས། ཆོས་གོས་རྣམ་གསུམ་མཁར་གསིལ་ལྷུང་བཟེད། ཐོད་པ་བུམ་རིལ། གདུགས་པོ་ཏི་དུང་བཅས་གསུམ། བུམ་པ་ཕྲེང་བ་རྡོར་དྲིལ་གསུམ། རུས་རྒྱན་གྲི་ཐོད་ཁ་ཊྭཱཾ། བྱང་སེམས་དཀར་དམར། མན་ཤེལ་བཅས་གསུམ་སྟེ་གསུམ་ཚན་གསུམ་ཕྱོགས་བཀོད་ལེན་བདེ་བར་བྱ། བཀའ་སྲུང་དྲེགས་པའི་རྗེས་གནང་གི་ཆས་དཀྱིལ་འཁོར་མཐའ་སྐོར་གྱི་ཤར་དུ་ཆོས་འབྱུང་དཀར་པོ་མེ་རིས་བསྐོར་བའི་སྟེང་དུ་དཔལ་ལྷའི་གཏོར་མ་འབྲང་རྒྱས་དཀར་པོ། ལྷོར་སེར་པོའི་སྟེང་དུ་ཤན་པའི་གཏོར་མ་གྲུ་གསུམ་ར་མགོས་མཚན་པ། ནུབ་ཏུ་དམར་པོའི་སྟེང་སྲིན་པོའི་གཏོར་མ་གྲུ་གསུམ་ར་ཤས་བརྒྱན་པ། བྱང་དུ་ལྗང་གུའི་སྟེང་དུ་མཱ་ར་སྙིང་ཟན་གྱི་གཏོར་མ་གྲུ་གསུམ་ཙིཏྟས་བརྒྱན་པ། བྱང་ཤར་མཐིང་ནག་གི་སྟེང་གཟའ་གདོང་གཏོར་མ་གྲུ་གསུམ་མིག་གིས་བརྒྱན་པ། ཤར་ལྷོའི་ལྗང་གུའི་སྟེང་ཀླུ་གཏོར་སྦྲུལ་གྱིས་བརྒྱན་པ། ཆོས་འབྱུང་ཐམས་ཅད་མེ་རིས་བསྐོར་བ་འགྲེ །ནུབ་གཡོན་དུ་པདྨ་དཀར་པོ་འདབ་མ་བཞིའི་སྟེང་ཐང་ལྷའི་གཏོར་མ་གངས་རིའི་གཟུགས་ཅན༑ འཛོམ་ན་སོ་སོའི་སྐུ་ཙཀ་བཙུགས་པ་བཀོད། དཀྱིལ་འཁོར་མདུན་ངོས་སུ་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། གཞན་ཡང་ལས་བུམ། མིག་དར། མེ་ཏོག །ཕྲིན་ལས་ལ་དགོས་པའི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་མ་ཚང་བ་མེད་པར་འདུ་བྱའོ། །གསུམ་པ་དབང་དོན་སྒྲུབ་མཆོད་ནི། སྒྲུབ་ཐབས་ཕྱི་ནང་གསང་བ་སོ་སོ་མི་འཁྱོང་བས་སྤྱི་ཁྱབ་ཏུ་ནམ་མཁའི་རྒྱལ་པོའི་ལས་གཞུང་བསྲང་། བདག་བསྐྱེད་དང་མདུན་དཀྱིལ་དུས་གཅིག་ཏུ་གསལ་འདེབས་ལ་བཟླས་པའི་སྐབས་སྤྲོ་བསྡུའང་སོ་སོར་བྱ། བུམ་བཟླས་དམིགས་པ་སོགས་སྤྱི་ལྟར་གྲུབ་ན་ལེགས། བཏགས་གྲོལ་ལ་དམིགས་ཏེ་ཡན་ལག་བདུན་པ་འབུལ། བརྒྱུད་པའི་བླ་མ་ལ་གསོལ་བ་གདབ། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་བྱོན་ཏེ་ཙཀྲ་ལ་ཐིམ་པར་མོས་ལ་བྱིན་འབེབས་སམ་སྤྱན་འདྲེན་སྔགས་བཅས་བརྗོད། སྤོས་བསྲེག །རོལ་མོ་བསྒྲག་གོ །བཀའ་སྲུང་གི་ལས་བྱང་ཕྱོགས་བསྡུས་ཀྱིས་གཏོར་མ་རྣམས་སོ་སོར་གསལ་འདེབས། གཏོར་མ་ཕུལ། སྔགས་བྱང་ལྟར་སོ་སོའི་བཟླས་པའང་ཁྱུགས་ཙམ་བྱ། ཚོགས་བྱིན་བརླབ་ནས་སྐོང་བའི་བར་དུ་བཏང་། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བར་ཞུའོ། །བཞི་པ་དབང་བསྐུར་བ་ལ། སློབ་དཔོན་དང་དཀྱིལ་འཁོར་ཡོལ་བས་བསྒྲིབ། སློབ་མ་སྟ་གོན་བྱས་པ་རྣམས་ལས་སློབ་ཀྱིས་སྒྲུབ་ཁང་གི་སྒོ་དྲུང་དུ་ཁྲུས་བྱ། བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་བཞིན་པས་དཀྱིལ་འཁོར་གྱི་ཁང་པ་ལ་བསྐོར་བ་ལན་གསུམ་བྱེད་པར་མོས་ཤིག །བྱས་ལ་བླ་མ་སྐུ་གསུམ་མ་ལྟ་བུའི་གསོལ་འདེབས་འདོན་དུ་གཞུག །མིག་དར་བཀབ། ཕྱིའི་སྒོ་དྲུང་ནས་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་གསོལ་བ་གདབ་པའི་མོས་པས་འདིའི་རྗེས་ཟློས། ཀྱཻ༔ ཁྲོ་བོ་མི་བཟད་འཇིགས་པའི་གཟུགས༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་བསྲུང༔ བདག་ཅག་འཁོར་བ་ལས་སྒྲོལ་གྱི༔ ཐར་པའི་དྲུང་དུ་འཇུག་པའི་ཕྱིར༔ ཁྱོད་ཀྱིས་གནང་སྟེ་གཏང་དུ་གསོལ༔ ཞེས་ལན་གསུམ། ནང་ནས་སློབ་དཔོན་གྱིས། ཁྱེད་རྣམས་སུ་ཡིན་ཅི་ཡིན་བྱེད། ཅེས་བརྗོད། ལས་སློབ་ཀྱིས། དྲིས་པའི་ལན་གསོལ་བར་མོས་ལ་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ པདྨའི་རིགས་མཆོག་སྤྱན་རས་གཟིགས༔ སྨིན་བྱེད་དབང་གི་སྐུ་དྲིན་ཞུའོ༔ ཞེས་ཞུ། དེ་ནས་ལས་སློབ་ཀྱིས་རྡོ་རྗེས་མཚོན་ཏེ་ཡོལ་བའི་ཕྱི་རོལ་དུ་ཁྲིད་དེ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ལ་བདག་སྐྱབས་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱོད་ཀྱིས་བསྒྲལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་མ་བློ་བཟང་སྐལ་ལྡན་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ན༔ ཚེ་གཅིག་མྱང་འདས་ལམ་འབྱོར་བ༔ ཐུགས་རྗེ་ཆེན་པོའི་སྒྲུབ་དབང་གིས༔ དཀྱིལ་འཁོར་འདི་མཐོང་ཐོས་པས་ཀྱང༔ ཁམས་གསུམ་འཁོར་བའི་གནས་ལས་གྲོལ༔ བཀའ་བཞིན་སྒྲུབ་པར་དབང་བྱེད་དམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། འཕགས་པའི་དཀྱིལ་འཁོར་དང་བཅས་པའི༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ ཅི་གསུངས་བཀའ་ལས་བདག་མི་འདའ༔ ཐར་པའི་ཕོ་བྲང་དམ་པ་རུ༔ མགོན་པོས་བདག་ཅག་གཞུག་ཏུ་གསོལ༔ ཞེས་ཞུས་ལ་ཡོལ་བ་བསལ། མི་གྲངས་དང་མཉམ་པའི་གླུད་ཟན་བཀྱེ། ཆངས་བུ་བྱས་པ་སྣོད་གཅིག་ཏུ་བསྡུ། ལས་བྱང་ལྟར་བྱིན་བརླབས་ནས་བསྔོ། བཀའ་བསྒོ་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ་ལ་མཚམས་བཅད། དེ་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཞལ་མངོན་དུ་གྱུར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་ན་མི་མངའ་བས༔ ཁྱོད་ཀྱི་ཐུགས་རྗེས་བདག་བཟུང་འཚལ༔ ཞེས་ཞུ། བླ་མས། ཀྱེ༔ ཁྱེད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ༔ བདག་གིས་ཁྱེད་རྣམས་སྨིན་བྱེད་ཅིང༔ འདོད་པའི་དོན་སྒྲུབ་དམ་པ་སྦྱིན༔ ཞེས་གནང་བ་བསྩལ་པ་ལ་ཅི་འབྱོར་པའི་ཡོན་ཕུལ་བར་མོས་ལ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་གྱིས་ཅོད་པན་སྦྱིན། དེ་ནས་ཁྱད་པར་ཅན་གྱི་འདོད་དོན་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྤྱན་རས་གཟིགས་དབང་ཆེ་བའི་མཆོག༔ བདག་ནི་འབྲས་བུ་གསང་སྔགས་ཀྱི༔ སྨིན་ཅིང་གྲོལ་བར་འདོད་པས་ན༔ ཐུགས་རྗེས་བདག་ལ་གནང་བར་མཛོད༔ ལན་གསུམ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་རྣམས་ལས་ཟད་འཁྲུལ་པ་ཞིག༔ ངས་ཁྱོད་ཐུགས་རྗེ་ཆེན་པོ་ཡི༔ དཀྱིལ་འཁོར་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ འཕགས་པའི་དཀྱིལ་འཁོར་ཆེན་པོ་འདི༔ མ་མཐོང་པ་ལ་སྨྲས་ན་ནི༔ དམ་ཚིག་ཉམས་ནས་དམྱལ་བར་ལྷུང༔ ཐུབ་པར་སྲུངས་ཤིག་སྐལ་ལྡན་རྣམས༔ ཞེས་བརྗོད། དེ་ནས་གསང་བའི་དམ་ལ་བཞག་པ་ལ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གཉན་པོ་དང་རྡོ་རྗེའི་ཆུ་ནན་སྦྱིན་ཞིང་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་བསྒྲག་པ་རྣམས་རིམ་པར་འབྱུང་བ་ཡིན་པས་དོན་ངེས་པར་མཛོད་ཅིག །སྤྱི་བོར་རྡོ་རྗེ་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་སྐྱེད་བྱེད་པའི༔ འཕགས་པའི་དཀྱིལ་འཁོར་དམ་པ་འདི༔ ཁྱོད་ཀྱིས་སྨྲས་ན་ཉམས་གྱུར་ཏེ༔ མནར་མེད་གནས་སུ་སྐྱེ་བར་འགྱུར༔ བཛྲ་ས་མ་ཡ་ཧཱུྃ༔ མགྲིན་པར་བཞག་སྟེ། དུས་གསུམ་སངས་རྒྱས་གསང་བའི་ལམ༔ དཀྱིལ་འཁོར་གསང་བ་བླ་མེད་འདི༔ ཁྱེད་ཀྱིས་སུ་ལའང་སྨྲ་མ་བྱེད༔ གལ་སྟེ་སྨྲས་ན་དམ་ཚིག་ཉམས༔ བཛྲ་ས་མ་ཡ་ཨཱ༔ དེ་ནས་སྙིང་གར་བཞག་སྟེ། ཧཱུྃ༔ དེ་རིང་ཐུགས་རྗེ་ཆེན་པོའི་ལྷ༔ ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་སྟེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བུམ་ཆུ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨུ་ད་ཀ༔ དེ་ནས་བདུད་རྩི་སྦྱིན་ཞིང་། ཧཱུྃ༔ འདི་ནི་ཡེ་ཤེས་བདུད་རྩི་སྟེ༔ དམ་མེད་དམྱལ་བའི་གནས་སུ་ལྟུང༔ དམ་བསྲུང་དངོས་གྲུབ་མཆོག་ཐོབ་འགྱུར༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ དེ་ནས་རྡོ་རྗེ་དང་ཕྲེང་བ་སྤྱི་བོར་བཞག་སྟེ། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ང་ཡི་བཀའ་འདས་ཉམས་པ་ན༔ མནར་མེད་རྡོ་རྗེ་དམྱལ་བ་ནས༔ ཐོན་ཅིང་ཐར་པའི་དུས་མེད་དོ༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་བསྒྲག །དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་ལེགས་པར་བསྒྲིམ། ཐལ་མོ་སྤྱི་བོར་བརྐྱང༔ སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་བདུད་རྩིས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་ཁྱེད་རང་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་བཅུ་གཅིག་གི་རྩ་བའི་ཞལ་གསུམ་དཀར་ལྗང་དམར་བ། དེ་སྟེང་ཞལ་གསུམ་སེར་ལྗང་དཀར་པོ། དེ་སྟེང་ཞལ་གསུམ་ལྗང་དཀར་དམར་བ། དེ་སྟེང་ཁྲོ་ཞལ་ནག་པོ། དེ་སྟེང་འོད་དཔག་མེད་ཀྱི་ཞལ་དང་བཅས་པ། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ཤེལ་ཕྲེང་། གཡོན་གྱི་འོག་མས་པད་དཀར་འཛིན་པ། ཡན་ལག་གི་ཕྱག་ཉི་ཤུས་ཕྱག་མཚན་སྣ་ཚོགས་བསྣམས་པ། ཉིང་ལག་གི་ཕྱག་སྟོང་ལ་སྤྱན་སྟོང་གིས་མཚན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་བཞི་མཉམ་པའི་སྟབས་ཀྱིས་བཞེངས་ཏེ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཕྱག་བཞིས་ཌཱ་རུ་ཐོད་ཁྲག་གྲི་གུག་ཁ་ཊྭཱཾ་བསྣམས་པ་དང་འཁྲིལ་བ། དཔྲལ་བར་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཆ་སྨད་དུ་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་དྲུག །ལྟེ་བར་ཧྲཱི༔ རྩིབས་དྲུག་ལ་ཡི་གེ་དྲུག་པས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང་པོ་ཏ་ལ་ནས་ཡེ་ཤེས་པ་སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་པ་ཆར་ལྟར་བབ་སྟེ་ཁྱེད་རང་རྣམས་ཀྱི་སྙིང་ནང་དུ་སིབ་སིབ་ཐིམ་པར་མོས་ཤིག །དབྱངས་རོལ་བཅས་ལས་བྱང་གི་སྤྱན་འདྲེན་བརྗོད། མཐར། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ཛྙཱ་ན་ཌཱ་ཀི་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་སརྦ་ཙིཏྟ་ཧྲིང་ཧྲིང་ཛ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བཟླ། སྦྱར་བའི་སྤོས་བསྲེགས་ལ་དབབ་པས་ཕེབས་པའི་རྟགས་སྒོ་གསུམ་ལ་འབྱུང་ངོ་། །དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཤར་གྱི་སྒོ་དྲུང་ནས་ཕྱག་འཚལ་ཏེ་སྒོ་དབྱེ་བར་གསོལ་བ་བཏབ། རིམ་པར་གཡས་སྐོར་གྱིས་ཕྱིན་ཏེ་སྒོ་སྲུང་ལ་གསོལ་བ་འདེབས་པར་མོས་ལ་འདིའི་རྗེས་ཟློས། འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུམ་གསང་བའི་སྒོ་བསྲུང་བ༔ ཤར་ཕྱོགས་སྒོ་བ་རྣམ་རྒྱལ་གྱིས༔ ཕོ་བྲང་ཤར་གྱི་སྒོ་ཕྱེས་ལ༔ བདག་ཅག་དཀྱིལ་འཁོར་ལྷ་དང་སྤྲོད༔ དེ་བཞིན་དུ་ལྷོ། ནུབ། བྱང་སོགས་གོང་ལྟར་འདོན་པ་བསྒྱུར་ལ། ལྷོ་ཕྱོགས་སྒོ་བ་གཤིན་རྗེའི་གཤེད༔ ནུབ་ཕྱོགས་སྒོ་བ་རྟ་མགྲིན་རྒྱལ༔ བྱང་ཕྱོགས་སྒོ་བ་བདུད་རྩི་འཁྱིལ༔ ཅེས་རིགས་འགྲེ་ཤེས་པར་བྱ། འགྲིམ་དཀྱིལ་བཀོད་ལ། སྔར་བྱིན་པའི་ཅོད་པན་དེ་ཉིད་རང་རིག་ལྷག་པའི་ལྷར་འབུལ་བའི་མོས་པས་མེ་ཏོག་འདོར་བ་འདིའི་རྗེས་ཟློས། ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ༔ འབྲེལ་བས་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་འབྲེལ་བའི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་གྲྀཧྞ་ཧོ༔ ཞེས་འདོར་དུ་གཞུག །ཤར་དུ་བབས་ན་ཐུགས་ཀྱི་དབང་ཕྱུག་ཞི་བའི་རྡོ་རྗེ་སོགས་དང་། དབུས་སུ་བབས་ན། ནམ་མཁའི་རྒྱལ་པོ། ཀུན་ཏུ་གཟིགས་པ། ནམ་མཁར་སྤྱོད་པ། ཡོངས་རྫོགས་རྡོ་རྗེ་སོགས་གདགས་པར་གསུངས་ཏེ་ཅོད་པན་སླར་སྤྱི་བོར་བཞག་ལ་རིགས་དང་མཐུན་པའི་གསང་མཚན་སོ་སོའམ། སྤྱི་ཙམ་དུ། ཁྱེད་རྣམས་ཀྱི་ལྷག་པའི་ལྷ་རིགས་ཀུན་ཁྱབ་བདག་ནམ་མཁའི་རྒྱལ་པོ་ཡིན་པར་ཟུངས་ལ་གསང་བའི་མཚན་འཇིག་རྟེན་དབང་ཕྱུག་ཅེས་བྱའོ། །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ཅག་ཐོག་མེད་དུས་དག་ནས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཐབས་མཁས་ཐུགས་རྗེའི་གསེར་ཐུར་གྱིས༔ མ་རིག་མདོངས་པ་བསལ་དུ་གསོལ༔ ཞེས་ཞུ། བླ་མས་རྡོ་རྗེའི་རྒྱས་གསེར་ཐུར་ཐོགས་ལ། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཀྱེ་མ་བླ་མ་རྡོ་རྗེ་འཛིན་པ་ཡིས༔ ཁྱོད་ཀྱི་འཁོར་བ་མ་རིག་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྵུ༔པྲ་བེ་ཤ་ཡ་ཕཊ༔ ཅེས་སྤྱན་དར་བསལ། དེ་ནས་བླ་མས། ཀྱེ་མ་རིགས་ཀྱི་བུ་རྣམས་ལྟོས༔ ཁྱོད་རྣམས་ལས་སད་སྐལ་པ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པར་གྱིས༔ དད་པའི་ཡིད་ཀྱིས་དགའ་བར་སྒོམས༔ དངོས་གྲུབ་ཆེན་པོ་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་སྤྲོ་བ་དང་གཟེངས་བསྟོད་པར་བྱའོ། །དེ་ནས་བླ་མས་ཕྱག་ཤིང་ཐོགས་ལ་དཀྱིལ་འཁོར་གྱི་རྣམ་དག་བཤད་པ་ནི། ཧོ༔ སྐལ་ལྡན་རིགས་ཀྱི་བུ༔ འདི་ལྟ་བུའི་ཞལ་མཐོང་བ་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཚོགས་གཉིས་བསྐྲུན་པའི་འབྲས་བུ་མཐར་ཕྱིན་པ་ལས་བྱུང་བའོ༔ དེའི་ཕྱིར་མིག་གི་དབང་པོ་མ་ཡེངས་པར་དཀྱིལ་འཁོར་ལ་ལྟོས་ལ་རྣ་བའི་དབང་པོས་ལེགས་པར་ཉོན་ལ་ཡིད་ཀྱིས་དེའི་དོན་ཟུངས་ཤིག༔ དེ་ཡང་དཀྱིལ་འཁོར་རིན་ཆེན་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དུ་འདུག་པ་ནི་ཡེ་ཤེས་ལྔའི་བརྡའ་མཚོན་པ་ཡིན་ཞིང༔ ཚད་མེད་བཞི་དང་ལྡན་པའི་གྲུ་ཆད༔ ཆོས་ཉིད་མཉམ་པ་ཉིད་དུ་བརྡལ་བའི་སྒོ་རྣམས༔ ཡེ་ཤེས་ལྔའི་ངོ་བོར་པཎ་རཀ༔ ལོངས་སྤྱོད་ཡོངས་སུ་རྫོགས་པས་འདོད་ཡོན་གྱི་ལྷ་མོ༔ ལོངས་སྤྱོད་རྫོགས་པའི་ཕ་གུ༔ ཉོན་མོངས་སྒྱུ་མ་དག་ཕྱིར་དྲྭ་ཕྱེད༔ ཡོན་ཏན་དུ་མས་འགྲོ་དོན་མཛད་ཕྱིར་ད་རུ་ཀ༔ ཉོན་མོངས་པའི་དྲི་མ་དག་ཕྱིར་དུང་གི་སོ་བད༔ འཕགས་ལམ་བརྒྱད་དང་ལྡན་ཕྱིར་ཀ་བ་བརྒྱད༔ དགའ་བཞི་ལམ་དུ་ཁྱེར་བའི་རྟ་བབས༔ འགྲོ་དོན་དཔག་མེད་མཛད་ཕྱིར་ཆོས་འཁོར༔ བྱམས་པ་ཆེན་པོ་མངའ་བའི་གདུགས༔ རྣམ་དག་གི་བདེན་པའི་རི་དྭགས༔ ཟབ་ཆོས་རྣམས་སྟོན་པའི་རྒྱལ་མཚན་དང༔ དར་དཔྱང༔ འགྲོ་དོན་མཐའ་དག་འགྲུབ་ཕྱིར་པད་ཕྲེང༔ གཉེན་པོས་མི་ཤིགས་པ་རྡོ་རྗེའི་ར་བ༔ དུག་ལྔ་བསྲེག་པའི་རྟགས་སུ་མེ་རིས་མཚན་པའི་གཞལ་ཡས་ཁང་གི་དབུས་ཀྱི་པདྨའི་ལྟེ་བ་ལ༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ ཤར་གྱི་པདྨ་ལ་སྒྲོལ་མ་ལྗང་གུ༔ ནུབ་ཀྱི་པད་འདབ་ལ་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ ལྷོའི་པད་འདབ་ལ་སྲས་ནོར་བུ་འཛིན་པ༔ བྱང་གི་པད་འདབ་ལ་གསང་སྔགས་འཛིན་པ་རྣམས་བཞུགས་པ་ནི༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བརྡའ་མཚོན་པའོ༔ དེའི་ཕྱི་རིམ་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་བཞུགས་པའོ༔ དེའི་ཕྱི་རིམ་དུ་སེམས་དཔའ་དང་སེམས་མ་རྣམས་བཞུགས་པའོ༔ དེའི་ཕྱི་རིམ་དུ་སྤྲུལ་སྐུ་ཐུབ་པ་དྲུག་དང་སྒོ་བཞིར་ཚད་མེད་བཞིས་འགྲོ་བའི་དོན་མཛད་པའི་སྒོ་སྲུང་ཁྲོ་བོ་བཞི་བཞུགས་པའོ༔ སྒྲུབ་རྫས་ཀྱང་ཆོས་སྐུ་འགྱུར་བ་མེད་པའི་རྟགས་སུ་བུམ་པ༔ ཡོན་ཏན་རྒྱས་པའི་རྟགས་སུ་ཁ་རྒྱན༔ དུག་ལྔ་འཇོམས་པའི་རྟགས་སུ་མགུལ་ཆིངས་དང་གཟུངས་ཐག༔ དངོས་གྲུབ་ཐོབ་པའི་རྟགས་སུ་བྷནྡྷ༔ སྡིག་སྒྲིབ་དག་པའི་རྟགས་སུ་མེ་ལོང༔ བྱིན་གྱིས་རློབས་པའི་རྟགས་སུ་སྐུ་རྟེན༔ ཐབས་ཤེས་རབ་ཟུང་འཇུག་གི་རྟགས་སུ་མདའ་དར་དང་རལ་གྲི༔ གང་ལ་གང་འདུལ་གྱིས་གདུལ་བྱའི་ཡིད་འདྲེན་པའི་རྟགས་སུ་ས་རྒྱན་དང་གནམ་རྒྱན་ལ་སོགས་ཕུན་སུམ་ཚོགས་པའི་བརྡ་ཡིན་ནོ༔ ཞེས་རྒྱས་པར་བཤད་དོ། །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དེ་ནས་དབང་རྣམས་ཀྱི་སྔོན་དུ་འགྲོ་བ་ཐེག་པ་རིམ་དགུའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་མ་འཕགས་པ་བླ་མ་དགོངས༔ ཐེག་པའི་དབང་གི་ལམ་མཆོག་ཆེ༔ རིམ་པ་དགུ་ཡིས་འཇུག་པའི་དོན༔ སྐལ་ལྡན་བདག་ལ་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། ཉན་ཐོས་ཆས་ཆོས་གོས་རྣམ་གསུམ། འཁར་གསིལ་ལྷུང་བཟེད། རང་རྒྱལ་ཐོད་པ། བྱང་སེམས་གདུགས། དུང་། པུསྟི་རྣམས་གཏད་ལ། ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བདེན་པ་བཞི་ཡི་དབང་སྦྱིན་པས༔ ཉན་ཐོས་ཚིག་གི་དབང་ཐོབ་ནས༔ ཉོན་མོངས་འདོད་ཆགས་དག་པར་ཤོག༔ རང་རྒྱལ་རྟེན་འབྲེལ་དབང་སྦྱིན་པས༔ ཉོན་མོངས་ང་རྒྱལ་དག་པར་ཤོག༔ བྱང་སེམས་སྨོན་འཇུག་དབང་སྦྱིན་པས༔ ཉོན་མོངས་ཞེ་སྡང་དག་པར་ཤོག༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་འདིས༔ མཐར་ཐུག་དོན་གྱི་འབྲས་བུ་ནི༔ སྤྲུལ་པའི་སྐུ་རུ་སྨིན་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀྲི་ཡའི་བུམ་པ། ཨུ་པ་ཡའི་ཕྲེང་བ། ཡོ་གའི་རྡོ་རྗེ་དྲིལ་བུ་གཏད་ལ། ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀྲི་ཡ་བསྐྱེད་པའི་དབང་སྦྱིན་པས༔ འབག་རྩོག་དྲི་མ་དང་བྲལ་ཞིང༔ ཉོན་མོངས་གཏི་མུག་དག་པར་ཤོག༔ ཨུ་པ་གཉིས་ལྡན་དབང་བྱིན་པས༔ ཉོན་མོངས་ཕྲག་དོག་དག་པར་ཤོག༔ ཡོ་ག་བྱང་ཆུབ་དབང་སྦྱིན་པས༔ ཉོན་མོངས་ཁོང་ཁྲོ་དག་པར་ཤོག༔ ཀྲི་ཡ་ཨུ་པ་ཡོ་ག་ཡི༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་འདིས༔ མཐར་ཐུག་དོན་གྱི་འབྲས་བུ་ནི༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མ་ཧཱ་ཡོ་གའི་རུས་རྒྱན་གྲི་ཐོད་ཁ་ཊྭཱཾ། ཨ་ནུའི་བྱང་སེམས་དཀར་དམར། ཨ་ཏིའི་ཤེལ་རྡོ་གཏད་ལ། ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཏིང་འཛིན་རྣམ་གསུམ་དབང་བྱིན་པས༔ བསྐྱེད་རིམ་ལྷ་ལ་དབང་འབྱོར་ནས༔ ཉོན་མོངས་རྣམས་ནི་གནས་དག་ཤོག༔ ཨ་ནུ་དབྱིངས་རིག་དབང་བྱིན་པས༔ ཉོན་མོངས་རང་གྲོལ་དབང་ཐོབ་ཤོག༔ ཨ་ཏི་མཐའ་བྲལ་དབང་བྱིན་པས༔ འཁོར་འདས་དབྱེར་མེད་རང་གྲོལ་ཤོག༔ མ་ཧཱ་ཨ་ནུ་ཨ་ཏིའི་དབང༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་འདིས༔ མཐར་ཐུག་དོན་གྱི་འབྲས་བུ་ནི༔ ཆོས་ཀྱི་སྐུ་རུ་སྨིན་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། ཚུལ་དེ་ལྟ་བུའི་དབང་གིས་ཐེག་པ་རྣམས་ཀྱི་འཇུག་སྒོ་ལ་དྲང་བའི་དགོས་པ་ཡོད་དོ། །དེ་ནས་དངོས་གཞིའི་རིམ་པར་བྱ་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་བཏགས་གྲོལ་བཀའ་སྲུང་བཀའ་གཏད་རྣམས་ལས་ཐོག་མར་སྤྲོས་བཅས་བུམ་དབང་རྗེས་འབྲེལ་བཅས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། བླ་མ་འཕགས་པ་སྤྱན་རས་གཟིགས༔ དུས་གསུམ་རྒྱལ་བ་ཀུན་གྱི་དངོས༔ ཐར་པའི་ཐེམ་སྐས་ཆེན་པོ་ཡིས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་དབང་སྟེགས་སེང་གེའི་ཁྲི་སྟེང་དུ་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུའི་རྣམ་པས་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་དབང་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་སྒོ་གསུམ་ལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ འགྲོ་བ་འདུལ་བྱེད་བུམ་པས་དབང་བསྐུར་རོ༔ ཡེ་ཤེས་དབང་བཅུ་དག་ལ་དབང་བྱས་ཏེ༔ ཉོན་མོངས་དུག་ལྔ་དག་ལས་རབ་རྒྱལ་ནས༔ འགྲོ་ཀུན་གཞན་དོན་དག་ལ་འགོད་པར་ཤོག༔ ཨོཾ་ཀ་ལཱ་ཤ་མ་ཧཱ་མུ་དྲ་སརྦ་གུ་ཎ་སིདྡྷི་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་ཆུ་ངག་ཏུ་བླུད་ལ། ཧཱུྃ༔ བདུད་རྩིའི་ཆུ་རྒྱུན་དག་པའི་དབང་བསྐུར་བས༔ སྐྱེ་འགྲོ་ཀུན་སྐྱོབ་བདུད་རྣམས་ཀུན་འཇོམས་ཤིང༔ ཐུགས་རྗེ་ཆེན་པོའི་ཡོན་ཏན་རབ་རྫོགས་ནས༔ ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་པཱ་ཎི་མ་ཎི་གྷ་ཏྲུ་ཝཱ་ཀ་ཨ་བྷི་ཥིཉྩ་ཏྲཱཾ༔ བུམ་པ་སྙིང་གར་བཞག་སྟེ། ཧྲཱི༔ བརྗོད་མེད་ཁྱབ་བརྡལ་དམིགས་མེད་ཆོས་ཀྱི་སྐུ༔ སྙིང་རྗེ་བྱང་སེམས་གཞན་ཕན་མཆོག་གི་ལམ༔ འགྲོ་ཀུན་འདུལ་མཛད་སངས་རྒྱས་སྟོང་གི་སྐུ༔ བརྗོད་བྲལ་ཏིང་འཛིན་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་ཨཱ་བྷི་ཥིཉྩ་ཧཱུྃ༔ ཞི་རྒྱན་རྣམས་གནས་སོ་སོར་བགོ །ཕྱག་མཚན་རྣམས་ཕྱག་ཏུ་གཏད་ནས་མངའ་གསོལ་བར་མོས་ཤིག །དབུ་རྒྱན་བཀོན། སྙན་རྒྱན་ཕྲེང་བ་སོགས་གཏད་ལ། ཧཱུྃ༔ སངས་རྒྱས་རིགས་ལྔ་བཅོམ་ལྡན་འདས༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་དམ་ཚིག་གནས༔ རིན་ཆེན་དབུ་རྒྱན་དབང་བསྐུར་རོ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ ཕྲེང་བ་སྙན་ཆ་མགུལ་ཆུ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ སྟོད་གཡོགས་སྨད་གཡོགས་གདུ་བུ་སོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་གྱི་དབང་སྟེ། རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང༔ རལ་གྲི་ཨུཏྤལ་འཁོར་ལོ་ཉི་ཟླ་དང༔ ཤེས་རབ་རལ་གྲི་སྡེ་སྣོད་གླེགས་བམ་དང༔ ཤེལ་ཕྲེང་སྤྱི་བླུགས་སྣ་ཚོགས་རྡོ་རྗེ་དང༔ དྲིལ་བུ་མཁར་གསིལ་ལྷུང་བཟེད་མཆོད་རྟེན་དང༔ པདྨའི་ཆུན་པོ་རྣམས་ཀྱིས་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་མུ་དྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་རྫས་སྨན་རཀ་གཏོར་མའི་དབང་བསྐུར་བས་བརྟེན་སྒྲུབ་མཆོད་པའི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་འབྱོར་པར་མོས་ཤིག །སྨན་རཀ་གཏོར་གསུམ་གཏད་ལ། ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ སྙིང་པོས་དུག་འཇོམས་སྐུ་ལྔ་བསྐྱེད༔ གཉིས་མེད་ཆོས་ཉིད་རོལ་པར་སྦྱོར༔ ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཉོན་མོངས་འདོད་ཆགས་རྣམ་པར་དག༔ རྒྱུ་དྲུག་ཀུན་གྲོལ་ཁམས་གསུམ་དབང༔ བདེ་མཆོག་བདེ་སྤྱོད་རཀྟ་ཡིས༔ སྲིད་གསུམ་སྡུད་པའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་སྣོད་བྷནྡྷ་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་ཡེ་ཤེས་ལྔ༔ འཕགས་པའི་སྐུ་དང་གཉིས་སུ་མེད༔ རྣམ་དག་བདུད་རྩི་མཆོད་པའི་རྫས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་དུ་བཞུགས་པའི་བསྐལ་བཟང་སངས་རྒྱས་སྟོང་རྩའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་རྒྱལ་བ་དེ་དག་དང་དབྱེར་མེད་པའི་སྤང་རྟོགས་ཡོན་ཏན་ཕུན་སུམ་ཚོགས་པར་བྱིན་གྱིས་རླབས་པར་མོས་ཤིག །སངས་རྒྱས་སྟོང་གི་ཙཀླི་རིམ་པར་མགོར་བཞག་ལ། ༼༡༽སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ༔ འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༔ ཤཱཀ་ཐུབ་བྱམས་པ་སེང་གེ་རབ་གསལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༽སངས་རྒྱས་ཐུབ་པ་མེ་ཏོག་མེ་ཏོག་གཉིས༔ སྤྱན་ལེགས་དེད་དཔོན་ལག་ཆེན་སྟོབས་ཆེན་དང༔ རྒྱུ་སྐར་རྒྱལ་པོ་རྩི་སྨན་སྙན་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༽སངས་རྒྱས་ཏོག་དང་འོད་ཆེན་གྲོལ་ཕུང་སྡེ༔ རྣམ་སྣང་ཉི་སྙིང་ཟླ་བ་འོད་འཕྲོ་དང༔ འོད་བཟང་མྱ་ངན་མེད་དང་སྐར་རྒྱལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༽སངས་རྒྱས་རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད༔ དོན་གཟིགས་མར་མེ་སྤོས་འབྲུ་མཐུ་ལྡན་དང༔ སྨན་པ་དེས་པ་མཛོད་སྤུ་བརྟན་ལྡན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༽སངས་རྒྱས་ལྷ་དཔལ་གདུལ་དཀའ་ཡོན་ཏན་རྒྱལ༔ སྒྲ་གཅན་ཚོགས་ལྡན་ཚངས་དབྱངས་ཚིག་བརྟན་དང༔ མི་འགྱིང་འོད་མཛད་ལྷུན་པོ་ཆེན་པོ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༽སངས་རྒྱས་རྡོ་རྗེ་སྟོབས་ཆེན་མི་བསྙེངས་དང༔ རིན་ཆེན་པད་སྤྱན་སྟོབས་སྡེ་མེ་ཏོག་འོད༔ ཤེས་དགྱེས་གཟི་ཆེན་བཅོམ་ལྡན་ཚངས་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༽སངས་རྒྱས་འོད་དཔག་མེད་དང་ཀླུ་སྦྱིན་དང༔ བརྟན་གཤེགས་དོན་ཡོད་བརྩོན་སྦྱིན་བཟང་སྐྱོང་དང༔ དགའ་བོ་འཆི་མེད་སེང་རྒྱལ་རྒྱལ་བ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༽སངས་རྒྱས་ཆོས་ལྡན་མཆོག་དགའ་ཁ་ལོ་སྒྱུར༔ དགྱེས་གཤེགས་ཆུ་ལྷ་ཡོན་ཏན་ལག་དང་ནི༔ སྤོས་གླང་རྣམ་གཟིགས་འབྲུག་སྒྲ་ལེགས་སེམས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༽སངས་རྒྱས་ཡིད་བཟང་དྲི་མེད་ཟླ་བ་དང༔ གྲགས་ཆེན་གཙུག་ན་ནོར་བུ་དྲག་ཤུལ་དང༔ སེང་སྟབས་ལྗོན་པ་རྣམ་རྒྱལ་ཤེས་རབ་བརྩེགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༠༽སངས་རྒྱས་ལེགས་གནས་བློ་གྲོས་ཡན་ལག་སྐྱེས༔ མཐའ་ཡས་བློ་དང་གཟུགས་བཟང་མཁྱེན་ལྡན་དང༔ རྣམ་གྲོལ་མུན་བྲལ་སྒྲ་གཅན་རྒྱལ་མཚན་མཚོ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༡༽སངས་རྒྱས་ཚོགས་ཅན་རིན་སྙིང་ཤིན་མཐོར་གཤེགས༔ སྐར་རྒྱལ་རུ་རིང་ཉི་ཟླ་ཡོན་ཏན་གྲགས༔ ཉི་འོད་དང་ནི་སྐར་མཁན་སེང་ཏོག་ལེགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༢༽སངས་རྒྱས་དུས་མཁྱེན་དཔལ་སྙིང་སྲིད་མཐའ་གཟིགས༔ གཟི་བརྗིད་བརྟུལ་ཞུགས་བཀྲ་ཤིས་བདེན་པའི་ཏོག༔ པད་མ་སྲེད་མེད་བུ་དང་ལག་བཟང་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༣༽སངས་རྒྱས་ཡེ་འབྱུང་འོད་འཕྲོ་ཚངས་སྦྱིན་དང༔ རིན་འབྱུང་མེ་ཏོག་དོན་སེམས་ཆོས་ཀྱི་དབང༔ བློ་གྲགས་དང་ནི་སྤོབས་བརྩེགས་རྡོ་རྗེ་རྒྱལ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༤༽སངས་རྒྱས་ཕན་བཞེད་བསོད་ནམས་འོད་གློག་འོད༔ སེང་བྱིན་མི་ཐུབ་མཆོག་དགའ་བརྩོན་འགྲུས་བརྟན༔ གྲགས་རྫོགས་བསྙེངས་བྲལ་བཅོམ་ལྡན་མཆོད་འོས་ལྷ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༥༽སངས་རྒྱས་སྒྲོན་ཆེན་འཇིག་རྟེན་འོད་སྤོས་དྲི༔ ཡོན་འཛིན་མུན་བྲལ་སེང་འགྲམ་རིན་ཆེན་གྲགས༔ སྐྱོན་ཞི་བདུད་རྩི་འཆང་དང་མིའི་ཟླ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༦༽སངས་རྒྱས་ཤིན་གཟིགས་རབ་བརྒྱན་ནོར་འོད་དང༔ ཆོས་འབྱུང་དོན་ངེས་ཚེས་བྱིན་རིན་ཆེན་འབྱུང༔ སྐྱེ་དབང་མཚུངས་པ་སྟབས་གཤེགས་བློ་གནས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༧༽སངས་རྒྱས་གདུགས་མཛེས་གཙོ་བོ་ཤིན་ཏུ་འཕགས༔ སེང་སྒྲ་རྣམ་རོལ་ཀླུ་འོད་མེ་ཏོག་རི༔ ཀླུ་དགའ་སྤོས་དབང་ཤིན་ཏུ་གྲགས་རྣམས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༨༽སངས་རྒྱས་སྟོབས་ལྷ་ཡོན་ཏན་ཕྲེང་ཀླུ་ལག༔ མིག་བརྒྱན་ཁྲིམས་གསལ་མཐའ་ཡས་སྤྱན་བདེན་གསུང༔ ཟིལ་གནོན་ཡེ་ཤེས་ཉི་འོད་ངེས་བློ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༩༽སངས་རྒྱས་རྣམ་སྣང་རིན་ཏོག་མཐའ་ཡས་གཟུགས༔ ཐེ་ཚོམ་སྤངས་དང་དོན་ཡོད་འཇིག་རྟེན་འདས༔ རྟོགས་མཛད་མེ་ཏོག་རི་རྒྱལ་གཟི་བརྗིད་ཆེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༠༽སངས་རྒྱས་དོན་མཛད་གྲགས་མཐའ་རིན་ཆེན་ལྷ༔ དོན་མཁྱེན་བློ་རྫོགས་མྱ་ངན་མེད་དྲི་བྲལ༔ ཚངས་ལྷ་ས་དབང་མེ་ཏོག་སྤྱན་ལེགས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༡༽སངས་རྒྱས་རྣམ་འབྱེས་ཆོས་འོད་ཀུན་ཏུ་གཟིགས༔ ཡོན་འོད་ཟླ་ཞལ་རིན་འོད་རིན་ཆེན་ཏོག༔ གྲགས་བླ་འོད་བྱེད་གཟི་བརྗིད་དཔག་མེད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༢༽སངས་རྒྱས་དུས་མཁྱེན་སེང་སྐུ་མཁས་བློ་སྟེ༔ རྒྱལ་དཀའ་ཡོན་ཕུང་ཟླ་ཏོག་མཐུ་ཐོབ་དང༔ མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༣༽སངས་རྒྱས་དོན་གཟིགས་དཔའ་བོ་འབྱོར་ལྡན་དང༔ བསོད་ནམས་སྒྲོན་མ་ཡོན་ཏན་འོད་བློ་ཡངས༔ ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤངས་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༤༽སངས་རྒྱས་དཔག་མེད་མཆོག་སྲེད་ཚོམས་མེད་དང༔ མི་གནས་དེར་གནས་ཚོགས་ཆེན་འགྲོ་བའི་འོད༔ ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༥༽སངས་རྒྱས་དོན་བློ་སྨན་རྒྱལ་ཐ་བ་སྤངས༔ རིམས་མེད་ལེགས་བྱིན་གྲགས་བྱིན་མེ་ཏོག་བྱིན༔ སྐྱེས་བྱིན་ཕལ་ཆེན་བྱིན་དང་རྡོ་རྗེའི་སྡེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༦༽སངས་རྒྱས་ཞིང་བློ་སྤོས་གླང་སྲེད་མེད་བུ༔ དེས་པ་མི་ཚུགས་ཉི་ཟླ་གློག་གི་ཏོག༔ མཆོད་པ་དཔལ་སྦས་ཡེ་ཤེས་ཉི་མ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༧༽སངས་རྒྱས་དོན་གྲུབ་ལྷུན་བརྩེགས་དགྲ་འདུལ་དང༔ པདྨ་གྲགས་པ་ཡེ་ཤེས་ཉོན་མོངས་བྲལ༔ འདམ་བུ་སྤོས་བཟང་ཡུལ་འཁོར་རངས་རྣམས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༨༽སངས་རྒྱས་ལྷ་གྲགས་སྲིད་མཐའ་གཟིགས་ཟླ་བ༔ སྒྲ་གཅན་རིན་ཟླ་སེང་རྒྱལ་བསམ་གཏན་དགྱེས༔ རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༢༩༽སངས་རྒྱས་དགྲ་བཅོམ་སད་ངོས་མཛོད་སྤུ་ལྡན༔ སྤོབས་གྲགས་རྡོ་རྗེ་ནོར་བུ་ཚེ་དཔག་མེད༔ དབང་ཆེན་ཡོན་ཏན་འབྱུང་དང་ལྷུན་པོ་གྲགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༠༽སངས་རྒྱས་འོད་བཅུ་མ་སྨད་གླང་པོའི་འགྲོས༔ ཡིད་འཐད་རིན་ཟླ་ཞི་བ་རབ་གསལ་རྒྱལ༔ དགའ་དབང་གཙུག་ན་རིན་ཆེན་ཁ་ལོ་བསྒྱུར༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༡༽སངས་རྒྱས་བསྙེངས་བྲལ་བཟང་པོ་སྒྲ་གཅན་ལྷ༔ ལྷ་དགའ་རིན་ཕུང་མཛེས་གཤེགས་སེང་ཕྱོགས་དང༔ སྐྱེ་དབང་ཤིན་ཏུ་མཐོར་གཤེགས་བློ་གྲོས་བཟང༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༢༽སངས་རྒྱས་སྐལ་ལྡན་གཟི་བརྗིད་འཇིག་རྟེན་འོད༔ ཀུན་རྒྱལ་དགའ་བ་སྟེགས་མཛད་སྤོས་ཀྱི་གླང༔ བློ་གྲོས་འོད་རྒྱལ་སྤོས་བཟང་རི་བོ་རྒྱལ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༣༽སངས་རྒྱས་ཆོས་བརྟན་དྲག་ཤུལ་ཆོས་ཀྱི་ནོར༔ བཟང་བྱིན་ཟླ་བ་ཚངས་དབྱངས་དཔལ་དང་ནི༔ སེང་གེ་ཟླ་རྒྱལ་ལེགས་སྐྱེས་ཐུབ་མེད་ཚོགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༤༽སངས་རྒྱས་བཤེས་གཉེན་བདེན་པ་དཀའ་ཐུབ་ཆེ༔ ལྷུན་འོད་ཚལ་ཆེན་ཆོས་གྲགས་ཡོན་ཏན་བརྩེགས༔ སྦྱིན་འོད་དང་ནི་གློག་འབྱིན་བདེན་གསུང་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༥༽སངས་རྒྱས་འཚོ་བྱེད་ལེགས་ཚོགས་ན་ཚོད་བཟང༔ རྣམ་ངེས་ནོར་སྤོས་རྒྱལ་དགྱེས་སེང་གེའི་འོད༔ རྣམ་སྣང་རིན་ཆེན་གྲགས་མཆོག་ཐུགས་རབ་གཞུངས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༦༽སངས་རྒྱས་ནོར་བུ་འོད་ཟེར་བརྟུལ་ཐུབ་མེད༔ འགྲོས་མཆོད་ནོར་ཚོགས་བླ་མ་གླང་ཆེན་སེང༔ ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༧༽སངས་རྒྱས་རྒྱ་མཚོ་འོད་ལྡན་རབ་ཏུ་ཞི༔ འཇིག་རྟེན་ཤུགས་བཅུ་སྟབས་དགྱེས་མྱ་ངན་མེད༔ མཐུ་དཔལ་མཐུ་ཐོབ་མཐུ་ཆེན་རྒྱལ་བ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༨༽སངས་རྒྱས་ཡོན་སྙིང་བདེན་སྤྱོད་དགེ་མཆོག་དང༔ སྐར་རྒྱལ་འོད་ཆེན་གློག་འོད་ཡོན་ཏན་ཆེ༔ རིན་ཆེན་དཔལ་འོད་གོ་ཆ་བགོས་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༣༩༽སངས་རྒྱས་སེང་ཕྱག་རིན་ཆེན་མེ་ཏོག་བཟང༔ རྒྱ་མཚོ་ས་འཛིན་དོན་བློ་ཡོན་ཏན་བསགས༔ ཡོན་ཚོགས་འཇིག་རྟེན་འདས་པ་རིན་ཆེན་མེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༠༽སངས་རྒྱས་ཟླ་བ་དབྱངས་སྙན་ཚངས་ཏོག་དང༔ ཚོགས་ཅན་སེང་སྟབས་ཆོས་དབང་དྲག་ཤུལ་སྦྱིན༔ གཟི་བརྗིད་འོད་དང་འོད་ཆེན་རིན་ཆེན་གྲགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༡༽སངས་རྒྱས་ཚོགས་གསལ་གྲགས་མཐའ་འོད་དོན་ཡོད༔ དྲང་སྲོང་སྐྱེ་དབང་དགེ་འདུན་བརྟན་པ་དང༔ ཕྱོགས་བཟང་ཏོག་དང་ཡུལ་འཁོར་མེ་ཏོག་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༢༽སངས་རྒྱས་ཆོས་བློ་རླུང་ཤུགས་ལེགས་བསམ་གྲགས༔ སྣང་ལྡན་ལྷ་ཚོགས་བསྲུངས་པ་དོན་གྱི་བློ༔ བསྙེངས་མེད་གྲོགས་བརྟན་འོད་གནས་མཚུངས་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༣༽སངས་རྒྱས་ནོར་ཞབས་ཐར་པ་ངོས་བཟང་དང༔ བློ་བཟང་ཀུན་གཟི་ཚངས་གནས་ཡེ་ཤེས་མཆོག༔ བཅོམ་ལྡན་བདེན་གསུང་བློ་བཟང་སྟོབས་བྱིན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༤༽སངས་རྒྱས་སེང་སྟབས་མེ་ཏོག་ཡེ་ཤེས་འབྱུང༔ མེ་ཏོག་བྱིན་དང་ཡོན་སྙིང་རིན་ཆེན་གྲགས༔ རྨད་བྱུང་མི་ཚུགས་བསྙེངས་མེད་ཉི་མའི་འོད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༥༽སངས་རྒྱས་ཚངས་གཤེགས་ལྷ་མཐུ་ཡེ་ཤེས་དགྱེས༔ ལྷ་བདེན་ནོར་བུ་ཡོན་གྲགས་ཡེ་ཤེས་དཔལ༔ བཅིངས་མེད་བརྟུལ་ཞུགས་བརྟན་པ་ལྷའི་གཟི་བརྗིད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༦༽སངས་རྒྱས་ཚངས་ཐུབ་དལ་བཞུད་བརྟུལ་ཞུགས་ཐུབ༔ འོད་ཕུང་གཟི་ཆེན་དགའ་མཛད་ཙམ་པ་ཀ༔ ཚོགས་བཟང་དབང་པོའི་རྒྱལ་མཚན་དགྱེས་ཆེན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༧༽སངས་རྒྱས་སྣ་འོད་ཚོགས་འོད་སྐྲུན་མཛད་དང༔ མདངས་འགྲོ་དོན་ངེས་ཁྱུ་མཆོག་བློ་ལག་བཟང༔ འོད་ཆེན་བསམ་པས་བྱིན་དང་བསོད་ནམས་འོད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༨༽སངས་རྒྱས་རིན་དབྱངས་འབྱོར་ལྡན་རྡོ་རྗེའི་སྡེ༔ སེང་སྟོབས་དྲི་མེད་འོད་སྲུངས་སྤྱན་བློ་གསལ༔ གཟི་བརྗིད་དྲག་ཤུལ་འོད་ཆེན་ཡེ་ཤེས་འགྲོས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༤༩༽སངས་རྒྱས་ཉི་འོད་རྣམ་འབྱེས་དྲི་མེད་འོད༔ ཁེངས་མེད་ཟླ་འོད་གློག་འབྱིན་སྦྲང་རྩིའི་ཞལ༔ རབ་ཞིར་གཤེགས་པ་མི་འཁྲུགས་དགྲ་བཅོམ་གྲགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༠༽སངས་རྒྱས་ཆོས་ཡོན་ཞིང་བཟང་བཀོད་པའི་རྒྱལ༔ མངོན་འཕགས་སྦྱིན་འོད་པད་དཔལ་རིན་ཆེན་བཀོད༔ ཤིན་ཏུ་བཟང་པོ་རིན་མཆོག་ཐུགས་གཞུངས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༡༽སངས་རྒྱས་མཚོས་བྱིན་ཚངས་ཏོག་ཟླ་གདུགས་དང༔ འོད་འཕྲོ་དྲི་མེད་ཡེ་ཤེས་གྲགས་ཀུན་རྒྱལ༔ ཡོན་ཏན་འོད་དང་ཟླ་གྲགས་ཟླ་རྒྱས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༢༽སངས་རྒྱས་པད་འོད་བརྟུལ་ཞུགས་བཟང་སྒྲོན་རྒྱལ༔ གློག་ཏོག་འོད་རྒྱལ་སྐར་མཁན་གྲགས་རྫོགས་དང༔ པད་སྙིང་དང་ནི་རྒྱལ་དང་སྤྱན་མཛེས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༣༽སངས་རྒྱས་རྙོག་མེད་དྲག་སྡེ་བསོད་ནམས་བརྗིད༔ རྩལ་ཆེན་ཐོགས་མེད་སྒྲ་གཅན་ཡེ་ཤེས་ཕུང༔ ཁ་ལོ་སྒྱུར་བ་སྐྱེ་དབང་མེ་ཏོག་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༤༽སངས་རྒྱས་སྒྲ་འཛིན་རྩི་ཆེན་སྐར་རྒྱལ་དང༔ སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང༔ རྣམ་གྲགས་ཉི་ཟེར་ཆོས་མཛོད་བློ་གྲོས་བཟང༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༥༽སངས་རྒྱས་ཡོན་མཚུངས་ཤེར་བརྩེགས་རྡོ་རྗེའི་སྡེ༔ ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག༔ འབྲུག་སྒྲ་མངོན་ཤེས་ཏོག་དང་ཏོག་འོད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༦༽སངས་རྒྱས་དགེ་བ་ཚངས་པ་སྐྱེས་མཆོག་དང༔ སྤྱན་སྡུག་ཀླུས་སྦྱིན་བདེན་ཏོག་བརྒྱན་པ་དང༔ ཞུམ་མེད་དབྱངས་དང་རིན་འོད་དབྱངས་བྱིན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༧༽སངས་རྒྱས་སེང་གེ་འོད་ཟེར་ཡེ་ཤེས་དཔའ༔ པད་སྙིང་མེ་ཏོག་རྒྱས་དང་མཐུ་རྩལ་སྟོབས༔ འདིར་མདོ་སྡེ་བསྐལ་བཟང་ལས་བདེ་གཤེགས་བསོད་ནམས་ཕུང་པོ་ཞེས་འབྱུང་།་་་བདེ་གཤེགས་གཟུགས་མཆོག་སྐར་མཁན་ཟླ་བ་སྒྲོན༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༨༽སངས་རྒྱས་གཟི་ཕུང་བྱང་རྒྱལ་མི་ཟད་དང༔ མངོན་རྟོགས་ཡན་ལག་ཡུལ་འཁོར་ཤེས་རབ་མཆོག༔ གཟི་བརྗིད་ཚིམས་མཛད་ཤེས་བྱིན་འཇམ་དབྱངས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༥༩༽སངས་རྒྱས་མགོན་པོ་ཆགས་མེད་གཙོ་བོས་བྱིན༔ གཙོ་བོ་ཡེ་ཤེས་མཐུ་རྩལ་འོད་འཕྲོ་དང༔ དབང་པོ་ཤུགས་འཆང་སྐར་རྒྱལ་འོད་བཟང་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༠༽སངས་རྒྱས་གྲགས་བྱིན་གཟུགས་བཟང་རྒྱལ་པོ་དང༔ དོན་གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ༔ གྲགས་པ་རྒྱལ་བ་རྒྱ་ཆེན་བསོད་ནམས་འོད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༡༽སངས་རྒྱས་སྨྲང་འདོན་སྒྲོན་རྒྱལ་ཡེ་ཤེས་བརྩེགས༔ ལྷ་མཆོག་ས་བདག་གྲོལ་བརྙེས་གཙུག་གསེར་དང༔ སྒྲ་གཅན་བཟང་པོ་ཐུབ་དཀའ་ཐུབ་གསལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༢༽སངས་རྒྱས་ཟླ་འོད་གསེར་འོད་ཡོན་ཏན་དབང༔ ཆོས་གདུགས་བསོད་ནམས་ཆགས་མེད་ཡེ་ཤེས་དང༔ བློ་ཞིབ་གཟི་བྱིན་ཐམས་ཅད་རྩི་སྨན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༣༽སངས་རྒྱས་རྣམ་གྲོལ་འོད་མཛོད་ཡེ་ཤེས་རྒྱལ༔ འཇིགས་མཛད་ཆུ་བོ་ཐོགས་མེད་བདེན་པའི་ཕུང༔ དབྱངས་སྙན་རི་དབང་མཚུངས་དང་ཆོས་བརྩེགས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༤༽སངས་རྒྱས་ཐར་པ་ལེགས་མཛད་རབ་ཞིའི་སྐུ༔ ཡིད་འོངས་བློ་སྦྱངས་ཆུ་ལྷ་སེང་གེའི་ལོགས༔ ཆོས་ཀྱི་མཐུ་རྩལ་སྐལ་བཟང་མི་འཁྲུགས་མདོག༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༥༽སངས་རྒྱས་གཟི་རྒྱལ་རྟོགས་མཛད་སྤྱན་ལེགས་དང༔ དོན་གནས་སྣང་འོད་སྤོས་གཟི་ཀུན་དགའ་མཛད༔ དོན་ཡོད་གཤེགས་དང་ཁྲོ་བཅོམ་གཟུགས་མཆོག་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༦༽སངས་རྒྱས་ལེགས་གཤེགས་རབ་སྦྱིན་འོད་གཙང་དང༔ ལྷ་ཉི་ཤེས་བྱིན་མཉམ་གཞག་གཟི་མདངས་དང༔ རྒྱལ་རིགས་སྐལ་ལྡན་ཤིང་རྟ་གསེར་མཆོག་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༧༽སངས་རྒྱས་རྣམ་གྲོལ་ཆོས་ལྡན་སྤོས་གནས་དང༔ དྲེགས་སྤངས་ཚངས་གཤེགས་ཙན་དན་ཡེ་ཤེས་མཛོད༔ མྱ་ངན་མེད་པ་སེང་འོད་ཡུལ་འཁོར་ཏོག༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༨༽སངས་རྒྱས་པད་སྙིང་མཐའ་ཡས་ལྷ་ཡི་འོད༔ ཤེས་རབ་མེ་ཏོག་མཁས་པ་ཡེ་ཤེས་འབྱོར༔ ཚངས་དབྱིག་ཕྱག་རིན་དབང་ལྡན་རྫོགས་པར་གསུང༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༦༩༽མཆོག་གསུང་མཆོད་འོས་ཉི་མ་འདམ་ལས་བརྒལ༔ ཡེ་ཤེས་བརྙེས་པ་གྲུབ་པ་རྨ་བྱ་དང༔ ཆོས་སྦྱིན་ཕན་བཞེད་གྲགས་པ་ཡེ་ཤེས་ལྡན༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༠༽སངས་རྒྱས་འོད་དྲྭ་མེ་ཏོག་བཻ་ཌཱུར་སྙིང༔ ལྷ་རྒྱལ་ཟླ་བ་དྲན་འོད་དགེ་འོད་དང༔ ཡོན་མཆོག་ཀུན་འོད་རིན་དཔལ་སྐྱེས་བུ་ཟླ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༡༽སངས་རྒྱས་སྒྲ་གཅན་བདུད་རྩི་འཇིག་རྟེན་མཆོག༔ སྐར་འོད་ཞི་སྟབས་ཡེ་ཤེས་རྒྱ་མཚོ་དང༔ རི་དབང་རབ་ཞི་ལྷ་དབང་ཡོན་ཏན་སྟོབས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༢༽སངས་རྒྱས་དབྱངས་སྙན་ངོས་བཟང་དོན་གནས་དང༔ ཡོན་ཏན་གཟི་དཔལ་མཁྱེན་ཟླ་ང་རོ་ཆེ༔ འོད་བཟང་ཐུགས་གཞུངས་དོན་དགོངས་དབྱངས་ཡན་ལག༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༣༽སངས་རྒྱས་མཆོག་མཛེས་ཞི་དོན་སྐྱོན་མེད་དང༔ བློ་སྦྱངས་པད་མཛོད་འོད་བཟང་སྤོབས་པའི་མཆོག༔ སྟེགས་བཟང་ཚོགས་ཀྱི་དབང་པོ་བསྙེངས་བྲལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༤༽སངས་རྒྱས་ཡེ་ཤེས་བཞེད་དང་སྤོབས་ཅན་དང༔ བློ་མཆོག་ཟླ་བ་ཟླ་འོད་བསྙེངས་མེད་དང༔ གཟིགས་པ་ཚངས་དབྱངས་དབྱངས་བཟང་ཤེས་རབ་ཆེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༥༽སངས་རྒྱས་བློ་གྲོས་རྡོ་མཁྲེགས་བྱང་ཆུབ་བློ༔ ལྗོན་དབང་གདངས་སྙན་བསོད་སྟོབས་མཐུ་དཔལ་དང༔ འཕགས་དགྱེས་དང་ནི་མཐུ་སྟོབས་སྐར་དགྱེས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༦༽སངས་རྒྱས་རྔ་སྒྲ་སྤྱན་སྡུག་ཡེ་ཤེས་བཟང༔ འབྱོར་ལྡན་ཡོན་ཕུང་གསལ་བ་ཆོས་རྒྱལ་མཚན༔ ཡེ་ཤེས་ང་རོ་ནམ་མཁའ་མཆོད་སྦྱིན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༧༽སངས་རྒྱས་རྣམ་འགོད་འོད་བརྗིད་དྲང་སྲོང་དབང༔ བློ་ལྡན་སྤོབས་པ་མཆོད་བཟང་ཟླ་ཞལ་དང༔ ཤིན་ཏུ་གཟིགས་པ་རྡུལ་བྲལ་ཡོན་ཏན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༨༽སངས་རྒྱས་ཏོག་ལྡན་ཡུལ་འཁོར་རིན་ཆེན་བྱིན༔ ཟླ་དགྱེས་ཁེངས་མེད་སེང་སྟོབས་དབང་སྒྱུར་རྒྱལ༔ རྩི་གསལ་བསམ་གཏན་སྙོམས་པ་འཁྲུགས་མེད་གཏེར༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༧༩༽སངས་རྒྱས་དྲི་ཞི་མ་བསླད་མཛེས་པ་དང༔ ཞལ་བཟང་ཤུགས་གནས་གསུང་དབང་གཟི་བརྗིད་ཆེ༔ བློ་གྲོས་ཟབ་མོ་བདུད་རྩི་ཆོས་སྟོབས་ཆེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༠༽སངས་རྒྱས་མཆོད་ལྡན་ཁམས་གསུམ་མེ་ཏོག་འོད༔ ཉི་སྙིང་ལྷས་མཆོད་ཐར་རྒྱལ་བདུད་རྩིའི་འོད༔ རྡོ་རྗེ་བརྟན་པ་སྣང་ལྡན་ཆེན་པོ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༡༽སངས་རྒྱས་མཛེས་གཤེགས་ཉི་གཤེགས་དག་པའི་འོད༔ འོད་ཤུགས་ཡོན་གཙུག་དཔལ་རྫོགས་སེང་སྟབས་དང༔ གྱེན་འཕགས་མེ་ཏོག་བྱིན་དང་འོད་འགྱེད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༢༽སངས་རྒྱས་པདྨ་བཀོད་མཛེས་ཡེ་ཤེས་དགྱེས༔ གཏི་མུག་མེད་གནས་རྨ་མེད་ཏོག་རྒྱལ་མཚན༔ བདེ་དགོངས་དབྱངས་ཅན་རྨུགས་མེད་ཆོ་ག་མཁྱེན༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༣༽སངས་རྒྱས་དག་མཚོ་རིན་མངའ་མི་དམའ་བ༔ དགའ་མཛད་མི་ཞུམ་དྲི་སྤངས་རྨ་བྱའི་དབྱངས༔ སྤྱོད་སྟེགས་ལྷ་མང་སྙན་བསྒྲགས་རིན་ཆེན་སྟོབས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༤༽སངས་རྒྱས་པད་བསྣམས་གཤེགས་དཔལ་དགྲ་རྒྱལ་དང༔ འབྱོར་ལྡན་ཡུལ་བཟང་མེ་ཏོག་སེང་ང་རོ༔ ཟླ་ཤར་འཇོམས་པའི་མཆོག་དང་མི་གཡོ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༥༽སངས་རྒྱས་ཕན་གཤེགས་བསོད་སྒྲོན་དབྱངས་ཀྱིས་བསྐུལ༔ གཽ་འུ་ཏ་མ་མདངས་སྟོབས་བློ་གནས་དང༔ ཟླ་བཟང་བྱང་ཆུབ་བཅོམ་ལྡན་བཀྲ་ཤིས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༦༽སངས་རྒྱས་ལེགས་སྟོན་གཟི་སྟོབས་དགེ་བའི་སྒྲོན༔ མཐུ་བརྟན་ལྷ་སྒྲ་རབ་ཞི་ཉི་མའི་ཞལ༔ ཐར་པའི་བརྟུལ་ཞུགས་ཚུལ་ཁྲིམས་བརྟུལ་ཞུགས་གནས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༧༽སངས་རྒྱས་རྡུལ་མེད་སྙིང་འཕགས་མིག་སྨན་དང༔ འཕེལ་མཛད་སྤོས་འོད་དུས་མཁྱེན་དྲན་པའི་དབང༔ ཞལ་བཟང་ཐོགས་མེད་རྒྱལ་མཚན་མཆོག་བགྲོད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༨༽སངས་རྒྱས་སྤྱོད་གསལ་རིན་དགྱེས་ཆོས་དབང་དང༔ ལྷ་རྣམས་བཤེས་གཉེན་ཆེ་དང་བཤེས་གཉེན་བཟང༔ རབ་ཞི་རྩི་བདག་ལྷུན་འོད་འཕགས་པས་བསྟོད༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༨༩༽སངས་རྒྱས་སྣང་ལྡན་གཟི་འབར་སྣང་གཟིགས་དང༔ ལེགས་སྤྱད་ལེགས་དགྱེས་རིན་འོད་མྱ་ངན་བྲལ༔ སྤྱོད་ལྡན་བསོད་ནམས་སྟོབས་དང་ཡོན་ཏན་མཚོ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༠༽སངས་རྒྱས་བདུད་འཇོམས་ཆགས་བརྒལ་མི་ཕྱེད་བློ༔ ཟླ་འོད་ཡིད་འོངས་ཚོགས་ཆེན་དགའ་འོད་དང༔ བྱང་ཆུབ་དུལ་དང་ཡེ་རིན་ཤིན་ཏུ་བསིལ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༡༽སངས་རྒྱས་ཚངས་རྒྱལ་ཡེ་ཤེས་རྫུ་འཕྲུལ་ཏོག༔ སྐྱེ་དབང་ས་དབང་ཉི་མ་ཟླ་བ་དང༔ མེ་ཏོག་འོད་དང་སྨན་བདག་མདངས་མངའ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༢༽སངས་རྒྱས་དགྱེས་པ་དགའ་སྟོབས་དབྱངས་སྙན་དང༔ ཆོས་དབང་ཚངས་དབྱངས་སྤྱོད་བཟང་འཁྲུལ་མེད་བློ༔ དབྱངས་ཆེན་དང་ནི་སྙན་གྲགས་ཏོག་ལྡན་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༣༽སངས་རྒྱས་རྣམ་གྲགས་འགྲོ་དབང་ལྗོན་པ་དང༔ རབ་ཟད་དཔག་མེད་ཟླ་བཟང་སྤོབས་མཐའ་ཡས༔ བརྟུལ་ཞུགས་བསྟར་བ་མཆོད་གནས་མྱ་ངན་བརྒལ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༤༽སངས་རྒྱས་དགེ་དགྱེས་བློ་གྲོས་དགྱེས་གཤེགས་དང༔ ཞབས་མཛེས་ཨུཏྤལ་དུལ་གནས་མཐའ་ཡས་འོད༔ དྲང་སྲོང་གསལ་བ་ཡོན་བརྩོན་སྙིང་པོ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༥༽སངས་རྒྱས་ལྷ་བདག་རིན་མཐོ་གསལ་བ་དང༔ སྐལ་ལྡན་བསོད་བློ་འོད་འཕྲོ་ཡོན་ཏན་བརྗིད༔ སེང་གེའི་སྟབས་དང་མི་གཡོ་རབ་གསལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༦༽སངས་རྒྱས་འོད་སྤྱོད་གླུ་དབྱངས་འཁོར་ལོ་འཛིན༔ དབྱིག་མཆོག་འཇིག་རྟེན་དགའ་དང་ཆོས་ཟླ་བ༔ གྲགས་མཐའ་སྤྲིན་ཏོག་ཤེས་རབ་སྤོབས་བཟང་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༧༽སངས་རྒྱས་མཁའ་དབྱངས་ལྷ་དང་ལྷ་རྒྱལ་དང༔ ནོར་གསལ་ནོར་བཟང་སྒྲོན་མ་རིན་ཆེན་དབྱངས༔ སྐྱེ་དབང་རྒྱལ་པོ་སྒྲ་གཅན་དགེ་མཛད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༨༽སངས་རྒྱས་བློ་གྲོས་རིན་གྲགས་དོན་མཛད་དང༔ མཐར་གཟིགས་མེ་ཏོག་མཛོད་ལྡན་སྤོབས་མཚུངས་མེད༔ རྣམ་འབྱེད་ང་རོ་སེང་མཆེ་མཛེས་པར་གཤེགས༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༩༩༽སངས་རྒྱས་བསོད་ནམས་ཆོས་སྒྲོན་བཀྲ་ཤིས་ལྡན༔ ཡུལ་འཁོར་སེམས་དཔའ་བློ་ལྡན་ཆོས་སྒྲོན་སྤྱན༔ ཤུགས་འདོར་སྟོབས་ཆེན་ཤེས་རབ་མེ་ཏོག་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ༡༠༠༽སངས་རྒྱས་བརྟན་དབྱངས་བདེ་ལྡན་དོན་གསུངས་དང༔ རྣམ་རྒྱལ་དབང་ཐུལ་སེམས་དཔའ་དགྱེས་གསལ་དང༔ སེང་གེའི་ཞལ་དང་གཙུག་ཕུད་སྣང་མཛད་དེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་གྱི་འཕགས་པ་ནམ་མཁའི་རྒྱལ་པོ་ཡབ་ཡུམ་དང་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །གཙོ་འཁོར་རྣམས་ཀྱི་ཙཀླིས་རིམ་པར་དབང་བསྐུར་ལ། ཧྲཱི༔ སྐྱོན་གྱིས་མ་གོས་སྐུ་མདོག་གངས་ལྟར་དཀར༔ ཞལ་གཅིག་ཕྱག་བཞི་རྒྱལ་བའི་དབུ་རྒྱན་ཅན༔ མགོན་པོ་ཐུགས་རྗེ་ཆེ་ལྡན་སྤྱན་རས་གཟིགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ལོ་ཀེ་ཤྭ་ར་པུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་བར་གཤེགས་པ་རྒྱལ་བའི་གཙུག་ཏོར་ཅན༔ ཐགས་ཤེས་ཟུང་འཇུག་གསང་བ་ཡེ་ཤེས་འཁྲིལ༔ འགྲོ་བའི་གཉེན་གཅིག་འཕགས་པ་སྤྱན་རས་གཟིགས༔ སྐལ་ལྡན་རིགས་ཀྱི་བུ་ལ༴ ལོ་ཀེ་ཤྭ་ར་གྷུ་ཧྱ་ཨ༴ སྐུ་མདོག་དམར་གསལ་པདྨ་རཱ་གའི་མདངས༔ པདྨའི་རིགས་མཆོག་པདྨ་དབང་གི་ལྷ༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ ལོ་ཀེ་ཤྭ་ར་གྷུ་ཧྱ་ཌཱ་ཀི་ནཱི་ཨ༴ ཆོས་སྐུ་འགྱུར་མེད་ནམ་མཁའ་ལྟ་བུའི་སྐུ༔ ཞལ་གཅིག་ཕྱག་གཉིས་རིགས་བདག་ཅོད་པན་ཅན༔ ཆུ་ཤེལ་མདོག་ཅན་པདྨ་དཀར་པོ་འཛིན༔ ཆོས་སྐུ་འཕགས་པ་ནམ་མཁར་སྤྱོད་པ་ཡིས༔ སྐལ་ལྡན་རིགས་ཀྱི༴ ལོ་ཀེ་ཤྭ་ར་ཁ་སར་པཱ་ཎི་ཨ༴ ཧྲཱི༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༔ གང་ལ་གང་འདུལ་དེ་ལ་དེར་སྟོན་མཛད༔ ཡུམ་ཆེན་གསང་བ་ཡེ་ཤེས་ཌཱ་ཀིས་འཁྱུད༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི༴ ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཛྙཱ་ན་གྷུ་ཧྱ་ཨ༴ ཧྲཱི༔ སྐུ་མདོག་སྔོ་ལྗང་ཨིནྡྲ་ནཱི་ལའི་མདོག༔ འཇིགས་པ་བརྒྱད་ལས་སྐྱོབ་པར་མཛད་པ་ཡི༔ ཡུམ་ཆེན་སྒྲོལ་མ་མཆོག་གི་དབང་བསྐུར་རོ༔ ཨཱརྱ་ཏཱ་ར་ཡ་ཨ༴ སྐུ་མདོག་དཀར་སེར་རིན་ཆེན་ཆུ་ཤེལ་མདོག༔ ཐུགས་རྗེས་འགྲོ་ཀུན་བརྩེ་བས་འཛིན་པ་ཡི༔ སྲས་མཆོག་ནོར་བུ་འཛིན་པའི་དབང༴ པུ་ཏྲ་མ་ཎི་ཨ༴ སྐུ་མདོག་དཀར་པོ་གངས་རི་ལྟར་མཚུངས་པ༔ ཚེ་དང་བསོད་ནམས་སྤེལ་བར་མཛད་པ་ཡི༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་དབང༴ ཨཱ་ཡུ་པུཥྚིཾ་ཨ༴ སྐུ་མདོག་དམར་གསལ་པདྨ་རཱ་གའི་མདངས༔ གསང་སྔགས་དོན་གྱི་གསང་བ་མ་ལུས་འཛིན༔ སྲས་མོ་གསང་སྔགས་འཛིན་མས་དབང༴ གྷུ་ཧྱ་མུ་ནི་ཨ༴ མིག་གི་གཟུགས་ཡུལ་སྣང་བ་གནས་དག་པ༔ སྐུ་མདོག་དཀར་པོ་རིན་ཆེན་མྱུ་གུ་བསྣམས༔ བྱང་སེམས་ས་ཡི་སྙིང་པོའི་དབང༴ ཀྵིཾ་ཧི་ར་ཙཱ་ཡ་ཨ༴ རྣ་བའི་ཡུལ་སྒྲ་གནས་སུ་དག་པ་ཡི༔ སྐུ་མདོག་སྔོན་པོ་གཅོད་བྱེད་རལ་གྲི་བསྣམས༔ སེམས་དཔའ་ནམ་མཁའི་སྙིང་པོའི་དབང༴ ཏྲཱཾ་ཨ་གརྦྷ་ཡ་ཨ༴ སྣ་ཡི་ཡུལ་དྲི་རྣམ་པར་དག་པ་ཡི༔ སྐུ་མདོག་དཀར་པོ་ཕྱག་ན་པདྨ་བསྣམས༔ འཕགས་པ་སྤྱན་རས་གཟིགས་དབང་དབང༴ ཧྲཱིཿཔདྨ་བྷ་ཏ་མ་ཨ༴ ལྕེ་ཡི་ཡུལ་རོ་བྲོ་བ་གནས་དག་པ༔ སྐུ་མདོག་ལྗང་གུ་ཕྱག་ན་དྲིལ་བུ་བསྣམས༔ སེམས་དཔའ་ཕྱག་ན་རྡོ་རྗེའི་དབང༴ ཛྲིཾ་ཀུ་རུ་པ་ཡ་ཧྲཱིང་ཨ༴ མིག་གི་དབང་པོ་ལྟ་བྱེད་གནས་དག་པ༔ སྐུ་མདོག་དམར་སྐྱ་གར་གྱི་གྷུནྡྷེ་བསྣམས༔ སེམས་དཔའ་བྱམས་པ་ཉིད་ཀྱི་དབང༴ མཻ་ཏྲི་དྷཱ་ར་ནི་བ་རཱ་ཨ༴ རྣ་བའི་རྣམ་ཤེས་གནས་སུ་དག་པ་སྟེ༔ སྐུ་མདོག་སྔོན་པོ་ཕྱག་ན་པོ་ཏི་བསྣམས༔ སེམས་དཔའ་སྒྲིབ་པ་རྣམ་སེལ་དབང༴ ཐིཾ་ནིས་པ་རཾ་ཙ་ན་ས་ཨ༴ ལྕེ་དབང་ཕྱི་འབྱུང་གནས་སུ་དག་པ་སྟེ༔ སྐུ་མདོག་དཀར་ལྗང་མེ་ཏོག་ཨུཏྤལ་བསྣམས༔ སེམས་དཔའ་འཇམ་དཔལ་ཉིད་ཀྱི་དབང༴ མཱུཾ་ཤྲཱི་རཱ་ག་ཡ་ཨ༴ སྣའི་དབང་པོ་ད་ལྟར་གནས་དག་པ༔ སྐུ་མདོག་དཀར་པོ་རིན་ཆེན་སྙེ་མ་བསྣམས༔ འཕགས་པ་ཀུན་ཏུ་བཟང་པོའི་དབང༴ ཧཱུྃ་སྭཱ་རཱ་ཙ་ཡ་ཨ༴ སྐུ་མདོག་དཀར་པོ་ཕྱག་ན་མེ་ལོང་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་ལཱ་སྱེ་མ་ཡི་དབང༴ ཧཱུྃ་ལཱ་སྱེ་ཨ༴ སྐུ་མདོག་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་མཱ་ལེ་མ་ཡི་དབང༴ ཏྲཱཾ་མ་ལེ་ཨ༴ སྐུ་མདོག་དམར་མོ་པི་ཝཾ་རྒྱུད་ཕྲེང་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་གཱིརྟི་མ་ཡི་དབང༴ ཧྲཱིཿགཱིརྟི་ཨ༴ སྐུ་མདོག་ལྗང་གུ་གར་གྱི་ཅོད་པན་ཐོགས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་ནིརྟི་མ་ཡི་དབང༴ ཨ་ནཱིརྟི་ཨ༴ སྐུ་མདོག་དམར་སེར་ཕྱག་ན་སྤོས་མེ་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་དྷཱུ་པེ་མ་ཡི་དབང༴ ཛ་དྷཱུ་པེ་ཨ༴ སྐུ་མདོག་སྔོན་མོ་ཕྱག་ན་པདྨ་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་པུཥྤེ་མ་ཡི་དབང༴ ཧཱུྃ་པུཥྤེ་ཨ༴ སྐུ་མདོག་དམར་མོ་ཕྱག་ན་མར་མེ་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་ཨཱ་ལོ་ཀེ་ཡི་དབང༴ བཾ་ཨཱ་ལོ་ཀེ་ཨ༴ སྐུ་མདོག་ལྗང་གུ་ཕྱག་ན་དྲི་ཆབ་བསྣམས༔ ཤེས་རབ་སེམས་མ་ཡིད་འོང་མཉེན་ལྕུག་ལྡན༔ སེམས་མ་གནྡྷེ་མ་ཡི་དབང༴ ཧོཿགནྡྷེ་ཨ༴ ལྷ་ཡི་ཐུབ་པ་དཀར་པོ་པི་ཝང་བསྣམས༔ ལྷ་དབང་བརྒྱ་བྱིན་ཉིད་ཀྱི་དབང་བསྐུར་རོ༔ ཨོཾ་མུ་ནི་ཀྲེཾ་སྭཱ་ཧཱ་ཨ༴ ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་བསྣམས༔ ལྷ་མིན་ཐགས་བཟང་རིས་ཀྱི་དབང༴ ཨོཾ་མུ་ནེ་བྲེཾ་ཨ༴ མི་ཡི་ཐུབ་པ་སེར་པོ་གསེག་ཤང་བསྣམས༔ བཅོམ་ལྡན་ཤཱཀྱ་ཐུབ་པས་དབང༴ ཨོཾ་མུ་ནེ་ཏྲུཾ་ཨ༴ བྱོལ་སོང་ཐུབ་པ་སེར་པོ་པོ་ཏི་བསྣམས༔ སེང་གེ་རབ་བརྟན་ཉིད་ཀྱི་དབང༴ ཨོཾ་མུ་ནེ་ཀྵཾ་ཨ༴ ཡི་དྭགས་ཐུབ་པ་སྔོན་པོ་ནོར་བུ་བསྣམས༔ ཁ་འབར་དེ་ཝ་ཉིད་ཀྱི་དབང༴ ཨོཾ་མུ་ནེ་སྲུཾ་ཨ༴ དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་བསྣམས༔ ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་དབང༴ ཨོཾ་མུ་ནེ་ཡེ་ཨ༴ སྟོབས་ཆེན་སྔོན་པོ་རྡོ་རྗེ་རྩེ་གསུམ་བསྣམས༔ ཤར་གྱི་སྒོ་བ་ཉིད་ཀྱི་དབང༴ ཨོཾ་བཱ་ལ་ཡ་ཨ༴ གཤིན་རྗེ་གཤེད་པོ་སེར་པོ་ཐོད་དབྱུག་བསྣམས༔ ལྷོ་ཡི་སྒོ་བ་ཉིད་ཀྱི་དབང༴ ཨོཾ་ཡ་མཱནྟ་ཀ་ཨ༴ རྟ་མགྲིན་དམ་པོ་པདྨའི་དབྱུག་པ་བསྣམས༔ ནུབ་ཀྱི་སྒོ་བ་ཉིད་ཀྱི་དབང༴ ཨོཾ་ཧ་ཡ་གྷྲི་ཝ་ཨ༴ བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་བསྣམས༔ བྱང་གི་སྒོ་བ་ཉིད་ཀྱི་དབང༴ ཨོཾ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིམ་པས་དབང་བསྐུར་རོ། །དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་སྟེ། འཕགས་པའི་སྐུ་བརྙན་མེ་ལོང་གི་ནང་དུ་འཆར་བ་འདིས་མཚོན་བྱེད་དུ་བྱས་ནས་དེང་ཕྱིན་ཆད་བསྐྱེད་པའི་རིམ་པ་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྒོམ་པར་མཛོད་ཅིག །གཙོ་བོའི་སྐུ་མེ་ལོང་དུ་འཆར་བ་བསྟན་ལ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ འཕགས་པའི་ལྷ་ཚོགས་རང་རྒྱུད་པར་བཟུང་བའི༔ རྟག་བརྟན་ཐེར་ཟུག་མི་བསྒོམ་སྣང་སྟོང་སྟེ༔ སྣང་ལ་མ་གྲུབ་སྒྱུ་མ་ལྟ་བུར་སྒོམས༔ དེ་ནས་བདུད་རྩི་ལྕེ་ལ་བཞག་སྟེ། ཀྱེ་མ་ཉོན་ཅིག་སྐལ་ལྡན་སྐྱེས་བུ་རྣམས༔ སྒྲ་རྣམས་ཐམས་ཅད་ཡི་གེ་དྲུག་མའི་སྒྲ༔ འཛིན་མེད་བྲག་ཆ་ལྟ་བུར་བཟླས་པར་བྱ༔ བསྙེན་སྒྲུབ་ཐེམས་ན་ཡི་དམ་ལྷ་དང་མཇལ༔ ཕྲེང་བ་གཏད་ལ། སྙིང་པོའི་གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཡིག་བཅུ། རྩ་སྔགས་སྤྱི་དྲིལ་རྣམས་གསུམ་རེ་བརྗོད་དུ་གཞུག །དེང་ཕྱིན་ཆད་གྲགས་སྟོང་བྲག་ཆ་ལྟ་བུའི་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པར་མཛོད་ཅིག །དེ་ནས་མན་ཤེལ་དྭངས་པ་ཞིག་བསྟན་ཏེ། ཀྱེ་ཧོ་རིགས་ལྡན་བུ་རྣམས་འདི་ལ་ལྟོས༔ ཕྱི་གསལ་ནང་གསལ་འགག་མེད་གསལ༔ གསལ་སྟོང་ཟུང་འཇུག་འཛིན་བློ་བྲལ༔ མ་བཅོས་རང་སེམས་སོ་མར་ཞོག༔ ཅེས་ངོ་སྤྲད། དེང་ཕྱིན་ཆད་མཉམ་གཞག་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྙིང་རྗེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དང་མ་བྲལ་བར་མཛོད་ཅིག །དེས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ ཐུགས་རྗེ་ཆེན་པོའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་གསང་བའི་དབང་མཆོག་འདིས༔ དད་ལྡན་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ། དེ་ནས། བླ་མ་ཡབ་ཡུམ་སྙོམས་འཇུག་མཛད་པའི་བདེ་བའི་སྒྲས། འཕགས་པའི་ལྷ་ཚོགས་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཞུ། སྙོམས་འཇུག་མཛད་པའི་གསང་བ་ནས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་ཀྱི་རྒྱུན་བབས་པས། འཕགས་པ་འཁོར་ཚོགས་བཅས་ཀྱི་ངོ་བོར་གསལ་བ་ལྕེ་སྟེང་དུ་ཕབ་པ་ཙམ་གྱིས། སློབ་མའི་ལུས་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁེངས་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ བླ་མ་འཕགས་པ་ཡབ་ཡུམ་གྱི༔ མཁའ་གསང་ལས་བྱུང་བདུད་རྩི་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྣམ་གྲོལ་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྱ་ལོ་ཀེ་ཤྭ་ར་ཛྙཱ་ན་ཌཱ་ཀི་ས་པ་རི་ཝ་ར༔ གྷུ་ཧྱ་མ་ཧཱ་སིདྡྷི་ཨ་བྷི་ཥིཉྩ་མཱཾ༔ ཞེས་བརྗོད་སྤོས་དང་རོལ་མོ་འཁྲོལ། སློབ་མའི་རྒྱུད་ལ་ཡེ་ཤེས་འབེབ། དཔོན་སློབ་ཐམས་ཅད་ཀྱིས་ཉམས་སྤར། དེ་ལྟར་བྱིན་པའི་བདུད་རྩི་སྤྲོ་བ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད་ལ་མྱོང་བར་ཞུ། ཨ་ཧོ་མ་ཧཱ་སིདྡྷི་ཕ་ལ་སུ་ཁ༔ བདུད་རྩི་མིད་པ་ཙམ་གྱིས་ལུས་བདུད་རྩིས་གང་ངག་སྒྲིབ་དག་འོད་དཔག་མེད་ཀྱི་སྐུར་གྱུར་པར་བསམ། དེས་མཁའ་གསང་བྷ་གའི་དཀྱིལ་འཁོར་དུ་གསང་དབང་སྤྲོས་མེད་ངེས་པ་དོན་གྱི་དབང་ཐོབ། ངག་སྒྲིབ་དག །རང་བྱིན་རློབས་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་ས་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧྲཱིཿཧོ༔ འཕགས་པ་བླ་མའི་ལྷ་ཚོགས་མཆོག༔ ཁྱེད་ཞབས་པདྨོའི་སྐུ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་ཤེས་རབ་ཡེ་ཤེས་དབང༔ སྨིན་པར་བྱ་ཕྱིར་བསྐུར་དུ་གསོལ༔ ལན་གསུམ། རིག་ཙཀ་གཏད་ལ། ཨེ་མ་ཧོ༔ གཟུངས་མ་མཆོག་འདི་བསྒྲོད་པའི་ལམ༔ བསྟེན་འོས་རྒྱལ་བ་རྣམས་ཀྱིས་གཟིགས༔ འཁྲུལ་འཁོར་རིམ་པའི་སྦྱོར་བ་ཡིས༔ བདེ་བ་མཆོག་ནི་མྱོང་བར་མཛོད༔ སེམས་དཔའ་ནོར་བུ་པདྨོ་ཡི༔ རྡོ་རྗེ་སྐྱིལ་ཀྲུང་ལྡན་པར་བལྟ༔ མཚན་ལྡན་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་རིག་མ་ཁྱེད་རང་རྣམས་ལ་བྱིན་པ་དེས་ཀྱང་གསང་བའི་དཀྱིལ་འཁོར་བསྟན་ཅིང་འདི་སྐད་སྨྲས་པར་མོས་ཤིག །ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཆོ་གས་བསྟེན་བྱེད་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ ཐུགས་རྗེ་ཆེན་པོ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ཡང་རྟག་བཞུགས་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བཛྲ་མོཀྵ་ཧོ༔ ཞེས་བདེ་བ་བསྟེན་པར་བསྐུལ་ཏེ་པང་དུ་བྱོན་པར་མོས། དེ་ནས་ཁྱེད་རང་རྣམས་འཕགས་པ་ནམ་མཁའི་རྒྱལ་པོ། གཟུངས་མ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ །སྒོ་གསུམ་སྐུ་གསུང་ཐུགས། ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་གསལ་བའི་ཡུམ་གྱི་གསང་བའི་མཁའ་དབྱིངས་ཨོཾ་ལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ཨོཾ་གྱིས་མཚན་པ། ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ཧཱུྃ་གིས་མཚན་པ། གཉིས་ཀའི་བུག་སྒོ་ཕཊཿསེར་པོས་བཀག་པར་གསལ་ཐོབ། ཡབ་ཡུམ་རྗེས་སུ་ཆགས་པའི་སྒྱུ་རྩལ་སྣ་ཚོགས་པས་སྙོམས་པར་ཞུགས་པར་མོས། ཨོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ༔ ཨཱརྱ་ལོ་ཀེ་ཤྭ་ར་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ར་ཧོ་ཧཾ༔ ར་ག་ཡ་མི༔ ཞེས་བཟླས་ཤིང་སྤོས་བསྲེག༔ རོལ་མོ་བསྒྲག་ཡེ་ཤེས་དབབ༔ འཕགས་པའི་ལྷ་ཚོགས་ཐམས་ཅད་བདག་གི་ལུས་ལ་ཐིམ་ཞིང་བདེ་བ་གཡོས་པས། སྤྱི་བོར་ཧཾ་ལས་བྱང་སེམས་ཀྱི་རྒྱུན་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས། སྙིང་གར་བབས་པས་མཆོག་དགའི་ཡེ་ཤེས། ལྟེ་བར་བབས་པས་དགའ་བྲལ་གྱི་ཡེ་ཤེས། གསང་བར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་བདེ་བའི་རང་ངོ་ལ་བལྟས་ཏེ་ཅུང་ཟད་མཉམ་པར་ཞོག་ཅིག །ཨེ་མ༔ ཐབས་དང་ཤེས་རབ་ལྡན་གཡོའི་རང་བཞིན་བདེ་ཆེན་པོ༔ མཆོག་གི་དེ་ཉིད་ཡང་དག་མཚོན་ཕྱིར་བསྟན་པར་བཟུང༔ གཡོ་མེད་གྱིས་བརྟེན་རྡོ་རྗེ་སྐྱིལ་ཀྲུང་ལས༔ སེམས་ནི་ནོར་བུའི་ནང་དུ་སོན་པར་བལྟས་ཏེ་ཞོག༔ ས་མ་ཡཱ༔ གྷུ་ཧྱེ་མ་ཧཱ་སིདྡྷི་ས་མ་དྷ་ཐིམ༔ ཨ་ཧོ༔ ཞེས་པས་བསྐུར་ཞིང་རྟོགས་པ་བརྗོད། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང་། མྱུ་གུ་སྐྱེས་པ་དང་འདྲ་སྟེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ འཕགས་པ་བླ་མའི་ཚོགས་དང་བཅས༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པའི་དབང༔ སློབ་དཔོན་གྱིས་ནི་བསྐུར་དུ་གསོལ༔ ཁྱེད་རང་རྣམས་གཅིག་ལ་གཅིག་མ་རེག་པར་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ལུས་གནད་དང་ལྟ་སྟངས་ལེགས་པར་མཛོད་ཅིག །འོ༔ ཁྱེད་རང་རྣམས་ལུས་སོག་ཕོན་ཐག་པ་ཆད་པ་ལྟར་ལྷོད་དེ༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་ལྟར་སང་ངེ༔ སེམས་རང་ཐག་གི་ལྟག་ཆུ་བཅད་པ་ལྟར་རྟོག་མེད་དུ་རྗེན་ནེ་ཞོག་ཅིག༔ དེ་ལྟར་བཞག་པས་རང་རིག་པའི་ཡེ་ཤེས་ལ་བསྒྲིབ་བྱ་སྒྲིབ་བྱེད་དང༔ དག་བྱ་དག་བྱེད་ཀྱི་མཐའ་ལས་འདས༔ བསྐྱེད་རྫོགས་གཉིས་མེད་ཀྱི་ཀློང་དུ་དབང་འབྱོར་ཐོབ༔ འབྲས་བུ་བཅུད་དུ་སྨིན་ནས་རྒྱུར་མི་ལྡོག་པའི་ཕྱིར༔ དཔེར་ན་ཏིལ་འབྲུ་མར་དུ་གྲུབ་པ་དང་མཚུངས་ཤིང༔ ཆོས་ཀྱི་སྐུ་བཅོས་བསླད་དང་བྲལ་བ་སྨྲ་བསམ་བརྗོད་བྲལ་དུ་གྲོལ་པས༔ ཅི་སྨྲས་སྔགས་ཀྱི་རང་སྒྲ༔ སེམས་ཀྱི་རྟོག་པ་ཐམས་ཅད་འཛིན་མེད་དུ་ཤིག་གེ༔ ཝལ་ལེ་ཡེ་རེ་མེ་རེ༔ སེམས་ནམ་མཁའ་རྡུལ་དང་བྲལ་བ་ལྟར་ཞོག་ཅིག༔ ཅེས་དེ་གའི་ངང་ལ་མཉམ་པར་བཞག་གོ །དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ༔ ནམ་མཁའ་ལ་ནི་མཚན་ཉིད་མེད༔ རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད༔ ཁྱེད་རང་ཡང་ནི་དེ་ཡི་ཕ༔ དེ་ཉིད་ལ་ནི་མ་ཡེངས་ལྟོས༔ བལྟས་ཙམ་ཉིད་ནས་གཞི་རྩ་བྲལ༔ གཞི་མེད་རྩ་བྲལ་ཨེ་མ་ཧོ༔ ཚིག་གི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱརྱ་ལོ་ཀེ་ཤྭ་ར་ཙ་ཏུར་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་ཞིང་བརྡ་དོན་རྣམས་ཀྱི་ངོ་སྤྲོད་བྱའོ། །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་འཕགས་པ་ངོ་བོ་ཉིད་ཀྱི་སྐུ་ལས་དེ་ཁོ་ན་ཉིད་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ། ཡིད་ཀྱི་སྒྲིབ་པ་དག །རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ལྔ་པ་ལྷུན་གྲུབ་འོད་གསལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཨེ་མ་འཕགས་པ་བླ་མ་རྗེ༔ སྐལ་ལྡན་རིགས་ཀྱི་བུ་བདག་ལ༔ རིག་པ་རྩལ་གྱི་དབང་དམ་པ༔ བདག་ཅག་རྣམས་ལ་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱིས་ཞུས། སློབ་མའི་སྤྱི་བོར་རྡོ་རྗེ་སེམས་དཔའི་མེ་ལོང་བཞག་ལ། བུ་ཀྱཻ། ལྟོས་ཤིག་ལྟོས་ཤིག་དབྱིངས་ལ་ལྟོས༔ བདག་ཏུ་འཛིན་པའི་ཁུང་སྦུབས་ན༔ མངོན་སུམ་ཆོས་ཀྱི་སྐུར་སྣང་བ༔ མ་ཡེངས་མདུང་ཚུགས་དེ་ལ་གཏོད༔ སྣང་ལ་རང་བཞིན་མ་གྲུབ་སྟེ༔ ངོ་བོ་སྨྲ་བརྗོད་མཐའ་དང་བྲལ༔ རང་བཞིན་སྒྲིབ་གཡོགས་བྲལ་བར་སྣང༔ ཐུགས་རྗེས་ཀུན་ཁྱབ་ལུ་གུ་རྒྱུད༔ འདི་ནི་གདོད་ནས་ཉིད་ལ་བཞུགས༔ གཞན་ནས་མ་བྱུང་གཞིར་བཞག་ཉིད༔ འདི་མཐོང་དོན་ཆེན་སྐལ་བཟང་མཆོག༔ བུ་ཁྱོད་དེང་ནས་འབྲས་བུ་བརྙེས༔ ཐུགས་རྗེའི་རྩལ་རྫོགས་དབང་ཆེན་ཐོབ༔ རྩོལ་བྲལ་སྒྲིབ་མེད་ཡེ་སངས་རྒྱས༔ དཔེར་ན་ཤེལ་དང་མེ་ལོང་བཞིན༔ ཕན་ཚུན་མངོན་སྣང་རང་བཞིན་བྲལ༔ ཆོས་ཀུན་རོལ་པའི་ཆོ་འཕྲུལ་ཏེ༔ དེ་དོན་སེམས་ཀྱི་ཁུང་བུ་འཆང༔ དུས་གསུམ་རྒྱལ་བའི་དབང་ལུང་རྫོགས༔ ཞེས་པས་དབང་བསྐུར་ཞིང་། བརྡ་དོན་ངོ་སྤྲོད། དེས་བླ་མེད་ཐོད་རྒལ་རང་རིག་རྩལ་གྱི་དབང་ཐོབ༔ བསྒྲིབ་བྱ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བསམ་གཏན་དུ་གྲོལ་བས༔ རང་སེམས་རྟོགས་གྲོལ་བརྡལ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ༔ དེ་ལྟར་ལུས་ངག་ཡིད་གསུམ་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར༔ འཁོར་འདས་བདག་གཞན་བཟང་ངན་དབང་པོ་རྣོ་བརྟུལ༔ སྐྱེ་རྒས་ན་འཆི་ལ་སོགས་པ་ཐམས་ཅད་གཉིས་མེད་རོལ་པ་འུབ་ཆུབ་ཀ་དག་ཆོས་ཉིད་མངོན་སུམ་གྱི་རོལ་པ་ཆེན་པོའི་ཀློང་དུ་རང་གྲོལ་བས༔ དེ་ལྟར་གཞི་མེད་རྒྱུ་ཟད༔ རྐྱེན་ཟད༔ འབྲས་བུ་ཟད་ཅིང་ཁམས་གསུམ་འཁོར་བའི་མིང་མེད་པས་བཟང་ངན་བླང་དོར་གྱི་གདོས་ཐག་ཆད་དེ༔ སྲིད་པ་གསུམ་གྱི་གདར་ཤ་ཆོད་ནས་གདའ་བས༔ ཕཊཿགྱིས་ལ་སྣང་བ་ཐམས་ཅད་ཐུག་ཕྲད་རང་གྲོལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས༔ ལུས་སྣང་སྟོང་སྒྱུ་མའི་གྲོང་ཁྱེར་དང་འདྲ་སྟེ་རང་ཡན་ལ་བཏང༔ ངག་གྲགས་སྟོང་བྲག་ཆའི་ཅ་ཅོ་དང་འདྲ་སྟེ་ཆ་མེད་དུ་བོར༔ ཡིད་གསལ་སྣང་བར་སྣང་གི་རི་མོ་དང་འདྲ་སྟེ་རང་བབས་སུ་ཞོག་ཅིག༔ ཅེས་ཅུང་ཟད་མཉམ་པར་འཇོག །དེས་འཕགས་པ་བླ་མ་མཐོང་གྲོལ་གྱི་སྐུ་ལས་འཁོར་འདས་ཕྱམ་བརྡལ་གྱི་དབང་ཐོབ། སྒྲིབ་པ་དག །ཡོངས་རྫོགས་འཕོ་འགྱུར་མེད་པའི་སྐུ་སྣང་བ་ཆེན་པོ་ཐོབ་པའོ། །དེ་ནས་མ་བསྒོམ་སངས་རྒྱས་བཏགས་གྲོལ་གྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ ཡེ་ཐོག་དང་པོའི་བསྟན་པའི་མགོན༔ སངས་རྒྱས་བཏགས་གྲོལ་ཟབ་པའི་དབང༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་སློབ་མའི་མགོ་ལ་རིགས་ལྔའི་སྐུ་རྟེན་གྱི་དབུ་རྒྱན་བཀོན། ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། བཏགས་གྲོལ་ཙཀྲ་དར་སྣ་ལྔའི་ལྕིབས་ཀྱིས་བླངས་པ་སྙིང་གར་བཟུང་ལ། ཨོཾ་ཨཱཿཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ དགོངས་པ་བླ་ན་མེད་པའི་དོན༔ མ་གསུངས་གསུང་པ་མེད་པའི་ཆོས༔ ཡང་ཞུན་གསེར་གྱི་སྙིང་པོ་ཉིད༔ མཐོང་ཐོས་རེག་དྲན་ལྡན་པ་སྟེ༔ རང་གྲོལ་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨེ་ཀ་གྷུ་ཧྱ་པུར་བ་ལ་ཙཀྲ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་སངས་རྒྱས་སྲས་གཅིག་གི་དབང་བསྐུར་བས་དགེ་སྤྱད་སྡིག་སྤྱད་འབྲས་བུ་མཉམ་ཉིད་ཀྱི་ཀློང་དུ་གྲོལ་ཏེ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཞེས་བྱས་ལ་ཤིས་པ་བརྗོད། དེ་ནས་བཀའ་སྲུང་གི་བཀའ་གཏད་ཤིན་ཏུ་གཉན་པས་དམ་ལྡན་གྱི་སློབ་མ་སྙིང་དང་འདྲ་བ་མ་གཏོགས་གང་རུང་ལ་མི་སྤེལ་གསུངས། འདིར་རྒྱུན་ལ་བསམ་ནས་དཀྱུས་སུ་བཀོད་ཀྱང་སྤེལ་བའི་ཡུལ་ལེགས་པར་བརྟགས་ལ་བརྒྱུད་པ་འཛིན་ངེས་གཅིག་གཉིས་ལ་བསྐུར་དགོས་ན། དེ་ནས་བཀའ་སྲུང་དྲེགས་པའི་སྲོག་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧྲཱི༔ བླ་མ་སྤྱན་རས་གཟིགས་དབང་ལྷ༔ དཔལ་ཆེན་རྟ་མགྲིན་དྲེགས་པའི་རྗེ༔ བསྟན་པ་བསྲུང་བའི་དོན་སླད་དུ༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཀྱི༔ དབང་མཆོག་རྗེས་གནང་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ངོ་བོ་འཕགས་པ་ནམ་མཁའི་རྒྱལ་པོ་དང་བླ་མ་པདྨ་བཛྲ་རྩལ་དབྱེར་མེད་པ་ལ་རྣམ་པ་གཉེན་པོ་སྟོབས་ཀྱི་ལྷ་དཔལ་ཆེན་ཁྲག་འཐུང་རྟ་མཆོག་རྒྱལ་པོ་སྐུ་མདོག་དམར་པོ་ཤིན་ཏུ་ཁྲོས་པའི་ཉམས་ཅན་དཔལ་དང་དུར་ཁྲོས་ཆས་ཀྱིས་བརྒྱན་པ། གྲི་གུག་དང་ཐོད་ཁྲག་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་འཁྲིལ་བ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་ཞབས་བརྐྱང་བསྐུམ་པད་ཉི་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ། རྟ་ཞལ་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར་པའི་སྤྱི་བོར་སྒྲུབ་གཏོར་འདི་ཉིད་བླ་མ་དང་འཕགས་པ་དབྱེར་མེད་པ་དངོས་སུ་བྱོན་ནས་བྱིན་གྱིས་རློབས་པར་མོས་ཤིག །སྒྲུབ་གཏོར་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྲིད་གསུམ་གདུག་པ་མ་ལུས་འདུལ་མཛད་པ༔ བླ་མ་འཕགས་མཆོག་རྟ་མཆོག་དབང་གི་ལྷ༔ སྐལ་ལྡན་རིགས་ཀྱི་བུ་ལ་བྱིན་རློབས་པས༔ མཐུ་སྟོབས་རྫུ་འཕྲུལ་དྲེགས་པ་དབང་སྡུད་ཤོག༔ ཨོཾ་གྷུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ལོ་ཀེ་ཤྭ་ར་ཛྙཱ་ན་ཌཱ་ཀི་མ་ཧཱ་ཀྲོ་ཏ་ཧྱ་གྷྲི་ཝ་ཙིཏྟ་ཨ་བྷི་ཥིཉྩ་མི་ཨ་དྷིཥྛཱ་ནཾ༔ དེ་ལྟར་བྱིན་གྱིས་བརླབས་པས་བཀའ་སྲུང་དྲེགས་པ་ཅན་ཐམས་ཅད་བྲན་དུ་ཁོལ་ཞིང་སྲོག་ལ་དབང་བསྒྱུར་པའི་མཐུ་ཐོབ་པར་མོས་ཤིག །བཀའ་སྲུང་གི་གཏོར་མ་རྣམས་ལག་པར་གཏད་པ་ཙམ་གྱིས་དྲེགས་པ་འཁོར་བཅས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་མོས་ཤིག །གཟའ་གདོང་སྙིང་རྐུན་གྱི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པ༔ གཟའ་མཆོག་སྤུ་གྲི་འབར་བ་ལྕམ་དྲལ་རྣམས༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད་པ་ཡིས༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཀྱང༔ ཕྲིན་ལས་རྣམ་བཞི་གང་འདོད་འགྲུབ་པར་མཛོད༔ ཨོཾ་པ་ཤ་མི་ཀི་མུ་ལ་ས་མ་ཡ་ཙིཏྟ་ཧྲིང་ཨ་དྷིཥྛཱ་ནཾ༔ དཔལ་ལྷའི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པ༔ དཔལ་གྱི་ལྷ་མོ་སྲིད་གསུམ་འཁོར་གཡོག་བཅས༔ སྐལ་ལྡན་རིགས་ཀྱི་བུ་ལ༴ ལུས་དང་གྲིབ་མ་བཞིན་དུ༴ ཕྲིན་ལས་རྣམ་བཞི༴ ཨོཾ་དྷེ་ཝི་ཀ་ལཱི་ས་པ་རི་ཝཱ་ར་ས་མ་ཡ་ཙིཏྟ་ཧྲིང་ཨ་དྷིཥྛཱ་ནཾ༔ ཤན་པ་ར་མགོའི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་༴ སློབ་དཔོན་པདྨའི་སྤྱན་སྔར༴ ཤན་པ་ར་མགོ་འཕྲུལ་སྟོབས་རྩལ་ཆེན་ཚོགས༔ སྐལ་ལྡན་རིགས་ཀྱི༴ ལུས་དང་གྲིབ་མ༴ ཕྲིན་ལས་རྣམ་བཞི༴ ཨོཾ་མུཎྜ་ཀ་ས་ཡེ་ཚཱ་ག་ས་པ་རི་ཝཱ་ར་ས་མ་ཡ་ཙིཏྟ་ཧྲཱིང་ཨ་དྷིཥྛཱ་ནཾ༔ སྲིན་པོའི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན༴ སློབ་དཔོན་པདྨའི་སྤྱན་སྔར༴ སྲིན་པོ་ལང་ཀ་མགྲིན་བཅུ་འཁོར་བཅས་རྣམས༔ སྐལ་ལྡན༴ ལུས་དང༴ ཕྲིན་ལས་རྣམ་བཞི༴ ཨོཾ་རཀྵ་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཙིཏྟ་ཧྲཱིང་ཨ་དྷིཥྛཱ་ནཾ༔ མཱ་ར་སྙིང་ཟན་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ༴ སློབ་དཔོན་པདྨའི༴ དྲེགས་པ་མཱ་ར་སྙིང་ཟན་འཁོར་བཅས་རྣམས༔ སྐལ་ལྡན༴ ལུས་དང་གྲིབ་མ༴ ཕྲིན་ལས༴ ཨོཾ་ཙིཏྟ་མཱ་ར་ཁཱ་ཧི་ས་མ་ཡ་ཙིཏྟ་ཧྲཱིང་ཨ་དྷིཥྛཱ་ནཾ༔ ཀླུའི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ༴ སློབ་དཔོན་པདྨའི༴ ཀླུ་རྒྱལ་ཏི་པ་ཙ་འཁོར་བཅས་པ་རྣམས༔ སྐལ་ལྡན་རིགས་ཀྱི་བུ༴ ལུས་དང་གྲིབ་མ༴ ཕྲིན་ལས་རྣམ་བཞི༴ ཨོཾ་ནཱ་ག་རཀྴ་ས་པ་རི་ཝཱ་ར་ས་མ་ཡ་ཙིཏྟ་ཧྲིང་ཨ་དྷིཥྛཱ་ནཾ༔ ཐང་ལྷའི་གཏོར་མ་གཏད་ལ། ཧྲཱི༔ སངས་རྒྱས་བསྟན་པ་གཉན་པོ༴ སློབ་དཔོན་པདྨའི༴ ཐང་ལྷ་གངས་བཙན་ཡབ་ཡུམ་སྲས་འཁོར་བཅས༔ སྐལ་ལྡན་རིགས་ཀྱི༴ ལུས་དང་གྲིབ་མ༴ ཕྲིན་ལས་རྣམ་བཞི་གང་འདོད་འགྲུབ་པར་མཛོད༔ ཨོཾ་དྷེ་ཝ་ཙནྟྲི་ཕུ་ས་པ་རི་ཝཱ་ར་ས་མ་ཡ་ཙིཏྟ་ཧྲིང་ཨ་དྷིཥྛཱ་ནཾ༔ དེ་ནས་རཀྴའམ་ཐོད་ཕྲེང་ཕྱེད་བླ་མས་བཟུང་ཕྱེད་སློབ་མ་ལ་གཏད་དེ། ཧྲཱི༔ བླ་མ་འཕགས་མཆོག་རྟ་མགྲིན་དབང་གི་ལྷའི༔ ཐུགས་རྗེའི་སྔགས་ཕྲེང་ལུ་གུ་རྒྱུད་ཀྱི་ཚུལ༔ སྐལ་ལྡན་བུ་ཡི་ངག་ལ་ཐིམ་པ་ཡིས༔ དྲེགས་པའི་སྲོག་ལ་མངའ་དབང་སྒྱུར་བ་དང༔ ཕྲིན་ལས་རྣམ་བཞིའི་ལས་ཀུན་འགྲུབ་པར་ཤོག༔ སྔགས་ཀྱི་འོད་ཟེར་བླ་མ་ཡེ་ཤེས་པའི་ཐུགས་ཀ་ནས་ཕྲེང་བ་ལ་བརྒྱུད་དེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། སྔགས་བྱང་ཟུར་གསལ་ལྟར་གོང་གནོན་གཉེན་པོའི་སྔགས་བཀའ་སྲུང་སྔགས་ཚན་བདུན་པོ་རེ་རེ་བཞིན་གྱི་མགོར་སྦྱར་ལ་རྗེས་ཟློས་བྱར་བཞུག །དེ་ནས་གཏོར་མ་རྣམས་སྣོད་གཅིག་ཏུ་བསྡུས་པ་སློབ་མའི་སྙིང་གར་བཞག་ལ། ཁྱེད་རང་རྣམས་དཔལ་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀར་ཧྲཱིཿདམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བླ་མ་འཕགས་པ་རྩ་བ་གསུམ་གྱི་བྱིན་རླབས་འོད་ཟེར་སྣ་ལྔའི་རང་བཞིན་དུ་སྤྱན་དྲངས་ཏེ་སྙིང་གའི་ཧྲཱིཿལ་ཐིམ༔ ཡང་འོད་ཟེར་འཕྲོས་བཀའ་སྲུང་རྣམས་ཀྱི་སྲོག་གི་ས་བོན་སྲོག་སྔགས་དང་བཅས་པ་བཀུག་སྟེ་སྙིང་གའི་ཧྲཱིཿལ་ཐིམ་པས༔ རང་དབང་མེད་པར་བཀའ་ཉན་གསུང་སྡོད་བྱེད་པར་སྒོམས་ཤིག༔ ཧྲཱི༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་ཚིག་བཅས་པ་བཞིན༔ དྲེགས་པ་བཀའ་སྲུང་དམ་ཅན་ཚོགས་རྣམས་ཀུན༔ སྲོག་གི་དམ་ཚིག་མ་གཡེལ་ད་ཚུར་བྱོན༔ དམ་ཚིག་གཉན་གྱི་དམ་བཅའ་མ་འདའ་བར༔ སྐལ་ལྡན་བུ་འདིའི་བཀའ་ཉོན་བསྟན་པ་སྲུངས༔ ཧྲཱིཿཏྲི་ར་ཤ་མ་ཕེ་ཨ་ཏྲི་ཎི་ཙིཏྟ་སྲོག་ས་མ་ཡ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭམ༔ ཞེས་བརྗོད་ལ་གུ་གུལ་ཤ་ཆེན་མར་སྤོས་དུ་རུ་ཁ་རྣམས་བསྲེག །རོལ་མོ་སྒྲོག །གཏོར་མ་ལག་ཏུ་གཏད། བརྒྱུད་པའི་བླ་མའི་མཚན་ནས་སྨོས་ཏེ་བཀའ་བསྒོ་དམ་བསྒྲག་སྤྱི་ལྟར་བྱ། མཐར་བཀའ་སྲུང་རྣམས་ཁྱེད་རང་གི་སྙིང་གར་ཐིམ་པས་གང་བཅོལ་བའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མོས་ཤིག །དེ་ལྟར་བྱས་པས་བཀའ་སྲུང་རྣམས་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་། བཀའ་ཉན་གསུང་སྡོད་བྱེད་པར་འགྱུར་རོ། །ཤིས་པ་བརྗོད། དེ་རྣམས་ཀྱིས་དབང་བསྐུར་དངོས་གཞི་ཡན་ལག་བཅས་གྲུབ་ནས་མཐའ་རྟེན་བཀྲ་ཤིས་པའི་རྫས་མཆོག་བརྒྱད་དང་རྒྱལ་སྲིད་རིན་ཆེན་རྣམ་པ་བདུན་ཕྱག་ཏུ་གཏད་ཅིང་མདུན་བདར་ནས་མངའ་དབུལ་བར་མོས་ཤིག །ཧྲཱི༔ ཡུངས་དཀར་རྒྱལ་པོ་ཤ་རི་རཾ༔ སེམས་དཔས་དབང་བསྐུར་རིན་པོ་ཆེ༔ སྐལ་ལྡན་བུ་ལ་བསྐུར་གཏད་པས༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ སྭསྟི་སྭསྟི་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྤྱི་བོར་བསྐུར་ཞིང་ལག་ཏུ་གཏད་པ་ཕྱི་མ་རྣམས་ལ་འགྲེ །ཧཱུྃ༔ བཀྲ་ཤིས་རྩྭ་མཆོག་དུར་བ་འདི༔ ལྷ་ཡི་དབང་པོས་བྱིན་བརླབས་རྩྭ༔ སྐལ་ལྡན་བུ་ལ་བསྐུར་གཏད་པས༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ སྭསྟི་སྭསྟི་ཨ་བྷི་ཥིཉྩ་ཨཱ༔ གྷི་ཝཾ་ཁྱུ་མཆོག་འོད་ལྡན་ནི༔ དབང་པོའི་གཟི་བརྗིད་སྟོབས་ལས་བྱུང༔ སྐལ་ལྡན་བུ་ལ་བསྐུར་གཏད་པས༔ ཉིན་མོ་བཀྲ་ཤིས༴ ཉིན་མཚན་རྟག་ཏུ༴ སྐལ་ལྡན་བུ་ལ༴ སྭསྟི་སྭསྟི་ཨ་བྷི༴ ཧཱུྃ༔ ལི་ཁྲི་མཚལ་ཆེན་ཆུ་ལས་སྐྱེས༔ སེམས་མའི་བྱང་སེམས་རིན་པོ་ཆེ༔ སྐལ་ལྡན་བུ་ལ་བསྐུར་གཏད་པས༔ ཉིན་མོ་བཀྲ་ཤིས༴ ཉིན་མཚན༴ སྐལ་ལྡན༴ སྭསྟི་སྭསྟི་ཨ་བྷི༴ ཧཱུྃ༔ ཞོ་ནི་སྙིང་པོ་ཀུན་གྱི་བཅུད༔ རྩི་བཅུད་སྙིང་པོ་རིན་ཆེན་འདི༔ སྐལ་ལྡན་བུ་ལ་བསྐུར་གཏད༴ ཉིན་མོ་བཀྲ་ཤིས༴ ཉིན་མཚན༴ སྐལ་ལྡན༴ སྭསྟི་སྭསྟི་ཨ་བྷི༴ ཧཱུྃ༔ ཤིང་ཐོག་བིལ་བ་ལུང་ཐང་རྩེ༔ རྒྱུ་ཆུང་འབྲས་བུ་འཕེལ་སྟོབས་ཆེ༔ སྐལ་ལྡན་བུ་ལ༴ ཉིན་མོ་བཀྲ་ཤིས༴ ཉིན་མཚན༴ སྐལ་ལྡན༴ སྭསྟི་སྭསྟི་ཨ་བྷི༴ ཧཱུྃ༔ མེ་ལོང་འོད་ལྡན་རིན་པོ་ཆེ༔ གསལ་ཞིང་དྭངས་ལ་རྙོགས་པ་མེད༔ སྐལ་ལྡན་བུ་ལ༴ ཉིན་མོ་བཀྲ་ཤིས༴ ཉིན་མཚན༴ སྐལ་ལྡན༴ སྭསྟི་སྭསྟི་ཨ་བྷི༴ ཧཱུྃ༔ དུང་དཀར་བཀྲ་ཤིས་གཡས་འཁྱིལ་བ༔ ཚངས་པའི་དབྱངས་ལྡན་ཆོས་སྒྲ་སྒྲོག༔ སྐལ་ལྡན་བུ་ལ་བསྐུར་གཏད་པས༔ ཉིན་མོ་བཀྲ་ཤིས༴ ཉིན་མཚན་རྟག་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ སྭསྟི་སྭསྟི་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བདེན་བཞིའི་ཆོས་ཀྱི་གསང་བའི་མཛོད༔ འཁོར་ལོའི་རང་བཞིན་རིན་པོ་ཆེ༔ འཁོར་བའི་འཁོར་ལོ་རྒྱུན་བཅད་ནས༔ ཆོས་དང་མཐུན་པར་བསྐོར་བར་ཤོག༔ རཏྣ་ཙཀྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཕ་རོལ་ཕྱིན་བཅུས་སྐྱོབ་པའི་ཕྱིར༔ ཤེས་རབ་བཙུན་མོ་རིན་པོ་ཆེ༔ བསྡུ་བཞི་ཚད་མེད་བཞི་པ་ཡི༔ ཚེ་དང་གཏེར་རྣམས་སྤྱོད་པར་ཤོག༔ ཝརྟ་རཏྣ་ཨ༴ ཧཱུྃ༔ དཀོན་མཆོག་ཡོན་ཏན་ཡིད་བཞིན་གཏེར༔ འཁོར་བའི་མུན་སེལ་སྙིང་པོ་འབྱུང༔ དགོས་པའི་ནོར་བདུན་ཕུན་སུམ་ཚོགས༔ ཡིད་བཞིན་ནོར་བུ་སྤྱོད་པར་ཤོག༔ མ་ཎི་རཏྣ་ཨ༴ ཧཱུྃ༔ གང་ལ་དཔག་བསམ་ཤིང་ལྟ་བུས༔ འགྲོ་ལ་ཚོགས་གཉིས་རྫོགས་པར་སྟོན༔ དབང་ཕྱུག་ཁྱིམ་བདག་རིན་པོ་ཆེ༔ འཁོར་ལོས་བསྒྱུར་རྒྱལ་ཐོབ་པར་ཤོག༔ མ་ཧཱ་ཏ་རཏྣ་ཨ༴ ཧཱུྃ༔ དམག་དཔོན་རིན་ཆེན་རྒོལ་བ་འཇོམས༔ ཐབས་དང་ཤེས་རབ་མཐར་ཕྱིན་ནས༔ འཇིགས་ཚོགས་རི་བོ་འཇོམས་པ་ཡི༔ ཕུན་སུམ་ཚོགས་དང་ལྡན་གྱུར་ཅིག༔ ཁཏྒ་རཏྣ་ཨ༴ ཧཱུྃ༔ འཁོར་བའི་ཆུ་བོ་ལས་སྒྲོལ་བ༔ བརྩོན་འགྲུས་རྫུ་འཕྲུལ་ཤུགས་ཀྱིས་སྐྱོད༔ ཅང་ཤེས་སྤྲིན་གྱི་ཤུགས་འཆང་བ༔ མི་གནས་ཡེ་ཤེས་སྤྱོད་པར་ཤོག༔ ཏུ་རངྒ་ཨ་ཤྭ་རཏྣ་ཨ༴ ཧཱུྃ༔ ཐེག་པ་བླ་མེད་སྟོན་པའི་མཆོག༔ ཡན་ལག་བདུན་མཛེས་འབར་བའི་མདོག༔ སྟོབས་ཆེན་གླང་པོ་རིན་པོ་ཆེ༔ རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལས་རབ་འབྱམས་ཐམས་ཅད་སྒྲུབ་པའི་རྗེས་སུ་གནང་བ་མ་ལུས་པ་བྱིན་པར་མོས་ཤིག །ལག་ཏུ་འཁོར་ལོ་གཏད་དེ། དུས་གསུམ་རྒྱལ་བའི་དམ་ཆོས་ཀྱིས༔ འཁོར་བའི་སྲིད་མཚོ་བསྒྲལ་བའི་ཕྱིར༔ བློ་ལྡན་ཁྱོད་ཀྱིས་ཆོས་འཁོར་སྐོར༔ ཨོཾ་དྷརྨ་ཙཀྲ་ཧཱུྃ༔ དུང་གཏད་དེ། སྟོང་དང་སྙིང་རྗེའི་རང་བྱུང་སྒྲ༔ སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས༔ ཕྱི་ནང་གསང་གསུམ་ཆོས་དབང་སྒྱུར༔ ཨོཾ་དྷརྨ་བྷ་ཥཧཱུྃ༔ པོ་ཏི་གཏད་དེ། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས༔ གདུལ་བྱ་གང་འདུལ་ཆོས་སྟོན་ལྟར༔ ཁྱོད་ཀྱིས་འགྲོ་ཀུན་སྒྲོལ་བར་གྱིས༔ ཨོཾ་དྷརྨ་དྷཱ་ཏུ་ཧཱུྃ༔ ལས་ཀྱི་རྡོ་རྗེ་གཏད་དེ། ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ཕྲིན་ལས་རྣམ་བཞིས་བསྡུ་བ་བཞི༔ བློ་ཆེན་ཁྱོད་ཀྱིས་གང་འདུལ་མཛོད༔ བཛྲ་པཱ་ཤ་ཧཱུྃ༔ དགང་བླུགས་ཀྱི་གཟར་བུ་གཏད་དེ། ཉོན་མོངས་ལ་སོགས་དུག་ལྔ་བསྲེགས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཕྱིར༔ མེ་མཆོད་སྦྱིན་སྲེག་བརྩོན་པར་གྱིས༔ ཨོཾ་བཛྲ་ཧོམ་ཡེ་ཧཱུྃ༔ རྩ་བ་གསུམ་བསྙེན་དངོས་གྲུབ་ཐོབ༔ བར་ཆད་སེལ་ཅིང་ཕྲིན་ལས་འགྲུབ༔ མཆོད་གཏོར་སྐོང་གསོ་ཁྱོད་ཀྱིས་འབོད༔ ཨོཾ་བ་ལིཾ་ཏ་མ་ཧཱ་སརྦ་སིདྡྷི་ཧཱུྃ༔ ཕུར་པ་གཏད་དེ། ཧཱུྃ༔ བདག་འཛིན་སྒྲོལ་ན་ཁམས་གསུམ་སྒྲོལ༔ གང་དམིགས་དགྲ་བགེགས་རྡུལ་དུ་རློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་རྗེས་གནང་གི་དབང་རྣམས་བསྐུར། མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཤིས་བརྗོད་རྒྱས་པར་སྤེལ། དེ་ནས་དམ་ཚིག་གི་རྒྱས་གདབ་པ་ལ། རྣམ་བུམ་གྱིས་མེ་ལོང་ངོས་སུ་ཁྲུས་བྱས་ལ། བདེ་གཤེགས་རྒྱལ་བ་སོགས་བརྗོད། ནང་མཆོད་བདུད་རྩི་སྦྱིན་ལ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཐུན་མོང་སྔོན་འགྲོ་ནས་བརྩམ་སྟེ༔ སོ་ཐར་བྱང་སེམས་རིགས་ལྔའི་སྡོམ༔ བླ་མེད་སྔགས་ཀྱི་དམ་ཚིག་ཀུན༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྲོག་གི་ཕྱིར་ཡང་མ་གཏང་ཞིག༔ དམ་ཉམས་ཚེ་ཐུང་ནད་མང་ཞིང༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ ལོ་མི་འགྱངས་པར་ཁྱུར་མིད་བྱེད༔ ཤི་ནས་རྡོ་རྗེ་དམྱལ་བར་ལྷུང༔ བསྐལ་པར་ཐར་མེད་སྡུག་བསྔལ་སྤྱོད༔ དེ་ཕྱིར་སྲུངས་ཤིག་སྐལ་ལྡན་རྣམས༔ ཐུགས་རྗེ་ཆེན་པོའི་དབང་འདི་ཉིད༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ ཚིག་ཙམ་རླུང་གི་ཕྱོགས་སུ་ཡང༔ ཟགས་སུ་མི་རུང་དམ་དུ་སྲུངས༔ ཞེས་དམ་བསྒྲག་གོ །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ་རྣམས༔ དམ་ཚིག་ལ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང༔ རྩ་བ་སྐུ་གསུང་ཐུགས་སུ་འདུས་སོ༔ དེ་ལ་སྐུའི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང༔ མཆེད་ལྕམ་རྡོ་རྗེའི་སྤུན༔ མདོར་ན་རང་ལུས་སེམས་ཅན་ཐམས་ཅད་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་ལ་མི་གུས་པ༔ རྐུ་འཕྲོག་གསོད་གཅོད༔ རྡེག་ཙོག་ངན་སྨྲས༔ མི་དགེ་བར་གྱུར་པ་ཐམས་ཅད་ལ་དམ་ཚིག་བསྲུང་ངོ༔ དོན་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་འཕགས་པ་ལྷའི་ངོ་བོར་མ་བྱུང་བ་མེད་པས་ཤིན་ཏུ་བསྲུང་དགོས་སོ༔ གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་ཅི་གསུང་གི་བཀའ་མི་བཅག༔ སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་རབས་ཡན་ཆད་ལ་བརྙས་པར་མི་བྱ་ཞིང་གུས་པར་བྱ༔ མདོར་ན་འགྲོ་བའི་སྐད་དང་འབྱུང་བའི་རང་སྒྲ་ལ་སོགས་པ་ཐམས་ཅད་ལ༔ ཁོང་ཁྲོ་ཞེ་སྡང་སྤངས་ཏེ་ཐམས་ཅད་སྔགས་སྒྲ་དང་སངས་རྒྱས་ཀྱི་གསུང་དུ་མོས་པར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་ཆད་སྤངས་ལ༔ བདག་གཞན་རྗེ་ཕོད་པའི་བྱང་སེམས་སྒོམ་པར་བྱའོ༔ ནང་གི་དམ་ཚིག་ཏུ་འཕགས་པའི་བསྐྱེད་རིམ་རྒྱུན་ཆད་མེད་པར་བསྒོམ༔ གསུང་གི་དམ་ཚིག་ཡི་གེ་དྲུག་པ་དང་བདུན་པ་བཅུ་པའི་བཟླས་བརྗོད་རྒྱུན་མི་འཆད་དུ་བྱ༔ ཐུགས་ཀྱི་དམ་ཚིག་ཏུ་རྫོགས་རིམ་ཕྱག་རྒྱ་ཆེན་པོ་དང་མ་བྲལ་བར་བྱའོ༔ དེ་ལྟར་དམ་ཚིག་གཉན་པོ་བསྲུངས་པ་ལ་བརྟེན་ནས༔ ཡོན་ཏན་གནས་སྐབས་དང་མཐར་ཐུག་གཉིས་ལས༔ གནས་སྐབས་སུ་ཚེ་རིང་ནད་མེད་ཅི་བསམ་འགྲུབ༔ ཕྲིན་ལས་བཞི་སོགས་གང་བརྩམས་འགྲུབ་བོ༔ མཐར་ཐུག་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སྤྱོད་པར་འགྱུར་ཏེ༔ གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་གང་ལ་གང་འདུལ་དུ་སྤྲུལ་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ ཇི་སྐད་བཤད་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། ལན་གསུམ། ཇི་སྐད་དུ། བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ སྤང་དག་ལན་གསུམ་ཚར་བའི་རྗེས༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་པས་དོན་གྱིས་བླ་མ་ལ་བཞེད་པ་མི་མངའ་ཡང། རང་ཉིད་བསོད་ནམས་ཚོགས་ཆེན་རྫོགས་པ་དང་། གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་གྱིས་སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན་པ་དང་། རྒྱུའི་ཚོགས་ལ་བརྟེན་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། ཅི་ཡོད་ཀྱིས་རང་ལ་ཕོངས་སེམས་དང་གསོག་འཇོག་མེད་པར་བླ་མ་ལ་འབུལ་དགོས་པར་གསུངས་པ་ལྟར་བྱ་བའི་འདུན་པས་དབང་བསྐུར་ཐམས་ཅད་རྫོགས་པར་གསན་གྲུབ་པའི་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་གཞུག །ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་གྲོལ་ལོ། །ལྔ་པ་རྗེས་ཀྱི་རིམ་པ་ནི། བཀའ་སྲུང་བཀའ་གཏད་བྱས་ན་སླར་ཡང་གཏོར་མ་གསོ། བྱིན་རླབས་དང་སྔགས་བསྔོས་བསྟོད་གསོལ་བྱ། ཚོགས་ལ་རོལ། ལྷག་ཆོག་དང་གཏོར་སྐྱོང་སོགས་བྱ། གཏང་རག་མཆོད་བསྟོད་འབུལ། བཟོད་གསོལ། ནོངས་བཤགས། བརྟན་བཞུགས་གཤེགས་གསོལ་གང་འཐད་དང་། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་ཀྱི་བར་ལས་བྱང་ལྟར་ཚངས་བར་བྱའོ། །གངས་ཅན་མགོན་པོའི་སྒྲུབ་ཐབས་བདུད་རྩིའི་ཀླུང་། །གང་འབྲེལ་ཐར་པའི་སྲོག་འཚོ་འབའ་ཞིག་ཀྱང་། །ཡང་ཟབ་རྡོ་རྗེའི་ཚིག་གིས་བསྔགས་པའི་ཆོས། །སྐལ་ལྡན་སྙིང་བཅུད་འགྱུར་སྙམས་འབད་པས་སྦྱར། །འདིས་ཀྱང་ལུས་ཅན་གང་གཱའི་བྱེ་མ་སྙེད། །ཐུགས་རྗེའི་དབང་ཕྱུག་ཕྱག་གིས་ཡོངས་བཟུང་སྟེ། །དཀའ་བ་མེད་པར་རྣམ་གྲོལ་གདོད་མའི་སར། །དབྱུགས་དབྱུང་ཐོབ་ནས་མ་གྲོལ་དགྲོལ་བྱེད་ཤོག །ཅེས་ཟབ་ཆོས་འདིའི་རྒྱུན་དཀོན་ཅིང་རིན་ཆེན་གཏེར་གྱི་མཛོད་དུ་འདི་ཉིད་བཞུགས་ན་གཏེར་ཆོས་ཐམས་ཅད་ཚང་བར་སོང་བས་དབང་རྒྱུན་ཙམ་ལ་ཕན་པར་འདོད་པའི་ལྷག་བློས་དྲངས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་མཚམས་སྦྱོར་སོགས་ཚིག་ཚོགས་ཉུང་ངུར་བསྡུས་ཏེ་སླད་ནས་བཞུགས་སུ་གསོལ་བ་དགེ་ལེགས་འཕེལ།། །།

དཔལ་ཆེན་ཡང་དག་ཟབ་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བདེ་ཆེན་ཆར་འབེབ་ (Volume 27, Text 29)

དཔལ་ཆེན་ཡང་དག་ཟབ་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བདེ་ཆེན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་དགའ་རབ་སློབ་དཔོན་ཧཱུྃ་ཀཱ་ར། །ཧེ་རུ་ཀ་དཔལ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །གསང་བའི་མཛོད་འཛིན་མཁའ་འགྲོ་མཚོ་རྒྱལ་མ། །ཡང་དག་ཐུགས་ཀྱི་བཀའ་བབས་ནམ་མཁའི་སྙིང་། །སྙན་བརྒྱུད་གདམས་པའི་གཏེར་ཆེན་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །ཡང་དག་གྲུབ་པ་གཅིག་པུ་གཞི་རྒྱུད་རྟོགས། །རྣལ་འབྱོར་སྐུ་གསུམ་ལམ་གྱི་སྨིན་གྲོལ་རྫོགས། འབྲས་བུ་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་མཆོག་གྱུར་བདེ་ཆེན་གླིང་པས་གོ་སྟོད་འོད་འབར་བྲག་གི་རི་ཞོལ་དུ་སྦྱར་བ་དགེ། །།

ཀློང་གསལ་རྡོར་སྙིང་ཞི་ཁྲོ་སྐུ་གསུམ་ཆོག་སྐོར་ལས་ཟུར་བཏོན་རྫས་རྟགས་སྣ་བདུན་དབང་རྒྱས་བསྡུས་ (Volume 48, Text 29)

ཀློང་གསལ་རྡོར་སྙིང་ཞི་ཁྲོ་སྐུ་གསུམ་ཆོག་སྐོར་ལས་ཟུར་བཏོན་རྫས་རྟགས་སྣ་བདུན་དབང་རྒྱས་བསྡུས་ནི། ཧཱུྃ༔ སངས་རྒྱས་བསོད་ནམས་རྫོགས་པའི་མཚན་དཔེ་ལས༔ ལེགས་པར་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་བརྒྱད་ནི༔ སྔོན་ཚེ་བཅོམ་ལྡན་ཐུབ་པའི་དབང་པོ་ལ༔ བསོད་ནམས་མཐུ་ལྡན་ཚངས་པ་ལ་སོགས་པས༔ ཕུལ་པའི་ཡོན་ཏན་རྫས་མཆོག་བཀྲ་ཤིས་ཀྱི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྣ་བདུན་ནི༔ འཁོར་ལོས་སྒྱུར་རྒྱལ་མཐུས་བྱུང་རྒྱལ་སྲིད་བདུན༔ དེང་འདིར་སྐལ་ལྡན་བུ་ལ་མངའ་གསོལ་བའི༔ དབང་མཆོག་བསྐུར་བས་བསོད་ནམས་ཚོགས་རྫོགས་ཏེ༔ འཁོར་ལོས་སྒྱུར་བའི་ཡོན་ཏན་ཐོབ་པར་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ༈ བསྡུ་ན། བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་ནི། ཧཱུྃ། རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས། །སྔོན་ཚེ་སྟོན་པས་བྱིན་རླབས་རྫས་མཆོག་བརྒྱད། །བསོད་ནམས་མཐུ་ལས་བྱུང་བའི་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་སློབ་མར་དབང་བསྐུར་རོ། །སྲིད་ཞིའི་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་གྲུབ་གཉིས་དཔྱིད་སྟེར་ (Volume 10, Text 29)

ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་གྲུབ་གཉིས་དཔྱིད་སྟེར་ཞེས་བྱ་བ་བཞུགས་སོ། །རང་བྱུང་འོད་གསལ་བདེ་བ་ཆེན་པོའི་དབྱིངས། །བརྟན་གཡོའི་ཁྱབ་བདག་བླ་མ་ཆོས་ཀྱི་སྐུ །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །ཀ་དག་ལྟ་བ་རྩལ་རྫོགས་བྱིན་གྱིས་རློབས། །དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་ཁམས་སུ། །མ་བཅོས་རང་གསལ་བླ་མ་ལོངས་སྤྱོད་རྫོགས། །རྣམ་སྣང་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ལྷུན་གྲུབ་སྒོམ་པ་ཚད་ཕེབས་བྱིན་གྱིས་རློབས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཀློང་ཡངས་སུ། །བདེ་བ་ཆེན་པོ་བླ་མ་སྤྲུལ་པའི་སྐུ །སངས་རྒྱས་པདྨའི་ཞབས་ལ་གསོལ་བ་འདེབས། །ཤུགས་འབྱུང་སྤྱོད་པ་ལམ་ལྷོང་བྱིན་གྱིས་རློབས། །དུ་མ་རོ་གཅིག་གསང་བའི་མཛོད་ཁང་ན། །དབྱིངས་ཕྱུག་མཚོ་རྒྱལ་འཇམ་མགོན་ཁྲི་ལྡེའི་ཞབས། །དམ་འཛིན་ལྷ་ཡི་སྲས་པོར་གསོལ་བ་འདེབས། །ལྷུན་རྫོགས་འབྲས་བུ་མངོན་གྱུར་བྱིན་གྱིས་རློབས། །བསམ་ཡས་ཡེ་ཤེས་ཡངས་པའི་རྒྱལ་ཁམས་སུ། །རྡོ་རྗེ་གཟི་བརྗིད་མཆོག་གྱུར་བདེ་ཆེན་གླིང་། །གཏེར་འབྱིན་གྲུབ་པའི་སྤྱི་རྗེར་གསོལ་བ་འདེབས། །འཁྲུལ་རྟོག་བར་ཆད་སེལ་བར་བྱིན་གྱིས་རློབས། །ཡེ་ཤེས་འདོད་རྒུར་སྒྱུར་བའི་ཕོ་བྲང་དུ། །ལུང་ཟིན་ཆོས་ཀྱི་གཉེར་ཐོབ་རིག་པ་འཛིན། །རྩ་བརྒྱུད་དཔལ་ལྡན་བླ་མར་གསོལ་བ་འདེབས། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཁྱབ་བརྡལ་ལྷུན་གྲུབ་དབྱིངས་རིག་དཀྱིལ་འཁོར་དུ། །རྩ་གསུམ་སྤྲུལ་འཁོར་བཀའ་སྡོད་ཆོས་སྐྱོང་ཚོགས། །གཏེར་སྲུང་དམ་ལྡན་རྣམས་ལ་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །གཞི་ཡི་རིགས་སད་རང་རྒྱུད་ཞིང་ས་དུལ། །སྨིན་བྱེད་ས་བོན་གྲོལ་བྱེད་གདམས་པས་སྨིན། །རྡོ་རྗེའི་གསེང་ལམ་ཚེ་འདིར་མཐར་ཕྱིན་ཏེ། །སྐུ་ལྔའི་འབྲས་བུ་བདེ་བླག་བརྙེས་པར་ཤོག །འདིའང་མཆོག་གི་རིག་འཛིན་ཟུང་གི་བྱིན་རླབས་རྗེས་གནང་ཐུན་མོང་མ་ཡིན་པ་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་ཏུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།

འཆི་མེད་འཕགས་མའི་སྙིང་ཐིག་ལས། ཡང་ཟབ་ཚེའི་བྱིན་རླབས་ཀྱི་ཕྱག་ལེན་གསལ་བར་བཀོད་པ་ཡེ་ཤེས་ཐིག་ལེ་ (Volume 36, Text 29)

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་ལས། ཡང་ཟབ་ཚེའི་བྱིན་རླབས་ཀྱི་ཕྱག་ལེན་གསལ་བར་བཀོད་པ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བེ། ཡིད་བཞིན་མཆོག་སྩོལ་རྒྱལ་བའི་ཡུམ། །དཀྱིལ་འཁོར་འཁོར་ལོས་སྒྱུར་དེ་ལ། །བཏུད་ནས་ཡང་ཟབ་ཚེའི་བྱིན་རླབས། །ཐུན་མིན་གསང་བའི་ལམ་གསལ་བྱ། །འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་འབྲིང་པོ་ཡང་ཟབ་ཚེའི་བྱིན་རླབས་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བསྙེན་སྒྲུབ་སྔོན་དུ་སོང་བའི་སློབ་དཔོན་གྱིས་གནས་དབེན་པར་ཟླ་བ་ཡར་ངོའི་གཟའ་སྐར་དགེ་བའི་སྔ་དྲོས་མཚོན་བཀྲ་ཤིས་པའི་དུས་སུ། སྟེགས་གཙང་མའི་ཁར་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་རིན་པོ་ཆེའི་མཎྜལ་འབྲུ་དཀར་དྲི་བཟང་གིས་སྦགས་པས་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་སྟེ་ལྷ་གྲངས་བཀོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་དུམ་བུ་གསུམ་པའི་ནང་གཞུང་གསལ་སྨན་མཆོག་བཅུ་གཉིས་ཀྱི་ཚེའི་རིལ་བུ་སྔར་ནས་བསྒྲུབས་པ་དངོས་སམ། དེའི་རྒྱུན་ཟན་དང་མངར་གསུམ་ལ་བསྲེས་པའི་ཚེ་རིལ། ཆང་བཟང་པོ་མངར་དང་སྦྱར་བ་བཅས་ཀྱིས་བཀང་བ་བཞག་ལ་དར་དམར་གྱིས་ཁ་བཅད། གཡས་སུ་བུམ་པ་མགུལ་ཆིངས་དཀར་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་དང་བཅས་པ། གཡོན་དུ་ཚེ་འབྲང་བུམ་གཟུགས་རྒྱན་ལྡན། མདུན་རྒྱབ་གང་བདེར་མཆོད་གཏོར་ཟླུམ་པོ་པད་འདབ་ཅན་གྱི་གཡས་གཡོན་དུ་སྨན་རཀ །མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། བགེགས་གཏོར། ཆོས་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་རྣམས་དང་། སློབ་དཔོན་མདུན་དུ་ལས་བུམ་མགུལ་ཆིངས་དམར་པོ་ཅན། མདའ་དར། ཌཱ་རུ་རྡོར་དྲིལ། འཐོར་ནས་བཀོད་པ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་ཐོག་མར་ཚིག་བདུན་དང་བརྒྱུད་འདེབས་ཀྱིས་དབུ་དྲངས། ལས་བྱང་ཡེ་ཤེས་སྣང་བའི་གཞུང་བསྲངས་ལ་བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམ་མཆོད་བསྟོད་བྱ། བཟླས་པ་ལ་སླེབ་པ་དང་། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་མཎྜ་ལ་ཕཊ་ཛཿ ཞེས་པས་ཛཔ྄་ཁང་ཕྱེས་ཏེ། བྷནྡྷར་དཀྱིལ་འཁོར་ཡོངས་རྫོགས་གསལ་བཏབ་ལ་སྤྲོ་བསྡུ་བཅས་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཚང་བར་གྲུབ་པ་དང་། བུམ་ནང་དུ་ཚེ་དཔག་མེད། ཚེ་འབྲང་ལ་རྣམ་པར་རྒྱལ་མ་ཁྱད་པར་གསལ་གདབ་ཅིང་། སོ་སོའི་ཐུགས་སྲོག་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་དེེ་གཉིས་ཀྱི་བསྙེན་པ་བརྒྱ་རྩ་རེ་ཙམ་བཟླས་ལ། མདའ་དར་གཡབ། སྤོས་དུད་དྲིལ་བསིལ་བཅས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀུན་ཁྱབ་སོགས་ཟུར་བྱང་ལྟར་བརྗོད་ལ་ཐུགས་དམ་བསྐུལ་ཞིང་འཁོར་འདས་ཀྱི་ཚེ་བཅུད་སྒྲུབ་རྫས་ལ་བསྟིམ་པ་ནན་དུ་བྱ། སྤྲོ་ན་སྟོང་ཚིགས་མཆོད་བསྟོད་ཀྱང་འབུལ། བུམ་པའི་ལྷ་འོད་དུ་ཞུ་ནས་འཆི་མེད་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ་བར་གྱུར། ཅེས་མོས། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་ལྡན་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེའི་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཅེས་དམིགས་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླ། དེ་ནས་སྤྱི་དང་བྱེ་བྲག་གི་སྲུང་མའི་གཏོར་འབུལ་བྱ། ཚོགས་བྱིན་རླབས། ཚོགས་མགྲོན་སྤྱན་དྲང་། དང་པོ་མཆོད་ཅིང་བར་པ་བདུད་རྩིར་བྱིན་རླབས་ཡན་བྱས་ལ། བདག་ཉིད་འཇུག་པའི་ཕྱིར་མདུན་བསྐྱེད་ལྷ་ཚོགས་རྣམས་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པའི་འོད་ཟེར་བར་མ་ཆད་པར་བྱོན་ཏེ་རང་ལ་ཐིམ་པར་བསམ་ལ། ཨོཾ༔ དབྱིངས་ལས་རང་ཤར་ཡེ་ཤེས་ཀྱི༔ རྡོ་རྗེའི་གསང་གསུམ་རྨད་པོ་ཆེ༔ དམ་ཚིག་ཕྱག་རྒྱ་ཆེན་པོའི་ཀློང༔ འདུ་འབྲལ་མེད་པར་བདག་སྦྱོར་ཅིག༔ བཛྲ་སཏྭ་ཛྙཱ་ན་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛཿཧཱུྃ་བཾ་ཧོ༔ སློབ་མ་གཞུག་པའི་གསོལ་འདེབས་ནི། ཐལ་མོ་སྦྱར་ལ། ཨོཾ༔ བླ་ན་མེད་པའི་ཡེ་ཤེས་ཀྱི༔ གོ་འཕང་ཆེན་པོ་མཆོག་སྒྲུབ་ཕྱིར༔ སྣོད་ལྡན་སློབ་མ་འཇུག་འཚལ་ན༔ ཐུགས་རྗེས་དགོངས་ཏེ་སྨིན་མཛད་གསོལ༔ ཞེས་པས་གནང་བ་ཐོབ་པར་མོས། དེ་ནས་སྣོད་ལྡན་གྱི་སློབ་མ་གཅིག་གམ་བདུན་ལས་མི་མང་བ་སྒོའི་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འཇུག་པ་དང་ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་བཀའ་བསྒོ། དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བདུག་སྟེ་བགེགས་བསྐྲད་ཅིང་སྲུང་འཁོར་འདོན་བསྒོམ་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། འདིར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་སྐྱེད་པའི་ཡུམ་མཆོག་ཆོས་སྐུ་ཞི་བར་བཞུགས་པའི་དུས་ན་ཀུན་ལ་ཁྱབ་པའི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། ལོངས་སྐུའི་ཐུགས་རྗེའི་སྤྲིན་ཆེན་བཀོད་པའི་དུས་སུ་ཡེ་ཤེས་ཆེན་པོ་ལྔའི་རང་མདངས་དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་རིགས་ལྔའི་རྣམ་པར་སྣང་ཞིང་། སྤྲུལ་པའི་སྐུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྤྲོ་བ་ལས། ཐུགས་བསྐྱེད་དང་ཕྲིན་ལས་རྒྱལ་བ་སྲས་དང་བཅས་པ་ལས་རྨད་དུ་བྱུང་བ་སྒྲོལ་མ་མྱུར་མ་དཔའ་མོ་ཞེས་པའི་མཚན་དང་སྐུའི་བཀོད་པ་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང། འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་ཁྱབ་པར་བདལ་ཞིང་སངས་རྒྱས་ཀུན་གྱི་ཕྲིན་ལས་ལ་མངའ་དབང་བསྒྱུར་ཏེ། སེམས་ཅན་མ་བསྒྲལ་བ་མཐའ་དག་བསྒྲལ་ཞིང་དབུགས་དབྱུང་བ་དེ་ཉིད་ཀྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པའི་བྱེ་བྲག །ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་སྩོལ་བ་ལ་ཁྱད་པར་དུ་འཕགས་པ་འཆི་མེད་ཡིད་བཞིན་འཁོར་ལོ་ཞེས་བྱ་བ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་མན་ངག་བཀའ་སྲོལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འཕགས་བོད་གཉིས་ཀྱི་ལྗོངས་སུ་སྔ་ཕྱི་ཅི་རིགས་པར་བྱོན་ཅིང་དངོས་གྲུབ་བརྙེས་པའི་ཕྲེང་བ་བར་མ་ཆད་དུ་བྱུང་བ་ལས། སྐབས་སུ་བབས་པ་འདི་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་བསམ་བཞིན་སྐྱེ་བའི་རྣམ་པར་རོལ་པ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། གསར་རྙིང་བཀའ་གཏེར་གྱི་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་ནང་ཚན་ཟབ་མོ་དག་སྣང་གི་ཆོས་སྡེ་ལས་བྱོན་པ་སྟེ། དེའང་རྗེ་ཉིད་ཀྱི་དག་པའི་སྣང་བར་རྩ་བ་གསུམ་གྱིས་དགྱེས་པས་བསྩལ་པའི་ཟབ་ཆོས་ཇི་སྙེད་ཅིག་བཞུགས་པ་ལས། འདིར་ཇི་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མ་ཡིས༔ རྗེས་བཟུང་ཤྲཱི་སིཾ་ཧ་དང༔ འཕགས་མ་སྒྲོལ་མས་དབུགས་ཕྱུང་པའི༔ འོད་གསལ་ཆེན་པོ་བི་མ་ལ༔ ཚེ་དཔག་མེད་མགོན་ཡབ་ཡུམ་གྱིས༔ མངོན་སུམ་ཉིད་དུ་དབང་བསྐུར་བ༔ བདག་ཉིད་པདྨ་འབྱུང་གནས་ཏེ༔ གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི༔ དགོངས་ཉམས་གཅིག་ཏུ་དྲིལ་བྱས་ཏེ༔ ད་ལྟའི་མངའ་བདག་རྗེ་འབངས་དང༔ མ་འོངས་ལས་ཅན་དོན་དུ་བསྟན༔ ཅེས་གསུངས་པ་ལྟར་འཆི་མེད་རྡོ་རྗེའི་སྐུ་ཅན་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་མཐར་ཐུག་གཅིག་ཏུ་དྲིལ་བའི་སྙིང་ཏིག །སློབ་དཔོན་དེ་དག་གིས་སྔོན་གནས་རྗེས་གསོབ་ཀྱི་ཚུལ་དུ་བསྩལ་ཅིང་འཕགས་མའི་ཡེ་ཤེས་ཀྱི་སྐུས་དངོས་སུ་བྱིན་གྱིས་བརླབས་ཏེ་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བར་མཛད་པའི་སྨར་ཆོས། འཆི་མེད་འཕགས་མའི་སྙིང་ཏིག་གི་སྨིན་བྱེད་ཀྱི་རིམ་པ་ལ་རྩ་བ་དང་ཡན་ལག་གཉིས་ལས་རྩ་བ། དེ་ལའང་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་སྐབས་འདིར་སྨིན་བྱེད་འབྲིང་པོ་ཤིན་ཏུ་གསང་བའི་ལམ་མཆོག་ཡང་ཟབ་ཚེའི་བྱིན་རླབས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འཆི་མེད་འཕགས་མའི་ཡེ་ཤེས་སྐུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ལམ་མཐའ་དག་གི་རྩ་བར་གྱུར་པ་སྐྱབས་འགྲོའི་སྡོམ་པ་གཟུང་བའི་སླད་དུ། བླ་མ་དང་མདུན་བསྐྱེད་འཆི་མེད་འཕགས་མའི་དཀྱིལ་འཁོར་པར་གསལ་བ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་འདུན་པ་བཅས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་འཆི་མེད་རྟག་པ་ཡིད་བཞིན་འཁོར་ལོའི་གོ་འཕང་ལ་འགོད་པར་བྱ། དེའི་སླད་དུ་བྱིན་རླབས་ཟབ་མོས་རང་རྒྱུད་སྨིན་ཅིང་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམས་ལ་གཞན་རྒྱུད་གྲོལ་བར་བྱའོ་སྙམ་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མཁའ་མཉམ་སེམས་ཅན་སོགས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། སྔར་སྨྲོས་པའི་ཞིང་མཆོག་དེ་དག་གི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་གསག་སྦྱོང་གི་སྙིང་པོ་ཡན་ལག་བདུན་པ་འབུལ་བའི་ཚིག་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པ་དང་བཅས་འདིའི་རྗེས་ཟློས། ཧོ༔ ཕྱོགས་དུས་རྒྱལ་བ་སོགས། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ཏེ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་གསལ་འདེབས་འཚལ། ལས་སྔགས་དང་བུམ་ཆུས་བསང་། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་འདབ་མ་རབ་ཏུ་རྒྱས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བསྡུས་ཏེ་ཏཱཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ཤེས་རབ་སྟོང་ཉིད་ལྷན་ཅིག་སྐྱེས་པའི་ཡུམ་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ། སྐུ་མདོག་དཀར་གསལ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་མདངས་ཅན་ཞལ་གཅིག་ཞི་ཞིང་འཛུམ་ལ་སྐུ་སྒེག་པའི་ཉམས་ཅན་བཅུ་དྲུག་ལོན་པའི་ལང་ཚོ་རྒྱས་ཤིང་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་ཞིང་གཡོན་པས་ཐུགས་ཀར་མཐེབ་སྲིན་སྦྱར་བའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་སྡོང་བུ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་རྒྱས་པའི་ཟེའུ་འབྲུར་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་ཚེའི་བུམ་པས་མཚན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་དུ་མས་མཛེས་པར་སྤྲས་ཤིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡབ་ཐབས་མཆོག་བདེ་ཆེན་གར་གྱི་དབང་ཕྱུག་པདྨ་དང་ཚེ་བུམ་བསྣམས་པས་འཁྲིལ་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་དབྱིག་ཏུ་གསལ་བ་དང་། བདག་མདུན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཆོས་ཀྱི་དབྱིངས་མཐའ་དག་གང་། དེ་དག་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་སྙིང་པོ། ཐུགས་ཕྱག་མཚན་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ཏེ་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་ཡེ་ཤེས་ཆེན་པོ་རྒྱུད་ལ་ཞུགས་པར་མོས་མཛོད། སྤོས་རོལ་དབྱངས་དང་བཅས། ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔སོགས་ལས་གཞུང་གི་བྱིན་འབེབ་བརྗོད། སྔགས་དང་རོལ་མོ་དྲག་ཏུ་བྱས་ལ་ཏིང་ངེ་འཛིན་རྩེ་གཅིག་གཏད་པས་རྒྱུད་ལ་ཡེ་ཤེས་ཕེབས་པའི་རྟགས་འབྱུང་ངོ་། །དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་ཀྱི་རྒྱུན་དེ་ཉིད་ཁྱེད་རང་གི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་བཞག་ལ། ཛྙཱ་ན་སརྦ་ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་འཁོར་འདས་ཀྱི་ཚེ་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་གྱི་གཙུག་ཏོར་ནོར་བུའི་རྩེ་མོ་ནས་ཚེ་འགུགས་ཀྱི་ལྷ་མོ་རྣམ་པར་རྒྱལ་མ་དཀར་མོ་ལྕགས་ཀྱུ་དང་བུམ་པ་བསྣམས་པ་ལས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། སྟོང་ཁམས་ཐམས་ཅད་ཁྱབ། འཁོར་འདས་སྣོད་བཅུད་ཀུན་གྱི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ། ཁྱད་པར་རང་རང་གི་བླ་ཚེ་ཡར་ཉམས་ཆད་པ་ཐམས་ཅད་འཆི་མེད་བདུད་རྩིའི་ཐིག་ལེ་འཇའ་འོད་ཟེར་ཐག་གི་རྣམ་པར་བསྡུས་ཏེ། དཀྱིལ་འཁོར་གྱི་སྒྲུབ་རྫས་དང་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་འཆི་མེད་རྟག་པ་དམ་པའི་ཚེའི་དངོས་གྲུབ་ཐོབ་པར་མོས་མཛོད། མདའ་དར་གཡབ་ལ་ཚེ་འགུགས་གྱེར། སྤྱི་དྲིལ་ཚེ་ཛཔ྄་ཀྱང་བརྗོད་དོ། །དེ་རྣམས་ཀྱིས་བྱིན་རླབས་ཀྱི་སྔོན་དུ་འགྲོ་བ་སོང་ནས། བྱིན་རླབས་དངོས་ལའང་སྔོན་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་བུམ་དབང་གཏོར་བླུགས་ཀྱི་ཆོ་ག་ལ་བརྟེན་ནས་སྔོན་འགྲོ་བྱིན་རླབས་ཀྱི་གཞི་འགོད་པར་བྱ་བ་ལ། རྣམ་པར་རྒྱལ་བའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་མགོན་གྱི་རང་བཞིན་བདུད་རྩིའི་བཅུད་ཀྱིས་གཏམས་པས་རིག་འཛིན་ཚེའི་དབང་ཆེན་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འཆི་མེད་མགོན་པོ་ཞུ་བའི་བཅུད༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ རིག་འཛིན་ཚེ་ཡི་དབང་བསྐུར་རོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཅིང་སྤྱི་བོར་འཐོར། དེ་ལྟར་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། བདུད་རྩིའི་དྭངས་མ་སྙིང་གི་དབུས་སུ་འདུས་པ་ལས་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་གསལ་མཉམ་གཞག་ཚེ་བུམ་བསྣམས་ཤིང་ལོངས་སྐུའི་རྒྱན་རྫོགས་པ། པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་འོད་དང་གཟི་བརྗིད་རབ་ཏུ་འབར་བ་ཞིག་ཏུ་གྱུར་པར་མོས་མཛོད། གཉིས་པ་རང་བྱུང་པདྨ་བྷཉྫའི་སྣོད་བཅུད་ལ་བརྟེན་ནས་དངོས་གཞི་རྡོ་རྗེ་གསུམ་གྱི་བྱིན་རླབས་སྦྱིན་པ་ནི། བྷནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་འཆི་མེད་འཕགས་མའི་དཀྱིལ་འཁོར་པ་ཡོངས་སུ་རྫོགས་པར་བཞུགས་པ་ཐམས་ཅད་ཀྱང་རང་འོད་ཀྱི་ཡབ་དང་སྙོམས་པར་འཇུག་པའི་བདུད་རྩིའི་རྒྱུན་དང་བཅས་པས་དབང་བསྐུར་བར་མོས་ཤིག །ཐོད་པ་སྤྱི་བོར་བཞག་ལ། ཨོཾ༔ རང་བྱུང་བྷནྡྷའི་སྣོད་མཆོག་ཏུ༔ ཡིད་བཞིན་འཁོར་ལོའི་ལྷ་ཚོགས་བཞུགས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ ཡེ་ཤེས་སྐུ་རུ་དབང་བསྐུར་རོ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྱང་སེམས་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་བརྒྱུད་དེ་ལུས་ཀྱི་ནང་གང་། གནས་པ་རྩའི་སྒྲིབ་པ་དག་ནས་རགས་ལུས་དྭངས་མར་གནས་གྱུར། འོད་གསལ་ཡེ་ཤེས་སྒྱུ་མའི་སྐུར་མངོན་དུ་སྣང་བར་གྱུར་པར་མོས་ཤིག །ལྷ་ཚོགས་རྣམས་བདེ་བ་ཆེན་པོར་འོད་དུ་ཞུ་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་ལྗགས་ཐོག་ཏུ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ རིག་རྩལ་སྤྲུལ་པའི་དཀྱིལ་འཁོར་ལྷ༔ འོད་གསལ་དབྱིངས་སུ་ཞུ་བའི་རྒྱུན༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ བདེ་བ་ཆེན་པོར་དབང་བསྐུར་རོ༔ ཡིག་བཅུའི་མཐར། མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་བྱིན་པའི་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་ཞིང་རྩ་ཨ་བ་དྷཱུ་ཏིར་ཞུགས་པ་ལས། ཡེ་ཤེས་སེམས་དཔའ་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་ཁ་སྦྱོར་དུ་གྱུར། གཡོ་བ་རླུང་གི་སྒྲིབ་པ་དག་ནས་འགྲོ་འོང་འཕོ་བའི་རྒྱུ་བ་འཛག་མེད་དུ་བཅིངས། ངག་མི་ཤིགས་པ་གཞོམ་མེད་རྡོ་རྗེའི་དབྱངས་སུ་གྱུར་པར་མོས་མཛོད། སྲིད་ཞིའི་བཅུད་དང་དྭངས་མ་འདུས་པའི་རྡོ་རྗེ་ཚེའི་རིལ་བུ་མགྲིན་པའི་ལམ་ནས་སྙིང་དབུས་སུ་ཐིམ་པར་མོས་ཤིག །ཐོད་ནང་རིལ་བུ་སྦྱིན་ལ། ཧཱུྃ༔ འཁོར་འདས་དྭངས་བཅུད་ཐམས་ཅད་ཀུན༔ ཐིག་ལེ་ཆེན་པོའི་ཀློང་དུ་རྫོགས༔ ལྷན་ཅིག་སྐྱེས་པའི་བདུད་རྩི་ཡིས༔ འཆི་མེད་རྟག་པའི་དབང་བསྐུར་རོ༔ ཡིག་བཅུའི་མཐར། མ་ཧཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་རིལ་བུ་དེ་ཉིད་ལྕེ་རྡོ་རྗེ་རྩེ་གསུམ་པའི་ལམ་བརྒྱུད། སྙིང་གའི་ཉི་ཟླའི་གྭའུའི་དབུས་སུ་ཞུགས། རླུང་རིག་སེམས་གསུམ་དབྱེར་མེད་པའི་ཐིག་ལེ་དཀར་འཚེར་འོད་འབར་བར་གྱུར། གྭའུའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་རང་བཞིན་འོད་ཟེར་ལྔའི་དྲྭ་བས་བསྡམས། གཞོམ་གཞིག་འཕོ་འགྱུར་མེད་པར་རྒྱས་གདབ། ཁམས་ཐིག་ལེའི་སྒྲིབ་པ་དག་ནས་དྭངས་མ་གཡོ་རྩོལ་དང་བྲལ་བའི་བདེ་ཆེན་རྡོ་རྗེར་བརྟན། འགྱུར་བ་མེད་པའི་ཐུགས་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་རང་བཞིན་མངོན་དུ་གྱུར་པར་མོས་ལ་དགག་སྒྲུབ་བསལ་བཞག་རེ་དོགས་ཀྱི་བཅོས་མ་ཀུན་དང་བྲལ་བ་རང་རིག་ཀ་དག་ཟང་ཐལ་རྗེན་པའི་ངང་བསྐྱང་བར་ཞུ། ཞེས་དར་གཅིག་མཉམ་པར་འཇོག་ཏུ་བཅུག །གསུམ་པ་མཐའ་རྟེན་ཚེའི་འབྲང་རྒྱས་ལ་བརྟེན་ནས་བྱིན་རླབས་འཕེལ་བརྟན་དུ་བྱ་བ་ནི། ཚེ་འབྲང་གཙུག་ཏོར་རྣམ་པར་རྒྱལ་མ་དངོས་སུ་གསལ་བ་སྤྱི་བོར་སྤྱན་དྲངས་པས་ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་ཏེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འཕེལ་རྒྱས་རབ་ཏུ་བརྟན་པར་བྱིན་གྱིས་བརླབས་པར་མོས་ཤིག །ཚེ་གཏོར་སྤྱི་བོར་བཞག་ལ། བྷྲཱུྃ༔ འཆི་བདག་བདུད་ལས་རྣམ་རྒྱལ་མ༔ གཙུག་ཏོར་ཆེན་པོའི་ཡེ་ཤེས་ཀྱིས༔ རྟག་ཏུ་བྱིན་གྱིས་བརླབས་པ་ལས༔ བཀྲ་ཤིས་ཚེ་ཡི་དཔལ་ཐོབ་ཤོག༔ ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་རྡོ་རྗེའི་གོ་ཁྲབ་ཀྱི་རྣམ་པར་གྱུར་པས་ཁྱེད་རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་ཀུན་ཏུ་གཏམས་ཏེ་མི་ཕྱེད་རྡོ་རྗེའི་སྲོག་གྲུབ་པར་གྱུར། དེ་ལས་མཁའ་དབྱིངས་གང་བ་ཁྱབ་པའི་འོད་ཟེར་གྱི། སྣང་བའི་རྩེ་མོར་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟ་བུ་ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་རྣམས་ཀྱིས། བཀྲ་ཤིས་པའི་གླུ་དབྱངས་ལེན་ཅིང་ལྷའི་མེ་ཏོག་གི་ཆར་ཆེན་པོ་ཕབ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མཆོག་གི་དགའ་སྟོན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པའི་འདུན་པ་མཛོད་ཅིག །མེ་ཏོག་འཐོར་ལ་ཞལ་ནས་གསུངས་པའི་ཚིགས་བཅད་སོགས་དང་། ཁྱད་པར། ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཅེས་དང་རྟེན་སྙིང་། སུ་པྲ་ཏིཥྛ་སོགས་བརྗོད་ལ་རོལ་མོ་སྙན་པའི་སྒྲ་དབྱངས་རྒྱུན་རིང་དུ་འཁྲོལ་བར་བྱའོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་ཟབ་ཆོས་འཆི་མེད་འཕགས་མའི་སྙིང་ཏིག་གི་སྨིན་བྱེད་འབྲིང་པོ་ཡང་ཟབ་ཚེའི་བྱིན་རླབས་ལེགས་པར་གྲུབ་པ་སྟེ། དེའི་དགོས་པའང་རྩ་བ་རྡོ་རྗེའི་གསུང་ལས། ཚུལ་བཞིན་དབང་ཐོབ་ཉམས་བླངས་པས༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ན༔ གནས་སྐབས་བར་ཆད་སེལ་བ་དང༔ ཚེ་དཔལ་འཕེལ་བ་སྨྲོས་ཅི་དགོས༔ ཚེ་ཟད་པ་ཡང་ངེས་པར་བསྲིང༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ དེ་ཕྱིར་ཤིན་ཏུ་གསང་བའི་ལམ༔ སྙིང་གི་དབུས་སུ་གཅེས་པར་ཟུངས༔ ཞེས་ཆེད་དུ་བསྔགས་ཤིང་རྗེས་སུ་གདམས་པ་ལྟར་རིམ་གཉིས་སྒོམ་པ་ལ་དབང་བའི་སྨིན་བྱེད་ཀྱི་སྙིང་པོར་གྱུར་པ་དང་། གནས་སྐབས་ཚེའི་བར་ཆད་སེལ་ཞིང་ཚེའི་དངོས་གྲུབ་བརྙེས་པ་ལ་ཁྱད་པར་དུ་ཟབ་པ་ཡིན་པས་འདི་ཉིད་གཡར་དམ་དུ་འཆང་ཞིང་། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ཕྱིན་ཆད་ཀྱང་ཕྲིན་ལས་ཡེ་ཤེས་སྣང་བའི་དཀྱུས་ལྟར་བྱས་པས་འགྲུབ་བོ། །རིག་འཛིན་ཚེ་ཡི་བཅུད་ལེན་གྲུབ། །རྡོ་རྗེ་བཞི་ཡི་ལྷུམས་སུ་ཞུགས། །འགྱུར་མེད་ཐིག་ལེ་ཆེན་པོའི་ཀློང་། །སྐྱེ་འཆིའི་མཚན་རྟོག་ཡོངས་གྲོལ་ཤོག །ཅེས་པའང་ཐམས་ཅད་མཁྱེན་གཟིགས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་ཞལ་སྔ་ནས་རིན་ཆེན་དང་པོའི་མེ་ཏོག་དང་བཅས་ཏེ་བཀའ་ལུང་སྤྱི་བོར་ཕེབས་པར་བརྟེན། གཏེར་ཆེན་མཁས་གྲུབ་ཡོངས་ཀྱི་སྤྱི་རྗེ་ཉིད་ལས་བཀའི་གནང་བ་དང་ཞལ་ཁྲིད་ཀྱི་བདུད་རྩི་གུས་པས་ནོས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་སྒྲུབ་གནས་ཀྱི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་ (Volume 14, Text 29)

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་བཞུགས་སོ༔ ༔ ལྷ་ལ་བསྟེན་ནས་བསྐྱེད་པའི་རིམ་པའི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ལ་བསྟེན་པ་བསྐྱེད་པའི་རིམ་པའི་རྫོགས་རིམ་ཞེས༔ གསང་སྔགས་ཀྱི་དངོས་གྲུབ་ནི་ལྷའི་དཀྱིལ་འཁོར་ལ་བསྟེན་ནས་བསྒྲུབ་དགོས་པས༔ དང་པོ་ཆོས་ཐམས་ཅད་སྟོང་པ་བདག་མེད་པ༔ ཤེས་པ་དང་བརྗོད་པའི་མཐའ་ལས་འདས་པ་ནི་དེ་བཞིན་ཉིད་དེ༔ དེ་ཁོ་ན་ཉིད་ཐོབ་པར་བྱ་བ་ཡིན་པས༔ དེ་ལ་བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་དེ་བཞིན་ཉིད་དང༔ ལས་དང་པོ་པས་བསྒོམ་པར་བྱ་བའི་དེ་བཞིན་ཉིད་གཉིས་སོ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་དེ་བཞིན་ཉིད་ནི༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བ་འདི་ལྟ་སྟེ༔ ཆོས་ཉིད་མ་བཅོས་པ་ཐོབ་པར་བྱ་བ་ཡིན་ཏེ༔ ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པ་སྟོང་པ་ཆེན་པོའི་རང་བཞིན་པར༔ བློས་བརྟགས་ཀྱང་མངོན་དུ་མ་གྱུར་ཏེ༔ སྤྱིའི་རྣམ་པ་ཙམ་ལ་དམིགས་པའོ༔ རྣལ་འབྱོར་པས་དམིགས་པ་དང་བཅས་པའི་ཤེས་པ་དེ་ལ་ནི༔ ཡུལ་དམིགས་པའི་ཡེ་ཤེས་པ་ཞེས་བྱ་བའོ༔ ཏིང་ངེ་འཛིན་གྱི་སྟོབས་དེས་ས་དང་པོ་ནོན་ནོ༔ དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལའང་གཉིས་ཏེ༔ བདེ་བར་གཤེགས་པའི་རྒྱུད་ལ་གནས་པའི་ཀུན་ཏུ་སྣང་བ་ནི༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང༔ ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་པ་རྣམས་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ༔ ཆོས་སྐུ་ལས་གཟུགས་སྐུ་རྣམ་གཉིས་འབྱུང་བར་མཛད་པ་ལ་ནི༔ ཀུན་ཏུ་སྣང་བ་སྟེ་སེམས་ཅན་གྱི་དོན་ལ་གཡོ་བའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བའི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འདི་ལྟ་སྟེ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དེ་བཞིན་ཉིད་ཀྱི་དོན་མ་རྟོགས་པར་གཟུང་འཛིན་གྱི་རྣམ་པར་རྟོག་པས་ཁམས་གསུམ་དུ་འཁྱམས༔ རྒྱུད་དྲུག་དུ་འཁོར་བ་ལ་སྙིང་རྗེ་བསྐྱེད་པས་ཡུལ་ལ་གཡོ་བའི་ཤེས་པ་གང་ཡིན་པ་དེ་ལ་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏེ༔ ཤེས་པ་དེ་ལ་ནི་རྗེས་སུ་འབྲངས་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་གཉིས་པ་ནོན་ཏོ༔ དེ་ནས་འབྲས་བུའི་ཏིང་ངེ་འཛིན་ལ་གཉིས་ཏེ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་འབྲས་བུའི་ཏིང་ངེ་འཛིན་ནི༔ སྐུ་རྣམ་པ་གཉིས་བྱུང་ནས་སེམས་ཅན་གྱི་དོན་མཛད་པའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བ་ནི༔ ཡོ་གའི་ཏིང་ངེ་འཛིན་གང་ཡིན་པ་དེས་རྐྱེན་བྱས་ནས༔ ཀུན་གཞིའི་རྣམ་པར་ཤེས་པ་རྟེན་དང་བརྟེན་ཅན་དུ་བཅས་པ༔ ཡི་གེ་ཧཱུྃ་གི་རང་བཞིན་དུ་གསལ་བར་གྱུར་པ་ནི་འབྲས་བུའི་ཏིང་ངེ་འཛིན་ནོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་གཟུགས་བརྙན་ལྟར་སྣང་བའི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ནི་ས་གསུམ་པ་ནོན་ཏོ༔ དེ་ལྟར་ཏིང་ངེ་འཛིན་གྱི་བྱེ་བྲག་གསུངས་པ་དེའང་དོན་རྣམ་པ་གཉིས་སུ་གསུངས་ཏེ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་གསུམ་གྱིས་གཞན་དོན་མཛད་དོ༔ རྣལ་འབྱོར་པ་ལས་དང་པོ་པས་བསམ་པར་བྱ་བའི་ཏིང་ངེ་འཛིན་རྣམ་པ་གསུམ་ནི་བདག་དོན་ནོ༔ སེམས་ཅན་གྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་གསུམ་ཡང་གསུངས་ཏེ༔ སྙིང་དཀར་ནག་མཚམས་ན་ཆོས་ཀྱི་འཁོར་ལོ་གནས་ཏེ༔ འཁོར་ལོའི་ལྟེ་བ་ན་ཡི་གེ་ཨཿགནས་ཏེ༔ ཡི་གེ་ཨཿདེ་ནི་ཡེ་ཕྱི་མོ་ཉིད་ནས་གྲུབ་སྟེ་གདོད་མ་ནས་གནས་པའོ༔ ཡི་གེ་དེའི་མཚན་ཉིད་སྤྲོས་པ་དང་བྲལ་ཏེ་སེམས་ཅན་གྱི་རང་རྒྱུད་ལ་ཡེ་ནས་གྲུབ་པའི་དེ་བཞིན་ཉིད་དོ༔ ཡི་གེ་ཨཿའི་དབུས་ན་ཡེ་ཕྱི་མོ་ནས་གྲུབ་པའི་ཧཱུྃ་གཅིག་གནས་ཏེ༔ ཧཱུྃ་དེ་ནི་ཤེས་པ་དང་དྲན་རྟོག་ཐམས་ཅད་འབྱུང་བར་བྱེད་པའི་རྐྱེན་ཏེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ༔ ཧཱུྃ་དེའི་རྣམ་པ་དེས་བསྐྱེད་ནས༔ ཐབས་དང་ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ཀཱ་ལི་ལྟར་བྱུང་ནས་ཤེས་པ་དང་བརྗོད་པ་ཐམས་ཅད་འབྱུང་བ་ནི་འབྲས་བུའི་ཏིང་ངེ་འཛིན་ནོ༔ དེ་ལྟར་སེམས་ཅན་གྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་རྣམ་གསུམ་གྱིས་ནི་བསྒྲུབ་པའི་བསྒོམ་པ་ཆུད་མི་ཟ་བའི་ས་བོན་ནོ༔ དེ་ལྟར་ཏིང་ངེ་འཛིན་རྣམ་པ་དགུར་བསྟན་ནས༔ ད་ནི་རྟེན་རང་བཞིན་གྱིས་སེམས་སྦྱོང་བ་བསྟན་ཏེ༔ ཕྱི་དང་ནང་དུ་བསྟན་པའི་ཡུལ་རང་བཞིན་ཅན་འདི་ནི་རྟེན་གྱི་དལ་དུ་སྣང་བ་སྟེ༔ དེའང་ཇི་ལྟར་སྣང་ཞེ་ན་ཡི་གེ་ཧཱུྃ་གི་འོད་ཟེར་ལས་ཡི་གེ་ཨེ་བྱུང༔ ཨེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བའི་ཕྱག་རྒྱར་གསལ་ཏེ༔ དབྱིབས་གྲུ་གསུམ་པ་གསལ་ཏེ༔ འབྱུང་བ་ནམ་མཁའི་རང་བཞིན་ཡུམ་ཀུན་ཏུ་བཟང་མོའི་མཁའ་འོ༔ ཧཱུྃ་ལས་ཡཾ་འཕྲོས་པས་རླུང་གི་དལ་གཞུའི་དབྱིབས་བ་དན་གྱིས་མཚན་པའོ༔ འབྱུང་བ་རླུང་གི་རང་བཞིན་ཡུམ་དམ་ཚིག་སྒྲོལ་མའི་མཁའ་འོ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་དམར་སེར་འཕྲོས་པས་དེ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྡོ་རྗེས་མཚན་པ༔ འབྱུང་བ་མེའི་རང་བཞིན་ཡུམ་གོས་དཀར་མོའི་མཁའ་འོ༔ དེའི་སྟེང་དུ་ཧཱུྃ་ལས་ཁཾ་དཀར་པོ་ཞིག་འཕྲོས་པས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ༔ འབྱུང་བ་ཆུའི་རང་བཞིན་ཡུམ་མཱ་མ་ཀིའི་མཁའ་འོ༔ དེའི་སྟེང་དུ་སུཾ་སེར་པོ་འཕྲོས་པས་གསེར་གྱི་ས་བཞི་གྲུ་གཞི་སེར་པོ་གྲ་རེ་རེར་རྡོ་རྗེས་མཚན་པ༔ འབྱུང་བ་སའི་རང་བཞིན་ཡུམ་སངས་རྒྱས་སྤྱན་གྱི་མཁའ་འོ༔ དེ་ལྟར་མཁའ་རྣམ་པ་ལྔ་ནི་གཞལ་ཡས་ཁང་གི་ངོ་བོ་སྟེ༔ དེའི་སྟེང་དུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང༔ ཕྱི་ནས་བལྟས་པས་ནང་གསལ་བ༔ ནང་ནས་བལྟས་པས་ཕྱི་གསལ་བར་གྱུར་པ་དེ་ལ་ནི་སྣང་བ་དག་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བཞི་པ་ནོན་ཏེ༔ དེ་ལ་གཞལ་ཡས་ཁང་གྲུ་བཞིའི་དབུས་སུ༔ རྡོ་རྗེའི་ཆོ་ག་རྣམ་པ་གསུམ་གྱི་རྟེན་ཅན་ལྷའི་སྐུ་བསྒོམ་སྟེ༔ གཞལ་ཡས་ཁང་གི་དབུས་སུ་ལྷ་བརྒྱད་བསྣོལ་བའི་སྟེང་དུ༔ ཉི་ཟླ་པདྨ་བརྩེགས་པའི་སྟེང་དུ་རང་གི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡི་གེ་ཧཱུྃ་ནམ་མཁའ་ནས་ཐིགས་པའི་ཚུལ་དུ་བབས་པ་ནི༔ ཆོ་ག་གཅིག་སྟེ༔ ཧཱུྃ་ལས་འོད་ཟེར་འཕྲོས་སླར་འདུས་པ་ལས་ཧཱུྃ་ལྟེམ་གྱིས་ཞུ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྗེས་སུ་འབྲངས་པའི་སེམས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་ལྔ་པ་ནོན་ཏོ༔ དེ་ནས་ཧཱུྃ་དེ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡེ་ཤེས་ལྔའི་གཟུགས་བརྙན་ལྟར་སྣང་བའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་དྲུག་པ་ནོན་ཏོ༔ དེ་ནས་རྡོ་རྗེ་ལས་འོད་འཕྲོས་སླར་འདུས་པ་ལས་རྡོ་རྗེ་འོད་དུ་ཞུ་བར་གྱུར་ཏེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཆོས་ཀྱི་སྐུ་ལ་བཞུགས་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བདུན་པ་ནོན་ཏོ༔ དེ་ནས་འོད་ཀྱི་གོང་བུ་དེ་ལས་དཔལ་ཆེན་པོའི་སྐུར་གྱུར་ཏེ༔ དེའང་ཡེ་ཤེས་བྱེ་བྲག་ལས་མངོན་དུ་གྲུབ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བརྒྱད་པ་ནོན་ཏོ༔ དེའང་སྐུ་དེ་གདོས་པ་ཅན་མ་ཡིན་ཏེ༔ ཡིད་ཀྱི་སྤྱོད་ཡུལ་དུ་སྣང་བ་སྟེ༔ དེ་ལ་རང་བཞིན་ཡོད་པ་མ་ཡིན་ནོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ མེ་ལོང་ལྟར་སྣང་གི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་དགུ་པ་ནོན་ཏོ༔ དེ་ལྟར་བསྐྱེད་པའི་རིམ་པ་མཐར་ཕྱིན་པར་བསྟན་ཀྱང༔ རྣལ་འབྱོར་པ་ལས་དང་པོ་པ་རྣམས་ལ་སྐྱོན་གསུམ་འབྱུང་སྟེ༔ དེའང་རྒོད་པ་དང༔ བྱིང་བ་དང༔ རྣམ་པར་གཡེང་བའོ༔ དེ་ལ་རྒོད་པ་ནི༔ དང་པོ་ཏིང་ངེ་འཛིན་ལ་ཞུགས་པས་བསྐྱེད་པའི་རིམ་པ་ཡིད་ལ་གསལ་སྙམ་བྱས་ལ༔ དེ་དང་དེར་མི་གནས་ཏེ༔ ཡུལ་སྔར་བྱས་པ་དང༔ ཕྱིས་བྱེད་པ་དྲན་པའི་ཡུལ་ལ་འཕྲོ་བའོ༔ དེ་བསལ་བའི་ཐབས་ནི༔ དེ་ལྟར་ཡུལ་སྔར་དྲན་པ་ཕྱིས་སྐྱེས་པ་ཅི་ལྟར་དྲན་ཅིང་གསལ་བ་དེ་ཉིད་བོར་ལ༔ གོང་མའི་ཏིང་ངེ་འཛིན་དེ་ཉིད་ལ་བསླབ་པར་བྱ་བ་ཡིན་ཏེ༔ ཇི་ལྟར་ཡིད་ཀྱི་ཡུལ་དུ་གསལ་བ་དེ་ཉིད་རྟེན་དང་རྟེན་ཅན་གྱི་ཡུལ་དུ་གསལ་བར་བྱ་ཞིང༔ དེ་ལས་གཞན་དུ་མི་གཡོ་བར་སེམས་བརྟན་པར་བཏག་པ་ནི་རྒོད་པ་བསལ་ཐབས་སོ༔ དེ་ལ་བྱིང་བ་ནི་འདི་ལྟར་སྟེ༔ དང་པོ་ཏིང་ངེ་འཛིན་གསལ་ཙམ་ན༔ གསལ་བ་སྙམ་བྱེད་ཅིང་དེ་ནས་ཅུང་ཟད་ན་མར་ཇེ་བྱིང་ཇེ་བྱིང་ལ་འགྲོ༔ རྒྱུས་མེད་པས་མུན་པའི་ནང་ནས་རྫས་འཚོལ་བ་དང་འདྲ༔ གསལ་བ་ཙུག་བྱས་ཀྱང་རྟེན་དང་རྟེན་ཅན་དུ་གསལ་རྒྱུ་མེད་པར་མོག་མོག་པོར་གྱུར་པ་ནི་བྱིང་བ་ཞེས་བྱ་སྟེ༔ དེ་བསལ་བའི་ཐབས་ནི་ཏིང་ངེ་འཛིན་བཏང་ཏེ༔ བདེ་བར་གཤེགས་པའི་སྐུ་དངོས་སུ་འབྱོར་ན་རབ༔ མ་འབྱོར་ནའང་ཡིད་ཀྱིས་མདུན་དུ་དམིགས་ལ༔ དེ་ལ་དངོས་སམ་ཡིད་ཀྱིས་མཆོད་པ་འབུལ༔ དེ་ལ་བསྐོར་བ་ལན་གསུམ་མམ་བདུན་བྱ༔ དེའི་རྗེས་ལ་ཆུས་བདག་གི་གདོང་སོགས་བཀྲུས་ལ༔ སྔོན་གྱི་ལས་ཇི་ལྟ་བ་དང༔ ཕྱིས་བྱ་བའི་ལུགས་ཇི་ལྟ་བ་ལ་སེམས་ཡན་དུ་བཅུག་ལ༔ དེ་ནས་གདོད་ཏིང་ངེ་འཛིན་ལ་སེམས་གནས་པར་བྱའོ༔ དེ་ནི་བྱིང་བ་བསལ་ཐབས་ཡིན་ནོ༔ དེ་ནས་གཡེང་བ་ཇི་ལྟར་ཞེ་ན༔ དང་པོ་ཏིང་ངེ་འཛིན་བརྩམ་པའི་དུས་ན༔ སྔོན་ལ་རིམ་པ་དང་པོ་དང་གཉིས་པ་ལ་སོགས་པ་གསལ་བ་སྙམ་བྱེད་ཀྱང༔ དེའི་འཕྲོ་ལ་གནས་པར་མི་བྱེད་པར༔ ཡུལ་གྱི་དངོས་པོ་ལ་རྨི་ལམ་གྱི་ཚུལ་ཇི་བཞིན་དུ་ཡུལ་ལ་ཡན་པ་ནི་གཡེང་བའོ༔ དེ་བསལ་བའི་ཐབས་ནི༔ ཤེས་པ་དེ་ལ་སེམས་ཅུང་ཟད་བརྟག་པ་བཅུག་པས༔ དེ་ནས་གདོད་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ དེ་ནས་ངན་སོང་གསུམ་གྱི་སྡུག་བསྔལ་དང༔ ཁམས་གསུམ་གྱི་སེམས་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་འདི་རྣམས་སྙིང་རྗེ་བར་བསམས་ལ༔ སྙིང་རྗེ་དུང་གིས་བསྐྱེད་ལ་གདོད་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ དེ་ལྟར་ཏིང་ངེ་འཛིན་གྱི་སྐྱོན་བསལ་ཡང་ནང་ལ་འབྱུང་བའི་སྐྱོན་འབྱུང་སྟེ་ཏིང་ངེ་འཛིན་ལ་གནས་པའི་དུས་ན༔ ཡིད་ལ་བདག་ཉིད་འཕྲེད་ལ་ཉལ་སྙམ་བྱེད་པ་དང༔ ལྷའི་སྐུར་ཡིད་ཀྱི་དབང་པོ་ཉིད་དུ་བརྟགས་པ་ལ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་འགྱུར་བ་སྙམ་བྱེད་པ་དང༔ དཀྱིལ་འཁོར་གྱི་ལྷ་ཉིད་མི་འདྲ་བར་བདག་ཉིད་ཀྱིས་མཐོང་བ་དང༔ བདག་གི་མིག་སྔར་མི་མཐུན་པ་ཉིད་ཀྱི་གཟུགས་མཐོང་བ་ནི་རླུང་གཡོས་པའི་དགྲ་རུ་བལྟའོ༔ ཏིང་ངེ་འཛིན་འཕྲོ་བཅད་ལ་རླུང་གཞིལ་བའི་ཆོ་ག་བྱའོ༔ དེ་ལྟར་ཏིང་ངེ་འཛིན་གྱི་སྐྱོན་བསལ་ནས་བསྒོམ་པའི་དུས་ན༔ བསྐྱེད་པའི་རིམ་པ་མཐུ་བརྟས་པའི་དྲོད་ནི༔ ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་མ་སྐྱེད་པར་དུང་གིས་སྐྱེའོ༔ དེ་ལ་ཡང་ནས་ཡང་དུ་གོམས་ཙ་ན༔ གདོང་མཆི་མ་ཕྲུགས་གེ་འདུག་པ་ཞིག་འབྱུང་ངོ༔ དེ་ལ་ཡང་ནས་ཡང་དུ་གོམས་ཙ་ན༔ དགའ་བ་མ་སྐྱེད་པར་ཤིན་ཏུ་དགའ་བ་སྐྱེ་སྟེ་དེ་ལྟ་བུའི་རྟགས་ལའང་བྲོད་སྐྱེད་པར་མི་བྱེད༔ དེ་ལས་ཀྱང་གོམས་པའི་དུས་ན༔ འཁོར་གཅིག་ཏིང་ངེ་འཛིན་མི་གསལ་བ་སྙམ་བྱེད་པ་ཞིག་འབྱུང་སྟེ་དེ་ལ་ཡི་ཆད་པར་མི་བྱ༔ དེ་ལ་ཡང་ནས་ཡང་དུ་བརྩོན་འགྲུས་བསྐྱེད་ཅིང་གོམས་པའི་དུས་ན༔ དལ་གྱི་ལྷ་ཇི་ལྟར་རྟོགས་པ་བཞིན་དུ་གསལ་ཞིང་དོད་པར་བལྟ་སྟེ༔ དེ་ལ་ཡང་ནས་ཡང་དུ་གོམས་པའི་དུས་ན༔ གཉིད་ལོག་ཀྱང་རུང༔ འགྲོ་ཡང་རུང༔ ཇི་ལྟར་འདུག་ཀྱང་རུང་སྟེ༔ ལྷའི་དཀྱིལ་འཁོར་འབའ་ཞིག་གསལ་བ་མ་གཏོགས་པ་གཞན་སྣང་རྒྱུ་མེད་པར་མཐོང་བ་དང་ཡི་དམ་ལྷའི་ཞལ་མཐོང་བ་ཞེས་བྱ་སྟེ༔ བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ཞེས་བྱའོ༔ དེ་ནི་བསྐྱེད་པའི་རིམ་པ་ཡིན་ཀྱང་ཡང་དག་པའི་དོན་ལ་རེག་པ་མ་ཡིན་ཏེ་ཞི་བའི་ལམ་པ་ཞེས་བྱའོ༔ དེ་ནས་གདོད་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་སྟེ༔ དེ་ལ་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་བ་ནི༔ རྟེན་གཞལ་ཡས་ཁང་དང༔ བརྟེན་པ་ལྷ་རུ་སྣང་བ་འདི་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་དུ་བདེན་པར་སྣང་ཡང༔ དོན་ལ་བདེན་པ་མ་ཡིན་ཏེ་སེམས་ཀྱི་ཆོ་འཕྲུལ་དུ་བལྟའོ༔ སེམས་ཉིད་ལྷའི་དཀྱིལ་འཁོར་དུ་ཡེ་ནས་གནས་ཏེ༔ སེམས་ཉིད་ལྷར་སྣ་ཚོགས་སུ་སྣང་བ་ཡང་རང་གི་རིག་པ་ཡིན་ཏེ༔ རང་གི་རིག་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོར་རྟོགས་པར་བྱའོ༔ དེའི་དུས་སུ་ཕྱི་ནང་གི་རྟགས་འབྱུང་སྟེ༔ ཕྱི་རྟགས་ནི་ཡེ་ཤེས་ཀྱི་སྟོབས་རྙེད་ཅིང་མངོན་དུ་འགྱུར་བའི་དུས་ནི༔ ཐལ་ལྕག་བརྒྱབ་ཀྱང་རུང༔ སྦྲང་བུས་ཟོས་ཀྱང་རུང༔ རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲགས་ཀྱང་རུང་སྟེ༔ ཏིང་ངེ་འཛིན་མི་འཕྲོག་པར་གནས་སོ༔ ནང་རྟགས་ནི་ཕྱི་ཡུལ་གྱི་དངོས་པོ་ལ་མི་གནས་ཤིང༔ སྐད་ཅིག་མ་གཅིག་ལ་དབང་པོའི་མངོན་སུམ་པར་ཆོས་ཉིད་ལྷག་གིས་མཐོང་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ རྣམ་པར་སྣང་མཛད་ཅེས་བརྗོད་དོ༔ དེའི་དུས་སུ་ཕྱི་ནང་དུ་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གསལ་བས་རིན་ཆེན་འབྱུང་ལྡན་ཞེས་བྱའོ༔ དུས་དེ་ཉིད་དུ་ཆོས་ཉིད་ལས་དཔག་ཅིང་གཞལ་བ་ལས་འདས་པས་སྣང་བ་མཐའ་ཡས་ཞེས་བརྗོད་དོ༔ དུས་དེ་ཉིད་དུ་བརྗོད་པ་ཐམས་ཅད་ལས་འདས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་དོན་ཡོད་གྲུབ་པ་ཞེས་བྱའོ༔ དུས་དེ་ཉིད་དུ་བརྗོད་པ་ཐམས་ཅད་ལས་འདས་ཞེས་བྱ་བར་གདགས་སུ་མེད་ཅིང་ཚིག་དང་དངོས་པོ་གང་གིས་ཀྱང་གཞིག་ཏུ་མེད་པས༔ སྟོང་པ་ཆེན་པོ་ནམ་མཁའ་དང་འདྲ་བ་དེ་ལ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ བསྐྱེད་པའི་རྫོགས་པ་ཆེན་པོ་ཞེས་མཐར་ཕྱིན་པ་ཞེས་བྱ་སྟེ༔ ས་བཅུ་གཅིག་ནོན་པའོ༔ དེའང་རྣལ་འབྱོར་པ་ལ་ལ་ནི༔ སྐྱེ་བ་སྔ་མ་ལ་བསྐྱེད་པའི་རིམ་པ་ལ་སྦྱངས་ནས་སྐྱེ་བ་འདི་ལ་རྫོགས་པ་ལ་གནས་པའང་ཡོད་དོ༔ དེའི་མཚན་ཉིད་བསྐྱེད་པའི་རིམ་པ་བསྟན་མ་ཐག་ཏུ་གསལ་ཞིང་ཤེས་ནས༔ དེ་ལ་ཡིད་གནས་སུ་མི་འདོད་པར་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་དེ་ནི་སྐྱེ་བ་སྔ་མ་ལ་བསྐྱེད་པའི་རིམ་པ་ལ་སྦྱངས་པ་ཡིན་པར་ཤེས་པར་བྱའོ༔ བསྐྱེད་རིམ་ལ་བརྟེན་པ་ལྷའི་རྫོགས་རིམ་རྫོགས་སོ༔ ྈ ༈ གཡོ་བ་རླུང་གི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ གཡོ་བ་རླུང་གི་རྫོགས་རིམ་ལ༔ དང་པོ་ལུས་ནི་འབྱུང་བ་བཞི་ལ་བརྟེན་ནས་བླངས༔ ཕ་མ་གཉིས་ཀྱི་ཁུ་ཁྲག་དང༔ རིག་པ་ཡིད་ཀྱི་ཀུན་གཞི་ལས་ཀྱིས་དེད་ནས་མངལ་དུ་ཞུགས༔ དེ་ནས་མི་ལུས་འདོམ་གང་གྲུ་བཞི་ལ༔ རྩ་སྟོང་རྩ་གཉིས་གནས༔ རྩ་སྟོང་རྩ་གཉིས་ཀྱི་རྩའི་རྒྱལ་པོ་སྲོག་རྩར་རིག་པའི་སེམས་རླུང་གིས་དེད་ནས་ཨ་ཝ་དྷཱུ་ཏིར་ཚུད་ནས་དྲན་པ་སྙེད་དེ་རླུང་ཉི་ཁྲི་ཆིག་སྟོང་དུ་རྒྱས་སོ༔ རླུང་ཉི་ཁྲི་ཆིག་སྟོང་ཡང༔ རྩ་བ་རླུང་བཅུ་དྲུག་ཏུ་འདུས་སོ༔ རླུང་བཅུ་དྲུག་ལས་མེ་ཏོག་ཉི་ཁྲི་ཆིག་སྟོང་དུ་ཤར༔ མེ་ཏོག་ཉི་ཁྲི་ཆིག་སྟོང་ལས༔ འབྲས་བུ་བརྒྱད་ཁྲི་བཞི་སྟོང་དུ་ཤར༔ འབྲས་བུ་བརྒྱད་ཁྲི་བཞི་སྟོང་ལས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དུ་ཤར་བའོ༔ དེ་ལ་རླུང་ཐམས་ཅད་བསྡུས་པས༔ ཕྱིའི་རླུང༔ ནང་གི་རླུང༔ གསང་བའི་རླུང་དང་གསུམ་དུ་འདུས་སོ༔ དེ་ལ་ཕྱིའི་རླུང་ལ་བརྒྱད་དེ༔ འདེགས་པར་བྱེད་པའི་རླུང༔ སྙོམས་པའི་རླུང༔ འཇིག་པའི་རླུང༔ གཅོད་པའི་རླུང༔ བྱངས་པའི་རླུང༔ ལས་བྱེད་པའི་རླུང༔ འབིག་པའི་རླུང༔ ཀུན་ཏུ་ཁྱབ་པའི་རླུང་ངོ༔ ནང་གི་རླུང་ནི་བརྒྱད་དེ༔ གྱེན་དུ་རྒྱུ་བའི་རླུང༔ མཐུར་དུ་རྒྱུ་བའི་རླུང༔ ཕོ་བ་དྭངས་སྙིགས་འབྱེད་པའི་རླུང༔ བཀྲག་དང་གཟི་མདངས་སྐྱེད་པའི་རླུང༔ སྙིང་རྗེ་མེད་པ་ལས་ཀྱི་རླུང༔ ཐུགས་རྗེ་མེད་པ་མཉམ་པའི་རླུང༔ འབྱུང་བ་དྭངས་སྙིགས་འབྱེད་པའི་རླུང༔ ཤེས་རབ་ཆོས་སྐུ་དང་མཉམ་པའི་རླུང་ངོ༔ གསང་བའི་རླུང་ནི༔ ཀུན་གཞི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་དེ་ལ་བྱའོ༔ དེ་ལ་རླུང་ངོས་བཟུང་བ་ལ༔ ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་རྒྱུ༔ དེའང་ཡེ་ཤེས་ཀྱི་རླུང་དང༔ ཉོན་མོངས་པའི་རླུང་གཉིས་སུ་འདུ༔ ཡེ་ཤེས་ཀྱི་རླུང་ཞག་གཅིག་ལ་ཁྲི་ཚོ་གཅིག་དང་ལྔ་བརྒྱ་རྒྱུ༔ ཉོན་མོངས་པའི་རླུང་ཞག་གཅིག་ལ་ཁྲི་ཚོ་གཅིག་དང་ལྔ་བརྒྱ་རྒྱུ༔ རླུང་དེ་ལ་ཞོན་ནས་ཡིད་ཀྱི་འགྱུ་བ་འབྱུང་སྟེ༔ འཁོར་བར་འཁྱམས་པ་ནི་སྐྱེད་བྱེད་ཀྱི་རླུང་ངོ༔ དེའང་འགྲོ་བ་རིགས་དྲུག་གཞན་ནས་བཙལ་དུ་མེད་དེ༔ མི་ལུས་འདོམ་གང་གྲུ་བཞི་ལ་ཚང་ངོ༔ རིག་པ་བྱང་ཆུབ་སེམས་དེ་སྙིང་རྗེ་མེད་པའི་ལས་ཀྱི་རླུང་ལ་ཞོན་ནས་རྐང་མཐིལ་ནས་ཐོན་ནས་དམྱལ་ཁམས་བཅུ་དྲུག་དུ་བརྒྱུད་པའོ༔ མཐུར་དུ་རྒྱུ་བའི་རླུང་ལ་ཞོན་ནས་གསང་གནས་ནས་མར་ཐོན་པས་ཡི་དྭགས་སུ་འཁྲུལ་ལོ༔ བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལ་ཞོན་ནས་མིག་ནས་ཐོན་པས་ལྷའི་གནས་སུ་འཁྲུལ༔ ཕོ་བ་དྭངས་སྙིགས་འབྱེད་པའི་རླུང་ལ་ཞོན་ནས་སྣ་བུག་ནས་ཐོན་པས་མིར་འཁྲུལ༔ སྙིང་རྗེ་མེད་པ་མེ་དང་མཉམ་པའི་རླུང་ལ་ཞོན་ནས་ལྟེ་བ་ནས་ཐོན་ནས་བྱོལ་སོང་དུ་འཁྲུལ་ལོ༔ སངས་རྒྱས་སུ་འགྲོ་བ་ཡང་རླུང་ཡིན་ཏེ༔ གྱེན་དུ་རྒྱུ་བའི་རླུང་ལ་རིག་པ་བྱང་ཆུབ་ཀྱི་སེམས་ཞོན་ནས་སྤྱི་གཙུག་ནས་ཡར་ཐོན་ནས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པར་འགྱུར་རོ༔ ཤེས་རབ་ཆོས་སྐུ་དང་མཉམ་པའི་རླུང་ལ་རིག་པ་བྱང་ཆུབ་སེམས་དེ་ཞོན་ནས་སྙིང་ཙིཏྟའི་དབུས་སུ་སད་པས་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་ཤེས་པས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཤེས་པར་འགྱུར་རོ༔ རླུང་འཛིན་པའི་མན་ངག་ལ་བཞི་སྟེ༔ རླུང་མདའ་ལྟར་འཕང་བ༔ རླུང་གཞུ་ལྟར་དགུག་པ༔ རླུང་བུམ་པ་ལྟར་བསྐྱིལ་བ༔ རླུང་འཁོར་ལོ་ལྟར་བསྐོར་བའོ༔ རླུང་མདའ་ལྟར་འཕང་བ་ནི་རླུང་ཕྱིར་འདོན་པ་སྟེ་ཨོཾ་ལ་སྦྱང༔ རླུང་གཞུ་ལྟར་དགུག་པ་ནི་བར་དུ་རྔུབ་པ་སྟེ་ཨཱཿལ་སྦྱང༔ རླུང་བུམ་པ་ལྟར་བསྐྱིལ་བ་ནི་ནང་དུ་བཟུང་བ་སྟེ་ཧཱུྃ་ལ་སྦྱང༔ རླུང་འཁོར་ལོ་ལྟར་བསྐོར་བ་ནི༔ སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་ལ་ཡི་གེ་ཡཾ་གིས་ཁ་བཅད༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་ཡི་གེ་ཨོཾ་གྱིས་ཁ་བཅད༔ སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཡི་གེ་ཨཱཿཡིས་ཁ་བཅད༔ གློ་བ་ཀུན་བྱེད་འཁོར་ལོ་ལ་ཡི་གེ་ནི་ཡིས་ཁ་བཅད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་ཡི་གེ་ཧཱུྃ་གིས་ཁ་བཅད༔ མཆུ་སོ་ཆུའི་འཁོར་ལོ་ལ་ཡི་གེ་ཨེ་ཡིས་ཁ་བཅད༔ རྐང་པ་རླུང་གི་འཁོར་ལོ་ལ་ཡི་གེ་ཡཾ་གིས་ཁ་བཅད་ནས་གནས་སོ༔ དེ་རྣམས་སུ་སེམས་གཏད་ཅིང་གཟུང་བར་བྱའོ༔ དེར་སེམས་གཏད་པས་རྩའི་མདུད་པ་གྲོལ་ཏེ༔ རླུང་ཨ་ཝ་དྷཱུ་ཏིར་ཚུད་པས་སྐྱེད་བྱེད་ཀྱི་རླུང་གིས་འགུལ་བསྐྱོད་དང་བྲལ་ནས་སྙིང་ཙིཏྟའི་དབུས་སུ་སད་དེ༔ ཆོས་ཐམས་ཅད་མ་བཅོས་པ་བྱང་ཆུབ་སེམས་སུ་རྟོགས་ཤིང་མི་འགུལ་བ་ལ་ཉོན་མོངས་པ་སྐད་ཅིག་ཀྱང་མི་འགྱུ་སྟེ༔ དེ་ལྟར་གསང་བའི་རླུང་ངོས་ཟིན་པ་ཞེས་བྱའོ༔ དེ་ལ་རྟགས་ནི་ཕྱི་ནང་གསང་གསུམ་འབྱུང་སྟེ༔ ཕྱི་རྟགས་ནི་ལུས་འཕར་བ་དང༔ དྲོད་སྐྱེ་བ་དང༔ འགྲོ་བ་མགྱོགས་པ་དང༔ གོས་མི་དགོས་པ་དང༔ གཡང་ལ་མི་འཇིགས་པ་འབྱུང་ངོ༔ ནང་རྟགས་ནི༔ དབུགས་མི་རྒྱུ་བ་དང༔ ཉོན་མོངས་པ་མི་རྒྱུ་བ་དང༔ རྩ་མི་རྒྱུ་བ་དང༔ སྣང་བ་འདི་སྒྱུ་མ་ལྟ་བུ་འབྱུང་ངོ༔ གསང་བའི་རྟགས་ནི༔ སེམས་ཉིད་མ་བཅོས་པའི་དོན་བདེ་གསལ་ཆེན་པོ་ལས་སྐད་ཅིག་ཀྱང་མི་འགྱུར་ཏེ༔ དེ་ལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ༔ དེའང་རླུང་གི་རོ་འདོན་མ་ཤེས་ན༔ རླུང་ཤ་ལྤགས་མཚམས་སུ་སོང་ནས་མཛེར་འགྲོ་བ་འམ༔ རླུང་སྲོག་རྩར་འཁྱིལ་ནས་སྨྱོ་ནས་འགྲོ་བའམ༔ རླུང་མཐུར་དུ་ལོག་ནས་ཕྱི་ས་མི་ཐུབ་པ་དང༔ རླུང་ལོག་འོང་བས་བསྒོམ་པའི་ཚེ་སྐབས་སུ་ཧ་དྲག་པོ་བསྟུད་དེ་རླུང་གི་རོ་འདོན་གལ་ཆེའོ༔ རླུང་ལ་དབང་ཐོབ་ན་རིག་པ་ལ་དབང་ཐོབ༔ ཚེ་ལ་དབང་ཐོབ་པ་ཡིན་ནོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་གདམས་པ༔ གཡོ་བ་རླུང་གི་རྫོགས་རིམ་རྫོགས་སོ༔ ྈ ༈ བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ༔ དེ་ལ་དོན་རྣམ་པ་བཞི༔ བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ལྟ་བ༔ བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བའི་སྒོམ་པ༔ བྱང་ཆུབ་སེམས་ཀྱི་གྲོགས་བྱ་བའི་སྤྱོད་པ༔ བྱང་ཆུབ་ཀྱི་སེམས་མཐར་ཕྱིན་པའི་འབྲས་བུའོ༔ དེ་ལ་བྱང་ཆུབ་སེམས་རྟོགས་པར་བྱ་བའི་ལྟ་བ་ནི༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་དང་པོ་རྒྱུ་ལས་མ་སྐྱེས༔ བར་དུ་རྐྱེན་ལས་མ་བྱུང༔ ཐ་མ་འདི་ལྟར་གནས་པའི་ཡུལ་མེད༔ དབྱིབས་དང་ཁ་དོག་ཏུ་མ་གྲུབ༔ བལྟས་པས་མཐོང་བ་མེད༔ ཆོས་ཉིད་གཉུག་མ་རང་གསལ༔ འཛིན་མེད༔ རྟེན་བྲལ༔ སྐུ་ལྔ་ལྷུན་གྲུབ་ཡིན་ནོ༔ ཆོས་ཉིད་དེ་རིག་པ་གང་ལྟར་ཡང་མ་འགགས་པས་ན་སྤྲུལ་སྐུ༔ རིག་པ་འགག་མེད་ཀྱི་དོན་སྐྱེ་བ་མེད་པས་ན་ལོངས་སྐུ༔ དེ་བློ་ཡི་སྤྱོད་ཡུལ་ལས་འདས་པས་ན་ཆོས་སྐུ༔ ངོ་བོ་ལ་དེ་གསུམ་དབྱེར་མེད་པས་ན་ངོ་བོ་ཉིད་ཀྱི་སྐུ༔ དེ་ལ་ཉེས་པས་མ་གོས་པས་ན་བདེ་བ་ཆེན་པོའི་སྐུའོ༔ སྒོམ་པ་བློ་ཡི་བཞག་ཐབས་ནི༔ གཉུག་མ་རང་གསལ་རྟེན་མེད་དུ་རྟོགས་པའི་སོ་མ་ཤེས་པ་མ་བཅོས་པར་རང་ལུགས་སུ་བཞག༔ ཡུལ་དང་ཡུལ་ཅན་དུ་མི་དམིགས་པ་ལ་བཞག༔ རྟེན་མི་བཅའ་བར་བཞག༔ སེམས་ཡོད་མེད་གང་དུའང་མ་གྲུབ་པར་དགག་སྒྲུབ་མེད་པར་ལྷུག་པར་བཞག་གོ༔ དེ་ལྟར་ཡེངས་སུ་སྐད་ཅིག་ཀྱང་མེད་ལ༔ བསྒོམ་དུ་རྡུལ་ཙམ་ཡང་མེད་པར༔ གསལ་ལ་མི་རྟོག་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུར་བཞག་གོ༔ དེ་ལ་མི་གནས་པར་རྟོག་པ་འཕྲོ་ན༔ སྐྱོན་བྱིང་རྒོད་གཉིས་ཡིན་པས༔ བྱིང་བ་ལ༔ གནས་ཚད་ཁུངས་དང༔ ཟས་ཤ་ཆང་དང༔ གོས་ལག་མང་བས་དོན་མི་གསལ་ཏེ༔ དེ་བཅོས་ན་ཁྲུས་བྱ༔ བཅག༔ གསེང༔ རྒོད་ན་སྔ་ཕྱི་གཉིས་ཏེ༔ རྟོགས་པའི་སོ་ལ་སྙགས་པ་དང༔ རང་བྱུང་རང་ཞིའི་བཅོས་ཐབས་སོ༔ དེ་ལ་ཉམས་བཞི་སྟེ༔ སྣང་བ་ནི་ཡོད་པ་དངོས་པོར་རྟོག་པ་མེད་པ་དང༔ ཏིང་ངེ་འཛིན་གསལ་ལ་དངོས་པོ་གཟུང་འཛིན་མེད་པ་དང༔ སྒོ་ལྔ་གསལ་ལ་ཞེན་པ་མེད་པ་ཡིད་གར་ཡང་མི་འགྱུ་བ་དང༔ རིག་པ་གསལ་ལ་འཕོ་འགྱུར་མེད་པའི་ཉམས་བསྒོམ་ན་རང་ཤུགས་ལས་འབྱུང་ངོ༔ སྤྱོད་པ་ནི༔ ཆོས་ཉིད་དེས་ཟིན་པའི་སྒོ་ནས་སྤྱོད་ལམ་འགྲོ་འདུག་ཟ་ཉལ་བཞིར་ལུས་ཀྱི་སྤྱོད་པ་ཅི་བྱས་ཆུ་ཟླ་ལྟ་བུ༔ ངག་གིས་ཅི་སྨྲས་བྲག་ཅ་ལྟ་བུ༔ ཡིད་ཀྱིས་ཅི་བྱས་སྒྱུ་མ་ལྟ་བུར་བྱ་སྟེ་ཞེན་པ་མེད་པར་བྱའོ༔ འབྲས་བུ་ལ༔ གྲོལ་ལུགས་གསུམ་སྟེ༔ རབ་ཡེ་ཤེས་ཀྱི་བར་དོ་ནས་གྲོལ་བ༔ འབྲིང་སྲིད་པའི་བར་དོ་ནས་གྲོལ་བ༔ ཐ་མ་སྐྱེ་བ་གཅིག་གིས་གྲོལ་ལོ༔ རབ་ཡེ་ཤེས་ཀྱི་བར་དོ་ནས་གྲོལ་བ་ནི༔ འཆི་ཁར་འབྱུང་བ་འགག་པའི་དུས་སུ༔ ཚོགས་དྲུག་པོ་ས་ལ་ཐིམ་པས་དབང་པོ་མི་གསལ༔ ས་ཆུ་ལ་ཐིམ་པས་ལུས་ལྕི༔ རིས་ནོན་པ་ལྟ་བུ་འབྱུང༔ ཆུ་མེ་ལ་ཐིམ་པས་བཤང་གཅི་མལ་དུ་འབྱུང༔ མེ་རླུང་ལ་ཐིམ་པས་རྐང་མཐིལ་ནས་དྲོད་ཆད༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད༔ དེར་སྒོ་ལྔའི་སྣང་བ་ནུབ༔ སྤྱི་བོ་ནས་བྱང་ཆུབ་སེམས་དཀར་པོ་མར་བབས་པ་དེ་སྣང་བ༔ ལྟེ་བ་ནས་བྱང་ཆུབ་སེམས་དམར་པོ་ཡར་བབས་པ་དེ་སྣང་བ་མཆེད་པ༔ སྙིང་ག་ཆོས་ཀྱི་འཁོར་ལོར་ཡས་ཀྱི་ཧཾ་དང༔ མས་ཀྱི་ཨ་གཉིས་འཕྲད་ནས་བདེ་བས་བརྒྱལ་བ་དེ་སྣང་བ་ཐོབ་པ༔ དེ་ཞག་ཕྱེད་དང་བཞིར་བདེ་བས་བརྒྱལ་ནང་དབུགས་ལ་གནས་སོ༔ ཞག་ཕྱེད་དང་བཞི་ན་རྨུགས་པ་གཉིད་སད་པ་ལྟར་ལུས་དང་ཤེས་པ་བྲལ་ནས༔ ནང་དབུགས་ཆད་ནས་ལུས་སྦྲུལ་ལྤགས་རྙིང་པ་བོར་བ་བཞིན་དུ་བཞག་ནས་སེམས་རླུང་ལ་ཞོན་ནས་ནམ་མཁའ་ལ་དག་སྟེ༔ དེའི་དུས་སུ་འོད་གསལ་འཆར་ཏེ་དེར་གདམས་ངག་ངོ་ཤེས་པར་བྱས་ནས་དེའི་ངང་ལ་གནས་པས་ཐུན་གཅིག་གིས་སངས་རྒྱས་ཏེ་སྐུ་ལྔར་མངོན་དུ་གྲོལ་ནས་འགྲོའོ༔ འབྲིང་གིས་སྲིད་པའི་བར་དོ་ནས་གྲོལ་བ་ནི༔ དེའང་གདམས་པས་ཟིན་ནས་མཉམ་པར་བཞག་ནས་ཐུན་གཅིག་བསྒོམ་པས་གྲོལ་བ་སྟེ་སྔར་ནས་སྦྱངས་པ་ཞེས་བྱའོ༔ དེ་ལྟར་མ་གྲོལ་ན་ཐ་མ་མའི་མངལ་དུ་ཞུགས་ནས་སྐྱེ་བ་དེ་ཉིད་ལ་སྔར་སྦྱངས་པའི་སྟོབས་དང༔ མོས་པའི་སྟོབས་ཀྱིས་རྐྱེན་བྱས་ནས༔ གོང་གི་གནས་ལུགས་དང་འཕྲད་ནས་ཚེ་དེས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་བོ༔ སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་རྫོགས་སོ༔ ྈ ༈ ལུས་ལ་བརྟེན་པ་རྩའི་རྫོགས་རིམ་བཞུགས་སོ༔ ༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ལུས་ལ་བརྟེན་པ་རྩའི་རྫོགས་རིམ་ལ༔ རྣལ་འབྱོར་པ་ལྷའི་སྐུར་བསྒོམ་པ་དེ་ལ་ཕོ་བྲང་རྣམ་པ་དྲུག་ཡོད་དེ༔ དེའང་གང་ཞེ་ན༔ སྤྱི་བོ་བདེ་བ་ཆེན་པོའི་ཕོ་བྲང་དང༔ མགྲིན་པ་ལོངས་སྤྱོད་ཀྱི་ཕོ་བྲང་དང༔ སྙིང་ག་ཆོས་ཀྱི་ཕོ་བྲང་དང༔ ལྟེ་བ་སྤྲུལ་པའི་ཕོ་བྲང་དང༔ གསང་བ་རྡོ་རྗེ་སེམས་དཔའ་གསང་བ་རྗེས་སུ་འཇུག་པའི་ཕོ་བྲང་དང༔ རྡོ་རྗེ་གསང་བ་སྙོམས་པའི་ཕོ་བྲང་དང་དྲུག་གོ༔ དེ་ལ་བདེ་བ་ཆེན་པོའི་ཕོ་བྲང་ནི༔ རྩའི་རྣམ་པ་འཁོར་ལོའི་དབྱིབས་ཅན༔ འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་སྟོན་པའི་ངོ་བོ་ཧཾ་གི་རྣམ་པ་ཁ་བ་ལྟ་བུར་གནས་སོ༔ དེ་ལས་བྱུང་བ་དང༔ འོང་བ་དང༔ གཤེགས་པའི་སྒོ་དྲུག་ཡོད་དོ༔ ལོངས་སྤྱོད་ཀྱི་འཁོར་ལོ་རྩའི་རྣམ་པ་པདྨའི་དབྱིབས༔ རྩའི་འདབ་མ་བཅུ་དྲུག་གི་དབུས་ན་སྟོན་པའི་ངོ་བོ་ཨོཾ་གྱི་ངོ་བོར་གནས་སོ༔ རོ་ཡི་དངོས་པོ་ལ་སྤྱོད་ཅིང་ཆགས་པའི་གཞི་དག་པར་མཛད་དོ༔ དེ་ལ་ནི་ཆགས་པར་བྱེད་པའི་སྒོ་བཞི་ཡོད་དོ༔ ཆོས་ཀྱི་ཕོ་བྲང་གི་གནས་ནི༔ རྩའི་རྣམ་པ་བུམ་པའི་དབྱིབས་ཅན་པད་འདབ་བརྒྱད་པའི་དབུས་ན་སྟོན་པའི་ངོ་བོ་ཧཱུྃ་གི་ངོ་བོར་སྣང་སྟེ༔ དེ་ལ་ཆོས་ཐམས་ཅད་མ་འདྲེས་པར་གསལ་བར་སྟོན་ཏོ༔ དེ་སྨྲ་བར་བྱེད་པའི་སྒོ་དགུ་ཡོད་དོ༔ སྤྲུལ་པའི་ཕོ་བྲང་ནི༔ རྩའི་རྣམ་པ་པདྨའི་རྩ་བ་ལྟ་བུའི་དབྱིབས་ཅན༔ འདབ་མ་དྲུག་ཅུ་རྩ་བཞིའི་དབུས་ན་སྟོན་པའི་རང་བཞིན་ཨཿའི་རྣམ་པར་གནས་ཏེ༔ རྒྱུ་མི་མཐུན་པར་འབྱེད་པའི་སྒོ་བརྒྱད་ཡོད་དོ༔ རྡོ་རྗེ་སེམས་དཔའ་གསང་བ་རྗེས་སུ་འཇུག་པའི་ཕོ་བྲང་ནི༔ རྩའི་རྣམ་པ་གླང་པོ་ཆེའི་དབྱིབས་ཅན༔ འདབ་མ་གསུམ་གྱི་དབུས་ན་སྟོན་པའི་རང་བཞིན་འོད་ཀྱི་གང་བུར་གནས་ཏེ་ཡང་དག་པའི་བདེ་བ་མྱོང་བའི་རྒྱུ་སྟོན་པའི་སྒོ་གཉིས་དང་འདྲ་བའོ༔ རྡོ་རྗེ་སེམས་དཔའ་གསང་བ་སྙོམས་པར་འཇུག་པའི་ཕོ་བྲང་ནི༔ རྩའི་རྣམ་པ་རིན་པོ་ཆེའི་མྱུ་གུའི་དབྱིབས་ཅན༔ དེའི་དབུས་ན་སྟོན་པའི་རང་བཞིན་བརྗོད་དང་བྲལ་བའི་ངོ་བོར་བཞུགས་ཏེ༔ དེས་སེམས་ཅན་གྱི་དོན་མཛད་པའོ༔ སེམས་ཅན་གྱི་དོན་མཛད་པ་དེའང་གང་གིས་མཛད་ཅེ་ན༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་མཛད་དེ༔ ཕོ་བྲང་དེ་ལ་ནི་བརྗོད་དང་བྲལ་བའི་སྒོ་གཅིག་དང་ལྡན་ནོ༔ ཕོ་བྲང་དྲུག་ཆར་ལ་སྐུ་གསུང་ཐུགས་ཀྱི་རྩ་གསུམ་དང་ལྡན་པའོ༔ ཆོས་ཀྱི་ཕོ་བྲང་རྩའི་རྣམ་པ་ནི༔ རྩའི་དྭངས་མ་ཆེན་པོ་བརྒྱད་དེ༔ དེའང་གསུམ་ཆོས་ཉིད་ཀྱི་རྩ༔ གསུམ་ཡེ་ཤེས་ཀྱི་རྩ༔ གཅིག་རང་རྒྱུད་ཀྱི་རྩའོ༔ གཅིག་ནི་ཡོན་ཏན་གྱི་རྩ་སྟེ་རྩ་ཕྲ་མོ་བརྒྱད་ཡོད་དོ༔ ཆོས་ཉིད་ཀྱི་རྩ་ལ་ནི་འོད་སེར་པོ་གཅིག་ཏུ་གནས་སོ༔ དབྱིབས་ཅི་འདྲ་ན་ཟླུམ་པོ༔ ཚུལ་ཅི་འདྲ་ན༔ དངུལ་ཆུ་ཞུན་མ་ལ་གཞོན་མར་ཟོལ་སོང་བ་ལྟ་བུའོ༔ སྙིང་པོ་ནི་ཨོཾ་མོ༔ ས་བོན་ནི་ཏྲི་དང་སུ་འོ༔ དེ་གསུམ་གྱི་ཁ་དོག་ནི་ཟ་འོག་གུར་ཕུབ་པ་དང་འདྲའོ༔ ཡེ་ཤེས་ཀྱི་རྩ་ལ་ནི་འོད་མཐིང་ག་གཅིག་ཏུ་གནས་ཏེ༔ དབྱིབས་སྦྲུལ་དཀྱུད་པ་འདྲའོ༔ ཚུལ་དར་སྐུད་ལ་དོ་ཤལ་བརྒྱུས་པ་ལྟ་བུའོ༔ སྙིང་པོ་ནི་ཧཱུྃ་ངོ༔ ས་བོན་ནི་ཨཱཿདང་ནྲ་ྀའོ༔ རང་རྒྱུད་ཀྱི་རྩ་ལ་ནི་འོད་དམར་པོ་གཅིག་ཏུ་གནས་སོ༔ དབྱིབས་ནི་ཟླ་གམ་དམར་པོ་ལྟ་བུའོ༔ ཚུལ་ནི་སོས་ཀའི་ཆུ་ལ་སྨིག་འགྱུས་པ་ལྟ་བུའོ༔ རྩ་སྐྱའི་ཁ་ལ་ཟིལ་པ་ཆགས་པ་ལྟ་བུའོ༔ ཁ་དོག་ནི་ཟངས་ཞུན་མ་ལ་ར་གན་གྱི་ཟོལ་སོང་བ་ལྟ་བུའོ༔ སྙིང་པོ་ནི་ཨཱའོ༔ ས་བོན་ནི་པྲེ་དང་དུཿའོ༔ དེའང་མ་རྟོགས་པའི་དུས་ན་འཁོར་བའི་རྒྱུ་ཡིན་ཏེ༔ བག་ཆགས་ངན་པ་རྣམས་ནི་ཨཱཿནྲྀ་ལ་སོགས་པའི་ཡི་གེ་རྣམས་ལ་སོག་གོ༔ རྟོགས་པའི་དུས་ན་བག་ཆགས་བཟང་པོ་ཀུན་ཡེ་ཤེས་ཏེ་ཨོཾ་ཨཱཿསོགས་ལ་སོག་གོ༔ དེའང་ཇི་ལྟར་སོག་ཅེ་ན༔ འོད་སེར་པོ་ལ་ཀུན་གཞིའི་རྣམ་པར་ཤེས་པ་གནས་པ་དང༔ འོད་མཐིང་ག་ལ་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་དང༔ འོད་དམར་པོ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་པ་དང༔ འོད་དམར་ནག་ལ་སྒོ་ལྔའི་རྣམ་པར་ཤེས་པ་གནས་པའོ༔ དེའང་ལྷ་དང་ལྷ་མ་ཡིན་གཉིས་སུ་སྐྱེ་བའི་ཁ་ཟིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས༔ ས་བོན་ཨཱཿདང་ནྲྀ་ལ་སོག༔ ལྷ་མ་ཡིན་དུ་སྐྱེ་བའི་ཁ་ཟིན་ནི་ཀུན་གཞིའི་རྣམ་པར་ཤེས་པས་བྱས་ནས༔ ས་བོན་ནི་སུ་དང་ཏྲི་གཉིས་ལ་སོག་གོ༔ ཡི་དྭགས་དང་དམྱལ་བར་སྐྱེ་བའི་ཁ་ཟིན་ནི་སྒོ་ལྔའི་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཡིད་ཀྱིས་བྱས་ཏེ༔ ས་བོན་པྲེ་དང་དུཿལ་སོག་གོ༔ རྩ་དེ་རྣམས་ཀྱི་དབུས་ན་རྩ་གསུམ་ཡོད་དོ༔ གཡས་ཀྱི་རྩ་དང༔ གཡོན་གྱི་རྩ་དང༔ དབུས་ཀྱི་རྩ་དང་གསུམ་བསྟན་ཏེ༔ དབུས་ཀྱི་རྩ་ནི་ཡང་དག་ཡེ་ཤེས་ཀྱི་རྩ་སྟེ་ཡི་གེ་ཨཱ༔ གཡས་ཀྱི་རྩ་ནི་ཐབས་ཀྱི་རྩ་སྟེ་ཡི་གེ་ཨོཾ༔ གཡོན་གྱི་རྩ་ནི་ཤེས་རབ་ཀྱི་རྩ་སྟེ་ཡི་གེ་ཡཾ༔ རྩའི་དྭངས་མ་འདི་དག་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་རང་ཆས་སུ་ཡོད་པའི་དྭངས་མ་སྟེ༔ དབྱིབས་དར་དཀར་གྱི་སྐུད་པ་ལྟ་བུ་ལ༔ ཐག་པ་ཁུག་པ་དྲངས་པ་འདྲ་བ་ཞིག་ཡོད་དོ༔ དེའི་སྦོམ་ཕྲ་ནི་རྟ་རྔ་བཅུ་རུ་བཤགས་པ་ཙམ་གྱི་སྦོམ་ཕྲ་ཐམས་ཅད་སྦྲེལ་ལོ༔ དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ༔ དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་རྒྱུའོ༔ དབུགས་ཀྱི་དྭངས་མ་དེ་ལ་ཁ་དོག་རྣམ་པ་སྣ་ཚོགས་པ་གནས་སོ༔ དེའི་དཀྱིལ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་བཞུགས་སོ༔ དེའི་དཔེ་ཇི་ལྟ་བུ་ཞེ་ན༔ གསེར་ཞུན་མ་ཇི་ལྟ་བུའི་ནང་དུ༔ ནོར་བུ་རིན་པོ་ཆེ་ཀེ་ཀེ་རུ་བཅུག་པ་ལྟ་བུའོ༔ ཁ་དོག་ནི་ཉི་མ་འཆར་ཀའི་དཀྱིལ་འདྲའོ༔ དེ་ནི་ཆོས་ཀྱི་དབྱིངས་སོ༔ རྩའི་ཡང་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ་གདོད་མ་ནས་ཕུང་པོའི་རྟེན་བྱེད་པས་ས་ལྟར་སྲ་བའང་ཡོད་དོ༔ དེ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ༔ ཁམས་གསུམ་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་མ་གྱུར་པ་མེད་པའི་རྟེན་བྱེད་པའོ༔ དེ་ལ་ཁྲག་གི་དྭངས་མ་མཚལ་ལྕོག་ལ་ལྟ་བུ་གནས་པ་ལ་ནི༔ གདོད་མ་ནས་ཕུང་པོ་གདོས་པ་ཅན་འབྱུང་བའི་དངོས་པོ་ཆུ་ལྟར་སྣང་ངོ༔ དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ༔ ཐམས་ཅད་བཀོལ་བ་མེད་པའི་དབྱིངས་གཅིག་ཏུ་འདུག་པའི༔ དེ་ཉིད་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་འདུག་པའི་རླངས་པ་ཙམ་ཞིག་འདུག་པ་ནི༔ གདོད་མ་ནས་ཕུང་པོ་ཡང་ཞིང་གཡོ་བར་བྱེད་པའི་རྒྱུ་རླུང་ལྟར་གནས་སོ༔ དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ བྱ་བ་ཐམས་ཅད་ལ་གཡོ་བའོ༔ དེ་ལས་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་དྲོད་ཀྱི་དྭངས་མ་ཙམ་ཞིག་གནས་ཏེ༔ དེ་ནི་ཐོག་མ་མེད་པ་ནས་འབྱུང་བ་སྨིན་པར་བྱེད་པའི་རང་བཞིན་འབྱུང་བ་མེའི་རང་བཞིན་ནོ༔ དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ༔ ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མའོ༔ འོད་དེའི་དཀྱིལ་ན་རྟོག་པ་མེད་པའི་ཡི་གེ་བྱང་ཆུབ་ཀྱི་སེམས་བཞག་པ་དེ་ནི་དྭངས་མ་ཆེན་མོའོ༔ དེ་གདོད་མ་ནས་ཕུང་པོ་གསལ་བར་བྱེད་པའི་རྟེན་ཡིན་པས༔ འབྱུང་བའི་དྭངས་མ་དེ་རྩ་སྦུབས་རྣམས་ཀྱང་ནམ་མཁའ་ལྟར་སྣང་བའོ༔ དེ་ནི་ཁྱབ་པ་ཆེན་པོའི་ཡེ་ཤེས་ཞེས༔ ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་ཏེ༔ ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་སྐབས་འབྱེད་པའོ༔ དེ་ལྟར་གསལ་བར་ཤེས་པ་ནི༔ རྫོགས་པའི་བསྐྱེད་པ་མཐར་ཕྱིན་པའོ༔ ད་ནི་རྫོགས་པའི་རྫོགས་རིམ་སྟོན་ཏེ༔ བཤང་སྒོ་གང་ཡིན་དེ་རླུང་གི་དཀྱིལ་འཁོར༔ རླུང་གི་དཀྱིལ་འཁོར་དེ་ལ་བ་དན་བཞི་ཡོད་དེ༔ རྩ་རྣམ་བཞིའི་ངོ་བོ་དེ་བསྐྱོད་དེ་ལྟེ་བ་སྤྲུལ་པའི་འོག་ན་མེའི་དཀྱིལ་འཁོར་གནས་ཏེ༔ རྩ་རྣམ་གསུམ་གྱི་རང་བཞིན་དེའི་དྲོད་ཀྱིས་སྤྲུལ་པའི་ཡི་གེ་ཨོཾ་གྱི་གཟུགས་བཞུ༔ རྩ་གཡས་པ་ནས་འོད་དུ་འཕྲོས་པས་ཆོས་ཀྱི་ཕོ་བྲང་དུ་ཕྱིན༔ སྟོན་པའི་རང་བཞིན་ཧཱུྃ་གི་གཟུགས་བཞུ་བས་རྩ་གཡས་པ་ནས་ཞུགས༔ ལོངས་སྤྱོད་ཀྱི་ཕོ་བྲང་དུ་ཕྱིན༔ སྟོན་པའི་རང་བཞིན་ཡི་གེ་ཨོཾ་གྱི་རྣམ་པར་བཞུ༔ གཡས་ཀྱི་རྩ་སྒོ་ནས་བྱུང༔ གཡས་ནས་འཁུལ་ནས་གསེར་གྱི་སྒོ་ནས་ཕྱིར་ཐོན་ནས་ཕྱོགས་བཅུར་འཕྲོས་ནས་ཕྱོགས་བཅུའི་བདེ་བར་གཤེགས་པའི་བྱང་ཆུབ་ཀྱི་རང་བཞིན་དྲངས་བཀུག་སྟེ༔ གཡོན་པའི་སྣ་སྒོ་ནས་ཞུགས་ཏེ༔ དེ་ནས་གཡོན་གྱི་སྒོ་ནས་འཁུལ་ཏེ་གནད་ཀྱི་སྒོ་ནས་ཕར་ཕྱུང་སྟེ༔ སྟེང་གི་སྒོ་ནས་ཞུགས་པས་སྟོན་པའི་རང་བཞིན་ཧཱུྃ་གི་གཟུགས་གསལ་བར་བྱས་ནས་རྩ་གཡོན་པ་ནས་ཞུགས༔ ལོངས་སྤྱོད་ཀྱི་ཕོ་བྲང་དུ་ཕྱིན༔ བསྐོར་བ་ལན་གསུམ་བྱས༔ ཨོཾ་གྱིས་གཟུགས་པོ་གསོས༔ རྩ་གཡོན་ནས་ཞུགས༔ ཆོས་ཀྱི་ཕོ་བྲང་དུ་ཕྱིན༔ བསྐོར་བ་ལན་གསུམ་བྱས༔ ཧཱུྃ་གི་གཟུགས་གསལ་བར་བྱས༔ རྩ་གཡོན་ནས་ཞུགས༔ སྤྲུལ་པའི་ཡི་གེ་ཨོཾ་གསོས༔ རྩ་དབུ་མ་ནས་ཞུགས་ཏེ་གྱེན་དུ་འབར་བར་གྱུར་པ་དང༔ བདེ་བ་ཆེན་པོའི་ཧཾ་ལས་ཀྱང་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འཛག་པ་གཉིས་ཆོས་ཀྱི་ཕོ་བྲང་དུ་འདོམ་སྟེ༔ འོད་ཀྱི་གོང་བུ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ༔ ཡིད་ཀྱི་མི་གཡོ་བ་ཆོས་ཀྱི་ཕོ་བྲང་གི་དབུས་ན་ཤིན་ཏུ་ཆ་ཕྲ་བར་བརྟག་གོ༔ རྣལ་འབྱོར་པ་དེར་གནས་སུ་མ་འདོད་ན༔ སྤྲུལ་པའི་ཕོ་བྲང་དུ་དྲངས་ལ་གཟུང་ཞིང་བརྟན་པར་བྱའོ༔ དེ་ལྟར་གཟུང་བའི་ཤེས་པ་དེ་ལ་ནི་ལུས་རྣམ་པར་ཞིག་པའི་ཡེ་ཤེས་ཞེས་བྱ་སྟེ་ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ཀུན་ཏུ་རྒྱུ་བའི་ཉོན་མོངས་པ་འཇིལ་པས་ས་དང་པོ་ནོན་ཏོ༔ དེ་ལ་རྫོགས་པའི་རྫོགས་པ་ཞེས་བྱའོ༔ དེ་ལྟར་ཏིང་ངེ་འཛིན་དེ་ཡང་ནས་ཡང་དུ་བརྟག་པ་དང་ཡེ་ཤེས་སྐྱེ་སྟེ༔ དེ་ལའང་རྟགས་རྣམ་པ་གཉིས་ཏེ༔ ཕྱི་རྟགས་དང་ནང་རྟགས་གཉིས་སོ༔ དེ་ལ་ཕྱི་རྟགས་ནི་ལུས་གཡོ་བ་དང༔ འཕགས་པ་དང༔ སྤྲུག་པ་སོགས་འོང་ངོ༔ དེ་ལ་སྤྲུག་པ་ཧ་ཅང་རང་རྒྱུན་རིང་ན་དངོས་པོར་བཟུང་བའི་སྐྱོན་ནོ༔ བདུད་ཀྱི་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ༔ ཐ་མར་སྨྱོན་པར་འགྲོ་བའང་ཡོད་དེ༔ དེའི་བཅོས་ཐབས་ནི༔ འོད་ཀྱི་རང་བཞིན་དེའང་ཡི་གེའི་དངོས་པོར་བརྟགས་ལ༔ ཡི་གེ་དེ་མགོ་བཅད་པས༔ རྩ་དབུ་མ་དེའི་ནང་གི་ཡི་གེའི་མགོའི་འོག་ནས་འོད་འབར་བ་རྒྱུན་མ་ཆད་པར་བརྟག་གོ༔ དེས་ཀྱང་མ་ཞི་ན༔ འོད་ཀྱི་དངོས་པོ་དེ་རང་བཞིན་མེད་པར་བརྟག་པར་བྱའོ༔ དེས་མི་ཞི་མི་སྲིད་དོ༔ དེ་ལའང་ནང་གི་རྟགས་ནི༔ ཤེས་པ་གང་ལའང་མི་འཇུག་པར༔ བརྟག་པའི་དངོས་པོ་ལས་གཞན་མ་གཡོས་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་ཙ་ན༔ ཕྱི་ནང་གི་དངོས་པོ་འདི་ལ་རང་བཞིན་མི་སྣང་སྟེ༔ སྟོང་པ་ཆེན་པོའི་ཡེ་ཤེས་སྐྱེ་སྟེ༔ དེའི་ཚེ་ཕྱི་ནང་གཉིས་ཀྱི་དྲོད་འབྱུང་སྟེ༔ ཕྱིའི་དྲོད་ནི༔ གང་ལའང་ཤེས་པ་མི་འཇུག་པ་དང༔ བསླུ་བའི་ཚིག་མང་པོས་མཐའ་བསྐོར་ཀྱང་དེ་བདེན་པར་ངེས་པའི་སེམས་མི་སྐྱེ༔ དེ་ནས་ཐུན་གཅིག་ཏུ་སྐྱེའོ༔ ནང་གི་དྲོད་ནི༔ དེ་ནས་ཉིན་པར་དང་བཅས་པར་སེམས་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡང་དག་པ་ཕྱིན་ཅི་མ་ལོག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བཅུ་པ་ཡན་ནོན་ཏོ༔ དེ་ལས་གསལ་བ་མཐར་ཕྱིན་པ་སངས་རྒྱས་ཏེ༔ རྫོགས་པའི་རྫོགས་པ་མཐར་ཕྱིན་པ་ཡིན་ནོ༔ ལུས་ལ་བརྟེན་ཏེ་རྩའི་རྫོགས་རིམ་རྫོགས་སོ༔ ྈ ༈ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་ལ༔ དེའང་གསང་བ་རྡོ་རྗེ་བུམ་པའི་ནང་ན་ཡི་གེ་ལྔ་གནས་པ་འབྱུང་བཞིའི་རང་བཞིན་ཏེ༔ དེའང་གང་ཞེ་ན༔ ཡི་གེ་ཨོཾ་ནི་སའི་རང་བཞིན་ཏེ་གཡས་ན་གནས་པ་དང༔ ཨཱཾཿནི་ཆུའི་རང་བཞིན་ཏེ་གཡོན་ན་གནས་པ་དང༔ ཧཱུྃ་ནི་མེའི་རང་བཞིན་ཏེ་དབུས་ན་གནས་པ་དང༔ ཕཊ་ནི་རླུང་གི་རང་བཞིན་ཏེ་རྩ་གསུམ་འདུས་པའི་དབུས་ན་གནས་པའོ༔ ཡཾ་ནི་རིན་པོ་ཆེའི་གནས་ཉིད་ནམ་མཁའི་རང་བཞིན་ནོ༔ དེ་ལྟར་འབྱུང་བ་ལྔས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ༔ དེའང་ཇི་ལྟར་བསྐྱེད་ན༔ ཡི་གེ་ཕཊ་ཀྱི་ངོ་བོ་དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་ཏེ༔ དེས་འོག་མ་རྣམས་སྐྱེད་པའི་རྐྱེན་ནོ༔ ཡི་གེ་ཨོཾ་གྱི་ངོ་བོ་དེ་ལ་ནི་ཁྲག་གི་དྭངས་མ༔ མཚལ་ལྕོག་ལ་ལྟ་བུ་གནས་སོ༔ ཡི་གེ་ཨོཾཿལས་བྱུང་བའི་དྭངས་མ་ས་ལྟར་གནས་པ་ཡང་ཡོད་དོ༔ ཡི་གེ་ཧཱུྃ་ལས་མེ་ལོང་ཉི་མ་ལ་བཞག་པ་ཙམ་གྱི་དྲོད་ཀྱི་དྭངས་མ་ཙམ་ཞིག་གནས་ཏེ༔ དེས་བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་དོ༔ རིན་པོ་ཆེའི་གནས་ནམ་མཁའི་རང་བཞིན་ཏེ༔ དེའི་དབུས་ན་དྭངས་མ་དེ་ལས་བསྐྱེད་པས༔ དྲོད་ཀྱི་དྭངས་མ་དེ་བླང་སྟེ་རྩ་གཡས་པ་ནས་ཞུགས་ཏེ་སོང་བ་དང༔ ཡི་གེ་རྣམས་ཀྱི་གཟུགས་ཞུ༔ འོག་མས་བཞུ་བའི་རིམ་པ་ཀུན་གོང་དང་འདྲའོ༔ ཕྱིར་འབྱུང་བ་ནི་གསེར་གྱི་སྒོ་ནས་འབྱུང༔ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་བདུད་རྩི་དྲངས་ནས་སྟེང་སྒོ་ནས་ཞུགས་ཏེ༔ ཡི་གེ་ཧཾ་གཡོན་པ་ལ་སོགས་པ་ཀུན་ཀྱང་གོང་མ་བཞིན་བྱས་ཏེ༔ མར་བབས་པའི་དུས་སུ་རྩ་གཡོན་དུ་འགྲོ་བའི་དུས་སུ་སེམས་བཟུང་བར་བྱའོ༔ དེར་མ་ཟིན་ན་ལོངས་སྤྱོད་ཀྱི་གཡོན་དུ་འདྲོང་པའི་དུས་སུ་ཡང་སྦར་རོ༔ དེ་གནས་སུ་མ་འདོད་ན་ཆོས་ཀྱི་ཕོ་བྲང་དུ་གཟུང་བར་བྱའོ༔ བདེ་བར་གྱུར་ན་གཡོན་པའི་གནས་སུའང་གཟུང་ངོ༔ དེར་ཡང་གནས་སུ་མ་འདོད་ན་སྤྲུལ་པའི་གནས་སུ་སྦར་རོ༔ དེར་ཡང་གནས་སུ་མ་འདོད་ན་དབུས་རྩ་ནས་ཞུགས་ཏེ་གྱེན་དུ་འབར་བ་ཧཱུྃ་གི་རྣམ་པ་ལས་ཐུར་དུ་འཛག་པ་གཉིས་ཆོས་ཀྱི་ཕོ་བྲང་དུ་འདོམ་སྟེ༔ ཆོས་ཀྱི་ཕོ་བྲང་གི་རྩ་རྣམས་ཀྱང་བྱང་ཆུབ་སེམས་ཀྱིས་རྒྱས་པར་བྱས༔ དེ་ལྟར་ཆུ་ལུད་པ་བཞིན་དུ་རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱས་པའི་དུས་ན༔ རྣམ་པར་རྟོག་པ་གང་ཡང་སྐྱེ་བར་མི་འགྱུར་ཏེ༔ སྤྲོས་པ་ཐམས་ཅད་བཅད་པས་ནའོ༔ དེའི་དུས་སུ་ཆོས་ཀྱི་ཕོ་བྲང་གི་དབུས་ན༔ ཐབས་ཤེས་རབ་སྙོམས་པར་འཇུག་པའང་ཡོད་དེ༔ ཐིག་ལེ་གསེར་ཞུན་མ་ལྟ་བུ་ལ་ནི་ཤེས་རབ་བོ༔ གསེར་ཞུན་མ་ལྟ་བུའི་ནང་དུ་རིན་པོ་ཆེ་ཀེ་ཀེ་རུ་བཅུག་པ་ལྟ་བུ་ནི་ཐབས་ཀྱི་རྒྱལ་པོའོ༔ དེ་ལྟར་ཤེས་རབ་གང་ཡིན་པ་དེ་ནི་ཐབས་ཡིན་ལ༔ ཐབས་གང་ཡིན་པ་དེ་ནི་ཤེས་རབ་བོ༔ འོད་ཀྱི་གོང་བུ་ཐིག་ལེ་བྱང་ཆུབ་སེམས་དེ་ཐ་དད་མེད་པར་མཐོང་ངོ༔ དེ་ལས་ཡང་ནས་ཡང་དུ་གོམས་སམ་འདྲིས་ཙ་ན༔ དྭངས་མ་ཆེན་པོའི་ཐིག་ལེ་ཉིད་ཀྱང་རང་བཞིན་མེད་པར་འོང་སྟེ་དམིགས་པའི་ཡུལ་དང་བྲལ་བའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཞེས་བྱའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པ་སའི་དྲོད་རྣམས་ཀྱང༔ སའི་རིམ་པ་ཇི་ལྟར་ནོན་པའི་བྱེ་བྲག་འོག་ནས་སྟོན་ནོ༔ འོ་ན་སའི་ཁྱད་པར་དྲོད་སྐྱེ་བ་དང༔ ཐིག་ལེ་ལ་དམིགས་པ་ཀུན་འདྲ་ན༔ ཕྱི་ནང་ཅིས་འབྱེད་ཅེ་ན༔ མི་འདྲ་བ་ཡང་ས་དྲོད་སྐྱེ་བ་སླ་བ་དང༔ ལུས་རྒྱས་པ་དང༔ ཐིག་ལེའི་མཚན་ཉིད་ཀུན་གསལ་བར་ཤེས་པས་དང་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་ན་ནང་ཞེས་སོ༔ གསང་བའི་རིམ་པ་ནི༔ ཤེས་རབ་མ་མཚན་ཉིད་དང་ལྡན་པ་གང་ཡིན་པ་དེ་ལ་དབབ་སྟེ༔ དེ་ལ་ཡང་ནས་ཡང་དུ་པདྨ་རྒྱས་སུ་བཅུག་ལ་དབབ་པ་དང༔ འོན་ཀྱང་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཉམས་སུ་ལེན་པའོ༔ དེ་ལྟར་མ་ཡིན་ན་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ༔ ཤེས་རབ་མ་གང་ཡིན་པ་དེ་ལ་བློ་གཏད༔ པདྨ་རྒྱས་སུ་གཞུག་པའི་ཐབས་བྱས་ལ༔ དེ་པདྨ་རྒྱས་པ་དང་སྦྱོར་བ་བྱའོ༔ སྦྱོར་བ་བྱས་པས་ཅི་བྱེད་ཅེ་ན༔ བྱང་སེམས་དབབ་སྟེ༔ དོན་དམ་པ་བྱང་ཆུབ་སེམས་དང༔ ཀུན་རྫོབ་བྱང་ཆུབ་སེམས་སོ༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་དོན་དམ་པའི་བྱང་ཆུབ་སེམས་མཚོན་པར་བྱེད་པས་སྦྱོར་བ་བརྩམ་མོ༔ དེའང་འབྱུང་བ་བཞིའི་རྣམ་པས་དབབ་དགོས་པས་དང་པོ་པདྨ་དང་རྡོ་རྗེ་འཕྲད་པའི་དུས་སུ་སྲ་བ་ཞིག་འབྱུང་སྟེ༔ དེ་ནི་སའི་རང་བཞིན་ནོ༔ དེ་ལ་དལ་བུས་བསྐྱོད་པ་ནི་རླུང་གི་རང་བཞིན་ནོ༔ དེ་ལས་དྲོད་བསླང་ནས་ཐབས་དང་ཤེས་རབ་གཉིས་ལ་དྲོད་སྐྱེ་སྟེ༔ འབྱུང་བ་མེའི་རང་བཞིན་ནོ༔ དེས་འཕྲོས་པ་དང་གཤེར་བ་དང༔ བརླན་གཤེར་འབྱུང་སྟེ༔ འབྱུང་བ་ཆུའི་རང་བཞིན་ནོ༔ དེས་བརླན་པར་བྱས་ཤིང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་ནས་ཡི་གེ་ཧཾ་གི་རྣམ་པ་ཁ་བ་ལྟ་བུར་གནས་ཏེ༔ རླན་གྱིས་དྲོས་པས༔ ཁ་བ་ལྟ་བུའི་རྣམ་པ་ཞུ་ནས༔ འཁོར་ལོ་རྣམ་པ་བཞི་རུ་རིམ་པ་བཞིན་དུ་བབས་པ་ལས་སྤྲུལ་པའི་འཁོར་ལོའི་གནས་སུ་ཕྱིན་པ་དང་དགའ་བ་ཞེས་བརྗོད་དོ༔ རྣལ་འབྱོར་པའི་ཡུད་ཙམ་པའི་ཤེས་པ་དེ་ལ་ནི༔ མཚོན་པའི་བྱང་ཆུབ་སེམས་ཞེས་བྱའོ༔ རྡོ་རྗེའི་དབུས་སུ་ཕྱིན་ཙམ་ན༔ མཆོག་ཏུ་དགའ་བ་ཞེས་བྱའོ༔ སྐད་ཅིག་མའི་ཤེས་པ་དེ་ལ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱའོ༔ རྡོ་རྗེ་བྷ་གའི་ནང་ན་རིན་པོ་ཆེའི་གནས་ཡོད་དོ༔ དེར་ཕྱིན་པའི་ཡེ་ཤེས་པ་དེ་ལ་ནི༔ ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ༔ རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བདེས་མཚོན་པར་བྱེད་དོ༔ དེ་ལས་འདས་ནས་བུམ་པ་ལས་ལྷུང་ན་ནི༔ དགའ་བྲལ་གྱི་དགའ་བའོ༔ དེ་ནི་ཆད་པའི་མཐའ་གཉིས་པའོ༔ འདས་ནས་ཆད་པར་ལྷུང་བ་དེ་ལ་དགའ་བ་ཅི་ཡོད་ཅེ་ན༔ དེ་རང་ལ་དགའ་བ་མེད་ཀྱང༔ གོང་མའི་རྗེས་སུ་དྲན་པར་བྱེད་པས་དགའ་བའོ༔ མཆོག་ཏུ་དགའ་བ་ནི་རྟོག་པའི་མཐའ་གཅིག་པའོ༔ དེ་གཉིས་ཀྱི་དབུས་ནི་རང་བཞིན་གྱི་དགའ་བ་སྟེ༔ དེ་ཉམས་སུ་བླང་བར་བྱ་བ་ཁོ་ནའོ༔ འོ་ན་དེ་ལྟར་ཉམས་སུ་བླངས་པ་ཡིན་ན༔ གཟུང་བ་ཇི་ལྟར་གཟུང་ཞེ་ན༔ དེའང་འདི་ལྟ་སྟེ༔ རྡོ་རྗེ་བྷ་གའི་ནང་ན་རྩ་གསུམ་རིན་པོ་ཆེའི་དབྱིབས་འདྲ་བར་གནས་ཏེ༔ གཡས་ཀྱི་རྩ་ལ་ནི་ཨོཾ་དཀར་པོ༔ གཡོན་གྱི་རྩ་ལ་ཨཱཿདམར་པོ༔ དབུས་ཀྱི་རྩ་ལ་ཧཱུྃ་མཐིང་གའོ༔ དེ་ནས་མར་ཙམ་སོར་གཅིག་ལ་རྩ་གསུམ་འདོམ་ནས་གནས་ཏེ༔ འདོམ་པའི་གནས་དེ་ན་ཕཊ་སེར་པོ་གནས་སོ༔ དེ་ལྟར་ཡི་གེ་ལས་ནི་འདས༔ ཕཊ་ལ་ནི་མ་སླེབས་པའི་བར་དེར་གཟུང་བར་བྱའོ༔ དེའང་རྐྱེན་གང་གིས་གཟུང་ན༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ༔ བྷ་གའི་ནང་ནས་ཡར་རྔུབས་ལ་གཟུང་བར་བྱའོ༔ དེ་ལྟར་གཟུང་བའི་དུས་ན་རྣམ་པར་རྟོག་པ་ཐམས་ཅད་འགགས་ནས་ཆོས་ཉིད་ཡུལ་ཇི་ལྟ་བ་བཞིན་མཐོང་ནས་ས་དང་པོ་བགྲོད་པ་སྟེ༔ རྫོགས་པའི་བསྐྱེད་པ་མཐར་ཕྱིན་པའོ༔ དེ་ནས་དེའི་ངང་ལ་ཡུན་རིང་དུ་གནས་ནས༔ ཕྱི་རྟགས་དང་ནང་རྟགས་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ སེམས་དང་པོ་ཇི་ལྟར་བཞག་པ་བཞིན་དུ་གནས་ཤིང༔ བག་ཆགས་ཀྱི་རང་བཞིན་དྲི་མ་མེད་པར་གནས་སོ༔ ཕྱི་རྟགས་ནི༔ ཡུལ་རགས་པའི་དངོས་པོ་འདི་ལ༔ རགས་པར་མི་རྟོག་ཅིང་སྒྱུ་མ་ཡིན་པར་ཤེས་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ དྲི་མ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་གཉིས་པ་བགྲོད་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པའི་དུས་ན༔ ཕྱི་རྟགས་དང་ནང་རྟགས་གཉིས་འབྱུང་སྟེ༔ ནང་རྟགས་ནི་དང་པོའི་ཤེས་པ་ཡུད་ཙམ་དང༔ དེ་ནས་བག་ཙམ་དང༔ དེ་ནས་ཅུང་ཟད་སྐྱེ་སྟེ༔ ཇི་ལྟར་བཞག་པ་ལ་བརྟག་པ་སྙམ་བྱེད་ཅིང༔ གསལ་རྒྱུ་མེད་པར་ཡིད་ལ་གསལ་སྙམ་བྱེད་དོ༔ ཕྱི་རྟགས་ནི༔ ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེའི་བསམ་པ་མ་སྐྱེད་པར་དུང་གིས་སྐྱེའོ༔ འདི་ལྟ་བུའི་ཆོས་ལས་ལྷག་པ་གང་ན་མེད་བསམ་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་ཡོངས་སུ་བརྟག་པའི་ཡེ་ཤེས་ཞེས་བྱ་སྟེ༔ དེས་ས་གསུམ་པ་བགྲོད་པའོ༔ དེ་ལས་ཀྱང་ཤིན་ཏུ་གོམས་པའི་དུས་ན༔ རྟགས་ལ་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ དང་པོ་ཇི་ལྟར་གནས་པ་ལས༔ གཞན་དུ་མི་གཡོ་བར་ཐུན་ཕྱེད་བར་དུ་གནས་པ་འབྱུང་ངོ༔ ཕྱི་རྟགས་ནི༔ དགའ་བ་མ་སྐྱེད་པར་དགའ་བ་གཏིང་ནས་སྐྱེས་ནས༔ གལ་མེད་པར་གད་མོ་མི་ཐུབ་པར་རྒོད་བྲོ་བ་འབྱུང་ཞིང༔ སེམས་ཤིན་ཏུ་གསལ་བ་འབྱུང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འཛིན་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་བཞི་པ་བགྲོད་པའོ༔ དེ་ལས་ཀྱང་ཤིན་ཏུ་གོམས་པའི་དུས་ན༔ ཡེ་ཤེས་ལྷག་པར་འཕེལ་ཏེ༔ ཤིན་ཏུ་མཐུ་བརྟས་ནས་གནས་ཏེ༔ དེ་ཙམ་ན་ཉོན་མོངས་པའི་སྒྲིབ་པ་དག༔ ཤེས་བྱའི་སྒྲིབ་པ་སྦྱང་དགོས་ཏེ༔ དེ་ཙམ་གྱི་དུས་ནའང་རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ སེམས་དང་པོ་ཇི་ལྟར་བཞག་པ་ལས༔ ཤེས་པ་མི་འདྲ་བ་རྣམ་པར་གཞག་པ་ཇི་ལྟ་བུ་ཡང་མི་འཕྲོ་བར་གནས་ཤིང༔ ཐུན་གཅིག་བར་དུ་གནས་སོ༔ ཕྱི་རྟགས་ནི༔ ཡུལ་གྱི་རྣམ་པ་འདི་ལ་ཡུལ་གྱི་དངོས་པོ་འདི་ལྟར་སོ་སོར་མི་མཐོང་ཞིང་སྨིག་རྒྱུ་བཞིན་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ནི༔ རྒྱུ་ཐ་དད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་ལྔ་པ་བགྲོད་དོ༔ དེ་ལས་ཡང་ནས་ཡང་དུ་གོམས་ཙ་ན༔ ཡེ་ཤེས་སྟོབས་བསྐྱེད་ཅིང་ཏིང་ངེ་འཛིན་ལ་གནས་པའི་དུས་ན་ཡང༔ རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ ཏིང་ངེ་འཛིན་ལ་གནས་པའི་དུས་ནའང་ཆོས་ཉིད་ཀྱི་དངོས་པོ་ཡིད་ཀྱི་སྤྱོད་ཡུལ་དུ་ལྷག་པར་ཡང་གསལ་ཞིང༔ ཇི་ལྟར་གནས་པ་བཞིན་དུ་ཐུན་གཉིས་ཀྱི་བར་དུའང་གནས་པར་འགྱུར་རོ༔ ཕྱི་རྟགས་ནི༔ ཕྱིའི་སྤྱོད་ཡུལ་ལ༔ སྨིག་རྒྱུ་ཙམ་དུ་འང་མི་སྣང་ཞིང༔ རྒྱ་ཡོངས་སུ་མ་ཆད་པའི་དུ་བ་ཙམ་དུ་མཐོང་སྟེ༔ བག་ལ་ཉལ་གྱི་སྒྲིབ་པ་དང༔ ཤེས་བྱའི་སྒྲིབ་པ་གཉིས་ཀ་བསལ་བའི་ཤེས་པ་འབྱུང་སྟེ༔ དེ་གཉིས་ཀ་ཤེས་རབ་ཟབ་མོས་མི་གནས་པར་བརྟག་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཤེས་རབ་མངོན་དུ་གྱུར་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་དྲུག་པ་བགྲོད་དོ༔ དེ་ལས་ཀྱང་ཏིང་ངེ་འཛིན་ཡོངས་སུ་བརྟན་ན༔ ཡང་ནས་ཡང་དུ་མཐུ་བརྟས་པའི་དུས་ན༔ ལྷག་པར་ཡང་སྟོབས་ཤིན་ཏུ་ཆེ་སྟེ༔ དེའི་དུས་ནའང་རྟགས་རྣམ་པ་གཉིས་ཏེ༔ ནང་རྟགས་ནི༔ དང་པོ་ཇི་ལྟར་གནས་པ་ནས་ཐུན་བཞི་པའི་བར་དུ་གནས་ཤིང༔ ཉོན་མོངས་པའི་རྒྱུ་ཏིལ་འབྲུ་ཙམ་ཡང་མི་གནས་པར་འགྱུར་རོ༔ ཕྱི་རྟགས་ནི༔ ཡུལ་གྱི་དངོས་པོ་འདི་ལ་དུ་བའི་དངོས་པོ་ཙམ་དུའང་མི་གནས་པར་སྲིན་བུ་མེ་ཁྱེར་བའི་རྣམ་པ་ཙམ་དུ་མཐོང་ཞིང༔ སྟོན་པའི་ཞལ་ནས་གསུངས་པའི་མདོའམ༔ ཟག་པ་ཟད་པའི་གང་ཟག་དགེ་བའི་བཤེས་གཉེན་གྱིས་མཛད་དོ་འཚལ་གྱི་ཡི་གེ་ཐ་དད་པ་ལ་བརྟགས་ཀྱང་རྒྱུ་ཤས་ཆེར་གསུངས་པ་དང༔ འབྲས་བུ་ཤས་ཆེར་གསུངས་པ་ལའང་ཐ་དད་མེད་ཅིང༔ འབྲས་བུ་འབའ་ཞིག་པའི་ཤེས་པ་སྐྱེའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་ཐ་དད་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་བདུན་པ་བགྲོད་དོ༔ དེ་ལས་ཀྱང་སྟོབས་བསྐྱེད་པའི་དུས་ན༔ ཏིང་ངེ་འཛིན་ཇི་ལྟར་གནས་པའི་རང་བཞིན༔ ཉིན་པར་གཉིས་ཀྱི་བར་དུ་འདུག་ཅིང༔ འདི་ལས་ལྷག་པའི་ཏིང་ངེ་འཛིན་གཞན་ན་མེད་དོ་སྙམ་པ་དང༔ ཏིང་ངེ་འཛིན་ལ་ཡེ་ཤེས་བགྲོད་པའི་གནས་ག་ལ་ཡོད༔ འདི་ལྟ་བུ་ལ་གནས་པའི་དུས་ན༔ འབྲས་བུ་ངན་པ་འབྱུང་བའི་གནས་ག་ལ་ཅི་ཡོད་སྙམ་པའི་ཤེས་པ་འབྱུང་སྟེ༔ ནང་རྟགས་སོ༔ ཕྱི་རྟགས་ནི༔ སྲིན་བུ་མེ་ཁྱེར་བ་འདྲ་བའི་རྣམ་པ་ལས་ཀྱང་གསལ་བར་འགྱུར་ཏེ༔ མར་མེ་བཞིན་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཡེ་ཤེས་ཞེས་བྱ་སྟེ༔ དེས་ས་བརྒྱད་པ་བགྲོད་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པའི་དུས་ན༔ ལྷག་པའི་ཏིང་ངེ་འཛིན་སྟོབས་སུ་གྱུར་ཏེ༔ རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ ཏིང་ངེ་འཛིན་ལ་བཞག་པའི་དུས་ན༔ ཕྱི་ནང་གི་ཆོས་ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་ཞིང༔ ཇི་ལྟར་བཞག་པ་ལས་ཟླ་བ་གཅིག་གི་བར་དུ་འདུག་ཀྱང༔ ལྟོག་པ་དང་འཁྱག་པའི་ཤེས་པ་མི་འབྱུང༔ ཕྱི་རྟགས་སུ་བརྟགས་པའི་ཡུལ་འདི་ཡུལ་གྱི་དངོས་པོར་མ་མཐོང་སྟེ༔ སྤྲིན་མེད་པའི་ནམ་མཁའ་བཞིན་གསལ་བར་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་དྲི་མ་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ༔ ས་དགུ་པ་བགྲོད་དོ༔ དེ་ལས་ཀྱང་བརྟན་ཅིང་ཡེ་ཤེས་སྟོབས་སུ་གྱུར་པའི་དུས་ན༔ རྟགས་གཉིས་འབྱུང་སྟེ༔ ཕྱི་རྟགས་ནི༔ ཏིང་ངེ་འཛིན་ལ་གནས་པའི་དུས་ན༔ ཟླ་བ་དྲུག་གི་བར་དུ་ལྟོག་ཅིང་འཁྱག་པའི་ཤེས་པ་མི་སྐྱེའོ༔ ནང་རྟགས་ནི༔ ནོར་བུ་ཀུཎྜའི་ཁ་དོག་བཞིན་དུ༔ འདི་ལྟར་སྣང་བ་ཐམས་ཅད་གསལ་ཏེ༔ ཁམས་གསུམ་པའི་སེམས་ཅན་འདི་ལྟ་བུའི་དོན་མ་རྟོགས་པས་སྙིང་རེ་རྗེ༔ འདི་ལྟ་བུའི་དོན་ངས་བསྟན་པ་ལ་ཤེས་པར་བྱ་ན་ཅི་མ་རུང་སྙམ་པའི་ཤེས་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡོངས་སུ་སྟོང་པའི་ཡེ་ཤེས་ཞེས་བྱའོ༔ དེས་ས་བཅུ་པ་བགྲོད་དོ༔ དེ་ལས་ཡང་ནས་ཡང་དུ་ཡེ་ཤེས་ཀྱི་སྟོབས་རྙེད་ཅིང་མངོན་དུ་གྱུར་པའི་དུས་ན༔ ཐལ་ལྕག་བརྒྱབ་ཀྱང་རུང༔ སྦྲང་བུས་ཟོས་ཀྱང་རུང༔ རྔ་བོ་ཆེ་དང༔ དུང་དང༔ ཆ་ལང་དང༔ རྫ་རྔ་དང༔ འབྲུག་སྒྲ་ཆེན་པོ་བསྒྲགས་ཀྱང་རུང་སྟེ༔ ཏིང་ངེ་འཛིན་མི་འཕྲོག་པར་གནས་པ་ནི་ནང་རྟགས་སོ༔ ཕྱི་རྟགས་ནི༔ ཕྱིའི་ཡུལ་གྱི་དངོས་པོ་ལ་མི་གནས་ཤིང༔ སྐད་ཅིག་མ་ལ་དབང་པོ་མངོན་སུམ་པར་ཆོས་ཉིད་ལྷག་གིས་མཐོང་བ་ནི༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ སངས་རྒྱས་ཀྱི་སར་ཕྱིན་པ་སྟེ༔ རྫོགས་པའི་རྫོགས་པ་མཐར་ཕྱིན་པའོ༔ དེ་ལྟ་བུའི་རྣལ་འབྱོར་པའི་ས་ལ་གནས་པའི་རྟགས་ནི༔ དེ་རྣམས་ཀྱང་ཤེས་པའི་རྒྱུད་གཅིག་གི་དབང་དུ་བྱས་པ་ཡིན་གྱི༔ གང་ཟག་ལ་ལ་ནི་ས་དང་པོའི་རྟགས་བྱུང་ནས་སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ ལ་ལ་ནི་བརྒྱད་པའི་མཚན་མ་བྱུང་ནས༔ སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ ལ་ལ་ནི་ཐོག་མ་ཉིད་ནས་སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ གང་ཟག་གི་ལས་འཕྲོ་དང༔ ཤེས་རབ་ཆེ་ཆུང་དང༔ བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གོ༔ དེ་ལ་ཏིང་ངེ་འཛིན་གྱི་སྐྱོན་ནི༔ སྣང་བ་ཐམས་ཅད་ཁ་དོག་དཀར་དམར་ལ་སོགས་པ་ལྔའམ་སྣ་ཚོགས་སུ་སྣང་བའམ༔ ཁ་དོག་མི་གསལ་བའི་རྣམ་པར་སྣང་བའམ༔ དེ་རྣམས་ནི་ཁམས་འཁྲུགས་པའི་རྟགས་སམ་རླུང་མཁྲིས་གཞིལ་བའི་ཆོ་ག་བྱའོ༔ རྣལ་འབྱོར་པ་དེ་ལྟར་བསྒོམ་ན༔ རྣལ་འབྱོར་མས་བསྒོམ་ན་ཇི་ལྟར་བསྒོམ་ཞེ་ན༔ བྱང་ཆུབ་ཀྱི་སེམས་དབབ་པ་དང་གཟུང་བ་ཇི་ལྟར་བྱ་ཞེ་ན༔ དེ་ལ་ཐབས་མེད་པ་ནི་མ་ཡིན་ཏེ༔ ཤེས་རབ་གང་ཡིན་པ་དེ་ལའང་ཐབས་ཡོད་དོ༔ དེ་གཟུང་བའི་གནས་ཀྱང་ཡོད་དོ༔ སྐྱེ་གནས་ཀྱི་རྩ་གཡོན་ནས་ཁུ་བ་འབྱུང་བའི་རྩ་ཡང་ཡོད་དོ༔ གཡས་ནས་ཁྲག་འབྱུང་བའི་རྩ་ཡང་ཡོད་དོ༔ རྣལ་འབྱོར་མས་ཀྱང་མོའི་གཟུགས་སྤངས་ལ༔ དཔལ་ཆེན་པོའི་སྐུར་གསལ་བར་བྱས་ལ༔ པདྨའི་རང་བཞིན་མི་གནས་ཏེ༔ རྡོ་རྗེའི་རང་བཞིན་གསལ་བར་བྱས་ལ་བསྒོམ་པར་བྱའོ༔ དེ་ལྟར་བསྒོམས་པས་ཡེ་ཤེས་གོང་ལྟར་སྐྱེའོ༔ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་རྫོགས་སོ༔ མཁས་པ་མི་བཞིའི་ཁྱད་པར་ཆོས༔ སྒྲུབ་པ་བཀའ་བརྒྱད་བསྡུས་པ་ལས༔ འབྲས་བུ་བདེ་གཤེགས་འདུས་པ་བྱུང༔ དེ་ཡི་བཅུད་ཕྱུང་ཉིང་ཁུ་ནི༔ ཁྱད་པར་རྫོགས་རིམ་རྣམ་ལྔ་བྱུང༔ སྤེལ་བའི་གནས་མེད་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ།། །།

ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་ (Volume 31, Text 29)

༁ྃ༔ ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་བཞུགས་སོ༔ ྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་བྱེད་པར་འདོད་པས༔ གང་འཐད་ཀྱི་གནས་སུ་ཅི་ལྟར་འབྱོར་བའི་གཏོར་ཚོགས་བཤམས་ཤིང་སྔོན་དུ་འགྲོ་བའི་ཆོས་སྤྱོད་ཅི་ལྟར་རིགས་པར་བྱས་ལ༔ དང་པོ་མཚམས་གཅོད་པ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ལྟར་ཡེ་ནས་གསལ་བར་རབ་རྟོགས་པས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཤགས་པ་ནི༔ ཧཱུྃ༔ བརྡལ་ཁྱབ་ཀ་དག་ཡང་དག་ལྷུན་འབྱམས་ལ༔ བཤགས་དང་བཤགས་བྱའི་མཚན་མ་རང་སར་དག༔ འོན་ཀྱང་མ་རིག་གཟུང་འཛིན་འཁྲུལ་སྲིད་ན༔ རང་བྱུང་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས༔ ས་མ་ཡ༔ ཨ་ཨ༔ སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ་པ་ནི༔ གདོད་ནས་རང་བྱུང་རྣམ་དག་བདུད་རྩི་མཆོག༔ རྒྱུ་དྲུག་དབྱིངས་སུ་བསྒྲལ་པའི་དམར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིཾ་ཏ༔ རྣམ་གསུམ་འཛད་མེད་བཅུད་ཆེན་ཨཱོཾ་ཨཱཿཧཱུྃ༔ བསྐྱེད་རིམ་ནི༔ ཧཱུྃ༔ སྣང་བའི་དངོས་པོ་སྣ་ཚོགས་གཞལ་ཡས་ཁང༔ སྟོང་པའི་རང་མདངས་དཔལ་ཆེན་དཀྱིལ་འཁོར་ལྷ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རང་བྱུང་གསལ༔ ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྱན་འདྲེན་བཞུགས་གསོལ་ནི༔ རང་བཞིན་དབྱིངས་ན་བཞུགས་པའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེ་གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ སྤྱན་འདྲེན་གཤེགས་གསོལ་གནས་འདིར་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ༔ དེ་དག་ལ་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ལྷན་ཅིག་སྐྱེས་སྦྱར་ཕྱི་ནང་གསང་བཀོད་པའི༔ མཆོད་པ་རྣམ་མང་དངོས་འབྱོར་ཡིད་སྤྲུལ་པས༔ རང་བྱུང་སྤྲུལ་པའི་ལྷ་ལ་མཆོད་པར་འབུལ༔ གཉིས་མེད་བླང་དོར་མེད་པར་བཞེས་སུ་གསོལ༔ མ་ཧཱ་པཱུ་ཙ་ཧོ༔ སྨན་རཀ་གཏོར་གསུམ་འབུལ་བ་ནི༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ ཉོན་མོངས་མཁའ་དབྱིངས་གསང་བའི་རཀྟ་མཆོག༔ བཅུད་ཆེན་རྫས་མཆོག་གཏོར་མར་བཅས་ཏེ་འབུལ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དུག་གསུམ་ཤ་ཁྲག་མཆོད་པ་ནི༔ ཧཱུྃ༔ གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས༔ ཞེ་སྡང་རུས་པའི་ཕུང་པོ་བཅས་པ་རྣམས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ༔ བསྟོད་པ་ནི༔ ཨཱོཾ༔ ལྷ་ཚོགས་སྐུ་ཡི་རང་བཞིན་འགྱུར་བ་མེད༔ ཨཱ༔ ལྷ་ཚོགས་གསུང་གི་རང་བཞིན་འགག་པ་མེད༔ ཧཱུྃ༔ ལྷ་ཚོགས་ཐུགས་ཀྱི་རང་བཞིན་འཁྲུལ་པ་མེད༔ ཆོ་འཕྲུལ་སྤྲུལ་བསྒྱུར་མཛད་ལ་ཕྱག་འཚལ་བསྟོད༔ བསྙེན་པ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འཁོར་ལོ་རྒྱས་འདེབས་ཀློང་ནས་ཁྲོ་གར་མཛད༔ གྲགས་སྟོང་སྔགས་ཀྱི་ཛཔ྄་དབྱངས་འབྲུག་སྒྲ་སྒྲོག༔ ཐུགས་དམ་དབྱིངས་ནས་མ་འགྲུབ་བར་དུ་བསྒྲུབ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཚོགས་ལས་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་གསང་བར་ཡོངས་བཀོད་པའི༔ ལོངས་སྤྱོད་ག་ཎ་ཙཀྲར་བྱིན་བརླབས་པ༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ༔ ཐུགས་དམ་དབྱིངས་སུ་བསྐང་ཕྱིར་བཞེས་སུ་གསོལ༔ ག་ཎ་ཙཀྲ་མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ སྐོང་བ་ནི༔ ཧཱུྃ༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ སྣང་བ་ཡབ་ཀྱི་ཐུགས་དམ་བསྐང༔ སྟོང་པ་ཡུམ་གྱི་ཐུགས་དམ་བསྐང༔ གཉིས་མེད་རོལ་པ་ཆེན་པོར་བསྐང༔ ཚོགས་བཤགས་པ་ནི༔ ཧཱུྃ༔ བདག་ནི་ཡེ་ནས་རང་བྱུང་རིག་རྩལ་ངང༔ འཁྲུལ་མེད་རྟོག་བྲལ་ཆག་ཉམས་རང་སར་གྲོལ༔ སྣང་སེམས་འཛིན་པ་ཞུགས་ན་དབྱིངས་སུ་བཤགས༔ བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་གནད་ནས་བསྐུལ༔ རྡོ་རྗེ་གཞོན་ནུ་འཁོར་བཅས་རྣམས༔ ཞི་རྒྱས་དབང་དྲག་ལས་མཛོད་ཅིག༔ ལྷག་གཏོར་ནི༔ ཧཱུྃ༔ དང་པོ་ཕུད་ཀྱིས་ལྷ་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་མཆེད་ལྕམ་བསྐང༔ ཐ་མ་ལྷག་མའི་གཏོར་མ་འདིས༔ གང་གི་དབང་བ་ཚིམས་གྱུར་ཅིག༔ ཨཱོཾ་ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ ཆད་མདོ་ནི༔ ཧཱུྃ་བྷྱོ༔ འཇིག་རྟེན་འདས་དང་མ་འདས་པའི༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ གཏོར་མ་ལོངས་ཤིག་ཕྲིན་ལས་མཛོད༔ སྐྱོང་མ་གྱེར་བ་ནི༔ བྷྱོ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ན༔ གནས་པའི་བརྟན་སྐྱོང་གནས་འདིར་གཤེགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མནན་ནི༔ ཧཱུྃ༔ ཉོན་མོངས་རྒྱུ་དྲུག་རྐྱེན་བཞིའི་ཚོགས༔ མ་རིག་གིས་བསྐྱེད་བག་ཆགས་རྣམས༔ རང་བྱུང་རིག་རྟོགས་རི་རབ་འོག༔ གཞི་རྫོགས་བར་མཚམས་མེད་པར་མནན༔ ཨཱོཾ་ཨཱཿཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཆོས་སྐུ་ཀ་དག་ལྷུན་འབྱམས་བཀྲ་ཤིས་ནི༔ ལོངས་སྐུ་རང་བྱུང་འོད་གསལ་ངང་དུ་ཤོག༔ སྤྲུལ་སྐུ་སྣ་ཚོགས་འགྲོ་འདུལ་བཀྲ་ཤིས་ནི༔ ཐབས་མཁས་ཐུགས་རྗེ་སྙིང་རྗེའི་ངང་དུ་ཤོག༔ གཤེགས་སུ་གསོལ་བ་ནི༔ ཐུགས་རྗེ་ཀུན་ཁྱབ་ལྷ་ཚོགས་རྣམས༔ རང་བཞིན་འོད་ལྔའི་ཀློང་དུ་ཐིམ༔ འོད་ལྔ་ལོངས་སྤྱོད་རྫོགས་གསལ་བ༔ སྣོད་བཅུད་ཆོས་སྐུའི་ཀློང་དུ་འོ༔ བསྔོ་བ་ནི༔ བདག་གཞན་ལུས་ངག་ཡིད་གསུམ་གྱིས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པ༔ བསྒྱུར་རྫོགས་ཡང་དག་ཆེན་པོར་བསྔོ༔ ངོ་བོ་གཉིས་མེད་འབྲས་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ཟག་ཀུ་སུ་ལུ་པ་དང༔ རིངས་དྲགས་ནས་ལོངས་མེད་པ་རྣམས་ཀྱི་དོན་དུ་མཚོ་རྒྱལ་གྱིས༔ མཁས་རྫོང་ཤེལ་བྲག་ཕུག་ཏུ་མཛད་པ་ཕྲིན་ལས་ལམ་ཁྱེར་བསྡུས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐམ༔ དྷ་ཐིམ༔ སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་ཀོང་པོ་རྩེ་ཆེན་བྲག་དམར་ནས་གདན་དྲངས་པའོ།། །།

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་ (Volume 22, Text 29)

༁ྃ༔ ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་བཞུགས༔ ྈྈྈྈྈ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ༔ འཕྲད་ཆོག་བློ་བདེ༔ ཡེ་ཤེས་འོད་ཀྱི་སྙིང་པོ་ཨོ་རྒྱན་གྱི་མཁན་པོ་པདྨ་བཛྲ་གྱིས་གནུབས་ཀྱི་སྔགས་འཆང་ཆེན་པོ་སངས་རྒྱས་ཡེ་ཤེས་དང་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་ལ་གདམས་པ་འདི་ལ་དོན་གསུམ་སྟེ༔ སྒྲུབ་པའི་ཐབས་དང༔ ཕྲིན་ལས་ལམ་ཁྱེར་དང༔ དབང་བསྐུར་བའོ༔ དང་པོ་ནི༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ དབེན་པའི་གནས་སུ་བྲེལ་བ་བཅད༔ མདུན་མཁར་སྐྱབས་ཡུལ་གསལ་བཏབ་སྟེ༔ སྐྱབས་སེམས་ཚོགས་གསག་སྡོམ་པ་བཟུང༔ ཚད་མེད་རྣམ་བཞིས་བློ་སྦྱངས་ལ༔ དམ་ཚིག་གསལ་བཏབ་བྱིན་གྱིས་བརླབ༔ ཡེ་ཤེས་དྲང་བསྟིམ་དབང་རྒྱས་གདབ༔ བསྐྱེད་པ་ལྷ་ཡི་གསལ་སྣང་འདོན༔ བཟླས་པ་སྔགས་ཀྱི་འཕྲོ་འདུ་བྱ༔ ཐུན་མཚམས་དམ་རྫས་གཏོར་མས་མཆོད༔ འོད་གསལ་བསྡུ་ཞིང་ལྷ་སྐུར་ལྡང༔ བསྔོ་སྨོན་ཤིས་བརྗོད་སྤྱོད་ལམ་བསྐྱང༔ ཞེས་པས་གནས་དབེན་ཞིང་བྱིན་རླབས་དང་ལྡན་པ༔ མེ་ཏོག་དཀར་པོ་སྐྱེ་བ༔ གཞི་བདག་དཀར་ཕྱོགས་སྐྱོང་བས་བསྲུངས་པའི་སྒྲུབ་ཁང་དུ༔ དབང་ཐོབ་པ༔ དམ་ཚིག་དག་པ༔ བླ་མ་ཐུགས་རྗེ་ཆེན་པོ་དབྱེར་མི་ཕྱེད་པའི་མོས་གུས་དང་ལྡན་པས་ཁ་ལ་སོགས་པ་དག་པར་བྱས་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ༔ ནམ་མཁའ་གང་བའི་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱབས་སུ་གསོལ་ཞིང་སེམས་བསྐྱེད་པར་བསམ་ལ་སྐྱབས་སེམས་ཅི་ནུས་བྱ༔ ཡན་ལག་བདུན་གྱིས་ཚོགས་བསགས༔ སྡོམ་པ་བཟུང༔ ཚད་མེད་བཞིས་བློ་སྦྱངས༔ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་སེམས་བཟུང༔ དེ་ནས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་སྙིང་རྗེའི་རང་གདངས་ཡེ་ཤེས་སྒྱུ་མའི་ཚུལ་དུ་ཤར་བ་ལས༔ འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྲུང་བའི་འཁོར་ལོ་མེ་འོད་རབ་ཏུ་འབར་བས་ཕྱོགས་ཐམས་ཅད་དུ་བསྐོར་བའི་དབུས་སུ་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དང་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ ཉི་ཟླའི་དཀྱིལ་འཁོར་གྱི་ལྟེ་བར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཉི་ཟླ་ཁ་སྦྱོར་ཧྲཱིཿདམར་པོ་དང་བཅས་པ་འོད་ཀྱི་གོང་བུར་འདྲིལ་བ་ཡོངས་སུ་གྱུར་པ་ལས༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས་ཅན་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྣམས་ཤིང༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ༔ ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དམར་གསལ་ཌཱ་རུ་དང་བདུད་རྩིའི་ཐོད་པ་བསྣམས་པས་འཁྲིལ་བ༔ གཉིས་ཀའང་ཞི་ཞིང་འཛུམ་ལ་ཆགས་པའི་རྣམ་འགྱུར་རྒྱས་པ་ཅུང་ཟད་ཁྲོ་བའི་ཚུལ་དང་བཅས་པ༔ དར་དང་རིན་པོ་ཆེ་དང་རུས་པ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་འོད་ལྔ་འབར་ཞིང་འཕྲོ་བའི་ཀློང་ན་རྒྱལ་བ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྦྱོར་མཚམས་ནས་སྙོམས་འཇུག་བདེ་བའི་ཡེ་ཤེས་ཡི་གེའི་སྤྲིན་དུ་འཕྲོས་འདུས་ཡོངས་སུ་གྱུར་པ་ལས༔ འདབ་བཞིའི་ཤར་དུ་ཧཱུྃ་ལས་མི་བསྐྱོད་ཐུགས་རྗེ་ཆེན་པོ་མཐིང་གསལ༔ ལྷོར་ཏྲཱཾ་ལས་རིན་འབྱུང་ཐུགས་རྗེ་ཆེན་པོ་སེར་གསལ༔ ནུབ་ཏུ་ཨོཾ་ལས་རྣམ་སྣང་ཐུགས་རྗེ་ཆེན་པོ་དཀར་གསལ༔ བྱང་དུ་ཨཱཿལས་དོན་གྲུབ་ཐུགས་རྗེ་ཆེན་པོ་ལྗང་གསལ༔ ཐམས་ཅད་ཀྱང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ༔ རང་འོད་ཀྱི་ཡུམ་གསང་བ་ཡེ་ཤེས་མ་དང་མཉམ་པར་སྦྱོར་བ༔ སྒོ་བཞིར་ཧ་རི་ནི་ས་ལས་རིགས་བཞིའི་མཁའ་འགྲོ་ཕྱོགས་ཀྱི་མདོག་ཅན༔ གཡས་སོ་སོའི་རིགས་ཀྱི་མཚན་མས་ཡུ་བ་བྱས་པའི་གྲི་གུག་དང༔ གཡོན་ཐོད་ཁྲག་བསྣམས་པ༔ དར་དང་རིན་ཆེན་རུས་པའི་རྒྱན་ཅན་ཞབས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་རོལ་པ༔ གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཟླ་ཉི་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས༔ ཐུགས་ཀའི་ས་བོན་གྱི་འོད་ཟེར་དང༔ སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་རོལ་མོས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པའི་ཐུགས་སྲོག་ལས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་བཞུགས་པས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩཱ་མི༔ དབང་གི་ཆུ་རྒྱུན་སྤྱི་བོར་བརྟན་པ་ལས་སྣང་བ་མཐའ་ཡས་ཚེ་དཔག་མེད་སོགས་རིགས་ཀྱི་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར༔ ལུས་གནད་བསྲང་རླུང་རོ་བསལ་འོག་རླུང་ཅུང་ཟད་འཐེན༔ བར་རླུང་ཐད་ཀར་བརྒྱངས་ཏེ་རླུང་སེམས་ལྷ་སྐུ་རོ་གཅིག་པའི་ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་སེམས་བཟུང་བས་སྣང་སྟོང་ལྷ་སྐུའི་ཏིང་འཛིན་གསལ་བ་གསུམ་ལྡན་རིམ་གྱིས་འགྲུབ་པར་འགྱུར་རོ༔ བསྐྱེད་པའི་ཡན་ལག་ཏུ་བཟླས་བརྗོད་བྱ་བ་ནི༔ ཡབ་ཀྱི་ཐུགས་ཀར་པད་ཉི་ལ་གནས་པའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པདྨ་བྷཉྫ་བསྣམས་པ༔ དེའི་ཐུགས་ཀའི་ཀློང་དུ་ཟླ་དཀྱིལ་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གསལ་བར་བྱས༔ ཐམས་ཅད་ཀྱི་ཐུགས་སྲོག་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ཏེ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད༔ འཁོར་འདས་ཀྱི་དྭངས་བཅུད་ཡེ་ཤེས་ཐམས་ཅད་བདག་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་བསྩལ་ཞིང་བརྟན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ མི་ཚིག་གིས་བར་མ་ཆོད་པར་འབུམ་ཕྲག་བཞི་བཟླས་པས་དངོས་ཉམས་རྨི་ལམ་དུ་འཕགས་པའི་ཞལ་མཐོང༔ སྔགས་ཀྱི་སྒྲ་ཐོས༔ ཡེ་ཤེས་རྒྱུད་ལ་ཤར༔ གནས་གསུམ་གྱི་མཁའ་འགྲོའི་འདུ་བ་ཐོབ༔ འབྲེལ་ཚད་འཕགས་པའི་གོ་འཕང་ལ་འགོད་པར་འགྱུར་རོ༔ ཐུན་ཐམས་ཅད་ཀྱི་མཐར་ཅི་འབྱོར་པའི་དམ་རྫས་དང་བཅས་པའི་གཏོར་མ་བཤམ༔ རཾ་ཡཾ་ཁཾ་གིས་བསང་སྦྱང༔ སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་ལ་གནས་པའི་ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔའི་ས་བོན་བསྐོལ་ཞིང་འོད་དུ་མེར་གྱིས་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་སྐུའི་དབྱིངས་ལས་འགག་མེད་སྒྱུ་འཕྲུལ་གྱི་རོལ་མོ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ མ་སཱུརྻ་ཙནྡྲ་ཀ་མ་ལཱ་ཡ་སཏྭཾ༔ ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཤིང་གསོལ་བས་དགྱེས་པར་གྱུར༔ སྔགས་ཀྱི་མཐར༔ ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ པི་པ་ཧོ༔ ཛི་གྷྲ་ཧོ༔ ཨ་ཏི་ཀྲ་མ་ཏི་སརྦ་སིདྡྷི་ཀུ་རུ་ཀུ་རུ་ཧོ༔ ལན་གསུམ་ལ་སོགས་པས་ཕུལ༔ མཆོད་ཅིང་བསྟོད༔ འདོད་དོན་གསོལ༔ ལྷ་ཚོགས་རྣམས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ༔ ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་གྱུར་པར་བསམ༔ རང་ཉིད་རྟེན་དང་བརྟེན་པར་བཅས་པ་འོད་གསལ་དུ་གཞུག༔ དགོངས་པ་བསྐྱང༔ བསྔོ་སྨོན་བཀྲ་ཤིས་སོགས་བྱ༔ ཐུན་མཚམས་ཐམས་ཅད་དུ་ལྷ་སྔགས་ཡེ་ཤེས་ཀྱི་རྒྱུན་བསྐྱང༔ བསྙེན་སྒྲུབ་སོ་སོར་བྱེད་ན༔ ཐོག་མར་སྒྲུབ་ཐབས་ལྟར་སྔགས་འབུམ་ཕྲག་བཞིའམ་གསུམ་བཟླ༔ དེ་ནས་སྒྲུབ་པའི་དཀྱིལ་འཁོར་དང་རྫས་བཤམས་ཤིང་ཕྲིན་ལས་ལམ་ཁྱེར་གྱི་གཞུང་བསྲངས་ལ་སྔགས་འབུམ་ཕྲག་བཞི་བཟླས་ཤིང༔ མཐར་ལས་སྦྱོར་གྱི་ཚུལ་དུ་རིལ་བུའི་སྒྲུབ་པ་བདུན་ཕྲག་གི་རྗེས་དངོས་གྲུབ་བླང་བར་བྱའོ༔ འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ལས༔ སྒྲུབ་པའི་ཐབས་ཀྱི་རིམ་པ་སྟེ་དང་པོའོ༔ ས་མ་ཡ༔ གཉིས་པ་ཕྲིན་ལས་ལམ་ཁྱེར་གྱི་རིམ་པ་ལ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་འགྲོའི་ལས་རིམ་ལ༔ རྟེན་བཤམ་བགེགས་བསྐྲད་སྲུང་མཚམས་བཅད༔ མཆོད་པ་བྱིན་རླབས་སྐྱབས་སེམས་བྱ༔ ཚོགས་གསག་སྡོམ་བཟུང་ཚད་མེད་བསྒོམ༔ ཞེས་པས་དང་པོ་རྟེན་བཤམ་པ་ནི༔ དབེན་པའི་གནས་སུ་སྟེགས་བུའི་སྟེང༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་སྒོ་རྫོགས་བྲི་བ་འམ༔ མེ་ཏོག་ཚོམ་བུ་ལྷ་གྲངས་དགོད༔ དབུས་སུ་ཁྲི་འུ་ཤིང་གི་ཁར༔ འཕགས་པའི་སྤྲུལ་པ་བྲམ་ཟེའི་རིགས༔ སྐྱེ་བདུན་གྲུབ་པ་ཐོབ་པའི་གདུང༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ དག་པའི་ཤ་ལྔ་བདུད་རྩི་ལྔ༔ འབྲས་གསུམ་བཟང་དྲུག་རྟག་ཏུ་ངུ༔ གི་ཝཾ་ཅོང་ཞི་སིནྡྷུ་ར༔ ཤུ་དག་རུ་རྟ་ཨུཏྤལ་དམར༔ སྤང་རྒྱན་བལ་བུ་དབང་པོ་ལག༔ མ་ནུ་པ་ཏྲ་གེ་སར་གསུམ༔ འབྲུ་ལྔའི་ཕྱེ་མ་སྦྱར་བྱས་ལ༔ གུར་གུམ་ཆུ་ཡིས་རིལ་བུར་དྲིལ༔ ཐོད་པ་མཚན་ལྡན་ནང་དུ་བླུགས༔ དར་དམར་ཁ་བཅད་བརྟན་པར་བཞུགས༔ སིནྡྷུ་ར་ཡི་མེ་ལོང་ནི༔ སྔགས་ཀྱིས་བརྒྱན་པས་སྟེང་ནས་དགབ༔ མཐའ་སྐོར་སྨན་གཏོར་རཀྟ་དང༔ མཁའ་འགྲོ་མཉེས་པའི་དམ་རྫས་སོགས༔ ཕྱི་ནང་མཆོད་ཚོགས་རྒྱས་པར་བཤམ༔ གཉིས་པ་བགེགས་བསྐྲད་པ་ནི༔ གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་གྱི་གཏེར་དུ་བརླབ༔ ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྔོས་ལ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོ་ཐུགས་ཁྲོས་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དྲག་སྔགས་དང་ཐུན་གྱིས་བསྐྲད་དོ༔ གསུམ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་འཁོར་ལོ་དང༔ ཡེ་ཤེས་མེ་ཕུང་འབར་བས་གཏམས༔ བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་ཛྭ་ལ་རཾ་བྷྲཱུྃ༔ བཞི་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ནས་རཾ་ཡཾ་ཁཾ༔ འཕྲོས་པས་མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་ཉེར་སྤྱོད་འདོད་ཡོན་གཏེར༔ སྨན་གཏོར་རཀྟའི་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱ྄ཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ བཛྲ་སྥ་ར་ཎ་ཁཾ༔ ལྔ་པ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ དྲུག་པ་སེམས་བསྐྱེད་པ་ནི༔ ཧོ༔ མ་གྱུར་ཁམས་གསུམ་སེམས་ཅན་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཐུགས་རྗེ་ཆེན་པོ་བསྒྲུབ་པར་བགྱི༔ བདུན་པ་ཚོགས་གསག་པ་ནི༔ ཧོ༔ བླ་མ་ཐུགས་རྗེ་ཆེན་པོ་སོགས༔ ཕྱོགས་དུས་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ སྡིག་ལྟུང་ཉམས་ཆག་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ བརྒྱད་པ་སྡོམ་པ་བཟུང་བ་ནི༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ སོ་སོ་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ སྔགས་ཀྱི་འདའ་དཀའི་དམ་ཚིག་རྣམས༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ དགུ་པ་ཚད་མེད་པ་བཞིས་བློ་སྦྱང་བ་ནི༔ ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས༔ བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ༔ འཕགས་པའི་བདེ་དང་མི་འབྲལ་ཞིང༔ བཏང་སྙོམས་མཆོག་ལ་གནས་གྱུར་ཅིག༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དམ་ཚིག་བསྐྱེད་བརླབ་ཡེ་ཤེས་དྲང༔ བཞུགས་གསོལ་དབང་བསྐུར་ཕྱག་རྒྱས་གདབ༔ ཕྱག་འཚལ་མཆོད་ཅིང་བསྟོད་པ་བྱ༔ བཟླས་པས་རྒྱུད་བསྐུལ་ཐུན་མཚམས་འཇུག༔ ཅེས་པས་དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི་སྒྲུབ་ཐབས་ལྟར་བྱའོ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་ཞིང་ཁམས་ནས༔ རྒྱལ་བ་རྒྱ་མཚོ་ཡེ་ཤེས་ལྷ་ཡི་ལྷ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལུས་ལ་སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གྲགས་སྟོང་སྔགས་ཀྱི་ནུས་པ་སྤོར༔ ཡིད་ལ་རིག་སྟོང་འོད་གསལ་དགོངས་པ་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་བྱོན་པ་ལེགས༔ བདག་ཅག་འགྲོ་བ་ཀུན་གྱི་དོན་མཛད་ཕྱིར༔ རིན་ཆེན་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ བཞི་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི༔ སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་དབང་བསྐུར་བས༔ ཡེ་ཤེས་མཐུ་བསྐྱེད་ཆུ་ལྷག་སྤྱི་བོར་བརྟན༔ སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་མི༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ལྔ་པ་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་འཁོར་ལོས་སྒྱུར༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་སུ་མེད༔ ཕྲིན་ལས་བཞི་མཛད་བདེ་ཆེན་མཁའ་འགྲོ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་འདོད་ཡོན་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱ྄ཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ཉོན་མོངས་རྟོག་པ་བསྒྲལ་པ་ཡི༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ སྣོད་བཅུད་ཕུན་ཚོགས་འདོད་འབྱུང་གཏེར༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ ཡེ་ཤེས་སྒྱུ་མའི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ དབྱིངས་རིག་དབྱེར་མེད་མཉམ་སྦྱོར་བའི༔ གསང་བ་མཆོག་གི་མཆོད་པ་འབུལ༔ འོད་གསལ་ཐིག་ལེའི་དངོས་གྲུབ་སྩོལ༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་ཨ༔ བདུན་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ པདྨ་རཱ་གའི་མདོག་ཅན་ཡེ་ཤེས་སྐུ༔ ཡི་གེ་དྲུག་པ་རང་བྱུང་སྔགས་ཀྱི་གསུང༔ སོ་སོར་ཀུན་རྟོག་བདེ་བ་མཆོག་གི་ཐུགས༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས་རྗེའི་གཏེར༔ ཡེ་ཤེས་རིགས་ལྔའི་ཚུལ་དུ་རྣམ་པར་སྣང༔ གསང་བ་དྷཱ་ཀི་ཡུམ་དང་གཉིས་སུ་མེད༔ ཁ་སྦྱོར་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྱུ་མའི་འཕྲུལ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་དབང་ཕྱུག་མ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི༔ དང་པོ་ཛཔ྄་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་ཞིང་ཁམས་སུ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་པའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོ༔ རྡོ་རྗེའི་གསུང་གིས་སྙིང་པོའི་ཛཔ྄་སྒྲ་སྒྲོག༔ ཡེ་ཤེས་ཐུགས་ཀྱི་དགོངས་པ་དབྱིངས་ནས་གསལ༔ གཙོ་དང་འཁོར་བཅས་སྔགས་ཀྱིས་རྒྱུད་བསྐུལ་ཞིང༔ མ་གསལ་བར་དུ་ལྷར་སྣང་ཏིང་འཛིན་བརྟན༔ མ་འགྲུབ་བར་དུ་སྙིང་པོ་མི་གཏང་ན༔ དངོས་གྲུབ་རྣམ་གཉིས་དེང་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཧ་རི་ནི་ས་མནྟྲ་ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བསྐུལ་ནས༔ སྒྲུབ་ཐབས་ལྟར་སྒྲུབ་པའི་དམིགས་བཟླས་རྩེ་གཅིག་ཏུ་བྱའོ༔ ལས་སྦྱོར་ལ༔ ཐུན་མོང་དུ་འཁོར་བ་དོང་སྤྲུགས་ཀྱི་བཟླས་པ་ནི༔ རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་ལོངས་སྤྱོད་པ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷག་པར་བསྐྱེད་ལ༔ རང་ཉིད་རྒྱལ་བ་རྒྱ་མཚོ་ཡི༔ སྤྱི་བོར་ལྷ་ཡི་ས་བོན་ཨ༔ དེ་སྟེང་ལྷ་ཡི་ཐུབ་པ་ཡི༔ ངོ་བོ་ཨོཾ་ཡིག་དཀར་པོ་ལས༔ འོད་འཕྲོས་ཨ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་འཕོ་ལྟུང་རྒྱུ་འབྲས་བསལ༔ སླར་འཕྲོས་ལྷ་ཡི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ འོད་གསལ་ཡེ་ཤེས་མངོན་དུ་གྱུར༔ ཡི་གེ་དྲུག་པ་ཁོ་ན་དང༔ བརྒྱ་རྩ་རེ་ཡི་སྔགས་ཤམ་དུ༔ ཨ་དེ་བ་སརྦ་དུཿཁ་ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླའོ༔ དེ་བཞིན་དུ༔ མགྲིན་པར་ལྷ་མིན་ས་བོན་སུ༔ དེ་སྟེང་ལྷ་མིན་ཐུབ་པ་ཡི༔ ངོ་བོ་མ་ཡིག་ལྗང་གསལ་ལས༔ འོད་འཕྲོས་སུ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་འཐབ་རྩོད་རྒྱུ་འབྲས་བསལ༔ སླར་འཕྲོས་ལྷ་མིན་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ སུ་ཨ་སུ་ར་སརྦ་དུཿཁ་སོགས་སྔགས་ཤམ་སྦྱར༔ སྙིང་གར་མི་ཡི་ས་བོན་ནྲྀ༔ དེ་སྟེང་མི་ཡི་ཐུབ་པ་ཡི༔ ངོ་བོ་ཎི་ཡིག་དམར་གསལ་ལས༔ འོད་འཕྲོས་ནྲྀ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བྲེལ་ཕོངས་རྒྱུ་འབྲས་བསལ༔ སླར་འཕྲོས་མི་ཡི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ ནྲྀ་ན་ར་སརྦ་དུཿཁ་སོགས༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི༔ དེ་སྟེང་བྱོལ་སོང་ཐུབ་པ་ཡི༔ ངོ་བོ་པད་ཡིག་མཐིང་གསལ་ལས༔ འོད་འཕྲོས་ཏྲི་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བླུན་རྨོངས་རྒྱུ་འབྲས་བསལ༔ སླར་འཕྲོས་དུད་འགྲོའི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ ཏྲི་ཏིརྻ་ཀ་སརྦ་དུཿཁ་སོགས༔ གསང་གནས་ཡི་དྭགས་ས་བོན་པྲེ༔ དེ་སྟེང་ཡི་དྭགས་ཐུབ་པ་ཡི༔ ངོ་བོ་མེ་ཡིག་དམར་གསལ་ལས༔ འོད་འཕྲོས་པྲེ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བཀྲེས་སྐོམ་རྒྱུ་འབྲས་བསལ༔ སླར་འཕྲོས་ཡི་དྭགས་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ སོར་རྟོག་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ པྲེ་པྲེ་ཏ་སརྦ་དུཿཁ་སོགས༔ རྐང་མཐིལ་དམྱལ་བའི་ས་བོན་དུ༔ དེ་སྟེང་དམྱལ་བའི་ཐུབ་པ་ཡི༔ ངོ་བོ་ཧཱུྃ་ཡིག་མཐིང་ནག་ལས༔ འོད་འཕྲོས་དུཿཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་ཚ་གྲང་རྒྱུ་འབྲས་བསལ༔ སླར་འཕྲོས་དམྱལ་བའི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ མེ་ལོང་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ དུཿན་ར་ཀ་སརྦ་དུཿཁ་སོགས༔ དེའང་སོ་སོར་ཡིག་དྲུག་འབུམ་ཕྲག་རེ་དང༔ སྔགས་ཤམ་སྟོང་ཕྲག་ཐེམ་པར་བྱ༔ ཐུན་མོང་དུ་འཁོར་བ་དོང་སྤྲུགས་ཀྱི་གཟུངས་ཀྱང་སྟོང་ཕྲག་བདུན་བཟླའོ༔ དེ་ལ་འཁོར་བ་དོང་སྤྲུགས་ཀྱི་གཟུངས་ནི་འདིའོ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཧྲཱིཿཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨ་དྷཱ་ར་མ་ཧཱ་ཨ་མོ་གྷ་པཱ་ཤ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་སོ༔ དེ་ལྟར་བསྙེན་སྒྲུབ་སྔོན་དུ་སོང་བས་ལས་སྦྱོར་གྱི་བཟླས་པ་འདི་ཚུལ་བཞིན་དུ་བསྒྲུབ་ན་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བའི་མཐུ་ཐོབ་པ་འགྱུར་ལ༔ སྒྲུབ་པ་པོ་རང་ཉིད་རིགས་དྲུག་འཁོར་བའི་བག་ཆགས་ཐམས་ཅད་ཟད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས༔ དེས་མཚོན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འཐོབ་པའི་ཚུལ་རྒྱུད་ལས༔ རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི༔ སྙིང་རྗེ་ཆེན་པོ་གཅིག་བསྡུས་པ༔ འཕགས་པའི་རིག་སྔགས་བཟླས་ནས་ཀྱང༔ འཁོར་བ་དོང་སྤྲུགས་ཏིང་འཛིན་བསྒྲུབ༔ འདིས་ནི་ནད་ཞི་གདོན་ལས་གྲོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས༔ འབྲེལ་ཚད་འཁོར་བ་དོང་སྤྲུགས་ནས༔ ཐུགས་རྗེ་ཆེན་པོའི་རིགས་སུ་འགྱུར༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ རྡུལ་ཕྲན་གྲངས་ཀྱང་བརྗོད་ནུས་ཀྱི༔ རིག་སྔགས་འདི་བཟླས་ཡོན་ཏན་མཐའ༔ སུས་ཀྱང་བརྗོད་པར་མི་ནུས་སོ༔ ཞེས་གསུངས་སོ༔ ཁྱད་པར་སྐྱེ་བདུན་མྱོང་གྲོལ་གྱི་ལས་སྦྱོར་ནི༔ མདུན་གྱི་ཐོད་པའི་དཀྱིལ་འཁོར་ལ་དམིགས་ཏེ༔ ཧྲཱི༔ རང་བྱུང་ལྷུན་གྲུབ་ཕོ་བྲང་དབུས༔ རིལ་བུ་འཁོར་འདས་དྭངས་བཅུད་ཀུན༔ གཅིག་ཏུ་བསྡུས་པའི་ངོ་བོ་ཉིད༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ བདག་གི་ཐུགས་ནས་འོད་འཕྲོས་པས༔ རྟག་རྒྱུན་ཤུགས་ཀྱི་ཐུགས་རྗེ་བསྐུལ༔ གདུལ་བྱའི་ཡུལ་ལ་འཇུག་པའི་ཕྱིར༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ རྩ་གསུམ་རྒྱལ་བ་མཆོད་ཅིང་མཉེས༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི༔ གྲོལ་བ་བཞི་ལྡན་བྱིན་རླབས་ཀུན༔ ཚུར་འདུས་རིལ་བུའི་ལྷ་ལ་ཐིམ༔ བདེ་ཆེན་གཟི་བྱིན་མཆོག་ཏུ་འབར༔ སླར་འཕྲོས་ཁམས་གསུམ་ཐམས་ཅད་ཁྱབ༔ འགྲོ་རྣམས་ཉོན་མོངས་སྡུག་བསྔལ་སྦྱངས༔ ཀུན་ཀྱང་འཕགས་པའི་གོ་འཕང་བཀོད༔ ལྷ་སྔགས་ཆོས་ཉིད་འཁོར་ལོར་སད༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༔ གྲགས་སྟོང་རྡོ་རྗེའི་སྔགས་བཟླས་པས༔ སྲིད་དང་ཞི་བའི་བདུད་རྩིའི་བཅུད༔ མི་ཤིགས་ཐིག་ལེ་ཆེན་པོར་འཁྱིལ༔ བསྙེན་སྒྲུབ་ཀྱི་སྔགས་མཐར༔ འཿཨཿཤཿསཿམཿཧཿ མ་མ་ཀོ་ལིང་ས་མནྟ༔ ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ ཞེས་ཐུན་རེ་ལ་སྟོང་ཕྲག་ལས་མི་ཉུང་བར་རྩེ་གཅིག་ཏུ་བཟླ༔ སྐབས་སུ་གནད་ནས་སྐུལ་བའི་སྔགས༔ མ་ཧཱ་ཨ་མྲྀཏ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་པའང་ཅི་རིགས་པར་བཟླའོ༔ དམ་ཚིག་དང་ལྡན་པའི་སྒྲུབ་གྲོགས་ཡོད་ན་སྔགས་ཀྱི་སྒྲ་ཁོར་ཡུག་ཏུ་བྱ༔ ཞག་བདུན་དུ་བརྩོན་པས་རིལ་བུ་ལས་འོད་དང༔ སྒྲ་དང༔ དྲི་དང༔ འཕེལ་བ་དང༔ འཁྲབ་ཅིང་འཕུར་བ་སོགས་སྐྱེ་བདུན་གྱི་རྫས་གྲུབ་པའི་རྟགས་འབྱུང་ངོ༔ དེའི་ཚེ་དངོས་གྲུབ་དབང་དུ་བྱ་བའི་སྔགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨོཾ༔ ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བཟླས༔ མཆོད་ཅིང་བསྟོད་ལ་དངོས་གྲུབ་བླངས་པས༔ རིལ་བུའི་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་ཐིམ༔ དམ་ཚིག་པ་མྱོང་གྲོལ་འོད་འབར་བའི་བདུད་རྩིར་བསམ་ལ་དབང་བླང་ཞིང་མྱང་ངོ༔ ཕན་ཡོན་ནི་རྒྱུད་ལས༔ སྐྱེ་བདུན་རྫས་ཀྱི་རིལ་བུ་གང༔ མྱོང་བས་ཐུགས་རྗེའི་བྱིན་རླབས་ཞུགས༔ ཐ་མལ་ལུས་ལ་ཡེ་ཤེས་རྙེད༔ སྤྱན་རས་གཟིགས་དང་སྐལ་པ་མཉམ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འདག༔ ངན་སོང་འཁོར་བ་དོང་སྤྲུགས་ནས༔ སྐྱེ་བ་གཞན་གྱིས་མ་ཆོད་པར༔ བདེ་བ་ཅན་དུ་བྱང་ཆུབ་ཐོབ༔ གང་ཞིག་རིལ་བུ་མཐོང་བ་འམ༔ རིལ་བུའི་ཐིག་ལེ་བྱེད་པ་དང༔ འཆང་དང་དྲན་དང་ཐོས་པས་ཀྱང༔ བྱང་ཆུབ་ས་བོན་ཐོབ་པར་ངེས༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ གཞན་ཡང་སྣང་བ་དབང་སྡུད་ཀྱི་ལས་སྦྱོར་ནི༔ བཅུ་དྲུག་ལྟག་སྤྲོད་ཀྱི་ཌཱ་མ་རུ་གཙོ་བོར་གྱུར་པའི་རོལ་ཆ་ལ༔ ཁྱེའུ་ཕོ་མོ་གཙང་མའི་དང་པོའི་ཁམས་དཀར་དམར༔ རྡོ་ཁབ་ལེན༔ སྔོ་ལྕགས་ཀྱུ༔ གནས་ཆེན་གྱི་སིནྡྷུ་ར་རྣམས་དང་མ་ད་ན་བཟང་པོ་སྦྱར་ལ༔ ཨོཾ་དྷུ་མ་གྷ་ཡེ་ན་མ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཿཧྲཱིཿསྭཱ་ཧཱ༔ སརྦ་ལོ་ཀ་བྷ་ཝ་བ་ཤཾ་མ་ན་ཡ་ཧོ༔ ཞེས་ཁྲི་བཟླས་ཤིང་བྱུག༔ གོང་གི་རྫས་རྣམས་དང་ཤུ་དག༔ སྤོས་དཀར༔ གླ་སྒང༔ སྤང་སྤོས༔ མ་ནུ་རྣམས་སྦྱར་བ་ལ་སྔགས་སྟོང་བཟླས་ཤིང་བདུག༔ ཡུངས་དཀར་ལ་བྱང་སེམས་དཀར་དམར་གྱིས་བརླན་པར་སྔགས་སྟོང་བཟླས་ལ་བྲབ༔ དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པས་ཡུམ་གསང་བ་ཡེ་ཤེས་རྗེས་ཆགས་ལྷག་པར་འབར༔ ཐུགས་ཀ་ནས་འོད་དམར་པོ་བདུད་རྩི་དང་བཅས་པ་བྱུང༔ པདྨའི་ཟེའུ་འབྲུར་སླེབ་པ་དང་ལས་བྱེད་ཀྱི་མཁའ་འགྲོ་མ་ཀུ་རུ་ཀུལླེ་ཉི་རྡུལ་ལྟར་འཕྲོས༔ ཆགས་པའི་རྣམ་འགྱུར་དང༔ འོད་ཟེར༔ ཧྲཱིཿའི་སྒྲ་དྲི་ཟའི་གླུ་ལྟར་སྙན་པས་འཇིག་རྟེན་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ བདེ་བ་ཆེན་པོའི་རང་བཞིན་འོད་དམར་ལམ་གྱིས་རང་ལ་ཐིམ་པས་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་དགོངས་གདེངས་བསྐྱེད་ལ་སྔགས་འབུམ་ཕྲག་སོགས་བཟླས་ཤིང་རོལ་ཆ་ལའང་བཏབ་པས་འོད་དང༔ སྐུ་སོགས་དངོས་ཀྱི་རྟགས་བྱུང་བའམ༔ རྨི་ལམ་དུ་ཁྲོམ་ཚོགས་འདུ་བ༔ ཟས་ནོར་སྟེར་བ༔ ལུས་སེམས་བདེ་བ་སོགས་བྱུང་ན་གྲུབ་པ་ཡིན་པས་མི་མང་པོ་འདུ་ཞིང་ཚོགས་པའི་སར་གོང་གི་དམིགས་པ་དང་བཅས་རོལ་ཆ་འཁྲོལ་བ་ཙམ་གྱིས་ཐམས་ཅད་ཀྱི་ཡིད་རང་དབང་མེད་པར་འགུལ་ཞིང་ཟིལ་གྱིས་གནོན༔ མི་དང་མི་མ་ཡིན་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ དེ་ལས་གཞན་པའང་རབ་ཏུ་གནས་པ་དང༔ སྦྱིན་སྲེག་དང༔ ཁྲུས་དང༔ དབྱུག་ཆོས་དང༔ ཚེ་དང༔ ནོར་དང༔ གཏེར་སྒྲུབ་པ་དང༔ གཤིན་པོ་རྗེས་སུ་བཟུང་བ་སོགས་ཀྱི་ལས་ཐམས་ཅད་བསྙེན་སྒྲུབ་སྔོན་དུ་སོང་བས་འགྲུབ་པར་འགྱུར་རོ༔ དགུ་པ་ཐུན་མཚམས་ལ་འཇུག་པ་ནི༔ བཟླས་པའི་ཐུན་ལས་ལྡང་བ་ན་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ༔ ཧྲཱི༔ སྣང་སྟོང་བསྐྱེད་པའི་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་འབུལ༔ གྲགས་སྟོང་ཛཔ྄་ཀྱི་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་གསུང་ལ་འབུལ༔ རིག་སྟོང་ཡེ་ཤེས་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་ཐུགས་ལ་འབུལ༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་ཁྱད་པར་གྱི་མཆོད་པ་དང༔ ཐུན་མོང་དུ་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ་འབུལ༔ མཆོད་ཅིང་བསྟོད༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་བཞེས༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་དང་འབྱོར་པ་སྙན་གྲགས་སྤེལ༔ སྣང་བ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཀྱིས༔ རྩ་ཁམས་རླུང་ལ་བྱིན་གྱིས་རློབས༔ ཐུན་མོང་མཆོག་གི་དངོས་གྲུབ་ཀྱི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་འདོད་དོན་གསོལ་ལོ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་མཚོད་བྱ་ཞིང་ལྷག་མ་གཏོང༔ གཏོར་མ་བསྐྱང་ཞིང་རྟ་བྲོ་བརྡུང༔ དངོས་གྲུབ་གསོལ་ཞིང་ལྷར་སྣང་བསྡུ༔ ཐུན་མཚམས་ལྷར་ལྡང་བསྔོ་སྨོན་དང༔ བཀྲ་ཤིས་བརྗོད་པས་མཐར་དབྱུང་ངོ༔ ཞེས་པས་དང་པོ་ཚོགས་ཀྱི་མཆོད་པ་ནི༔ དམ་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཆོས་ཀྱི་དབྱིངས་མཉམ་བྷནྡྷ་ཡངས་པ་རུ༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་རྒྱ་མཚོར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧ་ཧོ་ཧྲཱི༔ ཚོགས་ཞིང་སྤྱན་དྲངས་ཤིང་ཕུད་ཀྱིས་མཆོད་པ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རི་བོ་ཏ་ལའི་ཕོ་བྲང་ནས༔ རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ ཁྲག་འཐུང་རྒྱལ་པོ་རྟ་མཆོག་དཔལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ནས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི༔ ཧོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ་ཨཱ༔ ཐ་མ་བསྒྲལ་མཆོད་ནི༔ ཧྲཱི༔ རྟ་མཆོག་ཐུགས་ནས་ཕོ་ཉ་སྤྲོས༔ དགྲ་བགེགས་འབྱུང་པོ་དགུག་བསྟིམ་བསྒྲལ༔ ཤ་ཁྲག་ཚོགས་ཀྱི་མཆོད་པར་བཞེས༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ནྲྀ་ཏྲི་ཤ་ཏྲཱུན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱད་པས་ཕུང་ཁམས་སྐྱེ་མཆེད་ལྷ་ཡི་ངོ་བོ་དགྱེས་པར་བསམ༔ གཉིས་པ་ལྷག་མ་གཏོང་བ་ནི༔ བདུད་རྩིའི་ཁ་ཕྲུ་དབབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ ལྷག་གཏོར་དབང་བར་དམ་མནོས་པའི༔ མཁའ་འགྲོ་གིང་དང་ལངྐའི་ཚོགས༔ ཐུགས་རྗེའི་ཕམ་ཕབ་འདི་བཞེས་ལ༔ སྒྲུབ་པའི་བར་ཆད་སྲུང་བ་དང༔ ཞིང་དང་རྒྱས་དང་དབང་དང་དགུག༔ བསྐྲད་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་པྲ་ཏཱིཙྪ་ཁཱ་ཧི༔ གསུམ་པ་གཏོར་མ་བསྐྱང་བ་ནི༔ ཧྲཱི༔ པདྨ་རོལ་པའི་དཀྱིལ་འཁོར་དུ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ བཀའ་བསྒོས་དམ་བཞག་སྲུང་མའི་ཚོགས༔ དཔལ་གྱི་གཏོར་མ་འདི་བཞེས་ཤིག༔ སྨན་རག་ཕུད་ཀྱིས་གཟི་བྱིན་སྐྱེད༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ སྒྲུབ་མཆོག་རྣལ་འབྱོར་ཚེ་སྲོག་སྲིངས༔ དགྲ་བགེགས་བདུད་བཞིའི་བར་ཆད་ཟློག༔ ཟ་བའི་མཆེ་རྣོན་དགྲ་ལ་གཙིགས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་སྐྱེད༔ བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས༔ གང་བཅོལ་ལས་ཀུན་འགྲུབ་པར་མཛོད༔ ཤྲཱི་དྷརྨ་པཱ་ལ་མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤལ་ཆུས་བརྟན་མ་མཆོད་ཅིང༔ ཧྲཱི༔ གནས་ནི་གངས་ཅན་མཐའ་དབུས་ཀྱི༔ གངས་བྲག་ནགས་ཚལ་མཚོ་གླིང་ནས༔ ནམ་མཁའ་ས་གཞི་ཁྱབ་པར་རྒྱུ༔ སོ་ཁ་སྲུང་བར་དམ་མནོས་པའི༔ བརྟན་མ་སྐྱོང་མ་ཡ་མའི་ཚོགས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ ལོག་ལྟ་མཐའ་དམག་དཔུང་བཅས་སྲུངས༔ ནད་མུག་མཚོན་འཁྲུགས་དལ་ཡམས་ཟློག༔ བོད་ཁམས་བསྟན་དང་བསྟན་འཛིན་གྱི༔ ཕན་བདེ་སྤེལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་རྟ་བྲོ་བརྡུང་བ་ནི༔ ཧྲཱིཿཧྲཱི༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་གདོང་རྔམ་བཞད་ཕྱོགས་བཅུར་འཚེར༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ ཉོན་མོངས་འཁོར་བའི་བག་ཆགས་བཅོམ༔ གཟུང་འཛིན་དགྲ་བགེགས་དབྱིངས་སུ་བསྒྲལ༔ རྡོ་རྗེ་འབར་བའི་ཨེ་ཀློང་དུ༔ བར་ཆད་དམ་འགོང་སྤྱི་ནས་མནན༔ མི་འགྱུར་ལྷུན་པོའི་ཕྱག་རྒྱས་གདབ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧྲཱི་ཧྲཱི་ཧྲཱིཿཨེ་ཧཱུྃ་ལཾ་ནན༔ ལྔ་པ་དངོས་གྲུབ་བླང་བ་ནི༔ མཆོད་ཅིང་བསྟོད་ལ༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་རྒྱ་མཚོ་དངོས་གྲུབ་གཏེར་གྱི་མཛོད༔ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་བཟླས་པས་ཆོ་ག་ལྷག་ཆད་བསྐང་ཞིང་ནོངས་པ་བཤགས༔ དྲུག་པ་བསྐྱེད་རིམ་བསྡུ་བ་ནི༔ ཧྲཱི༔ སྣོད་བཅུད་འབྱུང་བ་ལྷ་དང་ཕུང་ཁམས་ཚོགས༔ འགག་མེད་སྒྱུ་མའི་ལྷ་དང་གཞལ་ཡས་ཁང༔ མཁའ་ལ་སྤྲིན་ལྟར་འོད་གསལ་དབྱིངས་སུ་ཐིམ༔ སྐྱེ་མེད་ཁྱབ་གདལ་གཉུག་མའི་ངང་དུ་བཞག༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་པའི་གདེངས་བསྐྱང་ངོ༔ བདུན་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི༔ ཧྲཱི༔ སླར་ཡང་ཆུ་ལས་རླབས་བཞིན་སྐད་ཅིག་གིས༔ རང་ཉིད་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ འགྱུར་མེད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་ནས་སྤྱོད༔ ཧྲཱིཿཛྙཱ་ན་ཀཱ་ཡ་བཛྲ་ཨོཾ་ཨཱཿཧཱུྃ༔ བརྒྱད་པ་བསྔོ་སྨོན་བྱ་བ་ནི༔ ཧྲཱི༔ བདག་གིས་བསྙེན་བསྒྲུབས་དུས་གསུམ་དགེ་བའི་ཚོགས༔ མཁའ་ཁྱབ་འགྲོ་བ་རྣམས་ཀྱི་དོན་དུ་བསྔོ༔ ཀུན་ཀྱང་ས་བཅུ་ལམ་ལྔ་མཐར་ཕྱིན་ནས༔ རྒྱལ་བ་རྒྱ་མཚོའི་གོ་འཕང་མྱུར་ཐོབ་ཤོག༔ དགུ་པ་བཀྲ་ཤིས་གསོལ་བ་ནི༔ ཧྲཱི༔ ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་དང༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ཞིང༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ཅིང་མེ་ཏོག་འཐོར༔ རོལ་མོའི་སྒྲ་སྦྱར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལྷ་སྔགས་ཡེ་ཤེས་ཀྱི་ངང་ནས་སྤྱོད་པར་བྱའོ༔ འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ལས༔ ཕྲིན་ལས་ལམ་ཁྱེར་གྱི་རིམ་པ་སྟེ་གཉིས་པའོ༔ ས་མ་ཡ༔ གསུམ་པ་དབང་བསྐུར་བ་ལ་གཉིས་ཏེ༔ དབང་བསྐུར་བ་དང༔ དབང་དོན་གྱི་ཡེ་ཤེས་བསྐྱང་བའོ༔ དང་པོ་ལ་བཞི་སྟེ༔ སའི་ཆོ་ག་དང༔ ལྷག་པར་གནས་པ་དང༔ སྒྲུབ་ཅིང་མཆོད་པ་དང༔ དབང་བསྐུར་བ་དངོས་སོ༔ དང་པོ་ནི༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ སྨིན་གྲོལ་གདམས་པ་འཆད་འདོད་ན༔ བཀྲ་ཤིས་ས་གཞི་ལེགས་པར་བརྟག༔ སྣང་དང་མི་སྣང་ཡུལ་ལ་བསླང༔ ཏིང་ངེ་འཛིན་གྱིས་སྦྱང་ཞིང་བཟུང༔ སྲུང་ཞིང་མཚམས་ཀྱི་ལས་བྱ་འོ༔ ཞེས་པས་དང་པོ་བརྟག་པ་ནི་སྒྲུབ་ཐབས་ནས་འབྱུང་བ་དང༔ གསང་བ་སྤྱི་ལྟར་བརྟག་གོ༔ གཉིས་པ་བསླང་བ་ནི༔ སྣང་བ་ཡུལ་གྱི་བདག་པོ་ལ་ཚིག་དང་རིན་གཞལ་བས་རྩོད་པ་མེད་པར་བྱ༔ མི་སྣང་བ་ས་བདག་ལྷ་ཀླུ་ལ་གཏོར་མ་བཤམས་ཤིང་བསང་སྦྱང༔ བྱིན་གྱིས་བརླབ༔ ཨོཾ་པྲི་ཐཱི་དེ་ཝཱི་ནཱ་ག་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྷྲྀཧྣ་བྷཱུཉྫ་ཧོ༔ ཞེས་པས་ཕུལ༔ ཉེར་སྤྱོད་ཀྱིས་མཆོད༔ ཧཱུྃ༔ དགོངས་ཤིག་དབང་ཆེན་མངའ་བདག་བརྟན་མ་དང༔ ཆུ་དང་ས་ལ་གནས་པའི་འབྱུང་པོ་ཀུན༔ བདག་གིས་མཆོད་ཅིང་བསྟོད་པས་དགྱེས་པ་བསྐྱེད༔ རིན་ཆེན་ས་རིན་མཆོད་གཏོར་འདི་བཞེས་ལ༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ ཞི་དང་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་གསོལ་བས་དགྱེས་བཞིན་དུ་གནང་བར་བསམ་ལ་གཙྪས་གཤེགས༔ གསུམ་པ་སྦྱང་ཞིང་བཟུང་བ་ནི༔ ཧྲཱི༔ བདག་ཉིད་དབང་ཆེན་ཐུགས་ཀ་ནས༔ འོད་འཕྲོས་ས་ཡི་དངོས་འཛིན་སྦྱངས༔ ཕྱོགས་མཚམས་འོད་དམར་འབར་བས་ཁྱབ༔ བརྟན་གཡོ་ཐམས་ཅད་དབང་དུ་གྱུར༔ ཧྲཱི་བི་ཤུདྡྷ་པ་ཤཾ་ཀུ་རུ་ཧོ༔ ཞེས་བརྗོད་ཅིང་དབང་གི་ཕུར་བུའང་གདབ་བོ༔ བཞི་པ་བསྲུང་ཞིང་མཚམས་གཅོད་པ་ནི་ཕྲིན་ལས་ལྟར་བགེགས་ལ་བཀའ་བསྒོ་ཞིང་སྲུང་བའི་འཁོར་ལོ་གསལ་བརྟན་དུ་བསྒོམ༔ སྒྲུབ་པ་ཆེན་པོ་དང་འབྲེལ་ན་ཕྱི་ནང་གསང་བའི་མཚམས་གཅོད་པའང་སྤྱི་ལྟར་བྱའོ༔ གཉིས་པ་ལྷག་གནས་ནི༔ ཡོ་བྱད་ལྷ་དང་བུམ་པ་དང༔ སློབ་མ་ལྷག་གནས་ཚུལ་བཞིན་བྱ༔ ཞེས་པས་དང་པོ་ཡོ་བྱད་སྟ་གོན་ནི༔ རབ་ཏུ་གནས་པའི་རྡོ་རྗེ་དང་དྲིལ་བུ༔ ཐོད་རྔ༔ བདུད་རྩི༔ བུམ་པ་བཅུད་ལྡན༔ མཆོད་གཏོར་སོགས་ལེགས་པར་འདུ་བྱས་ནས༔ དེ་ཐམས་ཅད་རང་བཞིན་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབ་བོ༔ གཉིས་པ་ལྷ་སྟ་གོན་ནི༔ བདག་ཉིད་རྒྱུད་སྦྱང་ཞིང་བསྙེན་པའི་རྣལ་འབྱོར་ལ་གནས་པས༔ མདུན་གྱི་སྟེགས་བུར་མེ་ཏོག་གི་ཚོམ་བུས་མཚོན་པར་མཆོད་གཏོར་གྱིས་བསྐོར༔ བསྒྲུབ་པའི་གཞིར་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་རྒྱལ་བ་རྒྱ་མཚོ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་བསམ་ལ་མཆོད་ཅིང་བསྟོད༔ སྤོས་བཏུལ༔ མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ༔ བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་པོ༔ ཁྱེད་རྣམས་མཆོད་དང་གཞན་དོན་ཕྱིར༔ བདག་གིས་དཀྱིལ་འཁོར་བསྒྲུབ་འཚལ་བས༔ ཐུགས་རྗེས་དགོངས་ཏེ་གནང་དུ་གསོལ༔ ཞེས་གསོལ་བས་དགྱེས་བཞིན་དུ་གནང་བ་བསྩལ་ཏེ་ས་གཞིར་ཐིམ་ནས་བྱིན་གྱིས་བརླབས་པར་བསམ་མོ༔ གསུམ་པ་བུམ་པ་སྟ་གོན་ནི༔ མཚན་ཉིད་དང་ལྡན་པའི་བུམ་པ་བཅུད་ལྡན་ཆས་སུ་བཅུག་ལ་བསང་སྦྱང༔ སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ་མཆོད་ཅིང་བསྟོད༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་པར་བསམ༔ བསྙེན་སྒྲུབ་ཀྱི་སྔགས་བཟླ༔ མཐར་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་པར་བལྟའོ༔ ལས་བུམ་དུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་བསྣམས་པ་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་འོད་ཞུ་བྱའོ༔ བཞི་པ་སློབ་མ་སྟ་གོན་ནི༔ འོས་སུ་གྱུར་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ལ་དྲི་མ་སྦྱང༔ གཏོར་མ་བྱིན་ནས་བགེགས་སྦྱང་ཞིང་སྲུང་མཚམས་བཅད༔ མཎྜལ་ཕུལ་ལ༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་སྐུ༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ བདག་ཅག་ཡོངས་སུ་སྨིན་བྱའི་ཕྱིར༔ ལྷག་པར་གནས་པ་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ༔ སྐྱབས་སེམས་ཚོགས་གསག་སྡོམ་པ་དབོག༔ སོ་ཤིང་ལ་ཨོཾ་བུདྡྷ་སཏྭ་ཨཱཿབཟླས་པས་བདེ་གཤེགས་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པ༔ ཨོཾ༔ བདེ་གཤེགས་སེམས་དཔའི་ངོ་བོ་ཉིད༔ བྱང་ཆུབ་སོ་ཤིང་འདི་བྱིན་པས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ བུམ་དབང་སྣོད་དུ་རུང་བར་ཤོག༔ ཨོཾ་བུདྡྷ་སཏྭ་དནྟ་བྲྀཀྵ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུྃ༔ ཞེས་པས་བྱིན་པ༔ སློབ་མས་ཨོཾ་བུདྡྷ་སཏྭ་ཧ་ས་ཧི༔ ཞེས་བརྗོད་པས་སོ་ཤིང་ར་བར་དོར༔ རྩེ་མོ་རང་དང་སློབ་དཔོན་ལ༔ ཕྱོགས་ན་མཆོག་གི་དངོས་གྲུབ་སྟེ༔ ཤར་སོགས་ལས་ཆེན་རྣམ་བཞི་དང༔ མཚམས་སུ་ཕྲ་མོའི་དངོས་གྲུབ་འགྱུར༔ ཞེས་ལུང་བསྟན༔ ཆུ་གཙང་ལ་ཨོཾ་པདྨ་སཏྭ་ཨཱཿབཟླས་པ་བྱིན་ལ༔ ཨོཾ༔ པདྨ་སེམས་དཔའི་ངོ་བོ་ཉིད༔ སྔགས་ཀྱི་འཐོར་འཐུང་འདི་བྱིན་པས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གསང་དབང་སྣོད་དུ་རུང་བར་ཤོག༔ ཨོཾ་པདྨ་སཏྭ་ཨུ་ད་ཀ་ཝཱ་ཀ་བི་ཤོ་དྷ་ན་སྭཱ་ཧཱ༔ སྔགས་མདུད་ལ་ཨོཾ་བཛྲ་སཏྭ་ཨཱཿབཟླས་པ་དཔུང་པར་བཅིངས་ལ༔ ཧཱུྃ༔ རྡོ་རྗེ་སེམས་དཔའི་ངོ་བོ་ཉིད༔ སྔགས་ཀྱི་མདུད་པ་འདི་བྱིན་པས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེར་དབང་སྣོད་དུ་རུང་བར་ཤོག༔ ཨོཾ་བཛྲ་སཏྭ་ཙིཏྟ་བཛྲ་རཀྵཱ་ཧཾ༔ ཀུ་ཤའི་ཆུན་པོ་ཆེ་ཆུང་ལ་ཨོཾ་ཀརྨ་སཏྭ་ཨཱཿབཟླས་པ་ལག་གཉིས་སུ་བྱིན་ལ༔ ཧཱ༔ ལས་ཀྱི་སེམས་དཔའི་ངོ་བོ་ཉིད༔ ཀུ་ཤའི་སྔས་སྟན་འདི་བྱིན་པས༔ གཟུང་འཛིན་སྒྲིབ་པ་ཀུན་དག་ནས༔ རིག་རྩལ་སྣོད་དུ་རུང་བར་ཤོག༔ ཨོཾ་ཀརྨ་སཏྭ་ཨ་པྲ་ཏི་ཧ་ན་ཧཱུྃ༔ དེ་ལྟར་བགྱིས་པས་སློབ་མ་རྣམས་སྒྲིབ་པ་བཞི་དག༔ གཞི་ལུས་ཀྱི་རང་བཞིན་ལས་སྐད་ཅིག་གིས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ༔ ཨོཾ་རཏྣ་སཏྭ་ཨཱ༔ ཞེས་བཟླས་པའི་དྲི་ཆུས་གནས་གསུམ་དུ་རེག་ལ༔ སྭཱ༔ རིན་ཆེན་སེམས་དཔའི་ངོ་བོ་ཉིད༔ དྲི་ཡི་ཐིག་ལེས་བྱིན་བརླབས་པས༔ སྒོ་གསུམ་དཀྱིལ་འཁོར་བདག་པོ་ཡི༔ རྡོ་རྗེ་གསུམ་དང་དབྱེར་མེད་ཤོག༔ ཨོཾ་རཏྣ་སཏྭ་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་བྱིན་གྱིས་བརླབས་པ་ལ་མངའ་དབུལ་གྱི་མཆོད་པའང་བྱ༔ སླར་ཡང༔ ཀྱེ་རིགས་ཀྱི་བུ་རྣམས་རྡོ་རྗེའི་ལུས་ཐོབ༔ རྡོ་རྗེ་ཐེག་པའི་སྟོན་པ་དང་མཇལ༔ སྔགས་ཀྱི་ལམ་ཟབ་མོ་དང་འཕྲད་པ་ནི་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་པས་ཚུལ་འདི་ལས་ནམ་དུའང་བློ་མི་འགྱུར་བ་དང༔ དངོས་གྲུབ་ཀྱི་མཚན་མ་རྨི་ལམ་གྱི་སྒོ་ནས་ཀྱང་བརྟག་པར་མཛོད་ཅིག༔ ཅེས་གདམས་སོ༔ གསུམ་པ་སྒྲུབ་ཅིང་མཆོད་པ་ནི༔ སྒྲུབ་པའི་རྟེན་བཤམ་རྒྱན་བཀོད་དགྲམ༔ སྒྲུབ་ཅིང་མཆོད་ལ་དངོས་གྲུབ་གསོལ༔ ཞེས་པས་དང་པོ་སྒྲུབ་པའི་རྟེན་འདུ་བྱ་བ་ནི༔ སྟེགས་བུར་བ་བྱུང་དང་བདུད་རྩིས་ཆག་ཆག་གདབ༔ ཐིག་ཚོན་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་པས་ཡེ་ཤེས་ཀྱི་ཐིག་གདབ༔ ལས་ཐིག་གིས་ཆ་དབྱེ༔ རྡུལ་ཚོན་གྱིས་དཀྱིལ་འཁོར་ལེགས་པར་བྲི༔ མ་གྲུབ་ན་རི་མོར་བྲིས་པའམ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དགོད་པ་ནི་སྐུ་མཚན་མའི་དཀྱིལ་འཁོར༔ དེའི་དབུས་སུ་ཁྲིའུ་ཤིང་གི་ཁར་ཐོད་པ་མྱོང་གྲོལ་གྱི་བཅུད་དང་དར་དམར་གྱི་ཁེབས་ལྡན་བཤམ་པ་གསུང་བདུད་རྩིའི་དཀྱིལ་འཁོར༔ ཁ་གཅོད་སིནྡྷུ་རའི་མེ་ལོང་སྔགས་ཀྱིས་བརྒྱན་པ་ཐུགས་སིནྡྷུ་རའི་དཀྱིལ་འཁོར་རོ༔ མདུན་ནས་བརྩམ་སྟེ་རྣམ་རྒྱལ་བུམ་པ་སོགས་དབང་རྫས་རྣམས་ཕྱོགས་མཚམས་སུ་དགོད་དོ༔ གཉིས་པ་རྒྱན་དགོད་པ་ནི༔ སྟེང་དུ་བླ་རེ༔ བར་དུ་དར་དང་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད༔ མཐའ་སྒབ་སྐོར་གྱིས་དཀྲིས་པའི་ནང་དུ་སྨན་གཏོར་རཀྟ་ཉེར་སྤྱོད་འདོད་ཡོན་སོགས་མཆོད་པའི་ཡོ་བྱད་དགྲམ༔ ཕྱི་རོལ་དུ་མདའ་དར་མེ་ལོང་དང་བཅས་པ༔ ཕུར་པ༔ རལ་གྲི༔ ཚོན་སྐུད་ཀྱི་དྲྭ་ཕྱེད་སོགས་ཀྱིས་བརྒྱན༔ གདུགས་རྒྱལ་མཚན་འཕན་འཕུར་བསྒྲེང༔ སྤོས་དང་མར་མེའི་ཕྲེང་བ་རྒྱུན་མི་འཆད་པ་སྤར་བ་སོགས་བག་དྲོ་ལྷུན་བརྗིད་དུ་བྱ༔ འདི་རྣམས་ཚོགས་ཀྱི་སྒྲུབ་པ་དང་འབྲེལ་ན་ཛཔ྄་དབྱངས་དང་བཅས་རྡོ་རྗེ་སློབ་དཔོན་གྱིས་སྣ་དྲངས་བུམ་པ་སོགས་གཡས་སྐོར་གྱིས་དཀྱིལ་འཁོར་དུ་དགོད༔ རོལ་མོའི་སྒྲ་སྙན་ཅིང་བརྗིད་ཆགས་པར་བྱ༔ རྡོ་རྗེ་རྒྱལ་པོ་སོགས་མངའ་གསོལ་ཞིང་རང་རང་གི་གྲལ་ལ་འགོད་ཅིང་བདག་གནས་ཡོ་བྱད་ལ་བྱིན་དབབ་པར་བྱའོ༔ གསུམ་པ་སྒྲུབ་ཅིང་མཆོད་པས་ཐུགས་དམ་བསྐུལ་བ་ནི༔ སྔོན་དུ་འགྲོ་བས་རྒྱུད་སྦྱངས་ནས་སྒྲུབ་པ་པོ་ཏིང་ངེ་འཛིན་བརྟན་པའམ༔ སྤྲོས་པ་ལ་མི་དགའ་ན་བདག་དང་མདུན་གྱི་བསྒྲུབ་གཞིའི་དཀྱིལ་འཁོར་དབྱེར་མེད་དུ་གསལ་བཏབ་ཅིང་ཕྲིན་ལས་བསྲང༔ ལས་དང་པོ་བའམ་སྤྲོས་པ་དང་བཅས་པའི་ཚེ་ཐོག་མར་བདག་གི་རྣལ་འབྱོར་བསྙེན་པའི་སྐབས་ལྟར་བྱས་ལ་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང༔ དེ་ནས་མདུན་བསྐྱེད་ཀྱི་ཕྲིན་ལས་ཚུལ་བཞིན་དུ་བྱ༔ ཚོགས་སྒྲུབ་ལ་ཛཔ྄་བཟླས་རྒྱུན་མི་གཅད༔ ཐུན་བཞིའམ་དྲུག་ཏུ་ཚོགས་ཀྱི་མཆོད་པ་དང༔ སྐོང་བཤགས་ཀྱི་རིམ་པ་གཞན་ཡང་གཏོང༔ ཐུན་མཚམས་སུ་དངོས་གྲུབ་འཕྲོག་པའི་ཉུལ་ལེའི་བགེགས་ཀྱི་ལིངྒ་འདུ་བྱས་ལ༔ རང་དབང་ཆེན་ཧེ་རུ་ཀར་གསལ་བས་དགུག་གཞུག་དྲག་ཏུ་བྱའོ༔ ཕུར་པ་འདྲིལ་ཞིང༔ ཧཱུྃ༔ འབར་བ་ཨེ་ཡི་དབྱིངས་རུམ་དུ༔ དམ་སྲི་འབྱུང་པོ་བཀུག་བྱས་ཏེ༔ དབང་ཆེན་ཁྲོས་པའི་མཚོན་གྱིས་གཟིར༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་སོ་ལྔ་པ་དང་སྡེར་མོའི་སྔགས་ཨོཾ་གྷ་གྷ་སོགས་ཀྱིས་གདབ༔ ཐུན་གྱིས་བྲབ་ལ་ཚར་བཅད༔ དེ་མ་ཐག་ཏུ་བྱིན་དབབ་པའི་ཕྱིར༔ སྒྲུབ་པ་པོ་རྣམས་ཞྭ་གོས་རྒྱན་དང་ལྡན་པས་དར་གྱིས་གཡབ༔ སྦྱར་བའི་སྤོས་བསྲེག༔ རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ རྡོ་རྗེའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ རྩ་གསུམ་རབ་འབྱམས་ལྷ་ཚོགས་ཐུགས་དམ་ཅན༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ བསྒྲུབས་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ འོག་མིན་བདེ་ཆེན་བཀོད་པའི་ཞིང་ཁམས་ནས༔ རིགས་ཀྱི་ཁྱབ་བདག་སྣང་མཐའ་ཚེ་དཔག་མེད༔ བདེ་གཤེགས་པདྨ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ བསྒྲུབས་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ འགྲོ་འདུལ་རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ རིགས་ལྔ་སྒྱུ་འཕྲུལ་དྲ་བའི་སྐུར་སྟོན་པ༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་སོགས༔ ཧཱུྃ་ཧྲཱི༔ གནས་ཡུལ་དུར་ཁྲོད་དྲག་པོའི་ཞིང་ཁམས་ནས༔ གང་འདུལ་ལས་མཛད་མཐུ་རྩལ་ཐོགས་མེད་པ༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས༔ ཐུགས་རྗེས་སོགས༔ ཧཱུྃ་ཧྲཱི༔ གཞན་ཡང་ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ནས༔ བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དྷཱ་ཀི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས༔ ཐུགས་རྗེས་སོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ས་པ་རི་ཝཱ་ར་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་བྱིན་ཕབས་པས་བདག་དང༔ གནས་དང༔ སྒྲུབ་རྫས་ལ་བྱིན་ཕེབ་པའི་རྟགས་སུ་འོད་དང༔ སྒྲ་དང༔ དྲི་དང༔ ཉམས་དགའ་ཞིང་ཟིལ་ཆེ་བ་སོགས་བྱུང་ན་རྒྱུན་གྱི་དངོས་གྲུབ་བླང་བར་བྱའོ༔ དེ་ལྟ་བུའི་སྒྲུབ་པའི་དུས་ཀྱི་ངེས་པ་ནི༔ རྒྱུད་ལས༔ ཞག་ནི་སུམ་ཅུ་ཕྲག་དྲུག་གིས༔ དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ༔ ཅེས་ཟླ་བ་དྲུག་ཏུ་ཡུལ་རྐྱེན་གྱིས་བར་མ་ཆོད་པར་ཏིང་འཛིན་གསལ་ཞིང་བརྟན་པས་ཉམས་སུ་བླངས་ན་རིག་པ་འཛིན་པའི་ས་ལ་དབུགས་འབྱིན་པར་འགྱུར་རོ༔ གཞན་དུ་ཟླ་བ་གཅིག་གམ༔ ཞག་བདུན་ནམ༔ ཉིན་ཞག་གསུམ་གྱིས་མཐའ་རྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བ་ཡིན་ནོ༔ བཞི་པ་གྲུབ་ནས་དངོས་གྲུབ་བླང་བ་ནི༔ ཐོ་རངས་སྔ་མོར་མཆོད་གཏོར་སོགས་རྒྱས་པར་བཤམས་ལ་ཚོགས་དང་གཏོར་མ་རྒྱ་ཆེར་ཕུལ༔ ལྟ་ཉན་གྱི་འབྱུང་པོ་ཚར་བཅད༔ བྱིན་དབབ༔ བཤགས་པ་བྱ༔ མཆོད་ཅིང་བསྟོད་ལ་ཕྲིན་ལས་ལྟར་དངོས་གྲུབ་བསྐུལ༔ བསྙེན་སྒྲུབ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱ༔ སརྦ་ལོ་ཀ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཛཔ྄་ཀྱིས་བསྐུལ་བས་དངོས་གྲུབ་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པས་བདག་གི་གནས་ལྔར་ཐིམ་པར་བསམ༔ སྐྱ་རེངས་འཆར་བ་ན་སྒྲུབ་རྫས་རྣམས་བཏེག་ལ༔ ཧྲཱི༔ ཡེ་ཤེས་ལུས་ཅན་འགྲན་དུ་མེད་པ་ཡི༔ གཟི་བརྗིད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚངས་པའི་དབྱངས་ལ་ཆོས་ཀྱི་ཆར་ཆེན་འབེབ༔ ནུས་པ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་དྲན་ཏིང་འཛིན་མཁྱེན་བརྩེ་ཡོངས་ཀྱི་གཞི༔ འོད་གསལ་སྙིང་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཡིད་བཞིན་ནོར་བུ་དཔག་བསམ་བུམ་པ་བཟང༔ འདོད་འབྱུང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ གདུལ་བྱ་སོ་སོའི་མོས་པ་ཇི་བཞིན་དུ༔ ཐོགས་མེད་འཇུག་པའི་དངོས་གྲུབ་བསྩལ་དུ་གསོལ༔ སྲུང་དང་ཞི་རྒྱས་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་སྤྱོད་རིལ་བུ་མིག་སྨན་རྐང་མགྱོགས་སོགས༔ ཁྱད་པར་གྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་ཡོ་བྱད་འདོད་རྒུར་བསྒྱུར་ལ་སོགས༔ ཕྱི་ནང་དབང་བཅུའི་དངོས་གྲུབ་བསྩལ་དུ་གསོལ༔ མཐོང་ཐོས་དྲན་རེག་གདུལ་བྱ་སྨིན་ཅིང་གྲོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་སྔགས་བརྗོད་པས་གནས་གསུམ་དུ་གཏུགས་ལ་མྱོང་གྲོལ་དང་བུམ་ཆུ་སོགས་བཟའ་བཏུང་བྱ་ཞིང་སྟན་ཐོག་དེ་ཉིད་དུ་དངོས་གྲུབ་རྣམ་གཉིས་བདེ་བླག་གི་ཚུལ་གྱིས་ཐོབ་པར་བསམ་ལ་དགོངས་པའི་གདེངས་བཟུང་ངོ༔ བཞི་པ་དབང་བསྐུར་བ་ནི༔ བདག་ཉིད་དབང་བླང་གསོལ་བ་གདབ༔ སློབ་མ་འཇུག་ཅིང་སྨིན་པར་བྱ༔ ཞེས་པས་དང་པོ་སློབ་དཔོན་བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་འཇུག་པ་ནི༔ སློབ་མ་ལ་བྱ་བ་བཞིན་དབང་བཞིའི་སྙིང་པོ་རྫས་དང་བཅས་ཏེ་བླང་བའམ༔ འོད་ཟེར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱིས་བླང་བའམ༔ ལྷ་དང་བདག་དབྱེར་མེད་དུ་ཤེས་པས་དོན་གྱི་དབང་བླང་བ་གང་ཡང་རུང་བ་དབང་པོའི་ངོ་སྐལ་དང་མཐུན་པས་རྒྱུད་དག་པར་བྱའོ༔ གཉིས་པ་སློབ་མ་འཇུག་པར་གནང་བ་གསོལ་བ་ནི༔ དཀྱིལ་འཁོར་གྱི་ཤར་སྒོ་ནས་བཏུད་དེ༔ རྡོ་རྗེ་གསང་མཆོག་དཀྱིལ་འཁོར་འདིར༔ བདག་གི་སློབ་མ་འཇུག་འཚལ་ན༔ བཟོད་པར་དགོངས་ཏེ་གནང་ནས་ཀྱང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བ་བསྩལ་བར་བསམ་མོ༔ གསུམ་པ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ནི༔ སྟ་གོན་ལ་གནས་པའི་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་འཁོད་ནས་སྒོ་སྲུང་ལ་གསོལ་བ་གདབ་པ་ནི༔ དཀྱིལ་འཁོར་ཁང་པའི་སྒོ་སྐྱོང་ཆེ༔ དཔལ་གྱི་ཁྲོ་བོ་བདག་ལ་དགོངས༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ ཐུགས་རྗེས་དགོངས་ཏེ་འཇུག་པར་གསོལ༔ ནང་ནས་རྡོ་རྗེ་གིང་ཆེན་དུ་བརྟགས་པའི་ལས་ཀྱི་སློབ་དཔོན་གྱིས་དྲི་བ་བྱ་བ་ནི༔ ཁྱེད་རྣམས་སུ་ཡིན་ཅི་ཞིག་གཉེར༔ རིགས་དང་སྐལ་བར་ལྡན་ནམ་ཅི༔ ཞེས་དྲིས་པའི་ལན་དུ༔ བདག་ཅག་ཐེག་པ་ཆེན་པོའི་རིགས༔ གསང་སྔགས་ལམ་ལ་ཤིན་ཏུ་མོས༔ གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ཞེས་ཞུས་པའི་ལན་སྦྱིན་པ་ནི༔ དེ་ལྟར་བྱང་ཆུབ་དོན་གཉེར་ཞིང༔ ཁྱད་པར་དམ་ཚིག་བསྲུང་ནུས་ན༔ བདག་གིས་ཁྱེད་ཅག་གཞུག་པར་བྱ༔ སྐལ་མེད་གཞན་དག་ཕྱིར་དེངས་ཤིག༔ ཅེས་གནང་བ་སྦྱིན༔ ཁྲུས་ནས་དབྱུང༔ ཚམ་རྔམ་གྱིས་བགེགས་བསྐྲད་ནས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་གཞུག༔ སྲུང་བའི་འཁོར་ལོ་གསལ་གདབ༔ གདོང་དགབ་ཅིང་མེ་ཏོག་བྱིན༔ ངེས་འབྱུང་གི་བློ་བཅོས༔ བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཕྱི་བྱ་སྤྱོད་ལྟར་བསྒྲུབ་པ༔ ནང་རྣལ་འབྱོར་གྱི་རྒྱུད་ལྟར་བསྒྲུབ་པ༔ གསང་བ་རྣལ་འབྱོར་བླ་མེད་ལྟར་བསྒྲུབ་པ་ལས་མཆོག་ཏུ་གྱུར་པ་ཕྱི་མ་ལའང༔ རྡོ་རྗེའི་སྔགས་རྒྱུད་བྱེ་བ་ཕྲག་བརྒྱར་གསུངས་པ་ལས༔ འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཕ་རྒྱུད་པདྨ་རྒྱལ་པོ༔ མ་རྒྱུད་པདྨ་ཟབ་པ༔ གཉིས་སུ་མེད་པའི་རྒྱུད་པདྨའི་སྙིང་པོ་རྣམས་ཀྱི་དགོངས་དོན་མཐར་ཐུག་གཅིག་ཏུ་དྲིལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཕྱིར་མཎྜལ་ཕུལ་བ་སྔོན་དུ་འགྲོ་བས༔ གསོལ་བ་འདེབས་པ་ནི༔ འཕགས་མཆོག་རྒྱལ་བ་རྒྱ་མཚོ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དཀྱིལ་འཁོར་ཆེན་པོར་འཇུག་མཛད་གསོལ༔ ལན་གསུམ༔ སྐྱབས་སེམས་ཡན་ལག་བདུན་པས་རྒྱུད་སྦྱང༔ ཁྱད་པར་ཡི་གེ་དྲུག་པའི་སྒྲིབ་སྦྱོང་དང༔ ཀུ་སཱ་ལིའི་ཚོགས་གསག་བྱ༔ སྡོམ་པ་བཟུང༔ སློབ་མའི་སྙིང་གར་ཟླ་བ་དང༔ རྡོ་རྗེ་བདེན་གཉིས་ཀྱི་རང་གཟུགས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་པས༔ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི༔ ཞེས་དམ་བཅས་པ་བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་བཞག་ལ༔ སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ༔ བདེན་པ་གཉིས་ལ་ཡང་དག་བརྟེན༔ དབྱེར་མེད་ལྷག་པའི་བྱང་ཆུབ་སེམས༔ རྟག་ཏུ་མི་ཉམས་བརྟན་པར་བྱ༔ ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ རྡོ་རྗེ་སྤྱི་བོར་བཞག་ལ༔ དེང་ཁྱོད་རྒྱལ་བ་རྒྱ་མཚོ་ཡི༔ དཀྱིལ་འཁོར་ཆེན་པོར་གཞུག་བྱ་ཡིས༔ དམ་ཉམས་མ་འདྲེས་མེད་པ་ལ༔ ནམ་ཡང་སྨྲ་བར་བྱ་བ་མིན༔ ཞེས་གསང་བར་གདམས༔ སློབ་དཔོན་གྱིས༔ བྷྲཱུྃ་བི་མཱ་ན་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་གཞལ་མེད་ཁང་གི་ཡེ་ཤེས་ཀྱི་སྒོ་བཞི་ཤག་གིས་ཕྱེ་བ་ལ༔ སློབ་མ་རྣམས་ཛཿཧཱུྃ་བཾ་ཧོཿཞེས་ཚད་མེད་པ་བཞིའི་འཇུག་པས་ཞུགས་ཏེ་སྒོ་སོ་སོར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཕྱག་བྱས་པར་མོས་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་པྲ་ཎ་མྱ་བནྡ་ནཾ་ཀ་རོ་མི༔ དེ་བཞིན་དུ། ཝཱ་ཀ༔ ཙིཏྟ༔ ཛྙཱ་ན་ཞེས་སོ་སོར་སྦྱར༔ དེ་རྣམས་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ༔ དེ་ནས་ནང་ལྟར་འཇུག་པའི་སྦྱོར་བ་དམ་ལ་བཞག་པ་ནི་རྡོ་རྗེ་སྤྱི་བོར་བཞག་ལ༔ ཨོཾ༔ དེང་ཁྱོད་རྒྱལ་བ་རྒྱ་མཚོ་ཡི༔ ཡེ་ཤེས་རྒྱུད་ལ་བསྐྱེད་བྱས་ཏེ༔ དངོས་གྲུབ་དམ་པ་ཐོབ་འགྱུར་ཕྱིར༔ གསང་བའི་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་སཏྭཾ༔ སྙིང་གར་བཞག་ལ༔ དེ་རིང་འཇིག་རྟེན་དབང་ཕྱུག་གི༔ ཡེ་ཤེས་ཁྱོད་ཀྱི་སྙིང་ལ་ཞུགས༔ གསང་བ་གཞན་ལ་བསྒྲགས་པ་ན༔ དེ་མ་ཐག་ཏུ་བཀས་ཏེ་གཤེགས༔ བཛྲ་ས་མ་ཡ་ཧཱུྃ༔ བདུད་རྩིའི་ཆུ་ནན་བྱིན་ལ༔ དམ་ཚིག་བདུད་རྩི་འདི་ཐུངས་ཤིག༔ དམ་བསྲུང་དངོས་གྲུབ་མྱུར་དུ་འགྲུབ༔ དམ་ལས་འགལ་ན་གཤེད་དུ་འབེབ༔ དེ་ཕྱིར་དམ་ཚིག་སྲོག་བཞིན་སྲུངས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ དངོས་གཞི་ཡེ་ཤེས་དབབ་པ་ནི༔ བླ་མའི་བྱིན་རླབས་ལམ་དུ་བྱ་བ་སྟེ༔ སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་མོས་གུས་དྲག་ཏུ་བྱས་པས་སྦྱོར་མཚམས་ནས་བདེ་བའི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང༔ སློབ་མའི་ལུས་ལ་རེག་པས་རྣམ་སྨིན་གྱི་ཕུང་ཁམས་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཧྲཱིཿཡིག་དམར་པོར་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས༔ ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ༔ སྦྱོར་མཚམས་ནས་ཧྲཱིཿཡིག་གི་རྣམ་པས་ཕྱིར་སྤྲོས་པ་ལས་རྒྱལ་བ་རྒྱ་མཚོ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་དམར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བརྗིད་འབར་བ་ལ་ཚད་བཟུང་མེད་པའི་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས༔ དེའི་ཐུགས་ཀ་ནས་འོད་ཟེར་གྱི་ལྕགས་ཀྱུས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས༔ བླ་མ་ལ་ཐིམ༔ བླ་མ་ཡབ་ཡུམ་ཡང་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་ཀྱི་བདུད་རྩིར་འོད་དུ་ཞུ༔ སྙིང་གའི་ཧྲཱིཿཡིག་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང༔ བདེ་བ་ཆེན་པོའི་ཡེ་ཤེས་ལྷག་པར་འབར་བར་བསམ༔ ལུས་བསྲང༔ རླུང་ཁ་སྦྱོར་དུ་འཆིང༔ རིག་པ་འཛིན་མེད་ཀྱི་ངང་བསྐྱང༔ སློབ་དཔོན་གྱིས་སྤོས་རོལ་དང་བཅས་ཡེ་ཤེས་པ་བསྐུལ་ཞིང་དབབ༔ ཉམས་སྐྱེས་པ་ན༔ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་རེག་ཅིང༔ ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་པར་བྱ༔ རྗེས་འབྲེལ་དུ་མེ་ཏོག་འབུལ་བ་ནི༔ བདག་གི་རིག་པའི་མེ་ཏོག་འདི༔ རྒྱལ་བ་རྒྱ་མཚོའི་ལྷ་ལ་འབུལ༔ སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷས༔ ཐུགས་རྗེས་བཞེས་ལ་བྱིན་གྱིས་རློབས༔ རཏྣ་པུཥྤེ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་དོར༔ རིགས་ངེས་པར་བྱས་ལ་མིང་གདགས༔ མེ་ཏོག་སྤྱི་བོར་བཅིངས་ལ༔ པུཥྤེ་ཛྙཱ་ན་གྲྀཧྞ་ས་མ་ཡ་སཏྭཾ༔ ལྷག་པའི་ལྷ་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། མིག་དབྱེ་བ་ནི༔ ཨོཾ༔ རིག་པ་ཡེ་ཤེས་ཐུར་མ་ཡིས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ དཀྱིལ་འཁོར་ལྷ་དང་མཇལ་ནས་ཀྱང༔ དངོས་གྲུབ་ཀུན་གྱི་སྣོད་འགྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་མིག་དར་བསལ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ འཕགས་པའི་དཀྱིལ་འཁོར་འདི་ལ་ལྟོས༔ སྒོ་གསུམ་དད་དང་གུས་པར་གྱིས༔ དངོས་གྲུབ་མཆོག་གི་སྐལ་ལྡན་འགྱུར༔ ཞེས་སྤྲོ་བ་བསྐྱེད་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ངོ་སྤྲད༔ གཟུགས་བརྙན་གྱིས་མཚོན་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཐོང་བར་གྱུར་པར་མོས༔ དེ་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ༔ འདིར་སྨིན་སློབ་ལ་བླ་མའི་བྱིན་རླབས་ལམ་དུ་བྱ་བའི་གདམས་ངག་ཀྱང་སྦྱིན༔ བཞི་པ་དབང་བསྐུར་བ་དངོས་ལ༔ ཕྱི་ཡི་དབང་དང་ནང་གི་དབང༔ སྒྲུབ་དང་གསང་བའི་དབང་བསྐུར་བྱ༔ ཞེས་དང༔ ཕྱི་ལྟར་རིག་པའི་དབང་བསྐུར་བས༔ རྒྱལ་བ་རྒྱ་མཚོའི་རིགས་སུ་འགྱུར༔ ཞེས་པས་དང་པོ་ཐུན་མོང་ཕྱིའི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ་ལ༔ བདེ་གཤེགས་རིགས་ལྔའི་རྒྱལ་བ་ཡིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ དཔལ་ལྡན་འཁོར་ལོའི་དབང་ཕྱུག་གིས༔ བདག་ཉིད་ཡོངས་སུ་སྨིན་མཛད་གསོལ༔ ཅེས་གསོལ་བ་གདབ༔ སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་ནམ་མཁའ་ཁྱབ་པར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ༔ སློབ་མ་མི་བསྐྱོད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོར་གསལ་བའི་སྤྱི་བོར་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བར་བསམ༔ ཨོཾ་ཨཱཿཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ བྱང་ཆུབ་སེམས་རབ་ཆུ་ཡིས་བཀང༔ རྣམ་པར་དག་པའི་བདུད་རྩི་ཡིས༔ རྡོ་རྗེའི་རིགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩཱ་མི༔ སློབ་མ་རིན་འབྱུང་ཐུགས་རྗེ་ཆེན་པོར་གསལ་བའི་སྤྱི་བོར་རིན་པོ་ཆེའི་དབུ་རྒྱན་བཅིང༔ ཏྲཱཾ༔ ཟབ་ཅིང་རྒྱ་ཆེའི་བདག་ཉིད་ཆེ༔ ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ༔ ལོངས་སྤྱོད་ཆེན་པོའི་དབུ་རྒྱན་གྱིས༔ རིན་ཆེན་རིགས་སུ་དབང་བསྐུར་རོ༔ ཨོཾ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩཱ་མི༔ སློབ་མ་སྣང་མཐའ་ཐུགས་རྗེ་ཆེན་པོར་གསལ་བའི་ལག་གཡས་སུ་རྡོ་རྗེ་གཏད༔ ཧྲཱི༔ རྟོག་པའི་དྲྭ་བ་ཐམས་ཅད་གཅོད༔ ཤེས་བྱ་ཀུན་ལ་ཁྱབ་པར་འཇུག༔ རྡོ་རྗེ་ཆོས་ཀྱི་རང་བཞིན་ཆེས༔ པདྨའི་རིགས་སུ་དབང་བསྐུར་རོ༔ ཨོཾ་པདྨ་བཛྲ་ཨ་བྷི་ཥིཉྩཱ་མི༔ སློབ་མ་དོན་གྲུབ་ཐུགས་རྗེ་ཆེན་པོར་གསལ་བའི་ལག་གཡོན་དུ་དྲིལ་བུ་གཏད༔ ཨཱ༔ ཐོགས་པ་མེད་པའི་ཡེ་ཤེས་ཀྱིས༔ སེམས་ཅན་ཁམས་རྣམས་སད་པར་མཛད༔ ཤེས་རབ་དབྱངས་ལྡན་དྲིལ་བུའི་སྒྲས༔ ལས་ཀྱི་རིགས་སུ་དབང་བསྐུར་རོ༔ ཨོཾ་ཀརྨ་གཎྜེ་ཨ་བྷི་ཥིཉྩཱ་མི༔ སློབ་མ་རྣམ་སྣང་ཐུགས་རྗེ་ཆེན་པོར་གསལ་བ་ལ་རྡོ་རྗེའི་མིང་གདགས༔ ཨོཾ༔ སངས་རྒྱས་ཀུན་གྱིས་ལུང་བསྟན་པའི༔ མཚན་གྱིས་ས་གསུམ་ཀུན་ཏུ་ཁྱབ༔ རྡོ་རྗེའི་མིང་གི་གསང་བ་ཆེས༔ བདེ་གཤེགས་རིགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ནཱམ་ཨ་བྷི་ཥིཉྩཱ་མི༔ དེ་ལྟར་ཕྱིའི་དབང་རྣམ་པ་ལྔ་བསྐུར་པས་ཕུང་པོ་དང་ཉོན་མོངས་པའི་རྟོག་པ་སྦྱངས༔ ཡེ་ཤེས་ཀྱི་སྐལ་པ་བཞག༔ འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རིགས་ལྔའི་དངོས་གྲུབ་ཐོབ་པར་བྱས་པ་ཡིན་ནོ༔ གཉིས་པ་ཁྱད་པར་ནང་ནུས་པའི་དབང་བསྐུར་བ་ནི༔ ནང་ལྟར་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ནུས་པ་རྒྱུད་ལ་སྦྱིན༔ ཞེས་པས་ཐོག་མར་མཎྜལ་ཕུལ་ལ༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་བཏབ་ལ༔ དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི༔ སོ་སོའི་སྐུ་སྤྱི་བོ་སོགས་དབང་གནས་སུ་བཞག་སྟེ༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ ཁྱབ་བདག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨ་མི་ཏ་བྷ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་གསུང་གི་དངོས༔ པདྨ་རྒྱལ་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དངོས༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡོན་ཏན་དངོས༔ རིན་ཆེན་རྒྱལ་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རཏྣ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་སྐུ་ཡི་དངོས༔ བདེ་གཤེགས་རྒྱལ་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བུདྡྷ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དངོས༔ ལས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཀརྨ་ལོ་ཀེ་ཤྭ་ར་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་འབར་བའི་སྐུ༔ རྟ་མཆོག་ཡེ་ཤེས་སེམས་དཔའ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འོད་གསལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་ཨ་བྷི་ཥིཉྩཱ་མི༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཚད་མེད་ཡུམ༔ སྒོ་བཞི་སྐྱོང་མཛད་མཁའ་འགྲོ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག༔ ཨོཾ་ཧ་རི་ནི་ས་དྷཱ་ཀི་ནཱི་ཨ་བྷི་ཥིཉྩཱ་མི༔ དེས་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ གཉིས་པ་བཟླས་པའི་སྔགས་ཀྱི་དབང་བསྐུར་བ་ནི༔ བཟླས་པའི་ལུང་སྦྱིན་ཞིང་སྒྲུབ་ཐབས་ལྟར་དམིགས་པ་ངོ་སྤྲད༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེའི་བདག་ཉིད་ཆེ༔ ནུས་པ་སྔགས་ཀྱིས་དབང་བསྐུར་བས༔ གྲགས་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩཱ་མི༔ དེས་གྲགས་པ་ཐམས་ཅད་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ གསུམ་པ་རང་བྱུང་འོད་གསལ་གྱི་དགོངས་པས་དབང་བསྐུར་བ་ནི༔ མེ་ལོང་ལ་རྡོ་རྗེའི་གཟུངས་བརྙན་འཆར་བའི་བརྡས་མཚོན་པར་བྱས་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེ༔ རང་བྱུང་རིག་པའི་དབང་བསྐུར་བས༔ རིག་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩཱ་མི༔ དེས་དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ བཞི་པ་ཡོན་ཏན་རྒྱན་གྱི་དབང་བསྐུར་བ་ནི༔ དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་རྡོ་རྗེའི་བདག་ཉིད་ཆེ༔ ལོངས་སྤྱོད་རྒྱན་གྱིས་དབང་བསྐུར་བས༔ མཁའ་ཁྱབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཎ་ཨ་བྷི་ཥིཉྩཱ་མི༔ དེས་བྱ་བ་ཐམས་ཅད་ཟག་མེད་ཡོན་ཏན་གྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ ལྔ་པ་ཕྲིན་ལས་རྩལ་གྱི་དབང་བསྐུར་བ་ནི༔ སྣ་ཚོགས་རྡོ་རྗེ་གཏད་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་རྡོ་རྗེའི་བདག་ཉིད་ཆེ༔ ཐོགས་མེད་འཇུག་པའི་དབང་བསྐུར་བས༔ འགྲོ་འདུལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩཱ་མི༔ དེས་བྱེད་སྤྱོད་ཐམས་ཅད་འགྲོ་འདུལ་ཕྲིན་ལས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ གསུམ་པ་སྒྲུབ་པ་མཆོག་གི་དབང་བསྐུར་བའི་ཕྱིར་མཎྜལ་ཕུལ༔ ཧྲཱི༔ བདེ་ཆེན་དགྱེས་པར་རོལ་པ་ཡི༔ འཁོར་ལོའི་མགོན་པོ་བདག་ལ་དགོངས༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ སྒྲུབ་པ་མཆོག་གི་དབང་བསྐུར་སྩོལ༔ ཅེས་གསོལ་བ་བཏབ་པ་ལ༔ ལྷ་སྒོམ་བཤད་སྒྲུབ་ཁྱད་པར་དང༔ ལས་ཀྱི་རྗེས་གནང་བརྟན་པར་བྱ༔ ཞེས་པས་དང་པོ་ལྷ་བསྒོམ་པའི་རྗེས་གནང་ནི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཏད་ལ༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འཕགས་པ་རྒྱལ་བ་རྒྱ་མཚོ་ཡི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒོམས༔ ཐ་མལ་སྣང་ཞེན་ཀུན་སྦྱོངས་ཤིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ཨ་བྷི་ཥིཉྩཱ་མི༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག༔ གཉིས་པ་ཆོས་བཤད་པའི་དབང་བསྐུར་བ་ནི་གླེགས་བམ་གཏད་ལ༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འཕགས་པ་རྒྱལ་བ་རྒྱ་མཚོ་ཡི༔ དབང་སྐུར་དམ་ཆོས་རྟག་ཏུ་ཤོད༔ འཕགས་པའི་ཕྲིན་ལས་རྒྱས་པར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཨ་བྷི་ཥིཉྩཱ་མི༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག༔ གསུམ་པ་སྒྲུབ་པའི་དབང་བསྐུར་བ་ནི་ཕྲེང་བ་གཏད་ལ༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འཕགས་པ་རྒྱལ་བ་རྒྱ་མཚོ་ཡི༔ བསྙེན་སྒྲུབ་ཆུ་བོའི་གཞུང་བཞིན་བརྩོན༔ དངོས་གྲུབ་རྣམ་གཉིས་སྒྲུབ་པར་གྱིས༔ ཨོཾ་སརྦ་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩཱ་མི༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཟབ་མོའི་རྣལ་འབྱོར་ལ་དུས་རྟག་ཏུ་བརྩོན་པར་གྱིས་ཤིག༔ བཞི་པ་སྒྲུབ་པ་ཁྱད་པར་བ་སྐྱེ་བདུན་རྫས་ཀྱི་དབང་བསྐུར་བ་ལ༔ སློབ་དཔོན་གྱིས་མྱོང་གྲོལ་ཐོད་པའི་ཞལ་ཁེབས་བསལ་བས་རང་བྱུང་བྷནྡྷའི་སྣོད་དུ་རིལ་བུ་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཀྲ་ལམ་མེར་གསལ་བ་ལས་འོད་ཟེར་འཕྲོས༔ སློབ་མ་རྣམས་ལ་ཕོག་པས་བདག་རྟོག་གི་དྲི་མ་སྦྱངས༔ འཕགས་པའི་ཐུགས་རྗེ་ཡུལ་ལ་འཇུག་པའི་སྣོད་དང་སྐལ་པར་ལྡན་པར་གྱུར༔ ལྷ་ཚོགས་རྣམས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས་འོད་དུ་ཞུ་བ་ལས་གྲོལ་བ་དྲུག་དང་ལྡན་པའི་ཡེ་ཤེས་ཀྱི་ཐིག་ལེ་འོད་འཚེར་བའི་རྣམ་པར་བསམ་ལ༔ རིལ་བུ་མིག་ལམ་དུ་བསྟན་ཅིང་སྤྱི་བོར་བཞག༔ ཨོཾ༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ མཐོང་གྲོལ་དམ་ཚིག་རྫས་མཆོག་གིས༔ རྒྱལ་བ་རྟག་པར་དབང་བསྐུར་རོ༔ ལས་སྔགས་དང༔ ཨོཾ་ཨ་བྷི་ཥིཉྩཱ་མི༔ རིལ་བུ་སྣོད་བཅས་རྣ་བར་གཞག་ལ༔ ཧཱ༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ ཐོས་གྲོལ་དམ་ཚིག་རྫས་མཆོག་གིས༔ རྟ་མཆོག་ཆེན་པོར་དབང་བསྐུར་རོ༔ ཧཱ་ཨ་བྷི་ཥིཉྩཱ་མི༔ རིལ་བུ་དྲིའི་རྫས་དང་སྦྱར་བའི་དུད་པས་བདུགས་ལ༔ སྭཱ༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ ཚོར་གྲོལ་དམ་ཚིག་རྫས་མཆོག་གི༔ རྡོ་རྗེ་ཉི་མར་དབང་བསྐུར་རོ༔ སྭཱ་ཨ་བྷི་ཥིཉྩཱ་མི༔ རིལ་བུ་ལྕེ་ཐོག་ཏུ་བཞག་ལ༔ ཧྲཱི༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ མྱོང་གྲོལ་དམ་ཚིག་རྫས་མཆོག་གིས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཧྲཱིཿཨ་བྷི་ཥིཉྩཱ་མི༔ རིལ་བུ་དང་བྱང་སེམས་དཀར་དམར་སིནྡྷུ་ར་བཅས་སྦྱར་བས་སྙིང་གར་ཐིག་ལེ་དགོད་ཅིང༔ ཧཱུྃ༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ དྲན་གྲོལ་དམ་ཚིག་རྫས་མཆོག་གིས༔ ཁྲག་འཐུང་ཆེན་པོར་དབང་བསྐུར་རོ༔ ཧཱུྃ་ཨ་བྷི་ཥིཉྩཱ་མི༔ རིལ་བུ་དར་གྱི་ན་བཟའ་དང་བཅས་མགུལ་དུ་བཏགས་ལ༔ ཨ༔ འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ བཏགས་གྲོལ་དམ་ཚིག་རྫས་མཆོག་གིས༔ རྡོ་རྗེ་སེམས་དཔར་དབང་བསྐུར་རོ༔ ཨ་ཨ་བྷི་ཥིཉྩཱ་མི༔ དེ་ལྟར་དབང་དྲུག་གི་བྱེད་པས་ཚོགས་དྲུག་གི་སྣང་བ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རིགས་དྲུག་གི་ངོ་བོར་བྱིན་གྱིས་བརླབས་ཏེ་མཁའ་ཁྱབ་འགྲོ་བ་སྒྲོལ་བའི་མཐུ་དང་ལྡན་པར་བསམ༔ སྐྱེ་བདུན་རྫས་ཀྱི་ཕན་ཡོན་ཀྱང་བརྗོད་པར་བྱའོ༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོའི་ཁྱད་པར་གྱི་ཕྲིན་ལས་ལ་བརྟེན་ནས་མཁའ་ཁྱབ་སེམས་ཅན་ཐམས་ཅད་གྲོལ་བ་དྲུག་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བར་གྱིས་ཤིག༔ ལྔ་པ་ཐུན་མོང་ལས་དབང་བསྐུར་བ་ནི་ཕྲིན་ལས་བཞིའི་འབྲང་རྒྱས་གཏད་ལ༔ ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ འཕགས་པ་རྒྱལ་བ་རྒྱ་མཚོ་ཡི༔ གང་འདུལ་ཕྲིན་ལས་རྣམ་པ་བཞིས༔ འགྲོ་བའི་རེ་འདོད་སྐོང་བར་གྱིས༔ ཨོཾ་སརྦ་ཀརྨ་ཨ་བྷི་ཥིཉྩཱ་མི༔ དེང་ཕྱིན་ཆད་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐུན་མོང་གི་ཕྲིན་ལས་ལ་བརྟེན་ནས་འགྲོ་བའི་རེ་འདོད་ཡིད་བཞིན་ནོར་བུ་ལྟར་བསྐང་བར་གྱིས་ཤིག༔ དྲུག་པ་དབང་ཐམས་ཅད་བརྟན་པར་བྱེད་པ་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ༔ ཧྲཱི༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ན༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞུགས༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩཱ་མི༔ སུ་ར་ཏཱ་སཏྭཾ་ཨ་ཧཾ༔ ཞེས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་པས་ལུས་ཐམས་ཅད་གང༔ དབང་ཐམས་ཅད་ཐོབ༔ དྲི་མ་ཐམས་ཅད་དག༔ དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས༔ ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན༔ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་འབར༔ དེ་ཉིད་ལ་མཆོད་པའི་ཡོ་བྱད་དང་བཀྲ་ཤིས་པའི་གླུས་ཀྱང་མངའ་གསོལ༔ ཕྱི་དཀྱིལ་ལ་བརྟེན་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་བསྐྱེད་པའི་རིམ༔ བསྒོམ་པར་དབང་ཞིང་སྤྲུལ་པའི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ བཞི་པ་གསང་བ་ཟབ་མོའི་དབང་བསྐུར་བ་ལ་མཎྜལ་ཕུལ༔ ཐུགས་རྗེའི་གཏེར་གྱི་བཀའ་དྲིན་གྱིས༔ ཕྱི་ནང་དབང་བསྐུར་རྫོགས་པར་ཐོབ༔ ད་ནི་གསང་བའི་དབང་མཆོག་གིས༔ བདེ་ཆེན་ཡེ་ཤེས་སྨིན་མཛད་གསོལ༔ ཅེས་གསོལ་བ་བཏབ་པ་ལ༔ རྫས་དང་ལམ་དང་རང་བཞིན་གྱིས༔ གསང་བ་ཟབ་མོའི་དབང་གསུམ་བསྐུར༔ ཞེས་པས་དང་པོ་རྫས་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི༔ བླ་མ་ཡབ་ཡུམ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་རྒྱལ་བ་རྒྱ་མཚོ་འདུས་པའི་ངོ་བོ་བྱིན་ལ༔ ཧྲཱི༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ལྷ༔ གསང་བ་ཡེ་ཤེས་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསལ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སློབ་མས་ཀྱང་རྟོག་པ་མེད་པའི་ངང་དུ་མྱངས་པས་རྩ་ཁམས་བདེ་བས་གང༔ གསལ་སྟོང་མཁའ་ཁྱབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ༔ དམ་རྫས་ལ་བརྟེན་གསང་དབང་ཐོབ༔ ངག་གི་སྒྲིབ་དག་རྩ་རླུང་ལམ༔ བསྒོམ་པར་དབང་ཞིང་ལོངས་སྤྱོད་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ གཉིས་པ་ལམ་གསང་བ་ཕོ་ཉའི་དབང་བསྐུར་བ་ནི༔ མཚན་ཉིད་དང་ལྡན་པའི་རིག་མ་གུ་ཧྱ་ཛྙཱ་ནར་བྱིན་གྱིས་བརླབས་པ་དང་སིནྡྷུ་རའི་མཎྜལ་སློབ་མའི་ལག་པར་གཏད་དེ༔ ཧཱུྃ༔ འདི་ནི་གསང་བའི་ལྷ་མོ་སྟེ༔ ཐབས་མཆོག་དཔའ་བོ་ཁྱོད་ལ་གཏད༔ སྙོམས་འཇུག་བདེ་བའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩཱ་ཧཱུྃ༔ སིནྡྷུ་རས་དཔྲལ་བར་ཐིག་ལེ་དགོད༔ བུས་ཀྱང་འདུ་ཤེས་གསུམ་གྱིས་རྗེས་སུ་ཆགས་པའི་མེས་བསྐུལ་བས༔ ཡས་བབ་དང་མས་བརྟན་གྱི་ལྷན་སྐྱེས་ཉམས་སུ་བླང༔ ཕོ་ཉ་ལ་བསྟེན་ཤེར་དབང་ཐོབ༔ ཡིད་ཀྱི་སྒྲིབ་དག་ཐིག་ལེའི་ལམ༔ བསྒོམ་པར་དབང་ཞིང་ཆོས་ཀྱི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ གསུམ་པ་རང་བཞིན་གྱིས་གསང་བ་རིག་རྩལ་གྱི་དབང་བསྐུར་བ་ནི༔ སློབ་མའི་རྒྱུད་ལ་ཤར་བའི་དཔེའི་ཡེ་ཤེས་དོན་གྱི་ལྷན་སྐྱེས་སུ་ངོ་སྤྲོད་པ་སྟེ༔ ཧོ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ བདེ་བའི་རང་བཞིན་སྟོང་པར་ཤར༔ ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ འོད་གསལ་ཕྱག་ཆེན་མངོན་གྱུར་ཤོག༔ རྩ་སྔགས་དང་མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་ཨ་ཨ་ཨ༔ བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་བཞག༔ རང་བཞིན་ལ་བརྟེན་བཞི་པ་ཐོབ༔ སྒོ་གསུམ་སྒྲིབ་དག་གཉུག་མའི་ལམ༔ བསྒོམ་པར་དབང་ཞིང་བདེ་ཆེན་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ སྨིན་པར་སློབ་པ་ལ་དབང་སོ་སོའི་མཐར་དབང་དོན་གྱི་ཡེ་ཤེས་བསྐྱང་ཚུལ་གྱི་གདམས་ངག་ཀྱང་ཐེབས་པར་གདབ༔ རྗེས་དམ་ཚིག་བསྒོ་བ་ནི༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ ཞུགས་ཤིང་དབང་བསྐུར་རྫོགས་པ་ནི༔ རྒྱལ་བུ་རྒྱལ་སར་ཕྱུང་བ་འདྲ༔ རྒྱལ་སྲིད་མི་ཉམས་བསྐྱང་བ་བཞིན༔ དབང་སྲོག་དམ་ཚིག་སྡོམ་པས་བཟུང༔ དེ་ཕྱིར་སྤྱི་དང་ཁྱད་པར་གྱི༔ བསླབ་བྱ་ཐམས་ཅད་ཚུལ་བཞིན་སྲུངས༔ ཞེས་གདམས་པ་ལ་བུས་ཀྱང་ཁས་བླང༔ གཏང་རག་གི་མཎྜལ་དང་དགའ་སྟོན་སོགས་རྒྱ་ཆེར་བྱའོ༔ དེ་ནས་ཚོགས་ཀྱི་ལྷག་མ་གཏོང་བ་སོགས་ཕྲིན་ལས་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བསྒྲུབ༔ རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བདག་ཉིད་དང༔ བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་ལ་མཚམས་དགྲོལ༔ སྒྲུབ་པའི་རྫས་ཆ་གསུམ་དུ་བགོས་ལ༔ ཆ་གཅིག་གཏེར་དུ་སྦ༔ ཆ་གཅིག་སྦྱིན་སྲེག་དབུལ༔ ཆ་གཅིག་རང་གཞན་དངོས་གྲུབ་ཀྱི་དོན་དུ་ལོངས་སྤྱད༔ རྡོ་རྗེ་སློབ་དཔོན་སྟེགས་བུའི་དབུས་སུ་བཞུགས་པ་ལ་སློབ་མ་རྣམས་ཀྱིས་བསྐོར་ཏེ༔ བཀའ་དྲིན་གསོ་ཕྱིར་ཅི་འབྱོར་བའི་ལོངས་སྤྱོད་དང་ལུས་དང་དགེ་ཚོགས་ལྟོས་མེད་དུ་ཕུལ་བའི་མོས་པས་སྐྱེམས་དྲངས༔ མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ༔ ཧོ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདག་ཅག་ཐུགས་རྗེ་ཆེན་པོས་རྗེས་བཟུང་བའི༔ བཀའ་དྲིན་དུས་གསུམ་ཀུན་ཏུ་འཁོར་མེད་ཕྱིར༔ ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ་ལགས་ན༔ དཔལ་ལྡན་བླ་མ་དམ་པ་ཞབས་བརྟན་ཞིང༔ མདོ་སྔགས་བསྟན་པ་དར་ཞིང་རྒྱས་པ་དང༔ འཇིག་རྟེན་ཁམས་ཀུན་བདེ་ལེགས་དཔལ་འབྱོར་རྒྱས༔ འདིར་འདུས་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ བྱང་ཆུབ་བར་དུ་ཁྱེད་ཀྱིས་རྗེས་གཟུང་གསོལ༔ ཞེས་ཞུ་ཞིང་མེ་ཏོག་འཐོར༔ ཞབས་ལ་ཕྱག་བྱ༔ དཔོན་སློབ་ཐམས་ཅད་ཀྱིས་སྤོས་དང་མར་མེ་ཐོགས་ལ༔ ཧོ༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་དུ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་འདུས་པའི་ཚོགས་རྣམས་ཀྱིས༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ཚོམ་བུ་གཅིག་ཏུ་ནམ་ཡང་མི་འབྲལ་ཞིང༔ མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་པ་དང༔ འཕགས་པའི་ནོར་ལ་རང་དབང་སྤྱོད་པར་ཤོག༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ ཡེ་ཤེས་གསལ་བའི་མར་མེའི་འོད་ལམ་ལས༔ འཕགས་མཆོག་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ༔ པདྨོ་བཀོད་པའི་ཞིང་དུ་དབུགས་ཕྱུངས་ཤིག༔ བླ་མ་རྒྱལ་བ་རྒྱ་མཚོས་རྗེས་བཟུང་ནས༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་བྱང༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས༔ འོད་གསལ་ཐིག་ལེ་ཆེན་པོར་ལྷུན་རྫོགས་ཤོག༔ ཅེས་གདུང་ཤུགས་དྲག་པོས་སྨོན་ལམ་དུ་བཏབ་པས་བརྩོན་འགྲུས་ཅན་རྣམས་ཚེ་འདིར་གྲོལ་ཞིང༔ མ་འབད་ཀྱང་ཕྱི་མར་དག་པའི་ཞིང་དུ་དབུགས་འབྱིན་ཅིང་གྲོལ་བ་ཐོབ་པར་འགྱུར་རོ༔ གཞན་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ཞིང་ཤིས་པར་བྱའོ༔ དོན་གྱི་དབང་མདོར་བསྡུས་ཏེ་བསྐུར་ན༔ བདག་མདུན་སྒྲུབ་མཆོད་སྔོན་དུ་འགྲོ་བས་འཇུག་པ་ཇི་ལྟར་རིག་པ་དང༔ སྒྲུབ་པའི་དབང་གི་མཐའ་རྟེན་བུམ་དབང་གི་རྗེས༔ དབང་གོང་མ་གསུམ་གཞུང་ལྟར་བསྐུར་བས་ཀྱང་བླ་སློབ་གཉིས་ཀ་ཏིང་འཛིན་གསལ་ཞིང་བརྟན་ན་ངེས་པར་སྨིན་བྱེད་དུ་འགྱུར་བ་ཡིན་ནོ༔ ༈ གཉིས་པ་དབང་དོན་གྱི་ཡེ་ཤེས་བསྐྱང་བ་གདམས་ངག་འཁྲིད་ཀྱི་རིམ་པ་ལ་གསུམ་སྟེ༔ སྔོན་འགྲོ་བློ་སྦྱང་བ༔ དངོས་གཞི་ཡེ་ཤེས་བསྐྱང་བ༔ རྗེས་ཡེ་ཤེས་གོང་འཕེལ་དུ་བསྒྲུབ་པའོ༔ དང་པོ་ནི༔ ངེས་འབྱུང་བསྐྱེད་ཅིང་སྐྱབས་སུ་འགྲོ༔ བྱང་ཆུབ་སེམས་སྦྱོང་བཤགས་དང་སྤེལ༔ བླ་མའི་བྱིན་རླབས་སྙིང་ལ་དབབ༔ ཅེས་པས་དང་པོ་ངེས་འབྱུང་གིས་མཚམས་སྦྱར་བ་ནི༔ ཀྱེ་མ་བདག་གིས་རྟེན་ཕུན་སུམ་ཚོགས་པ་རྙེད་དཀའ་ལ་ཕན་ཡོན་ཆེ་བའི་དལ་འབྱོར་གྱི་མི་ལུས་ཐོབ༔ སྐྱབས་རྣམ་པར་དག་པ་མཚན་ལྡན་གྱི་བླ་མ་དང་མཇལ༔ ལམ་རྨད་དུ་བྱུང་བ་རྡོ་རྗེ་ཐེག་པའི་གསང་བ་དང་འཕྲད་པའི་སྐབས་འདིར་དམ་པའི་ཆོས་གཤའ་མ་ཞིག་མ་བྱུང་ན་རང་གིས་བསླུས་ཚབས་ཆེ་བ་དེ་ལས་ཅི་ཞིག་ཡོད༔ ཆོས་སྒྲུབ་པ་དེའང་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་ན་བར་སྣང་ནས་གློག་འཁྱུགས་པ་ལྟར་འཆི་བ་དེ་ནམ་འོང་ཆ་མེད༔ དོ་ནུབ་འཆིའམ་ནངས་པར་འཆི་ད་ལྟ་རང་འཆི་ནའང་མི་ཤེས་པས་ཅི་དྲག༔ ཤི་བས་མི་ཆོག་པར་ལས་ཀྱི་རྗེས་སུ་འབྲངས་ནས་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ༔ བར་དོར་འཇིགས་སྐྲག་གི་འཁྲུལ་སྣང༔ རིགས་དྲུག་གང་དུ་སྐྱེས་ཀྱང་མེའི་འོབས་དང་སྤུ་གྲིའི་ཚལ་དུ་འཇུག་པ་ལྟར་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད༔ དེས་ན་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ད་རེས་ཅི་ནས་ཀྱང་ཐར་པ་ཞིག་མི་བྱེད་རེ་ཤི་སྙམ་དུ་ཚེ་འདིའི་ལྟོས་ཐག་ཐམས་ཅད་རྦད་ཀྱིས་བཅད་ལ༔ དུས་རྟག་ཏུ་ངེས་འབྱུང་དྲག་པོས་སྐུལ་མ་གདབ་པར་བྱའོ༔ འདི་ཕྱིའི་རྐྱེན་གང་ལ་བརྟེན་ནས་ཀྱང་ཡིད་འབྱུང་རྩོལ་མེད་དུ་སྐྱེ་ཞིང༔ བློ་དམ་པའི་ཆོས་ལ་ཧྲིལ་གྱིས་འགྲོ་བ་ནི་འབྱོངས་པའི་ཚད་དོ༔ དེ་ལྟར་སྦྱངས་པའི་དགོས་པ་ནི༔ བྱེད་སྤྱོད་ཐམས་ཅད་དགེ་བར་འགྱུར་ཞིང་ཐར་པའི་ལམ་དུ་འགྲོ་བ་ཡིན་ནོ༔ གཉིས་པ་སྐྱབས་སུ་འགྲོ་བས་ལམ་གྱི་སྒོར་འཇུག་པ་ནི༔ འཇིགས་རུང་འཁོར་བའི་སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ནི་བླ་མ་དང་དཀོན་མཆོག་མ་གཏོགས་གཞན་མེད་པར་ཡིད་ཆེས་ཀྱི་དད་པ་བརྟན་པོས་ཀུན་ནས་བསླངས་ཏེ༔ ས་ཕྱོགས་དག་པའི་ཞིང་ཁམས༔ གནས་ཁང་ཡེ་ཤེས་ཀྱི་ཕོ་བྲང༔ ཅིར་སྣང་མཆོད་པའི་སྤྲིན་ཕུང་དུ་འཁྲིགས་པའི་རང་གི་མདུན་གྱི་ནམ་མཁར༔ བླ་མ་འཕགས་མཆོག་འགྲོ་འདུལ་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི་མཐའ་སྐོར་དུ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར༔ རང་དང་ཕ་མ་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་འཁོད་དེ་འདི་ནས་བྱང་ཆུབ་མ་ཐོབ་བར་ཅི་མཛད་ཁྱེད་རྣམས་ཤེས་སོ་སྙམ་དུ་བློ་གཏད་ལིང་གིས་བསྐྱུར་ནས་སྐྱབས་སུ་སོང་བར་མོས་པས༔ ན་མོ༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ བླ་མ་དཀོན་མཆོག་རྩ་གསུམ་ལྷར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་བརྗོད༔ སྲོག་ལ་ངེས་པར་བབ་ཀྱང་དཀོན་མཆོག་བློས་མི་གཏོང་ཞིང༔ སྐྱིད་སྡུག་ཅི་བྱུང་ཡང་དེ་ཁོ་ན་ལ་རེ་ལྟོས་འཆའ་བ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི་ཅི་བསམ་ཆོས་བཞིན་དུ་འགྲུབ་ཅིང༔ ཐར་པའི་ས་བོན་ཐེབས་པ་ཡིན་ནོ༔ གསུམ་པ་སེམས་བསྐྱེད་པས་ལམ་གྱི་གཞི་བཅའ་བ་ནི༔ སྐྱབས་ཡུལ་རྣམས་དཔང་པོར་གསོལ་ཏེ༔ སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་ཡང༔ སྡུག་བསྔལ་གྱི་རྒྱུ་འབྲས་ལ་ལོངས་སྤྱོད་པ་སྙིང་རེ་རྗེ༔ འདི་ཐམས་ཅད་སངས་རྒྱས་ཀྱི་སར་བདག་ཁོ་ནས་དགོད་པ་ལ་ཞུམས་པ་མེད་པའི་སྙིང་སྟོབས་བསྐྱེད༔ དེའི་ཆེད་དུ་ཐེག་པ་མཆོག་གི་ལམ་ལ་རྩེ་གཅིག་ཏུ་བསླབ་པར་དམ་བཅའ་བ་ནི༔ ཧོ༔ མར་གྱུར་འགྲོ་ཀུན་སྙིང་རེ་རྗེ༔ འདི་རྣམས་སངས་རྒྱས་སར་འགོད་ཕྱིར༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་བརྗོད༔ མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས༔ བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང༔ བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཏེ་སྐྱབས་ཡུལ་རང་ལ་བསྟིམ་མོ༔ རང་འདོད་ཀྱི་ཞེན་འཁྲིས་མེད་པར་ཅི་བྱེད་གཞན་དོན་དུ་ངང་གིས་འཆར་བ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི་དགེ་སྦྱོར་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་སྨིན་ཅིང་ཐམས་ཅད་མཁྱེན་པའི་གོ་འཕང་དཀའ་བ་མེད་པར་ཐོབ་པ་ཡིན་ནོ༔ བཞི་པ་ཡི་གེ་དྲུག་པའི་རྣལ་འབྱོར་གྱིས་སྡིག་པ་བཤགས་པ་ནི༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང༔ རྩ་བའི་བླ་མ་སྤྱན་རས་གཟིགས༔ དཀར་གསལ་མཆོག་སྦྱིན་པདྨ་འཆང༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རི་དྭགས་པགས་པས་ནུ་གཡོན་བཀབ༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་འགྱིང༔ ཞི་འཛུམ་བརྩེ་བའི་བདག་ཉིད་ཅན༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ ཅེས་གསལ་བཏབ་པ་རྟེན་དུ་བཟུང་སྟེ༔ སྡིག་ལྟུང་ལ་ཤས་མི་བཟོད་པའི་འཇིགས་སྐྲག་གནོང་འགྱོད་དྲག་པོས༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་པ་ཞིག་ཁྱེད་མཁྱེན་ནོ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་དོ་སྙམ་པས་ཕྱག་འཚལ་བ་དང་བཅས་ཏེ༔ ཀྱེ་ཀྱེ་བླ་མ་སྤྱན་རས་གཟིགས༔ བདག་ལ་རེ་ས་ཁྱེད་ལས་མེད༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ སྡིག་ལྟུང་དག་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་ཅིང་ཡི་གེ་དྲུག་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས༔ ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས༔ ཞབས་གཡས་པའི་མཐེ་བོང་ནས་བརྡོལ་བའི་ཚུལ་དུ་བྱུང༔ རང་གི་སྤྱི་བོ་ནས་ཞུགས༔ ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་གི་ངོ་བོ༔ རིགས་དྲུག་ཏུ་སྐྱེ་བའི་ས་བོན་ཡི་གེ་དྲུག་ལ་རེག་པ་ཙམ་གྱིས་ལྷག་མེད་དུ་སྦྱངས༔ ལུས་ཐམས་ཅད་བདུད་རྩིས་ཁེངས་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་དང་བཅས་ཡིག་དྲུག་ཁོ་ན་བཟླ༔ སྐབས་སུ་ཨ་ནྲི་སུ་ཏྲི་པྲེ་དུཿམ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤེལ༔ མཐར་སྨྲེ་སྔགས་དྲག་པོས་གསོལ་བ་བཏབ་པས་བླ་མ་ཐུགས་རྗེ་ཆེན་པོ་འོད་དུ་ཞུ༔ རང་ལ་ཐིམ༔ ཡེ་ཤེས་དྲུག་གིས་བྱིན་གྱིས་བརླབས་པར་མོས་ལ་སྡིག་ལྟུང་དག་པའི་ངེས་ཤེས་བསྐྱེད་དོ༔ ལུས་ཡང༔ ཤེས་པ་གསལ༔ རྨི་ལམ་ནའང་སྡིག་སེམས་མི་འབྱུང༔ བློ་དགེ་སྦྱོར་ལ་རྩེ་གཅིག་ཏུ་བཀོལ་དུ་བཏུབ་པ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི་རང་རྒྱུད་སྡིག་ལྟུང་གི་དྲི་མ་དང་བྲལ་བས་ལམ་གྱི་གེགས་ཐམས་ཅད་སྦྲུལ་མདུད་ལྟར་རང་གྲོལ་བ་ཡིན་ནོ༔ ལྔ་པ་ནང་ཕུང་པོ་ལ་བརྟེན་ནས་ཚོགས་གསག་པ་ནི༔ རང་ཉིད་ཐ་མལ་དུ་གནས་པའི་སྙིང་ག་ནས་རླུང་སེམས་དྭངས་མ་ལྔ་འདུས་ཐིག་ལེའི་རྣམ་པས་ཚངས་བུག་ནས་འཐོན༔ ནམ་མཁར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དམར་མོ་གྲི་ཐོད་འཛིན་པའི་སྐུར་གྱུར༔ གྲི་གུག་གིས་ཕུང་པོའི་སྨིན་མཚམས་ལ་རེག་པས་ཐོད་པ་ལིང་གིས་འཕང༔ མི་མགོའི་སྒྱེད་པུ་རི་རབ་ཙམ་གསུམ་རང་བྱུང་དུ་གྲུབ་པའི་ཁར་བཞག་པས་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་ཕུང་པོ་དུམ་བུར་བསྐྱུར་བས་ཤ་ཁྲག་རུས་གསུམ་རྒྱ་མཚོར་བསྐྱིལ༔ མེ་རླུང་གི་སྦྱོར་བས་ཐོད་པ་དྲོས༔ རྫས་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་མཁའ་ཁྱབ་ཏུ་འཕེལ༔ མདུན་གྱི་ནམ་མཁར་བླ་མ་ཐུགས་རྗེ་ཆེན་པོ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང༔ མཐའ་སྐོར་བགེགས་རིགས་ལན་ཆགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་འཁོད་པ་ལ༔ གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས༔ བདུད་རྩིའི་ཕུད་ཀྱིས་བླ་མ་དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ ལྗགས་འོད་ཀྱི་སྦུ་གུས་དགྱེས་བཞིན་དུ་བཞེས༔ ཟག་མེད་ཀྱི་བདེ་བས་མཉེས༔ ཚོགས་རྫོགས་སྒྲིབ་བྱང་དངོས་གྲུབ་ཐོབ༔ ལྷག་མ་བགེགས་རིགས་ལན་ཆགས་ཁམས་གསུམ་གྱི་འགྲོ་བ་ཀུན་ལ་བསྩལ་བས་གནོད་འཚེ་དང་གདུག་སེམས་ཞི༔ བུ་ལོན་དང་ལན་ཆགས་བྱང༔ བྱང་ཆུབ་མཆོག་གི་སྐལ་པ་དང་ལྡན་པར་བསམ་ལ༔ ཕཊ༔ བདག་ཉིད་ཐ་མལ་གནས་པ་ཡི༔ རླུང་སེམས་ཐིག་ལེ་ཚངས་བུག་ནས༔ མཁའ་དབྱིངས་ཐོན་པའི་སྐད་ཅིག་ལ༔ གསང་བ་ཡེ་ཤེས་མཁའ་འགྲོར་གྱུར༔ ཕྱག་གཡས་གྲི་གུག་གདེངས་པ་ཡིས༔ ཕུང་པོའི་ཐོད་པ་ལིང་གིས་བསྐྱུར༔ བྷནྡྷའི་སྒྱེད་པུ་གསུམ་གྱི་ཁར༔ སྟོང་གསུམ་དང་མཉམ་ཀ་པཱ་ལར༔ ཤ་ཁྲག་རུས་པའི་རྒྱ་མཚོར་བསྐྱིལ༔ ཡེ་ཤེས་རླུང་གཡོས་མེ་སྦར་བས༔ བསྐོལ་ཞིང་འོད་དུ་ཞུ་བ་ལས༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕཊ༔ སླར་ཡང་མཁའ་འགྲོའི་ཐུགས་ཀ་ནས༔ ལས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་མཆོད༔ ཚོགས་རྫོགས་སྒྲིབ་བྱང་དངོས་གྲུབ་ཐོབ༔ ལྷག་མ་བགེགས་རིགས་ལན་ཆགས་དང༔ ཁམས་གསུམ་སྙིང་རྗེའི་མགྲོན་ལ་བྱིན༔ ལན་ཆགས་བུ་ལོན་སྡིག་སྒྲིབ་དག༔ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས༔ འཁོར་གསུམ་སྤྲོས་པ་ལས་འདས་པའི༔ འོད་གསལ་ཐིག་ལེ་ཆེན་པོར་ཨ༔ ཞེས་བརྗོད་ཅིང་མཐར་རྟོག་མེད་སྤྲོས་བྲལ་གྱི་ངང་བསྐྱང་ངོ༔ ཚེ་རིང༔ ནད་མེད༔ ཆོས་ཀྱི་བསམ་སྦྱོར་ཐམས་ཅད་འགྲུབ༔ སྣང་བའི་བདེན་ཞེན་ཞིག་པས་ཉམས་རྟོགས་ལ་སྐྱེད་མཐོང་ཆོས་སུ་ཐོན་པ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི༔ ལམ་གྱི་བོགས་ཐོན་ཅིང་མྱུར་དུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་གནས་ལུགས་མངོན་སུམ་དུ་བྱེད་པ་ཡིན་ནོ༔ དྲུག་པ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཡེ་ཤེས་བཙན་ཐབས་སུ་འབེབ་པ་ནི༔ བདག་ལ་ཐར་པའི་ལམ་སྟོན་པའི༔ མཚན་ཉིད་ཀུན་ལྡན་བླ་མ་དེ༔ སངས་རྒྱས་ཀུན་ལས་བཀའ་དྲིན་ལྷག༔ དེ་ཕྱིར་རྩེ་གཅིག་གུས་པས་བསྙེན༔ ཨེ་མ་ཧོ༔ སྣོད་བཅུད་ཐམས་ཅད་འོག་མིན་ཞིང༔ རྒྱན་དང་བཀོད་པ་ཚད་མེད་དབུས༔ རང་བྱུང་ནམ་མཁར་སེང་ཁྲི་དང༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ པདྨའི་རིགས་བདག་ཆེན་པོ་ནི༔ དམར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞི་ཆགས་མཚན་དཔེའི་འོད་ཕུང་འབར༔ དཀོན་མཆོག་རྩ་གསུམ་ཀུན་འདུས་པའི༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ མངོན་སུམ་དགྱེས་བཞིན་བཞུགས་པར་གྱུར༔ ཅེས་ཚོགས་རྟེན་གསལ་གདབ༔ ཡན་ལག་བདུན་པ་འབུལ༔ ཁྱད་པར་མོས་གུས་ཚད་གཟུང་མེད་པར་སྐྱེད་ལ༔ ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ སྡུག་བསྔལ་འཁོར་བའི་འདམ་ལས་དྲོངས༔ ཞི་བསིལ་བདུད་རྩིའི་ཆར་ཆེན་ཕོབ༔ སྐུ་གསུང་ཐུགས་ཀྱིས་རྗེས་སུ་ཟུངས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་གསོལ་བ་བརྒྱ་སྟོང་གྲངས་མེད་དུ་གདབ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་རྡོ་རྗེའི་སྔགས་ཀྱིས་ཐུགས་དམ་བསྐུལ༔ མཇུག་ཏུ་དབང་བླང་བ་ནི༔ བླ་མའི་གནས་གསུམ་ཡིག་འབྲུ་ལས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཚོགས༔ རིམ་དང་གཅིག་ཅར་ཚུལ་དུ་འཕྲོས༔ རང་གི་གནས་གསུམ་ཞུགས་ཤིང་ཐིམ༔ འོད་ཀྱིས་སྒོ་གསུམ་དྲི་མ་སྦྱངས༔ བདུད་རྩིས་བྱིན་བརླབས་དབང་མཆོག་ཐོབ༔ ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས༔ འབྲས་བུའི་སྐལ་པ་རྒྱུད་ལ་བཞག༔ ཅེས་རྩེ་གཅིག་ཏུ་ཡིད་ལ་བྱ༔ མཐར་ནི་བླ་མ་འོད་དུ་ཞུ༔ རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས༔ སེམས་ཉིད་གཉུག་མའི་གནས་ལུགས་མཐོང༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་བསམ༔ དེ་ལྟར་ཉམས་སུ་བླངས་པས་བླ་མ་ལ་སངས་རྒྱས་རྡོ་རྗེ་འཆང་དངོས་ཀྱི་མོས་གུས་རྐྱེན་གང་གིས་ཀྱང་འཕྲོག་མི་ནུས་པ་སྐྱེ༔ སྣང་གྲགས་ཐམས་ཅད་བླ་མར་ཤར༔ རྟོགས་པའི་ཡེ་ཤེས་རང་ཤར་བ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི༔ ཚེ་འདི་ཉིད་ལ་དགོངས་པའི་བཙན་ས་ཟིན་ནས་དཔལ་ལྡན་བླ་མའི་གདུང་འཚོབ་པར་ནུས་པ་ཡིན་ནོ༔ གཉིས་པ་དངོས་གཞི་དབང་བཞིའི་ཡེ་ཤེས་བསྐྱང་བ་ནི༔ བུམ་དབང་ཡེ་ཤེས་སྣང་སྟོང་བསྒོམ༔ གསང་དབང་ཡེ་ཤེས་གསལ་སྟོང་བསྐྱེད༔ གསུམ་པའི་ཡེ་ཤེས་བདེ་སྟོང་མྱང༔ བཞི་པའི་ཡེ་ཤེས་རིག་སྟོང་བལྟ༔ ཞེས་པས་དང་པོ་བུམ་དབང་གི་ཡེ་ཤེས་བསྐྱང་བ་ནི༔ བསྐྱེད་རིམ་གྱི་ལྷ་ཁྲིད་ལ་གནས་པར་བྱ་སྟེ༔ དབེན་པའི་གནས་སུ་མཚམས་དམ་པར་བཅད༔ བྲིས་སྐུ་སོགས་དམ་ཚིག་གི་རྟེན་བཤམ༔ ཏིང་ངེ་འཛིན་གྱི་འགལ་རྐྱེན་སྤང༔ བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བརྟེན༔ བསྙེན་སྒྲུབ་ཀྱི་རྣལ་འབྱོར་གཞུང་བསྲང༔ ཐོག་མར་རང་ཉིད་གཙོ་བོ་ཡབ་ཡུམ་ལ་སེམས་བཟུང༔ རེས་ལྷ་སྐུ་ཡོངས་རྫོགས་ལ་བློ་བཞག༔ རེས་ཆ་ཤས་རེ་རེ་ནས་གསལ་གདབ༔ གསལ་སྣང་བརྟན་པོ་སྐྱེས་ན་ཆུ་ཟླ་དང་འཇའ་ཚོན་གྱི་དཔེས་སྣང་སྟོང་དུ་སྦྱང༔ མི་གསལ་ན་བྲིས་སྐུ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད༔ དེ་ལྟ་བུས་གཙོ་བོ་ཡབ་ཡུམ་གྱི་སེམས་འཛིན་གྱི་ཉམས་སྐྱེས་པ་ན་རིམ་གྱིས་འཁོར་དང༔ གཞལ་ཡས་ཁང༔ རྡོ་རྗེའི་སྲུང་འཁོར་མེ་རི་དང་བཅས་པའི་གསལ་སྣང་ཐོན་པར་བྱ༔ སྐབས་སུ་དག་པ་དྲན་པར་བྱ་སྟེ༔ རྒྱུད་ལས༔ རང་ཉིད་རྒྱལ་བ་རྒྱ་མཚོའི་བདག༔ འགྲོ་ལ་རྗེས་ཆགས་སྐུ་མདོག་དམར༔ ཞལ་གཅིག་སྟོང་ཉིད་ཐིག་ལེར་བཟླུམས༔ ཕྱག་བཞི་ཚད་མེད་སྙིང་རྗེར་ཤར༔ ཞབས་ཟུང་བདེན་གཉིས་ཟུང་དུ་འཇུག༔ རྩ་ཕྱག་ཆོས་སྐུ་རྡོ་རྗེར་བསྡམས༔ འོག་མ་ལོངས་སྐུ་བདེ་ཆེན་ངང༔ སྤྲུལ་པའི་ཕྲེང་བ་པདྨ་འཆང༔ ཡེ་ཤེས་ཡོན་ཏན་རྒྱན་དུ་རྫོགས༔ བདེ་སྟོང་དབྱེར་མེད་ཡུམ་དང་སྦྱོར༔ ཡེ་ཤེས་བཞི་ཡི་རིགས་མཆོག་དང༔ ཚད་མེད་སྒོ་སྐྱོང་མཁའ་འགྲོར་སྣང༔ བྱང་ཆུབ་ཕྱོགས་ཆོས་གཞལ་མེད་ཁང༔ འོད་གསལ་རྡོ་རྗེའི་སྲུང་འཁོར་ལས༔ རང་རྩལ་མེ་འོད་ཀུན་ཏུ་འཕྲོ༔ ཞེས་སོ༔ རྩལ་སྦྱང་བའི་ཕྱིར་སྣང་སྲིད་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་གང་སྣང་ལྷ་སྐུར་འཆར་བ་ལ་བསླབ༔ བོགས་འདོན་པའི་ཕྱིར་རླུང་སེམས་ཐིག་ལེ་ལས་རྟེན་དང་བརྟེན་པར་བཅས་པ་ནམ་མཁའ་གང་བར་སྤྲོ་ཞིང་བསྡུ༔ དེ་ཐམས་ཅད་རང་རིག་པ་སྐད་ཅིག་མའི་ངོ་བོར་ལ་བཟླ༔ དེ་ལྟར་ཡང་ནས་ཡང་དུ་གོམས་པས་དྲོད་ཐོབ༔ རླུང་སེམས་ལྷ་སྐུར་ལྡང་ནུས༔ འོད་གསལ་དུ་འཇུག་པའི་རིམ་པས་ཆོས་ཉིད་ཀྱི་བདེན་པ་མངོན་དུ་འགྱུར་བ་ཡིན་ནོ༔ བསྐྱེད་རིམ་གྱི་ཡན་ལག་ཏུ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ་བྱེད་པར་འདོད་པས༔ དང་པོ་ཕྱི་སྒྲུབ་ལ་ཕྱི་རྟེན་ཕྱི་རུ་བཅའ་བ་ནི༔ ཇི་སྐད་བཤད་པའི་དཀྱིལ་འཁོར་གསུམ་དང་མཆོད་ཚོགས་འདུ་བྱ༔ ཁྱད་པར་སྦ་ལྕག་ཚིགས་གསུམ་པའམ་བལ་པོའི་སེའུའི་སྡོང་བུ་ནང་ཁོང་བྲུས་པར་སྐུ་དང་སྔགས་གསོལ་བྱང་གིས་བརྒྱན་པ༔ པདྨ་རཱ་ག་ཧྲཱིཿས་མཚན་པ་དར་དང་རིན་ཆེན་འབྲུ་སྨན་དར་ཟབ་སོགས་བཅུག༔ དར་དམར་པོའི་ཅོད་པན་བཏགས་པའང་དཀྱིལ་འཁོར་གྱི་ནུབ་ཏུ་བཙུག༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ༔ བདག་མདུན་དབྱེར་མེད་ཕྱི་དཀྱིལ་དུ་བསྒོམ་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་གྲངས་ཐེམ་པ་དང༔ རྟགས་མཐོང་བའི་ཚེ་དངོས་གྲུབ་བླང་བ་སོགས་བྱའོ༔ གཉིས་པ་ནང་སྒྲུབ་ལ་ནང་རྟེན་ལུས་ལ་འཆང་བ་ནི༔ གཞོན་ནུ་མ་རིགས་ལྡན་གྱི་དང་པོར་བྱུང་བའི་མཚལ་ཆེན་གྱིས་སྦགས་པའི་རས་སམ་གྲོ་ཤོག་དམར་པོ་ལ་གསེར་གྱི་འཁོར་ལོ་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ་གཙོ་བོ་ཡབ་ཡུམ་གྱི་སྐུ་ཐུགས་ཀར་ཧྲཱིཿས་མཚན་པ༔ དེའི་གོང་རས་ལ་ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ པདྨ་ལོ་ཀེ་ཤྭ་ར་གུ་ཧྱ་ཛྙཱ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བྲི༔ མུ་ཁྱུད་དང་པོ་ལ་པད་འདབ་བཞིའི་ཤར་དུ༔ གོང་གི་སྔགས་ལ་བཛྲ་ལོ་ཀེ་ཤྭ་ར་སོགས་ཁ་བསྒྱུར་བ་དང༔ དེ་བཞིན་ལྷོར་རཏྣ༔ ནུབ་ཏུ་བུདྡྷ༔ བྱང་དུ་ཀརྨ༔ མུ་ཁྱུད་གཉིས་པ་ལ་འདབ་བཞིའི་ཤར་དུ༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་སོགས་སྔགས་ཤམ་གོང་དང་འདྲ༔ དེ་བཞིན་དུ་ལྷོར་རཏྣ༔ ནུབ་ཏུ་པདྨ༔ བྱང་དུ་ཀརྨ་ཞེས་བསྒྱུར༔ མུ་ཁྱུད་གསུམ་པ་ལ་དབྱངས་གསལ་རྟེན་སྙིང་དང༔ འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བདག་གི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་པར་བཞུགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་མྱུར་དུ་བསྩལ་དུ་གསོལ༔ ཞེས་སོགས་གསོལ་བྱང་གིས་བརྒྱན༔ མཐར་འོད་ཟེར་གྱི་ཕྲེང་བ་དམར་པོས་བསྐོར༔ བླ་མ་ཡབ་ཡུམ་གྱི་བྱང་སེམས༔ སྐྱེ་བདུན་སྒྲུབ་པའི་རྫས་རིལ༔ གི་ཝཾ༔ སིིནྡྷུ་ར༔ རྡོ་ཁབ་ལེན༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་དང་བཅས་པས་བྱུགས་ཤིང༔ རྫས་དེ་དག་ལྷན་ཅིག་ཟངས་ཀྱི་གྭའུར་བཅུག༔ རབ་ཏུ་གནས་ཏེ་དྲོད་དང་མ་བྲལ་བར་བཅངས་པ་ཙམ་གྱིས་ཀྱང་ཐུགས་རྗེ་ཆེན་པོ་མཁའ་འགྲོའི་ཚོགས་དང་བཅས་པས་སྒོ་གསུམ་ལ་ཡེ་ཤེས་ཀྱི་བྱིན་འབེབ་པར་འགྱུར་རོ༔ ཉམས་སུ་བླང་བ་ནི༔ སྔོན་འགྲོས་རྒྱུད་སྦྱངས་ཏེ་བླ་མའི་རྣལ་འབྱོར་གྱི་མཐར་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ༔ ཧྲཱི༔ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས༔ རང་སེམས་ཧྲཱིཿལས་འོད་འཕྲོས་པས༔ སྣོད་བཅུད་ཕུང་ཁམས་དབྱིངས་སུ་སྦྱངས༔ དེ་ཡི་ངང་ལས་འབྱུང་རིམ་སྟེང༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང༔ མཚན་རྫོགས་འོད་ཟེར་འབར་བའི་དབུས༔ པད་ཉི་ཟླ་སྟེང་སྐད་ཅིག་གིས༔ རང་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཞི་ཆགས་ཉམས༔ རྩ་ཕྱག་ཐུགས་ཀར་རྡོ་རྗེ་བསྡམས༔ ལྷག་མ་ཕྲེང་བ་པདྨ་འཆང༔ གསང་བ་ཡེ་ཤེས་རཱ་གའི་མདངས༔ ཌཱ་རུ་ཐོད་པ་བསྣམས་པས་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་ཅན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ སྤྱི་གཙུག་རིགས་བདག་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་བའི་གནས་ལྔ་རུ༔ བདེ་གཤེགས་པདྨ་རྡོ་རྗེ་དང༔ རིན་ཆེན་ལས་ཀྱི་སྤྱན་རས་གཟིགས༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ རང་འོད་ཡུམ་དང་མཉམ་པར་སྦྱོར༔ རྒྱན་དང་ཕྱག་མཚན་གཙོ་བོ་ལྟར༔ འོད་ལྔའི་ཐིག་ལེའི་ཀློང་ཡངས་སུ༔ པད་ཟླའི་སྟེང་ན་དགྱེས་པར་བཞུགས༔ ཡན་ལག་བཞི་ལ་པད་ཉིའི་སྟེང༔ རིགས་བཞིའི་མཁའ་འགྲོ་ལས་ཀྱི་མདོག༔ གྲི་གུག་ཐོད་འཛིན་གར་ཐབས་ཀྱིས༔ དབུགས་བྲལ་བམ་རོའི་སྙིང་གར་རོལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ རྡོ་རྗེ་གསུམ་གྱི་བདག་ཉིད་ཅན༔ རང་བྱུང་དབང་བསྐུར་གདོད་ནས་རྫོགས༔ ཐུགས་ལས་སྤྲུལ་པའི་ལྷ་མོ་ཡིས༔ མཆོད་ཅིང་རྡོ་རྗེའི་གླུ་བླང་བསམ༔ ཨོཾ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོར་ཤར༔ ཕྱི་ནང་གསང་བ་བླ་མེད་མཆོག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་ཧོ༔ ཨེ་མ་ཧོ་བདེ་བའི་ཡེ་ཤེས་སྐུ༔ བདེ་ཆེན་འགག་པ་མེད་པའི་གསུང༔ མཆོག་ཏུ་མི་འགྱུར་བདེ་བའི་ཐུགས༔ ཕྱག་འཚལ་རྒྱལ་བ་རྒྱ་མཚོ་ལའོ༔ ཞེས་གསལ་བཏབ་ལ་སེམས་འཛིན་པའི་བསམ་གཏན་ལ་རྩེ་གཅིག་ཏུ་བསླབ༔ ཡན་ལག་ཏུ་བཟླས་པ་བྱ་བ་ནི༔ ཐུགས་ཀའི་ལྷ་ཡི་ཐུགས་དབུས་སུ༔ པད་ཉི་ཟླ་སྟེང་རྟ་མགྲིན་དམར༔ པདྨ་བྷཉྫ་ཡུམ་དང་འཁྲིལ༔ དེ་ཡི་ཐུགས་ཀར་པད་ཟླར་ཧྲཱི༔ སྔགས་ཀྱིས་བསྐོར་ལས་གཉིས་པ་བྱུང༔ ཕྱི་ནང་ལྷ་རྣམས་ཐམས་ཅད་ཀྱི༔ ཡབ་ཡུམ་ཞལ་དང་གསང་བ་བརྒྱུད༔ བར་མ་ཆད་པར་འཁོར་བ་ཡིས༔ སྒྲིབ་དག་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་ཆེན་ཡེ་ཤེས་འབར་ཞིང་གཡོས༔ བརྟན་ཅིང་ནུས་པ་མཆོག་གྱུར་པར༔ རྩ་ཁམས་རླུང་ལ་བྱིན་བརླབས་གྱུར༔ ཅེས་དགོངས་པ་གསལ་བཏབ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ་་་ཡབ་ལྔ། མ་་་ཡུམ་ལྔ། ཧ་རི་ནི་ས་་་མཁའ་འགྲོ་བཞི་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བར་རླུང་ཐད་ཀར་བཟུང་ལ་གཙོ་བོར་ཡིད་བཟླས་བྱ༔ དེས་སྐྱོ་ན་ངག་བཟླས་ཀྱང་ཇི་ལྟར་རིགས་པར་བྱ་སྟེ༔ ཚད་ནི་འབུམ་ཕྲག་གསུམ་མོ༔ ཡིད་ཀྱི་བཟླས་པ་ལ་གྲངས་གཟུང་དུ་མེད་པས༔ རླུང་སེམས་ཟིན་པའི་རྟགས་མ་མཐོང་བར་འབད་པར་བྱ་བ་ཡིན་ནོ༔ ཐུན་ལས་ལྡང་བ་ན༔ མཆོད་བསྟོད་དངོས་གྲུབ་གསོལ༔ ནོངས་པ་བཤགས༔ ལྷ་སྐུ་འོད་གསལ་དུ་སྦྱང་ཞིང་བདེ་ཆེན་ཟུང་འཇུག་གི་སྐུར་ལྡངས་ལ་བསྔོ་སྨོན་བཀྲ་ཤིས་བྱ༔ སྐབས་སུ་གཏོར་མ་ཚོགས་ཀྱི་མཆོད་པ་སོགས་ཀྱང་ཅི་རིགས་པར་བྱའོ༔ དེས་ནི་ནང་ལུས་དཀྱིལ་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་ཁྱད་པར་ཅན་འགྲུབ་པ་ཡིན་ནོ༔ གསུམ་པ་གསང་སྒྲུབ་ལ༔ གསང་རྟེན་དམ་ཚིག་གི་གཏའ་རུ་བཟུང་བ་ནི༔ འཁར་བའི་མེ་ལོང་སོར་བཞི་པ་ལ༔ གྲོང་པའི་ཆོས་ཀྱིས་མ་གོས་པ་རིགས་ལྡན་གྱི་ཁྱེའུ་ཕོ་མོའི་དང་པོར་བྱུང་བའི་ཁམས་དཀར་དམར་སྐྱོབས་་་ཅུ་གང་དང་སིནྡྷུ་ར།་་་དང་བཅས་པས་ཆོས་འབྱུང་ཟུར་དྲུག་པ་བྲིས་པའི་དབུས་སུ་པད་འདབ་བཞིའི་ལྟེ་བར་ཧྲཱིཿམ༔ ཤར་ནས་བརྩམ་ཧཱུྃ་མ༔ ཏྲཱཾ་མ༔ ཨོཾ་མ༔ ཨཱཿམ༔ ཞེས་དང༔ གཡས་གཡོན་གྱི་གྲ་ཟུར་བཞི་ལ་ཧ༔ རི༔ ནི༔ ས༔ཞེས་དགོད༔ བླ་མ་ཡབ་ཡུམ་གྱི་བྱང་སེམས༔ ཡེ་ཤེས་བརྙེས་ངེས་པའི་རིང་བསྲེལ༔ སྐུ་གདུང༔ སྐུ་བལ་གྱི་རིགས༔ རང་བྱུང་བྱིན་རླབས་ཅན་གྱི་ཅུ་གང༔ སིནྡྷུ་ར༔ དུང༔ མགྲོན་བུ༔ སྐྱེ་བདུན་གྱི་རྫས་དང་བཅས་གཞོན་ནུ་མའི་པད་རཱག་གིས་སྦགས་པའི་འདོམ་དཀྲིས་དམར་པོའི་ཁུང་དུ་དྲིལ༔ སྒྲུབ་ཅིང་མཆོད་པས་ཡེ་ཤེས་པ་བསྟིམ༔ དཀྱིལ་འཁོར་གྱི་ལྷ་དངོས་སུ་བསམ་ལ་ཟངས་ཀྱི་གྭའུ་དྲོད་དང་མ་བྲལ་བར་བཅངས་པ་ཙམ་གྱིས་དཀྱིལ་འཁོར་ལྷས་བྱིན་གྱིས་བརླབས་ཤིང༔ དཔའ་བོ་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་པའི་མཐུས་ཡེ་ཤེས་རང་འབར་བར་འགྱུར་རོ༔ ཉམས་སུ་བླང་བ་ནི༔ གཞན་ནང་སྒྲུབ་དང་འདྲ་བ་ལ༔ དཀྱིལ་འཁོར་གྱི་ལྷ་རྩ་གནས་སུ་དགོད་པར་བྱ་སྟེ༔ རིགས་བདག་བསྐྱེད་པའི་རྗེས་སུ༔ རང་ལུས་དྭངས་གསལ་འོད་དམར་དབུས༔ རྩ་གསུམ་འཁོར་ལོ་ལྔ་དང་བཅས༔ དག་པའི་ཤེལ་ལྟར་དྲི་མེད་པའི༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས༔ དཀར་གསལ་ཞལ་གཅིག་ཕྱག་བཞི་པ༔ བདེ་གཤེགས་རིགས་ཀྱི་མཁའ་འགྲོས་བསྐོར༔ མགྲིན་པར་པདྨ་སྤྱན་རས་གཟིགས༔ དམར་གསལ་པདྨའི་མཁའ་འགྲོས་བསྐོར༔ སྙིང་གར་རྡོ་རྗེ་སྤྱན་རས་གཟིགས༔ མཐིང་གསལ་རྡོ་རྗེ་མཁའ་འགྲོས་བསྐོར༔ ལྟེ་བར་རིན་ཆེན་སྤྱན་རས་གཟིགས༔ སེར་གསལ་རིན་ཆེན་མཁའ་འགྲོས་བསྐོར༔ གསང་བར་ལས་ཀྱི་སྤྱན་རས་གཟིགས༔ ལྗང་གསལ་ལས་ཀྱི་མཁའ་འགྲོས་བསྐོར༔ འཕགས་མཆོག་རིགས་ལྔ་ཐམས་ཅད་ཀུན༔ རང་འོད་ཡུམ་འཁྱུད་བདེ་སྟོང་འབར༔ རྒྱན་དང་ཕྱག་མཚན་གཙོ་ལྟར་བསྐྱེད༔ རྩ་འདབ་གྲངས་མཉམ་མཁའ་འགྲོ་རྣམས༔ གྲི་ཐོད་འཛིན་ཅིང་གར་བསྒྱུར་བས༔ རྩ་ཁམས་རླུང་ལ་བྱིན་ཆེན་འབེབ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ ཞེས་སོགས་ནང་སྒྲུབ་ལྟར་གསལ་གདབ༔ ཐོག་མར་བར་རླུང་བཟུང་ལ་ཕྱི་དབྱིབས་ཀྱི་སྐུ་ལ་སེམས་གཏད༔ དེ་ལ་གསལ་སྣང་ཐོན་པ་དང༔ ནང་རྩ་འཁོར་གྱི་ལྷ་རྣམས་ལ་རླུང་ཡིད་རིག་པ་གཅིག་ཏུ་དྲིལ་ཏེ་སྙིང་མགྲིན་སྤྱི་བོ་ལྟེ་གསང་རྣམས་ལ་སེམས་བཟུང༔ སོ་སོར་བུམ་ཅན་གྱི་སྦྱོར་བས་བརྟན་པར་བྱས་པས་རྩ་རླུང་སྒྲིབ་བྲལ་གྱི་ཡེ་ཤེས་སྐྱེ་བའི་རྟེན་དུ་འགྱུར་བ་ལ་བསླབ་བོ༔ ཞར་བྱུང་བཟླས་བརྗོད་ཀྱི་བསམ་གཏན་ལ་འཇུག་པར་སྤྲོ་ན༔ ལུས་གནད་བཅོས༔ རླུང་རོ་བསལ༔ ཁམས་སྙོམས་པའི་རླུང་ནང་དུ་རང་བཞིན་གྱིས་འོང་བ་ན་འཁོར་འདས་ཀྱི་དྭངས་བཅུད་བདེ་བ་ཆེན་པོའི་ཡེ་ཤེས་ཨོཾ་གྱི་གདངས་སུ་བྱུང་ཞིང་ཞུགས༔ ནང་དུ་གནས་པའི་ཚེ་འཁོར་ལོ་ལྔའི་ཐུགས་ཀར་ཨཱཿའི་གདངས་ཀྱིས་ཐིམ་པའི་ཚུལ་གྱིས་བདེ་ཆེན་བསྐྱེད༔ ཕྱིར་འགྲོ་བ་ན་ཧཱུྃ་གི་གདངས་ཀྱིས་སྙིགས་མའི་ཁམས་ཕྱིར་ཐོན་པར་བསམ་ལ་ཤེས་པ་མ་འཁྲུལ་པས་དུ་བ་ལ་སོགས་པའི་རྟགས་མ་མཐོང་བར་དུ་བརྩོན༔ ངག་གི་བཟླས་པ་ལ་སྦྱར་ན་སྤྲོ་བསྡུའི་དམིགས་པ་སྔ་མ་བཞིན་ལ་ལྕེ་མཆུ་མི་བསྐྱོད་པའི་ཚུལ་གྱིས་འབྲུ་གསུམ་འབུམ་ཕྲག་གསུམ་བཟླའོ༔ ཐུན་མཇུག་གི་བྱ་བ་སོགས་ཀྱང་ནང་སྒྲུབ་ལྟར་བྱས་ནས་ཉམས་སུ་བླངས་པས་དཔེ་ཡི་ཡེ་ཤེས་འཆར་བའི་ཉེར་བསྡོགས་འགྲུབ་པར་འགྱུར་རོ༔ བཞི་པ་ཡང་གསང་གི་སྒྲུབ་པ་ལ༔ ཡང་གསང་གི་རྟེན་གཉུག་མར་ལ་བཟླ་བ་ནི༔ ད་ལྟའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པ༔ གཞོན་ནུ་མའི་བདེ་བ་བཞིན་ཉམས་སུ་མྱོང་ཡང༔ ལྐུགས་པས་བུ་རམ་ཟོས་པའི་རོ་ལྟར་སྨྲ་མི་ཤེས་པ༔ དཔེ་ཡི་ཐབས་ཀྱིས་མཚོན་པར་བྱ་བ་འདི་ཁོ་ན་རང་རིག་དོན་གྱི་རྒྱལ་བ་རྒྱ་མཚོ་ཡིན་པར་ངོ་ཤེས་པར་བྱས་ལ་གཉུག་མར་ལ་བཟླ་བ་སྟེ༔ འདི་ལ་འཕྲིགས་ཚུད་ཅིང་ངེས་ཤེས་སྐྱེས་པ་ཙམ་གྱིས་ཀྱང་འོད་གསལ་སྙིང་པོའི་ལྷ་འགྲུབ་པ་ཡིན་ནོ༔ ཉམས་སུ་བླང་བ་ནི༔ སྔོན་འགྲོ་དང་ཕྱི་ནང་གསང་བའི་བསྐྱེད་བཟླས་ཅུང་ཟད་སྔོན་དུ་འགྲོ་བས༔ དངོས་གཞིར་ལུས་བསྲང༔ རླུང་རང་བབས་སུ་ཀློད༔ མིག་གི་རྒྱ་མཚོ་ནམ་མཁར་ཨར་ལ་གཏད༔ སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་རིག་པ་རང་ལུགས་སུ་བཞག༔ དེ་ལ་དོན་གྱི་དགོངས་པ་གསལ་འདེབས་པའི་ཕྱིར་རྒྱུད་ལས༔ ལས་དྲུག་རྒྱུ་ལས་སྐྱེས་པ་ཡི༔ འགྲོ་བ་རྨི་ལམ་ལྟ་བུ་སྟེ༔ དག་པའི་སྐུ་དང་ཞིང་ཁམས་ཀྱང༔ ཡེ་ཤེས་སྒྱུ་མའི་གཟུགས་བརྙན་ཙམ༔ ཐམས་ཅད་རང་རིག་གཅིག་པུ་སྟེ༔ འདི་ནི་འཁོར་འདས་ཀུན་གྱི་སྲོག༔ བརྟན་དང་གཡོ་བར་སྣང་བའི་གཞི༔ དག་དང་མ་དག་སྣ་ཚོགས་པ༔ ཉམས་དགའ་སེམས་ཀྱི་ཆོ་འཕྲུལ་ཡིན༔ སེམས་ཉིད་གསལ་ལ་མ་འགགས་པ༔ ཐབས་མཆོག་རང་བྱུང་འཕགས་པ་ཡབ༔ ངོ་བོ་ཅིར་ཡང་མ་གྲུབ་པ༔ ཤེས་རབ་སྟོང་ཉིད་གསང་ཡེ་ཡུམ༔ གཉིས་མེད་མཉམ་པའི་རིག་རྩལ་ལས༔ དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྦྲུལ་མདུད་བཞིན་དུ་རང་གྲོལ་བ༔ རིགས་ལྔའི་རྒྱལ་བ་རྒྱ་མཚོ་སྟེ༔ སེམས་ཉིད་དབང་བསྒྱུར་རིགས་ཀྱི་བདག༔ གསལ་ལ་ངར་ལྡན་རྟ་མཆོག་དཔལ༔ སྟོང་ལ་གོ་འབྱེད་སྒྱུ་མའི་འཕྲུལ༔ འབྱུང་ཕུང་མཐའ་བཞིའི་རྟོག་ཚོགས་ཀུན༔ རང་གྲོལ་རིགས་ཀྱི་མཁའ་འགྲོ་ཡིན༔ སྙོམས་འཇུག་བདེ་བ་གོང་བུའི་གཟུགས༔ ལུས་ནི་གཞལ་མེད་ཁང་ཆེན་ཏེ༔ སྐྲ་དང་བ་སྤུ་ལ་སོགས་པ༔ དེ་ཡི་ཆོས་ཀུན་ཕོ་བྲང་རྒྱན༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ དཀྱིལ་འཁོར་ཆེན་པོ་གདོད་ནས་གྲུབ༔ ཚོགས་དྲུག་རྟོག་པ་རང་གྲོལ་བ༔ མཆོད་བསྟོད་རྒྱན་གྱི་འཁོར་ལོར་ཤར༔ སྣང་བ་སྟོང་གཟུགས་གཉུག་མའི་ལྷ༔ སྒྲ་སྐད་གྲགས་སྟོང་སྐྱེ་མེད་སྔགས༔ རང་བྱུང་དོན་གྱི་ཡེ་ཤེས་ལས༔ ནམ་ཡང་མི་འདའ་ཕྱག་རྒྱ་ཆེ༔ ཞེས་གསུངས་པའི་དོན་ལ་ངེས་ཤེས་བསྐྱེད་ཅིང་དགོངས་པ་མི་འགྱུར་བའི་གཟེར་གདབ༔ ཐུན་མཇུག་ཏུ་ཕྱི་ནང་གི་ལྷ་སྐུ་འོད་གསལ་དུ་བསྡུ་བ་སོགས་བྱ༔ ཐུན་མཚམས་ཐམས་ཅད་དུའང་གཉུག་མ་བཅོས་མིན་གྱི་ལྷ་སྔགས་རིག་པའི་རྒྱུན་བསྐྱང༔ དེ་ལྟར་བརྩོན་པས་དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བའི་ལྷག་མཐོང་རྒྱུད་ལ་སྐྱེ་བ་ཡིན་ནོ༔ དེ་ལྟར་གྱི་ཉམས་ལེན་ཁྱད་པར་ཅན་འདིའི་ཕྱི་ནང་གི་སྒྲུབ་པ་ནི་བུམ་དབང་གི་ལམ་དང༔ གསང་བ་དང་ཡང་གསང་གི་དབང་གོང་མའི་ཡེ་ཤེས་བསྐྱང་བའང་ཡིན་པས་མཆོག་ཏུ་ཟབ་པའི་མཐར་ཐུག་པར་ཤེས་པར་བྱས་ནས་ཉམས་སུ་བླང་བ་ལ་བརྩོན་པར་བྱའོ༔ གཉིས་པ་གསང་དབང་གི་ཡེ་ཤེས་བསྐྱང་བ་ལ་གཉིས་ཏེ༔ རྩ་བ་དང༔ ཡན་ལག་གོ༔ དང་པོ་ནི༔ ཕྱི་ནང་གི་བསྐྱེད་པས་ལུས་སྦྱང༔ གསང་བའི་སྒྲུབ་པས་རྩ་དང་རླུང་ལམ་འབྱོངས་པ་ན༔ རླུང་བུམ་ཅན་གྱི་སྦྱོར་བས་གཞི་བཅའ་བར་བྱ་སྟེ༔ གནས་ཤིན་ཏུ་དབེན་པར་ཁམས་སྙོམས་པར་བྱས་ལ༔ ལུས་གནད་རྣམ་སྣང་ཆོས་བདུན་གྱིས་ཆུན་བཙལ༔ སྣ་བུག་གཉིས་ནས་རླུང་དལ་ལ་རིང་བ་བསལ་པས་འབྱུང་བའི་རླུང་དུག་དབྱུང༔ རྩ་གསུམ་འཁོར་ལོ་བཞི་ལྷག་པར་གསལ་བས༔ འོག་རླུང་གྱེན་དུ་འཐེན༔ སྟེང་རླུང་རྫོགས་པར་དྲང༔ འོག་རླུང་ལྷག་མེད་དུ་དྲངས་པ་ལྟེ་བའི་རྩ་གསུམ་འདུས་མདོར་བསྐྱིལ་ཏེ༔ བུམ་པ་ལྟར་དགང༔ མི་ཐུབ་ན་གཞིལ༔ དེས་ཀྱང་མི་བདེ་ན་མདའ་འཕང་བ་ལྟར་བྱ༔ དེ་ལྟ་བུའི་རིམ་པས་ཉིན་ཞག་རེ་ལ་ཐུན་ཆེན་བཞི༔ ཐུན་ཆེན་རེ་ལ་ཐུན་ཕྲན་བཅུ་དྲུག༔ ཐུན་ཕྲན་རེ་རེ་ལ་བུམ་པ་ཅན་བཅུ་གཉིས་ཀྱིས་མཚོན་ཏེ་ཉམས་སུ་བླང༔ རྩོལ་བ་རྒྱུན་མི་འཆད་པའི་བྱ་བ་རྫོགས་པའི་སྐད་ཅིག་མ་བརྒྱ་རྩ་བརྒྱད་ཀྱི་བར་རླུང་བདེ་བར་ཁེགས་པ་ལ་བསླབ་བོ༔ དེ་ནས་གཏུམ་མོའི་མེ་སྦར་བ་ནི༔ རྩ་གསུམ་གྱི་འདུས་མདོར་ཡུམ་གསང་བ་ཡེ་ཤེས་ཀྱི་ངོ་བོ་ཙཎྜ་ལཱི་ཐིག་ལེ་དམར་པོ་མ་ཡིག་གིས་མཚན་པ་གསལ་བཏབ་ལ༔ རླུང་སྦྱོར་གྱིས་བསྐུལ་བས་མེ་སྟག་དམར་ཕྲོམ་ཕྲོམ་འཕྲོ་བར་བསམ༔ རླུང་རིག་གཅིག་ཏུ་དྲིལ༔ དེ་ནས་མེ་ཅུང་ཟད་འབར་བ་དང༔ ཆེར་འབར་བ་དང༔ དེས་ལྟེ་འོག་གི་རྩ་སྦུབས༔ ལྟོ་བའི་རྩ་འཁོར་ནས་བརྩམ་སྤྱི་བོའི་བར་རིམ་བཞིན་དུ་ཁེངས༔ དེ་ལས་ཆེར་མཆེད་དེ་རྩ་གསུམ་འཁོར་ལོ་བཅས་ལྕགས་གོང་མེར་བསྲེགས་པ་ལྟར་དམར་ལམ་མེར་གྱུར༔ དེ་ལས་མེ་སྟག་དམར་ཕྲོམ་ཕྲོམ་དང་བཅས་མེ་ལྕེ་རིམ་པར་མཆེད་པས་ལུས་ཀྱི་རྩ་ཐམས་ཅད་གང༔ མཐར་ལུས་ནང་མཐའ་དག་ཁྱབ༔ དབང་པོ་བ་སྤུའི་སྒོ་ཚུན་ནས་མེ་ལྕེ་དམར་ཉུག་ཉུག་བྱུང༔ ལུས་ཀྱི་ཕྱི་ནང་ཐམས་ཅད་དང༔ རིམ་པར་ཕྱི་རོལ་གྱི་ཐོ་ཕྱི་ནས་བརྩམ་སྣང་སྲིད་ཐམས་ཅད་གཏུམ་མོའི་མེ་བདེ་བའི་རང་བཞིན་གྱིས་ཁེངས་པར་བསམ་ལ་རླུང་སྦྱོར་དྲག་ཏུ་གཅུན༔ ལུས་ཐབ་མགལ་གྱི་ཕྱག་རྒྱ་བཅའ༔ ལྟོ་བ་སྒལ་པ་ལ་བརྡབ༔ རྐང་པའི་སོར་མོ་རྣམས་བསྐུམ༔ ཡན་ལག་ཐམས་ཅད་ལ་འཕུར་བཤུད་བྱ༔ སྐབས་སུ་རླུང་རོ་དྲག་ཏུ་བསལ་ཞིང་ཧ་སྤྲུགས་དང་བརྡབ་ཆུང་བྱ༔ དེ་ལྟ་བུའི་སྒོ་ནས་དྲོད་རྩོལ་མེད་དུ་མ་སྐྱེས་བར་བསླབ་བོ༔ དེ་ནས་ཞུ་བདེའི་ཡེ་ཤེས་བསྒྲུབ་པ་ནི༔ སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཡབ་ཐུགས་རྗེ་ཆེན་པོའི་ངོ་བོ་མ་ཧཱ་སུ་ཁའི་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་ཧྲཱིཿདམར་པོས་མཚན་པར་གསལ་བཏབ་ལ༔ མེ་དམིགས་དང་རླུང་སྦྱོར་གོང་བཞིན་གྱིས་བསྐུལ་བས༔ མེ་ལྕེ་གློག་གི་ཚ་ཟེར་ལྟ་བུ་ཞིག་དམར་ཁྱུག་གིས་དབུ་མའི་ལམ་ནས་ཐ་ལེར་སོང༔ སྤྱི་བོའི་ཐིག་ལེ་ཧྲཱིཿདང་བཅས་པ་ལ་རེག་པ་ཙམ་གྱིས་བུད་མེད་མཛེས་མ་གཞོན་ནུས་ཆགས་ལྡན་གྱི་སྐྱེས་བུ་དར་མར་འཁྱུད་པ་བཞིན་བདེ་ཁྲིལ་གྱིས་བྱུང་བའི་རྐྱེན་ལས་ཐིག་ལེ་ལས་དྭངས་མ་བ་དག་ལྟར་ནར་གྱིས་བབས༔ མེ་ལྕེ་མར་མནན་ནས་འབྲོས་འདེད་ཀྱི་ཚུལ་གྱིས་ལྟེ་བའི་བར་བྱུང༔ སླར་ཡང་མེ་ཆེར་འབར༔ ཐིག་ལེ་གྱེན་དུ་ལྡོག༔ སྤྱི་བོར་སླེབ་པ་དང་ཐིག་ལེའི་རྒྱུན་སྔར་ལས་ཆེ་བ་བབས་པས་འཁོར་ལོ་བཞིའི་གནས་མེར་གྱིས་ཁེངས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱངས་པར་བསམ༔ རླུང་སྦྱོར་དང་བཅས་བདེ་བའི་ངང་དུ་གཉུག་མའི་རྒྱུན་བསྐྱང༔ དེ་ལས་བདེ་སྟོང་གི་ཉམས་རྩོལ་མེད་དུ་སྐྱེས་པ་བོགས་འདོན་པའི་ཕྱིར་རྩ་གསུམ་འཁོར་ལོ་ལྔ་རྩ་དཀྱིལ་གྱི་ལྷ་དང་བཅས་པ་གསལ་བཏབ་ལ་འབར་འཛག་གི་བདེ་བས་མཉེས་པར་བྱ༔ དེས་བདེ་བ་བརྟན་ཅིང་གཞན་ལུས་ལ་དབང་ཐོབ་པར་འགྱུར་རོ༔ གཉིས་པ་ཡན་ལག་ལ་ལྔ་ལས༔ དང་པོ་ཉིན་སྣང་སྒྱུ་མར་བསྲེ་བ་ནི༔ ཐུན་མཚམས་ཐམས་ཅད་དུ་གང་སྣང་གཏུམ་མོའི་འབར་འཛག་གི་ཞུ་བདེ་དང་རོ་གཅིག་པའི་ལྷ་སྐུ་ཆུ་ཟླ་ལྟ་བུ་ལ་སེམས་འཛིན་ཅིང༔ བདེན་མེད་དུ་བུན་ནེར་བཞག༔ གཉིས་པ་མཚན་སྣང་སྒྱུ་མར་བསྲེ་བ་ནི༔ ཉིན་སྣང་དང་རྨི་ལམ་བསྲེ༔ གཉིད་དུས་འཁོར་ལོའི་ལྷ་རྣམས་བསྡུས་ཏེ་མགྲིན་པའི་པདྨ་སྤྱན་རས་གཟིགས་ཡབ་ཡུམ་ལ་ཐིམ༔ དེ་གཉིས་སྙོམས་པར་ཞུགས་པས་བདེ་རླུང་སེམས་གསུམ་རོ་གཅིག་པའི་ཐིག་ལེ་དམར་པོ་འོད་འབར་བར་མོས༔ འདི་རྨི་ལམ་ཡིན་འདུག་སྙམ་དུ་བསམ༔ དེ་ལ་སེམས་གཏད་དེ་བར་རླུང་གི་ངང་གཉིད་ལོག་པས་རྨི་ལམ་ངོ་ཤེས་པ་འབྱུང༔ དེའི་ཚེ་ཞུ་བདེའི་ལྷ་སྐུ་སྒྱུ་མ་ལྟ་བུར་སྦྱངས་ཏེ་ཉམས་སུ་བླངས་པ་ལ་བརྟེན་ནས་སྤྲུལ་བསྒྱུར་ཞིང་ཁམས་ལྟ་བ་སོགས་འགྲུབ་པ་ཡིན་ནོ༔ གསུམ་པ་གཉིད་འོད་གསལ་དང་བསྲེ་བ་ནི༔ ཉིན་པར་སྒྱུ་མའི་ལྷ་སྐུ་སྟོང་ཉིད་དུ་སྦྱངས་པའི་སྟོང་ཆམ་མེ་བའི་ངང་དུ་བཞག༔ གཉིད་དུས་འཁོར་ལོ་ལྔའི་ལྷ་རྣམས་་སྙིང་གའི་་ཐུགས་རྡོ་རྗེ་སྤྱན་རས་གཟིགས་ཡབ་ཡུམ་ལ་བསྡུ༔ ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཐིག་ལེ་སྔོན་པོ་གསལ་བ་སྟོང་པ་ཤིན་ཏུ་ཕྲ་བ་ལ་རླུང་སེམས་བསྡུས་ཏེ་འཆིང་ཞིང་འཛིན་མེད་དུ་བཞག་པས༔ གཉིད་ཀྱི་ཐིམ་རིམ་ལ་བརྟེན་ནས་གཉུག་མ་འོད་གསལ་གྱི་ངང་བསྐྱང་ཆོག་པ་འབྱུང་ངོ༔ བཞི་པ་འདའ་ཀ་མ་དབྱིངས་རིག་དང་བསྲེ་བ་ནི༔ རང་ལུས་ཀྱི་དབུས་སུ་དྷཱུ་ཏི་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་མར་སྣ་ལྟེ་བར་ཕུག་རྡུག་གིས་ཟླུམ་པ༔ ཡས་སྣེ་ཚངས་བུག་གི་སྐར་ཁུང་དུ་ཐ་ལེར་སོང་བའི་སྟེང་གི་རྒྱབ་ཏུ་པད་ཉི་ཟླ་བའི་གདན་ལ་བླ་མ་རིགས་བདག་འོད་དཔག་མེད་དགྱེས་བཞིན་བཞུགས་པར་བསམ༔ སྙིང་གར་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཧྲཱིཿདམར་པོ་མར་མེ་ལྟར་འབར་བ་ལ་སེམས་གཏད༔ རླུང་སེམས་འདུ་བའི་ཉམས་སྐྱེས་པ་ན༔ སྤྱི་བོའི་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས་ཐུགས་ཀ་ནས་འོད་ཟེར་གྱི་ལྕགས་ཀྱུ་དབུ་མའི་ལམ་ནས་ནར་གྱིས་བྱུང༔ ཧྲཱིཿའི་གི་གུ་ལ་འཁྱུད་དེ་འཐེན་པས་གྱེན་དུ་འཕར༔ ཧིཀ་ཅེས་དྲག་པོའི་སྒྲས་བསྐུལ་བས་སྐར་མདའ་འཕང་བ་བཞིན་བླ་མའི་ཐུགས་ཀར་ཐིམ༔ བླ་མ་འོད་དཔག་མེད་ཀྱི་ཐུགས་ཆོས་སྐུའི་དབྱིངས་སྟོང་པ་དང༔ རང་གི་རླུང་རིག་གསལ་བའི་ཆ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འདྲེས་པར་བསམ་ལ༔ རླུང་གྱེན་དུ་འཕུལ༔ ལྟག་པ་དགྱེ༔ མིག་ལྡོག་སྟེ་དབྱིངས་རིག་དབྱེར་མེད་ཀྱི་ངང་བསྐྱང༔ ཡང་ཀ་ཞེས་བརྗོད་ཅིང་སྟེང་རླུང་མནན༔ འོག་རླུང་ཀློད་པས་ཧྲཱིཿཡིག་མར་བྱུང༔ སྙིང་གར་ལྕི་ཐིང་གིས་གནས་པར་བསྒོམ༔ དེ་ལྟ་བུ་ཐུན་རེར་བརྒྱ་རྩ་སོགས་སྦྱང༔ ཐུན་མཇུག་ཏུ་ཧྲཱིཿཡིག་མར་བབས་པའི་རྗེས༔ བླ་མ་འཆི་མེད་ཀྱི་བདུད་རྩིར་ཞུ་བ་སྙིང་གའི་ཧྲཱིཿལ་ཐིམ་པས་རྡོ་རྗེ་ལྟ་བུའི་སྲོག་འགྲུབ༔ ཚངས་བུག་འོད་ཀྱི་དྲྭ་བས་སྲ་ཞིང་འཐས་པའི་ཚུལ་དུ་བཀག་པར་བསམ༔ སྤྱི་བོ་ཚ་བ༔ འཁྱུག་པ༔ ཆུ་སེར་ཟིལ་པ་འབྱུང་བ་སོགས་རྟགས་ཐོན་པར་སྦྱང༔ རྒྱུན་དུ་མ་བརྗེད་པར་བྱ༔ ནམ་འཆི་འཕོ་བའི་ཚེ་རླུང་སེམས་བླ་མའི་ཐུགས་ཀར་ཐིམ་རྗེས༔ བླ་མ་འཇའ་འོད་ཀྱི་ལམ་ལས་བདེ་བ་ཅན་དུ་གཤེགས༔ ཞིང་གི་གཙོ་བོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པར་བསམ་ལ༔ དབྱིངས་རིག་སྟོང་གསལ་འདུས་མ་བྱས་པའི་ངང་བསྐྱངས་པས་བར་དོ་མེད་པར་དག་པའི་ཞིང་ཁམས་སུ་དབུགས་འབྱིན་པར་འགྱུར་རོ༔ ལྔ་པ་བར་དོ་སྐུ་གསུམ་དང་བསྲེ་བ་ནི༔ ད་ལྟར་གྱི་རང་ལུས་སྣང་བ་དང་བཅས་ཐམས་ཅད་བར་དོའི་གནས་སྐབས་ཡིན་སྙམ་པའི་འདུན་པ་བསྐྱེད༔ ཡིད་འགྱུར་བའི་ཉམས་སྐྱེས་པ་ན་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྟོང་ཉིད་དུ་སྦྱངས་ཏེ་རིག་སྟོང་རྗེན་པའི་ངང་དུ་ཆམ་མེར་བཞག༔ འཆི་སྲིད་དག་པ་ཆོས་སྐུའོ་སྙམ་པའི་ངེས་ཤེས་བསྐྱེད༔ དེ་ལས་ལྡང་བ་ན་ཞུ་བདེ་དང་རོ་གཅིག་པའི་ལྷ་སྐུར་ལམ་གྱིས་གསལ༔ བར་སྲིད་དག་པ་ལོངས་སྐུའོ་སྙམ་པའི་ང་རྒྱལ་བཟུང༔ དེའི་ངང་ལས་བརྟན་གཡོ་སྣོད་བཅུད་ཀྱི་སྣང་བ་གང་ཤར་ནའང་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་རྦད་ཀྱིས་བཅད་ལ་རང་བཞིན་སྤྲུལ་པའི་ཞིང་ཁམས་ཆེན་པོར་དག་སྣང་བསྐྱེད༔ སྐྱེ་སྲིད་དག་པ་སྤྲུལ་སྐུའོ་སྙམ་དུ་རྩལ་སྦྱང༔ དེ་ལྟར་ཡང་དང་ཡང་དུ་གོམས་པས་རྨི་ལམ་དུའང་རང་ཤར་ན་བར་དོར་ཡང་དྲན་པས་ཟིན་ནས་གྲོལ་བ་ཐོབ་པར་འགྱུར་རོ༔ གང་ཡང་གཏུམ་མོའི་ཞུ་བདེ་ལ་བརྟེན་ནས་སྣང་བ་བདེ་བར་འཆར་ཞིང་མི་རྟོག་པའི་ཏིང་ངེ་འཛིན་ཤུགས་ཀྱིས་དྲང་ནུས་པ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་ཕན་ཡོན་ནི་དྲོད་ཐོབ་ཅིང་མཆེད་པས་དཔེའི་ཡེ་ཤེས་འཆར་བ་ལ་ཚེགས་མེད་པ་ཡིན་ནོ༔ གསུམ་པ་ཤེར་དབང་གི་ཡེ་ཤེས་བསྐྱང་བ་ནི༔ རྩ་ཁམས་བདེ་བས་ཁྱབ་པ་ཉིད་འཛག་མེད་དུ་བཟུང་བ་དང༔ གྱེན་དུ་འདྲོངས་པ་དང༔ གནས་སུ་དགྲམ་པ་ལྷག་པར་གོམས་པས་འཛིན་འདྲེན་ལ་དབང་ཐོབ་པས་གཞན་ལུས་ལ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་འཇུག་པར་བྱ་སྟེ༔ དང་པོ་བསྙེན་པ་ནི༔ ཕྱག་རྒྱའི་མཚན་ཉིད་བརྟག་པ་དང༔ དགུག་པ་དང༔ མི་སྣང་བར་སྦ་བ་དང༔ རྒྱུད་སྦྱང་བ་རྣམས་ཚུལ་བཞིན་དུ་བྱའོ༔ གཉིས་པ་ཉེ་བསྙེན་ནི༔ རང་དང་རིག་མ་དྲོད་ཐོབ་པས་ཕན་ཚུན་ཤིན་ཏུ་དབེན་པར་འབོལ་བའི་གདན་ལ་འཁོད༔ བཅུད་སྐྱེད་པའི་ཟས་ཀྱིས་ཁམས་གསོ༔ གཟུགས་ལ་ལྟ་བ་སོགས་འདོད་པའི་ཡོན་ཏན་སྒྱུ་མ་ལྟ་བུ་ལ་བསླབས་པས་བདེ་བ་སྤེལ་ལོ༔ གསུམ་པ་ཡས་བབས་སྒྲུབ་པ་ནི༔ རང་དང་རིག་མ་རྒྱལ་བ་རྒྱ་མཚོ་ལྷན་ཅིག་སྐྱེས་པ་ཡབ་ཡུམ་གྱི་གསལ་སྣང་བརྟན་པོ་ཞུ་བདེ་དང་དབྱེར་མེད་པའི་ང་རྒྱལ་བཟུང༔ མཁའ་གསང་རྡོ་རྗེ་དང་པདྨར་བསྒོམ་ཞིང་གནས་གསུམ་འབྲུ་གསུམ་གྱི་རྒྱས་གདབ༔ མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བདེ་ཆེན་ཡེ་ཤེས་སྒྱུ་མའི་སྐུ་མངོན་དུ་བྱ་བའི་འདུ་ཤེས་བསྐྱེད་དེ༔ རྡོ་རྗེ་པདྨར་དལ་བུས་བཅུག་སྟེ་ཅུང་ཟད་གསོར༔ བདེ་བ་གཡོས་པ་ན་སེམས་བཟུང༔ བདེ་བ་ཡལ་ན་བསྐྱོད་པ་དང་གསོར་བའི་སྦྱོར་བས་དབབ༔ གསང་བའི་རྩ་བཙལ་ལ་ནོར་བུའི་བུ་གར་བཅུག་སྟེ་རྩ་ཁ་སྦྱར༔ གསང་བའི་རླུང་དྲངས་ཏེ་རླུང་ཁ་སྦྱར༔ ཐིག་ལེ་དཀར་དམར་གསང་རྩེར་རེག་ལ་མ་འདྲེས་པར་ཁ་སྦྱར་ཏེ་ཟག་མེད་ཀྱི་བདེ་བ་ཡུན་དུ་བསྐྱང་ངོ༔ བཞི་པ་མས་བརྟན་སྒྲུབ་པ་ཆེན་པོ་ནི༔ དེ་ནས་གསང་རླུང་གྱེན་དུ་དྲང༔ རྒྱ་མཚོ་རི་རབ་ལ་སྦྱར༔ རོ་འཛིན་དང་དབང་པོའི་མཆོག་སྟེང་དུ་ལྡོག༔ སྟོང་འདྲེན་དང་ཧ་རིང་ཧ་ཐུང་གི་སྦྱོར་བས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་སྐད་ཅིག་གིས་གྱེན་དུ་ལྡོག་སྟེ་དྭངས་མའི་དྭངས་མ་སྤྱི་བོའི་ཐིག་ལེ་ལ་བསྟིམ༔ གཞན་གནས་སུ་ཁྱབ་པར་དགྲམ༔ བདེ་བའི་ངོ་བོ་རང་རིག་པ་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟ་བུའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག༔ དེ་ལས་ལངས་པ་ན་སྒྱུ་མ་ལྟ་བུའི་སྐུ་དང༔ གསུང་དང༔ ཐུགས་རྣམ་པ་ཐམས་ཅད་པས་ཅིར་སྣང་བདེ་བ༔ དེ་སྟོང་པ༔ དེ་གཉིས་ཟུང་དུ་ཆུད་པའི་སྤྱོད་པ་བསྐྱང་བར་བྱའོ༔ དེ་ལྟ་བུའི་བདེ་བས་སྟོང་པ་འདྲེན་ནུས་ཤིང༔ དེ་གཉིས་ཟུང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༔ འཇིག་རྟེན་པའི་ཡེ་ཤེས་ཀྱི་མཆོག་ལ་དབང་འབྱོར་པ་ནི་འབྱོངས་པའི་ཚད་དོ༔ སྦྱངས་པའི་དགོས་པ་ནི་དེ་ཁོ་ནས་བར་མ་ཆད་པར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་སུམ་དུ་འདྲེན་ནུས་པ་ཡིན་ནོ༔ བཞི་པ་ཚིག་དབང་གི་ཡེ་ཤེས་བསྐྱང་པ་ནི༔ རིམ་གྱིས་པ་རྣམས་ཇི་སྐད་བཤད་པའི་ལམ་སྔ་མ་གསུམ་ལ་བརྟན་པ་ཐོབ་ནས༔ དཔེ་ཡི་ཡེ་ཤེས་དོན་གྱི་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པར་བྱ་བ་ཡིན་ལ༔ གཅིག་ཅར་བའི་རིགས་ཅན་རྣམས་ནི་བླ་མའི་བྱིན་རླབས་འབའ་ཞིག་ལ་བརྟེན་ནས་གཉུག་མ་ཅར་ཕོག་ཏུ་ངོ་འཕྲོད་པར་འགྱུར་རོ༔ དེའང་ལྟ་སྒོམ་འབྲས་བུ་ཉམས་ལེན་བཞིའི་རིམ་པས་གཏན་ལ་དབབ་པ་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་ལྟར་བསྐྱང་བར་བྱའོ༔ གསུམ་པ་རྗེས་ཡེ་ཤེས་གོང་འཕེལ་དུ་བྱ་བ་ནི༔ ཀུན་བཟང་གསང་དང་མངོན་སྤྱོད་པས༔ དབང་བཞིའི་ཡེ་ཤེས་གོང་འཕེལ་བྱ༔ ཞེས་པས་དང་པོ་བུམ་དབང་དང་གསང་དབང་གི་ཡེ་ཤེས་བསྐྱང་བའི་དུས་སུ་ཀུན་ཏུ་བཟང་པོའི་སྤྱོད་པ་རྣམ་པར་དག་པ་ལྔ་ལ་བསླབ་པར་བྱ་སྟེ༔ གནས་རྣམ་པར་དག་པ་འདུ་འཛི་ལས་རིང་དུ་བརྒལ་པའི་རི་ཁྲོད༔ གངས་ཁྲོད༔ ནགས་ཚལ༔ བས་མཐའ་སོགས་ཡིད་དང་མཐུན་པར་སྒྲུབ་པའི་ས་རྡེའུ་འཛུགས༔ གྲོགས་རྣམ་པར་དག་པ་ཚངས་པ་མཚུངས་པར་སྤྱོད་པའམ་དམ་ཚིག་གཙང་བ་རེ་གཉིས་ཙམ་དང་འགྲོགས༔ འཚོ་བ་རྣམ་པར་དག་པ་ལོག་པའི་འཚོ་བ་སྲོག་ལ་བབ་ཀྱང་སྤང་ཞིང༔ ཟས་གོས་གནས་མལ་ཡོ་བྱད་ཐམས་ཅད་ཁ་ན་མ་ཐོ་བ་མེད་པས་མཐའ་གཉིས་སུ་མ་ལྷུང་ཙམ་བསྟེན༔ ལྟ་བ་རྣམ་པར་དག་པ་བདེན་པ་གཉིས་དབྱེར་མེད་པའི་དོན་ལ་བློ་སྦྱང༔ སྤྱོད་པ་རྣམ་པར་དག་པ་ཕྱི་སོ་ཐར༔ ནང་བྱང་སེམས༔ གསང་བ་སྔགས་ཀྱི་སྡོམ་པ་མ་ཉམས་པར་བསྲུང་ཞིང་རྣལ་འབྱོར་གྱི་རང་ས་བཟུང༔ དེ་ལྟ་བུའི་སྒོ་ནས་བསྐྱེད་རྫོགས་ཀྱི་ལམ་འདི་ཁོ་ན་ལ་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ལོའམ་ཟླ་བ་རེས་ཀྱང་ཡེ་ཤེས་གོང་དུ་འཕེལ་ཞིང་དྲོད་ཐོབ་པར་འགྱུར་རོ༔ གཉིས་པ་ཤེར་དབང་གི་ཡེ་ཤེས་བསྐྱང་བའི་དུས་སུ་གསང་བ་རིག་མའི་སྤྱོད་པ་ལ་བསླབ་པར་བྱ་སྟེ༔ གནས་རྣམ་པར་དག་པ་དུར་ཁྲོད་དང༔ རྒྱ་མཚོའི་དོ་སོགས་ཐ་མལ་གྱི་སྐྱེ་བོས་མཐོང་ཚོར་མེད་པར་ས་བཟུང༔ གྲོགས་རྣམ་པར་དག་པ་མཚན་ཉིད་དང་ལྡན་ཅིང་རྒྱུད་སྨིན་ཅིང་གྲོལ་བའི་རིག་མ་དང་འགྲོགས༔ འཚོ་བ་རྣམ་པར་དག་པ་ཁ་ཟས་དང་བཅུད་ལེན་བསྟེན༔ ལྟ་བ་རྣམ་པར་དག་པ་ཞུ་བདེ་འགྱུར་མེད་ལས་སྐྱེས་པའི་ཡེ་ཤེས་ཀྱིས་ཐ་མལ་གྱི་འཛག་བདེ་རྒྱུན་བཅད༔ སྤྱོད་པ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་་་སྨོན་འཇུག་དོན་དམ་་་གསུམ་དང་འདུ་ཤེས་གསུམ་ལས་སྐད་ཅིག་ཀྱང་མི་གཡེལ་བས་དགའ་བཞི་བསྒྲུབ༔ དེ་ལྟར་ཤིན་ཏུ་གསང་ཞིང་སྦྱངས་པས་རིང་པོར་མི་ཐོགས་པར་འགྱུར་མེད་ཀྱི་བདེ་བའི་ཡེ་ཤེས་འཕེལ་བས་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ༔ གསུམ་པ་ཚིག་དབང་གི་ཡེ་ཤེས་ལ་བསླབ་པའི་དུས་སུ༔ སློབ་པའི་ཟུང་འཇུག་མངོན་དུ་ཕྱོགས་པའི་རྣལ་འབྱོར་པས་གནས་རྣམ་པར་དག་པ་འདུ་བ་དང་ཉེ་བའི་འདུ་བ་ལ་སོགས་པ་ཧེ་རུ་ཀའི་གནས་ཡུལ་ངེས་མེད་དུ་རྒྱུ༔ གྲོགས་རྣམ་པར་དག་པ་ཞིང་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་སྤྱོད་ཡུལ་མཉམ་པར་བརྡལ༔ འཚོ་བ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་ལ་ལོངས་སྤྱོད༔ ལྟ་བ་རྣམ་པར་དག་པ་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པས་ཤེས་བྱའི་སྒྲིབ་པ་ཟིལ་གྱིས་མནན༔ སྤྱོད་པ་རྣམ་པར་དག་པ་བླང་དོར་རོ་སྙོམས་པའི་བརྟུལ་ཞུགས་ཀྱིས་འཇིགས་པ་དང་བག་ཚ་བ་མེད་པ་སེང་གེ་གངས་ཀྱི་ལྟོངས་ནས་རྒྱུ་བ་ལྟར་སྤྱད་དོ༔ དེས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གོང་ནས་གོང་དུ་འཕེལ་ཏེ་རིང་པོར་མི་ཐོགས་པར་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་ལ་སྦྱོར་བར་འགྱུར་རོ༔ འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ལས༔ དབང་བསྐུར་བ་གདམས་ངག་དང་བཅས་པའི་རིམ་པ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟ་བུའི་གདམས་པ་ཟབ་མོ་འཕྲད་པས་ཆོག་པའི་ལམ༔ ཐོབ་པས་ཆོག་པའི་རྩི༔ འདི་ཁོ་ནས་ཚེ་གཅིག་ལུས་གཅིག་གིས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པས་ན༔ གདམས་པ་གཞན་ལ་ལྟོས་མི་དགོས་པར་བློ་བདེ་ཐག་ཆོད་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་མངོན་སུམ་ཡི་གེའི་གཟུགས་སུ་སྣང་བ༔ འོད་གསལ་ཐིག་ལེ་ཆེན་པོའི་ཡང་ཞུན་གསེར་འགྱུར་གྱི་རྩི་ལྟ་བུའི་སྙིང་པོ་འདི་ཉིད༔ དཔལ་གྱི་བསམས་ཡས་མཆིམས་ཕུ་བྲེ་གུའི་དགེའུ་ཕུག་ཏུ༔ གནུབས་ཀྱི་སྔགས་འཆང་ཆེན་པོ་དང་ཁོ་མོ་མཚོ་རྒྱལ་ལ་ཐུགས་ཀྱི་དགོངས་ཉམས་མཐིལ་ཕྱིན་པ་བཀའ་བསྩལ་པའི་སྐབས༔ སྤྲུལ་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སྣང་བར་མཛད་ནས་དབང་བསྐུར་བ་དང་གདམས་ངག་ཐམས་ཅད་ཆོས་ཉིད་རྡོ་རྗེའི་རང་སྒྲས་ཆིག་རྫོགས་སུ་མཛད་པས་ཡེ་ཤེས་མངོན་དུ་གྱུར་པའི་དངོས་གྲུབ་ཐོབ༔ ཁོ་མོས་མི་བརྗེད་པའི་གཟུངས་སུ་བཟུང་སྟེ་མཁའ་འགྲོའི་སྤྲུལ་པའི་ཡི་གེར་བཀོད༔ སླར་ཡང་མ་འོངས་པའི་དུས་ལ་དགོངས་ཏེ་དཔལ་ལྷའི་སྲས་པོ་མཆོག་གྲུབ་རྒྱལ་པོ་ལའང་སྨོན་ལམ་གཏད་རྒྱས་རྗེས་སུ་བཟུང་སྟེ་གུ་རུ་ཆེན་པོ་ཉིད་དགྱེས་བཞིན་དུ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ རང་བྱུང་འཆི་མེད་པདྨ་འབྱུང་གནས་ང༔ ཆོས་སྐུ་ཀུན་བཟང་འོད་མི་འགྱུར་བ་དང༔ ལོངས་སྐུ་རྒྱལ་བ་རྒྱ་མཚོར་དབྱེར་མེད་ཀྱང༔ སྤྲུལ་པས་འཛམ་གླིང་ཐབས་ཀྱིས་འདུལ་བའི་ཕྱིར༔ དྷ་ན་ཀོ་ཥར་པདྨའི་སྦུབས་སུ་འོངས༔ ཨོ་རྒྱན་ཡུལ་དུ་བརྟུལ་ཞུགས་སྤྱོད་པ་སྤྱད༔ རྒྱ་གར་ཤར་ནུབ་དབུས་འགྱུར་མ་ག་དྷཱར༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བསྒྲེངས་པར་བྱས༔ ལྷོ་ཕྱོགས་འཆི་བ་མཐར་བྱེད་བྲག་ཕུག་ཏུ༔ བདེ་ཆེན་མཆོག་གི་ཡེ་ཤེས་བསྒྲུབ་པའི་ཚེ༔ འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་དངོས་སུ་བྱོན༔ རྒྱུད་དང་གདམས་པ་བྱེ་བ་བསམ་ཡས་པའི༔ སྨིན་གྲོལ་མན་ངག་སྐད་ཅིག་ཉིད་ལ་བསྩལ༔ འགྲོ་འདུལ་རྒྱལ་ཚབ་ཆེན་པོར་མངའ་གསོལ་མཛད༔ སླར་ཡང་འཕགས་པའི་ཞིང་ཁམས་བོད་ཡུལ་འདིར༔ མངའ་བདག་རྒྱལ་པོས་གསོལ་བ་བཏབ་པ་དང༔ སྔོན་གྱི་སྨོན་ལམ་ཟབ་མོས་མཚམས་སྦྱར་ནས༔ སྟག་གི་ལོ་ལ་བསམ་ཡས་མཐིལ་དུ་སླེབ༔ གཙུག་ལག་ཁང་བཞེངས་བཀྲ་ཤིས་མེ་ཏོག་འཐོར༔ མདོ་སྔགས་ཟབ་དོན་ཆོས་ཀྱི་ཆར་པ་ཕབ༔ མཐའ་དབུས་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས༔ ཆོས་དང་རྟེན་དང་ནོར་གཏེར་དཔག་ཡས་སྦས༔ མ་འོངས་རྗེ་འབངས་སྤྲུལ་པས་སྤྱོད་པ་ཡི༔ སྨོན་ལམ་བཏབ་ཅིང་གཏེར་སྲུང་གཉེར་བྱང་གཏད༔ ཁྱད་པར་ཡི་དམ་ཐུགས་རྗེ་ཆེན་པོ་ཡི༔ རྒྱུད་ཀྱི་གཞུང་བསྒྱུར་ལུང་གི་ངེས་པ་དབྱེ༔ མན་ངག་ལག་ལེན་གནད་དུ་དྲིལ་ནས་ཀྱང༔ བྱེ་བ་ཕྲག་བརྒྱ་གདམས་པའི་སྙིང་པོ་ནི༔ ཚིག་ཉུང་དོན་ཚངས་ཉམས་སུ་བླང་བདེ་བ༔ ཐོས་པས་རང་གྲོལ་རྒྱལ་བ་རྒྱ་མཚོ་ཡི༔ དགོངས་ཉམས་དམར་ཁྲིད་གནད་ཀྱི་ཡང་ཞུན་འདིའི༔ དབང་བསྐུར་ཐོབ་ཚད་བདེ་བ་ཅན་དུ་སྐྱེ༔ རྩེ་གཅིག་ཉམས་བླངས་ཚེ་འདིར་བྱང་ཆུབ་ཐོབ༔ ཚོགས་སུ་བསྒྲུབས་དང་དམ་རྫས་མྱངས་པས་ཀྱང༔ ཐར་པའི་ས་བོན་སྐད་ཅིག་ཉིད་ལ་འདེབས༔ གང་དུ་བརྩམས་པའི་ཡུལ་ཕྱོགས་བཀྲ་ཤིས་ཤིང༔ ནད་མུག་མཚོན་འཁྲུགས་དུས་ཀྱི་རྒུད་པ་ཞི༔ གཞི་དེར་གནས་པའི་འཇག་མའི་སྲིན་བུ་ཡན༔ སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་ནས་ཀྱང༔ འཁོར་བ་མཐའ་ཅན་ཐར་པའི་ས་བོན་ཐེབས༔ དེ་ཕྱིར་སྔོན་ཆད་གཞན་དུ་མ་བསྟན་པའི༔ ཡིད་བཞིན་རིན་ཆེན་སྙིང་གི་ནོར་བུ་འདི༔ སྣོད་ལྡན་ལས་ལྡན་ཐུགས་ཀྱི་གཟུངས་མ་ལ༔ སྨིན་གྲོལ་མཐར་ཐུག་ངེས་པའི་དོན་དུ་བཤད༔ ཡལ་བར་མ་དོར་རང་རང་ཉམས་སུ་ལོངས༔ གཞན་དུ་མ་སྤེལ་མཁའ་འགྲོའི་བརྡ་ཡི་དཔེ༔ གནས་འདིའི་བྲག་སྣ་སེང་གེའི་གདོང་ལ་སྦོས༔ ནམ་ཞིག་དབུས་གཙང་ཁོལ་བུར་འཁྲུགས་པའི་ཚེ༔ གྲྭ་ཕྱིའི་ཕྱོགས་སུ་ལས་ལྡན་སྔགས་པའི་རིགས༔ བུདྡྷའི་སྤྲུལ་པ་མཚོ་རྒྱལ་སྙིང་གི་བུ༔ མེ་ཁམས་ཕག་ལོ་སྐྱེ་མཐའི་བྱང་ཆུབ་སེམས༔ དྲི་མེད་བསླབ་ལྡན་མཚན་དཔེའི་ཆ་ཤས་རྫོགས༔ ངང་རྒྱུད་རིང་ཞིང་ཐབས་མཁས་འགྲོ་བ་འདུལ༔ ཀུན་དགའི་མིང་ཅན་དེ་དང་འཕྲད་པར་འགྱུར༔ དེ་ཚེ་རྒྱ་ཆེའི་བླ་རྫོགས་ཐུགས་རྗེའི་སྐོར༔ བཤད་དང་སྒྲུབ་པས་འགྲོ་མང་ཐར་ལམ་བཀོད༔ ཁྱད་པར་གདུལ་བྱ་ཤར་གྱི་ཕྱོགས་སུ་རྒྱས༔ དཀར་པོའི་བརྒྱུད་འཛིན་བོད་ཁམས་ཀུན་ཏུ་དར༔ སྙིང་པོའི་མཆོག་འདི་རང་གིས་ཉམས་བླངས་ནས༔ སླར་ཡང་མགྲིན་པ་བཟང་པོའི་བྲེ་གུའི་སུལ༔ ཡང་གཏེར་རྒྱས་གདབ་སྨོན་ལམ་རྒྱ་ཆེར་ཐོབས༔ དེ་ནས་མ་འོངས་ཤིན་ཏུ་རྩུབ་འགྱུར་དུས༔ ཡབ་གཅིག་ཁྲི་སྲོང་ལྷ་སྲས་མཆོག་གྲུབ་རྗེ༔ ཟུང་འཇུག་རྣམ་འཕྲུལ་སྒྱུ་མའི་རང་མདངས་ཤིག༔ མདོ་ཁམས་ཤར་དུ་ལྕགས་ཁམས་འབྲུག་གི་ལོ༔ བཀའ་བབས་བདུན་ལྡན་རིག་རྩལ་ཐོད་བརྒལ་འཆང༔ བརྟུལ་ཞུགས་ཟིལ་ལྡན་དཔའ་བོ་སྟག་ཤམ་ཅན༔ ཨོ་རྒྱན་ཐུགས་སྲས་པདྨའི་མིང་ཅན་ལ༔ ཡེ་ཤེས་མཁའ་འགྲོས་གཏེར་ཀ་དངོས་སུ་སྤྲད༔ དེས་ཀྱང་རིང་དུ་གསང་ཞིང་འཆང་བའི་མཐར༔ བི་མ་མི་ཏྲ་ལྷ་སྲས་སྐུ་མཆེད་དང༔ བུདྡྷ་བཻ་རོ་ནམ་སྙིང་མཆོག་དབྱངས་དཔལ༔ བདུད་འཇོམས་ཛྙཱ་ན་མཚོ་རྒྱལ་ལྕམ་སོགས་ཀྱི༔ བྱིན་བརླབས་སྤྲུལ་པ་ཕྱོགས་མཚམས་བྱུང་བའི་ཚེ༔ རྨི་ལམ་ཚུལ་དུ་ཆོས་ཀྱི་བདག་པོ་ཡིས༔ བཀའ་གཏད་བྱིན་རླབས་སྐུལ་མ་ཐེངས་གསུམ་འོང༔ དེ་དུས་གདམས་པ་འདི་ཉིད་གཏན་ལ་ཕོབ༔ བྲམ་ཟེ་ཉེར་གཅིག་གདུང་གི་རིལ་བུ་བཅས༔ ལས་ལྡན་རྣམས་ལ་རིམ་བཞིན་སྤེལ་མཁས་གྱིས༔ མ་འོངས་དོན་ལྡན་འབྲེལ་ཚད་འགྲོ་བ་ཀུན༔ འཇིག་རྟེན་དབང་ཕྱུག་སྲས་སུ་གདོན་མི་ཟ༔ དེ་ཕྱིར་སྙིང་ལ་ཟུངས་ཤིག་ས་མ་ཡ༔ ཞེས་བཀའ་བསྩལ་པ་ལྟར་མི་འགྱུར་བའི་གནས་སུ་རྒྱས་བཏབ་ཅིང་བཀའི་སྲུང་མ་རྡོ་རྗེ་ནག་པོ་ཆེན་པོ་དང༔ གཏེར་གྱི་བྱ་ར་བ་ལས་མགོན་བྱ་རོག་གདོང་ཅན་ལ་གཉེར་དུ་གཏད་དོ༔ མ་འོངས་ལས་ལྡན་རྣམས་དང་འཕྲད་པར་ཤོག༔ འཕྲད་ནས་གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ག་གན། ྈྈྈྈྈྈྈྈྈྈྈྈ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱ་ཡོད་དོ༔ ཁཾྟ༔ གུ་ཧྱ༔ ཡང་ཟབ་རྨད་དུ་བྱུང་བའི་གདམས་པ་འདི་ཉིད། སྔོན་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་དཔལ་གྱི་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས་གནུབས་ཆེན་པོའི་རྣམ་འཕྲུལ་སྐྱེ་མཐའི་བྱང་སེམས་ཨོ་རྒྱན་དྲི་མེད་ཀུན་དགས་གདན་དྲངས། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་བརྟེན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིང་པོ་འདི་ཉིད་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ། སླད་ནས་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རབ་བྱུང་བཅུ་བཞི་པའི་ས་སྦྲེལ་དབྱུག་པ་ཟླ་བའི་ཚེས་བཅུར་འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་བསྩལ་པ་རིང་དུ་འཆང་ནས། ཕྱིས་རབ་ཚེས་མེ་མོ་གླང་ལོར་གཏེར་སྟོན་སྤྲུལ་པའི་སྐུས་རྨི་ལམ་དུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་སོགས་དུས་སུ་བབ་པའི་ཚེ། ལོ་ཆེན་བཻ་རོ་དངོས་བྱོན་པདྨའི་ཞལ་ཚབ་༧ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་བའི་ཆ་རྐྱེན་དུ། བླ་མ་དང་མཁའ་འགྲོའི་བྱིན་རླབས་ལས་ཤོག་སེར་ཞེང་སོར་དོ་དཀྱུས་སོར་དྲུག་པ་ཞིག་ལས་དག་པར་ཕབ་པ་འབྲེལ་ཚད་འགྲོ་ཀུན་འཕགས་པས་རྗེས་སུ་བཟུང་སྟེ་བདེ་བ་ཅན་གྱི་ཞིང་དུ་བྱང་ཆུབ་སྙིང་པོའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བླ་མ་གསང་བ་འདུས་པ་ལས། པདྨ་རྒྱལ་པོའི་སྒོས་སྒྲུབ་ཁོལ་ཕྱུང་ (Volume 52, Text 29)

༄༅། །བླ་མ་གསང་བ་འདུས་པ་ལས། པདྨ་རྒྱལ་པོའི་སྒོས་སྒྲུབ་ཁོལ་ཕྱུང་བཞུགས་སོ། ། ྈྈྈྈྈྈྈ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འགྲོ་བ་དབང་དུ་བསྡུ་བའི་ཕྱིར༔ གུ་རུ་སྒྲུབ་པའི་ཐབས་ལ་གསུམ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ སྦྱོར་བ་ལ་གསུམ་སྐྱབས་འགྲོ་དང༔ སེམས་བསྐྱེད་གསོལ་བ་གདབ་པ་འོ༔ སྐྱབས་འགྲོ་སྒོ་གསུམ་ཡིད་དད་པས༔ ན་མོ༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མའི་རྣལ་འབྱོར་བརྩོན་བྱ་བསམ༔ གསོལ་འདེབས་སྤྱི་གཙུག་བླ་མ་བསྒོམ༔ ཀྱེ་ཀྱེ་གུ་རུ་ཆེན་པོ་ལ༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ དངོས་གཞི་ལ་གསུམ་བསྐྱེད་རིམ་དང༔ སྔགས་བཟླས་རྫོགས་པའི་རིམ་པའོ༔ བསྐྱེད་པ་དང་པོ་སྟོང་གསལ་ལས༔ ཧྲཱིཿདམར་འོད་འབར་སྣང་སྲིད་ཁྱབ༔ སླར་འདུས་ཧྲཱིཿཉིད་ཧཱུྃ་དུ་གྱུར༔ ཧཱུྃ་ལས་འོད་འབར་པད་སྡོང་ནི༔ རྐང་བཞིའི་སྟེང་དུ་དར་འབོལ་བརྩེགས༔ དེ་སྟེང་ཧཱུྃ་དམར་གུ་རུར་བསྐྱེད༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དམར་གསལ་ཞི་མ་ཁྲོ༔ དར་དམར་བེར་ཕྱམ་སྐུ་ལ་གསོལ༔ ཕྱག་གཡས་ལྕགས་སྒྲོག་ཌཱ་མ་རུ༔ ཕྱག་གཡོན་མེ་ལོང་ཡིག་འབྲུ་འཛིན༔་་་༼ཨ་ནྲྀ་སུ་ཏྲི་པྲེ་དུ་ཨེ་ཤ་ཏྲུཾ་དཀྱིལ་དུ་ཧཱུྃ།༽ ཐུགས་ཀར་པད་སྟེང་ཧཱུྃ་དམར་ལས༔ འོད་འཕྲོས་སྐྱེ་འགྲོ་ཡོངས་ལ་ཕོག༔ གང་ལ་དམིགས་པ་ལྕགས་ཀྱུས་དྲངས༔ ཐུགས་ཀར་དབང་དུ་འདུས་པར་བསམ༔ ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཨེ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ བདུན་འབུམ་བཟླས་པས་སྐྱེ་འགྲོ་སྡུད༔ མེ་ལོང་དེ་བཞིན་རང་ཡང་བཅང༔ རྫོགས་རིམ་སྣང་སྲིད་དམར་འབྱམས་འོད༔ ཚུར་འདུས་བདག་ཉིད་ཧཱུྃ་ལ་རྫོགས༔ ཧཱུྃ་ཉིད་ཀླད་ཀོར་ཐིག་ལེར་རྫོགས༔ སྟོང་ཉིད་སྙིང་རྗེའི་ངང་ལ་གནས༔ དབང་གི་དངོས་གྲུབ་ངེས་པར་འཐོབ༔ རྗེས་ལ་གསུམ་སྟེ་སྨོན་ལམ་དང༔ རྒྱུན་སྤྱོད་བསྒྲུབས་པའི་འབྲས་བུ་འོ༔ སྨོན་ལམ་འདི་ལྟར་བསྐྱར་ཞིང་གདབ༔ ན་མོ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་བདག་གིས་ཚོགས་བསགས་མཐུས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་སོགས་བླ་མེད་འབྲས་ཐོབ་ཤོག༔ རྒྱུན་སྤྱོད་བླ་མའི་ང་རྒྱལ་གྱིས༔ གཞན་དོན་དམིགས་པའི་གསག་སྦྱང་བྱ༔ འབྲས་བུ་བླ་མའི་ས་ནོན་ཅིང༔ གང་ལྟར་བསམ་པའི་དངོས་གྲུབ་ཐོབ༔ པདྨ་རྒྱལ་པོའི་གསང་སྒྲུབ་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ཞེས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་གྱི་གཙོ་བོ་བླ་མ་གསང་འདུས་ལས་སྒོས་སྒྲུབ་གུང་བསྒྲིགས་ཏེ་ཁོལ་དུ་ཕྱུང་བའོ།། །།

གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྫས་མཆོག་གི་བྱ་ཐབས་ལྔ་འདུས་དྭངས་མ་ (Volume 40, Text 29)

ྈྈ གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྫས་མཆོག་གི་བྱ་ཐབས་ལྔ་འདུས་དྭངས་མ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་ཤིན་ཏུ་ཡང་ཟབ་གནད༔ རྫས་མཆོག་བྱ་ཐབས་ལྔ་འདུས་དྭངས་མ་བསྟན༔ རང་གི་ཆོས་སྐལ་གཞན་ལ་མ་བསྟན་རྒྱ༔ གལ་སྲིད་སྤེལ་ན་བར་ཆད་འབྱུང་བས་གཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དབང་སྡུད་ཐབས༔ སྙིང་ཁྲག་དྭངས་མ་འདི་རུ་བསྡུས་ལ་ལྟོས༔ རྫས་ནི་རྣ་བ་ཆེན་པོའི་སྣ་རིགས་དང༔ མྱུར་དུ་འགྲོ་བར་བྱེད་པའི་བཞོན་པ་མཆོག༔ གོང་བུ་ལས་སྐྱེས་མཁའ་འགྲོ་འདབ་མ་ཅན༔ ལྷ་རིགས་ལས་ཆད་རྐང་པ་གཉིས་ཀྱིས་སྐྱོད༔ འགྲོ་བ་ཀུན་སྡང་ཁྱིམ་གྱི་གཅན་གཟན་ལྔ༔ དེ་དག་ས་ཡི་དྭངས་མར་གཞི་བྱས་པའི༔ སྟོབས་སྣ་ཚོགས་དང་རྣམ་སྣང་མི་བསྐྱོད་པ༔ རྡོ་རྗེ་ཟིལ་པ་མེ་ཏོག་ཆེན་པོའི་བཅུད༔ དུང་ཁང་ཞོ་ལ་སོགས་པ་ཐབས་ཤེས་འབྲེལ༔ གཞན་ཡང་བྱིན་མཆོག་རླབས་ལྡན་རྟེན་རྫས་རིགས༔ དུག་བཤལ་གཉིས་མ་གཏོགས་པའི་འཚོ་བྱེད་རྫས༔ སྣ་ཚོགས་བཏབ་དང་མ་བཏབ་འབྲས་བུའི་རིགས༔ ཡིད་འོང་འདབ་ལྡན་རིགས་དང་རིན་ཆེ་བ༔ སྣ་ཚོགས་སྐྱོབས་སྦྱར་ཞིབ་བཏུལ་བྱས་པ་ཉིད༔ མྱོས་བྱེད་དང་སྦྱར་ཀུན་ཏུ་དགའ་བ་ཅན༔ སྐྱེད་བྱེད་མདའ་མ་ཕོག་པས་གོང་བུར་དྲིལ༔ བདེ་ཆེན་འཁོར་ལོའི་ཁང་པ་མཚན་ལྡན་ནང༔ བྲུབ་ནས་ཁྱད་པར་ཅན་དུས་ཚེས་བཅུ་སོགས༔ ལ་བརྩམ་དབེན་པའི་གནས་སུ་མཁའ་དབྱིངས་མཆོག༔ རྣམ་པར་དག་པའི་རཀྟ་དམར་སེར་གྱིས༔ དལ་བྱས་དབུས་སུ་འགོད་ནས་གཟུགས་གསལ་བར༔ སྟོན་པའི་ནམ་མཁར་རཀྟ་དམར་སེར་གྱིས༔ ཆོས་རྣམས་ཀུན་གྱི་འབྱུང་གནས་བསྣོལ་མར་བརྩེགས༔ ཡེ་ཤེས་བུ་མོའི་སྲོག་བཀོད་ཞལ་ཁེབས་བྱ༔ འོད་དམར་ལ་ནི་སྣང་སྲིད་དགུག་པ་ཡི༔ གཟུགས་བརྙན་ཤར་བྱས་དེ་རྣམས་མ་ལུས་གཡོགས༔ གཞན་ཡང་རྩ་བ་གསུམ་པོ་ཐུགས་དགྱེས་པའི༔ ཡོ་བྱད་མ་ཚང་མེད་བཀོད་དབེན་གསུམ་གྱིས༔ གནས་ཞུགས་རྩ་བ་གསུམ་གྱི་མགྲོན་མཆོག་བསྡུ༔ པདྨ་རྒྱ་གྲམ་སྦྱོར་བས་བཞུ་བཏུལ་བྱ༔ ཁ་དགབ་རཀྟ་དམར་སེར་དེ་ལ་སྐུ༔ ཡེ་ནས་དམ་ཡེ་དབྱེར་མེད་ཟུང་འཇུག་ལ༔ ཡེ་ཤེས་བདུད་རྩིའི་རྒྱུན་དབབ་རྫས་ལ་བྱིན༔ དམ་ཚིག་ལྡན་པའི་ཡོ་ག་འདུས་ནས་སུ༔ ཡེ་ཤེས་རང་གསལ་གར་རྩེད་མ་ཡེངས་ངང༔ ལེ་བརྒན་དམར་པོའི་འདུ་བྱེད་འཁོར་ལོ་བསྐོར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུནྡྷ་ལཱི་སྭཱ་ཧཱ༔ ཨ་ཧཾ་ཨེ་ཝཾ༔ ཨ་ཧ་རི་ནི་ས་ཧཱུྃ་ར་ཙ་ཧྲི་ཡ་ཨེ་ཨཱྱརལླི་ཧོ་ཕེཾ་ཛ་ཛཿཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོ༔ དེ་ལྟར་འཁོར་ལོ་མང་བསྐོར་དུས་གསུམ་དུ༔ མགྲོན་རྣམས་དགྱེས་བྱ་རང་ཡིད་མ་ཆེས་བར༔ ཡང་ན་ཁྱད་པར་ཅན་གྱིས་རང་གཟུགས་དག༔ མ་བསྟན་བར་རམ་ཐ་ན་དཀར་ནག་གཉིས༔ གཅིག་རྩི་བདུན་ཕྲག་གཉིས་ཀྱི་བར་དུ་འོ༔ དེ་ལྟར་འབད་མཐར་འོད་དམར་དྲྭ་བར་བསྡུ༔ ལྷ་རིག་རྐང་པ་ཟུང་ལྡན་འདུས་བྱས་ཀུན༔ མི་རྟག་བརྡ་བསྟན་ལྷན་སྐྱེས་གོས་ཀྱིས་དྲིལ༔ སྒྲུབ་པོས་ལེགས་བཅང་རྩ་གསུམ་མཆོད་པའི་དུས༔ ཨ་མྲྀ་ཏར་སྦྱར་ཡེ་ཤེས་ལས་གྲུབ་ཀུན༔ ཇི་ལྟར་རོ་ལ་བཞད་འཐིབ་ལྟ་བུར་འགྱུར༔ གསང་སྔགས་སྒྲུབ་ལ་འདི་མེད་མི་རུང་ངོ༔ ཀུན་ཚོགས་སྒྲུབ་པའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡཱ༔ རྒྱཿརྒྱཿརྒྱ༔ དེ་ནས་ཡིད་བཞིན་ནོར་བུ་སྒྲུབ་ཐབས་བཤད༔ ལྷ་ཀླུ་མི་ལ་ནོར་བུ་རྣམ་གསུམ་ཡོད༔ ཀེ་ཀེ་རུ་དང་ཡིད་བཞིན་དུང་ཁང་ཉིད༔ མི་ཡི་ནོར་བུ་མཚན་ཉིད་ལྡན་བཟང་ནི༔ འཚེངས་ཤིང་ངན་ན་ཕུང་བའི་རིགས་ཡིན་སྤང༔ བཟང་གི་སྒྲུབ་ན་མན་ངག་གནད་ཀྱི་མཆོག༔ བརྟག་པ་གཞན་བྱུང་རིགས་བལྟ་མཐོང་བརྒྱུད་གནད༔ སྒྲུབ་པ་ཡར་ཟླའི་གཟའ་ཚེས་སོགས་བཟང་ལ༔ བཀྲ་ཤིས་པ་དང་འབྱོར་ལྡན་མ་ལུས་ཀྱི༔ གནས་དང་ཞིང་དང་ཕྱུགས་རའི་ས་བླངས་ནས༔ ད་ལ་ལེགས་བྱས་ལྷ་ཚོགས་མ་ནོར་དགོད༔ རང་ཉིད་ལྷ་ཡི་ང་རྒྱལ་ལྡན་བཞིན་དུ༔ ནོར་བུ་ག་དར་ལེགས་བྱས་ཁྲུས་ཆབ་གསོལ༔ གུ་གུལ་དྲག་རྫས་བདུག་ནས་ཐུན་བྲབ་བགེགས༔ བསྐྲད་ནས་དྲི་བཟང་ལེགས་བྱུག་མི་ཡི་སར༔ འདི་ཉིད་རིན་པོ་ཆེ་ཡི་ཁུ་བས་བྲིས༔ མ་མ་སྱ་ལི་ཏཱ་མ་ཏཱ་བེ་ཊ་བེ་ཊཱི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནོར་གྱི་ས་རུ་འདི་ཡང་གོང་ལྟར་བྲི༔ མ་མ་སྱ་ནཱ་ནཱ་ཁ་དྷེ་དྷ་ནིྦྷཏཱེ་བ་སུ་དྷི་ཧི་རཏྣ་སམྦྷོ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་གསེར་དངུལ་མཚལ་ལམ་དྲི་བཟང་གིས༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་གསུམ་ཡོད་བཀོད༔ ལྟེ་བར་གང་འདོད་གསོལ་གདབ་སྤེལ་བའི་ཚིག༔ དེ་རྒྱབ་རྩིབས་བཞིར་འདི་ལྟར་བྲི་བར་བྱ༔ ཨོཾ་རཏྣ་མ་ཧཱ་ཀ་པཱ་ལ་སིདྡྷི་ཕཱ་ལ་ཧཱུྃ་ཧཱུྃ་ཧྲཱི༔ རྩིབས་ཀྱི་མཆན་ལ་འདི་དག་བྲི་བའོ༔ རཏྣ་པུཎྱ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཧྲིང་ཛཿདྷ་ནཾ་མེ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཧྲིང་ཛ༔ ཞེས་བྲི་དེ་རྒྱབ་མུ་ཁྱུད་ལ་འདིའོ༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ལ་སམྦྷོ་སིདྡྷི་སིདྡྷི་ཧཱུྃ་ཛཿཛ༔ དེ་རྒྱབ་རྟེན་འབྲེལ་སྙིང་པོའི་མཐར་འདིའོ༔ མ་ཎི་རཏྣ་ཀ་པཱ་ལ་སྱ་མ་མ་སརྦ་སིདྡྷི་ཕཱ་ལ་བྷྲཱུྃ༔ བདག་ལ་གང་འདོད་ཆེ་གེའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ཡི་རྒྱབ་ཏུ་འདི་ཡང་བྲི་བར་བྱ༔ ཙི་ར་ཨཱ་ཡུ་ཤེ་སིདྡྷི་ཧཱུྃ་སརྦ་སིདྡྷི་ནི་ར་བྷོ་ག་སིདྡྷི༔ མ་ཧཱ་བཱ་ལ་ཏེ་ཛཱ་སིདྡྷི་ཧཱུྃ་ཧཱུྃ་སྭ་ཨཱ་ཧ་སིདྡྷི་ཧཱུྃ་དྷརྨཱ་སིདྡྷི་ཧཱུྃ་བ་སུ་ནི་དྷི་སིདྡྷི་ཧཱུྃ་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ རབ་གནས་ལེགས་བྱ་ནོར་བུའི་ནང་དུ་བཞག༔ སླར་ཡང་འབྲུ་སྨན་དྲི་དར་རིན་པོ་ཆེ༔ ལྔ་ཚན་ལྔ་དང་དཀར་དམར་དྲུག་པོ་མཆོག༔ བསོད་ནམས་འབྱོར་ལྡན་ལས་བྱུང་རྫས་རིགས་དང༔ ཕྱུགས་མང་སྤུ་དང་མར་སྣ་འདྲེས་པ་ཕྱེར༔ སྦྱར་བའི་རིལ་བུ་མ་བཏབ་སྨིན་འབྲས་རིགས༔ ཟས་སྣ་ཚོགས་ཚད་ཁྲབ་བྱང་ནོར་རྫས་རིགས༔ གཞག་འོས་ཀུན་བཀང་ནོར་ལྷ་ཕོ་མོའི་སྔགས༔ ནོར་གཟུངས་ནོར་སྒྲུབ་སྔགས་སོགས་ཚད་ལྡན་རིགས༔ གསེར་གྱིས་བྲིས་དང་ཤོག་བུར་རིན་ཆེན་རིགས༔ བརྡར་བྱུག་དེ་ལ་བཀྲ་ཤིས་རྫས་རྟགས་བརྒྱད༔ རྒྱལ་སྲིད་བདུན་སོགས་བློས་དཔག་ནུས་ཚད་བྱ༔ ལེགས་པའི་རྫས་དང་ཡོ་བྱད་དཀོར་ནོར་རིགས༔ དེ་རྣམས་ལེགས་བཅུག་ནོར་བུ་དར་སྣ་ཚོགས༔ དམར་པོ་ནང་བྱས་དྲིལ་ནས་དལ་དབུས་གཞུག༔ རྫས་ཀྱི་ནོར་བུ་ཡིད་བཞིན་ནོར་མཆོག་ནི༔ དགོས་འདོད་བསམ་འབྱུང་དམིགས་ལ་དར་དམར་གྱིས༔ གུར་ཕུབ་ཕྱི་ནང་གསང་མཆོད་ཡོངས་ཚང་བཀྲམ༔ ཕྱུག་པོ་འབྱོར་ལྡན་ལུག་གི་སོག་བལ་གྱིས༔ སྲད་བུ་གཟུངས་ཀྱི་ཐག་བྱས་རྡོ་རྗེ་བཅས༔ ནོར་བུར་འབྲེལ་བཞག་རང་རང་གང་ཡིན་གྱི༔ ལས་བྱང་གཞུང་བསྲང་མཆོད་བསྟོད་ལེགས་པར་འབུངས༔ རྩ་བ་གསུམ་དང་ནོར་བུ་མཆོད་བྱས་དམིགས༔ ཅི་དགོས་ཕྲིན་ལས་བཅོལ་ཞིང་གསོལ་བ་གདབ༔ བདག་ཉིད་ཡི་དམ་གང་ཡིན་གསལ་བ་ཡི༔ ཙིཏྟ་རིན་པོ་ཆེ་ཡི་གྭ་འུ་ནས༔ ས་བོན་འོད་ལྔ་འབར་ལས་འཕྲོས་པ་ཡིས༔ རྫས་ཉིད་རིན་ཆེན་ནོར་བུ་བསམ་དགུ་སྟེར༔ དབང་གི་རྒྱལ་པོར་དམིགས་ནས་དེ་ཡི་འོད༔ ཁ་དོག་ལྔ་ལྡན་ཟེར་དམར་ལྕགས་ཀྱུའི་དབྱིབས༔ སྣང་སྲིད་ཁྱབ་འཕྲོས་ལྷ་མི་ཀླུ་གསུམ་དང༔ བྱང་ཕྱོགས་གནོད་སྦྱིན་ཀུན་གྱི་ནོར་ལོངས་སྤྱོད༔ ཚེ་བསོད་སྟོབས་འབྱོར་གཡང་རྣམས་འུབ་བསྡུས་ནས༔ ནོར་བུར་ཐིམ་བསམ་སླར་ཡང་འོད་ཟེར་གྱིས༔ སྣོད་བཅུད་སྣང་སྲིད་འཁོར་འདས་མཐུ་ནུས་དང༔ བཅུད་མཆོག་ལེགས་པའི་ཡོན་ཏན་སྲིད་ཀུན་དག༔ རྒྱལ་སྲིད་བདུན་སོགས་བཀྲ་ཤིས་རྫས་རྟགས་བརྒྱད༔ གཏེར་ཆེན་ཀུན་དང་དཔག་བསམ་དགོས་འདོད་འབྱུང༔ མ་རྨོས་ལོ་འབྲས་འདོད་པ་ལེགས་འཇོའི་བ༔ ལ་སོགས་མདོར་ན་ལེགས་ཚོགས་འདོད་དགུའི་རིགས༔ ཆར་བཞིན་བབས་བསྡུས་ནོར་བུར་གཉིས་མེད་ཐིམ༔ དགོས་སྩོལ་ནོར་བུར་གྱུར་བསམ་སྔགས་འདི་འབད༔ ཨོཾ་ཨཱ་ཧཱུྃ་བྷཱ་ཏྲཱཾ་སྭཱ་ཧཱ༔ ཨོཾ་རཏྣ་མ་ཧཱ་ཀ་པཱ་ལ་སིདྡྷི་སརྦ་སིདྡྷི་ཕཱ་ལ་ཧཱུྃ་ཧཱུྃ་དྷ་ནཾ་མེ་སིདྡྷི་ཕཱ་ལ་ཧཱུྃ་ཧཱུྃ༔ རཏྣ་པུཎྱ་སིདྡྷི་ཕཱ་ལ་ཧཱུྃ་ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ལ་སམྦྷོ་སིདྡྷི་ཧཱུྃ༔ བ་སུ་རཏྣ་སྭསྟི་གུ་ཎ་སརྦ་སྱ་སིདྡྷི་ཕཱ་ལ་ཧཱུྃ་ཛཿཛ༔ ཡེངས་མེད་ངང་ནས་གཟུངས་ཀྱི་ཐག་བཟུང་བཟླ༔ ཞག་བདུན་སྒྲུབ་ལ་ལྟེམ་རྐྱང་མེད་པར་འབད༔ རྨི་ལམ་འབྲུ་དང་ནོར་གྱི་བང་མཛོད་མཐོང༔ རྩྭ་སོགས་ཕྱུགས་ཀྱི་ཁ་ཟས་གཞན་གྱིས་སྟེར༔ ལོ་ཏོག་འབྲུ་རྒྱས་རིན་པོ་ཆེའི་གཏེར་རྙེད༔ བམ་ཆེན་དང་ནི་འོ་མ་ཆང་སོགས་འཐུང༔ སྤྱོད་དང་བཟའ་སོགས་ནོར་བུ་བཅུད་བཟང་ཁེངས༔ ནོར་རིགས་དངོས་གྲུབ་ལྟས་ཡིན་ཤིན་ཏུ་ལེགས༔ མཛེ་སྤྲང་སྒོ་གནོན་ནོར་གཏོར་དགྲ་རྐུན་ཇག༔ རྣམས་ཀྱིས་བཅོམ་སོགས་ངན་རྨིས་སྐོང་བཤགས་འབད༔ སྒྲུབ་ལ་ནན་སྐྱེད་མ་ཡེངས་དམིགས་གཟེར་གདབ༔ གྲུབ་ནས་ལས་སྦྱོར་སྔགས་བཏགས་ཅི་རིགས་བཟླ༔ ན་མ་ཀ་པཱ་ལ་ཤ་ར་ཡ་ཛཿཧཱུཾ་མུཾ་ཧ་རི་སྭཱ་ཧཱ༔ དེ་ལྟར་ལེགས་བསྒྲུབས་རྗེས་སུ་གསོལ་མཆོད་དང༔ སྐོང་བཤགས་རྒྱས་པར་བྱ་ཞིང་རྩ་གསུམ་དང༔ རིན་ཆེན་ནོར་བུ་མཆོད་པས་བསོད་ནམས་ཚོགས༔ ཡོངས་སུ་རྫོགས་བསམ་རང་ཉིད་ལྷ་ཀུན་གསལ༔ འཁོར་འདས་ནོར་བུར་བསྟིམས་ཤིང་རྫས་ཕུད་ནས༔ ཅུང་ཟད་དངོས་གྲུབ་ཚུལ་དུ་རོལ་པར་བྱ༔ དེ་འཕྲོ་ཁ་གསོ་དར་གྱིས་ལེགས་པར་དྲིལ༔ གཞན་གསང་རང་གི་ཕུགས་སྦས་ཟས་སྐོམ་ཕུད༔ རྒྱུན་མཆོད་རྟེན་བཟུང་ལོ་རེ་བཞིན་ཅི་རིགས༔ གསོ་ཞིང་བསྒྲུབས་པས་ཁྱད་པར་འཕགས་པའི་གནད༔ དངོས་གྲུབ་ཀུན་འབྱུང་བསམ་པ་ལྷུན་གྲུབ་འགྱུར༔ ལར་ནི་རྟེན་རྫས་ནོར་བུ་ཀུན་སྒྲུབ་ལེགས༔ ཤིན་ཏུ་ཟབ་ཅིང་མེད་མི་རུང་བ་ཡིན༔ ནོར་བུ་ཀུན་འདུས་སྒྲུབ་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྩ་གསུམ་དཔའ་བོ་མཁའ་འགྲོ་ཀུན༔ སྤྱན་འདྲེན་བྱ་མ་རྟ་གཏང་ཐབས་འདི་བཤད༔ ཐབས་དང་ཤེས་རབ་གཉིས་པོ་རྩལ་རྒྱས་དུས༔ ཧུར་ཐུམས་འཕོས་སམ་གཅོད་འཇིགས་སོགས་བྱས་ནས༔ ལས་ཀྱི་མཐའ་བསྡུས་པ་ཡི་བགྲོད་བྱེད་ཀྱི༔ མ་ཉམས་སྦུ་གུ་གཉིས་པོ་ལེགས་པར་བཅོས༔ ཟངས་ཀྱི་ཀུམ་བྷི་ར་ཡི་ཟ་བྱེད་བསྐྲུན༔ བལྟ་དང་ཉན་དང་སྣོམ་བྱེད་རོ་སོགས་ནི༔ གང་ཡང་ཚང་བྱས་སྒྲུབ་པོའི་ཐབས་ཏོག་ལས༔ བྱུང་བའི་ཟླ་བ་སྐྱེད་བྱེད་མདའ་ཡིས་ནི༔ མ་བསྣུན་ཉི་མ་དང་ནི་ག་པུར་མཚལ༔ རཀྟ་དམར་སེར་སྦྱར་བས་ནམ་མཁའ་ཡི༔ ཁ་དོག་ལྡན་པའི་གཞི་ལ་མྱུར་དགུག་པའི༔ ལྕགས་ཀྱུ་ལེགས་བྲིས་ཀུམ་བྷི་ར་ཡི་ནི༔ ཟ་བྱེད་ཀློང་དུ་གཉིས་སུ་མེད་པར་བཞུགས༔ དགོས་ཆེད་ཅན་གྱིས་དུས་སུ་ཕོ་ཉ་དེ༔ བཏང་ཞིང་འགུགས་པའི་ལྕགས་ཀྱུ་དེ་ཡང་ནི༔ ཐབས་ཀྱི་རྫས་ཀྱི་ཤེས་རབ་སྲོག་བཀོད་ལ༔ ཤེས་རབ་རྫས་ཀྱི་ཐབས་སྲོག་ལེགས་བཀོད་དེ༔ གཉིས་ཀར་ལྕགས་ཀྱུ་བཏགས་ནས་གཉིས་མེད་དུ༔ བཞག་ཚེ་རྫས་ལྟར་ཕུགས་ལྡོག་བྱ་བ་གནད༔ འབོད་དུས་ཤེས་རབ་ཀྱིས་ནི་ཐབས་བསྐུལ་ལ༔ ཐབས་ཀྱིས་ཤེས་རབ་བསྐུལ་བའི་གདམས་ངག་བྱ༔ ཧཱུྃ་ར་ཙ་ཧྲི་ཡ༔ ཨ་ཧ་རི་ནི་ས༔ ཨཱ་ཝེ་ཤ་ཡ་ཨེ་ཨཱ་ར་ཡི་ཧོཿབཛྲ་ས་མ་ཡ་ཕེཾ་ཕེཾ་ཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་དང་ས་བར་ཐབས་དང་ཤེས་རབ་ལ༔ ཨ་ཧོ་བར་ནས་འགུགས་པའི་ལྕགས་ཀྱུ་འོ༔ གལ་ཏེ་བྱ་མ་རྟ་དེ་བཏང་བ་ཡིས༔ དམིགས་བྱ་ངེས་པར་ཡོང་ངེས་འབོད་པ་ལ༔ དོན་མེད་རང་གར་བྱས་ན་སྒྲུབ་པོ་ཕུང༔ རྫས་ཚོགས་ཁྱད་པར་ཅན་དུ་བོས་པའི་ཚེ༔ མི་ཡོང་མཁན་ནི་ཕུང་བས་ཟབ་གནད་ཆེ༔ གཞན་བསྟན་མཁའ་འགྲོ་མ་ཡིས་ཁ་རཾ་ཁ༔ ཐབས་ཤེས་ཟུང་གི་རྫས་སྒྲུབ་པའི་ལེའུ་སྟེ་གསུམ་པའོཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྐུལ་ཞིང་འབོད་པའི་བྱ་མ་རྟ༔ རིགས་གཉིས་སྒྲུབ་པའི་ཐབས་ཀྱང་བསྟན་པར་བྱ༔ མི་ཡི་མྱུ་གུ་ཟུང་དུ་མ་འཇུག་པའི༔ ཐབས་དང་ཤེས་རབ་གོ་རོ་ཙ་ནའི་སྒྲོམ༔ ལོགས་བྱས་རྒྱབ་སྦྱར་སྔར་བཤད་གསང་བའི་རྫས༔ ཀུན་གྱི་ཐོག་མར་ཡོད་དང་མཚལ་སྦྱར་ནས༔ ཤེས་རབ་སྒྲོམ་ལ་ཙཀྲ་རྩིབས་ལྔ་བྲིས༔ རྩིབས་ལ་སྔགས་འདི་མ་ནོར་ལེགས་པར་བཀོད༔ ཧཱུྃ་ར་ཙ་ཧྲི་ཡ༔ དེ་བཞིན་གསང་རྫས་ཐོག་མའི་འོག་མ་དང༔ རཀྟ་དམར་སེར་སྦྱར་ནས་ཐབས་སྒྲོམ་ལ༔ ཙཀྲ་གོང་མཚུངས་ཡི་གེ་འདི་ཡིན་ནོ༔ མ་ཧ་རི་ནི་ས༔ དེ་གཉིས་མུ་ཁྱུད་ལ་ནི་རྫས་སྦྱར་ལུགས༔ གོང་མཚུངས་རྩ་གསུམ་ཕོ་མོ་མ་ནོར་བར༔ གོང་སྔགས་དང་མཐུན་འབོད་དང་གང་འདོད་ཀྱི༔ སྤེལ་ཚིག་དང་བཅས་མ་ནོར་ལེགས་པར་བཀོད༔ ནལ་བུའི་ལྷན་སྐྱེས་གོས་ཀྱི་ན་བཟའ་གསོལ༔ མི་ཡི་སྙོབ་བྱེད་འདབ་མ་ཕྱིར་སྐྱེས་རྒྱུས༔ བཏགས་པ་སྒྲ་དང་ལྡན་པའི་བྱེད་ལས་བྱ༔ གལ་ཆེན་དུས་སུ་བྱ་མ་རྟ་བཏང་བས༔ གོང་མའི་བྱ་མ་རྟ་ཡི་ཡོན་ཏན་ཡོད༔ གསང་རྫས་ཁྱད་འཕགས་གཞན་ལ་མི་བསྟན་རྒྱ༔ དེ་ནས་གཞན་ཡང་བཤད་པར་བྱ་བ་ནི༔ རྩལ་ཆེན་མིང་ཅན་ཁ་དོག་དམར་ལ་སྨུག༔ ཡོད་པའི་ཤིང་ལ་དྷ་རི་ལེགས་པར་འཆོས༔ ཉི་ཟླ་རཀྟ་དམར་སེར་གསང་བ་ཡི༔ ཨ་མྲྀ་ཏ་མཆོག་ལེགས་སྦྱར་ཕན་ཚུན་གྱི༔ ནང་དུ་འདབ་བཞི་དེ་རྒྱབ་ཨེ་བསྣོལ་བྱ༔ ལྟེ་བ་ནས་ནི་མུ་ཁྱུད་ཇི་བཞིན་དུ༔ རང་གི་ཙིཏྟར་བཅད་པའི་ཡེ་ཤེས་པ༔ གང་ཡིན་སྲོག་བསྐོར་འདབ་བཞིར་ཕོ་དང་མོའི༔ སྲོག་བརྒྱད་ཁ་སྦྱོར་ཨེ་ཡི་དཀྱིལ་འཁོར་ལ༔ དགུག་པའི་ལྕགས་ཀྱུས་ལེགས་བསྐོར་ཁུག་ཀུན་ལ༔ ཕེཾ་ཧྲིང་ཛཿགསུམ་ལེགས་བཀོད་ཁ་ཁྱེར་དུ༔ རྩ་གསུམ་གནས་ཀྱི་དཔའ་བོ་མཁའ་འགྲོ་ཡི༔ སྲོག་སྙིང་བསྐོར་བ་གཉིས་ཀ་ལ་གཅེས་སོ༔ སྲོག་བརྒྱད་གཞན་མཚུངས་དགུག་པའི་ལྕགས་ཀྱུ་ནི༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་བིདྱཱ་བཱི་ར་སརྦ་ཧྲིང་ཧཱུྃ་ཛ་ཛ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཌཱ་ཀི་ཡོ་གི་ནི་སརྦ་ཧྲིང་ཧཱུྃ་ཛ་ཛ༔ རྩ་གསུམ་གཞན་དུ་ཤེས་ལ་གནས་ཀྱི་ནི༔ དཔའ་བོ་མཁའ་འགྲོའི་སྲོག་ནི་འདི་ལ་འདུས༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛ༔ ཡཾ་ཧྲིང་མཾ་ཧྲིང་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨོཾ་ཧེ་ན་མ་ཧེ་སྭཱ་ཧཱ་ཧཱུཾ༔ ཨོཾ་བྷོ་ཤད་ཧེ༔ ཧཱུྃ་ཧཱུྃ་ཧོ༔ ཨོཾ་པཱུ་ཛ་ཨུ་ཨཱ༔ གོ་ར་དེ་མཱ༔ ཨ་ཀོ་ཏྲི་ཀོ༔ ཀ་ལཾ་ཀ་ཧཱི༔ པྲེ་གྷྲི་སཽ་སུ༔ ན་སི་མ་ཀུ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཨོཾ་ཛཿཧཱུྃ་བཾ་ཧོཿཕཊ་སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ་སརྦ་སིདྡྷི་ཕ་ལ་ཧྲིང་ཛ༔ དེ་ལྟར་བཀོད་ནས་བྱ་མའི་ཤིང་དག་གིས༔ ཁ་སྐོར་གྲི་ཡི་ལས་མཐའ་སྡུད་པ་ཡིས༔ རྒྱུས་དང་ཐབས་ཤེས་འབྲེལ་ནས་ཐབས་དང་བྲལ༔ ཤེས་རབ་དེ་ཡི་ལྕང་ལོའི་སྲད་བུ་བཅས༔ རེ་མིག་ཉེར་བཞི་བསྣོལ་ནས་གྱི་ལིང་དམར༔ ཉིད་ཀྱི་ཙིཏྟ་ལས་བྱུང་ན་བཟས་གཡོགས༔ གཤེར་གནས་མཁའ་ལྡིང་རྐང་པའི་འདབ་མ་ཡིས༔ ལྕགས་ཀྱུའི་གཟུགས་འདྲས་སྒྲ་སྒྲོག་ལས་བྱེད་བཏགས༔ ཡེ་ཤེས་བསྐྱེད་བསྟིམ་འགུགས་གནས་ཡང་ཡང་བྱ༔ གོང་བཞིན་ཕོ་ཉ་བཏང་བས་ཐམས་ཅད་ཡོང༔ ལར་ནི་ཐམས་ཅད་ཚོགས་ན་བསམ་དགུ་འགྲུབ༔ ཤིན་ཏུ་གསང་བས་སྦས་པའི་ཚིག་ཏུ་བསྟན༔ བསྐུལ་འབོད་ཕོ་ཉ་གཉིས་སྒྲུབ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱ་མ་རྟ་བཞི་བཏང་བའི་དུས་ཚོད་ནི༔ ཤིན་ཏུ་གནད་འགག་ཆེ་བའི་གལ་དུས་གཏང༔ དུས་བཟང་དབེན་ནས་ནུབ་མོར་ཚོགས་གཏོར་དང༔ དམ་རྫས་བསྐང་སོགས་རྫས་མང་བསགས་ནས་སོ༔ དེའང་གོང་འོག་ཐམས་ཅད་ཕྱོགས་མཚུངས་ལ༔ གཞན་ཀུན་མཁས་ལྡན་རིག་པའི་འཕྲུལ་གྱིས་བསྒྱུར༔ བར་ཆད་བསལ་དང་ལྷ་འབོད་སིདྡྷི་ཞུ༔ ཕྲིན་ལས་བཅོལ་ཞིང་ཉམས་རྟོགས་སྦར་དུས་ལྔར༔ རྔམ་འཇིགས་གདུག་པའི་ཚུལ་དང་རྒོད་པའི་ཚུལ༔ སྐུར་ཚུལ་དང་ནི་འཕར་འཁྲབ་འུར་ཚུལ་བྱ༔ ལོག་འདྲེན་སོད་ཅིག་ཆོམས་ཤིག་མཱ་ར་ཡ༔ ཀྱེ་ཧོ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཨ་ལ་ཧོ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་མཛོད་གསོལ༔ ཀྱེ་ཤར་ཤར་མ་ཤར་ཤར་གྲོལ་དུས་མཉམ་མོ༔ སྟོང་གསལ་མ་འགགས་ཡིན་མིན་མཐར་མི་གནས༔ གཞན་དག་ཚིག་རེ་འོག་མ་གཉིས་འབྲེལ་ལ༔ སྐལ་ལྡན་ཤེས་རབ་འཕྲུལ་གྱི་རོལ་རྩེད་བྱ༔ ཁྱད་པར་གཞུང་གི་རྟགས་ཀུན་ལེགས་ཚང་བའི༔ འཁོར་བའི་དྲི་མེད་པདྨ་ཆེན་པོ་ཅན༔ རྫས་དེ་ལས་ལ་སྦྱར་ན་རྩ་ནུས་ཀྱིས༔རང་གཞན་འདི་གཏན་དགེ་ལེགས་འགྲུབ་པར་འགྱུར༔ དེ་ནི་གསང་སྔགས་གནད་རྣམས་ལྡན་གལ་ཆེ༔ སུ་ལ་མ་སྤེལ་བཛྲ་ས་མ་ཡཱ༔ རྒྱ༔རྒྱ༔ རྒྱ༔ ཞལ་གདམས་དང་གསང་བའི་རྫས་གཅིག་བསྟན་པའི་ལེའུ་སྟེ་ལྔ་པའོ༔ གུ་རུའི་གསུང་ལ་ཟིན་བྲིས་བདག་གིས་བྱས༔ ཨེ་མ་མ་བརྗེད་སྙིང་གི་ཕུར་དུ་ཆོངས༔ ཐེམ་དུ་མ་བསྟན་གུད་དུ་སྦས་པ་འདི༔ དམ་མེད་ལ་སོགས་ལག་ཏུ་ཤོར་ར་རེ༔ ས་མ་ཡཱ༔ རྒྱ༔ རྒྱ༔ རྒྱ༔ རྒྱ༔ རྒྱ༔ རྒྱ༔ རྒྱ༔ གསང་སྔགས་ཀྱི་སྤྱི་ལུང་མཁའ་འགྲོའི་གསང་མཛོད་སོགས་ནས་བཤད་པ་འཇིག་རྟེན་ཀུན་ཉུངས་འབྲུ་གཅིག་ལ་འུབ་ཆུད་པའི་རྒྱ་ཡོད་དོ༔ ཁ་ཐཾ༔ ཁ་ཐཾ༔ ཁ་ཐཾ༔ དྷ་ཐིམ༔ རིག་འཛིན་མཐའ་ཡས་རྩལ་གྱི་གཏེར་མ་དམར་དམར་རྒྱ༔ འདི་སྐབས་མི་བསྐྱོད་པ་རྡོ་རྗེའི་དྲི་ཆུར་བཞེད༔ གཞན་ཞལ་ལས་དྲིས༔ ལྡེ་མིག་ལ་ལྟོས༔ ཨི་ཐི་རྒྱཿརྒྱཿརྒྱ༔ སྒྲིཾ༔

ཐང་ལྷའི་བསང་མཆོད་དང་མངའ་གསོལ་ (Volume 39, Text 29)

ཐང་ལྷའི་བསང་མཆོད་ནི། དབུ་རུ་བྱང་ཕྱོགས་འདམ་ཤོད་ན། །ཕྱི་ལྟར་གངས་རི་མཐོ་ལ་བརྗིད། །ནང་ལྟར་རིན་ཆེན་གཞལ་ཡས་ཁང་། །ལོངས་སྤྱོད་ཕུན་ཚོགས་ཁྲི་སྟེང་ནས། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ། །ཐང་ལྷ་བརྒྱ་བྱིན་སྲས་མོ་ཡུམ། །འཁོར་ཚོགས་དང་བཅས་སྐད་ཅིག་ལ། །འདིར་བྱོན་ནམ་མཁའ་བར་སྣང་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །དུང་མདོག་དར་དཀར་རལ་ག་གསོལ། །གཡས་ན་སྦ་ལྕག་གཡུ་འབྲས་ཅན། །གཡོན་ན་བ་དན་དཀར་པོ་ཕྱར། །རིན་ཆེན་དབུ་རྒྱན་སྙན་ཆ་དང་། །དོ་ཤལ་སྐ་རགས་རྒྱན་དང་ལྡན། །རྟ་ཕོ་ངང་ཞུར་གཡུ་རྔོག་ལ། །ཤེལ་སྒ་གཡུ་མཐུར་རིན་ཆེན་སྤྲས། །ཆུང་སྲི་འདུལ་ཞིང་སྲི་འུ་གསོ། །ནད་འདྲེ་འཕུད་ཅིང་ནད་པ་གསོ། །ཕྱུགས་ལུག་རྐང་བྲན་མཐའ་ནས་སྐྱོང་། ཁྱད་པར་དགྲ་བགེགས་གནོད་བྱེད་འདུལ། །སློབ་དཔོན་པདྨའི་དམ་ཚིག་ཅན། །ཆོས་ཀྱི་དབང་ཕྱུག་ལ་སོགས་པའི། །བསྟན་པ་སྲུང་བར་ཞལ་བཞེས་པའི། །ཐང་ལྷ་གཉན་པོ་མཆོད་ཅིང་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །མགུར་ལྷ་བཅུ་གསུམ་གཙོ་བོ་བསང་། །ཡབ་གཅིག་འོད་དེ་གུང་རྒྱལ་བསང་། །ཡུམ་གཅིག་གཡུ་བྱ་གཤོག་གཅིག་བསང་། །མདའ་ར་ཟར་མ་སྐྱེས་དྲུག་བསང་། །མདུང་འཛིན་སྦྲིད་པ་སྨུག་པོ་བསང་། །སྣ་འདྲེན་ཞལ་གཡག་དཀར་པོ་བསང་། །རྗེས་འབྲང་ནམ་ར་གཡའ་དམར་བསང། །གཅུང་པོ་ཐང་འབྲི་ངུར་པོ་བསང་། །ཆེན་མ་ལྷ་མོ་མཚོ་དར་བསང་། །ཆུན་མ་གནམ་མཚོ་ཕྱུག་མོ་བསང་། །སྲས་པོ་ཐང་སྲས་འཕྱོར་བ་བསང་། །སྐུ་ཞང་འབྲོང་གཉན་ཐང་པོ་བསང་། །ཕྱི་བློན་སྤོམ་ཆེན་ཡོར་བ་བསང་། །ནང་བློན་མགུལ་རིང་ཕྱག་ཐག་བསང་། །སྒོ་དཔོན་རྩམ་ཆེན་ལྷ་སྒོ་བསང་། །སྒོ་སྲུང་བལ་ཡུལ་གསེར་ལྡིང་བསང་། །ལྕམ་སྲིང་འབྲི་ལམ་གང་བཟང་བསང་། །རྟ་རྫི་གྱང་ལྷ་བཙན་པོ་བསང་། །ལུག་རྫི་ཁུར་ཁྱིམ་ཞལ་དཀར་བསང་། །ར་རྫི་འཁྱོར་པ་རྩ་གསུམ་བསང་། །འབྲི་རྫི་ལག་སོར་ཕྱུག་མོ་བསང་། །ནོར་སྐྱོང་གཡའ་དམར་སྟག་ལག་བསང་། །ཤར་གྱི་ལ་བདུན་གནས་པ་བསང་། །ལྷོ་ཡི་ལུང་བདུན་གནས་པ་བསང་། །ནུབ་ཀྱི་རི་བདུན་གནས་པ་བསང་། །བྱང་གི་མཚོ་བདུན་གནས་པ་བསང་། །ལྷ་སྲིན་གླུ་སོགས་འབུམ་སྡེ་བསང་། །ཡང་འཁོར་བསམ་མི་ཁྱབ་པ་བསང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྒྱལ་བསེན་དམ་སྲིའི་གནོད་པ་ཟློག །སྲུང་སྐྱོབ་སྡོངས་གྲོགས་མ་གཡེལ་བར། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་ཞྭ་དམར་བཞི་པས་མཛད་པའི་དོན་བསྡུས་པ་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། ༈ །།ལྷ་ཆེན་འབར་བ་རྩལ་གྱི་མངའ་གསོལ་ཡིད་བཞིན་རྒྱལ་མཚན་བཞུགས།། ༄༅། །ལྷ་དབང་ཀླུ་བདག་ལང་ཀའི་རྒྱལ་པོ་སོགས། །སྲིད་གསུམ་དབང་ཕྱུག་ཀུན་གྱིས་མདུན་བདར་ནས། །མཆོད་སྤྲིན་རྒྱ་མཚོས་སྲི་ཞུར་བཅས་མཆོད་པའི། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་ལ་བསྟོད། །རྣམ་པར་རྒྱལ་བའི་ཁང་བརྩེགས་ལས་རྒྱལ་བའི། །རིན་ཆེན་ཤེལ་གྱི་སྐུ་མཁར་ཟླ་བའི་བྱིན། །བ་གམ་ནོར་བུའི་འོད་ཚོགས་རབ་རྒྱས་པས། །ཞིང་ཁམས་རྒྱ་མཚོའི་གོ་སྐབས་ཡང་དག་ཕྲོགས། །རྩ་བ་ཡིད་བཞིན་འབྱུང་གནས་ཡིད་བཞིན་གྱིས། །བར་མེད་རབ་རྫོགས་རྐེད་སྐབས་ཚོན་ལྔས་མཛེས། །འཛམ་བུ་ན་དཱའི་རྒྱ་ཕིབས་ཆེས་འབར་བའི། །རྩེ་མོར་རིན་ཆེན་ཆར་འབེབ་ཆུ་འཛིན་དཀྲིགས། །དུས་གསུམ་རྒྱལ་བའི་ཆོ་འཕྲུལ་དག་ལས་བཞིན། །རྒྱ་ཆེ་བཀོད་པའི་ཁྱད་པར་རྒྱ་ཆེ་བའི། །ཕོ་བྲང་སྲིད་རྩེའི་དགུང་ན་མངོན་མཐོའི་རྩེར། །ཡིད་བཞིན་རྒྱལ་མཚན་གསར་པས་མངའ་གསོལ་ལོ། །དཔག་ཡས་ཞིང་གི་རྡུལ་སྙེད་རབ་འབྱམས་ཞིང་། །སྐད་ཅིག་ཉུལ་བའི་འགྲོས་ལྡན་ལྷ་རྟ་དཀར། །རྒྱུ་སྐར་བདག་པོའི་དྲེགས་འཇོམས་རྒྱན་ལྡན་པ། །ལྷ་ཆེན་ཆིབས་ཀྱི་དམ་པར་མངའ་གསོལ་ལོ། །ཀ་ཙ་ལིནྡའི་བེར་ཆེན་གསུམ་བརྩེགས་པའི། །མཛེས་འཛུམ་རླབས་ཀྱི་གཟུགས་བརྙན་བགོ་འོས་པ། །འཇམ་མཉེན་རེག་བྱའི་ཁྱད་པར་རྨད་བྱུང་བའི། །རབ་མཛེས་ལྷ་ཡི་ན་བཟས་མངའ་གསོལ་ལོ། །ནོར་བུའི་མཆིལ་ལྷྭམ་གསེར་གྱི་སྐ་རགས་འབར། །ག་པུར་དོ་ཤལ་རིན་ཆེན་སེ་མོ་དོ། །མུ་ཏིག་འབྲས་ཆགས་ནོར་བུའི་སྙན་ཆ་སོགས། །མཛེས་བྱེད་རྒྱན་གྱི་དམ་པས་མངའ་གསོལ་ལོ། །གསེར་པད་གཡུ་ཡི་ཡལ་འདབ་མཛེས་པའི་ཁོངས། །རྣམ་མང་འོད་ཀྱི་གེ་སར་རབ་རྒྱས་པ། །སྤེལ་ལེགས་ཕྲེང་བ་བསྟར་བའི་ཅོད་པན་འདི། །སྐྲ་མཚམས་མཛེས་པའི་རྒྱན་དུ་མངའ་གསོལ་ལོ། །བརྒྱ་བྱིན་ཐོགས་པའི་ནོར་བུ་ལས་ལྷག་ནོར། །བཀྲ་ཤིས་དམ་པ་ཀུན་གྱི་བཀྲ་ཤིས་པར། །རྒྱལ་བས་རབ་བསྔགས་གཡས་སུ་འཁྱིལ་བའི་དུང་། །ཐོར་ཚུགས་མཛེས་པའི་རྒྱན་དུ་མངའ་གསོལ་ལོ། །རྩེ་མོར་ཟུར་ཕུད་ལྔར་བཅིངས་རལ་པའི་ཁྱོན། །བུང་བ་སྟང་ཟིལ་མིག་སྨན་ལྟར་སྣུམ་པའི། །རྩ་ཆིངས་བཀྲ་ཤིས་རི་མོས་རྣམ་བཀྲ་བའི། །དར་དཀར་དྲི་མེད་ལྭ་བས་མངའ་གསོལ་ལོ། །མྱུར་མགྱོགས་རྫུ་འཕྲུལ་ཤུགས་ལྡན་བཱ་ལ་ཧར། །སྐུལ་བྱེད་ཕྱག་ཆའི་ཁྱད་པར་མི་འཚལ་ཡང་། །མ་བདུན་ལས་ལ་བསྐུལ་བའི་འཕྲུལ་ཆེན་པོ། །སྦ་ལྕག་རྡོ་རྗེའི་མཚན་པས་མངའ་གསོལ་ལོ། །ཆ་ཤས་རབ་རྫོགས་ཟླ་བའི་སྤུན་ཟླ་ཞེས། །བདུད་རྩིས་བྲན་པའི་ཟེགས་མ་དངོས་གྲུབ་ལྟར། །ཟད་མི་ཤེས་འབབ་ནོར་བུའི་ཤེལ་ཕྲེང་འདི། །ཐུགས་དམ་དབྱིངས་སུ་ཟློ་ཕྱིར་མངའ་གསོལ་ལོ། །དར་ཟབ་སྤྱན་གཟིགས་མང་པོས་ས་བླའི་ཁོངས། །བརྒྱ་བྱིན་གཞུ་ཡི་དྲྭ་ལྟར་མཛེས་བྱས་ཤིང་། །སྙན་བརྗིད་དཔའ་བའི་ཉམས་ལྡན་འབོད་པའི་དབྱངས། །སྣ་ཚོགས་རོལ་མོར་བཅས་པས་མངའ་གསོལ་ལོ། །གཙང་མའི་ཞལ་ཟས་ལ་སོགས་འདོད་ཡོན་ལྔ། །ལྷ་ཀླུ་མི་དང་གནོད་སྦྱིན་ཐམས་ཅད་ཀྱི། །དཀོར་ནོར་མ་ཚངས་མེད་སྤུངས་ནོར་འཛིན་མའི། །ཕང་བ་རབ་རྫོགས་འདོད་དགུས་མངའ་གསོལ་ལོ། །དཀོན་མཆོག་སྐྱབས་ཀྱི་དམ་པར་སྐྱབས་སོང་མགྲོན། །དཀར་ཕྱོགས་ལྷ་དང་གདེངས་ཅན་འབྱུང་པོའི་ཚོགས། །བསྟན་ལ་རབ་དགའ་མཐུ་རྩལ་རྨད་བྱུང་བ། །ཀུན་གྱི་རྗེ་བོར་དེང་བདག་གཟེངས་བསྟོད་དོ། ཁྱད་པར་དཔལ་གྱི་སྤྲུལ་པ་པདྨའི་ལུང་། །ཇི་བཞིན་མནོས་པའི་བཀའ་ལས་མ་འདའ་བར། །གཏེར་བདག་གནས་བདག་དཀོར་བདག་ཐམས་ཅད་ཀྱི། །ཚོགས་བདག་ཚོགས་ཀྱི་རྗེ་བོར་གཟེངས་བསྟོད་དོ། །རྣལ་འབྱོར་བདག་གི་མགོན་སྐྱབས་མཆིས་པའི་ལྷ། །བསྟེན་གསོལ་མཆོད་བསྒྲུབས་ལྷ་སྲུང་གཉན་རྣམས་དང་། ཁྲི་སྲོང་ལྷ་རྒྱུད་སྐུ་ལྷ་གཉན་རྣམས་ཀྱི། །རྗེ་བཙན་ལྷ་ཡི་ལྷ་མཆོག་གཟེངས་བསྟོད་དོ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་རྣམས་ཀྱི། །དབུ་འཕང་རི་རྒྱལ་རྩེ་མོར་གཟེངས་བསྟོད་ཕྱིར། །སྔགས་འཆང་བདག་གིས་མངའ་གསོལ་གཟེངས་བསྟོད་ན། །ལྷ་ཡི་ལྷ་མཆོག་ལྷ་ཞལ་མཐོ་བར་མཛོད། །ཅེས་པའང་ཕྱི་རྟེན་གཅན་གཟན་གྱིས་བསད་པ་སོགས་ཐང་ལྷ་གཉན་པོ་ལྷ་ངོ་དམའ་བའི་ལྟས་འདྲ་བྱུང་ནས། སྔགས་འཆང་ཡོལ་མོ་བས་ཆེད་དུ་བྱས་པའོ། །ལྷ་རྒྱལ་ལོ།། །།

ཕྱག་རྡོར་གཏུམ་པོའི་ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་ (Volume 28, Text 29)

༁ྃ༔ ཕྱག་རྡོར་གཏུམ་པོའི་ལས་བྱང་གནམ་ལྕགས་འོད་ཀྱི་དྲྭ་བ་བཞུགས་སོ༔ ྈྈྈྈྈྈ དུས་གསུམ་རྒྱལ་བ་འདུས་པའི་དཔལ༔ གསང་བདག་དྲེགས་པ་མཐར་བྱེད་ཀྱི༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ གསང་སྔགས་ཕྲིན་གཞུང་ཀུན་གྱི་མཆོག༔ ཡང་གསང་སྒྲུབ་པའི་ལས་བྱང་ནི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ གནམ་ལྕགས་འོད་ཀྱི་དྲྭ་བ་བཀོད༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གནང༔ སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་བཀའ་བསྒོ་ཞིང༔ མཚམས་བཅད་བརྡའ་སྒོ་དབྱེ་བ་དང༔ མཆོད་རྫས་བྱིན་གྱིས་བརླབ་དང་དྲུག༔ དངོས་གཞིའི་ལས་རིམ་དྲུག་པ་ནི༔ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་ཞིང༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་དང༔ འཛབ་བསྙེན་བཟླས་དང་ལས་རིམ་དྲུག༔ རྗེས་ཀྱི་ལས་རིམ་དྲུག་པ་ནི༔ བསྟོད་པ་ཚོགས་འབུལ་ལྷག་མཆོད་གཏོང༔ བསྐུལ་པ་ཆད་མདོ་བརྟན་མ་སྐྱོང༔ རྗེས་ཀྱི་ལས་རིམ་དྲུག་པ་འོ༔ ལས་ཀྱི་རིམ་པ་བཅོ་བརྒྱད་ཀྱི༔ རྗེས་སུ་འགྲོ་བའི་ལས་རིམ་ནི༔ རྟ་བྲོ་བསྡུ་ཆོག་བཀྲ་ཤིས་སྨོན་ལམ་བྱ༔ དེ་ལ་དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ དཀྱིལ་འཁོར་ལྷ་དང་ཆོས་སྐྱོང་སོགས༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧཱུྃ༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ ངེས་པའི་དོན་དུ་སེམས་བསྐྱེད་ནས༔ བླ་མེད་གསང་སྔགས་འདི་བསྒྲུབ་པས༔ བདག་གཞན་བླ་མེད་ཡོངས་འགྲུབ་ཤོག༔ ཅེས་པས་སེམས་བསྐྱེད༔ གསུམ་པ་བཀའ་བསྒོ་བ་ནི༔ བགེགས་གཏོར་ཕྱིར་འབུལ་ལ༔ བདག་ཉིད་གསང་བདག་བསྒོམས་པའི་ང་རྒྱལ་གྱིས་འདི་སྐད་དོ༔ ཧཱུྃ༔ བདག་ཉིད་གསང་བདག་ཐུགས་ཁྲོས་པས༔ གནོད་བྱེད་འབྱུང་པོ་བགེགས་ཀྱི་ཚོགས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་བགེགས་གཏོར་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ༔༴ ཅེས་བཀའ་བསྒོ༔ བཞི་པ་མཚམས་གཅད་པ་ནི༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བདག་ཉིད་གསང་བདག་ཐུགས་ཀ་ནས༔ འོད་ཟེར་དཀར་སེར་དམར་ལྗང་མཐིང༔ འོད་ཟེར་དཀར་པོའི་འཕྲོ་འདུ་ལས༔ སྟེང་ཡང་རྡོ་རྗེའི་བླ་བྲེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར༔ ཕྱོགས་མཚམས་རྡོ་རྗེའི་རྩིག་པ་སྟེ༔ བར་ན་རྡོ་རྗེ་གློག་ལྟར་འགྱུ༔ གནོད་བྱེད་རྡོ་རྗེའི་རྭ་ལ་བསྐྱོན༔ རྡོ་རྗེ་གསོར་བས་མཚམས་ཆོད་ཅིག༔ ཨོཾ་བཛྲ་རཀྵ་ཧཱུྃ་ཕཊ༔ འོད་ཟེར་སེར་པོའི་འཕྲོ་འདུ་ལས༔ སྟེང་ཡང་ཕུར་པའི་བླ་བྲེ་ལ༔ འོག་ཀྱང་ཕུར་པའི་ས་གཞིར་གྱུར༔ ཕྱོགས་མཚམས་ཕུར་པའི་རྩིག་པ་སྟེ༔ བར་ན་ཕུར་པ་གློག་ལྟར་འགྱུ༔ གནོད་བྱེད་ཕུར་པའི་དབལ་ལ་བསྐྱོན༔ ཕུར་པ་འདྲིལ་བས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྵ་ཧཱུྃ་ཕཊ༔ འོད་ཟེར་དམར་པོའི་འཕྲོ་འདུ་ལས༔ སྟེང་ཡང་གྲི་གུག་བླ་བྲེ་ལ༔ འོག་ཀྱང་གྲི་གུག་ས་གཞིར་གྱུར༔ ཕྱོགས་མཚམས་གྲི་གུག་རྩིག་པ་སྟེ༔ བར་ན་གྲི་གུག་གློག་ལྟར་འགྱུ༔ གནོད་བྱེད་གྲི་གུག་རྩེ་ལ་བསྐྱོན༔ གྲི་གུག་འབར་བས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཕེ་ལཾ་རཀྵ་ཧཱུྃ་ཕཊ༔ འོད་ཟེར་ལྗང་གུའི་འཕྲོ་འདུ་ལས༔ སྟེང་ཡང་རལ་གྲིའི་བླ་རེ་ལ༔ འོག་ཀྱང་རལ་གྲིའི་ས་གཞིར་གྱུར༔ ཕྱོགས་མཚམས་རལ་གྲིའི་རྩིག་པ་སྟེ༔ བར་ན་རལ་གྲི་གློག་ལྟར་འགྱུ༔ གནོད་བྱེད་རལ་གྲིའི་སོ་ལ་བསྐྱོན༔ རལ་གྲི་འབར་བས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཤང་ཀར་ན་རཀྵ་ཧཱུྃ་ཕཊ༔ འོད་ཟེར་མཐིང་གའི་འཕྲོ་འདུ་ལས༔ སྟེང་ཡང་འཁོར་ལོའི་བླ་བྲེ་ལ༔ འོག་ཀྱང་འཁོར་ལོའི་ས་གཞིར་གྱུར༔ ཕྱོགས་མཚམས་འཁོར་ལོའི་རྩིག་པ་སྟེ༔ བར་ན་འཁོར་ལོ་གློག་ལྟར་འགྱུ༔ གནོད་བྱེད་འཁོར་ལོའི་རྩིབས་ལ་བསྐྱོན༔ འཁོར་ལོ་འབར་བས་མཚམས་ཆོད་ཅིག༔ ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་ཕཊ༔ མཚོན་ཆ་སྣ་ལྔ་འཁྲུགས་པ་ལ༔ ཡེ་ཤེས་མེ་ཕུང་དམར་ནག་འབར༔ འུར་འུར་ཆེམ་ཆེམ་མེ་སྒྲ་སྟེ༔ མེ་ཡི་ཚྭ་ཚྭ་ཐ་ར་ར༔ གནོད་བྱེད་འབྱུང་པོའི་སྙིང་རྩ་སྲེག༔ ཨོཾ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ༔ གནོད་བྱེད་མི་མིན་བགེགས་ཀྱི་ཚོགས༔ གསང་བདག་བཀའ་ལས་འདའ་མ་བྱེད༔ གསང་བདག་བཀའ་ལས་འདའ་བྱེད་ན༔ རྡོ་རྗེ་གསོར་བའི་རྭ་ལ་བསྐྱོན༔ ཕུར་པ་འདྲིལ་བའི་དབལ་ལ་བསྐྱོན༔ གྲི་གུག་རྣོན་པོའི་རྩེ་ལ་བསྐྱོན༔ རལ་གྲི་འབར་བའི་སོ་ལ་བསྐྱོན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ མེ་འོབས་ཆེན་པོའི་ནང་དུ་བསྲེག༔ ཁྲོ་ཆུ་ཁོལ་མའི་ནང་དུ་བསྐྱུར༔ རི་རབ་ཆེན་པོའི་རྨང་འོག་མནན༔ ཆུ་སྲིན་གདུག་པའི་མགྲིན་པར་བརྫང༔ དེ་བས་དམ་ལ་མ་འདའ་བར༔ གནོད་བྱེད་ཚོགས་རྣམས་ཕྱིར་དེངས་ཤིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་པས་མཚམས་བཅད་དོ༔ བརྡའ་སྒོ་དབྱེ་ཞིང་ཕྱག་འཚལ་བ་ནི༔ ཧཱུྃ༔ སྣང་སྲིད་རྣམ་དག་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་གསང་བདག་སྐུ༔ གཉིས་འཛིན་ལོག་ལྟས་སྒོ་བཅད་པས༔ རང་གསལ་སྙིང་པོའི་བརྡའ་སྒོ་ཕྱེ༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ རང་རིག་སྐྱེ་མེད་ཆོས་ཀྱི་སྐུ༔ ཡེ་ནས་རང་དང་གཉིས་མེད་པའི༔ རང་ངོ་མ་ཤེས་གཟུང་འཛིན་འཐས༔ རང་གསལ་དག་ཕྱིར་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་དང༔ གཉིས་འཛིན་དབང་གིས་སོ་སོར་ཕྱེས༔ རང་དང་དབྱེར་མེད་གཅིག་པ་ལ༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྭ་བྷཱ་ཝ་བི་ཤུདྡྷོས་སྟོང་པར་སྦྱང་། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་ཧཱུྃ༔ ཨོཾ་མ་ཧཱ་ཀིཾ་ནི་རི་ཏི་ཧཱུྃ༔ ཨོཾ་བྷོ་དྷི་ཙིཏྟ་ག་ན་གུ་ཧྱ་ཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ༔ ཨོཾ་མ་ཧཱ་བ་ལིན་ཏ་ཧཱུྃ༔ ཞེས་མཆོད་རྫས་བྱིན་གྱིས་བརླབ་བོ༔ དེ་ནས་གཞལ་ཡས་དང་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་རྣམས་རང་བཞིན་སྤྲོས་དང་བྲལ༔ ནམ་མཁའ་ལྟ་བུའི་རང་བཞིན་ལས༔ འགྲོ་དྲུག་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཉི་ལྟར་བསྒོམ༔ སྟོང་ཉིད་སྙིང་རྗེ་གསལ་བའི་ཀློང༔ རྒྱུ་ཡི་རིག་པ་ཧཱུྃ་དུ་གསལ༔ དེ་ལས་འོད་འཕྲོས་འབྱུང་རིམ་བརྩེགས༔ ཨེ་ཡཾ་རཾ་ར་སུཾ་ཀིཾ་བྷྲཱུྃ༔ ཨེ་སྐྱེ་མེད་སྟོང་པའི་མཁའ་དབྱིངས་ལས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས༔ རཾ་ལས་མེ་ཕུང་དམར་ནག་འབར༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀིཾ་ལས་རུས་པའི་རི་རབ་སྟེང༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཐོད་པ་སྐམ་རློན་རྩིགས་པ་བྱས༔ ལྷ་ཆེན་ཀ་བརྒྱད་རྔམས་ཤིང་འགྱིང༔ རུས་སྦལ་ཀ་གདན་མཁུན་པ་འདེབས༔ གཟའ་བརྒྱད་ཀ་ཞུ་གློག་ལྟར་འགྱུ༔ ལྷ་བརྒྱད་ཀླུ་བརྒྱད་གདུང་མ་གདུང་འདེགས་དང༔ རྒྱུ་སྐར་ཉེར་བརྒྱད་གྲལ་ཕྱམ་བྱས༔ ཞིང་ཆེན་ཐོག་ཕུབ་ཐོད་པའི་བད༔ རྒྱུ་མའི་དྲྭ་ཕྱེད་སྤྲས་པ་ལ༔ ཙིཏྟའི་ཕོ་ལོང་དམར་ཆེན་བརྒྱན༔ མི་རོའི་རྒྱལ་མཚན་ཀིཾ་རུས་འཕན༔ རྩེ་ན་གནམ་ལྕགས་ཕྱོགས་བཅུར་གདེངས༔ རྡོ་རྗེའི་ཡ་ཐེམ་མ་ཐེམ་དང༔ གཡས་གཡོན་རེ་བཞི་བྱས་པ་ལས༔ གནམ་ལྕགས་འབར་བའི་སྒོ་མོ་ལ༔ རྡོ་རྗེ་ཉི་ཟླའི་ཡག་ཤིང་བཅས༔ མི་འགྱུར་ཨུར་མོའི་གཟེར་གྱིས་བསྡམས༔ ཕོ་བྲང་རབ་ཏུ་ཡངས་པའི་ནང༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ མཐིང་ནག་གྲུ་གསུམ་ཨེ་དཀྱིལ་སྟེང༔ ཐབས་ཤེས་ཉི་ཟླ་པདྨའི་ཁར༔ གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་སྟེང༔ བདག་ཉིད་གསང་བདག་ཕྱག་རྡོར་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ ཕྱག་གཡོན་དུག་སྦྲུལ་ཞལ་དུ་ཁྱེར༔ ཞལ་ནི་བསྒྲད་ཅིང་མཆེ་བ་གཙིགས༔ སྤྱན་གསུམ་དམར་འཁྲུགས་གྱེན་ཐུར་གཡོ༔ སྨ་ར་ཁ་སྤུ་མེ་སྟག་འཕྲོ༔ སྨིན་མ་རབ་འཇིགས་གློག་ལྟར་འགྱུ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ རིགས་བདག་སངས་རྒྱས་མི་བསྐྱོད་བཞུགས༔ ཐོད་པའི་དབུ་རྒྱན་པྲོག་ཞུ་གསོལ༔ སྐུ་སྟོད་སེང་གླང་གཡང་གཞི་གསོལ༔ སྨད་དཀྲིས་སྟག་གི་ཤམ་ཐབས་བྱས༔ ཐོད་པ་སྐམ་རློན་དོ་ཤལ་དང༔ སྦྲུལ་ཆུན་སེ་རལ་ཁ་ཡིས་བརྒྱན༔ དགའ་བོ་འཇོག་པོའི་ཐོད་བཅིངས་ཤིང༔ འདབ་བཟང་དཀར་པོའི་སྐུ་རེགས་བྱས༔ ཀླུ་རིགས་བཞི་ཡིས་ཕྱག་ཞབས་བརྒྱན༔ སྒེག་པ་དཔའ་བ་འཇིགས་ཚུལ་ཅན༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བསྒྲད༔ མེ་ཕུང་ཀློང་ན་འགྱིང་ཚུལ་བཞུགས༔ ཕྲིན་ལས་སྤྲུལ་པའི་ཁྱུང་ཆེན་ལྔ༔ བདག་ཉིད་གསང་བདག་སྤྱི་གཙུག་ན༔ གཏི་མུག་འཇོམས་པའི་ཁྱུང་ཆེན་མཐིང་ལ་ཁྲོ༔ བདག་ཉིད་གསང་བདག་དཔུང་པ་གཡས་སྟེང་ན༔ ང་རྒྱལ་འཇོམས་པའི་ཁྱུང་ཆེན་སེར་ལ་ཁྲོ༔ བདག་ཉིད་གསང་བདག་དཔུང་པ་གཡོན་སྟེང་ན༔ ཞེ་སྡང་འཇོམས་པའི་ཁྱུང་ཆེན་སྔོ་ལ་ཁྲོ༔ བདག་ཉིད་གསང་བདག་པུས་གོང་གཡས་སྟེང་ན༔ འདོད་ཆགས་འཇོམས་པའི་ཁྱུང་ཆེན་དམར་ལ་ཁྲོ༔ བདག་ཉིད་གསང་བདག་པུས་གོང་གཡོན་སྟེང་ན༔ ཕྲག་དོག་འཇོམས་པའི་ཁྱུང་ཆེན་ལྗང་ལ་ཁྲོ༔ ཕྲིན་ལས་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་ནི༔ གནམ་ལྕགས་རྡོ་རྗེའི་མཆུ་ལ་གློག་གི་ལྕེ༔ སྤྱན་གསུམ་དམར་འཁྲུགས་ཁྲག་གི་རྦ་ཀློང་འཁྲུགས༔ གཡུ་ཡི་སྨིན་མ་བསྐལ་པའི་མེ་ཆེན་འབར༔ ལྕགས་རྭ་ནག་པོ་དུད་པ་ཕྱུ་རུ་རུ༔ སྤྱི་གཙུག་ནོར་བུ་དགོས་འདོད་ཆར་ལྟར་འབེབས༔ འདབ་གཤོག་གདེངས་པས་གནམ་ས་འཁྲུག་ཅིང་གཡོ༔ སྡེར་མོ་འཛིན་པས་ཀླུ་རྣམས་ཕོ་ཉར་འགྱེད༔ རིན་ཆེན་སྤུ་གསེབ་གནམ་ལྕགས་ཐོག་སེར་འབེབས༔ དུག་སྦྲུལ་ཞལ་ཁྱེར་སྡེ་བརྒྱད་སྲོག་སྙིང་ཟ༔ ལས་མཁན་ཁྲོ་བཅུས་བར་ཆད་འབྱུང་པོ་འདུལ༔ སྒོ་སྲུང་བཞི་ཡིས་སྐལ་མེད་བགེགས་རྣམས་བསྲུང༔ ཨོཾ་བཛྲ་པཱ་ཎི་ག་རུ་ཌ་མ་ཧཱ་རཀྵ་ས་མ་ཡ་ཧཱུྃ༔ ཞེས་གཞལ་ཡས་ལྷ་བསྐྱེད༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ འགགས་མེད་གཟུགས་སྐུ་ཁྲོས་པའི་སྐུར་སྟོན་པ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཞེ་སྡང་མེ་ལྟར་འབར་བའི་ཀློང་ནས་བཞེངས༔ ང་རྒྱལ་འབྲུག་ལྟར་སྒྲོག་པའི་ཀློང་ནས་བཞེངས༔ འདོད་ཆགས་ཁྲག་གི་རྒྱ་མཚོའི་ཀློང་ནས་བཞེངས༔ ཕྲག་དོག་རླུང་ལྟར་འཚུབས་པའི་ཀློང་ནས་བཞེངས༔ གཏི་མུག་མུན་ལྟར་འཐིབས་པའི་ཀློང་ནས་བཞེངས༔ འོག་མིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ ལྕང་ལོ་ཅན་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ གནམ་ལྕགས་རྩེ་ནས་སྤྱན་འདྲེན༴ གསང་བདག་ཕྱག་རྡོར་སྤྱན་འདྲེན༴ འཕགས་པ་གོས་སྔོན་སྤྱན་འདྲེན༴ དྲེགས་པ་ཀུན་འདུལ་སྤྱན་འདྲེན༴ རྡོ་རྗེ་གཏུམ་པོ་སྤྱན་འདྲེན༴ སྟེང་གདོན་གཟའ་རྣམས་འདུལ་ཕྱིར་སྤྱན་འདྲེན༴ འོག་གདོན་ཀླུ་རྣམས་འདུལ་ཕྱིར་སྤྱན་འདྲེན༴ སྨན་དང་མ་མོ་འདུལ་ཕྱིར་སྤྱན་འདྲེན༴ བདུད་དང་སྲིན་པོ་འདུལ་ཕྱིར་སྤྱན་འདྲེན༴ རྒྱལ་འགོང་དཀོར་བདག་འདུལ་ཕྱིར་སྤྱན་འདྲེན༴ ས་བདག་ཀླུ་གཉན་འདུལ་ཕྱིར་སྤྱན་འདྲེན༴ ཐེའུ་རང་དམ་སྲི་འདུལ་ཕྱིར་སྤྱན་འདྲེན༴ སྡེ་བརྒྱད་འབྱུང་པོ་འདུལ་ཕྱིར་སྤྱན་འདྲེན༴ མཁའ་ལྡིང་ཁྱུང་ལྔ་སྤྱན་འདྲེན༴ ཁྲོ་བོ་བཅུ་ཡི་ལྷ་ཚོགས་སྤྱན་འདྲེན༴ སྒོ་མ་བཞི་རྣམས་སྤྱན་འདྲེན༴ གཏེར་བདག་བཀའ་ཉན་ཚོགས་རྣམས་སྤྱན་འདྲེན་གཤེགས་སུ་གསོལ༔ ཞེས་སྤྱན་འདྲེན༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣང་སྲིད་རྣམ་དག་དུར་ཁྲོད་གཞལ་ཡས་ཁང༔ ཡེ་ཤེས་མེ་ཕུང་དམར་ནག་འབར་བའི་ཀློང༔ གྲུ་གསུམ་མཐིང་ནག་འབར་བ་ཨེ་དཀྱིལ་སྟེང༔ ཐབས་ཤེས་ཉི་ཟླ་པདྨ་བརྩེགས་པའི་ཁར༔ གཟའ་བརྒྱད་ཀླུ་བརྒྱད་དྲེགས་པ་བསྣོལ་བའི་ཁར༔ བཅོམ་ལྡན་གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི༔ ཕྱི་ནང་གསང་བའི་གཙོ་འཁོར་མ་ལུས་ལ༔ སྒོ་གསུམ་གུས་པས་ལུས་ངག་ཡིད་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ གཟུགས་ཀྱི་ལྷ་མོ་པུཥྤེ་མ༔ སྐུ་ལ་ན་བཟའ་དཀར་ཁྲ་གསོལ༔ ཕྱག་ན་མཛེས་པའི་མེ་ཏོག་བསྣམས༔ རྒྱལ་བ་མཉེས་ནས་སྤྱན་ལ་ཐིམ༔ སྒྲ་ཡི་ལྷ་མོ་གནྡྷེ་མ༔ སྐུ་ལ་ན་བཟའ་སེར་ཁྲ་གསོལ༔ ཕྱག་གཉིས་གར་བསྒྱུར་པི་ཝཾ་བསྣམས༔ རྒྱལ་བ་མཉེས་ནས་སྙན་ལ་ཐིམ༔ དྲི་ཡི་ལྷ་མོ་བདུག་སྤོས་མ༔ སྐུ་ལ་ན་བཟའ་དམར་ཁྲ་གསོལ༔ ཕྱག་ན་བདུག་པའི་སྤོས་མེ་བསྣམས༔ རྒྱལ་བ་མཉེས་ནས་ཤངས་ལ་ཐིམ༔ རོ་ཡི་ལྷ་མོ་ནཱིརྟི་མ༔ སྐུ་ལ་ན་བཟའ་ལྗང་ཁྲ་གསོལ༔ ཕྱག་གཉིས་གར་བསྒྱུར་ཞལ་ཟས་བསྣམས༔ རྒྱལ་བ་མཉེས་ནས་ལྗགས་ལ་ཐིམ༔ རེག་བྱའི་ལྷ་མོ་ན་བཟའ་མ༔ སྐུ་ལ་ན་བཟའ་མཐིང་བེར་གསོལ༔ ཕྱག་གཉིས་གར་བསྒྱུར་ལྷབ་ལྷུབ་བསྣམས༔ རྒྱལ་བ་མཉེས་ནས་སྐུ་ལ་ཐིམ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ༔ འགྲོ་བའི་དོན་དུ་བཞེས་ནས་ཀྱང༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཧཱུྃ༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དབང་པོ་ལྔ་ཡི་མཆོད་པ་འབུལ༔ གོ་རོ་ཙ་ནའི་མཆོད་པ་འབུལ༔ རྣམ་ཤེས་ཚོགས་བརྒྱད་མཆོད་པ་འབུལ༔ དོན་སྙིང་རྣམ་ལྔའི་མཆོད་པ་འབུལ༔ མཱཾ་ས་ཤ་ཡི་མཆོད་པ་འབུལ༔ ཀེང་རུས་ཚིལ་ཆེན་མཆོད་པ་འབུལ༔ ནང་རོལ་སྣ་ལྔའི་མཆོད་པ་འབུལ༔ དུག་ལྔ་དུག་གསུམ་མཆོད་པ་འབུལ༔ སྣང་སྲིད་འཁོར་འདས་མཆོད་པ་འབུལ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཐབས་ཤེས་དབྱེར་མེད་སྦྱོར་བ་ལས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ བདེ་སྟོང་གཉིས་སུ་མེད་པའི་ངང༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་པཱུ་ཙ་ཧོ༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ ཉོན་མོངས་དུག་ལྔ་གནས་གྱུར་ཅིང༔ ཡེ་ཤེས་སྐུ་ལྔ་གྲུབ་པའི་རྫས༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཆོས་ཉིད་སྟོང་གསལ་བྷནྡྷ་རུ༔ དུག་གསུམ་བསྒྲལ་པའི་རཀྟ་བབས༔ ཉོན་མོངས་དུག་ལྔ་སྦྱང་བའི་ཕྱིར༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ བྷ་ལིང་གཏོར་མཆོད་འབུལ་བ་ནི༔ བྷནྡྷ་འབར་བའི་སྣོད་ནང་དུ༔ བྷ་ལིང་གཏོར་མཆོད་བལྟམས་པ་ལ༔ ཤ་སྣ་སྙིང་སྣ་དམར་ཆེན་བརྒྱན༔ ཛ་གད་ཕུད་ཀྱིས་བྲན་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་རྣམས༔ འདོད་ཡོན་ཞེན་བྲལ་ངང་དུ་བཞེས༔ མ་ཧཱ་བྷ་ལིན་ཏ་ལ་ཁཱ་ཧི༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ དུག་གསུམ་མཆོད་པ་འབུལ་བ་ནི༔ དགྲ་བགེགས་རུས་ནི་མར་བས་ཞིམ༔ ཞེ་སྡང་མཆོད་པ་བླ་ན་མེད༔ དགྲ་བགེགས་ཁྲག་ནི་ཆང་བས་ཞིམ༔ འདོད་ཆགས་མཆོད་པ་བླ་ན་མེད༔ དགྲ་བགེགས་ཤ་ནི་ཟན་བས་ཞིམ༔ གཏི་མུག་མཆོད་པ་བླ་ན་མེད༔ དུག་གསུམ་མཆོད་པ་འདི་བཞེས་ལ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ གླུ་བྲོ་གར་གྱི་མཆོད་པ་ནི༔ གླུ་ནི་ཆོས་ཉིད་སྟོང་པའི་གླུ༔ གར་ནི་དོན་དམ་རྟོགས་པའི་གར༔ བྲོ་ནི་གདུག་པ་འདུལ་བའི་བྲོ༔ གླུ་དང་གར་བྲོའི་མཆོད་པ་འབུལ༔ ཞེས་མཆོད་པ་རྣམས་འབུལ༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ འོག་མིན་རྣམ་དག་ཆོས་དབྱིངས་ཕོ་བྲང་དུ༔ བཅོམ་ལྡན་གསང་བདག་ཕྱག་ན་རྡོ་རྗེ་ནི༔ སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད༔ གནམ་ལྕགས་རྡོ་རྗེ་ནམ་མཁར་གདེངས་པ་ནི༔ སྣང་སྲིད་གདུག་པ་མ་ལུས་འདུལ་བའི་རྟགས༔ དུག་སྦྲུལ་ནག་པོ་ཞལ་དུ་གསོལ་བ་ནི༔ ས་བདག་ཀླུ་གཉན་ཕོ་ཉར་འགྱེད་པའི་རྟགས༔ ཞལ་ནི་བསྒྲད་ཅིང་མཆེ་བ་གཙིགས་པ་ནི༔ སྣང་སྲིད་མ་ལུས་ཞལ་དུ་གསོལ་བའི་རྟགས༔ སྤྱན་གསུམ་སྡང་མིག་གྱེན་དུ་གཡོ་བ་ནི༔ སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་རྟགས༔ སྨ་ར་ཁ་སྤུ་མེ་སྟག་འཕྲོ་བ་ནི༔ རྒྱལ་བསེན་གདུག་པའི་ཚོགས་རྣམས་སྲེག་པའི་རྟགས༔ སྨིན་མ་རབ་འཇིགས་གློག་ལྟར་འཁྱུག་པ་ནི༔ སྟེང་གི་ལྷ་རྣམས་མ་ལུས་འདུལ་བའི་རྟགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་ནི༔ ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་པའི་རྟགས༔ རིགས་བདག་མི་བསྐྱོད་དབུ་ལ་བརྒྱན་པ་ནི༔ དུས་གསུམ་སངས་རྒྱས་ཐུགས་མཆོག་ཡིན་པའི་རྟགས༔ ཐོད་པའི་དབུ་རྒྱན་པྲོག་ཞུ་གསོལ་བ་ནི༔ དུག་ལྔ་རྣམ་དག་དགོས་འདོད་འབྱུང་བའི་རྟགས༔ སྐུ་སྟོད་སེང་གླང་གཡང་གཞི་གསོལ་བ་ནི༔ ཉོན་མོངས་འཁོར་བའི་སྐྱོན་གྱིས་མ་གོས་རྟགས༔ སྟག་གི་པགས་པའི་སྨད་དཀྲིས་བྱས་པ་ནི༔ བདུད་དང་སྲིན་པོའི་ཚོགས་རྣམས་འདུལ་བའི་རྟགས༔ མི་མགོ་སྐམ་རློན་དོ་ཤལ་བྱས་པ་ནི༔ མ་དག་སེམས་ཅན་བླ་མེད་འདྲེན་པའི་རྟགས༔ སྦྲུལ་གྱི་ཆུན་པོས་སྐུ་ལ་བརྒྱན་པ་ནི༔ མ་མོ་སྨན་གྱི་ཚོགས་རྣམས་འདུལ་བའི་རྟགས༔ འདབ་བཟང་དཀར་པོས་སྐུ་རེགས་བྱས་པ་ནི༔ ཐེའུ་རང་འབྱུང་པོའི་ཚོགས་རྣམས་འདུལ་བའི་རྟགས༔ དགའ་བོ་འཇོག་པོ་དབུ་ཡི་ཐོད་བཅིངས་ནི༔ ལྷ་སྲིན་སྡེ་བརྒྱད་མ་ལུས་འདུལ་བའི་རྟགས༔ ཞབས་ཀྱིས་བརྐྱང་བསྐུམ་འདོར་སྟབས་བསྒྲད་པ་ནི༔ མུ་སྟེགས་ལོག་པའི་བགེགས་རྣམས་གཟིར་བའི་རྟགས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་ནི༔ འཇིག་རྟེན་འདི་ན་འགྲན་ཟླ་མེད་པའི་རྟགས༔ མེ་ཕུང་ཀློང་ན་འགྱིང་ཚུལ་བཞུགས་པ་ནི༔ ཕྱིན་ཅི་ལོག་པའི་བགེགས་རྣམས་སྲེག་པའི་རྟགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི༔ བདུད་བཞི་བཅོམ་ནས་དམ་སྲི་གནོན་པའི་རྟགས༔ ཡེ་ཤེས་ཁྱུང་ཆེན་རིགས་ལྔས་བརྒྱན་པ་ནི༔ དུག་ལྔ་བག་ཆགས་དབྱིངས་སུ་དག་པའི་རྟགས༔ དུང་སྐྱོང་བུ་ཡིས་ཕྱག་གཡས་བརྒྱན་པ་ནི༔ རྗེ་རིགས་ཀླུ་ཡི་ཚོགས་རྣམས་འདུལ་བའི་རྟགས༔ མཐའ་ཡས་བུ་ཡིས་ཕྱག་གཡོན་བརྒྱན་པ་ནི༔ དམངས་རིགས་ཀླུ་ཡི་ཚོགས་རྣམས་འདུལ་བའི་རྟགས༔ པདྨ་བུ་ཡིས་ཞབས་གཡས་བརྒྱན་པ་ནི༔ བྲམ་ཟེ་ཀླུ་ཡི་ཚོགས་རྣམས་འདུལ་བའི་རྟགས༔ ནོར་རྒྱས་བུ་ཡིས་ཞབས་གཡོན་བརྒྱན་པ་ནི༔ གདོལ་པ་ཀླུ་ཡི་ཚོགས་རྣམས་འདུལ་བའི་རྟགས༔ དཀར་ཁྲ་དམར་ཁྲ་གདན་དུ་བཏིང་བ་ནི༔ གཟའ་བརྒྱད་ཀླུ་བརྒྱད་བྲན་དུ་ཁོལ་བའི་རྟགས༔ ལས་མཁན་ཁྲོ་བཅུའི་འཁོར་གྱིས་བསྐོར་བ་ནི༔ ཕྱོགས་མཚམས་ཀུན་ནས་བར་ཆད་སྲུང་བའི་རྟགས༔ ཁྲོ་མོ་བཞི་ཡིས་སྒོ་བཞི་སྲུང་བ་ནི༔ བདུད་བཞི་འདུལ་ཞིང་ལས་བཞི་འགྲུབ་པའི་རྟགས༔ བཛྲ་ས་མ་ཡ་ཧོ༔ བཛྲ་ས་མ་ཡ་སཏྭཾ༔ ཞེས་བསྟོད་དོ༔ བཟླས་པ་བྱ་བ་ནི༔ བདག་ཉིད་གཏུམ་པོའི་ཐུགས་ཀ་རུ༔ རྡོ་རྗེ་མཐིང་ནག་ཚོན་གང་ཙམ༔ ལྟེ་བར་ཉི་མའི་གདན་སྟེང་དུ༔ ཧཱུྃ་མཐིང་ནས་ཙམ་ཕྱི་རོལ་དུ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་འོད་ཟེར་ཁྲོ་བོ་ཆུང༔ མཚོན་ཆ་མེ་རི་འཕྲོས་པ་ཡིས༔ སྟོང་གསུམ་གང་ནས་དགྲ་དང་བགེགས༔ ཐམས་ཅད་བྱ་སྒྲོ་མེས་ཚིག་བཞིན༔ གཞོབ་ཏུ་བཏང་ཞིང་བརླག་པར་གྱུར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ཚོགས་བྱ་བ་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་ཡི་གེ་འཕྲོས༔ རཾ་ལས་མེ་འབར་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ བྱིན་གྱིས་བརླབ་པའི་ཡི་གེ་ནི༔ ཨོཾ་དང་ཨཱཿདང་ཧཱུྃ་དུ་འཕྲོས༔ ཧཱུྃ་གིས་རྣམ་རྟོག་མཚན་མ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་གྱིས་འདོད་ཡོན་ལྷ་མོས་བརྒྱན༔ མཆོད་པའི་གར་སྟབས་བསྒྱུར་བ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཧཱུྃ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་གཤེགས༔ བླ་མེད་དཀྱིལ་འཁོར་འདིར་བཞུགས་ལ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ ཞེས་བསྐང་བའི་རིམ་པ་གཞན་ཡང་བྱ༔ དེ་ནས་ཚོགས་ཕུད་གསུམ་བཅད་ལ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བདུད་རྩི་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ དུག་ལྔ་རྣམ་དག་སྐུ་ལྔ་ལྷུན་གྲུབ་ཕྱིར༔ རོ་བརྒྱ་ལྡན་པའི་བདུད་རྩི་འདི༔ ཡེ་ཤེས་གསལ་བའི་ཀློང་དུ་ཁ་རཾ་ཁཱ་ཧི༔ ཞེས་བདུད་རྩི་འབུལ་ལོ༔ རཀྟ་འབུལ་བ་ནི༔ ཆོས་ཉིད་སྟོང་གསལ་བྷནྡྷ་རུ༔ དམར་ཆེན་ཤ་ཁྲག་རི་ལྟར་སྤུངས༔ གཉིས་མེད་པདྨ་རཀྟས་གཏམས༔ སྐུ་གསུམ་ལྷུན་གྲུབ་ཐོབ་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཚོགས་བཤགས་བྱ་བ་ནི༔ ཧཱུྃ༔ སྔོན་བྱུང་ཐོག་མཐའ་མེད་པ་ནས༔ ད་ལྟ་ལུས་འདི་ཡན་ཆད་དུ༔ མ་རིག་བློ་བཅོས་ཅི་བྱས་པ༔ ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ དགྲ་གཟུགས་ཨར་ལ་གཏད་པ་ནི༔ ལིངྒ་ལ་དགུག་གཞུག་བྱས་ལ༔ བཅོམ་ལྡན་གསང་བདག་སྐུར་བཞེངས་ཤིག༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་གཏུབས་ཤིག་མཱ་ར་ཡ༔ ནྲྀ་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ༔ ཞེས་པས་ལིངྒ་བསྒྲལ་ལོ༔ བསྟབ་པ་བྱ་བ་ནི༔ ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་པའི་ཤ་རུས་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ་པར་བྱའོ༔ ལྷག་མཆོད་གཏང་བ་ནི༔ ཚོགས་ལྷག་ལ་ཆབ་བྲན་ལ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ གནས་བཟང་དེ་ནི་དུར་ཁྲོད་འཛིན༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལྷག་ལ་དབང་བའི་ཚོགས་རྣམས་ནི༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཞིང་ཆེན་བསྒྱེལ་བའི་གདན་སྟེངས་སུ༔ ལྕེ་ལ་བདུད་རྩི་བཞག་པ་དང༔ དམ་ཚིག་རྡོ་རྗེ་གཏད་ནས་ཀྱང༔ བཀའ་ལས་མི་འདའ་དམ་ཡང་བཅས༔ ལྷག་མའི་ཁ་ཆུ་འདི་བཞེས་ལ༔ ཕྱི་རབས་དུས་ཀྱི་ཐ་མ་ལ༔ ཐར་པ་ཐོབ་པའི་ལུང་ཡང་བསྟན༔ དེ་ཕྱིར་ལྷག་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ལ་ལ་ལིང་ལིང་ཨེ་ཏྲི་བ་ལིནྟ་ཁཱ་ཧི༔ ཞེས་ལྷག་གཏོར་བཏང༔ བསྐུལ་བ་བྱ་བ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་རྡོ་རྗེ་འཆང༔ ཤར་གྱི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ སྐུ་མདོག་དཀར་པོ་འགྱིང་བག་ཅན༔ ཕྱག་ན་རང་རྟགས་རྡོ་རྗེ་གསོར༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད༔ སྐུ་མདོག་སེར་པོ་བཞད་ཚུལ་ཅན༔ ཕྱག་ན་རང་རྟགས་རིན་ཆེན་བསྣམས༔ ཁྱེད་ལ༴ དོ་ནུབ༴ ཡོན་བདག༴ གདོན་རྣམས༴ བྱད་རྣམས༴ དུག་རྣམས༴ ནད་རྣམས༴ སྒྲུབ་པའི༴ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཕྱག་ན་རང་རྟགས་པདྨ་བསྣམས༔ ཁྱེད་ལ༴ དོ་ནུབ༴ ཡོན་བདག༴ གདོན་རྣམས༴ བྱད་རྣམས༴ དུག་རྣམས༴ ནད་རྣམས༴ སྒྲུབ་པའི༴ ཧཱུྃ༔ བྱང་གི་ཕྱོགས་ནས་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་གུ་གཏུམ་ལ་རྔམ༔ ཕྱག་ན་རང་རྟགས་རལ་གྲི་བསྣམས༔ ཁྱེད་ལ༴ དོ་ནུབ༴ ཡོན་བདག༴ གདོན་རྣམས༴ བྱད་རྣམས༴ དུག་རྣམས༴ ནད་རྣམས༴ སྒྲུབ་པའི༴ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཕྱོགས་སྐྱོང་དྲུག༔ དབྱུག་སྔོན་མི་གཡོ་འདོད་པའི་རྒྱལ༔ རྣམ་རྒྱལ་ཧཱུྃ་ཀཱར་སྟོབས་པོ་ཆེ༔ རང་རྟགས་སྐུ་མདོག་ཕྱག་མཚན་བསྣམས༔ རྣལ་འབྱོར་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་བཀྲོལ་བ་དང༔ དུག་རྣམས་མ་ལུས་ཕྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཅེས་བསྐུལ་ལོ༔ ཆད་མདོ་བྱ་བ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ༔ རྡོ་རྗེ་འཆང་དང་གསང་བདག་ཕྱག་རྡོར་གྱིས༔ སྣང་སྲིད་དྲེགས་པའི་ཚོགས་རྣམས་མ་ལུས་བཏུལ༔ དེ་འོག་དུས་ཀྱི་བསྐལ་པའི་བར་མ་ལ༔ དགའ་རབ་རྡོ་རྗེ་པདྨ་ཐོད་ཕྲེང་གིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྣང་སྲིད་ལྷ་འདྲེ་མ་ལུས་དམ་བཏགས་ནས༔ རང་རང་སྲོག་གི་སྙིང་པོ་ཕུལ་བའི་ཚེ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ བྲག་དམར་དཔལ་གྱི་ཕུག་རིང་ཆེན་པོ་རུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང༔ གྲུབ་པའི་རྒྱལ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ གསང་བདག་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བོད་ཀྱི་ལྷ་སྲིན་མ་ལུས་དམ་བཏགས་ནས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རང་རང་སོ་སོའི་གནས་དང་རྟེན་ལ་གཤེགས༔ ཞེས་ཆད་ཐོ་བྱའོ༔ བརྟན་མ་སྐྱོང་བ་ནི༔ གཏོར་མ་ཕྱིར་ཁྱེར་ལ་འདི་སྐད་དོ༔ བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ རྡོ་རྗེ་ཀུན་གྲགས་གངས་ཀྱི་ཡུམ་ཆེན་དང༔ དཔལ་ལྡན་ཧ་རི་རྡོ་རྗེ་བགེགས་ཀྱི་གཙོ༔ ཤ་མེད་གངས་དཀར་ཁ་རག་ཁྱུང་བཙུན་དང༔ གསེར་ཆེན་མཁའ་ལྡིང་རྨ་རི་དྲག་མོ་རྒྱལ༔ ཀོང་བཙུན་དེ་མོ་བཙན་ལ་དྲག་མོ་རྩལ༔ གཡུ་ཡི་དྲིལ་བུ་སྨན་བཙུན་ཁུག་ཆོས་དང༔ བརྟན་མར་བཅས་དང་སྐྱོང་མའི་ཚོགས་རྣམས་ཀྱིས༔ དཔལ་གྱི་ཕ་འབབ་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བ་ལིན་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་བསྐྱང༔ གཏོར་མནན་བྱ་བ་ནི༔ དགྲ་ཡི་ལིང་ག་བཞག་ལ་དེ་སྟེང་གཏོར་གཞོང་ཁ་སྦུབས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་གསང་བའི་བདག༔ ང་ནི་འཇིག་རྟེན་འདུལ་བའི་གཙོ༔ སྤྲུལ་པའི་འཁོར་ཚོགས་བསམ་མི་ཁྱབ༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ ཐམས་ཅད་མ་ལུས་སྐར་ལྟར་འཁྲུགས༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ མནན་ནོ་གཟིར་རོ་ས་མ་ཡ༔ རྒྱལ་བའི་བསྟན་པ་མ་རྫོགས་བར༔ ཁྱོད་ལ་ཐོན་པའི་སྐལ་པ་མེད༔ ཕྱི་མ་ཐར་པ་ཐོབ་གྱུར་ཅིག༔ ཨེ་ལཾ་རྣྲྀ་ཤ་ཏྲཱུཾ་མཱ་ར་ཡ་ནན༔ ཞེས་མནན་ནོ༔ བཤགས་གསོལ་བྱ་བ་ནི༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་དགོངས༔ མཆོད་པ་ལྷག་ཆད་བྱུང་བ་དང༔ མ་འབྱོར་བ་དང་ཉམས་པ་དང༔ མ་རིག་དབང་གིས་དངོས་མ་མཐོང༔ དབྱེར་མེད་ཆོས་སྐུའི་ཀློང་ཉིད་དུ༔ བཟོད་པར་གསོལ་ལ་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་བཤགས་གསོལ་བྱའོ༔ ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་འདིར་བྱོན་ཅིང༔ སེམས་ཅན་དོན་ཀུན་བསྒྲུབས་ནས་ཀྱང༔ སླར་ཡང་ཆོས་དབྱིངས་སྐྱེ་མེད་ཀློང་དུ་བསྡུ༔ བཛྲ་མུ༔ ཞེས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ༔ རྗེས་ཀྱི་བསྔོ་བ་སྨོན་ལམ་བཏབ་པ་ནི༔ ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ ཡང་དག་ཆོ་ག་འདི་བསྔོས་པས༔ རྡོ་རྗེ་མཆེད་ལྕམ་འགྲོ་ཀུན་རྣམས༔ སྐྱེ་མེད་ཞིང་ལ་སྤྱོད་པར་ཤོག༔ སྨོན་ལམ་གདབ་པ་ནི༔ གསང་སྔགས་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མ་ཀུན་དག་ནས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་རྣམས༔ སྐད་ཅིག་མི་འབྲལ་འགྲོགས་ནས་ཀྱང༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ ཚེ་འདིར་སངས་རྒྱས་ཐོབ་པར་ཤོག༔ ཅེས་སྨོན་ལམ་བཏབ་བོ༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་ཀ་དག་ཡངས་པའི་ཀློང༔ ལོངས་སྐུའི་བཀྲ་ཤིས་མཚན་དཔེའི་འོད་འབར་བ༔ སྤྲུལ་སྐུའི་བཀྲ་ཤིས་གཞན་དོན་མཐའ་ཡས་ཤིང༔ སྐུ་གསུམ་འགྱུར་མེད་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བཀྲ་ཤིས་གཞན་ཡང་བྱའོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་བདག་སྒྲུབ་པའི་ལས་བྱང་འདི༔ མཆོད་རྟེན་སྔོན་པོའི་རྒྱུད་ལས་ཡང་ཟབ་ཏུ་བཏོན་ཅིང་བཀོད་པ༔ དྲེགས་པ་ཀུན་འདུལ་གྱི་ལས་བྱང་གནམ་ལྕགས་འོད་གྱི་དྲྭ་བ་འདི་ཉིད༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གནང༔ ཡི་གེར་བྲིས་ནས་རབ་ཏུ་གནས༔ ལྷོ་བྲག་དང་སྤྱི་བྲག་ལ་སྦས༔ མ་འོངས་པདྨ་ང་ཡི་བུ༔ པདྨའི་མིང་ཅན་བརྟུལ་ཤུགས་ཅན༔ ཚིག་རྩུབ་རྟ་སྐད་ཆོ་ལེར་སྨྲ༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ དམ་རྒྱ༔ ན་མཆཅུཐ༔ ྈྈྈྈྈྈྈྈྈྈྈྈྈྈ སྤྲུལ་སྐུ་པདྨ་གླིང་པའི་གཏེར་མའོ། །མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་དབང་བསྐུར་ (Volume 62, Text 29)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་དབང་བསྐུར་བཞུགས༔ ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་ཡི་དམ་ཞི་སྒྲུབ་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་བྲི༔ བུམ་པ་རྒྱས་བསྡུས་གང་འཛོམ་ལ༔ བཅུད་ཀྱིས་གཏམས་ནས་ཆས་ལྡན་བཤམས༔ རིགས་ལྔ་ཅོད་པན་རྡོར་དྲིལ་དང༔ སྐུ་གཟུགས་སློབ་དཔོན་ཆས་སོགས་བསྒྲིགས༔ སྒྲུབ་མཆོད་ནར་མའི་གཞུང་བསྲངས་ལ༔ དབང་བླངས་སློབ་མ་མདུན་དུ་དགུག༔ རྒྱས་པར་ཕྱི་འཇུག་ལ་སོགས་བྱ༔ སློབ་མས་ཡོན་ཕུལ་ཐལ་སྦྱར་ནས༔ ཨེ་མ་ཧོ༔ བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་ཀུན༔ མ་ལུས་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཅག་གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨཱོྃ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་ཅིང་སྨིན་པ་བསྐལ་པར་རྙེད་མི་འགྱུར༔ རྩོལ་བས་ཚུལ་བཞིན་འཇུག་པར་རྗེས་ཡི་རང༔ བུ་རྣམས་ཚུར་ཤོག་དམ་ཚིག་ཐུབ་པར་གྱིས༔ སློབ་མས་རྒྱུད་སྦྱོང་ཚོགས་གསག་འབུལ༔ ཨེ་མ་ཧོ༔ བདེ་གཤེགས་སྲས་བཅས་མ་ལུས་པ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བཅུག་ཅིང་སྨིན་པར་བྱེད་དུ་རུང༔ དམ་ཚིག་ཆེན་པོ་དེ་ཉིད་སྲུངས༔ དངོས་གྲུབ་ཆེན་པོ་དེས་འཐོབ་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་མགོ་བོར་བཞག༔ སློབ་མ་རྣམ་པར་སྣང་མཛད་དུ་གསལ་བའི་སྤྱི་བོར་ཧཾ༔ མགྲིན་པར་ལཾ༔ སྙིང་གར་བཾ༔ ལྟེ་བར་རཾ༔ རྐང་མཐིལ་ཡཾ་རྣམས་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ནམ་མཁའ་གང་བར་བྱོན་ནས་ཡི་གེ་རྣམས་ལ་ཐིམ༔ འོད་དུ་ཞུ་ལུས་མེར་གྱིས་གང་བར་བསམ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ རོལ་མོའི་སྒྲ་བསྒྲགས་དེ་ཉིད་བརྟན་པར་བྱས་ལ༔ བུམ་པས་དབང་བསྐུར་བ་ནི༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་ཡེ་ཤེས་རྟོགས་པར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་སོ་སོའི་མཚན་སྦྱར་བསྐུར༔ དབུ་རྒྱན་བཟུང་ལ༔ ཧཱུྃ༔ རིན་ཆེན་མཛེས་པའི་དབུ་རྒྱན་འདི༔ རྒྱལ་བ་ཀུན་གྱི་ཅོད་པན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ རཏྣ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་གཏད་ལ༔ ཧཱུྃ༔ མི་ཆོད་མི་ཤིགས་རྡོ་རྗེ་འདི༔ རྒྱལ་བ་ཀུན་གྱི་གསང་གསུམ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཏད་ལ༔ ཧཱུྃ༔ སྟོང་པ་ཉིད་ཀྱི་དྲིལ་བུ་ཆེ༔ རྒྱལ་བ་ཀུན་གྱི་དབྱངས་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཅོད་པན་བཅིང་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་མཚན་མཆོག་ནི༔ ཐོག་མ་བར་དང་མཐའ་མར་དགེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ བུདྡྷ་ན་མཿསརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་ཞེས་བྱ་བའོ༔ སྐུ་རྣམས་སོ་སོར་བསྐུར་ཞིང༔ ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་པར་སྣང་མཛད་དབང་ཐོབ་ཤོག༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇམ་དཔལ་གཞོན་ནུ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇམ་དཔལ་གཞོན་ནུའི་དབང་ཐོབ་ཤོག༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིག་རྟེན་དབང་ཕྱུག་དབང་ཐོབ་ཤོག༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱག་ན་རྡོ་རྗེའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་ཏུ་བཟང་པོའི་དབང་ཐོབ་ཤོག༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ནམ་མཁའི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནམ་མཁའི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ས་ཡི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ས་ཡི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་བྱམས་པ་མགོན་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་མགོན་པོའི་དབང་ཐོབ་ཤོག༔ ཨཱོྃ་མཻ་ཏྲི་དྷཱ་ར་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ སློབ་མ་ཁྲི་ལ་མངའ་གསོལ་ཞིང༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ རྟེན་འབྲེལ་སྙིང་པོ་བཟླས་ཤིང་མངའ་གསོལ་ལོ༔ རྒྱས་པར་མཆོག་དབང་ལ་སོགས་པ༔ དབང་ཕྲེང་ཆེ་ཆུང་རྣམས་ནས་བླང༔ དེ་ལྟར་རྡོར་དབྱིངས་དཀྱིལ་འཁོར་གྱི༔ དབང་བསྐུར་ཡོངས་རྫོགས་ཕྱི་སྐོར་འདི༔ ཡང་ཟབ་ཀུན་གྱི་མཐར་ཐུག་པའི༔ རྫོགས་པ་ཆེན་པོའི་ཆོས་སྡེར་འདུ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་མངྒ་ལཾ། །ཞུས་སོ།། །།

ཀརྨ་མ་ཧཱ་གྷུ་རུའི་སྒྲུབ་སྐོར་ལས་རྩ་བའི་སྒྲུབ་པ་གཏེར་བྱོན་ (Volume 12, Text 29)

༄༅༔ ཀརྨ་མ་ཧཱ་གྷུ་རུའི་སྒྲུབ་སྐོར་ལས་རྩ་བའི་སྒྲུབ་པ་གཏེར་བྱོན་བཞུགས་སོ༔ སྙིགས་དུས་ཉོན་མོངས་དུག་ལྔ་ཧྲགས༔ ཕུང་བྱེད་འདྲེ་སྲིན་འབྱུང་པོ་ལངས༔ དེ་ཕྱིར་བར་གཅོད་རྐྱེན་རྣམས་མང༔ བར་ཆོད་རྐྱེན་ལས་སྐྱོབ་པའི་ཕྱིར༔ བདུད་འདུལ་པདྨ་ང་ཉིད་བསྒྲུབ༔ ཧཱུྃ་ལས་ཀརྨ་དྲག་པོའི་སྐུ༔ ལྗང་ནག་དུ་བའི་མདོག་ལྟ་བུ༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཕྱར༔ ཕྱག་གཡོན་སེང་ལྡེང་ཕུར་པ་བསྒྲིལ༔ མཐིང་ནག་བེར་དང་ཆོས་གོས་མནབ༔ སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང༔ བདུད་ཀྱི་མགོ་ཕྲེང་དོ་ཤལ་འཕྱང༔ འོག་གཞི་སྣ་ཚོགས་རྡོ་རྗེའི་སྟེང༔ པདྨའི་གདན་ལ་ཉོན་མོངས་བདུད༔ དཀར་སེར་དམར་ནག་བཞི་བསྣོལ་སྟེང༔ སྟངས་སྟབས་ཁྲོས་པའི་ཚུལ་དུ་བཞུགས༔ ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས༔ ཧཱུྃ་ཡིག་མཐའ་རུ་སྔགས་ཀྱིས་བསྐོར༔ གནམ་ལྕགས་འབར་བའི་ཁང་སྒྲོམ་དབུས༔ གསལ་བར་བསྒོམས་ལ་དྲག་སྔགས་བཟླ༔ ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ རྩ་བའི་སྙིང་པོ་འབུམ་ཕྲག་གསུམ༔ བཟླས་པས་བདུད་བཞིའི་བར་ཆད་སེལ༔ དེ་ནས་སྐབས་སུ་འདི་ཉིད་བཟླ༔ ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ་ཏྲིག་རྦད་ཏྲིག་རྦད༔ ཧ་ལ་པ་ཏི༔ ཏྲིག་ནན་རྦད༔ འདི་ནི་གཟིར་བ་དྲག་པོའི་སྔགས༔ དྲག་པོའི་ལྟས་དང་བར་གཅོད་ཀྱི༔ འཚེ་བས་ཉེན་ན་བཟླ་བ་ལས༔ གཞན་དུ་རང་གི་འཁོར་ལ་གཟན༔ རྩ་བའི་སྔགས་དང་ལས་ཀྱི་སྔགས༔ འབུམ་དུ་བཟླས་ཤིང་སེང་ལྡེང་གི༔ ཕུར་པ་སོར་བརྒྱད་སྔགས་ལ་འཆང༔ དེ་ཡིས་བར་ཆད་བགེགས་ཀུན་ཐུབ༔ བག་ཟན་དུག་དང་ཁྲག་གིས་སྦྲུས༔ བཀུག་བསྟིམས་མདུན་དུ་བཞག་ནས་ཀྱང༔ བུ་ཉིད་ལྷར་བསྐྱེད་བསྒོམ་ལུང་ཕོག༔ རྫས་ཀུན་ལག་ཏུ་གཏད་པར་བྱ༔ རང་དང་འདྲ་བའི་བུ་ལ་སྦྱིན༔ མང་དུ་མི་སྤེལ་ས་མ་ཡ༔ མཐའ་ཡི་དགྲ་བཞི་ལངས་པ་དང༔ ཁྱད་པར་རང་རྒྱུད་ཉོན་མོངས་བདུད༔ ནང་དུ་འཁྲུགས་པས་ཕྱི་རོལ་བདུད༔ རླུང་ལྟར་ལངས་ཚེ་སྒྲུབ་པར་གྱིས༔ ྈྈྈྈྈྈྈྈྈྈྈྈ ྈྈྈ སྦྲུལ་ལོར་གཙང་ཐོབ་རྒྱལ་དུ་ཤོག་སེར་ལས་བྲིས༔ ༈ ཀརྨ་མ་ཧཱ་གྷུ་རུའི་ཕྲིན་ལས་རྒྱུན་ཁྱེར་གྱི་རིམ་པ་ལྗགས་བསྒྲིགས་མ་བཞུགས་སོ༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ སྙིགས་དུས་ཉོན་མོངས་དུག་ལྔ་ཧྲགས༔ ཕུང་བྱེད་འདྲེ་སྲིན་འབྱུང་པོ་ལངས༔ དེ་ཕྱིར་བར་གཅོད་རྐྱེན་རྣམས་མང༔ བར་གཅོད་རྐྱེན་ལས་སྐྱོབ་པའི་ཕྱིར༔ བདུད་འདུལ་པདྨར་བདག་སྐྱབས་མཆི༔ མཐའ་ཡི་དགྲ་བཞི་ལངས་པ་དང༔ ཁྱད་པར་རང་རྒྱུད་ཉོན་མོངས་བདུད༔ ནང་དུ་འཁྲུགས་པས་ཕྱི་རོལ་བདུད༔ རླུང་ལྟར་ལངས་ཚེ་བསྒྲུབ་པར་བགྱི༔ རང་གི་རིག་པ་ཧཱུྃ་དུ་བསམ༔ ཧཱུྃ༔ རྒྱུ་ལས་བསྐྱེད་པའི་སྔགས་བརྗོད་པས༔ དྲག་པོའི་གཞལ་ཡས་ལྷུན་གྱིས་གྲུབ༔ གནམ་ལྕགས་འབར་བའི་གཞལ་ཡས་ནང༔ གདན་དུ་སྣ་ཚོགས་རྡོ་རྗེ་དང༔ ཆུ་སྐྱེས་སྟེང་དུ་ཉོན་མོངས་བདུད༔ དཀར་སེར་དམར་ནག་བཞི་བསྣོལ་སྟེང༔ སྟངས་སྟབས་ཁྲོས་པའི་ཚུལ་དུ་ནི༔ ཧཱུྃ་ལས་ཀརྨ་དྲག་པོའི་སྐུ༔ ལྗང་ནག་དུ་བའི་མདོག་ལྟ་བུ༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཕྱར༔ གཡོན་པས་སེང་ལྡེང་ཕུར་བུ་བསྒྲིལ༔ མཐིང་ནག་བེར་དང་ཆོས་གོས་བནབ༔ སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང༔ བདུད་ཀྱི་མགོ་ཕྲེང་དོ་ཤལ་འཕྱང༔ སྟངས་སྟབས་ཁྲོས་པ་དྲག་པོའི་སྐུ༔ དམ་ཚིག་སེམས་དཔའ་ཉིད་དུ་གསལ༔ གནས་ནས་སེམས་དཔའ་སྤྱན་དྲང་ཕྱིར༔ ཚིལ་ཆེན་གུ་གུལ་དུད་པ་བཏང༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ སྲིན་ཡུལ་ལང་ཀ་པུ་རི་ནས༔ སྤྱན་དྲངས་བསྟིམ་པ་ཉེར་གཅིག་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལང་ཀ་པུ་རི་སྲིན་པོའི་ཡུལ༔ གཏུམ་དྲག་རྔམ་པའི་དུར་ཁྲོད་ནས༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ གྷུ་རུ་ཀརྨ་དྲག་པོ་རྩལ༔ ལོག་འདྲེན་མ་རུངས་བསྒྲལ་སླད་དུ༔ གནས་འདིར་མྱུར་བ་ཉིད་དུ་བྱོན༔ མ་ཧཱ་གྷུ་རུ་ཀརྨ་དྲག་པོ་རྩལ་བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོ༔ གཉིས་མེད་བརྟན་པར་བཞུགས་གསོལ་ཕྱིར༔ འོག་གཞི་སྣ་ཚོགས་རྡོ་རྗེའི་སྟེང༔ པདྨའི་གདན་ལ་ཉོན་མོངས་བདུད༔ དཀར་སེར་དམར་ནག་བཞི་བསྣོལ་སྟེང༔ སྟངས་སྟབས་ཁྲོས་པའི་ཚུལ་དུ་བཞུགས༔ མ་ཧཱ་གྷུ་རུ་ཀརྨ་དྲག་པོ་རྩལ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ གུས་གདུང་དང་བའི་ཡིད་ཀྱིས་ཕྱག་འཚལ་བ༔ དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་མ་ཧཱ་གྷུ་རུ༔ དྲག་པོའི་ཕྲིན་ལས་མཆོག་ལ་མངའ་བརྙེས་པ༔ མ་རུངས་དུས་མཐའི་དམག་དཔུང་འཇོམས་པའི་ལྷ༔ ཁྲོ་རྒྱལ་ཕྲིན་ལས་རྫོགས་ལ་གུས་ཕྱག་འཚལ༔ མ་ཧཱ་གྷུ་རུ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་ནི༔ སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང༔ དུག་ལྔ་རྣམ་དག་རང་བྱུང་དག་པའི་རྫས༔ བདེ་ཆེན་ཡོངས་གྲོལ་གསང་བའི་མཆོད་པ་རྣམས༔ བདུད་འདུལ་པདྨའི་སྐུ་ལ་མཆོད་པ་འབུལ༔ དགྱེས་པ་ཆེན་པོ་བསྐྱེད་ཕྱིར་བཞེས་སུ་གསོལ༔ ཀརྨ་མ་ཧཱ་གུ་རུ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས་པའི་དཔལ༔ མ་རུངས་འདུལ་མཛད་ཀརྨ་དྲག་པོ་རྩལ༔ འགྲོ་བ་སྙིགས་མའི་སྡུག་བསྔལ་སྐྱོབ་པའི་ལྷ༔ དྲག་པོའི་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ གཞུང་ལས་ལྷར་གསལ་འཛབ་དགོངས་ནི༔ ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས༔ ཧཱུྃ་ཡིག་མཐའ་རུ་སྔགས་ཀྱིས་བསྐོར༔ གནམ་ལྕགས་འབར་བའི་ཁང་སྒྲོམ་དབུས༔ གསལ་བར་བསྒོམས་ལ་དྲག་སྔགས་བཟླ༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ རྩ་བའི་སྙིང་པོ་འབུམ་ཕྲག་གསུམ༔ བཟླས་པས་བདུད་བཞིའི་བར་ཆད་སེལ༔ ཐུན་མཚམས་ཉམས་ཆག་བསྐང་བའི་ཕྱིར༔ ལྷ་མཆོག་ཀརྨ་དྲག་པོ་གཤེགས༔ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ༔ མ་ཧཱ་རཀྟ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ རྗེས་སུ་བསྟོད་པ་འདི་ཉིད་བྱ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྲིན་ལས་བདག༔ ལོག་འདྲེན་གདུག་པ་ཀུན་འདུལ་མ་ཧཱ་གྷུ་རུ༔ བདུད་སྡེ་འདུལ་མཛད་ཀརྨ་དྲག་པོའི་སྐུ༔ བྱིན་རླབས་མཐུ་སྟོབས་ནུས་པའི་རྩལ་ལྡན་པ༔ མ་རུངས་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ སྟོད་ལས་རྒྱུན་ཁྱེར་ལས་རིམ་མོ༔ ཤུ་བྷཾ༔ ༈ ཀརྨ་མ་ཧཱ་གུ་རུའི་ཚོགས་མཆོད་ལྗགས་བསྒྲིགས་མ་བཞུགས་སོ༔ ཀརྨ་མ་ཧཱ་གྷུ་རུ་ཧཱུྃ༔ སྒྲུབ་པའི་ལས་རིམ་ཁ་སྐོང་ཕྱིར༔ འདོད་ཡོན་ཚོགས་ཀྱི་ཡོ་བྱད་རྣམས༔ ཞིང་ལྤགས་དངོས་སམ་གཅན་ཟན་གྱི༔ གཡང་གཞིའི་གདན་ལ་ལེགས་བཤམས་ཏེ༔ འབྱུང་བའི་ས་བོན་གསུམ་གྱིས་སྦྱང༔ རཾ་ཡཾ་ཁཾ༔ ཨ་ལས་ཐོད་པའི་ནང་དུ་ནི༔ འདོད་ཡོན་དཔག་མེད་ལེགས་བསམས་ལ༔ འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཡིས་འདོད་ཡོན་སྣ་ཚོགས་སྤེལ༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་དཔའ་བོ་དམ་ཚིག་ཅན༔ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ མ་ལུས་ཡུད་ཀྱིས་གནས་འདིར་བྱོན༔ ལང་ཀ་པུ་རི་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ དག་པའི་ཞིང་ཁམས་སོ་སོ་ནས༔ སྤྲུལ་སྐུ་འགྲོ་བའི་དོན་མཛད་པའི༔ རིག་འཛིན་བླ་མའི་ཚོགས་བཅས་རྣམས༔ ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས༔ ཆོས་དབྱིངས་དག་པའི་ཞིང་ཁམས་ནས༔ མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ༔ ཆོས་བདག་བུ་མཆོག་ཉེར་གཅིག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཀརྨ་མ་ཧཱ་གྷུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་གིང་ཀ་ར་ས་མ་ཡ་ཛཿཛ༔ དེ་ལྟར་ཚོགས་ཞིང་སྤྱན་དྲངས་ལ༔ དང་པོ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་མ་ཧཱ་གུ་རུ༔ ལོངས་སྤྱོད་རྫོགས་སྐུ་ཁྲག་འཐུང་ཞི་ཁྲོའི་ལྷ༔ དཔའ་བོ་ཌཱ་ཀི་ཆོས་སྲུང་གཏེར་བདག་དང༔ རིག་འཛིན་བརྒྱུད་པ་རྣམས་ལ་མཆོད་པ་འབུལ༔ མཆོག་ཐུན་དངོས་གྲུབ་བུ་མཆོག་བདག་ལ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་མཆོད་ཅིང་ཉམས་ཆག་བཤགས་པ་ནི༔ ཉོན་མོངས་དུག་ལྔའི་རྟོག་པའི་དབང་གྱུར་ཏེ༔ ཚོར་དང་མ་ཚོར་མ་རིག་མུན་པས་བསྒྲིབས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ ཁྲག་འཐུང་ལྷ་ཚོགས་རྣམས་ཀྱིས་བཟོད་པར་བཞེས༔ ཀརྨ་མ་ཧཱ་གྷུ་རུ་སརྦ་ས་མ་ཡ་ཧཱུྃ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ་ནྲྀ་ཏྲི་ཛཿཛ༔ མཆོག་གསུམ་སྐུ་གསུམ་བྱིན་རླབས་བདེན་པ་དང༔ དབང་ཕྱུག་འཇིག་རྟེན་དྲེགས་པའི་ནུས་མཐུ་ཡིས༔ ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན་བྱས་པས༔ དཀོན་མཆོག་སྤྱི་དགྲ་རིག་འཛིན་སྐུ་དགྲ་དང༔ སྐྱེ་འགྲོར་འཚེ་བྱེད་ཞིང་བཅུ་རུ་ཏྲ་དང༔ བོད་ཁམས་ཕུང་བྱེད་མཐའ་དམག་གདུག་པའི་ཚོགས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲིའི་རིགས༔ བསྒྲལ་བྱར་འོས་པའི་བླ་སྲོག་འདིར་ཁུག་ཅིག༔ བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ ཧ་ལ་པ་ཏི་ཏྲིག་ནན་དགྲ་བགེགས་ཀྱི་སྙིང་སྲོག་ལ་རཾ་རཾ་ཐུལ་ཐུལ༔ ཏྲིག་རྦད་ཏྲིག་རྦད༔ ཧ་ལ་པ་ཏི་ཏྲིག་ནན་རྦད༔ ཕུར་པས་བཏབ་ཅིང་མཚོན་ཆས་བསྒྲལ༔ མ་ལ་ཡ་ཡི་རི་བོ་དང༔ སྲིན་ཡུལ་གནས་ནས་གུ་རུའི་ཚོགས༔ སྤྱན་དྲངས་ཞལ་དུ་གསོལ་བར་བསམ༔ ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ ཚེམས་ནི་ཧོམ་ཤིང་བཙུགས་པ་འདྲ༔ ལྗགས་ནི་ཧོམ་གཟར་བརྐྱངས་པ་འདྲ༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི༔ དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ༔ རྡུལ་ཕྲན་ཙམ་ཡང་མེད་པར་རོལ༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧིཿ ཚོགས་བསྐང་རིམ་པ་ཅི་རིགས་བྱ༔ ཀརྨ་མ་ཧཱ་གུ་རུའི་ཚོགས་མཆོད་ས་མ་ཡ༔ གསང་སྒྲུབ་སྙིང་ཐིག་ནག་པོའི་སྐོར༔ ལོ་བཅུར་རང་མིན་ཀུན་ལ་སྦོས༔ སྤྱི་ལུང་བཞིན་དུ་རྟགས་བྱུང་ན༔ དྲག་པོའི་བུ་མཆོག་དཔྲལ་སྨེ་ཅན༔ དེ་སོགས་རྟགས་དང་སྦྱར་ལ་སྤེལ༔ ྀཨཚ༔ རིག་འཛིན་ངག་གི་དབང་པོས་མཛད། ༈ ཀརྨ་མ་ཧཱ་གྷུ་རུའི་ཕྲིན་ལས་དྲག་པོའི་སྲོག་གཏད་གཏེར་བྱོན་བཞུགས་སོ༔ ༄༅༔ ༔ྈྈྈྈྈྈྈ འཕྲིན་ལས་དྲག་པོའི་སྲོག་གཏད་པ༔ གཞུང་བཞིན་ལྷ་རུ་བསྐྱེད་ནས་ཀྱང༔ ཚིལ་ཆེན་གུ་གུལ་དུད་པ་བཏང༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ སྲིན་ཡུལ་ལང་ཀ་པུ་རི་ནས༔ སྤྱན་དྲངས་བསྟིམ་པ་ཉེར་གཅིག་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལང་ཀ་པུ་རི་སྲིན་པོའི་ཡུལ༔ གཏུམ་དྲག་རྔམ་པའི་དུར་ཁྲོད་ནས༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ གུ་རུ་ཀརྨ་དྲག་པོ་རྩལ༔ ལོག་འདྲེན་མ་ལུས་བསྒྲལ་སླད་དུ༔ གནས་འདིར་མྱུར་བ་ཉིད་དུ་བྱོན༔ མ་ཧཱ་གུ་རུ་ཀརྨ་དྲག་པོ་རྩལ་བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོ༔ ཉོན་མོངས་བདུད་བཞི་འདུལ་བའི་རྡོ་རྗེ་འདི༔ སྐལ་ལྡན་བུ་ལ་ཐབས་ཀྱི་ཕྱག་རྒྱར་སྦྱིན༔ ཨོཾ་བཛྲ་སཏྭཾ་བྷ་ཡ་ནན༔ འཕྲིན་ལས་ཡོངས་སྒྲོལ་སེང་ལྡེང་ཕུར་པ་འདི༔ ཤེས་རབ་སྙིང་རྗེས་བསྒྲལ་བའི་རྫས་སུ་གཏད༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་རྦད༔ བ་ལིཾ་ལྷར་གསལ་སྤྱི་བོར་བཞག༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་འཕྲིན་ལས་བདག༔ ལོག་འདྲེན་གདུག་པ་ཀུན་འདུལ་མ་ཧཱ་གྷུ་རུ༔ ཀརྨ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་བྱིན་རླབས་ནུས་པའི་རྩལ༔ རིགས་ཀྱི་བུ་ལ་ད་ལྟ་ཉིད་དུ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ དེ་ནས་སྲོག་གི་སྙིང་པོ་སྦྱིན༔ འདི་ལྟར་གསང་བའི་མན་ངག་རྣམས༔ དང་པོ་བརྡའ་མིན་ཆོལ་བུར་སྤེལ༔ ཐེ་ཚོམ་བྱེད་པའི་འཁོར་ཚོགས་འདུལ༔ གཉིས་པ་སྲོག་གཏད་རྫོགས་པར་སྦྱིན༔ མ་རུངས་བདུད་དང་མཐའ་དམག་བཟློག༔ གསུམ་པ་ལས་ཚོགས་རྫོགས་པར་སྦྱིན༔ རང་འདྲའི་སློབ་བུ་ཉི་ཤུ་གཅིག༔ གནས་ཆེན་དྲག་པོར་ཟབ་གཏེར་སྤེལ༔ དུས་རྟགས་མ་ནོར་གནད་བལྟེམས་པ༔ སྤྱི་ལུང་གསང་བའི་གལ་མདོར་ལྟོས༔ དུས་མ་བབ་ན་ཡ་ག་སྒྲོག༔ དམ་མེད་སྲོག་ལ་རྒོལ་དུ་ཆ༔ དུས་མཐར་གསང་བའི་གཏེར་བཅུད་ཉམས༔ བདུད་དང་མཐའ་དམག་ཁ་ལངས་འཕྱུར༔ གསང་སྒྲུབ་སྙིང་ཏིག་ནག་པོའི་སྐོར༔ ལོ་བཅུར་རང་མིན་ཀུན་ལ་སྦོས༔ སྤྱི་ལུང་བཞིན་དུ་རྟགས་བྱུང་ན༔ དྲག་པོའི་བུ་མཆོག་དཔྲལ་སྨེ་ཅན༔ དེ་སོགས་རྟགས་དང་སྦྱར་ལ་སྤེལ༔ ཞེས་སོགས་ཡོད་པ་ལས་ཕྱི་མོ་འདི་སྐོར་སྤྲེལ་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་དགུ་ལ་འབྲི་གུང་རྩེ་གཞིས་ཀར་ལྟས་ངོ་མཚར་བ་ཞིག་བྱུང་བ་ལ་བརྟེན་ནས་ཤོག་སེར་ལས་མྱུར་བར་ཞལ་བཤུས༔ ༈ ཀརྨ་མ་ཧཱ་གུ་རུའི་གཏོར་ནག་གི་ལས་མཐའ་གཏེར་བྱོན་བཞུགས་སོ༔ བདུད་འདུལ་པདྨའི་སྐུ་ལ་འདུད༔ ཕྱི་ནང་བར་ཆོད་སེལ་བའི་ཕྱིར༔ གཏོར་ནག་ལས་ཀྱི་མདེ་ཐུང་བསྟན༔ ལྕགས་སམ་ཐོད་པའི་ཚལ་བུ་རུ༔ འབྲུ་ནག་ཕྱེ་ལ་དུག་ཁྲག་གིས༔ སྦྲུས་པའི་ཆོས་འབྱུང་གྲུ་གསུམ་སྟེང༔ བདུད་བཞིའི་གཟུགས་བྱ་དེ་ཉིད་ལ༔ དམིགས་པའི་འགུགས་འདྲེན་དྲག་པོ་བྱ༔ དེ་སྟེང་དྲག་པོའི་གཏོར་མ་བཤམ༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ གཏོར་མ་ཤ་ཁྲག་ཕུང་པོར་བསམ༔ མ་ལ་ཡ་ཡི་རི་བོ་དང༔ སྲིན་ཡུལ་གནས་ནས་གྷུ་རུའི་ཚོགས༔ སྤྱན་དྲངས་ཞལ་དུ་གསོལ་བར་བསམ༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧཱི༔ ཞེས་བརྗོད་ཞི་བར་བྱ་བའི་ལས༔ ལྟས་དང་མཚན་མ་རྩུབ་པ་ན༔ གཏོར་མ་དྲག་པོའི་ཕུར་བུར་བསྒོམ༔ ལིངྒ་བསྒྲལ་ལ་གཏོར་མར་བསྟབ༔ རྩ་བའི་སྔགས་དང་ལས་ཀྱི་སྔགས༔ མང་དུ་བཟླས་ཤིང་གནོད་ཕྱོགས་འཕང༔ གཞན་དུ་མ་བསྟན་ས་མ་ཡ༔ ཤུ་བྷཾ༔ གསང་བ་མུ་སྟེགས་གཏོར་ནག་ནི༔ སྲིན་པོའི་སྐད་དུ༔ ྈྈྈྈྈྈྈྈ ཨོ་རྒྱན་སྐད་དུ༔ ྈྈྈྈྈྈ གསང་བ་མུ་སྟེགས་གཏོར་ནག་བསྟན༔ ནང་པ་སངས་རྒྱས་བཀའ་ཡི་མཐུ༔ མུ་སྟེགས་ལོག་སྦྱོར་དྲག་པོའི་མཐུ༔ བདེ་གཤེགས་ཞི་ཁྲོ་མན་ཆད་ནས༔ གྲོང་རྒྱུག་འགོང་པོ་ཡན་ཆོད་ཀྱི༔ མཐུ་དང་ནུས་པ་འདི་ཡིས་བཟློག༔ རང་ཉིད་དབང་ཕྱུག་ཆེན་པོའི་སྐུ༔ ཤིན་ཏུ་ཆེ་བ་གྱེན་དུ་བསྒྲེངས༔ འབྲས་བུ་ཀླུ་ཡི་ཡུལ་དུ་ཟུག༔ རྐེད་པ་མི་ཡི་ཡུལ་དུ་ལྡེམ༔ མགོ་བོ་ལྷ་ཡི་ཡུལ་དུ་འཁྱོགས༔ ཆུ་སྦུབ་བསྐལ་པའི་མེ་ལྟར་འབར༔ སྐུ་ཡི་བ་སྤུའི་བུ་ག་ནས༔ ཞུན་གྱི་མེ་སྟག་ཁྲོ་བོ་འཕྲོ༔ སྔགས་བཟླས་མེ་ཡི་འོད་ཟེར་གྱིས༔ གནོད་བྱེད་ཐམས་ཅད་ཚིག་པར་བསམ༔ བཟླས་བྱ་དབང་ཕྱུག་དྲག་པོའི་སྔགས༔ ཨད་ཏྲ་སད་ཏྲ་སོ་ལེ་བཾ༔ གྷུ་ལི་བྷི་བྷྱོ༔ ཨུརྣོ་ཨུརྣོ་ཐུན་ཆོག་ཐུན་ཆོག༔ བ་སོ་བ་སོ་ཏིཀྟ་ནག་པོ་སརྦ་ཐུན་བཾ༔ བྱད་སྟེམས་མཱ་ར་ཡ་ཟློག༔ ཡར་ཟློག་མར་ཟློག་ཚལ་པར་གས་མཱ་ར་ཡ་ཟློག༔ འདི་འདྲའི་དྲག་སྔགས་འཕྲོ་འདུ་ཡིས༔ བཟླས་པ་ཙམ་གྱིས་བྱད་སྟེམས་བཟློག༔ བཀྲ་ཤིས་མི་ནོར་གཉིས་ཀ་འཕེལ༔ རྒྱུན་དུ་བྱ་བའི་མན་ངག་གོ༔ ཁྱད་པར་ཕ་རོལ་བྱད་ལྟས་དང༔ པྲ་ངན་རྨི་ལྟས་ངན་པ་ན༔ ཧུར་ཐུམ་དྲག་པོའི་བཟློག་པ་བྱ༔ དུར་ཁྲོད་ས་དང་ས་ནག་བསྲེས༔ དུག་ཁྲག་ཆུས་སྦྲུས་དབང་ཕྱུག་གི༔ མཚན་མ་ཁོང་སྟོང་མཐོ་གང་དང༔ སོར་བཞི་ལ་སོགས་ཅི་འགྲུབ་བྱ༔ རེ་བའི་གདན་ལ་འབྲུ་ནག་སྟེང༔ བཀོད་ལ་རང་འདྲར་བསྐྱེད་ཅིང་བསྟིམ༔ ཉུངས་དཀར་ཐུན་ལ་སྔགས་ཤིང་བསྒྲུབ༔ དུག་ཤོག་སྔགས་བྲིས་ཐུན་ཉུངས་བཅས༔ ནང་བཅུག་ལ་ཆས་ཞབས་བསྡམས་ལ༔ གནོད་བྱེད་ཕྱོགས་ལ་ཟོར་དུ་འཕང༔ གསང་བའི་གཏོ་ནག་སྙིང་གི་ཁྲག༔ དབང་ཕྱུག་ཆེན་པོས་དངོས་སུ་ཕུལ༔ ྈྈྈ སྦྲུལ་ལོར་གཙང་ཐོབ་རྒྱལ་དུ་ཤོག་སེར་ལས་བཤུས་པའོ༔ ཤུ་བྷཾ༔ ༈ ཀརྨ་མ་ཧཱ་གྷུ་རུའི་གཏོར་ནག་གི་ལས་མཐའ་ལྗགས་བསྒྲིགས་མ་བཞུགས་སོ༔ ༔གྷུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ བདུད་འདུལ་པདྨའི་སྐུ་ལ་འདུད༔ ཕྱི་ནང་བར་ཆོད་སེལ་བའི་ཕྱིར༔ གཏོར་ནག་ལས་ཀྱི་མདེ་ཐུང་བསྟན༔ ལྕགས་སམ་ཐོད་པའི་ཚལ་བུ་རུ༔ འབྲུ་ནག་ཕྱེ་ལ་དུག་ཁྲག་གིས༔ སྦྲུས་པའི་ཆོས་འབྱུང་གྲུ་གསུམ་སྟེང༔ བདུད་བཞིའི་གཟུགས་བྱ་དེ་ཉིད་ལ༔ དམིགས་པའི་འགུགས་འདྲེན་དྲག་པོ་བྱ༔ ཞེས་གསུངས་པའི་ཕྱིར༔ དགོས་པ་གང་གི་ལས་རིམ་གྱི༔ སྣོད་རྒྱུ་འབྲུ་ནག་མཆོག་ཏུ་བསྔགས༔ སྒྲུབ་པའི་ཆོས་འབྱུང་གྲུ་གསུམ་སྟེ༔ དེ་ནི་རྒྱ་དང་དཔངས་མཉམ་པའི༔ སྟེང་དུ་བདུད་བཞི་བྱི་འཆིངས་སུ༔ ལྷ་བུ་གན་རྐྱལ་དཀར་པོ་ལ༔ ཁ་སྦུབ་སེར་པོ་ཕུང་པོའི་བདུད༔ དེ་སྟེང་ཉོན་བདུད་གན་རྐྱལ་དམར༔ འཆི་བདག་ནག་པོ་ཁ་སྦྲུབ་སྟེ༔ རྐང་བཞི་ས་ལ་འབེབ་པའི་ཚུལ༔ ལག་གཉིས་བསྒྲད་ནས་བརྐྱང་བ་འོ༔ དེ་སྟེང་བཀོད་པའི་གཏོར་མ་དེ༔ བདུད་འདུལ་པདྨའི་སྐུ་རུ་བསྐྱེད༔ བདག་དང་དྲག་པོའི་གཏོར་མ་ནི༔ བདུད་འདུལ་ཀརྨ་དྲག་པོའི་སྐུ༔ ལྗང་ནག་དུ་བའི་མདོག་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་རྒྱན་རྣམས་རྫོགས༔ ཕྱག་གཡོན་སྣ་ཚོགས་རྡོ་རྗེ་འཕྱར༔ ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས༔ ཉོན་མོངས་བདུད་བཞི་ཟིལ་གྱིས་གནོན༔ གཡས་པས་སེང་ལྡེང་ཕུར་པ་གདེངས༔ ཤེས་རབ་སྙིང་རྗེས་སྒྲོལ་བའི་ཕྱིར༔ ཞིང་བཅུའི་རུ་ཏྲ་སྒྲོལ་བའི་རྟགས༔ སྐུ་སྨད་ཕུར་པ་དབལ་དང་ལྡན༔ གནམ་ལྕགས་འབར་བའི་ཐོག་ལྟར་བསམ༔ ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས༔ ཧཱུྃ་ཡིག་མཐའ་རུ་ལས་སྔགས་ནི༔ རྟགས་དང་སྦྱར་ཏེ་ཅི་འགྲུབ་བཟླ༔ མགར་གྱི་ཞུན་མེ་ལྟ་བུ་འཕྲོ༔ འབར་བ་དྲག་པོའི་སྐུ་རུ་གསལ༔ སྤྱན་དྲངས་བསྟིམ་པ་དྲག་པོ་བྱ༔ ཧཱུྃ་ཞེས་གོང་གི་སྔགས་ཚིག་སྦྱར༔ ཧཱུྃ་ཧཱུྃ་ཧཱུྃ༔ ལང་ཀ་པུ་རི་སྲིན་པོའི་ཡུལ༔ གཏུམ་དྲག་རྔམ་པའི་དུར་ཁྲོད་ནས༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ གྷུ་རུ་པདྨ་དྲག་པོ་རྩལ༔ ལོག་འདྲེན་མ་རུངས་བསྒྲལ་སླད་དུ༔ གནས་འདིར་མྱུར་བ་ཉིད་དུ་བྱོན༔ ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་དྲག་པོ་རྩལ༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བསྟོད་ཅིང་བསྐུལ་བ་འདི་ཉིད་དོ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྲིན་ལས་བདག༔ ལོག་འདྲེན་དྲེགས་པ་ཀུན་འདུལ་མ་ཧཱ་གྷུ་རུ༔ བདུད་སྡེ་འདུལ་མཛད་ཀརྨ་དྲག་པོའི་སྐུ༔ བྱིན་རླབས་མཐུ་སྟོབས་ནུས་པའི་རྩལ་ལྡན་པ༔ མ་རུངས་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་རུ་ཏྲ་སྒྲོལ་བའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ༔ ཏྲིག་རྦད་ཏྲིག་རྦད༔ ཧ་ལ་པ་ཏི་ཏྲིག་ནན་རྦད༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཕུང་བྱེད་དགྲ་བགེགས་ཀྱི་སྙིང་སྲོག་ལ་རཾ་རཾ་ཐུལ་ཐུལ༔ ཏྲིག་རྦད་ཏྲིག་རྦད་ཧ་ལ་པ་ཏི་ཏྲིག་ནན་རྦད༔ ལས་སྔགས་ཀྱི་མཐར༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་དམ་སྲི་རུ་ཏྲ་ཞིང་བཅུ་མཱ་ར་ཡ་རྦད༔ གོང་བཞིན་ཞལ་བསྟབ་སྔགས་བཅས་སྦྱོར༔ ཧཱུྃ༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ གྷུ་རུ་ཀརྨ་དྲག་པོ་རྩལ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་གཙིགས་ལ༔ གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་ཤ་ཁྲག་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ ཁྲག་འཐུང་དྲག་པོའི་དམག་དཔུང་སྐྱེད༔ དགྲ་བགེགས་སྟེང་དུ་གཏོར་ཟོར་རྒྱོབ༔ མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་སོད༔ རྩ་བའི་སྔགས་དང་ལས་ཀྱི་སྔགས༔ མང་དུ་བཟླས་ཤིང་གནོད་ཕྱོགས་འཕང༔ གཞན་དུ་མ་བསྟན་ས་མ་ཡ༔ འདི་ལྟར་ལས་ཀྱི་རིམ་པ་རྣམས༔ དྲག་པོའི་བུ་མཆོག་དཔྲལ་སྨེ་ཅན༔ གནས་ཆེན་དྲག་པོར་ཟབ་གཏེར་སྤེལ༔ ཞེས་ལུང་ཐོབ་བོ༔ འགལ་འཁྲུལ་ནོངས་པ་མཆིས་ན་བཟོད་པར་གསོལ༔ ཞེས་དྲག་པོའི་གནས་ཆེན་ཡང་རྫོང་དུ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་མྱུར་བར་བྲིས་པའོ༔ རིག་འཛིན་ངག་གི་དབང་པོས་མཛད་པའོ༔ ༔

རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་དང་བྱིན་རླབས་ (Volume 61, Text 29)

ཨཱོྃ་སྭསྟི། ཤེས་རབ་ཕ་རོལ་ཕྱིན་དངོས་ཡུམ། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར། །རྣམ་རོལ་རྡོ་རྗེ་བཙུན་མོ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་ཉང་གཏེར་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་དང་འབྲེལ་བར་བྱིན་རླབས་བྱ་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དུར་ཁྲོད་ལ་སོགས་པའི་གནས་སུ་གསང་བའི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཆང་དང་བདུད་རྩི་ལྔས་བྱུགས་པ་ལ། མཎྜལ་ཆོས་འབྱུང་ནང་དམར་པོ་ཕྱི་ནས་རེ་ཁཱ་དཀར་པོས་ཉིས་རིམ་གྱི་ཚུལ་དུ་བྲིས་པའི་སྟེང་དུ་མེ་ཏོག་དམར་པོའི་ཚོམ་བུ་བཀོད། སྟེང་ནས་དར་དམར་པོའི་གུར་ཕུབ། མཐར་ཕྱིའི་མཆོད་ཡོན་ཉེར་སྤྱོད་དང་། དབང་པོའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད་ལྔ། ཁྱད་པར་གྱི་མཆོད་པ་རཀྟའི་ཞལ་བུ་དང་། ཐོད་པའི་སྣོད་དུ་སྦྲང་རྩི་དང་ཀླད་པ་སྦྱར་བ། ལྕགས་སྣོད་དུ་ནིམ་པ་དང་ཁྱི་ཚིལ་སྦྱར་བ། འཁར་བའི་སྣོད་དུ་གླང་པོ་ཆེའི་མཁྲིས་པ་དང་ལྕེ་སྤྱང་གི་ཤ་སྦྱར་བ། ཤ་ཆེན་དང་གུ་གུལ་སྦྱར་བའི་སྤོས་རྣམས་དང་། ཐོད་པའི་སྣོད་དུ་ཤ་ཆང་གིས་བརྒྱན་པའི་གཏོར་མ་དང་། རྡོར་དྲིལ་ནང་མཆོད་ཌཱ་རུ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལ། ཐོག་མར་ནང་མཆོད་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར། དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པས་གཉིས་སུ་མེད་པར་གྱུར། ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདག་གནས་ཡོ་བྱད་ལ་གཏོར། དེ་བཞིན་དུ་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཐུགས་ཀའི་ཧཱུྃ་འོད་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་སྤྱན་དྲངས་ལ་གཏོར་སྔགས་འོག་ནས་འབྱུང་བས་འབུལ་བ་དང་། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོ་ཕྱག་བཞི་མའི་སྐུར་གྱུར། ཨཱོྃ་ཧྲཱིཿགྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརྗོད་པས། སྟེང་འཁོར་ལོ་རྩིབས་བརྒྱད་པ་དང་འོག་པདྨ་འདབ་བརྒྱད་དུ་གནས་པའི་བར་དུ། ཆོས་འབྱུང་གྲུ་གསུམ་པ་རྩེ་མོ་ཐུར་དུ་ཟུག་ཅིང་གདེངས་ཀ་གྱེན་དུ་ལྟ་བ་ཕྱི་དཀར་ལ་ནང་དམར་བ་ཁོང་སྟོང་ཡངས་ཤིང་ཟབ་པ་སྲུང་བའི་འཁོར་ལོར་གྲུབ་པར་གྱུར། རང་གི་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་གསུམ་པ་དེ་ཇེ་ཆེར་འཕེལ་བས་རང་ལུས་ཆོས་འབྱུང་དུ་གྱུར་ནས་སྔར་གྱི་ཆོས་འབྱུང་གི་ནང་དུ་ཆུད་པའི་བར་མཚམས་རྣམས་མེར་འབར་བར་གྱུར། ཆོས་འབྱུང་ནང་མའི་དབུས་སུ་མི་རོ་དམར་སེར་སྒུར་ཏེ་གཡས་སུ་ལྟ་བའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་གདན་ལ་རང་སེམས་ཧྲཱིཿཡིག་དམར་པོ་བསྐལ་པའི་མེ་ལྟར་འབར་བ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་མཆོད། ཁམས་གསུམ་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་མ། དྲག་མོ་ཆེན་མོ་འཇིགས་སུ་རུང་བའི་ཕག་གི་གདོང་ཅན་ཤིན་ཏུ་ཁྲོས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་བཀྲ་བ་ཁྲོ་གཉེར་བསྡུས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་སྐྱོད་པ་ཕཻཾ་གྱི་སྒྲས་གདུག་པ་ཟིལ་གྱིས་གནོན་པ། དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། ཐུང་ཞིང་གསུས་པ་འཕྱང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཁྲག་འཛག་མགོ་བོའི་དོ་ཤལ་འཕྱང་བ། གཅེར་བུ་ཕྱག་རྒྱ་ལྔས་མཛེས་པ། ཕྱག་གཡས་པ་རྡོ་རྗེ་དང་ལྕགས་ཀྱུ། གཡོན་ཐོད་ཁྲག་དང་སྡིགས་མཛུབ་བཅས་པའི་ཞགས་པ་འཛིན་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་སྒྲེང་བ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་གྱད་ཀྱི་དོར་སྟབས་ཀྱིས་ས་གསུམ་གནོན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀར་ཧྲཱིཿས་མཚན་པར་བསམ་མོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཨཱོྃ་བཛྲ་བྷ་ར་ཧེ་ཨཱ་བེ་ཤ་ཡ་སརྦ་དུཥྚཱན་ཧྲཱིཾ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། སྔར་བཤམས་པའི་གཏོར་མ་དང་ཕྱི་ནང་་་ཞལ་གཉིས་མ་ལྟར་དང་།གསང་བའི་མཆོད་པ་་་ཨ་ནུ་རཱ་གའི་སྔགས།རྣམས་ཕུལ་ལ། ཧཱུྃ། སྐྱོན་བྲལ་གྲུ་གསུམ་ཆོས་དབྱིངས་ཕོ་བྲང་ན། །ཞེས་སོགས་ཀྱི་བསྟོད་པ་རྒྱས་པའམ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་པ་ཙམ་གྱིས་བསྟོད་ལ། ཛཿཧཱུྃ་བཾ་ཧོཿཞེས་པས་ཡེ་ཤེས་པ་རང་ལ་གཉིས་མེད་དུ་ཐིམ་པར་བསམ་ལ་ལྷའི་གསལ་སྣང་དང་ང་རྒྱལ་ཤུགས་དྲག་ཏུ་སྒོམ་པ་ལ་ཅི་གནས་བཞག་ནས། སྙིང་གར་ཟླ་བའི་སྟེང་དུ་པདྨ་འདབ་མ་བཞི་པའི་དབུས་སུ་ཧྲཱིཿཕྱོགས་བཞིར་ཨཱོྃ་ཧཱུྃ་ཧྲཱིཿཧཱ་ཞེས་པ་གཡོན་སྐོར་དུ་གནས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་རླབས་རྣམས་མཁའ་འགྲོ་རིགས་བཞིས་བསྡུས། དེ་རྣམས་མདུན་གྱི་ནམ་མཁར་བཞུགས་པས་བདག་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་བསམ་ལ། ཨཱོྃ་བཛྲ་བྷ་ར་ཧེ་ཨཱ་བེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ༔ ཞེས་པ་ཅི་ནུས་སུ་བཟླའོ། །དེ་ནས་བསྙེན་པ་ནི་ཕྱི་ཚད་མེད་བཞིར་བཟླ་བ། ནང་ཕྲིན་ལས་བཞིར་བཟླ་བ། གསང་བ་ཡེ་ཤེས་བཞིར་བཟླ་བ་སྟེ། ཨཱོྃ་ཧཱུྃ་ཧྲཱིཿཧཱ་བཞི་པོས་ལས་དེ་དང་དེ་སྒྲུབ་པར་བསམ་ཞིང་བཟླ་བ་ཡིན་ཏེ། གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག༔ མཉམ་པར་བཞག་པས་འགྲུབ་པར་འགྱུར༔ ཞེས་གསུངས་པ་བཞིན་ནོ། །དེ་ནས་སྒྲུབ་པ་ནི། བདུན་ཕྲག་གསུམ་གྱི་དང་པོར། འོད་ཟེར་ནག་པོའི་སྤྲོ་བསྡུས་ཞེ་སྡང་སྦྱང་། གཉིས་པར་འོད་ཟེར་དམར་པོའི་སྤྲོ་བསྡུས་འདོད་ཆགས་སྦྱང་། གསུམ་པར་འོད་ཟེར་དཀར་པོའི་སྤྲོ་བསྡུས་གཏི་མུག་སྦྱངས་པར་བསམ་ནས་བཟླས་པས་རིམ་པ་བཞིན་སྐུ་གསུམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ། །སྒྲུབ་ཆེན་ནི། གསང་བའི་བྲིས་སྐུའི་མདུན་དུ། ཤ་ཆེན་གྱི་མེ་ཏོག །ཚིལ་ཆེན་གྱི་མར་མེ། ཁྲག་གི་ཨརྒྷཾ། ཤ་ཆེན་གྱི་གཏོར་མ་རྣམས་བཤམས་ནས་བཟླས་པ་བྱ། མཆོད་གཏོར་ཕུལ། བསྟོད་ཅིང་ཕྲིན་ལས་བསྐུལ་བ་སོགས་དང་། རྫོགས་རིམ་གྱི་མན་ངག་རྣམས་ནི་གཏེར་གཞུང་ལས་ཤེས་པར་ བྱའོ། །རྒྱུན་གྱི་རྣལ་འབྱོར་ལ་ནི་བཟླས་པའི་མཐར་ཐུན་བསྡུ་བ་སྤྱི་ལྟར་བྱས་ནས་ཐུན་མཚམས་ལ་འཇུག །སྐབས་དེར་གཏོར་མ་འབུལ་ན། སྔར་ལྟར་བྱིན་གྱིས་བརླབས་ཤིང་། ཕཻཾ་ཞེས་སྤྱན་དྲངས། ཨཱོྃ་ཧྲཱིཿཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕེཾ་ཕེཾ་ཕེཾ༔ ཞེས་ལན་བདུན་གྱིས་ཕུལ་ནས། མཆོད་བསྟོད་སོགས་སྔར་བཤད་པ་བཞིན་ལས་ཁྱད་པར་ཤ་ཆེན་གྱི་སྤོས་ལ་སོགས་པ་རྣམས། ཨཱོྃ་ཨཱཿཧྲཱིཿཧཱུྃ་ཧ་ཧ་ཞེས་པ་ཉེར་གཅིག་གིས་ཕུལ་ལ། ཧཱུྃ༔ འབར་མ་ཆེན་པོ་མཁའ་འགྲོ་མ༔ དུར་ཁྲོད་བརྒྱད་ཀྱི་གནས་སྲུང་བ༔ སྒྲུབ་སྐྱོང་ཤ་ཟའི་མཁའ་འགྲོ་མ༔ མཁའ་འགྲོ་མ་དང་ཤུགས་ཀྱིས་འགྲོ༔ ཡིད་ཀྱིས་འགྲོ་དང་རྐང་པས་འགྲོ༔ སོ་སོའི་འཁོར་གཡོག་འབུམ་དང་བཅས༔ ཤ་དང་ཁྲག་ལ་རྔམས་པ་རྣམས༔ སྲོག་དང་དབུགས་འཕྲོག་བྱེད་པ་ཡི༔ ལས་ཀྱི་མཁའ་འགྲོ་རྣམས་ལ་མཆོད༔ ཤ་དང་རཀྟ་སྤོས་དང་ཚིལ༔ བདུད་རྩི་ཆེན་པོ་རྣམ་པ་ལྔ༔ ཀླད་པ་བྱང་ཆུབ་སེམས་སྦྱར་བ༔ སྦྲང་རྩི་རཀྟ་ཀླད་པ་སྦྱར༔ ནིམ་པ་ཁྱི་ཡི་ཚིལ་བུ་དང༔ གླང་པོའི་མཁྲིས་པ་ལྕེ་སྤྱང་ཤ༔ སྣ་ཚོགས་ཤ་སྐམ་གུ་གུལ་སྤོས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པར་བཞེས༔ དམར་ཆེན་གཏོར་མ་འདི་ལོངས་ལ༔ སངས་རྒྱས་བསྟན་པ་རྒྱས་པར་མཛོད༔ བར་ཆད་དགྲ་བགེགས་ཁྱེད་ཀྱིས་སྒྲོལ༔ ཅེས་དང་ཨཱོྃ་ཧྲཱིཿཧཾ་ཧཾ་སོགས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་བསྐུལ་ཞིང་ཕྲིན་ལས་འཆོལ་བ་དང་། ཚོགས་ཀྱི་མཆོད་པའང་བྱའོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་མཉམ་སྒྲུབ་བྱ་ཞིང་ཆོ་ག་ནི་སྔ་མ་བཞིན་ནོ། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་མཚམས་སྦྱོར་ཅི་རིགས་པ་བྱས་ནས་མཎྜལ་ཕུལ། གསོལ་འདེབས་དང་སྐྱབས་སེམས་ཙམ་་་ཞལ་གཉིས་མ་ལྟར།མཆན།སྔོན་དུ་འགྲོ་བས་བྱིན་རླབས་ཀྱི་གཞི་བཅའ་བ་ནི། མཎྜལ་ཆོས་འབྱུང་གྲུ་གསུམ་པའི་སྟེང་དུ་སློབ་མ་གཅེར་བུར་སྐྱིལ་ཀྲུང་མཉམ་གཞག་བཅས་པའི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་བསྒོམས་པའི་སྐུ་གསུང་ཐུགས་ཀྱིས་སློབ་མའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་པའོ། །བྱིན་རླབས་དངོས་ལ་དྲུག་ལས། དང་པོ་ལྷ་བསྒོམ་པས་བྱིན་གྱིས་བརླབ་པ་ནི། འོག་རླུང་བསྐུམ་སྟེ་རྣལ་འབྱོར་མའི་སྐུར་བསྐྱེད་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ལྟེ་བར་ཧྲཱིཿལ་རྩ་བའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་ལ་སིབ་ཀྱིས་ཐིམ་པས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་མོས་ཤིག་བྱ།་་་འོག་གི་འབེབ་སྔགས་དང་སྤོས་རོལ་འདིར་བྱ་དགོས། གཉིས་པ་ཡིག་འབྲུས་བྱིན་གྱིས་བརླབ་པ་ནི། སློབ་མའི་ལྟེ་བར་ཧྲཱིཿདམར་པོ་ལས་ཆོས་འབྱུང་དམར་པོ་ཧྲཱིཿཡིས་མཚན་པ་གཡོན་དུ་འཁོར་བ། སྙིང་གར་ཧཱུྃ་ནག་པོ་ལས་གཡུང་དྲུང་ནག་པོ་ཧཱུྃ་ཡིག་གསུམ་གྱིས་མཚན་པ་གཡས་སུ་འཁོར་བ། མགྲིན་པར་ཨཱོྃ་དཀར་པོ་ལས་གཡུང་དྲུང་དཀར་པོ་ཨཱོྃ་གྱིས་མཚན་པ་གཡོན་དུ་འཁོར་བ། སྤྱི་བོར་ཧྃ་སེར་པོ་ལས་གཡུང་དྲུང་སེར་པོ་ཧྃ་གིས་མཚན་པ་གཡས་སུ་འཁོར་བར་བསམ་ལ། མཐར་སྤྱི་བོའི་བླ་མ་བསྟིམས་ནས་གནས་བཞིའི་ཡི་གེ་རྣམས་ལ་སེམས་གཏད་དེ་བྱིན་གྱིས་བརླབ་བོ།་་་སྔགས་སྤོས་རོལ། གསུམ་པ་སྤོས་ཀྱིས་བྱིན་གྱིས་བརླབ་པ་ནི། སྙིང་གའི་གཡུང་དྲུང་ལ་སེམས་བཟུང་སྟེ། བྱི་ལ་ནག་པོའི་བྲུན། པདྨ་རཀྟ། ཤ་ཆེན། གུ་གུལ། ཀླད་ཆེན། བདུད་རྩི་ལྔ། རའི་ལྕེ་དང་རྐང་ལག་གི་ཉྭ་བཞིའི་ཤ །བ་ལང་གི་སྤུ། རང་གི་སྐྲ་རྣམས་བསྲེགས་པའི་དུད་པས་སློབ་བུ་དང་བྲིས་སྐུ་རྣམས་ལ་བདུག་ཅིང་། ཨཱོྃ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླའོ།་་་སྔགས་སྤོས་རོལ། བཞི་པ་མེ་ཏོག་གིས་བྱིན་གྱིས་བརླབ་པ་ནི། མེ་ཏོག་དམར་པོ་མཛེས་པ་གཅིག་མཎྜལ་སྟེང་ནས་བླངས་ཏེ་སློབ་མའི་སྤྱི་བོར་བཞག་ལ། མེ་ཏོག་དེས་མཚོན་པར་རྣལ་འབྱོར་མའི་སྐུ་ཞིག་དམར་རིལ་གྱིས་བྱོན་ནས་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་ཕཻཾ་ཉེར་གཅིག་དབུགས་གཅིག་ལ་བརྗོད་པར་བྱའོ།་་་སྔགས་སྤོས་རོལ། ལྔ་པ་མར་མེས་བྱིན་གྱིས་བརླབ་པ་ནི། སློབ་མ་ལྷར་གསལ་བའི་ལྟེ་བར་ཨ་དམར་པོ་འབར་བ་དང་སྤྱི་བོར་ཧྃ་དཀར་པོས་མཚན་པར་གྱུར། འོག་རླུང་བསྐུམས་པས་གཏུམ་མོ་འབར་འཁོར་ལོ་བཞི་རིམ་པར་བསྲེགས། སྤྱི་བོའི་ཧྃ་ཡིག་ཞུ་བའི་བྱང་སེམས་ཨ་ལ་ཐིམ་པས་མེ་ཆེར་འབར། ལུས་དང་ལུས་ཀྱི་བག་ཆགས་རྣམ་རྟོག་དང་བཅས་པ་བསྲེགས་ནས་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཏུ་གཞུག།་་་སྔགས་སྤོས་རོལ། དེས་ལུས་ཡོད་དུ་མི་ཚོར་ཞིང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་ན་བྱིན་ཕེབས་པའོ། །དྲུག་པ་གཏོར་མས་བྱིན་གྱིས་བརླབ་པ་ནི། ལུས་སྐྱིལ་ཀྲུང་བཅས་འོག་རླུང་འཐེན་ལ། བཤང་སྒོར་ཡཾ་ལས་རླུང་། ལྟེ་བར་རཾ་ལས་མེ། སྙིང་གར་ཐབ་ཁུང་གྲུ་གསུམ། མགྲིན་པར་རྩ་གསུམ་ཨཱོྃ་ཨཱཿཧཱུྃ་གསུམ་ལས་ཐོད་པའི་སྒྱེད་པུར་མགོ་བོ་ཀ་པཱ་ལ་རང་བྱུང་གི་སྣོད་དུ། དབང་པོ་ལྔ་ཤ་ལྔ། ཡུལ་ལྔ་བདུད་རྩི་ལྔ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དུག་ལྔ་བྱང་ཆུབ་སེམས་ཀྱི་བདུད་རྩི་འགྱུ་དྲན་བདུད་རྩི་མཁའ་ཁྱབ་ཏུ་མཆོད་པར་བསམ་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཕུང་པོ་གཟུགས་ཀྱི་གཏོར་མ་བཞེས༔ རྣལ་འབྱོར་པ་ཡི་ལམ་སྣ་དྲོངས༔ དབྱིངས་ནས་ཡེ་ཤེས་མཁའ་འགྲོ་མ༔ ཉོན་མོངས་རྣམ་རྟོག་གཏོར་མ་བཞེས༔ ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་སྩོལ༔ གནས་པ་ཡེ་ཤེས་མཁའ་འགྲོ་མ༔ ལུས་གནས་རྩ་རླུང་གཏོར་མ་བཞེས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འདྲེན་པ་ལས་ཀྱི་མཁའ་འགྲོ་མ༔ དུག་གསུམ་ཤ་ཁྲག་གཏོར་མ་བཞེས༔ དམ་ཚིག་ཉམས་པ་བསྐང་དུ་གསོལ༔ གཙོར་བྱེད་དམ་ཚིག་མཁའ་འགྲོ་མ༔ དུག་ལྔ་དུག་གསུམ་གཏོར་མ་བཞེས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཅེས་དང་། སྡེ་ཚན་དྲུག་པོ་ཐམས་ཅད་ཀྱི་མཐར་ཨཱོྃ་བཛྲ་བྷ་ར་ཧེ་ཨཱ་བེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཾ་སྭཱ་ཧཱ༔ ཞེས་པ་དྲུག་ཏུ་བཟླ། སྦྱར་སྤོས་བསྲེག་ཅིང་རོལ་མོའི་སྒྲ་ཆེར་བྱ། དེ་ནས་སློབ་དཔོན་རྣལ་འབྱོར་མའི་ང་རྒྱལ་གྱིས་ལངས་ཏེ་རོལ་མོ་དྲག་ཏུ་དཀྲོལ་བས་སློབ་བུའི་ཤེས་པ་དཀྲོགས་པས། ལུས་འཕར་བ་དང་། ངག་སྨྲ་རྒོད། སེམས་རྟོག་མེད་དུ་འབྱམས་པ་སོགས་བྱུང་ན་བྱིན་རླབས་ཞུགས་པ་ཡིན་ནོ།། །།འ༵གྱུར་མེ༵ད་བདེ་ཆེན་འཆར་བའི་གཞི། །སྟོང་ཉིད་ཤེས་རབ་ཕར་ཕྱིན་ཡུམ། །རྡོ༵་རྗེ༵་བཙུན་མོ་དོན་གྲུབ་མའི། །སྒྲུབ་ཐབས་ཉང་གཏེར་སྙིང་པོར་དྲིལ། །ཉང་གཏེར་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཞི་ཁྲོ་བྱིན་འབེབས་ (Volume 3, Text 29)

གཏེར་གཞུང་དོང་སྤྲུགས་སོགས་ལས་མི་འབྱུང་ཡང་། སློབ་མ་རྗེས་འཛིན་སོགས་ཀྱི་སྐབས་སུ་བླ་མ་འགའ་ཞིག་གིས་གསང་བ་སྤྱིའི་འགྲོས་ལྟར་ཡོན་ཏན་ཡར་འཕེལ་གྱི་དབང་གི་སྔོན་དུ་ཡེ་ཤེས་དབབ་པར་མཛད་པ་ལྟར་སྤྲོ་ན། སློབ་བུ་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཞི་བ། སྤྱི་བོར་ཁྲག་འཐུང་། མགྲིན་པར་རིག་འཛིན་མཁའ་འགྲོ་ཡབ་ཡུམ་དང་བཅས་པ་རྣམས་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྐུ་དང་། ཡིག་འབྲུ། ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབ་པ་བཞིན་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམས་ལ། རྩ་སྔགས་ཀྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་དབབ། ཏིཥྛ་བཛྲ་ས་བརྟན་པར་བྱ། དེ་ནས། སྐུ་གསུམ་དམ་ཚིག་སོགས་རིག་པའི་དབང་ལ་འཇུག་གོ། །།

བཀའ་འདུས་ཀྱི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཐོ་ (Volume 15, Text 29)

༄༅། །བཀའ་འདུས་ཀྱི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཐོ་བཞུགས་སོ། ། ན་མཿཤྲཱི་གུ་ར་བེ། ཞི་ཁྲོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་རེ་ཞིག་རང་གཞུང་མ་རྙེད་ན། བཀའ་བརྒྱད་བདེར་འདུས་ཀྱི་སྒྲུབ་ཁོག་སྦྱོར་ན་ལེགས་པར་ཀུན་མཁྱེན་བླ་མ་འཁོར་ལོའི་མགོན་པོ་ཉིད་ཀྱིས་རྗེས་སུ་གནང་བས་དེ་ལྟར་ལག་ཏུ་ལེན་པའི་སྐབས། རྩ་བའི་ས་བཅད་སྙིང་པོ་དོན་གྱི་ཐུགས་ཁྲིད་ལས་གསལ་བར་བསྟན་པ་ལྟར། གང་དུ་སྒྲུབ་པའི་གནས། གང་ཚེ་སྒྲུབ་པའི་དུས། གང་གིས་སྒྲུབ་པའི་གང་ཟག །སྒྲུབ་པ་ལ་དགོས་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཆོ་ག་བཅས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་ནས། སྒྲུབ་པ་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གཉིས། ས་ཆོག་དང་། སྤྱི་བཤགས་སོ། །དང་པོ་ལ། སྒྲུབ་གནས་རྙིང་པར་ས་བརྟག་པ་དང་སྣང་བ་ལས་བསླང་བ་མི་དགོས་པའི་དབང་དུ་བྱས་ཏེ། མི་སྣང་བ་ལས་སློང་བ། དབང་དུ་བྱ་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ལྟར་བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པའི་མཐར་འོད་གསལ་འཇུག་ལྡང་བྱས་ལ། དཀྱིལ་འཁོར་གྱི་གཞིར་མཎྜལ་ཚོམ་བུ་གཅིག་པའི་མདུན་མཆོད་གཏོར་དང་གསེར་སྐྱེམས་བཤམ། རཾ་ཡཾ་ཁཾ༔ ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ། གནས་འདིར་མི་གནས་པའི་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཚོགས་རིག་འཛིན་དང་བཅས་པའི་ཕོ་བྲང་འདེབས་པར་འཚལ་བས༔ ས་བདག་ལྷ་ཀླུ་སའི་ལྷ་མོ་དང་བཅས་པ་ཀུན་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་ཡང་བརྟན་ཅིང་བཀྲ་ཤིས་པར་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ་ནས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་འཇམ་རོལ་དང་བཅས་གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། མཆོད་པ་རྣམས་བསྡུའོ། །གཉིས་པ་ནི། དབང་མཆོག་ཕུར་བུ་ཐོགས་ལ། བདག་ཉིད་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ལ། ཧཱུྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། སྔགས་ལན་བདུན་གྱིས་དབང་ཕུར་དཀྱིལ་འཁོར་དབུས་སུ་ཕུར་སྟེགས་ལ་བཀོད་དེ་དབང་དུ་གྱུར་པའི་དམིགས་པ་གསལ་གདབ་ནས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར། ཅེས་བརྗོད། གསུམ་པ་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་ལས། སྔགས་དང་ཕྱག་རྒྱས་སྦྱང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་ས་ལ་རེག་པའི་ཚུལ་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱང་བ་ནི། བདག་ཉིད་སྤྱི་དཔལ་ཆེན་པོ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་སྦྱངས། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་པར་བསམ་མོ། །བཞི་པ་བཟུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་སུ་རྡོར་དྲིལ་བཅས་བཞེངས་ལ། བདག་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་རྐང་པ་གཉིས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ། མིག་གཡས་པ་ཨ་ལས་ཟླ་བ། གཡོན་པ་མ་ལས་ཉི་མ། དབུས་ཡེ་ཤེས་ཀྱི་སྤྱན་དང་གསུམ་ལ་ཧཱུྃ་དམར་པོ་རེ་རེས་མཚན་པར་གྱུར། ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཅིག་མྱུར་དུ་དེངས༔ ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕེཾ་ཕེཾ༔ རྐང་པའི་རྡོ་རྗེ་ལས་མེ་འབར་ཏེ་འབྱུང་པོ་བརྔན་པ་བྱིན་ཅིང་བདེན་པ་བརྗོད་ཀྱང་མི་ཉན་པ་བསྲེགས་ཤིང་རང་དབང་མེད་པར་བྲོས་པར་གྱུར། རྡོ་རྗེ་གསོར་ཞིར་དྲིལ་བུ་འཁྲོལ་ལ་གཡོན་སྐོར་ཁོ་ནས་རྡོ་རྗེ་རྩེ་གསུམ། གཡས་བརྐྱང་། གཡོན་བརྐྱང་སྟབས་ཀྱིས་བསྐོར་བ་གསུམ་བྱ། བདག་གི་སྤྱན་གསུམ་གྱི་ཧཱུྃ་ལས་བྱང་སེམས་ཐུགས་རྗེའི་འོད་ཟེར་རབ་ཏུ་འཕྲོས་པས་འབྱུང་པོ་ཚར་བཅད་པ་རྣམས་ཀྱི་རྒྱུད་ལ་དགའ་བདེ་ཁྱད་པར་ཅན་སྐྱེས་པས། ཞེ་སྡང་ཁོང་ཁྲོ་ཞི་ནས་གནོད་འཚེ་མེད་པར་གྱུར། ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕེཾ་ཕེཾ༔ ཞེས་བརྗོད་ལ་གཡས་སྐོར་ཁོ་ནས་འགྲོས་འཁོར་གསུམ་གོང་ལྟར་བྱའོ། །གཉིས་པ་སྤྱི་བཤགས་ལ་གསུམ། སཱཙྪ་ཉེ་འདོན་སྲོག་བསླུ་ཆུ་གཏོར་སོགས་ཕྱི་ཚོགས་གསོག །ཡིག་བརྒྱ་སྤང་སྐོང་དོང་སྤྲུགས་སོགས་ནང་རྒྱུན་བཤགས། མཚན་མ་རྫས། ཕུང་པོ་རྟེན། ལོངས་སྤྱོད་ཚོགས་ཏེ་གསང་བ་སྐོང་གི་ཆོ་ག་རྣམས་ཇི་ཙམ་འགྲུབ་པ་སྐབས་འདིའམ་སྒྲུབ་པ་ལ་འཇུག་ཀར་བྱས་ཀྱང་རུང་ངོ་། །གཉིས་པ་དངོས་གཞི་ལ་གསུམ། བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་རྣམས་སོ། །དང་པོ་ལ་བཅུ་གཅིག་ཡོད་པའི་ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་སྐུ་རྟེན་མཆོད་གཏོར་རྣམས་བཤམས་ལ། ཤར་གྱི་མཆོད་གཏོར། ཨ་མྲྀཏས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་གིས་བརླབ། ཐོ་སྐུ་རྟེན་དང་བཅས་པ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་རྟེན་ལ་བསྟིམ། ཨོཾ་ཌྷྲྀཥྚ་རཱཥྚ་ཧཱུྃ་ཛ༔ ལན་ཉེར་གཅིག་མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝཾ་བསྣམས༔ ཤར་ཕྱོགས་དྲི་ཟའི་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་གསོལ་བས་སྲུང་བའི་ལས་མཛད་པར་བསམ་ཞིང་། ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་རུ་ཌྷ་ཀ་ཡ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཐར་ཕྱིན་སྐུ༔ དུག་གསུམ་འཇོམས་པའི་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གྲུལ་བུམ་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་ལྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བི་རཱུ་པཀྵ་ཧཱུྃ་ཛ༔ ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ དབང་དྲག་དམར་སྨུག་འབར་བ་འཇིགས་པའི་སྐུ༔ བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས༔ ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། བསང་སྦྱང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛ༔ ཞེས་ལན་ཉེར་གཅིག་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིཾ་ཏ་ནཱ་ནཱ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་ལོངས་སྤྱོད་མཐར་ཕྱིན་སྐུ༔ རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་བསྣམས༔ བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་མཚམས་ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་ནང་མཚམས་ལ་གཉིས། དམ་སྲི་མནན་པ་ནི། སྒྲུབ་ཁང་གི་ཕྱི་སྒོར་བྲུབ་ཁུང་བྲུས་པར་མནན་ལིང་ཚུལ་བཞིན་བྲིས་པ་བཀོད། ཐོག་མར་འབྲུ་སྣ་བཏབ་པའི་གསེར་སྐྱེམས་རྡོར་སློབ་ཀྱིས་ཐོགས་ལ། རཾ་ཡཾ་ཁཾ། ལན་གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་བཀའ་འདུས་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨཱརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམ་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱི་ལ་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློགས༔ ཨཱརྻ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་མནན་ཐོད་ལ་སློབ་དཔོན་གྱི་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། མནན་ཆས་དོང་ནང་དུ་བསྐྱུར། རོ་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྻ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་གདབ་མི་མངོན་པར་བྱས་ལ་སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་མནན་ལ། ཧཱུྃ༔ རི་རབ་ཆེན་པོའི་རྨང་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་བརྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་གཏང༔ ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་ལས་བཞིའི་བྲོ་བརྡུང་བ་ནི། ཐམས་ཅད་ཀྱི་ལག་གཡས་པ་སྟེང་དང་གཡོན་འོག་ཏུ་བྱས་ལ། སུམྦྷ་ནིའི་སྔགས་བཟླ་བཞིན་པས་མཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོར་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཞི་བ་ཐུགས་རྗེ་ཆེན་པོ་ཡིས༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པའི་སྔགས་དང་བཅས་གུང་མོ་རྣམས་སྦྲེལ་ནས་བྲོ་ར་གྲུ་བཞི་བྱས་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས༔ རིན་ཆེན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་དྲེགས་པའི་སེམས་ཅན་ཀུན༔ ཚེ་དབང་དངོས་གྲུབ་རྒྱས་མཛད་པས༔ རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་སྲིན་ལག་སྦྲེལ་བའི་བྲོ་ར་ཟླ་གམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གྱིས་ནི་སྡུད་མཛད་པས༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་མཐེའུ་ཆུང་སྦྲེལ་བའི་བྲོ་ར་གྲུ་གསུམ་བྱས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེ་སྡང་བདེ་གཤེགས་འཁོར་བཅས་རྣམས༔ རྡོ་རྗེ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གདུག་པའི་སེམས་ཅན་ཀུན༔ ཡུད་ཙམ་གྱིས་ནི་བསྡུས་ནས་ཀྱང༔ རྡུལ་དུ་མ་བརླགས་གང་ཡང་མེད༔ བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནིའི་སྔགས་མཐར། ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ལས་བཞིའི་བྲོ་བརྡུང་ངོ་། །སྒོ་བྱང་གདགས་པ་ནི། རོ་རས་སོགས་ལ་གཤིན་རྗེ་གཤེད་ཀྱི་སྐུ་སྙིང་པོ་བཅས་བྲིས་པ་ཕྱི་སྒོའི་ཡ་ཐེམ་དང་། བདུད་རྩི་འཁྱིལ་པའི་སྐུ་སྙིང་པོ་བཅས་བྲིས་པ་ནང་སྒོར་གདགས་ལ། ཐོག་མར་ཕྱི་སྒོའི་མཆོད་གཏོར་གྲུ་གསུམ་དམར་པོ་མཐེབ་རིལ་གྱིས་མཚན་པ་དང་། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ། རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སྐུ་རྟེན། ཨ་མྲྀཏས་སྦྱང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྐྱེད་དྲངས་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་བཟླས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད་ལ། རང་སྔགས་ཀྱི་མཐར། བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་རྡོར་ཐལ་ཕྱེ་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་གཤིན་རྗེའི་བདག་པོ་ལ༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་བསྒྲུབས་ནས༔ ཡང་དག་དོན་ཆེན་དེང་བསྒྲུབ་ན༔ འདི་ལ་གནོད་ཅིང་བར་གཅོད་པ༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱིས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ གསང་བ་མཆོག་གི་རྣལ་འབྱོར་པས༔ བླ་མེད་འབྲས་བུ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏང་བར༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། ནང་སྒོར་མཆོད་གཏོར། རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སྐུ་རྟེན། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་པ་ལྗང་ནག་རལ་གྲི་དང་རྒྱ་གྲམ་ཐོགས་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་པད་ཉི་ལ་འདོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྐྱེད་དྲངས་བསྟིམ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བཟླ། ཨརྒྷཾ་སོགས་ཀྱིས་མཆོད། སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་བདུད་རྩི་འཁྱིལ་པ་ལ༔ བཅོམ་ལྡན་ཆོས་རྗེས་སོགས་སྔར་དང་འདྲ་བས་ཕྲིན་ལས་བཅོལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ས་མ་ཡ་སཏྭཾ༔ ཞེས་པས་བརྟན་བཞུགས་བྱ། སྒོ་ཐེམ་ཕྱི་ནང་དུ་བྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་པ་བཏབ། སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག །ཅེས་བརྗོད། གསུམ་པ་གསང་མཚམས་ཁྲོ་བཅུའི་ཕུར་གདབ་ནི། དཀྱིལ་འཁོར་གྱི་གཞིར་ཁྲོ་བཅུའི་ཕུར་བུ་སྟེགས་བཅས་འདུ་བྱས་ལ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ ཞེས་པས་རང་ཉིད་དཔལ་ཆེན་པོའི་ང་རྒྱལ་བཟུང་། བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས༔ ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས༔ ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར༔ ཨེ་བཅུར་བཀོད་པར་གྱུར༔ ཀཱི་ལ་ཡའིསྔགས་དབྱངས་བཅས་ཕུར་པ་རྣམས་བྱུག་བདུག་བྲབ་གསུམ་བྱ། ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར༔ གནས་གསུམ་དུ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་རང་སྔགས་ཀྱིས་གཟི་བྱིན་བསྐྱེད་པ་རྣམས་གྲུབ་ནས། ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་བསམས་ཞིང་། སློབ་དཔོན་གྱིས་ཐོ་བ་དང་ཕུར་པ་རེ་རེ་བཞིན་ཐོགས་ལ། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ ཞེ་སྡང་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲྀཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམ་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་བདུད་བགེགས་མཚམས་གཅོད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ ཞེས་བསྐུལ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ གནོད་བྱེད་འབྱུང་པོ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་ཕྱོགས་བཞི་ཤར་ནས་གཡས་སྐོར་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ གནོད་བྱེད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ གནོད་བྱེད་འབྱུང་པོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱ་ལི་ཡ་མ་ཧཱ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ གནོད་བྱེད་འབྱུང་པོ་ད་ཧ་ད་ཧ་ཧཱུྃ་ཕཊ༔ མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ༔ གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་བོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཚམས་དྲག་པོ་ཆེན་པོ་བསྒྲལ་ཞིང་མནན་པ་ནི། དཀྱིལ་འཁོར་བྱ་བའི་སྟེགས་བུར་མ་ཏྲཾ་གི་གཟུགས་དགོད། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི་སྐུར་གྱུར། ཅེས་བརྗོད་ཅིང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། མ་ཏྲཾ་ཀ་རུ་དྲ་ཛ༔ ལན་བདུན་བརྗོད། ན་མོ། རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨ་ཀརྵ་ཡ་ཛ༔ ཏྲི་ཡཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང༔ ཁུངས་དང་རྫས་བཅས་བདག་ལས་བྱུང༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ མ་ཏྲཾ་རུ་དྲ་ཛ༔ ཨཱ་ཀརྵ་རུ་དྲ་ཛཿ ཁ་ཏྲང་རུ་དྲ་ཛ༔ ཞེས་པས་ཆོས་དང་གང་ཟག་གིས་བདག་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་དུ། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ། ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་དོར་སྟབས་ཚུལ་དུ་མནན༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ མ་ཧཱ་དེ་བ་རུ་དྲ་ཛ༔ ཛཿཧཱུྃ༔ ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱིས་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་བ་ཁ་ཊྭཱཾ་ཀའི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབས་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། སྟེགས་བུའི་མཐར་སྔར་དམ་སྲི་མནན་པའི་སྐབས་ཇི་ལྟ་བ་བཞིན་དུ་གཞུང་གྲལ་སོགས་རགས་བསྡུས་ཀྱིས་ལས་བཞིའི་བྲོ་བརྡུང་། གཞན་རྣམས་གྲལ་དུ་འཁོད། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ལྷུ་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ། ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར། ཐམས་ཅད་ཀྱི་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་། ཧཱུྃ་པྲ་ཝེ་ཤ་ཕཊ༔ ཅེས་ལན་བརྒྱད་བཟླས་ནས་རྒྱ་བཀྲོལ་ཏེ། དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་པར་བསམས་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། ཅེས་བརྗོད་ལ་སྟེགས་བུའི་དབུས་ཀྱི་ཁྲིའུའི་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། ལས་བྱང་ལྟར། ཧཱུྃ༔ རྒྱལ་ཆེན་སྡེ་བཞིས་ཕྱི་ཡི་མཚམས་སྲུངས་ལ༔ སོགས་བརྗོད་པས་མཚམས་གཅོད་ཀྱི་རིམ་པ་རྣམས་གྲུབ་བོ། །ལྔ་པ་སྟ་གོན་གྱི་ལས་རིམ་ལ་ལྷ། བུམ་པ། སློབ་མ་སྟ་གོན་གསུམ་དུ་གྲགས་ཤིང་། དེ་དག་གཙོ་བོར་དབང་བསྐུར་བ་ལ་གལ་ཆེ་བ་ཡིན་ཡང་། འདིར་ཤིན་ཏུ་བསྡུས་པའི་དབང་གིས་སྙིང་པོ་དོན་གྱི་དབང་བསྐུར་ལ་དེ་དག་གསལ་བར་མ་གསུངས་པས་ཕྱི་མ་ནི་སྐབས་འདིར་མི་དགོས། རྒྱས་པར་སྤྲོ་བའི་སྐབས་གཞན་ནས་འབྱུང་བ་ལྟར་བླང་། ལྷ་སྟ་གོན་ནི་དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་ཆེད་ཡིན་པར་བཤད་པ་མ་ཟད་ལྷག་གནས་གཉིས་རྩ་བའི་ས་བཅད་ལས་འབྱུང་བ་ལྟར་བགྱི་བའི་ཐོག་མར། ཆག་ཆག་གདབ་པ་ནི། དཀྱིལ་འཁོར་གྱི་སྟེགས་བུ་བདུད་རྩི་ལྔ་ཆང་དང་སྦྱར་བས་བྱུགས་ལ། ཧཱུྃ༔ ཚེ་མཆོག་འཛིན་པའི་དངོས་གྲུབ་དྲི༔ བྱང་ཆུབ་སེམས་ནི་དཀར་བས་ན༔ མཱཾ་ས་ཡོན་ཏན་ཀུན་དང་ལྡན༔ རཀྟ་ཆགས་པའི་གནས་ཆེན་པོ༔ བདུད་རྩི་གུར་གུམ་དྲི་ཡི་ཆུ༔ གདོད་ནས་དག་པའི་རྩ་བ་ལྔ༔ ཉོན་མོངས་དུག་ལྔ་འཁོར་བའི་རྒྱུ༔ ཡེ་ཤེས་རྣམ་ལྔར་བྱིན་བརླབས་ནས༔ དཀྱིལ་འཁོར་ཉེར་གཅིག་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་པཉྩ་ཨ་མྲྀཏ་ཛྙཱ་ན་མཎྜ་ལ་ཧཱུྃ༔ ཞེས་བརྗོད། དེ་ནས་རྡུལ་ཚོན་དཀྱིལ་འཁོར་བཞེངས་པའི་སྐབས། ནམ་མཁར་ཡེ་ཐིག་དང་ས་གཞིར་ལས་ཐིག་བཏབ་ནས་ལྷ་གནས་ངེས་པར་བྱ་དགོས་ཀྱང་དཀྱུས་སུ་རས་བྲིས་ཙམ་ལ་བརྟེན་པའི་དབང་དུ་བྱས་ཏེ། སྟེགས་བུར་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་བཞི་རེ། མཚམས་བཞིར་རེ་རེ་སྟེ་གཙོ་འཁོར་ཉེར་གཅིག་བཀོད། ཕྱི་མཆོད་སྨན་རཀ་གཏོར་གསུམ་བཤམ། ལས་བྱང་ལྟར་མཆོད་པ་བྱིན་བརླབ། ཧཱུྃ༔ བདག་ཉིད་གསལ་བ་དཔལ་ཆེན་སོགས་བརྗོད། ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་དམིགས་མེད་སྟོང་ཉིད་འོད་གསལ་ངང༔ ཨེ་ལས་ཆོས་དབྱིངས་འབྱམས་ཀླས་སོགས་ནས། རུ་དྲ་ཏི་ར་བཾ༔ ཞེས་རྟེན་དཀྱིལ་འཁོར་གདན་བཅས་བསྐྱེད། ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ༔ རང་བྱུང་ཧཱུྃ་ཡིག་འབར་བ་ཆེན་པོར་གསལ༔ འཕྲོ་འདུས་ཡོངས་གྱུར་སོགས་མངོན་རྟོགས་ཚང་བར་བརྗོད་ལ་བརྟེན་པ་ལྷ་རྣམས་གསལ་གདབ། སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་། རྡོར་དྲིལ་དང་བཅས་པའི་སྤོས་ཐོགས་ལ་སྙན་གསན་དབབ་པ་ནི། ཧོ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ཅེས་ལན་གསུམ་བརྗོད། སློབ་དཔོན་གྱིས་སེ་གོལ་གསུམ་བྱས་པས། ལྷ་རྣམས་བར་སྣང་དུ་འོད་ཀྱི་དྲྭ་གུར་ལ་བཞུགས་པར་མོས། བུམ་པ་སྟ་གོན་ནི། རྒྱས་པར་དཀྱིལ་འཁོར་ཉེར་གཅིག་གི་གཙོ་བོའི་གྲངས་མཉམ་དགོས་ཤིང་། རིགས་བསྡུས་པའི་བུམ་པ་ལྔའམ། ཤིན་ཏུ་བསྡུ་ན་གཅིག་གིས་ཀྱང་འཐུས་པས། ཆས་སུ་བཅུག་ཅིང་བཅུད་དང་ལྡན་པའི་རྣམ་རྒྱལ་དང་ལས་ཀྱི་བུམ་པ་བཀོད་ཅིང་མཆོད་གཏོར་ཁ་གསོས་ལ་བྱིན་བརླབ། བུམ་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་ཕྱི་རྡོ་རྗེ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ལ། ནང་གི་དབུས་སུ་སྤྱི་དཔལ་ཆེན་པོ་རྩ་བའི་དཀྱིལ་འཁོར། ཕྱོགས་མཚམས་རྣམས་སུ་ཡན་ལག་གི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གི་གཞལ་ཡས་ཁང་གདན་དང་བཅས་པའི་དབུས་སུ། འབར་བའི་ཡེ་ཤེས་གཙོ་མཆོག་དཔལ་ཆེན་ཉེར་གཅིག་ལ་རིག་མདངས་འཁོར་གྱི་ཚོགས་ཉི་མ་དང་འོད་ཟེར་བཞིན་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་གསལ་བ་ལ། ཡེ་ཤེས་ལྔའི་དབང་བསྐུར། རྡོ་རྗེ་གསུམ་གྱི་རྒྱས་གདབ་པར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ས་མ་ཡ་ཧཱུྃ། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནིརྟི་ཧོ༔ ཨོཾ་བཛྲ་རཱ་ག་པུཥྤེ་ནས། ཤབྡ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཏ་ན་ག་ཎ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ ཧཱུྃ༔ དབྱིངས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ འབར་བའི་ཡེ་ཤེས་ཁྲོ་རྒྱལ་ཉི་ཤུ་གཅིག༔ ཉི་དང་ཟེར་བཞིན་བསམ་ཡས་དཀྱིལ་འཁོར་སྤྲོ༔ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་བསྟོད༔ གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་ཏིང་ངེ་འཛིན་གསལ་གདབ་ལ། ཞི་བ་རིགས་འདུས་དང་། ཁྲོ་བོ་སྤྱི་དྲིལ་གྱི་སྔགས་གཉིས་བཟླ། ལས་བུམ་དུ་རྡོར་སེམས་སམ་ཁྲོ་བོ་ཡཀྴ་རྒྱལ་བྱེད་ལྟ་བུ་བསྐྱེད་ལ་སྔགས་བཟླས་པས་བྱིན་བརླབས། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། དེ་ནས་རྟེན་གྱི་དཀྱིལ་འཁོར་བཅའ་བ་ནི། ལྷག་གནས་བྱས་པའི་གཞིར་མཚན་ཉིད་རྫོགས་པའི་རས་བྲིས་བཀྲམ། སྒྲུབ་རྟེན་མདོར་བསྡུས་པའི་དབང་དུ་བྱས་ཏེ། སྐུ་རྟེན་ཐོད་པ་མཚན་ལྡན་ལ་སྤྱི་དཔལ་ཆེན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའམ་རྩ་བའི་ཧེ་རུ་ཀ་ཡབ་ཡུམ་ཙམ་བྲིས་པ་དར་མཐིང་ནག་གི་ན་བཟའ་གསོལ་བ། གསུང་རྟེན་རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ་མམ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་ལྕགས་སམ་སེང་ལྡེང་གི་ཕུར་བུ་ཁྲོ་ཞལ་ཅན། ཡོན་ཏན་རྟེན་མར་མེ་དང་དཔལ་གཏོར་བུམ་པ་སོགས་དབང་གི་རྫས། ཕྲིན་ལས་རྟེན་ཚེ་འབྲང་། དངོས་གྲུབ་ཀྱི་རྫས་ཛ་གད་ཚེ་རིལ་ཚེ་གལ་ལ་སོགས་པ། གཞན་ཡང་ཕྱི་ནང་གི་མཆོད་པ་དང་སྐོང་གཏོར་ཆོས་སྐྱོང་གཏོར་སྤུངས་དཀྱིལ་འཁོར་རྒྱན་བཀོད་ཀྱི་བྱེ་བྲག་ཐམས་ཆད་ཚོགས་པར་བྱའོ། །དྲུག་པ་རྒྱན་དགོད་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་རྒྱས་བསྡུས་གང་ཡང་རུང་བ་སྔོན་དུ་སོང་ནས། སློབ་དཔོན་གྱིས་དྲིལ་སྤོས་ཐོགས་པས་སྣ་དྲངས། མཆེད་རྣམས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་དང་ཡོ་བྱད་རྣམས་ཐོགས། ཞི་ཁྲོ་སྤྱི་དྲིལ་གྱི་ཛཔ྄་དབྱངས་དང་བསྐོར་བ་ལན་གསུམ་བྱས་ལ་དཀྱིལ་འཁོར་མདུན་དུ་འཁོད་དེ། ཧཱུྃ༔ འཕྲུལ་བཞད་ཡིད་བཞིན་འདོད་དགུའི་རྒྱན་གྱིས་བརྒྱན༔ རྐང་མེད་མཁར་འགྲོ་ཏོག་ཏོག་རྐན་སྒྲ་བཅས༔ འདི་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས༔ སུ་ཞིག་དངོས་གྲུབ་འདོད་པ་ང་ལས་ལོངས༔ གང་ཞིག་བཀའ་དང་དམ་ལ་མི་གནས་པ༔ ང་ཡི་གཟུགས་མཐོང་ཙམ་གྱིས་འཚིག་པ་དང༔ སྒྲ་དག་ཐོས་པ་ཙམ་གྱིས་བརླག་པར་འགྱུར༔ དཀར་པོ་ཟང་ཡག་ཤིན་ཏུ་འཚེར་བ་ནི༔ སྔ་རབས་འདས་པའི་སངས་རྒྱས་བཅོམ་ལྡན་འདས༔ ཆོས་སྐུ་རབ་ལྡན་འགྲོ་དོན་དེ་བཞིན་གཤེགས༔ བཀྲ་ཤིས་ལྕང་ལོ་ནམ་མཁར་འཕྱར་བ་ནི༔ དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང༔ ཕྱོགས་བཅུར་གཡོ་བས་འགྲོ་བའི་དོན་ཡང་བྱེད༔ མཐུར་དུ་གཏིབས་པས་ངན་སོང་གནས་ནས་འདྲེན༔ ཐབས་ཀྱི་རྒྱལ་པོ་དཔལ་ཆེན་དཔལ་གྱི་གུར༔ ཕོ་བྲང་རྟགས་ལྡན་སྣོད་བཅུད་རྒྱན་དུ་ཆེ༔ སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན༔ དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་དུ་དགྲམ༔ མི་འདའ་དཔལ་ཆེན་བཞུགས་པའི་རྟེན་དུ་འབུལ༔ ཞེས་ཞི་ཁྲོ་ཚོམ་བུ་ཉེར་གཅིག་སྔགས་རྣམས་བརྗོད་ལ་ཐོད་སྐུ་དཀྱིལ་འཁོར་དབུས་ཀྱི་སྟེགས་བུར་རིན་པོ་ཆེའི་སྣོད་འབྲུས་བཀང་བར་བཞུགས་སུ་གསོལ། དེ་ནས་སྐུ་ཙཀ་རྣམས་ཕྱོགས་མཚམས་གོ་རིམ་མཐུན་པའམ་ཐམས་ཅད་གཡས། གསུང་རྟེན་གཡོན། ཐུགས་རྟེན་རྒྱབ། མར་མེ་དབུས། བུམ་པ་ལྡིང་ཁྲིའི་སྟེང་ངམ་མདུན། དཔལ་གཏོར་དང་ཚེ་འབྲང་སོགས་ཅི་བདེ་བར་བཀོད་ལ། ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་གཙོ་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཅེས་བསྐུལ་ནས། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ སྤྱི་དཔལ་ཆེན་པོ་རྩ་བའི་ལྷ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ཕྱོགས་སྐྱོང་ཞིང་སྐྱོང་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཞི་བ་དང་གཙོ་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་དང་། ཧཱུྃ༔ ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ༔ བཀའ་འདུས་སྤྲུལ་པའི་ཁྲོ་རྒྱལ་ཚོགས༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བཾ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ བདུད་བཞི་རུ་དྲའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ སྔགས་ཉི་ཤུ་པོ་རེ་རེ་བཞིན། ས་མ་ཡ་ཏིཥྛ་ལྷན༔ བཏགས་པ་བརྗོད། དེ་ནས་དཀྱིལ་འཁོར་གྱི་མཐར་ཕུར་པ་བཅུ་བཀོད་ལ། ཧཱུྃ༔ ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་བདུད་འཇོམས་གདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་སྐོར། མཚམས་བཞི་འོག་བཅས་གཡོན་སྐོར་གྱིས་དཀྱིལ་འཁོར་གྱི་རྡོར་རའི་སྟེང་དུ་ཕུར་གདན་བཅུ་ལ་བཀོད། དེ་ནས་སྲིད་པའི་དྲྭ་བ་གཅོད་པའི་ཕྱིར་རལ་གྲི་བཞི་ཐོགས་ལ། ཧཱུྃ༔ ལོག་རྟོག་འཁོར་བའི་རྩ་བ་རྒྱུན་གཅོད་ཕྱིར༔ ཐུགས་རྗེ་ཐབས་ཀྱིས་སྒྲོལ་བའི་ཕྱག་རྒྱ་ནི༔ འཇམ་དཔལ་རྣོན་པོའི་ཡེ་ཤེས་མཚོན་ཆ་མཆོག༔ སྡུག་བསྔལ་དྲྭ་བ་གཅོད་ཕྱིར་བཞུགས་སུ་གསོལ༔ ཨོཾ་བཛྲ་མཉྫུ་ཤྲཱི་ཏཱིཀྵྞ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཞིར་བཀོད། དེ་ནས་ཡེ་ཤེས་བཞིས་མ་རིག་པ་རྩད་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་ཐོགས་ལ། ཧཱུྃ༔ མེ་ལོང་བཞི་ལྡན་དོན་གྱི་སྨྱུག་མ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡི་སྒྲོ་བསྒྲོན་ཏེ༔ ཐབས་མཆོག་བཅས་ལ་ཤེས་རབ་མདེའུ་བཙུགས༔ མཉམ་ཉིད་དབྱིངས་ཀྱི་ངང་དུ་བཞུགས་སུ་གསོལ༔ མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ ཞེས་དང། ཧཱུྃ༔ དཀྱིལ་འཁོར་གསལ་བཀྲའི་ངང་ཉིད་དུ༔ སྒྲིབ་མེད་དག་པ་ཡེ་ཤེས་ཚོགས༔ དོན་ལ་འགག་པ་མེད་པས་ན༔ ཏིང་འཛིན་གསལ་བའི་མདངས་དང་ལྡན༔ འོད་མཆོག་མཉམ་པར་བཞུགས་སུ་གསོལ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་མཚམས་བཞིར་བཀོད། དེ་ནས་རིགས་ལྔ་ཡེ་ཤེས་ལྔ་མཚོན་པའི་ཚོན་སྐུད་ལྔ་ཐོགས་ལ། ཧཱུྃ༔ མཛེས་པའི་སྐུ་མཆོག་ཡོན་ཏན་རྟགས་དང་ལྡན༔ མཉེན་ལ་འཇམ་པས་ཤེས་རབ་ཐབས་སུ་སྣང༔ ཁ་དོག་གསལ་བས་རིགས་ཀྱི་ཁྱད་པར་རྫོགས༔ དཔལ་བརྗིད་ལྡན་པས་དཀྱིལ་འཁོར་ལྷ་ཚོགས་མཉེས༔ བཀྲ་ཤིས་དོན་ལ་རིམ་པར་བཞུགས་སུ་གསོལ༔ ཨོཾ་པྲ་ཛྙཱ་ཨུ་པཱ་ཡ་དྷརྨ་ཀཱ་ཡ་ཧཱུྃ༔ ཞེས་མདའ་དར་རལ་གྲི་ཕུར་བུ་རྣམས་དྲྭ་བར་སྦྲེལ། དེ་ནས་སྤང་བྱ་མི་མཐུན་པ་སེལ་བའི་ཕྱིར་འཕན་བཞི་དང་རྒྱལ་མཚན་བཞི་ཐོགས་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང༔ ཀུན་རྫོབ་རིགས་ལ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཏྲཱཾ་ས་མ་ཡ་ལྷན༔ ཞེས་ཕྱོགས་བཞིར་འཕན་བཞི། མཚམས་བཞིར་རྒྱལ་མཚན་བཞི་བཀོད། ཡེ་ཤེས་ཉེར་གཅིག་གིས་ཉོན་མོངས་སེལ་བྱེད་མར་མེ་ཉེར་གཅིག་ཐོགས་ལ། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་དག་པ་ལྷ་ཡི་གནས༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ན༔ དུར་ཁྲོད་གཞལ་ཡས་མ་ཏྲཾ་ཁོག་པ་ལ༔ དཀྱིལ་འཁོར་ཉེར་གཅིག་ཡེ་ཤེས་འོད་སྣང་གསལ༔ ཨོཾ་མཱཾ་ས་དཱི་པཾ་ཀུ་རུ་སྭཱ་ཧཱ༔ གཞན་ཡང་ཡོལ་བ་བླ་བྲེ་ལྡ་ལྡི་གདུགས་ལ་སོགས་པ་རྒྱན་བཀོད་སྤྱི་ལྟར་དང་། ཕྱི་ནང་གི་མཆོད་རྫས་རྣམས་བདེ་འདུས་སོགས་ཀྱི་ཕྱག་བཞེས་ལྟར་བཀྲམ་ལ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །བདུན་པ་སྟོན་འཁོར་བསྐོས་སུ་གདབ་པ་ནི། སྒྲུབ་པོ་སོ་སོའི་གོ་ས་དང་འཚམ་པའི་གདན་ལ་ཞྭ་གོས་ཀྱི་གཟི་བརྗིད་བསྐྱེད་དེ་འཁོད། རྡོ་རྗེ་ལས་པས་སྐྱེམས་དྲངས། རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་བྱས་ལ། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས༴ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ༴ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ༴ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ༴ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ༴ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ༴ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ༴ ཕྱག་ཚང་ལ། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ༴ བྱན་པོར། གཡོ་མཁན་ལྷག་ཆད་མེད་ཅིང་གཙང་སྦྲར་ལྡན༔ རྡོ་རྗེ་བྱན་པོར་མངའ༴ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ྄་མཁས་དང་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས་མངའ༴ རྡུལ་འཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང་། སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ལོ། །བརྒྱད་པ་མཆེད་གསར་རྙིང་བསྲེ་བསྣན་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་བདུད་རྩི་ཡུངས་ཐུན་སོགས་བཀོད་ནས། ནང་མཆོད། ཨོཾ་བཛྲ་ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀེཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྨན་མཆོད་ཤ་ལྔ་བདུད་རྩི་ལྔར་ཞུ་བ་ལས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཅིག་ཏུ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཅེས་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་ཡེ་ཤེས་བདེ་ཆེན་རྒྱས་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་སྨན་མཆོད་འབུལ། བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། བར་གཅོད་ཀྱི་བགེགས་བསྐྲད་པའི་ཕྱིར། ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཅིག་མྱུར་དུ་དེངས༔ དྲག་སྔགས་སྤོས་རོལ་བཅས་བགེགས་བསྐྲད་མཐར། སྐྱབས་སེམས་ཡན་ལག་བདུན་པ་ནི། ན་མོ༔ བདག་སོགས་འགྲོ་ཀུན་སྙིང་པོ་བྱང་ཆུབ་བར༔ བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ༔ གུས་པས་སྐྱབས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ སེམས་ཅན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར༔ སྒོ་གསུམ་དགེ་བའི་ལས་ལ་འཇུག་པར་བགྱི༔ ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་རྒྱལ་དང་བྱང་ཆུབ་སེམས་དཔའ་ལ༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདར་གསོལ༔ ཚོགས་གཉིས་འབྲས་བུ་ཡོངས་སུ་བསྔོས་པ་ཡིས༔ བདག་གཞན་མི་གནས་ཡེ་ཤེས་ཐོབ་པར་ཤོག༔ ཅེས་རྗེས་ཟློས་བྱར་གཞུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པ་འོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པ། སློབ་མས་ཀྱང་། ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་སྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང་སྤྱི་དཔལ་གྱི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱངས་ནས་ཐམས་ཅད་ཀྱིས། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདྲེས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག༔ ཅེས་བསྒོ །ཐམས་ཅད་ཀྱིས་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང༔ ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ བསྙེན་སྒྲུབ་རྣམ་བཞི་བསྟེན་ཅིང་བསྒྲུབ་པ་དང༔ ཡི་དམ་ལྷ་མཆོག་ཛཔ྄་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང༔ ཞེས་བརྗོད་ཅིང་། ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱ༔ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག་གོ །དགུ་པ་བརྡ་སྒོ་དབྱེ་བ་ནི། ལས་བྱང་ལྟར། ཧཱུྃ༔ ཕྱི་ནང་སྣོད་བཅུད་སོགས་དང་དམ་བཅའ་བ། ཨོཾ༔ བདེ་གཤེགས་རྒྱ་མཚོ་སོགས་བརྗོད་ལ་དོན་གྱི་དགོངས་པ་གསལ་གདབ་བོ། །བཅུ་པ་ཧེ་རུ་ཀའི་རྟགས་གདབ་པ་ནི། ཆས་རྣམས་ཉེ་བར་བསྡོགས་ཏེ་དབྱངས་བོར་ལེན་ཚུལ་གྱིས། ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤོང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ ཞེས་བརྗོད་ལ། རྡོ་རྗེ་རྒྱལ་པོ་ནས་བརྩམ་སྒྲུབ་མཆེད་ཐམས་ཅད་ལ་བརྒྱན་པའི་ཚུལ་བྱའོ། །བཅུ་གཅིག་པ་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། ཞྭ་ཆོས་གཡབ་དར་ཐོགས་པས་དཀྱིལ་འཁོར་བསྐོར། སྤོས་རོལ་དབྱངས་དང་བཅས་ཏེ་ཚིག་བདུན་ནམ། བཞེངས་ཤིག་པདྨ་ལྟ་བུ་སྔོན་དུ་འགྲོ་བས་ལས་བྱང་གི །ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ སོགས་བརྗོད་ལ། སྔར་ནམ་མཁར་བཏེགས་པའི་སྟ་གོན་གྱི་ལྷ་རྟེན་བརྟེན་པར་བཅས་པའང་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་བསམ། ཞི་ཁྲོ་སྤྱི་དྲིལ་གྱི་ཛཔ྄་དབྱངས་ལན་གསུམ་བྱས་པས་གྲུབ་བོ། །སྤྱི་དོན་གཉིས་པ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ནི། རིག་འཛིན་བརྒྱུད་པའི་གསོལ་འདེབས་འབྲིང་པོས་ཐོག་དྲངས། གཞི་གནས་བདག་པོ་དང་བགེགས་ལ་གཏོར་མ་སྦྱིན་པ་སྤྱི་འགྲོ་ལྟར་བྱས་ལ། ལུང་བརྒྱད་ཀྱིས་བསྡུས་པའི་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་སྟེ། བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཤེས་པས་བསྙེན་པ་དང་ཉེ་བར་བསྙེན་པའི་དོན་རྟེན་དང་བརྟེན་པར་བཅས་པ་སྣང་ལ་རང་བཞིན་མེད་པའི་ཏིང་ངེ་འཛིན་གསལ་སྣང་ཤིན་ཏུ་བརྟན་པའི་ངང་། མཆོད་བསྟོད་ཡན་སོང་བ་དང་། རྟོགས་གོམས་དམན་ན་ཛཔ྄་ཁང་ཕྱེ་བ་ལེགས་པས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཛཿ ཞེས་བརྗོད་པས། བདག་བསྐྱེད་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་སྤྲོས་ཏེ་མདུན་དཀྱིལ་གྱི་གོ་སར་བཀྲ་ལམ་མེར་བཞུགས་པར་མོས། སྒྲུབ་པའི་ཛཔ྄་ཀྱི་འཕྲོ་འདུའི་དགོངས་པ་ལས་གཞུང་ལྟར་གསལ་བཏབ་ལ། ཛཔ྄་བསྐུལ་ནི། ཧཱུྃ༔ གསང་བའི་དཀྱིལ་འཁོར་སྤྱི་དཔལ་ཐུགས་ཀྱི་ཀློང༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ ཞི་ཞིང་ཕྲ་ལ་བརྟག་དཀའ་བ༔ སྐུ་ལ་ཞི་བའི་ཆས་དགུ་རྫོགས༔ གསུང་གི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཨ་ཡིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། ཞི་བ་རིགས་འདུས་ཀྱི་སྙིང་པོ་བཟླ། ཧཱུྃ༔ བཀའ་འདུས་ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ན༔ ལྷ་ཀླུ་ལ་སོགས་སོ་སོའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་བསྐུལ་ལ་ཁྲོ་སྔགས་རྣམས་བཟླ། དེའང་ཞི་བསྙེན་སྐབས་ནས་གཟུངས་ཐག་བླངས་ལ་བཟླས་པ་སུམ་བརྒྱ་ཙམ་གྱི་མཐར་སྟོང་ཚིགས་ཕུལ། དེ་ནས་གཙོ་བོ་སྤྱི་དཔལ་སྟོང་ཕྲག །ཁྲོ་བོ་ཉི་ཤུ་ལ་བརྒྱ་རྩ་རེ། སྤྱི་དྲིལ་སུམ་བརྒྱ་ཙམ་བཟླ་བས་མཚོན་ལོངས་སྐབས་དང་བསྟུན་པའི་གྲངས་མང་ཉུང་གང་ལྕོགས་དེས་རིགས་འགྲེས་ཏེ་རེ་རེ་བཞིན་སྟོང་ཚིགས་འབུལ། ཐམས་ཅད་གྲུབ་པའི་མཐར་རྒྱུན་གྱི་ལས་སྦྱོར་ལྟར། ཧཱུྃ༔ སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ ཚེ་ཡི་སྙིང་པོས་བསྐོར་བ་ལས༔ འོད་ཟེར་དྲྭ་བ་རབ་ཏུ་འཕྲོས༔ ཕར་སྤྲོས་རྒྱལ་བ་མཉེས་མཆོད་ཕུལ༔ ཚུར་འདུས་འཁོར་འདས་ཚེ་བཅུད་ཐིམ༔ རྡོ་རྗེའི་ཚེ་དབང་གྲུབ་པར་གྱུར༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་དམིགས་པ་གསལ་བཏབ་ལ་ཚེ་བསྙེན་བརྒྱ་རྩ་བརྒྱད་ཙམ་བཟླས་ལ་སྤྲོ་ན་ཚེ་འགུགས་ཀྱང་གཏང་། ལས་གཞུང་གི་ང་རྒྱལ་བསྐྱེད་ཅིང་། ཡིག་བརྒྱས་བརྟན་པར་བྱ། ཉུ་ལེ་སྐྲོད་པ་དང་བྱིན་འབེབ་འོག་ནས་བཤད་པ་ལྟར་བྱས་པས་ཐུན་དང་པོ་གྲུབ། སྔགས་རྒྱུན་པ་རྣམས་ཀྱིས་ཀྱང་གཙོ་བསྙེན་སྐབས་ཙམ་ནས་གཟུངས་ཐག་བླངས་ཏེ་ཞི་ཁྲོ་སྤྱི་དྲིལ་གྱི་སྔགས་གཉིས་སྦྲེལ་ལ་ཉིན་མཚན་བར་མ་ཆད་དུ་ཐུན་བཟུང་ངོ་། །དེ་ནས་ཐུན་ཕྱི་མ་ལ་ལྷ་བསྐྱེད་ནས་བརྩམ་སྟེ་བཟླས་པ་ཡན་ཆད་སྔར་ལྟར་བྱ་བ་ལས་སྟོང་ཚིགས་བསྡུ་བར་འདོད་ན་ཞི་བ། གཙོ་བོ། ཚོམ་བུ་ཉི་ཤུ་སྤྱི་ལ་གཅིག །ཁྲོ་བསྡུས་ལ་གཅིག་བཅས་ཀྱིས་ཆོག །གལ་ཏེ་ཐུན་གསུམ་ལྕོགས་ན་སླར་ཡང་དེ་ལྟར་ལན་གཅིག་བསྐྱར། གང་ལྟར་ཐུན་རྗེས་མའི་ཛཔ྄་བཟླས་གྲུབ་པ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ལ་སྐོང་བསྡུས་རིན་ཆེན་སིལ་མ་གཏང་། གཏོར་མ་ཕུད་སྐྱེམས་བཤམས་ལ་མགོན་པོ་གནམ་ལྕགས་མེ་འབར་བཀའ་སྲུང་འདུས་པའི་རྒྱུན་གསོལ་བྱ། དེ་ནས་ཚོགས་ཀྱི་དམ་རྫས་རྣམས་བཤམས་ལ། གསོལ་གདབ་སྤྱི་ལྟར་དང་བྱིན་རླབས་ནས་ལྷག་མའི་བར་བཏང་ལ་ལྷག་མ་བཙོན་དུ་འཛིན། ཆད་མདོ། བརྟན་མ། གཏོར་བྲོ་རྣམས་གཏང་ཞིང་ཟོར་བསྐུལ་མི་དགོས། སྔགས་ཙམ་གྱིས་མཆོད། ཧཱུྃ༔ ཞི་ཁྲོའི་སྐུ་ནི་སོགས་ཤློ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། དཀྱིལ་འཁོར་གྱི་ལྷ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་། ཟུར་གསལ་བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་གྲུབ། དེ་ནས་སློབ་དཔོན་སོགས་ཆས་སུ་ཞུགས། ཧོམ་ལིང་ཕུར་ཐུན་སོགས་འདུ་བྱས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཅེས་ཧོམ་དང་རྟེན་གསལ་གདབ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས། གིང་པ་ལས་ཀྱི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབ་པས་རྡུལ་དུ་བརླག་པར་བསམ་ཞིང་། རོལ་མོ་དབྱངས་དང་ཊཱ་ཀིའི་འཆམས་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་དང་། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང་། ཊཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབ་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ནི་ཙ་ར་ཎ་ཐུན་དུ་ཐུན་ན་ཤ་སཏྭཾ་བྷ་ཡ་ཡཀྵ་འབྱིན་ཡཀྴ་འབྱིན་ཡ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན༔ རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྴ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་ན་ཡ་ཤོ་ན་ཛ༔ མཱ་ར་ཡ་རྦད་རྦད༔ ཅེས་དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་ར་བས་བཅིངས་ནས། སླར་ཡང་། ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སྒྲུབ་གནས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ མཆེད་ལྕམ་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ ཕྱི་ནང་གསང་བ་བླ་མེད་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ནས་ཀྱང༔ སྣང་སྲིད་ཡོངས་རྫོགས་ཡེ་ཤེས་རོལ་པའི་ལྷ༔ བདེ་ཆེན་བརྡལ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཏོ་ཥཱ་ཡ་ཏོ་ཥཱ་ཡ༔ བནྡྷ་ཡ་བནྡྷ་ཡ༔ ཨེ་ཨཱ་རལླི་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ་རྗེས་ཛཔ྄་དབྱངས་ལན་གསུམ་བྱས་པས་ཉིན་མོའི་ཕྲིན་ལས་ཚང་། མཚན་ཐུན་གསུམ་མམ་གཉིས་ཉིན་མོའི་གྲངས་དང་མཐུན་པར་བྱས་པའི་ཐུན་དང་པོར་བཀའ་ནན་རྣམ་བཅུ་ནས་དབུ་བཟུང་སྟེ་ཕྲིན་ལས་ཚང་བར་བཏང་ལ། བཟླས་པའི་སྐབས། སྤྱི་དཔལ་བརྒྱ་རྩ། གཞན་རྣམས་ཉེར་གཅིག་རེ་ཙམ་བྱས་ནས་ཞི་ཁྲོ་སྤྱི་དྲིལ་སྦྲེལ་མར་བཟླ་བ་དང་ཐུན་པ་སྔ་མ་གྲོལ། ཐུན་མཐར་སྟོང་ཚིགས་ང་རྒྱལ་བཟུང་བ་ཡིག་བརྒྱ་བཅས་སོང་ནས་ཉུ་ལེ་བསྐྲད་པ་དང་བྱིན་འབེབ་བྱ། ཐུན་ཕྱི་མ་ལ་ལྷ་བསྐྱེད་མན་གྱིས་འཐུས་ཤིང་། ཐུན་གསུམ་བྱེད་སྐབས་གུང་ཐུན་ལ་ཉུ་ལེ་སྐྲོད་པ་མི་དགོས། ཐོར་ཐུན་གྱི་མཇུག་ཏུ་དགོང་ཐུན་ལྟར་བྱའོ། །བདེར་འདུས་སོགས་གཞུང་ཆེན་པོ་རྣམས་ལས་རབ་ཉིན་མཚན་ཐུན་དྲུག་ཏུ་བྱས་ནས་ཕྲིན་ལས་བཟླས་པ་ཉུ་ལེ་སྐྲོད་ཅིང་བྱིན་འབེབ་བྱ་བ་དང་། འབྲིང་ཐུན་བཞིར་གསུངས་པས་དེ་གཉིས་གང་ལྕོགས་སྐབས་དང་བསྟུན་པས་ཆོག་གོ །གསུམ་པ་སྒྲུབ་པ་ཆེན་པོའི་དངོས་གྲུབ་བླང་བ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་དངོས་གྲུབ་ཀྱི་རྫས་བཤམ་སྟེ། དཀྱིལ་འཁོར་མདུན་དུ་སྟེགས་དཀར་པོར་གཡུང་དྲུང་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ལས་བཞི་མཆོག་དང་ལྔའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་དཀར་མངར་བསྲེས་པའི་རིལ་བུ། གཡོན་དུ་ཐོད་ཆང་ཆོས་སྨན་བཏབ་ལ་ཁེབས་སྔོན་པོས་བཀབ། སྲོད་ཐུན་གྱི་བཟླས་པའི་མཐར་དངོས་གྲུབ་བསྡུ་བའི་དམིགས་པ་གསལ་བཏབ་ལ། སྤྱི་དྲིལ་གཉིས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་པ་ཅུང་ཟད་བཟླ། ཉིན་ཐ་མར་ཐོ་རངས་ནས་བརྩམ་ཕྲིན་ལས་ཀྱི་གཞུང་བསྲང་། བརྒྱུད་པའི་གསོལ་འདེབས་དང་སྐོང་བཤགས་མ་ལྕོགས་ཀྱང་ཆོག །བསྙེན་པ་རྣམས་ཀྱང་ཉུང་ཙམ་བྱས་ལ་སྟོང་ཚིགས་གཅིག་འབུལ། འདི་སྐབས་ཐུན་དཔོན་གཟུངས་ཐག་བསྡུ། དངོས་གྲུབ་སྔགས་ཤམ་བཏགས་པ་བཟླར་གཞུག །བཀའ་སྲུང་གསོལ་མཆོད་དང་། ཚོགས་བྱིན་བརླབ་ནས་བརྩམ་བསྒྲལ་བསྟབ་ཡན་སོང་ནས། ལས་གཞུང་ལྟར་བགེགས་བསྐྲད་ཅིང་བྱིན་དབབ། ཡེ་ཤེས་སྐུ་མཆོག་དང་ཡིག་བརྒྱ་བརྗོད་ལ་ཉམས་ཆག་བཤགས། བདུད་རྩི་བྱིན་རླབས་གོང་བཞིན་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་བརླབ། རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག །དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས། བདག་ལ་ཐིམ། གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་བསམ་ཞིང་། བདེ་གཤེགས་ཞི་བ་དང་ཁྲོ་བོ་ཉེར་གཅིག་སྔགས་སོ་སོའི་ཤམ་དུ། ཀཱ་ཡ་སོགས་དང་། སརྦ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བཏགས་པ་རབ་བརྒྱ་རྩ་རེ། མ་ལྕོགས་ན་ཞི་བ་དང་གཙོ་བོ་ལ་བརྒྱ་རེ། གཞན་རྣམས་ལ་ཉེར་གཅིག་རེ་བཟླས་པས་དངོས་གྲུབ་བསྡུ། བདག་ཉིད་སྤྱི་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཕོག །སྔོན་གྱི་ཐུགས་དམ་བསྐུལ་བས་སོ་སོའི་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་བསམ་ཞིང་། ཧཱུྃ༔ བདེ་གཤེགས་ཞི་ཁྲོ་བཀའ་འདུས་ལྷ་ཚོགས་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་བཞིན་དུ་སྤྱན་འདྲེན་གྱིས༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ དངོས་གྲུབ་མ་ལུས་དུས་འདིར་བསྩལ་དུ་གསོལ༔ གནས་འདིར་མི་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་བྱང་ཆུབ་སེམས་བསྐྱེད་ཉམས་པ་དང༔ སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་འགྱུར༔ ཞེས་སྔགས་ཚན་སོ་སོའི་མཐར། ས་མ་ཡ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བཏགས་པ་ཞི་བ་དང་སྤྱི་དཔལ་ལ་ཉེར་གཅིག་དང་། ཁྲོ་བོ་ཉི་ཤུ་ལ་བདུན་རེ་བཟླ། མཆོད་ཅིང་དངོས་གྲུབ་བསྡུ་བ་ནི། སློབ་དཔོན་གྱི་མདུན་དུ་ཆང་དང་རཀྟ་སྦྱར་བའི་སྣོད། བཟེད་ཞལ། ཁེམ་ཐུར་བཅས་བཀོད་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གཅིག་འཕྱར་བས། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆོས་སྐུ་བདེ་བ་ཆེན་པོར་གྱུར། ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གཉིས་པ་འཕྱར་བས། སྣང་སྲིད་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར། ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གསུམ་པ་འཕྱར་བས། བདེ་གཤེགས་རྣམས་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་དུ་བཞེངས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་གྱིས་རཀྟ་དེ་བདུད་རྩིར་བྱིན་གྱིས་བརླབས་ནས། ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང༔ ཚོམ་བུ་ཉེར་གཅིག་ཁྲོ་བོ་འཁོར་བཅས་རྣམས༔ དང་པོ་མཆོད་འོས་སྐྱབས་ཀྱི་ཡེ་ཤེས་ལྷ༔ བར་དུ་བསྒོམ་སྒྲུབ་བདག་གི་ཡི་དམ་ལྷ༔ ད་ལྟ་བདག་དང་གཉིས་མེད་ཆོས་ཀྱི་སྐུ༔ གཉིས་མེད་བདེ་ཆེན་རོལ་པའི་མཁའ་དབྱིངས་སུ༔ རཀྟ་དམར་གྱི་ཨརྒྷཾ་མཆོད་པ་འབུལ༔ མཆོད་པ་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ༔ ཞི་བ་དང་ཁྲོ་བོ་ཉེར་གཅིག་སྙིང་པོ་ལན་གསུམ་རེ་བརྗོད་པ་སོ་སོའི་མཐར། མ་ཧཱ་རཀྟ་ཁཱ་ཧི༔ ཞེས་བཟེད་ཞལ་དུ་ལན་གསུམ་ཕུལ་ནས་དང་པོས་ལྷ་ཚོགས་རྣམས་གསལ་བཏབ། གཉིས་པས་རང་གཙོ་བོ་ཡབ་ཡུམ་གྱི་མཁའ་ལས་བདུད་རྩི་དམར་པོ་འཕྲོས། ལྷ་རྣམས་མཆོད། གསུམ་པས་དེ་དག་གི་དངོས་གྲུབ་ཐམས་ཅད་བདག་ལ་བསྩལ་བར་བསམ་ཞིང་། ཞི་བ་དང་ཁྲོ་བོའི་སྙིང་པོ་རྣམས་ལན་ཉེར་གཅིག་རེ། སྟོང་ཚིགས་ཀྱི་མཆོད་པ་དང་བཅས་པ་བྱའོ། །དེ་ནས་ཐུགས་ཁྲིད་ལྟར། ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཅན༔ ཡེ་ཤེས་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ གདུལ་བྱའི་དོན་ཕྱིར་ཐུགས་དམ་གནད་ནས་བསྐུལ༔ དང་པོ་བསྙེན་དང་ཉེ་བསྙེན་ཏིང་འཛིན་བརྟན༔ བར་དུ་དངོས་གྲུབ་ཕྱིར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་གྱིས༔ ལས་ཀྱི་འབྲས་བུ་གསོལ་བའི་དུས་ལགས་ན༔ ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ རིལ་བུ་མིག་སྨན་རྐང་མགྱོགས་ལ་སོགས་པ༔ ཁྱད་པར་གྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ནད་དང་རྐྱེན་བྲལ་འཆི་མེད་རྒས་མེད་པའི༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚར་གཅོད་རྗེས་འཛིན་དམོད་པས་གྲུབ་པ་ཡི༔ བདེན་ཚིག་ནུས་པའི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་དང་དྲན་པ་བསམ་གཏན་མངོན་ཤེས་སོགས༔ ཏིང་འཛིན་ཡིད་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ༔ ལམ་མྱུར་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ བླ་མེད་འབྲས་བུའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ དཔལ་ཆེན་ཞི་ཁྲོ་རྡོ་རྗེའི་གཡར་དམ་ཅན༔ བསྙེན་སྒྲུབ་འབྲས་བུ་དུས་འདིར་བསྩལ་ནས་ཀྱང༔ ཐུན་མོང་མཆོག་གི་དངོས་གྲུབ་བླ་མེད་པས༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་སྤྱི་དྲིལ་སྔགས་དབྱངས་དང་བཅས་པས་དངོས་གྲུབ་བསྡུ་ཞིང་ལྷ་རྣམས་མཉམ་པར་སྦྱོར་བས་འོད་དུ་ཞུ་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་མོས་ཏེ་ཐོད་སྐུ་སོགས་གནས་གསུམ་དུ་རེག །བུམ་ཆུ་སོགས་རྫས་ལ་ལོངས་སྤྱོད། བདུད་རྩིའི་ཐིག་ལེ་བཀོད་ཅིང་བཏུང་། བདེ་གཤེགས་ཞི་ཁྲོ་བཀའ་འདུས་ཡོངས་སུ་རྫོགས་པའི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཚེ་ཛཔ྄་བརྗོད་ཅིང་ཚེ་རྫས་བཀྱེ། དེའི་རྗེས་འབྲེལ་དུ་ལས་བྱང་ལྟར། ཧཱུྃ༔ ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ལྷ་ཚོགས་སོགས་ཀྱིས་བསྐུལ་ལ་ཚོགས་རྫས་བཟའ་བཏུང་བྱ། ལྷག་ཆོག་བྱས་ལ་བཙོན་འཛིན་བྱས་པའི་ལྷག་མ་རྣམས་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་བསྐྱལ། གཞན་དོན་དབང་བསྐུར་བྱེད་ན་སྐབས་འདི་ཙམ་དུ་སྦྲེལ་ལོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ལས། དང་པོ་གཏོར་མ་གཏོང་བ་ནི། ལས་བྱང་ལྟར་ཆད་མདོ་གཏང་། དགོས་པ་དང་འབྲེལ་ན་དེ་ཉིད་ཟོར་དུ་བསྐུལ། བརྟན་མ་བསྐྱང་ལ་བྲོ་བརྡུང་། གཉིས་པ་གཏང་རག་ནི། མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་བྱིན་བརླབ། མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས་ཡིག་བརྒྱ་བཅས་བརྗོད། གསུམ་པ་བསྡུ་ལྡང་ནི། དཀྱིལ་འཁོར་རས་བྲིས་ཡིན་ན་མདུན་བསྐྱེད་བརྟན་བཞུགས་བྱ། རྡུལ་ཚོན་སྐབས་ཡེ་ཤེས་པ་གཤེགས། གཉིས་ཀར་ཡང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་ང་རྒྱལ་བཟུང་། བཞི་པ་ཕྱི་མཚམས་དཀྲོལ་བ་ནི། ཤར་ནས་གཡས་སྐོར་དུ་རྒྱལ་ཐོའི་མདུན་མཆོད་པ་གཏོར་མ་བཤམས་ལ་བྱིན་བརླབ། སོ་སོའི་སྔགས་མཐར་གཏོར་སྔགས་བཏགས་པ་ལན་གསུམ་རེས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། སྐུ་རྟེན་ཡོད་ན་གཙོ་བོ་བརྟན་བཞུགས་བྱ། འཁོར་རྣམས། སྭསྡྱཱ་ནཾ་གཙྪ་ཞེས་པས་གཤེགས། སྒོ་བྱང་ཕྱི་ནང་ཡང་དེ་ཀ་ལྟར་བྱས་ལ་བསྡུའོ། །ལྔ་པ་དཀྱིལ་འཁོར་བསྡུ་བ་ནི། སློབ་དཔོན་དཀྱིལ་འཁོར་མདུན་དུ་ཕྱིན་ལ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཕུར་རྩེ་འོ་མས་བཀྲུ་ཞིང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་རིག་པ་བརྗོད། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ། ཨ་ཀཱ་རོ་བརྗོད་ལ་རས་བྲིས་ཀྱི་དཀྱིལ་འཁོར་བསྡུའོ། །དྲུག་པ་བཟོད་གསོལ་རྩ་བའི་སྒྲུབ་ཁོག་ལས་འབྱུང་བ་བཞིན་བྱ་དགོས་ཀྱང་སྨིན་ལུགས་ཡིག་ཆར་མི་འབྱུང་བས། དཔོན་སློབ་ལྷན་ཅིག་པས་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་སོགས་བརྗོད་པར་བྱའོ། །བདུན་པ་སྨོན་ལམ་དང་བཀྲ་ཤིས་བརྗོད་པ་ནི། ཐམས་ཅད་ལག་བསྣོལ་མར་སྲིན་ལག་སྦྲེལ་ཅིང་མར་མེ་བཏེགས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་བྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱི་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་རྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་དབྱངས་བོར་ལེན་ཚུལ་གྱིས་བརྗོད་ཅིང་། གཞན་ཡང་། ཧོ༔ ཕྱོགས་དུས་རྩ་བརྒྱུད་བླ་མ་སོགས་གཞུང་གསལ་གྱིས་མཚོན་ཐེག་པ་ཆེན་པོའི་སྨོན་ལམ་རྒྱ་ཆེར་གདབ། ཨོཾ༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་སོགས་བཀྲ་ཤིས་རྒྱས་པར་སྤེལ་ལོ། །བརྒྱད་པ་གནས་བསྲུང་བ་ནི། སྒྲུབ་པ་གྲོལ་མ་ཐག་རང་གནས་སུ་མི་ལྡོག་པར་ཞག་གསུམ་ཙམ་དུ་སྒྲུབ་ཁང་དེར་གྲུབ་ན་ཚོགས་སྐོང་ལྟ་བུའི་དགའ་སྟོན་དང་དམ་ཆོས་བཤད་ཉན་གྱིས་མཚོན་དགེ་བའི་བྱ་བ་ལ་འབད་པས་བསྟན་པ་ཡུན་དུ་གནས་ཤིང་བཀྲ་ཤིས་པའི་སྟོབས་འཕེལ་ལོ། །ཞེས་གསེར་པ་གཏེར་སྲས་བསླབ་པ་གསུམ་ལྡན་རྡོ་རྗེ་འཛིན་པ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས་ནས་ཀུན་གཟིགས་གཏེར་ཆེན་བླ་མ་རིན་པོ་ཆེར་གསོལ་བ་བཏབ་པའི་དོན་བཀའ་ཡིས་གནང་བ་བསྩལ་པ་ལྟར། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།སླར་ཡང་གསལ་བྱེད་ཅུང་ཟད་དང་བཅས་ཛྙཱ་ནས་ཞུས་དག་པར་བགྱིས་པ་ཤུ་བྷཾ།། །།འདི་ནི་དཔལ་སྤུངས་པར་པོད་དབུའི་དཀར་ཆག་ནང་བཀོད་པ་དཔེ་དངོས་མ་ཐོབ་ཅིང་བདུད་འཇོམས་པ་རིན་པོ་ཆེའི་གསུང་འབུམ་ཁྲོད་བཞུགས་པ་འདིར་བླངས་པའོ།།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། འཛབ་བསྐུལ་བྱིན་རླབས་སྤྲིན་འཕྲོ་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་རིམ་འཁྲུལ་འཁོར་གྱི་གྱེར་སྒོམ་ (Volume 8, Text 29)

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། འཛབ་བསྐུལ་བྱིན་རླབས་སྤྲིན་འཕྲོ་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་རིམ་འཁྲུལ་འཁོར་གྱི་གྱེར་སྒོམ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ འཕོ་མེད་རྣམ་དག་འོད་གསལ་རྡོ་རྗེའི་གཞིར༔ སྣང་སྲིད་དག་པ་རབ་འབྱམས་ཡེ་གསལ་ཀློང༔ རང་རིག་བླ་མ་འོད་འབར་ཐོད་ཕྲེང་རྩལ༔ དབྱིངས་རིག་རང་རྩལ་སྣང་སྲིད་རྩ་གསུམ་ལྷ༔ དབྱིབས་མེད་ཤིག་ཤིག་སྲིད་ཞི་འོད་ཀྱི་སྐུར༔ རྩ་གནས་དཔའ་བོ་རིག་འཛིན་ལམ་མེར་གསལ༔ རླུང་ཁམས་མ་ཚོགས་ཌཱ་ཀི་བདེ་གར་འཁྱུག༔ ཐིག་ལེར་བླ་མེད་ཡང་གསང་ལྷ་ཚོགས་དང༔ བ་སྤུ་འོད་གསལ་དམ་ཅན་ཕོ་མོ་བཅས༔ བླ་མེད་རིག་འཛིན་རོལ་པའི་ལྷ་ཚོགས་ཀུན༔ དགྱེས་བསྐོར་འཛུམ་ལྡན་གྲགས་སྟོང་འཛབ་སྔགས་སྒྲོག༔ སྤྲོས་པས་རྒྱུད་བསྐུལ་བསྡུས་པས་དོན་གཉིས་འགྲུབ༔ འཕོ་མེད་སྐུ་བཞིའི་རྡོ་རྗེ་འདིར་འགྲུབ་ཤོག༔ ཨ༔ བདག་ཉིད་པདྨ་འོད་འབར་དུ་གསལ་བའི་སྤྱི་གཙུག་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་དུ༔ བླ་མ་ཀུན་བཟང་ཡབ་ཡུམ་དུ་གསལ་བ༔ རང་གི་སྙིང་གར་པད་དཀར་ཟླ་བའི་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཁོང་སེང་གི་དབུས་སུ༔ ཡི་གེ་ཧཱུྃ་དཀར་གསལ་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཡེངས་མེད་གསོལ་འདེབས་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པ་ནི། བདག་ཉིད་སངས་རྒྱས་ཀུན་འདུས་མ་ཧཱ་གུ་རུར་གསལ་བའི་སྙིང་གར་འོད་ལྔའི་ཀློང་དུ༔ བླ་མ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དཀར་གསལ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལས་སྦྱོར་བླ་མ་རང་གསལ་གདབ༔ ལྟེ་བར་ཉི་ཟླ་ཁ་སྦྱོར་འོད་ལྔའི་ཀློང་དུ༔ ཧྲཱིཿམ་ཁ་སྦྱོར་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ནས་ཧཱུྃ་སྒྲུབ་ནི། ཡེ་ཡིན་ངང་རྫོགས་འཁོར་འདས་རང་གི་སེམས༔ ཀ་དག་གཟའ་གཏད་བྲལ་བར་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ དྲིན་ཅན་བླ་མ་དྲན་ཙ་ན༔ མོས་གུས་གདུང་བ་དྲག་པོས་ཧཱུྃ་གཅིག་འདྲེན༔ སྐྱེ་འགག་སྤྲོས་བྲལ་བླ་མ་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ ཡི་དམ་ལྷ་ཚོགས་དྲན་ཙ་ན༔ དངོས་གྲུབ་ཆེན་པོའི་ཧཱུྃ་གཅིག་འདྲེན༔ སྣང་སྲིད་ཀུན་འོད་སྐུར་ཤིགས་སེ་ཤིག༔ འུབ་ཆུབ་བློ་འདས་རང་རིག་ཡི་དམ་ཧཱུྃ་ཧཱུྃ་ཧཱུྃ༔ མ་ཚོགས་དྷཱ་ཀི་དྲན་ཙ་ན༔ བར་ཆད་ཀུན་སེལ་ཧཱུྃ་གཅིག་འདྲེན༔ ཡེ་གསལ་དྷཱ་ཀི་ཐོད་རོལ་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཉེ་མགོན་ལྕམ་དྲལ་དྲན་ཙ་ན༔ ཕྲིན་ལས་ཀུན་སྒྲུབ་ཧཱུྃ་གཅིག་འདྲེན༔ མ་རྟོགས་འགྱུ་བྱེད་ལྷ་སྲིན་དྲེགས་པའི་ཚོགས༔ རང་རྟོགས་གཉིས་མེད་རྩལ་སྣང་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ མཆེད་དང་ལྕམ་དྲལ་དྲན་ཙ་ན༔ ཤུགས་འབྱུང་དག་སྣང་ཆེན་པོའི་ཧཱུྃ་གཅིག་འདྲེན༔ འགག་མེད་སྤང་རྟོགས་ཀུན་བྲལ་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་དབང་དུ་སྡུད་ཙ་ན༔ མ་བཅོས་ཅོག་གཞག་རྒྱལ་པོའི་ཧཱུྃ་གཅིག་འདྲེན༔ བདག་འཛིན་རུ་དྲའི་བགེགས་ཚོགས་དབྱིངས་སུ་ཡལ༔ འཕོ་མེད་འོད་སྐུའི་དབྱིངས་ཀློང་རང་རིག་ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གྱིས་གནོན་ཙ་ན༔ སྒྲིབ་བྲལ་ཟང་ཐལ་ཆེན་པོའི་ཧཱུྃ་གཅིག་འདྲེན༔ སྲིད་ཞི་ཀུན་རྫོགས་ལམས་སེ་ལམ༔ རིག་པ་འཕོ་མེད་སྐུ་ཐིག་ཤིགས་སེ་ཤིག༔ ཡུལ་དང་ཡུལ་ཅན་གཉིས་མེད་རང་གྲོལ་རྒྱལ་བའི་ཞིང༔ འཁོར་འདས་གཉིས་མེད་རང་རིག་སྐྱེ་མེད་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ཚེ་སྒྲུབ་ནི། རང་ཉིད་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀར་པད་དཀར་ཟླ་བའི་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་དྭངས་མ་ལྔ་ལྡན་གྱི་དབུས་སུ༔ ཧྲཱིཿཡིག་དཀར་གསལ་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་ཀཿཐོག་པ་དམ་ཆོས་རྒྱ་མཚོ་ཨོ་རྒྱན་ལུང་རིག་གིས་ཛཔ྄་དགོངས་གྱེར་སྒོམ་ཞིག་དགོས་ཞེས་བསྐུལ་བའི་ངོར། ཆོས་རྒྱལ་བདུད་འདུལ་གླིང་པས་དར་རྒྱས་ཆོས་སྡིང་ཕོ་བྲང་ཡང་དབེན་དུ་བཀོད་པ་དགེའོ། །ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ།། །།

བསེ་རག་བཀར་ཐབས་མདོར་བསྡུས་ (Volume 51, Text 29)

ན་མོ་ཨཱརྻ་ཛཾ་བྷ་ལ་ཡ། བསེ་རག་བཀར་ཐབས་མདོར་བསྡུས་འདོད་ན། ཁ་འགོང་ལ་ཆངས་བུ་ཏིང་ལོ་དང་ཁ་ལྷག་བོ་ཤོར་ནའང་བསྡུས་ནས་བླུགས། ཨ་ཀཱ་རོ་ཡི་བྱིན་གྱིས་བརླབས་ནས། བསེ་རག་ཁ་འགོང་མདུན་དུ་བཀུག་ནས། ཡི་དམ་སྔགས་ལ་འདི་བཏགས་ཐུན་གྱིས་བྲབ། ནག་མོ་ཁ་ཚེ་ཐུན་རྦད། ནག་མོ་བྱ་འགྲོ་མ་ཁ་ཆིངས། འགྲིག་ཤོག་དུན་ཧབ་དུལ་དུལ་ནན་རྦད་མྱག་མྱག་བསེ་རག་ཁ་ཆིངས། མི་ལའི་ཁ་ཆིངས། ཆུང་སྲིའི་ཁ་ཆིངས། ནད་འདྲེའི་ཁ་ཆིངས། རབས་ཆད་ཀྱི་ཁ་ཆིངས། ཅི་མང་བཟླའོ། །ཀྱཻ། བསེ་རག་མི་ལ་གཞོན་ནུ་པ། བུ་ཆུང་ལུས་ལ་གཡུ་རྣ་ཅན། སྟག་རལ་གཟིག་ཤུབས་གྲི་ཆུང་རྐེད། དར་ཟབ་པད་རིས་ཕྱགས་ལྷྭམ་ཅན། འཕྲུ་བཙུགས་ལག་ན་སྡུད་མོ་གཟུང་། སྲེག་པ་བདུན་ནི་ཀླད་ན་ལྡིང་། རི་བོང་ལ་འཆིབས་དུང་སོ་ཅན། མིག་རྣོ་སྐྲ་ནི་ཁམ་པ་སྟེ། བསེ་རག་ལྟོག་འགོང་མང་པོས་བསྐོར། ཆངས་བུ་ཏིང་ལོ་ཁ་ལྷག་འདིས། ཁྱེད་ཅག་འཁོར་བཅས་ཚིམས་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཟ་ཁ་འཐུང་ཁ་དགྲ་ལ་སྤོས། ཟད་མེད་ཟ་རྒྱུ་དེ་ན་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱི། དམ་ལས་མ་འདའ་ད་སོང་ཞིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས་བརྗོད་ཅིང་ཕྱིར་དོར། འདི་བྱས་པས་ཞོ་ལད་ཆང་ལད་འོ་མར་མར་མི་ཐོན་པ་ཚོང་ཉེས་བོར་སྟོར་ཤོར་དང་ཆག་གྲུམ་སོགས་སྐམ་འགོང་བསེ་རག་གནོད་པ་ལ་ཕན་ཞིང་དེ་ལྟར་ཕན་ཕྱིར་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། མངྒ་ལཾ།། །།

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ (Volume 21, Text 29)

༄༅། །འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་གུ་རུ་ཡེ། འདིར་འཕོ་འདེབས་བྱ་ཚུལ་ལ་གཉིས་ཏེ། དགེ་བཤེས་ཡོན་ཏན་ཅན་གྱི་ལུགས་དང་། རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་སོ། །མཁས་པ་རྣམས་ཀྱིས་དང་པོ་སྐྱབས་འགྲོ་སེམས་བསྐྱེད། མ་ནམ་བཞི་བསྐོར་བྱ། དེ་ནས་མིང་ནས་བོས་ལ་ཐིམ་རིམ་རྒྱས་པར་ངོ་སྤྲད། སངས་རྒྱས་ཡིད་ལ་གྱིས་ཞེས་བརྡ་སྦྱར་ནས་སངས་རྒྱས་ཀྱི་མཚན་བསྒྲག །ཁྱོད་རང་དཀོན་མཆོག་གསུམ་གྱི་དྲུང་དུ་ཉེས་ལྟུང་བཤགས་སྙམ་པ་གྱིས་ལ་ལད་མོ་གྱིས་ཞེས་ལྟུང་བཤགས་འདོན། འཇམ་དབྱངས་ནམ་མཁར་སྒོམས་ལ་གསོལ་བ་ཐོབ་ཅེས་ཤེས་བྱའི་མཁའ་དབྱིངས་མ་དང་། ཐུབ་པ་གསང་བདག་སོགས་ནམ་མཁར་སྒོམས་ལ་བར་དོའི་འཇིགས་པ་ལས་སྐྱོབ་ཕྱིར་རྗེས་ཟློས་གསོལ་བ་ཐོབ་ཅེས་གཙོ་རྒྱལ་མ་འདོན། དེ་ནས་འཕོ་བའི་དམིགས་པ་སྤོད་ནས་འཕོ་བའི་གསོལ་འདེབས་བྱ། འཕོ་བ་སྤར་ནས་སྐྲ་འཐེན། ལམ་སྟོན་བྱས་ལ་དེ་ནས་བདེ་སྨོན་འདོན་པའོ། །དེ་ལྟ་བུ་མཛེས་ཆ་ཆེ་ཞིང་འདོན་རྒྱུ་མང་ཡང་། ལུས་སེམས་འབྲེལ་བའི་རྟེན་ཡེ་ཤེས་མཁན་པོའི་རླུང་ཆེན་པོའི་རྩ་ཆད་ནས། ད་ལྟ་དང་མི་འདྲ་བར་རྣམ་རྟོག་རགས་པ་གཅིག་སྐྱེས་ཙམ་ནས་འཕོ་ནས་འགྲོ་བས། བཤད་པ་བྱེད་ཚེ་རང་ནས་སྒོ་གར་འགྲོ་ཆ་མེད་པས། བཤད་པ་ཉུང་བ་དམིགས་པ་མང་བ་ལེགས། ཐིམ་རིམ་ཡང་མི་ནག་པས་མི་གོ །ཤི་ཚར་ནས་ཐིམ་རིམ་ཡོལ་བས་དགོས་པ་མེད་དོ། །ལ་ལ་ན་རེ་ཟ་འདྲེ་དང་མ་ཕྲལ་ན་འཕོ་བ་ཐེབ་མི་འཇུག་པས་ཕྲལ་དགོས་ཞེས་གསུར་དུད་བྱེད་ནས་ཟ་འདྲེ་ལ་བསྔོ། འཇིག་རྟེན་གསུམ་རྒྱལ་བསྐྱེད་ཅིང་ཁྲོ་བོ་སྤྱན་འདྲེན་ཀུན་རིག་ལྟར་བྱས་ཏེ། སུམྦྷ་ནིའི་ནས་ལྕག་བྲབ་ལ་སྲུང་འཁོར་བསྒོམས་ནས། སླར་འཕོ་བའི་དམིགས་པ་སྤོད་པ་ཡང་མཐོང་སྟེ། ཟ་འདྲེས་འཕོ་འདེབས་ལ་བར་ཆད་བྱེད་ཟེར་བ་རྒྱུད་གཞུང་ཚད་ལྡན་ནས་མ་མཐོང་། བར་དོ་ན་གནོད་ཀྱང་འཕོ་བ་ཐེབས་ན་བར་དོ་མེད་པར་གསུངས་སོ། །ནས་ལྕག་དང་གསུར་དུད་ཀྱིས་རྣམ་ཤེས་འཕོ་དོགས་ཡོད། འདི་རྟོགས་ལྡན་ཉམས་ཅན་གྱི་ལུགས་ལྟར་ན་འཆི་ཁ་ནས་དབང་དང་སེམས་བསྐྱེད་ཐོབ་ན། འཆི་ཚེ་སྔས་སུ་རང་ཡོད་ན་ཐེབ་སླ་བར་མཐོང་། གཉུག་སོང་ནས་འཕོ་ཚར་རམ་མེད། མི་གཞོན་ནུ་སོས་རེ་ཡོད་པ་ལ་ཤི་ནས་རྐེ་རྩ་ཆད་ཡག་བར་འཕོ་བ་འདེབས་མི་རུང་། རླུང་ལོག་ཡིན་ན་འཕོ་བ་ཐེབས་ན་ཉེས་པ་ཆེ་བར་གསུངས། རྒྱུད་ལས། དུས་མིན་ལྷ་རྣམས་གསོད་པ་འོ། །ཞེས་ལྷ་བསད་པ་དང་འདྲའོ། །མ་ཐེབ་སོས་ན་འཕོ་བ་མཁན་གཤེ་བར་འགྱུར་ཏེ། དེ་འདྲའི་ལོ་རྒྱུས་འགའ་ཡང་ཐོས། ནད་ཡུན་རིང་བ་དང་རྒན་རྒོན་སོས་རེ་མེད་ངེས་ཤི་ཐག་ཆོད་པ་ལ་ནི་ཤི་དུས་དབུགས་འགྲོ་ལ་ཁད་ནས་བཏབ་ཀྱང་ཉེས་པ་མེད་དོ། །འོན་ཀྱང་ཡིད་ཀྱིས་དེའི་ལུས་ཕག་མོར་བསྒོམ་ལ་སྒོ་དགུ་ཡི་གེས་བཀག་པ་རྣམས་འཆི་ལ་ཁད་ནས་ཡིད་ཀྱིས་བསྒོམས་ནས་བཞག །སྤར་ནི་མི་སྤར། ཕྱི་དབུགས་ཆད་མ་ཐག་ནས་ཡིད་ཀྱིས་ལན་མང་དུ་སྤར། ངག་ཏུ་མི་བརྗོད་པར་བྱའོ། །སངས་རྒྱས་མཚན་བརྗོད་གསོལ་བ་འདེབས་སོ། །རྐེ་རྩ་ཆད་ཡག་རེད་ཙ་དམིགས་པ་སྤར་བ་སོགས་འཕོ་འདེབས་དངོས་དེ་བྱེད་དོ། །དེ་བས་སྔ་ནས་བྱས་ན། ཨ་ང་ད་རུང་སོས་རེ་ཡོད་ཚེ་ད་ལྟ་ནས་འཕོ་འདེབས་བྱས་བྱུང་སྙམ་ནས་ཞེ་སྡང་གིས་མཚམས་སྦྱར་ནས་འཕོ་བ་མི་ཐེབ་ངན་སོང་དུ་འགྲོའོ། །འཆི་ལ་ཁད་ནས་ཁོག་སྨད་དུ་མི་རེག །མི་ཡིད་མཐུན་པ་རྣམས་སྟན་སྨད་དུ་མི་འདུག་མགོ་ངོས་སུ་འདུག་བཅུག །རོ་ཉལ་བ་དེ་དམིགས་པ་མི་བདེ་བས་འཕོ་བའི་ཚེ་ཙོག་པུར་བཟུང་བཅོལ་ན་ལེགས། འཛོམ་ན་དང་པོ་མཆོད་པ་བཤམས་ལ་ཇི་སྙེད་སུ་དག་མས་དཀོན་མཆོག་གསུམ་ལ་ཕུལ། འཕོ་བ་ཐེབ་པར་གསོལ་བ་བཏབ། ཚེ་འདས་དེ་ལ་སྙིང་རྗེ་ཚད་མེད་པ་མཆི་མ་འཁྲུག་པར་བྱུང་ན་ངེས་པར་ཐེབ། སྙིང་རྗེ་མ་སྐྱེས་ན་ཐེབ་དཀའ། རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོར་བསྒོམས་ལ་རོའི་སྔས་སུ་སྐྱག་གི་སྟེང་དུ་རྒྱལ་བ་བྱམས་པའི་བཞུགས་སྟངས་སུ་འདུག་སྟེ། རྒྱས་པར་ན་ལྟུང་བཤགས་འདོན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྲོ་ན་བདེ་གཤེགས་བརྒྱད་ཀའི་མཚན་བརྗོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །སྤྲོ་ན་རིགས་ལྔ་བརྗོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་མཚན་གང་ཤེས་བརྗོད་རུང་། དེ་ནས་རང་གི་དམིགས་པ་དང་བསྟུན། རང་གི་སྣ་བུག་གཡོན་ནས་དབྱངས་ཡིག་བཅུ་དྲུག་འཕྲོས་ཚེ་འདས་ཀྱི་སྣ་བུག་གཡོན་དུ་ཐིམ། རྒྱས་པར་ན་དབྱངས་ཡིག་བརྗོད། རང་གི་ལག་གཡས་སྲིན་མཛུབ་ཀྱིས་སྣ་བུག་གཡས་བཀག་ལ་གཡོན་ནས་རླུང་བུས། རང་གི་སྣ་བུག་གཡས་ནས་གསལ་བྱེད་སུམ་ཅུ་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡས་སུ་ཐིམ་པར་གྱུར། རྒྱས་པར་གསལ་བྱེད་བརྗོད། ལག་གཡོན་སྲིན་མཛུབ་ཀྱིས་སྣ་བུག་གཡོན་བཀག་ལ་གཡས་ནས་རླུང་བུས། རང་གི་སྣ་རྩེ་ནས་ཧཱུྃ་སྔོན་པོ་གཅིག་ཕྲི་ལི་ལི་འཕྲོས་ཏེ་ཚེ་འདས་ཀྱི་སྣ་སྒོར་ཐིམ། དབྱངས་གསལ་ཧཱུྃ་རྣམས་སྙིང་གི་དཀྱིལ་དུ་ཐིམ་པས་བདག་གིས་ཅི་སྨྲས་པ་གོ་བར་གྱུར། ཧཱུྃ། ཞེས་སྣ་གཉིས་ནས་རླུང་རིང་བར་བུས། ཚེ་ལས་འདས་པའི་མ་དག་འཁོར་བའི་སྒོ་བརྒྱད་པོ་ཡི་གེ་ཧྲཱིཿདམར་པོ་རེ་རེས་བཀག་པར་གྱུར། ཧྲཱིཿཧྲཱིཿཧྲཱིཿ དེ་ནས་སྐད་ཆེ་ཆུང་རན་པས། འོ་ཚེ་ལས་འདས་པ་ཆེ་གེ་མོ། ཞེས་པ། དཔོན་དང་མི་ཆེན་ཡིན་ན་ཁྱེད་ཅེས་པའི་ཚིག་གང་འོས་དང་། ཕལ་པ་ཡིན་ནའང་བཟང་མིང་ནས་ལན་གསུམ་འབོད། ཁྱེད། ཁྱོད་གང་འོས། ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་མ་ཤར་བ། ལས་དགེ་སྡིག་དབང་གིས་གར་འགྲོ་བ་ངེས་པ་མེད་པ། བར་དོ་དང་པོ་འཕོ་བ་བསྒོམ་པའི་སྐབས་སུ་བབ་པ་ཡིན་ནོ། །ཕ་ཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་གསུངས་པ་དང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་དུས་དེ་ད་ལྟ་ཡིན་པས་མ་ཡེངས་པར་ཉོན་ཅིག །ཁྱེད་རང་གི་ལུས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བས་མ་མཆུ་མནན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་ག་གྲུ་མོར་བཅུག་ཅིང་། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱང་པས་པད་ཉི་བམ་གྱི་སྟེང་ན་འགྱིང་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆས་སྤྲས་པ། སྐུའི་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ་བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ། ངན་སོང་གི་སྒོ་བཅད་པའི་ཕྱིར་མར་སྣེ་ལྟེ་བའི་འོག་ཏུ་སྨྱུག་མའི་ཚིགས་འགག་པ་ལྟར་ཕུག་རྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་སྤྱི་བོ་ཚངས་པའི་བུ་ག་ཟངས་དུང་གི་ཁ་ལྟར་ཧད་པོར་ཡོད་པ་སྟེ། མཚན་ཉིད་བཞི་དང་ལྡན་པའི་ལྟེ་བའི་དབུས་སུ་པདྨ་དམར་པོ་དང་ཟླ་བའི་གདན་སྲན་མ་ཕྱེད་བཀས་པ་ཙམ་གྱི་སྟེང་དུ། ཁྱེད་རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འཕར་ལ་ཁད་པ། ཡར་ལ་ཁད་པ་གཅིག་སྒོམས་ཤིག །ཁྱེད་རང་གི་སྤྱི་བོའི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་གདན་ལ། ཁྱེད་རང་གི་རྩ་བའི་བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐུའི་བཀོད་པ་ལ་རྫོགས་ཤིང་སྐུའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཁྱབ་པ་ཞིག་བཞུགས་ཡོད་པར་སྒོམས་ཤིག །བཞུགས་ནས་ཀྱང་ཡོད་དོ། །ངེད་ཀྱིས་གསོལ་བ་བཏབ་ནས་རྣམ་ཤེས་སྤར་བའི་ཚེ་ཐེ་ཚོམ་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་སྤྱི་གཙུག་ནས་མཛུབ་མོས་མནན་ཙམ་མམ། སྐྲ་ནས་འཐེན་ཙམ་བྱས་ལ། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བྱིན་རླབས་འོད་དུ་འཁྲུགས་པའི་བར་མཚམས་ན། །རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས༴ ཟབ་ལམ་འཕོ་བ༴ སྒྱུ་མའི་གྲོང་ཁྱེར༴ མི་གཙང་ལས་ཉོན༴ རང་རིག་འོད་གསལ༴ སྣང་མཐའ་ཡས་པའི༴ རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ན། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས༴ ཟབ་ལམ་འཕོ་བ༴ སྒྱུ་མའི་གྲོང་ཁྱེར༴ མི་གཙང་ལས་ཉོན༴ རང་རིག་འོད་གསལ༴ སྣང་མཐའ་ཡས་པའི༴ བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ན། །མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས༴ ཟབ་ལམ་འཕོ་བ༴ སྒྱུ་མའི་གྲོང་ཁྱེར༴ མི་གཙང་ལས་ཉོན༴ རང་རིག་འོད་གསལ༴ སྣང་མཐའ་ཡས་པའི༴ བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས༴ ཟབ་ལམ་འཕོ་བ༴ སྒྱུ་མའི་གྲོང་ཁྱེར༴ མི་གཙང་ལས་ཉོན༴ རང་རིག་འོད་གསལ༴ སྣང་མཐའ་ཡས་པའི༴ འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ཅེས་གསོལ་བ་བཏབ་ཅིང་། ཚེ་འདས་ཀྱི་ལྟེ་བའི་རྣམ་ཤེས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དེ་སྐར་མདའ་ལྟར་གྱེན་དུ་སོང་སྟེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་རེ་དང་སྤྲད་ལ་དལ་བུས། ཧིཀ །ཅེས་བདུན་ཙམ་སྤར། སྐབས་འདིར་ཐུན་བཞི་དབྱངས་དང་བཅས་པས་བཏོན་ལ་རྒྱང་འབོད་བྱས་མཐར་ཧིཀ་བགྲང་དམིགས་པ་སྤར། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་བྱས་པས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་སྒྲོལ། །ཞེས་གསུངས་པའི་ཕྱིར། མཚམས་མེད་པ་ལྔ་བྱས་པའི་སྡིག་ཆེན་ཡིན་ནའང་འཕོ་བ་ཐེབས་ན་ངན་སོང་དུ་མི་འགྲོ་སྟེ། རབ་དག་པའི་ཞིང་ཁམས། འབྲིང་ལྷ་གནས་གཙང་མ། ཐ་མ་ཡང་མི་ལུས་ཆོས་ལྡན་དུ་སྐྱེ་བ་རྡོ་རྗེ་འཆང་གི་བཀའ། ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡིན་པས་མ་འཇིགས་མ་སྐྲག་པར་འཕོས་ཤིག །སྤྲོ་ན་སྐབས་འདི་རྣམས་སུ་གོང་གི་དམིགས་པ་ཡང་ཡང་བྱ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ ཚེ་འདས་འདི་ནས༴ བདེ་བ་ཅན་དུ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ ཚེ་འདས་འདི་ནས༴ བདེ་བ་ཅན་དུ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ ཚེ་འདས་འདི་ནས༴ བདེ་བ་ཅན་དུ༴ སངས་རྒྱས་འོད་དཔག༴ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ ཚེ་འདས་འདི་ནས༴ བདེ་བ་ཅན་དུ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ༴ མྱུར་ལམ་འཕོ་བས༴ ཚེ་འདས་འདི་ནས༴ བདེ་བ་ཅན་དུ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཧིཀ་བདུན་ཙམ་བརྗོད། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱི་བསམ་པས་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བོ་གང་དག་སྐྱེ། །ཞེས་གསུངས་པས། ཚེ་ལས་འདས་པ་ཆེ་གེ་མོ་ཡིད་གཞན་དུ་མ་ཡེངས་པར་ཁྱེད་རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་བཞུགས་ཡོད་པས་དེ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སོགས་དང་། ཧིཀ་བདུན་བགྲངས་ལ། སྤྲོ་ན་འབྲེལ་བ་ཐོག་ཆོག་མ་འདོན། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཚེ་འདས་ཀྱི་རྣམ་ཤེས་དང་འོད་དཔག་མེད་དབྱེར་མེད་པ་མདའ་འཕངས་པ་ལྟར་བདེ་བ་ཅན་དུ་སོང་བར་བསྒོམས་ལ། ཕཊ༔ ཕཊ༔ ཕཊ༔ ཅེས་དྲག་པོར་བརྗོད། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །སོགས། པདྨ་འདམ་གྱིས་མ་གོས་ལྟར། །སོགས་བརྗོད། ཅེས་པ་འདི་ནི་རྒྱུད་གཞུང་དང་མི་འགལ་ཞིང་ཤིན་ཏུ་མཐུན་ལ། གོ་སླ་བས་མི་ནག་པ་ལ་ཕན། ལུང་འདྲེན་བཤད་པ་ཉུང་ཞིང་བཟུང་སླ་བར་བྱས་ཏེ། དོན་གྲུབ་དང་ཡང་དག་ལ་ཕན་ཕྱིར་བྲིས་པ་ཡིན་ཡང་། འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཞིང་བདེ་བ་ཅན་དུ་སྐྱེ་བའི་ལམ་མཆོག་དམ་པར་གྱུར་ཅིག །སོ་སྐྱེའི་དབང་གིས་འཁྲུལ་པ་བྱུང་ན་འཆགས་སོ། །ཆོས་འདི་ལ་གོམས་པ་རཱ་ག་ཨ་སྱས་སྦྱར་བའོ།། །།

རྫོགས་པ་ཆེན་པོ་ཡང་གསང་སྤྱི་ཏིའི་དབང་གི་ལག་ལེན་སྨིན་གྲོལ་བཅུད་ཀྱི་ཞུན་ཐིགས་ (Volume 58, Text 29)

༄༅། །རྫོགས་པ་ཆེན་པོ་ཡང་གསང་སྤྱི་ཏིའི་དབང་གི་ལག་ལེན་སྨིན་གྲོལ་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། འཁོར་འདས་ཀུན་ཁྱབ་གདོད་ནས་བྱ་རྩོལ་བྲལ། །མཚན་རྟོག་ཡུལ་འདས་དབྱིངས་རིག་འདུ་འབྲལ་མེད། །བླ་མ་ཐོག་མའི་མགོན་པོ་བདག་ཡིད་དང་། །མི་འབྲལ་རོ་མཉམ་ཆེན་པོའི་ལྟ་བས་འདུད། །ཤིན་ཏུ་རྣལ་འབྱོར་སྣོད་ལྡན་ལ། །ཡང་ཏིའི་བཅུད་འཛིན་སློབ་དཔོན་གྱིས། །བསྐུར་ཐོབ་སྤྲོས་པའི་ཡང་སྙིང་ནི། །སྨིན་བྱེད་ཟབ་མོ་འདི་བཞིན་སྦྱིན། །ཐེག་དགུའི་ཡང་རྩེ་ཨ་ཏི་ཡང་གསང་རྩོལ་མེད་འབྲས་བུའི་རྣལ་འབྱོར་མཐར་ཐུག་གི་དབང་བསྐུར་འདི་སྒྲུབ་པ་ལ་སྣོད་བཅུད་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པའི་ཚེ། དབེན་ཅིང་ཉམས་དགའ་བའི་གནས་སུ་སྟེགས་གཙང་མར། དཀྱིལ་འཁོར་དབུས་མཐིང་ཟླུམ་པོ་འོད་ལྔས་བསྐོར་བའི་རྒྱབ་ཏུ་པདྨ་འདབ་བཞི་ཕྱོགས་མདོག་འོད་ལྔའི་མུ་ཁྱུད་ཅན་ལ་སྒོ་རྫོགས་སོགས་ཞི་དཀྱིལ་སྤྱི་འགྲེ་བྱས་པའི་དབུས་སུ་ཁྲི་སྟེགས་ལ། མངར་གསུམ་སྤོད་དང་སྦྱར་པའི་གཏོར་མ་རིན་ཆེན་འབར་བ་རྒྱན་ལྡན་བཀོད། དེའི་གཡས་ཕྱོགས་སུ་བུམ་པ་ཉེར་ལྔ་དང་འོ་མའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ། གཡོན་དུ་ཐོད་པ་མཚན་ལྡན་ནང་བདུད་རྩི་ཆོས་སྨན་ཆང་དང་སྦྱར་བ། མདུན་དུ་མེ་ལོང་དྭངས་གསལ་བཀོད། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། གཏེར་སྲུང་དམ་ཅན་གཏོར་འབུལ་རྣམས་སྤྱི་ལྟར་བཤམ། མིག་དར་མེ་ཏོག །སྔོན་གཏོར་སོགས་ཉེར་མཁོ་ཚོགས་པར་བྱ་བ་ནི་སྦྱོར་བ་སྔོན་འགྲོའི་བྱ་བའོ། །དངོས་གཞིའི་སླད་དུ་ཐོག་མར་སྒྲུབ་ཅིང་མཆོད་པ་ནི། གཏེར་གཞུང་བླ་རྣལ་སྐབས་ལྟར།མཆན།་་་བརྒྱུད་འདེབས་སྔོན་དུ་འགྲོ་བས། རང་བཞིན་ལྟ་བའི་མཚམས་གཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་རྡོ་རྗེ་སེམས༔ སྐུ་ཡི་སྤྲུལ་པས་ནམ་མཁའ་གང༔ གསུང་ནི་སྟོང་གསུམ་སྒྲ་སྒྲོག་ཅིང༔ ཐུགས་ཀྱི་འོད་ཟེར་གློག་སྟོང་འཁྱུག༔ ཡེ་ཤེས་མེ་ཡིས་ཕྱོགས་མཚམས་གང༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ བགེགས་དང་བར་ཆད་ག་ལ་ཡོད༔ ཡེ་གྲོལ་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་གཟུང་བླ་མེད་མ་འཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། རྩ་གསུམ་བླ་མ་དགོངས་སུ་གསོལ༔ འགྲོ་བ་སེམས་ཅན་མ་ལུས་རྣམས༔ བླ་མེད་བྱང་ཆུབ་མ་འཐོབ་བར༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དངོས་འཛིན་རྣམ་རྟོག་གི་ཉེས་སྐྱོན་ཐམས་ཅད་བསལ༔ ཨོཾ་ཨཱཿཧཱུྃ༔ གསུམ། ཡེ་ཤེས་ལྔ་ལྡན་གྱི་བདུད་རྩི༔ དུག་ལྔ་བསྒྲལ་པའི་རཀྟ༔ འདོད་ཡོན་ལྔ་ལྡན་གྱི་གཏོར་མ༔ དངོས་གྲུབ་འབྱུང་བའི་ཚོགས་གཏོར༔ ངོ་བོ་ཡེ་ཤེས་ཀྱི་རོལ་པ། རྣམ་པ་སོ་སོའི་མཆོད་སྤྲིན་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར། གདོད་ནས་རང་བྱུང་གི་དཀྱིལ་འཁོར་གསལ་གདབ་པ་ནི། ཧཱུྃ༔ སྟོང་གསལ་བྱ་རྫོགས་ཆེན་པོའི་ངང༔ སྟོང་ཉིད་སྙིང་རྗེས་ཀུན་ལ་ཁྱབ༔ འགག་མེད་རིག་པ་ཧཱུྃ་དུ་ཤར༔ ལྔ་ལྡན་ཡེ་ཤེས་གཞལ་ཡས་ཁང༔ པད་སྡོང་འདབ་བཞི་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ སྤྱི་གཙུག་ཨོ་རྒྱན་རྡོ་རྗེ་འཆང་། །མཐིང་སྔོན་རྡོ་རྗེ་དྲིལ་བུ་འཛིན། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཁྱུད། །ཕྱོགས་བཞིའི་པདྨ་འདབ་བཞི་ལ། །རྡོ་རྗེ་རིན་ཆེན་པདྨ་ལས། །དཀར་སེར་དམར་ལྗང་གྲི་ཐོད་བསྣམས། །གཅེར་བུ་རུས་རྒྱན་བདེ་བའི་ཉམས། །ཡེ་རྫོགས་རྩ་གསུམ་ལྷ་ཚོགས་རྣམས༔ དམིགས་མེད་ཟང་ཐལ་ཀློང་དུ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ སྤྱན་དྲང་བ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཀའ་བབས་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་རིག་རྩལ་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་གཞལ་ཡས་ནས༔ མཁའ་འགྲོ་རིགས་བཞི་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་གཏེར་བདག་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཆོས་དབྱིངས་བརྡལ་བའི་དཀྱིལ་འཁོར་འདིར༔ འཁོར་བའི་སྐྱོན་བྲལ་པདྨའི་གདན༔ ཐབས་ཤེས་དབྱེར་མེད་ཉི་ཟླའི་སྟེང༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས༔ བཞེངས་དང་བཞུགས་པ་མི་མངའ་ཡང༔ སེམས་ཅན་རྟོག་པ་སྦྱང་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྐུ༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡེ་ནས་རང་བྱུང་རིག་པའི་སྐུ༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ འགགས་མེད་རིག་རྩལ་རོལ་པའི་སྐུ༔ མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ན་མོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ རང་དང་གཉིས་སུ་མེད་པའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུག་སྤོས་མེ་ཏོག་མར་མེ་དང༔ དྲི་ཆབ་ཞལ་ཟས་སྒྲ་སྙན་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་ནང་གི་མཆོད་པ་འབུལ༔ སྣང་སྟོང་གཉིས་མེད་བདེ་བ་ཆེ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ལྡན་བདུད་རྩི་དང༔ དུག་ལྔ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ དངོས་གྲུབ་འབྱུང་བའི་ཚོགས་མཆོད་རྣམས༔ རང་བཞིན་ལྷུན་གྲུབ་ཆེན་པོའི་རྩལ༔ རང་ལས་བྱུང་ཞིང་རང་ལ་མཆོད༔ རོལ་པ་ཆེན་པོའི་མཆོད་པ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་ཛཔ྄་བཟླ་བ་ལ་བསྙེན་པ་ནི། བདག་མདུན་དབྱེར་མེད་སྣང་སྲིད་རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ༔ ཞེེས་བྱེ་བ་གཅིག་བཟླ་བར་གསུངས། སྒྲུབ་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ་སྔགས་ཀྱི་ཕྲེང་བས་བསྐོར། བཟླས་པ་བྱས་པས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། འགྲོ་དྲུག་གི་སྒྲིབ་པ་སྦྱང་། བྱིན་རླབས་དངོས་གྲུབ་ཐམས་ཅད་ཡེ་ཤེས་བདུད་རྩིའི་རྣམ་པར་ཚུར་འདུས་རང་ཉིད་ལ་ཐིམ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་མོས་ལ། ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་བཛྲ་སཏྭ་ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་འབུམ་ཕྲག་བཞི་ལ་སོགས་པ་བཟླ་བར་གསུངས་སོ། །ཐུན་མཐར་བསྟོད་པ་ནི། ཧཱུྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་ཐུགས་ནི་སྨྲ་བསམ་བྲལ༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཕྲིན་ལས་རྣམ་བཞིས་རེ་བ་སྐོང༔ བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱོན་མེད་རྣམ་དག་རྡོ་རྗེའི་སྐུ༔ འགག་མེད་རང་བཞིན་ཚངས་པའི་གསུང༔ ཆོས་དབྱིངས་ཡེ་ཤེས་མཁྱེན་པའི་ཐུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྐབས་འདིར་དབང་བསྐུར་ན་ལས་བུམ་ལ་བདུད་རྩི་འཁྱིལ་བའམ་རྡོར་སེམས་སྔགས་ཀྱིས་བྱིན་བརླབས་ཏེ་དབང་ལ་འཇུག །སྒྲུབ་ཐབས་ཁ་རྐྱང་ཉམས་སུ་ལེན་ན་གཤམ་གསལ་ལྟར་ནོངས་བཤགས་ཁ་སྐོང་། འོད་གསལ་དུ་འཇུག་ལྡང་བྱས་ལ་བསྔོ་སྨོན་ཤིས་བརྗོད་བྱས་པས་འགྲུབ་བོ།། །།དེ་ནས་དབང་བསྐུར་བ་ནི། སློབ་མ་སྣོད་དུ་གྱུར་པ་རྣམས་ལ་ལས་བུམ་གྱི་ཆུས་སྒོ་དྲུང་དུ་ཁྲུས་བྱ། མིག་དར་དང་མེ་ཏོག་སྤྲད། ལས་སློབ་ཀྱིས་སྒོ་བཅད་པའི་དྲུང་དུ་བརྡ་སྦྱར་བ་ནི། ཁྱེད་རང་རྣམས་གསང་ཆེན་ཐེག་པའི་རྩེ་མོའི་དཀྱིལ་འཁོར་དུ་འཇུག་པའི་རྡོ་རྗེའི་མཆེད་ཡིན་པའི་ཕྱིར་སྲིན་ལག་སྦྲེལ་ལ་ཕྱི་རོལ་གྱི་སྒོ་སྲུང་ཁྲོ་བོ་ཆེན་པོ་ལ་ཞུ་བ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱཻ༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ ཡང་གསང་དཀྱིལ་འཁོར་ཕོ་བྲང་སྲུང༔ བདག་རྣམས་ནང་དེར་གཏང་དུ་གསོལ༔ ཞེས་ལན་གསུམ་ཞུས་པ་ལ། ལས་སློབ་ཀྱིས། ཁྱེད་ནི་སུ་ཡིན་ཅི་ཞིག་བྱ༔ སྐལ་མེད་རྣམས་ཚོ་ཕྱིར་དེངས་ཤིག༔ ཅེས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཀྱེ་ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འགྲོ་བའི་མགོན་པོ་བླ་མ་ལ༔ སྨིན་གྲོལ་དབང་བསྐུར་གདམས་པ་ཞུ༔ ཞེས་ཞུས་པས་གནང་བ་བསྩལ་ཏེ་སྒོ་ཕྱེས་ནས་ཡོལ་བའི་དྲུང་དུ་འཁོད་པར་མོས་ཤིག །ཅེས་བྱས་ལ་སྒོ་ཕྱེས་ཏེ་ནང་དུ་ཁྲིད། སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་ཡོལ་བ་བཏང་བའི་རྩར་འཁོད་དུ་གཞུག་ལ་མེ་ཏོག་བཀྱེ་བསྡུ་བྱས་ལ། ནང་ནས་སློབ་དཔོན་གྱིས། ཁྱེད་རང་རྣམས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ སློབ་དཔོན་ཁྱེད་ལ་སྐྱབས་སུ་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ བདག་ཅག་བུ་རྣམས་དྲང་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་མ་སྐལ་ལྡན་བུ་སློབ་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ནས༔ ཚེ་འདིར་སངས་རྒྱས་ས་ལ་སྦྱོར༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱཻ༔ རྡོ་རྗེ་སློབ་དཔོན་བདག་ལ་གསོན༔ དུས་གསུམ་རྒྱལ་བ་བླ་མ་དང༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཅི་གསུང་བཀའ་ལས་འདའ་མི་བྱ༔ དེ་ནས་བགེགས་གཏོར་སྤྱི་ལྟར་གཏང་། བདེན་སྟོབས་བརྗོད་ལ་དྲག་སྔགས་ཡུངས་ཐུན་རོལ་མོ་སོགས་དྲག་པོའི་ཚམ་རྔམ་དང་བཅས་བགེགས་བསྐྲད། ལས་བྱང་ལྟར་ལྟ་བའི་མཚམས་བཅད། སེམས་བསྐྱེད་གསལ་བཏབ། དྲང་ངེས་ཀྱི་ཆོས་བཤད་ཅི་རིགས་པ་སྔོན་དུ་འགྲོ་བས། དེའང་ཐེག་པ་ཐམས་ཅད་ཀྱི་རྩེ་མོ། རྒྱུད་ལུང་ཐམས་ཅད་ཀྱི་འཕྲོ་གཞི། མན་ངག་ཐམས་ཅད་ཀྱི་མཐར་ཐུག །འབྲས་བུ་ལམ་བྱེད་རྣམས་ལས་མཆོག་རབ་ཕུལ་དུ་གྱུར་པ་མངོན་སུམ་ལམ་བྱེད་འོད་གསལ་རྡོ་རྗེ་སྙིང་པོ་ཨ་ཏི་ཡོ་ག་ལའང་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་སྐོར་བཞིའམ་ལྔར་བཞུགས་པ་སྟེ། ཐེམ་བྱང་ལས། ཨོ་རྒྱན་ང་ཡི་ཆོས་རྣམས་ལ༔ སྤྱི་ཐེམ་སྒོས་ཐེམ་གཏད་རྒྱ་གསུམ༔ སྤྱི་ཐེམ་ཆོས་རྣམས་ཐམས་ཅད་ཀྱང༔ ཐེག་པ་རིམ་པ་དགུར་འདུས་ཏེ༔ དེ་ཡང་བསྡུས་པས་གསུམ་དུ་འདུས༔ སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ༔ ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ༔ ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ༔ དེ་རྣམས་ཨ་ཏི་གཅིག་པུར་འདུས༔ ཨ་ཏི་ཡོ་གའི་ཆོས་སྐོར་ལ༔ རྒྱུད་དང་ལུང་དང་མན་ངག་གསུམ༔ དེ་ཡང་མན་ངག་དག་ཏུ་འདུས༔ མན་ངག་གནད་ཀྱི་སྐོར་ལ་ཡང༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ དེ་ཡང་གནད་ཀྱི་སྡེ་རུ་འདུས༔ གནད་ཀྱི་སྡེ་ལ་ཕྱི་སྐོར་དང༔ ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡང་གསང་སྐོར་དང་ལྔ་རུ་འདུས༔ དེ་ཡང་ཡང་གསང་སྐོར་དུ་འདུས༔ ཡང་བཅུད་སྤྱི་ཏི་ཆེན་པོ་འདི༔ ཨོ་རྒྱན་སྙིང་གི་ནོར་བུ་ཡིན༔ ཞེས་བསྔགས་པའི་ཟབ་ཆོས་འདི་ཉིད་གདོད་མའི་མགོན་པོ་ཉིད་འཆི་མེད་འཇའ་ལུས་རྡོ་རྗེར་གྲུབ་པའི་སློབ་དཔོན་ཆེན་པོའི་ཚུལ་དུ་བསྟན་པ། གུ་རུ་པདྨཱཀ་རས་བསམ་ཡས་མཆིམས་ཕུ་གསང་བའི་ཕུག་པར་ལས་ཅན་རྗེ་འབངས་རྣམས་ལ་རྫོགས་པ་ཆེན་པོ་སངས་རྒྱས་དགོངས་འདུས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་དུས་སུ། ལྷ་ལྕམ་ནུས་འབྱིན་ས་ལེའི་ཁོལ་མོ་ལྷ་གཅིག་གསལ་སྒྲོན་གྱི་ཆོས་སྐལ་དུ་ཡང་ཏི་སྙིང་པོའི་བཅུད་དྲིལ་དུ་གདམས་ནས། མ་འོངས་པའི་གདུལ་བྱ་མང་པོ་ལ་དགོངས་ཏེ་བཙན་བྲག་བདེ་མཆོག་ཕོ་བྲང་གི་བྲག་དམར་གཏེར་ཁུང་དུ་རྒྱས་བཏབ་པ། གདུལ་བའི་དུས་སུ་སོན་པ་ན་ལྷ་གཅིག་གསལ་སྒྲོན་གྱི་སྐྱེ་བ་གདོང་དཀར་ལ་ཁ་བ་སྤྲུལ་སྐུ་ཚེ་རིང་རྡོ་རྗེས་སྤྱན་དྲངས་ཏེ་སློབ་བརྒྱུད་ཟམ་མ་ཆད་པར་སྣང་བཞིའི་གྲུབ་མཐའ་སྙོགས་པར་མཛད་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་སྨིན་བྱེད་དབང་བསྐུར་སྒྲུབ་པའི་སྐབས་སུ་བབས་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་དུ་མི་འདུག་པས༔ ཁྱེད་ཀྱིས་བདག་ལ་ཐུགས་རྗེས་ཟུངས༔ ལན་གསུམ། གནང་བ་སྦྱིན་པ་ནི། ཀྱེ་མ༔ ཁྱོད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ བདག་གིས་ཁྱོད་རྣམས་བསྒྲལ་བྱའི་ཕྱིར༔ འདོད་པའི་དབང་མཆོག་དམ་པ་སྦྱིན༔ རྒྱུད་རྣམ་པར་དག་པར་བྱ་བའི་ཐོག་མར་སྐྱབས་སུ་འགྲོ་བ་ལ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ཕྱོགས་བཅུའི་སངས་རྒྱས་སོགས་ལས་བྱང་ལྟར་ལན་གསུམ། ལམ་གྱི་རྩ་བ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། ནམ་མཁའ་དང་མཉམ་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་གསང་ཆེན་རྡོ་རྗེ་རྩེ་མོའི་དཀྱིལ་འཁོར་གཉན་པོར་འཇུག་ཅིང་དབང་བསྐུར་བ་ནོད་ལ་ལམ་ཟབ་མོ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། རྩ་གསུམ་བླ་མ་སོགས་གསུམ། དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་མེས་བསྲེག༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ དམ་ཚིག་གཉན་པོ་བསྲུང་བར་གྱིས༔ དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ཏེ། དམ་ཚིག་པའི་ལྷར་གསལ་འདེབས་འདི་བཞིན་མཛད་པ་ཞུ། ལས་ཆུ་འཐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་སྣོད་བཅུད་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་དང་གཞལ་ཡས་ཁང་དབྱིབས་དང་རྒྱན་བཀོད་ཚད་མེད་པའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས། འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཇའ་ཟེར་ཐིག་ལེའི་རྣམ་པར་སྤྱན་དྲངས་ཏེ་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་བཅས་སྤྲོ་ན་ལས་བྱང་སྤྱན་འདྲེན་བརྗོད། སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ བཏགས་པ་བརྗོད་ལ་ཡེ་ཤེས་པ་དབབ། བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། སྤྱི་བོར་རྡོ་རྗེ་གྲམ་གཞག །སྔར་བྱིན་པའི་མེ་ཏོག་ལས་མང་ཞིང་མ་ཉམས་པའི་མེ་ཏོག་ཅིག་ཚེ་རབས་ནས་འབྲེལ་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། ཀྱཻ༔ ལྷུན་གྱིས་གྲུབ་པའི་རིགས་ལྔའི་ཚོགས༔ ཕོ་བྲང་གཞལ་ཡས་སྒོ་ཕྱེས་ལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ རིགས་ལྔའི་ལྷ་དང་བདག་སྤྲོད་ཅིག༔ ཨོཾ་པུཥྤེ་སིདྡྷི་ཧོ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་དུ་གཞུག །དབུས་སུ་ཕོག་ན་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་བཛྲ་ཐོད་ཕྲེང་རྩལ་སོགས་རིགས་དང་མཐུན་པའི་མིང་དང་ཅོད་པན་གདགས། མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་མ་རིག་རྨོངས་པ་རྣམས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་མཛོད༔ མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བའི་མོས་པ་མཛོད། ཧཱུྃ༔ སྟོན་པ་རྡོ་རྗེ་སློབ་དཔོན་ངས༔ ཁྱོད་ཀྱི་མ་རིག་མུན་པའི་མིག༔ ཤེས་རབ་ཐབས་དང་ཐུགས་རྗེ་ཡིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ རྡོ་རྗེའི་ཐུར་མས་མིག་དར་དབྱེ་ཞིང་། རྡོ་རྗེས་དཀྱིལ་འཁོར་མཚོན་ལ། ཀྱེ་མ་སྐལ་ལྡན་བུ་རྣམས་ཉོན༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ བསྐལ་པར་བསགས་པའི་སྡིག་པ་འདག༔ དངོས་གྲུབ་སྣ་ཚོགས་ཁྱོད་ལ་འབྱུང༔ དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ། དེ་ནས་དབང་དངོས་གཞིའི་ཐོག་མར་བདུད་རྩི་ཁྲུས་ཀྱི་བུམ་པས་གཏོར་བླུགས་བྱས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་མོས་ཤིག །ལས་བུམ་གྱིས་ཁྲུས་བྱས་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནི་བུམ་པའི་རང་བཞིན་ལ༔ ནང་ན་ཁྲུས་ཀྱི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ མ་རིག་དྲི་མ་དག་གྱུར་ཅིག༔ བཛྲ་སཏྭ་ཨཱ༔ དབང་དངོས་གཞིའི་ཐོག་མར་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ནང་བཅུད་རིགས་ལྔ་ཡབ་ཡུམ་གྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། ལུས་རྩའི་སྒྲིབ་པ་དག །སྣང་སྟོང་ལྷའི་སྐུར་རྫོགས། སྐུ་དབང་ལུས་ལ་ཐོབ་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བཀྲ་ཤིས་དབང་གི་བུམ་པ་འདི༔ ཕྱི་ནི་བུམ་པའི་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། ཐོད་པ་རང་བྱུང་གསང་བའི་དབྱིངས་ལས་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་མགྲིན་པར་ཕབ་པས། ངག་རླུང་གི་སྒྲིབ་པ་དག །གྲགས་སྟོང་རྡོ་རྗེའི་སྔགས་སུ་སྨིན། གསུང་དབང་ངག་ལ་ཐོབ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ རྣམ་དག་ཡེ་ཤེས་ཀ་པཱ་ལ༔ ཕྱི་ནི་ཀ་པཱ་ལ་ཡི་རང་བཞིན་ལ༔ ནང་ནི་ཡེ་ཤེས་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་སིདྡྷི་ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་མེ་ལོང་ཟླུམ་པོའི་ངོས་སུ། རིག་རྩལ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་བདེ་སྟོང་ཟུང་འཇུག་ཆེན་པོར་འཆར་བར་མཚོན་པས། ཡིད་ཐིག་ལེའི་སྒྲིབ་པ་དག །རིག་སྟོང་འོད་གསལ་དུ་རྟོགས། ཐུགས་དབང་སེམས་ལ་ཐོབ་པར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་དབྱིངས་དྲི་མ་མེད༔ དག་ཅིང་གསལ་ལ་རྙོགས་པ་མེད༔ གཟུང་འཛིན་གསལ་ལ་ངོས་གཟུང་མེད༔ དྲི་བྲལ་སེམས་ཀྱི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབར་བའི་གཏོར་མ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་མཚོན་པས་བྱིན་གྱིས་བརླབས་པས། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བདེ་སྟོང་ཟུང་འཇུག་གི་འཁོར་ལོར་ཤར། ཡེ་ཤེས་སྤྱི་བླུག་གི་དབང་བསྐུར་རྫོགས་པར་མོས་ཤིག །དཔལ་གཏོར་གནས་གསུམ་དུ་བཞག་ལ། ཧཱུྃ༔ བྷནྡྷ་ཡེ་ཤེས་རྣམ་པར་དག༔ ལྕང་ལོ་དབྱིངས་དང་འདུ་འབྲལ་མེད༔ གཏོར་མ་རང་སྣང་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་པས༔ ཡོངས་རྫོགས་ཆེན་པོའི་དབང་ཐོབ་ཤོག༔ ཨ་བྷི་ཥིཉྩ་ཧྲཱི༔ སྤྲོས་མེད་ཚིག་གི་སྒོ་ནས་ངོ་སྤྲོད་པ་ཡིན་པས་རྡོ་རྗེའི་ཚིག་འདི་ལ་སྙན་རྩེ་གཅིག་ཏུ་གཏོད་པར་ཞུ། ཀྱེ་མ༔ སྐལ་ལྡན་བུ་རྣམས་བདག་ལ་ཉོན༔ ཅི་ཤར་ཐམས་ཅད་སེམས་སུ་གོ༔ སེམས་ཀྱི་གཞི་རྩ་རང་ཐོག་ཆོད༔ མི་དམིགས་སྤྲོས་བྲལ་ངང་ལ་ཞོག༔ ལྷམ་མེ་ལྷན་ནེ་དོན་གྱི་དབང༔ མ་ཡེངས་ཁྱོད་ཀྱིས་སེམས་ལ་ཞོག༔ ཅིར་སྣང་ཐམས་ཅད་རང་གི་སེམས་ཀྱི་རོལ་པ། སེམས་ཀྱི་ངོ་བོ་ལ་བལྟས་པས་གཞི་མེད་རྩ་བྲལ། རིག་པའི་རང་བཞིན་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་སྐུ་ཁྱབ་བདག་ཆེན་པོ། དེ་ཉིད་ཀྱི་གཤིས་ཐོག་ཏུ་བཟོ་མེད་རང་བབས་སུ་བཞག་པས་འབྲས་བུ་གཞི་ཐོག་ཏུ་རྫོགས་པ་ནི་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པ་ཡིན་པས། ལྟ་བ་དང་གྲུབ་མཐའ་ཐམས་ཅད་ཀྱི་ཟད་སར་ཕྱིན་པས་སྤྱི་ཏི་རྫོགས་པ་ཆེན་པོ་ཞེས་བྱ་བ་སྟེ་དབང་བསྐུར་ཐམས་ཅད་ཀྱི་རྩེ་རྒྱལ་མཐར་ཕྱིན་པ་ཡིན་ནོ། །ཞེས་བྱས་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །མེ་ཏོག་འཐོར་ལ་ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་སོགས་སྤྱི་ལྟར་བྱས་པས་དངོས་གཞི་གྲུབ་བོ། །རྗེས་ཚོགས་ཀྱི་འཁོར་ལོ་སྤྲོ་ན་རྡོར་སེམས་སྙིང་ཐིག་སོགས་རིགས་མཐུན་ནས་བླང་། གཏང་རག་མཆོད་བསྟོད། ནོངས་བཤགས། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ། ཐུན་མཚམས་ཟུང་འཇུག་གི་སྐུར་ལྡངས། བསྔོ་སྨོན་ནི། ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱིས༔ ཚོགས་གཉིས་བསགས་པའི་དགེ་བ་རྣམས༔ མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ ཤིས་བརྗོད་ནི། ཧོཿ རང་བཞིན་འོད་གསལ་རྡོ་རྗེའི་བདག །ཐོག་མཐའ་མེད་པའི་སེམས་དཔའ་ཆེ། །སྐུ་བཞིའི་དབང་ཕྱུག་བཀྲ་ཤིས་དཔལ། །སྲིད་ཞི་ཡོངས་ལ་ཁྱབ་གྱུར་ཅིག །ཅེས་སོགས་བརྗོད་ལ་མེ་ཏོག་གི་ཆར་དབབ་བོ། །ཐེག་དགུའི་རྩེ་རྒྱལ་ཡང་གསང་རྫོགས་པ་ཆེ། །སྤྱི་ཏིའི་ལམ་ནས་བདེ་ཆེན་འོད་སྐུ་འགྲུབ། །ཕྱིར་གསལ་ལོངས་སྤྱོད་བཀོད་པ་མཁའ་ཁྱབ་ཀྱིས། །སྐྱེ་དགུ་གདོད་མའི་གྲོལ་སར་དབུགས་འབྱིན་ཤོག །ཅེས་པའི་ཚུལ་འདི་ལ་སྤྲུལ་སྐུ་པདྨ་ཚེ་དབང་རྒྱལ་པོའི་སངས་རྒྱས་དགོངས་འདུས་ནས་དབང་སྒྲུབ་སོགས་ཁ་འགེངས་དགོས་པར་སྣང་ཡང་དཔེ་ལུང་གི་རྒྱུན་མ་བཞུགས་པས། རྡོར་སེམས་སྙིང་ཐིག་དང་སྦྱར་ཏེ་ཁྱེར་བདེ་དོན་གསལ་གྱི་ཚུལ་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྨུགས་འཛིན་དམར་པོའི་སྐོང་བ་ལོངས་སྤྱོད་ཆར་འབེབ་ (Volume 50, Text 29)

རྨུགས་འཛིན་དམར་པོའི་སྐོང་བ་ལོངས་སྤྱོད་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ན་མཿཔདྨཱཀ་ར་ཡ། ཛམ་ལྷ་དམར་པོའི་སྐོང་བ་བྱ་བར་འདོད་པས། ཚོགས་དང་འབྲེལ་ན་ཚོགས་ཕུད་ཕུལ་བ་དེ་ཉིད་བླ་མེད་མཆོད་པའི་དམ་ཚིག་ཏུ་སྦྱངས་རྟོགས་སྤར་བ་ཟིན་པས་བྱིན་རླབས་ཟུར་དུ་མི་དགོས་ཤིང་། སྐབས་གཞན་དུ་བྱེད་ན་སྐོང་གཏོར་རྙིང་མ་སྤྱིའི་ཕྱག་ལེན་བཞིན་ནམ། གཙོ་བོར་དད་མོས་ཡིད་སྤྲུལ་ལ་བརྟེན་ཅིང་། དངོས་བཤམས་གང་འབྱོར། རཾ་ཡཾ་ཁཾ་གིས་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཧྲཱིཿ མ་ཆགས་པདྨའི་ལོངས་སྤྱོད་རྫོགས་པ་ནས། ཁྱབ་བདག་འོད་དཔག་མེད་མགོན་སྲས་བཅས་བྱོན། །སོར་རྟོག་ཡེ་ཤེས་དབང་མཛད་འོད་ཀློང་ནས། །རྨུགས་འཛིན་དམར་པོ་གནོད་སྦྱིན་འཁོར་བཅས་བྱོན། །དྭངས་སྲོག་ཐིག་ལེ་ཟླ་གམ་འཁྱིལ་བ་ནས། །སྦས་ཡུམ་རིག་བྱེད་ཌཱ་ཀིའི་ཚོགས་བཅས་བྱོན། །ཐུགས་རྗེའི་དབང་གྱུར་རྩ་གསུམ་རབ་འབྱམས་ལྷ། །འདིར་གཤེགས་དགྱེས་པར་བཞུགས་ལ་དངོས་གྲུབ་སྩོལ། །དད་པ་རྣམ་གསུམ་ས་གཞི་བསྟར་བ་ལ། །ཚུལ་ཁྲིམས་གཞལ་མེད་ཁང་པ་བཀོད་ལེགས་མཛེས། །མང་ཐོས་ཉེ་བར་སྤྱོད་པའི་སྤྲིན་ཕུང་བཀོད། །གཏོང་བའི་འདོད་ཡོན་ནམ་མཁའ་མཛོད་སྒོ་དབྱེ། ཁྲེལ་ཡོད་རིག་མའི་བདེ་གར་དགའ་བཞི་སྦར། །བག་ལྡན་ལྷ་སྔགས་ཏིང་འཛིན་རོལ་མོ་རྩེ། །ཤེས་རབ་འཕྲུལ་གྱིས་འཁོར་གསུམ་དག་པར་སྤེལ། །རྒྱལ་བ་མཉེས་བྱེད་ཀུན་བཟང་མཆོད་སྤྲིན་འདིས། །བདེ་བ་ཆེན་པོ་མཚོ་སྐྱེས་ཡབ་ཡུམ་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་དམ༴ དབང་ཆེན་རྡོ་རྗེ་རྟ་ཡི་ཞལ་ཅན་སོགས། །ཡི་དམ་རྒྱུད་སྡེ་བཞི་དྲུག་ཐུགས་དམ༴ གསང་བ་ཡེ་ཤེས་མྱུར་མཛད་དཔའ་མོ་སོགས། །གནས་གསུམ་མཁའ་འགྲོ་དམ་ཅན་ཐུགས༴ རྣམ་མང་ཐོས་སྲས་ཛམ་ལྷ་མཆེད་ལྔ་སོགས། །གཏེར་བདག་ནོར་ལྷ་བྱེ་བའི་ཐུགས༴ དགྱེས་པར་དགོངས་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཁྱད་པར་ཚེ་བསོད་ལོངས་སྤྱོད་དར་རྒྱས་མཛོད། །ཧྲཱིཿ ལྷ་མཆོག་ཐུགས་དམ་མཉེས་བྱེད་ཁྱད་པར་རྫས། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །གཏེར་གྱི་བུམ་བཟང་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་མོ་རིན་ཆེན་དབྱིག་གི་གཏེར། །འཆི་མེད་བདུད་རྩི་དམར་ཆེན་ཁྲག་གི་མཚོ། །འབྲས་ཆན་ཁུར་བ་ཤིང་ཏོག་དཀར་མངར་བཅུད། །མཱཾ་ས་རང་བྱུང་སྦྱར་བའི་ཆང་སྣ་སོགས། །བཟའ་བཅའ་བཏུང་བས་ཟངས་གཞོང་ཕྱུར་བུར་བཀང་། །རིན་ཆེན་གྭའུ་མཚན་ལྡན་བན་དྷ་དང་། །ཤེལ་དཀར་ཙིཏྟ་ཡིད་སྒྱུར་རྫས་ཀྱིས་བལྟམས། །སྐུ་གཟུགས་བླ་རྡོ་སྲོག་གི་ཙཀྲ་སོགས། །ཕྱི་ནང་གསང་རྟེན་སྒྲུབ་དང་མཆོད་སྐོང་རྫས། །མཐུན་པའི་ཡོ་བྱད་ནམ་མཁའ་གང་བ་འདིས། །མགོན་པོ་གསུང་གི་དབང་ཕྱུག་ཐུགས་དམ་བསྐང་། །ཆུ་དབང་གཏེར་གྱི་བདག་པོའི་ཐུགས༴ རྨུགས་འཛིན་མཁའ་འགྲོའི་དབང་ཕྱུག་ཐུགས༴ སྦས་ཡུམ་ཀུ་རུ་ཀུལླེའི་ཐུགས༴ མྱུར་མགྱོགས་ལས་ཀྱི་ཕོ་ཉའི་ཐུགས༴ སྤྲུལ་འཁོར་བྱེ་བ་དུང་ཕྱུར་ཐུགས༴ མ་རིག་དུག་ལྔའི་རྒྱུས་སྐྱེད་སྡིག་ཀུན་དང་། ཁྱད་པར་འདོད་ཆགས་སེར་སྣའི་དབང་གྱུར་པས། །མ་བྱིན་ལེན་སོགས་དབུལ་ཕོངས་ལས་བསགས་པ། །ལྷ་མཆོག་ཐུགས་རྗེ་ཅན་གྱི་སྤྱན་སྔར་བཤགས། །ཆོས་དབྱིངས་འགྱུར་མེད་དགའ་བས་མཉེས་པའི་གར། །ཡེ་ཤེས་འཛུམ་བག་སྒྲུབ་པ་པོ་ལ་སྟོན། །བསྟན་དང་བསྟན་འཛིན་མངའ་ཐང་དགུང་དུ་སྤོར། །བདག་དང་ཆོས་བཞིན་སྤྱོད་པ་མཐའ་དག་ལ། །གྲུབ་གཉིས་བདུད་རྩིའི་འཕྲལ་ཡུན་འཚོ་བ་སྦྱོར། །ཚེ་བསོད་དཔལ་འབྱོར་རྒྱ་མཚོ་གོང་དུ་སྤེལ། །སྙན་གྲགས་དབྱར་གྱི་རྔ་ཆེན་སྲིད་རྩེར་སྒྲོགས། །འཛད་མེད་དགོས་འདོད་གཏེར་སྒོ་བརྒྱ་ཕྲག་ཕྱེས། ཁམས་གསུམ་སྲིད་གསུམ་མོས་བཞིས་དབང་དུ་སྡུས། །གཞན་ཕན་ཕྲིན་ལས་ཆུ་རྒྱུན་མཁའ་མཐར་དྲོངས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི། །དབུལ་ཕོངས་སྡུག་བསྔལ་རྒྱུ་འབྲས་སེལ་བ་དང་། །དུས་འདི་ནས་གཟུང་བྱང་ཆུབ་སྙིང་པོའི་བར། །ལྷ་མཆོག་ཁྱོད་དང་མི་འབྲལ་འགྲོགས་པ་ཡིས། །འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད། །འདིའང་གསུང་རྡོ་རྗེར་གདོད་ནས་གྲུབ་པ་འཇམ་མགོན་བླ་མའི་བཀའ་བསྩལ་རྗེས་སུ་བསྒྲུབ་སླད་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་དཀར་ཕྱོགས་ཀྱི་འགྲུབ་པའི་སྦྱོར་བ་དང་ལྡན་པ་ལ་བགྱིས་པ་དགེ་ལེགས་འཕེལ།། །། ༄༅། །འཕགས་པ་ཛམྦྷ་ལ་དམར་པོའི་གཡང་ཆོག་གི་ཆ་ལག་གཡང་འགུགས་པདྨ་རཱ་གའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །དབང་མཛད་གསུང་གི་རྡོ་རྗེ་ལ། །བཏུད་ནས་རྨུགས་འཛིན་རཱ་གའི་མདོག །ཕྱྭ་གཡང་ལས་ལ་བསྐུལ་འདོད་ན། །གཡང་ཆོག་གཞུང་བཞིན་གྲུབ་པའི་རྗེས། །སྔགས་འཆང་སྦྱིན་པའི་བདག་པོ་བཅས། །ཞྭ་གོས་ཆས་བཀླུབས་གཟི་མདངས་བསྐྱེད། །མདའ་དར་དབང་མདོག་ཕྱོགས་བཅུར་གཡབ། །དྲི་བཟང་ཤིང་སྣའི་དུད་སྤྲིན་གཏིབས། །རོལ་མོ་དབྱངས་བཅས་འདི་སྐད་དོ། །ཧྲཱིཿཛཿ དངོས་གྲུབ་མཆོག་སྩོལ་རྩ་གསུམ་དམ་ཅན་ཚོགས། །བདེན་གྲུབ་དྲང་སྲོང་གཙང་རིགས་དཀར་ཕྱོགས་སྐྱོང་། ཁྱད་པར་རྨུགས་འཛིན་གཏེར་བདག་སྤྲུལ་འཁོར་བཅས། །རབ་འབྱམས་ཞིང་དང་རང་རང་དགྱེས་པའི་གནས། །ཕོ་བྲང་ལྕང་ལོ་ཅན་ནས་སྐུ་སྐྱོད་ལ། །འདའ་དཀའ་རྡོ་རྗེའི་ཐ་ཚིག་མ་བསྙེལ་བར། །བཀྲ་ཤིས་དཔལ་གྱིས་གང་བའི་གནས་མཆོག་འདིར། །སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །སྔོན་བྱུང་གདོད་མའི་མགོན་པོས་སྐད་ཅིག་ལ། །གཞི་སྣང་རིག་ལས་འཁོར་འདས་གྲོལ་གཞིར་བསྡུས། །ལྷུན་རྫོགས་ཡོན་ཏན་ཕྱྭ་དཔལ་གཡང་ཆགས་ལྟར། །དེ་རིང་ལྷ་ཁྱིམ་འདི་རུ་གཡང་འགུགས་སོ། །བར་དུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ། །གངས་ཅན་ལྗོངས་སུ་ཆོས་སྲིད་དཔལ་འབྱོར་དྲངས། །མཐའ་བཞིའི་ཕྱྭ་ཚེ་གཡང་དཔལ་བཀུག་པ་བཞིན། །དེ་རིང་ལྷ་ཁྱིམ་འདི་རུ་གཡང་འགུགས་སོ། །ཕྱིས་དུས་གྲུབ་རིགས་མཐུ་རྩལ་ཅན་རྣམས་ཀྱིས། །ཕྱྭ་ཆ་བཀོད་ཅིང་གཡང་ཆ་བཀྲམས་ནས་ཀྱང་། །སྲིད་ཞིའི་གཡང་བསྡུས་སྦྱིན་བདག་དཔལ་བསྐྱེད་ལྟར། །དེ་རིང་ལྷ་ཁྱིམ་འདི་རུ་གཡང་འགུགས་སོ། །ཧྲཱིཿཛཿ དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུ། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་བདེན་པ་ཡིས། །སྲིད་དང་ཞི་བའི་ཕྱྭ་གཡང་འདིར་ཁུག་ཅིག །མངོན་དགའ་དཔལ་ལྡན་བདེ་ཆེན་ལས་རབ་རྫོགས། །སྟུག་པོ་བཀོད་དང་ཆོས་དབྱིངས་ལྷུན་གྲུབ་སྦུབས། །རབ་འབྱམས་སྤྲུལ་པའི་ཞིང་དང་དེར་བཞུགས་ཀྱི། །རྒྱལ་བ་སྲས་བཅས་བྱིན་རླབས་འདིར་ཁུག་ཅིག །ནམ་མཁའ་འབྱུང་བཞི་རི་རབ་རྒྱ་མཚོ་དང་། །ཉི་ཟླ་གཟའ་སྐར་གླིང་བཞི་གླིང་ཕྲན་ཁམས། །ནོར་བུ་བུམ་བཟང་དཔག་བསམ་ལྗོན་ཤིང་སོགས། །བརྟན་པ་སྣོད་ཀྱི་ཕྱྭ་གཡང་འདིར་ཁུག་ཅིག །དྲང་སྲོང་རིག་འཛིན་མཁས་གྲུབ་དགེ་བའི་བཤེས། །ལྷ་ཀླུ་མི་དབང་སྡེ་བརྒྱད་མཐུ་བོ་ཆེ། །རིགས་བཞིའི་རྒྱལ་བློན་བཙུན་མོ་ཁྱིམ་བདག་སོགས། །གཡོ་བ་བཅུད་ཀྱི་ཕྱྭ་གཡང་འདིར་ཁུག་ཅིག །རྒྱ་གར་རྒྱ་ནག་ཨོ་རྒྱན་ཤམྦྷ་ལ། །གངས་ཅན་ཧོར་བོད་སྟག་གཟིག་བལ་པོ་ལི། ཁྲོམ་དང་གེ་སར་གར་ལོག་ལ་སོགས་པ། །ཛམ་བུའི་གླིང་གི་ཕྱྭ་གཡང་འདིར་ཁུག་ཅིག །འཆི་མེད་ཚེ་དང་འགྲིབ་མེད་བསོད་ནམས་རྒྱུན། །འཛད་མེད་ལོངས་སྤྱོད་སྙན་གྲགས་གཟི་མདངས་སྟོབས། །དཔལ་འབྱོར་དབང་ཐང་འཁོར་སློབ་མངའ་རིས་སོགས། །མཐོ་རིས་ལེགས་དགུའི་ཕྱྭ་གཡང་འདིར་ཁུག་ཅིག །རྨ་གཡང་ཟས་དང་དཀོར་མཛོད་ནོར་གྱི་རིགས། །རྐང་བཞི་ཕྱུགས་དང་བང་མཛོད་འབྲུ་སྣ་ཚོགས། །བརྒྱུད་འཛིན་སྲིད་དང་རྒོལ་འཇོམས་དཔུང་ལ་སོགས། །བཙན་ཕྱུག་འཕན་དར་ཕྱྭ་གཡང་འདིར་ཁུག་ཅིག །མཁས་པའི་རྣམ་དཔྱོད་གྲུབ་པའི་ཡོན་ཏན་དང་། །རྣལ་འབྱོར་ཉམས་རྟོགས་གསང་འཛིན་མཐུ་ནུས་རྩལ། །ཆོས་མཐུན་དཀར་པོའི་བསམ་སྦྱོར་ཇི་སྙེད་སོགས། །དགེ་ལེགས་གཏན་གྱི་ཕྱྭ་གཡང་འདིར་ཁུག་ཅིག །ཧྲཱིཿཛཿ རྣལ་འབྱོར་རིག་འཛིན་དགོངས་པའི་རྩལ་བསྐྱེད་ཅིང་། །ལེ་བརྒན་འབར་བའི་དར་གྱིས་གཡབ་པའི་ཚེ། །རྨུགས་འཛིན་ཆགས་པའི་མདངས་ལྡན་དབྱིངས་ནས་བཞེངས། །ཆུ་དབང་སྙིང་རྗེ་ཅན་གྱི་ཐུགས་དམ་བསྐུལ། །ད་ལྟ་སྙིགས་མའི་དུས་ཀྱི་རྒུད་པ་ཤར། །བདག་དང་ཡོན་བདག་ཆོས་ལྡན་འབྱོར་པས་དམན། །དེ་ཕྱིར་གཏེར་གྱི་བདག་པོ་ཁྱོད་བསྐུལ་ན། །ཐུགས་དམ་མ་བསྙེལ་ཕྲིན་ལས་རྩལ་སྤྲུགས་ལ། །ཐུགས་རྗེ་ཆགས་པ་དབང་གི་གཟི་བརྗིད་ཀྱིས། །སྲིད་ཞིའི་དྭངས་བཅུད་ཁབ་ལེན་ལྕགས་བཞིན་སྡུས། །སྒེག་པའི་གཟུགས་དང་ནེའུ་ལེའི་ཞལ་ཁྱིམ་ནས། །སྣ་ཚོགས་ནོར་བུའི་ཆར་རྒྱུན་འཛད་མེད་ཕོབ། །འགུགས་བྱེད་ཟེར་གྱིས་ལྷ་འདྲེ་མི་གསུམ་སྡུས། །འཆིང་བྱེད་རྒྱ་ཡིས་བརྟན་གཡོའི་ཆོས་ཀུན་ཆིངས། །དབང་མཛད་ཌཱ་ཀི་ཉི་ཟེར་རྡུལ་ལྟར་འཁྲུགས། །གློག་འགྱུའི་རྩལ་གྱིས་ཡིད་ལ་གང་འདོད་ཁུག །ལྕགས་ཀྱུ་འབར་བས་སྲོག་གི་དྭངས་མར་གཟེར། །འོད་དམར་དྲྭ་བས་སྒོ་གསུམ་འཆུག་མེད་སྡོམས། །དྲེགས་ལྡན་སེམས་ཀྱི་བརྟན་པ་དབང་མེད་ཕྲོགས། །གཟུགས་ཅན་གཟུགས་མེད་སྣང་བ་ཆོས་ལ་སྒྱུར། །འཁོར་འདས་ལམ་གྱིས་བསྡུས་པའི་ཕྱྭ་གཡང་ཁུག །འདུས་བྱས་འདུས་མ་བྱས་པའི་ཕྱྭ་གཡང་ཁུག །བརྟན་གཡོ་སྣོད་བཅུད་ཀུན་གྱི་ཕྱྭ་གཡང་ཁུག །མི་མཇེད་སྟོང་གསུམ་ཞིང་གི་ཕྱྭ་གཡང་ཁུག །ཁུ་ཡེ་ཧུ་ལོ་སྔགས་ཀྱི་བརྡའ་ཡིས་འབོད། །སྤྲོ་བསྡུའི་སྦྱོར་བའི་ཏིང་འཛིན་ཕོ་ཉ་བཀྱེ། །བཟང་ཤིང་ངད་པས་གཙང་རིགས་ལྷ་སྲུང་བསྐུལ། །ལྷ་མདའ་དར་སྣའི་འཕུར་མས་གཡབ་འདོར་ན། །མ་གཡེལ་མ་གཡེལ་རྩ་གསུམ་རྒྱལ་བའི་ལྷ། །མ་གཡེལ་མ་གཡེལ་རྨུགས་འཛིན་ནོར་གྱི་བདག །སྤྲུལ་པའི་ཕོ་ཉས་འཇིག་རྟེན་གསུམ་བཀང་ལ། །ཕྱྭ་གཡང་ཐོགས་མེད་འགུགས་པའི་ཕྲིན་ལས་མཛོད། །ཕྱྭ་ཚེ་འོད་ཀྱི་ཐིག་ལེ་ཀྱི་ལི་ལི། །རྨ་གཡང་ཟེར་གྱི་རྨུ་ཐག་ཤ་ར་ར། །དངོས་གྲུབ་བདུད་རྩིའི་ཆར་ཆེན་སི་ལི་ལི། །རྨུ་གཡང་དཔལ་གྱི་མཚོ་མོ་མེ་རེ་རེ། །གཡང་གི་ལྷ་གཞི་དཀར་པོ་བཀྲག་ལ་གསལ། །ཚེ་བསོད་དཔལ་གྱི་ལྷུན་པོ་བརྟན་ལ་བརྗིད། །ཕྱྭ་གཡང་འབྱོར་པའི་སྣུམ་ཞག་ཆེ་ལ་འཐིབས། །དབང་ཐང་ཉི་ཟླའི་དཀྱིལ་འཁོར་གསལ་ལ་བརྟན། །ཕྱྭ་དང་བླ་ཚེ་རི་ལ་མ་བྲོས་ལ། །གཡང་དང་བསོད་ནམས་སྒོ་རུ་མི་ཉམས་པར། །འགྱུར་མེད་ཕྱག་རྒྱ་གསུམ་གྱི་རྒྱས་འདེབས་ཤིང་། །མི་གནས་མི་དམིགས་ཆོས་ཀྱི་དབྱིངས་སུ་སྦ། །གནོད་གནས་གཏེར་གྱི་བདག་པོའི་མཐུ་རྩལ་གྱིས། །སྲིད་ཞིའི་ཕྱྭ་གཡང་དམིགས་པའི་འབེན་ལ་སྟིམས། །འཕྲལ་ཡུན་དགེ་ལེགས་ནམ་མཁའི་མཛོད་ཆེན་ལ། །དབང་སྒྱུར་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་ལས་བྱང་གི་ཆ་ལག་ཏུ་གསུང་རྡོ་རྗེ་བརྩེ་བ་ཆེན་པོའི་བཀའ་བཞིན། སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་དཀར་པོའི་ཕྱོགས་ཀྱི་འགྲུབ་པའི་སྦྱོར་བ་ལ་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཁྲིད་ཀྱི་དངོས་གཞི་ཐོད་རྒལ་ཟ་འོག་གུར་ཁྱིམ་ (Volume 56, Text 29)

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཁྲིད་ཀྱི་དངོས་གཞི་ཐོད་རྒལ་ཟ་འོག་གུར་ཁྱིམ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རང་བབས་གཤིས་ཀྱི་འདུག་ཚུལ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ༔ ཨེ་མ་རྒྱུད་ཐམས་ཅད་ཀྱི་རྩ་བ༔ ལུང་ཐམས་ཅད་ཀྱི་རྒྱལ་པོ༔ མན་ངག་ཀུན་གྱི་ཡང་ཞུན༔ ཐེག་པ་ཀུན་གྱི་མཐར་ཐུག༔ ཨ་ཏིའི་ངོ་སྤྲོད་ཐོད་རྒལ་ཟ་འོག་གུར་ཁྱིམ་བསྟན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་གོང་དུ་གཞི་རྣལ་མ་ཁྲེགས་ཆོད་དོན་ལ་ངོ་འཕྲོད་ཅིང༔ ཁྱད་པར་རྒྱབ་སྐྱོར་གཞི་ཐིངས་བ་དང༔ རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་ལ༔ མཆེད་དང་ལྕམ་དྲལ་རྣམས་དགའ་སྟོན་ཆེན་པོས་མཉེས་པར་བྱས་པའི་ཐོ་རངས༔ དྭངས་ཤིང་མཐོ་བའི་སར་ཕྱིན་ལ་ནམ་མཁའ་ཤིན་ཏུ་དྭངས་པ་ལ༔ ལུས་ངག་ཡིད་གསུམ་བྱ་བ་དགུ་ཕྲུགས་སུ་བཏང་སྟེ༔ གྲོགས་མེད་གཅིག་པུར་ཟས་བཅུད་ཅན་ཟོས་ལ༔ བཀུ་མཉེ་ལ་སོགས་ཐིག་ལེ་རྒྱས་པའི་གདམས་པ་བྱས་ཏེ༔ ཞག་གསུམ་རྣལ་དུ་འབེབ་པའི་གདམས་པ་ལ་མཁས་པར་བྱའོ༔ ༡དེ་ནས་དང་པོ་སྔ་དྲོ་རྣལ་འབྱོར་པས༔ ནང་ཚངས་ཅན་གྱི་གདན་ལ་པུས་འཁྱུད་བསྡམས་ཏེ༔ རྐང་པ་གཉིས་རྒྱ་གྲམ་དུ་བསྣོལ་ལ༔ རྒལ་ཚིགས་དྲང་པོར་བསྲང༔ ལག་པ་ཅུང་ཟད་དགྱེས་པ་ལ་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བཏེག༔ གྲུ་མོ་གཉིས་པུས་མོ་ལ་བརྟེན་ཏེ༔ མིག་ཟིམ་བུ་ལ་ཡིད་ཙམ་གྱེན་དུ་ལྡོག་ལ་ཅི་མཐོང་བལྟར་གཞུག་གོ༔ ༢ཉིན་གུང་གན་རྐྱལ་དུ་ཉལ་ལ༔ ལག་མཐིལ་གྱིས་མིག་གི་མཐའ་གཉིས་སྐྱོར་ལ་ཟིམ་བུས་འོད་ཟེར་སྣ་རྩེ་ལ་ཕབ་ལ་བལྟ་འོ༔ ༣ཕྱི་དྲོ་ལྷོ་ནུབ་ཏུ་ཁ་བལྟས་ལ་རྐང་པ་རེ་མིག་ཏུ་བསྣོལ་བའི་ལག་པ་གཉིས་བཏོན་ལ༔ མཉམ་གཞག་གི་ཕྱག་རྒྱས་བཅིང་ལ་བཞག་གོ༔ འདི་ཉིད་ཀྱིས་ཐད་ཀར་བལྟས་ན་རྡོ་རྗེའི་མིག་གིས་མཐོང་བར་འགྱུར་རོ༔ ༤མཚན་མོ་རྡོ་རྗེའི་སྐྱིལ་ཀྲུང་བཅས་པའི་བྱིན་བརླ་ཁུག་ནང་ལ་ལག་པ་ཏར་གྱིས་བཏོན་ལ་དེའི་ལག་མཐིལ་ས་ལ་ཕབ༔ སྒོམ་འཁར་ཚད་དང་ལྡན་པ་གཅིག་ཨོལ་ཀོ་ལ་བཙུགས་ལ་བདེ་བའི་སྟན་ལ་འདུག་སྟེ༔ མིག་གཉིས་ལ་སྲིན་བལ་ལམ༔ བལ་དཀར་གྱིས་བཀང་བའི་འབག༔ ཁོང་འབོལ་བ༔ ཕྱི་མཁྲེགས་པ་གསར་པ་གཅིག་བྱས་ཏེ་བཀབ་ལ༔ མིག་མི་འགུལ་བར་ཤེས་པ་ཟིན་ཚད་དུ་ཧ་རེ་བལྟ་འོ༔ དེ་ནི་ལུས་གནད་ལྟ་སྟངས་སོ༔ ངག་ནི་ཉིན་རེ་ལ་གཏམ་ཇེ་ཉུང་ལ་བཏང་སྟེ༔ ཐ་མ་ལག་པའི་བརྡ་ཙམ་ཡང་མི་བྱའོ༔ རླུང་ནི་ཤིན་ཏུ་འདུར་བ་ཕྱིར་འཐེན་ལ༔ ཕྱིའི་དབྱིངས་རྐྱེན་དང་བྲལ་བ་ལ་ཅི་སྣང་བལྟར་བཅུག་ལ༔ དེ་ཡང༔ སུམ་སྤྲུག་གསུམ་གྱིས་གཟེར་བཏབ་ལ༔ ཕྱིའི་ནམ་མཁའ་བར་སྣང་དྭངས་སང་ངེ་བ་འདིའོ༔ ནང་གི་སྙིང་དང་མིག་ཏུ་འབྲེལ་བའི་བར་ན༔ རྩ་དར་དཀར་གྱི་སྐུད་པ་ཙམ༔ འཇམ་པ་མཉེན་པ༔ འཁྲིལ་བ༔ ཁྲག་དང༔ ཆུ་སེར་གྱིས་མ་གོས་པ༔ སྟོང་སང་ངེ་བ་དེ་ནས་ལམ་བྱུང་བའོ༔ གསང་བའི་ནམ་མཁའ་ནི༔ སྙིང་མཆོང་གུར་སྨུག་པོའི་གཞལ་ཡས་ཁང་ན༔ རྩ་རྒྱ་མཚོ་གསེར་གྱི་ཉི་མ་ཅན་ཞེས་བྱ་བ༔ ཆོས་སྐུ་ཡེ་ཤེས་ལྔ་ལྡན་དུ་བཞུགས་པའི་གནས་སྟོང་པ་དྭངས་སང་ངེ་བ་དེ་ཡིན་ནོ༔ དེ་ལྟར་བཞུགས་པའི་བཀྲག་མདངས་ནི་ནམ་མཁའ་ན་ཡར་ལམ་བྱུང་ནས་ཡེ་ཤེས་ཀྱི་འཆར་སྒོ་མིག་གཉིས་ནས་ཟང་ཐལ་དུ་ཤར་བས༔ ཕྱིའི་ནམ་མཁའ་ལ་རིག་པའི་ངོ་བོ་ཤར་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་དགོས་ཏེ༔ སྒོའི་གནད་དང༔ ཡུལ༔ རིག་པའོ༔ དེ་ཡང་གནད་ཅེས་པ་ནི༔ ཀླད་པའམ༔ སྙིང་ལ་ཟིན་པའི་མཚོན་ཆ་ཕོག་པ་དང་འདྲའོ༔ གསུམ་ཞེས་པ་ནི༔ སྒོའི་གནད་ཀྱིས་མཐོང་བར་བྱེད་པ༔ ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད་པ༔ རླུང་གི་གནད་ཀྱིས་རྟགས་ཚད་ལ་ཕེབས་པར་བྱེད་པའོ༔ སྒོ་ནི་སོ་པ་དང་འདྲ༔ ཡུལ་མགྲོན་པོ་དང་འདྲ༔ རླུང་ཇག་པ་དང་འདྲ༔ དེ་ཡང་ཡུལ་མེད་ན་གཞི་མེད༔ སྒོ་མེད་ན་ལམ་སྟོར༔ རླུང་རིག་མེད་ན་ཤེས་རིག་ལམ་དུ་མི་ཆོད༔ དེ་ལྟར་ན་གསུམ་དུ་རིགས་སོ༔ དེ་ཡང་སྒོ་ནི་སྙིང་དང་དུང་ཁང་དུ༔ རིག་པ་ཀ་དག་འོད་གསལ་སྙིང་པོ་ལྔ་ལྡན༔ རིག་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ༔ ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ༔ ཐུགས་རྗེ་ཀུན་ལ་ཁྱབ་པ་སྟེ་བུམ་པ་ནང་གི་མར་མེ་བཞིན་གནས་པ༔ ཤ་ཁྲག་གིས་བཏུམས་ཀྱང་མ་ཐུམ་པར༔ མིག་གཉིས་ཀྱི་སྐར་ཁུང་ལས་རང་རིག་གི་མདངས་ཕྱིར་གསལ་བའོ༔ ཡུལ་གྱི་གནད་ནི་ལུས་གནད་བཞིས་རིག་པ་མིག་ལ་བཅུག་སྟེ༔ ནམ་མཁའ་སྟོང་པ་རྐྱེན་དང་བྲལ་བ་ལ་གཏད་པས༔ ཡུལ་སྟོང་པ་ལ་རིག་པ་སྟོང་པ་འཆར་བའོ༔ རླུང་དང་རིག་པ་ལ་གཉིས་ཏེ༔ རླུང་རབ་ཏུ་དལ་བས་ནང་དུ་བཟུང༔ ཕྱིར་འཕང༔ བར་དུ་གནས་པའོ༔ རིག་པའི་གནད་ལུ་གུ་རྒྱུད་དུ་ཤར་བ་དང༔ དེ་ཉིད་བཙོན་དུ་གཟུང་བའོ༔ དེ་ལྟ་བུའི་རིག་པ་མི་རྟོག་ལུ་གུ་རྒྱུད༔ ཁ་དོག་ལྔ་ལྡན་གྱི་རི་མོ་དང་བཅས་པ་འདི་མཐོང་བ་དེ་ནི་ཀུན་ཏུ་བཟང་པོ་མཐོང་བ་ཞེས་བྱའོ༔ དེ་མཐོང་བ་ལ་དགག་སྒྲུབ་ཀྱིས་མི་བསླད་དེ༔ ཡེ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་ཅིང་རྣམ་པར་དག་པ་ངོ་བོ་སྟོང་པའི་རང་གཟུགས་སུ་སང་ངེ༔ རང་བཞིན་གསལ་བར་བྲེང་ངེ༔ ཐུགས་རྗེ་འགག་མེད་དུ་རྗེན་ནེ་ཞོག་ཅིག༔ སྤྲོ་རྟོག་གི་བློ་སྐྱུར་ལ་རང་གར་ཡན་དུ་ཆུག་ཅིག༔ ཆུ་སྙོག་མ་དང་བྲལ་བ་ལྟར༔ རྐྱེན་མེད་པའི་ཀློང་དུ་གཏད་མེད་དུ་ཞོག་ཅིག༔ གཉིས་པ་དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞི་རིམ་པར་འཆར་ཚུལ་བསྟན་པ་ནི༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ མངོན་ཞེས་པ་ནི༔ རིག་པ་ལྐོག་ཏུ་གྱུར་པ་མ་ཡིན༔ རང་གིས་མངོན་དུ་ཡིད་ཆེས་པས༔ ཚིག་དང་ཡིད་དཔྱོད་ཀྱིས་དཔྱད་མི་དགོས་པའོ༔ སྣང་བ་ནི་ནམ་མཁའ་དང་རིག་པ་དབྱེར་མི་ཕྱེད་པ་དེ་མཐོང་བའོ༔ དེ་ཡང་རིག་པ་སྟོང་གསལ་ཆུ་ནང་གི་ཟླ་བ་ལྟ་བུ༔ ཡོད་ཅེས་ངོ་བོ་ངོས་གཟུང་དུ་བདེན་པར་མ་གྲུབ༔ མེད་ཅེས་སྟོང་པ་ཕྱང་ཆད་དུ་མ་སོང་བས༔ ནམ་མཁའི་འཇའ་ཚོན་བཞིན་དུ་རང་ཤར་བ༔ གཉིས་ཀ་དང་གཉིས་ཀ་མ་ཡིན་པར་མ་གྲུབ་པས༔ རང་རིག་ཡེ་ནས་རྣམ་དག་གི་ཡེ་ཤེས་སུ་རང་གསལ་བ༔ རྡོ་རྗེ་ལུ་གུ་རྒྱུད་ལ་མིག་མ་འགུལ་བར་བལྟས་པས༔ དཀར་ཟང་ཟིང་དང༔ ཕྲ་ཕྲོ་དང༔ ཐིག་ལེ་སྟོང་པའི་སྒྲོན་མ་གསུམ་སྦྲེལ་དང་བཞི་སྦྲེལ་ལ་སོགས་པ་འཆར་ཏེ༔ ཡེ་ཤེས་ཀྱི་སྣང་བ་སུམ་ཆ་ལ་དབང་ཐོབ༔ དེས་སྤྲུལ་སྐུའི་སྣང་བ་ངོས་ཟིན་ནོ༔ འདི་ཡི་དུས་སུ་ལུས་དལ་བས་རྩ་དལ༔ རྩ་དལ་བས་རླུང་དལ༔ རླུང་དལ་བས་མིག་དལ༔ མིག་དལ་བས་རིག་པ་དལ་ཏེ༔ རིག་པ་བཙོན་དུ་ཟིན་པའི་ལྕགས་ཀྱུ་ཞེས་བྱའོ༔ འདིའི་དུས་སུ་ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགྱུར༔ ངག་ལྐུག་པ་ལྟ་བུ༔ སེམས་བྱ་རྙི་ལ་ཟིན་པ་ལྟར་འགྱུར་རོ༔ དེ་ནས་དོན་དེ་ཉམས་སུ་བླངས་པས་གོམས་པ་ལས༔ ཉམས་གོང་འཕེལ་འགྱུར་ཏེ༔ ཉམས་ནི་གཉིས༔ སྣང་ཉམས་དང༔ ཤེས་ཉམས་སོ༔ སྣང་བ་ནི་ཐིག་ལེ་ནས་ལུས་འོད་གསལ་དུ་གྲོལ་བའི་བར་དུའོ༔ ཤེས་པ་ནི་འདི་ཕྱིའི་ལེགས་ཉེས་ཤེས་པ་ལ་སོགས་རྣམས་སོ༔ འདིར་ཐེག་པ་ཐུན་མོང་བ་བཞིན་དུ་ཤེས་ཉམས་གཙོ་བོར་མི་འདོན༔ འགྱུར་ཞིང་ངོས་གཟུང་མེད་པས་གཏད་ས་མེད༔ སྣང་བ་གོང་ནས་གོང་དུ་འཕེལ་བ༔ དེ་མི་བསླུ་བར་འཆར་བས་སྣང་བའི་ཉམས་གཙོ་ཆེའོ༔ འཁྲུལ་པའི་སྣང་བ་རྣམས་ནུབ་ནས་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་ཏེ༔ དང་པོ་འོད་ལྔའི་སྣང་བ་གྱེན་འགྲེང་དང༔ རྩིབས་ཤར་དང༔ མདུང་རྩེའི་རྣམ་པ་དང༔ འོད་ཟེར་དུམ་བུ་དང༔ ཟ་འོག་རིས་དང༔ མིག་ཚགས་རིས་དང༔ ཐིག་ལེ་གཉིས་སྦྲེལ་དང༔ གསུམ་སྦྲེལ་དང་ལྔ་ལ་སོགས་པ་སྦྲེལ་བའི་ནང་ནས༔ ཕྱེད་ཞལ་དང༔ ཕྱེད་སྐུ་དང༔ སྐུ་རྐྱང་པ་ལ་སོགས་མཐོང་བ་དང༔ འོད་ཡུལ་གྲུ་ཙམ་མཐོང་བ་དང༔ གར་བལྟས་འོད་དང་འོད་ཀྱི་ཞིང་ཁམས་སུ་འཆར་ཞིང༔ ལུས་ལའང་སྲོག་ཆགས་དང༔ གཉེར་མ་མེད་པ་དང༔ ཟས་སྐོམ་མི་འདོད་པ་དང༔ རང་སྣང་ལས་འབྲལ་མི་ཕོད་པ་དང༔ འཁྲུལ་པའི་གཏམ་མེད་པར་ནམ་མཁའ་ལ་འགྲོ་བ་དང༔ ཐིག་ལེ་ཡུལ་ཁམས་ཙམ་ལ་མུ་ཁྱུད་ལྔ་ལྡན་དང༔ སྔར་མི་ཤེས་པའི་ཆོས་ཤེས་ཤིང༔ དགྲ་གཉེན་གྱི་འཁྲུལ་པ་ཞིག་པ་ལ་སོགས་འབྱུང་ངོ༔ འདིའི་དུས་སུ༔ ཕྱིའི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་ཞིག༔ གསང་བ་རླུང་སེམས་སྡོད་པས་རྣམ་པར་རྟོག་པ་སྐྱེ་མི་སྲིད༔ སྣང་བ་ནི་རང་གི་གཟུགས་རྣམས་སོ༔ གོང་འཕེལ་ནི་དེ་དག་རྒྱ་ཆེར་སོང་བ་རྣམས་སོ༔ དོན་དེ་ད་རུང་ཉམས་སུ་བླངས་པས༔ རིག་པ་ཚད་ཕེབས་འབྱུང་སྟེ༔ ས་རྡོའི་སྣང་བ་མེད་པར་འཇའ་ཚོན་དུ་སྣང་བ་དང༔ རང་ལུས་ལ་གྲིབ་མ་མེད་པ་དང༔ མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེ་རེ་རེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་རྫོགས་པར་འཆར་རོ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཉིད་ཀྱང་འགུལ་བ་མ་ཡིན་ནོ༔ དེའི་ཚེ་བཅུད་སྙིང་པོར་འདྲིལ་བ་ཞེས་བྱ་སྟེ༔ རིག་པ་དབྱིངས་ཀྱི་གཟེར་ཐེབས་པས་འབྱུང་བའི་ཕན་གནོད་དང་བྲལ་བའོ༔ གང་སྣང་ཞི་ཁྲོའི་ལུས་ཟང་ཐལ་ལོ༔ ཚད་ནི་འཕེལ་བ་ཟད་པའོ༔ ཕེབས་པ་ནི་ད་ཕྱིན་ཆད་འཁོར་བར་ལྡོག་མི་སྲིད་པའོ༔ ཡང་དེ་ཀ་ལྟར་ཉམས་སུ་བླངས་པས༔ དེའི་རྗེས་ལ་ཆོས་ཉིད་ཟད་པའི་སྣང་བ་ནི༔ སྔར་གྱི་རྟགས་དེ་རྣམས་སྐྱེ་མེད་ཀྱི་ཀློང་དུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ༔ གཟུང་བ་དང༔ འཛིན་པ་དང༔ ཞེན་པ་དང༔ སྣང་མི་སྣང་ཐམས་ཅད་ཟད་ནས༔ ཆོས་དང་ཆོས་ཅན་གྱི་མིང་ཚིག་ཐམས་ཅད་ཟད་པའོ༔ དེ་ཡང་ཅང་མེད་དུ་སོང་བ་ནི་མ་ཡིན༔ གདོས་བཅས་འདུས་བྱས་ཀྱི་རྟེན་སྣང་ཐམས་ཅད་ཟད་ནས༔ ལུས་སེམས་སྐྱེ་མེད་ཀྱི་རང་བཞིན་དུ་གྱུར་ཏེ༔ ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ༔ རིགས་ལྔའི་ཐུགས་ཀར་ཐིམ་ནས་མཐར་ཕྱིན་མི་སློབ་པའི་ལམ༔ གཞི་གདོད་མའི་ངང་ཀུན་ཏུ་བཟང་པོའི་ཀློང་དུ་བྱང་ཆུབ་པའོ༔ ཆོས་ཅན་དང༔ ཆོས་ཉིད་ཀྱི་མཚན་མ་ཀུན་ཟད་པ་ལ་སྐྱེལ་བའོ༔ ཟད་པ་ཞེས་པ་ནི༔ འབྱུང་བ་རྣམས་རང་སར་དག་པ་དང༔ སྐུ་དང་ཡེ་ཤེས༔ ཕྱོགས་དང་ཁ་དོག་ལ་སོགས་སུ་འཛིན་ཞེན་རང་སར་དག་པའོ༔ སྣང་བ་གོང་མ་གསུམ་གྱི་ཚེ་དབྱིངས་རིག་རང་སྣང་ལ་འཕེལ་རྟགས་སྣང་ཡང༔ རང་བྱུང་ཡེ་ཤེས་ངོ་བོ་ཀ་ནས་དག་པའི་ཕྱིར༔ ཅུང་ཟད་འཕེལ་བ་ཡང་མེད༔ གང་བ་དང་རྒྱས་པ་ཡང་མེད་དོ༔ ཆོས་ཟད་བློ་ཟད༔ འཛིན་པ་ཟད་པའི་དུས་ནའང་འཕེལ་བ་ཡང་ཟད་དེ༔ རིག་པའི་ངོ་བོ་ལ་འགྲིབ་པ་ཅུང་ཟད་ཀྱང་མེད་པས༔ རང་བཞིན་གདོད་མ་ནས་རྣམ་པར་དག་པ༔ འགྲོ་འོང་དང་བྲལ་བ་ལ་ཟེར་རོ༔ དེ་ལྟར་ཡང་རྒྱུད་ལས༔ མཐོང་དང་ཤེས་པ་རྟོགས་པ་གསུམ༔ ཁྱད་མེད་གཅིག་གི་རང་བཞིན་ནོ༔ རྟོགས་དང་ཀློང་དུ་གྱུར་པ་གསུམ༔ དབྱེར་མེད་གཅིག་གི་ངོ་བོར་འདོད༔ གོམས་པ་མཐར་ཕྱིན་གྲོལ་བ་གསུམ༔ འབྲས་བུ་སངས་རྒྱས་ཆེན་པོ་འོ༔ འགྱུར་མེད་སངས་རྒྱས་དགོངས་པ་ཡང༔ སྐྱེ་མེད་གསལ་འགྲིབ་འཛིན་རྟོག་མེད༔ ཅེས་གསུངས་སོ༔ འདིའི་དུས་སུ་སྐྱེ་བ་དང༔ འཇུག་པ་ལ་རང་དབང་ཐོབ་ནས་སེམས་ཅན་གྱི་དོན་བྱེད་པར་འདོད་པས༔ སྣང་བ་ཐམས་ཅད་དང༔ རང་གི་ལུས་འོད་སྣང་དུ་འཆར་ཏེ༔ འོད་ཀྱི་དཀྱིལ་དུ་ལག་སོར་གྲམ་གྲམ་ལས་མི་མངོན་པའི་དུས་ན༔ དེ་ལ་གཏད་ཅིང་བསྒོམ་ན་སྣང་བ་ཐམས་ཅད་ཚུར་ལོག་སྟེ༔ རང་སྣང་ལ་སིལ་སྒྲ་ཤག་སྒྲ་དང་བཅས་ཏེ༔ སླར་འཕོ་བ་ཆེན་པོའི་ལུས་བླངས་ནས༔ ལོ་ཀ་རུ་ཇི་སྲིད་འཚོའི་བར་དུ་གནས་ཀྱང་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་ཐོབ་པར་འགྱུར་རོ༔ དེའི་ཚེ་སྣང་བ་གང་ལ་གཏད་པའི་དངོས་པོ་ལ་འཇུག་ནུས་པ་དང༔ བེམ་པོ་ལ་སོགས་པ་ལ་རིག་པ་བཅུག་ཀྱང་དེ་ཉིད་འགུལ་བ་དང༔ སྐད་འབྱིན་ནུས་པ་དང༔ མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་སྐྱེ་འཆི་ལ་དབང་ཐོབ་སྟེ༔ རིག་པ་བཅུག་མ་ཐག་འབྱུང་བ་དག་ནས་སངས་རྒྱ་བར་འགྱུར་རོ༔ དེ་ཡང་ལས་ལ་བཟང་ངན་དང་དབང་པོ་ལ་རྣོ་བརྟུལ་ནི་མེད་དོ༔ འཇུག་པ་ལ་དབང་ཐོབ་པ་ནི༔ རིག་པ་ཚད་ཕེབས་ཀྱི་དུས་ནས་སྣང་བ་རྣམས་རྫོགས་ནས༔ ཆོས་ཉིད་ཟད་པའི་སྣང་བ་ལ་ཟིན་ཏེ་སྤྲོས་པ་ཟད་དོ༔ རང་གི་ལུས་དང་བཅས་པ་རྣམས་གང་ལའང༔ དམིགས་གཏད་མེད་པར་ཉམས་བླངས་པས༔ ངོ་བོ་ཀ་དག་གི་སྣང་བ་ལ་ཇེ་ཐིམ་ཇེ་ཐིམ་གྱུར་ཏེ༔ ལུས་ཀྱང་རེས་སྣང༔ རེས་མི་སྣང་བ་ཙམ་དུ་འགྱུར་ལ་དེ་ཡང་རང་དག་སྟེ༔ ཟག་བཅས་ཕུང་པོ་མི་སྣང་བར་འབྱུང་བ་རང་དེངས་སུ་འགྲོ་འོ༔ དཔེར་ན་འཇའ་ཚོན་ནམ་མཁའ་ལ་དེངས་པ་ལྟར་འགྱུར་ཏེ༔ དེ་ཡང་སྐུ་གཉིས་ཀྱིས་འགྲོ་བའི་དོན་བྱེད་དོ༔ རླུང་སེམས་ལ་དབང་ཐོབ་པ་ནི༔ རླུང་ལ་དབང་ཐོབ་པས་འབྱུང་བ་ལྔ་ལ་དབང༔ སེམས་ལ་དབང་ཐོབ་པས་འགྲོ་བའི་དོན་རྫོགས་སོ༔ དེ་ནི་སྐྱེས་བུ་སྐལ་བ་དང་ལྡན་པ་དེ༔ སྐུ་གསུམ་རིན་པོ་ཆེར་རྣམ་པར་སངས་རྒྱས་པ་ཞེས་བྱའོ༔ བསྡུས་ན་ཆོས་ཉིད་ཟད་པ་ཞེས་བྱ་བ་ནི༔ དང་པོའི་གཤིས་ལུགས་དངོས་པོའི་བཞུགས་ཚུལ་ཕྱིན་ཅི་མ་ལོག་པ་དེའོ༔ ཟད་པ་ནི༔ ཚིག་གི་ཐ་སྙད༔ སྒྲོ་འདོགས་གྲུབ་མཐའི་ཞེན་པ་ཟད་དེ་ཅིར་ཡང་གྲུབ་པ་མེད་པའོ༔ སྣང་བ་ནི་རིག་པ་གཅེར་བུ་དྲི་མ་དང་བྲལ་བའི་ནམ་མཁའ་ལ༔ ཐུགས་རྗེ་ཡེ་ཤེས་ཀྱིས་མཛད་པ་རྒྱུན་མི་འཆད་པར་སྣང་བའོ༔ དེ་ནས་གྲོལ་གཞི་ནི་ཐོག་མའི་གཞི་ཀ་དག་དང་ལྷུན་གྲུབ་གཉིས་ཡིན་ཏེ༔ ལམ་སྣང་བ་བཞིའི་འཆར་ཚུལ་ཉམས་སུ་བླངས་པས་རྫོགས་ནས༔ འབྲས་བུ་གྲོལ་གཞི་ལ་གསུམ་ཡིན་ཏེ༔ ངོ་བོ་ཀ་ནས་དག་པའི་ཆོས་སྐུ་དང༔ རང་བཞིན་ཀ་ནས་དག་པའི་ལོངས་སྐུ་དང༔ ཐུགས་རྗེ་ཀ་ནས་དག་པའི་སྤྲུལ་སྐུའོ༔ རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ནི༔ སྐུ་དང་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པར་ཤར་ཀྱང༔ མཐའ་གང་ལའང་མི་གནས་པ་དང༔ ལུས་སེམས་དབྱེར་མེད་དུ་འདྲེས་པའི་ངང་དུ་སྒྱུ་ལུས་ཐིམ་ཞིང་གྲོལ་ཏེ༔ རེ་དོགས་བྲལ་བའི་གདེང་ཐོབ་ནས༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་སེམས་ཅན་གྱི་དོན་ལྷུན་གྲུབ་རྩོལ་བྲལ་དུ་བྱེད་པའོ༔ འདི་ནི་ཀུན་ཏུ་བཟང་པོའི་དགོངས་པ་ཉག་གཅིག་ཟང་ཐལ་དུ་སངས་རྒྱས་པ་ཞེས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཨེ་མ་གནད་འདི་ཉམས་སུ་ལེན་པའི་སྐལ་བཟང་རྣམས༔ མི་རྟོག་མྱ་ངན་འདས་འདོད་བརྩོན་པར་སུས་བྱས་པ༔ རིག་པ་འགྱུར་མེད་རྡོ་རྗེ་ལུ་གུ་རྒྱུད་དག་ལ༔ རྟག་ཏུ་འདྲིས་ཤིང་ལུས་གནད་གཞི་མི་འགུལ༔ ངག་གིས་ལྐུག་པ་ཅོག་གཞག་རང་གར་ཀློད༔ རྟག་ཏུ་ཁྱིམ་མིན་རི་ཁྲོད་དབེན་པ་འགྲིམས༔ མཚར་སྡུག་ལོངས་སྤྱོད་འདོད་ཡོན་རྒྱང་དུ་སྲིངས༔ སྣ་ཚོགས་སེམས་འདི་ནམ་མཁའི་རླུང་སྤྲིན་འདྲ༔ གང་སྣང་དྲན་འཛིན་མ་བྱེད་རང་གར་ཡན༔ ཤེས་ཉམས་སྣང་ཉམས་འཕེལ་འགྲིབ་ཅི་བྱུང་ཡང༔ དགག་སྒྲུབ་མ་བྱེད་གཏད་མེད་ལྷུག་པར་རྡོལ༔ གནད་འདིར་ཞུགས་ནས་རྩོལ་བ་རབ་རྣམས་ཀྱིས༔ ཆོས་ཉིད་ཟད་སར་ལྷག་མེད་མ་གྲུབ་ན༔ ཨོ་རྒྱན་མཁན་པོ་པདྨ་བདག་གིས་བསླུས༔ ལེ་ལོ་ཕྱི་ཤོལ་མ་བྱེད་ང་ཕྱིར་ཤོག༔ དུས་གསུམ་སངས་རྒྱས་གྲལ་ཡང་འདི་ན་རིང༔ རིག་འཛིན་རྣམས་ཀྱང་བཞད་གད་འདི་ན་ཆེ༔ ཡེ་ཤེས་ལྷུག་པའི་ཞིང་ཁམས་འདི་ན་རྒྱས༔ སྙིང་པོའི་ཉམས་སྐྱུག་བགྲོ་གླེང་འདི་ན་འཕེལ༔ ཏིང་འཛིན་ཟས་ཀྱི་རོ་མཆོག་འདི་ན་བདའ༔ སྣང་བ་བཀོད་པའི་གཟིགས་མོ་འདི་ན་ཆེ༔ ཞེན་མེད་རོལ་པའི་གདུལ་ཞིང་འདི་ན་ཆེ༔ རིག་འཛིན་རྡོ་རྗེའི་ལུས་སུ་མྱུར་བགྲོད་མཛོད༔ བར་དོ་ནི་དབང་པོའི་རིམ་པ་དང་སྦྱོར་ལ་རིམ་གྱིས་བསྟན༔ འདི་ནི་རྣལ་འབྱོར་པ་རྩོལ་བ་རབ་རྣམས་ཚེ་འདིར་རབ་ལོ་གཅིག༔ འབྲིང་ལོ་གཉིས༔ ཐ་མ་ལོ་གསུམ་དང་ཟླ་བ་དགུ་ལ༔ རང་ལུས་ཟག་བཅས་འཇའ་ལྟར་ཡལ་ནས༔ ཀ་དག་རང་ས་ཟིན་པར་བྱེད་པའི་གདམས་པ་འོ༔ ཨ་མ་སྙིང་འབྱིན་མས་བཀའ་འདི་བྱ་ར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ ྈྈྈ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔ ༔

སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་རྟ་མཆོག་དགྱེས་པའི་བཞད་སྒྲ་ (Volume 26, Text 29)

༄༅། །སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་རྟ་མཆོག་དགྱེས་པའི་བཞད་སྒྲ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་རཱ་ཧ་ཡ་ཤྲཱི་ཡེ། དབང་ཆེན་རོལ་པའི་གཟི་བརྗིད་ཀྱིས། །སྲིད་ཞི་ཀུན་དབང་མཛད་པ་དེར། །བཏུད་ནས་སྙིང་ཐིག་སྙིང་པོའི་བཅུད། །ལག་ལེན་ངེས་པའི་གལ་མདོ་དགོད། །སྙན་བརྒྱུད་རྟ་མགྲིན་སྙིང་ཐིག་ལ་ཉེ་བར་མཁོ་བའི་ཡིག་ཆ་ཕྲིན་ལས་ཀྱི་བྱང་བུ་དང་དབང་གི་ལས་རིམ་གཉིས་ལས། དང་པོ་ཕྲིན་ལས་ཀྱི་རིམ་པ་ལ། གཤོམ་ནི་བསྙེན་སྒྲུབ་དང་དབང་བསྐུར་གྱི་སྐབས་སུ་དེ་དང་དེར་དགོས་པའི་རྟེན་དང་ཡོ་བྱད་ཚང་བར་བཀོད། ཚོགས་མཆོད་ལྟ་བུའི་ཕྲིན་ལས་དཀྱུས་ཙམ་ལ་རྟེན་གྱི་སྤྱན་སྔར་སྟེགས་བུའི་སྟེང་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། བགེགས་གཏོར། ཚོགས་ཀྱི་དམ་རྫས་སོགས་ཕྲིན་ལས་ལ་དགོས་པ་རྣམས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །སྔོན་འགྲོ་ལ་བདུན་གྱི། དང་པོ་བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སུ་འགྲོ་བ་ནི། བླ་མ་རྟ་མཆོག་རོལ་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མ་སརྦ་སོགས་ནས། ཁཾ་གྲྀཧྣེ་དཾ་བ་ལྱ་དི་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་བ་སྒྲུབ་ལ་བར་ཆད་བགེགས༔ གཏོར་མ་འདོད་ཡོན་རྒྱ་མཚོ་ལོངས༔ རང་རང་གནས་སུ་མྱུར་དུ་དེངས༔ ཞེས་བཀའ་བསྒོས་ལ། ཨོཾ་སུམྦྷ་ནི་སོགས་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱིས་བསྐྲད། ལྔ་པ་མཚམས་གཅད་པ་ནི། ཧྲཱི༔ ཕྱི་སྣོད་ཐམས་ཅད་རྡོ་རྗེའི་གུར༔ ནང་བཅུད་ཁྲག་འཐུང་རོལ་པའི་ལྷ༔ སེམས་ཉིད་གདོད་ནས་སྐྱེ་མེད་དབྱིངས༔ གཟུང་འཛིན་བགེགས་ཚོགས་མཚམས་གཅད་དོ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་གསལ་ལ་བརྟན་པར་བསྒོམ། དྲུག་པ་བྱིན་འབེབ་པ་ནི། མོས་གུས་གདུང་ཤུགས་སྤོས་རོལ་དབྱངས་སྙན་གྱིས་བསྐུལ་ལ། ཧཱུྃ༔ མི་མངོན་རང་བཞིན་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པའི་རྩལ་ལས་ཤར་པའི་དཀྱིལ་འཁོར་པ༔ དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས༔ འདིར་གཤེགས་འདིར་བཞུགས་བྱིན་ཕོབ་དབང་མཆོག་སྐུར༔ སྒྲུབ་པའི་རྫས་ལ་ནུས་པའི་བཅུད་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཧ་ཡ་གྲཱི་བ་ཨ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པར་མོས། བདུན་པ་མཆོད་རྫས་བྱིན་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ་བདུན། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨ༔ རྟ་མགྲིན་རྒྱལ་པོ་དེ་བཞིན་ཉིད༔ མ་བཅོས་མ་བསླད་གཉུག་མའི་གཤིས༔ དམིགས་མེད་སྙིང་རྗེ་མཆོག་གི་གདངས༔ འགག་མེད་ཟང་ཐལ་ཀུན་ཏུ་ཤར༔ རོལ་པ་ཆེན་པོའི་ཆོ་འཕྲུལ་ལས༔ རྒྱུ་ཡི་ས་བོན་ཧྲཱིཿདམར་པོ༔ སྔགས་ཀྱི་སྒྲ་གདངས་དང་བཅས་པས༔ ཁམས་གསུམ་སྟོང་ཞིང་དབྱིངས་སུ་ཐིམ༔ རྒྱུ་ལས་ཨེ་ཡཾ་བཾ་ལཾ་སུཾ༔ འཕྲོས་པས་འབྱུང་བ་རིམ་བརྩེགས་སྟེང༔ རི་རབ་སྟེང་དུ་སྲུང་འཁོར་དབུས༔ དབང་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཟླ་གམ་འབར་བའི་དཀྱིལ༔ པདྨ་ཉི་ཟླ་ཀླུ་སྲིན་སྟེང༔ ཧྲཱིཿལས་རྟ་མཆོག་རོལ་པ་ནི༔ སྒེག་དཔའ་འཇིགས་སུ་རུང་བའི་སྐུ༔ ཡེ་ཤེས་ལྔ་ཡི་ཞལ་དང་ལྡན༔ རྡོ་རྗེ་རྟ་ཡི་གདོང་པས་མཚན༔ སྟོང་ཉིད་བཅུ་དྲུག་རོལ་པའི་ཕྱག༔ པདྨ་རིན་ཆེན་རལ་གྲི་དང༔ ལྕགས་ཀྱུ་ཞགས་པ་དབྱུག་ཏོ་གདེངས༔ སྦྲུལ་དང་སྙིང་ཕྲེང་གཡས་ན་བསྣམས༔ ཐོད་ཁྲག་འཁོར་ལོ་གཏུན་ཤིང་དང༔ ལྕགས་སྒྲོག་དྲིལ་བུ་མདའ་དང་གཞུ༔ སྟོང་གི་འཇིག་རྟེན་གཡོན་ན་བརྗིད༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ ཡུམ་ནི་པདྨ་གཟི་ལྡན་མ༔ དམར་སྨུག་པདྨ་ཐོད་ཁྲག་འཛིན༔ མཉམ་སྦྱོར་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་ཀློང་ན་འགྱིངས༔ ཚོགས་དྲུག་སུམ་ཅུ་རྩ་གཉིས་ཁམས༔ ཉོན་མོངས་བཅུ་དྲུག་མཐའ་བཞིའི་ལྟ༔ རྣམ་དག་ཁམ་རྒྱ་དམུས་ལོང་དང༔ ཁྱི་སྤྱང་སྒོ་མའི་ཚོགས་དང་བཅས༔ དཔལ་ཆེན་སྐུ་ཡི་དབྱིངས་སུ་རྫོགས༔ སྤྲུལ་པ་སྣ་ཚོགས་སྤྲོ་ཞིང་སྡུད༔ དགོད་གཤེ་དྲག་ཤུལ་གསུང་མཆོག་གིས༔ འཇིག་རྟེན་གསུམ་པོ་འདར་ཞིང་གཡོ༔ སྙིང་རྗེ་རྔམས་དང་ཞི་བའི་ཐུགས༔ མཁའ་ལ་ཉི་གསལ་འོད་བཞིན་ཁྱབ༔ ཅེས་གཙོ་བོ་ལུས་དཀྱིལ་གྱི་ལྷ་རྣམས་དང་བཅས་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པར་བྱ། གཉིས་པ་རྒྱས་གདབ་ཅིང་དབང་བསྐུར་བ་ནི། སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས༔ སྐུ་ལྔ་ཡོངས་རྫོགས་མཆོག་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཨོཾ་ཏྲཱཾ་ཧཱུྃ་ཨཱ༔ གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཧྲཱི༔ མགོན་པོ་ཀུན་གཤེགས་སྙིང་རྗེའི་བདག༔ རྟ་མཆོག་རྣམ་པར་རོལ་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་བྱོན༔ ཧྲཱིཿཧ་ཡ་གྲཱི་ཝ་ཨེ་ཨཱ་རལླི་ཛ༔ བཞི་པ་དམ་ཡེ་གཉིས་མེད་དུ་བཞུགས་སུ་གསོལ་བ་ནི། ཧོ༔ བྱམས་པའི་ལྕགས་ཀྱུས་ཐུགས་རྒྱུད་བསྐུལ༔ སྙིང་རྗེའི་ཞགས་པས་རྟེན་དང་བསྲེ༔ དགའ་བའི་སྒྲོག་གིས་རོ་མཉམ་བཅིང༔ བཏང་སྙོམས་དྲིལ་བུས་ཡེ་ཤེས་བསྐྱེད༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ༔ ལྔ་པ་མཆོད་པ་ནི། ཧོ༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོ་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཡུལ་དང་དབང་པོ་གཉིས་མེད་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ ཐབས་མཆོག་བདེ་ཆེན་རྡོ་རྗེ་རྟ་མགྲིན་རྒྱལ༔ ཤེས་རབ་པདྨ་གཟི་ལྡན་ཡུམ་དང་སྦྱོར༔ གཉིས་མེད་སྤྲུལ་པ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པ་བྱ་བ་ལ་ཛཔ྄་དགོངས་ནི། རང་བྱུང་འོད་གསལ་ཐུགས་ཀྱི་དབྱིངས༔ ཡེ་ཤེས་སེམས་མ་གཟི་ལྡན་ཡུམ༔ རྒྱན་དང་ཕྱག་མཚན་སྤངས་པའི་སྐུ༔ དྭངས་གསལ་འོད་ཀྱི་རང་བཞིན་ཅན༔ དེ་ཡི་ཙིཏྟའི་གུར་ཁང་དུ༔ ཉི་སྟེང་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས༔ རྒྱལ་བ་མཉེས་མཆོད་འགྲོ་ཀུན་གྱི༔ སྒྲིབ་གཉིས་བག་ཆགས་བཅས་པ་སྦྱངས༔ སྣོད་བཅུད་མ་ལུས་དབང་དུ་བསྡུས༔ འོད་དམར་གཟི་བརྗིད་འབར་བར་བསྒོམ༔ ཞེས་དམིགས་པའི་འཕྲོ་འདུ་ལ་སེམས་རྩེ་གཅིག་པས། ཨོཾ་ཧུ་ལུ་ཧུ་ལུ་ཨེ་ཨཱ་རལླི་ཧྲཱིཿཛ༔ ཞེས་བཟླ། གྲངས་ཚད་ནི་འབུམ་ཕྲག་བཅུ་གཅིག་གོ །ཐུན་མཐར་ཁ་སྐོང་དང་སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་འབུལ། ལུགས་འདིར་ཚེ་སྒྲུབ་ཆེད་དུ་བྱེད་ན་ཕྲིན་ལས་ཚང་བར་གཏང་དགོས་པས་མངོན་རྟོགས་བསྡེབ་ལུགས་སོགས་རྗེ་ཉིད་ཀྱིས་མཛད་པའི་རྒྱུན་ཁྱེར་ལ་ཕྲིན་ལས་ཚང་བར་སྦྱར་དགོས་ཀྱང། འདིར་ཞར་བྱུང་ཙམ་ལ། ཚེ་རྫས་སོགས་མདུན་རྟེན་ཡོད་ན། བདག་མདུན་ཅེས་དང་། མེད་ན། བདག་ཉིད་དབང་ཆེན་རྟ་མཆོག་དཔལ༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ པདྨ་ལྕགས་ཀྱུ་ཞགས་པ་གཡས༔ ཚེ་བུམ་ལྕགས་སྒྲོག་དྲིལ་བུ་གསིལ༔ གཟི་ལྡན་ལྕགས་ཀྱུ་ཐོད་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་ལས༔ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ པད་ཉི་དྲེགས་པ་ལྷ་ཆེན་སྟེང༔ ཡེ་ཤེས་མེ་དབུས་འགྱིང་ཞིང་རོལ༔ གར་དགུས་བརྗིད་པའི་སྐུ་མཆོག་ལས༔ ཁམ་རྒྱ་དམུས་ལོང་ལྕེ་སྤྱང་སོགས༔ ཕོ་ཉ་དྲེགས་པའི་འཕྲོ་འདུ་ཡིས༔ ཚེ་བཀུག་བྱིན་བསྐྱེད་སྲིད་དང་ཞིའི༔ དངོས་གྲུབ་མ་ལུས་སྩོལ་བར་བསམ༔ ཞེས་པས་ལྷར་བསྐྱེད། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་ནྲྀ་ཨ་ཡི་ཚེ་རྟེན་ལ༔ འཆི་མེད་རྡོ་རྗེའི་སྔགས་ཀྱི་ཕྲེང༔ ལུ་གུ་རྒྱུད་དུ་བསྐོར་བ་ལས༔ འོད་འཕྲོས་ཕོ་ཉའི་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བཅས༔ ནམ་མཁའི་ཁམས་ནས་གློག་ལྟར་འཁྱུགས༔ བར་སྣང་ཁམས་ནས་སྤྲིན་ལྟར་གཡོས༔ ས་གཞིའི་ཁམས་ནས་རླུང་ལྟར་བརྡོལ༔ ཁམས་གསུམ་ཐམས་ཅད་ཤིག་ཤིག་གཡོས༔ སྲིད་གསུམ་དྲེགས་པ་འདར་ཞིང་བསྔངས༔ བརྟན་གཡོའི་དྭངས་བཅུད་དབང་མེད་འཕྲོགས༔ འཆི་མེད་ཚེ་ཡི་བདུད་རྩི་ནི༔ ཉི་མ་འཆར་ཁའི་འོད་ལྟ་བུ༔ སྙིང་དབུས་ཚེ་རྟེན་ལ་ཐིམ་པས༔ རྡོ་རྗེ་ཚེ་ཡི་མཆོག་ཐོབ་གྱུར༔ ཅེས་དམིགས་ལ་སྙིང་པོའི་མཐར། ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛ་བྷྲཱུྃ༔ ཞེས་བཏགས་པ་བཟླ། དེ་ནས་ཐུགས་དམ་བསྐུལ་ཞིང་ཚེ་འགུགས་པ་ནི། ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རིག་པ་རང་ཤར་རྟ་མཆོག་དཔལ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་དམ་བསྐུལ་ལོ་གཟི་བྱིན་སྐྱེད༔ རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་ནས༔ དཀར་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ བརྟན་པ་སྣོད་ཀྱི་དྭངས་མ་ཁུག༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ དམར་ལ་འདྲིལ་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ སྲིད་པ་བཅུད་ཀྱི་ཚེ་དཔལ་ཁུག༔ འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ མཐིང་ལ་འཚེར་བའི་འོད་ཟེར་དང༔ ཕོ་ཉའི་ཚོགས་ཀྱི་འཕྲོ་འདུ་ཡིས༔ དབྱིངས་དང་ཡེ་ཤེས་ཡོན་ཏན་ཁུག༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ འཆི་མེད་སྒྲུབ་པའི་རྫས་ལ་ཁུག༔ མི་འགྱུར་མི་ཤིགས་རྟག་པའི་ཚེ༔ དབང་ཆེན་རོལ་པའི་དངོས་གྲུབ་སྩོལ༔ ཚེ་རྟེན་ལ་སྦ་ཞིང་བཅིང་བ་ནི། འཁོར་འདས་ཚེ་ཡི་དྭངས་བཅུད་རྣམས༔ སྒྲུབ་པའི་རྫས་དང་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་བསྟིམ༔ ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིང་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་བསྡམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵ་རཀྵ་ཧཱུྃ༔ འདིར་རྒྱུན་གྱི་ཕྲིན་ལས་ལ་ཚེ་སྒྲུབ་མ་སྦྱར་ཡང་ཆོག་གོ །དེ་ནས་ཐུན་མཚམས་ཀྱི་བྱ་བ་ཚོགས་མཆོད་འབུལ་བ་ནི། བཟའ་བཅའ་བཏུང་བ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེག་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ རྟ་མཆོག་རོལ་པ་དབང་གི་ལྷ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཨོཾ་ཧུ་ལུ་ཧུ་ལུ་ཨེ་ཨཱ་རལླི་ཧྲཱིཿཛ༔ མཆོད་བཤགས་བསྒྲལ་བསྟབ་ཐུན་མོང་ནི། ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་བའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ཨོཾ་ཧུ་ལུ་ཧུ་ལུ་ཨེ་ཨཱ་རལླི་ཧྲཱིཿཛ༔ ཞེས་བརྗོད། འདིར་སྤྲོ་ན་སྐོང་བ་སྤྱི་དང་བྱེ་བྲག་གང་ལྕོགས་གཏང་། ཚོགས་ལ་རོལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཞེས་ནང་གི་སྲེག་བླུགས་སུ་ལོངས་སྤྱོད། ལྷག་མ་སྤྱི་ལྟར་བྱིན་བརླབས་ལ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་ཕྱི་རོལ་དུ་བཏང་། རྗེས་འབྲེལ་ཆད་མདོ་གཏང་ན། ཧཱུྃ༔ སྔོན་ཚེ་པདྨ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡིས༔ དམ་ཚིག་གཉེར་དུ་གཏད་པ་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ བརྟན་མ་བསྐྱང་བ་ནི། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་སྣོད་འོག་ཏུ་དགྲ་བགེགས་བཀུག་ལ། ཨོཾ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྡོ་རྗེ་རྟ་མཆོག་ང་རྒྱལ་གྱིས༔ མེ་ལོང་ཡེ་ཤེས་བྲོ་བརྡུངས་པས༔ ནད་གདོན་འཇིགས་བརྒྱད་ཞི་བར་ཤོག༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ༔ ཝཾ་གི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རཏྣ་རྟ་མཆོག་ང་རྒྱལ་གྱིས༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱི༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ པདྨ་རྟ་མཆོག་ང་རྒྱལ་གྱིས༔ སོར་རྟོག་ཡེ་ཤེས་བྲོ་བརྡུངས་པས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཀརྨ་རྟ་མཆོག་ང་རྒྱལ་གྱིས༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུངས་པས༔ མི་མཐུན་ཕྱོགས་ཀུན་ཚར་གཅོད་ཤོག༔ ཧཱུྃ་མཱ་ར་ཡ་ཕཊ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན། དང་པོ་མཆོད་བསྟོད་ནི་ཕྲིན་ལས་ལྟར་བྱ། གཉིས་པ་དངོས་གྲུབ་གསོལ་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ ཞེས་རྟེན་ཡོད་ན་གནས་གཞིར་གཏུགས། མེད་ན་བདུད་རྩི་མྱང་། གསུམ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་ལན་གསུམ་བརྗོད། བཞི་པ་གཤེགས་བསྡུ་ནི། དབང་དང་བསྙེན་སྒྲུབ་སྐབས་མདུན་རྟེན་ཡོད་པའམ། དཀྱུས་ལའང་ཚོགས་མགྲོན་རྣམས་རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། ཚོམ་བུའི་དཀྱིལ་འཁོར་དང་རྟེན་མེད་ན། ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ ཅེས་སོགས་ཀྱིས་གཤེགས་སུ་གསོལ། ལྔ་པ་བདག་བསྐྱེད་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། དྲུག་པ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྟ་མཆོག་དཔལ༔ པདྨ་ཁྲག་འཐུང་མྱུར་འགྲུབ་ཤོག༔ ཅེས་དང་གསང་ཆེན་ཐུན་མོང་མ་ཡིན་པའི་སྨོན་ལམ་གཞན་ཡང་གདབ། བདུན་པ་ཤིས་བརྗོད་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རིག་པ་རང་སྣང་དབང་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། ༈ །།གཉིས་པ་འདི་ཉིད་ཀྱི་དབང་གིས་སློབ་མ་རྗེས་སུ་འཛིན་པ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་ཀྱི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བཀྲམ། མེད་ན་མཎྜ་ལར་མེ་ཏོག་གི་ཚོམ་བུ་དམར་པོ་གཅིག་བཀོད་པའི་དབུས་སུ་ཁྲིའུའི་ཁར་རྟ་ཞལ་ལྗང་གུ་རྔོག་མ་དམར་སེར་ནང་གཞུག་སྙིང་པོའི་སྔགས་ལྡན་སྐུ་རྟེན་ཙཀླི་བཅས་བཀོད། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དམར་པོ་བཅས་པ། གཡོན་དུ་དཔལ་གཏོར་རྟ་ཞལ་གྱིས་མཚན་ཅིང་དར་གདུགས་དམར་པོས་སྤྲས་པ། མདུན་དུ་གསང་ཐོད་ཆང་དང་མངར་གསུམ་སྦྱར་བ་དང་རིག་ཙཀ །དབང་ཕྲེང་དམར་པོ། རྒྱབ་ཏུ་སྙིང་པོ་ལྔ་དང་ཚེ་གལ་མཐུན་བསྡེབས་ཀྱི་ཚེ་འབྲང་རྟ་ཞལ་གྱིས་མཚན་པའི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་རྣམས་དང་། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་ལུགས་ལྟར་བཤམ། གཞན་ཡང་མདའ་དར། ལས་བུམ། བགེགས་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་དབུར་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་དང་བཟླས་པ་ཅི་འགྲུབ་བྱ། བུམ་ལྷ་གསལ་གདབ་དང་བདུད་རྩི་འབེབ་པའི་དམིགས་པ་སྤྱི་ལྟར་དང་གཟུངས་ཐག་བླངས་ལ་བཟླས་པ་གྲུབ་མཐར། ཚེ་སྒྲུབ་ཀྱི་དམིགས་བཟླས་དང་ཚེ་འགུགས་བཏང་ལ་ཚེ་བཅུད་བསྡུ། མཆོད་བསྟོད་དང་མཆོད་ཡོན་འབུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བྱིན་བརླབས། སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་བཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པར་བྱའོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ནི། སློབ་མ་རྣམས་ལ་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བསྟབ་ནས་ཆོས་བཤད་མཚམས་སྦྱོར་གྱི་ཁྱད་པར། དེའང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་གཅིག་ཏུ་བསྡུས་པ་པདྨའི་རིགས་མཆོག་ཀུན་གྱི་མགོན་པོ། བཅོམ་ལྡན་འདས་འོད་མི་འགྱུར་བ་ཉིད་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་བཞེངས་པ་འཇིག་རྟེན་དབང་ཕྱུག་པདྨའི་སྣང་བ་རབ་ཏུ་རྒྱས་པ་གང་ཉིད་གདུལ་བྱ་མི་སྲུན་པ་རྣམས་འདུལ་བའི་གཉེན་པོར་པདྨ་ཧེ་རུ་ཀ་དབང་ཆེན་རྟ་མཆོག་རོལ་པའི་རྣམ་པར་སྣང་བ་ལ། རྒྱུད་དང་ལུང་གི་བྱེ་བྲག་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་རྣམས་ལ་བརྟེན་ནས་སློབ་དཔོན་ནཱ་གཱརྫུ་ན་གཙོར་གྱུར་མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་རྣམས་ཀྱིས་མན་ངག་གི་བཀའ་སྲོལ་རྒྱས་བསྡུས་མང་དུ་བཀྲལ་པ་རྣམས་ལས། ཁྱད་པར་དུ་འཕགས་པ་དབང་ཆེན་ཞི་ཁྲོ་དངོས་དང་གཉིས་སུ་མེད་པའི་རྡོ་རྗེའི་སློབ་དཔོན་པདྨཱ་ཀ་རས་གངས་ཅན་ལྗོངས་ཀྱི་གདུལ་བྱ་སོ་སོའི་མོས་བློ་དང་ཡུལ་དུས་ཀྱི་གནས་སྐབས་ལ་དགོངས་པའི་དབང་ཆེན་རྟ་མགྲིན་དམར་ནག་གི་སྒྲུབ་ཐབས་མན་ངག་ཆེ་ཕྲ་དུ་མ་མཛད། ཕལ་ཆེར་མ་འོངས་སྙིགས་དུས་ཀྱི་གདུལ་དཀའ་འདུལ་བའི་དོན་དུ་གཏེར་གྱི་བྱེ་བྲག་མང་དུ་སྦས་པ་ལས། སྐབས་སུ་བབས་པའི་གདམས་སྐོར་འདི་ནི་གཞུང་ཉིད་ལས། པདྨ་དབང་ཆེན་ཏནྟྲ་ནི༔ མཁའ་ལྟར་ཟབ་ཅིང་རྒྱ་ཆེའི་དོན༔ ནཱ་གརྫུ་ནའི་དགོངས་པའི་གདིང༔ བདག་ཉིད་པདྨ་རྒྱལ་པོ་ཡིས༔ གདམས་པ་ཟབ་ཅིང་འདྲིལ་བ་འདི༔ མ་འོངས་རིགས་སད་སྐྱེས་བུའི་དོན༔ འཕེལ་བའི་ཐིག་ལེའི་ཡི་གེ་ནི༔ དྭངས་མ་མི་ཤིགས་སྲོག་ཏུ་བཟུང༔ དུས་སུ་བབས་ཚེ་སྣོད་ལྡན་ལ༔ སྙན་བརྒྱུད་ཚུལ་དུ་གདམས་པ་སྟེ༔ སྔོན་ཆད་གཞན་དུ་མ་བསྟན་པའི༔ སྙིང་པོའི་སྙིང་པོ་འདི་ཁོ་ན༔ ཞེས་གསུངས་པ་ལྟར་རྟ་མགྲིན་རྒྱུད་ལུང་གི་སྒྲུབ་ཐབས་བསྐྱེད་རྫོགས་མན་ངག་ཟབ་ཅིང་ཉུང་ལ་གནད་དུ་འདྲིལ་བ་འདི་ཉིད་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་ཕྱི་མ། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནས་བྱིན་གྱིས་བརླབས་ཤིང་པདྨ་དབང་གི་རིག་འཛིན་གུ་རུ་པདྨ་རྒྱལ་པོས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་གནང་བ། དཔལ་རྟ་མཆོག་རོལ་པའི་སྙིང་ཏིག་གི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ པདྨ་གཟི་ལྡན་དགྱེས་རོལ་པའི༔ བླ་མ་དབང་མཆོག་ཧེ་རུ་ཀས༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ ཡེ་ཤེས་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ། དབང་ཆེན་རྟ་མཆོག་རོལ་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་པདྨ་དབང་ཆེན་གྱི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་། དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་རྫོགས་གྱུར་ཅིག༔ ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་ཟླ་ཀླུ་སྲིན་ཕོ་མོ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་རྟ་མཆོག་རོལ་པ། སྒེག་ཅིང་དཔའ་ལ་འཇིགས་སུ་རུང་བའི་སྐུ་མདོག་དམར་ནག །ཡེ་ཤེས་ལྔ་མཚོན་པའི་ཞལ་དམར་ལྗང་དཀར་སེར་རྣམས་དང་སྟེང་ཞལ་སྔོན་པོའི་གཙུག་ཏུ་རྟ་ཞལ་ལྗང་གུ་འཚེར་བ། སྟོང་ཉིད་བཅུ་དྲུག་མཚོན་པའི་ཕྱག་གཡས་པ་བརྒྱད་ཀྱིས་པདྨ། རིན་པོ་ཆེ། རལ་གྲི །ལྕགས་ཀྱུ། ཞགས་པ། དབྱུག་ཏོ། སྦྲུལ། སྙིང་ཕྲེང་བསྣམས་པ། གཡོན་པ་བརྒྱད་ཀྱིས་ཐོད་ཁྲག །འཁོར་ལོ། གཏུན་ཤིང་། ལྕགས་སྒྲོག །དྲིལ་བུ། མདའ། གཞུ། སྟོང་གི་འཇིག་རྟེན་བསྣམས་པ། དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྗིད་པའི་པང་དུ་ཡུམ་པདྨ་གཟི་ལྡན་མ་དམར་སྨུག་པདྨ་དང་ཐོད་ཁྲག་འཛིན་པས་འཁྱུད་ཅིང་ཁྲོ་བོའི་ཆས་རྫོགས་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་ཕུང་དམར་ནག་ཏུ་འབར་བའི་ཀློང་ན་འགྱིང་བའི་སྐུའི་གནས་རྣམས་སུ་ཚོགས་དྲུག་དག་པའི་ཁམ་རྒྱ་མ་དྲུག །ཁམས་སུམ་བཅུ་རྩ་གཉིས་དག་པའི་དམུས་ལོང་རྒྱབ་འབྲེལ་སོ་གཉིས། ཉོན་མོངས་བཅུ་དྲུག་དག་པའི་དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད། མཐའ་བཞིར་ལྟ་བ་དག་པའི་སྒོ་མ་བཞི་རྣམས་གསལ་ལ་མ་འདྲེས་པར་རྫོགས་པ། དགོད་པ་དང་གཤེ་བ་དང་དྲག་ཤུལ་གསུང་གི་ང་རོས་འཇིག་རྟེན་གསུམ་པོ་གཡོ་ཞིང་། སྙིང་རྗེ་རྔམས་དང་ཞི་བའི་ཐུགས་མཆོག་ལྡན་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དབང་ཆེན་རྟ་མཆོག་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་ཡོངས་རྫོགས་བཅས་ལྔ་དང་། མཐའ་རྟེན་གྱི་དབང་རྣམས་སུ་ཡོད་པ་ལས། དང་པོ་བུམ་པའི་དབང་ལ་དངོས་དང་རྗེས་འབྲེལ་གཉིས་སུ་འབྱུང་བའི། ཐོག་མར་བུམ་དབང་དངོས་ཀྱི་སླད་དུ་འདུན་པ་འདི་བཞིན་མཛོད་ཅིག །སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་རྒྱལ་བུམ་པའི་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གཏོར་ཞིང་བླུགས་པས་ཉོན་མོངས་པ་ལྔའི་སྒྲིབ་པ་དག །ཡེ་ཤེས་ལྔ་ལྷུན་གྱིས་རྫོགས་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བཀྲ་ཤིས་བུམ་པའི་བདུད་རྩིའི་ཆུས༔ གཏོར་ཞིང་བླུགས་པའི་དབང་བསྐུར་བས༔ ཉོན་མོངས་ལྔ་ཡི་སྒྲིབ་དག་སྟེ༔ ཡེ་ཤེས་ལྔ་རུ་ལྷུན་རྫོགས་ཤོག༔ ཧྲཱིཿཨོཾ་ཏྲཱཾ་ཧཱུྃ་ཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུས་གཏོར་ཅིང་བཀྲུས། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས། ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་གྱུར་པའི་མོས་པ་མཛོད། སྐུ་ཙཀ་སྤྱི་བོར་བཞག་ལ། ཧྲཱི༔ སྐུ་ནི་སྣང་སྟོང་གཟུང་འཛིན་བྲལ༔ གསུང་དབྱངས་རྡོ་རྗེའི་སྔགས་སུ་འཚེར༔ ཐུགས་ནི་བདེ་སྟོང་ཉམས་དང་ལྡན༔ ཡེ་ཤེས་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་མ་པདྨ་གཟི་ལྡན་གྱི་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་བྱུང་སྟེ་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་མའི་ཞལ་ནས་བརྒྱུད་དེ་ཐུགས་སྲོག་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ལ་མཉེས་མཆོད་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྣོད་བཅུད་མ་ལུས་པ་རང་དབང་དུ་བསྡུས་ཏེ་འོད་ཟེར་དམར་པོའི་རྣམ་པར་ཚུར་འདུས་ནས་ཐིམ་པས་གཟི་བརྗིད་རབ་ཏུ་འབར་བར་བསམ་ལ་གསང་སྔགས་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །སྔགས་ཕྲེང་མགྲིན་པར་བཞག་སྟེ་བརྟན་པར་བྱས་པས་གྲགས་སྟོང་ནཱ་དའི་རང་བཞིན་གྱི་རྡོ་རྗེའི་གསུང་གི་ནུས་པ་རྫོགས་པར་མོས་ཤིག །སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧྲཱི༔ སྲིད་པའི་འབྱུང་བ་ལས་ཀྱི་རླུང༔ དབུ་མའི་དབྱིངས་སུ་ཐིམ་པ་ལས༔ གནད་ནས་སྐུལ་བའི་སྔགས་ཀྱི་སྒོ༔ གྲགས་སྟོང་ཆེན་པོར་དབང་བསྐུར་རོ༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྟ་ཞལ་དབྱིངས་སྟོང་པ་ཉིད་ལ་གསང་སྔགས་རིག་པའི་སྲོག་དང་ལྡན་པར་མཚོན་པས་དབང་བསྐུར་བས་རིག་སྟོང་ཟུང་འཇུག་འོད་གསལ་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །རྟ་ཞལ་སྤྱི་བོ་དང་སྙིང་གར་གཏུགས་ལ། ཧྲཱི༔ དབྱིངས་ནི་རྡོ་རྗེ་རྟ་ཡི་ཞལ༔ རིག་པ་འགག་མེད་ཡི་གེའི་སྤྲིན༔ ཟུང་འཇུག་གནས་ལུགས་གཉུག་མའི་བབས༔ འོད་གསལ་ཐུགས་སུ་དབང་བསྐུར་རོ༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་རྟ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཞུན་མ་ཧྲཱིཿཡིག་དམར་པོའི་རྣམ་པར། པདྨ་བྷཉྫའི་བཅུད་དུ་འཁྱིལ་པ་ཁྱེད་རྣམས་ཀྱི་མགྲིན་པར་མྱང་བས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ བྱང་ཆུབ་སེམས་ཀྱི་ཡི་གེ་ནི༔ ཧྲཱིཿཡིག་ཞུན་མར་འཁྱིལ་པའི་བཅུད༔ རྩ་ཁམས་རླུང་ལ་བསྟིམས་པ་ལས༔ གསལ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿབོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་རླབས་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཁ་སྦྱོར་གསུམ་གྱི་སྟོབས་ཀྱིས་ཐིག་ལེ་བདེ་བ་ཆེན་པོའི་རང་བཞིན་དུ་གནས་གྱུར། རྟོག་ཚོགས་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་ཆོས་ཀུན་འབྱུང་བའི་གནས༔ པདྨ་གཟི་ལྡན་ཆེན་པོ་སྟེ༔ རོལ་ཅིག་རྡོ་རྗེ་རྟ་ཡི་མགྲིན༔ བཅུ་དྲུག་དགའ་བའི་ངང་ནས་རོལ༔ ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་གི་དབང་བསྐུར་བ་ནི། སྔར་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་ལ་རྟེན་བྱས་ཏེ་བརྟེན་པ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེའི་ཚིག་གིས་ངོ་སྤྲད་པའི་དོན་ལ་མཉམ་པར་ཞོག་ཅིག །ཧཱི་ཧཱི་ཧཱི༔ རྡོ་རྗེའི་རྟ་སྐད་འཚེར་བའི་དབྱངས༔ གསལ་ཞིང་བརྗིད་པའི་གདངས་ཆེན་པོ༔ རང་བྱུང་ནམ་མཁའི་དཀྱིལ་ནས་བསྒྲགས༔ བདེ་སྟོང་ཉམས་ཀྱི་ངོ་བོར་ལྟོས༔ ཞེས་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེ་ལ་རྩེ་གཅིག་མཉམ་གཞག་པས༔ དང་པོ་སྐྱེ་མེད་སྟོང་སང་ངེ༔ བར་དུ་གནས་མེད་ཟང་ཐལ་ལེ༔ ཐ་མ་འགག་མེད་རྗེན་ཅེ་རེ༔ རང་བཞིན་ཡོངས་ཤེས་དྲན་པའི་ངང༔ ཡིད་མིག་རླུང་གསུམ་དབྱེར་མེད་འཇོག༔ འདི་དོན་རྟོགས་ན་དོན་གྱི་དབང༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་དབང་ཆེན་ཟླ་གམ་འབར་བའི་གཞལ་ཡས་ཁང་གི་དབུས་སུ་གཏོར་མ་དཔལ་ཆེན་རྟ་མཆོག་རོལ་པ་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་མངོན་སུམ་དུ་གསལ་བ། ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་དབང་བསྐུར་བ་ལ་བརྟེན། གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་བདུད་རྩིའི་རྒྱུན་དང་བཅས་པ་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་རྩལ་རྫོགས་སུ་ཐོབ་པར་མོས་ཤིག །དཔལ་གཏོར་གནས་ལྔར་བཞག་ལ། ཧྲཱི༔ དང་པོར་ལྷ་ཡི་ངོ་བོར་བསྒྲུབས༔ བར་དུ་ཡེ་ཤེས་གཟི་བྱིན་འབར༔ ཐ་མར་དངོས་གྲུབ་དབྱིག་ཏུ་འཁྱིལ༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་རོ༔ སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་གྱུར། གཏོར་རྫས་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་མྱང་བས་དངོས་གྲུབ་རྣམ་པ་གཉིས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་མའི་ཆ་ཤས་བདུད་རྩི་དང་སྦྱར་བ་བྱིན། མཐའ་རྟེན་བཀྲ་ཤིས་ཚེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་དབང་ཆེན་རྟ་མཆོག་དཔལ༔ སོགས་ལས་བྱང་ནང་ལྟར་ལ། དངོས་གྲུབ་མ་ལུས་སྩོལ་བར་གསལ༔ དེའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་འབྲུ་གསུམ་གསལ་བ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཐིམ་པར་མོས་ཤིག །ཧཱུྃ༔ མི་མངོན་རང་བྱུང་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པའི་རྩལ་ལས་ཤར་བའི་དཀྱིལ་འཁོར་པ༔ པདྨ་དབང་ཆེན་ཚེ་ཡི་ལྷ་ཚོགས་རྣམས༔ འདིར་གཤེགས་འདིར་བཞུགས་བྱིན་ཕོབ་དབང་མཆོག་སྐུར༔ འཁོར་འདས་དྭངས་བཅུད་ཐིག་ལེ་གཅིག་ཏུ་སྐྱིལ༔ དྭངས་མ་ཡེ་ཤེས་གཟི་བྱིན་ཕྱོགས་བཅུར་འཕྲོས༔ སྒྲུབ་པའི་རྫས་ལ་ནུས་པའི་བཅུད་ལེན་ཕོབ༔ འཆི་མེད་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཧ་ཡ་གྲཱི་ཝ་ཨཱ་ཡུརྫྙཱ་ན་ཨཱ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྤོས་རོལ་དབྱངས་བཅས་དབབ་ལ། ཏིཥྛ་བཛྲས་བརྟན་པར་བྱ། སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཚེའི་རྟེན་ཧྲཱིཿནྲྀ་ཨའི་ཡི་གེ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་དབང་མེད་དུ་བསྡུས། འཆི་མེད་ཚེའི་བདུད་རྩི་ཉི་མ་འཆར་ཁའི་མདངས་འོད་ལྟ་བུ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ཅིང་ལས་བྱང་ལྟར་ཚེ་འགུགས་གཏང་། ཚེའི་འབྲང་རྒྱས་ལྷར་གསལ་བ་སྤྱི་བོར་བཞག་པས་སྐུ་མི་འགྱུར་བ་རྟག་པ་དམ་པའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ སྣང་བའི་དངོས་པོའི་རྡོ་རྗེའི་ཚེ༔ མི་འགྱུར་རྟག་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ བརྟན་གཡོའི་དྭངས་མ་མ་ལུས་པ་འདུས་པའི་ཛ་གད་མགྲིན་པར་མྱང་བས་གསུང་མི་འགག་པ་ནཱ་ད་གཞོམ་གཞིག་བྲལ་བ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་ཆང་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ གྲགས་པའི་དངོས་པོ་པདྨའི་ཚེ༔ མི་ཤིགས་དབྱངས་ཀྱི་དངོས་གྲུབ་སྩོལ༔ ཝཱ་ཀ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་འདྲིལ་བའི་རིལ་བུ་སྙིང་གར་བསྟིམ་པས་ཐུགས་མི་ཤིགས་པ་ཀ་དག་འོད་གསལ་ཆེན་པོའི་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ཅིང་མྱང་དུ་གཞུག་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀྱི༔ རིག་པའི་རང་བཞིན་འོད་གསལ་ཚེ༔ འཕོ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿཛཿབྷྲཱུྃ༔ རྒྱས་གདབ་པ་ནི། འཁོར་འདས་ཚེ་བཅུད་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་སོགས་ལས་བྱང་ལྟར། སྲོག་ལྡན་གྱུར༔ བར་བརྗོད། ཚེ་མདས་རྒྱས་གདབ་ལ། ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་འོད༔ བསྡུས་པས་གོང་བུ་གཅིག་ཏུ་འདྲིལ༔ སྙིང་དབུས་མི་ཤིགས་ཐིག་ལེའི་དབུས༔ དབང་ཆེན་རོལ་པའི་རྒྱས་གདབ་བོ༔ ཨ་ཨ་ཨ༔ དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཤིས་བརྗོད་ཅི་རིགས་སྤེལ། དེ་རྣམས་ཀྱིས་དབང་ཆེན་རྟ་མཆོག་རོལ་པའི་སྙིང་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བ་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རྩ་བའི་གཞུང་ཉིད་ལས། དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ ཞེས་སོགས་གཏེར་གཞུང་ལྟར་གསལ་ལ་དག་པར། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ བར་བརྗོད། ཞེས་དཔལ་རྟ་མཆོག་རོལ་པའི་གཞུང་མང་རྒྱ་མཚོ་ལྟ་བུའི་བཅུད་ཀྱི་ཡང་ཞུན་ཟབ་ཁྲིད་ཀྱི་རིམ་པ་འདི་ལ། མཚན་ཉིད་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་དབང་བསྐུར་བས་རྒྱུད་སྨིན་པ་སྔོན་དུ་བཏང་ནས། ཁྲིད་དངོས་ལ་གསུམ། གཞི་གནས་ལུགས་གཏན་ལ་དབབ། ལམ་ཐབས་གྲོལ་གཉིས་ཀྱི་ཏིང་འཛིན་བསྒོམ། དེ་ལས་འབྲས་བུ་རྡོ་རྗེ་གསུམ་མངོན་དུ་འགྱུར་བའི་ཚུལ་གསུམ་གྱིས་བསྡུས་པ་ཡིན་ལ། དང་པོ་གནས་ལུགས་ཀྱི་ལྟ་བ་གཏན་ལ་འབེབ་པ་ལ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་མདངས་སྒྱུ་མའི་དཔེ་གསུམ་གྱིས་བདེན་མེད་དུ་དཔྱད། ནང་འཛིན་པའི་སེམས་ཀྱང་སྟོང་ཉིད་སྤྲོས་བྲལ་འདུས་མ་བྱས་པ་རང་བཞིན་གྱིས་འོད་གསལ་བ། གསལ་སྣང་འཁོར་བ། དེའི་རང་བཞིན་མྱང་འདས་ཏེ་འཁོར་འདས་དབྱེར་མེད་པདྨ་དབང་གི་ལྷར་གདོད་ནས་རང་ཤར་བར་ཐག་བཅད། གཉིས་པ་བསྒོམ་པས་ལམ་དུ་བྱེད་པ་ལ། རྟེན་ཐབས་ཀྱི་ལམ་སྣང་ཞེན་སྦྱོང་བྱེད་བསྐྱེད་པའི་རིམ་པ་ལ་ས་བོན་ལ་སེམས་བཟུང་ཏེ་ཡུལ་གསུམ་གསལ་བ་ན། ལྷ་སྐུ་གཞལ་ཡས་ཁང་བཅས་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ། སྲོག་རྩོལ་སྦྱང་ཕྱིར་སྔགས་བཟླ། མཐར་སྟོང་བཞི་འོད་གསལ་གྱི་ངང་དུ་སྡུད་ཅིང་དེ་ཉིད་རྩལ་སྦྱོང་བའི་ཚུལ་བཅས་བསྟན། དེ་ལ་གོམས་ནས་བརྟེན་པ་ཤེས་རབ་རྫོགས་པའི་རིམ་པ། བྱེད་བཅིང་ལྟ་སྟང་གིས་སོར་སྡུད་བསམ་གཏན་རྡོ་རྗེའི་བཟླས་པ་དང་། བུམ་ཅན་སྦྱོར་བས་སྲོག་དང་འཛིན་པ་ཞུ་བདེ་དང། མཆོག་ཏུ་མི་འགྱུར་བས་རྗེས་དྲན་དང་ཏིང་ངེ་འཛིན་བཅས་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པོ་བསྒོམ་པའི་ཚུལ་མདོར་བསྡུས་ཏེ་བསྟན། གསུམ་པ་དེ་ལྟར་ལམ་བསྒོམས་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་མི་ཕྱེད་རྡོ་རྗེ་གསུམ་གྱི་སྐུ་དང་ཡེ་ཤེས་རྣམ་པ་ཐམས་ཅད་པ་མཆོག་ཏུ་འགྱུར་བའི་ཚུལ་རྣམས་བསྟན་པ་ལགས་པས། རྩེ་གཅིག་ཏུ་ཉམས་སུ་བླངས་ནས་རྒྱུད་ལ་སྦྱོར་བར་མཛད་འཚལ། དེ་རྣམས་ཀྱིས་དབང་ཆེན་རྟ་མཆོག་རོལ་པའི་སྙིང་ཏིག་གི་དབང་ཁྲིད་གཅིག་རྫོགས་སུ་བགྱིས་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་བ་ཕྱིན་དབང་གི་རྗེས་རིམ་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་མ། གཏོར་སྐྱོང་བྲོ་བརྡུང་རྣམས་སོང་ནས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་གཞུང་ལྟར་བྱས་པས་འགྲུབ་བོ། །གཞི་ལམ་འབྲས་བུར་རྟ་སྐད་ཐེངས་གསུམ་གྱིས། །གེགས་མེད་མཉམ་པ་ཉིད་དུ་སྦྱོར་ནས་ཀྱང་། །དབང་ཆེན་རོལ་པའི་ཕྱག་རྒྱས་འཁོར་འདས་ལ། །ཐེབས་ནས་གར་གྱི་དབང་ཕྱུག་ཉིད་གྱུར་ཅིག །དཔལ་རྟ་མཆོག་རོལ་པའི་རྒྱུད་ལུང་མན་ངག་རྒྱ་མཚོའི་བཅུད་འདུས་པའི་སྙིང་ཐིག་ལག་ཏུ་ལེན་པ་ལ་ཉེ་བར་མཁོ་བའི་ཡིག་ཕྲན་འདིའང་། གཏེར་ཆེན་བླ་མ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་པའི་རྩིས་མེད་ཀྱི་རྣལ་འབྱོར་སྤྱོད་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་བསམ་གཏན་གྱི་ཁང་བུར་བཀོད་པ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་གསང་བ་འདུས་པའི་དོན་དབང་ནོར་བུ་ལུགས་བླ་མའི་ཕྱག་བཞེས་འགྲིགས་ཆགས་སུ་བཀོད་པ་འཆི་མེད་བུམ་བཟང་ (Volume 6, Text 29)

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་དོན་དབང་ནོར་བུ་ལུགས་བླ་མའི་ཕྱག་བཞེས་འགྲིགས་ཆགས་སུ་བཀོད་པ་འཆི་མེད་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྣཱ་ཐཱ་ཡ། །སྐྱེ་འཆི་གཉིས་སྤངས་འགྱུར་མེད་རྡོ་རྗེའི་སྐུ། །བདེ་ཆེན་གཟི་འབར་ཨོ་རྒྱན་ཚེ་དཔག་མེད། །གསང་གསུམ་ཟླ་བ་བསྟེན་པའི་བྱིན་རླབས་ཀྱི། །བདུད་རྩིའི་རྒྱུན་གྱིས་མཆོག་གི་ཚེ་དབང་སྩོལ། །འཆི་མེད་མགོན་པོའི་བུམ་བཟང་བཞིན། །ཚེ་མཆོག་སྦྱིན་ལ་མཐུ་ཆེ་བ། །གསང་འདུས་དབང་བསྐུར་སྙིང་པོ་ནི། །བརྒྱུད་པའི་ཕྱག་བཞེས་བཞིན་དུ་བཀོད། །འདི་ཉིད་ཀྱི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པའམ། དབང་བསྐུར་བརྒྱ་རྩ་དོན་གཉེར་བྱུང་བ་ལྟ་བུ་གང་གི་སྐབས་སུའང་བཤམ་བཀོད་དང་དབང་སྒྲུབ་ཀྱི་རིམ་པ་ལས་བྱང་འཆི་མེད་གོ་ཆ་ལྟར་ཚང་བར་བྱ། དེ་སྟེང་ཆང་དང་འོ་མ་མངར་གསུམ་ཟན་སྤོད་སྦྱར་བའི་ཚེ་བུམ་ཟླུམ་པོ་ཚེ་རིལ་གྱིས་བསྐོར་བའང་དཀྱིལ་འཁོར་མདུན་དུ་བཤམ། དབང་བསྐུར་ཚར་གཅིག་ཡིན་ན་སྤྱི་ལྟར་ཚོགས་ལ་མ་རོལ་པའི་གོང་དང་། བརྒྱ་རྩ་སོགས་གྲངས་གསོག་དགོས་ན་ཚོགས་ལྷག་ཡན་གྲུབ་ནས་དབང་ལ་འཇུག་པ་སྟབས་བདེ་བས་ཕྱག་ལེན་དུ་མཛད། གང་ལྟར་དབང་གི་སྐབས་སུ་བསང་ཆུའི་དོད་དུ་ལས་བུམ་བཅས་ཏེ་ཐོག་མ་ནས་བསྒྲུབ། སྐབས་འདིར་ཚེ་ལས་ལ་སྦྱར་བའི་སྙིང་པོ། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་ཅི་འགྲུབ་བཟླས་ཏེ་འཁོར་འདས་དང་ཁྱད་པར་འབྱུང་ལྔའི་བཅུད་ཐམས་ཅད་ཚེ་རིལ་དང་ཚེ་ཆང་ལ་ཐིམ་པར་མོས། དེ་ནས་བདག་དབང་རྒྱས་པར་སྤྲོ་ན་ཚེ་སྒྲུབ་རྡོར་ཕྲེང་ནས་གསུངས་པ་དེ་ཉིད་ཀྱི་དབང་ཆེན་དབུར་འབྱུང་བ་ཉིད་རང་ལུགས་ཡིན་པས་ཤིན་ཏུ་ལེགས་ལ། དེ་མི་ལྕོགས་ན་ལས་བྱང་གཤམ་དུ་འབྱུང་བའི། ཀྱེ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔སོགས་བརྗོད་ལ་བུམ་གཏོར་གྱིས་དབང་བླང་། ཚེ་རྫས་རྣམས་མྱང་བར་བྱའོ། །དེ་ནས་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་གཅོད་སྲུང་འཁོར་ལས་བྱང་ལྟར་བྱ། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང་། ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་ཐམས་ཅད་གནས་སྐབས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་གྲོལ་ཞིང་འཆི་མེད་ཀྱི་རིག་འཛིན་ཐོབ་པ་དང་། མཐར་ཐུག་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་གོ་འཕང་མཆོག་ལ་འགོད་པར་བྱ་བའི་སླད་དུ། འཆི་མེད་ཚེའི་དབང་སྐུར་ཟབ་མོ་གསན་ལ་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ཟབ་མོ་གསལ་བཏབ་ནས་གསན་པར་ཞུ། དེའང་ལྷ་ཆོས་མི་ཆོས་ཐམས་ཅད་བསྒྲུབ་པའི་གཞི། ཁྱད་པར་ཆོས་ལྡན་གྱི་གང་ཟག་དང་བསྟན་འཛིན་སྐྱེས་བུ་རྣམས་ལ་ཤིན་ཏུ་གཅེས་པ་ནི་ཚེ་རིང་དུ་འཚོ་བ་ཡིན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཐོག་མ་ཁོ་ནར་དེ་ཉིད་དོན་དུ་གཉེར་བར་བྱ་དགོས་ཏེ། གསང་འདུས་རྒྱུད་ལས་ཀྱང་། ཐོག་མར་རིག་འཛིན་ཚེ་ཉིད་བསྒྲུབ༔ ཅེས་འགྲོ་དོན་ལས་ཚོགས་ཀྱི་གཙོ་བོར་ཚེ་སྒྲུབ་པ་ཉིད་ཐོག་མར་བསྔགས་ཤིང་། དེའང་བསྒྲུབ་བྱའི་གཞི། སྒྲུབ་བྱེད་ཀྱི་ཐབས། རྣམ་པའི་རྟགས། གསོ་བྱེད་ཀྱི་ཚུལ། གསོ་བའི་སློབ་དཔོན་སོགས་རྣམ་གཞག་རྒྱ་ཆེར་མཆིས་པ་ལས་སྐབས་སུ་བབས་པ་ཚེ་སྒྲུབ་པའི་ཐབས་ལའང་། ཐུན་མོང་ཐུན་མིན་ཁྱད་པར་གྱི་ཚུལ་མཐའ་ཡས་པ་ཞིག་འབྱུང་བའི་ནང་ཚན་ཐུན་མིན་རྡོ་རྗེ་ཐེག་པའི་རིམ་པ་དང་པོ་གཙོར་བཏོན་ཏེ་འཆི་མེད་ཀྱི་ཚེ་སྒྲུབ་ཅིང་ཉམས་པ་གསོ་བར་བགྱིད་པ་ཡིན། དེ་ལའང་དབང་བསྐུར་སྔོན་དུ་འགྲོ་དགོས་པ་མ་ཟད། མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས་དབང་བསྐུར་བ་ཙམ་གྱིས་ཀྱང་མངོན་པར་འདོད་པའི་དོན་དེ་དག་བདེ་བླག་ཏུ་སྒྲུབ་པར་ནུས་པས་དེ་ལྟ་བུའི་ཆོ་གའི་རིམ་པ་བསྒྲུབ་པར་བགྱི་བ་ཡིན། དེ་ལའང་གསར་རྙིང་བཀའ་གཏེར་གྱི་ལུགས་སྲོལ་རྒྱ་མཚོ་ཙམ་ཞིག་བཞུགས་པའི་ནང་ནས་སྔ་འགྱུར་ཟབ་མོ་གཏེར་གྱི་ཕྱོགས། ཆོས་རྒྱལ་རཏྣ་གླིང་པས་སྤྱན་དྲངས་པའི་ལྷོ་གཏེར་རིན་ཆེན་འབྲས་བུའི་ཆོས་སྡེ། ཟབ་མོ་འདུས་པ་སྐོར་བཞིའི་ཡ་གྱལ། མཚན་ཙམ་གྱིས་ཀྱང་རྩོད་དུས་སྐྱེ་དགུ་ལ་དབུགས་དབྱུང་སྟེར་བ། ཚེ་སྒྲུབ་གསང་བ་འདུས་པ་ཞེས་བྱ་བ་གཏེར་སྟོན་ཡབ་སྲས་ནས་ད་ལྟའི་བར་དུ་འདི་ཉིད་ཉམས་སུ་བླངས་ཚད་དུས་མིན་འཆི་བའི་གཡུལ་ལས་རྒྱལ་ཞིང་སྐུ་ཚེའི་དངོས་གྲུབ་བརྙེས་པ་ཤ་སྟག་ཏུ་བྱོན་པ་སོགས་ཁྱད་པར་དུ་མས་འཕགས་ཤིང་བྱིན་རླབས་ཀྱི་དྲོད་ཚད་ཡིད་ཆེས་སུ་སྟེར་བར་མཛད་པ་འདི་ཉིད་ཀྱི་དབང་བསྐུར་སྙིང་པོ་དོན་དབང་ནོར་བུ་ལུགས་གཏོར་དབང་དང་འབྲེལ་བར་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་ལེགས་པར་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་རེ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཚེ་དཔག་མེད་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ནི༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ ཚེ་དཔག་མེད་པ་རྒྱལ་བའི་སྐུ༔ མི་བྱེད་དད་པས་ཕྱག་འཚལ་ལོ༔ གསང་བ་ཚེ་ཡི་དཀྱིལ་འཁོར་དུ༔ ཁྱེད་ཀྱིས་བདག་ཅག་གཞུག་ཏུ་གསོལ༔ འཆི་མེད་རྡོ་རྗེའི་དམ་ཚིག་མཆོག༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་ཞུ། རིགས་བརྟག་ཅིང་རྡོ་རྗེའི་དམ་ཚིག་དྲི་བ་དང་དྲིས་ལེན་གྱི་སྒོ་ནས་འཛིན་དུ་བཅུག་པ་འདི་ལ་གསན་འཚལ། ཁྱེད་ཅག་སུ་ཡིན་འདོད་དོན་གང༔ ཇི་ལྟར་སྣོད་དང་ལྡན་པ་ཡིས༔ དམ་ཚིག་བཀའ་ལས་མི་འདའ་ཞིང༔ ཚུལ་བཞིན་བསྒྲུབ་པར་སྤྲོ་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འབུལ་བར་ཞུ། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་ཀྱི་བཀའ་ལས་མི་འདའ་ཞིང༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ རྡོ་རྗེའི་ཚེ་མཆོག་བསྩལ་དུ་གསོལ༔ མེ་ཏོག་འཐོར། བླ་མ་མགོན་པོ་ཚེ་དཔག་ཏུ་མེད་པ་གསང་བ་འདུས་པའི་དཀྱིལ་འཁོར་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་མདུན་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསག་སྦྱོང་གི་ཐབས་ཁྱད་པར་དུ་འཕགས་པ་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་སོ་སོའི་བསྒོམ་དོན་གསལ་འདེབས་བཞིན་དུ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཧྲཱི༔ བླ་མ་ཚེ་དཔག་མེད་པ་དང༔ སོགས་ལས་བྱང་ལྟར་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་ནས་དབང་གི་གཞི་འགོད་པ་ལ། འདི་ནི་བྱིན་རླབས་ཀྱི་རྩ་བ་ཏིང་ངེ་འཛིན་དམིགས་པའི་དབང་ཁོ་ན་ཡིན་པས༔ དམིགས་པ་འདི་ཉིད་ཁོ་ན་བསྒོམ་མོ༔ སློབ་མ་རང་རང་དམ་ཚིག་གི་ཚེ་དཔག་མེད་དུ་གསལ་བའི་སྙིང་གར༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་རེ་སྒོམས༔ དེའི་ལྟེ་བའི་སྟེང་དུ༔ འོག་ཉི་མ༔ སྟེང་ཟླ་བ༔ ཉི་ཟླའི་གྭའུ་ཁ་སྦྱར་བ་གཅིག་སྒོམས༔ དེའི་ནང་དུ་སྲོག་མི་འགྱུར་བའི་ཡི་གེ་ནྲྀཿལྗང་གུ་གཅིག་སྒོམས༔ འོད་ཟེར་ཁ་དོག་ལྔ་དང་ལྡན་པ༔ འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་སྡུད་པའི་ནུས་མཐུ་དང་ལྡན་པ༔ དེའི་གཡས་ཕྱོགས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ༔ གཡོན་ཕྱོགས་ན་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་དང་གསུམ་གནས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་སྒོམས༔ དེའི་སྤྱི་བོ་མགྲིན་པ་སྙིང་ཁ་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས༔ བདེ་བ་ཅན་ནས་ཚེ་དཔག་ཏུ་མེད་པ་འཁོར་རྒྱལ་བ་རྒྱ་མཚོ་དང༔ རྔ་ཡབ་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག༔ སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཚེ་ལ་དབང་བའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་མགྱོགས་མ་དང༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ འཁོར་འདས་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་ཀུན་བསྡུས་ནས༔ སྐལ་ལྡན་རྣམས་ལ་བྱིན་ཕོབ་ཅིག༔ ཚེ་དང་དཔལ་གྱི་འོད་ཟེར་འབར༔ དཀྱིལ་འཁོར་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ལ་དབང་ཆེན་སྐུར༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ལས་བྱང་གི་བྱིན་འབེབ་བྱ། དེ་ནས་དབང་བསྐུར་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག༔ ཨོ་རྒྱན་མགོན་པོ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེ་བཅུད་ཀྱིས་གང་བར་བསྒོམ། ཚེའི་ཕོ་ཉ་ལྷ་མོ་བཞི། མགྱོགས་མ་བཞི་དང་སྒོ་མ་རྣམས་ཀྱིས་རང་རང་གི་བུམ་པར་ཚེའི་བཅུད་ཐམས་ཅད་བསྡུས་ཤིང་དཀྱིལ་འཁོར་གྱི་བུམ་པར་སིབ་རུག་རུག་བླུགས་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སོགས་ལས་བྱང་ལྟར་ཨཱ་ཡུ་ཤེ་ཛྙཱ་ན་ཛ་ཛ༔ཞེས་པའི་བར་བརྗོད། སྔགས་ཉེར་གཅིག་བཟླ། གོང་གི་ལྷ་མོ་རྣམས་ཀྱིས་ཚེ་ནམ་མཁའི་མཐའ་དང་མཉམ་པ་ནས་བསྡུས་ཏེ། གཙོ་བོའི་བུམ་པར་སིབ་རུགས་སེ་བླུགས་ཤིང་ཁྱེད་རང་རྣམས་ལའང་དབང་བསྐུར་བར་མོས་ཤིག །བུམ་པ་ཐོགས་ལ། ཧྲཱིཿ ཚེ་ཡི་ལྷ་མོ་རྣམས་ཀྱིས་བུམ་པ་ནས། །བཅུད་རྣམས་དལ་གྱིས་བུམ་པར་སིབ་ཀྱིས་བླུགས། །ཆིལ་གྱིས་བཀང་ནས་རྣལ་འབྱོར་བདག་ཅག་ལ། །སྔགས་སྒྲ་ཏིར་ཏིར་དབང་བསྐུར་ཚངས་བུག་ནས། །བདུད་རྩི་བབས་པས་རང་ལུས་ལྟེམས་སེ་གང། །བུམ་པའི་མཆུ་ནས་དཀར་ན་ར་ར་བབ་པར་བསམས་ལ། ཚེ་དཔག་མེད་ཀྱི་མཉམ་གཞག་བུམ་པ་ནས། །འཆི་མེད་ཡེ་ཤེས་བདུད་རྩི་བབས་པ་དང་། །ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས། །བྱང་སེམས་དཀར་དམར་རང་གི་ཚངས་བུག་བབས། །གསང་གནས་ཡན་ཆད་རྐྱལ་པ་ཞོས་བཀང་ལྟར། །གང་ནས་ལུས་ལ་བཀྲག་མདངས་གཟི་བརྗིད་འབར། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿཔདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ༔ ཧཱ་ཀརྨ་ཀཱ་ཡ་ཨཱ་བྷི་ཥིཉྩ་ཧཱ༔ དེ་ལྟར་དབང་བསྐུར་བས་ནི་ལུས་ཀྱི་ནང་། །བདུད་རྩི་འོ་མ་ལྟ་བུའི་བཅུད་རྣམས་ཀྱིས། །གང་བའི་དྭངས་མའི་དྭངས་མ་ཡང་སྙིང་ཀུན། །སྙིང་གའི་ཉི་ཟླའི་གྭ་འུ་ཁ་བྱེ་བས། །ཡེ་ཤེས་རླུང་བྱུང་འུབ་འུབ་བསྡུས་ནས་ཀྱང་། །རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་འདུས་པ་ལྟར། །གྭའུཡི་ནང་གི་ཡིག་འབྲུ་གསུམ་ལ་ཐིམ། །བཀྲག་མདངས་གཟི་བརྗིད་འོད་ཟེར་འབར་བར་གྱུར། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་བསོད་དཔལ་འབྱོར། དབང་ཐང་། ཆུས་སྲིད། བྱིན་རླབས་ནུས་མཐུ་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་སྲོག་ཤིང་། ལུས་རྡོ་རྗེའི་བྲག་ལྟར་སྲ་ཞིང་། ཚེ་ཉི་ཟླ་དང་མཉམ་པར་མོས་ཤིག །སླར་ཡང་ཡུམ་ལྔའི་སྤྲུལ་པས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཐམས་ཅད་དང་། ལྷ་དང་དྲང་སྲོང་། རིག་འཛིན་ཀླུ་དབང་། འགྲོ་བ་མིའི་སྲོག་ནྲྀཿདང་། ནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་ཁྱེད་རང་རྣམས་དང་བུམ་པ་ལ་སིབ་སིབ་ཐིམ། ཡང་འོད་དུ་མེ་རེ་རེ་འདུས་ནས། བ་སྤུའི་བུ་ག་ལ་སིབ་སིབ་ཐིམ་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་གདིང་སྐྱེད་ཅིག །སླར་ཡང་བུམ་པའི་དབང་བསྐུར་ལ། ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔སོགས་ནས། ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས། བར་བརྗོད། སླར་ཡང་ཚེ་ལྷ་རིག་འཛིན་རྣམས་ཀྱི་ཐུགས་དམ་ཐ་ཚིག་གནད་ནས་བསྐུལ་ཏེ་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཚེ་བདག་གཙོ་འཁོར་ཚེའི་རིག་འཛིན་རིགས་ཀྱི་ལྷ་མོ་རྣམས་ཀྱིས། དུས་གསུམ་གྱི་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་འཕགས་ཚོགས་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྐུའི་བྱིན་རླབས་བརྒྱུད། མགུལ་གྱི་བུམ་པ། ཐུགས་ཀྱི་དཔལ་བེའུ་ནས་ཚེའི་དྭངས་མ། བཅུད་ཀྱི་ས་བོན། བྱིན་རླབས་ཀྱི་ངོ་བོ་ཡེ་ཤེས་ཀྱི་སྙིང་པོ་རྣམས་བཀུག་ནས་རྣམ་པར་ཤེས་པ་ནྲྀཿལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་མོས་ཤིག །ཧཱུྃ་ ཐུགས་དམ་ཆེན་པོའི་དུས་ལ་བབ༔སོགས་ནས། རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །བར་ལས་བྱང་ལྟར་བརྗོད། ཚེ་བུམ་ཐོགས་ལ། ཚེ་བུམ་དང་ཚེ་གཏོར། ཚེ་དཔག་ཏུ་མེད་པར་གསལ་བའི་བུམ་པ་ནས༔ འཆི་མེད་ཀྱི་བདུད་རྩི་བབས་པ་དང་། ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས་པ་སྦྲག་སྟེ༔ སྤྱི་བོ་ཚངས་པའི་བུ་ག་ནས་ལུས་རིམ་པར་གང་སྟེ༔ དཔེར་ན་རྐྱལ་པ་ཞོས་གང་བ་ལྟར་གྱུར་པ་ལས༔ དེ་ནས་ཚེའི་ངོ་བོ་བཅུད་ཀྱི་ཡང་བཅུད༔ དྭངས་མའི་དྭངས་མ་ཐམས་ཅད་ཆུ་ཧུབ་ཀྱིས་དྲང་བའམ༔ རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར༔ ཚེའི་བཅུད་དྭངས་མ་ཐམས་ཅད་ནྲྀཿཡིག་ལ་སིབ་སིབ་ཐིམ་པས༔ སླར་ཡང་བཀྲག་མདངས་འོད་དུ་འབར་ཏེ༔ འོད་ཟེར་བ་སྤུའི་བུ་ག་ནས་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འུབ་ཀྱིས་བསྡུས་ཏེ༔ སླར་ཡང་ནྲྀཿཡིག་འབྲུ་གསུམ་དང་བཅས་པ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ སྐུ་ནི་ནམ་མཁའི་རྡུལ་བག་མེད༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པ་འཆི་མེད་བདུད་རྩིས་བཀང༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དབང༔ སྐལ་ལྡན་བུ་ལ་ཡོངས་རྫོགས་སྐུར༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུགས་ཤིང་སླར་ཡང་སྤྱི་བོར་བཞག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེའི་དབང་མཆོག་དམ་པ་འདི་བསྐུར་བས༔ ཨཱོཾ་ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེར་གྱུར་ཅིག༔ མི་འགྱུར་བ་གཡུང་དྲུང་དུ་གྱུར་ཅིག༔ ཕྱི་འབྱུང་བ་ལྔའི་བཅུད་རྣལ་འབྱོར་པའི་ལུས་ལ་བསྟིམས༔ ནང་འབྱུང་བ་མི་འགྱུར་བ་རྡོ་རྗེའི་ཚེ་དབང་ཐོབ་སྟེ༔ སྐྱེ་ཤི་མེད་པ་རྡོ་རྗེ་ཚེའི་དབང་ཐོབ་པར་གྱུར་ཅིག༔ ཚེ་གཏོར་ཐོགས་ལ། ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞག་འཁྱིལ་པའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་དཔལ་གྱི་འཕྲོ་འདུར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱཿཡུ་ཤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག །འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་པའི་འཆི་མེད་ཚེའི་བདུད་རྩི་དང་། བཅུད་ལེན་དངོས་གྲུབ་ཀྱི་དམ་རྫས་ལ་རོལ་པས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་སྙིགས་མའི་ཕུང་ཁམས་སྐྱེ་མཆེད་འཆི་མེད་རྡོ་རྗེའི་ལུས་སུ་གནས་གྱུར་པར་སྒོམས་ཤིག །ཚེ་ཆང་སྦྱིན་ལ། ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་ན༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་བསྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམ༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཚེ་རིལ་ཚིག་དེ་ཉིད་ལ། དམ་རྫས་ཚེ་ཡི་རིལ་བུ་འདིས༔ ཞེས་ཁ་བསྒྱུར་བས་སྦྱིན། དེ་ནས་བླ་རྟེན་མདའ་དར་གཏད་ལ། ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛོད༔ གཡུ་ནི་ཟ་མ་མོ་ཡི་རྟེན༔ བལ་ནི་ལོངས་སྤྱོད་གཡང་གི་རྒྱུ༔ ཤྭ་ནི་བྱིས་པ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱིས་པའི་བླ་རྟེན་ཆུང་ལ་གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཅེས་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཉི་ཟླའི་གྭའུ་ཁ་བསྒྲིགས་ཏེ༔ འོག་ནས་རྒྱ་གྲམ་གྱི་རྭ་བཞི་གྱེན་ལ་ལངས༔ བསྣོལ་མར་རྒྱས་བཏབ༔ དེའི་སྟེང་དུ་ཚེ་དཔག་མེད་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག༔ འགྱུར་མེད་དབང་རྟགས་སུ་བཞུགས་པར་བསྒོམ་མོ༔ དེ་ནས་བདག་ཉིད་བཀྲག་མདངས་འོད་དུ་འབར༔ བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་ཞིང༔ ལོ་བརྒྱའི་བར་དུ་འཆི་མེད་ཚེའི་རིག་འཛིན་ཐོབ་པར་ངེས་ཤེས་བསྐྱེད་པར་མཛོད༔ དེ་ནས་ཚར་གཅིག་རྐྱང་པ་ཡིན་ན་འོག་གི །ཧཱུྃ་ཏྲ་ཏྲ་ཤག་སོགས་ལ་འཇུག་ཅིང་དེ་ཕྱིན་ཆད་མཐར་དབྱུང་བས་ཆོག །གལ་ཏེ་དབང་བརྒྱ་སོགས་གྲངས་གསོག་དགོས་ན་འདི་མཚམས་བཀྲ་ཤིས་ཤྭ་ལོ་ཀ་གཅིག་བརྗོད། སླར་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་གསན་པའི་སླད་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་གཞུག །དེ་ནས་དབང་དངོས་ལ་འབྲིང་བསྡུས་གཉིས་ལས་འབྲིང་པོ་བྱེད་ན། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་སོགས། ཁྱེད་ཅག་སུ་ཡིན་སོགས། འདིའི་རྗེས་ཟློས་མཛོད། བདག་ཅག་སྐལ་ལྡན་སོགས། སྐྱབས་སེམས་ཡན་ལག་བདུན་པའི་རྗེས་ཟློས་ཆབས་ཅིག་ཏུ་བྱེད་པར་མོས་ཤིག །ཧྲཱི༔ བླ་མ་ཚེ་དཔག་མེད་པ་སོགས། འདི་ནི་བྱིན་རླབས་ཀྱི་རྩ་བ་སོགས་ནས། དཔག་ཏུ་མེད་པ་འཕྲོ་བར་སྒོམས༔ ཧྲཱིཿ ཚེ་ཡི་ལྷ་མོ་རྣམས་ཀྱིས་བུམ་པ་ནས། །སོགས་ནས། གཟི་བརྗིད་འོད་ཟེར་འབར་བར་གྱུར། །བར་གྱིས་བུམ་དབང་བསྐུར། ཚེ་བུམ་དང་ཚེ་གཏོར། ཚེ་དཔག་ཏུ་མེད་པར་གསལ་བའི་སོགས་ནས། རྡོ་རྗེ་ཚེའི་དབང་ཐོབ་པར་གྱུར་ཅིག༔ བར་གྱིས་ཚེ་བུམ་གྱི་དབང་དང་། ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ སོགས་ཀྱིས་གཏོར་མ། ཧཱུྃ༔ རྩ་ཁམས་དག་པ་སོགས་ཚོ་གཉིས་ཀྱིས་ཚེ་ཆང་ཚེ་རིལ། ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ སོགས་ཀྱིས་མདའ་དར་གཏད། དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཉི་ཟླའི་གྭའུ་སོགས་ནས། འཆི་མེད་ཚེའི་རིག་འཛིན་ཐོབ་པར་ངེས་ཤེས་བསྐྱེད་པར་མཛོད༔ ཡན་དང་ཤིས་བརྗོད་ཤྭ་ལོ་ཀ་གཅིག་བྱ། སླར་མཎྜལ་ནས་བརྩམ་སྟེ་གྲངས་བཟུང་བ་ཡིན་ལ། གལ་ཏེ་བསྡུས་པ་ལ་མོས་ན་གཏོར་དབང་པྲ་ཁྲིད་དང་། བུམ་དབང་མི་སྦྱར་བར། དོན་དབང་ཁ་རྐྱང་ལ་གྲངས་གསོག་པར་བྱ་བ་ཡིན་པས་གོང་གི་དབང་རྒྱས་པ་ཚར་གཅིག་དང་། སླར་མཎྜལ་ཕུལ་བའི་འཕྲོས་སུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་སོགས། ཁྱེད་ཅག་སུ་ཡིན་སོགས། འདིའི་རྗེས་ཟློས་མཛོད། བདག་ཅག་སྐལ་ལྡན་སོགས། འདི་ནི་བྱིན་རླབས་ཀྱི་རྩ་བ་སོགས་ནས། དཔག་ཏུ་མེད་པ་འཕྲོ་བར་སྒོམས༔ དེ་ནས་ཚེ་བུམ་དང་ཚེ་གཏོར། ཚེ་དཔག་ཏུ་མེད་པར་གསལ་བའི་སོགས་ནས། རྡོ་རྗེ་ཚེའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཉི་ཟླའི་གྭའུ་སོགས་ནས། ངེས་ཤེས་བསྐྱེད་པར་མཛོད༔ བར་གྲངས་གསག་པར་བྱའོ། །རྒྱས་བསྡུས་གྲངས་གསོག་གང་ལྟར་བྱས་ཀྱང་གྲུབ་པའི་སྐབས། དེ་མཐར། ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཞེས་བརྟན་བྱེད་ཀྱི་སྔགས་བརྒྱའམ་ཉེར་གཅིག་བརྗོད། དེ་ནས། ཧཱུྃ༔ སྙིང་པོ་བརྟན་པ་སོགས་ནས། དོན་རྟོགས་ཤོག༔ ཧཱུྃ༔ དམ་ཚིག་ཆེན་པོའི་སོགས་དང་། མདའ་དར་གཡབ་ལ། ཨོཾ༔ སྐུ་ཡི་སྐུ་སྟེ་སོགས་ནས། ཨཱ་ཡུརྫྙཱ་ན་ཧཱུྃ་ཧྲཱི༔ བར་ལས་བྱང་ལྟར་བརྗོད་ཅིང་མེ་ཏོག་འཐོར། ཚེ་ལྷ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་རྡོ་རྗེའི་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག །ཧྲཱིཿ ནམ་མཁའ་ཇི་སྲིད་འཆི་བ་མེད། །སོགས་ཤིས་བརྗོད་རྒྱས་པར་བྱ། སླར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་རྡོ་རྗེའི་བདེན་ཚིག་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སོགས་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་དག་གིས་ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དོན་ཟབ་གནད་དུ་དྲིལ་བའི་དབང་བསྐུར་ནོར་བུ་ལུགས་དང་གཏོར་དབང་སོགས་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་ཐོབ་པ་ཡིན་པས་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་། སྲོག་གཅོད་རྟེན་གསུམ་གཞིག་གཞོམ་སོགས་སྤང་བྱ། སྲོག་བསྐྱབ་དང་རྟེན་གསུམ་གསོ་བ་སོགས་བསྒྲུབ་བྱ་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་ཞིང་ཨོ་རྒྱན་ཚེ་དཔག་མེད་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་ཏུ་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སླར་རང་ཉིད་ཀྱི་ནུས་པ་མི་ཉམས་པའི་སླད་དུ་ལོངས་ཁྱབ་དང་ལྡན་ན་ལས་བྱང་བསྙེན་བཟླས་བསྐྱར་ཏེ་བདག་དབང་བླང་། གང་ལྟར་ཡང་ལས་བྱང་མཇུག་ཆོག་མཐར་དབྱུང་ངོ་། །གལ་ཏེ་ཆགས་མེད་ལུགས་ཀྱི་འཆི་བསླུ་དང་སྦྲེལ་ན་གྭའུའི་བསྙེན་པ་གྲུབ་མཚམས་དབང་ལ་འཇུག །ཧཱུྃ༔ ནམ་མཁའི་དབྱིངས་ནས་སོགས་ཀྱི་སྐབས་སུ་གྭའུ་ལྔ་སོ་སོར་གཏད་པ་ཙམ་ལས་གོང་ལྟར་དབང་རྒྱས་པར་བསྐུར་ཞིང་དབང་གྲུབ་མཚམས་ཚོགས་སྐོང་དང་རྗེས་ཆོག་བྱ། བླ་བསླུ་དང་སྦྲེལ་ན་མདོས་བོར་གྲུབ་མཚམས་དབང་ལ་འཇུག །བླ་ལུག་སོགས་བླ་རྟེན་རྣམས་མདའ་དར་དང་མཉམ་དུ་གཏད། དབང་གྲུབ་ནས་ལས་བྱང་གི་རྗེས་ཆོག་རྣམས་བྱའོ། །གཞན་ཕན་ཐུགས་བསྐྱེད་ཅན་གྱི་སྨན་ཡོན་དུ། །གྱུར་ནས་འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ། །དམ་པའི་སྐྱེས་བུའི་སྐུ་ཚེ་རྟག་བརྟན་ཅིང་། །དོན་གཉིས་མཐར་ཕྱིན་འཆི་མེད་མགོན་མཚུངས་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ཀྱི་བཀའ་བབས་པའི་རིག་འཛིན་བླ་མ་བརྒྱུད་པ་དང་བཅས་པའི་རྒྱུན་གྱི་ཕྱག་བཞེས་ཇི་ལྟ་བར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྒྱས་པའི་ཕྱོགས་ཀྱི་ཚེས་བཟང་པོར་སྦྱར་བ་དགེ་ལེགས་འཕེལ།། །།

དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ་ (Volume 25, Text 29)

༄༅། །དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། ཉིན་བྱེད་འབུམ་གྱི་སྣང་བ་ལས་ལྷག་ཅིང་། །དུས་མཐའི་འབར་བྱེད་ཀྱིས་ཀྱང་མི་དཔོག་པའི། །རབ་དམར་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པའི། །རྟ་མགྲིན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །དེ་ཉིད་མཆོད་པའི་ཆོ་ག་ཡན་ལག་བཅས། །མ་ཚང་མེད་པ་གསལ་བར་བརྗོད་འདོད་ཀྱིས། །ཡི་དམ་སྲུང་མ་གནས་གསུམ་མཁའ་འགྲོའི་ཚོགས། །རྗེ་བཙུན་བླ་མ་མགོན་བཅས་འདིར་བྱིན་རློབས། །འཕྲིན་ལས་ཀུན་གྱི་འདོད་འཇོ་ཞིང་། །དྲེགས་ལྡན་མ་ལུས་འདུལ་བ་དང་། ཁམས་གསུམ་དབང་ཕྱུག་ཆེར་འགྱུར་ཞིང་། །བདུད་རྣམས་ཉམས་པར་བྱེད་པ་འོ། །འདིར་དབེན་པའི་གནས་སུ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ། བླ་བྲེ་ལ་སོགས་པས་མཛེས་པར་བྱས། བྲིས་སྐུའི་མདུན་དུ་སྟེགས་བུ་ལ་རྟེན་གཏོར་རྩ་བ་ཟླུམ་པོ། རྩེ་མོ་གྲུ་གསུམ་སྨུག་རྩིས་ཁ་བསྒྱུར་བ། རྩེ་མོར་རྟ་མགོས་མཚན་པ་དང་། སྟེགས་བུ་གཞན་ལ་གཏོར་མ། མཆོད་པ། སྨན་རཀ་ཕུད་སོགས་ལེགས་པར་བཤམས་ལ། གཉིས་པ་ཆོ་ག་ལ་སྡོམ་ནི། སྐྱབས་སེམས་སྔོན་འགྲོ་གཏོར་མ་དང་། །མཚམས་གཅོད་རྒྱལ་ཆེན་གཏོར་མ་དང་། །ཚོགས་གསོག་ཚད་མེད་ཐུགས་བསྐུལ་དང་། །བདག་བསྐྱེད་བཟླས་པ་རྫས་བྱིན་བརླབ། །སྣོད་བསྐྱེད་སྤྱན་འདྲེན་ཕྱག་འཚལ་དང་། །བཞུགས་གསོལ་མཆོད་ཚོགས་སྨན་རཀ་དང་། །སྐོང་གསོ་བསྟོད་པ་བཤགས་པ་དང་། །གཏོར་མ་ཚོགས་འཁོར་རྗེས་ཆོག་གོ །ངག་འདོན་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་སྐྱབས་སུ་མཆི། །ཞི་བ་ཆོས་དབྱིངས་བསམ་མི་ཁྱབ། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐེག་གསུམ་འཕགས་པ་ཕྱིར་མི་ལྡོག །དགེ་འདུན་ལ་ཡང་སྐྱབས་སུ་མཆི། །ལན་གསུམ། དེང་ནས་བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །བྱང་ཆུབ་སྤྱོད་པ་ཐམས་ཅད་རབ་སྤྱོད་ལ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མཆོག་ཐོབ་ཤོག །ལན་གསུམ། སྙིང་པོས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རཾ་ཡཾ་ཁཾ། །རཾ་གྱི་མེས་བསྲེགས་ཡཾ་གྱིས་གཏོར། ཁཾ་གྱིས་བཀྲུས་ཤིང་དག་པར་གྱུར། །ཨོཾ་ལས་རིན་ཆེན་འབར་བའི་སྣོད། །ཟབ་ཅིང་རྒྱ་ཆེ་ཧཱུྃ་ཡིག་ལས། །གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བྷཱུ་ཏེ་བྷྱོ་ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །གཏོར་མ་རྒྱ་ཆེན་འདི་ལོངས་ལ། །མ་འཚེ་བར་ནི་གཞན་དུ་དེངས། །དེ་ནས་བདེན་བརྡར་ཅི་རིགས་པ་བརྗོད་ལ། དྲག་སྔགས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །རང་གི་སྙིང་ག་ནས་རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་ལ་སོགས་པ་མཚོན་ཆ་མེ་དཔུང་འབར་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། གཡས་སྐོར་དུ་ལན་གསུམ་དུ་བསྐོར་བས། གནོད་བྱེད་ཐམས་ཅད་ཐལ་བར་བརླག་པར་བྱས་ནས་རིམ་པ་བཞིན་དུ། རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་རྣམས་ཀྱིས་ས་གཞི་ར་བ་དྲ་བ་གུར་བླ་བྲེ་མེ་དཔུང་འབར་བ་དང་བཅས་པར་གྱུར། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་འཁོར་ལོའི་བླ་བྲེ་ལ། །འོག་ཀྱང་འཁོར་ལོའི་ས་གཞི་སྟེ། །ཕྱོགས་མཚམས་འཁོར་ལོ་འབར་བས་གཏམས། །འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨོཾ་ཙཀྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་བེ་ཅོན་བླ་བྲེ་ལ། །འོག་ཀྱང་བེ་ཅོན་ས་གཞི་སྟེ། །ཕྱོགས་མཚམས་བེ་ཅོན་འབར་བས་གཏམས། །བེ་ཅོན་མཚམས་ལས་མ་འདའ་ཞིག །ཨོཾ་དཎྜ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་རལ་གྲིའི་གུར་ཁང་ལ། །འོག་ཀྱང་རལ་གྲིའི་ས་གཞི་སྟེ། །ཕྱོགས་མཚམས་རལ་གྲི་འབར་བས་གཏམས། །རལ་གྲིའི་མཚམས་ལས་མ་འདའ་ཞིག །ཨོཾ་ཁད་ག་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་རྒྱ་གྲམ་བླ་བྲེ་ལ། །འོག་ཀྱང་རྒྱ་གྲམ་ས་གཞི་སྟེ། །ཕྱོགས་མཚམས་རྒྱ་གྲམ་འབར་བས་གཏམས། །རྒྱ་གྲམ་མཚམས་ལས་མ་མདའ་ཞིག །ཨོཾ་ན་ན་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ། དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམ། །སྲིད་པའི་ཡེ་ཤེས་ཁྲོ་བོ་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ་འོ། །ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཀྵ་རཀྵ་ཛྭ་ལ་རཾ་ཧཱུྃ། རྒྱལ་ཆེན་བཞིའི་གཏོར་མ། བཛྲ་ཡཀྵས་བསང་། རྡོ་རྗེ་མེའི་སྔགས་རྒྱས་བསྲེག །རྡོ་རྗེ་བསྡམས་པའི་ཕྱག་རྒྱ། ཨ་ཀཱ་རོའི་སྔགས་དང་བཅས་པས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་དྷྲྀཥྚ་རཥྚཱ་ཡ། བྷེ་རུ་ཌྷ་ཀཱ་ཡ། བྷི་རུ་པཀྵ་ཡ། བཻ་ཤྲ་བ་ཎཱ་ཡ། ས་པ་རི་ཝཱ་ར་ཨརྒྷཾ། པ་དྱཱཾ། ཨོཾ་དྷྲྀཥྚ་རཥྚ་སོགས་སྔོན་དུ་འགྲོ་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཕུལ། ཨོཾ་དྷྲྀཥྚ་སོགས་སྔོན་དུ་འགྲོ་བས། པུཥྤེ་ནས་ཤབྡའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་མཚུངས་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་སྤྱན་མི་བཟང་། །བྱང་ཕྱོགས་ན་ནི་རྣམ་ཐོས་སྲས། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །སྡེ་བོ་ཆེ་ལ་སྟོབས་བོ་ཆེ། ཁ་དོག་ལྡན་ཞིང་གཟི་བརྗིད་ཆེ། །བཀའ་ཡི་གཏོར་མ་འདི་ལོངས་ལ། །དཀྱིལ་འཁོར་སྒྲུབ་པའི་གྲོགས་མཛད་དེ། །བར་ཆད་ཐམས་ཅད་བསྲུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བླ་མ་དང་དཔལ་པདྨ་དབང་ཆེན་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཆགས་མེད་སྐུ་ནི་ནུབ་ཀའི་དམར་མཐའ་ལྟར། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ རྙིང་མ་བ་སྤྱི་ལ་བདག་མདུན་དབྱེར་མེད་དུ་བྱེད་པ་མང་ན་ཡང་། འདི་ལ་ངེས་པར་སོ་སོར་མཛད་པ་ལ་བར་འདིར་བདག་བསྐྱེད་མངོན་རྟོགས་ཇི་ལྟ་བ་བཞིན་བསྒོམས་ལ། བཟླས་པ་ཅི་འགྲུབ་བྱའོ། །ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །དམ་ཚིག་བསྲུང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྟོབས་སྩོལ་ཅིག་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་སྩོལ་ཅིག་བཅོམ་ལྡན་འདས། །བྱིན་ཆེན་བྱིན་རླབས་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་རྣམས་སྩོལ་ཅིག་བཅོམ་ལྡན་འདས། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། ཨོཾ་བཛྲ་ཨཾ་གུ་ཤ་ཛ་ཛཿ མཆོད་རྫས་ཀྱི་དྲི་མ་རྣམས་རཾ་གྱི་མེས་བསྲེགས། ཡཾ་གྱི་རླུང་གིས་གཏོར། ཁཾ་གྱི་ཆུས་བཀྲུས། ཨོཾ་གྱིས་དག་པར་བྱས། ཨཱཿཡིས་སྤེལ། ཧཱུྃ་ཡིག་རྣམས་ལས་བྱུང་བའི་མཆོད་ཡོན་མ་དཀར་མོ། མེ་ཏོག་མ་སེར་མོ། བདུག་སྤོས་མ་དཀར་མོ། མར་མེ་མ་དམར་སྐྱ། དྲི་ཆབ་མ་ལྗང་ཁུ། ཞལ་ཟས་མ་སེར་མོ། རོལ་མོ་མ་ཁ་དོག་སྣ་ཚོགས་པ་རྣམས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་དཀར་སྔོ་སེར་དམར་ལྗང་མོ་མཆོད་རྫས་དཔག་ཏུ་མེད་པ་ཐོགས་པ་རྣམས་ཀྱིས་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་རོལ་མོའི་སྒྲ་བྱ། ཨོཾ་ཨ་རཱུ་པ་བཛྲི་ཎི་ཧཱུྃ། ཤབྡ། གནྡྷེ། ར་ས། སྤར་ཤེ་བཛྲི་ཎི་ཧཱུྃ། ནང་མཆོད་གཏོར་མ་རཀྟ་རྣམས་སྟོང་པའི་ངང་ལས། རཾ་ཡཾ་ཁཾ་གིས་དྲི་མ་སྦྱང་། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། རླུང་གཡོས་མེ་སྦར་རྫས་རྣམས་བཞུ་ཞིང་བསྐོལ། རླངས་པ་ཧཱུྃ་ཨོཾ་སྭཱ་ཧཱ་ཨཱ་རྣམས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་དང་བཅས་པར་གྱུར། ས་མ་ཡ་སཏྭཾ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཨ་ལས་ཐོད་པའི་ནང་དུ་རཾ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ། མདུན་བསྐྱེད་ཀྱི་རྟེན་རྣམས་སྙིང་པོས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཆོས་འབྱུང་སྔོ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་། །རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར། ཁཾ་ལས་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །སུཾ་ལས་མཱཾ་སའི་ས་གཞི་རྒྱ་ཆེ་བ། །ཀཾ་ལས་ཀེང་རུས་བརྩེགས་པའི་རི་རབ་སྟེང་། །བྷྲཱུྃ་ལས་དྲག་པོ་འབར་བའི་གཞལ་ཡས་ཁང་། །དམར་ནག་གྲུ་གསུམ་ཐོད་རུས་འབར་ལས་གྲུབ། །ཕྱི་རོལ་དུར་ཁྲོད་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་པད་ཟླ་ཉི་མ་བརྩེགས་པའི་གདན། །ཡེ་ཤེས་ལས་གྲུབ་དཀྱིལ་འཁོར་འཁོར་ལོར་གྱུར། །དེ་དབུས་ཧྲཱིཿཡིག་ལས་མངོན་རྟོགས་བདག་བསྐྱེད་ལྟར་བསྐྱེད་ལ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འོག་མིན་ནས་པདྨ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། ཆོས་ཀྱི་དབྱིངས་ལས་འཁོར་བཅས་སྐུ་བཞེངས་ཤིག །དབང་ཆེན་ཁྲོས་པའི་རྒྱལ་པོ་སྐུ་བཞེངས་ཤིག །མ་ཆགས་པདྨ་འབར་བའི་གཞལ་ཡས་ནས། །རྟ་མཆོག་རོལ་པའི་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་རྣམ་དག་སྒྱུ་མའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་ཡབ་ཡུམ་མཁའ་འགྲོའི་ཚོགས་བཅས་གཤེགས། །སྣ་ཚོགས་འཕྲིན་ལས་བྱ་བའི་དཀྱིལ་འཁོར་ནས། །བྲན་དང་ཕོ་ཉའི་ཚོགས་རྣམས་གཤེགས་སུ་གསོལ། །མ་ཧཱ་ས་མ་ཡ་ཛཿ ས་མ་ཡ་སཏྭཾ། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང་། །རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་དང་། །ཕོ་ཉ་བྲན་དང་ཕྲ་མེན་མངགས་པའི་ཚོགས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོ། ཧཱུྃ། དམ་ཚིག་དབང་གིས་དཀྱིལ་འཁོར་ཆེན་པོ་འདིར། །ཡེ་ཤེས་དབང་ཆེན་འབར་བའི་དཀྱིལ་འཁོར་མཆོག །ཕོ་བྲང་གསང་བའི་དམ་ཚིག་དཀྱིལ་འཁོར་འདིར། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ། མེ་ཏོག་བདུག་སྤོས་སྣང་གསལ་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་པདྨེ་ཤྭ་ར་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཤབྡའི་བར་དུ་བྱའོ། །ཧཱུྃ། གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་མཛེས་སྡུག་སྒྲ་སྙན་འཛིན། །དབང་ཆེན་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །དྲི་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་དྲི་ཡི་དུང་ཆོས་འཛིན། །དབང་ཆེན་ལྷ་ཡི་ཤངས་ལ་འབུལ། །དྲི་མཆོག་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །རོ་ཡི་ལྷ་མོ་སྐུ་མདོག་དམར། །ཕྱག་ན་ཞལ་ཟས་རོ་མཆོག་འཛིན། །དབང་ཆེན་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །རེག་བྱའི་ལྷ་མོ་སྐུ་མདོག་ལྗང། །ཕྱག་ན་ན་བཟའ་སྣ་ཚོགས་འཛིན། །དབང་ཆེན་ལྷ་ཡི་སྐུ་ལ་འབུལ། །རེག་བྱའི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཨོཾ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་དེ་བཱི་པཱུ་ཛཿཨཱཿཧཱུྃ། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སྒྲིབ་པ་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཁ་རཾ་ཁཱ་ཧི། སྔ་རབས་འདས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟར་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །རྒྱལ་བ་དགོངས་པ་བརྒྱུད་པའི་བླ་མ་དང་། །རིག་འཛིན་བརྡ་ལས་བརྒྱུད་པའི་བླ་མ་དང་། །གང་ཟག་སྙན་ཁུངས་བརྒྱུད་པའི་བླ་མ་དང་། །ཨ་མི་དྷེ་ཝ་ལོ་ཀེ་ཤྭ་ར་དང་། །རྟ་མགྲིན་པདྨ་འབྱུང་གནས་དབོན་སྟོན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །འཆི་མེད་བདུད་རྩི་ར་སཱ་ཡ་ན་ཡི། །དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འདི། །པདྨ་དབང་ཆེན་འཁོར་བཅས་ལ། །བདག་ཉིད་དད་པས་འབུལ་ལགས་ཀྱིས། །བཞེས་ནས་ཀུན་ཏུ་དགྱེས་པར་མཛོད། །འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སླར་ཡང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། འདི་ཞེས་བྱ་བའི་བླ་མའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། བཏེག་ལ་མཐེབ་སྲིན་གྱིས་སྤྱི་བོའི་ཐད་ནས་ནང་མཆོད་འབུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་སྙིང་གི་ཐད་ནས་ནང་མཆོད་འབུལ། ཆོས་སྐྱོང་སྔགས་ལ་འབྲུ་གསུམ་བཏགས་ལ་ལྟེ་བའི་ཐད་ནས་ནང་མཆོད་འབུལ། ཧཱུྃ། ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པར་བྱ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླང་། རྣམ་དག་རང་བྱུང་ལྷུན་གྲུབ་སྨན་མཆོག་འདི། །རྟ་མཆོག་རོལ་པའི་དཀྱིལ་འཁོར་འཁོར་བཅས་ལ། །གུས་པས་མཆོད་པ་འབུལ་ལོ་ཁ་རཾ་ཁཱ་ཧི། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །གསང་བའི་མཆོད་པས་མཆོད་པར་བགྱི། །པདྨ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱ། རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་མ་ལུས་པ་བཀུག་ཚར་བཅད་དེ་གཏོར་མ་དང་རཀྟ་ལ་ཐིམ། སྤྲུལ་པའི་ཁྲོ་ཚོགས་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ། །སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ། །ཞིང་གྱུར་ཐམས་ཅད་དབྱིངས་སུ་སྒྲོལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེང་རུས་རྒྱ་མཚོ་ཡི། །གཏོར་མའི་མཆོད་པ་དམ་པ་འདིས། །རྟ་མགྲིན་འཁོར་བཅས་མཉེས་གྱུར་ཅིག །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ཀིཾ་ནི་རི་ཏི་ཧཱུྃ། རཀྟ་གཏོར་མའི་ཁར་བསྒྲེང་། སླར་ཡང་མཆོད་པ་དང་གཏོར་མ་ཁ་གསོས། སྙིང་པོས་བསང་། སྭཱ་བྷཱ་ཝས་སྦྱང་། ཧཱུྃ་ཡིག་ལས་བྱུང་བའི་མཆོད་རྫས་དང་མཐུན་རྫས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བས། ཁྲོ་རྒྱལ་རྟ་མགྲིན་འཁོར་བཅས་ཀྱི་སྤྱན་ལམ་དུ་འབྱུང་བར་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་བརྗོད། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་ཀྱིས། །རྟ་མགྲིན་འཁོར་བཅས་ཐུགས་དམ་བསྐང་། །ཡིད་སྤྲུལ་མཆོད་པ་དཔག་མེད་དང་། །མངོན་བཤམས་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་མཆོག་གིས་བྱིན་བརླབས་ནས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །སངས་རྒྱས་དམ་ཚིག་ལྕགས་ཀྱུ་ལྔ། །རིག་མའི་དམ་ཚིག་བདུད་རྩི་ལྔ། །ནང་གི་མཆོད་པས་ཐུགས་དམ་བསྐང་། །ཡེ་ཤེས་བསྐྱེད་ཕྱིར་བཞེས་སུ་གསོལ། །ཐབས་ཤེས་དབྱེར་མེད་རིག་མའི་ཚོགས། །ཕྱོགས་ཀུན་ཁྱབ་པར་རྣམ་སྤྲུལ་ཏེ། །གསང་སྔགས་ལྷ་ལ་མཆོད་པར་འབུལ། །དགྱེས་པ་ཆེན་པོས་ཐུགས་དམ་བསྐང་། །རང་བྱུང་མངོན་ཤེས་བསྒྲུབ་པའི་ཕྱིར། །དབང་ལྔའི་པུཥྤེས་ཐུགས༴ མཁའ་འགྲོ་སྤྲིན་ལྟར་སྡུད་པའི་ཕྱིར། །ཚིལ་ཆེན་དྷཱུ་པེས་ཐུགས༴ མ་རིག་མུན་པ་སེལ་བའི་ཕྱིར། །ཞུན་ཆེན་དཱི་པས་ཐུགས༴ ཤུགས་འགྲོའི་ཚོགས་རྣམས་སྡུད་པའི་ཕྱིར། །མཁྲིས་ཆེན་གནྡྷེས་ཐུགས༴ གསང་སྔགས་ལྷ་རྣམས་མཐུ་བསྐྱེད་ཕྱིར། །མཱཾ་ས་གཏོར་མས་ཐུགས༴ དགྲ་བགེགས་མ་ལུས་བསྒྲལ་པ་ཡི། །གཡང་གཞི་བླ་རེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡི་བར་སྣང་བརྒྱན། །དམ་ཉམས་དགྲ་ཡིས་རྔ་ཡབ་གཡོབ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ། །མ་ཧཱ་རཀྟའི་ཨརྒྷཾ་བསྒྲེངས། །ཀེང་རུས་ཕུབ་པའི་གཞལ་ཡས་ཁང་། ཁྲག་ཞག་རྒྱ་མཚོའི་ཀློང་དཀྱིལ་དུ། །མི་བཟད་དུར་ཁྲོད་བརྒྱད་ཀྱིས་བསྐོར། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །སྣ་ཚོགས་མཆོད་པས་ཐུགས༴ བྲིས་སྐུ་ལ་སོགས་ཕྱི་ཡི་རྟེན། །བསྐྱེད་རིམ་རྣལ་འབྱོར་ནང་གི་རྟེན། །ཐིག་ལེ་ཉག་གཅིག་གསང་བའི་རྟེན། །རྟ་མགྲིན་རྒྱལ་པོའི་ཐུགས༴ འཁོར་བཅས་དགྱེས་ཤིང་ཚིམས་མཛོད་ལ། །ཉམས་ཆག་བསྐངས་ཤིང་དངོས་གྲུབ་སྩོལ། །ཕྱི་ནང་བར་ཆད་ཀུན་སེལ་ཞིང་། །འདོད་དོན་ཐམས་ཅད་འགྲུབ་པར་མཛོད། །ཧཱུྃ། གཞན་ཡང་དམ་རྫས་འབུལ་བ་ནི། ཁང་བཟང་རྣམ་པ་སྣ་ཚོགས་དང་། །འབྲས་བུ་གསུམ་རོ་བཅུད་དང་སྨན། །དཀར་གསུམ་ལ་སོགས་བདུད་རྩིའི་ཟས། །སྦྲང་རྩི་ལ་སོགས་རོ་ཞིམ་མཆོག །ལྷ་རྫས་ན་བཟའ་རྣམ་མང་པོ། །རིན་ཆེན་ཅོད་པན་དོ་ཤལ་སོགས། །སྣ་ཚོགས་རྒྱན་དང་ཆས་བཀོད་བཅས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསྒྲུབ་བྱ་དབང་དུ་སྡུད་པའི་ཕྱིར། །ལྕགས་ཀྱུ་ཞགས་པས་ཐུགས༴ དགྲ་བགེགས་རྡུལ་བཞིན་བརླག་པའི་ཕྱིར། །གྲི་གུག་རལ་གྲི་རྩེ་གསུམ་དང་། །ཐོ་བ་དགྲ་སཏྭ་མདུང་ཐུང་སོགས། །སྣ་ཚོགས་མཚོན་ཆས་ཐུགས༴ གནོད་བྱེད་དུག་གིས་མྱོས་པའི་ཕྱིར། །སྦྲུལ་ཆེན་བརྒྱད་ཀྱིས་ཐུགས༴ ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར། །རྡོ་རྗེ་ཅང་ཏེ་ཐོད་པ་དང་། །སྒྲ་སྙན་དྲིལ་བུས་ཐུགས༴ ཆོས་ཀྱི་དབྱིངས་ལས་བསྐུལ་བའི་ཕྱིར། །རིག་སྔགས་གསུང་གི་བཟླས་བརྗོད་དང་། །སིལ་སྙན་རྔ་ཟླུམ་རྔ་བོ་ཆེ། །པི་ཝང་གླིང་བུ་ལ་སོགས་དང་། །རོལ་མོ་གླུ་དབྱངས་བསྟོད་པར་བཅས། །འབུལ་གྱིས་ཀུན་ཏུ་དགྱེས་པར་མཛོད། །དྲག་པོའི་ལས་ལ་བསྐུལ་བའི་ཕྱིར། །དོན་སྙིང་སྣ་ལྔས་ཐུགས༴ འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྲོག་ཆགས་སྤྱན་སྔར་འབུལ། །ནོར་བུའི་གཞལ་མེད་ཁང་པ་དང་། །དར་གྱི་བླ་བྲེ་འཕན་གདུགས་དང་། །རིན་ཆེན་གདན་ཁྲི་པད་ཉི་ཟླ། །སྒེག་མོ་ལ་སོགས་ལྷ་མོ་བརྒྱད། །དཔལ་བེ་ལ་སོགས་བཀྲ་ཤིས་བརྒྱད། །མེ་ལོང་ལ་སོགས་རྫས་མཆོག་བརྒྱད། །རལ་གྲི་ལ་སོགས་དངོས་གྲུབ་བརྒྱད། །མདོར་ན་ལོངས་སྤྱོད་ཐམས་ཅད་དང་། །གླིང་བཞི་རི་རབ་འཇིག་རྟེན་གསུམ། །ནམ་མཁའ་གང་བར་རྣམ་སྤྲུལ་ཏེ། །པདྨ་དབང་གི་ཐུགས༴ རྟ་མགྲིན་རྒྱལ་པོའི་ཐུགས༴ ཁྲོ་ཆེན་ཡབ་ཡུམ་ཐུགས༴ ཕོ་ཉ་བྲན་གྱི་ཐུགས༴ སྤྲུལ་པ་ཡང་སྤྲུལ་ཐུགས༴ ལས་བྱེད་དྲེགས་པའི་ཐུགས༴ དགེ་ལེགས་སྤེལ་ཕྱིར་བཞེས་སུ་གསོལ། །མགྱོགས་འགྲོའི་དམ་ཚིག་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ ཁྲོ་བོ་ཕོ་ཉར་འགྱེད་པའི་ཕྱིར། །དམར་ཆེན་གཏོར་མས་ཐུགས༴ སྤྲུལ་པ་ལས་ལ་བསྐུལ་བའི་ཕྱིར། །ཤ་ཆང་ཕུད་ཀྱིས་ཐུགས༴ དམ་ཚིག་གཉན་པོ་གསོ་བའི་ཕྱིར། །ཚོགས་ཀྱི་འཁོར་ལོས་ཐུགས༴ མ་ཧཱ་རཀྟའི་མཆོད་ཡོན་འདིས། །དབང་ཕྱུག་ཉེར་བརྒྱད་ཐུགས༴ སྲོག་ཆགས་ནོར་སྣ་སྣ་ཚོགས་འདིས། །སྐྱེས་བུ་གིང་གི་ཐུགས༴ གོ་མཚོན་སྣ་ཚོགས་བརྡལ་བ་འདིས། །སྲོག་བདག་དམར་པོའི་ཐུགས༴ བདུད་བཤོས་གོས་ནག་ལ་སོགས་པས། །བདུད་རྒྱལ་ནག་པོའི་ཐུགས༴ གསང་རྟེན་རྣམ་པ་སྣ་ཚོགས་པས། །རྡོ་རྗེ་མ་མོའི་ཐུགས་དམ་བསྐང་། །འཁོར་བཅས་ཐུགས་དམ་བསྐངས་གྱུར་ནས། །བར་ཆད་སེལ་ཞིང་འདོད་དོན་སྒྲུབས། །ཧཱུྃ། ཧ་ཡ་གྲཱི་ཝའི་དུས་ལ་བབ། ཁྲོ་རྒྱལ་ཡབ་ཡུམ་དུས་ལ་བབ། །བདག་ནི་རྣལ་འབྱོར་དམ་ཚིག་ལྡན། །རྟ་མཆོག་རོལ་པའི་བཀའ་རྟགས་འཆང། །དཀྱིལ་འཁོར་ལྷ་ནི་ཡེ་ཤེས་སྐུ །སྲུང་མ་ལས་མཁན་མཐུ་རྩལ་ཆེ། །དོ་ནུབ་ཁྱོད་ལ་མཆོད་པ་འབུལ། །དམ་ཚིག་ཕྲིན་ལས་བསྒྲུབ་ཏུ་གསོལ། །བདག་ཅག་རྒྱུ་སྦྱོར་ལ་སོགས་པའི། །ནད་གདོན་བར་ཆད་ཞི་བ་དང་། །བསྲུང་ཞིང་བཟློག་པར་མཛད་དུ་གསོལ། །ཚེ་རིང་ལོངས་སྤྱོད་འཕེལ་བ་དང་། །དབང་ཐང་ཕྲིན་ལས་ཀུན་རྒྱས་ཤིང་། །མི་ནོར་ཟས་སོགས་འཕེལ་བར་མཛོད། །རྒྱལ་པོ་རྒྱལ་ཕྲན་བློན་པོ་དང་། །ཡུལ་མི་གཙོ་བོ་དབང་དུ་སྡུས། །སྡེ་བརྒྱད་དྲེགས་ཅན་བྲན་དུ་འཁོལ། །བསྒྲུབ་བྱ་དབང་བྱས་འགུགས་པར་མཛོད། །སྡང་བའི་དགྲ་བགེགས་མ་ལུས་པ། །སྐད་ཅིག་ཙམ་གྱིས་ཐལ་བར་རློགས། །མ་དད་སྨྲ་བའི་དུག་ཅན་རྣམས། །རྣམ་ཤེས་ཡེ་ཤེས་ཁ་སྦྱོར་ཕྱེས། །ཡེ་ཤེས་ཆེན་པོ་མི་ཤིགས་པས། །ལུས་ངན་འདི་དག་བོར་དུ་ཆུགས། །ཡེ་ཤེས་དག་ལས་མཱ་ཡ་ཛཿ དྲག་པོའི་ཕོ་ཉ་ད་སྤྲོས་ཤིག །མཁའ་དབྱིངས་མི་བཟད་ཁྲོ་བོས་ཁྱབ། །དུག་གི་ན་བུན་སྤྲིན་ལྟར་གཏིབས། །མཚོན་ཆ་འཁྲུལ་འཁོར་ཆར་ལྟར་ཕོབ། །རྡོ་རྗེ་ཐོ་བས་མགོ་བོ་ཆོམས། །རྡོ་རྗེ་དབྱུག་པས་རྐང་ལག་ཆོགས། །རྡོ་རྗེ་མདའ་གཞུས་སྙིང་ལ་ཕུགས། །རྡོ་རྗེ་རལ་གྲིས་ལུས་ཀུན་གཏུབས། །སྤྲུལ་པའི་ཕོ་ཉ་ཐམས་ཅད་ཀྱིས། །དམ་ཉམས་དགྲ་བོ་ཆེ་གེ་མོའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་རྟེན་ཕུར་ནག་པོ་ཕྱུངས། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་སུས། ཁོང་པའི་ནང་ནས་སྙིང་ཐོན་ཅིག །དབང་པོ་ལྔ་དང་དོན་སྙིང་ལྔ། །ད་ལྟ་ཐོན་ལ་ལུས་སེམས་ཕྲོལ། །སྡེ་བརྒྱད་དམག་དཔུང་སྤྲིན་ལྟར་གཏིབས། །ཕྱོགས་ཀུན་སྲིན་པོ་ཁྲོས་པ་དང་། །མ་མོ་གཤིན་རྗེ་ཁྲོས་པས་ཁྱབ། །ཝ་དང་བྱ་རོག་བྱ་རྒོད་དང་། །བྱ་གཅན་གདུག་པས་གང་བ་རྣམས། ཁ་ཅིག་ཤ་ཟ་ཁྲག་འཐུང་ཞིང་། །ལ་ལ་རུས་པ་ལྷ་བ་འཇིབ། །རྒྱུ་མ་ནང་ཁྲོལ་འདེད་པ་དང། །ལྷུ་ཚིགས་རུས་པ་འཐོར་བར་མཛོད། །རྣམ་ཤེས་མར་མེ་ལྟར་བསད་ནས། །མཚོན་ཆར་ས་མུན་སྲོས་བྱེད་པས། །ལུས་ངག་ཐལ་བ་རྡུལ་དུ་རློགས། །རྣམ་ཤེས་དབྱིངས་སུ་སྤར་དུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་ཁ་ཁྲམ་ཁ་དགྲ་ལ་སྒྱུར། །ཆག་ཆེན་ཉམ་ང་དགྲ་ལ་སྒྱུར། །གནོད་བྱེད་བར་ཆད་མི་མཐུན་པ། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་འཕེལ་བར་མཛོད། །བར་འདིར་བསྟོད་པ་ཆེ་ཆུང་གསར་རྙིང་རྣམས་ཅི་རིགས་པས་བསྟོད་ཅིང་དབྱངས་སུ་གྱེར་བར་བྱའོ། །ཧཱུྃ། པདྨ་དབང་ཆེན་དཀྱིལ་འཁོར་དམ་པ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་ཚོགས་བཅས། །མཉམ་ཉིད་བཟང་ངན་རྟོག་དང་བྲལ་ན་ཡང་། །ཡུད་ཙམ་བདག་གི་ཚིག་ལ་དགོངས་སུ་གསོལ། །བདག་ནི་མི་ཤེས་རྨོངས་ཤིང་ལེ་ལོ་ཆེ། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ་དང་། །དམ་རྫས་མ་ཚང་མཆོད་གཏོར་གཡེལ་བ་དང་། །རྒྱུ་ཆུང་ཕུད་ཉམས་མཆོད་རྫས་འབགས་པ་དང་། །ཆོ་ག་འཁྲུལ་དང་གསང་བ་གཡེལ་བ་སོགས། །དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ། །ཆོས་དབྱིངས་མཉམ་པ་ཉིད་དུ་དག་གྱུར་པས། །བདག་ཅག་བླ་མེད་བདེ་ཆེན་ཐོབ་པར་ཤོག །དེ་ནས་གཏོར་ཆོག་ལྟར་གཏོར་མ་ཕུལ་ལ། བར་འདིར་མྱུར་མཛད་མགོན་པོ་ལ་སོགས་པའི་ཆོས་སྐྱོང་གང་བྱེད་ཀྱི་གཏོར་མ་ཡང་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་བྱ་སྟེ། སྔ་འགྱུར་རང་སྐད་ལ་གྲགས་པའི་ཆོ་ག་རིམ་པ་གསུམ་ལ་སོགས་པ་ནི་འདིར་ངེས་པར་དགོས་པ་མ་ཡིན་པས། མདོ་ཙམ་གཞན་དང་མཐུན་པས་འདི་ལྟར་སྤེལ་བར་བྱ་སྟེ། ཚོགས་རྫས་རྣམས་སྨན་ཕུད་བྱིན་རླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ། ཨེ་ཡིག་བདེ་ཆེན་ཀློང་ཡངས་སུ། །ཝཾ་ཡིག་རྡོ་རྗེ་རྟག་འཆར་བ། །གསུང་མཆོག་རྡོ་རྗེ་འོད་དཔག་མེད། །མཐའ་ཡས་སེམས་དཔའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུགས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགྲོ་ལ་ཐུགས་རྗེ་ཆེན་པོ་ཡིས། །རང་སྣང་རི་བོ་ཏ་ལ་ནས། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ལྷ་ཀླུ་གནོད་སྦྱིན་ཚོགས་ཀྱིས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུགས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང༴ ཚོགས་རྫས༴ འདིར་འདུས༴ མཆོག་དང༴ གངས་ཅན་ས་ཡི་ཐིག་ལེ་མཆོག །སྐྱེར་སྒང་སྙིང་རྗེའི་ཕོ་བྲང་ནས། །དབོན་སྟོན་དྷརྨ་སིཾ་ཧ་ནི། །སྐལ་ལྡན་དག་པའི་འཁོར་གྱིས་བསྐོར། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང༴ ཚོགས་རྫས༴ འདིར་འདུས༴ མཆོག་དང༴ ཕྱོགས་བཅུ་དག་པའི་ཞིང་ཁམས་ནས། །བྱིན་རླབས་ཐུགས་རྗེར་ལྡན་པ་ཡི། །དྲིན་ཅན་བརྒྱུད་པའི་བླ་མ་རྣམས། །རིག་འཛིན་དུ་མའི་འཁོར་དང་བཅས། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང༴ ཚོགས་རྫས༴ འདིར་འདུས༴ མཆོག་དང༴ རང་སྣང་དག་པའི་གཞལ་ཡས་ཁང་། །གར་བཞུགས་འོག་མིན་གནས་མཆོག་ནས། །ཀུན་བཟང་རྩ་བའི་བླ་མ་ལ། །བརྒྱུད་ལྡན་བླ་མའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུགས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྡེ་བརྒྱད་བྲན་དུ་འཁོལ་བའི་ཞིང་། །དམར་ནག་འབར་བའི་ཀློང་དཀྱིལ་ནས། ཁྲོ་རྒྱལ་རྟ་མཆོག་རོལ་པ་ཡང། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང༴ ཚོགས་རྫས༴ འདིར་འདུས༴ མཆོག་དང༴ ཧེ་རུ་ཀ་ཡིས་བྱིན་བརླབས་པ། །སུམ་ཅུ་རྩ་གཉིས་གནས་མཆོག་ནས། །བགྲང་ཡས་དཔའ་བོ་མཁའ་འགྲོ་ལ། །སྤྲུལ་པ་ཉིང་སྤྲུལ་མཆོག་དང་བཅས། ཁྱེད་ཀྱི༴ བྱིན་གྱིས༴ གནས་ཁང༴ ཚོགས་རྫས༴ འདིར་འདུས༴ མཆོག་དང༴ གདུག་ཅན་དགྲ་བགེགས་སྒྲོལ་བའི་ཞིང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་ནི། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོར་ཁྲིལ་ལི་ལི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །ཚོགས་ཀྱི་སྤྱི་ཕུད་ཕུལ་ལ། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཉྩ་ཨ་མྲིཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་སྙིང་པོའི་མཐར་གཏོར་སྔགས་བཏགས་ལ་ཡི་དམ་ལ་ལན་གསུམ་ཕུལ། ཆོས་སྐྱོང་གི་གཏོར་སྔགས་ལ་ཁ་ཁ་བཏགས་ལ་ཕུལ། མཁའ་འགྲོ་སྤྱི་གཏོར་ཡང་འབུལ། ལས་ཀྱི་རྡོ་རྗེས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་ལྷན་ཅིག་རོལ། །ཞེས་སོ་སོར་དྲངས་སོ། །སོ་སོས་ཀྱང་། རིན་ཐང་མེད་ཆོས་ལེགས་པར་འོངས། །འདོད་ཆགས་ཀྱི་ནི་དྲི་མ་སྤངས། །བླང་དང་བླང་མིན་ལས་གྲོལ་བ། །འདི་ཉིད་ཕུལ་བ་ངོ་མཚར་ཆེ། །ཞེས་བླང་། ཐམས་ཅད་ཀྱི་ཕུད་སྤྱི་འབུངས་སུ་བསྡུས་ནས། ཨོཾ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་འབུལ། །བསམ་པ་འགྲུབ་པའི་སྟོངས་གྲོགས་མཛོད། །ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། ལྷ་ཡི་རྣལ་འབྱོར་གྱི་སྒོ་ནས་ཚིམས་པར་ཟའོ། །ཧཱུྃ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །འོད་ཟེར་སྣ་ལྔའི་དྲྭ་བས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །ཐུགས་བརྩེར་མཛོད་ཅིག་ཏེ་ན་ཧཱུཾ། ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། ཞེས་གླུ་བླང་། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པའི་རི་བོང་ཅན་ཧཾ་འཛག །ཅེས་བདེ་བ་བསྒོམ། དེ་ནས་ཚོགས་ལྷག་བསྡུས་ལ། བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མ་མོ་ནག་མོ་དུད་པའི་སོལ་བ་མོ་ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་ཐམས་ཅད་ལྷག་མའི་དམ་ཚིག་གི་གནས་སུ་བཛྲ་ས་མཱ་ཛཿ ཨོཾ་མ་ག་རི་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཧཱུྃ་མ་ག་རི་ཡེ་ས་པ་རི་ཝཱ་རེ་བྷྱ། ཨ་ཀཱ་རོ་སོགས་ལན་བདུན་གྱིས་ཕུལ། མ་མོ་ནག་མོ་དུད་པའི་སོལ་བ་མོ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་རྣམས། ལྷག་མའི་གཏོར་མ་འདིས་ཚིམས་པར་གྱིས་ལ་བདག་ཅག་རྣམས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས་ཤིག །ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་པའི་ཚོགས་དམ་ཚིག་གི་ཆོ་ག་ལ་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་སྒོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་བ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུཙྪིཥྚ་བྷཀྵ་སི་སྭཱ་ཧཱ། སྙིང་པོ་བཟླས་ཤིང་ལྷག་གཏོར་ཕྱི་རོལ་དུ་དོར། དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་དང་། ཡི་དམ་གྱི་བསྟོད་པ་མདོར་བསྡུས་ཙམ་གྱིས་བསྟོད་ནས། སློབ་དཔོན་དང་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་དང་བཅས་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། མགྲིན་པ་ནས་དམར་པོ་དང་། ཐུགས་ཀ་ནས་སྔོན་པོ་དང་། གནས་གསུམ་ཅར་ནས་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ། དབང་བཞི་ཐོབ་པར་བསམ་ཞིང་། སྔ་འགྱུར་གྱི་ཆོ་ག་གཞན་དང་འབྲེལ་བ་སློབ་དཔོན་པདྨའི་བཀའ་སྲུང་དམ་ཅན་སྤྱི་སྒོས་རྣམས་ཀྱི་གཏོར་མ་དང་། ཁྱད་པར་བསྟན་སྐྱོང་བྱ་བར་འདོད་ན་སྐབས་འདིར་བྱའོ། །ཡི་གེ་བརྒྱ་པ་མང་དུ་བཟླ། དེ་ནས། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། བྲིས་སྐུ་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཏོར་མགྲོན་རྣམས་སྤྱི་དང་མཐུན་པར་གཤེགས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་ནས་འགྲོ་བ་ཡི། །ལམ་དེ་མྱུར་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་དགྲོལ་བ་རྣམས་བདག་གིས་དགྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། བཀྲ་ཤིས་བཀའ་རྒྱ་མས་ཐོག་དྲངས་ཏེ་ཤིས་བརྗོད་ཅི་འགྲུབ་བྱའོ། །གྲུབ་པ་ཀུན་གྱིས་ཉེར་བརྟེན་པ། །དབང་ཆེན་གསང་བའི་སྒྲུབ་ཐབས་ཀྱི། །འཕྲིན་ལས་ཆོ་ག་འདིར་གསལ་བྱས། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་འདི་ནི་ཆོས་འདི་ཉིད་ལ་མཆོག་ཏུ་གུས་པ་དང་ལྡན་པ་འཕྲིན་ལས་རྣམ་རྒྱལ་ཞེས་བྱ་བས། ལུགས་འདི་ལ་ཡི་གེ་འཐོར་ཐབས་སུ་གནས་པ་ལས་ཆོག་སྒྲིགས་གསལ་བ་ཆེས་དཀོན་པར་འདུག་པས། ལས་བྱང་གསལ་བ་ཞིག་བསྒྲིག་པར་འོས་སོ་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རིགས་སུ་སྐྱེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་སྡིངས་སུ་བཀོད་པའོ། །མངྒ་ལཾ།། །།

ཡེ་ཤེས་རབ་འབར་ལས༔ ཐུན་མོང་འཛབ་དབྱངས་རིག་སྔགས་བཅུད་བསྡུས་ (Volume 13, Text 29)

ཡེ་ཤེས་རབ་འབར་ལས༔ ཐུན་མོང་འཛབ་དབྱངས་རིག་སྔགས་བཅུད་བསྡུས་བཞུགས་སོ༔ ཡེ་ཤེས་རབ་འབར་ལས༔ ཐུན་མོང་འཛབ་དབྱངས་རིག་སྔགས་བཅུད་བསྡུས་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈ མ་འོངས་སྐལ་ལྡན་རྗེས་འཇུག་གི༔ ཐུན་མོང་ལམ་གྱི་འཇུག་པའི་བཅུད༔ དམར་ནག་མེ་ཡི་འཕྲེང་བ་ལས༔ རིག་སྔགས་དྲག་པོའི་བཅུད་བླངས་ནས༔ རང་གིས་གྲུབ་པའི་མཆོག་བརྙེས་ཏེ༔ གཞན་གྱི་ཟུག་རྔུ་འབྱིན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་ཉིད་དྲག་པོར་གསལ་བ་ཡི༔ ཐུགས་ཀར་ཉི་མའི་གདན་སྟེང་དུ༔ རྡོ་རྗེ་ཧཱུྃ་དམར་མཚན་པའི་མཐར༔ མ་བཅོས་རྩ་བའི་གསང་སྔགས་ནི༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ རིག་མདངས་རིག་སྔགས་བཅུད་རྒྱས་པའི༔ འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར༔ སྙིང་པོ་ལས་འཕྲོས་ངོ་བོར་གྱུར༔ ཧཱུྃ་དམར་ལས་བྱུང་འོད་ཟེར་ནི༔ དམར་པོ་མེ་ཡི་ཕྲེང་བ་ལྟར༔ རབ་འཕྲོས་བདག་གཞན་དོན་གཉིས་བྱས༔ ཚུར་འདུས་ཡང་སྙིང་གཟི་མདངས་བསྐྱེད༔ ཧཱུྃ་ལས་ཨོཾ་ནས་འཁོར་རིམ་བཞིན༔ ནུས་པའི་དབང་བསྐུར་རྩལ་བསྡུས་ནས༔ གཅིག་ནུས་གཅིག་འབྱིན་ཆེར་རྒྱས་ཏེ༔ ཀུན་འདུས་མ་བཅོས་རྩ་བར་ཐིམ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ གསང་སྔགས་འདུས་པའི་རིག་མདངས་ཀྱིས༔ དུས་གསུམ་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་ཡི༔ ནུས་རྩལ་མ་བཅོས་རྩ་བར་ཐིམ༔ རྩ་གདན་ཉི་མའི་གདན་འོག་ཏུ༔ འདབ་བརྒྱད་གྱེས་པའི་པད་གདན་ལ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ མ་ལུས་འདུས་པའི་སྙིང་པོ་ལ༔ རང་རང་རིག་རྩལ་འདུས་བཞིན་བསྡུ༔ ཨཿཡཿམཿདུཿརུཿཙཿཤཿན༔ སྡེ་བརྒྱད་འདུས་པའི་སྲོག་སྙིང་འདི༔ རྟག་ཏུ་གཏའ་རུ་འཛིན་པར་བྱ༔ གང་མ་ཆུན་པའི་ནུས་པ་བསྡུས༔ རིག་སྔགས་འདུས་པའི་ཀློང་དུ་གཅུན༔ གང་དང་གང་གིས་རིགས་འགྱུར་འདྲེས༔ དེ་དང་དེ་བཞིན་སྙིང་པོ་བསྡུ༔ དབུས་གཏེ་གཞན་ནི་ཆུན་བཅིངས་ཏེ༔ ཧེ་རུ་ཀ་ཡི་གདན་བྱ་འོ༔ ས་མ་ཡ༔ གེགས་སེལ་ནི༔ ལྷ་དང་སྙིང་པོ་མདངས་གསལ་ཏེ༔ རྟོག་པ་གཞན་གྱིས་བར་མ་གཅོད༔ དག་པ་གཞན་གྱི་གནས་གསལ་ཞིང༔ གསལ་བ་གསུམ་གྱི་སྒྲོམ་དུ་ཚུད༔ ས་མ་ཡ༔ དེ་ནས་སྐབས་འདིར་བོགས་འདོན་ནི༔ ཧཱུྃ༔ ཡེ་ཤེས་རྔམ་པའི་སྙིང་པོ་འདི་ལ་བལྟ༔ གསལ་ཞིང་གསལ་བའི་ངང་ནས་ལྷ་གསལ་གདབ༔ ཨོཾ་ནས་རིམ་པར་རེ་རེ་བཞིན་གསལ་གདབ༔ འོད་ཟེར་ཚ་ལ་རྩུབ་པའི་འདུ་འཕྲོ་རོལ༔ ཡོན་ཏན་བཅུད་བསྡུས་རྩ་བའི་ངོ་བོར་འདུས༔ དོན་གྱི་འབྲས་བུ་མངོན་སུམ་གྱུར་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་བསྒྲུབ་གྲུབ་པ་ཐོབ་པ་ངས་མ་བཤད༔ ཐུན་འགོ་དྲག་པོའི་སྲོད་ནས་ཡོངས་བཟུང་སྟེ༔ ཐུན་རེར་སྟོང་ཕྲག་ལྔ་ལས་ཉུང་མི་རུང༔ དེ་ནས་ཟུང་འཇུག་ཟབ་མོའི་གནད་བསྐུལ་ཏེ༔ ཐ་མར་གྲོལ་ས་ཞི་བའི་གནས་སུ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོའི་དུས་སུ་བཤགས་པའི་སྒྲིབ་སྦྱོང་གཅེས༔ མཚམས་གཅོད་སྐབས་སུ་སྲུང་བའི་གནད་འཕོ་གཅེས༔ དངོས་གཞིའི་སྐབས་སུ་རིག་སྔགས་འཁྲུལ་འཁོར་གཅེས༔ དེ་ནས་ཟུང་འཇུག་བསྲེ་འཕོ་ནན་ཏན་གཅེས༔ ས་མ་ཡ༔ མཚན་མའི་ལྟས་བཟང་ཚུལ་བཞིན་མངོན་གྱུར་སྐྱོང༔ ཡ་མཚན་ལྟ་བའི་ཀློང་དུ་སྐྱེལ་བ་གཅེས༔ མཆོག་གི་ཟབ་མོ་ལམ་དུ་མངོན་ཞེན་ཕྲོལ༔ ཡེ་ཤེས་རང་རིག་ལྷ་ལ་མཇལ་བར་གྱིས༔ ས་མ་ཡ༔ ཚད་ནི༔ སྔོན་སྦྱངས་བརྩོན་འགྲུས་ཤུགས་ཀྱིས་མ་ངེས་ཤིང༔ དུས་གྲངས་མཚན་རྫོགས་རྟག་ཏུ་ལམ་དུ་ཁྱེར༔ མངོན་པར་གྲུབ་སྟེ་དེ་ནས་བར་ཆད་བྲལ༔ འདི་ཕྱི་གཏན་གྱི་བདེ་ལ་རེག་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ྈྈ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ནས་གདན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་དྲག་རྩལ་གདུག་རྩུབ་ཅན་གྱིས་བརྩེགས་པའི་ཁྲི་ལ་བཞུགས་པ་པདྨ་དྲག་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་ཕབ་པའི་ཡི་གེའི་བརྩོན་པ་པདྨ་ཀུན་བཟང་སྟོབས་ཆེན་གྱིས་ལགས་སོ། །མངྒ་ལཾ།། །།

ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི་ (Volume 46, Text 29)

<!TCC Tibetan character 3,182 undefined in unicode!>༔ ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི་བཞུགས་སོ༔ གུར་དྲག་མེ་འཁྱིལ་ཡན་ལག་གོ ། ྈྈྈྈྈྈྈྈ བདག་འདྲ་རྡོ་རྗེ་དྲག་མོ་རྩལ༔ ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ༔ ཡོན་ཏན་ཁྱུང་གི་སྒྲུབ་པ་བསྟན༔ འདི་ཉིད་སྒྲུབ་པའི་གནས་ནི༔ བྲག་རི་མཐོན་པོའི་རྩེའམ༔ རྒྱ་མཚོའི་འགྲམ་མམ༔ བྱིན་གྱིས་བརླབས་པའི་གནས་དང་གང་ཟག་གི་སྒྲུབ་གནས་ཁྱད་པར་ཅན་གྱི་གནས་སུ༔ བྲག་དམར་གཡའ་མ་ལུང་ངམ༔ མཆིམས་ཕུའི་བྲེ་གུ་དགེའུའི་ས་ལ་གཞི་བྱས་སྟེ༔ ད་ལ་གྲུ་གང་གྲུ་བཞི་པ༔ དཀར་སེར་དམར་མཐིང་རིམ་པ་བཞིའི་དབུས་སུ༔ པདྨ་དམར་པོ་འདབ་མ་བཞི༔ དབུས་མཐིང་གར་བྱ༔ རྡོ་རྗེ་དང་མེ་རིས་བསྐོར༔ ཚོན་གྱིས་ལེགས་པར་བྲིའོ༔ དུག་ཁྲག་དང་ཆང་གིས་ཆག་ཆག་གདབ༔ ཤིང་རུ་རཀྴ༔ སེང་ལྡེང༔ ཚེར་མ་ཅན་གྱི་ཤིང་ལ་ཕུར་པ་མཐོ་གང་བ་རྒྱ་མདུད་གོང་མ་ལ་རྩ་སྔགས་བྲིས་ཏེ༔ རྩ་སྔགས་འབུམ་ཡུངས་དཀར་འབྲུ་བདུན་ལ་བཟླས་ཏེ་གཞུག་གོ༔ ཡེ་ཤེས་པ་འགུགས་གཞུག་བྱ༔ འབྲུ་གསུམ་གྱི་བྱིན་གྱིས་བརླབ༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་ཁྱུང་ནག་དངོས་སུ་བསྐྱེད༔ ད་ལའི་དབུས་སུ་ཅོད་པན་དང་བཅས་སྟེ་གཞུག་གོ༔ གཞན་ཡང་གཏོར་ཚོགས་གཞུང་བཞིན་བཤམ༔ ལས་བྱང་བསྐྱེད་རིམ་གྱི་སྐབས་ལྟར་སྦྱར་ཏེ༔ བདག་ཉིད་སྟོང་པའི་ངང་ལས༔ རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་དུ༔ རི་རབ་ཀྱི་སྟེང་དང༔ པདྨའི་སྡོང་པོའི་སྟེང་དུ༔ ཉི་མའི་གདན་གྱི་སྟེང་དུ༔ ཁྲོམ་ལས་གནམ་ལྕགས་ཀྱི་སྒོ་ངའི་ནང་དུ་ཡང་ཁྲོམ་འོད་ཟེར་རབ་ཏུ་འབར་བ་གཅིག་བསྒོམ༔ འོད་ཟེར་འཕྲོས༔ རྒྱལ་བ་མཆོད༔ སྡིག་སྒྲིབ་སྦྱངས༔ ཁྲོ་རྒྱལ་ཐམས་ཅད་ཀྱི་མཐུ་དང་ནུས་པ་བསྡུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ས་བདག་ཀླུ་ཡི་གཉེན་པོ་རྒྱལ་བ་ཐམས་ཅད་ཀྱི་ནུས་མཐུ་ལས་གྲུབ་པའི་མཁའ་ལྡིང་རྒྱལ་པོ༔ ཁྲོ་ཆུའི་ལུས་པོ༔ གནམ་ལྕགས་ཀྱི་མཆུ༔ མེའི་གཤོག་པ་ཡོད་པ༔ གཤོག་པ་གཡས་པས་ཉི་ཟླ་ལྐོག་མར་འཕེན་པ༔ གཤོག་པ་གཡོན་པས་ས་གཞི་བརྡར་ལ་རློག་པ༔ སྤུ་སྤྲུགས་པས་ཐོག་སེར་གྱི་ཆར་འབེབ་པ༔ གསེར་གྱི་སྤྱན་མིག་ལ་འོད་ཟེར་འཕྲོ་བ༔ ཟངས་ཀྱི་རྭ་ལ་མེ་འབར་བ༔ ལྕགས་ཀྱི་མཆུའི་རྐན་སྒྲ་རྡེབ་པ༔ རྡོ་རྗེའི་སྡེར་མོ་དང་དུང་གི་སོ༔ ཁ་ནས་མེ་འབར་བ༔ མིག་ནས་གློག་འཁྱུགས་པ༔ སྤུ་གསེབ་ནས་མཚོན་ཆ་ཆར་དུ་འབེབ་པ༔ དབུ་ལ་རིན་པོ་ཆེ་འབར་བས་བརྒྱན་པའོ༔ སྐུ་དང་ཡན་ལག་སྦྲུལ་གྱིས་བརྒྱན་པ༔ ཕྱག་གཉིས་སྦྲུལ་རིགས་ལྔའི་ཆུན་པོ་དྲིལ་བའི་མགོ་ནས་ཟ་བ༔ མཇུག་མ་ཞབས་ལ་བསྒྲིལ་བ་གཅིག་བསྒོམ༔ དེའི་ཐུགས་ཀར་རམ་ལས་ཉི་མའི་དབུས་སུ་ཁྲོམ་ནག་པོ་གཅིག་བསྒོམ༔ ཁྲོམ་ལས་འོད་འཕྲོས་ཡེ་ཤེས་ཀྱི་བྱ་ཁྱུང་ཁྲོ་བོ་ཐམས་ཅད་ཐུགས་ཀ་ནས་སྤྱན་དྲངས་ལ་བསྟིམ༔ དེའི་ཐ་མར་སྔགས་ཀྱི་བསྐོར་བར་བསྒོམ༔ དེ་ནས་བསྙེན་པ་ནི༔ ཨོཾ་ཨཱཿཧཱུྃ་ཁྲོཾ་བཛྲ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བསྙེན་པ་འབུམ་ཚོ་གསུམ་བསྙེན༔ རྟགས་ལ་བྱ་ཡི་ཚོགས་ཀྱིས་ནམ་མཁའ་གང་བ་དང༔ རྒྱ་མཚོ་རྔུབ་ནས་སྐམ་པ་དང༔ སྦལ་སྦྲུལ་བསད་པ༔ ཟ་བ༔ ལུས་གོས་ལ་མེ་འབར་བ༔ ཁྱེའུ་དང་བུ་མོ་གུས་པའི་ཕྱག་འཚལ་བར་བྱེད་པ༔ དུ་བ་ལ་སོགས་པ་འབྱུང་ངོ༔ གལ་ཏེ་མཛེའམ་ཆེད་དུ་ཀླུ་འདུལ་བ་ལ་འདི་བཏག་གོ༔ ཨོཾ་ན་མོ་བྷུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་ཧཱུྃ་ཕཊ྄༔ ཅེས་བཟླས་པས་ཁྱུང་ནག་སྤྲུལ་པས་བར་སྣང་གང་སྟེ༔ མེ་ཡི་གཤོག་པ་བརྡབ་པས་ས་གཞི་གདར་གཅོད་ཅིང་མེ་འབར་བས༔ ཀླུ་དང་ས་བདག་ཀླུ་གཉན་ཐམས་ཅད་ཐུབ་པར་བསམ༔ ཐུན་མཚམས་སུ་ལས་བྱང་ལྟར་གཏོར་མ་འབུལ༔ བསྟོད་པ་བྱ༔ འདོད་གསོལ་གདབ༔ གོང་དུ་བདག་དང་ཕུར་པ་ལ་ཡེ་ཤེས་པ་འགུགས་གཞུག་བརྟན་པར་བྱ༔ བསྔོ་བ་དང་སྨོན་ལམ་གདབ༔ ཡེ་ཤེས་པ་དབྱིངས་སུ་གཤེགས་པའམ༔ ཕུར་པ་ལ་བསྟིམ༔ དམ་ཚིག་བདག་ལ་བསྡུ༔ བདག་གི་ང་རྒྱལ་བརྟན་ཞིང༔ སྟོང་པའི་ངང་ལས་རྒྱུན་སྤྱོད་ལ་འཇུག་པར་བྱེད་དོ༔ གཏོར་མ་གཏང༔ དཀྱིལ་འཁོར་བསྡུ༔ རྗེས་མི་མངོན་པར་བྱའོ༔ བཀྲ་ཤིས་བརྗོད༔ ཚོགས་ལ་རོལ༔ འདི་ཡི་སྒྲུབ་པ་ཐོན་ན༔ སེར་བ་འབེབ་བསྲུང༔ ཆར་པ་འབེབ་བསྲུང༔ གཏད་སེར་འཇུག་པ༔ ཀླུ་གདོན་འདུལ་བ༔ གང་ལ་ཡང་ཐོགས་པ་མེད་དོ༔ ཁྱུང་ནག་ཡོན་ཏན་གྱིས་སྒྲུབ་པ་རྩོག་རྩོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནང་ནས་གདན་དྲངས་པའོ། །འདི་ཡི་དཀྱིལ་འཁོར་ནི་གྲུ་གང༔ གྲུ་བཞི་པ༔ ཐ་ནས་རིམ་པ་ལྗང་སེར་དམར་མཐིང་བཞི་ནི་གྲུ་བཞིའོ༔ དེའི་ནང་ན་མུ་ཁྱུད་ཟླུམ་པོའི་ནང་ན༔ པདྨ་འདབ་བཞི༔ དབུས་མཐིང༔ ཕྱོགས་བཞི་དམར་པོ་འོ༔ མངྒ་ལཾ། བཀྲ་ཤིས། ཨོཾ་ཁྲོཾ་བཛྲ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཛ་སྲོག་ཚིག་ནན་རྦད༔ ལུས་རྡུལ་ཤིག༔ ནཱ་ག་ནཱ་ག་ཤིག༔ ནཱ་ག་རཱ་ཙ་ཆར་ཕོབ༔ ཕོབ་ཡ་ཕོབ་ཡ༔ འུར་འུར་ཆིལ་ཆིལ་སྭཱ་ཧཱ༔ ཅེས་ཡུངས་དཀར་ནག༔ ཀེ་ཚེ༔ ཤང་ཚེ༔ ལྕགས་ཕྱེ༔ ཟངས་ཕྱེ༔ སོ་ཐོག༔ སེ་རྒོད་ལ་སོགས་པ་རྣམས་ལ་བཟླ་ཞིང་ཀླུ་གཟུགས་བྲབ་བོ༔ ༔

འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ (Volume 17, Text 29)

༄༅། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཁམས་གསུམ་ཉོན་མོངས་གཤིན་རྗེའི་དཔུང་། །འཇོམས་བྱེད་འཇམ་དཔལ་ཁྲག་འཐུང་ལྷར། །བཏུད་ནས་དེ་ཡི་དབང་བསྐུར་གྱི། །ཆོ་ག་འཇུག་བདེའི་སྙིང་པོར་སྤེལ། །འདིར་འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ནི། རྡུལ་ཚོན་ལ་བརྟེན་པའི་ཚེ་ན་གང་དུ་དཀྱིལ་འཁོར་བྱ་བའི་སའི་ཆར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ལས་བྱང་ལྟར་གཞི་བགེགས་ལ་གཏོར་མ་བྱིན། སྐབས་འདིར་སྔར་མ་དུལ་བའི་ས་ཡིན་ན་གནམ་ས་བར་གསུམ་གྱི་དཔྱད་ལ་བརྟག་པ་དང་། སའི་བདག་པོ་ལ་གཏོར་མ་བྱིན་ནས་བསླངས་རྗེས་བྱེ་བྲག་ཏུ་ལྟོ་འཕྱེ་བརྟག་པ་དང་། ཆུ་སའི་སྒོ་ནས་པྲ་བརྟག་པ་སོགས་ཀྱང་གཞན་ལས་འབྱུང་བ་བཞིན་བྱ། དེ་ནས་རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་ཧྲཱིཿཥྚི་སོགས་བདག་པོའི་སྔགས་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ཅེས་བརྒྱ་རྩ་སོགས་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བས་ཡོངས་སུ་དག་པར་བྱས་ལ། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པ་ལྷོ་དང་ནུབ་བགས་ཀྱིས་མཐོ་ཞིང་བྱང་དང་ཤར་ཡིད་ཙམ་གཞོལ་བར་བརྩིགས། ལས་སྔགས་བཟླ་བཞིན་དུ་བདུད་རྩི་ལྔ་ཁྲག་ཆང་དྲི་བཟང་དང་སྦྱར་བས་ཆག་ཆག་གདབ། དེ་ནས་ཐིག་ཚོན་གྱི་ཆོ་ག་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་མཆོད་པ་དང་བཅས་པ་འདུ་བྱས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རིགས་ལྔའི་གཤིན་རྗེ་གཤེད་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སོགས་ཀྱིས་བསྟོད། དེ་རྣམས་ཞུ་བའི་ཐིག་སྐུད་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ། སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨ་ཏྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། ཞེས་གཅིག་ཏུ་དྲིལ་བ་ལས་ཀྱི་རྡོ་རྗེར་ཛཿཛཿཞེས་གཏད་ལ། སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཐིག་ཐིག་བསྐོར་དང་བཅས་པས་མཁའ་ལ་གདབ་ཅིང་སྤྱོད་ལམ་མ་ནོར་བར་བྱེད། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་བཏབ་ལ་ཆ་དབྱེ་བ་ནི། རྩ་ཐིག་བཞི་ཟུར་གྲུར་བཅད་པས། །གཡས་གཡོན་བརྒྱད་བརྒྱད་བཅུ་དྲུག་གི །དང་པོ་ཕྱེད་གདབ་ཕྱི་མ་གསིལ། །གཉིས་པ་བཞིར་གཤགས་གསུམ་བཞི་དོར། །ལྔ་པ་དབུས་དོར་དྲུག་ཕྱེད་གསིལ། །བདུན་པ་བཞིར་བྱས་བརྒྱད་དབུས་དོར། །ལྟེ་བ་ཟླུམ་སྐོར་དབུས་སུ་ཨེ། །ཐོད་ར་ཆ་བྲན་རྩིབས་བཞིའི་ས། །ཆ་གསུམ་མུ་ཁྱུད་ཆ་བྲན་གཅིག །ཕྱི་རོལ་མདའ་ཟུར་ཕྱི་ངོས་ནས། །གཉིས་གསུམ་གཅིག་དང་ཆ་ཆེན་གཅིག །ཟླུམ་བསྐོར་པདྨ་དུར་ཁྲོད་དང་། །རྡོ་རྗེའི་ར་བ་མེ་ཡི་ས། །དེ་ནས་ཚོན་སྣ་ལྔ་མདོག་རིགས་བསྡེབས་པ་བྱིན་རླབས་བསྟོད་པའི་བར་ཐིག་གི་སྐབས་བཞིན་ལས། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ་ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབ། དགྱེ་བའི་ཚུལ་ནི། དང་པོ་སློབ་དཔོན་གྱིས་དབང་ལྡན་ནས་གཡས་བསྐོར་གྱིས་བྲི། དེ་ནས་གཞན་གྱིས་ཀྱང་ཅི་བདེར་བྲིས་ལ། ལྟེ་བ་གྲུ་གསུམ་མཐིང་། ཟླ་གམ་དམར། མུ་ཁྱུད་ཐོད་ར་དཀར། རྩིབས་བཞི་མཐིང་། རྩིབས་མཆན་ཕྱོགས་མདོག །མུ་ཁྱུད་སྔོ། སྒོ་ཁྱམས་སྤྱི་དང་མཚུངས་པ་བྲི། ལྷ་གནས་སུ་སྐུའམ་ཕྱག་མཚན་ས་བོན་སོགས་ཅི་རིགས་བྱའོ། །བཤམ་དངོས་ནི་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བ་སྐུ་རྟེན་ཙཀླི་གཟུངས་རྡོར་དང་བཅས་པ། གཡས་སུ་སྒྲུབ་གཏོར་དར་ནག་གི་འཕུར་ལྡིང་ཅན། གཡོན་དུ་གསང་ཐོད་ཨ་མྲྀཏས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཉིས་བརྩེགས་ཀྱི་ལྟེ་བར་ཟླ་དཀྱིལ་གྱི་དབུས་སུ་མཱུཾ་ཡིག་སྔགས་ཀྱིས་བསྐོར་བ་ཟུར་དྲུག་ལ་དགའ་བ་འཁྱིལ་པ་དང་བཅས་བྲིས་པ་བཀོད། གཞན་ཡང་ཇི་ལྟར་རིགས་པར་སྔགས་བྱང་། བགྲང་ཕྲེང་། དཔལ་ཆས། ཕྱག་མཚན། མན་ཤེལ། བྲུབ་ཁུང་ལིངྒ་དང་བཅས་པ། ཕུར་བུ། སྒྲོལ་གྲི་སོགས་དང་། མཆོད་གཏོར་དང་གཏེར་སྲུང་གི་གཏོར་མ། མཐའ་སྐོར་དུ་སྨན་རཀ་ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་སེམས་ནས་བཟུང་བཟླས་པའི་བར་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་བསྒྲུབས་རྗེས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །ཞེས་སོགས་ཀྱིས་ཛཔ྄་དམིགས་གསལ་བཏབ་ནས་བུམ་པ་ལ་དམིགས་པའི་སྒེར་བཟླས་དང་། ལས་བུམ་དུ་སྐད་ཅིག་གིས་ལས་གཤིན་གསལ་བཏབ་ལ་ལས་སྔགས་ཅི་རིགས་བཟླས་རྗེས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། ཧཱུྃ༔ དགོངས་ཤིག་བདེ་གཤེགས་སོགས་ཀྱིས་དངོས་གྲུབ་བསྐུལ་བ་ནས་འོད་གསལ་དུ་འཇུག་ཅིང་བརྟན་པར་བྱ་བའི་བར་ལས་བྱང་གི་དཀྱུས་བཞིན་དང་། སྤྱི་དང་བྱེ་བྲག་གི་ཆོས་སྲུང་ལ་གཏོར་འབུལ་ཚོགས་མཆོད་རྣམས་ཀྱང་སྐབས་འདིར་བྱའོ། །གསུམ་པ་བདག་ཉིད་འཇུག་པ་དང་སློབ་མ་ལ་དབང་བསྐུར་བའི་ཆོ་ག་གཉིས། དང་པོ་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རང་ཉིད་ཟུར་དུ་ཕྱེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གཙོ་བོ་དང་སློབ་མའི་བྱ་བ་རྣམས་རང་གི་ཤེས་པས་འཆད་འགྱུར་བཞིན་རྫོགས་པར་བླང་བའམ། ཡང་ན་རང་གི་ལུས་ངག་ཡིད་གསུམ་གྱི་འཆར་གཞིར་གྱུར་པའི་གཉུག་མའི་སྒོ་གསུམ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་ཡེ་ནས་རང་བཞིན་གྱིས་དབྱེར་མེད་པ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཆོག །གང་ལྟར་ཡང་། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་བགྱི། །ཞེས་གསོལ་བ་གདབ། གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཡོལ་བའི་ཕྱིར་ཁྲུས་བྱས། བགེགས་བསྐྲད། མཎྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཐལ་མོ་སྦྱར་ཏེ། གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རྡོ་རྗེ་འཛིན༔ དཀྱིལ་འཁོར་ཀུན་གྱི་ཡང་དག་གཙོ༔ གསང་ཆེན་དབང་གི་ཆོ་ག་ལ༔ བདག་ཉིད་འཇུག་པར་མཛད་དུ་གསོལ༔ ཞེས་ལན་གསུམ། སློབ་དཔོན་གྱིས་ལན་གདབ་པ་ནི། ཨེ་མ་སྣོད་དང་ལྡན་པའི་བུ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་ཆོ་ག་འདི་མཛད་པས༔ ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན༔ དེ་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱང༔ སྲིད་པའི་དུཿཁ་ལས་སྐྱོབ་ཕྱིར༔ གཤིན་རྗེ་གཤེད་པོའི་དབང་མཆོག་སྦྱིན༔ དེ་ནས་ལས་བྱང་བཞིན་སྐྱབས་འགྲོ་སེམས་བསྐྱེད་བྱ། དུག་ལྔ་དག་པ་ཡེ་ཤེས་ལྔ། །བསྟེན་ཅིང་རྟག་ཏུ་བདག་གིས་སྤྱད། །བདེ་གཤེགས་རིགས་ལྔའི་བརྟུལ་ཞུགས་དག །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་ཐུན་མོང་དང་། ཧེ་རུ་ཀ་དཔལ་བླ་མ་མཆོག །བསྟེན་ནས་བསྙེན་ཅིང་སྒྲུབ་པ་དང་། སྒྲུབ་ཆེན་ལས་ཀྱི་སྦྱོར་བ་རྣམས། །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་ལན་གསུམ་གྱིས་ཁྱད་པར་གྱི་སྡོམ་པ་བཟུང་། ཛཿཧཱུྃ་བཾ་ཧོཿ པྲ་ཝེ་ཤ་ཡ་ཕཊཿ དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་བསམ་ལ་ཡོལ་བ་ཡོད་ན་སྐབས་འདིར་བསལ། ཨོཾ་བཛྲ་ས་མ་ཡ་ཛཿཛཿས་རྡོ་རྗེས་ནང་དུ་ཁྲིད། ཨོཾ་ན་མཿཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ཞེས་ཐལ་མོ་གནས་གསུམ་དུ་རིམ་པ་བཞིན་སྦྱར་བས་ཕྱག་བྱ་སྟེ་ཕྱི་འཇུག་གོ །དེ་ནས་ནང་འཇུག་གི་སྔོན་འགྲོ་དམ་བཞག་ལ། གསང་བ་མི་བསྒྲག་པའི་སྒོ་ནས་དམ་ལ་བཞག་པ་ནི། ཧཱུྃ༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས༔ ཡེ་ནས་རང་བྱུང་ཁྱོད་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་མཆོག་ཏུ་དམ་སྲུངས་ཤིག༔ བཛྲ་ས་མ་ཡ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་དང་བཅས་པའི་དུང་ཞལ་གྱི་ཆུ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་ཨ་མྲྀཏ་ཀ་ཋཱ། ཞེས་དམ་ལ་བཞག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་ལུས་གནད་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། སེམས་གནད་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་གླང་པད་ཉི་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་སློབ་མ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་སྐུ་མདོག་མཐིང་ནག་དུག་ཆེན་ཧ་ལ་ལྟར་གནག་པ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །ཕྱག་དྲུག་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་འཁོར་ལོ་གཡོན་འོག་མ་གཉིས་ཀྱིས་བེ་ཅོན་དང་སྡིགས་མཛུབ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། ཡུམ་ཟ་བྱེད་བཻ་ཏཱ་ལཱི་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དུར་ཁྲོད་རོལ་པའི་ཆས་བརྒྱད་དཔལ་གྱི་ཆས་བཅུ་ཡོངས་སུ་རྫོགས་པའི་དབུ་གཙུག་ན་བྱ་ཁྱུང་འཕུར་ཞིང་ལྡིང་བ། སྐུའི་ཆ་ཀུན་ནས་སྤྲུལ་པའི་ཁྲོ་ཚོགས་འགྱེད་པ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་འབྱུང་གནས་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་སློབ་མའི་ལུས་ལ་ཐིམ་པར་བསམ་ལ། བདུད་རྩི་ལྔ་དང་ཤ་ཆེན་གུ་གུལ་སྦྱར་བའི་སྤོས་བསྲེག་ཅིང་རོལ་མོ་དྲག་པོ་དང་བཅས་ཏེ། ཨོཾ་ཡ་མཱནྟ་ཀ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཨཱ་ཝེ་ཤ་ཡ་ཨཱཿཧཱུྃ་ཧཱུྃ་ཛ༔ ཞེས་བྱིན་ཕེབ་པ། ཏིཥྛ་བཛྲ་ཞེས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་དེ་བརྟན་པར་བྱས་པ་ལ་དུར་ཁྲོད་ཆས་ཀྱིས་མངའ་གསོལ་བ་ནི། དཔལ་གྱི་རྒྱན་ཆས་རྣམས་སློབ་མའི་གནས་སོ་སོར་བཀོན་ཚུལ་བྱས་ཏེ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་གྱིས༔ བདུད་དཔུང་རུ་དྲ་བསྒྲལ་པའི་ཚེ༔ སྐུ་ཡི་རྒྱན་དུ་བྱས་པ་ལྟར༔ དེ་བཞིན་རྒྱལ་སྲས་ཁྱོད་ཉིད་ལ༔ དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་རང་སར་དག༔ བདེ་གཤེགས་སྐུ་རུ་ཁྱོད་གྱུར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཅེས་བརྗོད། དེ་ནས་སྔར་གཏད་པའི་མེ་ཏོག ཧཱུྃ༔ ཁྲག་འཐུང་གཤིན་རྗེའི་དཀྱིལ་འཁོར་དུ༔ བདག་གིས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་སྐྱོབ་པར་མཛད་པའི་ལྷ༔ གང་ཡིན་དེ་ཡིས་བཞེས་སུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་མཎྜལ་ཚོམ་བུ་ལྔ་པར་དོར་བས་རིགས་ངེས་པར་བྱས་ལ། ཧཱུྃ༔ ཐུགས་མཆོག་འཇམ་དཔལ་གཤིན་རྗེའི་ཚོགས༔ འདི་དང་གཉིས་མེད་བརྟན་པར་མཛོད༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུྃ༔ ཞེས་གང་དུ་བབས་པའི་རིགས་ཀྱི་ལྷས་མགོ་བོར་བཅིངས་པར་བསམ། གཤིན་རྗེ་གཤེད་པོས་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། ཧོཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་ལས་དང་སྐལ་པར་ལྡན། །འདི་མཐོང་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ཕྱི་ལྟར་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི་ཉིད་ཀྱིས་མཚོན་ཏེ། ནང་ལྟར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་གྲུབ་པ་དང་། གསང་བ་ལྟར་ན་སེམས་ཉིད་ཡེ་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་གྲུབ་པའི་བརྡ་དང་རྟགས་ཀྱི་སྒོ་ནས་རྒྱས་པར་བསྟན་ལ་ངོ་སྤྲོད་དོ། །གཉིས་པ་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། སྔོན་ཚེ་བདེ་བར་གཤེགས་རྣམས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར༔ དེ་བཞིན་རྡོ་རྗེ་འཛིན་པ་ཆེས༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་དབང་སྟེགས་ཀྱི་དཀྱིལ་འཁོར་པདྨ་དང་ཉི་མའི་གདན་ལ་འཇམ་དཔལ་གཤིན་རྗེ་གཤེད་པོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབང་བསྐུར་བར་མོས་ལ་དབང་བཞིའི་དང་པོ་བུམ་དབང་ལ་ཐུན་མོང་གི་བུམ་པའི་དབང་བསྐུར་བ་ནི། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་བཞུགས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེའི་ལུས་སུ་འགྲུབ་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། ཡེ་ཤེས་ལྔའི་རང་བཞིན་བུམ་པའི་ཆུས་དབང་བསྐུར་བས་ཕུང་པོ་ལྔ་སངས་རྒྱས་རིགས་ལྔར་གནས་བསྒྱུར། ཉོན་མོངས་པའི་དྲི་མ་ཡེ་ཤེས་ལྔར་སྦྱངས། དབང་རྟགས་སུ་ཁྲག་འཐུང་རིགས་ལྔས་དབུ་བརྒྱན་པར་བསམ། བྱེ་བྲག་གི་དབང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དང་པོ་སྐུ་དབང་ནི། དཀྱིལ་འཁོར་གྱི་ལྷ་སོ་སོའི་སྐུ་ལས་གཉིས་པ་ཆད་དེ་སློབ་མ་ལ་བསྟིམས་ལ། ཧཱུྃ༔ སྣ་ཚོགས་སྤྲུལ་པས་འགྲོ་བ་འདུལ་མཛད་པའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས༔ སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་སྦྱིན་ནོ་ཡེ་ཤེས་འགྲུབ་གྱུར་ཅིག༔ ཨོཾ་ཨ་ར་ཙ་པ་ན་དྷཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གདུག་པ་འདུལ་མཛད་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ སྟོང་ཉིད་ཤེས་རབ་ཡུམ་མཆོག་མཁའ་འགྲོའི་གཙོ༔ སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་སྦྱིན་ནོ་ཡེ་ཤེས་འགྲུབ་གྱུར་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ༴ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྣམ་ཐར་གསུམ་གཟུགས་གཤིན་རྗེ་ཀུན་གྱི་གཙོ། །དུག་གསུམ་དབྱིངས་སྒྲོལ་ཚེ་འཆི་སྲོག་གི་བདག༔ སྒྱུ་འཕྲུལ༴ དེང་འདིར༴ ཨྱཻ་ཡ་མ་དུ་ཤ་ཧཱུྃ༔ ཨྱཻ་ཡ་མ་ཡཀྴ་ཧཱུྃ༔ ཨྱཻ་ཡ་མ་རཀྴ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། བདུད་བཞི་འདུལ་མཛད་དྲེགས་པ་ཀུན་གྱི་བདག །ཚད་མེད་བཞི་ལྡན་གཤེད་ཆེན་རྣམ་པ་བཞི། །སྒྱུ་འཕྲུལ༴ དེང་འདིར༴ ཡ་མ་རཱ་ཛ་ས་དོ་མེ་ཡ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྫུ་འཕྲུལ་རྐང་བཞིའི་ངོ་བོ་ཕོ་ཉ་ཆེ། །ཕྲིན་ལས་བཞི་མཛད་སྒོ་སྐྱོང་རྣམ་པ་བཞི། །སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་བྱིན་ནོ་ཡེ་ཤེས་གྲུབ་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཙཀླི་རྣམས་རིམ་བཞིན་སྤྱི་བོར་བཞག །གཉིས་པ་གསུང་དབང་ནི། རུ་རཀྴའི་ཕྲེང་བ་གཏད་ལ། ཧཱུྃ། སྣ་ཚོགས་རྣམ་རྟོག་བཅོམ་པའི་བརྡར། །དྲག་པོའི་བགྲང་ཕྲེང་འདི་ཟུངས་ལ། །བཅོམ་ལྡན་འཇམ་དཔལ་ཁྲོ་རྒྱལ་གྱི༔ གསང་བའི་སྔགས་འདི་ཛཔ྄་ཏུ་ཟློས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་དང་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཞལ་ནས་བྱུང་། སློབ་མའི་ཁར་ཞུགས་སྙིང་གར་དྭངས་མའི་སྲོག་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ལ། སྙིང་པོ། ཉེ་སྙིང་། སྒྲུབ་སྔགས། ཡ་མ་རཱ་ཛ་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ། གསུམ་པ་ཐུགས་དབང་ནི། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་རྣམ་པ་ཕྱག་མཚན་གྱི་ཚུལ་དུ་བྱུང་བ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ རྣོ་མྱུར་ཤུགས་དྲག་འབར་བའི་མཚོན། །གྲི་གུག་ཁམས་གསུམ་སྙིང་ནས་འདྲེན༔ ཁྲོ་རྒྱལ་ཕྱག་མཚན་ཐུགས་ཀྱི་དབང༔ དེ་རིང་ཁྱོད་ལ་བདག་གིས་སྦྱིན༔ ཨོཾ་ཡ་མཱནྟ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་དུ་ཚིག་རྐང་གཉིས་པར། ཤེས་རབ་རལ་གྲིས་ཉོན་མོངས་གཅོད༔ འཁོར་ལོས་ཕ་རོལ་རྒོལ་བ་ཟློག༔ བྷཉྫ་ཁྲག་ཆེན་འཁོར་བ་སྒྲོལ༔ བེ་ཅོན་གདུག་པའི་དགྲ་བགེགས་འདུལ༔ སྡིགས་མཛུབ་བག་ཆགས་དབྱིངས་སུ་སྦྱོར༔ ཞེས་བསྒྱུར་བས་རིམ་བཞིན་བསྐུར། བཞི་པ་ཡོན་ཏན་གྱི་དབང་ནི། གཏོར་སྣོད་རང་བྱུང་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ན་གཏོར་མ་འཇམ་དཔལ་གཤིན་རྗེའི་གཤེད་དུས་དགྲའི་དབང་པོའི་ལྷ་ཚོགས་སུ་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས་སློབ་མའི་གནས་གསུམ་དུ་ཐིམ་པས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་མངའ་དབང་འབྱོར་པར་བསམ་ལ་གཏོར་མ་གནས་གསུམ་དུ་བཞག་སྟེ། ཧཱུྃ༔ གཏོར་སྣོད་དྲག་པོ་ཆོས་ཀྱི་དབྱིངས༔ གཏོར་རྫས་འཇམ་དཔལ་གཤིན་རྗེའི་གཤེད༔ གསང་གསུམ་སྣང་གྲགས་རིག་སྟོང་དབང༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ སྒོ་གསུམ་ལས་ཉོན་སྒྲིབ་པ་སྦྱངས༔ ཡེ་ཤེས་རྡོ་རྗེ་གསུམ་འགྲུབ་ཤོག༔ ཨོཾ་ཡ་མཱནྟ་ཀ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཀྱི་དབང་ནི། བྲུབ་ཁུང་དུ་ཉ་བོ་བཅས་པ་ལ་གདབ་ལས་བཞིན་དགུག་བསྟིམ་ལྷ་དབྱེ་རྣམས་སྔོན་དུ་འགྲོ་བས་སློབ་མ་ལྷའི་ང་རྒྱལ་དང་ལྡན་པ་ལ་ཕུར་བུ་སྲས་མཆོག་ཏུ་གསལ་བ་གཏད་དེ། ཧཱུྃ༔ འཇམ་དཔལ་ཁྲོས་པ་ཁྲོ་བོའི་རྒྱལ༔ བགེགས་འདུལ་སྲས་མཆོག་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ གནོད་བྱེད་ཚོགས་ལ་སྨོས་ཅི་དགོས༔ ཨོཾ་ཡ་མཱནྟ་ཀ་གནོད་བྱེད་མཱ་ར་ཡ་རྦད༔ ཅེས་བརྗོད་དེ་ཚེ་ལུང་ཁྲུས་ལུང་གི་དམིགས་པའི་འཁྲུལ་འཁོར་དང་བཅས་གདབ་ཏུ་བཅུག་རྗེས་མཚོན་ཆས་དུམ་བུར་བསྒྲལ་ལ་ལིང་རོ་བདུད་རྩིར་སྤར་བ་ལས་བྱང་བཞིན་ཕུལ་བས། ལྷ་ཚོགས་རྣམས་ཀྱིས་དགྱེས་པའི་རྔམས་སྒྲ་དང་བཅས་གསོལ་ནས་སློབ་མ་ལ་ཕྲིན་ལས་བཞིའི་དངོས་གྲུབ་སྩོལ་བ་ལ་དགྱེས་པར་བསམ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས། བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་སེམས་སུ་ཞུ་བ་སློབ་དཔོན་གྱི་སྤྱི་བོ་ནས་ཞུགས། ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་རྒྱུན་ཤེས་རབ་ཀྱི་དམར་ཆ་དང་ལྷན་ཅིག་པ་མཁའ་གསང་ནས་ཕྱིར་བྱུང་བ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབང༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བྱིན་པ། ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་། བྱང་སེམས་མགྲིན་པའི་ནང་ནས་ཇེ་ཆེར་འཕེལ་བས་རྩ་ཁམས་ཐམས་ཅད་ཁྱབ་པར་བསམ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་དབང་ནི། སིནྡྷུ་རའི་མཎྜལ་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་མཚན་ཉིད་དང་ལྡན་པར་བསྐྱེད་པ་དབང་རྟེན་གྱི་དོན་དུ་བུ་ལ་གཏད་པར་མོས་ནས་སིནྡྷུ་རའི་མཎྜལ་ལག་ཏུ་གཏད་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ འདི་བསྟེན་མཆོག་གི་བདེ་བ་ཐོབ༔ ཁྱེར་ལ་རྟག་ཏུ་མཆོད་པར་གྱིས༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་ཐིག་ལེ་དཔྲལ་བ་དང་སྙིང་གར་བྱ། དེ་ལས་ཡེ་ཤེས་བསྐྱེད་པའི་ཕྱིར་སློབ་མ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དང་ཡུམ་ཟ་བྱེད་བཻ་ཏཱ་ལཱིར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུར་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་ཧྲཱིཿལས་པདྨའི་ཟེའུ་འབྲུར་ཨཱཿས་མཚན་པར་བསམ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྲུབ་པ་དང་སྦྱོར་བས་ཡབ་ཡུམ་སྙོམས་པར་ཞུགས། ཡས་བབ་དང་མས་བརྟན་གྱིས་བསྡུས་པའི་དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན་སྐྱེས། སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་བསྐྱངས་ཏེ་མཉམ་པར་བཞག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། སློབ་མ་ལུས་གནད་དྲང་པོར་བསྲང་། རླུང་རྩོལ་མེད་དུ་བཞག །སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་མདངས་བསྐྱང་དུ་བཅུག་སྟེ་མན་ཤེལ་མིག་གི་སྒོར་བསྟན་ལ་ངོ་སྤྲོད་པ་ནི། ཧཱུྃ༔ འདི་ལྟར་འཁོར་འདས་ཆོས་རྣམས་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་པ་ཀུན་ལས་འདས༔ སངས་རྒྱས་ཀུན་གྱི་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས། མ་རྟོགས་འཁྲུལ་པའི་བློ་ངོ་ན་མ་དག་པ་འཁོར་བའི་ཆོས་དང་དག་པ་མྱ་ངན་ལས་འདས་པའི་ཆོས་ཞེས་གཉིས་སུ་སྣང་ཡང་། དོན་དམ་པར་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་འགྱུར་བ་མེད་པ། ཐོག་མ་དང་མཐའ་མ་དབུས་ལ་སོགས་པ་མཚན་འཛིན་ཀུན་ལས་རྣམ་པར་གྲོལ་བའི་གསལ་སྟོང་ཟུང་འཇུག་གི་སྟོང་ཉིད་སོ་སོ་རང་རིག་གི་ངོ་བོ། སྨྲ་བསམ་བརྗོད་པའི་ཡུལ་འདས་ཀ་དག་རང་བྱུང་རིག་པའི་རྩལ་མདངས་ལྷུན་གྲུབ་ཡེ་ཤེས་ལྔའི་རྣམ་རོལ་དུ་མ་འགགས་པར་རང་ཤར་བ་སྟེ། འདི་ནི་སངས་རྒྱས་ཀུན་གྱི་དགོངས་ཉམས་མཐར་ཐུག་པ་ཡིན་པས་དེའི་ངང་བསྐྱངས་ཏེ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སྤྲོ་ན་སྐབས་འདིར་དབང་བསྐུར་པ་རྣམས་བརྟན་པའི་དོན་དུ་ཤིས་བརྗོད་ཀྱང་བྱ། གང་ལྟར་ཡང་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་བསྲུང་བར་བསྒོས་ལ། བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ཇི་ལྟར་བཀའ་བསྩལ་གསུང་བྱོན་ལྟར། །ཕྱི་ནང་སྡོམ་པ་དམ་ཚིག་ཀུན། །བདག་སོགས་རྡོ་རྗེའི་མཆེད་ལྕམ་གྱིས། །ནམ་ཡང་འདའ་བར་མི་བགྱིད་དོ། །ཞེས་ལན་གསུམ་གྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། དེང་ནས་བྱང་ཆུབ་སྙིང་པོའི་བར༔ ལུས་དང་ལོངས་སྤྱོད་དངོས་ཀུན་ཀྱང༔ རྡོ་རྗེ་འཛིན་ལ་བདག་འབུལ་གྱིས༔ ཁྱོད་ཀྱིས་རྗེས་སུ་བཟུང་དུ་གསོལ༔ ཞེས་གསོལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། ཚོགས་ལ་རོལ་བ་དང་ལྷག་མ་གཏང་བ་ལ་སོགས་ཏེ་རྗེས་ཆོག་རྣམས་དཀྱུས་བཞིན་ལས། རྡུལ་ཚོན་ལ་བརྟེན་པའི་ཚེ་དགེ་བ་བསྔོ་བའི་གོང་དུ། ཨ་ཀཱ་རོའི་སྔགས་ཀྱིས་དཀྱིལ་འཁོར་དབྱི། ཤིས་བརྗོད་བྱ། རྡུལ་ཚོན་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོར་བཀུར་སྟི་དང་བཅས་ཏེ་སྤྱན་དྲང་བ་རྣམས་བྱ་བ་ཡིན་ནོ། །ཟབ་གསང་སྙིང་པོར་དྲིལ་བ་མན་ངག་གནད། །འཇམ་དཔལ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ཆེར། །སྐལ་ལྡན་སྨིན་པར་བྱེད་པའི་ཆོ་གའི་ཁྲིགས། །ཉུང་ངུའི་ངག་གི་བརྗོད་པས་གསལ་བར་བྱས། །འདིས་ཐོབ་དགེ་བས་མཁའ་མཉམ་འགྲོ་བ་ཀུན། །འགྱུར་བཅས་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ནས། །རང་རིག་འཇམ་དཔལ་དཔའ་བོའི་གསང་གསུམ་དང་། །དབྱེར་མེད་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་འདི་ཡང་། རིགས་ཀྱི་བུ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་ཀྱིས་ནན་ཏན་དུ་བསྐུལ་ཞིང་། ཉེ་ཆར་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་ཀྱང་རྒྱང་རིང་མོ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རིག་པ་འཛིན་པའི་མིང་གིས་སྙན་པའི་སྙོམ་ལས་པ་རྒན་པོ་འགྱུར་མེད་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་པ་ཆུ་མོ་སྦྲུལ་གྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟི་གནས་སུ་སྦྱར་བ་བཞིན་རིགས་ཀྱི་བུ་སྡོམ་བརྩོན་པདྨ་འགྱུར་མེད་རྒྱ་མཚོས་ཡི་གེར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

དམ་པ་རིགས་བརྒྱ་རིག་འཛིན་དང་བཅས་པའི་ལྷ་དབང་གི་བཀོལ་བྱང་ (Volume 63, Text 29)

དམ་པ་རིགས་བརྒྱ་རིག་འཛིན་དང་བཅས་པའི་ལྷ་དབང་གི་བཀོལ་བྱང་བཞུགས་སོ། །ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཨ་ཨ་བྷི་ཥིཉྩ་མི། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པས་དབང་བསྐུར་རོ། །ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་མི། ཧཱུྃ། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་མི། ཧཱུྃ། རྣམ་ཤེས་དབང་པོ་དག་པས་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱིས་དབང་བསྐུར་རོ། །མ་ཧཱ་སཏྭ་ཨ་བྷི་ཥིཉྩ་མི། ཧཱུྃ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །བོ་དྷི་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །པཱུ་ཛ་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ཡིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི། ཧཱུྃ། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ཡིས་དབང་བསྐུར་རོ། །ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་རོ། །སརྦ་མུ་ནི་ཨ་བྷི་ཥིཉྩ་མི། ༼རིག་འཛིན་དཔའ་བོ་ཡབ་ཡུམ་གྱི་ལྷ་དབང་འཇའ་ཚོན་ཞི་ཁྲོ་ལས་བྱུང་བ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིག་འཛིན་དཔའ་བོ་ཡབ་ཡུམ་གྱི༔ དབང་ཆོག་དམ་པ་འདི་བསྐུར་བས༔ བདེ་སྟོང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱཀྐི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔༽ ཧཱུྃ། འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀཿརྣམས་ཀྱིས་དབང་བསྐུར་རོ། །སརྦ་ཤྲཱི་ཧེ་རུ་ཀཿཨ་བྷི་ཥིཉྩ་མི། ཧཱུྃ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱིས་དབང་བསྐུར་རོ། །སརྦ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། ཁྲོ་མོ་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧ་ཨ་བྷི་ཥིཉྩ་མི། ཧཱུྃ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧེ་ཨ་བྷི་ཥིཉྩ་མི། ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ཡིས་དབང་བསྐུར་རོ། །ཛ་ཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱིས་དབང་བསྐུར་རོ། །བྷྱོ་བྷྱོ་བྷྱོ་བྷྱོ་ཨ་བྷི་ཥིཉྩ་མི། ཤིན་ཏུ་བསྡུ་ན། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ། །ཞེས་དང་རྩ་སྔགས་སམ་ཡི་གེ་བརྒྱ་པའི་མཐར། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་པས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ།། །།

ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ ནོར་སྒྲུབ་ཀུན་འཁྱིལ་མཆེད་གསུམ་ (Volume 51, Text 30)

༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ ནོར་སྒྲུབ་ཀུན་འཁྱིལ་མཆེད་གསུམ་བཞུགས༔ ྈྈྈྈ རྩ་གསུམ་ལྷ་ལ་གུས་པས་འདུད༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ མཐུན་རྐྱེན་ཟས་གོས་ནོར་གསུམ་དགོས༔ དེ་ཡང་མྱུར་དུ་བསྒྲུབ་པའི་ཕྱིར༔ གནོད་སྦྱིན་མཆེད་གསུམ་སྒྲུབ་པ་ལ༔ ཕྲིན་ལས་སྙིང་པོར་བསྡུས་པ་ནི༔ གཏོར་མ་ཟས་སྣ་སྤོད་ཀྱིས་བྲན༔ རང་ཉིད་རྩ་གསུམ་གང་རུང་བསྒོམ༔ མདུན་དུ་སྐྱེད་ཚལ་ཉམས་དགའི་དབུས༔ རིན་ཆེན་ལྗོན་ཤིང་དཔངས་མཐོ་བ༔ མེ་ཏོག་དམར་པོ་བཀྲ་བའི་རྩར༔ ཨུཏྤལ་དམར་པོ་ཉི་མའི་གདན༔ ཧྲཱིཿཡིག་གསུམ་གྱི་འཕྲོ་འདུ་ལས༔ དབུས་སུ་ནོར་གྱི་ལྷ་མོ་མཐིང༔ གཡས་སུ་གོས་ཀྱི་ལྷ་མོ་ལྗང༔ གཡོན་དུ་ཟས་ཀྱི་ལྷ་མོ་དམར༔ ལེ་བརྒན་ན་བཟའ་གསེར་རྐེད་བཅིངས༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཤ་རྒྱས་མཛེས་ལ་སྒེག་པའི་ཉམས༔ གཡས་རྣམས་གསེར་གྱི་དགྲ་སཏྭ་དང༔ གཡོན་པས་དགོས་འདོད་མཆོག་སྩོལ་བའི༔ ཐོད་པ་རིན་ཆེན་གང་བ་བསྣམས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཡེ་ཤེས་ཚོགས་རྣམས་སྤྱན་དྲངས་གྱུར༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་ནགས་ཚལ་ནས༔ གནོད་སྦྱིན་བུ་མོ་མཆེད་གསུམ་རྣམས༔ དམ་ཚིག་དབང་གིས་གནས་འདིར་གཤེགས༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ལས་སྤྲུལ༔ ཕྱི་ནང་གསང་བ་མཆོད་པའི་སྤྲིན༔ འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཟས་གོས་ནོར་གྱི་དངོས་གྲུབ་སྩོལ༔ ཨརྒྷཾ་པཱ་དྱཾ་སོགས། མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ ཤ་ཟའི་མཁའ་འགྲོ་མཆེད་གསུམ་གྱིས༔ གཏོར་མ་བཞེས་ལ་བདག་གཞན་ཀུན༔ བྱང་ཆུབ་སྒྲུབ་པའི་གྲོགས་ཀྱི་ཕྱིར༔ སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས༔ སྒྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ༔ དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ༔ ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ༔ སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ༔ སྣ་ཚོགས་མཛད་པ་ཡིད་བཞིན་ནོར་འདྲ་ཞིང༔ དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༔ མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་པ༔ དགོས་འདོད་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད༔ སྒྲུབ་ཅིང་བཟླས་པ་གཞན་དུ་ཤེས༔ གཤེགས་ཤིང་རྟེན་ལ་བསྟིམ་པ་སོགས༔ རྣལ་འབྱོར་རང་གིས་གང་འདོད་བྱ༔ འདིས་ནི་ལོངས་སྤྱོད་མྱུར་དུ་འདུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ ཀུན་འཁྱིལ་མཆེད་གསུམ་སྒྲུབ་ཐབས་བཞུགས༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་མཆེད་གསུམ་སྒྲུབ་པའི་རྟེན༔ འགྲོན་བུ་བུ་ཡོད་ཧྲཱིཿས་མཚན་པ༔ ཁོང་དུ་སྔགས་ཀྱི་བྱང་བུ་བཅུག༔ ལེ་བརྒན་གྱིས་དྲིལ་དར་སྣས་བཅིངས༔ ལྷ་ཀླུ་མི་གསུམ་བླ་རྡོ་དང༔ རིན་ཆེན་འབྲུ་སྨན་རྟ་ཕྱུགས་སྤུ༔ ཟས་སྣ་རྣམས་དང་ལྷན་ཅིག་ཏུ༔ རིན་ཐང་ཆེ་བའི་གྭ་འུར་བསྩལ༔ ད་ལ་བྲིས་པའི་སྐུ་རྟེན་བཅས༔ བགེགས་བསྐྲད་ཁྲུས་ཀྱིས་སྦྱང་བར་བྱ༔ དེ་ཉིད་ལྷ་མོ་གསུམ་དུ་མོས༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ གནོད་སྦྱིན་བུ་མོའི་ཐུགས་རྒྱུད་བསྐུལ༔ ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཁོར་འདས་ཀུན་ཏུ་འཕྲོས་པ་ཡིས༔ མཁྱེན་ལྡན་འབྱོར་ལྡན་བསོད་ནམས་ཅན༔ དབང་ཐང་ཅན་གྱི་ཚེ་བསོད་དཔལ༔ ཟས་གོས་ནོར་རྣམས་ཐམས་ཅད་ཀུན༔ གནས་འདིར་བསྡུས་ཤིང་ཐིམ་པར་བསམ༔ སྔགས་འདི་ཐུགས་ཀར་བཀོད་ཅིང་བཟླ༔ ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ གོས་ཀྱི་ལྷ་མོའོ༔ ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ནོར་གྱི་ལྷ་མོའོ༔ ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྲྀཧྞ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཟས་ཀྱི་ལྷ་མོའོ༔ ས་མ་ཡ༔ རྒྱཿརྒྱ༔ ཞག་གཅིག་གིས་འགྲུབ་པའི་སྔགས་ཤམ་འདི་སྦྱར་རོ༔ ྈྈྈྈྈྈྈྈ ས་མ་ཡ༔ རྒྱཿརྒྱཿ ༁ྃ༔ ཡང་ཟབ་རྩ་གསུམ་ཚེ་ཟབ་ལས༔ གནོད་སྦྱིན་སྤུན་གསུམ་བཀའ་གཏད་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཤ་ཟ་མཁའ་འགྲོ་སྤུན་གསུམ་གྱི༔ སྒྲུབ་ལ་དབང་བའི་བཀའ་གཏད་ནི༔ དཀྱིལ་འཁོར་ཨུཏྤལ་གསུམ་བྲི་འམ༔ མེ་ཏོག་སིལ་མས་ཚོམ་བུ་བཀྲམ༔ ཐོད་བཟང་ནང་དུ་གཏོར་མ་ནི༔ རིན་ཆེན་དབྱིབས་ཅན་དགྲ་སཏྭས་མཚན༔ ཟས་སྣས་བསྐོར་ལ་སྤོད་ཀྱིས་བྲན༔ བག་དྲོ་རྒྱན་ལྡན་དར་གུར་ཕུབ༔ ཀུ་ཤའི་ཆུན་པོ་གསུམ་ཡང་བཙུགས༔ དེ་ལ་ལྷ་མོའི་སྐུ་གཟུགས་བཏགས༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ སྒྲུབ་པའི་ཕྲིན་ལས་ཚུལ་བཞིན་བཏང༔ བུམ་པར་རིགས་གསུམ་མགོན་པོ་བསྐྱེད༔ སྙིང་པོ་བཟླས་པས་འོད་ཞུ་བསམ༔ སློབ་མས་རྟེན་འབྲེལ་ཆེ་བའི་རྫས༔ ཚོགས་གསག་ཕྱིར་ན་མཎྜལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བྱང་ཆུབ་ལམ་གྱི་མཐུན་རྐྱེན་ཀུན༔ བསྒྲུབ་ཕྱིར་ལྷ་མོའི་རྗེས་གནང་སྩོལ༔ རྒྱུད་སྦྱང་སྐུ་ཡི་ལྷ་མོར་བསྐྱེད༔ ཡེ་ཤེས་བསྟིམ་ཞིང་བུམ་དབང་བསྐུར༔་་་ཏིལ་གྱི་གོང་བུ་སོགས།མཆན། འཇམ་དཔལ་དབྱངས་ཀྱིས་དབུ་བརྒྱན་བསམ༔ སྐུ་གཟུགས་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ རྒྱལ་བ་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་གོས་ཀྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ སྔགས་ཀྱི་དབང་བསྐུར་བཟླས་ལུང་སྦྱིན༔ ལྷ་མོ་རང་སེམས་དབྱེར་མེད་བསམ༔ དེ་བཞིན་ཟས་ཀྱི་ལྷ་མོར་བསྐྱེད༔ སྤྱན་རས་གཟིགས་ཀྱིས་དབུར་བརྒྱན་བསམ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་ཟས་ཀྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ ནོར་གྱི་ལྷ་མོའི་དབུ་རྒྱན་ཡང༔ ཕྱག་ན་རྡོ་རྗེ་ཉིད་དུ་བྱ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་ནོར་གྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་ལ༔ རྟེན་གཏོར་མཛོད་ཀྱི་ཕུགས་སུ་སྦ༔ ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་ལོ༔ ས་མ་ཡ་རྒྱ༔ ལྷ་སྲས་མུ་རུབ་བཙད་པོའི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ཡེལ་བྲག་ནམ་མཁའ་མཛོད་ནས་ལས་ལྡན་གྱི་གྲོགས་དང་བཅས་པས་སྤྱན་དྲངས་པའི་བདུད་རྩི་ལྔ་ཤོག་ཨོ་རྒྱན་ཕྱག་བྲིས་ལས། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་གདན་ས་ཆེན་པོའི་རི་ཁྲོད་བདེ་ཆེན་གླིང་དུ་མེ་སྦྲུལ་ལོ་ཐ་སྐར་ཟླ་བའི་ཡར་ངོ་གུ་རུ་རིན་པོ་ཆེའི་དུས་ཆེན་ཚེས་བཅུའི་སྔ་དྲོའི་ཆར་དབུ་བརྩམས་ནས་ཕབ་རིམ་བཞིན་དུ། ཟུར་མང་བསྟན་འཛིན་སྤྲུལ་མིང་པ་པདྨ་ངེས་གསང་བསྟན་པ་རབ་རྒྱས་ཀྱིས་བྲིས་པ་དགེའོ།། །།

བཀའ་འདུས་སྒྲུབ་ཆེན་བཟླས་པའི་སྐབས་སུ་ཛཔ྄་བསྐུལ་ (Volume 15, Text 30)

བཀའ་འདུས་སྒྲུབ་ཆེན་བཟླས་པའི་སྐབས་སུ་ཛཔ྄་བསྐུལ་རྒྱས་པར་སྤྲོ་ན། གཙོ་བོ་ལ། ཧཱུྃ༔ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ན༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ གཉིས་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་བརྒྱ་རེ་བཞི་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། འཁོར་རྣམས་ལ། ཧཱུྃ༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ན༔ ཁྱབ་བརྡལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ན༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ སྣང་དབྱིངས་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་དབུས་དགའ་བའི་དཀྱིལ་འཁོར་ཆེན་པོ་ན༔ འབར་བའི་ཡེ་ཤེས་དཔལ་ཆེན་གསང་བའི་བདག༔ དབང་སྡུད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ རྣམ་གྲངས་བརྒྱད་ཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། ཧཱུྃ༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ན༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ བདེ་མ་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ སུམ་ཅུ་རྩ་དྲུག་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ན༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ མཁའ་འགྲོ་བརྒྱད་ཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ན༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ རྣལ་འབྱོར་མས་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་གཉིས་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་དབུས་དོན་མཐུན་རོལ་པའི་དཀྱིལ་འཁོར་ན༔ གཏུམ་རྔམ་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ ཟ་བྱེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ན༔ བསམ་འཕེལ་ཡེ་ཤེས་ཀུན་འབྱུང་རཏྣ་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ན༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ རལ་གཅིག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ན༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ བདག་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ན༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ མཁའ་སྤྱོད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་སུམ་ཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་སྨད་ལྟ་བ་ཟག་མེད་དཀྱིལ་འཁོར་ན༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ འོད་སྐོར་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དགུ་བཅུ་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ན༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བདུན་ཅུ་རྩ་གཉིས་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ན༔ རྟོག་བྲལ་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ ཛྙཱ་ན་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་རེ་བཞི་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ན༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཨུ་ཙུཥྨར་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་བཅུ་བདུན་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ན༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཟིལ་གནོན་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་ལྔ་བཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་ན༔ ཐིག་ལེའི་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ ཉིད་བཞི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བདུན་ཅུ་རྩ་བཞི་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་དང་། ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་ན༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ རྒྱས་འདེབས་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱད་ཅུ་རྩ་བཞི་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་ན༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ སྤྱི་འདུལ་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲེགས་པ་བཞི་བཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་ན༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ འབྱུང་ལྔའི་བདག་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ཉི་ཤུ་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཁྲོ་བོ་སྤྱི་དྲིལ་ལ། ཧཱུྃ༔ ཚོམ་བུ་ཉེར་གཅིག་འབར་བའི་དཀྱིལ་འཁོར་ན༔ ཡེ་ཤེས་ཉེར་གཅིག་ཀུན་ཏུ་མ་འདྲེས་མདངས༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་སྦྱར་ལ་སོ་སོའི་བཟླས་པ་བྱ་ཞིང་། མཐར་རེ་རེ་བཞིན་སྟོང་ཚིགས་ཀྱི་མཆོད་པའང་བྱའོ། །ཞེས་པའང་བཛྲ་ཛྙཱ་ནས་སོ།།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ཀྱི་སྐོར་ལས་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ཁོལ་དབྱུང་བཀླག་ཆོག་ཏུ་བཀོད་པ་འདོད་འབྱུང་དབང་གི་རྒྱལ་པོ་ (Volume 21, Text 30)

༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ཀྱི་སྐོར་ལས་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ཁོལ་དབྱུང་བཀླག་ཆོག་ཏུ་བཀོད་པ་འདོད་འབྱུང་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས། །དེ་ཉིད་གངས་ཅན་མགོན་སྤྲུལ་སྲོང་བཙན་སྒམ། །སྙིགས་དུས་འགྲོ་སྐྱོབ་དཔལ་ལྡན་བླ་མའི་ཞབས། །སྙིང་དབུས་དད་པའི་པད་མཚོར་རོལ་པར་མཛོད། །གངས་རིའི་ལྗོངས་འདིར་བསྐྱེད་རྫོགས་སྒྲུབ་པའི་ཐབས། །ཀུན་གྱི་ཐོག་མ་ངོ་མཚར་ཤིང་རྟའི་སྲོལ། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཡིད་བཞིན་ནོར། །སྤྲུལ་པའི་རྒྱལ་པོའི་དགོངས་མཚོར་སྐྱེས་འདི་འོ། །ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་གང་གི་བཀའ་འབུམ་སྐོར་ཚོ་གསུམ་དུ་གྲགས་པ་ལས་མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་ཞལ་གདམས་ཆེ་ཚོའི་སྐོར་ལས་བྱུང་བའི་བསྙེན་སྒྲུབ་ཀྱི་ཁོག་པ་ཆེན་མོའི་ཕྲིན་ལས་རང་གཞན་གཉིས་དོན་དུ་བགྱི་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལམ་རིམ་མོ། །དང་པོ་ལ་གཉིས། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། གཞན་དོན་དབང་བསྐུར་དང་གཉིས་དོན་རིལ་བུ་སྒྲུབ་པ་སོགས་ཀྱི་བཅས་བཤམ་དེ་དང་དེར་ཤེས་པར་བྱ། བསྙེན་པ་ཚོགས་མཆོད་གནས་ལུང་ལྟ་བུའི་སྐབས་སུ། ཐོག་མར་དཀར་གཏོར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་རྒུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ས་མཱ་ཛཿ ཞེས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ། ཞེས་གཏོར་མ་དོར། ཐིག་ཚོན་བྱིན་རླབས་ནི་དཀྱུས་ལ་མི་དགོས་ཤིང་སྒྲུབ་མཆོད་དབང་སྐུར་སོགས་ཀྱི་སྐབས་ཇི་ལྟར་བྱ་བའི་ཚུལ་དབང་ཆོག་ལས་ཤེས་པར་བྱ། དཀྱིལ་འཁོར་རས་བྲིས་ཡོད་ན་བཏིང་ཞིང་འཕགས་པའི་སྐུ །ཡིག་དྲུག །ཆོས་དབྱུག་སོགས་སྐུ་གསུང་ཐུགས་རྟེན་དང་མཆོད་གཏོར་བཤམ། མ་འབྱོར་ན་འཕགས་པའི་རྟེན་བཀྲམ་པའི་སྤྱན་སྔར་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མདུན་དུ་གཙང་ཞིང་དག་པའི་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པ་གཅིག་གམ་གསུམ། ཆུ་གཉིས་ཉེར་སྤྱོད། དཀར་མངར་གྱི་ཚོགས་རྫས། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་འདུ་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་བདུན་གྱི། ཐོག་མར་བརྒྱུད་པའི་གསོལ་འདེབས། རང་བཞིན་གདོད་དག་དང་། ཆོས་དབྱིངས་སྤྲོས་བྲལ་མ་གང་རུང་ངམ། ཡང་ན། ཆོས་སྐུ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ། །སྐུ་གསུམ་གཅིག་བསྡུས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །གྲུབ་ཐོབ་དངོས་གྲུབ་མངའ་བདག་ཉང་རལ་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀྱ་བཟང་། །ལྷ་རྗེ་དགེ་འབུམ་ཡེ་ཤེས་མཆོག་ལྕམ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བྱང་སེམས་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །མཁས་མཆོག་བསོད་སེང་གྲུབ་མཆོག་བཀྲས་རྒྱན་པ། །བློ་གྲོས་རྒྱལ་མཚན་དབུ་ཐུམ་འདུལ་བ་པར། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །དཔལ་ལྡན་གཞོན་ནུ་དཀོན་སྐྱབས་པདྨ་དབང་། །ལེགས་ལྡན་གནམ་ལྕགས་མེ་འབར་རིན་ཆེན་དཔལ། །སངས་རིན་རྣམ་འཇོམས་ཆོས་ཀྱི་གྲགས་པ་སོགས། །སྨིན་བྱེད་དབང་བསྐུར་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །མཐའ་བཞི་འཇམ་དབྱངས་ཚུལ་ཆེན་བཀྲས་རྒྱན་པ། །སྐུ་འབུམ་པ་དང་ནོར་བཟང་བཟང་པོའི་མཚན། །དཔལ་ལྡན་སངས་རྒྱས་ངག་དབང་གྲགས་པ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ཤེས་རབ་དཔལ་འབྱོར་ཀུན་དགའ་གྲོལ་མཆོག་ཞབས། །སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་དཔལ། །མདོ་སྔགས་བསྟན་འཛིན་དམ་ཆོས་བཟང་པོ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ཕྲིན་ལས་ལྷུན་གྲུབ་ཆོས་རྒྱལ་གཏེར་བདག་གླིང་། །ལོ་ཆེན་ཆོས་དཔལ་རིན་ཆེན་རྣམ་པར་རྒྱལ། །འགྱུར་མེད་དོན་ལྡན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །སྙིང་པོའི་དོན་གཟིགས་ཕྲིན་ལས་ཆོས་ཀྱི་སྒྲོན། །རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ཆོས་ཀྱི་དབང་། །གྲོལ་བྱེད་ཁྲིད་བརྒྱུད་གཙོ་བོར་གྱུར་པ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བློ་གྲོས་རྒྱལ་མཚན་མ་ཎི་བྷ་དྲ་ནས། །ཤེས་བྱ་ཀུན་གཟིགས་འཇམ་དབྱངས་དགྱེས་བློའི་བར། །གདམས་སྲོལ་ཆུ་བོ་ཀུན་འདུས་མཆོག་རྣམས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །རྒྱལ་ཀུན་སྤྱི་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །ཡེ་ཤེས་མཁའ་འགྲོ་དམ་ཅན་སྲུང་མ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །འཕགས་པའི་ཐུགས་རྗེ་རྩོལ་མེད་རྒྱུད་ལ་ཞུགས། །དབང་གིས་རྒྱུད་སྨིན་གསག་སྦྱོང་མཐའ་རུ་ཕྱིན། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་ཐེབས། །སྐུ་གསུམ་སྙིང་པོའི་དོན་མཆོག་མྱུར་རྟོགས་ཤོག །གཉིས་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་མདུན་གྱི་ནམ་མཁར་གསལ་གདབ་ལ། སངས་རྒྱས་ཆོས་ཚོགས་སོགས་སམ། སྤྲོ་ན། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་ཆོས། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆི་འོ། །བརྒྱུད་པའི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བྱིན་རླབས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་དམ་པ་གསུམ་ལ་སྐྱབས་སུ་མཆི་འོ། །ལྟ་བ་བླ་མེད་ཕྱོགས་མེད་མཐའ་བྲལ། སྒོམ་པ་བླ་མེད་གསལ་སྟོང་འཛིན་མེད། སྤྱོད་པ་བླ་མེད་རང་ཤར་རང་གྲོལ་ཏེ་བླ་མེད་ལྟ་སྒོམ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆི་འོ། །ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བདག་དུས་འདི་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་ཐབས་ཤེས་རབ་གཉིས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱི་འོ། །ལན་གསུམ། བཞི་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། རང་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་རྡོ་རྗེའི་བེ་ཅོན་དང་གཡོན་རྡོ་རྗེའི་ཐོ་བ་བསྣམས་ཤིང་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན། གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། སྔོན་འགྲོའི་གཏོར་མ་བསང་ཆུས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལྔ་པ་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །ང་ནི་འཇིགས་བྱེད་དབང་གི་སྐུ །གལ་ཏེ་བཀའ་ལས་འདས་པ་ན། ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན། །བརླག་པར་འགྱུར་གྱིས་གཞན་དུ་མིན། །དེ་བས་རང་གི་གནས་སུ་དེངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། གུ་གུལ་ཡུངས་ཐུན་ཚམ་རྔམ་དྲག་པོས་བསྐྲད་དོ། །དྲུག་པ་མཚམས་བཅད་པ་ནི། ཧྲཱིཿཧཱུྃ། ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །རྟ་སྐད་རྔམ་སྒྲོག་བར་ཆད་སེལ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །མེ་རི་འབར་བས་ཕྱོགས་མཚམས་གཅོད། །མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །རྣམ་རྟོག་མ་རིག་བག་ཆགས་ཀྱིས། །ལྷ་དང་འདྲེ་བགེགས་གཉིས་སྣང་ཡང། །རྣམ་པར་རྟོག་པ་བགེགས་ཡིན་ཕྱིར། །འདྲེ་བགེགས་རང་གི་སེམས་ལས་བྱུང་། །སེམས་ཉིད་ཡེ་ནས་ཆོས་སྐུ་ལ། །བགེགས་དང་བར་ཆོད་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས། །འདི་ལས་སུ་ཡང་འདའ་མ་བྱེད། །ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། བདུན་པ་མཆོད་པ་བྱིན་རླབས་ནི། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་གིས་བསང་། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོ་སོར་རང་རང་གི་མིང་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་ཨཱཿཧཱུྃ་བར་བརྗོད་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ་གསུམ། བསོད་ནམས་ཀྱི་ཚོགས་གསག་པ། ཡེ་ཤེས་ཀྱི་ཚོགས་གསག་པ། ཟུང་འབྲེལ་དུ་སྦྱོང་བའོ། །དང་པོ་ནི། རང་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་ནས་པད་ཟླའི་གདན་ལ་བཞུགས་པར་གྱུར། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་ཡན་ལག་བཅུ་པས་ཚོགས་བསགས། ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་བར་བྱ། བདེ་བ་དང་ཕྲད་པར་བྱ། ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་ཚད་མེད་པ་བཞི་བསྒོམ་མོ། །གཉིས་པ་ཡེ་ཤེས་ཚོགས་གསག་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཅེས་སྤྲོས་བྲལ་འོད་གསལ་ཆེན་པོའི་དོན་ལ་ཅི་གནས་སུ་མཉམ་པར་བཞག །གསུམ་པ་ཟུང་འབྲེལ་དུ་སྦྱོང་བ་ལ་གསུམ། དཀྱིལ་འཁོར་བསྒོམ་པ། དེ་རྫོགས་བྱེད་ཡན་ལག་གྱི་བྱ་བ། སྔགས་བཟླ་བའོ། །དང་པོ་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། སྟེང་རྡོ་རྗེའི་གུར། ལོགས་རྡོ་རྗེའི་རྩིག་པ། ཕྱི་རོལ་ཐམས་ཅད་རྡོ་རྗེའི་ར་བར་གྱུར་པའི་སྲུང་འཁོར་གྱི་ནང་དུ། བྷྲཱུྃ་སེར་པོ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་ནས་འོད་ཟེར་གྱིས་གཞལ་མེད་ཁང་གི་བཅུད་བསྡུས། ཚུར་འདུས་པ་ལས་གཞལ་ཡས་ཁང་གྲུ་བཞི་གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྩིག་པ་བྱས་པ། རཏྣའི་ཕ་གུ་དང་། དྲྭ་བ་དྲྭ་ཕྱེད་དང་ད་རུ་ཀ་ལ་སོགས་པ་འཕྱང་བ། སྒོ་བཞི་ལ་རྟ་བབས་རིམ་པ་བཞིའི་སྟེང་ན་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་ལ་སོགས་པའི་རྒྱན་དུ་མས་མཛེས་ཤིང་ཕྱི་ནང་ཀུན་ཏུ་གསལ་བར་གྱུར་པའི་སྟེང་འཁོར་ལོ་རྩིབས་སྟོང་ལ། འོག་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་པདྨ་འདབ་མ་བཞི་དང་། དེའི་ཕྱི་རིམ་ལ་པདྨ་འདབ་མ་བཅུ་གཉིས་པ། དེ་རྣམས་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། བར་ཁྱམས་དང་སྒོ་བཞིར་པདྨ་རྐྱང་པའི་གདན་རྣམས་སུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པས། དབུས་ཀྱི་གདན་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ་འོད་དུ་ཞུ་བ་ལས་པདྨ་དཀར་པོར་གྱུར། དེ་ལས་འོད་འཕྲོས་ཚུར་འདུས་པ་ལས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་ཤེལ་ལྟར་འཚེར་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ན་ཤེལ་ཕྲེང་དང་། གཡོན་འོག་མ་ན་པདྨ་དཀར་པོ་འཛིན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཞལ་འཛུམ་པའི་མདངས་དང་ལྡན་ཞིང་། སྤྱན་ཞི་བའི་ཉམས་དང་ལྡན་པས་འགྲོ་དྲུག་ལ་ཐུགས་རྗེས་གཟིགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། སྐེ་རགས། ཕྱག་གདུབ། ཞབས་གདུབ། མགུར་ཆུ། དོ་ཤལ། སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་སྤྲས་པ། མཚན་དང་དཔེ་བྱད་དུ་མ་དང་ལྡན་པའོ། །དེའི་མདུན་དུ་ཧྲཱིཿལས་ལྷ་མོ་ཡི་གེ་དྲུག་མ་སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་དང་འདྲ་བ། གཡས་ཀྱི་པདྨའི་སྟེང་དུ་སྲས་ནོར་བུ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ན་རིན་པོ་ཆེ་དང་གཡོན་ན་ཕྲེང་བ་འཛིན་པ། གཡོན་གྱི་པདྨའི་སྟེང་དུ་སྲས་མོ་རིག་སྔགས་འཛིན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཤེལ་ཕྲེང་དང་གཡོན་པདྨ་འཛིན་པ། གསུམ་ཀའང་གཙོ་བོ་ལ་འདུད་པའི་ཚུལ་ཅན། རྒྱབ་ཀྱི་པདྨ་ལ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེའི་ཕྱི་རིམ་པདྨ་འདབ་མ་བཅུ་གཉིས་ཀྱི་སྟེང་དུ་རིམ་པ་བཞིན་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས་པ། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་བསྣམས་པ། རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་བསྣམས་པ། སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས་པ། དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས་པ། ཐུགས་རྗེ་ཆེན་པོ་དཀར་པོ་པདྨ་བསྣམས་པ། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། ཀུན་ཏུ་བཟང་མོ་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམས་ནི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་རང་རང་གི་ཡབ་དང་མཐུན་པ་སྟེ། རིགས་ཀྱི་ཡབ་ཡུམ་དྲུག་ཟུང་འབྲེལ་དུ་བཞུགས་ཤིང་། གཡས་ཐམས་ཅད་རང་རྟགས་ཐུགས་ཀར་བསྣམས་པ། ཡབ་རྣམས་ཀྱི་ཕྱག་གཡོན་གདན་ལ་བརྟེན་ཅིང་ཡུམ་རྣམས་མཆོག་སྦྱིན་མཛད་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པའོ། །སྒོ་བཞི་ལ་ཤར་སྒོར་བརྒྱ་བྱིན་དཀར་པོ་ཕྱག་ན་པི་ཝཾ་འཛིན་པ། ཐགས་བཟང་རིས་སྔོན་པོ་གོ་ཆ་འཛིན་པ། ལྷོ་སྒོར་ཤཱཀྱ་ཐུབ་པ་སེར་པོ་གསེག་ཤང་འཛིན་པ། ནུབ་སྒོར་ཤཱཀྱ་སེང་གེ་ནག་པོ་པོ་ཏི་འཛིན་པ། ནམ་མཁའ་མཛོད་དམར་པོ་སྒྲོམ་བུ་འཛིན་པ། བྱང་སྒོར་ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པའོ། ཁྱམས་ལ་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པར་གྱུར། ཅེས་དམ་ཚིག་གི་འཁོར་ལོ་བསྐྱེད་དོ། །གཉིས་པ་དེ་རྫོགས་བྱེད་ཡན་ལག་ལ་གསུམ། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ། བསྟོད་པ་འབུལ་བའོ། །དང་པོ་ནི། གཙོ་བོའི་ཐུགས་ཀར་པདྨའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཿགནས་པ་ལས་འོད་དཀར་པོ་རང་བཞིན་གྱི་གནས་སུ་འཕྲོས་པས། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿཞེས་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བྱོན་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས། །འགྲོ་བ་སེམས་ཅན་མ་ལུས་དོན་མཛད་ཕྱིར། །བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ། །ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། མདུན་གྱི་ནམ་མཁར་བཞུགས་པ་ལ་དམ་ཡེ་ཕར་ཚུར་ཕྱག་དང་ལེན་སྟོབ་པར་བསམ་ལ། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །འགྲོ་བའི་དོན་མཛད་ལོངས་སྤྱོད་རྫོགས་སྐུར་བསྟན། །ཐུགས་རྗེས་ཅིར་ཡང་སྤྲུལ་སྐུས་འགྲོ་དོན་མཛད། །སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཕྱི་ཉེར་སྤྱོད་དང་ནང་འདོད་ཡོན་ལྷ་མོས་ཡེ་ཤེས་པ་ལ་མཆོད་པར་མོས་ལ། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར། །པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་པཱུ་ཛ་མེ་གྷ་ཧཱུྃ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་བཟའ་བཏུང་སྒྲ་སྙན་སོགས། །ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ། །ཨརྒྷཾ་ པཱ་དྱཾ་ པུཥྤཾ་ དྷཱུ་པཾ་ དཱི་པཾ་ གནྡྷཾ་ ནཻ་ཝིདྱཾ་ ཤབྡ་ སརྦ་པཱུ་ཛ་མེ་གྷ་ཧཱུྃ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པ་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ལཱ་སྱ། བཛྲ་ཤབྡ། བཛྲ་དྷུ་པེ། བཛྲ་ནཻ་བིདྱ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། སརྦ་པཱུ་ཛ་ས་མ་ཡ་མཎྜལ་ཨ་ལ་ལ་ཧོ། ཡེ་ཤེས་པའི་སྐུ་གསུང་ཐུགས་མཉེས། ལྷ་མོ་རྣམས་ཚུར་འདུས་ཏེ་བདེ་སྟོང་སྐྱེས་པས་བདག་ཉིད་མཆོད་པར་བསམ། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང་། །འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། དམ་ཡེ་གཉིས་མེད་དུ་ཐིམ་ནས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ་མོ། །གཉིས་པ་དབང་བསྐུར་བྱིན་བརླབ་ནི། ཧྲཱིཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས། །རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས། །རིགས་ཀྱི་བདག་པོས་དབང་བསྐུར་བྱིན་གྱིས་རློབས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཨཱཿ ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར། དབང་རྟགས་སུ་འོད་དཔག་མེད་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །བྱིན་བརླབས་དབང་བསྐུར་རྒྱས་གདབ་བོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། གསུམ་པ་བསྟོད་འབུལ་ནི། རྒྱས་པར་སྤྲོ་ན་སྐུ་གསུང་ཐུགས་བསྟོད་བྱ། དཀྱུས་ཙམ་དུ། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ། །རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ། །ཡེ་ནས་མ་བསྒྲུབས་རང་དང་གཉིས་མེད་ལྷ། །ཡེ་ཤེས་ལྷ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་ལ་གཟིགས། །རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ངང་། །མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་ངང་། །རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ངང་། །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ངང་། །དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཏེ། །སྐུ་ལྔ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་མ་ཆོས་སྐུ་དབྱིངས་ཀྱི་ངང་། །སངས་རྒྱས་སྤྱན་མ་བསམ་གཏན་ཕ་རོལ་ཕྱིན། །ཀུན་ཏུ་བཟང་མོ་བརྩོན་འགྲུས་ཕ་རོལ་ཕྱིན། །ན་བཟའ་དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན། །མཱ་མ་ཀཱི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དམ་ཚིག་སྒྲོལ་མ་བཟོད་པའི་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་དྲུག་ཡུམ་གྱི་སྐུ་ལ་བསྟོད། །དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་དང་གཉིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བ་འདུལ། །བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐུབ་ཆེན་བརྒྱ་བྱིན་ལྷ་རྣམས་འདུལ། །ལྷ་མིན་ཐུབ་པ་ཐགས་བཟང་ལྷ་མིན་འདུལ། །མི་ཡི་ཐུབ་པ་ཆེན་པོས་མི་རྣམས་འདུལ། །ཤཱཀྱ་སེང་གེ་ཐུབ་པས་དུད་འགྲོ་འདུལ། །ཐུབ་ཆེན་ནམ་མཁའ་མཛོད་ཀྱིས་ཡི་དྭགས་འདུལ། །ཐུབ་པ་ཆོས་ཀྱི་རྒྱལ་པོས་དམྱལ་བ་འདུལ། །འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག །སོ་སོའི་སྡུག་བསྔལ་སེལ་མཛད་སྐྱེ་སྒོ་གཅོད། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་བྱའོ། །གསུམ་པ་སྔགས་བཟླ་བ་ནི། རང་གི་ཐུགས་ཀའི་ཧྲཱིཿལ་ཡི་གེ་དྲུག་མས་བསྐོར་བ་དེ་ལས་འོད་འཕྲོས་ནས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སྟོང་གསུམ་གྱི་འཇིག་རྟེན་ཀྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། དེ་དག་ཐམས་ཅད་དང་དཀྱིལ་འཁོར་པ་གཙོ་འཁོར་ཐམས་ཅད་ཀྱིས་ཡི་གེ་དྲུག་མའི་བཟླས་པ་མགྲིན་གཅིག་ཏུ་བྱེད་པར་མོས་ལ། ཡིག་དྲུག་ཁོ་ན་བཟླ་ཞིང་། ཐུན་མཐར་མཆོད་བསྟོད་ཀྱང་བྱའོ། །གཏོར་མ་འབུལ་ན། རྒྱས་པར་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་དང་། ཡིག་དྲུག་ལན་གསུམ་གྱིས་བྱིན་བརླབ། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། གཏོར་མ་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་མོས་འདུན་བདེན་པའི་ཚིག་གིས་བསྔོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་སརྦ་བཛྲ་ཨ་ཙརྻ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་བླ་མ། དེ་བཞིན་དུ་ཡིག་དྲུག་དང་། ས་པ་རི་སོགས་གཏོར་སྔགས་འགྲེས་ཏེ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རས་ཡི་དམ། ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱིས་མཁའ་འགྲོ །ཨོཾ་སརྦ་དྷརྨ་པཱ་ལས་ཆོས་སྐྱོང་སྟེ་ཐམས་ཅད་ལན་གསུམ་གསུམ་གྱིས་འབུལ། གཏོར་མའི་ལྷག་མ་རིགས་དྲུག་བགེགས་རིགས་ལ་ཡིག་དྲུག་ལན་གསུམ་གྱིས་བསྔོས་ལ་མཐར། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལོངས་སྤྱོད་ལྡན་ཅིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་ལ་མི་དམིགས་པར་བཞག་གོ །གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། ཚོགས་མཆོད་དང་འབྲེལ་བའི་དངོས་གྲུབ་བླང་བ། མཇུག་ཆོག་རྣམ་པ་ལྔའོ། །དང་པོ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་འཐོར་ཏེ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་སྣོད་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་བཅུད་ཨོཾ་ཨཱཿཧཱུྃ་ལས་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་སིདྡྷི་ཧཱུྃ་ཞེས་བརྗོད་པས། བདག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལས་འོད་ཟེར་འཕྲོས་པས། ས་སྟེང་ལྷ། ས་འོག་ཀླུ །བར་མིའི་བདུད་རྩི། འཇིག་རྟེན་གྱི་འབྱུང་བ་ལྔ་རྩི་ཤིང་ནགས་ཚལ་སྨན་བཅུད་ཟས་བཅུད་ཐམས་ཅད་བསྡུས་ནས་ཚོགས་ཀྱི་རྫས་ལ་ཐིམ་པས། ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིའི་རྒྱ་མཚོར་གྱུར། འབྲུ་གསུམ་ལན་གསུམ་བརྗོད། བྱིན་དབབ་པ་ནི། ཧྲཱིཿ རང་བཞིན་དབྱིངས་ཀྱི་ཞིང་ཁམས་ནས། །རྩ་བརྒྱུད་བླ་མ་དམ་པ་དང་། །འཕགས་མཆོག་སྤྱན་རས་གཟིགས་དབང་པོ། །ཡབ་ཡུམ་སྲས་དང་སྲས་མོར་བཅས། །མགོན་པོ་འོད་དཔག་མེད་པ་དང་། །སེམས་དཔའ་དྲུག་དང་སེམས་མ་དྲུག །བསྐལ་བཟང་བྱང་སེམས་སྟོང་རྩ་གཉིས། །སྤྲུལ་སྐུ་ཐུབ་པ་དྲུག་དང་བཅས། །མ་དང་མཁའ་འགྲོ་ཤུགས་འགྲོ་དང་། །ཆོས་སྐྱོང་དམ་ཅན་གཏེར་གྱི་བདག །མ་ལུས་གནས་འདིར་ཚོགས་མགྲོན་དུ། །གུས་པས་སྤྱན་འདྲེན་མཆོད་བགྱིད་ན། །ཐུགས་རྗེས་མ་ཐོགས་མྱུར་དུ་གཤེགས། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །གནས་ཁང་འདི་ལ་བྱིན་རླབས་སྩོལ། །དཀྱིལ་འཁོར་གཉིས་ལ་བརྟན་པར་བཞུགས། །སྒྲུབ་རྫས་ཚོགས་མཆོད་བྱིན་རློབས་ལ། །ཟག་མེད་བདུད་རྩིའི་བཅུད་དུ་སྒྱུར། ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ ཚོགས་ཕུད་སྤྲོས་ལ། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། ཚོགས་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་དང་སྔགས་མཆོད་རྣམས་གོང་སྨོས་གཏོར་འབུལ་སྐབས་ལྟར་ལ། སྔགས་མཇུག་ས་པ་རི་བཱ་ར་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྦྱར་བ་དང་། སམྦྷཱ་རའི་སྔགས་ལན་བདུན་གྱིས་འབུལ། མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཡི་དམ་འཕགས་པའི་ཚོགས་ལ་འབུལ། །བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །མ་དང་མཁའ་འགྲོའི་ཚོགས་ལ་འབུལ། །ཕྲིན་ལས་སྒྲུབས་ལ་བར་གཅོད་སོལ། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཆོས་སྐྱོང་དམ་ཅན་ཚོགས་ལ་འབུལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་འདོད་དོན་གསོལ་ལ། དངོས་གྲུབ་བླང་བ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས། །བདེ་གཤེགས་རིགས་ལྔ་ཕ་རོལ་ཕྱིན་དྲུག་ཡུམ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཏིང་འཛིན་སྤྱོད། །སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་ཐབས་ཀྱིས་འདུལ། །འགྲོ་བ་འདུལ་ཕྱིར་ཐུགས་རྗེས་སྐུ་སྐྱོད་ལ། །གྲུབ་པ་རྟགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླས་ལ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྐུ་མི་འགྱུར་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ། གསུང་མི་འགྱུར་བ་འགག་མེད་སྙིང་པོ་ལུང་གི་དངོས་གྲུབ། ཐུགས་མི་འགྱུར་བ་སྤྲོས་བྲལ་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་ཐོབ་པར་མོས། སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་བས་ནང་གི་ཚོགས་འཁོར་ཚུལ་དུ་ལོངས་སྤྱད། ལྷག་མ་བསྡུས་ལ་སློབ་དཔོན་གྱི་ཁ་ཆུས་བྲན་ཏེ། ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བྱིན་བརླབ། ཧྲཱིཿ ཚོགས་ཀྱི་འཁོར་ལོའི་ལྷག་མའི་བདག །འཕགས་པའི་དཀྱིལ་འཁོར་གཉན་སྲུང་བའི། །རིགས་ལྔའི་གིང་དང་ལངྐ་དང་། །འབར་མ་སྤོར་མ་ཕོ་ཉ་མོ། །ཤུགས་འགྲོ་དྲེགས་པའི་ཚོགས་དང་བཅས། །འཕགས་པའི་ཕ་འབབ་ལོངས་སྤྱོད་ནི། །བཟའ་བཅའ་བཏུང་བའི་ཚོགས་དང་བཅས། །དགའ་བས་ཁྱེར་ལ་ཚིམས་པར་ཟོ། །རངས་པར་མཛོད་ལ་ཕྲིན་ལས་སྒྲུབས། །ཨོཾ་ཨུཙྪིཥྚ་པ་ཏི་སརྦ་བྷཀྵ་བྷཀྵ་ཀུ་རུ་མི། ཞེས་གཙང་སར་འབུལ་ལོ། །ཕྲིན་ལས་དཀྱུས་ཀྱི་ཚོགས་མཆོད་ཀྱི་སྐབས་སུའང་དངོས་གྲུབ་ལེན་པ་དང་འབྲེལ་བ་འདི་ལྟར་བྱ་ཆོག་ཅིང་། བསྙེན་སྒྲུབ་མཇུག་གི་དངོས་གྲུབ་ལེན་པའི་ཆོ་གའང་འདི་ཁོ་ན་ལྟར་བྱའོ། གཉིས་པ་མཇུག་གི་ཆོ་ག་ལྔའི་དང་པོ་གཏང་རག་མཆོད་བསྟོད་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར། །པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་པཱུ་ཛ་མེ་གྷ་ཧཱུྃ། ཞེས་མཆོད། སྐྱོན་གྱིས་མ་གོས་སོགས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། ཡིག་བརྒྱ་ལན་གསུམ་བཟླ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ། གསུམ་པ་བསྡུ་ལྡང་ནི། མདུན་བསྐྱེད་ཚོགས་ཀྱི་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ་ཞིང་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བདག་བསྐྱེད་དམ་ཚིག་གི་འཁོར་ལོ་རྣམས་བདག་ཉིད་ལ་ཐིམ། རང་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ཡང་རིམ་པས་ཇེ་ཆུང་དུ་བསྡུས་ཏེ་ཐིག་ལེ་འོད་འབར་བར་གྱུར། དེའང་ཆོས་ཉིད་དག་པའི་དབྱིངས་སུ་འཇའ་ལྟར་ཡལ་ནས་མི་དམིགས་པར་གྱུར། ཅེས་ཆོས་ཉིད་སྐྱེ་འགག་གནས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག །སླར་རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་མོས་ལ་ཁྱེར་སོ་གསུམ་གྱི་ཏིང་ངེ་འཛིན་ལམ་དུ་ཁྱེར་རོ། །བཞི་པ་བསྔོ་སྨོན་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཐུགས་རྗེས་གཟིགས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་བགྱིས་པ་ཐམས་ཅད་དང་། ཅི་ཡོད་པ་ཐམས་ཅད་དང་། ད་ལྟར་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་འདིས། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་ལྟ་བུ་མ་ཐོབ་ཀྱི་བར་དུ་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་མི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་གྱུར་ཅིག །འཕྲད་ནས་ཀྱང་ཤེས་རབ་རྣམ་པ་གསུམ་ལ་གོང་ནས་གོང་དུ་བློ་སྦྱོང་བར་གྱུར་ཅིག །སྦྱངས་ནས་ཀྱང་འཇིག་རྟེན་གྱི་ཆོས་ཅི་ལ་ཡང་མ་ཆགས་པར་སྒྲུབ་པ་ལ་གཙོ་བོར་བྱེད་པར་གྱུར་ཅིག །ཚེ་འདི་ལ་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །འཆི་ཁར་ཡང་ཆགས་པ་མེད་པས་གནད་གཅོད་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །བར་དོར་ཡང་དོན་གཉིས་སུ་མེད་པའི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག །འདུས་པ་མེད་པས་འབྲལ་བ་མེད་པའི་གྲོགས་ཐོབ་པར་གྱུར་ཅིག །འཁོར་བ་མེད་པས་ནོར་བ་མེད་པའི་ལམ་ཐོབ་པར་གྱུར་ཅིག །སྐྱེ་བ་མེད་པས་འཆི་བ་མེད་པའི་ཚེ་ཐོབ་པར་འགྱུར་ཅིག །བསགས་པ་མེད་པས་ཟད་པ་མེད་པའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཆོས་སྐུ་ནམ་མཁའ་ལྟ་བུ་ཐོབ་པར་གྱུར་ཅིག །ལོངས་སྐུ་ཉི་མ་ཤར་བ་ལྟ་བུ་ཐོབ་པར་གྱུར་ཅིག །སྤྲུལ་སྐུ་ཉི་ཟེར་ལྟ་བུ་ཐུགས་རྗེ་རྒྱུན་ཆད་མེད་པ་ཐོབ་པར་གྱུར་ཅིག །ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཐོབ་པར་གྱུར་ཅིག །དེ་ཁོ་ན་ཉིད་དུ་ཐོབ་པར་གྱུར་ཅིག །ཅེས་སོགས་བརྗོད། ལྔ་པ་བཀྲ་ཤིས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱམས་དང་ཐུགས་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པའི། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨཱེ་ཧཱུྃ། ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་དབྱིངས་ལས་ཡེ་ཤེས་ཤར། །རིག་སྔགས་འཛིན་མ་ཆོས་དབྱིངས་མཉམ་པའི་ངང་། །ཐུགས་རྗེ་ཆེན་པོ་འཁོར་བཅས་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བདེ་གཤེགས་རིགས་དྲུག་སྐུ་དྲུག་ཡེ་ཤེས་དྲུག །ཕ་རོལ་ཕྱིན་དྲུག་འཁོར་བའི་ཕ་རོལ་སོན། །ཐུགས་དྲུག་སྤྲུལ་སྐུ་འགྲོ་དྲུག་སྡུག་བསྔལ་སྦྱོང་། །འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་ན་གནས། །ད་ལྟའི་སངས་རྒྱས་སེམས་ཅན་འགྲོ་དོན་མཛད། །མ་འོངས་སངས་རྒྱས་འགྲོ་ཀུན་དོན་ལ་དགོངས། །དུས་གསུམ་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཡི་གེ་དྲུག་པ་ཐུགས་རྗེ་སྤྲུལ་པའི་སྐུ །འགྲོ་དྲུག་སྒྲིབ་སྦྱོང་འཁོར་བའི་གཡང་ས་གཅོད། །བྱང་ཆུབ་ལམ་འདྲེན་སྐུ་གསུམ་ས་ལ་འགོད། །སྙིང་པོ་ཡི་གེ་དྲུག་པའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། སྤྱན་རས་གཟིགས་དབང་འགྲོ་དྲུག་ཡོངས་ལ་གཟིགས། །ཐུགས་རྗེ་ཆེན་པོའི་སྙིང་རྗེ་རྒྱུན་མི་ཆད། །འཇིག་རྟེན་དབང་ཕྱུག་འགྲོ་བ་ཡོངས་ཀྱི་མགོན། །འགྲོ་བའི་སྐྱབས་གནས་མཆོག་གི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང། །ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས། །བརྒྱུད་འཛིན་བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་གོ །འདིར་སྔོན་འགྲོའི་ཆོས་རྣམས་ནི་དོན་གྱིས་ཐོབ་པ་དང་དཀྱིལ་འཁོར་སྒྲུབ་པའི་སྐབས་བགེགས་བསྐྲད་སྲུང་འཁོར་དགོས་པ་གཞུང་ལས་དངོས་སུ་བསྟན་པས་སྔ་འགྱུར་གྱི་ཕྲིན་ལས་སྤྱི་དང་མཐུན་པར་རང་གཞུང་དང་གཏེར་ཁ་གཞན་ལས་བསབ་པ་ཡིན་ཅིང་། བསོད་ནམས་ཀྱི་ཚོགས་གསག་པ་ཕྱིན་ཆད་ནི་བཀའ་འབུམ་རང་གཞུང་གཙང་མ་ལ་ཁ་སྐོང་དུ་འོས་པ་བླ་མ་གོང་མའི་གསུང་ལྷན་ཐབས་སུ་བསྡེབས་པའོ། །ཡང་ལུགས་འདིར་ནམ་མཁའ་རྒྱལ་པོའི་ཕྲིན་ལས་བྱ་བར་འདོད་ནའང་། གཙོ་བོ་འགྲོ་འདུལ་ཕྱག་བཞི་པའི་མལ་དུ་ཕྱག་སྟོང་སྤྱན་སྟོང་འཛུད་པ་དང་། བཟླས་པའི་སྐབས་གཟུངས་རིང་གཙོ་བོར་བྱེད་པ་ཙམ་ལས། གཞན་ཐམས་ཅད་ཆོ་ག་འདི་ཉིད་ཁོ་ནས་གྲུབ་པ་ཡིན་ནོ། །གངས་ཅན་མགོན་པོ་སྒྲུབ་པའི་ཐབས། །བྱེ་བ་ཕྲག་བརྒྱའི་མཆོག་གྱུར་པ། །བོད་ཀྱི་ཡབ་ཆོས་བྱིན་རླབས་ཅན། །རང་གཞུང་བཞིན་དུ་གསལ་བཀོད་པས། །ལུགས་འདིའི་ཕྲིན་ལས་མི་ནུབ་པར། །ཡིག་དྲུག་ཆོས་ཀྱི་སྒྲས་ཁེངས་པས། །ལྗོངས་འདིའི་ལུས་ཅན་ཇི་སྙེད་ཀུན།།འཕགས་པའི་རྣམ་ཐར་མཆོག་འགྲུབ་ཤོག །ཅེས་པའང་ལྷ་གཅིག་འདིའི་རིག་སྔགས་འཆང་བའི་ད་རི་དྲཱ་བློ་གྲོས་མཐའ་ཡས་སམ་པདྨ་གར་གྱི་དབང་ཕྱུག་གིས་དཔལ་སྤུངས་ཡང་ཁྲོད་འཕགས་མཆོག་འཇིག་རྟེན་མགོན་པོའི་ཕོ་བྲང་དཀར་པོའི་མགུལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།

གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ་ (Volume 50, Text 30)

༄༅༔ གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཧསྟི་རཏྣ་དྷ་ནཿམེ་དྷི་ཧི་ཨུ་པ་དེ་ཤ་ནཱ་མ༔ བོད་སྐད་དུ༔ གླང་པོ་རིན་པོ་ཆེ་ལས་ནོར་བླང་བའི་མན་ངག་ཅེས་བྱ་བ༔ དགོས་འདོད་མ་ལུས་ཀུན་འབྱུང་བའི༔ ཡིད་བཞིན་ནོར་མཆོག་རིན་པོ་ཆེ༔ རིན་ཆེན་བདུན་ལས་ཁྱད་པར་འཕགས༔ གཏེར་མཛོད་ཁྱེད་ལ་ཕྱག་འཚལ་ལོ༔ དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང༔ གང་འདོད་ནོར་རྫས་བསྒྲུབ་འདོད་ན༔ གཏེར་མཛོད་འདི་ལ་འབད་པར་བྱ༔ གླང་པོ་གཏེར་མཛོད་ཅེས་བྱ་བའི༔ ནོར་སྒྲུབ་གང་ཞིག་བྱེད་འདོད་ན༔ བསྲེག་ཐུབ་རྫ་ས་བཟང་པོ་ལ༔ རིན་ཆེན་སྣ་ལྔ་བརྡར་བྱས་ཏེ༔ རྒྱ་གར་གླང་པོ་ཆེ་ཡི་གཟུགས༔ ཉམས་བག་ཆེ་ཞིང་བལྟ་ན་མཛེས༔ མཁས་པས་ནང་དང་ལྡན་བྱས་ཏེ༔ དེ་ཉིད་མེ་ཡིས་སྨིན་པར་བྱ༔ དེ་ཡི་ནང་དུ་གཞུག་པ་ནི༔ སྔགས་དང་རྫས་སུ་ཤེས་པར་བྱ༔ དང་པོ་སྔགས་ཀྱི་མཚན་ཉིད་ནི༔ འགྲུབ་ན་གསེར་གྱིས་བྲི་བར་བྱ༔ མ་འགྲུབ་རྒྱ་ཤོག་དཀར་པོ་ལ༔ རྒྱ་སྣག་དག་གིས་བྲིས་བྱས་ལ༔ དྲི་བཟང་ལྔ་ཡིས་རྩ་བ་མནན༔ དེ་ཡི་སྔགས་ནི་འདི་ལྟ་སྟེ༔ ཨོཾ་མ་ཧཱ་ཧསྟི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཧཱུྃ༔ རིན་པོ་ཆེ་གཏེར་གྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ དྷ་ནཾ་མེ་དྷིཿཧི་སིདྡྷི་སིདྡྷི་ཧཱུྃ༔ ནོར་རྫས་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ ཁ་ཟས་ཀྱི་རོ་མཆོག་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ་ཛཿཛ༔ འཁོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ བཀྲ་ཤིས་པར་གྱུར་ཅིག༔ སྱཱད་ཡ་ཐེ་དན༔ བི་ཛ་ཡེ་བི་ཛ་ཡེ༔ ཨུག་གེ་ཨུག་གེ༔ སྭསྟི་ཏྲ་ས་ནི༔ ཨ་མུ་ཁེ་ཨ་མུ་ཁེ༔ པྲ་སཱ་ར་དྷ་པྲ་སཱ་ར་དྷ༔ སྭསྟི་པྲ་ཧ་གེ་མུ་ནེ་མུ་ནེ༔ གུ་ར་ཎེ་གུ་ར་ཎེ༔ ཨ་ཁེ་མུ་ཁེ༔ མུ་ར་གེ་མུ་ར་གེ༔ སྭསྟི་གུ་ཎཱ་ཡ༔ སརྦ་སྭསྟི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ སྭསྟི་སྭསྟི༔ མུ་ལེ་མུ་ལེ་ཀེ་ཤེ་ཀེ་ཤེ༔ ཙུརྞ་ཙུརྞ༔ བིར་མ་ལེ་སྭཱ་ཧཱ༔ ཨོཾ་ཀང་ཀཱ་ར་ཀང་ཀཱ་ར༔ ནིར་གད་ཙ་ཏ་ནིར་གད་ཙ་ཏ་སྭསྟི༔ བདག་ཆེ་གེ་ཞེས་བྱ་བའི་ཁྱིམ་ཕོ་བྲང་འདི་རུ་རིན་པོ་ཆེ་གཏེར་གྱིས་གང་བར་གྱུར་ཅིག༔ འབྲུ་དང་ལོངས་སྤྱོད་ཀྱི་ཆར་འབབ་པར་གྱུར་ཅིག༔ ཟད་མི་ཤེས་པའི་གཏེར་ཆེན་པོ་རྡོལ་བར་གྱུར་ཅིག༔ འབྱོར་པ་རྨུ་ཡད་ཀྱི་མཚོ་དང་འཕྲད་པར་གྱུར་ཅིག༔ འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུ་བར་གྱུར་ཅིག༔ བུ་ཚའི་རིགས་རྒྱུད་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག༔ སྙན་པ་གྲགས་པ་ནམ་མཁའ་དང་མཉམ་པར་གྱུར་ཅིག༔ རྐྱེན་དང་བར་གཅོད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག༔ ཚེ་སྲོག་བྲག་བས་སྲ་བར་གྱུར་ཅིག༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་གྱུར་ཅིག༔ ནོར་རྫས་ཐམས་ཅད་སྤྱད་ཅིང་འཕེལ་བར་གྱུར་ཅིག༔ ཟས་ནོར་གྱི་དབྱིག་ཆེན་པོ་ཐོབ་པར་གྱུར་ཅིག༔ མི་ནོར་ཟས་གསུམ་ལུད་ཅིང་གང་བར་གྱུར་ཅིག༔ འབྲུ་དང་བང་མཛོད་ཐམས་ཅད་ཀྱང་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ཅིག༔ འཐོར་བ་ཐམས་ཅད་སྡུས་ཤིག༔ ཉམས་པ་ཐམས་ཅད་གསོས་ཤིག༔ ཟད་པ་ཐམས་ཅད་སྣོན་ཅིག༔ དམའ་བ་ཐམས་ཅད་ཁོངས་ཤིག༔ ཁེངས་པ་ཐམས་ཅད་ལུད་ཅིག༔ རྨུ་ཡད་ཀྱི་ཞག་ཆེན་པོ་ཕོབ་ཅིག༔ བདེ་ལེགས་ཕུན་སུམ་ཚོགས་པར་འབྱུང་བར་གྱུར་ཅིག༔ དེ་ནས་རྒྱ་ཤོག་དཀར་པོ་ལ༔ རིན་ཆེན་སྣ་བདུན་བྲིས་བྱས་ཏེ༔ རང་རང་རྒྱབ་ཏུ་སྔགས་འདི་བྲི༔ འཁོར་ལོ།་་་ཨོཾ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ནོར་བུ།་་་ཨོཾ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཙུན་མོ།་་་ཨོཾ་བསཏྲི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བློན་པོ།་་་ཨོཾ་མ་ཧཱ་ཏ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ གླང་པོ།་་་ཨོཾ་ཧསྟི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ རྟ་མཆོག་་་ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ དམག་དཔོན།་་་ཨོཾ་གྷ་ཏི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ གཞན་ཡང་རྒྱ་ཤོག་དཀར་པོ་ལ༔ བཀྲ་ཤིས་རྫས་བརྒྱད་ཚང་བར་བྲི༔ དེ་ནས་གླང་ཆེན་ཁོག་པར་་་ཡེ་དྷརྨཱ་བྲིས་ལ།གཞུག༔ གཉིས་པ་རྫས་ཀྱི་རིམ་པ་ནི༔ བྲེ་དགུ་སྲང་དགུའི་དྲེག་པ་དང༔་་་ཕྱུག་པོ་ཆེན་པོའི་བྲེ་སྲང་ཡུལ་ཆེན་པོའི་སྤྱི་བྲེ་སྤྱི་སྲང་། ཕྱུག་པོ་དགུའི་ཞིང་ས་དང་ཁང་ས་དང༔ འཕན་པོ་་་མི་དར་པོའི།རྣམས་ཀྱི་ཁང་ས་དང༔ གསེར་དངུལ་ཟངས་ལྕགས་དུང་དང་ནི༔ མན་ཤེལ་བྱུ་རུ་མུ་ཏིག་དང༔ འབྲུ་སྣ་ལྔ་་་འབྲས་ནས་གྲོ་ཏིལ་དཀར་ནག་གཉིས།དང་དར་ཟབ་དང༔ ཟས་སྣ་་་བཟང་པོ།མང་པོ་དག་དང་ནི༔ འོ་མར་ཞོ།་་་དཀར་གསུམ་དང་ནི་མངར་གསུམ་་་ཀ་ར་བུར་སྦྲང་།དང༔ མཛོ་དང་དྲེ་འུ་མ་ཡིན་པའི༔ ཕྱུགས་ནི་ཞག་ཆགས་དགུ་ཡི་སྤུ༔་་་སྣ་ཚོགས། རྟ་དང་ར་ལུག་སྤུ་རྣམས་དང༔ འབྲི་གཡག་རྣམ་གཉིས་སྤུ་དང་ནི༔ བཟང་དྲུག་སྨན་དང་མེ་ཏོག་དང༔ ཕྱུག་པོ་བདུན་གྱི་ནས་འབྲུ་དང༔ བཀྲ་ཤིས་འཛོམས་པའི་ནོར་རྫས་རྣམས༔ གོང་གི་རྫས།་་་མ་ལུས་་་པ་དེ་རྣམས།གླང་ཆེན་ཁོག་པར་བཅུག༔ རྟེན་འབྲེལ་སྙིང་པོ་་་ཡེ་དྷར།བརྒྱ་རྩ་བརྒྱད༔ འབྲུ་ལ།་་་བཟླས་པ་གོང་གི་རྫས་ལ་འདེབས༔ དེ་ནས་ཞབས་བསྡམ་ལེགས་པར་བྱ༔ ཏིང་འཛིན།་་་སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ དགོས་འདོད་མ་ལུས་འབྱུང་བ་ཡི༔ གླང་པོ་རིན་ཆེན་སྤྱན་དྲངས་ལ༔་་་ཧསྟི་རཏྣ་ས་མ་ཡ་ཧཱུྃ་ཛཿ ཞེས་འོད་ཟེར་ལྕགས་ཀྱུ་ལྟ་བུས། དེ་ལ་གཉིས་སུ་མེད་པར་བསྟིམ༔ བསྟིམས་པས་རྫས་ཀྱི་གླང་པོ་ཆེ༔ གླང་པོ་རིན་ཆེན་ཉིད་དུ་གྱུར༔ གྱུར་པས་བདག་གི་དགོས་འདོད་ཀུན༔ གླང་པོ་དེ་ལས་འབྱུང་བར་བསམ༔ དགོས་འདོད་འབྱུང་བའི་གླང་པོ་ཆེ༔ རང་གི་མཛོད་ཀྱི་ཕུགས་སུ་ཡང༔ ནས་ཚུགས་སམ་ནི་བང་མཛོད་དུ༔ བཞག་པའི་ཐབས་ནི་འདི་ལྟ་སྟེ༔ དར་སྣ་ལྔ་ཡི་དར་ཐག་ཀྱང༔ གླང་ཆེན་སྣ་ལ་བཏགས་བྱས་ལ༔ སེང་ལྡེང་ཕུར་བུ་སོར་བཞི་ལ༔ གླང་པོ་རིན་ཆེན་བརྟོད་ལ་བཞག༔ དེ་ལ་རབ་གནས་གོང་ལྟར་བྱ༔ འབྲང་རྒྱས་བྱས་ལ་བཀྲ་ཤིས་གསོལ༔ དེ་ཚེ་དེ་ཡི་ཉིན་པར་ལ༔་་་གླང་པོ་རིན་ཆེན་གྱི་བཅའ་གཞི་རབ་གནས་བྱེད་པའི་ཚེ། ནོར་རྫས་སྟེར་བ་བྱུང་གྱུར་ན༔ ཤིན་ཏུ་རྟེན་འབྲེལ་བཟང་འགྱུར་ཏེ༔ དངོས་གྲུབ་ཆེན་པོ་འབྱུང་བའི་རྟགས༔ དེ་ནས་རྫས་ཀྱི་གླང་པོ་ཆེ༔ མི་ཡིས་མཐོང་བར་མི་བྱ་ཞིང༔ འགོམ་ཞིང་འཐུང་ཡུགས་མི་གཏོང་བར༔ ཤིན་ཏུ་གཅེས་སྤྲས་ལྡན་བྱས་ལ༔ མི་ལག་འགྲིམ་པར་མི་བྱ་འོ༔ དེ་ལྟར་བྱས་པའི་ཡོན་ཏན་ནི༔ བདག་ཉིད་ཤིན་ཏུ་མངའ་ཕྱུག་ཅིང༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ༔ ཅི་བསམ་ལྷུན་གྱིས་འགྲུབ་འགྱུར་ཏེ༔ སེམས་ཅན་ཀུན་གྱིས་སྨོན་པར་འགྱུར༔ ནོར་རྫས་འབྱོར་པ་སྤྲིན་ལྟར་འདུ༔ མི་རྒྱུད་ནགས་ཚལ་བཞིན་དུ་རྒྱས༔ ནད་དང་གདོན་ལས་གྲོལ་འགྱུར་ཏེ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཐོབ༔ མདོར་ན་ཡོན་ཏན་མ་ལུས་ཀུན༔ གླང་པོ་རིན་ཆེན་ཉིད་དང་མཚུངས༔ དེ་ཕྱིར་འདི་ལ་འབད་པར་བྱ༔ དེ་ལས་དགོས་འདོད་ཐམས་ཅད་འབྱུང༔ གླང་པོ་རིན་ཆེན་ནོར་གྱི་ཆར་ཆེན་པོ་འབེབ་པ་ཞེས་བྱ་བ༔ ཟས་ནོར་སྤྲིན་ལྟར་སྡུད་པའི་མན་ངག༔ འབྱོར་པ་རྨུ་ཡད་ཀྱི་མཚོ་དང་འཕྲད་པར་བྱེད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ གཏེར་སྟོན་བལ་པོ་ཨ་ཧཱུྃ་གིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་པའི་གདམས་ངག་ཁྱད་པར་ཅན་ནོ། །ཤུ་བྷཾ། འདི་རཏ་གཏེར་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་གསུངས་པའི་གླང་ཆེན་བཀྲ་ཤིས་འབྱུང་བའི་བཅས་དང་ལྷན་ཅིག་ཏུ་བྱས་ན་ལེགས་ཞེས་རྗེ་པདྨ་དབང་གིས་གསུངས་སོ།། །།

རྟགས་ཚད་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་རྒྱུད་གསུམ་པའི་མན་ངག་ཁྲིད་ཀྱི་རྗེས་ (Volume 56, Text 30)

ྈྈྈྈྈྈྈྈྈ རྟགས་ཚད་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་རྒྱུད་གསུམ་པའི་མན་ངག་ཁྲིད་ཀྱི་རྗེས་སོ༔ ཨེ་མ་གཞི་ནི་ཀ་དག་ལ༔ ལམ་ནི་སྣང་བ་བཞི་ཡིས་བསྟན༔ འབྲས་བུ་བློ་འདས་ཚིག་ཟད་དང༔ སྐུ་གསུམ་ཡེ་རྫོགས་ངང་ལ་འདུད༔ ཨེ་མ་མངོན་སུམ་རང་གནད་ཀྱིས༔ བྱད་དང་མེ་ལོང་ཕྲད་པ་ལྟར༔ རྟགས་དང་ཚད་ཀྱིས་གཏན་ལ་ཕབ༔ བུད་མེད་སྦྲུམ་མ་ལྟ་བུ་འམ༔ ཚེས་གཅིག་ཟླ་གང་ལྟ་བུའི་རྟགས༔ མ་ནོར་མ་འཆུག་ཉམས་སུ་ལོངས༔ དེ་ཡང་དང་པོ་ལམ་ལ་ཞུགས་པའི་རྟགས་ཚད་དང༔ རང་བཞིན་གཤིས་ལུགས་ཀྱི་རྟགས་ཚད་གཉིས་སོ༔ དང་པོ་ནི༔ བླ་མ་ལ་གསོལ་བ་བཏབ་ཅིང་མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་སྦྱངས་པས༔ བྱིན་ཕེབས་པའི་རྟགས་སུ་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ཞིང་གདོང་མཆི་མས་དག༔ བླ་མ་མིན་པ་རེ་ས་མེད་དོ་སྙམ་པ་གཅིག་འབྱུང༔ དེ་མ་བྱུང་བར་དུ་བླ་མ་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ༔ མཎྜལ་འབུལ་བ༔ སྡིག་པ་བཤགས་པ་བྱས་པས་རིག་པ་དྭངས་པ་དང༔ མི་དང་འཕྲད་སྙིང་མི་འདོད་པ་དང༔ ཉམས་དགའ་བ་དང༔ ཤེས་པ་དྭངས་པ་དང༔ གཏད་མེད་དུ་སྤྲོ་སིང་སིང་བ་འབྱུང་ངོ༔ དེ་མ་བྱུང་བར་དུ་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཆི་བ་མི་རྟག་པ་བསམས་པས༔ ཚེ་འདིའི་སྣང་བ་ལ་མི་འཇུག་ཅིང༔ ཅིས་ཀྱང་དགོས་མེད་བློ་སྣ་འུབ་འུབ་ཧྲིལ་ཧྲིལ་བ་འབྱུང་ངོ༔ དེ་མ་བྱུང་གི་བར་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚད་མེད་པ་བཞི་བསྒོམས་པས༔ ཐམས་ཅད་ལ་མ་བུའི་འདུ་ཤེས་འཆར་བ་འབྱུང༔ དེ་མ་བྱུང་གི་བར་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལུས་རུ་ཤན་དབྱེ་བ་བྱས་པས༔ རིགས་དྲུག་གི་སྡུག་བསྔལ་བློ་ལ་ལོངས་ཏེ༔ ལུས་ལ་ཞེན་པ་ལོག་པ་འབྱུང་ངོ༔ ཚད་ནི་ལུས་ན་བ་དང༔ ལུས་ཁང་རུལ་ཞིག་པ་ལྟ་བུ་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ངག་རུ་ཤན་ཕྱེད་པའི་རྟགས་ནི༔ ངག་བྲག་ཆ་ལྟར་ཟུངས་མེད་པ་དང༔ སྨྲ་སྙིང་མི་འདོད་པ་དང༔ ངག་རང་ལ་ཞེན་པ་ལོག་པ་འཆར་རོ༔ དེ་མ་བྱུང་བར་དུ་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་རུ་ཤན་ཕྱེད་པའི་རྟགས་ནི༔ དང་པོ་སེམས་ལ་བྱུང་ས་མེད་པར་ཐག་ཆོད༔ ཆོས་ཀྱི་སྐུ་རུ་ཡིད་ཆེས༔ བར་དུ་སེམས་ལ་གནས་ས་མེད་པར་ཐག་ཆོད༔ ལོངས་སྤྱོད་རྫོགས་སྐུར་ཡིད་ཆེས༔ ཐ་མ་སེམས་ལ་འགྲོ་ས་མེད་པར་ཐག་ཆོད༔ སྤྲུལ་པའི་སྐུ་རུ་ཡིད་ཆེས༔ རྟག་ཆད་འགྲོ་འོང་དང་བྲལ་བའི་ཤེས་པ༔ ཐ་མལ་གྱི་ཁ་ནས་གཤིས་ལུགས་ཀྱི་ཚིག་རྒྱང་པ་གཅིག་ཡོང་ངོ༔ དེ་མ་བྱུང་གི་བར་དུ་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སེམས་དང་རིག་པ་དབྱེ་རུ་བཅུག་པས༔ འདྲ་དཔེ༔ གནས་དང༔ ལམ་དང༔ སྒོ་དང༔ ཡུལ་དང༔ ངོ་བོ་དང༔ བྱེད་ལས་དང༔ འབྲས་བུ་ཕྱེད་པ་གཅིག་འབྱུང་ངོ༔ དེ་མ་བྱུང་གི་བར་དུ་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལུས་སེམས་གང་སྔ༔ ཨེ་གཅིག༔ གང་གལ་ཆེ༔ སྣང་སེམས་རིག་པ་གང་ཡིན་བལྟས་པས༔ ཞི་གནས་ལྷག་མཐོང་གི་བཙན་ས་ཟིན་ཏེ༔ གང་ཤར་སྒོམ་དུ་ངོ་ཤེས་པ་གཅིག་འབྱུང་ངོ༔ དེ་མ་བྱུང་གི་བར་དུ་ཉམས་སུ་བླང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ངོ་སྤྲོད་ཀྱིས་ཆོས་ཉིད་ལེགས་པར་ཕྱེ་ལ༔ ཡིད་ཆེས་པར་བྱས་པས༔ རྣམ་རྟོག་ཕྲ་རགས་སྦོམ་གསུམ་འཁྱག་རོམ་ཆུར་ཞུ་བ་ལྟར༔ མི་གཡོ་བར་ལྷམ་མེ་གནས་པ་ཤ་སྟག་འབྱུང་ངོ༔ འདིའི་དུས་ན་མི་གཡོ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་སོ༔ དེ་མ་བྱུང་བར་དུ་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྣལ་དུ་ཕབ་པས༔ ལུས་བདེ་སྟོང་སྤྲུལ་སྐུ༔ ངག་གསལ་སྟོང་ལོངས་སྐུ༔ སེམས་རིག་སྟོང་ཆོས་སྐུ་དང་མཇལ་ཏེ༔ མ་བཅོས་ལྷུག་པར་ཙེན་ནེ་བ་གཅིག་འབྱུང་ངོ༔ དེ་མ་བྱུང་བར་དུ་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྣལ་འབྱོར་པ་རབ་ཀྱིས་རུ་ཤན་དབྱེ་བ་ཡར་ཆད་ལ་ཟླ་བ་གཅིག་བྱ༔ ཞི་གནས་ལྷག་མཐོང་མ་འདྲེས་ཀྱི་བར་ལ་ཟླ་བ་གཅིག་བྱ༔ རྣལ་དུ་དབབ་པ་ལ་ཞག་བཅུ་བྱའོ༔ འབྲིང་དང་ཐ་མ་རྟགས་དང་སྦྱར་རོ༔ ྈྈྈྈྈྈ སྔོན་འགྲོའི་རྟགས་ཚད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་ཉིད་མངོན་སུམ་ལ་སོགས་སྣང་བ་བཞིའི་རྟགས་ཚད་ནི༔ བཞུགས་སྟངས་བཞི༔་་་དུས་བཞི༔ གཟིགས་སྟངས་བཞི༔་་་སྤྱན་བཞི༔ མི་འགུལ་བ་བཞི༔་་་ལུས་རྩ་རླུང་རིག་པ༔ ཐོབ་པ་བཞི༔་་་ཆོས་ལོངས་སྤྲུལ་སྐུ་མངོན་བྱང༔ གདེང་བཞི༔་་་ཡར་གཉིས་མར་གཉིས༔ སངས་རྒྱ་ལུགས་གཉིས་་་ཡང་དག་མངོན་པར༔ཀྱིས་བསྟན་ནོ༔ དང་པོར་ཆོས་ཉིད་མངོན་སུམ་གྱི་སྣང་ཉམས་ཚད་ནི༔ རིག་པ་ལུ་གུ་རྒྱུད་འགུལ་བ་དང༔ འཕྲིག་པ་དང༔ གསལ་བ་དང༔ འཚེར་བ་དང༔ དྭངས་པ་དང༔ དཀར་ཕྲ་ཕྲོ་དང༔ ལང་ལོང་དང༔ བན་བུན་བྱུང་བ་ནི་མཐོང་བའི་རྟགས་སོ༔ མཚན་མོ་མེ་ཏོག་དང༔ ཟ་འོག་དང༔ དཀར་ཕྲ་ཕྲོ་དང༔ དམར་ལམ་ལམ་དང༔ དུ་བ་ལྟ་བུ་དང༔ ཉི་མ་ཤར་བ་ཙམ་གྱིས་མདངས་འཆར་བ་ནི་མངོན་སུམ་གསལ་སྣང་མཐོང་བའི་རྟགས་སོ༔ ཤེས་ཉམས་ལ༔ ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པ་དང༔ འཇིག་རྟེན་འདི་ན་མངོན་ཞེན་ཆུང་བ་དང༔ སྣང་བ་བདེན་མེད་དུ་འཆར་རོ༔ མཐར་ཕྱིན་པའི་རྟགས་ཚད་ནི༔ ལུས་བཞུགས་སྟངས་ལས་འགུལ་མི་ཚུགས་པ་རུས་སྦལ་འཁར་གཞོང་དུ་ཚུད་པ་ལྟ་བུ་དང༔ ངག་སྨྲ་མི་ནུས་པ་ལྐུག་པ་ལྟ་བུ་དང༔ སེམས་གཞན་དུ་འཕྲོས་ཀྱང་རང་ལོག་པ་བྱ་རྙི་ལ་ཟིན་པ་ལྟ་བུ་དང༔ ཐམས་ཅད་རྨི་ལམ་མངོན་ཤེས་སུ་ཐོལ་ཐོལ་བ་འབྱུང་ངོ༔ དེ་ལ་ཟླ་བ་གསུམ་དུ་མ་ཡེངས་པར་ཉམས་སུ་བླངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིའི་དུས་སུ་ཚེའི་དུས་བྱས་ན་ནི༔ སྐྱེ་བ་གཞན་མི་བརྒྱུད་དེ༔ རང་བཞིན་སྤྲུལ་སྐུ་རུ་དབུགས་ཕྱུང་ནས་སངས་རྒྱའོ༔ དེ་ལ་ཉམས་སྣང་གོང་དུ་འཕེལ་བའི་རྟགས་ནི༔ སྣང་ཉམས་ལ་འོད་ཡུལ་གྲུ་ཙམ་པ་དང༔ ཐིག་ལེ་གཉིས་སྦྲེལ་དང༔ གསུམ་སྦྲེལ་དང༔ བཞི་སྦྲེལ་དང༔ ལྕགས་ཚགས་ལྟ་བུ་དང༔ འདུས་པ་ལྟ་བུ་དང༔ གྱེས་པ་ལྟ་བུ་དང༔ ཟ་ར་ཚགས་ལྟ་བུ་དང༔ ཤིང་ལོ་རིས་དང༔ ཉ་མིག་རིས་དང༔ མེ་ལོང་སྣུམ་ཕྱིས་བྱས་པ་ལྟ་བུ་དང༔ རྡོ་རྗེ༔ རིན་ཆེན༔ པདྨ༔ རྒྱ་གྲམ༔ འཁོར་ལོ་རིས་དང༔ ཟ་འོག་རིས་འཆར་རོ༔ དེ་ནས་ཡང་ཉམས་སུ་བླངས་པས་སྨིན་པ་ལ་ཉེ་བའི་རྟགས་སུ་ཐིག་ལེ་ཁ་ཕོར་ཙམ་དང༔ འོད་སྐོར་སྦ་ཕུབ་ཙམ་དང༔ གླིང་བཞི་རིས་དང༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་གྱི་ནང་དུ་ཕྱེད་སྐུ་དང༔ རྐྱང་པ་ལ་སོགས་འཆར་རོ༔ མཚན་མོ་འོད་ཀྱི་འཁོར་ལོ་དང༔ འཇའི་གུར་ཁང་གི་ནང་ན་རིག་པའི་སྐུ་རྐྱང་དང༔ ཡུལ་གྲུ་ན་ཅི་བྱེད་གསལ་ཞིང༔ བེམ་པོ་གཟུགས་ཅན་གྱིས་འགག་མི་ནུས་པ་འཆར་རོ༔ འདི་ནི་རང་མདངས་ཕྱིར་རྫོགས་ཏེ༔ དཔེར་ན་སྦྲུམ་མའི་ཟླ་གྲངས་ཐེམས་དུས་བཙའ་རན་པ་ལྟར༔ ཡེ་ཤེས་རང་རྩལ་རྫོགས་པས་འཁོར་བར་བཟློག་མི་སྲིད་པའི་རྟགས་སོ༔ ཤེས་ཉམས་ལ་གང་ལའང་འཛིན་ཆགས་མེད་པ་དང༔ ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༔ ཤེས་པ་ངང་གིས་དལ་བ་དང༔ རིག་པ་མི་འགྱུར་བ་དང༔ འཁྲུལ་པ་ཡིད་ལ་མི་འཆར་བ་དང༔ ཤེས་པ་འཛིན་པ་མེད་པར་གྲོལ་བ་དང༔ འབྱུང་བཞིའི་གནོད་པས་མི་ཚུགས་ཤིང༔ ལུས་ལ་སྲོག་ཆགས་དང་གཉེར་མ་མེད་པ་དང༔ ཟས་སྐོམ་མི་དྲན་ཞིང་ནམ་མཁར་འཕུར་ནུས་པ་ལ་སོགས་འབྱུང་ངོ༔ ལུས་ཀྱི་རྟགས་ངོ་ཚ་དང་བྲལ༔ སྐྱེས་བུ་ནད་ཀྱིས་ཟིན་པ་དང་འདྲ༔ ངག་ལ་ཟུངས་མེད་པ་དང༔ རླུང་ཅན་ཆང་གིས་ར་རོ་བ་ལྟ་བུ་དང༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་ན་མི་འཆི་བ་མི་སྲིད་པ་ལྟར༔ ཕྱིར་མི་བཟློག་ངོ་ཤེས་པའོ༔ ཚད་ནི༔ ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ༔ གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་དོ༔ འདིའི་དུས་སུ་རྨི་ལམ་འོད་གསལ་དུ་ཕྲིལ་ལི་འཆར་རོ༔ འདི་ལ་ཟླ་བ་གཉིས་ཉམས་སུ་ལེན་པའོ༔ འདིའི་དུས་སུ་ཚེའི་དུས་བྱས་ན༔ ཆོས་ཉིད་བར་དོ་མ་པང་དུ་བུ་ཞུགས་པར་ལྟར་སངས་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་རུང་ཉམས་སུ་བླངས་པས༔ རིག་པ་ཚད་ལ་ཕེབས་པའི་རྟགས་ཚད་ནི༔ ཐིག་ལེ་ལྔ་ལྡན་དང༔ བཅུ་ལྡན་དང༔ རེ་རེའི་ནང་ན་ཉི་ཤུ་རྩ་ལྔ་རེ་དང༔ དེ་རྣམས་ཀྱི་ནང་ན་རིག་པ་སྐུ་རུ་སྨིན་ཏེ༔ རིགས་ལྔ་དང༔ སེམས་དཔའ་དང༔ སེམས་མ་འཆར་རོ༔ ད་རུང་ཉམས་སུ་བླངས་པས་ཞི་བའི་དཀྱིལ་འཁོར་རྫོགས་ནས་ཁྲོ་བོའི་དཀྱིལ་འཁོར་འཆར༔ གང་བལྟས་ལྷ་སྐུ༔ རང་ལུས་ལའང་གྲིབ་མ་མེད་པར་ཟང་ཐལ་བ་དང༔ སྐུ་དང་ཞིང་ཁམས་རྩལ་རྫོགས་ནས་ཟད་པ་འབྱུང་ངོ༔ འདིའི་དུས་སུ་ཉམས་སུ་མ་བླང་ཡང་འཁོར་བར་སྐྱེ་མི་སྲིད་ཅིང༔ སྐུ་གསུམ་གྱིས་དོན་མི་འགྲུབ་མི་སྲིད་པའི་རྟགས་སོ༔ ལུས་ཀྱི་རྟགས་གླང་ཆེན་འདམ་དུ་ཚུད་པ་ལྟ་བུ་དང༔ ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་ཐོན་པ་ལྟ་བུའོ༔ སེམས་རྣམ་རྟོག་དང་བྲལ༔ སྐྱེས་བུ་རིམས་ནད་བྱང་པ་བཞིན་འགྱུར་རོ༔ མཚན་མོ་འོད་གསལ་འབྱོངས་པས༔ རི་ཁང་ཁྱིམ་ལ་སོགས་ལ་ཐོགས་ཆགས་མེད་པར་ཟང་ཐལ་དུ་འགྲོ་བ་འབྱུང་ངོ༔ ཚད་ནི་རྨི་ལམ་ཆད་དེ༔ ཡེ་ཤེས་སུ་རང་གྲོལ་ཏེ༔ འཁྲུལ་པའི་ཡུལ་དག་པའོ༔ དེའི་དུས་སུ་ཚེའི་དུས་བྱས་ན༔ འཆི་ཁར་འོད་གསལ་དུ་གྲོལ་ཏེ༔ མངོན་པར་སངས་རྒྱའོ༔ དེ་ཡང་འོད་དང༔ སྒྲ་དང༔ གདུང་དང༔ རིང་བསྲེལ་དང༔ ས་གཡོ་བ་ལ་སོགས་ཡོང་ངོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་བྱེད་པ་དང༔ འོད་དང་འཇའ་ཆེན་པོ་ཤར་བ་དང༔ མེ་ཏོག་གི་ཆར་ཆེན་པོ་བབ་པ་དང༔ ཤ་རི་རམ་དང༔ ཆུ་རི་རམ་དང༔ མེ་རི་རམ་དང༔ ཉ་རི་རམ་དང༔ བ་རི་རམ་དང༔ ལྔ་ལྡན་གདུང་དང༔ ཞི་ཁྲོའི་སྐུ་དང༔ ཡི་གེ་དང༔ ནམ་མཁའ་དྭངས་པ་ལ་སོགས་འབྱུང་ངོ༔ དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཚད་དོ༔ ཉམས་གོང་འཕེལ་ནས་ཟླ་བ་གཉིས་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་པར་འགྱུར་བ་ཡིན་ནོ༔ དེ་ཀ་ལྟར་ཟླ་བ་གཉིས་དང་ཞག་ཉི་ཤུ་ཉམས་སུ་བླངས་པས་ཆོས་ཉིད་ཟད་པའི་རྟགས་ནི༔ སྔར་གྱི་སྐུ་དང་ཐིག་ལེ་དེ་རྣམས་ཀྱང་རང་དག་སྟེ༔ གཟུང་བ་དང༔ འཛིན་པ་དང༔ ཞེན་པ་ཐམས་ཅད་རང་དག་པ་ཉིད་དོ༔ གྲུབ་མཐའ་དང་ས་ལམ་ཐམས་ཅད་དུས་གཅིག་ལ་ཆོད་དེ༔ ལུས་འཇའ་འོད༔ ངག་བྲག་ཆ༔ སེམས་སྤྲོས་མེད་དུ་གནས་པའོ༔ འདིའི་དུས་སུ་སྐྱེ་བ་ལ་རང་དབང་ཐོབ་པས་འཕོ་བའི་སྐུ་རྡོ་རྗེ་ལྟ་བུ་བཞེས་ནས་གང་ཟག་གསུམ་སྟོང་གྲོལ་ནུས་པའོ༔ འཇུག་པ་ལ་དབང་ཐོབ་སྟེ༔ རང་གི་ལུས་ཀྱི་ཤ་ནི་འོད་སེར་པོར་ཡལ༔ ཁྲག་འོད་དཀར་པོར་ཡལ༔ དྲོད་འོད་དམར་པོར་ཡལ༔ དབུགས་ལྗང་ཁུར་ཡལ༔ སེམས་སྐྱེ་མེད་དུ་རང་ཡལ༔ ཟག་བཅས་ཕུང་པོ་མི་སྣང་སྟེ༔ ནམ་མཁའི་མཐས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དང་གཉིས་མེད་ཉག་གཅིག་ཏུ་སངས་རྒྱའོ༔ རླུང་ལ་དབང་ཐོབ་པས་འབྱུང་བ་ལྔ་ལ་དབང་བསྒྱུར་ནུས༔ སེམས་ལ་དབང་ཐོབ་པས༔ སྐུ་ལྔ༔ གསུང་ལྔ༔ ཐུགས་ལྔ༔ ཡོན་ཏན་ལྔ༔ ཕྲིན་ལས་ལྔ་ལ་ལོངས་སྤྱོད་དེ༔ སེམས་ཅན་གྱི་དོན་བྱེད་པའོ༔ གདེང་བཞི་དང་ལྡན་ཏེ༔ ཡར་སངས་རྒྱས་ལ་མི་རེ༔ རང་ཡེ་སངས་རྒྱས་པས་སོ༔ ཡོན་ཏན་ལ་མི་སྨོན༔ རང་ལ་རྫོགས་པས་སོ༔ མར་ངན་སོང་ལ་མི་དོགས༔ རང་གྲོལ་ཡིན་པའི་ཕྱིར༔ སྡུག་བསྔལ་ལ་མི་སྐྲག༔ རང་སྣང་ཡིན་པའི་ཕྱིར་རོ༔ འདིའི་དུས་ན་ཉིན་མཚན་དང༔ བདེ་སྡུག་དང༔ འཁོར་འདས་དང༔ རྟག་ཆད་དང༔ འགྲོ་འོང་གི་མཐའ་ལས་འདས་ཏེ༔ ཆོས་ཟད༔ ཡིད་ཟད༔ འཁྲུལ་པ་ཟད༔ ལས་ཟད༔ བག་ཆགས་ཟད༔ ཡེ་ཤེས་ཉིད་ཀྱང་ཡོད་འཛིན་ཟད་པའོ༔ དེ་ལྟར་ཡང་རྒྱུད་ལས༔ རྟགས་རྣམས་སྐྱེ་མེད་ཀློང་དུ་ཐིམ༔ གཟུང་འཛིན་ཞེན་པ་ཐམས་ཅད་ཟད༔ ཚིག་གི་སྤྲོས་མཐའ་ཐམས་ཅད་ཟད༔ ཕྱིར་མི་ལྡོག་པའི་ཀ་དག་ས༔ རིག་པ་རང་ཚུགས་ཐུབ་པ་ཡིན༔ རང་གི་ལུས་ཀྱང་མེད་པ་རུ༔ འོད་གསལ་དྲི་མ་མེད་པ་ཐོབ༔ ངག་ཟད་གྲགས་སྟོང་རྗེས་མེད་ཡལ༔ སེམས་ཟད་ལྷུན་གྲུབ་ཐོག་མའི་གཞི༔ ཞེས་གསུངས་སོ༔ འདི་ལྟར་ཉམས་སུ་བླངས་ན༔ རབ་ཀྱིས་ལོ་གཅིག་ལ་ལྷག་མེད་དུ་བུདྡྷའོ༔ འབྲིང་གིས་གཉིས་ནའོ༔ ཐ་མས་ཀྱང་ལོ་གསུམ་དང་ཞག་དགུ་ན་ངེས་པར་ལྷག་མེད་དུ་རང་ཡལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ ཨེ་མ་མི་འགུལ་ལུས་གནད་བཞིས༔ གནད་འདི་ཉམས་སུ་བླངས་པ་ན༔ དབང་པོ་རབ་འབྲིང་ཁྱད་པར་གྱིས༔ ལོ་གཅིག་འབྲིང་གཉིས་ཐ་མས་ཀྱང༔ ལོ་གསུམ་ལྷག་མེད་ངེས་པར་འགྲུབ༔ ཅེས་གསུངས་སོ༔ འདི་ལྟ་བུའི་གདམས་པ་དང་ཕྲད་པའི་གང་ཟག་གིས༔ ཚེ་འདིའི་སྣང་བ་ལ་ཡིད་གཅུགས་ནས་ཉམས་ལེན་དལ་ཁོམ་དུ་བཞག་པ་ནི༔ མནར་མེད་པའི་དམྱལ་བ་ནས་ཐོན་པའི་དུས་མི་འབྱུང་ཞིང༔ གནས་སྐབས་སུའང་མི་བདེ་བ་འབྱུང་ངོ༔ དེ་ལྟར་ཡང་རྒྱུད་ལས༔ འདི་ཕྲད་རྣལ་འབྱོར་སྐལ་བཟང་གིས༔ ནོར་བུ་འདམ་དུ་མ་སྐྱུར་ཅིག༔ ཅེས་གསུངས་སོ༔ དེ་ལྟ་བས་ན་བརྩོན་འགྲུས་ཆེན་པོས་དབེན་པར་ཉམས་སུ་བླང་བར་བྱའོ༔ རྟགས་དང་ཚད་ཀྱི་ཡིག་ཆུང་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ཨེ་མ་ཧོ༔ ཨུ་རྒྱན་མཁན་པོ་པདྨ་སམྦྷ་ངས༔ གཞན་ལས་ཆེས་ཟབ་བླ་མེད་ཡང་གསང་འདི༔ གནས་ལས་ཁྱད་འཕགས་འོག་མིན་ཐིག་ལེ་རུ༔ སྟོན་པ་ལོངས་སྐུ་རྡོ་རྗེ་འཆང་ལ་ཞུས༔ ཐོད་རྒལ་གནད་རྣམས་ཁོ་བོ་ཟབ་མོད་ཀྱང༔ བི་མ་མི་ཏྲའི་འདུལ་ཞིང་ནུབ་དོགས་ནས༔ སུ་ལའང་མ་བསྟན་རིན་ཆེན་ས་ལ་སྦས༔ བདག་ནི་མི་སྡོད་ཨུ་རྒྱན་ཡུལ་དུ་འགྲོ༔ འདི་ནི་སྙིགས་མ་རྩོད་ལྡན་དུས་ཀྱི་མཐའ༔ འདི་ནས་ལོ་ནས་བཞི་བརྒྱ་དང་དགུ་ན༔ སྡེ་པ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག༔ ཐེག་ཆེན་རྣམས་ཀྱང་བཟོ་སྡེ་སྐྱོང་བའི་དུས༔ རྒྱལ་ཁྲིམས་མི་གནས་རང་གར་འཁྲུག་པ་བྱེད༔ ཕ་དང་བུ་འཐབ་མཚོན་གྱིས་ལུས་སྲུང་བྱེད༔ བསགས་པའི་ཚོགས་ཡལ་ས་ཡི་བཅུད་ཀྱང་ཟད༔ ཆར་ཆུ་ཞོ་ཤ་སྐྱེ་འཁྲུངས་རྣམས་ཀྱང་བྲི༔ བསོད་ནམས་སྐལ་ཆུང་ཚེ་ལོ་བཞི་བཅུའི་དུས༔ དམ་ཆོས་འདི་ཉིད་འདུལ་ཞིང་བསྟན་པ་འབྱུང༔ ཨུ་རྒྱན་ང་ཡི་བརྒྱུད་པ་འཛིན་པའི་བུ༔ གུ་རུ་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ འདི་ཡིས་འབྲེལ་པ་གང་ཐོགས་ལྷག་མེད་གྲོལ༔ སྤྲུལ་སྐུར་དབུགས་ཕྱུང་གྲངས་ལས་འདས་པ་འབྱུང༔ འདི་ཡི་བསྟན་པ་ལྔ་བརྒྱའི་བར་དུ་འབྱུང༔ དེ་ནས་འདི་ཡང་འཆོལ་ཏེ་ནུབ་པར་འགྱུར༔ ཨེ་མ་མིང་སྙན་ཆོས་ཀ་མང་མི་དགོས༔ རིན་ཆེན་ཁུ་བས་འདི་བྲིས་བྲག་བར་རམ༔ རིན་ཆེན་གྭ་འུར་སྦས་ཏེ་ཉམས་སུ་ལོངས༔ གཅིག་བརྒྱུད་གྱིས་ལ་ནམ་ཞིག་འཆི་བའི་ཚེ༔ བརྒྱུད་འཛིན་སྙིང་དང་འདྲ་བ་ལྔ་ཉིད་དམ༔ ལུང་དང་མཐུན་པའི་སྐལ་ལྡན་བརྒྱད་ལ་གཏོད༔ སྙིགས་དུས་སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ཁ་ཐཾ་རྒྱའོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རྟགས་ཚད་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་འདི་རྫོགས་སོ༔ ཨེ་མ་ཧོ༔ དུས་ངན་སྣང་བ་གང་བདེའི་རྡོར་གླིང་ང༔ གཤིས་ལུགས་གདོད་མ་ཡེ་གྲོལ་རང་བབས་གོ༔ ཐོད་རྒལ་རང་མདངས་སྣང་བཞིའི་རྩལ་རྟགས་རྒྱས༔ མཁྱེན་པའི་མཁའ་ལ་ཐུགས་རྗེའི་ཉི་ཟླ་ཤར༔ ཨུ་རྒྱན་བཀའ་བབས་ཀུན་སྐྱོང་གླིང་པའི་སྙིང༔ གུ་ཡངས་པད་གླིང་གཏེར་ཁ་དམ་པ་འོ༔ འདི་བྲིས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱི་མཚོ་ལས་གྲོལ་བར་གྱུར་ཅིག༔ ཡི་གེ་པ་ནི་ལག་པ་གཡས་པའོ༔ དགེ་བཤེས་མཉེས་པར་མཛོད༔ ཞུས་དག་གོ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

སྙན་བརྒྱུད་རྟ་མགྲིན་སྐོང་བ་དངོས་གྲུབ་ཆར་འབེབ་ (Volume 26, Text 30)

སྙན་བརྒྱུད་རྟ་མགྲིན་སྐོང་བ་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ཧ་ཡ་གྲཱི་ཝ་ལ་ན་མོ། སྐོང་རྫས་རྣམས་བྱིན་གྱིས་བརླབས་ལ། ཧྲཱིཿཧྲཱིཿཧྲཱིཿ ཟླ་གམ་དབང་ཆེན་རོལ་པའི་དཀྱིལ་འཁོར་ནས། །པདྨ་དབང་ཆེན་ཡུམ་ཆེན་གཟི་ལྡན་དང་། །དབང་ཆེན་རིགས་བཞི་ཁམ་རྒྱ་དམུས་ལོང་དང་། །དཔལ་གྱི་ཁྱི་སྤྱང་ལ་སོགས་དཀྱིལ་འཁོར་གྱི། །ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དམ་ཅན་ཚོགས། །ཐུགས་དམ་བསྐང་ངོ་དངོས་གྲུབ་མ་ལུས་སྩོལ། །ཧཱུྃ་ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་ཕྱི་ཡི་མཆོད་པ་རྣམ་མང་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། །རང་བྱུང་ནང་གི་མཆོད་པ་ཆེན་པོ་དང་། །སྨན་རཀ་གཏོར་མ་སྦྱོར་སྒྲོལ་ཚོགས་འཁོར་ལོ། །གཉིས་མེད་གསང་བའི་མཆོད་པ་རྨད་བྱུང་ཆེ། །མདོར་ན་འཁོར་འདས་སྣང་ཞིང་སྲིད་པ་ཡི། །མཆོད་པར་འོས་པའི་ཚོགས་ཀྱིས་ཐུགས་དམ་བསྐང་། །རྟེན་སྒྲུབ་མཆོད་སྐོང་དམ་རྫས་ཆེན་པོ་དང་། །ལྷ་སྔགས་ཏིང་འཛིན་ཕྱག་རྒྱའི་ཆོ་འཕྲུལ་ཆེ། །རང་སེམས་གཉུག་མ་དབང་ཆེན་རྟ་མགྲིན་གྱི། །དཀྱིལ་དང་འཁོར་དུ་ཤར་བ་ཐམས་ཅད་ཀུན། །གཉིས་མེད་རང་ངོ་ཤེས་པས་ཐུགས་དམ་བསྐང་། །ཉམས་ཆག་སྡིག་ལྟུང་ཆོས་དབྱིངས་སྐྱེ་མེད་ངང་། །བཤགས་བྱ་བཤགས་བྱེད་བྲལ་བའི་ཀློང་དུ་བཤགས། །ཐུགས་དམ་དགྱེས་བསྐངས་དངོས་གྲུབ་མ་ལུས་སྩོལ། །བདག་ཅག་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །རྟ་སྐད་ཐེངས་གསུམ་དགོངས་པ་མངོན་དུ་གྱུར། །བདུད་དང་དམ་སྲི་ཐམས་ཅད་ཟིལ་གྱིས་ནོན། །བྱད་ཕུར་རྦོད་གཏོང་ཐམས་ཅད་རྡུལ་དུ་བརླགས། །གཟུང་འཛིན་རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་བསྒྲལ། །སྣང་སྲིད་དབང་སྡུད་དབང་གི་ལས་མཐར་ཕྱིན། །སྲིད་གསུམ་རྟ་མཆོག་རོལ་པའི་ཐིག་ལེ་ཆེར། །འུབ་ཆུབ་གསུང་མཆོག་ཕྲིན་ལས་འགྲུབ་པར་ཤོག །ཅེས་པའང་ཤིང་ལུག་ལོར་དཔའ་འོག་དབང་ཆེན་བྲག་ཏུ་རྟ་མགྲིན་གྱི་ཚོགས་སྐོང་ཕུལ་སྐབས་བྲིས་པ་དགེའོ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཕྱག་བྲིས་ལས་ཞལ་བཤུས་ཞུས། ༈ །དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ་ (Volume 6, Text 30)

༄༅། །ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །པདྨ་རྒྱལ་ལ་ཕྱག་འཚལ་ལོ། །སྐལ་ལྡན་སྨིན་གྲོལ་བྱ་བའི་ཕྱིར། །ཕྲིན་ལས་རིན་ཆེན་སྒྲོན་མེ་བྲི། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ལ། དཀྱིལ་འཁོར་བྲི་བ། གཏོར་མ་བཅའ་བ། ཚོགས་མཆོད་བཤམ་པ་གསུམ་ལས། དང་པོ་ལ། བསྡུས་པ་འབྲུའི་ཚོམ་བུ་པདྨའི་རིམ། འབྲིང་རྡུལ་ཚོན་གྱི་མཎྜལ་པདྨ་འདབ་བརྒྱད་པའམ། ཁོར་ཡུག་བཞི་པའི་ལྟེ་བ་མཐིང་ག །ནང་པདྨ་འདབ་བཞི་དཀར་སེར་དམར་ལྗང་། བར་མ་འདབ་བརྒྱད། ཕྱི་མ་བཅུ་དྲུག་རྣམས་མཛེས་ཚོན་གྱི་མཐར་མ་ེརི་བྱ་བའམ། རྒྱས་པ་དཀྱིལ་འཁོར་རྫོགས་པའི་ཚུལ་ལ། བཅུ་དྲུག་ཐིག་ལག་ཁྲིད་ལྟར་སྒོ་རྐྱང་བཏབ་པའི་དབུས་སུ། ཟླུམ་བསྐོར་བཞི་ལྟེ་བ་མཐིང་ག་ལ། དྲག་སྒྲུབ་ཡིན་ན་ཆོས་འབྱུང་། གཞན་གང་ཡིན་ཡང་ཟླ་གམ་དམར་པོ། མུ་ཁྱུད་ནང་མ་ལ་པདྨ་འདབ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། བར་མ་ལ་པད་འདབ་བརྒྱད་མཛེས་ཚོན། ཕྱི་མ་ལ་པད་འདབ་བཅུ་དྲུག་མཛེས་ཚོན། གྲུ་ཆད་བཞི་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་སེར། ཁྱམས་དཀར་སེར་དམར་ལྗང་། སྒོ་བཞི་ཕྱོགས་མདོག །རྩིགས་པ་ལྔ་ནང་ནས་རིམ་པ་བཞིན། མཐིང་ག །དམར་པོ། དཀར་པོ། སེར་པོ། ལྗང་གུའོ། །འདོད་ཡོན་དམར། དྲྭ་ཕྱེད་མཐིང་། ཕ་གུ་སེར། མདའ་ཡབ་དམར། པུ་ཤུ་དཀར། ཞིང་ཁམས་ལྗང་། རྟ་བབས་མཛེས་ཚོན། རྡོ་རྗེའི་རྭ་ཕྱོགས་ཀྱི་མདོག་ཅན། ཉི་མ་དམར། ཟླ་བ་དཀར། དུར་ཁྲོད་བརྒྱད་མཛེས་ཚོན་ནོ། །རྡོ་རྗེའི་ཕྲེང་བ་སྣ་ཚོགས། མེ་རི་དམར་པོ་བྲིའོ། །གཏོར་མ་བཅའ་བ་ནི། སྤོད་སྣ་ཚོགས་དང་ཆང་བཟང་པོས་བརྫིས་ཏེ། བསྡུས་པ་དཔལ་གཏོར་རིན་པོ་ཆེ་འབར་བ་པདྨ་འདབ་བརྒྱད་ཀྱིས་མཚན་པ། འབྲིང་པདྨས་བསྐོར་བའི་བུམ་པ་ཁ་རྒྱན་པདྨའི་སྟེང་ན། ཉི་ཟླ་རིན་པོ་ཆེའི་དབུས་སུ་རིན་ཆེན་འབར་བ་ལྔ་ལྡན་གཅིག་ལ་འདུ་བ། རྒྱས་པ་ལ་རི་རབ་བང་རིམ་གསུམ་པ་སྒོ་བཞི་རྟ་བབས་དང་བཅས་པའི་བང་རིམ་ལ་པདྨའི་པ་ཏྲ་རིས་སུམ་འགྱུར། བ་གམ་སུམ་བརྩེགས་ཀྱི་ཁ་ཁྱེར་ལ་མར་གྱི་དྲ་བ་སྟེ། འོག་གི་འཕྲེང་གཉིས་དང་། སྟེང་གི་ཁ་ཁྱེར་ལ་ཉི་ཟླ་རིན་པོ་ཆེ་སྦྲེང་ཚར། ཟུར་བཞིར་འབར་བ་བཞིས་མཚན་པའི་དབུས་སུ་ཉི་ཟླ་ཟླུམ་བསྐོར་ཉིས་བརྩེགས་ཀྱི་བར་ནོར་བུ་ཟླུམ་ཁྲིག་འོད་ཀྱི་དྲ་བ་རིས་ཀྱི་སྟེང་དུ་རིན་པོ་ཆེ་འབར་བའི་དབྱིབས་ལ་རིན་པོ་ཆེ་གསུམ་གྱིས་མཚན་པའི་རྩེ་མོ་རིན་པོ་ཆེའི་ཏོག་དང་བཅས་པས་འབར་བ་ལྔ་བརྩེགས་ནི། སྐུ་དང་ཡེ་ཤེས་ལྔ་ཚན་གྱི་གཞལ་ཡས་ཁང་མཚོན་པ་སྟེ། ཁ་ཟས་ཀྱི་རྒྱན་སྣ་ཚོགས་དང་དར་གྱི་འཕན་འཕྱར། མེ་ཏོག་གི་དྲྭ་བ་རིས་ལ་སོགས་པས་མཛེས་པར་བྱས་ལ། ཁྲི་འཚམ་པར་དཀྱིལ་འཁོར་གྱི་སྟེང་དུ་བཤམ་མོ། །དེའང་བསྡུས་པ་དང་འབྲིང་པོ་ལ་མཉྫི་ལ་སོགས་པའོ། །རྒྱས་པ་དཀྱིལ་འཁོར་གྱི་ཟུར་ཕྱོགས་ནས་ཀ་བ་བཙུགས་པའི་ལྡིང་ཐོག་གི་སྟེང་དུ་བཤམ་མོ། །ཚོགས་མཆོད་དངོས་བཤམ་པ་ནི། དཀྱིལ་འཁོར་ནང་རིམ་ལ་ཕྱི་མཆོད། སྤོས་མེ་ཏོག་མར་མེ་ལ་སོགས་པ་དང་། ཕྱི་འཁོར་ལ་བཀའ་སྲུང་དང་། གཞི་བདག་གི་གཏོར་མ་ཅི་འབྱོར་དང་། ཚོགས་ཀྱི་ཡོ་བྱད་བདུད་རྩི་དང་། བཱ་ལ་དང་། བཟའ་བཅའ་སྣ་ཚོགས་དང་། སྤྱན་གཟིགས་མང་པོ་བཤམ། ཁྱད་པར་དུ་སྒོ་བཞིར་ཐོད་པ་འདུད་རྩིས་བཀང་བ་དང་། དམ་རྫས་སྦྲང་ཆང་མར་གྱིས་བརྒྱན་པ་ཟུར་བཞིར་བཀོད་ཅིང་། རྡོ་རྗེ་དྲིལ་བུ་དང་། ལག་མཆོད་ཀྱི་ཐོད་པ་དང་། བླ་རེ་ཡོལ་བ་དང་། བྲིས་སྐུ་རོལ་མོ་ལ་སོགས་བརྒྱ་ཆེར་བཤམ་པར་བྱའོ། །གཉིས་པ་དངོས་གཞི་ལ། བདག་ལྷར་བསྐྱེད་ཅིང་མཚམས་བཅད་པ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་བསྟོད་བྱ་བ། ཚོགས་ལ་རོལ་ཞིང་དབང་བསྐུར་བ་གསུམ་ལས། དང་པོ་ནི། བདག་ཉིད་པདྨ་དྲག་པོར་སྒྲུབ་དུས་ལྟར་སྐད་ཅིག་གིས་གསལ་བས། བགེགས་གཏོར་བྱིན། རོལ་མོས་བྱིན་དབབ་ནས། ཐམས་ཅད་ཁྲོ་བོའི་ཞིང་ཁམས་བརྡལ་བའི་ང་རྒྱལ་གྱིས། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ལོག་འདྲེན་བདུད་ཀྱི་རིགས་རྣམས་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་འགྲོ་བར་མི་བྱེད་ན། །བླ་མ་ཡི་དམ་མཁའ་འགྲོ་དང་། །འབར་བའི་ཏིང་འཛིན་མཐུ་རྩལ་གྱིས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་ལོག་འདྲེན་བགེགས་ཀྱི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨུ་ཙ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ནས། འབར་བའི་མེ་དང་། སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོས་པས་བགེགས་རྣམས་རྒྱ་མཚོའི་མཐར་བསྐྲད་ནས། ཡེ་ཤེས་ཀྱི་མེ་རི་མཚོན་ཆའི་འཁོར་ལོ་ཁྲོ་ཆུང་གི་གུར་ཁང་དུ་གཏམས་པས། རླུང་ཡང་མི་ཐར་བར་བསམས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་དོ། །གཉིས་པ་དཀྱིལ་འཁོར་སྒྲུབ་མཆོད་ལ། གཞལ་ཡས་ཁང་གདན་དང་བཅས་པ་གསལ་གདབ་པ། དེའི་ནང་དུ་ལྷ་བསྐྱེད་པ། དབྱིངས་ནས་སྤྱན་དྲངས་ཤིང་བྱིན་དབབ་པ། གཉིས་མེད་བརྟན་པར་བཞུགས་ནས་འཕྲོ་འདུ་ཡེ་ཤེས་ཀྱི་འཛབ་ཁང་དབྱེ་བ། མཆོད་གཏོར་འབུལ་ཞིང་བསྟོད་པ་བྱ་བ་དང་ལྔ་ལས། དང་པོ་ནི། ཨོཾ་དྷརྨཱ་དྷཱ་ཏུ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་པདྨ་མཎྜ་ལ། སྣ་ཚོགས་པདྨ་ཡངས་ཤིང་རྒྱ་ཆེ་བ། ཨ་ཙནྡྲ་མཎྜ་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཧཱུྃ་བཛྲ་རཀྵ་ཧཱུྃ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་སྟོང་གསུམ་དང་མཉམ་པའི་རྭ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་གའི་ནང་གི་ནམ་མཁའ་ཆེན་པོ་ལ། བྷྲཱུྃ་ཙཀྲ་བྷྲཱུྃ་ལས། ཡེ་ཤེས་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཆ་ལས་ཡེ་ཤེས་ལྔའི་རྩིག་པ་ཕྱི་ནང་། མཐིང་ག་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ལྗང་གུ་ལྔ་སྦྲག་གཞའ་ཚོན་རིས་སུ་སྣང་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་ལ་ནོར་བུ་དང་། མུ་ཏིག་གི་དྲ་ཕྱེད་འཕྱང་བའི་སྟེང་ན་མདའ་ཡབ་དང་པུ་ཤུས་མཛེས་པ། སྒོ་བཞིའི་སྟེང་ན་རྟ་བབས་བང་རིམ་བཞི་ལ། གསེར་གྱི་ཙོང་ཙོང་དང་། དབྱུག་པ་རིང་པོ་ལ་བཏགས་པའི་དྲིལ་བུའི་ཕྲེང་བ་དང་། རྒྱལ་མཚན་བཙུགས་པ་རི་དྭགས་ཀྱིས་བསྐྱོད་པའི་གདུགས། ཆོས་ཀྱི་འཁོར་ལོ་ཅན་འཁོར་བ། དབུས་ཀྱི་བུམ་པ་ཟླུམ་པོའི་སྟེང་ན་ཡ་ཕུབ་ཕྱུར་བུ་དང་། བྲེ་དང་། འཁོར་ལོ་ཏོག་གིས་མཚན་པ་སྟེ། ཕྱི་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ལ། ནང་ལྷའི་གཞལ་ཡས་ཁང་པ། ཡེ་ཤེས་ལྔའི་རང་བཞིན་དུ་གསལ་བའི་དབུས་སུ་རིན་པོ་ཆེའི་ཁྲི །སེངྒེ། གླང་ཆེན། རྟ་དང་རྨ་བྱ། ཤང་ཤང་གིས་བཏེགས་པའི་ཁོང་སེང་ལ། པདྨའི་སྡོང་པོ་རྒྱུ་རིན་པོ་ཆེ་ལྔ་ལས་གྲུབ་པའི། ཁྲི་རྐང་ལྔར་གྱེས་པའི་འདབ་མ་རྣམས། ཤར་ནས་བལྟས་ན་དཀར་ལ་འཚེར་བ། ལྷོ་ནས་བལྟས་ན་སེར་ལ་དྭངས་པ། ནུབ་ནས་བལྟས་ན་དམར་ལ་ཆགས་པ། བྱང་ནས་བལྟས་ན་ལྗང་ལ་གཡོ་བ། སྣ་ཚོགས་པདྨ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་དབུས་ཀྱི་ལྟེ་བ་དང་འདབ་མ་བཞིའི་སྟེང་དུ། ཨ་ཙནྡྲ་མཎྜ་ལ་ཧཱུྃ། ཟླ་བའི་དཀྱིལ་འཁོར་ཉ་གང་བ་རེ་རེའི་སྟེང་དུ། མ་སཱུརྻ་མཎྜ་ལ་ཧཱུྃ། ཉི་མའི་དཀྱིལ་འཁོར་རེ་རེ་གསལ་བའི་དབུས་ཀྱི་ལྟེ་བའི་ཉི་ཟླའི་སྟེང་དུ། དེའི་ནང་ལྷ་སྐྱེད་པ་ནི། ཨོཾ་ལས་སློབ་དཔོན་ཆེན་པོ་ཀུན་འདུས་རྡོ་རྗེ་འཆང་གི་ངོ་བོ་ཆེ་མཆོག་ཐོད་ཕྲེང་རྩལ། སྨུག་ནག་འཁོར་ལོ་དང་དྲིལ་བུ་འཛིན་པས་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཤར་གྱི་ཉི་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པས་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། ལྷོའི་ཉི་ཟླའི་སྟེང་དུ་སྭཱ་ལས་རིན་ཆེན་ཐོད་ཕྲེང་རྩལ་སེར་ནག་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་མཱ་མ་ཀི་དང་སྦྱོར་བ། ནུབ་ཀྱི་ཉི་ཟླའི་སྟེང་དུ་ཨ་ལས་པདྨ་ཐོད་ཕྲེང་རྩལ་དམར་ནག་པདྨ་དང་དྲིལ་བུ་འཛིན་པས་གོས་དཀར་མོ་དང་སྦྱོར་བ། བྱང་གི་ཉི་ཟླའི་སྟེང་དུ་ཧཱ་ལས་ཀརྨ་ཐོད་ཕྲེང་རྩལ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པས་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ཡུམ་རྣམས་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་མཛད་པ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྤྱན་གསུམ་གསུམ་དང་ལྡན་པ། འོད་ཟེར་དུ་མ་འཕྲོ་བའི་ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་རང་རང་གི་ས་བོན་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མར་མེའི་ཕྲེང་བ་ལྟར་བསྐོར་བའོ། །དེའི་ཕྱི་རོལ་པདྨའི་ཁྲི་རྐང་ལས་གྱེས་པའི་པ་ཏྲ་རིས་སྡོང་པོའི་ཡལ་ག་བརྒྱད་ཀྱི་སྟེང་དུ། ཨ་ལས་ཟླ་བ་དང་མ་ལས་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་བརྒྱད་ཡོངས་སུ་གྱུར་པའི། ཤར་དུ་པདྨ་འབྱུང་གནས་སྐུ་མདོག་དཀར་པོ་གཡས་རྡོ་རྗེ། ལྷོར་ཤཱཀྱ་སེང་གེ་སེར་པོ་གཡས་རིན་ཆེན། ནུབ་ཏུ་ཉི་མ་འོད་ཟེར་དམར་པོ་གཡས་པདྨ། བྱང་དུ་པདྨ་སཾ་བྷ་ཝ་ལྗང་གུ་གཡས་རྒྱ་གྲམ། ཤར་ལྷོར་པདྨ་རྒྱལ་པོ་དཀར་པོ་གཡས་འཁོར་ལོ། ལྷོ་ནུབ་ཏུ་བློ་ལྡན་མཆོག་སྲེད་དམར་པོ་གཡས་པུསྟི། ནུབ་བྱང་དུ་སེང་གེ་སྒྲ་སྒྲོག་དམར་ལྗང་གཡས་དབྱུག་ཏོ། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་མཐིང་ནག་གཡས་རྩེ་གསུམ་བསྣམས་པ། གཡོན་པ་རྣམས་ན་ཐོད་པ་བདུད་རྩིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། རྡོ་རྗེ་གྲོ་ལོད་མ་གཏོགས་པ་ཐམས་ཅད་ཞི་མ་ཁྲོ་སྒེག་ཅིང་འཛུམ་པའི་སྤྱན་གཉིས་དང་ལྡན་པ། རྡོ་རྗེ་གྲོ་ལོད་རབ་ཏུ་ཁྲོས་པའི་སྤྱན་གསུམ་བགྲད་ཅིང་མཆེ་བ་གཙིགས་པ། དེ་ཐམས་ཅད་སྦས་པའི་ཡུམ་དང་བཅས་པའི་མཚོན་བྱེད་དུ་གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་པ་ཟ་འོག་གི་བེར་དང་མན་ཏྲི་དམར་སེར་གྱི་ཆོས་གོས་གསོལ་བ། ཤེའུའི་སྙན་ཞུ་རྒོད་པོའི་རྩེ་རྒྱལ་དང་དར་སྣ་ལྔས་མཚན་པའི་པད་ཞྭ་གསོལ་བ། ཐུགས་ཀར་ཉི་ཟླའི་སྟེང་དུ་ཧཱུྃ་རེ་དང་བཅས་པའོ། །དེའི་ཕྱི་རོལ་པདྨའི་སྡོང་པོ་བཅུ་དྲུག་ཉི་ཟླའི་གདན་དང་བཅས་པ་ལ། ཧཱུྃ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་གྱི་བཞི་ལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། རྡོ་རྗེ་ཆོས། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་ཧཱུྃ་མཛད། ལྷོའི་བཞི་ལ་འཇམ་དཔལ་བཤེས་གཉེན། པྲ་བྷ་ཧསྟི། གུ་ཧྱ་དེ་བ། ཧཱུྃ་ཀཱ་ར། ནུབ་ཀྱི་བཞི་ལ་ཀླུ་སྒྲུབ་སྙིང་པོ། ཨིནྡྲ་བྷཱུ་ཏི། སངས་རྒྱས་གསང་བ། རྡོ་རྗེ་ཡང་དབང་གཏེར། བྱང་གི་བཞི་ལ་ཤྲཱི་སིཾ་ཧ། བི་མ་ལ་མི་ཏྲ། དེ་བ་ཙནྡྲ། མཚོ་སྐྱེས་རྡོ་རྗེ། དེ་ཐམས་ཅད་ཀྱང་ཕྱོགས་ཀྱི་མདོག་ཅན། རིག་འཛིན་སློབ་དཔོན་གྱི་ཆ་བྱད། ན་བཟའ་མན་ཏྲིའི་ལྷབ་ལྷུབ་དང་། ཁ་ཊྭཱཾ་གས་མཚན་པ། པཎ་ཞྭ། མེ་ཏོག་གི་ཕྲེང་བ་གསོལ་ཞིང་། རྡོ་རྗེ་དང་ཐོད་པ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །གྲུ་ཆད་བཞིའི་ཕྱོགས་མཚམས་བརྒྱད་དུ། རོ་བརྒྱད་ཀྱི་སྟེང་དུ། ཤར་དུ་རྡོ་རྗེ་གིང་དང་རྡོ་རྗེ་མཁའ་འགྲོ་མ་དཀར་ཞིང་ཡབ་རྡོ་རྗེ་འཛིན་པ། ལྷོར་རིན་ཆེན་གིང་དང་རིན་ཆེན་མཁའ་འགྲོ་མ་སེར་ཞིང་ཡབ་རིན་པོ་ཆེ་འཛིན་པ། ནུབ་ཏུ་པདྨ་གིང་དང་པདྨ་མཁའ་འགྲོ་མ་དམར་ཞིང་ཡབ་པདྨ་འཛིན་པ། བྱང་དུ་ལས་ཀྱི་གིང་དང་ལས་ཀྱི་མཁའ་འགྲོ་མ་ལྗང་ཞིང་ཡབ་རལ་གྲི་འཛིན་པ། ཡབ་རྣམས་ཀྱི་ཕྱག་གཡོན་ན་ཐོད་པ་བདུད་རྩིས་གང་བ། ཡུམ་རྣམས་ཀྱི་ཕྱག་གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། རིན་པོ་ཆེ་དང་རུས་པས་བརྒྱན་པའོ། །མཚམས་བཞིར་བདེ་གཤེགས་གིང་བཞི་དང་། ཆོས་དབྱིངས་མཁའ་འགྲོ་མ་བཞི་མཐིང་ག །ཡབ་འཁོར་ལོས་མཚན་པའི་གྲི་གུག་དང་ཐོད་པ་འཛིན་ཞིང་། ཡུམ་གྲི་གུག་དང་ཐོད་པ་འཛིན་པ་བརྐྱང་བསྐུམ་དུ་བཞུགས་པ། རིན་པོ་ཆེ་དང་རུས་པས་བརྒྱན་པའོ། ཁྱམས་ཀྱི་ཕྱོགས་བཞིར་རོའི་གདན་ཕྱི་མ་ནང་གི །ནང་རིམ་གྱི་ཕྱོགས་མཚམས་བརྒྱད་དུ་ཤར་ནས་རིམ་པ་བཞིན་དུ་མཁའ་འགྲོ་ཞི་བ་མཚོ། དཀར་མོ་ལས་བྱེད་མ། རྡོ་རྗེ་བདུད་འདུལ་མ། སེར་མོ་ལས་བྱེད་མ། རྡོ་རྗེ་ཕག་མོ། དམར་མོ་ལས་བྱེད་མ། རྡོ་རྗེ་ཕྲ་མེན་མ། ལྗང་མོ་ལས་བྱེད་མ་རྣམས་གྲི་གུག་དང་ཐོད་པ་འཛིན་པ། རིན་པོ་ཆེ་དང་རུས་པས་བརྒྱན་པ། དེ་ཐམས་ཅད་གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། ཞབས་གཉིས་བརྐྱང་བསྐུམ་གར་སྟབས་འཁྱུགས་པས་བཞུགས་པའོ། །ཕྱི་རིམ་རོའི་གདན་གྲངས་མེད་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་དང་། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པའོ། །སྒོ་བཞིར་རོའི་གདན་རེ་རེ་ལ། ཤར་སྒོར་རྡོ་རྗེའི་སྒོ་བ་རྡོ་རྗེ་ལྕགས་ཀྱུ་མ་དང་སྦྱོར་བ་ལྕགས་ཀྱུ་འཛིན་པ་དཀར་སེར་བརྐྱང་བསྐུམ་ཅན། ལྷོ་སྒོར་རིན་ཆེན་སྒོ་བ་རིན་ཆེན་ཞགས་པ་མ་དང་སྦྱོར་བ་དམར་སེར་བརྐྱང་བསྐུམ་ཞགས་པ་འཛིན་པ། ནུབ་སྒོར་པདྨའི་སྒོ་བ་པདྨ་ལྕགས་སྒྲོག་མ་དང་སྦྱོར་བ་དམར་སེར་བརྐྱང་བསྐུམ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ལས་ཀྱི་སྒོ་བ་སྣ་ཚོགས་དྲིལ་བུ་མ་དང་སྦྱོར་བ་ལྗང་ནག་བརྐྱང་བསྐུམ་དྲིལ་བུ་འཛིན་པ། རིན་པོ་ཆེ་དང་རུས་པས་བརྒྱན་པ། བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས་པའོ། །གཙོ་བོ་ལྔ་ནི་ཕྱོགས་ཀྱི་འཁོར་ལོ་ལ་ཕྱིར་གཟིགས་པའོ། །འཁོར་རྣམས་ནི་གཙོ་བོ་ལ་ནང་དུ་གཟིགས་པ་འོད་ཟེར་གྱི་དྲྭ་བ་གཞའ་འོད་ལྟར་འབར་བའི་མཐའ་སྐོར་སྒོ་བའི་མེ་དཔུང་གིས་ཀུན་ནས་བསྐོར་ཞིང་འོད་ཟེར་འབར་བའི་ཚོགས་ཆེན་པོ་ཀུན་ནས་འཁྱིལ་བའོ། །དེ་ཐམས་ཅད་ཀྱི་ཕྱི་རོལ་གྱི་སྣམ་བུ་ལ་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབེབས་ཤིང་བཀྲ་ཤིས་ཀྱི་དབྱངས་ཀྱིས་ཀུན་ནས་བསྟོད་པ། དཀྱིལ་འཁོར་མཆོད་པའི་ཕྱི་རོལ་ཕྱོགས་མཚམས་དུར་ཁྲོད་བརྒྱད་ན། སློབ་དཔོན་བརྒྱད། ཤིང་བརྒྱད། སྤྲིན་བརྒྱད། མེ་བརྒྱད། ཆུ་བརྒྱད། ལྷ་བརྒྱད། ཀླུ་བརྒྱད། མཆོད་རྟེན་བརྒྱད་ལ་སོགས་པ་དུར་ཁྲོད་འཇིགས་པའི་མི་རོ་ལྕེ་སྤྱང་དང་བཅས་པ་རྣམས་ནམ་མཁའི་གཞའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པའི་དཀྱིལ་འཁོར་ནམ་མཁའི་མཐའ་ཀླས་པ་འབྱམས་ཀླས་པ་ཞིག་ཏུ་གསལ་བར་བསྐྱེད་དོ། །དབྱིངས་ནས་སྤྱན་དྲང་ཤིང་བྱིན་གྱིས་བརླབ་པ་ལ། བཞེངས་སུ་གསོལ་བ། སྤྱན་དྲངས་བ། བྱིན་དབབ་པ། བརྡ་ཕྱག་འཚལ་བ་དང་བཞི་ལས། ཆོས་ཀྱི་དབྱིངས་ནས་གཟུགས་སྐུ་ཐུགས་རྗེ་ཆེན་པོར་བཞེངས་སུ་གསོལ་བ་ནི། ཧཱུྃ། རང་བཞིན་ལྷུན་གྲུབ་བླ་མ་ཆོས་ཀྱི་སྐུ། །མ་བཅོས་བདེ་ཆེན་ཆོས་སྐུའི་དབྱིངས་རུམ་ནི། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལས། །ཀུན་བཟང་རྡོ་རྗེ་བདེ་བ་ཆེན་པོར་བཞེངས། །ངང་ཉིད་ཆོས་ཀྱི་སྐུ་ལས་མི་གཡོ་ཡང་། །གཟུགས་སྐུ་ལྷུན་གྲུབ་འོད་གསལ་ཆེན་པོ་ཉིད། །སྔོན་གྱི་ཐུགས་རྗེ་ཆེན་པོས་རབ་དགོངས་ལ། །ཆོས་ཉིད་ངང་ལས་སྒྱུ་མའི་སྐུར་བཞེངས་ཤིག །ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་ཛྙཱ་ན་ས་མ་ཡེ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཆོས་སྐུའི་དབྱིངས་ལས་བཞེངས་ཏེ་བྱོན་པར་ཞལ་གྱིས་བཞེས་པར་བསམ་མོ། །སྤྱན་དྲང་བ་ནི། སྤོས་དང་རོལ་མོའི་སྒྲས། ཧཱུྃ། ཆོས་སྐུ་སྤྲོས་དང་བྲལ་བའི་ངང་ཉིད་ལས། །གཟུགས་སྐུའི་འགྲོ་དོན་མཛད་ཕྱིར་སྐུར་སྤྲུལ་པ། །ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཆེ། །རིགས་ལྔ་ཡབ་ཡུམ་ལ་སོགས་གཤེགས་སུ་གསོལ། །ཧཱུྃ། བདེ་གཤེགས་ཀུན་འདུས་ཆེ་མཆོག་ཐོད་ཕྲེང་རྩལ། །རིགས་བཞིའི་གཙོ་དང་རང་བྱུང་བདེ་གཤེགས་བརྒྱད། །རིག་འཛིན་བཅུ་དྲུག་ཡེ་ཤེས་མཁའ་འགྲོ་གིང་། །དམ་ཅན་རྒྱ་མཚོ་མ་ལུས་གཤེགས་སུ་གསོལ། །ཧཱུྃ། དུར་ཁྲོད་བརྒྱད་ཀྱི་གནས་མཆོག་དམ་པ་ནས། །སྒྲུབ་པ་བཀའ་བརྒྱད་དོན་རྟོགས་མཁས་པ་བརྒྱད། །ཐེག་པའི་མཆོག་ལ་དབང་བསྒྱུར་ཆོས་ཀྱི་རྗེ། །མཁའ་འགྲོའི་སྤྲིན་དཔུང་བཅས་པ་གཤེགས་སུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་ཀྱང་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །རྨོངས་པའི་མུན་པ་སེལ་མཛད་པ། །ཉི་མ་འོད་ཟེར་གྲགས་པ་བྱོན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ། །བདུད་དང་མུ་སྟེགས་ཚར་གཅོད་པ། །འཕགས་པ་སེང་གེ་སྒྲ་སྒྲོག་བྱོན། །ལོག་འདྲེན་གདུག་པ་འདུལ་མཛད་པ། །ཤཱཀྱ་སེང་གེ་གཤེགས་སུ་གསོལ། །མ་ཆགས་སྐྱོན་གྱིས་མ་གོས་པ། །པདྨ་རྒྱལ་པོ་གཤེགས་སུ་གསོལ། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །པདྨ་སཾ་བྷ་གཤེགས་སུ་གསོལ། །བོད་ཀྱི་ཡུལ་དུ་བྱོན་པའི་ཚེ། །དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར། །གསང་མཚན་རྡོ་རྗེ་གྲོ་བོ་ལོད། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་གྱིས་རློབས། །སྒྲུབ་མཆོག་བདག་ལ་དབང་མཆོག་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སློབ་དཔོན་པདྨ་མཚན་བརྒྱད་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཐུགས་རྗེའི་རྣམ་འཕྲུལ་བསམ་མི་ཁྱབ། །རིག་འཛིན་མང་པོའི་ཚོགས་དང་བཅས། །མཁའ་འགྲོ་མང་པོའི་འཁོར་དང་བཅས། །བྱིན་རླབས་སྤྲིན་དཔུང་རབ་ཏུ་འཁྲིགས། །འོད་ཕུང་དཀྱིལ་འཁོར་ཀུན་ཏུ་འཁྲིགས། །གསེར་གྱི་རྔ་ཆེན་དི་རི་རི། །གསུང་གི་ཛཔ྄་དབྱངས་ཁྲོ་ལོ་ལོ། །དཔའ་བོས་གར་བྱེད་ཁྱུགས་སེ་ཁྱུག །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །རྒྱན་ཆ་མང་པོ་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །ཧཱུྃ་གི་སྣང་གླུ་དི་རི་རི། །ཕཊ་ཀྱི་གདངས་སྐད་སངས་སེ་སང་། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དཔའ་བོའི་མིང་ནི་རྡོ་རྗེ་གིང་། །དཀར་པོ་རྡོ་རྗེ་ཐོད་ཁྲག་འཛིན། །དཔའ་བོའི་མིང་ནི་རིན་ཆེན་གིང་། །སེར་པོ་རིན་ཆེན་ཐོད་ཁྲག་འཛིན། །དཔའ་བོའི་མིང་ནི་པདྨ་གིང་། །དམར་པོ་པདྨ་ཐོད་ཁྲག་འཛིན། །དཔའ་བོའི་མིང་ནི་ཀརྨ་གིང་། །ལྗང་གུ་རལ་གྲི་ཐོད་ཁྲག་འཛིན། །དཔའ་བོའི་མིང་ནི་བདེ་གཤེགས་གིང་། །མཐིང་ག་འཁོར་ལོ་ཐོད་ཁྲག་འཛིན། །དཔའ་མོ་རིགས་ལྔའི་མཁའ་འགྲོ་མ། །སོ་སོའི་ཡབ་དང་འདྲ་བ་ལ། །གྲི་གུག་ཐོད་ཁྲག་རིན་ཆེན་བརྒྱན། །ཀུན་ཀྱང་རོ་ཡི་སྟེང་ན་བཞུགས། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མཁའ་འགྲོའི་མིང་ནི་རྡོ་རྗེ་ཕག །དམར་མོ་ཐོར་ཚུགས་རུས་པས་བརྒྱན། །མཁའ་འགྲོའི་མིང་ནི་ཞི་བ་མཚོ། །དཀར་མོ་ཐོར་ཚུགས་རུས་པས་བརྒྱན། མཁའ་འགྲོའི་མིང་ནི་བདུད་འདུལ་མ། །སེར་མོ་ཐོར་ཚུགས་རུས་པས་བརྒྱན༔ མཁའ་འགྲོའི་མིང་ནི་ཕྲ་མེན་མ། །ལྗང་མོ་ཐོར་ཚུགས་རུས་པས་བརྒྱན༔ ཀུན་ཀྱང་གྲི་གུག་ཐོད་ཁྲག་འཛིན། །ཞབས་གཉིས་གར་སྟབས་མི་རོ་མནན། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ མཁའ་འགྲོའི་མིང་ནི་ཀཽ་རཱི་མ། །གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན། །མཁའ་འགྲོའི་མིང་ནི་ཙཽ་རཱི་མ། །སེར་མོ་རིན་ཆེན་ཐོད་ཁྲག་འཛིན། །མཁའ་འགྲོའི་མིང་ནི་ཨོ་རྒྱན་མ། །དམར་མོ་པདྨ་ཐོད་ཁྲག་འཛིན། །མཁའ་འགྲོའི་མིང་ནི་གྷསྨ་རཱི། །ལྗང་མོ་རྒྱ་གྲམ་ཐོད་ཁྲག་འཛིན། །ཀུན་ཀྱང་ཁ་ཊྭཱཾ་རིན་ཆེན་འཁྲོལ། །ཞབས་གཉིས་བརྐྱང་བསྐུམ་མི་རོ་གནོན། ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ གར་མཁན་མིང་ནི་འགྱིང་བག་ཅན། །དཀར་མོ་རིན་ཆེན་རུས་པས་བརྒྱན། གཡས་ན་ཐོད་པའི་ཅང་ཏེ་དཀྲོལ། །གཡོན་ན་མི་རྐང་གླིང་བུ་འབུད། །བལ་མོའི་མིང་ནི་གར་བྱེད་མ། །སེར་མོ་རིན་ཆེན་རུས་པས་བརྒྱན། །གཡས་ན་ཐོད་པའི་ཅང་ཏེ་དཀྲོལ། །གཡོན་ན་ཁ་ཊྭཱཾ་རྩེ་གསུམ་གསོར། །མོན་མོ་གསེར་གྱི་རྣ་ཆ་ཅན། །དམར་མོ་རིན་ཆེན་རུས་པས་བརྒྱན། །གཡས་སུ་གྲི་གུག་འབར་བ་ཐོགས། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །དཔའ་མོའི་མིང་ནི་གླུ་ལེན་མ། །སྔོན་མོ་རིན་ཆེས་རུས་པས་བརྒྱན། །གཡས་ན་ལྟག་སྤྲོད་རྔ་ཆེན་བརྡུང་། །གཡོན་ན་བྷནྡྷ་ལྕང་ལོ་འཕྱར། །བུ་མོ་མེ་ཏོག་མནྡཱ་ར། །དཀར་མོ་རིན་ཆེན་རུས་པས་བརྒྱན། །གཡས་ན་ཤེལ་གྱི་རྡོ་རྗེ་ཐོགས། །གཡོན་ན་མེ་ཏོག་མཆོད་གཞོང་འཛིན། །བལ་མོ་ཤཱཀྱ་དེ་བ་ནི། །སེར་མོ་རིན་ཆེན་རུས་པས་བརྒྱན། །གཡས་ན་གསེར་གྱི་ཕྲེང་བ་ཐོགས། །གཡོན་ན་གཡུ་ཡི་གཡེར་ཁ་འཁྲོལ། །རྐྱེན་ཟློག་རྡོ་རྗེ་ལྕམ་གཅིག་མ། །དམར་མོ་རིན་ཆེན་རུས་པས་བརྒྱན། །གཡས་ན་ཤེལ་གྱི་རྡོ་རྗེ་ཐོགས། །གཡོན་ན་གསེར་གྱི་བུམ་པ་ཐོགས། །ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །ལྗང་མོ་རིན་ཆེན་རུས་པས་བརྒྱན། །གཡས་པས་རྒྱ་གྲམ་རལ་གྲི་འཕྱར། །གཡོན་པས་གསེར་གྱི་དྲིལ་བུ་འཁྲོལ། །ཀུན་ཀྱང་ཞབས་གཉིས་མི་རོ་མནན། །དཔལ་གྱི་རྒྱན་ཆ་ཁྲོ་ལོ་ལོ། ཁྱེད་ཀྱི་རྗེས་སུ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ རྡོ་རྗེ་ལས་བྱེད་ཞི་བྱེད་མ། །དཀར་མོ་རིན་ཆེན་རུས་པས་བརྒྱན། །ཕྱག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །རིན་ཆེན་ལས་བྱེད་རྒྱས་བྱེད་མ། །སེར་མོ་རིན་ཆེན་རུས་པས་བརྒྱན། །ཕྱག་ན་ས་ཡི་དཀྱིལ་འཁོར་ཐོགས། །པདྨ་ལས་བྱེད་དབང་སྡུད་མ། །དམར་མོ་རིན་ཆེན་རུས་པས་བརྒྱན། །ཕྱག་ན་མེ་ཡི་དཀྱིལ་འཁོར་ཐོགས། །ཀརྨ་ལས་བྱེད་སྒྲོལ་བྱེད་མ། །ལྗང་མོ་རིན་ཆེན་རུས་པས་བརྒྱན། །ཕྱག་ན་རླུང་གི་འཁོར་ལོ་ཐོགས། །སྣ་ཚོགས་ལས་བྱེད་མཁའ་འགྲོ་མ། །སྲུང་མ་དམ་ཅན་རྒྱ་མཚོར་བཅས། །སྐུ་མདོག་ཕྱག་མཚན་བསམ་མི་ཁྱབ། །ཀུན་ཀྱང་རོ་ཡི་གདན་སྟེང་ན། །གར་མཛད་ཕཊ་དང་ཕེཾ་སྒྲ་སྒྲོག །ཁྱེད་ཀྱི་རྗེས༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། སྒོ་བཞིར་གནས་པའི་མཁའ་འགྲོ་གིང་། །དཀར་སེར་དམར་ལྗང་འཇིགས་པའི་སྐུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཡབ་ཡུམ་འཁྲིལ་ཞིང་ཕྱག་མཚན་གདེངས། །བསྐལ་པའི་མེ་དཔུང་རབ་འབར་ཞིང་། །འདོད་ཡོན་ལྷ་མོ་འབུམ་ཕྲག་དང་། །དུར་ཁྲོད་ཞིང་སྐྱོང་འཁོར་དང་བཅས། །སིལ་སྙན་གླུ་གར་སི་ལི་ལི། །དཔལ་གྱི་གདངས་སྐད་ཙེ་རེ་རེ། ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ དབྱིངས་དང་ཡེ་ཤེས་གཞལ་ཡས་ནས། །རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ། །རྡོ་རྗེ་རིགས་ཀྱི་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །རིན་ཆེན་རིགས་ཀྱི་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །པདྨ་རིགས་ཀྱི་གཞལ་ཡས་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །ལས་ཀྱི་རིགས་ཀྱི་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །སོ་སོའི་རྟེན་དང་ཕོ་བྲང་ནས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཆོས་ཉིད་རྣམ་དག་གཞལ་ཡས་ནས། །རང་བྱུང་ཡེ་ཤེས་གཤེགས་སུ་གསོལ། །རང་སྣང་རྣམ་དག་གཞལ་ཡས་ནས། །སྐུ་དང་ཡེ་ཤེས་གཤེགས་སུ་གསོལ། །སྣང་སྲིད་སྣོད་བཅུད་གཞལ་ཡས་ནས། །འཁོར་འདས་བདེ་ཆེན་གཤེགས་སུ་གསོལ། །དམིགས་དང་བྲལ་བའི་ནམ་མཁའ་ལ། །ཏིང་འཛིན་དག་པས་སྤྱན་འདྲེན་གྱིས། །སོ་སོའི་མཐུ་སྟོབས་རྫུ་འཕྲུལ་བཞིན། །དཔལ་གྱི་འཁོར་ཚོགས་འབུམ་ཕྲག་རྣམས། །རྒྱན་ཆ་མང་པོ་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །རོལ་མོ་མང་པོ་དི་རི་རི། །ཞུབ་ཆེན་སྟོང་དག་སི་ལི་ལི། །མཁའ་འགྲོ་འབུམ་ཕྲག་སྤུངས་སེ་སྤུང་། །དྲི་ཞིམ་ངད་པ་ཐུ་ལུ་ལུ། །མཁའ་འགྲོའི་བརྡའ་སྐད་ཙེ་རེ་རེ། །དཔལ་གྱི་བྲོ་ཆེན་ཆེམས་སེ་ཆེམ། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །དཔའ་མོས་གླུ་ལེན་ཙེ་རེ་རེ། །ཧཱུྃ་གི་སྣང་གླུ་དི་རི་རི། །ཕཊ་ཀྱི་གདངས་སྐད་སངས་སེ་སང་། །མཁའ་འགྲོ་ཕོ་མོ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཡེ་ཤེས་པ་རྣམས་བྱོན་ནས་འཐིབས་ཏེ་ཐམས་ཅད་སྤྲིན་ཕུང་བཞིན་དུ་འཁྲིགས་པར་བསམ་མོ། །བྱིན་དབབ་པ་ནི་ལས་བྱང་ཕལ་ལས་འོག་ཏུ་བྱེད་ཀྱང་ཧ་ཅང་མ་འབྲེལ་བས། ཁོ་བོ་ནི་བླ་མའི་མན་ངག་གི་ལུགས་བཞིན་སྐབས་འདིར་བྱེད་དོ། །རྒྱུད་ལས། ཡེ་ཤེས་པ་ཡང་གཞལ་བར་བྱེད་པ་ཞེས་བཤད་པའི་ཕྱིར་ན། སྤོས་དང་རོལ་མོའི་སྒྲས་བྱིན་དབབ་ཅིང་། ཧཱུྃ། མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །མ་གཡེལ་མ་གཡེལ་གིང་གི་ཚོགས། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། །ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་འཚལ། །རྡོ་རྗེ་ཕག་མོས་བྱིན་གྱིས་རློབས། །དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་འཚལ། །པདྨ་མཚན་བརྒྱད་བྱིན་གྱིས་རློབས། །ནམ་མཁའི་དབྱིངས་ནས་སྐུ་བསྐྱོད་ལ། །རིགས་བཞིའི་མཁའ་འགྲོས་བྱིན་གྱིས་རློབས། །རྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ལ། །མཁའ་འགྲོ་བཞི་ཡིས་བྱིན༴ གངས་དཀར་རྩེ་ནས་སྐུ་བསྐྱོད་ལ། །གིང་ཆེན་བཞི་ཡིས་བྱིན༴ གནས་མཆོག་འདི་རུ༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །དུར་ཁྲོད་མིང་ནི་བསིལ་བ་ཚལ། །རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། །དགེ་སློང་མིང་ནི་ཤཱཀྱ་འོད། །བློ་ལྡན་མཆོག་སྲེད་ཅེས་ཀྱང་བྱ། །མཁའ་འགྲོ་རྡོ་རྗེ་ཕག་མོ་སྟེ། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ་ལོ། །སིལ་སྙན་མང་པོ་སི་ལི་ལི། །རྒྱན་ཆ་མང་པོ་པུ་རུ་རུ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གྲོང་ཁྱེར་མིང་ནི་མ་ག་དྷཱ། །དུར་ཁྲོད་མིང་ནི་ཚང་ཚིང་འཁྲིགས། །སློབ་དཔོན་པདྨ་སཾ་བྷ་ཝ། །འཕགས་པ་སེང་གེ་ཞེས་ཀྱང་གྲགས། །མཁའ་འགྲོའི་མིང་ནི་ཕྲ་མེན་མ། །ཀླུ་གཉན་གཟའ་སྐར་ཚོགས་དང་བཅས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གྲོང་ཁྱེར་མིང་ནི་ཡངས་པ་ཅན། །དུར་ཁྲོད་མིང་ནི་སོ་ས་གླིང་། །སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །ཉི་མ་འོད་ཟེར་ཞེས་ཀྱང་གྲགས། །མཁའ་འགྲོའི་མིང་ནི་བདུད་འདུལ་མ། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས། །གྲོང་ཁྱེར་མིང་ནི་རྒྱལ་པོའི་ཁབ། །དུར་ཁྲོད་མིང་ནི་དགའ་བའི་ཚལ། །སློབ་དཔོན་པདྨ་འབྱུང་གནས་དཔལ། །པདྨ་རྒྱལ་པོ་ཞེས་ཀྱང་གྲགས། །མཁའ་འགྲོའི་མིང་ནི་ཞི་བ་མཚོ། །གར་མཁན་མིང་ནི་འགྱིང་བག་ཅན། །མོན་མོ་གསེར་གྱི་རྣ་ཆ་ཅན། །ཕྱག་ན་མི་རྐང་གླིང་བུ་བསྣམས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །ཕོ་བྲང་རི་བོ་ཏ་ལའི་རྩེར། །རཱ་ག་ར་ཏིའི་གནས་མཆོག་ན། །གནས་མཆོག་དམ་པ་ཉམས་སུ་དགའ། །གནས་མཆོག་དམ་པ་མི་དགའ་རུ། །རྗེ་བཙུན་པདྨ་ཐོད་ཕྲེང་དང་། །བུ་མོ་མེ་ཏོག་མནྡཱ་ར། །གྲུབ་པ་ཐོབ་པའི་གནས་ལགས་པས། །མཁའ་འགྲོ་སྡེ་བཞི་འཁོར་དང་བཅས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །ཡང་ལེ་ཤོད་ཀྱི་གནས་མཆོག་ན། །དབེན་གནས་དམ་པ་ཉམས་སུ་དགའ། །དབེན་གནས་ཉམས་སུ་མི་དགའ་རུ། །རྗེ་བཙུན་པདྨ་འབྱུང་གནས་དང་། །བལ་མོ་ཤཱཀྱ་དེ་བི་གཉིས། །གྲུབ་པ་ཐོབ་པའི་གནས་ལགས་པས། །མཁའ་འགྲོ་སྡེ་བཞི་འཁོར་དང་བཅས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་བོད་ཀྱི་ཡུལ། །སྟག་ཚང་སེང་གེའི་དགོན་པ་ན། །གནས་མཆོག་དམ་པ་ཉམས་སུ་དགའ། །གནས་མཆོག་ཉམས་སུ་མི་དགའ་རུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རྐྱེན་ཟློག་རྡོ་རྗེ་སྨན་གཅིག་མ། །དངོས་གྲུབ་བརྙེས་པའི་གནས་ལགས་པས། །མཁའ་འགྲོ་སྡེ་བཞི་འཁོར་དང་བཅས། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེན་རུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན། །གླིང་ཕྲན་དམ་པ་ཉམས་སུ་དགའ། །གླིང་ཕྲན་ཉམས་སུ་མི་དགའ་རུ། །སློབ་དཔོན་པདྨ་རྒྱལ་པོ་བཞུགས། །སྐྱེ་ཤི་མེད་པའི་སྐུར་བཞེངས་ནས། །སྲིན་པོ་རྣམས་ལ་དམ་ཆོས་སྟོན། མཁའ་འགྲོ་སྡེ་བཞིས་ཡོངས་སུ་བསྐོར། །གིང་ཆེན་སྡེ་བཞི་གཡོག་ཏུ་ཆས། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ། །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །སྙན་ལ་རིན་ཆེནརུས་པས་བརྒྱན། །གསེར་གྱི་གདུ་བུ་ཁྲོ་ལོ༴ སིལ་སྙན་མང་པོ་སི་ལི༴ རྒྱན་ཆ་མང་པོ་པུ་རུ༴ རོལ་མོ་མང་པོ་དི་རི༴ གླུ་ལེན་གར་བྱེད་ཁྱུགས་སེ༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང༴ ཧཱུྃ་ཧཱུྃ། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །གདུང་བ་དྲག་པོས་གསོལ་བ་འདེབས། །བདག་དང་མོས་པའི་གང་ཟག་རྣམས། །ཐུགས་རྗེས་བྱིན་གྱིས་རློབས་མཛོད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཐུགས་རྗེས་བུ་བཞིན་བསྐྱང་དུ་གསོལ། །རྫུ་འཕྲུལ་ཆེན་པོས་སྐུ་བསྐྱོད་ལ། །མཁའ་འགྲོ་སྡེ་བཞིའི་འཁོར་དང་སྤྱོན། །གིང་ཆེན་སྡེ་བཞིའི་གཡོག་དང་སྤྱོན། །དཔའ་བོ་དཔའ་མོའི་ཚོགས་དང་སྤྱོན། །ལྷ་སྲིན་སྡེ་བརྒྱད་བྲན་དང་སྤྱོན། །བགེགས་དང་ལོག་འདྲེན་འདུལ་ཞིང་སྤྱོན། །བྱིན་རླབས་དངོས་གྲུབ་འབེབས་ཤིང་སྤྱོན། །སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་བདེ་ཆེན་སྦར་དུ་གསོལ། །སྐུ་ཡི་ཆག་ཉམས་སྐོང་དུ་གསོལ། །མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་ནུས་པ་དབྱུང་དུ་གསོལ། །ངག་གི་ཆག་ཉམས་སྐོང་དུ་གསོལ། །ཚངས་དབྱངས་ཆོས་ཀྱི་དངོས་གྲུབ་སྩོལ། །ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སེམས་ལ་རྟོགས་པ་བསྐྱེད་དུ་གསོལ། །ཐུགས་ཀྱི་ཆག་ཉམས་སྐོང་དུ་གསོལ། །ཏིང་འཛིན་ཆོས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་སློབ་དཔོན་འཁོར་དང་བཅས་པ་ནམ་མཁའི་དབྱིངས་ཀུན་གང་བར་བྱོན་ནས། གནས་དང་གང་ཟག་ཐམས་ཅད་ལ་བྱིན་གྱིས་བརླབས་པས་ཐམས་ཅད་གཡོ་ཞིང་འཁྲབ་པར་བསམ་མོ། །བརྡ་ཕྱག་འཚལ་བ་ནི། ཕྱག་འཚལ་ཞིང་ཐལ་མོ་སྦྱར་ལ། ཧོཿ ཆོས་སྐུ་མཉམ་པའི་ཀུན་བཟང་རྡོ་རྗེ་ཡིས། །རྟོགས་པར་བྱ་བའི་ཆོས་ཉིད་ཀུན་བཟང་མོ། །གཉིས་མེད་ངང་ལ་རིགས་ལྔ་ལོངས་སྤྱོད་རྫོགས། །ཆེ་མཆོག་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་རྫོགས་པའི་ལྷ། །རིག་འཛིན་བཅུ་དྲུག་པདྨ་མཚན་བརྒྱད་དང་། །མཁའ་འགྲོ་སྡེ་ལྔ་དམ་ཅན་སྲུང་མར་བཅས། །སྒོ་བཞི་ལས་མཛད་རྣམས་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྷ་མོ་མཆོད་པའི་སྤྲིན་འཕྲོ་ཞིང་། །དུར་ཁྲོད་བརྒྱད་ན་སྒྲུབ་པ་བརྒྱད་ལ་སོགས། །མཁའ་འགྲོ་ཞིང་སྐྱོང་སྣང་སྲིད་སངས་རྒྱས་ཞིང་། །ཆོས་རྣམས་ཡེ་སངས་རྒྱས་ལ་ཕྱག་འཚལ་ལོ། །པྲ་ཏཱི་ཛ་ཧོཿ ཞེས་བརྗོད་ནས་རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ལ་ཕྱག་འཚལ་ལོ། །གཉིས་མེད་བརྟན་པར་བཞུགས་ནས་འཛབ་ཁང་དབྱེ་བ་ལ། ཡེ་ཤེས་པ་བསྟིམ་པ་དང་། འཕྲོ་འདུ་འཛབ་དབྱངས་བྱ་བ་གཉིས་ལས། དང་པོ་ནི། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་དམ་ཚིག་པའི་དཀྱིལ་འཁོར་དུ་ཇི་ལྟར་བསྐྱེད་པའི་སྐུ་ལ་བརྟན་པར་བཞུགས་སུ་གསོལ་ཏེ། ཐལ་མོ་མེ་ཏོག་དང་བཅས་པས། ཧཱུྃ་ཧཱུྃ། རིན་ཆེན་ཕོ་བྲང་རྒྱ་རེ་ཆེ། །དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ། །ཉི་ཟླ་པདྨ་འོད་རེ་གསལ། །རྟོག་མེད་རོ་གདན་བག་རེ་དྲོ། །གནས་མཆོག་དམ་པ་ཉམས་རེ་དགའ། །རྣལ་འབྱོར་ཕོ་མོ་དམ་རེ་གཙང་། །ཏིང་འཛིན་གཞལ་ཡས་དམ་པ་འདིར། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དངོས་གྲུབ་མཆོག་སྩོལ་གཟི་བྱིན་སྐྱེད། །ཨོཾ་གུ་རུ་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ནས་མེ་ཏོག་དོར་བས་ཡེ་ཤེས་པའི་ལྷ་རྣམས་དམ་ཚིག་པའི་དཀྱིལ་འཁོར་སོ་སོ་ལ་ཐིམ་པས་རབ་ཏུ་དགྱེས་ཤིང་གཟི་བརྗིད་འབར་བར་བསམ་མོ། །འཕྲོ་འདུ་སྔགས་ཀྱི་འཛབ་དབྱངས་བྱ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ལྷ་སོ་སོའི་ཐུགས་ཀའི་ས་བོན་ལ་ཕོག་དུས། ལྷ་སོ་སོའི་ཐུགས་ཀའི་སྔགས་ལས་སྔགས་ཀྱི་འོད་ཟེར་རང་སྒྲ་དང་བཅས་པ་རང་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཕོག་པས། ལུས་ངག་ཡིད་གསུམ་གྱི་ཉམས་ཆག་དང་སྡིག་སྒྲིབ་ཐམས་ཅད་དག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ། རང་དང་ལྷའི་སྔགས་ཀྱི་འོད་ཟེར་འཕྲོ་འདུ་དུས་མཉམ་དུ་གསལ་བ་དང་། འཇིག་རྟེན་ཐམས་ཅད་སྔགས་ཀྱི་རང་སྒྲ་དེས་གཡོ་ལྡིང་འཕར་བས། བདུད་དང་དྲེགས་ཅན་ཐམས་ཅད་རེངས་ཤིང་འགྱེལ། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་འཁྲབ་ཅིང་རྒྱུག །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དངངས་ཤིང་འདར། གནོད་བྱེད་དགྲ་བགེགས་ཐམས་ཅད་འཐོར་ཞིང་སྟོངས། ལུས་ངག་ཡིད་གསུམ་བདེ་ཞིང་གསལ། དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ། དགའ་བདེའི་ཉམས་འུར་གནས་ཁང་གཟི་བྱིན་འཐིབ་པར་བསམས་ལ། ཧྲཱིཿ འཁོར་འདས་བྱང་ཆུབ་སེམས་ཀྱི་ངང་། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཏིང་འཛིན་ཡངས་པའི་ཕོ་བྲང་ཞིང་། །འཛབ་ཀྱི་འཕྲོ་འདུ་གསལ་བར་བྱ། །ཨོཾ་ནི་ཆོས་དབྱིངས་ཡེ་ཤེས་ངང། །བཛྲ་འོད་གསལ་ལོངས་སྤྱོད་རྫོགས། །གུ་རུ་པདྨ་སྤྲུལ་པའི་སྐུ། །སིདྡྷི་དངོས་གྲུབ་ཆར་འབེབས་ཏེ། །ཨཱཿཧཱུྃ་དབྱིངས་དང་ཡེ་ཤེས་ཀྱིས། ཁམས་གསུམ་ཡོངས་གྲོལ་ཆོས་སྐུ་རྫོགས། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ། ཞེས་པའམ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཐམས་ཅད་ཀྱིས་མགྲིན་གཅིག་པས་སྔོན་མ་རིང་པོ། བར་དུ་འབྲིང་པོ། མཇུག་ཏུ་ཐུང་བས་འཛབ་དབྱངས་སྙན་པར་བླང་ངོ་། འདིའི་དུས་ལ་ལུས་བདེ། ངག་གསལ། སེམས་མི་རྟོག་པའི་ཉམས་འུར་ཏེ། དགའ་བདེ་ཆོས་ཉིད་ཀྱི་རོལ་པ་འཆར་ཞིང་། རྣལ་འབྱོར་ཕོ་མོ་རྣམས་རང་དབང་མེད་པར་འཁྲབ་པ་དང་མཁའ་འགྲོ་འབབ་པར་ངེས་སོ། །སྒྲུབ་པ་རྒྱུན་གྱི་རྣལ་འབྱོར་ཀྱང་འདི་ཁོ་ནའོ། །མཆོད་གཏོར་འབུལ་ཞིང་བསྟོད་པ་བྱ་བ་ལ། མཆོད་གཏོར་བྱིན་གྱིས་བརླབ་པ། མཆོད་སྐོང་བྱ་བ། ཆེ་བའི་ཡོན་ཏན་ལ་བསྟོད་པ་དང་གསུམ་ལས། དང་པོ་ནི། རང་གི་སྙིང་གའི་ཧཱུྃ་ལས་རཾ་འཕྲོས་མཆོད་གཏོར་ལ་ཕོག །འབག་བཙོག་དང་ཉེས་སྐྱོན་བསྲེགས། ཁཾ་ལས་ཆུས་སྦྱངས། ཡཾ་ལས་རླུང་གིས་གཏོར་ནས། སྟོང་པའི་ངང་ལས་ཏྲཱཾ་ལས་ཕྱི་མཆོད་མེ་ཏོག་བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། གདུགས། རྒྱལ་མཚན་ལ་སོགས་པ་ནམ་མཁའི་དབྱིངས་ཀུན་གང་བ་དང་། ཨོཾ་ཨཱཿཧཱུྃ་ལས་ནང་མཆོད། སྨན་རཀ །བདུད་རྩི། གཏོར་མའི་དངོས་པོ་རྣམས་ཡེ་ཤེས་ཀྱི་བདུད་རྩི་དམ་པ་ལ། རྣམ་པ་མཆོད་རྫས་སོ་སོར་གསལ་བ་ནམ་མཁའི་དབྱིངས་ཀུན་གང་བར་དམིགས་པ་དང་། གསང་མཆོད་བདེ་ཆེན་ཡེ་ཤེས་ཀྱི་རིག་མ་དཀྱིལ་འཁོར་སོ་སོའི་ལྷ་ལ་འོས་པ། བདུད་རྩི་དཀར་དམར་གྱི་བདེ་བས་གང་བ། བདེ་ཆེན་སྟོང་པའི་དབྱིངས་ལ་སྐུལ་བ་དཔག་ཏུ་མེད་པ་དང་། ཁྱད་པར་དུ་སྣོད་བཅུད་སྣང་སྲིད་ཐམས་ཅད་འདོད་ཡོན་ལྔ་དང་གཏོར་མའི་རང་བཞིན་དུ་ཤེས་པས། ཨོཾ་ཨཱཿཧཱུྃཿ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་མ་ཧཱ་རཀྟ། མ་ཧཱ་ཨ་མྲྀཏ། མ་ཧཱ་བ་ལིཾ་ཏེ་ཨཱཿཧཱུྃ། ཞེས་བརྗོད་ནས་རོལ་མོས་བྱིན་དབབ་བོ། །སོ་སོ་རེ་རེ་བཞིན་རྒྱས་པར་བྱིན་གྱིས་རློབ་ན། ཚོགས་མཆོད་རྒྱས་པ་ལྟར་ཤེས་པར་བྱའོ། །མཆོད་སྐོང་བྱ་བ་ལ། ཕྱི་མཆོད། ནང་མཆོད། གསང་མཆོད། བླ་ན་མེད་པའི་མཆོད་པ། བཤགས་སྐོང་དང་ལྔ་ལས། དང་པོ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་འདིར། །ཏིང་འཛིན་དངོས་བཤམས་དག་པའི་མཆོད་པ་ནི། །ལྷ་མིའི་འཇིག་རྟེན་ཀུན་ན་ཡིད་འོང་བའི། །ལྷ་རྫས་དགེ་བ་རིན་ཆེན་རྣམས་ཀྱིས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྤྲིན། །གདུགས་དང་རྒྱལ་མཚན་བླ་རེ་འཕན་ལ་སོགས། །ཡིད་འོང་ནམ་མཁའི་དབྱིངས་ཀུན་བཀང་སྟེ་མཆོད། །གཟུགས་སྒྲ་དྲི་རོ་རེག་དང་འདོད་ཡོན་ལྔ། །སོ་སོའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་མ། །དཔག་ཡས་ནམ་མཁའི་དབྱིངས་ཀུན་བཀང་སྟེ་མཆོད། །ཐུགས་རྗེས་བཞེས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ནང་མཆོད་ལ། སྨན། རཀྟ། བདུད་རྩི། གཏོར་མ་དང་བཞི་ལས། དང་པོ་ནི། སྨན་ནི་དྲིའི་སྣོད་ལས་མཐེབ་སྲིན་གྱིས་གཏོར་ཞིང་། ཨོཾ། །རང་བྱུང་ཡེ་ཤེས་དུག་ལྔ་སེལ་བའི་སྨན། །ཡེ་ཤེས་ལྔ་ལྡན་བདུད་རྩི་ཨ་མྲྀཏ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། རཀྟ་ནི། ཡིད་ཀྱིས་ལྷ་སོ་སོ་ལ་མཆོད་ཅིང་བྷནྡྷ་ཚར་གསུམ་གྱི་ཕྱག་རྒྱས། ཧྲཱིཿ བྷནྡྷ་ཡེ་ཤེས་འབར་བའི་གཞལ་ཡས་སུ། །རཀྟ་དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །སྐུ་ལྔ་ཡེ་ཤེས་སྒྲུབ་པའི་རྫས་མཆོག་འདི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་པཱུ་ཛ་ལ་ཁཱ་ཧི། བདུད་རྩི་ནང་མཆོད་ནས་འཐོར་ཞིང་། ཛ་གད་དཔའ་བོ་འབྲུ་བཅུད་ཕུན་སུམ་ཚོགས། །བླ་མེད་སྒྲུབ་རྫས་མཆོད་པ་དམ་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། གཏོར་མ་ལ། སྤྱིར་འབུལ་བ་དང་། ཚོགས་མཆོད་དང་བཅས་ཏེ་བྱེ་བྲག་ཏུ་འབུལ་བ་གཉིས་ལས། དང་པོ་ནི། ཨོཾ། གཞོང་པ་རྣམ་དག་ཆོས་དབྱིངས་ནམ་མཁའི་རྒྱར། །དཔལ་གྱི་གཏོར་མ་ཡེ་ཤེས་རྣམ་ལྔས་བཀང་། །འདོད་ཡོན་ལྔ་ལྡན་རི་ལྟར་འགྱིང་བ་ནི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ། སརྦ་བཱི་ར་ཡོ་གི་ནཱི་ཨཱཿཧཱུྃ། བྱེ་བྲག་ཏུ་འབུལ་བ་ནི། ཧཱུྃ། རྗེ་བཙུན་པདྨ་གཤེགས་སུ་གསོལ། །གདུང་བ་དྲག་པོས་གསོལ་བ་འདེབས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །རཀྟ་དམར་གྱི་མཆོད་པ་འབུལ། །བ་ལིཾ་རྒྱན་གྱི་མཆོད་པ་འབུལ། །ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ། །མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས། །གིང་གི་ཚོགས་རྣམས་མཆོད་པ་བཞེས། །དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས། །དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས། །སྲུང་མའི་ཚོགས་རྣམས་མཆོད་པ་བཞེས། །ཕྱི་ནང་གསང་བའི་མཆོད་པ་བཞེས། །ཏིང་འཛིན་རོལ་མོའི་མཆོད་པ་བཞེས། །ཆོས་ཉིད་བདེ་ཆེན་མཆོད་པ་བཞེས། །འདོད་ཡོན་རྒྱན་གྱི་མཆོད་པ་བཞེས། །སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས། །རྣལ་འབྱོར་ཕོ་མོ་དམ་རེ་གཙང། །མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ། །དུར་ཁྲོད་གནས་འདི་ཉམས་རེ་དགའ། །ཞིང་ཆེན་བླ་བྲེ་རྒྱན་དང་ལྡན། །གསུར་ཆེན་དུད་པ་དྲི་རེ་ཞིམ། །བམ་གྱི་ཁོག་སྟོད་བཅད་འཕྲོར་ལྡན། །ཤ་སྣ་སྙིང་སྣ་བསམ་མི་ཁྱབ། །བླ་མ་ཡི་དམ་མཁའ་འགྲོ་དང་། །བདེ་ཆེན་རྒྱལ་བ་རྒྱ་མཚོ་མཆོད། །སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར། །དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི། །རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ། །མ་མོའི་གཏོར་མ་མཐེབ་ཀྱུས་བསྐོར་བ་འདི། །རི་རབ་གླིང་བཞི་བས་ཀྱང་བཀོད་རེ་ལེགས། །དཀར་གྱི་ཐིག་བརྐྱང་དམར་གྱི་གུར་ཕུབ་པ། །གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ། །རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི། །རྒྱ་མཚོ་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ། །བདུད་རྩི་སྨན་གྱི་མཆོད་པ་སྦྲེང་བ་འདི། །ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར། །དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་། །དྲི་ཆུ་མཆོད་པའི་རྫས་ཏེ་བདུད་རྩི་ལྔ། །གླང་ཆེན་ཁྱི་དང་རྨ་བྱ་རྟ་དང་ནི། །མཆོག་ཆེན་མི་ལ་སོགས་ཏེ་ཤ་སྣ་ལྔ། །མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་། །མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་། །མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་། །བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ། །དབང་པོ་ལྔ་དང་གོ་རོ་ཙ་ན་དང་། །ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང་། །མངར་དང་ཁུར་བ་ཐུག་པའི་བྱེ་བྲག་དང། །མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང་། །རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང་། །ལྒ་དང་ལན་ཚྭ་སྤོད་ཀྱི་རིགས་རྣམས་དང་། །རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང་། །རམ་བུ་རུག་པ་ཤ་མོ་སྣ་ཚོགས་དང་། །བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་པ། །ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བླངས་ཏེ། །ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ། །བདུད་རྩིར་གྱུར་པའི་གཏོར་མ་རྒྱ་ཆེན་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག །མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་གྱུར་ཅིག །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག །བྷནྡྷ་རཀྟས་བཀང་བ་ཡང་། །མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ། །ཚིལ་ཆེན་དུད་པ་བཏང་བ་ཡང་། །མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ། །རཀྟའི་རྒྱ་མཚོ་བསྐྱིལ་པ་ཡང་། །མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ། །ཞུན་ཆེན་མར་མེ་བལྟམས་པ་ཡང་། །མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ། །དམ་རྫས་གཏོར་མ་བཤམས་པ་ཡང་། །མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ། །ཧཱུྃ་ཧཱུྃ། ཡེ་ཤེས་མཁའ་འགྲོ་བགྱི་བ་དེ། །ཆོས་རྣམས་ཆོས་ཉིད་མ་ལགས་སམ། །འཁོར་འདས་ཐམས་ཅད་མཆོད་པར་འབུལ། །རྡོ་རྗེ་མཁའ་འགྲོ་སྐད་པ་དེ། །སེམས་ཀྱི་སེམས་ཉིད་མ་ལགས་སམ། །སྣང་སྲིད་ཐམས་ཅད་མཆོད་པར་འབུལ། །རིན་ཆེན་མཁའ་འགྲོ་སྐད་པ་དེ། །སྣ་ཚོགས་སྤྲུལ་སྐུ་མ་ལགས་སམ། །གཟུང་འཛིན་བྲལ་བའི་མཆོད་པ་འབུལ། །པདྨ་མཁའ་འགྲོ་སྐད་པ་དེ། །ཆགས་མེད་སྐྱོན་བྲལ་མ་ལགས་སམ། །མཉམ་ཉིད་རྫོགས་པའི་མཆོད་པ་འབུལ། །ལས་ཀྱི་མཁའ་འགྲོ་སྐད་པ་དེ། །ལས་ཀྱི་ཕྱག་རྒྱ་མ་ལགས་སམ། །ཕུང་པོ་ལྔ་ཡི་མཆོད་པ་འབུལ། །ཤ་ཟ་མཁའ་འགྲོ་སྐད་པ་དེ། །གཏོར་ལེན་ཕོ་མོ་མ་ལགས་སམ། །ཤ་ཁྲག་དམར་གྱི་མཆོད་པ་འབུལ། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡུམ་གྱི་དྭངས་མ་ལ་དམིགས་ཏེ་ཐལ་མོ་མཉམ་པས། ཨ། རྡོ་རྗེ་པདྨ་ལས་བྱུང་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །བདེ་ཆེན་ཡེ་ཤེས་རྒྱལ་པོ་ཆེ། །ཡབ་ཡུམ་མཁའ་གསང་བདེ་བས་མཆོད། །ཨོཾ་ཨཱཿཧཱུྃ། བོ་དྷི་ཙིཏྟ་གུ་ཧྱ་ཛྙཱ་ན་མ་ཧཱ་པཱུ་ཛ་ཨཱཿཧཱུྃ། བླ་ན་མེད་པའི་མཆོད་པ་ནི། ལྟ་སྒོམ་ཟབ་མོ་གསལ་བཏབ་སྟེ། ཧཱུྃ། ཆོས་རྣམས་རྣམ་དག་རྫོགས་པ་ཆེན་པོའི་ངང་། །མི་གཡོ་བྱང་ཆུབ་སྙིང་པོའི་མཁའ་ཀློང་དུ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཡེ་ནས་མཆོད། །བཟང་ངན་བླང་དོར་མེད་པའི་དབྱིངས་སུ་བཞེས། །མཐའ་དང་དབུས་མེད་རིག་པ་བྱང་ཆུབ་སེམས། །མི་འགྱུར་ལྷུན་གྲུབ་ལྟ་བའི་རྒྱལ་པོ་མཆོག །ཀུན་མཉམ་ཡངས་པ་ཆེན་པོའི་ངང་དུ་མཆོད། །ཕྱོགས་དང་རིས་མེད་སྤྲོས་དང་བྲལ་བར་བཞེས། །འོད་གསལ་དྲི་མེད་ངང་དང་བྱང་ཆུབ་སེམས། །རྣམ་པར་མི་རྟོག་བསྒོམ་པའི་རྒྱལ་པོ་མཆོག །བྱིང་རྒོད་སྤངས་པ་མེད་པའི་ཀློང་དུ་མཆོད། །རང་བྱུང་གསལ་སྒྲིབ་མེད་པའི་ངང་དུ་བཞེས། །མ་འགག་རང་ཤར་རིག་པ་བྱང་ཆུབ་སེམས། །ཤར་གྲོལ་རིས་མེད་སྤྱོད་པའི་རྒྱལ་པོ་མཆོག །སྒྱུ་མ་རང་སྣང་སྟོང་གསལ་ཀློང་དུ་མཆོད། །སྣང་སེམས་རང་གྲོལ་རིག་པའི་ངང་དུ་བཞེས། །ཡེ་ནས་ལྷུན་རྫོགས་ཆོས་ཉིད་བྱང་ཆུབ་སེམས། །རང་རིག་འོད་གསལ་འབྲས་བུའི་རྒྱལ་པོ་མཆོག །རང་ཆས་ཐག་ཆོད་གཞི་གྲོལ་ངང་དུ་མཆོད། གདོད་མའི་ཆོས་ཉིད་ཀུན་བཟང་ཀློང་དུ་བཞེས། །སྣང་སྲིད་ཆོས་རྣམས་སྣང་མེད་བྱང་ཆུབ་སེམས། །ཡེ་སྟོང་ཐིག་ལེ་ཆེན་པོར་རྣམ་དག་པས། །ཕྱི་དང་ནང་མེད་རྫོགས་པ་ཆེན་པོའི་ངང་། །ཆོས་ཉིད་དོན་གྱི་མཆོད་པར་བཞེས་སུ་གསོལ། ཨོཾ་ཨཱཿཧཱུྃ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བཤགས་སྐོང་ནི། ཐལ་མོ་སྦྱར་ཏེ། ཨོཾ། གདོད་ནས་རྣམ་དག་ཀུན་ཏུ་བཟང་པོའི་གནས། །ཡོན་ཏན་འབུམ་ཕྲག་ཡངས་པའི་དཀྱིལ་འཁོར་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀུན། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཐམས་ཅད་ལྷུན་གྲུབ་བདེ་ཆེན་སངས་རྒྱས་ཞིང་། །མཁའ་ལྟར་རྣམ་དག་སྤྲོས་དང་བྲལ་བ་ལ། །མ་རིག་དབང་གིས་ང་དང་བདག་ཏུ་བཟུང་། །ཆོས་ཉིད་དོན་དང་འགལ་བ་མཐོལ་ལོ་བཤགས། །རང་སྣང་ལྷུན་གྲུབ་རིག་པའི་གཞལ་ཡས་འདིར། །ཏིང་འཛིན་དངོས་སུ་བཤམས་པའི་འབྱོར་ཚོགས་ཀྱིས། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །བདག་མེད་སྤྲོས་བྲལ་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་མཆོག་གསུམ་བསྒྲུབ་པར་དམ་ནོས་ཀྱང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྩ་བ་ཡན་ལག་ཉམས་ཆག་མཐོལ་ལོ་བཤགས། །ཞིང་གྱུར་དམ་པ་མཆོག་གསུམ་སྤྱན་ལམ་དུ། །ཕྱི་ནང་གསང་བའི་ཚོགས་མཆོད་རྒྱ་མཚོ་བཤམས། །ད་ལྟ་རྒྱུ་མཆོག་དམ་པ་འདིས་བསྐངས་པས། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །མི་གཡོ་རྡོ་རྗེ་སྙིང་པོའི་ཕོ་བྲང་དུ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་བྱས་ཏེ། །གཡར་དམ་བླངས་ཀྱང་དེ་ལྟར་རྔོ་མ་ཐོགས། །ཕྱི་ནང་ཚོགས་མཆོད་ཆུང་བ་མཐོལ་ལོ་བཤགས། །རབ་འབྱམས་ཡོན་ཏན་རྒྱ་མཚོའི་དཀྱིལ་འཁོར་དུ། །བསྟོད་དབྱངས་མཆོད་སྤྲིན་རྒྱ་མཚོས་བསྐངས་པ་འདིས། །རྡོ་རྗེ་རྒྱལ་པོ་བསྒྲུབ་པའི་དཀྱིལ་འཁོར་དུ། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །གསང་སྔགས་རྡོ་རྗེ་མཆོག་གསུམ་དཀྱིལ་འཁོར་དུ། །དབང་དང་དམ་ཚིག་འཇུག་སྒོ་གཅིག་པ་ལ། །བླ་མ་སྨོད་ཅིང་མཆེད་ལ་ཁྲོས་པ་དང་། །གསང་སྒོ་འཆོལ་ཞིང་ཉེས་ཀུན་མཐོལ་ལོ་བཤགས། །དཀྱིལ་འཁོར་མཆོག་གསུམ་ཚུལ་བཞིན་མཆོད་བྱས་ཏེ། །ཏིང་འཛིན་བསྙེན་སྒྲུབ་དམ་དུ་བཅས་པ་འདིས། །བླ་མ་ཡི་དམ་ཐུགས་དམ་བསྐངས་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །དད་ལྡན་བསོད་ནམས་བྱ་བའི་དངོས་པོ་དང་། །ཚོགས་མཆོད་མཆོད་སྦྱིན་རྫས་ལ་སྤྱད་གྱུར་པས། །འདྲེ་བཀྲེན་ཡི་དྭགས་སྐྱེ་བའི་རྒྱུར་གྱུར་པ། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །རྒྱལ་མཆོད་སེམས་ཅན་ཡུལ་ལ་སྦྱིན་བྱས་ཤིང་། །བསོད་ནམས་བྱ་བའི་ལམ་དང་འབྲེལ་གྱུར་པ། །བྱང་ཆུབ་སྙིང་པོའི་ལམ་དུ་རབ་བསྐངས་ནས། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །དུས་རྣམས་ཀུན་ཏུ་བསྒྲུབ་པར་དམ་བཅས་ཀྱང་། །ལེ་ལོ་རྐྱེན་དབང་ཚེ་འདིའི་དབང་སོང་བས། །བསྙེན་སྒྲུབ་གཡེལ་ཞིང་ཐུན་བཞི་དུས་ལས་འདས། །སྒྲུབ་པའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་ཉིད་བྱང་ཆུབ་བརྡལ་བའི་མཁའ་དབྱིངས་སུ། །བསྐྱེད་རྫོགས་རང་བཞིན་མོས་པས་ཅི་ནུས་བསྐྱེད། །རྣམ་གསུམ་དགེ་ལ་བསྐུལ་ཞིང་སྐོང་བ་ཡིས། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །ཆོས་རྣམས་རང་བཞིན་དག་པའི་དཀྱིལ་འཁོར་དུ། །སྣང་གྲགས་དྲན་རིག་སྐུ་གསུང་ཐུགས་ཉིད་དང་། །ཤེས་དང་མི་སྤང་སྤྱད་དང་དང་དུ་བླང་། །ཉི་ཤུ་རྩ་བརྒྱད་ཉམས་ཆག་མཐོལ་ལོ་བཤགས། །ཕྱི་ནང་རྟོག་པ་དག་པའི་བདག་ཉིད་ཅན། །ལྟ་སྒོམ་སྤྱོད་འབྲས་ཉམས་སུ་བླངས་སོ་འཚལ། །ཉིན་མཚན་ཏིང་འཛིན་དགོངས་ཀློང་སྐོང་བ་ཡིས། །ཉམས་ཆག་བསྐངས་ནས་དངོས་གྲུབ་བསྩལ་དུ་གསོལ། །འོད་གསལ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ། །ངང་དང་རང་བཞིན་བདག་ཉིད་མི་འབྲལ་བས། །དགོངས་སྤྱོད་རྒྱ་མཚོ་འདུ་འབྲལ་མེད་རྒྱུ་ལ། །བྱིང་རྒོད་སྤྲོས་ལ་འཆེལ་བ་མཐོལ་ལོ་བཤགས། །ཆོས་རྣམས་རང་བཞིན་རྫོགས་པ་ཆེན་པོའི་ངང་། །འཁོར་འདས་མིང་ཙམ་སྒྱུ་མ་རང་ཤར་ལས། །རང་གྲོལ་གདོད་མའི་དབྱིངས་སུ་བསྐངས་པ་དེས། ཁམས་གསུམ་ཡོངས་གྲོལ་ཀུན་བཟང་དངོས་གྲུབ་སྩོལ། ཧོཿ གསང་སྔགས་བླ་མེད་མཆོག་གི་དཀྱིལ་འཁོར་ཆེ། །རྡོ་རྗེ་ཐོད་ཕྲེང་རིགས་ལྔའི་དཀྱིལ་འཁོར་གཙོ། །འདོད་ཡོན་ལྔ་དང་ཡེ་ཤེས་རིགས་ལྔས་བསྐང་། །བསམ་རྫོགས་འཁོར་འདས་བདེ་ཆེན་དངོས་གྲུབ་སྩོལ། །ཚོགས་བརྒྱད་རྣམ་ཤེས་རྣམ་དག་བདེ་གཤེགས་བརྒྱད། །ཡོན་ཏན་མཆོག་བརྒྱད་ལྷུན་གྱིས་གྲུབ་དབྱིངས་སུ། །ཏིང་འཛིན་དག་པ་ཡེ་ཤེས་བརྒྱད་ཀྱིས་བསྐང་། །འཕགས་པའི་ཡན་ལག་བརྒྱད་ཀྱི་དངོས་གྲུབ་སྩོལ། །རྡོ་རྗེ་རྒྱལ་པོ་ཡོན་ཏན་འབྱུང་བའི་གནས། །རིག་འཛིན་བཅུ་དྲུག་ས་ཆེན་རྫོགས་པའི་དཔལ། །སྟོང་ཉིད་དག་པ་ཡེ་ཤེས་བཅུ་དྲུག་བསྐང་། །མཚན་རྫོགས་རྡོ་རྗེ་འཆང་གི་དངོས་གྲུབ་སྩོལ། །དབང་ཤེས་རྣམ་དག་རིགས་ལྔའི་མཁའ་འགྲོ་གིང་། །རྣམ་བཅུ་དབང་ལྡན་ཕ་རོལ་ཕྱིན་བཅུས་བསྐང་། །ཡེ་ཤེས་རྣམ་བཅུ་ཏིང་འཛིན་དག་པའི་དབྱིངས། །རང་གཞན་དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ། །རྟག་ཆད་མཐར་ཕྱིན་ཡེ་ཤེས་སྒོ་སྐྱོང་བཞི། །ཚད་མེད་བཞི་ལྡན་རང་བྱུང་འོད་གསལ་བསྐང་། །མཐའ་བཞི་ལས་གྲོལ་སྤྲོས་བྲལ་བྱང་ཆུབ་སེམས། །ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །འདོད་ཡོན་ལྷ་མོ་མཆོད་པའི་སྤྲིན་འཕྲོ་བ། །དུར་ཁྲོད་གནས་བརྒྱད་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་འདོད་ཡོན་མཆོད་སྤྲིན་རྒྱ་མཚོས་བསྐང་། །འཁོར་འདས་དབྱིངས་སུ་རྫོགས་པའི་དངོས་གྲུབ་སྩོལ། །རྡོ་རྗེ་མཆོག་གསུམ་སྒྲུབ་པའི་དཀྱིལ་འཁོར་དུ། །ཚོགས་གཉིས་བསྐངས་ཤིང་ཉམས་ཆག་བཤགས་པ་ཡིས། །རིག་འཛིན་ས་བཞི་ལྷུན་གྱིས་གྲུབ་གྱུར་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ས་མ་ཡེ་ཧོཿ ཞེས་བརྗོད། འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྟེ། རིག་འཛིན་འདུས་པ་སྤྱིའི་རྒྱུད་ཀྱི་སྐོང་བཤགས་ལས་བསྡུས་པའོ། །ཆེ་བའི་ཡོན་ཏན་ལ་བསྟོད་པ་ནི། ཧཱུྃ་ཧཱུྃ། སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ །ཚངས་པའི་གསུང་དབྱངས་ཆོས་ཀྱི་སྒྲ་ཆེན་སྒྲོག །མི་འགྱུར་ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་རྗེ་ལ་བསྟོད། །སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ །གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང། །ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས། །རང་བྱུང་པདྨ་རྒྱལ་ལ་ཕྱག་འཚལ་བསྟོད། །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ། །དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ། །ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ། །ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད། །ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པ། །པདྨ་འབྱུང་གནས་སྐུ་ལ་བསྟོད། །ཐམས་ཅད་དབང་དུ་སྡུད་མཛད་པ། །པདྨ་རྒྱལ་པོའི་སྐུ་ལ་བསྟོད། །ལོག་འདྲེན་གདུག་པ་འདུལ་མཛད་པ། །ཤཱཀྱ་སེངྒེའི་སྐུ༴ ཤེས་བྱ་ཀུན་ལ་མ་རྨོངས་པའི། །བློ་ལྡན་མཆོད་སྲེད་སྐུ༴ རྨོངས་པའི་མུན་པ་སེལ་མཛད་པ། །ཉི་མ་འོད་ཟེར་སྐུ༴ བདུད་དང་མུ་སྟེགས་ཚར་གཅོད་པ། །སེངྒེ་སྒྲ་སྒྲོག་སྐུ༴ ཡོན་ཏན་ཐམས་ཅད་རབ་རྫོགས་པ། །པདྨ་སཾ་བྷའི་སྐུ༴ ལྷ་སྲིན་སྡེ་བརྒྱད་འདུལ་མཛད་པ། །རྡོ་རྗེ་གྲོ་ལོད་སྐུ༴ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །མཁའ་འགྲོ་སྡེ་ལྔའི་སྐུ༴ ཆོས་ཉིད་དོན་གྱི་མཁའ་དབྱིངས་ལ། །རིག་པའི་ཡེ་ཤེས་ཤུགས་ཀྱིས་འགྲོ །མཁའ་འགྲོ་མ་སྲིང་དཔག་མེད་དང། །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །དབྱིངས་དང་ཡེ་ཤེས་དཀྱིལ་འཁོར་བདག །སྒོ་སྐྱོང་བཞི་དང་ལྷ་མོ་ལྔ། །དུར་ཁྲོད་ཞིང་སྐྱོང་མཁའ་འགྲོར་བཅས། །རྡོ་རྗེ་དམ་ཅན་ཚོགས་ལ་བསྟོད། །སྣང་བ་ཡབ་ལ་སྟོང་པ་ཡུམ། །འཁོར་འདས་བྱང་ཆུབ་སེམས་ལ་བསྟོད། །ཐམས་ཅད་ལྷུན་མཉམ་བརྗོད་ལས་འདས། །སྤྲོས་དང་བྲལ་བའི་ངང་དུ་བསྟོད། །ཅེས་བརྗོད་དོ། །ཚོགས་ལ་རོལ་ཞིང་ཚོགས་བྱ་བ་དང་དབང་བསྐུར་བ་གཉིས་ལས། དང་པོ་ལའང་། ཚོགས་བྱིན་གྱིས་བརླབ་པ་དང་། དབུལ་བ། རོལ་བ་དང་གསུམ་ལས། བྱིན་གྱིས་བརླབ་པ་ནི། རང་གི་སྙིང་ག་ནས་རཾ་ཡཾ་ཁཾ་འཕྲོས། གཏོར་ཚོགས་ལ་ཕོག །རཾ་གྱིས་བསྲེགས། ཁཾ་གིས་སྦྱངས། ཡཾ་གིས་གཏོར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྷནྡྷའི་སྣོད་སྟོང་གསུམ་ཙམ་དུ་ཚོགས་ཀྱི་ཡོ་བྱད་རྣམས་བཟའ་བཏུང་བཟང་དགུ །རི་རབ་ལ་རྒྱ་མཚོས་བསྐོར་བ་དང་མཉམ་པར་བསྐྱེད་པའི་ནང་དུ། ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས། ཕྱོགས་བཅུའི་སྣོད་བཅུད་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདུད་རྩིའི་ཆར་དུ་ཕབ་པས་ཁེངས་ཏེ། སྐུའི་ལྷ་མོ་དཀར་མོ། གསུང་གི་ལྷ་མོ་དམར་མོ། ཐུགས་ཀྱི་ལྷ་མོ་མཐིང་གའི་ཚོགས་དཔག་ཏུ་མེད་པ་འཕྲོ་ཞིང་འདུ་བར་བསམས་ལ། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ། རཾ་ལས་མེ་འབར་ཐམས་ཅད་བསྲེགས། ཁཾ་ལས་ཆུ་བྱུང་དག་པར་སྦྱངས། ཡཾ་ལས་རླུང་བྱུང་གཏོར་ཞིང་སྟོང་། བྷྲཱུྃ་ལས་བྷནྡྷའི་གཞལ་ཡས་ཁང་། །བདུད་རྩིར་གྱུར་ནས་ལྷ་ཚོགས་འཕྲོ། །ཚོགས་མཆོད་ཡིད་བཞིན་སྤྲིན་དུ་གྱུར། ཨོཾ་ཨཱཿཧཱུྃ། མ་ཧཱ་ག་ཎ་ཙཀྲ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱི་ཋཱ། འབུལ་བ་ནི། ཚོགས་ལས་སྐུ་གསུང་ཐུགས་ཀྱི་ལྷ་མོ་སྤྲོས་ཏེ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མཆོད་པར་བསམས་ལ། ཧཱུྃ། བླ་མ་རིག་འཛིན་མ་ལུས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞིའི་མཁའ་འགྲོ་དཔའ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །མཛེས་སྡུག་གཟུགས་ཀྱི་མཆོད་པ་འབུལ། །སྤྱན་གྱིས་གཟིགས་ཤིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཧཱུྃ། བླ་མ་རིག་འཛིན་མ་ལུས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞི་མཁའ་འགྲོ་དཔའ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །དབྱངས་སྙན་སྒྲ་ཡི་མཆོད་པ་འབུལ། །སྙན་གྱིས་གསན་ཞིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཧཱུྃ། བླ་མ་རིག་འཛིན་མ་ལུས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞི་མཁའ་འགྲོ་དཔའ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །ལྡང་དགུ་དྲི་ཡི་མཆོད་པ་འབུལ། །ཤངས་ཀྱིས་བསྣམ་ཞིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཧཱུྃ། བླ་མ་རིག་འཛིན་མ་ལུས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞི་མཁའ་འགྲོ་དཔའ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །བཟའ་བཏུང་རོ་ཡི་མཆོད་པ་འབུལ། །ལྗགས་ཀྱིས་མྱང་ཞིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཧཱུྃ། བླ་མ་རིག་འཛིན་མ་ལུས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞི་མཁའ་འགྲོ་དཔའ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །བཟང་དགུ་རེག་གི་མཆོད་པ་འབུལ། །སྐུ་ཡིས་རེག་ཅིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཧཱུྃ། བླ་མ་རིག་འཛིན་མ་ལུས་དང། །ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞིའི་མཁའ་འགྲོ་དཔལ་བོར་བཅས། །འཁོར་གྱི་མཁའ་འགྲོ་མ་ལུས་ལ། །སྤྲོས་བྲལ་ཆོས་ཀྱི་མཆོད་པ་འབུལ། །ཐུགས་ཀྱིས་དགོངས་ཤིང་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །དཔའ་བོ་དཔའ་མོ་མཆེད་ལྕམ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །གཉིས་མེད་རོལ་པས་བཞེས་སུ་གསོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ་ལོ། །རོལ་པ་ནི་ལས་ཀྱི་ཀརྨ་གིང་གིས་ཕྱག་བྱས་ཚོགས་བཏེགས་ལ། ཧཱུྃ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །སྐྱོགས་ཀྱི་ནང་ནས་བྷནྡྷ་བཟང་། །སྐོམ་གྱི་ནང་ནས་བདུད་རྩི་མཆོག །ཟས་ནི་ཤ་ལྔ་བདུད་རྩི་ལྔ། །མ་མོ་མཁའ་འགྲོའི་ལོངས་སྤྱོད་ཡིན། །རྣལ་འབྱོར་ཕོ་མོའི་དངོས་གྲུབ་ཟས། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཅེས་དྲངས་པའི་ལན་དུ། ལེན་པ་པོས་པད་སྐོར་བྱ་ཞིང་། ཨོཾ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་འཛིན་རྣམ་པར་སྤངས་པ་ཡི། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ལ་ལ་སྟེ་སྐུ་ཡི་མཆོག །སྐུ་ཡི་དངོས་གྲུབ་འགྱུར་བ་མེད། །ཨ་ལ་ལ་སྟེ་གསུང་གི་མཆོག །གསུང་གི་དངོས་གྲུབ་འགག་པ་མེད། །ཨ་ལ་ལ་སྟེ་ཐུགས་ཀྱི་མཆོག །ཐུགས་ཀྱི་དངོས་གྲུབ་སྐྱེ་བ་མེད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཨ་ཧོ་སུ་ཁ་ཧོཿ ཞེས་བརྗོད་ནས་བླངས་ཏེ། རང་གི་མགོ་དང་། མགྲིན་པར་བླ་མའི་དཀྱིལ་འཁོར། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོའི་ཕོ་བྲང་དུ་བསམས་ལ། བཟའ་བཏུང་བདུད་རྩིར་གྱུར་པ་ཟོས་ཤིང་འཐུངས་པས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མཆོད་པར་བསམ་ཞིང་ཚིམ་པར་ལོངས་སྤྱོད། ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་ངང་ལས་མ་གཡོས་པར་བྱ་ཞིང་། ཐ་མལ་གྱི་སྣང་བ་དང་། ཤགས་དང་། རྩོད་པ་དང་། ཀུ་ཅོ་ལ་སོགས་པ་མི་བྱའོ། །དེ་ནས་ལྷག་མ་རྣམས་བསྡུས་ལ་ཕྱོགས་གཅིག་ཏུ་བཞག་གོ །སློབ་མ་མེད་ན། དེ་ནས་མཇུག་གི་ལས་རིམ་རྣམས་བྱའོ། །འདི་ནི་རྒྱུན་གྱི་སྒྲུབ་མཆོད་དང་། ཚེས་བཅུ་ལ་སོགས་པར་ཇི་ལྟར་བྱ་བའི་ཆོ་ག་ཡང་ལེགས་པར་བསྟན་པ་ཡིན་ནོ། །དབང་བསྐུར་བ་ནི། དཀྱིལ་འཁོར་འོག་མ་ལྟར་སྤྲོས་བཅས་བྱིས་པ་ཉེར་སྤྱོད་ཀྱི་དབང་ལས་ཆེས་ཁྱད་པར་དུ་འཕགས་པ་བྱིན་རླབས་དོན་གྱི་རིམ་པ་ཚིག་དབང་རིན་པོ་ཆེ་དབང་བཞི་བརྡ་དོན་དུ་བསྐུར་བའི་རྣམ་པར་གཞག་པ་ལ། སྔོན་འགྲོ །དངོས་གཞི། རྗེས་དང་གསུམ་ལས། སྔོན་འགྲོ་ལ། སྔོན་དུ་བློ་བཅོས་པའི་ཆོས་བཤད་པ་དང་། སྔོན་འགྲོ་དངོས་གཉིས་ལས། དང་པོ་ནི། འདིར་བླ་མའི་དབང་བསྐུར་བ་རིན་པོ་ཆེའི་སྒྲོན་མེ་ལ་འཇུག་པ་ལགས་པས། དད་གུས་ཤེས་རབ་དང་ལྡན་པས་མ་ཡེངས་པར་གསན་འཚལ། དེ་ལ་འོ་སྐོལ་རྣམས་སྐྱེ་བར་དཀའ་བ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་མཇལ། ཐོས་པར་དཀའ་བ་ཐེག་པ་ཆེན་པོའི་དམ་པའི་ཆོས་ཟབ་མོ་ཐོས་པའི་སྐབས་འདིར། ཐར་པའི་ལམ་སྣ་ཅིས་ཀྱང་ཟིན་པར་བྱེད་དགོས། ད་རེས་ལམ་སྣ་མ་ཟིན་ན་ཤི་བའི་འོག་ཏུ་མཐའ་མེད་པའི་འཁོར་བ་ན་འཁོར་དུས་འོག་ནས་འོག་ཏུ་འགྲོ་བ་ལས་ཆོས་ཀྱི་སྒྲ་མི་ཐོས། དེ་བས་ད་ལྟ་མི་ལུས་རིན་པོ་ཆེ་བརྒྱ་ལ་རེས་འགའ་ཞིག་ལ་ཐོབ་དུས་འདིར་འབད་དགོས། ཚེ་མི་རྟག་ནུབ་རིའི་གྲིབ་མ་དང་འདྲ། འཆི་བ་ལ་སྐད་ཅིག་ཐང་ཅིག་གིས་ཉེར་འགྲོ །འཆི་བའི་དུས་སུ་ཆོས་མ་ཡིན་པ་གང་གིས་ཀྱང་མི་སྟོངས། ཆོས་ལའང་བྱེད་ལུགས་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས་མེད་དོ། །དེ་ལའང་སྔགས་མཚན་ཉིད་གཉིས་ལས། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ན་འཇུག །འདི་ལའང་དཀྱིལ་འཁོར་སོ་སོ་ནས་འཇུག་པ་སྤྲོས་པ་དང་བཅས་པའི་ལུགས་དང། ལམ་ཟབ་བླ་མའི་དཀྱིལ་འཁོར་ནས་འཇུག་པ་སྤྲོས་པ་མེད་པ་གཉིས་ལས། བླ་མའི་རིམ་པ་ནས་འཇུག་སྟེ་དཀྱིལ་འཁོར་ཐམས་ཅད་འདུས་པའི་མངའ་བདག་ཡིན་པའི་ཕྱིར། ཕག་མོ་མངོན་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཉིད། །ཅེས་པ་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་བྱུང་། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པ་དང་། ཆུབ་པར་རོལ་པ་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་ཙམ། །འདི་ནི་བསོད་ནམས་ཕ་མཐའ་ཡས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །རྒྱལ་བའི་ཐུགས་དགོངས་མ་ལུས་ཀྱང་། །བླ་མའི་ཐུགས་དགོངས་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ཀུན་གྱིས་བྱིན་བརླབས་འགྱུར། །དཀྱིལ་འཁོར་ཀུན་གྱིས་དབང་བསྐུར་འགྱུར། །ཅེས་གསུངས་སོ། །དེའང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མས་བྱིན་བརླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་འབྱུང་བས། སྤྲོས་བཅས་བྱིས་པ་ཉེར་སྤྱོད་ཀྱི་དབང་གསུམ་ལས་ཆེས་འཕགས་པ། བཞི་པ་ཚིག་དབང་དོན་གྱི་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཞིའི་བྱིན་རླབས་ཐོད་རྒལ་དུ་འཇུག་ཅིང་། བསྐྱེད་རྫོགས་དོན་གྱི་ལམ་བསྒོམ་པ་ལ་དབང་པའི་ཕྱིར་ན། རྫས་བཞི་ཆའམ་གང་རུང་རེའི་སྒོ་ནས་དབང་ཐོབ་པར་བྱེད་པ། བླ་མ་མཚན་ཉིད་དང་ལྡན་པ་གྲུབ་པ་ཐོབ་ངེས་པ་ཞིག་གིས་རྩ་བའི་དཀྱིལ་འཁོར་དུ་ཞུགས་པ་ལས་འབྱུང་ལ། སྐབས་འདིར་དཔལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་དངོས་བླ་མར་སྤྲུལ་ནས་འཛམ་བུའི་གླིང་དུ་རང་བྱོན་པ། མཚན་ཐོས་པ་ཙམ་གྱིས་ངན་སོང་དང་འཁོར་བ་ལས་སྐྱོབ་པ། སྐུ་ཆེ་བའི་ཡོན་ཏན་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོ་ལས་རང་བྱུང་སྟེ། མཚན་དང་དཔེ་བྱད་ཀྱི་དཔལ་རབ་ཏུ་འབར་བ། གསུང་ཆེ་བའི་ཡོན་ཏན་ཕྱི་ནང་གསང་བའི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་མོས་པ་དང་མཐུན་པར་བསྐོར་བ། ཐུགས་ཆེ་བའི་ཡོན་ཏན་ཤེས་བྱ་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏིང་འཛིན་དང་། མངོན་པར་ཤེས་པ་རྒྱ་མཚོའི་མཐར་སོན་པ། ཡོན་ཏན་ཆེ་བ་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཕྲིན་ལས་ཆེ་བ་སེམས་ཅན་གྱི་གནས་རིས་ཐམས་ཅད་ལ་གང་ལ་གང་འདུལ་གྱི་སྤྲུལ་པས་དོན་མཛད་དེ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ནས་གཞན་དོན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འབྱུང་བ། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུའི་སྟོན་པར་མངོན་པར་རྫོགས་པ་སངས་རྒྱས་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་ད་ལྟ་ལོངས་སྐུ་སྣང་བ་མཐའ་ཡས་ཀྱི་རྣམ་པར་བཞུགས་པ་ལས། འཛམ་བུའི་གླིང་གི་འགྲོ་བ་འདུལ་བར་གཟིགས་ཏེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལ་འོད་ཀྱི་ཁྱེའུ་མཚན་དང་དཔེ་བྱད་དུ་འབར་བ་ཞིག་ཨོ་རྒྱན་གྱི་ནུབ་ཕྱོགས་དྷ་ན་ཀོ་ཥའི་མཚོ་གླིང་གི་པདྨའི་སྡོང་པོའི་སྟེང་དུ་འཕྲོས་པ་ཉིད། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྤྱན་དྲངས་ཏེ། ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོར་མངའ་གསོལ་ནས། ཆེ་བའི་རྫུ་འཕྲུལ་དང་མཛད་པ་དུ་མས་ཨོ་རྒྱན་དང་རྒྱ་གར་གྱི་ཡུལ་རྣམས་བཏུལ་ཞིང་། དུར་ཁྲོད་ཆེན་པོ་བརྒྱད་ན་སྤྲུལ་པ་མཚན་བརྒྱད་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ལས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ས་འདུལ་དུ་སྤྱན་དྲངས་ཏེ་རྒྱལ་འབངས་ཐམས་ཅད་བདེ་ལ་བཀོད། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་དུས་སུ་མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་མངའ་བདག་རྗེ་འབངས་ཀྱིས་ཕྱག་འཚལ་ཏེ་ཞུས་པ། ཀྱེ། སློབ་དཔོན་ཆེན་པོ་ལགས། བདག་བོད་འབངས་ཐམས་ཅད་བསོད་ནམས་དང་ལྡན་པས་ད་ལྟ་ནི་ཁྱེད་ལྟ་བུའི་སློབ་དཔོན་སྤྲུལ་པའི་སྐུ་དངོས་དང་མཇལ། ཕྱི་ནང་གསང་བའི་ཆོས་མང་པོ་ནི་ཐོས། གསང་སྔགས་ལྷའི་དཀྱིལ་འཁོར་དུ་མའི་དབང་བསྐུར་བ་ནི་ཐོབ། ཡི་དམ་ལྷའི་དཀྱིལ་འཁོར་ལ་བསྟེན་ནས་འཚང་རྒྱ་བའི་ཐབས་མཆིས་ལགས་ན། བླ་མའི་ལམ་དང་དལ་དུ་ཞུགས་ནས་འཚང་རྒྱ་བའི་ཐབས་བླ་མ་སྤྲུལ་པའི་སྐུ་ཉིད་ལ་བསྟེན་པ་ཞིག །ད་ལྟར་བདག་ཅག་རྗེ་འབངས་དང་ཕྱི་རབས་ཀྱི་འགྲོ་བ་བླ་མ་ཉིད་ཀྱི་གདུལ་བྱར་གྱུར་པ་རྣམས་ལ་ཅིས་ཀྱང་ཞུ་འཚལ། ཞེས་ཞུས་པའི་ཚེ། མ་ཧཱ་གུ་རུས་བཀའ་བསྩལ་པ། ཀྱེ། མངའ་བདག་རྗེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐབས་དང་སྒོ་ནི་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཚེ་གཅིག་གིས་འཚང་རྒྱ་བར་བྱེད་པ་ལ་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་དང་། བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་གཉིས་སུ་འདུས་སོ། །ཡི་དམ་ལྷའི་ལམ་ནི་རིམ་གྱིས་དབང་པོ་སྦྱོང་བའི་ལས་ཅན་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་གསང་སྔགས་ཕྱི་ནང་གཉིས་སུ་འདུའོ། །བླ་མའི་ལམ་ནི་དབང་པོ་གཅིག་ཅར་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་སད་པ་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཀུན་འདུས་སྤྱིའི་སྒྲུབ་པ་དང་། ལས་ཕྲན་ཚེགས་པ་བྱེ་བྲག་རྐྱང་པར་སྒྲུབ་པ་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་བཀའ་བསྩལ་ནས། རིག་འཛིན་འདུས་པ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་ལ་བརྟེན་ནས་རིག་འཛིན་སློབ་དཔོན་གྱི་སྒྲུབ་པ་རྣམས་མཛད་དེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་དང་ལྷ་ཡབ་ཡུམ་རེའམ། དཔའ་བོ་གཅིག་པ་ལ་སོགས་པ་ཡན་ལག་གི་ཆ་ཤས་རྐྱང་པ་རེའི་སྒོ་ནས་གང་ཟག་རེ་སྨིན་གྲོལ་ལ་འགོད་པའི་རིམ་པ་རྣམས་གསུངས་པ་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དཀར་ཆག་ཏུ་བཏབ་སྟེ་རིན་པོ་ཆེ་སའི་གཏེར་དུ་སྦས་པ་རྣམས། དུས་ཕྱིས་མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་གདན་དྲངས་ཏེ། སྲས་འགྲོ་བའི་མགོན་པོ་ལ་གནང་། དེས་སྟག་སོ་བ་ཆོས་ཀྱི་བླ་མ་ལ། དེས་བླ་མ་གཉན་རས་ལ། དེས་བླ་མ་རིན་པོ་ཆེ་ཀུ་མ་རཱ་ཛ་ལ། དེས་རྣལ་འབྱོར་པ་དྲི་མེད་འོད་ཟེར་ལ་དང་། ཡང་སྲས་ཀྱིས་སློབ་དཔོན་ནམ་ལངས་ལ། དེས་སློབ་དཔོན་བྱང་མགོན་ལ། དེས་སློབ་དཔོན་བསྟན་སྲུང་ལ། དེས་དྲི་མེད་འོད་ཟེར་ལ་གནང་བའོ། །དོན་གཉིས་པ་སྔོན་འགྲོ་དངོས་ལ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཡན་ལག་བདུན་པ་བྱ་བ། ཁྱད་པར་གྱི་ལམ་དོན་དམ་ཆོས་ཉིད་དུ་སེམས་བསྐྱེད་པ། གསོལ་བ་གདབ་པ་དང་ལྔ་ལས། དང་པོ་ནི། མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ལྟ་སྒོམ་སྤྱོད་པ་མ་ལུས་པར། །ཕྱི་ནང་གསང་བས་སྐྱབས་སུ་མཆི། །ཅེས་ལན་གསུམ་བརྗོད་དོ། །སེམས་བསྐྱེད་པ་ནི། ཨེ་མ་བདག་དང་སེམས་ཅན་རྣམས། །ཡེ་ནས་རྣམ་དག་སངས་རྒྱས་ཀྱང་། །མ་རྟོགས་འཁྲུལ་པས་འཁོར་བ་རྣམས། །སྲིད་པའི་མཚོ་ལས་བསྒྲལ་བར་བྱ། ཨོཾ་མ་ཧཱ་བོ་དྷི་ཙིཏྟ་རཏྣ་པ་ཏ་ན་མཿ ཅེས་བརྗོད་དོ། །མདོར་བསྡུ་ན། ཐུན་མོང་དུ་བྱ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ལ་ཡང་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་དོན་དུ། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་གསུམ་བརྗོད་པས་ཀྱང་རུང་ངོ་། །ཡན་ལག་བདུན་པ་ནི། བདག་དང་སེམས་ཅན་ལུས་དཔག་ཏུ་མེད་པར་སྤྲུལ་པ་ལ་དམིགས་ལ་ཐམས་ཅད་ཀྱིས་བྱེད་པར་བསམས་ཏེ། ན་མོ། བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བ་འཁོར་བཅས་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་པད་གདན་ལ། །སྤྲིན་ཚོགས་ལྟ་བུར་བཞུགས་སུ་གསོལ། །ལུས་ངག་ཡིད་གསུམ་གྲངས་མེད་པར། །སྤྲུལ་ནས་གུས་པའི་སེམས་ཀྱིས་འདུད། །དངོས་སུ་འབྱོར་དང་ཡིད་སྤྲུལ་པའི། །མཆོད་སྤྲིན་མ་ལུས་རྣམས་ཀྱིས་མཆོད། །སྔོན་ནས་བསགས་པའི་སྡིག་སྒྲིབ་རྣམས། །འགྱོད་པས་བཤགས་བགྱི་དག་པར་མཛོད། །རྒྱལ་བ་སྲས་བཅས་སེམས་ཅན་གྱི། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཕྱི་ནང་གསང་བ་དམ་པའི་ཆོས། །འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །མྱ་ངན་འདའ་བར་བཞེད་རྣམས་ལ། །མྱ་ངན་མི་འདའ་གསོལ་བ་འདེབས། དགེ་བ་འདི་དང་གཞན་དག་གིས། །རྫོགས་པའི་སངས་རྒྱས་འགྲུབ་པར་ཤོག །ཅེས་པའམ། ཨོཾ། བདེ་གཤེགས་མ་ལུས་འདུས་པའི་སྐུ །བླ་མ་ཡི་དམ་མཁའ་འགྲོ་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་གུས་པས་ཕྱག་འཚལ་ལོ། །རྣམ་དག་འདོད་ཡོན་ལྔ་ལ་སོགས། །དངོས་དང་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་རྣམ་པ་ཐམས་ཅད་ཀུན། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟའི་ལུས་འདི་ཡན་ཆད་ལ། །སྡིག་པ་མི་དགེ་ཅི་བགྱིས་པ། །བླ་མ་སངས་རྒྱས་རྣམས་ལ་བཤགས། །འགྲོ་བ་སེམས་ཅན་དོན་སླད་དུ། །བསྐལ་པ་དུ་མར་མི་སྐྱོ་བར། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཀྱིས། །དགེ་བ་མཛད་པར་རྗེས་ཡི་རང། །སྤྱོད་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གང་དག་མྱ་ངན་འདའ་རྣམས་ལ། །ཇི་སྲིད་འཁོར་བ་མ་སྟོངས་བར། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །མྱ་ངན་མི་འདའ་གསོལ་བ་འདེབས། །བདག་གི་ལུས་ངག་ཡིད་གསུམ་གྱིས། །བྱས་དང་བྱེད་འགྱུར་གཞན་བསྐུལ་བའི། །དགེ་བས་མཐའ་ཡས་སེམས་ཅན་རྣམས། །ཀུན་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཅེས་པའམ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པར་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བས་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་པ་གང་རུང་གསུམ་བརྗོད། ཡང་ན་ཐམས་ཅད་ཚང་མ་ལན་གཅིག་བརྗོད་དོ། ཁྱད་པར་དུ་སེམས་བསྐྱེད་པ་ནི། ཨེ་མ་ཧོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལན་གསུམ་བྱ་བ་ནི། འཁོར་བ་སྣང་དུས་ཉིད་ནས་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གསལ་འདེབས་པ་སྟེ། སྙིང་པོ་དོན་གྱི་དཀྱིལ་འཁོར་དུ་འཇུག་པའོ། །སྤྲོས་པ་ལ་དགའ་ན་སྐབས་འདིར་སེམས་ཅན་ཐམས་ཅད་དབྱིངས་ཀྱི་དཀྱིལ་འཁོར་དུ་མཚོན་པ་ལ་ལྷ་དང་དལ་གྱི་རྣམ་དག་བཤད་དོ། དེ་ཡང་མེ་རི་རྡོ་རྗེའི་རྭ་བ་དང་བཅས་པ་འདི་འཁོར་འདས་ཐམས་ཅད་ཆོས་དབྱིངས་སྟོང་པ་དང་། སྣང་བ་ཆེན་པོའི་དབྱིངས་ན་ཡེ་ནས་གནས་པར་མཚོན་པའོ། །དུར་ཁྲོད་བརྒྱད་ནི་སྦྱང་བྱ་འཁོར་བའི་དུས་ན། ཀུན་གཞི་དོན་གྱི་སངས་རྒྱས་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགྲོ་བ་ཡོངས་ལ་ཡེ་ནས་གནས་པར་མཚོན་པའོ། །པདྨ་དང་ཟླ་བ་ཉི་མ་གསུམ་ནི་འཁོར་བ་མྱང་འདས་སུ་སྦྱོར་བའི་ལམ་རང་རིག་པ་པདྨ་ལྟ་བུ་ལ་ཐབས་ཤེས་ཟུང་འཇུག །བསྐྱེད་རྫོགས་ཟུང་འཇུག །སྣང་སྟོང་ཟུང་འཇུག །བདེན་གཉིས་ཟུང་འཇུག །ཚོགས་གཉིས་ཟུང་འཇུག་ཉི་ཟླ་ལྟ་བུར་སྦྱང་དགོས་ཞེས་སྦྱོང་བྱེད་ལམ་གྱི་གནས་སྐབས་མཚོན་པའོ། །སྒོ་རྟ་བབས་ཀྱིས་བརྒྱན་པའི་དཀྱིལ་འཁོར་ལ་གཞི་ལམ་འབྲས་བུ་གསུམ་ཀ་མཚོན་དུ་རུང་ཡང་། སྐབས་འདིར་འབྲས་བུ་དང་སྦྱར་ཏེ། རྟ་བབས་བཞི་ནི་སངས་རྒྱས་ཀྱི་སའི་དྲན་པ་ཉེ་བར་བཞག་པ་སེམས་ཅན་ལ་ཕན་པའི་བྱམས་པ་ཚན་པ་བཞིའོ། །པུ་ཤུ་ནི་ཆོས་ཐམས་ཅད་མཐར་ཕྱིན་པའོ། །མདའ་ཡབ་ནི་ཐུགས་རྗེ་ཆེན་པོའོ། །ཕ་གུ་ནི་ལྷུན་གྱིས་གྲུབ་པའི་ཡོན་ཏན་ནོ། །དྲྭ་ཕྱེད་ནི་ཞིང་གི་རྒྱན་རང་སྣང་དུ་རྫོགས་པའོ། །འདོད་ཡོན་ནི་སངས་རྒྱས་ཀྱི་ཞིང་རང་སྣང་ལྷུན་གྱིས་གྲུབ་པ་འབྱོར་པ་ཡོད་པའོ། །རྩིག་པ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའོ། །སྒོ་བཞི་ནི་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་མཛད་པའོ། ཁྱམས་ནི་ཆོས་ཉིད་ཡེ་ཤེས་ཀྱི་སྣང་བའོ། །གྲུ་ཆད་བཞི་ནི་ཕྲིན་ལས་བཞི་གྲུབ་པའོ། །པདྨའི་མུ་ཁྱུད་གསུམ་ནི་སྐུ་གསུང་ཐུགས་སོ། །ལྟེ་བ་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་ཐམས་ཅད་འདུ་ཞིང་། དེ་ལས་ཐམས་ཅད་བྱུང་བར་མཚོན་པ་སྟེ། ཆོས་འབྱུང་དང་བཅས་པའམ་ཟླ་གམ་གྱི་ཆའོ། །དེའི་སྟེང་ན་གཙོ་བོ་ལྔ་ནི་རིགས་མཐར་ཕྱིན་དུས་རིགས་ལྔར་གྲུབ་པའོ། །མཚན་བརྒྱད་ནི་རྣམ་ཤེས་བརྒྱད་དག་དུས་ཡེ་ཤེས་བརྒྱད་མཚོན་པའོ། །རིག་འཛིན་བཅུ་དྲུག་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་བཅུ་དྲུག་གོ །མཁའ་འགྲོ་སྡེ་ལྔ་ནི་ཡེ་ཤེས་ལྔ་ཕྲིན་ལས་བཞིར་གྲུབ་ནས་དོན་མཛད་པའོ། །ཤུགས་འགྲོ་བརྒྱད་ནི་ཡེ་ཤེས་ལས་བྱ་བ་དང་བྱེད་པའི་ཕྲིན་ལས་བཞི་བཞིར་འཕྲོ་བའི་མཚོན་བྱེད་དོ། །སྲུང་མ་ནི་སངས་རྒྱས་དུས་རང་ལས་རང་བྱུང་གི་དམ་ཅན་རང་ཤར་དུ་འབྱུང་བས་བསྟན་པ་སྐྱོང་ཞིང་། སེམས་ཅན་གྱི་དོན་ལ་རྣམ་འཕྲུལ་འབྱུང་བའོ། །སྒོ་སྐྱོང་བཞི་ནི་བསྡུ་བའི་དངོས་པོ་བཞིས་དོན་མཛད་པའོ། །འདོད་ཡོན་ལྷ་མོ་ནི་སངས་རྒྱས་ཀྱི་ཞིང་ན་རང་སྣང་ཚོགས་གཉིས་རྫོགས་པའི་འབྱོར་པ་ལ་ལོངས་སྤྱོད་པའོ། །དུར་ཁྲོད་སྐྱོང་བྱེད་ནི། སངས་རྒྱས་ནས་སྤྲུལ་པ་གང་ལ་གང་འདུལ་དུ་བླ་མ་དང་། མཁའ་འགྲོ་དང་། འདྲེ་དང་། ཐ་ན་བྱ་དང་། ཤིང་དང་། ཆུ་དང་། མེ་དང་། ས་དང་། སྤྲིན་ཡན་ཆད་དུ་སྤྲུལ་ནས་འགྲོ་དོན་འབྱུང་བར་མཚོན་པའོ། །ཞེས་དབྱུག་པས་བསྟན་པར་བྱའོ། །དབང་པོ་རབ་ལ་རྣམ་དག་མ་བསྟན་ཡང་ཆོག་ལ། བསྟན་ཡང་འགལ་བ་མེད་དོ། །ཞེས་འབྱུང་ངོ་། །གསོལ་བ་གདབ་པ་ནི། དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རང་ལ་ཡོད་ཀྱང་མངོན་དུ་མ་གྱུར་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་པས་ལན་པས། ད་དབང་ཐོབ་པར་བྱེད་པ་ལ་སྔོན་དུ་གསོལ་བ་འདེབས་པ་ནི་གལ་ཆེ་བས། དད་གུས་རབ་དང་ལྡན་པས་མདུན་གྱི་ནམ་མཁར་བླ་མ་མཁའ་འགྲོ་བཞུགས་པ་ལ་དམིགས་ཏེ་གསོལ་བ་ཐོབ་ཅིག །བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །ཐུགས་ཀྱི་དཀྱིལ་འཁོར་བཟང་པོ་འདིར། །བདག་ནི་ཡང་དག་གཞུག་ཏུ་གསོལ། །ཞེས་པ་གསུམ་བརྗོད། བསྡུས་པ་ལ། དེ་ནས་སློབ་བུ་པདྨ་མཁའ་འགྲོ་དམར་མོ་སྙིང་གར་འོད་མཐེ་བོང་ཙམ་ཧ་རི་ནི་སས་མཚན་པ་ལ་སེམས་འཛིན་ཏུ་བཅུག་ལ་དབང་བསྐུར། རྒྱས་པར་བྱེད་ན་རིག་འཛིན་འདུས་པའི་བྱེ་བྲག་གི་རྒྱུད་ནས་འབྱུང་བ་ལྟར་གསོལ་བ་བཏབ་པའི་རྗེས་ལ། པདྨ་ཉི་ཟླའི་སྟེང་དུ་སློབ་བུ་རྣམས་ཧྲཱིཿམ་ལས་དཔའ་བོ་རྟ་མགྲིན་ཡབ་དབྱུག་ཏོ་དང་སྡིགས་མཛུབ་མཛད་ནས་བརྐྱང་བསྐུམ་དུ་བཞུགས་པའི་སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར་བ་ལ་ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པར་བསམ་པའི་སྤྱི་བོར་པད་ཉིའི་སྟེང་དུ། བླ་མ་ཡབ་ཡུམ་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པ་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་བཞུགས་པའི་གཡས་ན་དཔའ་བོའི་ཚོགས་མང་པོས་བྲོ་བརྡུང་བ། གཡོན་ན་དཔའ་མོའི་ཚོགས་མང་པོས་གླུ་ལེན་པ། རྒྱབ་ན་ཆོས་སྐྱོང་མང་པོས་སྲུང་ཞིང་སྐྱོབ་པ། མདུན་ན་མཁའ་འགྲོ་མང་པོས་བཀའ་ཉན་པ། བདག་རང་རང་ལ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབ་པར་སྒོམས་ལ་མ་ཡེངས་གུས་པས་ལྷན་ནེ་ཀློད་ཅིག་ཅེས་བརྗོད་ནས། བླ་མས་དབྱངས་དང་བཅས་པས། ཧཱུྃ། ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་ཀྱང་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སློབ་དཔོན་པདྨ་མཚན་བརྒྱད་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ནམ་མཁའི་མཐོང་ནས་བྱིན་ཕོབ་ལ། །མོས་པའི་བུ་ལ་དབང་ཞིག་སྐུར། །མཁའ་འགྲོའི་སྤྲིན་ཕུང་ཐིབས་སེ་ཐིབ། །གསེར་གྱི་རྔ་ཆུང་དི་རི་རི། །དར་གྱི་རྒྱན་ཆ་པུ་རུ་རུ། །ཐོར་ཚུགས་རིན་ཆེན་ལྡེམས་སེ་ལྡེམ། །དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ། །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །ཕཊ་ཀྱི་གདངས་སྐད་སངས་སེ་སང་། །གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་རོལ་མོའི་སྒྲ་དང་བཅས་བརྗོད་པའི་དུས་རྣལ་འབྱོར་ཕོ་མོ་འགའ་ཟུང་གཤིབས་ཏེ་བྲོ་བརྡུང་ཞིང་འཛབ་དབྱངས་བརྗོད་པས་བྱིན་ཕེབ་བོ། །དངོས་གཞི་དབང་བསྐུར་བ་ནི། སློབ་བུ་རྣམས་སྐྱིལ་ཀྲུང་བཅས་པའི་སྤྱི་བོར་གཏོར་མ་བཏེགས་ནས། གཏོར་མ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རང་རང་གི་སྤྱི་བོར་བྱོན་པས་ལྷ་རྣམས་ཀྱི་དབུའི་གཙུག་གི་ཨོཾ་དཀར་པོ་ལས་འོད་འཕྲོས་རང་རང་གི་ལུས་ལ་ཕོག་པས་ལུས་ཀྱི་སྡིག་པ་དག །སྐུའི་དངོས་གྲུབ་བདུད་རྩིའི་རྒྱུན་བབས་པས་ལུས་ཁེངས། བུམ་པའི་དབང་ཐོབ། དབང་རྟགས་སུ་སྤྱི་བོར་ཨོཾ་དཀར་པོས་མཚན། ལྷ་རྣམས་ཀྱི་མགྲིན་པའི་ཨཱཿདམར་པོ་ལས་འོད་འཕྲོས། རང་གི་མགྲིན་པར་ཕོག །ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་བདུད་རྩི་དམར་པོའི་རྒྱུན་བབས། ལུས་ཁེངས། གསང་བའི་དབང་ཐོབ། དབང་རྟགས་སུ་མགྲིན་པར་ཨཱཿདམར་པོས་མཚན། ལྷའི་ཐུགས་ཀའི་ཧཱུྃ་མཐིང་ག་ལས་འོད་འཕྲོས། རང་གི་སྙིང་གར་ཕོག །ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་བདུད་རྩིའི་རྒྱུན་བབས་པས་ཁེངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དབང་རྟགས་སུ་སྙིང་གར་ཧཱུྃ་མཐིང་གས་མཚན། གཞན་ཡང་ཨོ་རྒྱན་ནས་སློབ་དཔོན་པདྨ་འཁོར་མཁའ་འགྲོ་དང་བཅས་པ་སྐད་ཅིག་གིས་སྤྲིན་ཕུང་བཞིན་དུ་བུན་ནུ་ནུ་བྱོན་པ་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པར་སྒོམས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ། ཅེས་བརྗོད་ནས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་རིམ་པ་བཞིན་དུ་བསྐུར་རོ། །རྒྱས་པར་བྱེད་ན། སློབ་མ་རྣམས་སྐད་ཅིག་གིས་པདྨ་ཉི་མའི་སྟེང་དུ། ཡི་དམ་རྒྱལ་བ་རིགས་ལྔའམ། རྡོ་རྗེ་འཆང་གི་རྣམ་པར་གསལ་བའི་སྤྱི་བོར་དཔལ་གཏོར་དེ་ཉིད་སྔར་བསྐྱེད་པའི་སྐབས་ལྟར་བླ་མ་མཁའ་འགྲོའི་དཀྱིལ་འཁོར་དུ་གསལ་བའི། དབུ་གཙུག་གི་ཨོཾ་དཀར་པོ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས། སློབ་བུའི་ལུས་ལ་ཐིམ། ལུས་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག །སྐུ་ཡི་དངོས་གྲུབ་ཐོབ། བདུད་རྩིའི་རྒྱུན་གྱིས་ལུས་ཁེངས། བུམ་པའི་དབང་ཐོབ། སངས་རྒྱས་རིགས་ལྔའི་སྐུར་བཞེངས། བདུད་རྩིའི་བུམ་པས་དབང་བསྐུར་བའི་ཆུ་ལུད་པ་ལས། རིགས་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པས་སློབ་བུའི་དུང་ཁང་ན་ཨོཾ་གྱིས་མཚན་པར་བསམས་ལ། ཨེ་མ་འོ། ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་རྣམས་དང་གཅིག་པ་དང་། །ཡི་དམ་ལྷ་དང་དབྱེར་མེད་དང་། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མས་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་བྱང་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཀཱ་ཡ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཞེས་བརྗོད། གཏོར་མ་མགྲིན་པར་གཏུག་ལ། ལྷ་རྣམས་ཀྱི་མགྲིན་པའི་ཨཱཿདམར་པོ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས། ངག་ལ་ཐིམ། ངག་གི་སྒྲིབ་པ་དང་ཉམས་ཆག་ཐམས་ཅད་དག །གསུང་གི་དངོས་གྲུབ་ཐམས་ཅད་ཐོབ། བདུད་རྩི་དམར་པོའི་རྒྱུན་བབས་པས་ལུས་ཁེངས། གསང་བའི་དབང་ཐོབ། སངས་རྒྱས་རིགས་ལྔས་དབང་བསྐུར། ཆུ་ལྷག་མ་དང་གཅིག་ཏུ་གྱུར་པ་ལས། མགྲིན་པར་པདྨ་འདབ་བརྒྱད་དམར་པོ་ཨཱཿས་མཚན་པར་གྱུར་པར་བསམ། ཨེ་མ་འོ། ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་ཀུན་དང་གཅིག་པ་དང་། །ཡི་དམ་ལྷ་དང་དབྱེར་མེད་དང་། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མས་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་གི་སྒྲིབ་པ་བྱང་གྱུར་ནས། །སྙིང་པོ་ལུང་གི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཝཱ་ཀ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱཿ ཞེས་བརྗོད། གཏོར་མ་སྙིང་གར་གཏུགས་ལ། ལྷའི་ཐུགས་ཀ་ནས་ཧཱུྃ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས། སློབ་མའི་ཡིད་ལ་ཐིམ། སེམས་ཀྱི་སྡིག་སྒྲིབ་དང་ཉམས་ཆག་དག །ཐུགས་ཀྱི་དབང་ཐོབ། བདུད་རྩི་མཐིང་གའི་རྒྱུན་བབས་པས་ལུས་ཁེངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སངས་རྒྱས་རིགས་ལྔས་དབང་བསྐུར་བའི་ཆུ་ལུད་པ་དང་། རིགས་ལྔ་གཅིག་ཏུ་གྱུར་པས་སྙིང་གར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམས་ལ། ཨེ་མ་འོ། ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་ཀུན་དང་གཅིག་པ་དང་། །ཡི་དམ་ལྷ་དང་དབྱེར་མེད་དང་། །མཁའ་འགྲོས་བྱིན་གྱིས་བརླབ་པའི་ཕྱིར། །དམ་རྫས་གཏོར་མས་དབང་བསྐུར་བས། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ཀྱི་སྒྲིབ་པ་བྱང་གྱུར་ནས། །ཐུགས་སྐྱེ་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་དོ། །དབང་བཞི་པ་ནི་ཐམས་ཅད་ཀྱིས་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དབྱངས་དང་བཅས་པས་བྱིན་འུར་གྱིས་མ་ཕེབས་ཀྱི་བར་དུ་བརྗོད་ལ། ཕཊ། ཅེས་དྲག་པོར་བརྗོད་ནས་ལུས་སེམས་ཁོང་ཀློད་པའི་ངང་ལས་ངོ་སྤྲོད་དེ། ཀྱེ་སྐལ་ལྡན། སེམས་འདས་པའི་རྗེས་མ་བཅད། མ་འོངས་པའི་སྔུན་མ་བསུ། ད་ལྟར་འཕྲོ་འདུའི་རྟོག་པ་རང་བབས་སུ་བཞག་པའི་དུས་འདི་ན། ཕྱི་སྣང་བ་མ་འགག་པ་གསལ་སེང་ངེ་། ནང་རིག་པ་མི་རྟོག་པར་རྗེན་སངས་སེ། བར་ལུས་སེམས་རབ་ཏུ་བདེ་མེར་རེ་བའི་རང་ངོ་ལ་ལྟོས་དང་། བདེན་མེད་དུ་བུན་ནེ། རྗེས་མེད་དུ་ཁྲེས་སེ། རྩ་བྲལ་དུ་ཤིགས་སེ། ཟང་ཐལ་སྤྲོ་བསྡུ་དང་བྲལ་བའི་རིག་པ་འདི་རང་ངོ་ཤེས་པ་ལ། ཚིག་དབང་རིན་པོ་ཆེ་ཐོབ་པ་ཞེས་བྱ་བ་ཡིན་ཏེ། གསང་བ་སྒྲ་རྒྱུད་ལས། རང་བྱུང་རིག་པ་དོན་གྱི་དབང་། །སལ་ལེ་སང་ངེ་འོལ་ལེ་བ། །སྟོང་གསལ་སྟོན་ཀའི་ནམ་མཁའ་བཞིན། །ཆོས་སྐུ་ཉག་གཅིག་དོན་གྱི་དབང་། །ཞེས་པ་འདི་ཉིད་རང་ཆས་ཡིན། ཡེའི་སངས་རྒྱས་ཡིན་པས། རང་ངོ་ཤེས་ཐོག་ཏུ་བཞག་པ་ལས་གཞན་མི་བཙལ་ཏེ། སྒྱུ་འཕྲུལ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་བས། །སངས་རྒྱས་གཞན་ནས་མ་བཙལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །འདིའི་ངང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་སྣང་སྒྱུ་མ་ཙམ་དུ་སྐྱེ་འགག་གནས་གསུམ་ལྟར་སྣང་དུས་ནས་སྐྱེ་འགག་གནས་པ་མེད་པར་ལ་ཟློ་བ་ནི་རིག་པ་རྩལ་གྱི་དབང་སྟེ། སྒྱུ་འཕྲུལ་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད༴ རྫོགས་པའི་སངས་རྒྱས་ཀུན༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ངོ་མཚར་རྨད༴ རྫོགས་པའི་སངས་རྒྱས་ཀུན༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ངོ་མཚར་རྨད༴ རྫོགས་པའི་སངས་རྒྱས་ཀུན༴ འགྲོ་འོང་མེད་ལས་འགྲོ་དང་འོང། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་གསུངས་པ་ལྟར་ཐག་ཆོད། དེ་ལྟར་ན་དབང་དང་པོ་གསུམ་སྣང་བཅས་ཐབས་ཀྱི་རིམ་པ་བསྐྱེད་པའི་རིམ་པ་གཟུགས་སྐུ་སྒྱུ་མ་ལྟ་བུའི་དོན་བསྒོམ་པ་དང་སྒྲུབ་པ་ལ་དབང་ལ། བཞི་པ་སྣང་མེད་ཤེས་རབ་ཀྱི་རིམ་པ་རྫོགས་རིམ་ནམ་མཁའ་ལྟ་བུ་བསྒོམ་པ་དང་ཆོས་སྐུ་དམ་པ་ཐོབ་པའི་རྒྱུ་བྱེད་པ་ལ་དབང་བས་ན་དབང་ཞེས་བྱའོ། །དེའང་གཏོར་མ་རིན་པོ་ཆེ་འབར་བ་འདིས་མཚོན་ནས་བསྟན་ཏེ། དབང་དང་པོ་གསུམ་གྱི་སྐབས་སུ། གཏོར་མ་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་བསྐྱེད་རིམ་སྣང་བཅས་ཀྱི་དབང་བསྐུར་བའི་དོན་ཙམ་དུ་བྱུང་ལ། དབང་བཞི་པའི་སྐབས་སུ་གཏོར་མ་བརྡའ་དོན་དུ་ཤེས་པས་རྫོགས་རིམ་སྣང་མེད་ཀྱི་དབང་བསྐུར་བའི་དག་པར་བྱུང་སྟེ། དེའང་གཞི་ལམ་འབྲས་བུ་གསུམ་ལས་གཞི་གནས་ལུགས་མཚོན་བྱེད་རིན་པོ་ཆེ་འབར་བ་ལ་ལྟོས་ཤིག །སེམས་ཉིད་འདི་ལ་རྟོགས་ན་སངས་རྒྱས་འབྱུང་ཞིང་། མ་རྟོགས་ན་འཁོར་བ་འབྱུང་ཡང་། གཞི་ལ་བཟང་ངན་གང་དུའང་དབྱེར་མེད་པས་སྟོང་གསལ་ལྷུན་གྲུབ་ཆེན་པོར་གནས་པ་ཉིད། ཀློང་རབ་འབྱམས་ལས། སེམས་ཉིད་ནོར་བུ་རིན་པོ་ཆེ། །འཁོར་འདས་མ་ལུས་འབྱུང་བའི་གཞི། །ཞེས་སོ། །ལམ་སེམས་ཉིད་སྣ་ཚོགས་སུ་འཆར་བ་མཚོན་བྱེད་རིན་པོ་ཆེ་འབར་བ་ལ་ལྟོས་ཤིག །ཆོས་ཐམས་ཅད་སེམས་ཉིད་རིན་པོ་ཆེའི་འཆར་ཚུལ་གྱི་སྣང་བ་ཙམ་ཡིན་ཏེ། རིགས་དྲུག་ལས། སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་བལྟས་པའི་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་བྲལ། །ཅེས་སོ། །དེའང་སེམས་ཉིད་ལ་མ་རྟོགས་པའི་དུས་ན། ནོར་བུ་རས་སྣ་ཚོགས་ཀྱི་སྟེང་ངམ་ནག་པོའི་སྟེང་དུ་བཞག་པ་ལྟར་འཁྲུལ་སྣང་རིགས་དྲུག་གཟུང་འཛིན་དུ་སྣང་ལ། རྟོགས་པ་ལམ་དང་འབྲས་བུའི་དུས་ན་ས་ལམ་གྱི་ཡོན་ཏན་དང་སངས་རྒྱས་ཀྱི་ཡེ་ཤེས་སྣང་སྟེ། ཡུམ་ལས། ནོར་བུ་རིན་པོ་ཆེ་རས་དཀར་པོས་དཀྲིས་ལ་ཆབ་ཀྱི་སྟེང་དུ་བསྩལ་ན་དཀར་པོར་འགྱུར་རོ། །དེ་བཞིན་དུ་སེར་པོ་དང་དམར་པོ་དང་སྔོན་པོ་དང་ནག་པོས་དཀྲིས་ཏེ་ཆབ་ཀྱི་སྟེང་དུ་བསྩལ་ནའང་། དེའི་ཁ་དོག་ཏུ་འགྱུར་རོ། རིན་པོ་ཆེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བླ་དྭགས་སོ། །རས་སྣ་ཚོགས་ཞེས་བྱ་བ་ནི། འཁོར་བ་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་སོ། །ཞེས་སོ། །དེའང་སེམས་ཉིད་ནོར་བུ་ལྟ་བུ་ལ། དུག་ལྔ་སེར་སྣ་དང་དྲུག་གིས་དཀྲིས་པས་འགྲོ་དྲུག་འཁྲུལ་པའི་སྣང་བ་དྲུག་ཏུ་ཤར་བའོ། །གདོས་བཅས་དབང་པོ་དྲུག་གི་རས་ཀྱིས་དཀྲིས་པས་ཚོགས་དྲུག་ཡུལ་གྱི་སྣང་བ་ཤར་བའོ། །རང་འདོད་ཐེག་པའི་རས་ཀྱིས་དཀྲིས་པས་རིམ་དགུ་བཟང་ངན་གྱི་སྣང་བ་ཤར་བའོ། །དེ་ལྟར་སྣང་ཚུལ་ཇི་ལྟར་སྣང་ཡང་ཡིན་ཚུལ་རིག་པ་གཅིག་ལས་མ་གཡོས་ཏེ། ནོར་བུ་རས་གང་དཀྲིས་དེར་སྣ་ཚོགས་གྲངས་ལས་འདས་པར་སྣང་ཡང་ངོ་བོ་གཅིག་ལས་མ་གཡོས་པ་བཞིན་ནོ། །འབྲས་བུ་སྐུ་གསུམ་མཚོན་བྱེད་རིན་པོ་ཆེ་འབར་བ་ལ་ལྟོས་ཤིག །ནོར་བུ་ལ་དྭངས་པ་དང་གསལ་བ་འཆར་སྒོ་མི་འགག་པ་གསུམ་གཅིག་པ་ལྟར། སེམས་ཉིད་འདི་སྟོང་པ་ཆོས་སྐུ །གསལ་བ་ལོངས་སྐུ །འཆར་ཚུལ་སྤྱིར་ཡང་མ་འགག་པ་སྤྲུལ་པའི་སྐུ་སྟེ། རིག་པ་ཉག་གཅིག་སྐུ་གསུམ་དུ་སྣང་བ་ཉིད། ལམ་རིམ་ལས། རྫོགས་པར་རྟོག་མེད་རེ་བ་བསྐང་། །ཟད་འཕེལ་འགྲོ་འོང་ཉེ་རིང་མེད། །ཆོས་དྲུག་ནོར་བུས་མཚོན་པ་འོ། །སེམས་ཉིད་རྫོགས་པའི་རྣལ་འབྱོར་ལ། །སྐུ་གསུམ་ལྷུན་གྱིས་གྲུབ་པར་རྫོགས། །ཞེས་སོ། །རྗེས་ལ་ལུང་འབོག་པ། ལྷ་མཆོད་པ། དངོས་གྲུབ་བླང་བ་དང་གསུམ་ལས། དང་པོ་ནི། སྔར་བསྐྱེད་རིམ་དུ་བཤད་པ་ལྟར་བླ་མ་མཁའ་འགྲོའི་དཀྱིལ་འཁོར་གསལ་བཏབ་ལ། ཐམས་ཅད་འཛབ་དབྱངས་བཟླས་པར་དམིགས་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ། ཞེས་པའམ། ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཧཱུྃ། ཞེས་པ་སྔོན་ལ་རིང་པོ། བར་དུ་འབྲིང་པོ། རྗེས་ལ་ཐུང་བར་བརྗོད་ལ་དཀྱིལ་འཁོར་ཐམས་ཅད་རིམ་གྱིས་གཙོ་བོའི་ཐུགས་ཀར་བསྡུས་ལ། མཐར་མི་དམིགས་པའི་ངང་ལ་བཞག་གོ། །ལྷ་མཆོད་པ་ནི། གཏོར་མའི་དཀྱིལ་འཁོར་སོ་སོའི་སྙིང་གར་ཐིམ་ནས། གཏོར་མ་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་གསལ་བ་ལ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཛོ་ཀི་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་པ་གསུམ་དང་རོལ་མོའི་སྒྲ་ཕུལ་བས་མཉེས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ །བདེ་ཆེན་འོད་གསལ་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ །པདྨ་ལས་འཁྲུངས་ཚེ་དབང་རྡོ་རྗེའི་སྐུ །བདེ་གཤེགས་ཀློང་ནས་ལྷུན་གྱིས་གྲུབ་པའི་སྐུ །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །མ་ཆགས་སྐྱོན་བྲལ་གསུང་རབ་རྒྱ་མཚོའི་གླིང་། །གསང་སྔགས་མ་ལུས་དམ་ཆོས་རིན་ཆེན་མཛོད། །ཚངས་དབྱངས་ཟབ་མོའི་ཆོས་ཀྱི་ཆར་འབེབ་པ། །པདྨ་རྒྱལ་པོའི་གསུང་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་རྟོག་བྲལ་མཁའ་ལྟར་དག་པའི་ངང། །ཏིང་འཛིན་སྐར་ཚོགས་འབུམ་ཕྲག་ཡངས་པའི་ཐུགས། །ཇི་སྙེད་ཇི་བཞིན་གཟིགས་པ་ཉི་ཟླའི་སྤྱན། །པདྨ་ཐོད་ཕྲེང་ཐུགས་ལ་ཕྱག་འཚལ་བསྟོད། །ཡོན་ཏན་བརྒྱད་སོགས་སྒྲུབ་པ་བདེ་གཤེགས་བརྒྱད། །དངོས་གྲུབ་ཆར་འབེབ་རིག་འཛིན་བཅུ་དྲུག་གཙོ། །ཡེ་ཤེས་ལྔ་རྫོགས་རིགས་ལྔའི་མཁའ་འགྲོ་གིང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྒོ་སྐྱོང་བཞི་དང་འདོད་ཡོན་ལྷ་མོ་ལྔ། །རང་གཞན་དོན་གཉིས་འབྱོར་ཚོགས་ལྷུན་གྱིས་གྲུབ། །དུར་ཁྲོད་ཞིང་སྐྱོང་འཁོར་བཅས་བྱང་ཆུབ་སེམས། །དཀྱིལ་འཁོར་རིན་ཆེན་གཏེར་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་དོ། །དངོས་གྲུབ་བླང་བ་ནི། གཏོར་མ་འདི་ཉིད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་རྫས་ལྷའི་བདུད་རྩི་འདོད་ཡོན་ལྔའི་རང་བཞིན་ཟོས་པ་ཙམ་གྱིས་ནད་ཞི་བ། གདོན་ཞི་བ། རྐྱེན་ངན་དང་བར་ཆད་ཞི་བ། ཚེ་རིང་བ། ནད་མེད་པ། ལོངས་སྤྱོད་འཕེལ་བ། ཅི་བསམ་འགྲུབ་པ། མཐར་ཐུག་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པར་དམིགས་ལ། ཀ་པཱ་ལའི་སྦྲང་ཆང་ཧུབ་རེ་དང་མཉམ་དུ་དྲངས་པ་རོལ་པས་དེ་ལྟར་ཐོབ་བོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ཆོ་ག་ལ། ཕྲིན་ལས་བཅོལ་བ། ལྷག་གཏོར་གཏང་བ། བརྟན་མ་སྐྱོང་བ། བྲོ་བརྡུང་བ། བཟོད་པར་གསོལ་བ། དཀྱིལ་འཁོར་བསྡུ་བ། བསྔོ་བ་བྱ་བ། བཀྲ་ཤིས་བརྗོད་པ་དང་བརྒྱད་ལས། དང་པོ་ནི། གཏོར་ཆུང་རྣམས་ལ་བདུད་རྩི་རཀྟས་བྲན་ཏེ། ཧཱུྃ་བྷྱོ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་དུང་གི་ཐོར་ཚུགས་ཅན། །རྡོ་རྗེ་གདན་ནས་སྐུ་བཞེངས་ཤིག །གནས་བཟང་དུར་ཁྲོད་ཉམས་རེ་དགའ། །གོས་བཟང་གཡང་གཞི་བརྗིད་རེ་ཆེ། །སྐྱོགས་བཟང་བྷནྡྷ་མཚན་རེ་བཟང་། །འབྲུ་བཟང་བདུད་རྩི་བག་རེ་དྲོ། །སྐྱེམས་བཟང་རཀྟ་བཅུད་རེ་ཆེ། །ཞལ་ཟས་མང་པོ་རོ་རེ་མངར། །དམ་ཅན་སྲུང་མ་མཁའ་འགྲོའི་ཚོགས། །དམ་རྫས་རྒྱན་གྱི་གཏོར་མ་ལོངས། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །གཏོར་མ་ཁྱེད་ལ་ཕར་བཏང་བས། །དངོས་གྲུབ་བདག་ལ་ཚུར་ལ་སྩོལ། །ཚེ་སྲིངས་ནོར་སྤེལ་བསམ་པ་སྒྲུབས། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །ཧཱུྃ་བྷྱོ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་གསེར་གྱི་སྐེད་ཆིངས་ཅན། །དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག །སོགས་འགྲེའོ། །ཧཱུྃ་བྷྱོ། པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་བསེ་ཡི་ལེན་ཚར་ཅན། །དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག །སོགས་འགྲེའོ། །ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་གཡུ་ཡི་ཐོར་ཚུགས་ཅན། །དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག །གནས་བཟང་དུར་ཁྲོད་ཉམས་རེ་དགའ། །གོས་བཟང་གཡང་གཞི་བརྗིད་རེ་ཆེ། །སྐྱོགས་བཟང་བྷནྡྷ་མཚན་རེ་བཟང་། །འབྲུ་བཟང་བདུད་རྩི་བག་རེ་དྲོ། །སྐྱེམས་བཟང་རཀྟ་བཅུད་རེ་ཆེ། །ཞལ་ཟས་མང་པོ་རོ་རེ་མངར། །དམ་ཅན་སྲུང་མ་མཁའ་འགྲོའི་ཚོགས། །དམ་རྫས་རྒྱན་གྱི་གཏོར་མ་ལོངས། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །གཏོར་མ་ཁྱེད་ལ་ཕར་བཏང་བས། །དངོས་གྲུབ་བདག་ལ་ཚུར་ལ་སྩོལ། །ཚེ་སྲིངས་ནོར་སྤེལ་བསམ་པ་སྒྲུབས། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགས། །ཐུགས་དམ་བསྐང་ངོ་གིང་གི་ཚོགས། །ཕྱི་ནང་གསང་མཆོད་གཏོར་མར་བཅས། །བཞེས་ཤིག་དཔའ་བོ་དཔའ་མོའི་ཚོགས། ཁྱེད་ཅག་གཞན་དང་མི་འདྲ་སྟེ། །སྔོན་ཚེ་དཔལ་གྱི་དམ་ནོས་པས། །དཔལ་གྱི་གཏོར་ལེན་སྲུང་མ་ཡིན། །དམ་ལ་བཏགས་པའི་གཏོར་ལེན་ཡིན། །སློབ་དཔོན་པདྨའི་སྤྱན་སྔ་རུ། ཁས་བླངས་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་གྱིས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །བཀའ་ལ་བཏགས་སོ་བཀའ་ལྟར་གྱིས། །དམ་ལ་བཏགས་སོ་དམ་ཚིག་སྲུངས། །ཐུགས་ལ་བཏགས་སོ་ཐུགས་དམ་བཞེས། །སྔོན་གྱི་ཐུགས་དམ་དགྱེས་དགོངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་ལོངས། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །གཏོར་མ་ཁྱེད་ལ་ཕར་བཏང་བས། །དངོས་གྲུབ་བདག་ལ་ཚུར་ལ་སྩོལ། །ཚེ་སྲིངས་ནོར་སྤེལ་བསམ་པ་སྒྲུབས། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །ཅེས་བརྗོད་དོ། །ལྷག་གཏོར་ནི་སྔར་གྱི་ལྷག་མའི་སྟེང་དུ་གཏོར་མ་སྤུངས་ལ། མར་མེ་གཅིག་བཞག་སྟེ། རྡོ་རྗེ་སློབ་དཔོན་གྱི་ཁ་ཆུས་བདུད་རྩིར་བསམ་པས་བྲན་ཏེ། ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷག་མའི་ཚོགས་ཀྱི་སྐལ་པ་ལ་དབང་བའི། །མཁའ་འགྲོ་གིང་དང་དྲེགས་པ་སྡེ་བརྒྱད་བཅས། །ལྷག་མའི་མཆོད་སྦྱིན་བཟང་པོ་འདི་སྣོམས་ལ། །བཅོལ་པའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་བརྗོད་ལ་བཏང་ངོ་། །བརྟན་མ་སྐྱོང་བ་ནི། ལྷག་གཏོར་ཕྱིར་སོང་བའི་རྗེས་ལ་རྔ་བརྡུང་ཞིང་། ཧཱུྃ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་པོ། །རིན་ཆེན་ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །ཕོ་ཉ་བྲན་གཡོག་མང་པོའི་འཁོར་དང་བཅས། །མཆོད་དང་གཏོར་མ་དམ་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཧཱུྃ། བརྟན་མ་ཆེན་མོ་ཁྱེད་རྣམས་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །རྒྱ་ཡུལ་དེ་ནི་བསྟན་བཟང་ན། །ཨ་སུ་ར་ཡི་བྲག་ཕུག་ཏུ། །རྣམ་ལྔ་ཞིང་གི་མཆོད་བཤམས་ནས། །ཞིང་ཆེན་སྒྲོལ་བའི་གདན་སྟེང་དུ། །དམར་ཆེན་བརྡ་ཡི་མཆོད་བཤམས་ནས། །ལག་ཏུ་རྡོ་རྗེ་གཏད་ནས་ཀྱང་། །རྣལ་འབྱོར་སྒྲུབ་པའི་གྲོགས་གྱིས་ཞེས། །ཐར་པ་ཐོབ་ཕྱིར་མིང་བཏགས་ཏེ། །བྲན་གྱི་ཚུལ་དུ་ཁས་བླངས་མ། །དམ་ཚིག་དེ་ལས་ཁྱོད་མ་འདའ། །དམ་ཚིག་དེ་ལས་ཁྱོད་འདས་ན། །བཛྲ་ཡཀྴ་ཁྲོ་མོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ཏེ། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་བོད་ཁམས་སྐྱོང་མའི་ཚོགས། །སྔོན་གྱི་ཐུགས་དམ་དགྱེས་དགོངས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ལ་ལཱ། ལི་ལཱི། ཏང་ཏང་། ཏིང་ཏིང་། རྡོ་རྗེ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། བྲོ་བརྡུང་བ་ནི། དེ་ནས་གཏོར་གཞོང་བཀྲུས་པ་སྒོར་ཁ་སྦུབས་པའི་སྟེང་རྣལ་འབྱོར་པ་རྣམས་བསྐོར་ཞིང་། གནོད་བྱེད་མནན་པར་བསམས་ལ། ཧཱུྃ། སྔོན་ཚེ་དཔལ་ལྡན་ཧེ་རུ་ཀས། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེ། །དཔལ་གྱི་བྲོ་ཆེན་བརྡུངས་པ་ལྟར། །འབར་བའི་རྣལ་འབྱོར་སྔགས་འཆང་བདག །དབང་ཆེན་འབར་བའི་གཞལ་ཡས་འདིར། །རོལ་པའི་བྲོ་ཆེན་ཆེམས་སེ་ཆེམ། །ཧཱུྃ་གིས་དབང་བསྒྱུར་ཁམས་གསུམ་གཡོ། །ཕཊ་ཀྱི་འཕྲོ་འདུས་འཇིག་རྟེན་འཁྱོམས། །རཾ་གྱི་མེ་འབར་ཐམས་ཅད་བསྲེག །རྐང་པ་གཡས་པ་ཐབས་ཀྱི་རྒྱས། །འཁོར་བ་ཆོས་ཉིད་རོལ་པར་མནན། །རྐང་པ་གཡོན་པ་ཤེས་རབ་རྒྱས། །མྱ་ངན་འདས་པ་དབྱིངས་སུ་མནན། །གཟུང་འཛིན་འཁོར་བའི་ཕུང་པོ་ལ། །གཉིས་མེད་ཡེ་ཤེས་བྲོ་བརྡུངས་པས། །ཐམས་ཅད་རང་བྱུང་ཡེ་ཤེས་ངང་། །སྲིད་གསུམ་ཡེ་ནས་གྲོལ་བར་མནན། །དུག་ལྔ་འདུས་པའི་ཕུང་པོ་ལ། །ཡེ་ཤེས་ལྔ་ཡི་བྲོ་བརྡུངས་པས། །ཉོན་མོངས་རྣམ་དག་ཡེ་ཤེས་ངང་། །རང་བཞིན་འོད་གསལ་ཆེན་པོར་མནན། །སྣང་སྲིད་སྣོད་བཅུད་སྣང་བ་ལ། །དཀྱིལ་འཁོར་ཆེན་པོའི་བྲོ་བརྡུངས་པས། །ཐམས་ཅད་འོག་མིན་གཞལ་ཡས་ཁང། །ཡེ་རྫོགས་ལྷུན་གྱིས་གྲུབ་པར་མནན། །དབང་ཆེན་གར་གྱི་དཀྱིལ་འཁོར་དུ། །བདུད་བཞི་འཇོམས་པའི་བྲོ་བརྡུངས་པས། །དགྲ་བགེགས་ཆོས་ཉིད་བརྡལ་བར་མནན། །ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ནན། ལམ་ནན། སཏྭཾ་བྷ་ཡ་ནན། ཅེས་བརྗོད་དོ། །བཟོད་པར་གསོལ་བ་ནི། དེ་ནས་ནང་དུ་འོངས་ཏེ། དཀྱིལ་འཁོར་མཆོད་ནས་ཐལ་མོ་སྦྱར་ཏེ། ན་མོ། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ། །ཚུལ་བཞིན་མཆོད་ཀྱང་འགལ་འཁྲུལ་ཉེས་གྱུར་པ། །གང་ལགས་དེ་ཀུན་བཟོད་པར་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་པ་གསུམ་དང་ཡི་གེ་བརྒྱ་པ་བརྗོད། དཀྱིལ་འཁོར་བསྡུ་བ་ནི། ཨོཾ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀུན། །རྗེས་སུ་མཐུན་པའི་དངོས་གྲུབ་བསྩལ་ནས་ཀྱང་། །རང་གནས་དགེ་བ་རང་བཞིན་གནས་གཤེགས་ཏེ། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿ ཞེས་བརྗོད་ནས་དམ་ཚིག་པ་རང་ལ་བསྡུ། ཡེ་ཤེས་པ་དབྱིངས་སུ་གཤེགས། རྡུལ་ཚོན་རྣམ་པ་མཐའ་ནས་དབུས་སུ་བསྡུའོ། །བསྔོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བླ་ན་མེད་པའི་དཀྱིལ་འཁོར་མཆོད་ཅིང་བསྙེན་སྒྲུབ་སྤྱད་པ་དང་། ཚོགས་ཀྱིས་བསྐངས་ཤིང་དབང་བསྐུར་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །ནད་མཚོན་གྱི་བསྐལ་པ་མེད་ཅིང་། འཁྲུགས་པ་དང་འཚེ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཁྱད་པར་དུ་ཡང་བདག་རྡོ་རྗེ་སློབ་དཔོན་གྲོགས་མཆེད་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དཔལ་འབྱོར་པ་ཐམས་ཅད་རྒྱས་པར་གྱུར་ཅིག །ལྟ་སྒོམ་དང་ཏིང་ངེ་འཛིན་ཐམས་ཅད་འཕེལ་བར་གྱུར་ཅིག །འགལ་འཁྲུལ་དང་ཉམས་ཆག་ཐམས་ཅད་སྐོང་བར་གྱུར་ཅིག །ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །བདེ་ཆེན་མཁའ་སྤྱོད་དག་པའི་ཞིང་བགྲོད་དེ། །པདྨ་རྒྱལ་དང་འདུ་འབྲལ་མེད་པ་ཡི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་གསུམ་བརྗོད་དོ། །བཀྲ་ཤིས་བརྗོད་པ་ནི། བར་བར་དུ་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་འབེབས་ཤིང་། ཐམས་ཅད་མགྲིན་གཅིག་ཏུ། ཨོཾ། བཀྲ་ཤིས་ཉི་མ་སྟོང་ཁམས་བརྡལ་བ་ཡིས། །འདོད་དགུའི་དཔལ་འབར་ཡོན་ཏན་རྫོགས་པའི་གཙོ། །ཀུན་བཟང་ཆོས་རྗེ་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཟླ་བ་ནམ་མཁའི་དབྱིངས་ཁྱབ་པས། །ལུས་ཅན་ཀུན་གྱི་རེ་བ་རྫོགས་མཛད་པ། །མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་སྐར་ཚོགས་འབུམ་ཕྲག་ཡངས་པ་ལས། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །སྤྲུལ་སྐུ་པདྨ་འབྱུང་གནས་བཀྲ་ཤིས་གང། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རི་རབ་གླིང་བཞིས་བསྐོར་བ་ལས། །ཡོན་ཏན་ལྷུན་གྲུབ་ཁང་བརྩེགས་དཔལ་འབར་བ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རྒྱ་མཚོ་འབྱོར་པ་མཐའ་ཡས་ལྡན། །མཐུ་དཔལ་རྫུ་འཕྲུལ་མངོན་ཤེས་དཔག་ཏུ་མེད། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཞིང་ཁམས་ཀུན་ཏུ་མཐའ་ཡས་ལྡན། །འདོད་དགུ་འབྱོར་ཚོགས་ནམ་མཁའི་དབྱིངས་ཀུན་ཁྱབ། །སྣང་སྲིད་འཁོར་འདས་ཀུན་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཞིང་ཆེན་ཡན་ལག་མཐའ་ཡས་ལྡན། །གྲགས་ལྡན་མེ་ཏོག་འབྱོར་ཚོགས་དཔག་ཏུ་མེད། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་རིན་ཆེན་སྣ་བདུན་མཚུངས་པ་མེད། །གླིང་བཞིར་རྒྱུ་ཞིང་ལྷ་ཡུལ་ཀུན་ཏུ་འགྲོ །མི་དབང་ཆོས་ཀྱི་དཔལ་སྡེ་ལེགས་སྐྱོང་བ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཡོན་ཏན་རྟགས་བརྒྱད་ཕུན་སུམ་ཚོགས། །གང་ལ་ཅི་དགོས་འདོད་དགུའི་ཆར་འབེབས་ཤིང་། །ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཚེ་དཔལ་འབྱོར་པ་ཉམས་དགའ་བས། །མཐོ་རིས་ས་སྟེང་ལྷ་ཡུལ་རྣམ་བརྒྱན་ཞིང་། །བདེ་གཤེགས་བྱང་ཆུབ་སྙིང་པོའི་རྒྱན་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་མེ་ཏོག་པདྨའི་མཚོ་གླིང་དུ། །གང་ཞིག་བལྟམས་པས་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཚེས་བཅུའི་ཉི་ཤར་དངོས་གྲུབ་ཆར་འབེབ་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་འཛམ་གླིང་ཀུན་གྱི་རྒྱན་གྱུར་པ། །སྣ་ཚོགས་མཛད་པ་ངོ་མཚར་བསམ་མི་ཁྱབ། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གངས་རིའི་ཡུལ་ལྗོངས་དཔལ་འབར་བ། །ལྷ་སྲིན་བཏུལ་ཞིང་དམ་ཆོས་ཆར་ཆེན་འབབ། །ཟབ་གཏེར་རྒྱ་མཚོ་འགྲོ་ལ་སྣང་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དད་ལྡན་སྐྱེ་དགུ་སྤྲིན་བཞིན་འདུ། །སྦྱིན་པ་རྣམ་བཞིས་བུ་བཞིན་ལེགས་སྐྱོང་ཞིང། །གཞན་དོན་བྱེད་པ་ཤིན་ཏུ་མཐའ་ཡས་ལྡན། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་དོ། །རང་བྱུང་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ། །ཚེས་བཅུའི་ཚོགས་མཆོད་དབང་བསྐུར་བྱ་བའི་ཚུལ། །སྐལ་བཟང་སློབ་མ་རྣམས་ཀྱིས་བསྐུལ་བའི་དོན། །ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་ཞེས་བྱ་བཀོད། །ཡི་གེ་སྔ་མ་རྣམས་དང་སྤྱི་རྒྱུད་ལས། །ཕྲིན་ལས་ཆོག་བསྡེབས་གོང་འོག་འཁྲུགས་པ་རྣམས། །ཕྱོགས་གཅིག་བསྡེབས་ཏེ་ཤིན་ཏུ་གསལ་བར་ཕྱེ། །ཕྱི་རབས་རྗེས་འཇུག་ལག་ལེན་གོ་བདེར་བྱས། །ལྷོ་གཏེར་བླ་མའི་ལས་བྱང་གྲགས་མང་བས། །ཤོག་འདེབས་སིལ་བུ་ཚན་ཚན་བསྒྲིག་པར་དཀའ། །ལ་ལས་བསྒྲིགས་ཀྱང་ཕྲིན་ལས་མ་ཚང་དང་། །ལྷག་པར་གྱུར་པས་ཕྱོགས་རེའི་འདོད་པ་ཙམ། །འདི་ནི་ཟབ་གཏེར་ཤོག་འདེབས་ཀུན་བསྒྲིགས་ནས། །རྒྱུད་ཀྱི་ཆིངས་བཞིན་ཕྲིན་ལས་ཁ་ཚང་ལ། །འགལ་འཁྲུལ་ལྷག་ཆད་ནོར་བའི་སྐྱོན་བྲལ་བ། །ཨོ་རྒྱན་དགོངས་པ་ཇི་བཞིན་ལེགས་པར་བཀོད། །ཕྱི་རབས་རྗེས་འཇུག་སྐལ་ལྡན་རྣམས་ཀྱིས་ཀྱང་། །ལས་བྱང་དབང་གི་སྒྲོམ་འདིའི་ཆོག་བསྡེབས་སུ། །ཚེ་དབང་དྲག་སྒྲུབ་ཐུགས་སྒྲུབ་ལ་སོགས་ཀྱང་། །འདོད་ཁ་བསྒྱུར་ནས་དབང་བསྐུར་གང་མོས་བྱ། །ཚུལ་འདི་ཉང་གི་གཏེར་ཁའི་ལག་ལེན་མཆོག །དབང་གི་ལས་བྱང་རིན་ཆེན་སྒྲོན་མེ་ཡིན། །སྐལ་བཟང་སྙིང་གི་བུ་རྣམས་དགའ་བར་གྱིས། །དགེ་བས་འགྲོ་ཀུན་དབང་རྫོགས་རྒྱལ་བར་ཤོག །བྲག་རི་རིན་ཆེན་བརྩེགས་པའི་ངོགས་ཡངས་སུ། །ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཀུན་མཁྱེན་གྱིས། །ལེགས་སྦྱར་དགེ་བས་བདག་དང་འགྲོ་བ་ཀུན། །པདྨ་རྒྱལ་དང་འདུ་འབྲལ་མེད་པར་ཤོག །ཕྱོགས་དུས་ཀུན་ཏུ་བདེ་ཆེན་དཔལ་འབར་ཞིང་། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཕྲིན་སྒྲུབ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ། རང་བྱུང་པདྨས་རྗེས་སུ་བཟུང་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་ལེགས་པར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཨོཾ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ག་རུ་ཌ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ༈ དཔལ་ལྡན་ཡོན་ཏན་འབྱུང་བའི་གཙོ། །པདྨ་རྒྱལ་ལ་ཕྱག་འཚལ་ཏེ། །ཨོ་རྒྱན་དྲག་པོ་སྒྲུབ་པའི་ཐབས། །མ་བུའི་ཤོག་སེར་བསྡེབས་ཏེ་བྲི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་ཨོ་རྒྱན་དྲག་པོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་མཐིང་ནག་འབྱམས་ཀླས་པའི་དབུས་སུ། ཡཾ་ལས་རླུང་ནག་འཁྲུགས་པའི་དཀྱིལ་འཁོར་གྱི་དབུས་སུ། རཾ་ལས་མེ་རི་མེ་དཔུང་གི་ཀློང་ཡངས་པར། ར་ལས་རཀྟའི་རྒྱ་མཚོ་ཞིང་གི་རྦ་ཀློང་འཕྱོ་བ། ཀཾ་ལས་ཀེང་རུས་ཀྱི་ས་གཞི་དང་རི་རབ་བརྩེགས་པའི་སྟེང་དུ། བྷྲཱུྃ་ལས་ཐོད་པ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རྒྱ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། ཕྱི་ནང་ཀུན་ཏུ་ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་འབར་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་སྟེང་དུ། དྲེགས་པ་སྡེ་བརྒྱད་ཁ་སྦུབས་དང་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། ཧཱུྃ་ལས་རང་ཉིད་ཟིལ་གནོན་པདྨ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ །ཧཱུྃ་དགུ་ཕཊ་དགུ་རཾ་དགུས་མཚན་པ་འཕྱར་ཐབས་སུ་འཛིན་པ། གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་ཕྱིར་ལ་གདངས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། མི་མགོ་རློན་པའི་དོ་ཤལ་བྱས་པ། སྦྲུལ་ནག་གིས་བརྒྱན་པ། མི་ལྤགས་ཀྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྦྲུལ་ནག་གི་ཐོད་བཅིངས་ཅན། དབུ་སྐྲ་དམར་སེར་གྱེན་ལ་འཕྲོ་ཞིང་། རིན་པོ་ཆེ་དང་རུས་པའི་སྙན་ཆ་བྱས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། སྤྱུགས་པའི་འཐོར་རླུང་ཕྱོགས་བཅུར་འཕྲོ་ཞིང་། སྐུ་ལས་བསྐལ་པའི་མེ་ཆེན་འབར་བའི་དཔྲལ་བའི་མཛོད་སྤུར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་འཇམ་དཔལ་སེར་པོ་གཡས་རལ་གྲི་ཀླད་ལ་བསྐོར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་སྤྱི་བོར་ཨོཾ་སེར་པོས་མཚན་པ། མགྲིན་པར་པདྨ་འདབ་བཞིའི་དབུས་སུ་རྟ་མགྲིན་དམར་པོ་དབྱུག་ཏོ་འཕྱར་ཐབས་སུ་འཛིན་པ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་མགྲིན་པར་པདྨ་འདབ་བཞིའི་དབུས་སུ་ཨཱཿདམར་པོས་མཚན་པ། སྙིང་གར་ཉི་མའི་དབུས་སུ་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པའི་ནང་གི་ཉི་མའི་དབུས་སུ་ཕྱག་ན་རྡོ་རྗེ་མཐིང་ག །གཡས་རྡོ་རྗེ་འགྱིང་ཐབས་སུ་ནམ་མཁར་འཛིན་ཅིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཧཱུྃ་ལ་རྩ་བའི་སྔགས་ཀྱིས་མར་མེ་འབར་བ་ལྟར་བསྐོར་བའོ། །ཐོར་ཚུགས་ཀྱི་རྩེ་ལ་ཁྲོཾ་ལས་བྱ་ཁྱུང་ག་རུ་ཌ་གཤོག་པ་གདེངས་པས་ནམ་མཁའ་ཆོད་པ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་དང་གནམ་ལྕགས་ཀྱི་ཐོག་འཕྲོ་བ། རྭ་རིན་པོ་ཆེའི་དཔལ་ཁ་ལ། འོད་དཔག་མེད་དམར་པོ་མཉམ་གཞག་ཅན། ན་བཟའ་ཆོས་གོས་དམར་སེར་གསོལ་བ། སྟེང་གི་ནམ་མཁའ་ལ་པདྨ་དང་ཉི་མའི་དབུས་སུ་ཐོད་ཕྲེང་རྩལ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་ཡེ་ཤེས་མཚོ་རྒྱལ་དང་མཉམ་པར་སྦྱོར་བ། བླ་མ་དང་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་བསམ་མོ། དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། འོག་མིན་ནས་སྔར་བསྒོམས་པ་ལྟ་བུའི་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་སྐད་ཅིག་གིས་སྟེང་གི་ནམ་མཁར་བྱོན་པ་ལ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ། ལན་གསུམ་གྱིས་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འཕུལ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ལྷ་ཡེ་ཤེས་སེམས་དཔའ་དེ་དག །བདག་དམ་ཚིག་སེམས་དཔའི་ལྷ་ལ་ཐིམ་པས་དགྱེས་ཤིང་བརྟན་པར་གྱུར། ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་རིན་པོ་ཆེའི་བུམ་པས་དབང་བསྐུར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཐོབ། དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་གྱུར་པ་འོད་དཔག་མེད་ལ་ཐིམ་པར་གྱུར། གསལ་བར་གྱུར། འོད་འབར་བར་གྱུར་ཏོ། །དེ་ནས་ཐོད་མཁར་འབར་བའི་ཕྱི་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁྱིམ་དུ་གྱུར་པའི་ཕྱི་རོལ་རྩིབས་སྟོང་གཡས་སུ་འཁོར་བ་དང་། མཚོན་ཆའི་འཁོར་ལོ་རྩིབས་སྟོང་གཡོན་དུ་འཁོར་བའི་སྟེང་འོག་མེའི་འཁོར་ལོ་རྩིབས་སྟོང་རྩེ་བསྣོལ་དུ་འཁོར་བའི་བར་རྣམས་སུ་དྲེགས་པ་སྡེ་བརྒྱད་ཐམས་ཅད་མགོ་ལུས་དུམ་བུར་གཏུབ་ཅིང་། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་བ་སྤུའི་བུ་ག་ནས་ཧཱུྃ་རྣམས་ཕྱིར་ཐོན་པས་སྤྲུལ་པའི་ཁྲོ་ཆུང་དུ་གྱུར། འོད་འཕྲོས་ནམ་མཁའ་གང་། རིག་སྔགས་ཀྱི་འབྲུག་སྒྲ་སྟོང་བསྒྲགས་པས། དྲེགས་པ་སྡེ་བརྒྱད་ཐམས་ཅད་ཚར་བཅད། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ལྡེག་མེར་འཁྱོམས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་དྷཱ་ཀི་ནཱི་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཨོཾ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ གུ་རུ་ཌ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་ཅི་འགྲུབ་ཏུ་སེམས་གཞན་དུ་མ་ཡེངས་པར་རིག་པ་ངར་དང་ལྡན་པས་བཟླའོ། །དེ་ནས་ཐུན་འཇོག་ཁར་སྤྲུལ་པའི་ཁྲོ་ཆུང་རྣམས་ཧཱུྃ་ལ་བསྡུ། འཁོར་ལོ་རང་མལ་དུ་གནས་པའི་ངང་ལ་དར་ཅིག་༼སེམས་མ་བཅོས་པར་ཀློད་ནས་སྟོང་གསལ་སྤྲོས་པ་མེད་པར།་་་མཆན༽མཉམ་པར་གཞག །རྗེས་སེམས་ཅན་གྱི་དོན་དུ་བསྔོ། ཕན་ཡོན་ནི་བགེགས་དང་བར་ཆད་ཐམས་ཅད་ཞི་བ་དང་། ལྟ་སྒོམ་ཏིང་ངེ་འཛིན་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ། ལ་སོགས་པ་གཞུང་ནས་བཤད་པ་ལྟར་འགྲུབ་བོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་གསུངས་སོ། །བསྙེན་པ་རྫོགས་ནས་ལས་ཚོགས་ཀྱང་འགྲུབ་བོ། །གཏོར་མ་དང་། འཁོར་ལོ་དང་། བྱབ་ཆོག་དང་། སེར་སྲུང་དང་། སྡེ་བརྒྱད་གནད་ལ་དབབ་པ་ལ་སོགས་པ་མ་ཡིག་དང་། བུ་ཡིག་དང་། ལས་ཕྲན་ཚེགས་ཀྱི་ཤོག་སེར་གཞུང་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདི་ནི་སྒོམ་རིམ་ལག་ལེན་དུ་བཀོད་པ་མ་ཡིག་བུ་ཡིག་བསྟོད་པ་གསུམ་འཁྲུགས་པ་བསྡེབས་ཏེ་ཉམས་སུ་བླང་བའི་ཕྱིར་བཀོད་པའོ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རང་བྱུང་པདྨ་རྒྱལ་པོའི་གནས་ཐོབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབས་ཤིང་། །སྐྱེ་དགུའི་རེ་བ་ཡིད་བཞིན་འགྲུབ་པར་ཤོག །དྲག་སྒྲུབ་གསལ་བའི་མེ་ལོང་བྲག་སྲིན་མོ་སྦར་རྗེས་ཅན་གྱི་གཏེར་གྱི་ཡང་སྙིང་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །།

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ་ (Volume 25, Text 30)

༄༅། །རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ་བཞུགས་སོ། ། ཐོག་མར་བགེགས་གཏོར་གྱི་རྗེེས་སུ་བདེན་སྟོབས་དང་འབྲེལ་བའི་བཀའ་བསྒོ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི༴ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི༴ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག །དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་དང་རྡོ་རྗེ་ཁ་ཊྭཱཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་དང་། སུམྦྷ་ནི་དྲག་ཏུ་བརྗོད་ལ་གུ་གུལ་དུད་པས་བདུག་ཅིང་ཡུངས་ཐུན་གྱིས་བྲབ་བོ། ༈ །བདག་བསྐྱེད་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་རང་སེམས་ཧྲཱིཿདམར་པོ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག །རྩ་བའི་ཞལ་དམར་པོ། གཡས་ལྗང་བ། གཡོན་དཀར་བ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་ནག་གསུམ་མངོན་པར་འཕགས་ཏེ་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས། ཚངས་པའི་འཇིག་རྟེན་ནས་དམྱལ་བ་ཡན་ཆད་མེའི་དྲྭ་གུར་གྱིས་ཁེབས་པར་མཛད་པ། སྤྱན་གསུམ་པ། ཞལ་གདངས་པ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རལ་གྲི །གཡོན་གྱི་དང་པོས་སྡིགས་མཛུབ། བར་པ་ན་མདུང་ཐུང་། ཐ་མ་ན་རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བརྒྱད་ཀྱིས་པད་ཉིའི་སྟེང་དུ་སྦྲུལ་བརྒྱད་མནན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། རུས་པའི་རྒྱན་དྲུག །ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་ནག་གི་ཆུན་པོ་རྣམས་ཀྱིས་བརྒྱན་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་ཚ་བ་རྩུབ་པའི་ཀློང་དཀྱིལ་ན་བཞུགས་པ། མགྲིན་པ་མན་ཆད་ནས་བྱིན་པ་ཡན་ཆད་དུ་རང་དང་འདྲ་བའི་སྤྲུལ་པའི་ཁྲོ་བོ་གདུག་པ་ཅན་མ་རུངས་པ་ཚར་གཅོད་པའི་རྣམ་པ་ཅན་དཔག་ཏུ་མེད་པ་ཁྲབ་ཀྱི་བྱང་བུ་ལྟར་གཏམས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུྃ་གི་སྟོད་དུ་ཉི་མ་ལ་ཧྲཱིཿ ཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ། སྤྲུལ་པའི་ཕོ་ཉ་དང་བཅས་པས་ཁྱབ་པར་བསམ་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་མང་བཟླ། མཇུག་ཏུ་སྙིང་པོའི་མཐར། ཁཾ་རཀྵ་ས་མ་ཡ་ཛཿ ཁཾ་རཀྵ་ས་མ་ཡ་བྷྱོཿ ཁཾ་རཀྵ་ས་མ་ཡ་ཟློག །ཁཾ་རཀྵ་ས་མ་ཡ་གཏུབས། ཁཾ་རཀྵ་ས་མ་ཡ་བྱེར། ཁཾ་རཀྵ་ས་མ་ཡ་རྦད། ཁཾ་རཀྵ་ས་མ་ཡ་རྦུད། ཁཾ་རཀྵ་ས་མ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛཿ ཞེས་པ་བཏགས་པ་དང་། ཨོཾ་བཛྲ་དུན་བྷྱོཿ ཏིག་ནན་ཛཿཛཿ ས་མ་ཡ་སཏྭཾ་ཞེས་པའང་བཏགས་པ་ལན་ལྔ་ཙམ་བཟླའོ། །ལྷའི་སྐུ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཞེས་བསྡུ། སླར་དབང་ཆེན་རོལ་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཅེས་ཐུན་མཚམས་ཀྱི་ལྷར་ལྡང་ངོ་། ༈ །མདུན་བསྐྱེད་དཀྱིལ་འཁོར་བསྐྱེད་པའི་རྗེས་སུ། དེ་དབུས་ཧྲཱིཿདམར་མེ་ཡི་མདངས་ཅན་ལས། །དབང་ཆེན་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །སྐུ་མདོག་དམར་གསལ་ཞལ་གསུམ་ཕྱག་དྲུག་པ། །གཡས་ལྗང་གཡོན་དཀར་རྩ་ཞལ་ཉི་མའི་མདངས། །སྤྱན་གསུམ་རབ་བགྲད་ཞལ་གདངས་མཆེ་བ་གཙིགས། །ལྗགས་འདྲིལ་ཨཱ་རལླི་ཡི་སྒྲ་ཆེན་སྒྲོག །དབུ་གཙུག་རྟ་ཞལ་ལྗང་གུ་གསུམ་གྱིས་མཚན། །རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར། །རྔོག་མའི་གསེབ་ནས་མེ་སྟག་ཚྭ་ཚྭ་འཕྲོ། །སྲིད་གསུམ་འཇིག་རྟེན་མེ་གུར་དྲྭ་བས་གཏམས། །གཡས་གསུམ་རྡོ་རྗེ་རྩེ་གསུམ་རལ་གྲི་ཕྱར། །གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་བསྣམས། །ཞབས་བརྒྱད་དྲག་ཤུལ་སྟབས་ཀྱིས་སྦྲུལ་བརྒྱད་མནན། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱང་། །མི་ལྤགས་གླང་ཀོ་སྟག་ལྤགས་ཤམ་ཐབས་གསོལ། ཁྲག་ཞག་ཐལ་ཆེན་ཚོམ་བུས་འཇིགས་པར་སྤྲས། །རུས་པའི་རྒྱན་དྲུག་སྦྲུལ་ནག་ཆུན་པོས་བརྒྱན། །བསྐལ་མེ་རབ་འབར་ཀློང་དུ་གར་དགུས་རོལ། །མགྲིན་པ་མན་ཆད་བྱིན་པ་ཡན་ཆད་དུ། །གདུག་པ་ཚར་གཅོད་རང་འདྲའི་ཁྲོ་བོའི་ཚོགས། །བར་མཚམས་མེད་པའི་གོ་ཆས་གཏམས་པར་གྱུར། །ཡེ་ཤེས་ཁྲོ་བོ་ཡབ་ཡུམ་མཁའ་འགྲོ་གིང། །སྤྲུལ་པ་བཀའ་སྡོད་ཕྱག་བརྙན་དང་བཅས་པ། །རང་སྣང་དབང་ཆེན་རོལ་པའི་དཀྱིལ་འཁོར་ལྷ། །ཉི་དང་འོད་བཞིན་ཀུན་ཏུ་ཁྱབ་པ་ཡི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཉི་མའི་སྟེང་། །དམར་གསལ་ཧྲཱིཿཡིག་འབར་བས་མཚན་པ་འོ། ༈ །སྨན་མཆོད་ལ། གཞུང་གིས་འཐུས་ཀྱང་བརྒྱུད་པའི་བླ་མ་རེ་རེ་ནས་བསྐྱར་ཏེ་འབུལ་བར་གསུངས་པ་ལྟར་རྒྱས་པར་གྲུབ་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། དབོན་སྟོན་ཆོས་ཀྱི་སེང་གེ །གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་ཆོས་རྗེ་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། ཤངས་དཀར་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། འཇམ་མགོན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་ཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། རིག་འཛིན་ཐུགས་ཀྱི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་འབུལ་ལོ། ཨོཾ་ཨཱཿཧཱུྃ། ཞེས་སྦྱར། ༈ སྐོང་བའི་རྗེས་སུ་བསྟོད་རྙིང་དཔེ་ལུང་མ་འཛོམ་ན་འདི་བཞིན་བྱའོ། །ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས། །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་སྐུ །གསུང་མཆོག་རྡོ་རྗེ་ཁམས་གསུམ་ཟིལ་གྱིས་གནོན། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རིག་པའི་རྒྱལ་པོ་དཔལ་ཆེན་ཚོགས་ཀྱི་རྗེ། །རོལ་པའི་ཕྱག་རྒྱས་འཁོར་འདས་དབང་དུ་མཛད། །མ་ཆགས་པདྨ་འབར་བའི་དཀྱིལ་འཁོར་གཙོ། །རྟ་མཆོག་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཉི་མ་འབུམ་གྱི་གཟི་བརྗིད་འབར། །མ་རིག་མུན་ཁམས་ཆོས་ཀྱི་དབྱིངས་སུ་སྲེག །སྙིང་རྗེའི་རོལ་པས་སྲིད་གསུམ་སྟེང་ནས་སྤྲུགས། །གར་གྱི་དབང་ཕྱུག་དཔལ་ལ་ཕྱག་འཚལ་བསྟོད། །སོ་སོར་རྟོག་པའི་ཡེ་ཤེས་བཅུད་ཀྱིས་རྒྱས། །འདོད་ཆགས་དུག་ཆེན་རྩད་ནས་འཇོམས་པའི་ལྷ། །ཆགས་མེད་གར་གྱིས་བརྟན་གཡོ་ཀུན་ལ་རོལ། །གསུང་མཆོག་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དྲག་ཤུལ་འཇིགས་གཟུགས་བསྐལ་པའི་མེ་ལྟར་འབར། །དགྱེས་པའི་རྟ་སྐད་ས་གསུམ་ཀུན་ཏུ་བཞད། །དྲེགས་པ་ཚར་གཅོད་མ་མོ་དབང་དུ་སྡུད། །དབང་ཆེན་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་རྔམས་ཞལ་འབར་བའི་ཉམས་དང་ལྡན། །ཕར་ཕྱིན་ཕྱག་དྲུག་ཐུགས་རྗེའི་རོལ་པས་བརྐྱངས། །གང་འདུལ་མཚོན་ཆས་གདུལ་དཀའ་དབྱིངས་སུ་སྒྲོལ། །མ་རུངས་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད། །རྣམ་ཐར་ཞབས་བརྒྱད་ཉོན་མོངས་གདུག་པ་གནོན། །དཔལ་དང་དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས། །ཡེ་ཤེས་བསྐལ་པའི་མེ་ཡི་ཀློང་ན་འགྱིངས། །ཆེ་བཙན་འགྲན་ཟླ་བྲལ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རིགས་ཀྱི་ཁྲོ་བོ་ཡབ་དང་ཡུམ། །སྤྲུལ་པ་མཆེ་གཤོག་གིང་དང་མཁའ་འགྲོ་མ། །ཕོ་ཉ་ལས་བྱེད་བཀའ་ཡི་ཕྱག་བརྙན་བཅས། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ལ་བསྟོད། ༈ །གཏོར་འབུལ་ནི། ཨ་མྲིཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་བཀུག །རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པའི་ཤ་ཁྲག་གི་ཕུང་པོ་གཏོར་མ་དང་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྙིང་པོའི་མཐར་ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ། རཀྵ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ། ཨོཾ་ཧྱ་གྲཱི་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་། ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། ༈ བརྒྱུད་པའི་གསོལ་འདེབས་ནི། བཅོམ་ལྡན་གཟི་བརྗིད་རྒྱལ་པོ་འོད་དཔག་མེད། །འཇིག་རྟེན་དབང་ཕྱུག་པདྨ་སཾ་བྷ་བ། །བདེ་ཆེན་རྒྱལ་མོ་སངས་རྒྱས་དབང་ཆེན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་དངོས་དབོན་སྟོན་ཆོས་ཀྱི་རྗེ། །སངས་རྒྱས་གཉན་སྟོན་འགྲོ་མགོན་སྟོན་པ་མཆོག །གཙང་མ་ཤངས་སྟོན་ཁྱུང་པོ་ཚུལ་མགོན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །རི་ཁྲོད་རས་ཆེན་ཤངས་དཀར་རིན་རྒྱལ་བ། །སངས་རྒྱས་དཔལ་བཟང་ནམ་མཁའ་རྒྱལ་མཚན་ཞབས། །རྒྱ་སྒོམ་ལེགས་རྒྱལ་རྗེ་བཙུན་གྲོལ་མཆོག་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ལུང་རིགས་རྒྱ་མཚོ་ཏཱ་ར་ནཱ་ཐའི་ཞབས། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ཕྲིན་ལས་ཤིང་རྟ་བསྟན་འཛིན་ཆོས་ཀྱི་ཉི། །རྡོ་རྗེ་དྲག་པོ་པདྨ་ཉིན་མོར་བྱེད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ཧེ་རུ་ཀ་དཔལ་དབང་ཆེན་རྟ་མཆོག་རྒྱལ། །ཡེ་ཤེས་ཁྲོ་བོ་གིང་དང་མཁའ་འགྲོ་མ། །སྤྲུལ་པ་ཕྱག་བརྙན་བཀའ་སྡོད་བཅས་པ་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །འབར་བའི་སྐུ་ལ་གསལ་བརྟན་གྱད་དུ་གྱུར། །རིག་སྔགས་ནུས་པ་དུས་མཐའི་མེ་ལྟར་འབར། །བདེ་སྟོང་ཏིང་འཛིན་རོལ་པའི་སྤྲོ་བསྡུ་ཡིས། །སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཡོངས་གྲུབ་ཤོག །མ་རུངས་འཁྲུལ་རྟོག་དམ་སྲི་དཔུང་དང་བཅས། །ཡེ་ཤེས་མེ་ལྕེས་ཐལ་བར་བསྲེགས་ནས་ཀྱང་། །བདེ་ཆེན་འཁོར་ལོའི་མགོན་པོ་དགྱེས་པ་ཆེ། །འབར་བའི་གར་གྱིས་བརྟན་གཡོ་དབང་སྒྱུར་ཤོག །ཆགས་རྟོག་མདུད་པ་རང་རིག་དབྱིངས་སུ་གྲོལ། །ཕྱག་རྒྱ་གཉན་པོས་གཟུང་འཛིན་ཟིལ་གྱིས་མནན། །དབང་ཆེན་ཧེ་རུ་ཀ་དཔལ་གསང་གསུམ་དང་། །དབྱེར་མེད་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག ༈ །ཡི་དམ་བསྟོད་བསྡུས་ནི། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །དབང་ཆེན་ཀུན་འདུལ་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་འདྲ་ལ། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང་། །ལས་ངན་གདུག་པའི་སེམས་ཅན་སྒྲོལ་མཛད་པ། །ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར། །རྔམ་བརྗིད་འགྱིང་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །བརྟན་སྐྱོང་ནི། བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱོད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཨོཾ་ལ་ལཱ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ། ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་པ་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་ཀྱང་མཆོད་ཅིང་སྨན་རག་སྦྲེང་། བོད་སྐྱོང་བརྟན་མ་ཆེན་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ཏེ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །ཞེས་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཁ་སྐོང་དུ་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ།། །།

ཡེ་ཤེས་རབ་འབར་ལས༔ བསྐྱེད་རྫོགས་ཆུང་ངུའི་དང་པོ་ལས་ཀྱི་དྲག་པོ་བཟློག་པ་དང་འབྲེལ་བའི་ཕྲིན་ལས་ (Volume 13, Text 30)

༁ྃ༔ ཡེ་ཤེས་རབ་འབར་ལས༔ བསྐྱེད་རྫོགས་ཆུང་ངུའི་དང་པོ་ལས་ཀྱི་དྲག་པོ་བཟློག་པ་དང་འབྲེལ་བའི་ཕྲིན་ལས་བཞུགས་སོ༔ ཨེ་མ་ཉོན་ཅིག་རིགས་ཀྱི་བུ༔ དྲག་པོ་པདྨའི་སྒྲུབ་པ་ལ༔ དབེན་པའི་གནས་སུ་མཚམས་བཅད་ཅིང༔ དཀྱིལ་འཁོར་སྒོ་གྲུ་རྒྱན་རྣམས་རྫོགས༔ དབུས་སུ་གྲུ་གསུམ་བསྣོལ་མ་བྱ༔ སྒྲུབ་རྟེན་བྷནྡྷ་མཚན་ལྡན་དང༔ ཟུར་མང་ཤེལ་དང་མེ་ལོང་དང༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ མ་ཉམས་རྡོ་རྗེ་དྲིལ་བུ་དང༔ ཐོད་པ་ལྟག་སྤྲོད་ལ་སོགས་འཆང༔ སྒྲུབ་གཏོར་གྲུ་གསུམ་བསྣོལ་བའི་ཐོག༔ དཔལ་གཏོར་ཟུར་གསུམ་བརྗིད་ལྡན་བཤམ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱི༔ ང་ནི་དབང་དྲག་པདྨ་ཁྲོ་བོའི་སྐུ༔ སྐུ་ལས་ཁྲོ་ཆུང་མཚོན་ཆའི་ཐོག་སེར་འཕྲོ༔ གསང་སྔགས་སྒྲུབ་ལ་བལྟ་བར་མི་དབང་ཀུན༔ བྱེར་ཅིག་དེངས་ཤིག་རང་རང་གནས་སུ་དེངས༔ ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ སུམྦྷྎ གཉིས་པ་ལྟ་བས་མཚམས་བཅད་པ་ནི༔ ཧཱུྃ་ཧྲཱི༔ བདག་ནི་དབང་དྲག་པདྨ་ཧེ་རུ་ཀ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷར་གྱུར་པའི༔ ཕྱི་རོལ་མཚོན་ཆ་མེ་རི་སྡིག་པའི་གུར༔ མཚམས་ཀྱི་དཀྱིལ་འཁོར་འགྱུར་མེད་ལྷུན་གྱིས་གྲུབ༔ བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ གསུམ་པ་བརྡ་སྒོ་ཕྱེ་དང་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ བསྐལ་པ་སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ༔ གུ་རུ་དྲག་པོ་དེང་འདིར་མཇལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ བྱིན་དབབ་པ་ནི༔ ཧཱུྃ་ཧྲཱི༔ བདག་གིས་གསོལ་བ་བཏབ་པའི་ཡི་དམ་ལྷ༔ འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔ པདྨ་དྲག་པོའི་རྣམ་པར་སྐུར་བཞེངས་ལ༔ དེང་འདིར་བདག་ལ་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་མཆོད་རྫས་ལྷ་མིའི་འདོད་ཡོན་རྫས༔ བསངས་སྦྱངས་ཀུན་བཟང་སྤྲིན་གྱི་ཕུང་པོར་གྱུར༔ ཨརྒྷཾ་སོགས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཧཱུྃ༔ དབྱིངས་ཀྱི་བྷནྡྷར་བཅུད་ཀྱི་ར་སཱ་ཡན༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་བཅུད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ༔ སྣོད་ཀྱི་ཐོད་པར་རཀྟའི་བ་གམ་འཁྲིགས༔ གཱིརྟི་དམར་མོས་གསང་བའི་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ༔ ཁོར་ཡུག་སྣོད་དུ་གཏོར་ཆེན་རི་ལྟར་སྤུངས༔ ཤ་ལྔ་བདུད་རྩི་ལྔ་ཡི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་བདག་གཞན་སྟོང་པར་སྦྱང༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་ཚད་མེད་སྙིང་རྗེའི་མདངས༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ ཤེས་རིག་ངོ་བོ་ཧཱུྃ་ཡིག་དམར་པོར་བཞེངས༔ བཛྲ་ཙིཏྟ་ཧཱུྃ༔ ཧཱུྃ༔ སྐྱེད་བྱེད་རྒྱུ་ཡི་ཡི་གེ་ཧཱུྃ་དམར་ལས༔ ཨེ་འཕྲོས་ཆོས་འབྱུང་ནམ་མཁའི་རང་བཞིན་ལས༔ ཡཾ་འཕྲོས་འབྱུང་བ་རླུང་གི་དཀྱིལ་འཁོར་སྟེང༔ བཾ་འཕྲོས་ཡེ་ཤེས་རཀྟའི་རྒྱ་མཚོར་འཁྱིལ༔ ལཾ་འཕྲོས་རིན་ཆེན་ས་གཞི་སྙོམས་པར་བརྡལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ བྷྲཱུྃ་ལས་སྐམ་རློན་ཐོད་པའི་གཞལ་ཡས་སུ༔ འོད་དང་འོད་ཟེར་ཚང་ཁང་འཁྲིགས་པ་ལས༔ ཡེ་ཤེས་དྲག་པོ་མེ་རིས་བསྐོར་བའི་དབུས༔ གསང་སྒྲུབ་ལྟར་དུ་བསྐྱེད་ཅིང༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ཧཱུྃ་སྒྲ་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མར་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ མཛེ་ནད་གཉན་ལྷོག་འདུལ་ཕྱིར་གཤེགས་སུ་གསོལ༔ སྨྱོ་འབོག་བརྒྱལ་ནད་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་འདུལ་ཕྱིར་གཤེགས་སུ་གསོལ༔ མི་ནད་ཕྱུགས་ནད་འདུལ་ཕྱིར་གཤེགས་སུ་གསོལ༔ ནད་མུག་མཚོན་འཁྲུགས་འདུལ་ཕྱིར་གཤེགས་སུ་གསོལ༔ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ གྲུ་གསུམ་དམར་ནག་དྲེགས་པའི་གདན་ཁྲི་ལ༔ དྲག་པོ་དགྱེས་པར་དགོངས་ལ་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནིཿ ན་མོ༔ སྐྱེ་འགག་འགྱུར་མེད་དྲག་པོའི་སྐུ༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ པདྨ་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ༔ མཆོད་འབུལ་ནི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཚོ་ལྟར་འཁྱིལ༔ རིགས་ལྔ་ཡབ་ཡུམ་བདུད་རྩི་ཆར་ལྟར་འབེབ༔ ཡེ་ཤེས་བདུད་རྩི་གཉིས་མེད་མཉམ་སྦྱོར་བ༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་རྦ་རླབས་འཁྲུག༔ གུ་ཧྱ་མཱུ་ལ་རཀྟའི་བ་གམ་འཁྲིགས༔ གཱིརྟིའི་རཀྟ་སྐར་ལྟར་འཁྲུགས་པ་འདི༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣོད་བཅུད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་མཆོད་པའི་ཚོགས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུག༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ དབང་དྲག་འབར་བའི་ཐུགས་དམ་བསྐང༔ མ་ཧཱ་བཱ་ལིནྟ་ལ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ པདྨ་དྲག་པོ་དམར་ནག་འབར་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་བགྲད༔ གཏུམ་དྲག་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར༔ སྡེ་བརྒྱད་ཟིལ་གྱིས་གནོན་ཅིང་གཟིར་བར་བྱེད༔ གཡོན་པའི་སྡིག་པས་ལྷ་སྲིན་སྙིང་ཁྲག་འཇིབ༔ དམར་ནག་ཁྲོས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་འདུལ་མཛད་དུར་ཁྲོད་ཆས་ཀྱིས་བརྒྱན༔ ལོག་འདྲེན་འདུལ་མཛད་དཔལ་གྱི་ཆས་རྣམས་རྫོགས༔ ཞབས་གཉིས་འདོར་སྟབས་ཀླུ་དང་དགྲ་བགེགས་འདུལ༔ དབང་དྲག་འབར་བའི་སྐུ་ལ་ཕྱག་འཚལ་ལོ༔ བདག་ནི་དྲག་པོ་སྒྲུབ་པའི་རྣལ་འབྱོར་པས༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ རྒྱལ་བསེན་འགོང་པོ་འདུལ་བའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་བཟློག་པའི་དུས་ལ་བབ༔ ནད་མུག་མཚོན་འཁྲུགས་བཟློག་པའི་དུས་ལ་བབ༔ མི་མཐུན་རྐྱེན་ངན་བཟློག་པའི་དུས་ལ་བབ༔ བདག་གི་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ པདྨ་དྲག་པོའི་དཀྱིལ་འཁོར་དུ་ཚོགས་ཀྱི་ཡོ་བྱད་ཐམས་ཅད་བཤམས་ནས༔ བསང་སྦྱང་བྱ་བ་ནི༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཚོགས་ཀྱི་དངོས་པོ་བསྲེག་ཅིང་བཀྲུས༔ རཾ་ཡཾ་ཁཾ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་བདུད་རྩིས་གང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྒྱུ་ཡི་བཅུད་ཆེན་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔའི་བདུད་རྩི་བཅུད་དུ་འཁྱིལ༔ འདོད་ཡོན་ཚོགས་དང་དབྱེར་མེད་བདེ་བ་ཆེ༔ ལྷ་རྣམས་དགྱེས་མཛད་སྔགས་ཀྱི་འདོད་ཡོན་འཁྲིགས༔ ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྤྱན་འདྲེན་པ་ནིཿ ཧྲཱི༔ རྗེ་བཙུན་པདྨ་དྲག་པོ་རྩལ༔ རྡོ་རྗེ་ཕག་མོ་གཙོ་འཁོར་དང༔ མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོད་པ་ནི༔ ཧྲཱི༔ བླ་མ་དྲག་པོ་རྡོ་རྗེ་ཕག་མོ་དང༔ རྩ་གསུམ་མཁའ་འགྲོའི་ཚོགས་ལ་ཚོགས་མཆོད་འབུལ༔ བདག་གིས་མ་རིག་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་མཆོད་འབུལ་བས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ བསྒྲལ་ལས་ནི༔ བདེན་ཚིག་གིས་བླ་སྲོག་བཀུག་ལ༔ ཧཱུྃ༔ ཆེ་མཆོག་པདྨ་དྲག་པོའི་སྐུ༔ རྔམས་དྲག་གཏུམ་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁེངས༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བསྐང་བ་ནི༔ ཧཱུྃ་ཧྲཱི༔ བསྟན་དགྲ་བསྒྲལ་པའི་བམ་གྱི་ཚོགས༔ ཤ་ཁྲག་དམར་གྱི་དོན་སྙིང་འདི༔ དྲག་པོ་དགྱེས་པ་བསྐང་བའི་ཕྱིར༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ལ་ཁཱ་ཧི༔ ལྷག་མ་ནི༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐང༔ ཐ་མ་ལྷག་ལ་དབང་བ་འདིར་གཤེགས་ཤིག༔ དཀྱིལ་འཁོར་མུ་རན་སྐྱོང་ཞིང་སྒྲུབ་པའི་གྲོགས༔ དབང་ཕྱུག་གིང་དང་ལངྐ་འབར་མ་ཡིས༔ བཀའ་ཡི་ཕ་འབབ་ལྷག་མའི་ལོངས་སྤྱོད་བཞེས༔ ཅི་བཅོལ་ཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག༔ ས་མ་ཡ་ཨུཙྪིཥྚ་བ་ལིནྟ་ཁཱ་ཧི་ཁཱ་ཧི༔ ཆད་མདོ་ནི༔ ཧཱུྃ༔ བསྐལ་པ་སྔོན་ཚེ་བར་དང་ཐ་མ་ལ༔ ཀུན་བཟང་སྣང་མཐའ་པདྨ་ཐོད་ཕྲེང་གིས༔ བཀའ་གསང་གཏེར་དུ་སྦས་དང་བཏོན་པའི་ཚེ༔ བཀའ་སྲུང་སོ་སོས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་བཀའ་ཡི་སྲུང་མ་རྣམས༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ད་ལྟ་སྙིགས་མའི་སེམས་ཅན་འདུལ་བའི་དུས༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རྫོགས་ཆེན་རྣལ་འབྱོར་ཀློང་གསལ་སྙིང་པོ་ལ༔ སྐད་ཅིག་འབྲལ་བ་མེད་པར་བྱིན་བརླབས་ནས༔ ཞལ་མཇལ་དབང་བསྐུར་སྙན་བརྒྱུད་བསྟན་པའི་ཚེ༔ བཀའ་སྲུང་སོ་སོས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་བཀའ་ཡི་སྲུང་མའི་ཚོགས༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ བརྟན་སྐྱོང་ནི༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ རྒྱ་བལ་བོད་ཡུལ་གནས་རྣམས་སུ༔ ལྷ་འདྲེར་མ་ལུས་དམ་ལ་བཏགས༔ དམ་ལ་མ་འདུས་གང་ཡང་མེད༔ ལྷ་འདྲེས་བཀའ་ལས་མི་འདའ་འཚལ༔ བཀའ་ལས་མ་འདའ་དམ་ལ་འདུས༔ གང་བཅོལ་སྒྲུབས་ཤིག་ས་མ་ཡ༔ མནན་པ་ནི༔ ཧཱུྃ༔ དུག་ལྔ་འདུས་པའི་ལྷ་འདྲེ་མནན༔ སྟེང་དུ་དྲག་པོའི་བྲོ་བརྡུངས་པས༔ ལྷ་འདྲེ་བདག་ཏུ་འཛིན་པ་བཅོམ༔ རང་གྲོལ་ཀློང་དུ་རྒྱས་འདེབས་སོ༔ ཧཱུྃ་ཧཱུྃ་ཧཱུྃ་ལམ་སཏྭམ་བྷ་ཡ་མཱ་ར་ཡ་ནན༔ བཀྲ་ཤིས་ནི༔ ཧྲཱི༔ ཞི་བའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ཆེ་བཙན་ཆེ་མཆོག་ཧེ་རུ་ཀ༔ དབྱིངས་ཕྱུག་ཕག་མོ་མཁའ་འགྲོའི་བྲན་དང་བཅས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཧྲཱི༔ མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་བའི་གཞི༔ སྐྱེ་དགུས་བསྟོད་ཚེ་མེ་ཏོག་ཆར་འབེབ་པ༔ རིག་འཛིན་བརྒྱུད་པར་བཅས་པའི་བཀྲ་ཤིས་གང༔ བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག༔ བསྙེན་བསྒྲུབས་དགེ་བས་མཁའ་མཉམ་སྐྱེ་འགྲོ་ཡི༔ འཇིགས་པ་བརྒྱད་ཞི་འབྱོར་པ་མང་རྒྱས་ཤིང༔ ཁམས་གསུམ་དབང་འདུ་དགྲ་བགེགས་མིང་མེད་པས༔ འགྲོ་ལ་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་ཤོག༔ བསྔོ་བ་ནི༔ ཧྲཱི༔ བསྐྱེད་རྫོགས་འབྲས་བུས་ལེགས་པའི་དགེ་བ་གང༔ དམིགས་མེད་མཁའ་དང་མཉམ་པའི་འགྲོ་ལ་བསྔོ༔ བྱང་ཆུབ་སྙིང་པོའི་ས་བོན་གོང་འཕེལ་ནས༔ མ་ལུས་འདྲེན་པའི་དཔལ་དུ་བདག་གྱུར་ཅིག༔ སྨོན་ལམ་ནི༔ ཧྲཱི༔ དམིགས་མེད་འགྲོ་ལ་བསྔོས་པའི་ས་བོན་གང༔ བསྐྱེད་དང་རྫོགས་པ་ཆེན་པོའི་སྨིན་གྲོལ་གྱིས༔ ཕྱམ་གཅིག་ཆོས་དབྱིངས་ཀློང་དུ་སྐྱེལ་བ་ཡི༔ ནུས་པས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ བསྡུ་རིམ་ནི༔ སྣང་བའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀུན༔ རང་གྲོལ་སྟོང་པའི་ཆོས་དབྱིངས་ཀློང་དུ་ཨ༔ གང་ཤར་པདྨ་དྲག་པོའི་དཀྱིལ་འཁོར་ལྷ༔ འགྲོ་བའི་དཔལ་དུ་ལམ་ཁྱེར་ལྷང་ངེར་གསལ༔ རང་བྱུང་དཀྱིལ་འཁོར་གང་ཤར་ལྷ་ཚོགས་ལ༔ ཚོགས་དྲུག་མཆོད་འབུལ་ལྷ་མོའི་མཆོད་འབུལ་གྱིས༔ བདག་གཞན་ཚོགས་གཉིས་རྫོགས་པའི་དཔལ་ལ་རོལ༔ ལམ་ཁྱེར་དྲག་པོའི་རྣམ་རོལ་མ་ཡེངས་པར༔ གཞོམ་གཞིག་མི་མངའ་པདྨ་དྲག་པོ་བཞིན༔ ཀུན་གྱི་ཆེ་བཙན་འགྲུབ་པ་ཨེ་མ་ཧོ༔ དེ་ལྟར་དྲག་པོའི་བསྐྱེད་རྫོགས་ཡིད་བཞིན་སྙིང༔ ཕྱི་རབས་རྗེས་འཇུག་དོན་དུ་དབབ་པ་འདི༔ གནམ་ཆེན་དལ་དུ་མཁའ་འགྲོས་བདག་ཏུ་འཛིན༔ མཁའ་འགྲོའི་གཅེས་ནོར་བུ་དང་འཕྲད་པ་འབྱུང༔ ཟུངས་ཤིག་དྲག་པོ་གསུམ་དང་སྲོག་བདག་གསུམ༔ འགྲོ་བའི་ཟུག་རྔུ་ཚ་བའི་དུས་དེར་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་དལ་ནས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་པ་སྟེ། ཡིད་ཀྱི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་ཕྱིར་བདེ་ཀློང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་རང་བཞིན་ལྷའི་གཞལ་མེད་ཁང་དུ་དག་པར་ཕབ་པའོ།། །།

དཔལ་རྟ་མགྲིན་གཉེན་པོ་ལྷ་ལྔ་སྙན་བརྒྱུད་སྙིང་པོའི་ཡང་ཞུན་ (Volume 46, Text 30)

ྈ དཔལ་རྟ་མགྲིན་གཉེན་པོ་ལྷ་ལྔ་སྙན་བརྒྱུད་སྙིང་པོའི་ཡང་ཞུན་བཞུགས་སོ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཨེ་མ་སྐལ་ལྡན་པདྨའི་བུ༔ བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལེགས༔ འོན་ཀྱང་མཐའ་དམག་གདུག་པ་ཡི༔ གཉེན་པོ་ལས་ལ་སྦྱར་བའི་ཚེ༔ ནགས་ཕྱོགས་གཟའ་ཀླུ་རྒྱལ་གསུམ་དང༔ བདུད་བཞིའི་ཚོགས་རྣམས་རབ་ཏུ་འཁྲུགས༔ གློ་བུར་ཚེ་ལ་བར་ཆད་འབྱུང༔ དེ་རྣམས་གཉེན་པོ་སྟོབས་ཀྱི་ལྷ༔ ཨོ་རྒྱན་བདག་གི་ཐུགས་བཅུད་འདི༔ ཡལ་བར་མ་དོར་ཉམས་སུ་ལོངས༔ རང་གཞན་དོན་ཆེན་འགྲུབ་པར་ངེས༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་དང༔ བགེགས་བསྐྲད་མཚམས་གཅོད་བྱིན་རླབས་སོགས༔ ལས་རིམ་སྤྱི་ལྟར་སྔོན་འགྲོ་བས༔ དངོས་གཞི་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་བཅོས་འོད་གསལ་གདངས༔ དམིགས་མེད་བརྩེ་བའི་ཆོ་འཕྲུལ་ཧཱུྃ་མཐིང་གའི༔ རིག་རྩལ་རོལ་པས་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ནས་མཁའ་ལས་འཇའ་ཚོན་ལྟར༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་རི་རབ་དང༔ མི་ཕྱེད་སྲུང་འཁོར་དུར་ཁྲོད་གཞལ་མེད་དབུས༔ སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་དང༔ བདུད་བཞི་དྲེགས་པ་གཟའ་ཀླུ་རྒྱལ་འགོང་སོགས༔ འདར་ཞིང་འདུད་པ་བྱི་ཆིངས་བསྣོལ་བའི་སྟེང༔ རིག་པ་ཧཱུྃ་ལས་བདག་ཉིད་རྩ་བའི་ལྷ༔ རིག་འཛིན་འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ ཡཀྴ་ཀཱ་ལ་དཔལ་ཆེན་རྟ་མགྲིན་རྒྱལ༔ སྐུ་མདོག་དུས་མཐའི་ཆར་སྤྲིན་འཁྲུགས་པའི་མདངས༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ལ་ཟླུམ༔ སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར༔ ཁྲོ་གཉེར་རབ་བསྡུས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག༔ དར་ནག་བེར་གསོལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྭ་དགུ་པ༔ སྡིགས་པའི་མཛུབ་མོ་ནམ་མཁའི་དབྱིངས་སུ་སྒྲེང༔ རྩེ་ལས་གདུག་པ་ཀླུ་གདོན་འདུལ་བའི་གཉེན༔ ཡེ་ཤེས་ཁྱུང་ཆེན་མཐིང་ནག་ཁྲ་ཐབས་འཕྲོ༔ ཕྱག་གཡོན་རི་རབ་ཕུར་བུ་གསོར་བ་ལས༔ བར་ཆད་བདུད་འདུལ་བཛྲ་ཀཱི་ལ་ཡ༔ ལྗང་ནག་ཕུར་བུ་འདྲིལ་བ་རླུང་ལྟར་འཚུབས༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར་བ་ཡིས༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ཡོམ་ཡོམ་འགུལ༔ རྔོག་མ་དམར་པོ་མེ་འབར་ཐིག་ལེའི་དབུས༔ པད་ཉིའི་སྟེང་དུ་དུས་མིན་འཆི་བ་ཡི༔ གཉེན་པོའི་ལྷ་མཆོག་བཅོམ་ལྡན་ཚེ་དཔག་མེད༔ ཁྲོས་པའི་སྐུར་བཞེངས་པདྨ་ཧེ་རུ་ཀ༔ ཕྱག་གཡས་པདྨ་དམར་པོས་ཚེ་བཅུད་སྡུད༔ གཡོན་པས་ཚེ་བུམ་སྒྲུབ་ལ་དངོས་གྲུབ་སྩོལ༔ དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས༔ རང་འོད་ཡུམ་འཁྱུད་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་པདྨ་ཉི་མའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་ཀླུ་གཤེད་གསང་བའི་བདག༔ རྡོ་རྗེ་སྡིགས་མཛུབ་མཐིང་ནག་ཁྲོ་ཆས་རྫོགས༔ རང་བྱུང་རིག་པ་འོད་སྐུར་ལམ་མེར་གསལ༔ བདག་ཉིད་རྒྱལ་འགོང་དམ་སྲི་འབྱུང་པོའི་གཤེད༔ ཞབས་ཟུང་དོར་སྟབས་དྲག་མེ་འཁྲུགས་པའི་ཀློང༔ རབ་འབྱམས་ཁྲོ་བོའི་སྤྲུལ་པ་སྤྲོ་ཞིང་བསྡུ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ ཡེ་ཤེས་དབང་བསྐུར་རིགས་ལྔའི་ཕྱག་རྒྱས་བརྒྱན༔ ཕུང་ཁམས་སྐྱེ་མཆེད་ཁྲག་འཐུང་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་སུ་ར་ཏ་སཏྭཾ་ཨ་ཧཾ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འབར་བའི་སྐུར་བཞེངས་གཉེན་པོ་སྟོབས་ཀྱི་ལྷ༔ ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་གནས་འདིར་གཤེགས༔ དབང་སྐུར་བྱིན་ཕོབ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷཱ་རཱ་ཛ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ༔ དམ་ཚིག་རྟེན་ལ་ཡེ་ཤེས་གཉིས་མེད་བཞུགས༔ བྱང་ཆུབ་བར་དུ་རོ་གཅིག་ཏིཥྛ་ལྷན༔ རང་ལས་སྤྲུལ་པའི་ཕྱག་རྒྱའི་དྷཱ་ཀི་ནཱིས༔ སྒོ་གསུམ་གུས་པའི་བརྡ་ཡིས་འདུད་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཕུང་ཁམས་ཚོགས༔ དྲག་པོའི་ཉེར་སྤྱོད་འདོད་ཡོན་བརྗིད་ཅིང་རྔམ༔ སྨན་རཀ་གཏོར་ཚོགས་སྦྱོར་སྒྲོལ་མཆོད་པའི་སྤྲིན༔ འབུལ་ལོ་བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་པཱུ་ཛ་ཨཱཿཧཱུྃ༔ པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཁྲོ་རྒྱལ་ཀུན་འདུས་གཉེན་པོ་སྟོབས་ཀྱི་ལྷ༔ དུས་མིན་འཆི་དང་བདུད་བཞིའི་བར་ཆད་འཇོམས༔ སྲོག་བདག་གཟའ་ཀླུ་རྒྱལ་འགོང་ཚར་གཅོད་པའི༔ རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་བསྟོད༔ དེ་ལྟར་ལྷ་སྐུ་གསལ་བཏབ་ནས༔ ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ ཀུན་གཞི་མ་བཅོས་རིག་པའི་གདངས༔ ཕྱག་རྒྱའི་གཟུགས་སུ་ཡང་ཡང་བརྟག༔ རྟོག་ཚོགས་ལྷ་སྐུར་ཐིམ་པ་ན༔ རླུང་གི་རྒྱུ་བའང་དེར་ཐིམ་ནས༔ རླུང་སེམས་དབྱེར་མེད་གཟུགས་ཀྱི་སྐུ༔ གསལ་བརྟན་གྱད་དུ་གྱུར་པའི་ཚེ༔ གཟུང་འཛིན་སྣང་ཞེན་རྒྱུར་བཅས་ཀྱིས༔ དེ་ལ་བར་ཆོད་བྱར་མེད་ན༔ ཕྱི་རོལ་བགེགས་ཀྱིས་སྨྲོས་ཅི་དགོས༔ རྡོ་རྗེའི་བཙན་རྫོང་གྲུབ་པ་འོ༔ ས་མ་ཡ༔ བཟླས་པ་སྔགས་ཀྱི་མན་ངག་ནི༔ ཡེ་ཤེས་སེམས་དཔའ་གསང་བདག་གི༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྩ་གསུམ་རབ་འབྱམས་མཆོད༔ འགྲོ་བ་ཀུན་གྱི་བར་ཆོད་བསལ༔ འཆི་བདག་གདོན་དང་བདུད་ཀྱི་སྡེ༔ མ་རུངས་གཟའ་ཀླུ་རྒྱལ་འགོང་སོགས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དབང་དུ་བསྡུས་ཤིང་བྲན་དུ་བཀོལ༔ བསད་གཟིར་བསྐྲད་མནན་ཆོས་དབྱིངས་བསྟིམས༔ ཐམས་ཅད་ཀ་དག་རིག་པའི་གདངས༔ ལྷུན་གྲུབ་དཔལ་གྱི་ཕྱག་རྒྱར་རྫོགས༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འབར༔ གཉེན་པོ་སྟོབས་ཀྱི་ལྷ་ལྔ་དང༔ དབྱེར་མེད་དགོངས་པའི་རྩལ་རྫོགས་བསམ༔ སྤྱི་དྲིལ་བསྙེན་སྒྲུབ་ལས་སྦྱོར་གྱི༔ བཟླས་བརྗོད་ཆུ་བོའི་གཞུང་ལྟར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱིཿཧཱུྃ་ཁྲོཾ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སོ་སོའི་བཟླས་པ་བྱ་འདོད་ན༔ སྤྱི་བོའི་པདྨ་ཧེ་རུ་ཀའི༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ རང་གི་བླ་ཚེ་ཆད་ཡར་དང༔ འཁོར་འདས་དྭངས་བཅུད་བདུད་རྩིར་བསྡུས༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས༔ སྦྱོར་མཚམས་ལས་བྱུང་བདག་ཉིད་ཀྱི༔ སྤྱི་བོ་ནས་བརྒྱུད་རྩ་ཁམས་གང༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས༔ ཐུགས་སྲོག་ཧཱུྃ་མཐིང་ཐོག་ལྟར་སྤྲོས༔ སྟེང་གདོན་གཟའ་རྣམས་བྲན་དུ་བཀོལ༔ གདུག་པ་ཅན་ཀུན་ཚར་བཅད་བསམ༔ ཨོཾ་ཧཱུྃ་བཛྲ་ཙཎྜ་སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ ཕྱག་གཡས་རྡོ་རྗེའི་རྩེ་མོ་ལས༔ ཡེ་ཤེས་ཁྱུང་ཆེན་སྐར་ལྟར་འཕྲོས༔ འོག་གདོན་གདུག་པ་ཀླུ་ཡི་ཚོགས༔ གཟིར་མནན་མ་རུངས་ཚར་བཅད་བསམ༔ ཨོཾ་ཁྲོཾ་བཛྲ་ག་རུ་ཌཿནཱ་ག་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཕྱག་གཡོན་རྡོ་རྗེ་གཞོན་ནུ་ལས༔ གནམ་ལྕགས་ཕུར་པ་སེར་ལྟར་འདྲིལ༔ བདུད་བཞི་ལ་སོགས་བར་ཆད་ཀུན༔ བསད་གཟིར་བསྐྲད་མནན་དབྱིངས་བསྟིམས་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་མཱ་ར་སེ་ན་བཾ་ཧཱུྃ་ཕཊ༔ སྤྱི་དྲིལ་བསྙེན་པ་འབུམ་བཞི་སྟེ༔ སོ་སོའི་རིག་པ་འབུམ་དུ་བཟླ༔ ལས་རྣམས་ཐམས་ཅད་རྫོགས་པ་ཡི༔ མཐུ་རྩལ་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྫོགས་པའི་རིམ་པ་རྒྱུན་གྱི་རྣལ་འབྱོར་ནི༔ མི་རྟག་རྒྱུད་བསྐུལ་ངེས་འབྱུང་བྱང་སེམས་སྦྱང༔ སྐྱབས་འགྲོ་སེམས་བསྐྱེད་བླ་མར་གསོལ་བ་གདབ༔ ཐུགས་ཡིད་གཅིག་བསྲེས་ཀ་དག་དགོངས་པའི་ངང༔ ལྷུན་གྲུབ་རིག་རྩལ་ལྷ་སྔགས་སྒྱུ་མར་སྦྱང༔ ལུས་བསྲང་རླུང་དལ་མིག་འབྲས་ནམ་མཁར་གཏད༔ རིག་པ་མ་བཅོས་སྤྲོ་བསྡུ་བྲལ་བར་བཞག༔ དེ་ཚེ་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་གཅོད་བློ་ཡིས་མ་བཅོས་པས༔ སྦྲུལ་མདུད་བཞིན་དུ་འགྱུ་དྲན་རང་སར་གྲོལ༔ གཏི་མུག་རྣམ་རྟོག་དུས་མིན་འཆི་བ་ཀུན༔ རིག་སྟོང་ཆོས་དབྱིངས་ཡེ་ཤེས་ངང་དུ་ཐིམ༔ ང་རྒྱལ་དམ་སྲི་འབྱུང་པོ་དཔུང་དང་བཅས༔ གསལ་སྟོང་མཉམ་པ་ཉིད་དུ་ལྷུན་གྱིས་རྫོགས༔ ཞེ་སྡང་འབར་ཞིང་འཁྲུགས་པའི་གཟའ་ཡི་གདོན༔ མྱང་སྟོང་མེ་ལོང་ཡེ་ཤེས་ཀློང་དུ་ཞི༔ འདོད་ཆགས་ཆུ་ལྟར་གཡོ་བའི་གདུག་པའི་ཀླུ༔ བདེ་སྟོང་སོ་སོར་རྟོག་པའི་ཕྱག་རྒྱས་ཐེབས༔ ཕྲག་དོག་རླུང་དམར་འཚུབས་པའི་བདུད་ཀྱི་སྡེ༔ དྲན་སྟོང་བྱ་གྲུབ་ཡེ་ཤེས་རྒྱན་དུ་ཤར༔ སྐབས་སུ་ཧཱུྃ་གི་གླུ་བླངས་བདེན་ཞེན་བཤིག༔ རེས་འགའ་ཅིར་ཡང་མི་དམིགས་སྟོང་པར་སྦྱང༔ རྣམ་ཀུན་མ་ཡེངས་མི་སྒོམ་རིག་པའི་གཟེར༔ ཆུ་བོའི་རྒྱུན་བཞིན་རྟག་ཏུ་སུས་གོམས་པ༔ དུག་ལྔ་གནས་དག་གདོན་ལྔ་རང་སར་གྲོལ༔ ཁྲག་འཐུང་རིགས་ལྔའི་ཡེ་ཤེས་ཚེ་འདིར་རྙེད༔ མི་མཐུན་གཟུང་འཛིན་གཡུལ་ལས་རྣམ་པར་རྒྱལ༔ ལྷུན་གྲུབ་རིག་འཛིན་གོ་འཕང་མངོན་དུ་འགྱུར༔ ས་མ་ཡ༔ སློབ་མ་སྨིན་བྱེད་དབང་བསྐུར་གྱི༔ ཆོ་གའི་རིམ་པ་བསྒྲུབ་འདོད་ན༔ དབེན་པར་རྫས་དང་མཆོད་གཏོར་བཤམ༔ བསྐྱེད་བཟླས་བདག་ཉིད་ནུས་ལྡན་བྱ༔ དེ་ནས་གསང་བའི་སྣོད་རུང་རྣམས༔ ཁྲུས་ནས་དབྱུང་ཞིང་འགལ་རྐྱེན་བསལ༔ མཐུན་རྐྱེན་ཚོགས་ཕྱིར་མཎྜལ་ཕུལ༔ གུས་པས་གསོལ་བ་འདི་སྐད་གདབ༔ ཨེ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ ཁྲག་འཐུང་གཉེན་པོ་ལྷ་ལྔ་ཡི༔ དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ༔ ཞེས་ཞུ་རྒྱུད་སྦྱང་སྡོམ་པ་སྦྱིན༔ དམ་ཚིག་གསལ་གདབ་ཡེ་ཤེས་བརྟན༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ རིན་ཆེན་བུམ་པ་དུར་ཁྲོད་གཞལ་མེད་ཁང༔ ནང་བཅུད་ཁྲག་འཐུང་ལྷ་ལྔའི་ཕྱག་རྒྱའི་ཚོགས༔ འོད་ཞུ་བྱང་སེམས་བདུད་རྩིས་དབང་བསྐུར་བས༔ རྒྱུད་དག་ཡེ་ཤེས་ནུས་རྩལ་རྫོགས་པར་ཤོག༔ སྔགས་མཐར་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་སུ་ར་ཏ་སཏྭཾ་ཨ་བྷི་ཥིཉྩ་མི༔ དབང་བསྐུར་རིགས་བདག་ཕྱག་རྒྱས་གདབ༔ ཡེ་ཤེས་སྐུ་ལས་གཉིས་པ་བསྟིམ༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ་པོ་ཡི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྒྱལ་འགོང་དམ་སྲིའི་གཉེན་པོར་གྲུབ་པར་ཤོག༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཚེ་དཔག་མེད་མགོན་པདྨ་ཧེ་རུ་ཀའི༔ རྡོ་རྗེའི་སྐུ༴ སྐལ་ལྡན༴ དུས་མིན་འཆི་བའི་གཉེན་པོར་གྲུབ་པར་ཤོག༔ ཧྲཱིཿཔདྨ་ཀྲོ་དྷ་ཀཱ་ཡ༴ ཧཱུྃ༔ བཅོམ་ལྡན་གསང་བ་འཛིན་པའི་བདག་པོ་ཡི༔ རྡོ་རྗེའི་སྐུ༴ སྐལ་ལྡན༴ དྲེགས་པ་གཟའ་ཡི་གཉེན་པོར༴ ཧཱུྃ་བཛྲ་ཙཎྜ་ཀཱ་ཡ༴ ཁྲོཾ༔ ཁྲོ་རྒྱལ་སྤྲུལ་པ་ཡེ་ཤེས་ག་རུ་ཌའི༔ རྡོ་རྗེའི་སྐུ༴ སྐལ་ལྡན༴ གདུག་པ་ཀླུ་ཡི་གཉེན་པོར༴ ཁྲོཾ་ག་རུ་ཌཿཧཱུྃ་ཀཱ་ཡ༴ ཧཱུྃ༔ ཕྲིན་ལས་རྩལ་རྫོགས་བཛྲ་ཀཱི་ལ་ཡའི༔ རྡོ་རྗེའི༴ སྐལ་ལྡན༴ མ་རུངས་བདུད་བཞིའི་གཉེན་པོར༴ ཧཱུྃ་བཛྲ་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་ལུང་སྦྱིན་ཞིང་བགྲང་ཕྲེང་གཏད༔ ཨཱ༔ གཉེན་པོ་སྟོབས་འདུས་ཁྲོ་རྒྱལ་ལྷ་ཚོགས་ཀྱི༔ རྡོ་རྗེའི་གསུང་གི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ནུས་པ་སྔགས་ཀྱི་ཡེ་ཤེས་གྲུབ་པར་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེའི་གཟུགས་བརྙན་མེ་ལོང་དུ༔ གསལ་བར་འཆར་བས་མཚོན་བྱས་ཏེ༔ ཧཱུྃ༔ ཁྲོ་རྒྱལ་རྣམས་ཀྱི་སྟོང་གསལ་ཡེ་ཤེས་དབྱིངས༔ རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རང་བྱུང་དགོངས་པའི་རྩལ་ཆེན་རྫོགས་པར་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་སོ་སོའི་རྫས་བྱིན་ལ༔ ཧྲཱི༔ ཟླ་གམ་དམར་པོ་འོད་ཀྱི་ཐིག་ལེ་རུ༔ ཚེ་བདག་མགོན་པོ་ཁྲོ་བོའི་ལྷ་ཚོགས་བཞུགས༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ མི་ཕྱེད་རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་ཤོག༔ ཧྲཱིཿཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་མི༔ ཚེ་རིལ་བདུད་རྩི་དག་ཀྱང་སྦྱིན༔ ཧཱུྃ༔ སྲིད་པ་གསུམ་པོ་འདར་ཞིང་གཡོ་བྱེད་པའི༔ རྟ་གདོང་ཞལ་གྱི་ཕྱག་རྒྱས་དབང་བསྐུར་པས༔ རྡོ་རྗེའི་རྟ་སྐད་ནམ་མཁར་འཚེར་བའི་སྒྲས༔ རྒྱལ་འགོང་དམ་སྲིའི་དཔུང་ཚོགས་ཟིལ་གནོན་ཤོག༔ ཧྲཱིཿཧ་ཡ་གྲཱི་བ་ཧི་ཧི་ཧི་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ གནམ་ལྕགས་འབར་བའི་རྡོ་རྗེ་རྩེ་དགུ་ལ༔ གསང་བདག་ཁྲོ་རྒྱལ་ཆེན་པོའི་ནུས་མཐུ་རྫོགས༔ གསོར་བ་ཙམ་གྱིས་སྟེང་གདོན་གཟའ་ཡི་ཚོགས༔ གཟིར་མནན་ལས་ལ་འཁོལ་བའི་ནུས་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་མི༔ ཁྲོཾ༔ དུག་ལྔའི་རང་བཞིན་ཀླུ་གདོན་གདུག་པའི་དབལ༔ འཇོམས་བྱེད་ཁྱུང་ཆེན་རིགས་ལྔའི་ངོ་བོ་ཉིད༔ གཉེན་པོ་རྫས་ཀྱི་རིལ་བུ་འདི་བྱིན་པས༔ གདུག་པ་ནཱ་གའི་ཚོགས་རྣམས་ཚར་ཆོད་ཤོག༔ ཁྲོཾ་པཉྩ་ག་རུ་ཌཿཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཕྲིན་ལས་སྟོབས་རྫོགས་བཛྲ་ཀཱི་ལ་ཡའི༔ ཕུར་བུ་འདྲིལ་ཞིང་འདེབས་པའི་དབང་བསྐུར་པས༔ བྱང་ཆུབ་ལམ་གྱི་བར་ཆད་མ་ལུས་ཀུན༔ ཚར་གཅོད་མངོན་སྤྱོད་ལས་ཀུན་གྲུབ་པར་ཤོག༔ ཧཱུྃ་བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མི༔ ཤིས་བརྗོད་དམ་ཚིག་ཁས་བླང་སོགས༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ལྟ་དགོངས་གདིང་ལྡན་སློབ་དཔོན་གྱིས༔ དམ་ཚིག་དག་པའི་སློབ་མ་ལ༔ དབང་འདི་ལན་གཅིག་བསྐུར་པས་ཀྱང༔ བྱང་ཆུབ་སྒྲུབ་པའི་བར་ཆོད་ཀྱི༔ གཡུལ་ལས་རྣམ་པར་རྒྱལ་འགྱུར་ན༔ བསྐྱེད་རྫོགས་ལམ་ལ་བརྩོན་པ་ཡིས༔ དངོས་གྲུབ་ཐོབ་པ་སྨྲོས་ཅི་དགོས༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ དེ་ལྟར་གཉེན་པོ་ལྷ་ལྔའི་ཚོགས༔ གཅིག་འདྲིལ་སྙིང་པོའི་སྒྲུབ་ཐབས་འདི༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ལོ་ཙཱ་ཆེན་པོའི་སྐྱེ་བའི་མཐའ༔ སྐལ་ལྡན་ཁྱོད་ལ་བརྩེ་བས་གདམས༔ གཞན་ལ་མ་སྤེལ་རང་ཉམས་ལོངས༔ མ་འོངས་ཤིན་ཏུ་རྩུབ་འགྱུར་དུས༔ གསང་བ་ཀུན་འཛིན་པདྨའི་བུ༔ ཁྱོད་ཀྱི་མིང་དང་མཐུན་པ་ལ༔ སྙན་བརྒྱུད་བྱིན་རླབས་ཚུལ་དུ་གདམས༔ སྣོད་ལྡན་འགའ་རེའི་དོན་དུ་འགྱུར༔ ས་མ་ཡ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ལོ་ཆེན་བཻ་རོའི་ཐུགས་སྤྲུལ་རིག་འཛིན་མཆོག་ལྡན་མགོན་པོའམ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་བསྩལ་པ་ཉིད། སླད་ཆར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྟོན་ཉིད་ཀྱི་སྐུས་སྙན་བརྒྱུད་དུ་གདམས་ཏེ་གཏན་ལ་ཕབ་ནས་རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་པ་ལྟར། ཁོ་བོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ་ཏེ་བར་ཆད་ཀྱི་འཕྲང་བསལ་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཐོབ་པའོ། །དགེ་ལེགས་འཕེལ།། །།

སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་དབང་གི་ཟུར་རྒྱན་ (Volume 17, Text 30)

སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ལ། དེ་ཡང་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་བབས་སོ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་ཟབ་པ་སྒྲུབ་སྡེ། དེ་ལའང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷའི་སྒྲུབ་ལུགས་ལྔ་དང་འཇིག་རྟེན་པའི་ཚུལ་དུ་སྟོན་པ་གཉིས། ཆ་མཐུན་གཅིག་སྟེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་གྲགས་པ་ལས། ཡེ་ཤེས་ལྷ་ཡི་སྒྲུབ་ལུགས་ཆེན་པོ་ལྔའི་ཡ་གྱལ། སྐུ་མཆོག་འཇམ་དཔལ་དྲག་པོར་སྒྲུབ་པའི་སྐོར་ཡིན། དེ་ལའང་བཀའ་གཏེར་དག་སྣང་གི་ཁྱད་པར་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལས་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་སྟེ། རང་གཞུང་ལས། བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔ སུམ་སྟོང་ཉེ་བར་རྒྱ་གར་ཨོ་རྒྱན་སོགས༔ བསྟན་པའི་རྒྱལ་མཚན་རྩོད་མེད་སེང་གེར་གྲགས༔ ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔ སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབས༔ གཙུག་ལག་ས་བརྟུལ་རབ་གནས་མངའ་གསོལ་བྱས༔ ཆོས་དང་གདམས་པ་བསྟན་སྲུང་དྲག་སྔགས་བཅས༔ སྨོན་ལམ་དབང་གིས་རྗེ་འབངས་རྣམས་ལ་བཤད༔ མ་འོངས་དོན་ཕྱིར་གཏེར་ཁ་དཔག་མེད་སྦས༔ ཁྱད་པར་ལོ་ཙཱ་བཻ་རོ་ཙ་ན་ལ༔ སྙིང་པོའི་བཅུད་མཆོག་གཤིན་རྗེའི་གདམས་པ་བསྟན༔ སྤེལ་བར་མི་བྱ་སྙིང་ལ་གབ་བྱས་ནས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔ འདི་ནི་ཐུགས་ཀྱི་བརྣག་པ་མིན་རེ་ཀན༔ ཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དེ་ཉིད་ཀྱིས། སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་། མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ཏེ་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་བསྩལ་པར་མཛད་པ་ལས། འདི་ནི་བྲག་དམར་དཔལ་གྱི་བསམ་ཡས་མཆིམས་ཕུའི་གསང་ཕུག་ཏུ་བཞུགས་པའི་སྐབས། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་དང་། གྲུབ་པའི་སློབ་དཔོན་ཤཱནྟིཾ་གརྦྷའི་མན་ངག་གི་བཅུད་ཕྱུངས་ཏེ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ། འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་གདམས་པ་མཐའ་དག་མནོག་ཆོས་སུ་བསྩལ་བ། མ་འོངས་ཕྱི་དུས་ཀྱི་བསྟན་པའི་བཙས་སུ་དགོངས་ཏེ་གུ་རུས་ལུང་བསྟན་པ་བཞིན་ཟབ་མོའི་གཏེར་དུ་སྦས་པ་ལས། ཕྱིས་དུས་ལ་བབ་པའི་ཚེ་ལོ་ཙཱ་བ་ཆེན་པོ་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར། གངས་ཅན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་རིག་འཛིན་ཡོངས་ཀྱི་སྤྱི་དཔལ། སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུར་གྱུར་པ། ཆོས་རྒྱལ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། ཡར་ཀླུང་ཤེལ་བྲག་དཔལ་ཆེན་སྒྲུབ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་མེ་ལོང་ལྟ་བུའི་ངོས་ནས་མེ་མོ་ལུག་གི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་དང་བཅས་པས་སྤྱན་འདྲེན་པར་མཛད་དེ། ལུང་ཟིན་རྩ་བའི་ཆོས་བདག་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་པར་འཕྲུལ་པ་རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ལ་བསྩལ་བས་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་དགེ་མཚན་དང་། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། མདོར་ན་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། བདག་གི་ཐུགས་ཀྱི་ཏི་ཀ་མཆོག༔ ཟབ་འདྲིལ་དྲེགས་པ་འཇོམས་བྱེད་འདི༔ སྔོན་ཆད་རྒྱ་དང་བོད་གཉིས་ཀར༔ རླུང་ཕྱོགས་ཙམ་དུ་མ་གྲགས་ཀྱང༔ སྨོན་ལམ་ལས་ཀྱི་འབྲེལ་པ་དང༔ སྣོད་དང་ལྡན་ཕྱིར་བདག་གིས་བཤད༔ མི་སྤེལ་ཉམས་སུ་ལེན་པ་གཅེས༔ གཞན་དུ་སྤེལ་ན་དམ་ཚིག་ཉམས༔ དེས་ན་འདི་ཉིད་སྲ་བའི་གོ༔ ཆོས་མཛད་སྐྱེས་བུ་བསྲུང་བའི་མཁར༔ བདེ་གཤེགས་སྤྱི་དགྲ་སྒྲོལ་བའི་མཚོན༔ ཕས་ཀྱི་རྦོད་གཏོང་བཟློག་པའི་གཤེད༔ འདི་ཡི་སྔགས་དང་བསྲུང་བ་ཙམ༔ གང་གིས་མཐོང་རེག་ཙམ་གྱིས་ཀྱང༔ བདུད་ཚོགས་བ་མོར་ཉི་ཇི་བཞིན༔ དེ་བས་འདི་ལ་ནན་ཏན་མཛོད༔ ཅེས་རྗེས་སུ་བསྔགས་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་དབང་གི་ཆོ་གས་སྣོད་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་བྱེད་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གསུང་འབུམ་ལས་སོ།། །། ༈ དྲེགས་འཇོམས་དབང་ཆོག་དཀྱིལ་འཁོར་མཐོང་བ་བསྟན་པ་ནི། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོར་མངོན་སུམ་དུ་གསལ་བར་བཞུགས་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་རྟོག་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་བའི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་གཞལ་ཡས་ཁང་གི་ནང་དུ། ཡེ་ཤེས་བཞིས་འགྲོ་དོན་ལྷུན་གྱིས་གྲུབ་པའི་བརྡར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་རྡོ་རྗེའི་ར་བའི་མུ་ཁྱུད་དང་བཅས་པ། དེའི་ནང་དུ་རྡོ་རྗེ་གསུམ་གྱིས་ཁམས་གསུམ་སྒྲོལ་བའི་བརྡར་ཐོད་རས་བསྐོར་བའི་ཟླ་གམ་གསུམ་གྱི་ལྟེ་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་ཐར་སྒོ་གསུམ་མཚོན་པའི་བརྡར་ཨེ་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པ་ཅན། དེ་ལྟ་བུའི་གཞལ་ཡས་ཁང་གི་ལྟེ་བར། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། སྦྲུལ་སྡིག་སྦལ་པའི་གཟུགས་དང་དྲེགས་པ་ཆུ་གླང་ཕོ་མོས་བཏེགས་པའི་པད་ཉིའི་གདན་གྱི་སྟེང་དུ། ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོས་གདུག་པ་ཅན་རྣམས་འདུལ་བའི་བརྡར། འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་དྲེགས་པ་འཇོམས་བྱེད། ཤེས་རབ་སྟོང་ཉིད་ཀྱི་རང་རྩལ་སྦྱོར་ཡུམ་བཻ་ཏཱ་ལི་དང་མཉམ་པར་སྦྱོར་བ། ཐུགས་ཉིད་ཞི་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པའི་བརྡར་ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བ་དང་། སྤྱི་བོར་ཀླུ་གདོན་འདུལ་བྱེད་སྤྲུལ་པའི་བྱ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན། རྣམ་ཐར་གསུམ་གྱིས་དུག་གསུམ་སྐུ་གསུང་ཐུགས་སུ་སྦྱོར་བའི་བརྡར་ཟླ་གམ་གསུམ་ལ་འཁོར་ཚེ་འཆི་སྲོག་བདག་གསུམ་དང་། ཚད་མེད་བཞིས་བདུད་བཞི་འདུལ་བའི་བརྡར་རྩིབས་བཞིར་གཤེད་ཆེན་བཞི། ཕྲིན་ལས་བཞིས་མ་རུངས་པའི་དགྲ་བགེགས་སྒྲོལ་བའི་བརྡར་སྒོ་སྐྱོང་གདོང་ཅན་བཞི། གཞན་ཡང་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། ཕྱི་ལྟར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི་ཉིད་ཀྱིས་མཚོན་ཏེ། ནང་ལྟར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་ཡང་དེ་ལྟར་གྲུབ་པ་དང་། གསང་བ་ལྟར་ན་སེམས་ཉིད་ཡེ་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་གདོད་ནས་གྲུབ་པ་སྟེ། དེ་ལྟར་ཕྱི་ནང་གསང་བའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་ཡེ་ཇི་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་སྐྱེད་འཚལ། དེས་དཀྱི་འཁོར་དུ་འཇུག་པའི་བྱ་བ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ།། །།

པདྨ་གསང་བའི་ཐིག་ལེ་ལས། བླ་བླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་ (Volume 63, Text 30)

པདྨ་གསང་བའི་ཐིག་ལེ་ལས། བླ་བླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་བཞུགས་སོ། །ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་བྷྱཿ པདྨ་གསང་བའི་ཐིག་ལེ་དང་འབྲེལ་བར་བླ་བླུ་བྱ་ཚུལ་གཏེར་གཞུང་ཚིག་ཟིན་ལྟར་བསྒྲུབ་པ་ལ། བསྒྲུབ་བྱའི་བླ་རྟེན། ཕོ་ལ་མདའ་དང་། མོ་ལ་འཕང་། བླ་གཡུ། བླ་ནས། བླ་ཕོར་སོགས་བླ་རྟེན་རྣམས་འདུ་བྱས་ལ། ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྒྲུབས་ལ། བཟླས་པ་ཅི་ནུས་བྱས་ཤིང་། ཁྱད་པར་བླ་ཚེ་འགུགས་པའི་ཆེད་དུ་ཉེར་སྤྱོད་སྣ་ཚོགས་བཤམས་ཤིང་། དཀར་གསུམ་ཟས་སྣ་འབྲུ་སྨན་སོགས་བཟང་ཤིང་བསྲེགས་ཏེ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་ལ། ཀྱེ། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །ཉན་རང་བྱང་སེམས་འཕགས་པའི་འཁོར། །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །ཕྲིན་ལས་རྣོ་མྱུར་ཆོས་སྐྱོང་སྡེ། །གཙང་རིས་དཔལ་མགོན་བདུན་ཅུ་ལྔ། །ཕྱོགས་སྐྱོང་འབྱུང་བ་བཞི་ཡི་ལྷ། །སྤར་སྨེ་དར་གུད་ཟླ་ཞག་དུས། །གཟའ་སྐར་ཡུལ་གཞི་གནས་ཀྱི་བདག །མ་ལུས་ལུས་པ་མེད་རྣམས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །སྨན་གཏོར་རཀྟའི་དམ་ཚིག་རྫས། །བདེ་ཆེན་སྦྱོར་བའི་རིག་མ་འབུམ། །སྣང་སྟོང་འཛིན་བྲལ་མཆོད་པའི་ཚོགས། ཁྱད་པར་དྲི་བཟང་སྨན་འབྲུ་ཟས། །བཟང་ཤིང་ཞུགས་སྦར་དུད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མཆོག །རྡོ་རྗེ་བདུག་སྤོས་ལྷ་མོ་འབུམ། །འདོད་ཡོན་མཁོ་དགུ་ཆར་ལྟར་འབེབ། །མི་གཙང་ཉམས་རྒུད་རྨུགས་འཐིབས་བསང་། །རོལ་པས་ཟག་མེད་བདེ་བ་བསྐྱེད། །དགྱེས་པ་ཆེན་པོའི་སྤྲིན་དུ་འབུལ། །བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། །བླ་ཚེ་ཉམས་པ་སོར་ཆུད་ལ། །འཕོ་བཅས་ལས་རླུང་རྒྱུ་བ་ཆོད། །འཕོ་མེད་རྟག་པ་དམ་པའི་ཚེ། །རླུང་སེམས་དྭངས་མའི་ཐིག་ལེར་སྡུས། །མི་འགྱུར་མི་ཤིགས་བརྟན་པར་མཛོད། །ཅེས་པས་མཆོད་ཅིང་། ཤ་ཁྲག་འབྲུ་སྨན་སྦྱར་བའི་གསུར་མཆོད་འབྱུང་པོའི་རྒྱུ་སྲང་སོགས་ལ་བསྲེགས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཁྱབ་པར་བསྔོས་ལ། ཀྱེ། འཇིག་རྟེན་འདས་དང་མ་འདས་པའི། །སྡེ་བརྒྱད་འབྱུང་པོ་ཤ་ཟའི་ཚོགས། །ལོག་འདྲེན་མི་བསྲུན་དྲེགས་པའི་སྡེ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བླ་དང་ཚེ་སྲོག་ལ་བརྐུ་བའི། །གནོད་བྱེད་གདོན་བགེགས་ཐམས་ཅད་ལ། །ཤ་ཁྲག་འབྲུ་སྨན་སྦྱར་པ་ཡི། །བསྲེག་རྫས་འདོད་ཡོན་ལྔ་ལྡན་པ། །འཕྲལ་གྱི་ཟས་གོས་ཉེར་སྤྱད་དང་། །ཡུན་གྱི་མི་ཟད་འདོད་རྒུའི་གཏེར། །ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོ། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་པ་ཁྱེད་ཀྱིས་མ་ནོར་བར། །དགྱེས་པ་ཆེན་པོས་ལོངས་སྤྱད་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བླ་ཚེ་བརྐུས་པ་ཚུར་ལ་གཏོད། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཟོས་པ་སྐྱུགས་ལ་འགྲས་པ་ཞི། །མཁོན་པ་སྡུམས་ལ་བྱང་སེམས་བསྐྱེད། །མཆོད་སྦྱིན་འདི་ཡིས་ཚིམས་གྱིས་ལ། །མ་ཉེ་མ་འཁོར་མ་གནོད་པར། །མཐའ་དམག་གདུག་པར་ཟ་ཁ་གཏོད། །འདི་རུ་མ་འདུག་ཕྱིར་དེངས་ཤིག །ཅེས་དྲག་སྔགས་བརྗོད་ལ་བསྐྲད། དེ་ནས་བླ་འགུགས་དམིགས་བཟླས་ནི། ཧཱུྃ། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། །དེ་ལས་ལྷ་མོ་མགྱོགས་མའི་ཚོགས། །གྲངས་མེད་ཉི་ཟེར་རྡུལ་ཕྲན་ལྟར། །སྟེང་འོག་ཕྱོགས་མཚམས་ཁྱབ་པར་གང་། །རང་དང་བསྒྲུབ་བྱའི་བླ་ཚེ་སྲོག །ཉམས་དང་ཕྲོགས་དང་འཁྱམས་པ་རྣམས། །འོད་ཀྱི་ཐིག་ལེ་ཟེར་ཐག་ཕྲེང་། །ཨ་ནྲྀ་ཧཱུྃ་དང་ཁྱད་པར་དུ། །ནྲྀ་ཡིག་ལྗང་གུའི་རྣམ་པར་བཀུག །བླ་ཚེ་སྲོག་གི་རྟེན་ལ་སྟིམས། །འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག །རྩ་སྔགས་བརྗོད་པའི་ཤམ་བུར། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ལྷོང་ལྷོང་ནྲྀ་ཁུག་ཛ་ཛ༔ ཞེས་བླ་འགུགས་སྔགས་བཟླས་མཐར། སྐབས་སུ་མདའ་དར་གཡབ་ལ་གཞུང་གསལ་ཚེ་འགུགས་ལན་མང་བསྐྱར། ཀྱཻ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་གསུམ་ལྷ་ཡི་བྱིན་རླབས་དང་། །ལྷ་སྔགས་ཕྱག་རྒྱ་བདེན་པའི་མཐུས། །བསྒྲུབ་བྱའི་བླ་ཚེ་བརྐུས་དང་ཕྲོགས། །འཁྱམས་དང་ཡར་པ་ཐམས་ཅད་ཀུན། །བླ་རྟེན་རྣམས་ལ་མྱུར་དུ་ཁུག །ཅེས་པའང་བརྗོད། ཚེ་པྲ་བརྟགས་མཐར། ཚེ་སྦ་བ་ནི། ཨ༔ འབྱུང་ལྔའི་ཁམས་ནས་ཡར་པའི་ཚེ༔ ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔ འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔ གཞོམ་མེད་ཀློང་དུ་ཨ་ཏི་ཧོ༔ ཞེས་དང་དབྱངས་གསལ་རྟེན་སྙིང་བརྗོད་ལ་རྒྱས་གདབ། བསྲུང་བྱར་ཚེ་དབང་བསྐུར་ཞིང་། བླ་རྟེན་རྣམས་གཏད། བཀྲ་ཤིས་བརྗོད་ལ་མཐར་དབྱུང་ངོ་། །དབང་བཅུ་མངའ་བ་རྡོ་རྗེའི་གསུང་། །འཐད་ལྡན་ཚིག་གི་ལམ་དུ་དྲངས། །འདིས་ཀྱང་འཆི་བས་དུབ་པའི་འགྲོ། །འཆི་མེད་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པའང་རིམ་གཉིས་ཟབ་མོའི་རྣལ་འབྱོར་གུ་རུ་ཨཱ་ཡུནྡྲི་དང་བཛྲ་མིང་ཅན་ཟུང་གིས་བསྐུལ་ངོར་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་འདོད་འཇོའི་སྙེ་མ་ (Volume 38, Text 30)

༄༅། །རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་འདོད་འཇོའི་སྙེ་མ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་བསྟན་སྐྱོང་ཕྱིར་བཛྲ་བྷ་ར་ཧི། །ཡེ་ཤེས་མ་མོའི་སྒྱུ་འཕྲུལ་རྡོ་རྗེའི་གར། །སྒྱུར་མཛད་གཡུ་ཡི་སྒྲོན་མ་སྨན་བཙུན་མར། །བཏུད་ནས་གང་དེའི་མཆོད་ཕྲེང་འདིར་གསལ་བྱ། །འདི་ཉིད་མཆོད་པར་འདོད་པས་གཙང་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་བདར་བྱས་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། སྤྱན་གཟིགས་སྣ་ཚོགས་ཀྱིས་མཛེས་པར་བརྒྱན། སྟེགས་བུ་གྲུ་བཞི་པ་དར་རམ་རས་དཀར་པོས་བཀབ་པའི་སྟེང་དུ་འབྲས་སམ་ནས་དཀར་མོའི་པདྨ་འདབ་བཞི་ཚོམ་བུ་ལྔ་ཚོམ་ཅན་གྱི་དབུས་སུ་རྟེན་གཏོར་ཟླུམ་བརྗིད་དཀར་པོ་རང་འདྲའི་འཁོར་གྱིས་བསྐོར་བ་སྐུ་གཟུགས་དང་མདའ་དར་མེ་ལོང་གིས་བརྒྱན་པ་གཟུག །དེའི་མདུན་དུ་མཆོད་གཏོར་དབྱིབས་དེ་དང་འདྲ་བ། གཉིས་ཀའང་དཀར་གསུམ་མངར་གསུམ་སོགས་ཟས་ཕུད་བཟང་པོ་སྣ་ཚོགས་པས་བརྒྱན། མེ་ཏོག་སོགས་ཉེར་སྤྱོད་ལྔ་དང་། ཕྱེ་མར། གསེར་སྐྱེམས། འོ་ཕུད། དྲི་ཞིམ་པོའི་བསང་དུད་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་ཐམས་ཅད་དང་། སྔོན་དུ་ཡི་དམ་ཆོས་སྐྱོང་གི་མཆོད་གཏོར། མཇུག་ཏུ་རྗེས་འབྲང་གཞན་དང་། གཞི་བདག་གཏོར་མ་སོགས་ཚང་ཞིང་བཀོད་པས་མཛེས་པར་བཤམ། རང་ཉིད་གུ་རུའི་ཕྲིན་ལས་ཀྱི་གཞུང་གང་རུང་འབྲེལ་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སོགས་སྐབས་དང་སྦྱར་བ་སྔོན་དུ་འགྲོ་བས། མཆོད་གཏོར་བྱེ་བྲག་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་སྣོད་ཀྱི་ནང་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་རི་བྲག་མཚོ་ཀླུང་ལྗོན་ཤིང་གི་སྐྱེད་མོས་ཚལ་དར་སྣ་ཚོགས་ཀྱི་གུར་ལྡིང་དང་བཅས་པའི་གནས་སུ། ཨོཾ་ལས་བྱུང་བའི་ཁ་ཟས་རོ་བརྒྱ་པ། ལྷའི་ཉེར་སྤྱོད་བཟང་དགུར་སྤེལ་བ། མིའི་ཟས་མཆོག་གཡོས་སུ་སྦྱར་བ། བཟང་ཞིང་གཙང་བ་མཁོ་དགུ་ཚོགས་པ། ལྷ་དང་། མི་དང་། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་རྐྱེན་དུ་འོས་པའི་ཡོ་བྱད་མཛེས་དགུས་ཕྱུག་པ། གཞན་ཡང་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དུ་འོས་པ། སྔགས་རྒྱ་ཏིང་འཛིན་གྱིས་ཁྱད་པར་དུ་བསྒྲུབས་པ། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་ཡུལ་དུས་ཐམས་ཅད་དུ་ཟད་མི་ཤེས་པར་འབྱུང་བ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་རོ་གཅིག་ཏུ་དག་པ་རྣམས་སུ་གྱུར་པར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འཆི་མེད་ཀྱི་དགའ་བའི་ཚལ་ཆེན་པོ་གངས་རི་དང་རིན་པོ་ཆེའི་རྭ་བས་ཀུན་ནས་བསྐོར་བའི་གནས། དཔག་བསམ་ལྗོན་པའི་ཚལ་དང་མེ་ཏོག་སྣ་ཚོགས་ཀྱི་དོ་ར་འཁྲིགས་ཤིང་། གུར་གུམ་དང་རྩྭ་ལྗང་གཞོན་ནུའི་ནེའུ་གསིང་རྒྱས་པ། བདུད་རྩིའི་ཆར་རྒྱུན་ལྷུང་ལྷུང་འབབ་ཅིང་རྒྱ་མཚོ་འཁྱིལ་བའི་དབུས་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པའི་ངོ་མཚར་གྱིས་འཕགས་པའི་ནང་ན། རིན་པོ་ཆེའི་ཁྲི་སྟན་བཟང་ཞིང་བཀོད་ལེགས་པའི་སྟེང་དུ་སྨན་བཙུན་ཆེན་པོ་རྡོ་རྗེ་གཡུའི་སྒྲོན་མ་སྐུ་མདོག་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པའི་ལང་ཚོ་ཅན། ནུ་འབུར་ཟུང་གིས་བརྗིད་ཅིང་རྐེད་སྐབས་ཕྲ་བ་འཆི་མེད་བུ་མོ་གཞོན་ནུའི་འཇོ་སྒེག་ཅན། གནག་སྣུམ་ལྕང་ལོ་སིལ་བུ་རྒྱབ་ཏུ་འཕྱང་ཞིང་ལྷག་མ་བཙུག་ཏུ་བཅིངས་པ། དར་དཀར་གྱི་ཐོད་ནོར་བུའི་རྩེ་བྲན་གྱིས་སྤུད་པ། དར་དཀར་པོ་གསེར་གྱི་ཐིག་ཕྲན་ཅན་གྱི་སྟོད་གཡོགས་དང་སྨད་དཀྲིས་གསོལ་ཞིང་། གསེར་གཡུ་བཻ་ཌཱུརྻ་སོགས་ནོར་བུའི་དབུ་རྒྱན་རྣ་ཆ་གདུ་བུ་མགུལ་རྒྱན་དཔུང་རྒྱན་རྣམས་ཀྱིས་སྤྲས་ཤིང་། མུ་ཏིག་གི་དོ་ཤལ་དང་རིན་པོ་ཆེའི་སྐ་རགས་བཅིངས་པ། མཛེས་སྡུག་མཚུངས་པ་མེད་པའི་ཚུལ་ཅན། གཡས་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང། གཡོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན་པ་བརྐྱང་བསྐུམ་རོལ་པའི་འཇོ་སྒེག་ངོམ་ཞིང་བཞེངས་སྟབས་སུ་བཞུགས་པ། དེའི་ཕྱོགས་བཞིར་སྨན་མོ་མཆེད་བཞི་རྒྱན་ཆ་ལུགས་གཙོ་མོ་ལྟ་བུས་འདུད་ཅིང་བསྐོར་བ། གཞན་ཡང་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་ལྷ་སྨན་འབུམ་སྡེའི་ཚོགས་དང་། ལྷ་ཀླུ་དྲི་ཟ་གནོད་སྦྱིན་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བཀའ་ནོད་ཅིང་ཕྲིན་ལས་འདོད་རྒུར་བསྒྱུར་བས་ཡོངས་སུ་གང་བར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷ་གནས་གངས་རིའི་རྭ་བ། སྤྲིན་དཀར་དག་པའི་ཕོ་བྲང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྨན་བཙུན་གཡུ་ཡི་སྒྲོན་མ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་སྦྱར་བའི་དབྱངས་སྙན་པོས། ཀྱཻ། ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་ལས། །འགག་མེད་རྣམ་རོལ་ཌཱ་ཀི་ནཱི། །ཡེ་ཤེས་མ་མོ་ལྷན་ཅིག་སྐྱེས། །སྤྲུལ་པའི་གར་གྱིས་གཤེགས་སུ་གསོལ། །གནས་མཆོག་ཨོ་རྒྱན་སྤྲུལ་པའི་ཞིང་། །རྒྱ་གར་རྒྱ་ནག་བལ་བོད་ཀྱི། །དབེན་གནས་ཆོས་འཁོར་གར་བཞུགས་ནས། །དགྱེས་ཤིང་བརྩེ་བས་གཤེགས་སུ་གསོལ། ཁྱད་པར་གངས་ཅན་རྩེ་ལྔའི་རི། །ནགས་ཚལ་མེ་ཏོག་ཐོད་བཅིངས་ཅན། །དཀར་ཕྱོགས་སྲུང་མ་འདུ་བའི་ཞིང་། །གསང་མཆོག་དངོས་གྲུབ་འབྱུང་བའི་གནས། །དགྱེས་ཤིང་བཞུགས་པའི་ཞིང་ཀུན་ནས། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །ཀུན་སྣང་སྤྲུལ་སྐུའི་སྒྱུ་འཕྲུལ་གྱིས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །སྨན་བཙུན་ཆེན་མོ་མཆེད་ལྔ་དང་། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྨན་ཕྲན་འབུམ་ཕྲག་དུ་མར་བཅས། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གཤེགས། །ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། པཉྩ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲང་། ཀྱེ། མ་གཅིག་ལྷ་མོ་གཡུ་སྒྲོན་མ། །འདིར་བྱོན་དམ་ཚིག་རྟེན་ལ་བཞུགས། །ཡེ་ཤེས་ཌཱ་ཀི་རང་རིག་རྟེན། །གཉིས་མེད་གཉུག་མའི་སྟན་ལ་བཞུགས། །རིག་འཛིན་མ་མོ་ནང་གི་རྟེན། །རྩ་རླུང་ཐིག་ལེའི་སྟན་ལ་བཞུགས། །སྤྲུལ་པའི་མ་མོ་མཆོད་སྦྱིན་རྟེན། །རྣམ་སྤྲུལ་རིན་ཆེན་སྟན་ལ་བཞུགས། །བཛྲ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། ཀྱེ། རང་རིག་རང་གསལ་སྨན་བཙུན་ལྷ། ཁམས་ལྔ་བདེ་ཆེན་དབྱིངས་སུ་འདྲེས། །གཉིས་མེད་མཉམ་པར་ཕྱག་བགྱིད་ན། །བླང་དོར་མེད་པའི་དབྱིངས་སུ་རོལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཀྱེ། སྣ་ཚོགས་སྣང་བ་རིག་པའི་རྩལ། །ཅིར་ཡང་འཆར་བ་སྒྱུ་མའི་དངོས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །མཆོད་སྤྲིན་འདོད་ཡོན་བཞེད་དགུར་སྤེལ། །དྭངས་བསིལ་ཨརྒྷཾ་ཞབས་བཀྲུའི་རྫིང་། །མཛེས་པའི་མེ་ཏོག་སྤོས་སྤྲིན་གཏིབས། །སྣང་གསལ་མར་མེ་དྲི་ཆབ་ཀླུང་། །རོ་བརྒྱའི་ཞལ་ཟས་རོལ་མོ་འབུལ། །འཆི་མེད་བདུད་རྩི་རཀྟའི་བཅུད། །བ་ལིཾ་བཟའ་བཅའ་བཏུང་བའི་ཚོགས། །མ་ཚང་མེད་པའི་འདོད་ཡོན་ལྔ། །མཐུན་པའི་ལོངས་སྤྱོད་རྐྱེན་དུ་འབུལ། །འཇོ་སྒེག་གར་དང་སྙོམས་འཇུག་རོ། །འཁོར་གསུམ་བདེ་བ་ཆེན་པོར་ཤར། །སྣ་ཚོགས་འདོད་ཡོན་སེམས་ཀྱི་རྒྱན། །དྭངས་མ་མི་ཤིགས་དབྱིངས་སུ་རོལ། །བཟང་དགུའི་སྤྱན་གཟིགས་ནམ་མཁའ་གང་། །མཁོ་དགུའི་ལོངས་སྤྱོད་རྒྱ་མཚོར་བསྐྱིལ། །བཞེད་དགུའི་མཆོད་པར་ལྷུན་གྱིས་གྲུབ། །ཀུན་ཏུ་ཚིམ་ཞིང་དགྱེས་པར་མཛོད། །ཨོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་བཱ་ར་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ཞེས་མཆོད། ཀྱེ། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་ཀུན་མཁྱེན་གྱི་གསུང་དང་། ཨོཾ། ཀ་དག་སྤྲོས་བྲལ་ཆོས་སྐུའི་གཤིས། །མ་འགགས་གསལ་གདངས་ཉམས་བརྒྱའི་དཔྱིད། །རྣམ་རོལ་སྤྲུལ་སྐུའི་ཆོ་འཕྲུལ་རྩལ། །ཆུ་ཟླའི་གར་བཞིན་སྟོན་ལ་བསྟོད། །ཡེ་ཤེས་ལྔ་ཡི་རང་བཞིན་ལས། །རིག་འཛིན་ཌཱ་ཀི་ལྔར་དག་ཀྱང་། །སངས་རྒྱས་བསྟན་པ་སྐྱོང་བའི་ཕྱིར། །ཆོ་འཕྲུལ་ཅིར་ཡང་སྟོན་ལ་བསྟོད། །དཀར་གསལ་ཡིད་འོང་གཞོན་ཚུལ་ཅན། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས། །སྨན་བཙུན་གཡུ་སྒྲོན་མ་ལ་བསྟོད། །ཕྱག་གཡས་འདོད་སྟེར་རིན་ཆེན་དང་། །གཡོན་པས་དངུལ་དཀར་མེ་ལོང་འཛིན། །རང་འདྲའི་འཁོར་ཚོགས་སྨན་མོ་བཞི། །གཙོ་དང་འཁོར་དུ་བཅས་ལ་བསྟོད། །བརྟན་མ་བཅུ་གཉིས་ཁྱེད་ཀྱི་འཁོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉ་བྲན། །འཇིག་རྟེན་དྲེགས་ལྡན་ཡོངས་ཀྱི་རྗེ། །མཐུ་སྟོབས་ཐོགས་མེད་ཁྱེད་ལ་བསྟོད། །ངོ་བོ་རྒྱལ་ཡུམ་ལྷན་ཅིག་སྐྱེས། །རང་བཞིན་རིགས་ལྔའི་མཁའ་འགྲོར་ཤར། །ཐུགས་རྗེའི་རྣམ་རོལ་སྨན་བཙུན་ལ། །མཆོད་ཅིང་བསྟོད་དོ་དམ་ཚིག་དགོངས། །ཞེས་དང་། ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མནྡྷཱ་ར། །དཔག་མེད་ལྷ་ཡིས་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཇི་ལྟར་བདག་གི་བསམ་པ་བཞིན། །འདོད་དགུའི་རེ་བ་འགྲུབ་པར་མཛོད། །ཅེས་པའང་ཀུན་མཁྱེན་གྱི་གསུང་ངོ་། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྨན་བཙུན་མའི་ཐུགས་རྒྱུད་བསྐུལ་དགྱེས་པ་བསྐྱེད་ཅིང་འདོད་པའི་ཕྲིན་ལས་ཐོགས་མེད་བསྒྲུབ་པར་བསམ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། ཞེས་བཟླས་པ་བྱ་ཞིང་མཐར་གཏོར་མ་འབུལ་བ་དང་བསྟོད་པའང་བྱའོ། །སྐབས་འགར་གསེར་སྐྱེམས་ཀྱི་ཕུད་གཏོར་བྱ་བར་འདོད་ན། གསེར་དངུལ་ལ་སོགས་པའི་ཞལ་བུར་ཞལ་ཟས་སྣ་ཚོགས་པ་སྨན་ཕུད་ཀྱིས་བྲན་པ་ནམ་མཁའ་མཛོད་ཀྱི་རིག་པས་རྒྱ་ཆེར་སྤེལ་ལ། ཨོཾ་མཆོད་དོ། །ཕུད་ཐམས་ཅད་ཀྱི་མངའ་བདག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྣམ་རོལ་ཡེ་ཤེས་ཀྱི་ཌཱ་ཀི་ལྔར་སྣང་བའི་སྤྲུལ་པ་རྡོ་རྗེ་གཡུའི་སྒྲོན་མ་འཁོར་དང་བཅས་པ་རྣམས་ལ། ཕྱི་འདོད་ཡོན་ལྔ་དང་ལྡན་པའི་གསེར་སྐྱེམས་གཙང་མའི་མཆོད་པ། མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས་མཛེས་ཤིང་། དགྱེས་པའི་གསོས་སྨན་དུ་སྦྱར་བ། ནང་ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱས་བཞེད་དགུར་སྤེལ་བ། གསང་བ་འཁོར་གསུམ་ཡོངས་སུ་དག་པ་བདེ་བ་ཆེན་པོའི་རོལ་མོར་སྤེལ་བ་འདིས་གཉིས་སུ་མེད་པར་ཚིམ་ཞིང་དགྱེས་པར་གྱུར་ཅིག །ཟད་མི་ཤེས་པའི་རོ་མཆོག་དམ་པ་འདིས་ལྗགས་ཀྱི་པདྨ་བརྟས། མགུལ་གྱི་བུམ་པ་བརླན། སྐུ་ཡི་རྒྱལ་མཚན་སིམ། ཐུགས་ཀྱི་དཔལ་བེའུ་དགྱེས་པ་རབ་ཀྱི་མཐར་ཕྱིན། མཉེས་པ་རབ་ཀྱི་ཕུལ་དུ་ཕྱིན་ཏེ། ཀུན་བཟང་རྡོ་རྗེ་སེམས་དཔའ། སློབ་དཔོན་པདྨ་འབྱུང་གནས། ཉང་བན་ཏིང་འཛིན་བཟང་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། གསང་བདག་ཕྲིན་ལས་ལྷུན་གྲུབ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པའི་གཡར་དམ་གཉན་པོ་རྗེས་སུ་དགོངས་ལ། བདག་ཅག་འཁོར་དང་བཅས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བསམ་ཞིང་དོན་དུ་གཉེར་བ་ཐམས་ཅད་སྒྲུབས། ཕྲིན་ལས་རྣམ་བཞིའི་སྟོངས་གྲོགས་མཛོད། གནས་སྐབས་སུ་ཚེ་སྲིངས། དཔལ་སྐྱེད། ལོངས་སྤྱོད་སྤེལ། དགོས་དགུ་སྒྲུབས། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། སྔུན་ནས་བསུ་བ། ཕྱི་ནས་སྐྱེལ་མ་མཛོད་ཅིག །ནད་གདོན་བར་ཆད་སོལ། འགྲོ་ན་ལམ་སྣ་དྲོངས། སྡོད་ན་གྲོགས་གྱིས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། བླ་མའི་དགོངས་པ་སྒྲུབས། བསྟན་པ་སྤྱི་དང་བྱེ་བྲག་གི་གཉེར་ཁ་མ་གཡེལ། བཅོལ་པའི་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་ཕུད་གཏོར་ཞིང་མགྲོན་གཞན་དགོས་ནའང་དེ་དང་མཐུན་པར་སྦྱོར། མཐའ་གཏོར་མ་བསྐྱོད་ནས་སླར་ཡང་བྱིན་གྱིས་བརླབས་ནས། ཀྱེ། སྟོང་ཉིད་དབྱིངས་ཡུམ་བྷ་ར་ཧི། །བདེ་ཆེན་ཉམས་བརྒྱའི་སྒྱུ་འཕྲུལ་གར། །རྡོ་རྗེ་མཁའ་འགྲོ་གཡུ་སྒྲོན་མ། །འཁོར་བཅས་འདིར་གཤེགས་བདག་ལ་དགོངས། །ཆོས་ཁྲིམས་བསྟན་པའི་སྔ་རབས་ལ། །ཀུན་བཟང་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དེ་འོག་བསྟན་པའི་བར་མ་ལ། །རིག་འཛིན་པདྨའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དེ་འོག་ཉང་བན་ཆེན་པོ་སོགས། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དམ་བཅས་བཞིན་དུ་ལྷ་ཁྱོད་ཀྱིས། །རྒྱ་མ་ལྕོགས་ལའི་བྲག་ཁུང་དུ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ། །རིགས་བདག་བླ་མས་ལུང་བསྟན་ནས། །སྙིང་ཐིག་བསྟན་པའི་ཆོས་བདག་ཏུ། །ཟབ་མོའི་རྟེན་འབྲེལ་ཐོག་མར་བསྒྲིགས། །མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ། །ཟབ་རྒྱས་ཆོས་འཁོར་བསྐོར་བ་དང། །གངས་རི་ཨོ་རྒྱན་རྫོང་གནས་སུ། །ཟབ་དོན་སྤེལ་བར་རྗེས་སུ་བསྐུལ། །གསང་ཆེན་རྫོགས་པ་ཆེན་པོ་ཡི། །བསྟན་དང་དེ་འཛིན་སྐྱོང་བ་ལ། །གཡེལ་བ་མེད་པའི་དམ་ཚིག་རྣམས། །དེ་རིང་བདག་གིས་བསྐུལ་ལགས་སོ། །ཀྱེ། དམ་རྫས་རྒྱན་གྱི་གཏོར་མ་དང་། །མཐུན་པའི་ལོངས་སྤྱོད་སྣ་ཚོགས་ཀྱིས། །གསོལ་ལོ་མཆོད་དོ་སྨན་བཙུན་མ། །དགྱེས་ཤིང་ཚིམས་པར་གྱུར་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བུ་གཅིག་པ་ཡི་མ་བཞིན་དགོངས། །ཕུ་ནུ་སྲིང་གཅིག་ཇི་བཞིན་དང་། །མཛའ་ཞིང་ཡིད་གཅུགས་གཉེན་བཞིན་དུ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། །འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་སྤེལ། །ཕྱི་ནང་འགལ་རྐྱེན་བར་ཆད་སོལ། །ཆོས་དང་སྲིད་ཀྱི་རིགས་བརྒྱུད་སྤེལ། །ཚེ་སྲོག་མི་འགྱུར་ཀ་བ་ཚུགས། །ཕུན་ཚོགས་དཔལ་འབྱོར་རྒྱས་པ་དང་། །སྲིད་གསུམ་དབང་དུ་བསྡུ་བར་མཛོད། །ཉམས་པའི་བདུད་དགྲ་ཐལ་བར་རློགས། །ཐེག་མཆོག་བསྟན་པའི་སྙིང་པོ་འདིའི། །བཤད་སྒྲུབ་ཕྱོགས་དུས་ཐམས་ཅད་དུ། །དར་ཞིང་རྒྱས་ལ་སྨིན་པ་སོགས། །ཇི་ལྟར་བསྒོ་བའི་ལས་རྣམས་ཀུན། །སྐད་ཅིག་ཙམ་ལ་བསྒྲུབས་ནས་ཀྱང་། །འདོད་པའི་དོན་ལ་གཉེར་གཏད་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྐུལ་ཞིང་གཏོར་མ་གཙང་སར་ཕུལ། གཏང་རག་གི་མཆོད་བསྟོད་ནོངས་པ་བཤགས། ནང་དང་གསང་བའི་ཌཱ་ཀི་དབྱིངས་སུ་གཤེགས། སྤྲུལ་པའི་གཟུགས་བརྙན་རྣམས་སོ་སོའི་རྟེན་ལ་གཤེགས། སྒྲུབ་རྫས་དཔལ་བཤོས་སོགས་དངོས་གྲུབ་ཀྱི་དོན་དུ་ལོངས་སྤྱད་ཅིང་ཤིས་བརྗོད་དགའ་སྟོན་གྱིས་ཁྱབ་པར་བྱའོ། །ནང་གསང་གི་སྒྲུབ་ཐབས་དང་། རྫོགས་རིམ་མན་ངག་སོགས་ནི་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ། །བླ་མེད་དངོས་གྲུབ་བསྒྲུབ་ལ་མྱུར་བདེའི་སྐྱེས། །མ་ཚང་མེད་འབྱུང་བསྟན་སྲུང་གཡུ་སྒྲོན་མའི། །ཕྲིན་ལས་ཕྱི་སྒྲུབ་གཞུང་གི་རྗེས་འགྲོ་བ། །འདི་ཡིས་གསང་ཆེན་བསྟན་པ་རྒྱས་བྱེད་ཤོག །སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་ཀུན་མཁྱེན་ཆེན་པོས་མཛད་པའི་སྒྲུབ་ཐབས་ཟླ་བ་འདོད་འཇོའི་ཕྱི་སྒྲུབ་ལ་གཞི་བྱས། སྐབས་སུ་བབས་པའི་ཚིག་གིས་ཕྲེང་བས་མི་འགལ་བར་བརྒྱན་པ་འདི་ནི། ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་ལ་མི་འཕྲོག་པའི་དད་པ་དང་ལྡན་པས་ལྷ་འདི་ལ་མོས་པ་དགེ་སློང་བློ་གསལ་རྒྱ་མཚོས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

བཀའ་རྫོགས་པ་ཆེན་པོ་པདྨ་ཡོངས་གྲོལ་ལས༔ རྩ་གསུམ་བསང་མཆོད་དགོས་འདོད་ཀུན་འབྱུང་བདུད་རྩིའི་བུམ་པ་གཞི་བདག་བསང་མཆོད་སློབ་དཔོན་གྱིས་བཀའ་བསྩལ་ལྟར་བཻ་རོ་ཙ་ནས་མཛད་པ་ (Volume 43, Text 30)

ྈ བཀའ་རྫོགས་པ་ཆེན་པོ་པདྨ་ཡོངས་གྲོལ་ལས༔ རྩ་གསུམ་བསང་མཆོད་དགོས་འདོད་ཀུན་འབྱུང་བདུད་རྩིའི་བུམ་པ་གཞི་བདག་བསང་མཆོད་སློབ་དཔོན་གྱིས་བཀའ་བསྩལ་ལྟར་བཻ་རོ་ཙ་ནས་མཛད་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བྷྱ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད༔ མ་འོངས་ལྔ་བརྒྱ་དུས་ངན་དུས༔ འདྲེ་སྲིན་གདུག་རྩུབ་རབ་འཁྲུགས་ནས༔ རྒྱལ་བའི་བཀའ་ཉམས་ནད་མཚོན་མུ་གེ་དང༔ བདེན་རྫུན་ཤན་མི་དབྱེ་ཞིང་ཀུན་རྫོབ་ཆོས་ལ་དགའ༔ དུས་ངན་མི་བདེ་སྣ་ཚོགས་དར་བའི་དུས༔ ཞི་བྱེད་ཡུལ་བསང་རྣམས་བཅས་འདིར་བཀོད་དོ༔ ས་མ་ཡ༔ དེ་ལ་ཡར་ཚེས་སྐར་བཟང་དུས་བཟང་ལ༔ གཞི་དཀར་དྲྭ་བའི་མིག་མང་རིས༔ ནས་ཀྱི་ཚོམ་བུ་གང་ལེགས་བཀོད༔ ཕྱེ་མར་དར་ཚོན་སྣ་ལྔ་དང༔ བཤོས་ཕྲན་གང་འཛོམ་དམར་དང་དཀར༔ ཇ་ཆང་ཕྱི་ནང་མཆོད་ཡོན་དང༔ གཡག་ལུག་རྟ་མཛོ་ནོར་བུ་སོགས༔ གཟུགས་འགྲོས་གང་འཛོམ་གང་མང་བྱ༔ རྔ་སོགས་འབུད་དུང་རོལ་མོ་དང༔ བག་དྲོ་རྒྱན་ལྡན་སྙན་པའི་དབྱངས༔ ལྷ་རྣམས་སྤྱན་དྲངས་བསང་བར་བྱ༔ ཞེས་པས་དེ་ལ་དང་པོ་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ན་མོ༔ སྔོན་གྱི་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེང་ནས་ཇི་སྲིད་འཇིག་རྟེན་མ་སྟོངས་བར༔ མ་གྲོལ་དགྲོལ་ཞིང་མ་བརྒལ་བསྒྲལ༔ སེམས་ཅན་བདག་གིས་བསྒྲལ་བར་བྱ༔ བླ་མེད་འཇུག་པར་སེམས་བསྐྱེད་དོ༔ གཉིས་པ་རང་ཉིད་བྱིན་བརླབ་པ་ནི༔ པདྨ་འབྱུང་གནས་ཀྱི་ཕྱག་རྒྱ་བྱས་ལ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ པཾ་ལས་པདྨ༔ ཨ་ལས་ཟླ་བའི་སྟེང་དུ༔ རང་གི་རིག་པའི་ངོ་བོ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་གཅིག་ཏུ་གྱུར༔ ཧྲཱིཿལས་འོད་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་འོད་དུ་ཞུ་བ་ལས༔ བདག་ཉིད་སྐད་ཅིག་གིས་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས༔ འོད་དང་འོད་ཟེར་འཕྲོ་ཞིང་འཛུམ་མདངས་བཞད༔ དབུ་ལ་པད་ཞུ་མཐོན་མཐིང་ཉི་ཟླས་བརྒྱན༔ འདབ་ལྡན་འཛུམ་མདངས་དམར་ལ་དབུས་མཐིང་བརྗིད༔ ཁ་དོག་ལྔ་ལྡན་དར་གྱི་ཅོད་པན་འཕུར༔ སྡེ་སྣོད་གསུམ་ལྡན་ཆོས་གོས་དམར༔ ཐེག་པ་ཀུན་རྫོགས་ཟབ་བེར་སྦྲགས་མ་གསོལ༔ ཚུལ་ཁྲིམས་གསུམ་ལྡན་རྡོ་རྗེའི་སྐུ་རེག་བཅིངས༔ རིན་ཆེན་རྒྱན་ལྡན་ནོར་བུའི་མགུལ་རྒྱན་ལེགས༔ རྡོ་རྗེ་ཐོད་པ་ཟུང་འཇུག་བརྡ་ཡི་ཚུལ༔ ཁ་ཊྭཱཾ་གཡོན་བཀལ་དྲི་མེད་མེ་ལོང་བརྒྱན༔ བླ་མ་རིན་ཆེན་སྐྱིལ་ཀྲུང་གཟི་བརྗིད་ལྡན༔ མདངས་རྒྱས་གཞོན་ཚུལ་རྒྱལ་བའི་དཀྱིལ་འཁོར་རྒྱས༔ གནས་གསུམ་ཐིག་ལེ་འབྲུ་གསུམ་གསལ་བར་བསྒོམ༔ ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུ་ཐམས་ཅད་ནས༔ རྒྱལ་བ་སྲས་བཅས་བླ་མའི་རྣམ་པར་སྤྱན་དྲངས་ཤིག༔ གུ་རུ་སརྦ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་མེད་སྤྱན་དྲངས་རང་ལ་བསྟིམ༔ དེ་ནས་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི༔ སྭ་བྷཱ་བའི་སྔགས་ཀྱིས་སྦྱང༔ སྟོང་པའི་ངང་ལས་བསང་གཞི་དཀར་ལ་དབྱིབས་ཟླུམ་པ་གླིང་བཞིའི་བཀོད་པ་དང་ལྡན་པའི་དབུས་སུ་གླང་པོ་ཆེ་ནོར་བུ་ལ་སོགས་རྒྱལ་སྲིད་སྣ་བདུན་དང༔ རྟ་མཛོ་གཡག་ལུག་ལ་སོགས་འཇིག་རྟེན་གྱི་དཀོར་ནོར་སྣ་ཚོགས་དང༔ གསེར་དངུལ་གཡུ་མཚལ་ལ་སོགས་རིན་ཆེན་གྱི་རྫས་སྣ་སྲིད་ཚད༔ མེ་ཏོག་བདུག་སྤོས་ལ་སོགས་འདོད་ཡོན་ལྔ༔ ཤ་ལྔ་བདུད་རྩི་ལྔ་ཁྲག་ཆེན་ལྔ་ལ་སོགས་སྨན་རཀ་གི་མཆོད་པ་སོགས༔ གོ་མཚོན་དར་སྣ་ཚོགས་སྤྱན་གཟིགས་མཆོད་ཡོན་དང༔ ཆང་དང་ཤིང་ལ་སོགས་ངོམས་པའི་བདེ་ཟས་དང༔ ཕྱེ་མར་འོལ་སྐོམ་ལ་སོགས་མངར་བའི་ཟས༔ སྣ་ཚོགས་དགོས་འདོད་བདེ་བའི་མཆོད་ཡོན་རྣམས༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པ༔ ཉེས་སྐྱོན་སྦྱོང་བྱེད་ཡིག་འབྲུ་གསུམ་འཕྲོས་སོ༔ རཾ་ཡཾ་ཁཾ༔ འདི་གསུམ་འདོད་ཆགས་གཏི་མུག་བདག་འཛིན་དུག་གསུམ་སྦྱང༔ རཾ་ཡཾ་ཁཾ༔ རཾ་འཕྲོས་མཆོད་རྫས་ཉེས་སྐྱོན་བསྲེག་པར་གྱུར༔ བསྡུས་པས་སྣང་མཐའ་གོས་དཀར་མཆོད་ཡོན་གྱུར༔ ཡཾ་འཕྲོས་མཆོད་རྫས་འཛིན་པའི་བག་ཆགས་གཏོར༔ བསྡུས་པས་དོན་གྲུབ་དམ་ཚིག་རྒྱས་གྱུར་ཅིག༔ ཁཾ་འཕྲོས་མཆོད་རྫས་བརྣབས་པའི་ཉེས་སྐྱོན་བཀྲུ་བར་གྱུར༔ བསྡུས་པས་རྡོར་སེམས་སྤྱན་མའི་ཟབ་གསང་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་གསུམ་བྱིན་རླབས་ཕུན་སུམ་ཚོགས༔ ཨོཾ་འཕྲོས་སྐུ་ཡི་ནུས་པ་གཟུགས་དང་ལྡན༔ འདུས་པས་རྒྱལ་བའི་སྐུ་ཡི་དཀྱིལ་འཁོར་མཉེས༔ ཨཱཿའཕྲོས་གསུང་གི་ནུས་པ་རོ་ལྡན་གྱུར༔ འདུས་པས་རྒྱལ་བའི་གསུང་གི་དཀྱིལ་འཁོར་མཉེས༔ ཧཱུྃ་འཕྲོས་ཐུགས་ཀྱི་ནུས་པ་སྣ་ཚོགས་སྤེལ༔ འདུས་པས་རྒྱལ་བའི་ཐུགས་ཀྱི་དཀྱིལ་འཁོར་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་སྦྱང༔ དེ་ནས་མདུན་བསང་ཁང་གི་མེ་ཐབ་བསྐྱེད་པ་ནི༔ དེ་ལ་དང་པོ་གྲོང་པའི་ཆོས་ཀྱིས་མ་གོས་པའི་ལག་ཏུ་མེ་ཐོགས་ཤིང་བསང་ཁང་ལ་གཡས་སྐོར་གསུམ༔ གཡོན་སྐོར་གསུམ་བྱ་ཞིང་མདུན་ནས་ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ཤིང་མེ་སྦར་བར་བྱའོ༔ དེ་ལ་སྭ་བྷཱ་བའི་སྔགས་ཀྱིས་སྦྱང༔ སྟོང་པའི་ངང་དུ༔ ཧཱུྃ་ལས་ནམ་མཁའ་སྟོང་པ་ཨེ་ཡི་དབུས༔ སུཾ་ལས་རིན་ཆེན་གསེར་གྱི་ས་གཞིའི་དབུས༔ བྷྲཱུྃ་ལས་བསང་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ༔ གྲུ་བཞི་སྒོ་བཞི་པ༔ རྟ་བབས་བང་རིམ་གྱིས་མཚན་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་ལྟར་གྱི་སྟེང་དུ༔ རཾ་ལས་མེ་ཁ་དོག་ལྔ་འབར་བའི་དབུས་སུ༔ རཾ་ལས་རཾ་དམར་ནག་སུམ་བརྩེགས་ཀྱིས་མཚན་པ་ལས༔ དྲང་སྲོང་མེ་ལྷའི་རྒྱལ་པོ༔ སྐུ་མདོག་དམར་སྐྱ་ཞལ་བཞི་ཕྱག་བརྒྱད༔ དབུ་སྐྲ་ཁ་དོག་ལྔ་སྤྱི་བོར་འཁྱིལ་བ༔ ཤར་གྱི་གདོང་ཞལ་དཀར་པོ་ཞི་བ༔ ལྷོ་ཡི་གདོང་ཞལ་སེར་པོ་རྒྱས་པ༔ ནུབ་ཀྱི་གདོང་ཞལ་དམར་པོ་དབང༔ བྱང་གི་གདོང་ཞལ་མཐིང་ནག་དྲག་པོ༔ ཕྱག་བརྒྱད་དང་པོ་གཉིས་ཀྱིས་རྡོ་རྗེ༔ དེ་འོག་གཉིས་ཀྱིས་ཁ་ཊྭཱཾ་དང་ཀ་པཱ་ལ༔ དེ་འོག་གཉིས་ཀྱིས་མེ་དང་ལྕགས་ཀྱུ༔ དེ་འོག་གཉིས་ཀྱིས་རལ་གྲི་དང་ཕྲེང་བ་བསྣམས་པ༔ སྐུ་སྨད་མེ་དཔུང་དུ་འབར་ཞིང་སྐུ་གཟི་བརྗིད་དང་ལྡན་པར་བསྒོམ་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ རང་བཞིན་གྱི་གནས་ནས་དྲང་སྲོང་མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས༔ རཾ་ཙིཏྟ་ཧྲཱིཾ་ཧྲཱིཾ༔ ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་གཉིས་མེད་གྱུར༔ ཅེས་ཕྱེ་མར་སོགས་མཆོད་ཅིང་བསྟོད་པ་ལ༔ ཧཱུྃ༔ ཡེ་ཤེས་མེ་ལྷ་འཁོར་བཅས་ལ༔ ཨརྒྷཾ་མེ་ཏོག་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པ༔ ཕྱེ་མར་འོལ་སྐོམ་ཤ་ཁྲག་ཆང༔ རོལ་མོ་སྤྱན་གཟིགས་དུ་མས་མཆོད༔ འགྲོ་བའི་དོན་མཛད་དྲང་སྲོང་གཟུགས༔ བདག་གཞན་དོན་བརྩོན་ངང་ལ་བཞུགས༔ རྒྱལ་བ་མཉེས་མཛད་གཟི་བརྗིད་ལྡན༔ ཚངས་སྲས་མགོན་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བིདྱ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ རྒྱལ་བ་དྲང་སྲོང་ཐུགས་དམ་བསྐང༔ མེ་ཡི་གཟི་བརྗིད་ཐུགས་དམ་བསྐང༔ བདག་ལ་དགོས་པའི་དུས་བྱུང་ལ༔ རྒྱལ་བའི་བཞུགས་གནས་ཕོ་བྲང་སྩོལ༔ ཡེ་ཤེས་ཁྱེད་ནི་རབ་བརྟེན་ནོ༔ ས་མ་ཡ༔ དེ་ནས་མདུན་བསྐྱེད་ལ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ༔ སེང་གེ་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདན་སྟེང་དུ༔ སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བར་བསྒོམ༔ དེའི་གཡས་སུ་མགོན་པོ་འཇམ་དཔལ་དབྱངས་ལ་སྐུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མགྲོན་གྱིས་བསྐོར་བར་བསྒོམ༔ གཡོན་དུ་བླ་མ་སྤྱན་རས་གཟིགས་དབང་ལ་གསུང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་བསྒོམ༔ རྒྱབ་ཏུ་གསང་བདག་ཕྱག་ན་རྡོ་རྗེ་ལ་ཐུགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་བསྒོམ༔ མདུན་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་མ་རྒྱུད་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྐོར་བར་བསྒོམ༔ སྟེང་དུ་རྒྱལ་སྲས་པདྨ་འབྱུང་གནས་ལ་བཀའ་བརྒྱུད་རིག་འཛིན་སྲས་བརྒྱུད་ཀྱིས་བསྐོར་བར་བསྒོམ༔ འོག་ཏུ་མགོན་པོ་མ་ནིང་ལྕམ་དྲལ་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བར་བསྒོམ༔ དེའི་ཕྱི་འཁོར་དུ་གཞི་བདག་གཉུག་མར་གནས་པ་རྣམས་ཁྲོམ་ལྟར་དུ་བསྒོམ༔ དེའི་ཕྱི་ཁྱམས་ལ་རིགས་དྲུག་གི་སེམས་ཅན་དང་བགེགས་རིགས་ལན་ཆགས་མགྲོན་ཐམས་ཅད་བུ་ཡུག་གཏིབས་པ་ལྟར་དུ་གསལ་བ་རྣམས་ཀྱི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་པས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས༔ བཛྲ་ས་མ་ཡ་ཛཿཛ༔ རོལ་མོ་དཀྲོལ་ཞིང་བ་དན་གཡབ༔ སྤྱན་གཟིགས་འཇོག་ལ་སྤྱན་འདྲེན་ལ༔ རྣལ་འབྱོར་པ་རྣམས་བསང་ཁང་ལ་བསྐོར་ཞིང་འདི་སྐད་དོ༔ ཧཱུྃ༔ མཁའ་དབྱིངས་ཕྱོགས་བཞི་མཚམས་བརྒྱད་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ མཆོག་གསུམ་རྒྱལ་བའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཨོ་རྒྱན་དུར་ཁྲོད་གནས་ཡུལ་ནས༔ མ་མོ་མཁའ་འགྲོ་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་དཀྱིལ་འཁོར་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ གནས་དང་ཉེ་བའི་ཕོ་བྲང་ནས༔ གཞི་བདག་གཞི་སྲུང་གཤེགས་སུ་གསོལ༔ སྙིང་རྗེ་ཚད་མེད་དཀྱིལ་འཁོར་འདིར༔ རིགས་དྲུག་སེམས་ཅན་འཁོད་གྱུར་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་ཛཿཛ༔ ཨཱ་རལླི་ཕེཾ་ཕེཾ༔ ཙིཏྟ་ཧྲཱིཾ་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་སྤྱན་གཟིགས་རྣམས་འབུལ་བའི་ཚུལ་དུ་འཇོག་ལ་གདན་འབུལ་ལ༔ ཧཱུྃ༔ སྟོང་གསུམ་ཀུན་དང་མཉམ་པ་ཡི༔ པདྨ་འདབ་བརྒྱད་གེ་སར་བཅས༔ བདེ་ཞིང་ཡངས་པ་འབུལ་ལགས་ན༔ ཅི་སྲིད་འགྲོ་བའི་དོན་སླད་དུ༔ དགྱེས་པར་མཛོད་ལ་བརྟན་པར་བཞུགས༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་རོལ་མོ་དབྱངས་གར་སྣ་ཚོགས་བྱེད་ཅིང་བསང་བ་ལ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བསང་གི་རྒྱུ་ནི་ཇི་ལྟར་སྲིད༔ སྐྱེ་མེད་སྤྲོས་བྲལ་སྟོང་པ་ལ༔ འགག་མེད་འཁོར་ལོས་སྒྱུར་རྒྱལ་ཤར༔ ནམ་མཁའ་སྔོ་བསངས་དག་པ་ལ༔ གླང་ཆེན་སྤྲིན་ནག་ཚོགས་གྱུར་པས༔ ས་ལ་གློག་ཆུང་ལྡེམས་སེ་ལྡེམ༔ བར་སྣང་འབྲུག་ཆུང་ལྡི་རི་རི༔ སྟོང་གསུམ་ཀུན་ནས་དྲི་མཆོག་འབྱུང་གྱུར་པས༔ སྤོས་བཟང་དག་པའི་མཁའ་ལ་ཆར་སྤྲིན་འཁྲིགས༔ ཡིད་བཞིན་རེ་སྐོང་དཔག་བསམ་ལྗོན་ཤིང་དང༔ གཡུ་ལོ་འབར་བའི་ཤུག་པ་དང༔ དུང་ལོ་འབར་བའི་མཁན་ཤིང་དང༔ ལྡེམ་ལྕམ་སྦ་ཤིང་སྨྱུག་ཤིང་དང༔ ངད་ལྡན་སྤོས་དཀར་ཨ་ཀ་རུ༔ ཤིང་སྨན་བདུན་གྱི་དུ་བ་དང༔ འདོད་ཡོན་མཆོད་པ་ཐམས་ཅད་ཀྱིས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས༔ རྒྱལ་བ་དགོངས་པའི་བརྒྱུད་པ་བསང༔ གྲགས་ལྡན་པདྨ་གར་དབང་དང༔ ཤྲཱི་སིཾ་ཧ་པདྨ་འབྱུང་གནས་སོགས༔ རིག་འཛིན་བརྡ་ཡི་བརྒྱུད་པ་བསང༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ པདྨ་སཾ་བྷ་བཻ་རོ་ཙ་ན་སོགས༔ རྫོགས་ཆེན་བརྒྱུད་པའི་བླ་མ་བསང༔ རྡོ་རྗེ་འཆང་ཆེན་ཨིནྡྲ་བོ་དྷི་དང༔ ནཱ་གརྫུ་ན་རྒྱལ་བ་མཆོག་དབྱངས་སོགས༔ སྒྱུ་འཕྲུལ་བརྒྱུད་པའི་བླ་མ་བསང༔ འཇམ་དཔལ་གཞོན་ནུ་སློབ་དཔོན་བཤེས་གཉེན་དང༔ རོ་ལངས་བདེ་བ་ནམ་མཁའི་སྙིང་པོ་སོགས༔ རྒྱུ་འབྲས་བརྒྱུད་པའི་བླ་མ་བསང༔ རྟ་མགྲིན་རྒྱལ་པོ་ནཱ་གརྫུ་ན་དང༔ སྤྲུལ་སྐུ་པདྨ་ལ་སོགས་པའི༔ གསུང་གི་བརྒྱུད་པའི་བླ་མ་བསང༔ ཕྱག་ན་རྡོ་རྗེ་སྤྲུལ་པའི་ཁྲོ་རྒྱལ་དང༔ ཧཱུྃ་ཆེན་ཀཱ་ར་སྙིང་པོ་རྡོ་རྗེ་དང༔ ཐུགས་ཀྱི་བརྒྱུད་པའི་བླ་མ་བསང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སངས་རྒྱས་གསང་བ་དང༔ རྡོ་རྗེ་ཐོད་ཕྲེང་ཕྱག་ཆེན་བརྒྱུད་པ་སོགས༔ ཡོན་ཏན་བརྒྱུད་པའི་བླ་མ་བསང༔ རྡོ་རྗེ་ཁྲོ་བོ་བི་མ་མི་ཏྲ་དང༔ ལེགས་གསང་ཀུ་མ་རཱ་ཙ་སོགས༔ ཕྲིན་ལས་བརྒྱུད་པའི་བླ་མ་བསང༔ རྡོ་རྗེ་ཕག་མོ་ཉི་མ་དངོས་གྲུབ་དང༔ སེང་གེའི་གདོང་ཅན་རྡོ་རྗེ་པདྨ་རྩལ༔ མ་རྒྱུད་དབང་བསྐུར་བླ་མ་བསང༔ ཚེ་དཔག་མེད་དང་པདྨ་འབྱུང་གནས་པ༔ མནྡཱ་ར་བ་ནམ་མཁའི་སྙིང་པོ་སོགས༔ འཆི་མེད་ཚེ་ཡི་བརྒྱུད་པ་བསང༔ མར་མེ་མཛད་དང་ཤཱཀ་ཐུབ་དང༔ བྱམས་པ་མགོན་པོ་ལ་སོགས་པ༔ སངས་རྒྱས་སྟོན་པའི་གཙོ་བོ་བསང༔ ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་དྲུག༔ གསང་སྔགས་བླ་མེད་རྒྱུད་ལུང་མན་ངག་བཅས༔ དམ་ཆོས་འདྲེན་པའི་ལམ་མཆོག་བསང༔ གནས་བརྟན་རབ་འབྱོར་ཉེ་སྲས་བརྒྱད༔ གདུང་སེལ་བྷ་ར་དྷྭ་ཛ་སོགས༔ དགེ་འདུན་སྐྱོབ་པའི་བསྟན་པ་བསང༔ སློབ་དཔོན་ཐོགས་མེད་ཨིནྡྲ་བོ་དྷི་དང༔ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ གྲུབ་ཆེན་བརྒྱ་དང་རྩ་བརྒྱད་བསང༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ པདྨ་འབྱུང་གནས་མཚོ་རྒྱལ་སོགས༔ རྩ་བརྒྱུད་བླ་མ་ཐམས་ཅད་བསང༔ དེ་ལྟར་རྩ་བརྒྱུད་བླ་མ་བསང༔ དེ་ནས་ཡི་དམ་ལྷ་ཚོགས་བསང་ལ༔ སྐུ་གསུང་ཐུགས་དང་རྒྱལ་བའི་སྤྲུལ༔ ཀུན་གཞི་མ་བཅོས་ངང་ནས་བསང་ཅེས་པས༔ དེ་ལ་དང་པོ་སྤྱན་གཟིགས་མཆོད་ཅིང་རོལ་མོ་དབྱངས་སྣ་ཚོགས་གར་ཕྱག་རྒྱ་བྱས་ལ་འདི་སྐད་དོ༔ ཧཱུྃ༔ གསང་བ་འདུས་པ་ལ་སོགས་པ༔ ཕ་རྒྱུད་ལྷ་ཚོགས་ཐམས་ཅད་བསང༔ མ་ཧཱ་མ་ཡ་ལ་སོགས་པ༔ མ་རྒྱུད་ལྷ་ཚོགས་ཐམས་ཅད་བསང༔ བདེ་མཆོག་ཀྱེ་རྡོར་ལ་སོགས་པ༔ གཉིས་མེད་ལྷ་ཚོགས་ཐམས་ཅད་བསང༔ རྡོ་རྗེ་སེམས་དཔའ་ལ་སོགས་པ༔ ཞི་བའི་ལྷ་ཚོགས་ཐམས་ཅད་བསང༔ ཆེ་མཆོག་ཁྲག་འཐུང་ལ་སོགས་པའི༔ ཁྲོ་བོའི་ལྷ་ཚོགས་ཐམས་ཅད་བསང༔ ཆེ་མཆོག་ཀུན་བཟང་ལ་སོགས་པའི༔ རིགས་ལྔ་ཁྲོ་རྒྱལ་ལྷ་ཚོགས་བསང༔ མཐིང་ནག་ཨེ་ཡི་གཞལ་ཡས་ནས༔ གཤིན་རྗེ་སྐུ་ཡི་ལྷ་ཚོགས་བསང༔ དམར་ནག་གྲུ་གསུམ་ཕོ་བྲང་ནས༔ རྟ་མགྲིན་གསུང་གི་ལྷ་ཚོགས་བསང༔ མཐིང་ནག་གྲུ་གསུམ་འབར་བའི་ཕོ་བྲང་ནས༔ བཛྲ་ཐུགས་ཀྱི་ལྷ་ཚོགས་བསང༔ ལྗང་ནག་གཏུམ་དྲག་རྔམ་པའི་ཕོ་བྲང་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་བསང༔ བསྐལ་པ་མེ་ལྟར་འབར་བའི་ཕོ་བྲང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་བསང༔ ཉོན་མོངས་དུག་ལྔ་འཁྲུགས་པའི་ཕོ་བྲང་ནས༔ ཚེ་མཆོག་མ་མོའི་ལྷ་ཚོགས་བསང༔ ཤ་ཁྲག་ཀིཾ་རུས་འཁྲུགས་པའི་ཕོ་བྲང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བསང༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕོ་བྲང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་བསང༔ རིགས་བཞི་དཀྱིལ་འཁོར་འདུས་པའི་ཕོ་བྲང་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་བསང༔ རང་ལུས་རྒྱལ་བའི་ཕོ་བྲང་ནས༔ བཅོས་ལྡན་ཞི་ཁྲོའི་ལྷ་ཚོགས་བསང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ རིག་འཛིན་ཐོད་ཕྲེང་ལྷ་ཚོགས་བསང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བླ་མ་མཚན་བརྒྱད་བདེ་ཡུམ་བསང༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་ཕོ་བྲང་ནས༔ གུ་རུ་དྲག་པོའི་ལྷ་ཚོགས་བསང༔ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་བ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་བསང༔ བསང་ཡང་ཡི་དམ་ལྷ་ཚོགས་བསང༔ ཞི་ཡང་ནད་གདོན་ཞི་བར་མཛོད༔ མཆོད་དོ་ཡི་དམ་ལྷ་ཚོགས་མཆོད༔ ཞི་ཡང་མི་ནད་ཕྱུགས་ནད་ཞི༔ རྒྱས་ཀྱང་ཚེ་དབང་ལོངས་སྤྱོད་རྒྱས༔ བསྡུས་ཀྱང་ལྷ་འདྲེ་མི་གསུམ་སྡུས༔ བརླག་ཀྱང་གནོད་བྱེད་དགྲ་བགེགས་རློགས༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཅེས་མཆོད་ཅིང་བསང༔ དེ་ནས་མཁའ་འགྲོ་ཕྲིན་ལས་མྱུར་འགྲུབ་བསང་ཆོག་བདེ་བ་སྤེལ་བྱེད་ྀཨཚ༔ དེ་ལ་མཁའ་འགྲོ་བསང་བ་ལ༔ གནས་དང་ཡུལ་གྱི་མཁའ་འགྲོ་དང༔ མ་མོ་མ་ཡམས་ལ་མཆོད་པ་ཅི་འབྱོར་འབུལ། འདི་སྐད་དོ༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་ནས༔ ཡེ་ཤེས་རྡོ་རྗེ་ཕག་མོ་བསང༔ སྐུ་མཆོག་མཐིང་ནག་ཨེ་ཡི་ཀློང་དཀྱིལ་ནས༔ སྐུ་ཡི་རྡོ་རྗེ་ཕག་མོ་བསང༔ དམར་ནག་གདུལ་བྱ་རྒྱས་པའི་ཕོ་བྲང་ནས༔ གསུང་གི་རྡོ་རྗེ་ཕག་མོ་བསང༔ ལྗང་ནག་གཏུམ་པའི་ཕོ་བྲང་ནས༔ ཐུགས་ཀྱི་རྡོ་རྗེ་ཕག་མོ་བསང༔ རྡོ་རྗེ་མཁའ་འགྲོ་ལ་སོགས་པའི༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་བསང༔ ཁྲོས་མ་ནག་མོ་ལ་སོགས་པའི༔ ཀྲོ་ཏི་ཁྲོ་མོའི་ལྷ་ཚོགས་བསང༔ མཁའ་འགྲོ་སེང་གདོང་ལ་སོགས་པའི༔ ཡང་སྤྲུལ་མཁའ་འགྲོ་ཐམས་ཅད་བསང༔ རྡོ་རྗེ་རབ་བརྟན་ལ་སོགས་པའི༔ དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་བསང༔ རྣལ་འབྱོར་ཆང་འཐུང་ལ་སོགས་པའི༔ རྣལ་འབྱོར་མཁའ་འགྲོ་ཐམས་ཅད་བསང༔ ཆུ་ལྷ་རླུང་ལྷ་ལ་སོགས་པའི༔ འབྱུང་བ་ལྔ་ཡི་ལྷ་ཚོགས་བསང༔ ཕག་གདོང་སེང་གདོང་ལ་སོགས་པའི༔ དབང་ཕྱུག་མགོ་བརྙན་ཕྲ་མེན་བསང༔ སྲོག་བདག་དབུགས་བདག་ལ་སོགས་པའི༔ ཤུགས་འགྲོ་ལས་ཀྱི་མཁའ་འགྲོ་བསང༔ ཨེ་ཀ་ཙཱ་ཏི་ལ་སོགས་པའི༔ མ་མོ་མ་ཡམས་ཐམས་ཅད་བསང༔ ཁྲག་བདག་སྲོག་བདག་ལ་སོགས་པའི༔ གསོད་བྱེད་འཇིག་རྟེན་མཁའ་འགྲོ་བསང༔ ཨོ་རྒྱན་ཡུལ་ལ་སོགས་པ་ཡི༔ སུམ་ཅུ་རྩ་གཉིས་མཁའ་འགྲོ་བསང༔ ཨོ་ཏན་པྲེ་ཏ་ལ་སོགས་པའི༔ ཉི་ཤུ་རྩ་བཞིའི་མཁའ་འགྲོ་བསང༔ བསིལ་བ་ཚལ་ལ་སོགས་པ་ཡི༔ དུར་ཁྲོད་མཁའ་འགྲོ་ཐམས་ཅད་བསང༔ རྡོ་རྗེ་ཀུན་གྲགས་ལ་སོགས་པའི༔ འཇིག་རྟེན་མཁའ་འགྲོའི་བྲན་རྣམས་བསང༔ དཀྱིལ་འཁོར་གྲལ་ལ་གནས་པ་བསང༔ མུ་རན་སྐྱོང་བའི་མཁའ་འགྲོ་བསང༔ ཨརྒྷཾ་དམ་ལ་གནས་པ་བསང༔ ཕྱེ་མར་འོལ་སྐོམ་ཞལ་བཞེས་བསང༔ མདའ་དར་སྤྱན་གཟིགས་ཞལ་བཞེས་བསང༔ ཤ་ཁྲག་དམར་ལ་ཞལ་བཞེས་བསང༔ ཀྱེ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོ་རྣམས༔ དེ་རིང་གནམ་ལ་སྐར་མ་བཟང༔ བར་སྣང་སེར་བུ་དེ་རིང་འཇམ༔ ས་ལ་དུས་གྲངས་དེ་རིང་བཟང༔ བཀྲ་ཤིས་ཕུན་སུམ་ཚོགས་པའི་དུས༔ ཡེ་ཤེས་མཁའ་འགྲོ་ད་བསང་ངོ༔ ནད་གདོན་གནོད་པ་ཞི་གྱུར་ཅིག༔ གཏི་མུག་ལས་ངན་གྲིབ་ངན་བྱང༔ མི་ནད་ཕྱུགས་ནད་མེད་པར་མཛོད༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སེམས་ཅན་བདེ་ལེགས་རབ་རྒྱས་ཤོག༔ ཅེས་བསང་ངོ༔ དེ་ནས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བསང༔ ཕྱི་ནང་གི་མཆོད་ཡོན་དང༔ གཡབ་དར་ལ་སོགས་སྤྱན་གཟིགས་གང་འབྱོར་འབུལ་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཀའ་གསང་དམ་ཚིག་ཕོ་བྲང་ནས༔ ཆོས་སྐྱོང་སྲུང་མ་འཁོར་བཅས་བསང༔ ཨུ་ཙ་ལ་ཡི་ཕོ་བྲང་ནས༔ ཆོས་སྐྱོང་མགོན་པོ་མ་ནིང་བསང༔ གཡོག་འཁོར་ཕོ་ཉ་དྲེགས་པ་བསང༔ ཡང་འཁོར་ཆོས་སྐྱོང་ཕོ་རྒྱུད་བསང༔ སྐུ་ཡི་མགོན་པོ་སྟག་ཞོན་བསང༔ གསུང་གི་མགོན་པོ་བིང་དམར་བསང༔ ཐུགས་ཀྱི་མགོན་པོ་གྲི་གུག་བསང༔ ཡོན་ཏན་མགོན་པོ་སེང་ཞོན་བསང༔ ཕྲིན་ལས་མགོན་པོ་ཏྲཀྴད་བསང༔ དམ་ཚིག་མགོན་པོ་ཐོད་ཕྲེང་བསང༔ ཡེ་ཤེས་མགོན་པོ་འཁོར་བཅས་བསང༔ འཇིག་རྟེན་མགོན་པོ་འཁོར་བཅས་བསང༔ གཙང་རིས་མགོན་པོ་འཁོར་བཅས་བསང༔ ཨརྒྷཾ་མགོན་པོ་འཁོར་བཅས་བསང༔ མུ་རན་མགོན་པོ་འཁོར་བཅས་བསང༔ སྔགས་སྲུང་མགོན་པོ་འཁོར་བཅས་བསང༔ རྟག་ཆགས་མགོན་པོ་འཁོར་བཅས་བསང༔ མྱུར་མགྱོགས་མགོན་པོ་འཁོར་བཅས་བསང༔ ཆོས་སྐྱོང་སྡེ་བརྒྱད་ཐམས་ཅད་བསང༔ བྷྱོ༔ ཡུམ་ཆེན་ལྷ་མོ་རེ་ཏི་བསང༔ མཆེད་ལྕམ་མ་མོ་སྡེ་བརྒྱད་བསང༔ ཆོས་སྐྱོང་མོ་རྒྱུད་ཐམས་ཅད་བསང༔ སྐུ་གསུང་ཐུགས་ཀྱི་མ་མོ་བསང༔ ཡོན་ཏན་ཕྲིན་ལས་མ་མོ་བསང༔ ཕྱི་སྲུང་ནང་སྲུང་མ་མོ་བསང༔ ཡེ་ཤེས་མ་མོ་འཁོར་བཅས་བསང༔ དམ་ཚིག་མ་མོ་འཁོར་བཅས༴ འཇིག་རྟེན་མ་མོ་འཁོར་བཅས༴ ཤ་ཟན་མ་མོ་འཁོར་བཅས༴ ཁྲག་འཐུང་མ་མོ་འཁོར་བཅས༴ སྲོག་བདག་མ་མོ་འཁོར་བཅས༴ ཚེ་ལེན་མ་མོ་འཁོར་བཅས༴ དབུགས་བདག་མ་མོ་འཁོར་བཅས༴ ནད་བདག་མ་མོ་འཁོར་བཅས་བསང༔ ཡམས་བདག་མ་མོ་འཁོར་བཅས་བསང༔ ཀྱེ༔ བསང་ཡང་ཆོས་སྐྱོང་སྡེ་བརྒྱད་བསང༔ ཞི་ཡང་ནད་གདོན་བར་ཆད་ཞི་བར་མཛོད༔ བསྲུང་ཡང་སངས་རྒྱས་བསྟན་པ་སྲུངས༔ མཆོད་ཀྱང་ཆོས་སྐྱོང་སྲུང་མ་མཆོད༔ བསྒྲུབ་ཀྱང་རྣལ་འབྱོར་ཕྲིན་ལས་སྒྲུབས༔ ཟས་སུ་སངས་རྒྱས་བསྟན་དགྲ་ཟོ༔ བསྐུལ་ལོ་དགྲ་བགེགས་སྟེང་དུ་སྐུལ༔ ཆོས་སྐྱོང་སྲུང་མ་མཉེས་གྱུར་ཅིག༔ ཅེས་མཆོད༔ དེ་ནས་དཔལ་ཞིང་སྐྱོང་སེང་གདོང་གི་གསོལ་ཁ་ྀཨཚ༔ དེ་ལ་དམར་གཏོར་ཁྲག་དང་ཞག་གིས་བརྒྱན་པ་འབུལ་ཞིང༔ དར་ནག་གཡབ་ལ་འདི་སྐད་དོ༔ ཧཱུྃ༔ ཕོ་བྲང་མཁའ་སྤྱོད་དཔལ་གྱི་ཙ་རི་ནས༔ དཔལ་མགོན་སེང་གདོང་དྲག་ཤུལ་ཅན༔ བདུད་ཀྱི་དམག་ཚོགས་སྐུ་སྐྱོད་ཅིག༔ མདོག་ནག་འཇིགས་གཟུགས་སེང་གེའི་གདོང༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དམར་ཁྲག་འདྲ་གྱེན་ཐུར་བགྲད༔ ཞལ་ནས་ཁྲག་གི་ཁ་ཆུ་འཛག༔ གཡུ་རལ་སེང་ཆུང་སྐར་ལྟར་འཁྲུགས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་གཉིས་རུ་དར་དམར་གཏོར་བསྣམས༔ བདུད་དམག་གཡབ་ཅིང་དམ་ཅན་སྡུད༔ བདུད་རྟ་དམར་ནག་རླུང་གཤོག་འཆིབ༔ ཡང་འཁོར་དྲེགས་པ་སྡེ་བརྒྱད་འགྱེད༔ གུང་གཉིས་མེ་རླུང་དཀྱིལ་ནས་འགྲིམ༔ བམ་རོ་ཕོ་མོ་སྤྱི་གཙུག་ས་ལ་འགྲོ༔ འདིར་གཤེགས་ནག་པོ་སེང་གེའི་གདོང༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྡིག་ཅན་བསྟན་པའི་དགྲ་བོ་འདི༔ ད་ལྟ་ཉིད་དུ་ཆམ་ལ་ཕོབ༔ བྷྱོ༔ ཡུམ་ཆེན་བདུད་མོ་སེང་གདོང་མ༔ རབ་འཇིགས་དམར་ནག་སྲིན་མོའི་གཟུགས༔ ཞལ་གདངས་ལྗགས་འདྲིལ་སྤྱན་རྩ་དམར༔ སྤྱན་བགྲད་ཁྲག་རལ་ཁྲོ་ཆུང་འགྱེད༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་གཡས་དགྲ་སཏྭ་ཁ་ཊྭཱཾ་བསྣམས༔ དམ་ཉམས་དགྲ་བོའི་ཙིཏྟ་གཡོན༔ དགྲ་ཡི་དོན་སྙིང་ཞལ་དུ་གསོལ༔ བདུད་རྟ་དམར་ནག་རླུང་གཤོག་འཆིབ༔ ཁྲག་གི་རྦ་ཀློང་དཀྱིལ་ནས་བཞེངས༔ རྣལ་འབྱོར་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ བདུད་མགོན་ཡབ་ཡུམ་དམག་གི་ཚོགས༔ ལས་མཁན་མཐུ་ཆེན་ཕོ་མོ་དང༔ བཀའ་སྡོད་སྡེ་བརྒྱད་ཚོགས་དང་བཅས༔ བདུད་དམག་དྲེགས་པའི་དམག་ཚོགས་བསང༔ ལས་སུ་སངས་རྒྱས་བསྟན་དགྲ་སོད༔ ཟས་སུ་དགྲ་བོའི་ཤ་ལ་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུངས༔ ཕྲིན་ལས་མངོན་སྤྱོད་དྲག་པོ་མཛོད༔ ཧཱུྃ༔ བསང་ཡང་ཀུན་དགའ་གཞོན་ནུ་བསང༔ བསྐུལ་ལོ་བསྐུལ་ལོ་ཕྲིན་ལས་སྒྲུབས༔ བསང་ཡང་ཡུམ་ཆེན་སེང་གདོང་བསང༔ བསྐུལ་ལོ་བསྐུལ་ལོ་ཕྲིན་ལས་སྒྲུབས༔ སངས་རྒྱས་བསྟན་པ་རྒྱས་པར་མཛོད༔ ཅེས་མཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟའ་བདུད་བཙན་གསུམ་གྱི་གསོལ་ཁ་ལ༔ ར་གསུར་སོགས་བཏང་ཞིང་སྤྱན་གཟིགས་འབུལ་ལ་འདི་སྐད་དོ༔ ཧྲཱི༔ ང་ནི་པདྨ་འབྱུང་གནས་ཡིན༔ ཉོན་ཅིག་ལྷ་སྲིན་དྲེགས་པའི་ཚོགས༔ འདིར་གཤེགས་མཆོད་གཏོར་འདི་བཞེས་ལ༔ ཅི་ལྟར་བསྒོ་བའི་ཕྲིན་ལས་མཛོད༔ ཧྲཱི༔ མཆོག་གསུམ་འདུས་པའི་ཕོ་བྲང་ནས༔ གསང་བདག་ཁྱབ་འཇུག་ཡབ་ཡུམ་སྲས་དང་འཁོར༔ མིང་སྲིང་སྲས་འཁོར་སྡེ་བརྒྱད་བསང༔ གནས་དང་གཙུག་ལག་སྦས་གནས་ནས༔ གིང་ཆེན་སྡེ་བཞི་སྲས་འཁོར་སྡེ་བརྒྱད་བསང༔ གླང་མ་ལུང་གི་སྦས་གནས་ནས༔ བདུད་རྗེ་འབར་བ་སྲས་འཁོར་སྡེ་བརྒྱད་བསང༔ ཧཱུྃ་ཧྲཱི༔ དྲང་སྲོང་གཟའ་མཆོག་ཁྱེད་བསང་ངོ༔ ཀིང་ཀང་ནད་ཡམས་དགྲ་ལ་ཕོབ༔ སྐུ་ཡི་གིང་བཙན་དཀར་པོ་བསང༔ སྨྱོ་འབོག་བརྒྱལ་ནད་དགྲ་ལ་ཐོངས༔ གསུང་གི་གིང་བཙན་ཁྲ་བོ་བསང༔ མ་མོའི་ཁྲག་ནད་དགྲ་ལ་ཐོངས༔ ཐུགས་ཀྱི་གིང་བཙན་མགར་ནག་བསང༔ བཙན་ཁྲོས་ཐེའུ་རང་དགྲ་ལ་ཐོངས༔ ཆོ་འཕྲུལ་ལྟས་ངན་དགྲ་ལ་ཐོངས༔ གཏེར་བདག་བདུད་རྗེ་འབར་བ་བསང༔ བདུད་ཀྱི་ཞགས་བསྒྱུར་དགྲ་ལ་ཐོངས༔ སངས་རྒྱས་བསྟན་དགྲ་མེད་པར་མཛོད༔ ཅེས་པས་མཆོད་ཅིང་བསང་བར་བྱ༔ དེ་ནས་ཡུལ་ལྷ་གཞི་བདག་བསང་བ་ལ༔ ཡུལ་ལྷ་དང་མཐུན་པའི་མཆོད་པ་འབུལ་ལ་འདི་སྐད་དོ༔ ཀྱེ༔ ཡིད་འོང་སྤྲུལ་པའི་ལྷ་སྲུང་རྣམས༔ འདིར་གཤེགས་རྣལ་འབྱོར་སྤྱན་འདྲེན་བྱོན༔ ལྷ་དབང་བརྒྱ་བྱིན་ལ་སོགས་པ༔ ལྷ་ཆེན་བརྒྱད་པོ་འཁོར་བཅས་བསང༔ གཉན་ཆེན་དྷེ་བ་ལ་སོགས་པ༔ བར་སྣང་གནས་པའི་གཉན་རྣམས་བསང༔ ས་བདག་དབང་ཆེན་ལ་སོགས་པའི༔ ས་ལ་གནས་པའི་ས་བདག་བསང༔ ཡུལ་འཁོར་སྲུང་ལ་སོགས་པ་ཡི༔ རྒྱལ་པོ་ཆེན་པོ་སྡེ་བཞི་བསང༔ དགའ་བོ་ཉེ་དགའ་ལ་སོགས་པའི༔ ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསང༔ རྣམ་ཐོས་སྲས་ལ་སོགས་པ་ཡི༔ ནོར་ལྷ་བརྒྱད་པོ་འཁོར་བཅས་བསང༔ རཱ་ཧུ་ལ་ལ་སོགས་པ་ཡི༔ གཟའ་ཆེན་བརྒྱད་པོ་འཁོར་བཅས་བསང༔ སྐར་མ་སྨིན་དྲུག་ལ་སོགས་པའི༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསང༔ རྗེ་བློན་བཅུ་གཉིས་ལ་སོགས་པའི༔ ལོ་ཡི་ས་བདག་ཐམས་ཅད་བསང༔ གྲོལ་བུམ་ལྷ་ལྔ་ལ་སོགས་པའི༔ ཟླ་བའི་བདག་པོ་ཐམས་ཅད་བསང༔ པི་ལིང་འཕར་མ་ལ་སོགས་པའི༔ ཞག་གི་བདག་པོ་ཐམས་ཅད་བསང༔ ཉུལ་ལེ་བཅུ་གཉིས་ལ་སོགས་པའི༔ དུས་ཚོད་བདག་པོ་ཐམས་ཅད་བསང༔ རི་པོ་ཏ་ལ་སོགས་པ་ཡི༔ རི་བོ་རྣམས་ལ་གནས་པ་བསང༔ ཆུ་བོ་གང་གཱ་ལ་སོགས་པ༔ ཆུ་བོ་རྣམས་ལ་གནས་པ་བསང༔ རྡོ་རྗེ་གདན་ལ་སོགས་པ་ཡི༔ རྒྱ་གར་ཡུལ་གྱི་ས་བདག་བསང༔ དྷ་ན་མདངས་ལྡན་ལ་སོགས་པ༔ ཨོ་རྒྱན་ཡུལ་གྱི་ས་བདག་བསང༔ ལང་ཀ་པུ་རི་ལ་སོགས་པ༔ སྲིན་པོའི་ཡུལ་ལ་གནས་པ་བསང༔ ཟངས་མདོག་ཀེཾ་རུས་ལ་སོགས་པའི༔ གླིང་ཕྲན་རྣམས་ལ་གནས་པ་བསང༔ འཛམ་བུ་གླིང་ལ་སོགས་པ་ཡི༔ གླིང་ཆེན་རྣམས་ལ་གནས་པ་བསང༔ ལྷ་ས་བསམ་ཡས་ལ་སོགས་པའི༔ བོད་ཡུལ་གཙུག་ལག་སྲུང་མ་བསང༔ རྡོ་རྗེ་ལེགས་པ་ལ་སོགས་པ༔ བོད་ཡུལ་གནས་མཆོག་སྲུང་མ་བསང༔ ཏི་སེ་ཙ་རི་ལ་སོགས་པ༔ བོད་ཡུལ་གནས་མཆོག་སྲུང་མ་བསང༔ འཇམ་དཔལ་ཤིང་ཀུན་ལ་སོགས་པ༔ བལ་ཡུལ་གནས་པ་ཐམས་ཅད་བསང༔ ཐང་ལྷ་ཡར་ཞུར་ལ་སོགས་པའི༔ གཙང་གི་ས་བདག་ཐམས་ཅད་བསང༔ གང་བ་བཟང་པོ་ལ་སོགས་པའི༔ གནོད་སྦྱིན་ནོར་གྱི་སྲུང་མ་བསང༔ ཡར་ལྷ་ཤམ་པོ་ལ་སོགས་པའི༔ དབུས་ཀྱི་ས་བདག་ཐམས་ཅད་བསང༔ ཀོང་བཙུན་དེ་མོ་ལ་སོགས་པའི༔ ཀོང་ཡུལ་གནས་པ་ཐམས་ཅད་བསང༔ འོད་དེ་གུང་རྒྱལ་ལ་སོགས་པའི༔ ཉང་དྭགས་གནས་པའིགཞི་བདག་བསང༔ འབྲོག་ཆེན་འཁོར་འདུལ་ལ་སོགས་པའི༔ བརྟན་མ་བཅུ་གཉིས་འཁོར་བཅས་བསང༔ དབྲེ་མཚོ་ཕྱུག་མོ་ལ་སོགས་པའི༔ བྱང་གི་མཚོ་སྨན་ཐམས་ཅད་བསང༔ རྨ་རི་རབ་འབྱམས་ལ་སོགས་པའི༔ རྨ་ཁམས་ས་བདག་ཐམས་ཅད་བསང༔ ཧོར་ཤ་རྒྱལ་བ་ལ་སོགས་པའི༔ ཧོར་ཡུལ་ས་བདག་ཐམས་ཅད་བསང༔ གཟེ་ཡི་དམག་ཡོ་ལ་སོགས་པའི༔ ཅི་ཡི་ས་བདག་ཐམས་ཅད་བསང༔ གཙང་གཉན་སྨྲི་ཏི་ལ་སོགས་པ༔ གཙང་གི་ས་བདག་ཐམས་ཅད་བསང༔ འཇང་རི་སྨུག་པོ་ལ་སོགས་པའི༔ འཇང་ཡུལ་ས་བདག་ཐམས་ཅད་བསང༔ རི་བོ་རྩེ་ལྔ་ལ་སོགས་པའི༔ རྒྱ་ནག་ས་བདག་ཐམས་ཅད་བསང༔ ཀྱེ༔ ཡུལ་ལྷ་གཉན་དང་ནགས་ཚལ་གཉན༔ ཡུལ་འཁོར་སྲུང་མ་འཁོར་བཅས་བསང༔ ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ ཡུལ་ལྷ་གཉན་པོ་འཁོར་བཅས་བསང༔ བསང་ཡང་བོད་ཁམས་ལྷ་སྲུང་བསང༔ ཞི་ཡང་མི་ནད་ཕྱུགས་ནད་ཞི༔ འཇིག་རྟེན་ཁམས་ཀུན་དགེ་གྱུར་ཅིག༔ ཅེས་བསང་བར་བྱ༔ ཁུ་ཡེ་གཡང་ལེན་ནི༔ དེ་ནས་དགྲ་བླ་བསང་བ་ལ༔ དར་ཕྱར་དུང་འབུད་སྤོས་བཏང་ལ་འདི་སྐད་དོ༔ ཧཱུྃ༔ བྷྱོ་བྷྱོ༔ དེ་རིང་ཡར་ཚེས་བཟང་པོ་ལ༔ དགྲ་བླའི་རྒྱལ་པོ་ལྷ་རྣམས་བསང༔ སྡོང་རིགས་སྲིད་པའི་དགྲ་བླ་བསང༔ སྡོང་གི་དམག་གཡང་འདིར་སྤྱོད་ཅིག༔ འབྲུ་རིགས་སྲིད་པའི་དགྲ་བླ་བསང༔ འབྲུ་ཡི་དམག་གཡང་འདིར་སྤྱོད་ཅིག༔ སྒ་རིགས་སྲིད་པའི་དགྲ་བླ་བསང༔ སྒ་ཡི་དམག་གཡང་འདིར་སྤྱོད་ཅིག༔ དབལ་ཟླ་གཉིས་ཀྱི་དགྲ་བླ་བསང༔ དབལ་ཟླའི་དམག་གཡང་འདིར་སྤྱོད་ཅིག༔ ཡང་མྱེས་མཚུན་རྒན་དགྲ་བླ་བསང༔ སྲིད་པའི་རྗེ་གཡང་འདིར་སྤྱོད་ཅིག༔ གྲི་མཚུན་གཉན་པོ་ཐམས་ཅད་བསང༔ ཁམས་གསུམ་དཔལ་གཡང་འདིར་སྤྱོད་ཅིག༔ མ་ཕྱིའི་མཚུན་རྒན་དགྲ་བླ་བསང༔ མ་ཡི་ཕྱུགས་གཡང་འདིར་སྤྱོད་ཅིག༔ ཞང་གི་ཞང་ལྷ་གཉན་པོ་བསང༔ ཞང་གི་ཁ་རྗེ་འདིར་སྤྱོད་ཅིག༔ ཕོ་ཡི་ཕོ་ལྷ་གཉན་པོ་བསང༔ དབང་ཐང་དཔལ་རྩལ་འདིར་སྤྱོད་ཅིག༔ མོ་ཡི་ཐབ་ལྷ་གཉན་པོ་བསང༔ ལོངས་སྤྱོད་དཔལ་འབྱོར་འདིར་སྤྱོད་ཅིག༔ ཕྱྭ་སྐོར་དེ་ནི་ཀྱི་ལི་ལི༔ གཡང་སྐོར་དེ་ནི་སྒ་ར་ར༔ ཕྱྭ་ནི་མ་འགྲོ་གཡང་མ་ཉམས༔ ཕྱྭ་ཁུ་ཡེ་ཕུད་འདིས་དགྲ་བླ་མཆོད༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་དབྱངས་སྙན་ཚངས་པའི་དབྱངས་ལྟར་གྱི་བསང་ཁང་ལ་བསྐོར་ལ་མཆོད༔ གཡང་ལེན་བྱ་ཞིང་ཡེ་ཤེས་པ་རང་གནས་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ འཇིག་རྟེན་པ་སོ་སོ་རང་རང་གི་གནས་ལ་དེང་བར་བྱ༔ དེ་ནས་དངོས་གཞི་ཕྲིན་ལས་བཅོལ་བ་ནི༔ ཧོ༔ བླ་མ་ཡི་དམ་མཆོད་པའི་མཐུས༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་འགྲོ་ཆོས་སྐྱོང་མཆོད་པའི་མཐུས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཡུལ་ལྷ་གཞི་བདག་མཆོད་པའི་མཐུས༔ མི་ནད་ཕྱུགས་ནད་ཞི་བར་མཛོད༔ ཕྱོགས་བཞི་གང་དུ་འགྲོ་ཙམ་ན༔ རྒྱལ་ཆེན་སྡེ་བཞིས་སྐྱོབ་པར་མཛོད༔ འདུ་འཛིའི་གཡེང་བ་བྱུང་བ་ན༔ རྩ་བའི་བླ་མས་ཐུགས་རྗེས་ཟུངས༔ བདུད་ཀྱི་ཡམས་ཁ་དར་བ་ན༔ ཡི་དམ་ལྷ་ཡིས་བསྐྱབ་ཏུ་གསོལ༔ རྐྱེན་ངན་བར་ཆད་བྱུང་བ་ན༔ མཁའ་འགྲོ་རྣམས་ཀྱིས་བསལ་དུ་གསོལ༔ གཞན་གྱིས་མཐུ་གཏད་ངན་སྔགས་སོགས༔ སྡང་བའི་དགྲ་ཀུན་བྱུང་བ་ན༔ ཆོས་སྐྱོང་སྲུང་མས་རྟག་ཏུ་སྲུངས༔ ཟས་ནོར་ལོངས་སྤྱོད་ཉམས་པ་དང༔ ཁ་རྗེ་དབང་ཐང་ཉམས་པ་ན༔ ནོར་ལྷ་གཞི་བདག་སྲུང་བར་མཛོད༔ ཅེས་སོགས་རང་གི་འདོད་དོན་སྨོད༔ དེ་ནས་གཤེགས་གསོལ་ནི༔ དཀྱིལ་འཁོར་བསྡུ་ཞིང་གཡབ་དར་གཡབ་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ཆོས་སྐུ་ཐིག་ལེའི་ངང་དུ་གཤེགས༔ མགོན་པོ་ཆོས་སྐྱོང་མགྲོན་རྣམས་ནི༔ ལོངས་སྐུ་འོད་ལྔའི་ཀློང་དུ་གཤེགས༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ནི༔ སྤྲུལ་སྐུ་བྱམས་མགོན་ཀློང་དུ་གཤེགས༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ནི༔ སོ་སོ་རང་རང་གནས་སུ་དེངས༔ བཛྲ་མུ༔ ཅེས་བསྡུ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་པ་ནི༔ བསང་ཁང་ལ་བསྐོར་ཞིང་ཚངས་པའི་དབྱངས་ལྟར་བྱས་ལ་འདི་སྐད་དོ༔ ཧྲཱི༔ སྐྱེ་མེད་རྣམ་དག་སྤྲོས་བྲལ་ངང་ལ་བཞུགས༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ རྗེ་བཙུན་པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ དུས་གསུམ་བདེ་གཤེགས་ཀུན་ལ་བདེ་སྟེར་མ༔ མི་བརྗེད་གཟུངས་ཐོབ་ཡོན་ཏན་འབྱུང་བའི་གནས༔ ཡེ་ཤེས་མཚོ་རྒྱལ་མ་ཡི་བཀྲ་ཤིས་ཤོག༔ རྒྱལ་བ་ཀུན་གྱི་ཆོས་བསྒྱུར་སྤྲུལ་པའི་སྐུ༔ མདོ་སྔགས་རྟེན་འབྲེལ་ཐམས་ཅད་འབྱུང་བའི་གནས༔ རྗེ་འབངས་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་ཤོག༔ དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་བ༔ མཐུ་དང་རྫུ་འཕྲུལ་ཐམས་ཅད་འབྱུང་བའི་གནས༔ ཆོས་སྐྱོང་བསྟན་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབ་པའི༔ ནོར་དང་ལོངས་སྤྱོད་ཐམས་ཅད་འབྱུང་བའི་གནས༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཤོག༔ ཚུལ་བཞིན་སྒྲུབ་པ་བྱེད་པའི་གང་ཟག་ལ༔ འཚོ་སྦྱོར་ཟས་ནོར་སྤེལ་ཞིང་ཡོན་བདག་བྱེད༔ གཞི་བདག་གཞི་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་སོགས་བྱ༔ སྤྲོས་བཅས་ཆེན་པོ་བྱ་བར་འདོད་ན་ཧཱུྃ་ནག་གི་སྐོར་རམ༔ སྤྲུལ་པ་རྒྱ་མཚོ་དང་བསྟུན༔ དེ་ནས་བསྔོ་བ་སྨོན་ལམ་ལ༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ བདག་གིས་བསང་མཆོད་དམ་པ་འདི་བྱས་པས༔ ཕ་མས་གཙོ་བྱས་རིགས་དྲུག་འགྲོ་བ་ཀུན༔ ཟབ་གསང་ཀུན་བཟང་ཀློང་དུ་སོར་ཆུད་ནས༔ སྐྱེ་བ་ཀུན་ཏུ་བླ་མ་རབ་བསྟེན་ནས༔ ཟག་མེད་བདེ་ཆེན་ཀ་དག་སྤྲོས་བྲལ་རྟོགས༔ སངས་རྒྱས་མྱ་ངན་འདས་པའི་སར་ཕྱིན་ནས༔ ཕྱིར་མི་ལྡོག་པའི་ས་ལ་འགོད་པར་ཤོག༔ ཅེས་བསོད་ནམས་འདི་ཡིས་སོགས་བྱ་ཞིང་བསྔོ་བ་སྨོན་ལམ་ཅི་རིགས་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཨེ་མ༔ བསང་མཆོད་དམ་པ་འདི་ཉིད་ནི༔ ཨོ་རྒྱན་པདྨས་བཀའ་བསྩལ་བཞིན༔ རྣལ་འབྱོར་བཻ་རོ་ཙ་ན་ངས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ བསང་མཆོད་དམ་པ་འདི་སྤྱོད་ཀུན༔ ཡུལ་ཕྱོགས་བཀྲ་ཤིས་ཕུན་སུམ་ཚོགས༔ གང་བསམ་འགྲུབ་པའི་སྨོན་ལམ་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསང་མཆོད་རིན་ཆེན་བདུད་རྩི་འདི། །གནས་མཆོག་ཁྲ་མོ་ལུང་པ་ནས། །བྲག་རི་གཅན་གཟན་འདྲ་བའི་སྤྱི་དཀྱིལ་ནས། །ཆུ་མོ་གླང་ལ་་་སྟག་ཤམ་པས།སྤྱན་དྲངས་སོ། །ཨོ་རྒྱན་བདེ་ཆེན་དབེན་གནས་སུ། །དག་པར་བྲིས་ནས་ཞུས་པའོ། །བྷྱ་གྷྲི་བཛྲ།། །།

དགོངས་གཏེར་ལས་གདོན་གསུམ་མདོས་ཀྱི་ལག་ལེན་ (Volume 44, Text 30)

ྈ དགོངས་གཏེར་ལས་གདོན་གསུམ་མདོས་ཀྱི་ལག་ལེན་བཞུགས་སོ༔ ྈྈྈྈ བླ་མ་དང་གུ་རུ་དྲག་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་ཀྱི་འགྲོ་བ་རྣམས་ཉེ་བར་འཚེ་བའི་ཕོ་གདོན༔ མོ་གདོན༔ ཀླུ་གདོན་གསུམ་ལ་གླུད་གཏང་ཐབས་ལ༔ གཞི་མ་གྲུ་བཞི་བང་རིམ་གཉིས་པའི་སྟེང༔ ཀླུ་གདོན་མི་ལུས་སྦྲུལ་མགོ་སྦྲུལ་མཇུག་ཅན༔ ལག་ན་གཞོང་པ་བཟུང་བ༔ གཡས་སུ་བན་གཟུགས་བསེ་ཐེབས་ཅན༔ ལག་ན་རལ་གྲི་དང་སྤར་བུ་བཟུང་བ༔ གཡོན་དུ་བུད་མེད་ནག་མོ་ལག་ན་ཟོར་བ་དང་ནད་རྐྱལ་བཟུང་བ༔ སོ་སོར་གླུད་ནམ་སྔོ་དམར་ནག་པོ་རེ་བཙུགས༔ སྔོན་དུ་མར་མེ༔ གླུད་གཏོར༔ ཆངས་བུ༔ ཏིང་ལོ༔ ཤེལ་ཚིགས་རྣམས་བཤམ༔ བང་རིམ་གཉིས་པར་ངར་མི༔ རང་ངམ་ཡོན་བདག་གི་ལོ་གྲངས༔ ཚྭ་སྒོག༔ གཡེར་མ༔ རམ་པ༔ ཇ་ལོ༔ ཤེལ་ཚིགས་དང༔ གཞན་ཡང་གོས་གླུད༔ ནམ་མཁའ༔ མདའ་བཀྲ༔ འཕང་བཀྲ༔ ཕོ་གདོང༔ མོ་གདོང༔ རབ་ལོ་གྲངས་མཉམ་པ༔ བསྡུས་པ་ཚར་གཅིག་ཚང་བར་བཤམ༔ རྣལ་འབྱོར་པ་བདེ་བའི་གདན་ལ་འདུག་སྟེ༔ ཡི་དམ་གང་རུང་གི་བདག་བསྐྱེད་གཞུང་བསྲང༔ སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དབང་དྲག་པདྨ་ཀཱི་ལ་ཡ༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ ང་ལས་ཆེ་བཙན་སུ་ཡང་མེད༔ སྣང་སྲིད་ལྷ་འདྲེ་མ་ལུས་པ༔ ཐམས་ཅད་ང་ཡི་བཀའ་ལ་ཉོན༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བསླུ་མེད་སྐྱབས་གནས་དམ་པ་གསུམ༔ གང་གི་བདེན་པའི་མཐུ་སྟོབས་དང༔ རྒྱུ་འབྲས་ཟབ་མོ་ཆོས་ཀྱི་དབྱིངས༔ བསམ་པ་དག་པའི་མཐུ་བྱིན་གྱིས༔ སྲིད་པའི་ལྷ་འདྲེ་མ་ལུས་དང༔ ཁྱད་པར་ཀླུ་དང་རྒྱལ་པོ་དང༔ མོ་འདྲེ་གནོད་བྱེད་ལན་ཆགས་བདག༔ ཐམས་ཅད་སྐད་ཅིག་མཆིས་པར་གྱུར༔ སྐད་ཅིག་གིས་ལན་ཆགས་བདག་པོ་རྣམས་རང་གི་མདུན་དུ་མཆིས་པར་བསམ༔ ཧཱུྃ༔ དེང་འདིར་རྣལ་འབྱོར་བདག་ཅག་གིས༔ དཀའ་དགུ་བསགས་ནས་མཐུན་དགུ་བསྡེབས༔ གཞན་ནས་བཙལ་དང་རང་གི་འབྱོར༔ ཕུན་ཚོགས་འདོད་པའི་ཡོན་ཏན་ཀུན༔ ཡོངས་ཚང་མདོས་གླུད་འབུལ་གྱིས་བཞེས༔ བདག་དང་ཡོན་གྱི་བདག་པོ་འདིའི༔ སྔོན་གྱི་བུ་ལོན་ལན་ཆགས་བྱང༔ འཕྲལ་གནོད་བསམ་སྦྱོར་ཀུན་སྤོངས་ལ༔ ཞི་བའི་སེམས་དང་ལྡན་གྱུར་ཅིག༔ ཀླུ་གདོན་ནཱ་ག་དུ་ན་ཆེ༔ རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས༔ དམངས་རིགས་གདོལ་པ་དགེ་བསྙེན་སོགས༔ གཅིག་ཉིད་དུ་མར་སྤྲུལ་ཞིང་བརྫུ༔ འཇིག་རྟེན་ཁམས་ཀྱི་ཀླུ་རིགས་ཀུན༔ ཐམས་ཅད་ཁྱོད་ཀྱི་འཁོར་དུ་གཏོགས༔ མདོག་སྔོ་མི་ལུས་སྦྲུལ་མགོ་ཅན༔ ལག་ན་རིན་ཆེན་གཞོང་པ་བཟུང༔ དར་གོས་རིན་ཆེན་རྒྱན་དང་ལྡན༔ རོ་སྨད་གདུག་པ་སྦྲུལ་མཇུག་འཁྱིལ༔ གླུད་གཏོར་ངར་མི་ལ་སོགས་པའི༔ འདོད་ཡོན་ཟད་མི་ཤེས་པའི་གཏེར༔ བསྔོ་འོ་ཚིམ་ཞིང་དགའ་བས་རོལ༔ ཕོ་གདོན་རྒྱལ་པོ་སྲོག་བདག་དཀར༔ རབ་བྱུང་ཆ་ལུགས་བསེ་ཞུ་གྱོན༔ ལག་ན་རལ་གྲི་སྤར་བུ་བཟུང༔ རྒྱལ་པོ་ཐམས་ཅད་བྲན་དུ་བསྡུས༔ བཀའ་ཉན་དགོན་གནས་ས་ཆུ་དང༔ མེ་རླུང་ཤིང་ལྕགས་ལམ་གནས་པའི༔ རྒྱལ་འགོང་ཡིད་ཀྱི་གཟུགས་ཅན་ཀུན༔ གླུད་གཏོར་ངར་མི་ལ་སོགས་པ༔ འདོད་ཡོན་ཟད་མི་ཤེས་པའི་གཏེར༔ བསྔོ་འོ་ཚིམ་ཞིང་དགའ་བས་རོལ༔ མ་མོ་ཆེན་མོ་རལ་པ་ཅན༔ མདོག་ནག་མི་ལྤགས་རལ་གུ་དང༔ རེ་ལྡེ་ནག་པོ་གོས་སུ་གྱོན༔ ལག་ན་ཟོར་བ་ནད་རྐྱལ་ཐོགས༔ མོ་འདྲེ་སྨན་མོ་འདྲེ་མོའི་རིགས༔ མ་བདུད་ཐམས་ཅད་ཁྱོད་ཀྱི་འཕྲུལ༔ སྲིད་པ་ནད་ཀྱི་བདག་མོ་དང༔ ལན་ཆགས་ཤ་མཁོན་གཉེར་བ་ཡི༔ བུད་མེད་ནག་མོའི་ཁྲོམ་དང་བཅས༔ གླུད་གཏོར་ངར་མི་ལ་སོགས་པའི༔ འདོད་ཡོན་ཟད་མི་ཤེས་པའི་གཏེར༔ བསྔོ་འོ་ཚིམ་ཞིང་དགའ་བས་རོལ༔ རིན་ཆེན་ཕྱེ་མ་ལས་གྲུབ་པའི༔ ཁམ་པ་ངར་གྱི་མི་བོ་ཆེ༔ ཁམས་དང་སྐྱེ་མཆེད་ཚང་ལ་གཙང༔ ཡོན་བདག་ལུས་ཀྱི་གླུད་དུ་བསྔོ༔ ཕྱི་སྣོད་ཀོང་བུ་ཟླུམ་མཛེས་ནང༔ རྩི་བཅུད་ཞག་གི་མཚོ་མོས་བལྟམས༔ རས་དཀར་སྡོང་བུ་མེ་འོད་འབར༔ ཡོན་བདག་ངག་གི་གླུད་དུ་བསྔོ༔ འབྱུང་བཞིའི་ཁ་དོག་སྣལ་མ་ལ༔ ཐགས་སུ་བཏགས་པ་སྟོང་གསལ་གྱི༔ ནམ་མཁའ་ཉིད་ལ་མངོན་པར་འདུད༔ ཡོན་བདག་ཡིད་ཀྱི་གླུད་དུ་བསྔོ༔ ཕོ་ཤིང་སྟག་པར་ཕོ་ཡི་གཟུགས༔ མོ་ཤིང་གླང་མར་མོ་ཡི་གཟུགས༔ མདའ་འཕང་བཙག་རམ་ཚོན་བཀྲ་ཅན༔ ཡོན་བདག་ཕོ་མོའི་གླུད་དུ་བསྔོ༔ དྲོ་བའི་གོས་དང་མཛེས་པའི་རྒྱན༔ མཐུན་པའི་བཟའ་བཏུང་དཀོར་ནོར་རིགས༔ སྲིད་པ་སྤྱི་དང་མཐུན་པའི་རིས༔ ཆངས་བུ་ཤེལ་ཚིགས་འབྲུ་སྣ་ཚོགས༔ ཡོན་བདག་མི་ནོར་གླུད་དུ་འབུལ༔ འབུལ་བ་ངེད་ཀྱིས་མི་ནོར་བས༔ བཞེས་པ་ཁྱེད་རྣམས་མ་འཁྲུལ་ལོ༔ སྔོན་གྱི་ལན་ཆགས་བྱང་གྱུར་ཅིག༔ འཕྲལ་རྐྱེན་བསམ་སྦྱོར་ངན་པ་ཞི༔ བུ་ལོན་ཐམས་ཅད་འདི་ཡིས་འཁོར༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡོམས་པ་ཀློད་ལ་མནན་པ་ཁྱོགས༔ དེ་རིང་ཉི་མ་ཕན་ཆད་ནས༔ ཁྱེད་རྣམས་བྱམས་པའི་སེམས་ལྡན་ལ༔ བདག་ལ་སྡང་བའི་བསམ་པ་དང༔ ལས་ཀུན་སྤངས་ནས་ཞི་བ་ནི༔ བྱང་ཆུབ་སེམས་ཀྱིས་གནས་པར་བྱོས༔ ཞེས་བརྗོད༔ ལམ་བསྟན་ཁོག་དབུབ་ལྟར་རོ༔ གུ་རུ་ཡབ་ཡུམ་གྱི་བྱིན་རླབས་ཐུགས་ལ་ཞུགས་པའི་རིག་འཛིན་འགྲོ་འདུལ་པདྨ་དབང་ཆེན་བཞད་པ་རྩལ་གྱིས་ཤིང་བྱ་ལོར་ཀུན་གཞི་ཐུགས་ཀྱི་གཏེར་ནས་སྤྱན་དྲངས་པ་དམ་ཅན་བཛྲ་སཱ་དྷུས་བཀའ་འདི་སྲུངས་ཤིག༔ རཀྵ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་ལ་ཕན་ཕྱིར་གདོན་གསུམ་མདོས་ཀྱི་ཚུལ། །བྲིས་འདིའི་དགེ་ཚོགས་གཉིས་འཛིན་འཁྲུལ་སྣང་གི །དུག་གསུམ་རང་གཟུགས་ཕྱིར་ཤར་རྒྱལ་སྲིན་དང་། །ཀླུ་ཡི་འཚེ་བ་འགྲོ་ལ་མི་འབྱུང་ཤོག །ཟབ་དང་མི་ཟབ་ཚད་ལྡན་ཡིན་མིན་སོགས། །ཚད་ལྡན་ལག་ཏུ་ལོངས་དང་ངེས་ཤེས་ཡོད། །ཐེ་ཚོམ་མཁན་ཡོད་འདི་དོར་གཞན་མཛོད་དང་། ཁོ་བོའི་ནོངས་པར་ཟད་པས་མཐོལ་ལོ་བཤགས། །བཀྲ་ཤིས།། །།

སྨན་མཆོད་ཚེ་ཟབ་ (Volume 5, Text 30)

ཚེ་དཔག་མེད་མགོན་འཕགས་མཆོག་ཐུགས་རྗེའི་གཏེར། །མཚོ་སྐྱེས་རྡོ་རྗེ་བདེ་ཆེན་དབང་རྒྱལ་མོ། །དཀྱིལ་འཁོར་དབང་ཕྱུག་སྐུ་བཞིའི་བདག་ཉིད་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། ཁྲི་སྲོང་ལྡེའུ་བཙན་དམ་འཛིན་ལྷ་ཡི་སྲས། །གཏེར་འབྱིན་འཁོར་ལོས་སྒྱུར་བ་མཆོག་གྱུར་གླིང་། །ཟབ་གསང་མངའ་བདག་ཆོས་ཀྱི་ཤིང་རྟ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །ལས་ཅན་ཆོས་བདག་བརྒྱུད་པའི་བཀའ་སྲོལ་འཛིན། །སྨིན་གྲོལ་ཆར་འབེབས་རྩ་བའི་བླ་མ་རྗེ། །འགྲོ་བའི་མགོན་པོ་བཀའ་དྲིན་མཉམ་མེད་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །རྟ་མཆོག་རྒྱལ་པོ་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞིའི་དཔའ་བོ་ཌཱ་ཀི་ཡང་སྤྲུལ་བཅས། །སྣང་སྟོང་ཟུང་འཇུག་བདེ་ཆེན་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །ཚོགས་ཀྱི་བདག་པོ་བཛྲ་ཐིག་ལེ་རྩལ། །མཐུ་ཆེན་དྲེགས་པ་སྡེ་ལྔ་གཡོག་འཁོར་བཅས། །རྒྱུད་གསུམ་དམ་ཅན་བཀའ་གཏེར་སྐྱོང་རྣམས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་པའང་དབོན་སྤྲུལ་རིན་པོ་ཆེའི་བཀའ་ལྟར་གུ་ཎས་ཞབས་ཏོག་ཏུ་སྤེལ་བའོ།། །།

ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་དབང་བསྐུར་ (Volume 11, Text 30)

༁ྃ༔ ཚིག་བདུན་སྒྲུབ་ཐབས་ཟབ་མོ་ལས༔ མཁའ་འགྲོ་འདུས་པའི་དབང་བསྐུར་བཞུགས༔ ༔ བདེ་ཆེན་ལྷན་ཅིག་སྐྱེས་མར་འདུད༔ མཆོག་དང་ཐུན་མོང་དངོས་གྲུབ་གང༔ ལྷན་སྐྱེས་ཡེ་ཤེས་དྷཱ་ཀི་མའི༔ བྱིན་རླབས་ལམ་དུ་ཁྱེར་བ་ནི༔ བདེ་མྱུར་གསང་བའི་ལམ་མཆོག་སྟེ༔ དེ་ཕྱིར་དེ་དོན་གཉེར་བའི་བུ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ གཞུག་པར་འདོད་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ དབུས་སུ་བུམ་པ་བཅུད་ལྡན་དང༔ མཚན་ལྡན་བྷཉྫར་ཨ་མྲྀ་ཏ༔ མངར་གསུམ་ཆང་དང་སྦྱར་བས་བཀང༔ མེ་ལོང་ལི་ཁྲི་བརྡལ་བ་ལ༔ ཆོས་འབྱུང་ས་བོན་སྔགས་ཀྱིས་བརྒྱན༔ སུམ་བརྩེགས་དར་དམར་ལྡིང་གུར་དབུབ༔ སྐུ་རྟེན་སྔགས་བྱང་མར་མེ་ཤེལ༔ སྒྲུབ་གཏོར་ཟླ་གམ་རྒྱན་གྱིས་སྤྲས༔ གྲི་ཐོད་ཁ་ཊྭཱཾ་ཌཱ་མ་རུ༔ རུས་རྒྱན་བརྟུལ་ཞུགས་ཆས་རྣམས་བཀོད༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་གསག༔ སྦྱོར་བ་སྔོན་འགྲོའི་རིམ་པ་འོ༔ ས་མ་ཡ༔ དངོས་གཞི་ཕྲིན་ལས་གཞུང་བསྲངས་ལ༔ བསྐྱེད་དང་བཟླས་པའི་རྣལ་འབྱོར་གྱིས༔ ནུས་དང་ལྡན་པའི་གདིང་རྙེད་ནས༔ དམ་སྲུང་ངེས་པའི་སློབ་མ་བོས༔ དག་པ་ཁྲུས་ནས་བཏོན་བྱས་ལ༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ མཎྜལ་ཡོན་འབུལ་གསོལ་བ་གདབ༔ མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་གྲོལ་མཛད་དུ་གསོལ༔ ལན་གསུམ་ཞུས་ལ་སྤྲོ་བ་དྲི༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་འདི༔ ཟབ་ཅིང་གཉན་ལ་ཁེ་ཉེན་ཆེ༔ མི་ལྡོག་དམ་ཚིག་སྲུང་ནུས་ན༔ རྗེས་སུ་བཟུང་བྱ་གཞན་དུ་མིན༔ ཞེས་དྲིས་ལན་དུ་འདི་སྐད་གསོལ༔ བླ་མའི་གསུང་ནི་རྡོ་རྗེའི་ཚིག༔ ནམ་ཡང་འདའ་བར་མི་བཟོད་པས༔ དམ་ཚིག་ཚུལ་བཞིན་བསྲུང་ལགས་ན༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ ཞེས་ཞུས་སྣོད་དུ་གྱུར་པ་ལ༔ སྐྱབས་སེམས་ཡན་ལག་བདུན་པ་ཡིས༔ རྒྱུད་སྦྱང་དམ་ཚིག་ལེགས་པར་འབོགས༔ ཧོ༔ སྤྱི་དང་ཁྱད་པར་དམ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ རྡོ་རྗེ་བདུད་རྩི་སྲོག་གི་ཆུ༔ རྟག་ཏུ་དཔང་པོར་དྲན་པར་གྱིས༔ བཛྲ་ས་མ་ཡ་ཨ་མྲིཏ་ཧཱུྃ༔ རྡོ་རྗེ་མགོར་བཞག་དམ་ཆུ་སྦྱིན༔ ཡེ་ཤེས་བྱིན་རླབས་དབབ་པའི་ཕྱིར༔ སློབ་མས་སྒོ་གསུམ་གནད་བཅིངས་ལ༔ ལྷན་ཅིག་སྐྱེས་མའི་སྐུ་རུ་གསལ༔ སློབ་དཔོན་དགོངས་པའི་རྩལ་བསྐྱེད་དེ༔ ཐུགས་སྲོག་འོད་ཀྱི་ལྕགས་ཀྱུ་ཡིས༔ མཁའ་སྤྱོད་གནས་ནས་སྤྱན་དྲངས་བསྟིམ༔ སྔགས་ཚིག་རོལ་མོ་རྫས་ཀྱིས་བསྐུལ༔ ཕེབ་པའི་རྟགས་བྱུང་བརྟན་པར་བྱ༔ དེ་དག་འཇུག་པའི་རིམ་པ་འོ༔ ས་མ་ཡ༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་ནམ་མཁར་སྤྱན་དྲངས་ཏེ༔ བུམ་པའི་བདུད་རྩིས་དབང་བསྐུར་བསམ༔ ཐོག་མར་བུམ་པ་སྤྱི་བོར་བཞག༔ ཨོཾ༔ སྣང་སྟོང་ཡུམ་གྱི་བུམ་པ་རུ༔ ཐབས་མཆོག་བདེ་ཆེན་བཅུད་དུ་འཁྱིལ༔ ཟུང་འཇུག་ཡེ་ཤེས་ཆུ་རྒྱུན་གྱིས༔ སྒྲིབ་དག་དབང་བཞི་ཡོངས་རྫོགས་ཤོག༔ ཨོཾ་ཛྙཱ་ན་སརྦ་དྷཱ་ཀི་ནཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ རྒྱུད་དག་སྣང་སྟོང་ལྷ་སྐུར་སྨིན༔ དབང་ལྷ་སློབ་མ་ལ་ཐིམ་བསམ༔ རྗེས་འབྲེལ་སྐུ་གཟུགས་སྤྱི་བོར་བཞག༔ ཡེ་ཤེས་སྐུ་ལས་གཉིས་པ་འཕྲོས༔ ལུས་ཐིམ་ལྷ་དང་དབྱེར་མེད་བསམ༔ ཨོཾ༔ གསལ་སྟོང་སྐུ་ཡི་དཀྱིལ་འཁོར་ནས༔ གཟི་བརྗིད་ཆེན་པོའི་བྱིན་དབབ་པས༔ ཁྱོད་ལུས་ཡེ་ཤེས་ཕྱག་རྒྱར་གྱུར༔ སྐུ་ཡི་དབྱིག་ཏུ་སྨིན་པར་ཤོག༔ ཀཱ་ཡ་བཛྲ་ཨོཾ༔ སློབ་དཔོན་དཀྱིལ་འཁོར་དབང་ཕྱུག་མ༔ རང་འོད་དཔའ་བོར་མཉམ་སྦྱོར་བའི༔ བྱང་སེམས་བདུད་རྩི་སྤྲོས་པར་བསམ༔ ཐོད་པའི་བདུད་རྩི་ལྕེ་ལ་བཞག༔ ཨཱ༔ ཐབས་ཀྱི་བྱང་སེམས་བདེ་བ་རྒྱས༔ ཤེས་རབ་རཀྟ་ཆགས་པ་ཆེ༔ ཟུང་འཇུག་ལྷན་སྐྱེས་བདུད་རྩིའི་བཅུད༔ དམ་ཚིག་ཆེན་པོ་དང་དུ་ལོངས༔ ཨོཾ་བོ་དྷི་ཙིཏྟ་ཨ་ཧོཿམ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ རྗེས་འབྲེལ་བཟླས་པའི་ལུང་ཡང་སྦྱིན༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱ༔ གྲགས་སྟོང་གསུང་གི་དཀྱིལ་འཁོར་ནས༔ ནུས་པ་སྔགས་ཀྱི་བཅུད་དབབ་པས༔ ཁྱོད་ངག་གཞོམ་མེད་དབྱངས་སུ་གྱུར༔ གསུང་གི་དབྱིག་ཏུ་སྨིན་པར་ཤོག༔ ཝཱ་ཀ་བཛྲ་ཨཱཿ ངག་རླུང་སྔགས་སུ་སྨིན་པར་བསམ༔ སློབ་མ་པདྨ་དཔའ་བོར་གྱུར༔ སིནྡྷུའི་དལ་ལས་ཕྱག་རྒྱ་མོ༔ ལྷན་སྐྱེས་དྷཱ་ཀིའི་ངོ་བོ་སྤྲོས༔ སྙོམས་ཞུགས་དགའ་བཞི་སྐྱེས་པར་བསམ༔ མེ་ལོང་དཀྱིལ་འཁོར་ལག་ཏུ་གཏད༔ སྨིན་མཚམས་སྙིང་གར་ཐིག་ལེ་བཀོད༔ ཧཱུྃ༔ ཆོས་འབྱུང་ལས་རྒྱའི་ཆུ་སྐྱེས་དབུས༔ ཡིག་འབྲུ་ཆོས་དང་སྙོམས་འཇུག་གི༔ དམར་འོད་དམ་ཚིག་གཏུམ་མོ་འབར༔ གསལ་སྟོང་ཕྱག་ཆེན་མཚོན་པར་བྱོས༔ ཨོཾ་ཀརྨ་མུ་དྲ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ རྗེས་འབྲེལ་རྡོ་རྗེ་སྙིང་གར་བཞག༔ ཡེ་ཤེས་ཕྱག་མཚན་སྤྲོས་ནས་བསྟིམ༔ ཧཱུྃ༔ རིག་སྟོང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་དགོངས་པའི་རྩལ་འཕོས་པས༔ ཁྱོད་ཡིད་འོད་གསལ་ཆོས་སྐུར་གྱུར༔ ཐུགས་ཀྱི་དབྱིག་ཏུ་སྨིན་པར་ཤོག༔ ཙིཏྟ་བཛྲ་ཧཱུྃ༔ རྟོག་ཚོགས་དབྱིངས་སུ་གྲོལ་བར་བསམ༔ རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ དཔེ་ཉིད་ཚིག་གིས་མཚོན་བྱ་སྟེ༔ ཧྲཱི༔ ངོ་བོ་སྟོང་པ་ལྷན་སྐྱེས་ཡུམ༔ རང་བཞིན་གསལ་བ་ཐབས་མཆོག་ཡབ༔ ཟུང་འཇུག་མདངས་རྩལ་འཁོར་འདས་སུ༔ སྣང་ཡང་རང་བཞིན་མེད་པར་ལྟོས༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ རྗེས་འབྲེལ་མར་མེ་ལྟེ་བར་བཞག༔ གཙོ་མོའི་ལྟེ་བའི་རཾ་དམར་ལས༔ ཡེ་ཤེས་མེ་ལྕེ་ཚོན་གང་སྤྲོས༔ ལྟེ་བར་ཐིམ་པས་བྱིན་བརླབས་བསམ༔ ཧྲཱི༔ བདེ་སྟོང་ཡེ་ཤེས་དཀྱིལ་འཁོར་ནས༔ ལྷན་སྐྱེས་དགའ་བའི་རླབས་གཡོས་པས༔ སྒོ་གསུམ་མི་འགྱུར་བདེ་བ་ཆེ༔ རྡོ་རྗེའི་དབྱིག་ཏུ་སྨིན་པར་ཤོག༔ ཛྙཱ་ན་བཛྲ་ཧྲཱི༔ ལྷན་སྐྱེས་བདེ་སྟོང་མངོན་གྱུར་བསམ༔ བརྟུལ་ཞུགས་སྤྱོད་པའི་ཆས་རྣམས་གཏད༔ ཧོ༔ གཟུང་འཛིན་རྩད་གཅོད་གྲི་གུག་འབར༔ བདེ་སྐྱོང་བྷནྡྷ་དམ་ཚིག་སྣོད༔ ཐབས་ཤེས་ཅང་ཏེའུ་དྲིལ་བུ་དང༔ ཟུངས་འཇུག་རྡོ་རྗེའི་ཁ་ཊྭཱཾ་ག༔ ཕར་ཕྱིན་རུས་པའི་ཕྱག་རྒྱ་བཅས༔ ཟུང་ལ་བརྟུལ་ཞུགས་ཅི་བདེར་སྤྱོད༔ ས་མ་ཡ་ཙརྻ་ཨ་བྷི་ཥིཉྩ་མི༔ མཐའ་རྟེན་ཡོངས་རྫོགས་བྱིན་རླབས་ནི༔ གཏོར་མ་མཁའ་འགྲོའི་དཀྱིལ་འཁོར་གསལ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱིས༔ སྨིན་ཅིང་གྲོལ་བར་བྱིན་བརླབས་བསམ༔ ཧྲཱི༔ གཏོར་སྣོད་བདེ་ཆེན་འཁྱིལ་པའི་གཞལ་མེད་ཁང༔ གཏོར་མ་སྐུ་གསུམ་ཡུམ་མཆོག་གཙོ་དང་འཁོར༔ ཡེ་ཤེས་གཟི་བྱིན་འོད་ཟེར་ལམས་སེ་ལམ༔ བདེ་སྟོང་རོལ་པའི་བྱིན་རླབས་ཐིབས་སེ་ཐིབ༔ དངོས་གྲུབ་བདུད་རྩིའི་ཆར་རྒྱུན་ཤ་ར་ར༔ མ་གཡེལ་ཐུགས་རྗེ་ཆེན་པོའི་རྩལ་སྐྱེད་ལ༔ སྐལ་ལྡན་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ སྒོ་གསུམ་སྒྲིབ་པའི་རྩ་བ་དྲུངས་ནས་ཕྱུངས༔ མི་ཕྱེད་རྡོ་རྗེ་བཞི་ཡི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཐབས་ཤེས་དགའ་བ་བཅུ་དྲུག་གསང་ལམ་བགྲོད༔ འགྱུར་མེད་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་མཛོད༔ སྙིང་པོའི་སྔགས་ཀྱི་ཤམ་བུ་རུ༔ བ་ལིཾ་ཏ་ཨེ་ཝཾ་མུ་དྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གནས་བཞིར་བཞག་ལ་ལྷ་ཡང་བསྟིམ༔ གཏོར་ཟན་དངོས་གྲུབ་ཞལ་བསྲོར་སྦྱིན༔ གལ་ཏེ་བརྒྱུད་འཛིན་དམ་ལྡན་ལ༔ གསང་བའི་སྲུང་མ་མཆེད་གསུམ་གྱི༔ བཀའ་གཏད་བྱེད་ན་གཏོར་མ་གསུམ༔ ལྷར་གསལ་སློབ་མའི་ལག་ཏུ་གཏད༔ ཧྲཱི༔ ལྷན་སྐྱེས་ཡེ་ཤེས་མཁའ་འགྲོ་མ༔ སོགས་ནས། བཅས་པ་རྣམས༔ སྐུ་གསུམ་བླ་མའི་སྤྱན་སྔ་རུ༔ ཞལ་བཞེས་གཡར་དམ་མ་བསྙེལ་བར༔ དམ་ཚིག་ལྡན་པའི་བུ་འདི་ལ༔ མི་འབྲལ་མ་བུ་ལྟ་བུར་འགྲོགས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ བདེ་ཆེན་མཆོག་གི་ཡེ་ཤེས་སྤེལ༔ དངོས་གྲུབ་འགྲུབ་པའི་སྡོང་གྲོགས་མཛོད༔ སོ་སོའི་སྔགས་ཀྱི་ཤམ་བུ་རུ༔ ལས་སྔགས་སྦྲེལ་ཏེ་བཀའ་བསྒོས་པས༔ དགྱེས་བཞིན་ཞལ་གྱིས་བཞེས་པར་བསམ༔ དེ་རྣམས་དབང་གི་དངོས་གཞི་འོ༔ ས་མ་ཡ༔ རྗེས་སུ་དམ་ཚིག་ཁས་བླང་ཞིང༔ ཡོན་ཕུལ་ཚོགས་ཀྱི་དགའ་སྟོན་སྤྱད༔ ཤིས་པ་བརྗོད་ཅིང་གཏོར་བསྐྱང་སོགས༔ ལས་ཀྱི་རིམ་པ་མཐའ་རུ་དབྱུང༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ སྨིན་བྱེད་གསང་ཆེན་གསང་བའི་བཅུད༔ འབྲེལ་ཚད་མཁའ་སྤྱོད་གནས་སུ་འདྲེན༔ ཉམས་བླངས་བདེ་ཆེན་ཡེ་ཤེས་འགྲུབ༔ ལམ་གྱི་བར་ཆད་ངེས་པར་སེལ༔ ཕྱིས་འབྱུང་སྐལ་ལྡན་གདུལ་བྱའི་དོན༔ ཐུགས་ཀྱི་ཐིགས་པ་བཅུད་དུ་འདྲིལ༔ དགོངས་ཀློང་སྨོན་ལམ་རྒྱ་ཡིས་བཏབ༔ དུས་བབས་ལོ་ཙཱ་ཆེན་པོ་ཡི༔ སྤྲུལ་པས་ཀློང་ལྔའི་རྒྱ་བཀྲོལ་ནས༔ སྣོད་ལྡན་མང་པོའི་དོན་བྱེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་ཐུགས་མཆོག་རྡོ་རྗེའི་རྫོང་ཙིཏྟ་གསང་བའི་ཕུག་པར་གཏན་ལ་ཕབ་པའོ།། །།

གུ་རུའི་སྒྲུབ་ཐབས་ཀྱི་ལས་བྱང་ཡོན་ཏན་གཏེར་མཛོད་ (Volume 7, Text 30)

གུ་རུའི་སྒྲུབ་ཐབས་ཀྱི་ལས་བྱང་ཡོན་ཏན་གཏེར་མཛོད་བཞུགས་སོ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ཐུགས་དམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ལྷ་སྲས་མུ་ཁྲི་བཙད་པོ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་དང༔ ཕྱག་དང་མཎྜལ་ཕུལ་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ གོང་དུ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བཀའ་བསྩལ་པ་དེ་ཇི་ལྟར་ལམ་དུ་ཁྱེར་བའི་གདམས་པ་ཞིག་ཞུ༔ ཞེས་ཞུས་པས༔ བཀའ་བསྩལ་བ༔ གསོལ་བ་གང་ལ་བཏབ་ཀྱང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་གལ་ཆེ༔ དེའི་ནང་ནས་ཀྱང་བླ་མ་དྲན་པ་གལ་ཆེ༔ དེ་ལ་བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་དུ་བསྟན་ཀྱང༔ ཕྱི་རབས་ཀྱི་བུ་འབངས་རྣམས་སྡུག་བསྔལ་བའི་དུས་སུ༔ ང་ཡི་ཡོན་ཏན་དྲན་པ་ཙམ་གྱིས་སྡུག་བསྔལ་སྐྱོབ་པར་འགྱུར་གྱི༔ དེའི་ཕྱིར་དུ་དུས་དང་ཚེས་གྲངས་བཟང་པོ་ལ་དབུ་གཙུགས་ཏེ༔ བླ་མའི་སྒྲུབ་པ་འདི་རྒྱུན་དུ་ཐུན་བཙུགས་འཚལ་ལོ༔ ང་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་ཡེ་ཤེས་ལས་གྲུབ་ཅིང༔ དབང་བསྐུར་རྒྱལ་ཚབ་ཏུ་མངའ་གསོལ༔ འགྲོ་བའི་དོན་བྱེད་པ་ལགས་ན༔ ང་ཡི་ཕྱི་སྒྲུབ་ཡོན་ཏན་ཀུན་འབྱུང་འདི་ནི༔ འགྲོ་བ་རྣམས་ཀྱི་འཇིགས་བརྒྱད་སྐྱོབ་པའི་ཐབས༔ ནད་མཚོན་མུ་གེའི་གནོད་པ་ལས་ཐར་བར་བྱེད་པ༔ དངོས་གྲུབ་ཐམས་ཅད་ཀྱི་གཏེར་མཛོད༔ ཡོན་ཏན་མ་ལུས་པའི་འབྱུང་གནས་སུ་བསྟན་གྱིས༔ ཁྱེད་རྒྱལ་པོས་དབུ་མཛད་པ་རྣམས་ཀྱིས༔ ང་ཡི་སྐུ་འབག་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ལེགས་པར་བྲིས་ཏེ༔ དེའི་མདུན་དུ་་་ཆུ་གསུམ་སྔོན་འགྲོའི་ཉེར་སྤྱོད་་་ཚོགས་ཀྱི་མཆོད་པ་བཟང་པོ༔ གཏོར་མ་པདྨ་སྤུངས་པ་ལ་དར་གྱིས་བརྒྱན་ཏེ༔ རྔ་གླིང་དྲིལ་བུ་མཁར་རྔ་ལ་སོགས་པ་བསྒྲགས་ཤིང༔ སྤོས་བཟང་པོ་བསྲེག་ཅིང་ལྷོ་ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ༔ ཁྱེའུ་ཕོ་མོའི་ཚོགས་ཀྱིས་བསྐོར་བས༔ རྩེ་གཅིག་པའི་ཡིད་ཀྱིས་ཨོ་རྒྱན་བདག་ལ་མོས་གུས་མཆི་མ་བྱུང་བྱུང་དུ་གསོལ་བ་ཐོབ་ཅིག་ཅེས་གསུངས་སོ༔ སྱ།མྱ།ཡྱ།༔ སྐྱབས་འགྲོ་་་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ན་མོ༔ སྐྱབས་གནས་མཆོག་གི་གུ་རུ་སྤྲུལ་པའི་སྐུ༔ བསྐལ་བཟང་སངས་རྒྱས་སྟོང་དང་སེམས་དཔའ་ཡི༔ དགོངས་སྤྱོད་གཅིག་གྱུར་ཁྱོད་ལ་གདུང་ཤུགས་ཀྱིས༔ ཕྱག་འཚལ་གུས་པས་བདག་སོགས་སྐྱབས་སུ་མཆི༔ བདག་སོགས་འགྲོ་ཀུན་ཐུགས་རྗེ་ཆེན་པོ་ཡིས༔ ཨོ་རྒྱན་མཁའ་འགྲོའི་གནས་སུ་དྲང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སེམས་བསྐྱེད་་་སྐྱེས་མཆོག་པདྨ་རྒྱལ་པོ་སྤྲུལ་པའི་སྐུ༔ གང་གི་ཐུགས་བསྐྱེད་སྨོན་ལམ་ལས་འཕྲོ་ཡིས༔ གདོང་དམར་ཡུལ་དུ་ཁྱེད་ཀྱིས་ཐུགས་བསྐྱེད་ནས༔ བདུད་དང་མུ་སྟེགས་དམ་སྲིའི་བར་ཆད་ཀུན༔ མྱུར་དུ་སྒྲོལ་མཛད་རྗེས་སུ་བདག་སྒྲུབ་ཀྱིས༔ ཕྱི་ནང་བར་ཆད་དབྱིངས་སུ་བསལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཚད་མེད་ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ༔ སྡུག་བསྔལ་མགོན་མེད་གྱུར་པའི་འགྲོ་རྣམས་ལ༔ ཚད་མེད་ཐུགས་རྗེའི་ཤུགས་ཀྱིས་དོན་མཛད་པ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས༔ མྱུར་དུ་བསྒྲལ་ནས་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཡན་ལག་བརྒྱད་པ་་་དུས་གསུམ་རྒྱལ་སྲས་གཅིག་བསྡུས་སྤྲུལ་པའི་སྐུ༔ དད་པའི་ཞིང་འདིར་གུས་པས་སྤྱན་འདྲེན་ན༔ ཉི་ཟླ་པདྨའི་གདན་ལ་གཤེགས་ཤིང་བཞུགས༔ བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ མཁའ་འགྲོའི་ཚོགས་བཅས་ཁྱེད་ལ་མཆོད་པ་འབུལ༔ སྡིག་པའི་ལས་དང་དམ་ཚིག་སྡོམ་པའི་ཚོགས༔ ཁས་བླངས་དམ་ལས་འདས་པ་མཐོལ་ལོ་བཤགས༔ རང་དང་གཞན་གྱི་དགེ་བ་ཅི་བསགས་པ༔ ཐར་པའི་རྒྱུར་གྱུར་དགའ་བས་ཡི་རང་ངོ༔ ཞིང་མཆོག་དམ་པ་ཨོ་རྒྱན་མཁའ་འགྲོའི་གླིང༔ དེར་བཞུགས་བདག་སོགས་རྟག་པར་ཐུགས་རྗེས་གཟིགས༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐལ་ལྡན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དགེ་བ་མ་ལུས་འགྲོ་བ་ཀུན་དོན་དུ༔ དམིགས་མེད་རྫོགས་པ་ཆེན་པོའི་ཀློང་དུ་བསྔོ༔ བདག་གཞན་ཐམས་ཅད་སངས་རྒྱས་སྐུ་ལྔ་ཡི༔ ཡེ་ཤེས་དམ་པ་མྱུར་དུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྔོན་འགྲོའི་ཆོས་གསུམ་རྫོགས་སོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣམ་དག་འོད་ལྔ་རྡོ་རྗེའི་གཞལ་ཡས་ཁང༔ ཕྱི་ནང་མེད་པ་རིན་ཆེན་ལྔ་ལས་གྲུབ༔ གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་དང་ལྡན༔ རྩིག་པ་འདོད་ཡོན་ཕ་གུ་དྲྭ་བར་ལྡན༔ དྲྭ་ཕྱེད་མདའ་ཡབ་ཤར་བུ་ཁ་བད་བཅས༔ གདུགས་དང་རྒྱལ་མཚན་རི་དྭགས་ཕོ་མོས་མཛེས༔ ཤར་ཕྱོགས་དངུལ་ལ་ལྷོ་ཕྱོགས་བཻ་ཌཱུརྻ༔ ནུབ་ཕྱོགས་པདྨ་བྱང་ཕྱོགས་ཨིནྡྲའི་མདོག༔ དབུས་ཉིད་དྭངས་མ་འོད་ཀྱི་དཀྱིལ་འཁོར་སྟེང༔ རིན་ཆེན་པད་སྡོང་འདབ་ལྡན་ཕྱོགས་ཀྱི་མདོག༔ ཡལ་འདབ་རིན་ཆེན་ལྗོན་པས་ཕྱོགས་རྣམས་ཁྱབ༔ རིན་ཆེན་མེ་ཏོག་སིལ་མས་ཕྱོགས་ཀུན་བཀྲ༔ སྣ་ཚོགས་འོད་ཀྱི་དྲྭ་བས་ཕྱི་ནང་གསལ༔ དེ་དབུས་འདབ་ལྡན་པདྨ་གེ་སར་སྟེང༔ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ༔ ཧྲཱིཿདམར་མདངས་ལྡན་འོད་ཀྱི་འཕྲོ་འདུ་ལས༔ རང་བྱུང་རྒྱལ་པོ་ཨོ་རྒྱན་རིན་པོ་ཆེ༔ སྐུ་མདོག་དཀར་དམར་བཀྲག་མདངས་གཟི་བརྗིད་འབར༔ ཞལ་འཛུམ་སྤྱན་གདངས་ཞི་ཁྲོའི་ཉམས་དང་ལྡན༔ དབུ་ལ་འདབ་ལྡན་དར་གྱི་སྙན་ཞུ་གསོལ༔ དར་དམར་ཆོས་གོས་ཟ་འོག་བེར་ཆེན་གྱིས༔ སྐུ་ལ་མཛེས་པའི་ཆོས་གོས་ལེགས་པར་བརྒྱན༔ ཕྱག་གཡས་ཐོད་པའི་འཁར་བ་ཐུགས་ཀར་བསྣམས༔ གཡོན་པས་རིན་ཆེན་ཤེལ་གྱི་བུམ་བཟང་ནས༔ ཟག་མེད་བདུད་རྩི་སྨན་གྱི་དངོས་གྲུབ་འབེབ༔ ཞབས་གཉིས་སྐྱིལ་ཀྲུང་དྲང་པོའི་སྟབས་སུ་བཞུགས༔ སྐུ་གསུང་ཐུགས་ལས་འོད་ལྔའི་འཕྲོ་འདུ་འཁྲུགས༔ ཐུགས་སྲོག་དྭངས་མ་འོད་ཀྱི་ཚོམ་བུར་གསལ༔ ཕྱོགས་མཚམས་སྟེང་འོག་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ རིག་འཛིན་བརྒྱུད་པ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཕྱོགས་བཞིར་འདབ་མར་ཟླ་སྟེང་ཐིག་ལེ་བཞི༔ ཡོངས་སུ་གྱུར་ལས་རིགས་བཞིའི་མཁའ་འགྲོ་མ༔ དཀར་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་ཅང་ཏེའུ་གཡོན་པས་དྲིལ་བུ་གསིལ༔ གཡས་བསྐུམ་གཡོན་བརྐྱང་གར་ཐབས་ལམས་སེ་ལམ༔ རིན་ཆེན་རུས་རྒྱན་དར་གྱི་ཅོད་པན་འཛིན༔ སྐུ་ལ་མཁའ་འགྲོ་འབུམ་འབུམ་ཕྱོགས་བཅུར་འཕྲོ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ཐམས་ཅད་ཁྱེད་ཀྱི་སྐུ་ལ་རྫོགས༔ ཏྲཱཾ་རཏྣ་མཎྜལ་ཧཱུྃ༔ དེ་ནས་སྤོས་དང་རོལ་མོ་དབྱངས་ཀྱིས་ལྷོ་ནུབ་ཏུ་ཁ་བལྟས་ཏེ་འདི་སྐད་དོ༔ སྤྱན་འདྲེན་པ་་་ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་རིག་འཛིན་སྤྲུལ་པའི་སྐུ༔ ཞིང་མཆོག་ཨོ་རྒྱན་མཁའ་འགྲོའི་གནས་ནས་བཞེངས༔ ཛཿཧཱུྃ་བཾ་ཧོས་དད་གུས་མོས་པའི་གནས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ མངོན་སུམ་དད་པས་བདག་ལ་ཞལ་བསྟན་འཚལ༔ རིན་ཆེན་ཕོ་བྲང་དམ་པ་ཉམས་རེ་དགའ༔ འཇའ་འོད་འཁྲིགས་པའི་ཞིང་ཁམས་དྭངས་རེ་སྤྲོ༔ པདྨ་ཉི་ཟླ་བརྩེགས་གདན་འོད་རེ་གསལ༔ དཔའ་བོ་མཁའ་འགྲོའི་ཁྲོམ་ཚོགས་བྱིན་རེ་ཆེ༔ གླུ་ལེན་གར་བྱེད་རོལ་མོ་ཀྱུ་རུ་རུ༔ སྤོས་དང་དྲི་ཞིམ་མཆོད་སྤྲིན་ཐིབས་སེ་ཐིབ༔ བཅུ་དྲུག་རིག་མས་གར་བྱེད་ལམས་སེ་ལམ༔ དཔའ་བོ་གིང་ཆེན་ཧཱུྃ་སྒྲ་དི་རི་རི༔ དཔའ་མོ་རིག་མས་བརྡ་སྐད་སངས་སེ་སང༔ མ་གཡེལ་མ་གཡེལ་བདག་ཅག་མོས་པའི་བུ༔ འདིར་ཚོགས་དད་ལྡན་རྣམས་ལ་ཞལ་བསྟན་འཚལ༔ གསུང་མཆོག་གདམས་པའི་གནད་ཀྱི་དོན་སྟོན་འཚལ༔ འགྲོ་བའི་དོན་དུ་འདིར་བཞུགས་བྱིན་གྱིས་རློབས༔ མཆོད་པ་བྱིན་རླབས་་་་ཧཱུྃ༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་མཆོད་པའི་ཚོགས༔ མི་གཙང་རྟོག་སྒྲིབ་སྦྱངས་སྤེལ་བསྒྱུར་བ་དང༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་བྱིན་བརླབས་ཀྱིས༔ ཕྱོགས་དུས་ཀུན་ནས་རྒྱས་པར་བྱིན་གྱིས་རློབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་མཆོད་འབུལ་བ་་་ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་ཐམས་ཅད་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམས་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ གུས་པས་ཕྱག་འཚལ་རབ་ཏུ་མཆོད་པར་བགྱི༔ ཧཱུྃ༔ གཙང་མར་སྦྱར་བའི་ཞབས་བསིལ་ཞལ་བསིལ་དང༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ ཞལ་ཟས་སིལ་སྙན་ཕྱོགས་བཅུར་རབ་བརྒྱན་ནས༔ ཀུན་བཟང་བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ ཨོ་རྒྱན་པདྨ་མཁའ་འགྲོའི་ཚོགས་བཅས་ལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ་དང་དྲི༔ རོ་དང་རེག་བྱ་ཆོས་ཡིད་ཚིམ་བྱེད་ཀུན༔ ཀུན་བཟང་བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔ བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྵེ་དྷརྨེ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རྩ་བརྒྱད་སྟོང་དང་སྦྱར་བའི་བདུད་རྩི་དང༔ རྨད་བྱུང་གཏོར་མ་རྒྱན་ལྡན་རི་ལྟར་སྤུངས༔ རཀྟའི་རྒྱ་མཚོ་རྒྱ་མཚོའི་ཀློང་ལྟར་བསྐྱིལ༔ འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་སྤྲིན་གསལ༔ སངས་རྒྱས་ཀུན་འདུས་བླ་མའི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ དམ་ཅན་མ་མགོན་སྡེ་བརྒྱད་ཐུགས་དམ་བསྐང༔ གནས་བདག་དབེན་གནས་སྲུང་མའི་ཐུགས་དམ་བསྐང༔ བསྐང་ངོ་བསྐལ་པའི་ལྷ་ཚོགས་ཐུགས་དམ་བསྐང༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུའི་རོལ་པ་འགག་པ་མེད༔ ཐུགས་རྗེ་སྤྲུལ་སྐུས་འཇིག་རྟེན་ཁྱབ་པར་འགེངས༔ ཞི་དང་ཁྲོ་གར་ཅིར་ཡང་སྟོན་མཛད་པ༔ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེ༔ སྟེང་འོག་ཕྱོགས་བཞིར་རྣམ་འཕྲུལ་སྣ་ཚོགས་ཀྱིས༔ སྐུ་གཅིག་མཚན་བརྒྱད་གྲངས་མེད་སྤྲུལ་པར་བཅས༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ༔ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་ཡི༔ ཚོགས་ཀྱི་དེད་དཔོན་དངོས་གྲུབ་རྒྱ་མཚོའི་གཏེར༔ སྐལ་ལྡན་བུ་ལ་ཆར་ཆེན་འབེབ་མཛད་པའི༔ ཕྱག་འཚལ་མཉམ་མེད་ཨོ་རྒྱན་རིན་པོ་ཆེ༔ བདག་གི་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ ཞིང་མཆོག་ཨོ་རྒྱན་གནས་ནས་འདིར་བྱོན་ལ༔ གནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལ༔ འཁོར་དུ་མཁའ་འགྲོ་འབུམ་སྡེའི་ཚོགས་དང་བཅས༔ ཞིང་མཆོག་སྒྲུབ་པའི་གནས་འདིར་བྱོན་ནས་ཀྱང༔ གནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལ༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་བཅས་རྣམས༔ ཞིང་མཆོག་ཨོ་རྒྱན་གནས་ནས་འདིར་བྱོན་ལ༔ གནས་མཆོག་འདི་ལ་བྱིན་ཆེན་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་ཆེན་དབང་བསྐུར་སྩོལ༔ ཞེས་བརྗོད་དོ༔ བཟླས་དམིགས་ནི། བདག་མདུན་གྱི་གསང་བ་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མ་དག་པའི་སྣང་བ་རྒྱུ་དང་བཅས་སྦྱངས་ཏེ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསལ་བར་བསམ་མོ།་་་་་་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བརྒྱ་སྟོང་བཟླས་པས་བྱིན་ཐིབས་ཀྱིས་འབྱུང་བར་ངེས་སོ༔ དེ་ལྟར་རིག་འཛིན་སྤྱི་ཡི་འཛབ་དབྱངས་མང་དུ་བཟླས་ཏེ༔ བསམ་པ་ལྷུན་གྲུབ་ཀྱི་གསོལ་འདེབས་ཡང་ཡང་དུ་བྱའོ༔ ཚོགས་ཀྱི་གཏོར་མས་མཆོད་ཅིང་གང་འདོད་དངོས་གྲུབ་ཞུ་བར་བྱའོ༔ རྗེས་སུ་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཅིག་ཏུ་བསྲེས་ལ༔ གནས་ལུགས་ཕྱག་རྒྱ་ཆེན་པོ་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་གཞག་པར་བྱའོ༔ མཚོ་རྒྱལ་དང༔ མུ་ཁྲི་བཙད་པོ༔ བླ་མའི་ཡོན་ཏན་དྲན་པས་དད་པའི་སེམས་གཡོ༔ གསོལ་འདེབས་བྱས་པས་བྱིན་རླབས་འཇུག༔ ཅི་འདོད་བླ་མ་དྲན་པས་འགྲུབ་པར་འགྱུར་རོ༔ ཞེས་གསུངས་སོ༔ རྒྱ་རྒྱ་རྒྱ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ གུ་རུའི་སྒྲུབ་པ་ཡོན་ཏན་གཏེར་མཛོད་ཅེས་བྱ་བ་བཞུགས་སོ༔ སྱ།མྱ།ཡྱ།༔ ཚད་མེད་ཐུགས་རྗེས་འགྲོ་དོན་ཕྱོགས་མེད་མཛད༔ ཨོ་རྒྱན་བླ་མ་སྤྲུལ་པའི་སྐུ་ལ་འདུད༔ ལས་དང་སྒྲིབ་པ་ཉོན་མོངས་གཞོམ་འདོད་ཅིང༔ མཐའ་ཡས་གདུལ་བྱ་དྲང་བར་འདོད་པ་ཡིས༔ བླ་མའི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལ༔ དྲག་ཏུ་འབད་པས་རྟག་ཏུ་བསྒྲུབ་པར་བྱ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ༔ སྒྲུབ་པའི་ཐབས་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བ་ཚད་མེད་རྣམ་བཞི་དང༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་གསག་པའི་ཕྱིར༔ དངོས་གཞི་བག་ཆགས་སྒྲིབ་པ་ཉོན་མོངས་བསལ༔ མི་རྟོག་ངང་ལས་གཞལ་ཡས་གདན་རྣམས་བསྐྱེད༔ པད་སྡོང་ཉི་ཟླ་འབར་བའི་སྟེང་ཉིད་དུ༔ སྐད་ཅིག་དྲན་རྫོགས་བླ་མ་སྤྲུལ་པའི་སྐུ༔ རབ་བྱུང་ཆ་ལུགས་དར་དམར་ཆོས་གོས་གསོལ༔ ཟབ་བེར་དར་གྱི་སྙན་ཞུ་ནོར་བུས་མཚན༔ དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས་ཀྱིས་བརྗིད༔ ཕྱག་གཡས་ཐོད་འཁར་རྩེ་དགུ་ཐུགས་ཀར་བསྣམས༔ གཡོན་པས་ཤེལ་བུམ་བདུད་རྩིས་གང་བ་བསྣམས༔ ཕྱོགས་བཞིར་རིགས་བཞི་རིགས་ཀྱི་ཕྱག་མཚན་འཛིན༔ དཀར་སེར་དམར་ལྗང་ཅང་ཏེའུ་དྲིལ་བུ་གཡོན༔ རྟོག་པ་གཅོད་བྱེད་གྲི་ཐོད་ཁ་ཊྭཱཾ་ག༔ རིན་ཆེན་རུས་རྒྱན་དར་གྱི་ཅོད་པན་འཕུར༔ བརྐྱང་བསྐུམ་གར་སྟབས་གུ་རུའི་འཛབ་སྒྲ་སྒྲོག༔ སྟེང་ན་ཀུན་བཟང་མཐའ་ཡས་སྤྱན་རས་གཟིགས༔ སྟེང་འོག་ཕྱོགས་མཚམས་རིག་འཛིན་མཁའ་འགྲོས་གང༔ གཉིས་མེད་ཡེ་ཤེས་སྐུ་གསུང་ཐུགས་ཀྱི་ངང༔ དཀར་དམར་མཐིང་གསལ་དྭངས་མའི་འོད་ཀྱི་ནང༔ ཨོཾ་ཨཱཿཧཱུྃ་གསུམ་མ་འདྲེས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ཌཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་གཉིས་མེད་བསྟིམ༔ ཨེ་མ་ཧོ༔ སྐུ་གསུམ་ལྷུན་གྲུབ་ཨོ་རྒྱན་པདྨའི་སྐུ༔ གཟི་བརྗིད་འཕྲོ་ལ་མཚན་དང་དཔེ་བྱད་འབར༔ མཐོང་ཐོས་དྲན་པས་དངོས་གྲུབ་ཐམས་ཅད་སྩོལ༔ སྐྱེས་མཆོག་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ནམ་མཁའི་གཏེར་ཆེན་ཀུན་བཟང་མཆོད་པའི་ཚོགས༔ རྗེ་བཙུན་གུ་རུ་འཁོར་དང་བཅས་ལ་འབུལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨེ་མ་ཧོ༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ འགག་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་དངོས༔ ཐུགས་རྗེས་འགྲོ་དྲུག་འདྲེན་པའི་སྟོབས་མངའ་བ༔ རྗེ་བཙུན་ཨོ་རྒྱན་གུ་རུའི་སྐུ་ལ་བསྟོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་ཧ་རི་ནི་ས་ཧཱུྃ༔ ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱ༔ བསྙེན་དུས་དཀར་དམར་མཐིང་གསུམ་འོད་ཟེར་གྱིས༔ བདག་དང་ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས༔ སྒྲུབ་དུས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་ལུས་ངག་ཡིད་བྱིན་བརླབ༔ ལས་སྦྱོར་མཁའ་འགྲོའི་ཚོགས་ཀྱིས་ཕྲིན་ལས་བསྒྲུབ༔ དཀར་སེར་དམར་ནག་འོད་ཟེར་འཕྲོ་འདུར་བཟླ༔ རྗེས་ནི་གུ་རུའི་སྐུ་གསུང་ཐུགས་འོད་ཀྱིས༔ བདག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས༔ དབྱེར་མེད་ངོ་བོ་ཉིད་སྐུར་གྱུར་པར་བསམ༔ དེ་ནས་སླར་ཡང་བཛྲ་མུཿཞེས་པས༔ འདོད་དོན་ཞུ་ཞིང་གཤེགས་སུ་གསོལ་བར་བྱ༔ དེ་ནས་དམིགས་མེད་ངང་བཞག་བསྔོ་བ་དང༔ དགེ་རྩ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ༔ སྨོན་ལམ་རྒྱ་ཆེན་གདབ་ཕྱིར་འདི་སྐད་བརྗོད༔ ཨེ་མ་ཧོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་བསགས་པའི་དགེ་བ་ཡིས༔ མཉམ་མེད་བླ་མ་མྱུར་འགྲུབ་ནས༔ ཨོ་རྒྱན་གནས་སུ་ཕྱིན་པར་ཤོག༔ ཡོན་ཏན་ཀུན་འབྱུང་སྒྲུབ་པའི་ཐབས༔ པདྨ་འབྱུང་གནས་བཀའ་བཞིན་དུ༔ མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ ལྷ་སྲས་ཐུགས་དམ་དར་ཤོག་ལ༔ པདྨ་རཱ་གའི་ཡི་གེ་ཅན༔ མ་འོངས་དོན་དུ་བསམ་ཡས་ཀྱི༔ ཡང་མཛོད་དམར་པོར་གཏེར་དུ་སྦས༔ ཁྲོ་མོ་རག་གདོང་བཀའ་འདི་སྲུངས༔ དམ་ཅན་སྡེ་གསུམ་བྱ་ར་མཛོད༔ མ་འོངས་དུས་ཀྱི་ཐ་མ་ལ༔ འགྲོ་རྣམས་སྡུག་བསྔལ་གྱུར་དུས་སུ༔ ང་ཡི་སྤྲུལ་པ་བརྟུལ་ཞུགས་ཅན༔ སྦས་ཚུལ་གཅིག་དང་འཕྲད་པར་ཤོག༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ འདིས་འགྲོ་བ་མང་པོ་སྨིན་ཅིང་དགྲོལ་བར་འགྱུར། ཡེ་ཤེས་རོལ་པ་རྩལ་གྱི་གསང་གཏེར་ྀཨཚ། གུ་རུ་ཡོན་ཏན་གཏེར་མཛོད་ལས༔ དབང་གི་ཆོ་ག་བསམ་འཕེལ་ནོར་བུ་བཞུགས་སོ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་བའི་རེ་འདོད་བསྐང་བའི་ཕྱིར༔ ཡོན་ཏན་གཏེར་མཛོད་སྒྲུབ་ཐབས་ལ༔ བརྟེན་ནས་དབང་བསྐུར་ཆོ་ག་བསྟན༔ དབེན་པའི་གནས་སུ་མཎྜལ་ནི༔ དྲི་འམ་མེ་ཏོག་ཚོམ་བུ་དགོད༔ ཕྱི་ནང་མཆོད་གཏོར་ཚོགས་མཆོད་ནི༔ སྤྱན་གཟིགས་དང་བཅས་རྒྱས་པར་བཤམ༔ དེ་སྟེང་མཉྫི་ཁྲི་རྐང་སྟེང༔ པདྨ་སྤུངས་པའི་གཏོར་མ་ནི༔ དར་གྱི་རྒྱན་ཅན་དབུས་སུ་བཞག༔ སྨན་རག་ལ་སོགས་བཀོད་པའི་ཚོགས༔ ཀུན་ནས་བཀང་ཞིང་མཛེས་པས་བརྒྱན༔ དེ་ནས་ལས་བྱང་གཞུང་བསྲངས་ཏེ༔ བསམ་པ་ལྷུན་གྲུབ་གསོལ་འདེབས་ཀྱི༔ ཚིག་དང་བླ་མའི་གསང་སྔགས་སྤེལ༔ བརྒྱ་སྟོང་ཁྲི་འབུམ་དག་ཏུ་བཟླ༔ བུམ་པ་བུམ་རྫས་ལྡན་པ་དང༔ ཨོ་རྒྱན་སྐུ་དང་བཅས་པ་ལ༔ བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱ༔ དེ་ནས་སློབ་བུ་ཁྲུས་བྱས་ལ༔ གསར་པའི་གོས་གོན་མེ་ཏོག་ཐོགས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཀྱིས༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབས་ནས་ཀྱང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པས་ལན་གསུམ་བར་དུ་གསོལ་བ་གདབ༔ དེ་ནས་བླ་མས་འདི་ལྟར་རྗེས་གནང་སྦྱིན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་རུ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ ཞེས་སོ༔ དེ་ནས་ཚོགས་གསག་བྱ་ཕྱིར་འདི་སྐད་དོ༔ ཨེ་མ་ཧོ༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་འགྲོ་བའི་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འཁོར་བཅས་གཤེགས་སུ་གསོལ༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཇོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་ཡི་དུས་ན་བདག་གི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ༔ ཧོར་སོག་འཇིགས་པའི་དམག་གིས་མཐའ་སྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ཀྱིས༔ ཁྱེད་ཉིད་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་སྐྱབས་སུ་མཆི༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་སྨན་གྱི་བླ་དང་དབྱེར་མེད་དེས༔ ཚེ་ཟད་མ་གཏོགས་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ཁྱོད་སྒྲུབ་འཚལ༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཟིན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་ཡི་དམ་ལྷ་དང་དབྱེར་མེད་ཀྱིས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ སྡིག་སྒྲིབ་ཉེས་ལྟུང་མ་ལུས་སོ་སོར་བཤགས༔ སྦས་ཡུལ་ནགས་རོང་དབེན་གནས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགག་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་རྗེས་ཡི་རང༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ཆོས་འཁོར་བསྐུལ༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཁྱེད་ཉིད་དཔའ་བོ་གྱད་དང་ལྡན་པ་ཡིས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་བཞུགས་གསོལ་འདེབས༔ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ཆོས་འཁོར་བསྐོར༔ གང་ཞིག་གཤེད་མའི་དམག་གིས་མཐའ་སྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་དགེ་རྩ་བསྔོ༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱོད་ཉིད་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དེར་ངེས་པར་ཁྲིད༔ ཨོ་རྒྱན་པདྨ་འབྱུང་གནས་སྐུ་ཐོབ་ཤོག༔ དེ་ནས་དངོས་གཞི་མཎྜལ་ཕུལ་ཏེ༔ གསོལ་བ་གདབ་པ་ནི༔ ཨེ་མ་ཧོ༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱོད་ཉིད་དུས་གསུམ་མཁྱེན་པའི་དགོངས་པ་ཡིས༔ འཁྲུལ་སྣང་རང་སར་ཞིག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྐབས་འདིར་སྤོས་བསྲེག་རོལ་མོ་བྱ༔ ལས་བྱང་གི་སྤྱན་འདྲེན་གྱིས་བྱིན་དབབ༔ དབང་གི་ཉམས་མྱོང་བདེ་གསལ་མི་རྟོག་གསུམ་སྐུ་གསུམ་དུ་ངོ་སྤྲོད༔ དངོས་གཞིའི་དབང་གི་དོན་དུ་གསོལ་བ་གདབ་པ་ནི༔ ཨེ་མ་ཧོ༔ གཞན་ཡང་ལས་དང་རྐྱེན་གྱིས་དབང་བསྒྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་པས་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཁྱེད་ཉིད་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཅོད་པར་བྱེད༔ ཨོ་རྒྱན་པདྨས་དབང་སྐུར་བྱིན་གྱིས་རློབས༔ ཞེས་བརྗོད་བླ་མས་བུམ་པ་མེ་ཏོག་གམ་སྐུའམ་ཡང་ན་གཏོར་མས་དབང་བསྐུར་ལ༔ ཨེ་མ་ཧོ༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཁྱེད་ཀྱི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ཡི་དབང༔ བུ་ཡི་ལུས་ལ་ལྷ་དབང་བསྐུར༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ འགག་མེད་གསུང་སྟེ་རྡོ་རྗེའི་གསུང༔ པདྨ་འབྱུང་གནས་གསུང་གི་དབང༔ བུ་ཡི་ངག་ལ་སྔགས་དབང་བསྐུར༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔ པདྨ་འབྱུང་གནས་ཐུགས་ཀྱི་དབང༔ བུ་ཡི་སེམས་ལ་ཆོས་དབང་བསྐུར༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སླར་ཡང་གསོལ་འདེབས་ཀྱི༔ ཚིག་མཐའ་དབང་གིས་བརྒྱན་བྱས་ཏེ༔ གང་འདོད་ལྷ་དང་སྔགས་ཀྱི་དབང༔ ཡང་དག་ཉིད་དུ་བསྐུར་བར་བྱ༔ མཐར་ནི་ཨོ་རྒྱན་པདྨ་དང༔ རང་གི་སྒོ་གསུམ་ཡེ་ཤེས་སྐུ༔ བསྲེས་ལ་ཆོས་ཉིད་ངང་དུ་བཞག༔ ཚོགས་ལ་རོལ་ཞིང་སྨོན་ལམ་གདབ༔ གཏོར་མ་གཏང་ཞིང་དཀྱིལ་འཁོར་བསྡུ༔ བསྔོ་བ་དང་ནི་བཀྲ་ཤིས་བརྗོད༔ འདི་ལྟར་ཨོ་རྒྱན་བདག་ཉིད་ལ༔ མོས་གུས་གདུང་ཞིང་གསོལ་བཏབ་ན༔ ཅི་འདོད་བསམ་པ་འགྲུབ་པར་ངེས༔ མུ་ཁྲི་བཙན་པོའི་ཐུགས་ལ་སྟིམས༔ མཚོ་རྒྱལ་ཡུམ་གྱིས་ཡི་གེར་ཐོབ༔ མ་འོངས་དུས་སུ་ང་ཡི་བུ༔ པདྨ་རྒྱལ་པོ་རོལ་པ་རྩལ༔ དེ་དང་འདི་འཕྲད་འགྲོ་དོན་འགྲུབ༔ འཇིག་རྟེན་བདེ་ལེགས་བསམ་ཀུན་འགྲུབ༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ མ་མགོན་སྡེ་བརྒྱད་བྱ་ར་མཛོད༔ མ་འོངས་ལྔ་བཅུ་ཁ་རལ་དུས༔ ང་ཡི་སྨོན་ལམ་མཐུ་བཙན་ནས༔ རྣལ་འབྱོར་སྤྱོད་པ་དྲག་རྩལ་ཅན༔ མདོ་སྔགས་གླིང་པ་དེ་ཉིད་དང༔ འཕྲད་ནས་འགྲོ་བའི་དཔལ་དུ་ཤོག༔ ཅེས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཡང་མཛོད་དུ༔ དར་ཤོག་སྔོན་པོའི་ངོས་སུ་ཡི་གེར་བཏབ་སྟེ་སྦས་པའོ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ྈ གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་བཞུགས་སོ༔་་་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ། སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ྈ བདེར་གཤེགས་རིག་འཛིན་ལྷ་དང་མཁའ་འགྲོ་མ༔ ཀུན་ནས་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཚོ་རྒྱལ་དང་ལྷ་སྲས་ཉོན་ཅིག༔ བདག་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་སྟེ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང༔ ཁྱད་པར་དུ་ཛམྦུའི་གླིང་གི་སེམས་ཅན་གྱི་དོན་ལ་བྱོན་ནོ༔ རྒྱུན་ཆད་མེད་པའི་ཐུགས་རྗེས་ཁམས་གསུམ་གྱི་དོན་ལ་བྱོན་ནས༔ རྒྱུན་ཆད་མེད་པའི་ཐུགས་རྗེས་ཁམས་གསུམ་གྱི་སེམས་ཅན་ལ་བརྡ་ཐབས་དུ་མའི་སྒོ་ནས་དྲངས་ཀྱང་ལས་ངན་པའི་སེམས་ཅན་རྣམས་སྐྱོབ་པར་མ་གྱུར་ཏེ༔ ད་དུང་རང་རང་གི་ལས་ལ་སྤྱད་པའི་དབང་གིས༔ བདག་ཨོ་རྒྱན་ཡང་མེ་ལ་བསྲེགས་པ་དང༔ མཚོན་དང་དུག་ལ་སོགས་པས་བསད་པའི་སྦྱོར་བའི་བསམ་པ་སྐྱེས་པར་གྱུར་ཏོ༔ འོན་ཀྱང་ང་ཡི་ཐུགས་རྗེས་ཡུན་རིང་པོ་ནས་ཕན་པར་གྱུར་པ་ནི༔ རྟག་པ་རྒྱུན་གྱི་ཐུགས་རྗེས་ཀུན་གཞིའི་བག་ཆགས་དང་དུས་མཉམ་དུ་གྱུར་པའི་མཐུ་ཡིན་ནོ༔ ལས་དག་པའི་གདུལ་བྱ་མང་པོ་ནི༔ བདག་གི་དབང་དང་གདམས་པ་བཏབ་ཙམ་གྱིས་ལམ་ལྔ་དང་ས་བཅུ་ལ་སོགས་པའི་ཡོན་ཏན་ཐོབ་སྟེ་མཐོང་བའི་ཆོས་ལ་བྱང་ཆུབ་པར་གྱུར་ཏོ༔ ད་ཁྱེད་ལྷ་སྲས་དང་མཚོ་རྒྱལ་ལ་སོགས་པའི་བོད་ཀྱི་དད་ལྡན་རྣམས༔ ཨོ་རྒྱན་བདག་སྲིན་པོ་འདུལ་བའི་དུས་ལ་བབས་པས་ན༔ མ་འོང་ལྔ་བཅུ་ཁ་རལ་ན་ཉེ་སོང་བའི་དུས་སུ༔ སེམས་ཅན་ཐམས་ཅད་དུག་ལྔ་ཧྲག་པོར་སྤྱོད་ཅིང༔ ང་ཡི་རབ་ཏུ་གནས་པའི་གཙུག་ལག་ཁང་རྣམས་སུ་དམག་དང་འཁྲུགས་ཁང་བྱེད༔ ལྷ་སྲས་ཁྱེད་ཀྱི་བུ་རྒྱུད་སྟོད་སྨད་བར་གསུམ་ལ་དམངས་སུ་འབེབ་པའི་བདུད་ཀྱི་བློན་པོ་ནག་པོ་དྲུག་གི་སྨོན་ལམ་གྱིས༔ དམ་པའི་ཆོས་འདུལ་བ་ནི་དམོད་ཅིང༔ རབ་བྱུང་གི་གཟུགས་ཀྱིས་ཁྱིམ་གྱི་ལས་དང༔ འཁྲུགས་དཔོན་བྱེད་ཅིང་བསྟན་པ་ཉམས་པར་འགྱུར་ཏེ༔ སྟེང་འོག་བར་གསུམ་ལྷ་སྲིན་རྣམས་འཁྲུགས་ཤིང༔ ནད་མཚོན་མུ་གེའི་ཆར་པ་དང༔ མཐའི་མུ་དུར་ནག་པོ་ཧོར་གྱི་དམག་རྣམས་ཀྱང་སྟོད་སྨད་བར་གསུམ་ནས་འཇུག་ཅིང༔ ཡུལ་ཚོལ་བའི་དུས་ཤིག་འོང་ངོ༔ དེའི་དུས་སུ་བོད་ཀྱི་མི་རྣམས་ས་མཐའ་སྦས་པའི་ཡུལ་བཅུ་གཅིག་ལ་འཇུག་འདོད་ཀྱང་འཇུག་པར་ནི་མི་ནུས་ལ༔ དེའི་དུས་སུ་དཔལ་གྱི་བསམ་ཡས་སུ་རྒྱལ་བུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྟོབས་ལྡན་མདོག་དཀར་བ་མིག་བྱ་མིག་དུ་མས་འགེབས་པ་ཞིག་འབྱུང༔ དེའི་སྨོན་ལམ་ལས་ང་ཡི་སྤྲུལ་པ་རྡོ་རྗེ་ཁྲོ་བོས་བྱིན་གྱིས་བརླབས་པ་བརྟུལ་ཤུགས་དྲུག་དང་ལྡན་པ་ཞིག་གིས༔ སྟོད་སྨད་ཐམས་ཅད་དུ་བརྡ་དོན་དུ་མ་སྟོན་པར་འགྱུར་རོ༔ ཨོ་རྒྱན་བདག་ཨོ་རྒྱན་ཡུལ་དུ་གཤེགས་པའི་དུས་སུ༔ དམ་ཆོས་ཀུན་གྱི་སྙིང་པོ་ཟབ་གནད་འདུས་པ་རྒྱལ་པོ་ཁྱེད་ཀྱི་ཐུགས་དམ་དུ་བཞག་པ་འདི་རྣམས་དེས་ལེན་པར་འགྱུར་ཏེ༔ དེའི་དུས་སུ་གནོད་སྦྱིན་དྲག་པོ་ཤིང་བྱ་ཅན་ཡང་དེ་ཡི་བཀའ་ཉན་པར་འགྱུར་རོ༔ དེའི་དུས་སུ་ང་ཡི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལ་ཡི་དམ་དུ་བྱེད་པའི་རྒྱལ་པོ་རྗེ་འབངས་ཐམས་ཅད་ལ་བར་ཆད་མི་འབྱུང་ཞིང༔ དཔལ་འབྲས་མོ་གཤོང་དང༔ ཤར་ཤིང་ལོ་ཅན་གྱི་གནས་སུ་བགྲོད་པར་འདོད་པའམ༔ ལྷོ་ཕྱོགས་ཙ་རི་ཏྲའི་བོད་ལུང་དུ་རྒྱལ་པོའི་ཕོ་བྲང་དུ་གནས་ཆོས་ཤིག༔ དེར་འགྲོ་བའི་དུས་སུ་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ལ་ནན་ཏན་དུ་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ༔ ང་ཉིད་སྲིན་ཡུལ་ན་གནས་པའི་ཕྱོགས་ནས་ཐུགས་རྗེས་བོད་ཀྱི་སེམས་ཅན་ལ་བརྩེ་བའི་ཕྱིར་དངོས་དང་སྤྲུལ་པའི་མཛད་པས༔ ཐ་སྙད་ཀྱི་ལམ་ལ་འབྱོངས་པ་དག་ཀྱང་མྱུར་དུ་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་ཉིད་དང་འཕྲད་པར་འགྱུར་ཏེ༔ འདུལ་དཀའི་སེམས་ཅན་རྣམས་ཀྱང་སྐྱེ་བ་གཅིག་གིས་ཀུན་ཏུ་བཟང་པོའི་དགོངས་པ་ལ་ལོངས་སྤྱོད་པར་འགྱུར་རོ༔ དེའི་ཕྱིར་བདག་ནི་བོད་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་སྐད་ཅིག་ཀྱང་གཡེལ་བ་མེད་དོ༔ ལྷ་སྲས་དུས་གསུམ་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ང་ཡི་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་འདི་སེམས་ཅན་ཐམས་ཅད་ཀྱི་རྣ་བར་སྒྲོགས་ཤིག༔ ཀློགས་ཤིག༔ སྒྲུབས་ཤིག༔ ནན་ཏན་དུ་མཛོད་ཅིག༔ མ་འོངས་ཕྱི་མའི་དུས་སུ་བསམ་ཡས་ཀྱི་སྙིང་སྒྲོམ་བ་གམ་ཅན་གྱི་ནང་དུ་བླ་དཔེ་གཏེར་དུ་སྡོམས་ཤིག༔ དུས་ངན་པ་དེ་ལྟ་བུ་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ རྒྱལ་བའི་ཐུགས་རྗེས་ནངས་རེ་དགོང་རེ་འགྲོ་བའི་དོན་ལ་འབྱོན་པར་འགྱུར་གྱི༔ སྒྱེད་ལུག་པར་མི་འཚལ་ལོ༔ ཉི་ཟེར་འཆར་བ་དང་སྡུད་པ་ན་ང་སྤྲུལ་པའི་སྐུ་མདངས་ལ་ཆིབས་ནས་སེམས་ཅན་རེ་རེའི་མདུན་དུ་འབྱུང་གི༔ ལས་མ་དག་པ་རྣམས་ཀྱིས་མཐོང་བར་དཀའ་ན་ཡང༔ དེའི་དུས་སུ་ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་བརྩོན་པར་བྱས་པས་བར་ཆད་སེལ་ཞིང་སྐལ་བ་དང་འཚམ་པའི་དངོས་གྲུབ་འབྱུང་བར་འགྱུར་གྱི་ངོ་ཤེས་པར་འཚལ་ལོ༔ ཁྱད་པར་ཡར་ངོའི་ཚེས་བཅུ་ཐམས་ཅད་ཀྱི་དུས་སུ་ང་ཉིད་གནས་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་ཉི་མ་དགོང་གི་དུས་དང་སྲོད་ལ་ཉུལ་ཞིང་དད་ལྡན་གྱི་བུ་ལ་དངོས་སུ་བྱིན་གྱིས་བརླབ་པར་འགྱུར་གྱི༔ དམ་ཚིག་གཙང་མས་ཚོགས་ལ་ནན་ཏན་དུ་ཡང་བྱེད་པ་ཡང་དག་པའི་ཚིག་གོ༔ ལྷ་སྲས་ཁྱད་པར་དུ་ལྔ་བརྒྱ་ཐ་མའི་ཚེ་ཆོས་ལྟར་བཅོས་པ་ཉོན་མོངས་པའི་དབང་གིས་དུག་ལྔ་རང་རྒྱུད་རགས་ཤིང་འཇོལ་ཉོག་དུ་སྤྱོད་པའི་དུས་དང༔ བདག་གི་དམ་ཆོས་རྫོགས་ཆེན་ཡང་གསང་བླ་ན་མེད་པ་རྣམས་གཏེར་གནས་སོ་སོ་ནས་ང་ཡི་བྱིན་གྱིས་བརླབས་པའི་སྤྲུལ་པའམ༔ རང་རྒྱུད་པ་རེས་ལེན་ཅིང༔ ང་ཡིས་བསྒྲུབས་པའི་སྨན་དང་དམ་ཚིག་གི་རྫས་དག་ཀྱང་གདུལ་བྱ་རྣམས་ལ་སྦྱིན་པར་བྱེད་ལ༔ དད་ལྡན་རྣམས་མཐོ་རིས་ཀྱི་ལམ་དང་བྱང་ཆུབ་ཀྱི་ལམ་དུ་འདྲེན་པར་བྱེད་པའི་ཕྱིར་ན་ང་ཡི་ཐུགས་རྗེ་ནི་དེ་དང་འདྲ་བ་ཉིད་དོ༔ ལྷ་སྲས་མུ་དུར་ནག་པོ་བྱིན་རྡིར་གན་ལ་སོགས་པ་བདུད་ཀྱི་སྤྲུལ་པ་མང་པོའི་དམག་གིས༔ སྟོད་དམར་ཡུལ་དང༔ མཐའ་འཇང་གི་ཡུལ་དང༔ བར་ཀླ་ཀློ་ཕྱོགས་ནས་ཡོངས་སུ་བསྐོར་ནས༔ ང་དང་བོ་དྷི་སཏྭ་དང་བི་མ་ལ་ཡི་སྨོན་ལམ་དང་སེམས་བསྐྱེད་དང༔ རྒྱལ་པོ་ཡབ་སྲས་ཀྱི་སྨོན་ལམ་ལས་དམ་པའི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་མཐའ་ཡས་པ་བསྒྱུར་བ་རྣམས་དང༔ དེ་དག་འཛིན་པའི་སྔགས་བཙུན་རྣམས་ཀྱང་གསོད་པ་དང་བརྡེག་པ་དང་གོ་རར་གཞུག་སྟེ་སྡུག་བསྔལ་བར་འགྱུར་བ་ལྟ་ན༔ དེ་ཡི་ཚེ་ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་དུ་བྱས་ཏེ༔ ང་ཉིད་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་དབུ་དགུ་ཕྱག་བཅོ་བརྒྱད་པ༔ ཕྱག་གཡས་རྡོ་རྗེ་ཐོ་བ་མེ་འབར་བ་རི་རབ་ཙམ་ཕྱར་ཞིང་བདུད་དཔུང་རྡུལ་དུ་བརླག་པར་ནུས་པ༔ གཡོན་རྡོ་རྗེ་ཞགས་པ་ནག་པོས་ཧོར་སོག་མུ་དུར་རྣམས་ཀྱི་ལུས་སེམས་གྲུ་གུ་ཐུལ་དུ་རབ་ཏུ་བཅིངས་པས་འགུལ་བ་མེད་པར་བསམ་པའི་སྐུ་ལ་དུག་གི་ན་བུན་རྡོ་རྗེ་འཚུབས་མར་འཕྲོས་པས༔ དེ་དག་གི་མིག་དང་དབང་པོ་ཐམས་ཅད་ཉམས་ཤིང་མྱོས་པར་བྱས་ཏེ༔ ལྷ་སྲིན་དྲེགས་པ་སྡེ་བརྒྱད་ཀྱི་དམག་དཔུང་བྱེ་བ་དུང་ཕྱུར་གྱིས་རྦད་བསྒྲལ་གྱི་ལས་བྱེད་པར་བསམས་ལ༔ ང་ཡི་གསོལ་འདེབས་དང་དྲེགས་པའི་མཆོད་ཐབས་ལ་ནན་ཏན་དུ་མཛོད་ཅིག༔ དམག་དཔུང་ཕྱི་དང་ནང་གི་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་ལ༔ ཧོར་སོགས་འཇིགས་པའི་མཐའ་དམག་ཐམས་ཅད་བཟློག་པར་འགྱུར་རོ༔ སྔགས་ནི༔ ང་ཡི་གསོལ་འདེབས་དང༔ རུ་དྲ་མཱ་ར་ཡ་བྷྱོ་ཟློག་མཱ་ར་ཡ་ཕཊ༔ ཅེས་བཟླས་པས་ཐེ་ཚོམ་མེད་དོ༔ ྀཨཚ༔ སྱ།མྱ།ཡྱ།༔ ༼༡༽ ལྷ་སྲས་གལ་ཏེ་ལས་དང་རྐྱེན་གྱི་དབང་དུ་གྱུར་པས་སྒྱུ་ལུས་འཇིག་པའི་ནད་སྣ་ཚོགས་དང༔ གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པ་དང༔ གཤིས་ངན་དུ་གྱུར་པའི་འཆི་བ་བཅོ་ལྔའམ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ གློ་བུར་བདུན་བརྒྱ་ཉི་ཤུ་དང༔ ལྟས་ངན་པ་བརྒྱད་ཅུ་རྩ་གཅིག༔ འཇིགས་པ་ཆེན་པོ་བརྒྱད་ལ་སོགས་ཀྱིས་འཚེ་བར་གྱུར་པ་ན༔ བདག་གི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་བྱེད་པའི་དུས་སུ༔ བདག་ཉིད་སངས་རྒྱས་སྨན་གྱི་རྒྱལ་པོའི་དེ་བཞིན་ཉིད་ཀྱི་ངོ་བོ་དང་དབྱེར་མེད་པར་ཤེས་པས་སྨོན་ལམ་འགྲུབ་པའི་བདེ་བར་གཤེགས་པ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་བསམས་ཏེ༔ ང་ཡི་གསོལ་འདེབས་ཀྱི་སྔགས་དང༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ༔ རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཨོཾ་ཚི་བརྟུལ་བརྟུལ་རྨུགས་ཤིག་ཤིག༔ ཏྲི་ཀྲ་མ་ཙཀྲི་རྦད༔ སད་རྦད༔ ཧ་ལ་ཡེ་རྦད༔ ཧཱུྃ་ཧཱུྃ་ཧཱུྃ་རཀྵ༔ ཞེས་ཐུན་དུ་བྱས་ནས་བཟླས་ཏེ༔ ནང་བདག་སྟོབས་འཇོམས་དང༔ ང་ཡི་རྡོ་རྗེའི་ཁྲབ་རིང་ལ་སོགས་ཏེ་བདུད་རྩི་བུམ་པའི་སྨན་དཔྱད་ལ་ནན་ཏན་དུ་མཛོད་ཅིག༔ ལས་ཀྱི་ཚེ་ཟད་པ་དང་བཅས་པ་མ་ཡིན་པ་ངེས་པར་བར་ཆད་ལས་གྲོལ་བར་འགྱུར་གྱི༔ ང་ཡི་ཀུན་བཟང་དགོངས་པ་ཟང་ཐལ་ལ་ནན་ཏན་དུ་བྱེད་པ་དག་ནི་ཚེ་ཟད་པ་དང༔ ལས་ཟད་པ་དག་ཀྱང་དེ་ལས་ཐར་བར་འགྱུར་རོ༔ ྀཨཚ༔ ༼༢༽ གལ་ཏེ་ས་ཆུ་མེ་རླུང་དགྲ་ལ་ལངས་ཤིང་ས་ཡི་བཅུད་ཉམས་ཤིང་ལོ་ཐོག་དང་འབྲས་བུ་སྨན་དང་ནགས་ཚལ་མེད་པར་གྱུར་པ་ན༔ སེམས་ཅན་གྱི་ཁམས་ཉམས་ཏེ་མུ་གེ་མི་བཟད་པ་དང༔ ནད་དྲག་པོས་རབ་ཏུ་གཟིར་ཞིང་སྡུག་བསྔལ་བ་ན་ཡང༔ ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་དུ་འཚལ་ལོ༔ ང་ཉིད་རྣམ་ཐོས་བུའམ༔ ནོར་བུ་བཟང་པོའམ༔ ཛམྦྷ་ལ་ནོར་ལྷ་བརྒྱད་ཀྱིས་བསྐོར་བར་བསམས་ཏེ༔ ང་ཡི་གསོལ་འདེབས་ཀྱི་སྔགས་དང༔ ཨོཾ་བ་སུ་དྷ་རི་ཎཱི་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་པ་ལ་སོགས་པ་ནོར་བུ་བཟང་པོའི་སྔགས་དང༔ ནོར་སྒྲུབ་རིན་ཆེན་སྤུངས་པ་དང༔ རིན་ཆེན་ཁང་བུའི་གདམས་ངག་ལ་ཡང་ནན་ཏན་འཚལ་ལོ༔ དབུལ་ཕོངས་དང་ངལ་དུབ་ཀྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ ྀཨཚ༔ ༼༣༽ ལྷ་སྲས་དུས་ཀྱི་སྙིགས་མར་གྱུར་པའི་ཚེ༔ སེམས་ཅན་ཐམས་ཅད་དམ་པའི་ཆོས་ལས་གཡེལ་བར་གྱུར་པ་ན༔ ང་ཡི་དང༔ རྒྱལ་པོའི་སྨོན་ལམ་གྱིས་དམ་པའི་ཆོས་དང༔ སྒྲུབ་པའི་རྫས་དང༔ ནོར་དང་ལག་ཆ་དང༔ སྦས་པའི་ཡུལ་ཕྱོགས་རྣམས་ཀྱི་སྒོ་ཕྱེ་ཞིང་གཏེར་འདོན་པའི་ལམ་ཡིག་དང༔ ཁ་བྱང༔ གནད་བྱང༔ ལྡེ་མིག༔ ཡང་བྱང་དང་བཅས་པ་ལ་བརྟེན་ནས༔ གཏེར་འདོན་པར་འདོད་པས་ཀྱང༔ དམ་ཚིག་ཉེས་ལྷུང་གི་དྲི་མ་ཅི་ཡང་མེད་པའི་སེམས་དཔའ་བའི་གདིང་གིས་ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་དུ་འཚལ་ལོ༔ དེ་ཡི་ཚེ་ང་ཉིད་གང་ལ་མོས་པའི་ཡི་དམ་དུ་གསལ་བའི་འཁོར་དུ༔ དཀྱིལ་འཁོར་ལྷ་ཚོགས་ཀྱིས་བསྐོར་བ་ལ་གསོལ་བ་གདབ་པའི་སྒྲུབ་པ་ལ་བརྩོན་པར་བྱས་ལ༔ གཞི་བདག་དང༔ ས་ཡི་ལྷ་མོ་ལ་གཏོར་མ་བཏང་ཞིང༔ གཏེར་བླང་བའི་ཆོ་ག་དཀྱིལ་འཁོར་གྱི་ས་ཆོག་ལྟར་བྱ་ཞིང༔ གལ་ཏེ་བར་ཆད་ཀྱི་མགོ་བསྐོར་བྱུང་སྲིད་ན༔ གཏེར་བདག་ལ་དམ་བསྒྲག་ཟིལ་གྱིས་མནན་པའི་ཏིང་ངེ་འཛིན་སྒོམ་པ་དང་བཅས་ཏེ༔ ང་ཡི་ལུང་བཞིན་དུ་སྒྲུབ་པར་དམ་བཅས་པ་ན༔ ཕ་ཡི་ནོར་མཛོད་དུ་ཡོད་པ་བུ་ཡི་ལོངས་སྤྱོད་བྱས་པ་ལྟར་ཡིད་ལ་ཅི་འདོད་པའི་རེ་བ་རྫོགས་པར་འགྱུར་རོ༔ དེའི་ཚེ་གནས་ཆེན་བྱིན་དབབ་པའི་ཆོ་ག་དང༔ བཀའ་ནན་རབ་བརྗིད་ལ་སོགས་པའི་དམ་ཚིག་བདར་བ་ལ་ཡང་ནན་ཏན་དུ་བྱ་ཞིང༔ གཏེར་བདག་གི་སྲོག་ནས་དྲངས་པའི་སྔགས་ལ་ཡང་ནན་ཏན་དུ་གཅེས་སོ༔ ྀཨཚ༔ ༼༤༽ ལྷ་སྲས་གལ་ཏེ་དུས་ཀྱི་ཐ་མར་གཡུལ་འཐབ་རྩོད་ཀྱི་དབང་གིས་རང་དང་གཞན་ལ་བསྐུལ་བར་གྱུར་པ་ན༔ དེ་ཡི་ཚེ་སྦས་པའི་ཡུལ་ལྷོ་རྒྱུད་ལ་བདུན་དང༔ བྱང་སྟོད་ལ་གཅིག༔ ཁམས་ཀྱི་ཡུལ་དུ་གཅིག༔ ཀོང་ཡུལ་ལ་སོགས་པར་འབྲོས་དགོས་པར་གྱུར་པ་ན༔ དེ་ཡི་ཚེ་ཁ་ཆར་དང༔ བུ་ཡུག་དང༔ ལྷ་འདྲེས་མགོ་བསྐོར་འབྱུང་སྲིད་པས༔ ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་དུ་བྱ་ཞིང༔ བདག་ཉིད་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་གསལ་བའི་འཁོར་དུ་གཞི་བདག་བསྡུས་ལ༔ ཕུད་གཙང་མ་ལ་རིན་ཆེན་བརྡར་ཏེ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་བྱས་ལ༔ བླ་མ་ཡི་དམ་མཁའ་འགྲོ་གཏེར་སྲུང་རྣམས་མཆོད༔ ཀྱཻ་ཡུལ་འདི་དང་ས་ཕྱོགས་འདིའི་ལྷ་སྲིན་སྡེ་བརྒྱད་ཀྱིས་གཙོ་བྱས་པའི་གུ་རུ་པདྨས་དམ་ལ་བཏགས་པའི་ལྷ་སྲིན་ཡུལ་བདག་ཀུན༔ ཆོས་ཉིད་བདེན་པའི་བཀའ་བསྩལ་པ་ཉོན་ཅིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ ང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྦས་པའི་ཡུལ་དུ་འགྲོ་བའི་དུས་ཡིན་པས༔ ཁྱེད་རྣམས་ཀྱིས་ཕྲག་དོག་མ་བྱེད་ཅིག༔ མཆོད་ཡོན་གཏོར་མ་རྒྱན་དང་ལྡན་པ་འདི་བཞེས་ཤིག༔ ལམ་སྣ་བཟང་པོ་མཛོད་ཅིག༔ ཅེས་དང་གསང་བ་རྨད་དུ་བྱུང་བའི་གསང་སྤྱོད་ལ་ནན་ཏན་དུ་བྱའོ༔ ཆོས་བྱེད་ལམ་སྣ་སྡེ་བརྒྱད་ཀྱིས་དྲངས་ནས་འདོད་པའི་ཡུལ་དུ་ཕྱིན་པར་འགྱུར་རོ༔ ྀཨཚ༔ ༼༥༽ ལྷ་སྲས་གལ་ཏེ་གངས་ཆེན་ཡུལ་ལམ༔ ལྷོ་སྦས་པའི་ཡུལ་དུ་འགྲོ་བར་གྱུར་པའི་ཚེ༔ སྟག་གམ༔ གཟིག་གམ༔ དོམ་མམ༔ དྲེད་དམ༔ དུག་སྦྲུལ་ལམ༔ སྦྲང་ཆེན་ནམ༔ ཆུ་སྲིན་ནམ༔ སྤྲེའུ་འམ༔ སྤྲའམ༔ ཁྱིའམ་མ་རུངས་པའི་སེམས་ཅན་མི་བཟད་པའི་མཆེ་བ་ཅན་གྱིས་སྲོག་འཕྲོག་པའི་བར་ཆད་དུ་འགྱུར་ཉེ་བའམ༔ གལ་ཏེ་རིའམ༔ མཚོའམ༔ བྲག་གམ༔ ཆུ་ཡི་རྦ་ཀློང་དུ་འཁྲུགས་པའམ༔ ནགས་སྟུག་པོ་རྣམས་སམ༔ ཁ་བའམ་ཆར་དྲག་པོ་དག་གིས་ལམ་འགགས་ཤིང༔ སྲོག་འཕྲོག་པའི་བར་ཆད་དུ་གྱུར་པ་ན༔ ང་ཡི་གསོལ་འདེབས་ཀྱི་སྒྲུབ་པ་ལ་ནན་ཏན་དུ་གཅེས་སོ༔ དེའི་ཚེ་རྔ་བོ་ཆེའམ༔ འཁར་རྔའམ༔ དུང་ངམ༔ ཆ་ལང་ལ་སོགས་པ་ལ་ང་ཉིད་སེངྒེ་སྒྲ་སྒྲོག་ཏུ་བསྒོམ༔ ཚོགས་དང་གཏོར་མས་བསྐང༔ ང་ཡི་གསོལ་འདེབས་ཀྱི་སྔགས་དང༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་དུ་ཏྲི་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླས་ཏེ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་སྤྲུལ་པས་འཇིགས་པ་དེ་དག་ཟིལ་གྱིས་གནོན་པར་བསྒོམས་ལ༔ རོལ་མོ་བརྡུང་ངོ༔ གདུག་པའི་སེམས་ཅན་རྣམས་ཕ་རོལ་དུ་སྐྲོད་ཅིང༔ རང་ཉིད་བདེ་བའི་གནས་སུ་སྒྲོལ་བར་འགྱུར་རོ༔ ཡང་ང་ཉིད་དཔལ་དཔའ་བོ་རྟ་མགྲིན་དབུ་ཚངས་པ་ལ་ཐུག་པ༔ ཞབས་དབང་ཆེན་ལ་ཐུག་པ༔ སྤྱི་གཙུག་ན་རྟ་སྐད་དྲག་པོ་ཐེངས་གསུམ་གྱིས་དྲེགས་པ་ཅན་དབང་དུ་བསྡུས༔ བཀའ་འོག་ཏུ་ཟིལ་གྱིས་མནན༔ འཁོར་དཔའ་བོ་དང་གིང་ཆེན་དང་གིང་ཕྲན་འབུམ་སྡེ་འདུ་བར་བསམས་ལ༔ གསོལ་འདེབས་ཀྱི་སྔགས་དང༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨ་ཏྲི་ནྲྀ་པཱ་ཤཾ་ཀུ་རུ་ནན༔ ཅེས་བཟླས་པས་ཀྱང་ཇི་ལྟར་འདོད་པའི་དོན་འགྲུབ་བོ༔ ྀཨཚ༔ ༼༦༽ ལྷ་སྲས་གལ་ཏེ་ས་རྡིབ་བམ༔ རབ་ཏུ་གཡོས་པ་དང༔ ཆུ་ཆེན་པོ་ལུད་ཅིང་རྦ་ལ་གཡེངས་པ་དང༔ མེ་ཡི་ཀླུབས་སུ་ཚུད་པའམ༔ རླུང་ཆེན་པོས་དྲངས་ཤིང་ཁྱེར་བས་ལུས་སེམས་ཉེན་པར་གྱུར་པ་ན༔ ང་ཡི་གསོལ་འདེབས་ལ་ནན་ཏན་དུ་བྱ་བ་གཅེས་སོ༔ དེའི་ཚེ་ང་ཉིད་དཔལ་ཆེན་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེ་འཁོར་ཁྲོ་བོ་རྡོ་རྗེ་ཐོ་བ་ལ་སོགས་པའི་འཁོར་གྱི་སྟོབས་དང་ལྡན་པར་བསམས་ལ༔ སྔགས་ནི་གསོལ་འདེབས་ཀྱི་སྔགས་ལ་རྣམ་པར་འཇོམས་པ་དང་སྟོབས་པོ་ཆེའི་སྔགས་དང༔ ཨུ་ཙུཥྨ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླའོ༔ འབྱུང་བ་བཞིའི་གནོད་པ་རང་སར་ཞི་བར་ཐེ་ཚོམ་མེད་དོ༔ ྀཨཚ༔ ༼༧༽ ལྷ་སྲས་གལ་ཏེ་ལམ་ཆེན་པོ་དང༔ འཕྲང་དོག་མོ་དང༔ དགྲ་དང་འདྲེའི་འཇིགས་པའམ༔ ས་ལ་ཚུད་འགྲོ་བར་གྱུར་པའི་ཚེ༔ བསད་ཁྱེར་གྱི་ཇག་པ་མ་རུངས་པའི་ཆོམ་པོས་ཚེ་དང་ལོངས་སྤྱོད་ལ་བར་དུ་གཅོད་པ་ན༔ རྩེ་གཅིག་ཏུ་ང་ཡི་གསོལ་བ་འདེབས་པ་ལ་ནན་ཏན་དུ་བྱ་ཞིང༔ ཨོཾ་མ་ཧཱ་ཐ་མི་ཆོམ་རྐུན་ཆིངས་ཆིངས༔ ཞེས་ཡུགས་ས་མོའི་སྐྲ་ལ་སྐུད་པ་འདོམ་གང་བ་བཞི་སྒྲིལ་དུ་བྱས་ལ༔ མདུད་པ་རྡོ་རྗེ་ཆེན་པོའི་དབྱིབས་སུ་བརྒྱབ་ཅིང༔ དེ་མཆོད་རྟེན་ཆེན་པོར་བསྒོམས་པའི་སྒོ་བཞི་ལྕགས་ཀྱུ་ལྟ་བུའི་འོད་ཀྱིས་སྙིང་ནས་དྲངས་ཏེ༔ ནང་དུ་ཚུད་པ་དང་སྒོ་བཅད་པར་བསམས་ལ༔ སྔགས་བརྒྱ་རྩ་བརྒྱད་ཀྱིས་མདུད་པ་དམ་དུ་བསྡམ༔ མིག་ཐལ་བའི་རྡོ་རྗེའི་ཕྱེ་མས་ཐམ་གྱིས་བསྡམས་པར་བསམ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱ་བཞིས་དགུག་འཆིང་སྡོམ་མྱོས་སུ་བྱས་ཏེ༔ གུ་རུའི་འཁོར་དུ་སྒོ་བ་སྒོ་མ་བཞི་བསྒོམ་མོ༔ ཇག་ཆིངས་ལྕགས་སྒྲོག་འདུས་པ་ལ་ནན་ཏན་དུ་བྱའོ༔ ྀཨཚ༔ ༼༨༽ ལྷ་སྲས་གལ་ཏེ་སྙིགས་མའི་དུས་སུ་འདོད་པའི་དབང་གིས༔ གཤེད་མ་དྲག་པོའི་མི་དང་འཕྲད་པ་ན༔ ང་ཉིད་རྡོ་རྗེ་སྲུང་བའི་གུར་དང་ལྡན་པ༔ མི་ཆོད་པ༔ མི་ཤིགས་པ༔ བདེན་པ༔ སྲ་བའི་ནང་དུ་ཞུགས་པའི་སྐུར་བསྒོམས་ལ༔ ང་ཡི་གསོལ་འདེབས་ཀྱི་སྒྲུབ་པའི་རྣལ་འབྱོར་ལ་ནན་ཏན་དུ་བྱས་པས༔ གཤེད་མས་བསྐོར་བ་དང༔ མཚོན་ཆ་རྣོན་པོས་འདེབས་པ་ཡང་གཤེད་མ་དེ་དག་སྣང་བ་གཞན་དུ་འཁྲུལ་ནས་བྲེད་པར་འགྱུར་བ་དང༔ མཚོན་ཆ་རྣམས་ཕྱོགས་མཚམས་རྣམས་སུ་འཐོར་བར་འགྱུར་རོ༔ སྔགས་ནི་ང་ཡི་གསོལ་འདེབས་ཉིད་དང༔ བཛྲ་རཀྵ་རཀྵཱ་ཧཾ༔ ཞེས་བཟླ་ཞིང་གོ་ཆ་བརྒྱད་ཀྱི་སྔགས་དང་མན་ངག་ལ་ཡང་ནན་ཏན་དུ་བྱའོ༔ ྀཨཚ༔ ༼༩༽ ལྷ་སྲས་གལ་ཏེ་ཚེ་ལོ་བརྒྱ་པའམ༔ རང་གི་ཚེ་ཡི་ཤུགས་ཟད་ནས་འཆི་བར་གྱུར་པ་ན༔ ང་ཡི་གསོལ་འདེབས་ལ་ནན་ཏན་དུ་བྱ་ཞིང་འདུག་གནས་དེ་ཡང་བདེ་བ་ཅན་གྱི་ཡོན་ཏན་ཅན་དུ་དྲན་པ་དང༔ ང་ཉིད་སངས་རྒྱས་སྣང་བ་མཐའ་ཡས་ཐ་མི་དད་པ་ལ་སངས་རྒྱས་བྱང་སེམས་འཕགས་པས་བསྐོར་བའི་ཐུགས་ཀར་ཐིག་ལེ་དམར་པོ་འོད་ལྔ་འཕྲོ་བ་ཡང་བ་གསལ་བ་མི་བདེ་བ་མེད་པའི་དབུས་སུ༔ རང་སེམས་ཐིག་ལེ་དམར་པོར་གནས་པ་ལ་ལུས་འོད་དམར་པོར་ཞུ་བ་དག་ཐིམ་པར་བསམ་ཞིང༔ རླུང་ཕྱིར་འགྲོ་ན་མཆོད་པ་དང་གསོལ་འདེབས་སུ་བྱ༔ ཚུར་འོང་ན་སྒྲིབ་སྦྱངས་དང་བྱིན་རླབས་སུ་བསམ༔ མཐར་གཙོ་བོའི་ཐུགས་ཡིད་དང་འདྲེས་པར་བསམ༔ སྐབས་སུ་བདེ་བ་ཅན་གྱི་མདོའི་ཚིག་ཉན་ཅིང་དེར་འགྲོ་བ་ལ་དགའ་བའི་སེམས་དང་བཅས་ཏེ་རླུང་འགྲོ་འོང་ལ་བསླབ་ཅིང༔ ཉལ་བ་དང་གཉིད་ཀྱི་དུས་སུ་ཡང་ཡིད་དུང་ངེ་བའི་གསོལ་འདེབས་བྱའོ༔ དེ་ཡི་ཚེ་གནད་གཅོད་ཀྱི་ཚོར་བ་དྲག་པོ་མེད་ཅིང་སྡུག་བསྔལ་མེད་པའི་ཡིད་ཀྱིས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཐེ་ཚོམ་སོམ་ཉི་མེད་དོ༔ ྀཨཚ༔ ༼༡༠༽ ལྷ་སྲས་གལ་ཏེ་སྒྱུ་ལུས་འབྱུང་བ་བཞི་གཡར་ཏེ༔ ཚེ་ཇི་སྲིད་དུ་འཚོ་ཡང་སླར་འབྱུང་བ་རང་སར་ཐིམ་པའི་ཚེ༔ ས་ཆུ་ལ་ཐིམ༔ དེ་མེ་ལ༔ མེ་རླུང་ལ་ཐིམ༔ དེ་རྣམ་ཤེས་ལ༔ དེ་འོད་གསལ་ལ་ཞུགས་པ་ན་ནམ་མཁའ་དྭངས་དུས་ཀྱི་སྣང་བ་ལྟ་བུ་ལ་གནས་ཏེ༔ ཆོས་ཉིད་འོད་གསལ་གྱི་བར་དོ་དང་པོ་ཉིད་དུ་འཚང་རྒྱའོ༔ གལ་ཏེ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཤར་ནས་ཐམས་ཅད་རང་བྱུང་ཡེ་ཤེས་སྤྲོས་བྲལ་སྐུ་བཞི་རང་ཤར་དུ་ཤེས་པས་མཉམ་གཞག་རྗེས་ཐོབ་བསྲེ་བར་བྱའོ༔ དེ་དུས་གོམས་ཤུགས་ངན་པས་ལས་ཀྱི་གཤིན་རྗེས་དེད་པ་དང༔ མཚོན་ཆས་ཐེབས་པ་དང༔ འབྲོས་འདེད་ཀྱི་སྣང་བས་ངལ་ཞིང་ཉེན་པ་ན༔ ང་ཡི་གསོལ་འདེབས་ཀྱི་རྣལ་འབྱོར་ལ་ནན་ཏན་དྲག་པོས་སྐྱབས་སུ་སོང་ནས༔ ང་ཡི་སྐུ་གསུང་ཐུགས་སུ་བསྲེས་ནས་གསོལ་བ་བཏབ་ན༔ ངས་ནི་བར་དོའི་སེམས་ཅན་གྱི་ལས་དང་བྱ་བ་ཐམས་ཅད་དུས་གསུམ་ཐོགས་མེད་དུ་མཁྱེན་ཅིང༔ མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ངང་དུ་རྟོགས་ཤིང༔ བརྟན་པ་ཐོབ་པའི་རྟེན་འབྲེལ་གྱིས་བར་དོའི་འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད་ཀྱི༔ ང་ཡི་བར་དོ་ལྔ་ཉིད་ལ་ནན་ཏན་དུ་མཛོད་ཅིག༔ བར་དོའི་ཚིག་བདུན་ཡང་ཁ་ཏོན་དུ་བྱ་བ་གཅེས་སོ༔ ྀཨཚ༔ ༼༡༡༽ ཀྱཻ་ལྷ་སྲས་ལྷ་ཡི་བྱང་ཆུབ་སེམས་དཔའ༔ ལས་དང་རྐྱེན་གྱི་དབང་དུ་གྱུར་པས༔ འགྲོ་བ་ཐམས་ཅད་འཁྲུལ་སྣང་མི་བདེན་པ༔ ཆུ་ནང་གཟུགས་ལ་ཆགས་པ་ལྟ་བུར་འཁྲུལ་པའི་སྡུག་བསྔལ་ལ་སྤྱོད་པ་མང་གི༔ ཡིད་གཉིས་ཐེ་ཚོམ་མེད་པར་ང་ཡི་གསོལ་འདེབས་ལ་ནན་ཏན་དུ་གཅེས་སོ༔ བུ་འབངས་ལ་སྡུག་བསྔལ་རང་གྲོལ་གྱི་གདམས་པ་འདི་ལྟར་ཐོབ་མཛོད༔ ང་ནི་བདེ་ཆེན་ཡེ་ཤེས་ཀྱི་སྐུ་བརྙེས་ཏེ༔ དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེ་བ་མེད་ཅིང༔ འགྲོ་བའི་དོན་བྱེད་ཅིང་ཆོས་ཀྱི་རྒྱལ་པོ་ལགས་སོ༔ དེ་ཡི་ཕྱིར་ང་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ན༔ ང་ཡི་ཐུགས་ཀྱི་ཡེ་ཤེས་བྱིན་རླབས་ཀྱི་སྟོབས་ལས༔ གསོལ་བ་འདེབས་པའི་སེམས་དང་གཅིག་ཏུ་གྱུར་ཏེ༔ སྡུག་བསྔལ་དང་འཁྲུལ་སྣང་ཐམས་ཅད་གཅོད་པར་བྱེད་པ༔ བདེ་གསལ་མི་རྟོག་པའི་ཉམས་སུ་ཤར༔ དེ་རང་རིག་གི་ངོ་བོར་དག་གོ༔ དེ་ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་ཏུ་རྟོགས༔ དེ་ལ་གོམས་ཤིང་འདྲིས་པར་བྱས་པས༔ སྣང་སེམས་ཐམས་ཅད་རང་གྲོལ་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་རོ༔ ྀཨཚ༔ ༼༡༢༽ ལྷ་སྲས་སྤྱིར་འགྲོ་དྲུག་རང་ངོ་མ་ཤེས་ཤིང་གཉིས་སྣང་རྟོག་པས་ལོག་པའི་ལམ་དུ་འཁྲུལ་པ་ཁ་བརྒྱུད་པའི་དབང་གིས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང༔ རིགས་དྲུག་སོ་སོའི་སྡུག་བསྔལ་དང༔ ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཆེན་པོ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་བར་གྱུར་པ་ན༔ དང་བའི་དད་པས་དཀོན་མཆོག་གི་དྲིན་ལ་གུས་ཤིང༔ ཁྱད་པར་པད་འབྱུང་བདག་གི་རྣམ་ཐར་དྲན་པས་གསོལ་བ་ཐོབ༔ ཡིད་ཆེས་པའི་དད་པ་ནི༔ མདོ་སྡེ་རྣམ་གསུམ་ཐུབ་པའི་དབང་པོས་གསུངས་པ་རྣམས་ནི་ལུང་ཡིན་ལ༔ རིག་པས་ཀྱང་ཤེས་ཏེ༔ སྨན་པ་འཚོ་བྱེད་ཀྱིས་སྨན་ག་པུར་བྱིན་པས༔ ནད་ཚད་པ་ལས་གྲོལ་བ་ལྟ་བུ་ཡིན་ཏེ༔ ལམ་ལྔ་ས་བཅུ་ཡང་དཔྱད་པས་འགྲུབ་ལ༔ མངོན་སུམ་རྫོགས་པ་ཆེན་པོའི་གདམས་པས་ནི་སྐྱེ་མེད་དུ་རྟོགས༔ འགག་མེད་དུ་ཤེས༔ གོམས་པས་ཆོད་དེ༔ མངོན་སུམ་ལ་བརྟེན་ནས་བལྟས་པས༔ ཉམས་རྟོགས་གོང་འཕེལ་དུ་འགྱུར༔ དེ་གོམས་པས་རིག་པ་ཚད་དུ་ཕེབས་སོ༔ དེ་ལས་ཀྱང་ཆོས་ཉིད་མ་ཡིན་པའི་ཆོས་གཞན་ཟད་དེ་འཚང་རྒྱ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ ྀཨཚ༔ ༼༡༣༽ ལྷ་སྲས་དེའི་ཕྱིར་ན་ཁྱེད་རྒྱལ་པོས་དབུ་མཛད་པ་རྣམས་ནི༔ པདྨ་འབྱུང་གནས་བདག་གི་བཀའ་ལ་ནན་ཏན་དུ་མཛད་འཚལ་ལོ༔ སངས་རྒྱས་ཤཱཀྱ་ཐུབ་པའི་དགོངས་པ་རྣམས་དང་གཉིས་སུ་མེད་པར་རྟོགས་པར་འགྱུར་རོ༔ ཞེས་གསུངས་སོ༔ ཀྱཻ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཉོན་ཅིག༔ ང་ནི་ཨོ་རྒྱན་མཁའ་འགྲོའི་གླིང་དུ་འགྲོ༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་འོངས་དུས་སུ་ང་ཡི་སྤྲུལ་པ་རྣམས༔ རིམ་པར་འབྱུང་བས་ལྷ་སྲས་བོད་ཀྱི་རྗེ༔ ཁྱེད་ཀྱིས་ད་དུང་བོད་ཀྱི་དོན་ལ་དགོངས༔ འདི་ནས་སྐྱེ་བ་བཅུ་དྲུག་འགྲོ་དོན་མཛོད༔ དེ་ནས་ཨོ་རྒྱན་མཁའ་འགྲོའི་གནས་སུ་འདུ༔ རྣམ་པ་ཀུན་ཏུ་བདག་དང་འབྲལ་བ་མེད༔ མ་འོངས་དུས་སུ་འགྲོ་བའི་དོན་ཉིད་དུ༔ ཟབ་མོའི་གཏེར་འདི་སྙིང་སྒྲོམ་དབུས་སུ་སྦོས༔ ཕྱི་མར་རྟོགས་ལྡན་དྲག་པོ་བརྟུལ་ཞུགས་ཅན༔ བྱང་ཆུབ་སེམས་དཔའ་ཡེ་ཤེས་རོལ་པ་རྩལ༔ དེ་ཡིས་བླངས་པས་འགྲོ་བའི་དོན་འགྲུབ་འགྱུར༔ རྡོ་རྗེ་རག་གདོང་བཀའ་འདི་དམ་དུ་སྲུངས༔ དམ་ཅན་སྡེ་གསུམ་བཀའ་ཡི་བྱ་ར་མཛོད༔ ཕྱི་མར་པདྨ་རྒྱལ་པོ་ཉིད་དང་སྤྲོད༔ དུས་མིན་ལེན་ན་ཤ་ཟོ་ཁྲག་ལ་ཐུངས༔ བཛྲ་སྱ།མྱ།ཡྱ།༔ ཁ་ཐམ༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་མོ༔ རྫོགས་རིམ་ཡོན་ཏན་གཏེར་མཛོད་བཞུགས་སོ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ བདག་འདྲ་པདྨ་འབྱུང་གནས་ནི༔ ཀུན་བཟང་ཐུགས་རྗེའི་འོད་ཟེར་གྱིས༔ རང་རང་སྙིང་པོ་ཐིག་ལེར་གསལ༔ ཆོ་འཕྲུལ་འགག་མེད་མཁའ་ལ་གདལ༔ སྣང་བ་མཐའ་ཡས་ཐུགས་རྗེའི་འོད༔ དྲི་མེད་མདངས་ལྡན་ཀོ་ཥའི་མཚོར༔ མེ་ཏོག་པདྨའི་སྙིང་པོར་བརྫུས༔ ཨིནྡྲ་བྷཱུ་ཏི་ལ་སོགས་པའི༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དང༔ ལི་དང་བལ་བོད་ཡུལ་རྣམས་སུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱས༔ ཁྱད་པར་གངས་ཅན་བོད་ཡུལ་དུ༔ ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱིས༔ དགོངས་པའི་གཙུག་ལག་ཁང་རྣམས་བཞེངས༔ ས་བཏུལ་ཕྱི་ནང་དམ་ཆོས་བསྟན༔ ཁྱད་པར་དམ་ཆོས་བདུད་རྩིའི་མཚོ༔ རྫུ་འཕྲུལ་སྟོབས་ཀྱིས་བསྲུབས་པ་ལས༔ བཀའ་འདུས་ཆོས་ཀྱི་སྒྲོན་མེ་སྦར༔ འོན་ཀྱང་ལྔ་བརྒྱ་ཐ་མའི་ཚེ༔ བོད་རྣམས་སིལ་བུར་འགྲོ་བའི་དུས༔ འགོང་པོ་སྤུན་དགུས་ས་སྟེང་ཁྱབ༔ ཆོས་ཁྲིམས་རྒྱལ་ཁྲིམས་ཞིག་པར་འགྱུར༔ དེ་དུས་ཆོས་སྐྱོང་རྒྱལ་པོ་ཡི༔ ཐུགས་ཀྱི་གདུང་རྒྱུད་སྐྱོབ་པའི་ཐབས༔ ཡོངས་རྫོགས་འདུས་པ་དམ་པའི་ཆོས༔ ཨོ་རྒྱན་ང་ཡི་སྙིང་ཁྲག་ཏིག༔ ཆོས་རྣམས་ཀུན་གྱི་སྙིང་པོ་བསྡུས༔ ཟབ་ལ་རྒྱ་ཆེའི་ཆོས་མང་ཡང༔ དེ་དུས་བསྒྲུབ་པ་ཤིན་ཏུ་དཀའ༔ འདི་ནི་གདམས་ངག་སྣ་རེས་ཀྱང༔ མདོ་རྒྱུད་སྙིང་པོ་གཅིག་ཏུ་བསྡུས༔ སྤྲོས་བཅས་སྤྲོས་མེད་ཆ་བཀྲམ་སྟེ༔ གབ་སྦས་མེད་ཅིང་མངོན་སུམ་གྱི༔ ཡེ་ཤེས་སྐད་ཅིག་རེ་རེ་ལ༔ རྒྱུད་ལ་མྱུར་དུ་སྐྱེད་པའི་ཐབས༔ རྫོགས་རིམ་མ་བུ་ཀུན་འདུས་པའི༔ ཡོན་ཏན་གཏེར་མཛོད་ཡིན་པའི་གཏེར༔ གཅིག་ཤེས་དམ་ཆོས་ཐམས་ཅད་ལ༔ ནང་བྱན་ཚུད་པར་འགྱུར་བ་ཡིན༔ དེ་ཕྱིར་འདི་འདྲ་སྔར་མ་བསྟན༔ འདི་དང་མཉམ་པ་ཡང་མེད་དོ༔ སྱ།མྱ།ཡྱ།༔ ཨེ་མ་ཧོ༔ དང་པོ་དབེན་པའི་གནས་སུ་འདུག་ནས་ནི༔ ཕྱི་ནང་འབྲེལ་པ་བཅད་ཅིང་ཡོ་བྱད་བསག༔ དང་པོ་སྔོན་འགྲོ་་་བདེ་བའི་གདན་ལ་འདུག་ཅིང་མི་རྟག་པ༔ ཡང་ཡང་དེ་དང་སྦྱར་ཏེ་བསྒོམ་པར་བྱ༔ སྐད་ཅིག་ཙམ་ཡང་སྡོད་པའི་ལོང་མེད་པ༔ དམ་ཆོས་སྒྲུབ་ལ་བརྩོན་པའི་རྟགས་ཚད་ཡིན༔ དེ་ནས་འཁོར་བའི་ཉེས་དམིགས་ཡང་ཡང་བསམ༔ བྱ་བ་ཐམས་ཅད་དོན་མེད་ལྦུ་བ་འདྲ༔ འདུས་བྱས་ཆོས་ལ་ཡིད་བརྟན་མེད་པར་བལྟ༔ དཔེར་ན་གཡང་ཆད་རི་བོའི་ངོས་དང་འདྲ༔ སྐད་ཅིག་རེ་ནས་འཁོར་བའི་རྒྱ་མཚོར་འཇུག༔ དེ་ལྟར་བསམས་ནས་འཇིག་རྟེན་བྱ་བ་ལ༔ སྐྱུགས་ནད་ཅན་ལ་ཟས་ཀྱི་གཏམ་བརྗོད་པས༔ ཞེན་པ་གཏིང་ལོག་སུན་པར་འགྱུར་དང་མཚུངས༔ ཡིད་ལ་བསམ་པ་དམ་ཆོས་མ་ཡིན་པ༔ དགོས་མེད་རྒྱུད་ལ་སྐྱེས་པ་རྟགས་ཚད་ཡིན༔ དེ་ནས་དམ་ཆོས་ལུང་དང་མན་ངག་གི༔ དོན་ལ་བདེན་བསམ་དཀོན་མཆོག་སྐྱབས་འགྲོ་བྱ༔ མི་དགེ་སྡིག་སྤང་དགེ་བའི་ཆོས་ལ་འབད༔ ཚད་མེད་ནམ་མཁའི་མཐའ་མཉམ་འགྲོ་བ་ལ༔ བྱམས་དང་སྙིང་རྗེ་སྐྱེ་ཞིང་དཀོན་མཆོག་གི༔ ཡོན་ཏན་རྒྱུད་ལ་སྐྱེས་སྐྱེས་འབད་ཅིང་བསྒྲུབ༔ གཉིས་པ་དངོས་གཞི་་་དེ་ནས་ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ངག་ནི་མི་སྨྲ་གཏམ་གྱི་རྒྱུ་འགྲུལ་བཅད༔ ཡིད་ནི་མ་བཅོས་ནམ་མཁའི་དབྱིངས་སུ་གཏད༔ ཐུན་དྲུག་ཁ་སྦྱར་རླུང་དང་སྦྱར་ཏེ་བསྒོམ༔ ལུས་དང་སེམས་ཀྱི་འཚེ་བ་མེད་པ་དང༔ ངག་གི་འགྱུ་བ་རང་སར་དག་པ་ན༔ གློ་བུར་འཁྲུལ་པ་དག་པའི་རྟགས་ཡིན་ཏེ༔ མཉམ་གཞག་དེ་ལས་རྗེས་ཐོབ་འོད་གསལ་གྱི༔ སྣང་བ་མཆེད་དང་ཐོབ་དང་རང་སར་གནས༔ ཐམས་ཅད་མཉམ་ཉིད་དག་པའི་མཁའ་དབྱིངས་སུ༔ སྤྲོས་པ་བཏང་ནས་སྤྲོས་བྲལ་ཉིད་དུ་བཞག༔ ས་ཆུ་མེ་རླུང་འབྱུང་བ་རང་སར་དག༔ ཐ་སྙད་ཚིག་གི་དོན་ཀུན་རང་ལ་རྫོགས༔ མངོན་སུམ་ཐིག་ལེ་འོད་གསལ་ཉིད་དུ་སྨིན༔ སྐྱེ་འཆི་འཇིགས་བྲལ་བློ་ཡི་འཛིན་པ་གྲོལ༔ དེ་དུས་རྗེས་ཤེས་སྒྱུ་མའི་དཔེ་བརྒྱད་ལྟར༔ སྣང་ཙམ་ཉིད་ལ་ངོ་བོས་སྟོང་པར་རྟོགས༔ བླ་མའི་རྣལ་འབྱོར་ཚོགས་ལ་འབད་པར་བྱ༔ སྐབས་སུ་ངལ་གསོ་རིག་པའི་རང་མདངས་བསྐྱང༔ གཅིག་ཆོད་རྫོགས་རིམ་སྤྲོས་མེད་རྣལ་འབྱོར་ཡིན༔ སྐབས་སུ་ལུས་ནི་དུར་ཁྲོད་མི་རོ་བཞིན༔ ཕཊ་ཅེས་རྒྱང་བསྐྱུར་བདུད་རྩིར་བྱིན་བརླབ་ཕྱིར༔ འབྲུ་གསུམ་སྔགས་ཀྱང་བརྒྱ་རྩ་བརྒྱད་དུ་བཟླ༔ ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་དང༔ མཁའ་འགྲོ་དམ་ཅན་བགེགས་རིགས་ལན་ཆགས་དང༔ རིགས་དྲུག་ཐམས་ཅད་བླ་མའི་སྐུར་གསལ་ཏེ༔ མཆོད་སྦྱིན་འདི་ཡིས་མགུ་ཞིང་མཉེས་གྱུར་ཅིག༔ ཨཱཿཞེས་བརྗོད་དེ་ཐམས་ཅད་སྟོང་པར་བཞག༔ གང་ཡང་རྟོག་པའི་སེམས་དང་བྲལ་བྱས་ཏེ༔ མ་བཅོས་རིག་པ་ཟང་ཐལ་ཆོས་སྐུར་བཞག༔ གསུམ་པ་་་རྗེས་ནི་དགེ་བ་བསྔོ་ཞིང་སྤྱོད་ལམ་བཞི༔ བླ་མའི་རྣལ་འབྱོར་ལས་གཞུང་ཚོགས་གཏོར་གཏང༔ ཨོ་རྒྱན་ང་ལ་གདུང་ཤུགས་རབ་བསྐྱེད་ནས༔ གསོལ་འདེབས་སྙིང་པོ་བསམ་པ་ལྷུན་གྲུབ་མ༔ བརྒྱ་སྟོང་ཁྲི་འབུམ་ནན་ཏན་བྱ་བ་གཅེས༔ ལྷ་སྲས་ཚེ་འདིའི་ཁེངས་དྲེགས་འདུ་འཛི་སྤོངས༔ དཔལ་གྱི་གནས་མཆོག་ཟབ་བུ་ལུང་དང་ནི༔ རི་བོ་དགུ་འདུས་དཔལ་གྱི་འབྲས་མོ་གཤོང༔ བསམ་ཡས་མཆིམས་ཕུ་མཁར་ཆུ་ཤེལ་བྲག་སོགས༔ དབེན་པའི་གནས་སུ་བདག་ཉིད་གཅིག་པུར་སྒོམས༔ གསོལ་བ་གདབ་ཚེ་བ་སྤུ་གཡོ་ཞིང་ངུ༔ སྣང་བ་གཏད་མེད་ཚད་མེད་སྙིང་རྗེ་སྐྱེ༔ དེ་དུས་ང་ཡི་ཐུགས་དང་ཤེས་པ་གཉིས༔ དབྱེར་མེད་ངང་དུ་ལྷན་ནེར་གྱུར་པ་ཡིན༔ བླ་མའི་བྱིན་རླབས་ཉིད་དུ་ཤེས་བྱས་ཏེ༔ དབྱིངས་རིག་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང༔ དུས་གསུམ་སྤྲོས་པ་བཅད་པའི་ངང་ལ་ཞོག༔ ཚེ་ལུས་འདིའམ་བར་དོར་ལུང་བསྟན་ཐོབ༔ མ་འོངས་གདུལ་བྱའི་དོན་དུ་གཏེར་དུ་སྦོས༔ ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ༔ ང་ཡི་སྤྲུལ་པ་ཡེ་ཤེས་རོལ་པ་རྩལ༔ མདོ་སྔགས་རིན་ཆེན་གླིང་པས་ལེན་པར་འགྱུར༔ དེ་ཡིས་འགྲོ་བ་སྨིན་གྲོལ་བྱེད་པའི་ཚེ༔ བཅུ་གསུམ་ལོ་རུ་སྦས་ཚུལ་གཏེར་ཆོས་རྣམས༔ སྔགས་ཀྱི་སྲུང་མ་བཀའ་སྲུང་དམ་ཅན་རྣམས༔ བཀའ་ཡི་སྲུང་མ་མཛོད་ཅིག་སྱ།མྱ།ཡྱ།༔ འདི་དང་འདྲ་བའི་དམ་ཆོས་གཞན་ན་མེད༔ གུ་ཧྱ༔ རྒྱ།རྒྱ།རྒྱ། རྫོགས་རིམ་ཡོན་ཏན་གཏེར་མཛོད་ྀཨཚ༔

ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོའི་ཐེམ་བྱང་གསེར་གྱི་ཐུར་མ་ (Volume 55, Text 30)

<!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོའི་ཐེམ་བྱང་གསེར་གྱི་ཐུར་མ་བཞུགས་སོ༔ ཨེ་མ་ཧོ༔ ཐུགས་རྗེ་ཁྱབ་གདལ་འགྲོ་བ་ཡོངས་ཀྱི་དཔལ༔ དུས་གསུམ་རྒྱལ་བའི་ཐུགས་དགོངས་ཉག་གཅིག་པོ༔ སྣང་སྲིད་ཕྱག་རྒྱ་ཆེ་ལ་ཕྱག་འཚལ་ལོ༔ རྒྱལ་བའི་ཐུགས་སྲས་པདྨ་བདག་འདྲ་ཡིས༔ ཚེ་གཅིག་ལུས་ཀྱིས་སངས་རྒྱས་འཐོབ་བྱའི་ཕྱིར༔ རྒྱལ་བའི་ཐུགས་བཅུད་མཁའ་འགྲོའི་གསང་བརྡོལ་ནས༔ ཉམས་ལེན་ཕྱག་རྒྱ་ཆེན་པོ་དྲིལ་ཏེ་བསྟན༔ ཀུན་དང་མི་འདྲ་ཡང་ཟབ་ཞི་རྩེ་ཡིན༔ གབ་འཁྲུལ་མེད་པའི་བཀའ་རྩིས་ཐེམ་བྱང་ནི༔ ཡིད་ཆེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་དང༔ ཡོན་ཏན་ཀུན་རྫོགས་བླ་མའི་མཚན་ཉིད་དང༔ དམ་ལྡན་རྗེས་འཇུག་སློབ་བུའི་མཚན་ཉིད་དང༔ དལ་འབྱོར་རྙེད་དཀའ་སྐྱོ་ཤས་ངེས་འབྱུང་སྟེ༔ དང་པོར་གཅེས་པ་ཆོས་ཀྱི་མ་བཞི་ཡིན༔ ཐུན་མོང་མི་འདྲ་ཆོས་ཀྱི་མཚན་ཉིད་ནི༔ མཆོག་ཏུ་གཅེས་པ་སྐྱབས་འགྲོ་སེམས་བསྐྱེད་དང༔ བསོད་ནམས་གསག་པ་སྒྲུབ་མཆོད་མཎྜལ་དང༔ བླ་མའི་རྣལ་འབྱོར་སྙིང་པོའི་གསོལ་འདེབས་དང༔ ཆོས་སྒོ་འབྱེད་པ་བླ་མའི་གཏོར་དབང་སྟེ༔ སྤྱི་ལ་གཅེས་པ་གོང་གི་བུ་ལྔ་ཡིན༔ སྔོན་འགྲོ་གཅེས་པ་མ་བཞི་བུ་ལྔ་སྟེ༔ འདི་དགུ་སྤྱི་ལ་གཅེས་པའི་སྲོག་ཤིང་ཡིན༔ མཚན་ཉིད་ལྡན་པའི་བླ་མས་རིམ་གྱིས་ཁྲིད༔ འདི་ཡི་དྲོད་ཐོབ་རྗེས་ཀྱི་རྟེན་འབྲེལ་འཆར༔ དངོས་གཞིའི་ཆོས་ལ་ཉམས་ལེན་གནད་དྲུག་སྟེ༔ མ་བཅོས་གནས་ལུགས་ཞི་གནས་རང་བབ་དང༔ གེགས་སེལ་བོགས་འདོན་ལམ་གྱི་དྲོད་རྟགས་བསྟན༔ མཁན་པོ་རྩད་གཅོད་རང་རིག་གཅེར་བུ་སྟོན༔ རང་བབས་གནས་པ་གྲུབ་པའི་གནད་གསུམ་ཡིན༔ རྗེས་ལ་གཅེས་པ་དེ་ཡི་བུ་གསུམ་ལས༔ ཡིད་དཔྱོད་བཟོ་མེད་རང་ཤར་ལྷག་མཐོང་དང༔ དབྱེར་མེད་བློ་འདས་གོལ་སྒྲིབ་མཐའ་གཅོད་དང༔ རང་བྱུང་ལྷུན་གྲུབ་སྒོམ་མེད་ཟད་སར་སྐྱོལ༔ སྐད་ཅིག་སངས་རྒྱས་འགྲུབ་པའི་གནད་གསུམ་ཡིན༔ དངོས་གཞིའི་ཆོས་དྲུག་སངས་རྒྱས་ལག་འཆང་ཡིན༔ ཀུན་ལ་མི་བསྟན་སྐལ་ལྡན་སྙིང་ལ་གབ༔ དུས་གསུམ་རྒྱལ་བའི་ཐུགས་བཅུད་འདི་ཁོ་ནའོ༔ རྗེས་ལ་གཅེས་པ་ཞལ་གྱི་གདམས་པ་བཞི༔ རྗེས་སྤྱོད་ཉམས་ལེན་རྒྱུད་ཀྱི་སྐྱོང་ཐབས་དང༔ སྤྱི་ལ་གཅེས་པ་གནད་ཀྱི་དམ་ཚིག་དང༔ སྣོད་མིན་གཞན་ལ་བཀའ་རྒྱས་གདབ་པ་དང༔ དགེ་བའི་རྩ་བ་ཐུན་མོང་བསྔོ་བ་སྟེ༔ རྗེས་ལ་གཅེས་པའི་མཐའ་རྟེན་ཆོས་བཞི་ཡིན༔ དེ་ལྟར་མ་བུ་རྐང་གྲངས་མཐའ་རྟེན་བཅས༔ པདྨ་འབྱུང་གནས་ཐུགས་བཅུད་གསང་བའི་བཀའ༔ སྐལ་ལྡན་ལས་ཅན་འགྲོ་ལ་སྨིན་དགོངས་ནས༔ ཟབ་མོའི་བཀའ་རྟགས་གསེར་ཤོག་ལོག་ན་བརྣན༔ ཉི་ཟླའི་སྙིང་པོ་ཆོས་ཀྱི་སྒོས་ཐེམ་ཡིན༔ ཐུན་མོང་མི་འདྲ་ཟབ་པའི་གདམས་སྐོར་ལས༔ རྒྱལ་བའི་ཐུགས་བཅུད་ཡང་གསང་སྒྲུབ་པ་དང༔ ཆོས་དང་གང་ཟག་སྤྱི་སྒོས་བསྟན་པའི་ལུང༔ མུ་ཏིག་རྩར་ཕྲེང་སྐུ་གསུམ་སྒྲུབ་བསྟོད་དང༔ དབང་ཆེན་པདྨ་རྟགས་ཀྱི་སྒྲུབ་བསྟོད་ཡིན༔ ཙཀྲ་གསུམ་པོ་སྐུ་གསུང་ཐུགས་འཁོར་ལས༔ ཁ་སྒྱུར་བཅོ་ལྔ་ལས་ཀྱི་མདེ་ཁ་ཡིན༔ ཁ་སྒྱུར་བཅུ་པོ་ཟབ་གཏེར་ལྡེ་མིག་ཡིན༔ ལས་ཅན་འགའ་ཡིས་འགྲོ་དོན་སྤྱོད་པར་ངེས༔ ཆད་ལྷག་མེད་པ་གསང་བའི་རྒྱ་ཐེམ་འདི༔ སྙིང་གི་བུ་ལ་ཕན་དགོངས་ལྷག་བསམ་གྱིས༔ མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བྲིས༔ ཡེ་ཤེས་མཚོ་རྒྱལ་གསང་ཕུག་ཆེན་མོར་སྦས༔ རིན་ཆེན་གཏེར་དུ་སྦས་ནས་རྒྱ་གསུམ་བཏབ༔ སྔོན་སྦྱངས་ལས་སད་སྐྱེས་ཐོབ་བློ་ལྡན་སད༔ གཤེད་བཞིའི་ལོ་པ་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈ དུས་མཐའི་ཟོག་པོ་རཏྣ་ཡིས། །མཁར་ཆུ་ཕུག་རིང་བྲག་ནས་བཏོན། །འདོད་ན་སྟེར་རོ་མི་འདོད་སྦ། །ཤིང་སྟག་ལུག་ཟླའི་བཅུ་གསུམ་ལ། ཁོ་བོས་ཕྱུང་ཡོད་སྐལ་ལྡན་ཀུན།། <!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོའི་ལོ་རྒྱུས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ ྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་དང་མན་ངག་ཟབ་མོའི་ཆོས༔ ཀུན་ལས་ཁྱད་པར་འཕགས་དོན་དུ༔ བཅུད་ནས་བཅུད་ཀྱི་སྙིང་པོར་དྲིལ༔ མ་འོངས་ལས་ཅན་དོན་དུ་ནི༔ གཏེར་ཁ་དཔག་མེད་སྦས་ནས་བཞག༔ མུན་པ་སེལ་བའི་སྒྲོན་མེར་ཤོག༔ དེ་ལ་སྐུ་གསུམ་ནས་བརྒྱུད་པ་འགྲོ་བའི་གསང་རྡོལ་ནས༔ སངས་རྒྱས་ལག་འཆང་དུ་གཏད་པ༔ བཅུད་ནས་བཅུད་དུ་དྲིལ་བ༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོ་འདི་ལ་ལོ་རྒྱུས་དང་མན་ངག་དངོས་སོ༔ འདིའི་ལོ་རྒྱུས་ནི་ སྐུ་གསུམ་ནས་བརྒྱུད་ཅེས་པས༔ དེ་ཡང་བདེ་ཆེན་པདྨོ་བཀོད་པ་ཞེས་བྱ་བ༔ རང་བཞིན་རྣམ་པར་དག་པའི་ཞིང་ཁམས་སུ༔ དང་པོའི་སངས་རྒྱས་རང་རིག་འོད་མི་འགྱུར་བ་དེ་ཉིད་ཀྱིས༔ ཆོས་སྐུ་རྣམ་པར་དག་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་དམིགས་སུ་མེད་པའི་ངང་ནས༔ ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ༔ མིང་དང་དོན་དུ་མཐུན་པ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སེམས་དཔའ་དང་སེམས་མ་དཔག་ཏུ་མེད་པ་ལ་གསུངས་ཏེ༔ དེ་ཡང་ཉིད་ཀྱི་སྤྱན་གྱི་མཛོད་སྤུ་ནས་འཕགས་པ་འཇམ་དཔལ་སྤྲུལ༔ ཐུགས་ལས་གསང་བའི་བདག་པོ་སྤྲུལ༔ ལྗགས་ཀྱི་པདྨོ་ལས་ཐུགས་རྗེ་ཆེན་པོ་སྤྲུལ་ནས་ཞི་བའི་ཚུལ་མཛད་དོ༔ དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྤྱན་རས་གཟིགས་དབང་ཕྱུག་གིས༔ བདག་སྤྲུལ་སྐུ་པདྨ་འབྱུང་གནས་ལ་བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ༔ དུས་གསུམ་དུ་མེ་ཏོག་གི་ཆར་འབེབ་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར༔ ཚིག་དོན་བརྡ་ཡིས་བཀྲོལ་ཏེ་བཤད་དོ༔ དེས་ན་སྐུ་གསུམ་ནས་བརྒྱུད་དེ་སངས་རྒྱས་ཀུན་གྱི་ཚུལ་གྱི་ཚུལ་གཅིག་པ༔ ཞེས་པས་སྐུ་གསུམ་ནས་བརྒྱུད་པ་སྟེ་གོ་སླའོ༔ ཡང་མཁའ་ཀློང་རྣམ་པར་དག་པའི་དབྱིངས་ནས༔ དཔལ་ཀུན་ཏུ་བཟང་པོས་ཚིག་བརྗོད་པ་བྲལ་བའི་ངང་ནས་ཡེ་ཤེས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་བརྒྱུད༔ དུར་ཁྲོད་བསིལ་བའི་ཚལ་མཆོད་རྟེན་བདེ་བྱེད་བརྩེགས་སུ་བདག་པདྨ་འབྱུང་གནས་ལ་བརྒྱུད་དེ་སྐུ་གསུམ་མོ༔ དོན་ལ་གཅིག་སྟེ་དབྱེར་མེད་པས་ན༔ རྒྱུད་ལས༔ མ་གྲུབ་ཐོག་མའི་སྟོན་པ་ཡིས༔ རང་བཞིན་དག་པའི་འཁོར་རྣམས་ལ༔ བརྗོད་དུ་མེད་པའི་དོན་འདི་གསུངས༔ གཅིག་དང་གཉིས་ཞེས་ཐ་སྙད་བྲལ༔ བརྗོད་དུ་མེད་པའི་ཆོས་ཉིད་དོ༔ ཞེས་སོ༔ དེ་ཡན་ཆད་ཀྱིས་སྐུ་གསུམ་རིག་འཛིན་བརྡ་བརྒྱུད་མདོ་ཙམ་བསྟན་པའོ༔ ཨོ་རྒྱན་བདག་གིས་ཇོ་མོ་མཚོ་རྒྱལ༔ ཤེལ་དཀར་རྡོ་རྗེ་འཚོ༔ ཤེལ་དཀར་མགོན་སྐྱིད༔ ལྷ་སྲས་མུ་ནེ་བཙན་པོ་རྣམས་ལ་ཟབ་པར་གདམས་པའོ༔ དེ་ཡང་གདམས་པ་འདི་ལྷོ་བྲག་མཁར་ཆུ་དཔལ་གྱི་རྟ་རྒྱུན་མར་བཀའ་རྟགས་སུ་ཡི་གེར་བཏབ་པའོ༔ མ་འོངས་པའི་དུས་སུ་སེམས་ཅན་རྣམས་ཚེ་ཐུང་ཞིང་བསྒྲུབ་ལོང་མེད་པའི་དུས་སུ་སངས་རྒྱས་ལག་འཆང་དུ་གཏད་པ་འདི་གཅེས་པར་རྒྱས་བཏབ་སྟེ༔ ཨོ་རྒྱན་དང་མཚོ་རྒྱལ་གཉིས་ཀྱིས་རྟེན་འབྲེལ་ཐབས་ཀྱི་རྒྱ་དང་བཅས་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈྈྈྈྈྈ གཏེར་སྟོན་རཏྣ་གླིང་པའི་གཏེར་མ་མཁར་ཆུ་གསང་ཕུག་དཔལ་གྱི་རྟ་རྒྱུན་ནས་སོ། ། <!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོའི་སྔོན་འགྲོ་མ་རིག་མུན་སེལ་ལགས་སོ༔ ྈྈྈྈྈྈྈྈྈྈྈྈ་་་་བཀྲ་ཤིས་པའི་ཕྱག་རྒྱ་དགེ་བའོ།། ྈྈྈྈྈྈྈ་་་ཨོ་རྒྱན་མཁའ་འགྲོའི་བརྡ་སྐད། ྈྈྈྈྈྈ་་་བཀའ་རྟགས་རྒྱ་ཅན། ྈྈྈྈ་་་་སྐུ་གསུང་ཐུགས་རྒྱ་གསུམ་མོ། །མ་བཅོས་ལྷུན་གྲུབ་རྣམ་དག་ཆོས་ཀྱི་དབྱིངས༔ སྤྲོས་པ་ཉེར་ཞི་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་དབང་ཕྱུག་འཁོར་འདས་སྤྲུལ་པའི་སྐུ༔ སྐུ་གསུམ་ཡེ་ཤེས་ལྔ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པའི་བཅུད༔ གསང་སྔགས་བླ་ན་མེད་པའི་ཡང་སྙིང་ལས༔ མཐར་ཐུག་ཞལ་གྱི་གདམས་པ་དྲི་མེད་འདི༔ ཚིག་དང་ཡི་གེར་བྲི་བར་མི་འོས་ཀྱང༔ སྙིགས་མའི་སེམས་ཅན་འགྲོ་བའི་དོན་གྱི་ཕྱིར༔ མ་བཅོས་སྒྲིབ་མེད་བཀའ་རྟགས་ཡི་གེར་བཀོད༔ རང་འདོད་མེད་པར་མཁའ་འགྲོས་བཟོད་པར་གསོལ༔ དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་བསྡུས་པ༔ རྒྱལ་བའི་དགོངས་པ༔ མཁའ་འགྲོའི་ཁོང་སྙིང༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ མོས་གུས་བསྐྱེད་པའི་དོན་དུ་ལོ་རྒྱུས་བཤད་པ་དང་གཅིག༔ ངེས་ཤེས་བསྐྱེད་པའི་དོན་དུ་དགོས་ཆེད་བསྟན་པ་དང་གཉིས༔ ཉམས་སུ་བླང་བའི་དོན་དུ་གདམས་པ་བསྟན་པ་དང་གསུམ༔ དང་པོ་ལོ་རྒྱུས་ནི་གཞན་དུ་ཤེས༔ གཉིས་པ་ཆོས་ཀྱི་དགོས་ཆེད་ནི༔ ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ༔ དེ་རྣམས་ཀྱང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་འདུས༔ དེ་ཡང་བསྡུ་ན་དུག་གསུམ་དུ་འདུས༔ དེ་ཡང་རྩ་བ་གཟུང་འཛིན་གྱི་རྣམ་རྟོག་ལ་འདུས༔ དེ་ལས་ཞེན་པས་འཁོར་བར་འཁྱམས་པ་ཡིན་ནོ༔ དེ་ཡང་འཁོར་བ་དེ་ལས་ཐར་བར་བྱེད་དགོས་བྱུང་བས༔ ཉོན་མོངས་པས་གར་ཁྱབ་འཕགས་པའི་ཐུགས་རྗེས་ཁྱབ༔ ཐུགས་རྗེས་གར་ཁྱབ་གཉེན་པོ་ཡེ་ཤེས་ཀྱིས་ཁྱབ༔ དེ་རྣམས་བསྡུས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་འདུས༔ དེ་ཡང་བསྡུས་པས་ཐེག་པ་དགུའམ་གསུམ་དུ་འདུས༔ བྱང་ཆུབ་ཀྱི་གནད་དུ་བསྣུན་ནས་སངས་རྒྱས་པར་བྱེད་པ་ལ་ཟབ་མོའི་གདམས་ངག་དགོས་པ་བྱུང༔ གདམས་ངག་རྣམས་ཀྱང་བསྟན་པའི་མགོ་སྟོད་ཚེ་རིང་བསོད་ནམས་ཆེ་བས་བསྒོམ་ལོང་ཡོད་ཅིང་རིམ་གྱིས་བསྒོམ་པ་ལ་བརྟེན་ནས་བསྒོམས་པས་སངས་རྒྱས་པའི་གདམས་ངག་བསྟན༔ ད་ལྟ་བསྟན་པའི་མར་ཤམ་ལ་ཚེ་ཐུང་ཞིང་བསོད་ནམས་ཆུང་བསྒོམ་ལོང་མེད་པས་ན༔ གཅིག་ཆར་བའི་གནད་ལ་བརྟེན་ནས་སངས་རྒྱས་ལག་ཏུ་གཏད་པའི་གདམས་པ་འདི་ཡིན་ནོ༔ གནད་ལ་བརྟེན་ནས་བསྒོམ་མི་དགོས་པའི་གདམས་པ་འདི་ལ་གསུམ་སྟེ༔ གསུང་བ་པོ་བླ་མའི་མཚན་ཉིད་དང༔ ཉན་པ་པོ་སློབ་མའི་མཚན་ཉིད་དང༔ ཉམས་ལེན་གདམས་པའི་མཚན་ཉིད་དོ༔ དང་པོ་བླ་མའི་མཚན་ཉིད་ནི༔ བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་ཤིང༔ ཆོས་ཉིད་ཀྱི་དོན་རྟོགས་པ༔ མདོ་རྒྱུད་ཀྱི་དགོངས་པ་ཁྲོལ་བ༔ མཁྱེན་པའི་ཡོན་ཏན་དང་དམ་ཚིག་ཏུ་ལྡན་པ༔ ཆོས་བརྒྱད་ཀྱི་རི་མོ་སུབ་པ༔ རང་སྤྲོས་པ་ཆོད་པ༔ ཟོལ་དང་གཡོ་སྒྱུ་སྤངས་ཤིང་རྟེན་འབྲེལ་ཐབས་ལ་མཁས་པ༔ བྱིན་རླབས་དང་སྙིང་རྗེ་ཆེ་ཞིང་གཞན་ཁྲིད་པ་ལ་མཁས་པ༔ མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བླ་མ་ཞིག་དགོས་སོ༔ བླ་མ་མཚན་ཉིད་དང་མ་ལྡན་ན༔ ནོར་བུ་མཆིང་བུ་ལ་གསོལ་བ་བཏབ་ཀྱང་བྱིན་རླབས་མི་འབྱུང་བ་ལྟར༔ གཞན་རྒྱུད་ལ་བྱིན་རླབས་མི་འབྱུང་ངོ༔ མཚན་ཉིད་དང་ལྡན་པའི་བླ་མ་དེ་ནོར་བུ་བསམ་འཕེལ་དང་འདྲ་སྟེ༔ བྱིན་རླབས་ཆར་བཞིན་འབྱུང་ངོ༔ དོན་གཉིས་པ་སློབ་མའི་མཚན་ཉིད་ནི༔ ཟས་གོས་སྙན་གྲགས་ལ་མི་རེ་བ༔ ཚེ་འདིར་ཞེན་ལོག་ཆེ་བ༔ དད་པ་ཆེ་ཞིང་རྣམ་སྨིན་ལ་འཛེམ་པ༔ མོས་གུས་ཤེས་རབ་ཆེ་ཞིང་བཀའ་བཞིན་སྒྲུབ་པ༔ སྙིང་རུས་ཆེ་ཞིང་སྐྱོ་དུབ་མེད་པ༔ བླ་མ་སངས་རྒྱས་སུ་མཐོང་བ་དེ་ལྟ་བུའི་སློབ་མ་སྣོད་དུ་རུང་བ་ཞིག་དགོས་སོ༔ མཚན་ཉིད་དང་མི་ལྡན་ན་སྣོད་དུག་ཅན་དང་མཐིལ་མེད་དུ་བཅུད་བླུགས་པ་བཞིན་སྤྱད་དུ་མེད་པའོ༔ སྣོད་དང་ལྡན་ན་གསེར་དངུལ་དུ་བཅུད་བླུག་པ་དང་འདྲ་སྟེ༔ སྣོད་དུ་རུང་ཞིང་བཅུད་འཕེལ་བའོ༔ དོན་གསུམ་པ་མན་ངག་གི་མཚན་ཉིད་ནི༔ ཚེགས་ཆུང་ལ་དོན་ཆེ་བ༔ ཐབས་ཆེ་ལ་ལམ་མྱུར་བ༔ སྒོ་ཡངས་ལ་བྱ་སླ་བ༔ རྒྱ་ཆེ་ལ་དོན་འདྲིལ་བའོ༔ ཚེགས་ཆུང་བ་ནི་བསྐལ་པ་གསུམ་ལ་སོགས་པར་ཚོགས་གསོག་མི་དགོས་ཏེ༔ འདིར་ལུས་ངག་ཡིད་གསུམ་རང་སར་བཞག་པས་འཁོར་བའི་གཡང་ས་ཆད་པས་ན་ཚེགས་ཆུང་བའོ༔ དོན་ཆེ་བ་ནི་སྐད་ཅིག་མའི་ཤེས་པ་ངོས་ཟིན་པས་སྐྱེ་བ་གཏན་གྱི་རང་ས་ཟིན་པས་ན་དོན་ཆེ་བའོ༔ ཐབས་ཆེ་བ་ནི་ཉན་ཐོས་རྣམས་ཉོན་མོངས་པ་སྤངས༔ རང་རྒྱལ་འགེགས༔ བྱང་ཆུབ་སེམས་དཔའ་ལམ་གྱིས་སྦྱོང༔ གསང་སྔགས་གཞན་བསྒྱུར་ཏེ༔ འདིར་དེ་ཉིད་རང་བཞིན་ཤེས་པས་ཅིར་ཡང་མི་དགོས་ཏེ༔ སྤང་བླང་མི་དགོས་པར་གང་ལ་བརྟེན་ནས་ཀྱང་སངས་རྒྱས་པས་ཐབས་ཆེ་བའོ༔ ལམ་མྱུར་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་གྲངས་མེད་དུ་ཚོགས་བསགས་ནས་སངས་རྒྱས་པར་འདོད་དེ༔ འདིར་ཚེ་གཅིག་གིས་དོན་གཉིས་ལྡན་པའི་སངས་རྒྱས་འགྲུབ་པས་ན་ལམ་མྱུར་བའོ༔ སྒོ་ཡངས་པ་ནི་ཐེག་པ་གཞན་རྣམས་སྣང་འགགས་དག་གསུམ་གྱི་སྒོ་ནས་བརྟགས་དཔྱད་བྱེད་དགོས་ཏེ༔ འདིར་ཕོ་མོ་མ་ནིང་མེད༔ ན་སོ་ལ་རྒས་གཞོན་མེད༔ ལས་ལ་བཟང་ངན་མེད་པར་གྲོལ་ནུས་པས་ན་སྒོ་ཡངས་པའོ༔ བྱ་སླ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྟར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་ཉིང་ལ་ཉིང་བསིང་དུ་བྱ་མི་དགོས་ཏེ༔ བླ་མས་གཉུག་མ་མངོན་སུམ་དུ་ངོ་སྤྲོད་པས་རྟོགས་གྲོལ་དུས་གཅིག་ཏུ་གྲོལ་བས་ན་བྱ་སླ་བའོ༔ རྒྱ་ཆེ་བ་ནི་སྡེ་སྣོད་གསུམ་ལ་སོགས་པ་ལ་སྦྱང་མི་དགོས་ཏེ༔ འདི་ཉིད་གནད་བསྟན་པ་ཙམ་གྱིས་མདོ་རྒྱུད་ཀྱི་དགོངས་པ་ཐ་དག་ཁྲོལ་བས་ན་རྒྱ་ཆེ་བའོ༔ དོན་འདྲིལ་བ་ནི་ཚིག་ཐ་སྙད་མང་པོ་ལ་བརྟེན་མི་དགོས་ཏེ༔ གདམས་ངག་ཚིག་གསུམ་གྱིས་རང་སེམས་ཆོས་སྐུར་གཏན་ལ་ཕེབས་པས་ན་དོན་འདྲིལ་བའོ༔ དེ་རྣམས་ནི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པ་སྟེ༔ མདོར་བསྡུས་པས་ཐབས་རྒྱ་ཆེ་བ་ཤེས་རབ་ཟབ་པ་གཉིས་སུ་མེད་པའི་གདམས་ངག་གཅིག་དགོས་སོ༔ མཚན་ཉིད་དང་མི་ལྡན་པའི་གདམས་ངག་ནི༔ ཉམས་སུ་བླངས་ཀྱང་སེམས་ཀྱི་གནད་དུ་མི་འགྲོ་སྟེ༔ སྦྲུལ་ལ་འོ་མ་བླུད་པ་དང་འདྲའོ༔ མཚན་ཉིད་དང་ལྡན་པའི་གདམས་ངག་དེ་ནད་ལ་སྨན་བཏང་བ་དང་འདྲའོ༔ དེ་ལ་འདིར་ཟབ་རྒྱས་གཉིས་སུ་མེད་པའི་གདམས་པ་ཞིག་བསྟན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོའི་ཆོས་ལ་དྲུག་སྟེ༔ འཆི་བ་མི་རྟག་པ་བསྒོམ་པས་འཁོར་བ་ལས་བློ་ལྡོག་པར་བྱ་བ་དང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་པས་འཁོར་བའི་འཇིགས་པ་ལས་གྲོལ་བར་བྱ་བ་དང༔ བྱང་ཆུབ་ཏུ་སེམས་བསྐྱེད་པས་ལམ་དམན་པ་ལས་འཕགས་པ་དང༔ མཎྜལ་མཆོད་པ་ཕུལ་བས་བདག་གཞན་གྱི་ཚོགས་གསག་པ་དང༔ བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་དངོས་གྲུབ་འབྱུང་བ་དང༔ ཟབ་མོའི་དབང་བསྐུར་བས་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་འཕགས་པར་བྱེད་དོ༔ དེ་ཡང་དང་པོ་འཆི་བ་མི་རྟག་པ་བསྒོམ་པ་ནི༔ ད་རེས་དམ་ཆོས་ཤིག་མ་བྱས་ན་འཁོར་བ་ལ་གཏན་དུ་འཁྱམས་དགོས་པར་འདུག༔ འཁོར་བ་ནི་སྡུག་བསྔལ་གྱི་ལུ་གུ་རྒྱུད་དང་འདྲ་སྟེ་ཐར་དུས་མེད་དོ༔ རིགས་དྲུག་གི་སྡུག་བསྔལ་ནི༔ ལྷ་ལྟུང་བའི་དུཿཁ༔ ལྷ་མ་ཡིན་ལ་འཐབ་རྩོད༔ མི་ལ་སྐྱེ་རྒ་ན་འཆི༔ དུད་འགྲོ་ལ་བཀོལ་སྤྱོད༔ ཡི་དྭགས་ལ་བཀྲེས་སྐོམ༔ དམྱལ་བ་ལ་ཚ་གྲང་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་པ༔ དེ་ལས་ཐར་པའི་ཐབས་ཆོས་མིན་པ་ཅིས་ཀྱང་མི་ཕན་ཏེ༔ ཆོས་ལ་གདོད་བྱ་ལོང་ཡོད་དུ་མི་བཏང༔ ད་ལྟ་རང་མི་འཆིའི་ངེས་པ་མེད༔ སྔར་སྐྱེས་པ་རྣམས་ཀྱང་འཆི༔ ད་ལྟ་ཡོད་པ་རྣམས་ཀྱང་འཆི༔ ད་གཟོད་སྐྱེས་པ་རྣམས་ཀྱང་འཆི༔ འོ་ན་བསམ་དང༔ ན་སོ་ལ་རྒས་གཞོན་མེད༔ གཟུགས་བྱད་ལ་བཟང་ངན་མེད༔ འོ་ན་ཡང་བསམ་དང༔ ནམ་འཆི་ལ་ངེས་པ་མེད༔ འཆི་རྐྱེན་ལ་བསམ་གྱིས་མི་ཁྱབ༔ མ་ཤི་བར་འདུག་པའམ༔ མི་འཆི་བའི་ས་ཡོད་བྱ་བ་ནི་མེད༔ ངེས་པར་འཆི་སྟེ་ཤི་བས་མི་ཆོག་འདིར་འགྲོ་ནི་མེད༔ སྔར་ཤི་བའི་དུས་ནི་མི་དྲན༔ གནས་མལ་མཐུན་རྐྱེན་གྲབས་སུ་ཚུད་པ་ནི་མེད༔ འོ་ན་བསམ་དང༔ རང་གར་འགྲོ་མེད༔ ཡང་དེ་བཟོད་སྙམ་ན༔ ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ དེ་དག་ལས་ཐར་པའི་ཐབས་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས༔ དེས་ན་ད་ལྟ་ཉིད་དུ་བརྩོན་འགྲུས་དྲག་པོས་བློ་སྣ་ཐུང་རྦུད་བྱས་ནས་ཉམས་སུ་ལེན་པ་གལ་ཆེའོ༔ འོ་དེ་ལྟ་བུའི་འཁོར་བ་ལ་བཙོན་དོང་ལྟ་བུའི་སྐྱོ་ཤས་ཀྱིས༔ ཆོས་ལ་ཚད་ནད་ཅན་སྐོམ་གྱིས་གདུང་བ་ལྟ་བུར་བྱེད་པ་གལ་ཆེའོ༔ ྈྈྈྈྈྈྈ གཉིས་པ་སྐྱབས་སུ་འགྲོ་བར་བྱ་བ་ནི༔ འཁོར་བའི་བཙོན་དོང་འདི་ལ་དགྲ་མི་ཤ་བོས་གྲི་མདུང་གིས་བདས་པ་དང་འདྲ་བས༔ འཇིགས་པ་དེ་ལ་སྐྱོབ་ནུས་བླ་མ་དཀོན་མཆོག་མིན་པ་མེད་པས༔ དེ་ལ་སྐྱབས་སུ་འགྲོ་བ་ནི༔ དེ་ཡང་དཀོན་མཆོག་གསུམ་འགྲོ་བ་ཡོངས་ལ་ཁྱབ་བདལ་ཆེན་པོར་བཞུགས་པས༔ མོས་པའི་སྣང་ངོར་མདུན་གྱི་ནམ་མཁར་སྐྱབས་གནས་ཐམས་ཅད་སྤྲིན་བཞིན་འཐིབས་པར་བསམ་ལ༔ རང་ཉིད་འཁོར་བའི་སྡུག་བསྔལ་དང་སྔར་བྱས་ཀྱི་ལས་ལ་འགྱོད་པ་དུང་དུང་སྐྱེ་བའི་གདུང་བ་དྲག་པོས་ཐལ་མོ་སྦྱར་ལ་འདི་སྐད་དོ༔ ན་མོ༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ འདི་ནས་བརྩམ་སྟེ་མགོན་མེད་བདག༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་འདོད་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་ཉེ་བར་སྐྱབས་སུ་མཆི༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་དབང་ཕྱུག་གཙོ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་གིས་སྔོན་ཆད་སྡིག་བགྱིས་པ༔ མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས༔ ད་ནི་ཁྱེད་ཀྱི་རྗེས་སུ་སློབ༔ ཁྱེད་ཀྱི་བཀའ་ལས་བདག་མི་འདའ༔ ཀུན་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཅེས་ལན་གསུམ་བྱའོ༔ དེས་སྡོམ་པ་གསུམ་གྱི་རྟེན་དུ་རུང༔ འཁོར་བའི་འཇིགས་པ་ལས་སྐྱོབ༔ མུ་སྟེགས་ལ་སོགས་པའི་ལམ་ལོག་པར་མི་འགྲོ༔ ཆོས་ཀྱི་གཞིའམ་རྨིང་ཐིངས་བས་ཆོས་བཀའ་ལུང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ནོ༔ གསུམ་པ་སེམས་བསྐྱེད་པ་ནི༔ ཤེས་རབ་ཟབ་མོའི་དོན་སྟོང་ཉིད་མངོན་དུ་གྱུར་ཀྱང༔ ཐབས་མཁས་སྙིང་རྗེའི་སེམས་བསྐྱེད་མེད་ན༔ ཐེག་དམན་ཉན་རང་དུ་གོལ་བས༔ མ་ནོར་ཐེག་པའི་ལམ་མཆོག་ཐབས་ཤེས་ཟུང་འཇུག་གི་སྙིང་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས༔ བདག་གི་ཕ་མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བཟོད་གླགས་མེད་པའི་སྒོ་ནས་བདག་གིས་ཕ་མ་འགྲོ་དྲུག་གི་སེམས་ཅན་འདི་རྣམས་ཀྱི་དོན་མ་བྱས་ན༔ བདག་གསོན་པས་ཅི་རུང་སྙམ་པའི་བློས་འདི་སྐད་དོ༔ དེང་ནས་གཟུང་སྟེ་བྱང་ཆུབ་བར༔ བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི༔ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ༔ སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་བརྟན་པོར་གཟུང༔ ལུས་དང་སྲོག་ལ་མ་ལྟོས་པར༔ ཁྱེད་ཀྱི་རྗེས་སུ་བདག་སློབ་བོ༔ ཚད་མེད་ཐུགས་རྗེས་ཉེར་དགོངས་ཏེ༔ ཀུན་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་ལན་གསུམ་བརྗོད་པས༔ རྒྱལ་བ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་ལ་འཇུག་ཅིང༔ གསང་སྔགས་ཐེག་པ་ཆེན་པོའི་གྲལ་དུ་འགྲོ་བ་ཡིན་ནོ༔ ྈྈྈྈྈྈྈ དེས་ཆོས་སྤྱིའི་རྣམ་གཞག་དང་སྐྱབས་འགྲོ་སེམས་བསྐྱེད་ཡན་ཆད་འགྲོ་བ་ཡིན་ནོ༔ ས་མ་ཡཱ༔ བཞི་པ་མཎྜལ་འབུལ་བ་ནི༔ དངོས་པོ་ཀུན་ལ་ཞེན་པ་ལོག་ཅིང༔ ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར༔ ཕྱི་ལོངས་སྤྱོད༔ ནང་ལུས་ངག་ཡིད་གསུམ༔ གསང་བ་སྣང་སྲིད་ཐམས་ཅད་བློས་བླངས་ཏེ་འབུལ་བར་བྱའོ༔ གཡས་གཡོན་དུ་མཎྜལ་ཐོགས་ཏེ༔ ཨོཾ་རཏྣ་མཎྜལ་བྷྲཱུྃ༔ ཞེས་བརྗོད་པས༔ གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བར་གྱུར༔ དབུས་སུ་པཾ་པདྨ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ་ཞེས་པས༔ པདྨའི་སྡོང་པོ་ཉི་ཟླའི་གདན་གྱི་སྟེང་དུ༔ ཨོཾ་དྷེ་ཝ་ཀུ་རུ་ཏ་ར་ཡ་ཧཱུྃ༔ ཞེས་མེ་ཏོག་བཀོད་པས་ཡི་དམ་གྱི་ལྷ་བླ་མ་སྤྱི་བོ་ན་བཞུགས་པ་ཞིག་བསམ༔ ན་མོ་བུདྡྷ་ཡ༔ ཞེས་གཡས་སུ་སངས་རྒྱས་དཀོན་མཆོག༔ དྷརྨཱ་ཡ༔ ཞེས་རྒྱབ་ཏུ་ཆོས་དཀོན་མཆོག༔ སཾ་གྷཱ་ཡ༔ ཞེས་གཡོན་དུ་དགེ་འདུན་དཀོན་མཆོག་བཞུགས་པར་བསམ་མོ༔ དེའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྒྱ་ཆེ་ཞིང་དྲི་ཞིམ་པ༔ ལོངས་སྤྱོད་འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་བརྒྱུད་པའི་བླ་མ་དང༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ ཞིང་ཁམས་ཆེན་པོའི་ས་གཞི་ལ༔ ཕུན་སུམ་ཚོགས་ཤིང་རྒྱ་ཆེ་བའི༔ མཛེས་ཤིང་གཙང་མའི་རྒྱན་གྱིས་སྤྲས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ ཅེས་དགའ་བྲོད་དང་བཅས་ཏེ་ཞེན་མེད་ཀྱི་མཆོད་པ་འབུལ་བས༔ དགོས་མེད་རྒྱུད་ལ་སྐྱེ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ཉིད་ལ་ཐོབ་པར་འགྱུར་རོ༔ གསོལ་འདེབས་སྙིང་གི་དུམ་བུ་བཞུགས་སོ༔ ྈྈྈྈྈྈ དོན་ལྔ་པ་བླ་མ་ལ་གསོལ་བ་བཏབ་པ་ནི༔ སངས་རྒྱས་ཀྱི་རྒྱུ་རང་རང་ལ་གནས་ཀྱང་དེ་སྟོན་པར་བྱེད་པའི་བླ་མ་དེ་ལ་གསོལ་བ་མ་བཏབ་ན་བྱིན་རླབས་མི་འབྱུང་བས་སྔོན་དུ་རང་གི་སྤྱི་གཙུག་ཉི་ཟླའི་གདན་གྱི་སྟེང་དུ༔ དྲིན་ཆེན་རྩ་བའི་བླ་མ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ༔ བཀའ་བརྒྱུད་ཀྱི་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བར་བསྒོམ༔ རང་ཐ་མལ་མོས་གུས་དང་བཅས་པས་འགྲོ་དྲུག་སེམས་ཅན་དཔག་ཏུ་མེད་པས་བསྐོར་བར་བསམ་ལ༔ བདག་གིས་གཙོ་བྱས་ཐམས་ཅད་ཀུ་ཏི་རི་རི་གསོལ་བ་འདེབས་པར་མོས་ལ༔ ལུས་བ་སྤུ་ལངས་པ༔ ངག་འོ་དོད་འབོད་པ༔ གདོང་མཆི་མས་དག་པར་འདི་སྐད་དོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ མ་རིག་མུན་པ་སངས་པར་བྱིན་གྱིས་རློབས༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་དང་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས༔ བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་ཉིན་མཚན་དུ་བཏབ་ཅིང༔ འཕྲོ་འཇོག་དུས་དབང་བཞི་བླང༔ རང་གི་སྤྱི་བོར་ཐིམ་ནས་རང་དང་དབྱེར་མེད་དུ་འདྲེས་པར་བསམ༔ དེ་ལྟར་བྱས་པས་ཚེ་འདིའི་བློ་སྣ་བུད༔ བླ་མའི་ཐུགས་རྗེ་ཞུགས་ནས༔ སྣང་བ་བདེན་མེད་བུན་ལོང་འགྲོ་ཞིང༔ འོད་གསལ་གྱི་ཉི་མ་དུས་རེ་བཞིན་འཆར་བ་ཡིན་ནོ༔ རྟེན་འབྲེལ་འདི་ལ་འཆར་བས་ཁ་ཙམ་མིན་པར་བྱེད་པ་གལ་ཆེ་འོ༔ དབང་གི་རྗེས་གནང་བཞུགས་སོ༔ ྈྈྈྈྈྈྈ སྤྱི་དོན་དྲུག་པ་དབང་བསྐུར་བའི་རིམ་པ་ནི༔ ལུས་ངག་ཉེས་ཟག་དང་བཅས་པ་འདི་ཐ་མལ་དུ་ཞེན་ན་འཁོར་བ་ལས་མི་ཐར་བས༔ དབང་གིས་ཉོན་མོངས་པ་རྣམས་དག་ཅིང་སྨིན་པར་བྱས་ན༔ ཕ་རོལ་དུ་ཕྱིན་པ་ལས་ཁྱད་པར་འཕགས་ཏེ༔ གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོ་ཟབ་པའི་ཁྱད་པར་དབང་གིས་ཕྱེ་བའོ༔ དབང་ནི་ཏིང་འཛིན་བླ་མའི་གཏོར་དབང་གང་དག་ཅིག་གིས་སྨིན་པར་བྱ་སྟེ༔ འདིར་མ་སྤྲོས་ཞལ་ལས་ཤེས་པར་བྱའོ༔ དེ་ལྟར་སྨིན་པར་བྱེད་པའི་དབང་ལ་བརྟེན་ནས༔ གྲོལ་བྱེད་ཐབས་བསྐྱེད་རིམ་གྱིས་ཉོན་མོངས་པ་མ་སྤང་རང་སར་དག་ནས་ཡི་དམ་ལྷ་དང་སྐལ་པ་མཉམ་པར་གཟུགས་སྐུའི་སངས་རྒྱས་ཐོབ༔ བསྐྱེད་རྫོགས་ཟུང་འཇུག་དུ་བསྒོམས་པས་འདུ་འབྲལ་མེད་པར་དོན་གྱི་ཕྱག་རྒྱ་ཆེན་པོ་གཉིས་མེད་ཀྱི་དོན་ཆོས་སྐུར་སངས་རྒྱས་པར་འགྱུར་རོ༔ འདི་ལྟ་བུའི་གདམས་པ་འདིས་སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པ༔ སྐྱེས་པ་བརྟན་ཅིང་བོགས་འདོན༔ དེས་ན་དྭངས་ཤིང་དབེན་པའི་གནས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འདིའི་སྒོམ་སྐྱོང་བ་གལ་ཆེ་འོ༔ གདམས་པ་འདི་ཉིད་སྟོན་པའི་དུས་སུ་བླ་མ་ལ་ཕྱག་རྟེན༔ ཡི་དམ་ལ་མཆོད་པ༔ མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་ལ་སོགས་པ་སྔ་ཕྱི་བར་གསུམ་དུ་བྱེད་པ་གལ་ཆེ་འོ༔ དེའི་རྟེན་འབྲེལ་གྱིས་བར་ཆད་མི་འབྱུང་ཞིང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ༔ ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་མ་རིག་མུན་སེལ་ཞེས་བྱ་བ༔ ཨོ་རྒྱན་པདྨའི་ཐུགས་བཅུད་ཡང་དག་པ་རྫོགས་སོ༔ ྈྈྈྈྈྈྈ ཉི་མའི་སྙིང་པོ་སྐྱོན་བྲལ་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཟབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གབ་རྒྱ༔ གཏད་རྒྱ༔ དྷཱ་ཀི་ནཱི་རྒྱ༔ ྈྈྈྈ ངེས་མེད་རཏྣའི་མིང་ཅན་གྱིས། །མཁར་ཆུའི་བྲག་ནས་ཕྱུང་པ་ལགས་སོ། །ཤུ་བྷཾ།། <!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོའི་ཁྲིད་གཞུང་དངོས་གཞི་བཞུགས་སོ༔ རྒྱ་གར་སྐད་དུ༔ མུ་དྲ་མ་ཧཱ་སུརྻ་ཨ་བྷི་མེ་ཏྲིག་དྷ་ར་ན་ན་ཏྲི་ཏ་ན་མ༔ བོད་སྐད་དུ༔ ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོ་ཞེས་བྱ་བ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་བཅུད༔ མཁའ་འགྲོ་མའི་སྙིང་གི་གསང་གཏམ༔ སྒོམ་ལོང་མེད་པར་སངས་རྒྱས་པའི་ཆོས་འདི་ལ༔ གང་ཟག་གི་བབ་དང༔ དེ་ལ་དབབ་པའི་གདམས་ངག་གཉིས་སོ༔ དང་པོ་ནི་ལུས་འབྱུང་བཞི་ལས་གྲུབ་པས༔ འབྱུང་བཞི་ཤས་ཆེ་ཆུང་གིས་བློ་རིགས་སོ་སོར་ཡོད་པས༔ སྣོད་ཀྱིས་བཅུད་སྒྱུར་བ་ཡིན་ཏེ༔ རང་བཞིན་སེམས་ཀྱི་ངོ་བོ་ལ་འགྱུར་བ་མེད་ཀྱང་གནས་སྐབས་ཀྱི་བློ་རིགས་ཐ་དད་པ་ནི༔ དཔེ་ཤེལ་གོང་དག་པ་ལ་ཁ་དོག་རིགས་ལྔ་གང་བསྟན་པ་དེ་འོང་བ་དང་འདྲ་བས༔ དབང་པོ་མཐོ་དམན་གྱི་རིམ་པ་ལ་མན་ངག་འདེབས་ལུགས་ ཞལ་ལས་ཤེས་པར་བྱའོ༔ དངོས་གཞི་གནད་ཀྱི་གདམས་པ་འདི་ལ༔ སྤྱི་དོན་དྲུག་གིས་བསྟན་ཏེ༔ དང་པོ་མ་བཅོས་གནས་ལུགས་ཀྱིས་ཞི་གནས་གཏན་ལ་ཕབ་པ༔ གཉིས་པ་གེགས་སེལ་བོགས་འདོན་གྱིས་ཉམས་ཀྱི་དྲོད་རྟགས་བསྟན་པ༔ གསུམ་པ་མཁན་པོ་རྩད་གཅོད་ཀྱིས་རིག་པ་གཅེར་བུར་ངོ་སྤྲད་པ༔ བཞི་པ་གཉིས་མེད་རང་ཤར་གྱིས་ལྷག་མཐོང་ངོ་སྤྲད་པ༔ ལྔ་པ་བྱར་མེད་བློ་འདས་ཀྱིས་གོལ་སྒྲིབ་མཐའ་གཅད་པ༔ དྲུག་པ་སྒོམ་མེད་རང་བྱུང་བློ་འདས་ཀྱིས་ཟད་སར་སྐྱོལ་བའོ༔ དང་པོ་མ་བཅོས་གནས་ལུགས་ཀྱིས་ཞི་གནས་གཏན་ལ་དབབ་པ་ནི༔ ཕྱི་ནང་གི་བྱ་བ་བཏང་ལ་བསམ་གཏན་གྱི་ཆོས་བདུན་གྱི་སྟེང་དུ་རང་ལུགས་སུ་གློད་དེ་བཞག༔ ངག་མ་བཅོས་སྨྲ་བ་གཅད༔ ཡིད་མ་བཅོས་སྤྲོས་བྲལ་ངང་དུ་ཁྲིགས་སེ་བཞག༔ དེ་ལྟར་ལུས་ངག་ཡིད་གསུམ་ཆ་ཆ་ནས་རང་བབས་མ་བཅོས་པའི་སེམས་ལ་མ་ཡེངས་པའི་བློས་མཇལ་ཙམ་ལས་ཅི་ཡང་ཡིད་ལ་མི་བྱེད་པར་གློད༔ ཤེས་པ་ཡུལ་གང་ལ་ཡང་མི་འཕྲོ་བར་བཅོས་བསླད་མེད་པའི་ངང་དུ་ལྷུག་པར་བཞག་གོ༔ དེའི་དུས་སུ་རྣམ་རྟོག་ཅིག་འཕྲོ་ན༔ ཕཊཿཅེས་པས་ཤིགས་ཀྱི་བཤིགས་ལ་སྔར་བཞིན་ཀློད་ལ་བཞག༔ དེ་ལྟར་ཁམས་དང་བསྟུན་ཅིང་རྒྱུན་ཆད་མེད་པར་ཉམས་སུ་བླངས་པས༔ སྔ་ཕྱིའི་རྟོག་པ་རགས་པ་ཚོར་བའི་ཟུག་གཟེར་ཞི་ནས༔ བདེ་གསལ་མི་རྟོག་པར་གློད་དེ་གནས་པ་ནི༔ ཞི་གནས་ཀྱི་གཞི་གཏན་ལ་ཕེབས་པ་སྟེ༔ ངེས་དོན་རྒྱུད་ལ་སྐྱེ་བ་ཡིན་ནོ༔ འདི་ལ་དྲོད་ཐོབ་པ་གལ་ཆེའོ༔ ྈྈྈྈྈ གཉིས་པ་གེགས་སེལ་བོགས་འདོན་གྱིས་ཉམས་ཀྱི་དྲོད་རྟགས་བསྟན་པ་ནི༔ དེ་ལྟར་ཉམས་སུ་བླང་ཚེ་བྱིང་རྒོད་ལ་སོགས་བྱུང་ན༔ གེགས་སེལ་བོགས་འདོན་ནི༔ གང་ཟག་མཁྲིས་ཤས་ཆེ་ན་གཉིད་དང་བྱིང་རྨུགས་འབྱུང་སྟེ༔ དེ་ལ་ཟས་གོས་བསིལ་ཞིང་སྐྱ་བར་བྱ་བ་དང༔ རིག་པ་ཧུར་འདོན་ཕཊཿཅེས་བསྲིང༔ བླ་མ་ལ་གསོལ་བ་གདབ༔ བྱིང་བའི་མཁན་པོ་ལ་བལྟས་པས༔ རང་བཞིན་སྐྱེ་མེད་ཡིན་པས་བོགས་ཐོན་ཏེ༔ དམ་ཚིག་ནི་ཉི་ཚན་དང་མུན་ནག་སྤང་ངོ༔ བོགས་འདོན་ནི་ལྟ་སྟངས་ཐད་ཀའི་ནམ་མཁའ་ལ་གཏད༔ ཤེས་པ་གསལ་སིང་ངེ་བའི་ངང་དུ་བཞག་པས་ཉམས་དང་བཅས་པའི་ངར་འཆར་རོ༔ གཉིས་པ་གང་ཟག་རླུང་དང་གྲང་ཤས་ཆེ་ན༔ མི་གནས་བསམ་བློར་འཕྱོ་བས་རྟོག་པ་རགས་པ་གཅིག་རྟིང་ལ་གཅིག་སྐྱེས་ནས་མ་ཕེབས་ན༔ དེ་སེལ་བ་ལ་ཟས་གོས་དྲོ་ཞིང་སྣུམ་པ་བརྟེན༔ གནས་དྲོ་ཞིང་དབེན་སར་རིག་པ་གཡོ་དུས་འཕང་སྨད་གནས་ལུགས་ངང་དུ་དབབ་བོ༔ རྒོད་མཁན་རང་ལ་བལྟས་པས་གཞི་སྐྱེ་མེད་དུ་གྲོལ་ལོ༔ དམ་ཚིག་ནི་སེར་བུ་དང་གཡེང་བ་སྤང་ངོ༔ བོགས་འདོན་ནི་ལྟ་སྟངས་མདུན་དུ་དབབ་བོ༔ ཤེས་པ་གློད་དྲག་ན་གཞི་ལ་ལུས་འགྲོ་བས༔ སེང་ངེ༔ ཡེ་རེ་གྲུངས་ཐོན་པའི་ངང་དུ་བཞག་གོ༔ དེས་གསལ་ལ་མི་རྟོག་པའི་ཉམས་འཆར་རོ༔ གསུམ་པ་གང་ཟག་བད་ཀན་ཤས་ཆེ་བ་ལ་ལྟེངས་པ་འབྱུང་སྟེ༔ རིག་པའི་རྩལ་མ་སློང་བར་གནས་པ་ལ་ཞེན་ཏེ་ངར་མེད་ཏིང་འཛིན་ལ་གེགས་བྱེད་པའོ༔ དེ་སེལ་བ་ལ་ཟས་གོས་ཡང་ཞིང་བསིལ་དྲོད་སྙོམས་པ་དང༔ གྲང་དྲོ་ཆ་སྙོམས་བྱ༔ ཕཊཿཅེས་རིག་པའི་གཟེངས་བསྟོད་དགོངས་པ་གསལ་གདབ་བོ༔ ལྟེངས་པའི་ངོ་བོ་རང་ལ་བལྟས་པས་གསལ་སྟོང་དུ་འགྲོ་འོ༔ དམ་ཚིག་ནི་རླན་དང་གྲིབ་སྤང་ངོ༔ བོགས་འདོན་ནི་ཐད་ཀར་ཤེད་བསྐྱེད་ཤེས་པ་མ་བཅོས་པའི་ངང་དུ་ལྷན་ནེ་བཞག་པས༔ བདེ་གསལ་གྱི་ཉམས་འཆར་རོ༔ དེ་ལྟར་ལྟ་སྟངས་གསུམ་པོ་གང་བདེ་ཉམས་སུ་བླང་ཞིང༔ རྗེས་ལ་འགྱུ་བ་ཐོལ་པ་གཅིག་བྱུང་ན་དེ་མ་སྤངས་པར་བག་ཆགས་གཉུག་རིང་བས་འདས་པའི་རྗེས་མི་བཅད༔ འདོད་པའི་རྟོག་པས་མ་འོངས་པའི་མདུན་མི་བསུ༔ འཁྲུལ་པའི་བློས་ད་ལྟ་བ་ལ་བཟོ་མི་བྱ་བར༔ སྤྲོས་མེད་བློ་འདས་ཀྱི་ངང་དུ་གློད་དེ་གློད༔ དེ་ལྟར་ནན་གྱིས་བསྒོམས་པས་གང་ཟག་རྩལ་ཆེ་བ་རྣམས་ཀྱིས་འགྱུ་བའི་མཐའ་ཆོད༔ མཉམ་རྗེས་གཉིས་མེད་དུ་ཤེས་ནས་སེམས་ཀྱི་ངོ་བོ་མཐོང་བར་འགྱུར་རོ༔ ཆུང་བ་རྣམས་ཀྱིས་ཀྱང་འཁོར་བའི་ཆོས་ལ་ཞེན་པ་ལྡོག༔ བླ་མ་སངས་རྒྱས་སུ་མཐོང༔ སྒོམ་བཏང་སྙིང་མི་འདོད་པ་འབྱུང༔ ཕྱི་ལུས་ཡོད་དུ་མི་ཚོར་བ༔ ནང་དབུགས་འགྱུ་བ་མི་ཚོར་བ༔ གསང་བ་བདེ་གསལ་མི་རྟོག་པའི་ཉམས་ཁད་ཀྱིས་འཆར་རོ༔ ྈྈྈྈྈྈ གསུམ་པ་མཁན་པོ་རྩད་གཅོད་ཀྱིས་རིག་པ་གཅེར་བུར་བསྟན་པ་ནི༔ མཉམ་བཞག་གི་སྟེང་ནས་རྗེས་ཀྱི་འགྱུ་བ་རང་ངོས་བཟུང་སྟེ༔ དེ་ཡང་ཞི་གནས་ཀྱི་ཉམས་འཐུག་པོ་ལ་ཞེན་ན༔ རྗེས་ཤེས་ཀྱི་འགྱུ་བ་ཆོས་ཉིད་དུ་ངོས་མི་ཟིན་པས་རྣམ་རྟོག་ཡེ་འགྱུ་རུ་མ་གཞུག་ཅིག༔ འགྱུས་ན་སྒོམ་མི་ཡོང་ངོ་བྱས་པས་དེའི་རྟེན་འབྲེལ་གྱིས་འགྱུ་བ་ཟིན་འོང༔ དེ་ལ་བག་ཆགས་ཀྱི་རྣམ་རྟོག་ཕྲ་རགས་གང་སྐྱེས་དེ་ལ་སྐྱོན་དུ་མི་བཟུང༔ ངོ་བོ་ལ་གཅེར་གྱིས་བལྟས་པས་གཟུགས་ཁ་དོག༔ འགྲོ་འོང་གནས་གསུམ་རང་བཞིན་དག་པ་ངོ་བོས་སྟོང་པ་དེ་འདི་ཞེས་བསྟན་དུ་མེད༔ ནམ་མཁའ་ལྟར་མཉམ་བཞག་གི་སྟེང་དུ་ལྷན་ནེར་ཕེབས་པ་འོང༔ འོ་ན་མཉམ་བཞག་ཆོས་སྐུ་སྐྱེ་མེད་ངང་དུ་གནས་པ་དང༔ རྗེས་ཤེས་སྣ་ཚོགས་སུ་འཆར་བ་རང་བཞིན་མེད་པ༔ དེ་གཉིས་གཅིག་གམ་ཐ་དད་བལྟས་པས༔ དེ་གཉིས་རང་བཞིན་གཅིག་པས་གཉིས་མེད་དུ་ཐག་ཆོད༔ འོ་ན་རྣམ་རྟོག་གཅིག་པུ་དེ་ཆོས་སྐུར་འདུག་གམ་ཀུན་ཆོས་སྐུར་འདུག་བལྟས་ཏེ༔ དགའ་མི་དགའ་གང་ཤར་ངོ་བོ་མཐའ་འདེད་དུ་བཏང་བས༔ ངོ་བོ་སྟོང་པར་ཀུན་ནས་ཟང་ཐལ་ལེ༔ དཔེར་ན་ཆུའི་ཆུ་བུར་བཞིན་རྣམ་རྟོག་སྐྱེས་གྲོལ་དུས་མཉམ་དུ་སོང་སྟེ༔ ཨ་སྒོམ་བྱ་བ་དེ་རྣམ་རྟོག་འདི་རུ་འདུག་པ་ལ༔ དེ་ངས་ངོ་མ་ཤེས་པར་འདུག་སྙམ་པའི་སེམས་ངེས་ཤེས་སྐྱེའོ༔ དེ་ཙམ་ན་འགྱུ་བ་རང་སངས་དྲན་རྟོག་ཡེ་ཤེས་སུ་ཤར་ཞེས་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་རྣམ་རྟོག་གཅེར་བུར་འཆར་བ་ཡིན་ནོ༔ དེ་ཡང་རྩལ་ཆུང་བ་རྣམས་ཀྱིས་མཉམ་བཞག་རྗེས་ཐོབ་སྟོང་པ་རང་གསལ་ཡིན་ནོ་སྙམ་པ་ཙམ་མོ༔ བློའི་འཛིན་པ་ལས་གྲོལ་ནས༔ འཛིན་བྱེད་ཀྱི་མཁན་པོ་རྩད་གཅད་པ་ནི༔ འཛིན་བྱེད་རྟོག་པའི་སེམས་ཁོ་རང་ལ་ཁ་ནང་དུ་ལོག་ནས་གཅེར་གྱིས་བལྟས་པས༔ ཕྱི་རོལ་ཡུལ་སྣང་འབྱུང་འཇུག་འགྲོ་འོང་ནང་དུ་བསྡུས་ནས༔ མཚན་ཉིད་འདི་ཞེས་རྡུལ་ཙམ་མ་གྲུབ་པར་སྐྱེ་ས་མེད་པས་བྱུང་ས་མ་རྙེད༔ ཡུལ་མེད་པའི་གནད་ཀྱིས་གནས་ས་མེད༔ འགགས་པ་མེད་པའི་དོན་གྱིས་ཐ་མ་འགྲོ་ས་མི་རྙེད༔ བསམ་བརྗོད་བློའི་ཡུལ་དུ་མ་གྱུར་པས་རྒྱུས་མ་བསྐྱེད༔ རྐྱེན་གྱིས་མི་འཇིག༔ གཉུག་མ༔ རྗེན་པ༔ ཕྱོགས་ལྷུང་དང་བྲལ་བའི་སྟེང་ནས་རང་ངོ་རྗེན་ནེ༔ ཡེ་རེ༔ ཚོགས་དྲུག་གི་སྣང་བ་སྔར་འདྲིས་ཀྱི་མི་ལྟར་རྟོགས་ཏེ༔ དོན་ལ་སྣང་སྲིད་འཁོར་འདས་རང་ཆོས་སྐུར་ཐག་ཆོད་དེ༔ འཁོར་བར་འཁྱམས་མཁན་མི་འདུག་པ་ལ་འདི་མ་རྟོགས་པ་རྣམས་སྙིང་རེ་རྗེ་སྙམས་པའི་ངེས་ཤེས་གཏིང་ནས་སྐྱེ་ཞིང༔ བླ་མ་སངས་རྒྱས་སུ་མཐོང༔ མཁན་པོ་རྩད་ཆོད༔ རིག་པ་གཅེར་བུར་རྟོགས༔ འཁོར་ཡུག་ཕྱག་རྒྱ་ཆེན་པོར་འཆར་རོ༔ དེ་ཉིད་བསྒོམ་དུ་མེད་ཀྱང་མ་ཡེངས་ཙམ་དུ་སྐྱོང་བ་ཡིན་ནོ༔ ྈྈྈྈྈྈ བཞི་པ་གཉིས་མེད་རང་ཤར་གྱིས་ལྷག་མཐོང་གི་ངོ་སྤྲད་པ་ནི༔ གང་ཟག་གི་དབང་པོ་དང་བསྟུན་ཏེ༔ ལུང་དང་རྟོགས་པའི་ངོ་སྤྲོད་བླ་མས་ཤེས་པར་བྱའོ༔ དབང་པོ་རབ་རྟོགས་གྲོལ་དུས་མཉམ་དུ་སོང་སྟེ༔ སྣང་སེམས་གཉིས་མེད་དུ་ཤེས་པས༔ ཀུན་རྫོབ་ལ་འཕྲིགས་ཚུད་དེ་ཉམས་མྱོང་འཁོར་འདས་གཉིས་མེད་དུ་ཐག་ཆོད་དོ༔ འབྲིང་འཛིན་བྱའི་སེམས་ཕྱིར་མ་ལུས༔ འཛིན་བྱེད་ཀྱི་རིག་པ་ནང་དུ་མ་ཞེན༔ བེམ་རིག་གཉིས་མེད་དུ་ཉམས་སུ་བླངས་པས༔ སྣང་སྟོང་གཉིས་མེད་དུ་གྲོལ་ཏེ༔ དེ་ལྟར་སྣང་སེམས་གཉིས་མེད་དུ་རྟོགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཐག་ཆོད་པའོ༔ ཐ་མ་ཀུན་རྫོབ་ལ་འཕྲིགས་མ་ཚུད༔ གློ་བུར་གྱི་འཁྲུལ་རྟོག་ཆོད་ཀྱང་སྔར་གྱི་ཞེན་ཆགས་ལ་བརྟེན་ནས༔ རྣམ་རྟོག་ཕྲའུ་གཅིག་ལའང་སྣང་སེམས་གཉིས་སུ་འཛིན་པའི་བློ་ཤོར་ནས༔ ཐེ་ཚོམ་མ་ཆོད་པ་ལ་མཉམ་བཞག་གི་སྟེང་ནས་རྗེས་ཤེས་ལྷག་མཐོང་དུ་ངོ་སྤྲད་པ་ནི༔ ཕྱི་རོལ་གྱི་འཆར་རྒྱུ་དང༔ ནང་ན་གཉིས་སུ་བྱེད་མཁན་གྱི་རིག་པ་འདུག་གམ་ལེགས་པར་བརྟགས་པས་དོན་གཉིས་མེད་ལས་མ་འདས་ཏེ༔ གཉིས་འཛིན་གྱི་མཁན་པོ་གང་ཡང་མ་གྲུབ་སྟེ༔ སྣང་བ་ཐམས་ཅད་སེམས་ཀྱི་མདངས་ཙམ་དུ་མཚུངས་པ་སྟེ༔ དེས་ན་སྣ་ཚོགས་སུ་སྣང་བའི་དུས་ན་ཡང་ངོ་བོ་སྟོང་པར་འདུག༔ སྟོང་པའི་དུས་ན་ཡང་དྲན་རྟོག་མ་འགགས་སྣ་ཚོགས་སུ་འཆར་བར་འདུག་པས༔ སྣང་སྟོང་ཐ་མི་དད་པར་ཉི་མ་དང་འོད་ཟེར༔ ཆུ་བོ་དང་རླབས་ལྟ་བུ༔ ཙནྡན་དང་དྲི་ལྟ་བུ༔ ངོ་བོ་གཅིག་ལ་དབྱེར་མེད་པའོ༔ དེ་ལྟར་རྟོགས་པས་གཟུང་འཛིན་གྱི་སྒྲོག་རང་གྲོལ་ལ་སོང་སྟེ༔ ཕྱི་རོལ་དུ་གང་ཤར་གཞི་མེད་ཟང་ཐལ་དུ་ཤེས་ཤིང་སྣ་ཚོགས་སུ་འགྱུ་ཡང་སེམས་ཉིད་སྐྱེ་མེད་ཙམ་དུ་རྩད་ཆོད་པས༔ སེམས་བྱུང་འགྱུ་བྱེད་ཀྱི་རྟོག་པ་མ་སྤང་བར་རང་གྲོལ་ཏེ༔ ཅི་ལྟར་ཤར་ཡང་སྣང་སྟོང༔ གྲགས་སྟོང༔ ཚོར་སྟོང༔ མྱོང་སྟོང༔ རེག་སྟོང༔ དེ་ལྟར་སེམས་ལས་བྱུང༔ སེམས་ཆོས་སྐུ་སྟོང་པ༔ ཆུ་དང་རླབས་ལྟར་དུ་སྟོང་པའོ༔ འོ་དེ་ལྟར་འཆར་ཚུལ་ཅི་ཤར་ཡང༔ ངོ་བོ་སེམས་ཆོས་སྐུ་ལས་མ་འདས་པ་ཡིན༔ འཆར་ཚུལ་མ་འགགས་པ་ནི༔ དཔེར་ན་ནམ་མཁའ་ལ་གཡོས་པ་མེད་པར༔ སྤྲིན་དང་འཇའ་ཚོན་སྣ་ཚོགས་ཤར་ཡང༔ ངོ་བོ་ནམ་མཁའ་ལས་མ་འདས་ཏེ༔ ཅི་ལྟར་ནམ་མཁའ་སྐད་ཅིག་ཀྱང་གཡོས་པ་མེད་དོ༔ དེ་ལྟར་སེམས་ཆོས་སྐུ་ལ་གཡོས་པ་མེད་ཀྱང༔ སྣང་བའི་འཆར་ཚུལ་འཁོར་འདས་སྣ་ཚོགས་སུ་འཆར་ཏེ༔ ཤར་ཚུལ་བྱེ་བ་ཐེར་འབུམ་ཤར་ཡང༔ བྱུང་གནས་འགྲོ་གསུམ་སེམས་ལས་མ་འདས༔ གསེར་འགྱུར་རྩིའམ་མེ་དང་ཚ་བ་ལྟར་རྣམ་རྟོག་གང་ཤར་མཚོ་ནང་གི་ཁ་བ་ལྟར༔ ཐམས་ཅད་སེམས་སུ་རོ་གཅིག་པ་ལགས་སོ༔ དེ་ལྟར་སྣང་གྲགས་ཐམས་ཅད་ཐབས་ཀྱི་ཆ༔ རང་བཞིན་མེད་པ་དེ་ཤེས་རབ༔ གཉིས་མེད་ཆོས་སྐུ་ཁྱབ་གདལ་ཆེན་པོ་ཡིན་ནོ༔ དེ་ལྟར་གདོད་མ་ནས་རྣམ་པར་དག་པ་ཡིན་པས༔ རྣམ་རྟོག་གཉེན་པོས་ཆེད་དུ་སྤང་མི་དགོས༔ མི་རྟོག་པ་ཆེད་དུ་བསྒྲུབ་མི་དགོས༔ ཡིན་ལུགས་ཀྱི་ཤེས་པ་རྣམ་དག་ཏུ་གྲོལ་ན༔ འཁོར་བ་དང་མྱང་འདས༔ རྣམ་རྟོག་དང་ཆོས་སྐུ༔ ཉོན་མོངས་དང་ཡེ་ཤེས༔ སེམས་ཅན་དང་སངས་རྒྱས༔ མིང་སྣ་ཚོགས་བཏགས་ཀྱང༔ དོན་སེམས་ཉིད་གཅིག་པུ་ལས་མ་འདས་ཏེ༔ རང་བཞིན་ལ་བཟང་ངན་མེད་དོ༔ གདོད་མ་ནས་རྣམ་དག་བློ་ལས་འདས་པའི་དོན་འདི་ལ་མཚན་ལྷག་མཐོང་ཞེས་བྱ་སྟེ༔ མཁྱེན་པའི་ཡོན་ཏན་མ་ལུས་པར་འཆར་རོ༔ དེ་ལྟར་རང་བཞིན་རྣམ་པར་དག་པ་འདི་ཉིད་ཡ་ཀི་སངས་རྒྱས་ནས༔ མ་ཀི་འཇག་མའི་སྲིན་བུ་ཡན་ཆད་ལ་བཟང་ངན་མེད་པར་དུས་གསུམ་མཉམ་ཉིད་ལྷུན་གྲུབ་ཏུ་གནས་ཀྱང༔ དེ་ལྟར་མ་རྟོགས་པ་རྣམས་སྣང་བ་སྣ་ཚོགས་ལ་ཞེན་པས༔ གཟུང་འཛིན་མ་རིག་པས་འཁོར་བར་འཁྱམས་ཏེ༔ འཁོར་འདས་ཀྱི་བར་ལ་རྟོགས་དང་མ་རྟོགས་ལས་མེད་དོ༔ དུས་སྐད་ཅིག་མའི་རིག་མ་རིག་ལས་བྱུང་བའོ༔ ྈྈྈྈྈྈ ལྔ་པ་གོལ་སྒྲིབ་ཀྱི་མཐའ་ཆོད་པ་བྱར་མེད་བློ་འདས་སུ་བསྟན་པ་ནི༔ ཚོགས་དྲུག་སྣང་བ་སྣ་ཚོགས་གཉིས་མེད་དུ་ཤེས་ཀྱང༔ ཉམས་མྱོང་ལ་ཞེན་པའི་མཐའ་མ་ཆོད་ན༔ གོལ་སྒྲིབ་ཏུ་འགྲོ་བས༔ དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བསམ་བློའི་སྟེང་དུ་གཅུན་ལ༔ དགེ་སྡིག་དང་འཛིན་པའི་ཆ་གཉིས་ཕྲ་མོ་འདུག་ན༔ ད་རུང་མཐའ་མ་ཆོད་པ་ཡིན་པས་གོང་བཞིན་ཉམས་ལེན་ལ་ནན་ཏན་བྱ་ཞིང་ཐད་ཀའི་གེགས་སེལ་ལོ༔ དགེ་མི་དགེ་ལུང་མ་བསྟན་བཟང་ངན་གྱི་བློ་ལ་སོགས༔ གཉིས་འཛིན་གྱི་མཚན་མ་ཟད་ནས་གང་གི་རྩིས་གདབ་རེ་དོགས་མེད་པར་འཛིན་མེད་བློ་འདས་ནམ་མཁའི་དཀྱིལ་ལྟར༔ མཐར་ཐུག་གཉིས་མེད་དུ་ཐག་ཆོད་འདུག་ན་ཟོལ་མི་འཇོག་པར་འདུག་པ་གར་བྱུང་བ་ལེན་ནས་ཆེད་ཀར་འཕྲོས་སུ་གཞུག༔ མཉམ་བཞག་གི་ཐད་ཀ་ནས་ཡ་ང་བ་མེད་དོ༔ དེ་ལྟར་དུ་རྗེས་ལ་ཡང་ངོ་བོའི་ཐོག་ཏུ་ལྷོད་དེ་འདུག་ན༔ གོལ་སྒྲིབ་ཀྱི་མཐའ་ཆོད་ནས་ཕྲ་མོ་ཙམ་གྱི་འཛིན་རྟོག་མེད་དེ༔ བྱར་མེད་བློ་འདས་སུ་སྐྱོང་བ་ཡིན་ནོ༔ དེ་ཡང་མཐའ་ཆོད་ཚུལ་ནི༔ མ་བཅོས་རང་གསལ་གྱི་ངོ་བོ་རྗེན་ནེ་མེར་རེ་བ་འདི༔ ངོ་བོ་གསལ་ཞིང་འགགས་མེད་དུ་ཤར་བས༔ མེད་པར་འཛིན་པའི་བློ་ལས་འདས་ཏེ༔ ཆད་པའི་གོལ་ས་ཆོད་ཅིང༔ ཅི་ལྟར་ཤར་ཡང་རང་བཞིན་ངོ་བོ་མ་གྲུབ་པས༔ ཡོད་པར་འཛིན་པའི་བློ་འདས་ཏེ༔ རྟག་པའི་གོལ་ས་ཆོད་དོ༔ མ་བཅོས་ཁྱབ་བདལ་ཕྱོགས་སུ་མ་ལྷུང་བ༔ ཡོད་མེད་གཉིས་ཀའི་བློ་ལས་འདས་ཏེ༔ གཉིས་མེད་ཉམས་མྱོང་གི་ཞེན་པའི་གོལ་ས་ཆོད་དོ༔ འོ་དེ་ལྟ་བུའི་སེམས་ཉིད་མཐའ་བྲལ་རྗེན་པ༔ འདི་ལྟར་འདུག་གོ་སྙམ་པའི་གོ་ཡུལ་དུ་མ་ལུས༔ འདི་ལྟར་ཡིན་ནོ་སྙམ་པའི་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་མྱོང༔ རུས་གཏུགས་རྒྱུད་ལ་སྐྱེས༔ དེ་ལ་བརྟན་པ་ཐོབ་ན་སྣང་སེམས་ཐམས་ཅད་ངོ་བོ་བརྗོད་མེད་གཅིག་ཆོད་རང་གྲོལ༔ མཉམ་བཞག་དང་རྗེས་ཐོབ་གཉིས་སུ་མེད་པར་འཁོར་ཡུག་སྣང་སྲིད་ཕྱག་རྒྱ་ཆེན་པོར་གྲོལ་བ་དེ་ལ༔ སྡིག་པས་གནོད་མ་བསྐྱལ༔ འདི་ལྟར་སྣང་སྲིད་འཁོར་འདས་ཆོས་ཉིད་རོལ་པར་ཤེས་པས༔ ཉོན་མོངས་ཤེས་སྒྲིབ་རང་སར་དག་སྟེ༔ རང་སེམས་ལས་ངན་སོང་དང་རིགས་དྲུག་གཞན་ཞིག་ལོག་ན་མེད་པས༔ འཆིང་མཁན་རྟོག་པ་ཡང་འགྲོ་འོང་གནས་གསུམ་དང་བྲལ་བས༔ འཁོར་བའི་དུཿཁ་ལ་དོགས་པ་མེད་པས༔ གཅིག་ཆོད་པས་ཀུན་ཆོད༔ གཅིག་རིག་པས་ཀུན་རིག༔ བྱེད་པའི་མཁན་པོ་གཞན་ན་མེད་པར་རྟོགས་པའི་གནད་ཀྱིས༔ མར་འཁོར་བ་ལ་དོགས་པའི་དྲི་མ་དང་བྲལ༔ ཕྱི་རོལ་ཡུལ༔ ནང་འཛིན་པའི་བློ་དང༔ སེམས་ཅན་དང་སངས་རྒྱས་གཉིས་སུ་འཛིན་པ༔ སྐྱེ་བ་དང་འཆི་བར་འཛིན་པ༔ ང་བདག་དང་གཟུང་འཛིན༔ མདོར་ན་སྣང་སྲིད་ཐམས་ཅད་རང་རིག་སེམས་ཀྱིས་བཀོད༔ སེམས་ལས་བྱུང༔ དོན་དམ་སྣང་སེམས་མ་འདྲེས་ཀྱི་བར་དུ༔ ཨ་འཐས་ཀྱི་བློ་ཡོད་པར་སྣང་ཡང༔ སྣང་སེམས༔ སྣང་སྲིད༔ རང་སེམས་ཕྱག་རྒྱ་ཆེན་པོ་བློ་འདས་ཀྱི་ངོ་བོར་རྫོགས་པའི་ཚེ༔ མ་སྤངས་གནས་སུ་དག་ནས་ཐམས་ཅད་དག་པ་ཆོས་སྐུའི་རོལ་པ་དང༔ རང་སེམས་ཁོ་ན་རྟོགས་པས་འབྱུང་བས་ན༔ དགེ་བས་ཕན་མ་བཏགས༔ རང་སེམས་ཆོས་སྐུ་ཅིས་ཀྱང་འགྱུར་དུ་མེད་པའི་དོན་ཡེ་ནས་ཡིན་པའི་དོན་མངོན་དུ་གྱུར་པ་ལས༔ ལོག་ན་ཡར་སངས་རྒྱས་བཟང་པོ་གཅིག་ལ་རེ་བའི་དྲི་མ་དང་བྲལ་ཏེ༔ སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས་གསལ་སྟོང་ནམ་མཁའ་ལྟ་བུ་འདི་ལ་ཡེངས་མ་ཡེངས་མེད༔ བསྒོམས་མ་བསྒོམ་མེད་པར་དུས་གསུམ་དུ་རྒྱུན་ཆད་མེད་པར་མ་བཅོས་ལྷུན་གྲུབ་ཏུ་གནས་པས་ཉམས་སུ་ལེན་པར་བྱས་ཀྱང་བྱེད་མཁན་ཤེས་བྲལ་ཕྱོགས་ལྷུང་རེ་དོགས་གང་གི་ཡང་རྩིས་གདབ་མེད་དེ༔ བྱར་མེད་བློ་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ༔ དྲུག་པ་རང་བྱུང་ལྷུན་གྲུབ་ཀྱིས་བསྒོམ་མེད་ཟད་སར་སྐྱོལ་བ་ནི༔ རང་སེམས་ཆོས་སྐུ་སྐྱེ་བ་མེད་པར་རང་བྱུང་གི་ཡེ་ཤེས་ཆེན་པོ་ཀུན་ལ་ཁྱབ་ཅིང་གཟུགས་ཅན་མ་ཡིན་པ༔ ཕྱོགས་རིས་མེད་ཅིང་འདུ་འབྲལ་མེད་པ༔ འགགས་པ་མེད་ཅིང་གསལ་འགྲིབ་མེད་པ༔ དབྱིངས་རྣམ་པར་དག་པ་ནམ་མཁའི་དཀྱིལ་ལྟ་བུ༔ རྒྱུ་རྐྱེན་ལས་མ་བྱུང༔ གསལ་ལ་གོ་མ་འགགས་པ༔ འཁོར་འདས་ཀུན་གྱི་རྩ་བ་ཐ་མལ་གྱི་ཤེས་པ་འདི་རྒྱུ་སེམས་ཅན༔ ལམ་སྦྱོར་བ༔ འབྲས་བུ་སངས་རྒྱས་ཀྱི་དུས་དང་གསུམ་ལ་ཡང་བཟང་ངན་དང་སྔ་ཕྱི་ཐ་དད་མེད་དེ༔ དེ་ལྟར་གྲྭ་མ་ཆག༔ ཟུར་མ་ཉམས་པ་འདི་ཀ་སེམས་ཅན་བླུན་ནས་ངན་དུ་བསླད་པ་མེད༔ སངས་རྒྱས་མཁས་ནས་བཟང་དུ་བཅོས་པ་མེད༔ བསྒོམས་པས་བཟང་དུ་འགྲོ་བ་མེད༔ མ་བསྒོམ་པས་ངན་དུ་འགྲོ་རྒྱུ་མེད༔ འདི་གློ་བུར་དུ་བྱུང་བ་མ་ཡིན༔ རང་བཞིན་གདོད་མ་ནས་ལྷུན་གྲུབ་རང་ཆས་སུ་དུས་གསུམ་དུས་མེད་དུ་ཡོད་པའོ༔ ཡོད་པར་བསྒྲུབ་ཏུ་མེད༔ མེད་པར་བཏང་དུ་མེད༔ ངོ་བོ་གཟུང་དུ་མེད་ཅིང་རང་བཞིན་རྒྱུན་ཆད་མེད་པར་ཚིག་ཏུ་བརྗོད་དུ་མེད་ཅིང༔ བློས་སྒོམ་དུ་མེད་པ༔ དོན་དམ་བློའི་ཡུལ་ལས་འདས་པ༔ འཁོར་བ་ཡེ་དག་བློ་ཟད་ཆོས་ཟད་དུ་སོང་པས༔ འཛིན་རྟོག་ཕྲ་མོའི་ཉམས་གྲིབ་ཀྱང་ཟད་ནས༔ བསྒོམ་བྱ་སྒོམ་བྱེད་ཀྱི་བློ་དང་བྲལ་བའི་ཡུལ་མེད་རང་གསལ་གྱི་རིག་པ༔ གཞི་མེད་རྩ་བྲལ་དུ་མངོན་སུམ་དུ་སོང་བ༔ མཉམ་བཞག་གི་གནས་པ་མེད་པ༔ རྗེས་ཤེས་ཀྱི་འགྱུ་བ་ཟད་ནས་རྟེན་མེད་གཅེར་བུ་ལྷིང་པ་ངོ་བོ་མཐའ་བྲལ་དུ་ཁྲེས་སེ་བ༔ འདི་ཉིད་ལས་སྒོམ་དུ་མེད་པས་ཆོས་ཉིད་ཟད་སར་སྐྱོལ་བ་དེ་ཆོས་སྐུ་ཞེས་བྱ་བ་དེ་ཉིད་ལ་ཟེར་བ་ཡིན་ནོ༔ དེ་ཙ་ན་སྐུ་གཉིས་འབད་མེད་ལྷུན་གྲུབ་ཏུ༔ ལོངས་སྐུ་སྣང་ལ་རང་བཞིན་མེད་པ༔ གདུལ་བྱ་ལྷུན་གྲུབ་དག་པའི་སྣང་བ་ལ་འཆར་ཞིང༔ སྤྲུལ་སྐུ་གང་ལ་གང་འདུལ་དུ༔ མ་དག་པའི་གདུལ་བྱ་ལ་འབྱུང་བ་སྟེ༔ སེམས་ཅན་གྱི་དོན་འབད་རྩོལ་མེད་པར་འགྲུབ་པའོ༔ དེ་རྣམས་རང་བཞིན་དབྱེར་མེད་བདེ་བ་ཆེན་པོའི་སྐུ་སྟེ༔ དེ་ལ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཞེས་མིང་དུ་བཏགས་པ་ལས་ཁ་མིག་རྣ་བ་ཅན་དུ་གྲུབ་པ་མེད་པའོ༔ གདུལ་བྱའི་སྣང་བ་འཆར་ལུགས་ཙམ་ཡིན་ནོ༔ ༈ ཕྱག་ཆེན་མུན་སེལ་ཉི་མ་འདིས༔ སྣང་སྲིད་འཁོར་བ་ཡེ་དག་ཏུ༔ འདུལ་བ་རང་སར་གྲོལ་བ་འདི༔ གཞན་དང་མི་འདྲ་ཁྱད་པར་འཕགས༔ དུས་གསུམ་སངས་རྒྱས་གྲོས་བྱས་ཀྱང༔ དོན་འདི་བས་ལྷག་པ་ཡོད་རེ་ཀན༔ དུས་གསུམ་སངས་རྒྱས་ནམ་མཁའི་སྐར་མ་ཙམ་གྱི༔ དགོངས་པ་གཅིག་ཏུ་དྲིལ་བ་ཉི་མ་དང་ཟླ་བ་ལྟ་བུ༔ ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོ་ཞེས་བྱ་བ༔ ཨོ་རྒྱན་པདྨའི་ཐུགས་བཅུད་ཡང་དག་པ་འདི་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཙིཏྟ་གུ་ཧྱ༔ ྈྈྈྈྈྈྈ ྈྈྈ ཨེ་མ་ཡང་གསང་སྙིང་པོ་ཡི༔ སངས་རྒྱས་ལག་ཏུ་གཏད་པའི་ཆོས༔ དུས་ཀྱི་ཐ་མ་ལྔ་བཅུའི་ཆོས༔ སྨོན་ལམ་མཐའ་བཙན་ཐུགས་སྲས་ཀྱི༔ སྙིང་ལ་བསྟིམས་སོ་ས་མ་ཡཱ༔ ༼ཁཐཾ༽ སྨྰ༔ རྒྱ་རྒྱ་རྒྱ༔ མུན་སེལ་ཉི་མའི་སྙིང་པོ་འདི། །གཏེར་ཁ་གཉིས་སུ་སྦས་ནས་བཞག །ཁྱད་པར་འདི་ཟབ་སྙིང་ལ་འཆང་། །ཕྱག་ཆེན་ཉི་མའི་སྙིང་པོ་འདི། །དུས་མཐའི་གཏེར་སྟོན་རཏྣ་ངས། །ལྷོ་བྲག་མཁར་ཆུའི་གནས་མཆོག་གི །གསང་ཕུག་དཔལ་གྱི་རྟ་རྒྱུན་ནས། །གནམ་ལོ་ཤིང་རྟ་ལུག་ཟླ་ཡི། །བཅུ་གསུམ་ཉིན་པར་ཁོ་བོས་བཏོན། །ཕ་ནོར་བུ་ཡིས་བླངས་པ་ལགས། །ཡིད་བཞིན་ནོར་བུ་ལྟ་བུ་འདིས། །འགྲོ་བའི་མ་རིག་མུན་སེལ་ཤོག །ཨེ་མ་ཁོ་བོ་སྐལ་བར་ལྡན། །ཤུ་བྷཾ།། <!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་ཉི་མའི་སྙིང་པོའི་ལྷན་ཐབས་གསལ་བའི་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈྈྈ ཕྱག་རྒྱ་ཆེན་པོའི་ལྷན་ཐབས་ ཞལ་གྱི་གདམས་པ་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ དང་པོ་གང་ཟག་གི་བབ་ལྟ་བ་ནི༔ རྒྱུ་འབྱུང་བའི་ཤས་ཆེ་ཆུང་གིས་ལམ་བློ་རིགས་མི་གཅིག་པ་ལ་ཉམས་ལེན་ཁྱེར་ལུགས་ལ་གསལ་མི་གསལ་རེ་ཡོད་པས༔ དེའི་འབྲས་བུ་སྐྱོན་དང་ཡོན་ཏན་གཉིས་ཡོད་པས༔ གང་ཟག་གི་བབ་ལ་གདམས་ངག་བསྟན་པའི་ཡུལ་བརྟག་པ་གལ་ཆེའོ༔ སྤྱིར་བློ་རིགས་མང་ཡང༔ མདོར་བསྡུ་ན་གསུམ་དུ་འདུས་ཏེ༔ དེ་ཡང་འབྱུང་བ་ས་ཤས་ཆེ་བའི་མི་དེ༔ ལུས་ལྗི༔ སྡོད་ཚུགས༔ ཤ་རྫ༔ བློ་བརྟན༔ མིག་ཧར༔ ཉལ་ལ་དགའ༔ ཟས་ལ་ངན༔ ཚིག་གཏུམ༔ ཞེ་ནག༔ རྒྱུ་བ་ངན༔ ལག་མི་བཟོ༔ ཤེས་རབ་ཆུང༔ གཏི་མུག་ཤས་ཆེ༔ ནད་དུ་ཕོ་མཆིན་བད་ཀན་ན༔ གདོན་ཀླུ་དང་ས་བདག་གནོད༔ ཆོས་མེད་ཕྱི་མ་བྱོལ་སོང་དུ་སྐྱེ༔ ལྷ་མིར་སྐྱེས་ཀྱང་དྲན་པ་ཉམས་ཤིང་ལྐུགས་པར་འགྱུར༔ དེ་ལ་ལམ་ཁྱེར་གྱི་གདམས་པ་འདེབས་ལུགས་ལོག་ན་གླེན་པ་ཟང་མར་འགྲོ་བས༔ མ་ནོར་བའི་གདམས་པ་སྟེང་སྒོ་ཡེ་ཤེས་ལྷའི་ཏིང་ངེ་འཛིན་གྱིས༔ ཉམས་གསལ་ལ་ངར་ཆགས་པ་འཆར་ཏེ་ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར་རོ༔ རྒྱུ་འབྱུང་བ་རླུང་ཤས་ཆེ་བའི་གང་ཟག་ནི༔ ལུས་ཡང༔ འགྲོ་འདུག་མང༔ ཤ་སྐྱ༔ མིག་ནག༔ གཉིད་ཆུང༔ ཁྲོ་འདོད༔ བློ་སྲབ༔ ཚིག་རྩུབ༔ སྨྲ་བ་མང་ཞིང་འཁོན་འཛིན་ཆུང༔ ཞེ་སྡང་ཤས་ཆེ་བས་སྙིང་རླུང་དང་ཚད་པ་མགོ་དང་རོ་སྟོད་ན༔ གདོན་དུ་ཕོ་གདོན་རྒྱལ་པོས་གདོན༔ ཆོས་མེད་ཕྱི་མ་ལྷ་མ་ཡིན་གྱི་ཡུལ་དུ་སྐྱེ༔ གལ་ཏེ་མིར་སྐྱེས་ཀྱང་འཐབ་རྩོད་བདག་པོར་འགྱུར༔ དེ་ལ་གདམས་པའི་འདེབས་ལུགས་ལོག་ན་སྨྱོན་པ་ཟང་མར་འགྲོ་བས༔ མ་ནོར་བའི་གདམས་པ་ནི༔ འོག་ཕྱོགས་ཀླུའི་ཏིང་འཛིན་གྱིས་ཉམས་གསལ་ལ་མི་རྟོག་པ་འཆར་ཏེ་ཕྱག་རྒྱ་ཆེན་པོ་སྐྱོན་མེད་འཆར་རོ༔ རྒྱུ་འབྱུང་བ་མེ་ཤས་ཆེ་བའི་གང་ཟག་ནི༔ ལུས་ལ་ལེ་ལོ་ཆེ༔ ཚིག་སྨྲ་བ་ཉུང༔ ཤ་མདོག་སྨུག༔ མིག་དམར༔ ཟས་ལ་བཟང༔ གཉིད་ལ་དགའ༔ བློ་རྣོ༔ ཤེས་རབ་ཆེ༔ ལག་བཟོ༔ འདོད་ཆགས་ཤས་ཆེ་བས་ནད་དུ་གྲང་བ་དང་རྒྱུ་ཞབས་ན༔ གདོན་དུ་མོ་གདོན་གནོད༔ དེ་ལ་གདམས་པ་འདེབས་ནོར་ན་མཛེ་ཕོའམ༔ ཐོམ་པོར་འགྲོ༔ དེ་ལ་མ་ནོར་བར་གདམས་པ་ནི༔ བར་མིའི་ཏིང་འཛིན་རང་རྒྱུད་དུ་བསྟན་པས༔ ཉམས་བདེ་སྟོང་མདངས་དང་ལྡན་པ་འཆར་ཏེ༔ ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར་བ་ཡིན་ནོ༔ དེ་ལྟ་བུའི་གང་ཟག་རྣམས་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ཡོད་པས༔ དབང་པོ་རབ་སྦྱངས་པ་སྔོན་དུ་སོང་བ་དང༔ ཤེས་རབ་ཕུན་སུམ་ཚོགས་པ་ལ་ལུང་རིགས་མྱོང་བ་གསུམ་གྱིས་ལམ་ཅིག་ཅར་དུ་བགྲོད་པའི་སྒོ་ནས་གདམས་པ་བསྟན༔ འབྲིང་པོ་གོམས་པ་སྔོན་མ་སོང༔ དད་བརྩོན་ཤེས་རབ་མོས་གུས་སུ་འཛོམ་པ་ལ༔ རྒྱ་ཆེན་ཐབས་ལ་མཁས་པའི་སྒོ་ནས༔ ལམ་ཐོད་རྒལ་དུ་བགྲོད་པར་བསྟན་ནོ༔ ཐ་མ་ཤེས་རབ་མེད༔ བློ་ཆུང་ལེ་ལོ་ཅན་རྣམས་ལ་སྔོན་འགྲོ་དང་རང་དོན་མཛུབ་ཁྲིད་ལ་བསྟེན་ནས༔ ལམ་རིམ་སྐྱེས་སུ་བགྲོད་པའི་སྒོ་ནས་གདམས་པ་བསྟན་ནོ༔ དེ་ལྟར་གང་ཟག་གི་བློ་རིགས་དང་དབང་པོ་མཐོ་དམན་གྱི་ཚད་ཤེས་པར་བྱ་ཞིང༔ གདམས་པ་མ་ནོར་བར་བསྟན་པ་ནི༔ སྣོད་བཅུད་དུ་བསྟུན་པ་ཞེས་བྱ་སྟེ༔ ལོང་བའི་སྣ་ཁྲིད་དང་འདྲ་བས་རྟེན་ཅིང་འབྲེལ་བས་ཟབ་པ་ཞལ་གྱི་གདམས་པ་མཐར་ཐུག་པའོ༔ ྈྈྈྈྈྈྈ གནད་ཀྱི་གེགས་སེལ་རྟེན་འབྲེལ་ཟབ་པའི་བོགས་འདོན༔ ལག་ཁྲིད་ལྷན་ཐབས་གསལ་བའི་སྒྲོན་མ་འདི༔ སྐལ་ལྡན་ལས་འཕྲོ་ཅན་གྱི་སྙིང་ལ་གཏད༔ མ་འོངས་འགྲོ་བ་མང་པོའི་མུན་སེལ་ནས༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག༔ ྈྈྈྈྈ ྈྈྈ རཏྣ་གླིང་པས་བཏོན་པ་ལགས་སོ།། <!TCC Tibetan character 3,182 undefined in unicode!>༔ ཕྱག་རྒྱ་ཆེན་པོ་ཉི་མའི་སྙིང་པོའི་རྗེས་ཆོས་བཞུགས་སོ༔ ྈྈྈྈྈྈྈ བླ་མ་ཌཱ་ཀི་ལ་གུས་པར་འདུད༔ ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་རིན་ཆེན་སྒྲོན་མེ་ལ༔ སྤྱི་དོན་གསུམ་ལས་རྗེས་ཀྱི་གདམས་པ་བསྟན༔ དེ་ལ་བཞི་སྟེ༔ སྐྱོང་ཐབས་དང་གཅིག༔ དམ་ཚིག་དང་གཉིས༔ བཀའ་རྒྱ་གདམས་པ་དང་གསུམ༔ དགེ་བའི་རྩ་བ་བསྔོ་བའོ༔ ཕྱག་རྒྱ་ཆེན་པོ་སྐྱོང་ཐབས་ནི༔ ལས་དང་པོ་དབང་པོ་ཐ་མ་རྣམས་ལ་དགོངས་པ་སྟེ༔ རང་གཅིག་པུ་དབེན་པའི་གནས་སུ་མཉམ་བཞག་དང་རྗེས་ཐོབ་གཉིས་ཀྱིས་ཐུན་གྱི་གྲངས་སུ་བཅུག་ལ༔ དྲན་པའི་རྩི་བཟུང་ནས་གྲི་སྐོར་མཁན་བཞིན་དུ་མ་ཡེངས་པར་སྐྱོང་བ་ཡིན་ནོ༔ དེ་ནས་གནད་དུ་ཚུད་པ་དང༔ གྲོགས་ཆགས་སྡང་སྣ་ཚོགས་དང་བསྲེ་ཞིང༔ རྩོལ་མེད་དུ་རྩལ་སྦྱངས་ཏེ༔ ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་ཞེན་མེད་དུ་སྐྱོང་བས༔ མངོན་ཞེན་གྱི་གཟུང་འཛིན་འཁྲུལ་པ་ཐམས་ཅད་ཆོད་ནས༔ ཤུགས་འབྱུང་ལྷུན་གྲུབ་ཀྱི་རྟོགས་པ་འཆར་བ་ཡིན་ནོ༔ གཉིས་པ་དམ་ཚིག་དབོག་པ་ནི༔ སངས་རྒྱས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས༔ མཚན་ཉིད་དང་ལྡན་པའི་བླ་མ་དེ་ལ་གུས་པའི་སྒོ་ནས་ཞབས་ཏོག་གསུམ་གྱིས་མཉེས་པར་བྱས་ན༔ ཡོན་ཏན་ཐམས་ཅད་དུས་གཅིག་ལ་རྫོགས་པར་འགྱུར་རོ༔ པདྨ་བདག་གིས་ཀྱང་དུས་གསུམ་གྱི་སངས་རྒྱས་རྒྱལ་བ་རྒྱ་མཚོ་ཙམ་དུ་བསྟེན་ཏེ་མཉེས་པར་བྱས་པས༔ ད་ལྟར་སངས་རྒྱས་ཀུན་གྱི་སྲས་ཀྱི་ཐུ་བོ་ལྟ་བུར་གྱུར་པ་ཡིན་ནོ༔ བླ་མ་ལ་མོས་གུས་མེད་ན་བསྐལ་པར་བསྒོམས་ཀྱང་བྱིན་རླབས་མི་འཇུག་ཅིང་སངས་རྒྱས་ཐོབ་པར་མི་འགྱུར་རོ༔ དེ་བས་འབྲལ་མེད་གསོལ་བ་ཐོབས་ཤིག་ས་མ་ཡཱ༔ གསང་སྔགས་ཀྱི་བདག་པོ་བླ་མ་ཡི་དམ་མཁའ་འགྲོ་ཡིན་པས་དུས་གསུམ་གྱི་སྒོ་ནས་ཚོགས་གཏོར་མཆོད་པ་གསུམ་གྱིས་མཉེས་པར་བྱས་པས༔ ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཆར་བཞིན་དུ་འབབ་པར་འགྱུར་རོ༔ པདྨ་བདག་གིས་ཀྱང་དུར་ཁྲོད་ཆེན་པོ་བརྒྱད་དུ་ཚོགས་ཀྱི་མཆོད་པ་བྱས་པས་སྣང་སྲིད་ཐམས་ཅད་དབང་དུ་སྡུད་པ་ཡིན་ནོ༔ དུས་གསུམ་གྱི་ཚོགས་མཆོད་མེད་ན་བར་ཆོད་ཀྱི་བདུད་ཞུགས་ནས་དངོས་གྲུབ་ཐོབ་པར་མི་འགྱུར་རོ༔ དེ་བས་ཟབ་མོ་ཚོགས་ཀྱི་པཱུ་ཙས་མཆོད་ཅིག་ས་མ་ཡཱ༔ བྱང་ཆུབ་བསྒྲུབ་པའི་རྟེན་གྲོགས་པོ་བཟང་པོ་ཁྲིམས་ཤིང་དང་འདྲ་བ༔ དག་པ་གསུམ་གྱི་སྒོ་ནས་བླ་མ་དང་གཉིས་སུ་མེད་པར་བལྟ་བར་བྱས་པས༔ ཕྱི་ནང་གི་རྟེན་འབྲེལ་ཤིན་ཏུ་འགྲིགས་པར་འགྱུར་རོ༔ པདྨ་བདག་གིས་ཀྱང་མཐོ་དམན་མེད་པའི་གྲོགས་པོ་ཐམས་ཅད་ལ་དག་པའི་སྣང་བ་ནམ་མཁའ་བཞིན་དུ་སྦྱངས་པས༔ ང་སྐྱེ་འཆི་མེད་པ་ཚེའི་རིག་འཛིན་ཐོབ་སྟེ༔ ཀུན་གྱིས་བཀུར་བར་གྱུར་པ་ཡིན་ནོ༔ དག་པའི་སྣང་བ་མེད་ན་མཁས་པར་གྱུར་ཀྱང་ཀུན་གྱིས་སྨད་པའི་གནས་སུ་འགྱུར་རོ༔ དེ་བས་དག་སྣང་ཕྱོགས་མེད་དུ་སྦྱོངས་ཤིག་ས་མ་ཡཱ༔ དམ་ཆོས་མཐར་ཐུག་སྒྲུབ་པ་ཡིན་པས༔ དུས་ཚོད་གསུམ་གྱི་སྒོ་ནས་ཟབ་པ་གསུམ་ལྡན་དུ་ཉམས་སུ་བླངས་པས༔ རྟོགས་གྲོལ་དུས་གཅིག་ལ་སོང་ནས་ཚེ་གཅིག་གིས་སངས་རྒྱས་པ་ཡིན་པས༔ པདྨ་བདག་གིས་ཀྱང་ཕྱག་རྒྱ་ཆེན་པོ་འདི་ཉིད་ཉམས་སུ་བླངས་པས༔ དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་དང་སྐད་ཅིག་གིས་མཉམ་པར་གྱུར་པ་ཡིན་ནོ༔ གདམས་ངག་ཉམས་སུ་མ་བླངས་ན༔ ཡིད་བཞིན་ནོར་བུ་འདམ་དུ་བསྐྱུར་བ་བཞིན་དུ་བདག་གཞན་གྱི་དགོས་འདོད་འབྱུང་བར་མི་འགྱུར་རོ༔ དེ་བས་ཚུལ་བཞིན་ཉམས་སུ་ལོངས་ཤིག་ས་མ་ཡཱ༔ འགྲོ་དོན་གྱི་རྩ་བ་ཕན་སེམས་ཡིན་པས༔ དམིགས་མེད་བྱམས་དང་སྙིང་རྗེའི་སྒོ་ནས་སྦྱོར་དངོས་དང་བརྒྱུད་པ་གསུམ་གྱིས་སེམས་ཅན་གྱི་དོན་དུ་ཅི་འགྱུར་བྱས་པས༔ འགྲོ་དོན་ཕྲིན་ལས་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ པདྨ་བདག་གིས་ཀྱང་ལུས་སྲོག་སེམས་ཅན་གྱི་དོན་དུ་བཏང་བས༔ ཇི་སྙེད་བསྐལ་པའི་བར་དུ་ཕྲིན་ལས་མཛད་པ་ཡིན་ནོ༔ སྙིང་རྗེ་ཕན་སེམས་མེད་ན་སྟོང་ཉིད་ལྟ་བ་རྟོགས་ཀྱང༔ འབྲས་བུ་ཉན་རང་གི་ས་ལས་ཐོབ་པར་མི་འགྱུར་རོ༔ དེ་བས་ཞེན་མེད་སྒྱུ་མ་ལྟ་བུས་འགྲོ་དོན་མཛོད་ཅིག་ས་མ་ཡཱ༔ དུས་གསུམ་སངས་རྒྱས་འདུས་པའི་སྲས༔ ཨོ་རྒྱན་པདྨ་བདག་གི་འཁོར་དུ་གཏོགས་པ་ལ༔ དམ་ཚིག་དེ་རྣམས་ངང་ལས་མ་འདའ་ཞིག་ས་མ་ཡཱ༔ ཙིཏྟ༔ གསུམ་པ་གདམས་ངག་གི་ཁྱད་པར་བཀའ་རྒྱ་ཡིན་པས༔ བཀའ་རྒྱ་གདམས་པ་ནི༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་མཁའ་འགྲོ་མའི་སྙིང་ཁྲག༔ ཐེག་ཆེན་གསང་སྔགས་ཀྱི་སྙིང་པོ༔ ཟབ་པའི་ནང་ནས་ཡང་ཟབ༔ མྱུར་མགྱོགས་སངས་རྒྱས་ལག་འཆང༔ བསྟན་པའི་སྒྲོན་མེ༔ དཀར་པོ་གཅིག་ཐུབ༔ ཐོབ་པ་དོན་ལྡན༔ གཅིག་ཤེས་ཀུན་གྲོལ༔ ཡོད་པ་དེས་ཆོག༔ དགོས་པ་ཀུན་འབྱུང༔ ཐོས་པས་གྲོལ་བའི་གདམས་པ༔ འཛམ་བུའི་གླིང་ན་རྙེད་པར་དཀའ་བ་འདི་ཉིད༔ སྙིགས་མའི་འགྲོ་བ་དད་པ་ཅན་འགའ་རེ་ཡོད་པ་ལ༔ སྐལ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅི་ལྟར་རིགས་པས་སྤེལ་བར་བྱའོ༔ སྐལ་མེད་ལོག་ལྟ་ཅན་གྱི་གང་ཟག་ལ་པིར་གྱི་ཁ་བཞིན་བསྡམ་པར་བྱ༔ སྐལ་མེད་རྣམས་ལ་སྤེལ་ན་ཆོས་བདག་མཁའ་འགྲོ་མ་རྣམས་ཀྱིས་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་ཡོད་པས༔ མཁའ་འགྲོ་མས་དངོས་དང་རྨི་ལམ་བཞིན་དུ༔ མི་དགེ་ཕུང་གྱོད་སྣ་ཚོགས་དང༔ ལྟས་ངན་གཡུལ་སྡིག་སྣ་ཚོགས་གཏོང༔ ཁ་ནས་སྙིང་ཁྲག་ཐང་ལ་ཕོས༔ ཚེ་སྲོག་མྱུར་དུ་བསྟུང་བར་འགྱུར༔ དེས་ན་སྤེལ་བར་མི་བྱ་འོ༔ སྐུ་གསུམ་གྱི་བརྒྱུད་པ་ལས་གང་ཟག་གིས་བར་དུ་མ་ཆོད་པའི་གདམས་པ་འདི་ལ༔ ཚིག་གིས་འཕྲི་བསྣན་དང༔ བཟོ་མི་བྱ་ཞིང༔ འདི་ལུང་ཁྲིད་མ་ཐོབ་པའི་མི་ལ་སྤེལ་བ་དང༔ ཡི་གེ་ཡང་བསྟན་པར་མི་བྱའོ༔ ཟབ་པའི་རྒྱ༔ དཀོན་པའི་རྒྱ༔ གཏད་པའི་རྒྱ་དང་གསུམ་དུ་བཀའ་རྒྱ་བཏབ་བོ༔ བཀའ་ལས་འདས་ནས་ཙིཏྟའི་རཀྟ་འབོ་འོ༔ བཀའ་བཞིན་བསྒྲུབ་ན་ཚེ་གཅིག་སངས་རྒྱས་ཐོབ་བོ༔ ས་མ་ཡཱ༔ བཞི་པ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི༔ བདག་གཞན་དུས་གསུམ་བསགས་རྟོགས་དང༔ བྱས་དང་བྱེད་འགྱུར་དགེ་བ་རྣམས༔ མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ མ་ལུས་ཆོས་སྐུ་ཐོབ་པར་ཤོག༔ དེ་ལྟར་དགེ་བའི་རྩ་བ་རྣམས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི༔ ཆོས་ཀྱི་དབྱིངས་དང་མཉམ་པ་ཡི༔ དམིགས་མེད་མཚན་མ་མེད་པར་ཤོག༔ ཅེས་པས་ཟབ་རྒྱས་གཉིས་སུ་མེད་པར་བསྔོ་བར་བྱའོ༔ རྗེས་ཀྱི་གདམས་པ་རིན་ཆེན་རྒྱན་ཕྲེང་ཞེས་བྱ་བ༔ ཨོ་རྒྱན་པདྨ་བདག་གི་དགོངས་པ་རྫོགས་སོ༔ ཨེ་མ་ཧོ༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན༔ བདེ་གཤེགས་འཕགས་པའི་དམ་ཆོས་བསམ་འདས་ཀྱང༔ མཁའ་སྤྱོད་ཨོ་རྒྱན་ཡུལ་ནས་བྱུང་བ་ཡི༔ གསང་སྔགས་བླ་མེད་སྙིང་པོ་བསྡུས་པའི་བཅུད༔ ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་འདི༔ དུས་གསུམ་སངས་རྒྱས་དགོངས་པའི་སྙིང་པོ་སྟེ༔ གཟུགས་ཀྱི་ཕུང་པོ་སྙིང་དང་འདྲ་བ་ཡིན༔ ཐོས་པ་ཙམ་གྱིས་གྲོལ་བ་འདི་འདྲ་དགོད༔ འདི་ནི་ད་ལྟ་བསྟན་པའི་དུས་མིན་པས༔ ཕྱི་རབས་དུས་སུ་ཨོ་རྒྱན་བདག་ཉིད་ཀྱིས༔ རབ་ཏུ་ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ཕྱི་མའི་དུས་སུ་སྐྱེས་བུ་བྱང་སེམས་ཞིག༔ ཤེས་རབ་ལྷག་པ་རྒྱལ་བའི་སྲས་པོ་སྟེ༔ བདེར་གཤེགས་ལུང་བསྟན་ཆོས་ཀྱི་རིགས་རྒྱུད་ཅན༔ སྐལ་ལྡན་རིགས་ཀྱི་བུ་དང་འཕྲད་པར་ཤོག༔ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈ ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོ་འདི། རཏྣའི་མིང་ཅན་ངེས་མེད་བདག་གིས་དཔལ་གྱི་མཁར་ཆུ་རྟ་རྒྱུན་མའི་བྲག་ལོགས་ནས་ཕྱུང་པ་ལགས་སོ། །གུས་ལྡན་སློབ་མ་གྲོགས་གསུམ་ཁྲིད་ནས་བཏོན་པ་ཡིན། ཐོན་པ་ཡིན་བྱས་པས་བྱུང་བ་ཡིན། ཨ་ལ་ལ་ཨེ་མ་ཧོ། མངྒ་ལཾ།། །།

ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྔོན་གཏོར་ (Volume 32, Text 30)

སྔོན་གཏོར་རཾ་ཡཾ་ཁཾ་གིས་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ས་བདག་བརྟན་མ་སོགས་སྤྱན་དྲངས༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ༔ ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་བསྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྡོང་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪས་གཤེགས༔

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ དབང་རྣམས་སྙིང་པོར་བསྡུས་པ་ (Volume 16, Text 30)

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་དོན་འདུས་ལས༔ དབང་རྣམས་སྙིང་པོར་བསྡུས་པ་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་འདུས་པ་ལས༔ དབང་རྣམས་སྙིང་པོར་བསྡུས་པ་བསྟན༔ དཀྱིལ་འཁོར་བཞེངས་ལ་རྫས་རྣམས་བཀོད༔ དེ་ཉིད་ནུས་པ་ལྡན་པར་བསྒྲུབ༔ སློབ་མ་དཀྱིལ་འཁོར་ལ་བཅུག་ནས༔ དབང་རྣམས་རིམ་པར་བསྐུར་བར་བྱ༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་དུ༔ ཡེ་ཤེས་ལྷ་ཚོགས་ཞུ་བའི་ཆུས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྣང་བ་ལྷ་རུ་འགྱུར་བར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲོ་བོའི་གསང་བུམ་སྤྱི་བོར་བཞག༔ ཧཱུྃ༔ གསང་བའི་དུང་ཆེན་བནྡྷ་རུ༔ བླ་མ་ཧེ་རུ་ཀ་ཡབ་ཡུམ༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ གློ་བུར་དྲི་མ་ཀུན་བསྲེགས་ནས༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས༔ གཞི་ཉིད་འབྲས་བུར་སྨིན་པར་ཤོག༔ གུ་ཧྱ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེ་བམ་གྱི་དབང་བསྐུར་ནི༔ ཧཱུྃ༔ དངོས་གྲུབ་ཆེན་པོ་ཐོབ་པའི་ཕྱིར༔ བམ་ཆེན་གསང་བའི་དཀྱིལ་འཁོར་དུ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་བཞུགས༔ འོད་ཞུ་དངོས་གྲུབ་ཆེན་པོར་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ ཏི་རཿསིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དང་པོ་སྒྲུབ་པ་ཁྲོམ་བྱང་བརྟེན༔ བར་དུ་སྲུང་ཟློག་ཁྲོམ་གྱིས་མཛད༔ ཐ་མ་དགྲ་བགེགས་ཁྲོམ་ལ་འདེབས༔ བསྙེན་སྒྲུབ་ལས་རྣམས་མྱུར་འགྲུབ་ཤོག༔ དབང་གི་རྟ་དབུའི་དབང་བསྐུར་བ༔ ཧཱུྃ༔ དབང་ཆེན་འདུས་པའི་སྐུར་བསྒོམས་ནས༔ རྟ་སྐད་བཞད་པའི་དབང་བསྐུར་བས༔ འཁོར་འདས་སྣང་སྲིད་དབང་སྡུད་ནས༔ དངོས་གྲུབ་ལས་རྣམས་མྱུར་འགྲུབ་ཤོག༔ ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་དག་མར་མེའི་དབང་བསྐུར་བ༔ ཧཱུྃ༔ དབྱིངས་ཀྱི་རང་བཞིན་བནྡྷ་རུ༔ བདེ་ཆེན་ཡེ་ཤེས་མར་ཁུས་བཀང༔ རུ་ལུ་འབྲུ་བརྒྱད་སྡོང་པོ་ལ༔ ཡེ་ཤེས་དགུ་ཡི་མར་མེ་སྤར༔ ཡང་དག་ཐུགས་ཀྱི་དབང་ཐོབ་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་བདུད་རྩིའི་དབང་བསྐུར་བ༔ ཧཱུྃ༔ བྷནྡྷ་ཁ་སྦྱོར་ཕོ་བྲང་དུ༔ ཆེ་མཆོག་ཡབ་ཡུམ་རོལ་པ་ཡི༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་བཀང༔ དཀར་དམར་ཐིག་ལེའི་ངོ་བོ་རུ༔ སྐུ་གསུང་ཐུགས་སུ་དབང་བསྐུར་བས༔ འཁོར་འདས་གཉིས་ཀྱི་དཔལ་ཐོབ་ཤོག༔ ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཕུར་པའི་དབང་བསྐུར་ནི༔ ཧཱུྃ༔ སྒྲུབ་པའི་རྟེན་མཆོག་ཀཱི་ལ་ཡ༔ དཀྱིལ་འཁོར་གསུམ་དུ་གསལ་བྱས་ནས༔ སྐལ་ལྡན་བུ་ལ་གཉིས་མེད་ཐིམ༔ བསྙེན་སྒྲུབ་ལས་གསུམ་དབང་ཐོབ་ཤོག༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མ་མོའི་མདོས་གཏོར་དབང་བསྐུར་བ༔ ཧཱུྃ༔ མཁའ་འགྲོ་བདེ་ཆེན་དཀྱིལ་འཁོར་གསུམ༔ སྒྲུབ་རྟེན་མདོས་དང་དབྱེར་མེད་པ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་རླུང་ཐིག་ལེར་དབྱེར་མེད་ཐིམ༔ ཕྱི་ནང་གསང་བ་དེ་ཁོ་ན༔ སྲིད་པའི་མ་མོ་དབང་དུ་སྡུས༔ ལས་ཀྱི་མ་མོ་ཟོར་གྱིས་འདུས༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ ཌཱ་ཀི་ནཱི་ལོ་ཀ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དྲེགས་པའི་ཕྲིན་ལས་བཀའ་གཏད་ནི༔ ཧཱུྃ༔ གཏོར་སྣོད་དུར་ཁྲོད་གཞལ་ཡས་ཁང༔ གཏོར་མ་དྲེགས་པའི་ལྷ་ཚོགས་རྣམས༔ སྐལ་ལྡན་སློབ་མར་གཏད་པ་ཡིས༔ བསྟན་སྲུང་ཕྲིན་ལས་འགྲུབ་པར་ཤོག༔ སརྦ་དུཥྚཱན་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་སྔགས་ཟོར་གྱི་དབང་བསྐུར་ནི༔ ཧཱུྃ༔ ཐུན་སྣོད་ཨེ་སྒྲོམ་འབར་བ་རུ༔ ཐུན་རྫས་དམོད་པའི་མཚོན་ཆ་ཅན༔ སྐལ་ལྡན་རྣམས་ལ་གཏད་པ་ཡིས༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ སརྦ་དུཥྚཱན་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་འཛིན་ཡོངས་རྫོགས་གཏོར་མའི་དབང༔ ཧཱུྃ༔ རྒྱལ་བའི་གདུང་འཚོབ་ཐོད་པ་རྩལ༔ རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ བྱིན་རླབས་དངོས་གྲུབ་སྤྲིན་ཆེན་གཏིབས༔ རྩ་བའི་བླ་མ་བརྒྱུད་པར་བཅས༔ སྐལ་ལྡན་སློབ་མར་དབང་བཞི་སྐུར༔ དབྱེར་མེད་རིག་རྩལ་ཐོབ་པར་ཤོག༔ མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ འཆི་མེད་ཚེ་ཡི་དབང་བསྐུར་བ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཟླ་གམ་དབང་གི་གཞལ་ཡས་སུ༔ འཁོར་འདས་གཉིས་ཀྱི་ཚེ་བཅུད་འདུས༔ སྐལ་ལྡན་སློབ་མར་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཡོངས་རྫོགས་དབང་བསྐུར་བས༔ དབང་བསྐུར་གཞན་རྣམས་མ་ཐོབ་ཀྱང༔ བསྙེན་སྒྲུབ་ལས་ལ་དབང་བས་ན༔ ཡོངས་རྫོགས་དབང་བསྐུར་ཆེན་པོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།

སངས་རྒྱས་སྲས་གཅིག་གི་རྒྱུད་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་ཡན་ལག་མདོར་བསྡུས་པ་འཁྲུལ་སྣང་རང་གྲོལ་ (Volume 42, Text 30)

༄༅། །སངས་རྒྱས་སྲས་གཅིག་གི་རྒྱུད་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་ཡན་ལག་མདོར་བསྡུས་པ་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། གྲོལ་བ་བཞི་ལྡན་རང་བྱུང་གི་རྒྱུད་སངས་རྒྱས་སྲས་གཅིག་ལ་སོགས་པ་བཏགས་གྲོལ་གྱི་གླེགས་བམ་རྣམས་གཙོ་ཆེ་བ་ལ་དགོངས་ཏེ། རྒྱུད་ལས་ཉི་ཟླ་གཟས་ཟིན་སྒྲ་འོད་ས་གཡོས་སོགས་གཞན་དོན་བྱེ་བྲག་ཏུ་ཀློག་པའི་དུས་བརྒྱད་དམ་དགུ། དེ་དག་སོ་སོའི་ཏིང་ངེ་འཛིན་བཅས་གསུངས་པ་ནི་སྙིང་ཏིག་རྣམས་དང་བླ་མ་དགོངས་འདུས་རྫོགས་ཆེན་གསེར་གྱི་ཡང་ཞུན་གཙོས་གཞུང་རྣམས་སུ་ཤིན་ཏུ་གསལ་ཞིང་། སྤྱི་ཁྱབ་རྒྱུན་གྱི་རྣལ་འབྱོར་ལྟ་བུ་ལ་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། ཅུང་ཟད་རྒྱས་པ་དང་། མདོར་བསྡུས་པའོ། །དང་པོ་ནི། སྤྱིར་ཞི་ཁྲོ་དང་དགོངས་འདུས་ལྟ་བུ་གཞུང་གང་དང་འབྲེལ་བ་དེ་དང་དེའི་ཕྱི་དཀྱིལ་ལུས་དཀྱིལ་ཚང་མའམ་གཙོ་རྐྱང་ཁོ་ན་དབང་པོ་དང་བསྟུན་ཏེ་བསྒོམ་པའི་གསལ་སྣང་དང་མ་བྲལ་བར་ཕྱག་མཚན་གྱི་ལྗགས་ཀྱིས་བཀླག་པར་བྱ་བ་ཡིན་མོད་ཀྱི། འདིར་སྤྱིར་ཙམ་དུ་ཐོག་མར་ཀུན་བཟང་དོན་གྱི་ཕྲིན་ལས་ནི། ཨཱོྃ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ༔ དགའ་རབ་འཇམ་དཔལ་བཤེས་གཉེན་དང༔ ཤྲཱི་སིཾ་ཧ་བི་མ་ལ༔ པད་འབྱུང་མཚོ་རྒྱལ་བཻ་རོ་རྗེ༔ ཁྲི་སྲོང་རྩ་བརྒྱུད་བླ་མ་རྣམས༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ རང་བྱུང་ངོ་བོ་ཉིད་ཀྱི་སྐུ༔ ཡང་དག་རྟོགས་པར་བྱིན་གྱིས་རློབས༔ ཨཱོྃ་ཨཱཿཧཱུྃ༔ རང་རིག་དོན་གྱི་སངས་རྒྱས་དང༔ བསྟན་པ་རང་རིག་འོད་ལྔར་གདལ༔ འཁྲུལ་དག་དགེ་འདུན་དཀོན་མཆོག་ལ༔ དད་གསུམ་གཅིག་ཏུ་སྐྱབས་སུ་མཆི༔ ཡེ་ནས་སངས་རྒྱས་དོན་གྱི་ལྷ༔ རང་ངོ་མ་ཤེས་ཀུན་ཏུ་བརྟགས༔ ཉེས་ཟད་སྐུ་རུ་སྨིན་བྱའི་ཕྱིར༔ དམ་པ་དོན་གྱི་སེམས་བསྐྱེད་དོ༔ སྣང་བ་རྣམ་དག་ཞིང་ཁམས་སུ༔ སྟོང་སྒྲོན་རིག་པ་ཚོམ་བུར་ཤར༔ མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ༔ རང་བྱུང་ཞིང་ཁམས་ཉིད་དུ་འབུལ༔ དག་པ་འོད་ལྔའི་ཞིང་ཁམས་སུ༔ རིག་པ་རྡོ་རྗེ་ཀུན་ཏུ་བཟང༔ མ་བསྐྱེད་ཡེ་ཤེས་ཆེན་པོའི་ལྷ༔ རྟག་ཏུ་སྙིང་གི་དཀྱིལ་དུ་བསྒོམ༔ འབྱུང་འཇུག་གནས་གསུམ་གསང་བའི་སྔགས༔ འུར་ཏིང་སིང་ཁྲོལ་རྒྱུན་ཆད་མེད༔ སངས་རྒྱས་ཀུན་གྱི་གསང་བའི་སྔགས༔ མ་ཡེངས་གྲགས་སྟོང་བསྙེན་སྒྲུབ་བཟླ༔ བསྒོམ་དུ་མེད་ཅིང་ཡེངས་སུ་མེད༔ ཀ་དག་ལུག་རྒྱུད་བཙོན་དུ་བཟུང༔ སྣང་བཞིའི་མཐར་ཐུག་གྱུར་པའི་རྩེར༔ བསྙེན་སྒྲུབ་ལས་གསུམ་མཐར་དབྱུང་ངོ༔ སྐུ་གསུམ་རང་ལ་གསལ་བའི་གནས༔ ཟག་བཅས་མི་དམིགས་ཟག་པ་མེད༔ དུས་གསུམ་མེད་ཅིང་དགེ་བ་མེད༔ ཁྱབ་བདལ་ཆེན་པོའི་ཀློང་དུ་བསྔོ༔ བསྒྲུབས་པས་གྲུབ་པ་ཅང་མེད་ཅིང༔ མ་བསྒྲུབ་ཡེ་སངས་རྒྱས་པའི་དཔལ༔ དུས་གསུམ་མི་འགྱུར་རྡོ་རྗེ་སེམས༔ ཀུན་བཟང་ཀློང་དུ་སངས་རྒྱས་ཤོག༔ ཨ། གཞི་དབྱིངས་ཀ་དག་ཐིག་ལེ་ཆེན་པོའི་ཀློང་། །གཞི་སྣང་རིག་པ་མ་འཁྲུལ་གདོད་མའི་མགོན། །ནམ་མཁའི་མདོག་ཅན་མཉམ་གཞག་སྐྱིལ་ཀྲུང་བཞུགས། །བཟང་མོ་ཡུམ་འཁྲིལ་རྡོ་རྗེའི་ལྗགས་ལ་ཨ། །མདུན་དུ་རྣམ་སྣང་ཤར་ལྷོ་ནུབ་བྱང་དུ། །མི་བསྐྱོད་རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ། །རང་རང་ཡུམ་འཁྲིལ་ལོངས་སྤྱོད་རྒྱན་རྣམས་རྫོགས། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་ལྗགས་ལ་སོ་སོའི་ས་བོན་་་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཚན། །དུག་ལྔ་རྣམ་དག་ཆགས་མེད་ཐབས་ཤེས་ཁྲིར། །རང་སྣང་འཇའ་ཟེར་ཐིག་ལེའི་ཀློང་དུ་བཞུགས། །རྡོ་རྗེའི་རྒྱུད་ཀྱི་སྒྲ་དབྱངས་ཞིང་རྒྱ་མཚོའི། །བརྟན་གཡོ་ཀུན་ཁྱབ་དེ་དག་སྒྲ་སྐད་ཀྱང་། །རང་བྱུང་གཞོམ་མེད་རྒྱུད་ཀྱི་རང་སྒྲར་ཤར། །འཁྲུལ་སྣང་ལས་ཉོན་མ་སྐྱེས་གཞི་ཐོག་གྲོལ། །འོད་གསལ་དབྱིངས་སུ་འཁོར་བ་དོང་ནས་སྤྲུགས། །ཀུན་བྱེད་ཀུན་ཏུ་བཟང་པོའི་མཛད་པ་རྫོགས། །ཞེས་གསལ་བཏབ་ལ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། རང་བྱུང་རྡོ་རྗེའི་རྒྱུད་ཀྱི་སྔགས་སྒྲ། ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག་ལ། སངས་རྒྱས་སྲས་གཅིག་གིས་མཚོན་གསང་ཆེན་ངེས་པའི་ཚིག་གི་རྒྱུད་སོ་སོ་གསལ་དག་སྙན་པས་བཀླགས་ཏེ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླ། སྨོན་ལམ་བླ་མ་དགོངས་འདུས་ལས་འབྱུང་བ་ནི། ཨེ་མ་ཧོ༔ གདོད་ནས་རྣམ་དག་ཀུན་བཟང་ཡབ་ཡུམ་ཀློང༔ དཀྱིལ་འཁོར་ཡོངས་རྫོགས་པདྨོར་འཁྱིལ་བའི་སྐུ༔ རང་བྱུང་གྲགས་སྟོང་སྙིང་པོའི་སྒྲ་སྒྲོག་ཅིང༔ ཐུགས་རྡོལ་ཉག་གཅིག་མངོན་སུམ་ལྷམ་མེ་བ༔ སྣང་སྲིད་འཁོར་འདས་མ་ལུས་སྤྱི་དཔལ་གཙོ༔ ཡེ་ཤེས་མཁའ་མཉམ་ཉོན་མོངས་རང་སར་དག༔ ཕྱི་ནང་གསང་བ་དེ་ཉིད་མཐའ་བྲལ་བ༔ མཐོང་ཐོས་རེག་གྲོལ་ཁྱོད་ལ་ཕྱག་འཚལ་ལོ༔ བདག་སོགས་འགྲོ་བ་སེམས་ཅན་གང་དག་གིས༔ སྐད་ཅིག་ཁྱེད་དྲན་ངེས་པའི་དོན་རྟོགས་ཤིང༔ ཡུད་ཙམ་མཐོང་བས་ཞིང་ཁམས་ཚོམ་བུར་འབྲེལ༔ ཐེངས་གཅིག་རེག་པས་ཟག་བཅས་འོད་དུ་ཡལ༔ མཚན་ཐོས་ཙམ་གྱིས་འཁྲུལ་སྣང་ཀ་ནས་དག༔ གང་འབྲེལ་ཁྱོད་དང་སྐལ་པ་མཉམ་པར་མཛོད༔ ཁྱོད་ཀྱི་ཐུགས་རྗེའི་རྩལ་ལས་འོད་འཕྲོས་པས༔ རིགས་དྲུག་གནས་སོགས་སངས་རྒྱས་ཞིང་དུ་བརྡལ༔ གཏི་མུག་ལ་སོགས་ཡེ་ཤེས་དབྱིངས་སུ་སྣང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཕྱི་ནང་ཀུན༔ གང་ཡང་མ་སྤང་ཀུན་འདས་དེ་ཉིད་ཀློང༔ ཐམས་ཅད་ཡེ་གྲོལ་ཆེན་པོར་སྣང་བར་མཛོད༔ ཁྱེད་ཀྱི་དཔལ་ལ་ཕྱོགས་དུས་གནས་སྐབས་མེད༔ ཉེ་རིང་ཐང་ལྷོད་ཕྱི་ནང་འཁྲུལ་སྣང་བྲལ༔ ཀུན་སྙོམ་ཆེན་པོ་ཁྱོད་ཀྱི་ཀློང་ཡངས་སུ༔ བླ་མེད་བྱང་ཆུབ་གདོད་མའི་ས་ཐོབ་ཅིང༔ ཕྱིར་མི་ལྡོག་པའི་དོན་འབྲས་འགྲུབ་པར་མཛོད༔ དེ་འབྲས་འགྲུབ་པར་མ་གྱུར་བར་དུ་ཡང༔ གནས་སྐབས་ཡུལ་རིས་རྒྱལ་ཁམས་ས་ཕྱོགས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་ལ་ལོངས་སྤྱོད་ཅིང༔ ཀུན་ཀྱང་ལུས་ངག་ཡིད་དགེ་ཆོས་ལ་གནས༔ བསམ་འགྲུབ་ཡིད་བཞིན་གཏེར་ལ་ལོངས་སྤྱོད་ཤོག༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས༔ བདག་གཞན་དོན་འགྲུབ་ཟབ་དོན་ཉམས་སུ་ལེན༔ འཇིག་རྟེན་འཁྲུལ་པའི་རྣམ་གཡེང་འདུན་བྲལ་ནས༔ རྩོལ་མེད་རང་བྱུང་ཤུགས་ཀྱི་དོན་ལ་སྤྱོད༔ ཁྱོད་དང་རྟག་ཏུ་འདུ་འབྲལ་མེད་པར་ཤོག༔ མཐར། འཁྲུལ་སྣང་གདོད་མའི་ཟད་སར་རང་གྲོལ་ནས། །ཀ་དག་ཁྱབ་བརྡལ་ཐིག་ལེ་ཆེན་པོར་ཨ། །ཞེས་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ། ༈ །།གཉིས་པ་དེ་ལས་ཀྱང་མདོར་བསྡུ་བར་འདོད་ན། ཐོག་མར་སྐྱབས་སེམས་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨ། པད་ཟླའི་གདན་ལ་བདག་ཉིད་སྐད་ཅིག་གིས། །དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ །དམར་གསལ་རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་མཛད། །ལྗགས་ལ་པདྨ་དམར་པོ་ཨཱཾཿགིས་མཚན། །འཇའ་འོད་ཀློང་དུ་ཞིང་ཀུན་ཁྱབ་པར་བཞུགས། །རྡོ་རྗེའི་རྒྱུད་ཀྱི་སྒྲ་དབྱངས་འཁོར་འདས་ཁྱབ། །གྲགས་པ་ཐམས་ཅད་རྒྱུད་ཀྱི་རང་སྒྲ་སྒྲོག །འཁོར་བ་དོང་སྤྲུགས་གཞི་རྫོགས་ཆེན་པོར་གྱུར། །ཞེས་མོས་ལ་བཏགས་གྲོལ་སོགས་རྒྱུད་བཀླགས་ལ་དབྱངས་གསལ་སོགས་བཟླ། སྨོན་ལམ་ནི། ཀྱེ་ཧོ༔ ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན༔ མ་ལུས་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འགྲོ་བ་སེམས་ཅན་ཀུན་དོན་དུ༔ རྒྱུད་འདི་བཏགས་འཆང་ཀློག་པའི་བྱིན་རླབས་ཀྱིས༔ བདག་ཉིད་མཐོང་ངམ་ཐོས་དང་དྲན་པ་དང༔ མཆོད་དང་བསྟོད་པ་ལ་སོགས་སྨྲ་ཡང་རུང༔ རེག་ཅིང་འབྲེལ་བར་གྱུར་པའི་སེམས་ཅན་ཀུན༔ མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་ཤོག༔ ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །ཅེས་བརྗོད། འདི་ནི་ཀློང་གསལ་སྙིང་ཐིག་གི་རང་བྱུང་རིག་པའི་ཏནྟྲ་ལས། གལ་ཏེ་ཕྱི་ནང་གསང་བ་ཡི༔ དབང་རྫོགས་བླ་མ་མཆོད་བྱས་ནས༔ ཉ་སྟོང་ཚེས་བརྒྱད་ལ་སོགས་པར༔ པདྨའི་ལྕེ་ཡིས་སྐྱེས་བུ་དེས༔ ལྷག་ཆད་མེད་པར་ལན་གསུམ་བཀླག༔ ནམ་མཁའ་དག་ནས་ཐོས་པ་ཡི༔ སྲོག་ཆགས་རྣམས་ཀྱང་གྲོལ་འགྱུར་ན༔ རྣལ་འབྱོར་དེ་ཉིད་སྨྲོས་ཅི་དགོས༔ རིགས་དྲུག་འབྲོས་ཁུང་འགགས་ནས་ནི༔ རྡོ་རྗེ་འཛིན་པའི་ས་ནོན་ནོ༔ ཞེས་གསུངས་པ་སོགས་ཀྱི་དོན་ཏོ། །ཐོས་པས་གྲོལ་བ་རྡོ་རྗེའི་རྒྱུད། །རྣལ་འབྱོར་ལྡན་པས་བཀླགས་གྱུར་ན། །ཡོན་ཏན་བསམ་ཡས་དགེ་དེས་ཀྱང་། །འགྲོ་རྣམས་འབད་མེད་རང་གྲོལ་ཤོག །ཅེས་པའང་སྒྲུབ་བླ་ཀརྨ་མཐུ་སྟོབས་ནས་འགྲོ་ཕན་ཆེད་དུ་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཁྲེགས་ཆོད་ལྟ་བའི་དོན་ཁྲིད་རིགས་གསུམ་མགོན་པོའི་ཞལ་ལུང་ (Volume 59, Text 30)

༄༅། །རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཁྲེགས་ཆོད་ལྟ་བའི་དོན་ཁྲིད་རིགས་གསུམ་མགོན་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཁྲེགས་ཆོད་ལྟ་བའི་དོན་ཁྲིད་རིགས་གསུམ་མགོན་པོའི་ཞལ་ལུང་ཞེས་བྱ་བ། ངོ་བོ་སྟོང་པ་འཇམ་དཔལ་དབྱངས།། རང་བཞིན་གསལ་བ་སྤྱན་རས་གཟིགས། །ཐུགས་རྗེའི་རིག་པ་གསང་བའི་བདག །དབྱེར་མེད་བླ་མ་རྗེ་ལ་འདུད། །གང་གི་ཞལ་ལུང་བདུད་རྩི་ཡིས། །འགྲོ་ཁམས་དྲི་མ་ཀུན་བཀྲུས་ནས། །སྐུ་གསུམ་ཡིད་བཞིན་ནོར་བུ་ཡི། །དོན་གཉིས་སྒྲུབ་པའི་ཐབས་འདི་བཤད། །དེ་ཡང་གསང་བའི་བདག་པོའི་མན་ངག་ལས། དེ་ལྟར་ཐེག་པ་དགུ་པོ་ཡི༔ ལྟ་སྒོམ་སྤྱོད་པ་མང་བསྟན་ཀྱང༔ དྲང་དོན་ཐུན་མོང་ལམ་ཡིན་ལ༔ མཐར་ཐུག་ཡང་ཟབ་ངེས་པའི་དོན༔ རྒྱལ་བ་རྣམས་ཀྱི་དགོངས་པའི་མཐིལ༔ རིག་འཛིན་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་ཀྱི་ཏི་ལ་ཀ་ཆེན་པོ༔ མཁའ་འགྲོ་རྣམས་ཀྱི་སྙིང་ཐིག་ནི༔ འདི་རུ་བསྟན་གྱིས་ཉམས་སུ་ལོངས༔ ཞེས་རྒྱལ་བ་རྣམས་ཀྱི་དགོངས་པའི་མཐིལ། རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་ཏི་ལ་ཀ་སྟེ་ཐུགས་ཀྱི་ཐིག་ལེ། མཐར་ཐུག་ཡང་ཟབ་ཚེ་གཅིག་ལ་སངས་རྒྱ་བའི་ཐབས་ནི་འདི་ཁོ་ན་ཡིན་ཅིང་། དེ་ཡང་འཇམ་དཔལ་དགོངས་པ་བཀྲལ་བའི་ལུང་ལས། རྫོགས་སངས་རྒྱས་ནས་གསང་བའི་བདག༔ དགའ་རབ་རྡོ་རྗེ་བཤེས་གཉེན་བར༔ རིམ་པར་བརྒྱུད་པའི་རྒྱུད་ཆེན་པོ༔ ཞེས་དང་། གཞན་ཡང་། གསང་བདག་དྲྭ་མ་ལྔ་དང་ཛ༔ ཆོས་རྒྱལ་རྣམས་ནས་རིམ་པར་བྱུང༔ འཇིགས་མེད་ཤྲཱི་སིང་ཧ་དང༔ དེ་ལས་པདྨ་བདག་གིས་ནོས༔ ཞེས་གུ་རུ་པདྨ་རང་གི་ཐུགས་དམ་གྱི་མཐིལ་འདི་ཉིད་ཁམས་ཀྱི་གླ་བ་རྐང་གཅིག་ནམ་མཁའ་མཛོད་ནས་སྐལ་ལྡན་རྣམས་ཀྱིས་མཐོང་བར་སྤྱན་དྲངས་ནས། རང་ཉམས་སུ་བསྟར་པས་ཤིན་ཏུ་ཟབ་པ་མྱོང་གྲུབ་འདི་ཉིད་ལག་ཏུ་བླང་པ་ལ། གསང་བདག་གི་མན་ངག་ལ། འཇམ་དཔལ་རྫོགས་ཆེན། གར་དབང་སྙིང་ཐིག་གསུམ་གཅིག་ཏུ་བསྡོམས། རིགས་གསུམ་འདུས་པའི་ལས་ཐོས་ཁ་བཀང་སྟེ་འཆད་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། དང་པོ་རྒྱུད་སྦྱང་བ་སྔོན་འགྲོའི་རིམ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། ཐོག་མར་ལས་ཐོ་ཕྱི་མ་ལས། སྐུ་གསུམ་ཡེ་ཤེས་ཐིག་ལེ་ཉིད༔ བསྡུས་ཏེ་འདི་རུ་བསྟན་པར་བྱ༔ ཡལ་བར་མ་དོར་ཉམས་སུ་ལོངས༔ སྒྲུབ་པ་ཚེ་དང་མཉམ་པར་གྱིས༔ ཞེས་གསུངས་པ་ལྟར་རྒྱལ་བའི་དགོངས་པ་མཐར་ཐུག་འདི་རྙེད་པའི་སྐབས་སུ་ཉམས་སུ་ལེན་དགོས། མ་བླང་ན་ཅི་ཉེས་ཞེ་ན། དེ་ཉིད་ལས། འགྲོ་དྲུག་སེམས་ཅན་ཐམས་ཅད་ལས༔ དལ་འབྱོར་ཐོབ་པ་ཤིན་ཏུ་ཉུང༔ འདི་ཡང་མི་རྟག་མྱུར་དུ་འཇིག༔ ལས་འབྲས་བསླུ་བ་མེད་པའི་ཕྱིར༔ འཁོར་བའི་སྡུག་བསྔལ་བཟོད་མེད་པ༔ དར་དྲགས་ཡུན་རིང་མྱོང་བས་ན༔ ངེས་པར་སྐྱོ་ཤས་ངེས་འབྱུང་བསྐྱེད༔ ཅེས་གསུངས་པ་ད་རེས་ལམ་ཐག་ཉེ་བ་འདི་ལྟ་བུ་རྙེད་དུས་ཉམས་སུ་མ་བླང་ན་མྱུར་དུ་འཆི་ངེས་ཏེ། འཁོར་བར་ལྷུང་ངེས། ངན་སོང་དུ་འཁྱམས་ངེས་པས། ད་རེས་རང་དྲིན་རང་ལ་ཆེ་བ་བྱ་བའི་དུས་ལ་བབ་སྟེ། རྣམ་པ་ཀུན་ཏུ་མི་ལུས་མི་ཐོབ། ཐོབ་ཀྱང་དལ་བརྒྱད་འབྱོར་བཅུ་དང་ལྡན་པ་འདི་འདྲ་ཨེ་ཐོབ་མི་ཤེས། དལ་འབྱོར་ཐོབ་ཀྱང་ཚེ་གཅིག་ལ་སངས་རྒྱ་བའི་གདམས་པ་འདི་འདྲ་ཐོབ་པ་ལྟ་ཞོག །མཚན་ཙམ་ཐོས་པའང་སྲིད་དཀའ་བས་ཅི་ནས་ཉམས་སུ་ལེན་དགོས། དེ་ཡང་དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་བསླུ་མེད། འཁོར་བའི་སྡུག་བསྔལ་ལ་བསམ་གཞིག་ལེགས་པར་བྱས་ན་འཁོར་བ་ལ་ཤིན་ཏུ་སྐྱོ་ཞིང་། འཆི་བ་ལ་སྐྲག་པའི་ངེས་འབྱུང་གི་བསམ་པ་དུང་ངེ་བ་རྣམ་པ་ཀུན་ཏུ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བས། དེ་རྣམས་ཀྱི་ནང་ནས་འཆི་བ་མི་རྟག་པ་རྒྱུན་དུ་དྲན་པས་བློ་བསྐུལ་ན་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་འབྱུང་བས་མི་རྟག་པ་བསྒོམ་པ་གལ་ཆེ། འཆི་བ་མི་རྟག་པ་ཡང་དག་པར་དྲན་ན། ཆོས་མིན་གྱི་བྱ་བ་གཏན་ནས་མི་བྱེད་པ་འབྱུང་བས། རང་རྒྱུད་ལ་ལེགས་པར་བརྟག་དགོས། ངེས་འབྱུང་གི་བསམ་པས་བློ་རྒྱུད་ཡུན་རིང་པོར་ལེགས་པར་སྦྱང་བའམ། འཕྲལ་དུ་ལྡོག་མེད་དུ་སྐྱེས་པ་གང་དག །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ སྒོ་གསུམ་མི་དགེ་བཅུ་སྤངས་ནས༔ བྱང་ཆུབ་མཆོག་ཏུ་སེམས་ཆེར་བསྐྱེད༔ ཅེས་གསུངས་པ་ལྟར། འཁོར་བའི་འཇིགས་པ་ལས་དཀོན་མཆོག་རིན་པོ་ཆེ་མ་གཏོགས་སུས་ཀྱང་སྐྱོབ་མི་ནུས་པས། བླ་མ་དཀོན་མཆོག་ལ་བློ་ལིང་བསྐྱུར་དུ་བཀལ་ནས་སྒོ་གསུམ་ཉོན་མོངས་རང་མཚན་ཅན་གྱི་མི་དགེ་བ་བཅུ་སྤངས་པས་རང་ཐར་པ་ཐོབ་ངེས། དེ་ཡང་རང་ཞི་བདེ་ཐོབ་པ་ཙམ་གྱིས་མི་ཕན་པ་རང་དོན་དོན་གཉེར་གྱིས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་རིང་བས། དེས་ན་རྩ་བའི་ཕ་མ་དྲིན་ཆེ་བ་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པས། དེ་རྣམས་ལ་ཕན་བཏགས་པར་བྱ་ཕྱིར་རྫོགས་པའི་སངས་རྒྱས་མྱུར་དུ་བསྒྲུབ་པར་བགྱིའོ་སྙམ་པའི་བསམ་པ་རྟག་པར་མེད་ན་གསང་སྔགས་པར་ལྟ་ཞོག །ཐེག་ཆེན་པར་ཡང་མི་འགྱུར་བས་ལེགས་པར་སེམས་བསྐྱེད། བདག་ལྟ་བུས་སངས་རྒྱས་ཐོབ་བམ་མི་ཐོབ་སྙམ་ན་ཐོབ་སྟེ། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་པས་ཏིལ་ནི་མར་གྱི་རྒྱུ་ཡིན་པ་བཞིན་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་སངས་རྒྱས་ངེས་པར་ཐོབ། སངས་རྒྱས་ཀྱི་རྒྱུ་ཡིན་ཀྱང་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ས་བོན་ཞིང་ས་དང་མ་འཕྲད་པ་དང་འདྲ་བས་དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་རྒྱལ་བའི་སྲས་པོ་ཡིན་ཞིང་། བསོད་ནམས་རྟག་ཏུ་འཕེལ་བ་སོགས་ཕན་ཡོན་མཐའ་ཡས་པས། བྱང་ཆུབ་སེམས་ཀྱི་མྱུ་གུ་སྐྱེད་བསྲིངས་བའི་འགལ་རྐྱེན་ཁོང་ཁྲོ་སོགས་སྤང་བ་ཉེས་སྤྱོད་སྡོམ་པ། མཐུན་རྐྱེན་བཟོད་པ་བསྒོམ་པ་སོགས་དགེ་བ་ཆོས་སྡུད། མཁོ་བ་སྦྱིན་པ་སོགས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་ལེགས་པར་བསྲུང་ངོ་། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། ལམ་ཉམས་སུ་ལེན་པ་ལ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་གལ་ཆེ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་རག་ལས། ཡང་སྒོས་ཨ་ཏི་རྫོགས་པ་ཆེན་པོ་འདི་བླ་མའི་བྱིན་རླབས་འཕོ་དབང་ལ་བརྟེན་པ་ཁོ་ན་ཡིན་ཏེ། ལས་ཐོ་ཕྱི་མ་ལས། བླ་མ་དམ་པ་ལེགས་བསྟེན་ནས༔ བསྐྱེད་རྫོགས་གདམས་པ་མ་ལུས་ཞུ༔ སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས༔ མོས་གུས་བརྟན་པོ་གཟུང་བར་བྱ༔ ཞེས་གསུངས་པས། བླ་མ་སངས་རྒྱས་སུ་མཐོང་མ་ཐག་སངས་རྒྱས་འགྲུབ། སོ་སོའི་སྐྱེ་བོ་ལ་མཐོང་ན་རང་རྒྱུད་སོ་སོའི་སྐྱེ་བོ་ལས་གཞན་དུ་མི་འགྱུར། སངས་རྒྱས་ཐོབ་མི་ཐོབ་བླ་མའི་མོས་གུས་ལ་རག་ལས་པས། སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་བླ་མ་ཚུལ་བཞིན་དུ་བསྟེན་པ་ལམ་གྱི་རྩ་བ་ཁོ་ནར་ཐུག་གོ །བླ་མ་ཐབས་མཁས་པའི་མན་ངག་ཟབ་མོ་དང་། སློབ་མའི་མོས་པ་ཚད་མེད་པ་གཉིས་ལ་བརྟེན་ན་ལམ་ཐག་ཉེ་བ་དང་། བླ་མ་ཐབས་མི་མཁས་པ་མན་ངག་མེད་པའི་ཚིག་སྐམ་དང་། སློབ་མ་བློ་རྒྱུད་མ་དག་པ་གཉིས་ལམ་ཐག་རིང་བའི་ཁར་དམ་ཉམས་ཀྱི་རྒྱུས་འཁོར་བའི་གཏིང་རྡོ་བྱེད་ཉེན་ཆེ་བས། དེས་ན་ལམ་ཐག་ཉེ་རིང་བླ་མ་དང་སློབ་མའི་རྟེན་འབྲེལ་བཟང་ངན་ལ་རག་ལས་པས། བླ་སློབ་མཐུན་རྐྱེན་བཟང་པོ་འཛོམ་པ་ཞིག་ཅི་ནས་གལ་ཆེ་བ་གསང་བདག་སྙིང་ཏིག་ལས། བླ་མ་མཁས་ཤིང་དགོངས་ཀློང་ཆུབ༔ སློབ་མ་ཤིན་ཏུ་དབང་རྣོན་ལ༔ གནས་དུས་མཐུན་རྐྱེན་ཕུན་སུམ་ཚོགས༔ དེ་ཚེ་ཡང་ཟབ་གཏན་ལ་འབེབས༔ ཞེས་གསུངས་པས། བླ་མ་ཐེག་པ་ཐམས་ཅད་ལ་མཁས་ཤིང་། རྫོགས་པ་ཆེན་པོའི་ལྟ་བ་དགོངས་ཀློང་ཆུབ་པ། ཐ་ནའང་ཁྲེགས་ཆོད་ཀྱི་དོན་ལ་ཐག་ཆོད་པ། ཐོད་རྒལ་ཉམས་གོང་འཕེལ་ཙམ་འབྱོངས་པ་ཞིག་དགོས། སློབ་མ་དད་པ་ཆེ་བ། བརྩོན་འགྲུས་ཆེ་བ། སྙིང་རྗེ་ཆེ་བ་གསུམ་གྱི་དབང་རྣོན་དུ་གྱུར་པ། དེ་ལྟ་བུའི་བླ་མ་དང་སློབ་མ་མཚན་ཉིད་དང་ལྡན་པ་གཉིས་འཛོམ་པར། རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས་ཡོ་བྱད་སོགས་ཤུགས་ཀྱིས་འཛོམ་ན་ཆེད་དུ་མི་སྤང་། མི་འཛོམ་བཞིན་དུ་ཆེད་དུ་མི་སྒྲུབ་པའི་སྤྱོད་པ་དགོས་པས། འབྱོར་ན་སྤྲོས་མེད་ལ་དགའ་ཡང་ཆེད་དུ་མི་སྤངས། མི་འབྱོར་བཞིན་སྤྲོས་པ་ལ་དགའ་ཡང་ཆེད་དུ་མི་སྒྲུབ། མདོར་ན་ཆེད་དུ་འབད་རྩོལ་གྱི་སྤྲོས་པའི་བྱ་བ་དགུ་ཕྲུགས་སུ་གཏོང་དགོས། དེ་ལ་ཤུགས་ཀྱིས་འགྲུབ་ན། གནས་གངས་ཁྲོད། ནགས་ཁྲོད། བྲག་ཁྲོད། ཆུ་གླིང་ལྟ་བུ་མཁའ་འགྲོ་འདུ་ཞིང་ཉམས་རྟོགས་འཕེལ་བ། ནམ་མཁའ་རྒྱ་ཆེ་ནངས་ནུབ་ཀྱི་ཟེར་ཐག་རིང་བ། ས་ཡི་དཔལ་བཟང་ཞིང་ཡིད་དང་མཐུན་པ་རྫོགས་ཆེན་གྱི་གཞུང་རྣམས་ལས་གསལ་བ་བཞིན་བརྟེན་ན་དགོས་པ་ཆེ། གྲོགས་ཀྱང་ཐབས་ལམ་པ་ཡིན་ན་རིག་མ་མཚན་ལྡན་ཡིན་ངེས་རྒྱུད་སྦྱངས་པ། གྲོལ་ལམ་པ་ཡིན་ན་སྒྲུབ་གྲོགས་དད་པ་དང་བརྩོན་འགྲུས་ཆེ་ཞིང་། བློ་མཐུན་པ། ངང་རྒྱུད་རིང་བ་དང་། མཎྜལ་གྱི་ཚོམ་བུ་རྒྱུ་རིན་པོ་ཆེ་ལྔ། སྨན་ལྔ། སྙིང་པོ་ལྔ་རྣམས་མང་ལ་བཟང་བ། གཞན་ཁམས་ལ་འཕྲོད་པའི་ཟས་གོས། ཚོགས་ཀྱི་རྒྱུ་བཟང་བ། མཆོད་པའི་རྒྱུ་དག་པ། དགྲ་ཟློག་མཚོན་དང་དཔའ་བོ། ནད་ཟློག་སྨན་དང་སྨན་པ་སོགས་ཕུན་སུམ་ཚོགས་པའི་གནས་གྲོགས་ཡོ་བྱད་རྣམས་འཛོམ་ན་ཞེན་མེད་ཤུགས་བྱུང་དུ་བརྟེན། མ་འབྱོར་ན་ཅི་བྱུང་གིས་ཆོག་ཤེས་པར་བྱས་ནས། ལུས་སྲོག་ལ་བར་དུ་གཅོད་པའི་རྐྱེན་མི་འབྱུང་བའི་གནས་སུ་ཚེ་བློས་བཏང་ནས་སྡོད་དགོས། འཁོར་དང་ཡོ་བྱད་ཕུན་སུམ་ཚོགས་པས་རང་གི་སྒོ་གསུམ་དབེན་ཅིང་བོགས་འདོན་པའི་རྒྱུ་བྱེད་ན་བརྟེན་ལ། ཞེན་ཆགས་གཡེང་བའི་རྒྱུར་སོང་ན་འཁྲི་བ་བཅད་ཅིང་དབེན་པ་ཤུགས་ཀྱིས་བརྟེན། སྒོ་གསུམ་མ་དབེན་ཅིང་ཡོ་བྱད་ཅུང་ཟད་ལ་ཆགས་ན་ལུང་སྟོང་དུ་སོང་ཡང་དོན་མེད་པས། སྒོ་གསུམ་དབེན་ཅིང་ཡོ་བྱད་ལ་མ་ཆགས་པ་གལ་པོ་ཆེ་ཡིན་ནོ། །སྒོ་གསུམ་གཡེང་ན་རི་ཁྲོད་སྤང༔ སྒོ་གསུམ་དབེན་ན་གྲོང་ཁྱེར་བརྟེན༔ ཞེས་པ་ལྟར་རོ། །དུས་ནི་དབྱར་མ་དགུན་ཆུང་ལ༔ ཞེས་གསུངས་པས་དབྱར་དགུན་གྱི་བར་སྟོན་གྱི་འབྱུང་བ་ཁོད་སྙོམས་ཤིང་ཕྱི་ནང་གི་ཁམས་ཤིན་ཏུ་དང་བར་བསྒོམ་པ་དང་། དབང་བསྐུར་བའི་ཉི་མ་ཡང་གནམ་སྟོང་ལྟ་བུའམ། གཟའ་སྐར་བཟང་ཡང་ལེགས་ལ། མ་བཟང་ཡང་། གཟའ་དང་སྐར་མ་མེད་གྱུར་ན༔ བདེན་འབྲས་ཡོད་པ་ག་ལ་སྲིད༔ ཅེས་གསུངས་ཀྱང་། གལ་ཏེ་རྣམ་རྟོག་ཡོད་གྱུར་ན༔ དེ་ཚེ་ཀུན་རྫོབ་ཐབས་རྣམས་བརྟེན༔ ཞེས་པས། ལས་དང་པོ་པ་བཟང་ངན་གྱི་སྤྲོས་པ་ཡོད་ན་དེ་ལྟར་དང་། གདིང་ཐོབ་པའི་གང་ཟག་ཡིན་ཀྱང་གདུལ་བྱའི་བློ་དང་བསྟུན་ཞིང་ཀུན་རྫོབ་ཁྱད་དུ་མི་གསོད་དོ། །དེ་ལྟར་གནས། དུས། སྟོན་པ། འཁོར། ཡོ་བྱད་ཕུན་སུམ་ཚོགས་པའི་ཚེ་དབང་པོ་རྣོན་པོ་རིམ་གྱིས་པ་ལ་དབང་གིས་བྱིན་གྱིས་བརླབས་ནས་ཁྲིད་ཀྱིས་ངོ་སྤྲད། དབང་རྣོན་ཅིག་ཅར་བ་ལ་དབང་བསྐུར་བས་ངོ་འཕྲོད་པས། གང་ལྟར་ཡང་ཐོག་མར་དབང་སྔོན་དུ་འགྲོ་བ་ལ། སློབ་མས་རང་ལ་གཅེས་པའི་ནོར་དང་། བུ་དང་། ཆུང་མ་སོགས་ཡོ་བྱད་དགོས་དགུ་ཚང་སྤྲུགས་སུ་བླ་མ་ལ་ཕུལ། རང་ཡང་བླ་མའི་བྲན་དུ་ཕུལ་ནས་ལུས་གུས་པས་ཞབས་ཏོག་ཅི་གསུང་གི་བཀའ་སྒྲུབ། བླ་མ་མ་གཏོགས་ཡིད་ལ་དྲན་རྒྱུ་མེད་པར་བྱས་ནས་ཉམས་ལེན་མཐར་དབྱུང་བར་ཁས་བླངས་ཏེ་དབང་རྣམས་རྫོགས་པར་ཞུ། དེ་ནས་ཁྲིད་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་ཐོག་མར། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་བླ་མར་གསོལ་བ་འདེབས༔ རང་སེམས་དབྱེར་མེད་ངང་དུ་གཞག༔ ཅེས་པས། གདན་ནང་ཚང་ཅན་ལ་བསྡད་ནས། མོས་གུས་མཆི་མ་འཁྲུག་པར་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ལ་བླ་མ་རང་སེམས་དང་དབྱེར་མེད་དུ་བཞག །རྐེད་པ་མདའ་ལྟར་བསྲངས་ནས་ཀྱང༔ མིག་གཉིས་སྣ་རྩེར་ཟིམ་བུར་ཕབ༔ ལག་གཉིས་མཉམ་པར་བཞག་པ་ནི༔ སྔོན་འགྲོ་ལུས་གནད་གཅིག་ཆོག་སྟེ༔ གསང་བའི་རྒྱུད་ཀུན་སྡུད་པའི་བདག༔ དེ་ཡིས་ཀུན་གྱི་བཅུད་ཕྱུང་ཡིན༔ ཞེས་གསུངས་པས། རྐེད་པ་མདའ་ལྟར་བསྲང་། མིག་སྣ་རྩེར་ཕབ། ལག་པ་མཉམ་པར་བཞག་པ་ཏིང་འཛིན་གྱི་ཕྱག་རྒྱའམ་གཉིས་ཀ་ས་གནོན། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ་གང་བདེ། ལུས་གནད་འདི་གཞན་ལ་མེད་པའི་ཁྱད་ཆོས་ཡིན་པར་གདམས་པའོ། །ངག་གནད་རླུང་ནི་ཕྱིར་འཕང་བ༔ ནར་ནར་ཕྱི་རུ་ཨན་ཙམ་འཛིན༔ ཡང་ན་ཧཱུྃ་ནི་ངར་ལྡན་བརྗོད༔ སྔོན་འགྲོ་ངག་གནད་གཅིག་ཆོག་གོ༔ ཞེས་གསུངས་པས་ཧ་ཅང་དྲག་པོ་མ་ཡིན་རླུང་ཕྱིར་ནར་ནར་འགྲོ་བའི་འཕྲོ་ལ་ཕྱི་རུ་ཨན་ཙམ་འཛིན། སྐབས་སུ་ཧཱུྃ་ངར་ལྡན་རེ་བརྗོད། སྔོན་འགྲོའི་ངག་གནད་འདི་ངག་གནད་གཅིག་ཆོག་གོ །སྔོན་འགྲོ་སེམས་གནད་སེམས་ཉིད་འདི༔ ཕྱོགས་བཅུ་ལ་སོགས་གང་ནས་བྱུང༔ མ་བྱུང་མ་སྐྱེས་ཐོག་མ་མེད༔ ལུས་ཀྱི་ཕྱི་ནང་གང་དུ་ཡང༔ གནས་པ་མེད་པར་ཤེས་པར་བྱ༔ ཝལ་གྱིས་ཤར་བ་གང་དུ་འགག༔ ཕྱོགས་མཚམས་གང་དུའང་འགྲོ་བ་མེད༔ དེ་ལྟར་རྟོགས་པ་སེམས་ཀྱི་གནད༔ སེམས་ཞེས་པའི་བཟང་ངན་ལུང་མ་བསྟན་དྲན་མཁན་འདི་ཕྱོགས་བཅུ་གང་ནས་མ་བྱུང་། དངོས་པོ་གང་ལས་མ་སྐྱེས། དེའི་ཕྱིར་ན་ཐོག་མ་མེད་ཅིང་། ལུས་ཀྱི་ཕྱི་ནང་གང་ལའང་གནས་པ་མེད། ཝལ་གྱིས་ཅིར་ཡང་འཆར་བ་འགག་པའང་མེད། ཕྱོགས་མཚམས་གང་དུའང་འགྲོ་བ་དང་ཕྱིན་པ་མེད། དེ་ལྟར་ན་སྐྱེ་འགག་གནས་གསུམ་འགྲོ་འོང་སོགས་མེད་དེ། རྣམ་རྟོག་སྐད་ཅིག་མ་གཅིག་ལ་མཚོན་ན། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟ་བ་ལ་གཟུགས་ཁ་དོག་གང་ཡང་མ་གྲུབ་པས། ཆོས་དང་གང་ཟག་གི་བདག་གཉིས་པོ་སེམས་ལས་ལོགས་སུ་མེད། སེམས་ཀྱང་རྣམ་རྟོག་སྐད་ཅིག་མ་འདི་ལས་གཞན་དུ་མེད། དེ་ཡང་དངོས་པོ་མེད་པར་སོང་བས། ཆོས་དང་གང་ཟག་གི་བདག་གཉིས་པོ་མེད་པར་རྟོགས་པའོ། །དེ་ལྟར་བདག་མེད་ཀྱི་དོན་མ་རྟོགས་ན་སངས་རྒྱས་པ་ལྟ་ཞོག །འཁོར་བ་ལས་ཀྱང་འཕགས་པར་མི་འགྱུར་བས་བདག་མེད་ཀྱི་དོན་བསྒོམ་པ་ཤིན་ཏུ་གལ་ཆེའོ། །དེ་ཡིས་སྔོན་འགྲོ་རྣམས་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་དངོས་གཞི་ཁྲེགས་ཆོད་ཀྱི་དོན་བསྟན་པ་ལ་གསུམ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་གཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་གསུམ་གྱི། དང་པོ་ནི། དངོས་གཞི་ཁྲེགས་ཆོད་བསྟན་པ་ནི༔ རང་གི་རིག་པ་སྐད་ཅིག་མ༔ རང་ཐོག་ཉིད་དུ་ངོས་གཟུང་ཕྱིར༔ ལུས་གནད་ངག་རླུང་ཅི་བདེར་གཞག༔ མ་བཅོས་མི་སྤྲོ་མི་བསྡུ་བར༔ གཞི་རྩ་བྲལ་བ་ཧད་དེ་བ༔ ཆོས་སྐུ་རྗེན་པར་བུད་པ་འདི༔ རང་ངོ་འཕྲོད་པ་གཅིག་ཆོག་ཡིན༔ ཞེས་གསུངས་པས་འཁོར་བའི་རྣམ་རྟོག་ཁྲེགས་སེ་གཅོད་པའི་དོན་བསྟན་པ་ལ། རང་གི་དྲན་རིག་སྐད་ཅིག་མ་འདི་ཀའི་རང་ཐོག་ཏུ་ཆོས་ཀུན་ངོས་གཟུང་བའི་ཕྱིར་བསམ་གཏན་གྱིས་རྣལ་དུ་དབབ་པ་ནི། གོང་གི་ལུས་ངག་ཡིད་གསུམ་བསྒྲིམས་ཏེ་གནད་གསུམ་པོ་ལ་བསླབ་པའི་མཐར། ལུས་གནད་དང་། ངག་རླུང་ཅི་བདེ། སེམས་མ་བཅོས། མི་སྤྲོ། མི་བསྡུ་བར། ལྷོད་དེ། འབོལ་ལེ། ཤིག་གེ་བཞག་པས། གཞི་གང་དུའང་མ་གྲུབ། རྩ་བ་གང་ལའང་མ་བརྟེན། སྟོང་སང་ངེ་བ། ངོ་བོ་སྟོང་པ། གསལ་ཝལ་ལེ་བ་རང་བཞིན་གསལ་བ། དེའི་ངང་ལས་ཡུལ་སྣང་ཅི་ཡང་འཆར་བ་རྟོག་མེད་དུ་འགྲོ་བ་ཐུགས་རྗེ་སྣ་ཚོགས། དེའི་ཚེ་བདེ་གསལ་མི་རྟོག་པ་གསུམ་ཅིག་ཅར་དུ་ཤར་ཡང་གོལ་སར་མི་འགྲོ་སྟེ། མི་རྟོག་པ་སྟོང་པ་མྱོང་བ་ཅན། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ་འདི་ཞེས་ཚིག་གིས་མཚོན་མི་ནུས་པ་ལྷག་གེ་ཤར་བ་ན། དེའི་ངང་དུ་སྒོ་གསུམ་ལ་ལས་མི་འཆོལ་བར་ཆད་པ་ངལ་གསོ་བ་བཞིན་དུ་རྣལ་མར་བཞག་གོ །གོལ་ས་མེད་པར་ཤེས་རབ་ཀྱིས་རང་སོར་གཞུག་པ་ནི། དེ་ལས་ཚོགས་དྲུག་གི་སྣང་བ་བཀྲ་ལམ་མེར་ཤར་བ་ན་ཕྱི་རོལ་གྱི་ཡུལ་ལ་དཔྱད་པས། ཡུལ་ལ་དངོས་པོ་མེད་དེ་སྒྱུ་མ་དང་རྨི་ལམ་གྱི་བཟོ་བཀོད་ལྟར་བུན་ནེ་ཤིགས་སེ་བའི་ངང་དུ་རྩལ་སྦྱང་། ནང་གི་མྱོང་བ་ལ་དཔྱད་པ་ནི། སོ་སོ་རང་གི་ཡེ་ཤེས་གཞོན་ནུ་མའི་བདེ་བ་ལྟར་ཉམས་སུ་མྱོང་ཡང་། ཡོད་པའི་མཐའ། མེད་པའི་མཐའ། ཆད་པའི་མཐའ། རྟག་པའི་མཐའ་གང་དུའང་འཛིན་པ་མེད་པ་ཕྱི་ནང་དབྱེར་མེད་དེ། ཐོགས་མེད་ཟང་ཐལ་ལེ་བ་དེ་ཀའི་ངང་དུ་ལ་བཟླའོ། །ཕྱི་ནང་དབྱེར་མེད་པའི་དོན་དེ་ངོ་སྤྲད་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་རང་རིག་པའི་རྩལ་དུ་ངོ་སྤྲད། རང་རིག་པའི་ངོ་བོ་སྟོང་པ་ཆོས་སྐུར་ངོ་སྤྲད། རང་བཞིན་གསལ་བ་ལོངས་སྐུར་ངོ་སྤྲད། ཐུགས་རྗེ་མ་འགགས་སྣ་ཚོགས་ཤར་བ་སྤྲུལ་སྐུར་ངོ་སྤྲད། འཛིན་མེད་རང་གསལ་དུ་གནས་པ་ཞི་གནས་སུ་ངོ་སྤྲད། ཉམས་མྱོང་བརྗོད་མེད་དུ་འཆར་བ་ལྷག་མཐོང་དུ་ངོ་སྤྲད། དེ་ཐམས་ཅད་སྤྲོས་པའི་མཐའ་གང་དུའང་མི་གནས་པ་ལྟ་བར་ངོ་སྤྲད། སྒོམ་དུ་མེད་པའི་གནས་ལུགས་ཡེངས་མེད་སོ་མར་འཇོག་པ་སྒོམ་པར་ངོ་སྤྲད། མཉམ་རྗེས་ཀྱི་རྟོག་པ་ཐམས་ཅད་གཉེར་ཁ་མེད་པར་རང་གྲོལ་དུ་ཞིག་པ་སྤྱོད་པར་ངོ་སྤྲད་པས། དེ་ལྟ་བུར་ངོ་ཤེས། ཐག་ཆོད། གདེང་རྙེད། རྩལ་རྫོགས། བརྟན་པ་ཐོབ་པ་འབྲས་བུར་ངོ་སྤྲད་ལ། འདི་ཕྱི་བར་དོའི་ཉམས་ལེན་ཐམས་ཅད་གནད་གཅིག་ཏུ་དྲིལ་ལ་བསྐྱང་ངོ་། །དེ་ལྟར་རྣལ་དབབ་སོར་གཞུག །གཞན་དུ་སྔོན་འགྲོའི་སྐབས་སུ་འཆད་ཀྱང་འདིར་ངོ་སྤྲོད་དང་སྦྱར་ཏེ་བཤད་པ་ཡིན་ལ། ངོ་སྤྲོད་བཅུ་པོ་དེ་ཡང་དོན་དུ་རིག་པ་སྐད་ཅིག་མ་གཅིག་པུ་ལ་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ། ཁྲེགས་ཆོད་བཙན་ཐབས་སུ་ངོ་སྤྲད་ཚུལ་གྱི་ཐབས་དུ་མ་ཡོད་ཀྱང་འདིར་ཐུན་མོང་ཙམ་མོ། །གཉིས་པ་ཐག་གཅིག་ཐོག་ཏུ་གཅད་པ་ནི། དེ་ཚེ་དུག་ལྔའི་རྟོག་པ་སོགས༔ སེམས་ཀྱི་རོལ་པ་ཅི་ཤར་ཡང༔ སྣང་སྲིད་ཆོས་སྐུའི་ཡོ་ལངས་ཏེ༔ ཀུན་བཟང་ཀློང་ལས་མ་འདས་པར༔ མཉམ་གཞག་རྗེས་ཐོབ་ཐམས་ཅད་དུ༔ བཟང་ངན་རོ་མཉམ་ལྟ་བ་ཉིད༔ འཕྲད་ཚད་དོན་ལྡན་ངེས་གསང་མཆོག༔ གཞན་གྱི་མན་ངག་ཐབས་ཚུལ་ལ༔ བློ་མི་འཇུག་པར་ཐག་ཆོད་དོ༔ ཞེས་གསུངས་པས། ནང་གི་འདོད་ཆགས་དང་ཞེ་སྡང་། གཏི་མུག་ང་རྒྱལ། ཕྲག་དོག །སེར་སྣ་སོགས་མི་དགེ་བའི་རྟོག་པ། དད་པ། སྙིང་རྗེ། བྱམས་པ། དགའ་བ་སོགས་དགེ་བའི་རྟོག་པ། དགེ་མི་དགེ་གང་ཡང་མིན་པའི་ལུང་མ་བསྟན་གྱི་རྟོག་པ་ཐམས་ཅད་དང་། ཕྱིའི་གཟུགས་སོགས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དོན་རང་གི་སེམས་ཉིད་རིག་པ་ངོ་བོ་སྟོང་པའི་རྩལ་ལས་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤར་བ་དངོས་མེད་རང་གསལ། རང་རིག་ངོ་བོ་སྟོང་པ་ཆོས་སྐུའི་རོལ་པའམ། ཆོ་འཕྲུལ་ལམ། ཡོ་ལང་དུ་ཤར་བ་རྣམས་དགེ་བའི་རྟོག་པ་བླང་དུ་མེད། མི་དགེ་བའི་རྟོག་པ་དོར་དུ་མེད། ལུང་མ་བསྟན་གྱི་རྟོག་པ་བར་མ་དོར་བཞག་ཏུ་མེད། རང་རིག་པ་ངོ་བོ་སྟོང་པའི་རང་རྩལ་ཆུའི་ཆུ་རླབས་ལྟར་སྟོང་པ་ཉིད་ལས་མ་འདས་པས་བཟང་ངན་ཀུན་སྟོང་ཉིད་ཡིན་པར་མཉམ་པས་བཟང་པོར་གནས་པའི་དབྱིངས་སམ་ཀློང་ལས་གཞན་དུ་འགྱུར་བ་མེད། རྣམ་པ་རིག་ཐོག་ཏུ་འཛིན་པ་མེད་པར་གྲོལ་ཐུབ་མ་ཐུབ་ཀྱིས་འཁོར་འདས་ཁྱད་པར་འབྱེད། རྣལ་འབྱོར་པས་རིག་པ་ངོ་འཕྲོད་པ་ནས་བཟུང་། མཉམ་བཞག་སྐབས་འཛིན་རྟོག་མེད་ཅིང་། རྗེས་ཐོབ་ལའང་འཛིན་རྟོག་རྣམས་སྐྱེས་གྲོལ་དུ་འགྲོ་བས་མཉམ་རྗེས་གཉིས་ཀར་དགེ་མི་དགེའི་རྣམ་རྟོག་རང་གྲོལ་འགྲོ་བ་བཟང་ངན་རོ་མཉམ་དུ་གྲོལ་བའི་ལྟ་བ་འཕྲད་ཚད་དོན་ལྡན་འདི་ལྟ་བུའི་ངེས་པ་དོན་གྱི་གསང་ཆེན་མཐར་ཐུག །མན་ངག་གི་མཆོག་འདིས་མྱུར་དུ་སངས་རྒྱས་ཀྱི་གོ་སར་སྐྱེལ་བ་ཡིན་པས། གཞན་གྱི་མན་ངག་གི་ཐབས་ཚུལ་ལ་བློ་མི་འཇུག་པར་ཐག་གཅད་དགོས། དེ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་རྩལ་དུ་ཐག་བཅད། དེ་ཉིད་ངོ་བོ་སྟོང་པ་ཆོས་སྐུར་ཐག་བཅད། རང་བཞིན་གསལ་བ་ལོངས་སྐུར་ཐག་བཅད། ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་སྐུར་ཐག་བཅད། འཛིན་མེད་རང་གསལ་དུ་གནས་པ་ཞི་གནས་སུ་ཐག་བཅད། ཉམས་མྱོང་བརྗོད་མེད་དུ་འཆར་བ་ལྷག་མཐོང་དུ་ཐག་བཅད། དེ་ཐམས་ཅད་སྤྲོས་པའི་མཐའ་གང་དུའང་མི་གནས་པ་ལྟ་བར་ཐག་བཅད། བསྒོམ་དུ་མེད་པའི་གནས་ལུགས་ཡེངས་མེད་སོ་མར་འཇོག་པར་ཐག་བཅད། མཉམ་རྗེས་ཀྱི་རྟོག་པ་ཐམས་ཅད་གཉེར་ཁ་མེད་པར་རང་གྲོལ་དུ་ཞིག་པ་སྤྱོད་པར་ཐག་བཅད། དེ་ལྟར་ཐག་ཆོད། གདེང་ཐོབ་རྩལ་རྫོགས་པ་འབྲས་བུར་ཐག་བཅད་དོ། །གསུམ་པ་གདེང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལ་གདེང་དུ་བྱ་བ་ནི༔ ཡེ་ནས་རང་ཤར་རང་གྲོལ་ལ༔ དམིགས་གཏད་མཚན་མ་མི་དགོས་པར༔ ཆུ་ལ་རི་མོ་བྲིས་པ་ལྟར༔ ཁམས་གསུམ་འཁོར་བའི་གཞི་རྩ་ཆོད༔ ཅེས་གསུངས་པས། དེ་ལྟར་ངོ་སྤྲོད། ཐག་ཆོད་པ་དེ་ལ་གདེང་དུ་བྱ་བ་ནི། རྣམ་རྟོག་གང་ཤར་ཡང་སྐྱེས་གྲོལ་ཡིན་པས་མཐོང་སར་ཡལ། རང་གྲོལ་ཡིན་པས་བལྟ་བྱ་ལྟ་བྱེད་གཉེན་པོ་མི་དགོས། ཤར་གྲོལ་ཡིན་པས་རྣམ་རྟོག་སྔ་མ་ལ་ཕྱི་མས་བལྟ་མི་དགོས། ཡེ་གྲོལ་ཡིན་པས་འདི་ཡིན་འདི་མིན་གྱི་རྩིས་གདབ་མི་དགོས། ཆུ་ལ་རི་མོ་བྲིས་པ་ལྟར་རྣམ་རྟོག་གང་སྐྱེས་པ་སྤང་བླང་མེད་པར་རང་བབས་སུ་བཞག་པས་རང་ཡལ་དུ་འགྲོ། རྣམ་རྟོག་གཅིག་ལ་གཉིས་མཐུད་ཀྱི་སྔ་མ་ཡུལ་དང་ཕྱི་མ་འཛིན་པ་བྱས་ནས་གཟུང་འཛིན་གྱི་འཁྲུལ་པའི་ལས་མི་བྱེད། ལས་མ་བྱས་པས་འཁོར་བར་སྐྱེ་མི་སྲིད་པས་ཁམས་གསུམ་འཁོར་བའི་གཞི་རྩ་ཆོད་ཅིང་། གོང་གི་དོན་བཅུ་པོ་ལ་ངེས་པར་གདེང་ཐོབ་བོ། །སྤྱི་དོན་གསུམ་པ་དེ་ལྟར་ཉམས་སུ་བླངས་པའི་རྗེས་སུ་གནས་སྐབས་དང་མཐར་ཐུག་ཏུ་འབྲས་བུ་ཐོབ་ཚུལ་གཉིས་ཀྱིས་དང་པོ། བླ་ན་མེད་པའི་སྣང་བ་མཐར་ཕྱིན་ཕྱིར༔ རེ་དོགས་མེད་པར་སྒོམ་པ་ཀློང་ཆུབ་པ༔ ལྟ་བའི་རྒྱལ་པོ་ནམ་འཕང་གཅོད་པ་བཞིན༔ ཁྱུང་ཆེན་རྩལ་རྫོགས་ངང་དུ་ངོ་སྤྲད་དོ༔ ཞེས་གསུངས་པས་སྐབས་འདིར་ཐོད་རྒལ་ལ་རྩལ་སྦྱངས་པས་སྣང་བཞི་མཐར་ཕྱིན་པར་བྱ་བའི་ཕྱིར། ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་རྩལ་དུ་ངོ་ཤེས་ཐག་ཆོད། གདེང་ཐོབ་པས་བཟང་ངན་གྱི་སྤང་བླང་རེ་དོགས་ཡ་ང་བག་ཚ་གང་ཡང་མེད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པས་སྣང་སྲིད་ཐམས་ཅད་ཁྲལ་ཁྲོལ་དུ་གྱུར་ནས། སྣང་བ་དང་རིག་པ་འདྲེས་པས་ཤེས་པ་ཕྱམ་མེ་བར་ཡུན་རིང་དུ་འགྲོ། རིག་པ་གཟའ་གཏད་མེད་པས། ངག་ཀྱང་ཆོ་རོལ་མོ་རོལ་དུ་སྨྲ་བ་དེ་ཀའི་ངང་བསྐྱངས་པས། ངོ་བོ་སྟོང་པ་ཆོས་སྐུར་རྩལ་རྫོགས་པས་མཉམ་རྗེས་མེད་པར་ཐམས་ཅད་སྟོང་པར་རྟོགས། རང་བཞིན་གསལ་བ་ལོངས་སྐུའི་རྩལ་རྫོགས་པས། ཐོད་རྒལ་གྱི་སྣང་བ་ལྷ་སྐུ་ཁོ་ནར་འཆར། ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་སྐུར་རྩལ་རྫོགས་པས་ཆོས་ཐམས་ཅད་དག་པའི་སྣང་བ་འཆར། མ་བཅོས་རང་གསལ་གནས་པ་ཞི་གནས་ཀྱི་རྩལ་རྫོགས་པས་ཕལ་ཆེར་མཉམ་བཞག་ཁོ་ནར་གནས། ཉམས་མྱོང་བརྗོད་མེད་དུ་འཆར་བ་ལྷག་མཐོང་གི་རྩལ་རྫོགས་པས་མངོན་ཤེས་ཐོག་མེད་དུ་ཤར། ལྟ་བ་ཕྱོགས་རིས་སུ་མ་ཆད། སྒོམ་པ་ཡེངས་མེད་དུ་བརྡལ། སྤྱོད་པ་ཤུགས་འབྱུང་། རྫུ་འཕྲུལ་སྣ་ཚོགས་པས་འགྲོ་བའི་དོན་བྱེད་དེ། གདེང་ཐོབ་མཐར་རྩལ་རྫོགས་པའི་ཚུལ་ཡང་། འདི་ལྟར་རྟོགས་པའི་རྣལ་འབྱོར་པ༔ སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང༔ ཉམ་ང་ཅུང་ཟད་མེད་པ་འོ༔ ཞེས་སོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི༔ ཆོས་ཉིད་དགོངས་པའི་གཟེར་གདབ་པས༔ ཚེ་འདིར་སྐུ་དང་ཡེ་ཤེས་རྙེད༔ ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད༔ ཅེས་དང་། ཁྲེགས་ཆོད་གྲོལ་བ་བཞི་དང་ལྡན༔ ཐོད་རྒལ་སྣང་བཞི་མཐའ་རུ་ཕྱིན༔ ངོ་བོ་སྐུ་ལ་རང་བཞིན་དང༔ ཐུགས་རྗེ་ཡེ་ཤེས་ཕྲིན་ལས་སོ༔ ཞེས་གསུངས་པས་དེ་ལྟར་ཆོས་ཉིད་མ་བཅོས་པའི་གནས་ལུགས་རང་གསལ་དུ་འཇོག་ཅིང་། རང་གྲོལ་དུ་སྐྱོང་བའི་ཐབས་ཚུལ་དུ་མས་ཚེ་འདིར་སྐུ་དང་ཡེ་ཤེས་བརྙེས་པའང་འབད་རྩོལ་དཀའ་བ་ཆེར་མ་དགོས་པ་ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད་དོ། །དེ་ཡང་ཁྲེགས་ཆོད་གྲོལ་བ་བཞི་སྟེ། ངོ་འཕྲོད། ཐག་ཆོད། གདེང་ཐོབ། རྩལ་རྫོགས་ནས། ངོ་བོ་སྟོང་པ་ལ་བརྟན་པ་ཐོབ་པས་ཆོས་སྐུར་སངས་རྒྱས། རང་བཞིན་གསལ་བ་ཡེ་ཤེས་ལ་བརྟན་པ་ཐོབ་པས་ལོངས་སྐུ་ངེས་པ་ལྔ་ལྡན་འགྲུབ། ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་སྐུ་ལ་བརྟན་པ་ཐོབ་པས་འགྲོ་བའི་དོན་དུ་ཕྲིན་ལས་རྒྱུན་མི་འཆད་པའོ། ཁྲེགས་ཆོད་གཅིག་ཐོག་ཐག་ཆོད་པས༔ རྒྱལ་བའི་དགོངས་པ་མ་ལུས་པ༔ རྟོགས་ཤིང་སྨྲ་བར་བྱེད་པ་ཡིན༔ ཞེས་གསུངས་པས་ཁྲེགས་ཆོད་གཅིག་ཐོག་ཏུ་ཐག་ཆོད་པས་རྫོགས་ཆེན་སྟོན་རུང་བར་གསུངས་སོ། །རིགས་གསུམ་མགོན་པོས་མངོན་སུམ་དུ༔ སྐལ་ལྡན་པདྨ་བདག་ལ་གདམས༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ཞེས་དང་། རྒྱལ་ཀུན་གསུང་གི་མངའ་བདག་དང༔ སྙིང་རྗེའི་གཏེར་ཆེན་གསང་བའི་བདག༔ འགྲོ་བའི་མགོན་པོ་གསུམ་གྱིས་གདམས༔ རང་བྱུང་པདྨ་འབྱུང་གནས་ཀྱི༔ སྙིང་གི་ཐིག་ལེ་འདི་ཡིན་པས༔ འཆད་ཉན་སྤེལ་ཞིང་ཉམས་བླངས་པས༔ ང་དང་དབྱེར་མེད་མངོན་སངས་རྒྱ༔ གཞན་དུ་ཡོན་ཏན་ཅི་ཞིག་བརྗོད༔ ཐབས་ཀྱི་རང་གསང་ཡིན་པའི་ཕྱིར༔ མང་དུ་སྤེལ་ཡང་དགོས་པ་མེད༔ འོད་གསལ་སྙིང་པོའི་བསྟན་པ་འདི༔ དབུས་དང་མཐའ་འཁོབ་ཐམས་ཅད་དུ༔ འཕེལ་ཕྱིར་མ་འོངས་དོན་དུ་སྦས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་པས། རིགས་གསུམ་མགོན་པོས་པདྨ་འབྱུང་གནས་ལ་གདམས་པའི་སྙིང་ཏིག་འདི་སྤེལ་ཞིང་ཉམས་སུ་བླངས་པས་སངས་རྒྱས་གཉིས་པ་དེ་དང་དབྱེར་མེད་པར་འགྱུར་བས་དེ་ལས་ཡོན་ཏན་ཅི་ཞིག་བརྗོད་དེ་བརྗོད་མི་དགོས་སོ། །སྐལ་མེད་རྨོངས་པ་ལ་མང་དུ་བཤད་ཀྱང་དོན་མི་གོ །འོན་ཀྱང་དད་པ་ཡོད་ན་ཆོས་ཐོས་པའི་ཕན་ཡོན་ཡོད་ཅིང་སྐལ་ལྡན་གྱིས་རྟོགས་པར་འགྱུར་རོ། །སྐལ་པ་བཟང་ངན་གྱི་དབྱེ་བསལ་དཀའ་བས་དད་པ་ཡོད་ཕན་ཆད་སུ་ལ་ཡང་སྟོན་དགོས་ཤིང་གསང་སྒྲོག་གི་ཉེས་པ་མི་འབྱུང་ལ། དད་མེད་རྟོག་གེ་པ་ལ་ནི་མ་ཡིན་ནོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཀུན་བཟང་ཐུགས་ཀྱི་བསྟན་པ་ནི། །ཚེ་ལོ་བཅུ་པའི་དུས་སུ་དར། །ཞེས་པས་མཐའ་དབུས་ཀུན་གྱི་འགྲོ་བའི་དོན་དུ་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་དུ་གཏེར་དུ་སྦས་པ་སྐལ་ལྡན་ཕོ་མོ་དཔྱོད་ལྡན་རྣམས་ཀྱི་སྤྱན་སྔར་སྤྱན་དྲངས་ཤིང་ལྟ་བ་གཏན་ལ་ཕབ་པས་ཡིད་ཆེས་པར་བྱས་སོ། །དེ་ལྟར་བརྗོད་བྱའི་དོན་གྱི་ལུང༔ རྗོད་བྱེད་བཤད་པར་བྱ་བའི་ལུང༔ ཀུན་འདུས་ཀུན་ལས་ཁྱད་པར་འཕགས༔ བསྡུས་པ་མཁས་པས་རྒྱ་ཆེར་བཀྲལ༔ ཞེས་གསུངས་པས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་འདུས་ཤིང་ཀུན་ལས་ཁྱད་པར་འཕགས་པ་འདི་ཉིད་གཏེར་གཞུང་རྡོ་རྗེའི་ཚིག་རྣམས་བསྡུས་པ་གོ་དཀའ་བ་རྣམས་ཅུང་ཟད་རྒྱས་པར་བཀྲལ་ཏེ་བཤད་པ་འདི་ནི། དོན་བརྒྱུད་བསྟན་པའི་བདག་པོ་སྐྱབས་མགོན་འབྲུག་པ་རིན་པོ་ཆེ་དང་། དཔལ་ཀརྨ་པ་ཆེན་པོའི་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་ཉི་ཟླ་ཟུང་གིས་གཙོར་མཛད་ཆོས་དྲུང་སོགས་སྐུ་ངོ་རྣམས་ཀྱི་ཐུགས་དམ་ཉམས་བཞེས་རྒྱུ་དང་། རང་གི་བུ་སློབ་རྣམས་ཀྱིས་ཐུགས་དམ་མཛད་ཆེད་དང་། ཉེ་ཆར་བླ་མ་ཀརྨ་ངེས་དོན་འཇམ་དབྱངས་ཀྱིས་ཐུགས་དམ་ཉམས་སུ་བསྟར་ཕྱིར་ལྷ་རྫས་གསེར་གྱི་མེ་ཏོག་བཅས་བསྐུལ་མ་མཛད་ངོར། རྫོགས་ཆེན་པ་མཆོག་གྱུར་གླིང་པས་ས་འབྲུག་ནག་པ་ཟླ་བའི་དཀར་ཕྱོགས་ལ་འོག་མིན་མཚུར་གྱི་གནྡྷོ་ལར་བྲིས་པ། ཁྱབ་བདག་རྫོགས་པའི་སངས་རྒྱས་དཔལ་ཀརྨ་པ་ཆེན་པོ་ཐེག་པ་མཆོག་གི་རྡོ་རྗེའི་ཐུགས་དགོངས་ཆོས་དབྱིངས་སུ་རྫོགས་ཤིང་། སླར་མཆོག་གི་སྤྲུལ་པའི་སྐུའི་ཕྱག་རྟེན་དུ་གྱུར་ནས་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་བཅུར་ཁྱབ་ཅིང་ཡུན་རིང་དུ་གནས་པས། འགྲོ་བ་རྣམས་མྱུར་དུ་ཀུན་བཟང་རིགས་གསུམ་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་ཤོག་ཅིག། །།

འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་བསྡུས་པ་དབང་གི་གྱད་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ (Volume 29, Text 30)

༄༅། །འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་བསྡུས་པ་དབང་གི་གྱད་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བྷྱཿ ཨོ་རྒྱན་སྨན་གྱི་བླ་མ་ནི། །ཟླ་ཟེར་བདུད་རྩི་གངས་ཅན་གྱི། །བསོད་ནམས་དགུང་དུ་ཚེས་པ་ན། །རྒྱུ་འབྲས་མུན་པ་དྭངས་པ་དང་། །སྨན་གྱི་ནགས་ཀླུང་བསྐྱེད་བསྲིངས་པས། །ཤེས་ལྡན་སྙིང་གི་ཀུ་མུད་ཁ། །གཅིག་ཏུ་ཕྱེ་བས་དེའི་རིང་ལུགས། །སྲོག་བཞིན་གཅེས་པས་འདི་ཡང་བརྩམ། །ཨོ་རྒྱན་ཆེན་པོས་མཛད་པའི་རིག་པའི་གནས་སམ་ཤེས་བྱ་ཀུན་གྱི་སྣོད་རུང་སྒོ་འབྱེད་དུ་བསྔགས་པའི་སྨིན་བྱེད་འདི་ལ་དོན་གསུམ། ཡོ་བྱད་ཉེར་བསྡོག །བདག་མདུན་བསྒྲུབ་པ། དབང་སྐུར་བ་དངོས་སོ། །དང་པོ་ནི། གནས་གཙང་མར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཉྫིའི་སྟེང་ཀ་པཱ་ལ་མཚན་ལྡན་གྱི་ནང་དུ་སྨན་དང་འབྲུ་ཕྱེ་བསྲེས་པའི་གཏོར་མ་ཨ་རུ་ར་ཟུར་བརྒྱད་པའི་དབྱིབས་ལོ་མ་ལས་འཐོན་ཅིང་རྩ་བ་བརྟན་པའི་རྩེར་གཞུང་མཐུན་གསང་བདག་གི་ཙཀ་ལི་བཙུག །གཡས་གཡོན་དུ་སྨན་རག །མདུན་དུ་ཆུ་གཉིས་ཉེར་སྤྱོད། དབང་རྫས་སྲུང་སྨན་ཆེན་མོའམ། མ་འཛོམ་ན་ཡུང་བ། ཤུ་དག །སྨན་ཆེན་གསུམ་གྱི་ཕུར་མ་ཐུམ་ནག་པོ་སློབ་མའི་གྲངས་མཉམ། སྲུང་འཁོར་ཚད་ལྡན་ཆིངས་དང་བཅས་པ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། རྒྱལ་ཆེན་བཞི། སྨན་གྱི་བཀའ་སྲུང་དྲེགས་པ་དགུ །བརྟན་མ་བཅུ་གཉིས། སྒོ་སྲུང་ཆེ་བཙན་ཡང་ལེ་བེར་རྣམས་ཀྱི་མཆོད་གཏོར་སྤྱི་བསྡུས་སམ། འབྱོར་ན་བྱེ་བྲག་ཅི་རིགས་པ་བཤམ། སློབ་དཔོན་གྱི་མདུན་དུ་ཁྲུས་བུམ། འཐོར་ནས་རོལ་མོ། གུ་གུལ། ཡུངས་ཐུན་སོགས་ཉེར་མཁོ་ཚོགས་པར་བྱའོ། །གཉིས་པ་བདག་མདུན་སྒྲུབ་པ་ནི། ཁྲུས་བུམ་བཛྲ་ཨ་མྲྀཏའི་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབ། ལྷ་སྒོམ་ཁ་རྒྱན་དང་ཛཔ྄་དགོངས་མགུལ་རྒྱན་གྱི་ཚིག་དོན་ལྟོ་སྦྱར་བ་རྒྱུན་ཁྱེར་སྙིང་པོར་དྲིལ་བའི་སྐྱབས་སེམས་ནས་བརྩམ། བདག་བསྐྱེད་བཟླས་པ་གཙོ་འཁོར་གྱི་འགྲོས་སྦྱར་ཚང་བར་བཟླས་ལ་བདག་ཉིད་ནུས་ལྡན་དུ་བསྒྲུབ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། ཧཱུྃ་བཞིའི་སྔགས་བརྗོད་པ་སོགས་དྲག་པོའི་ཚམ་རྔམ་དང་བཅས་པས་བགེགས་བསྐྲད་ཅིང་གཏོར་མ་ཕྱི་རོལ་དུ་དོར། བདག་ཉིད་གསང་བདག་གསལ་བའི་ཐུགས་ཀ་ནས། ཁྲོ་རྒྱལ་ངོ་བོ་མཐིང་ནག་ཧཱུྃ་ཡིག་བཅུ། །འཕྲོས་པས་བར་གཅོད་གདོན་བགེགས་མཚམས་བཅད་དེ། །ཚུར་འདུས་སྟེང་འོག་ཕྱོགས་མཚམས་སྲུང་བའི་གུར། །ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཁྲོ་བོ་རཱ་ཛས་ནད་ཁ་ཁོགས་རིམས་ཁ་ཆིངས། ཞེས་པའི་སྔགས་ལན་གསུམ་བརྗོད་ལ་སྲུང་འཁོར་བསྒོམ། སླར་ཡང་བདག་ཉིད་གསང་བདག་ཡི་དམ་ལྷར། །གསལ་བའི་ཐུགས་ཀ་གུ་རུའི་གནས་གསུམ་ནས། །དཀར་དམར་མཐིང་བའི་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་རབ་འཕྲོས་ནས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་དང་ནི། །མ་ལ་ཡ་དང་པདྨ་འོད་ལ་སོགས། །དག་པའི་ཞིང་ཁམས་རྣམས་ནས་བླ་མ་དང་། །དཀོན་མཆོག་རིན་ཆེན་ཞི་བ་བྱང་སེམས་དང་། ཁྲག་འཐུང་ཁྲོ་བོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་རྒྱལ་པོ་སྡེ་བཞི་གཏེར་གྱི་བདག །བོད་སྐྱོང་བརྟན་མ་བཅུ་གཉིས་ལ་སོགས་པ། །ཡེ་ཤེས་ལས་གྲུབ་དཔག་ཏུ་མེད་པའི་ཚོགས། །འཁོར་བཅས་གནས་འདིར་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་འགྱུར་མེད་རྡོ་རྗེའི་གདན། །དྲི་མེད་པདྨ་ཉི་ཟླ་བརྩེགས་པ་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཕྱག་འཚལ་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །ཞེས་མཆོད་ཡུལ་སྤྱན་དྲངས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱས་ལ། དབང་གཏོར་དང་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། བདག་ཉིད་ཐུགས་ཀར་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ། །ཨོཾ་འཕྲོས་གཏོར་མའི་མ་དག་ཉེས་ཀུན་སྦྱངས། །ཨཱཿའཕྲོས་འདོད་ཡོན་དྲུག་གི་མཆོད་པར་བསྒྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་ལ་འབུལ་ཚིག་ནི། གཏོར་མའི་དངོས་པོ་ཀུན་བཟང་མཆོད་པའི་སྤྲིན། །བྱེ་བྲག་ཕྱི་ནང་གསང་བ་དེ་ཁོ་ན། །ཚོགས་ཀྱི་འཁོར་ལོ་འཆི་མེད་བདུད་རྩིའི་སྨན། །ཆགས་མེད་རཀྟའི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་སོགས། །དཔག་ཏུ་མེད་པའི་མཆོད་པ་དམ་པ་འདི། །རྩ་བརྒྱུད་བླ་མ་སངས་རྒྱས་ཆོས་དགེ་འདུན། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པས་འབུལ་ལོ་བཞེས་ཤིག་ཐུགས་དམ་བསྐངས། །ཉམས་པ་སོར་ཆུད་དབང་དང་དངོས་གྲུབ་སྩོལ། །གུ་རུ་ཨཱོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨཱ་སཾ་གྷ་དེ་ཝ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ལན་བདུན་ཕྱག་རྒྱ་དང་བཅས་ཏེ་ཕུལ་ལ། ལྷ་ཚོགས་འཁོར་བཅས་སྐུ་གསུང་ཐུགས་ཀྱི་རྒྱུད། །མཉེས་ཚིམས་འོད་ཞུ་བདག་གི་སྙིང་ཁར་ཐིམ། །ཞེས་མོས། གསུམ་པ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་ཕྱག་བྱས་ནས་ཚོགས་ལ། བགེགས་གཏོར་བསྔོ་ཞིང་བགེགས་བསྐྲད་སྲུང་འཁོར་བཅས་གོང་ལྟར་དང་། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་རྒྱུ་དང་འབྲས་བུའི་ཟུག་རྔུ་ལས་འབྱིན་ཞིང་། མཐར་ཐུག་རྒྱལ་བ་སྨན་གྱི་བླ་མའི་གོ་འཕང་ལ་འགོད་པར་བགྱིའོ། །དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་ལ་འགྲོ་བ་མ་ལུས་པའི་ཕྱི་དང་ནང་གི་ལུས་སྲོག་འཚོ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་སྙིགས་དུས་ཀྱི་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་བློ་ལྡན་མཆོག་སྲེད་ཞབས་ཀྱིས་བོད་གངས་ཅན་གྱི་གདུལ་བྱ་རྣམས་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་ཆེན་པོས། མཐའ་དབུས་ཕྱོགས་མཚམས་ཀུན་ཏུ་ཟབ་མོའི་གཏེར་ཁ་དཔག་ཏུ་མེད་པ་སྦས་པར་མཛད་པ་ནི་ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཅེས་བཀའ་བསྩལ་པ་ལྟར་ཡུལ་དུས་གནས་སྐབས་གང་ལ་གང་འདུལ་དེ་ལ་དེ་མཐུན་གཙོ་བོར་སྟོན་པའི་ཚུལ་གྱིས། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྲིད་མཐར་ཐུག་གི་བར་དུ་འགྲོ་བ་མ་ལུས་པ་མི་གནས་པའི་དབྱིངས་སུ་སྒྲོལ་བར་མཛད་ཅིང་། གཏེར་ཁ་དེ་རྣམས་ཀྱང་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་འདྲེན་པར་མཛད་པའི་སྤྱིའི་རྣམ་གྲངས་དཔག་ཏུ་མེད་ཀྱང་ངོ་བོའི་སྒོ་ནས་ཆོས་ནོར། སྨན་རྩིས་བཞིར་འདུ་བ་ལས་འདིར་སྐབས་སུ་བབ་པ་ནི། གསོ་དཔྱད་བདུད་རྩི་བུམ་པ་ཞེས་བྱ་བ། ནད་གདོན་བགེགས་དང་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། ཁྱད་པར་སྙིགས་དུས་ཡམས་ཐབས་སུ་འགོ་བའི་སྲོག་འཕྲོག་པརཔ་ཏའི་གཉན་ནད་སོགས་འགོས་ནད་ཀྱི་རིགས་སུ་གྱུར་པ་ལས་སྐྱོབ་པའི་རྡོ་རྗེའི་གོ་ཆ། ཤེས་པས་ཆོག་པའི་གདམས་ངག་ཟབ་མོའི་མཐར་ཐུག་པ་སྟེ། རྩ་རྒྱུད་ལས། གསོ་དཔྱད་བདུད་རྩི་བུམ་པ་འདི། །གཞན་ལས་ཁྱད་འཕགས་མགོ་དང་འདྲ། །སྙིང་ངམ་དབང་པོའི་མིག་དང་མཚུངས། །ཀུན་ལ་མེད་དོ་ནོར་བུ་འདྲ། །འདི་ཡོད་འཆི་བ་མི་འབྱུང་སྟེ། །བདུད་རྩི་བུམ་པ་ཞེས་ཀྱང་བྱ། །ཞེས་ཁོང་པའི་སྙིང་དང་ཡིད་བཞིན་ནོར་བུའི་དཔེས་བསྔགས་པའི་གདམས་སྐོར་འདི་ཉིད། རང་གཏེར་ལས། བོང་ཐུང་ག་ལི་རྐན་སོ་ཅན། །འོད་ཀོར་རྨ་བྱའི་མདོངས་ཅན་གྱིས། །བློ་གསལ་རི་བོང་ལོ་ལ་འདོན། །ཅེས་ལུང་བསྟན་པ་ཨོ་རྒྱན་གྲུབ་པའི་སྙིང་པོའི་སྐྱེ་བ་སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱི་སྔ་ཤོས་རྡོར་འབུམ་ཆོས་ཀྱི་གྲགས་པས་བྱང་སྤྲ་དུན་རྩེའི་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་དངོས་གཞི་དང་། བྱམས་སྤྲིན་རྡོ་སྐུའི་འོག་ནས་ཁ་སྐོང་ཟུར་བཀོལ་བཅས་སྤྱན་དྲངས་ཏེ་སྙིགས་དུས་ཀྱི་འགྲོ་བ་མཐའ་ཡས་པའི་ལུས་སྲོག་སྐྱོབ་པར་མཛད་པ། འཆི་མེད་བདུད་རྩི་བུམ་པའི་དཔའ་བོ་གྱད་ལྔའི་ཐོག་མ་སྣོད་རུང་དབང་གི་གྱད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཅི་འབྱོར་པའི་མེ་ཏོག་དང་བཅས་ཏེ་མཎྜལ་འབུལ་བར་ཞུ། ཞེས་པས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གུ་རུ་མཁྱེན་རབ་རྡོ་རྗེ་དགོངས་སུ་གསོལ། །བདག་ཅག་ལུས་ངག་ཡིད་གསུམ་སྨིན་པའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྣོད་རུང་དབང་བསྐུར་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་དུ་མདུན་གྱི་ནམ་མཁར་གསང་བདག་སྨན་གྱི་བླ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་སོགས་བྱའོ་སྙམ་པས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་ཕྱིར་བསྔོ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །དེ་ལྟར་སྔོན་འགྲོའི་ཆོས་རྣམས་སོང་ནས། དབང་བླང་བའི་ཡུལ་གཏོར་མ་ལྷར་བསྐྱེད་པ་ཚིག་རིགས་དང་མཐུན་པའི་དམིགས་པ་མ་ཡེངས་པར་གསལ་ཐོབས། བླ་མ་རྩ་གསུམ་ཀུན་འདུས་སུ་གསལ་བའི་ཐུགས་ཀ་ནས་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ཞིག་འཕྲོས། གཏོར་མ་ལ་ཕོག་པས་གཏོར་གཞོང་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་ཐོད་པ་བུམ་རིལ་ཕྱི་དཀར་ལ་ནང་དམར་བའི་གཞལ་ཡས་ཁང་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ། གཏོར་རྫས་ཀྱི་དངོས་པོ་ནང་བཅུད་སྐྱེ་འགྲོ་རྣམ་པར་དག་པ་གསང་བདག་པད་འབྱུང་སྤྲུལ་པའི་བྱ་ཁྱུང་། རིགས་གསུམ་སྤྲུལ་པ་དུག་གསུམ་རྣམ་དག་གི་འཁོར་ཚོགས། ཕྱི་རོལ་གཞོམ་མེད་རྡོ་རྗེའི་གུར་རྫོང་ཁྲོ་བོ་བཅུ་དང་བཅས་པ། གཞན་ཡང་ཏན་གྷན་ཚོགས་ཀྱི་ཡོ་བྱད། ཕྱི་ནང་གསང་བའི་མཆོད་རྫས་ས་དང་བར་སྣང་གང་བ། དབང་རྟེན་ཡོངས་སུ་རྫོགས་པར་གྱུར་པ་དེ་ཉིད་ཚིག་གིས་གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། གང་ལའང་ཐོགས་དང་ཕམ་པ་མེད་པར་གྱུར། །ཞེས་པའི་བར་གྱིས་གསལ་ནན་ཏན་དུ་གདབ་ལ་སྔགས་རྣམས་ཅུང་ཟད་རེ་བཟླས་ལ་བྱིན་གྱིས་བརླབ་བོ། །དེ་ནས་དབང་བསྐུར་དངོས་ལ། དངོས་གཞི་གཏོར་དབང་ལྔ། མཐའ་རྟེན་གདམས་ངག་ལྔ་རྣམས་སུ་ཡོད་པ་ལས། གཏོར་དབང་དང་པོའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་དང་། ཁྱད་པར་དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཨཱོཾ་དང་བཅས་པ་བྱུང་། སློབ་མའི་དཔྲལ་བར་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུའི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། སྣོད་ནི་བནྡྷ་འབར་བའི་གཞལ་ཡས་ཁང་། །བཅུད་ནི་ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས། །རྫས་ནི་མཆོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །བུ་འདིར་ཤོག་སྐུ་ཡི་དབང་མཆོག་ཁྱོད་ལ་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཀཱ་ཡ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་བ་ལིཾ་ཏ་མ་ཧཱ་སིདྡྷི་ས་མ་ཡ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ། ཞེས་པ་ལྔའམ་གསུམ་གང་རུང་བརྗོད། བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཅེས་བདེན་པ་བརྗོད་ཅིང་མེ་ཏོག་གཏོར། དྲིལ་བུའམ་རོལ་ཆེན་བྱ། དེའི་མཐའ་རྟེན་ལྷ་བསྒོམ་པའི་རྗེས་སུ་གནང་བ་ནི། ཁྱེད་རང་རྣམས་ཐུགས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་གསལ་ཐོབ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཁྱེད་རང་རྣམས་ཀྱི་ལུས་སྣང་སེམས་གསུམ་གྱིས་བསྡུས་པའི་དངོས་འཛིན་ཐམས་ཅད་སྟོང་པར་སྦྱངས། རང་བཞིན་སྐྱེ་མེད་སོགས་ནས། གང་ལའང་ཐོགས་དང་ཕམ་པ་མེད་པར་གྱུར། དེ་ནི་ལུས་སྲོག་སྲུང་བའི་གོ་ཆ་ཡི་དམ་གྱི་ལྷ་བསྒོམ་པའི་གྱད་དེ། ཏིང་འཛིན་མི་འགྱུར་གནད་ཀྱི་གཟེར། །སྐུ་ནི་དངོས་སུ་སྟོན་པར་བྱེད། །ཅེས་གསུངས་པའི་དོན་ཡིན་པས་རྟག་ཏུ་བསྒོམ་འཚལ། གཏོར་དབང་གཉིས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་དང་། ཁྱད་པར་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་ཨཱཿཡིག་དང་བཅས་པ་བྱུང་། སློབ་མའི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །གསུང་གི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་མགྲིན་པར་གཏུག་ལ། སྣོད་ནི་བནྡྷ་སོགས་སྐུར་ཚིག་དངོས་གཞི་གོང་ལྟར་ལ་སྐུའི་དོད་དུ་གསུང་གི་དབང་མཆོག །ཀཱ་ཡའི་ཚབ་ལ་ཝཱ་ཀའི་འབྱིན་འཇུག་དང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞེས་འདོན་པ་བསྒྱུར། དེའི་མཐའ་རྟེན་སྔགས་བཟླ་བའི་རྗེས་སུ་གནང་བ་ཡིན་པས་གཙོ་འཁོར་གྱི་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛད་འཚལ། གཙོ་འཁོར་གྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །དེ་ནས་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། སྦྱོར་བ་བཞི་དང་ལྡན་པའི་རླུང་བུམ་པ་ཅན་ཟུངས་ལ་རྔུབ་པའི་དུས་འཇིག་རྟེན་གྱི་ཚེ་བཅུད་ཐམས་ཅད་རང་ལ་འདུས་ཤིང་། ཕྱིར་དབྱུང་བའི་ཚེ་ནད་གདོན་བར་ཆད་ཐམས་ཅད་བསལ་བར་མོས་མཛོད། ཅེས་བྱས་ལ་རླུང་འཛིན་དུ་གཞུག །དེ་ནི་བཟླས་པ་རླུང་སྔགས་ཀྱི་གནད་དེ། དྲག་སྔགས་མི་འགྱུར་གནད་ཀྱི་གཟེར། །གསུང་གི་ནུས་པ་ཐོད་རྒལ་འབྱུང་། །ཞེས་གསུངས་པའི་དོན་ཡིན་པས་བཟླས་པ་ལ་བརྩོན་འཚལ། གཏོར་དབང་གསུམ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་ཧཱུྃ་ཡིག་དང་བཅས་པ་བྱུང་། སློབ་མའི་སྙིང་ཁར་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཐུགས་ཀྱི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་སྙིང་ཁར་གཏུག །སྐུར་ཚིག་གོང་བཞིན་ལ་ཐུགས་ཀྱི་དབང་མཆོག །ཙིཏྟ་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སོགས་རིམ་བཞིན་འདོན་པ་བསྒྱུར། དེའི་མཐའ་རྟེན་ཏིང་ངེ་འཛིན་བསྒོམ་པའི་རྗེས་སུ་གནང་བ་ནི། རྩ་བ་རྡོ་རྗེའི་ཚིག་འདི་ལ་གསན་ཏེ་དབྱིངས་ཀ་དག་གི་ངང་དུ་མཉམ་པར་འཇོག་པ་ཞུ། མི་རྟོག་སྟོང་པར་བསྒོམ་པ་ནི། །སྣང་གྲགས་འཁོར་འདས་མ་ལུས་སེམས། །སེམས་ནི་སྐྱེ་འགག་གནས་གསུམ་བྲལ། །མདོག་དབྱིབས་ཚད་དང་དངོས་པོས་སྟོང། །སྟོང་པ་ཆེན་པོར་ཡེ་ནས་གནས། །ཞེས་མཉམ་པར་འཇོག་ཏུ་བཅུག །དེ་ནི་སྟོང་ཉིད་ལྟ་བའི་སྲུང་བ་སྒོམ་པ་ཏིང་འཛིན་གྱི་གྱད་དེ། དགོངས་པ་མི་འགྱུར་གནད་ཀྱི་གཟེར། །ཡང་དག་དོན་གྱི་ངོ་བོར་གནས། །ཞེས་གསུངས་པའི་དོན་ཡིན་པས་མཉམ་གཞག་དང་མི་འབྲལ་བ་ཞུ། གཏོར་དབང་བཞི་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིག་གསུམ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་དང་། ཁྱད་པར་ལྟེ་བ་དཔུང་པ་གཡས་ཀྱི་སྭཱ་ལས་འོད་ཟེར་སེར་པོ་དཔག་ཏུ་མེད་པ་སྭཱ་ཡིག་དང་བཅས་པ་བྱུང་སློབ་མའི་དཔུང་པ་གཡས་དང་ལྟེ་བར་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་དག །ཡོན་ཏན་གྱི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་དཔུང་པ་གཡས་དང་ལྟེ་བ། སྐུར་ཚིག་གོང་བཞིན་ལ། ཡོན་ཏན་དབང་མཆོག །གུ་ཎ། གུ་ཎ་ཨ་བྷི་ཥིཉྩ་སྭཱ། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སོགས་རིམ་བཞིན་འདོན་པ་བསྒྱུར། དེའི་མཐའ་རྟེན་དུ་འཇུག་པ་དབང་པོ་དང་བ་སྤུའི་སྒོ་འགེགས་པའི་ཕུར་སྨན་བྱིན་པས་རྡོ་རྗེའི་རྫོང་དུ་ཚུད་དེ་ནད་གདོན་བར་ཆད་ཀྱིས་ནམ་ཡང་གླགས་མི་རྙེད་པའི་མོས་པ་མཛོད། ཅེས་བྱས་ལ་སྲིན་ལག་གཉིས་ཀྱིས་ཕུར་སྨན་ཆབ་ཀྱིས་བྲན། སྒོ་དགུ་གཞན་རྣམས་ལ་དངོས་དང་མིག་གཉིས་ཀྱི་དོད་མཁུར་ཚོས་ལ་བྱུག་ཅིང་རྫས་ཕུར་མའམ་རིལ་བུའི་ཐུམ་བུ་གདགས། གཞུང་ལས། སྲུང་བ་ཉི་མའི་འོད་ཟེར་འདིས། །གདོན་བགེགས་སྤྲིན་ལྟར་གཏིབས་གྱུར་ཅིང་། །ནད་ངན་ཆུ་ལྟར་འབྲུབས་གྱུར་ཀྱང་། །ཉི་མས་གྲིབ་མ་དེད་དང་མཚུངས། །ཞེས་གསུངས་པས་དེ་ལྟར་གྱུར་པའི་གདིང་སྐྱེད་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་ཐལ་མོ་རྡེབ་མཛོད། ནད་ཐམས་ཅད་ལ་བྷྱོ། ནད་རིམས་ཐམས་ཅད་ལ་བྷྱོ། རིམས་ཐམས་ཅད་ལ་བྷྱོ། གདོན་ཐམས་ཅད་ལ་བྷྱོ། དེ་ནི་རང་སྲུང་ཕུར་མའི་གྱད་སྦྱིན་པ་སྟེ། དྲི་ཡལ་དུས་སུ་སྤོ་བར་བྱ། །སྲུང་བ་འདི་དང་མ་བྲལ་ན། །འགོ་བའི་ནད་ཀྱིས་ཚུགས་མི་འགྱུར། །ཅེས་གསུངས་པའི་དོན་ཕྱག་ལེན་དུ་བསྟར་བ་གལ་ཆེའོ། །གཏོར་དབང་ལྔ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིགས་གསུམ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་ཐུགས་ཀ་དང་ཁྱད་པར་གསང་གནས་དཔུང་པ་གཡོན་པའི་ཧྲཱིཿལས་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་ཧྲཱིཿཡིག་དང་བཅས་པ་བྱུང་། སློབ་མའི་དཔུང་པ་གཡོན་དང་གསང་གནས་སུ་ཐིམ་པས་སྒོ་གསུམ་བྱ་བ་དང་བཅས་པའི་སྡིག་སྒྲིབ་དག །ཕྲིན་ལས་ཀྱི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་དཔུང་པ་གཡོན་དང་གསང་གནས། སྐུར་ཚིག་གོང་བཞིན་ལ་ཕྲིན་ལས་དབང་མཆོག །ཀརྨ། ཀརྨ་ཨ་བྷི་ཥིཉྩ་ཧཱཿ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སོགས་རིམ་བཞིན་འདོན་པ་བསྒྱུར། དེའི་མཐའ་རྟེན་དུ་གནད་བཅུ་གསུམ་དང་ལྡན་པའི་གནམ་ལྕགས་རྡོ་རྗེ་ཁྲབ་རིང་གི་སྲུང་འཁོར་གདགས་པ་རྡོ་རྗེ་སྲིན་པོའི་གོ་མཚོན་གྱིས་ལུས་གཡོགས་ཏེ་ནད་གདོན་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མོས་མཛོད། སྲུང་འཁོར་ཆེ་འབྲིང་ཆུང་གསུམ་གང་རུང་རེ་རེ་བཞིན་ཡོད་ན་སྐབས་འདིར་གདགས། གཅིག་ལས་མེད་ན་ཐམས་ཅད་ཀྱི་མགོར་བཞག །དེ་ནི་ཆིག་རྐྱ་ཐུབ་པ་འཁོར་ལོའི་གྱད་ཀྱི་སྲུང་བ་སྟེ། གཞུང་ལས། ཡིད་བཞིན་ནོར་བུ་འདྲ་བ་ཡི། །གནམ་ལྕགས་རྡོ་རྗེའི་སྲུང་བ་འདིས། །འགོ་བའི་ནད་ཐུབ་སྨོས་ཅི་དགོས། །གནམ་ལྕགས་འབར་བའི་ཐོག་ཀྱང་ཐུབ། །འཆི་བདག་བདུད་ཀྱང་བཟློག་པར་འགྱུར། །དེ་ཕྱིར་ཀུན་ཐུབ་རྡོ་རྗེ་ཡིན། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པས་ལུས་དང་མ་བྲལ་བར་འཆང་བ་ཙམ་གྱིས་དོན་འགྲུབ་པ་སྟེ། འཕྲོ་འདུ་ཕྱག་རྒྱ་མི་འགྱུར་གཟེར། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱེད། །ཅེས་གསུངས་པའི་དོན་ལ་སྙེགས་པའོ། །དེ་ལྟར་དབང་རྫོགས་པར་ཐོབ་པས་ཁྱེད་རང་རྣམས་ཐ་མལ་གྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་གྱུར་ཏེ། ལུས་ལྷ་སྐུ་སྣང་སྟོང་། ངག་སྔགས་གྲགས་སྟོང་། སེམས་ཀ་དག་རིག་སྟོང་གཞོམ་མེད་རྡོ་རྗེའི་རང་བཞིན་དུ་གྱུར་ནས་འདོད་ཡོན་ལམ་གྱི་གྲོགས་སུ་ཁྱེར་ཞིང་ཕྲིན་ལས་རྣམ་པ་བཞིས་གང་ལ་གང་འདུལ་གྱི་དོན་རྒྱུན་ཆད་མེད་པར་མཛད་པའི་ང་རྒྱལ་བསྐྱེད་མཛོད། དེ་ནས་ཚོགས་ཀྱི་ཡོ་བྱད་ལ་ལས་ཀྱི་རྡོ་རྗེ་བསང་ཆུ་འཐོར། སློབ་དཔོན་གྱིས་འདི་ལྟར་གྱེར་བསྒོམ་བྱ། བདག་གི་ཐུགས་ནས་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ། །ཨོཾ་འཕྲོས་ཚོགས་ཀྱི་མ་དག་ཉེས་ཀུན་སྦྱངས། །ཨཱཿའཕྲོས་འདོད་ཡོན་དྲུག་གི་མཆོད་པར་བསྒྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་པས་བྱིན་བརླབ། གཙང་མའི་སྣོད་དུ་བཏེགས་ལ། གུ་རུ་ཨོཾ་ཨཱ་ཧཱུྃ་ག་ཎ་ཙཀྲ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨཱ་སངྒྷ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱི་མཐར། སྤྲོ་ན། རྒྱལ་བ་ཀུན་འདུས་གུ་རུ་སྨན་གྱི་བླ། །གསང་བདག་སྤྲུལ་པའི་བྱ་ཁྱུང་དུག་གསུམ་འཁོར། །རྩ་གསུམ་དམ་ཅན་སྨན་གྱི་སྲུང་མ་སོགས། །མཆོད་འོས་མགྲོན་གྱི་རིགས་སུ་གྱུར་རྣམས་ལ། །སྨན་ཞལ་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཡི། །ག་ཎ་ཙཀྲའི་ལོངས་སྤྱོད་མཆོག་འབུལ་གྱིས། །བཞེས་ནས་དབང་དང་བྱིན་རླབས་བསྩལ་དུ་གསོལ། །ཞེས་བརྗོད་ལ་ཚོགས་ཕུད་སློབ་དཔོན་གྱིས་ཕྱོགས་བཞིར་གཏོར། རང་ཉིད་ལྷར་གསལ་བས་རོལ་ཏེ་ནང་གི་སྦྱིན་སྲེག་བྱ། ཚོགས་ཀྱི་དངོས་གྲུབ། སིདྡྷི་ས་མ་ཡ་ཨ་ཧོཿསུ་ཁ་ཧོཿ ཞེས་པས་སློབ་བུ་རྣམས་ཀྱི་ལག་གཉིས་སུ་སྦྱིན། དེས་ཀྱང་། སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་ལ་རོལ། གཏོར་མ་འདི་ལ་ཤེས་དུས་གསུམ་དུ་ཡོད་པ་ལས་ད་ལྟའི་སྐབས་འདིར་ངོ་བོ་གཏོར་མ་ལ་རྣམ་པ་དངོས་གྲུབ་ཏུ་ཤེས་ནས་རོལ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་དབྱིག་ཆེན་པོ་ཐོབ་པར་མོས་མཛོད། ཅེས་བྱས་ལ་གོང་གི་སྔགས་ཀྱིས་སྦྱིན་ལེན་བཅས་དབང་གཏོར་སློབ་བུ་རྣམས་ལ་བཀྱེ། བཀའ་སྲུང་གཏོར་མ་གཙང་ཕུད་ཀྱིས་བྲན། ཨོཾ་ཨཱཿཧཱུྃ། ལན་གསུམ། འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །སྨན་གྱི་བཀའ་སྲུང་མཐུ་ཆེན་དྲེགས་པ་དགུ །གཏེར་བདག་དམག་དཔོན་ཡང་ལེ་བེར་རྣམས་ལ། །འབུལ་ལོ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རིག་འཛིན་པདྨའི་བཀའ་བཞིན་སྙིགས་དུས་འདིར། །གསོ་རིག་བསྟན་པ་དར་ཞིང་ནད་རིགས་འཇོམས། །བདག་ཅག་དཔོན་སློབ་བསམ་དོན་འགྲུབ་པར་མཛོད། །ཅེས་པས་བསྔོས་ལ་རོལ་མོ་བཅས་གཙང་སར་ཕུལ། འབྲེལ་ཆགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་དང་། འཆི་མེད་བདུད་རྩིས་སྒྲིབ་གཉིས་དྲི་མ་འཁྲུད། །རྣམ་དག་དབང་གི་ཆུ་རྒྱུན་བུམ་པའི་བཅུད། །མ་ལུས་སེམས་ཅན་ཀུན་ལ་ཁྱབ་ནས་ཀྱང་། །རྒྱུ་འབྲས་ནད་རྣམས་ཞི་བའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །དེ་དག་གིས་འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་དབང་གི་ཆོ་ག་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་གི་རིམ་པ་ཅི་ནུས་སུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱས་པས་གྲུབ་བོ། །སྔགས་འཆང་དབང་པོའི་སྡེའི་ཞལ་ནས། སློབ་དཔོན་ཆེན་པོ་པདྨའི་དགོངས་པའི་ཀློང་། །རྟོལ་ཕྱིར་སྤྲུལ་འཁོར་གསུམ་སོགས་ཞུས་པའི་ལན། །གསོ་སྤྱད་བདུད་རྩི་བུམ་པ་མ་བུའི་སྐོར། །གསང་སྔགས་ལམ་གྱི་རིམ་པ་རྩ་འགྲེལ་བཅས། །བསྟན་པ་སྲུང་ཕྱིར་སྐུ་དགྲ་བསྒྲལ་ཐབས་ཏེ། །རྣམ་པ་གསུམ་ལ་སོགས་ཏེ་མདོར་བསྡུ་ན། །གུ་རུ་པདྨས་མཛད་པའི་རིག་པའི་གནས། །ཐམས་ཅད་ཀུན་གྱི་སྣོད་རུང་འདིས་ཆོག་གོ །ནད་པ་གསོ་བ་ལ་ཡང་སྔོན་ཉིད་དུ། །སྣོད་རུང་བྱས་ལ་དེ་ནས་སྨན་དཔྱད་སོགས། །བཏང་བས་ནུས་ཆེ་འཇུག་ལ་བཀྲ་ཤིས་སོ། །སློབ་བུ་ཡོན་བདག་སྙིང་དང་འདྲ་བ་ལ། །སྲུང་བ་མན་ངག་སྦྱིན་པར་བྱེད་ན་ཡང་། །སྔོན་ལ་སྣོད་རུང་བྱས་ལ་སྲུང་ཡོན་གྱི། །མེ་ཏོག་འབུལ་དུ་བཅུག་ལ་སྲུང་བ་བཏགས། །དེ་ལྟར་བྱས་པས་གདག་བྱ་དག་ལ་ཡང་། །བར་གཅོད་གདོན་གྱི་གནོད་པས་མི་ཚུགས་སོ། །ཞེས་གཞུང་དོན་མདོར་བསྡུས་པའི་ཚུལ་གྱིས་གསུངས་པ་ལྟར་དགོས་པ་དང་ལྡན་ཞིང་། ནད་པ་གསོ་བ་དང་། སྲུང་བ་འདོགས་པ་དང་། སྨན་དང་སྔགས་དང་རྟེན་འབྲེལ་གྱིས་གཞན་དོན་མཛད་པ་པོ་རྣམས་ནས་ཀྱང་འདིའི་སྨིན་བྱེད་ཐོབ་ན་གནད་དོན་ཆེ་ཞིང། དུས་ངན་གྱི་རང་མདངས་ནད་ཀྱི་དུ་རུཥྐ་དང་རྟག་ཏུ་འགྲོགས་པ་ལའང་འདིའི་སྲུང་བའི་གོ་ཆ་མེད་ཐབས་མེད་པས་སྙིང་ནོར་དུ་འཆང་བར་འཚལ་ལོ། །སྟོད་གཏེར་མཁའ་འགྲོའི་ཁ་རླངས་ཅན། །རིག་འཛིན་བརྒྱུད་ལས་ལེགས་འོངས་པ། །འགྲོ་སྐྱོབ་སྲོག་གི་གོ་འདི་ཡང་། །དུས་ཀྱི་དབང་གིས་ནུབ་ཉེ་བས། །འདི་བྱས་དགེ་བས་ཆོས་འདི་ཡིས། །རྒྱུན་དུ་འགྲོ་ལ་མི་འཇིགས་པའི། །སྦྱིན་པས་མཁའ་ཁྱབ་དེ་ཀུན་ཀྱང་། །སྨན་གྱི་བླ་མའི་དཔལ་ཐོབ་ཤོག །འདིའང་སྐྱེ་དགུའི་ཕྱི་དང་ནང་གི་ལུས་སྲོག་འཚོ་བ་ལ་སྨོན་ལམ་དང་ཐུགས་རྗེའི་མཐུ་གྲུབ་པ་སྨན་པའི་རྒྱལ་པོ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་ལས་ཐོབ་པ་ན། རང་གཞན་ལ་ཕན་འདོད་ཀྱི་བསམ་པས་ཡིག་ཆ་རྙིང་པའི་ལུས་ལ་ལུང་དང་མཚམས་སྦྱོར་གྱི་ལང་ཚོས་སྤྲས་ཏེ་ཁྱེར་བདེ་བཀླག་ཆོག་ཏུ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།

ཚེ་ལྷ་རྣམ་གསུམ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ་ (Volume 49, Text 30)

༄༅། །ཚེ་ལྷ་རྣམ་གསུམ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་ཨཱ་ཡུརྡེ་བེ་བྷྱཿ བླ་མ་ཚེ་ལྷའི་རྣལ་འབྱོར་ལ། །བརྟེན་ནས་འཆི་མེད་འགྲུབ་འདོད་ན། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་བློས། །སྐྱབས་སེམས་སྔོན་སོང་འདི་ལྟར་བསྒོམ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་སྤྱི་བོ་རུ། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབ། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པས། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་རྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་བཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །དེ་ནས་སྤྲོ་ན་ཡན་ལག་བདུན་པ་རྒྱས་པ་གཞན་དང་བཅས་ཕྱག་འཚལ། མཎྜལ་ཅི་ནུས་འབུལ། མདོར་བསྡུ་ན། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ལན་གསུམ། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་པ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་པ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་རྣམས་ཇི་ལྟར་རིགས་པ་བཟླས་མཐར། ཐུན་བསྡུ་བ་ན། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་ངང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་པའི་དོན་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་དང་བཅས་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ལ་ཕྱག་བསྐོར་བྱ་བ། མདོ་བཀླག་པ། སཱཙྪ་གདབ་པ། ཆུ་གཏོར་སོགས་དགེ་བའི་བྱ་བ་ལ་བརྩོན། དེ་ལྟར་རྩེ་གཅིག་འབད་པས་གནས་སྐབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་། བསོད་ནམས་དང་། བློ་གྲོས་རྒྱས་པ་སོགས་ཕན་ཡོན་དཔག་ཏུ་མེད་ཅིང་། ཤི་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པར་འགྱུར་བ་ནི་ངེས་པ་འོ། །འདི་ཡང་བླ་མའི་བྱིན་རླབས་ནི། །བདུད་རྩིས་ཕྱེས་པའི་ཨུཏྤལ་ཏེ། །ཟབ་དོན་བཅུད་ཀྱིས་འགྲོ་བ་ཀུན། །འཆི་མེད་གྲུབ་པ་ཉིད་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །མངྒ་ལཾ་བྷ་བ་ཏུ།། །། ༈ ཆོ་ག་འདི་ཉིད་འཆི་མེད་འཕགས་མའི་སྙིང་ཐིག་གི་ཡན་ལག་ཏུ་བཞེད་པ་ལྟར་གཞན་ཕན་རྒྱ་ཆེར་འབྱུང་སླད་གཏེར་མཛོད་ཀྱི་ཆོས་སྡེར་སྤར་གསར་དུ་བསྒྲུབས་ཏེ་བཞུགས་སུ་གསོལ་བའོ།། །།

དགྲ་རྐུན་ཇག་པ་ལ་སོགས་ལ་གསར་རྙིང་མང་པོ་ནས་བཅུད་བསྡུས་ཏེ་དགྲ་ཆིངས་འཁོར་ལོ་ (Volume 45, Text 30)

༄༅། །དགྲ་རྐུན་ཇག་པ་ལ་སོགས་ལ་གསར་རྙིང་མང་པོ་ནས་བཅུད་བསྡུས་ཏེ་དགྲ་ཆིངས་འཁོར་ལོ་བཞུགས་སོ། ། ན་མོ་པདྨཱ་ཀ་ར་ཡ། དགྲ་དང་ཇག་པ་ལ་སོགས་དོགས་པ་ཚ་བའི་ས་ཆར། སྒར་པ་གཤར་དགོས་པའམ་རང་གི་བྲང་ང་རྫེས་པ་སོགས་ལ་དགྲ་ཇག་གིས་ཉེན་པའི་ས་ཡིན་ན་དགོས་པ་གལ་ཆེ། གསར་རྙིང་མང་པོ་ནས་བཅུད་བསྡུས་དགྲ་ཆིངས་ཀྱི་འཁོར་ལོ་ཆུ་རླུང་སོགས་ལ་བསྐོར་བ། ལག་འཁོར་ཡང་རུང་སྟེ་མཁར་དྲུང་བ་སོགས་ཀྱིས་དགྲ་ཆིངས་ལག་འཁོར་བྱེད་པའི་ཕྱིར་རོ། །དེ་ལས་དང་པོ་གྲོ་ཤོག་གང་རུང་ལ་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའམ། ཕྱི་མུ་ཁྱུད་དྲ་ས་དང་དྲུབ་ས་ཡིན། དེ་ཡི་ནང་གི་མུ་ཁྱུད་ལ་སྔགས་རིང་ཐམས་ཅད་བྲི། དེའི་ནང་གི་མུ་ཁྱུད་ལ་ལིངྒ་གནས་ཡིག་བཅས་སྤྱི་ལྟར་ལས་ས་ལྟའི་སྔགས་མགོ་ཕྱི་དང་། གནམ་ལྟའི་སྔགས་མགོ་ནང་དུ་དོད་པར་བྱ། སྔགས་མགོ་དབུས་ནས་སྔགས་མཇུག་ཕྱི་ལ་ཐོན་པར་བྱ། གཉིས་ཀའི་ལིངྒའི་ལྟེ་བར་ཛ་ཁ་སྤྲོད། ཁ་སྤྲོད་ཀྱི་བར་དུ་ནྲྀ་ཡིག་བྲི། དེ་ཡི་རྒྱབ་ནས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། དགྲ་ཇག་ཆོམ་རྐུན་ཐམས་ཅད་ཛཿཧཱུྃ་བཾ་ཧོཿ གནོད་པར་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་རུ་ཏི་ཐུལ་ཐུལ་མྱོག་མྱོག་ཡེང་ཡེང་ཤ་མ་རུ་ཏི་ཁུག་ལིང་མྱོག་ལིང་ཤ་ལིང་ཐུཾ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ཞེས་བྲིས་ལིངྒའི་ཕྱི་ནས། ཨོཾ་ཡ་མ་ཀིང་ཀཾ་ཁ་ཏྲུཾ་ནྲྀ་མྱོག་དགྲ་བོ་ཇག་རྐུན་ཐམས་ཅད་ཝཱ་ཀ་སཏྭམྦྷ་ཡ་ནན། བིགྷྣཱན་ཏྲི་ཐུན་ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབ་བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ་དགྲ་བོ་ཇག་རྐུན་ཐམས་ཅད་སཏྭམྦྷ་ཡ་ཡཀྵ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ས་མ་ཡ་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་གནོད་པར་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཅེས་བྲིའོ། །དེ་ནི་ཀིང་ཀང་སྔགས་རིང་སྟེ་འདྲ་མིན་མང་ཡང་མཁར་དྲུང་བའི་སྤར་མ་ལས་བཤུས་པ་ཡིན་པས་དག་པར་ཡོད། ༈ དེ་ནས་ས་ལྟ་ལ་དུར་ཁྲོད་བདག་པོ་འདི་བྲིའོ། །ཨོཾ་ཤ་ལངྐ་ཤ་ལངྐ་དུར་དུར་ཧབ་ཤ་ཧབ་ཤ་རྒྱུག་ཅིག །རྒྱུག་ནས་སོད་རྒྱུག་ནས་སོད། སྐྱུག་ཅིག་སྐྱུག་ཅིག །སྐྱུག་ནས་སོད་སྐྱུག་ནས་སོད། དུ་ན་དུར་དྷ་རྨུག་དྷ་རྨུག་དྷ་ཡེ་སྭཱ་ཧཱ། དགྲ་བོ་ཇག་པ་རྐུན་མ་ཐམས་ཅད་ཀྱི་ཁ་ཆིངས་ཤིག་མཆུ་སྡོམས་ཤིག །ཅེས་བྲི་འོ། །དེ་ནི་དབང་ཕྱུག་ཤ་ལངྐའི་སྔགས་ཏེ་དྲེགས་པའི་གཞུང་ཆེན་སོགས་ནས་བྱུང་བའི་དགྲ་རྐུན་གཅན་གཟན་བཙན་པོ་རྣམས་ཀྱི་ཁ་ཆིངས་ཡིན། གཏེར་ཁ་མང་པོ་ནས་བྱུང་ངོ་། །ས་ལྟའི་ལིངྒའི་ཕྱི། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། ཨོཾ་བཏྟཱ་ལི་བ་དཱ་ལི་བཱ་རཱ་ཧ་མུ་ཁཱི་སརྦ་དུཥྚཱཾ་པྲ་དུཥྚཱཾ་ཙཀྵུཿམུ་ཁཾ་བྷནྡྷ་བྷནྡྷ་མུ་ཁི་ཛམྦྷ་ཡ། སཏྭམྦྷ་ཡ། མོ་ཧ་ཡ་སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན་མའི་ལས་ཚོགས་སྔགས་རིང་འདི་རྟོགས་པ་ལས་བྱུང་བའི་ཉམས་མྱོང་དང་བཅས་པ་ཡིན། དེའང་མཐུད་པ། ཨོཾ་ཀ་ཤ་ཀ་ཤ་བྲག་ཐལ་བྲལ་ཐལ། སྙིང་ལ་ཆོད་ཆོད། ཡ་ཡ་ཙེ་ཙི། ནན་རྦད་རྦད། ཁ་ལ་རཀྴ་རྦད། སྙིང་ལ་རཀྴ་རྦད། རུས་ལ་རཀྴ་རྦད། རྩ་ལ་རཀྴ་རྦད། ཤ་ལ་རཀྴ་རྦད། ཁྲག་ལ་རཀྴ་རྦད། གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད། དགྲ་བོའི་ལུས་ངག་ཡིད་གསུམ་ཆིངས་ཤིག །སཏྭམྦྷ་ཡ་ནན། དགྲ་བོ་ཇག་རྐུན་མཱ་ར་ཡ་རེངས་རྨུག་མྱོག་འཐིབ་འཐིབ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །འདི་ནི་བྱ་མང་བརྩོན་འགྲུས་གྲགས་པ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བའི་རྐུན་ཆིངས་ར་རུ་མའི་སྔགས་ཡིན། གནམ་ལྟའི་ཤ་ལངྐའི་གོང་དུ། དུར་ཁྲོད་བདག་པོའི་སྔགས་འདི་བྲིས་ཀྱང་ལེགས་པས། ཨོཾ་གྷྲི་རཱ་ཛ་བྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་མ་ཧཱ་ཐར་ནི་དགྲ་ཇག་ཆོམ་རྐུན་ཐམས་ཅད་བྷནྡྷ་བྷནྡྷ་ཆིངས་ཤིག་སྭཱ་ཧཱ། ཞེས་བྲི། གཉིས་ཀའི་ཕྱི་ནང་མུ་ཁྱུད་གཅིག་བསྐོར་བས། ཧཱ་སྭཱཿཎ་མ་ཤྲ་ཧཱ་མ་དཱི་བཱ་བཾ་ཨེ་ཅེས་རྟེན་འབྲེལ་ལོག་པ་ཨོཾ་བར་བྲི། ཨོཾ་མུ་ནེ་ཙཽ་ར་མུརྐ་ཙོ་ཙོ་སྭཱ་ཧཱ། ཇག་པ་ཆོམ་རྐུན་ཛ་ལ་མརྡྷ་ཡེ་ཁུག་ཅིག་སྭཱ་ཧཱ། ཞེས་འདོད་གསོལ་བཅས་པ་བྲི། དམིགས་བསལ་དུ་ཡོད་ཚེ་འདིར་མིང་བྲི་ཆོག་གོ །ལིངྒ་ལ་རམས་ཀྱིས་བྱུག །ལིངྒ་ལྟེ་བར་ལྷ་དབྱེའི་རྫས་དང་སྨྱོ་ཁྲག །སེམས་ཅན་མགོ་འཁོར་ཤི་བའི་ཤ་ཁྲག་བྱུག །ཐམས་ཅད་ཐང་ཕྲོམ་འབྲུ་དང་བཙན་དུག་སྔོ་ཚ་བ་གསུམ་གྱིས་བྱུག་གོ །དང་པོ་འཁོར་ལོར་ཀིང་ཀང་གི་འགུགས་གཞུག་དང་། ལྷ་དབྱེ་རྟགས་ཐོན་བྱ། འཁོར་ལོའི་སྔགས་རྣམས་རབ་གནས་ཀྱི་ཚུལ་དུ་ཐུན་རྫས་སྔགས་ལ་བྲབ་ནས། ཚོན་སྐུད་སོགས་ཀྱིས་བཙེམ། གྲི་ལྕགས་སམ་ཤིང་སྤམ་ནག་གིས་སྲོག་ཤིང་བྱས་ལ་ཆུ་རླུང་སོགས་ལ་བསྐོར་བའོ། །ལག་འཁོར་དུ་བྱེད་རུང་ངོ་། །ད་དུང་ཞལ་ཤེས་འགའ་རེ་དང་ལག་ལེན་མཐོང་བརྒྱུད་ལས་ཀྱང་ཤེས་དགོས་པ་ཡོད་དོ། །ཞེས་པ་འདིའང་གཉེར་པ་ཆོས་འཕེལ་གྱིས་བསྐུལ་བའི་ངོར། སྔགས་འཆང་ཨ་རཱ་གས་བྲིས་པའི་དགེ་བས་ཆོས་བྱེད་སྒྲུབ་པ་རྣམས་དགྲ་རྐུན་ལས་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ།། ཞལ་ཤེས་འགའ་རེ་ཡོད་ཟེར་བ་ནི། ལག་འཁོར་བྱེད་ན་ནྲྀ་ཡིག་ནས་སྲོག་ཐུར་འཁོར་སྦུད་ལང་ཐད་རྩེ་དགོས། ཐོན་ན་ཀིང་ཀང་ངམ་གླང་རུའི་ཞོར་སྒྲུབ་དང་། དུར་ཁྲོད་བདག་པོའི་གཏོར་འབུལ། རྙིང་མ་སྤྱིའི་ཐུན་གཏོར་དང་དགྲ་ཆོས་བསྡུས་པ་ཐོན་ན་ལེགས། བཀྲ་ཤིས། སརྦ་མངྒ་ལཾ།། །། ༈ གནམ་ལྟའི་སྔགས་འཁོར་ནི། ཛནྲྀ<!TCC Tibetan character 4,146 undefined in unicode!> ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། དགྲ་བོ་ཇག་རྐུན་ཐམས་ཅད་ཛཿཧཱུྃ་བཾ་ཧོཿ དགྲ་རྐུན་ཇག་པའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་རུ་ཏི་ཐུལ་ཐུལ་མྱོག་མྱོག་ཡེ་ཡེ་ཤ་མ་རུ་ཏི་ཁུག་ལིང་མྱོག་ལིང་ཤ་ལིང་ཐུཾ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ལིངྒ་ཕྱི་མགོ་ནས། ཨོཾ་ཡ་མ་ཀིང་ཀང་ཁ་ཏྲུཾ་ནྲྀ་མྱོག་དགྲ་བོ་ཝཱཀ་སཏྭམྦྷ་ཡ་ནན། ཏྲི་ཐུན་ཏི་ཤན་སྤུར་ཐུན་སྤུར་བྲུབ་བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ་དགྲ་བོ་ཇག་རྐུན་སཏྭམྦྷ་ཡ་རཀྵ་ནན། དྲུན་དྲུན་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་ཡ་མ་དུན་ཏྲི་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་དགྲ་རྐུན་ཇག་གསུམ་ཐམས་ཅད་ཀྱི་ཁ་ཆིངས་ཤིག །ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། བདྞཱ་་ལི་བ་དཱ་ལི་བཱ་རཱ་ཧ་མུ་ཁཱི་སརྦ་དུཥྚཱན་པྲ་དུཥྚཱན་ཙཀྵུཿམུ་ཁཾ་བྷནྡྷ་བྷནྡྷ་མུ་ཁཾ་ཛཾ་བྷ་ཡ་སཏྭཾ་བྷ་ཡ་མོ་ཧ་ཡ་སྭཱ་ཧཱ། དགྲ་རྐུན་ཇག་གསུམ་ཐམས་ཅད་ཆིངས་ཤིག་ཨོཾ་ཀ་ཤ་ཀ་ཤ་བྲག་ཐལ་བྲག་ཐལ་སྙིང་ལ་ཆོད་ཆོད་ཡ་ཡ་ཙེ་ཙེ་ནན་ནན་ཁ་ལ་རཀྴ་རྦད་སྙིང་ལ་རཀྴ་རྦད་རུས་ལ་རཀྴ་རྦད། རྩ་ལ་རཀྴ་རྦད་ཤ་ཁྲག་ལ་རཀྴ་རྦད་གཟུགས་ཕུང་ལ་རཀྴ་རྦད། དྲན་རིག་ལ་རཀྴ་རྦད་དགྲ་བོའི་ལུས་ངག་ཡིད་གསུམ་ཆིངས་ཤིག་སཏྭམྦྷ་ཡ་ནན་དགྲ་ཇག་ཆོམ་རྐུན་མཱ་ར་ཡ་རེངས་རྨུག་འཐིབ་འཐིབ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བོ་ཇག་རྐུན་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཧཱ་སྭཱ་ཎ་སོགས་རྟེན་འབྲེལ་ལོག་པ་བྲི། ཨོཾ་མུ་ནེ་ཙཽ་ར་མུར་རྒྱ་ཙེ་ཙེ་སྭཱ་ཧཱ། ཇག་ཛ་ལ་མ་དྷ་ཡེ་ཁུག་སྭཱ་ཧཱ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་གནོད་པར་བྱེད་པའི་དགྲ་བོ་ཇག་རྐུན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཆིངས་ཤིག་མཆུ་སྡོམས་ཤིག་རྐང་ལག་ཆིངས་ཤིག ༈ །ས་ལྟའི་ཡིག་མགོ་ཕྱིར། ལིངྒའི་སྙིང་གར། ཛནྲྀ<!TCC Tibetan character 4,146 undefined in unicode!> མགོ་ནས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། དགྲ་བོ་ཇག་རྐུན་ཐམས་ཅད་ཛཿཧཱུྃ་བཾ་ཧོཿ དགྲ་རྐུན་ཇག་པའི་བླ་ཤ་རེ་མ་ཏི་སོགས་བླ་འགུགས་སྔགས། ཛཿཧཱུྃ་བཾ་ཧོཿལིངྒ་ཕྱི་ནས། ཨོཾ་ཡ་མ་ཀིང་ཀཾ་ཁ་ཏྲུཾ་ནྲྀ་མྱོག་དགྲ་བོ་ཝཱ་ཀ་སཏྭམྦྷ་ཡ་ནན་བིགྷྣཱན་ཏྲི་ཐུན་ཏཱེ་ཏྲི་ཤན་ཏྲི་ཤན་སྦུར་ཐུན་སྦུར་བྲུབ་བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ་དགྲ་སྲི་རྐུན་མ་ཐམས་ཅད་སཏྭཾ་བྷ་ཡ་རཀྴ་ནན། ཨོཾ་ཏྲུཾ་ཏྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་ཡ་མ་དུན་ཏྲི་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་ནན་ཆིངས་ཤིག །ཨོཾ་གྷྲི་རཱ་ཛ་གྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐར་ནི་དགྲ་ཇག་ཆོམ་རྐུན་ཐམས་ཅད་བྷནྡྷ་བྷནྡྷ་སྭཱ་ཧཱ། ཨོཾ་ཤ་ལངྐ་ཤ་ལངྐ་དུར་ཧབ་ཤ་ཧབ་ཤ་དགྲ་བོ་ཇག་རྐུན་ཐམས་ཅད་ཀྱི་སྲོག་ཙིཏྟ་ལ་ཤ་མ་མ་འགུ་འགུ་ཤག་ཤག་རྦད་རྦད་རྒྱུག་ཅིག་རྒྱུག་ཅིག་རྒྱུག་ནས་སོད་རྒྱུག་ནས་སོད། རྒྱུག་ཅིག་རྒྱུག་ཅིག་རྒྱུག་ནས་སོད་རྒྱུག་ནས་སོད། དུ་དྷ་དུ་དྷ་མུར་དྷ་མུར་དྷེ་ཡེ་སྭཱ་ཧཱ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་རྐུན་ཇག་གསུམ་ཐམས་ཅད་ཁ་ཆིངས་ཤིག །སྤྱང་ཀི་འཕར་བ་གསའ་གཡི་དོམ་དྲེད་སོགས་གནོད་བྱེད་གཅན་གཟན་ཐམས་ཅད་ཀྱི་རྐང་ལག་སྡོམས་ཤིག་མཆུ་ཆིངས་ཤིག །ས་ལྟ་གཉིས་ཀྱི་ཕྱི་མ་ལ། ཧཱ་སྭཱ་ཎ་མ་བྲི། ཨོཾ་མུ་ནེ་རྩོ་རྩོ་མུ་རྒྱ་རྩོ་རྩོ་སྭཱ་ཧཱ། ཇག་པ་ཛ་ལ་མ་དྷ་ཡེ་ཁུག་སྭཱ་ཧཱ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་པར་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐུཾ་མཆུ་ཆིངས་རྐང་ལག་ཆིངས་ཤིག །ཚག་མེད་དང་བསྐུང་ཡིག་མེད་པ་བྲི། མངྒ་ལཾ།། །།

ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་སྒྲུབ་ཐབས་ཚིག་དོན་རབ་གསལ་ (Volume 20, Text 30)

༄༅། །ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་སྒྲུབ་ཐབས་ཚིག་དོན་རབ་གསལ་བཞུགས་སོ།།ཡང་ཟབ་བཀའ་རྒྱ་ཅན་ྀཨཚཿ ྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ང༔ ཚེ་དཔག་མེད་ཀྱི་ངོ་བོ་སྟེ༔ དེ་ཕྱིར་ཚེ་ཡི་སྒྲུབ་པ་བསྟན༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་སྟེ༔ སྔོན་འགྲོ་དཀྱིལ་འཁོར་རབ་འབྲིང་ཐ་མའི་དབུས༔ ཚེ་བུམ་ཆས་རྫོགས་བུམ་རྫས་བཅས་བཤམས་པའི༔ གཡས་སུ་ཚེ་གཏོར་ཚེ་འབྲང་རིལ་བུ་དང༔ གཡོན་དུ་ཚེ་ཆང་ཚེ་མདའ་དར་དམར་བརྒྱན༔ གོང་ངམ་རྒྱབ་ཏུ་རྩ་གསུམ་སྤྱི་གཏོར་བཤམ༔ ལྷ་ཙཀ་ཕྲེང་བ་རྡོ་རྗེ་མེ་ལོང་སོགས༔ སྒྲུབ་དབང་རྫས་རྣམས་ཕྱི་ནང་གང་རིགས་དང༔ མདུན་དུ་སྨན་རཀ་གཏོར་ཚོགས་མཆོད་རྫས་རྣམས༔ དགོས་པའི་བཤམ་བཀོད་ཡོ་བྱད་ཚང་བར་བྱ༔ སྔོན་གཏོར་བྱིན་བརླབས་དཀར་ཕྱོགས་རྣམས་ལ་འབུལ༔ ནག་ཕྱོགས་བགེགས་རིགས་ཀུན་གཟིར་བསྐྲད་འཆིང་ནི༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ བདག་ཉིད་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་གྲི་གུག་ཐོད་ཁྲག་བསྣམས་པ། ཁྲོ་བོའི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་འདོར་སྟབས་དྲེགས་པ་གནོན་ཅིང་། དབུ་གཙུག་རྟ་སྐད་འཚེར་བས་སྣང་སྲིད་དབང་དུ་སྡུད་ཅིང་གདོན་བགེགས་འབྱུང་པོ་རྣམས་འདུལ་བའི་བདག་པོར་གྱུར་པར་བསམ་ལ་ཏིང་ངེ་འཛིན་དང་ཕྱག་རྒྱས་ཕྱོགས་བཞི་མཚམས་བརྒྱད་ཀྱི་བགེགས་རིགས་བཀུག་ལ། གཉིས་པ་བཀའ་བསྒོ་གཏོར་མ་སྦྱིན་ནས་མཐར་བསྐྲད་ཅིང་མཚམས་བཅད་པ་ནི། ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་རང་སར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ བདག་ཉིད་དཔལ་ཆེན་རབ་ཁྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་མ་འདུག་རང་སར་དེངས༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བྲབ་བོ། །ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་བའི་གུར་ཁང་དུ་བསམ་མོ། །གསུམ་པ་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུ་པ་འབུལ་བ་ནི། ན་མོ༔ བདེ་གཤེགས་རྒྱལ་བ་ཀུན་འདུས་ཚེ་དཔག་མེད༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་མ་ལུས་རྣམས༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ བདག་གིས་སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སངས་རྒྱས་རིགས་འདུས་ཚེ་དཔག་མེད་བསྒྲུབས་ནས༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ འགྲོ་དྲུག་སེམས་ཅན་བསྒྲལ་བར་དམ་བཅའ་འོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ སྐུ་གསུམ་རྣམ་དག་ཞིང་ཁམས་གསུམ་དུ་བཞུགས༔ རྣལ་འབྱོར་བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་བཞེས་སུ་གསོལ༔ ཉམས་ཆག་སྡིག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་བླ་མེད་དོན་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་འགྲོ་བ་སེམས་ཅན་དོན་དུ་བསྔོ༔ འཆི་མེད་ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་སྐྱབས་སེམས་ཡན་ལག་བཅུ་པས་ཚོགས་བསགས་སྒྲིབ་པ་སྦྱང་ངོ། །བཞི་པ་དཀྱིལ་འཁོར་མཆོད་རྫས་རྣམས་ལ་བྱིན་རླབས་ཤིང་སྦྱང་སྤེལ་བྱ་བ་ནི། སྤོས་རོལ་གདུང་ཤུགས་ཀྱི་དབྱངས་དང་བཅས་པས་འདི་སྐད་དོ། །ཧྲཱི༔ བདེ་ཆེན་ཆོས་དབྱིངས་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་དཀྱིལ་འཁོར་སྒྲུབ་རྫས་ལ༔ དབང་སྐུར་དངོས་གྲུབ་བྱིན་ཕོབ་ཅིག༔ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་རྣམས༔ ཚེ་ཡི་དཀྱིལ་འཁོར་སྒྲུབ་རྫས་ལ༔ དབང་སྐུར་དངོས་གྲུབ་བྱིན་ཕོབ་ཅིག༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཚེ་བདག་པད་འབྱུང་ཡབ་ཡུམ་རྣམས༔ ཚེ་ཡི་དཀྱིལ་འཁོར་སྒྲུབ་རྫས་ལ༔ དབང་སྐུར་དངོས་གྲུབ་བྱིན་ཕོབ་ཅིག༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ རིག་འཛིན་བརྒྱུད་པའི་བླ་མ་རྣམས༔ ཚེ་ཡི་དཀྱིལ་འཁོར་སྒྲུབ་རྫས་ལ༔ དབང་སྐུར་དངོས་གྲུབ་བྱིན་ཕོབ་ཅིག༔ དཀྱིལ་འཁོར་གསུམ་ལྡན་ཕོ་བྲང་ནས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཚེ་ཡི་དཀྱིལ་འཁོར་སྒྲུབ་རྫས་ལ༔ དབང་སྐུར་དངོས་གྲུབ་བྱིན་ཕོབ་ཅིག༔ བཀྲག་གསལ་ཚེ་ཡི་དཀྱིལ་འཁོར་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་རྟགས་མཚན་མྱུར་དུ་སྟོན༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་པུཎྱེ་ཏིཥྛ་བཛྲ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཨཱ༔ མ་བཅོས་ལྷུན་གྲུབ་བྷནྡྷའི་སྣོད་ནང་དུ༔ འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏ༔ དམར་ཆེན་རཀྟ་ཁྲག་གི་རྒྱ་མཚོར་འཁྱིལ༔ གཏོར་མ་ཟག་མེད་ཤ་ལྔ་བདུད་རྩི་ལྔ༔ སྨན་རཀ་གཏོར་ཚོགས་ཀུན་བཟང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་སྐོང་རྫས་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ༔ ཧྲཱི༔ ཆོས་ཀུན་རྣམ་དག་སྟོང་པའི་ངང་ཉིད་ལས༔ བྷྲཱུྃ་ལས་རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས༔ མེ་ཏོག་ལ་སོགས་མཆོད་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཙ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་པཱུ་ཙ་ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་གྷ་ཎ་གུ་ཧྱ་ཤུ་ཀྲ་པཱུ་ཙ་ཧོ༔ ཞེས་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོར་གྱུར། ༈ པདྨ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྤྱི་དོན་གཉིས་པ་དངོས་གཞིའི་ལས་རིམ་ནི། །བདག་མདུན་ལྷ་བསྐྱེད་སྤྱན་འདྲེན་མཆོད་བསྟོད་དང། །ཛཔ྄་བསྙེན་ཐུན་མཚམས་གསོལ་འདེབས་མཆོད་བསྟོད་བསྐུལ། །དང་པོ་དཀྱིལ་འཁོར་བསྐྱེད་ཅིང་ལྷ་བསྒོམ་པ་ནི། དངོས་པོའི་ཆོས་རྣམས་ཡེ་ནས་དམིགས་སུ་མེད༔ སྟོང་ཉིད་ཀ་དག་ནམ་མཁའི་རང་བཞིན་ལས༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ དེ་ཡི་ངང་ལས་རང་བྱུང་གཞལ་ཡས་ཁང༔ བཀོད་པ་རྒྱན་རྫོགས་ཚེ་ཡི་དཀྱིལ་འཁོར་དབུས༔ པད་ཟླ་ཉི་སྟེང་རང་རིག་འཕྲོ་འདུ་ལས༔ ཁྲོ་རྒྱལ་ཀུན་འདུས་རྟ་མགྲིན་དབང་དྲག་གསལ༔ བདག་ཉིད་སྤྱི་གཙུག་པདྨ་དམར་པོ་དང༔ ཟླ་སྟེང་ཧྲཱིཿལས་གུ་རུ་པདྨ་འབྱུང༔ ཚེ་དཔག་མེད་དང་དབྱེར་མེད་སྐུ་མདོག་དམར༔ འོད་ཟེར་བྱེ་བ་དགུ་ཁྲི་མཉམ་གཞག་སྟེང༔ རིན་ཆེན་སྣ་བདུན་བུམ་པ་བདུད་རྩིས་བཀང༔ དགོས་འབྱུང་དཔག་བསམ་ཤིང་གི་ཁ་རྒྱན་ཅན༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་འོད་དཔུང་འབར༔ སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་ལྟར༔ མ་ཡེངས་ཀ་དག་རང་མདངས་ལྷང་ངེར་གསལ༔ ཞེས་རང་ཉིད་ཡི་དམ་ཚེ་དཔག་མེད་སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བའི་མདུན་དུ་དཀྱིལ་འཁོར་བུམ་གཏོར་རྣམས་མི་དམིགས་པ་སྟོང་པའི་ངང་ལས། སྐད་ཅིག་གིས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་ཐོལ་གྱིས་བསྐྱེད་པ་ནི། མདུན་དུ་དཀྱིལ་འཁོར་བུམ་པ་བཅས༔ གཞལ་ཡས་ཁང་དབུས་པད་ཟླའི་སྟེང༔ ཧཱུྃ་ལས་བདུད་རྩི་རྩ་བའི་ལྷ༔ བཅོམ་ལྡན་བླ་མ་འཆི་མེད་དཔལ༔ པདྨ་ཚེ་མཆོག་བྱི་རུའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞི་མ་ཁྲོ༔ དང་པོ་རྡོ་རྗེ་ཐོད་པ་བསྣམས༔ བར་པས་ཚེ་བུམ་རིན་ཆེན་བསྣམས༔ འོག་མས་ཁ་ཊྭཱཾ་ཚེ་དར་འཛིན༔ སྐྱིལ་ཀྲུང་རིན་ཆེན་རྒྱན་དྲུག་གསོལ༔ མནྡཱ་ར་བ་དམར་གསལ་འཁྲིལ༔ མདའ་དར་གཡས་ལ་ཚེ་བུམ་གཡོན༔ གཞོན་ཚུལ་མེ་ཏོག་ཕྲེང་བས་སྤྲས༔ ཡབ་ཡུམ་ཕྱོགས་མཚམས་འདབ་བརྒྱད་དུ༔ ཚེ་བདག་རིགས་ལྔ་ཡབ་ཡུམ་དང༔ ཚེ་ཡི་མཁའ་འགྲོ་མགྱོགས་མ་བཞི༔ ཀུན་གྱིས་མདའ་དར་ཚེ་བུམ་བསྣམས༔ དཀར་སེར་དམར་ལྗང་མཐིང་འོད་འབར༔ གཞན་ཡང་ཚེ་ཡི་དྲང་སྲོང་དང༔ རིག་འཛིན་མཁའ་འགྲོ་མ་ངེས་གསལ༔ ལྷ་རྣམས་གནས་སུ་ཨོཾ་ཨཱཿཧྲཱི༔ དབང་བསྐུར་བྱིན་བརླབས་ནུས་པ་ལྡན༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས༔ ཚེ་དཔག་མེད་ཀྱི་རྣམ་པ་རུ༔ རིགས་ལྔའི་ཞིང་ནས་སྤྱན་དྲངས་བསྟིམ༔ གཉིས་པ་སྤྱན་འདྲེན་མཆོད་བསྟོད་བྱ་བ་ནི། སྤོས་དང་རོལ་མོ་དབྱངས་བཅས་ནས། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱི༔ ཀ་དག་གསང་བ་ལྷུན་གྲུབ་གནས་མཆོག་ནས༔ མ་བཅོས་རང་ཤར་བདག་མདུན་ལྷ་ཚོགས་རྣམས༔ ཐུགས་རྗེ་འགག་མེད་ཛཿཧཱུྃ་བཾ་ཧོཿཨཱ༔ ཤར་གྲོལ་བདེ་སྟོང་གཉིས་མེད་ཏིཥྛ་ལྷན༔ མཐའ་གྲོལ་བློ་འདས་ངང་དུ་ན་མོ་ཧཱུྃ༔ མཆོད་པ་འབུལ་བ་ནི། ཧྲཱི༔ གང་ཤར་སྣོད་བཅུད་མཆོད་ལྔ་ལྷ་མོ་ལྔ༔ བདེ་སྟོང་གྲགས་སྟོང་ཚོར་སྟོང་མྱང་སྟོང་དང༔ རེག་ཡིད་བདེ་བ་ཆེན་པོའི་ངང་དུ་བཞེས༔ ཕྱི་ནང་མཆོད་ཚོགས་སྨན་རཀ་གཏོར་མ་དང༔ འཆི་མེད་ཐབས་ཤེས་དོན་དམ་བདེ་བས་མཆོད༔ རྩ་བརྒྱུད་བླ་མའི་དགོངས་པ་བསྐང་གྱུར་ཅིག༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པས་མཉེས་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུཿདྷེ་ཝ་ཛྙཱ་ན་ཌཱ་ཀི་ནཱི་པཱུ་ཙ་པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་སརྦ་པཱུ་ཙ་ཁཱ་ཧི༔ སྨན་རག་མཆོད་དོ། །བསྟོད་པ་འབུལ་བ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཚེ་དཔག་མེད༔ པད་སྡོང་ལས་འཁྲུངས་བླ་མ་པདྨ་འབྱུང༔ སྐུ་གསུམ་དཀྱིལ་འཁོར་རྫོགས་ལ་ཕྱག་འཚལ་བསྟོད༔ ཡེ་ནས་རྣམ་དག་མི་ཤིགས་རྡོ་རྗེའི་སྐུ༔ མི་འགྱུར་གཡུང་དྲུང་ཀ་དག་རྒྱལ་བའི་གསུང༔ འཁྲུལ་གྲོལ་གསལ་མདངས་མགོན་པོ་ཚེ་དཔག་མེད༔ བདེ་བ་ཆེན་པོ་ཚེ་ཡི་དཀྱིལ་འཁོར་ལྷ༔ ཐུགས་རྗེ་ཆེ་མངའ་རྣམས་ལ་ཕྱག་འཚལ་བསྟོད༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པས་མཆོད་བསྟོད་གསོལ་བ་བཏབ། གསུམ་པ་ཛཔ྄་བཟླས་དམིགས་བཟླས་ཀྱི་རིམ་པ། བདག་མདུན་སོ་སོར་ཕྱེ་བའི། བདག་བསྐྱེད་ཀྱི་དམིགས་པ་ནི། བདག་ཉིད་རྟ་མགྲིན་དབང་དྲག་ཏུ་གསལ་བའི་སྤྱི་བོར། པདྨ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཚེའི་འོད་གུར་འཁྲིགས་པའི་ཀློང་དུ་བཞུགས་པ། ཕྱག་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་བུམ་པ་འཆི་མེད་ཚེའི་བདུད་རྩིས་བཀང་བ་དགོས་འདོད་དངོས་གྲུབ་འབྱུང་བའི་དཔག་བསམ་ཤིང་གི་ཁ་རྒྱན་ཅན། ཚེ་ཡི་ལྷ་ཚོགས་ཐམས་ཅད་ཉི་མ་དང་ཉི་ཟེར་བཞིན་འོད་ཕུང་འབར་ནས་བཞུགས་པར་གསལ། དེའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་རྩ་གསུམ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། རང་གི་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ་གསོལ་བ་བཏབ་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུཿཥེ་ཧཱུྃ་ཨཱཿ ཞེས་ལན་བདུན་བརྗོད་པས། ནམ་མཁར་བཞུགས་པའི་ཡེ་ཤེས་སེམས་དཔའ་རྣམས་སྤྱི་བོའི་ཚེ་དཔག་མེད་ལ་བསྟིམ། ཨཱ་ཡུཿཥེ། ས་ར་ཧ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་ལན་བདུན་གྱིས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་དང་དངོས་གྲུབ་མ་ལུས་པ་རྫོགས་ནས་བྱིན་རླབས་གཟི་བརྗིད་དཔལ་དུ་འབར་བར་བསམ། དེ་ནས་རང་གི་སྙིང་ག་ནས་རླུང་གི་སྦུ་གུ་ལྕགས་ཀྱུ་ལྟ་བུར་འཕྲོས་པས། སྣ་བུག་གཡོན་པར་བྱུང་ནས། སྤྱི་བོའི་ཚེ་དཔག་མེད་ཀྱི་ཕྱག་ན་བུམ་པ་ཡོད་པའི་ནང་དུ་ཞུགས་ཤིང་། བདུད་རྩི་ན་ར་ར་བྱུང་རང་གི་ཚངས་བུག་ནས་བབས་སྙིང་གར་ཐིམ། ལུས་ཐམས་ཅད་ཚེའི་བཅུད་དུ་གྱུར་ནས་བདུད་རྩིས་གང་བར་བསམ་མོ། །དཔེར་ན། དད་མོས་དམིགས་པའི་རླུང་ནི་བུང་བའི་མཆུ་ལྟ་བུ། བྱིན་རླབས་ཚེ་ཡི་བཅུད་ནི་མེ་ཏོག་གི་རྩི་ལྟ་བུར་བསམ་ནས་བཅུད་བླང་བའོ། །དེའི་ངང་ནས། ཨོཾ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བརྒྱ་སྟོང་གང་འགྲུབ་བཟླས་ནས་ཚེ་བཅུད་བསྡུ་བའི་གསོལ་འདེབས་བྱ། ཡང་སྤྱི་བོའི་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱི་སྣོད་སྟོང་གསུམ་འཇིག་རྟེན་གྱི་བཅུད་ཐམས་ཅད་གསེར་བཏུལ་བའི་ཁུ་བ་ལྟ་བུར་བྱུང་ནས། ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལྟེམ་ལྟེམ་གང་ཞིང་མེ་རེ་རེ་ལུད་པ། རང་གི་སྤྱི་བོ་ནས་བབ། རླུུང་ཚུར་ནང་དུ་རྔུབ་ཚེ། བདུད་རྩིས་ལུས་ལྟེམ་གྱིས་གང་བར་བསམ་ལ་མཆིལ་མ་མིད་པས། ལུས་ཆིལ་གྱིས་གང་བར་བསམ། གོང་ལྟར་བསྙེན་པ་དང་གསོལ་བ་བཏབ། ཡང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ནང་བཅུད་སེམས་ཅན་ཐམས་ཅད་ཀྱི་ཚེ་བཀྲག་གཟི་མདངས་ནུས་པའི་བཅུད་རྣམས་མཚལ་བཏུལ་བའི་ཁུ་བ་ལྟ་བུར་བྱུང་ནས། ཚེ་དཔག་མེད་ཀྱི་བུམ་པ་ལྟེམ་ལྟེམ་གང་ཞིང་མེ་རེ་རེ་ལུད་པ། རང་གི་ལུས་ཆིལ་གྱིས་གང་བར་བསམ་ལ་སྔགས་བཟླ། གསོལ་བ་གདབ། ཡང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་པ་མ་ལུས་པ། འོད་ཟེར་བཻཌཱུརྻའི་ཞུན་མ་ལྟ་བུར་བྱུང་ནས་ཚེ་དཔག་མེད་ཀྱི་བུམ་པ་ལྟེམ་ལྟེམ་གང་ཞིང་མེ་རེ་རེ་ལུད་པ། རང་གི་སྤྱི་བོ་ནས་བབས་ལུས་ནང་ཐམས་ཅད་ཚེ་བཅུད་བདུད་རྩིས་ལྟེམ་གྱིས་གང་བར་བསམ། ཨོཾ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་བྱ། སྐབས་སུ་གསོལ་བ་འདི་ལྟར་ཐོབ། ཧྲཱི༔ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ འཆི་མེད་སྙིང་པོ་བདུད་རྩིའི་བཅུད་བསྡུས་ནས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པས་གསོལ་བ་ཐུན་བཞིར་ཐོབ། རྗེས་ཀྱི་དོན་ནི། བླ་མ་ཚེ་དཔག་མེད་རང་གི་སྤྱི་བོ་ནས་བསྟིམ། རང་ཉིད་ཡི་དམ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་རྣམས་བསྡུས་ནས་བདག་ལ་ཐིམ། རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་པས། རྒྱུན་བསྙེན་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ། ཞེས་ནུས་ཚད་བཟླས་ནས་གསོལ་བ་བཏབ། རང་ལུས་གསེར་གྱི་རྡོ་རྗེ་གཅིག་ཏུ་བསམ་ལ། དེ་རྗེས་དམིགས་མེད་ངང་དུ་བཞག །ྀཨཚ༔ པད་འབྱུང་བདག་གི་ཐུགས་བཅུད་དོ༔ མ་འོངས་བསྐལ་པའི་ཡང་མཐའི་དུས༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔ དེ་དུས་ཟབ་ལ་ཉམས་ལེན་བདེ༔ ཀུན་ལ་མ་བསྟན་ཁྱད་ཆོས་འདི༔ རྒྱུན་དུ་ཉམས་སུ་བླང་བ་ན༔ རྡོ་རྗེ་ཚེ་ཡི་རིག་འཛིན་འགྲུབ༔ ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད༔ སྐལ་པ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ མདུན་བསྐྱེད་ཀྱི་དམིགས་པ་ནི༔ མདུན་གྱི་བུམ་པ་དང་དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་མེད་ཡབ་ཡུམ། ཚེ་ལྷ་རིགས་ལྔ་ཡབ་ཡུམ་ཚེའི་ལྷ་མོ་མགྱོགས་མ་རྣམས་མ་འདྲེས་ཡོངས་རྫོགས་སུ་གསལ་བའི། གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལ་སྔགས་ཕྲེང་གཡས་སུ་འཁོར་བར་བསམ། བདག་ཉིད་ཡི་དམ་ཚེ་དཔག་མེད་ཀྱི་སྔགས་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ལས་འོད་འཕྲོས། ཕྱི་སྣོད་འཇིག་རྟེན་གྱི་ཁམས། ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་འུབ་ཀྱིས་བསྡུས་ནས། ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་དང་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། འཆི་མེད་ཚེ་ཡི་བཅུད་ཀྱིས་ཁེངས། བདུད་རྩི་ཕྱུར་བའི་འོད་ཟེར་ཐུགས་རྗེའི་གཟུངས་ཐག་ལ་ལུ་གུ་རྒྱུད་དུ་འཁྲིལ་ནས་བདག་གི་ཐུགས་ཀར་ཐིམ། ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བའི་སྔགས་འདི་ཡེངས་མེད་རྩེ་གཅིག་གིས་བཟླའོ། །ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ། འབུམ་ཚོ་གསུམ་ནི་བཟླས་པར་བྱ༔ རྗེས་ལ་ཞག་རེ་བརྒྱ་རྩ་བཟླ༔ ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར༔ སྐབས་སུ་གསོལ་བ་འདི་ལྟར་ཐོབ༔ ཧྲཱི༔ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ འཆི་མེད་སྙིང་པོ་བདུད་རྩིའི་བཅུད་བསྡུས་ནས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་ལ་མཆིལ་མ་མིད་པས། ཚེའི་བདུད་རྩིས་ལུས་ཆིལ་གྱིས་གང་བར་བསམ། ཡང་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནང་བཅུད་ཀྱི་སེམས་ཅན། ལྷ་ཀླུ་གནོད་སྦྱིན་སྨན་ལྷ་དྲང་སྲོང་། མི་དབང་སྟོབས་པོ་ཆེ་རྣམས་ཀྱི་ཚེ་བཅུད། བསོད་ནམས། བཀྲག་མདངས། གཟི་བརྗིད། མངའ་ཐང་སྙན་གྲགས། དཔལ་འབྱོར་ལོངས་སྤྱོད་ཀྱི་བཅུད་ཐམས་ཅད། འོད་དམར་པོའི་ཚུལ་དུ་བསྡུས་ནས། ཚེ་དཔག་མེད་ཀྱི་བུམ་པ་དང་སྔགས་ཕྲེང་ལ་ཐིམ། འཆི་མེད་ཚེའི་བཅུད་ཀྱིས་གང་བའི་འོད་ཟེར་ཐུགས་རྗེའི་གཟུངས་ཐག་ལ་ལུ་གུ་རྒྱུད་དུ་འཁྲིལ་ནས་བདག་ལ་ཐིམ། ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་དམིགས་པའི་འཕྲོ་འདུ་མ་ཡེངས་པར་སྔགས་བཟླས་གསོལ་འདེབས་གོང་བཞིན་འབད། ཡང་དཀྱིལ་འཁོར་ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས། ཚེའི་ཞིང་ཁམས་བདེ་བ་ཅན་དང་རིགས་ལྔ་སྐུ་གསུམ་དག་པའི་ཞིང་ན་བཞུགས་པའི། རྒྱལ་བ་སྲས་བཅས་ཚེའི་རིག་འཛིན་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི། བྱིན་རླབས་དབང་དང་དངོས་གྲུབ་ཐུགས་རྗེ་ནུས་པའི་བཅུད་མ་ལུས་པ་རྣམས། འོད་སྔོན་པོའི་རང་བཞིན་དུ་བསྡུས་ནས། ཚེ་དཔག་མེད་ཀྱི་སྔགས་དང་བུམ་པར་ཐིམ། འཆི་མེད་ཚེའི་བཅུད་ཀྱིས་ཁེངས། འོད་ཟེར་ཐུགས་རྗེའི་གཟུངས་ཐག་ལ་ལུ་གུ་རྒྱུད་དུ་འཁྲིལ་ནས་བདག་ལ་ཐིམ། ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་དམིགས་བཟླས་གསོལ་བ་བཏབ། ཡང་བདག་ཉིད་ཡི་དམ་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་སོང་བས། མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་རྒྱུད་བསྐུལ། དེ་དག་གི་ཐུགས་ཀའི་སྔགས་ལས་འོད་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཨ་དཀར་པོ་ནྲྀ་ལྗང་གུ་ཧཱུྃ་མཐིང་གའི་རང་བཞིན་བཀྲག་མེར་མེར་སྣོད་བཅུད་ཁེངས་ཏེ། ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཡབ་ཡུམ་དང་། ཚེའི་དྲང་སྲོང་རིག་འཛིན། ལྷ་དང་ཀླུ་དབང་ནོར་ལྷ་འགྲོ་བ་མི་དང་། ནམ་མཁའ་ཉི་ཟླ་ནོར་བུ་ཕྱི་ནང་འབྱུང་བའི་དྭངས་མ་བཅུད་ཀྱི་སྙིང་པོ་རྣམས། གཟི་བཀྲག་འོད་མདངས་མེ་རེ་རེ་འདུས་ནས། བདག་མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་སྔགས་བཟླ་གསོལ་བ་གདབ། ཚེ་དཔག་མེད་ཚེ་ལྷ་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་ནས་འོད་ཟེར་འཇིག་རྟེན་གྱི་ཁམས་རྣམས་སུ་འཕྲོས་པས། སྣོད་བཅུད་ཐམས་ཅད་ཨ་ནྲྀ་ཧཱུྃ་གསུམ་གྱིས་མེ་རེ་རེ་གང་བར་གྱུར། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། ཚེ་འགུགས་པ་དང་སྡུད་པའི་ཕོ་ཉ་ལྷ་མོ་མགྱོགས་མ། དཀར་སེར་དམར་ལྗང་སྣ་ཚོགས་མདའ་དར་ཚེ་བུམ་ལྕགས་ཀྱུ་ཞགས་པ་བསྣམས་པ་གྲངས་མེད་པས། ནམ་མཁའ་ས་གཞི་འཇིག་རྟེན་གང་བ་རྣམས་ཀྱིས། རང་དང་བསྲུང་བྱའི་བླ་ཚེ་གདོན་བགེགས་འབྱུང་པོ་དྲེགས་པ་ཅན་དག་གིས་ཕྲོགས་པ་བརྐུས་པ་རྣམས་དང་། སྣོད་བཅུད་བརྟན་གཡོ་མ་ལུས་པའི་ཚེ་བཅུད་དྭངས་མ། ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཨ་ནྲྀ་ཧཱུྃ་གི་རྣམ་པར་ཚུར་བསྡུས་ནས། བདག་མདུན་ལྷ་ཚོགས་རྣམས་ལ་བསྟིམ། ཐམས་ཅད་ཀྱིས་འཆི་མེད་ཚེའི་སྔགས་སྒྲ་ཏི་རི་རི་སྒྲོག་པར་བསམ་ལ་བསྙེན་པ་དང་གསོལ་འདེབས་བྱ། རང་གཞན་གང་གི་དོན་ཡིན་ཡང་། ལྷའི་གསལ་སྣང་ཐེབས་པ། སྔགས་ཀྱི་བརྗོད་ཚིག་དག་པ། དམིགས་པའི་འཕྲོ་འདུ་ལ་སེམས་ཟིན་པ་གལ་ཆེ། དོན་མེད་འཁྱལ་ཚིག་རྣམ་རྟོག་འཁྲུལ་འབྱམས་རང་གར་ཤོར་བའི་བཟླས་བརྗོད་ནི་གསང་སྔགས་ཀྱི་ཕྱོགས་སུ་མི་འགྲོའོ། །ལྷ་སྔགས་ཏིང་འཛིན་ཡེངས་མེད་ཀྱི་དམིགས་བཟླས་བྱས་པས་རྟགས་དང་ཕན་ཡོན་བསམ་འདས་བརྗོད་མི་ནུས་པར་འབྱུང་། ཁྱད་པར་རྡོ་རྗེ་ཕྱག་མཚན་རྙེད་པ་དང༔ མེ་ཏོག་ལ་སོགས་ཕྲེང་བ་རྨི་བར་འོང༔ བུམ་ཆུ་ཕྱུར་དང་ལྗང་སོགས་སྐྱེ་བ་དང༔ དངོས་ཉམས་རྨི་ལམ་དག་ཏུ་ཞལ་ཡང་མཇལ༔ དེ་ཚེ་བུམ་ཆུ་དམ་རྫས་དངོས་གྲུབ་བླང༔ ཨོ་རྒྱན་བདག་གི་ལང་ཚོ་ཚེ་དང་མཉམ༔ མ་འོངས་ལས་འཕྲོའི་བུ་དང་འཕྲད་པར་ཤོག༔ ྀཨཚ༔ ༈ བཞི་པ་ཐུན་མཚམས་སུ་མཆོད་བསྟོད་བྱེད་པ་ནི༔ མཆོད་གཏོར་ཁ་གསོས་དཀྱིལ་འཁོར་སྨན་རཀ་སྦྲེང༔ ཨོཾ་ཨཱཿཧཱུྃ༔ འཆི་མེད་བདེ་བ་ཆེན་པོའི་ཀློང་ཡངས་ནས༔ རྡོ་རྗེ་ལྟ་བུ་པད་འབྱུང་ཚེ་དཔག་མེད༔ ཚེ་ལྷ་རྒྱལ་བ་རིགས་ལྔ་ཡབ་ཡུམ་དང༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་དཀྱིལ་འཁོར་གཞལ་ཡས་སུ༔ ཚེ་མཆོག་སྩོལ་ཕྱིར་བདེ་བ་ཆེན་པོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་ཡོན་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་པའི་རཀྟ་དང༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུཿདེ་ཝ་ཛྙཱ་ན་ཌཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་པཱུ་ཙ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ༔ བསྟོད་པ་ནི། ཧྲཱི༔ མཐའ་ཡས་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང༔ ཆོས་ཀྱི་དབྱིངས་ལས་བདེ་ཆེན་ལོངས་སྤྱོད་རྫོགས༔ མཚན་ཙམ་ཐོས་པས་འཆི་མེད་ཚེ་ཡི་མཆོག༔ སྩོལ་བའི་མགོན་པོ་དེ་ལ་ཕྱག་འཚལ་བསྟོད༔ པད་སྡོང་ལས་འཁྲུངས་རྡོ་རྗེ་ལྟ་བུའི་སྐུ༔ འོད་གསལ་ལྷུན་གྲུབ་རྒྱལ་བའི་ངོ་བོ་ཉིད༔ འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང༔ ཚངས་པའི་གསུང་མཆོག་དྲི་མེད་ཀ་ལའི་དབྱངས༔ དོན་དམ་གསང་སྔགས་གསུང་ལ་ཕྱག་འཚལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་རོལ་པ་རྒྱན་དུ་ཤར༔ ཀ་དག་ལྷུན་གྲུབ་ཐུགས་རྗེ་མཁའ་ལྟར་ཁྱབ༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ དབང་སྐུར་བྱིན་རློབས་ཚེ་ཡི་དངོས་གྲུབ་སྩོལ༔ རྒྱས་པར་འདོད་ན་ལས་གཞུང་བྱ༔ ཚེ་སྒྲུབ་ལྕགས་དྲིལ་ཟབ་པར་རྫོགས༔ བདག་འདྲ་ཨོ་རྒྱན་པདྨ་ངས༔ ཚེ་སྒྲུབ་ཀུན་གྱི་བཅུད་བསྡུས་འདི༔ ཡང་སྙིང་དྲིལ་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྨྱ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༈ ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཐུགས་དམ་གནད་བསྐུལ་ཚེ་འགུགས་ནི༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ མནྡཱ་ར་བ་དམར་གསལ་འཁྲིལ༔ ཚེ་བཅུད་དཔལ་གྱི་དྭངས་མ་སྐྱེད༔ ཕྱག་རྒྱ་ཚེ་ཡི་བུམ་པ་ནས༔ ཚེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ནས༔ འཁོར་འདས་ཀུན་གྱི་ཚེ་བཅུད་དཔལ༔ ཨ་ནྲྀ་ཧཱུྃ་གི་རྣམ་པར་སྡུས༔ ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ བྱིན་ཆེན་ཕོབ་ཅིག་དབང་ཆེན་སྐུར༔ དངོས་གྲུབ་དཔལ་གཡང་ཚེ་ཁུག་ཅིག༔ ཚེ་བདག་རིགས་ལྔ་ཡབ་ཡུམ་རྣམས༔ ཕྱག་རྒྱ་ཚེ་ཡི་བུམ་པ་ནས༔ ཚེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟོང་གསུམ་སྣང་སྲིད་འཇིག་རྟེན་ནས༔ སྣོད་བཅུད་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་སྙན་གྲགས་སྟོབས༔ བསོད་ནམས་ཚེ་ཡི་བཅུད་དུ་སྡུས༔ དཔལ་སྐྱེད་གཡང་སྤེལ་ཚེ་ཁུག་ཅིག༔ ཚེ་ཡི་ཕོ་ཉ་མགྱོགས་མ་རྣམས༔ ཕྱོགས་བཅུ་ནམ་མཁའི་མཐའ་བསྐོར་ལ༔ བདག་དང་བསྲུང་བྱའི་བླ་ཚེ་སྲོག༔ ཚེ་བདུད་གཤིན་རྗེས་ཁྱེར་དང་བརྐུས༔ ཉམས་དང་ཆད་རལ་འཁྱམས་པ་རྣམས༔ དབང་དུ་སྡུས་ལ་ཚེ་ཁུག་ཅིག༔ ཕྱི་ཡི་འབྱུང་ལྔའི་བཅུད་སྡུས་ལ༔ ནང་གི་འབྱུང་བའི་ཚེ་གསོས་ཤིག༔ ལྷ་མི་ཀླུ་དབང་སྲིད་གསུམ་བཅུད༔ ཚེ་བསོད་དཔལ་འབྱོར་གཡང་ཁུག་ཅིག༔ དུས་གསུམ་སངས་རྒྱས་བྱང་ཆུབ་སེམས༔ ཚེ་ཡི་དྲང་སྲོང་རིག་འཛིན་དང༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དབང༔ ཡོན་ཏན་ནུས་པའི་ཚེ་ཁུག་ཅིག༔ བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ལ༔ ཚེ་ལྷ་རྒྱལ་བ་ཐམས་ཅད་ཀྱིས༔ བྱིན་ཆེན་ཕོབ་ཅིག་དབང་ཆེན་སྐུར༔ དངོས་གྲུབ་དཔལ་གཡང་ཚེ་ཁུག་ཅིག༔ ཚེ་སྲོག་དྭངས་མ་འཕེལ་རྒྱས་བརྟན༔ སྟོང་ཉིད་ཡེ་ཤེས་རྡོ་རྗེར་གྱུར༔ ཧྲཱི༔ མི་ཤིགས་རྡོ་རྗེ་ཚེ་ཡི་སྲོག༔ ཚེ་སྲོག་སྲ་ཞིང་བརྟན་གྱུར་ཅིག༔ མི་འགྱུར་གཡུང་དྲུང་ཚེ་ཡི་བཅུད༔ ཚེ་བཅུད་དཔལ་གཡང་རྒྱས་པར་མཛོད༔ མི་ནུབ་རྒྱལ་མཚན་ཚེ་ཡི་རྟེན༔ ཚེ་བཀྲག་གཟི་མདངས་བསྐྱེད་དུ་གསོལ༔ མི་ཟད་རིན་ཆེན་ཚེ་ཡི་གཏེར༔ ཚེ་ནོར་མི་རྒྱུད་འཕེལ་བར་ཤོག༔ བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད༔ ཚེ་ཡི་ལྷ་ཚོགས་འཁོར་དང་བཅས༔ བདག་གི་ལུས་ངག་ཡིད་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ཨཱ་ཡུཿཚེ་ཡི་དངོས་གྲུབ་སྩོལ༔ ངག་ལ་ནུས་པ་སྦར་དུ་གསོལ༔ བདེ་སྟོང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཧྲཱི༔ ཤར་ལྷོ་ནུབ་བྱང་དབུས་ལྔ་ཡི༔ ཚེ་ལྷ་ཀུན་གྱིས་ཚེ་བཅུད་སྡུས༔ སྐལ་ལྡན་བུ་ཡི་སྒོ་གསུམ་ལ༔ འགྱུར་བ་མེད་པར་རྒྱས་བཏབ་པས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ༔ ཚེའི་ལྷ་ཚོགས་རྣམས་ལ་ཐུགས་དམ་གནད་བསྐུལ་བྱ་ཞིང་། དཀྱིལ་འཁོར་དང་ཕྱོགས་ཐམས་ཅད་དུ་མདའ་དར་གཡབ་ཅིང་ཚེ་འགུགས་བསྟིམ་དམིགས་པ་བཅས་བརྟན་པར་བྱའོ། །དེ་ལྟར་ཚེ་སྒྲུབ་གསང་ལམ་མ་བདག་བསྐྱེད་དང་། ལྕགས་དྲིལ་མ་མདུན་དཀྱིལ་བུམ་བསྐྱེད་མཉམ་རྫོགས་ཀྱི་ཚེའི་ཕྲིན་ལས་ཁྱེར་བདེར་བཀོད་པའི་དགོངས་དོན་རྣམས་རང་གཞུང་ལྟར་ལས། ཚིག་ཕྲད་འགའ་ཞིག་བསྒྱུར་བཀོད་དང་། བྱིན་འབེབ་སོགས་ཁོ་བོས་སྤྲོས་པ་དང་། མདུན་བསྐྱེད་ཚེ་བཟླས་པའི་དམིགས་རིམ་དག་ཚེ་ཁྲིད་སྙན་བརྒྱུད་བཞིན་དུ་ཉུང་བསྡུས་སྤེལ། ཚེ་བསྐུལ་འགུགས་བསྟིམ་རྣམས་ཚེ་སྒྲུབ་གསང་བ་སྙིང་པོ་ནས་བླངས་པའོ། །སྤྱིར་བསྙེན་སྒྲུབ་གང་ལ་ཡང་འཇུག་པ་དང་། ཁྱད་པར་ཚེ་སྒྲུབ་ཀྱི་རིགས་ལ། བདག་མདུན་དམིགས་པ་གསལ་ཞིང་བརྟན་པ། ངག་འཁྱལ་གྱིས་སྔགས་བཟླ་བ་ལ་བར་གཅོད་མི་བྱེད་པར་ཡེངས་མེད་དུ་བརྩོན་པ་གལ་ཆེ། རྗེས་ཀྱི་ལས་རིམ་ཚོགས་ནས། ཆད་བརྟན། བསྔོ་སྨོན་རྣམས་གུ་རུ་ཞི་བའམ་བླ་མ་གསང་སྒྲུབ་ཀྱི་གཞུང་ལྟར་བྱས་པས་དོན་འགྲུབ་པར་འགྱུར་རོ། །རིག་འཛིན་བསམ་གཏན་རྡོ་རྗེའི་གཏེར་མ། བསམ་གཏན་བསྟན་འཛིན་གྱིས་མཐོང་མྱོང་བརྒྱུད་པའི་ཕྱག་ལེན་མ་འཆུག་པར་འགྲིགས་ཆགས་སུ་བཀོད་པའོ། །སྐལ་ལྡན་འགའ་ལ་ཕན་པར་གྱུར་ཅིག །འགྲོ་བ་མང་པོ་ལ་སྐྱོབ་པར་གྱུར་ཅིག །མངྒ་ལཾ་སྭསྟི། འདིར་གསུངས་པའི་གུ་རུ་ཞི་བ་ནི་ཐུགས་སྒྲུབ་རྣམ་གསུམ་སོགས་སྟག་ཤམ་རང་གཞུང་དང་འབྲེལ་ན་ལེགས་ཤིང་དཀྱུས་ཙམ་དུ་དཀོན་མཆོག་སྤྱི་འདུས་ལྟར་བྱས་ན་ཤིན་ཏུ་འབྲེལ་ལོ།། །།

ཟབ་པ་སྐོར་བདུན་ལས། གསང་བདག་དྲེགས་པ་ཀུན་འདུལ་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་རྡོ་རྗེའི་བཅུད་ཀྱི་ཞུན་ཐིགས་ (Volume 33, Text 30)

༄༅། །ཟབ་པ་སྐོར་བདུན་ལས། གསང་བདག་དྲེགས་པ་ཀུན་འདུལ་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་རྡོ་རྗེའི་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ།། སངས་རྒྱས་བྱང་སེམས་མཐུ་སྟོབས་ཀུན། །གཅིག་བསྡུས་དྲེགས་པ་འདུལ་མཛད་ལྷ། །དབྱེར་མེད་བླ་མ་གསང་བའི་བདག །སྙིང་དབུས་བཞུགས་ལ་ཡེ་ཤེས་སྐྱེད། །ཟབ་གཏེར་ཆོས་མཛོད་འབུམ་ཕྲག་ལས། །བྱོན་མིན་སྒོས་བཀའ་ནོར་བུའི་དབང་། །དད་མོས་རྒྱལ་མཚན་རྩེར་འགོད་ན། །སྐལ་བཟང་འདོད་འཇོའི་དཔྱིད་དུ་ལོངས། །འདི་ལ་གཉིས། སྒྲུབ་པའི་ཕྲིན་ལས། སྨིན་བྱེད་དབང་གི་རིམ་པའོ། །དང་པོ་ནི། རྟེན་དང་གཏོར་མཆོད་སྤྱི་ལྟར་ཚོགས་པར་བྱས་ལ། སྐྱབས་སེམས་ནི། ན་མོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་བསྒྲལ་བའི་ཕྱིར༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ མཚམས་གཅོད་ནི། ཧཱུྃ༔ སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ ཆོས་རྣམས་རང་བཞིན་རྣམ་པར་དག༔ བདུད་རྩི་རཀྟ་གཏོར་མ་དང༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ཡེ་ཤེས་རོལ་པར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ལྷ་བསྐྱེད་ནི། ཧཱུྃ༔ མ་སྐྱེས་ཆོས་ཀྱི་དབྱིངས་ཉིད་ལས༔ རང་མདངས་འགག་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་ཀུན་སྦྱངས་ཆོ་འཕྲུལ་ལས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ འབྱུང་བ་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཐོད་པ་རིམ་བརྩེགས་གནམ་ལྕགས་གཟེར༔ ཁྲག་ཞག་ཞིང་དང་ཉ་སྦྲུལ་བརྒྱན༔ དྲེགས་པ་བྱོལ་སོང་རྣམས་ཀྱིས་མཛེས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ འཁོར་ལོ་འབར་བའི་ལྟེ་བ་ལ༔ རྡོ་རྗེའི་བྲག་ཆེན་པདྨ་དང༔ ཉི་ཟླ་དྲེགས་པ་ཕོ་མོའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འཕྲོ་འདུས་དོན་གཉིས་བྱས་འདུས་པའི༔ བདག་ཉིད་བཅོམ་ལྡན་གསང་བའི་བདག༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་སེར་གཡོན་སྨུག་དབུས་མཐིང་ཞལ༔ ཞལ་གདངས་ལྗགས་འདྲིལ་སྤྱན་དགུ་བསྒྲད༔ སྨར་སྨིན་ཁམ་ནག་གྱེན་དུ་འབར༔ རལ་པ་སྤྲིན་བསྙིལ་རྡོ་རྗེའི་ཏོག༔ ཐོད་སྐམ་རིན་ཆེན་རྩེ་བྲན་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་པས༔ གཡོན་པའི་དུང་ཁྲག་དཀྲུག་ཅིང་གསོལ༔ གཡས་གཉིས་ལྷ་བརྒྱད་མགོ་བོ་བསྣམས༔ གཡོན་གཉིས་ཀླུ་བརྒྱད་མགོ་བོ་བསྣམས༔ ཞབས་བཞི་འདོར་སྟབས་དྲེགས་པ་བརྫིས༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རྒོད་དང་གཤེ་དང་རྔམ་པ་དང༔ སྙིང་རྗེ་ཁྲོ་དང་ཞི་བ་དང༔ འབར་བའི་གར་དགུ་ལྡན་ཅིང་གཟི་བརྗིད་འབར༔ གླང་ཆེན་ཀོ་རློན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་ལྤགས་ཤམ་ཐབས་སྦྲུལ་རིགས་ལྔ་ཡིས་བརྒྱན༔ རུས་པའི་རྒྱན་དྲུག་ཁྲག་ཞག་ཐལ་བས་བྱུགས༔ སྤུ་གྲི་འབར་བའི་གཤོག་པས་ནམ་མཁའ་ཁེབས༔ རྡོ་རྗེའི་གོ་ཁྲབ་གསོལ་ནས་ཁྲོ་ཆུང་དང༔ མེ་ཡི་སེར་བ་རྡོ་རྗེའི་ཐོག་རྒོད་འཕྲོ༔ ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མཐིང༔ ཁ་ཊྭཱཾ་དུང་ཁྲག་འཛིན་པས་འཁྲིལ༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སྤྱན་འདྲེན་སོགས་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ ལོངས་སྤྱོད་རབ་རྫོགས་དཔལ་ཆེན་པོ༔ དྲེགས་པ་ཀུན་འདུལ་ཡབ་དང་ཡུམ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧ༔ ཧཱུྃ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ དྲེགས་པ་ཀུན་འདུལ་ལྷ་ལ་འབུལ༔ བདེ་བ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཁམས་གསུམ་ཟིལ་གནོན་གསང་བའི་བདག༔ གདུག་པ་ཀུན་འཇོམས་ཡེ་ཤེས་ལྷ༔ སྙིང་རྗེ་ཆེ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དུ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ སྲོག་སྒོར་ཉི་སྟེང་རྡོ་རྗེའི་དབུས༔ ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་འབར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བཟླ། སྟོང་ཚིགས་མཆོད་བསྟོད་སྤྱི་དང་མཐུན། ཚོགས་མཆོད་སྤྲོ་ན་དམ་ཚིག་གི་རྫས་བཤམས་ལ། རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་འོད་ཞུ་བདེ་ཆེན་འཁྱིལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་འདོད་ཡོན་སྤྲོ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ གནས་མཆོག་ཚོགས་ཁང་དུར་ཁྲོད་རྒྱན་དང་ལྡན༔ འདིར་ཚོགས་རྣལ་འབྱོར་བརྟུལ་ཞུགས་ནུས་པར་ལྡན༔ བམ་ཆེན་གསང་བ་ལས་བྱུང་བཅུད་དང་ལྡན༔ དཔལ་ཆེན་འཁོར་བཅས་དགྱེས་པས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་མཆོག་གི་མཆོད་པ་བླ་ན་མེད༔ བདེ་ཆེན་བསྐྱེད་པ་འདོད་ཡོན་སྤྲིན་དུ་འཁྲིགས༔ གསང་བདག་དྲེགས་པ་ཀུན་འདུལ་ལྷ་ཚོགས་ལ༔ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ མ་རིག་ལུས་ངག་ཡིད་གསུམ་འཁྲུལ་པ་ཡིས༔ རྒྱལ་བའི་བཀའ་དང་དམ་ལས་འདས་གྱུར་པ༔ ཡེ་ཤེས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བྱང་ཞིང་དག་ནས་ཚངས་པར་བསྩལ་དུ་གསོལ༔ ས་མ་ཡ་ཤུདྡྷེ་ཨ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ གཏུམ་དྲག་མི་བཟད་དཔལ་ཆེན་ཁྲོ་བོའི་ཚོགས༔ ཡེ་ཤེས་རྣོ་དབལ་མཚོན་ཆའི་སེར་ཆེན་འབེབ༔ གཟུང་འཛིན་དགྲ་བགེགས་ལུས་སྲོག་དབྱིངས་སུ་སྒྲོལ༔ ནྲྀ་ཏྲི་མཱ་ར་ཡ༔ ཧཱུྃ༔ ཁྲོ་རྒྱལ་རྣམས་ཀྱང་འདིར་བྱོན་ཤ་ལ་རོལ༔ མ་མོ་རྣམས་ཀྱང་འདིར་བྱོན་ཁྲག་ལ་རོལ༔ གིང་ཆེན་རྣམས་ཀྱང་འདིར་བྱོན་རུས་ལ་རོལ༔ དུག་གསུམ་མཆོད་བཞེས་འཁོར་བ་སྟོངས་པར་མཛོད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱཱ་ཧི༔ ཞེས་མཆོད་བཤགས་བསྒྲལ་བསྟབ་བྱ། ཚོགས་ལ་རོལ། ལྷག་མ་བདུད་རྩིར་བརླབས་ལ། ཨོཾ་ཨཱཿཧཱུྃ༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕོ་ཉ་རྣམས༔ ཤ་ཁྲག་ལྷག་གཏོར་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ མ་མ་ཧྲཱིང་ཧྲཱིང་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྗེས་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱ། ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷག་གེར་གསལ༔ ཨོཾ་ཨཱཿཧཱུྃ་གིས་གོ་བགོས་ནས༔ དག་པའི་སྣང་བས་སྤྱོད་པ་བསྐྱང༔ ཞེས་བསྡུ་ལྡང་བྱས་ལ་སྨོན་ལམ་དང་ཤིས་བརྗོད་ནི། ཧོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ བསོད་ནམས་ཡེ་ཤེས་གང་བསྒྲུབས་པའི༔ འབྲས་བུ་དུས་འདིར་མྱུར་དུ་སྨིན༔ ཀུན་བཟང་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ༔ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་འགྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ། །གཉིས་པ་འདིའི་དབང་བསྐུར་ན། སྟེགས་བུར་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་བུམ་པ་མགུལ་ཆིངས་ཁ་རྒྱན་བཅུད་ལྡན། མདུན་དུ་སྐུ་ཙཀ །གཡས་གཡོན་དུ་སྔགས་བྱང་དང་རཀྵའི་ཕྲེང་བ། གནམ་ལྕགས་རྡོ་རྗེ། གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་། སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམ། མཁོ་བའི་ཡོ་བྱད་གཞན་ཚོགས་པར་བྱ། དེ་ནས་གོང་གི་ཕྲིན་ལས་དབུ་ནས་བརྩམ་བདག་མདུན་དབྱེར་མེད་དུ་བསྒོམས་ལ་བཟླས་པའི་སྐབས་སུ་ཛཔ྄་ཁང་དབྱེ། ཛཔ྄་བཟླས་ཅི་འགྲུབ་མཐར་བུམ་བཟླས་དང་བུམ་ལྷ་འོད་ཞུ་བྱ། ལས་བུམ་བསྒྲུབ། ཚོགས་མཆོད་བྱེད་ན་བསྒྲལ་བསྟབ་ཡན་བཏང་ལ་རིག་མེ་དོར། དེ་ནས་སློབ་མ་ལ་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་བསྒོམས་ལ། མཚམས་སྦྱོར་ཁྱད་པར། དེ་ལ་འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་རྡོ་རྗེ་ཆོས་རབ་ཉིད་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ལས་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་གཉེན་པོ་སྟོབས་ཀྱི་ཕྱག་རྒྱར་བཞེངས་པ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཉིད་ལའང་སྐུའི་རྣམ་འགྱུར་དང་དེ་མཐུན་གྱི་སྒྲུབ་པའི་བཀའ་སྲོལ་ཅི་རིགས་པ་མཆིས་པ་ལས། འདིར་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་སྔ་ན་མེད་པའི་གསང་བ་དྲེགས་འདུལ་རྩ་བའི་ལྷ་རྒྱུད་དང་མཐུན་པའི་སྒྲུབ་ཐབས་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག གནས་ཁང་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་བླ་མ་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་དང་ཁྱེད་རང་རྣམས་ཀྱང་དཔལ་ཧེ་རུ་ཀའི་རྣམ་པས་འཁོད་པར་མོས་ཤིག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་རྩ་གསུམ་ཀུན་འདུས་ཀྱི་སྐུར་གསལ་བ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོ༔ བླ་མ་རྣམས་དང་སོགས་སྒྲུབ་ཐབས་ལྟར་ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོམ་དོན་གསལ་འདེབས་བཞིན་པས་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། ཐལ་མོ་མེ་ཏོག་གིས་བརྒྱན་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་བཅུག་པར་མཛད་ནས་ཀྱང༔ ཐུགས་རྗེས་ལྷ་ཞལ་བསྟན་པ་དང༔ ཐར་པའི་གནས་ལ་འགོད་དུ་གསོལ༔ ལན་གསུམ། བླ་མས། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ སྐལ་པ་ལྡན་པ་ཁྱོད་གཞུག་པས༔ བདེ་བ་བླ་ན་མེད་པ་ཐོབ༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ བཀའ་བསྒོས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞུགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ དམ་ཚིག་རྡོ་རྗེའི་ཆུ་ཧཱུྃ་ཡིག་ཏུ་གསལ་བ་མགྲིན་པ་ནས་བརྒྱུད་སྙིང་གར་ཡེ་ཤེས་པའི་ཚུལ་དུ་བཞུགས་པར་མོས་ཤིག །ནང་མཆོད་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བ་ཆེན་པོར་ལྟུང༔ རྡོ་རྗེའི་བདུད་རྩིའི་ཆུ་ཐུངས་ཤིག༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཇི་ལྟར་ཁས་བླངས་པའི་རྡོ་རྗེའི་ཡལ་གམ་ལས་མི་འདའ་བའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་ཉི་ཟླ་དང་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སྐད་ཅིག་གིས་ཁྱེད་རང་གསང་བདག་དྲེགས་པ་ཀུན་འདུལ་མཐིང་ནག་གཡས་རྡོ་རྗེ་རྩེ་དགུ །གཡོན་ལྷ་ཀླུའི་མགོ་བོ་བསྣམས་པ། འབར་བའི་གར་དགུ་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཡུམ་ཁམས་གསུམ་སྤྱི་འདུལ་མཐིང་ནག་ཁ་ཊྭཱཾ་དང་དུང་ཁྲག་འཛིན་པས་འཁྲིལ་བ། ཞབས་འདོར་ཐབས་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ཀྱི་ནང་ཁེངས། གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕེབ་པར་མོས་ཤིག །སྙིང་པོའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་ལ་རོལ་མོ་དང་སྤོས་སྦྱོར་བྱ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་བར་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག །དེ་དག་གིས་འཇུག་པའི་ཆོས་གྲུབ་ནས། དངོས་གཞིའི་དབང་བསྐུར་བའི་ཐོག་མར་བླ་མ་དཀྱིལ་འཁོར་པ་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་ཀྱིས། བུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པས་དབང་བསྐུར་བས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གཏོར་བླུག་གི་བྱ་བ་མཐར་ཕྱིན་དུ་མཛད་པར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ ཀློང་གྱུར་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དེའི་རྗེས་འབྲེལ་སྐུ་གསུང་ཐུགས་དབང་ནི། དཔལ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་སྤྱི་བོར་ཐིམ་པས་ལུས་སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་བར་མོས་ཤིག །སྐུ་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དྲེགས་པ་གནོད་སྦྱིན་ཐམས་ཅད་འདུལ༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔལ་ཆེན་པོའི་གསུང་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་བར་མོས་ཤིག །སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ གསང་སྔགས་རིག་སྔགས་རྣམས་ཀྱི་རྒྱལ༔ དྲེགས་པ་ཟིལ་གནོན་རྡོ་རྗེའི་སྒྲ༔ སངས་རྒྱས་ཀུན་གྱི་རིག་སྔགས་འདུས༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དཔལ་ཆེན་པོའི་ཐུགས་ལས་ཕྱག་མཚན་ཡེ་ཤེས་རྡོ་རྗེ་འབར་བ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་རིག་སྟོང་འོད་གསལ་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་མོས་ཤིག །རྡོ་རྗེ་སྙིང་གར་གཏུགས་ཤིང་ལག་ཏུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ སྟོང་ཉིད་ཡེ་ཤེས་མཁའ་འདྲ་བ༔ མི་གཡོ་མི་འགྱུར་གཞོམ་གཞིག་བྲལ༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རིག་མ་ལང་ཚོས་བརྒྱན་པ་འཕྲོས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རང་གི་སེམས་ཉིད་མ་བཅོས་པ་འདི་ཀ་དཔལ་ཧེ་རུ་ཀར་ངོ་ཤེས་པས་གང་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེས་ཚིག་དབང་རིན་པོ་ཆེ་ཐོབ། བག་ཉལ་གྱི་སྒྲིབ་པ་རྣམས་དག །ལམ་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེས་གསང་བདག་དྲེགས་པ་ཀུན་འདུལ་རྩ་བའི་དབང་བསྐུར་བ་ལེགས་པར་ཐོབ་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་སྤྱི་ལྟར་བྱ། ཚོགས་ལ་རོལ་པ་སོགས་རྗེས་ཀྱི་བྱ་བ་རྣམས་ཀྱང་སྒྲུབ་ཐབས་ལྟར་བྱས་པས་འགྲུབ་བོ། །བདག་འཛིན་དྲེགས་པ་རྟོག་ཚོགས་འཁོར་བཅས་ཀུན། །བདག་མེད་ཡེ་ཤེས་སྟོབས་ཀྱིས་འདུལ་བ་ལ། །དཔལ་ཆེན་གསང་བའི་བདག་དང་དབྱེར་མེད་པར། ཀློང་གྱུར་དགོངས་པའི་རྩལ་ཆེན་རྫོགས་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྐོང་བ་དང་། ཟབ་ཆོས་ཁྱད་པར་དུ་འཕགས་པ་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། གཏེར་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བར་ཤྲཱི་དེ་བཱི་ཀོ་ཊིའི་ཡང་སྙིང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

བཅུད་ལེན་གྱི་ཆོ་ག་མཆོག་ཏུ་ཟབ་པའི་གདམས་པ་ (Volume 30, Text 30)

༄༅༔ བཅུད་ལེན་གྱི་ཆོ་ག་མཆོག་ཏུ་ཟབ་པའི་གདམས་པ་བཞུགས་སོ༔ གུ་རུ་ཆོས་དབང་གི་གཏེར་ཁ་བདུན་པའོ།། བཅུད་ལེན་ཁྱད་འཕགས་་་རྒྱ་དཀར་ནག་གཉིས་ན་མེད་པ་ཟབ་པའི།ཐེམ་བྱང་བཤད་པར་བྱ༔ ཤིང་་་གི།བཅུད་རྩ་བ་དྲུག་གི་བཅུད་ལ་བརྟེན་ཏེ་བླང་བ་་་ཚེ་བསྲིང་བ།དང་གཅིག༔ སྨན་བཅུད་འབྲས་བུ་གསུམ་ལ་བརྟེན་ཏེ་བླང་བ་་་དབང་པོ་གསལ།དང་གཉིས༔ སྨན་བཅུད་ཨ་རུ་ར་ལ་བརྟེན་ཏེ་བླང་བ་་་དུག་ཞི།དང་གསུམ༔ རྡོ་བཅུད་ཅོང་ཞི་ལ་བརྟེན་ཏེ་བླང་བ་་་ཕོ་བ་བཟང་།དང་བཞི༔ ས་བཅུད་མུ་ཟི་ལ་བརྟེན་ཏེ་བླང་བ་་་ཤ་ལུས་རྒྱས་བཀྲག་མདངས་སྐྱེད།དང་ལྔ༔ རང་བྱུང་བདུད་རྩི་ལ་བརྟེན་ཏེ་བཅུད་བླང་བ་་་བྱིན་རླབས་ཆེ།དང་དྲུག༔ སྨན་མར་རྩ་མིག་ཏུ་འདྲེན་པ་འབྲུ་ལ་བརྟེན་ནས་བཅུད་བླང་བ་་་འབྱུང་བ་ལྔའི་ལུས་རྒྱས།དང་བདུན༔ རྩི་བཅུད་འོ་མ་ལ་བརྟེན་ཏེ་བཅུད་བླང་བ་་་ཤ་གཞོན་ནུར་ལྡན་པ།དང་བརྒྱད༔ སྐོམ་སེལ་ཆུ་ལ་བརྟེན་ཏེ་བཅུད་བླང་བ་་་ཏིང་འཛིན་གསལ་བ།དང་དགུ༔ རླུང་དང་རིག་པ་ལ་བརྟེན་ཏེ་བཅུད་བླང་བ་་་ནུས་པ་ཆེ།དང་བཅུ༔ སྔོ་བཅུད་རྟག་ཏུ་ངུ་ལ་བརྟེན་ཏེ་བཅུད་བླང་བ་་་ལུས་ངག་ཡིད་གསུམ་ལ་ཡོན་ཏན་སྐྱེ།དང་བཅུ་གཅིག༔ ཤེས་རབ་སྒྲུབ་པ་་་འཇམ་དཔལ།དང་བཅུ་གཉིས༔ མིག་སྨན་སྒྲུབ་པ་་་སྤྱན་རས་གཟིགས།དང་བཅུ་གསུམ༔ རྐང་མགྱོགས་བསྒྲུབ་པ་་་ཕྱག་རྡོར།དང་བཅུ་བཞི་བཞུགས་སོ༔ ཨོ་རྒྱན་པདྨ་བདག་གི་བཀའ༔ རྩ་བ་དྲུག་གི་བཅུད་ལེན་འདི༔ སྐལ་བ་ཅན་གྱིས་ཉམས་སུ་ལོངས༔ རྩ་བ་དྲུག་གང་ཞེ་ན༔ ར་མོ་ཤག་་་ཆ་ཆེ།དང༔ ཉེ་ཤིང་དང༔་་་ཆ་འབྲིང་། ལྕ་བ་དང༔་་་རྒོད་གཡུང་གཉིས་ཡོད་གསུངས། ཨ་ཤོ་གནྡྷ༔་་་བ་སྤྲུ། གཟེ་མ༔་་་ཆ་ཆེ། དབང་པོ་ལག་པ༔་་་རྩ་བ་ལྔ་ཡི་ཕབས་དང་འདྲ། གྲོགས་ཀྱི་སྨན་ལ༔ བཅུད་ཆེ།་་་འབྲས་བུ་གསུམ༔་་་ཨ་རུ་ར་བརྒྱད། བ་རུ་ར་བཞི། སྐྱུ་རུ་ར་ཚོམ་གཅིག །བདུད་རྩི་བཞིའོ༔་་་མཚེ་འོམ་བུ་ཤུག་པ་བ་ལུ། སྟོབས་ཀྱི་ངར་སྐྱེད་པ་ལ༔ ཨ་འབྲས༔ སྲ་འབྲས༔ འཇམ་འབྲས༔ ཅོང་ཞི༔ བུ་རམ༔་་་བསླད་མེད། བཅུད་ཀྱི་ངར་བསྐྱེད་པ་ལ་རོ་འདྲ་བའི་སྨན་་་མཆིལ་བའི་ཤ་འོ་མར་བཙོས་པའི་ཁུ་བ། ད་བྱིད་འཁྲུལ་མེད།་་་རྣམས་སོ༔ རྩ་བ་དྲུག་གི་ནུས་པ་གསོ་བ་ལ༔ མཁལ་མ་གསོ་བའི་སྨན་་་སུག་སྨེལ་བྲེ་ག་མཁལ་མ་ཞོ་ཤ།རྣམས་སོ༔ སྨན་གཏའ་ནི་བུ་རམ༔ སྦྲང༔ མར༔ འོ་མ་རྣམས་སོ༔ རྩ་བ་དྲུག་བརྐོ་བའི་དུས་ནི་ནམ་ཟླ་དཔྱིད་ཀ་ཉེ་བར་་་སྟོན་ཡང་བཏུབ།གྲིབ་སྐམས་་་་མ་རུལ་བར་བསྐམས་པས།སད་ཀྱིས་མ་ཁྱེར་བ༔ མང་ཉུང་ནི་་་རྩ་བ་དྲུག་སྣ་རེ་རེ་ལ།གཞི་ཕུལ་དོ་དོ༔ སྦྱར་བས་ན་ཕུལ་བཅུ་གཉིས་སོ༔་་་བརྩིགས་མ་ཡང་བཟའ་བཏུབ། ཁྲམ་ཁྲུམ་བརྡུངས་ལ་ཆུའི་ནང་དུ་ཞག་འགའ་སྦངས་ལ་ཁུ་བ་ཡང་ཡང་གདོན་དེ་་་བཙིར་གདུར་བྱ།རྫ་སྣོད་གཙང་མར་་་ཟངས་སུ་བྱས་ན་དུག་འགྱུར།བཙགས་ལ༔ འོག་ནས་མེ་བཏང་ལ་དཀྲུག་ཅིང་་་གཡའ་མེད་པར།གདུ་འོ༔ དེའི་དབུས་སུ་ནང་དུ་མཚེ༔་་་ལོ་མ། འོམ་བུ༔་་་ངར་བ། བ་ལུ༔་་་ལོ་མ། ཤུག་པ་་་བྱ་སྡེར་ཅན།རྣམས་ཆག་པ་རེ་རེ་ཙམ་བརྡུང་ནས་ལབ་ལེབ།་་་བཙིར་མེ་ལ་གདུས་ལ་གདོན།་་་པའི་ཁུ་བ་ཕུལ་གང་ལྷག་ཙམ་ཞིག་གདབ༔ ལྷོག་ལྷོག་་་ཁཎྜ་ལྟར་་་བསྐོལ་ལ་སྐ་བར་གྱུར་པ་་་ཕུལ་བཅུ་གསུམ་ཙམ།ལ༔ འོ་མ་བྲེ་གསུམ་བླུགས་ལ་་་མང་ན་བཟང་།གདུ༔ ཆུ་སྐམས་འོ་མ་བྲེ་དོའི་ཚད་དུ་སོང་བ་་་དེ་ལས་སྐམས་ན་འཚིག།དང༔ མར་ཞུན་་་སྲང་བཅུ་ཙམ།ལ་འོ་མ་བསྟིམ༔ དེའི་དུས་སུ་འབྲས་བུ་གསུམ་ཐུན་ཚད་དང་ལྡན་པ་ཞིབ་པར་བཏང་ལ་གདབ༔ ངར་སྨན་གསུམ་ཚན་་་སྟོབས་ངར་དང་བཅུད་ངར།རྣམས་ཀྱང་ཁ་ཚར་གདབ༔ འོ་མ་སྐམས་པའི་ཚད་ནི་ཁོལ་དུས་སྐད་ཀྲོག་ཀྲོག་ཟེར་ན་གྲང་དུ་གཞུག༔ ངད་་་ཡལ་ལ།བུ་རམ་་་ཆ་ཆེ།དང་སྦྲང་་་ཨེན་ཆུང་།བཏབ་ལ་དཀྲུག་ཅིང་བགྲང་སྟེ༔ ཆུའི་བཅུད་ལེན་སྔོན་དུ་སོང་ནས།་་་ལྟོ་སྟོང་ལ་ཐུར་མ་བཟང་པོ་གསུམ་རེ་ཟོས་ན་སྦྲུལ་ལྤགས་པ་བརྗེས་པ་ལྟར་་་ནུས་པ་མྱུར་དུ་འབྱིན་ནོ།གཞོན་ནུར་འགྱུར༔ རྒན་པོས་འཚལ་ན་དར་མར་འགྱུར༔ དར་མས་འཚལ་ན་མིས་མི་ཐུབ་པའི་གྱད་དུ་འགྱུར༔ བྱིས་པས་ཟོས་ན་དར་མར་འགྱུར༔ ལུས་ཟུངས་འཕེལ་ཁུ་བ་རྒྱས༔ མཁལ་ནད་གྲང་རླུང་ཡུལ་ནས་འདོན༔ རྒས་སྲ་ཚེ་རིང་མཐར་སྐྱོལ་ངེས༔ མི་འཛད་བདུད་རྩི་བུམ་པའི་བཅུད༔ སྣང་བ་མཐའ་ཡས་་་ཚེ་དཔག་མེད།ཕྱག་ལ་གཏམ༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ།་་་འགྲོ་བ་བུ་བཞིན་སྐྱོང་མཛད་པའི༔ སྐལ་ལྡན་གཅིག་དང་འདི་འཕྲད་ཤོག༔ ཨོ་རྒྱན་པདྨའི་བཀའ་འོ་གུ་ཧྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ འབྲས་བུ་གསུམ་གྱི་བཅུད་ལེན་འདི༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ འབྲས་བུ་གསུམ་གང་ཞེ་ན༔ ཨ་རུ་ར་བརྒྱད་ཅུ༔ བ་རུ་ར་ཉི་ཤུ༔ སྐྱུ་རུ་ར་ཚོམ་ཙམ་བཅུའོ༔ དེ་རྣམས་ཁྲམ་ཁྲུམ་བརྡུངས་ལ་ངར་བླུད་པ་ནི༔ ལྕགས་ཕྱེ་དང་ཅོང་ཞི་ཆུ་ལ་གདུ༔ དེས་འབྲས་བུ་གསུམ་གདུ༔ དེ་འོ་མར་གདུས་པའི་ཁུ་བ་ལ༔ རྩ་བ་དྲུག་་་ལྕ་བ། ར་མཉེ། ཉེ་ཤིང་། བ་སྤྲུ། གཟེ་མ། དབང་ལག།གི་ཁཎྜ་ཡང་གདབ༔ བདུད་རྩི་བཞི་་་ཤུག་པ་བ་ལུ་མཁན་པ་མཚེ།པོའི་ཁཎྜ་ཡང་བླུགས་ཏེ་འོ་མའི་ཚད་དུ་གདུ་འོ༔ འོ་མ་མར་ལ་བསྟིམས༔ མར་ཁུས་སྐད་ཀྲོག་ཀྲོག་ཟེར་བ་བྱུང་ན་ཕོག་ལ༔ ངད་ཡལ་བ་ལ་སྦྲང་བུར་ཁ་ཚར་གདབ༔ སྔོན་དུ་ཆུའི་བཅུད་བླངས་པའི་རྗེས་ལ་སྨན་འདི་བཏང་བས་ཚེ་རིང༔ རོ་ཙ༔ བཅུད་ལེན་འགྲུབ༔ འདུ་བའི་ནད་སེལ༔ དབང་པོ་མིག་གསལ༔ ལུས་བདེ༔ ཡིད་གཞུངས༔ རྒན་པོ་གཞོན་ནུར་འགྱུར་རོ༔ སྨན་གྱི་ཁྱད་པར་བཅུད་ལེན་འདི༔ འོད་དཔག་མེད་ཀྱི་ཕྱག་ལ་གཏམ༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང༔ ཨོ་རྒྱན་བཀའ་འདི་འཕྲད་པར་ཤོག༔ ྀཨཚ་གུ་ཧྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ ཨ་རུ་ར་ཡི་བཅུད་ལེན་འདི༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ཨ་རུ་ར་གང་ཞེ་ན༔ ཨ་རུ་ར་གསེར་མདོག་ཁོ་ན་ལ༔ ཤ་པགས་པ་་་བཅུད།ཁྲག༔ སྙིང་པོ།་་་རུས་པ་གསོ་ཞིང་སྟོབས་བཅུ་བཞི་ཚང་བས་སྨན་གྱི་མཆོག་ཡིན༔ གསེར་མདོག་་་བཟང་པོ།སུམ་ཅུ་་་མ་རུལ་པ།ཐམ་པ་ལ༔ མཚེ་དང་འོམ་བུའི་ཁཎྜ་་་འཕྲོད་པ་ཡིན།མང་དུ་བསྟིམ༔ དེ་ལའང་ངར་སྨན་གཉིས་ཀྱི་ཁུ་བ་བསྟིམ་པར་བྱ་སྟེ༔ ཅོང་ཞིའི་ཆུ་དང༔ ལྕགས་ཕྱེ་ཨ་རུ་ར་རང་གིས་བཏུལ་པའི་ཁུ་བ་བསྟིམ༔་་་མ་འབྱོར་འོམ་བུའི་ཁུ་བ་བྱེད། དེ་ནས་འོ་མ་ཨ་རུ་ར་ལ་བསྟིམ་མོ༔ ལར་ཨ་རུ་ར་རང་ལ་ཁུ་བ་ཐམས་ཅད་རང་ཐིམ་དུ་བསྟིམ་མོ༔ དེ་ནས་ལྟོ་སྟོང་དུ་ཟླ་བ་གཅིག་ཏུ་ཨ་རུ་ར་རེ་མུར་ན༔ ཕན་ཡོན་བདུད་རྩི་དྲུག་གི་སྐབས་དང་མཐུན་པར་ཐོབ་བོ༔ ཁྱད་པར་དུ་ཁམས་བདེ༔ ཤེས་པ་གསལ༔ ཤ་བཀྲག་དྭངས༔ རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ་བར་འགྱུར་རོ༔ སྨན་མཆོག་ཨ་རུའི་བཅུད་ལེན་མཆོག༔ ཚེ་དཔག་མེད་ཀྱི་ཕྱག་ལ་གཏམས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ པད་མའི་བཀའ་འདི་བཙན་པར་ངེས༔ ྀཨཚ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ རྡོ་བཅུད་ཅོང་ཞིའི་བཅུད་ལེན་འདི༔ སྐལ་བ་ཅན་དང་འཕྲད་པར་ཤོག༔ ཅོང་ཞི་གང་ཞེ་ན༔ ཕོ་ལ་ཕན་པ་མོ་ཅོང་ནི༔ དཀར་ལ་འཚེར་བ་ཤེལ་ལམ་དུང་འདྲ་བ་དེའོ༔ མོ་ལ་ཕན་པ་ཕོ་ཅོང་སྟེ༔ ཁམ་་་རྒྱབ།སྦལ་རྒྱབ་འདྲ་བ་འཐུག་པ་དེའོ༔ གཉིས་ཀ་ལ་ཕན་པ་་་མ་ནིང་སྟེ།བྲག་ཅོང་བཟང་པོ་དེའོ༔ གང་ལ།་་་གང་འཕྲོད་བཟང་པོ་བྲེ་གསུམ་ཞིབ་པར་བཏགས་ལ༔ དང་པོ་དཔལ་སྐྱེད་པ་ནི༔ གངས་ཐིག་དང༔ སྦལ་རྒྱབ་ལ་སོགས་རྡོ་སྨན་བཟང་པོ་བཏབ་ལ་དཔལ་སྐྱེད༔ དེ་ནས་ངར་བླུད་པ་ནི༔ ཨ་རུ་ར་དང༔ ལྕགས་ཁུ་བསྟིམ༔ དེ་ནས་བཏུལ་ཏེ་འོ་མ་ལ་བསྟིམ་མོ༔ དེ་ནས་ཨ་འབྲས་ལ་སོགས་པ་རོ་ཙ་བའི་སྨན་གྱི་ངར་གསོ༔ དེ་ནས་གྲོགས་གཏོང་བ་ལ་འབྲས་བུ་གསུམ་ཅི་རིགས་ཤིག་དང༔ རྩ་བ་དྲུག་གི་ཁཎྜ་གདབ༔ སྦྱར་ཐབས་་་ཁུ་བར་འོ་མ་མར་ཁ་ཚར།གོང་མ་རྣམས་ལྟར་བྱ༔ དེ་ལྟར་བསྟེན་ན་ཡོན་ཏན་གོང་དང་མཚུངས༔ ཁྱད་པར་དུ་མདོག་དཀར༔ སྟོབས་ཆེ༔ རུས་པ་མཁྲེགས༔ སྐྲ་དཀར་མི་ཡོང༔ སེའུ་སྐྱེ༔ ཚེ་རིང་ངོ༔ རྡོ་བཅུད་ཅོང་ཞིའི་བཅུད་ལེན་འདི༔ ཚེ་དཔག་མེད་ཀྱི་ཕྱག་ཏུ་གཏམས༔ སྙིང་གི་བུ་དང་འཕྲད་པར་ཤོག༔ པདྨའི་བཀའ་ཡིན་སླུ་མི་སྲིད༔ ྀཨཚ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ ས་བཅུད་མུ་ཟིའི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ མུ་ཟི་གང་ཞེ་ན༔ འབྲི་ཚིལ་འདྲ་བ་བྲེ་གང་ལ༔ བ་ཆུ་བྲེ་གང་་་གཉེན་པོ་ཡིན།དུ་བསྡུ་ཞིང་བསྟིམ༔ དེ་ནས་སེང་ལྡེང་་་བཀྲག་སྐྱེད།སྤྱི་ཞུར་་་རུས་པ་མཁྲེགས།གྲང་བསེངས་ཀྱི་ཁུ་བ་བསྟིམ༔ དེ་ནས་ཉེ་ཤིང་ར་མྱེའི་ཁུ་བ་བསྟིམ༔ ཆུ་སེར་ཆེའམ་མཛེ་འཕྲོ་ཡོད་སྲིད་ན༔ སོ་མ་རཱ་ཛ་ཐལ་ཀར་རྡོ་རྗེ༔ གུ་གུལ་དཀར་ནག་ཁ་ཚར་གདབ༔ མེད་ན་མི་དགོས༔ དེ་ནས་འོ་མ་ལ་བསྟིམ༔ འོ་མ་འབྲི་མར་ལ་བསྟིམ༔ བུ་རམ་དང་སྦྲང་རྩི་བཏབ་སྟེ་ལེགས་པར་སྦྱར་བ་དེ༔ ཆུ་བཅུད་བླངས་རྗེས་ལ་བསྟེན་ན༔ བཅུད་ལུས་ལ་རྒྱས་པར་འགྱུར༔ ཁྱད་པར་དུ་ཚེ་རིང་ཞིང༔ མཛེ་རིགས་བཅོ་བརྒྱད་གང་ཡང་འཇོམས༔ ཆུ་སེར་ལས་གྱུར་ནད་ཀུན་སེལ༔ གདོན་གྱིས་མི་ཚུགས༔ ལུས་ལ་སྲོག་ཆགས་མི་སྐྱེའོ༔ ས་བཅུད་མུ་ཟིའི་བཅུད་ལེན་འདི༔ ཚེ་དཔག་མེད་ཀྱི་ཕྱག་ལ་གཏམས༔ ལས་འཕྲོ་སྐལ་པ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ རང་བྱུང་གདོད་ནས་རྣམ་དག་རྫས༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ རང་བྱུང་བདུད་རྩི་གང་ཞེ་ན༔ ནས་བཟང་པོ་་་བྲུས་མ།མགོ་སེར་ཙམ་བརྔོས་པའི་ཟན༔ ལོ་ཚོད་སྔོ་ངད་ཚ་སྤངས་ཏེ༔ བཟའ་རན་པར་ཟོས་ཏེ༔ ཟས་གཞན་སྤངས་པའི་དྲི་ཆེན་ཐོ་རངས་ཁ་གཡམ་ལེབ་གཙང་མའི་ཐོག་ཏུ་བཏང་ལ༔ རྩ་བ་དང་རྩེ་མོ་གཉིས་བོར་ལ༔ དེ་ཉིད་མ་རུལ་མ་སུམས་པར་བསྐམས་པའི་ཕྱེ་མ་བྲེ་གསུམ་བཞི་ཙམ་བཏགས་ཏེ༔ དེ་དུས་ཀྱི་དྲི་ཆུ་་་་དྲི་ཆེན་དང་དྲི་ཆུ་གཉིས་སྔོན་མ་ཐོར་གཅིག་ཕོ། ཕྱི་མ་དབྱུང་བའི་བར་པ་དེ་ལ་བྱའོ།བར་པས་གདུ་ཞིང་བསྟིམ༔ ཤ་ལྔ་བདུད་རྩི་ལྔའི་འཕྲོད་དང་ཨ་མྲྀཏ་བཟང་པོའི་འཕྲོད་གཏོང་ལ་ངར་བླུད༔ མར་གྱི་འོལ་སྐོམ་ཕོལ་ལེ་བ་བྱས་ལ༔ མངར་གྱིས་བྲན་ལ་ཀ་པཱ་ལ་མཚན་ལྡན་ལྔར་བླུགས་ལ༔ དར་སྣ་ལྔས་ཁ་བཅད་ལ་དཀྱིལ་འཁོར་དབུས་དང་ཕྱོགས་བཞིར་བཀོད་ལ༔ བདུད་རྩི་བྱིན་གྱིས་བརླབ་པ་ལྟར་བྱ་བའམ༔ འོན་ཏེ་དམ་རྫས་རྣམས་རྒྱལ་བ་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་མུ་ཏིག་ལྟ་བུས་ཐོད་པ་གང་བར་བསམ་ལ༔ རིགས་ལྔ་འདུས་པའི་སྙིང་པོ་འདི་བཟླས་སོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔་་་དམ་རྫས་བདུད་རྩིར་བསྒྱུར་བའི་སྔགས་སོ། །ཅེས་འབུམ་བཟླས་ཤིང་བྱིན་གྱིས་བརླབས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་མཆོད༔ ཚེའི་དངོས་གྲུབ་སྩོལ་བར་གསོལ་བ་ཡང་ཡང་གདབ་ལ༔ སེམས་ཀྱི་འཁུ་འཁྲིག་་་རྣམ་རྟོག་དུག་ཡིན་པས།སྤངས་ཏེ་ཟོས་ནས༔ ཟད་པ་དང་བསྐྱར་ཞིང་སྒྲུབ་ན་ལོ་གསུམ་གྱིས་ཚེའི་རིག་འཛིན་འགྲུབ་པར་འགྱུར་རོ༔ དུས་གསུམ་རྒྱལ་བས་བྱིན་གྱིས་རློབས་ཤིག༔ མ་མོ་མཁའ་འགྲོས་སྟོངས་གྲོགས་བྱེད༔ རྟོགས་པ་ཁྱད་པར་ཅན་འཆར༔ མཛེ་འུར་འདོན་ལ་འགྲོ༔ ལུས་ཤུན་སྦྲུལ་ལྤགས་བརྗེས་པ་ལྟར་གཞོན་ནུར་འགྱུར་རོ༔ ཕྱི་མ་ལ་རྒྱལ་བའི་སྲས་སུ་འགྱུར་བར་ངེས་སོ༔ དེ་ལ་ཐེ་ཚོམ་ཡོད་རེ་ཀན༔ རྗེས་ལ་འབའ་སམ་ཟོས་པས་མཆོག༔ ཨེ་མ་ཧོ༔ རང་བྱུང་བདུད་རྩིའི་བཅུད་ལེན་འདི༔ ལྷོ་བྲག་མཁོ་མཐིང་ལྷ་ཁང་ནང༔ ཚེ་དཔག་མེད་ཀྱི་ཕྱག་ཏུ་གཏད༔ སྐལ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རིག་འཛིན་གཅིག་དང་འདི་འཕྲད་ཤོག༔ ཨོ་རྒྱན་བཀའ་བཙན་འཕྲད་པར་ངེས༔ ྀཨཚ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ བདུད་རྩི་འབྲུ་ཡི་བཅུད་ལེན་འདི༔་་་འདི་བཅུད་ལེན་ཐམས་ཅད་ཀྱི་དང་གནས་ཡིན། སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ བཅུད་ལེན་ཐམས་ཅད་རྩ་མིག་ཏུ་འདྲེན་པ་འབྲུའི་བཅུད་ལེན་གང་ཞེ་ན༔ ནས་དཀར་མོ་ཞོ་གཅིག་བསལ་བཏུས་ལ༔ ནས།་་་ཞོ་གསུམ་བཞི་ལྔ་དྲུག་བཅུད་ཡང་ཡང་དུ་བཏོན་པའི་ཁུ་བ་ཆང་དུ་བཙོ་ཞིང་རང་སར་བསྟིམ༔ ཚོས་པར་བྱ༔ མར་དང་ཕབས་་་བུ་རམ་དང་སྦྲང་སྦྱར།མང་དུ་གདབ༔ གླུམ་དེ་ལོངས་པ་དང་་་སྐྱུར་མོར་མི་འགྲོ་བར།གྲང་དུ་བཅུག་ལ༔ དྲོ་ཅན་ཙམ་བསྲོས།་་་ཆང་ངམ་ཆུས་བསིངས་ལ༔ གོང་འོག་གི་བཅུད་ལེན་གང་ཟ་ཡང༔ ཟོས་རྗེས་ལ་ཆང་འཁྱོར་རེ་འཐུངས་ན༔ དེའི་ནུས་པས་བཅུད་རྣམས་རྩ་མིག་ཏུ་འདྲེན་ནུས་སོ༔ བཅུད་ལེན་གང་བྱས་ཀྱང་ནུས་པ་མྱུར་དུ་འབྱིན་ནོ༔ དེ་ལས་མང་ན་དུག་ཏུ་འགྱུར་སྲིད་དོ༔ གང་ཞིག་ཤ་སྐྱེ་བར་འདོད་པས༔ ཨ་རུ་ར༔ མུ་ཟི་སེར་པོ༔ བྲག་ཞུན་དེ་གསུམ་སྦྲུལ་གྱི་ཤ་དང་མཆིལ་པའི་ཤ་བཙོས་པའི་ཁུ་བ་ལ་བསྟིམ༔ ཤ་ཁུ་འོ་མ་ལ་བསྟིམ༔ འོ་མ་མར་ལ་བསྟིམ༔ མར་ལ་སྦྲང་བུར་བཏབས་ལ༔ ཁྱེམ་བུ་རེ་རེ་བཟའ༔ རྗེས་ལ་ཆང་ཁྱོར་བ་རེ་བཏུང༔ སྦྲུལ་ཤ་འོ་མ་ལ་བཙོས་པའི་ཚོད་མ་དུམ་རེ་བཏང༔ དེས་ནི་ཤ་སྐྱེ་རྟག་ཏུ་ཉམས་དང་ལྡན་ནོ༔ མི་ཉམས་པོ་ཆེས་བྱར་མི་བཏུབ༔ ཤ་སྐེམ་པོ་ལ་མཆོག་ཏུ་ཕན༔ ཧ་ཅང་་་ཤ་སྐྱེ་བ།ཆེས་ན་ཆུའི་བཅུད་ལེན་བྱ༔ དེ་རྗེས་མུ་ཟིའི་བཅུད་ལེན་བྱ༔ བདུད་རྩི་འབྲུ་ཡི་བཅུད་ལེན་འདི༔ འོད་དཔག་མེད་པའི་ཕྱག་ཏུ་གཏད༔ སྐྱེས་མཆོག་གཅིག་དང་འཕྲད་པར་ཤོག༔ ྀཨཚ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ བདུད་རྩི་འོ་མའི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ མཆོག་ཏུ་ཟབ་པའི་དོན་འོ་མའི་བཅུད་ལེན་གང་ཞེ་ན༔ དེའང་རྒྱུ་ནི་བ་དམར་མོ་ཡར་མ་གཅིག་ལ་བསྟེན་ལ་བཅུད་བླང༔ དབྱར་ཡིན་ན་ཡར་མ་འགའ་ལ་བསྟེན་ལ་བཅུད་བླང༔ བླང་ཐབས་ནི་རྩ་བ་དྲུག་ཕུལ་རེ༔ ཨ་རུ་ར་ཉི་ཤུ་རྩ་གཅིག༔ བ་རུ་ར་བཅུ༔ སྐྱུ་རུ་ར་ཚོམ་ཙམ་ལྔ༔ བདུད་རྩི་བཞི་པོ་་་ཤུག་པ་བ་ལུ་མཚེ་མཁན་པ།ཁྱེམ་བུ་རེ་རེ་ཙམ༔ མཆིལ་པ་བུབས་གཅིག༔ སྦྲུལ་ཤ་བུབས་གཅིག༔ ཨ་འབྲས༔ འཇམ་འབྲས༔ སྲ་འབྲས་རྡོག་གསུམ་གསུམ་སྟེ་དགུ་དང༔ སྦྱར་ཐབས་་་རྩ་བ།དྲུག་་་བདུད་རྩི།བཞི་ཕུལ་གང་རེ་ཁུ་བ་ཕྱུངས་ལ་གདུ༔ དེ་འོ་མ་ལ་གདུ༔ དེ་མར་ལ་བསྟིམ༔ བཅུད་འབྲས་བུ་གསུམ་་་ཨ་རུ་བ་རུ་སྐྱུ་རུ།ཟུངས་སྐྱེད་སྨན་ཡིན་པས་བཏབ་པས་ཆོག༔ ཆུ་ཆོད་མ་ལུས་པ་ལ་སྦྲང་བུར་གདབ་སྨན་མར་ཁྱེམ་བུ་རེ་ཆུ་དང་འོ་མ་འདྲེས་པས་ཕུལ་ནས་འཐུངས་ན༔ ཟས་གཞན་རྒྱུན་བཅད་ཀྱང་ལུས་ཟུངས་འཕེལ་བར་འགྱུར་རོ༔ ཁ་ཟས་རན་པར་ཟོས་ཏེ་རྟག་པར་འདི་བསྟེན་ན༔ བཅུད་ལེན་ཀུན་གྱི་ཡོན་ཏན་འབྱུང༔ ལུས་ཡང༔ མདངས་ཆེ༔ ས་བོན་འཕེལ༔ བུ་ཆུང་ཞོ་འཐུང་གི་མདོག་ལྟ་བུ་འབྱུང་ངོ༔ བདུད་རྩི་འོ་བཅུད་མཐའ་ཡས་ཕྱག་ཏུ་གཏད༔ འཕགས་པའི་སྤྲུལ་པ་གཅིག་དང་འདི་འཕྲད་ཤོག༔ ྀཨཚ༔ ༈ བདག་འདྲ་ཨོ་རྒྱན་པདྨའི་བཀའ༔ ཆུའི་བཅུད་ལེན་བདུད་རྩིའི་མཆོག༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ཆུའི་བཅུད་ལེན་གང་ཞེ་ན༔ ཆུ་སྐོལ་འབའ་ཞིག་འཐུངས་ནས་རྩ་སྦུབས་སྟོང་པ་ལ་བཅུད་ལེན་བྱེད་པ་ཡིན་ཏེ༔ འདི་མེད་ན་བཅུད་ལེན་གཞན་རྣམས་བུལ་ཕྱིར་འདིའི་ཉམས་ལེན་ནི༔ དང་པོ་ལྟོ་བར་གང་འཐད་འགྲངས་པར་ཟ༔ དེ་ནས་རྩམ་པ་རྒྱུན་བཅད་ལ༔ ཆུ་སྐོལ་གསུམ་ཡར་དུ་བཏུང༔ དེའི་ཚེ་མགོ་འཁོར་ཁམས་ལོག་ན་འོ་མ་བསྐོལ་ལ་བཏུང༔ ཡང་ན་སྲེ་ལོང་པ་དང་ལུག་གི་གཞུག་རུས་གདུས་ཁུ་བཏང༔ རླུང་ལངས་ན་འབྲས་བུའི་སྨན་མར་རམ་བཅུད་ཆེན་དམ་དུམ་བཏང༔ སྲིན་ལངས་ན་མ་རུ་ཙེ༔ བྱི་ཏང་ཀ༔ ལང་ཐང་རྩེ༔ ཤིང་ཀུན་རྣམས་བཏང༔ ཕྱི་ས་མ་ཐོན་ན་མར་དཀར་ཁམ་གསུམ་དེ་ཁ་ཙུགས་ཀྱང་སར་པར་བཟའ༔ ལྟོགས་ན་སྣམ་བུ་སྐེད་པ་ལ་བཅིངས་ལ་བསྒོམ་བྱ༔ སྒོམ་ནི་འཇམ་རླུང་ཤེས་པར་བྱས་ལ༔ རླུང་གིས་གསུས་པ་ཐེར་རེ་བྱས་ལ༔ ཏིང་ངེ་འཛིན་ལ་རང་གང་འཐད་ཀྱི་ཟས་ཞིམ་མགྲིན་པ་ནས་མར་བྱི་ལི་ལི་ཁོང་པ་ཁེངས་པར་བསམ་ཞིང་རླུང་ཡིད་ཙམ་དྲངས་ཏེ༔ མར་ཁུ་འཐུངས་པ་ལྟར་སྐྱུགས་ལོག་གེ་ཁམས་མེ་རེ་ཡོད་པར་བསམ་ལ༔ དེའི་རྗེས་ཆོས་ཉིད་དོན་ལ་ལྟེམ་རྩེར་བཞག༔ རྩམ་པའི་དྲི་མི་བསྟེན༔ ཞོ་དང་ཆང་བསིངས༔ མར་སོགས་མ་བཀག༔ ཉུང་མ་སྔོ་རིགས་སྤང༔ ཇ་བཏུང༔་་་འབྲིང་། འོ་མ་བསྐོལ་ལ་བཏུང༔་་་རབ། རྩམ་པ་ཚྭ་དང་གུང་གཉིད༔་་་ནད་བསླང་། འགྲམ་པའི་དྲག་ལས་སྤང༔་་་་གལ་ཆེ། ལྟོགས་དུས་ཆུ་སྐོལ་བཏུང་ཞིང་བསམ་གཏན་ཟས་གོང་བཞིན་བཟའ༔ ནམ་ལྟོགས་དུས་སུ་དེ་ལྟར་བསྒོམ༔ གཏན་དུ་སྐྱེ་མེད་བསྒོམ་པ་གཅེས༔ སྲིན་ཐག་ཞག་བཅུ་བཞི་ན་ཆོད་པ་ཡིན༔ དེ་ནས་སྨན་མར་་་ཨེན་ཙམ།ཟ་ན་བཏང༔ མི་ཟ་ན་ནས་རྩི་བཤུས་པའི་ཁྲུས་མ་ཁམ་རེ་ཙམ་ཟོས་ཀྱང་མི་འགལ༔ མེད་ན་མི་གདུང་ཡི་དྭགས་རྒྱུ༔ ཡོད་ན་ཆགས་མེད་ཚོགས་འཁོར་བྱ༔ བདུད་རྩི་ཨེན་ཙམ་ཟོས་ན་བྱིན་རླབས་ཆེ༔ དེ་ལྟར་ཉམས་ལོངས་ཚེ་འདིར་འཁྲུལ་སྣང་འཇིག༔ འཁྲུལ་པ་ཞིག་ན་སངས་རྒྱས་དེ་ཉིད་ཡིན༔ དེ་ལྟར་ཉམས་སུ་བླངས་པས་ཞག་བཅུ་བཞི་མན་ཆད་ལུས་ཤེད་ཆུང་དུ་འགྲོ་ཉེན་ཡོད་དེ་བྲེད་མི་དགོས་་་ཏིང་འཛིན་གསལ།ཞག་བཅུ་དྲུག་ཡན་ཆོད་ཤེད་སྙམས་ཁད་ཀྱིས་སྐྱེ༔ འོལ་སྐོམ་བག་རེ་བཏང༔ ཡང་ན་བཅུད་ཅན་བག་རེ་ཙམ་བཏང༔ སྲིན་ལངས་པ་ལ་བྲེད་མི་དགོས༔ ཞག་ཉེར་གཅིག་གིས་གེགས་ལས་གྲོལ༔ ཆུ་གཅོད་ཀློང་དུ་གྱུར་ནས་སྨན་མར་ཀུན་ཟོས་ན་ནུས་པ་བཅུ་ལོག་གིས་སྐྱེ༔ ཆགས་ཞེན་འཇིག་གོ༔ ཆུའི་བཅུད་ལེན་བདུད་རྩི་རྒྱུན་གཅོད་འདི༔་་་རི་ཁྲོད་འགྲིམ་པའི་རྒྱགས་ཕྱེ་ལེགས། ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ༔ ཚེ་དཔག་མེད་ཀྱི་ཕྱག་ཏུ་གཏད༔ སྤྲུལ་སྐུ་བྱམས་སེམས་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ས་མ་ཡ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ རླུང་དང་རིག་པའི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ རླུང་རིག་བཅུད་ལེན་གང་ཞེ་ན༔ ལུས་ངག་ཡིད་གསུམ་གཅུད་ལ་བོར་ཏེ༔ ཐང་ཤིང་ལྟར་ལུས་དྲང༔ ལྕགས་ཀྱུ་ལྟར་མགྲིན་པ་དགུག༔ སེངྒེ་ལྟར་རོ་སྟོད་བསེང༔ རེ་མིག་ལྟར་རྐང་པ་བསྣོལ༔ ཞགས་པ་ལྟར་ལག་པ་བསྡམ༔ ཀ་བ་ལྟར་ལྕེ་རྐན་ལ་སྦྱར༔ རེ་ཁ་ལྟར་ཡ་སོ་མ་སོའི་བར་རྟ་རྔ་ཤོང་ཙམ་བྱ༔ དེ་ནས་ལྟ་སྟངས་གནས་བཞིར་གཏད་པ་ནི༔་་་དང་པོར་སྣ་རྩེར། བུདྡྷ་གཙུག་ཏོར༔་་་གནམ་ལ། བདུད་འཁྱིལ་བ༔་་་སྨིན་ཕྲག །བྱང་ཆུབ་སེམས་དཔའ་འོ༔་་་ཐད་ཀར། འོག་རླུང་་་ཨ་ལོང་།བསྡམ༔ སྟེང་རླུང་མནན༔་་་མ་ཐུབ་ཙ་ན་ཁད་ཀྱིས་བཏང་། སེམས་ཆོས་ཉིད་ལ་གཏད༔ ལྟོ་ཞིམ་ལ་་་འགྲང་ན་མི་བདེ་བས།ཆུང་བར་བཟའ༔ ངལ་དུབ་ཀྱིས་འཇིགས་པས།་་་བྱ་བ་བཏང་ལ༔ བསྒོམ༔ འགྲོས་དྲག་པོ་ལ་སོགས་པའི་དྲག་ཤུལ་མི་བྱ༔ འཇམ་རླུང་ཁད་ཀྱིས་གོམས་སུ་གཞུག༔་་་དྲག་ཤུལ་བྱས་ན་རླུང་ལྡོག །རླུང་དྲོ་སྐད་གཅིག་ཐུབ་ན་ཚེ་རིང༔་་་བསམ་གཏན་དེ་འདྲ། གྲུབ་པ་སྣ་གཅིག་གཉིས་ཐོབ༔ ཕྱི་སྐད་གཅིག་ཐུབ་ན་ཚེ་ལོ་བརྒྱ་ཐུབ༔ རྫུ་འཕྲུལ་ཡ་མ་ཟུང་འགའ་འབྱིན་ནུས༔ ཉིན་གཅིག་ཐུབ་ན༔ འདིས་ཀྱང་རྫུ་འཕྲུལ་འབྱིན་ནུས༔ ཚེའི་རིག་འཛིན་འགྲུབ་བོ༔ མངོན་ཤེས་འཆར༔ ནམ་མཁའ་ལ་འཕུར་ནུས༔ ཆུ་ལ་མི་བྱིང་ངོ༔ ཞག་གཅིག་ཐུབ་ན་རྫུ་འཕྲུལ་གྱིས་འཇིག་རྟེན་བལྟ་ནུས་སོ༔ ལུས་ལྷག་མེད་དུ་སངས་རྒྱས༔ དབང་བཅུ་ངེས་པར་འཐོབ་པས་ངོ་མཚར་ཆེ༔ རླུང་དང་རིག་པའི་བཅུད་ལེན་འདི༔ མཁོ་མཐིང་ལྷ་ཁང་ལྷ་ཡི་གཙོ༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ ཕྱག་གཡས་མཐེབ་ཆེན་ནང་དུ་གཏད༔ འཕགས་པའི་སྤྲུལ་པ་གཅིག་དང་འཕྲད་པར་ཤོག༔ ྀཨཚ་ྵརྒྱ་ྦྷརྒྱ་ྰརྒྱ༔ གུ་ཧྱ་རྒྱ་རྒྱ་རྒྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ འོད་ལྡན་སྔོ་ཡི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ སྔོ་འོད་ལྡན་གང་ཞེ་ན༔ རྟག་ཏུ་ངུ་ཞེས་ཀྱང་བྱ༔ སྤྱིར་གྲུབ་ཐོབ་ཀྱི་གནས་ཀུན་ལ་བག་རེ་ཡོད༔ ཁྱད་པར་དུ་ལྷོ་བྲག་མཁར་ཆུའི་ཕུ་མདའ་དང༔ སྤ་གྲོ་དང༔ བུམ་ཐང་དང༔ ཙ་རི་དང༔ ཏི་སེ་ལ་ཡོད༔ དེ་ཡང་ཕྲ་སྦོམ་ལྕེ་ཚ་བའི་མེ་ཏོག་ཙམ༔ མེ་ཏོག་པར་བུ་ལྟ་བུ་ཆུ་འཛིན་པ༔ སྔོ་གཞན་གྱི་ཟིལ་པ་སངས་ཀྱང་ཁོའི་མི་སང་པ་གཅིག་ཡོད༔ དེ་རྩ་ལོ་སྡོང་བུར་བཅས་པ་་་བཙས་མའི་དུས་སུ་བཏུའོ།བརྔས་ལ༔ གྲིབ་སྐམ་བྱ༔ ཞིབ་ཏུ་བརྡུངས་ལ༔ སྨན་ཇི་ཙམ་ཡོད་པའི་སུམ་ཆ་སྦྲང་་་ལ་གཏའ་བྱས་ན་རབ་ཡིན། བུ་རམ་བཟང་པོ་ཡང་རུང་།བཏང༔ སུམ་གཉིས་མར་ཆུ་བཅད་བཏང༔ མུ་ཟི་སེར་པོ་་་དྲི་ཆེན་དང་དབང་ལག་སུན་ཙམ་བཏང་།ཐུན་གསུམ་གྱིས་ངར་བླུད༔ དེ་རྣམས་་་ཕྱེ་ཐུག་དང་ཟས་བཅུད་ཅན་བརྟེན།སྦྱར་བའི་རིལ་བུ་ལུག་རིལ་ཙམ་གྲིབ་སྐམ་བྱས་ནས་སུམ་ཡར་མིད་པ་དང༔ ཆུ་སྐོལ་ལ་བཏབ་ནས་བཏུང་བ་གང་བདེར་བྱའོ༔ རྩམ་པ་བཅད་ལ་རིལ་བུ་གསུམ་དྲུག་དགུ་ལ་སོགས་པ་རིགས་པས་དཔག་སྟེ་འཇུ་སྟོབས་དང་སྦྱར་རོ༔ དེ་ལྟར་ཟླ་བ་དྲུག་ཟོས་ན༔ རྡོ་རྗེའི་ལུས་ཐོབ༔ ལོ་དྲུག་བར་དུ་ཟོས་ན༔ ལོ་བདུན་སྟོང་ཐུབ་བོ༔ འདིའི་ཡོན་ཏན༔ ནད་གདོན་རྣམ་རྟོག་འཇོམས༔ ཚེ་ཉི་ཟླ་དང་མཉམ༔ ཤེས་རབ་འཇམ་དཔལ་དང་མཉམ༔ ཏིང་ངེ་འཛིན་ཤུགས་ཀྱིས་འཆར༔ རྐང་མགྱོགས་བྱ་དང་འདྲ༔ སྟོབས་གླང་ཆེན་དང་མཚུངས༔ འཛམ་བུ་གླིང་གི་སྔོ་སྨན་ཐམས་ཅད་ཟོས་པ་བས་འདི་ཡོན་ཏན་ཆེའོ༔ སྨན་མཆོག་མདངས་ལྡན་བཅུད་ལེན་འདི༔ སྣང་བ་མཐའ་ཡས་ཕྱག་ཏུ་གཏད༔ རིགས་གསུམ་མགོན་པོའི་སྤྲུལ་པ་གཅིག་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ འཇམ་དཔལ་སྒྲུབ་པའི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ ཨ་རུ་ར་ཉེར་བརྒྱད༔ བ་རུ་ར་བཅུ་བཞི༔ སྐྱུ་རུ་ར་ཚོམ་གཅིག༔ ཤུ་དག་དཀར་པོ་བཞི་ཕུལ་དོ༔ ཛཱ་ཏི་རྡོག་མ་བཅུ༔ སྙིང་ཞོ་ཤ་བཅོ་ལྔ༔ ཞིབ་པར་བཏགས་ལ་་་བ་དམར་མོའི།འོ་མར་བཙོ༔ དེ་ཉིད་མར་ལ་བསྟིམ༔ བུར་སྦྲང་བཏབ་ལ་སྦྱར་ལེགས་བྱ༔ དེ་ནས་སྙིང་བཤལ་བཏང་རྗེས་ལ༔ ནངས་མ་རེ་རེ་ཐུར་མགོ་རེ་རེ་བཟའ༔ དེས་ནི་ཐོས་པ་འཛིན་ཅིང༔ ཤེས་རབ་འབར༔ རྟག་ཏུ་སྙིང་བདེ་བར་འགྱུར་རོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ སྤྱན་གཟིགས་སྒྲུབ་པའི་བཅུད་ལེན་འདི༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ ཨ་རུ་ར་བཅུ༔ བ་རུ་ར་ལྔ༔ སྐྱུ་རུ་ར་ཚོམ་གཉིས༔ ཨ་བ༔ གོ་སྙོད་ཕུལ་རེ་རེ༔ ལྕགས་ཚལ་མེད་པ་སྣ་ཚོགས་བརྡར་ལ་ཞིབ་བཏགས་འོ་མར་བཏབ་ཅིང་བཙོ༔ འོ་མ་མར་ལ་བསྟིམ་བུར་སྦྲང་བཏབ་ལ་ལེགས་པར་སྦྱར༔ དྲོ་གོང་་་ལྟོ་སྟོང་ལ།ཁྱེམ་བུ་རེ་རེ་སྦྱར་ལ་བཏང༔ ཁ་ཟས་བ་ཞོ་བ་མར་བཏང༔ ཕག་ཚིལ་སྦྲང་རྩིར་སྦྱར་ལ་རྐང་མཐིལ་བྱུགས༔ མིག་གི་ནད་དེ་གཅིག་པུས་སེལ༔ ལྷ་འདྲེ་མི་གསུམ་མཐོང་བར་ངེས་སོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ གུ་ཧྱ་རྒྱ་རྒྱ་རྒྱ༔ ༈ ཨོ་རྒྱན་པདྨ་བདག་གི་བཀའ༔ རྫུ་འཕྲུལ་རྐང་མགྱོགས་ཕྱག་རྡོར་གྱིས༔ སྒྲུབ་པའི་བཅུད་ལེན་འདི་ལྟ་སྟེ༔ རྟའི་པགས་པ་ལ་འུག་པའི་ཚིལ་བུ་བྱུག་པའི་ལྷྭམ་བགོ༔ གང་དུ་འགྲོ་བར་བྱེད་པའི་ཚེ༔ ཉུངས་དཀར་མར་ལ་སྔགས་འདི་བདུན་སྟོང་བསྙེན་པ་བྱས་ལ༔ འགྲོ་ཁར་ལྔ་བརྒྱ་བཟླས་ལ་རྐང་མཐིལ་གཉིས་ལ་བྱུག་སྟེ༔ ལྟེ་བར་ཡང་འབྲས་བུའི་སྨན་མར་དང༔ འོ་མ་བུ་རམ་བསྐོལ་བ་ཟོས་ཏེ་སོང་ན༔ དཔག་ཚད་སྟོང་ཐུག་བར་བགྲོད་ཅིང༔ སླར་ཁྱིམ་དུ་འཁོར་ནུས་སོ༔ དེའི་སྔགས་འདིའོ༔ ཨོཾ་ཀི་ན་ར་གོ་བ་རུ་རུ་མ་ཎ༔ ཞེས་བཟླས་སོ༔ ཚེ་དཔག་མེད་ཀྱི་ཕྱག་ཏུ་གཏད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ཁ་བཅོ་བརྒྱད་ཞལ་ཕྱེས་པ་ལས༔ གཏེར་ཁ་བདུན་པ་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་སྣང་བ་མཐའ་ཡས་ཀྱི་ཕྱག་མཐེབ་ནས་གཉན་སྟོན་ཛམྦྷ་ལ་ཕོ་ཉར་མངགས་ཏེ་སྤྱན་དྲངས་པའི་བཅུད་ལེན་གྱི་གདམས་སྐོར་ཟབ་མོའོ། །ཤུ་བྷཾ།། །།

བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲིའི་བདག་མདུན་སྲུང་ཟློག་གི་འདོན་སྒྲིག་གབ་སྤྲད་ནས་བལྟས་ཆོག་ཏུ་བཀོད་པ་ (Volume 18, Text 30)

༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲིའི་བདག་མདུན་སྲུང་ཟློག་གི་འདོན་སྒྲིག་གབ་སྤྲད་ནས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། ྈྈྈྈྈྈ སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆི་འོ༔ སངས་རྒྱས་ལ་སྐྱབས་སུ་མཆི་འོ༔ ཆོས་ལ་སྐྱབས་སུ་མཆི་འོ༔ དགེ་འདུན་ལ་སྐྱབས་སུ་མཆི་འོ༔ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི་འོ༔ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་སོགས། ཆོས་རྣམས་སྐྱེ་བ་མེད་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཆོས་རྣམས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུར་གྱུར༔ ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས༔ བདག་ཉིད་བྷྲཱུྃ་སེར་ནག་གཅིག་ཏུ་གྱུར༔ ཨོཾ་བཛྲ་ཙིཏྟཱ་ས་མཱ་ཏི་ཧཱུྃཿ བྷྲཱུྃ་ཛྙཱ་ན་ཀྲོ་ཏ༔ བྷྲཱུྃ་ལས་གནམ་ལྕགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་མེད་པ༔ ཕྱི་ལྕགས་ལས་གྲུབ་པ་ནང་གསེར་ལས་གྲུབ་པ༔ ཡངས་ཤིང་རྒྱ་ཆེའི་དབུས་ན༔ ཨེ་གྲུ་གསུམ་དམར་ནག་འབར་བའི་ཀློང༔ གླང་རྒོད་ཟུང་བཞིའི་སྟེང༔ ཉི་ཟླ་པདྨའི་གདན་ལ༔ ཧཱུྃ་མཐིང་ནག་ལམ་གྱིས་གསལ་བ་ལས༔ འོད་ཟེར་གྱིས་འཕགས་པ་མཆོད༔ སེམས་ཅན་གྱི་ལས་སྒྲིབ་སྦྱངས༔ གདུག་པ་ཅན་ཚར་བཅད༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་གཟི་བརྗིད་སྟོབས་ཐམས་ཅད་ཚུར་འདུས་ཧཱུྃ་ལ་ཐིམ༔ ཡོངས་སུ་གྱུར་པ་ལས་བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡ་མཱནྟ་ཀ་མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བགྲད་པ༔ ཞལ་དབུས་མ་ཧེའི་གདོང་པ་ཅན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་པ༔ ཤངས་ལ་ཁྲོ་གཉེར་བསྡུས་པ༔ ཨུ་ཧ་ཧ་ཞེས་པའི་གད་རྒྱངས་སྒྲོག་པའི་ཚུལ་ཅན་ནོ༔ གནམ་ལྕགས་ཀྱི་རྭ་ཅོ་སྔོ་དཀར་དུ་ཟིང་ཟིང་བའི་རྩེ་ལ་མེ་འུར་འུར་འབར་བ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་བགྲད་པ༔ ཤངས་ནས་བསྐལ་པའི་རླུང་འབུད་པ༔ ཨག་ཚོམ་སྨིན་མ་ལས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ རལ་པ་རྣམས་གྱེན་དུ་གཟེངས་པ༔ གཡས་ཞལ་དཀར་པོ་སྤྱན་གསུམ་གྱེན་དུ་བགྲད་པ༔ གཡོན་ཞལ་དམར་པོ་སྤྱན་གསུམ་ཐུར་དུ་གཟིགས་པ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པ༔ གཡས་ཀྱི་བར་མ་ན་རལ་གྲི་མེ་འབར་བ་འཛིན་པ༔ མཐའ་མ་ན་གསེར་གྱི་འཁོར་ལོ་འབར་བས་དགྲ་བགེགས་གཏུབ་པའོ༔ གཡོན་གྱི་བར་མ་ན་བེ་ཅོན༔ མཐའ་མ་ན་གནམ་ལྕགས་ཀྱི་སཏྭ་མོ་འཛིན་པའོ༔ རྡོ་རྗེའི་གཤོག་པ་གཡས་སུ་གདེངས་པ༔ རིན་པོ་ཆེའི་གཤོག་པ་གཡོན་དུ་གདེངས་པ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་པ་ནག་པོས་དོ་ཤལ་བྱས་པ་ལ་ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ ཚངས་སྐུད་ལ་སོགས་པ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ དབུས་ཞལ་འབར་བའི་སྟེང་ན༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་ཅུང་ཟད་ཞི་མ་ཁྲོ་གུར་གུམ་གྱིས་མདོག་ལྟ་བུར་གསལ་བར་གྱུར༔ ཡང་དེ་ཡི་མདུན་ན་ཡུམ་གཏུམ་མོ་དུག་ཧྲུལ་མ་སྐུ་མདོག་སེར་ནག་ཁྲོ་ལ་འབར་བའི་ཆ་བྱད་ཅན་གཡས་པས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་ཡབ་ལ་འཁྲིལ་བ༔ དབུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ༔ གཟིག་གི་ཤམ་ཐབས་གསོལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པའོ༔ དེའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གསལ་བས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཡེ་ཤེས་ལྔས་དབང་བསྐུར་བར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡབ་ཀྱི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ནག་ལ༔ རྩ་བའི་སྔགས་ཨོཾ་ཧྲཱིཿཥྚཱི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཀྱིས་བསྐོར་བར་གྱུར༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་དང་ལྷོ་ཕྱོགས་ཨེ་ཁྲོམ་འབར་བའི་གཞལ་ཡས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས༔ ཡ་མཱནྟ་ཀ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ སྤྱི་བོར་ཐིམ་པས་རང་དང་གཉིས་སུ་མེད་པར་བསྟིམས་ཤིང་གཉིས་སུ་མེད་པར་གྱུར༔ དེ་ལྟར་དབུས་སུ་རང་ཉིད་དཔལ་ཆེན་ཡ་མཱནྟ་ཀར་གསལ་བའི་གཞལ་ཡས་ཁང་གྲུ་བཞི་པའི་འོག་གི་ཕྱོགས་བཞི་པའི་རྡོ་རྗེའི་རྭ་དྲུག་ཧཱུྃ་ལས་བྱུང་བ༔ དེའི་སྟེང་དུ་ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ༔ ཨོཾ་བཛྲ་ཙཀྲ་ཨོཾ་བྷྲཱུྃ༔ ཤར་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ༔ ཧཱུྃ་བཛྲ་ཙཀྲ་ཧཱུྃ་བྷྲཱུྃ༔ ལྷོར་སྭཱ་ལས་བྱུང་བའི་རིན་པོ་ཆེ༔ སྭཱ་བཛྲ་ཙཀྲ་སྭཱ་བྷྲཱུྃ༔ ནུབ་ཏུ་ཧྲཱིཿལས་བྱུང་བའི་པདྨ༔ ཧྲཱིཿབཛྲ་ཙཀྲ་ཧྲཱིཿབྷྲཱུྃ༔ བྱང་དུ་ཧཱ་ལས་བྱུང་བའི་རལ་གྲི༔ ཧཱ་བཛྲ་ཙཀྲ་ཧཱ་བྷྲཱུྃ༔ འོག་ཏུ་ར་ལས་བྱུང་བའི་ཁྲག་གི་རྒྱ་མཚོ༔ ར་མ་དྷ་ལ་ར་བྷྲཱུྃ༔ ཕྱི་རོལ་དུ་རཾ་ལས་བྱུང་བའི་མེ་རི་འབར་བ༔ རཾ་བཛྲ་ཙཀྲ་རཾ་བྷྲཱུྃ༔ དེའི་དབུས་སུ་ཧཱུྃ་ལས་བྱུང་བའི་ཁྲོ་བོའི་ཚོགས་དང་དུར་ཁྲོད་དུ་གྱུར༔ བཛྲ་ཀྲོ་ཏ་བྷྲཱུྃ༔ ཡཾ་ཀརྨ་རཀྵ་བྷྲཱུྃ༔ རང་ཉིད་འཇིགས་བྱེད་གཤིན་རྗེ་གཤེད་མ་ཧེའི་གདོང་པ་ཅན་ཕྱག་དང་པོ་གཉིས་ཉི་ཟླའི་གའུ་ཁ་སྦྱོར་བསྣམས་ནས༔ ནང་དུ་བསྲུང་བྱ་ཚུད་ནས་བསྐལ་པའི་རླུང་ཡང་མི་ཐར་བར་ཅི་དང་གང་གིས་ཀྱང་མི་ཚུགས་པར་གྱུར༔ ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡ་ཙ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཅེས་དང་། ཨེ་ས་བྷྱོ་སྲུངས༔ ཅི་ནུས་བཟླས་ཤིང་། རྗེས་ལ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྫོང་བཅའ་འོ། །ཉིན་མོ་དང་སྔ་དྲོའི་དམིགས་རིམ་སྲུང་བའོ། །མདུན་བསྐྱེད་དམིགས་རྟེན་སྒྲུབ་པ་དུས་དཀྱིལ་འཁོར་བུམ་པ་གཏོར་དབང་དང་གཏོར་ཆེན་དུས་གཏོར་མའི་སྟོད་ཆ་ལ་བསྐྱེད་དོ། །བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་ཞེས་ཆད་པས༔ ཨེ་ལས་ནམ་མཁའ་སྟོང་པའི་ངང་ལས་ཡཾ་ལས་རླུང་སྔོ་སྐྱའི་དཀྱིལ་འཁོར༔ དེའི་སྟེང་དུ་ར་ལས་རཀྟའི་རྒྱ་མཚོ༔ དེའི་སྟེང་དུ་སུཾ་ལས་གསེར་གྱི་ས་གཞི༔ དེའི་སྟེང་དུ་ཀེཾ་ལས་ཀེང་རུས་ཀྱི་རི་རབ༔ རཾ་ལས་མེ་དཔུང་དམར་ནག་འབར་བའི་ཀློང་དུ༔ བྷྲཱུྃ་མཎྜ་ལ་ཙཀྲ་བྷྲཱུྃ༔ བྷྲཱུྃ་ལས་གཞལ་ཡས་ཁང་དབུས་སུ་ཨེ་གྲུ་གསུམ་བསྣོལ་བའི་སྟེང་དུ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ༔ ཨེའི་ཕྱི་ལ་ཐོད་པའི་ཕྲེང་བས་བསྐོར་བ༔ དེའི་ཕྱི་རིམ་རྩིབས་བཞིའི་ཕྱི༔ སྒོ་གྲུ་རྟ་བབས་དུར་ཁྲོད་ལ་སོགས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས་སུ༔ ཆུ་གླང་ཟུང་བཞིའི་སྟེང་དུ་དྲེགས་པ་ཕོ་མོ་བསྣོལ་བ༔ ཉི་ཟླ་པདྨའི་སྟེང་དུ༔ ཨེ་ཧཱུྃ་ཞེས་སྟོང་པའི་རང་སྒྲ་བྱུང་བ་ལས༔ འབྲུ་གཉིས་པོ་ཆོས་ཉིད་ཀློང་ནས་ཁྲ་ཐབས་སུ་བབས་ནས་གཅིག་ཏུ་ཐིམ་པས༔ དེ་ཉིད་སྐད་ཅིག་དྲན་རྫོགས་སུ་ཆུ་ལས་ཉ་ཆེན་ལྡངས་པ་ལྟར༔ དཔལ་འཇིགས་བྱེད་གཤིན་རྗེའི་གཤེད་ནག་པོ་ཡ་མཱནྟ་ཀ་མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བགྲད་པ༔ ཞལ་དབུས་མ་ཧེའི་གདོང་པ་ཅན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་པ༔ ཤངས་ལ་ཁྲོ་གཉེར་བསྡུས་པ༔ ཨུ་ཧ་ཧ་ཞེས་པའི་གད་རྒྱངས་སྒྲོག་པའི་ངང་ཚུལ་ཅན་ནོ༔ གནམ་ལྕགས་ཀྱི་རྭ་ཅོ་སྔོ་དཀར་དུ་ཟིང་ཟིང་པའི་རྩེ་ལ་མེ་འུར་འུར་འབར་བ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་བསྒྲད་པ༔ ཤངས་ནས་བསྐལ་པའི་རླུང་འབུད་པ༔ ཨག་ཚོམ་དང་སྨིན་མ་ལས་མེའི་ཚྭ་ཚྭ་འཕྲོ་བ༔ རལ་པ་རྣམས་གྱེན་དུ་གཟེངས་པ༔ གཡས་ཞལ་དཀར་པོ་སྤྱན་གསུམ་གྱེན་དུ་བགྲད་པ༔ གཡོན་ཞལ་དམར་པོ་སྤྱན་གསུམ་ཐུར་དུ་གཟིགས་པ༔ ཕྱག་དྲུག་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པ༔ གཡས་ཀྱི་བར་མ་ན་རལ་གྲི་འབར་བ་འཛིན་པ༔ མཐའ་མ་ན་གསེར་གྱི་འཁོར་ལོ་འབར་བས་དགྲ་བགེགས་གཏུབ་པའོ༔ གཡོན་གྱི་བར་མས་བེ་ཅོན༔ མཐའ་མ་ན་གནམ་ལྕགས་ཀྱི་སཏྭ་མོ་འཛིན་པའོ༔ རྡོ་རྗེའི་གཤོག་པ་གཡས་སུ་གདེངས་པ༔ རིན་པོ་ཆེའི་གཤོག་པ་གཡོན་དུ་གདེངས་པ༔ གླང་ཆེན་གྱི་ཀོ་རློན་ཞིང་ཆེན་གྱི་གཡང་གཞི༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་པ་ནག་པོས་དོ་ཤལ་བྱས་པ༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ ཚངས་སྐུད་ལ་སོགས་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ དབུས་ཞལ་འབར་བའི་སྟེང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་ཅུང་ཟད་ཞི་མ་ཁྲོ་གུར་གུམ་གྱི་མདོག་ལྟ་བུར་གསལ་བར་གྱུར༔ ཡང་དེའི་མདུན་ན་ཡུམ་གཏུམ་མོ་དུག་ཧྲུལ་མ་སྐུ་མདོག་སེར་ནག་ཁྲོ་ལ་འབར་བའི་ཆ་བྱད་ཅན༔ གཡས་པས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་ཡབ་ལ་འཁྲིལ་བ༔ དབུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ༔ གཟིག་གི་ཤམ་ཐབས་གསོལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པའོ༔ དེའི་ཕྱི་རྩིབས་བཞི་ལ་ཤར་དུ་ཡ་མ་རཱ་ཛ་མཐིང་ནག་རལ་པའི་ཐོར་ཅོག་སྤྱི་བོར་བརྫེས་པ༔ གཡས་རལ་གྲི་མེ་འབར་བ་གཡོན་བྷནྡྷ་ཁྲག་གིས་བཀང་བ་འཛིན་པ༔ ཞིང་གི་གཡང་གཞི་དང་སྟག་གི་པགས་པའི་ཤམ་ཐབས་འདོར་ཐབས་སུ་བསྒྲད་པའོ༔ ལྷོར་མྱོས་བྱེད་འབར་བ་སེར་ནག་རལ་པ་གྱེན་དུ་གཟེངས་པ༔ གཡས་བེ་ཅོན་དང་གཡོན་རྒྱུ་ཞགས་དམར་པོ་རྡེབ་པ་འོ༔ ནུབ་ཏུ་ཨཱརྻ་མེ་རུ་ཙེ་དམར་ནག་ཁྲག་གི་རལ་པ་གྱེན་དུ་གཟེངས་པ༔ གཡས་པས་མདུང་དང་གཡོན་པས་སྙིང་ཞགས་འཛིན་པ༔ བྱང་དུ་རལ་པ་ཚར་དགུ་ལྗང་ནག་རལ་པ་ས་ལ་འཁྱིལ་བ༔ གཡས་པས་དབྱུག་ཏོ་དང་གཡོན་པས་མི་མགོའི་ལྕང་ལོ་ནས་འཛིན་པ་འོ༔ ཀུན་ཀྱང་ཞིང་གི་གཡང་གཞི་དང་སྟག་གི་ཤམ་ཐབས་རྒྱུ་རློན་གྱི་དོ་ཤལ་ལ་མི་མགོའི་ཕྲེང་བ་བརྒྱུས་པ་འོ༔ དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གསལ་བས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔས་དབང་བསྐུར་བར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ནག་ལ་རྩ་བའི་སྔགས་ཀྱིས་བསྐོར་བ༔ གཤིན་རྗེ་གཤེད་བཞིའི་ཐུགས་ཀར་ཡ་མ་རཱ་ཛས་མཚན་པ༔ དེ་ནས་གཙོ་བོའི་ཐུགས་ཀའི་ཧཱུྃ་དང་ཡ་མ་རཱ་ཛ་བཞི་ལས་འོད་འཕྲོས༔ འོག་མིན་དུར་ཁྲོད་འབར་པ་ཨེའི་དཀྱིལ་འཁོར་ནས་སྤྱན་དྲངས༔ དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་ཐིམ་པར་གྱུར༔ ཧཱུྃ༔ འོག་མིན་ལྷུན་གྱིས་གྲུབ་པ་ཡི༔ ལྷོ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས༔ འཇིགས་བྱེད་ཆེན་པོ་འབར་བའི་སྐུ༔ ཡ་མཱནྟ་ཀ་གཤེགས་སུ་གསོལ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ཐབས་ཀྱིས་སྤྲུལ་པའི་ཁྲོ་རྒྱལ་ནི༔ གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ གསང་ཆེན་དམ་པའི་དཀྱིལ་འཁོར་འདིར༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་དཀྱིལ་འཁོར་ནས༔ བསད་ཁྲོམ་འབར་བ་ཨེ་ཡི་ཀློང༔ གདུག་རྩུབས་ཚལ་གྱི་དུར་ཁྲོད་ནས༔ འཇིགས་བྱེད་འབར་བ་གཤེགས་སུ་གསོལ༔ ཡ་མ་རཱ་ཛ་མྱོས་བྱེད་འབར༔ མེ་རུ་ཙེ་དང་རལ་ཚལ་དགུ༔ ལས་ཀྱི་ཕོ་གཤེད་མོ་གཤེད་ཚོགས༔ སྒྲུབ་པའི་དཀྱིལ་འཁོར་གནས་འདིར་གཤེགས༔ ཡ་མཱནྟ་ཀ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ གསང་བ་གསུམ་གྱི་དཀྱིལ་འཁོར་འདིར༔ འཇིགས་བྱེད་འབར་བ་ཁྲོ་བོའི་སྐུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཡ་མཱནྟ་ཀ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་འཇིགས་བྱེད་འབར༔ སྤྲུལ་པ་འཁོར་དང་བཅས་པ་ལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ སྒོ་གསུམ་དད་པས་ཕྱག་བགྱི་འོ༔ ཨོཾ་ན་མོ་པུ་རུ་ཤ་ཡ་ཧོ༔ ཧཱུྃ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གསང་བ་གསུམ་གྱི་དཀྱིལ་འཁོར་འདིར༔ ཁྲོ་རྒྱལ་འབར་བའི་ཚོགས་བཅས་ལ༔ ཁྱད་པར་རྩ་བརྒྱད་སྟོང་ལ་སྦྱར༔ ངོ་མཚར་རྨད་བྱུང་བདུད་རྩི་དང༔ དམ་རྫས་བརྒྱན་པའི་གཏོར་ཆེན་པོ༔ འདོད་ཡོན་ལྷ་མོའི་ཚོགས་དང་བཅས༔ འཁོར་བ་རྒྱུ་ལས་བསྒྲལ་བའི་ཁྲག༔ མཱུ་ལ་རཀྟའི་ཚོགས་རྣམས་ཀྱིས༔ དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཧ་ལ་ཧ་ལ་ཁྲོ་བོའི་ཚོགས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧིཿ མགུལ་དུ་བསྟིམ་མོ་ཨཱ་རལླི༔ བཞེས་ཤིག་རོལ་ཅིག་ཐུགས་དམ་བསྐང༔ གཞན་ཡང་དཀར་དམར་བྱང་ཆུབ་སེམས༔ སྦྱོར་སྒྲོལ་ལྟ་སྤྱོད་ཏིང་འཛིན་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཁྲོ་རྒྱལ་གཤིན་རྗེ་འཁོར་དང་བཅས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་སརྦ་ག་ཎ་གུ་ཧྱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃཿ མ་བཅོས་རྫོགས་པའི་འཇམ་དཔལ་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་རྔམ་པའི་སྐུ༔ ཞལ་དབུས་རབ་འཇིགས་རྔམ་པ་མ་ཧེའི་ཞལ༔ ཨུ་དང་ཧ་སྒྲས་སྟོང་གསུམ་འཇིགས་པར་བྱེད༔ གཡས་དཀར་སྤྱན་གསུམ་གྱེན་དུ་བསྒྲད་པ་ཡིས༔ ལྷ་རྣམས་ཟིལ་གནོན་དབང་དུ་སྡུད་པར་བྱེད༔ གཡོན་དམར་སྤྱན་གསུམ་ཐུར་དུ་བསྒྲད་པ་ནི༔ ཀླུ་རྣམས་ཟིལ་གནོན་གནད་ལ་དབབ་པར་བྱེད༔ སྤྱི་བོར་ཡེ་ཤེས་ཞལ་ནི་ཞི་མ་ཁྲོ༔ དུས་གསུམ་བདེ་གཤེགས་སྐུ་ལྔའི་བདག་ཉིད་འཆང༔ དབུ་སྐྲ་ཁམ་སེར་སྲིད་གསུམ་གྱེན་དུ་བརྫེས༔ དབུ་ཡི་རྒྱན་རྫོགས་དར་གྱི་ཅོད་པན་ཅན༔ ཕྱག་དྲུག་གཡས་གཡོན་མཚོན་ཆ་སྣ་ཚོགས་བསྣམས༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ ཐོད་ཁྲག་འབར་བས་དུག་གསུམ་ཞལ་དུ་གསོལ༔ ཤེས་རབ་རལ་གྲིས་འཁོར་བའི་སྐྱེ་རྒྱུད་གཅོད༔ བེ་ཅོན་འབར་བས་དགྲ་བགེགས་ཀླད་པ་འགེམ༔ འཁོར་ལོ་འབར་བས་བདུད་བཞི་དུམ་བུར་གཏུབ༔ གནམ་ལྕགས་སཏྭ་རེས་ལོག་ལྟ་རྩད་ནས་གཅོད༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ གཡང་གཞི་ཀོ་རློན་སྟག་ཤམ་དཔའ་ཆས་བརྒྱན༔ སྦྲུལ་རིགས་ལྔ་དང་ཐོད་ཕྲེང་རྒྱན་དྲུག་སྤྲས༔ དགོད་དང་གཤེ་དང་སྙིང་རྗེ་རྔམ་པ་དང༔ འབར་ཁྲོ་ཞི་སོགས་གར་དགུའི་ཉམས་དང་ལྡན༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ གཏུམ་མོ་ཁྲོས་མ་དུག་ཧྲུལ་ཟ་བྱེད་མ༔ སེར་ནག་འབར་བ་ཧ་ཧའི་སྒྲ་ཆེན་སྒྲོག༔ གྲི་གུག་འཁྱུད་ཅིང་ཐོད་ཁྲག་ཞལ་དུ་གསོལ༔ དབུ་སྐྲ་གྲོལ་ཞིང་རྒྱན་དྲུག་གཟིག་ཤམ་སྤྲས༔ གཉིས་མེད་སྐུ་ལ་འཁྲིལ་ཞིང་དགྱེས་མཆོད་འབུལ༔ གཏུམ་མོ་ཆེན་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་ཡི་སྤྲུལ་པ་རབ་གཏུམ་གཤེད་ཆེན་བཞི༔ ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང༔ ཨཱརྱ་མེ་རུ་རལ་པ་ཚར་དགུ་རྣམས༔ ཤིན་ཏུ་རབ་འཇིགས་གཏུམ་ལ་རྔམ་པའི་ཚུལ༔ མཚོན་ཆ་སྣ་ཚོགས་དགྲ་བགེགས་རྩད་ནས་གཅོད༔ ཁྲོས་པའི་ཞལ་གདངས་ཁྲག་འཛག་རལ་པ་གཟེངས༔ ཤིན་ཏུ་མི་སྲུན་དྲག་པོའི་ཧ་ཧ་རྒོད༔ ཚེ་བདག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི། བདག་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཕར་འཕྲོས་པས༔ དཀྱིལ་འཁོར་ལྷ་ཡི་ཐུགས་རྒྱུད་བསྐུལ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ དངོས་གྲུབ་ཐམས་ཅད་འུབ་ཧྲིལ་གྱིས་བསྡུས་ནས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ༔ དཀྱིལ་འཁོར་གྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་གི་རྣམ་པར་རང་ལ་ཐིམ༔ སྤྲོ་བསྡུ་བྱ་ཞིང་། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔་་་རྩ་བསྙེན་ཡིག་འབྲུ་བདུན་པ་འདི་ལ་འབུམ་ཚོ་གསུམ་བསྙེན། མཆན། ཅེས་བསྙེན་སྔགས་ཅུང་ཟད་དང་། ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔་་་སྒྲུབ་པའི་སྙིང་པོ་བདུན་འབུམ་བཟླས། སྒྲུབ་ཡིག་འབྲུ་བཅུའོ། །མཆན། ཅེས་སྒྲུབ་སྔགས་ཅི་ནུས་བཟླས་ལ། དེ་ནས་གཙོ་འཁོར་ལྔ་གཅིག་ཏུ་དྲིལ་བའི་ལས་སྦྱོར་གྱི་བསྙེན་པ་ནི། ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔་་་་ལས་སྦྱོར་ཡིག་འབྲུ་བཅུ་དྲུག་པ། མཆན། འབུམ་ཚོ་གཅིག་བསྙེན། ཐུན་མཇུག་ཏུ་དབང་དང་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ལྷ་ཡེ་ཤེས་པར་གསལ་བའི་གནས་གསུམ་ནས༔ འབྲུ་གསུམ་དཀར་དམར་མཐིང་གསུམ་ལས༔ འོད་ཟེར་ཐིག་ལེའི་ཚུལ་གྱིས་འཕྲོས་ནས་རང་གི་གནས་ལྔར་ཐིམ་པར་གྱུར༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཅེས་བསྙེན་པ་ཅུང་ཟད་དང་། ཨོཾ་ཧྲཱི་ཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ འཇིགས་བྱེད་འབར་བ་གཤིན་རྗེའི་གཤེད༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་ཐེ་ཚོམ་མེད་པར་ནན་གྱིས་བླང་ངོ་། །དེ་ནས་དགོང་མོ་ཟློག་པའི་དམིགས་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་ཆེན་གཤིན་རྗེའི་གཤེད་སྐུ་མདོག་དམར་ནག་ཏུ་འདུག་པ༔ ཡ་ཁ་གནམ་ལ་བྱས་པ༔ མ་ཁ་ས་ལ་བྱས་པ༔ སྐུ་ནི་སྲིད་པ་གསུམ་དང་མཉམ་པ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དང་སྔགས་ལས་འོད་བྱུང་བས༔ གཞལ་ཡས་ཁང་རྡོ་རྗེ་དང་མེ་རི་མཚོན་ཆ་རྣམས་འཁོར་བས༔ གནོད་བྱེད་ཐམས་ཅད་བརླག་ཅིང་ཚར་བཅད་དེ་གཏན་ནས་མེད་པར་གྱུར༔ འོད་ཟེར་ཕྱིར་འཕྲོས་པས་འོད་ཟེར་མེ་རུ་སོང་ནས༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་གཞོབ་བུན་བུན་སོང་བར་གྱུར༔ ཨོཾ་ཨ་ཀྲོ་རཱ་ཛ༔ དུ་ན་ས་དུ༔ སྙིང་ལ་ཕྲིལ་ཕྲིལ༔ ཨ་ཀྲོ་རཱ་ཛ༔ ཙིཏྟ་རྦད་ནན༔ ཤ་ཤ་རྦད་རྦད༔ ཡ་ཡ༔ རྣལ་མ་ནྲྀ་ཛ༔ གནོད་བྱེད་བྱད་མའི་སྙིང་ལ་ཁ་ཐུན༔ མཱ་ར་ཡ་རྦད༔ ཨོཾ་ཏྲག་རཀྴ༔ ཁ་ཐུན་ཏྲ་མུ༔ རུ་ལུ་རུ་ལུ༔ ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཀ་ཙ་ཏི༔ ཙ་པ་ལ་མི་ཤི༔ བྱད་མ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་། ཨེ་ས་བྷྱོ་ཟློག༔ ཅེས་བཟླས་ཐལ་མོ་བརྡབ་བོ། །མེ་ཡི་སྤུ་གྲིའི་གཞུང་ལས། ལས་གཤིན་ལ་གཏོར་མ་ནར་མར་འབུལ་བར་བྱ་གསུངས་པས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་གསལ་བའི་མདུན་དུ་པདྨ་དང་ཉི་མ་དགྲ་བགེགས་བསྒྱེལ་བའི་སྟེང་དུ་སྲིན་གྱི་མ་ཧེ་རབ་ཏུ་ཁྲོས་པའི་གདན་ལ༔ ཡཿལས་བྱུང་བའི་དབྱུག་པ་ཡཿས་མཚན་པ༔ དེ་ཡོངས་སུ་གྱུར་པ་ལས༔ ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དམར་ནག་ཁྲག་གི་རྒྱ་མཚོ་རུལ་བ་ལྟ་བུའི་མདོག་ཅན༔ གཅེར་བུ་རྒྱན་མེད་ཕོ་རྟགས་སྒྲེང་བ༔ མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ༔ ལྗགས་འདྲིལ་ངར་སྒྲ་འབྲུག་ལྟར་སྒྲོག་པ༔ སྤྱན་གསུམ་དམར་ཟླུམ་གནོད་བྱེད་ལ་གཟིར་བ༔ སྨ་ར་ཨག་ཚོམ་སྨིན་མའབར་ཞིང་འཁྱིལ་བ༔ ཁྲག་གི་རལ་པ་བསིགས་པའི་གསེབ་ནས་གཤིན་རྗེ་ཕོ་ཉར་འཕྲོ་བ༔ གནམ་ལྕགས་ཀྱི་རྭ་རྩེས་སྲིད་པ་གསུམ་གྱི་ལྟོ་བ་འབིགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་ཕུར་པ་གདེངས་ཤིང་དགྲ་བོའི་སྤྱི་བོར་བརྡེག་པ༔ ཕྱག་གཡོན་ཞགས་པ་ནག་པོ་འཛིན་པས་དགྲ་བོ་གན་རྐྱལ་དུ་དྲུད་པ༔ ཞབས་གཡས་བསྐུམས་པས་མ་ཧེའི་རྭ་བར་ནས་མནན་ཅིང༔ གཡོན་བརྐྱངས་པས་མ་ཧེའི་འཕོངས་སྟེང་བརྫིས་པ༔ ཡུམ་ཙ་མུཎྜི་མ་ཧེའི་གདོང་པ་ཅན་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་ལ་སོགས་པ་གཤིན་རྗེའི་ལས་མཁན་དཔག་ཏུ་མེད་པས་བསྐོར་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་དང་ཡཿདམར་ནག་ཐུགས་ཀའི་ཧཱུྃ་དང་ཡཿལས་འོད་ཟེར་འཕྲོས་པས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལྕགས་མཁར་ནག་པོ་བཅུ་དྲུག་གི་དབུས་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས༔ ཧཱུྃ༔ ཙ་རི་ཏྲ་དང་ས་འོག་རིམ་པ་དགུ༔ ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་ནས༔ ལས་ཀྱི་གཤིན་རྗེ་འཁོར་བཅས་སྤྱན་འདྲེན་གྱིས༔ དམ་ཅན་ཆོས་ཀྱི་རྒྱལ་པོ་གཤེགས་སུ་གསོལ༔ པད་ཉི་དགྲ་བགེགས་མ་ཧེའི་གདན་སྟེང་དུ༔ བརྗིད་ཅིང་འགྱེད་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཨོཾ་ཀཱ་ལ་རཱུ་པ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ དབང་གི་ལྷ་རིགས་ལྔས་དབང་བསྐུར་བས་དབང་རྟགས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར༔ དམ་ཅན་ཆོས་གྱི་རྒྱལ་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བཀའ་དང་དམ་ལས་མ་འདའ་བར༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པ་དང༔ ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་དུས་དང་དུས་མ་ཡིན་པར་འཆི་བའི་རྐྱེན་ཐམས་ཅད་ཞི་བ་དང་ཟློག་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་ཀཱ་ལ་རཱུ་པ་ས་མ་ཡ་མ་ནུ་སྨ་ར་ཡ་ས་མ་ཡ་མ་ཏི་ཀྲ་མ་ཏི༔ ས་མ་ཡ་རཀྵནྟུ་སྭཱ་ཧཱ༔ ཨོཾ༔ ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ༔ ཚིལ་ཆེན་བསྲེགས་དང་མར་ནག་ཆེན་པོའི་མེ༔ ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ༔ དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ༔ ཨོཾ་ཀཱ་ལ་རཱུ་པ་ས་པ་རི་བཱ་ར་ཨརྒྷཾ་སོགས། ཨོཾ་སྟོང་པ་ཉིད་དུ་གྱུར༔ ཨཱཿཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ༔ ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་ཤ་ལྔ་བདུད་རྩི་ལྔ༔ ཧོཿཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ བསད་པའི་ཁྲག་དང་ཛ་གད་ཕུད་ཀྱི་སྐོམ༔ ཤ་རུས་སྙིང་གི་གཏོར་མ་ཆེན་པོ་རྣམས༔ དགྲ་བགེགས་བླ་ཚེ་སྲོག་དབུགས་ཁ་རྗེ་དང༔ དབང་ཐང་ཀླུང་རྟར་བཅས་པ་ཟས་སུ་འབུལ༔ ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃཿ ལས་ལས་གྲུབ་པའི་སྟོབས་པོ་ཆེ༔ རྫུ་འཕྲུལ་དབང་ལྡན་དྲེགས་པའི་གཙོ༔ འབྱུང་བའི་འཁོར་ལོ་ཐམས་ཅད་འཇོམས༔ སྐྱེ་འགྲོའི་ཤ་ཁྲག་དབུགས་ལ་ཟ༔ ཁམས་གསུམ་མ་ལུས་ཞལ་དུ་གསོལ༔ ཆོས་རྒྱལ་གཤིན་རྗེར་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་མུན་རུམ་འཁྱིལ༔ སྤྱན་གསུམ་ཁྲོ་གཉེར་གློག་ལྟར་འཁྱུག༔ ལྕགས་ཀྱི་རྭ་ཅན་མ་ཧེའི་གདོང༔ ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས༔ དུས་གསུམ་སངས་རྒྱས་མན་ཆད་ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ཟ་བའི་སྟོབས་པོ་ཆེ༔ ཆོས་རྒྱལ་གཤིན་རྗེར་ཕྱག་འཚལ་བསྟོད༔ གཡས་པས་གནམ་ལྕགས་ཕུར་པ་ཡིས༔ དམིགས་པའི་དགྲ་བོ་ཁྲོམ་ལ་འདེབས༔ མུན་ཞགས་ནག་པོ་མདའ་ལྟར་འཕེན༔ རླུང་བས་མགྱོགས་ཏེ་སྐྱེ་འགྲོ་འཆིང༔ སེན་མོ་མཚོན་ཆ་ལྕགས་ཀྱུ་ཡིས༔ དགྲ་བོའི་སྲོག་རྩ་དམྱལ་དམྱལ་གཅོད༔ རྔམས་པའི་སྟབས་ཀྱིས་ཕྱོགས་བཅུར་རྒྱུག༔ སངས་རྒྱས་ཀུན་ལས་སྟོབས་ཆེན་དཔལ༔ ཀུན་གྱི་གཟི་བརྗིད་སྟོབས་པོ་ཆེ༔ དྲག་ཤུལ་ཅན་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་དོ། །མེ་ཡི་སྤུ་གྲིའི་གཞུང་ལས། ལས་གཤིན་ལ་དམར་གཏོར་རེ་བཤམས་ལ་གནོད་བྱེད་བྱད་མའི་ཤ་རུས་ཁྲག་གསུམ་བསྒོམས་ལ་འབུལ་ཞིང་། ཕྲིན་ལས་གཞོལ་བ་དང་བསྟབ་པ་ཡང་ཡང་བྱ་གསུངས་པས། དེ་ནས་དམར་གཏོར་བཤམས་ལ་དགུག་གཞུག་བྱས་ལ། ཧཱུྃ༔ འདི་ནས་ལྷོ་ཡི་ཕྱོགས་རོལ་ནས༔ དཔག་ཚད་བརྒྱད་ཁྲིའི་འོག་རོལ་ན༔ ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནས༔ ཡི་དྭགས་ཀུན་གྱི་སྡེ་དཔོན་པོ༔ ཤི་བ་ཀུན་གྱི་ཚོགས་རྗེ་བོ༔ གསོན་གཤིན་ཀུན་གྱི་ཟམ་ཁ་བ༔ གསོན་པོ་སྐོས་ལ་འདེབས་པ་པོ༔ ཤི་བ་ཀུན་གྱི་གཤིན་བུ་རྗེ༔ དགེ་བ་ཀུན་གྱི་སྟངས་འཛིན་པ༔ ཉེས་པ་ཀུན་གྱི་ཆད་པ་མཁན༔ ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ༔ ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ༔ མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན༔ ཕྱོགས་སྐྱོང་མཛད་དུས་སྐུ་ལུས་ནི༔ ཁྲག་གི་རྒྱ་མཚོ་རུལ་བའི་མདོག༔ ཤིན་ཏུ་བརྗིད་ཅིང་སྒེག་པའི་གཟུགས༔ མ་ཧེ་རབ་ཏུ་ཁྲོས་པའི་གདོང༔ ཕུར་བུ་འདྲིལ་ཞིང་ཞགས་པ་འཕེན༔ གཅེར་བུ་གོས་མེད་རྟགས་བསྒྲེངས་ནས༔ ཙ་མུཎྜི་དང་ལྷན་ཅིག་ཏུ༔ བརྐྱང་བསྐུམ་རོལ་པའི་གར་སྟབས་ཀྱིས༔ སྲིན་གྱི་མ་ཧེ་ཆེན་པོ་བརྫིས༔ ས་གསུམ་ཐམས་ཅད་སྤྲུལ་པས་བཀང༔ སྲོག་གཅོད་འཆི་བདག་ཕོ་ཉར་འགྱེད༔ གཤིན་རྗེའི་ཕོ་ཉ་གཤེད་དུ་འབེབ༔ དྲེགས་པའི་སྡེ་དཔོན་ལས་ལ་བཀོལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ དུས་མིན་འཆི་བའི་རྐྱེན་རྣམས་ཟློག༔ བསྟན་དང་བདག་ལ་སྡང་བ་ཡི༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ གཤིན་རྗེའི་ཕོ་ཉ་ལས་ལ་ཁྱེས༔ ལས་ཀྱི་ཞགས་པས་དམ་དུ་ཆིངས༔ གནམ་ལྕགས་ཕུར་པས་ཀླད་ཁྲག་ཕུགས༔ ལོ་ཟླ་ཞག་ལ་མ་འགོར་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཐུན་གཏོར་ཡིན་ན་མདོས་ནང་དུ་འབུལ། གཞན་དགྲ་ཕྱོགས་སུ་འཕང་། བསྙེན་པ་བྱེད་ན། རང་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་བརྟན་པོ་བྱས་ལ། མདུན་དུ་ཆོས་རྒྱལ་གྱི་ཐུགས་ཀར་ཡཿཡིག་མཐིང་ནག་ལ་སྔགས་ཀྱིས་བསྐོར་བར་དམིགས་ལ་བཀའ་བསྒོ་བའི་ཚུལ་དུ་བསྙེན་པ་བྱས་ལ། རང་གི་ཐུགས་ཀའི་འོད་ཀྱིས་ཆོས་རྒྱལ་བསྐུལ་བས་ཕྲིན་ལས་ཐམས་ཅད་བསྒྲུབ་ཅིང་ཅི་འདོད་པའི་དངོས་གྲུབ་སྩོལ་བར་བསྒོམ། བཟླས་པའི་སྔགས་ནི། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཅེས་པ་འདི་ཡིན་ལ། འབྲུག་ལུགས་སོགས་ལ། ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཅེས་པ་ཆོས་རྒྱལ་གྱི་སྔགས་སུ་འདོད་པ་སྟེ། སྔགས་འདི་དག་ཡེ་ཤེས་དང་འཇིག་རྟེན་གྱི་གཤིན་རྗེ་ཐམས་ཅད་ཀྱི་སྔགས་ཡིན་པར་འདུག་གོ །ཕྱག་མཚན་སྤྱིར་ནི་བསྙེན་དུས་དབྱུག་ཏོ་ཞགས་པ། སྒྲུབ་དུས་རལ་གྲི་ཐོད་ཁྲག །ལས་སྦྱོར་དུས་ཕུར་བུ་ཞགས་པ་སྟེ། མེའི་སྤུ་གྲིའི་གཞུང་ལས་ཕུར་བུ་ཞགས་པ་ཅན་ཡིན་པས་འདིར་ནི་རང་གཞུང་སོར་བཞག་ཡིན་ནོ། །<!TCC Tibetan character 4,46 undefined in unicode!>ྃ། །འདིའི་བཀའ་གཏད་བྱེད་ན། རྫས་སྟ་གོན་བདག་མདུན་རྫོགས་ནས། ཁྲུས་དང་མཎྜལ་ཕུལ་ནས། བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ བདག་ལ་དམ་ཅན་ཆོས་རྒྱལ་གྱི༔ བཀའ་གཏད་ཟབ་མོ་བསྩལ་དུ་གསོལ༔ གསུམ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་བདུན་རྣམ་དག་བྱ། སློབ་མ་ལ་འཇིགས་བྱེད་ཀྱི་བསྐྱེད་རིམ་སོགས་བྱའོ། །དེ་ནས་སྐུ་ཡི་རྗེས་གནང་ནི། མདུན་དུ་ཆོས་རྒྱལ་བསྐྱེད་ཅིང་སྤྱན་འདྲེན་རོལ་མོ་བྱ། དེ་ནི་ལྷ་བསྒོམ་པར་དབང་བ་སྐུའི་རྗེས་གནང་ཡིན། བཀྲ་ཤིས་བྱ། མདུན་གྱི་ཆོས་རྒྱལ་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ནས་སློབ་མའི་སྙིང་གར་ཐིམ། བཅོམ་ལྡན་བདག་གིས་སོགས། ཕྲེང་བ་དང་ཚོམ་བུ་མགོར་བཞག་ལ། བཅོམ་ལྡན་འདི་ལ་སོགས་བརྗོད་པ་ནི་སྔགས་བཟླ་བར་དབང་བ་གསུང་གི་རྗེས་གནང་ཡིན། དེ་ནས་ཆོས་རྒྱལ་གྱི་ཐུགས་ཀ་ནས་ཕྱག་མཚན་དབྱུག་པ་ཡས་མཚན་པ་འཕྲོས་ནས་སློབ་མར་སྲོག་སྙིང་གི་ཚུལ་དུ་ཕྱག་མཚན་ཕུལ་བར་དམིགས་ལ། ཕྱག་མཚན་གཏད་སྔགས་བརྗོད་པ་ཐུགས་ཕྱག་མཚན་གྱི་དབང་ངོ་། །དེ་ནས་གཏོར་མ་ལ་དཔལ་འབར་བཙུགས་ལ་ལག་ཏུ་བཞག་ནས་བཀའ་བསྒོ་རྒྱས་པར་བྱ། དེས་བཀའ་གཏད་ཀྱི་རིམ་པ་ལེགས་པར་ཐོབ་པས་དེང་ཕྱིན་ཆད་སྲུང་མར་ཟུངས་ལ་གཏོར་མཆོད་ཀྱིས་མཉེས་པར་གྱིས་ཤིག །གཙོ་བོས་ཇི་ལྟར་སོགས་མཎྜལ་ཕུལ། འདིའི་ཡིག་ཆ་མང་དུ་མཐོང་ནའང་ཁུངས་མི་བཙུན་པ་བཏང་སྙོམས་སུ་བཞག་ནས་ཁུངས་བཙུན་པ་རྣམས་བསྒྲིགས་ཏེ། མེ་ཡི་སྤུ་གྲིའི་ཁ་སྐོང་དུ་ཨ་རཱ་གས་སྦྱར་བ་ལ་ཉེས་པ་གང་མཆིས་ཆོས་རྒྱལ་ཉིད་ལ་བཤགས་ཤིང་དགེ་བས་བསྟན་པ་འཕེལ་ཕྱིར་བསྔོའོ། ༈ །དེ་ནས་ལྕགས་སྣོད་བྲུབ་ཁུང་དུ་ལིངྒ་བཞག་ལ་བསྒྲལ་ལས་བྱའོ། །སྤྲོ་ན་འཇིགས་བྱེད་གཙོ་འཁོར་དྲུག་ལས་གཤིན་དང་བདུན་གྱི་འབག་འཆམ་རྔམ་དང་སྤྲད་ལ་བསྒྲལ་བ་བྱའོ། །སྐད་ཅིག་གིས་ཨེ་ལས་གྲུ་གསུམ་ལས་ཀྱི་བཙོན་ཁང་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་དེ་ཉིད་མངོན་སུམ་ལྟ་བུར་གསལ་བར་གྱུར༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་དམིགས་པའི་ཡུལ་དུ་གྱུར་པ་འདི༔ ད་ལྟ་ཉིད་དུ་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ གཏུམ་མོ་དུག་ཧྲུལ་དུས་ལ་བབ༔ ཡ་མ་རཱ་ཛའི་དུས་ལ་བབ༔ མྱོས་བྱེད་འབར་བའི་དུས་ལ་བབ༔ ཨཱརྱ་མེ་རུའི་དུས་ལ་བབ༔ རལ་པ་ཚར་དགུའི་དུས་ལ་བབ༔ ཉམས་པའི་དམ་ཉམས་དགྲ་དང་བགེགས༔ རིངས་པར་ཁུག་ལ་བསྒྲལ་ཆུགས་ཤིག༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ལིང༔ མྱོག་ལིང༔ ཤ་ལིང་ཐུམས་ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ གཏུམ་མོ་དུག་ཧྲུལ་དུས་ལ་བབ༔ ཡ་མ་རཱ་ཛའི་དུས་ལ་བབ༔ མྱོས་བྱེད་འབར་བའི་དུས་ལ་བབ༔ ཨཱརྻ་མེ་རུའི་དུས་ལ་བབ༔ རལ་པ་ཚར་དགུའི་དུས་ལ་བབ༔ ཉམས་པའི་དམ་ཉམས་དགྲ་དང་བགེགས༔ རིངས་པར་ཁུག་ལ་ལྷ་དང་ཕྱེས༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ མ་མ་ཏྲག་རཀྵ་མཱ་ར་ཡ་ཕྱེ་ཕྱེ༔ ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ༔ དགྲ་བོ་སྐྱོབ་བྱེད་ལྷ་སྲུང་ཐམས་ཅད་དང་ཕྱེ་ཕྱེ༔ དེ་ནས་གུ་གུལ་གྱིས་བདུག་ཁྲག་གིས་བྲབ་བོ། །ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ གཏུམ་མོ་དུག་ཧྲུལ་དུས་ལ་བབ༔ ཡ་མ་རཱ་ཛའི་དུས་ལ་བབ༔ མྱོས་བྱེད་འབར་བའི་དུས་ལ་བབ༔ ཨཱརྻ་མེ་རུའི་དུས་ལ་བབ༔ རལ་པ་ཚར་དགུའི་དུས་ལ་བབ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ འཆང་བཟུང་རྩེ་ནས་འབྲུག་སྟོང་འཁྲུགས༔ ཆུ་སྲིན་ཁ་ནས་ཐོག་སྟོང་འདྲིལ༔ དགྲ་བགེགས་སྟེང་དུ་ཀཱི་ལ་ཡ༔ སྐད་ཅིག་སྲོག་དང་བྲལ་བར་གྱིས༔ ཨཱོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ སི་ཏ་ཡན་ཏི་ཤ་ཏྲཱུཾ་དགྲ་བགེགས་ཀྱི་ཙིཏྟ་ཁས་ཁས༔ ཨ་མུ་ཀཾ་མཱ་ར་ཡ༔ སྲོག་ལ་དུང་དུང༔ ཛཱི་བཾ་ད་ར་ཡ༔ ཨ་གད་ཏ༔ མཱ་ར་ཡ་རྦད་རྦད༔ གནོད་བྱེད་ཛཱི་བཾ་མཱ་ར་ཡ་ཛ༔ ཞེས་ལྕགས་ཕུར་དཔྲལ་བ། མགྲིན་པར་སེང་ལྡེང་གི་ཕུར་པ། སྙིང་གར་དུག་ཤིང་གི་ཕུར་པ་འཛུགས། ཕུར་པའི་མགོ་ལ་རྡོ་རྗེས་ཏུག་ཏུག་གསུམ་རེ་བྱ། ཧཱུྃ༔ ང་ནི་ལས་ཀྱི་གཤིན་རྗེ་ཡིན༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ ཡུངས་དཀར་རྒྱལ་པོ་ཤ་རཱི་རམ༔ ཡུངས་དཀར་རྦབ་འདྲིལ་ཤ་ར་ར༔ དགྲ་བགེགས་སྟེང་དུ་དབབ་པར་བྱ༔ ཕུང་པོ་གཏན་ནས་བརླག་པར་བྱ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ལས་ཀྱི་གཤིན་རྗེ་ཡིན༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ དགྲ་བགེགས་སྟེང་དུ་བསྣུན་པར་བྱ༔ ཕུང་པོ་གཏན་ནས་བརླག་པར་བྱ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ལས་ཀྱི་གཤིན་རྗེ་ཡིན༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ མཚེ་ཡི་མདའ་འཕེན་ཟངས་སེ་ཟང༔ དགྲ་བགེགས་སྟེང་དུ་བསྣུན་པར་བྱ༔ ཕུང་པོ་གཏན་ནས་བརླག་པར་བྱ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ལས་ཀྱི་གཤིན་རྗེ་ཡིན༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ གནམ་ལྕགས་ཐོག་ཆེན་ཧྲི་ལི་ལི༔ དགྲ་བགེགས་སྟེང་དུ་བསྣུན་པར་བྱ༔ ཕུང་པོ་གཏན་ནས་བརླག་པར་བྱ༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་གྲི་གུག་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་བཅད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་རལ་གྲི་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་འཁོར་ལོ་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་རཀྟའི་རྦ་ཀློང་འཁྲུགས༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་བེ་ཅོན་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་སཏྭ་མོ་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ གཏུམ་མོ་དུག་ཧྲུལ་དུས་ལ་བབ༔ མཚོན་ཆེན་གྲི་གུག་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ཡ་མ་རཱ་ཛའི་དུས་ལ་བབ༔ མཚོན་ཆེན་རལ་གྲི་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ མྱོས་བྱེད་འབར་བའི་དུས་ལ་བབ༔ མཚོན་ཆེན་བེ་ཅོན་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ཨཱརྻ་མེ་རུའི་དུས་ལ་བབ༔ མཚོན་ཆེན་མདུང་ཐུང་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ རལ་པ་ཚར་དགུའི་དུས་ལ་བབ༔ མཚོན་ཆེན་དབྱུག་ཏོ་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ ལས་ཀྱི་གཤིན་རྗེའི་དུས་ལ་བབ༔ མཚོན་ཆེན་ཕུར་བུ་འབར་བ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་སོ། །བསྡུ་ན། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཆེན་འདི༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷའམ་འོན་ཏེ་བརླག་པར་འགྱུར༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱོས༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཧཱུྃ༔ འཇིགས་བྱེད་ཡ་མཱནྟ་ཀ་ནི༔ སྲིད་པ་གསུམ་ན་འཁོར་ལོ་བསྐོར༔ འགྲོ་བ་ཀུན་གྱི་སྲོག་དབུགས་ལེན༔ ཉམས་པར་གྱུར་པའི་དགྲ་དང་བགེགས༔ འདི་ཡིས་ལས་ཀྱི་མཐར་བསྡུས་ཏེ༔ རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས༔ ཚེ་བདག་ནག་པོའི་ཞལ་དུ་བསྟབ༔ འཇིགས་བྱེད་འབར་བའི་ཞལ་དུ་བསྟབ༔ གཏུམ་མོ་དུག་ཧྲུལ་ཞལ་དུ་བསྟབ༔ ཡ་མ་རཱ་ཛའི་ཞལ་དུ་བསྟབ༔ མྱོས་བྱེད་འབར་བའི་ཞལ་དུ་བསྟབ༔ ཨཱརྻ་མེ་རུའི་ཞལ་དུ་བསྟབ༔ རལ་པ་ཚར་དགུའི་ཞལ་དུ་བསྟབ༔ ལས་ཀྱི་གཤིན་རྗེའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ཟློག་བསྒྱུར་གྱི་འཕྱང་གཞུང་ན་མེད་ཀྱང་གཤིན་རྗེའི་གཞུང་ལས་བྱུང་བ་ལྟར། བྷྱོ༔ སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ལ༔ ལྷས་བྱིན་བདུད་ཀྱི་ཆད་པ་བྱུང༔ ཁྲག་ཟོར་གཏོར་ཟོར་འདི་ཡིས་བཟློག༔ དེ་འོག་སེང་གེའི་རྒྱལ་པོ་ལ༔ སྔགས་ཟོར་བྱད་ཁ་མང་པོ་འདུས༔ ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློག༔ དེ་འོག་ཟ་ཧོར་རྒྱལ་པོ་ལ༔ བན་བོན་སྔགས་ཟོར་འདུས་པ་རྣམས༔ ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློག༔ སྔོན་དུས་དེ་ལྟར་བཟློག་པ་ལྟར༔ བྷྱོཿ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བན་དེའི་སྔགས་ཟོར་འདུས་པ༴ མུ་སྟེགས་བོན་པོའི་ཙོ་དམར༴ ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོང་ལོང་གདུག་རྩུབ༴ འབྱུང་བའི་དགྲ་གཤེད་འཐབས་པ༴ གཟའ་སྐར་དུས་ཚོད་ངན་པ༴ ལོ་ཟླ་ཞག་དུས་བཏབ་པ༴ ཁྲམ་དང་བྱད་དུ་བཅུག་པ༴ ཧོམ་དང་པར་བུ་བསྐོར་བ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ དུས་མིན་འཆི་བ་རྣམ་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེན་ཉམ་ང་ཐམས་ཅད༴ སྔོན་སྒུག་ཕྱི་ནས་དེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་རིམས་སྣ་ཡམས་སྣ༴ དགྲ་སྲི་རྨི་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆགས་སྒོ་དང༔ བདག་ལ་གནོད་པའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་སྲིའི་སྟེང་དུ་ཟོར༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་ཀ་ཏ་ནཾ་ཡ༔ ཙ་ར་མ་ཡ༔ ཙིཏྟ་ཀ་ཨེ་ཏ༔ ཏ་པ་ལ་པ་ཏྲ༔ བཛྲ་མཱ་ར་ཡ་ཕྱེ༔ ཙ་ཏི་མ་ལ༔ ཛྭ་ལ་ཕཊ༔ སརྦ་པཱ་པཾ་ཛྭ་ལ་མ་ཏི་ཧཱུྃ་ཕཊ༔ ནྲྀ་མཱ་ར་ཡ༔ མཱ་ར་དུ་ཛཿཛ༔ ཚལ་པ་རྦུད་བུ་ནན༔ ཤོམ་ཤག་ཏི་ཤད་ཤད༔ ཕཊ་ཕཊ༔ ཛཿཛ༔ རང་ཉིད་ཀྱི་ཕྱག་དང་པོ་གཉིས་ཉི་ཟླ་བསྣམས་ནས་བརྡབ་པའི་བར་དུ་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་རྡུལ་དུ་བརླག་པར་བསྒོམ་ཞིང་ཐལ་མོ་རྡེབ་སྟེ། བན་བོན་ཉམས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ སྟེང་ཕྱོགས་ལྷའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ འོག་ཕྱོགས་ཀླུའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ གསང་བ་སྔགས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ སྦྱོར་བ་རྫས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ རྟེན་འབྲེལ་འཁྲུལ་འཁོར་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཕོ་རྒྱུད་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ མོ་རྒྱུད་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ བན་བོན་ངན་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ གཙོ་བོ་ཉམས་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ སྟག་ཤར་ཉམས་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ བུད་མེད་ཉམས་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཀླུ་དང་གཉན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ས་བདག་གི་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཅེས་བརྗོད་ལ་མཆིལ་མ་ཕྱིར་དོར། དེ་ལྟར་གཏོར་མདོས་ལ་སོགས་ཡིན་ན་ཞག་གྲངས་ཐེམས་ནས་གསེར་སྐྱེམས་དང་ཟོར་ལས་སོགས་སྤྱི་ལྟར་བྱའོ། །ཡང་དྲུག་ཅུ་དང་དགུ་གཏོར་ལྟ་བུ་ཡིན་ན། ལས་གཤིན་གྱི་བསྐུལ་བ་འདོན་ནས་གཏོར་མ་འབུལ་ལོ། །སྲུང་ཟློག་ནར་མར་བྱེད་ན་ཐུན་གཏོར་ཙམ་ལ་ཡང་འདི་ལྟར་བྱས་ན་ལེགས་སོ། །དེ་ཡང་ལས་གཤིན་རྣམས་གཏོར་མ་ཕུལ་བ་དང་མཉམ་དུ་དགྲ་ཡུལ་དུ་སོང་ནས་རྡུལ་དུ་བརླག་པར་བསྒོམ། བདག་མདུན་གྱི་ཡེ་ཤེས་པ་ཐམས་ཅད་རྟེན་ལ་བསྟིམ་པའོ། །དམ་ཚིག་པ་ཧཱུྃ་ལ་བསྡུ། དེ་ཡང་མི་དམིགས་པའི་ངང་ལ་བཞག་སྟེ། གཞུང་ལས། སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྫོང་བཅའ་འོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླངས་ཤིང་། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱང་སྤྱི་ལྟར་བྱའོ། །ཞེས་པ་འདི་ཉིད་སྟོབས་ཆེན་གླང་གི་ལོ་ཆོ་འཕྲུལ་ཆེན་པོ་ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་བརྩམས་ཏེ་ཕྱིས་དེ་ཉིད་ཀྱི་ཆ་ལག་ཚང་པ་ཨ་རཱ་གས་བསྒྲིགས་པའོ། །ཨེ་མ་ཧོ། རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲི་ཡི། །སྲུང་ཟློག་གཞུང་དང་ལས་བྱང་སྒྲུབ་ཐབས་དང་། །ལས་སྦྱོར་བཅས་པའི་གབ་འཁྲུགས་སྦས་པ་རྣམས། །སྔགས་ཆུང་རྨོངས་པ་ཕལ་གྱིས་རྟོགས་དཀའ་བས། །སྙིགས་དུས་འགྲོ་ལ་ཕན་པའི་སེམས་ཀྱིས་བཀོད། །འོན་ཀྱང་གཏེར་ཆོས་ཤིན་ཏུ་གཉན་པ་དང་། །བདག་འདྲ་སོ་སྐྱེ་དབང་གིས་ནོངས་པ་རྣམས། །བླ་མ་ཡི་དམ་ཆོས་སྐྱོང་དམ་ཅན་དང་། །གཏེར་སྲུང་བཅས་ལ་འགྱོད་པའི་སེམས་ཀྱིས་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་ཐུགས་རྗེས་ཟུངས། །འདི་བྲིས་རྣམ་དཀར་དགེ་བ་གང་མཆིས་དེས། །བདག་དང་བདག་གི་རྗེས་སུ་འཇུག་རྣམས་དང་། །འདི་བྲིས་མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །སྐྱེ་བ་ཀུན་ཏུ་འཇམ་དབྱངས་རྗེས་བཟུང་ཞིང་། །མགོན་པོ་ཀུན་གཟིགས་ཞབས་དྲུང་སྐྱེ་བར་ཤོག །སརྦ་མངྒ་ལཾ།། །།

རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་མགོན་མེད་སྐྱབས་སྦྱིན་ (Volume 34, Text 30)

༄༅། །རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་མགོན་མེད་སྐྱབས་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། རྩ་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ། །སྲིད་པ་རུ་ཟློག་ཁྲོས་པའི་མ། །བདེ་བའི་འབྱུང་གནས་དེར་བཏུད་ནས། །མགོན་མེད་འགྲོ་ལ་སྐྱབས་སྦྱིན་སྤེལ། །དེའང་སྤྱིར་དུར་ཁྲོད་ཀྱི་མཚན་ཉིད་ནི་བདག་མེད་པར་བོར་བའི་གནས་ཡིན་ལ། དབྱེ་ན་གསུམ། ཕྱི་ཕུང་པོ་རྟེན་གྱི་དུར་ཁྲོད། ནང་ལྷུན་གྲུབ་ལུས་ཀྱི་དུར་ཁྲོད། གསང་བ་ཚོགས་བརྒྱད་ཀུན་གཞིའི་དུར་ཁྲོད་དོ། །དང་པོ་ལའང་། གདོད་ནས་རང་བྱུང་གི་དུར་ཁྲོད་ནི་འོག་མིན་གསང་ཆེན་རོལ་པ་དང་མེ་རི་འབར་བ་ལ་སོགས་པའོ། །རང་བཞིན་ལྷུན་གྲུབ་ཀྱི་དུར་ཁྲོད་ནི་བསིལ་བའི་ཚལ་དང་སྐུ་ལ་རྫོགས་པ་ལ་སོགས་པའོ། །རྗེས་སུ་སྤྱོད་པའི་དུར་ཁྲོད་ལའང་ཆེན་པོ་མི་རོ་འབུམ་དུ་ལོངས་པ་ཡན་ཆད། ཆུང་ངུ་བཞིར་ལོངས་པ་ཡན་ཆད་ལ་བྱེད་དོ། །དེའི་དོན་ཡང་དུར་ཅེས་པ་བམ་རོ་ལ་འཇུག་ཅིང་དེ་ཉིད་མང་དུ་ཚོགས་པའི་ཚལ་ལ་ཁྲོད་ཅེས་པའི་བརྡར་ཆགས་པ་སྟེ། ཕྱི་ནི་མི་རོ་ལ་བདག་པོ་མེད་པ་དང་། ནང་དུ་ཕུང་པོ་བདག་ཏུ་འཛིན་པའི་སེམས་གདོད་ནས་མ་གྲུབ་པས་གཟུང་བྱ་འཁྲུལ་སྣང་ཚོགས་པའི་ཕུང་པོ་དང་། གསང་བ་རྟེན་ཀུན་གཞི་རང་བཞིན་གྱིས་སྟོང་པ་ཉིད་ལ་བརྟེན་པའི་ཚོགས་བདུན་བཅས་བདག་མེད་པ་རོ་དང་འདྲ་བའི་ཕྱིར་བརྡ་དང་དོན་གྱི་དུར་ཁྲོད་དུ་གྲུབ་པ་ཡིན་ནོ། །དེ་ལས་འདིར་འཆད་པར་བྱ་བ་ཕྱིའི་དུར་ཁྲོད་ཀྱི་བྱེ་བྲག་རྗེས་སུ་སྤྱོད་པའི་དུར་ཁྲོད་ལ་རྒྱུད་དང་མན་ངག་ལས་བཤད་པའི་ཆོ་གས་བཅོས་མའི་དུར་ཁྲོད་ཆེན་པོར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལྟར་བསྒྲུབས་པས་ཅི་བྱ་ཞེ་ན། སྔོན་སེམས་ཅན་ལ་རྟག་ཏུ་དགོངས་པའི་རྒྱལ་བ་རྣམས་དཔལ་ཧེ་རུ་ཀ་སྙིང་རྗེ་ཁྲོས་པའི་ཕྱག་རྒྱར་བཞེངས་ནས་བདུད་ཀྱི་རྒྱལ་པོ་མ་ཏྲཾ་རུ་དྲ་བསྒྲལ་པའི་གཟུགས་ཀྱི་ཆ་ཤས་རྣམས་ལ་རྡོ་རྗེའི་འདུ་གནས་སོ་སོར་བྱིན་གྱིས་བརླབས་པ་ལས། གདོད་ནས་བྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་མཁའ་འགྲོ་དང་མཁའ་འགྲོ་མ་དམ་ཅན་རྒྱ་མཚོ་རང་བཞིན་གྱིས་འདུ་ཞིང་། བྱ་གཅན་ལ་སོགས་པ་རྣམས་ཀྱང་ས་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་གཟུགས་གཞན་དུ་བསྒྱུར་ནས་རྒྱུ་བའི་གནས་དེ་དག་རྣམས་སུ། སེམས་ཅན་གང་ཞིག་འཆི་བར་གྱུར་པའི་བེམ་པོ་བོར་བ་རྣམས་དེར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང་མི་སྣང་བ་དག་གིས་ཚོགས་སུ་རོལ་པའི་མཐུས་སེམས་ཅན་དེ་ཉིད་ཀྱི་སྒྲིབ་པ་བྱང་ཞིང་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་ཏེ། སྐལ་པ་དང་ལྡན་པ་རྣམས་མཁའ་སྤྱོད་ཀྱི་རྟེན་ལས་ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་བར་འགྱུར་ཞིང་། ཕལ་པ་དག་ཀྱང་ངན་འགྲོའི་སྐྱེ་སྒོ་ཆོད་ནས་མཐོ་རིས་ཀྱི་གནས་སུ་སྐྱེས་ཏེ་རྡོ་རྗེ་ཐེག་པའི་སྣོད་རུང་དུ་འགྱུར་བ་ཡིན་ལ། དེ་ལྟ་བུའི་དུར་ཁྲོད་བོད་ཀྱི་ཡུལ་དུ་དངོས་སུ་གྲགས་པ་མེད་ཀྱང་སངས་རྒྱས་ཀྱི་མཐུ་དང་རྡོ་རྗེ་ཐེག་པའི་བྱིན་རླབས་ཀྱི་ཆོས་ཉིད་ལས་ཤར་བ་ནི་བཀག་པ་མེད་པས། ཨོ་རྒྱན་སངས་རྒྱས་གཉིས་པ་གཙོ་བོར་གྱུར་པའི་སྔོན་བྱོན་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་གདོད་ནས་བྱུང་བའི་དུར་ཁྲོད་ཆེན་པོ་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས་ཤིང་ཡོངས་སུ་གྲགས་པ། ཆོས་འཁོར་རྣམ་པ་གསུམ་དང་རྗེས་སུ་འབྲེལ་བས་མཚོན་མཐའ་དབུས་རྣམས་སུ་ཅི་རིགས་པ་བཞུགས་པ་ནི་འཕགས་པའི་ཡུལ་དང་ཨོ་རྒྱན་ལ་སོགས་པར་བཞུགས་པའི་དུར་ཁྲོད་རྣམས་དང་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཡུལ་གཞན་དང་གཞན་དུ་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཁུངས་མཁའ་འགྲོ་མ་དུར་ཁྲོད་རྒྱན་གྱི་རྒྱུད་དང་གྲུབ་པའི་མན་ངག་གི་ངེས་པས་བསྟན་ཅིང་། དེ་ལྟར་ཚུལ་བཞིན་གྲུབ་ན་གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་དེ་དག་དང་དབྱེ་བ་མེད་པའི་བྱིན་རླབས་ལྡན་ཅིང་དངོས་གྲུབ་ཀུན་གྱི་འབྱུང་གནས་སུ་འགྱུར་བ་ཡིན་ནོ། །དགོས་པ་དེ་ལྡན་གྱིས་སྒྲུབ་པའི་ལག་ལེན་དངོས་ལ་རྒྱས་བསྡུས་གཉིས་སུ་ཡོད་པ་ལས། རྒྱས་པ་ལྟར་ན། ཐོག་མར་ཡུལ་དེར་གནའ་ནས་ཡོངས་སུ་གྲགས་པའི་དུར་ཁྲོད་ཡིན་ན་མཆོད་རྟེན་བཞེངས་པར་འོས་པ་དང་དུར་དམིག་དངོས་ཀྱི་ས་ལེགས་པར་བརྟག །གསར་དུ་ཚོལ་དགོས་ན་གཙུག་ལག་གི་གཞུང་ལས་བཤད་པ་ལྟར་སྤྱི་ལ་དགོས་པའི་དཔྱད་ལེགས་པ། ས་དགྲ་ལ་སོགས་པའི་སྐྱོན་མེད་ཅིང་སའི་དཔལ་ཁ་ཅི་རིགས་པ་ཚང་བ་ཞིག་ཚོལ། བསྙེན་སྒྲུབ་ལེགས་པར་སོང་བའི་ཡི་དམ་གང་ཡང་རུང་བ་ཞིག་གི་སྒོ་ནས་ས་བསླང་བ། སྦྱང་བ། བཟུང་ཞིང་བསྲུང་བ་རྣམས་ལེགས་པར་བྱས་ལ་ཚུལ་བཞིན་བཅའ་སྒྲུབ་བྱས་པའི་ས་བདག་གཏེར་བུམ་གྲངས་གང་འབྱོར་སྦ། དྲི་མེད་མཆོད་རྟེན་དང་སྦྲེལ་ན་དེའི་ས་ཆོག་ཀྱང་བྱས་ལ་དུར་གྱི་ས་དམིག་དངོས་ལས་ཅུང་ཟད་རྒྱབ་ཏུ་ཕྱོགས་པར་བྱང་ཆུབ་མཆོད་རྟེན་ཆ་ཚད་དང་ལྡན་པ་ཆེ་ཆུང་ཇི་ལྟར་འོས་པ་བཞེངས། ལོ་གྲངས་ཇི་ཙམ་སོང་ཡང་ཞིག་རལ་མི་འབྱུང་བའི་རྡོ་བརྩིག་སྲ་ཞིང་བརྟན་པ་བྱ། ནང་དུ་གཟུངས་གཞུག་སྤྱི་ལྟར་དང་གཟུངས་ཆེན་སྡེ་ལྔ། རྡོར་སེམས། ཞི་ཁྲོ། སྦྱོང་རྒྱུད་སྐོར། མི་འཁྲུགས་པ། སྨན་བླ། སྤྱན་རས་གཟིགས་ཀྱི་སྙིང་པོའི་རིགས་བུངས་བསྐྱེད། ཁྱད་པར་བུམ་ནང་དུ་ཁྲོས་མ་ནག་མོའི་དཀྱིལ་འཁོར་ཚད་ལྡན་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱི་བཀོད་པ་བཅས་རྡོ་ལེབ་ལ་སྒྲོས་གཙང་བརྐོ །ཚོན་བཏང་ལ་པྲ་རྩིས་མནན་པ་མདུན་རྒྱབ་མ་ནོར་བ་བཞུགས། གཞན་ཡང་སངས་རྒྱས་སྲས་གཅིག་གི་རྒྱུད་གཙོ་བོར་གྱུར་པའི་བཏགས་གྲོལ་རིགས་རྣམས་ཀྱི་གླེགས་བམ་དང་འཁོར་ལོ། བླ་མ་དགོངས་འདུས་ལུགས་གཙོས་མཐོང་གྲོལ་རིགས། ཡང་འདུས་གསང་འདུས་འཁོར་བ་དོང་སྤྲུགས་སོགས་ཐུགས་རྗེ་ཆེན་པོའི་རིགས་རྣམས་ཀྱི་འགྲོ་དོན་ལས་ཚོགས་མེ་ལོང་དང་མཆོད་རྟེན་གྱི་བཅས། གཏེར་གསར་ཐུགས་སྒྲུབ་བླ་མ་ལོངས་སྐུའི་མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ། ཤཱཀྱ་ཐུབ་པའི་མཆོད་རྟེན་དྲན་གྲོལ་གྱིས་མཚོན་རྙིང་མའི་ཕྱོགས་ལས་བཤད་པ་རྣམས་དང་། དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་དང་འབྲེལ་བའི་བཅས་རྣམས་གསར་མ་ཞ་ལུ་པའི་ཕྱག་བཞེས་ལས་འབྱུང་བ་རྣམས་ཚུལ་བཞིན་གྲུབ་ན་རེ་རེ་ལའང་ཕན་ཡོན་དགོས་ཁྱད་བསམ་གྱིས་མི་ཁྱབ་པ་ཡོད་པས་ཇི་ལྟར་འགྲུབ་པ་བྱ། མཆོད་རྟེན་གྱི་འགྲམ་དུ་སྐྱེ་ཤིང་འཛུག་པ་དང་ཉེ་ལོགས་ཆུ་རྫིང་བསྐྱིལ་བར་གསུངས་པའང་གནད་དོན་དང་འབྲེལ་བའི་བཀོད་པའི་ཁྱད་པར་ཡིན་པས་འགྲུབ་ན་ལེགས་སོ། །དེ་ལྟར་གྲུབ་པ་ན། ཐོག་མར་རབ་གནས་ཀྱི་ཆོ་ག་ཚུལ་བཞིན་བྱ། དེ་ནས་ཞག་གྲངས་རབ་ཉེར་གཅིག །འབྲིང་བདུན། ཐ་མ་གསུམ་ལ་སོགས་པར་བཀའ་གཏེར་ལུགས་སྲོལ་གང་ཡང་རུང་བའི་ཁྲོས་ནག་གི་སྒྲུབ་མཆོད་རྒྱས་པར་བྱ་བའི་ཚེ། མདུན་རྟེན་རྡོ་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་མཐའ་ཡས་པ་དང་ལྡན་པ་ལ། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རང་རང་གི་འཁོར་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་ཏེ་མངོན་སུམ་བཞིན་དུ་བཞུགས་པ་གསལ་བར་བསྐྱེད་ལ། འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་གནས་ཡུལ་དུར་ཁྲོད་རྣམས་སུ་བཞུགས་པའི་ཡེ་ཤེས་པ་སྤྱན་དྲངས་ལ་ཡང་དང་ཡང་དུ་བསྟིམ་ཞིང་ཛཔ྄་བསྙེན་ཅི་ནུས་བཟླ། མཐར་བརྟན་བཞུགས་བརྒྱ་རྩ་ལ་སོགས་པ་དང་། བྱ་རྒྱུད་ཀྱི་བཀྲ་ཤིས་རིང་མོས་མཚོན། ཞལ་ནས་གསུངས་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད། ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་བྱེ་བྲག་གྲོལ་བ་བཞི་ལྡན་གྱི་སྨོན་ལམ་རིགས་རྒྱ་ཆེར་གདབ་པ་རྣམས་ནི་སྤྱིར་བྱ་བ་ཡིན་ལ། བྱེ་བྲག་གོང་སྨྲོས་གསར་རྙིང་གི་མཆོད་རྟེན་བཅས་གཞན་རྣམས་འགྲུབ་ན་དེ་དང་དེའི་གཞུང་ལས་འབྱུང་བའི་ཆོ་ག་རྣམས་ཀྱང་ཚང་བར་བྱའོ། །དེ་ཙམ་མི་འགྲུབ་པས་ལག་ལེན་བསྡུས་པ་ཙམ་བྱེད་ན། ས་བརྟག་བསླང་བྱས་ལ་ས་དམིག་ཏུ་ཁུང་བུ་བྲུས་པའི་ནང་རྡོ་སྒྲོམ་ལེགས་པར་བྱས་པའི་ནང་དུ་ཁྲོས་ནག་གི་དཀྱིལ་འཁོར་རྡོ་ལ་བརྐོས་པ་གོང་བཤད་ལྟར་བཞག །སྒྲུབ་མཆོད་ཡུན་རིང་ཐུང་ཇི་ལྟར་འགྲུབ་པ་དང་བརྟན་བཞུགས་བྱས་ལ་ཁ་ལེགས་པར་བཀབ། ཤིས་བརྗོད་བསྔོ་སྨོན་རྒྱས་པར་སྤེལ་བས་ཀྱང་བཅོས་མའི་དུར་ཁྲོད་དུ་འགྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་པའི་མཆོད་རྟེན་གྱི་མདུན་དྲང་པོའི་ས་དམིག་དང་། དཀྱིལ་འཁོར་རྐྱང་པའི་སྟེང་དུ་སེམས་ཅན་ལྔ་ལམ་དུ་སོང་བ་རྣམས་ཀྱི་ཕུང་པོ་བཞག །དེའང་གཅོད་ཡུལ་ལམ་ཁྲོས་ནག་གི་ཆོ་ག་ལྟ་བུ་དང་འབྲེལ་བས་ཚོགས་སུ་བཏང་བ་གྲུབ་ན་ཕན་ཡོན་ལྷག་པར་ཐོབ་པར་འགྱུར་ལ། ཚོགས་ཀྱི་ཆོ་ག་མི་འགྲུབ་པར་དེ་གར་སྐྱེལ་ནས་བྱ་གཅན་ལ་བྱིན་པ་ཙམ་ལའང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཞལ་གདམས་སྙིང་བྱང་ལས། ཇི་སྐད་བཤད་ལྟར་བསྒྲུབས་བྱས་ན༔ ཕྱི་རུ་མཐོང་ཐོས་དྲན་རེག་དང༔ བྱེ་བྲག་ཕྱོགས་དེར་འཆི་བ་འམ༔ ཆེད་དུ་བསྐྱལ་བའི་ཕུང་པོ་ཀུན༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཡིས༔ དངོས་སུ་ཚོགས་ལ་ལོངས་སྤྱོད་པས༔ སྐྱེ་བ་བདུན་ནས་འབད་མེད་གྲོལ༔ མཚམས་མེད་ལས་སྤྱད་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་རྟེན་བཟང་ངེས་པར་ཐོབ༔ ཅེས་གསུངས་པས་མཚོན་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཤིན་ཏུ་ཆེ་བས་སྙིང་རྗེའི་ཡིད་ཅན་གྱི་གང་ཟག་མ་རྒན་སེམས་ཅན་ལ་ཕན་གདགས་པར་འདོད་པ་རྣམས་ཀྱིས། ལན་ལ་མི་རེ་བའི་ཆོས་སྦྱིན་རྒྱ་ཆེན་འདི་ལྟ་བུ་ལ་བརྩོན་པ་ཆེ་ཐང་དུ་བྱ་བར་རིགས་སོ། །གཅེས་པར་བཟུང་བའི་གདོས་བཅས་ལུས། །དབང་མེད་བོར་ནས་འཁྱམས་པ་ཀུན། །ཚུལ་འདིས་མཐོ་རིས་ཐར་པ་ཡི། །བདེ་ལ་བདེ་བླག་སྤྱོད་བྱེད་ཤོག །ཅེས་པའི་ཚུལ་འདིའང་། ཉམ་ཆུང་ལྷག་བསམ་གཞན་ཕན་གྱི་ལམ་དུ་འགྱུར་བ་དཀའ་ཡང་། མཁྱེན་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་བྱ་སླ་དོན་ཆེའི་གནས་འདི་ལྟ་བུ་བཏང་སྙོམས་སུ་བཞག་པར་མཐོང་ནས། བཅོས་མེད་ཀྱི་ཛོ་ཀི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་གཏོར་འབུལ་རིག་འཛིན་དྷརྨ་སྭཱ་མཱིས་མཛད་པ་ (Volume 41, Text 30)

༄༅། །རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་གཏོར་འབུལ་རིག་འཛིན་དྷརྨ་སྭཱ་མཱིས་མཛད་པ་བཞུགས་སོ། ། གཏེར་ཆེན་སྟག་ཤམ་རྡོ་རྗེའི་ཟབ་གཏེར་སྤྱི་ལ་སྦྱོར་རྒྱུའོ། ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་དུང་ཆེན་རིན་པོ་ཆེའི། །སྣོད་དུ་ཧཱུྃ་ཡིག་ལས་བྱུང་ཤ་ལྔ་དང་། །བདུད་རྩི་ལྔ་པོ་སྦྱོང་བྱེད་ཡི་གེ་བཅས། །སྤྲོ་བསྡུས་མཆོད་གཏོར་ཟག་མེད་བདུད་རྩིར་བརླབས། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དང་། །བཀའ་སྡོད་གཏེར་སྲུང་གཞི་བདག་ལ་སོགས་པ། །སྙིང་གའི་འོད་ཀྱིས་མཆོད་པའི་མགྲོན་ཉིད་དུ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨཱ་པཱ་ལ་ནི་དྷི་བྷཱུ་མི་པ་ཏི་ཨི་དམ་བ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་རྡོ་རྗེ་དམ་ཅན་ཚོགས། །ལེགས་ལྡན་མ་ནིང་སྔགས་ཀྱི་བདག་མོ་དང་། །ཕྱག་བཞི་ཕྱག་དྲུག་བིང་དམར་རེ་མ་ཏི། །གུར་མགོན་སྟག་ཞོན་ཛམ་ལྷ་ནོར་བདག་སོགས། །ཨེ་ཀ་ཛཱ་ཏི་གཟའ་མཆོག་རྡོ་རྗེ་ལེགས། །བདུད་མགོན་སེང་གདོང་ཁྱུང་ཞོན་ཏྲཀྴད་ཆེ། །བདུད་བཙན་ཀླུ་གསུམ་ཉང་བཙན་པེ་ཧ་ར། །ཚེ་འཕེལ་མཁའ་འགྲོ་གཡུ་སྒྲོན་བརྟན་མའི་ཚོགས། །འབངས་བློན་རྒྱལ་མོ་མཆེད་འཁོར་ལ་སོགས་པ། །ཆེ་མཆོག་ཧེ་རུ་ཀ་དང་པདྨ་འབྱུང། །རྩ་བའི་བླ་མ་རིག་འཛིན་ནུས་ལྡན་པའི། །སྤྱན་སྔར་དམ་ནོས་བསྟན་དང་དེར་འཛིན་བཅས། །སྐྱོང་མཛད་དམ་ཅན་བཀའ་སྲུང་གཏེར་སྲུང་དང་། །ཡུལ་ལྷ་གཞི་བདག་མ་ལུས་ཐམས་ཅད་ལ། །གཏོར་མ་རི་བོ་སྨན་རཀ་རྒྱ་མཚོར་བསྐྱིལ། །སོ་སོའི་མཐུན་རྫས་ཡོངས་ཚང་སྤྲིན་ལྟར་གཏིབས། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ཀུན་ཏུ་བཟང་། །མཆོད་པའི་སྤྲིན་གྱི་ཕུང་པོ་ཆེར་སྦར་པ། །དགྱེས་པར་བཞེས་ལ་སྔོན་གྱི་ཐུགས་དམ་བཞིན། །བསྟན་དང་དེར་འཛིན་སྲུང་ཞིང་སྐྱོབ་པ་དང་། །སྣོད་བཅུད་བདེ་སྤེལ་འགལ་རྐྱེན་དགྲ་བགེགས་སོགས། །ཚར་གཅོད་རྣལ་འབྱོར་ཆོས་བཞིན་བསམ་པའི་དོན། །འབད་མེད་མྱུར་འགྲུབ་ཕྲིན་ལས་མཛད་དུ་གསོལ། །ཅེས་ཆང་ཕུད་མཆོད། ཐེག་དགུའི་ལམ་དང་བསྟན་སྲུང་མགོན་པོའི་ཚོགས། །སྔགས་ཀྱི་བདག་མོ་མ་མོ་རལ་གཅིག་མ། །སྔགས་སྲུང་རེ་ཏི་མོ་རྒྱུད་བཀའ་སྲུང་ཚོགས། །ཞིང་སྐྱོང་གནོད་སྦྱིན་གཟའ་དང་དམ་ཅན་དང་། །སྤུ་གྲི་གསུམ་དང་གཡུ་སྒྲོན་ཉང་རྗེ་བཅས། །བདུད་རྗེ་ཡུལ་ལྷ་བཅས་ལ་མཆོད་པ་འབུལ། །སྨན་གཏོར་ཟས་ཚོགས་སྣང་སྲིད་བཅས་ཀྱིས་མཆོད། །བསྟན་དང་བསྟན་པ་འཛིན་པའི་གྲོགས་མཛོད་ལ། །བདག་སོགས་འགྲོ་འདུལ་ལས་དང་བྱ་བྱེད་ཀུན། །ཕྱི་ཡི་དགྲ་ཟློག་ནང་གི་རྐྱེན་ངན་ཟློག །གསང་བ་དུག་ལྔ་ཉོན་མོངས་ལས་ངན་ཟློག །དགེ་བའི་གྲོགས་མཛོད་མི་དགེ་མི་རུང་ཟློག །ཉིན་མོ་སོ་མཐོང་མཚན་མོ་མེལ་ཚེ་མཛོད། །བྱིང་བྱུང་བརྗེད་སློངས་ཕ་རོལ་བློ་ངན་སྒྱུར། །བདག་གི་ཡིད་དང་གཉིས་མེད་ཞུགས་མཛོད་ལ། །བཟང་པོའི་ལས་དང་ལེགས་པའི་བྱ་ར་མཛོད། །བསྟན་པ་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཅེས་རིག་འཛིན་དྷརྨ་སྭཱ་མཱིས་མཛད་པའོ། །གཞི་བྱེས་ལམ་གསུམ་དུས་རྣམས་ཐམས་ཅད་ཀུན། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །དམ་ཅན་ཆོས་སྐྱོང་སྲུང་མས་བར་ཆད་སོལ། །ཅི་བསམ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །དགེའོ།། །།

བླ་མ་རྒྱལ་བ་ཀུན་འདུས་ཀྱི་ཐུགས་སྒྲུབ་ལས་བྱང་དངོས་གྲུབ་ཀུན་འབྱུང་ (Volume 9, Text 30)

༔ ༔བླ་མ་རྒྱལ་བ་ཀུན་འདུས་ཀྱི་ཐུགས་སྒྲུབ་ལས་བྱང་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ༔ ྈ དུས་གསུམ་རྒྱལ་བའི་ཆོ་འཕྲུལ་ལས༔ སྐྱེ་འཆི་མེད་པའི་རྡོ་རྗེ་འཆང༔ འོད་ལུས་ཡེ་ཤེས་སྙིང་པོ་ཅན༔ སྒྱུ་འཕྲུལ་དྲྭ་བ་འགྱེད་ལ་འདུད༔ གསང་བ་ཡེ་ཤེས་སྙིང་པོ་ལས༔ བསོད་ནམས་ཡེ་ཤེས་ཚོགས་བསགས་ནས༔ བླ་མེད་སྐུ་གསུམ་མངོན་གྱུར་ཕྱིར༔ བླ་མ་རྒྱལ་བ་ཀུན་འདུས་ཀྱི༔ ཐུགས་སྒྲུབ་སྲོག་གི་དྭངས་མ་ནི༔ ལས་བྱང་དངོས་གྲུབ་ཀུན་འབྱུང་བཤད༔ ལས་དང་སྐལ་པར་ལྡན་པ་ཡིས༔ རང་གཞན་སྒྲོལ་བའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་བཀའ་བསྒོ་མཚམས་བཅད་དང༔ ཡན་ལག་བརྒྱད་པ་བྱིན་དབབ་མཆོད༔ ཚིག་གསལ་གདབ་པ་བཅུ་གསུམ་མོ༔ དངོས་གཞི་སྟོང་གསལ་ཏིང་འཛིན་གསུམ༔ གཞལ་ཡས་ལྷ་དབང་སྤྱན་འདྲེན་བཞུགས༔ ཕྱག་འཚལ་མཆོད་འབུལ་བསྟོད་བཤགས་ཛཔ྄༔ ཐུགས་དམ་བསྐུལ་བ་ཉི་ཤུ་གཉིས༔ རྗེས་ནི་ཚོགས་མཆོད་ཐུགས་དམ་བསྐང༔ ཚོགས་ལྷག་དབང་བླང་ཚེ་འགུགས་ཤིང༔ ཆད་མདོ་བརྟན་སྐྱོང་གཏོར་བྲོ་བརྡུང༔ དཀྱིལ་འཁོར་བསྡུ་བ་རྒྱུན་སྤྱོད་སྨོན༔ ཤིས་བརྗོད་བཅུ་གཉིས་རྩ་ཐོར་བསྡེབ༔ ས་མ་བྷྱོ༔ དང་པོ་བགེགས་ལ་བཀའ་བསྒོ་སྟེ༔ ཧཱུྃ༔ ང་ནི་བླ་མ་ཧེ་རུ་ཀ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཕྱོགས་བཅུ་རབ་འབྱམས་འཇའ་འོད་ཀློང༔ ཕྱི་ནང་སྒྲིབ་མེད་ཟང་ཐལ་གསལ༔ ཡེ་ཤེས་གསུམ་ལྡན་དཀྱིལ་འཁོར་དུ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ ཕྱོགས་དུས་གནས་སྐབས་ཐམས་ཅད་དུ༔ ང་བས་ཆེ་བཙན་སུ་ཞིག་ཡོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ བླ་མ་དཀོན་མཆོག་རྣམ་གསུམ་གྱི༔ ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་འཐིབས༔ ཡི་དམ་ཞི་ཁྲོའི་སྤྲུལ་སྒྱུར་ལས༔ དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབ༔ མ་རྒྱུད་མཁའ་འགྲོའི་རྟེན་འབྲེལ་ལས༔ དབང་དང་བྱིན་རླབས་གློག་ལྟར་འཁྱུགས༔ ཆོས་སྐྱོང་སྲུང་མའི་དྲག་རྩལ་ལས༔ ཕྲིན་ལས་རྣམ་བཞི་ཐོག་ལྟར་འཁྲུགས༔ ཡེ་ཤེས་ལྷ་ཡི་ང་རྒྱལ་ཆེ༔ འབར་བའི་ཏིང་འཛིན་ཆེན་པོ་ཡིས༔ བདག་ཅག་བྱང་ཆུབ་སྒྲུབ་པའི་བགེགས༔ ཕྱོགས་མེད་གནས་སུ་མྱུར་བར་བྱེར༔ གལ་ཏེ་མི་འགྲོ་གེགས་བྱེད་ན༔ སྐྱེ་མེད་ཆོས་དབྱིངས་ཀློང་ཡངས་ནས༔ འགག་མེད་ཁྲོ་བོ་ཁྲོ་མོ་འཕྲོས༔ སྐྱེ་འགག་གཉིས་མེད་རོལ་པ་ལས༔ མཚོན་ཆ་ཐོག་སེར་སྟོང་ཁམས་ཁེངས༔ ལོག་འདྲེན་འབྱུང་པོ་ཕྱེ་མར་ཐུལ༔ ཕུང་ཁམས་སྐྱེ་མཆེད་རྡུལ་དུ་རློག༔ དེ་བས་མ་འདུག་གཞན་དུ་དེངས༔ ཧཱུྃ་བཞིའི་སྔགས་ཤམ་དུ༔ ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཚིནྡ་ཚིནྡ༔ ཧ་ར་ཧ་ར༔ པྲ་མོ་ཧ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་ཕྱི་ཡི་མཚམས་བཅད་ནི༔ ཧཱུྃ༔ མ་རྟོགས་རྣམ་དག་དཀྱིལ་འཁོར་འདིར༔ བཀའ་བརྒྱུད་བླ་མ་མཁའ་ལྟར་ཁྱབ༔ ཡི་དམ་ལྷ་ཚོགས་སྤྲིན་ལྟར་གཏིབས༔ མཁའ་འགྲོ་ཆོས་སྐྱོང་གློག་ལྟར་འཁྱུགས༔ རྣོ་དབལ་མཚོན་ཆ་སེར་ལྟར་འབེབ༔ མེ་རླུང་ཁྲོ་ཆུང་སྐར་ལྟར་འཁྲུགས༔ རྡོ་རྗེ་མེ་རིའི་གུར་ཁང་འབར༔ བགེགས་དང་ལོག་འདྲེན་མཚམས་ཆོད་ཅིག༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་བཛྲ་ཙཀྲ་ཏཱིཀྵྞ་ཀརྟ་རི་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་བཛྲ་རཀྵ་རཀྵ་མཎྜ་ལ་ཏིཥྛ་བྷྲཱུྃ༔ དེ་ནས་ནང་གི་མཚམས་བཅད་ནི༔ ཧཱུྃ༔ འཁོར་བ་རང་གྲོལ་དཀྱིལ་འཁོར་འདིར༔ སྡུག་བསྔལ་ཞེས་བྱའི་མིང་ཡང་མེད༔ དུག་ལྔ་རྣམ་དག་དཀྱིལ་འཁོར་འདིར༔ ལས་ངན་ཉོན་མོངས་མིང་ཡང་མེད༔ རྟོག་ཚོགས་རང་གྲོལ་དཀྱིལ་འཁོར་འདིར༔ ཨ་འཐས་ཞེས་བྱའི་མིང་ཡང་མེད༔ འཁྲུལ་སྣང་རྣམ་དག་དཀྱིལ་འཁོར་འདིར༔ བར་ཆད་ཅེས་བྱའི་མིང་ཡང་མེད༔ མཉམ་ཉིད་ཀློང་ཡངས་ཆེན་པོ་རུ༔ ང་བདག་གཉིས་འཛིན་དྲི་མ་བྲལ༔ བློ་འདས་ཆེན་པོའི་ངང་ཉིད་ལས༔ མ་རྟོགས་རུ་དྲ་མཚམས་ཆོད་ཅིག༔ དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཨ་ཨ༔ དེ་ནས་གསང་བའི་མཚམས་གཅོད་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་ཡེ་ནས་སྟོང༔ ལྷ་འདྲེ་གཉིས་པོ་རང་སར་དག༔ བདག་གཞན་གཉིས་འཛིན་ཡེ་ནས་སྟོང༔ བདེ་སྡུག་འདུས་བྱས་རང་སར་དག༔ སྣ་ཚོགས་གཟུགས་སྒྲ་བྱ་བྱེད་ཆོས༔ འཁྲུལ་སྣང་འཁོར་བའི་འཁོར་ལོ་རྣམས༔ ཆོས་དབྱིངས་དག་པ་ཆེན་པོས་གཞོམ༔ སྟོང་ཉིད་ཡེ་ཤེས་སྙིང་པོར་གསལ༔ ཕྱི་ནང་ཆོས་ཀུན་མཐའ་ལས་འདས༔ བརྗོད་དུ་མེད་པའི་ངང་ཉིད་ལས༔ ང་བདག་རུ་དྲ་མཚམས་ཆོད་ཅིག༔ དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཛྙཱ་ན་གརྦྷ་རཀྵ་ཧཱུྃ་ཨེ་ཨེ༔ གསུམ་པ་ཚོགས་ཞིང་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་བ་ཆེན་པོའི་ཞིང་ཁམས་འདིར༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཚོགས༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང༔ ཆགས་མེད་གསལ་སྟོང་ཁྲི་ལ་བཞུགས༔ བཞི་པ་ཕྱག་འཚལ་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་རྣམ་དག་ངང་ཉིད་ལས༔ ཐབས་མཁས་ཐུགས་རྗེའི་སྤྲུལ་སྒྱུར་འགྱེད༔ ཞི་དང་ཁྲོ་བོའི་ལྷ་ཚོགས་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ ལྔ་པ་མཆོད་པའི་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་འཇིག་རྟེན་འདི་དག་ན༔ དཔག་མེད་འདོད་ཡོན་མཆོད་པའི་སྤྲིན༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་ནི༔ ཚོགས་གཉིས་རྫོགས་ཕྱིར་གུས་པས་འབུལ༔ དྲུག་པ་བཤགས་པའི་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་སྤྱན་ལྡན་ལྷ་རྣམས་དགོངས༔ བདག་ཅག་མ་རིག་རྐྱེན་དབང་གིས༔ སྐུ་གསུང་ཐུགས་དང་འགལ་གྱུར་པའི༔ སྒྲིབ་གསུམ་དྲི་མ་མཐོལ་ལོ་བཤགས༔ བདུན་པ་ཡི་རང་བའི་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱོགས་དུས་རྒྱལ་བའི་མཛད་པ་ལས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གང་འདུལ་ཐབས་ཀྱི་ཆོ་འཕྲུལ་ལ༔ བདག་ཅག་རྗེས་སུ་ཡི་རང་ངོ་༔ བརྒྱད་པ་བསྐུལ་བའི་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་བྱང་སེམས་ཞི་ཁྲོའི་ལྷ༔ ཐབས་དང་ཤེས་རབ་གཉིས་མེད་ཀྱིས༔ འགྲོ་དོན་འཁོར་བ་དོང་སྤྲུགས་ཕྱིར༔ ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ དགུ་པ་གསོལ་འདེབས་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་དཀོན་མཆོག་རྩ་བ་གསུམ༔ རྒྱལ་བ་རྒྱ་མཚོ་འཁོར་བཅས་རྣམས༔ འཁོར་བ་མ་སྟོངས་བར་དུ་ནི༔ མྱ་ངན་མི་འདའ་གསོལ་བ་འདེབས༔ བཅུ་པ་བསྔོ་བའི་ཡན་ལག་ནི༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་དུས་མེད་འགྲོ་ཀུན་གྱི༔ དགེ་བ་ཇི་སྙེད་གང་ཡོད་པ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཕྱིར༔ ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ བཅུ་གཅིག་བྱིན་འབེབ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རང་བཞིན་རྣམ་དག་གཞལ་ཡས་ནས༔ དུས་གསུམ་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མར་བཅས༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཕྱི་ནང་གསང་བའི་དཀྱིལ་འཁོར་དང༔ ལུས་ངག་ཡིད་གསུམ་དམ་ཚིག་རྫས༔ མཆོད་སྤྲིན་རྒྱ་མཚོ་དཔག་མེད་ཚོགས༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ༔ པྲ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་སྲུང་མ་ཡི༔ བྱིན་རླབས་ནུས་རྩལ་དངོས་གྲུབ་ཀྱིས༔ བདག་ལུས་སྣང་སྟོང་འཇའ་ལུས་གཟུགས༔ སྨྲ་བརྗོད་གྲགས་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་བདེ་སྟོང་ཆོས་ཀྱི་དབྱིངས༔ ཕྱི་ནང་གཞལ་ཡས་ལྷ་རུ་གསལ༔ བྱ་བྱེད་སྣ་ཚོགས་བདེ་བའི་གར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨེ་མཎྜ་ལ་ཧཱུྃ་བྷྲཱུྃ་བྷྲཱུྃ༔ བཅུ་གཉིས་མཆོད་པ་བྱིན་བརླབ་ནི༔ ཧཱུྃ་ཕཊ་རཾ་ཡཾ་ཁཾ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སཱ་ག་ར་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱུ་ལ་པདྨ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི༔ གུ་ཧྱ་ཧྲཱི་ཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་མཱཾ་ས༔ རཀྟ༔ ཀིཾ་ནི་རི་ཏི༔ བ་སུ་ཏ༔ ཙིཏྟ་ཨོཾ་ཨཱཿཧཱུྃ༔ བཅུ་གསུམ་ཚིག་གསལ་གདབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ དཔག་མེད་ནམ་མཁའི་མཐའ་ཀླས་པའི༔ མཆོད་པ་སྣ་ཚོགས་སྤྲིན་ལྟར་གཡོ༔ ཟག་པ་མེད་པ་བདེ་བའི་རྒྱུན༔ དབང་པོ་དྲུག་གི་འདོད་དགུར་ལྡན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ སྔོན་དུ་འགྲོ་བའི་ཆོ་གའི་རིམ༔ ལས་རིམ་བཅུ་གསུམ་བསྟན་ཟིན་ཏོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དང་པོ་ཏིང་འཛིན་གྱིས༔ སྟོང་པར་སྦྱོང་བ་འདི་ལྟ་སྟེ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གཅེས་པར་འཛིན་པའི་གདོས་བཅས་ལུས༔ མེ་ཆུ་རླུང་གིས་བསྲེགས་སྦྱངས་གཏོར༔ ཡེ་ནས་དག་པའི་ཡེ་ཤེས་སེམས༔ སྟོང་ཉིད་འགག་མེད་རིག་རྩལ་ཤར༔ ཁྱབ་བརྡལ་སྒྱུ་མའི་རོལ་པ་ལས༔ མ་བཅོས་སྤྲོས་བྲལ་གཉུག་མའི་ངང༔ དྲི་མེད་ཟང་ཐལ་ཅེར་གྱིས་མཐོང༔ དེ་ཐོག་མ་བཅོས་ངང་ལ་བཞག༔ གཉིས་པ་དེ་ཉིད་རྟོགས་པ་ནི༔ ཨོཾ་ཨོཾ་ཨོཾ༔ ཐོག་མཐའ་དབུས་ཉིད་ཡེ་ནས་སྟོང༔ ཡིད་སྐྱེས་སྣ་ཚོགས་ཆོས་ཉིད་འདས༔ མི་འགྱུར་ནམ་མཁའི་དཀྱིལ་ལྟ་བུ༔ དམིགས་མེད་བློ་འདས་ཆོས་སྐུ་མཆོག༔ གསུམ་པ་ཀུན་ཏུ་སྣང་བ་ནི༔ ཨཱཿཨཱཿཨཱཿ དབྱིངས་དང་ཡེ་ཤེས་གཉིས་སུ་མེད༔ སྣང་བ་སྣ་ཚོགས་ལོངས་སྤྱོད་རྫོགས༔ དེ་ཉིད་མ་རྟོགས་སེམས་ཅན་རྣམས༔ གཉིས་འཛིན་འཁྲུལ་པས་སྙིང་རེ་རྗེ༔ བཞི་པ་རྒྱུ་བྱུང་ཏིང་འཛིན་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འདོད་རྒུ་ཀུན་འབྱུང་རང་རིག་འདི༔ སྣང་སྟོང་ཟུང་འཇུག་རྒྱུ་ཡི་ངང༔ ཉི་ཟླ་རྡོ་རྗེ་ཧྲཱིཿཡིག་མཚན༔ འོད་དང་འོད་ཟེར་རང་བཞིན་སྤྲུལ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་པ་རི་ཤུདྡྷ་བཛྲ་ཛྙཱ་ན་གརྦྷ་ཨཱ༔ ཧྲཱིཿབཛྲ་ཙིཏྟ་གུ་ཧྱ་མ་ཧཱ་ས་མ་ཡ་ཧཱུྃ་ཨེ་ཧཾ༔ ལྔ་པ་འབྱུང་བརྩེགས་གཞལ་ཡས་ནི༔ ཧཱུྃ་ཧྲཱི༔ རིག་པ་རྡོ་རྗེ་ཧྲཱིཿཡིག་ལས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཕྱི་ནང་སྣོད་བཅུད་སྟོང་པར་སྦྱངས༔ མཐའ་དང་དབུས་མེད་རང་བཞིན་གསལ༔ ཨེ་འཕྲོས་ཆོས་འབྱུང་ནམ་མཁའི་ཀློང༔ ཡཾ་འཕྲོས་འགྱུ་བྱེད་རླུང་གིས་ཁྱབ༔ རཾ་འཕྲོས་མེ་ཡི་འཁོར་ལོ་འབར༔ ར་འཕྲོས་རཀྟ་ཞིང་གིས་བརྡལ༔ སུཾ་འཕྲོས་ཤ་ཆེན་ས་གཞི་གསལ༔ ཀེཾ་འཕྲོས་ཀེཾ་རུས་རི་རབ་དབུས༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ དག་པ་འོད་ལྔའི་རང་བཞིན་ཅན༔ སྒོ་གྲུ་རྟ་བབས་ཆོས་འཁོར་རྫོགས༔ རིན་ཆེན་ལྔ་ཡི་རྩིག་པ་ལ༔ ཐོད་པ་སྐམ་གཤེར་ཕྲེང་བས་བརྩིགས༔ གྲུ་ཆད་བར་ཁྱམས་གློ་འབུར་ཡང༔ ཕྲིན་ལས་བཞི་ཡི་ཁ་དོག་གསལ༔ ལྷ་ཀླུ་གཟའ་སྐར་གདུང་དང་ནི༔ ཀ་བ་དྲལ་ཕྱམ་ཀ་གདན་སྤྲས༔ ཀ་ཞུ་ཉི་ཟླས་མ་རིག་འཇོམས༔ ཞིང་ཆེན་ཐོག་ཁེབ་ཙིཏྟའི་ཏོག༔ སྐྲ་གཡབ་ཞིང་ལྤགས་རྒྱལ་མཚན་གདུགས༔ རུས་ཆེན་དྲ་བ་དྲ་ཕྱེད་འཕྱང༔ རྣམ་པ་དུར་ཁྲོད་ངོ་བོ་འོད༔ ནང་ནི་འཇའ་ཚོན་ཐིག་ལེས་བརྒྱན༔ པདྨ་གེ་སར་མཛེས་ཤིང་བཀྲ༔ ཐབས་ཤེས་ཉི་ཟླའི་འོད་ཀློང་འཚེར༔ སུས་ཀྱང་མ་བྱས་ལྷུན་གྱིས་གྲུབ༔ བྷྲཱུྃ་ཀཾ་བྷ༔ སྨེ་ཤ་བི་ཤུདྡྷེ་ཨེ་ཛྙཱ་ན་མཎྜ་ལ་ཙཀྲ་ཧཱུྃ་བྷྲཱུྃ༔ མ་སཱུརྱ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ཏིཥྛ་བཛྲ་ཧཱུྃ་བྷྲཱུྃ༔ དྲུག་པ་དམ་ཚིག་ལྷ་བསྐྱེད་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་ཡི་ཕོ་བྲང་དབུས༔ འཇའ་ཚོན་སྣ་ལྔའི་ཐིག་ལེའི་དཀྱིལ༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ གསེར་གྱི་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ཡིག་དངུལ་གྱི་ཁ་དོག་ལས༔ འོད་དང་འོད་ཟེར་ཕྱོགས་བཅུར་འབར༔ རྒྱལ་བ་རབ་འབྱམས་རྒྱུད་བསྐུལ་ཏེ༔ འགྲོ་ཀུན་ལས་ངན་སྡིག་སྒྲིབ་སྦྱངས༔ ཚུར་འདུས་རྡོ་རྗེ་ཧཱུྃ་ལ་ཐིམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ རང་རིག་པདྨ་ཐོད་ཕྲེང་རྩལ༔ ཕྱོགས་བཅུའི་སངས་རྒྱས་འདུས་པའི་སྐུ༔ དཀར་ལ་དམར་བའི་མདངས་ལྡན་ཞིང༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཞི་མ་ཁྲོ་འཛུམ་སྒེག་པའི་ཉམས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནི༔ སྣང་སྲིད་ཟིལ་གནོན་ཕྱག་རྒྱས་འཛིན༔ ཕྱག་གཡོན་ཐོད་པ་བདུད་རྩི་བུམ༔ ལྟེ་བའི་ཐད་ཀར་མཉམ་གཞག་བསྣམས༔ སྐུ་ལ་ཟ་བེར་ལྗང་གུ་དང༔ ཆོས་གོས་དམར་པོ་པ་ཏྲ་རིས༔ ཐབས་ཤེས་ཟུང་འཇུག་ངང་ལ་རྫོགས༔ པད་ཞྭ་སྒྲོ་དར་མེ་ལོང་དང༔ ཉི་ཟླ་ནོར་བུ་འབར་བས་བརྒྱན༔ གཞོན་ནུའི་ཚུལ་ཅན་དབུ་སྐྲ་གྲོལ༔ རིན་ཆེན་སྣ་ཚོགས་དབུ་རྒྱན་དང༔ ཕྱག་ཞབས་དངུལ་གྱི་གདུ་བུས་བརྒྱན༔ གསེར་གྱི་སྙན་ཆ་དྲིལ་བུ་འཁྲོལ༔ གྲུ་མོར་སྦས་ཡུམ་ཁ་ཊྭཱཾ་ག༔ རྒྱ་གྲམ་བུམ་ཐོད་རྩེ་གསུམ་བརྩེགས༔ དར་སྣ་ལྔ་ཡི་ཅོད་པན་སྤུར༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ བ་སྤུའི་བུ་ག་ཐམས་ཅད་དུ༔ རྒྱལ་བ་རབ་འབྱམས་ཞིང་ཁམས་རྫོགས༔ འོད་དང་གཟི་བརྗིད་འབར་བར་བསྒོམ༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ གསང་བ་གསུམ་བདག་ཧེ་རུ་ཀ༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཞི་འཛུམ་རལ་པའི་ཐོར་ཚུགས་ཅན༔ ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ༔ ཟུང་འཇུག་བསྣོལ་སྟབས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ བདེ་གཤེགས་རིགས་ལྔའི་དབུ་རྒྱན་དང༔ རུས་པའི་རྒྱན་དྲུག་རབ་ཏུ་སྤྲས༔ རྡོ་རྗེ་སྐྱིལ་ཀྲུང་སྒེག་པའི་ཉམས༔ པང་དུ་ཡེ་ཤེས་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་སྐུ་མདོག་སྔོ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཕྱག་རྒྱ་ལྔ་དང་ཡང་དག་ལྡན༔ བདེ་བ་ཆེན་པོས་ཡབ་ལ་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་བཀླུབས༔ ཡབ་ཡུམ་གཉིས་མེད་བདེ་སྟོང་འབར༔ ཟག་མེད་ཡེ་ཤེས་རོལ་གར་ལྡན༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡབ་ཡུམ་སྤྱི་བོ་རུ༔ འོད་ལྔའི་ཐིག་ལེའི་གུར་ཁང་དུ༔ རྒྱལ་བའི་སྤྱི་མེས་ཆེ་བའི་མཆོག༔ དང་པོའི་སངས་རྒྱས་འོད་མི་འགྱུར༔ བཅོམ་ལྡན་ཀུན་ཏུ་བཟང་པོ་མཐིང༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དཀར༔ རྡོ་རྗེ་དྲིལ་བུས་ཡབ་ལ་འཁྱུད༔ ཞི་ཆགས་ཡིད་འོང་ལྟ་ན་སྡུག༔ ཡབ་ཡུམ་གཉིས་མེད་འཁྲིལ་སྟབས་རོལ༔ ཧཱུྃ་ཧྲཱི༔ ཀུན་བཟང་ཡབ་ཡུམ་གཡས་ཕྱོགས་སུ༔ དམར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བྱེ་རུའི་མདོག་མཚུངས་མཉམ་གཞག་མཛད༔ ཚེ་བུམ་བསྣམས་ཤིང་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ འོད་དམར་འཇིག་རྟེན་ཁྱབ་པར་འཕྲོ༔ འཆི་མེད་ཚེ་ཡི་དངོས་གྲུབ་འགུགས༔ ཧཱུྃ་ཧྲཱི༔ ཀུན་བཟང་ཡབ་ཡུམ་གཡོན་ཕྱོགས་སུ༔ འོད་དཀར་ཐིག་ལེའི་དཀྱིལ་འཁོར་དུ༔ བཅོམ་ལྡན་མགོན་པོ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ ཐལ་སྦྱར་ཕྲེང་བ་པདྨ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ འོད་དཀར་འཇིག་རྟེན་ཁྱབ་པར་འཕྲོ༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས༔ ཧཱུྃ་ཧྲཱི༔ བླ་མ་ཡབ་ཡུམ་ཕྱོགས་བཞི་རུ༔ པདྨ་གེ་སར་གདན་སྟེང་ན༔ ཧཱུྃ་ཡིག་ཁ་དོག་བཞི་རུ་གསལ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ ཀུན་ཀྱང་ཞི་འཛུམ་སྒེག་པའི་ཉམས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ འོད་དང་འོད་ཟེར་དམར་ལྗང་འཕྲོ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་དུ་ཞེ་སྡང་རྡོ་རྗེ་དཀར༔ རྡོ་རྗེ་ལྕགས་ཀྱུ་ཕྱག་ན་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ མེ་ལོང་ཡེ་ཤེས་ངོ་བོར་གསལ༔ ལྷོ་རུ་ང་རྒྱལ་རྡོ་རྗེ་སེར༔ རིན་ཆེན་ཞགས་པ་ཕྱག་ན་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ མཉམ་ཉིད་ཡེ་ཤེས་ངོ་བོར་གསལ༔ ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར༔ པདྨ་ལྕགས་སྒྲོག་ཕྱག་ན་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སོར་རྟོག་ཡེ་ཤེས་ངོ་བོར་གསལ༔ བྱང་དུ་ཕྲག་དོག་རྡོ་རྗེ་ལྗང༔ རྒྱ་གྲམ་དྲིལ་བུ་ཕྱག་ན་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ བྱ་གྲུབ་ཡེ་ཤེས་ངོ་བོར་གསལ༔ ཀུན་ཀྱང་ཅུང་ཟད་ཁྲོས་པར་བཞུགས༔ རྡོ་རྗེ་སྐྱིལ་ཀྲུང་བདེ་བའི་ཉམས༔ རྣམ་ཤེས་སོར་རྟོག་འདུ་ཤེས་དང༔ འདུ་བྱེད་ཕུང་པོ་རྣམ་པར་དག༔ ཤར་ལྷོར་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ དུར་ཁྲོད་རུས་རྒྱན་བརྐྱང་བསྐུམ་བཞུགས༔ ལྷོ་ནུབ་རིན་ཆེན་མཁའ་འགྲོ་མ༔ སེར་མོ་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ དུར་ཁྲོད་རུས་རྒྱན་བརྐྱང་བསྐུམ་བཞུགས༔ ནུབ་བྱང་པདྨ་མཁའ་འགྲོ་མ༔ དམར་མོ་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ དུར་ཁྲོད་རུས་རྒྱན་བརྐྱང་བསྐུམ་བཞུགས༔ བྱང་ཤར་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་གྲི་གུག་ཐོད་ཁྲག་འཛིན༔ ཁ་ཊྭཱཾ་རྩེ་གསུམ་གྲུ་ལ་བརྟེན༔ དུར་ཁྲོད་རུས་རྒྱན་བརྐྱང་བསྐུམ་བཞུགས༔ ཀུན་ཀྱང་བཅུ་དྲུག་ལོ་ལོན་ཚུལ༔ ཞི་ཆགས་ཁྲོ་མོའི་རྣམ་འགྱུར་སྟོན༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་སྒྲུབ༔ རང་རང་སྤྲུལ་པ་ཁྲི་འབུམ་འཕྲོ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ རང་རང་ཕྱག་མཚན་སོ་སོར་བསྣམས༔ གཅེར་བུ་རལ་གཡེངས་འདོར་ཐབས་བགྲད༔ ཕྱི་རིམ་བར་ཁྱམས་ཁོར་ཡུག་ལ༔ ལྷ་དང་རིག་འཛིན་དྲང་སྲོང་དང༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ སོ་སོའི་ཕྲིན་ལས་སྒྲུབ་ལ་བརྩོན༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་རྣམས་ཀུན༔ ཕུང་པོ་བདག་ཏུ་མ་བཟུང་ཞིང༔ དངོས་འཛིན་རང་རྒྱུད་མ་ཡིན་ཏེ༔ མཁའ་ལ་འཇའ་ཤར་ལྟ་བུར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ཌཱ་ཀི་ནཱི་བཛྲ་ཝཱ་རཱ་ཧཱི་ཙིཏྟ་སིདྡྷི་མ་བྷྱོ་ཛ༔ ཨོཾ་ཨཱཿཧཱུྃ་བུདྡྷ་ས་མནྟ་བྷ་དྲ་ཙིཏྟ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ་ཨཱ་ཡུཿཧཱུྃ་ནྲྀ་ཛ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བདུན་པ་དབང་བསྐུར་བྱིན་རླབས་ནི༔ ཧཱུྃ་ཧྲཱིཿ རྒྱལ་བ་རྒྱལ་བའི་མྱུ་གུ་དང༔ ཞི་དང་ཁྲོ་བོའི་ལྷ་ཚོགས་རྣམས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང༔ སྨིན་ཅིང་གྲོལ་བའི་ལས་མཛོད་ཅིག༔ བརྒྱད་པ་སྤྱན་འདྲེན་བྱེད་པ་ནི༔ བདག་མདུན་གསལ་བའི་ཐུགས་ཀ་ནས༔ ཛཿཡིག་རྡོ་རྗེ་ལྕགས་ཀྱུ་འཕྲོས༔ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ ཨོ་རྒྱན་གནས་ནས་སྤྱན་དྲངས་ཏེ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ ཆུ་ལ་ཆུ་བཞག་ལྟ་བུར་འདྲེས༔ མ་ཡེངས་རྩེ་གཅིག་ངང་དུ་དམིགས༔ ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ འོག་མིན་དབྱིངས་ཀྱི་ཕོ་བྲང་ནས༔ ཐོག་མཐའ་བྲལ་བའི་སངས་རྒྱས་ཆེ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་དང༔ རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་ཚེ་ལ་མངའ་བརྙེས་ཤིང༔ རྡོ་རྗེ་ལྟ་བུའི་སྐུར་བཞེངས་པ༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ ཧྲཱི༔ པོ་ཏ་ལ་ཡི་ཞིང་ཁམས་ནས༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ སྙིང་རྗེ་ཆེན་པོའི་བདག་ཉིད་ཅན༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ ཧྲཱི༔ སྐྱེ་མེད་ཆོས་སྐུ་མཁའ་ལྟར་དག༔ འགག་མེད་ལོངས་སྐུ་སྤྲིན་ལྟར་གཡོ༔ གཡོ་མེད་སྤྲུལ་སྐུ་གློག་ལྟར་འཁྱུགས༔ རྡོ་རྗེ་འཆང་གི་སྐུར་བཞེངས་པ༔ བླ་མ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱི༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱིས༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སྤྲུལ་པ་ཡང་སྤྲུལ་ཡབ་ཡུམ་དང༔ བདུད་བཞིའི་དཔུང་འཇོམས་སྒོ་བ་བཞི༔ ལྷ་དང་དྲང་སྲོང་རིག་འཛིན་ཚོགས༔ དཔའ་བོ་མཁའ་འགྲོ་མ་ལུས་ཀུན༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ བོད་ཀྱི་ལྷ་གཅིག་འགྲོ་བའི་མགོན༔ རྒྱལ་བ་ཞི་ཁྲོ་འདུས་པའི་སྐུ༔ བདག་གིས་དད་པས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བླ་མ་ཆེན་པོའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་བཞེངས་ཙམ་ན༔ རྒྱལ་བ་རྒྱ་མཚོ་སྤྲིན་ལྟར་འཁྲིགས༔ ཡི་དམ་ལྷ་ཚོགས་ཆར་ལྟར་འབེབ༔ མཁའ་འགྲོ་ཆོས་སྐྱོང་གློག་ལྟར་འཁྱུགས༔ འཇའ་འོད་ཟེར་ཐིག་སྣང་སྲིད་ཁྱབ༔ གླུ་དབྱངས་རོལ་མོ་འབྲུག་ལྟར་ལྡིར༔ དར་གདུགས་ཅོད་པན་སྣ་ཚོགས་བསྐྱོད༔ མཆོད་པའི་ལྷ་མོས་བར་སྣང་ཁེངས༔ ཚུལ་ཁྲིམས་སྤོས་ཀྱི་དྲི་ངད་འཐུལ༔ ཐུགས་རྗེའི་འོད་ཟེར་ཉི་ལྟར་འཆར༔ བྱིན་རླབས་ནུས་རྩལ་བརྗོད་ལས་འདས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ དགུ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ལྷུན་གྲུབ་བདེ་ཆེན་ཕོ་བྲང་འདིར༔ འཁོར་བའི་སྐྱོན་གྱིས་མ་གོས་ཕྱིར༔ པདྨ་གེ་སར་འོད་དུ་འབར༔ མ་རིག་མུན་པ་སེལ་བའི་ཕྱིར༔ ཐབས་ཤེས་ཉི་ཟླ་གསལ་ཞིང་སྟོང༔ འཁོར་བའི་ཞེན་པ་བཟློག་པའི་ཕྱིར༔ བདག་མེད་དབུགས་བྲལ་བག་རེ་བྲོ༔ དར་ཟབ་རིན་ཆེན་ཁྲི་སྟེང་དུ༔ བླ་མ་ཆེན་པོའི་ལྷ་ཚོགས་རྣམས༔ དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང༔ རྗེས་འཛིན་བུ་སློབ་བྱིན་གྱིས་རློབས༔ དངོས་གྲུབ་རྣམ་གཉིས་དུས་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཅུ་པ་ལྷ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འཆི་གཉིས་ཀྱིས་མི་འཇིགས་ཤིང༔ ཕྲིན་ལས་རྣམ་བཞི་ཤུགས་ལས་གྲུབ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ ཕྱག་འཚལ་པདྨ་འབྱུང་གནས་ལ༔ གསང་བའི་ཡུམ་མཆོག་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོར་ཕྱག་འཚལ་ལོ༔ རིགས་ཀུན་བདག་པོ་བཅོམ་ལྡན་འདས༔ ཕྱག་འཚལ་ཀུན་བཟང་ཡབ་ཡུམ་ལ༔ གཞོམ་གཞིག་བྲལ་བའི་ཡེ་ཤེས་སྐུ༔ འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ནམ་མཁའི་རྒྱལ་པོ་གར་གྱི་དབང༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དུག་ལྔ་གནས་སུ་དག་མཛད་ཅིང༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ རིགས་བཞི་ཡབ་ཡུམ་གཙོ་དང་འཁོར༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཅུ་གཅིག་ཕྱི་མཆོད་འབུལ་བ་ནི༔ ཧྲཱི༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ བདག་པོས་བཟུང་དང་མ་བཟུང་བའི༔ ཆུ་སྐྱེས་ཐང་སྐྱེས་མེ་ཏོག་ཚོགས༔ དབུ་ལ་འབུལ་གྱིས་བཞེས་སུ་གསོལ༔ ཙན་དན་དཀར་དམར་དྲི་བཟང་སྤོས༔ ཤངས་ལ་འབུལ་གྱིས་བཞེས་སུ་གསོལ༔ ཉི་ཟླ་ནོར་བུ་ཞུན་ཆེན་མེ༔ སྤྱན་ལ་འབུལ་གྱིས་བཞེས་སུ་གསོལ༔ ག་པུར་ལ་སོགས་སྣ་ཚོགས་སྨན༔ སྐུ་ལ་འབུལ་གྱིས་བཞེས་སུ་གསོལ༔ རོ་མཆོག་ལྡན་པའི་ཞལ་ཟས་ཚོགས༔ ལྗགས་ལ་འབུལ་གྱིས་བཞེས་སུ་གསོལ༔ ཡན་ལག་བརྒྱད་ལྡན་སིལ་སྙན་སྒྲ༔ སྙན་ལ་འབུལ་གྱིས་བཞེས་སུ་གསོལ༔ བརྩེ་བའི་ཐུགས་རྗེས་དགོངས་ནས་ཀྱང༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་པཱུ་ཛ་ཨཱཿཧཱུྃ༔ བཅུ་གཉིས་ནང་མཆོད་འབུལ་བ་ནི༔ ཧྲཱི༔ སྣ་ཚོགས་གཟུགས་སྒྲ་དྲི་རོ་ཆོས༔ རེག་དང་འདོད་ཡོན་དྲུག་གི་ཚོགས༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ ཟག་མེད་བདེ་བའི་མཆོད་པ་དང༔ དབང་པོའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་སྣང་གསལ་དྲི་ཡི་ཆུ༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ དུག་གསུམ་སྐུ་གསུམ་དབྱིངས་སུ་བསྒྲལ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྦྱངས༔ སྣང་སྲིད་འཁོར་འདས་གཉིས་སུ་མེད༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ་པཱུ་ཛ་ཨཱཿཧཱུྃ༔ བཅུ་གསུམ་གསང་མཆོད་འབུལ་བ་ནི༔ ཧྲཱི༔ སྣང་བ་སྣ་ཚོགས་ཐབས་ཀྱི་ཡབ༔ སྟོང་པ་ཤེས་རབ་ཡུམ་དང་སྦྱོར༔ ཐབས་ཤེས་ཟུང་འཇུག་བྱང་ཆུབ་སེམས༔ གསང་བའི་མཆོད་པ་བླ་ན་མེད༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མཉམ་པ་ཉིད་ཀྱི་ངང་དུ་འབུལ༔ བརྩེ་བ་ཆེན་པོས་བཞེས་ནས་ཀྱང༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ བོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཧོ༔ བཅུ་བཞི་སྨན་མཆོད་འབུལ་བ་ནི༔ ཧྲཱི༔ ཨོཾ་ལྟར་དཀར་བ་ཡབ་ཀྱི་མཁའ༔ ཨཱཿལྟར་དམར་བ་ཡུམ་གྱི་དབྱིངས༔ ཧཱུྃ་ལྟར་སྔོ་བ་བྱང་ཆུབ་སེམས༔ རྩ་བ་བརྒྱད་ལ་ལོ་མ་སྟོང༔ རིགས་ལྔ་ཡབ་ཡུམ་བྱིན་གྱིས་བརླབས༔ ཤ་ལྔ་བདུད་རྩི་ལྔ་ཡི་མཚོ༔ དུག་ལྔ་གནས་དག་ཡེ་ཤེས་ལྔ༔ འཆི་མེད་བདུད་རྩི་ངོ་མཚར་ཆེ༔ སྣོད་ནི་མཚན་ལྡན་ཀ་པཱ་ལ༔ དོན་ནི་སྐྱེ་འཆི་མེད་པའི་དོན༔ བྱིན་རླབས་སྡུག་བསྔལ་འཇོམས་པའི་རྫས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ༔ འབྲས་བུ་སྐུ་གསུམ་མངོན་གྱུར་པའི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ལ་ཁ་ཁ་ཁཱ་ཧི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ མཚན་དོན་སྦྱར་ཞིང་འབུལ་བ་འོ༔ བཅོ་ལྔ་གཏོར་མ་འབུལ་བ་ནི༔ ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྦྱངས༔ འཁོར་འདས་གཉིས་མེད་བདུད་རྩིས་བྲན༔ ཡེ་སྒྲོལ་ཆེན་པོའི་མཆོད་པར་བཞེས༔ སྟོང་གསུམ་འཇིག་རྟེན་གཏོར་གཞོང་དུ༔ རི་རབ་ལྷུན་པོའི་གཏོར་མ་བཤམས༔ སྣང་མེད་ཆེན་པོའི་བདུད་རྩིས་བྲན༔ ཡེ་སྦྱོར་མཆོད་པ་བཞེས་སུ་གསོལ༔ བྷནྡྷ་ཡངས་པའི་གཏོར་གཞོང་དུ༔ འབྲུ་བཅུད་སྟོང་སྦྱར་གཏོར་མ་བཤམས༔ དག་པ་གསུམ་གྱི་བདུད་རྩིས་བྲན༔ བླང་དོར་མེད་པར་བཞེས་སུ་གསོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ སྲིད་ཞིའི་རྒུད་པ་ཞི་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བཅུ་དྲུག་རཀྟ་འབུལ་བ་ནི༔ ཧྲཱི༔ པདྨ་འབར་བའི་སྣོད་ནང་དུ༔ མཁའ་དབྱིངས་རྣམ་པར་དག་པའི་རྫས༔ པདྨ་རཀྟ་བཅུད་དང་ལྡན༔ འཁོར་བ་རང་རྒྱུད་བསྒྲལ་པའི་རྫས༔ མཱུ་ལ་རཀྟ་བདེ་བའི་རྒྱུན༔ ཉོན་མོངས་དུག་ལྔ་ཞི་བའི་རྫས༔ མ་ཧཱ་རཀྟ་རྦ་ཀློང་འཁྲུགས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང༔ བསྟན་བཤིག་རུ་དྲ་ཞི་བ་དང༔ གང་འདོད་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧིཿ བཅུ་བདུན་སྦྱོར་བའི་མཆོད་པ་ནི༔ ཧྲཱི༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ བརྟགས་ན་མཚན་མ་གང་ཡང་མེད༔ དངོས་སྣང་སེམས་ཀྱི་ཆོ་འཕྲུལ་ཡང༔ རང་རིག་སྟོང་པའི་དབྱིངས་སུ་ཐིམ༔ སྦྱོར་བའི་མཆོད་པ་དམ་པ་འབུལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང༔ ཕྱག་རྒྱ་ཆེན་པོ་མཆོག་གི་ནི༔ དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ བཅོ་བརྒྱད་སྒྲོལ་བའི་མཆོད་པ་ནི༔ ཧྲཱི༔ ཕྱི་ཡི་ཡུལ་སྣང་ཐམས་ཅད་ཀྱང༔ རང་སེམས་སྟོང་པའི་རང་གཟུགས་འཆར༔ ཉོན་མོངས་དུག་ལྔའི་དགྲ་དཔུང་ལ༔ ཤར་གྲོལ་ཆེན་པོའི་ཕུར་བུས་གདབ༔ ངར་འཛིན་དྲི་མ་དབྱིངས་སུ་སྤར༔ གཟུང་འཛིན་ཤ་ཁྲག་ཕུང་པོ་འདི༔ རེ་དོགས་མེད་པའི་ཞལ་དུ་བསྟབས༔ སྒྲོལ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཏྲཾ་རུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་དགུ་བསྟོད་པ་བྱ་བ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་བྱིན་རླབས་ཀྱིས༔ སྤྲུལ་སྐུ་འགྲོ་བ་འདྲེན་པའི་དཔལ༔ མཐུ་རྩལ་རྨད་བྱུང་པདྨ་འབྱུང༔ པད་སྡོང་ལས་འཁྲུངས་སྐྱེ་འཆི་མེད༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ རྒྱལ་བ་ཀུན་གྱི་ཕྲིན་ལས་སྒྲུབ༔ རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད༔ མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ འགག་མེད་མཉམ་པ་ཉིད་ཀྱི་གསུང༔ འཁྲུལ་མེད་བདེ་སྟོང་བརྗོད་འདས་ཐུགས༔ སྐུ་གསུམ་ལྷུན་གྲུབ་ཁྱོད་ལ་བསྟོད༔ མཁྱེན་པའི་ཡེ་ཤེས་མཁའ་དང་མཉམ༔ བརྩེ་བའི་ཐུགས་རྗེས་ཕྱོགས་དུས་གཟིགས༔ མཛད་པའི་ཕྲིན་ལས་བཞི་རུ་སྟོན༔ འགྲོ་ཀུན་སྐྱོབ་མཛད་ཁྱོད་ལ་བསྟོད༔ རྒྱལ་བའི་སྐུ་གསུང་ཐུགས་བསྡུས་ནས༔ ཡོན་ཏན་སྣ་ཚོགས་འབྱུང་བའི་གནས༔ གང་ལ་གང་འདུལ་ཕྲིན་ལས་མྱུར༔ དཀོན་མཆོག་ཀུན་འདུས་ཁྱོད་ལ་བསྟོད༔ སྐུ་ཡི་བཀོད་པས་ཞིང་ཁམས་ཁྱབ༔ གསུང་གི་དམ་ཆོས་བདུད་རྩིའི་སྒྲ༔ ཐུགས་རྗེས་འགྲོ་དྲུག་ལམ་སྣ་འདྲེན༔ ཡི་དམ་ཀུན་འདུས་ཁྱོད་ལ་བསྟོད༔ ཧྲཱི༔ སྤྲུལ་པའི་སྐུ་ལ་མཚན་དཔེས་བརྒྱན༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ སྤྱན་གསུམ་ལྟ་སྟངས་དབྱིངས་སུ་འདྲིལ༔ ཞལ་འཛུམ་བདེ་བའི་ཉམས་དང་ལྡན༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་གཡས༔ དངོས་གྲུབ་སྟེར་མཛད་ཐོད་པ་གཡོན༔ མི་འགྱུར་ཚེ་ཡི་བུམ་པ་བསྣམས༔ སྦས་ཡུམ་ཁ་ཊྭཱཾ་གྲུ་མོར་འཁྲིལ༔ ཐབས་ཤེས་ཟུང་འཇུག་བེར་ཆེན་དང༔ ཆོས་གོས་དམར་པོ་སྐུ་ལ་གསོལ༔ པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན༔ དར་གྱི་ཅོད་པན་ཕྱོགས་བཅུར་བསྐྱོད༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཟི་བརྗིད་ཉི་མའི་དཀྱིལ་ལྟར་འབར༔ རྒྱལ་བ་ཀུན་འདུས་ཁྱོད་ལ་བསྟོད༔ ཧྲཱི༔ མ་འགག་ཐབས་ཀྱི་ཆོ་འཕྲུལ་ལས༔ གསང་གསུམ་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ མཐིང་གསལ་ནམ་མཁའི་མདོག་ལྟར་སྔོ༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ནི༔ ཟུང་འཇུག་བསྣོལ་སྟབས་ཡུམ་ལ་འཁྱུད༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༔ དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་རྣམས༔ སྣ་ཚོགས་རིན་པོ་ཆེ་ལས་གྲུབ༔ དར་ལའི་སྟོད་གཡོགས་སྨད་གཡོགས་ཅན༔ རྡོ་རྗེ་སྐྱིལ་ཀྲུང་སྒེག་པའི་ཉམས༔ འཇའ་འོད་ཐིག་ལེའི་ཀློང་དུ་བཞུགས༔ གསང་བའི་ཡུམ་མཆོག་ཕག་མོ་མཐིང༔ གྲི་གུག་ཐོད་ཁྲག་ཡབ་ལ་སྟོབ༔ རུས་རྒྱན་མེ་ཏོག་དར་སྣས་བརྒྱན༔ ཞབས་གཉིས་ཟུང་འཇུག་ཡབ་ལ་འཁྲིལ༔ བདེ་སྟོང་གཉིས་མེད་རོལ་རྩེད་སྟོན༔ དུག་ལྔ་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཁམས་ལྔ་རྣམ་དག་མཁའ་འགྲོ་མ༔ ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མངོན་པར་ཞེན་པའི་ཆོས་ཀུན་ཟད༔ མི་འགྱུར་ནམ་མཁའི་མདངས་དང་ལྡན༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད༔ རྡོ་རྗེ་སྐྱིལ་ཀྲུང་ཡུམ་དང་སྦྱོར༔ ཕྱོགས་བཅུའི་སངས་རྒྱས་འཁོར་གྱིས་བསྐོར༔ འགྲོ་ཀུན་ཆོས་ཀྱི་དབྱིངས་སུ་འདྲེན༔ ཕྲིན་ལས་མི་ཟད་མཁའ་དང་མཉམ༔ ཕྱག་འཚལ་ཀུན་བཟང་ཡབ་ཡུམ་ལ༔ ཧྲཱི༔ སྐྱེ་འཆི་གཉིས་ལ་རང་དབང་བསྒྱུར༔ དམར་གསལ་མཉམ་གཞག་ཚེ་བུམ་བསྣམས༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཟི་བརྗིད་རྒྱལ་པོ་འོད་དཔག་མེད༔ ཚེ་ལ་དབང་བའི་རིག་འཛིན་དང༔ རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར༔ སྣང་བ་མཐའ་ཡས་ཁྱོད་ལ་བསྟོད༔ ཧྲཱི༔ སྐྱོ་དུབ་མི་མངའ་འགྲོ་བའི་མགོན༔ ཞལ་གཅིག་ཕྱག་བཞི་དུང་ལྟར་དཀར༔ ཐལ་སྦྱར་ཤེལ་ཕྲེང་པདྨ་བསྣམས༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ འགྲོ་དྲུག་སྒྲིབ་སྦྱོང་དཔལ་དུ་ཤར༔ བསྐལ་བཟང་སངས་རྒྱས་སྟོང་དང་ནི༔ བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྱན་རས་གཟིགས་དབང་ཁྱོད་ལ་བསྟོད༔ ཧྲཱི༔ ཐུགས་ཀྱི་རང་བཞིན་དཀར་ལ་གསལ༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་བསྣོལ༔ ཆུ་ཁམས་རྣམ་པར་དག་པའི་སྐུ༔ ཕྱག་འཚལ་རྡོ་རྗེ་ཐོད་ཕྲེང་ལ༔ ཧྲཱི༔ ཡོན་ཏན་རང་བཞིན་སེར་གསལ་མཛེས༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་བསྣོལ༔ ས་ཁམས་རྣམ་པར་དག་པའི་སྐུ༔ ཕྱག་འཚལ་རཏྣ་ཐོད་ཕྲེང་ལ༔ ཧྲཱི༔ གསུང་གི་རང་བཞིན་དམར་གསལ་བརྗིད༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་བསྣོལ༔ མེ་ཁམས་རྣམ་པར་དག་པའི་སྐུ༔ ཕྱག་འཚལ་པདྨ་ཐོད་ཕྲེང་ལ༔ ཧྲཱི༔ ཕྲིན་ལས་རང་བཞིན་ལྗང་ལ་རྔམ༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་བསྣོལ༔ རླུང་ཁམས་རྣམ་པར་དག་པའི་སྐུ༔ ཕྱག་འཚལ་ཀརྨ་ཐོད་ཕྲེང་ལ༔ ཧྲཱིཿ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ རྣམ་ཤེས་ཕུང་པོ་རྣམ་པར་དག༔ དཀར་གསལ་རྡོ་རྗེ་ལྕགས་ཀྱུ་བསྣམས༔ ཕྱག་འཚལ་ཞེ་སྡང་རྡོ་རྗེ་ལ༔ ཧྲཱི༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ ཚོར་བའི་ཕུང་པོ་རྣམ་པར་དག༔ སེར་གསལ་རིན་ཆེན་ཞགས་པ་བསྣམས༔ ཕྱག་འཚལ་ང་རྒྱལ་རྡོ་རྗེ་ལ༔ ཧྲཱི༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ འདུ་ཤེས་ཕུང་པོ་རྣམ་པར་དག༔ དམར་གསལ་པདྨ་ལྕགས་སྒྲོག་བསྣམས༔ ཕྱག་འཚལ་འདོད་ཆགས་རྡོ་རྗེ་ལ༔ ཧྲཱི༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ འདུ་བྱེད་ཕུང་པོ་རྣམ་པར་དག༔ ལྗང་གསལ་རྒྱ་གྲམ་དྲིལ་བུ་འཛིན༔ ཕྱག་འཚལ་ཕྲག་དོག་རྡོ་རྗེ་ལ༔ ཧྲཱི༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ༔ དཀར་མོ་གྲི་ཐོད་ཁ་ཊྭཱཾ་བསྣམས༔ ཉོན་མོངས་ཞེ་སྡང་ཞི་མཛད་མ༔ རྡོ་རྗེ་མཁའ་འགྲོ་མ་ལ་བསྟོད༔ ཧྲཱི༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ༔ སེར་མོ་གྲི་ཐོད་ཁ་ཊྭཱཾ་བསྣམས༔ ཉོན་མོངས་ང་རྒྱལ་ཞི་མཛད་མ༔ རིན་ཆེན་མཁའ་འགྲོ་མ་ལ་བསྟོད༔ ཧྲཱི༔ དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ༔ དམར་མོ་གྲི་ཐོད་ཁ་ཊྭཱཾ་བསྣམས༔ ཉོན་མོངས་འདོད་ཆགས་ཞི་མཛད་མ༔ པདྨ་མཁའ་འགྲོ་མ་ལ་བསྟོད༔ ཧྲཱི༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ ལྗང་མོ་གྲི་ཐོད་ཁ་ཊྭཱཾ་བསྣམས༔ ཉོན་མོངས་ཕྲག་དོག་ཞི་མཛད་མ༔ ལས་ཀྱི་མཁའ་འགྲོ་མ་ལ་བསྟོད༔ ཧྲཱི༔ ཚད་མེད་བཞི་ལྡན་སྒོ་བཞི་སྲུང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ བདུད་བཞིའི་དཔུང་ཚོགས་ཟིལ་གྱིས་གནོན༔ སྒོ་སྲུང་བཞི་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས༔ དཔའ་བོ་མཁའ་འགྲོ་མ་ལུས་ཀུན༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་འཛིན༔ རང་རང་ཕྱོགས་ནས་བསྟན་པ་བསྲུང༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་དང༔ བསྟོད་པར་འོས་པ་ཐམས་ཅད་ལ༔ བདག་ཅག་གུས་པས་ཕྱག་འཚལ་ཞིང༔ དགའ་བའི་ཡིད་ཀྱིས་བསྟོད་པར་བགྱིའོ༔ ཉི་ཤུ་བཤགས་པ་བྱ་བ་ནི༔ ཧྲཱི༔ སྤྱན་ལྔ་འཆང་བའི་ལྷ་རྣམས་དགོངས༔ བདག་ཅག་མ་རིག་དབང་གྱུར་པས༔ སྐུ་གསུང་ཐུགས་དང་འགལ་བ་རྣམས༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས༔ སངས་རྒྱས་སེམས་ཅན་མིང་ཡང་མེད༔ བཤགས་བྱ་བཤགས་བྱེད་མཐའ་དང་བྲལ༔ ཀ་དག་ངང་དུ་སོར་ཆུད་ཤོག༔ ཡི་གེ་བརྒྱ་པ་སོགས༔ ཉེར་གཅིག་འཛབ་ལ་འཇུག་པ་ནི༔ རང་ལུས་སྣང་སྟོང་བླ་མར་བསྒོམ༔ སྣང་བ་ཐམས་ཅད་ལྷ་རུ་བསྒོམ༔ རྩ་གསུམ་དཀར་མཐིང་དམར་བ་ལ༔ རླུང་བཟུང་རླུང་རོ་ཧ་ཡིས་སྦུད༔ སྔགས་ཀྱི་སྒྲ་ཟུར་མ་ཉམས་བཟླ༔ གྲགས་པ་ཐམས་ཅད་སྔགས་གསལ་གདབ༔ སྙིང་གར་པདྨ་འདབ་ལྔའི་སྟེང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་དཀར༔ ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ༔ རྩ་བའི་སྔགས་ཀྱིས་བསྐོར་བར་དམིགས༔ རང་སེམས་རང་ཞལ་ཅེར་གྱིས་བལྟ༔ གང་ཤར་ཏིང་འཛིན་ངང་ལ་བཞག༔ ཡི་གེ་ཨ་ལ་བློ་རྩེ་གཏད༔ དབུ་མར་ཀུན་བཟང་ཡབ་ཡུམ་དམིགས༔ འོད་ཟེར་མཐིང་ལ་བློ་རྩེ་གཏད༔ ཆོས་སྐུ་འགྲུབ་པའི་གནད་ཡིན་ནོ༔ ཆོས་སྐུ་སྣང་བ་མཐའ་ཡས་སྐུ༔ རྐྱང་མར་ཐུགས་རྗེ་ཆེན་པོ་བསྒོམ༔ ལོངས་སྐུ་འགྲུབ་པའི་གནད་ཡིན་ནོ༔ རོ་མར་པདྨ་ཐོད་ཕྲེང་བསྒོམ༔ འོད་ཟེར་ལྔ་ལ་རིག་པ་གཏད༔ སྤྲུལ་སྐུ་འགྲུབ་པའི་གནད་ཡིན་ནོ༔ འཛབ་ཀྱི་སྐུལ་ཚིག་འདི་ལྟ་སྟེ༔ ཧྲཱི༔ རང་རིག་བླ་མར་གསལ་བ་ཡི༔ ཐུགས་ཀར་འོད་ཀྱི་གོང་བུའི་དབུས༔ པདྨ་འདབ་བཞིའི་ལྟེ་བ་རུ༔ རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན༔ མཐའ་མར་སྔགས་ཕྲེང་ལུ་གུ་རྒྱུད༔ གཡས་སུ་འཁོར་བས་རང་སྒྲ་སྒྲོག༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ ཡི་དམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཆོས་སྐྱོང་སྲུང་མའི་ཐུགས་རྒྱུད་བསྐུལ༔ ཐམས་ཅད་མ་ལུས་སྤྱན་དྲངས་ནས༔ འོད་ཟེར་ལྔ་དང་ཡིག་འབྲུ་ལྔ༔ ཡེ་ཤེས་ལྔ་ཡི་རྣམ་པར་བྱོན༔ གནས་ལྔར་ཐིམ་པས་དབང་བཞི་ཐོབ༔ སྐུ་བཞིའི་ས་བོན་བཞག་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷ་ར་ཧཱུྃ༔ ཌཱ་ཀི་ནཱི་བཛྲ་ཝཱ་རཱ་ཧཱི་ཙིཏྟ་སིདྡྷི་མ་བྷྱོ་ཛ༔ ཨོཾ་ཨཱཿཧཱུྃ་བུདྡྷ་ས་མནྟ་བྷ་དྲ་ཙིཏྟ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ་ཨཱ་ཡུཿཧཱུྃ་ནྲྀ་ཛ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པ་མ་ཡེངས་ངང་དུ་བཟླ༔ བསྐྱེད་སྔགས་རྫོགས་གསུམ་ཟུང་འཇུག་བྱ༔ རྩ་སྔགས་འབུམ་ཕྲག་གསུམ་དང་སྦྱར༔ གཞན་རྣམས་ཐམས་ཅད་སྐབས་དང་བསྟུན༔ རབ་ནི་ཚེ་གཅིག་འཇའ་ལུས་འགྲུབ༔ སྣང་སྲིད་འཁོར་འདས་དབང་ཡང་བསྒྱུར༔ འབྲིང་ནི་བར་དོར་མངོན་སངས་རྒྱ༔ འཇིགས་སྐྲག་ཡལ་བ་སྨོས་ཅི་དགོས༔ ཐ་མ་སྐྱེ་བ་བདུན་གྱིས་གྲོལ༔ ངན་སོང་གྲོལ་བ་སྨོས་ཅི་དགོས༔ མི་མཐུན་ཞི་ཞིང་ཚེ་བསོད་རྒྱས༔ ཁམས་གསུམ་དབང་བསྒྱུར་དགྲ་བགེགས་སྒྲོལ༔ གང་འདོད་ཐམས་ཅད་འགྲུབ་པར་འགྱུར༔ ཡི་དམ་ལྷ་ཡིས་ཞལ་གཟིགས་ཤིང༔ ཕྱི་རྟགས་ལུས་ལ་འཇའ་འོད་ཤར༔ ནང་རྟགས་ཁྱད་འཕགས་ཏིང་འཛིན་སྐྱེ༔ གསང་རྟགས་འབྱུང་བཞི་དབང་དུ་བསྒྱུར༔ དངོས་སམ་ཉམས་སྣང་རྨི་ལམ་དུ༔ དྲི་བཟང་འཐུལ་ཞིང་གླུ་དབྱངས་ལེན༔ འཁོར་བའི་ལས་ལ་སྐྱོ་བ་སྐྱེ༔ བྱ་དང་རི་དྭགས་བྱོལ་སོང་སོགས༔ མི་སྐྲག་མི་འཇིགས་རང་ལ་འདུ༔ རྡོ་མཚོན་མེ་ཆུའི་གཡུལ་ལས་རྒྱལ༔ དྲེགས་པའི་ལྷ་སྲིན་བྲན་དུ་ཁོལ༔ འདྲེ་གདོན་ཕྲ་མོ་སྨོས་ཅི་དགོས༔ དེ་ཉིད་བསྒོམ་པའི་རྣལ་འབྱོར་པ༔ མཐོང་ཐོས་དྲན་ནམ་ཚོར་ཡང་རུང༔ བག་ཆགས་སྡིག་སྒྲིབ་དག་པར་འགྱུར༔ འོན་ཀྱང་དེ་ཡི་དམ་ཚིག་ནི༔ དབང་དང་བཀའ་ལུང་རྫོགས་པར་བྱ༔ ཡིད་གཉིས་ཐེ་ཚོམ་སོམ་ཉི་སྤང༔ གསང་སྔགས་ཟབ་མོའི་དོན་ལ་འབད༔ བསྐྱེད་རྫོགས་དོན་དང་མི་འགལ་ཞིང༔ ཕྲག་དོག་གནོད་སེམས་གཏན་ནས་སྤང༔ ལུས་ལ་ལྷ་ཡི་ཕོ་བྲང་བཏབ༔ རང་རིག་པད་འབྱུང་དངོས་སུ་བསམ༔ འཁྲུལ་པའི་ལས་རྣམས་ལིང་གིས་བསྐྱུར༔ སྐུ་གཟུགས་རྡོ་རྗེ་ལུས་ལ་བཅང༔ རྒྱུན་དུ་རྩ་བའི་སྙིང་པོ་འདྲེན༔ རང་རིག་གང་ཤར་ངོ་བོར་བརྟག༔ རྨི་ལམ་སྒྱུ་མའི་རང་བཞིན་བསྒོམ༔ ཁེངས་གྲགས་བདུད་ཀྱི་འཁྲི་བ་བཅད༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ འདི་ཉིད་ལྡན་པའི་རྣལ་འབྱོར་པ༔ ཕྱི་མ་སྡུག་བསྔལ་བྱུང་གྱུར་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ དེ་བས་འདི་ལ་འབད་པར་རིགས༔ ཉམས་ལེན་གསང་རྒྱུད་ལྟར་དུ་བྱ༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ ཉེར་གཉིས་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ བླ་མ་ལྷ་དང་ཌཱ་ཀིའི་ཚོགས༔ དམིགས་མེད་བརྩེ་བས་དགོངས་སུ་གསོལ༔ ད་ལྟ་སྙིགས་མ་ལྔ་བདོའི་དུས༔ ཁྱོད་ཉིད་ཐུགས་རྗེ་ཆེ་ལགས་ན༔ ནུས་རྩལ་སྤྲུགས་པའི་དུས་ལ་བབས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ དབང་མཆོག་བསྐུར་བའི་དུས་ལ་བབས༔ རྗེས་འཛིན་སྐལ་ལྡན་བུ་སློབ་ལ༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ རིགས་དྲུག་ལམ་ལོག་གོལ་བ་ན༔ ལམ་སྣ་འདྲེན་པའི་དུས་ལ་བབས༔ སྒྲུབ་པའི་འགལ་རྐྱེན་བར་ཆད་རྣམས༔ མྱུར་དུ་བསྒྲལ་བའི་དུས་ལ་བབས༔ སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛོད༔ གསུང་གི་དངོས་གྲུབ་ངག་ལ་སྩོལ༔ ཚངས་དབྱངས་དྲུག་ཅུ་ཐོབ་པར་མཛོད༔ ཐུགས་ཀྱི་དངོས་གྲུབ་སེམས་ལ་སྩོལ༔ སྐྱེ་མེད་ཆོས་སྐུ་མངོན་གྱུར་ནས༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ༔ དངོས་གཞི་གཞུང་ཁྲིད་ཉི་ཤུ་གཉིས༔ སྐལ་བ་ཅན་དང་འདི་འཕྲད་ཤོག༔ ྈ རྗེས་ཀྱི་ལས་འགྲིགས་བཅུ་གཉིས་ལས༔ དང་པོ་ཚོགས་མཆོད་འདི་ལྟ་སྟེ༔ ཞིང་ཆེན་ནམ་ནི་རོ་རས་སྟེང༔ ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམ༔ ཁ་ན་མ་ཐོ་མེད་པ་ཡི༔ ཤ་རུས་ཞལ་ཟས་རི་ལྟར་སྤུངས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཐུན་རྫས་གཏོར་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་ཁྲོ་བོའི་སྐུ༔ གཡོ་མོ་སོ་ཅན་ལ་སོགས་བགེགས༔ ཕྲ་རགས་གླགས་ལྟ་བྱེད་པ་རྣམས༔ ཕྱོགས་མེད་གནས་སུ་མཱ་ར་ཡ༔ ཟས་སུ་གཏོར་མ་ཟ་བ་སོགས༔ ཚོགས་རྫས་རློམ་པར་བྱེད་པ་རྣམས༔ ཀུན་ཏུ་བཟང་མོའི་ཆུ་འདི་དག༔ མཐོང་ཐོས་དྲན་པས་བརྒྱལ་བར་གྱུར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་སོགས། སརྦ་དྲ་བྱམ་ཤོ་དྷ་ནི་སརྦ་བིགྷྣཱཾ་ཨུ་ཙ་ཏ་ཡ་ཕཊ༔ བདུད་རྩི་གཏོར་ཞིང་གུ་གུལ་བདུག༔ སྲུང་བའི་འཁོར་ལོ་རྒྱ་ཆེན་བསྒོམ༔ དེ་ནས་བསང་སྦྱང་བྱ་བ་ནི༔ ཧཱུྃ༔ རང་ཉིད་ཡེ་ནས་ལྷ་ཡི་སྐུ༔ ཐུགས་ཀར་འོད་ཀྱི་གོང་བུ་ནི༔ པདྨ་རཾ་མཚན་མེ་འོད་འཕྲོས༔ དངོས་འཛིན་མཚན་མའི་རྣམ་རྟོག་བསྲེགས༔ རྒྱ་གྲམ་ཡཾ་མཚན་རླུང་ཆེན་འཕྲོས༔ ཉོན་མོངས་བག་ཆགས་མ་ལུས་གཏོར༔ འཁོར་ལོ་ཁཾ་མཚན་ཆུ་རྒྱུན་འཕྲོས༔ གཉིས་སུ་འཛིན་པའི་དྲི་མ་བཀྲུས༔ སླར་ཡང་རང་གི་ཐུགས་ཀ་ནས༔ རྣམ་རྟོག་མེད་པའི་ཡི་གེ་ཧཱུྃ༔ སྐྱེ་འཆི་མེད་པའི་ཡི་གེ་ཨཱ༔ སྣང་སྲིད་ཀུན་འགེངས་ཡི་གེ་ཨོཾ༔ སྣ་ཚོགས་གཟུགས་སྤྲུལ་ཡི་གེ་ཧྲཱི༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་འཕྲོས༔ ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབས༔ དཔག་མེད་ནམ་མཁའི་མཐའ་དང་མཉམ༔ ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ ཉོན་མོངས་དུག་ལྔའི་རྣམ་རྟོག་སྦྱངས༔ ཡི་གེ་ཨཱཿཡི་འཕྲོ་འདུ་ལས༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཡི་གེ་ཨོཾ་གྱི་འཕྲོ་འདུ་ལས༔ འཛད་མེད་མཆོད་རྫས་སྣང་སྲིད་ཁེངས༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ གང་འདོད་བསམ་འཕེལ་ཆར་རྒྱུན་འབེབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ དེ་ནས་སྤྱན་འདྲེན་བྱེད་པ་ནི༔ ཧཱུྃ༔ རབ་འབྱམས་ཞིང་ཀུན་རབ་གང་བའི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ རྒྱལ་བ་རྒྱལ་བའི་འཁོར་ལོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་དབྱིངས་ཀློང་ཡངས་ཆེན་པོ་ནས༔ ཀུན་བཟང་ཡབ་ཡུམ་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ པོ་ཏ་ལ་ཡི་ཞིང་ཁམས་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ རྔ་ཡབ་གླིང་གི་ཞིང་ཁམས་ནས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ གསང་བ་མཆོག་གི་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ སྤྲུལ་པ་ཡང་སྤྲུལ་ཡབ་ཡུམ་དང༔ སྒོ་སྲུང་དཔའ་བོ་མཁའ་འགྲོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཧྲཱི༔ གསང་བ་མཆོག་གི་དུར་ཁྲོད་འདིར༔ ཚོགས་རྫས་ཤ་སྣ་སྙིང་སྣ་སྟོང༔ ངོ་བོ་ཟག་མེད་བདུད་རྩིའི་རྒྱུན༔ འདོད་ཡོན་ལྔ་ཡི་ལྷ་མོས་སྤྲས༔ ནམ་མཁའ་ཁྱབ་པའི་གར་དང་ལྡན༔ ཡིད་འོང་རྒྱན་ལྡན་གླུ་དབྱངས་སྒྲོག༔ བདག་ཅག་དད་པས་འབུལ་ལགས་ན༔ དགྱེས་པ་ཆེན་པོས་བཞེས་སུ་གསོལ༔ བདུད་རྩི་སྨན་ནི་མཚོ་ལྟར་བསྐྱིལ༔ རཀྟའི་རྒྱ་མཚོ་དབའ་ཀློང་འཕྱོ༔ བརྗིད་ལྡན་གཏོར་མ་རི་ལྟར་སྤུངས༔ ཤ་རུས་ཞལ་ཟས་རྫ་ལྟར་འཁྲོལ༔ མི་རྐང་གླིང་བུ་འབྲུག་ལྟར་ལྡིར༔ ཚིལ་ཆེན་དུད་པ་སྤྲིན་ལྟར་འཐིབས༔ རོ་རས་འཕེན་དར་ཡོལ་བ་བྲེས༔ གསང་བ་མཆོག་གི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྩོལ༔ ཧྲཱི༔ གཟུགས་ཀྱི་ལྷ་མོས་མེ་ལོང་ཐོགས༔ སྤྱན་ལ་མཆོད་པ་འབུལ་གྱིས་བཞེས༔ སྒྲ་ཡི་ལྷ་མོས་པི་ཝཾ་ཐོགས༔ སྙན་ལ་མཆོད་པ་འབུལ་གྱིས་བཞེས༔ དྲི་ཡི་ལྷ་མོས་སྤོས་ཕོར་ཐོགས༔ ཤངས་ལ་མཆོད་པ་འབུལ་གྱིས་བཞེས༔ རོ་ཡི་ལྷ་མོས་ཞལ་ཟས་ཐོགས༔ ལྗགས་ལ་མཆོད་པ་འབུལ་གྱིས་བཞེས༔ རེག་གི་ལྷ་མོས་ན་བཟའ་ཐོགས༔ སྐུ་ལ་མཆོད་པ་འབུལ་གྱིས་བཞེས༔ ཆོས་ཀྱི་ལྷ་མོས་ཆོས་འབྱུང་ཐོགས༔ ཐུགས་ལ་མཆོད་པ་འབུལ་གྱིས་བཞེས༔ གཉིས་པ་ཐུགས་དམ་སྐོང་བ་ནི༔ སྤྱན་གཟིགས་སྣ་ཚོགས་བསྐྱེད་རིམ་གྱིས༔ སྐུ་ལ་ཐུགས་དམ་སྐོང་བ་འོ༔ གསང་རྫས་བཤགས་པ་སྔགས་བཟླས་ཀྱིས༔ གསུང་གི་ཐུགས་དམ་སྐོང་བ་འོ༔ རྫོགས་རིམ་དམ་ཚིག་སྦྱོར་སྒྲོལ་གྱིས༔ ཐུགས་ལ་ཐུགས་དམ་སྐོང་བ་འོ༔ ཕྱི་ནང་གསང་བའི་དམ་རྫས་དང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་གྱིས༔ ཐུན་མོང་ཐུགས་དམ་སྐོང་བ་འོ༔ ཤ་ཆེན་བསྲེགས་ཤིང་འདི་སྐད་དོ༔ ཧྲཱི༔ ལོངས་སྤྱོད་ཚོགས་དང་སྤྱན་གཟིགས་དཀོར༔ ཕྱི་ནང་གསང་བའི་མཆོད་རྫས་དང༔ ཐུན་མོང་ཁྱད་པར་མཆོད་པ་འདིས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང༔ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་སྐྲུན་པའི་ཡུམ༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང༔ གཟི་བརྗིད་རྒྱལ་པོ་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང༔ འཁོར་བ་དོང་སྤྲུགས་ཐུགས་རྗེ་ཅན༔ འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང༔ སྣང་སྲིད་ཟིལ་གནོན་མཐུ་རྩལ་ཅན༔ པདྨ་འབྱུང་གནས་ཐུགས་དམ་བསྐང༔ དབྱིངས་རིག་རྩལ་འབྱོངས་གསང་བའི་ཡུམ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ ཕྲིན་ལས་བཞི་ལ་མངའ་བརྙེས་པ༔ རིགས་བཞི་ཡབ་ཡུམ་འཁོར་བཅས་དང༔ སྒོ་སྲུང་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བའི་ཕྲིན་ལས་སྒྲུབ་པ་པོ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང༔ ཧྲཱི༔ སྐྱེ་མེད་ཆོས་སྐུའི་བླ་མ་ནི༔ ཆོས་དབྱིངས་ཀློང་དུ་ཐུགས་དམ་བསྐང༔ འགག་མེད་ལོངས་སྐུའི་བླ་མ་ནི༔ ཤར་གྲོལ་དབྱིངས་སུ་ཐུགས་དམ་བསྐང༔ གཡོ་མེད་སྤྲུལ་སྐུའི་བླ་མ་ནི༔ འཛིན་མེད་ངང་དུ་ཐུགས་དམ་བསྐང༔ ཤེས་རབ་ཕར་ཕྱིན་མཁའ་འགྲོའི་ཚོགས༔ བདེ་སྟོང་དབྱིངས་སུ་ཐུགས་དམ་བསྐང༔ བསྐང་བྱ་སྐོང་བྱེད་ཡུལ་ལས་འདས༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ འགྱུར་མེད་འཛིན་མེད་བདེ་བའི་ངང༔ ལྷུན་གྲུབ་ཆེན་པོའི་ཐུགས་དམ་བསྐང༔ དེ་ནས་ཚོགས་རྫས་ནམ་མཁར་བཏེག༔ ཕུད་ཀྱིས་བྲན་ལ་འདི་སྐད་དོ༔ ཧྲཱི༔ སྣ་ཚོགས་ཚོགས་པའི་ཚོགས་རྫས་འདི༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ འདོད་ཡོན་ལྔ་ཡི་ལྷ་མོས་བརྒྱན༔ ཞི་དང་ཁྲོ་བོའི་ལྷ་ལ་འབུལ༔ ཧྲཱི༔ བདག་མེད་བམ་ཆེན་ཚོགས་རྫས་འདི༔ ཤ་རུས་ཞལ་ཟས་རི་ལྟར་སྤུངས༔ དོན་སྙིང་ལྔ་ཡི་མེ་ཏོག་རྒྱས༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ ཧྲཱི༔ རང་ལུས་བཀོད་པའི་ཚོགས་རྫས་འདི༔ རྣམ་ཤེས་ཚོགས་བརྒྱད་རྒྱན་རྣམས་རྫོགས༔ ཕུང་པོ་ལྔ་ཡི་རོ་མཆོག་ལྡན༔ རང་རིག་རང་གསལ་ལྷ་ལ་འབུལ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་སྲུང་མར་བཅས༔ མ་ལུས་འཁོར་བཅས་ཚོགས་ལ་རོལ༔ འདོད་ཡོན་ལྔ་ཡི་ཚོགས་མཆོད་འདི༔ གདུང་བ་དྲག་པོས་འབུལ་ལགས་ན༔ བརྩེ་བ་ཆེན་པོས་བཞེས་སུ་གསོལ༔ ཐུགས་དམ་བསྐངས་ལ་བར་ཆད་སོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཚོགས་མཆོད་འབུལ་བ་གསུམ་པ་འོ༔ བཞི་པ་བཤགས་པ་བྱ་བ་ནི༔ ཧོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ཐོག་མེད་དུས་ནས་ད་ཡི་བར༔ བདག་ཅག་མ་རིག་དབང་གྱུར་པས༔ སྐུ་གསུང་ཐུགས་དང་འགལ་གྱུར་པའི༔ རྩ་བ་ཡན་ལག་ཉམས་ཆག་སོགས༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཆོས་དབྱིངས་ཀློང་དུ་སོར་ཆུད་ཤོག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཤུདྡྷེ་ཨ༔ ལྔ་པ་དགྲ་བགེགས་བསྒྲལ་བ་ནི༔ དང་པོ་དམིགས་ཡུལ་འདི་ལྟ་སྟེ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་མདུན་ཨེ་ལས་ལྕགས་ཁང་ནག༔ ཁ་རུབ་གཏིང་ཟབ་བང་རིམ་གསུམ༔ ཁྲག་མཚོ་ཁོལ་ཞིང་མཚོན་ཆར་འབེབ༔ ཕོ་ཉ་དྲེགས་ཅན་རྡུལ་ལྟར་འཁྲུགས༔ དེ་དབུས་ནྲྀ་ཏྲིའི་འཕྲོ་འདུ་ལས༔ ཉམས་པའི་དགྲ་གཟུགས་མྱ་ངན་ལུས༔ ཕུང་ཁམས་ཡོངས་རྫོགས་སྨྲེ་སྔགས་འདོན༔ སྐྲ་གཟེངས་ཡན་ལག་འཆིང་ཞིང་བསྡམས༔ ཛ༔ དཀོན་མཆོག་གསུམ་དང་ཞི་ཁྲོའི་ལྷ༔ རྩ་བ་གསུམ་གྱི་བདེན་སྟོབས་ཀྱིས༔ བྱང་ཆུབ་སྒྲུབ་པའི་བར་ཆད་བགེགས༔ ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང༔ རང་དབང་མེད་པར་འདིར་ཁུག་ལ༔ དམིགས་པའི་རྟེན་ལ་སིབ་སིབ་ཐིམ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འཛིན་འཆིང་བསྡམས་ནས་མྱོས་པར་གྱུར༔ སརྦ་ཤཱ་ཏྲཱུཾ་ནྲྀ་ཏྲི་མཱ་ར་ཡ་ཛཿཛ༔ དེ་ནས་ཕུར་བུ་གདབ་པར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་དྲག་པོ་ཀཱི་ལ་ཡ༔ མེ་འོད་འབར་ཞིང་ཕུར་བུ་འདྲིལ༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འཕྲོས༔ དགྲ་བགེགས་གདུག་པའི་གཟུགས་ཕུང་ལ༔ རྣོ་དབལ་ངར་ལྡན་ཕུར་བུས་གདབ༔ ཕུང་ཁམས་སྐྱེ་མཆེད་མཱ་ར་ཡ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུག་གསུམ་གདུག་པའི་གཟུགས་ཕུང་ལ༔ སྐུ་གསུམ་ལྷུན་གྲུབ་ཕུར་བུས་གདབ༔ ཞེ་སྡང་གདུག་པའི་གཟུགས་ཕུང་ལ༔ མེ་ལོང་ཡེ་ཤེས་ཕུར་བུས་གདབ༔ ང་རྒྱལ་གདུག་པའི་གཟུགས་ཕུང་ལ༔ མཉམ་ཉིད་ཡེ་ཤེས་ཕུར་བུས་གདབ༔ འདོད་ཆགས་གདུག་པའི་གཟུགས་ཕུང་ལ༔ སོར་རྟོག་ཡེ་ཤེས་ཕུར་བུས་གདབ༔ ཕྲག་དོག་གདུག་པའི་གཟུགས་ཕུང་ལ༔ བྱ་གྲུབ་ཡེ་ཤེས་ཕུར་བུས་གདབ༔ གཏི་མུག་གདུག་པའི་གཟུགས་ཕུང་ལ༔ ཆོས་དབྱིངས་ཡེ་ཤེས་ཕུར་བུས་གདབ༔ དུག་གསུམ་ཙིཏྟ་ཤར་བུར་གཏུབ༔ དུག་ལྔའི་ལྔ་ཕུང་ཕྱེ་མར་བརླག༔ རང་རྒྱུད་བག་ཆགས་གཏན་ནས་འཇིག༔ ཡེ་ཤེས་ལྔ་ཡི་དབྱིངས་སུ་ཐིམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་རྦད༔ དེ་ནས་བསྟབ་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྙིང་རྗེ་ཆེན་པོའི་ངང་ཉིད་ལས༔ ཁྲོ་གཏུམ་རྔམ་པའི་འཇིགས་གཟུགས་ཅན༔ སྟོང་གསུམ་ཙམ་གྱི་སྐུར་བཞེངས་ཏེ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ལྟར་དཀར་མཆེ་བ་གཙིགས༔ ཉི་ཟླ་ལྟ་བུའི་སྤྱན་གསུམ་བགྲད༔ གློག་དམར་ལྟ་བུའི་ལྗགས་བརྐྱང་ཞིང༔ བར་སྣང་ཙམ་གྱི་མིད་པ་རུ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ལྷག་མ་མེད་པར་བཞེས་ནས་ཀྱང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ༈ ཧཱུྃ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རིགས༔ གཏུམ་རྔམ་འཇིགས་གཟུགས་སྐུར་བཞེངས་ལ༔ གསོད་བྱེད་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་ཕུང་ཁམས་བཞེས་སུ་གསོལ༔ ཅེས་པ་ཚོགས་ཐ་མའི་ཞལ་བསྟབ་སྐབས་སུ་སྦྱར་བར་གྱིས་ཤིག །རོལ་པ་རྩལ་གྱིས་བྲིས། དེ་ནས་ཚོགས་རྣམས་རིམ་པར་དྲང༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ནས། དགོངས་ཏེ་རོལ༔ ཨ་ལ་ལ་ཧོ༔ ཞེས་རོལ་བར་བྱའོ༔ དྲུག་པ་ལྷག་མའི་ཆོ་ག་ནི༔ ཟོས་ལྷག་ཁ་ཆུ་རིམ་བཞིན་བཤམ༔ བདུད་རྩིས་བྲན་ལ་འདི་སྐད་དོ༔ བྷྱོ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ལ་དགྱེས༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་རྒྱུད་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ དམ་ཅན་མཁའ་འགྲོ་ལྷག་ལ་དགྱེས༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ རྣལ་འབྱོར་བདག་དང་དམ་ཚིག་གཅིག༔ དཀྱིལ་འཁོར་མཐའ་ལ་མི་བཞག་རྒྱུ༔ བྲན་གཡོག་མང་པོའི་ཚུལ་དུ་གནས༔ བྷྱོ༔ བཀའ་ཉན་ལྷག་སྡུད་མཁའ་འགྲོ་མ༔ གིང་ཆེན་དང་ནི་གིང་ཆུང་དང༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང༔ ལང་ཀ་དང་ནི་དུར་ཁྲོད་བདག༔ འབར་བའི་ཕོ་ཉ་ཆེན་མོ་སྟེ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ རྟག་ཏུ་དུར་ཁྲོད་གནས་རྣམས་ཉུལ༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཟས་སུ་ཤ་དང་ཁྲག་ལ་ཟ༔ གོས་བཟང་ཞིང་ལྤགས་བརྗིད་རེ་ཆེ༔ སྐྱོགས་བཟང་བྷནྡྷ་མཚན་རེ་བཟང༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ རྒྱན་བཟང་རུས་རྒྱན་ཁྲ་ལ་ལ༔ དུས་དྲུག་སྤྲུལ་པའི་ཚོགས་ཁང་འགྲིམ༔ བཀའ་ཡི་གཏོར་ལེན་གཤེགས་སུ་གསོལ༔ ལྷག་མའི་མཆོད་གཏོར་འདི་བཞེས་ལ༔ སྔོན་གྱི་ཁས་བླངས་ཇི་བཞིན་དུ༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཌཱ་ཀ་ཌཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཐ་མ་ཐ་རྒྱ༿ྥྔ༔ བདུན་པ་དངོས་གྲུབ་བླང་བ་ནི༔ གཏོར་མ་རྩ་གསུམ་དངོས་སུ་བསམ༔ རྩ་བ་གསུམ་གྱི་ཐུགས་ཀ་ནས༔ འོད་ཟེར་དཀར་སེར་དམར་ལྗང་འཕྲོས༔ འཁོར་འདས་སྣང་སྲིད་ཐམས་ཅད་ཁྱབ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ འབྱུང་བཞིའི་བཅུད་སོགས་སྐྱེ་འགྲོའི་ཚེ༔ ཐམས་ཅད་མ་ལུས་བསྡུས་ནས་ནི༔ མདུན་གྱི་ལྷ་ལ་སིབ་སིབ་ཐིམ༔ མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་ལྔ་ཡི་ཚུལ་དུ་བྱོན༔ རང་གི་ལུས་རྣམས་མེར་གྱིས་ཁེངས༔ དབང་དང་བྱིན་རླབས་རྒྱ་ཆེན་འཕེལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་བསམ༔ དེ་ཡི་སྐུལ་ཚིག་འདི་ལྟ་སྟེ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ ཁྱོད་ནི་དངོས་གྲུབ་ཀུན་གྱི་མཛོད༔ ཐུགས་རྗེ་ཆེན་པོའི་རང་བཞིན་ལ༔ གནད་ནས་བསྐུལ་བ་མི་འཚལ་ཡང༔ ད་ལན་ཐུགས་དམ་གནད་ནས་བསྐུལ༔ དངོས་གྲུབ་འབྱུང་བའི་དུས་ལ་བབས༔ བདག་གི་སྒོ་གསུམ་བྱིན་གྱིས་རློབས༔ མཚན་དཔེའི་ཡོན་ཏན་རབ་རྫོགས་ཤིང༔ འགྱུར་བ་མེད་པའི་རང་བཞིན་ཅན༔ སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ༔ ཡི་གེ་ཨོཾ་གྱི་རྒྱས་ཐོབ་ཅིག༔ ཡན་ལག་དྲུག་ཅུའི་དབྱངས་ལྡན་ཞིང༔ འགག་པ་མེད་པའི་རང་བཞིན་ཅན༔ གསུང་གི་དངོས་གྲུབ་ངག་ལ་སྩོལ༔ ཡི་གེ་ཨཱཿཡི་རྒྱས་ཐོབ་ཅིག༔ མཁྱེན་བརྩེ་ནུས་ལྡན་མཁའ་དང་མཉམ༔ གཡོ་བ་མེད་པའི་རང་བཞིན་ཅན༔ ཐུགས་ཀྱི་དངོས་གྲུབ་སེམས་ལ་སྩོལ༔ ཡི་གེ་ཧཱུྃ་གི་རྒྱས་ཐོབ་ཅིག༔ རྩོལ་མེད་ལྷུན་གྱིས་གྲུབ་པའི་དཔལ༔ ཡེ་ཤེས་ལྔ་ཡི་རང་བཞིན་ཅན༔ ཡོན་ཏན་དངོས་གྲུབ་དབང་ལྔ་སྩོལ༔ ཡི་གེ་སྭཱ་ཡི་རྒྱས་ཐོབ་ཅིག༔ འཛད་མེད་ནམ་མཁའི་མཛོད་འཛིན་ཅིང༔ ཞི་རྒྱས་དབང་དྲག་རང་བཞིན་ཅན༔ ཕྲིན་ལས་དངོས་གྲུབ་རླུང་ལ་སྩོལ༔ ཡི་གེ་ཧཱ་ཡི་རྒྱས་ཐོབ་ཅིག༔ སྤྲོས་པས་སྟོང་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ཚེ་བསོད་བདག་ལ་ཐིམ༔ མི་མཐུན་ཕྱོགས་ཀུན་འཇོམས་པའི་དཔལ༔ ཞི་བའི་དངོས་གྲུབ་བསྩལ་དུ་གསོལ༔ འབྱོར་བ་དྲུག་དང་ལྡན་པའི་དཔལ༔ རྒྱས་པའི་དངོས་གྲུབ་བསྩལ་དུ་གསོལ༔ མོས་པ་རྣམ་བཞི་ལྡན་པའི་དཔལ༔ དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་ཐོགས་པ་མེད་པའི་དཔལ༔ དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཐམས་ཅད་ལྷུན་གྱིས་གྲུབ་པའི་དཔལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ འགྱུར་མེད་ནམ་མཁའི་རྡོ་རྗེ་ཅན༔ མི་ནུབ་རྡོ་རྗེ་སྲ་ཞིང་བརྟན༔ མི་ཤིགས་གཞོམ་མེད་རྡོ་རྗེ་འཆང༔ མི་ཟད་ཕྲིན་ལས་རྡོ་རྗེའི་བདག༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ༔ གསང་བ་ཐུགས་ཀྱི་རྡོ་རྗེ་ནས༔ འཆི་མེད་ཚེ་ཡི་རྡོ་རྗེ་སྩོལ༔ རྡོ་རྗེ་འཆང་གི་ཚེ་གཡང་ཚེ༔ དམ་ཚིག་རྡོ་རྗེ་བདག་ལ་གནང༔ མི་འགྱུར་རྡོ་རྗེ་རྒྱ་ཡིས་བཏབ༔ འཆི་མེད་རྡོ་རྗེའི་རིག་འཛིན་གྲུབ༔ རྡོ་རྗེ་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་ལྕགས་ཀྱི་བང་མཛོད་ལྟར༔ ཚེ་ཡི་དངོས་གྲུབ་འགུགས་པར་བྱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་པདྨཱ་ཀ་ར་ཙིཏྟ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི༔ ཝཱ་ཀ་སིདྡྷི༔ ཙིཏྟ་སིདྡྷི༔ ཀརྨ་སཱ་ག་ར་སིདྡྷི༔ ས་མ་ཡ་ཧཱུྃ་ཧཱུྃ་བྷྲཱུྃ་བྷྲཱུྃ༔ པུཎྱེ་ཛྙཱ་ན་ཨཱ་ཡུ༔ སིདྡྷི་ཛ༔ ཨ་བྷི་ཥིཉྩ་ཧཱུྃ་དུ༔ ཏིཥྛ་བཛྲ་ཧཱུྃ་དུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རཀྵ་རཀྵ་བཛྲ་ཛྙཱ་ན་གརྦྷ་ཨ་ཨཱ༔ གཏོར་མ་རང་གི་སྤྱི་བོར་བཞག༔ རྩ་གསུམ་ལྷ་ཚོགས་རང་ལ་བསྟིམ༔ རང་ཉིད་ལྷ་ཡི་ང་རྒྱལ་གསལ༔ བརྒྱད་པ་ཆད་མདོ་བྱ་བ་ནི༔ གཏོར་མ་དཔགས་ཤིང་རཀྟ་གཏོར༔ རྔ་དུང་རོལ་མོའི་སྒྲ་ཡིས་བསྐུལ༔ བྷྱོ་བྷྱོ་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ སྐྱེ་འཆི་མེད་པའི་སྤྲུལ་སྐུ་འཁྲུངས༔ རྒྱ་གར་ཡུལ་གླིང་ཆོས་ལ་བཀོད༔ དུར་ཁྲོད་བརྒྱད་དུ་གྲུབ་པ་བརྙེས༔ རྒྱ་གར་རྒྱ་ནག་སོ་མཚམས་སུ༔ ཕུང་ལུང་ནག་པོའི་དུར་ཁྲོད་དེར༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང༔ མ་མོ་མཁའ་འགྲོ་ཤ་ཟའི་ཚོགས༔ དྲེགས་པ་ཕོ་མོ་ལྷ་སྲིན་རྣམས༔ དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ༔ བདག་ནི་རིག་འཛིན་དེ་ཡི་གདུང༔ དམ་ལ་བཏགས་པའི་དམ་ཅན་རྣམས༔ བཀའ་ལ་མ་རྐུ་དམ་མ་འདའ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་ལ༔ རྒྱ་གར་ཡུལ་གྱི་ཚུ་རོལ་ན༔ བལ་པོ་ཡུལ་གྱི་ཕ་རོལ་ན༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ གློག་མ་སྤྲིན་དང་རྒོད་མ་ཁ༔ གྱོང་པོ་ལ་སོགས་ལྷ་སྲིན་རྣམས༔ དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ༔ བདག་ནི་རིག་འཛིན་དེ་ཡི་གདུང༔ དམ་ལ་བཏགས་པའི་དམ་ཅན་རྣམས༔ བཀའ་ལ་མ་རྐུ་དམ་མ་འདའ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ དེ་འོག་བསྐལ་པའི་ཐ་མ་ལ༔ བསམ་ཡས་དབུ་རྩེ་རིམ་གསུམ་དེར༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ གཟའ་དང་རྒྱལ་པོ་བདུད་དང་བཙན༔ ཀླུ་དང་དགེ་བསྙེན་མ་ལུས་ཀུན༔ དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ༔ བདག་ནི་རིག་འཛིན་དེ་ཡི་གདུང༔ དམ་ལ་བཏགས་པའི་དམ་ཅན་རྣམས༔ བཀའ་ལ་མ་རྐུ་དམ་མ་འདའ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་དམ་ཅན་མ་ལུས་རྣམས༔ ཁྲོ་གཏུམ་འབར་བའི་སྐུར་བཞེངས་ལ༔ དུག་གསུམ་རྣོ་བའི་མཚོན་ཆ་ཡིས༔ ཆོས་མིན་གཏེར་རྫུན་སྲོག་རྩ་ཆོད༔ རུ་དྲ་མ་གཏོགས་ཕྱོགས་སྐྱོང་རྣམས༔ སྐུ་བཟུར་སྤྱན་གཡོར་དམག་ལ་ཆོས༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ ཨོཾ་བི་ཤྭ་བཛྲ་ཀྲོ་དྷ་ཧ་ལ་ཧ་ལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ༔ དགུ་པ་བརྟན་མ་མཆོད་པ་ནི༔ བྷྱོ༔ ནག་མོ་མི་སྡུག་བུ་མོ་ནི༔ བདུད་མོ་སྲོག་བདག་ཆེན་མོ་བཞི༔ དམར་མོ་ཁྲག་འཛག་བུ་མོ་ནི༔ གནོད་སྦྱིན་སྙིང་འབྱིན་ཆེན་མོ་བཞི༔ དཀར་ཤམ་བཞིན་བཟང་བུ་མོ་ནི༔ སྨན་མོ་ཡིད་འཕྲོག་ཆེན་མོ་བཞི༔ སྨན་བཙུན་མང་པོའི་འཁོར་གྱིས་བསྐོར༔ ལྷབ་ལྷུབ་དར་དང་རིན་ཆེན་བརྒྱན༔ སིལ་སྙན་མང་པོའི་སྒྲ་ཡང་སྒྲོག༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ དཔལ་མོ་ཐང་གི་དཔལ་ཐང་དུ༔ དམ་ལ་བཏགས་ཤིང་མཚན་ཡང་གསོལ༔ དབང་རྟགས་རྡོ་རྗེ་ཕུར་བུ་གཏད༔ སྔོན་གྱི་དམ་བཅའ་དྲན་མཛོད་ལ༔ བོད་ཁམས་དཀར་པོའི་ཆོས་ལ་ཁོད༔ བརྟན་བཤིགས་རུ་དྲ་བརླག་པ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དུ་ཤམ༔ ལོ་ཀ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ས་མ་ཡ་རཀྵན་ཏུ་ཧོ༔ བཅུ་པ་གཏོར་བྲོ་བརྡུང་བ་ནི༔ གཏོར་གཞོང་འོག་ཏུ་དགྲ་བགེགས་བཀུག༔ རང་ཉིད་ལྷ་ཡི་ང་རྒྱལ་བསྒོམ༔ སྟངས་སྟབས་བྱ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་ཆེན་པོའི་དཀྱིལ་འཁོར་འདིར༔ དངོས་འཛིན་དགྲ་བགེགས་འདུལ་བའི་ཕྱིར༔ ཡེ་ཤེས་ལྷ་ཚོགས་བྲོ་བརྡུངས་པས༔ ཀུན་རྫོབ་སྒྱུ་མའི་གྲོང་ཁྱེར་འཇིག༔ ཨོཾ་ཨོཾ་ཨོཾ༔ གཏི་མུག་བུདྡྷ་རྡོ་རྗེ་ལ༔ སངས་རྒྱས་རིགས་ཀྱི་འཁོར་གྱིས་བསྐོར༔ ཕྱག་ན་འཁོར་ལོ་འབར་བ་བསྣམས༔ དུག་ལྔའི་ཕུང་པོ་རྩད་ནས་གཅོད༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཆོས་དབྱིངས་ཡེ་ཤེས་བྲོ་བརྡུངས་པས༔ ལས་ངན་ཉོན་མོངས་འཁྲུལ་འཁོར་བཅོམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེ་སྡང་བཛྲ་རྡོ་རྗེ་ལ༔ ཞི་བའི་ལྷ་དང་ལྷ་མོས་བསྐོར༔ ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས༔ རྣམ་ཤེས་ཕུང་པོ་གཏན་ནས་འཇིག༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ མེ་ལོང་ཡེ་ཤེས་བྲོ་བརྡུངས་པས༔ ལས་ངན་ཞེ་སྡང་འཁྲུལ་འཁོར་བཅོམ༔ སྭཱ་སྭཱ་སྭཱ༔ ང་རྒྱལ་རིན་ཆེན་རྡོ་རྗེ་ལ༔ རྒྱས་པའི་ལྷ་དང་ལྷ་མོས་བསྐོར༔ ཕྱག་ན་རིན་ཆེན་འབར་བ་བསྣམས༔ ཚོར་བའི་ཕུང་པོ་གཏན་ནས་འཇིག༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ མཉམ་ཉིད་ཡེ་ཤེས་བྲོ་བརྡུངས་པས༔ ལས་ངན་ང་རྒྱལ་འཁྲུལ་འཁོར་བཅོམ༔ ཨཱཿཨཱཿཨཱ༔ འདོད་ཆགས་པདྨ་རྡོ་རྗེ་ལ༔ དབང་གི་ལྷ་དང་ལྷ་མོས་བསྐོར༔ ཕྱག་ན་པདྨ་འདབ་བརྒྱད་བསྣམས༔ འདུ་ཤེས་ཕུང་པོ་གཏན་ནས་འཇིག༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ སོར་རྟོག་ཡེ་ཤེས་བྲོ་བརྡུངས་པས༔ ལས་ངན་འདོད་ཆགས་འཁྲུལ་འཁོར་བཅོམ༔ ཧཱ་ཧཱ་ཧཱ༔ ཕྲག་དོག་ཀརྨ་རྡོ་རྗེ་ལ༔ དྲག་པོའི་ལྷ་དང་ལྷ་མོས་བསྐོར༔ ཕྱག་ན་རྒྱ་གྲམ་འབར་བ་བསྣམས༔ འདུ་བྱེད་ཕུང་པོ་གཏན་ནས་འཇིག༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ བྱ་གྲུབ་ཡེ་ཤེས་བྲོ་བརྡུངས་པས༔ ལས་ངན་ཕྲག་དོག་འཁྲུལ་འཁོར་བཅོམ༔ ཧཱུྃ༔ དངོས་སྣང་འཁྲུལ་པའི་ཕུང་པོ་ལ༔ དངོས་མེད་སྟོང་པའི་བྲོ་བརྡུངས་པས༔ ངར་འཛིན་འཁོར་བའི་འཁྲུལ་འཁོར་འཇིག༔ ཁྱབ་བརྡལ་རོལ་པའི་ངང་ལ་གནས༔ རང་སེམས་དགྲ་རུ་འཛིན་པའི་བདུད༔ རྣམ་རྟོག་བག་ཆགས་ངན་པའི་བདུད༔ བདག་འཛིན་ཞེན་པས་འཆིང་བའི་བདུད༔ གཟུགས་ཅན་གཟུགས་མེད་བར་ཆད་བདུད༔ བདུད་དཔུང་མ་ལུས་བསྡུས་ནས་ནི༔ གཏོར་གཞོང་རི་རབ་འོག་ཏུ་མནན༔ བསྐལ་པ་འཇིག་རྟེན་མ་རྫོགས་བར༔ ནམ་ཡང་ཐར་པའི་དུས་མེད་དོ༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམ་བྷ་ཡ་ནན༔ དགྲ་བགེགས་རུ་དྲའི་ལུས་སཏྭམ་བྷ་ཡ་ནན༔ ངག་སཏྭམ་བྷ་ཡ་ནན༔ ཡིད་སཏྭམ་བྷ་ཡ་ནན༔ རཾ་ཡཾ་ཁཾ་ལཾ༔ སཏྭམ་བྷ་ཡ་ནན་ནན༔ བཅུ་གཅིག་བསྡུ་ཞིང་རྒྱུན་སྤྱོད་ནི༔ གཏོར་གཞོང་ཡར་བཟེད་དཀྱིལ་འཁོར་བསྡུ༔ ཨོཾ་ཨཱཿཧཱུྃ༔ སྟོང་ཉིད་ཡེ་ཤེས་ངང་ཉིད་ལས༔ རིག་རྩལ་འགག་མེད་དཀྱིལ་འཁོར་ཤར༔ ཐམས་ཅད་སྒྱུ་མའི་རང་བཞིན་ཏེ༔ ཆོས་ཀྱི་དབྱིངས་སུ་རང་སར་ཡལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐམས་ཅད་མ་ལུས་རང་ལ་ཐིམ༔ རང་ལུས་ཧཱུྃ་གྱུར་ཐིག་ལེར་བསྡུ༔ ཐིག་ལེ་སྐྱེ་མེད་ངང་དུ་ཡལ༔ སྣོད་བཅུད་གཞལ་ཡས་ལྷ་རུ་གསལ༔ སྒྲ་གྲགས་སྔགས་ཀྱི་རང་བཞིན་ཏེ༔ དྲན་རྟོག་དམིགས་མེད་བློ་འདས་ཆེ༔ དེ་ཐོག་རྒྱུན་དུ་གནས་པར་བྱ༔ ཨོཾ་ཨཱཿཧཱུྃ་རཀྵ་རཀྵ༔ བཅུ་གཉིས་སྨོན་ལམ་ཤིས་བརྗོད་ནི༔ ན་མོ༔ བླ་མ་རྒྱལ་བ་འདུས་པ་ཡི༔ དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་སྔགས་སོགས༔ བདག་གིས་བསྒྲུབས་པའི་བྱིན་རླབས་དང༔ དུས་གསུམ་དུས་མེད་འགྲོ་ཀུན་གྱིས༔ དཀར་པོའི་དགེ་བ་བསྒྲུབས་པའི་མཐུས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ འབྲས་བུ་བླ་ན་མེད་པ་ཡི༔ གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཧོ༔ སྟོང་ཉིད་ཡེ་ཤེས་སྙིང་པོ་ཅན༔ བླ་མ་ཆོས་སྐུའི་བཀྲ་ཤིས་ཤོག༔ གསལ་བ་འོད་ཀྱི་སྙིང་པོ་ཅན༔ བླ་མ་ལོངས་སྐུའི་བཀྲ་ཤིས་ཤོག༔ མ་འགག་སྙིང་རྗེའི་སྙིང་པོ་ཅན༔ བླ་མ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བདེ་སྟོང་སྒྱུ་མའི་སྙིང་པོ་ཅན༔ གསང་བ་ཡུམ་གྱི་བཀྲ་ཤིས་ཤོག༔ ཐབས་མཁས་དོན་གྱི་སྙིང་པོ་ཅན༔ དམ་ཆོས་ཀུན་འདུས་བཀྲ་ཤིས་ཤོག༔ རྩལ་ཤུགས་སྟོབས་ཀྱི་སྙིང་པོ་ཅན༔ ཞི་ཁྲོ་འདུས་པའི་བཀྲ་ཤིས་ཤོག༔ ཧྲཱི༔ བཀའ་བརྒྱུད་བླ་མའི་བྱིན་རླབས་ཀྱིས༔ བདག་ཅག་བདེ་ལེགས་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཡི་དངོས་གྲུབ་ཀྱིས༔ བདག་ཅག་བདེ་ལེགས་བཀྲ་ཤིས་ཤོག༔ མ་རྒྱུད་མཁའ་འགྲོའི་རྟེན་འབྲེལ་གྱིས༔ བདག་ཅག་བདེ་ལེགས་བཀྲ་ཤིས་ཤོག༔ ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས༔ བདག་ཅག་བདེ་ལེགས་བཀྲ་ཤིས་ཤོག༔ ཧྲཱི༔ རྐང་གཉིས་གཙོ་བོ་འདྲེན་པའི་མཆོག༔ སངས་རྒྱས་རྣམས་ཀྱི་བཀྲ་ཤིས་གང༔ དེང་འདིར་བདག་ཅག་འཁོར་བཅས་ལ༔ ཉི་ཟླ་ལྟ་བུར་འཆར་བར་ཤོག༔ ཧྲཱི༔ ཆགས་མེད་ཡེ་ཤེས་མཁྱེན་པའི་བདག༔ དམ་ཆོས་རྣམས་ཀྱི་བཀྲ་ཤིས་གང༔ དེང་འདིར་བདག་ཅག་འཁོར་བཅས་ལ༔ ཉི་ཟླ་ལྟ་བུར་འཆར་བར་ཤོག༔ ཧྲཱི༔ བསོད་ནམས་ཚོགས་ཞིང་སྤྲུལ་པའི་སྐུ༔ དགེ་འདུན་རྣམས་ཀྱི་བཀྲ་ཤིས་གང༔ དེང་འདིར་བདག་ཅག་འཁོར་བཅས་ལ༔ ཉི་ཟླ་ལྟ་བུར་འཆར་བར་ཤོག༔ ཧྲཱི༔ རྒྱལ་བ་ཀུན་འདུས་སྒྲུབ་པའི་ཆོས༔ མཐོང་ཐོས་དྲན་སོགས་གང་ཡང་རུང༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ མང་ག་ལཾ་སྭསྟི་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ྈ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ བོད་ཕྲུག་སྐལ་ལྡན་དོན་ཆེད་དུ༔ རྒྱལ་བ་ཀུན་འདུས་སྒྲུབ་ཐབས་འདི༔ སངས་རྒྱས་ཀུན་འདུས་ཐུགས་རྗེ་ཆེ༔ དམ་ཆོས་ཀུན་འདུས་ཐུགས་རྗེ་མྱུར༔ ཆོས་སྐྱོང་ཀུན་འདུས་མཐུ་རྩལ་ལྡན༔ ཚེ་འདིར་ཚེ་རིང་ལོངས་སྤྱོད་རྒྱས༔ ཕྱི་མ་རྔ་ཡབ་གླིང་དུ་སྐྱེ༔ འདི་ཉིད་གང་ཟག་འགའ་ཞིག་གིས༔ བསྒྲུབས་ཤིང་ཉམས་སུ་བླངས་གྱུར་ན༔ པད་འབྱུང་བདག་གི་བྱིན་རླབས་འཇུག༔ ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར༔ དམ་ཅན་ཆོས་སྐྱོང་མི་འབྲལ་འགྲོགས༔ སྐལ་ལྡན་བྱང་ཆུབ་སེམས་དཔའི་རིགས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ དེ་དུས་མི་རྟག་མང་དུ་འབྱུང༔ ཕྱི་སྣོད་འཇིག་རྟེན་མི་རྟག་སྟེ༔ དུས་བཞི་འགྱུར་དང་ཉིན་མཚན་ལྡོག༔ ནང་བཅུད་སེམས་ཅན་མི་རྟག་སྟེ༔ རང་སྲོག་རང་གིས་གཅོད་པ་འབྱུང༔ ཚེ་ཡི་ཚད་ཀྱང་མི་རྟག་སྟེ༔ ཉི་ཤུ་ལོན་ནས་མར་ལ་རྒུད༔ སྒྱུ་ལུས་ཕུང་པོ་མི་རྟག་སྟེ༔ དུས་མིན་འཆི་བ་བཟློག་པར་དཀའ༔ དམ་སྲི་མི་བདུན་སྤྲུལ་པ་ཡིས༔ བོད་ཁམས་ཡོངས་ལ་དཀྲུགས་ཤིང་བྱེད༔ དམག་འཁྲུག་མཚོན་ཆའི་བསྐལ་པ་དར༔ ཕོ་གདོན་རྒྱལ་པོ་འཁྲུགས་པའི་རྒྱུས༔ མི་ཕྱེད་སྨྱོན་པར་འགྲོ་བ་ཡོང༔ མོ་གདོན་མ་མོ་འཁྲུགས་པའི་རྒྱུས༔ ནད་ཀྱི་ན་བུན་སྤྲིན་ལྟར་འཐིབས༔ ཀླུ་གཉན་ས་བདག་འཁྲུགས་པའི་རྒྱུས༔ ཡན་ལག་ཞ་གྲུམ་སད་སེར་འབྱུང༔ དེ་ཚེ་བདུད་སྤྲུལ་སོ་བདུན་འབྱུང༔ ལ་ལ་ཆེ་བཙན་དག་ལ་སྤྲུལ༔ ལུས་ལ་ཁྲག་གི་སྦལ་བ་དོད༔ ལ་ལ་དགེ་སྦྱོང་གཟུགས་སུ་བརྫུས༔ དཔྲལ་བར་ཤ་མཚན་ཆོ་ལོ་རིས༔ དེ་དག་རྣམས་ཀྱིས་བར་དུ་གཅོད༔ སྲོག་ལ་རྒོལ་བ་བྱུང་གྱུར་ན༔ དེ་དུས་མཐུ་དང་ནུས་རྩལ་སྤྲུགས༔ ཐུགས་གཏེར་ཡིད་བཞིན་ནོར་བུ་འདི༔ པདྨ་བདག་གི་ཐུགས་བཅུད་དེ༔ ཟབ་རྒྱ་ཆེ་བ་འདི་ལས་མེད༔ སྐྱེས་བུ་ཤེས་རབ་ཅན་གཅིག་གིས༔ བསླུ་བ་མེད་པར་ཐོན་པར་ཤོག༔ ས་མ་ཡ་ཐུགས་རྒྱ་རྡ་ཐིམ༔ བདག་འདྲ་དབྱངས་ཅན་གྱི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོས་གསུངས་ལྟར་ནེ་རིང་སེང་གེ་རྫོང་དུ་བྲིས་ཏེ་འགྱུར་བ་མེད་པའི་རྒྱ་དྲུག་བཏབ་སྟེ༔ མཐུ་དང་རྫུ་འཕྲུལ་གྱི་ངང་ནས་དུས་དང་རྟེན་འབྲེལ་འགའ་ཞིག་གིས་ཁམས་ཕྱོགས་ཀྱི་མཚོ་ལ་སྦས་པའོ༔ བཀའ་འདི་སྲོག་བདུད་གཟའ་དང་རྒྱལ་པོས་སྲུངས་ཤིག༔ དུ་ལ་ཏྲི་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ བསྟན་བཤིག་དམ་ལོག་གཏེར་རྫུན་མཱ་ར་ཡ་ནན་ནན༔ ཞེས་པ་འདི་ནི་སྤྲུལ་པའི་སྐུ་མཆོག་རོལ་པའི་རྡོ་རྗེས་ཆུ་ཕོ་རྟ་ཡི་ལོ་ཧོར་ཟླ་ལྔ་པའི་དུས་ཚེས་ཁྱད་པར་ཅན་ཡར་ངོའི་ཚེས་བཅུའི་ཉིན་པར་སློབ་དཔོན་ཆེན་པོ་པདྨཱ་ཀ་རས་ལུང་བསྟན་པ་བཞིན་དུ་དགེ་བསྙེན་རྡོ་རྗེ་རྒྱལ་མཚན་གྱིས་གཏེར་སྒྲོམ་ཕྱག་ཏུ་ཕུལ། ཁྲོམ་གཏེར་དུ་སྤྱན་དྲངས། དེའི་ཉེར་གསུམ་ལ་གྲུབ་པའི་བསྟི་གནས་ཕུན་ཚོགས་རབ་བརྟན་དུ་ཞལ་རང་བྱེ་ཉིད་དུ་བྱུང་བ་སོགས་ངོ་མཚར་མཐའ་ཡས་སྣང་བའི་ཤོག་སེར་དཀྱུས་མཐོ་དོ་སོར་དོ་དང་། ཞིང་སོར་གསུམ་བླ་ཤོག་རིན་པོ་ཆེ་ལས་གྲུབ་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བརྡའ་ཡི་ཡི་གེ་ཕྱག་བྲིས་སུ་མཛད་པ་ཉིད་ལས་གཏེར་སྟོན་ཉིད་ཀྱིས་གསུངས་བཞིན་བྲིས་པའི་ཡི་གེ་པ་ནི་རིག་འཛིན་མིང་ཅན་གྱིས་བགྱིས་པའོ།། །།

སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་ཟློག་ཁྲོ་བོ་རོལ་པ་ཤིན་ཏུ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལེགས་སོ་ (Volume 53, Text 30)

༄༅། །སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་ཟློག་ཁྲོ་བོ་རོལ་པ་ཤིན་ཏུ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལེགས་སོ། ། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ཁྲོ་བོ་རོལ་པ་ཤིན་ཏུ་བསྡུས་པ་ནི། །ཐོད་པའམ་ནི་ཟངས་ལྕགས་སྣོད་ནང་དུ། །དམར་གཏོར་དགུ་བཤམས་ཤ་ཁྲག་ལིང་གས་བརྒྱན། །སྟེང་དུ་ཁྱུང་བཙུགས་སྨན་རཀ་གཏོར་མཆོད་བཤམ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པདྨ་ཉི་ཟླ་དྲེགས་པའི་སྟེང་། །ཧཱུྃ་ཡིག་མཐིང་ནག་ཡོངས་གྱུར་ལས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་རྡོ་རྗེ་བྷནྡྷ་བསྣམས། །དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས། །གར་དགུའི་ཉམས་ལྡན་ཡུམ་དང་འཁྲིལ། །སྤྱི་མགྲིན་འཇམ་དབྱངས་སྤྱན་རས་གཟིགས། །ཐུགས་ཀར་རྡོར་སེམས་ཐུགས་ཀ་རུ། །རྡོ་རྗེ་ཧཱུྃ་དམར་སྔགས་ཀྱིས་བསྐོར། །དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། །མགྲིན་པར་རྟ་མགྲིན་པདྨ་དབང་། །ཐུགས་ཀར་བཛྲ་ཧེ་རུ་ཀ །ལྟེ་བར་རྡོ་རྗེ་གཞོན་ནུ་ཆེ། །གསང་བར་བླ་མེད་ཧེ་རུ་ཀ །བརླ་གཡས་དྲེགས་པ་ཀུན་འདུལ་རྗེ། །གཡོན་དུ་སྟོབས་ལྡན་ནག་པོ་ལ། །སྤྱི་བོར་བླ་མ་རིག་འཛིན་གསལ། །ལྷ་ཚོགས་ཀུན་གྱི་གནས་གསུམ་དང་། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཅེས་བཟླ་འོ། །མདུན་དུ་མ་ཏྲཾ་བསྒྲལ་པའི་ཕུང་པོ་ལས་བྱུང་བའི་གཞལ་ཡས་ཁང་། ཕྱི་རིན་པོ་ཆེ་ལ་ནང་ཐོད་པ་སྐམ་རློན་བརྩིགས་པའི་དབུས་སུ་ཉི་ཟླ་པདྨ་དྲེགས་པའི་གདན་ལ། ཆེ་མཆོག་ཧེ་རུ་ཀ་སྨུག་ནག་ཞལ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་ན་ཞི་བ་བཞི་བཅུ་རྩ་གཉིས་བསྣམས་པ། སྲིད་པའི་བྱ་ཁྱུང་གིས་དབུ་བརྒྱན་པ། ཡུམ་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་ཞལ་སྦྱོར་བ་ལ། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱིས་བསྐོར་བ། དེའི་ཤར་དུ་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོར་གཤིན་རྗེ་གཤེད་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་པདྨ་དབང་ཆེན་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་དུ་རྡོ་རྗེ་གཞོན་ནུ་ལ་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་རིག་འཛིན་ཐོད་པ་རྩལ་ལ་བླ་མ་རིག་འཛིན་གྱི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་སྟོབས་ལྡན་ནག་པོ་ལ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། སྒོ་བཞི་ལ་སྒོ་མ་བཞི། ཕྱིའི་ལྕགས་རི་ལ་དཔལ་གྱི་བཀའ་ཉན་དཔལ་མགོན་བདུན་ཅུའི་ཚོགས་དང་བཅས་པ་གསལ་བའི། གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་ཅིང་ཡེ་ཤེས་ལྔ་ཡི་དབང་བསྐུར་བར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཧཱུྃ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས། །ཞི་ཁྲོ་ཡོངས་རྫོགས་སྐུར་བཞེངས་ལ། །སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿཧྲཱིང་ཧྲཱིང་ཛ་ཛཿ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ཨརྒྷཾ་སོགས། ཧཱུྃ། དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་། །ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས། །གར་དགུའི་ཚོགས་ཀྱིས་ཧཱུྃ་སྒྲ་སྒྲོག་ལ་བསྟོད། །ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་ལྷ་ཚོགས་ནི། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐངས་གྱུར་ཅིག །ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས། །ཧཱུྃ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྐུར་བཞེངས་ཤིག །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བཀའ་བརྒྱད་བཀའ་ཡི་སྲུང་མ་ཐུགས་དམ་ཅན། །མཆོད་གཏོར་འདི་བཞེས་དགྲ་བགེགས་རྡུལ་དུ་རློགས། །དཀོན་མཆོག་བདེན་པས་གནོད་བྱེད་དགྲ་དང་བགེགས། །བླ་སྲོག་ལིང་ག་འདི་ལ་མྱུར་དུ་ཁུག །བཀའ་བརྒྱད་ལྷ་ཚོགས་སྲས་སྤྲུལ་བཀའ་སྡོད་བཅས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་དགྲ་བགེགས་སྒྲོལ། །ཤན་པ་འབུམ་གྱིས་ཤ་རུས་དུམ་བུར་གཏུབས། །དམར་ཆེན་ཁྲག་གི་རྒྱ་མཚོ་བཞེས་སུ་གསོལ། །དགྲ་བགེགས་ཤ་ཁྲག་དཔལ་ཆེན་ཞལ་དུ་བསྟབས། །དམ་རྫས་བརྒྱན་པའི་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་བྱད་མ་གཏད་དོ་མ་ཤོར་ཅིག །བྱད་ཁ་རྦོད་གཏོང་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། གདུང་སོབ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། གཏུམ་དྲག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །ཚོམ་བུ་དགུ་ཡི་བཀའ་སྡོད་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །ཧཱུྃ་ཁྲོཾ་བྷྱོ། ཁྲོ་རྒྱལ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །དབུ་ལ་སྤྲུལ་པའི་ཁྱུང་ཆེན་འབར་བས་བརྒྱན། །དགྲ་བགེགས་གཤེད་མ་བྱ་ཁྱུང་རྒྱལ་པོ་ཡིས། །ལྟས་ངན་ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད། །ཧཱུྃ། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་འཁོར་བཅས་ཀྱིས། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ལ། །བདེ་གཤེགས་བཀའ་བརྒྱད་ལྷ་ཚོགས་བདེན་པའི་སྟོབས། །བདེན་པའི་སྟོབས་ཀྱིས་མི་ཟློག་གང་ཡང་མེད། །ནད་གདོན་དགྲ་བགེགས་ལྟས་ངན་ཟློག་ཏུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཧཱུྃ། སྲིད་པའི་མདོས་ཆེན་ད་གཏོང་ན། །སྟེང་དང་ཕྱོགས་མཚམས་སྒོ་ཕྱེས་ལ། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་གཤེགས། །ཆོས་ཀྱི་དབྱིངས་སུ་ལམ་བསྟན་ནོ། །ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་བྷྱོ་བྷྱོ། བྷྱོ། རེ་མ་ཏི་སོགས་སྲིད་པའི་ལྕམ་མོའི་ཚོགས། །རང་རང་མིང་པོའི་བཀའ་སྒྱུར་ཁྲམ་ཁ་ཟློགས། ཁྲོ་རྒྱལ་མདུང་དམར་ཅན་གྱིས་དགྲ་བགེགས་སྒྲོལ། །དཔལ་ཆེན་འཁོར་བཅས་དགྲ་བགེགས་རྡུལ་དུ་རློགས། །བྷྱོ་བྷྱོ་བྷྱོ། ཟློག་ཟློག་ཟློག །ས་མ་ཡ་བྷྱོ། ཧཱུྃ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀུན། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །མདོས་དང་ཟོར་གྱི་ལམ་ཕྱེས་ཤིག །ཧཱུྃ། དམར་གྱི་གཏོར་མ་ཆེན་པོ་འདིས། །མེ་རླུང་མཚོན་ཆའི་ཆར་པ་འབེབས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཨོཾ་པ་རི་ཤཱ་བ་ནི་མཱ་ར་ཡ་ཧཱུྃ་ཕཊཿ ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོས། །རུ་དྲ་དམ་སྲི་རྡུལ་དུ་རློགས། །ཧཱུྃ་སཏྭཾ་བྷ་ཡ་ནན། ཁྲོ་རོལ་ཤིན་ཏུ་བསྡུས་པའི་འདོན་བྱ་འདི། །རང་གི་རྐྱེན་ཟློག་ཐུགས་དམ་བྱ་ཕྱིར་བྲིས། །ཉེས་པ་གང་མཆིས་བཀའ་བརྒྱད་ལྷ་ལ་བཤགས། །དགེ་བས་བྱང་ཆུབ་སྒྲུབ་ལ་དགེ་ལེགས་ཤོག །རཱ་ག་ཨ་སྱེས་སྦྱར་བ་འོ། །སརྦ་མངྒ་ལཾ།། །།

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་གྱི་རྣལ་འབྱོར་ཟབ་གསང་གནད་དྲིལ་ (Volume 54, Text 30)

༄༅། །འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་གྱི་རྣལ་འབྱོར་ཟབ་གསང་གནད་དྲིལ་བཞུགས་སོ། ། མདུན་གྱི་ནམ་མཁར་ལྷག་པའི་ལྷ་ལ་སྐྱབས་གནས་མ་ལུས་པས་བསྐོར་བར་དམིགས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་དངོས་གཞིའི་ས་མཱ་དྷི་ནི། ཨེ། སྟོང་པའི་ངང་ལས་གནམ་ས་གནམ་ལྕགས་ཀྱི། །འཁོར་ལོ་སྤུ་གྲི་ལྟར་རྣོ་གཡས་གཡོན་འཁོར། །དེ་ནང་རྡོ་རྗེའི་རྭ་གུར་མེ་འབར་ནང་། །གནམ་ལྕགས་ལས་གྲུབ་རྡོ་རྗེ་རྩེ་དགུ་པ། །ཡར་རྩེ་ཚངས་གནས་མར་སྣེ་ན་རག་གནས། །བྱད་མ་གན་རྐྱལ་གནས་པའི་ལྕེ་སྙིང་གཟིར། །རྡོ་རྗེའི་ལྟེ་བར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་རྫོགས་དབུས། །འཁོར་ལོ་རྩིབས་བཞི་རྩིབས་བཅུ་ཉིས་རིམ་དབུས། །ཆོས་འབྱུང་ཆུ་གླང་པད་ཉི་དགྲ་བགེགས་སྟེང་། །རང་སེམས་ཧཱུྃ་ཡིག་མཐིང་ནག་འཕྲོ་འདུ་ལས། །གདོད་མའི་དཔལ་ཆེན་བཅོམ་ལྡན་གཤིན་རྗེ་གཤེད། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་དང་། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་གར་དགུའི་ཉམས། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །འཇམ་དཔལ་རྟ་མགྲིན་གསང་བདག་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་པ་པང་དུ་བཻ་ཏཱ་ལི། །གྲི་གུག་ཕུར་པ་ལྕགས་དྲྭ་བྷཉྫའི་ཕྱག །ཕྱོགས་བཞིའི་རྩིབས་སྟེང་རིགས་བཞིའི་གཤིན་རྗེ་གཤེད། །ནང་མའི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཅུ། །ཕྱི་མའི་རྩིབས་བཅུར་བདུད་རྩི་འཁྱིལ་པ་བཅུ། །རྩིབས་མཆན་ཁྲོ་རྒྱལ་མ་ཧཱ་བ་ལ་བཅུ། །སྒོ་འཛིན་གིང་བདུད་རྩིས་ཤན་བཞི་བཞིའི་ཚོགས། །གཤིན་རྗེ་མ་མོ་བདུད་བཙན་མ་མགོན་ཟུང་། །གཟའ་ཀླུ་པེ་གཙང་རྒྱལ་ཆེན་ཕྱོགས་སྐྱོང་ཚོགས། །ཀུན་ཀྱང་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས། །ཡེ་ཤེས་རྣམ་ལྔས་དབང་བསྐུར་རྒྱ་ཡིས་གདབ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་གཉིས་མེད་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛཿཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཧོཿ མ་ཧཱ་མཱཾ་ས། རཀྟ། ཀེཾ་ནི་རི་ཏི། བ་སུ་ཏ། བ་ལིངྟ་ཁ་ཧིཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཕྱོགས་དུས་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་མཛད་དྲག་པོའི་སྐུར་བསྟན་པ། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པའི། །བདུད་འཇོམས་གཤིན་རྗེ་གཤེད་པོ་འཁོར་བཅས་བསྟོད། །སྔོན་ཚེ་རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས། །གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བའི། །མ་རུངས་ཞིང་བཅུ་ལྡན་པའི་དགྲ་དང་བགེགས། ཁྱོད་ཀྱིས་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད། །དེ་ནས་བཟླས་པའི་ས་མཱ་དྷིའི་རིམ་པ་ནི། རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །ཐུགས་ཀར་གསང་བདག་ཐུགས་དབུས་ཉི་མའི་སྟེང་། །ཡ་ཡིག་གདན་ཐབས་སྟེང་དུ་ཧཱུྃ་མཐིང་ནག །ཧ་ཁོག་ནང་དུ་མུཾ་ཡིག་དམར་སེར་མཚན། །དེ་མཐར་རྩ་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བ་འཕྲོས། །རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་ཐམས་ཅད་མཆོད། །མཐུ་སྟོབས་བྱིན་རླབས་ཀུན་བསྡུས་རང་ལ་ཐིམ། །འགྲོ་བའི་ཉོན་མོངས་བདུད་བགེགས་ཐམས་ཅད་བཏུལ། །བསོད་ནམས་མཐུ་ནུས་ཀུན་བསྡུས་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཥྚི་ཝཱི་ཀྲི་ཏཱ་ན་ན་ཧཱུྃ་ཕཊཿ ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་ར་མ་ཡ་ཧཱུྃ་ཕཊཿ ཅེས་སྙིང་པོ། ཉེ་སྙིང་། རྩ་སྔགས་རྣམས་རིམ་བཞིན་བརྒྱ་རྩ་ལ་སོགས་བཟླ་འོ། ࿊ །དེ་ནས་སྲུང་བ་ནི། ཐུགས་ཀའི་ཧཱུྃ་ནང་རྩ་བའི་བསྲུང་བྱ་སྦ། །གཡས་གཡོན་མདུན་རྒྱབ་བསྲུང་བྱ་ཙམ་རྣམས་གསལ། ཁྲོ་ཆུང་རྡོ་རྗེའི་གོ་ཁྲབ་ཞུ་ལུབ་གསོལ། །འོད་ཟེར་སྤྲོ་བསྡུས་དགྲ་དང་བྱད་མ་ཡི། །སྲུང་འཁོར་རྡོ་རྗེའི་གུར་ཁང་ཚུར་བསྟིམས་པས། །རང་གི་ཕྱི་རོལ་རྡོ་རྗེའི་རྭ་གུར་རྣམས། །སྲ་མཁྲེགས་གཞོམ་མེད་རབ་ཏུ་བརྟན་པར་དམིགས། །ཧཱུྃ་ལས་ཚ་ཟེར་འོད་ཟེར་དཔག་ཡས་འཕྲོས། །དགྲ་བོའི་བླ་ཚེ་སྲོག་གི་དྭངས་མ་དང་། །སྟོབས་ནུས་བསོད་ནམས་ཁ་རྗེ་དབང་ཐང་རྣམས། །འོད་ཟེར་ཛཿདམར་གྱིས་བསྡུས་བདག་ལ་བསྟིམས། །རང་གི་བཀྲག་མདངས་གཟི་བརྗིད་མཐུ་སྟོབས་རྒྱས། །སྟོབས་པོ་ཆེ་དང་བདུད་རྩི་ཐབས་སྦྱོར་བཅུས། །ནང་དུ་ཞལ་གཟིགས་སྐྱབས་སྦྱིན་ཕྱག་རྒྱས་སྲུང་། །འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱིས། །སྲུང་བའི་སྔགས་སྒྲ་འུར་དིར་སྒྲོག་པར་གྱུར། །སྙིང་པོའི་མཐའ་མར། མ་མ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བ་ཉེར་གཅིག་ལ་སོགས་བཟླ་འོ། ࿊ །ཟློག་པ་ནི། རྩིབས་མཆན་མ་ཧཱ་བ་ལ་བཅུ་བོ་ཡིས། །ཕྱིར་གཟིགས་བ་དན་རླུང་གཡབ་གཡབས་པ་ལས། །བསྐལ་པའི་རླུང་ནག་འཚུབས་མ་དཔག་མེད་འཕྲོས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། །རང་དབང་མེད་པར་ནམ་མཁའི་ཕ་མཐར་གཏོར། །བདག་གི་སྐུ་ལས་བསྐལ་པའི་མེ་དཔུང་དང་། །མེ་ཡི་ཁྲོ་བོ་མཚོན་ཆའི་དམག་དཔུང་འཕྲོས། །དགྲ་བོ་གནོད་བྱེད་བྱད་མ་མ་ལུས་བསྲེགས། །རང་གཤེད་རང་ལ་ཕབ་ནས་རྡུལ་དུ་བརླགས། །དགྲ་བགེགས་བྱད་མ་མིང་ཡང་མེད་པར་གྱུར། །སྙིང་པོ་དང་། ཨོཾ་ཡ་མ་ཀིཾ་ཀཾ་ཁ་ཏྲུཾ་ནྲི་མྱོགས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན། བིག་ནན་དགྲ་ཐུཾ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབས། བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ། དགྲ་སྲི་སཏྭཾ་བྷ་ཡ་རཀྴ་ནན། དྲུན་དྲུན་ལཾ་ལཾ་སཏྭཾ་བྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུནྟྲི་དུནྟྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། བྱུར་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་པ་བདུན་གཉིས་སོགས་ཅི་འགྲུབ་བཟླ་འོ། །དེ་ནས་སྨད་ལས་ནི། གླང་རུ་དང་། ཟན་ལིང་། དམར་གཏོར་རྣམས་ལ་དམིགས་ཏེ། ཨེ། མདུན་དུ་ལྕགས་ཁང་གྲུ་གསུམ་འཇིགས་སུ་རུང་། ཁ་དོག་གཏིང་ཡངས་རྒྱ་ཆེ་གཏིང་ཟབ་པ། །ཤན་པའི་གྲོང་ཁྱེར་དབུས་སུ་གླང་གི་རྭ། །གཤིན་རྗེའི་བཙོན་ཁང་ལྕགས་མཁར་སྒོ་མེད་པ། །ཕྱི་ན་ཞེ་སྡང་བསྐལ་པའི་མེ་དཔུང་འབར། །ནང་དུ་གཏི་མུག་ལས་ཀྱི་མུན་ནག་འཁྲིགས། །འདོད་ཆགས་ཁྲག་མཚོའི་ནང་དུ་ནྲི་ཏྲི་ལས། །གནོད་བྱེད་དགྲ་བགེགས་མངོན་སུམ་ལྟ་བུར་གསལ། །མདུན་བསྐྱེད་ནི། ཡ། བདག་ཉིད་ཐུགས་ལས་སྤྲུལ་པ་འབྲུབ་ཁུང་ཁར། །འཇམ་དཔལ་ལས་ཀྱི་གཤིན་རྗེ་སྐུ་མདོག་དམར། །གཅེར་བུ་རྒྱན་མེད་ཉྭ་སུལ་ཧྲང་ངེ་བ། །རབ་ཁྲོས་འཇིགས་སུ་རུང་བའི་ཕྱག་མཚན་ནི། །དགྲ་བགེགས་འགུགས་པར་བྱེད་པའི་ལྕགས་ཀྱུ་དང་། །གནོད་བྱེད་ཀུན་འཇོམས་ལྕགས་ཀྱི་ཐོ་བ་ཐོགས། །ཞེས་པའམ། ཡང་ན། དགྲ་བགེགས་མྱོས་བྱེད་མུན་པའི་གཡུང་དྲུང་དང་། །བརྒྱལ་ཞིང་འབོག་འཐོམ་རེ་བའི་གཡབ་མོ་ཐོགས། །དེ་གཉིས་དགོས་ཁྱད་དང་སྦྱོར། ཁམ་ནག་རལ་པ་ཕྱེད་ཡར་གྱེན་དུ་བརྫེས། །ཕྱེད་མར་ཐུར་འཕྱང་རྟིང་པར་ཤམ་མེ་བ། །སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་ན་གསལ། །ཛ་ཛཿ བདག་དང་མདུན་བསྐྱེད་ཐུགས་ལས་སྤྲུལ་པ་ཡི། །ལས་གཤིན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཐོགས་པའི་དམག་ཚོགས་སྟོང་གསུམ་གང་། །དགྲ་བགེགས་སྙིང་དཀྱིལ་ནྲི་ཏྲིའི་ཁུག་པ་ནས། །ལྕགས་ཀྱུས་བཟུང་ནས་རང་དབང་མེད་པར་བཀུག །ལིངྒར་ཐིམ་པས་དབྱེར་མེད་གཅིག་ཏུ་འདྲེས། །ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྲུང་དང་། །འཇམ་དཔལ་ཀིང་ཀང་ལྷ་ཚོགས་བདེན་པའི་མཐུས། །ཞིང་བཅུ་ཚང་བ་བསྟན་པ་སྤྱི་ཡི་དགྲ། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །དོ་བསྡོ་ཕོད་བཙུག་བསམ་ངན་སྦྱོར་རྩུབ་བྱེད། །གནོད་པ་བྱེད་ཅིང་གནོད་པ་ཤོམ་པའི་དགྲ། །སྲིད་གསུམ་གང་དུ་གནས་ཀྱང་འདིར་ཁུག་ཅིག །ཅེས་པའི་བདེན་པ་བདར་བ་གསུམ། བདུན། ཉེར་གཅིག་སོགས་སྐབས་དང་སྦྱར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུམ་ཐུམ། མྱོགས་མྱོགས་ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། །ལིང་ཤ །ལིང་ཐུཾ་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་པ་ཉེར་གཅིག་གམ་བདུན་སོགས་བཟླ། ཛཿ ལིངྒ་དགྲ་བོ་དངོས་སུ་གསལ་བ་ཡི། །ལུས་ཀྱི་གཡས་གཡོན་ལྷན་སྐྱེས་ལྷ་དང་བདུད། །ངོ་བོ་ལས་གཤིན་ཀླུ་བདུད་ཀླུ་ཡི་བཙན། །རྣམ་པ་དུག་སྦྲུལ་དཀར་པོ་ནག་པོ་གཉིས། །དཀར་པོས་ཚངས་བུག་ནས་འཇིབ་སྙིང་ཁྲག་དྲངས། །ནག་པོས་གསང་གནས་ནས་འཇིབ་ཁོང་ཁྲག་འཇིབས། །སྦྲུལ་གཉིས་འཛིང་འཐབ་ལུས་ཀྱི་གཡས་གཡོན་འཁྲིལ། །མཇུག་གཉིས་གསང་བར་མགུལ་གཉིས་སྤྱི་བོར་མདུད། །རྣ་བ་གཉིས་ནས་ཁ་གདངས་ལྕེས་ལྡག་འདྲད། །དེ་ཚེ་སྤྱི་བོར་གནམ་ལྕགས་ལས་གྲུབ་པའི། །རྡོ་རྗེ་རྒྱ་གྲམ་ཁ་གདེངས་རབ་རྣོ་བ། །ལས་ཀྱི་རླུང་གིས་ཤུགས་དྲག་འཁོར་བ་ཡིས། །ཀླད་ཁྲག་སྙིང་ཁྲག་དཀྲུགས་པ་སྦྲུལ་གྱིས་འཇིབས། །སྦྲུལ་ཆེན་གཉིས་པོ་ཇེ་ཆེར་སྟོབས་ལྡན་གྱུར། །ཅེས་སྒོམ་བཞིན་པས། སྙིང་པོ་དང་། ཨོཾ་ཀིང་ཀང་ཁ་ཏྲུཾ་ཐུཾ་རིལ་ནྲི་མྱོགས་སྒྲིབས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན༔ བིག་ནན་དགྲ་ཐུཾ་དེ་ཤོ་དེ་ཤཾ་བྱུར་བྲུབས༔ བི་ཤ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབས་ཧྲིང༔ དགྲ་བོ་སཏྭཾ་བྷ་ཡ་རཀྴ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག༔ ཅེས་ཅི་མང་བཟླ། དེ་མཐར། རང་ཉིད་ཀིང་ཀང་ཕུར་ཤམ་ཅན། །དགྲ་བོའི་སྙིང་གར་ཟུག་པ་དང་། །ཕྱག་གཡས་ལྕགས་ཀྱུས་བསྒྲུབ་བྱ་བཀུག །གཡོན་པས་ཐོ་ལུམ་རྐང་ལག་དང་། །མགོ་བོ་རྣམས་ནི་བརྡུང་ཞིང་བཅོམ། །ཀླད་པའི་ནང་དུ་མུན་ནག་གི །གཡུང་དྲུང་གཡོན་འཁོར་ལུས་སེམས་མྱོས། །དེ་ཡིས་སྙིང་དཀྱིལ་རྣམ་ཤེས་གཡོས། །མགོ་འཁོར་ཚོགས་དྲུག་རྒྱུ་བ་འགགས། །དྲན་རིག་རྣམ་ཤེས་འཐུམ་གྱིས་བསད། །ཅེས་བསྒོམ་ལ། ཨོཾ་ཡ་མ་ཀིང་ཀང་ཁ་ཏྲུཾ་ནྲི་མྱོགས་དགྲ་བོ་ཝཱ་ཀ་སཏྭཾ་བྷ་ཡ་ནན། བིག་ནན་དགྲ་ཐུཾ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུཾ་སྤུར་བྲུབས། བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ། དགྲ་སྲི་སཏྭཾ་བྷ་ཡ་རཀྴ་ནན། དྲུན་དྲུན་ལཾ་ལཾ་སཏྭཾ་བྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། ཟ་དགོས་རྡུང་དགོས་རྐུ་དགོས་འཕྲོག་དགོས་ཟེར་བའི་དགྲ་ཇག་ཆོམ་རྐུན་མི་ཁ་གླེང་གཞི་གཏོང་བའི་གནོད་བྱེད་དགྲ་བོ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐཾ། ཞེས་པ་ནི་སྒྲུབ་སྔགས་དངོས་གཞི་སྟེ། བརྒྱ་རྩ་ལ་སོགས་བཟླ། མཆིལ་མ་ཁོང་དུ་མི་གཏོང་། ཐུན་རྫས་ལ་མཆིལ་མ་ཁ་རླངས་མ་སོང་བར་ཕུས་བཏབ་ལ། སྨྱུག་སྦུབ་ནས་གླང་རུའི་ནང་གི་ལིངྒ་ལ་བཏབ་ཅིང་། ࿊ གསད་པ་ནི། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། །ལུས་ཀྱི་སྟེང་དུ་དྲག་པོའི་ཐུན་གྱི་རྫས། །བརྒྱབས་པས་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། ཁོ་ཡི་ཚེ་བསོད་འོད་ཟེར་དམར་པོའི་ཚུལ། །བདག་ལ་ཐིམ་པས་ཚེ་དང་བསོད་ནམས་རྒྱས། །རྣམ་ཤེས་ཨ་ཡིག་འོག་ཕྱོགས་འཇིག་རྟེན་དུ། །རྒྱལ་བའི་ཐུགས་ཀར་ཐིམ་ནས་མངོན་སངས་རྒྱ། །ཕྱི་རོལ་གནམ་ས་གཉིས་པོ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་སྟོང་སྤུ་གྲི་ལྟར་རྣོ་བ། །གཡས་གཡོན་དྲག་ཏུ་འཁོར་བའི་རྩིབས་བར་དུ། །དགྲ་བགེགས་གནོད་བྱེད་ཧྲུག་ཧྲུག་མྱག་མྱག་གཏུབས། །ཤ་ཁྲག་ཕུང་པོ་དམར་ཉིལ་སོང་བར་གྱུར། །སྙིང་པོ་དང་། གོང་གི་སྔགས་རིང་ཤམ་དུ། དགྲ་བོ་ཐམས་ཅད་མཱ་ར་ཡ་རྦད་ནན་སོད། ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཅེས་བཏགས་པ་བཟླ་ཞིང་། མཐར་བདག་མདུན་གྱི་ཐུགས་འོད་ཀྱིས་དེ་རྣམས་ཐམས་ཅད་ལིངྒ་ལ་ཐིམ་ཞིང་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་པས། ཐལ་མོ་བརྡབ་ཅིང་། ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་མེ་ལྟར་འབར་ཞིང་ཆུ་ལྟར་དུ་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་རླུང་ལྟར་དུ་གཡོ་ཞིང་ས་ལྟར་དུ་ལྕི་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངོ་ལ་གདོང་ཐུག་བྱེད་ཅིང་ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གསོད་ཤོམ་རྐུ་ཤོམ་འཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟས་ནོར་ལ་གོད་ཁ་དང་བསམ་པ་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྔ་དགྲ་ལག་ཏུ་བདར་པ་ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་ཐད་དུ་ལངས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །མཱ་ར་ཡ་རྦད་ནན་སོད་ཅིག །བསྐལ་པ་སྟོངས་ཀྱི་བར་དུ་མ་གཏང་ཞིག །མཱ་ར་ཡ་རྦད་ནན་སོད། ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཅེས་ལན་གསུམ་གྱིས་དམོད་བཅོལ་བྱ་འོ། ࿊ །དེ་ནས་ལིང་ཆུང་ཐུན་གཏོར་དུ་བླུགས་ལ་བཤམས་པ་བྲན་ནས་དམིགས་བྱ་འགུགས་གཞུག་གིས་བསྟིམས་ལ། འབྲུ་གསུམ་གྱིས་བརླབ། ཨེ། དྲག་པོའི་ཐུན་དང་འཁོར་ལོས་གཏུབས་པ་ཡི། །དགྲ་བགེགས་ཤ་ཁྲག་རུས་པ་དོན་སྙིང་རྣམས། །དྲག་པོའི་གཏོར་སྣོད་སྟོང་གསུམ་མཉམ་པའི་ནང་། །ཕྱུར་བུར་བཀང་ནས་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་སརྦ་བིགྷྣཾན་ཤ་ཏྲཱུཾ་མཱ་ར་ཡ་མ་ཧཱ་མཱཾ་ས་ལ་ཁ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། ཀིཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་བ་ལིནྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའི་སྔགས་བསྔོས་གསུམ་གྱིས་ཕུལ་ལ། འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་ནག་གི་ལྷ་ཚོགས་འཁོར་དང་བཅས་པས་ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་རྐུན་ཇག་གསུམ། དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་ཞི་བ་དང་། ཟློག་པ་དང་། བསྐྲད་པ་དང་། གནན་པ་དང་། བཅིང་བ་དང་། གཏན་ནས་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་དང་། ཧཱུྃ། ཀིང་ཀང་དམར་ནག་ཡབ་ཡུམ་གོ་ཆའི་ལྷ། །རིགས་བཞི་ཡབ་ཡུམ་ཕྱོགས་སྐྱོང་གཤིན་རྗེ་བཅུ། །བདུད་རྩི་འཁྱིལ་པ་མ་ཧཱ་བ་ལ་བཅུ། །སྒོ་འཛིན་གིང་བདུད་རྩིས་ཤན་བཞི་བཞིའི་ཚོགས། །གཤིན་རྗེ་མ་མོ་བདུད་བཙན་མ་མགོན་གཉིས། །གཟའ་ཀླུ་པེ་གཙང་རྒྱལ་ཆེན་ཕྱོགས་སྐྱོང་བཅས། །འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས། །སྐུ་མདོག་ཆ་ལུགས་རྫུ་འཕྲུལ་ཅིར་ཡང་སྟོན། །གྲངས་མེད་ནམ་མཁའ་ཁྱབ་པར་རྒྱུག་པ་རྣམས། །མགྱོགས་པའི་ཆིབས་ལྡན་སྲ་བའི་གོ་ཆ་གྱོན། །རྣོ་བའི་མཚོན་ཐོགས་གདུག་པའི་ང་རོ་སྒྲོག །གནག་པའི་སེམས་འཆང་དགྲ་འཇོམས་ཚོགས་ལ་བསྟོད། །སྨན་རཀ་གཏོར་ཚོགས་ཕྱི་ནང་གསང་མཆོད་འབུལ། །ཐུགས་དམ་སྐོང་བའི་དམ་རྫས་དགྱེས་པར་བཞེས། །བསྟན་པ་གཉན་སྲུངས་དཀོན་མཆོག་དབུ་འཕང་སྟོད། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཀུན་སོལ་ཅི་འདོད་སྒྲུབས། །སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས། །གང་ན་འདུག་ཀྱང་ཐལ་བའི་རྡུལ་བཞིན་རློགས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཟློག་པ་ནི། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློགས། །བྱད་ཟོར་ཕུར་ཁ་སྟོན་པ་ཟློགས། །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློགས། །རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་གདུག་རྩུབ༴ ཧོམ་དང་བྱད་དུ་བཅུག་པ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་སྒུག་ཕྱི་ནས་འདེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་རིམས་སྣ་ཡམས་སྣ༴ དགྲ་སྲི་རྨིས་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་སྡང་བའི་དགྲ་བགེགས་རྣམས། །སྡང་བྱེད་དགྲ་བོའི་སྟེང་དུ་ཟློགས། །གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས། །ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ། །དམ་ཉམས་བྱད་མའི་སྟེང་དུ་བྷྱོཿ སྙིང་པོའི་མཐར། ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །རཱ་ཙ་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུཾ་ཏྲི་རཀྴ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་དང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །བྷྱོ་ཟློག་ཅིག །ཅེས་ཟློག་པ་རྒྱུན་འཁྱེར་རོ། །དེ་ནས་ཐུན་གཏོར་དེ་འཕང་བ་ནི། ཨེ། རང་ཉིད་དཔལ་ཆེན་གཤིན་རྗེ་གཤེད་པོ་ཡི། །ཕྱག་གཡས་རལ་གྲི་བརྒྱབས་པས་ས་གཞི་གས། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཨ་ཝ་གླང་གི་མགོ །གནམ་ས་ཙམ་གྱི་ཞལ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་རྣམས། །ཐམས་ཅད་དེད་ནས་ལས་གཤིན་ཞལ་དུ་བླུག །བྷྱོ། ཉི་མ་ལྷོ་ཕྱོགས་ཕ་གི་ན། །རིམ་པ་བདུན་གྱི་ས་འོག་ནས། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་ཀོང་ཟོར་ཐོགས། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་བཟློགས་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད། །ཡ་མཱ་ར་ཛ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། གཏོར་མ་དགྲ་བོ་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་རབ་ཏུ་མཉེས། ཁ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །དེ་སྟེང་རྒྱ་མཚོ་གསེར་གྱི་ས་གཞི་ཆགས། །དེ་སྟེང་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །རི་རབ་སྟེང་དུ་འཇམ་དཔལ་ལྷ་ཚོགས་དང་། །གླིང་བཞི་རྒྱལ་ཆེན་བཞི་པོ་དཔུང་དང་བཅས། །སྣང་སྲིད་སྡེ་བརྒྱད་ཀུན་གྱིས་མནན་པར་གྱུར། །ཀིང་ཀང་གི་སྔགས་རིང་གི་མཇུག་ཏུ། གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་བོ་ས་ཡི་ཁམས་སུཾ་ནན། མེའི་ཁམས་རཾ་ནན། ཆུའི་ཁམས་བཾ་ནན། རླུང་གི་ཁམས་ཡཾ་ནན། ནམ་མཁའི་ཁམས་ཨེ་ནན། རྣམ་པར་ཤེས་པའི་ཁམས་སཏྭཾ་བྷ་ཡ་ནན། ཞེས་བཟླས་ལ། ཐུན་གཏོར་འཕང་བར་བྱའོ། །ཉེར་བསྡུ་ནི། སྣོད་བཅུད་འོད་ཞུ་སྲུང་བའི་གུར་ལ་ཐིམ། །དེ་ཞུ་འཁོར་ཐིམ་འཁོར་ཡང་བདག་མདུན་ཐིམ། །བདག་ཉིད་ཧཱུྃ་ཐིམ་ཧཱུྃ་ཡང་གྱེན་རྫོགས་ཡལ། །ད་ལྟའི་རིག་པ་ཟང་ཐལ་སྐད་ཅིག་མ། །གང་གིས་མ་རིག་གང་དུའང་གྲུབ་མ་མྱོང་། །འགྱུ་བ་དྭངས་སངས་ཤར་ཐིམ་རང་དག་ལ། །འོད་གསལ་སྟོང་པ་གཞི་དབྱིངས་ཀུན་བཟང་དངོས། །འདི་ལས་གཞན་ན་ཆོས་སྐུ་བསྒྲུབ་རེ་ཀན། །འདི་ལྟར་འཇམ་དབྱངས་བསྐྱེད་རྫོགས་བསྒོམས་པའི་མཐུས། །ཚེ་འདིར་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་། །ཕྱི་མ་བཅོམ་ལྡན་འཇམ་དབྱངས་ཉིད་གྲུབ་ནས། །དོན་གཉིས་ལྷུན་གྲུབ་སངས་རྒྱས་ཐོབ་གྱུར་ཅིག །ཅེས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་ཞོར་སྒྲུབ་གླང་རུ་མའི་རྒྱུན་ཁྱེར་གྱི་རྣལ་འབྱོར་ཟབ་གསང་གནད་དྲིལ་འདི་ཡང་། རང་ཉིད་ཀྱིས་རྒྱུན་གྱི་ཉམས་ལེན་གྱི་ཆེད་དུ་ལྷ་མཆོག་འདི་ཉིད་ཀྱི་གསང་དོན་སྨྲ་བའི་རྒྱལ་ཁམས་པ་ཚེ་དབང་ཀུན་ཁྱབ་ཀྱིས་སྨྲས་པ་ཀལྱཱ་ཎཾ་བྷ་ཝནྟུ།། །།

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་ཀུན་འདུས་ལས༔ ཡོངས་རྫོགས་བཀའ་རྒྱ་གདམས་གཏད་ (Volume 16, Text 30)

རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་ཀུན་འདུས་ལས༔ ཡོངས་རྫོགས་བཀའ་རྒྱ་གདམས་གཏད་བཞུགས༔ བཀའ་འདུས་རྩ་བའི་སྙིང་ཏིག་གོ །ྈྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ རྫོགས་པ་ཆེན་པོ་བཀའ་འདུས་ཀྱི༔ རྩ་སྒྲུབ་སྙིང་པོ་ཀུན་འདུས་ལས༔ ཡོངས་རྫོགས་བཀའ་རྒྱ་གདམས་གཏད་བསྟན༔ བརྒྱུད་པ་འཛིན་ངེས་སློབ་མ་ནི༔ ཐེག་པ་ཀུན་ལ་མ་རྨོངས་ཤིང༔ བསྐྱེད་རྫོགས་དྲོད་ཐོབ་མན་ངག་ལྡན༔ ཆོས་དང་རིགས་ཀྱི་གདུང་འཛིན་ཅིང༔ བསྟན་པའི་སྲོག་ཏུ་གྱུར་པ་ཉིད༔ བསྟན་པའི་བདག་པོར་མངའ་གསོལ་ཕྱིར༔ རྒྱུད་ལུང་མན་ངག་དཀྱིལ་འཁོར་བཞེངས༔ སྐུ་ཡི་ཆས་དང་སྒྲུབ་པའི་ཆས༔ དབང་གི་རྫས་རྣམས་རྒྱས་པར་བཤམ༔ སྒྲུབ་ཅིང་མཆོད་པ་རྒྱ་ཆེར་འབུལ༔ སྐུ་གླུད་བཤམས་ཤིང་འཆི་བསླུ་བཏང༔ སློབ་མར་གཏོགས་ཚད་ཐམས་ཅད་འཚོགས༔ བུ་མོ་གཙང་མ་རྒྱན་ལྡན་གྱིས༔ སློབ་མ་རྣམས་ལ་ཁྲུས་བྱ་ཞིང༔ ཧཱུྃ༔ གསང་བའི་ཡུམ་བཞི་དབྱིངས་ནས་བཞེངས༔ རྡོ་རྗེ་བདུད་རྩིའི་ཆུ་བཟང་པོ༔ གཏོར་ཞིང་བླུགས་པའི་རང་བཞིན་གྱིས༔ ཉེས་པའི་ཚོགས་རྣམས་དག་པར་མཛོད༔ ཁྲོ་བོ་གིང་ཆེན་སྟངས་སྟབས་ཀྱིས༔ བགེགས་རྣམས་མ་ལུས་བསྐྲད་པར་བྱ༔ མི་ཤིགས་རྡོ་རྗེའི་གོ་བགོས་ནས༔ སློབ་མས་གསེར་གྱི་མཎྜལ་ཕུལ༔ ཧོ༔ རྒྱལ་བའི་ཡབ་གཅིག་དགོངས་སུ་གསོལ༔ རྒྱལ་བའི་སྲས་པོ་བདག་ཉིད་ནི༔ འགྲོ་བ་རྣམས་ཀྱི་དོན་ཆེད་དུ༔ འཁོར་ལོས་སྒྱུར་བ་ཉིད་དུ་མཛོད༔ རྒྱལ་པོས་དེ་ལ་བཀའ་བསྩལ་པ༔ ཧཱུྃ༔ རྒྱལ་བའི་སྲས་རྣམས་གསན་དུ་གསོལ༔ རྡོ་རྗེ་རྒྱལ་པོ་བདག་ཉིད་ཀྱི༔ གདུང་དང་གྲུབ་མཐའ་ཀུན་འཛིན་ཅིང༔ རེ་དང་དོགས་པ་ཀུན་སྤངས་ནས༔ ལྟ་བའི་རྒྱལ་པོའི་དོན་ལ་བསྒོམ༔ རང་དོན་འཁྲི་བ་ཀུན་སྤངས་ནས༔ རྟག་ཏུ་གཞན་དོན་བརྩོན་པར་གྱིས༔ དེ་ནས་སློབ་མས་ལན་གསོལ་པ༔ བདག་ཅག་ཁྱེད་ཀྱི་བརྒྱུད་འཛིན་ཅིང༔ འགྱུར་བ་མེད་པའི་གྲུབ་མཐའ་བཟུང༔ རང་དོན་ཡིད་བྱེད་ཀུན་བྲལ་བས༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔ མི་འབྲལ་རྟག་ཏུ་གོམས་བྱས་ནས༔ རྒྱལ་སྲས་སྤྱོད་པ་རྒྱ་ཆེར་བསླབ༔ དེ་ནས་རྒྱུད་ཀྱི་དཀྱིལ་འཁོར་དབུས༔ ཁྲི་ཡི་སྟེང་དུ་སློབ་མ་བཞག༔ འཁོར་ལོས་སྒྱུར་བའི་ཆས་སུ་བཞུགས༔ རྣམ་རྒྱལ་བུམ་པས་བཀྲ་ཤིས་གསོལ༔ རིགས་ལྔའི་ཡུམ་གྱིས་དབང་བསྐུར་ཏེ༔ རིན་ཆེན་ཅོད་པན་སྤྱི་བོར་བཅིང༔ དཀྱིལ་འཁོར་བདག་པོ་ཉིད་དུ་བསྒོམ༔ སློབ་དཔོན་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཞིང༔ མི་འབྲལ་འགྲོགས་པའི་རིག་མ་གཏད༔ རིག་པ་རྩལ་མཆོག་ངོ་སྤྲད་དོ༔ ཧཱུྃ༔ རྒྱལ་པོ་མཆོག་ཏུ་མངའ་གསོལ་ཕྱིར༔ རྣམ་པར་རྒྱལ་བའི་བུམ་པ་རུ༔ བདེ་གཤེགས་རྒྱལ་བའི་ཆུ་བོ་འཁྱིལ༔ དབང་གི་ཆུ་བོས་ཉེས་པ་བཀྲུ༔ ཧཱུྃ༔ དར་དང་རིན་པོ་ཆེ་ཡི་རྒྱན༔ ཡེ་ཤེས་སྣང་བ་ལས་གྲུབ་པ༔ རུས་པའི་རྒྱན་དང་བཅས་པ་རྣམས༔ རྒྱལ་པོ་ཁྱོད་ལ་གསོལ་བར་བགྱི༔ ཧཱུྃ༔ མི་འཇིགས་སེང་གེས་བཏེགས་པའི་ཁྲི༔ དྲི་མེད་པདྨ་འདབ་སྟོང་བརྡལ༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་ལ༔ རྒྱལ་པོ་ཁྱོད་ཉིད་བཞག་པར་བྱ༔ ཧཱུྃ༔ ཇི་ལྟར་འཁོར་ལོས་སྒྱུར་རྣམས་ཀྱི༔ སྤྱི་བོར་རིན་ཆེན་སྲོག་ཞུ་འབར༔ དེ་རིང་ཀུན་ལ་དབང་སྒྱུར་ཕྱིར༔ ཏོག་ཏུ་འབར་བས་མངའ་གསོལ་ལོ༔ ཧཱུྃ༔ འཁོར་ལོས་སྒྱུར་རྒྱལ་འབྱུང་བའི་ཚེ༔ འཁོར་ལོ་རྩིབས་སྟོང་འབར་བ་ཞིག༔ རྒྱལ་པོའི་ཕྱག་ཏུ་འབབ་པ་བཞིན༔ རྡོ་རྗེ་དྲིལ་བུས་མངའ་གསོལ་ལོ༔ ཧཱུྃ༔ འཁོར་ལོས་སྒྱུར་བ་དེ་ཉིད་ཀྱི༔ མཚན་ནི་རྣམ་པར་གྲགས་པ་ཡིས༔ སྐྱེ་རྒུ་ཐམས་ཅད་དབུགས་འབྱིན་པའི༔ ལུང་བསྟན་རྡོ་རྗེ་དཔལ་དང་རྩལ༔ མཚན་གྱི་ཡོངས་སུ་མངའ་གསོལ་ལོ༔ ཧཱུྃ༔ རྒྱལ་བ་རྣམས་ཀྱི་གདུང་འཛིན་པ༔ རྒྱལ་རྣམས་མ་ལུས་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱིས་མངའ་གསོལ་བས༔ རིགས་ཀྱི་སྲས་སུ་གྱུར་པས་ན༔ འཁོར་ལོས་སྒྱུར་བ་ཅི་དབང་བ༔ དེ་ཉིད་ཁྱོད་ལ་དབང་བར་འགྱུར༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས༔ འཕེལ་ཕྱིར་བཙུན་མོ་དམ་པ་བཞིན༔ རིག་མ་རྣམས་ཀྱིས་མངའ་གསོལ་བས༔ འགྲོ་དོན་མཛད་པ་རྒྱལ་བའི་སྲས༔ ཆད་པ་མེད་པར་འབྱུང་བར་ཤོག༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་་ལ༔ ཡིད་བཞིན་ནོར་བུ་མངའ་བས་ན༔ མི་ཟད་གཏེར་གྱི་ལོངས་སྤྱོད་ལྡན༔ དྲི་མེད་སེམས་འདི་ཡིད་བཞིན་ནོར༔ ཟུང་འཇུག་འོད་གསལ་མངོན་གྱུར་པས༔ ཐམས་ཅད་མ་ལུས་ལྷུན་གྱིས་གྲུབ༔ དེ་ནས་དུར་ཁྲོད་དཔལ་ཆས་གསོལ༔ ལུང་གི་དཀྱིལ་འཁོར་སྟེང་དུ་བཞག༔ དཔལ་ཆེན་ཧེ་རུ་ཀར་བསྒོམས་ནས༔ སྒྲུབ་པའི་རྫས་རྣམས་མ་ལུས་སྦྱིན༔ ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་ན༔ དེ་ལ་རྒྱལ་སྲིད་ཐམས་ཅད་གཏད་པར་བྱ༔ སྒྲུབ་སྡེ་དགུ་ཡི་སྒྲུབ་རྫས་ཐམས་ཅད་དང༔ རྡོ་རྗེ་ཚེ་དང་བདུད་རྩི་སྨན་གྱི་ཚོགས༔ སྨན་རག་གཏོར་གསུམ་ཕྱི་ནང་གསང་མཆོད་སྤྲིན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྟེན༔ མདའ་དར་མེ་ལོང་ཕུར་པ་རལ་གྲི་དང༔ ཚོན་སྐུད་དྲྭ་བ་འཕན་གདུགས་རྒྱལ་མཚན་དང༔ རྒྱན་ཕྲེང་ཕུར་བུ་སྟག་གཟིགས་སྒབ་སྐོར་དང༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང༔ ཐོད་རྔ་རྐང་གླིང་གར་དང་སྟངས་སྟབས་ཆས༔ གསང་ཡུམ་རྒྱལ་ཚབ་ལས་བྱེད་སྒྲོལ་གིང་དང༔ མཚམས་པ་བྱན་པོ་རྡུལ་ཕྱག་ལ་སོགས་ཀྱིས༔ བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་མངའ་གསོལ་ལོ༔ ཧཱུྃ༔ ཞི་རྒྱས་དབང་དྲག་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ལས་བཞིའི་ཐབ་དང་དགང་གཟར་བསྲེག་པའི་རྫས༔ སྲུང་ཟློག་བསད་པའི་ལས་རྣམས་བསྒྲུབ་པའི་ཕྱིར༔ ཀུན་ཐུབ་འཁོར་ལོ་རཀྴའི་ཕྲེང་བ་དང༔ དུག་ཁྲག་རྭ་སྲུང་སྲུང་བའི་གོ་ཆ་བཅས༔ ཞྭ་ནག་གོས་ནག་མདོས་ཟོར་ཟློག་པའི་སྒྱོགས༔ ཕུར་བུ་རལ་གྲི་མཚོན་ཆ་བསད་པའི་རྫས༔ བཀྲ་ཤིས་བུམ་པ་རབ་ཏུ་གནས་པའི་ཆས༔ ཐིག་སྐུད་ཚོན་སྣ་དཀྱིལ་འཁོར་འབྲི་བའི་རྫས༔ ལས་རྣམས་མ་ལུས་སྒྲུབ་པར་མངའ་གསོལ་ལོ༔ ཧཱུྃ༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང༔ ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་དང༔ མ་ཧཱ་ཨ་ནུ་ཨ་ཏི་ཐེག་པ་ཡི༔ མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་བཅས༔ རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྟན་པའི་ཆོས༔ ཐམས་ཅད་མ་ལུས་ཐོས་བསམ་སྒོམ་པ་དང༔ དབང་པོར་འཚམ་པ་རྣམས་ལ་སྟོན་པའི་ཕྱིར༔ དམ་ཆོས་གླེགས་བམ་རྣམས་ཀྱིས་མངའ་གསོལ་ལོ༔ ཧཱུྃ༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ རྒྱལ་བའི་གསུང་རྣམས་མ་ལུས་གཅིག་ཏུ་བསྡུས༔ དེ་དག་ཐམས་ཅད་བསྐྱེད་རྫོགས་གསུམ་དུ་འདུས༔ དེ་དག་རྩ་བའི་སྒྲུབ་པ་སྙིང་པོ་འདི༔ ཁྱོད་ལ་གཏད་པས་རང་དོན་ཉམས་སུ་ལོངས༔ གཞན་ལ་རྒྱ་ཆེར་སྤེལ་བའི་དབང་ཐོབ་བོ༔ དེ་ནས་སློབ་མ་ཐེག་པ་དགུ་ཡི་ཆས༔ གསང་གོས་ཕོད་ཀ་སྐུ་རེག་དང༔ ཆོས་གོས་རྣམ་གསུམ་གསོལ་ནས་སུ༔ མན་ངག་དཀྱིལ་འཁོར་སྟེང་དུ་བཞག༔ ཡོངས་རྫོགས་ཐོད་ཕྲེང་རྩལ་དུ་བསྒོམ༔ པདྨའི་ཞྭ་དང་བེར་ཕྱམ་བཀོན༔ མན་ངག་པོ་ཏི་ཕྲེང་བ་གཏད༔ གདུགས་ཕུབ་འཕན་དང་རྒྱལ་མཚན་ཕྱར༔ མཆོད་རྫས་རྣམས་ཀྱིས་མདུན་བདར་ཞིང༔ སློབ་མ་རྣམས་ཀྱིས་མཐའ་ནས་བསྐོར༔ ལྟ་བའི་རྒྱལ་པོའི་ངང་དུ་གནས༔ ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་རིག་པའི་རྩལ༔ འཁོར་འདས་ཐམས་ཅད་ལོགས་ན་གྲུབ་པ་མེད༔ ངོ་བོ་ཀ་དག་ཁྲེགས་ཆོད་བློ་ལས་འདས༔ རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཤར༔ ཐུགས་རྗེ་སྣ་ཚོགས་འགྲོ་དོན་ལྷུན་གྱིས་གྲུབ༔ སྒྲིབ་གཉིས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ ས་དང་ལམ་གྱི་ཡོན་ཏན་གཅིག་ཏུ་རྫོགས༔ རྒྱུད་ལུང་མན་ངག་ཀུན་གྱི་བདག་པོར་གྱུར༔ མདོ་སྔགས་གཉིས་ཀྱི་བསྟན་པའི་དཔལ་དུ་ཤར༔ མཁའ་ཁྱབ་འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས༔ རྒྱལ་བའི་བསྟན་འཛིན་རྣམས་ཀྱི་དཔུང་གཉེན་དུ༔ བསྟན་པའི་སྒྲོན་མེ་ཆེན་པོར་མངའ་གསོལ་ལོ༔ རྒྱལ་བའི་ཞལ་ནས་གསུངས་པའི་ཤིས་བརྗོད་དང༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཟླས༔ མེ་ཏོག་འཐོར་ཞིང་རོལ་མོ་འཁྲོལ༔ དེ་ནས་བཟའ་བཏུང་རྒྱ་ཆེར་བཤམ༔ ཚོགས་ཀྱི་འདུ་བ་བཟང་པོ་ཡིས༔ བདེ་ཆེན་གསང་བ་ཚོགས་ཀྱི་གར༔ རྒྱུད་ལས་གསུངས་པའི་གླུ་དང་བྲོ༔ འདུས་ཚོགས་རྣམས་ལ་སྟོན་མོ་སོགས༔ དགའ་སྟོན་རྩེ་འཇོ་གཟབ་མར་བྱ༔ ཨེ་མ་ཧོ༔ དེ་ལྟར་བཀའ་རྒྱ་གདམས་གཏད་འདི༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་དང༔ ཆོས་རྒྱལ་ཡབ་སྲས་བཻ་རོ་སོགས༔ ཀུན་གྱིས་གུ་རུ་རྗེ་ལ་ཞུས༔ བདག་ཅག་རྣམས་ལ་མངའ་གསོལ་ནས༔ གུ་རུ་རྗེ་ཡིས་འདི་སྐད་གདམས༔ སྤྱིར་ནི་རྒྱལ་བའི་གསུང་རབ་མ་ལུས་དང༔ ཁྱད་པར་གུ་རུ་ངས་བསྟན་དམ་པའི་ཆོས༔ གཅིག་ཏུ་འདུས་པ་རྩ་བའི་སྒྲུབ་པ་དང༔ རྒྱལ་ཐབས་སྤྱི་བླུགས་བཀའ་རྒྱ་གདམས་གཏད་འདི༔ ད་ལྟའི་ཁྱད་འཕགས་རྗེ་འབངས་ཁྱེད་རྣམས་དང༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཏུ་བསྟན༔ སྣོད་དང་མི་ལྡན་རྣམས་ཀྱི་བློར་མི་ཤོང༔ སྐལ་བ་མེད་པ་རྣམས་ཀྱིས་རེ་དོགས་བྱེད༔ ཐེ་ཚོམ་ཅན་རྣམས་འདི་ཡི་དབང་སྐལ་མེད༔ རྨོངས་ན་དབང་ཐང་ཆེ་ཡང་སྐལ་པ་མེད༔ མཁས་ཀྱང་དྲོད་ཚད་མེད་ན་དབང་སྐལ་མེད༔ གྲུབ་ཀྱང་གཞན་གྱིས་མི་བཀུར་དབང་སྐལ་མེད༔ དེ་ཕྱིར་མཁས་ཤིང་གྲུབ་ལ་ཀུན་གྱིས་བཀུར༔ འགྲོ་དོན་རྒྱ་ཆེར་མཛད་ལ་འདི་ཉིད་གདམས༔ དེ་ཕྱིར་ཀུན་ལ་མ་ཡིན་ས་མ་ཡ༔ འཇིག་རྟེན་རེ་ལ་འཁོར་ལོས་སྒྱུར་རྒྱལ་རེ༔ ཐམས་ཅད་ཡིན་ན་གཙོ་བོ་སུ་ལ་བྱེད༔ བསྟན་པ་འཛིན་པའི་རྒྱལ་པོ་མ་བསྐོས་ན༔ གསང་སྔགས་བསྟན་པ་རྒྱ་ཆེར་མི་འཕེལ་བས༔ དེ་ཕྱིར་སྤེལ་མ་དྲགས་ལ་བསྡམས་མ་དྲགས༔ གཡོ་སྒྱུ་ཐོ་ཅོ་ཅན་ལ་བཀའ་རྒྱ་ཡོད༔ ནོར་མེད་སེར་སྣ་ཅན་ལ་བཀའ་རྒྱ་ཡོད༔ ཀུན་ལ་མི་མཐུན་པ་ལ་བཀའ་རྒྱ་ཡོད༔ གསར་ངས་འགྱུར་སླ་ཅན་ལ་བཀའ་རྒྱ་ཡོད༔ མ་མཁས་མ་གྲུབ་པ་ལ་བཀའ་རྒྱ་ཡོད༔ ཤེས་ཆུང་རང་འདོད་ཅན་ལ་བཀའ་རྒྱ་ཡོད༔ ཕྲག་དོག་ཟུར་ཟ་ཅན་ལ་བཀའ་རྒྱ་ཡོད༔ རང་ལ་གཅེས་འཛིན་བྱེད་ལ་བཀའ་རྒྱ་ཡོད༔ གཞན་ཕན་མི་སྒྲུབ་པ་ལ་བཀའ་རྒྱ་ཡོད༔ སློབ་དཔོན་མི་ཁུར་བ་ལ་བཀའ་རྒྱ་ཡོད༔ བླ་མའི་བཀའ་མི་སྒྲུབ་ལ་བཀའ་རྒྱ་ཡོད༔ བསྟན་པ་མི་སྐྱོང་བ་ལ་བཀའ་རྒྱ་ཡོད༔ གྲུབ་མཐའ་མི་བཟུང་བ་ལ་བཀའ་རྒྱ་ཡོད༔ བཤད་སྒྲུབ་མི་ནུས་པ་ལ་བཀའ་རྒྱ་ཡོད༔ སྙོམས་ལས་ལེ་ལོ་ཅན་ལ་བཀའ་རྒྱ་ཡོད༔ དམན་སེམས་ཞུམ་པ་རྣམས་ལ་བཀའ་རྒྱ་ཡོད༔ ཟུར་དང་རྐྱེན་ངན་མང་ལ་བཀའ་རྒྱ་ཡོད༔ དེ་དག་རྣམས་ལ་རྒྱལ་པོར་མི་འོས་སོ༔ ཤེས་རབ་སྙིང་རྗེ་ཆེ་ལ་འདི་སྤེལ་ལོ༔ སྒོམ་སྒྲུབ་བརྩོན་འགྲུས་ཅན་ལ་འདི་སྤེལ་ལོ༔ ཀུན་ལ་མཐུན་པ་རྣམས་ལ་འདི་སྤེལ་ལོ༔ ཉམས་ལེན་དྲོད་ཚད་ལྡན་ལ་འདི་སྤེལ་ལོ༔ མདོ་རྒྱུད་མཁྱེན་པ་རྒྱས་ལ་འདི་སྤེལ་ལོ༔ བསྙེན་སྒྲུབ་ཕྱག་ལེན་མཁས་ལ་འདི་སྤེལ་ལོ༔ དོན་སྒྲུབ་ཕྱི་བཤོལ་མེད་ལ་འདི་སྤེལ་ལོ༔ ཁོག་ཡངས་ངང་རྒྱུད་བཟང་ལ་འདི་སྤེལ་ལོ༔ ལོངས་སྤྱོད་གཏོང་ཕོད་ཅན་ལ་འདི་སྤེལ་ལོ༔ བླ་མའི་བཀའ་བཞིན་སྒྲུབ་ལ་འདི་སྤེལ་ལོ༔ དམ་ཚིག་ཚུལ་བཞིན་སྲུང་ལ་འདི་སྤེལ་ལོ༔ རྟག་ཏུ་སྒྲུབ་པར་བརྩོན་ལ་འདི་སྤེལ་ལོ༔ ཕྱོགས་མེད་འགྲོ་དོན་སྐྱོང་ལ་འདི་སྤེལ་ལོ༔ བསོད་ནམས་བཀྲ་ཤིས་ལྡན་ལ་འདི་སྤེལ་ལོ༔ དེ་ཕྱིར་སྤང་བླང་ཞིབ་ལ་ཚུལ་བཞིན་སྤྱོད༔ འདི་ཐོབ་པདྨ་བདག་གི་སྲས་སུ་ངེས༔ ཕྱིར་མི་ལྡོག་ཅིང་འགྲོ་དོན་ངང་གིས་འཕེལ༔ དེ་ཕྱིར་བཀྲ་ཤིས་བྱིན་ཆགས་ནམ་མཁའ་མཛོད༔ དཔལ་རྣམས་འདུས་པ་གཡུ་ཡི་བྲག་ལ་སྦོས༔ མ་འོངས་ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་མཐའ༔ འགྲོ་བའི་དཔལ་མགོན་འབྱུང་གིས་དེ་ལ་འཕྲད༔ ད་ལྟའི་རྗེ་འབངས་རིགས་དང་ཆོས་ཀྱི་སྲས༔ སྐལ་ལྡན་རྒྱལ་པོ་རྣམས་ལ་འདི་བསྐུར་བས༔ གསང་སྔགས་བསྟན་པ་མི་ཉམས་རྒྱ་ཆེར་འཕེལ༔ དེ་ཕྱིར་ཡལ་བར་མ་དོར་ས་མ་ཡ༔ ཞེས་གསུངས་བཀའ་རྒྱས་བསྡམས་པ་ལྟར༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་ཅན་བུ་ དང་འཕྲད་ནས་ཀྱང༔ བསྟན་པའི་བཙས་སུ་འབྱུང་བར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཁ་ཐཾ་གུ་ཧྱ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈྈ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབར་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གླེགས་བམ་གྱི་ངོས་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།འདི་དག་གི་ཆོས་སྐོར་ཚན་པ་བརྒྱད་པོ་རྣམས་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་ཡོད་དོ་ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།

འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ (Volume 47, Text 30)

༄༅། །འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ་ཤེལ་དཀར་བུམ་པའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། བྱིན་རླབས་ཟླ་ཟེར་ཐིགས་པ་ལྷུང་བའི་མོད། །སྡིག་ལྟུང་གྲིབ་ཀྱི་མུན་རུམ་རྒྱ་དྲལ་ནས། །ཕན་བདེའི་ཀུ་མུད་དགའ་ཚལ་རྒྱས་མཛད་པ། །རྩ་བ་གསུམ་ལ་འདུད་དོ་བྱིན་རླབས་སྩོལ། །རྐང་གཉིས་འགྲོ་བའི་གསོས་སྨན་ཏེ། ཁྱད་པར་སྙིགས་དུས་གྲིབ་མ་ལ། །འཕྲད་ཆོག་བློ་བདེའི་གདམས་ཟབ་ཉིད། །མདོ་རྒྱས་འཚམ་པའི་ཆོ་ག་བཀོད། །དགོངས་འདུས་རྣམ་གསུམ་གཙོར་བྱས་གཏེར་གཞུང་རྣམས་སུ་གྲིབ་སེལ་གྱི་ཆོ་ག་རྒྱས་བསྡུས་མང་དུ་འབྱུང་ཡང་ཆེས་ཟབ་པའི་གནད་འདུས་ཤིང་ལག་ལེན་བདེ་བ་ནི་འདི་ཡིན་ཏེ། དེ་ལ་གསུམ། གང་ལ་བྱ་བའི་ཡུལ། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་ཐོག་མེད་ནས་སྡིག་སྒྲིབ་ཉེས་ལྟུང་དང་ད་ལྟའི་དམ་ཚིག་ཆག་ཉམས་སོགས་ལ་བརྟེན། རྐྱེན་མཁའ་འགྲོའི་བཀའ་ཆད་སྲུང་མའི་འཁུ་ལྡོག་དང་། ཕལ་པ་ལའང་གདོན་གསུམ་གྱིས་བསྐྱེད་དེ། རྟགས་སྒོ་གསུམ་ལ་མི་འདོད་པ་བྱིང་རྨུགས་འཐིབ་གསུམ་དང་། ཁམས་ཉོག་ཅིང་སྙིང་མི་དགའ། སེམས་རྩིང་ཞིང་ཀུན་གྱིས་གཤེ །གཉིད་ཡེར་ཞིང་བསམ་པ་མི་འགྲུབ་པ་ལ་སོགས་པ་གྲིབ་ཀྱི་རིགས་མཐའ་དག་འབྱུང་སྟེ། དེ་ལ་དབྱེ་ན་དྲུག །སྡོམ་པ་དམ་ཚིག་ཉམས་ཤིང་སེམས་ཅན་ལ་གནོད་འཚེ་བྱས་པ་ལས་བྱུང་བའི་དམ་གྲིབ། འབྱུང་པོ་མ་རུངས་པའི་གནས་རྟེན་དང་འདྲིས་ཤིང་དེ་དག་བརྟེན་པའམ། དམ་མེད་གདོན་ཅན་གྱི་རིགས་ལ་དབང་དང་བྱིན་རླབས་བྱས་པ། ས་རྐོ་རྡོ་རློག །གློ་བུར་སྐྲག་དངངས། རྟེན་དང་རྫས་འདྲེ་ཅན་འཆང་བའི་གདོན་གྲིབ། དམ་ཉམས་སྡོམ་ཤོར་ངོ་ཚ་ཁྲེལ་མེད་དང་འགྲོགས་པ་དང་། དེ་དག་ལ་དབང་བསྐུར་ཆོས་བཤད་ཕན་ཚུན་དམ་སེལ་ཡོད་པའམ་མཐུ་འགྲས་ཅན་གྱི་ཟས་ནོར་བླངས་པའི་མཁོན་གྲིབ། མཁོན་སེལ་དང་མི་གཙང་བའི་ཟས་ཟོས་པའི་གྲིབ། ཕུང་ཤུལ་དང་བཀྲ་མི་ཤིས་པའི་གནས་སུ་བསྡད་པའི་གནས་གྲིབ། དམ་ཉམས་ཤན་པ་དམེ་ཡུགས་སོགས་ཀྱི་རོ་གྲིབ་སྟེ་གྲིབ་མ་དྲུག་པོ་གང་ཡང་རུང་བས་བསྐྱེད་དེ་འབྲས་བུ་ལུས་ལ་ཉེས་གསུམ་གྱི་ནད། སེམས་ལ་སྡུག་བསྔལ་སོགས་མི་འདོད་པ་དུ་མ་འབྱུང་བ་རྣམས་སེལ་བའི་ཐབས་འདི་ལ་བརྩོན་པར་བྱའོ། གཉིས་པ་ཇི་ལྟར་བྱ་ཚུལ་ལ་གསུམ། སྦྱོར་བ་བཅའ་གཞི། དངོས་གཞི་ཆོ་ག །རྗེས་མཐའ་སྡུད་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཡར་གཞི་དང་མར་མདོས་སོ། དང་པོ་ནི། ཕུགས་ལོགས་སུ་འཛོམ་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་ཁྱད་པར་ཕག་མོ་མཁའ་འགྲོ་སྡེ་བཞིའི་ཞལ་ཐང་བཀྲམ་པའི་མདུན་དུ་སྟེགས་བུའི་དབུས་སུ་འབྲུ་ཚོམ་གཙོ་འཁོར་ལྔ་པ་གཉིས་བཀོད་པའི་སྟེང་དུ། བུམ་པ་ཉེར་ལྔའི་རྫས་དང་དྲི་བཟང་གི་ཆུས་བཀང་བ་མགུལ་ཆིངས་སྣ་ལྔའམ་དཀར་པོ་དང་མཐིང་གས་བཅིངས་པ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་གཉིས་གཡས་གཡོན་བྱས་ཏེ་བཞག །བླ་མའི་གཏོར་མ། དེའི་གཡས་གཡོན་སྨན་རཀ མཆོད་པ་རྣམ་བདུན་ཕྲེང་ཚར་དུ་བཤམ། དུང་ཞལ། མདའ་དར་དཀར་པོ་དང་སྣམ་རས་སམ་པགས་བུ་དཀར་པོ། མེ་ལོང་རྣམས་ཉེ་ལོགས་སུ་བཞག །ཚོགས་གཏོར། མདའ་དར། ཚེ་རིལ། ཚེ་ཆང་སོགས་ཀྱང་ཚོགས་པར་བྱའོ། །གཉིས་པ་མར་མདོས་ནི། དེའི་ཉེ་ལོགས་སུ་སྟེགས་དམའ་བར་གདན་ནག་པོའི་སྟེང་དུ་འབྲས་ཀྱི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་སྣོད་བཟང་པོར་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གི་དཀར་པོའི་ངོས་སུ་དཔལ་འབར་རམ་ཟན་ཀོང་གི་མར་མེ་སྦར་དུས་ཡུན་བརྟན་པ་ཅན་ལྔ་བཙུག །ནག་ངོས་སུ་ཁྲག་ཀོང་ཟུར་གསུམ་ལྔ་བཙུག་པ་བཞག །མཐར་བྲ་བོ། སྲན་མ། ནས་ནག་རྣམས་ཐེབ་རེ་དང་། མདའ་དར་ནག་པོ་ལ་སྲེ་ལོང་མཚལ་གྱིས་ཁ་མིག་རམ་གྱིས་རལ་པ་བྲིས་པ་བཏགས། སྣམ་རས་སམ་པགས་བུ་ནག་པོ་རྣམས་ཀྱང་བཀོད། གཞི་མདུན་དུ་ལྕགས་སྣོད་དམ་སློ་མ་ལྟ་བུར་གྲིབ་བདག་ནག་མོ་རྟ་ནག་ལ་ཞོན་པ། གཡས་མདུང་དར་ནག་པོ། གཡོན་སྤེན་མ་སོགས་ཀྱི་ཕྱགས་ཤིང་ཐོགས་པ་གཙོ་འཁོར་ལྔ། སོ་སོ་ལ་རེ་ནག་གམ་རས་ནག་གི་སྦྲ་ཕུབ་པ་བཀོད། དེ་རེ་རེ་ལ། བཤོས་ཟླུམ། ཁྲག་ཟན། མཐེབ་ཀྱུ། གྲིབ་མཚོ། འབྲང་རྒྱས། ཏིང་ལོ། གྲིབ་བཤོས་ཟུར་གསུམ་ནག་པོ། ངར་གླུད། བྱ། ཁྱི། མཛོ། རྟོ་ལེ། ར་རེ་རེ་སྟེ་ཚར་ལྔས་བསྐོར། དེ་རྒྱབ་བུད་མེད་ནག་མོ་གཡས་གྲིབ་བཤོས་དང་གཡོན་ཀོང་ཟོར་ཐོགས་པ་ལྔ་བཀོད། མཐའ་སྐོར་དུ་ཟོར་ཀོང་ཟུར་གསུམ་རྩང་བཙུགས་པ་གཅིག །དེ་བཞིན་དུ་ཡུངས་དཀར་ནག །མཚེ། ཁྲག །རལ་གྲི་བཙུགས་པ་དང་། སྐྱེར་པའི་མདའ་གཞུ། དམར་གཏོར། རྡོ་ནག་ལ་ཁྲག་གིས་བྷྱོ་བྲིས་པ་རྣམས་ཀྱིས་བསྐོར། སྤྲོས་པ་ཆེ་བར་བྱེད་ན་ཟོར་རེ་རེའང་ལྔ་ལྔ་སྣོད་གཞན་ཞིག་ཏུ་བཞག་ལ། མདོས་བོར་དུས་ཟོར་འཕེན་ཚིག་རེ་རེ་བཞིན་འགྲེས་བཤང་ལ་འདོན་ནས་འཕང་། དཀྱུས་འདིར་མི་དགོས། སྣོད་གཞན་གཅིག་ཏུ་བསྒྲུབ་བྱའི་དྲི་མ་བསྲེས་པའི་ཟན་ལ་སྐུ་གླུད་རྒྱན་ལྡན་གླུད་རབས་ནས་འབྱུང་བའི་རྫས་དང་བཅས་པ། གླུད་ཡས་སྤྱི་འགྲོ་ཕོ་ཏང་མོ་ཏང་མདའ་འཕང་སོགས་ཀྱིས་བརྒྱན་པ་དང་། རྫོངས་འདེབས་བྱ་རྒྱུ། གྲིབ་བཤོས་ནག་པོ་རྒྱན་ལྡན། ཁྲག་མཚོ། ཁྲག་ཟན། ཨུ་ཀྱུ། འབྲང་རྒྱས་ནག་པོ། འབྲུ་ནག་གི་རིགས། སྦྲ་ཚལ་རས་ནག་སོགས་ལོགས་སུ་བཞག །བལ་འདབ་དཀར་ནག །གསེར་སྐྱེམས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། བདག་མདུན་བསྙེན་སྒྲུབ། གྲིབ་སེལ་ལས་སྦྱོར། ཆོ་གའི་རྗེས་རིམ་མོ། །དང་པོ་ནི། གསོལ་འདེབས་ནས་བརྩམ་བཟླས་པ་གྲུབ་ཀྱི་བར་ལྷ་གཞུང་གཞན་ནམ། ཆོས་བཀའ་འདི་དང་འབྲེལ་མཚུངས་དཀོན་མཆོག་སྤྱི་འདུས་གཏང་། དཀོན་སྤྱི་ཞི་རྐྱང་ཁོ་ནས་ཀྱང་ཆོག་ལ། ཞི་དྲག་སེང་གསུམ་ཀ་བཏང་ནའང་བཟླས་པ་ཡན་བྱ། དེ་ནས་གཏེར་གཞུང་དུ་བུམ་པར་རྡོ་རྗེ་རྣམ་འཇོམས་བསྐྱེད་བཟླས་བྱ་བའི་ཟུར་གྱིས་བསྟན་པ་ལྟར་ཁྲུས་བུམ་སྒྲུབ་པ་ལ་ཐོག་མར་མཆོད་པ་ཁ་གསོས་ལ། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་མཛོད། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་བརླབ། ཁྲུས་ལྷ་སྤྱི་བསྡུས་ཀྱི་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་བུམ་བཅུད་དག་བྱེད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་ནང་དུ། པད་ཟླའི་གདན་ལྔ་ཚོམ་གྱི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། ཤར་དུ་དཔལ་རྡོ་རྗེ་སེམས་དཔའ་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལོངས་སྤྱོད་རྫོགས་པའི་ཆས་ཅན་སེམས་སྐྱིལ་གྱིས་བཞུགས་པ། ལྷོར་མགོན་པོ་མི་འཁྲུགས་པ་མཐིང་ཁ་སྤྲུལ་སྐུའི་ཆ་ལུགས་ཅན་ས་གནོན་མཉམ་གཞག་རྡོ་རྗེ་འཛིན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཁྲོ་བོ་བགེགས་མཐར་བྱེད་དང་བཅས་པ། ནུབ་ཏུ་མཐའ་ཡས་ཚེ་དཔག་མེད་དམར་པོ་མཉམ་གཞག་ཚེ་བུམ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་བདུད་རྩི་འཁྱིལ་པ་ལྗང་དམར་ཕྱག་ཐལ་སྦྱར་བདུད་རྩིའི་བུམ་པ་བསྣམས་ཤིང་ཞི་མ་ཁྲོའི་ཆས་ཅན། བྱང་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻའི་མདངས་ཅན་ཕྱག་གཡས་མཆོག་སྦྱིན་ཨ་རུ་རའི་སྡོང་པོ་དང་གཡོན་མཉམ་གཞག་ལྷུང་བཟེད་བསྣམས་པ་སྤྲུལ་སྐུའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་དག་གི་གཡས་ཕྱོགས་པད་ཉིའི་གདན་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལྗང་སྔོན་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་ཁྲོ་འཛུམ་ལོངས་སྐུའི་ཆས་ཅན་སྐྱིལ་ཀྲུང་གིས་བཞུགས་པ། གཡོན་ཕྱོགས་སུ་པད་ཉིའི་གདན་ལ་ཁྲོ་རྒྱལ་སྨེ་བ་བརྩེགས་པ་ལྗང་ནག་ཞལ་གསུམ་གཡས་དམར་གཡོན་མཐིང་ཕྱག་གཡས་གསུམ་རྡོ་རྗེ་རྩེ་དགུ་རལ་གྲི་སྦྲུལ་ཞགས། གཡོན་གསུམ་དགྲ་སཏྭ་དྲིལ་བུ་བུམ་པ་བསྣམས་པ། ཁྲོ་བོའི་ཆས་ཅན་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། སྟེང་གི་ཕྱོགས་སུ་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་བཞུགས་པ། ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའོ། །བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་། ཕྱོགས་བཅུའི་ཞིང་ཁམས་རྣམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པར་གྱུར། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྔོན་བསྐལ་མ་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ པཉྩ་ཀུ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་དང་བཅས་པས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་སོ་སོ་ལ་སོ་སོའི་རིགས་བདག་གིས་དབུ་བརྒྱན་པར་གྱུར། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་པ་སྣ་བདུན་ཚོགས། །ཡོན་ཏན་རྒྱ་མཚོ་བུམ་པའི་ལྷ་ཚོགས་ལ། །དད་པ་རྒྱ་མཚོས་འབུལ་ལོ་ཁྲུས་མཆོག་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ གུ་རུ་པདྨ་རྣམ་སྣང་རྡོ་རྗེ་སེམས། །མི་འཁྲུགས་ཚེ་འོད་དཔག་མེད་སྨན་གྱི་བླ། །རྣམ་འཇོམས་སྨེ་བརྩེགས་རྒྱལ་བ་སྲས་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་བརྗོད། ལྷ་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་སོ་སོའི་ས་བོན་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་སོང་། ཐུགས་ཀར་ཕོག་པས་སྔགས་ཕྲེང་གཡས་སུ་འཁོར། ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་ནུས་བཅུད་ཐམས་ཅད་ཚུར་བསྡུས་ཐུགས་ཀར་ཐིམ། སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་། འོད་ཟེར་བདུད་རྩིའི་རང་བཞིན་ཚུར་བྱུང་ནས་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སང་གིས་དག་པར་གྱུར། ཅེས་མོས་ལ་གཟུངས་ཐག་བླངས་ཏེ་སྟེང་གི་གུ་རུ་ལ་དམིགས་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་བཟླ། མཐར་སྔགས་ཤམ་དུ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ ཤུདྡྷེ་ཤུདྡྷེ༔ ཉམས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཏགས་པའང་ཅུང་ཟད་བཟླ་བ་འོག་མ་ཐམས་ཅད་ལ་རིགས་འགྲེའོ། །དབུས་ཕྱོགས་ཀུན་རིག་ལ་དམིགས་ཏེ། ན་མོ་བྷ་ག་ཝ་ཏེ༔ སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི༔ རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི༔ སརྦ་པཱ་པཾ༔ བི་ཤོ་དྷ་ནི༔ ཤུདྡྷེ་བི་ཤུདྡྷེ༔ སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ རྡོར་སེམས་ཡིག་བརྒྱ་ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏོ་ཧྲི་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་དང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཡང་སྙིང་བཟླ། མི་འཁྲུགས་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ༔ ཨོཾ་ཨཀྵོ་བྷྱ་ཛཿབིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཚེ་དཔག་མེད་ཀྱི་ཐུགས་ཀའི་ཁྲོ་བོ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གཟུངས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱེ༔ ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཡང་སྙིང་ནི། ཨོཾ་ཧྲཱིཿསྭཱ་ཧཱ༔ སྨན་བླ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱེ༔ གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུཏྒ་ཏེ་སྭཱ་ཧཱ༔ རྣམ་འཇོམས་ལ། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ སྨེ་བརྩེགས་ལ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ༔ བི་མཱ་ན་སེ༔ ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ འཁོར་ལྷ་སོགས་སྤྱི་ལ་དམིགས་ཏེ། ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷཱ་ཡ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨ་ཀ་ནི༔ ནི་ཀ་ནི༔ ཨ་བྷི་ལ་མ་དྷ་ལ་མ་ཡེ་སྭཱ་ཧཱ༔ དབྱངས་གསལ། རྟེན་སྙིང་རྣམས་སྦྲེལ་ལ་ཅི་ནུས་བཟླ་ཞིང་སྔགས་ཤམ་སྔར་བཞིན་སྦྱར། མཐར་མཆོད་བསྟོད་གོང་ལྟར་བྱས་ལ། བཤགས་པ་ནི། ཧོ༔ དགོངས་སུ་གསོལ་ལོ་རྩ་བ་གསུམ༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་དུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ ཛཔ྄་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང༔ ཉ་ཤི་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་བྱས༔ ཕུང་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང༔ བསྐངས་ཤིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆག་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག༔ ཅེས་པ་ཙམ་མམ། སྤྲོ་ན། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་པའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ འགོ་བའི་ལྷ་སྲུང་སྡོངས་གྲོགས་བྱེད་པའི་ཚོགས༔ ཐམས་ཅད་ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་ལས་དབང་དང༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ༔ ཐུགས་ལ་བདག་རྟོག་གཉིས་འཛིན་མི་མངའ་ཡང༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་དམིགས་བཏང་སྙོམས་ངང་དུ་བཞེས་ནས་ཀྱང༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་གསང་གཉན་པོའི་རྒྱུད་ནས་དེ་སྐད་གསུངས༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕ་རོལ་བག་ཆགས་སྐྱོན་གྱི་གྲིབ་མ་དེས༔ བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ན༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་པའི་ཟས་ཟོས་ཉམས་པའི་ཆུ་འཐུངས་དང༔ ཉམས་དང་གཏམ་བརྗོད་ཁ་རླངས་ཕོག་པ་ཀུན༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ མཁའ་འགྲོ་ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་དུ་གྱུར་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། དར་སྣ་ཚོགས་ཀྱིས་མགུལ་ཆིངས་བྱས་པ། དེའི་ནང་དུ་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་དག་བྱེད་ཆུ་བཅུད་སྣ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་ནང་དུ་པདྨ་འདབ་བརྒྱད་ཀྱི་དབུས་དང་མཚམས་བཞིར་ཉི་མའི་གདན། ཕྱོགས་བཞིར་ཟླ་བའི་གདན་གྱི། དབུས་སུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དཀར་གསལ་གཅེར་བུ་རུས་རྒྱན་ཅན། མཚམས་བཞིར་རིགས་བཞིའི་མཁའ་འགྲོ་སྔོ་སེར་དམར་ལྗང་གི་མདོག་ཅན། ཕྱག་གཡས་པ་རྣམས་རང་རྟགས་ཕྱག་མཚན་གྱིས་ཡུ་བ་བྱས་པའི་གྲི་གུག་དང་ཐོད་ཁྲག་བསྣམས་པ། ཁ་ཊྭཱཾ་ག་མཆན་གཡོན་བཅུག་ཅིང་རུས་པའི་རྒྱན་ཅན་ཞབས་བརྐྱང་བསྐུམ་གྱིས་བདེ་དྲོད་མེ་དཔུང་འཁྲིགས་པའི་དབུས་སུ་བཞུགས་པའོ། །གཙོ་མོའི་མདུན་དུ་་་ཟླ་གདན་ལ།ནམ་མཁའི་ལྷ་མོ་དབྱིངས་ཕྱུག་མ་སྔོན་མོ་འཁོར་ལོ་དང་མཐིང་བུམ་བསྣམས་པ། ཤར་དུ་ཆུའི་ལྷ་མོ་མཱ་མ་ཀཱི་དཀར་མོ་རྡོ་རྗེ་དང་ཤེལ་བུམ་བསྣམས་པ། ལྷོར་སའི་ལྷ་མོ་སྤྱན་མ་སེར་མོ་རིན་པོ་ཆེ་དང་གསེར་བུམ་བསྣམས་པ། ནུབ་ཏུ་མེའི་ལྷ་མོ་གོས་དཀར་མོ་དམར་མོ་པདྨ་དང་བྱེ་རུའི་བུམ་པ་བསྣམས་པ། བྱང་དུ་རླུང་གི་ལྷ་མོ་དམ་ཚིག་སྒྲོལ་མ་ལྗང་གུ་རྒྱ་གྲམ་དང་གཡུ་བུམ་བསྣམས་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་ལྡན་འཛུམ་པའི་མདངས་ཀྱིས་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་མཁའ་སྤྱོད་འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧཱུྃ༔ ཕྱི་ནི་འབྱུང་བ་ལྔ་ཡི་ཀློང༔ ནང་ནི་ཡེ་ཤེས་ལྔ་ཡི་འོད༔ གསང་བ་དབྱིངས་ཀྱི་རང་བཞིན་ལ༔ རྡོ་རྗེ་ཕག་མོ་གཙོ་དང་འཁོར༔ སངས་རྒྱས་རིན་ཆེན་པདྨ་ལས༔ ས་ཆུ་མེ་རླུང་འབྱུང་བའི་ལྷ༔ ཡེ་ནས་ཆོས་ཉིད་དག་པའི་ངང༔ སྣོད་བཅུད་ཐམས་ཅད་སྦྱོང་བའི་ཕྱིར༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ པཉྩ་ཌཱ་ཀི་ནཱི་ཡཻ་ཨེ་ཡཾ་རཾ་བཾ་ལཾ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ། ཕོ་བྲང་གཞལ་ཡས་དམ་པ་འདིར། །ཉི་ཟླ་པདྨའི་གདན་སྟེང་དུ། །མཁའ་འགྲོ་འབྱུང་བའི་ལྷ་མོ་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ན་མོ། ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །འབྱུང་བ་ཁམས་ལྔ་རྣམ་པར་དག །མཁའ་འགྲོ་རིགས་ལྔ་ཡུམ་ལྔ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ། མཁའ་འགྲོ་སྡེ་ལྔ་ཡུམ་ལྔའི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་སྤྲུལ་རྣམ་དག་མཆོད་པའི་སྤྲིན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སྒྲ་སྙན་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བཀོད་མཛེས་དང་། །སྨན་རག་གཏོར་ཚོགས་ཕྱི་ནང་གསང་མཆོད་འབུལ། །ཐུགས་རྗེ་བརྩེ་བ་ཆེན་པོས་བཞེས་སུ་གསོལ། །བཞེས་ནས་གྲིབ་དང་མི་གཙང་ཉམས་གྲིབ་སོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། གདོད་ནས་རང་བྱུང་ཡེ་ཤེས་མཁའ་འགྲོ་ལྔ། །གང་འདུལ་སྐུར་བསྟན་འབྱུང་བའི་ལྷ་མོ་ལྔ། །བར་ཆད་སེལ་ཞིང་དངོས་གྲུབ་རྣམ་གཉིས་སྟེར། །ཐོགས་མེད་ལས་མཛད་འཁོར་དང་བཅས་ལ་བསྟོད། །མཁའ་འགྲོ་སྡེ་ལྔའི་ཐུགས་ཀར་ཉི་མའི་གདན་ལ་མ་ཧ་རི་ནི་ས། ལྷ་མོ་ལྔའི་ཐུགས་ཀར་ཟླ་བའི་གདན་ལ་ཨེ་ཡཾ་རཾ་བཾ་ལཾ་རྣམས་ཀྱི་མཐར་སོ་སོའི་སྔགས་ཕྲེང་གིས་བསྐོར་བ། བདག་བསྐྱེད་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་སོང་བས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་མཛད། བྱིན་རླབས་ནུས་མཐུ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ཏེ་ཐིམ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་དག་བྱེད་ཀྱི་བདུད་རྩིས་ཁེངས། ཟེར་མ་རང་ལ་ཕོག་པས་དུག་ལྔའི་ཉམས་གྲིབ་དག་པར་གྱུར། གཟུངས་ཐག་བླངས་མཁའ་འགྲོ་ལྔར། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཕཊཿ ཅེས་བཟླ། མཐར་སྔགས་ཤམ། ནད་གདོན་བར་ཆད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པའང་སྐབས་སྦྱར་བཟླ། ལྷ་མོ་ལྔ་ལ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་བཾ་ལཾ་རཾ་ཤུདྡྷེ་ཤུདྡྷེ། ཙིཏྟ་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་དང་། མཐར་ཤམ་བུའང་སྔར་ལྟར་སྦྱར། སྔགས་ཙམ་གྱིས་མཆོད་ཅིང་ཤོ་ལོ་ཀས་བསྟོད། བཤགས་པ་སྤྲོ་ན་འོག་ནས་འབྱུང་བ་ལྟར། ཧཱུྃ༔ རང་བཞིན་ཆོས་དབྱིངས་སོགས་ཚང་བར་བརྗོད། བསྡུ་ན། ཧཱུྃ་ཧྲཱི༔ མཁའ་འགྲོའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ༔ བདག་སོགས་འགྲོ་རྣམས་མ་རིག་ལས་དབང་གིས༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སོགས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང༔ དམ་ཚིག་ཉམས་ཆག་གྱུར་པའི་འགྲོ་རྣམས་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་གསང་གཞུང་ལས་དེ་ལྟར་བྱུང་ན་ཡང༔ བདག་སོགས་འགྲོ་བའི་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕ་རོལ་གཞན་གྱི་བག་ཆགས་དྲི་མ་ཡིས༔ སྒྱུ་ལུས་ཕུང་པོ་འདི་ལ་གོས་གྱུར་ནས༔ དེ་ཡི་སྐྱོན་གྱིས་གནས་སྐབས་མཐར་ཐུག་ཏུ༔ ཉེས་སྐྱོན་སྒྲིབ་པར་གྱུར་པ་ཅི་མཆིས་རྣམས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ འཇིག་རྟེན་མཁའ་འགྲོའི་ཚོགས་ལ་མཐོལ་ཞིང་བཤགས༔ ཉམས་དང་དྲི་མའི་ཚོགས་རྣམས་བྱང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ༔ ཨ་ཨ༔ བུམ་སྒྲུབ་ཞག་མང་དུ་བྱེད་ན། ཉིན་སྔ་མ་རྣམས་སུ་དུང་ཞལ་གྱི་ཆུ་བུམ་པ་གཉིས་ཀར་ཕུལ་ལ། ཨོཾ་ཨཱཿཧཱུྃ། བུམ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་དག་བྱེད་བདུད་རྩིའི་རྒྱུན་གྱིས་བུམ་པ་གང་བར་གྱུར། ཅེས་དང་། ཉིན་གཅིག་མའམ་ཉིན་རྗེས་མར་ལས་ལ་སྦྱོར་བའི་སྐབས་སུ། ཧཱུྃ་སྥ་ར་ཎ་ཕཊཿ བུམ་ལྷ་ཡེ་ཤེས་པ་གཙོ་འཁོར་རྣམས་སྟེང་གི་ནམ་མཁར་བཞུགས། དུང་ཆུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་འོད་དུ་སོགས་སྔར་ལྟར་བརྗོད། དེ་གཉིས་གང་བྱེད་ཀྱང་མཐར། རང་ཉིད་ཡི་དམ་གནས་འགྱུར་ཏེ་སྐད་ཅིག་གིས་ཁྲོ་རྒྱལ་སྨེ་བ་བརྩེགས་པ་སྐུ་མདོག་ལྗང་ནག་གཡས་དམར་གཡོན་མཐིང་བ། ཕྱག་གཡས་གསུམ་རྡོ་རྗེ་རྩེ་དགུ་རལ་གྲི་སྦྲུལ་ཞགས། གཡོན་གསུམ་དགྲ་སཏྭ་དྲིལ་བུ་བུམ་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཉི་ཟླའི་གདན་ལ་འགྱིང་བའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ཡིག་ལྗང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། གཡོན་དུ་འཁོར་བ་ལས་མེ་འོད་ཁ་དོག་ལྔ་ལྡན་རབ་ཏུ་འབར་བས་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག་པར་གྱུར་པར་མོས་ལ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ༔ བི་མཱ་ན་སེ༔ ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླ། ཞག་གྲངས་ཡིན་ན་ནུབ་སྔ་མ་རྣམས་སུ་སྤྱི་འདུས་ཀྱི་གཏོར་འབུལ། ཚོགས་སྐོང་དང་མན་ཆད་རྗེས་ཀྱི་རིམ་པ་ཚང་བར་བྱ། ཉིན་རྗེས་མ་ལས་སྦྱོར་སྐབས་གཏོར་འབུལ། ཚོགས་སྐོང་ལྷག་མ་གཏོང་བ་ཡན་གྲུབ་པར་བྱའོ། ༈ །གཉིས་པ་གྲིབ་སེལ་ལས་ལ་སྦྱོར་བ་ལ་བཅུ། ཆས་སུ་ཞུགས་པ། བྱིན་རླབས། བསྐྱེད་བསྟིམ། ཉམས་བཤགས། བཀྲུ་བ། གྲིབ་ཕྱགས། གླུད་བསྔོ། གྲིབ་འདེད། ཟློག་པ། ཟོར་འཕེན་པ་རྣམས་སོ། །དང་པོ་ལས་ཀྱི་བུ་མོ་ཆས་སུ་ཞུགས་པ་ནི། རབ་རིགས་ལྡན་ནམ་གྲོང་པའི་ཆོས་ཀྱིས་མ་གོས་པ། ཐ་མ་དམེ་ཡུགས་ནལ་གྱིས་མ་གོས་པའི་བུ་མོ་ཞིག་ལྷ་བུམ་གྱིས་ཁྲུས་བྱས་ལ་དེའི་སྔགས་རྣམས་བཟླ། གུ་གུལ་བདུག །དབུ་རྒྱན་རུས་རྒྱན་སོགས་ཆས་ཞུགས་འཛོམ་ན་ལེགས་ཤིང་། མ་འཛོམ་ན་རས་དཀར་གྱི་གོས་སམ་དར་དཀར་སྟོད་གཡོགས་གྱོན། ཁྱེའུ་མགོ་གཙང་མདའ་མདེའུ་ཅན་བཅས་པའང་སྟ་གོན་བྱ། སྦྱིན་བདག་ཆས་ཞུགས་ནི། གཞི་མདུན་དང་སློབ་དཔོན་གཉིས་ཀ་ཁད་ཉེར་གོས་ནག་གམ་སྟོད་གཡོགས་ནག་པོ་ཙམ་གྱོན་ལ་གདན་ནག་གམ་བལ་འདབ་ནག་པོའི་སྟེང་དུ་སྡོད་བཅུག་གོ །གཉིས་པ་མདོས་རྫས་སོགས་བྱིན་གྱིས་བརླབ་པ་ནི། ཡས་རྣམས་ལ་ཆུ་གཙང་བྲན་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ །ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབ་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་པ་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་་་འདི་གོ་ལྡོག་པའང་སྣང་།སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་ཀྱང་བྱིན་གྱིས་བརླབ་བོ། །གསུམ་པ་བཤགས་ཡུལ་དང་མདོས་བསྐྱེད་བསྟིམ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ནད་རླངས་དང་གྲིབ་རླངས་འཚུབས་མའི་དབུས་སུ་རེ་སྦྲ་ནག་པོ་འདིང་བའི་ནང་དུ། ཏྲི་ནག་པོ་ཡོངས་སུ་གྱུར་པ་ལས་ནད་དང་གྲིབ་ཀྱི་བདག་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་གྲིབ་མདུང་དང་གཡོན་པས་ཕྱགས་ཤིང་འཛིན་ཅིང་ལུས་ལ་དར་ནག་གི་རལ་ག་གྱོན་པ། ཆིབས་སུ་གྲིབ་རྟ་ནག་པོ་ལ་བཅིབས་པ། ལུས་ལ་གྲིབ་ཀྱི་ན་བུན་འཐུལ་བ། དེའི་འཁོར་དུ་བུད་མེད་ནག་མོ་གཡས་ན་གྲིབ་བཤོས་དང་གཡོན་ན་ཁྲག་གི་ཟོར་ཀོང་ཐོགས་པ་བཞིས་བསྐོར་བ་སྐད་ཅིག་གིས་གསལ་བར་གྱུར། མདུན་གྱི་ནམ་མཁར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་མཆོག་རྡོ་རྗེ་ཕག་མོ་ལ༔ སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་མོས་པ་མཛོད༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས་པ་རྣམས་དང་། འཇིག་རྟེན་གྲིབ་བདག་ལྷ་སྲིན་འབྱུང་པོའི་ཚོགས་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་ཐིམ་པར་གྱུར། དབྱངས་རོལ་བཅས། ཧཱུྃ༔ ཕྱི་ནི་འབྱུང་བ་ལྔ་ཡི་ཀློང༔ ནང་ནི་ཡེ་ཤེས་ལྔ་ཡི་འོད༔ གསང་བ་དབྱིངས་ཀྱི་རང་བཞིན་ལ༔ རྡོ་རྗེ་ཕག་མོ་གཙོ་དང་འཁོར༔ སངས་རྒྱས་རིན་ཆེན་པདྨ་ལས༔ ས་ཆུ་མེ་རླུང་འབྱུང་བའི་ལྷ༔ ཡེ་ནས་ཆོས་ཉིད་དག་པའི་ངང༔ སྣོད་བཅུད་ཐམས་ཅད་སྦྱང་བའི་ཕྱིར༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ནད་དང་ཡམས་ཀྱི་བདག་མོ་དང༔ དལ་ཡམས་གྲིབ་ཀྱི་བདག་མོ་རྣམས༔ ཉམས་ཆག་སྦྱང་ཕྱིར་གཤེགས་སུ་གསོལ༔ རང་བཞིན་སྲིད་པའི་ལྷ་སྲིན་དང༔ ལན་ཆགས་འབྱུང་པོའི་ཚོགས་རྣམས་ཀྱང༔ འཕྲལ་རྐྱེན་བཟློག་ཕྱིར་གཤེགས་སུ་གསོལ༔ ཐབ་གཞོབ་འཁོན་དང་བཙོག་གྲིབ་བདག༔ རྒྱུ་དང་རྐྱེན་ལས་གནས་གྱུར་པའི༔ གནོད་ཅིང་འཚེ་བ་གང་ཡང་རུང༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ ཌཱ་ཀི་ནཱི་ཡཻ་ཨེ་ཡཾ་རཾ་བཾ་ལཾ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དམ་ཚིག་གཉན་པོའི་དཀྱིལ་འཁོར་འདིར༔ ཉམས་ཆག་སྦྱོང་ཞིང་ཆག་ཆེན་ཟློག༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ འབར་བའི་གདན་ལ་བཞུགས་པ་ལ༔ བདག་ཅག་གུས་པས་ཕྱག་བགྱི་འོ༔ བཞི་པ་ཉམས་ཆག་བཤགས་པ་ནི། འབྲང་རྒྱས་ཀྱི་མེ་རུའམ་མར་མེ་སྤར་བ་བུ་མོ་དེའི་ལག་ཏུ་བཞག །བསྒྲུབ་བྱའི་མགོ་ཐད་དུ་བཟུང་བཅོལ་ལ། བུ་མོ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོ་རིགས་བཞིའི་མཁའ་འགྲོ་འཁོར་དང་བཅས་པ་དངོས་སུ་གསལ། མར་མེ་དུག་ལྔ་སྲེག་པའི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་ཀློང་དུ་རིགས་ལྔའི་མཁའ་འགྲོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་ཡེ་ཤེས་ལྔའི་མེ་འོད་རབ་ཏུ་འབར་བ་འཕྲོས་པས། བསྲུང་བྱའི་ཉོན་མོངས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཐུལ་ཐུལ་བསྲེགས་པའི་གཞོབ་ནག་མེ་འུར་དང་བཅས་པ་ཀོང་ནག་ཏུ་ཉིལ་ཉིལ་སོང་བར་གྱུར། ཧཱུྃ༔ རང་བཞིན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གསན་ཅིང་དགོངས་སུ་གསོལ༔ ཁྱེད་ནི་ཆོས་དབྱིངས་རྣམ་པར་དག་པ་ལ༔ བདག་ཅག་མ་རིག་གཏི་མུག་རྟག་ཏུ་འཁྲུལ༔ རྡོ་རྗེ་ཕག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་མེ་ལོང་ཡེ་ཤེས་དག་པ་ལ༔ བདག་རྟོག་དབང་གིས་ཞེ་སྡང་རང་སར་བཟུང༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ གཟུང་འཛིན་མཐའ་བྲལ་མཉམ་ཉིད་ངོ་བོ་ལ༔ གཉིས་རྟོག་དབང་གིས་ང་རྒྱལ་རང་སར་བཟུང༔ རིན་ཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ པདྨ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ མ་འདྲེས་རང་གསལ་སོར་རྟོག་ངོ་བོ་ལ༔ ཞེན་འཛིན་དབང་གིས་འདོད་ཆགས་རང་སར་བཟུང༔ པདྨ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཕྲིན་ལས་རྣམ་དག་བྱ་གྲུབ་ངོ་བོ་ལ༔ ལོག་རྟོག་དབང་གིས་ཕྲག་དོག་རང་སར་བཟུང༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ འབྱུང་བ་ལྔ་ཡི་བདག་ཉིད་དགོངས་སུ་གསོལ༔ ཡེ་ནས་རྣམ་དག་སངས་རྒྱས་ངོ་བོ་ལ༔ གཟུང་འཛིན་དབང་གིས་ཨ་འཐས་དངོས་པོར་བཟུང༔ འབྱུང་ལྔའི་བདག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ཤ་ཟ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང༔ དཀྱིལ་འཁོར་སྐྱོང་མཛད་མ་ཡམས་བརྟན་མའི་ཚོགས༔ མ་རིག་དབང་གིས་ཉེས་པའི་སྐྱོན་བྱུང་བ༔ རིགས་འདུས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་པའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ འགོ་བའི་ལྷ་སྲུང་སྡོངས་གྲོགས་བྱེད་པའི་ཚོགས༔ ཐམས་ཅད་ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་ལས་དབང་དང༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ༔ ཐུགས་ལ་བདག་རྟོག་གཉིས་འཛིན་མི་མངའ་ཡང༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་དམིགས་བཏང་སྙོམས་ངང་དུ་བཞེས་ནས་ཀྱང༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་གསང་གཉན་པོའི་རྒྱུད་ནས་དེ་སྐད་གསུངས༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕྲག་དོག་བག་ཆགས་སྐྱོན་གྱི་གྲིབ་མ་དེས༔ བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ན༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་པའི་ཟས་ཟོས་ཉམས་པའི་ཆུ་འཐུངས་དང༔ ཉམས་དང་གཏམ་བརྗོད་ཁ་རླངས་ཕོག་པ་ཀུན༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ སྤྲོ་ཞིང་ནུས་ན་ཡེ་ཤེས་སྐུ་མཆོག་དང་། ཡེ་ཤེས་མཁའ་འགྲོའི་བཤགས་པ་སོགས་བྱ། ཨོཾ་ཨཱཿཧཱུྃ་ཧྲཱིཿས་མ་ཡ་དྷཱ་ཀི་ནཱི་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པའི་མཐར། དྷཱ་ཀི་ནཱི་ས་མ་ཡ་ཨ་ཨ་ཨ༔ ཞེས་པ་གསུམ་སོགས་བརྗོད། འབྲང་རྒྱས་དཀར་ནག་ཕན་ཚུན་མ་གོས་པར་གྲིས་བཅད། དཀར་པོ་མཆོད་གཞིའི་སྟེང་དང་། ནག་པོ་མདོས་ནང་བཞག །ལྔ་པ་བཀྲུ་བ་ལ། འདིར་མི་གསལ་ཡང་བླ་མ་དགོངས་འདུས་སོགས་ནས་གསུངས་པ་ལྟར། ཐོག་མར་ལྷ་ཁྲུས་གསོལ་བ་ནི། བླ་མས་ལྷ་བུམ་དང་མེ་ལོང་ཐོགས་ལ། ཁྱེད་རང་གི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་འགོ་བའི་ལྷ་ལྔ་དང་བཅས་པ་ལ་གྲིབ་ཕོག་པས་ནག་ཐིབས་སེ་འདུག་པ་ལ། ཡེ་ཤེས་ཀྱི་ལྷ་མོ་ལྔས་ཁྲུས་གསོལ་བས་འཕྲལ་དུ་དག་པར་བསམ་ཞིང་། ཇི་ལྟར་བལྟམས་པ་སོགས་སྔགས་བཅས་བརྗོད་ལ་ཁྲུས་གསོལ། ཧྲཱིཿ དཀོན་མཆོག་རྣམས་ཀྱི་ཐུགས་རྗེ་དང་། །གཟུངས་སྔགས་བཟླས་བརྗོད་མཐུ་རྩལ་ལས། །ལེགས་བྱུང་བདུད་རྩིའི་རང་བཞིན་མཆོག །ལྷ་མོ་དག་བྱེད་ཁྲུས་ཀྱི་རྫིང་། །རྣམ་དག་ལྷ་ཡི་ཆུ་རྒྱུན་གྱིས། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་དང་རྒྱལ་བ་སྲས་བཅས་དང་། །རྩ་གསུམ་སྲུང་མའི་ཚོགས་རྣམས་དང་། །ཕོ་ལྷ་དགྲ་བླ་འགོ་བའི་ལྷ། །དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས། །སྐུ་གསུང་ཐུགས་རྣམས་སྒྲིབ་བྲལ་ཞིང་། །ཉོན་མོངས་ལ་སོགས་མི་མངའ་ཡང་། ཁམས་གསུམ་འཁོར་བའི་སེམས་ཅན་གྱི། །སྒོ་གསུམ་སྒྲིབ་པ་སྦྱོང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་གསོལ་བས། །གནས་ངན་འཁོར་བར་འཁྱམས་པ་ཡི། །འགྲོ་བ་མ་ལུས་ཐམས་ཅད་ཀྱི། །ལས་དང་ཉོན་མོངས་བག་ཆགས་དང་། །ནད་གདོན་སྡིག་སྒྲིབ་ལ་སོགས་པ། །མི་མཐུན་ཕྱོགས་རྣམས་ཀུན་བྱང་ནས། །བདེ་ལེགས་ཡོན་ཏན་ཀུན་ལྡན་ཞིང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་དྷརྨཱ་པཱ་ལ་ཀཱ་ཡ་བི་ཤོ་དྷ་ཡ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་གསོལ་ལ་ཁྲུས་ཆུ་གཙང་སར་དོར། བཀྲུ་བྱབ་དངོས་ལ་གཉིས། མཁའ་འགྲོ་གྲིབ་ཁྲུས་དང་། ཁྲུས་ལྷ་རྣམས་ཀྱིས་བཀྲུ་བའོ། །དང་པོ་ལ་བཀྲུ་བྱབ་གཉིས་ལས་བཀྲུ་བ་ནི། བུ་མོས་ལག་གཡས་སུ་མཁའ་འགྲོ་ཁྲུས་བུམ་དང་གཡོན་དུ་མེ་ལོང་ཐོགས་ལ་དེའི་ངོས་སུ་ཚིག་མཚམས་རྣམས་སུ་ཁྲུས་བྱར་གཞུག་པའམ། རྟོག་པ་ཆུང་ན་སྤྱི་བོར་བླུག་ཏུ་གཞུག །ཡེ་ཤེས་ཀྱི་ལྷ་མོ་ལྔའི་ཕྱག་གི་བུམ་པ་ནས་དག་བྱེད་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་གི་སྤྱི་བོར་སྦྲེང་པ་ཙམ་གྱིས། ཚེ་འཁོར་བ་ཐོག་མཐའ་མ་མཆིས་པ་ནས་ད་ལྟའི་བར་གྱི་ནད་གདོན་སྡིག་སྒྲིབ་ལས་དང་ཉོན་མོངས་རྐྱེན་ངན་བར་ཆད་ནད་དང་གནོད་པ་ཆག་ཉམས་འགལ་འཁྲུལ་ཕམ་ལྟུང་གྲིབ་དང་མི་གཙང་བ་སོགས། མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སང་སང་དག་ཅིང་གླུད་དང་གདོན་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དག་པ་ལ༔ རང་བྱུང་ལྷ་མོ་ཀུན་ཏུ་བཟང༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ཕྱག་ན་མཐིང་གི་བུམ་པ་བསྣམས༔ གཏི་མུག་སེལ་མཛད་བསམ་གཏན་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཕཊཿ ནད་གདོན་བར་ཆད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་བཾ་ལཾ་རཾ་ཤུདྡྷེ་ཤུདྡྷེ། ཙིཏྟ་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་པ་ཕྱིན་ཆད་ཚིག་མཚམས་རྣམས་སུ་འགྲེ། ཧཱུྃ༔ མེ་ལོང་ཡེ་ཤེས་དག་པ་ལ༔ རྡོ་རྗེའི་ལྷ་མོ་མཱ་མ་ཀཱི༔ སྐུ་མདོག་དཀར་གསལ་འོད་དུ་འབར༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ ཞེ་སྡང་དག་མཛད་ཚུལ་ཁྲིམས་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་དག་པ་ལ༔ རིན་ཆེན་ལྷ་མོ་སངས་རྒྱས་སྤྱན༔ སྐུ་མདོག་སེར་གསལ་འོད་ཟེར་འབར༔ ཕྱག་ན་གསེར་གྱི་བུམ་པ་འཛིན༔ ང་རྒྱལ་དག་མཛད་བཟོད་པའི་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཧཱུྃ༔ སོར་རྟོག་ཡེ་ཤེས་དག་པ་ལ༔ པདྨའི་ལྷ་མོ་གོས་དཀར་མོ༔ སྐུ་མདོག་དམར་གསལ་འོད་ཟེར་འབར༔ ཕྱག་ན་བྱེ་རུའི་བུམ་པ་འཛིན༔ འདོད་ཆགས་དག་མཛད་བརྩོན་འགྲུས་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་དག་པ་ལ༔ ལས་ཀྱི་ལྷ་མོ་དམ་ཚིག་སྒྲོལ༔ སྐུ་མདོག་ལྗང་གསལ་འོད་ཟེར་འབར༔ ཨིནྡྲ་ནཱི་ལའི་བུམ་པ་འཛིན༔ ཕྲག་དོག་དག་མཛད་ཤེས་རབ་ཆུས༔ ཉམས་གྲིབ་ཐམས་ཅད་དག་གྱུར་ཅིག༔ ཧཱུྃ༔ དུག་ལྔའི་གྲིབ་ཀུན་རང་བཞིན་དག༔ ཡེ་ཤེས་ལྔ་ནི་རབ་རྒྱས་དཔལ༔ ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུས༔ ཉམས་གྲིབ་མི་གཙང་དག་གྱུར་ཅིག༔ སྔགས་བརྗོད་ལ་ཁྲུས་བྱ་ཞིང་མེ་ལོང་ཕྱར། བྱབ་པ་ནི། བུ་མོའི་ལག་པ་གཡས་ཀྱིས་མདའ་དར་དཀར་པོ། གཡོན་པས་སྣམ་རས་པགས་བུ་དཀར་པོ་ཐོགས་ལ། ཕྱིའོ་ཕྱིའོ་ནམ་ཟེར་དུས་ཕྱི་ཞིང་མདོས་ལ་སྤྲུག་པའི་ཚུལ་བྱར་གཞུག་ལ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རྣམ་པར་དག༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ མ་རིག་གཟུང་འཛིན་དབང་གིས་བཅིངས༔ རྣམ་དག་ཡེ་ཤེས་ངང་དུ་ཕྱིའོ༔ སངས་རྒྱས་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་མཁའ་འགྲོ་དང༔ ཆོས་དབྱིངས་མེ་ལོང་མཉམ་ཉིད་དང༔ སོར་རྟོག་བྱ་གྲུབ་ཡེ་ཤེས་ལྔའི༔ རང་བཞིན་དག་པའི་དབྱིངས་སུ་ཕྱིའོ༔ གཏི་མུག་ཞེ་སྡང་ང་རྒྱལ་དང༔ འདོད་ཆགས་ཕྲག་དོག་མ་རིག་སོགས༔ རྣམ་དག་ཆོས་དབྱིངས་ཆེན་པོ་ལ༔ མ་རིག་རྟོག་པའི་གཉིས་འཛིན་གྱིས༔ ང་བདག་གཟུང་འཛིན་འཁྲུལ་པ་ཡིས༔ མ་རིག་འཁྲུལ་པས་དོན་མ་རྟོགས༔ ངར་འཛིན་དབང་གིས་རྟོག་སྒྲིབ་བྱུང༔ མཁའ་འགྲོ་ཆོས་སྐྱོང་ལྷ་སྲུང་ལ༔ ཉམས་གྲིབ་ཕོག་པས་ནོངས་གྱུར་པ༔ མཐོལ་ལོ་ཡི་དམ་ལྷ་ལ་མཐོལ༔ བཤགས་སོ་མཁའ་འགྲོ་ཆོས་སྐྱོང་དང༔ འགོ་ཞིང་སྡོངས་གྲོགས་བྱེད་རྣམས་ལ༔ ཉེས་པ་ཐམས་ཅད་བྱང་གྱུར་ཅིག༔ ན་ཚ་སྡུག་བསྔལ་ཞི་གྱུར་ཅིག༔ ཕྱི་ཁྲུས་དུང་བས་དཀར་གྱུར་ཅིག༔ ནང་ཁྲུས་མཆོང་བས་དམར་གྱུར་ཅིག༔ གསང་ཁྲུས་ཤེལ་ལས་གསལ་གྱུར་ཅིག༔ ལུས་ཀྱི་ན་ཚ་ཉམས་ཆག་ཕྱིའོ༔ སེམས་ཀྱི་སྡུག་བསྔལ་རྣམ་རྟོག་ཕྱིའོ༔ མཛེ་ཡུགས་མཁོན་དང་མནོལ་གྲིབ་ཕྱིའོ༔ ཐབ་གཞོབ་དམེ་དང་ཉམས་གྲིབ་ཕྱིའོ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཤུདྡྷེ་ཤུདྡྷེ་ཉམས་གྲིབ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཕཊ༔ ནད་གདོན་བར་ཆད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁྱེད་རང་གི་སྟེང་ནས་བྱབས་ཏེ་མདོས་སྟེང་དུ་སྤྲུགས་པ་ཙམ་གྱིས་ཉམས་གྲིབ་མི་གཙང་བ་ཐམས་ཅད་དབང་པོའི་སྒོ་ནས་ནག་ལམ་ལམ་དོན་ནས་གྲིབ་མདོས་ལ་ཐིམ་པར་མོས་ཤིག །ཧཱུྃ༔ སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ཅན༔ གློ་བུར་མ་རིག་མ་རྟོགས་མུན་པས་བསྒྲིབས༔ ན་ཚ་སྡུག་བསྔལ་མ་ལུས་དག་གྱུར་ཅིག༔ ཡེ་ཤེས་ལྔ་ལྡན་གསལ་བའི་ངང་དུ་ཕྱིའོ༔ ཧཱུྃ༔ ཕྱིའོ་ཕྱིའོ་གངས་ལས་དཀར་བར་ཤོག༔ ཕྱིའོ་ཕྱིའོ་ཟངས་ལས་དམར་བར་ཤོག༔ ཕྱིའོ་ཕྱིའོ་དབྱིངས་ལས་གསལ་བར་ཤོག༔ ཧཱུྃ༔ ཕྱིའོ་ལུས་ཀྱི་ན་ཚ་ཕྱི༔ ཕྱིའོ་སེམས་ཀྱི་སྡུག་བསྔལ་ཕྱི༔ ཕྱིའོ་སྲོག་གི་བར་ཆད་ཕྱི༔ གསལ་བར་གྱུར་ཅིག་ཆོས་ཉིད་སྟོང་པའི་ངང༔ བྱང་བར་གྱུར་ཅིག་མཉམ་ཉིད་རང་གསལ་ངང༔ གཉིས་མེད་ཟུང་འཇུག་ཆེན་པོ་བརྗོད་བྲལ་ངང༔ ཀ་དག་ཀུན་བཟང་ངང་དུ་གནས་པར་ཤོག༔ གོང་གི་སྔགས་བརྗོད་དོ། །གཉིས་པ་ཁྲུས་ལྷ་རྣམས་ཀྱིས་བཀྲུ་བ་ལའང་བཀྲུ་བྱབ་གཉིས་ལས་བཀྲུ་བ་ནི། དེ་ནས་ཁྲུས་ཀྱི་ལྷ་མཆོག་རྣམས་ལ་བསྟེན་ནས་ཁྲུས་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་ཡེ་ཤེས་མེ་དཔུང་འབར་བའི་ནང་དུ་ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་སྡེ་ལྔས་བསྐོར་བ༔ དེའི་རྒྱབ་ཏུ་ཤར་ལ་དཔལ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་ལྷ་ཚོགས༔ ལྷོར་མགོན་པོ་འོད་མི་འཁྲུགས་པའི་ལྷ་ཚོགས༔ ནུབ་ཏུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས༔ བྱང་དུ་བཅོམ་ལྡན་འདས་སྨན་གྱི་བླ་མའི་ལྷ་ཚོགས༔ དབུས་སུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས༔ གཡས་སུ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས༔ གཡོན་དུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་རྣམས་བཞུགས་པ༔ དེ་དག་ལ་མོས་གུས་བྱས་པ་ལ་བརྟེན་ནས༔ དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་སྐར་མདའ་མཆེད་པ་ལྟ་བུའི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ ཚེ་རབས་ཀྱི་ལས་ངན་རྒྱུ་འབྲས་བག་ལ་ཉལ་དང་བཅས་པ་ཐམས་ཅད་དག༔ གནས་སྐབས་སུ་མི་གཙང་གྲིབ་ཀྱི་ཉེས་པ་ཐམས་ཅད་སང་སང་དག་པའི་འདུན་པ་མཛོད་ཅིག༔ བླ་མས་ཁྲུས་ལྷའི་བུམ་པ་མེ་ལོང་ཐོགས་ལ། ཅུང་ཟད་སྤྲོ་ན། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་ཆུས༔ སྐལ་ལྡན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ༔ གནོད་པའི་ཉེས་སྐྱོན་སྒྲིབ་པའི་ཚོགས་རྣམས་ཀུན༔ བཀྲུ་བར་བགྱི་འོ་བྱང་ཞིང་དག་གྱུར་ཅིག༔ ཅེས་པའི་ཚིགས་བཅད་འོག་གི་ཁྲུས་ལྷ་སོ་སོ་ལ་ཁ་བསྒྱུར་བའམ། ཡང་ན་སྤྱི་བསྡུས། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སོགས་འདིར་ལན་གཅིག་སྦྱར་ཡང་རུང་། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏོ་ཧྲི་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཡི་གེ་བརྒྱ་པ་དང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བརྗོད་ལ་ཐོག་མར་ཁ་བཤལ། ཡན་ལག་ལྔ་ཁྲུས་བྱ། དེ་ནས་མགོར་བླུགས་པའམ་མེ་ལོང་འོད་ཁྲུས་གང་བདེར་བྱའོ། །ཡང་ལྷོ་ཕྱོགས་སུ་མགོན་པོ་འོད་མི་འཁྲུགས་པའི་ཐུགས་ཀ་ནས་འོད་ཟེར་གསེར་བཙོ་མ་ལྟ་བུའི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་གོང་དང་འདྲ། ན་མོ་རཏྣ་ཏྲ་ཡ་ཡཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ༔ ཨོཾ་ཨཀྵོ་བྷྱ་ཛཿབིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ཁྲུས་བྱ། ཡང་ནུབ་ཕྱོགས་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་པདྨ་རཱ་གའི་ཕྲེང་བ་ལྟ་བུའི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱེ༔ ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཨོཾ་ཧྲཱིཿསྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱ། ཡང་བྱང་ཕྱོགས་ནས་བཅོམ་ལྡན་འདས་སྨན་གྱི་བླ་མའི་ཐུགས་ཀ་ནས་འོད་ཟེར་བཻ་ཌཱུརྻའི་མདངས་ལྡན་གྱི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱེ༔ གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུཏྒ་ཏེ་སྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱ། ཡང་དབུས་ཕྱོགས་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འོད་ཟེར་ཟླ་བའི་མདོག་ཅན་གྱི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ན་མོ་བྷ་ག་ཝ་ཏེ༔ སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི༔ རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི༔ སརྦ་པཱ་པཾ༔ བི་ཤོ་དྷ་ནི༔ ཤུདྡྷེ་བི་ཤུདྡྷེ༔ སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱ། ཡང་གཡས་ཕྱོགས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ཐུགས་ཀ་ནས་འོད་ཟེར་མར་གད་ཀྱི་མདངས་ཅན་གྱི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ཁྲུས་བྱ། ཡང་གཡོན་ཕྱོགས་ནས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ཐུགས་ཀ་ནས་འོད་ཟེར་མཐིང་ཞུན་དྲི་མ་མེད་པའི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ༔ བི་མཱ་ན་སེ༔ ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱ། ཡང་དཀྱིལ་འཁོར་གྱི་གཙོ་བོ་དབུས་ནས་གུ་རུ་པདྨ་ཐོད་ཕྲེང་གི་ཐུགས་ཀ་ནས་འོད་ཟེར་འཇའ་ཚོན་ལྔ་ལྡན་གྱི་བདུད་རྩི་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ་ཁྲུས་བྱ། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི་ཐུགས་ཀ་ནས༔ འོད་དང་འོད་ཟེར་འཁྲུགས་ཤིང་བདུད་རྩིའི་རྣམ་པར་ཁྱེད་རང་གི་ལུས་ངག་ཡིད་གསུམ་སོགས་དང་། ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷཱ་ཡ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨ་ཀ་ནི༔ ནི་ཀ་ནི༔ ཨ་བྷི་ལ་མ་དྷ་ལ་མ་ཡེ་སྭཱ་ཧཱ༔ ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ ཞེས་རྩ་གསུམ་སྤྱི་བསྡུས་དང་། སྣང་བརྒྱད་སྔགས། དབྱངས་གསལ། རྟེན་སྙིང་རྣམས་བརྗོད་ལ་བཀྲུ། དོ་གལ་ཆེ་ན་གཟུངས་རེ་རེ་བཞིན་ལན་བདུན་ལ་སོགས་པ་སྐབས་དང་སྦྱར་ལ་བཟླ། བྱབ་པ་ནི། རྨ་བྱའི་སྒྲོ་མདོངས་དང་དར་དཀར་གྱིས་ཕྱི་བའི་ཚུལ་བྱས་ལ། ཧཱུྃ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཉེས་པ་ཐམས་ཅད་བྱང་གྱུར་ཅིག༔ ན་ཚ་སྡུག་བསྔལ་ཞི་གྱུར་ཅིག༔ ཕྱི་ཁྲུས་དུང་ལས་དཀར་བར་ཤོག༔ ནང་ཁྲུས་མཆོང་ལས་དམར་བར་ཤོག༔ གསང་ཁྲུས་ཤེལ་ལས་གསལ་བར་ཤོག༔ ལུས་ཀྱི་ན་ཚ་ཐམས་ཅད་ཕྱིའོ༔ སེམས་ཀྱི་རྣམ་རྟོག་སྡུག་བསྔལ་ཕྱིའོ༔ མཛེ་ཡུགས་འཁོན་དང་མནོལ་གྱི་གྲིབ་ཕྱིའོ༔ ཐབ་གཞོབ་དམེ་དང་ཉམས་པའི་གྲིབ་ཕྱིའོ༔ ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཤུདྡྷེ་ཤུདྡྷེ་ཉམས་གྲིབ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གཞན་ཡང་ལོ་ངན་པ་དང༔ ཟླ་བ་ངན་པ༔ ཞག་ངན་པ༔ དུས་ཚོད་ཚེས་གྲངས་ངན་པའི་ཉེས་པ་ཐམས་ཅད་དང༔ དམ་ཚིག་སྡོམ་པ་ཉམས་ཆག་འགལ་འཁྲུལ་རྨོངས་པའི་ལས་ངན་གྱི་ཉེས་གྲིབ་ཕོག་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་སརྦ་ཨ་པ་ན་ཡ་སྭཱ་ཧཱ༔ དྲུག་པ་གྲིབ་ཕྱགས་པ་ནི། བླ་མས་ཀུ་ཤ་དང་། བུ་མོས་པགས་བུའམ་སྣམ་རས་ནག་པོས་ཕྱི་ཚུལ་བྱས་ལ། ཁྱེད་རང་གི་ནད་གྲིབ་མི་གཙང་བ་ཐམས་ཅད་ནག་ནུ་རུ་རུ་སྔོ་བུན་བུན་སོང་བ་དང༔ ཁྱད་པར་དུ་སྣ་བུག་གཉིས་ནས་འཇའ་ཚོན་སྔོན་དམར་གྱི་རྣམ་པར་དོན་སོང་བསམ་པའི་འདུན་པ་མཛོད་ཅིག༔ ཀྱེ༔ གྲིབ་བྱུང་དང་པོ་གང་ནས་བྱུང༔ གྲིབ་བྱུང་ལྷ་ཡི་ཡུལ་ནས་བྱུང༔ ལྷ་ནད་སྨྱོ་འབོག་གྲིབ་མ་ཡིས༔ སྟོང་ཁམས་ཐམས་ཅད་གང་ནས་ཀྱང༔ རྣལ་འབྱོར་ལྷ་ཡི་གྲིབ་མ་ཕོག༔ དེ་ནས་གྲིབ་བྱུང་གང་ནས་བྱུང༔ གྲིབ་བྱུང་བདུད་ཀྱི་ཡུལ་ནས་བྱུང༔ བདུད་ནད་འཐིབས་པའི་གྲིབ་མ་ཕོག༔ དེ་ནས་རྒྱལ་པོའི་ཡུལ་ནས་བྱུང༔ རྒྱལ་ནད་སྲོག་རླུང་གྲིབ་ཀྱིས་ཕོག༔ དེ་ནས་བཙན་གྱི་ཡུལ་ནས་བྱུང༔ བཙན་གྲིབ་གཟེར་ནད་བླ་གཉན་ཕོག༔ དེ་ནས་དྲང་སྲོང་གཟའ་ཡུལ་བྱུང༔ གཟའ་གྲིབ་ལྐུགས་དང་རེངས་པ་ཕོག༔ ཉམས་གྲིབ་ཐམས་ཅད་ཕྱགས་མས་སྡུས༔ གྲིབ་མ་ཐམས་ཅད་ད་ལོངས་ཤིག༔ མཛེ་གྲིབ་ཡུགས་གྲིབ་ད་ལོངས་ཤིག༔ དམེ་གྲིབ་བཙོག་གྲིབ་ད་ལོངས་ཤིག༔ མནོལ་གྲིབ་ཆས་གྲིབ་ད་ལོངས་ཤིག༔ བཙོག་གྲིབ་ཉམས་གྲིབ་ད་ལོངས་ཤིག༔ སྡུག་གྲིབ་ནད་གྲིབ་ད་ལོངས་ཤིག༔ ཅེས་བརྗོད་ལ་རས་ནག་སོགས་ལས་དུམ་བུ་གཅིག་བཅད་ལ་མདོས་ནང་དུ་འཕེན་ནོ། །བདུན་པ་གླུད་བསྔོ་བ་ནི། བྱིན་རླབས་སྨྲང་ཚིག་རྣམས་གླུད་རབས་ལྷའི་གནྡྷེ་ལྟར་འདིར་བླང་ངོ་། །བརྒྱད་པ་གྲིབ་བདའ་ཞིང་དེད་པ་ནི། རྫོངས་འདེབས་རྣམས་བཤམས་ལ་བྲན། བདའ་ཟེར་བའི་ཚིག་མཚམས་རྣམས་སུ་བུ་མོ་དེས་གཡབ་ནག་གིས་གཡབ་ཅིང་བདའ་བའི་ཚུལ་དང་། ཁྱེའུ་དེས་མདའ་རྩེ་གསིར་ཞིང་དེད་པའི་ཚུལ་བྱས་ལ། ཀྱེ༔ ཕྱོགས་བཞི་མཚམས་བརྒྱད་གྲིབ་བདག་དང༔ དེ་ཡི་ཕྱག་བརྙན་འཁོར་བཅས་ཀུན༔ གྲིབ་བདག་ཕོ་མོ་མདོས་ལ་བྱོན༔ གྲིབ་ཟན་མཐེབ་ཀྱུ་འདི་བཞེས་ལ༔ ཉམས་གྲིབ་ཕྱོགས་བཞི་མཚམས་ལ་བདའ་འོ༔ ཧཱུྃ༔ ད་ནི་གྲིབ་ཀྱི་ཁུང་ཕྱུང་ནས༔ གྲིབ་བསྐྱལ་མ་རིག་ཡུལ་དུ་བསྐྱལ༔ ལྷ་ནད་སྨྱོ་དང་བཙོག་གྲིབ་དང༔ བདུད་ནད་ལྕི་ཞིང་འཐིབས་པ་དང༔ ཆག་ཆེ་ཉམ་ང་སྲོག་གི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་ཉམས་པའི་ཡུལ་དུ་བདའ་འོ༔ ཧཱུྃ༔ རྒྱལ་གྲིབ་སྨྱོ་འབོག་ནག་པོ་དང༔ བཙན་གྲིབ་གཟེར་ཐབས་དམར་པོ་ཡང༔ རྣལ་འབྱོར་ལུས་སྲོག་ཉམས་པའི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་དགྲ་དང་བགེགས་ལ་བདའ་འོ༔ ཧཱུྃ༔ གཟའ་གྲིབ་ལྐུགས་རེངས་སྨྱོ་བ་དང༔ མ་མོའི་གྲིབ་ནག་འཐིབས་རྨོངས་ཀྱང༔ རྣལ་འབྱོར་ཚེ་སྲོག་ཉམས་པའི་བདུད༔ ལས་ལས་གྲུབ་པའི་ཤུགས་འགྲོ་དང༔ མཐུ་རྩལ་ལྡན་པའི་གིང་ཆེན་རྣམས༔ གྲིབ་སྐྱོལ་རང་རང་གནས་སུ་བདའ་འོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྐྱབས་གནས་དཀོན་མཆོག་གསུམ་པོའི་ཚོགས༔ ལྷ་སྲུང་སྡོངས་གྲོགས་བྱེད་པ་རྣམས༔ བདེན་པའི་མཐུ་དང་རྫུ་འཕྲུལ་གྱིས༔ ཉམས་གྲིབ་མ་ལུས་དག་པར་མཛོད༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ ཅེས་བརྗོད། གྲིབ་བདག་མོ་རྣམས་ལ་ཐུན་རྡེག་པ་ཙམ་གྱིས་གྲིབ་བདག་མོ་དང་ཉམས་གྲིབ་མི་གཙང་བ་ཐམས་ཅད་ཌཱ་ཀི་འཁོར་བཅས་ཀྱིས་གནོད་བྱེད་དགྲ་བགེགས་ཀྱི་གནས་སུ་བསྐྱལ་བར་གྱུར། ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང༔ མདོས་རྫས་སྔགས་ཀྱི་ནུས་མཐུ་ཡིས༔ ད་ནི་གྲིབ་བདག་གནས་སུ་བདའ་འོ༔ ཤར་ལྷོ་ནུབ་བྱང་དབུས་དག་ན༔ ནད་དང་གྲིབ་ཀྱི་བདག་མོ་ལྔ༔ རེ་བའི་སྦྲ་ནག་ལྡིང་བའི་ནང༔ གྲིབ་རྟ་ནག་པོ་ཆིབས་སུ་བཅིབས༔ དར་ནག་རལ་ག་ཞམས་སེ་ཞམ༔ གྲིབ་མདུང་གྲིབ་ཕྱགས་ཡུགས་སེ་ཡུག༔ གྲིབ་ཀྱི་ན་བུན་ཐུ་ལུ་ལུ༔ ནད་རླངས་གྲིབ་རླངས་ཆིལ་ལི་ལི༔ བུད་མེད་ནག་མོའི་འཁོར་གྱིས་བསྐོར༔ ཀུན་ཀྱང་ནད་དང་གྲིབ་ཀྱི་བདག༔ འོ་དོད་གནམ་དུ་ལྷངས་སེ་ལྷང༔ གྲིབ་རྟ་ཐུར་དུ་འདུ་རུ་རུ༔ གྲིབ་མདུང་གྲིབ་ཕྱགས་ཡུགས་སེ་ཡུག༔ དེ་འདྲའི་གྲིབ་བདག་འཁོར་བཅས་ལ༔ གྲིབ་བཤོས་ནག་པོ་རྒྱན་ཅན་དང༔ གྲིབ་ཁྲག་ནག་པོ་ཞག་ཅན་དང༔ གྲིབ་ཟན་ཨུ་ཀྱུ་སྲན་ནག་དང༔ འབྲང་རྒྱས་ནག་པོ་གྲིབ་རྫས་བཅས༔ གྲིབ་བདག་ཁྱོད་ལ་རྫོངས་སུ་འདེབས༔ ཉམས་གྲིབ་མཐའ་དབུས་ཕྱོགས་མཚམས་ནས༔ གྲིབ་སྐྱོལ་ནག་པོ་གནས་སུ་སྐྱོལ༔ ཉམས་གྲིབ་ནག་པོ་གནས་སུ་བདའ་འོ༔ མི་ལས་བཤུས་ཏེ་བདའ་འོ༔ གླུད་ལས་དཀྲིས་ཏེ་བདའ་འོ༔ ཉམས་གྲིབ་བཙོག་གྲིབ་དང༔ ཐབ་གྲིབ་གཞོབ་གྲིབ་དང༔ དམེ་གྲིབ་ཡུགས་གྲིབ་དང༔ མཛེ་གྲིབ་མནོལ་གྲིབ་དང༔ སྔོན་ལས་འཕྲལ་རྐྱེན་དང༔ ལུས་དང་སྲོག་གི་བདུད༔ ཆག་ཆེན་ཉམ་ང་བ༔ ཐམས་ཅད་གནས་སུ་བདའ་འོ༔ མདོས་བདག་མདོས་ལོངས་ལ༔ རང་རང་གནས་སུ་གཤེགས༔ གླུད་བདག་གླུད་ལོངས་ལ༔ ཕྱོགས་བཞི་མཚམས་ལ་གཤེགས༔ ཞེས་བརྗོད་ཅིང་ཡས་རྫས་རྣམས་མདོས་ནང་དུ་བླུགས་ལ་མདོས་ཀྱི་ཁ་ཕྱིར་སྒྱུར་རོ། །བདའ་འོ༔ ཞེས་པའི་སྐབས་ཁྱིམ་ནང་མི་དུ་ཡོད་ཀྱིས། གྲིབ་བདའ་འོ་ཞེས་ཟེར་དགོས་པར་གསུངས། དགུ་པ་ཟློག་སྒྱུར་བྱ་བ་ནི། མདའ་དར་ནག་པོ་སྲེ་ལོང་བཅས་བུ་མོ་དེའམ་སློབ་དཔོན་གྱིས་གཡབ་ལ། ཧཱུྃ༔ སྲེ་ལོང་རྒྱལ་པོ་རྫུ་འཕྲུལ་ཅན༔ སྲེ་ལོང་རྒྱལ་པོ་དགྲ་བགེགས་གཤེད༔ སྲེ་ལོང་རྒྱལ་པོ་ཁྲོ་བོའི་སྐུ༔ བྱེ་རུའི་རལ་པ་དུང་གི་ཚེམས༔ དམ་ཉམས་ཀུན་གྱི་གཤེད་པོ་ཆེ༔ མཁའ་འགྲོ་སྡེ་ལྔའི་སྤྲུལ་པའི་མཆོག༔ རྒྱལ་ཆེན་སྡེ་བཞིའི་བཀའ་སྒྱུར་ལ༔ ཕྱོགས་བཞི་མཚམས་བརྒྱད་གདོན་གྲིབ་ཟློགས༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང༴ སྡུག་བསྔལ་བརྒྱ་དང་རྩ་བརྒྱད་ཟློགས༔ ཞེས་བརྗོད་ལ་སྲེ་ལོང་མདོས་ནང་དུ་བོར། ཟློག་སྔགས་གང་ཤེས་ཀྱང་བརྗོད། བསྲུང་བྱ་ནད་གདོན་ལས་གྲོལ་ཏེ་ལུས་ཤེལ་གོང་དྲི་མ་མེད་པ་ལྟ་བུར་གྱུར་ཅིང༔ སྦྱིན་བདག་གི་ལྷ་སྲུང་དང་བཅས་པ་གྲིབ་ལས་གྲོལ་ཏེ་མདངས་ལྡན་འོད་ཟེར་གྱི་ལུས་སུ་གྱུར་ནས༔ རྣལ་འབྱོར་བདག་གི་གྲོགས་ལ་བྱོན་ནས་དགྲ་བགེགས་ཀྱི་སྟེང་དུ་དམག་དཔུང་ཆས་པར་གྱུར༔ སྐབས་འདིར་གསེར་སྐྱེམས་དཀར་གཏོར་སྤྱི་འགྲོ་མདོས་གཏང་ཕྱོགས་སུ་འབུལ། དེའང་སྦྱིན་བདག་བླ་མ་ལྟ་བུ་ཡིན་ན་མཁའ་འགྲོའི་འགྱུ་ཐེབས་ཀྱི་ཕྱོགས་སམ། ནུབ་སྟོད་སྨད། ལྷོ་ནུབ། ནུབ་བྱང་རྣམས་ལ་ལམ་དུ་འགྲོ་བར་བཤད་ཅིང་། གང་ཡང་རང་དང་ཡོན་བདག་གི་ལོ་ལྷའི་སྟེང་དང་། མཁའ་འགྲོ་ཚུར་རྒྱུ་བ་དང་གདོང་མ་ཐུག་པ་དགོས། སྐྱེ་བོ་ཕལ་པ་ཡིན་ན་འདྲེ་ལྔ་བདུད་གཅོད་ཀྱི་སྟེང་། དུས་ཀྱི་རིམ་གྲོ་ལ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་བར་གསུངས་སོ། །སྐབས་འདིར་ལས་གཞུང་གི་ཆད་ཐོ་གཏང་ངོ་། །བཅུ་པ་ཟོར་འཕེན་ནི། སྤྲོས་པ་ཆེ་ན་མདོས་ཟློག་སྤྱི་ལྟར་སེར་སྦྲེང་གིས་རྒྱབ་ཏུ་བསྐྱལ་ཡང་ཆོག །སྐབས་དེར་ནི་བོར་བའི་གནས་སུ་ཕྱིན་པ་དང་གསེར་སྐྱེམས་གཏང་བ་སོགས་སྤྱི་བཞིན་བྱ། བསྡུ་ན་འདོན་བྱ་ཁྱིམ་ནས་བྱ། མདོས་ཡས་སྐྱེལ་མི་རྣམས་ཀྱིས་བཏེགས། བུ་མོས་མདའ་དར་དང་ཁྱེའུས་མདའ་རྩེ་གསིར་བས་རྗེས་ནས་འདེད་ལ། ཧཱུྃ་བྷྱོ༔ ཡུམ་མཆོག་མཁའ་འགྲོའི་གཙོ་མོ་སྟེ༔ མཐུ་དང་ནུས་པ་བསམ་མི་ཁྱབ༔ རྐྱེན་ཟློག་མཁའ་འགྲོའི་ཚོགས་བཅས་རྣམས༔ དར་དཀར་གཡབ་མོ་ལིངས་སེ་ལིང༔ རེ་ནག་དུལ་མོ་ཐིབས་སེ་ཐིབ༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ དུག་ལྔའི་རྣམ་རྟོག་ཐམས་ཅད་སྲེག༔ བག་ཆགས་གཞོབ་ཏུ་ཐུ་ལུ་ལུ༔ ཞལ་ནས་སྔགས་ཟོར་ལྡི་རི་རི༔ ཆག་ཆེ་ཉམ་ང་རྡུལ་དུ་རློགས༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ ཡུལ་འཁོར་སྲུང་གི་བཀའ་སྒྱུར་ལ༔ དྲི་ཟའི་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ཤར་དུ་སྐྱོལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ འཕགས་སྐྱེས་པོ་ཡི་བཀའ་སྒྱུར་ལ༔ གཤིན་རྗེའི་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ལྷོ་རུ་སྐྱོལ༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ སྤྱན་མི་བཟང་གི་བཀའ་སྒྱུར་ལ༔ ཀླུ་གདོན་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་ནུབ་ཏུ་སྐྱོལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ རྣམ་ཐོས་སྲས་ཀྱི་བཀའ་སྒྱུར་ལ༔ གནོད་སྦྱིན་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་བྱང་དུ་སྐྱོལ༔ ཧཱུྃ༔ དབུས་ནས་སངས་རྒྱས་མཁའ་འགྲོ་མ༔ ཚངས་པ་བརྒྱ་བྱིན་བཀའ་སྒྱུར་ལ༔ སྡེ་བརྒྱད་དམག་ཚོགས་དགྲ་ལ་སྒྱུར༔ ནད་གདོན་གྲིབ་ཚོགས་དབུས་སུ་སྐྱོལ༔ སྡང་བའི་དེ་ནི་དགྲ་ལ་སྒྱུར༔ གནོད་པའི་དེ་ནི་བགེགས་ལ་སྐྱོལ༔ ཟ་བའི་དེ་ནི་འདྲེ་ལ་སྐྱོལ༔ ཅེས་བརྗོད་ལ་སྒོ་ཕྱི་མ་ཙམ་དུ་གནས་སྤགས་ཏེ། ཧཱུྃ༔ ད་ནི་མདོས་གླུད་གཏོང་རེ་རན༔ ད་ནི་ཁྲག་ཟོར་འཕེན་རེ་རན༔ མཁའ་འགྲོ་སྡེ་ལྔའི་ཕྱག་བརྙན་མ༔ ཤུགས་འགྲོ་ལྔ་ཡི་ཕོ་ཉ་མོ༔ མ་བདུད་ཆེན་མོའི་ལས་མཁན་མོ༔ མ་མོ་འབུམ་གྱི་ཚོགས་དང་བཅས༔ ནད་བདག་ཆེན་མོ་ལས་ལ་ཆོས༔ ཟོར་བདག་ཆེན་མོ་ཟོར་ལ་བཞེངས༔ སྐུ་མདོག་མཐིང་ནག་ལྷགས་སེ་ལྷག༔ སྤྱན་གསུམ་སྡང་མིག་ཧྲིགས་སེ་ཧྲིག༔ ཁྲག་གི་རལ་པ་ཤ་ར་ར༔ ཐུན་དང་དུག་རླངས་ཆིལ་ལི་ལི༔ ཞལ་ནས་བྷྱོ་ཟློག་དི་རི་རི༔ རུ་ལུའི་སྒྲ་སྐད་འུ་རུ་རུ༔ དུལ་བརྡབ་གཡབ་མོ་ལིངས་སེ་ལིང༔ ཧཱུྃ་དང་ཕཊ་སྒྲ་དི་རི་རི༔ མདའ་ཟོར་སྐྱ་བོ་ཤ་ར་ར༔ ཉུངས་ཟོར་རྦབ་ཏུ་ཧྲི་ལི་ལི༔ མཚེ་ཟོར་མདའ་ལྟར་ཏ་ལ་ལ༔ གཏོར་ཟོར་སྒྱོགས་འདེབས་ཆེམས་སེ་ཆེམ༔ ཁྲག་ཟོར་དུག་རླངས་ཆིལ་ལི་ལི༔ རྡོ་ཟོར་ཐོག་ལྟར་ཤ་ར་ར༔ རྩང་ཟོར་ངར་སྐད་འུ་རུ་རུ༔ གྲིབ་ཟོར་མེ་འབར་ལྷབས་སེ་ལྷབ༔ ཐམས་ཅད་རུ་མཚོན་རོངས་སེ་རོང༔ མ་མོའི་དཔུང་ཚོགས་ཉི་ལི་ལི༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ནད་གདོན་རྐྱེན་ངན་ཟློག་ཏུ་གསོལ༔ ཆག་ཆེ་ཉམ་ང་ཟློག༴ བར་ཆད་རྐྱེན་ངན་ཟློག༴ ནད་ཁ་དལ་ཡམས་ཟློག༴ རྦོད་གཏོང་རྦད་འདྲེ་ཟློག༴ བྱད་ཁ་ཟོར་ཁ་ཟློག༴ གཏད་ཁ་ཕུང་སེལ་ཟློག༴ ཕྲ་མེན་རླུང་འཁོར་ཟློག༴ རྨིས་ལྟས་མཚན་ངན་ཟློག༴ ཧཱུྃ༔ ད་ནི་འཇིག་རྟེན་གཡོ་ཞིང་འགུལ༔ ད་ནི་སྲིད་གསུམ་འཁྱམ་ཞིང་ལྡེག༔ སྣང་སྲིད་ཐམས་ཅད་གཡོ་ཞིང་འགུལ༔ མ་བདུད་ཆེན་མོ་སྐུ་བཞེངས་ཤིག༔ ཟོར་བདག་ཆེན་མོ་བསྐྱོད་པའི་ཚེ༔ འཁོར་གྱི་མ་མོ་ཅི་ལ་སྡོད༔ སྦྱིན་བདག་འཁོར་བཅས་ཆག་ཆེ་དང༔ གདོན་གྲིབ་རྐྱེན་ངན་ཐམས་ཅད་ཀྱང༔ མ་མོ་ཁྱོད་ཀྱིས་ད་ཤུས་ལ༔ དྲག་པོའི་ཟོར་དང་བཅས་ནས་ནི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་སྲི་ལ་ཕོངས༔ བརྣག་པའི་དགྲ་བགེགས་སྟེང་དུ་ཕོངས༔ ཟློག་ཟློག༔ བྷྱོ་བྷྱོ༔ ཟོར་ཡ་ཟོར་ཡ་བྷྱོ༔ ཞེས་བརྗོད་ལ་མདོས་གཞི་ནག་པོའང་ཕྱིར་བརྡལ། སྐྱེལ་མི་རྣམས་ཀྱི་གླུད་མདོས་རྣམས་ཁ་ཕྱིར་བསྟན་ལ་བོར། ཚུར་ལམ་བུ་མོ་ཆས་ཞུགས་ཡོད་ན་ཆས་རྣམས་ཕུད་ནས་འོང་། སྒོ་རྩར་སླེབ་པ་དང་ཐམས་ཅད་ཁྲུས་ཆུས་བཀྲུ། གུ་གུལ་དུད་པས་བདུག །སློབ་དཔོན་སོགས་ཀྱིས་དེ་ཚེ་ལོཀྟྲིའི་གཙོར་བྱས་ཟློག་པ་ཐལ་རྡེབ་བྱ། བསྐྱེལ་ཟིན་པ་དང་། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ སོགས་སྲུང་འཁོར་བསྒོམ་མོ། ༈ །གསུམ་པ་རྗེས་རིམ་ནི། བརྟན་མ་བསྐྱང་། རྟ་བྲོ་བརྡུང་། ཚེ་འགུགས་བརྗོད་ཅིང་ཚེ་བསྙེན་བཟླ། མཆོད་བསྟོད་བྱ། དངོས་གྲུབ་ལེན་ཆོག་དང་འབྲེལ་པར་ཚེ་རིལ་ཆང་བཀྱེ། བུམ་པའི་ཡེ་ཤེས་པ་དང་མགྲོན་ཐབས་ཚོགས་ཞིང་ལ་དམིགས་ཏེ་བརྟན་བཞུགས་དང་། བསྔོ་སྨོན། ཤིས་བརྗོད། བསྡུ་ལྡང་གི་བར་ལས་གཞུང་ལྟར་བྱའོ། །གསུམ་པ་དེ་ལྟར་བྱས་པའི་ཕན་ཡོན་ནི། གཞུང་ལས། གནས་སྐབས་ཀྱི་རྐྱེན་ངན་བཟློག་ཅིང༔ འཕྲལ་དུ་རྦོད་གཏོང་བྱད་ཁ་ཕུར་ཁ་ལ་སོགས་པའི་ལས་སྦྱོར་ངན་པ་ཐམས་ཅད་ཟློག་ནུས༔ དལ་ཡམས་ཆག་སྒོ་ཉམས་གྲིབ་རྨི་ལམ་ངན་པ་ལྟས་དང་མཚན་མ་ངན་པ་ཐམས་ཅད་ཟློག་པས་ན་ཡོན་ཏན་དཔག་ཏུ་མེད་པའོ༔ གཞན་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་དང༔ གཞན་གྱི་དྲི་མ་ངན་པས་གོས་པ་དང༔ མཁའ་འགྲོ་ཆོས་སྐྱོང་གི་བཀའ་ཆད་བྱུང་བ་དང༔ ཆག་ཆེ་ཞིང་ཉམ་ང་བ་དང༔ ངེས་པར་འཆི་ལྟས་བྱུང་ཡང་བསླུ་ཐུབ་ཅིང་དམག་འཁྲུགས་འཐབ་རྩོད་མྱུར་དུ་ཞི་བ་དང༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་འཐིབས་པ་ལྟར་འདུ་བ་དང༔ ཟས་ནོར་ལོངས་སྤྱོད་སྙན་གྲགས་འཕྲལ་དུ་འབྱུང་བར་ཐེ་ཚོམ་མེད་དོ༔ ལས་བཞིའི་སྒྲུབ་པ་གང་བྱེད་ཀྱང་སྔོན་འགྲོ་འདི་བྱས་ན་བར་ཆད་མེད་ཅིང་དངོས་གྲུབ་རྣམ་གཉིས་ངེས་པར་འབྱུང་ངོ༔ ཞེས་གསུངས་པ་ལྟར་རོ། །འདི་ལ་ལག་ལེན་གཉིས་ཀྱི་དབྱེ་བའང་ཕྱེད་དགོས་ཏེ། གཞུང་ལས། དེའང་བླ་མ་དགེ་བའི་བཤེས་གཉེན་ཡིན་ན་ཞིབ་རྒྱས་སུ་བྱ་བ་དང༔ སྡེ་དཔོན་བྲན་ལྟ་བུ་ལ་འབྲིང་ཙམ་དང༔ སྐྱེ་བོ་ཕལ་པ་ལ་ཁྲུས་བྱབ་ཙམ་གང་འོས་ཤེས་པར་བྱའོ༔ ཞེས་གསུངས་པ་ལྟར་ཏེ། ཁྲུས་ནི་ལྷ་བུམ་བྱིན་རླབས་ཙམ་ལས་མཁའ་འགྲོ་གྲིབ་ཁྲུས་ཕལ་པ་ལ་མི་རུང་བ་སོགས་རྣམ་དབྱེ་ཕྱེད་པར་བྱའོ། །དགོངས་འདུས་རྣམ་གསུམ་གཞུང་སོགས་རྒྱས་དྲགས་ཤིང་། ཁ་ཅིག་ཧ་ཅང་བསྡུས་པས་སབ་དགོས་མང་། །མཆོག་དམན་ཀུན་ལ་འཕྲི་བསྣན་ཆོག་པའི་གཞུང་། །འདི་བྲིས་ཉེས་སྒྲིབ་ཤེལ་ལྟར་དག་གྱུར་ཅིག །ཅེས་རང་གཞན་ལ་ཤིན་ཏུ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་གྱུར་པས། གྲུབ་ཆེན་ཀརྨ་ཆགས་མེད་ཞབས་སོགས་ཆོས་འདིའི་བཀའ་བབས་སྐྱེས་ཆེན་རྣམས་ཀྱི་གསུང་དང་གཏེར་རྙིང་གི་དགོངས་པ་གུང་བསྒྲིགས་ཏེ། སྔགས་རིག་འཆང་བ་པདྨ་གར་དབང་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དྲི་མེད་བཤགས་རྒྱུད་ནས་ཁོལ་ཕྱུང་ཕྱག་གི་བཀོལ་བྱང་རྒྱས་བསྡུས་གཉིས་ཀ་ (Volume 67, Text 30)

༄༅། །དྲི་མེད་བཤགས་རྒྱུད་ནས་ཁོལ་ཕྱུང་ཕྱག་གི་བཀོལ་བྱང་རྒྱས་བསྡུས་གཉིས་ཀ་བཞུགས་སོ། ། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་དོན་དུ་ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ། །དེའི་ཐབས་ནི་རྡོ་རྗེ་སློབ་དཔོན་དང་། ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ། མཚན་ནས་བརྗོད་དེ་ལུས་ས་ལ་བརྡབ་ཅིང་བརྐྱང་ཕྱག་འཚལ་ན་འབྱང་བའི་ཐབས་ཡིན་ནོ། །དེ་ལྟ་བས་ན་ངའི་གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་གསུམ་དུ་ལྟུང་བར་དོགས་པ་རྣམས་ཀྱི་ཆེད་དུ། འགྱོད་ཚངས་ཀྱི་བཤགས་པ་མདོ་ཙམ་ཞིག་བསྟན་གྱི། ཁྱེད་ཅག་རྣམས་ཀྱིས་ལུས་གཅེར་བུར་ཕྱུང་སྟེ་ཆས་རབ་ཏུ་གྱིས་ལ་ཡན་ལག་ལྔ་ས་ལ་བརྡབ་ཅིང་བརྐྱང་ཕྱག་འཚོལ་ཅིག །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཆས་རབ་ཏུ་བྱས་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལྟར་མཉན་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ། ཧོ། ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་དོན་དམ་པར་ཆོས་ཀྱི་དབྱིངས། ཡུམ་གྱི་མཁའ། བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ་ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམ་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀཱི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་བསྐྱེད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་སྐྱེ་རྒྱུན་གཅོད་པས་ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་རྒྱལ་བས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱཻ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་གཟུགས་ཀྱི་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲིར་སྣོམ་པ་གནས་སུ་དག་པ། བཛྲ་མཱ་ལྱེ་སྟེ། དྲིའི་མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ། བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་པི་ཝང་ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོར་བྲོ་བ་གནས་སུ་དག་པ། བཛྲ་ནཱིརྟི་སྟེ། ཕྱག་རྒྱའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་གར་སྒྱུར་ཅན། རྡོ་རྗེ་གར་སྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷཱུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བདུག་སྤོས་ཅན། རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། སྐུའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བྱུག་པ་ཅན། རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གྷཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ། སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཡང་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་ན་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་འཐོབ། །དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་བས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐངས་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་བསྙེན་པར་གྱུར་ཏོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཉམས་ཆག་བསྐངས་ནས་སོར་ཆུད་པའི་རིག་འཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ། ༈ །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རྣལ་འབྱོར་གྱི་གྲལ་འདིར་འདུས་པའི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས། ལྟ་སྤྱོད་དང་། དཀྱིལ་འཁོར་དང་། མར་མེ་གཅིག་ལ་བལྟ་བའི་རྡོ་རྗེ་སྤུན་གྲོགས་རྣམས་ཉོན་ཅིག །སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ། ཐུགས་ཞི་བ་ཆེན་པོ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་སྐུ་ཐུགས་རྗེ་རོལ་པ་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་རྣམས་ལ་ཡང་ཕྱག་འཚལ་ཞིང་ཉམས་ཆག་སྐོངས་ཤིག །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། རོལ་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེའི་མཚན་རྣམས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཚན་ནས་བརྗོད་དེ་བཀའ་བསྩལ་པ། ཧོ་དགོངས་སུ་གསོལ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ། ཆེ་མཆོག་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང་། ཞེ་སྡང་ཆེན་པོའི་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། བཛྲ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བརྙེས་པ། གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད། བུདྡྷ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། རཏྣ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་སེམས་དཔའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅན་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཀརྨ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །འཇིགས་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀཿདཔལ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་ཁྲོ་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམ་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམ་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་མའི་རྒྱལ་མོ་ཆེ། ཁྲོ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་པའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཉིད་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། རཏྣ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བསྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་པའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ནུ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན་། །གཽ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་སེར་མོ་མདའ་གཞུ་འཛིན། །ཙཽ་རཱི་མ་ལ་ཕྱག་འཚལ་ལོ། ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ་ཕྱག་འཚལ་ལོ། ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏཱ་ལི་ལ་ཕྱག་འཚལ་ལོ། ཁྲོ་མོ་དམར་སེར་བྱིས་རྒྱུ་འདྲེན། །པུཀྐ་སཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷསྨ་རཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨ་ཤ་ནཱི་ལ་ཕྱག་འཚལ་ལོ། ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །སེང་གེའི་དབུ་ལ་ཕྱག་འཚལ་ལོ། །བྱཱ་གྷྲི་མནན་བལྟ་བསྣོལ་དམར་སྟག །སྟག་གི་དབུ་ལ་ཕྱག་འཚལ་ལོ། །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཝ་ཡི་དབུ་ལ་ཕྱག་འཚལ་ལོ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །སྤྱང་མོའི་དབུ་ལ་ཕྱག་འཚལ་ལོ། །གྷྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །བྱ་རྒོད་དབུ་ལ་ཕྱག་འཚལ་ལོ། །ཀངྐཱ་ཞིང་ཕྲག་སྣར་མགོ་རིང་། །དུར་བྱའི་དབུ་ལ་ཕྱག་འཚལ་ལོ། །ཀཱ་ཀ་ཁ་རོ་བྷན་གྲི་ནག །བྱ་རོག་དབུ་ལ་ཕྱག་འཚལ་ལོ། །ཨུ་ལཱུ་མཐིང་ག་རྡོར་ཀྱུ་འུག །འུག་པའི་དབུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང་། །སྣ་ཚོགས་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན། །སྤོར་བྱེད་ཉི་ཞགས་འཕེན་ལ་ཕྱག་འཚལ་ལོ། །རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར། །མི་འབྲལ་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །ཉོན་མོངས་ལྔ་གཞོམ་ཐོད་ཁྲག་མདུང་ཐུང་འཕེན། །ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར། །སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ། །མ་རིག་སེམས་ཅན་དབྱིངས་སུ་གཟུད་པའི་ཕྱིར། །ཆོས་ཉིད་བདེ་བའི་སྐུ་ལས་གཡོས་པ་མེད། །སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ། །བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར། །སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡི། །མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ། །འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན། །ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན། །སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར། །མཐིང་ནག་ཆེན་མོ་རྔམ་པའི་སྐུ་མངའ་ཞིང་། །གཡུལ་ཆེན་རབ་ཟློག་རྡོ་རྗེ་སྐར་མདའ་འཕེན། །ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ། །སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་བ་དབང་དུ་མཛད་པའི་ཕྱིར། །སྐུ་མདོག་དམར་ནག་དབང་དྲག་འཛོམ་པའི་ཞལ། །ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར། །རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར། །སྤོར་བྱེད་གློག་ཕྲེང་ཅན་ལ་ཕྱག་འཚལ་ལོ། །གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར། །དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ། །གཏི་མུག་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ། །བྱོལ་སོང་གནས་སུ་སྤོར་བས་སླག་ཤ་རྡེབ། །སྤོར་བྱེད་སླག་ཤ་རྡེབ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱང་བའི་ཕྱིར། །སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ། །དམྱལ་བ་སྟོང་མཛད་ཐོད་ཁྲག་ཞལ་དུ་གསོལ། །དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན། །སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །ལས་ངན་ཞི་བས་འདུལ་བར་མི་འགྱུར་བའི། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པར་མཛད། །སྤོར་བྱེད་བརྒྱད་དུ་མཚན་གསོལ་མི་བཟད་མ། །ཀུན་ཀྱང་འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །སྐམ་གཤེར་སྤེལ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཐོད་ཁྲག་མཚོན་ཆ་འཛིན་ཅིང་གཡང་གཞི་གྱོན། །རལ་པ་དབྱིངས་འབར་བཤུགས་གླུས་སྟོང་ཁམས་འགེང་། །ཧ་ཧའི་གད་འདེབས་རྒྱུད་དྲུག་སེམས་ཅན་སྐྱོང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཅི་འདྲ་བ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བའི། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས། །ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་བསྩལ་དུ་གསོལ། །རྣལ་འབྱོར་དམར་ནག་ཏྲི་ཤཱུལ་འཛིན། །གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ཐོད་རློན་འཆང་། ཁྲ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྡོར་དབྱུག་འཛིན། །རྟ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། ཁྱུང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་བྱིས་བམ་འཛིན། ཁྱི་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བྷནྡྷ་འཛིན། །ཤ་བའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་རྔ་ཆུང་འཛིན། །སྤྱང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། ཁྭ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། །བ་ལང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་ཞགས་པ་འཛིན། །ར་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ལྕགས་སྒྲོག་བསྣམས། །སེང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་གའི་མགོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ། ཁྲོ་ཆེན་ཧཱུྃ་ཀཱ་ར་ལ་ཕྱག་འཚལ་ལོ། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། ཁྲོ་ཆེན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། ཁྲོ་ཆེན་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། ཁྲོ་ཆེན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྙེམས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྡེར་ལ་ཕྱག་འཚལ་ལོ། །བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ། །མདའ་སྙེམས་མ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཕ་རོལ་ཕྱིན་མ་སྟེ། །སྐྱོད་བྱེད་མ་ལ་ཕྱག་འཚལ་ལོ། །སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གསོད་བྱེད་མ་ལ་ཕྱག་འཚལ་ལོ། །བཟོད་པའི་ཕ་རོལ་ཕྱིན་མ་སྟེ། །སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ཕུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་ལས་སྐུར་བཞེངས་མ། །རྟག་རྒྱལ་ལྔ་ལ་ཕྱག་འཚལ་ལོ། །རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏིའི་སྤྲུལ་པ་སྟེ། །ཀིང་ཀ་ར་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རཱི་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །དེ་སྐད་ཅེས་ནི་བཀའ་བསྩལ་པ། །གང་གིས་སྒྱུ་འཕྲུལ་ཁྲོ་བོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་དག་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བཀའ་བསྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཨ་ལ་ལ་ཧོ། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་སྤྱི་ཁྲུས་ཀྱི་ཆོས་བཤད་པ་ངོ་མཚར་ཆེའོ། །ཞེས་བརྗོད་དེ། ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ།། །། ༄༅། །བཤགས་རྒྱུད་ཀྱི་དགོངས་པ་ལྟར་ལས་བཏུས་པའི་ཕྱག་བྱང་བསྡུས་པ་ནི། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམ་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིགས་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀཿདཔལ་རྣམས་ལ་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པ་མཛད། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ཕུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱང་རྒྱས་བསྡུས་འདི་དག་བཤགས་རྒྱུད་བཀའ་གཏེར་དཔེ་སྣ་གསུམ་ཙམ་གོ་བསྡུར་གྱིས་དག་པ་ལས་སྣོན་དབྲི་མེད་པར་ཁོལ་དུ་ཕྱུང་བའི་ཡིག་ཆ་ཁུངས་ཆེ་བ་ཡིན་པར་དྭགས་པོ་སྤྲུལ་སྐུས་ཞུ་འོ།། །།

ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས༔ ལས་བྱང་ཚོགས་གཉིས་ཆུ་གཏེར་ (Volume 24, Text 30)

༁ྃ༔ ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས༔ ལས་བྱང་ཚོགས་གཉིས་ཆུ་གཏེར་ཞེས་བྱ་བ་བཞུགས་སོ༔ ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས༔ ལས་བྱང་ཚོགས་གཉིས་ཆུ་གཏེར་ནི༔ ྈྈྈྈ བདེ་ཆེན་ཡེ་ཤེས་ཡེ་རྫོགས་སུ༔ རིགས་ཀྱི་བདག་པོར་གུས་བཏུད་དེ༔ ཐུགས་རྗེ་ཆེན་པོའི་རིགས་གྱུར་གྱི༔ ཡང་གསང་བླ་ན་མེད་པའི་དོན༔ སྒྲུབ་པའི་ཡང་གསང་སྙིང་ཐིག་གི༔ ཕྲིན་ལས་ལམ་ཁྱེར་རང་གཞུང་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ དང་པོ་ཡོ་བྱད་བཤམ་ཆོག་དང༔ སྐྱབས་སེམས་བཀའ་བསྒོ་མཚམས་གཅོད་དང༔ བྱིན་དབབ་རྫས་བརླབ་དམ་ཚིག་བཟུང་བའོ༔ དང་པོ་དཀྱིལ་འཁོར་བུམ་པ་དང༔ ཐོད་པ་བདུད་རྩི་རིལ་བུ་སོགས༔ བཤམས་པའི་བྱ་བ་ལེགས་བཟབས་ནས༔ འཇུག་པའི་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ མར་གྱུར་འགྲོ་བ་མ་ལུས་ཀུན༔ ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔ དེ་ནས་བྱང་ཆུབ་སེམས་བསྐྱེད་ནི༔ འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར༔ ཐུགས་རྗེ་ཆེན་པོ་བསྒོམ་པར་བྱ༔ བཀའ་བསྒོ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་གསང་ཆེན་ཡེ་ཤེས་ལ༔ མི་དབང་ལོག་འདྲེན་ཚོགས་རྣམས་རང་སར་དེངས༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་གསང་ཆེན་ཡེ་ཤེས་ཀྱི༔ ཡེ་ཤེས་ཆོས་སྐུའི་མཚམས་ཀྱི་རོལ་པའོ༔ ཧྲཱིཿཧྲཱིཿཧྲཱི༔ མཚམས་བཅད་ཀྱི་ཁོངས་སུ་གཏོགས་པའི་ཆོས་ཉིད་ཀྱི་རྒྱས་གདབ་ནི༔ ཧྲཱི༔ དོན་དམ་སྤྲོས་བྲལ་འོད་གསལ་འདུས་མ་བྱས༔ རྣམ་རྟོག་གདོན་བགེགས་ཆོས་སྐུའི་དབྱིངས་སུ་གྲོལ༔ ཀུན་ཀྱང་དག་པ་ལྷ་ཡི་གཞལ་མེད་ཁང༔ ཆོས་སྐུའི་དབྱིངས་སུ་མཚན་མའི་མཐའ་ལས་འདས༔ ཞིང་ཁམས་རྣམ་དག་གསང་སྔགས་སྙིང་པོའི་སྤྲིན༔ དག་པ་མཁའ་སྤྱོད་ལྷ་ཡི་གཞལ་མེད་ཁང༔ གསང་ཆེན་རོལ་པའི་ཡེ་ཤེས་མཚོན་གྱི་མེ༔ ཀུན་ཀྱང་ཡེ་ཤེས་རོལ་པའི་ཕོ་བྲང་ངོ༔ བཞི་པ་བརྡ་སྒོ་དབྱེ་བ་ནི༔ ཧྲཱི༔ ཆོས་དབྱིངས་རོལ་པ་རྣམ་པ་བརྡ་ཡི་སྒོ༔ ཆོས་ཉིད་དབྱིངས་ཀྱི་གཞལ་ཡས་སྒོ་དབྱེ་བས༔ དོན་དམ་ཡེ་ཤེས་ཆེན་པོའི་རང་ཞལ་མཇལ༔ ངེས་འབྱུང་གདིང་ཆེན་ཐུགས་རྗེ་ཆེན་པོ་འོ༔ དྲུག་པ་བྱིན་འབེབ་ནི༔ ཧྲཱི༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ པདྨ་འབྱུང་གནས་རིག་འཛིན་བརྒྱུད་པར་བཅས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བྱིན་ཆེན་ཕོབ༔ མཆོག་ཐུན་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ༔ མཆོད་ཡོན་མེ་ཏོག་སྤོས་མེ་དྲི་ཞལ་རོ༔ ཨཱ༔ གཟུགས་སྒྲ་རི་རོ་རེག་ཆོས་ལྷ་མོའི་ཚོགས༔ ཧཱུྃ༔ སྨན་དང་རཀྟ་གཏོར་མ་བྱང་ཆུབ་སེམས༔ ཧ་ཧོ་ཧྲཱི༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོར་གྱུར༔ དམ་ཚིག་བཟུང་བ་ནི༔ ཧྲཱི་དོན་གཉིས་ཕྱག་རྒྱ་ཆེན་པོར་བསྒྲུབ་པ་དང༔ ཚོགས་གཉིས་མཆོད་འབུལ་དགྱེས་པ་བསྐང་བ་དང༔ འདོད་པའི་དངོས་གྲུབ་ཕྲིན་ལས་བསྐུལ་བ་སོགས༔ དམ་ཚིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཟུང༔ ས་མ་ཡ་ཧཱུྃ༔ དངོས་གཞི་ལ༔ ཏིང་འཛིན་བསྐྱེད་ཅིང་སྤྱན་འདྲེན་དབང་སྐུར་དང༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད་པ་དང༔ ཛཔ྄་དང་ཕྲིན་ལས་ཁ་བསྒྱུར་ཚོགས་མཆོད་ཀྱི༔ དངོས་གཞི་དང་པོ་ཏིང་འཛིན་རྣམ་གསུམ་ནི༔ འཁོར་འདས་མཉམ་ཡངས་དེ་བཞིན་ཉིད་དབྱིངས་ལས༔ ཀུན་སྣང་ཐུགས་རྗེ་ཆེན་པོར་བཞེངས་པ་ཡི༔ འགྲོ་རྣམས་སྲིད་པར་མི་བཞག་དྲང་བའི་ཕྱིར༔ ཐུགས་རྗེ་ཆེན་པོ་རྒྱུ་ཡི་སེམས་དཔའ་ཤར༔ བཛྲ་ཙིཏྟ་ཧཱུྃ༔ གཞལ་ཡང་ཁང་བསྐྱེད་པ་ནི༔ བྷྲཱུྃ༔ ཡེ་ཤེས་མེ་རི་འཇའ་འོད་འཁོར་ཡུག་དབུས༔ དག་པ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག༔ གཟུགས་ཕུང་བྷྲཱུྃ་ལས་རྣམ་པ་གཞལ་ཡས་ཁང༔ ཡེ་ཤེས་རྩིག་པ་ཚད་མེད་ལོགས་དང་སྒོ༔ རྣམ་ཐར་ཀ་བ་རྫུ་འཕྲུལ་རྟ་བབས་དང༔ ཐེག་རྫོགས་འཁོར་ལོ་ལམ་གོལ་སྐྱོབ་བྱེད་ཐོག༔ ཐབས་དང་ཤེས་རབ་འབྲེལ་བའི་ཉི་ཟླར་མཐོངས༔ ཐེག་རྫོགས་ས་ལམ་མཚན་རྫོགས་གཞལ་ཡས་དབུས༔ མཚན་རྫོགས་པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱི༔ བདག་སྣང་ངོ་བོ་ཧྲཱིཿཡིག་དམར་པོ་ལས༔ བདག་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར༔ ཡང་གསང་བླ་མེད་སྐུ་གསུམ་དབྱེར་མེད་ཀྱི༔ རིགས་ཀྱི་འགྲོ་འདུལ་པད་ཕྲེང་ཐུགས་ཀར་འཛིན༔ གཡོན་པས་པད་སྟེང་བདུད་རྩི་ཚེ་བུམ་འཛིན༔ གསང་ཡེ་དམར་མོ་དགའ་བའི་ཉམས་ལ་རོལ༔ ཨུཏྤལ་ཡེ་ཤེས་བདུད་རྩིས་དགྱེས་པ་བསྐང༔ ཡོན་ཏན་མ་འདྲེས་དར་དང་རིན་ཆེན་བརྒྱན༔ གཉིས་མེད་ཟུང་འཇུག་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་རྣམ་ལྔའི་རང་མདངས་རྒྱལ་བ་ལྔ༔ རིགས་དྲུག་གང་འདུལ་ལས་བྱེད་ཐུབ་པ་དྲུག༔ གང་ལ་གང་འདུལ་སངས་རྒྱས་སྟོང་དང་འཁོར༔ མུ་བཞིའི་གེགས་སེལ་ཚད་མེད་སྒོ་བ་བཞི༔ གཙོ་དང་དབྱེར་མེད་མོས་པའི་སྣང་ཆར་གྱུར༔ སྤྱན་འདྲེན་ནི༔ ཧྲཱི༔ རྒྱལ་བ་རྣམས་ཀྱི་རང་བཞིན་སྤྱན་རས་གཟིགས༔ བདེ་གཤེགས་ཀུན་གྱི་ལས་བྱེད་ཐུགས་རྗེ་ཆེ༔ སྣང་མཐའ་ཚད་མེད་ཐུགས་རྗེའི་སྐུར་བཞེངས་པའི༔ འཕགས་མཆོག་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ རྒྱས་གདབ་ཅིང་དབང་བསྐུར་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ མ་བཅོས་གཞི་ཡི་སྤྱན་རས་གཟིགས་དབང་ལ༔ མ་འགགས་ལམ་གྱི་ཐུགས་རྗེ་ཆེན་པོ་ཐིམ༔ སྣང་སྟོང་རང་གྲོལ་སྐུ་གསུམ་རྒྱས་འདེབས་ཀྱི༔ སྣང་སྟོང་རིགས་ཀྱི་བདག་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ བཞུགས་སུ་གསོལ་བ་ནི༔ གདུལ་བྱའི་ཡུལ་ལ་ཐུགས་རྗེས་ཆགས་པ་ཡིས༔ ཐུགས་རྗེ་ཆེན་པོ་འགྲོ་བའི་དོན་ཕྱིར་བཞུགས༔ ཕྱག་འཚལ་བ་ནི༔ ཧྲཱི༔ གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེའི་གཏེར༔ འགྲོ་བའི་དོན་ཀུན་མཛད་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་འབུལ་ནི༔ ཧྲཱི༔ ཞིང་ཁམས་རྒྱ་མཚོའི་མཆོད་པའི་བྱེ་བྲག་རྣམས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་རྣམས་ཚོགས་གཉིས་རྫོགས་པ་དང༔ དོན་གཉིས་དཔལ་འབྱོར་རྒྱ་མཚོའི་དངོས་གྲུབ་སྩོལ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ དུག་ལྔ་རང་གྲོལ་ཡེ་ཤེས་བདུད་རྩི་དང༔ འཁོར་བ་རང་གྲོལ་བཅུད་ཀྱི་ཁྲག་དང་ཞག༔ རྒྱུ་དྲུག་བཅུད་ཆེན་སྣང་སྲིད་གཏོར་མ་དང༔ དུ་མ་རོ་གཅིག་བྱང་ཆུབ་སེམས་ཀྱིས་མཆོད༔ སརྦ་པཉྩ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ལ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱི༔ ཡེ་ཤེས་ཆེན་པོ་སོ་སོར་ཀུན་རྟོག་གི༔ པདྨའི་རིགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ༔ ཡང་གསང་བླ་ན་མེད་པའི་ཤེས་རབ་རོལ༔ བདེ་ཆེན་ཟུང་འཇུག་གཙོ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བ་ནི༔ ཧྲཱི༔ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ༔ སྟོང་པ་གསང་བ་ཡེ་ཤེས་ཡུམ༔ སྣང་སྟོང་གཉིས་མེད་ཟུང་འཇུག་གི༔ ཡེ་ཤེས་ཆེན་པོའི་དོན་ལ་བལྟ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ སྣང་སྟོང་གཉིས་མེད་ཐུགས་རྗེ་ཆེ༔ གྲགས་སྟོང་བརྗོད་མེད་ཤེས་རབ་ཡུམ༔ གཉིས་མེད་ཟུང་འཇུག་རོལ་པ་ཡི༔ ཡེ་ཤེས་ཆེན་པོ་སྒྲུབ་པར་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྩ་རིག་རིགས་ཀྱི་མདངས་བཞིན་བསྙེན༔ ཕྱག་རྒྱ་ཆེན་པོའི་རོལ་པར་བསྒྲུབ༔ བསྙེན་ཅིང་བསྒྲུབས་ནས་ལས་སྦྱོར་གྱི༔ ཕྲིན་ལས་ཁ་བསྒྱུར་རིམ་པ་ནི༔ ཞི་བའི་ཕྲིན་ལས་རིགས་མདངས་དཀར༔ རྒྱས་པའི་ཕྲིན་ལས་རིགས་མདངས་སེར༔ དབང་གི་ཕྲིན་ལས་རིགས་མདངས་དམར༔ དྲག་པོའི་ཕྲིན་ལས་རིགས་མདངས་ལྗང༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ ལས་སྦྱོར་ཁ་བསྒྱུར་ལས་རྣམས་འགྲུབ༔ དེ་ནས་ཚོགས་ཀྱི་ལས་རིམ་ནི༔ སྦྱོང་བ་ནི༔ ཧྲཱི༔ རྣམ་རྟོག་ཆོས་ཉིད་རོལ་པ་ཡིས༔ འཁོར་བ་མྱང་འདས་ཚོགས་སུ་སྦྱོར༔ དུ་མ་རོ་གཅིག་མཉམ་གྲོལ་གྱིས༔ སེམས་ཅན་སངས་རྒྱས་ཚོགས་སུ་སྦྱོར༔ དུག་ལྔ་ཡེ་ཤེས་རོལ་པ་ཡིས༔ ཉོན་མོངས་བདུད་རྩིའི་ཚོགས་སུ་སྦྱོར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་སྤྱན་འདྲེན་ནི༔ ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་ལྷུན་གྲུབ་ཕོ་བྲང་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གང་འདུལ་མཛད་པའི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཀྱང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ མ་དང་མཁའ་འགྲོ་རྒྱ་མཚོ་ཡང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལེགས་ཉེས་སྟངས་འཛིན་གཞལ་ཡས་ནས༔ ཕྱི་ནང་བཀའ་ཡི་སྲུང་མ་ཡང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལུས་དང་གྲིབ་བཞིན་གཞལ་ཡས་ནས༔ ཚེ་དཔལ་མགོན་སྐྱོབ་ལྷ་ཚོགས་ཀྱང༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞུགས་སུ་གསོལ་བ་ནི༔ ཛ༔ འདིར་བྱོན་ལྷ་ཚོགས་བཞུགས་པར་འཚལ༔ བཞུགས་པའི་གནས་མཆོག་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རྒྱུ༔ གདུལ་བྱའི་དད་པ་དང་རེ་སྤྲོ༔ ཞི་བར་གཤེགས་པར་བཞེད་ན་ཡང༔ སྒྲུབ་མཆོག་དམ་ཚིག་དང་རེ་སྤྲོ༔ དད་པ་དམ་ཚིག་ཡ་རེ་མཚན༔ ཚོགས་ཀྱི་གནས་འདིར་བཞུགས་སུ་གསོལ༔ ཚོགས་ཕུད་འབུལ་བ་ནི༔ ཨཱ༔ ཚོགས་ལ་བཟང་ངན་མ་མཆིས་ཀྱང༔ ཡེ་ཤེས་དབྱིངས་ཀྱི་ལྷ་ཚོགས་རྣམས༔ ཆོས་དབྱིངས་དག་པའི་རང་བཞིན་གྱི༔ རྒྱ་མཚོའི་རླངས་པའི་ཆར་པ་བཞིན༔ བདུད་རྩིའི་ཕུད་ནི་མཁའ་ལ་འཁྱིལ༔ རང་རང་ལས་ཀྱི་བཞེས་པ་འོ༔ བཞེས་ཤིག་བདུད་རྩིའི་ཕུད་ལ་རོལ༔ བར་པ་བཤགས་པ་ནི༔ ཨཱ༔ ཚོགས་ལ་ཕུད་ལྷག་གཉིས་མེད་ཀྱང༔ བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སོ་སོའི་ཐུགས་རྗེས་གདུལ་བྱ་བཞིན༔ རང་བྱུང་ཡེ་ཤེས་ཚོགས་ལ་རོལ༔ བཤགས་པ་ནི༔ ཧཱུྃ༔ ཀ་དག་ཡེ་ཤེས་དྲི་མེད་ལ༔ འཁུ་འཁྲིག་འཛིན་པའི་དྲི་མ་བྱུང༔ བླང་དོར་གཉིས་མེད་ཚོགས་མཆོད་བཞེས༔ མ་སྦྱང་ཡེ་ནས་དག་པ་འོ༔ ཚོགས་བསྒྲལ་ལས་ནི༔ ཧཱུྃ༔ རྒྱུ་དྲུག་བསྒྲལ་བའི་འདོད་ཡོན་ཚོགས༔ འཁོར་བ་བསྒྲལ་བའི་མྱང་འདས་ཚོགས༔ ཉོན་མོངས་བསྒྲལ་བའི་བདུད་རྩིའི་ཚོགས༔ མ་རྟོགས་བསྒྲལ་བའི་ཡེ་ཤེས་ཚོགས༔ དབྱིངས་ཀྱི་བྷནྡྷའི་འཁོར་ཡུག་དབུས༔ ཐབས་ཤེས་མེ་རླུང་རྒྱུ་རྐྱེན་གྱིས༔ དུ་མ་རོ་གཅིག་བདུད་རྩི་འདི༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ རོལ་ཅིག་བདུད་རྩིའི་ཚོགས་ལ་རོལ༔ ཆོས་ཉིད་དག་པའི་ཚོགས་ལ་རོལ༔ བསོད་ནམས་ཚོགས་ཀྱིས་རྒྱུད་བསྐུལ་ནས༔ འབྲས་བུ་ཡེ་ཤེས་ཆེན་པོའི་ཚོགས༔ ནམ་མཁའ་མཛོད་ཀྱི་དངོས་གྲུབ་སྩོལ༔ ཕུད་ལྷག་རིམ་གསུམ་ནི༔ ཧྲཱི༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ ཆོས་སྐུ་ཡེ་ཤེས་དབྱིངས་ཀྱི་ལྷ༔ དག་པ་ཆེན་པོའི་རང་བཞིན་གྱི༔ ཀུན་ནས་ཕུད་ཀྱི་རང་བཞིན་ཡིན༔ བར་དུ་ཚོགས་ལ་མི་རོལ་དུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡེ་ཤེས་ཚོགས་ཀྱི་བདག་ཉིད་དེ༔ རོལ་པ་ཆེན་པོའི་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་བརྔན་དུ༔ མུ་རན་སྐྱོང་བའི་སྲུང་མ་རྣམས༔ ཟས་ལ་རྔམས་ཤིང་ལས་ལ་མྱུར༔ དེས་ཀྱང་ལས་ཀྱི་ཟས་ཡིན་ནོ༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ རྒྱུ་ཉིད་འབྲས་བུ་གཅིག་ན་ཡང༔ ལམ་གྱི་སྦྱང་བགྲོད་དགོས་པའི་ཕྱིར༔ ད་རུང་འཇིག་རྟེན་མ་འདས་པར༔ ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད༔ གཙོ་བོའི་རིགས་མདངས་འབྲེལ་ན་ཡང༔ ཆོས་ཉིད་ཞལ་བཟང་མ་མཐོང་བས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད༔ མ༔ ཤར་ནས་གཤེགས་པའི་ལྷག་སྡུད་མ༔ ཡེ་ཤེས་དབྱིངས་ཀྱི་བཀའ་ཉན་མ༔ རིགས་རྟགས་དུང་གི་ཐོར་ཚུགས་ཅན༔ དེ་ལྟར་གཡོག་འཁོར་བཅས་པ་ཡང༔ ཕྱི་ལྟར་ཚོགས་ཀྱི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དར་གྱི་ཅོད་པན་པུ་རུ་རུ༔ ནང་ལྟར་དུར་ཁྲོད་གནས་ཉུལ་མ༔ མི་ལྤགས་གཡང་གཞི་ཞ་ལ་ལ༔ རུས་པའི་རྒྱན་ཆ་སི་ལི་ལི༔ གསང་བ་རྣལ་འབྱོར་དྲོད་ཉུལ་མ༔ རཀྟའི་ཐིག་ལེ་ན་ར་ར༔ ཐལ་ཆེན་ཚོམ་བུ་པུ་རུ་རུ༔ མ༔ འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ མ༔ འདིར་བྱོན་རྣལ་འབྱོར་སྐུ་ཚེ་སྲིངས༔ མ༔ འདིར་བྱོན་སྒྲུབ་མཆོག་ཕྲིན་ལས་མཛོད༔ མ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་མ༔ ཡེ་ཤེས་དབྱིངས་ཀྱི་བཀའ་ཉན་མ༔ རིགས་རྟགས་གསེར་གྱི་རྐེད་འཆིང་ཅན༔ དེ་ལྟར་གཡོག་འཁོར་བཅས་པ་ཡང༔ ཕྱི་ལྟར་ཚོགས་ཀྱི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དར་གྱི་ཅོད་པན་པུ་རུ་རུ༔ ནང་ལྟར་དུར་ཁྲོད་གནས་ཉུལ་མ༔ མི་ལྤགས་གཡང་གཞི་ཞ་ལ་ལ༔ རུས་པའི་རྒྱན་ཆ་སི་ལི་ལི༔ གསང་བ་རྣལ་འབྱོར་དྲོད་ཉུལ་མ༔ རཀྟའི་ཐིག་ལེ་ན་ར་ར༔ ཐལ་ཆེན་ཚོམ་བུ་པུ་རུ་རུ༔ མ༔ འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ མ༔ འདིར་བྱོན་རྣལ་འབྱོར་སྐུ་ཚེ་སྲིངས༔ མ༔ འདིར་བྱོན་སྒྲུབ་མཆོག་ཕྲིན་ལས་མཛོད༔ མ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་མ༔ ཡེ་ཤེས་དབྱིངས་ཀྱི་བཀའ་ཉན་མ༔ རིགས་རྟགས་ཟངས་ཀྱི་ལན་ཕྲན་ཅན༔ དེ་ལྟར་གཡོག་འཁོར་བཅས་པ་ཡང༔ ཕྱི་ལྟར་ཚོགས་ཀྱི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དར་གྱི་ཅོད་པན་པུ་རུ་རུ༔ ནང་ལྟར་དུར་ཁྲོད་གནས་ཉུལ་མ༔ མི་ལྤགས་གཡང་གཞི་ཞ་ལ་ལ༔ རུས་པའི་རྒྱན་ཆ་སི་ལི་ལི༔ གསང་བ་རྣལ་འབྱོར་དྲོད་ཉུལ་མ༔ རཀྟའི་ཐིག་ལེ་ན་ར་ར༔ ཐལ་ཆེན་ཚོམ་བུ་པུ་རུ་རུ༔ མ༔ འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ མ༔ འདིར་བྱོན་རྣལ་འབྱོར་སྐུ་ཚེ་སྲིངས༔ མ༔ འདིར་བྱོན་སྒྲུབ་མཆོག་ཕྲིན་ལས་མཛོད༔ མ༔ བྱང་ནས་གཤེགས་པའི་རྣལ་འབྱོར་མ༔ ཡེ་ཤེས་དབྱིངས་ཀྱི་བཀའ་ཉན་མ༔ རིགས་རྟགས་གཡུ་ཡི་ཐོད་ལྡིང་ཅན༔ དེ་ལྟར་གཡོག་འཁོར་བཅས་པ་ཡང༔ ཕྱི་ལྟར་ཚོགས་ཀྱི་ལྷག་སྡུད་མ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དར་གྱི་ཅོད་པན་པུ་རུ་རུ༔ ནང་ལྟར་དུར་ཁྲོད་གནས་ཉུལ་མ༔ མི་ལྤགས་གཡང་གཞི་ཞ་ལ་ལ༔ རུས་པའི་རྒྱན་ཆ་སི་ལི་ལི༔ གསང་བ་རྣལ་འབྱོར་དྲོད་ཉུལ་མ༔ རཀྟའི་ཐིག་ལེ་ན་ར་ར༔ ཐལ་ཆེན་ཚོམ་བུ་པུ་རུ་རུ༔ མ༔ འདིར་བྱོན་ལྷག་མའི་ལོངས་སྤྱོད་བཞེས༔ མ༔ འདིར་བྱོན་རྣལ་འབྱོར་སྐུ་ཚེ་སྲིངས༔ མ༔ འདིར་བྱོན་སྒྲུབ་མཆོག་ཕྲིན་ལས་མཛོད༔ ས་མ་ཡ་ཁཱ་ཧི་ཁཱ་ཧི༔ གསུམ་པ་རྗེས་ཀྱི་བྱ་བ་ཆད་མདོ༔ བརྟན་སྐྱོང༔ རྟ་བྲོ༔ ཚེ་འགུགས༔ བཀྲ་ཤིས༔ བསྔོ་བ་སྨོན་ལམ་གྱི༔ ཆད་མདོ་བསྒྲག་པ་ནི༔ ཧྲཱི༔ ཀྱཻ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེ་གསོན་མཛོད་དང༔ རྒྱལ་བ་རིགས་འཛིན་བརྒྱུད་པར་བཅས་རྣམས་ཀྱི༔ ཆད་མདོ་ཐ་ཚིག་བཀའ་གསང་ཇི་བཞིན་གྱིས༔ དམ་ཚིག་བདུད་རྩི་འདའ་བའི་ཚུལ་མིན་ནོ༔ ཧཱུྃ༔ སྔོན་ཚེ་བར་དང་བསྐལ་པའི་ཐ་མ་ལ༔ སྣང་མཐའ་ཐུགས་རྗེ་ཆེན་པོ་པད་འབྱུང་གིས༔ རྒྱུད་གསུངས་གཏེར་དུ་སྦས་དང་བཏོན་པའི་ཚེ༔ སྣང་སྲིད་ལྷ་འདྲེས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨ་དྲྭ་བ་ཅན་གྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ རིག་འཛིན་པདྨ་གར་གྱི་དབང་ཕྱུག་ལ༔ དབང་བསྐུར་ལུང་བསྟན་རྒྱལ་ཚབ་མངའ་གསོལ་ཚེ༔ སྣང་སྲིད་ལྷ་འདྲེས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཡང་སྙིགས་དུ་རུ་ཀ་ལྔ་བདོ་བའི་ཚེ༔ ཨོ་རྒྱན་སྒྲུབ་གནས་གསང་བའི་ཡང་རྫོང་ནས༔ པདྨའི་རྒྱལ་ཚབ་གར་གྱི་དབང་ཕྱུག་གིས༔ པདྨའི་གསང་མཛོད་གཏེར་སྒྲོམ་ཞལ་ཕྱེས་ནས༔ གསང་བ་དགུ་རིམ་གཏེར་རྒྱ་རིམ་བཀྲོལ་ཚེ༔ ཆོས་བདག་སོ་སོར་དགོངས་པ་གཏད་པའི་ཚེ༔ སྣང་སྲིད་ལྷ་འདྲེ་དམྱལ་ཐག་ཆད་ནས་ནི༔ མཐུ་རྩལ་མ་བཟོད་སྲོག་སྙིང་ཕུལ་བའི་ཚེ༔ སྣང་སྲིད་ལྷ་འདྲེས་ཁས་བླངས་དམ་བཅས་བཞིན༔ ཕྲིན་ལས་སྒྲུབས་ཤིག་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ བརྟན་སྐྱོང་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཨ་སུ་ར་ཡི་བྲག་ཕུག་གཞལ་ཡས་སུ༔ ཞིང་ཆེན་གདན་ལ་གསང་བའི་མཚན་བཏགས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་བཅས་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བོད་ཁམས་སྤྱི་སྲུངས་གསང་སྔགས་བསྟན་པ་དར༔ བསྟན་འཛིན་སྐྱེས་བུའི་ཕྲིན་ལས་མྱུར་དུ་མཛོད༔ མ་མ་ཧྲིཾ་ཧྲིཾ་ས་མ་ཡ་ཛ་ཛ༔ རྟ་བྲོ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་བསྟན་པ་ལ༔ མ་རྟོགས་ལོག་པར་རྟོག་པའི་བགེགས༔ མནན་པ་ཙམ་གྱིས་མི་ལྡང་བའི༔ ཡེ་ཤེས་རོལ་པའི་རྒྱས་འདེབས་སོ༔ ཨོཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ་སཏྭམ་བྷ་ཡ་ནན༔ ཚེ་འགུགས་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་གྱིས༔ འཆི་མེད་ཡེ་ཤེས་ཚེ་ཡི་བཅུད༔ འཁོར་འདས་ཀུན་གྱི་ནུས་པ་སྡུས༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ མཁའ་དང་མཉམ་པའི་འགྲོ་བའི་དོན༔ བསྟན་དང་བསྟན་འགྲོ་འདུལ་བྱེད་ཀྱི༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས༔ མཁའ་མཉམ་ཡོངས་ལ་བདེ་ལེགས་མཛོད༔ བསྔོ་བ་ནི༔ ཐུགས་རྗེ་ཆེན་པོ་བསྒྲུབས་པའི་དགེ་བ་གང༔ ནམ་མཁས་ཁྱབ་ཚད་འགྲོ་བ་ཡོངས་ལ་བསྔོ༔ སྨོན་ལམ་ནི༔ ཧྲཱི༔ ནམ་མཁས་ཁྱབ་ཚད་ལུས་ཅན་སྐྱེ་འགྲོ་ཀུན༔ མྱུར་དུ་རྣམ་མཁྱེན་མངོན་རྫོགས་སངས་རྒྱས་ཤོག༔ ས་མ་ཡ༔ དཔལ་སྔགས་ཀྱི་བདག་མོས་སྲུངས་ཤིག༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཤར་ཤིང་སྒོ་གངས་ཀྱི་ར་བ་ཨོ་རྒྱན་སྒྲུབ་གནས་གསང་བའི་ཡང་རྫོང་ནས་པདྨ་གར་གྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཡི་གེ་པ་ནི་སྐལ་ལྡན་གྱི་སློབ་མ་ཆོས་ཉིད་རང་གྲོལ་དཔལ་བཟང་གིས་བགྱིས་པའོ།། །། ༁ྃ༔ ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས༔ ཉམས་ཤིང་ཆག་པ་སྐོང་བའི་ཆོ་ག་ཚོགས་གཉིས་གཏེར་ཆེན་བཞུགས༔ ྈྈྈ དེ་ལྟར་ཚོགས་དང་ཐུགས་དམ་སྐོང་བའི་རྫས་རྣམས་ཚོགས་ནས༔ ཧཱུྃ༔ རྩ་བའི་དམ་ཚིག་གསོ་བྱའི་ཕྱིར༔ དུས་གསུམ་སློབ་དཔོན་ཐུགས་དམ་བསྐང༔ སྐུ་ཡི་དམ་ཚིག་གསོ་བྱའི་ཕྱིར༔ དབང་གི་སློབ་དཔོན་ཐུགས་དམ་བསྐང༔ གསུང་གི་དམ་ཚིག་གསོ་བྱའི་ཕྱིར༔ ལུང་གི་སློབ་དཔོན་ཐུགས་དམ་བསྐང༔ ཐུགས་ཀྱི་དམ་ཚིག་གསོ་བྱའི་ཕྱིར༔ ཤེས་རྒྱུད་སློབ་དཔོན་ཐུགས་དམ་བསྐང༔ ཡོན་ཏན་དམ་ཚིག་གསོ་བྱའི་ཕྱིར༔ སྐོང་བའི་སློབ་དཔོན་ཐུགས་དམ་བསྐང༔ ཕྲིན་ལས་དམ་ཚིག་གསོ་བྱའི་ཕྱིར༔ རྩ་བའི་བླ་མའི་ཐུགས་དམ་བསྐང༔ ཧྲཱི༔ ཆོས་སྐུ་སྣང་མཐའ་དཔག་མེད་ཚེ་ཡི་དབང༔ ལོངས་སྐུ་ངེས་པ་ཐུགས་ཆེན་སྤྱན་རས་གཟིགས༔ སྤྲུལ་སྐུ་མ་ངེས་དོན་མཛད་པདྨ་འབྱུང༔ སྐུ་གསུམ་ངོ་བོ་བླ་མའི་ཐུགས་དམ་བསྐང༔ བླ་མ་ཐུགས་རྗེ་ཆེན་པོ་པདྨ་འབྱུང༔ ཡི་དམ་རྟ་མཆོག་དབང་ཆེན་ཧེ་རུ་ཀ༔ མཁའ་འགྲོ་གསང་བའི་ཡེ་ཤེས་གར་དབང་མོ༔ རྩ་གསུམ་ངོ་བོ་བླ་མའི་ཐུགས་དམ་བསྐང༔ ཐོག་མའི་ངོ་བོ་བདེ་ཆེན་སྣང་མཐའ་ཡས༔ ད་ལྟར་གང་འདུལ་ཐུགས་ཆེན་པདྨ་འབྱུང༔ འཆི་མེད་དབང་ཕྱུག་འབྱུང་འགྱུར་འགྲོ་ཀུན་བསྒྲལ༔ དུས་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ངོ་བོ་སོར་རྟོག་ཡེ་ཤེས་སྤྱན་རས་གཟིགས༔ རང་བཞིན་རིགས་ལྔ་སེམས་དཔའ་སེམས་མའི་ཚོགས༔ ཐུགས་རྗེ་རིགས་དྲུག་གང་འདུལ་ཐུབ་པ་དྲུག༔ གང་ལ་གང་འདུལ་བླ་མའི་ཐུགས་དམ་བསྐང༔ སྐུ་ལས་ཐུགས་ཆེན་གསུང་ལས་ཡི་གེ་དྲུག༔ ཐུགས་ལས་དབང་ཆེན་ཡོན་ཏན་མཁའ་འགྲོ་དང༔ ཕྲིན་ལས་སངས་རྒྱས་སྟོང་དང་ཁྲོ་ཆེན་བཞི༔ ཕྲིན་ལས་ལྷུན་གྲུབ་བླ་མའི་ཐུགས་དམ་བསྐང༔ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ཐུགས་ཀྱི་བཅུད༔ མདོ་རྒྱུད་བཀའ་དང་བསྟན་བཅོས་མ་ལུས་པའི༔ དབང་སྐུར་རྒྱུད་བཤད་མན་ངག་གནང་བ་ཡི༔ རིགས་འདུས་དྲིན་ཆེན་བླ་མའི་ཐུགས་དམ་བསྐང༔ ཧོ༔ དགོངས་སུ་གསོལ་ལོ༔ ཀློང་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཐིག་ལེ་བརྡལ་བའི་ཞིང་ན༔ ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ཐབས་ཤེས་གཉིས་སུ་མེད་པར་བཞུགས་པ་སོགས་ཆོས་སྐུའི་ཚོགས་དང༔ གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་གངས་ཆེན་མཚོ་སོགས་ལོངས་སྐུའི་ཚོགས་དང༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུབ་པ་དྲུག་སོགས་སྤྲུལ་སྐུའི་ཚོགས་དང༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སོགས་ཞི་དང་ཁྲོ་བོའི་ཚོགས་རྣམས་དགོངས་སུ་གསོལ་ལོ༔ སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ན་བཞུགས་པའི་རྒྱལ་བ་དེ་དག་ལ་བདག་གིས་ལུས་ཀྱང་དེ་སྙེད་དུ་སྤྲུལ་ཏེ་འབུལ་ལོ༔ ཐུགས་དམ་བསྐང་ཞིང་ཐུགས་རྗེས་བཞེས་ནས་ཇི་ལྟར་དགྱེས་པའི་ཕྲིན་ལས་འགྲུབ་པར་གྱུར་ཅིག༔ བདག་གིས་མ་ཤེས་ཤིང་མ་རིག་པའི་ཡུལ་གང་སུ་དག་ལ་ཉེས་པའི་ལྟུང་བ་བཤགས་སོ༔ དག་ཅིང་སོར་ཆུད་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ ཞེས་བརྐྱང་ཕྱག་ལན་སྟོང་དུ་བཙལ་ལོ༔ རྡོ་རྗེ་སློབ་དཔོན་དྲུག་དང་མཆེད་བཞི་དང༔ སྔགས་གསུམ་ཕྱག་རྒྱ་བཞི་དང་གསང་བཅུ་དང༔ ཕྱི་ནང་ཉམས་ཆག་དྲི་མས་གོས་གྱུར་ན༔ སྒྲུབ་པ་ནས་བཟུང་ཐར་པའི་གེགས་བྱེད་ཀྱི༔ གེགས་སེལ་སྐོང་བའི་ཆོ་ག་འདི་ལ་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐུ་ཆེན་རོལ་པ་སྤུན་བདུན་གྱིས་སྲུངས་ཤིག༔ ས་མ་ཡ༔ གཏེད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཤར་ཤིང་སྒོ་གངས་ཀྱི་ར་བའི་གསང་བ་བྲག་གི་ཐེམ་བར་ནས་པདྨ་གར་གྱི་དབང་ཕྱུག་གིས་སྤྱན་དྲངས་པ་ཀཿཐོག་རྡོ་རྗེའི་གདན་གྱི་གཙུག་ལག་ཁང་དུ་དག་པར་ཕབ་པའི་ཡི་གེའི་བརྩོན་པ་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བྱས་སོ། །དགེའོ།། །།

རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་དབང་གི་སྒྲུབ་ཕྲིན་སྨིན་བྱེད་དང་བཅས་པ་དོན་གཉིས་ལྷུན་གྲུབ་ (Volume 4, Text 30)

༄༅། །རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་དབང་གི་སྒྲུབ་ཕྲིན་སྨིན་བྱེད་དང་བཅས་པ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་མཱུ་ལ་ས་པ་རི་བཱ་ར་ཡ། རིགས་ཀུན་ཁྱབ་བདག་བདེ་ཆེན་པདྨའི་ཞལ། །སངས་རྒྱས་ཀུན་སྐྱེད་འཕགས་མཆོག་སྙིང་རྗེའི་གཏེར། །དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་ཕག་ཞལ་ཅན། །དཔལ་ལྡན་བླ་མའི་གསང་གསུམ་རོལ་པར་འདུད། །མཁྱེན་རྟོགས་ལྡན་པ་ཚེགས་མེད་ཀྱང་། །བློ་དམན་ཤིན་ཏུ་འགྲོ་འཛིན་པས། །གཞུང་དོན་བླ་མའི་ཕྱག་བཞེས་ཟུང་། །བསྡེབས་ནས་སྙིང་གི་དཔྱིད་དུ་སྤེལ། །ཟབ་ཆོས་འདི་ལ་བསྐྱེད་རྫོགས་ཀྱི་གདམས་སྐོར་གཉིས་ལས་བསྐྱེད་རིམ་གྱི་ཕྱོགས་སུ་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་བཞུགས་པ་རིམ་ཅན་དུ་ཉམས་སུ་ལེན་དགོས་ཤིང་། དེའང་སྔོན་རྗེས་ཀྱི་ཁ་སྐོང་ཕྲན་བུ་ཐུགས་སྒྲུབ་དང་ཐུགས་གསང་སོགས་ནས་བྱ་ཆོག་པ་ལས། ཕལ་ཆེར་སྤྲོས་མེད་ཉུང་དྲིལ་གཞུང་དོན་གཙོར་འདོན་པ་ལས་ཁ་སྐོང་མང་པོ་མི་དགོས་པར་རྟོགས། འདིར་དབང་བསྐུར་གཙོ་བོར་བཏོན་པའི་ཚེ་རྩ་བ་གསུམ་ཀ་སྟབས་གཅིག་ཏུ་བསྒྲུབ་དགོས་པའི་ཕྱིར་དེ་ཉིད་འཆད་པ་སྐབས་སུ་བབས་པས། དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་དྲི་བཟང་གིས་ཆག་ཆག་གདབ་པ་ལ་བླ་མའི་ཕོ་བྲང་གནམ་བབ་མའམ། དཀྱུས་སུ་འབྲུའི་ཚོམ་བུ་བཀྲམ་པའི་དབུས་སུ་རྣམ་རྒྱལ་བུམ་པ་བཅུད་ལྡན་དར་དམར་མགུལ་ཆིངས་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་གཟུངས་རྡོར་དང་བཅས་པའི་སྟེང་དུ་ཁྲིའུའི་ཁར་བླ་མའི་གཏོར་མ་རིན་ཆེན་འབར་བ་ཤ་མར་དར་སྣ་སྐུ་ཙཀ་གིས་བརྒྱན་པ། གཡས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དཀར་པོ་གཟུངས་རྡོར་དང་བཅས་པ། གཡོན་དུ་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་བཞིར་མདུན་ནས་གཡས་བསྐོར་གྱིས། ར་ཧ་ ཙ་རི་ ཧྲི་ནི་ ཡ་ས་རྣམས་བྲིས་པ། མདུན་དུ་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་ལ་ཆོས་སྨན་དང་མངར་གསུམ་བཏབ་པ་རྣམས་སོ་སོར་ཁྲིའུའི་སྟེང་དུ་བཀོད་པའི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱ། སྔོན་གཏོར། ལས་བུམ་སོགས་ཉེར་མཁོ་རྣམས་ཀྱང་གང་བདེར་འཇོག །གཉིས་པ་ལ་གཉིས། སྒྲུབ་ཅིང་མཆོད་པ་དང་། དབང་བསྐུར་བའོ། །དང་པོ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནི། བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ རྩ་བ་གསུམ་པོ་བསྒྲུབས་ནས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅ་འོ༔ ལན་གསུམ། འབྱུང་གཏོར། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་སོ་སོའི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ཟག་མེད་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་ཅིའང་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ ཐམས་ཅད་ཡེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ༔ གཉིས་འཛིན་རྟོག་པའི་བགེགས་ཚོགས་མི་དམིགས་ཀྱང༔ བྱང་ཆུབ་སྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ བདུད་དང་ལོག་འདྲེན་ཐམས་ཅད་ཕྱིར་དེངས་ཤིག༔ སུམྦྷ་ནི་སོགས་བརྗོད། མཚམས་བཅད་པ་ནི། ཧཱུྃ་ བདག་ནི་དབང་ཆེན་ཁྲོས་པའི་ཧེ་རུ་ཀ༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་མེ་རི་འབར༔ ཁྲོ་ཆུང་ཡཀྴ་མང་པོ་སྐར་ལྟར་འཁྲུགས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨུ་ཙ་ཏ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཧཱུྃ་ སྣོད་བཅུད་ཐམས་ཅད་ཕྱི་ནང་མཆོད་པའི་སྤྲིན༔ སྣང་སྲིད་གཞིར་བཞེངས་མཉམ་རྫོགས་ཆེན་པོའི་ཀློང༔ ཕྱི་ནང་གསང་གསུམ་དཔག་མེད་ཇི་སྙེད་རྣམས༔ དུས་གསུམ་རྒྱལ་བ་མཉེས་པའི་སྤྲིན་དུ་གསལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་སརྦ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ བཤགས་པ་བྱ་བ་ནི། ཧཱུྃ་ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དེ་རྣམས་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་བསྐྱེད་བཟླས་ལ་གསུམ་ལས་དང་པོ་བླ་མ་ནི། ཧཱུྃ་ཧྲཱིཿ ཆོས་རྣམས་དམིགས་མེད་སྤྲོས་བྲལ་ལས། ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་རྡོ་རྗེ་ཧྲཱིཿབཅས་གསལ། །རྡོ་རྗེ་བྷྲཱུྃ་གྱུར་གཞལ་ཡས་ཁང་། །པདྨ་རིན་ཆེན་འོད་འབར་དབུས། །ཏི་ར་ཉི་ཟླ་པདྨའི་སྟེང་། །བདག་མདུན་དབང་ཆེན་ཡབ་ཡུམ་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། དབུ་གཙུག་རྟ་ཞལ་ཕག་གདོང་མཚན། །གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས། །ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ། །དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས། །རང་ཉིད་རྟ་ཕག་གསལ་བ་ཡི། །སྙིང་གར་ཨོ་རྒྱན་ཡབ་ཡུམ་ནི། །རྡོ་རྗེ་འཆང་དུ་གསལ་བར་བསྐྱེད། །སྙིང་གི་པད་འདབ་ཕྱི་ནང་ལས། །ནང་གི་ལྔ་ལ་སྐུ་ལྔ་སྟེ། །ཕྱི་ཡི་བརྒྱད་ལ་མཚན་བརྒྱད་བསྐྱེད། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས། །བདག་ལ་འཇའ་ལྟར་གསལ་བར་བསྐོར། །མདུན་བསྐྱེད་རྟ་ཕག་ཡབ་ཡུམ་གྱི། །དབུ་གཙུག་པད་སྡོང་ཉི་ཟླའི་སྟེང་། །གུ་རུ་རྡོ་རྗེ་ཐོད་ཕྲེང་ནི། །མཐིང་ནག་སྤྱན་གསུམ་ཐོར་ཚུགས་ཅན། །གཡས་པ་རྡོ་རྗེ་གཡོན་དྲིལ་བསྣམས། །སྐྱིལ་ཀྲུང་རིན་ཆེན་རུས་རྒྱན་སྤྲས། །ཡེ་ཤེས་མཁའ་འགྲོ་གཉིས་མེད་འཁྲིལ། །པད་མདོག་རྒྱན་མཛེས་འཁྱུད་ཅིང་སྟོབ། །ཟུང་འཇུག་བདག་ཉིད་ཆེན་པོ་ལས། །ཕྲིན་ལས་བསྒྲུབ་ཕྱིར་སྐུ་ལྔར་སྟོན། །གང་ལ་གང་འདུལ་མཚན་བརྒྱད་ཚུལ། །ཕྱོགས་བཞི་འདབ་བཞིར་མཁའ་འགྲོ་གིང་། །རྡོ་རྗེ་རིན་ཆེན་པདྨ་ལས། །རིགས་ཀྱི་སྐུ་མདོག་ཕྱག་མཚན་འཛིན། །བརྐྱང་བསྐུམ་འཁྲིལ་སྦྱོར་རྒྱན་བཅས་གསལ། །རིག་འཛིན་ཌཱ་ཀི་དམ་ཅན་རྣམས། །བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། དེ་ནས་སྤྱན་འདྲེན་པ་ནི། གཞུང་ལས། རྔ་བརྡུང་ཌཱ་དྲིལ་དུང་འབུད་ཅིང༔ གདུང་བའི་དབྱངས་ཀྱི་ང་རོ་ཡིས༔ རིག་པ་མི་ནོན་འཕྱོ་བ་ཙམ༔ ཉམས་ཀྱི་འུར་སྒྲ་དང་བཅས་ཏེ༔ རྔ་ཡབ་གནས་ནས་སྤྱན་དྲངས་པས༔ ཨོ་རྒྱན་རིག་འཛིན་མཁའ་འགྲོ་རྣམས༔ ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ལ༔ གླུ་ལེན་གར་བྱེད་རོལ་མོ་དཀྲོལ༔ འཇའ་དང་འོད་ཀྱི་གུར་ཕུབ་ཅིང༔ མཁའ་འགྲོ་རྣམས་ནི་རུས་རྒྱན་དང༔ དུར་ཁྲོད་ཆས་བརྒྱན་ཌཱ་དྲིལ་ཐོགས༔ ནམ་མཁའ་གང་བའི་གར་སྟབས་བསྒྱུར༔ ས་གཞིའི་ལྷ་སྲིན་སྡེ་བརྒྱད་རྣམས༔ འདར་སྔངས་འཕྱོ་ཞིང་འབོག་བརྒྱལ་བྱེད༔ རང་དབང་མེད་པར་བྱོན་པར་བསམ༔ ཙ་ཀ་ལི་དང་བུམ་པ་ལ༔ ཆུ་འདྲེས་བཞིན་དུ་ཐིམ་པར་བསམ༔ ཞེས་པའི་དམིགས་པ་གསལ་གདབ། སྤོས་བཏུལ་ལ། ཧཱུྃ༔ རྒྱ་གར་ཨོ་རྒྱན་བསིལ་བའི་ཚལ༔ དྲི་མེད་རྣམ་དག་པད་སྡོང་ལས༔ སྐུ་སྤྲུལ་རྗེ་བཙུན་ཐོད་ཕྲེང་རྩལ༔ གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ༔ རྔ་ཡབ་གླིང་ནས་སྤྱན་འདྲེན་གྱིས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བདག་ཅག་ཁྱེད་ཀྱིས་མི་སྐྱོབ་ན༔ འཁོར་བའི་སྐྱབས་གནས་སུ་ལ་བྱེད༔ སྐུ་ལྔ་མཚན་བརྒྱད་མཁའ་འགྲོའི་ཚོགས༔ གཉིས་མེད་གནས་འདིར་གཤེགས་སུ་གསོལ༔ ཞེས་དང་ཐོད་ཕྲེང་རྩལ་གྱི་འཛབ་བརྗོད། བཞུགས་སུ་གསོལ་བ་ནི། ཧཱུྃ། ལྷུན་གྲུབ་བདེ་ཆེན་གནས་འདི་རུ༔ རྩ་བ་གསུམ་དང་དམ་ཅན་རྣམས༔ དགྱེས་ཤིང་སྤྲོ་བའི་ཚུལ་གྱིས་བཞུགས༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱི་མཆོད་ནི། ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་ལ་སོགས་པའི༔ ཡིད་འོང་མཛེས་སྙན་དབང་པོ་ཚིམས༔ སྟོང་གསུམ་རྡུལ་སྙེད་འཇིག་རྟེན་གྱི༔ མཆོད་སྤྲིན་རྒྱ་མཚོ་བཞེས་སུ་གསོལ༔ ནང་མཆོད་ནི། ཉོན་མོངས་གནས་གྱུར་ཡེ་ཤེས་ཚོགས༔ དུག་ལྔ་གསང་བ་སྐུ་ལྔའི་བདག༔ སྤང་བླང་རྟོག་ཚོགས་རང་གྲོལ་བའི༔ རྣམ་དག་ཀློང་དུ་མཆོད་པར་བཞེས༔ གསང་མཆོད་ནི། ཐབས་ཤེས་ཟུང་འཇུག་བདེ་བ་ཆེ༔ བདེ་བ་ཆེན་པོ་བྱང་ཆུབ་ལམ༔ རྣམ་དག་འཛིན་པ་ཀུན་བྲལ་བའི༔ གསང་བའི་མཆོད་པ་བཞེས་སུ་གསོལ༔ དེ་ནས་མཆི་མ་འཁྲུགས་པའི་མོས་གུས་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས་པ་ནི། འགྲོ་བའི་མགོན་པོ་ཐོད་ཕྲེང་རྩལ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཕྲིན་ལས་ཉིད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ད་ལྟ་ལྔ་བརྒྱའི་ཐ་མ་ལ༔ སྐལ་དམན་བདག་ཅག་མི་སྐྱོབ་ན༔ ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བརྩེ་བས་སྐྱོབས་ཤིག་ཐུགས་རྗེ་ཅན༔ བདག་ཅག་མ་རིག་མུན་པས་འཐིབས༔ ཐུགས་རྗེའི་སྒྲོན་མེ་སྦར་དུ་གསོལ༔ ཞེ་སྡང་དུག་ལྔའི་འདམ་དུ་བྱིང༔ ཐུགས་རྗེའི་ལྕགས་ཀྱུས་དྲང་དུ་གསོལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ བློ་སྙིང་གཏད་ས་མ་ནོར་བས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ དེ་ནས་འཛབ་བཟླ་བ་ནི། གཟུངས་ཐག་འཐེན་ལ། ཐུགས་ཀའི་འོད་ཟེར་ཁ་དོག་ལྔ༔ བུམ་པའི་ལྷ་ཚོགས་ཐུགས་ཀར་འབྲེལ༔ འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོས༔ སླར་འདུས་བུམ་པའི་ནང་དུ་བྱོན༔ ཐམས་ཅད་བྱང་སེམས་བདུད་རྩིར་ཞུ༔ འོད་ཟེར་གཟུངས་ཐག་དག་ལ་འཁྲིལ༔ བདག་གི་ཐུགས་ཀར་འཁྲིལ་ཞིང་ཐིམ༔ ཞེས་པའི་ཏིང་ངེ་འཛིན་གསལ་ཞིང་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཞེས་རྩ་གསུམ་དྲིལ་སྔགས་ཉིད་བཟླའོ། །ཐུན་མཐར་དབང་བླང་བ་ནི། ལྷ་ཚོགས་ཚོམ་བུའི་ཐུགས་ཀ་ནས༔ ཨཱོཾ་འཕྲོས་བདག་གི་སྤྱི་བོར་ཐིམ༔ བུམ་དབང་ཐོབ་ཅིང་ཚེ་དབང་ཐོབ༔ ཨཱཿའཕྲོས་བདག་གི་མགྲིན་པར་ཐིམ༔ གསང་དབང་ཐོབ་ཅིང་ངག་སྒྲིབ་དག༔ ཧཱུྃ་འཕྲོས་བདག་གི་ཐུགས་ཀར་ཐིམ༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཧྲཱིཿའཕྲོས་བདག་གི་ལྟེ་བར་ཐིམ༔ དབང་བཞི་ཐོབ་ཅིང་ལྷན་སྐྱེས་འཆར༔ ཞེས་འདོན་བསྒོམ་དུ་བྱ། གལ་ཏེ་འདི་ཁོལ་འདོན་དུ་སྒྲུབ་པ་ཡིན་ན་འདིའི་འཕྲོས་སུ་དགོངས་པ་བསྐྱང་ཞིང་བསྔོ་སྨོན་ཤིས་བརྗོད་བྱ། སླར་སྐྱབས་སེམས་ནས་བརྩམས་འབྱུང་གཏོར་མ་གཏོགས་པའི་སྔོན་དངོས་ཐམས་ཅད་བསྐྱར་ཞིང་བསྙེན་སྒྲུབ་ཐེམས་པ་ན་བུམ་ལྷ་བསྟིམ་དགོས་པ་ཡིན་ལ། དབང་སྒྲུབ་སྐབས་འདིར་གོང་གི་འཕྲོས་སུ། དེ་ནས་བུམ་པའི་ལྷ་རྣམས་ཀྱང༔ གཟུངས་ཐག་ལ་ནི་རྟ་བྱས་ནས༔ བདག་གི་སྙིང་གི་དཀྱིལ་དུ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ ཞེས་དམིགས་ལ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང་། འཁོར་གསུམ་སྤྲོས་པ་དང་བྲལ་བའི་ལྟ་བའི་རང་ངོ་ལ་མཉམ་པར་བཞག་སྟེ་ལྟ་སྟངས་མཁའ་ལ་གཏད། རྗེས་ཐོབ་སྤྱོད་ལམ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་རོ། །གཉིས་པ་ཡི་དམ་ནི། སྭ་བྷཱ་བས་སྦྱང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྗོད་པས༔ སྐད་ཅིག་དྲན་རྫོགས་སུ་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་བཞི་རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ལྷབ་ལྷུབ་ཀྱིས་མཛེས་པ༔ ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ༔ གཡས་ཤེལ་ཕྲེང༔ གཡོན་པདྨ་བསྣམས་ཤིང༔ འོད་མི་འགྱུར་བས་དབུ་བརྒྱན་པ༔ ཉི་ཟླ་པདྨའི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་གསལ༔ དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དཀར་པོ༔ དེའི་ལྟེ་བ་ལ་ཧྲཱིཿདཀར་པོ་ཚེག་དྲག་དང་ལྡན་པ༔ དེའི་མཐའ་ལ་གཡས་ཕྱོགས་ནས་ཡི་གེ་དྲུག་པ་དཀར་ཧྲོམ་མེ་གཡས་བསྐོར་ཀྱི་ལི་ལི་འཁོར་བར་གྱུར༔ བདག་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་བུམ་པ་ལ་ཕོག་བུམ་པ་དེ་ཕྱི་ཐུགས་རྗེ་ཆེན་པོ་གསལ་སྟོང་འོད་ཀྱི་སྐུ་ལ་ནང་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་ཆུ་རྒྱུན་ལྟ་བུས་གང་བ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག༔ ཁྱད་པར་པོ་ཏ་ལ་རུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག་པས་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྣམ་པས་ནམ་མཁར་ཐིབས་ཙེར་བྱོན་ནས༔ བུམ་པ་ལ་སིབ་སིབ་ཐིམ་པར་གྱུར༔ སླར་དེ་དག་ཐམས་ཅད་འོད་དུ་ཞུ་སྟེ་གཟུངས་ཐག་ལ་བརྒྱུད་ནས་འོད་ཟེར་དཀར་པོ་གཟུངས་ཐག་ལ་འཁྲིལ་ནས་རང་གི་སྙིང་གར་གྲུ་གུ་འདྲིལ་བ་ལྟར་བྱུང་སྟེ་ཐིམ་པར་གྱུར༔ ཅེས་མོས་ལ་ཡིག་བདུན་ཉིད་བཟླའོ། །གྲངས་འབུམ་ཚོ་གསུམ། དུས་ཞག་བདུན་དུ་བཤད། གསོལ་འདེབས་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ བྱམས་མགོན་ཚད་མེད་ཐུགས་རྗེ་ཅན༔ འཁོར་བའི་སྐྱོན་སྤངས་པདྨའི་སྐུ༔ བདག་ཅག་གསོལ་བ་སྙིང་ནས་འདེབས༔ ཐུགས་རྗེའི་ཆུ་རྒྱུན་དབབ་ཏུ་གསོལ༔ དཀར་གསལ་མདངས་ལྡན་ཕྱག་བཞི་པ༔ ཞལ་གཅིག་སྣང་མཐའ་དབུ་ལ་བརྒྱན༔ ཐལ་སྦྱར་ཕྲེང་བ་མེ་ཏོག་བརྒྱན༔ རིན་ཆེན་རྒྱན་མཛེས་པད་གདན་བཞུགས༔ འགྲོ་དྲུག་སེམས་ཅན་ཐུགས་རྗེ་ཡིས༔ འདྲེན་པར་ཞལ་བཞེས་དགོངས་མཛོད་ལ༔ བདག་ཅག་ཚེ་འདིར་ས་ཐོབ་ཅིང༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་བསྙེན་པ་སྟོང་ཕྲག་ལ་སོགས་པའི་མཚམས་སུ་གསོལ་བ་ངེས་མེད་དུ་གདབ། ཐུན་མཐར་དབང་བླང་བ་ནི། ཡེ་ཤེས་སེམས་དཔའི་སྤྱི་བོ་ནས༔ ཨོཾ་དཀར་རང་གི་སྤྱི་བོར་ཐིམ༔ བུམ་དབང་སྐུ་ཡི་དངོས་གྲུབ་ཐོབ༔ སེམས་དཔའི་མགྲིན་ནས་ཨཱཿདམར་འཕྲོས༔ བདག་གི་ལྗགས་བབ་གསང་དབང་ཐོབ༔ སེམས་དཔའི་ཐུགས་ལས་ཧཱུྃ་མཐིང་འཕྲོས༔ བདག་གི་སྙིང་གར་བབས་པ་ཡིས༔ ཤིན་ཏུ་སྤྲོས་མེད་ཡེ་ཤེས་དབང༔ ཐོབ་བསམ་སྤྲུལ་པའི་འཁོར་ལོ་ནས༔ ཧྲཱིཿའཕྲོས་དབང་བཞི་ཡོངས་རྫོགས་ཐོབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ བདེ་གསལ་མི་རྟོག་ཉམས་སྐྱེས་ནས༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ འགྱུར་མེད་རིག་པའི་རྩལ་དབང་ཐོབ༔ ཅེས་མོས། བསྙེན་སྒྲུབ་སྐབས་གྲོལ་ཁར་བྱ་བ་ཡིན་ཀྱང་སྐབས་འདིར་དམིགས་པ་དེ་དང་འབྲེལ་བར་བུམ་པ་གནས་བཞིར་གཏུགས། བུམ་ཆུ་བཏུང་ཞིང་ཁྲུས་བྱས་པས་སྡིག་སྒྲིབ་དག་པར་མོས། མཐར་བསྒྲུབ་བྱ་སྒྲུབ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་དམིགས་མེད་བློ་འདས་ཀྱི་ངང་དུ་བཞག །རྗེས་ཐོབ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་རོལ་པར་ཤེས་པ་སྐུ་གསུང་ཐུགས་ཀྱི་ལམ་ཁྱེར། སྣང་སྲིད་རང་སེམས་སུ་ཤེས་པ་ལྟ་བ་དོན་གྱི་ལམ་ཁྱེར་ཏེ་ལམ་ཁྱེར་བཞི་པོ་དང་མ་བྲལ་བར་བྱས་ལ། སྨོན་ལམ་གདབ་པ་ནི། ཧོ༔ རྣམ་དག་ལྷུན་གྲུབ་བདེ་བ་ཅན་གྱི་ཞིང༔ མ་བཅོས་སྤྲོས་བྲལ་ལོངས་སྤྱོད་རྫོགས་སྐུའི་ས༔ བཀོད་པ་མཛེས་ལྡན་འོད་ཀྱི་ཞིང་ཁམས་དེར༔ བདག་དང་མ་གྱུར་འགྲོ་བ་སེམས་ཅན་རྣམས༔ སྤྱན་རས་གཟིགས་ཀྱི་ཞིང་དེར་སྐྱེ་བར་ཤོག༔ ཅེས་བྱའོ། །གསུམ་པ་མཁའ་འགྲོ་ནི། ཐོག་མར་བླ་མའི་རྣལ་འབྱོར་མདོར་བསྡུས་པ་བྱ་སྟེ། རང་གི་སྤྱི་བོར་རྟ་མགྲིན་དང༔ དེ་ཡི་སྤྱི་བོར་བླ་མ་དང༔ ཕྱོགས་བཞིར་པདྨ་འདབ་བཞི་ལ༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་གསལ༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་གཞན་གུས་པས་གསོལ་བ་འདེབས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་མ་ཡ་ཧཱུྃ་ཨཱ༔ ཞེས་མོས་གུས་བསྐྱེད་ལ་ལན་ཅི་ནུས་ཀྱིས་གསོལ་བ་བཏབ་པས། སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་དབང་དང་བྱིན་རླབས་ཐོབ་པར་གྱུར་པར་མོས་ལ་བདག་བསྐྱེད་ནི། སྐད་ཅིག་སྟོང་པའི་ངང་ཉིད་ལས། །པད་ཉིའི་སྟེང་དུ་མ་ཡིག་ལས། །རང་ཉིད་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་མ༔ ཕྱག་གཉིས་ཁྲོ་ཞལ་དམར་མོ་ལ༔ སྤྱན་གསུམ་སྤྱི་གཙུག་ཕག་ཞལ་མཐིང༔ གཡས་སུ་ལྟ་ཞིང་ཁམ་ནག་རལ༔ ཐུར་དུ་འཕྱང་ཞིང་མུན་ལྟར་གཏིབས༔ གཡས་པས་གྲི་གུག་གཡོན་ཐོད་ཁྲག༔ ཁ་ཊྭཱཾ་མཆན་བཅུག་རུས་རྒྱན་འཁྲོལ༔ ཞབས་ནི་གཡས་བསྐུམ་གཡོན་བརྐྱང་སྟེ༔ མེ་རིའི་ཀློང་ན་རོ་གདན་ལ༔ འགྱིང་བག་དང་བཅས་བཞུགས་པར་གྱུར༔ དེ་ཡི་སྤྱི་གཙུག་མགྲིན་པ་དང༔ ཐུགས་ཀ་ལྟེ་བའི་གནས་བཞི་རུ༔ ཧ་ལས་རྡོ་རྗེ་དྷཱ་ཀི་མ༔ དཀར་མོ་རྡོ་རྗེ་གཡོན་ཐོད་ཁྲག༔ རྡོ་རྗེ་རྒྱ་གྲམ་རོ་གདན་འགྱིང༔ རི་ལས་རཏྣ་དྷཱ་ཀི་སེར༔ ཕྱག་གཡས་རིན་ཆེན་གཡོན་ཐོད་ཁྲག༔ གཡོན་བསྐུམ་གཡས་བརྐྱང་རོ་གདན་འགྱིང༔ ནི་ལས་པདྨ་དྷཱ་ཀི་དམར༔ ཕྱག་གཡས་པདྨ་གཡོན་ཐོད་ཁྲག༔ གཡས་བསྐུམ་གཡོན་བརྐྱང་རོ་གདན་འགྱིང༔ ས་ལས་ལས་ཀྱི་དྷཱ་ཀི་ལྗང༔ ཕྱག་གཡས་རལ་གྲི་གཡོན་ཐོད་ཁྲག༔ གཡས་བསྐུམ་གཡོན་བརྐྱང་རོ་གདན་འགྱིང༔ ཀུན་ཀྱང་རུས་པའི་རྒྱན་ལ་སོགས༔ རྣམ་འགྱུར་ཆ་ལུགས་གཙོ་དང་མཐུན༔ ཞེས་གསལ་བཏབ། ཕག་མོ་ཕྱི་ལྟར་ཡུམ་ཆེན་མོ༔ ནང་ལྟར་རྡོ་རྗེ་རྣལ་འབྱོར་མ༔ གསང་བ་ཨེ་ཀ་ཙཱ་ཏི་འོ༔ མཁའ་འགྲོ་བཞི་ནི་ཕྱི་འབྱུང་བཞི༔ ནང་ལྟར་ལྷ་མོ་བཞི་ཉིད་དེ༔ གསང་བ་ཡེ་ཤེས་བཞི་ཉིད་དོ༔ ཞེས་དག་པ་དྲན། རང་གི་ཙིཏྟ་པད་འདབ་བཞི༔ དབུས་དང་ལྔ་རུ་འབར་བ་ལས༔ སྲོག་གི་དྭངས་མ་དབུས་ན་མ༔ ཤར་ཕྱོགས་ཆུ་ཡི་རྩ་འདབ་དཀར༔ ས་བོན་དཀར་པོ་ཧ་གནས་སོ༔ ལྷོ་ཕྱོགས་ས་ཡི་རྩ་འདབ་སེར། །ས་བོན་སེར་པོ་རི་གནས་སོ༔ ནུབ་ཕྱོགས་མེ་ཡི་རྩ་འདབ་དམར༔ དམར་པོ་ནི་གནས་བྱང་ཕྱོགས་སའི༔ རྩ་འདབ་ལྗང་ལ་ས་ལྗང་གནས༔ ཡིག་འབྲུ་རྣམ་ལྔ་དྷཱ་ཀིའི་སྲོག༔ དྷཱ་ཀི་ལྔ་ཡང་སྔགས་ཀྱི་སྒྲ༔ རང་སྒྲ་སྒྲོག་ཤིང་འཁྲབ་པར་གྱུར༔ ཅེས་སྙིང་པདྨ་འདབ་བཞི་ཟེའུ་འབྲུ་དང་བཅས་པ་ཁ་དོག་གོང་སྨོས་ཀྱི་དབུས་སུ་མ་དམར་པོ། ཕྱོགས་བཞིར་ཡིག་འབྲུ་བཞི་གསལ་བཏབ་ལ། མ་ཧ་རི་ནི་ས། ཞེས་རླུང་ཡིད་བརྗོད་བཟླས་ཅི་རིགས་བྱས་པས་ཡིག་འབྲུ་རྣམས་གཡོན་དུ་འཁོར་བ་ལ་དམིགས་པ་གཏད། འཕྲོ་འཇོག་པ་ན་འཁོར་འཕྲོ་བཅད་ཅིང་ལུས་སེམས་བདེ་སྟོང་གཉིས་མེད་ཀྱི་ངང་དུ་བཞག་གོ །མདུན་བསྐྱེད་ནི། མེ་ལོང་ནང་དུ་སྐད་ཅིག་གིས། །པད་ཉིའི་སྟེང་དུ་མ་ཡིག་ལས། །བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ སོགས་གོང་ལྟར་ལས་འགྱིད་བག་དང་བཅས་བཞུགས་པར་གྱུར། ཕྱོགས་ཀྱི་པདྨ་འདབ་བཞི་རུ། །ཧ་ལ་རྡོ་རྗེ་དྷཱ་ཀི་མ༔ སོགས་ནས་དག་པ་དྲན་པའི་བར་བརྗོད་ལ། སོ་སོའི་ཐུགས་ཀར་པད་ཉིའི་སྟེང་། །རང་སྲོག་སྔགས་ཀྱི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། ཕེཾ་ཕེཾ་ཕེཾ། ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་འདྲེས། སྐུ་གསུང་ཐུགས་སུ་བྱིན་བརླབས། ཡེ་ཤེས་ལྔ་ཡི་དབང་བསྐུར་བར་གྱུར། ཅེས་མོས་ལ། ཐུགས་ཀའི་ས་བོན་འོད་ཟེར་སྤྲོ་བསྡུ་སྤྱི་མཐུན་བྱས་ཏེ་འབྲུ་ལྔ་ཅི་རིགས་བཟླ། ཐོད་པ་རང་བྱུང་གི་གཞལ་ཡས་ཁང་དུ་རྩ་བ་གསུམ་གྱི་ལྷ་ཚོགས་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། བཅུད་དང་དབྱེར་མེད་དུ་འདྲེས་ནས་བྱིན་གྱིས་བརླབ་པར་གྱུར། ཅེས་མོས་ལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ཀའི་སྔགས་ཅི་འགྲུབ་བཟླའོ། །དེ་ནས་བདག་ཉིད་སྐད་ཅིག་གིས་རྩ་བའི་ལྷ་རྟ་ཕག་ཡབ་ཡུམ་ལུས་དཀྱིལ་དང་བཅས་པ་བླ་སྒྲུབ་སྐབས་ལྟར་གསལ། མདུན་བསྐྱེད་དཀྱིལ་འཁོར་བཞི་པོ་ལ་ཆབས་ཅིག་ཏུ་དམིགས་ཏེ་མཆོད་བསྟོད་བྱ་བ་ནི། སྤྲོས་པ་ལ་དགའ་ན། ཐུགས་སྒྲུབ་མཆོད་ཕྲེང་སྤྱན་འདྲེན་ནས་བཤགས་པའི་བར་གཏང་ཡང་ཆོག་ལ་མདོར་བསྡུ་ན། ཧཱུྃ། སྟོང་གསུམ་འདིའམ་འཇིག་རྟེན་གཞན་དག་ན། །ཕྱི་ནང་སྣོད་བཅུད་དབང་པོ་ཚིམ་བྱེད་པའི། །ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་མེད་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཨོཾ་སརྦ་པཱུ་ཛ་མ་ཧཱ་ས་མ་ཡེ་ཧཱུྃ། ཧཱུྃ། ལྷ་མོ་སྣ་ཚོགས་རབ་མཛེས་ངང་ཚུལ་ཅན། །མེ་ཏོག་སྤོས་ཆབ་ཞལ་ཟས་རོལ་མོའི་སྒྲ །སྒེག་མོ་ཕྱག་ན་ཉེར་སྤྱོད་དཔག་མེད་བསྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་ནས་ཤབྡའི་བར་དུ་སྦྱར། ཧཱུྃ། །སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཇི་སྙེད་ཀུན། །རྡོ་རྗེ་འདོད་མའི་ཚོགས་སུ་ཀུན་སྤྲུལ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། དེ་བཞིན་དུ། ཤབྡ་ གནྡྷེ་ ར་ས་ སྤརྴེ་སྦྱར་ ཧཱུྃ། གསང་མཆོད་བདེ་ཆེན་རྣམ་ལྔའི་རིག་མ་ནི། །སྐུ་མདོག་རབ་མཛེས་རང་རྟགས་ཕྱག་རྒྱ་བསྣམས། །བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཨཱ་དརྴ་ཨཱཿཧཱུྃ། དེ་བཞིན་དུ་ མུ་ར་ཛེ་ ཝཱི་ནི་ ཝཾ་སེ་ དྷརྨེ་སྦྱར་ལ་ཕྱི་ནང་གསང་མཆོད་འབུལ། དེ་ནས་སྨན་གཏོར་རཀྟའི་མཆོད་པ་ནི། ཧཱུྃ༔ རང་བྱུང་རྣམ་དག་ཡེ་ཤེས་སྒྲུབ་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ བླ་མེད་ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་དམ་རྫས་གཏོར་ཆེན་པོ༔ འདོད་ཡོན་རྒྱན་དང་ལོངས་སྤྱོད་སྤྲིན་དུ་གཏིབས༔ རོ་མཆོག་ཡོན་ཏན་བརྒྱ་དང་ལྡན་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་མཆོག༔ ཐབས་ཤེས་འཁོར་འདས་གཉིས་སུ་མེད་པར་བསྐྱིལ༔ གཟུང་འཛིན་རུ་དྲ་དབྱིངས་སུ་དག་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ བསྟོད་པ་བྱ་བ་ནི། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས༔ འགྲོ་དོན་བསྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོར༔ ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པ༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལས༔ མ་འགག་རང་གསལ་ཡེ་ཤེས་ལས་གྲུབ་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་བྱ། ཚོགས་འབུལ་བར་འདོད་ན་ཐུགས་སྒྲུབ་ལྟ་བུའི་རིགས་མཐུན་ནས་བླང་ཆོག་ཀྱང་དཀྱུས་འདིར་མི་དགོས། ལས་བུམ་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བཏབ་ལ་དེའི་སྔགས་ཀྱིས་བྱིན་བརླབ་པ་དང་། སྤྱི་ལྟར་རིག་པའི་མེ་ཏོག་ཀྱང་དོར་རོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་འཚོགས་ལ། ཐོག་མར་སྡིག་སྒྲིབ་སྦྱང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་རྒྱུན་བབས་པས༔ ཉམས་ཆག་སྡིག་སྒྲིབ་བཀྲུ་བར་གྱུར༔ ཡིག་བརྒྱ་དང་དབྱངས་གསལ་བརྗོད་ལ་ལས་བུམ་གྱི་ཆུས་མེ་ལོང་ངོས་སུ་ཁྲུས་བྱ། དེ་ནས་སྔོན་འགྲོའི་སྐབས་ལྟར་འབྱུང་གཏོར་བཏང་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ཚེ་གཅིག་ལ་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་རྩ་བ་གསུམ་གྱི་བྱིན་རླབས་སྙིང་པོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་བྱའི་ཆོས་མདོ་དང་རྒྱུད་ཀྱི་གསང་བ་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་གསང་སྔགས་རྡོ་རྗེ་ཐེག་པ་འབྲས་བུ་ལམ་བྱེད་སྔ་འགྱུར་རྙིང་མའི་བཀའ་སྲོལ་ཟབ་མོ་གཏེར་གྱི་ཆོས་ལྷོ་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ཕྱོགས་སུ་གཏོགས་པ་ལས། དེའི་ནང་ཚན་གྱི་བྱེ་བྲག་རིན་ཆེན་འབྲས་བུའི་ཚུལ་ཅན་ཆོས་རྒྱལ་རཏྣ་གླིང་པའི་གཏེར་ཆོས་ཡིན་ཏེ། དེའང་མངའ་བདག་ཉང་གི་ཐུགས་གཏེར་གྱི་ལུང་བསྟན་གཏད་རྒྱ་ལས། ལོ་ནི་ལྔ་བཅུ་ཁ་རལ་དུས༔ ཉི་མ་ཤར་ལྷོའི་ཕྱོགས་དག་ཏུ༔ ཆོས་ཀྱི་རྒྱལ་པོ་རཏྣ་གླིང༔ ཕྲིན་ལས་བཞི་ལ་མངའ་བརྙེས་པ༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་འམ༔ བྱིན་གྱིས་བརླབས་པའི་སྐྱེས་བུ་འབྱུང༔ ཞེས་དང་། གཏེར་ཁ་འོག་མའི་སྐུ་གསུམ་སྒྲུབ་པའི་ལུང་བྱང་ལས། འདི་ནས་བྱང་ཕྱོགས་ཤིང་སྒོའི་མཚམས༔ རི་བོ་ཁྱུང་ཆེན་འདྲ་བའི་སར༔ ལུག་ལོ་པདྨ་དབང་ཆེན་རྩལ༔ བསྐྱེད་རྫོགས་དོན་ལ་མཁས་པ་འབྱུང༔ ཞེས་དང་། གུ་རུ་ཇོ་ཚེའི་གཏེར་ལུང་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང༔ ཞེས་སོགས་གཏེར་ཁ་མང་པོ་ནས་ལུང་གིས་ཟིན་ཅིང་། རང་གཏེར་བསྟན་པ་སྤྱི་ལུང་ལས༔ ལྔ་བཅུ་ཁ་རལ་དུས་ཀྱི་མཐའ་མ་ལ༔ ད་ལྟའི་ལོ་ཙཱ་ལང་གྲོ་དཀོན་ཅོག་འདི༔ སྨོན་ལམ་དབང་གིས་སྐྱེ་བ་འགའ་བརྒྱུད་ནས༔ དེ་དུས་རི་བོ་ཁྱུང་ཆེན་ལྡིང་བའི་ལྷོར༔ ལྕགས་ཁམས་ལུག་ལོ་པདྨའི་རིགས་ཅན་འབྱུང༔ ཁྱུང་ཆེན་རི་དང་མཁར་ཆུའི་ཟབ་གཏེར་འདོན༔ གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན༔ གུང་ཐང་དགེ་རི་རྫོང་གསུམ་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རཏྣ་གླིང་པར་གྲགས༔ བསམ་ཡས་གནམ་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས༔ སྟོབས་ལྡན་སྐྱེས་བུ་ཤེས་རབ་བློ་གྲོས་ཅན༔ དོན་གྱི་རྟགས་ལྡན་གདུལ་བྱའི་བཀའ་བབས་པ༔ འབྲེལ་ཚད་དོན་ལྡན་པདྨའི་རིགས་ཅན་ཏེ༔ བུ་མཆོག་དེ་ཡིས་དོན་གཉིས་སྤྱོད་པར་འགྱུར༔ ཞེས་གཏེར་གནས་སོ་སོའི་དབང་གིས་གཏེར་སྟོན་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་ཤིང་སྐུ་ཚེ་མཐར་ཕྱིན་པས་གཏེར་ཁ་ཉི་ཤུ་རྩ་ལྔ་བར་ཆད་མེད་པར་བཞེས། ཕྲིན་ལས་ནམ་མཁའ་དང་མཉམ་ཞིང་ཆོས་བརྒྱུད་དེང་སང་གི་བར་དུ་དབྱར་དུས་ཀྱི་ཆུ་བོ་ལྟར་འཕེལ་བའི་གཏེར་སྟོན་རིན་ཆེན་དཔལ་བཟང་ལ་ཨོ་རྒྱན་ཆེན་པོ་སྐུ་དངོས་ཀྱིས་ཁ་བྱང་དང་བསླབ་སྟོན་བསྩལ་པ་ལ་བརྟེན། ཟབ་གཏེར་ཀུན་གྱི་ཐོག་མར་མོན་ཙ་གྲོ་ཤུལ་ཁྱུང་ཆེན་ལྡིང་བའི་བྲག་ནས་སྤྱན་དྲངས་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་སྔོན་དུ་སོང་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་བྱིན་རླབས་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དངོས་སུ་མོས་པས་སྙིམས་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས༔ བླ་མའི་རྗེས་གནང་དབང་ཐོབ་ནས༔ སངས་རྒྱས་ས་ལ་གཤེགས་པ་ལྟར༔ དེ་རྗེས་བདག་ཀྱང་འཇུག་པར་འཚལ༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ལན་གསུམ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩ་བ་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་། གཞན་དོན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དག་བསྐྱེད་ཅིང་བསླབ་པ་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་ལས་བྱང་ལྟར་སྐྱབས་སེམས་ལན་གསུམ་བྱ། དེ་ནས་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་ཅིང་ཁ་ཊྭཱཾ་ག་གཡོན་གྱི་མཆན་ན་བཅུག་པ། རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་པད་ཉིའི་གདན་ལ་བཞུགས་པར་གསལ་བའི་སྙིང་གི་དཀྱིལ་དུ་གཡུང་དྲུང་དམར་པོ། དེའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ཡཾ་ཡིག་ལྗང་གུས་མཚན་པ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པར་གསལ་ཐོབ་ཅིག །སྔགས་བཟླས་པ་ཙམ་གྱིས་ཡཾ་ལས་རླུང་གཡོས། གཡུང་དྲུང་ཡིག་འབྲུ་སྙིང་དང་བཅས་པ་ཐམས་ཅད་གཡོན་དུ་འུར་སྒྲ་དང་བཅས་ཏེ་དྲག་ཏུ་འཁོར། ཨོ་རྒྱན་རིག་འཛིན་མཁའ་འགྲོ་གཙོ་བོར་གྱུར་པའི་རྩ་བ་གསུམ་གྱི་ལྷ་ཚོགས་ཁ་བ་བབས་པ་ལྟར་བྱོན་ཏེ་སྤྱི་བོ་ནས་སྙིང་ནང་དུ་ཞུགས་ཤིང་གར་མཛད་པ་སྒོམས་ཤིག །བྱས་ལ་འབེབས་པའི་རྫས་དང་རོལ་མོའི་སྒྲ་སྦྱར་ལ། བླ་སྒྲུབ་སྐབས་ཀྱི་ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བཟླ། རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་མོས། ཏིཥྛ་བཛྲ། ཞེས་བརྗོད། དངོས་གཞི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་མཐར་ཐུག་ཡེ་ཤེས་འཕོ་བའི་རིམ་པ་ཁྱད་པར་ཅན་སྒྲུབ་པ་ལ། རྩ་གསུམ་སྤྱི་དབང་ཟླུམ་པོ་བཞི་ལ་བརྟེན་པ་དང་། བྱེ་བྲག་སོ་སོའི་བྱིན་རླབས་རྫས་དང་ཏིང་ངེ་འཛིན་ལ་བརྟེན་པ་གཉིས་སུ་ཡོད་པ་ལས་དང་པོའི་སླད་དུ་མོས་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པ་ལ་སོགས་པའི་དབང་བཞི་པོ་རིམ་པར་བསྐུར་བར་མོས་ཤིག །དེ་ལའང་རེ་རེའང་དབང་བཞི་བཞིའི་བདག་ཉིད་ཅན་དུ་གནས་ཏེ། བུམ་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་སྟེ་བཀྲུས་ཤིང་ལྕེ་ལ་སྦྱིན་པ་གསང་དབང་། སྙིང་གར་བཞག་པས་རང་སེམས་སྤྲོས་བྲལ་གྱི་བུམ་པ་ཟླུམ་པོར་བྱང་ཆུབ་སེམས་རྣམ་པ་གཉིས་ཀྱི་ཆུས་བཀང་བས་མ་རིག་དུག་ལྔའི་དྲི་མ་བཀྲུས་ནས་རང་བཞིན་ཡེ་ཤེས་ལྔར་དག་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ལས་ཉམས་སྣང་སྟོང་དབྱེར་མེད་སྐྱེས་པ་དབང་བཞི་པའི་དོན་དུ་གོ་བར་གྱིས་ཤིག །རྣམ་རྒྱལ་བུམ་པ་ཐོགས་ལ། ཨོཾ་སྤྲོས་བྲལ་བུམ་པ་ཟླུམ་པོ་ནི༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ དུག་ལྔ་དབྱིངས་སུ་དག་པ་དང༔ དབང་བཞི་ཡེ་ཤེས་ཡོངས་རྫོགས་ཤོག༔ ཐོད་ཕྲེང་རྩལ་གྱི་སྔགས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ལ་ཁྲུས་བྱ། མགྲིན་པར་བཞག་ལ་བུམ་ཆུ་བླུད། སྙིང་གར་བཞག་ལ་དགོངས་པ་བསྐྱང་བ་ནི་འོག་མ་རྣམས་ལའང་རིགས་འགྲེའོ། དེས་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་ཐོབ་པ་ཡིན་ནོ། །ཐོད་པའི་བདུད་རྩི་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་ལྕེ་ལ་སྦྱིན་པ་གསང་དབང་། སྙིང་གར་བཞག་པས་རང་སེམས་དབྱིངས་སྟོང་པ་ཉིད་ཐོད་པ་ཟླུམ་པོར་བདེ་ཆེན་ཡེ་ཤེས་ཆང་གིས་བཀང་བས་གཉིས་སྣང་བདུད་ལ་ཆོས་ཉིད་ཀྱི་རྩིས་ཐེབས་ཏེ་ཕུང་ཁམས་སྐུ་ལྔར་གྲོལ་བར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ལས་གསལ་སྟོང་དབྱེར་མེད་སྐྱེས་པ་དབང་བཞི་པའི་དོན་དུ་གོ་བར་གྱིས་ཤིག །ཨཱཿཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཉོན་མོངས་དུག་ལྔ་འཇོམས་ཤིང་སྐུ་ལྔ་སྐྱེད༔ ཆོས་ཉིད་བདུད་རྩི་རྣམ་དག་བདུད་ལས་རྒྱལ༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་བརྗོད། གནས་གསུམ་དུ་གཏུགས་ཤིང་བདུད་རྩི་བླུད། དེས་གསུང་བྷནྡྷ་ལ་བརྟེན་པའི་དབང་བཞི་ཐོབ་པ་ཡིན་ནོ། །མེ་ལོང་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་སྟེ་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་བཞག་པས་རང་སེམས་ཆོས་སྐུ་དྲི་མེད་མེ་ལོང་ཟླུམ་པོར་འཁོར་འདས་ཀྱི་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པ་ཆོས་ཉིད་ཀྱི་དབྱིངས་སུ་རོ་མཉམ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ལས་ཉམས་བདེ་སྟོང་དབྱེར་མེད་སྐྱེས་པ་དབང་བཞི་པའི་དོན་དུ་གོ་བར་གྱིས་ཤིག །ཧྲཱི༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ གཟུགས་བརྙན་གསལ་ལ་ངོས་བཟུང་དྲི་མ་བྲལ༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་འཆར༔ སྟོང་གསལ་མ་འགག་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་བརྗོད། མེ་ལོང་གནས་གསུམ་དུ་བཞག་ལ་ཐིག་ལེ་བྱ། དེས་ཐུགས་མེ་ལོང་ལ་བརྟེན་པའི་དབང་བཞི་ཐོབ་པ་ཡིན་ནོ། །གཏོར་མ་སྐུ་རྟེན་དང་བཅས་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་པ་རང་སེམས་ཆོས་དབྱིངས་ཀ་དག་གི་གཏོར་གཞོང་དུ་ཡེ་ཤེས་ལྔ་དང་བདེ་ཆེན་འདུ་འབྲལ་མེད་པའི་གཏོར་མ་སྐུ་འབག་དང་བཅས་པའི་རང་ངོ་རིག་པས་སྨིན་གྲོལ་གྱི་ཕྲིན་ལས་མཐར་ཕྱིན་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ལས་ཉམས་རིག་སྟོང་དབྱེར་མེད་སྐྱེས་པ་དབང་བཞི་པའི་དོན་དུ་གོ་བར་གྱིས་ཤིག །ཧྲཱི༔ གཏོར་སྣོད་བནྡྷའི་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ གུ་རུའི་སྐུ་འབག་བདེ་ཆེན་འདུ་འབྲལ་མེད༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང་ཐོབ་ཤོག༔ རྩ་སྔགས་བརྗོད། གཏོར་མ་གནས་གསུམ་དུ་བཞག །གཏོར་ཟན་སྦྱིན། དེས་ཡོན་ཏན་ཕྲིན་ལས་གཏོར་མ་དང་སྐུ་འབག་ལ་བརྟེན་པའི་དབང་བཞི་ཐོབ་པ་ཡིན་ནོ། །དེ་ལྟར་དབང་རེ་རེ་ལའང་བཞི་རྫོགས་སུ་ཕྱེ་བས་བཅུ་དྲུག་ཡེ་ཤེས་བླ་མའི་དབང་བསྐུར་བྱིན་རླབས་ཐོགས་མེད་དུ་ཕེབ་པ་ཨོ་རྒྱན་ཐུགས་ཀྱི་ཟབ་དབང་ལེགས་པར་གྲུབ་ནས། གཉིས་པ་རྫས་དང་ཏིང་ངེ་འཛིན་ལ་གཙོ་བོ་བརྟེན་པའི་རྩ་གསུམ་སོ་སོའི་བྱིན་རླབས་བྱ་བ་ལ། ཐོག་མར་སློབ་མའི་ལུས་ལ་དབང་གི་སྣོད་བཅོས་པ་ནི་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་རྩ་གསུམ་ཡོངས་འདུས་དབང་ཆེན་རྟ་ཕག་ཡབ་ཡུམ་སྐུ་མདོག་དམར་པོ་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་ལྡན་པར་གསལ་བའི་སྤྱི་བོར་པདྨ་འདབ་མ་ལྔ་པ་དཀར་པོའི་ལྟེ་བར་ཨོཾ་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་པདྨ་འདབ་བཞི་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ག །ལྟེ་བར་པདྨ་འདབ་བཞི་ལྗང་སེར་གྱི་དཀྱིལ་དུ་ཧྲཱིཿལྗང་སེར་གྱིས་མཚན་པ་རེ་སྒོམས་ཤིག །དབང་དངོས་ལ་ཐོག་མར་བླ་མའི་གཏོར་ཆེན་རྩ་བ་གསུམ་དངོས་སུ་གསལ་བ་དེ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་དང་གནས་བཞིར་གཏུགས་པས། བླ་མའི་སྤྱི་བོ་ནས་ཨོཾ་དང་འོད་དཀར་པོ། མགྲིན་པ་ནས་ཨཱཿདང་འོད་དམར་པོ། ཐུགས་ཀ་ནས་ཧཱུྃ་དང་འོད་མཐིང་ག །ལྟེ་བ་ནས་ཧྲཱིཿདང་འོད་ལྗང་གུ་རྣམས། ཁྱེད་རང་གི་གནས་བཞིའི་པདྨའི་དབུས་ཀྱི་ཡིག་འབྲུ་ལ་ཐིམ། དབྱེར་མེད་དུ་ཁྲིག་ཁྲིག་འདྲེས་པས། བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་ཏེ། ཏིང་ངེ་འཛིན་གྱི་དབང་ཟབ་མོ་བཞི་རྫོགས་སུ་ཐོབ་པར་མོས་ཤིག །བྱས་ལ་གཏོར་ཆེན་གནས་བཞིར་གཏུགས། ཐོད་ཕྲེང་རྩལ་གྱི་སྔགས་བརྗོད། བུམ་པ་ཐུགས་རྗེ་ཆེན་པོ་དང་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་གསལ་བ་དེ་ཁྱེད་རང་རྣམས་ཀྱི་གནས་བཞིར་གཏུགས་པས། ཡི་དམ་ཐུགས་རྗེ་ཆེན་པོའི་སྤྱི་བོ་ནས་ཨོཾ་དཀར་པོ་དང་འོད་དཀར་པོ་སོགས་གོང་ལྟར་འགྲེས་ལས། ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཞེས་ཁ་བསྒྱུར་ལ་གཡས་ཀྱི་བུམ་པ་གནས་བཞིར་གཏུགས། ཡིག་བདུན་བརྗོད། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔར་གསལ་བ་དེ་ཁྱེད་རང་རྣམས་ཀྱི་གནས་བཞིར་གཏུགས་པས། མཁའ་འགྲོ་སྡེ་ལྔའི་སྤྱི་བོ་ནས་ཨོཾ་དཀར་སོགས་གོང་ལྟར་ལ། མཁའ་འགྲོ་སྡེ་ལྔའི་སྐུ་གསུང་ཐུགས་སོགས་བསྒྱུར་ལ་མེ་ལོང་གནས་བཞིར་གཏུགས་ལ་འབྲུ་ལྔ་བརྗོད། བྷནྡྷའི་བདུད་རྩི་རྩ་གསུམ་ཡོངས་འདུས་ཀྱི་ཕོ་བྲང་དུ་གསལ་བ་དེ་ཁྱེད་རང་རྣམས་ཀྱི་གནས་བཞིར་གཏུགས་པས་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་སྤྱི་བོ་ནས་ཨོཾ་དཀར་སོགས་དང་། རྩ་བ་གསུམ་གྱི་སྐུ་གསུང་ཐུགས་སོགས་བསྒྱུར་ལ་བནྡྷ་གནས་བཞིར་གཏུགས། རྩ་གསུམ་གྱི་སྔགས་བརྗོད། སླར་བནྡྷ་སྤྱི་བོར་བཞག་ལ། ཨོ་རྒྱན་ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས། ཁྱེ་རང་གི་སྤྱི་བོ་ནས་རིམ་པར་ལུས་ཐམས་ཅད་བྱང་སེམས་ཀྱིས་ཁེངས་ཏེ། ལུས་སེམས་བདེ་སྟོང་དུ་ཕྱམ་ཕྱམ་སོང་བར་མོས་ཤིག །བྱས་ལ། མ་ཧ་རི་ནི་ས། ཉེར་གཅིག་བརྗོད། དེ་ནས་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་དང་ལྡན་པས༔ ཕྱི་སྣང་བའི་ཡུལ་ལ་སྤྲོས་ཏེ་ཕཊ་ཅེས་བརྗོད༔ ནང་དྲན་པ་སེམས་སུ་འུབ་ཀྱིས་བསྡུ༔ སེམས་གསལ་བདོ་བ་ལ་ཕཊ་ཅེས་བཤིག༔ དེའི་ངང་ལྷོད་དེ་ཀློད༔ ཤིག་གིས་བཤིག་ལ་དབང་བསྐུར་བ་དང་ཞུ་ཐོབ་ཐམས་ཅད་བློ་འདས་ཀྱི་ངང་དུ་ཁྲེས་སེ་ཞོག་ཅིག༔ ཅེས་བྱས་ལ་ཕཊ་བརྗོད་དེ་རེ་ཞིག་མཉམ་པར་གཞག །སླར་ཕཊ་བརྗོད། དེ་དག་གིས་ཏིང་ངེ་འཛིན་ཟབ་མོ་རྣམ་པར་བྱང་བའི་དབང་དང་བཅས་པ་མཐར་ཐུག་དོན་དབང་ལེགས་པར་གྲུབ་པ་ཡིན་ཏེ། འདི་ཉིད་ལས། ཐུགས་གཏེར་ལྔ་དང་ཟབ་གཏེར་ཉེར་ལྔ་དང༔ བླ་གཏེར་བརྒྱ་དང་གཏེར་ཕྲན་བསམ་ལས་འདས༔ དེ་དག་ཀུན་གྱི་སྙིང་ཁྲག་འདི་ཁོ་ནའོ༔ འདི་དང་སུ་འཕྲད་ཨོ་རྒྱན་ང་ཡི་སྲས༔ ལུང་ཐོབ་ཙམ་གྱིས་བདེ་བ་ཅན་དུ་འགྲོ༔ ཉམས་སུ་ལེན་པ་རྣམས་ལ་སྨོས་ཅི་དགོས༔ ཞེས་བསྔགས་པར་མཛད་པ་རྩ་གསུམ་འབྲས་བུའི་དོན་ཁྲིད་སྨིན་བྱེད་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་བཟུང་ཞིང་རྩ་བ་ཡན་ལག་གི་དམ་ཚིག་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། མཆོད་ཁ་གསོས་ཤིང་བྱིན་བརླབས་ལ་མཆོད་བསྟོད་རྒྱས་བསྡུས་གང་ལྕོགས་བྱ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བཟླས་ལ་ལྷག་ཆད་བསྐང་། མདུན་བསྐྱེད་ཀྱི་ཡེ་ཤེས་རྟེན་ལ་གཞུག་ཅིང་དམ་ཚིག་པ་རང་ལ་བསྡུ་བའམ་དམ་ཡེ་མ་ཕྱེ་བར་བསྡུས་ཀྱང་ཆོག །བདག་བསྐྱེད་གོང་སྨོས་ཀྱི་དགོངས་པ་བསྐྱང་བ་དེ་ཀས་འཐུས། སྨོན་ལམ་ནི། ཨེ་མ་ཧོ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྔོན་ནས་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་འབྲས་བུ་དུས་འདིར་སྨིན༔ ད་ནི་འདུ་འབྲལ་མེད་པར་ཤོག༔ ཅེས་སོགས་ཅི་རིགས་བརྗོད། བཀྲ་ཤིས་ནི། ཧོ༔ མཐོང་ཐོས་དྲན་ཞིང་རེག་པས་ཀྱང༔ འཁོར་བའི་གནས་ནས་ཐར་ལམ་འཇུག༔ ཐོག་མ་བར་དང་མཐར་དགེ་བ༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་བརྗོད། འདིའི་བསྙེན་སྒྲུབ་རྐང་ཚུགས་པ་བྱེད་ན་ཆོ་གའི་འགྲོས་འདི་ལྟར་ལ་འབྱིན་འཇུག་ཕྲ་མོ་རིག་མདས་བསྣུན། དབང་གི་སྐབས་འདིར་བསྙེན་སྒྲུབ་དབང་གི་ཐོ་ཡིག་དང་ཡེ་ཤེས་དབབ་པའི་ལྷན་ཐབས་ལོགས་སུ་ཡོད་པར་གསུངས་ཀྱང་དཔེ་ལུང་གི་རྒྱུན་ཆད་ནས་རིང་ཞིག་ལོན་པས་ཐུགས་སྒྲུབ་ནས་ཅུང་ཟད་ཁ་བསྐངས་པ་ཡིན་ཞིང་སླད་ནས་དེ་དག་གི་དཔེ་རྒྱུན་ཙམ་རྙེད་ནའང་ཞུ་གཏུགས་བགྱི་བར་འོས་སོ། །རྩ་གསུམ་སྒྲུབ་ཐབས་རྒྱ་མཚོའི་འཇིང་རུམ་ནས། །གངས་ཅན་སྐལ་པར་ཕྱུངས་པའི་ཡིད་བཞིན་ནོར། །བློ་རབ་ཡིད་ཆེས་བློ་དམན་འཇུག་བདེ་བ། །འདི་ཙམ་ཉམས་འོག་ཆུད་ན་ཅིས་མི་མཚར། །གཏེར་བྱོན་ཀུན་ལས་བྱིན་རླབས་འགྲོ་དོན་གྱི། །བཀའ་བབས་མངོན་སུམ་ཉིད་གྱུར་བདེན་པའི་མཐུས། །ཕྱོགས་འདིར་འབད་ཀུན་བསྟན་འགྲོར་ཕན་པའི་གཏེར། །མི་འཛད་ནམ་མཁའི་མཛོད་གྱུར་དོན་ལྡན་ཤོག །ཅེས་པ་འདི་དཔལ་ལྡན་བླ་མ་ཀརྨ་གཞན་ཕན་མཐའ་ཡས་ནས་འདིའི་གསལ་བྱེད་ཡིག་ཆ་དགོས་པར་བཀའ་གནང་ཡང་རྣམ་གཡེང་གིས་རྔོ་མ་ཐོགས་པར། སླད་ནས་རྗེ་བཙུན་བླ་མ་མཆོག་དེའི་དགོངས་པ་རྫོགས་པ་དང་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་རྩ་གསུམ་འདུས་པའི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་ལྡན་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་བཀའ་གཏེར་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནམ་ལྕགས་སྤུ་གྲི་ (Volume 37, Text 30)

༄༅། །དཔལ་ལྡན་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་བཀའ་གཏེར་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནམ་ལྕགས་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །བསྟན་སྲུང་མཆོག་ཅིག་སྒྲུབ་པའི་ཕྱིར། །སྒྲུབ་ཐབས་མདོར་བསྡུས་ཙམ་འབྲི་ན། །ནག་པོ་ཉིད་ཀྱིས་དགེ་ལེགས་སྩོལ། །ཏྲཀྴད་དྭགས་པོ་ལུགས་སྤུ་གྲི་ཆིག་ཤུར་བཀའ་གཏེར་གཉིས་ལྡན་བཤད་པ་ལ་གསུམ། སྦྱོར་བ་གཤོམ། དངོས་གཞི་སྒྲུབ་ཐབས། རྗེས་སུ་གནང་བའི་ཚུལ་ལོ། །དང་པོ་ནི། མཎྜལ་དུག་ཁྲག་གིས་བྱུགས་པ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རིས་མཚན་པ་བྲིས་པའི་སྟེང་དུ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན་མེ་རི་ཤ་ཁྲག་དར་གདུགས་ཀྱིས་བརྒྱན་པ་བཀོད། མདུན་དུ་སྨན་རཀ་གཏོར་གསུམ། དྲག་པོའི་ཉེར་སྤྱོད་རྣམས་བཤམ་མོ། །གཉིས་པ་དངོས་གཞི་ནི། བདག་བསྐྱེད་བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་ཀྱིས་མཚོན་པའི་ཧེ་རུ་ཀའི་རིགས་གང་ཡང་རུང་བའི་སྒོམ་བཟླས་སྔོན་དུ་སོང་ནས། མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་རྒྱན་བཀོད་ཚད་མེད་པ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་ཕྱི་ནང་མཆོད་པའི་དམ་རྫས་མཁའ་དབྱིངས་ཀུན་ཏུ་རྒྱས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། གཏོར་མ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། སྔགས་རྣམས་ལན་གསུམ་རེ་བརྗོད་པས་བྱིན་བརླབ་བོ། །མདུན་བསྐྱེད། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས། ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་། དེའི་ནང་དུ་མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ། རཾ་ལས་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་ཕྱར་ཞིང་། གཡོན་དགྲ་བགེགས་ཀྱི་གློ་སྙིང་རླངས་པ་བུན་ནེ་བ་ཞལ་དུ་གསོལ་ཞིང་བདུད་ཞགས་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས་སུ་གསོལ་ཞིང་། རིན་པོ་ཆེ་གསེར་གྱི་སྐ་རགས་བཅིངས་པ། ཞབས་ལ་ལྷྭམ་ཡུ་རིང་གསོལ་ཞིང་། ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པ། མཆེ་གཙིགས་སྤྱན་གསུམ་སྨ་ར་འབར་ཞིང་། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། རྟ་ནག་བཅིབས་ཤིང་རྫུ་འཕྲུལ་དང་དྲག་ཤུལ་ཆེ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་བཀའ་ཉན་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་འཁོར་དང་བཅས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་ཨུ་ཙ་ལ་ནས། ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་བསམ། རྒྱས་པར། ཨུ་ཙ་ལ་ཡི་དུར་ཁྲོད་ནས།སོགས་སམ། བསྡུ་ན། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཉེར་སྤྱོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ནང་མཆོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཅེས་བསྒྱུར་བ་དང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་པཱུ་ཛ་ཧོཿ ཅེས་པས་མཆོད། གཏོར་མ་དང་རཀྟ་ལ། སྙིང་པོའི་མཐར། ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། བསྟོད་པ་རྒྱས་པའམ། བསྡུ་ན། རཾ་ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་ཆེ། །སྡིག་ཅན་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཕྲིན་ལས་ཞུ། གཏོར་ཆོག་ཙམ་ཡིན་ན་རྗེས་ཆོག་བྱ་བ་ལས་བཟླས་པ་སོགས་མི་དགོས། སློབ་མ་རྗེས་སུ་འཛིན་ན། བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ཕོག་པས་སྔོན་གྱི་དམ་བཅའ་དྲན་ཏེ་ཐུགས་རྒྱུད་བསྐུལ་བར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཞེས་སྙིང་པོ་ཅུང་ཟད་བཟླའོ། །སློབ་མའི་དོན་དུ་བགེགས་གཏོར་སྔོན་དུ་གཏང་བའི་ཕྱག་ལེན་མཛད་ཀྱང་དོན་ལ་ཁྱད་པར་མེད་པས་སྤྱི་ལྟར་ཡང་རུང་ངོ་། །གསུམ་པ་རྗེས་གནང་ནི། སློབ་མ་ལ་ཁྲུས་བྱ། སྔར་མ་སོང་ན་བགེགས་གཏོར་བཏང་ལ་དྲག་སྔགས་ཀྱིས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་དམིགས་བསལ། དེའང་དཔལ་ཆེན་ཧེ་རུ་ཀ་ཉིད་བདག་འཛིན་རུ་དྲ་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་གཉིས་མེད་ཡེ་ཤེས་ཀྱི་མགོན་པོ་འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུར་སྤྲུལ་པ་ནི་དཔལ་མགོན་མ་ནིང་ནག་པོ་ཡིན་ལ། དེ་ལས་ཀྱང་ཕྲིན་ལས་རྣམ་བཞི་མྱུར་མགྱོགས་སུ་སྒྲུབ་པའི་ཆེད་དུ་སྐུ་གསུང་ཐུགས་ཡོན་་ཕྲིན་ལས་ཀྱི་མགོན་པོ་སྡེ་ལྔ་ཡང་སྤྲུལ་དུ་བྱུང་བ་ལས། དཔལ་ལྡན་ཕྲིན་ལས་ཀྱི་མགོན་པོ་མིག་གསུམ་དབང་པོ་ཏྲཀྴད་ནག་པོ་འདི་ནི། ཡེ་ཤེས་མགོན་པོ་ཕལ་མོ་ཆེའི་ཕྲིན་ལས་པའི་རྣམ་འགྱུར་དུའང་བསྟན་པས་མངོན་སྤྱོད་གཙོར་གྱུར་པའི་ཕྲིན་ལས་སྒྲུབ་པ་ལ་མ་མགོན་གཞན་ལས་ཀྱང་སྟོབས་ཆེ་ཞིང་མྱུར་བའི་ཕྱིར། སྔོན་གྱི་མཁས་གྲུབ་རྣམས་ཀྱི་གསུང་ལས། ཡེ་ཤེས་མགོན་པོ་གཞན་གྱིས་ལས་མ་འགྲུབ་པའམ་འབྱམས་རྡུགས་བྱུང་ན་ལེགས་ལྡན་བདུད་ཀྱི་རྒྱལ་པོ་ར་མདར་སྦྲན་དགོས་གསུངས་པའང་མགོན་པོ་འདི་ཉིད་ཡིན་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ལས་སྤྲུལ་པའི་ནག་པོ་དུག་གི་སྐྱེས་བུ་དང་། སངས་རྒྱས་ཀྱི་སྤྱན་སྔར་བདེན་པ་མཐོང་བའི་ནག་པོ་སྡེ་བོ་ཆེ་ཞེས་བྱ་བ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་དཀྱིལ་འཁོར་མཐའ་དག་ཏུ་བཅུག་པའི་ནག་པོ་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་རྣམས་ཀྱང་འདི་ཉིད་ཀྱི་མཚན་དང་སྐུའི་རྣམ་འགྱུར་ཁོ་ན་ཡིན་པས། རྒྱ་གར་དུ་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་སྲུང་མར་བསྟེན་ཅིང་། བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཡེར་བའི་བྲག་ལ་འདི་ཉིད་བཞུགས་པར་གཟིགས་ཏེ་འཕྲུལ་སྣང་གི་སྲུང་མར་མངའ་གསོལ། གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་བོད་ལ་ཕེབས་པའི་སྐབས་མགོན་པོ་འདིའི་སྒྲུབ་སྐོར་མང་པོ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་ཅིང་ཕལ་ཆེར་གཏེར་ཁ་རྣམས་སུ་ཅི་རིགས་པར་སྦས་པ་དང་། བསྟན་པ་ཕྱི་དར་གྱི་སྐབས་ཇོ་བོ་རྗེ་དང་། གཉོས་ལུགས་སོགས་འཕགས་ཡུལ་ནས་གསར་དུ་བྱོན་པའང་ཅི་རིགས་པར་བྱུང་བ་ལས། སྐབས་སུ་བབས་པ་འདི་ནི། སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏའི་བཀའ་སྲོལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གཏེར་དུ་སྦས་པ། དེ་ཉིད་ཀྱི་སྐྱེ་བ་དུམ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་བཏོན་པ་དང་། གནུབས་ཆེན་པོ་ནས་རིམ་པར་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པའི་བཀའ་མའི་བཀའ་སྲོལ་ཡང་ཆུ་བོ་གཅིག་འདྲེས་སུ་གྱུར་པ། ཞང་ཁྲོམ་དངོས་ལས་དགེ་བའི་བཤེས་གཉེན་ཆེན་པོ་རྒྱ་ལྕགས་རི་བས་གསན། དེ་ལས་མཉམ་མེད་དྭགས་པོ་རིན་པོ་ཆེས་གསན་ཅིང་། གསར་མ་ཇོ་བོ་རྗེ་ལས་བརྒྱུད་པའང་རྒྱ་ལྕགས་རི་བ་ལ་བཞུགས་པས་གསར་རྙིང་བྱིན་རླབས་གཅིག་ཏུ་འདུས་པ་སྟོན་ཆུང་དར་ཡེ་སོགས་ལས་བརྒྱུད་པ་དང་། ཕྱིས་གདམས་ངག་ལ་འདྲ་མིན་བསླད་ཞུགས་པ་སོགས་བྱུང་ན་དག་ཐེར་གྱིས་སུན་དབྱུང་བའི་སླད་དུ་ཚར་གཅིག་མཚོ་མཎྜལ་ནག་པོར་གཏེར་དུ་སྦས་པ། ཕྱིས་དྭགས་པོའི་དངོས་སློབ་སྐྱེ་སྒོམ་ཡེ་ཤེས་རྡོ་རྗེའི་སྤྲུལ་པ་འགྲོ་མགོན་དུང་མཚོ་རས་པས་སྤྱན་དྲངས་པ་བཅས། དྭགས་པོ་ལུགས་ལའང་བཀའ་གཏེར་གཉིས་སུ་བྱུང་བའི་རྒྱུན་སྲོལ་གཅིག་བསྡུས་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་སོགས་བརྗོད་ནས་མཎྜལ་འབུལ་དུ་གཞུག། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཅེས་ལན་གསུམ། ལུགས་འདིར་རྒྱུན་བཤགས་བྱ་བར་མ་གསུངས་ཀྱང་གསང་སྒྲུབ་སོགས་ལུགས་གཞན་ལ་ཡོད་པ་དང་། སྤྲོ་ན་འགལ་བ་མེད་པས། སློབ་དཔོན་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་བཀའ་སྡོད་སྲུང་མར་བཅས་པའི་སྤྱན་སྔར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས་སྡིག་པ་བཤགས་ཤིང་དགེ་བ་ལ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་བྱ། དེ་ལ་ཐོག་མར་དམིགས་པ་འདི་ལྟར་དུ་གསལ་ཐོབ་ཅིག །སློབ་དཔོན་ཉིད་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཁྲོ་བོའི་ཆེ་བཙན་གསང་བདག་ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་ཕྱར་ཅིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་རྣམས་ཀྱིས་བརྒྱན་པ་ཞབས་གཉིས་པད་ཉིའི་གདན་ལ་འདོར་ཐབས་སུ་བགྲད་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་ཞིང་བརྗིད་པའི་སྐུར་གསལ་བའི། མདུན་དུ་ཐོད་མཁར་འབར་བའི་ནང་དུ་སོགས་གོང་གི་མངོན་རྟོགས་ལྟར་བརྗོད་པ་ལས། རཾ་ལས་ཞེས་པ་དོར། ཡང་སྤྲུལ་གྱི་འཁོར་དང་བཅས་པ་མངོན་སུམ་དུ་བཞུགས་པར་མོས་ལ། ཁྱད་པར་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་དང་། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །མ་རུངས་པ་རྣམས་བསྒྲལ་སླད་དུ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་མགོན་པོའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུའི་རྗེས་སུ་གནང་བ་ཐོབ་པར་མོས་ཤིག །འདི་ལ་དམིགས་གསལ་མ་བཤད་ཀྱང་བར་མཚམས་རྣམས་སུ་སྤོས་དུད་རོལ་མོ་རེ་བྱས་ན་རྗེས་གནང་སྤྱིའི་ཕྱག་ལེན་ཡིན་པས་ལེགས་སོ། །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་མགོན་པོའི་མགྲིན་པ་ནས་འོད་ཟེར་དམར་པོ་ཉི་མ་འཆར་ཁའི་ཟེར་ཐག་ལྟ་བུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །གསུང་གི་རྗེས་སུ་གནང་བ་ཐོབ་པར་མོས་ཤིག །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་མགོན་པོའི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་གནམ་སྔོན་གྱི་ཞུན་མ་ལྟ་བུ་བྱུང་། ཁྱེད་རང་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པར་མོས་ཤིག །དེ་ནས་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ལེགས་ལྡན་མ་ཧཱ་ཀཱ་ལ་བདུད་མགོན་ཏྲཀྴད་ནག་པོ་དངོས་སུ་གསལ་བ་ལ་མོས་གུས་བྱས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དེའི་དབུ་གཙུག་གི་ནམ་མཁར་རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་རྣམས་ཀྱང་བཞུགས་ནས་བྱིན་གྱིས་རློབ་པར་མོས་ཤིག །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་ཆེན་དཔལ་འབར་སྲོག་བདུད་ཏྲཀྴད་ཕྲིན་ལས་སྤྲུལ་པའི་མགོན་པོ་ཆེན་པོས། བཅོམ་ལྡན་འདས་གསང་བའི་བདག་པོ། སློབ་དཔོན་དྷ་ན་སཾསྐྲྀཏ། དཱ་ན་ཤཱི་ལ། ཁྲག་འཐུང་ནག་པོ། བ་སུ་དྷཱ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཞང་ཁྲོམ་རྡོ་རྗེ་འོད་འབར། དགེ་བཤེས་རྒྱ་སྟོན་ལྕགས་རི་བ། དྭགས་པོ་ཟླ་འོད་གཞོན་ནུ། སྐྱེས་བུ་ཡེ་ཤེས་རྡོ་རྗེ། འགྲོ་མགོན་དུང་མཚོ་རས་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་རྗེས་སུ་དགོངས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རྡོ་རྗེའི་སློབ་མའམ། རིག་པ་འཛིན་པ་འདི་ཉིད་དུས་འདི་ནས་གཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག །མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྒྲུབ་པར་མཛོད་ཅིག །སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མྱུར་བ་ཉིད་དུ་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །མདོར་ན་རྡོ་རྗེའི་སློབ་མའམ། རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་ཡིད་བཞིན་དུ་སྩོལ་བར་མཛད་དུ་གསོལ། ཞེས་དང་རོལ་མོ་བསྒྲག །གཏོར་མ་མགོར་བཞག །དེ་ལྟར་ཕྲིན་ལས་གསོལ་བས་མགོན་པོའི་སྐུ་ལས་སྐུ་གཉིས་པ་མཆེད་དེ་ཁྱེད་རང་གི་སྤྱི་བོ་ནས་མར་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམ་ལ་ང་རྒྱལ་བརྟན་པོ་སྐྱེད་ཅིག །རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སློབ་དཔོན་ལ་མོས་གུས་དུང་པ་ཞིག་བསྐྱེད་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་རཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་མགོན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་རཾ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། སྙིང་པོ་ལན་གསུམ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་གྱུར་པའི་མོས་པ་དང་བཅས་སློབ་དཔོན་ལ་མེ་ཏོག་འབུལ་བཞིན་པས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱས་ཏེ་སྤྱི་བོར་བཅིངས་པར་མོས་ཤིག །གསར་མ་ཕལ་ཆེར་གྱིས་མེ་ཏོག་ལ་སྔགས་ལན་གསུམ་འདེབས། ཀར་ལུགས་ལ་མི་མཛད་ཀྱང་ཇོ་ལུགས་ལ་དགོས་འདྲ་བས་དེ་ལྟར་བྱས་པའི་མེ་ཏོག་མགོར་ལན་གསུམ་བཞག་ཅིང་དྲིལ་བུ་གསིལ་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ལེགས་ལྡན་ལྷ་ཆེན་དཔལ་འབར་ཏྲཀྴད་ནག་པོའི་གསུང་རིག་སྔགས་ཀྱི་ནུས་པ་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བཟླས་ལུང་སྤྱི་དང་མཐུན་པར་བྱིན་ནས། དེས་འདིའི་ཆོས་སྐོར་རྣམས་ཉམས་སུ་ལེན་པ་ལ་དབང་བ་ཡིན་པས་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་གདམས་ལ་ཤིས་པ་བརྗོད། སློབ་མའི་རྗེས་ཀྱི་བྱ་བ་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་མཐར་དབྱུང་། མདུན་བསྐྱེད་གཏོར་མཆོད་ཁ་གསོས་ལ་སླར་ཡང་གཏོར་མ་འབུལ། མཆོད་བསྟོད་ནོངས་བཤགས་བཟོད་གསོལ། རྟེན་མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་སྔར་མ་བྱས་ན་འདིར་བྱ། བསྔོ་སྨོན་དང་ཤིས་བརྗོད་གང་འོས་བྱའོ། །བསྟན་སྲུང་ཀུ༵ན་ལས་ཆེས་ཟབ་ཅེས། །རྒྱ་སྟོན་ལྕགས་རིས་དག༵འ་བར་བསྔགས། །སྤུ་གྲི་ཆིག་ཤུར་རྒྱ་མཚོ་ལས། །གཏོར་ཆོག་རྗེས་གནང་སྙི༵ང་པོ༵ར་དྲིལ། །འདིའི་ལུགས་ཀྱི་ལྕམ་དྲལ་དང་ལྷ་གསུམ་མ་དང་འཁོར་མང་སོགས་བྱེད་ཀྱང་འདི་ཉིད་འདོན་པ་སྤོས་པས་ཆོག་གོ །ཤིན་ཏུ་ཟབ་པ་ཏྲཀྴད་དྭགས་པོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༈ ཨོཾ་སྭསྟི། མཆོག་གྱུར་རྒྱལ་བའི་ཕྲིན་ལས་པ། །ཕྲིན་ལས་མགོན་པོ་ལ་བཏུད་ནས། །གང་དེའི་སྒྲུབ་ཐབས་རྨད་བྱུང་བ། །ལྕགས་ཁབ་ཅན་དུ་གྲགས་པ་བྲི། །བཀའ་སྲོལ་གསུམ་ལྡན་ཏྲཀྴད་མ་ནིང་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི་སྤྱིར་བཤད་མ་ཐག་པའི་སྤུ་གྲི་གཅིག་ཤུར་དང་འདྲ་བ་ལས། གཏོར་མ་གཡོན་ཕྱོགས་སུ་གཙོ་བོ་ལས་དམའ་བ་གཅིག་མཐེབ་ཀྱུ་བཅུ་གཉིས་ཀྱིས་བསྐོར་བ་བྱ། གཉིས་པ་དངོས་གཞི་སྒྲུབ་ཐབས་ལའང་། བདག་བསྐྱེད་ཧེ་རུ་ཀའི་སྒོམ་བཟླས། མཆོད་གཏོར་བྱིན་རླབས་གོང་དུ་བསྟན་པ་བཞིན་བྱས་ལ། མདུན་རྟེན་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་། དེའི་ནང་དུ་མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ། རཾ་ལས་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་ཕྱར་ཅིང་། གཡོན་དགྲ་བགེགས་ཀྱི་གློ་སྙིང་རླངས་པ་བུན་ནེ་བ་ཞལ་དུ་གསོལ་ཞིང་བདུད་ཞགས་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་སུམ་བརྩེགས་སུ་གསོལ་ཞིང་། རིན་པོ་ཆེའི་གསེར་གྱི་སྐ་རགས་བཅིངས་པ། སྟག་རལ་གཡས་སུ་བཀྲ་བ། གཟིག་ཤུབས་གཡོན་དུ་འཁྱུག་པ། ལྕགས་གཞུ་ནག་པོ་གྲུ་མོ་ལ་གྱོན་པ། ཙནྡན་བེང་ཆེན་རྐེད་ལ་གཟེར་བ། ཞབས་ལ་ལྷྭམ་ཡུ་རིང་གསོལ་ཞིང་ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པ། མཆེ་གཙིགས་སྤྱན་གསུམ་སྨ་ར་འབར་ཞིང་ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་ཀྱི་དོ་ཤལ་ཅན། རྟ་ནག་བཅིབས་ཤིང་རྫུ་འཕྲུལ་དང་དྲག་ཤུལ་ཆེ་བ། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོཿལས་ཡུམ་རྡོ་རྗེ་རེ་མ་ཏི་དྲེའུ་ནག་པོ་རྐང་གསུམ་ལ་འཆིབ་པ། དྲྭ་བ་མིག་དགུ་རྒྱབ་ཏུ་ཁུར་བ། ཕྱག་གཡས་བདུད་ཀྱི་ཁྲམ་བམ་དང་གཡོན་ནད་ཀྱི་རྐྱལ་པ་འཛིན་པ། སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་གྱེན་དུ་བརྫེས་པ་ལ་ཟླ་ཚེས་དང་ལྟེ་བ་ནས་ཉི་མ་འཆར་བ། དར་ནག་གི་ལྷབ་ལྷུབ་དང་ཞིང་ལྤགས་ཀྱི་སྟོད་གཡོགས་རེ་ལྡེའི་ཤམ་བུ་ཅན། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་སྐ་རགས། ཐལ་ཆེན་ཚོམ་བུ་སོགས་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པ། སྙན་གཡས་སེང་གེ་དང་གཡོན་པར་སྦྲུལ་དང་དྲིལ་བུས་བརྒྱན་པ། སྒའི་སྔ་ཤ་ལ་ཤོ་རྡེལ། ཕྱི་ཤ་ལ་ཚོན་གྲུ་དང་བྱང་དམར་ཁྲེས་པོ་བཏགས་པ། རླུང་ནག་འཚུབས་མའི་དབུས་ན་རོལ་པ། མཐའ་སྐོར་དུ་ལུས་དང་གྲིབ་མའི་ཚུལ་གྱི་སྤྲུལ་པའི་ལས་མཁན་མོན་པ་ཕོ་དྲུག་མོ་དྲུག་བདུད་དམག་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པ། སྟེང་དུ་བྱ་ནག་ལྡིང་བ། འོག་ཏུ་ཁྱི་ནག་རྔམས་པ། ཅེ་སྤྱང་དོམ་དྲེད་རོལ་དུ་ཁྲིད་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་ཨུ་ཙ་ལ་ནས། ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་གྱུར། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཉེར་སྤྱོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་སྔགས་སྤོས་ལ་མཆོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ནང་མཆོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཅེས་བསྒྱུར་བ་དང་། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་པཱུ་ཛ་ཧོཿ ཞེས་ཕྱི་ནང་གིས་མཆོད། སྨན་རག་གཏོར་གསུམ་ལ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། པཉྩ་ཨ་མྲྀཏ་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། བསྟོད་པ་ནི། ཧཱུྃ། སྲོག་བདུད་མ་ཧཱ་ཀཱ་ལ་ནི། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ །གསོད་དང་གཅོད་པའི་ལས་ལ་དགྱེས། ཁྱོད་ལ་འདུད་དོ་བསམ་པ་སྒྲུབས། །མིང་པོ་རྡོ་རྗེའི་ལས་བྱེད་མ། །དམ་ལ་གནས་ཤིང་བསྟན་པ་སྲུང་། ཁམས་གསུམ་ཁྲག་འཐུང་རེ་མ་ཏི། ཁྱོད་ལ་གུས་པས་ཕྱག་འཚལ་འདུད། །ཤེལ་གཡུ་དངུལ་དང་དུང་གི་མིག །མཆོང་དང་ཟངས་ཀྱི་མིག་ཅན་མ། །སྔགས་ཀྱི་རང་སྒྲ་དི་རི་རི། །བཅོལ་བའི་ལས་རྣམས་རྟགས་ཕྱུངས་ཤིག །སྲོག་བདུད་ནག་པོའི་དུས་ལ་བབས། །ལེགས་ལྡན་ནག་པོའི་དུས་ལ་བབས། །མ་ནིང་ནག་པོའི་དུས་ལ་བབས། །ལྷ་ཆེན་དཔལ་འབར་དུས་ལ་བབས། །ཅེས་བརྗོད། དེ་ནས་གཏོར་ཆོག་ཙམ་ཡིན་ན་རྗེས་ཆོག་བྱས་པས་ཆོག །སློབ་མ་རྗེས་འཛིན་སྐབས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་དམ་བཅའ་དྲན་ཏེ་ཐུགས་རྒྱུད་བསྐུལ་བར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲཀྴད་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། སྙིང་པོ་སྟེ་ཅི་འགྲུབ་བཟླ། དྲག་སྔགས་ཏྲི་ཡཾ་རུ་ཏྲ་ལ་སོགས་པ་སྟེ་སྐབས་འདིར་བཟླ་མི་དགོས། རྗེས་གནང་གི་དོན་དུ་དཀར་ཕྱོགས་སྐྱོང་བ་རྣམས་ལ་དཀར་གཏོར་ཞིག་འབུལ། དེའི་འདོན་ཚིག་རང་ལུགས་གང་བྱས་ཀྱང་ཁྱད་མེད་དོ། །གསུམ་པ་རྗེས་གནང་སྦྱིན་པ་ནི། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་གོང་ལྟར་ལས། སྐབས་སུ་བབས་པ་འདི་ནི། སངས་རྒྱས་གཉིས་པ་པདྨཱཱ་ཀ་རས་གྲུབ་ཐོབ་ཙ་ཧུ་པ་ལ་གནང་། དེས་སློབ་དཔོན་ཤཱནྟིཾ་གརྦྷ་སོགས་ནས་རིམ་པར་བརྒྱུད་པ་བཀའ་མའི་ལུགས་གཞིར་བཞག་པའི་སྟེང་དུ། ནག་པོ་ཤཱནྟི་བྷ་དྲའམ་རྒྱ་གར་ནག་ཆེན་གྱི་ལུགས་དྲག་སྔགས་ཀྱི་ངོ་བོ་ཤིན་ཏུ་རྣོ་ཞིང་སྟོབས་ཆེ་བས་མགུལ་ཁུག་ལྕགས་རྒྱ་ཅན་དུ་གྲགས་པ་དང་། དམ་པ་ནག་ཆུང་དུ་གྲགས་པ་ཕ་དམ་པ་སངས་རྒྱས་ཀྱིས་ཞུ་ལོ་ཙཱ་བ་ལ་གནང་བས་ཞུ་ཡི་མགོན་པོར་གྲགས་པ་དེ་དག་གི་བྱིན་རླབས་ཀྱི་རྒྱུན་ཡང་གཅིག་འདྲེས་སུ་བཞུགས་པ་ཡིན་ལ། དེ་ལྟ་བུའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ཀྱིས་སྣེ་བསྒྱུར་ལ་མཎྜལ་འབུལ་དུ་གཞུག །དེ་ནས་གོང་སྨྲོས་སྤུ་གྲི་གཅིག་ཤུར་གྱི་རྗེས་གནང་ཉིད་ཅུང་ཟད་ཁ་བསྒྱུར་བ་མ་གཏོགས་ཁྱད་པར་མེད་པས་བསྐྱར་ནས་བྱ་བ་ཡིན་པས། གསོལ་འདེབས་ནས་གཟུང་དེ་ལྟར་བརྗོད་པ་ལས། མདུན་བསྐྱེད་གསལ་འདེབས་འདིའི་སྒྲུབ་ཐབས་ལྟར་བྱ། ས་བོན་དོར། སྐུ་གསུང་ཐུགས་ཀྱི་རྗེས་གནང་ལ་འོད་ཟེར་མི་སྤྲོ་བར་སྐུ་སྤྲོ་བ་ཡིན་པས། ཁྱད་པར་གྱི་གསོལ་འདེབས་རྗེས་སུ། དེ་ལྟར་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་མགོན་པོའི་དཔྲལ་བ་ནས་རང་འདྲའི་སྐུ་དཀར་པོ་གཟི་བརྗིད་དང་ལྡན་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་དཔྲལ་བར་ཐིམ་པས་སོགས་གོང་བཞིན་ལ། མགྲིན་པ་ནས་སྐུ་དམར་པོ། ཐུགས་ཀ་ནས་སྐུ་སྔོན་པོ་སྤྲོ་བ་ནི་ཁྱད་པར་ཡིན་ལ། གཏོར་དབང་གསལ་གདབ་སྐབས། ཏྲཀྴད་ནག་པོ་ལྕམ་དྲལ་འཁོར་དང་བཅས་པ་དངོས་སུ་གསལ་བ་ཞེས་དང་། བཀའ་བསྒོའི་སྐབས། ཕྲིན་ལས་སྤྲུལ་པའི་མགོན་པོ་ཆེན་པོ། ཡུམ་ཁམས་གསུམ་དབང་སྒྱུར་རྡོ་རྗེ་རེ་མ་ཏི། ལས་མཁན་མོན་པ་ཕོ་མོ། བདུད་དམག་བྱེ་བ་དུང་ཕྱུར་དང་བཅས་པ་ཁྱེད་རྣམས་ཀྱིས། དཔལ་ཆེན་ཧེ་རུ་ཀ །སློབ་དཔོན་པདྨ་ཐོད་ཕྲེང་། གྲུབ་ཐོབ་ཙ་ཧུ་པ། སློབ་དཔོན་ཤཱནྟིཾ་གརྦྷ་ནས་རིམ་པར་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས།སོགས་སྔ་མ་ལྟར་ཚང་བར་བྱ། བཟླས་ལུང་སྐབས་རྗེས་ཟློས། འདི་ཉིད་ཀྱི་སྙིང་པོ་དང་། མེ་ཏོག་སྦྱིན་སྐབས། ཏྲཀྴད་ནག་པོ་འཁོར་དང་བཅས་པའི་གསུང་རིག་སྔགས་ཀྱི་ནུས་པ།སོགས་སྦྱར་བ་ལས་གཞན་འདྲ། སློབ་མའི་རྗེས་ཀྱི་བྱ་བ་དང་། སློབ་དཔོན་གྱི་བྱ་བ་རྣམས་ཀྱང་གོང་དུ་སྨྲོས་པ་ལྟར་བྱས་པས་གྲུབ་བོ། །ཀུན༵་ཏུ་ཟབ་པར་རབ་གྲགས་པ། །མངོན་སྤྱོད་འདོད་རྣམས་དག༵འ་བའི་གནས། །མགུལ་ཁུག་ལྕགས་ཀྱི་རྒྱ་ཅན་གྱི། །འཇུག་སྒོའི་ཐབས་ཀྱི་སྙི༵ང་པོ༵་ཡིན། །དཔལ་མགོན་པོ་ཏྲཀྴད་མ་ནིང་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༈ ཨོཾ་སྭསྟི། ནག་པོ་ཆེན་པོའི་སྐུ་ཉིད་ལས། །བདུད་འདུལ་དྲེགས་པའི་ལྷར་སྤྲུལ་པ། །མ་རུངས་ཀུན་འཇོམས་ལ་བཏུད་ནས། །གང་དེའི་སྒྲུབ་ཐབས་བྲི་བར་བྱ། །དྲག་པོའི་ལས་ལ་ཆེར་བསྔགས་པ་ལས་མཁན་འབྲོང་ཞལ་ཅན་གྱི་སྒྲུབ་ཐབས་གཏོར་དབང་དང་བཅས་པ་སྙིང་པོ་ཙམ་སྨྲོས་པ་ལ་གསུམ། དང་པོ་སྦྱོར་བ་གཤོམ་ནི་སྤུ་གྲི་གཅིག་ཤུར་ལྟར་བྱས་པའི་མཎྜལ་དང་གཏོར་མའི་མདུན་ངོས་སུ། ཆོས་འབྱུང་མཐིང་ནག་སུམ་བརྩེགས་ཟུར་དགུ་པ་མི་རོ་དང་བཅས་པ་བྲིས་པའི་སྟེང་དུ་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན་ཤ་ཁྲག་དང་། ཡོད་ན་སྐུ་ཙག་གིས་བརྒྱན་པ་ལྷག་པོར་བཞག །ཐུན་གཏོར་ཡང་ཟུར་དུ་བཤམ། གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། བདག་བསྐྱེད་བཟླས་བསྒོམ། མཆོད་པ་བྱིན་རླབས་རྣམས་སྔར་དང་འདྲ། མདུན་བསྐྱེད་མ་ནིང་མ་ལྟར། སྭ་བྷཱ་བ་ནས། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །བར་གྱིས་མགོན་པོ་གཙོ་བོ་ཉིད་གོང་ནོན་ཚུལ་དུ་བསྐྱེད་ནས། དེའི་མདུན་དུ་ཆོས་འབྱུང་གྲུ་སུམ་མི་རོ་ཅན་སུམ་བརྩེགས་ཟུར་དགུ་པའི་དབུས་སུ། སྐད་ཅིག་གིས་ལས་མཁན་འབྲོང་ཞལ་ནག་པོ་ཞལ་གཅིག་ཕྱག་གཉིས། གཡས་བེ་ཅོན་འབར་བ་དང་གཡོན་གྲི་གུག་ཁྲག་འཛག་པ་འཛིན་པ། སྟག་རལ་དང་གཟིག་ཤུབས་ཅན་ཆ་ལུགས་མགོན་པོ་ཉིད་དང་འདྲ་བ་ལས། དྲེའུ་ནག་པོ་རྟིང་དཀར་ལ་ཞོན་པ་སྐད་ཅིག་གིས་གསལ་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་དུར་ཁྲོད་ཆེན་པོ་ཨུ་ཙ་ལ་ནས་ནག་པོ་ཆེན་པོ་བཀའ་སྡོད་ལས་ཀྱི་མགོན་པོ་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་གཙོ་འཁོར་གཉིས་ཀ་ལ་སྤྱན་དྲངས་ལ་སོ་སོར་བསྟིམ། ལས་མགོན་ལ། ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དམ་རྒྱ་བསྟན་ལ་དམ་ཚིག་དྲན་དུ་གཞུག །རྡོ་རྗེའི་རྩེ་མོས་ནང་མཆོད་གཏོར་ཞིང་མགོན་པོ་དང་རང་གི་ལྕེ་ཐོག་ཏུ་མྱོང་བར་བསམ་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ་ཨོཾ་ཨཱཿཧཱུྃ། ཞེས་མནའ་ཆུ་སྦྱིན། ལག་ཏུ་རྡོ་རྗེ་གཏད་པར་མོས་ཏེ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་གྱུར་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །ཨོཾ་བཛྲ་མ་ཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དམ་ལ་བཞག །བཀའ་བསྒོའི་ཚུལ་དུ་ཐུགས་རྒྱུད་བསྐུལ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་ཏྲི་ཡཾ་བྷྱོཿནྲྀ་ཚལ་པ་ཏྲི་ཡཾ་ཛཿཛཿ རུ་རུ་རུ་རུ་ཙ་པ་ལ་ཨཱ་ཤུག་མེ་བྷྱོཿ ཞེས་བཟླ། མགོན་པོ་ལ་སྔར་ལྟར་སྔགས་མཆོད་ཙམ་དང་། བསྟོད་པ་ཤློ་ཀ་གཅིག་བྱ། ལས་མགོན་ལ་གཏོར་མ་འབུལ་ན། ཐུན་གཏོར་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། པཉྩ་ཨ་མྲྀཏ་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ་ལ། མཆོད་པ་ནི། ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་པ་ཡི། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །རུས་པ་རྐང་ཀླད་བསྲེས་པའི་སྤོས། །ཞུན་ཆེན་གསལ་བའི་སྒྲོན་མེ་དང་། །རྡོ་རྗེ་རང་བྱུང་དྲི་ཆབ་དང། །ཤ་ཆེན་སྣ་ལྔའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ །དངོས་འབྱོར་ཡིད་སྤྲུལ་མཁའ་བཀང་ནས། །མགོན་པོ་འཁོར་དང་བཅས་ལ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་པ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམས། །དེ་བཞིན་ཚེ་འཛིན་ཁྲག་གི་རྒྱུན། །བནྡྷ་ལྕང་ལོ་ཁྲག་གིས་བཀང་། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །མཐུན་པའི་རྫས་སུ་བཞེས་པར་མཛོད། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང་། །རྒྱུ་རློན་ལྡ་ལྡི་སྙིང་ཕྲེང་དཔྱངས། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་གསུར་རྒྱུན་མི་འཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བསྟོད་པ་ནི། ལས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ནི། །སངས་རྒྱས་སྟོང་གི་བསྟན་པ་སྲུང་བ་པོ། །བླ་མ་དམ་པའི་སྐུ་དགྲ་འདུལ་བ་པོ། །དུས་ཀྱི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། གཏོར་ཆོག་རྐྱང་པའི་སྐབས་འདི་མཚམས་རྗེས་ཆོག་བྱ། གསུམ་པ་གཏོར་མའི་བྱིན་རླབས་ནི། གཏོར་འབུལ་མཆོད་བསྟོད་ཕྲིན་བཅོལ་ཡན་གྲུབ་ནས། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་བཏབ་ནས། དེའང་དཔལ་གསང་བའི་བདག་པོ་དང་ཐུགས་རྗེ་ཆེན་པོ་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཀའ་བགྲོས་ཏེ། ཡེ་ཤེས་རྩ་བའི་མགོན་པོ་ལ་དྲེགས་པ་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་བཀའི་འབངས་སུ་དབབ་པར་བཀའ་བསྒོས་པ་ལྟར་དྲེགས་བྱེད་མ་ལུས་པ་དབང་དུ་བསྡུས་པའི་ཚེ། དམ་འོག་ཏུ་མ་ཆུད་པའི་གཤིན་རྗེ་གནོད་སྦྱིན་ཕོ་མོ་ཉེར་བཞི་པོ་རྣམས་འདུལ་བའི་སླད་དུ། སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཤར་ཨུ་ཙ་ལའི་དུར་ཁྲོད་ཀྱི་དུག་གི་ནགས་ཚལ་ཆེན་པོའི་མེ་ཏོག་རྒྱལ་པོ་ཁ་སྦྱོར་བའི་ནང་དུ་ཐུགས་ལས་སྤྲུལ་པའི་ཚུལ་བསྟན་པས་མོན་པ་དུང་གི་སྐྱེས་བུའམ། ཏྲཀྴད་བདུད་ཀྱི་རྒྱལ་པོ་ཞེས་བྱ་བ་གདུག་ཅིང་གཏུམ་པའི་མ་རུངས་པ་ཐམས་ཅད་འདི་ཉིད་ཀྱིས་མི་ཐུལ་བ་གཅིག་ཀྱང་མེད་པས། ཡེ་ཤེས་མགོན་པོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ནུས་རྩལ་འབྱིན་པའི་མགོན་པོ་ཆེན་པོར་གྱུར་པ། འདི་ཉིད་ཀྱི་ཡང་སྤྲུལ་ལས་མཁན་ཆེན་པོ་མ་རུངས་ཀུན་འཇོམས་ཏྲཀྴད་འབྲོང་ཞལ་ཅན་དུ་གྲགས་པ་འདིའི་གདམས་ངག་རྣམས་ཀྱང་དྷ་ན་སཾསྐྲྀཏ་ལས། རིམ་པར་བརྒྱུད་དེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་དུ་སྦས་པ་རྒྱ་ཞང་ཁྲོམ་གྱིས་བཏོན་ནས་དགེ་བཤེས་ལྕགས་ཐང་པ་ལ་བརྒྱུད་པ། མཉམ་མེད་དྭགས་པོ་རིན་པོ་ཆེས་མཚོ་མཎྜལ་ནག་པོར་ཡང་གཏེར་དུ་སྦས་པ་ཉིད་འགྲོ་མགོན་དུང་མཚོ་རས་པས་བཏོན་ཏེ་བརྒྱུད་པ་བར་མ་ཆད་པར་བྱོན་པའི་གཏོར་དབང་བགྱི་བ་ལ་སོགས་བརྗོད་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་དང་། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །མ་རུངས་པ་རྣམས་བསྒྲལ་སླད་དུ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་དམིགས་འདུན་འདི་ལྟར་དུ་མཛོད་ཅིག །གཏོར་སྣོད་ཆོས་འབྱུང་གྲུ་གསུམ་མི་རོ་ཅན་སོགས་གོང་གི་མངོན་རྟོགས་ལྟར་བརྗོད། དྲེའུ་ནག་པོ་རྟིང་དཀར་ལ་ཞོན་པ། དམ་ཡེ་གཉིས་སུ་མེད་པར་གསལ་བ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དེའི་དབུ་གཙུག་ཏུ་ལྷ་ཆེན་དཔལ་འབར་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱང་བཞུགས་ནས་བྱིན་གྱིས་རློབ་པར་མོས་ཤིག །མདུན་གྱི་དམར་གཏོར་ཐོགས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །དཔལ་ནག་པོ་ཆེན་པོ་བདུད་འདུལ་དྲེགས་པའི་དབང་ཕྱུག་མ་རུངས་གདུག་པ་ཀུན་འཇོམས་ལས་ཀྱི་མགོན་པོ་ཏྲཀྴད་འབྲོང་ཞལ་ཅན་གྱིས། བཅོམ་ལྡན་འདས་གསང་བའི་བདག་པོ། སློབ་དཔོན་དྷ་ན་སཾསྐྲྀཏ་སོགས་ནས། ཡིད་བཞིན་དུ་སྩོལ་བར་མཛད་དུ་གསོལ། བར་སྤུ་གྲི་ཆིག་ཤུར་སྐབས་ལྟར་བརྗོད་ལ་དྲིལ་བུ་གསིལ། གཏོར་མ་མགོར་བཞག་ཅིང་ལག་ཏུ་གཏད། དེ་ལྟར་བཀའ་བསྒོས་པས་མགོན་པོའི་སྐུ་ལས་ནས། ང་རྒྱལ་བརྟན་པོ་སྐྱེད་ཅིག །བར་ཤིས་པ་བརྗོད་ལ་མེ་ཏོག་འཐོར། སློབ་མའི་རྗེས་ཀྱི་རིམ་པ་རྣམས་ཀྱང་སྤྱི་འགྲེ་བྱ། མདུན་བསྐྱེད་ལ་སླར་ཡང་གཏོར་མ་ཕུལ། མཆོད་བསྟོད་དང་བཟོད་གསོལ་བྱ། རྟེན་མེད་ན་གཤེགས། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་སྔ་མ་རྣམས་དང་འདྲའོ། །དྲག་སྔགས་ཀུན༵་ལས་ཆེས་བསྔགས་པ། །ཐལ་མོ་བརྡབ་ཆོག་རབ་དག༵འ་བའི། །སྒྲུབ་ཐབས་རྗེས་གནང་བཅས་པ་ལ། །ཡི་གེ་སྙི༵ང་པོ༵་ཙམ་གྱིས་ཆོག །ཏྲཀྴད་འབྲོང་ཞལ་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༈ ཨོཾ་སྭསྟི། དུས་གསུམ་གཤེགས་པའི་སངས་རྒྱས་རྣམས། །ཀུན་གྱི་ཐུགས་ལས་སྤྲུལ་པ་ཡི། །ལྷ་ཆེན་དཔལ་འབར་ལ་བཏུད་ནས། །གསང་བའི་སྒྲུབ་ཐབས་འབྲི་བར་བྱ། །ཏྲཀྴད་གསང་སྒྲུབ་ཤྭ་ནའི་ཞལ་ཅན་གྱི་བསྙེན་པའི་ཚུལ་ནི། ལས་སྦྱོར་དང་སྦྲགས་མ་ཡིན་པའི་ཕྱིར་འདིར་མི་འབྲི་ལ། གཏོར་ཆོག་དང་རྗེས་སུ་འབྲེལ་བའི་བྱ་བ་ཙམ་བཤད་པ་ལ་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུའི་སྟེང་མཎྜལ་ལ་ཐོད་མཁར་ཟུར་དྲུག་མཚོན་པའི་ཆོས་འབྱུང་བསྣོལ་མ་སྔོན་པོ་ཐོད་པའི་རི་མོ་ཅན་གྱི་ནང་དུ་གྲུ་གསུམ་མཐིང་ནག་གི་ལྟེ་བར་ཐིག་ལེའམ་ཚོམ་བུ་དམར་པོ་ཆེ་བ་གཅིག །དེ་མདུན་ཆུང་གཅིག །ཐོད་མཁར་ཟུར་དྲུག་ལ་རེ་རེ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་དཔལ་གཏོར་གྲུ་གསུམ་སྐུ་ཙཀ་མེ་རི་དར་གདུགས་དམར་པོས་བརྒྱན་པ། མདུན་དུ་ཐོད་པའི་བདུད་རྩི་བཞག །སྨན་རཀ་གཏོར་གསུམ། དྲག་མཆོད་གཡས་སྐོར་དུ་བཤམ། གཉིས་པ་གཏོར་ཆོག་ནི། བདག་བསྐྱེད་ཧེ་རུ་ཀའི་རིགས་ཀྱི་ཡི་དམ་གང་རུང་བསྒོམ་བཟླས་བྱ། མཆོད་པ་བྱིན་རླབས་སྤུ་གྲི་གཅིག་ཤུར་སྐབས་ལྟར་ལ། ནང་མཆོད་བྱིན་རླབས་འདིར་མི་དགོས། མདུན་བསྐྱེད་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནམ་ལྕགས་ཀྱི་ཐོད་མཁར་གྲུ་གསུམ་བསྣོལ་བ། སྒོ་མེད་ཡངས་ཤིང་ཆེ་བ། མེ་འབར་ཞིང་ནད་དང་དུག་གི་ན་བུན་འཐུལ་བ། མཚོན་ཆའི་ཆར་འབེབ་པ། དེའི་ནང་དུ་ཨེ་ལས་གྲུ་གསུམ་མཐིང་ནག་འབར་བའི་སྟེང་དུ། པཾ་ལས་པདྨ། རཾ་ལས་ཉི་མ། ནྲྀ་ལས་དགྲ་བགེགས་ཀྱི་ཞིང་ཆེན་བསྣོལ་བ། རང་གི་སྙིང་ག་ནས་རཾ་དམར་ནག་འཕྲོས་ཏེ་གདན་དེའི་སྟེང་དུ་འཁོད། རཾ་ལས་མེ་དཔུང་དམར་ནག་རཾ་གྱིས་མཚན་པ་ལས་འབར་བའི་མེ་དཔུང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། དགྲ་བགེགས་ཐམས་ཅད་བསྲེགས། སླར་ཡང་རཾ་ལས་རྩེ་གསུམ་རཾ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད། གནོད་བྱེད་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མ་ཧཱ་ཀཱ་ལ་སྲིན་པོའི་གཟུགས་ཅན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་ཤྭ་ནའི་ཞལ་རྔམ་ཞིང་གཙིགས་པ་སྤྱན་གསུམ་བགྲད་པ། གཡས་ཁ་ཊྭཱཾ་རྩེ་གསུམ་མི་མགོས་མཚན་པ་ཕྱར་བ། གཡོན་དགྲ་བོའི་གློ་སྙིང་བཟུང་ནས་ཞལ་དུ་གསོལ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་དཀར་ཁྲས་ཐོད་བཅིངས་ཤིང་ཉི་ཟླས་སྤྱི་གཙུག་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། མི་ལྤགས་ཀྱི་སྟོད་གཡོགས་ཅན། སྦྲུལ་ནག་པོས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཡང་ན་དར་ནག་གི་འཇོལ་བེར་སུམ་བརྩེགས་གསོལ་བར་བྱས་ཀྱང་རུང་སྟེ། ཆ་ལུགས་ལྷག་མ་ཏྲཀྴད་སྤྱི་དང་འདྲའོ། །དེའི་མདུན་དུ་ཡུམ་ཁྱི་མོ་གསེར་མིག་མ། ཟུར་དྲུག་ལ་གཡས་སྐོར་གྱིས། གཡུ། མཆོང། ཟངས། དུང་། མཁར་བ། ལྕགས་མིག་མ་སྟེ། བདུན་ཀ་ཡང་རྡོ་རྗེ་དང་ཞགས་པ་བསྣམས་པ་ཁྱི་གདོང་ཅན། གཡང་གཞི་སྟག་ལྤགས་རུས་རྒྱན་སོགས་ཀྱིས་བརྒྱན་པ་སྲིན་མོའི་ཆ་ལུགས་ཅན་ནོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས། དུར་ཁྲོད་ཆེན་པོ་བརྒྱད་ནས་ཡེ་ཤེས་པ་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་པར་གྱུར། ཧཱུྃ། སྤྱན་རས་གཟིགས་མགོན་ཐུགས་ཀྱི་ཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ཅིང་། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚར་གཅོད་པ། །འཇིགས་པའི་གཟུགས་ཅན་ཁྱོད་ནི་འདིར་བྱོན་ཅིག །སྔོན་ཚེ་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཏྲཀྴད་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་གྱིས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་ས་མ་ཡ་མཎྜ་ལ་མ་ཡེ། ཨཱ་གཙྪ་ཨཱ་གཙྪ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཏིཥྛ་ཡ་ཏིཥྛ་ཡ། ཨ་བ་ལོ་ཀཱ་ཡ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཚིག་པ་དང་གཉིས་མེད་དུ་བསྟིམ། དེ་ནས་གཏོར་མ་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་བསྐྱེད། སྙིང་གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་ཧཱུྃ་དང་བཅས་པར་གྱུར། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། རླུང་གིས་མེ་སྦར་ཤ་ལྔ་བདུད་རྩི་ལྔ་ཡི་གེ་དང་བཅས་པ་ཞུ་ཞིང་ཁོལ་བས་ལྦུ་བ་ཨོཾ་དུ་གྱུར། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་གཏོར་མ་བདུད་རྩིའི་རང་བཞིན་ཅན་ལ་རེག་ཅིང་གསོལ་བས་ཚིམ་ཞིང་མཉེས་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ་རཀྟ་པི་པ་ཏོ། ས་མ་ཡེ་ཧཱུྃ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། མགོན་པོའི་ཐུགས་ཀར་ཉི་སྟེང་རཾ་དམར་ནག་བཟླས་པའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལས། བདག་བསྐྱེད་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཐུགས་དམ་དྲན་ནས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་དྲག་པོ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ འབོད་པའོ། །ནག་པོ་ཧེ་ཧེ་ཛཿཛཿཕཊ། རྦད་པའོ། །སྙིང་ཁ་རག །ཙིཏྟ་རྦད་བྷྱོ་ཧཱུྃ་ཧཱུྃ་ཕཊ་དྷ་ཕཊ། བསད་པ་དེ་གསུམ་ཆར་གཅིག་ཏུ་དྲིལ་ནས་བཟླའོ། །མཆོད་པ་སྤྲོ་ན་འབྲོང་ཞལ་ཅན་གྱི་སྐབས་སུ་བཤད་པའི། ཧཱུྃ། ནག་པོ་ཆེན་པོ་སོགས་བརྗོད། བསྡུ་ན། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བསྟོད་པ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། གཏོར་ཆོག་ཙམ་ལ་རྗེས་ཀྱི་བྱ་བ་སྤྱི་ལྟར་བྱའོ། །གསུམ་པ་རྗེས་གནང་བྱེད་ན། ཕྲིན་བཅོལ་ཡན་གྲུབ་པ་དང་། སློབ་མ་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ། མཚམས་སྦྱོར་ཁྱད་པར། དེ་ལ་ཆོས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་རྣམས་ནི་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མེད་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་མཐུ་སྟོབས་ནུས་པའི་གཟི་བརྗིད་འགྲན་ཟླ་དང་བྲལ་ཡང་མངོན་སྤྱོད་དྲག་པོའི་ཕྲིན་ལས་དངོས་ཀྱིས་མཛད་པ་མེད་པའི་ཕྱིར། སྒྲོལ་བའི་ཐབས་ལ་མཁས་པ་དྲག་ཤུལ་ཅན་སྤྲུལ་པ་ལས་ཀྱི་མགོན་པོ་དང། དེ་བས་ཀྱང་ཡང་སྤྲུལ་འཇིག་རྟེན་དྲེགས་པའི་ཚུལ་དུ་བསྟན་ནས་དགྲ་བགེགས་ཐལ་བར་བརླག་པའི་མངོན་སྤྱོད་དྲག་པོའི་ལས་རྣམས་ཐོགས་མེད་དུ་སྒྲུབ་པས་ན། བསྟེན་བསྒྲུབ་མཆོད་པའི་ཚུལ་ལ་ཡང་སོ་སོར་འབྱུང་བ་ཡིན་ལ། ཕྲིན་ལས་ཡེ་ཤེས་ཀྱི་མགོན་པོ་ཉིད་ལས་སྲོག་བདུད་ཏྲཀྴད་ནག་པོ་ལས་མཛད་དུ་རྣམ་པར་འཕྲུལ་པའི་ཚུལ་ཡང་དུ་མར་བསྟན་པ་ལས། སྣང་ཚུལ་ཁ་ཅིག་ཏུ། རྩོད་ལྡན་ཤར་དུ་ཉེ་བ་ན་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་སྐབས་སུ་ལྷ་མིན་རྣམས་ཀྱི་ཁྲག་ས་ལ་འཐོར་བ་ལས་དམག་བརྒྱ་སྟོང་དུ་མར་འཕེལ་བས་ལྷ་མིན་ལ་ཟད་པ་མེད་ཅིང་ལྷ་རྣམས་ཕམ་པའི་ཚེ། ཡེ་ཤེས་མགོན་པོ་འདི་ཉིད་དབང་ཕྱུག་མ་ཧཱ་དེ་བའི་སྲས་སུ་སྐུར་སྤྲུལ་ནས་ལྷ་མིན་རྣམས་ལ་མདུང་རྩེ་གསུམ་པས་བསྣུན་ཏེ་བསད། ཁྲག་རྣམས་ས་ལ་མ་བོ་བར་བར་སྣང་ཉིད་ནས་གསོལ་བས་ལྷ་མིན་འགྲིབ་ཅིང་ལྷ་རྣམས་རྒྱལ། གཞན་ཡང་ལྷ་མིན་དང་སྲིན་པོའི་གྲོང་ཁྱེར་ལན་གསུམ་བཅོམ་པར་གྲགས། ཐུབ་པའི་དབང་པོས་བསྟན་པ་སྲུང་བར་བཀའ་བསྒོས། གསང་བདག་རྡོ་རྗེ་འཛིན་པས་ཀྱང་གསུངས། འཕགས་བོད་མཁས་གྲུབ་རྣམས་ཀྱིས་ཆོས་སྐྱོང་བའི་སྲུང་མ་ཆེན་པོར་མངའ་གསོལ་བ་བདུད་རྒྱལ་ཏྲཀྴད་ནག་པོ་ཐོད་པའི་ཕྲེང་བ་ཅན་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་མང་དུ་བྱོན་པ་ལས། སྐབས་སུ་བབས་པ་གསང་སྒྲུབ་ཤྭ་ནའི་ཞལ་ཅན་འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏས་ཕུང་བྱེད་ཤཱནྟིཾ་གརྦྷ་ལ་གནང་། དེས་རྫུ་འཕྲུལ་གྱིས་གཏེར་དུ་སྦས་པ་སྤྱིལ་རྒ་རབ་ཀྱིས་བཏོན་ནས་ཁ་རག་གི་གཉོས་ལོ་ཡོན་ཏན་གྲགས་ལ་ཕུལ། དེ་ལ་མགོན་པོ་འདིའི་བཀའ་བབས་ཤིང་དངོས་སུ་གྲུབ། རྒྱ་གར་ནས་བ་ལིཾ་ཨ་ཙརྻས་གནང་བའི་གདམས་སྐོར་དང་བཀའ་གཏེར་གཉིས་ལྡན་དུ་གྱུར། སྙན་གྲགས་དང་ཕྲིན་ལས་ཤིན་ཏུ་ཆེ་བའི་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པའི་རྗེས་གནང་བསྒྲུབ་པ་ལ་སོགས་བརྗོད་ལ་མཎྜལ་འབུལ་གཞུག ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེ་བཙུན་རྡོ་རྗེ་འཛིན་པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་མཐའ་དག་སྦྱང་བའི་ཕྱིར། །མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ། །ཅེས་ལན་གསུམ། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱི་གསག་སྦྱོང་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ལ་ཐོག་མར་སྐུ་ཡི་རྗེས་སུ་གནང་བའི་སླད་དུ་སྔར་བསྒྲུབས་ཟིན་པའི་མདུན་རྟེན་གཏོར་མ་ཉིད་སླར་ཡང་ཁྱེད་རང་རྣམས་ཀྱི་བློ་ངོར་གསལ་འདེབས་འདི་བཞིན་དུ་མཛོད་ཅིག །མདུན་དུ་གནམ་ལྕགས་ཀྱི་ཐོད་མཁར་སོགས་མངོན་རྟོགས་ལྟར་བརྗོད་པ་ལས། དེའི་ནང་དུ་གྲུ་གསུམ་མཐིང་ནག་འབར་བའི་སྟེང་དུ་པདྨ་ཉི་མ་དགྲ་བགེགས་ཀྱི་ཞིང་ཆེན་བསྣོལ་བའི་གདན་ལ། རྡོ་རྗེ་མ་ཧཱ་ཀཱ་ལ་སོགས་ནས། སྲིན་མོའི་ཆ་ལུགས་ཅན་ནོ།བར་བརྗོད། ཁྱེད་རང་རྣམས་ཀྱང་མགོན་པོ་དམ་ཚིག་པའི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ཨེ་ལས་གྲུ་གསུམ་མཐིང་ནག་འབར་བའི་སོགས་མངོན་རྟོགས་ལྟར་ལ། ཞིང་ཆེན་བསྣོལ་བའི་གདན་ལ། སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་རཾ་ལས་རྩེ་གསུམ་རཾ་གྱིས་སོགས་ནས། ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྡོ་རྗེ་མ་ཧཱ་ཀཱ་ལ་སོགས་ནས། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་གསལ་ཐོབས་ཤིག །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་སོགས་གོང་ལྟར་སྤྱན་འདྲེན་སྔགས་བཅས་བརྗོད། ཛཿཧཱུྃ་བཾ་ཧོཿ དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་གཏོར་མའི་ལྷ་དང་ཁྱེད་རང་གཉིས་ཀ་ལ་ཐིམ་པར་མོས་ཤིག །གཏོར་མ་མགོན་པོ་ཆེན་པོ་རྡོ་རྗེ་མ་ཧཱ་ཀཱ་ལ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ཏེ་བྱིན་གྱིས་བརླབས་པར་མོས་མཛོད། གཏོར་ཆེན་མགོར་བཞག་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་མགོན་པོར་གསལ་བ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ། སྐུའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་དགྲ་བགེགས་རྣམས་ཚར་བཅད་པར་སྒོམས་ཤིག །དེས་ནི་བུམ་པའི་དབང་གི་དོན་གྲུབ་པ་ལགས་པས་རྡོ་རྗེ་མ་ཧཱ་ཀཱ་ལའི་སྐུ་སྒོམ་པ་དང་མ་བྲལ་བར་གྱིས་ཤིག །གཉིས་པ་གསུང་གི་རྗེས་གནང་གི་སླད་དུ། ཀ་པཱ་ལའི་བདུད་རྩི་ལ་འཇིག་རྟེན་གྱི་ཁམས་ཀྱི་དུག་རྣམས་བསྡུས་ཏེ། ཁྱེད་རང་གི་ཞལ་གྱི་སྒོ་ནས་ཞུགས། སྙིང་གའི་སྔགས་ཕྲེང་གི་མེ་འོད་དང་འདྲེས་པ་བུ་ག་དགུ་ནས་སྤྲོས། དགྲ་བགེགས་རྣམས་ལ་ཆར་བཞིན་ཕབ་པར་སྒོམས་ཤིག །ཐོད་པའི་བདུད་རྩི་སྦྱིན། དེས་གསང་བའི་དབང་གི་དོན་གྲུབ་པ་ལགས་པས་བདུད་མགོན་ཏྲཀྴད་ནག་པོའི་སྲོག་སྔགས་བཟླ་བ་ལ་བརྩོན་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་དཔལ་མ་ཧཱ་ཀཱ་ལ་ཤྭ་ནའི་ཞལ་ཅན་ལ་ཡུམ་གསེར་མིག་མས་འཁྱུད་པ། སློབ་དཔོན་གྱི་ཐུགས་ཀ་ནས། ཕོ་ཉ་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས། དགྲ་བགེགས་རྣམས་བཀུག་སྟེ། ཤེས་རབ་ཀྱི་མཁའ་ནང་དུ་ཆོས་འབྱུང་མཐིང་ནག་གྲུ་གསུམ་གྱི་ནང་དུ་བཞག །མཚོན་ཆའི་ཆར་ཕབ་སྟེ། ལུས་སེམས་རྡུལ་དུ་བརླགས་པར་སྒོམས་ཤིག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་གྲུབ་པ་ལགས་པས་ལེགས་ལྡན་དཔལ་འབར་ཆེན་པོའི་ཐུགས་དགོངས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག །བཞི་པ་ཡོན་ཏན་གྱི་རྗེས་གནང་གི་སླད་དུ། དེ་ལྟར་དགྲ་བགེགས་སྒྲོལ་བྱེད། བསྒྲལ་བྱ། སྒྲོལ་ཚུལ་གང་ཡང་མི་དམིགས་པ་འཁོར་གསུམ་ཀ་དག་སྤྲོས་པ་ཀུན་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པར་འཚལ། ཅེས་དར་གཅིག་བཞག །དེས་བཞི་པ་ཚིག་དབང་གི་དོན་གྲུབ་པ་ལགས་པས་གནས་ལུགས་གཉུག་མ་ཀ་དག་གི་ངོ་བོ་རྟག་ཏུ་བསྐྱང་བར་མཛོད་ཅིག །གོང་མ་གསུམ་པོ་ཉིད་དྲག་པོའི་ལས་ཀྱི་བཀའ་གཏད་ཡིན་པས། ཕྲིན་ལས་ཀྱི་རྗེས་གནང་ལ་སོགས་པ་མི་དགོས་གསུང་ངོ་། །དེ་ནས་ཤིས་པ་བརྗོད། དབང་གི་རྗེས་ཀྱི་རིམ་པ་ནི་སྔ་མ་རྣམས་དང་མཚུངས། མདུད་བསྐྱེད་གཏོར་མར་ལྷ་སླར་གསལ་བཏབ། གཏོར་འབུལ། མཆོད་བསྟོད་། ནོངས་བཤགས། གཤེགས་བསྟིམ་རྟེན་དང་བསྟུན་ལ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །དྷ་ན་སཾསྐྲྀའི་སྒྲུབ་ཐབས་བཞིན། །གསལ་བྱེད་ཀུན༵་ཏུ་དག༵འ་བ་འདི། །ཡིག་སྣའི་དོན་བཞིན་སྒྲུབ་པ་ལ། །ཉེར་མཁོའི་ལག་ལེན་སྙི༵ང་པོ་༵ཡིན། །ཏྲཀྴད་གསང་སྒྲུབ་ཤྭ་ནའི་ཞལ་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །ཞེས་པའི་ལེ་ཚན་བཞི་པོ་འདིའང་འཕྲལ་དགོས་ལག་ཏུ་ལེན་པ་ལ་རྩ་བའི་ཡིག་སྣ་གཞན་ཡོད་ཕྱིན་མཁོ་ཆེ་བར་མི་སྣང་མོད། སྔ་འགྱུར་ཕྱོགས་སུ་ཕྲིན་ལས་མགོན་པོ་ཏྲཀྴད་ཅེས་གྲགས་ཆེ་བ་ཙམ་ལས་དབང་དང་སྒྲུབ་ཐབས་ཁུངས་ལྡན་དཀོན་པར་སྣང་བས། མགོན་པོའི་རྐང་ཚང་བའི་ཕྱིར་དུ་ཟབ་ཅིང་ཁུངས་བཙུན་པ་རྣམས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་རབ་ལས་ཁོལ་དུ་ཕྱུངས་ཏེ་བཀླགས་པས་གྲུབ་པར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། དོན་དབང་བསྡུས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ་ (Volume 23, Text 30)

ཧྃ༔ ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། དོན་དབང་བསྡུས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཀུན་ཁྱབ་ཆོས་སྐུ་མཁའ་བཞིན་གཏིང་མཐའ་བྲལ། །ལོངས་སྤྱོད་ཡོངས་རྫོགས་ཞིང་སྐུ་རབ་ཏུ་འབྱམས། །སྣ་ཚོགས་སྤྲུལ་སྐུས་འཁོར་བ་དོང་ནས་སྤྲུགས། །གང་ལ་སྐྱབས་མཆི་བདག་སོགས་སྐྱབས་མཛོད་ཅིག །དབང་དོན་ཡོངས་རྫོགས་ཡིད་བཞིན་གྱི། །ནོར་མཚུངས་འགྲོ་བ་འདུལ་བའི་མཆོག །པདྨའི་ཐུགས་བཅུད་ཕྱུངས་འདི་ལ། །གྲུབ་གཉིས་འདོད་རྣམས་བསྙེན་པར་རིགས། །གང་ཟག་སྤྲོས་པ་ལ་མི་དགའ་བས་དབང་བསྐུར་འདི་ཉིད་ཀྱིས་རྒྱུད་སྨིན་པར་འདོད་ན། སྟེགས་གཙང་མར་རྟེན་གྱི་གཏོར་མ་ནི། ཆང་འོ་མ་སྤོད་སྣ་བུར་སྦྲང་རྣམས་ཕྱེ་དང་སྦྱར་བས། རི་རབ་གྲུ་བཞི་བཞི་བརྩེགས་སྟེང་དུ་ཟླུམ་པོ། དེ་སྟེང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བུམ་པ་པདྨས་བསྐོར་བ་ལ་རིན་ཆེན་འབར་བས་ཁ་བརྒྱན་པ། རི་རབ་ཀྱི་རྨངས་སུ་ཡང་པདྨ་ཕྱི་ནང་སྦྲགས་མས་བསྐོར་བ་ཁྲིའུ་ལ་བཀོད། མདུན་རྒྱབ་གང་བདེར་བནྡྷ་དུམ་གཅིག་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་དང་ཤེལ་རྡོ་བཞག །སྨན་རཀ་གཏོར་མ། ཕྱི་མཆོད་སྤྱི་ལྟར་བཤམ། ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཅན་དང་། ཕྲིན་ལས་ལ་མཁོ་བའི་ཚོགས་གཏོར་རྣམས་འདུ་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཕྱི་ནང་གསང་བ་གང་རུང་གི་གཞུང་བསྲང་བར་གསུངས་ཀྱང་འདིར་སྤྱི་འགྲོའི་དབང་དུ་བྱས་ཏེ། ལས་བྱང་དངོས་གྲུབ་གཏེར་འབྱུང་སྙིང་པོར་བསྡུས་པ་མཐར་ཆགས་སུ་གཏང་། བསྐྱེད་ཆོག་སྐབས་བདག་མདུན་སོ་སོར་བསྐྱེད་ཅིང་ཡན་ལག་གཞན་རྣམས་དང་ཛཔ྄་ཀྱི་འཕྲོ་འདུའང་དེ་ལྟར་བྱ། བཟླས་པ་གྲུབ་ནས། ལས་བུམ་ནང་དུ་པད་ཉིའི་སྟེང་། །རྡོ་རྗེ་རྣམ་འཇོམས་ཁྲོ་འཛུམ་ལྗང་། །སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན། །ལོངས་སྤྱོད་ཆས་རྫོགས་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར། །བཟླས་པས་རྒྱུད་བསྐུལ་བདུད་རྩི་བབས། །བུམ་པ་དག་བྱེད་ཆུས་གང་གྱུར། །ཅེས་མོས་ལ་རྣམ་འཇོམས་ཡང་སྙིང་ཅི་འགྲུབ་བཟླ། དེ་ནས་གཏེར་སྲུང་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་ལ་རིག་པའི་མེ་ཏོག་དོར། སློབ་མ་རྣམས་ལས་ཆུས་ཁྲུས་བྱས་ལ། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བར་ཆད་གྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀཾ་ཤུདྡྷོ྅་ཧཾ༔ ཞེས་བརྗོད། བགེགས་གཏོར་བྱིན་རླབས་ནས་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སྐུ་དང་ཞིང་ཁམས་རབ་འབྱམས་ཀྱི་མངའ་བདག །བསྐལ་བཟང་སངས་རྒྱས་སྟོང་གི་སྤྲུལ་གཞི། འཇིག་རྟེན་ཁམས་མ་ལུས་པའི་མགོན་པོ། ཁྱད་པར་གངས་ཅན་བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་རྒྱུད་སྡེ་དྲུག་དང་། ཡོ་ག་གོང་འོག་གི་དགོངས་དོན་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་པའི་བཀའ་སྲོལ་མི་འདྲ་བ་མཐའ་ཡས་པ་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི། དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་སྟེང་ཁང་སངས་རྒྱས་རབས་བདུན་གྱི་སྐུ་བརྙན་གྱི་དྲུང་དུ་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་གཤོག་རྒོད་རྩལ་ལ། མངའ་བདག་ཡབ་སྲས་མཚོ་རྒྱལ་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར། བསྐྱེད་རྫོགས་སྒྲུབ་ཐབས་ཆ་ལག་དང་བཅས་པ་གནང་སྟེ་སྨིན་གྲོལ་ལ་བཀོད། གདམས་སྐོར་རྣམས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦ་བར་གདམས་པ་ལྟར་བཀའི་སྡུད་པ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས་བཻ་ཌཱུརྱའི་ཤོག་བུར་གསེར་ཞུན་མས་བརྡའི་ཡི་གེར་བཀོད། པདྨ་རཱ་གའི་བུམ་པར་གྲོལ་བ་བཞི་ལྡན་གྱི་རྫས་རྣམས་དང་ལྷན་ཅིག་བཅུག་ནས་གནས་དེ་ཉིད་དུ་རྒྱས་བཏབ་པ་བཞི་བཅུ་ཁ་རལ་གྱི་གདུལ་བྱ་འདུལ་བའི་དུས་ལ་བབས་པའི་ཚེ། ཇི་སྐད་དུ། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། དེ་ནས་རྩུབ་འགྱུར་བཞི་བཅུ་ཤར་མཚམས་ན༔ ཞིག་པོ་གླིང་ཞེས་སྟོད་ལུང་ཕྱོགས་སུ་འབྱོན༔ དབུ་མར་རླུང་ཐིམ་བཅོས་མའི་ཚུལ་དང་བྲལ༔ ཞལ་རྩིང་མཐོ་དམན་ཡོངས་ལ་གང་སྣང་བཤད༔ མངོན་ཤེས་རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན༔ དེ་དང་གང་འབྲེལ་ངན་སོང་སྡུག་བསྔལ་མེད༔ གསང་སྔགས་བསྟན་ལ་ཕན་ཅིང་བདེ་ལ་འགོད༔ ནག་ཕྱོགས་གཞི་བདག་ཀུན་ཀྱང་དཔའ་ཞུམ་འགྱུར༔ ངན་སྤྱོད་སྣ་ཚོགས་དར་ཡང་འཕྲལ་དུ་ཞི༔ དབུས་གཙང་ཀུན་ལ་ཧོར་སོག་གནོད་པ་ཟློག༔ སྐྱེ་འགྲོ་མང་པོ་རྔ་ཡབ་གླིང་དུ་ཁྲིད༔ ཅེས་གསུངས་པ་ལྟར། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་གར་དབང་ཞིག་པོ་གླིང་པས་སྤྱན་དྲངས་པའི་ཟབ་ཆོས་འདི་ལ་སྨིན་བྱེད་རྒྱས་བསྡུས། རྩ་བ་ཡན་ལག །ཡོངས་རྫོགས་བཀའ་གཏད། བསྐྱེད་རྫོགས་ཀྱི་རྣམ་གྲངས་མང་དུ་བཞུགས་པ་ལས་འདིར་དབང་དོན་སྙིང་པོར་བསྡུས་པའི་དོན་དབང་ཉིད་བསྐུར་བ་སྟེ། དེའང་ཆུ་བོ་བཞི་འདུས་ཀྱི་རྒྱུད་ལས། དབང་གི་ངོ་བོ་མདོར་བསྡུ་ན༔ དག་དང་སྨིན་དང་རྒྱུད་སྦྱངས་དང༔ ཡེ་ཤེས་གཞུག་པར་བྱ་བ་དང༔ བཅུ་གསུམ་རྡོ་རྗེའི་ས་ཐོབ་བར༔ འབྲས་བུ་བཞག་པར་བྱས་པ་སྟེ༔ སྨིན་པའི་ཚད་དུ་ཉམས་སུ་བླང༔ ཞེས་གསུངས་པ་ལྟར་སྒོ་གསུམ་དག་ཅིང་སྨིན་ནས་རྒྱུད་རྣམ་པར་སྦྱངས་ཏེ་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་པས་རང་གནས་ཀྱི་འབྲས་བུ་མངོན་དུ་བྱེད་པའི་དགོས་པ་ཚང་བས་ཁྱད་པར་དུ་ཟབ་པ་ཡིན་ལ། དེ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་གྲུབ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐུགས་རྗེ་ཆེ་དང་མཉམ་སྦྱོར་བ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ གསང་ཆེན་དབང་གི་བདག་ཉིད་ཆེ༔ བདག་ཅག་སྐལ་ལྡན་མཆེད་དང་ལྕམ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞིའི་ཡེ་ཤེས་མཆོག་ཐོབ་པར༔ མགོན་པོ་ཁྱེད་ཀྱིས་གནང་དུ་གསོལ༔ ལན་གསུམ་ཞུ། བླ་མས། གསང་བ་གསུམ་གྱི་དམ་ཚིག་འདི༔ ཁྱེད་ཀྱིས་གལ་ཏེ་ཉམས་གྱུར་ན༔ དེ་ནི་ཡང་དག་ཉེས་ཆེན་པོ༔ དེ་བས་ཚུལ་བཞིན་བསྲུང་བ་དང༔ བཀའ་བཞིན་བྱེད་པར་ཁྱོད་སྤྲོ་འམ༔ ཁྱེད་རྣམས་སྐལ་བར་མི་ལྡན་ན༔ བདག་ཅག་ཐམས་ཅད་ཉེས་འགྱུར་ཏེ༔ དེ་བས་ཕྱི་རུ་དེངས་པར་རིགས༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། དགོངས་ཤིག་བླ་མ་མགོན་པོ་རྗེ༔ རྡོ་རྗེ་རིགས་མཆོག་ལ་སོགས་པ༔ བདག་ཅག་ཉེ་བར་གྱུར་པ་སྟེ༔ བཀའ་དང་དམ་ལས་མི་འདའ་སྟེ༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ སྐུ་དྲིན་ཆེན་པོས་བཟུང་དུ་གསོལ༔ བླ་མས། དེ་ལྟར་ཁ་ཙམ་མ་ཡིན་པར༔ མི་འདའ་རྡོ་རྗེའི་དམ་བསྲུང་ན༔ དམ་ཚིག་གི་ནི་རྡོ་རྗེ་ཟུངས༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ དམ་ཚིག་གཉན་པོའི་རྡོ་རྗེ་ལ་འཇུས་ཏེ་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་འཇུར་བཅུག་ལ། དམ་ཚིག་རྡོ་རྗེ་དཔང་དུ་འཚལ༔ དམ་ལས་མི་འདའ་ན་ར་ཀན༔ བླ་མ་དང་དཀྱིལ་འཁོར་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་འཁོར་དང་བཅས་པ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་སངས་རྒྱས་སོགས་ལན་གསུམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་རྟག་ཏུ་བྱིང་བའི་མ་གྱུར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་འཕགས་མཆོག་ནམ་མཁའི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་སླད་དུ་ཐོག་མར་བདག་ཉིད་སྤྱན་རས་གཟིགས་ཀྱི་གོ་འཕང་བསྒྲུབ་པའི་ཕྱིར་སྨིན་བྱེད་ཀྱིས་རྒྱུད་སྦྱངས་ནས་གྲོལ་བྱེད་ལམ་གྱི་རིམ་པ་ལ་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འཕགས་པའི་སོགས་ལན་གསུམ། དེ་ནས་ལས་བུམ་ཆུ་དང་བདུད་རྩི་བསྲེས་ལ་བྱིན་ཅིང་། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་ཉམས་ན་ལུས་ངག་ཡིད༔ རུལ་མྱག་ཚིག་སྟེ་དམྱལ་བར་འགྲོ༔ བསྲུངས་ན་ཡེ་ཤེས་སེམས་དཔར་འགྱུར༔ ཐར་པའི་ས་བོན་མཆོག་ཏུ་འགྱུར༔ དེ་ཕྱིར་དམ་ལ་གནས་པར་མཛོད༔ ས་མ་ཡ་བྷག་ཤ་སཱི་ཧཱུྃ༔ ཞེས་དམ་ལ་བཞག རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་བཞིར་ཐིག་ལེ་བྱས་ལ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དཔྲལ་བ་ནས་ཨོཾ་དཀར་པོ་དང་། མགྲིན་པ་ནས་ཨཱཿདམར་པོ། ཐུགས་ཀ་ནས་ཧཱུྃ་སྔོན་པོ། ལྟེ་བ་ནས་ཧྲཱིཿསེར་པོ་འཕྲོས། ཁྱེད་རང་གི་གནས་དེ་དག་ཏུ་འཁོད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ཉིད་རྩེ་གཅིག་ཏུ་མཛོད་ཅིག །ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཁྱེད་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་ཁྱེད་རང་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་བཅུ་གཅིག་གི་རྩ་བའི་ཞལ་གསུམ་དཀར་ལྗང་དམར་བ། དེ་སྟེང་ཞལ་གསུམ་སེར་ལྗང་དཀར་པོ། དེའི་སྟེང་ཞལ་གསུམ་ལྗང་དཀར་དམར་བ། དེ་སྟེང་ཁྲོ་ཞལ་ནག་པོ། དེ་སྟེང་འོད་དཔག་མེད་ཀྱི་ཞལ་དང་བཅས་པ། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་ཤེལ་ཕྲེང་། གཡོན་གྱི་འོག་མས་པད་དཀར་འཛིན་པ། ཡན་ལག་གི་ཕྱག་ཉི་ཤུས་ཕྱག་མཚན་སྣ་ཚོགས་བསྣམས་པ། ཉིང་ལག་གི་ཕྱག་སྟོང་ལ་སྤྱན་སྟོང་གིས་མཚན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་བཞི་མཉམ་པའི་སྟབས་ཀྱིས་བཞེངས་ཏེ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་རང་འོད་ཀྱི་ཚུལ་དུ་འཁྲིལ་བའི་སྙིང་གི་དཀྱིལ་དུ་གསེར་གྱི་འཁོར་ལོ་རྩིབས་དྲུག་པ། དེའི་འོག་ཏུ་གཡོ་བྱེད་རླུང་གི་འཁོར་ལོ་ཡཾ་གིས་མཚན་པ། དེའི་སྟེང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་རང་གིས་བསྒོམས་པ་དང་འདྲ་བ་ཚོན་གང་བའི་ཐུགས་ཀར་པདྨ་འདབ་མ་དྲུག་པ་ལ་ཡིག་འབྲུ་དྲུག །ལྟེ་བར་ཧྲཱིཿགསལ་བར་གྱུར། ཧྲཱིཿའི་དབྱངས་དང་ཡཾ་རིང་པོ་བརྗོད་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་ཧྲཱིཿདང་ཡཾ་འཕྲོས། སློབ་བུའི་ཐུགས་ཀའི་འབྲུ་གཉིས་ལ་ཕོག་པས་ཡཾ་ལས་རླུང་འུ་རུ་རུ་གཡོས་པས། འཁོར་ལོ་རྩིབས་དྲུག་སྙིང་གའི་ཡེ་ཤེས་པ་དང་བཅས་པ་དྲག་ཏུ་འཁོར་བར་དམིགས་པ་རྩེ་གཅིག་ཏུ་གཏད་ཅིང་། ཡེ་ཤེས་པའི་ཧྲཱིཿལས་འོད་འཕྲོས་ཕྱོགས་བཅུར་ཁྱབ་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་དུ་པོ་ཏ་ལ་ནས་ཡེ་ཤེས་སེམས་དཔའ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་། འོག་མིན་ནས་རྒྱལ་བ་རིགས་ལྔའི་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟར་ཐིབས་ཐིབས་ནམ་མཁའ་ལ་བྱོན་ནས་ཁྱེད་རང་གི་སྤྱི་བོ་ནས་མར་ཐིམ་ཞིང། ཁྱད་པར་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་མོས་ཤིག །འབེབ་པའི་རྫས་དུད་རོལ་མོའི་སྒྲ་བྱ། ཡིག་བཅུའི་ཤམ་བུར་ཧྲཱིཾ་ཧྲཱིཾ་བཛྲ་ས་མ་ཡ་ཛཿས་མ་ཡ་སཏྭཾ༔ ས་མ་ཡ་ཧྲཱིཾ༔ ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་མ་ཕེབ་བར་དུ་དབབ་སྟེ་དབང་གི་དོན་རྩ་འདི་ལ་ཐུག་གོ །དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཧྲཱིཿསུ་པྲ་ཏིཥྛཱ་བཛྲ་ཡ་སྭཱ་ཧཱ༔ ཞེས་རྒྱ་གྲམ་མགོར་བཞག །རྟེན་གཏོར་ཐོགས་ལ། གཏོར་སྣོད་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ་གཏོར་མ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་ལྷ་ཚོགས་དངོས་སུ་གསལ་བའི། གནས་བཞི་ནས་ཡི་གེ་འབྲུ་བཞི་དང་འོད་ཟེར་བདུད་རྩིའི་རྒྱུན་དཀར་དམར་མཐིང་སེར་གྱི་མདངས་ལྡན་བྱུང་། ཁྱེད་རང་གི་གནས་བཞིར་ཐིམ་པར་མོས་ཤིག །ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ ལོངས་སྐུ་རྒྱལ་བའི་ལྷ་ཚོགས་བསྟིམས༔ ཐུགས་རྗེ་སྤྲུལ་སྐུ་བླ་ན་མེད༔ གཏོར་མ་སྐུ་གསུམ་ཡོངས་རྫོགས་དཔལ༔ སྐལ་ལྡན་དབང་བཞི་ཡོངས་རྫོགས་ནས༔ འབྲས་བུ་སྐུ་བཞི་མཆོག་ཐོབ་ཤོག༔ གཏོར་མ་སྤྱི་བོར་བཞག་ལ། ཡིག་བཅུའི་ཤམ་བུར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞིའི་བྱིན་རླབས་ཐོབ། དབང་བཞི་ཡོངས་རྫོགས་ཐོབ་པར་ངེས་ཤེས་སྐྱེད་མཛོད། དེས་ནི་གཙོ་བོར་ལུས་ལྷ་སྐུར་སྨིན་ཅིང་སྣང་བ་ལྷ་ཡི་འཁོར་ལོར་བསྒོམ་པ་ལ་དབང་བ་ཡིན་ནོ། །བྷནྡྷ་མགྲིན་པར་གཏུགས་ལ། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩི་ཆེ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ༔ རྩ་ཁམས་བདེ་བའི་རང་བཞིན་ལ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཨ་ཧོཿསུ་ཁ་ཨཱ༔ བདུད་རྩི་ངག་ཏུ་བླུད། དེས་ངག་སྔགས་སུ་སྨིན་ཅིང་རླུང་སྔགས་ཟུང་དུ་འཇུག་པའི་རྡོ་རྗེའི་བཟླས་པ་བྱ་བ་ལ་དབང་བ་ཡིན་ནོ། །མེ་ལོང་ཤེལ་བཅས་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ཤེལ་སྒོང་དག་པ་དྲི་མེད་ཐུགས༔ ཀ་དག་ཐུགས་ཀྱི་དབང་བསྐུར་རོ༔ ཆོས་དབྱིངས་སྤྲོས་བྲལ་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ས་མཱ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སེམས་ཆོས་ཉིད་དུ་སྨིན་ཅིང་རྟོག་ཚོགས་རང་བྱུང་འོད་གསལ་ཆེན་པོར་ལ་བཟླ་བ་ལ་དབང་བ་ཡིན་ནོ། །དེ་ནས་ཁྱེད་རང་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། སེམས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཧྲཱིཿལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །ཧཱུྃ༔ སྟོང་གསལ་རིག་ཅིང་མ་འགགས་གསལ༔ མི་བསྒོམ་མ་ཡེངས་ངང་ལ་ཞོག༔ རང་བྱུང་རྩལ་དབང་ཡོངས་རྫོགས་དཔལ༔ བསྐུར་ཐོབ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཙིཏྟ་བཾ་ཨ་བྷི་ཥིཉྩ་ཧྲཱི༔ སྤྲོ་ན་ཚིག་ལན་གསུམ་བསྐྱར། དོན་བཀྲོལ་ལ་ངོ་སྤྲད་ཅིང་མཉམ་པར་འཇོག་ཏུ་བཅུག །དེས་སྒོ་གསུམ་ཡེ་ཤེས་ཆེན་པོར་སྨིན་ཅིང་ཀ་དག་དང་ལྷུན་གྲུབ་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། ཤིས་བརྗོད་གང་འོས་བྱ། དེ་དག་གིས་སྨིན་བྱེད་དབང་གི་བཅུད་ཕྱུང་བ་དོན་དབང་འགྲོ་བ་འདུལ་བ་ཤིན་ཏུ་ཟབ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་སྨོན་ལམ་གྱི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཤིན་ཏུ་བསྡུ་ན་གཏོར་དབང་ཁོ་ན་བྱས་ལ་བྷནྡྷའི་དབང་མན་ཆད་མ་སྐུར་ཡང་ཆོག་ལ། ཁྲོ་མ་དབང་ལྟ་བུར་གཏོར་དབང་གི་རྗེས་སུ་བཟླས་ལུང་སྤྱི་ལྟར་བྱ་ཞིང་རྫོགས་རིམ་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པས་འཐུས་པར་གསུངས་སོ། །ཐུགས་རྗེའི་དབང་ཆབ་ཡེ་ཤེས་ཆུས། །མཁའ་མཉམ་འགྲོ་རྒྱུད་སྐད་ཅིག་ལ། །དགྲོལ་ནས་བདག་གཞན་རིས་མེད་པ། །འཕགས་པའི་རྣམ་ཐར་ཡོངས་བཟུང་ཤོག །འདི་ཉིད་སྒྲུབ་ཐབས་ཕྱི་ནང་གསང་བ་གང་ལ་སྦྱོར་ཡང་རུང་ཞིང་། ཁྱད་པར་གསང་སྒྲུབ་འབྲེལ་ཆེ་ཡང་འདིར་སྤྱི་ཁྱབ་ལས་བྱང་ལ་སྦྱོར་བའི་དབང་དུ་བྱས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

དཔལ་ཆེན་ཡང་དག་ཟབ་ཏིག་ (Volume 27, Text 30)

༁ྃ༔ དཔལ་ཆེན་ཡང་དག་ཟབ་ཏིག་བཞུགས༔ རྡོ་རྗེ་ཧཱུྃ་ཀཱ་རའི་དགོངས་པའོ། ། དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སེམས་ཉིད་ལྷན་སྐྱེས་ཡེ་ཤེས་ཏེ༔ དེ་ཉིད་མངོན་དུ་བྱ་བའི་ཕྱིར༔ཐབས་གྲོལ་ལམ་གྱི་རིམ་པར་འཇུག༔ ཐབས་ཀྱི་གཞིར་གྱུར་བསྐྱེད་རིམ་ནི༔ རྣལ་འབྱོར་ལྡན་པས་འདི་ལྟར་བརྟག༔ ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་ཡང་དག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཧཱུྃ་ཧཱུྃ༔ གློ་བུར་ལྟར་སྣང་འཁྲུལ་པའི་བགེགས༔ རང་གྲོལ་གཉུག་མའི་ཀློང་དུ་དེངས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྲུང་འཁོར་ཆེན་པོར་གྲུབ༔ བཛྲ་རཀྵ་ཏིཥྛནྟུ༔ ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ ཡང་དག་གྲུབ་པ་དེ་བཞིན་ཉིད༔ སངས་རྒྱས་ཀུན་གྱི་སྙིང་རྗེའི་སྤྲིན༔ སྐུ་གསུམ་དབྱེར་མེད་རིག་པའི་གཤིས༔ སྙིང་པོ་དྲན་པས་ལྷ་སྐུར་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྣོད་བཅུད་རྣམ་དག་ཡུམ་ལྔའི་ཀློང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་རོལ་པའི་མཚན་ཉིད་རྫོགས༔ དེ་དབུས་པདྨ་ཉི་ཟླ་དང༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་ཁྲག་འཐུང་ནམ་མཁའི་མདངས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་གཡས་ཀྱི་རྣམ་གསུམ་ན༔ རྡོ་རྗེ་ཁ་ཊྭཱཾ་རྔེ་འུ་ཆུང༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་བཛྲ་ཀྲོ་དྷཱི་མ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་དཔལ་ཆེན་དང༔ དུར་ཁྲོད་ཆས་ཀྱིས་ཀུན་ཏུ་བརྒྱན༔ ཚོགས་བརྒྱད་རྣམ་དག་གཽ་རཱི་བརྒྱད༔ གཡས་གཡོན་ཞལ་དང་ཕྱག་ལ་རྫོགས༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་བསྐྱེད་ཡེ་རྫོགས་ལྷ་སྐུར་གསལ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགས༔ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོད༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཨ༔ སྙིང་དབུས་ཉི་ཟླའི་ག་འུ་རུ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་མཐིང༔ ཡབ་ཡུམ་མཉམ་སྦྱོར་ཐུགས་སྲོག་ལས༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་སྣོད་བཅུད་སྣང་གྲགས་རྟོག༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་སད༔ ཚུར་འདུས་དཔལ་ཆེན་ཁྲག་འཐུང་དང༔ དགོངས་པ་དབྱེར་མེད་གཅིག་ཏུ་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་བའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡི༔ དམ་ཚིག་གཉེར་དུ་གཏད་པ་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྡོ་རྗེ་སེམས༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེའི་སེམས༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་ཕྲིན་ལས་ཟབ་མོའི་གཞུང༔ ཉིན་མཚན་ཐུན་དྲུག་ཐུན་བཞི་སོགས༔ རྣལ་འབྱོར་བློ་དང་བསྟུན་ནས་བསྲང༔ ཁྱད་པར་བསྐྱེད་རིམ་སེམས་འཛིན་ལ༔ ལྷ་སྔགས་ཡེ་ཤེས་ཕྲིན་ལས་བཅས༔ སོ་སོར་གསལ་བརྟན་རྩལ་སྦྱང་བྱ༔ ཡུལ་གསུམ་ལྷ་སྐུར་རང་ཤར་ནས༔ དཔལ་ཆེན་ཧེ་རུ་ཀ་དཔལ་གྱི༔ བྱིན་རླབས་སྣོད་དུ་གྱུར་པ་ན༔ རྩ་ཁམས་རླུང་ལས་བདེ་ཆེན་སྦར༔ དབྱིངས་རིག་ཐིག་ལེ་གཅིག་གི་ངང༔ མཆོག་དངོས་གྲུབ་པ་མཐར་ཕྱིན་འགྱུར༔ ས་མ་ཡ༔ སྣོད་ལྡན་སློབ་མ་རྗེས་འཛིན་ན༔ དཀྱིལ་འཁོར་བརྡ་ཡི་དབང་རྫས་བཤམ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་དང༔ རིག་པའི་མེ་ཏོག་དོར་བས་འཇུག༔ སློབ་མ་ཁྲུས་བྱས་བགེགས་དང་ཕྲལ༔ སྲུང་འཁོར་བསྒོམ་ཞིང་མཎྜལ་འབུལ༔ ཧོ༔ བདེ་ཆེན་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་ཁྲག་འཐུང་བདག་ལ་དགོངས༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་དུ༔ འཇུག་ཅིང་ཡོངས་སུ་སྨིན་མཛད་གསོལ༔ ཞེས་པས་གསོལ་བཏབ་རྒྱུད་སྦྱངས་པའི༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དབང༔ དཔལ་ཆེན་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ གཉིས་སུ་མེད་པའི་དབང་བསྐུར་བས༔ ཅིར་སྣང་ལྷ་སྐུར་རང་ཤར་ཤོག༔ སྔགས་མཐར༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ སྙོམས་འཇུག་བདུད་རྩི་མགྲིན་པར་སྦྱིན༔ ཨཱ༔ རིག་པ་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཡུམ་ཀྲོ་ཏཱི་ཤྭ་རཱིར་སྦྱོར༔ ཟུང་འཇུག་བྱང་སེམས་བདུད་རྩི་ཡིས༔ ལས་རླུང་སྔགས་སུ་སྨིན་པར་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཤེས་རབ་ཕྱག་རྒྱ་བྱིན་བརླབས་སྦྱིན༔ ཧཱུྃ༔ འདི་ནི་རྣམ་ཐར་གསུམ་ལྡན་པ༔ བདེ་ཆེན་ཆོས་ཀུན་འབྱུང་བའི་གནས༔ བརྟུལ་ཞུགས་རོལ་པའི་དབང་བསྐུར་བས༔ ཐིག་ལེ་དགའ་བཞིར་རྫོགས་པར་ཤོག༔ ཛྙཱ་ན་མུ་དྲ་སིདྡྷི་ཧཱུྃ༔ མར་མེ་གསལ་བསྟན་ངོ་སྤྲོད་བྱ༔ ཨ༔ མ་འཁྲུལ་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་རང་སྣང་མར་མེ་སྦར༔ གསལ་ལ་མི་རྟོག་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ ཡོངས་རྫོགས་ཐོད་སྐུ་གནས་ལྔར་བཞག༔ ཨོཾ་ཨཱཿཧཱུྃ༔ སྣང་ཆ་དཔལ་ཆེན་ལྷ་ཡི་སྐུ༔ སྟོང་པ་ཟབ་གསལ་གཉིས་མེད་གསུང༔ ཟུང་འཇུག་འདུས་མ་བྱས་པའི་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དམ་ཚིག་ཁས་བླང་མཎྜལ་འབུལ༔ དགའ་སྟོན་བྱ་ཞིང་སྤྱོད་པ་བསྐྱང༔ ས་མ་ཡ༔ དམ་ཚིག་ཉམས་ཆག་ཞི་བའི་ཕྱིར༔ མར་མེ་སྦར་ཞིང་བརྐྱང་ཕྱག་འཚལ༔ གདུང་བའི་ཤུགས་བསྐྱེད་མཆི་མ་དབྱུང༔ བརྗོད་མེད་དོན་གྱི་བཤགས་པ་དང༔ ཡི་གེ་བརྒྱ་པ་མང་དུ་བཟླ༔ ལྟ་བའི་ཀློང་བཤགས་དགོངས་པ་བསྐྱང༔ ཨོཾ༔ ཀུན་གཞི་གསང་བ་ཆེན་པོའི་དབྱིངས༔ རང་རིག་གསལ་བའི་མདངས་ཤར་བ༔ ཡེ་ཤེས་ཆེན་པོའི་མར་མེ་འདིས༔ རིག་འཛིན་རྩལ་འཆང་བླ་མ་དང༔ ཧེ་རུ་ཀ་དཔལ་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོས་ཉམས་ཆག་སྦྱོངས༔ རྡོ་རྗེའི་གཡར་དམ་གཅིག་པ་རྣམས༔ དགྱེས་པ་ཆེན་པོའི་མཆོད་པ་འབུལ༔ སྣང་བ་འོད་གསལ་སྤྲིན་ཆེན་པོས༔ སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང༔ བུམ་དབང་དམ་ཚིག་ཉམས་ཆག་བཤགས༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ སྟོང་པ་ངོས་བཟུང་མེད་པ་འདིས༔ ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ གསང་དབང་དམ་ཚིག་ཉམས་ཆག་བཤགས༔ རྡོ་རྗེའི་སྔགས་སུ་བྱིན་གྱིས་རློབས༔ ཟུང་འཇུག་ཤིན་ཏུ་རྣམ་དག་པས༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༔ ཤེར་དབང་དམ་ཚིག་ཉམས་ཆག་བཤགས༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ དབྱེར་མེད་ཐིག་ལེ་ཆེན་པོ་ཡིས༔ ངོ་བོ་ཉིད་སྐུའི་ཐུགས་དམ་བསྐང༔ ཚིག་དབང་དམ་ཚིག་ཉམས་ཆག་བཤགས༔ ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛཔ྄་དབྱངས་བྱ་ཞིང་རྟོགས་པ་སྤར༔ དམ་ཚིག་ཉམས་ཆག་ཀུན་བྱང་ནས༔ དབང་བཞིའི་ཡེ་ཤེས་གོང་འཕེལ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ ལྷན་སྐྱེས་ཡེ་ཤེས་རྒྱས་པའི་ཕྱིར༔ རྡོ་རྗེ་གར་གྱི་ཆོ་ག་ནི༔ ངོ་བོ་བདེ་ཆེན་ཀུན་སྤྱོད་དེ༔ ངེས་ཚིག་བསྐྱོད་པས་བདེ་བ་སྤེལ༔ དབྱེ་ན་གང་ཟག་གནས་དང་ཐབས༔ དེ་ལས་བྱུང་བའི་འབྲས་བུ་སྟེ༔ གང་ཟག་ཐུན་མོང་ལམ་འབྱོངས་ཤིང༔ དབང་ཐོབ་དམ་ཚིག་རྣམ་པར་དག༔ རིམ་གཉིས་དྲོད་རྟགས་མཐར་ཕྱིན་པའི༔ རྣལ་འབྱོར་ཕོ་མོའི་ཚོམ་བུ་ཡིས༔ ཤིན་ཏུ་དབེན་པའི་ཚོགས་ཁང་དུ༔ ལྷ་སྔགས་ཡེ་ཤེས་རྩེ་གཅིག་པས༔ ཕྱི་ནང་མཆོད་པ་ཚུལ་བཞིན་བྱ༔ དེ་ནས་གསང་བའི་བརྟུལ་ཞུགས་དང༔ བདེ་བ་མཆོག་གི་ཆས་ལྡན་པས༔ རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ༔ དགའ་བའི་འགྱུར་བས་གཞི་བཅས་ཏེ༔ སུམྦྷའི་འགྲོས་ཀྱིས་བགེགས་རྣམས་བསལ༔ སྲུང་བའི་འཁོར་ལོའི་སྔགས་དང་ནི༔ རྡོ་རྗེའི་བལྟ་བས་བར་ཆད་བསྲུང༔ ཅང་ཏེའི་ཐོག་དྲངས་རོལ་མོར་བཅས༔ པདྨའི་འགྱིང་བས་བྱིན་ཆེན་དབབ༔ ས་མ་ཡ་ཧོཿས་བརྡ་སྦྱར་ནས༔ ས་མ་ཡ་སཏྭཾ་གྱིས་དགྱེས་པ་བསྐྱེད༔ རཱ་ག་ཡ་ཧོཿས་བརྡ་བསྐུལ་ནས༔ རཱ་ག་ཡཱ་མིས་རྗེས་སུ་གནང༔ ཨོཾ་ཡིག་གླུར་ལེན་སྔོན་འགྲོ་བས༔ ཤྲཱི་བཛྲ་རཱ་ག་ཡིས༔ དཔལ་ཆེན་རྡོ་རྗེའི་ཆགས་པ་བསྐུལ༔ ལཱ་སྱེ་ཛཿཞེས་སྒེག་པ་མའི༔ དགྱེས་ཆགས་སྤྱན་ནི་མི་ཟུམ་པས༔ རྩེ་གཅིག་ལྟ་བའི་བདེ་བ་དགུག༔ དེ་བཞིན་མཱ་ལེ་ཕྲེང་བ་མའི༔ རོལ་པས་འཛུམ་པའི་མདངས་ཕྱུངས་ལ༔ གཱི་ཏཱིའི་གླུ་ཡིས་ལག་པ་སྦྲེལ༔ ནཱིརྟཱིའི་གར་གྱིས་འཁྱུད་པར་བྱ༔ ཡབ་ཡུམ་དཔལ་ཆེན་ཧེ་རུ་ཀ༔ དབྱིངས་ཕྱུག་རིག་མའི་སྙེམ་པ་དང༔ མཁའ་གསང་རྡོ་རྗེ་པདྨར་བརླབ༔ གཞན་དོན་ལྷན་སྐྱེས་བསྒྲུབ་འདོད་པའི༔ ཆོས་ཀྱི་འདུ་ཤེས་མཉམ་ལྡན་པས༔ མ་ཧཱ་སུ་ཁ་ཨ་ཧཾ་ཞེས༔ སྟེང་དང་འོག་དང་གཡས་དང་གཡོན༔ མདུན་རྒྱབ་འདེགས་དང་མཉམ་གནས་པའི༔ རོལ་ཐབས་བརྒྱད་ཀྱིས་བདེ་བ་དབབ༔ འཕར་བས་ལྡོག་ཅིང་སྤྲུག་པས་དགྲམ༔ ཀུན་ཀྱང་རིག་སྟོང་སྒྱུ་མར་བལྟ༔ ཡང་ནས་ཡང་དུ་དགྱེས་ཚིམ་པའི༔ གསང་བའི་མཆོད་པ་ལ་བརྟེན་ནས༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ ཚོགས་གཉིས་ནམ་མཁའ་གང་བར་སྤེལ༔ མཐར་ནི་རྡོ་རྗེའི་གླུ་བླངས་ཤིང༔ སྨོན་ལམ་ཤིས་པའི་ཟློས་གར་བྱ༔ འདི་ཡིས་ནང་གི་ས་དང་ལམ༔ བཙན་ཐབས་ཉིད་དུ་རབ་བགྲོད་དེ༔ བདེ་སྟོང་དབྱེར་མེད་ཧེ་རུ་ཀ༔ ཕྱག་རྒྱའི་ཡེ་ཤེས་མྱུར་དུ་འགྲུབ༔ གཞན་ཡང་ཕྱི་ནང་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་དགྱེས་པའི་མཐུས༔ གནས་སྐབས་མཐར་ཐུག་རྟེན་འབྲེལ་ཀུན༔ རྩོལ་མེད་ཉིད་དུ་འགྲིག་པར་འགྱུར༔ ས་མ་ཡ༔ ཚེ་དང་བསོད་ནམས་དབང་བྱེད་ཕྱིར༔ འཆི་མེད་རྟག་པའི་ཆོ་ག་ནི༔ དབེན་པར་ཚེ་ཡི་དཀྱིལ་འཁོར་དབུས༔ སྙིང་པོ་ལྔ་ཡི་འབྲང་རྒྱས་དང༔ བདུད་རྩི་བཅུད་ལེན་རིལ་བུ་བཤམ༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ དམར་སྨུག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་གཡས་དང་པོའི་རིགས་ཀྱི་རྟགས༔ ཨུཏྤལ་དམར་པོ་བསྣམས་པ་བསྐྱེད༔ ཐུགས་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ ཉི་ཟེར་འཆར་ཁའི་མདངས་ཅན་འཕྲོས༔ རང་གི་བླ་ཚེ་ཡར་བ་དང༔ འཁོར་འདས་བཅུད་དང་དྭངས་མ་ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་བཀུག༔ སྙིང་གའི་ཚེ་རྟེན་མི་ཤིགས་པའི༔ ཐིག་ལེ་ཉིད་དང་རོ་གཅིག་བསམ༔ རུ་ལུའི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཟླས་སྐབས་སུ་ཕོ་ཉ་བཏང༔ ཨོཾ༔ འཆི་མེད་རྟག་པའི་ཡེ་ཤེས་ལས༔ ཕོ་ཉའི་གཟུགས་སུ་རང་ཤར་བ༔ གཽ་རཱི་ལ་སོགས་ལྷ་མོ་བརྒྱད༔ དཔལ་ཆེན་སྐུ་ཡི་ཀློང་ནས་བཞེངས༔ རྗེས་ཆགས་དགའ་བཞིའི་ཆོ་འཕྲུལ་དང༔ ཚད་མེད་རྣམ་བཞིའི་ཕྱག་རྒྱ་ཡིས༔ བླ་ཚེ་ཆད་ཉམས་ཡར་བ་སྡུས༔ འཁོར་འདས་འབྱུང་བཞིའི་དྭངས་བཅུད་ཁུག༔ མི་ཤིགས་ཐུགས་ཀྱི་ཐིག་ལེར་སྟིམས༔ འཆི་མེད་སྒྲུབ་པའི་རྫས་ལ་སྐྱིལ༔ རྒུད་པ་མེད་པ་རྡོ་རྗེའི་ལུས༔ འཕོ་བ་མེད་པ་རིག་པའི་ཚེ༔ འགྱུར་བ་མེད་པ་དབྱིངས་ཀྱི་སྲོག༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ ཅེས་བརྗོད་གྲུབ་པའི་རྟགས་བྱུང་ནས༔ ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ སྒྲུབ་མཆོག་བདག་ལ་བརྩེར་དགོངས་ནས༔ འཆི་མེད་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཅེས་གསོལ་ཚེ་འབྲང་སྤྱི་བོར་བླང༔ ཨོཾ༔ དབྱིངས་ཉིད་གཞོན་ནུ་བུམ་སྐུའི་ཀློང༔ རིག་པ་མི་འགྱུར་ཚེ་ཡི་བདག༔ དཔལ་ཆེན་བདེ་གཤེགས་ཧེ་རུ་ཀས༔ འགྱུར་མེད་སྐུ་ཡི་དབང་བསྐུར་སྩོལ༔ ཀཱ་ཡ་ཨཱ་ཡུརྫྙཱ་ན་སིདྡྷི་ཨོཾ༔ བདུད་རྩི་མགྲིན་པར་བཞག་ཅིང་མྱང༔ ཨཱ༔ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བྱང་སེམས་བདུད་རྩིར་འཁྱིལ༔ དཔལ་ཆེན་པདྨ་ཧེ་རུ་ཀས༔ འགག་མེད་གསུང་གི་དབང་བསྐུར་སྩོལ༔ ཝཱ་ཀ་ཨཱ་ཡུརྫྙཱ་ན་སིདྡྷིི་ཨཱ༔ ཚེ་རིལ་སྙིང་གར་གཏུགས་ཤིང་མྱང༔ ཧཱུྃ༔ མི་ཤིགས་ཐིག་ལེ་དབྱིངས་ཀྱི་ངང༔ རིག་པ་དྭངས་མའི་བཅུད་དུ་འདྲིལ༔ དཔལ་ཆེན་རྡོ་རྗེ་ཧེ་རུ་ཀས༔ འཕོ་མེད་ཐུགས་ཀྱི་དབང་བསྐུར་སྩོལ༔ ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷིི་ཧཱུྃ༔ མཐར་ནི་ཚེ་བཅུད་སྙིང་གར་བསྟིམ༔ འོད་ལྔ་རྡོ་རྗེའི་མདུད་པས་བཅིང༔ ཨ༔ འགག་པ་མེད་པ་རིག་པའི་ཚེ༔ སྐྱེ་བ་མེད་པའི་དབྱིངས་སུ་ཐིམ༔ ཟུང་འཇུག་འདུས་མ་བྱས་པའི་སྲོག༔ ཡེ་ཤེས་སྙིང་པོར་རྒྱས་གདབ་བོ༔ ཛྙཱ་ན་གརྦྷ་ཨ་ཨ༔ ཤིས་པ་བརྗོད་ཅིང་དགའ་སྟོན་བྱ༔ འདིས་ནི་ཚེ་ཡི་བར་ཆད་ཞི༔ རྡོ་རྗེའི་སྲོག་གི་མདུད་པ་བརྟན༔ བསོད་ནམས་གཟི་བྱིན་གོང་དུ་འཕེལ༔ མཐར་ཐུག་འཆི་མེད་མཆོག་ཏུ་འགྱུར༔ ས་མ་ཡ༔ གཟུང་དང་འཛིན་པའི་རྣམ་རྟོག་བདུད༔ ཡེ་ཤེས་ཆེན་པོའི་རྩིས་ཐེབས་པས༔ འཕོ་འགྱུར་མཚན་མ་རབ་བསྒྲལ་ནས༔ སྣོད་བཅུད་ཁྲག་འཐུང་ཚོམ་བུར་སྦྱོར༔ དོན་ནི་མཉམ་པ་ཉིད་ཀྱི་དབྱིངས༔ རྟགས་སུ་སྣང་སྲིད་བདུད་རྩིར་ཤར༔ དེ་ཉིད་དཔེ་ཡིས་མཚོན་པའི་སླད༔ མཆོག་ཏུ་ཤ་ལྔ་སྒྲོན་མ་ལྔ༔ ཐུན་མོང་སྨན་གྱི་སྐྱོབས་དང་བཅས༔ ཁྲོལ་བུ་དཀྱིལ་འཁོར་དབུས་སུ་བཞག༔ བདུད་རྩི་འཁྱིལ་བའི་སྔགས་ཀྱིས་སྦྱང༔ ཨ༔ རང་བྱུང་རྡོ་རྗེ་ཀ་པཱ་ལ༔ གསང་བ་མཆོག་གི་ཕོ་བྲང་དབུས༔ བརྟན་གཡོའི་དྭངས་མ་སྲིད་ཞིའི་བཅུད༔ རྡོ་རྗེ་སེམས་དཔའི་ངོ་བོར་བཞེངས༔ དཀར་གསལ་རྡོར་དྲིལ་ཡུམ་དང་སྦྱོར༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ འཁོར་འདས་གདོད་ནས་བདུད་རྩི་ལྔ༔ མི་ཤིགས་ཐིག་ལེ་གཅིག་ཏུ་འཁྱིལ༔ ཨོཾ་བཛྲ་སཏྭ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ མཐར་ནི་བྱང་སེམས་ཐིག་ལེར་བསམ༔ ཧཱུྃ་གི་གླུ་བླངས་བཏགས་བཙག་སྦོལ༔ ཕབས་ཀྱིས་བྲན་ལ་ཐོད་པར་བསྩལ༔ བྷནྡྷ་ཞལ་སྦྱོར་དལ་དབུས་བཞག༔ ཚོགས་དང་གཏོར་མ་རྒྱ་ཆེན་བཤམ༔ བདག་དང་མདུན་རྟེན་ཧེ་རུ་ཀའི༔ དཀྱིལ་འཁོར་ཉིད་དུ་དབྱེར་མེད་བསྒོམ༔ བསྟོད་པའི་རྗེས་སུ་ཛཔ྄་ཁང་དབྱེ༔ ཕཊ་ཛ༔ ཡེ་ཤེས་རླུང་མེ་ཐོད་སྒྱེད་སྟེང༔ ཕྱི་སྣོད་དབྱིངས་ཀྱི་ཀ་པཱ་ལར༔ ནང་བཅུད་ཡེ་ཤེས་རྣམ་ལྔའི་སྤྲིན༔ བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས༔ རང་བྱུང་ལྷུན་གྲུབ་གཞལ་མེད་ཁང༔ འཇའ་ཚོན་དྭངས་མའི་ཟེར་དུ་འཁྲིགས༔ དེ་དབུས་དཔལ་ཆེན་ཧེ་རུ་ཀ༔ བདེ་བ་ཆེན་པོར་སྙོམས་ཞུགས་པའི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ༔ མ་བཅོས་གདོད་ནས་ཡོངས་གྲུབ་པའི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོར་བཞེངས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ག་ཡ་ཧོ༔ རཱ་ག་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ མ་ཧཱ་སུ་ཁ་ཨ་ཧཾ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ འཁོར་འདས་བདུད་རྩིའི་དྭངས་བཅུད་ཀུན༔ རང་དབང་མེད་པར་བཀུག་ཅིང་བསྟིམ༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་དེ༔ གསང་བ་མཆོག་གི་དགྱེས་པ་ན༔ མཁའ་ལ་སྤྲིན་བཞིན་འཁྱིལ་བ་ལས༔ དྭངས་མ་དངོས་གྲུབ་ཡེ་ཤེས་དབྱིག༔ དམ་ཚིག་རྫས་ལ་གཉིས་མེད་ཐིམ༔ བསམ་གྱིས་མི་ཁྱབ་བདེ་བ་ཆེ༔ མཐོང་ཚོར་མྱོང་བས་གྲོལ་བ་ཡི༔ རྡོ་རྗེ་ཁྲག་འཐུང་ངོ་བོར་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྐབས་སུ་སྨན་གྱི་དྲང་སྲོང་དང༔ རིག་འཛིན་སྲུང་མ་སྤྱན་དྲངས་ལ༔ བདུད་རྩི་འཐོར་ཞིང་དགོངས་པ་བསྐྱེད༔ རྟོག་པ་བསལ་ཞིང་ལས་ལ་བསྐུལ༔ ཧཱུྃ༔ རང་བཞིན་གཉུག་མ་བྱང་ཆུབ་སེམས༔ ཡང་དག་གྲུབ་པ་གཅིག་པུ་ལ༔ འཁོར་འདས་སྤང་བླང་མ་དམིགས་ཕྱིར༔ སྨན་སྲུང་ལྷ་དང་དྲང་སྲོང་ཚོགས༔ ཧེ་རུ་ཀ་ཡི་འདུ་བར་གཤེགས༔ གཙང་དང་རྨེ་བའི་རྟོག་པ་སྤོངས༔ ཐམས་ཅད་བདེ་བ་ཆེན་པོ་ཡི༔ དམ་ཚིག་མཆོག་འདི་གཉེར་དུ་ལོངས༔ བརྟན་གཡོའི་དྭངས་བཅུད་བསྡུ་བ་ཡི༔ ལས་ལ་མ་གཡེལ་ཕྲིན་ལས་སྒྲུབས༔ ཨོཾ་སརྦ་ཨ་མྲྀཏ་དེ་བ་ཌཱ་ཀ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ར་སཱ་ཡ་ན་སིདྡྷི་སིདྡྷི་ཀུ་རུ་ཧོ༔ དེ་རྣམས་ཉི་ཟེར་རྡུལ་ལྟར་འཕྲོས༔ སྣོད་བཅུད་བདུད་རྩི་ཐམས་ཅད་བཀུག༔ དཔལ་ཆེན་ཡབ་ཡུམ་མཁའ་ཀློང་གི༔ ཐིག་ལེར་བསྐྱིལ་ཞིང་དབབ་པར་བསམ༔ ལྷ་སྔགས་ཏིང་འཛིན་རྒྱུན་མི་གཅད༔ བར་ཆད་འབྱུང་པོ་ཕུར་བུས་གདབ༔ དངོས་གྲུབ་བྱིན་ཆེན་ཡང་ཡང་དབབ༔ དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར༔ རྟགས་མཐོང་ལྷ་ཉིད་སྨན་ལ་བསྟིམ༔ ཕོ་བྲང་རང་གི་སྤྱི་བོར་བླང༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག༔ དེང་འདིར་བསྩལ་ཞིང་བརྟན་པར་མཛོད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སིདྡྷི་ཨོཾ་ཨཱཿཧཱུྃ༔ གནས་གསུམ་གཏུགས་ཤིང་ཧཱུྃ་གི་གླུས༔ རྒྱ་བཀྲོལ་འོད་ཟེར་རང་ལ་བསྟིམ༔ ཕུད་ཀྱིས་ལྷ་མཆོད་བར་པ་མྱང༔ ཨོཾ་བཛྲ་ཨ་མྲྀཏ་ཨ་ལ་ལ་ཧོ༔ དེ་ནས་སྐལ་ལྡན་གཞན་ལའང་སྦྱིན༔ མཐོང་ཚོར་མྱོང་བ་ཐམས་ཅད་ཀུན༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཧེ་རུ་ཀ་དང་དབྱེར་མེད་འགྱུར༔ ས་མ་ཡ༔ བླ་མེད་མཆོག་གི་ཡེ་ཤེས་ནི༔ མྱུར་དུ་འཆར་བའི་ཐབས་ཆེན་པོ༔ གུད་དུ་སྦས་པའི་ཐུགས་ཁྲིད་འདི༔ སྣོད་ལྡན་ངེས་པ་ཅན་ལ་སྟོན༔ དབང་ཐོབ་དམ་ཚིག་རྣམ་པར་དག༔ ཚེ་གཅིག་བྱང་ཆུབ་དོན་གཉེར་བས༔ དབེན་སར་འཇིག་རྟེན་བྱ་བ་བཏང༔ བདེ་བའི་སྟན་འདུག་རླུང་རོ་བསལ༔ དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་དབྱུང་དྲག་ཏུ་སྐྱེད༔ རང་གཞན་སྡུག་བསྔལ་ལས་སྒྲོལ་ཕྱིར༔ སྐྱབས་སོང་བྱང་ཆུབ་མཆོག་སེམས་བཟུང༔ ཁྱད་པར་བྱིན་རླབས་འབེབ་པ་ནི༔ ཨ༔ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་སྙེམས་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཡབ་ཡུམ་མཉམ་སྦྱོར་ཁྲོ་བོའི་ཆས༔ བདེ་དྲོད་མེ་ཕུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆག་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་བཛྲ་སཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པའི་སྔགས་ཀྱིས་ཐུགས་རྒྱུད་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་སྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཡང་ཡང་བསྐུལ་ཞིང་གསོལ་གདབ་མཐར༔ རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་བསམ༔ དམིགས་མེད་བརྗོད་བྲལ་ངང་དུ་བཞག༔་་་བླ་མའི་རྣལ་འབྱོར་ཞི་ཁྲོ་སྦྲགས་སྒྲུབ་འདི་ཆིག་བརྒྱུད་ཁོ་ནའོ་ཞེས་ཌཱ་ཀི་ནཱི་དགྱེས་པའི་གླུ་ལས་ཐོས་སོ། །མཆན། དེ་ནས་དངོས་གཞིའི་རྣལ་འབྱོར་ལ༔ ལྟ་སྒོམ་སྤྱོད་པ་རྣམ་གསུམ་སྟེ༔ ལྟ་བ་རིག་སྟོང་གཉུག་མའི་བབ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ བློ་འདས་ཆེན་པོར་ལ་བཟླ་འོ༔ སྒོམ་པ་རྣལ་འབྱོར་ཟབ་མོའི་ལམ༔ སྤྲུལ་སྐུ་རྫོགས་བྱེད་དབྱིབས་ཀྱི་རིམ༔ རང་བྱུང་སྔགས་ཀྱི་སྒྲ་གདངས་ལས༔ དཔལ་ཆེན་ཁྲག་འཐུང་ཕྱག་རྒྱར་བརྟག༔ ཆུ་ཟླ་འཇའ་ཚོན་བཞིན་དུ་གསལ༔ རྩེ་གཅིག་སེམས་བཟུང་ང་རྒྱལ་བརྟན༔ གཞི་ལམ་འབྲས་གསུམ་དབྱེར་མེད་པ༔ རང་བཞིན་ཡོངས་གྲུབ་དག་པ་དྲན༔ སྐབས་སུ་རླུང་གི་སྦྱོར་བས་འཆིང༔ རེས་འགའ་མི་དམིགས་ངང་དུ་ཀློད༔ སྐབས་སུ་རྡོ་རྗེའི་གསང་སྔགས་བཟླ༔ སྐུ་དང་འོད་ཟེར་སྤྲོ་བསྡུ་ཡིས༔ ཏིང་འཛིན་རྩལ་སྦྱངས་ཕྲིན་ལས་འགྲུབ༔ ལོངས་སྐུ་རྫོགས་བྱེད་སྔགས་ཀྱི་རིམ༔ ལུས་གནད་ཆུན་བཙལ་རླུང་དུག་དབྱུང༔ རྩ་གསུམ་འཁོར་ལོ་བཞི་ལྡན་གསལ༔ འཁྲུལ་འཁོར་བྱ་ཞིང་ལམ་སྦྱངས་ཏེ༔ ལྟེ་བའི་བུམ་ཅན་རྩེ་གཅིག་བརྟན༔ དེ་གོམས་གཏུམ་མོ་སྦར་བའི་མེས༔ ཧཾ་བཞུ་དྲོད་དང་བདེ་བ་བསྐྱེད༔ མཐར་ནི་དབུ་མའི་སྟོང་པར་བསྡུ༔ མི་རྟོག་ངང་དུ་ཡུན་རིང་བཞག༔ ཆོས་སྐུ་རྫོགས་བྱེད་ཆོས་ཀྱི་རིམ༔ སྙིང་དབུས་མི་ཤིགས་ཐིག་ལེ་ལ༔ ཟག་པ་མེད་པའི་བདེ་བ་བསྟིམ༔ རྩེ་གཅིག་སེམས་བཟུང་ཟིན་པ་ན༔ འོད་ཟེར་གཞའ་ཚོན་ལྟ་བུའི་སྤྲིན༔ རོ་རྐྱང་ལམ་བརྒྱུད་སྣོད་བཅུད་ཁྱབ༔ བདེ་བ་ཆེན་པོའི་ངང་དུ་ཞུ༔ ཚུར་འདུས་སྙིང་གའི་ཐིག་ལེར་བསྟིམ༔ དེ་ཉིད་ཁོ་ནར་རྟེན་བྱས་ཏེ༔ དུས་གསུམ་རྟོག་པའི་རྒྱུན་ལུགས་བཅད༔ ད་ལྟའི་ཤེས་པ་སྐད་ཅིག་མ༔ རིག་སྟོང་ཁྱབ་བརྡལ་ཆེན་པོའི་ངང༔ བཅས་བཅོས་སྤྲོ་བསྡུ་བྲལ་བར་བཞག༔ འཇམ་རླུང་བཟུང་ཞིང་ཕྱི་ནང་གི༔ དབྱིངས་རིག་བསྲེས་ཏེ་ལམ་དུ་ཁྱེར༔ དེ་ལྟར་ཉམས་སུ་བླངས་པ་ལས༔ རྟགས་དང་རྟགས་ཅན་འོད་གསལ་དང༔ ཚོར་བ་ཐམས་ཅད་བདེ་བར་འཆར༔ རྩོལ་མེད་རླུང་སེམས་ཟིན་པ་ན༔ བོགས་འདོན་ཡིད་ཀྱི་རིག་མ་དང༔ དེ་གོམས་ལས་ཀྱི་ཕྱག་རྒྱ་ལ༔ སྤྱོད་པའི་བརྟུལ་ཞུགས་མཐར་དབྱུང་ངོ༔ དེ་ལས་འབྲས་བུ་མངོན་བྱེད་ཚུལ༔ ངོ་སྤྲོད་རྗེས་ཀྱི་རིམ་པ་ནི༔ རླུང་སེམས་དབུ་མར་འདུ་བའི་ཉམས༔ ཟབ་མོ་ཚོགས་ཀྱི་ལམ་ཡིན་ཏེ༔ གནས་པས་དྲོད་ཀྱི་ཡེ་ཤེས་སྐྱེ༔ ཐིམ་པའི་རང་རྩལ་རྫོགས་པ་ལས༔ བདེ་བ་ཆེན་པོ་མངོན་བྱས་ཏེ༔ དེ་ཉིད་སྟོང་པར་རིག་པ་ཡིས༔ ཟུང་འཇུག་འཕགས་པའི་བདེན་པ་མཐོང༔ དབུ་མའི་མདུད་གྲོལ་རླུང་སེམས་ཐིམ༔ ཐིག་ལེ་ཟག་མེད་བདེ་བར་ཤར༔ ས་དང་ལམ་ཀུན་མངོན་བྱས་ཏེ༔ རྣམ་ཐར་བཞི་ལྡན་སྐུ་བཞིའི་བདག༔ ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ༔ ས་མ་ཡ༔ རྒྱུད་དང་ལུང་དང་མན་ངག་ལས༔ དཔལ་ཆེན་ཡང་དག་སྒྲུབ་པའི་ཐབས༔ བདེན་གཉིས་ཚུལ་དུ་གང་བསྟན་པ༔ སྙིང་པོའི་སྙིང་པོ་འདི་ཡིན་ནོ༔ རང་བྱུང་ཆེན་པོ་པདྨ་ཡི༔ ཡང་ཟབ་ཐུགས་ཀྱི་ཏི་ལ་ཀ༔ ད་ལྟའི་མངའ་བདག་རྗེ་འབངས་དང༔ མ་འོངས་སྐལ་ལྡན་འདུས་པའི་དོན༔ ཆོས་ཉིད་བདེ་ཆེན་རང་སྒྲར་ཤར༔ དབྱིངས་རིག་ཟུང་འཇུག་ཐིག་ལེར་བསྟིམ༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཐབས༔ རིག་འཛིན་ཡོངས་ཀྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ མ་འོངས་འདི་སྤྱོད་སྐྱེས་བུ་ནི༔ པདྨ་བདག་གིས་བྱིན་བརླབས་པ༔ འགྲོ་བ་འདུལ་བའི་སྤྲུལ་པ་ཞིག༔ ལྷོ་ནས་སྒྱུ་མའི་ངང་མདངས་ཟུང༔ ཐབས་ཤེས་ཟུང་འཇུག་ཆེན་པོར་ཤར༔ འཕགས་པའི་སྤྲུལ་པ་གཙང་ནས་འབྱུང༔ ལྷོ་མོན་སྔགས་སྤྱོད་ཞིག་པོའི་ཚུལ༔ ཁམས་ཀྱི་ཤར་ནས་དད་པ་ཅན༔ བློ་བརྟན་སྒྲུབ་ལ་དགའ་བ་སྟེ༔ དེ་དག་རྣམས་དང་འདི་འཕྲད་ན༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ འཁྲུལ་པ་ཞིག་ཅིང་སྣང་སེམས་འདྲེས༔ ཕྲིན་ལས་སྒོ་དབྱེ་འབྲེལ་ཚད་གྲོལ༔ གཞན་ཡང་ལས་ཅན་མང་ཞིག་གིས༔ གསང་ནས་སྤྱོད་པས་དོན་ཆེན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཙིཏྟ་མནྟྲ་ཏི་ལ་ཀ་གུ་ཧྱ༔ ཞེས་སློབ་དཔོན་ཧཱུྃ་ཀཱ་རས་བྱིན་གྱིས་བརླབ་ཅིང་། རང་བྱུང་པདྨ་འབྱུང་གནས་ཀྱིས་སྙན་བརྒྱུད་དུ་གདམས་པ་ལྟར། པདྨ་འོད་གསལ་མདོ་སྔགས་གླིང་པས་ཀུན་མཁྱེན་འཕགས་པའི་སྤྲུལ་པ་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་ཡབ་སྲས་སོགས་ལུང་ཟིན་རྣམས་ཀྱི་དོན་དུ་ཡི་གེར་བཏབ་ཅིང་། སྤྲུལ་པའི་གཏེར་སྟོན་ཆེན་པོར་སྨིན་གྲོལ་ཚངས་སྤྲུགས་སུ་ཕུལ་བས་ཐུགས་ཉམས་ཁྱད་པར་ཅན་ཤར་བ་སོགས་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་ཟབ་རྒྱས་སུ་གྱུར་པ་ཤིན་ཏུ་གསང་བའི་ཆོས་སྡེའོ།། །།

མངོན་དགའི་ཞིང་གི་སྨོན་ལམ་བདེ་ཆེན་སྒོ་འབྱེད་ (Volume 48, Text 30)

༄༅། །མངོན་དགའི་ཞིང་གི་སྨོན་ལམ་བདེ་ཆེན་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཨཀྵོ་བྷྱཿ འདི་ནས་ཤར་གྱི་ཕྱོགས་ཀྱི་ནམ་མཁའ་ལ། །ཞིང་གི་མཆོག་གྱུར་མངོན་པར་དགའ་བ་ཞེས། །དཔག་ཡས་ཡོན་ཏན་རིན་ཆེན་གཏེར་གྱི་མཛོད། །ངོ་མཚར་བཀོད་པ་བསམ་ཡས་ལ་ཕྱག་འཚལ། །ཐ་གྲུ་རབ་ཡངས་ལྟ་ན་མངོན་པར་སྡུག །རིན་ཆེན་སྣ་བདུན་རི་བོ་བཀོད་ལེགས་ཤིང་། །གསེར་གྱི་ས་གཞི་ཐ་གྲུ་ཡངས་ཤིང་མཉམ། །ལྷ་ཡི་མེ་ཏོག་སིལ་མར་ཁེངས་ལ་འདུད། །བྱང་ཆུབ་ལྗོན་ཤིང་རིན་ཆེན་དྲྭ་བ་དང་། །བཀྲ་ཤིས་དགེ་བའི་མཚན་རྟགས་ཅིར་ཡང་བཀྲ། །ལྷ་ཡི་བྱ་ཚོགས་སྐད་སྙན་རབ་སྒྲོག་ཅིང་། །གང་ལ་ཅི་འདོད་ངང་གིས་འབྱུང་ལ་འདུད། ཁྲུས་ཀྱི་ཁང་པ་ཉམས་དགའི་རྫིང་བུ་དང་། །སྐྱེད་མོས་ཚལ་ཆེན་ནོར་བུའི་འགྲམ་སྟེགས་ཀྱི། །གུ་ན་ཏྭ་རས་ཡོངས་སུ་བསྐོར་བ་དང་། །གླང་ཆེན་ཐལ་དཀར་སོགས་ཀྱིས་གང་ལ་འདུད། །བཻ་ཌཱུར་སྔོན་པོ་ནམ་མཁའི་མདངས་འོད་ཀྱིས། །ཀུན་ནས་འཁྱུད་པའི་གཞལ་མེད་ཁང་སུམ་བརྩེགས། །གསེར་དང་པད་རག་བད་སྔོན་རྒྱ་ཕིབས་རྩེར། །རྡོ་རྗེ་ནོར་བུའི་ཏོག་གི་མཛེས་ལ་འདུད། །དེ་དབུས་གླང་པོས་བཏེགས་པའི་རིན་ཆེན་ཁྲིར། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །རྒྱལ་བ་མི་འཁྲུག་མགོན་པོ་འོད་མཐའ་ཡས། །མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་ལ་འདུད། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །སྐུ་དང་ཞལ་ནི་སྣ་ཚོགས་ཅིར་ཡང་འགྱུར། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་མི་བསྐྱོད་རྒྱལ་ལ་འདུད། །སྐུ་ཡི་འོད་ཟེར་ཆེན་པོའི་ཆོ་འཕྲུལ་དང་། །གསུང་དབྱངས་འཛད་མེད་ཞིང་ཁམས་ཀུན་ཏུ་སྒྲོག །ཐུགས་ནི་འོད་གསལ་ནམ་མཁའ་དྲི་མ་མེད། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་ལ་འདུད། །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པ། །སྤྲུལ་པའི་ཉན་རང་བྱང་སེམས་འཕགས་པའི་ཚོགས། །རྒྱ་བོད་མཁས་དང་གྲུབ་རིགས་རྒྱ་མཚོ་ཡི། །འཁོར་ཚོགས་རྒྱ་མཚོ་གཏིང་མཐའ་མི་མངོན་འདུད། །དེ་རྣམས་ཀུན་ཀྱང་དབང་པོ་རྣོན་པོ་དང་། །འབྱོར་པ་མཉམ་ཞིང་སྐུ་ཡི་འོད་ཟེར་གྱིས། །སྟོང་ཁམས་ཁྱབ་པས་མུན་པའི་གོ་སྐབས་མེད། །སྐྱེ་རྒ་ན་འཆིའི་བག་ཆགས་སྤངས་ལ་འདུད། །གསང་བ་ཐུན་མིན་རྡོ་རྗེ་རིགས་ཀྱི་འཁོར། །ཞི་དང་ཁྲོ་བོའི་རོལ་གར་མཐའ་ཡས་ཤིང་། །དཔའ་བོ་ཌཱ་ཀི་བྱེ་བ་ས་ཡ་དང་། །ལྷན་ཅིག་རྡོ་རྗེའི་རོལ་གར་སྟོན་ལ་འདུད། །ཐེག་ཆེན་རྒྱུ་འབྲས་ཆོས་འཁོར་རྟག་ཏུ་བསྐོར། །སྡུག་བསྔལ་མིང་ཙམ་མི་གྲགས་བདེ་ཆེན་ཞིང་། །ཏིང་འཛིན་སྒོ་བརྒྱ་འཇུག་ལྡང་སྐད་ཅིག་སྟོན། །ཞིང་གཞན་སངས་རྒྱས་བྱང་སེམས་ལྷགས་ལ་འདུད། །དེ་དག་རྣམས་དང་ཆོས་ཀྱི་བགྲོ་བ་མཛད། །སྐད་ཅིག་བསྐལ་པ་ཞིང་ཁམས་རྒྱ་མཚོར་འཇུག །སྐུ་ཚེ་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ། །ཟབ་དང་རྒྱ་ཆེའི་ཆོས་སྟོན་མཛད་ལ་འདུད། །མ་འོངས་མྱང་འདས་ཚེ་ན་སྤྲུལ་པའི་སྐུ །སྟོང་གསུམ་ཁྱབ་པའི་ཆོས་སྟོན་ས་ཆེན་གཡོ། །སྐུ་གདུང་དུམ་བུ་འཕྲོ་ལས་བཀྲ་ཤིས་དབྱིབས། །འབྱུང་བཞི་མཆོད་རྟེན་རྒྱས་པར་འགྱུར་ལ་འདུད། །ཞེ་སྡང་ཁོང་ཁྲོའི་ཐ་བས་དཀྲིས་པ་སོགས། །འགྲོ་དྲུག་ལས་ཀྱིས་མནར་བའི་སྐྱེ་འགྲོ་རྣམས། ཁྱོད་མཚན་དྲན་དང་གཟུངས་སྔགས་མཐོང་ཙམ་གྱིས། །བསྐལ་པར་བསགས་པའི་ལས་སྒྲིབ་བྱང་ལ་འདུད། །ཆོས་ཀྱི་བདུད་རྩིའི་ཟེགས་མའི་ཤས་ཙམ་གྱིས། །འགྲོ་བ་དཔག་མེད་བྱང་ཆུབ་ལ་འགོད་ཅིང་། །དེ་དག་བདུད་ཀྱི་བརྫི་མེད་དམན་མི་འབྱུང་། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་རྫོགས་ལ་འདུད། །སྔོན་ཚེ་དགེ་སློང་ཆོས་ཀྱི་གོ་ཆ་ཡི། །ཐུགས་བསྐྱེད་སྨོན་ལམ་བཏབ་པའི་རང་འབྲས་ཀྱིས། །སངས་རྒྱས་ཀུན་ལས་ཕྲིན་ལས་ཆེས་ལྷག་པའི། །མི་འཁྲུག་མགོན་པོའི་ཞབས་ལ་ཕྱག་འཚལ་འདུད། །ངེས་པའི་དོན་དུ་སྟོན་པ་གནས་དང་འཁོར། །ཆོས་དང་དུས་རྣམས་འཕེལ་འགྲིབ་ཀུན་བྲལ་ཞིང་། །མི་ཟད་རྒྱན་གྱི་འཁོར་ལོ་རྟག་ཅིང་ཁྱབ། །ལྷུན་གྲུབ་བསམ་བརྗོད་བྲལ་བའི་ངོ་བོར་འདུད། །དེ་ལྟར་གུས་པས་བསྟོད་ཅིང་གསོལ་འདེབས་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་གྱིས་མཆོད། །ཚེ་རབས་བསགས་པའི་སྡིག་ལྟུང་ཐམས་ཅད་བཤགས། །འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་སྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་འགྲོ་བ་ཀུན་ལ་བསྔོ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །བདག་དང་བདག་ལ་འབྲེལ་པ་ཐོབ་ཚད་རྣམས། །ནམ་ཞིག་དབུགས་ནི་ཆད་པར་གྱུར་པ་ན། །བླ་མ་བཅོམ་ལྡན་རྡོ་རྗེ་མི་འཁྲུག་པ། །མངོན་སུམ་བྱོན་ནས་ཞིང་དེར་ཁྲིད་པར་ཤོག །སྐྱེས་མ་ཐག་ཏུ་སངས་རྒྱས་ཞལ་མཐོང་ཞིང་། །དམ་ཆོས་ཉན་ཏེ་རྫོགས་སྨིན་སྦྱང་མཐར་ཕྱིན། །མཐར་ནི་མི་བསྐྱོད་མགོན་དང་དབྱེར་མེད་ཅིང་། །སྤྲུལ་པས་ཕྱོགས་བཅུར་འགྲོ་བའི་དོན་བྱེད་ཤོག །རྒྱལ་བ་མི་འཁྲུག་མགོན་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི །འདྲེན་པ་མཆོག་གྱུར་བཅོམ་ལྡན་མི་འཁྲུག་པའི། །ཞིང་ཁམས་རྟེན་དང་བརྟེན་པ་ཡིད་མཁར་བཀོད། །རྡུལ་སྙེད་ལུས་ཇི་སྤྲུལ་ཏེ་མགོན་ཕྱག་འཚལ། །རང་བཞིན་སྤྲུལ་པའི་ཞིང་ལྔར་སྣང་བའི་གཞི། །སྙིང་དབུས་དྭངས་པའི་མེ་ལོང་ཡེ་ཤེས་ཀྱི། །འོད་རྩར་སྣང་བའི་མངོན་དགའི་ཞིང་མཆོག་གི །རང་བཞིན་ཡོངས་སུ་ཤེས་པས་ཕྱག་བགྱི་འོ། །བདུད་སྡེ་བྱེ་བ་ཁྲག་ཁྲིག་དག་གིས་ཀྱང་། །མི་འཁྲུག་བཀོད་པའི་གོ་ཆ་རབ་བགོས་ཤིང་། །སྟོབས་བཅུའི་དབང་ཕྱུག་དེ་བཞིན་གཤེགས་པའི་གཙོ། །དཔལ་ལྡན་མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ། །གང་སྔོན་བདེ་གཤེགས་སྤྱན་ཆེན་པོ་ཡི་དྲུང་། །གཞན་གྱི་དཔེ་ཟླར་མེད་པའི་ཐུགས་བསྐྱེད་བཞེས། །སྤྱད་པ་སྤྱོད་ཚེ་གཞན་གྱི་གནོད་སེམས་ཀྱིས། །མི་གཡོ་མཆོག་ཏུ་བརྟན་པར་མཛད་ལ་འདུད། །ཅེས་པའང་དད་ཅིང་གུས་པས་ཀུན་ནས་བསླངས་ཏེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་འདིས་ཀྱང་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་དགོས་འདོད་ཀུན་འབྱུང་ (Volume 10, Text 30)

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ༔ བླ་མེད་དཀོན་མཆོག་གསུམ་ལ་འདུད༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་སྐལ་ལྡན་དོན་ཆེད་དུ༔ རང་གི་སྒྲུབ་པ་རང་གིས་མཛད༔ དེ་དག་ཀུན་གྱི་ཡང་སྙིང་བཅུད༔ གུ་རུ་བདེ་བ་ཆེན་པོ་ཡི༔ ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་དགོས་འདོད་ཀུན་འབྱུང་འདི༔ སུ་འཕྲད་དུས་གསུམ་ཀུན་ཏུ་དགེ༔ བསམ་པ་ཐམས་ཅད་འདི་ཡིས་འགྲུབ༔ དེ་ཕྱིར་ཕྱི་རབས་དད་ལྡན་རྣམས༔ འདི་ལ་རྟག་ཏུ་ནན་ཏན་མཛོད༔ ས་མ་ཡ༔ ཐོག་མར་བཀྲ་ཤིས་བྱིན་ཆགས་པའི༔ དབེན་གནས་བཙལ་ལ་ཡོ་བྱད་བསགས༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང༔ སྐུ་གསུང་ཐུགས་རྟེན་ཡིད་འོང་དང༔ སྨན་རག་གཏོར་ཚོགས་མཆོད་པ་བཤམ༔ བདེ་བའི་སྟན་འདུག་ལུས་གནད་བསྲང༔ རླུང་རོ་བསལ་ལ་ངེས་འབྱུང་གི༔ བསམ་པ་དྲག་པོས་ཀུན་བསླངས་ནས༔ རྣལ་འབྱོར་ཟབ་མོར་འཇུག་པ་ལ༔ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ དང་པོར་སྦྱོར་བའི་ཆོས་བདུན་ལས༔ ཐོག་མར་སྐྱབས་ཡུལ་སྔགས་འདིས་བསྐུལ༔ ན་མོ་རཏྣ་ཏྲ་ཡཱ་ཡ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ མདུན་གྱི་ནམ་མཁར་བྱོན་པར་བསམ༔ གཉིས་པ་སྐྱབས་སུ་བཟུང་བ་ནི༔ བདག་གཞན་སྒོ་གསུམ་རྩེ་གཅིག་པས༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གསུམ་པ་སྨོན་འཇུག་སེམས་བསྐྱེད་ནི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ བཞི་པ་ཡན་ལག་བདུན་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལྔ་པ་ཚོགས་ཞིང་བསྡུ་བ་ནི༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རང་ལ་ཐིམ་པར་བསམ༔ གཉིས་པ་བགེགས་ལ་བཀའ་བསྒོ་བར༔ རྣམ་པ་ལྔ་ལས་དང་པོ་ནི༔ རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ གཉིས་པ་གཏོར་མའི་དངོས་པོ་སྦྱང༔ རཾ་ཡཾ་ཁཾ༔ གསུམ་པ་འདོད་ཡོན་རྣམ་ལྔར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ བཞི་པ་བགེགས་རིགས་དགུག་པ་ནི༔ ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛ༔ ལྔ་པ་བསྔོ་ཞིང་བསྐྲད་པ་ནི༔ ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ གསུམ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཕྱག་མཚན་ལྔ་ཡི་ཚོགས་སྤྲོས་པས༔ སྲུང་བའི་འཁོར་ལོའི་གུར་ཆེན་པོ༔ ཡེ་ཤེས་མེ་ཕུང་འཕྲོ་བར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ༔ བཞི་པ་བཤགས་པ་བྱ་བར་བཞི༔ དང་པོ་སྣང་སྲིད་དཀྱིལ་འཁོར་བལྟ༔ ཧཱུྃ་ཧྲཱི༔ མ་བཅོས་དབྱིངས་སུ་སྣང་སྲིད་ཀུན༔ བླ་མ་རིག་འཛིན་འཁོར་ལོར་ཤར༔ ཡེ་ནས་རང་ལ་རྫོགས་པའི་ཕྱིར༔ རང་རིག་བརྡ་ཡི་སྒོ་དབྱེ་འོ༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ གཉིས་པ་གསལ་གདབ་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་རིག་སྟོང་བྱང་ཆུབ་སེམས༔ ལྷ་དང་དཀྱིལ་འཁོར་ཡིན་མོད་ཀྱང༔ མ་རིག་འཁྲུལ་པའི་སྒྲིབ་བསལ་ནས༔ གཉིས་མེད་ཡེ་ཤེས་མཇལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ གསུམ་པ་ཉོན་མོངས་སྒྲིབ་བཤགས་ནི༔ ཧོཿ ཡེ་ནས་གཉིས་སུ་མེད་པ་ལ༔ གཉིས་འཛིན་རྟོག་པའི་གཞན་དབང་གིས༔ ཉོན་མོངས་ལས་སྒྲིབ་ཅི་བསགས་པ༔ མཉམ་ཉིད་དབྱིངས་སུ་བཤགས་པར་བགྱི༔ ས་མ་ཡ་ཤུདྡྷེ་ཨ༔ བཞི་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་བླ་མ་ལྷ༔ དེང་འདིར་བདག་གི་སེམས་སུ་རྟོགས༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཡང་དག་སྙིང་པོ་བཟུང་བར་བགྱི༔ བོ་དྷི་ཙིཏྟ་བཛྲ་ཛྙཱ་ན་ཧཱུྃ༔ ལྔ་པ་བྱིན་ཆེན་འབེབ་པ་ནི༔ སྤོས་བསྲེག་རོལ་མོ་གླུ་དབྱངས་བྱ༔ གདུང་བའི་ཤུགས་བསྐྱེད་རྩེ་གཅིག་པས༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ རྩ་གསུམ་ལྷ་ཚོགས་གསང་བ་གསུམ༔ སྤྱན་དྲངས་བདག་གནས་རྫས་ལ་ཐིམ༔ བྱིན་རླབས་གཟི་བྱིན་བསྐྱེད་པར་བསམ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང་ཁམས་ནས༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པ༔ ཐུགས་རྗེའི་བརྩེ་བས་གནས་འདིར་གཤེགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་པ༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་རློབས༔ འདིར་ཚོགས་རྣལ་འབྱོར་ལུས་ངག་ཡིད་གསུམ་ལ༔ དབང་སྐུར་བྱིན་ཕོབ་རྡོ་རྗེའི་ཡེ་ཤེས་སྐྱེད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ དྲུག་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ་ཧྲཱི༔ རཾ་ཡཾ་ཁཾ་གིས་མ་དག་དངོས་ཀུན་སྦྱངས༔ སྟོང་པའི་ངང་ལས་བྷནྡྷ་རྣམ་གསུམ་དུ༔ ཨོཾ་ལས་གཏོར་མ་འདོད་ཡོན་སྤྲིན་ཕུང་འཕྲོ༔ ཨཱཿལས་ཆགས་མེད་རཀྟའི་རྦ་ཀློང་འཁྱིལ༔ ཧཱུྃ་ལས་ཡེ་ཤེས་ལྔ་ལྡན་བདུད་རྩིའི་མཚོ༔ ཧྲཱིཿལས་ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ བསམ་གྱིས་མི་ཁྱབ་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ བདུན་པ་རང་རིག་གསལ་གདབ་ནི༔ བརྡ་སྒོ་ཕྱེས་པའི་ཡེ་ཤེས་པ༔ རང་དང་དབྱེར་མེད་ང་རྒྱལ་བཟུང༔ ཧཱུྃ་ཧྲཱི༔ རང་རིག་གདོད་ནས་སྟོང་ཞིང་གསལ༔ ཟུང་འཇུག་སྐུ་དང་ཡེ་ཤེས་ངང༔ མ་བཅོས་སྤྲོས་བྲལ་དེ་བཞིན་གཤེགས༔ བླ་མ་རིག་འཛིན་ངོ་བོར་རྫོགས༔ ཨོཾ་མ་ཧཱ་གུ་རུ་ས་མ་ཡ་ཧཱུྃ༔ གཉུག་མ་དོན་གྱི་ལྷ་སྐུ་དང༔ དབྱེར་མེད་རོ་མཉམ་ཆེན་པོར་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་གཉིས་པ་དངོས་གཞི་ལ༔ རྣམ་བདུན་ཐོག་མར་བསྐྱེད་རིམ་ནི༔ ཧཱུྃ་ཧྲཱི༔ ཆོས་རྣམས་ཡེ་ནས་རྣམ་གྲོལ་དེ་བཞིན་ཉིད༔ སྨྲ་བསམ་བརྗོད་བྲལ་མཁའ་ལྟར་དག་པ་ལས༔ འོད་གསལ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ རང་བྱུང་བརྩེ་བའི་སྙིང་རྗེ་ཡོངས་ལ་ཁྱབ༔ དབྱིངས་རིག་ཟུང་འཇུག་རྒྱུ་ཡི་སྙིང་པོ་ཧྲཱི༔ དཀར་དམར་མདངས་ལྡན་མཁའ་ལ་ཉི་ལྟར་ཤར༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་སྣོད་བཅུད་སྦྱངས༔ ཚུར་འདུས་དྭངས་མ་འབྱུང་ལྔ་རིམ་བརྩེགས་སྟེང༔ མི་ཕྱེད་རྡོ་རྗེ་སྲུང་བའི་གུར་ཆེན་དབུས༔ རྒྱུ་ལས་བྷྲཱུྃ་འཕྲོས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ ཡེ་ཤེས་རིགས་བཞིའི་ཁ་དོག་རྣམ་པར་བཀྲ༔ རིམ་ལྔའི་རྩིག་པ་ཕ་གུ་དྲྭ་བ་དང༔ དྲྭ་ཕྱེད་མདའ་ཡབ་ནོར་བུའི་ཏོག་གིས་སྤྲས༔ འདོད་སྣམ་དམར་པོར་བདེ་བའི་མཆོག་སྟེར་མ༔ བཅུ་དྲུག་རིག་མས་མཆོད་སྤྲིན་བསམ་ཡས་སྤྲོ༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་ཆེ༔ འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས༔ དགོས་འདོད་ཀུན་སྩོལ་རིན་ཆེན་ཟུར་བརྒྱད་དང༔ ཡིད་འོང་པདྨ་འདབ་བཞིའི་སྙིང་པོ་རུ༔ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ རྒྱུ་ཡི་ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ དྲེགས་པ་ཀུན་འདུལ་དཔལ་ཆེན་ཆེ་བའི་མཆོག༔ སྨུག་ནག་སྐུ་ནི་བརྗིད་པའི་ཉམས་དང་ལྡན༔ ཕྱག་གཡས་ཐོད་འཁར་གཡོན་པས་བྷནྡྷ་བསྣམས༔ ཞབས་གཉིས་བཞེངས་སྟབས་འཇའ་ཟེར་འོད་ཕུང་འབར༔ དྲེགས་པ་སྡེ་བཞི་་་ཤར་དུ་གཤིན་རྗེ་མཐིང་ནག་འཁོར་ལོ་དང་ཐོད་ཁྲག །ལྷོར་སྐོས་རྗེ་དྲང་དཀར་མཐིང་ག་ཁྲམ་ཤིང་དང་བདུད་ཞགས། ནུབ་ཏུ་ཡམས་ཤུད་དམར་པོ་མདུང་དར་དང་བཙན་ཞགས། བྱང་དུ་གངས་བཟང་ནག་པོ་བེ་ཅོན་དང་ནད་རྐྱལ་འཛིན་པའོ། ལས་བྱེད་ཕོ་ཉར་འགྱེད༔ འཁོར་འདས་ཟིལ་གནོན་བླ་མའི་སྐུ་རུ་གསལ༔ དེ་ཡི་སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དབུས༔ རིགས་ཀྱི་བདག་པོ་པདྨ་སཾ་བྷ་བ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མའི་སྐུ༔ དུག་ལྔ་གནས་གྱུར་ཡེ་ཤེས་ལྔ་རྫོགས་པའི༔ མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ དཀར་དམར་མདངས་ལྡན་རྗེས་སུ་ཆགས་པའི་ཉམས༔ མཚན་དཔེའི་གཟི་བྱིན་གདུལ་བྱའི་དཔལ་དུ་འབར༔ ཞལ་གཅིག་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱའི་སྟེང༔ བདེ་སྟོང་དབྱེར་མེད་བདུད་རྩིའི་ཐོད་པའི་དབུས༔ སྡུག་བསྔལ་ཀུན་སེལ་བཾ་ཡིག་དཀར་པོས་མཚན༔ སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ་དང༔ ཕོད་ཆེན་མཐིང་ནག་ཆོས་གོས་རྣམ་གསུམ་དམར༔ ཟ་འོག་བེར་སྨུག་དབང་གི་མདོག་ཅན་གསོལ༔ དབུ་ལ་ཤེའུའི་སྙན་ཞུ་བརྗིད་པས་མཛེས༔ སྐུ་གསུམ་བདག་ཉིད་རྒྱལ་ཀུན་འདུས་པའི་གཟུགས༔ སྐུ་ཡིས་ཞིང་ཁམས་ཀུན་ཁྱབ་འོད་ཟེར་འབར༔ བདེ་བར་གཤེགས་པ་སྲས་བཅས་སྐུ་ལ་རྫོགས༔ འཇའ་ཟེར་ཐིག་ལེ་འོད་ལྔར་འཁྲུགས་པའི་ཀློང༔ འཁོར་འདས་མཉམ་ཉིད་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ བྱིན་རླབས་ཆར་འབེབ་བླ་མའི་སྐུ་རུ་གསལ༔ ཕྱོགས་དུས་དཀོན་མཆོག་རྩ་གསུམ་ཆོས་སྲུང་བཅས༔ རེ་ལྟོས་སྐྱབས་རྣམས་ཐམས་ཅད་འདུས་པར་གྱུར༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ ཤར་དུ་གུ་རུ་པདྨ་སྨན་གྱི་རྒྱལ༔ བཻཌཱུར་མདོག་ཅན་ཕྱག་གཡས་ཨ་རུ་ར༔ གཡོན་པས་མཉམ་གཞག་བདུད་རྩིའི་བྷནྡྷ་བསྣམས༔ རིགས་བཞིའི་དྲང་སྲོང་་་རིག་པའི་ཡེ་ཤེས་དཀར་སེར་དམར་ལྗང་སྨན་མཆོག་འཛིན་པས་བསྐོར༔ ཉོན་མོངས་གདུང་སེལ་བླ་མའི་སྐུ་རུ་གསལ༔ ལྷོ་རུ་གུ་རུ་ནོར་ལྷ་དབང་གི་རྒྱལ༔ གསེར་མདོག་ཕྱག་གཡས་རིན་ཆེན་འབར་བ་དང༔ གཡོན་པས་འདོད་རྒུའི་མཆོག་སྩོལ་ཐོད་པ་བསྣམས༔ ནོར་བདག་རིགས་བཞི་་་ཛམྦྷ་ལ་དཀར་སེར་དམར་ནག་ཡིད་བཞིན་བསམ་འཕེལ་འཛིན༔ དབུལ་བའི་གདུང་སེལ་བླ་མའི་སྐུ་རུ་གསལ༔ ནུབ་ཏུ་གུ་རུ་ཡི་དམ་དབང་གི་རྒྱལ༔ རཱ་གའི་མདོག་ཅན་གཡས་པས་པདྨ་དང༔ གཡོན་པས་འཛད་མེད་གཏེར་གྱི་སྒྲོམ་བུ་བསྣམས༔ འཁོར་དུ་གཏེར་སྲུང་སྡེ་བཞིས་་་གཟའ་མཆོག་དུད་ཁ་མདའ་གཞུ། མ་མོ་མཐིང་ནག་གཡུ་སྤྱང་། རྒྱལ་པོ་མཐིང་ག་དགྲ་སཏྭ། ཀླུ་བདུད་ནག་པོ་སྦྲུལ་ཞགས་བསྣམས་པ་དངོས་གྲུབ་སྟེར༔ འདོད་དོན་ཀུན་སྩོལ་བླ་མའི་སྐུ་རུ་གསལ༔ བྱང་དུ་གུ་རུ་སྒྲུབ་པོའི་རེ་སྐོང་རྒྱལ༔ མ་རྒད་མདོག་ཅན་ཕྱག་གཡས་བ་དན་འཕྱར༔ གཡོན་པས་ཕུར་པ་བར་ཆད་བགེགས་ལ་གཟིར༔ ཡུལ་ལྷ་སྡེ་བཞི་་་གཉན་ཆེན་དཀར། སྨུག །དཀར་སེར། ལྗང་གུ་བ་དན་འཛིན་པས་བསྐོར༔ ལམ་སྣ་འདྲེན་མཛད་བླ་མའི་སྐུ་རུ་གསལ༔ དེ་ཡི་ཕྱི་རིམ་རིན་ཆེན་ཆ་བརྒྱད་ལ༔ ཤར་དུ་གུ་རུ་དཔའ་བོ་གིང་གི་ཚོགས༔ དཀར་གསལ་ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ༔ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམས༔ དཔའ་བོ་གིང་བཞི་་་དཀར་སེར་དམར་ལྗང་ཐོད་རྔ་དྲིལ་བུ་འཁྲོལ༔ གདུག་པ་ཀུན་འདུལ་བླ་མའི་སྐུ་རུ་གསལ༔ ལྷོ་རུ་གུ་རུ་འབྱུང་བཞིར་དབང་སྒྱུར་རྒྱལ༔ མཐིང་གསལ་གཡས་པས་བུམ་པ་རི་རབ་དང༔ གཡོན་པས་མེ་དང་རླུང་གི་ཞགས་པ་བསྣམས༔ འབྱུང་བཞིའི་ལྷ་མོས་་་སེར་སྔོ་དམར་ལྗང་ས་ཆུ་མེ་རླུང་འཛིན༔ བར་ཆད་ཀུན་སེལ་བླ་མའི་སྐུ་རུ་གསལ༔ ནུབ་ཏུ་གུ་རུ་མ་རུངས་སྐྲོད་མཛད་ནི༔ དམར་གསལ་ཕྱག་གཡས་ལྕགས་ཀྱུ་ཞགས་པ་གདེངས༔ གཡོན་པས་ལྕགས་སྒྲོག་འཆིང་ཞིང་དྲིལ་བུ་འཁྲོལ༔ ཕྱག་རྒྱ་བཞི་ལྡན་་་དཀར་སེར་དམར་ལྗང་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ་ཁྲོ་ཆུང་ཕོ་ཉར་འགྱེད༔ འཇིགས་པ་ཀུན་འདུལ་བླ་མའི་སྐུ་རུ་གསལ༔ བྱང་དུ་གུ་རུ་རྡོ་རྗེའི་གོ་ཆ་ཅན༔ སེར་གསལ་ཕྱག་གཡས་རལ་གྲི་འདེབས་པའི་ཚུལ༔ གཡོན་པས་ལྕགས་ཀྱུས་གདུག་པའི་སྙིང་ནས་འཛིན༔ འཁོར་དུ་བདུད་འདུལ་ཁྲོ་མོ་་་དཀར་སེར་དམར་ལྗང་རྡོ་རྗེ་ཕུར་བུ་འཛིན་པ་རིགས་བཞིས་བསྐོར༔ མི་འགྱུར་མི་ཤིགས་བླ་མའི་སྐུ་རུ་གསལ༔ ཤར་ལྷོར་གུ་རུ་འཆི་བའི་སྡུག་བསྔལ་སེལ༔ དམར་པོ་ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱ་བརྐྱང༔ གཡོན་པས་མཆོག་སྦྱིན་བདུད་རྩིའི་ལྷུང་བཟེད་བསྣམས༔ འཁོར་དུ་འགྲོ་འདུལ་སེམས་དཔའ་་་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས་ཕྱག་རྡོར་བཞི་ཀ་སྐུ་མདོག་དཀར་པོ་སྐྱབས་སྦྱིན་ཅན་རིགས་བཞིས་བསྐོར༔ བདེ་ཆེན་ཞིང་འདྲེན་བླ་མའི་སྐུ་རུ་གསལ༔ ལྷོ་ནུབ་གུ་རུ་བར་དོའི་འཁྲུལ་སྣང་འཇོམས༔ དམར་སེར་གཡས་པས་རྡོ་རྗེ་རྩེ་ལྔ་དང༔ གཡོན་པས་མེ་ལོང་རྨ་བྱའི་མདོངས་སྒྲོ་བསྣམས༔ གཟུང་འཛིན་རྩད་གཅོད་མི་གཡོ་་་དཀར་སེར་དམར་མཐིང་རལ་གྲི་ཞགས་འཛིན་རིགས་བཞིས་བསྐོར༔ འཁྲུལ་སྣང་རང་གྲོལ་བླ་མའི་སྐུ་རུ་གསལ༔ ནུབ་བྱང་གུ་རུ་སྐྱེ་བའི་སྡུག་བསྔལ་སྦྱོང༔ དམར་ལྗང་ཕྱག་གཡས་གྲི་གུག་འབར་བ་དང༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན༔ ངན་སོང་ཀུན་འདྲེན་གསང་བདག་་་དཀར་སེར་དམར་སྔོ་རྡོར་དྲིལ་འཛིན་པ་རིགས་བཞིས་བསྐོར༔ སྐྱེ་གནས་ངན་སྦྱོང་བླ་མའི་སྐུ་རུ་གསལ༔ བྱང་ཤར་གུ་རུ་འགྲོ་དྲུག་ཀུན་གྱི་སྐྱབས༔ དཀར་ལྗང་གཡས་པས་རྡོ་རྗེ་རྩེ་དགུ་དང༔ གཡོན་པས་ཁ་ཊྭཱཾ་རྩེ་གསུམ་འཁར་བ་མཛད༔ མཁའ་འགྲོ་སྡེ་བཞི་་་མཐིང་སེར་དམར་ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང་གཡོན་ཐོད་པ་རང་རྟགས་འཛིན་པས་བསྐོར༔ སྲིད་པའི་གདུང་སེལ་བླ་མའི་སྐུ་རུ་གསལ༔ དེ་ལྟར་རིག་འཛིན་རྩལ་འཆང་བཅུ་གསུམ་པོ༔ ཀུན་ཀྱང་ནང་དུ་གསང་གོས་དཀར་པོའི་སྟེང༔ ཕོད་ཆེན་མཐིང་ཀ་ཆོས་གོས་དམར་པོ་གསོལ༔ པདྨའི་ཞྭ་མནབས་ཞབས་གཉིས་བཞེངས་སྟབས་ཀྱིས༔ པད་ཟླའི་སྟེང་ན་འགྲོ་འདུལ་སེམས་དཔའི་ཚུལ༔ དངོས་གྲུབ་ཆར་འབེབ་གཟི་བྱིན་ལམ་མེར་བཞུགས༔ སྒོ་བཞིར་པད་ཉི་བདུད་བཞི་བསྣོལ་བའི་སྟེང༔ ཤར་སྒོར་ཧཱུྃ་མཛད་དཀར་པོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་མི་གཡོ་སེར་པོ་ཞགས་པ་བསྣམས༔ ནུབ་སྒོར་རྟ་མགྲིན་དམར་ནག་ལྕགས་སྒྲོག་འཛིན༔ བྱང་སྒོར་བདུད་རྩི་འཁྱིལ་ལྗང་དྲིལ་བུ་འཁྲོལ༔ ཀུན་ཀྱང་ཁྲོ་ཚུལ་ཕྱག་གཡས་སྡིགས་མཛུབ་སྒྲེང༔ དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་ཀློང༔ སྤྲུལ་པའི་ཕོ་ཉ་འགྱེད་ཅིང་བར་ཆད་སྲུང༔ གཞན་ཡང་དཀྱིལ་འཁོར་བར་ཁྱམས་ཐམས་ཅད་དུ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང༔ བླ་མ་ཡི་དམ་རིག་འཛིན་དྷཱ་ཀིའི་ཚོགས༔ དམ་ཅན་རྒྱ་མཚོའི་ཕོ་ཉ་སྤྲིན་ལྟར་གཏིབས༔ མི་འགྱུར་མི་ཤིགས་འོད་གསལ་སྙིང་པོའི་ངང༔ ཉོན་མོངས་རང་གྲོལ་ཡེ་ཤེས་ལྔ་དང་ལྡན༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རྫོགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཡེ་ཤེས་དགུག་པ་ནི༔ སྤོས་བསྲེག་ཐོད་རྔ་སྙན་པར་འཁྲོལ༔ མོས་གུས་གདུང་བའི་ཤུགས་བསྐྱེད་ལ༔ རྡོ་རྗེའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱི༔ སྔོན་ཚེ་འཛམ་གླིང་འདི་དག་གི༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ཧཱུྃ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོ་དབྱིངས་ནས་བཞེངས༔ ཕྱི་ནང་སྡུག་བསྔལ་ཀུན་སེལ་ཞིང༔ འདོད་རྒུའི་དངོས་གྲུབ་མཆོག་སྩོལ་བའི༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པ་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ དངོས་སུ་བཤམས་པའི་བརྡས་མཚོན་ཏེ༔ རང་གི་ཐུགས་ནས་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ཏེ༔ ཕྱི་ནང་གསང་བ་ཁྱད་པར་གྱི༔ མཆོད་སྤྲིན་རྒྱ་མཚོས་མཆོད་པར་བསམ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ ལྷ་རྫས་ལས་གྲུབ་མཆོད་ཡོན་ཞབས་བསིལ་དང་། མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་ཕྱི་ཡི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་ནང་གི་མཆོད་པ་འབུལ༔ བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང༔ སྦྱོར་སྒྲོལ་ཟུང་འཇུག་གསང་བའི་མཆོད་པ་འབུལ༔ དུག་ལྔ་སེལ་བྱེད་འཆི་མེད་ཨ་མྲྀཏ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་མཆོད་པ་འབུལ༔ ཆགས་མེད་དམར་ཆེན་ཆགས་པའི་སྦུ་ཕྲེང་གཡོ༔ བདེ་སྟོང་རྒྱས་ཕྱིར་རཀྟའི་མཆོད་པ་འབུལ༔ སྣང་སྲིད་རྣམ་དག་འདོད་ཡོན་བ་ལིཾ་ཏ༔ རྨད་དུ་བྱུང་བ་གཏོར་མའི་མཆོད་པ་འབུལ༔ ཆོས་ཉིད་རོལ་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་གྱུར་ཏེ༔ ཕྱི་ནང་གསང་བའི་སྡུག་བསྔལ་ཞི་བ་དང༔ མཆོག་ཐུན་དངོས་གྲུབ་ཡིད་བཞིན་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་པཉྩ་ཀཱ་མ་གུ་ཎ་ཏ་ན་ག་ཎ་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ལྷ་ཚོགས་ཡོན་ཏན་རྗེས་དྲན་པས༔ རང་དང་རྡོ་རྗེའི་ལྷ་མོ་རྣམས༔ ལྷན་ཅིག་བསྟོད་པའི་གླུ་བླངས་བསམ༔ ཧཱུྃ་ཧྲཱི༔ མ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ཀུན་གཞི་འོད་གསལ་རང་རིག་བྱང་ཆུབ་སེམས༔ ཡོན་ཏན་རྩལ་རྫོགས་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ དུས་གསུམ་སངས་རྒྱས་ཀུན་འདུས་གུ་རུ་རྗེ༔ ཡིད་བཞིན་ནོར་བུ་བདེ་བ་ཆེན་པོའི་སྐུ༔ རང་བྱུང་ཡེ་ཤེས་མཚན་དཔེའི་ཕུང་པོར་འབར༔ དྲི་མེད་དཀར་གསལ་སྙིང་རྗེའི་དམར་མདངས་འཚེར༔ ཐིག་ལེའི་ཞལ་གཅིག་ཐབས་ཤེས་ཕྱག་གཉིས་ལྡན༔ མི་གཡོ་ཏིང་འཛིན་མཉམ་གཞག་ཕྱག་རྒྱའི་སྟེང༔ སྣང་སྟོང་དབྱེར་མེད་འདོད་འབྱུང་ཀ་པཱ་ལ༔ ཟག་མེད་བདེ་ཆེན་བདུད་རྩིའི་བཅུད་ཀྱིས་བཀང༔ སྡུག་བསྔལ་ཀུན་སེལ་མི་འགྱུར་བཾ་ཡིག་མཚན༔ ཐེག་དགུ་ཡོངས་རྫོགས་གསང་གོས་དཀར་པོའི་སྟེང༔ ཕོད་ཆེན་མཐིང་ནག་ཆོས་གོས་དམར་པོ་གསོལ༔ སྣང་སྲིད་ཟིལ་གནོན་ཟབ་བེར་སྨུག་པོས་བཀླུབས༔ གདན་གསུམ་དབང་རྫོགས་སྙན་ཞུ་མཐོང་གྲོལ་བརྗིད༔ འཁོར་འདས་ཀུན་ཁྱབ་འཇའ་ཟེར་ཐིག་ལེའི་ཀློང༔ ཡིད་འཕྲོག་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང༔ བདེན་གཉིས་ཟུང་འཇུག་ཞབས་ཟུང་སྐྱིལ་ཀྲུང་བཞུགས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི༔ སྐུ་དང་ཞིང་ཁམས་རྡོ་རྗེའི་སྐུ་ལ་རྫོགས༔ དམ་ཆོས་ཆར་འབེབ་རིག་འཛིན་འདུས་པའི་ཐུགས༔ ཡོན་ཏན་བསམ་འདས་ཕྲིན་ལས་མཁའ་ལྟར་ཁྱབ༔ དྲན་པས་གདུང་སེལ་བྱང་ཆུབ་ལམ་སྣ་འདྲེན༔ འདོད་རྒུའི་མཆོག་སྩོལ་པདྨ་སཾ་བྷ་བ༔ ཁྱབ་བདག་བདེ་བ་ཆེན་པོར་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ འོད་གསལ་ལྷན་སྐྱེས་ཡེ་ཤེས་གཅིག་ཉིད་ལས༔ རིག་རྩལ་མ་འགག་འགྲོ་འདུལ་བཅུ་གསུམ་ཤར༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ གདུལ་བྱ་མཐའ་ཡས་འདོད་པའི་རེ་བ་སྐོང༔ ཧོར་སོག་དམག་ཟློག་གུ་རུ་ཆེ་བའི་མཆོག༔ ཉོན་མོངས་ནད་སེལ་གུ་རུ་སྨན་གྱི་བླ༔ ལོངས་སྤྱོད་ཆར་འབེབ་གུ་རུ་དབང་གི་རྒྱལ༔ དངོས་གྲུབ་ཀུན་སྩོལ་གུ་རུ་ལྷག་པའི་ལྷ༔ སྒྲུབ་པོའི་ལམ་སྟོན་གུ་རུ་ཐུགས་རྗེའི་གཏེར༔ འཇིགས་པ་སྐྱོབ་མཛད་གུ་རུ་གིང་གི་གཙོ༔ འབྱུང་བཞིར་དབང་སྒྱུར་གུ་རུ་ནམ་མཁའི་རྒྱལ༔ མ་རུངས་འཆིང་མཛད་གུ་རུ་ཕྱག་རྒྱའི་བདག༔ བདུད་སྡེའི་གཡུལ་འཇོམས་གུ་རུ་རྡོ་རྗེའི་རྒྱལ༔ འཆི་བའི་གདུང་སེལ་གུ་རུ་སྣང་མཐའ་ཡས༔ བར་དོ་རང་གྲོལ་གུ་རུ་དུས་གསུམ་མཁྱེན༔ ངན་སོང་ཀུན་འདྲེན་གུ་རུ་བདེ་ཆེན་རྒྱལ༔ འགྲོ་དྲུག་མགོན་སྐྱབས་གུ་རུ་ཐོད་ཕྲེང་རྩལ༔ ཆོས་ཀྱི་དབྱིངས་ལས་བརྩེ་བའི་སྐུར་བཞེངས་པ༔ གང་འདུལ་དེར་སྣང་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ སྐུ་ལྔ་མཚན་བརྒྱད་རྣམ་འཕྲུལ་བཅུ་གསུམ་སོགས༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་བསྟོད༔ བདུད་བཞི་འཇོམས་མཛད་ཁྲོ་རྒྱལ་སྒོ་བ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ འཇིགས་དང་སྡུག་བསྔལ་བར་ཆད་ཐམས་ཅད་འཇོམས༔ དཔལ་ཆེན་མཐར་བྱེད་རྣམས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ཕྱོགས་དུས་རྒྱལ་སྲས་རིག་པ་འཛིན༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྡུག་བསྔལ་ཀུན་སེལ་དངོས་གྲུབ་ཆར་ཆེན་འབེབ༔ ཆོས་ཀྱི་དབྱིངས་ནས་རོལ་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་ཀྱི་དགོངས་པ་ལ༔ རྣམ་པ་བཞི་ལས་དང་པོ་ནི༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སརྦ་མ་ཧཱ་གུ་རུ་ཕཊ་ཛ༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་ཀྱིས༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་བྱེ༔ མེ་རི་འདབ་འབྱོར་ཚུལ་ཉིད་དུ༔ དགྱེས་ཤིང་བརྟན་པར་བཞུགས་པར་བསམ༔ གཉིས་པ་ཛཔ྄་ལ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ མི་འགྱུར་སྙིང་པོ་འོད་གསལ་བླ་མའི་ཞིང༔ རང་བྱུང་ལྷུན་གྲུབ་བདེ་ཆེན་གཞལ་ཡས་དབུས༔ པདྨ་ཉི་ཟླ་མཛེས་པའི་གདན་གྱི་སྟེང༔ གདོད་མའི་མགོན་པོ་གུ་རུ་བདེ་བ་ཆེ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ སྣང་སྟོང་མཛེས་སྐུ་དགྱེས་འཛུམ་མཚན་དཔེར་འབར༔ གྲགས་སྟོང་གསུང་དབྱངས་སྔགས་སྒྲ་འབྲུག་ལྟར་སྒྲོག༔ རིག་སྟོང་ཐུགས་མཆོག་མི་གཡོ་དགོངས་པའི་ངང༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་ཏིང་འཛིན་མི་བཏང་ངོ༔ མ་གཡེལ་ཐུགས་རྗེ་ཆེན་པོའི་རྩལ་སྐྱེད་ལ༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་མཛོད༔ གསུམ་པ་བཟླས་པའི་དམིགས་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་བླ་མ་རྣམས་ཀྱི་ཐུགས་ཀ་རུ༔ པད་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔའི་སྦུབས༔ ཧྲཱིཿཡིག་རིགས་ཀྱི་ཁ་དོག་འབར་བའི་མཐར༔ གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ སྙིང་པོའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་ཀུན་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས༔ བདེ་གཤེགས་སྲས་བཅས་མཁྱེན་བརྩེའི་བྱིན་རླབས་བསྡུས༔ བདག་ལ་ཐིམ་པས་སྐུ་གསུང་ཐུགས་བྱིན་བརླབས༔ ལྷ་དང་བླ་མ་མཆོད་ཅིང་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་ཉམས་ཆག་བསྐང༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལས་ལ་བསྐུལ༔ བོད་ཁམས་དཀར་ཕྱོགས་སྐྱོང་བའི་གཟི་བྱིན་སྐྱེད༔ ནག་ཕྱོགས་ལྷ་འདྲེ་ཐམས་ཅད་དམ་ལ་གཟིར༔ དམ་སྲི་འབྱུང་པོ་དཔུང་བཅས་ཐལ་བར་བརླག༔ ཞི་རྒྱས་དབང་དྲག་ལས་བཞི་ལྷུན་གྱིས་གྲུབ༔ གྲུབ་ཆེན་བརྒྱད་དང་དབང་བཅུའི་ཡེ་ཤེས་སྤེལ༔ སྣང་སྲིད་རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་འུར༔ རིག་པ་ཟང་ཐལ་འོད་གསལ་བདེ་ཆེན་ངང༔ བར་ཆད་ཀུན་ཞི་སྡུག་བསྔལ་རང་སར་གྲོལ༔ དངོས་གྲུབ་རྣམ་གཉིས་སྟན་ཐོག་འདི་ཉིད་དུ༔ མ་ལུས་ཡོངས་སུ་ཐོབ་པའི་བདག་ཉིད་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་བྱུང་རྡོ་རྗེའི་སྔགས་འདི་ནི༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཏེ༔ མ་ཡེངས་རྩེ་གཅིག་བཟླས་པ་ཡིས༔ གྲངས་བསྙེན་འབུམ་ཕྲག་བཅུ་གཉིས་དང༔ དུས་བསྙེན་ཟླ་བ་གསུམ་གྱི་ཚེ༔ མཚན་མ་རྟགས་ཀྱི་རིམ་པ་ནི༔ གུ་རུ་པདྨ་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ དངོས་ཉམས་རྨི་ལམ་ཚུལ་དུ་མཐོང༔ གཞན་ཡང་བག་དྲོ་བྱིན་ཆགས་ཤིང༔ མཁའ་འགྲོ་ཆོས་སྐྱོང་འདུས་པའི་ལྟས༔ བསམ་གྱིས་མི་ཁྱབ་འབྱུང་བར་འགྱུར༔ དེ་ཚེ་ཐོད་ཕྲེང་རྩལ་གྱི་ཛཔ྄༔ མཁའ་འགྲོ་དགྱེས་པའི་དབྱངས་སུ་བླང༔ གར་སྟབས་འཁྲབ་ཅིང་བརྟུལ་ཞུགས་བསྐྱེད༔ སྣང་བ་བན་བུན་ལང་ལོང་དང༔ རེ་དོགས་བྲལ་བའི་གདིང་རྙེད་ན༔ བསམ་པ་ཐམས་ཅད་ངེས་པར་འགྲུབ༔ བཞི་པ་ཛཔ྄་ཁང་བསྡུ་བ་ནི༔ དབྱངས་གསལ་རྟེན་སྙིང་གཟུངས་བཟླས་པས༔ སྔགས་ཀྱི་ནུས་པ་གོང་དུ་སྤེལ༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པ་བླ་མའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་ཛཔ྄་བསྙེན་མཆོད་པར་འབུལ༔ ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད༔ ཉམས་ཆག་ཀུན་བཤགས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ འདོད་དོན་སྤྱི་དང་བྱེ་བྲག་ལ༔་་་་སྤྱིར་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཚང་བ་དང་། བྱེ་བྲག་ལས་ཚོགས་བཅུ་གསུམ་སོ་སོར་རང་ཉིད་གང་འདོད་པ་དེ་གྲངས་གསོག་གོ །རྩེ་གཅིག་གུས་པས་གསོལ་བ་གདབ༔ མདུན་བསྐྱེད་སོ་སོའི་ཐུགས་ཀ་ནས༔ རང་འདྲའི་སྐུ་དང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ གང་འདོད་དོན་ཀུན་ལྷུན་གྲུབ་བསམ༔ ཨོཾ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ཛཿཧཱུྃ་བཾ་ཧོ༔ མདུན་དུ་བཞུགས་པའི་ཡེ་ཤེས་ལྷ༔ ཐམས་ཅད་རང་ལ་རྣམ་པར་ཐིམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ དབྱེར་མེད་ཆེན་པོར་བྱིན་བརླབས་བསམ༔ ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ རྫོགས་རིམ་རྒྱུན་གྱི་རྣལ་འབྱོར་ནི༔ ལུས་གནད་ཁོང་ལྷོད་དྲང་པོར་བསྲང༔ མིག་གནད་བར་སྣང་ཧ་རེར་བལྟ༔ རླུང་གནད་བར་རླུང་ཐད་ཀར་བརྒྱང༔ ཡིད་གནད་དུས་གསུམ་རྟོག་བྲལ་ངང༔ མ་བཅོས་མ་བསླད་གཉུག་མར་བཞགཿ སྐབས་སུ་ཧཱུྃ་ལྔའི་གླུ་ལེན་ཞིང༔ སྣང་སྲིད་ཐམས་ཅད་སྒྱུ་མར་སྦྱང༔ སྐབས་སུ་བཟོད་མེད་མོས་གུས་ཀྱིས༔ བླ་མར་གསོལ་བ་ཡང་ཡང་གདབ༔ སྐབས་སུ་མཁའ་ཁྱབ་འགྲོ་བ་ལ༔ སྙིང་རྗེའི་ཤུགས་བསྐྱེད་གཏོང་ལེན་བསྒོམ༔ དེ་ལྟར་ཡང་ཡང་བརྩོན་པ་ཡིས༔ ཚེ་གཅིག་དོན་གྱི་བཙན་ས་ཟིན༔ བདེ་ཆེན་རྒྱལ་པོ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ སྤྱི་དོན་གསུམ་པ་རྗེས་རིམ་བདུན༔ དང་པོ་ཚོགས་ཀྱི་མཆོད་པ་ལ༔ རྣམ་བདུན་ཐོག་མར་བསང་སྦྱང་ནི༔ ཐབས་ཤེས་འདུ་བར་འོས་པའི་རྫས༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཤམ༔ མེ་རླུང་གཡབ་ཅིང་བསང་ཆུས་བྲན༔ ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ་འཕྲོས་ཏེ༔ ཚོགས་ཀྱི་དངོས་པོའི་བག་ཆགས་བསྲེག་གཏོར་བཀྲུས༔ གདོད་ནས་རྣམ་དག་འདུས་མ་བྱས་པའི་དབྱིངས༔ མ་བཅོས་གསལ་རྫོགས་ཆེན་པོའི་ངང་དུ་གྱུར༔ རཾ་ཡཾ་ཁཾ༔ གཉིས་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ སྟོང་གསལ་ངང་ལས་ཐབས་ཤེས་ཀ་པཱ་ལར༔ ཤ་ལྔ་བདུད་རྩི་ཡེ་ཤེས་རིགས་ལྔའི་དངོས༔ མེ་རླུང་སྦྱོར་བས་དམ་ཚིག་རྫས་སུ་ཞུ༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཐོད་རྔ་འཁྲོལ་བའི་གདུང་དབྱངས་ཀྱིས༔ ཧཱུྃ་ཧྲཱི༔ མི་མངོན་དབྱིངས་ནས་བདེ་གཤེགས་རྒྱལ་བའི་ཚོགས༔ འགག་མེད་མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང༔ འདོད་ཡོན་མཆོད་བཞེས་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་ཀུན་འདུས་བདེ་བ་ཆེ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་གི་གདངས་གླུ་བརྡ་སྐད་དི་རི་རི༔ ཐུགས་ཀྱི་བདེ་ཆེན་ཡེ་ཤེས་ལམས་སེ་ལམ༔ དཔའ་བོ་མཁའ་འགྲོའི་འཁོར་ཚོགས་ཐིབས་སེ་ཐིབ༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་ཐུ་ལུ་ལུ༔ འཇའ་འོད་ཐིག་ལེའི་ཟེར་ཐག་བྲེངས་སེ་བྲེང༔ ལྷ་རྫས་མེ་ཏོག་ཆར་འབེབ་སི་ལི་ལི༔ རྡོ་རྗེའི་གླུ་དང་རོལ་མོའི་བརྡས་མཚོན་ཏེ༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང་དུ་སྒྱུར༔ རྣལ་འབྱོར་ལྷ་དང་ལྷ་མོར་དབང་མཆོག་སྐུར༔ ཚོགས་རྫས་ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔ སྤྱོད་ལམ་ཐམས་ཅད་བདེ་ཆེན་རོལ་པའི་ངང༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བཞི་པ་ཚོགས་མཆོད་སྟོབ་པ་ལ༔ དང་པོ་ཕུད་ཀྱིས་མཆོད་པ་ནི༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་རྩ་གསུམ་དཀྱིལ་འཁོར་ལྷར༔ ཚོགས་མཆོད་འདོད་ཡོན་ལྔ་ལྡན་འབུལ་ལགས་ན༔ དགྱེས་པར་བཞེས་ལ་ཕྱི་ནང་གསང་བ་ཡི༔ བསམ་པ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བསྐང་ཞིང་བཤགས་པ་ནི༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་པ་འདིས༔ བླ་མ་རིག་འཛིན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ ཀ་དག་དབྱིངས་སུ་ཡེ་ཤེས་འདུ་འབྲལ་མེད༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ལྷུན་གྲུབ་ངང་ལས་རིག་པ་བདེ་ཆེན་སྐུ༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ རང་རྩལ་སྤྲུལ་པས་འགྲོ་དྲུག་དོན་མཛད་པའི༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང༔ སྨོན་ལམ་བཏབ་ནས་མཁའ་འགྲོའི་ལག་ཏུ་གཏད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང༔ ལས་འཕྲོའི་དབང་གིས་ཟབ་མོའི་གཏེར་ལ་སྤྱོད༔ བཀའ་བབས་གཏེར་བརྒྱུད་བླ་མའི་ཐུགས་དམ་བསྐང༔ གུ་རུའི་ཞལ་ཚབ་གདམས་པ་ཀུན་ལ་སྤེལ༔ ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ཉན་བཤད་སྒོམ་སྒྲུབ་དོན་གཉིས་མཐར་ཕྱིན་མཛད༔ མན་ངག་བྱིན་རླབས་བརྒྱུད་པའི་ཐུགས་དམ་བསྐང༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང༔ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔ གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང༔ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང༔ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ དངོས་གྲུབ་རྣམ་གཉིས་ཐོགས་པ་མེད་པར་སྟེར༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ སྒྲུབ་པ་པོ་ལ་ལོངས་སྤྱོད་འདོད་རྒུ་སྩོལ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང༔ དཀར་ཕྱོགས་སྐྱོང་ཞིང་སྣོད་བཅུད་གཟི་མདངས་སྐྱེད༔ གནས་བདག་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཞིང༔ སྲིད་ཞིའི་མགྲོན་གྱུར་ཀུན་གྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་སྐོང་བའི་རྫས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སོགས༔ ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ རང་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང༔ གཉིས་མེད་བདེ་སྦྱོར་གཟུང་འཛིན་དབྱིངས་སུ་བསྒྲལ༔ ལྷན་སྐྱེས་གསང་བའི་མཆོད་པས་ཐུགས་དམ་བསྐང༔ བདུད་རྩི་སྨན་དང་རཀྟ་བ་ལིཾ་ཏ༔ ཁྱད་པར་མཆོག་གི་མཆོད་པས་ཐུགས་དམ་བསྐང༔ ཚོགས་ཀྱི་འཁོར་ལོ་འདོད་ཡོན་རྒྱ་མཚོའི་སྤྲིན༔ རྨད་བྱུང་དམ་ཚིག་མཆོད་པས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་བཞེས་ནས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཧོ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་པས༔ བདེ་དང་སྡུག་བསྔལ་འབྲས་བུ་སྣ་ཚོགས་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ སོ་ཐར་བྱང་སེམས་སྔགས་ཀྱི་བསླབ་པ་རྣམས༔ ཚུལ་བཞིན་བཟུང་བར་ཁས་བླངས་བསྒྲུབས་ལགས་ཀྱང༔ མི་ཤེས་ཉོན་མོངས་བག་མེད་མ་གུས་པས༔ དེ་དང་འགལ་བར་གྱུར་པ་གང་བགྱིས་པ༔ ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པས་བཤགས༔ རབ་གནོང་འགྱོད་པའི་གདུང་བས་མཐོལ་ལགས་ན༔ ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ཅི་མང་བཟླ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ་ཞེས་བརྗོད་པས་སྐད་ཅིག་གིས༔ སྣང་སྲིད་ཁྲོ་བོའི་འཁོར་ལོར་བཞེངས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་ཚོགས༔ མཚན་མའི་རྟེན་ལ་བསྟིམ་པར་བསམ༔ ཨེ་ནྲྀ་ཏྲི་སརྦ་ཤཱ་ཏྲཱུན་བི་གྷྣཱ་ཛཿཧཱུྃ་བཾ་ཧོ༔ གསལ་གསུམ་ལྡན་པས་སྟངས་སྟབས་བསྒྱུར༔ ཕུར་པ་མཚོན་ཆ་ཐོགས་ཏེ་བསྒྲལ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་རྩལ༔ ཕྱག་ན་སྲས་མཆོག་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་བཏབ་པ་ཡིས༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང༔ ཚེ་དང་བསོད་ནམས་རང་ལ་ཐིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ ལྔ་ཕུང་དུག་ལྔའི་རྩད་བཅད་དེ༔ ཡེ་ཤེས་ཆེན་པོའི་བདུད་རྩིར་བསྒྱུར༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ༔ ཧཱུྃ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བསྟན་ལ་གནོད་བྱེད་དགྲ་བགེགས་མ་ལུས་ཀུན༔ བསྒྲལ་པའི་ཤ་ཁྲག་བདུད་རྩིའི་མཆོད་པ་བཞེས༔ འཁོར་འདས་མཉམ་ཉིད་དབྱིངས་སུ་བསྒྲལ་བར་མཛོད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ལྔ་པ་ཚོགས་ལ་ལོངས་སྤྱོད་ནི༔ བརྡ་དང་བརྡ་ཡི་འབུལ་ལེན་བྱ༔ ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ རང་ལུས་ལྷར་སྣང་འདོད་ཡོན་ཀུན༔ བདེ་བ་ཆེན་པོར་ལོངས་སྤྱད་པས༔ རྩ་ཁམས་བདུད་རྩིའི་དྭངས་མས་གང༔ ལུས་དཀྱིལ་ལྷ་རྣམས་དགྱེས་པར་བསམ༔ ཚིམ་པར་ལོངས་སྤྱོད་ཡེ་ཤེས་སྤེལ༔ དྲུག་པ་སྨོན་ལམ་གདབ་པ་ནི༔ ཧོ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ བདག་དང་མཁའ་མཉམ་འགྲོ་བ་ཀུན༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ བདུན་པ་ལྷག་མ་ཀུན་བསྡུས་ལ༔ ཡས་མར་བསྲེ་ཞིང་ཞལ་ཆབ་བཏབ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བརྡ་ཡི་སྐད་ཀྱིས་ལྷག་སྡུད་རྣམས༔ སྤྲིན་ཕུང་གཏིབས་ལྟར་བྱོན་པར་བསམ༔ ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཕེཾ་ཕེཾ༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་སྤྱན་སྔ་རུ༔ ཁས་བླངས་མཁའ་འགྲོ་དམ་ཅན་རྣམས༔ ཐ་ཚིག་བཞིན་དུ་གནས་འདིར་འདུས༔ ཡེ་ཤེས་བདུད་རྩིའི་ལྷག་གཏོར་འདི༔ དགྱེས་པར་བཞེས་ལ་དམ་བཅས་བཞིན༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ལྟར་བར་ཆད་སེལ་བ་དང༔ དངོས་གྲུབ་སྒྲུབ་པའི་ཐབས་ཆེན་པོ༔ ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་བྱས་ནས༔ གཉིས་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་རང་རྩལ་རིག་འཛིན་བླ་མའི་ཚོགས༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་མ་ལུས་དང༔ ཆོས་སྐྱོང་དམ་ཅན་ཚོགས་རྣམས་ཐུགས་དམ་བསྐུལ༔ མ་གཡེལ་མ་འཕང་བཅོལ་པའི་ཕྲིན་ལས་མཛོད༔ གསུམ་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དུ༔ ཆོས་སྐུའི་བླ་མ་ཀུན་ཏུ་བཟང་པོ་ཡིས༔ རང་སྣང་དགོངས་པའི་ཆོས་འཁོར་བསྐོར་བའི་ཚེ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས༔ ཡེ་ཤེས་སྐུ་མཆོག་གསལ་བར་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ གཟུང་འཛིན་དབྱིངས་སུ་ཞི་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ འོད་གསལ་བཀོད་པ་ཆེན་པོའི་ཕོ་བྲང་དུ༔ བླ་མ་ལོངས་སྐུ་རིགས་ལྔ་ཡབ་ཡུམ་གྱིས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་བསྐོར་བའི་ཚེ༔ ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོ་ཡིས༔ རྡོ་རྗེའི་སྐུ་མཆོག་གསལ་བར་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཡེ་ཤེས་རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ མ་ངེས་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ བླ་མ་སྤྲུལ་སྐུ་པད་འབྱུང་བསམ་ཡས་ཀྱིས༔ གང་འདུལ་དེར་སྣང་ཆོས་འཁོར་བསྐོར་བའི་ཚེ༔ རྡོ་རྗེའི་ཆོས་སྲུང་མཐུ་རྩལ་ཅན་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ ཐ་ཚིག་གཉན་པོའི་མཆོད་གཏོར་འདི་བཞེས་ལ༔ མཐུན་རྐྱེན་ལེགས་ཚོགས་འདུ་བའི་ཕྲིན་ལས་མཛོད༔ ད་ལྟ་རྩོད་ལྡན་དུས་ཀྱི་ཐ་མ་འདིར༔ གུ་རུ་པདྨ་བདེ་བ་ཆེན་པོ་ཡིས༔ ཐུགས་སྒྲུབ་རྣམ་གཉིས་གཏེར་དུ་སྦས་པ་དང༔ སྨོན་ལམ་དབང་གིས་དེ་ཉིད་བཏོན་ཅིང་སྤེལ༔ དེང་འདིར་བདག་གིས་ཚུལ་བཞིན་སྒྲུབ་པའི་ཚེ༔ བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ སོ་སོའི་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ མི་མཐུན་ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ བཞི་པ་ཟོར་དུ་འཕང་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ མ་ལུས་ཐུགས་དམ་གཉན་པོ་གནད་ནས་སྐུལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལས་ལ་འདུས༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་རྒྱུགས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ གདུག་པའི་དགྲ་བགེགས་རྣམས་ཀྱི་སྟེང་དུ་འཕེན༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་མཛོད༔ གཞན་ཡང་ཕྱི་ནང་གསང་བའི་སྡུག་བསྔལ་དང༔ བྱད་ཕུར་རྦོད་གཏོང་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དྲག་པོའི་གཏོར་མ་འདི་ཡིས་ཟློག༔ མངོན་སྤྱོད་དམོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལས་མཁན་རྣམས་ཀྱིས་རྔམ་སྟབས་བཅས༔ གཏོར་མ་སྒྲུབ་ཁང་ཕྱི་རོལ་དཔག༔ རྣལ་འབྱོར་པ་རྣམས་ཐམས་ཅད་ཀུན༔ དྲག་པོའི་ཆས་སུ་ཞུགས་ནས་ཀྱང༔ གསེར་སྐྱེམས་བཏང་ཞིང་གཟུ་དཔང་གཟུག༔ གཏོར་མའི་ཟ་ལམ་དགྲ་ལ་བསྟན༔ དྲག་སྔགས་བཟླ་བཞིན་དགྲ་ཕྱོགས་འཕང༔ ཐལ་མོ་དང་ནི་དུལ་མོ་བརྡབ༔ ཕྱི་མིག་མི་བལྟ་སླར་ལོག་སྟེ༔ སྒྲུབ་ཁང་སྒོ་དྲུང་སླེབ་པ་དང༔ ལྔ་པ་བཤལ་ཆུའི་བདུད་རྩི་ཡིས༔ བརྟན་མའི་ཚོགས་རྣམས་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མའི་སྡེ༔ སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་བཅས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ བོད་ཁམས་མཐའ་དབུས་ཐམས་ཅད་ཀུན༔ ཕན་དང་བདེ་ལ་འགོད་པ་དང༔ ཟབ་གཏེར་བསྟན་པ་རྒྱས་པར་མཛོད༔ པདྨ་དྷཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་རྟ་བྲོ་བརྡུང་བ་ནི༔ གཏོར་གཞོང་རི་རབ་འབར་བའི་འོག༔ དམ་སྲི་འབྱུང་པོ་དགུག་ཅིང་བསྟིམ༔ ཨེ་ནྲྀ་ཏྲི་སརྦ་བིགྷྣཱན་བི་ནཱ་ཡ་ཀ་ཛཿཧཱུྃ་བཾ་ཧོ༔ བརྟུལ་ཞུགས་གར་གྱིས་རྒྱས་གདབ་བྱ༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམ་པའི་སྐུར་བཞེངས་ཏེ༔ རྟ་སྐད་འཚེར་ཞིང་མཚོན་ཆས་གཏུབས༔ དགྲ་བགེགས་དམ་སྲི་ཐལ་བར་བརླགས༔ རྣམ་ཐར་གསུམ་གྱི་བྲོ་བརྡུངས་པས༔ དུག་གསུམ་མཚན་མ་རང་སར་དག༔ སྐུ་གསུང་ཐུགས་སུ་གྲོལ་ནས་ཀྱང༔ རྫོགས་པ་ཆེན་པོའི་ཀློང་དུ་ཐིམ༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ལཾ་ནན༔ བདུན་པ་རྗེས་ཀྱི་ཆོ་ག་ལ༔ རྣམ་པ་ལྔ་ལས་དང་པོ་ནི༔ རྩེ་གཅིག་གདུང་བས་དངོས་གྲུབ་གསོལ༔ ཧཱུྃ་ཧྲཱི༔ སྐུ་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་དངོས༔ དྲན་པས་གདུང་སེལ་གུ་རུ་བདེ་བ་ཆེ༔ རྒྱལ་བའི་རྣམ་འཕྲུལ་རིག་འཛིན་ཚོགས་དང་བཅས༔ བདག་ཅག་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ དང་པོར་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ དེང་འདིར་ཐུགས་རྗེ་སྐུལ་བའི་དུས་ལགས་ན༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ བུམ་པ་བཟང་པོ་དགོས་འདོད་ཀུན་འབྱུང་དང༔ ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར༔ མི་འགྱུར་མི་ཤིགས་རྡོ་རྗེའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་ནས་ཀྱང༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གཉིས་པ་མཆོད་བསྟོད་ནོངས་བཤགས་ནི༔ ཨོཾ་ཨཱཿཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཧོ༔ བདག་གིས་བསྙེན་སྒྲུབ་ཕྲིན་ལས་བརྩམས་པ་ལ༔ ཆོ་ག་ལྷག་ཆད་ནོར་འཁྲུལ་གང་གྱུར་ཀུན༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས་པར་བགྱི༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་མང་དུ་བཟླ༔ གསུམ་པ་དཀྱིལ་འཁོར་བསྡུ་བ་ནི༔ མདུན་བསྐྱེད་རྟེན་ཡོད་དེ་ལ་བསྟིམ༔ རྟེན་མེད་ཆོས་ཀྱི་དབྱིངས་སུ་གཤེགས༔ ཡང་ན་ཧཱུྃ་གིས་རང་ལ་བསྡུ༔ བཞི་པ་རྫོགས་རིམ་བསྡུ་ལྡང་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་དཀྱིལ་འཁོར་འཁོར་ལོར་ཐིམ༔ དེ་ཉིད་བདག་ཐིམ་དེ་ཡང་ཧྲཱིཿལ་འདུས༔ ཧྲཱིཿཡིག་མི་དམིགས་འོད་གསལ་ཀློང་ཐིམ་ནས༔ གང་ཤར་སྤྲོས་པ་མེད་པའི་ངང་དུ་བཞག༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་གསང་གསུམ་རྡོ་རྗེའི་གོ་དང་ལྡན༔ ཅིར་སྣང་བླ་མའི་འཁོར་ལོར་རྫོགས་པའི་ངང༔ རྒྱུན་དུ་འགྲོ་བ་ཀུན་གྱི་དོན་ལ་འཇུག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ༔ ལྔ་པ་བསྔོ་སྨོན་ཤིས་བརྗོད་ནི༔ ཧོ༔ རིག་འཛིན་བླ་མ་བསྒྲུབས་པའི་འབྲས་བུ་ཡི༔ བསོད་ནམས་གང་མཆིས་འགྲོ་བའི་རྒྱུད་ལ་བསྔོ༔ ཀུན་ཀྱང་ས་ལམ་ཡོན་ཏན་མཐར་ཕྱིན་ནས༔ བདེ་ཆེན་རྒྱལ་པོའི་གོ་འཕང་མྱུར་འགྲུབ་ཤོག༔ ཨོཾ༔ དགེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔ ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་སྐབས་ཕྱི་ནང་རྒུད་པ་ཀུན་ཞི་ཞིང༔ ཕན་བདེའི་བསམ་ཀུན་ལྷུན་གྱིས་འགྲུབ་པ་དང༔ མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་འབེབ་ཅིང༔ རོལ་མོའི་སྒྲ་སྦྱར་དགའ་སྟོན་སྤྱད༔ སྤྱོད་ལམ་ཀུན་ཏུ་སྣང་གྲགས་རིག༔ བླ་མའི་སྐུ་གསུང་ཐུགས་སུ་བལྟ༔ ས་མ་ཡ༔ དེ་ལྟར་བླ་མའི་ཕྲིན་ལས་ནི༔ ཟབ་རྒྱས་བྱེ་བའི་སྙིང་པོའི་བཅུད༔ ཁ་ཚང་དོན་འདྲིལ་རྨད་བྱུང་འདི༔ རྩེ་གཅིག་ཉམས་སུ་ལེན་པ་དང༔ ཁྱད་པར་ཡར་མར་ཚེས་བཅུའི་དུས༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ན༔ ཨོ་རྒྱན་ང་ཉིད་ངེས་པར་འོང༔ རབ་ཀྱིས་དངོས་སུ་མཐོང་ཡང་སྲིད༔ འབྲིང་ལ་ཉམས་སྣང་གསལ་པོར་འཆར༔ ཐ་མ་བ་སྤུ་གཡོ་བ་དང༔ མཆི་མ་འཁྲུགས་པའི་མོས་གུས་འབྱུང༔ དེ་ཚེ་བདག་ཉིད་འབྱོན་པའི་རྟགས༔ ཐེ་ཚོམ་མེད་པར་ངེས་བྱས་ཏེ༔ གང་འདོད་གསོལ་བ་བཏབ་པ་ན༔ སྒྲིབ་པ་ཀུན་དག་ཚོགས་རྫོགས་ཤིང༔ དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ༔ གཞན་ཡང་འདི་ཡི་སྒྲུབ་མཆོད་ཙམ༔ གང་དུ་བགྱིས་པའི་ས་ཕྱོགས་དེར༔ རྡོ་རྗེའི་ཡེ་ཤེས་ཕབ་པའི་མཐུས༔ པདྨ་འོད་ཀྱི་ཞིང་དང་མཚུངས༔ ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང༔ ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས༔ ཀུན་ཀྱང་བདེ་སྲིད་ལྡན་པར་འགྱུར༔ བསླུ་མེད་ཡིན་ནོ་ཐེ་ཚོམ་སྤོངས༔ ངེས་པར་བསམ་པ་ལྷུན་གྱིས་འགྲུབ༔ དེ་ཕྱིར་མ་འོངས་ཕྱི་རབས་དོན༔ རྡོ་རྗེའི་བྲག་ལ་གཏེར་དུ་སྦོས༔ ལས་ཅན་དག་གིས་རྙེད་ནས་ཀྱང༔ གཞན་དོན་འཕྲིན་ལས་མཐའ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དཔལ་ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་སྤྱན་སྔར། ཁོ་བོ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་གསལ་སྣང་གི་ངེས་པ་བརྟན་པོར་ཡང་ནས་ཡང་དུ་ཤར་བས་མཚམས་སྦྱར་ཏེ་ལན་གཅིག་མ་ཡིན་པར་གསོལ་བ་བཏབ་པའི་རྟེན་འབྲེལ་ཟབ་མོས་སྒོ་དབྱེ་བ་ལས། མདོ་ཁམས་རྩི་སྐེ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་ནས་རབ་བྱུང་བཅུ་བཞི་པའི་ས་རྟ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཉི་ཤར་ལ། གུ་རུའི་སྐུ་ཚབ་བདེ་བ་ཆེན་པོ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་མཐོང་གྲོལ་བདུད་རྩི་ལྔའི་འཕྲུལ་ཤོག་ལས། ལོ་དེ་ཉིད་ཀྱི་མགོ་ཟླའི་ཡར་ངོའི་ཚེས་བཅུར་མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་ལྷུན་གྲུབ་སྟེང་གི་བྱང་ཕྱོགས་ལྕང་ལོ་ཅན་འཆི་མེད་རྡོ་རྗེ་བཀོད་པའི་དགའ་བའི་ཚལ་ཆེན་པོར་གཏན་ལ་ཕབ་རིམ་བཞིན་དུ་རྫོགས་པར་བྲིས་པའི་དགེ་བས་མཐའ་ཡས་ཡིད་ཅན་ཀུན་གྱི་ཕན་བདེའི་བསམ་རྒུ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

འཆི་མེད་འཕགས་མའི་སྙིང་ཏིག་ལས། ཐུན་མོང་ཚེའི་རྗེས་གནང་བྱ་བའི་ཚུལ་གསལ་བར་བཀོད་པ་ཡེ་ཤེས་སྒོ་འབྱེད་ (Volume 36, Text 30)

༄༅། །འཆི་མེད་འཕགས་མའི་སྙིང་ཏིག་ལས། ཐུན་མོང་ཚེའི་རྗེས་གནང་བྱ་བའི་ཚུལ་གསལ་བར་བཀོད་པ་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་ར་བེ། འཆི་མེད་ཡེ་ཤེས་ཟླ་བའི་འཛུམ། །གདུལ་བྱའི་སྙིང་ལ་རབ་བསིལ་ནས། །དུས་ཀྱི་མུན་རུམ་འཇོམས་མཛད་དེར། །གུས་པས་འདུད་དོ་རྗེས་འཛིན་མཛོད། །འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་བསྡུས་པའམ་ཐོག་མའི་སྒོ་འབྱེད་དུའང་གྱུར་པ་ཐུན་མོང་ཚེའི་རྗེས་གནང་བསྒྲུབ་པ་ལ། སྦྱོར་བ་སྟེགས་བུའི་སྟེང་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་སྟེང། དབུས་སུ་འཕྲུལ་སྟེགས་ཀྱི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོས་དཀྲིས་ཤིང་ཁ་རྒྱན་དང་བཅས་པ་བཀོད། དེའི་གཡས་སུ་བནྡྷ་མཚན་ལྡན་ནང་མངར་གསུམ་དང་སྦྱར་བའི་ཆང་གིས་བཀང་བ་དང་། གཡོན་དུ་ཚེའི་འབྲང་རྒྱས། མཐའ་སྐོར་ཚེ་རིལ་གྱིས་བསྐོར་བ་བཞག །མདུན་དུ་སྨན་རཀ་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ལས་བུམ་སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་ཉེ་བར་བསྡོག་གོ །དངོས་གཞིའི་ཐོག་མར་ཕྲིན་ལས་མདོར་བསྡུས་ཀྱིས་འཐུས་པས། དང་པོ་སྐྱབས་སེམས་ནི། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་ཡིད་བཞིན་འཁོར་ལོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་རྣལ་འབྱོར་གྱིས༔ འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་དང་སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔གིས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། ཨོཾ་ཨཱཿཧཱུྃ༔ གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཧཱུྃ༔ ཞེས་དང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་བརླབ། ལྷ་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གཟོད་མ་ནས༔ འོད་གསལ་དེ་བཞིན་ཉིད་དབྱིངས་ལས༔ ཟུང་འཇུག་ཀུན་སྣང་སྙིང་རྗེའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཏཱཾ་དཀར་པོ༔ མཁའ་ལས་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དུ༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་པདྨ་འདབ་བཞིའི་སྟེང༔ ཐབས་ཤེས་ཉི་ཟླ་ཁ་སྦྱོར་དབུས༔ ཟུང་འཇུག་ཏཱཾ་ཡིག་སྙོམས་པར་ཞུགས༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ འཁོར་འདས་དྭངས་བཅུད་གཅིག་ཏུ་འདུས༔ ཡོངས་གྱུར་ཡེ་ཤེས་སྒྱུ་མའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཆི་མེད་ཡིད་བཞིན་འཁོར་ལོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལར་གནས་ཚེ་བུམ་བསྣམས༔ ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་ཟླ་བའི་གདན་ལ་བཞུགས༔ རང་འོད་ཐབས་མཆོག་གར་གྱི་དབང༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ དེ་ཡི་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་གསལ་བཏབ་ལ། ཧྲཱི༔ སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོ་ཚེ་ཡི་ལྷ༔ འོད་དཔག་མེད་པའི་དབུ་རྒྱན་ཅན༔ དུས་གསུམ་སངས་རྒྱས་ཕྲིན་ལས་མ༔ ཚུར་གཤེགས་ཡིད་བཞིན་འཁོར་ལོ་འཆང༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ཕྱིར༔ དམ་ཚིག་དཀྱིལ་འཁོར་འདིར་དགོངས་ལ༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཛྙཱ་ན་སཏྭ་ཨ་ཨཱ༔ ཞེས་པས་སྤྱན་དྲངས་པའི་ཡེ་ཤེས་པ། བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་དམ་ཚིག་པ་ལ་བསྟིམ། ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ས་ཕྱག་བྱ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ འཕགས་མ་ཡིད་བཞིན་འཁོར་ལོར་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། ཨོཾ༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་བདག༔ ཞལ་གྱི་ཆུ་སྐྱེས་ལས་བྱུང་བ༔ དུས་གསུམ་སངས་རྒྱས་སྐྱེད་མཛད་ཡུམ༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ ཅེས་བསྟོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཡིག་བཅུ་ལ་ཕཊ་ཛཿབཏགས་པས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། བདག་མདུན་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དཀར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ འོད་དང་འོད་ཟེར་འཕྲོ་བ་ཡི༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་དབུས༔ ཏཱཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཀྱི་སྣང་བ་མཐའ་ཡས་པ༔ གཙུག་ཏོར་ནོར་བུའི་རྩེ་ནས་འཐོན༔ དེ་ལས་འཕགས་མ་རྣམ་པར་རྒྱལ༔ ཆུ་ཤེལ་མདོག་ཅན་ཕྱག་གཡས་ཀྱིས༔ སྐྱབས་སྦྱིན་ཕྱག་རྒྱས་ལྕགས་ཀྱུ་དང༔ གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས༔ འོད་དང་འོད་ཟེར་དང་བཅས་པ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ བདེ་བ་ཆེན་པོའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཅེས་དམིགས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་རྡོ་རྗེའི་ཡི་གེ་བཅུ་པ་ཅི་འགྲུབ་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་པའང་ཅུང་ཟད་བཟླ། དེ་ནས་བུམ་པ་སོགས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ དེ་དབུས་ཏཱཾ་ལས་འོད་ཟེར་འཕྲོས༔ འཕགས་མཆོད་འཁོར་འདས་དྭངས་བཅུད་བསྡུས༔ ཡོངས་གྱུར་ཡེ་ཤེས་སྒྱུ་མའི་སྐུ༔ སོགས་ནས། པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ བར་དང་ཐོད་པའི། བདུད་རྩིའི་དབུས་སུ་པདྨ་དང༔ ཟླ་བའི་གདན་ལ་ཚེ་དཔག་མེད༔ དཀར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཚེ་འབྲང་འཕགས་མ་རྣམ་པར་རྒྱལ༔ ཆུ་ཤེལ་མདོག་ཅན་ཕྱག་གཡས་ཀྱིས༔ སྐྱབས་སྦྱིན་ཕྱག་རྒྱས་ལྕགས་ཀྱུ་དང༔ གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས༔ འོད་དང་འོད་ཟེར་དང་བཅས་གསལ༔ ཀུན་གྱི་སྤྱི་མགྲིན་ཐུགས་ཀ་རུ༔ སོགས་ནས་བསྟོད་པའི་བར་ཕྲིན་ལས་གོང་བཞིན་གཏང་། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀའི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་དང་། ཚེ་དཔག་མེད་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་གང་བ་དང་། རྣམ་པར་རྒྱལ་མའི་སྐུའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་པར་དམིགས་ལ་ཡིག་བཅུ་ཅི་མང་དང་། གཞན་གཉིས་དང་དྲིལ་སྔགས་རྣམས་བརྒྱ་རྩ་ལས་མི་ཉུང་བ་བཟླ། མཆོད་བསྟོད་ཕུལ། ཡིག་བརྒྱས་ནོངས་པ་བཤགས། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ། བུམ་པ་དང་ཐོད་པའི་ལྷ་འཆི་མེད་བདུད་རྩིའི་ངོ་བོར་ཞུ་བར་གྱུར། ཅེས་དམིགས། ལས་བུམ་ནང་དུ་པད་ཟླའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་ལྡན་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེའི་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཅེས་དམིགས་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླས་ལ་ལས་བུམ་བསྒྲུབ། དེ་ནས། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་སློབ་མ་རྣམས་ལས་བུམ་གྱི་ཆུས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ལས་བྱང་ལྟར་འབྱུང་གཏོར་བསྔོ་ཞིང་བགེགས་བསྐྲད། སྲུང་འཁོར་འདོན་བསྒོམ་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སངས་རྒྱས་སྲས་དང་བཅས་པ་སྐྱེད་པའི་ཡུམ་གཅིག །འཕགས་བོད་མཁས་གྲུབ་ཀུན་གྱི་འདྲེན་པ། སྙིགས་དུས་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་གངས་ཅན་བོད་ཡུལ་གྱི་སྐྱེ་དགུ་ཡོངས་ཀྱི་ལྷ་མཆོག་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྩ་བཤད་ཀྱི་རྒྱུད་དང་། གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་པའི་སྒྲུབ་ཐབས་མན་ངག་གི་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང་འཕགས་བོད་ཀྱི་ལྗོངས་སུ་ཉི་ཟླ་ལྟར་གྲགས་པ་ལས། སྔ་འགྱུར་རྙིང་མའི་རིང་ལུགས་ཟབ་མོ་གཏེར་གྱི་ཕྱོགས་སུ་ཤིན་ཏུ་དཀོན་ཅིང་གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ཆོས། འཆི་མེད་ཡེ་ཤེས་ཀྱི་སྐུ་ཅན་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་དང་བི་མ་ལ་མི་ཏྲ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་བ་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་བསྡུས་པ། རྗེ་བཙུན་ཡིད་བཞིན་འཁོར་ལོ་གཙོ་བོར་གྱུར་པའི་ཚེ་ལྷ་རྣམ་གསུམ་གཅིག་དྲིལ་གྱི་སྒྲུབ་ཐབས་འཆི་མེད་འཕགས་མའི་སྙིང་ཏིག་ཏུ་གྲགས་པ་འདི་ནི། འགྲན་ཟླ་ཐམས་ཅད་དང་བྲལ་བའི་གཏེར་སྟོན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་ཆོས་མཛོད་ཆེན་པོ་བདུན་དུ་བཞུགས་པའི་ཡ་གྱལ་ཟབ་མོ་དག་སྣང་གི་ཆོས་སྡེ་ལས་བྱོན་པ་སྟེ། དེ་ལ་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་འདིར་ཐོག་མའི་ཆོས་ཀྱི་སྒོ་འབྱེད་དུའང་གྱུར་པ། སྨིན་བྱེད་བསྡུས་པ་ཐུན་མོང་ཚེའི་རྗེས་སུ་གནང་བ་སྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་སྤྱི་ལྟར་བརྗོད་པས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། པདྨ་དགྱེས་པར་རོལ་པའི་ཡུམ༔ འཆི་མེད་འཕགས་མའི་བཀའ་དྲིན་གྱིས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེར༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་གཞི་འགོད་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་སླད་དུ། བླ་མ་དང་མདུན་བསྐྱེད་འཆི་མེད་འཕགས་མའི་དཀྱིལ་འཁོར་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་ཡིད་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་མི་གནས་པའི་མྱང་འདས་ཆེན་པོར་འགོད་པར་བྱ། དེའི་ཐབས་མཆོག་ཏུ་གྱུར་པ་འཆི་མེད་འཕགས་མའི་སྨིན་བྱེད་ཀྱི་རིམ་པ་ནོད་ནས་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ མཁའ་མཉམ་སེམས་ཅན་སོགས་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་སྒོ་གསུམ་གུས་པའི་ཚུལ་རྩེ་གཅིག་པས། ཚོགས་གསག་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་འདུན་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཡུམ་གྱུར་སྒྲོལ་མའི་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་སླད་དུ་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་དམིགས་འདུན་འདི་བཞིན་དུ་མཛད་འཚལ། ལས་སྔགས་དང་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་འདབ་མ་རབ་ཏུ་རྒྱས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བསྡུས་ཏེ་ཏཱཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་གསལ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་མདངས་ཅན། ཞལ་གཅིག་ཞི་ཞིང་འཛུམ་ལ་སྐུ་སྒེག་པའི་ཉམས་ཅན་བཅུ་དྲུག་ལོན་པའི་ལང་ཚོ་རྒྱས་ཤིང་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་ཞིང་གཡོན་པས་ཐུགས་ཀར་མཐེབ་སྲིན་སྦྱར་བའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་དཀར་པོའི་སྡོང་བུ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་རྒྱས་པའི་ཟེའུ་འབྲུར་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་ཚེའི་བུམ་པས་མཚན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་དུ་མས་མཛེས་པར་སྤྲས་ཤིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་རང་འོད་ཀྱི་ཡབ་གར་གྱི་དབང་ཕྱུག་པདྨ་དང་ཚེ་བུམ་བསྣམས་པས་འཁྲིལ་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་དབྱིག་ཏུ་གསལ་བ་དང་། བདག་མདུན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཆོས་ཀྱི་དབྱིངས་མཐའ་དག་གང་། དེ་དག་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་སྙིང་པོ། ཐུགས་ཕྱག་མཚན་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ཏེ་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཅེས་དམིགས་པ་སྤོད་ལ་སྤྲོ་ན་ལས་གཞུང་གི་བྱིན་འབེབ་དང་། བསྡུ་ན་བྱིན་དབབ་པའི་སྔགས་བརྗོད་རོལ་མོ་སྦྱར་སྤོས་ཀྱི་དུད་པ་བཅས་ཡེ་ཤེས་པ་དབབ་ལ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་རྒྱ་གྲམ་མགོར་བཞག །དེ་དག་གིས་རྗེས་གནང་གི་གཞི་འགོད་པ་སོང་ནས། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་དུ་ཡོད་པའི་དང་པོ་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆེད་དེ་བྱོན། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་རྗེ་བཙུན་འཕགས་མའི་སྐུའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་པ་རྩ་བ་དང་། དེ་བརྟན་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྗེ་བཙུན་འཕགས་མའི་གསང་བ་གསུམ་གྱི་བྱིན་རླབས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པས་གང་བས་སྤྱི་བོ་ནས་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཏཱཾ༔ རྗེ་བཙུན་འཕགས་མའི་ཡེ་ཤེས་བཅུད༔ ཐུགས་རྗེའི་རྒྱུན་གྱིས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལྷ་སྐུ་ཕྱག་རྒྱ་བསྒོམ་པ་ལ་དབང། འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀར་བཞུགས་པའི་རིགས་བདག་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་པའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་སྲོག་ཏཱཾ་ཡིག་དཀར་པོ་གནས་པ་ལས། ལྷ་གསུམ་གྱི་སྔགས་ཕྲེང་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལྟ་བུ་བྱུང་། ཞལ་ནས་ཐོན། སློབ་མ་རྣམས་ལྷར་གསལ་བའི་ཁར་བརྒྱུད། སྙིང་གར་ཐུགས་སྲོག་ཏཱཾ་ཡིག་ལ་ཐིམ་པས་གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛོད། ཅེས་བསྙེན་པའི་བཟླས་པ་རྣམ་གསུམ་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ། རིགས་བདག་འཆི་མེད་མགོན་པོའི་བྱིན་རླབས་དྭངས་མའི་བཅུད་དུ་འཁྱིལ་བའི་བདུད་རྩི་ངག་ཏུ་བྱིན་པར་མོས་ཤིག །བྷནྡྷའི་བདུད་རྩི་སྦྱིན་ལ། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱི༔ འཆི་མེད་བདུད་རྩི་འདི་སྦྱིན་པས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྔགས་སུ་འགྲུབ་པར་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་སྒྲིབ་པ་དག །བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་ལ་དབང་། གཞོམ་མེད་རྡོ་རྗེའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སྤྱི་བོར་བཞུགས་པའི་ཕྲིན་ལས་ཀྱི་ལྷ་གཙུག་ཏོར་རྣམ་པར་རྒྱལ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས། དཀྱིལ་འཁོར་གཙོ་མོ་རིགས་བདག་དང་བཅས་པའི་ཐུགས་རྒྱུད་བསྐུལ། ལྷ་གསུམ་གྱི་ཐུགས་ཀ་ནས་སོ་སོའི་ཕྱག་མཚན་ཚེའི་བུམ་པ། ཨུཏྤལ་དཀར་པོ། ལྕགས་ཀྱུ་ལ་སོགས་པ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པར་མོས་ལ་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པར་ཞུ། དེ་བརྟན་པར་བྱ་བའི་སླད་དུ། ཚེ་འབྲང་གཙུག་ཏོར་རྣམ་པར་རྒྱལ་མ་དངོས་སུ་གསལ་བ་སྙིང་གར་བཞག་པས་གཟུང་འཛིན་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་ཏེ་འཆི་མེད་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཚེའི་འབྲང་རྒྱས་སྙིང་གར་བཞག་ལ། བྷྲཱུྃ༔ གཙུག་ཏོར་རྣམ་པར་རྒྱལ་མ་ཡི༔ ཏིང་འཛིན་མཆོག་གིས་བྱིན་བརླབས་པས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་ཡེ་ཤེས་འགྲུབ་པར་ཤོག༔ ཨོཾ་ཨ་མྲྀཏ་ཨཱ་ཡུརྡ་དེ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་སྒྲིབ་པ་དག །རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། བདེ་སྟོང་འགྱུར་བ་མེད་པའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཐའ་སྐོར་གྱི་རིལ་བུ་སྦྱིན་ལ། བརྟན་གཡོའི་དྭངས་བཅུད་འདུས་པའི་རིལ་བུ་དངོས་གྲུབ་རྣམ་པ་གཉིས་ལ་དབང་ཐོབ་པ་དེ་ཉིད་ཞལ་བསྲོའི་ཚུལ་དུ་སྦྱིན་ཅིང་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་དང་ཤིས་བརྗོད་འཐད་ཅིང་འོས་པ་བྱས་ལ་རོལ་མོ་དང་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་དག་སྣང་གི་ཆོས་སྡེ་འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་སྒོ་འབྱེད་ཚེའི་རྗེས་གནང་ལེགས་པར་གྲུབ་པ་སྟེ། འདིའི་ཁྱད་པར་གྱི་དགོས་པའང་རྡོ་རྗེའི་གསུང་ལས། ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ རྡོ་རྗེའི་སློབ་མར་འདི་སྦྱིན་ན༔ བར་ཆད་གེགས་ཞི་ཚེ་བསོད་དང༔ གཉིས་མེད་ཡེ་ཤེས་རྒྱས་པར་འགྱུར༔ ཅེས་པས་བསྔགས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་དགོས་པ་དུ་མ་དང་ལྡན་པ་ཡིན་པས་དད་གུས་ཀྱི་ངེས་ཤེས་ཆེན་པོས་འདིའི་རྣལ་འབྱོར་ལ་ཡིད་དམ་དུ་འཆའ་བ་སོགས་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱས་ལ་སློབ་མ་གྱེས། མཆོད་བསྟོད་ནོངས་བཤགས་གཤེགས་གསོལ། བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་བྱའོ། །གདམས་པའི་བདུད་རྩི་ཁྱད་པར་ཅན། །སྐལ་ལྡན་ཀུན་གྱིས་བཅུད་དུ་ཐོབ། །ཚེ་དང་ཡེ་ཤེས་ལང་ཚོ་རྒྱས། །དོན་གཉིས་ཕྲིན་ལས་མཁའ་ཁྱབ་ཤོག །ཅེས་པའང་ཐམས་ཅད་མཁྱེན་གཟིགས་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་རྒྱལ་མཚན་ཞལ་སྔ་ནས་རིན་ཆེན་དང་པོའི་མེ་ཏོག་དང་བཅས་ཏེ་བཀའ་ལུང་སྤྱི་བོར་ཕེབས་པར་བརྟེན། གཏེར་ཆེན་མཁས་གྲུབ་ཡོངས་ཀྱི་སྤྱི་རྗེ་ཉིད་ལས་བཀའི་གནང་བ་དང་ཞལ་ཁྲིད་ཀྱི་བདུད་རྩི་གུས་པས་ནོས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་དཔལ་དེ་བཱི་ཀོ་ཊིའི་སྒྲུབ་གནས་ཀྱི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།

རྡོ་རྗེ་ཕུར་པ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་ལམ་ཁྱེར་མདོར་དྲིལ་བ་རྣལ་འབྱོར་དགའ་སྟོན་ (Volume 31, Text 30)

༄༅། །རྡོ་རྗེ་ཕུར་པ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་ལམ་ཁྱེར་མདོར་དྲིལ་བ་རྣལ་འབྱོར་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཤྲཱི་གུ་ར་བེ། རྒྱལ་བའི་བདག་པོའི་ཕྲིན་ལས་སྟོབས་ཀྱི་སྐུ །གྲུབ་པ་རིག་པ་འཛིན་ཀུན་སྐྱོབ་པའི་རྫོང་། །སྲིད་པ་འདིར་སྣང་པདྨ་ཐོད་ཕྲེང་རྩལ། །བདུད་འདུལ་དྲག་པོའི་གར་མཁན་དེ་ལ་འདུད། །རྩ་བའི་གཞུང་དང་ལྷན་ཐབས་རྒྱ་ཆེ་བས། །ཉི་ཚེའི་བློ་དམན་འཇུག་པར་དཀའ་མཐོང་ནས། །ཕྲིན་ལས་བཅུད་དུ་དྲིལ་ལ་གེགས་མེད་པའི། །གནང་བ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོས་སྩོལ། །རྡོ་རྗེ་ཕུར་པ་རྩ་ཐུང་གདམས་ངག་ཅན་གྱི་ལུགས་བཀའ་བརྒྱུད་གཏེར་བརྒྱུད་གཉིས་སུ་བྱོན་པ་ལས། འདིར་གཏེར་ཆེན་སངས་རྒྱས་གླིང་པས་སྤྱན་དྲངས་པ་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་གཞན་ལས་ཁུངས་བཙུན་ཅིང་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ཀྱི་རིམ་པ་མདོར་དྲིལ་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། སྔོན་འགྲོ་ཚོགས་གསག་བགེགས་བསྐྲད་མཚམས། །བཤགས་དམ་བྱིན་འབེབ་མཆོད་བརླབ་བོ། །དེ་ལ་དང་པོ་སྔོན་འགྲོ་དཀར་གཏོར་གསེར་སྐྱེམས་བཤམས་ལ། འཁྱིལ་པའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་འབུལ་ལ། ཧོཿ ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་དང་གཏོར་མ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། ཁྱེད་ལ་ས་འདི་གཡར་བར་བགྱི། །ཅི་བདེ་བར་ནི་གཞན་དུ་གཤེགས། །བདག་གི་འདོད་དོན་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ་ལོ། །གཉིས་པ་ཚོགས་གསག་པའི་ཐོག་མར་སྐྱབས་སེམས་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་གྱུར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས༔ བདག་གཞན་དུས་འདི་ནས་གཟུང་ནས༔ སངས་རྒྱས་ཆོས་དང་ཚོགས་བཅས་དང༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བས་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་ཀྱང་གཞན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ གསང་སྔགས་ངེས་པའི་བློ་འཛིན་ནོ༔ ལན་གསུམ་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུན་བཤགས་བྱའོ། །གསུམ་པ་བགེགས་བསྐྲད་པ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རབ་ཏུ་འབར་བའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་སོགས་བྱིན་རླབས་གོང་ལྟར་ལ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བྷཱུ་ཏེ་བྷྱོ་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཙཱ་ཡ་ཧཱུྃ་ཕཊ༔ བཞི་པ་མཚམས་གཅད་པ་ནི། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཧཱུྃཿཨཱོཾཿཧཱཿཀཿཏཿའཕྲོས་པས༔ རྡོ་རྗེ་འཁོར་ལོ་རལ་གྲི་དང༔ ཕུར་པ་དབྱུག་ཐོ་ལྔ་འཕྲོས་པས༔ སྟེང་ཡང་མཚོན་ཆའི་བླ་བྲེས་ལ༔ མཚོན་ཆའི་ཐོག་དང་སེར་ཆེན་འབེབ༔ འོག་ཀྱང་མཚོན་ཆའི་ས་གཞི་ལ༔ ས་གཞི་མཚོན་ཆའི་གཅལ་དུ་བཀྲམ༔ ཕྱོགས་མཚམས་ཀུན་ཀྱང་མཚོན་ཆས་གཏམས༔ མཚོན་ཆའི་འདུ་འཕྲོ་མེ་ལྟར་འབར༔ མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུག༔ མཚོན་ཆེན་གསང་བའི་དཀྱིལ་འཁོར་འདིར༔ རླུང་ཡང་རྒྱུ་བའི་སྐབས་མེད་ན༔ བགེགས་དང་ལོག་འདྲེན་གང་ལ་གནས༔ གནས་པར་གྱུར་ན་རྡུལ་དུ་རློག༔ ཨཱོཾ་བཛྲ་ཛྙཱ་ན་ཙཀྲ་ཏཱིག་ན་ཀཱི་ལི་ཀཱི་ལ་ཡ་ཨཱ་ཀོ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཁྲོ་རྒྱལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྤྲུལ་པའི་ཁྲོ་བཅུ་འཕྲོས་ནས་ནི༔ སྟེང་འོག་ཕྱོགས་མཚམས་གོ་རིམ་བཞིན༔ དྲེགས་པ་བསྒྲལ་ནས་གདན་དུ་བཏིང༔ མ་དག་བགེགས་ཚོགས་མཚམས་ཆོད་ལ༔ ཁྲོ་བཅུའི་སྲུང་མཚམས་ལས་མཛོད་ཅིག༔ ཨཱོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལཾ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲིཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཕཊ་རཾ་ཨེ་རཾ་ཏྲག་རཾ་ཛྭ་ལ་རཾ༔ ལྔ་པ་བཤགས་པ་ནི། བཤགས་ཡུལ་གསལ་བར་དམིགས་ཏེ་སྤྲོ་ན། ཡེ་ཤེས་སྐུ་མཆོག་བརྗོད། དཀྱུས་སུ། ཧཱུྃ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ རང་སེམས་མ་ལུས་བདག་ཏུ་བཟུང་བ་དང༔ ཀུན་གཞིའི་བློ་ལ་བག་ཆགས་བསགས་པ་དང༔ མཚམས་མེད་ལྔ་དང་མི་དགེ་བཅུ་ལ་སོགས༔ དངོས་གྲུབ་གེགས་སུ་གྱུར་པ་ཅི་མཆིས་པ༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡིག་བརྒྱ་བརྗོད། དྲུག་པ་དམ་བཅའ་བ་ནི། ཨཱོཾ༔ དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ༔ རྩེ་གཅིག་མོས་པའི་སེམས་ཀྱིས་ཕྱག་འཚལ་ན༔ སྒོ་གསུམ་སྡིག་པའི་ལས་རྣམས་མི་བགྱིད་ཅིང༔ རྩ་བ་ཡན་ལག་དམ་ལས་མི་འདའ་བར༔ བྱང་ཆུབ་མཆོག་སེམས་བསྐྱེད་པར་དམ་བཅའ་འོ༔ བདུན་པ་བྱིན་དབབ་པ་ནི། རོལ་མོ་སྦྱར་སྤོས་གཡབ་དར་གྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ གྲུ་གསུམ་མཐིང་ནག་དྲག་པོའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ དབྱིངས་དང་ཡེ་ཤེས་ཁྲོ་བོ་ཁྲོ་མོ་བཅུ༔ ཐབས་དང་ཤེས་རབ་ཟ་གསོད་མགོ་བརྙན་དང༔ རྣམ་བཞིའི་ལས་མཛད་སྒོ་མ་ཆེན་མོ་བཞི༔ བདག་ཉིད་ཆེན་མོ་ཤྭ་ན་བསེ་མོའི་ཚོགས༔ རྡོ་རྗེ་ལྷག་སྡུད་བཀའ་ཉན་དམ་ཚིག་ཅན༔ རིག་འཛིན་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང༔ ཀརྨ་གིང་གཟུགས་མཆེད་དང་ལྕམ་དྲལ་རྣམས༔ དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་གྱིས་རློབས༔ སྐལ་ལྡན་རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ སྣང་གསལ་མར་མེ་འདི་ལ་མདངས་གཅིག་གསོལ༔ དབེན་གནས་གཉན་པོ་འདི་ལ་བཀྲ་ཤིས་སྩོལ༔ ཨཱོཾ་བཛྲ་ས་མ་ཡ་ཧཱུྃ༔ བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མཚན་ཉིད་དང་ལྡན་པའི་བྷཉྫའི་སྣོད་དུ་ཧྲཱིཿལས་འོད་འཕྲོས་འདུས་པ་ལས་ཟླ་བའི་དཀྱིལ་འཁོར་ལྔ་ཚོམ་གྱི་དབུས་དང་ཕྱོགས་བཞིར། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱི་འོད་ཟེར་འཕྲོ་འདུས་ཕྱག་མཚན་ལྔ་དང་དྲིལ་བུ་ལྔར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་རིགས་ལྔ་ཡབ་ཡུམ་བཅུར་ལམ་གྱིས་གསལ། ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི་སཏྭཾ༔ ཨཱོཾ་ཛི་ན་ཛིཀ྄༔ ལཱཾ་ཏེ་ཤྭ་ར་ཏི་སཏྭཾ༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་ར་ཏི་སཏྭཾ༔ ཨཱཾ་ཨ་རོ་ལྀཀ྄༔ པྱཱཾ་རཱ་གཱ་ར་ཏི་སཏྭཾ༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་ར་ཏི་སཏྭཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་ཧོ་ཧཾ༔ རཱ་གཱ་ཡ་མི༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་བདེ་བའི་འོད་ཟེར་འཕྲོས། ཚུར་འདུས་ཏེ་བྱང་སེམས་བདུད་རྩིའི་རང་བཞིན་དུ་ཞུ། མཐེབ་སྲིན་སྦྱར་ལ། མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་མཉམ་པར་སྦྱོར་བ་ལས་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་ཐོད་པའི་ནང་དུ་བབས་པས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པས་མེར་གྱིས་ཁེངས་པར་གྱུར། ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་བརྗོད་ལ་མཐེབ་སྲིན་གྱིས་གནས་དང་ཡོ་བྱད་ལ་འཐོར་ཏེ། ཨཱོཾ་དྷརྨ་ཨ་མྲྀཏ་ཧཱུྃ༔ ཨཱོཾ་བི་ཤུདྡྷེ་ཨ་མྲྀཏ་ཧཱུྃ༔ ཨཱོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བསང་། རཾ་ཡཾ་ཁཾ། རཀྟ་མི་དམིགས་པ་ལས་བྷཉྫའི་སྣོད་ཡངས་པའི་ནང་དུ་རཿཡིག་དམར་པོ། བདག་ཉིད་ཡུམ་གྱི་ཐུགས་ལས་འོད་ཟེར་དམར་ནག་འཕྲོས་ཏེ་རཿལ་ཕོག་པས་འོད་དུ་ཞུ་བ་ཁྲག་གི་རྒྱ་མཚོ་རྦ་རླབས་ཕྱོགས་བཞིར་འཕྱོ་ཞིང་རོའི་ཟེགས་མ་འཁྲུགས་པའི་སྟེང་དུ་ཧཱུྃ་དམར་པོ་ལས་འོད་འཕྲོས། ཡེ་ཤེས་ཀྱི་རཀྟ་སྤྱན་དྲངས་ནས་ཧཱུྃ་དང་བཅས་པ་འོད་དུ་ཞུ་སྟེ་རཀྟ་ལ་ཐིམ་པས་གཟི་བྱིན་རབ་ཏུ་འབར་བར་གྱུར། ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ས་མུ་དྲ་ས་མ་ཡེ་ཧཱུྃ༔ ལན་གསུམ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་གཏོར་སྣོད་ཨ་ལས་ཐོད་པ་མཚན་དང་ལྡན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་པོའི་སྟེང་དུ་བདག་གི་ཐུགས་ཀ་ནས་མ་ཡིག་འཕྲོས། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར་ཨོཾ་དཀར་པོས་མཚན་པ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དེ་ལས་འོད་འཕྲོས་རྫས་རྣམས་དུ་མ་རོ་གཅིག་ཏུ་འདྲེས། སླར་ཡང་བདག་གི་ཐུགས་ལས་པཾ་ཡིག་འཕྲོས། པཾ་པདྨ་མཎྜ་ལ། པད་སྟེང་ཨཱཿདམར་པོས་མཚན་པ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དེ་ལས་འོད་འཕྲོས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་གསལ་ཞིང་འཚེར་བར་གྱུར། སླར་ཡང་ཡི་གེ་ཨ་འཕྲོས། ཨ་ཙནྡྲ་མཎྜ་ལ། ཟླ་དཀྱིལ་ཧཱུྃ་སྔོན་པོས་མཚན་པ། ས་མ་ཡ་སཏྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དེ་ལས་འོད་འཕྲོས་འདོད་ཡོན་དྲུག་གི་རྒྱ་མཚོར་གྱུར། ཡིག་འབྲུ་རྫས་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་བས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་འདོད་དགུ་ཕུན་སུམ་ཚོགས་པའི་གཏེར་རྒྱ་ཁྱོན་བསམ་གྱིས་མི་ཁྱབ་པར་གྱུར། ཨཱོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ་བརྗོད། ཕྱི་མཆོད་བརླབ་པ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་མཛེས་པའི་ལྷ་མོ་མཆོད་པའི་ཡོ་བྱད་ཐོགས་པ་དཔག་ཏུ་མེད་པས་སྤྲུལ་བསྒྱུར་མཆོད་སྤྲིན་རྒྱུན་མི་ཆད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ནས་ཤབྡའི་བར་དང་། ཨཱོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་པས་གསང་མཆོད་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ནི། ལྷ་བསྐྱེད་སྤྱན་དྲང་ཕྱག་མཆོད་བསྟོད། །ནོངས་བཤགས་ཛཔ྄་ཀྱི་བཟླས་པ་འོ། །དེ་ལ་དང་པོ་ཏིང་འཛིན་གསུམ་གྱིས་དམ་ཚིག་པའི་རྟེན་བརྟེན་པ་བཅས་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཆོས་ཀུན་རང་བཞིན་སྟོང་པ་ཉིད། །སྤྲོས་པའི་མཚན་མ་ཉེར་ཞི་བའོ། །མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །སྡུག་བསྔལ་གྱིས་མནར་སྙིང་རེ་རྗེ། །དེ་དག་དོན་དུ་རིག་པའི་རྩལ། །ཧཱུྃ་མཐིང་འོད་ཟེར་འབར་བ་ལས། །སེམས་དཔའ་མཐིང་ནག་རྡོར་དྲིལ་བསྣམས། །ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ། །འཕྲོས་པས་དངོས་འཛིན་བག་ཆགས་སྦྱངས། །སླར་ཡང་ཨེ་ཡཾ་ར་སུཾ་རཾ། །ཀིཾ་ལས་ནམ་མཁའ་རླུང་ཁྲག་མཚོ། །ས་གཞི་མེ་དཔུང་ཀེང་རུས་རི། །དེ་སྟེང་བྷྲཱུྃ་འཕྲོས་སྤྲོ་བསྡུས་ཞུ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ། དུར་ཁྲོད་གཞལ་ཡས་ཁང་ཆེན་པོ། །ཡེ་ཤེས་ངོ་བོ་ལས་གྲུབ་པ། །ཐོད་སྐམ་ར་རིའི་རྩིག་པ་ལ། །མི་ཡི་རྐང་ཆེན་གདུང་བྱས་པ། ཁྲག་དང་ཞག་གི་ཞམ་ཆུ་འཁྱིལ། །ཞིང་གི་འཕན་གདུགས་རབ་བྲེས་པ། །ཕྱི་ནང་སྒྲིབ་གཡོགས་མེད་པར་གསལ། །ཛཿཧཱུྃ་བཾ་ཧོཿ རུ་དྲ་ཕྱོགས་སྐྱོང་གདན་དུ་བཀུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན། དབུས་སུ་རུ་དྲ་ཉི་ཟླ་དང་། །པདྨ་གེ་སར་གདན་སྟེང་དུ། །ཡེ་ཤེས་སེམས་དཔའ་འོད་དུ་ཞུ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱན་བཾ་ཧཱུྃ་ཕཊ། བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྤྱན་དགུ་ཁྲོ་གཉེར་མཆེ་བཞི་གཙིགས། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས། །ཐ་གཉིས་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁར་གདེངས། །དབུ་ལ་ཐོད་སྐམ་རིགས་ལྔས་བརྒྱན། །བ་སྤུ་ཁྲོ་ཆུང་གོ་ཆས་གཏམས། །སྐུ་སྟོད་གླང་ཆེན་ཀོ་རློན་གཡོགས། །སྟག་གི་པགས་པས་སྐུ་སྨད་དཀྲིས། །ཞིང་ཆེན་གཡང་གཞི་རྐེད་ལ་བརྒྱན། །ཡན་ལག་ཐམས་ཅད་སྦྲུལ་གྱིས་སྤྲས། །ཐོད་རློན་ཁྲག་འཛག་དོ་ཤལ་དང་། །ཐལ་ཆེན་ཚོམ་བུ་ཞག་ཟོ་རིས། །རཀྟའི་ཐིག་ལེ་ལ་སོགས་ཏེ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །སྲིན་པོ་ཁྲོས་པའི་རྣམ་པ་ཅན། །སྒེག་བཞད་ཁྲོ་གཏུམ་ལྡན་པར་གསལ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྔོ། །ཕྱག་གཡས་ཨུཏྤལ་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབས། །ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་ཞིང། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །སྣང་ལ་རང་བཞིན་མེད་པར་བསྐྱེད། །ཕྱོགས་བཅུར་ཕྱོགས་སྐྱོང་ཕོ་མོ་དང་། །པདྨ་ཉི་མའི་གདན་སྟེང་དུ། །གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས། །ཧཱུྃ་ཧཱུྃ་སྦྲེལ་མ་བཅུ་འཕྲོས་པས། །སྟེང་ཕྱོགས་ཧཱུྃ་ཀཱར་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཤར་དུ་རྣམ་རྒྱལ་སྙེམས་མ་ནི། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི། །སྤྲུལ་པ་གཡག་དང་བྱ་རོག་མགོ །ལྷོ་ཕྱོགས་གཤིན་རྗེ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ །ལྷོ་ནུབ་མི་གཡོ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ནུབ་ཕྱོགས་རྟ་མགྲིན་རྡོ་རྗེ་གཏུམ། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ནུབ་བྱང་འདོད་རྒྱལ་མདའ་སྙེམས་ནི། །སྤྲུལ་པ་ཁྲ་དང་སྤྱང་ཀིའི་མགོ །བྱང་ཕྱོགས་བདུད་རྩི་རླུང་འབྱིན་ནི། །སྤྲུལ་པ་སེང་གེ་ཕ་ཝཾ་མགོ །བྱང་ཤར་ཁམས་གསུམ་གསོད་བྱེད་ནི། །སྤྲུལ་པ་དྲེད་དང་སྲེ་མོང་མགོ །འོག་ཕྱོགས་སྟོབས་ཆེན་སྐྱོད་བྱེད་མ། །སྤྲུལ་པ་དོམ་དང་བྱི་བའི་མགོ །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །དང་པོས་རྡོ་རྗེ་དུང་ཁྲག་བསྣམས། །བར་པས་རང་རྟགས་མཚོན་ཆ་འཛིན།། མཐའ་གཉིས་རང་རྟགས་ཕུར་བུ་འཛིན། །གཤོག་གདེངས་མེ་དཔུང་ཀློང་ན་བཞུགས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་འདུས་པའི་སྲས་མཆོག་ལྔ། །དང་པོས་རང་རྟགས་ཕྱག་མཚན་ཏེ། །མཐའ་གཉིས་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་ལྕགས་ཕུར་དགྲ་བགེགས་གཟིར། །རྡོ་རྗེའི་གཤོག་ལྡན་མེ་དཔུང་འབར། །སྒོ་བཞིར་ཕྲ་མེན་གདོང་མོ་བཞི། །རང་རྟགས་ཕྱག་རྒྱ་དུང་དམར་འཛིན། །ཕྱི་ཁྱམས་པད་ཉི་རོ་ཡི་སྟེང་། །ཤྭ་ན་བདག་ཉིད་ས་བདག་བཞི། །བློན་མོ་གིང་ཆེན་ཕོ་བདུད་དང་། །བསེ་ཡི་སྐྱེས་བུ་ཤན་པ་སོགས། །ཕུར་སྲུང་དམ་ཅན་ཐམས་ཅད་ཀྱང་། ཁྲོ་གཏུམ་འཇིགས་པའི་མཚོན་ཆ་ཐོགས། །གདུག་པའི་དགྲ་བགེགས་སྒྲོལ་བ་ཡི། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་བསྐུལ། །ཨཱོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིངས་སུ་བདག་སྐྱེད་ཅིག༔ ཨཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིངས་སུ་བདག་སྐྱེད་ཅིག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིངས་སུ་བདག་སྐྱེད་ཅིག༔ ལྷ་རྣམས་རྡོ་རྗེ་གསུམ་དུ་གྱུར༔ ཡིག་འབྲུ་གསུམ་ལ་ཐིམ་པ་ཡིས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ༔ ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་བས། །གཙོ་ལ་རིགས་ལྔས་དབུ་བརྒྱན་ཅིང་། །འཁོར་རྣམས་གཙོ་བོས་དབུ་བརྒྱན་གྱུར། །གཉིས་པ་ཡེ་ཤེས་པ་དགུག་པའི་ཐོག་མར་བཞེངས་སུ་གསོལ་བ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀྲོ་དྷ་ས་མཱན་ཛཿཧཱུྃ་ཛ༔ སྤྱན་དྲང་བ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ གཉིས་སུ་མེད་པར་ཐིམ་པར་མོས་ལ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ གསུམ་པ་ཕྱག་བྱ་བ་ནི། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་དག་ཤེས་རབ་གསལ་བའི་དོན། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །ས་བཅུའི་མངའ་བདག་ཞིང་བཅུ་ཚར་གཅོད་པ། །འཇིགས་བྱེད་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུའི་རང་བཞིན་ཤེས་རབ་དབྱིངས། །ཡེ་ཤེས་ཁྲོ་མོ་བཅུ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་ཐམས་ཅད་སྒྲོལ། །སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ། །ཉོན་མོངས་ཉི་ཤུ་གནས་སུ་དག་པའི་དོན། ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱི་ནང་བར་ཆད་བསྲུང་བའི་ལས་ལ་བརྩོན། །དྲག་མོ་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྤྱན་སྔར་ཁས་བླངས་དབང་མོ་ཆེ། །དམ་ཅན་ཕུར་སྲུང་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་མཆོད་པའི་བྱེ་བྲག་རྣམས་ལས་ཐོག་མར་ཕྱི་མཆོད་ནི། ཧཱུྃ༔ རང་བྱུང་རྣམ་དག་ལྷ་རྫས་ཡིད་འོང་ཆུ༔ དྭངས་ཤིང་གསལ་ལ་རྙོག་པ་མེད་པ་ཡིས༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་ཁྲུས་གསོལ་བས༔ འགྲོ་རྣམས་སྒྲིབ་གཉིས་དྲི་མ་དག་གྱུར་ཅིག༔ ཨཱོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་སྒེག་བཞད་ཕྲེང༔ ལྷ་རྫས་ཕྱི་མཆོད་འདི་དག་ཀུན༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དེ་བཞིན་དུ་སྦྱར་ཏེ། ཤབྡའི་བར་དང་། ཨོཾ་བཛྲ་ལཱ་སྱཻ་ཧཱ་སྱཻ་མཱ་ལྱེ་ཨཱཿཧཱུྃ། ནང་མཆོད་ནི། ཧཱུྃ༔ དབང་པོ་རྣམ་ལྔའི་མེ་ཏོག་གསུར་ཆེན་དྲི༔ ཞུན་ཆེན་སྣང་གསལ་རྡོ་རྗེ་དྲི་ཡི་ཆུ༔ བྱུག་མཆོག་བདུད་རྩི་ཞལ་ཟས་དྲི་ཆེན་པོ༔ རྐང་གླིང་ཐོད་རྔ་ལ་སོགས་མཆོད་པར་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧོ༔ སརྦ་པཱུ་ཙ་ཧོ༔ གསང་མཆོད་ནི། ཧཱུྃ༔ སྣང་སྟོང་དབྱེར་མེད་རང་བྱུང་བདེ་ཆེན་པོ༔ ཡབ་ཡུམ་མཁའ་གསང་སྦྱོར་བའི་དགའ་བཞིར་བརྟན༔ རྣམ་དག་བདེ་ཀློང་རོལ་པར་འབུལ་ལགས་ན༔ སྐུ་ལུས་རྒྱས་ཕྱིར་མཆོད་ཆེན་བཞེས་སུ་གསོལ༔ ཨཱོཾ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ༔ སྨན་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི༔ ཐུགས་དམ་དབྱིངས་ཉིད་སྐོང་བའི་མཆོག༔ བདག་ཅག་དད་པས་འབུལ་ལགས་ན༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ༔ བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ སྐུ་གསུམ་བཀའ་བརྒྱུད་རྒྱ་བོད་རིག་འཛིན་དང༔ རྡོ་རྗེ་གཞོན་ནུ་གཙོ་འཁོར་བཅས་པ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་མཆོད་ཅིང་གཏོར་མ་ལའང་སྦྲེང་། ལྕེ་ཡི་རྡོ་རྗེ་དམ་ཚིག་ལས༔ དམ་ཚིག་ཅན་གྱིས་ཧཱུྃ་བསྒོམ་སྟེ༔ རྡོ་རྗེའི་ལྕེ་ཡིས་རབ་ཟོས་ན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་། རཀྟའི་མཆོད་པ་ནི། ཧཱུྃ༔ རཀྟ་འབྱུང་བའི་གནས་ནི་བྷ་གའི་ཀློང༔ དམར་ཆེན་ཁྲག་གི་ཞག་ཆགས་རྦ་ཀློང་འཁྲུགས༔ དམིགས་བསྒྱུར་སྤེལ་སྦྱངས་རཀྟའི་རྫས་ཆེན་པོ༔ འདོད་ཆགས་བདེ་ཀློང་ཡ་མཚན་རྨད་གྱུར་ཏེ༔ སྣོད་ཀྱི་འཇིག་རྟེན་ཡུམ་གྱི་མཁའ༔ བཅུད་ཀྱི་སེམས་ཅན་ཡབ་ཀྱི་ཀློང༔ མཱུ་ལ་རཀྟ་ཤ་ཡི་ཁྲག༔ ཙིཏྟ་རཀྟ་སྙིང་གི་ཁྲག༔ པདྨ་རཀྟ་གསང་བའི་ཁྲག༔ ཁྲག་སྣ་བརྒྱ་ལ་སྙིང་སྣ་སྟོང༔ ཁྲག་དང་སྙིང་དུ་སྦྱར་བ་ནི༔ དམ་རྫས་ཚངས་པའི་རཀྟ་མཆོག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ སྤྲུལ་པ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ཡངས་པ་རུ༔ བཅུད་ཀྱི་རིགས་དྲུག་སེམས་ཅན་གཏོར་མར་བསྒྲལ༔ ཤ་སྣ་སྟོང་དང་སྙིང་སྣ་སྟོང་སྦྱར་བའི༔ དམ་རྫས་ཚང་བའི་གཏོར་ཆེན་ཚང་བ་འདི༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་ནི། ཧཱུྃ། གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས། །ཞེ་སྡང་རུས་པའི་ཕུང་པོར་བཅས་པ་རྣམས། །རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨཱཿཧཱུྃ། སྒྲོལ་མཆོད་ནི། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ སྒྲོལ་བའི་མཆོད་པ་བཞེས་སུ་གསོལ༔ རཾ་རཾ༔ སྦྱོར་མཆོད་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་པར་བྱོས༔ སྦྱོར་བའི་མཆོད་པ་བཞེས་སུ་གསོལ༔ ཁ་ཐཾ་ཧཱུྃ་ཕཊ༔ ལྔ་པ་བསྟོད་པ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྐུ་མཆོག་སྐུ་ཡི་རང་བཞིན་འགྱུར་བ་མེད༔ འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ གསུང་མཆོག་གསུང་གི་རང་བཞིན་འགག་པ་མེད༔ འགག་མེད་ཚངས་པའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཐུགས་མཆོག་ཐུགས་ཀྱི་རང་བཞིན་འཁྲུལ་པ་མེད༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་མམ། སྤྲོ་ན། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ ཤིན་ཏུ་མི་བཟད་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་ཁྲོ་བོ་བཅུ་ནི་ཐུགས་ལས་སྤྲུལ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཐམས་ཅད་སྐྱེད་པའི་ཡུམ༔ བདེ་ཆེན་དབྱིངས་ལས་སྤྲུལ་པ་འབྱུང་བའི་གཙོ༔ ཡཀྴ་དཔལ་གྱི་སྐུ་ལ་དགྱེས་པར་འཁྲིལ༔ འཁོར་ལོ་དབྱིངས་ཆེན་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ བདུད་འདུལ་མཐུ་ཆེན་ཡེ་ཤེས་ཁྲོ་རྒྱལ་བཅུ༔ ཧཱུྃ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག༔ ཕྱོགས་བཅུའི་ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་དབྱིངས་ལས་ཁྲོ་མོར་སྐུར་སྟོན་པའི༔ ཁྲོ་རྒྱལ་སོ་སོའི་སྐུ་ལ་དགྱེས་པར་འཁྲིལ༔ སྲིན་མོའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན༔ ཕྱོགས་བཅུའི་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་སྡུད་ཡེ་ཤེས་སྤྲུལ་པའི་སྐུ༔ མཆེ་གཤོག་གཏུམ་མོ་ཡེ་ཤེས་ཕོ་ཉའི་ཚོགས༔ རྔམ་པའི་སྟོབས་ཀྱིས་གདུག་པ་འདུལ་མཛད་པ༔ ཕྲ་མེན་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ངང་ཉིད་ཞི་བའི་རང་བཞིན་ལས༔ བར་དུ་གཅོད་པའི་དགྲ་བགེགས་འདུལ་བའི་ཕྱིར༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ༔ ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དྲུག་པ་བཤགས་པ་ནི། ཧཱུྃ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ རྟགས་དང་མཚན་མ་དུས་སུ་མ་ཕྱིན་ཏེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ ཁྲོ་བཅུ་ཁྲ་ཐབས་སྲས་མཆོག་སྒོ་མ་བཞི༔ ཕུར་སྲུང་དམ་ཅན་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཞེས་དང་ཧེ་རུ་ཀ་ཡི་ཡིག་བརྒྱ་བརྗོད་དོ། །བདུན་པ་ཛཔ྄་བཟླ་བ་ལ། ཛཔ྄་ཁང་དབྱེ་བ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཛཔ྄་བསྐུལ་བ་ནི། ཧཱུྃ༔ སྤྲོས་མེད་མ་བཅོས་ཆོས་ཀྱི་སྐུ༔ དབྱེར་མེད་མ་བཙལ་ལྷུན་གྱིས་གྲུབ༔ སྨྲ་བསམ་ཚིག་ལས་འདས་པ་སྟེ༔ ཤེས་བརྗོད་ཡུལ་ལས་འདས་པ་འོ༔ དེ་ལྟ་བུ་ཡི་ངང་ཉིད་ལས༔ སྐུ་ནི་སྐྱེ་མེད་རྡོ་རྗེ་གཞོན་ནུའི་སྐུ༔ གསུང་ནི་འགག་མེད་ཀཱི་ལ་ཡ་ཡི་གསུང༔ ཐུགས་ནི་སྤྲོས་མེད་ཆོས་ཀྱི་དབྱིངས༔ དུས་གསུམ་བདག་ཉིད་བཞག་པར་བྱ༔ བཟླ་བྱའི་ཛཔ྄་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྣཱན་བཾ་ཧཱུྃ་ཕཊ༔ ཅེས་འབྲུ་བཅུ་བཞི་པ་གཙོ་བོར་བཟླ། བཟླས་པའི་དམིགས་པ་ལ། སྐུ་བཟླས་གསེར་གྱི་བ་ཐག་གཟེངས་པ་ལྟ་བུ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ། དེ་ལ་སེམས་གཏད་དེ་བཟླས་པས། འོད་ཟེར་ཡར་ཐོན་ལྗགས་ཀྱི་ཧཱུྃ་ཡིག་ལ་བརྒྱུད་དེ་ཞལ་ནས་ཐོན། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་ཏེ་ལྷར་གྱུར་པས་སྔགས་སྒྲ་སྒྲོག །རྒྱལ་བ་རྣམས་མཆོད་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ལོག་པར་ལྟ་བ་རྣམས་ཚར་བཅད། སླར་ཚུར་འདུས་པའི་སྤྲོ་བསྡུ་བར་མ་ཆད་དུ་བྱ། གསུང་བཟླས་ལྕགས་ཀྱི་ཚྭ་ཚྭ་ལྟ་བུ་ནི། དམིགས་པའི་གཞི་སྔར་ལྟར་ལ། འོད་ཟེར་སྤྲོས་པ་ཁྲོ་ཆུང་དཔག་ཏུ་མེད་པར་གྱུར་ཏེ་དགྲ་བགེགས་ཐམས་ཅད་མགར་གྱི་ཚྭ་ཚྭས་སྦུར་མ་བཅོམ་པ་བཞིན་བརླག་པར་བསམ། ཐུགས་བཟླས་མགལ་མེ་བསྐོར་བ་ལྟ་བུ་ནི། འོད་ཟེར་ཡབ་ཡུམ་གྱི་ཞལ་དང་གསང་བར་བརྒྱུད། མཆོད་ཅིང་དངོས་གྲུབ་བླང་པའམ། རྫས་དཀྱིལ་ཡོད་ན་མདུན་གྱི་སྲས་མཆོག་གི་ཞལ་དུ་བརྒྱུད་ཅིང་སྤྲོ་བསྡུ་སྐུ་བཟླས་ལྟར་བྱ། ཡོན་ཏན་བཟླས་པ་ནི། སྔོན་ཚེ་ཨོ་རྒྱན་གུ་རུ་ལ་སོགས་པས་བཟླས་པས་དངོས་གྲུབ་བརྙེས་ཤིང་གྲུབ་པ་ཐོབ། བདག་ཀྱང་དེའི་རྗེས་སུ་འཇུག་ཅིང་བཟླའོ་སྙམ་དུ་སྔགས་ཀྱི་ཡོན་ཏན་དྲན་པའི་ངང་ནས་དད་མོས་ཐེ་ཚོམ་དང་བྲལ་བས་བཟླ། ཕྲིན་ལས་བཟླས་པ་མངོན་སྤྱོད་ཀྱི་སྐབས་སུ་འབྱུང་ཞིང་། འདིར་དཀྱིལ་འཁོར་གྱི་ལྷ་རྣམས་དང་། དེ་དག་གི་བ་སྤུའི་བུ་ག །འབྱུང་བའི་རྡུལ་ཕྲན་ཇི་སྙེད་པའང་ལྷར་གྱུར་ནས་ཀཱི་ལ་ཡའི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་པ་དང་། དེ་དག་ཀྱང་གྲགས་སྟོང་དབྱེར་མེད་ཆོས་ཉིད་ཀྱི་རང་སྒྲར་མོས་པས་དག་པ་ཆོས་ཉིད་ཀྱི་བཟླས་པ་ཞར་ལ་ཚང་ངོ་། །འདིར་དཀྱུས་སུ་མི་དགོས་ཀྱང་སྒྲུབ་པའི་སྐབས་དམ་ཅན་ཉེ་བར་བསྙེན་པ་ནི། སྙིང་རྗེས་བསྒྲལ་བའི་སོགས་དང་། བདག་ནི་རྣལ་འབྱོར་སོགས། ཉམས་སུ་མྱོང་བར་མཛོད༔ བར་གྱིས་བསྐུལ་ཏེ། བདག་ཉིད་གཙོ་མཆོག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྲུང་མ་རྣམས་ཀྱི་རྒྱུད་བསྐུལ། ཐམས་ཅད་ཀྱིས་རང་སྔགས་སྒྲོག་ཅིང་བཀའ་ཉན་ལས་བྱེད་ཕྲིན་ལས་བསྒྲུབ་པར་བསམ་ལ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྣཱཾ་བཾ་ཧཱུྃ་ཕཊ༔ ཅེས་བཞི་སྙིང་གཅིག་ཏུ་དྲིལ་བ་བཟླ། གང་ལྟར་མཐར་སྟོང་ཚིགས་ཀྱིས་མཆོད་ལ། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཞེས་མེ་ཏོག་དོར། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་པས་ཛཔ྄་ཁང་བསྡུའོ། །གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། ཚོགས་བསྐུལ་ཆད་བརྟན་རྟ་བྲོ་དང་། །གཏང་རག་ནོངས་བཤགས་རྫོགས་རིམ་བསྒོམ། །སྨོན་ལམ་ཤིས་བརྗོད་བཅས་ཏེ་བཅུ། །དེ་ལ་དང་པོ་ཚོགས་ཀྱི་མཆོད་པ་འབུལ་བ་ལ། བཟའ་བཅའ་བཏུང་བ་དམ་ཚིག་གི་ཡོ་བྱད་རྣམས་བཤམས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། བྱིན་གྱིས་བརླབ་པ་ནི། ཨཱོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པས་ན། །རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ། །རཾ་ལས་མེ་འབར་དངོས་འཛིན་བསྲེགས། །ཡཾ་ལས་རླུང་བྱུང་མཚན་འཛིན་གཏོར། ཁཾ་ལས་ཆུ་བྱུང་བག་ཆགས་བཀྲུས། །རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཚོགས་སྣོད་སོགས་གཏོར་མ་བྱིན་བརླབ་ལྟར་ལས། བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨེ་ཧྱེ་ཧི༔ བྷ་ག་ཝཱན༔ མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཀྱི་དམ་རྫས་འདོད་ཡོན་ལྔའི་ལྷ་མོར་དམིགས་ལ་སྤྱིར་མཆོད་པ་ནི། ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་མཆོད་པའི་ཕྱིར༔ སྒེག་མོ་རིན་ཆེན་ཕྲེང་ཐོགས་དབྱངས་དང་གར༔ སྤོས་ཀྱི་སྤྲིན་ལྡིང་མེ་ཏོག་མར་མེ་དྲི༔ ཧཱུྃ་མཛད་ཧོ་ལ་ཧོ་སྟེ་བཞེས་སུ་གསོལ༔ ཧཱུྃ༔ འབྱུང་བ་ཆེན་པོ་ནམ་མཁའ་ཆེ༔ ནམ་མཁའ་ལས་ནི་འདོད་པ་འབྱུང༔ འདོད་པའི་མཆོད་པ་བཞེས་སུ་གསོལ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ཆེན་པོ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ནས༔ དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ༔ ཁཱ་རཾ་ཁཱ་ཧི༔ ཚོགས་མཆོད་རིམ་པ་གསུམ་གྱི་དང་པོ་བསྟོད་དེ་མཆོད་པ་ནི། ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང༔ སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ༔ སྐུ་ཡི་དངོས་པོ་ཤིན་ཏུ་འགྱུར་བ་ཡིས༔ གར་བྱས་གྲུབ་པའི་རྣལ་འབྱོར་པས༔ གར་གྱི་དབང་ཕྱུག་གཙོ་བོ་ཆེ༔ ཟླ་བ་ལ་སོགས་སྙིང་པོ་ཅན༔ བཟའ་བ་ལ་སོགས་རོ་མཆོག་བསིལ༔ མེ་ཏོག་ལ་སོགས་ཙན་དན་ཕྲེང༔ བཟང་དགུ་འབུལ་གྱིས་བཞེས་སུ་གསོལ༔ བར་པ་བཤགས་ཤིང་འབུལ་བ་ནི། ཧཱུྃ༔ ཡེ་ནས་མཉམ་ཉིད་དག་པའི་ངང་ཉིད་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་པས༔ མི་དགེ་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་པས༔ ཉམས་ཆག་འགལ་འཁྲུལ་གྱུར་ན་བཟོད་པར་གསོལ༔ ལུས་ཀྱིས་སྡིག་སྤྱད་སྡིག་པ་དངོས་སུ་བྱས༔ ངག་གིས་ཚིག་འཁྱལ་སྨྲས་ཤིང་ངག་ཏུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་བསམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ ནོངས་ཆག་འགལ་འཁྲུལ་སྡིག་པ་ཅི་བགྱིས་པ༔ དོ་ནུབ་ཚོགས་ཀྱི་སྒོ་ནས་བསྐང་ངོ་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་ནས་བསྟབ་པ་ནི། ཚོགས་སྣོད་ཨེ་ལས་གཤིན་རྗེའི་གནས༔ ཧོམ་ཁུང་གྲུ་གསུམ་འཇིགས་རུང་དབུས༔ ནྲྀ་དང་ཏྲི་ལས་དགྲ་བགེགས་གཟུགས༔ རིད་ཅིང་ཉམ་ཐག་འཁོད་པར་གྱུར༔ བདག་ཉིད་གཙོ་མཆོག་ཐུགས་ཀ་ནས༔ ཕོ་ཉ་ལྕགས་ཀྱུ་ཞགས་པ་སོགས༔ མཚོན་ཆ་འཛིན་པ་རབ་སྤྲོས་ཏེ༔ གནོད་བྱེད་རང་དབང་མེད་པར་བཀུག༔ ལྷ་དང་ཕྲལ་ཞིང་མྱོས་བྱས་ནས༔ གཟུགས་ལ་གཉིས་མེད་བསྟིམ་པར་གྱུར༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའིདུས་ལ༴ ཤྭ་ན་མུ་ཁའི་དུས་ལ༴ བདག་ཉིད་ཆེན་མོའི་དུས་ལ༴ ས་བདག་ཆེན་མོའི་དུས་ལ༴ ཁྱོད་ཀྱི་དམ་ཚིག་དུས་ལ༴ མཐུ་རྩལ་འབྱུང་བའི་དུས་ལ༴ དགྲ་བགེགས་འགུགས་པའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཤ་ཎ་ཏྲི་ཛཿནྲི་ཏྲི་ཁུག༔ སེམས་དང་བག་ཆགས་མཱ་ར་ཡ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱཾ་བཾ་ཧཱུྃ་ཕཊ༔ པ་ར་བིགྣཱཾ་བཾ་ཧཱུྃ་ཕཊ༔ ཚིནྡ་ཚིནྡ་ཧཱུྃ་ཕཊ༔ བྷིནྡ་བྷིནྡ་ཧཱུྃ་ཕཊ༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཧཱུྃ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨཱོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན་མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན༔ ཤི་ཏྲི་བྷི་ཏྲི༔ ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ༔ ཅེས་གསལ་བ་གསུམ་དང་ལུང་གསུམ་ལྡན་པས་ཕུར་པ་གདབ། སླར་ཡང་། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབས༔ སྔོན་ཆད་ཇི་ལྟར་ཁས་བླངས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མཱརྟ་ན་ཡེ་ཧཱུྃ༔ དགྲ་བགེགས་མཱ་ར་ཡ་སོད་ཕཊ༔ ཅེས་ཕུར་པ་གནས་རྣམས་སུ་དྲག་ཏུ་གདབ། ལིང་ག་གྲིས་གཏུབ་ཅིང་། རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏྲཾ་ཛྙཱ་ན་ཀ་ར་ཨི་དན༔ དྷ་ཏི་མ་མ་ཀརྨ་ཤཱི་ཏྲཾ་ཀ་ར་ཧཱུྃ་ཕཊ༔ ཅེས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྦར་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་སྲུང་མར་བཅས༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ བསྒྲལ་པའི་ཁྲག་ཞག་ཤ་རུས་སོགས༔ བསྟབ་བོ་ཡབ་ཀྱི་ཞལ་དུ་བསྟབས༔ བསྟིམ་མོ་ཡུམ་གྱི་མགུལ་དུ་བསྟིམས༔ བཞེས་ཤིག་ལྷག་མ་མེད་པར་བཞེས༔ སྩོལ་ཅིག་དངོས་གྲུབ་ཐམས་ཅད་སྩོལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིནྡྷ་ཡ༔ བྷིནྡྷ་ཡ༔ བཛྲ་ཡཀྵ་ཀྲོ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྗེས་འབྲེལ་དུ་སྐོང་བ་ནི། ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ སྣང་བ་ཡབ་ཀྱི་ཐུགས་དམ་བསྐང༔ སྟོང་པ་ཡུམ་གྱི་ཐུགས་དམ༴ གཉིས་མེད་རོལ་པས་ཐུགས་དམ༴ ལོངས་སྤྱོད་ཚོགས་ཀྱི་ཐུགས་དམ༴ སྤྱན་གཟིགས་མང་པོས་ཐུགས་དམ༴ རང་མཐུན་རྫས་ཀྱིས་ཐུགས་དམ༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དེ་ནས་ཚོགས་ལ་རོལ་པ་ནི། བརྡའི་འབུལ་ལེན་དང་བཅས་ཏེ་རྣལ་འབྱོར་པ་རྣམས་ཀྱིས་བཟའ་བའི་དམ་ཚིག་དང་ལྡན་པས་ལོངས་སྤྱད། ལྷག་མ་བསྡུས་ལ་སྨན་རཀ་གིས་བྲན་ཏེ། ཐོད་པའི་སྣོད་དུ་ལྷག་མ་ངོ་བོ་ཟག་མེད་ཀྱི་བདུད་རྩི། རྣམ་པ་ཤ་ཁྲག་རུས་པའི་ཕུང་པོ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་ཚད་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། བཛྲ་ཊཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿས་མགྲོན་བཀུག་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ བཀའ་ཡི་ཕ་འབབ་འདི་ལོངས་ལ༔ རྒྱན་གྱི་གཏོར་མ་འདི་བཞེས་ཤིག༔ རྣལ་འབྱོར་བར་ཆད་བསྲུང་དུ་གསོལ༔ ཕ་རོལ་བསམ་སྦྱོར་ངན་པ་ཟློག༔ སྔོན་ཆད་ཇི་ལྟར་ཁས་བླངས་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨཱོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ ཞེས་ཕྱི་རོལ་དུ་སྟེགས་གཙང་མའི་ཁར་འབུལ་ལོ། །གཉིས་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། རྒྱས་པར་ལས་གཞུང་དུ་ཤེས་པར་བྱ། འདིར་མདོར་བསྡུས་ཙམ་དུ་ཐོག་མར་དཀྱིལ་འཁོར་པ་རྣམས་ལ་གཏོར་མ་འབུལ་བ་ནི། ཧཱུྃ༔ བསམ་འདས་བརྗོད་མེད་ཡེ་ཤེས་སྤྱོད་ཡུལ་ནས༔ རིགས་ལྔ་བདེ་གཤེགས་ཡབ་ཡུམ་སྲས་དང་བཅས༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཡང༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ འཇིགས་བྱེད་ཁྲོ་རྒྱལ་ཡབ་ཡུམ་ཉི་ཤུ་ཡང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ ཞིང་ཆེན་གསར་རྙིང་སྤུངས་པའི་དཀྱིལ་འཁོར་ནས༔ ལས་ཀྱི་ཁྲག་འཐུང་ཉི་ཤུ་ཐམ་པ་ཡང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཀེའུ་རཱི་མ་མོ་བརྒྱད་རྣམས་ཀྱང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ ཡེ་ཤེས་ཆེན་པོའི་གནས་བརྒྱད་ནས༔ སིཾ་ཧ་ཕྲ་མེན་བརྒྱད་རྣམས་ཀྱང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ མཐར་བྱེད་བཞི་ཡི་གནས་བཞི་ནས༔ ཡེ་ཤེས་སྒོ་མ་བཞི་རྣམས་ཀྱང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ ནེའུ་སེང་འབར་འབུར་སྤུངས་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱང༔ འདིར་གཤེགས༴ བཀའ་ཡི༴ བཅོལ་པའི༴ རཀྟ་མཚོ་ལྟར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕུར་པའི་སྲུང་མ་བཅུ་གཉིས་ཀྱང༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དམ་ཅན་རྣམས་ལས་ལ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱེད་ཀྱི་དམ་ཚིག་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གསུམ་པ་ཆད་མདོ་གཏང་བ་ནི། ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དཔལ་ཆེན་གར་གྱི་དབང་ཕྱུག་ཆེན་པོ་ཡིས། །སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ། །གནས་ཡུལ་མ་མོ་རྟ་གདོང་སྒོ་མ་བཞིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། དེ་འདས་དུས་སྐབས་དེ་ཡི་འོག་རོལ་དུ། །འཕགས་བོད་གཙུག་ལག་སྒྲུབ་གནས་སོ་སོ་རུ། །གྲུབ་པའི་སློབ་དཔོན་རིག་པ་འཛིན་རྣམས་ཀྱིས། །གསང་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཚེ། །མ་མོ་མཁའ་འགྲོ་དབང་ཕྱུག་བརྟན་མ་ཡིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ད་དུས་དིང་སང་བསྐལ་པའི་སྙིགས་མ་ལ། །ལུང་བསྟན་ནགས་ཁྲོད་བདེ་ཆེན་བསམ་འགྲུབ་ཏུ། །རྣལ་འབྱོར་དབང་ཕྱུག་རོལ་པའི་རྡོ་རྗེ་ཡིས། །ཐུགས་ཀྱི་ཉིང་ཁུའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཀའ་སྲུང་གཏེར་བདག་དམ་ཅན་ཕོ་མོ་ཡིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཤར་གྱི་མ་བདུན་གཏོར་མ་ལོངས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་ཡི་མ་བདུན་གཏོར་མ་ལོངས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་མ་བདུན་གཏོར་མ་ལོངས༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་གི་མ་བདུན་གཏོར་མ་ལོངས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ བཞི་པ་བརྟན་མ་བསྐྱང་བ་ནི། རྩ་སྔགས་བརྗོད་པས་གཟི་བྱིན་བསྐྱེད། འབྲུ་གསུམ་གྱིས་བཤལ་ཆུ་བདུད་རྩིར་བརླབ། ཨེ་ཨཱ་རལླི་ཧོཿཏཱ་ཀི་ནི་ཧཱུྃ་ཛཿས་མགྲོན་བསྡུས་ལ། བྷྱོ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། ཁྲག་འཐུང་སྡེ་བཞི་ནམ་མཁའི་སྐུ །ཚུར་གཤེགས་ཚུར་བྱོན་སྐྱོང་མའི་ཚོགས། །འདིར་བྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བརྟན་མ་ཆེན་མོ་བཅུ་གཉིས་ཀྱང་། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ལོངས་སྤྱོད་ཤ་དང་ཁྲག་ལ་དགྱེས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །འདིར་བྱོན་རྒྱན་གྱི་གཏོར་མ་བཞེས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སྔོན་ཚེ་པདྨ་ཐོད་ཕྲེང་དང་། །བཤེས་གཉེན་རླངས་ཀྱི་དཔལ་བརྩེགས་ཀྱིས། །ཨ་སུ་ར་ཡི་བྲག་ཕུག་ཏུ། །ཞིང་ཆེན་བསྒྱེལ་པའི་གདན་སྟེང་དུ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །ལྕེ་ལ་བདུད་རྩིའི་དམ་བཞག་ཅིང་། །ཐར་པ་ཐོབ་པའི་མིང་ཡང་བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །མ་མ་རུ་ལུ། ལ་ལཱ། ལི་ལཱི། ཏ་ཏཱ། ཏེ་ཏཱེ། མ་མཱ། ཏི་ཏཱི། རུ་ལུ་རུ་ལུ་བྷྱོཿ ལྔ་པ་རྟ་བྲོ་ནི། གཏོར་གཞོང་འོག་ཏུ་གནོད་བྱེད་འགུག་བསྟིམས་བྱས་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཅུ་སྟོང་གི་འཇིག་རྟེན་དུ། །རུ་ཏྲ་བསྣོལ་བའི་ཁོག་པ་ལ། ཁྲག་འཐུང་རོལ་པའི་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །བགེགས་ནི་ཐལ་བར་བརླག་པའི་བྲོ། །དམ་སྲིའི་སྙིང་ལ་གཟིར་བའི་བྲོ། །ཉོན་མོངས་དབྱིངས་སུ་སྒྲོལ་བའི་བྲོ། །ལྟ་བ་ཆོས་ཉིད་རྟོགས་པའི་བྲོ། །སྣང་སྲིད་ཕུར་པས་ཐེབས་པའི་བྲོ། །སྤྱོད་པ་བླང་དོར་བྲལ་བའི་བྲོ། །འབྲས་བུ་རེ་དོགས་ཞིག་པའི་བྲོ། །ཕྲིན་ལས་ཕྱོགས་བྲལ་ལྷུན་གྱིས་གྲུབ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ་བཞིའི་སྔགས་མཐར། སཏྭཾ་བྷ་རཀྴ་ནན༔ དྲུག་པ་གཏང་རག་འབུལ་བའི་ཐོག་མར་རྩ་སྔགས་དང་། ཧཱུྃ་བཅུ། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་དཀྱིལ་འཁོར་རྣམ་པ་གསུམ་གསལ་བར་བལྟས་ལ་བསྙེན་བཟླས་ཅི་རིགས་བྱས་ཏེ་ཛཔ྄་ཁ་གསོ། ཕྱི་ནང་གསང་མཆོད་ཚིགས་བཅད་དང་བཅས་པའམ་བསྡུ་ན། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས་དང་། མཆོད་པ་གཞན་རྣམས་ཀྱང་སྔགས་ཙམ་གྱིས་མཆོད། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སོགས་སྐུ་གསུང་ཐུགས་བསྟོད་ཀྱིས་བསྟོད་པའོ། །བདུན་པ་ནོངས་པ་བཤགས་པ་ནི། ཐལ་མོ་སྦྱར་ལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །གང་ཡང་ལུས་ཅན་སྐྱབས་གྱུར་པའི། །མགོན་པོས་བཟོད་པར་མཛད་དུ་གསོལ། །གཙོ་བོ་ནུས་པ་མ་མཆིས་དང་། །མ་འབྱོར་མ་རྙེད་མ་ཚང་བ། །འདིར་ནི་བགྱི་བ་གང་ཡིན་པ། །དེ་ཀུན་མགོན་གྱིས་བཟོད་པར་གསོལ། །ཞེས་དང་ཡིག་བརྒྱ་ལན་གསུམ་བརྗོད་དོ། །བརྒྱད་པ་རྫོགས་རིམ་བསྒོམ་པ་ནི། མདུན་རྟེན་དང་འབྲེལ་ན་ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་མཐོན་མཐིང་ཕྱོགས་ཐམས་ཅད་དུ་འཕྲོས་པས་སྣང་སྲིད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེའང་འོད་དུ་ཞུ་ལྷ་ཚོགས་རྣམས་ལ་ཐིམ། སྤྲུལ་པའི་ཁྲོ་བོ་རྣམས་དང་རྫས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡུམ་གྱི་གསང་བ་ནམ་མཁའི་ཀློང་དུ་ཐིམ། ཡུམ་བདེ་བའི་ངོ་བོར་ཞུ་ནས་ཡབ་ལ་ཐིམ། ཡབ་ཀྱི་སྐུའི་ཆ་ཡེ་ཤེས་སེམས་དཔའ་ལ་ཐིམ། གསུང་གི་ཆ་སྔགས་ལ་ཐིམ། ཐུགས་ཀྱི་ཆ་རྡོ་རྗེ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་ཧཱུྃ་ལ་ཐིམ། དེ་ནཱ་ད་ལ་ཐིམ་སྟེ་ཆོས་ཀྱི་དབྱིངས་ཞི་བ་ཆེན་པོར་རོ་གཅིག་ཏུ་གྱུར་ཏོ། །ཞེས་ཅི་གནས་སུ་མཉམ་པར་གཞག །སླར་ཡང་དཔལ་ཆེན་པོའི་སྐུ་རྡོ་རྗེ་ཁྲོ་ཆུང་གི་གོ་ཆ་དང་ལྡན་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། དགུ་པ་སྨོན་ལམ་ནི། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །སྲིད་དང་ཞི་ལས་རྣམ་གྲོལ་མྱ་ངན་འདས། །རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པར་ཤོག །བཅུ་པ་ཤིས་པ་བརྗོད་པ་ནི། རྡོ་རྗེའི་དབྱིངས་ནས་སྨིན་གྲོལ་བྱིན་རླབས་སྩོལ། །རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཡེ་ཤེས་ཀློང་ནས་དངོས་གྲུབ་ཆར་བཞིན་འབེབ། །ཡི་དམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །དམ་ལྡན་སྐྱོང་ཞིང་ཕྲིན་ལས་ཐོགས་མེད་སྒྲུབ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །གནས་སྐབས་ཞི་རྒྱས་དབང་སོགས་ཕྲིན་ལས་ཀྱིས། །དགོས་འདོད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །མཐར་ཐུག་རྡོ་རྗེའི་ཡེ་ཤེས་གཞོན་ནུའི་སྐུ །ཟུང་འཇུག་མཆོག་དངོས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པས་མཚོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཅི་རིགས་བརྗོད་པར་བྱའོ། །མི་བཟད་རྡོ་རྗེ་ཁྲོས་པའི་ཕྲིན་ལས་རླབས། །བརྒྱད་དང་བཅུ་གཉིས་ཅི་ཡང་འཆར་བ་ཡིས། །བསམ་རྒུ་ཡིད་བཞིན་འཇོ་བར་འདོད་པ་རྣམས། །སྒྲུབ་ཐབས་ནོར་བུའི་ཆུ་གཏེར་འདིར་ཞུགས་ཤིག །སྟོན་ཀའི་ཆུ་བྲན་བཞིན་དུ་ཕྲ་བའི་རྒྱུན། །ལེགས་བྱས་བཅུད་འདིས་ཕྱིར་ཞིང་འཕེལ་རྒྱས་ཏེ། །གསང་རྒྱུད་བསྟན་པའི་ཆུ་ཀླུང་ཇི་སྲིད་དུ། །མཐའ་དབུས་ཀུན་ཏུ་འཁོར་ཞིང་འབབ་པར་ཤོག །ཅེས་པའང་ཆོས་འདི་ཉམས་སུ་ལེན་པ་ལ་ཤིན་ཏུ་ཉེ་བར་མཁོ་བར་མཐོང་ནས། རྩ་བའི་གཏེར་གཞུང་དང་བྱ་ཁྱུང་པ་ཆེན་པོའི་ལྷན་ཐབས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཧེ་རུ་ཀའི་འདུ་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ་ (Volume 14, Text 30)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། བླ་མ་དང་བཅོམ་ལྡན་འདས་བདེ་གཤེགས་འདུས་པའི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ།བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ཀྱི་དོན།སྤྱིའི་བཤད་རྒྱུད་བཞི་དང་། དགོས་རྒྱུད་བཅུ། བྱང་ཆུབ་སེམས་དཔའི་འགྲེལ་པ་ལུང་ལྔ་དང་བཅས་པས་སྒྲུབ་སྡེའི་དགོངས་པ་ལེགས་པར་ཕྱེ་ཞིང་། བཀའ་བབས་ཀྱི་རིག་འཛིན་བརྒྱད་དང་། ཁྱད་པར་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་དོན་མངོན་དུ་གྱུར་ནས་དགོངས་པ་ལེགས་པར་བཀྲལ་ཏེ། རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་བསྩལ་ཞིང་ཟབ་མོའི་གཏེར་དུ་སྦས་པ་ཉིད་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་སྙན་དུ་བརྒྱུད་ཅིང་ཐུགས་ཉམས་སུ་བསྟར་བའི་དོན་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྙེན་ཐབས་ཀྱི་མན་ངག་མདོ་ཙམ་བསྟན་་་པ་ལ་གཉིས་ཏེ། ཤེས་པར་བྱ་བའི་རྣམ་གཞག་སྤྱིར་བཤད་པ་དང་། བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། བསྒྲུབ་བྱའི་ཡུལ་གཞིའི་ལྷ་ངོས་བཟུང་བ་དང་། ཇི་ལྟར་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་གོ །དང་པོ་ནི། ཡི་དམ་གྱི་ལྷ་བསྙེན་ཅིང་སྒྲུབ་པར་འདོད་པའི་སྒྲུབ་པ་པོས། ཐོག་མར་ལུང་རིག་མན་ངག་གསུམ་ལ་བརྟེན་ནས་སྒྲོ་འདོགས་བཅད་དེ། བསྒྲུབ་བྱའི་ལྷ་གང་ཡིན་པ་ལ་ངེས་པ་རྙེད་པ་གལ་ཆེ་སྟེ། གཞན་དུ་ན་འབེན་མ་ངེས་པའི་མདའ་འཕངས་ལྟར་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་ན། བསྒྲུབ་བྱའི་ལྷ་དེ་གང་ཞེ་ན། གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་ཆོས་ཀྱིས་མཛད་པའི་སེམས་འགྲེལ་ལྔའི་ནང་ཚན་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས༔ དེ་ནི་རྒྱུད་དུ་རབ་ཏུ་བརྗོད༔ ཅེས་གསུངས་སོ། །དེ་ལ་ཆོས་ཉིད་ངོ་བོའི་སྒོ་ནས་དབྱེ་བ་བྱར་མེད་ནའང་། ཆོས་ཅན་ཐ་སྙད་ཀྱི་སྒོ་ནས་ཕྱེ་ན། དེ་ལས། གཞི་ནི་གནས་པའི་དོན་ཉིད་དེ༔ ལམ་ནི་རྣལ་འབྱོར་སྒྲུབ་པ་འོ༔ འབྲས་བུ་མཐར་ཐུག་མཛད་པའི་ལས༔ ཞེས་པ་ལྟར། དྲི་མ་སྦྱང་བའི་གཞི་ཀུན་ཁྱབ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང་། དེ་ཉིད་ཀྱི་མདངས་འོད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམ་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་བས། དྲི་མ་སྦྱོང་བའི་གཉེན་པོར་གྱུར་པ་རྣལ་འབྱོར་སྒྲུབ་པའི་རིམ་པ་དང་། དེས་སྦྱང་བྱའི་དྲི་མ་སྦྱངས་པས། བྲལ་འབྲས་གཞི་ཇི་ལྟ་བའི་ཡོན་ཏན་མངོན་དུ་བརྙེས་ནས་ཐུགས་རྗེའི་མཛད་པ་རྒྱུན་མི་ཆད་ཅིང་འབད་རྩོལ་མེད་པའི་ཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པར་དོན་མཛད་པ་ནི་འབྲས་བུ་ཡིན་མོད། དོན་ལ་གཞི་ལམ་འབྲས་གསུམ་དུ་ཕྱེ་ཡང་། གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་གཡོས་པ་མེད་དེ། དེ་ལས། མདོར་ན་རྒྱུད་ཅེས་བྱ་བའི་དོན༔ དངོས་པོའི་གནས་ལུགས་གཞི་ཡིན་ཏེ༔ གཞི་ལས་གཞན་པའི་འབྲས་བུ་མེད༔ འབྲས་བུའི་ཚུལ་ལས་འདའ་བ་ཡི༔ ལམ་གྱི་དགོངས་པ་ག་ལ་མཆིས༔ དེ་བས་རྒྱུ་དང་འབྲས་བུ་དང༔ ལམ་ཞེས་གྲགས་པ་གདགས་པ་ཙམ༔ ཞེས་གསུངས་པ་ཡིན་ནོ། །དེ་ལས་འདིར་སྐབས་སུ་བབས་པ་བསྒྲུབ་གཞིའི་ལྷ་ནི། ལམ་གྱིས་དྲི་མ་སྦྱང་བའི་རྟེན་དུ་གྱུར་པའི་སྦྱང་གཞི་གང་ཡིན་པ་དེ་ཡིན་ཏེ། དེ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཅེས་དང་། དེ་ལྟར་སེམས་ཉིད་ལྷ་ཚོགས་སུ༔ སྣང་ཞིང་སྲིད་པའི་དངོས་པོ་ཀུན༔ རང་བཞིན་རྣམ་དག་ལྷ་ཡི་དབྱིངས༔ ལྷ་ཡི་རོལ་པ་ལྷ་ཡི་སྐུ༔ དེ་བཞིན་དངོས་གཞན་མ་ལུས་པ༔ ཡེ་ནས་ལྷ་ཡི་རང་བཞིན་པས༔ ལྷ་ཡི་གཞི་ཞེས་རབ་ཏུ་བརྗོད༔ ཅེས་སོ། །དེ་ལྟར་སྦྱང་གཞི་དེ་ཉིད་ཀུན་ཁྱབ་རིས་མེད་ཀྱི་ཆོས་ཉིད་ཡིན་ཡང་གློ་བུར་གྱི་དྲི་མ་དང་འབྲེལ་བའི་རྒྱུས། སྦྱང་བྱ་འཁོར་བའི་ཆོས་གཉིས་འཛིན་ཆགས་སྡང་གི་རྣམ་པར་ཤར་བས། སྦྱོང་བྱེད་ཀྱི་ལམ་ཡང་དེ་དང་དེའི་གཉེན་པོར་ཞི་བ་དང་ཁྲོ་བོའི་རྣམ་པ་ལམ་དུ་ཁྱེར་བས་སྦྱང་བྱའི་དྲི་མ་བསལ་ནས། དྲི་བྲལ་གྱི་གཞི་མངོན་དུ་གྱུར་པའི་ཚེ་གཞི་ལམ་དང་རྗེས་སུ་མཐུན་པར་འབྲས་བུ་ཐོབ་ཅེས་ཐ་སྙད་བཏགས་ཏེ། དེ་ལས། ཞི་དང་ཁྲོ་བོའི་སྐུར་གསལ་བས༔ ཆགས་དང་ཞེ་སྡང་རབ་བསལ་ཏེ༔ གཞན་གྱི་དོན་དུ་སྐུར་སྣང་བ༔ ཐོབ་མེད་འབྲས་བུ་དེ་ཡི་མཆོག༔ དེ་ནི་འབྲེལ་པས་རྒྱུད་ཅེས་བྱ༔ གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའོ༔ གཞི་དང་འདྲ་བའི་ལམ་བསྒོམས་པས༔ དེ་འདྲའི་འབྲས་བུ་རབ་ཏུ་བརྙེས༔ ཐུགས་རྗེའི་མཛད་པ་སྐུ་གཞན་ཀུན༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞི་བ་ལ་ནི་ཞི་བ་སྟེ༔ ཁྲོ་བོ་ཅན་ལ་ཁྲོ་བོའི་སྐུ༔ འདོད་ཆགས་ཅན་ལ་ཆགས་པའི་ཚུལ༔ ཞེ་སྡང་ཅན་ལ་དེ་ཡིས་འདུལ༔ ཞེས་སོ། །མདོར་ན་རྣམ་པ་ལམ་དུ་བྱེད་རྒྱུའི་འགག་ནི་འདི་ཡིན་ཏེ། སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་དུ་གནས་པས། དེའི་རྣམ་པ་ལམ་བྱེད་སྣོད་བཅུད་ཀྱི་སྣང་བ་འདི་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པ་དམ་ཚིག་སེམས་དཔའ་སྒོམ་པ་དང་། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པས། དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་གང་འདུལ་གྱི་རོལ་པ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང་། གཞི་འབྲས་གཉིས་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་པ་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ཏེ། དམ་ཡེ་དབྱེར་མེད་དུ་ཉམས་སུ་ལེན་པའི་ལམ་གྱི་གནད་ཤེས་པར་བྱའོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་ལ་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པ་འབྲས་བུའི་རྣམ་གཞག་གོ །དང་པོ་ནི་སྒྲུབ་གཞིའི་ལྷ་དེ་རང་ལ་གནས་པས། ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པ་རྙེད་དེ་ཐོབ་བྱའི་འབྲས་བུ་མཚན་ཉིད་པ་འཇིག་རྟེན་ལས་འདས་པས་མཆོག་དང་། བཏགས་པ་འཇིག་རྟེན་པ་དང་ཐུན་མོང་པ་སྟེ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། དམིགས་ཡུལ་གྱི་དངོས་གྲུབ་སྟེ། ཕྲིན་ལས་མཐར་ཕྱིན་པའི་ལུང་ལས། འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་མཆོག་ནི་དམིགས་པའི་ཡུལ༔ ཞེས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་ལྔ་སྟེ། གང་གིས་སྒྲུབ་པའི་གང་ཟག །གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། དབང་གིས་རྒྱུད་སྨིན་ཞིང་། དམ་ཚིག་དང་སྡོམ་པ་ལ་གནས་པ་གཞིར་བཞག་ནས། དངོས་གྲུབ་ཐོབ་པ་ལ། དེའི་སྟེང་དུ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་གཉིས་ཚང་དགོས་ཏེ། རྒྱུ་ནི་བསྒྲུབ་བྱའི་དངོས་གྲུབ་ལ་ཡིད་རྟོན་པས་དོན་གཉིས་སྒྲུབ་པའི་ལྷག་བསམ་དང་ལྡན་པ། རྐྱེན་ནི་ཡིད་ཆེས་དང་འདོད་པ་དང་རབ་ཏུ་དང་བའི་དད་པ་གསུམ་གྱིས་ཀུན་ནས་བསླངས་ཏེ། བསྙེན་སྒྲུབ་ལ་ཐང་ལྷོད་མེད་པར་འབད་པའི་བརྩོན་འགྲུས་དང། དག་བྱ་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། འདུ་འཛིས་མི་འཕྲོག་པ་ལ་སོགས་པའི་ཡོན་ཏན་ཚང་བ་སྟེ། རྩ་རྒྱུད་ལས། འདུ་འཛི་སྤངས་པའི་རྣལ་འབྱོར་པས༔ ཞེས་དང་། ཕྲིན་ལས་ཀྱི་ལུང་ལས། རང་བཞིན་མཐོ་རིས་ཐར་འདོད་པས༔ སྒྲུབ་པ་མྱུར་དུ་འགྲུབ་པའི་རྒྱུ༔ དད་བརྩོན་ཤེས་རབ་ལྡན་པ་ནི༔ དེ་ཡི་རྐྱེན་དུ་ཤེས་པར་བྱ༔ ཞེས་སོ། །གཉིས་པ་གནས་ནི། ཞི་ཁྲོ་གང་སྒྲུབ་ལ་ཤིས་པའི་དགེ་མཚན་དང་ལྡན་པ་སྟེ། རྩ་རྒྱུད་ལས། བཀྲ་ཤིས་ཡིད་འོང་དབེན་པའི་གནས༔ ཤར་རི་དམའ་ལ་ལྷོ་རི་གཞོལ༔ ནུབ་རི་མཐོ་ལ་བྱང་རི་སྐྱོབ༔ མདུན་ན་མེ་ཏོག་སྣམ་བུ་ཡོད༔ བྱ་རྒྱལ་ཁུ་བྱུག་སྒྲ་ཡང་གྲགས༔ རྩི་ཤིང་མེ་ཏོག་ཡལ་ག་སྐྱེས༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་བས༔ འདོད་པའི་ལོངས་སྤྱོད་གྲུབ་པའི་གནས༔ དེར་ནི་ཞི་བ་བསྒྲུབ་པར་བྱ༔ ཞེས་དང་། གང་ཞིག་ཁྲོ་བོ་སྒྲུབ་པའི་གནས༔ དུར་ཁྲོད་ཆེན་པོ་རབ་འཇིགས་པ༔ གནམ་ས་གྲུ་གསུམ་པར་གནས་པ༔ རི་ནི་སོག་པོ་ཁྲོས་པ་འདྲ༔ ཤིང་དང་གཅན་གཟན་རྒྱུ་བའི་གནས༔ རབ་ཏུ་འཇིགས་པའི་གནས་དེ་རུ༔ ཞེས་སོ། །དེ་ལྟར་ནའང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་གྱི་གནས་ལ་ཁྱད་པར་དེ་དག་མ་ཚང་ཡང་ཆོག་སྟེ། གང་དུ་ཡིད་དགའ་ཞིང་ཉེར་འཚེ་མེད་པའི་གནས་དམ་པར་ཉམས་སུ་བླང་དུ་རུང་ངོ་། །གསུམ་པ་དུས་ལ་གཉིས་ཏེ། བསྙེན་པ་ལ་འཇུག་པའི་དུས་དང་། ཡུན་ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། དབང་བྱང་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི༔ ར་བ་དག་ལ་རབ་ཏུ་ཤིས༔ བརྒྱད་ནས་ཉ་ཡི་བར་ལ་གཏད༔ བཀྲ་ཤིས་གཟའ་སྐར་ཤིས་པར་བླང༔ ཞེས་པས་དུས་ཚིགས་ར་བ་བཞི་དང་། ཟླ་བའི་ཡར་ངོ་དང་། ཚེས་གྲངས་བརྒྱད་ནས་བཅོ་ལྔའི་བར་དང་། གཟའ་སྐར་ཡང་། འཇམ་དཔལ་རྩ་རྒྱུད་ལས། ཚེས་གྲངས་གཟའ་ཡི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང། །གཟའ་ལྷག་མཆོག་ནི་ལས་ཀུན་ལ། །ཞེས་སོགས་དང་། །ཐ་སྐར་སྐར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །ཞེས་གསུངས་ཤིང་། ཁྱད་པར་ཡར་ངོའི་ཚེས་བརྒྱད་ལ་སྐར་མ་རྒྱལ་ཡོད་པ་ཤིས་ཤིང་། དེའི་སྟེང་དུ་ཕུར་བུ་དང་འཛོམ་ན་མཆོག་ཏུ་ལེགས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང་། འཇོམས་བྱེད་ལས་ཀྱང་། ཟླ་བ་སྐྱེ་དུས་གཟའ་ཕུར་བུ༔ དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས༔ ཞེས་གསུངས། གཞན་དུ་གཟའ་སྐར་འཕྲོད་སྦྱོར་དགེ་ན་མར་ངོ་ལའང་འཇུག་རུང་ངོ། །གཉིས་པ་ཡུན་ཇི་ཙམ་སྒྲུབ་པའི་དུས་ནི། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་དང་ལས་ཕྲ་མོ་ལ་དམིགས་པའི་ཁྱད་པར་གྱིས་བསྐྱེད་རྫོགས་ཟུང་འབྲེལ་དང་། བསྐྱེད་རིམ་གྱི་ལྷའི་གསལ་སྣང་ལ་བརྟན་པ་ཐོབ་པ་དང་། ལྷའི་དམིགས་པ་ལ་ཡིད་ཤུགས་དྲག་པོ་དང་ལྡན་པས། རང་རང་གི་མཚན་མ་བརྙེས་ཀྱི་བར་དུ་བཟླ་བ་ཡིན་ཏེ། བསྐྱེད་རྫོགས་ཆུང་ངུའི་ཛཔ྄་དགོངས་ལས། མཚན་མའི་བསྙེན་པ་རྟགས་དང་ནུས་པ་ཐོན་པའོ༔ ཞེས་སོ། །དུས་བསྙེན་ནི། རྩ་རྒྱུད་ཀྱི་གསང་ཆེན་རིགས་གཅིག་གི་སྐབས་ལས། ཟླ་གཅིག་ཟླ་དྲུག་བཅུ་གཉིས་ཀྱིས༔ ལྷུན་གྱིས་གྲུབ་པའི་ས་ལ་སྦྱོར༔ གདིང་ཆེན་ཐོབ་པ་ཟླ་བ་གཅིག༔ བརྟན་པ་ཐོབ་པ་ཟླ་བ་དྲུག༔ སྟོབས་སུ་གྱུར་པ་བཅུ་གཉིས་ཡིན༔ ཞེས་དང་། ཆུང་ངུའི་ཛཔ྄་དགོངས་སུ། དུས་ཀྱི་བསྙེན་པ་ཟླ་བ་རེ་རེ༔ ཞེས་པ་དཔལ་དགུ་པོ་རེ་རེར་དགོངས་ནས་གསུངས་པས་ཟླ་བ་དགུ་དང་། ཁྲོ་བོ་རྒྱུན་གྱི་རྣལ་འབྱོར་གྱི་སྒོམ་རིམ་དུ། དུས་ནི་ཟླ་བ་གསུམ་མོ༔ ཞེས་གསུངས། ཡོངས་རྫོགས་ཁྲོ་བོའི་དྲིལ་སྒྲུབ་ཏུ། ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་དུས་བརྩོན་ན༔ བསྙེན་རྫོགས་ལས་རྣམས་ཐམས་ཅད་འགྲུབ༔ ཅེས་པས་རབ་ལོ་ཕྱེད་གཉིས་སམ་ལོ་གཅིག །འབྲིང་ཟླ་བ་དགུའམ་དྲུག །ཐ་མ་ཞི་བ་ལ་ཟླ་བ་གཅིག་དང་ཁྲོ་བོར་ཟླ་བ་གསུམ་མོ། །གྲངས་བསྙེན་ནི། སྔགས་ཀྱི་ཡན་ལག་ལྔའི་ནང་ཚན་སྔགས་སྒྲུབ་རིན་ཆེན་ཕྲེང་བ་ལས། སྤྱིར་ནི་གསང་སྔགས་གང་ཡང་སྔོན་དུ་ནི༔ བསྙེན་པ་འབུམ་བྱ་ཕྱིས་ནི་སྒྲུབ་ཆེན་བརྩམ༔ ཞེས་དང་། ཆུང་ངུའི་ཛཔ྄་དགོངས་ལས། གྲངས་ཀྱི་བསྙེན་པ་འབུམ་ཚོ་རེ༔ ཞེས་པས་ཞི་བ་དང་དཔལ་དགུ་སོ་སོར་འབུམ་ཕྲག་རེ་བཟླ་བར་གསུངས་པ་ནི་སྤྱིར་བཏང་ཙམ་སྟེ། བྱེ་བྲག་གི་རྣམ་གཞག་ལག་ལེན་གྱི་དུས་སུ་འཆད་དོ། །བཞི་པ་ཡོ་བྱད་ནི། ཕྲིན་ལས་ཀྱི་ལུང་ལས། གང་ལ་དམིགས་པའི་ལྷ་ཡི་སྐུ༔ སྒྲུབ་པའི་རྟེན་དུ་བཞག་པར་བྱ༔ དེ་ནི་ཞི་བའི་ལྷ་གཞན་གྱི༔ སྒྲུབ་རྫས་རྟེན་གྱི་མཐར་ཐུག་ནི༔ ཞེས་དང་། བུམ་པ་མར་མེ་ཐོད་པ་དང༔ ཕྱག་རྒྱ་ཕུར་བུ་ཙིཏྟ་དང༔ མཆོད་གཏོར་ལིངྒ་ཉ་བོ་དག༔ སྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན༔ ཞེས་གསུངས་ཀྱང་། ཕྱག་ལེན་དུ་འགའ་ཞིག་དེ་དང་མི་འདྲ་བར་འབྱུང་བ་ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས་གསུངས་པ་སྟེ། དེ་ལས། ཞི་བ་རིགས་ཀྱི་རྟེན་རྫས་ནི༔ དམིགས་རྟེན་ས་བོན་ཡིག་འབྲུའི་གཟུགས༔ རབ་གསལ་འབྲུ་གཅིག་པ་ལ་ཐུག༔ ཅེས་སོགས་གསུངས་པ་ལྟར་ཞི་བའི་ཡིག་འབྲུ། ཆེ་མཆོག་གི་བུམ་གཅིག །ཡང་དག་གི་མེ་གཅིག །གཤིན་རྗེ་གཤེད་ཀྱི་ཁྲོཾ་གཅིག །རྟ་མགྲིན་གྱི་རྟ་ཞལ། རྡོ་རྗེ་གཞོན་ནུའི་ཕུར་གཅིག །མ་མོའི་སྙིང་གཅིག །རིག་འཛིན་དང་དྲེགས་པའི་སྐུ་གཅིག །དྲག་སྔགས་ཀྱི་སྙིང་པོ་རྣམས་ཏེ་རྟེན་བཅུ་དང་། བསྐྱེད་རིམ་ལྷའི་གེགས་བསལ་གྱི་མན་ངག །རས་ལ་ཚོན་གྱི་བྲིས་ནས་སྐུ་མདོག་བཞུགས་ཚུལ་དང༔ དབུ་རྒྱན་གདན་ཁྲི་ཕྱག་མཚན་དང་ལྡན་པར་བཞུགས་པ་དེ་ལ་བདག་གིས་བལྟས་པས་གོམས་པ་གདིང་དུ་གྱུར་ནས༔ ཞེས་གསུངས་པ་ལྟར་དམིགས་རྟེན་གྱི་བྲིས་སྐུ་སྟེ། དེས་མཚོན་ནས་དཀྱིལ་འཁོར་སོགས་བསྙེན་སྒྲུབ་ཀྱི་རྫས་དང་། གཞན་ཡང་འཚོ་བའི་ཟས། རྐྱེན་བཟློག་གི་སྨན་དང་སྨན་པ། མཆོད་པ་རྫས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱ་བའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། ཕྲིན་ལས་ཀྱི་ལུང་ལས། བསྒྲུབ་བྱ་བཅུ་ལ་སྒྲུབ་པའི་ཐབས༔ རྣམ་པ་བཅུ་སྟེ་སྒྲུབ་ལུགས་དག༔ མཉམ་ཉིད་ཞི་བའི་སྒྲུབ་པ་དང་། ཞེ་སྡང་ཁྲོ་བོར་བསྒྲུབ་བྱ་དགུ༔ ཞེས་གསུངས་པའང་རིགས་བསྡུས་ན་ཞི་ཁྲོ་གཉིས་ཏེ། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། སྒྲུབ་ལུགས་ཞི་ཁྲོ་རྣམ་གཉིས་ལ༔ ཞེས་གསུངས་པས་སོ། །དེས་ན་སྤྱི་དོན་རྣམ་པ་གསུམ་དུ་འདུ་སྟེ། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། དེ་གཉིས་ལ་བརྟེན་ནས་གང་དགོས་ཀྱི་ལས་ལ་སྦྱོར་བའོ། །སྤྱི་དོན་དང་པོ་ཞི་བ་ལ་སྒྲུབ་ཚུལ་ལྔ་སྟེ། ལག་ལེན་མན་ངག་གི་ཆིངས་ལས། རྒྱས་པར་འདོད་ན་རིགས་བརྒྱར་བསྟན༔ བསྡུས་པའི་དོན་དུ་བཞི་བཅུ་གཉིས༔ རབ་ཏུ་བསྡུས་དོན་རིགས་ལྔ་སྟེ༔ ཤིན་ཏུ་བསྡུས་པ་རིགས་གཅིག་དང༔ རིགས་ལྔ་སོ་སོ་གཅིག་སྒྲུབ་སྟེ༔ རྣལ་འབྱོར་བློ་ཁྱད་རིམ་བཞིན་བསྟན༔ ཞེས་པའི་སྒྲུབ་ཚུལ་རྩ་རྒྱུད་ཀྱི་ལེའུ་གཉིས་པ་ནས་དྲུག་པའི་བར་རེ་རེས་བསྟན་པ་ལྟར་མན་ངག་གིས་བཀྲལ་ན། དང་པོ་ཞི་བ་རྒྱས་པ་རིགས་བརྒྱ་ནི། ཕྱི་གཞལ་ཡས་ཁང་གཅིག་གི་ཁྱམས་ཀྱི་ནང་དུ་གདུང་བཞི་མིག་མང་རིས་སུ་བྲེས་པའི་ནང་སོ་སོར་གཞལ་ཡས་ཁང་རེ་རེ་སྟེ་དགུ་ལས། དབུས་མའི་གཙོ་བོ་རྣམ་སྣང་ལ་འཁོར་རིགས་བཞི་ཡབ་ཡུམ། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་སེམས་དཔའ་བརྒྱད་ལ་འཁོར་རང་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཞི་སྟེ། རྩ་རྒྱུད་དུ་དཀྱིལ་འཁོར་གྱི་ལྟེ་བ་ཐམས་ཅད་འཁོར་ལོ་རྩིབས་བརྒྱད་པར་མཛད་ནས་གཙོ་བོ་དགུ་པོ་འཁྲིལ་སྦྱོར་ལ། འཁོར་རྣམས་ཐབས་ཤེས་ཕྲལ་ཏེ། ཡབ་རྣམས་ཕྱོགས་དང་ཡུམ་རྣམས་མཚམས་ཀྱི་རྩིབས་ལ་བཀོད། ཐིག་ཆོག་ཏུ་འཁོར་ལོ་རྩིབས་བཞི་པར་བཤད་པ་ལྟར་སྒྲུབ་ཐབས་སུའང་ཡུམ་རྣམས་རྩིབས་མཆན་ལ་བཀོད་མོད། ལྷའི་གྲངས་ལ་ཁྱད་པར་མེད་དོ། །དེ་ལྟར་ཚོམ་བུའི་ལྷ་དགུ་བཅུའི་སྟེང་དུ་ཕྱིའི་ཁྱམས་ལ་ཐུབ་དྲུག་དང་། སྒོར་སྒོ་མ་བཞི་སྟེ་དམ་པ་རིགས་བརྒྱའོ། །འདིའི་ཆ་ལག་ཏུ་ལས་ཆེན་ལྔ་དང་ལས་ཆུང་རྣམས་སྣང་བས་ཕྱི་གཞན་དོན་གཙོ་བོར་བྱེད་པའི་སྒྲུབ་ཐབས་སོ། །གཉིས་པ་བསྡུས་པ་བཞི་བཅུ་རྩ་གཉིས་ནི། རིགས་ལྔ་ཡབ་ཡུམ། བྱ་བྱེད། སེམས་དཔའ་ཡབ་ཡུམ་བརྒྱད། ཐུབ་དྲུག །སྒོ་བ་ཡབ་ཡུམ་བཞི་སྟེ། སྒྲུབ་ཐབས་སུ་གཞལ་ཡས་ཁང་གི་ཁྱམས་ནང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་རྩིབས་ལ་རིགས་ལྔ་ཡབ་ཡུམ། གཙོ་བོའི་རྒྱབ་མདུན་དུ་བྱ་བྱེད། །མཆན་ལ་ནང་སེམས་དང་། གྲུ་ཆད་ལ་ཕྱི་སེམས་རྣམས་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞི་དང་སྟེང་འོག་གི་ཤར་སྟོད་ནུབ་སྨད་རྣམས་སུ་ཐུབ་དྲུག །སྒོར་མཐར་བྱེད་ཡབ་ཡུམ་རྣམས་བཀོད། གཏེར་སྟོན་གྱིས་མཛད་པའི་རྣམ་བཤད་དུ། དཀྱིལ་འཁོར་གྱི་ལྟེ་བ་རྩིབས་བརྒྱད་པ་དང་བཞི་པ་འདམ་ཁར་མཛད་དེ། བརྒྱད་མའི་ཚེ་རིགས་ཀྱི་ཡུམ་མཚམས་དང་། བཞི་མའི་ཚེ་ཡབ་ཀྱི་གཡོན་དུ་བསྒོམ། གྲུ་ཆད་བཞིར་སྒེག་སོགས་མཚམས་ཀྱི་ཕྱོགས་རེ་རེར་སེམས་དཔའ་གཉིས་གཉིས་ཏེ། མཚམས་བཞིར་དུས་ཀྱི་ལྷ་མོ། ཁྱམས་ཀྱི་སྒོ་ལ་ཉེ་བར། ཐུབ་དྲུག་ཤར་ནུབ་ཏུ་གཉིས་དང་ལྷོ་བྱང་དུ་རེ་རེ། སྒོར་མཐར་བྱེད་ཡབ་ཡུམ། བྱ་བྱེད་གཉིས་གཙོ་བོའི་དབུ་ཐོག་གམ་རྒྱབ་མདུན་དུ་བསྐྱེད་པར་མཛད་དོ། །གསུམ་པ་རབ་ཏུ་བསྡུས་པ་དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ་ནི། དཀྱིལ་འཁོར་ཁྱམས་སྤངས་པའི་དབུས་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་ལ་རིགས་ལྔ་ཡབ་ཡུམ་བསྒོམ་པའོ། །ཤིན་ཏུ་བསྡུས་པ་སྒྲུབ་ཐབས་སུ་གཉིས་སུ་ཕྱེ་སྟེ། བཞི་པ་རྡོར་སེམས་གསང་ཆེན་རིགས་གཅིག་དང་། ལྔ་པ་རིགས་ལྔ་སོ་སོ་རྐྱང་སྒྲུབ་ཏུ་བྱེད་པ་ཕྱག་རྒྱ་རྐྱང་པའོ། །ཕྱི་མ་འདིའང་གསང་ཆེན་རིགས་གཅིག་ལས་མ་འདས་ཞེས་རྣམ་བཤད་དུ་གསུངས་པ་འདི་ལྷ་གྲངས་ཙམ་ལ་དགོངས་ཀྱི། དོན་ལ་ཁྱད་པར་ཆེ་སྟེ། གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་གྱི་ཁྱབ་བྱེད་རིགས་འདུས་ཡིན་ཞིང་། ཕྱག་རྒྱ་རྐྱང་སྒྲུབ་ནི། སྒྲུབ་པ་པོ་རང་ཉིད་ཉོན་མོངས་པ་གང་ཤས་ཆེ་བ་དེ་དང་དེའི་གཉེན་པོར་རམ། མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་དེ་དང་དེ་ཉམས་སུ་ལེན་པའི་ཕྱིར་བྱེ་བྲག་ཏུ་གསུངས་པ་ཡིན་ནོ། །དེ་ལྟར་ཞི་བའི་དཀྱིལ་འཁོར་གང་སྒྲུབ་ཀྱང་སྒོམ་རིམ་གྱི་སྡོམ་ནི་འདི་ཡིན་ཏེ། མཛད་པ་ཆོ་འཕྲུལ་གྱི་ལུང་ལས། སྐྱེས་བུ་ཆགས་པས་རབ་གདུངས་པ༔ ཞི་བའི་སྒོ་ལ་སྤྱོད་བྱེད་པས༔ བསོད་ནམས་ཚོགས་ནི་རབ་བསགས་ནས༔ མི་རྟོག་མི་དམིགས་དེ་བཞིན་ཉིད༔ ལྷན་ནེར་གནས་པ་ཐུགས་རྗེར་ཤར༔ རྒྱུ་ཡི་ཏིང་འཛིན་ཡི་གེ་མཆོག༔ ཐམས་ཅད་སྐྱེད་བྱེད་རང་བཞིན་ནི༔ འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དུ༔ ཡེ་ཤེས་གཞལ་ཡས་ལྷུན་གྱིས་རྫོགས༔ གདན་སྟེང་ས་བོན་ལས་བསྐྱེད་པའི༔ རིགས་གཅིག་རིགས་ལྔ་རིགས་བརྒྱ་ཡི༔ སྐུ་དང་བསྡུས་པ་བཞི་བཅུ་གཉིས༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ མཚན་དང་དཔེ་བྱད་མ་འགག་ཆོས༔ རང་རིག་བྱང་ཆུབ་སེམས་ལས་བྱུང༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ མཆོད་བསྟོད་དགྱེས་མཛད་ཕྲིན་ལས་བཅོལ༔ གསང་སྔགས་བསྙེན་པའི་བཟླས་བརྗོད་ཀྱིས༔ ཉེ་བར་བྱས་ཏེ་དངོས་གྲུབ་བླང༔ བཟོད་པར་གསོལ་ལ་སྨོན་ལམ་བྱ༔ མི་དམིགས་མི་རྟོག་ཆགས་བྲལ་བས༔ ཆོས་ཉིད་ཀྱི་ནི་དགེ་རྩ་བསྔོ༔ འདི་ནི་ཞི་བ་ཞི་མཛད་ལྷའི༔ མཛད་པའི་ཆོ་འཕྲུལ་བསམ་རྫོགས་ལ༔ འདོད་པ་ཅན་གཞན་འདུལ་བའི་ཕྱིར༔ སངས་རྒྱས་རོལ་མོས་གར་མཛད་དོ༔ ཞེས་གསུངས་པ་ལྟར་རོ། །སྤྱི་དོན་གཉིས་པ་ཁྲོ་བོ་ལའང་། ལག་ལེན་མན་ངག་ཆིངས་ལས། དྲག་པོ་ཁྲོ་བོ་སྒྲུབ་ལུགས་ལ༔ སྔར་བཞིན་རིམ་པ་ལྔར་བཅིངས་པའི༔ བརྟེན་ལུགས་སྒྲུབ་ལུགས་ལྔར་ཚང་སྟེ༔ བསྐྱེད་རྫོགས་ཆེ་འབྲིང་ཆུང་ངུ་དང༔ སྔགས་སྒྲུབ་དང་ནི་སྒོས་སྒྲུབ་ཀྱི༔ ཁྱད་པར་ལྔ་ཡིས་བཅིངས་པ་ལ༔ ཞེས་པ་ལྟར་ལྔ་ལས། དང་པོ་སྤྲོས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆེན་མོ་ནི། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ཁྱམས་ཀྱི་ནང་དུ་གདུང་བཞིས་བྲེས་པའི་རེའུ་མིག་དགུའི་ནང་ཁོངས་སུ། རྩ་རྒྱུད་ལས། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ༔ ཀུན་ལ་འཁོར་ལོ་རྩིབས་བཞི་པ༔ གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན༔ ཞེས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དགུའི་དབུས་མའི་གཙོ་བོ་ཆེ་མཆོག་དབུ་ཉེར་གཅིག་པ་ཡབ་ཡུམ་དང་། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་ཡང་དག་ལ་སོགས་པ་སྟེ། རིག་འཛིན་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ལ་སོ་སོ་ཡུམ་དང་བཅས་པ། དེ་དག་གི་ཚོམ་བུའི་འཁོར་ནི། རྒྱུད་ཀྱི་ལེའུ་བརྒྱད་པ་དང་། སྒྲུབ་ཐབས་ལས་དངོས་སུ་བསྟན་པ་ནི། ཆེ་མཆོག་གི་འཁོར་རྩིབས་ལ་རིགས་བཞི་ཡབ་ཡུམ། ཁྱམས་ལ་ཁྲོ་བཅུ། སྒོར་མཐར་བྱེད་བཞི་སྟེ་གཙོ་འཁོར་ཉེར་བཞི། ཡང་དག་གི་འཁོར་རྩིབས་བཞི་ལ་རིགས་བཞི་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ་གཽ་རཱི་བརྒྱད་དང་སིཾ་ཧ་མ་བརྒྱད་སྤེལ་ཏེ་བཞུགས་པ། སྒོར་རྟ་གདོང་མ་སོགས་བཞི་སྟེ་གཙོ་འཁོར་སུམ་ཅུ། གཤིན་རྗེ་གཤེད་ཀྱི་འཁོར་གཙོ་བོའི་གཡས་སུ་སྒྲོལ་ཡུམ། རྩིབས་ལ་གཤེད་བཞི་ཡབ་ཡུམ། ཁྱམས་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་སོ་དགུ་དང་། སྒོམ་ཁོག་ཆེན་མོར་གཤེད་བཞི་ལའང་སྒྲོལ་ཡུམ་བཤད་པ་ལྟར་ན་ཞེ་གསུམ། རྟ་མགྲིན་གྱི་འཁོར་གཡས་གཡོན་དུ་ཕྲ་མེན། རྩིབས་དང་ཁྱམས་ཀྱི་ཕྱོགས་བཞིར་ཟིལ་གནོན་ཡབ་ཡུམ་བརྒྱད། སྒོ་བཞིར་ཁྲོ་བོ་བཞི་སྟེ་ཉེར་བཞི། རྡོ་རྗེ་གཞོན་ནུའི་འཁོར་རྩིབས་ལ་སྲས་མཆོག་ཀཱི་ལ་ཡ་བཞི། ཁྱམས་ཀྱི་ཕྱོགས་མཚམས་དང་ཤར་སྟོད་ནུབ་སྨད་རྣམས་སུ་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཉི་ཤུ་དང་བཅས་པ། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་ལྔ་བཅུ། བླ་མེད་ཧེ་རུ་ཀའི་གཙོ་བོའི་གཡས་དང་རྩིབས་བཞིར་རྟག་པའི་རྒྱལ་མོ་ལྔ། གཙོ་བོའི་མདུན་དང་གཡོན། ཁྱམས་ཀྱི་ནང་ངོས་རྣམས་སུ་རྗེ་མོ་བཅུ་བཞི། ཁྱམས་ཀྱི་ཕྱི་ངོས་སུ་སྲིད་པའི་སྨན་མོ་ཉེར་གསུམ། སྒོར་སྲིང་བཞི་སྟེ་གཙོ་འཁོར་ཞེ་བརྒྱད། རིག་འཛིན་ཐོད་པ་རྩལ་གྱི་འཁོར་རྩིབས་ལ་ལྷུན་གྲུབ་རིག་འཛིན་སོགས་བཞི། ཁྱམས་ལ་རིག་འཛིན་བརྒྱད། སྒོར་སློབ་དཔོན་བཞི་སྟེ། གཙོ་འཁོར་བཅུ་བདུན། འདི་ནི་རྣམ་བཤད་དང་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་ཀྱི་ལུགས་ལྟར་ཏེ། སྒོམ་ཁོག་ཆེན་མོར། རྩིབས་དང་མཆན་ལ་རིག་འཛིན་བརྒྱད༔ ཁྱམས་ལ་རིག་འཛིན་བཞི་བཀོད་དོ༔ ཞེས་སོ། །དྲེགས་འདུལ་གྱི་འཁོར་གཙོ་བོའི་གཡས་གཡོན་དུ་དབང་ཕྱུག་ཡབ་ཡུམ། རྩིབས་ལ་ཡ་མ་རཱ་ཛ་སོགས་བཞི་ཡུམ་བཅས། སྟེང་འོག་ཏུ་གཟའ་དང་ཀླུ་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་རེར་ཤམ་པོ་སོགས་གསུམ་གསུམ་སྟེ་བཅུ་གཉིས། སྒོར་སྲོག་བདག་སོགས་བཞི་སྟེ་གཙོ་འཁོར་སོ་གཉིས། སྟོབས་ལྡན་ནག་པོའི་འཁོར་རྩིབས་ལ་འཆི་བདག་སོགས་བཞི་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞིར་མ་ཧཱ་དེ་ཝ་སོགས་བཞི། སྟེང་འོག་ཏུ་གཟའ་དང་ཀླུ །སྒོར་ལི་བྱིན་ཧ་ར་སོགས་བཞི་སྟེ་གཙོ་འཁོར་ཉི་ཤུ། དེ་ལྟར་ཕོ་བྲང་གླིང་དགུའི་ལྷ་ཚོགས་ལ་ཁྱོན་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བཞིའོ། །བཀའ་སྲུང་ནི། དཀྱིལ་འཁོར་ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད། ཕྱིའི་མུ་ཁྱུད་ལ་མཁའ་འགྲོ་སོ་གཉིས། གིང་བཅོ་བརྒྱད། ལངྐའི་གནས་གཞན་འགོད་པའི་རིམ་པས་དྲུག་ཅུ་སྟེ་བཅུ་དྲུག །འབར་མ་བརྒྱད། ས་བདག་སོ་གཉིས། མ་བདུན། སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། འབུམ་ཕྲག་ཡངས་པའི་མཁའ་འགྲོ་རིགས་བསྡུས་པས་ཉི་ཤུ། བརྟན་མ་བཅུ་གཉིས་ཏེ། དྲིལ་བས་བཀའ་སྲུང་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་རྣམས་རྩ་རྒྱུད་དང་སྒོམ་ཁོག་ལས་དངོས་སུ་བཤད་ཅིང་། དེའི་སྟེང་དཀྱིལ་འཁོར་དགུའི་མུ་རན་ལ་བཀོད་པའི་བཀའ་སྲུང་། ཆེ་མཆོག་གི་ཅེ་སྤྱང་མ་བརྒྱད། ཡང་དག་གི་དབང་མོ་ཉེར་བརྒྱད། གཤིན་རྗེ་གཤེད་ཀྱི་གིང་བདུད་རྩིས་པ་ཤན་པ་རྣམས་བཞི་བཞི་སྟེ་བཅུ་དྲུག །རྟ་མགྲིན་གྱི་ཁམས་རྒྱ་མ་དྲུག །དམུས་ལོང་བཞི། ཁྱི་བརྒྱད། སྤྱང་བརྒྱད། ཕོ་ཉ་བཞི། འབྲུག་མོ་བཞི་སྟེ་སོ་བཞི། ཕུར་པའི་ཤྭ་ན། བདག་ཉིད། ས་བདག །གིང་བདུད། སྐྱེས་བུ་རྣམས་བཞི་བཞི་སྟེ་ཉེར་བཞི། མ་མོའི་ཡང་གབ་མ་བཞི། སྦས་མ་བཞི། གདོང་མོ་བཞི། རོ་ཁ་མ་གསུམ། ནག་མོ་ཕུང་གསུམ། གསང་བའི་ཕོ་ཉ་གསུམ་སྟེ་ཉེར་བཞི། རིག་འཛིན་གྱི་དཔའ་བོ་དང་མཁའ་འགྲོ་བཞི་བཞི་སྟེ་བརྒྱད། དེ་ལྟར་དཀྱིལ་འཁོར་དྲུག་པོའི་བཀའ་སྲུང་ཆིག་བརྒྱ་ཞེ་གཉིས་ཡོད་ཅིང་། དྲེགས་འདུལ་དང་དྲག་སྔགས་ཀྱི་མུ་རན་ལ་བཀོད་པར་གྲངས་ངེས་མ་མཛད་དོ། །དེ་རྣམས་ཀྱི་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་ཞི་བ་བཞི་བཅུ་ཞེ་གཉིས་དང་། ཡུམ་གྱི་གཽ་སིང་བཅུ་དྲུག་བསྣན་པས་བསྐྱེད་རྫོགས་ཆེན་མོའི་ལྷ་གྲངས་ཀུན་དྲིལ་བས་རགས་རྩིས་བདུན་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །གཉིས་པ་བསྡུས་པ་བསྐྱེད་རྫོགས་འབྲིང་པོ་ནི། དབུས་ཀྱི་གཙོ་བོ་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། དཀྱིལ་འཁོར་བརྒྱད་པོའི་གཙོ་བོ་སྔར་ལྟར་ལས་འཁོར་ལས་བྱང་དུ་བསྐྱེད་རྫོགས་ཆེན་མོའི་སྒོམ་ཁོག་གིས་དངོས་བསྟན་དང་གྲངས་མཉམ་པ་བསྒོམ་པར་བཤད་མོད། རྩ་རྒྱུད་ཀྱི་ལེའུ་དགུ་པར་དཀྱིལ་འཁོར་དགུ་ཀའི་ལྟེ་བར་རྩིབས་བརྒྱད་པར་མཛད་ཅིང་ལྷ། དབུས་ཀྱི་ཆེ་མཆོག་ལ་ཁྲོ་བཅུ། ཡང་དག་ལ་གཽ་རཱི་བརྒྱད། གཤིན་རྗེ་གཤེད་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། རྟ་མགྲིན་ལ་ཟིལ་གནོན་ཡབ་ཡུམ་བརྒྱད། ཕུར་པར་ཁྲོ་བཅུ་ཡབ་ཡུམ། མ་མོར་ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི། རིག་འཛིན་ལ་གྲུབ་པའི་རིག་འཛིན་བརྒྱད། དྲེགས་འདུལ་ལ་དྲེགས་པ་དབང་ཆེན་སྡེ་བརྒྱད། དྲག་སྔགས་ལ་སྔགས་བདག་སྡེ་བརྒྱད་རྣམས་ཀྱིས་བསྐོར་ཞིང། ཕྱི་ཁྱམས་དང་ཕྱིའི་ལྕགས་རི་ལ་སྤྱིའི་བཀའ་སྲུང་ཉིས་བརྒྱ་ཞེ་གཅིག་སྔར་ལྟར་བསྒོམ་པར་གསུང་ངོ་། །གསུམ་པ་རབ་ཏུ་བསྡུས་པ་བསྐྱེད་རྫོགས་ཆུང་ངུ་ནི། ཚོམ་བུ་དགུའི་དཀྱིལ་འཁོར་གྱི་ལྟེ་བ་རྩིབས་བཞི་དང་། ཆེ་མཆོག་ཀྱང་ཞལ་གསུམ་ཕྱག་དྲུག་པར་བསྡུས་ཏེ། འཁོར་ལས་བྱང་དང་བསྒོམ་རིམ་དུ་བསྐྱེད་རྫོགས་ཆེན་མོ་ལྟར་གསུངས་ནའང་། རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང་། གཏེར་གཞུང་གི་ལས་བྱང་གཅིག་ཏུ། ཆེ་མཆོག་དང་ཡང་དག་རིགས་བཞི་ཡབ་ཡུམ། གཤིན་རྗེ་གཤེད་ལ་གཤེད་བཞི་ཡབ་ཡུམ། རྟ་མགྲིན་ལ་རྩིབས་ལྷོ་བྱང་དུ་སྲས་ཕྲ་མེན་གཉིས་དང་། ཤར་ནུབ་ཏུ་རྡོ་རྗེ་དང་པདྨ་གར་དབང་། ཕུར་པར་སྲས་མཆོག་རིགས་བཞི། མ་མོར་དབྱིངས་ཀྱི་མ་དྲུག །རིག་འཛིན་ལ་རིགས་ཀྱི་རིག་འཛིན་བཞི། དྲེགས་འདུལ་དང་དྲག་སྔགས་གཉིས་ལ་དྲེགས་པའི་སྡེ་དཔོན་བཞི་བཞིས་བསྐོར་ཞིང་། རྣམ་བཤད་དུ་རྒྱུད་ལྟར་ཉམས་སུ་ལེན་པ་ལེགས་ཞེས་ཕྱི་མ་འདི་ལེགས་པར་མཛད་དོ། །ཕྱི་ཁྱམས་དང་ཕྱིའི་ལྕགས་རིའི་སྲུང་མ་རྣམས་ནི་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་ལས་བྱང་ལྟར་དངོས་སུ་བསྒོམ་དགོས་པར་བཞེད་དོ། །བཞི་པ་སྔགས་སྒྲུབ་ནར་མའི་སྒྲུབ་ཐབས་ནི་ལྷ་གྲངས་དང་མངོན་རྟོགས་མཐའ་གཅིག་ཏུ་མ་ངེས་ཏེ། བསྐྱེད་རྫོགས་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་བསྲང་བའམ། མི་ནུས་ན་ཐམས་ཅད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་བསྒོམས་ཀྱང་རུང་བར་གསུངས་སོ། །ལྔ་པ་སྒོས་སྒྲུབ་ནི། གང་ལ་མོས་པའི་ལྷ་དེ་ཉིད་ཕྱག་རྒྱ་རྐྱང་སྒྲུབ་ཀྱིས་བསྟན་མོད། དེ་ལྟར་ནའང་བདེ་གཤེགས་འདུས་པ་ཕྱག་རྒྱ་རྐྱང་སྒྲུབ་དང་། ལུས་དཀྱིལ་ལ་བརྟེན་ནས་ཧཱུྃ་གི་དྲིལ་སྒྲུབ་སྙིང་པོ་ཁྱད་པར་གྱི་རྫོགས་རིམ་ལྔ་དང་སྦྱར་བ་དང་། ཡོ་ག་གསུམ་དུ་སྒྲུབ་པ་སོགས་ཟབ་ལ་འདྲིལ་བ་མང་པོ་བསྟན་ནོ། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་རྒྱས་བསྡུས་གང་ལ་བརྟེན་ཀྱང་རུང་སྟེ། ཕྲིན་ལས་ཀྱི་སྒོམ་རིམ་ནི་ལྷའི་ལུང་ལས། ཤིན་ཏུ་གདུག་པའི་ཞེ་སྡང་ཅན༔ འཇུག་པའི་སྒོ་ནི་ཁྲོ་བོ་སྟེ༔ མཚམས་བཅད་བགེགས་བསྐྲད་གདུག་པ་འདུལ༔ སྔོན་དུ་འགྲོ་བའི་བྱ་བ་བདུན༔ རྫོགས་ནས་ཏིང་འཛིན་གསུམ་བསྒོམ་ཞིང༔ འབྱུང་བ་ལྔ་དང་རི་རབ་བསྐྱེད༔ རིན་ཆེན་དུར་ཁྲོད་རབ་འབར་བའི༔ གཞལ་ཡས་མཛེས་ཤིང་འཇིགས་པ་བསྒོམ༔ དེ་དབུས་གདན་སྟེང་རྒྱུ་མཆོག་ལས༔ བསྐྱེད་པའི་གཙོ་བོ་སྲས་དང་བཅས༔ སོ་སོའི་འཁོར་དང་རབ་ལྡན་པས༔ སྒེག་དང་དཔའ་བ་འཇིགས་པ་དང༔ བཞད་དང་གཤེ་རྔམ་ཁྲོ་བ་དང༔ སྙིང་རྗེ་ཞི་བའི་ཚུལ་འཆང་བས༔ གར་དགུའི་ཉམས་དང་ལྡན་པ་འོ༔ དེ་འདྲ་འཇིགས་བྱེད་ཆེན་པོའི་སྐུ༔ བསྐྱེད་དང་སྤྱན་འདྲེན་གཉིས་སུ་མེད༔ བསྟིམ་བཞུགས་ཕྱག་འཚལ་མཆོད་པས་མཆོད༔ བསྟོད་དང་སྔགས་བཟླས་རྫོགས་པའི་རིམ༔ དུས་དྲུག་དུས་བཞི་ངེས་མེད་དུ༔ རབ་ཏུ་འབད་པས་གང་སྙེད་ཅིང༔ སྒྲུབ་པ་གཞན་ནི་ལམ་གྱི་ཉམས༔ རྣལ་འབྱོར་རྟོགས་པའི་སྒོམ་པ་ནི༔ ཁྲོ་བོ་ཆེན་པོའི་སྟོབས་མཆོག་གིས༔ ལམ་དང་ལམ་གྱི་རྒྱུད་དུ་གསུངས༔ ཞེས་གསུངས་ཤིང་། དེའང་རྒྱས་པར་ཕྱེ་ན། ས་གཅོད་ཚོམས་ཀྱི་ཆིངས་ལས། ཁྲོ་བོའི་ཆོ་གའི་རིམ་པ་ལ༔ ཐུན་མོང་སྟོད་ལས་རྣམ་པ་བདུན༔ ཁྱད་པར་ཕྲིན་ལས་ཉི་ཤུ་དྲུག༔ སྨད་ལས་སྤྱི་རྒྱུག་དོན་བརྒྱད་དོ༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །དེ་ལྟར་ཞི་ཁྲོ་གང་ཡིན་ཀྱང་རུང་སྟེ། སྒྲུབ་ལུགས་ནི། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། སྒྲུབ་ལུགས་ཞི་ཁྲོ་རྣམ་གཉིས་ལ༔ སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས༔ མཐར་ཐུག་སྒྲུབ་ལུགས་གསུམ་སྨོས་ཏེ༔ ཞེས་པས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟེན་ནས་སྐུའི་སྒྲུབ་ལུགས། བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གསུང་གི་སྒྲུབ་ལུགས། ལྟ་སྒོམ་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཐུགས་ཀྱི་སྒྲུབ་ལུགས་དང་གསུམ་མོ། །དེ་ལས། དང་པོ་སྐུའི་སྒྲུབ་ལུགས་ནི། ཕྲིན་ལས་ཀྱི་ལུང་ཞི་ཁྲོའི་སྐབས་ལས། དཀྱིལ་འཁོར་རྒྱས་བསྡུས་ཡབ་ཡུམ་དང༔ སོ་སོའི་དཔའ་བོ་གཅིག་རྣམས་ལ༔ སྤྲོ་དང་བསྡུས་དང་རབ་བསྡུས་པ༔ མཐར་ཐུག་བསྒོམ་བྱའི་ལྷ་རུ་འགྱུར༔ ཞེས་པ་སྔར་བཤད་པ་ལྟར་བསྒོམ་བྱའི་ལྷ་ནི་ཞི་བ་རིགས་བརྒྱ། བཞི་བཅུ་རྩ་གཉིས། རིགས་ལྔ། རིགས་གཅིག །ཁྲོ་བོ་ལ་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ་དང་ཕྱག་རྒྱ་གཅིག་པ་སྟེ། དཀྱིལ་འཁོར་གང་དང་གང་སྒོམ་ནའང་། ལས་དང་པོ་པས་ཐོག་མར་བསླབ་པའི་རིམ་པ་ནི། རྙེད་དཀའ་འཇིག་སླའི་རྟེན་ལ་བསམས་ནས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལུས་ཀྱི་བྱ་བྱེད་དང་། སེམས་ཀྱི་ཆགས་སྡང་སོགས་ཚེ་འདི་ལྟོས་ཀྱི་བྱ་བ་ཐམས་ཅད་བློས་ལིང་གིས་དོར། ཆོས་མིན་པ་བྱ་རྒྱུ་མེད་པར་བློ་ཐག་བཅད། རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་ཉམས་ལེན་མཐར་སྐྱེལ་བའི་ཞེ་དམ་དྲག་པོ་བཅའ། དུས་རྟག་ཏུ་བླ་མ་ལ་མོས་གུས་དང་། སེམས་ཅན་ལ་སྙིང་རྗེ་བསྐྱེད། ཏིང་ངེ་འཛིན་གྱི་ཕན་ཡོན་ངེས་པས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་པ་རེ་བཟང་སྙམ་པ་རྣམས་ཡང་ཡང་དྲན་པར་བྱ་ཞིང་གསལ་གདབ། དེ་ནས་མདུན་དུ་དམིགས་རྟེན་བྲིས་སྐུ་ལྟ་བུ་བཞག་སྟེ། རང་གི་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས་དམིགས་རྟེན་ལ་མིག་ཆེ་རེ་མི་གཡོ་བར་བལྟ། དེ་ནས་ཡིད་ལ་ལྷ་སྐུའི་གསལ་སྣང་ལྷག་ལྷག་འཆར་ན་ཧ་ཅང་འཚིར་ཟིན་མི་བྱེད་པར། དེ་ཀའི་གསལ་སྣང་མ་འགགས་པའི་ངང་ལ་ཤིགས་སེ་མཉམ་པར་བཞག །རེ་ཞིག་བྱིང་ཉམས་བྱུང་ནའང་མི་གསེང་། དེ་ལྟར་བསྐྱངས་པས་ཇེ་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང་། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ། རང་ལྷར་བསྒོམས་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྒྱ་གྲམ་ལ་འབྲུ་གསུམ་གྱིས་མཚན་པར་བསམས་ནས། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། འབྲུ་གསུམ་གྱི་རྡོར་བཟླས་དང་ཡིད་བཟླས་སྤེལ་མར་བཟླ་ཞིང་། སྐྱོ་ན་ངག་བཟླས་ཀྱང་ཅུང་ཟད་རེ་བཟླ། དེ་ལྟར་ཡང་ཡང་བསྒོམས་པས། དང་པོ་ཡིད་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་གསལ། དེ་ནས་རེག་མཐོང་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་ཀྱང་འབད་པས་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་བྱ་སྟེ། རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་གཞན་ནུབ་ནས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ལྷའི་ང་རྒྱལ་བརྟན་པོ་འབྱུང་། དེ་གསུམ་ལ་གཞན་དུ་ཡིད་ཀྱི་ཡུལ། སྣང་བའི་ཡུལ། ཞེན་པའི་ཡུལ་དུ་གསལ་ཞེས་ཀྱང་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་། རྒྱན་ཆ་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཞིང་། ལྷ་སྐུ་ཆེ་ཆུང་དང་མང་ཉུང་དང་། རྒྱང་ཉེ་རིང་དང་། ཐུན་ཡང་རིང་ཐུང་གི་སྐྱེད་བྲི་སོགས་མ་ངེས་པ་ལ་རྩལ་སྦྱངས་པས། ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ། ཇི་ལྟར་བསྒོམ་ཡང་བདེ་བར་གྱུར་པ་དང་། དེ་ནས་ཞི་ཁྲོ་རྒྱས་འབྲིང་བསྡུས་པ་གང་ཡིན་དེ་དང་དེའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་འཇུག་སྟེ། དེ་ཡང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས། དེའི་ངང་ལས་སྣང་བ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ཀྱི་ངང་ལ་ཅུང་ཟད་བཞག །དེ་ནས་ཤཱུནྱ་ཏཱའི་སྔགས་བརྗོད་པས། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སོ་སྙམ་དུ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་ཡིན་ཡང་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་ལས་རང་རིག་ཨའམ་ཧཱུྃ་ལྟ་བུའི་ཡི་གེ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ་པ་རྒྱུའི་ཏིང་ངེ་འཛིན། དེ་ཉིད་རྒྱུའི་ལྷར་བསྐྱེད་དམ། མ་བསྐྱེད་ཀྱང་རུང་སྟེ། དེ་ལས་ས་བོན་རིམ་པར་སྤྲོས་ནས་འོག་གཞི་ཡུམ་ལྔའི་རྟེན་གཞལ་ཡས་ཁང་དང་བཅས་པ་བསྒོམ། དེ་ཡི་ནང་གདན་གྱི་སྟེང་དུ་རྒྱུའི་ཡི་གེའམ་རྒྱུའི་ལྷ་བབས་པ་ལས། བསྐྱེད་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་གཙོ་བོ་བསྐྱེད་ཅིང་། འཁོར་སྤྲོ་བའི་རིམ་པས་བརྟེན་པ་ལྷའི་འཁོར་ལོ་སྒོམ་ཞིང་ཞི་ཁྲོ་གང་དང་གང་ཡིན་ནའང་འདྲ་སྟེ། བསྐྱེད་རིམ་ལ་གསལ་སྣང་ཐོན་པ་དང་། སེམས་ཉིད་གདོད་ནས་ལྷར་དག་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་གཞན་ནས་བཙལ་དུ་མེད་པར་ཐག་བཅད་ཅིང་། སེམས་དང་ལྷ་སྐུ་ཟུང་འབྲེལ་དེའང་གསལ་སྟོང་ཞེན་བྲལ་དུ་བསྐྱང་བར་བྱ་བ་གནད་དམ་པའོ། །དེའང་ཁྱད་པར་གྱི་རྫོགས་རིམ་ལས། དེ་ཏིང་སོགས་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ས་དང་པོ་ནོན་པ་ལ་སོགས་པ་སྦྱར་ཞིང་། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་དང་སྦྱར་ཏེ། དེ་ཏིང་སྒོམ་པས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པས་སྐྱེ་སྲིད་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད། མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་ལྡངས་བས་ནི། ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་མཐའ་དག་སྦྱོང་ཞིང་། རང་བཞིན་ཆོས་སྐུའི་ངང་ནས་འགྲོ་དོན་མཛད་པ་མཚོན་པ་ཡིན་ནོ། །སྤྱིར་མན་ངག་འདིའི་ལུགས་ཀྱིས་ཇི་ལྟར་སྒོམ་པའི་ཚུལ་ཡང་། གང་ཟག་གི་བློའི་ཁྱད་པར་ལས། ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས་སྣང་བ་ལྷར་སྦྱོང་བ། ནང་ཕུང་པོ་ལྔ་སོགས་རྟོག་ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིགས་ལྔ་ལ་སོགས་པའི་ལྷར་སྦྱོང་བ། གསང་བ་དུག་ལྔའི་དཀྱིལ་འཁོར་ལ་བརྟེན་ནས་ཡེ་ཤེས་ལྔར་སྦྱོང་བའི་ཐབས་ཞི་བའི་སྐབས་སུ་རྒྱས་པར་གསུངས་པ་དང་། ཡང་ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཆོ་ག་གསུམ་བསྐྱེད་ལ་སོགས་པས་རིམ་པར་བསྐྱེད་པའམ། མཚན་མའི་དཀྱིལ་འཁོར་གྱིས་མཚོན་ནས་དཀྱིལ་འཁོར་ཕྱི་རུ་འགོད་པ། ནང་རྫོགས་པ་ཨ་ནུ་ཡོ་ག་ལྟར་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་དྭངས་པ་ལ་གཟའ་སྐར་ཤར་བ་ལྟར་རྫོགས་ཚུལ་དུ་བསྐྱེད་པའམ་ཕུང་པོ་འབྱུང་ལྔའི་དཀྱིལ་འཁོར་ལ་བརྟེན་ནས་ལུས་དཀྱིལ་དུ་འགོད་པ། གསང་བ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལྷ་སྐུ་སེམས་ཉིད་ཀྱི་རོལ་པར་ངོ་སྤྲོད་པའི་ཐབས་ཀྱིས་སེམས་ལ་འགོད་པའི་གནད་རྣམས་ཤེས་པར་བྱས་ནས་ཉམས་སུ་བླང་ངོ་། །མདོར་ན་ཕྲིན་ལས་ཀྱི་ལུང་གི་ཞི་བའི་སྐབས་ལས། ཡུལ་གསུམ་གསལ་བར་གྱུར་པ་དང༔ གང་འདོད་ལྷ་ཡི་རྣལ་འབྱོར་བསྒོམ༔ ཡུལ་ཀུན་ཏིང་འཛིན་ལྷར་མཉམ་པའི༔ བསྐྱེད་པའི་རིམ་པ་སྐུར་རྫོགས་པ༔ བསྐྱེད་རིམ་དོན་གྱི་མཐར་ཐུག་སྟེ༔ སྐུ་ཡི་སྒྲུབ་པ་ཞེས་བྱ་འོ༔ ཞེས་སོ། །གཉིས་པ་གསུང་གི་སྒྲུབ་ལུགས་ནི། སྤྱིར་བཟླས་ཐབས་ཀྱིས་གསལ་བར་བྱེད་པའི་མན་ངག་ལས། གསང་སྔགས་ལ་ནི་བཞི་སྟེ༔ རྒྱུ་མ་ནོར་བ་རྩ་བའི་སྔགས་དང༔ བསྐྱེད་པ་རྐྱེན་གྱི་སྔགས་དང༔ བཟླས་བརྗོད་བསྙེན་པའི་སྔགས་དང༔ བསྐུལ་བ་ཕྲིན་ལས་ཀྱི་སྔགས་སོ༔ ཞེས་པ་ལས་འདིར་ཕྱི་མ་གཉིས་འཆད་དོ། །དེ་ལ་ལུས་ངག་ཡིད་གསུམ་གྱི་བཟླ་ཚུལ་གསུམ་ལས། དང་པོ་ལུས་ཀྱི་བཟླས་པ་ལ་གང་བཟླ་ན་ཕྲེང་བ་སྟེ། དེའི་རྒྱུ་ནི། སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། ཕྲེང་བའི་བྱེ་བྲག་བོ་དྷི་ཙེ་བཟང་པོ༔ ཀུན་ལ་ཤིས་པས་སྤྱི་ཡི་བཟླས་པ་ཡིན༔ རུ་རཀྴ་ནི་ཁྲོ་བོའི་བཟླས་པ་འམ། དྲག་པོའི་ལས་ལ་རབ་ཏུ་བསྔགས་པར་བཤད༔ ཅེས་སོགས་གསུངས་པས་སྤྱིར་བོ་དྷི་ཙེ་ལས་ཐམས་ཅད་ལ་བསྔགས་པས་མཆོག་ཏུ་བཤད་དེ། རྒྱུད་གཞན་ལས་ཀྱང་། བོ་དྷི་ཙེ་ཡིས་གྲངས་མེད་འགྱུར༔ ཞེས་སོ། །བྱེ་བྲག་ཏུ་ཞི་བར་བོ་དྷི་ཙེ་དང། ཁྲོ་བོ་རུ་རཀྴ་ལ་ཤིས་ཤིང་། རིན་ཆེན་ཕྲེང་བར། ཕྲེང་བ་བདུད་རྩིའི་སྔགས་གདབ་བཟླས་པ་བྱ༔ ཞེས་པ་རབ་གནས་བདུད་རྩིའི་སྔགས་ཀྱིས་སྦྱང་བ་ཙམ་ལས་མ་བཤད་ཀྱང་། སྤྱིར་ལྷར་བསྐྱེད་བསྟིམ་ཕྲེང་བའི་རྣམ་པར་བསྒྱུར་བ། རུ་ཙི་ར་སོགས་ཀྱི་སྔགས་བཟླས་པས་བྱིན་གྱིས་རློབ་པའོ། །གང་གིས་བཟླ་ན། ལག་པའི་སོར་མོས་སོ། །ཇི་ལྟར་བཟླ་ན། དེ་ལས། ཀུན་ཀྱང་མཐེབ་མཛུབ་གཉིས་ཀྱིས་འཛིན་པར་བསྔགས༔ དྲག་པོ་གཡས་པའི་མཐེབ་སྲིན་གཉིས་ཀྱིས་བགྲང༔ ཞེས་པས་དྲག་པོའི་ལས་ལ་གཡས་མཐེབ་སྲིན་སྦྱར་བ་ཆོས་འབྱུང་གི་རྒྱས་འདྲེན་པར་བཤད་ཅིང་། ལས་གཞན་རྣམས་ལ་གཡས་གཡོན་གྱི་ངེས་པ་མ་གསུངས་ཀྱང་། དྲག་པོ་ལ་གཡས་དམིགས་བསལ་མཛད་པས། ཞི་རྒྱས་དབང་གསུམ་ལ་གཡོན་པས་བགྲང་བར་གོ་ནུས་ཤིང་། འདྲེན་ཚུལ་ནི། སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་ཕྲེང་བ་བཞག་ནས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་སོ། །གཉིས་པ་ངག་བཟླས་ལ། གང་བཟླ་ན། ལྷ་སོ་སོའི་སྙིང་པོ་སྟེ། དེའང་ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། བདེ་གཤེགས་གསུང་གི་སྒྲུབ་ལུགས་ཀྱི༔ མཐར་ཐུག་པ་ནི་འདི་ལྟ་སྟེ༔ དམ་པ་རིགས་བརྒྱའི་སྔགས་ཀྱི་གནད༔ ཨཱ་ལི་བཅོ་བརྒྱད་པ་ལ་ཐུག༔ ཅེས་སོགས་ཀྱིས་ཞི་བ་དང་། ཁྲོ་བོ་སྤྱི་བསྡུས་སྔགས་ཀྱི་གནད༔ དྲག་སྔགས་དགུ་བཅུ་པ་ལ་ཐུག༔ ཅེས་སོགས་ཀྱིས་ཁྲོ་བོའི་སྔགས་རྣམས་བསྟན་ཏེ། དེ་ཡང་ཞི་བ་རིགས་བརྒྱའི་ཨཱ་ལི་བཅོ་བརྒྱད་པ། ཞེ་གཉིས་ཀྱི་བོ་དྷི་བཅུ་བཞི་པ། རིགས་ལྔའི་དཔའ་བོ་འབྲུ་ལྔ། གསང་ཆེན་རིགས་གཅིག་གི་འབྲུ་གསུམ། ཕྱག་རྒྱ་རྐྱང་པའི་ཧཱུྃ་ཡིག །ཁྲོ་བོ་སྤྱི་བསྡུས་ཀྱི་བཛྲ་ཙཎྜ་འབྲུ་བཅུ་དགུ་པ། ཆེ་མཆོག་གི་མ་ཧཱ་བཅུ་གཉིས་པ། ཡང་དག་གི་རུ་ལུ་འབྲུ་དགུ །འཇམ་དཔལ་གྱི་ཨ་ཀྲོ་བཅུ་བདུན་པ། རྟའི་པདྨཱན་བཅུ་བཞི་པ། ཕུར་པའི་ཀཱི་ལ་ཡ་བཅུ་བཞི་པ། མ་མོའི་གུ་ཧྱ་སུམ་ཅུ་པ། དྲེགས་འདུལ་གྱི་བཛྲ་ཙཎྜ་འབྲུ་བཅུ་པ། དྲག་སྔགས་ཀྱི་བཛྲ་སརྦ་འབྲུ་བརྒྱད། རིག་འཛིན་ལ་འདིར་འབྲུ་གསུམ་བཤད་ཀྱང་། སྒྲུབ་ཐབས་རྣམས་སུ་བཛྲ་མ་ཧཱ་གུ་རུ་འབྱུང་ངོ་། །དེ་དག་ནི་བཟླས་བརྗོད་བསྙེན་པའི་སྔགས་ཏེ། ཕྲིན་ལས་ཀྱི་ལུང་ལས། ཐམས་ཅད་གསུང་གི་མཐར་ཐུག་སྟེ༔ ཐུགས་ཀྱི་སྙིང་པོ་སྐུལ་བྱེད་པའི༔ བཟླས་པའི་སྔགས་སུ་ཤེས་པར་བྱ༔ ཞེས་སོ། །བསྐུལ་པ་ཕྲིན་ལས་ཀྱི་སྔགས་ནི། ལས་བཞི་སོ་སོའི་སྤུ་གྲི་སྔགས་མཇུག་ཏུ་སྦྲེལ་བ་སྟེ། ཞི་རྒྱས་ལ་སྭཱ་ཧཱ། དབང་ལ་ཧཱུྃ། དྲག་པོ་ལ་ཕཊ་ཅེས་པའོ། །གང་གིས་བཟླ་ན། སྔགས་ཀྱི་སྒྲར་སྣང་བའི་ཚུལ་དུ་ཡིད་ཀྱིས་སམ། སྒྲར་གྲགས་པའི་ཚུལ་དུ་ལྕེ་རྐན་འཕྲད་པའི་རྩོལ་བས་སོ། །ཇི་ལྟར་བཟླ་ན། སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་དང་། ཡི་གེ་ཐུང་དུ་རྣམས་དལ་བུར་འདོན་པ་དང་། རིང་བ་རྣམས་མྱུར་པོར་འདོན་པ་དང་། ཧ་ཅང་གསལ་ཆེས་པའམ་མི་གསལ་བ་དང་། ཐུན་སྒང་དུ་མི་དང་གཏམ་འདྲེས་པའི་སྔགས་དང་འདོན་པ་གཞན་བྱེད་པ་སོགས་ཚིག་གཞན་གྱིས་བར་ཆོད་པ་དང་། སེམས་གཞན་དུ་ཡེངས་པ་སོགས་ཀྱི་སྐྱོན་སྤངས་ནས་བཟླ་སྟེ། སྐྱོན་ཡོན་སྒྲ་ཡི་མན་ངག་ལས། མི་འགྲུབ་པ་ཡི་སྐྱོན་བརྒྱད་ནི༔ སྒྲ་ཆེས་པ་དང༔ ཆུང་བ་དང༔ དལ་བ་དང༔ མྱུར་དྲགས་པ་དང༔ གསལ་དྲགས་པ་དང༔ མི་ཚིག་གིས་བར་ཆོད་པ༔ སེམས་རྣམ་པར་གཡེངས་བཞིན་པར་ཤོར་བ༔ དེ་རྣམས་སུ་ཤོར་བའི་བཟླས་པ་ནི་མཚམས་དམ་ཞིང་བཟླས་པ་མང་ཡང་དོན་མེད་པར་འགྱུར་རོ༔ ཞེས་གསུངས། གཞན་ཡང་དེ་ལས། ལྷག་དང་ཆད་དང་ནོར་བ་དང༔ ཞེས་དང་། རིན་ཆེན་ཕྲེང་བར། བཟླས་པ་བྱེད་ཚེ་སྦྲིད་པའམ་གླལ་བྱུང་ན༔ དེ་ཚེ་ཕྲེང་བའི་མགོ་བཟུང་བཟླས་པ་བསྐྱར༔ དེ་དག་གྲངས་སུ་བརྩི་བར་མི་བྱ་འོ༔ ཞེས་སོ། །དེ་ལྟར་ཡང་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན༔ མགྱོགས་པར་མ་ཡིན་བུལ་བ་མིན༔ དྲག་པར་མ་ཡིན་ཞན་པར་མིན༔ ཡིག་འབྲུ་ཡན་ལག་ཉམས་པ་མིན༔ ཡེངས་པས་མ་ཡིན་སྨྲ་བཞིན་མིན༔ གླལ་སོགས་བར་དུ་ཆོད་པས་མིན༔ ཞེས་པའི་སྐྱོན་རྣམས་སྤངས་ནས། སྤྱིར་བཟླས་པ་ཡིད་བཟླས། བྱེ་བྲག་ལས་གང་ལ་མཐུན་པའི་ཚུལ་གྱིས་བཟླ་བ་སྟེ། རིན་ཆེན་ཕྲེང་བར། རྟོག་པ་ཀུན་བསལ་ཐུགས་ཀར་ཟླ་བའི་སྟེང༔ སྔགས་ཕྲེང་བཀོད་པ་དེ་ལ་སེམས་གཏད་དོ༔ རྩེ་གཅིག་ཡིད་ཀྱིས་བཟླ་བ་འབྲིང་ཡིན་ཏེ༔ དངོས་གྲུབ་ཉེ་བར་ཐོབ་པར་འགྱུར་བར་བཤད༔ ཅུང་ཟད་ཐོས་པས་བཟླས་བརྗོད་གཡེང་བ་ཅན༔ དེ་ནི་བཟླས་པ་ཐ་མ་ཡིན་པར་གྲགས༔ ཞི་རྒྱས་གཉིས་ལ་ཤུབ་བུའི་བཟླས་པ་བྱ༔ དབང་དྲག་ཕྲིན་ལས་བྱེད་ཚེ་དྲག་ཏུ་བརྗོད༔ ཅེས་གསུངས་ཤིང་། འདིར་བཟླས་པ་འབྲིང་ཐ་བཤད་ནས། དེ་ལས། མཆོག་གི་དངོས་གྲུབ་བཟླས་པ་ཁྱད་པར་ཅན་གྱིས་འགྲུབ༔ ཅེས་པ་ལ་དགོངས་པ་སྟེ། ཁྱད་པར་ཅན་གང་ཞེ་ན། གཡོ་བ་རླུང་གི་རྫོགས་རིམ་དུ་བཤད་པའི་རྡོར་བཟླས། རླུང་ཕྱིར་དབྱུང་བ་ཨོཾ། རྔུབས་པ་ཨཱཿ གནས་པ་ཧཱུྃ་ལ་སྦྱོང་བའམ། ཡང་ན་སྤྱི་འགྲོ་ལྟར་དབྱུང་བ་ཧཱུྃ། རྔུབས་པ་ཨོཾ། གནས་པ་ཨཱཿལ་བསླབ་པ་སྟེ་འདིར་མ་སྤྲོས་སོ། ཁྱད་པར་ཞི་ཁྲོའི་ལྷ་སོ་སོ་ལ་དམིགས་པའི་བཟླ་ཚུལ་ནི། ཞི་ཛཔ྄་སོས་དལ་འགྱུར་བར། ཆེ་མཆོག་གི་ཁོང་ཀློད་ལ་རིང་བར། ཡང་དག་ཕྲ་འགྱུར་རིང་བར། འཇམ་དཔལ་མགོ་རིང་ལ་མཇུག་ཐུང་བར། རྟ་མགྲིན་གདངས་ཆེ་ལ་འགྱིང་ཆགས་པར། ཕུར་པ་ཆེ་ལ་ངར་དྲག །མ་མོ་ཐུང་ལ་ངར་བ། རིག་འཛིན་རིང་ལ་ཁུག་པར། དྲེགས་འདུལ་དྲག་ལ་ཐུང་བར། དྲག་སྔགས་ཐུང་ལ་སྡུད་པར་བགྲང་བར་གསུངས་སོ། །གསུམ་པ་ཡིད་བཟླས་ལ་གང་བཟླ་ན། ཏིང་ངེ་འཛིན་ནོ། །གང་གིས་བཟླ་ན། སེམས་རྩེ་གཅིག་པའི་དྲན་པས་སོ། །ཇི་ལྟར་བཟླ་ན། དྲན་པ་ངེས་སེམས་ཏིང་ངེ་འཛིན་ལས་གཞན་དུ་མི་གཏོང་བར་རྩེ་གཅིག་ཏུ་འཛིན་པར་བྱེད་པ་སྟེ། དེ་ཡང་ཡང་བསྐྱར་བས་བཟླས་པའོ། །དེ་ཡང་ཛཔ྄་དགོངས་ནི་གསུམ་སྟེ། སྐུ་ཕྱག་རྒྱ་ཆེན་པོར། གསུང་སྔགས་ཀྱི་སྒྲར། ཐུགས་ཡེ་ཤེས་ལྔར་གསལ་འདེབས་པའོ། །དང་པོ་ནི། རྟེན་གཞལ་ཡས་ཁང་དུ་བརྟེན་པ་ལྷ་སུམ་བརྩེགས་སུ་གསལ་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཏེ་ཚུར་འདུས་པའི་ལྷ་རྣམས་རྒྱན་ཆ་ཕྲ་མོའི་བར་དུ་མ་འདྲེས་ཡོངས་རྫོགས་སྣང་ལ་རང་བཞིན་མེད་པར་གསལ་བའོ། །གཉིས་པ་ནི། ཐུགས་སྲོག་ལས་ཞི་ཁྲོའི་ཁྱད་པར་གྱི་ཨ་དང་ཕཊ་སོགས་ཡིག་འབྲུ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་པས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་བུང་བ་ཚང་བཤིག་པ་ལྟར་སྒྲོག་པར་བསམ་པའོ། །གསུམ་པ་ནི། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་སྟོང་དུ་ཤར་བ་མེ་ལོང་ལྟ་བུ། གསུང་གྲགས་སྟོང་སྔགས་ཀྱི་རང་སྒྲར་སྒྲོག་པ་སོར་རྟོག །འཕྲོ་འདུས་དོན་བྱེད་པ་བྱ་གྲུབ། དེ་ཐམས་ཅད་རིག་པའི་ངང་དུ་རོ་གཅིག་པ་མཉམ་ཉིད། རིག་པ་དཔལ་ཆེན་པོའི་ཐུགས་སྤྲོས་བྲལ་གྱི་ཡེ་ཤེས་སུ་རྟོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ལས་མ་ཡེངས་པར་བྱའོ། །དེ་ལ་འཕྲོ་འདུའི་དམིགས་པ་སྤྱི་ཙམ་ནི། འབྱེད་ལྡེ་ལས། བཟླས་པའི་འཕྲོ་འདུ་བྱ་བ་ནི༔ ཕྱི་ནང་གཙོ་བོ་དགུ་རྣམས་ཀྱི༔ རང་རང་ཡེ་ཤེས་སེམས་དཔའ་ཡི༔ སྙིང་དབུས་ཁྲོ་བོའི་སྲོག་རྟེན་ལ༔ ཡི་གེ་ཕྲེང་སྔགས་འོད་འཕྲོས་པས༔ ནམ་མཁའི་ཁམས་ཀུན་ཁྱབ་བྱས་ཏེ༔ བདེ་བར་གཤེགས་ཀུན་མཉེས་མཛད་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ སེམས་ཅན་ཐབས་ཀྱིས་རྒྱུད་སྦྱངས་ཤིང༔ ཐམས་ཅད་རང་རིག་ལྷར་གྱུར་ནས༔ ཆོས་སྐུ་ཐིག་ལེ་གཅིག་ཏུ་བསྒོམ༔ ཞེས་གསུངས་ཤིང་། བྱེ་བྲག་གི་ཁྱད་པར་དག་ལག་ལེན་དུ་འཆད་པར་བྱའོ། །དེ་ཡང་བཟླས་ཐབས་ཀྱི་དོན་གསལ་བར་བྱེད་པའི་ཡི་གེ་ལས། བཟླས་བརྗོད་བསྙེན་པའི་སྔགས་ནི༔ གསེར་གྱི་བ་ཐག་འཛིངས་པ་ལྟར་བཟླ་སྟེ༔ བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའི་ཐུགས་ཀར་འོད་ཟེར་འཕྲོས་པ་ལྟར་བཟླ་བ་སྟེ༔ ཚུར་འདུས་པའི་སྤྲོ་བསྡུ་བྱའོ༔ ཞེས་པ་ལྟར་ན་ཛཔ྄་ཁང་ཕྱེ་བའི་མན་ངག་གིས་དམ་ཡེ་ཕྱེ་ནས་གསལ་བ་གསུམ་གྱི་སྒོ་ནས་བཟླས་ཀྱང་རུང་བར་སྣང་ངོ་། །དེ་ཡང་སྔོན་དུ་བྱ་བའི་བསྙེན་པ་ནི། ཐུན་བཞིར་བཅད་ནས་བཟླ་ཞིང་། དུས་ཀྱི་བསྙེན་པར་གྲགས་པ་སྒྲུབ་ཆེན་གྱི་ཚེ་ན་གྲོགས་དང་བཅས་ཏེ་གསུང་མི་ཆད་དུ་བཟླ་དགོས་སོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བར། བསམ་གཏན་མཉམ་པའི་ཁང་པར་ལེགས་འདུག་ནས༔ ཇི་སྲིད་མི་སྐྱོའི་བར་བཟླ་སྐྱོ་ན་གཏང༔ འཕྲལ་ལ་གཡེང་བའི་བྱ་བ་ཀུན་སྤངས་ཏེ༔ དངོས་གྲུབ་ཐོབ་པར་འདོད་པས་སྔགས་རྣམས་ལ༔ སྔ་དྲོ་ཕྱི་དྲོ་སྲོད་དང་ཐོ་རེངས་ཀྱི༔ ཐུན་བཞིར་བཟླས་པའི་ཐུན་ཚད་བཟུང་བར་བཟླ༔ ཉིན་གུང་མཚན་གུང་གཉིས་ཀྱི་ཐུན་ཕྱེད་དམ༔ ཐུན་གྱི་སུམ་ཆ་ཡང་ན་ཅུང་ཟད་བཟླ༔ དེ་ལྟར་བྱས་པས་དངོས་གྲུབ་འགྲུབ་པར་ངེས༔ སྒྲུབ་ཆེན་དུས་སུ་མི་ཉལ་རྟག་ཏུ་བཟླ༔ ཁམས་ཀྱིས་མི་ཐུབ་གྱུར་ན་མཐུན་པ་ཡི༔ གྲོགས་ལ་བཟླས་བརྗོད་བཅོལ་ལ་རྒྱུན་མི་བཅད༔ འདི་བཞིན་རྟག་ཏུ་བྱས་ན་དངོས་གྲུབ་མྱུར༔ ཞེས་གསུངས། གཞན་ཡང་ཇི་ཙམ་བཟླ་བའི་སྔགས་དང་དུས་ཀྱི་གྲངས་ཚད་ནི་རགས་པ་སྔར་ཡང་བཤད་ཅིང་། ཕྱིས་ཀྱང་སྐབས་སུ་བབས་པ་ན་འཆད་པར་འགྱུར་རོ། །བཟླས་པ་གང་གི་ཚེ་ཡང་སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དེ་ཡང་གྲགས་སྟོང་ཞེན་བྲལ་གཞོམ་མེད་ཀྱི་རང་སྒྲར་ཤེས་ནས་བཟླ་བ་ནི་གནད་དོ། །དེ་ལྟར་ཡང་ཕྲིན་ལས་ཀྱི་ལུང་ལས། མཐར་ཐུག་གསུང་གི་བསྒྲུབ་པ་སྟེ༔ བྲག་ཅ་སྒྲ་བརྙན་ཇི་བཞིན་དུ༔ ཐམས་ཅད་གསུང་དུ་སྣང་ཞིང་སྟོང༔ གསུང་གི་དེ་ཉིད་ཁོ་ན་སྟེ༔ མིང་འདི་མཐར་ཐུག་ཟབ་ཅིང་ཞི༔ ཞེས་སོ། །གསུམ་པ་ཐུགས་ཀྱི་སྒྲུབ་ལུགས་ནི། ཡིད་ལ་དྲན་རྟོག་ཅི་འགྱུ་ཡང་། ཆེད་དུ་མི་སྤང་ཆེད་དུ་མི་སྒྲུབ་པར་གང་ཤར་དེ་ཀའི་རང་ཞལ་ལ་ཆེར་རེ་བལྟས་པས། སྣང་རིག་ངོས་བཟུང་མེད་པར་རྗེན་ནེ་བ་དམིགས་མེད་བསམ་བརྗོད་དང་བྲལ་བའི་སྟོང་པ་ཉིད། མདངས་བདེ་བ་ཆེན་པོའི་རོལ་པར་མ་འགགས་ཤིང་། རྩལ་ཅིར་ཡང་འཆར་བའི་ཟུང་འཇུག་འདི་ཀ་དངོས་པོའི་གནས་ལུགས་ཏེ། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ལྷུན་རྫོགས་ཐིག་ལེ་ཆེན་པོར་ངོ་ཤེས་པར་བྱ་ཞིང་། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་རང་མདངས་མ་འགགས་པར་གསལ་ཙམ་ནས་རང་བཞིན་སྤྲོས་བྲལ་ངོས་བཟུང་མེད་པའི་གཤིས་ལུགས་སུ་ལ་བཟླ་བར་བྱས་ཏེ། ཡུལ་མེད་རང་གསལ་རྗེན་པར་བསྐྱང་བའོ། །ཇི་སྐད་དུ་ཕྲིན་ལས་ཀྱི་ལུང་ལས། སྤྲོས་མེད་ཡུལ་དང་བྲལ་བ་ནི༔ ཞི་བ་ཐུགས་ཀྱི་སྒྲུབ་པར་བརྗོད༔ ཅེས་དང་། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། དུས་གསུམ་བདེ་བར་གཤེགས་པ་ཡི༔ ཐུགས་ཀྱི་སྒྲུབ་པ་མཐར་ཐུག་པ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་དུ༔ འཁོར་འདས་གཉིས་སུ་མེད་པར་རྫོགས༔ བྱང་ཆུབ་སྙིང་པོས་ཁྱབ་པར་གདལ༔ ལྷུན་རྫོགས་ཐིག་ལེ་ཉག་གཅིག་ལ༔ འགག་མེད་མ་བཙལ་གཉིས་མེད་པར༔ སྣ་ཚོགས་རོལ་པ་ཆེན་པོར་ཤར༔ ཡེ་ནས་དག་པ་ཆོས་ཉིད་དོན༔ སྤྲོས་མེད་དོགས་མེད་བཀག་མེད་གསལ༔ རང་བྱུང་ངོ་བོ་ཉིད་ཀྱི་གཞི༔ རྡོ་རྗེ་དབྱིངས་ཀྱི་དགོངས་པར་འདུས༔ ཞེས་གསུངས། དེ་ལྟར་རྟོགས་པའི་དུས་ན་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བའི་རྟོག་ཚོགས་ཐམས་ཅད་རང་ཚུགས་མ་ཐུབ་པར་རང་ཡལ་གྱིས་འཇོག་ཅིང། དེ་ཙ་ན་ཐུགས་རྗེ་ཆེན་པོ་ངང་ངམ་ཤུགས་ཀྱིས་འཆར་བས་བདུད་བགེགས་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པ་ནི་ཁྲོ་བོའི་དགོངས་པ་སྟེ། དེ་ལས། ཐུགས་རྗེའི་ཤུགས་དང་རྟོགས་པའི་ངང༔ འདུལ་བའི་ཐབས་ཀྱི་ཁྲོ་བོར་སྟོན༔ གདུག་ཚོགས་རང་བཞིན་རྣམ་དག་པས༔ ཁྲོ་བོའི་དགོངས་པ་བསམ་མཐའ་ཡས༔ ཞེས་གསུངས། གཞན་ཡང་དཔལ་ཆེན་པོ་སྒྲུབ་སྡེ་སོ་སོའི་དགོངས་པའང་རྒྱས་པར་གསུངས་མོད་ཀྱི་འདིར་ཡི་གེས་འཇིགས་པས་མ་སྤྲོས་སོ། །དེ་ལྟར་སྒྲུབ་ལུགས་གསུམ་པོ་དེ་ཐམས་ཅད་ཀྱང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཤེས་པས། ཁྱད་པར་གྱི་རྫོགས་རིམ་ལྔའི་གཞུང་ཉིད་ལ་བསྐྱེད་རྫོགས་ཀྱི་སྒྲུབ་ལུགས་ལྔ་དང་། སྐུ་གསུམ་གྱི་གཟེར་ལྔའི་ཕྲ་བཀོད། སྔགས་ཀྱི་བཟླས་ཐབས་ལྔ་རིམ་པ་དང་པོའི་ཡན་ལག་ཏུ་སྦྱར་ཏེ། བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་མཉམ་གཞག་ཏུ་ཉམས་སུ་བླང་ཞིང་། རྗེས་ཐོབ་ཏུ་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་ཡེ་ཤེས་ཀྱི་རྒྱས་ཅི་ཐེབས་དང་། ལས་དང་པོ་པའི་སྤྱོད་པ་རྣམ་པར་དག་པར་བྱ་བའི་ཆེད་དུ་ཐུན་མོང་གི་རྣལ་འབྱོར་ལྔ་ལ་སྤྱད་པར་བྱ་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཞི་ཁྲོ་གཉིས་ལ་བརྟེན་ནས་གང་དགོས་ཀྱི་ལས་ལ་སྦྱོར་བ་ནི། ཞི་བའི་ལས་ཆེན་ལྔ་དང་ལས་ཆུང་ལྔ་སྟེ་བཅུ་དང་། ཁྲོ་བོའི་ཕན་གདགས་ཀྱི་ལས་ཆེན་ལྔ་དང་ཕྲིན་ལས་ཀྱི་གཟེར་ཆེན་ལྔ་སོགས་ཀྱིས་ཤེས་པར་བྱ་བ་ཡིན་མོད། འདིར་བསྙེན་པ་དང་འབྲེལ་བས་ལས་སྦྱོར་གྱི་བཟླས་པ་བྱ་ཚུལ་ཙམ་ཞིག་སྐབས་སུ་བབས་ཏེ། ལག་ལེན་དུ་འཆད་པར་འགྱུར་རོ། །གསུམ་པ་གྲུབ་པ་འབྲས་བུའི་རྣམ་གཞག་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །དང་པོ་ལའང་། ཉམས་དང་དྲོད་ཚད་རྟགས་དང་ཡོན་ཏན་རྣམས་ལས་ཉམས་ནི། བསྐྱེད་རྫོགས་གང་ལ་བསླབ་ཀྱང་འདྲ་སྟེ། དེ་དང་དེའི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་རིམ་པར་སྐྱེ་བའོ། །ཏིང་ངེ་འཛིན་གྱི་དྲོད་ལ། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ། ནང་གི་དྲོད་དབུགས་ཀྱི་འགྱུ་བ་མི་ཚོར་བ། གསང་བའི་དྲོད་བདེ་བ་ཁོང་ནས་འཆར་བའམ། ཡང་ན་ལུས་བདེ། ངག་གསལ། སེམས་མི་རྟོག་པའི་དྲོད་དོ། །ཏིང་ངེ་འཛིན་གྱི་ཚད་ནི། མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བ། རྒྱ་མཚོའི་གཏིང་ལྟར་མི་གཡོ་བ། ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་འཇམ་པའོ། །རྟགས་ལ། རབ་བདེ་བར་གཤེགས་པའི་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་མ་མོ་དང་མཁའ་འགྲོ་འདུ་བ་སོགས་དངོས་ཉམས་རྨི་ལམ་ཅི་རིགས་པར་འབྱུང་བ་དང་། ལུས་དྲི་ཞིམ་ཞིང་སྲོག་ཆགས་མི་འབྱུང་བ་སོགས་སོ། ཁྱད་པར་བསྙེན་སྒྲུབ་ཀྱི་དུས་སུ་སྒྲུབ་རྫས་ཀྱི་ལྷ་སྐུ་བཞད་ཅིང་། བྷན་ཕུར་འཁྲབ་པ། སྨན་རཀ་ཁོལ་བ། མར་མེ་འབར་བ་སོགས་དང་། གཞན་ཡང་སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་དང་། སྣང་བ་སྒྱུ་མ་ལྟར་ཤེས་ཤིང་། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་འཆར་བ་དང་། ཐ་ནའང་རྨི་ལམ་དུ་རི་བོར་འཛེགས་པ། ཆུ་ཆེན་བརྒལ་བ། ཉི་ཟླ་ཤར་བ་སོགས་སྤྱི་དང་མཐུན་པར་འབྱུང་བའོ། །ལྔ་པ་ཡོན་ཏན་ལ། ཐུན་མོང་གི་ལས་ཕྲན་ཚེགས་རྣམས་ནི། བསྐྱེད་རིམ་ལྷའི་དམིགས་པ་ལ་ཡིད་ཤུགས་དྲག་པོ་དང་ལྡན་ན་སྔོན་དུ་བསྙེན་པ་མ་སོང་ཡང་འགྲུབ་པར་བཤད་དེ། རིན་ཆེན་ཕྲེང་བར། ཐུན་མོང་དངོས་གྲུབ་ལས་རྣམས་ཕལ་ཆེར་ནི༔ སྔོན་དུ་བསྙེན་པ་མེད་ཀྱང་འགྲུབ་པར་གསུངས༔ ཞེས་སོ། །གཞན་དུ་ཐུན་མོང་པ་འཇིག་རྟེན་པའི་དངོས་གྲུབ་རྣམས་ནི། བསྐྱེད་རིམ་མཐར་ཕྱིན་པའི་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་ཐོབ་ཅིང་། དེ་ལའང་དམན་མཆོག་གཉིས་ལས། དམན་པ་ནི། ཕྲིན་ལས་ཀྱི་ལུང་ལས། འཇིག་རྟེན་ཐ་མལ་དངོས་གྲུབ་ནི༔ ཕྲིན་ལས་རྫོགས་པའི་དངོས་གྲུབ་ཅེས༔ རྒྱལ་བ་མཆོག་གིས་གསུངས་པས་ན༔ ཞི་དང་རྒྱས་དང་དབང་དང་དགུག༔ བསྐྲད་དང་བསྒྲལ་ལ་སོགས་པ་ཡི༔ ལས་ཀྱི་བྱ་བ་རྣམ་མང་པོ༔ གང་ལ་འདོད་པ་དེ་བསྒྱུར་ཞིང༔ དོགས་པ་མེད་པའི་སེམས་ཀྱིས་འགྲུབ༔ ཅེས་སོ། །མཆོག་ནི། དེ་ལས། དངོས་གྲུབ་ཆེན་པོ་མཆོག་བཤད་པ༔ མཁའ་ལ་སྤྱོད་དང་རྐང་མགྱོགས་དང༔ ས་འོག་སྤྱོད་དང་ཆུ་ལ་འཆག༔ མེ་དང་རླུང་གིས་མི་བརྫི་དང༔ མིག་དང་རྣ་བ་སྣ་དང་ལྕེ༔ ལུས་དང་ཡིད་ནི་དག་བྱས་པས༔ ལྐོག་གྱུར་རིག་པའི་ཡུལ་འཛིན་ཅིང༔ ལྷ་དབང་དག་པ་མ་ལུས་མཐོང༔ རྒྱལ་བའི་ཐབས་མཆོག་བསམ་ཡས་པ༔ རྒྱུད་མཆོག་རྒྱུད་དུ་གསུངས་པ་གཞན༔ སོ་སོའི་རྟགས་རྫོགས་རབ་ཏུ་བསྒྲུབ༔ འདི་དག་ཐ་མས་སྒྲུབ་པ་སྟེ༔ དངོས་གྲུབ་ཆེན་པོ་སྟེར་བར་བྱེད༔ དེ་ནས་གང་འདོད་ལས་ལ་སྦྱར༔ འབད་པ་མེད་པར་གཞན་དོན་སྤྱོད༔ ཅེས་པས་ཚར་གཅོད་དང་རྗེས་འཛིན་གྱི་སྒོ་ནས་འགྲོ་དོན་ཐོགས་པ་མེད་པར་བྱེད་པའོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། གསལ་བྱེད་སྒྲོན་མེའི་ལུང་ལས། བསྐྱེད་རྫོགས་པ་ཡི་རིམ་པ་བསྟན༔ རྩ་དང་རླུང་དང་བྱང་ཆུབ་སེམས༔ མི་ཤིགས་ཐིག་ལེའི་དོན་རྟོགས་ནས༔ གསང་ཆེན་མཉམ་པ་ཆེན་པོ་ཡི༔ མཐའ་ལས་གྲོལ་ཏེ་ཀློང་དུ་བསྐྱལ༔ འདི་ནི་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་མཆོག་གི་བསྙེན་པ་སྟེ༔ སྐྱེས་མཆོག་ཆོས་ཀྱི་རྒྱལ་པོ་ཡིས༔ རྒྱལ་བའི་རྒྱལ་ཚབ་རྣམས་ལ་བཤད༔ ཅེས་གསུངས་པ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་ལ་བརྟེན་ནས་ཉམས་སུ་བླངས་པས། དགྲ་གསུམ་པོ་སོད་དེ། ང་བདག་གི་ཞེན་པ་ལོག་པས་གསང་དགྲ་གསད། དེས་ཕུང་པོའི་ཞེན་པ་བཅོམ་སྟེ་ནང་དགྲ་གསད། དེ་ཙ་ན་རྩོལ་བ་མེད་པའི་ཕྲིན་ལས་དྲག་པོས་ཕྱིའི་དགྲ་གསོད་པའོ། །དེ་ལྟར་དགྲ་གསུམ་སོད་པས། བདུད་བཞི་ཡང་ཆོམས་ཏེ། ཕུང་ལྔ་ལྷར་དག་པས་ཕུང་པོའི་བདུད་བཅོམ། རང་རིག་པའི་རྩལ་གྱིས་ཉོན་མོངས་པ་ཡེ་ཤེས་ལྔར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་ལ་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཤིང་སེམས་ཉིད་སྐྱེ་ཤི་ལས་གྲོལ་བས་ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་བཅོམ། དུས་དེར་འགྲོ་དྲུག་གི་སྡུག་བསྔལ་ཡང་རང་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་པས་འགྲོ་དྲུག་གི་གཡང་ས་ཆོད་ཅིང་། རིག་རྩལ་འབྱོངས་པས་མཚན་མ་ཐམས་ཅད་ཟིལ་གྱིས་ནོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་རོ། །དེ་ལྟར་རྫོགས་རིམ་བརྟན་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པ་དེས་སྤྲོས་བཅས་ཚོགས་སྒྲུབ་བམ། སྤྲོས་མེད་རྣལ་འབྱོར་ཡབ་ཡུམ་ཙམ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁ་སྦྱོར་ཏེ། སྤྱོད་པ་གསུམ་གང་ཡང་རུང་བའི་ཉེ་རྒྱུས་འཕགས་ལམ་མངོན་དུ་བྱས་ནས་སློབ་པའི་ཟུང་འཇུག་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུས་ས་བཅུ་བགྲོད་དེ། སྤང་རྟོགས་མཐར་ཕྱིན་པ་སྐུ་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་སྟེ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་ལས། ངོ་བོ་ཉིད་དང་རྣམ་སྨིན་དང༔ ཆོས་དང་ལོངས་སྤྱོད་སྤྲུལ་པ་ལྔ༔ རྣམ་སྨིན་རྒྱུ་མཐུན་འབྲས་བུ་སྟེ༔ དེས་ན་ཐུབ་པའི་སྐུ་མཆོག་བཞི༔ ངོ་བོ་ཉིད་སྐུ་བྲལ་འབྲས་ཞེས༔ སངས་རྒྱས་གསུང་བས་སྐུ་གསུམ་ཉིད༔ མདོར་ན་སེམས་ཉིད་སངས་རྒྱས་ཏེ༔ དེ་ཉིད་མ་ཡིན་སེམས་ཅན་ཞིག༔ འགའ་ཡང་ཡོད་པ་མ་ཡིན་པས༔ མ་བཅོས་ཡེ་ནས་མངོན་སངས་རྒྱས༔ ཀུན་ཀྱང་བྲལ་བའི་འབྲས་བུ་སྟེ༔ དེ་ཕྱིར་ངོ་བོ་ཉིད་སྐུ་གཅིག༔ མཁྱེན་པའི་ཡེ་ཤེས་བཞི་དང་ལྔ༔ མེ་ལོང་བཞིན་དང་མཉམ་པ་ཉིད༔ སོ་སོར་རྟོག་དང་བྱ་བ་གྲུབ༔ ཆོས་དབྱིངས་ཤེས་པའི་ཡེ་ཤེས་སོ༔ ཞེས་སོགས་རྒྱས་པར་གསུངས་པ་སྟེ། སྤྲོས་པས་ཆོག་གོ །དེ་དག་གིས་ཤེས་པར་བྱ་བའི་རྣམ་གཞག་སྤྱིར་བཤད་པ་བསྟན་ཟིན་ཏོ། ༈ །ཨོཾ་སིདྡྷི་རསྟུ། བླ་མ་དང་བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །གཉིས་པ་བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པ་ནི། བསྙེན་པ་ལ་འཇུག་པའི་གོང་དུ་དཀོན་མཆོག་གི་རྟེན་མཆོད་པ། གསུང་སྒྲོག །དགེ་འདུན་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བསླུ་བ། ཉེའུ་འདོན་པ། ལམ་འཕྲང་བཟོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ། མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས། རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་གཏོང་ཞིང་། གལ་ཏེ་ལོང་སྐབས་ཆུང་ནས་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་གང་དུ་སྒྲུབ་པའི་གནས་དབེན་ཞིང་ཤིས་ལ་ཡིད་དུ་འོང་བའི་ཁང་པ་ཕྱག་བདར་བྱས། དེར་སྟན་ནང་ཚང་ཅན་གྱི་འོག་ཏུ་འབྲས་སམ་ས་དཀར་པོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ། མཆོད་ཆས་བཟའ་བཏུང་སོགས་ཉེར་མཁོའི་ཡོ་བྱད་མཚམས་ཁོག་ཏུ་ཆུད་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱ་ཞིང་། རྒྱུད་སྦྱོང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་ལོང་སྐབས་ཡོད་ན་རེ་རེ་ནས་རྟགས་ཐོན་གྱི་བར་དུ་སྦྱང་དགོས་པས་ན་གནས་ཁང་དེ་ཉིད་དམ་གཞན་དུའང་བཀག་པ་མེད་མོད། དེ་ཙམ་མི་ནུས་པས་ཕྱི་མཚམས་བཅད་ནས་ཞག་འགའ་ཡར་མཛད་པའི་ཕྱག་ལེན་ལྟར་ན། ར་བ་བཞིའི་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་དགེ་ཞིང་ཤིས་པ་ནས་དབུ་བརྩམ་སྟེ། དེ་ཉིན་གྱི་དགོང་ཐུན་ལ་ཆེ་མཆོག་ཕྱག་རྒྱ་གཅིག་པའི་བདག་བསྐྱེད་བཟླས་པའི་བར་བྱས་རྗེས། འོད་གསལ་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བཀའ་བསྒོ་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། སྲུང་བའི་འཁོར་ལོའི་མཚམས་ཀྱིས་བརྟན་པར་བཅིངས་ལ། དེ་ནུབ་ནས་བཟུང་བསྙེན་པ་དངོས་གཞི་མ་ཚུགས་བར་ཞག་བདུན་ནམ། ཐ་ནའང་ཞག་གསུམ་ཙམ་གྱི་བར་ཐུན་བཞིར་བཅད་དེ་གསག་སྦྱོང་ལ་འབད། དེ་ཡང་ཐུན་རེ་རེ་བཞིན་ཐུན་གྱི་བཞི་ཆ་གསུམ་ཙམ་ཡིག་བརྒྱ་དང་། བཞི་ཆ་གཅིག་ཙམ་ལ་ཚོགས་གསག་བྱ་སྟེ། དེའི་རིམ་པ་ནི། དལ་འབྱོར་གྱི་རྟེན་འདི་རྙེད་དཀའ་ལ་འཇིག་སླ་བས་མི་རྟག་ཅིང་། འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པར་བསམ་པའི་སྐྱོ་ཤས་དྲག་པོས་ཡིད་བསྐུལ་ནས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལྟར་ཡིག་བརྒྱའི་སྒོམ་བཟླས་བྱ་ཞིང། རྡོར་སེམས་རང་ལ་བསྟིམ་རྗེས་སུ་སྡིག་སྒྲིབ་ཀྱི་ངོ་བོ་ལ་བལྟས་ཏེ་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལ་དར་ཅིག་གློད་ལ་བསྔོ་བ་བྱ། དེ་ནས་ཚོགས་གསག་པ་ནི། གནས་ཁང་དག་པའི་ཞིང་དུ་མོས་པར་རང་ཉིད་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རྡོར་སེམས་སུ་གསལ་བའི་སྙིང་གར་ཧཱུྃ་ཡིག །དེ་ལས་འཕྲོས་པའི་འོད་ཟེར་གྱིས་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ། པདྨའི་གདན་ཡངས་ཤིང་རྒྱ་ཆེ་བ་ལ་བཞུགས་པར་མོས་ལ། སྤྲོ་ཞིང་ནུས་ན། ཆོས་སྤྱོད་ནར་མའི་རྣལ་འབྱོར་ལྟར། ཕྱག་མཆོད་ཡན་ལག་བདུན་པ། བསྟོད་པ་རྣམས་བྱས་རྗེས། བརྒྱུད་པའི་གསོལ་འདེབས་དབང་བཞི་ལེན་པ་དང་བཅས་པ་བྱ་བ་ཡིན་མོད། དེ་ཙམ་མི་ནུས་ན། རང་ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ཏེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་བསམས་ནས་ཤིན་ཏུ་གུས་པས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཡན་ལག་བརྒྱད་པ་དང་། བ་སྤུ་ལང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་བརྒྱུད་པའི་གསོལ་འདེབས་ཅི་ནུས་བཟླས་མཐར་ཚོགས་ཞིང་གཞན་རྣམས་རྩ་བའི་བླ་མ་ལ་བསྡུས་ཏེ། དེ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དུ་གྱུར་པའི་གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས་པ་རང་གི་གནས་གསུམ་དུ་ཐིམ་པ་ལ་དམིགས་པས་དབང་བཞི་བླངས་ནས། བླ་མ་རང་ལ་བསྟིམ་པའམ། ཡང་ན་བླ་མའི་ཐུགས་ཀར་སེམས་གཏད་ནས་ཅི་གནས་མཉམ་པར་གཞག་ལ་བསྔོ་བ་བྱ་ཞིང་། ཐུན་མཚམས་སུའང་ཕྱག་མཆོད་སོགས་ཚོགས་གསོག་གི་ལག་ལེན་ལ་མཁས་པར་བྱའོ། །དེ་ནས་བསྙེན་པ་དངོས་ལ་གཉིས་ཏེ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ལ། སྤྱིར་ཞི་བསྙེན་ཁྲོ་སྒྲུབ་ཆེན་མོ་རུ་འབྱུང་བས་གོ་བཅད་ནས་སྒེར་དུ་མི་མཛད་པ་ཤས་ཆེ་ཡང་འདིར་སྒེར་སྒྲུབ་བྱེད་པའི་དབང་དུ་བྱས་ཏེ། དེ་ལའང་ཞི་བ་རིགས་བརྒྱ། ཞེ་གཉིས། རིགས་ལྔ་སོགས་གང་ལ་བགྱིས་ཀྱང་རུང་མོད། ཁྲོ་བོའི་བསྙེན་པ་ལ་གཙོ་བོར་བྱེད་པའི་སྐབས་འདིར་ཞི་བ་ཧ་ཅང་རྒྱས་དྲགས་ན། ཁྲོ་སྒྲུབ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པར་འགྱུར་བ་སོགས་ཀྱི་སྐྱོན་སྣང་བས་ན་འདིར་ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་ལྟར་སྒྲུབ་པ་ལ། སྤྱིར་སྒྲུབ་ལུགས་ལྔ་ལས། བསྐྱེད་རྫོགས་ཟུང་འབྲེལ་ལ་བརྟེན་ནས་ཡི་དམ་ནར་མར་སྒྲུབ་པ་དང་སྦྱར་བར་བྱ་སྟེ། དེ་ལ་ཐོག་མར་གནས་ཁང་གསར་པ་ཡིན་ན་ས་ཆོག་ཀྱང་བྱ་དགོས་མོད། འདིར་སྒྲུབ་ཁང་རྙིང་པའི་དབང་དུ་བྱས་ཏེ། སྔར་བཞིན་ཕྱོགས་སྐྱོང་གཞི་བགེགས་ལ་གཏོར་མ་སྦྱིན། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བགེགས་བསྐྲད་རྗེས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ་ལ་བསང་སྦྱང་བྱིན་གྱིས་བརླབ། ཐོ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་དང་། དྷྲྀཥྚ་རཱཥྚ་སོགས་སོ་སོའི་སྔགས་ཅི་རིགས་བཟླས་རྗེས་མཆོད་གཏོར་ཕུལ་ནས། ཧཱུྃ༔ རི་རབ་གླིང་བཞིའི་ངོས་བཞི་ན༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ་ནས་མེ་ཏོག་གཏོར་བས། སྒྲུབ་ཁང་གི་ཕྱོགས་སོ་སོར་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་སྲུང་བར་བསམ། དེ་ནས་ནང་གསང་གི་མཚམས་གཉིས་རིགས་བརྒྱའི་མཚམས་གཅོད་བརྒྱད་པ་ལྟར་འགྲུབ་ན་བྱ་ཞིང་། མ་འགྲུབ་ན་ཁྲོ་བོའི་ལས་བྱང་ལྟར་ནང་མཚམས་ལྔ་དང་གསང་མཚམས་བཅད། དེ་ཕྱིན་ཆད་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་། ཆས་ཀའི་གཏོང་ལེན་ཡང་སྤང་། སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། དེ་ནས་བཤམས་བཀོད་ནི། རང་ཁ་ཤར་དུ་བལྟ་བ་དང་ཁ་སྤྲོད་ཀྱི་ཚུལ་དུ་སྒྲུབ་ཁང་གི་ཤར་ངོས་སུ་སྟེགས་བུ་བྱི་དོར་བྱས་པ་ལ། དྲི་སྣ་ལྔ་དང་། བ་བྱུང་གིས་ཆག་ཆག་གདབ། ཐིག་སྐུད་དང་ཚོན་རྩི་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་པདྨ་འདབ་བརྒྱད་བྲི་བའམ། ཡང་ན་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་དགྲམ། གང་ལྟར་ཡང་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ཡིག་བྲིས་པའི་ཙཀ་ལི་དགོད། དཀྱིལ་འཁོར་གྱི་མདུན་དུ་སྟེགས་གཙང་མར་རྩ་གསུམ་གྱི་གཏོར་མ་སྤྱི་བྱེ་བྲག་སྨན་རཀ་ཉེར་མཆོད་སོགས་མཆོད་རྫས་རྣམས་བཟང་ཞིང་བཀོད་ལེགས་པར་བཤམས་པ་ཉིན་རེ་བཞིན་ཁ་གསོ། རང་གི་མདུན་དུ་རྡོར་དྲིལ། ནང་མཆོད་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་ནི་ཞག་བདུན་ནམ་གསུམ་ཙམ་གྱི་བར་དུ་སྦྱང་བ་གསུམ་ལ་བསླབ་པར་བྱ་སྟེ། དེ་ཡང་ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པས་ཉི་མ་ཕྱི་དྲོར་བབས་པ་ན་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་དེ། སྐྱབས་ཡུལ་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་ཉིད་མཁྱེན་སྙམ་པས་སྐྱབས་འགྲོ་བྱ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་དྲིན་ཅན་གྱི་མར་ཤེས་པས། དེ་དག་གི་སྡུག་བསྔལ་ལ་ཚུགས་པ་མེད་པའི་སྙིང་རྗེ་ཆེན་པོས། སེམས་ཅན་གྱི་སྡུག་བསྔལ་བསལ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་ཏིང་ངེ་འཛིན་གྱིས་སྦྱང་བར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། མདུན་གྱི་དམིགས་རྟེན་ཧཱུྃ་ཡིག་ལ་མིག་ཆེ་རེ་གཏད་དེ་མཉམ་པར་བཞག །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་དམིགས་རྟེན་ལ་སེམས་ཟིན་པ་དང་། ཧཱུྃ་ཡིག་མི་དམིགས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། པད་ཉི་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་ཡིག་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་ཟེའུ་འབྲུའི་དབུས་སུ་ཨཱཿཡིག་དམར་པོས་མཚན་པ། སྙིང་གར་རྡོ་རྗེ་རྒྱ་གྲམ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་གས་མཚན་པར་བསམས་ལ་མཉམ་པར་འཇོག །དེ་གསལ་བ་དང་རང་ཉིད་ཀྱང་དེ་ཅི་འདྲ་བར་ལམ་གྱིས་བསྒོམས་ནས། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་འབྲུ་གསུམ་གྱི་རྡོར་བཟླས་སམ། མ་ནུས་ན་གནས་གསུམ་གྱི་ཡིག་འབྲུ་ལ་ཡིད་གཏད་དེ། ཡིད་བཟླས་དང་ངག་བཟླས་སྤེལ་མར་བཟླ། ཐུན་བསྡུ་བའི་ཚེ་ལྷ་སྐུའི་སྣང་བ་མེ་ལོང་ལ་ཧས་བཏབ་པ་བཞིན་འོད་གསལ་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་། དེ་ལས་ལྷར་ལྷག་གིས་ལྡངས་ནས་བསྔོ་བ་བྱའོ། །དེ་ལ་ཡུལ་གསུམ་གསལ་བར་གྱུར་པ་ན། དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་འཇུག་པ་ཡིན་མོད། འོན་ཀྱང་སྔར་ནས་དམིགས་པ་འབྱོངས་ཟིན་པས་ཆེད་དུ་སྦྱང་མི་དགོས་པ་དང་། དགོས་ནའང་བསྙེན་པ་ཟླ་གཅིག་ཙམ་ལས་མི་བྱེད་པ་སོགས་མོས་སློབ་གཙོ་བོར་བྱེད་པའི་རིགས་ལ། སྦྱང་བ་འདི་ཐུན་མོང་གི་སྔོན་འགྲོ་གསག་སྦྱོང་གཉིས་ཀྱི་ཐུན་གཤམ་དུ་སྦྲེལ་ཏེ་ཐུན་གྱི་སུམ་ཆ་ཙམ་རེ་བསྒོམ་པས་ཆོག་ཅིང་། དེ་ལྟར་ཐོག་མ་ཉིད་ནས་ཐོ་སྡོམ་སོགས་བྱ་བ་ལས། མཚམས་གཅོད་ཐེངས་གཉིས་བྱ་མི་དགོས་སོ། །གང་ལྟར་ཡང་ཁྱད་པར་གྱི་སྔོན་འགྲོ་རྫོགས་པའི་དགོང་ཐུན་དེ་ནས་བསྙེན་པ་དངོས་གཞི་ལ་འཇུག་པ་ཡིན་པས། ཐུན་འགོར་སྲུང་འཁོར་གསལ་འདེབས། དེ་ནས་སྔར་བཞིན་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་འདུན་པས། དེའི་ཆེད་དུ་ཞི་བ་གསང་ཆེན་རིགས་གཅིག་གི་བསྙེན་པ་ལ་འཇུག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཡན་ལག་བརྒྱད་པས་ཚོགས་བསགས་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ནས་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བསལ་བཞག་མེད་པར་དར་གཅིག་མཉམ་པར་འཇོག་གོ །དེ་ནས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་སྤྲོས་བྲལ་སྟོང་པ་ཉིད་དུ་སྒོམ་པ་དེ་ཏིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་ཨ་དཀར་པོའི་རྣམ་པར་སྒོམ་པ་རྒྱུ་ཏིང་། དེའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་སུ་གསལ་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨར། རཾ་ལས་ཉི་མ། ཨ་ལས་ཟླ་གདན་སྟེང་རྒྱུའི་ཨ་ཡིག་བབས་པ་ལས་ཆོ་ག་གསུམ་གྱིས་བདག་དང་མདུན་རྟེན་དབྱེར་མེད་རྡོ་རྗེ་སེམས་དཔའ་དམ་ཚིག་པ་བསྐྱེད། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། དམ་ཡེ་དབྱེར་མེད་དུ་གྱུར་པ་ལ་ཕྱག་མཆོད་བསྟོད་པ་རྣམས་བྱ་བ་སྟེ། དེའི་གསལ་འདེབས་ངག་འདོན་ནི། མི་དམིགས་ཆོས་དབྱིངས་དེ་བཞིན་ཉིད༔ རང་བཞིན་འོད་གསལ་ཀུན་ཏུ་སྣང༔ ཨ་ཡིག་རྒྱུ་ལས་དཀྱིལ་འཁོར་འབྱུང༔ པཾ་ལས་སྣ་ཚོགས་པདྨ་ཡི༔ གེ་སར་དབུས་སུ་རཾ་ལས་ཉི༔ དེ་སྟེང་ཨ་ལས་ཟླ་བའི་དཀྱིལ༔ རང་རིག་ཨ་དཀར་གདན་སྟེང་བབས༔ དེ་ཉིད་ཐུགས་མཚན་རྡོ་རྗེར་གྱུར༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རྡོ་རྗེ་སེམས་དཔའ་ནི༔ སྐུ་མདོག་དཀར་པོ་ཤེལ་ལྟར་དྭངས༔ གཡས་པས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་དང་ཆ་ལུགས་ལྡན་པར་གྱུར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ དེ་ཡི་སྤྱི་བོ་མགྲིན་པ་དང༔ སྙིང་གའི་གནས་ནི་གསུམ་པོ་རུ༔ འཁོར་ལོ་པདྨ་རྡོ་རྗེའི་ལྟེར༔ ཨོཾ་དང་ཨཱཿདང་ཧཱུྃ་རྣམས་གསལ༔ ཡིག་འབྲུ་གསུམ་ལས་འོད་འཕྲོས་པས༔ ཡེ་ཤེས་འཁོར་ལོ་མདུན་མཁར་བཀུག༔ ཨོཾ༔ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ༔ མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ནས། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ༔ འཇུག་པའི་མཚན་ཉིད་མཉམ་སྦྱོར་བ༔ ཕྱོགས་དུས་ཀུན་ནས་གཤེགས་པ་ཡི༔ བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས༔ ཉེ་བར་གྱུར་པའི་དམ་ཚིག་མཆོག༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམས་པ་ལ། ཕྱོགས་བཞི་ནས་ལྷ་མོ་བཞི་བྱུང་བས་ཕྱག་མཆོད་བསྟོད་པ་རྣམས་བྱ་བར་མོས་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་པཱུ་ཧོ༔ ཞེས་ཕྱག་བྱ། དེ་ནས་རང་གི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས་ཕྱི་ནང་གསང་བའི་མཆོད་རྫས་ཐམས་ཅད་སྦྱངས་རྟོགས་སྦར་གསུམ་གྱིས་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། ཕྱི་ཉེར་མཆོད་ལྔ་འབུལ་བ་ནི། མེ་ཏོག་རིན་ཆེན་སྣ་ཚོགས་འཕྲོ༔ བདུག་པའི་ན་བུན་སྤོས་ངད་གཏིབས༔ མར་མེ་སྣང་གསལ་ཉི་ཟླའི་འོད༔ དྲི་ཆབ་བདུད་རྩིའི་ཆར་རྒྱུན་འབེབ༔ ཞལ་ཟས་རོ་མཆོག་བརྒྱ་དང་ལྡན༔ སྙན་པའི་སྒྲ་དབྱངས་མི་ཟད་འཁྲོལ༔ འདུས་མ་བྱས་པ་ནམ་མཁའི་མཛོད༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་དག་པ་སྟེ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ བླ་མེད་བདུད་རྩིའི་མཆོད་པ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ གསང་མཆོད་ནི། གཏི་མུག་ཤ་དང་ཞེ་སྡང་རུས༔ ང་རྒྱལ་མཁྲིས་པ་འདོད་ཆགས་ཁྲག༔ ཕྲག་དོག་དབུགས་ཀྱི་མཆོད་པ་ལྔ༔ རིགས་འདུས་རྡོ་རྗེ་སེམས་དཔར་འབུལ༔ མ་ཧཱ་པཱུ་ཛ༔ ཨ་ལ་ལ་ཧོ༔ བསྟོད་པ་ནི། ཧཱུྃ༔ རང་བཞིན་ཆོས་སྐུ་དག་པའི་ཀློང༔ སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས༔ རིགས་ལྔ་ཡེ་ཤེས་ལྔར་སྟོན་པ༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ ཞེས་བསྟོད། དེ་ནས་ལྷའི་གསལ་སྣང་དང་། ལྷ་སྐུ་རིག་རྩལ་དུ་ཐག་བཅད་དེ་རྡོ་རྗེ་སེམས་དཔའ་ངའོ་སྙམ་པའི་ང་རྒྱལ་གཉིས་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་འཇོག །དེས་སྐྱོ་ན་བཟླས་པ་བྱ་སྟེ། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་ལྟེ་བར་ཨོཾ་ཡིག་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཨཱཿཡིག་དམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་ག་རྣམས་གསལ་བ་ལས། འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་བདེ་ཆེན་ལ་བཀོད། ཚུར་འདུས་པ་བདག་གི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་དག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ། བྱིན་གྱིས་བརླབས་པའི་བགྲང་ཕྲེང་གཡོན་པའི་མཐེབ་མཛུབ་ཀྱིས་བགྲང་ཞིང་། འབྲུ་གསུམ་གྱི་ཡིད་བཟླས་དང་ངག་བཟླས་སྤེལ་མར་བཟླ། ནུས་ན་རེས་སྤྲོ་བསྡུའི་དམིགས་པ་བཞག་ནས་རྡོ་རྗེའི་བཟླས་པ་བྱའོ། །དེ་ལྟར་ཐུན་གྱི་གཞི་འབྲུ་གསུམ་གྱི་བཟླས་པས་བཟུང་ཞིང་མཇུག་ཏུ་ཞི་བ་སྤྱི་སྔགས་ཀྱང་ཅུང་ཟད་བཟླ་སྟེ། དམིགས་པ་ནི། རང་གི་ཐུགས་ཀའི་རྒྱ་གྲམ་གྱི་ལྟེ་བའི་ཧཱུྃ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བར་བསམས་ཏེ། དེ་ལས་འོད་ཟེར་སྤྲོ་བསྡུའི་ཁྱད་པར་ཙམ་མ་གཏོགས་གཞན་སྔར་དང་འདྲ་བས། བོ་དྷི་ཙིཏྟ་བཟླའོ། །དེའང་ལས་དང་པོ་པས་ཐོག་མར་གནས་གསུམ་གྱི་འབྲུ་གསུམ་དང་སྔགས་ཕྲེང་ལ་སེམས་གཏད་ནས་སྔགས་དལ་བུས་བཟླ། རྟག་ཏུ་ཏིང་ངེ་འཛིན་གྱི་ཤུགས་དྲག་པོས་ལྷའི་གསལ་སྣང་དང་ལྷ་དངོས་ཡིན་སྙམ་པའི་ང་རྒྱལ་དང་མ་བྲལ་བ་དགོས། ཁྱད་པར་བཟླས་པ་ཕྲེང་སྐོར་རེ་སོང་མཚམས་སུ་གསལ་འདེབས་སྐྱར་མ་རེ་བྱ་ཞིང་། བླ་མ་དང་ལྷ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དུང་པ་རེ་ཡང་བྱས་ན་གནད་ཆེ། དེས་མཚོན་ནས་ད་རེས་བསྙེན་པ་འདི་མ་གྲོལ་བར་རྐྱེན་གང་གི་ཡང་དབང་དུ་མི་གཏོང་། ན་ནའང་ན་གོ་ཆོད། ཤི་ནའང་ཤི་གོ་ཆོད། སྔར་མི་ལུས་ཡང་ཡང་ཐོབ་ཀྱང་དོན་མེད་ཁོ་ནར་སོང་བ་ལ། ད་རེས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་བ་རེ་བཟང་སྙམ་པའི་མོས་གུས་ཀྱིས་འབད་རྩོལ་དྲག་པོ་བྱས་པས་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་གོང་འོག་ཐམས་ཅད་དུ་དེ་ལྟར་ཤེས་པར་བྱ་བ་གནད་དོ། །བཟླས་པས་སྐྱོ་ན། ཡིག་བརྒྱས་ནོངས་པ་བཤགས་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་དག་པའི་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་རིམ་གྱིས་ཐུགས་ཀའི་ཧཱུྃ་ལ་བསྡུ། དེའང་གྱེན་རྫོགས་སུ་བསྡུས་ཏེ་མི་དམིགས་ཁྱབ་བརྡལ་བདེ་བ་ཆེན་པོ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལངས་ལ་བསྔོ་བ་བྱ་ཞིང་། ཐུན་མཚམས་ཀུན་ཏུ་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་རྒྱས་བཏབ་ནས་བྱ་སྤྱོད་ཐམས་ཅད་དོན་ཡོད་པར་སྤྱད་དོ། །དེ་ནས་སྲོད་ཐུན་ཀྱང་སྲུང་འཁོར་གསལ་འདེབས་ནས་བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས། ཐུན་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་བྱ་ཞིང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་དུ་ཉལ་བའམ། ཡང་ན་ལུས་གདོས་བཅས་མི་དམིགས་པར་ལྷ་སྐུ་དྭངས་གསལ་འོད་ཀྱི་ཕུང་པོར་བསམས་ནས་ཉལ་ལོ། །ནངས་པར་ཐོར་ཐུན་ལ་བབས་པ་ན་གཞོམ་མེད་སྔགས་ཀྱི་སྒྲ་གདངས་འུར་དིང་གིས་གྲགས་པས་གཉིད་སད་པར་བསམས་ཏེ། སྣང་བ་ཐམས་ཅད་ལྷར་ལམ་གྱིས་གསལ་བཏབ་ནས་ལངས་ལ། དེ་ནས་ཐོར་ཐུན་སྔ་ཐུན་ཀྱང་སྔར་དང་འདྲ་ཞིང་། ཐུན་མཚམས་སུ་བཟའ་བཏུང་ལ་སྤྱོད་པ་ན། བསོད་ནམས་ཀྱི་ཚོགས་སུ་བསྒྱུར་བའི་ཕྱིར་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པར་བྱའོ། །དེ་ལྟར་སྔ་ཐུན་གཉིས་དང་ཕྱི་ཐུན་གཉིས་ཏེ་ཐུན་བཞིར་གཅོད་ཅིང་། རིམ་པ་དེ་ལྟ་བུས་གྲངས་བསྙེན་འབྲུ་གསུམ་གྱི་ཡིད་བཟླས་ངག་བཟླས་དྲིལ་བ་འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅོ་ལྔ། རྡོར་བཟླས་དང་བོ་དྷི་ཙིཏྟ་འབུམ་ཕྲག་གཅིག་གིས་མཐའ་རྟེན་པར་བཟླ་ཞིང་། དུས་ནི་རབ་ལོ་གཅིག །འབྲིང་ཟླ་དྲུག །ཐ་མ་ཟླ་བ་གཅིག་གོ །མཚན་བསྙེན་ནི་དངོས་ཉམས་རྨི་ལམ་གང་རུང་དུ་དགེ་བའི་མཚན་མ་མ་མཐོང་གི་བར་དེ་སྲིད་དུའོ། །ཡང་རེ་ཞིག་ཁྲོ་བོའི་བསྙེན་པ་མི་བྱེད་པར་ཞི་བ་ཁོ་ན་ལ་དྲིལ་བ་ཡིན་ན། སྒྲུབ་པའི་མཇུག་ཏུ་ཐུན་བཞི་པོ་དེ་ལས་གང་དང་གང་ལ་ཤིས་པའི་དུས་གནད་དང་སྦྱར་ནས་ཐུན་གཤམ་རྣམས་སུ་ལས་སྦྱོར་གྱི་བཟླས་པའང་ཅུང་ཟད་རེ་བྱ་སྟེ། ཞི་རྒྱས་གཉིས་ལ་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དང་སེར་པོ། དབང་ལ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ། དྲག་པོར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནག་པོ་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བསལ་བ་དང་། ཚེ་དཔལ་ལོངས་སྤྱོད་རྒྱས་པར་བྱས་པ་དང་། དྲེགས་པ་ཅན་རྣམས་དབང་དུ་སྡུད་པ་དང་། གདུག་པ་ཅན་རྣམས་ཚར་བཅད་པ་རྣམས་ལས་སོ་སོ་ལ་རིམ་པར་སྦྱར་ཞིང་། འོད་ཟེར་ཚུར་འདུས་པས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་མཉམ་པར་བཞག་སྟེ་འབྲུ་གསུམ་བཟླ་བ་ཡིན་ནོ། །ཞི་སྒྲུབ་རྫོགས་པའི་ནུབ་ཐ་མའི་སྔ་ཐུན་དེ་ལ་མཆོད་གཏོར་རྒྱས་པར་བཤམ། བསྟོད་པའི་བར་སྔར་ལྟར་ལས་བཟླས་པའི་མཐར་བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། རང་དམ་ཚིག་པའི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོར་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་མོས་ལ། འབྲུ་གསུམ་གཙོ་བོར་བཟླ་ཞིང་། མཇུག་ཏུ་བོ་དྷི་ཙིཏྟའི་སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧོཿཞེས་སྦྲེལ་བའང་ཅུང་ཟད་བཟླས་ཏེ་དངོས་གྲུབ་བླང་། དེ་ནས་མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་དང་བཟོད་པར་གསོལ་ལ། ཡེ་ཤེས་པ་རང་དང་གཉིས་སུ་མེད་པར་བྱས་ནས་ཉེར་བསྡུ་དང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། ༈ །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། ཐོག་མར་ཁྱད་པར་གྱི་སྔོན་འགྲོ་སྦྱང་བ་གསུམ་ནི། སྔར་ཞི་བའི་དུས་འབྱོངས་ཟིན་པའམ། མོས་སློབ་ཙམ་ལ་མ་བྱས་ཀྱང་ཆོག་མོད། འོན་ཀྱང་ཞི་སྒྲུབ་སྔོན་དུ་མ་བཏང་བར་ཁྲོ་བོར་སྒྲུབ་པ་དང་། སྤྱིར་སྨིན་སློབ་ལ་རྩ་རྒྱུད་དུ་ཁྲོ་བོ་སྤྱི་སྒྲུབ་ཀྱི་སྐབས་སུ་མ་བཤད་ནའང་སྒོས་སྒྲུབ་ཏུ་གསུངས་པ་ཉིད་མན་ངག་གི་དགོངས་པར་འདིར་བླང་དགོས་པར་བཞེད་པ་ལྟར་སྦྱང་བ་གསུམ་བྱ་སྟེ། ཇི་ལྟར་བྱ་བའི་ཚུལ་ནི། མདུན་དུ་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པའི་དབུས་སུ། དུར་ཁྲོད་ཀྱི་རས་ལ། ཐལ་ཆེན་དང་ཁྲག་ཆེན་གཉིས་དང་སྦྱར་བའི་ཚོན་སྔོན་པོས་ཧཱུྃ་ཡིག་ཁྲུ་གང་བ་ཞིག་བྲིས་པའི་ཙཀླི་དགོད། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས་དམིགས་རྟེན་ལ་རྩེ་གཅིག་ཏུ་འཇོག་པ་སོགས་ཞི་བ་ལྟར་ལས་སེམས་ཟིན་ནས་ཧཱུྃ་ཡིག་མི་དམིགས་པ་ལས་ཆེ་མཆོག་ཧེ་རུ་ཀ་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། ཞབས་དོར་སྟབས་སུ་བཞུགས་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྒྱ་གྲམ་ལ་འབྲུ་གསུམ་བཀོད་དེ་འབྲུ་གསུམ་བཟླ་བ་སོགས་ཞི་བའི་སྐབས་ལྟར་སྦྱངས་པས། ཡུལ་གསུམ་གསལ་བ་དང་བསྙེན་པ་དངོས་ལ་འཇུག་པ་ཡིན་ནོ། །དེ་ལ་གཤོམ་ནི། སྟེགས་བུའི་སྟེང་དུ་སྤྲོ་ཞིང་ནུས་ན་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་བའམ། ཡང་ན་རས་བྲིས་དགྲམ། མ་འབྱོར་ན་སྟེགས་བུ་ལ་ཚངས་ཟུར་གྱི་ཐིག་བཏབ་སྟེ་གླིང་དགུར་བཅད་པ་ལ་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པས་ཀྱང་རུང་། དཀྱིལ་འཁོར་གྱི་སྟེང་དུ་རྒྱས་པར་ན་རྟེན་དགུ་སོ་སོའི་གནས་སུ་དགོད། འབྲིང་པོར་དབུས་སུ་ཐོད་སྐུ་བཤམ། དེ་ཡང་མ་འགྲུབ་ན་བསྡུས་པའི་ལུགས་སུ་སྒྲུབ་གཏོར་ཙམ་ལ་བརྟེན་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། གང་ལྟར་ཡང་སྟེགས་གཙང་མར་སྨན་རཀ་གཏོར་གསུམ། ཕྱི་ནང་གི་མཆོད་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམས་པར་བྱའོ། །དེ་ལ་བསྒོམ་བྱའི་དཀྱིལ་འཁོར་ནི་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ། སྔགས་སྒྲུབ། ཕྱག་རྒྱ་རྐྱང་སྒྲུབ་རྣམས་གང་ལ་བརྟེན་ཀྱང་རུང་མོད། འདིར་ལས་དང་པོ་པ་ལ་རྒྱས་བསྡུས་འཚམ་པའི་དབང་དུ་བྱས་ཏེ། བསྐྱེད་རྫོགས་ཆུང་ངུ་ལྟར་ཉམས་སུ་ལེན་པའི་རིམ་པ་ལ། སྦྱོར་བ་ཚོགས་གསག་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས། མཚམས་གཅོད་ནས་བརྩམ་སྟེ་སྔོན་འགྲོའི་ལས་བདུན་བདེ་ཆེན་རྣམ་རོལ་ལྟར་བྱ་ཞིང་། དེའང་ཉིན་དང་པོའི་དགོང་ཐུན་དང་ཉིན་གཉིས་པ་མན་ཆད་ཀྱི་ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། ཕྱི་ཐུན་རྣམས་ལ་ཚོགས་གསག་དང་། སྲུང་འཁོར་གསལ་འདེབས་ཙམ་གྱིས་ཆོག །དངོས་གཞིའི་ཆོ་ག་ནི། བསྐྱེད་རྫོགས་ཆུང་ངུའི་ལས་བྱང་རང་ལ་བརྟེན་ན་སྨོས་མ་དགོས། གཞན་དུ་ཆེ་འབྲིང་གི་ལས་བྱང་གང་རུང་ལ་བརྟེན་པ་ཡིན་ན། དེ་དང་དེ་ལ་ཆུང་ངུའི་བསྒོམ་བྱའི་གནད་སྡུད་ཚུལ་གྱི་འཕྲུལ་ཤེས་པར་བྱས་ནས་ཉམས་སུ་བླངས་ཀྱང་མི་འགལ་བས་འདིར་གྱེར་སྒོམ་བདེ་ཕྱིར་བདེ་ཆེན་རྣམ་རོལ་ལྟར་ལས་ཁྱད་པར་བ་རྣམས་འདོར་ལེན་ཇི་ལྟར་བྱ་བའི་ཆིངས་སྟོན་ཏེ། དང་པོ་ཏིང་འཛིན་གསུམ་ནི། ཧཱུྃ། རྣམ་དག་བྱང་ཆུབ་སེམས་ཞེས་པ་ནས། ཧཱུྃ་བཛྲ་ཙིཏྟ་ཧཱུྃ་གི་བར་རོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ནམ་མཁར་གནས་པའི་ཧཱུྃ་ཡིག་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད་པ་ལས། ཨེ་ཨཱ་ཀ་ཤ་མཎྜ་ལ། ཞེས་པ་ནས། མི་ཕྱེད་རབ་འབར་ཕྲེང་བ་འཁྲིགས་པས་བསྐོར། །ཞེས་པའི་བར་རོ། །གསུམ་པ་གདན་བསྐྱེད་པ་ནི། རུ་དྲ་ཀྲོ་དྷཱ་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཕོ་བྲང་ལྟེ་བར་པདྨའི་གེ་སར་ལ། །རབ་འབར་ཉི་མ་དཀར་གསལ་ཟླ་བའི་དཀྱིལ། །མ་ཧཱ་དེ་ཝ་ཨུ་མ་དེ་ཝཱིར་བཅས། །ཕྱོགས་མཚམས་བརྒྱད་པོར་ཞེས་པ་ནས། བསྣོལ་མར་གྱུར། ཞེས་པའི་བར་རོ། །བཞི་པ་བརྟེན་པ་ལྷ་བསྐྱེད་པ་ནི། རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་པ་ལས་ཆེ་མཆོག་དང་། དེའི་ཐུགས་ཀ་ནས་ཧཱུྃ་སྤྲོས་ཏེ་དཀྱིལ་འཁོར་བརྒྱད་པོའི་གཙོ་བོ་རྣམས་བསྒོམ། དེ་ཐམས་ཅད་ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་། འཁོར་རྣམས་རང་རང་གི་གཙོ་བོའི་འཁོར་ལ་རང་བཞིན་གྱིས་གནས་པའི་ཚུལ་དུ་བསྐྱེད་པར་སྒོམ་ཁོག་དང་འགྲེལ་པར་གསུངས་པ་ལྟར་འདི་སྐད་ཅེས། ནམ་མཁར་གནས་པའི་ཧཱུྃ་ཡིག་དབུས་ཀྱི་གདན་ལ་བབས་པ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར་པར་བསམས་ལ། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ། །ཆེ་མཆོག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྩེ་དགུ་རྩེ་ལྔ་རྩེ་གསུམ་གཡས། །སྐྲ་ཅན་ཐོད་རློན་དུང་དམར་གཡོན་ན་བསྣམས། །གནམ་ཞལ་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྱུད། །རྩིབས་བཞི་རིགས་ཀྱི་ཁྲག་འཐུང་ཡུམ་བཅས་གསལ། །ཨོཾ་བཛྲ་ཀྲོ་དྷ་སོགས་སོ། །ཆེ་མཆོག་ཡབ་ཡུམ་ཐུགས་ལས་མཐིང་ནག་ཧཱུྃ། །ཕྱོགས་མཚམས་དཀྱིལ་འཁོར་བརྒྱད་ཀྱི་ལྟེ་བར་སྤྲོས། །ཡོངས་གྱུར་དཔལ་ཆེན་ཁྲག་འཐུང་གཙོ་བོ་བརྒྱད། །རང་རང་འཁོར་དང་བཅས་པ་གསལ་བར་གྱུར། །ཧཱུྃ། ཤར་ཕྱོགས་དཀྱིལ་འཁོར་དབུས་སུ་སོགས་གཞན་འདྲ་བ་ལས། འཁོར་གྱི་ཁྱད་པར་ཡང་དག་ལ། རྩིབས་ལ་རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་འཁོད། །གཤིན་རྗེ་ལ། རྩིབས་ལ་གཤེད་བཞི་རང་རང་ཡུམ་བཅས་འཁོད། །རྟ་མགྲིན་ལ། ཐོད་འཛིན་འཁྱུད། རྩིབས་བཞིར་གཡས་གཡོན་བྱི་ལ་པུ་ཤུད་གདོང་། །མདུན་རྒྱབ་རྡོ་རྗེ་པདྨ་གར་དབང་འཁོད། །ཕུར་པ་ལ། རྩིབས་ལ་རིགས་ཀྱི་ཀཱི་ལ་ཡ་བཞི་འཁོད། །མ་མོར། གཙོ་བོའི་གཡས་དང་གཡོན་དུ་བཀྲག་གསལ་དང་། །སྲིད་པ་བདེ་འགྲོ་རྩིབས་ལ་མ་མོ་བཞི། །རིག་འཛིན་ལ། རྩིབས་ལ་རིགས་ཀྱི་རིག་འཛིན་རྣམ་བཞི་འཁོད། །དྲེགས་འདུལ་ལ། ཐོད་འཛིན་འཁྱུད། རྩིབས་ལ་དྲེགས་པའི་སྡེ་དཔོན་ཆེན་པོ་བཞི། །དྲག་སྔགས་ལ། རྩིབས་ལ་སྔགས་བདག་དྲེགས་པའི་སྡེ་དཔོན་བཞི། །ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ། རིག་འཛིན་མ་གཏོགས་དཔལ་ཆེན་ཁྲག་འཐུང་ཀུན། །ཞེས་པ་ནས། དངོས་བསྟན་ཐུན་མོང་གི་མཆོད་པའི་མཇུག་གི །ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་ཡན་ཆད་དཀྱུས་ལྟར་གྱི་རྗེས་སུ། ཧཱུྃ། བདེ་གཤེགས་སྐུ་ལྔའི་ཞེས་སོགས་ཀྱི་བསྟོད་པ་སྦྲེལ་ལོ། །དེ་ནས་ཞི་བའི་སྐབས་ལྟར་ལྷའི་སྣང་ཞེན་ལ་ཇི་སྲིད་མི་སྐྱོའི་བར་མཉམ་པར་བཞག་ནས། དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། དེ་ལ་གཉིས། ཚོམ་བུ་དགུ་སོ་སོར་སྒྲུབ་པ་དང་། དྲིལ་ཏེ་བཟླ་བ་དང་ལས་ལ་སྦྱར་བའོ། །དང་པོ་ནི། རྒྱས་པར་གོང་དུ་བཤད་པའི་སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་བསྐྱར་བར་བྱ་ཞིང་། འདིར་བསྡུས་པ་བསྐྱེད་རྫོགས་ཆུང་ངུའི་ཛཔ྄་དགོངས་ལྟར་ན། འོད་ཟེར་སྤྲོ་བསྡུའི་ཚེ་མ་མོ་ཡན་ཆད་ལ། འོད་ཟེར་སྤྲོས་པས་རྒྱལ་བ་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱོང་བ་སྒྲུབ་པ། ཚུར་བསྡུ་བ་སྒྲུབ་ཆེན་དུ་གསུངས་པ་ལྟར། དཔལ་དགུ་པོ་རང་རང་གི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལེ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་བསྐོར་བར་བསམ་པ་ནི་སྤྲོ་བསྡུའི་གཞིའོ། །དེ་ནས་རིག་འཛིན་ཡན་ཆད་སྤྲོ་བསྡུའི་གནད་གཅིག་པས། ཐོག་མར་ཞི་སྔགས་ལ་བསྐྱེད་རྫོགས་རྒྱས་པའི་དུས་སུ་ཕྱག་གི་དཀྱིལ་འཁོར་ཞི་བའི་ལྷ་ཚོགས་ལས་སྤྲོ་བསྡུ་བྱེད་པ་ཡིན་ཡང་། འདིར་རང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། ལྷ་སོ་སོའི་དབུ་རྒྱན་རིགས་ལྔའི་ཁང་བུ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་མཆོད་པ་སོགས་ཀྱི་སྤྲོ་བསྡུ་སྦྱར། ཁྲོ་བོ་རྣམས་ལ་རང་རང་གི་ཐུགས་ཀའི་སྔགས་ཕྲེང་ལ་བློ་བཞག་སྟེ། སྔགས་ཟློས་པའི་ཚེ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ལ་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས་ཐམས་ཅད་དཔལ་ཆེན་པོའི་སྐུར་གྱུར། འོད་ཟེར་ཚུར་འདུས་རྒྱལ་བ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྔགས་སྒྲ །དྲན་རྟོག་ཐམས་ཅད་འོད་གསལ་མཉམ་པ་ཉིད་ཀྱི་ངང་ལ་བཞག །དྲེགས་འདུལ་ལ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། དྲེགས་པ་ཅན་ཐམས་ཅད་ལ་ཕོག་པས་དབང་དུ་བསྡུས། སྲོག་བསྐུལ་བས་ཐོགས་པ་མེད་པའི་ལས་ཀྱིས་གཟས་པོ་སྒྲོལ་བར་བསམ་པ་དང་། དྲག་སྔགས་ལ། སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། དྲེགས་པ་ཅན་རྣམས་ཀྱི་སྟོབས་ནུས་འོད་ཀྱི་རྣམ་པར་འཕྲོགས་ནས་ཐུགས་སྲོག་གི་ཞབས་ཀྱུ་ལ་ཐིམ་པས་བཀའ་འོག་ཏུ་འདུས་ཏེ་ལས་ལ་བསྐུལ་བས་དམོད་པའི་མཚོན་ཆས་དགྲ་བགེགས་སྒྲོལ་བར་བསམ་པའོ། །བཀའ་སྡོད་ལ། འོད་ཟེར་འཕྲོས་དབང་མོ་དང་མཁའ་འགྲོ་སོགས་བཀའ་སྡོད་རྣམས་ཀྱི་སྲོག་སྙིང་ལ་ཕོག་པས། རང་རང་གི་ལས་ཀྱི་སྐལ་པ་གང་ཡོད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་བཟླ་བའོ། །དེ་ལྟར་ཛཔ྄་དགོངས་གསལ་བཏབ་ནས། སོ་སོའི་བསྙེན་པ་རྫོགས་པ་དང་། གཉིས་པ་དྲིལ་ཏེ་བཟླ་བ་ནི། དེ་ནས་ཛཔ྄་དམིགས་གཞན་འདྲ་བ་ལས། ཁྱད་པར་རང་ཉིད་ཆེ་མཆོག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཚོམ་བུའི་ལྷ་ཚོགས་ཐམས་ཅད་བསྐུལ་བས། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་བདེ་ཆེན་རྣམ་རོལ་གྱི་དཀྱུས་ལྟར་སྦྱར་ཏེ། ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོ་ཁོ་ན་ལ་ཆིག་སྒྲིལ་དུ་བཟླ་བའོ། །ལས་སྦྱོར་ནི། ཕྲིན་ལས་བཞི་ལས་འདིར་དྲག་པོ་སྟེ། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལ་དྲག་སྔགས་སོ་ལྔ་པས་བསྐོར་བར་བསམས་ལ། སྔགས་ཟློས་པའི་ཚེ། ཆེ་མཆོག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཚོམ་བུའི་ལྷ་ཚོགས་ཐམས་ཅད་བསྐུལ་བས། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་གློག་ལྟར་འཁྱུག་པ་འཕྲོས། གནོད་བྱེད་རྣམས་ལ་ཕོག་པས་རྩ་སྦུར་མེས་བསྲེགས་པ་བཞིན་སྦྱངས། སེམས་དག་པ་འོད་གསལ་བའི་ཀློང་དུ་གྲོལ་བར་བསམས་ལ། དྲག་སྔགས་སོ་ལྔ་པ་ངར་དང་བཅས་ནས་བཟླ་བ་སྟེ། ལས་སྦྱོར་གྱི་བཟླས་པ་ཅུང་ཟད་ཙམ་ལས་མི་བྱེད་ན། འདི་ཁྲོ་བོ་སྤྱི་སྒྲུབ་ཀྱི་ཐུན་གཤམ་དུ་ཇི་ལྟར་རིགས་པ་རེ་བཟླས་པས་ཆོག་གོ །གང་ལྟར་ཡང་ཐུན་བསྡུ་བ་ན། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་སོགས་ཀྱིས་བསྡུས་ཏེ། མི་དམིགས་སྤྲོས་བྲལ་ཁྱབ་བརྡལ་བདེ་བ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག །ཐུན་ལས་ལྡང་བའི་ཚེ། ཕཊ་ཕཊ་ཕཊ་སྟོང་གསལ་གྱི་ངང་ལས་ཞེས་སོགས་ཀྱིས་ཐུན་མཚམས་ཀྱི་ལྷར་ལངས་ལ་གོ་བགོ་ལུས་སྲུང་བྱ་ཞིང་། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ། ཐུན་མཚམས་སུའང་ལྷ་སྔགས་འོད་གསལ་གྱི་ཕྱག་རྒྱ་སྣང་གྲགས་འགྱུ་གསུམ་ལ་གདབ་ཅིང་། ཐུན་བཞིར་གཅོད་ཚུལ་དང་། ཟ་ཉལ་ལྡང་བའི་རྣལ་འབྱོར་སོགས་ཞི་བ་དང་འདྲ་ལ། འདིར་སྲོད་ཀྱི་གཏོར་མ་དང་སྦྲེལ་ནས་ཚོགས་མཆོད་ཀྱང་འགྲུབ་ན་བྱ། ཚུལ་དེ་ལྟ་བུས་གྲངས་བསྙེན་ནི། ཞི་བ་ལ་གོང་དུ་སྒེར་སྒྲུབ་སོང་ན་འདིར་ཆིག་ཁྲི་ཙམ་གྱིས་ཆོག །གཞན་དུ་ན་དཔལ་བརྒྱད་པོ་དང་འདྲ་བས། ཆེ་མཆོག་དང་སྤྱི་སྒྲུབ་ལ་འབུམ་ཕྲག་བཞིའམ་གསུམ། ཞི་བ་དང་དཔལ་བརྒྱད་པོར་འབུམ་ཕྲག་རེ། བཀའ་སྡོད་ལ་ཆིག་ཁྲི །དྲག་སྔགས་སོ་ལྔ་པ་ཆིག་ཁྲིའམ་ལྔ་སྟོང་། སོ་སོའི་སྒྲུབ་པ་དེ་ཙམ་མི་ཁོམ་པས་སྤྱི་སྒྲུབ་ལ་གཙོ་བོར་འདོན་ན། ཆེ་མཆོག་ལ་ཆིག་འབུམ། ཞི་བ་དང་དཔལ་བརྒྱད་པོར་ལྔ་ཁྲི། སྤྱི་བསྡུས་ཀྱི་སྙིང་པོ་འབུམ་ཕྲག་བཞི། བཀའ་སྡོད་དང་དྲག་སྔགས་སོ་ལྔ་པ་ཆིག་ཁྲི་རེ་བཟླའོ། །དུས་བསྙེན་ནི། རབ་ལོ་ཕྱེད་གཉིས་སམ་ལོ་གཅིག །འབྲིང་ཟླ་བ་དགུའམ་དྲུག །ཐ་མ་ཟླ་བ་གསུམ་མོ། །མཚན་མའི་བསྙེན་པ་ནི་རྟགས་དང་ནུས་པ་མཐོང་གི་བར་དེ་སྲིད་དུ་བཟླ་བའོ། །དེ་ལྟར་བསྙེན་སྒྲུབ་རྫོགས་ནས་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསོ། བཟླས་པའི་མཐར་ཛཔ྄་ཁང་ཕྱེས་ནས། དངོས་གྲུབ་བསྐུལ་ཞིང་བསྡུ་བའི་དམིགས་པ་ཞི་བའི་སྐབས་ལྟར་གསལ་བཏབ་ནས་ལྷ་སྔགས་ཐམས་ཅད་ཀྱི་གཤམ་དུ་སརྦ་སིདྡྷི་ཕ་ལ་ཧོཿབཏགས་པ་ཅི་ནུས་རེ་བཟླ་ཞིང་། སྲོད་ཐུན་དེ་ལ་ཚོགས་མཆོད་ཀྱང་ངེས་པར་བྱ། ནུབ་ཐ་མའི་སྔ་ཐུན་ལ་མཆོད་གཏོར་རྒྱ་ཆེར་བཤམ། བཟླས་པ་དཀྱུས་ལྟར་སོང་མཚམས། སླར་ཡང་འབྱུང་པོ་བལྟ་ཉན་ཚར་གཅོད་པའི་ཕྱིར་དྲག་སྔགས་ཀྱིས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། ལྷ་དང་འཁོན་གཅུགས་སྦྱང་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། རང་ཉིད་གཟི་བྱིན་བསྐྱེད་པའི་ཕྱིར་བྱིན་དབབ། མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་ཕྱེ་ལ། བདག་དམ་ཚིག་འཁོར་ལོ་དངོས་གྲུབ་ལེན་པ་པོར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོའི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། ལྷ་སོ་སོའི་ཛཔ྄་ཀྱི་མཐར་སིདྡྷི་བཏགས་པའི་རྗེས། སྨན་གཏོར་རཀྟས་མཆོད་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །ཞེས་སོགས་ཀྱིས་དངོས་གྲུབ་བསྐུལ་ཞིང་སྒྲུབ་རྟེན་ནམ་གཏོར་མ་གནས་གསུམ་དུ་གཏུགས། མཐར་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ། གཏོར་རྫས་བདུད་རྩིར་མོས་ནས་མྱངས་པས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམས་ལ་མཉམ་པར་བཞག །དེ་ཉིན་ཚོགས་མཆོད་དང་། སྤྱི་བྱེ་བྲག་གི་གཏོར་ཆོག་ཀྱང་རྒྱས་པར་བྱ་དགོས་ཤིང་། དེ་ཡང་ཆོ་གའི་དཀྱུས་ལྟར་དངོས་གྲུབ་ལེན་པའི་གོང་དུ་བྱ་བའམ། སྐབས་འདིར་བྱས་ཀྱང་མི་འགལ་ཞིང་ལག་ལེན་ལ་བདེ། གང་ལྟར་ཡང་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ་ལམ། ཡང་ན་བྲིས་སྐུ་ལ་བསྟིམ། དེ་དང་རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལངས་ཏེ། ལུས་སྲུང་དང་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱའོ། །དེ་རྗེས་ཁ་སྐོང་གི་ཞི་བའི་སྲེག་བླུགས་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་གསག་ཅིང་། སྔར་ཚོགས་མཆོད་བྱས་པའི་ལྷག་གཏོར་རྣམས་བསགས་ཡོད་ན། བསྲེག་རྫས་ལྷག་མ་དང་དཀྱིལ་འཁོར་གྱི་མཆོད་པའི་རས་མ་ཕྱགས་བདར་དང་བཅས་པ་ལྷན་ཅིག་ཏུ་བསྡུས་ནས། ལྷག་མའི་ཆོ་ག་སྐབས་འདིར་གཏང་ཡང་རུང་། སྔར་དངོས་གྲུབ་བླངས་རྗེས་ཀྱི་ཚོགས་མཆོད་ལ་སྦྲེལ་ཀྱང་མི་འགལ། སྲུང་མའི་གཏོར་མ་རྣམས་ཕུལ་ནས་ཆད་ཐོ་བསྒྲག་པ་དང་བརྟན་མ་སྐྱོང་བ་སོགས་ཀྱང་དེ་དང་འདྲའོ། །དེ་ནས་ཐོ་ལ་མཆོད་གཏོར་སྔར་ལྟར་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་སྲུང་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། ༈ །ཡང་རྒྱུན་བཟླས་ནར་མར་བྱེད་པ་ལ་མཁོ་བ་ཤིན་ཏུ་བསྡུས་པའི་སྒྲུབ་ཐབས་འཕྲོས་དོན་དུ་བཤད་པ་ལ་གཉིས་ཏེ། ཕྱག་རྒྱ་རྐྱང་སྒྲུབ་ཆིག་དྲིལ་དུ་སྒྲུབ་པ་དང་། ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བདེ་གཤེགས་འདུས་པའི་སྒྲུབ་པ་བྱའོ་སྙམ་དུ་སེམས་བསྐྱེད། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག །དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་ལ། ཚོགས་གསག་ཡན་ལག་བརྒྱད་པ་དང་། ཚད་མེད་བཞི་བསྒོམ། དེ་ནས་ཤཱུནྱ་ཏཱའི་སྔགས་ཀྱིས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ལུས་འཇའ་ཚོན་ལྟ་བུའི་དབུས་སུ་རང་རིག་ཧཱུྃ་ཡིག་སྔོན་པོར་འབར་བ། དེ་ལས་ཙ་ཡིག་སེར་པོ་ཆད་པ་ཡོངས་སུ་གྱུར་པ་ལས། འཁོར་ལོ་སེར་པོ་རྩིབས་བརྒྱད་ཕྱོགས་མཚམས་སོ་སོ་དང་རྩ་རྩེ་སྟེང་འོག་ཏུ་ཕྱོགས་པ་ཁོག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལུས་འོད་ཀྱི་ཕུང་པོ་ཧཱུྃ་ལ་འདུས་ཏེ། ཉི་གདན་གྱི་སྟེང་དུ་བབས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོ་གནོད་མཛེས་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་དང་། འོག་མ་གཉིས་ཞགས་པ་དང་ལྕགས་ཀྱུ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བཅུ་མཆེད་སྟེང་འོག་ཕྱོགས་མཚམས་ཀྱི་རྩིབས་སྟེང་དུ་འཕྲོས་པ་ལས་ཁྲོ་བོ་བཅུ་པོ་ཐམས་ཅད་མཐིང་ནག་ཞགས་པ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། བདག་གི་རྩ་ཞལ་ནས་ཨོཾ་སུམྦྷ་སོགས་ཧཱུྃ་བཞི་པ་བརྗོད་པས་ཁྲོ་བཅུ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད། གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་མགྲིན་སྙིང་གར། གཤིན་རྗེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་སྨད་ཟུར་གསུམ་མེ་འབར་བའི་ཕུར་བུ་གསུམ་སྡེར་མོའི་སྔགས་བརྗོད་ཅིང་བཏབ་པས་བགེགས་རྣམས་རྟོག་པ་དང་བྲལ་ཏེ་བདེ་བ་ཆེན་པོའི་ངོ་བོར་མྱོས་པར་གྱུར་པ་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ལྷག་མ་རོ་དང་བཅས་པ་བསྲེགས་ཤིང་སྦྱངས། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོའི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་དང་བླ་རེ། དེ་དག་ལས་ཀྱང་མདའི་དྲྭ་བ་མདེའུ་ཕྱིར་བསྟན་པ། མེ་རབ་ཏུ་འབར་བའི་སྲུང་འཁོར་གྱིས་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་གྱུར། འཁོར་ལོའི་ནང་དུ་བདག་གི་ཐུགས་ཀ་ནས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་ཟླ་བའི་ལྟེ་བར་ཚངས་པ་དང་བརྒྱ་བྱིན་གྱི་གདན་ལ་རང་ཉིད་འཁོད་པར་གྱུར། སྙིང་གའི་འོད་ཀྱིས་སྲུང་འཁོར་གྱི་ཁྲོ་བཅུ་རང་ལ་བསྡུ་སྟེ། ཤར་དང་ཤར་ལྷོ་གཉིས་ཤར་སྒོ་ནས་རྩ་ཞལ་ལ་ཐིམ། ལྷོ་དང་ལྷོ་ནུབ་གཉིས་ལྷོ་སྒོ་ནས་གཡས་ཞལ་ལ་ཐིམ། ནུབ་དང་ནུབ་བྱང་གཉིས་ནུབ་སྒོ་ནས་རྒྱབ་ཞལ་ལ་ཐིམ། བྱང་དང་བྱང་ཤར་གཉིས་བྱང་སྒོ་ནས་གཡོན་ཞལ་ལ་ཐིམ། སྟེང་དང་འོག་གཉིས་སྤྱི་བོ་དང་གསང་གནས་ནས་ཐིམ་པའི་རྐྱེན་གྱིས་བདག་ཉིད་འོད་དུ་ཞུ་བ་གདན་གྱི་སྟེང་དུ་འོད་ཀྱི་གོང་བུ་ཆ་གཉིས་སུ་ཆད་དེ། ཉི་དཀྱིལ་ཨ་དམར་པོས་མཚན་པ་དང་། དེའི་སྟེང་དུ་ཟླ་དཀྱིལ་ཧཱུྃ་མཐིང་གས་མཚན་པ་ཁ་སྦྱོར་གྱི་རྣམ་པ་ཅན་ཨ་དང་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཟླ་ཉི་ས་བོན་དང་བཅས་པ་ལ་ཐིམ་པས་གསུམ་ཀ་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུྃ་སྔོན་པོ་དང་དྲིལ་བུ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་ཆེན་པོ་བདེ་གཤེགས་འདུས་པའི་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་རྩེ་ལྔ་པ་དང་དུང་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོ་ནག་དྲིལ་བུ་དང་ཐོད་ཁྲག་སྟོབ་པ་ལ་འཁྱུད་པ་ཁྲོ་གཏུམ་བཟོད་པར་དཀའ་བ་འབར་བ་ཆེན་པོའི་འོད་ཟེར་ཅན། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་གི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོའི་གནས་ལྔར་འཁྱིལ་པ་ལས་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མཆོད་ནས། བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཐབས་ལ་མཁས་པས་དྲག་པོའི་སྐུར་སྟོན་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷའི་གསལ་སྣང་ང་རྒྱལ་ལ་མཉམ་པར་བཞག །དེས་སྐྱོ་ན། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་འབར་བ་ལ་བཟླ་བྱའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བ་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨར་སོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས་པ་ཐུགས་ཀར་ཐིམ། དེའི་ཚེ་སྔགས་ཀྱི་འོད་ཟེར་མེ་འོད་ལྟར་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱང་བའམ། ཡང་ན་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུས་སྦྱངས་ཤིང་བཀྲུས་པས་ལུས་དྭངས་ཤེལ་ལྟར་དྲི་མ་མེད་པར་བསམས་ལ། ཞི་བའི་བོ་དྷི་ཙིཏྟ་དང་། ཁྲོ་བོ་དཔལ་དགུའི་སྙིང་པོ་རྣམས་ཅུང་ཟད་རེ་དང་། གཙོ་བོར་སྤྱི་སྔགས་རྒྱས་པ་འབྲུ་བཅུ་དགུ་པའམ། ཡང་ན་སྤྱི་སྔགས་བསྡུས་པ་ཨོཾ་ཨཱཿཧཱུྃ་གི་ཡིད་བཟླས་དང་ངག་བཟླས་སྤེལ་མ་དང་། ཤིན་ཏུ་བསྡུས་པ་ཧཱུྃ་རིང་ཧཱུྃ་ཐུང་བཟླ་བ་སྟེ། ཕྱི་མ་གཉིས་ལ་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་འཁོར་བ་མི་བསྒོམ་པས། ཧཱུྃ་ཡིག་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཞལ་ནས་ཐོན་པའི་ཁྱད་པར་མ་གཏོགས་གཞན་འདྲའོ། །ཐུན་མཐར་གཏོར་མ་ཕུལ་ནས་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རིམ་པར་བསྡུས་ཏེ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་མཉམ་པར་འཇོག །དེ་ལས་ལྷར་ལངས་ནས་བསྔོ་བ་བྱས་ཏེ་སྤྱོད་ལམ་ལ་འཇུག་པའམ། ཡང་ན་ཐུན་དང་པོ་རྣམས་ལ་གཤེགས་བསྡུ་གཉིས་ཀ་མི་བྱེད་པར། ལྷའི་ཐུགས་ཀ་ནས་རང་ཉིད་སྲས་ཀྱི་ཚུལ་དུ་སྤྱོད་ལམ་ལ་འཇུག་ཅིང་། བྱ་བ་ཟིན་ནས་རང་ལ་བསྟིམ། ཐུན་ཐ་མ་ལ་གཤེགས་གསོལ་དང་ཉེར་བསྡུ་བྱ་བ་ཡིན་ནོ། །གཉིས་པ་ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་ནི། ཚོགས་གསག་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་མི་ཤིགས་པར་བཅིངས་པའི་དབུས་སུ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེས་གཡོན་པའི་དུང་དམར་དཀྲུགས་པ། པད་ཟླ་ཉི་མ་དྲེགས་པའི་གདན་ལ་ཞབས་གཉིས་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། རང་འདྲའི་ཡུམ་དང་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་རྩ་འཁོར་རྣམས་གསལ་བར་མོས་ནས། རང་གི་སྤྱི་བོའི་གཙུག་ཏུ་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་སློབ་དཔོན། དེ་བཞིན་དུ་སྤྱི་བོ་སྐུའི་འཁོར་ལོའི་དབུས་སུ་ཧཱུྃ་ཧཱུྃ་གིས་འཇམ་དཔལ་གཤིན་རྗེ་ཡབ་ཡུམ། མགྲིན་པ་གསུང་གི་འཁོར་ལོར་ཧཱུྃ་ཧཱུྃ་གིས་རྟ་མགྲིན་ཡབ་ཡུམ། སྙིང་ག་ཐུགས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་གིས་ཡང་དག་ཡབ་ཡུམ། ལྟེ་བ་ལས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་གིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གསང་གནས་བདེ་བའི་འཁོར་ལོར་ཧཱུྃ་ཧཱུྃ་གིས་བླ་མེད་ཧེ་རུ་ཀ་ཡབ་ཡུམ། རྐང་པ་རླུང་གི་འཁོར་ལོ་གཡས་པར་ཧཱུྃ་ཧཱུྃ་གིས་དྲེགས་འདུལ་ཡབ་ཡུམ། གཡོན་པར་ཧཱུྃ་ཧཱུྃ་གིས་དྲག་སྔགས་ཡབ་ཡུམ། དེ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པས་རང་འདྲའི་ཡུམ་དང་འཁྲིལ་བ། ཞབས་གཡོན་བརྐྱང་བའི་དོར་སྟབས་ཅན་ནོ། །སྒོམ་ཚུལ་འདི་ཉིད་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་དེ། གཉུག་མའི་ལྷ་དེ་གློ་བུར་དྲི་བྲལ་གྱི་རྒྱལ་བ་རྣམས་དང་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས་ན་ཡེ་ཤེས་སྤྱན་དྲངས་ནས་བསྟིམ་པ་སོགས་མི་དགོས་སོ། །དེ་ལྟར་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་གི་ངང་ལ་ཅི་གནས་མཉམ་པར་བཞག །དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། སྤྱི་བོའི་བླ་མ་ནས་གསང་བའི་བླ་མེད་ཧེ་རུ་ཀའི་བར་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རིམ་པར་འཕྲོས། རྐང་པའི་རྩ་བོ་ཆེ་གཡས་གཡོན་ནས་སོང་སྟེ། དྲེགས་འདུལ་དང་དྲག་སྔགས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཞུགས། དེ་ལས་འོད་ཟེར་ཕྱིར་འཕྲོས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས་ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་སུ་བསྡུས། སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་དྲན་རྟོག་དང་ཉོན་མོངས་པའི་དྲི་མ་སྦྱངས་ནས་ཡེ་ཤེས་ཀྱི་ལྷར་གྱུར། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཧཱུྃ་གི་འོད་ཟེར་དཀར་འཚེར་གྱིས་གྱུར་ནས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་བཞག་པས། ཉོན་སྒྲིབ་དག་པར་བསམས་ལ། མཆུ་བཙུམ་སྟེ་རླུང་གི་རྟ་ལ་དྲངས་ནས་ཧཱུྃ་ཧཱུྃ་ཞེས་རིང་པོར་བཟླ་བའོ། །ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གྱུར་པ་དེ་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་ཚུར་འདུས་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ལས་འོད་ཟེར་ཡར་རིམ་པར་སྤྲོས་པས་མ་མོ་ལ་ཐིམ་པས་བྱ་གྲུབ། རྡོ་རྗེ་གཞོན་ནུར་ཐིམ་པས་སོར་རྟོག །ཡང་དག་ལ་ཐིམ་པས་མེ་ལོང་ལྟ་བུ། རྟ་མགྲིན་ལ་ཐིམ་པས་མཉམ་ཉིད། གཤིན་རྗེ་གཤེད་ལ་ཐིམ་པས་ཆོས་ཀྱི་དབྱིངས་ཀྱི་ངང་དུ་གསལ་བར་བསམ། དེ་ལས་འཕྲོས་པའི་འོད་ཟེར་སྤྱི་བོའི་བླ་མ་ལ་ཕོག་པས་ཡེ་ཤེས་ལྔར་དབང་བསྐུར། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འདྲེས་འགག་མེད་དུ་རང་ཤར་བས་ཤེས་སྒྲིབ་དག་པར་བསམས་ལ། སྔར་བཞིན་ཧཱུྃ་རིང་པོར་བཟླའོ། །དེ་ནས་སྦྱོར་བའི་སྒོ་ནས་བདེ་བའི་ཡེ་ཤེས་བསྐྱེད་པ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བྱང་སེམས་བབས་པ་བདག་གི་ཚངས་བུག་ནས་སྤྱི་བོའི་ལྷའི་ཚངས་བུག་ཏུ་ཐིམ་པ་སོགས་རིམ་པར་རྩ་འཁོར་གྱི་འཁོར་ལོ་དྲུག་གི་ལྷ་ཐམས་ཅད་མཉམ་པར་སྦྱོར་བའི་བྱང་སེམས་བབས་པས་འཁོར་འདས་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལྷག་གིས་སྐྱེས་པར་བསམས་ལ་མཉམ་པར་བཞག་ནས། སྔར་བཞིན་ཧཱུྃ་རིང་བཟླའོ། །ཡང་སྒྲོལ་བའི་སྒོ་ནས་དགྲ་བགེགས་ཚར་བཅད་པ་ནི། སྤྱི་བོའི་རིག་འཛིན་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་འཇམ་དཔལ་སྐུའི་ལྷ་ལ་ཕོག་པས། དེའི་གཡས་ཕྱོགས་ནས་ཁྲོ་བོ་དང་གཡོན་ཕྱོགས་ནས་ཁྲོ་མོ་བརྒྱད་ཅུ་རྩ་གཉིས་མཚོན་ཆ་ཐོགས་པ་བྱུང་ནས། མགྲིན་པ་ལ་སོགས་པ་འཁོར་ལོ་ལྔ་རིམ་གྱིས་བརྒྱུད་རྐང་པ་ནས་ཕྱིར་འཕྲོས་པས་དགྲ་བགེགས་ཐམས་ཅད་རྩད་ནས་བཅད་པར་བསམ་པ་ནི་ཐུགས་རྗེས་གཞན་བསྒྲལ་བའོ། ཁྲོ་བོ་དང་ཁྲོ་མོ་རྣམས་ཚུར་འདུས་ནས་འོད་དུ་ཞུ་བ་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ནས་ཡར་རིམ་བཞིན་གནས་ལྔའི་ལྷ་ལ་ཐིམ་པས་དུག་ལྔ་རྩད་ནས་བཅད། ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་ཏེ་རིག་འཛིན་བླ་མའི་ཐུགས་ཀར་ཐིམ་པས། རང་གཞན་ལྷ་སྔགས་ཀྱི་སྣང་བ་ཐམས་ཅད་གསལ་སྟོང་མི་དམིགས་པའི་ཀློང་དུ་གྲོལ་བས་དེའི་ངང་བསྐྱང་བ་ནི་རྟོག་པས་བདག་བསྒྲལ་བ་སྟེ། དེ་ལྟར་གསལ་བཏབ་ནས་ཧཱུྃ་དྲག་ཅིང་ཐུང་བར་བཟླ་བ་ཡིན་ནོ། །ཐུན་བསྡུ་བ་ན་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ལུས་ཀྱི་ལྷ་རྣམས་གནས་དེ་དང་དེར་འོད་དུ་ཞུ། གཞིའི་ལྷ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་ཅི་གནས་སུ་བཞག །དེའི་ངང་ནས་ཆུ་ལས་ཉ་ལྡང་བ་ལྟར་ལྷར་སྐད་ཅིག་གིས་ལངས་ལ་བསྔོ་བ་བྱ་བ་ཡིན་ནོ། །དེ་དག་གིས་ནི་བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པ་བསྟན་ཟིན་ཏོ། །དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པ་གསལ་བར་བྱེད་པའི་ཡི་གེ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི་དཔལ་རི་སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས་རྗེ་བླ་མ་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཆེད་དུ་གསོལ་འདེབས་གནང་བ་ལས། རྗེ་བླ་མ་དམ་པའི་ཞལ་སྔ་ནས་ཚུལ་འདི་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་བཀའི་གནང་བ་ཐོབ་པ་ལྟར་གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་སྨྱོས་བཙུན་རྨོངས་པ་དྷརྨཱ་ཤྲཱིས་ཆུ་ལུག་ཧོར་ཟླ་བཅུ་གཅིག་པའི་ཡར་ངོའི་ཚེས་གཉིས་ལ་ཁྲ་འབྲུག་སྤྲུལ་བའི་གཙུག་ལག་ཁང་ཆེན་པོ་དང་འབྲེལ་བའི་འདབས་གསང་སྔགས་ཕོ་བྲང་དུ་རྫོགས་པར་སྦྱར་བ་སྟེ། འདིས་ཀྱང་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་དང་མི་འབྲལ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཧེ་རུ་ཀའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། །།

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་ཕན་བདེའི་སྙིང་པོ་ (Volume 22, Text 30)

༄༅། །ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། སྐུ་དང་ཞིང་ཁམས་ཀུན་གྱི་བདག །རྒྱལ་བ་རྒྱ་མཚོ་འབྱུང་བའི་གནས། །ཐུགས་རྗེ་ཅན་ལ་གུས་བཏུད་ནས། །དེ་སྒྲུབ་ཕྲིན་ལས་བཀླག་ཆོག་དགོད། །འདི་ལ་གསུམ། སྔོན་འགྲོ་དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དབང་དང་སྒྲུབ་ཆེན་སོགས་ལ་སོ་སོའི་སྐབས་སུ་བབས་པའི་བཤམ་བཀོད་གཞུང་གསལ་བྱ་དགོས་ཤིང་། ཚོགས་མཆོད་ལྟ་བུའི་ཕྲིན་ལས་དཀྱུས་ཙམ་ལ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་བཤམ། སྲུང་མའི་གཏོར་འབུལ། སྔོན་གཏོར་དང་ཆད་བརྟན། ཚོགས་ཀྱི་ཡོ་བྱད་ཙམ་འདུ་བྱའོ། །ཆོ་གའི་སྔོན་འགྲོ་ལ། ཐོག་མར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་པའི་གསོལ་འདེབས་ནི། ཆོས་སྐུ་ཀུན་བཟང་མཐའ་ཡས་འོད་མི་འགྱུར། །ལོངས་སྐུ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སྤྲུལ་པའི་སྐུར་སྣང་པདྨ་བཛྲ་ལ། །གསོལ་བ་འདེབས་སོ་དོན་གཉིས་ཡོངས་གྲུབ་སྩོལ། །ཟབ་རྒྱས་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ། །འོད་བྱེད་སར་བཞུགས་སངས་རྒྱས་ཡེ་ཤེས་ཞབས། །ཆོས་རྒྱལ་ཁྲི་སྲོང་ལྷ་སྲས་མཆོག་གྲུབ་ལ། །གསོལ་བ་འདེབས་སོ་དོན་གཉིས་ཡོངས་གྲུབ་སྩོལ། །ཟབ་གཏེར་མཁའ་བདག་དྲི་མེད་ཀུན་དགའ་དང་། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །དུས་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དོན་གཉིས་ཡོངས་གྲུབ་སྩོལ། །ཐེག་པ་རིམ་དགུའི་དཀྱིལ་འཁོར་རབ་འབྱམས་དང་། །གནས་གསུམ་བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །བསྟན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དོན་གཉིས་ཡོངས་གྲུབ་སྩོལ། །གསག་སྦྱང་མཐར་ཕྱིན་རང་རྒྱུད་རྣམ་པར་དག །བསྐྱེད་རིམ་བརྟན་ཐོབ་རླུང་སེམས་དབུ་མར་ཐིམ། །ཐབས་མཆོག་བདེ་དང་འོད་གསལ་སྟོང་པ་ཉིད། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །འགྲོ་འདུལ་གྲོལ་བ་དྲུག་ལྡན་ཕྲིན་ལས་ཀྱིས། །སྲིད་པའི་འཁྲུལ་འཁོར་ཆོས་ཀྱི་དབྱིངས་སུ་ལྡོག །སྤྱན་རས་གཟིགས་དང་དབྱེར་མེད་ཐུགས་རྗེའི་ཤུགས། །འཁོར་བ་མ་སྟོངས་བར་དུ་འཇུག་གྱུར་ཅིག །གཉིས་པ་བགེགས་བསྐྲད་པ་ནི༔ གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ། གཏོར་མ་འདོད་ཡོན་མི་ཟད་པའི་གཏེར་ཆེན་ལན་ཆགས་བགེགས་རིགས་ཐམས་ཅད་ཚིམ་པར་བྱེད་པར་གྱུར། ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོ་ཐུགས་ཁྲོས་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དྲག་སྔགས་དང་ཐུན་གྱིས་བསྐྲད་དོ༔ གསུམ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་འཁོར་ལོ་དང༔ ཡེ་ཤེས་མེ་ཕུང་འབར་བས་གཏམས༔ བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ ཧཱུྃ་བཛྲ་རཀྵ་ཛྭ་ལ་རཾ་བྷྲཱུྃ༔ བཞི་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ནས་རཾ་ཡཾ་ཁཾ༔ འཕྲོས་པས་མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་ཉེར་སྤྱོད་འདོད་ཡོན་གཏེར༔ སྨན་གཏོར་རཀྟའི་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ བཛྲ་སྥ་ར་ཎ་ཁཾ༔ ལྔ་པ་སྐྱབས་སུ་འགྲོ་བ་ནི༔ རང་གི་སྙིང་གའི་ཧྲཱིཿལས་འཕྲོས་པའི་འོད་ཀྱི་སྣང་བས་བླ་མ་འཕགས་མཆོག་འགྲོ་འདུལ་རྒྱལ་བ་རྒྱ་མཚོ་ལ་དཀོན་མཆོག་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་མངོན་སུམ་དུ་གསལ་བར་གྱུར། ན་མོ༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ ལན་གསུམ། དྲུག་པ་སེམས་བསྐྱེད་པ་ནི༔ ཧོ༔ མ་གྱུར་ཁམས་གསུམ་སེམས་ཅན་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཐུགས་རྗེ་ཆེན་པོ་བསྒྲུབ་པར་བགྱི༔ ལན་གསུམ། བདུན་པ་ཚོགས་གསག་པ་ནི༔ ཧོ༔ བླ་མ་ཐུགས་རྗེ་ཆེན་པོ་སོགས༔ ཕྱོགས་དུས་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ སྡིག་ལྟུང་ཉམས་ཆག་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ བརྒྱད་པ་སྡོམ་པ་བཟུང་བ་ནི༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ སོ་སོ་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ སྔགས་ཀྱི་འདའ་དཀའི་དམ་ཚིག་རྣམས༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ་གྱིས་དམ་བཅའ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དགུ་པ་ཚད་མེད་བཞི་ལ། ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས༔ བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ༔ འཕགས་པའི་བདེ་དང་མི་འབྲལ་ཞིང༔ བཏང་སྙོམས་མཆོག་ལ་གནས་གྱུར་ཅིག༔ ཅེས་པ་རྣམས་ཀྱིས་སྔོན་འགྲོ་གྲུབ། གཉིས་པ་དངོས་གཞིའི་དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་སྙིང་རྗེའི་རང་གདངས་ཡེ་ཤེས་སྒྱུ་མའི་ཚུལ་དུ་ཤར་བ་ལས༔ འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྲུང་བའི་འཁོར་ལོ་མེ་འོད་རབ་ཏུ་འབར་བས་ཕྱོགས་ཐམས་ཅད་དུ་བསྐོར་བའི་དབུས་སུ་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དང་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་ལྟེ་བར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཉི་ཟླ་ཁ་སྦྱོར་ཧྲཱིཿདམར་པོ་དང་བཅས་པ་འོད་ཀྱི་གོང་བུར་འདྲིལ་བ་ཡོངས་སུ་གྱུར་པ་ལས༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས་ཅན་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྣམས་ཤིང༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ༔ ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དམར་གསལ་ཌཱ་རུ་དང་བདུད་རྩིའི་ཐོད་པ་བསྣམས་པས་འཁྲིལ་བ༔ གཉིས་ཀའང་ཞི་ཞིང་འཛུམ་ལ་ཆགས་པའི་རྣམ་འགྱུར་རྒྱས་པ་ཅུང་ཟད་ཁྲོ་བའི་ཚུལ་དང་བཅས་པ༔ དར་དང་རིན་པོ་ཆེ་དང་རུས་པ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་འོད་ལྔ་འབར་ཞིང་འཕྲོ་བའི་ཀློང་ན་རྒྱལ་བ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྦྱོར་མཚམས་ནས་སྙོམས་འཇུག་བདེ་བའི་ཡེ་ཤེས་ཡི་གེའི་སྤྲིན་དུ་འཕྲོས་འདུས་ཡོངས་སུ་གྱུར་པ་ལས༔ འདབ་བཞིའི་ཤར་དུ་ཧཱུྃ་ལས་མི་བསྐྱོད་ཐུགས་རྗེ་ཆེན་པོ་མཐིང་གསལ༔ ལྷོར་ཏྲཱཾ་ལས་རིན་འབྱུང་ཐུགས་རྗེ་ཆེན་པོ་སེར་གསལ༔ ནུབ་ཏུ་ཨོཾ་ལས་རྣམ་སྣང་ཐུགས་རྗེ་ཆེན་པོ་དཀར་གསལ༔ བྱང་དུ་ཨཱཿལས་དོན་གྲུབ་ཐུགས་རྗེ་ཆེན་པོ་ལྗང་གསལ༔ ཐམས་ཅད་ཀྱང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ༔ རང་འོད་ཀྱི་ཡུམ་གསང་བ་ཡེ་ཤེས་མ་དང་མཉམ་པར་སྦྱོར་བ༔ སྒོ་བཞིར་ཧ་རི་ནི་ས་ལས་རིགས་བཞིའི་མཁའ་འགྲོ་ཕྱོགས་ཀྱི་མདོག་ཅན༔ གཡས་སོ་སོའི་རིགས་ཀྱི་མཚན་མས་ཡུ་བ་བྱས་པའི་གྲི་གུག་དང༔ གཡོན་ཐོད་ཁྲག་བསྣམས་པ༔ དར་དང་རིན་ཆེན་རུས་པའི་རྒྱན་ཅན་ཞབས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་རོལ་པ༔ གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་ཟླ་ཉི་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས༔ ཐུགས་ཀའི་ས་བོན་གྱི་འོད་ཟེར་དང༔ སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་རོལ་མོས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར༔ བཛྲ་ས་མཱ་ཛ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་ཞིང་ཁམས་ནས༔ རྒྱལ་བ་རྒྱ་མཚོ་ཡེ་ཤེས་ལྷ་ཡི་ལྷ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལུས་ལ་སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གྲགས་སྟོང་སྔགས་ཀྱི་ནུས་པ་སྤོར༔ ཡིད་ལ་རིག་སྟོང་འོད་གསལ་དགོངས་པ་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་བྱོན་པ་ལེགས༔ བདག་ཅག་འགྲོ་བ་ཀུན་གྱི་དོན་མཛད་ཕྱིར༔ རིན་ཆེན་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ བཞི་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི༔ སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་དབང་བསྐུར་བས༔ ཡེ་ཤེས་མཐུ་བསྐྱེད་ཆུ་ལྷག་སྤྱི་བོར་བརྟན༔ སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩཱ་མི༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ལྔ་པ་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་འཁོར་ལོས་སྒྱུར༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་སུ་མེད༔ ཕྲིན་ལས་བཞི་མཛད་བདེ་ཆེན་མཁའ་འགྲོ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ལ་ཕྱི་མཆོད་ནི། ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་འདོད་ཡོན་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ འདིར་སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར། ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ཉོན་མོངས་རྟོག་པ་བསྒྲལ་པ་ཡི༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ སྣོད་བཅུད་ཕུན་ཚོགས་འདོད་འབྱུང་གཏེར༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ ཡེ་ཤེས་སྒྱུ་མའི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསང་མཆོད་ནི། ཧྲཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ དབྱིངས་རིག་དབྱེར་མེད་མཉམ་སྦྱོར་བའི༔ གསང་བ་མཆོག་གི་མཆོད་པ་འབུལ༔ འོད་གསལ་ཐིག་ལེའི་དངོས་གྲུབ་སྩོལ༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་ཨ༔ བདུན་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ པདྨ་རཱ་གའི་མདོག་ཅན་ཡེ་ཤེས་སྐུ༔ ཡི་གེ་དྲུག་པ་རང་བྱུང་སྔགས་ཀྱི་གསུང༔ སོ་སོར་ཀུན་རྟོག་བདེ་བ་མཆོག་གི་ཐུགས༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས་རྗེའི་གཏེར༔ ཡེ་ཤེས་རིགས་ལྔའི་ཚུལ་དུ་རྣམ་པར་སྣང༔ གསང་བ་དྷཱ་ཀི་ཡུམ་དང་གཉིས་སུ་མེད༔ ཁ་སྦྱོར་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྱུ་མའི་འཕྲུལ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་དབང་ཕྱུག་མ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི༔ དང་པོ་ཛཔ྄་ཀྱི་ཕྲིན་ལས་མཛད་པའི་ཕྱིར༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་ཞིང་ཁམས་སུ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་པའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྡོ་རྗེའི་གསུང་གིས་སྙིང་པོའི་ཛཔ྄་སྒྲ་སྒྲོག༔ ཡེ་ཤེས་ཐུགས་ཀྱི་དགོངས་པ་དབྱིངས་ནས་གསལ༔ གཙོ་དང་འཁོར་བཅས་སྔགས་ཀྱིས་རྒྱུད་བསྐུལ་ཞིང༔ མ་གསལ་བར་དུ་ལྷར་སྣང་ཏིང་འཛིན་བརྟན༔ མ་འགྲུབ་བར་དུ་སྙིང་པོ་མི་གཏང་ན༔ དངོས་གྲུབ་རྣམ་གཉིས་དེང་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཧ་རི་ནི་ས་མནྟྲ་ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བསྐུལ་ནས༔ དམིགས་བཟླས་ནི། ཡབ་ཀྱི་ཐུགས་ཀར་པད་ཉི་ལ་གནས་པའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པདྨ་བྷཉྫ་བསྣམས་པ༔ དེའི་ཐུགས་ཀའི་ཀློང་དུ་ཟླ་དཀྱིལ་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གསལ་བར་བྱས༔ ཐམས་ཅད་ཀྱི་ཐུགས་སྲོག་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ཏེ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད༔ འཁོར་འདས་ཀྱི་དྭངས་བཅུད་ཡེ་ཤེས་ཐམས་ཅད་བདག་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་བསྩལ་ཞིང་བརྟན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ མི་ཚིག་གིས་བར་མ་ཆོད་པར་འབུམ་ཕྲག་བཞི་བཟླས་པས་རྟགས་མཐོང་བར་གསུངས་སོ། །ལས་སྦྱོར་ཐུན་མོང་ལས་རིགས་དྲུག་གནས་སྦྱོང་ནི། རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་ལོངས་སྤྱོད་པ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷག་པར་བསྐྱེད་ལ༔ རང་ཉིད་རྒྱལ་བ་རྒྱ་མཚོ་ཡི༔ སྤྱི་བོར་ལྷ་ཡི་ས་བོན་ཨ༔ དེ་སྟེང་ལྷ་ཡི་ཐུབ་པ་ཡི༔ ངོ་བོ་ཨོཾ་ཡིག་དཀར་པོ་ལས༔ འོད་འཕྲོས་ཨ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་འཕོ་ལྟུང་རྒྱུ་འབྲས་བསལ༔ སླར་འཕྲོས་ལྷ་ཡི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ འོད་གསལ་ཡེ་ཤེས་མངོན་དུ་གྱུར༔ ཡི་གེ་དྲུག་པ་ཁོ་ན་དང༔ བརྒྱ་རྩ་རེ་ཡི་སྔགས་ཤམ་དུ༔ ཨ་དེ་ཝ་སརྦ་དུཿཁ་ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླའོ༔ དེ་བཞིན་དུ༔ མགྲིན་པར་ལྷ་མིན་ས་བོན་སུ༔ དེ་སྟེང་ལྷ་མིན་ཐུབ་པ་ཡི༔ ངོ་བོ་མ་ཡིག་ལྗང་གསལ་ལས༔ འོད་འཕྲོས་སུ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་འཐབ་རྩོད་རྒྱུ་འབྲས་བསལ༔ སླར་འཕྲོས་ལྷ་མིན་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ སུ་ཨ་སུ་ར་སརྦ་དུཿཁ་སོགས་སྔགས་ཤམ་སྦྱར༔ སྙིང་གར་མི་ཡི་ས་བོན་ནྲྀ༔ དེ་སྟེང་མི་ཡི་ཐུབ་པ་ཡི༔ ངོ་བོ་ཎི་ཡིག་དམར་གསལ་ལས༔ འོད་འཕྲོས་ནྲྀ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བྲེལ་ཕོངས་རྒྱུ་འབྲས་བསལ༔ སླར་འཕྲོས་མི་ཡི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ ནྲྀ་ན་ར་སརྦ་དུཿཁ་སོགས༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི༔ དེ་སྟེང་བྱོལ་སོང་ཐུབ་པ་ཡི༔ ངོ་བོ་པད་ཡིག་མཐིང་གསལ་ལས༔ འོད་འཕྲོས་ཏྲི་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བླུན་རྨོངས་རྒྱུ་འབྲས་བསལ༔ སླར་འཕྲོས་དུད་འགྲོའི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ ཏྲི་ཏིརྻ་ཀ་སརྦ་དུཿཁ་སོགས༔ གསང་གནས་ཡི་དྭགས་ས་བོན་པྲེ༔ དེ་སྟེང་ཡི་དྭགས་ཐུབ་པ་ཡི༔ ངོ་བོ་མེ་ཡིག་དམར་གསལ་ལས༔ འོད་འཕྲོས་པྲེ་ཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་བཀྲེས་སྐོམ་རྒྱུ་འབྲས་བསལ༔ སླར་འཕྲོས་ཡི་དྭགས་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ སོར་རྟོག་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ པྲེ་པྲེ་ཏ་སརྦ་དུཿཁ་སོགས༔ རྐང་མཐིལ་དམྱལ་བའི་ས་བོན་དུ༔ དེ་སྟེང་དམྱལ་བའི་ཐུབ་པ་ཡི༔ ངོ་བོ་ཧཱུྃ་ཡིག་མཐིང་ནག་ལས༔ འོད་འཕྲོས་དུཿཡིག་བསྲེགས་ཤིང་སྦྱངས༔ རང་རྒྱུད་ཚ་གྲང་རྒྱུ་འབྲས་བསལ༔ སླར་འཕྲོས་དམྱལ་བའི་གནས་རིགས་ཁྱབ༔ སྡུག་བསྔལ་ཉོན་མོངས་ཀུན་སྦྱངས་ནས༔ མེ་ལོང་ཡེ་ཤེས་མངོན་དུ་གྱུར༔ ཡིག་དྲུག་དང༔ དུཿན་ར་ཀ་སརྦ་དུཿཁ་སོགས༔ དེའང་སོ་སོར་ཡིག་དྲུག་འབུམ་ཕྲག་རེ་དང༔ སྔགས་ཤམ་སྟོང་ཕྲག་ཐེམ་པར་བྱ༔ འཁོར་བ་དོང་སྤྲུགས་ཀྱི་གཟུངས་ནི༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཧྲཱིཿཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨ་དྷཱ་ར་མ་ཧཱ་ཨ་མོ་གྷ་པཱ་ཤ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་སྟོང་ཕྲག་བདུན་བཟླ་བར་གསུངས་སོ། །དགུ་པ་བཟླས་པའི་ཐུན་ལས་ལྡང་བ་ན། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེ་བརྗོད་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱས་ལ་ཁྱད་པར་གྱི་མཆོད་པ་ནི། ཧྲཱི༔ སྣང་སྟོང་བསྐྱེད་པའི་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་འབུལ༔ གྲགས་སྟོང་ཛཔ྄་ཀྱི་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་གསུང་ལ་འབུལ༔ རིག་སྟོང་ཡེ་ཤེས་མཆོད་པ་འདི༔ རྒྱལ་བ་རྒྱ་མཚོའི་ཐུགས་ལ་འབུལ༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་འབུལ། ཐུན་མོང་གི་མཆོད་པ་ནི། གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང༔ སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་ལ་གནས་པའི་ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔའི་ས་བོན་བསྐོལ་ཞིང་འོད་དུ་མེར་གྱིས་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་སྐུའི་དབྱིངས་ལས་འགག་མེད་སྒྱུ་འཕྲུལ་གྱི་རོལ་མོ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ མ་སཱུརྻ་ཙནྡྲ་ཀ་མ་ལཱ་ཡ་སཏྭཾ༔ མདུན་བསྐྱེད་དཀྱིལ་འཁོར་དང་འབྲེལ་ན་གཏོར་མགྲོན་སྤྱན་འདྲེན་འདི་མི་དགོས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཤིང་གསོལ་བས་དགྱེས་པར་གྱུར༔ སྔགས་ཀྱི་མཐར༔ ཨི་དམ་བ་ལིཾ་ཏ་བྷཱུཉྫ་ཧོ༔ པི་པ་ཧོ༔ ཛི་གྷྲ་ཧོ༔ ཨ་ཏི་ཀྲ་མ་ཏི་སརྦ་སིདྡྷི་ཀུ་རུ་ཀུ་རུ་ཧོ༔ ལན་གསུམ་ལ་སོགས་པས་ཕུལ༔ སྔགས་ཙམ་གྱིས་མཆོད། ཧྲཱི༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་འཁོར་ལོས་སྒྱུར༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་སུ་མེད༔ ཕྲིན་ལས་བཞི་མཛད་བདེ་ཆེན་མཁའ་འགྲོ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་བཞེས༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་དང་འབྱོར་པ་སྙན་གྲགས་སྤེལ༔ སྣང་བ་ཐམས་ཅད་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཀྱིས༔ རྩ་ཁམས་རླུང་ལ་བྱིན་གྱིས་རློབས༔ ཐུན་མོང་མཆོག་གི་དངོས་གྲུབ་ཀྱིས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་འདོད་དོན་གསོལ་ལོ༔ སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་གང་འགྲུབ་བྱ། གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ དམ་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཆོས་ཀྱི་དབྱིངས་མཉམ་བྷནྡྷ་ཡངས་པ་རུ༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་རྒྱ་མཚོར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧ་ཧོ་ཧྲཱི༔ ཚོགས་ཞིང་སྤྱན་དྲངས་ཤིང་ཕུད་ཀྱིས་མཆོད་པ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རི་བོ་ཏ་ལའི་ཕོ་བྲང་ནས༔ རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ ཁྲག་འཐུང་རྒྱལ་པོ་རྟ་མཆོག་དཔལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ནས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི༔ ཧོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ་ཨཱ༔ ཐ་མ་བསྒྲལ་མཆོད་ནི༔ ཚོགས་ཟན་ལ་རྟེན་བྱས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། པདྨ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ནྲྀ་ཏྲི་བཛྲ་ཨངྒུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་འགུགས་བསྟིམས་བྱས་ལ། ཧྲཱི༔ རྟ་མཆོག་ཐུགས་ནས་ཕོ་ཉ་སྤྲོས༔ དགྲ་བགེགས་འབྱུང་པོ་དགུག་བསྟིམ་བསྒྲལ༔ ཤ་ཁྲག་ཚོགས་ཀྱི་མཆོད་པར་བཞེས༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ནྲྀ་ཏྲི་ཤ་ཏྲཱུན་ཛཿ་ཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་བཅས་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ་ཅིང་སྨོན་ལམ་གདབ། གཉིས་པ་ལྷག་མ་གཏོང་བ་ནི༔ བདུད་རྩིས་བྲན་ལ། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧྲཱི༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ ལྷག་གཏོར་དབང་བར་དམ་མནོས་པའི༔ མཁའ་འགྲོ་གིང་དང་ལངྐའི་ཚོགས༔ ཐུགས་རྗེའི་ཕམ་ཕབ་འདི་བཞེས་ལ༔ སྒྲུབ་པའི་བར་ཆད་སྲུང་བ་དང༔ ཞི་དང་རྒྱས་དང་དབང་དང་དགུག༔ བསྐྲད་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་པྲ་ཏཱིཙྪ་ཁཱ་ཧི༔ གསུམ་པ་གཏོར་མ་བསྐྱང་བ་ནི༔ ཧྲཱི༔ པདྨ་རོལ་པའི་དཀྱིལ་འཁོར་དུ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ བཀའ་བསྒོས་དམ་བཞག་སྲུང་མའི་ཚོགས༔ དཔལ་གྱི་གཏོར་མ་འདི་བཞེས་ཤིག༔ སྨན་རག་ཕུད་ཀྱིས་གཟི་བྱིན་སྐྱེད༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ སྒྲུབ་མཆོག་རྣལ་འབྱོར་ཚེ་སྲོག་སྲིངས༔ དགྲ་བགེགས་བདུད་བཞིའི་བར་ཆད་ཟློག༔ ཟ་བའི་མཆེ་རྣོན་དགྲ་ལ་གཙིགས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་སྐྱེད༔ བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས༔ གང་བཅོལ་ལས་ཀུན་འགྲུབ་པར་མཛོད༔ ཤྲཱི་དྷརྨ་པཱ་ལ་མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤལ་ཆུས་བརྟན་མ་མཆོད་ཅིང༔ ཧྲཱི༔ གནས་ནི་གངས་ཅན་མཐའ་དབུས་ཀྱི༔ གངས་བྲག་ནགས་ཚལ་མཚོ་གླིང་ནས༔ ནམ་མཁའ་ས་གཞི་ཁྱབ་པར་རྒྱུ༔ སོ་ཁ་སྲུང་བར་དམ་མནོས་པའི༔ བརྟན་མ་སྐྱོང་མ་ཡ་མའི་ཚོགས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ ལོག་ལྟ་མཐའ་དམག་དཔུང་བཅས་སྲུངས༔ ནད་མུག་མཚོན་འཁྲུགས་དལ་ཡམས་ཟློག༔ བོད་ཁམས་བསྟན་དང་བསྟན་འཛིན་གྱི༔ ཕན་བདེ་སྤེལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་རྟ་བྲོ་བརྡུང་བ་ནི༔ དམིགས་བྱ་གཏོར་གཞོང་འོག་ཏུ་བཀུག་པའི་སྟེང་རྒྱ་གྲམ་གྱི་རྒྱས་གདབ་ལ། ཧྲཱིཿཧྲཱི༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་གདོང་རྔམ་བཞད་ཕྱོགས་བཅུར་འཚེར༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ ཉོན་མོངས་འཁོར་བའི་བག་ཆགས་བཅོམ༔ གཟུང་འཛིན་དགྲ་བགེགས་དབྱིངས་སུ་བསྒྲལ༔ རྡོ་རྗེ་འབར་བའི་ཨེ་ཀློང་དུ༔ བར་ཆད་དམ་འགོང་སྤྱི་ནས་མནན༔ མི་འགྱུར་ལྷུན་པོའི་ཕྱག་རྒྱས་གདབ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾཿཨེ་ཧཱུྃ་ལཾ་ནན༔ གཏོར་གཞོང་གཟེད་ལ་འབྲུ་འཐོར། གཏང་རག་མཆོད་བསྟོད་གཏོར་འབུལ་སྐབས་ལྟར་ཕུལ། ལྔ་པ་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་རྒྱ་མཚོ་དངོས་གྲུབ་གཏེར་གྱི་མཛོད༔ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ སྒྲུབ་རྟེན་སོགས་ཡོད་ན་གནས་གསུམ་དུ་གཏུགས། བདུད་རྩིའི་ཐིག་ལེ་བྱ་ཞིང་མྱང་། མ་རྙེད་ཡོངས་སུ་སོགས་དང་། ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་བཟླས་པས་ཆོ་ག་ལྷག་ཆད་བསྐང་ཞིང་ནོངས་པ་བཤགས༔ ཚོགས་དང་གཏོར་མགྲོན་རྣམས་སྤྱི་ལྟར་རྟེན་ལ་བརྟན་བཞུགས་བྱ། དྲུག་པ་བསྐྱེད་རིམ་བསྡུ་བ་ནི༔ ཧྲཱི༔ སྣོད་བཅུད་འབྱུང་བ་ལྔ་དང་ཕུང་ཁམས་ཚོགས༔ འགག་མེད་སྒྱུ་མའི་ལྷ་དང་གཞལ་ཡས་ཁང༔ མཁའ་ལ་སྤྲིན་ལྟར་འོད་གསལ་དབྱིངས་སུ་ཐིམ༔ སྐྱེ་མེད་ཁྱབ་གདལ་གཉུག་མའི་ངང་དུ་བཞག༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་པའི་གདེངས་བསྐྱང་ངོ༔ བདུན་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི༔ ཧྲཱི༔ སླར་ཡང་ཆུ་ལས་རླབས་བཞིན་སྐད་ཅིག་གིས༔ རང་ཉིད་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས༔ འགྱུར་མེད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་ནས་སྤྱོད༔ ཧྲཱིཿཛྙཱ་ན་ཀཱ་ཡ་བཛྲ་ཨོཾ་ཨཱཿཧཱུྃ༔ བརྒྱད་པ་བསྔོ་སྨོན་བྱ་བ་ནི༔ ཧྲཱི༔ བདག་གིས་བསྙེན་སྒྲུབ་དུས་གསུམ་དགེ་བའི་ཚོགས༔ མཁའ་ཁྱབ་འགྲོ་བ་རྣམས་ཀྱི་དོན་དུ་བསྔོ༔ ཀུན་ཀྱང་ས་བཅུ་ལམ་ལྔ་མཐར་ཕྱིན་ནས༔ རྒྱལ་བ་རྒྱ་མཚོའི་གོ་འཕང་མྱུར་ཐོབ་ཤོག༔ དགུ་པ་བཀྲ་ཤིས་གསོལ་བ་ནི༔ ཧྲཱི༔ ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་དང༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ཞིང༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ཅིང་མེ་ཏོག་འཐོར༔ རོལ་མོའི་སྒྲ་སྦྱར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལྷ་སྔགས་ཡེ་ཤེས་ཀྱི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ༔ འདིས་ཀྱང་འདི་བསྟན་སྲིད་པའི་མཐར་འཕེལ་བའི། །ཆ་རྐྱེན་མཆོག་གྱུར་དེ་ཡིས་བདག་གཞན་ཀུན། །འཇིག་རྟེན་དབང་ཕྱུག་གསང་བ་གསུམ་པོ་དང་། །མཉམ་པ་ཉིད་བརྙེས་དོན་གཉིས་ལྷུན་གྲུབ་ཤོག །ཚུལ་འདི་གཏེར་གཞུང་ཉིད་ཤིན་ཏུ་ཞལ་གསལ་ཡང་བློ་གྲོས་དམན་པ་དག་གིས་ཁྱེར་བདེ་བའི་སླད་དུ་ནག་འགྲོས་བྱུང་ན་ལེགས་ཞེས་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བཀའ་བསྩལ་ལྟར་འདུ་གསུམ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་བཀོད་པ་དགེ་ལེགས་འཕེལ།། །།

པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་མན་ངག་ཁམས་གསུམ་དབང་དུ་བྱེད་པའི་རྟོག་པ་ (Volume 52, Text 30)

༄༅༔ པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་མན་ངག་ཁམས་གསུམ་དབང་དུ་བྱེད་པའི་རྟོག་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ པདྨ་ཌཱ་ཀི་ནཱི་ཨུ་པ་དེ་ཤ༔ བོད་སྐད་དུ༔ པདྨ་མཁའ་འགྲོའི་མན་ངག༔ བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཤིན་ཏུ་ཟབ་པའི་དབང་སྡུད་ལས་ཀྱི་རྟོག་པ་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་གདམས་པ་འདིའི་ལོ་རྒྱུས་ནི༔ དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་རྣམ་པར་འཕྲུལ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་བ་ཞེས་བྱ་བ་ཛམྦུ་གླིང་ན་ཆེ་བའི་སྔགས་འཆང་གྲུབ་པའི་འཁོར་ལོས་སྒྱུར་བ་དེ་ཉིད་བོད་ཡུལ་བྲག་དམར་ཟན་ཡངས་ཀྱི་གཙུག་ལག་ཁང་ཆེན་པོ་ན་བཞུགས་པའི་ཚེ༔ མངའ་བདག་ཁྲིི་སྲོང་ལྡེའུ་བཙན་གྱིས་རིན་པོ་ཆེ་པདྨ་རཱ་གའི་ཟ་མ་ཏོག་ནོར་སྣས་གང་བ་མཎྜལ་དུ་ཕུལ་ནས་ཁམས་གསུམ་དབང་དུ་སྡུད་པའི་མན་ངག་སྔར་མ་གྲགས་པ་རྣོ་མྱུར་ཁྱེར་བདེ་བ་ཞིག་ཞུས་པའི་ཚེ་སློབ་དཔོན་རིན་པོ་ཆེས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ༔ རྗེ་གཅིག་མངའ་བདག་རྒྱལ་པོ་དང༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང༔ དགེ་སློང་རྒྱལ་བ་མཆོག་དབྱངས་དང༔ སྔགས་པ་རྡོ་རྗེ་བདུད་འཇོམས་དང༔ ཞང་བློན་རྡོ་རྗེ་སྤྲེལ་ཆུང་དང༔ གཟུངས་མ་མཁར་ཆེན་བཟའ་མཚོ་རྒྱལ་རྣམས་ལ་རྣལ་འབྱོར་མའི་རྒྱུད་ཀྱི་མཐར་ཐུག་པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཉེ་བར་ཕྱུང་སྟེ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བར་མཛད་དོ༔ ས་མ་ཡ༔ འདི་ལ་ཕྱི་ལྷ་མང་དུ་བསྒྲུབ་པ༔ ནང་ལྷ་དགུར་སྒྲུབ་པ༔ གསང་བ་ལྷ་ལྔར་སྒྲུབ་པ༔ ཡང་གསང་དཔའ་མོ་གཅིག་པ་དང་ཁྲོ་མོར་སྒྲུབ་པ༔ དེ་ཁོ་ན་ཉིད་བདེ་བ་ཆེན་པོར་སྒྲུབ་པ་རྣམས་སུ་ཡོད་པ་ལས༔ འདིར་ཤིན་ཏུ་ཟབ་ཅིང་འདྲིལ་བ་གསང་བ་ལྷ་མོ་གཙོ་འཁོར་ལྔར་སྒྲུབ་པའི་ཐབས་མན་ངག་དང་བཅས་པ་བསྟན་པར་བྱའོ༔ ས་མ་ཡ༔ དེ་ལ་ལྔ་སྟེ་བསྙེན་པ་དང༔ སྒྲུབ་པ་དང༔ ལས་སྦྱོར་དང༔ ལས་སྣ་ཚོགས་པ་དང༔ རྗེས་སུ་གནང་བའོ༔ དང་པོ་བསྙེན་པ་ལའང་ལྔ་སྟེ༔ བསྙེན་པ་ཉིད་གང་ཡིན་པ་དང༔ བསྙེན་པའི་རྟེན་དང༔ བསྙེན་པའི་ཐབས་དང༔ བསྙེན་པ་མ་ཐེམ་པའི་སྐྱོན་དང༔ ཐེམས་པའི་ཡོན་ཏན་ནོ༔ དང་པོ་བསྙེན་པ་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ ཉེ་བའི་ཕྱིར་ན་བསྙེན་པ་སྟེ༔ ཞེས་པས་ཡེ་ཤེས་ཀྱི་ལྷ་ལ་བསྙེན་བསྲིང་བའི་རྟོག་པ་མི་མངའ་ཡང༔ སྒྲུབ་པ་པོའི་རྟོག་སྒྲིབ་སྦྱང་བའི་སླད་དུ་ལྷ་མངོན་སུམ་དུ་ཡིད་ལ་བྱས་ཏེ་རིག་པའི་སྔགས་ཀྱིས་ཡང་ཡང་བསྐུལ་བས་ལྷ་སྔགས་ལ་ཞེན་པ་སྐྱེ༔ དེས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་དང་སྒྲུབ་པོ་འབྲེལ་ཉེ་བར་འགྱུར་བས་ན་བསྙེན་པ་ཞེས་བྱའོ༔ གཉིས་པ་རྟེན་བཅའ་བ་ནི༔ དམ་ཚིག་གི་རྟེན་དུ་བྲིས་སྐུ་འབྲི་བར་བྱ་སྟེ༔ སྒྲུབ་པ་པོ་རང་ཉིད་དམ་ལྷ་བཟོ་གསོ་སྦྱོང་ལ་གནས་པས༔ སྨད་འཚོང་མའི་འདོམས་དཀྲིས་སམ་དེའི་ལག་ནས་བྱུང་བའི་རས་ལ་གཞོན་ནུ་མའི་རྡུལ་གྱིས་བྱུགས་ཏེ༔ ཌཱ་ཀི་ནཱིའི་སྐུ་ཕྱག་ཚད་དང་ལྡན་པ་རྔམ་ཞིང་མཚར་ལ་ཡིད་འཛིན་པ་ཞིག་བྲིའོ༔ བྲི་བའི་རྫས་ནི༔ གུར་གུམ༔ གི་ཝཾ༔ རང་བྱུང་གི་བྱང་སེམས་དཀར་དམར༔ ལྕགས་ཀྱུ་ཅན་གྱི་མེ་ཏོག༔ རྡོ་ཁབ་ལེན༔ པདྨ་རཱ་ག༔ རྒྱ་སྐྱེགས་དང་མཚལ་བསྲེས་པའི་སྣག་ཚས་བྱའོ༔ བྲིས་ཟིན་པ་ན་མེ་ཏོག་དམར་པོའི་ཕྲེང་བ་གདགས༔ རབ་ཏུ་གནས་ཤིང་མངའ་དབུལ༔ གཞན་ལ་མི་བསྟན་ནོ༔ གསུམ་པ་བསྙེན་པའི་ཐབས་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་ནི༔ སྐྱེད་མོས་ཚལ་དང་མེ་ཏོག་གི་ལྗོངས༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ ས་གཞི་དམར་ཞིང་སྣུམ་བག་ཆགས་པ་སོགས་ཉམས་དགའ་བའི་དབེན་གནས་སུ་ཤིན་ཏུ་གསང་བས་མཚམས་དམ་པར་བཅད༔ བྲིས་སྐུ་ཞལ་ཤར་དུ་ཕྱོགས་པས་བཀྲམ་པའི་མདུན་དུ་མཆོད་གཏོར་བཤམ༔ རང་ཁ་ནུབ་ཏུ་ཕྱོགས་པས་བདེ་བའི་སྟན་ལ་པདྨའི་སྐྱིལ་མོ་ཀྲུང་གིས་འཁོད༔ གོས་དང་རྒྱན་དམར་པོས་བརྒྱན༔ མྱོས་བྱེད་ཀྱིས་ཁ་དག་པར་བྱས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་དབང་གི་ལྷ་མོ་བསྒྲུབ་པར་བགྱིའོ་སྙམ་དུ་ཡིད་དགའ་ཞིང་ཆགས་པས་སྐྱབས་སུ་འགྲོ་བ་དང༔ བྱང་ཆུབ་ཀྱི་སེམས་མངོན་དུ་བྱ༔ བགེགས་ལ་གཏོར་མ་སྦྱིན་ཞིང་མཚམས་གཅད༔ མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་བོ༔ གཉིས་པ་དངོས་གཞི་ལ་ལྷ་སྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་དབྱིངས་ལས་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་སྲུང་བའི་འཁོར་ལོ་སྲ་ཞིང་བརྟན་པ་དང་དུར་ཁྲོད་ཀྱི་བཀོད་པས་ཡོངས་སུ་བསྐོར་བའི་ལྟེ་བར་ དབང་གི་ཕོ་བྲང་ཟླ་གམ་སྒོ་གཅིག་པ་གསལ་ཞིང་ཡངས་ལ་རབ་ཏུ་འབར་བའི་དབུས་སུ་ཆོས་འབྱུང་དམར་པོ་ཟུར་དྲུག་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་རེ་རེ༔ དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿཡིག་དམར་གསལ་མར་མེ་ལྟར་འབར་བ་ལ་སེམས་ཡུན་རིང་དུ་གཟུང༔ དེ་ལས་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ བརྟན་གཡོ་ཐམས་ཅད་འདར་ཞིང་གཡོས༔ འཁོར་འདས་ཀྱི་དྭངས་བཅུད་རང་དབང་མེད་པར་བསྡུས་ཏེ་ཧྲཱིཿལ་ཐིམ་པས་པདྨ་དམར་པོ་ཧྲཱིཿས་མཚན་པ༔ དེ་ཡོངས་སུ་གྱུར་པ་ལས་པདྨ་མཁའ་འགྲོ་རིག་བྱེད་རྩལ་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་གསལ་ཞིང་ཉི་མ་བྱེ་བའི་མདངས་འོད་འཚེར་བ༔ ཞལ་གཅིག་ཕྱག་བཞི་མ༔ སྤྱན་གསུམ་དམར་ཟླུམ་གཡོན་དུ་གཟིགས་ཤིང་དབུ་སྐྲ་སྣུམ་འབོལ་ལི་ཁྲིའི་མདོག་ཅན་གྱེན་དུ་བརྫེས་པའི་ལྷག་མ་སྐུ་རྒྱབ་ཏུ་སིལ་བུར་གྲོལ་བ༔ སིནྡྷུ་ཝཱ་རའི་མེ་ཏོག་གིས་ཐོད་བཅིངས་ཤིང་ནོར་བུ་དམར་པོའི་ཐོར་ཚུགས་ཀྱིས་བརྗིད་པ༔ ཞལ་བཞད་ཅིང་མཆེ་བ་གཙིགས་པ་ཤིན་ཏུ་ཆགས་ཤིང་ཅུང་ཟད་ཁྲོ་མོའི་ཉམས་དང་ལྡན་པ༔ ནུ་མ་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ་ལོ་བཅུ་དྲུག་ལོན་པའི་འཇོ་སྒེག་འཆང་བ༔ ཕྱག་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས་པས་འཁོར་འདས་ཀྱི་སྲོག་རྩ་དབང་མེད་དུ་འདྲེན་པ༔ གཡས་འོག་མས་ཐོད་པའི་ཌཱ་མ་རུ་འཁྲོལ་བའི་སྒྲས་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བ༔ གཡོན་འོག་མས་ཀ་པཱ་ལ་ཁྲག་གིས་གང་བ་སྟ་ཟུར་གཡོན་དུ་འཆང་བས་སྲིད་པ་གསུམ་གྱི་ཡིད་རང་དབང་མེད་པར་འཕྲོག་པ༔ མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ རུས་པའི་རྒྱན་ལྔ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་མཛེས་པ༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བརླ་ལ་གཏད་ཅིང༔ གཡོན་བརྐྱངས་པས་ཉིི་མ་ལ་གནས་པའི་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་སྙིང་ག་ནས་བརྫིས་ཤིང་འོད་ཟེར་དམར་པོ་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་རོལ་པ༔ པད་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ༔ ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ༔ ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ༔ བྱང་དུ་ས་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ༔ ཐམས་ཅད་ཀྱང་རྗེས་སུ་ཆགས་པའི་དམར་མདངས་རབ་ཏུ་འཚེར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་སོ་སོའི་རིགས་ཀྱི་མཚན་མས་སྤྲས་པའི་ལྕགས་ཀྱུ་འཕྱར་ཞིང༔ གཡོན་ཞགས་པ་འཆང་བ༔ རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་ཞབས་གར་སྟབས་ཀྱིས་ཉི་མ་ལ་གནས་པའི་མི་རོའི་སྙིང་གར་བརྫིས་པ༔ ཡེ་ཤེས་ཀྱི་འོད་ཟེར་འབར་བའི་ཀློང་ན་བཞེངས་པའི་སྐུར་བསམ་ལ་ཡིད་མིག་རླུང་གསུམ་ལྷ་སྐུ་སྒྱུ་མའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསྡུས་ཏེ་མཉམ་པར་འཇོག་གོ༔ དེ་ལ་སེམས་ཟིན་པ་ན་གནས་གསུམ་བྱིན་གྱིས་བརླབ་པ་ནི༔ གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་མའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་མའི་ངོ་བོ་ཨཱཿདམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མའི་ངོ་བོ་ཧཱུྃ་མཐིང་གའི་འོད་ཟེར་སྤྲོ་བསྡུས་ཀྱི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཕྱག་རྒྱ་བཅས་ཏེ་བརླབ་བོ༔ དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི༔ ཧྲཱི༔ ཀུན་རྟོག་ཡེ་ཤེས་དགྱེས་པའི་ཡུམ༔ པདྨ་མཁའ་འགྲོ་རིག་བྱེད་རྩལ༔ རབ་འབྱམས་དབང་གི་ཌཱ་ཀིའི་ཚོགས༔ ཕྲིན་ལས་མཛད་ཕྱིར་གནས་འདིར་གཤེགས༔ ཧྲཱིཿཔདྨ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བཟླ༔ པདྨའི་ཕྱག་རྒྱ་འཆིང་ཞིང་རྡོ་རྗེ་སེ་གོལ་དང་ཐལ་མོའི་སྦྱོར་བས་སྤྱན་དྲང་བར་བྱའོ༔ དེ་ལ་པདྨའི་ཕྱག་རྒྱ་ནི་རྒྱུད་ལས༔ མིང་མེད་ནང་བཅུག་མཐེ་བོས་མནན༔ གུང་མོ་བསྒྲེངས་པར་མཛུབ་མོ་སྦྱར༔ སྲིན་ལག་རང་སར་བརྐྱངས་པ་ནི༔ ཨུཏྤལ་ཕྱག་རྒྱའི་དམ་ཚིག་གོ༔ ཞེས་སོ༔ དེ་ནས་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང་བཅས་ཏེ༔ ཛཿཧཱུྃ་བཾ་ཧོཿ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་བརྗོད་པས་སྤྱན་དྲངས་པའི་མཁའ་ཁྱབ་ཀྱི་ཡེ་ཤེས་པ་ཐམས་ཅད་དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་གྱུར་པར་བསམ་མོ༔ སླར་ཡང་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་པདྨའི་རིགས་ཀྱི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས༔ དེ་རྣམས་ཀྱིས་བྱང་ཆུབ་སེམས་དཀར་དམར་ལྷག་པའི་བདུད་རྩིས་དབང་བསྐུར་བའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང༔ རྟོག་པའི་དྲི་མ་སྦྱངས༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་གཙོ་མོ་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་དཔལ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་དང་ཞགས་པ་འཛིན་པ༔ ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་དབུ་གཙུག་ནས་དབང་གི་རྟ་སྐད་འཚེར་བ་དང༔ འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན་པར་བསམ་ལ༔ རྟ་གདོང་གི་ཕྱག་རྒྱ་སྤྱི་བོར་འཆིང་ཞིང༔ ཧྲཱིཿཔདྨ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩཱ་མི༔ ཞེས་རྒྱས་གདབ་བོ༔ མཆོད་བསྟོད་སོགས་བྱ་བའམ་མ་བྱས་ཀྱང་རུང་སྟེ་དམ་ཡེ་དབྱེར་མེད་ཀྱི་ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་གཟུང་ཞིང་ང་རྒྱལ་དྲག་ཏུ་བསྐྱེད༔ དེ་ནི་ལྷ་བསྒོམས་པས་བསྙེན་པ་འོ༔ དེ་ནས་སྔགས་བཟླ་བ་ནི༔ རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་མ་ཚོན་གང་བ་དང༔ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་སེམས་གཏད་དེ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སྔགས་ཕྲེང་གསལ་ལེགས་པར་ཐེབས་པ་ན༔ དེ་ལས་སྔགས་ཕྲེང་གཉིས་པ་བྱུང༔ ཞལ་ནས་ཐོན༔ ལྟེ་བའི་པདྨོ་ནས་ཞུགས༔ བར་མ་ཆད་པར་འཁོར་བའི་བདེ་བ་ཆེན་པོའི་འོད་ཟེར་གྱིས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ལྷན་སྐྱེས་ཡེ་ཤེས་པདྨ་ཌཱ་ཀི་ནཱི་དབང་མཛད་མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་བདག་ལ་བསྩལ་ཅིང་བརྟན་པར་བསམ་ལ་མི་ཚིག་གིས་བར་མ་ཆོད་པར༔ པདྨ་དམར་པོའམ༔ ཙནྡན་དམར་པོའམ༔ བྱེ་རུའི་ཕྲེང་བ་མིང་མེད་ཀྱི་སྟེང་ནས་བགྲང་བས་གྲངས་གཟུང་སྟེ་ཐུན་རེར་སྟོང་ཕྲག་བརྒྱད་ལས་མི་ཉུང་བར་བཟླ་འོ༔ དེ་ལྟ་བུའི་རིམ་པས་ཐུན་བཞི་སོགས་སུ་སྔགས་འབུམ་ཕྲག་བརྒྱད་བཟླས་པས་ཡེ་ཤེས་ཀྱི་ལྷ་དང་ཉེ་བར་འགྱུར་རོ༔ དེ་ནི་སྔགས་བཟླས་པས་བསྙེན་པ་འོ༔ གསུམ་པ་རྗེས་ནི༔ ཐུན་ཐམས་ཅད་ཀྱི་མཐར་ཟངས་གཞོང་དུ་གཏོར་མ་དམར་པོ་བ་ལང་གི་ཤ་དང་རྒུན་འབྲུ་དང་བུར་སྦྲང་ལ་དུ་ལ་ཕུག་ཁུར་བ་སོགས་ཀྱིས་བསྐོར་བ་ལ་མྱོས་བྱེད་ཀྱི་བཏུང་བས་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བདུད་རྩིར་བལྟས་ལ༔ གཏོར་མགྲོན་གྱི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་གི་རྟེན་དང་དབྱེར་མེད་དུ་བཞུགས་པའི་ལྗགས་པདྨའི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་པས་མཉེས་པར་བསམ་ཞིང༔ སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་པཱི་པཱ་ཐཱ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་སརྦ་ཀརྨ་ཀུ་རུ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ལན་མང་དུ་ཕུལ་བའི་མཐར་མཆོད་ཅིང་བསྟོད༔ ཧྲཱི༔ བདེ་ཆེན་པདྨའི་རིགས་ཀྱི་ཡུམ༔ དབང་མཛད་མཁའ་འགྲོ་རིག་བྱེད་རྩལ༔ གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་གཏོར་འདོད་རྒུའི་སྤྲིན་ཆེན་པོ༔ བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ཁམས་གསུམ་སྣོད་བཅུད་དབང་དུ་སྡུས༔ སྲིད་གསུམ་དྲེགས་པ་ཟིལ་གྱིས་གནོན༔ ཞི་དང་རྒྱས་དང་དབང་དང་དགུག༔ མངོན་སྤྱོད་ལས་ཀུན་འགྲུབ་པ་དང༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ༔ ཞེས་ཕྲིན་ལས་གསོལ་ནས་ཡེ་ཤེས་པ་རྟེན་དང་དབྱེར་མེད་དུ་བསམ༔ མེ་ཏོག་དམར་པོ་ལ་དབང་གི་རྫས་བསྲེས་ཤིང་དྲི་བཟང་དམར་སེར་གྱིས་བརླན་པའི་ཚོམ་བུ་ཟངས་སམ་ཙནྡན་དམར་པོའི་མཎྜ་ལར་དགོད་དེ་བརྒྱ་རྩ་སོགས་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་བོ༔ དེ་ནི་མཆོད་པས་བསྙེན་པ་འོ༔ ཐུན་བསྡུ་བ་ན༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་སྟེ་ཏིང་ངེ་འཛིན་སེམས་དཔའ་དང་དབྱེར་མེད་དུ་གྱུར༔ དེའང་མི་དམིགས་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་བསམ་ལ་དེ་ཁོ་ན་ཉིད་ལ་མཉམ་པར་གཞག༔ སླར་ཡང་རང་པདྨ་མཁའ་འགྲོ་མའི་སྐུར་ལྡངས་ལ༔ གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ༔ པདྨའི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང་སྔགས་བརྗོད་པས་རང་དང་སྣང་བ་ཐམས་ཅད་པདྨ་ཌཱ་ཀི་ནཱིའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བརྟན་པར་མོས༔ དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་དང་བཀྲ་ཤིས་བྱ་འོ༔ བཞི་པ་བསྙེན་པ་མ་ཐེམ་པའི་སྐྱོན་ནི༔ ཇི་སྐད་བཤད་པའི་བསྙེན་པ་མ་ཐེམ་ན་ལྷ་དང་ཉེ་བར་མི་འགྱུར༔ ལྷ་དང་ཉེ་བར་མ་གྱུར་ན་དངོས་གྲུབ་སྒྲུབ་པའི་ཐབས་མེད་ཅིང༔ འདོད་པའི་དོན་གྲུབ་པའི་གནས་མེད་དོ༔ ལྔ་པ་ཐེམས་པའི་ཡོན་ཏན་ནི་དེ་ལས་ལྡོག་པ་སྟེ༔ བསྙེན་པས་ལྷའི་ཐུགས་ཉེ་བར་གྱུར་ན་དངོས་གྲུབ་སྐུལ་བ་ལ་དཀའ་བ་མེད་ཅིང༔ དེས་ལས་དང་ཡེ་ཤེས་ཀྱི་དོན་བདེ་བླག་ཏུ་ཐོབ་པ་ཡིན་ནོ༔ ༈ གཉིས་པ་སྒྲུབ་པ་ལའང་ལྔ་ལས༔ དང་པོ་སྒྲུབ་པ་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ དབང་དུ་འགྱུར་བ་སྒྲུབ་པ་འོ༔ ཞེས་པས་ལྷའི་ཐུགས་ཉེ་བར་གྱུར་པ་ན༔ དངོས་གྲུབ་ཀྱི་གནས་ལ་བསྐུལ་བས་ལས་ལ་ངོ་ཐོན་གྱི་ཚུལ་དུ་སྒྲུབ་པས་ན་ལྷ་དབང་དུ་བྱ་བའི་སྒྲུབ་པའོ༔ གཉིས་པ་སྒྲུབ་པའི་རྟེན་བཅའ་བ་ནི༔ སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གི་ས་དང༔ གཞོན་ནུ་མའི་རྡུལ་དང༔ དབང་གི་ཕྱོགས་ནས་ས་སྣུམ་ཞིང་དམར་བ་བླངས་ཏེ་སྟེགས་བུ་དམར་ཟླུམ་མདའ་གང་ངོས་སྙོོམས་པ་བརྩིགས་ཏེ༔ བྱང་སེམས་དཀར་དམར་དང་སིནྡྷུ་རས་སྐྱང་ནུལ་བྱ༔ དཀྱིལ་འཁོར་ཚུལ་བཞིན་འབྲི་བའམ་མེ་ཏོག་དམར་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད་པའི་སྟེང་ཁྲི་འུའི་ཁར༔ ཐོད་པ་མཚན་ལྡན་དབང་གི་རྫས་ཀྱི་རིིལ་བུས་བཀང་བའི་ནང་དུ་སྲོག་གི་འཁོར་ལོ་དང་བྲིས་སྐུ་གཞུག༔ སྟེང་ནས་དར་དམར་པོའི་ལྡིང་གུར་ཕུབ༔ མདུན་དུ་མཆོད་གཏོར་དང༔ ཟངས་གཞོང་ངམ་ཐོད་པའི་ནང་དུ་སྦྲང་རྩི་དང་ཞུན་མར་དང་ཤ་ཁ་ར་རྣམས་ཁ་དོག་དམར་པོར་བསྒྱུར་པས་བསྐོར་བའི་ནང་དུ་དངོས་གྲུབ་ཀྱི་འཁོར་ལོ་གཞུག་གོ༔ དེ་ལ་སྲོག་གི་འཁོར་ལོ་ནི༔ སྨད་འཚོང་མའི་འདོམས་དཀྲིས་གཞོན་ནུ་མའི་དང་པོའི་རྡུལ་གྱིས་བྱུགས་པར་མུ་ཁྱུད་བདུན་བསྐོར་བའི་ལྟེ་བར་གཙོ་མོའི་སྐུ༔ དེའི་གོང་རས་མུ་ཁྱུད་དང་པོ་ལ་བསྙེན་པའི་སྔགས༔ མུ་ཁྱུད་གཉིས་པ་ལ་འདབ་མ་བཞིར་བཅད་པར་མདུན་ནས་གཡས་སྐོར་གྱིས༔ ཧ་བཛྲ་ཌཱ་ཀི་ནཱི༔ རི་རཏྣ་ཌཱ་ཀི་ནཱི༔ ནི་པདྨ་ཌཱ་ཀི་ནཱིི༔ ས་ཀརྨ་ཌཱ་ཀི་ནཱི༔ ཞེས་རེ་རེའི་མཐར༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་སྦྲེལ་ལ་བྲི༔ མཆན་རྣམས་སུ༔ སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་དགོད༔ མུ་ཁྱུད་གསུམ་པ་ལ་སྒྲུབ་སྔགས་དང་ལས་སྔགས་དང་འདོད་གསོལ༔ བཞི་པར་དབྱངས་གསལ་རྟེན་སྙིང་ཤིས་བརྗོད༔ ལྔ་པར་པདྨའི་ལྕགས་ཀྱུའི་ཕྲེང་བ༔ དྲུག་པར་རྡོར་ར༔ བདུན་པར་མེ་རི་འོད་ཟེར་འཁྱིལ་བ་བྲི་འོ༔ དེ་ལ་དབང་གི་རིལ་བུའི་རྫས་ཀྱིས་བྱུགས་ཤིང་རབ་ཏུ་གནས་ལ་ཟ་འོག་དམར་པོས་དྲིལ༔ དངོས་གྲུབ་ཀྱི་འཁོར་ལོ་ནི༔ གཞི་གོང་དང་འདྲ་བ་ལ་འཁོར་ལོ་མུ་ཁྱུད་ལྔ་པའི་ལྟེ་བར་ཧྲཱིཿའི་མཐར་བསྙེན་པའི་སྔགས་ཀྱི་ཤམ་བུར་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་རཏྣ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ གཉིས་པར་རིགས་བཞིའི་ས་བོན་གྱི་མཐར་གོང་གི་སྔགས་ཤམ་གྱིས་བསྐོར༔ གསུམ་པར་སྒྲུབ་སྔགས་དང་དབྱངས་གསལ་རྟེན་སྙིང་མཐར་ཤམ་བུ་དང་འདོད་གསོལ་སྤེལ༔ བཞི་པར་རྡོ་རྗེའི་ཕྲེང་བ༔ ལྔ་པར་ནོར་བུའི་འོད་ཟེར་དང་བཅས་པས་བསྐོར༔ དབང་དང་དཔལ་ཅན་དངོས་གྲུབ་ཀྱི་རྫས་བྱུག༔ རབ་ཏུ་གནས་ལ་དར་སེར་པོས་དྲིལ་ལོ༔ དབང་གི་རིལ་བུའི་རྫས་ནི༔ བླ་མ་ཡབ་ཡུམ་གྱི་བྱང་སེམས༔ ཁྱེའུ་དང་བུ་མོ་གཙང་མའི་ཁམས་དང་པོ༔ ལྕགས་ཀྱུ་ཅན་གྱི་མེ་ཏོག༔ ཁབ་ལེན་གྱི་རྡོ༔ ཅོང་ཞི་དང་བྲག་ཞུན༔ ཅུ་གང་དང་སིནྡྷུ་ར༔ ཙནྡན་དཀར་དམར༔ ག་པུར་དང་གུར་གུམ༔ ལན་ཚྭ་དམར་པོ༔ དྲི་དང་ཤིང་དང་རིན་པོ་ཆེ་དང་མེ་ཏོག་དང་ཤིང་ཏོག་དང་དར་ཟབ་དམར་པོའི་རིགས་གང་རྙེད༔ ཤུ་དག༔ གི་ཝང༔ སྤོས་དཀར༔ སྤང་སྤོས༔ དབང་ལག༔ སྦྲང་རྩི༔ ཡུངས་དཀར་རྣམས་ཆང་གིས་སྦྲུས་ཏེ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ༔ ཁ་དོག་དམར་འོད་ཆགས་པར་བྱས༔ བགེགས་དང་དྲི་མ་སྦྱངས་ཏེ་རབ་ཏུ་གནས་ལ་ཐོད་པར་བླུག་གོ༔ གསུམ་པ་སྒྲུབ་པའི་ཐབས་ལ༔ སྔོན་འགྲོ་རྣམས་ཚུལ་བཞིན་དུ་བྱས་ཏེ༔ དངོས་གཞིིར་ཐོག་མར་བདག་གི་རྣལ་འབྱོར་བསྒོམས་ལ་བསྙེན་པའི་བཟླས་པ་ཅི་རིགས་དང་མཆོད་བསྟོད་བྱ༔ དེ་ནས་མདུན་གྱི་རྟེན་དམ་ཚིག་པ་བསྐྱེད༔ བྱིན་གྱིས་བརླབ༔ ཡེ་ཤེས་པ་བསྟིམ༔ དབང་བསྐུར་ཞིང་རྒྱས་གདབ་པའི་རྗེས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དབང་གི་ཕོ་བྲང་འོད་འབར་དབུས༔ ཏིང་འཛིན་སྤྲུལ་པའི་དམ་ཚིག་པར༔ ཡེ་ཤེས་འཁོར་ལོ་དགྱེས་བཞུགས་ནས༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ གུས་ཤིང་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ དབང་མཛད་མཁའ་འགྲོའི་ལྷ་ཚོགས་ལ༔ ལྷ་མིའི་ཉེར་སྤྱོད་འདོད་ཡོན་ལྔ༔ ནམ་མཁའ་གང་བར་སྤྲུལ་ཏེ་ཕུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤྲཱི་བཛྲ་རཱ་ག་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ བྱང་ཆུབ་སེམས་ཀྱི་ཨ་མྲྀཏ༔ རྩ་ཁམས་བདེ་བའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ འཁོར་འདས་མཉམ་སྦྱོར་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ འདོད་ཆགས་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ སྣོད་བཅུད་གཏོར་མའི་ཚོགས་སུ་སྦྱར༔ ལོངས་སྤྱོད་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ མི་ཟད་འདོད་རྒུའི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱི༔ ཤིན་ཏུ་རྣམ་དག་ཆོས་དབྱིངས་ལས༔ རྗེས་ཆགས་བདེ་བ་ཆེན་པོའི་སྐུ༔ པདྨའི་རིགས་མཆོག་རྒྱ་མཚོའི་ཡུམ༔ འཁོར་ལོའི་དབང་ཕྱུག་མ་ལ་བསྟོད༔ རབ་དམར་ཉི་མ་འཆར་ཁའི་འོད༔ ཐིག་ལེའི་ཞལ་གཅིག་ཚད་མེད་ཕྱག༔ ཐབས་ཤེས་མདའ་གཞུས་འཁོར་འདས་སྲོག༔ དྭངས་མའི་ཐིག་ལེར་འདྲེན་ལ་བསྟོད༔ ཅང་ཏེའིི་སྒྲ་ཡིས་ཁམས་གསུམ་གཡོ༔ ཐོད་ཁྲག་སྲིད་གསུམ་སྙིང་རྩ་སྒུལ༔ ཁྲོ་ཆགས་སྒེག་པའི་ཉམས་འགྱུར་གྱིས༔ བདེ་ཆེན་ཡེ་ཤེས་སྩོལ་ལ་བསྟོད༔ དར་དང་རིན་ཆེན་རུས་པ་སོགས༔ འདོད་ཡོན་མ་སྤངས་རྒྱན་དུ་རྫོགས༔ རབ་འབྱམས་དབང་གི་ཕྲིན་ལས་བདག༔ དངོས་གྲུབ་གཏེར་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དགའ་བཞི་བདེ་ཆེན་སྙིང་རྗེའི་གཟུགས༔ དྲན་པས་འདོད་དོན་མཆོག་སྩོལ་བའི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད༔ བཤགས་ཤིང་དངོས་གྲུབ་བསྐུལ་བ་ནི༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཞན་དབང་གིས༔ ཐུགས་དང་འགལ་བའི་ནོངས་པ་ཀུན༔ མཐོལ་ལོ་བཤགས་སོ་བཟོད་པར་བཞེས༔ འཆི་མེད་ཚེ་དང་འཛད་མེད་དབྱིག༔ ནུས་པ་སྔགས་དང་ཏིང་འཛིན་རྩལ༔ མོས་པ་རྣམ་བཞི་འཇིག་རྟེན་གསུམ༔ དབང་བསྒྱུར་ལས་ཀྱི་དངོས་གྲུབ་སྩོལ༔ སྒོ་གསུམ་མི་ཤིགས་དྭངས་མའི་སྲོག༔ རྡོ་རྗེ་གསུམ་དང་མཉམ་སྦྱར་བས༔ རིགས་ཀྱི་གཙོ་དང་དབྱེར་མེད་པའི༔ ཡེ་ཤེས་མཆོག་ཏུ་བདག་སྒྲུབས་ཤིག༔ ཤྲཱི་བཛྲ་རཱ་ག་པཱ་ཤཾ་ཀུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་ཞིང་ལྷ་སྐུའི་གསལ་སྣང་ལ་མོས་པ་རྩེ་གཅིག་པས་ཡིད་མིག་རླུང་གསུམ་མི་གཡོ་བར་གཏོད༔ དེ་ནི་ལྷ་བསྒོམས་པས་སྒྲུབ་པ་འོ༔ དེ་ནས་སྔགས་བཟླ་བ་ནི༔ རང་ཉིད་པདྨ་མཁའ་འགྲོ་མ་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་སྔགས་ཕྲེང་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར་བ་འཕྲོས༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀའི་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་ལྷག་པར་བསྐུལ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས་འཁོར་གྱི་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གསལ་བརྟན་མཆོག་ཏུ་འབར་བའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་ཚོགས་དང་བཅས་པ་བྱུང༔ རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ སླར་ཡང་བདག་མདུན་ཐམས་ཅད་ཀྱི་སྒྱུ་འཕྲུལ་གྱི་རོལ་པ་མཐའ་ཡས་པས་འཇིག་རྟེན་ཐམས་ཅད་སྣང་བར་བྱས༔ འཁོར་འདས་ཀྱི་རྒྱུད་བསྐུལ་ཞིང་གཡོས༔ སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་བདག་ལ་ཐིམ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་ཡིད་འཕྲོག་པའི་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་བསྩལ་ཞིང་བརྟན་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ལོ་ཀ་བཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་མི་ཚིག་དང་མ་འདྲེས་པར་འབུམ་ཕྲག་བརྒྱད་བཟླས་པས་འགྲུབ་པར་འགྱུར་རོ༔ དེ་ནི་སྔགས་བཟླས་པས་སྒྲུབ་པ་འོ༔ རྗེས་ནི༔ གཏོར་མ་འབུལ་བ་སོགས་དང༔ ཚོགས་ཀྱི་མཆོད་པའང་བྱ༔ མདུན་བསྐྱེད་ལ་ནོངས་བཤགས་དང་བརྟན་པར་བཞུགས༔ བདག་ཉིད་འོད་གསལ་དུ་བསྡུ་བ་སོགས་བྱའོ༔ དེ་ལྟར་ན་བསྙེན་པ་དང་སྒྲུབ་པ་ལ་སྤྱིར་གསུམ་སྟེ༔ གྲངས་ཀྱི་བསྙེན་སྒྲུབ་ནི་ཇི་སྐད་བཤད་པ་ལྟར་རོ༔ དུས་ཀྱི་བསྙེན་སྒྲུབ་ནི་ཟླ་བ་གསུམ་ལ་སོགས་པའོ༔ མཚན་མའི་བསྙེན་སྒྲུབ་ནི་རྟགས་མཐོང་བ་སྟེ༔ ངེས་པར་ལས་སྒྲུབ་པ་ལ་ནི་འདི་ཉིད་གཙོ་བོར་གཟུང་ངོ༔ དེའང་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་བཅོམ་ལྡན་འདས་མའི་ཞལ་མཐོང་བ༔ སྔགས་ཐོས་པ༔ ཕྱག་མཚན་དང་གཏེར་རྙེད་པ༔ འོད་དམར་པོ་འཁྱུགས་པ༔ སྒྲ་སྙན་པོ་ཐོས་པ༔ དྲི་ཞིམ་པོ་འཐུལ་བ༔ སྒྲུབ་རྫས་འཕེལ་བ༔ ཟས་ནོར་གོས་དང་སྐྱེས་པ་བུད་མེད་རིགས་བཟང་གློ་བུར་དུ་འདུ་བ༔ ལུས་ངག་ཡིད་ལ་བདེ་བ་ཆེན་པོའི་བྱིན་ཕེབས་པ༔ རྨི་ལམ་དུ་ཉིི་ཟླ་ཞོན་པ༔ གླིང་བཞི་བསྐོར་བ༔ རྒྱ་མཚོ་ཧུབ་ཀྱིས་འཐུང་བ་སོགས་བྱུང་ན་གྲུབ་པའི་རྟགས་སུ་ཤེས་པས་དངོས་གྲུབ་བླང་བར་བྱ་སྟེ༔ མདུན་བསྐྱེད་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོས་མཆོད༔ ནོངས་པ་བཤགས༔ དངོས་གྲུབ་བསྐུལ་ཞིང་སྔགས་མང་དུ་བཟླས་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་དངོས་གྲུབ་ཐམས་ཅད་ལྷ་སྔགས་འོད་ཟེར་གྱི་རྣམ་པར་བྱུང༔ དངོས་གྲུབ་ཀྱི་འཁོར་ལོ་དང་བནྡྷའི་རྫས་ལ་ཐིམ་པས་དངོས་གྲུབ་ཀྱི་གཏེར་ཆེན་པོར་བསམ་ལ་གནས་གསུམ་དུ་བླང༔ ཐོད་རྫས་བཅུད་ལེན་གྱི་མར་དང་སྦྱར་ཏེ་ཡུན་དུ་བརྟེན༔ ཙཀྲ་འབྲལ་མེད་དུ་འཆང་བས་དངོས་གྲུབ་ཀྱི་ནུས་པ་མཆོག་ཏུ་ཐོབ་ཅིང་བརྟན་པར་འགྱུར་རོ༔ དེ་ནི་དངོས་གྲུབ་བླང་བའི་ཐབས་སོ༔ མདུན་རྟེན་ལ་བརྟན་བཞུགས་བྱ་ཞིང་སྦས་ཏེ་འཆང་ངོ༔ བཞི་པ་སྒྲུབ་པ་མ་ཐེམ་པའི་སྐྱོན་ནི༔ ཡེ་ཤེས་ལྷའི་ཐུགས་རྒྱུད་འཁུལ་མི་ནུས་ཤིང༔ ལས་ཀྱི་དངོས་གྲུབ་ལས་རིང་དུ་འགྱུར་རོ༔ ལྔ་པ་ཐེམས་པའི་ཡོན་ཏན་ནི༔ དེ་ལས་ལྡོག་སྟེ༔ ཡེ་ཤེས་ཀྱི་ཐུགས་དམ་བསྐུལ་བས་བྱིན་རླབས་རང་དབང་མེད་པར་ཞུགས་ཤིང༔ ལས་བརྩམས་པས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རྩོལ་མེད་དུ་འགྲུབ་པར་འགྱུར་བ་ཉིད་དོ༔ ས་མ་ཡ༔ ༈ གསུམ་པ་ལས་ཀྱི་སྦྱོར་བ་ལ་ལྔ་སྟེ༔ དང་པོ་ལས་སྦྱོར་ཉིད་ཇི་ལྟར་ཡིན་པ་ནི༔ རྒྱུད་ལས༔ མངོན་དུ་བྱེད་པ་ལས་སྦྱོར་སྟེ༔ ཞེས་པས་བསྙེན་པ་དང་སྒྲུབ་པས་དངོས་གྲུབ་ཀྱི་གཞི་བཏིང་བ་ཉིད༔ སྒོ་གསུམ་གྱི་བྱ་བས་ལས་ལ་སྦྱར་བ་ལ་བརྟེན་དངོས་གྲུབ་མངོན་དུ་བྱ་བ་ནི་ལས་སྦྱོར་རོ༔ གཉིས་པ་ལས་སྦྱོར་གྱི་རྟེན་བཅའ་བ་ལས་ཀྱི་གཙོ་བོའི་དབང་དུ་བྱས་ཏེ༔ བསྒྲུབ་བྱ་དམིགས་ཀྱིས་བསལ་བ་དབང་དུ་བསྡུ་ན༔ མདུན་དཀྱིལ་གྱི་འོག་ཏུ་ལས་ཁུང་དམར་པོ་ཟླ་གམ་བྲུ༔ དེའི་ནང་དུ་གང་དབང་དུ་བྱ་བའི་བསྒྲུབ་བྱའི་ཟག་རྫས་ལས་རཱུ་པ་དངོས་དང་འདྲ་བར་བཅོས༔ སྙིང་གར་པདྨ་དམར་པོ་ཆུང་ངུའི་ལྟེ་བར་སྲོག་གི་དྭངས་མའི་མཚོན་བྱེད་ཧྲཱི༔ འདབ་བརྒྱད་ལ་ཚོགས་བརྒྱད་ཀྱི་མཚོན་རྟེན་ནྲྀ་ཡིག༔ གོང་རས་ལ་དམིགས་བྱའི་མིང་རུས་སོགས་གསལ་བར་བྲིས་པའི་མཐར༔ ནྲྀ་ཨཱ་ཀརྵཱ་ཡ་ཛཿབཱ་ཤཾ་མ་ན་ཡ་ཧོ༔ མུ་ཁྱུད་ལ་བསྙེན་སྒྲུབ་ལས་སྔགས་སྦྲེལ་བས་མནན༔ རིལ་བུ་དང་ཟག་རྫས་བསྲེས་པས་བྱུགས་པ་གཞུག༔ དེའི་སྙིང་གའམ་སྐྱེ་གནས་སུ་ཟངས་ཁབ་སོར་བཞི་པ་པདྨ་རཀྟས་ངར་བཏགས་པ་བཙུགས་པའི་མིག་ནས་གཞོན་ནུ་མས་བཀལ་བའི་སྲད་བུ་དམར་པོ་དྲངས་ཏེ་མདུན་རྟེན་གྱི་སྐུའི་ཕྱག་གི་མདེའུའི་ཐད་དུ་གདགས༔ མདུན་རྟེན་སྲོག་འཁོར་རང་གི་ལུས་ལ་བཅང་ངོ༔ གསུམ་པ་ལས་ཀྱི་ཐབས་ལ་མདུན་རྟེན་གྱིས་ལས་ལ་སྦྱར་བ༔ སྦྱིན་སྲེག་གིས་ལས་ལ་སྦྱར་བ༔ ཏིང་ངེ་འཛིན་ཁོ་ནས་ལས་ལ་སྦྱར་བའོ༔ དང་པོ་ནི༔ བདག་མདུན་གྱི་བསྙེན་སྒྲུབ་གཏོར་མ་འབུལ་བ་སོགས་སྔོན་དུ་འགྲོ་བས༔ མདུན་གྱི་ལས་ཁུང་དམར་པོ་ཟླ་གམ་འབར་ཞིང་ཆགས་པའི་འོད་ཟེར་འབུམ་ཕྲག་འཁྲིགས་པའི་དབུས་སུ་བསྒྲུབ་བྱ་ཉིད་འདར་ཞིང་ཆགས་པའི་རྣམ་འགྱུར་ཅན་མངོན་སུམ་བཞིན་དུ་གསལ་བར་བལྟས་ལ༔ མ་ད་ནའི་ཕུད་རྒོད་དབང་གི་རིལ་བུའི་རྫས་ཀྱིས་བྲན་པ་བྱིན་གྱིས་བརླབས་པ་ཕུལ༔ དབང་གི་བདུག་རྫས་གཏུལ༔ གདུང་བའི་ཤུགས་བསྐྱེད་དེ༔ ཧྲཱི༔ རྗེས་ཆགས་བདེ་ཆེན་འོད་དམར་པོ༔ མཁའ་ཁྱབ་འབར་ཞིང་ཆགས་པ་ཡི༔ རབ་འབྱམས་དབང་གི་ཕོ་བྲང་ནས༔ དབང་མཛད་པདྨ་རིག་བྱེད་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་ལས་ལ་བསྐུལ་ལགས་ཀྱི༔ མ་ཉམས་ཕུད་ཀྱི་མཆོད་པ་དང༔ དབང་གི་དམ་རྫས་འདི་བཞེས་ལ༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ འབར་ཞིང་ཆགས་པའི་གཟི་བྱིན་སྐྱེད༔ འོད་དམར་ལྕགས་ཀྱུ་རྣོན་པོ་ཡིིས༔ དམིགས་བྱའི་སྙིང་ནས་དབང་མེད་དྲོངས༔ ཞགས་པས་ཆིངས་ཤིག་སྒྲོག་གིས་སྡོམས༔ རཀྟ་འབར་བས་མྱོས་སུ་ཆུགས༔ སྔགས་ཀྱི་ཅང་ཏེའི་སྒྲ་བསྒྲགས་པས༔ རླུང་དམར་འཁྲུགས་པའི་དྲྭ་བར་ཆུགས༔ སྐད་ཅིག་བར་སྣང་གློག་འཁྱུགས་བཞིན༔ སྒྲུབ་པའི་གནས་འདིར་མྱུར་དུ་ཁུག༔ དམིགས་པའི་རྟེན་ལ་དབྱེར་མེད་སྟིམས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྒྲུབ་སྔགས་ཀྱི་མཐར་ཆེ་གེ་མོའི་ཙིཏྟ་རཾ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཡཾ་ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཧྲཱིཿཛཿཧཱུྃ་བཾ་ཧོ༔ ཞེས་དྲག་ཏུ་བརྗོད༔ རོལ་མོའི་སྒྲ་དང༔ དར་དམར་པོས་གཡབ་གཡུག་འདོར༔ སླར་ཡང་བདེན་སྟོབས་བརྗོད་པས་ཀྱང་བཀུག་ནས་དམིགས་པ་ཤིན་ཏུ་གསལ་བའི་ངར་དང་ལྡན་པས་གོང་གི་དགུག་སྔགས་ཁོ་ན་ཐུན་དུ་གཅད་ལ་བཟླས་པས་ཁུག་པའི་རྟགས་མཐོང་བར་བྱའོ༔ དེ་ནས་ལས་སྦྱོར་དངོས་ནི༔ རཱུ་པ་དམིགས་བྱ་དངོས་ཤིན་ཏུ་ཆགས་ཤིང་འདུན་པས་ཐལ་མོ་སྦྱར་ཏེ་རང་ལ་རྩེ་གཅིག་ཏུ་མིག་རྗེས་ཆགས་ཟིམ་བུའི་ཚུལ་གྱིས་འཁོད་པའི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་རྣམ་ཤེས་ཀྱི་དྭངས་མ་ནྲྀ་ཡིག་གི་ཁོག་པར་ཧྲཱིཿདམར་པོ༔ འདབ་མ་བརྒྱད་ལ་ཚོགས་བརྒྱད་ཀྱི་རང་གཟུགས་ཨཱ་ལི་འབྲུ་གཉིས་རེ་བཅས་འདར་ཞིང་གཡོ་བའི་རྣམ་པ་ཅན་དུ་གྱུར་པར་བསམ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་ཀའི་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་ལས་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པས་སྐུའི་ནང་ཁེངས༔ སྤྱན་གསུམ་རྗེས་ཆགས་སུ་གཟིགས་པའི་ལམ་ནས་རྡོ་རྗེ་ཆགས་པའི་ཡེ་ཤེས་ཨཱཾ་ཡིག་དམར་པོ་འོད་དང་བཅས་པར་སྤྲོས༔ བསྒྲུབ་བྱའི་མིག་གཉིས་སུ་ཞུགས་པས་མིག་གི་རྣམ་ཤེས་ཆགས་པའི་ཀུན་རྟོག་རབ་ཏུ་གཡོས་ཏེ་བདག་ཉིད་མཐོང་བའམ་བདག་གིས་ཡུལ་དེ་མཐོང་བ་ཙམ་གྱིས་དབང་དུ་བྱེད་པའི་རྟེན་འབྲེལ་བསྒྲིགས་པར་བསམ༔ དེ་བཞིན་སྙན་གཉིས་ལས་ཤཾ་ཡིག་དམར་པོ་འོད་དང་བཅས་པ་སྤྲོས༔ བསྒྲུབ་བྱའི་རྣ་བ་གཉིས་སུ་ཞུགས་པས་བདག་གི་སྐད་ཐོས་པ་ཙམ་གྱིས་དབང་དུ་གྱུར༔ ཤངས་བུག་གཉིས་ལས་གཾ་དམར་པོ་འོད་དང་བཅས་པ་སྤྲོས༔ སྣ་བུག་གཉིས་ནས་ཞུགས་པས་བདག་གི་དྲི་ཚོར་བ་ཙམ་གྱིས་དབང་དུ་གྱུར༔ ལྗགས་ལས་རཾ་ཡིག་དམར་པོ་འོད་དང་བཅས་པ་སྤྲོས༔ ལྕེའི་འདོམ་རྩར་ཞུགས་པས་བདག་གིས་བྱིན་པའི་བཟའ་བཏུང་སོགས་ཀྱི་རོ་མྱང་བ་ཙམ་གྱིས་དབང་དུ་གྱུར༔ དཔྲལ་བ་ནས་སྤཾ་ཡིག་དམར་པོ་འོད་དང་བཅས་པ་སྤྲོས༔ དཔྲལ་བར་ཞུགས་པས་བདག་གིས་ལུས་ལ་རེག་པ་ཙམ་གྱིས་དབང་དུ་གྱུར༔ ཐུགས་ནས་དྷཾ་ཡིག་དམར་པོ་སྤྲོས༔ བསྒྲུབ་བྱའི་སྙིང་གར་ཞུགས་ཤིང་ཐིམ་པས་ཡིད་དབང་མེད་དུ་བསྒྱུར་ཏེ་བདག་ཉིད་ཁོ་ན་ལ་འདུན་ཅིང་ཆགས་པའི་ཀུན་རྟོག་དྲག་ཏུ་གཡོས༔ བདག་གིས་ཀྱང་ཡུལ་དེ་ཉིད་ཡིད་ལ་དྲན་པ་ཙམ་གྱིས་དབང་དུ་བྱེད་པའི་རྟེན་འབྲེལ་བསྒྲིགས་པར་བསམ་ལ༔ སྒྲུབ་པའི་སྔགས་ཀྱི་མཐར་ཆེ་གེ་མོ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲྀ་ད་ཡ་ཧྲྀ་ད་ཡ༔ ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བྷནྡྷ་ཡ་བྷནྡྷ་ཡ༔ བཱ་ཤཾ་མ་ན་ཡ་བཱ་ཤཾ་མ་ན་ཡ༔ སཉྩ་ཡ་སཉྩ་ཡ༔ མ་ད་ན་ཡ་མ་ད་ན་ཡ༔ སརྦ་ཀརྨ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཟླའོ༔ དེ་ནི་དབང་སྡུད་ཀྱི་གཞི་བཅའ་བའི་ལས་སྦྱོར་རོ༔ སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་རྒྱུད་བསྐུལ༔ སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་རྗེས་ཆགས་འབར་ཞིང་རྣོ་བའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྱི་བོ་ནས་གཡོན་སྐོར་གྱིས་སྙན་གཡས་པ་ནས་ཕར་སོང༔ ཕྱག་གི་མདའི་ལྟོང་ནས་བརྒྱུད༔ མདེ་འུའི་པདྨོ་མཆོག་ཏུ་རྒྱས་པའི་ནང་ནས་ཐོན༔ བསྒྲུབ་བྱའི་རྣ་བ་གཡས་པ་ནས་ཞུགས༔ མགོ་བོའི་ནང་གཡས་སུ་བསྐོར་ཏེ་དབུས་ཀྱི་ཧཾ་ལ་རེག་པས་བདེ་ཕྲིལ་གྱིས་སོང༔ དེ་ལས་ཁམས་འཛག་པ་དང་འོད་ཟེར་ལྷན་ཅིག་སྙིང་གའི་འཁོར་ལོ་ལ་ཐིམ་པས་ཆགས་པའི་བདེ་བ་བཟོད་མེད་དུ་འབར༔ འོད་ཟེར་ཚུར་ལྡོག་པ་དང་ཚོགས་བརྒྱད་དྭང་མ་དང་བཅས་པའི་རྟེན་གྱི་ཡི་གེ་རྣམས་ཀྱི་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བླངས་ཏེ་འོད་ཟེར་ཁམས་དང་བཅས་པ་མགོའི་ནང་ནས་གཡོན་དུ་བསྐོར་ཏེ་རྣ་བ་གཡས་པ་ནས་བརྒྱུད༔ རང་ཉིད་ལྷ་མོར་གསལ་བའི་ཕྱག་གི་མདེའུ་རྩེ་མོ་ནས་བརྒྱུད༔ ལྟོང་ནས་ཐོན་པ་རྣ་བ་གཡས་པ་ནས་བརྒྱུད༔ མགོ་བོའི་ནང་གཡས་སུ་བསྐོར་ཞིང་སྙིང་གའི་ཧྲཱིཿལ་ཐིམ་པས་བསྒྲུབ་བྱའི་ཚོགས་བརྒྱད་ཀྱི་རྟོག་པ་དྭངས་མ་དང་བཅས་པ་རང་སེམས་དང་དབྱེར་མེད་པར་དབང་དུ་བྱས་ཏེ་ནམ་ཡང་མི་འབྲལ་བར་མོས་ལ་སྔགས་བཟླ༔ དེ་ནི་དབང་གི་ལས་སྦྱོར་དངོས་གཞི་འོ༔ མཐར་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་དམར་པོའི་ལྕགས་ཀྱུ་རླུང་གི་ཤུགས་དྲག་ཏུ་གཡོ་བ་འཕྲོས༔ མདུན་གྱི་བསྒྲུབ་བྱའི་སྙིང་གའམ་སྐྱེ་གནས་སུ་ཐལ་གྱིས་ཞུགས༔ སྙིང་ག་དང་སྐྱེ་གནས་ཀྱི་རྩ་འཁོར་དྲག་ཏུ་དཀྲུགས་པས་འདུན་ཅིང་ཆགས་པ་བཟོད་མེད་དུ་འབར་བས་ལུས་དམར་ལམ་གྱིས་སོང༔ རླུང་དམར་གྱི་དྲྭ་བར་བསྟུམས་ནས་གློག་འཁྱུགས་པ་ལྟར་དྲངས༔ རང་གི་གསང་བ་ནས་ཞུགས༔ རྗེས་སུ་ཆགས་པའི་མེས་ཞུ་ནས་སྙིང་གའི་ཧྲཱིཿལ་ཐིམ་པས་ཡུལ་ཡུལ་ཅན་དབྱེར་མེད་བདེ་བ་ཆེན་པོའི་ངང་དུ་འདུས་ཤིང་མི་ཕྱེད་པར་བསམ་ལ་སྔགས་བཟླ་འོ༔ དེ་ནི་དབང་གི་ལས་གྲུབ་པ་བརྟན་པར་བྱ་བ་འོ༔ སླར་ཡང་བདག་མདུན་བསྒྲུབ་བྱ་སོགས་སྔར་བཞིན་གསལ་བས་དམིགས་པ་ཡང་ནས་ཡང་དུ་བྱ༔ དེ་ལྟར་ཐུན་བཞིར་བཅད་དེ་ཞག་བདུན་སོགས་དབང་དུ་འདུས་ངེས་པའི་རྟགས་མ་བྱུང་གི་བར་བསྒྲུབ་བོ༔ དེ་ནི་མདུན་རྟེན་ལ་བརྟེན་པའི་ལས་སྦྱོར་རོ༔ གཉིས་པ་སྦྱིན་སྲེག་གི་ལས་སྦྱོར་ནི༔ དབང་གི་ཐབ་དང་བུད་ཤིང༔ བསྲེག་རྫས་མར་ཁུ་ཡམ་ཤིང༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་གཙོ་བོར་གྱུར་པའི་དབང་གི་རིལ་བུའི་རྫས་ཇི་ལྟར་རྙེད་པ་མཆོད་གཏོར་དང་བཅས་པ་བཤམས་ཤིང་བྱིན་གྱིས་བརླབ༔ སྨད་འཚོང་མའི་ལག་ནས་བྱུང་བའི་མེ་སྦར་ཞིང༔ འབར་བའི་དབུས་སུ་ལྷ་མོ་འཁོར་བཅས་བསྐྱེད་པ་ནས་བསྟོད་ཅིང་བཤགས་གསོལ་གྱི་བར་བྱ༔ བྱོན་སྐྱེམས་སྔོན་དུ་འགྲོ་བས་ཡམ་ཤིང་མར་ཁུ་དང༔ ཁྱད་པར་དབང་གི་རྫས་གཙོ་བོར་འབུལ༔ སྔགས་ནི༔ སྒྲུབ་སྔགས་ཀྱི་ཤམ་བུར༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཆེ་གེ་མོ་ཝཱ་ཤཾ་མ་ན་ཡ་ཧོ༔ ཞེས་སོ༔ མཐར་མཆོད་བསྟོད་གཏོར་འབུལ་བྱ༔ བྱོན་སྐྱེམས་དང་གོས་ཟུང་དམར་པོ་འབུལ༔ འདོད་དོན་གསོལ༔ ལས་འགྱངས་ན་མདུན་གྱི་རཱུ་པ་ལ་དམིགས་བྱ་བསྐྱེད་བསྟིམས་དངོས་སུ་གསལ་བ་མེ་འོད་དུ་ཞུ་ལ་ཁད་དུ་བསྲོ་ཞིང༔ རྗེས་ཆགས་ཀྱི་མེས་གདུངས་པས་དམར་ལམ་གྱིས་སོང་སྟེ་རང་དབང་མེད་པར་དབང་དུ་འདུས་པར་བསམ༔ མེ་ལྷ་ཡེ་ཤེས་པ་རང་ལ་བསྟིམས་པས་ནུས་པ་བསྐྱེད༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་ཐལ་བ་དམིགས་བྱ་ལ་གཏོར་བའམ༔ ཕྱོགས་དེར་འབབ་པའི་ཆུའམ་རླུང་ལ་བསྐུར་རོ༔ དེས་ནི་ལས་མྱུར་དུ་ཚར་ཕྱིན་པར་འགྱུར་རོ༔ གསུམ་པ་ཏིང་ངེ་འཛིན་ཁོ་ནས་ལས་ལ་སྦྱར་བ་ནི༔ མདུན་རྟེན་ལ་མ་ལྟོས་པར༔ བདག་གི་རྣལ་འབྱོར་ཁོ་ནས་དམིགས་བྱ་གསལ་བ༔ འགུགས་པ༔ དབང་སྡུད་ཀྱི་གཞི་བཅའ་བ་སོགས་ཀྱི་དམིགས་པ་རྣམས་གསལ་ཞིང་དྲག་ལ་ཡུན་རིང་བར་བསྒོམ་ཞིང་སྔགས་བཟླས་པས་ཀྱང་རྣལ་འབྱོར་བ་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་ལས་ཚེགས་མེད་པར་འགྲུབ་པར་འགྱུར་རོ༔ འདི་དག་གི་སྐབས་སུ་རིལ་བུའི་རྫས་དྲི་དང་སྦྱར་ཏེ་བདུག༔ མ་ད་ན་དབང་གི་རྫས་དང་བཅས་པའི་ཕུད་ཀྱིས་མཆོད་ཅིང་ཐུགས་དམ་བསྐུལ་བ་ཡང་ནས་ཡང་དུ་བྱ་བའང་རྣོ་ལ་ངར་གྱིས་བཏགས་པ་བཞིན་ནོ༔ དེ་རྣམས་ནི་བསྒྲུབ་བྱ་གཅིག་ལ་ཐོག་མར་དབང་གི་དངོས་གྲུབ་བླང་བའི་ཚུལ་གྱིས་དམིགས་བསལ་གྱི་ལས་སྦྱོར་རོ༔ ལས་ངེས་པར་གྲུབ་ནས་ཙཀྲ་འོ་མས་བཀྲུ༔ རཱུ་པ་བསྒྲུབ་བྱ་ལ་བྱུགས་པའམ་ཁ་ཟས་དང་སྦྱར་ཏེ་སྦྱིན་པ་སོགས་ལས་འགྲོལ་བའི་ཆོ་གའང་བྱའོ༔ ࿊ སྤྱིར་བཏང་གི་ལས་སྦྱོར་ནི༔ བདག་མདུན་བསྐྱེད་བཟླས་གཏོར་མ་འབུལ་བ་ཐུགས་དམ་བསྐུལ་བ་རྣམས་ཇི་སྐད་བཤད་པ་བཞིན་སྔོན་དུ་འགྲོ་བས༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ བདག་མདུན་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་འཁོར་དང་བཅས་པ་ལས་འོད་ཟེར་དམར་པོ་རྗེས་ཆགས་བདེ་བ་ཆེན་པོའི་རང་བཞིན་རླུང་དམར་ལྟར་འཚུབས་ཤིང་འཁྱིལ་བས་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཁྱབ༔ ཁམས་གསུམ་ཐམས་ཅད་འདར་ཞིང་གཡོས༔ སྲིད་གསུམ་ལྷ་ཀླུ་གནོད་སྦྱིན་མིའི་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་ག་དང་སྐྱེ་གནས་ནས་ཞུགས༔ ལུས་སེམས་ལ་ཁྱབ༔ ཆགས་བསྐྱེད་ཡིད་བསྒྱུར་དབང་དུ་འདུས༔ ཉི་ཟླ་ནོར་བུ་སྨན་དང་ནགས་ཚལ༔ འབྱུང་བ་བཞི༔ རིག་སྔགས་གྲུབ་པའི་ནུས་པ་སོགས་འཁོར་འདས་བརྟན་གཡོའི་དཔལ་དང་གཟི་བརྗིད་བཅུད་དང་དྭངས་མ་ཐམས་ཅད་འོད་དམར་པོའི་རྣམ་པར་འུབས་ཀྱིས་བསྡུས་ཏེ་རང་སྲོག་ས་བོན་སྔགས་དང་བཅས་པ་ལ་ཐིམ་པས་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་ནས་རབ་འབྱམས་དབང་གི་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་སྔགས་ཀྱི་ཆེ་གེ་མོའི་གནས་སུ་སརྦ་ལོ་ཀ་སྤེལ་བ་བཟླ༔ དེ་ལྟ་བུའི་རིམ་པས་དངོས་ཉམས་རྨི་ལམ་དུ་སྣང་སྲིད་འདུ་བ༔ འོད་དམར་འཁྱུགས་པ༔ རྙེད་པ་ཆེན་པོ་གློ་བུར་དུ་འབྱུང་བ༔ གཟི་བརྗིད་དང་བརྟུལ་ཞུགས་བསོད་ནམས་དབང་ཐང་རྩོལ་མེད་དུ་སྐྱེ་བ་སོགས་རྟགས་མཐོང་བའི་བར་དུ་བརྩོན་པས་དབང་གི་ལས་བསམ་པ་ཙམ་གྱིས་འགྲུབ་པའི་དངོས་གྲུབ་ཀྱི་མཐུ་ཆེན་པོ་ཐོབ་པར་འགྱུར་རོ༔ ࿊ གཞན་ཡང་དབང་གི་ལས་སྦྱོར་ཕྲན་ཚེགས་གློ་བུར་དུ་བསྒྲུབ་པ་ནི༔ རྫས་ཀྱི་རིལ་བུ་མིག་རྩི་ལ་བཏབ་སྟེ་མིག་ལ་བྱུག༔ སིནྡྷུ་ར་ལ་བཏབ་སྟེ་དཔྲལ་བར་ཐིག་ལེ་བྱས་ན་གང་མཐོང་བ་ཐམས་ཅད་དབང་དུ་འགྱུར་རོ༔ རྔ་དང༔ དུང་དང༔ ཆ་ལང་ལ་བཏབ་སྟེ་དཀྲོལ་བས་ཐོས་ཚད་དབང་དུ་བྱེད་དོ༔ རིལ་བུ་དང་དྲིའི་རྫས་སྦྱར་བ་ལ་བཏབ་སྟེ་བདུགས་ན་ཚོར་ཚད་ཐམས་ཅད་དབང་དུ་འགྱུར་རོ༔ བུ་རམ་དང༔ སྦྲང་རྩི་དང༔ ཤ་ཁ་ར་དང༔ རྒུན་འབྲུམ་སོགས་མངར་སྐྱུར་སྣུམ་པའི་བཟའ་བ་དང༔ ཁྱད་པར་མ་ད་ན་ལ་རང་གི་ཁམས་དང་རིལ་བུའི་རྫས་སྦྱར་ཏེ་སྔགས་བཏབ་པ་གང་གི་ཁོང་དུ་སོང་བ་ཙམ་གྱིས་ཡིད་རང་དབང་མེད་པར་སྒུལ་བར་འགྱུར་རོ༔ ལག་པ་ལ་རིལ་བུའི་རྫས་དང་ག་པུར་གྱིས་བྱུགས་ཏེ་སྔགས་བཏབ་ལ་གང་གི་ལུས་སམ་སྐྲ་ལ་རེག་པས་ཀྱང་འདུ་ཤེས་བསྒྱུར་ཞིང་དབང་དུ་བྱེད་དོ༔ དེ་ལྟར་ན་དེ་རྣམས་ནི་ཐུན་མོང་གི་ལས་སྦྱོར་རོ༔ ࿊ མཆོག་གི་ལས་སྦྱོར་ནི༔ སྒྲུབ་པ་པོ་བདག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ལྷ་སྐུའི་གསལ་སྣང་དང་བཟླས་བརྗོད་ཅི་རིགས་པ་སྔོན་དུ་འགྲོ་བས༔ རང་གི་མིག་ཏུ་ཨཱཾ་ཡིག་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་མཆོག་ཏུ་འབར་བས་ཡུལ་གཟུགས་ཀྱི་སྣང་བ་ཐམས་ཅད་ལ་ཁྱབ༔ དེ་ཐམས་ཅད་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ༔ མིག་གི་ཨཱཾ་ལ་ཐིམ༔ ཡུལ་དང་ཤེས་པ་དབྱེར་མེད་པའི་ཚུལ་གྱིས་དབང་དུ་གྱུར༔ དེ་བཞིན་དུ་རྣ་བའི་འདོམ་རྩར་ཤཾ་དམར་པོ་བདེ་བ་ཆེན་པོའི་འོད་ཀྱིས་སྒྲར་གྲགས་པའི་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་ཤཾ་ལ་ཐིམ༔ སྣའི་འདོམ་རྩར་གཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་དྲིར་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་གཾ་ལ་ཐིམ༔ ལྕེའི་འདོམ་རྩར་རཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་རོར་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་རཾ་ལ་ཐིམ༔ དཔྲལ་བའི་དབྱེས་སུ་སྤཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་རེག་ཏུ་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་སྤཾ་ལ་ཐིམ༔ སྙིང་གའི་དབུས་སུ་དྷཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་ཆོས་སུ་འཛིན་པ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་དྷཾ་ལ་ཐིམ༔ དེ་ལྟ་བུའི་རིམ་པས་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ཚུལ་གྱིས་དབང་དུ་གྱུར་པར་བསམ་ལ༔ གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ དྲི་ཚོར་སྟོང༔ རོ་མྱང་སྟོང༔ རེག་བདེ་སྟོང༔ ཡིད་རིག་སྟོང་དུ་ཤེས་པས་བདེན་གཉིས་དབྱེར་མེད་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག༔ སྐབས་སུ་བོགས་འབྱིན་པའི་སླད་རང་དང་སྣང་བ་ཐམས་ཅད་པདྨ་ཌཱ་ཀི་ནཱིར་གསལ་བ་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་དབང་དུ་བྱས་ཏེ་ང་རྒྱལ་བརྟན༔ དེ་ནི་སྣང་བ་དབང་དུ་བྱེད་པ་བུམ་དབང་གི་ལམ་མོ༔ ལུས་གནད་ཆུན་བཙལ་ལ་རླུང་དུག་བསལ༔ རང་ཉིད་པདྨ་ཌཱ་ཀི་ནཱིའི་ལུས་ནང་རྩ་འཁོར་དང་བཅས་པའི་ལྟེ་བར་ཧྲཱིཿདམར་པོ་འབར་བ་ལ་རླུང་སེམས་བསྡུས་ཏེ་འཇོག༔ དེ་ནས་རླུང་ཕྱིར་བསལ་བ་དང་ལྷན་ཅིག་ཧྲཱིཿལས་བདེ་བ་ཆེན་པོའི་འོད་ཟེར་མེ་ལྕེ་ལྟར་འབར་ཞིང་འཁྱུགས་པ་རོ་རྐྱང་གི་ལམ་བརྒྱུད་སྣ་བུག་ནས་ཐོན༔ འཁོར་འདས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ་པར་ཞུགས་པས་བདེ་བ་ཆེན་པོའི་ངོ་བོར་ཤིག་ཤིག་མེར་མེར་གཡོས་ཤིང་འོད་དམར་པོར་ལམ་སྟེ་ཞུ་བ་རླུང་ནང་དུ་རྔུབས་པ་དང་མཉམ་དུ་འགྲོགས་ཏེ་བྱུང༔ ལྟེ་བའི་ཧྲཱིཿལ་ཐིམ་པས་རླུང་སེམས་མི་ཤིགས་པའི་ཐིག་ལེར་དབང་དུ་བྱས་པར་བསམ་ལ་ཀུམྦྷ་ཀ་ཁ་སྦྱོར་དུ་འཆིང༔ དགང་ཞིང་གཞིལ༔ མཐར་རླུང་ཕྱིར་འཕང་བ་དང་མཉམ་དུ་སྣོད་བཅུད་ཐམས་ཅད་ཀྱང་སྔར་བཞིན་དུ་གསལ་བར་བསམ་ལ་སྣང་སྟོང་འཛིན་བྲལ་ཡུལ་ཤེས་དབྱེར་མེད་ཀྱི་ངང་དུ་གསལ་བའི་ངར་བསྐྱེད༔ སྟོང་པས་རྒྱས་གདབ༔ ཟུང་འཇུག་གི་གནད་ནས་བཟུང་སྟེ་ཡང་ནས་ཡང་དུ་བསྐྱར༔ སྐབས་སུ་བོགས་འབྱིན་པའི་སླད་ཡུལ་སྣ་ཚོགས་ཀྱི་འདོད་ཡོན་བླང་དོར་དང་བྲལ་བར་བརྟེན་ནས་བརྟུལ་ཞུགས་བསྐྱང་ངོ༔ དེ་ནི་སྟོང་པ་དབང་དུ་བྱེད་པ་གསང་དབང་གི་ལམ་མོ༔ དེ་ནས་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་དཀར་པོ༔ སྙིང་གར་ཧྲཱིཿདམར་པོ༔ ལྟེ་བར་ཨ་ཐུང་དམར་པོ་ཤད་ཀྱི་རྣམ་པ་ཅན་དགོད༔ རླུང་གི་སྦྱོར་བས་ཨ་ཤད་ལས་མེ་ཤིན་ཏུ་ཕྲ་བ་འབར༔ འཁོར་ལོ་བཞི་གང༔ ཧཾ་ལ་རེག་པས་བདེ་བའི་ཉམས་འབར༔ འོད་དམར་སེར་ཁྱུགས་སེ་སྣ་བུག་ནས་ཐོན༔ འཁོར་འདས་བརྟན་གཡོ་ཐམས་ཅད་བསྲེགས་པའི་དྭངས་མ་བདུད་རྩི་དམར་པོའི་རྣམ་པར་དྲངས༔ སྤྱི་བོའི་ཧཾ་ལ་འདུས༔ དེ་ལས་བདུད་རྩི་དཀར་དམར་གྱི་མདངས་ཅན་ནར་གྱིས་བབས་པས་འཁོར་ལོ་བཞི་གང༔ སད་པ་དང༔ རྨི་ལམ་དང༔ གཉིད་མཐུག་དང༔ སྙོམས་འཇུག་གིས་བསྐྱེད་པའི་ཡུལ་ཡུལ་ཅན་ཐ་དད་གཟུང་འཛིན་གྱི་རྟོག་པ་སྦྱངས་ཏེ་སྣང་སེམས་དབྱེར་མེད་ཀྱི་ངང་དུ་འཁོར་འདས་ཐམས་ཅད་དབང་དུ་གྱུར༔ དགའ་བ་བཞིའི་ཡེ་ཤེས་སྐྱེས༔ རྡོ་རྗེ་བཞིའི་ནུས་པ་བསྐྱེད་པར་བསམ༔ སླར་ཡང་འབར་བ་དང་འཛག་པའི་དམིགས་པ་ཡང་ཡང་བསྐྱར་ཞིང་རླུང་དང་འབྲེལ་བར་ཉམས་སུ་བླང༔ བདེ་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག༔ སྐབས་སུ་བོགས་འབྱིན་པའི་ཕྱིར་པདྨ་མཁའ་འགྲོ་མའི་རིགས་ལས་སྐྱེས་པའི་མཚན་ལྡན་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་འཛག་མེད་ཀྱི་བདེ་བ་ལམ་དུ་ཁྱེར་ཞིང་སྤྱོད་པ་བསྐྱང་ངོ༔ དེ་ནི་བདེ་ཆེན་དབང་དུ་བྱེད་པ་དབང་གསུམ་པའི་ལམ་མོ༔ དེ་དག་གི་སྐབས་སུ་བརྟན་གཡོ་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཌཱ་ཀི་ནཱི་བདེན་པ་གཉིས་དབྱེར་མེད་པའི་གནས་ལུགས༔ ཐོག་མར་སྐྱེ་བ་དང༔ དབུས་སུ་གནས་པ་དང༔ མཐའ་འགགས་པ་ལྟར་སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་ཤེས་པས༔ འཁོར་འདས་གཟུང་འཛིན་བདག་གཞན་དུ་ལྟ་བའི་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ལས་འདས་པ་རང་རིག་གཉུག་མ་ཁྱབ་གདལ་གྱི་ངང་དུ་ལྷུག་པར་བཞག༔ སྐབས་སུ་བོགས་འབྱིན་པའི་ཕྱིར་སྣང་སེམས་རོ་གཅིག་པའི་ངང་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་སྤྱད་པར་བྱ་འོ༔ དེ་ནི་དོན་གྱི་ཡེ་ཤེས་དབང་དུ་བྱེད་པ་དབང་བཞི་པའི་ལམ་མོ༔ དེ་ལྟར་ཉམས་སུ་བླངས་པས་རྩ་རླུང་ཐིག་ལེ་རང་དབང་དུ་འདུས་ཏེ་སྒྲིབ་བྲལ་དྭངས་མ་རིག་པ་འཛིན་པའི་གཟུགས་སུ་འགྱུར༔ སྣང་བ་སྒྱུ་མར་རྟོགས༔ ཤེས་པའི་འཁྲུལ་འཁོར་ཞིག༔ སྣང་ཤེས་དབྱེར་མེད་རང་རིག་བདེ་སྟོང་ཟུང་འཇུག་གཉུག་མའི་གནས་ལུགས་མངོན་དུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ༔ དེ་ཁོ་ན་ཉིད་བདེ་བ་ཆེན་པོར་སྒྲུབ་པ་མཐར་ཐུག་མཆོག་གི་ལས་སྦྱོར་རོ༔ བཞི་པ་ལས་ལ་མ་སྦྱར་བའི་སྐྱོན་ནི༔ བསྙེན་ཅིང་བསྒྲུབས་ཀྱང་ལས་ལ་མ་སྦྱར་ན་འདོད་པའི་དངོས་གྲུབ་འཐོབ་པར་མི་འགྱུར་བས་སྒྲུབ་པ་དོན་མེད་པ་སྟེ༔ གསེར་འགྱུར་གྱི་རྩི་བསྒྲུབས་ཟིན་ཀྱང་ལྕགས་སོགས་ཡུལ་ལ་མ་སྦྱར་ན་གསེར་གྱི་དངོས་པོ་མི་ཐོབ་པ་བཞིན་ནོ༔ ལྔ་པ་ལས་ལ་སྦྱར་བའི་ཡོན་ཏན་ནི༔ དེ་ལས་ལྡོག་སྟེ༔ བསྙེན་པས་ཡེ་ཤེས་ཀྱི་ལྷའི་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེས་ཤིང་སྒྲུབ་པས་དབང་དུ་བྱས་ཏེ༔ ལས་ལ་སྦྱར་བས་གནས་སྐབས་ཐུན་མོང་གི་དངོས་གྲུབ་དང༔ མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་བྱེད་པ་སྟེ༔ ལྕགས་ལ་གསེར་འགྱུར་གྱི་རྩིས་ལས་ལ་སྦྱར་པས་རིན་ཐང་ཆེན་པོར་དངོས་སུ་གྲུབ་པ་དང་འདྲ་འོ༔ ༈ བཞི་པ་ལས་སྣ་ཚོགས་སྒྲུབ་པ་ལའང་ལྔ་སྟེ༔ དང་པོ་སྣ་ཚོགས་པའི་ལས་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ གང་འདོད་སྒྲུབ་པ་ལས་སྣ་ཚོགས༔ ཞེས་པས་གདུལ་བྱའི་འདོད་པ་ཐ་དད་པ་ཡོངས་སུ་བསྐང་བའི་ཕྱིར་ཤེས་རབ་འཕེལ་བ་དང༔ འབྱོར་པ་འཕེལ་བ་དང༔ ཚེ་འཕེལ་བ་དང༔ བར་ཆད་ཞི་བ་དང༔ གདུག་པ་ཅན་ཚར་གཅད་པ་སོགས་འདོད་པ་བཞིན་ལས་བྱེད་པ་ནི་ལས་སྣ་ཚོགས་སྒྲུབ་པ་འོ༔ གཉིས་པ་རྟེན་བཅའ་བ་ནི༔ རང་རང་གི་སྐབས་སུ་ཇི་སྐད་འབྱུང་བའི་རྫས་དང་ཡོ་བྱད་རྟེན་འབྲེལ་ཐམས་ཅད་ཚོགས་པར་བྱའོ༔ གསུམ་པ་ལས་སྣ་ཚོགས་པ་སྒྲུབ་པའི་ཐབས་ལ༔ པདྨ་མཁའ་འགྲོ་རིག་བྱེད་རྩལ་དཀར་མོ་ལ་བསྟེན་ནས་ཤེས་རབ་འཕེལ་བར་འདོད་པས༔ མཎྜལ་གྱི་དབུས་སུ་རིན་པོ་ཆེའི་སྣོད་གཙང་མར་རིལ་བུས་དགང༔ ཁ་དར་གྱིས་བཅད༔ མཆོད་གཏོར་སོགས་ཚོགས་པར་བྱ༔ དེ་ནས་སྔོན་འགྲོས་རྒྱུད་སྦྱངས་ཏེ༔ དངོས་གཞིར་བདག་དང་མདུན་གྱི་རིལ་བུ་གཉིས་ཀ་ཌཱ་ཀི་ནཱི་རིག་བྱེད་རྩལ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་རྒྱན་ཆ་ལུགས་ཕྱག་མཚན་སོགས་རྩ་བའི་ལྷ་ཇི་ལྟ་བར་བསྐྱེད་ལ་བྱིན་གྱིས་བརླབ༔ ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར༔ རྣམ་སྣང་གི་རྒྱས་གདབ༔ མཆོད་བསྟོད་སོགས་ཇི་ལྟར་རིགས་པ་བྱས་ལ༔ བདག་མདུན་གྱི་ཐུགས་ཀར་ཟླ་བ་བདུད་རྩིའི་རང་བཞིན་ཡོངས་སུ་གང་བའི་ལྟེ་བར་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་བྱུང༔ ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ལྟེ་བ་ནས་ཐོན༔ རང་གི་ལྟེ་བ་ནས་ཞུགས་ཏེ་བར་མ་ཆད་པར་འཁོར་བ་ལས་འོད་ཟེར་དཀར་བསིལ་བདུད་རྩིའི་སྣང་བ་ཅན་གྱིས་རང་གི་ལུས་ཀྱི་ནང་གང༔ མི་ཤེས་པའི་མུན་པ་བསལ༔ ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱས༔ བར་དུ་འཁོར་བའི་ཚེ་ཤེས་རབ་ཀྱི་བུང་བའི་ཚོགས་མཁའ་ཁྱབ་ཏུ་འཕྲོས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་དང་སྤོབས་པ་མཁྱེན་བརྩེ་ནུས་པའི་ཡེ་ཤེས༔ འཇིག་རྟེན་པའི་ཤེས་རབ༔ ཉི་ཟླའི་སྣང་བ༔ བདུད་རྩིའི་བཅུད༔ ནོར་བུ་དང༔ སྨན་དང༔ སྔགས་ལ་སོགས་པའི་ནུས་པ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་བདག་ལ་ཐིམ་པས་དྲན་པ་དང༔ གཟུངས་དང༔ བློ་གྲོས་དང༔ ཏིང་འཛིན་ལ་སོགས་པའི་ཡེ་ཤེས་ཀྱི་མཐུ་གཅིག་ཅར་དུ་ཐོབ་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་སྨྲྀ་ཏི་མ་ཏི་པྲ་ཛྙཱ་ཧུ་རུ་མེ་སྭཱ་ཧཱ༔ ཞེས་ཁྲི་ཕྲག་གསུམ་ལ་སོགས་པར་བཟླ༔ མཐར་མདུན་གྱི་ལྷ་རིལ་བུའི་རྣམ་པར་བསམ་ལ་ཡར་ངོའི་ཚེས་གཅིག་ནས་གཟུང་ཐོ་རངས་ཀྱི་དུས་སུ་བརྟེན་པས་ཟླ་བ་གཅིག་ན་བརྗེད་ངས་དང་རྨོངས་པའི་མུན་པ་ཞི་ཞིང༔ བློ་གྲོས་མེ་ལྟར་འབར་བར་འགྱུར་རོ༔ རྫས་ནི༔ ཤུ་དག་དཀར་པོ༔ ཙནྡན་དཀར་པོ༔ ནོར་བུ་ཆུ་ཤེལ༔ རྒྱ་སྤོས༔ སྤང་སྤོས༔ ཨ་ག་རུ༔ རུ་རྟ༔ དབང་ལག༔ གི་ཝཾ༔ པི་པི་ལིང༔ པྲི་ཡངྐུ་རྣམས་སྦྲང་རྩི་དང་བ་དམར་མོའི་འོ་མ༔ ར་དཀར་མོའི་འོ་མ་བཅས་ཀྱིས་རིལ་བུ་སྲན་འཕོས་ཙམ་དྲིལ་ལོ༔ ༧ ཡང་འདི་ལ་བསྟེན་ནས་དུག་ཞི་བར་འདོད་པས༔ བདག་གི་རྣལ་འབྱོར་གསལ་བཏབ་ལ༔ ཨ་རུ་ར༔ གི་ཝཾ༔ བྲག་ཞུན༔ རེ་རལ༔ སྤང་སྤོས་རྣམས་ཀྱི་ཕྱེ་མའམ་རིལ་བུ་ལ་སྔགས་ཀྱིས་བཏབ་ནས་བརྟེན་པས་བརྟན་པ་དང་གཡོ་བའི་དུག་ཐམས་ཅད་ཞི་བར་བྱེད་དོ༔ སྔགས་ནི༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསརྦ་བི་ཥ་པྲ་ཤ་མ་ན་སྭཱ་ཧཱ༔ ཞེས་སོ༔ ࿊ མཁའ་འགྲོ་མ་སེར་མོ་ལ་བསྟེན་ནས་བསོད་ནམས་དང་དཔལ་འབྱོར་སྙན་གྲགས་རྒྱས་པར་འདོད་ན༔ མིའི་ནོར་བུ་ཐོད་པ་དཔལ་དང་ལྡན་པའི་ནང་དྲི་སེར་པོས་བྱུགས༔ རིན་ཆེན་འབྲུ་སྨན་དར་ཟབ་སོགས་ཀྱིས་གཏམས༔ འཁོར་ལོ་སེར་པོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བར་འདིའི་སྐུ༔ གོང་རས་ལ་རྒྱས་པའི་སྔགས༔ རྩིབས་བཞི་ལ་ནོར་བུའི་ལྟེ་བར་ཧ་རི་ནི་ས༔ རྩིབས་མཆན་བཞིར༔ མ་ཧཱ་རཏྣ་སརྦ་སིདྡྷི་ཧཱུྃ༔ དྷ་ན་མེ་དྷི་སརྦ་སིདྡྷི་ཧཱུྃ༔ པུཎྱེ་ཛྭ་ལ་སརྦ་སིདྡྷི་ཧཱུྃ༔ ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཧཱུྃ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ་རང་སྔགས་དང༔ ནོར་ལྷ་སྤྱིའི་སྔགས་ཇི་ལྟར་རིགས་པ་དབྱངས་གསལ་རྟེན་སྙིང་གསོལ་བྱང་བཅས་བྲི་ཞིང༔ ནོར་བུའི་ཕྲེང་བ་དང་འོད་ཟེར་སོགས་ཀྱིས་མཛེས་པར་བྱས་ལ་དཔལ་དང་གཡང་ཅན་གྱི་རྫས་དྲི་སེར་པོ་དང་བཅས་པས་བྱུགས་ནས་རིན་པོ་ཆེའི་ཟ་མ་ཏོག་ཏུ་སྦྲང་རྩི་དང་བཅས་ཐོད་པར་གཞུག༔ དེ་ཉིད་དལ་གྱི་དབུས་སུ་བཞག༔ མཆོད་གཏོར་བཤམ༔ བདག་མདུན་མཁའ་འགྲོ་སྐུ་མདོག་གསེར་བཙོ་མའི་མདངས་ཅན་འོད་ཟེར་རབ་ཏུ་རྒྱས་པ་ལ་འཁོར་རིགས་བཞིའི་མཁའ་འགྲོས་བསྐོར་བར་གསལ་བཏབ་ཅིང་བྱིན་གྱིས་བརླབ༔ ཡེ་ཤེས་པ་བཅུག་ཅིང་དབང་བསྐུར༔ རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ༔ མཆོད་བསྟོད་སོགས་བྱ༔ བདག་མདུན་གྱི་ཐུགས་ཀར་ཉི་མ་ལ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་སྟོབས་རྩལ་སྙན་གྲགས་ཀྱི་ནུས་པ་ཐམས་ཅད་འོད་ཟེར་སེར་པོ་ནོར་བུ་སྣ་ཚོགས་པའི་ཆར་འབེབ་བཞིན་པར་སྤྱན་དྲངས་ནས་བདག་དང་མདུན་རྟེན་ལ་ཐིམ་པས་སྲིད་ཞི་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿཛམྦྷེ་མོ་ཧེ་སརྦ་ལོ་ཀ་པུཎྱེ་རཏྣ་བཱ་སུ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ་ཞིང་ཚོགས་དང་གཏོར་མ་དང་མཎྜལ་ལ་སོགས་པས་ཀྱང་མཆོད༔ ཞག་བདུན་སོགས་སུ་འབད་པས་ལོངས་སྤྱོད་ཆེན་པོ་གློ་བུར་དུ་རྙེད་པ་སོགས་དངོས་དང་རྨི་ལམ་དུ་རྟགས་མཐོང་ན་བསོད་ནམས་དཔལ་འབྱོར་སྙན་གྲགས་ཐམས་ཅད་དབྱར་དུས་ཀྱི་མཚོ་ལྟར་རྡོལ་བར་འགྱུར་རོ༔ ࿊ མཁའ་འགྲོ་དམར་མོ་ལ་བསྟེན་ནས་ཚེ་སྒྲུབ་པ་ནི༔ མདུན་དུ་མཎྜ་ལར་ཚེ་རྟེན་འབྲང་རྒྱས་དང་བཟའ་བཏུང་སོགས་དངོས་གྲུབ་ཀྱི་རྫས་དགོད༔ བདག་མདུན་མཁའ་འགྲོ་མ་དམར་མོ་ཕྱག་བཞི་མ་འཁོར་དང་བཅས་པར་གསལ་བ་སོགས་ལྷ་བསྒོམ་པ་དང༔ སྔགས་བཟླ་བའི་ཚེ༔ བདག་གི་ཐུགས་ཀར་ཉི་ཟླའི་གྭའུ་སྲུབས་མེད་པའི་ལྟེ་བར་རླུང་སེམས་མི་འགྱུར་བའི་ཐིག་ལེ་དཀར་དམར་འོད་ལྔ་འཕྲོ་བ་ཧྲཱིཿདམར་པོས་མཚན་པའི་མཐར་སྔགས་ཀྱིས་བསྐོར་བར་གསལ་བཏབ་ནས་བཟླས་པས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་དམ་བསྐུལ༔ བདག་མདུན་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དང་ཕོ་ཉའི་ཚོགས་སྤྲོས༔ ཁམས་གསུམ་ཐམས་ཅད་ཁྱབ༔ རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོས་ཕྲོགས་པ་དང༔ འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བཀུག༔ སྙིང་གའི་ཧྲཱིཿལ་ཐིམ་པས་ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་སོར་ཆུད༔ དུས་མིན་གྱི་འཆི་བ་ཆ་དང་བཅས་པ་བྱང༔ རྡོ་རྗེའི་སྲོག༔ གཡུང་དྲུང་གི་ཚེ༔ རྒྱུན་གྱིས་རྟག་པའི་ལང་ཚོ་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿབཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་གསུམ་བཟླས་པས་ཚེའི་བར་ཆད་ཞི་ཞིང་རིག་འཛིན་ཚེའི་དངོས་གྲུབ་ལ་དབང་བར་འགྱུར་རོ༔ མཐར་མདུན་བསྐྱེད་ལས་དངོས་གྲུབ་བླངས་ཤིང་ལྷ་རང་ལ་བསྟིམ༔ ཚེའི་བཟའ་བཏུང་སོགས་ལོངས་སྤྱོད་དོ༔ ࿊ མཁའ་འགྲོ་སྔོན་མོ་ལ་བསྟེན་ནས་ཆར་ཆེན་པོ་འབེབ་པ་ནི༔ དཔལ་དང་ལྡན་པའི་མཚོ་འམ༔ རྫིང་བུ༔ ཆུ་མིག་སོགས་ཀྱི་འགྲམ་དུ་ཕྱིན་ལ་མཚེའུ་ཆུང་ངུ་བཅོས་པའི་དབུས་སུ་མཎྜ་ལར་མེ་ཏོག་གི་ཚོམ་བུ་ལྔ་དང༔ དེའི་མཐར་ཀླུ་ཆེན་དགུའི་ཚོམ་བུ་དགོད༔ མཆོད་གཏོར་དང་ཀླུ་གཏོར་བཤམ༔ བདག་ཉིད་པདྨ་མཁའ་འགྲོ་དམར་མོའི་སྒོམ་བཟླས་ལ་གནས་པས༔ མདུན་རྟེན་མཁའ་འགྲོ་མ་སྔོན་མོ་ཕྱག་བཞི་མ་རིགས་བཞིའི་མཁའ་འགྲོས་བསྐོར་བའི་མདུན་དང་ཕྱོོགས་མཚམས་སུ་ཀླུ་ཆེན་དགུ་བཀའ་ནོད་པའི་ཚུལ་དུ་བསམ༔ བྱིན་གྱིས་བརླབ༔ ཡེ་ཤེས་པ་བཅུག༔ དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་གདབ༔ མཆོད་བསྟོད་སོགས་བྱ༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ མཁའ་འགྲོ་རིགས་བཞི་དང་ཀླུ་ཆེན་རྣམས་ལ་ཕོག་པས་དམ་ཚིག་གི་རྒྱུད་བསྐུལ་ནས་སོ་སོའི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཀྱང་འོད་ཟེར་བདུད་རྩིའི་རང་བཞིན་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་འཕྲོས་པས་ཆར་དང་བཅས་པའི་སྤྲིན་དུ་གྱུར༔ འབྲུག་གི་སྒྲ་བསྒྲགས༔ གློག་གི་འོད་འཁྱུགས༔ ཆར་གྱི་རྒྱུན་ཆེན་པོ་ཕྱོགས་ཀུན་ཏུ་བབས་པས་ལོ་ཏོག་རྩི་བཅུད་འབྲུ་སྨན་ཐམས་ཅད་རབ་ཏུ་རྒྱས་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿཧ་རི་ནི་ས་ནཱ་ག་ལེ་ལེ་དུཾ་པ་ལེ་ལེ་སརྦ་ནཱ་ག་ནི་བྷ་རི་ཤ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་གཙང་སྦྲ་དང་བཅས་ཏེ་བཟླ༔ ཐུན་མཚམས་སུ་མཆོད་གཏོར་སོགས་ཕུལ༔ ཀླུ་ལ་ཀླུ་སྨན་དང་འོ་མའི་གཏོར་མ་བརྒྱ་རྩ་སོགས་བསྔོ༔ ཉིན་རེ་བཞིན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་བདག་ལ་བསྡུ༔ ཀླུ་རྣམས་རང་གནས་སུ་གཤེགས༔ མཎྜལ་གྱི་བཅའ་གཞི་མཚོ་དང་རྫིང་བུ་སོགས་སུ་དྲང༔ དེ་ལྟར་བྱས་པས་ཞག་གསུམ་ལས་མི་འགྱངས་པར་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ༔ ࿊ མཁའ་འགྲོ་ལྗང་མོ་ལ་བསྟེན་ནས་ཡུལ་འཁོར་སྲུང་བ་ནི༔ དར་རས་ལྗང་གུ་ལ་འཁོར་ལོ་མུ་ཁྱུད་དང་བཅས་པའི་ལྟེ་བར་གཙོ་མོའི་སྐུ༔ གོང་རས་ལ་རང་སྔགས༔ རྩིབས་བཞིར༔ ཧ་བཛྲ་ཌཱ་ཀི་ནཱི་སརྦ་རཀྵ་རཀྵ་ཧཾ༔ ཞེས་སོགས་མཁའ་འགྲོ་རིགས་བཞིའི་སྔགས༔ རྩིབས་མཆན་ལ་རྒྱལ་ཆེན་བཞིའི་སྔགས་མཐར་སརྦ་རཀྵ་རཀྵ་ཧཾ༔ དེའི་ཕྱི་རོལ་དུ་རང་སྔགས་དང༔ རྒྱལ་མཚན་རྩེ་མོའི་དཔུང་རྒྱན༔ དབྱངས་གསལ་རྟེན་སྙིང་ཡུལ་འཁོར་ཐམས་ཅད་ལ་ཕ་རོལ་གྱི་དམག་ཚོགས་བྱད་ཕུར་རྦོད་གཏོང་ཐོག་སེར་ས་གཡོ་བ་སོགས་གང་སྲུང་བར་འདོད་པའི་གསོལ་བྱང་སྤེལ༔ རྡོ་རྗེའི་ར་བ་དང་མེ་རིས་བསྐོར༔ དྲི་བཟང༔ གི་ཝཾ༔ ཤུ་དག༔ ཡུངས་དཀར༔ གླ་རྩི་སོགས་ཀྱིས་བྱུགས༔ རབ་ཏུ་གནས་ཤིང་འཕགས་པའི་རིང་བསྲེལ་དང༔ རིན་པོ་ཆེ་དང་སྨན་སྣ་སོགས་བཅས་ས་སྣ་དང་རིན་ཆེན་སྣ་ཚོགས་ལས་བཏབ་པའི་སཱཙྪའི་ནང་དུ་གཞུག༔ མཎྜལ་གྱི་དབུས་སུ་མཆོད་ཚོགས་དང་བཅས་བཞག༔ བདག་མདུན་མཁའ་འགྲོ་ལྗང་མོ་ཞལ་གཅིག་ཕྱག་བཞི་མ་འཁོར་དང་བཅས་པ་གསལ༔ རིགས་བདག་རྟ་མགྲིན་གྱིས་རྒྱས་གདབ༔ མཆོད་བསྟོད་སོགས་བྱ༔ བདག་མདུན་གྱི་ཐུགས་ཀར་ཨུཏྤལ་སྔོན་པོ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿལྗང་གུ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ནུས་སྟོབས་སྲུང་བའི་རིག་སྔགས་ཐམས་ཅད་ལྷ་སྔགས་འོད་ཟེར་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས༔ བདག་དང་མདུན་རྟེན་གྱི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རྡོ་རྗེ་མི་ཕྱེད་པའི་སྲུང་བ་མཆོག་གི་ཡེ་ཤེས་གྲུབ་ཅིང༔ དཔག་ཚད་བརྒྱད་ཁྲི་ཚུན་ཆད་དུ་ལྷ་སྔགས་ཕྱག་མཚན་གྱི་གུར་དུ་གྱུར་པས་ཅིས་ཀྱང་མི་ཆོད་མི་ཤིགས་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿཧ་རི་ནི་ས་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་འབུམ་ཕྲག་སོགས་བཟླ༔ མཐར་མདུན་བསྐྱེད་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ལ་མཁར་གྱི་རྩེའམ༔ རྒྱལ་མཚན་དང་གཉྫི་ར་ལ་སོགས་པའི་ཏོག་གམ༔ གནས་ཁང་གི་ཤར་རམ༔ ཡུལ་དབུས་ཀྱི་རི་རྩེ་སོགས་སུ་མི་འཇིག་པའི་རྒྱས་བཏབ་སྟེ་སྦས་ན༔ ཕྱོགས་དེར་ཕ་རོལ་གྱི་དམག་ཚོགས་དང༔ ཐོག་དང༔ སེར་བ་དང༔ ས་གཡོ་བ་དང༔ དལ་ཡམས་དང༔ བྱད་ཕུར་རྦོད་གཏོང་ལ་སོགས་པའི་འཇིགས་པ་ཐམས་ཅད་ཡོངས་སུ་སྲུང་བར་འགྱུར་རོ༔ ࿊ རིགས་བདག་ཧ་ཡ་གྲཱི་བ་ལ་བསྟེན་ནས་སྨྱོ་འབོག་གདོན་བགེགས་ཚར་གཅད་པ་ནི༔ སྤྱི་བོའི་རྟ་མགྲིན་གྱི་ཐུགས་ཀར་ཉི་མ་ལ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ༔ རང་གཙོ་མོའི་ཐུགས་སྲོག་གི་འོད་ཀྱིས་བསྐུལ་བས་དེ་ལས་འོད་ཟེར་དམར་ནག་མེ་དང་མཚོན་ཆའི་རྣམ་པ་ཅན་ཆེར་འབར་བས་ས་གསུམ་གྱི་གདོན་བགེགས་འབྱུང་པོ་དྲེགས་པ་ཅན་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་དུཥྚཱན་ཛྭ་ལ་རཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བཟླས་པས་སྒྲུབ་པའི་བར་ཆད་སོགས་མི་མཐུན་པའི་བགེགས་ཐམས་ཅད་ཚར་གཅོད་པར་འགྱུར་རོ༔ གུ་གུལ༔ ཡུངས་དཀར༔ བྱི་ཀུ་དམར་པོ༔ ཤུ་དག་ནག་པོ༔ མཁན་པ༔ སྤྲུ་མ༔ ཚེར་མ་ཅན་གྱི་ཤིང༔ མུ་ཟི་ནག་པོ༔ གྲི་ཤ་གྲི་ཁྲག༔ རྟ་བོན་པ༔ སྤང་སྤོས༔ གླ་རྩི༔ སྡིག་པ་ནག་པོའི་ཤ་རྣམས་ལོ་བརྒྱད་ཀྱི་ཆུས་རིལ་བུ་བྱས་པ་ལ་གོང་གི་སྔགས་ཀྱིས་བཏབ་པ་བཟའ་བྱུག་བདུག་དང་འཆང་བས་ཀྱང་གྲིབ་གདོན་ཞི༔ སྨྱོ་འབོག་སངས༔ གཟའ་ཀླུ་རྒྱལ་འགོང་ལ་སོགས་པའི་འབྱུང་པོ་ཐམས་ཅད་བྱེར་བར་འགྱུར་རོ༔ ࿊ རྡོ་རྗེ་མཁའ་འགྲོ་མ་ལ་བསྟེན་ནས་ནད་ཞི་བ་ནི༔ ནད་སོ་སོའི་གཉེན་པོའི་སྨན་ལ༔ ཧ་བཛྲ་ཌཱ་ཀི་ནཱི་སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ན་མ་ཏ་པ་ཤ་ཡ་སྭཱ་ཧཱ༔ ཞེས་བཟླས་པ་བཏང་བས་ནད་ཀྱི་ཟུག་རྔུ་འཕྲལ་དུ་ཞི་བར་འགྱུར་རོ༔ སྤྱིར་ཆུ་བསྐོལ་ཚ་མོ་ལ་བུལ་ཏོག་སྦྱར་བར་བཏབ་ནས་གཏང་བར་བྱའོ༔ རིན་ཆེན་མཁའ་འགྲོ་མ་ལ་བསྟེན་ནས་སྲིད་སྤེལ་བ་ནི༔ རིན་པོ་ཆེའི་སྣོད་དུ་སྐར་ཆུ་གཙང་མ་ལ་གི་ཝཾ༔ གུར་གུམ༔ ཡུངས་དཀར༔ ཤུ་དག་དཀར་པོ༔ ཉུངས་མའི་ས་བོན་རྣམས་སྦྱར་བ་ལ༔ རི་རཏྣ་ཌཱ་ཀི་ནཱི་པུ་ཏྲ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ༔ མ་ཎི་དྷ་རི་བཛྲི་ཎི་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ༔ ཞེས་མང་དུ་བཟླས་ཏེ་དུས་ཚིགས་སུ་བཏང་ན་སྲིད་ཆགས་པར་འགྱུར་རོ༔ པདྨ་མཁའ་འགྲོ་མ་ལ་བསྟེན་ནས་ཐམས་ཅད་ཀྱི་ཡིད་འཕྲོག་པ་ནི༔ གི་ཝཾ་དང་ལི་ཁྲི་ལ༔ ཧྲཱིཿཔདྨ་ཌཱ་ཀི་ནཱི་སརྦ་མ་ནོ་ཧ་ར་ཧོ༔ ཏདྱ་ཐཱ༔ ཨོཾ་ཨུཥྞཱི་ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་བརྡྷ་ནི་སྭཱ་ཧཱ༔ མང་དུ་བཟླས་པས་དཔྲལ་བའམ་སྙིང་གར་ཐིག་ལེ་བཀོད་ནས་རྒྱལ་པོའི་ཁབ་བམ༔ གྲོང་ཁྱེར་ཆེན་པོ་ལ་སོགས་པར་ཞུགས་ན་དེར་འཁོད་པ་ཐམས་ཅད་ཀྱི་ཡིད་རང་དབང་མེད་པར་འཕྲོག་ཅིང་རྙེད་པ་ཆེན་པོ་ཐོབ་པར་འགྱུར་རོ༔ ལས་ཀྱི་མཁའ་འགྲོ་མ་ལ་བསྟེན་ནས་གཞན་གྱི་རིག་སྔགས་གཅད་པ་ནི༔ གྲི་ལྕགས་ཀྱི་ཕུར་བུ་སོར་བཞི་པ་གྲི་ཁྲག་གིས་ངར་བླུད༔ གུ་གུལ་གྱིས་བདུག༔ ཡུངས་དཀར་གྱིས་བྲབས་ལ༔ ཧ་ཀརྨ་ཌཱ་ཀི་ནཱི་སརྦ་དུཥྚན་མཱ་ར་ཡ་ཕཊ༔ སརྦ་མནྟྲ་ཨ་པ་ཀཱ་ར་ཙྪིནྡྷ་ཙྪིནྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ ཞེས་མང་དུ་བཟླས་ཏེ་གནོད་པའི་ཕྱོགས་སུ་གཟིར་ན་ཕ་རོལ་གྱི་རིག་སྔགས་ཀྱི་སྦྱོར་བས་རང་ཉིད་བཅིངས་པ་སོགས་ཀྱི་ནུས་པ་ཐམས་ཅད་རྒྱུན་ཆོད་པར་འགྱུར་རོ༔ དེ་ལ་སོགས་པའི་ལས་ཕྲ་མོ་སྣ་ཚོགས་པ་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་ཐེམས་པ་རྣམས་ཀྱིས་ངེས་པར་འགྲུབ་བོ༔ ࿊ ལྷ་སྔགས་ཀྱི་ནུས་པ་ཆེར་ཐོབ་པས་ནི་གྲུབ་པ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་རྒྱུད་ལས་གསུངས་ཏེ༔ པདྨ་རྣལ་འབྱོར་མ་འདི་ནི༔ གྲུབ་པ་ཀུན་གྱི་བདག་ཉིད་དེ༔ ལྷ་ཡི་མིག་དང་རིང་དུ་འགྲོ༔ འཆི་མེད་གནས་དང་ས་འོག་སྤྱོད༔ མི་སྣང་བསྒྲུབ་དང་བཅུད་ཀྱིས་ལེན༔ ཁོལ་མོ་འགུག་དང་མཁའ་ལ་སྤྱོད༔ ཡོ་གི་ལྷ་སྔགས་ནུས་ཐོབ་པས༔ འདི་དག་ཐམས་ཅད་ཅི་དགར་འགྲུབ༔ ཅེས་གྲུབ་པ་བརྒྱད་བསྒྲུབ་པའི་ཚུལ་ལ༔ མིག་སྨན་གྱི་སྦྱོར་བས་ལྷའི་མིག་ཐོབ་པ་ནི༔ དུར་ཁྲོད་ཀྱི་ས་གཞི་ལས་སྔོ་འཆིང་བྱེད་དམར་པོའི་རྩ་བ་བླངས་ཏེ༔ ཨུ་ལཱུ་ཀའི་ཚིལ་དང་སྦྱར་བས་པདྨའི་ཤིང་གི་སྡོང་བུ་དང་བཅས་པའི་མར་མེ་བཅོས་ལ་དུ་བ་བླང༔ དེ་ཉིད་གི་ཝཾ་དང་ག་པུར་རུ་རྟའི་ཕྱེེ་མ་རྣམས་དང་སྦྱར་བ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿཔདྨ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ་སྭཱ་ཧཱ༔ མངོན་པར་བསྔགས་ཏེ་དུ་བ་དང༔ དྲོ་བ་དང༔ འབར་བ་ལ་སོགས་པའི་རྟགས་མཐོང་བའི་བར་དུ་བསྒྲུབ༔ དེ་ནས་མིག་ལ་བྱུགས་ན་མི་མ་ཡིན་གྱི་སྤྱོད་ཡུལ་དང༔ འབྱུང་པོའི་རྒྱུ་བ་དང༔ དཔག་ཚད་མང་པོའི་གནས་དང༔ ས་འོག་གི་གཏེར་ལ་སོགས་པ་མངོན་སུམ་དུ་མཐོང་ཞིང་དབང་སྒྱུར་བར་འགྱུར་རོ༔ རྫས་དེ་ཉིད་གྲྀ་ཌྷའི་མར་དང་སྦྱར་ལ༔ རྩ་བའི་སྔགས་ཀྱི་ཤམ་བུར་པདྨ་པཱ་ད་པྲཀྵོ་བྷཱ་ཡ་ཞེས་སྤེལ་བ་བཏབ་ནས་པདྨ་ཧསྟིའི་ལྷྭམ་མམ༔ མཆིལ་ལྷམ་མམ༔ རྐང་འོག་ཏུ་བྱུགས་ཏེ་ཕྱིན་ན་ཐག་རིང་པོའི་གནས་ཡུད་ཙམ་གྱིས་ངལ་བ་མེད་པར་འཁོར་བའི་རྐང་མགྱོགས་འགྲུབ་པར་འགྱུར་རོ༔ གསེར་ལྟ་བུའི་ལྕགས་ལས་རལ་གྲི་སོར་བརྒྱད་པ་བྱས་ཏེ༔ གོང་གི་རྫས་ཀྱིས་བྱུགས༔ རྩ་སྔགས་ལ་པདྨ་ཁཌྒ་པྲ་ག་ཏི་སྤེལ་བས་བསྒྲུབ༔ ཉི་ཟླ་གཟས་བཟུང་བའི་ཚེ་ལྷག་པར་བཟླས་པས་རལ་གྲི་ལས་འབར་བ་ལ་སོགས་པའི་ཆོ་འཕྲུལ་བྱུང་ན་ལག་ཏུ་འཕྱར་བས་འདོད་པའི་གནས་ཡིད་ལ་བྱས་པས་རགས་ལུས་དྭངས་མའི་གཟུགས་བརྙན་དུ་གྱུར་ཏེ་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་སུ་སྐད་ཅིག་གིས་བསྒྲོད་པར་འགྱུར་རོ༔ རལ་གྲི་ལ་རྨིགས་པའི་ཁྲག་གིས་བྱུགས་ཏེ་རྩེ་ཐུར་དུ་བསྟན་ལ་བཟུང༔ འབར་བའི་འོད་ཟེར་གྱིས་སྒོ་ཕྱེ་ཞིང་ཡིད་ལ་བྱས་པས་དཔལ་གྱི་སྒོ་བྱེ་ནས་ས་འོག་གི་རིག་པ་འཛིན་པའི་གནས་སུ་འགྲོ་བར་འགྱུར་རོ༔ མིག་སྨན་གྱི་རྫས་ཁྭ་ཏའི་ཚང་ཤིང་མཚན་མ་དང་བཅས་པ་དང༔ ཕུག་པ་བྱང་དུ་ཁ་བལྟ་བའི་འཇག་མ་རྣམས་བླངས་ལ༔ རྩ་སྔགས་དང་པདྨ་གུཔྟ་པྲ་གུཔྟ་ཡ་ཞེས་སྤེལ་བ་བཟླས་ནས་རྟགས་མཐོང་བ་ན་དཔྲལ་བར་ཐིག་ལེ་བྱ་ཞིང་གཙུག་ཕུད་དུ་བཅིངས་པས་བདག་ཉིད་སུས་ཀྱང་མཐོང་བར་མི་འགྱུར་རོ༔ དངུལ་ཆུ་དང༔ མུ་ཟི་དང༔ ལྷང་ཚེར་དམར་པོ་རྣམས་བྷྲྀངྒ་རཱ་ཛའི་ཁཎྜ་དང་སྦྱར་ཏེ༔ འཁོར་འདས་ཀྱི་བཅུད་ཐམས་ཅད་དགུག་ཅིང་བསྟིམ༔ རྩ་སྔགས་ལ་པདྨ་ཨ་མྲྀཏ་ར་ས་ཡཱ་ན་ཞེས་སྤེལ་བ་བཟླས་ནས་རྟགས་མཐོང་བ་ན་མར་གྱི་ཉིང་ཁུ་དང་སྦྲང་རྩིའི་དྭངས་མ་ལ་སྦྱར་ཏེ་ཡུན་དུ་བརྟེན་ན་རྡོ་རྗེའི་ལུས་དང་ཉི་ཟླའི་ཚེ་ཐོབ་པར་འགྱུར་རོ༔ མིག་སྨན་སྒྲུབ་པའི་རྫས་ལ་པདྨ་ཅན་གྱི་དང་པོའི་རྡུལ་དང༔ ཙནྡན་དམར་པོ་དང༔ སིནྡྷུ་ར་རྣམས་སྦྱར་ཏེ་རྩ་སྔགས་ལ༔ པདྨ་སུ་བྷ་གི་དེ་བ་དཱཏྟཿཞེས་སྤེལ་བ་བཟླས་ཏེ་རྟགས་མཐོང་བ་ན་དཔྲལ་བར་ཐིག་ལེ་བྱས༔ མིག་ལའང་བྱུགས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་བཅས་དགུག་པའི་ཏིང་ངེ་འཛིན་ལ་ཞུགས་ན་ལྷ་དང་ཀླུ་དང་གནོད་སྦྱིན་མཐུ་བོ་ཆེའི་བུ་མོ་དམ་པ་འོངས་ཏེ་ཁོལ་མོའི་ལས་བྱེད་པར་འགྱུར་རོ༔ སྐྱེ་བ་བདུན་པའི་རོ་ཙ་ན་ལེགས་པར་བླངས་ཏེ༔ ཡུལ་དག་པའི་ཤ་ལྔ༔ བདུད་རྩི་ལྔ༔ གྲུབ་པའི་གནས་ཀྱི་ཅུ་གང༔ སིནྡྷུ་ར༔ རྟག་ཏུ་ངུ་རྣམས་འབྲས་བུ་གསུམ་གྱི་ཕྱེ་མ་དང་སྦྱར་ཏེ་རིལ་བུ་དྲིལ༔ གསེར་དངུལ་ཟངས་གསུམ་གྱི་ཟ་མ་ཏོག་ཏུ་གཞུག༔ པདྨ་མཁའ་འགྲོ་མར་བསྐྱེད་བསྟིམ་ནན་ཏན་དུ་བྱས་ལ༔ འོད་ཟེར་གྱི་ལྕགས་ཀྱུས་མཁའ་སྤྱོད་གྲུབ་པའི་དངོས་གྲུབ་ཐམས་ཅད་བཀུག་སྟེ་བསྟིམ༔ རྩ་སྔགས་ལ་པདྨ་ཛྙཱ་ན་ཀཱ་ཡ་ཁེ་ཙརྻ་ཞེས་སྤེལ་བ་བཟླས་པས་འབར་བ་ལ་སོགས་པའི་རྟགས་མཐོང་བ་ན་དངོས་གྲུབ་བླང༔ ལྷ་རིལ་བུར་བསམས་པས་ཐིག་ལེ་གནས་གསུམ་བྱ་ཞིང་རིལ་བུ་བཅུད་ལེན་དུ་བརྟེན་པས་ཕྲ་བ་དང་ཡང་བ་སོགས་ཀྱི་ཡོན་ཏན་ཐོབ་ཅིང་མཁའ་ལ་སྤྱོད་པའི་རིག་འཛིན་འགྲུབ་པར་འགྱུར་རོ༔ དེ་རྣམས་ནི་འཇིག་རྟེན་པའི་ལས་ཀྱི་དངོས་གྲུབ་མཆོག་གི་སྦྱོར་བའོ༔ བཞི་པ་ལས་སྣ་ཚོགས་པ་མ་བསྒྲུབ་པའི་སྐྱོན་ནི༔ རང་དང་གཞན་གྱི་འདོད་པ་ཐམས་ཅད་སྒྲུབ་པར་མི་ནུས་ཤིང༔ ལས་ཀྱི་སྦྱོར་བའི་མཐའ་མ་རྫོགས་པས་རིགས་སྔགས་ཀྱི་ཕྲིན་ལས་ཕྱོགས་སུ་ལྷུང་བར་འགྱུར་རོ༔ ལྔ་པ་ལས་སྣ་ཚོགས་བརྩམས་པའི་ཡོན་ཏན་ནི་དེ་ལས་ལྡོག་པ་སྟེ༔ རང་གཞན་གྱི་རེ་འདོད་ཐམས་ཅད་ཚུལ་བཞིན་དུ་སྐོང་བས་རིས་མེད་པའི་ཕན་བདེ་སྟེར་ཞིང་སངས་རྒྱས་ཀྱི་མཛད་པ་དང་རྗེས་སུ་མཐུན་པས་སྔགས་བསྒྲུབ་པ་མཐར་ཕྱིན་པ་ཉིད་དོ༔ ༈ ལྔ་པ་རྗེས་སུ་གནང་བའི་དབང་བསྐུར་བ་ལའང་ལྔ་ལས༔ དང་པོ་དབང་ཉིད་གང་ཡིན་པ་ནི༔ རྒྱུད་ལས༔ བྱིན་གྱིས་བརླབས་ཤིང་རྗེེས་གནང་བས༔ ཡེ་ཤེས་སྒྲུབ་ལ་དབང་བར་འགྱུར༔ ཞེས་པས༔ མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྣོད་དག་པའི་སློབ་མ་ལྷག་པའི་ལྷར་བསྐྱེད་ཅིང་དབབ་པས་བྱིན་བརླབས་ཏེ༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྗེས་སུ་གནང་བ་བསྩལ་ནས་རྡོ་རྗེ་བཞིའི་ཡེ་ཤེས་སྒྲུབ་ཅིང་དངོས་གྲུབ་ཀྱི་སྦྱོར་བ་ལ་དབང་བས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་མངའ་བསྐུར་བ་ལྟ་བུ་ལ་རྗེས་སུ་གནང་བའི་དབང་བསྐུར་བ་ཞེས་བྱ་འོ༔ གཉིས་པ་དབང་གི་རྟེན་བཅའ་བ་ནི༔ མཚན་མའི་དཀྱིིལ་འཁོར་མངོན་པར་འདུ་བྱས་པའི་སྟེང་དུ་བུམ་པ་དབང་གི་རིལ་བུའི་རྫས་ཀྱི་བཅུད་དང་ཆས་ལྡན་གྱི་ཁར་བནྡྷ་བདུད་རྩིས་བཀང་བ་སིནྡྷུ་རའི་མེ་ལོང་ཆོས་འབྱུང་ཧྲཱིཿདང་ཧ་རི་ནི་སས་མཚན་པ་ཅན་གྱིས་དགབ༔ དར་དམར་པོའི་གུར་ཕུབ༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ༔ གསུམ་པ་དབང་བསྐུར་བའི་ཐབས་དངོས་ནི༔ སློབ་དཔོན་གྱིས་བདག་མདུན་བུམ་པ་དང་བཅས་བསྒྲུབ་ཅིང་མཆོད་པ་དང་བཟླས་པ་གཏོར་མ་དང་ཚོགས་ཀྱི་མཆོད་པ་སོགས་ཚུལ་བཞིན་དུ་བསྒྲུབས་པས་བདག་ཉིད་ནུས་པ་ཐོབ་པར་བྱ༔ བུམ་པའི་ལྷ་འོད་དུ་བཞུ༔ སློབ་མ་འཇུག་པར་གནང་བ་ནོད༔ དེ་ནས་དད་པ་དང་དམ་ཚིག་དག་ཅིང་བསྙེན་སྒྲུབ་ནུས་པའི་སློབ་མ་དབང་ཐོབ་པ་དག་གོས་དམར་པོ་བགོ༔ མེ་ཏོག་དམར་པོའི་ཕྲེང་བ་ཐོགས༔ བྱུར་དང་དྲི་མ་བསལ་ཞིང་ནང་དུ་གཞུག༔ མཚམས་བཅད༔ པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་དང་གསེར་དང་དར་ཟབ་དམར་པོ་ལ་སོགས་པའི་མཎྜལ་ཕུལ༔ གསོལ་བ་གདབ༔ རྒྱུད་སྦྱང༔ སྡོམ་པ་གཟུང༔ ལྷ་མོར་བསྐྱེད༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ རྡོ་རྗེ་དང་བཅས་མེ་ཏོག་དམར་པོ་སྤྱི་བོར་བཞག་ཅིང་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧྲཱི༔ བཀྲ་ཤིས་དགེ་བའི་བུམ་པ་ནི༔ རིག་པའི་བདུད་རྩིས་ཡོངས་གང་བས༔ ཐ་མལ་སྣང་ཞེན་རྣམ་དག་པའི༔ ཡེ་ཤེས་ཕྱག་རྒྱར་དབང་བསྐུར་རོ༔ ཧྲཱིཿཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན༔ རིགས་བདག་གིས་རྒྱས་གདབ༔ སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་ངོ་སྤྲད༔ དེ་ནི་སྐུའི་རྗེས་སུ་གནང་ཞིང་བུམ་པའི་དབང་བསྐུར་བའོ༔ བསྙེན་སྒྲུབ་ལས་ཀྱི་དམིགས་པ་ཕོག་ཅིང་སྔགས་ཀྱི་ལུང་བྱིན་པས་རྩ་རླུང་སྔགས་བྱིན་གྱིས་བརླབ༔ བླ་མ་པདྨ་མཁའ་འགྲོ་རྟ་མཆོག་ཧེ་རུ་ཀ་སྙོམས་པར་ཞུགས་པའི་བྱང་སེམས་དང་ཐོད་རྫས་བྱིན་ལ༔ ཧྲཱི༔ ཐབས་དང་ཤེས་རབ་སྙོམས་ཞུགས་པའི༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ རྩ་རླུང་ཁམས་ལ་བསྟིམས་པ་ཡིས༔ རྡོ་རྗེའི་སྔགས་སུ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ འགྱུ་བའི་རླུང་དང་གྲགས་པའི་སྒྲ་སྐད་ཐམས་ཅད་སྔགས་སུ་ངོ་སྤྲད༔ དེ་ནི་གསུང་གི་རྗེས་སུ་གནང་ཞིང་གསང་བའི་དབང་བསྐུར་བའོ༔ སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་མ་ལས་གཉིས་པ་སྤྲོས༔ སློབ་མའི་རྩ་གསུམ་འཁོར་ལོ་བཞིའི་མས་སྣའི་གཞིར་གནས་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་ལ་ཕོག་པས་མེར་འབར༔ སྤྱི་བོའི་ཧཾ་ལས་བདུད་རྩི་བབས༔ འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ༔ སིནྡྷུ་རའི་མཎྜལ་གྱི་རྡུལ་གནས་བཞིར་རེག་ཅིང༔ ཧྲཱི༔ ཇི་སྙེད་རྣམ་པར་རྟོག་པའི་ཚོགས༔ དགའ་བ་བཞི་ཡི་ཕྱག་རྒྱར་སྡོམ༔ བདེ་ཆེན་མཆོག་གི་དམ་ཚིག་གིས༔ ཡེ་ཤེས་ཆེན་པོར་དབང་བསྐུར་རོ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ གང་སྣང་གི་ཡུལ་ཤེས་ཐམས་ཅད་བདེ་བ་ཆེན་པོར་ངོ་སྤྲད༔ དེ་ནི་ཐུགས་ཀྱི་རྗེས་སུ་གནང་ཞིང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ༔ སླར་ཡང་སློབ་དཔོན་གྱི་ཏིང་ངེ་འཛིན་སེམས་དཔའ་ལས་གཉིས་པ་སྤྲོས༔ སློབ་མའི་ཏིང་འཛིན་སེམས་དཔའ་ལ་བསྟིམས་པས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས༔ བདེ་སྟོང་བློ་འདས་ཀྱི་དེ་ཁོ་ན་ཉིད་རྒྱུད་ལ་སྐྱེས་པར་མོས༔ དེའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་སྟེ༔ ཧྲཱི༔ ལྷ་དང་སྣང་བ་ཆོས་ཉིད་ཀུན༔ གདོད་ནས་མ་བྱུང་མ་སྐྱེས་པ༔ བློ་འདས་ཁྱབ་གདལ་ངང་དུ་ཞོག༔ དེ་ཁོ་ན་ཉིད་དབང་བསྐུར་རོ༔ དྷརྨ་དྷཱ་ཏུ་ཨི་བྷི་ཥིཉྩ་ས་མ་ཡ་ཨ་ཨ༔ སྣང་བ་སེམས༔ སེམས་བདེ་བ༔ བདེ་བ་སྟོང་པ༔ སྟོང་པ་བློ་འདས་སུ་ངོ་སྤྲད༔ དེ་ནི་ཡེ་ཤེས་ཀྱི་རྗེས་སུ་གནང་ཞིང་དབང་བཞི་པ་བསྐུར་བའོ༔ དབང་འདི་ཐོབ་པའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད༔ རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམ༔ ལྷ་དང་བླ་མ་མི་སྤང་ཞིང༔ སྔགས་དང་ཏིང་འཛིན་རྒྱུན་མི་གཅད༔ གཞན་ལ་ཕན་པ་འབའ་ཞིག་བློས༔ ལས་ཀྱི་སྦྱོར་བ་ཅི་ཡང་སྤྱད༔ ལྷ་མིང་རྫས་དང་གྲུབ་རྟགས་གསང༔ བུད་མེད་རྣམས་ལ་གུས་པར་བྱ༔ ཡོ་བྱད་ཀུན་ལ་མ་ཆགས་པར༔ ཚོགས་གསོག་མཆོད་སྦྱིན་རྒྱ་ཆེར་སྤེལ༔ དེ་ལྟར་རྗེས་སུ་སྤྱད་པ་ཡིས༔ དངོས་གྲུབ་ངེས་པར་ཐོབ་འགྱུར་རོ༔ དེ་བས་འབད་པ་ཐམས་ཅད་ཀྱིས༔ དམ་ཚིག་མཆོག་ཏུ་བསྲུང་བར་གྱིས༔ ཞེས་གདམས་ཤིང་སློབ་མས་ཀྱང་ཁས་བླངས་ལས་མི་འདའ་བར་བྱ༔ གཏང་རག་འབུལ་ཞིང་ཚོགས་ཀྱི་དགའ་སྟོན་སོགས་ལ་ལོངས་སྤྱོད་དེ༔ རྗེས་ཀྱི་ཆོ་ག་རྣམས་ཚུལ་བཞིན་དུ་བྱའོ༔ བཞི་པ་དབང་མ་བསྐུར་བའི་ཉེས་པ་ནི༔ བླ་མ་ལས་རྗེས་སུ་གནང་ཞིང་དབང་བསྐུར་བ་ནོད་པར་མ་བྱས་ན་ལམ་ཉམས་སུ་བླང་དུ་མི་བཏུབ༔ ལམ་ལ་མ་འབད་ན་དངོས་གྲུབ་ཐོབ་པའི་སྐབས་མེད༔ མ་སྨིན་པས་གསང་བ་སྤྱད་ན་བསྒྲུབས་པ་དོན་མེད་པར་མ་ཟད་ལོག་པའི་ཉེས་པ་དུ་མ་འབྱུང་ངོ༔ ལྔ་པ་རྗེས་སུ་གནང་ཞིང་དབང་བསྐུར་ཐོབ་པའི་ཕན་ཡོན་ནི་དེ་ལས་ལྡོག་སྟེ༔ གསང་སྔགས་སྒྲུབ་པའི་སྣོད་དུ་རུང་ཞིང་ཡེ་ཤེས་ཀྱི་བྱིན་རླབས་སྨིན་པས་རྟོགས་པ་མྱུར་དུ་འཆར༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ༔ བསྒྲུབས་པ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་དོན་ཆེན་པོ་དང་ལྡན་པར་འགྱུར་རོ༔ ས་མ་ཡ༔ འདི་ལྟ་བུ་ཡི་ཟབ་མོའི་ལམ༔ ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས༔ དུས་བཞི་མཉམ་ཉིད་ཁྱབ་གདལ་ངང༔ ལོངས་སྐུ་དབང་ཆེན་ཧེ་རུ་ཀར༔ དགོངས་པ་གཅིག་ཏུ་བྱིན་བརླབས་ནས༔ པདྨ་ཁྲག་འཐུང་དགྱེས་པའི་སྒྲས༔ རིག་འཛིན་རྡོ་རྗེ་ཆོས་རབ་ལ༔ བཀའ་བསྩལ་གསང་བའི་ཏནྟྲར་བསྡུས༔ ལས་ཀྱི་དབང་ཆེན་ཌཱ་ཀིར་གཏད༔ དེ་ཡིས་པདྨ་བདག་ཉིད་ལ༔ ཟབ་གསང་མཐའ་ཡས་མཛོད་ཆེན་བསྩལ༔ སྔོན་ཆད་རླུང་ཕྱོགས་ཙམ་དུ་ཡང༔ མ་བསྒྲགས་གཟུངས་སུ་འཆང་བ་ལས༔ ལག་ལེན་སྙིང་གི་བྱང་བུ་འདི༔ སྤྲུལ་པའི་རྒྱལ་བློན་འབངས་བཅས་དང༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན༔ ཟབ་རྒྱ་དབྱེ་ཞིང་གསང་རྒྱ་བསྡམས༔ དེ་ཕྱིར་བརྩོན་པས་ཉམས་བླངས་ན༔ མཐའ་བཞིའི་ལེགས་ཚོགས་འདི་ཡིས་འདུ༔ ཕས་རྒོལ་དྲེགས་པ་འདི་ཡིས་འཇོམས༔ སྣོད་བཅུད་འབྱོར་པ་འདིས་འཕེལ་བྱེད༔ དཔེ་ཙམ་བཞུགས་པའི་ཕྱོགས་སུ་ཡང༔ མི་དང་མི་མིན་ཚོགས་པ་དང༔ འདོད་དོན་ཇི་བཞིན་ལས་འགྲུབ་ན༔ ཚུལ་བཞིན་བསྒྲུབས་ན་སྨྲོས་ཅི་དགོས༔ དེ་བས་སྣོད་ལྡན་རིགས་ཀྱི་སྲས༔ མཆོག་ཐུན་དངོས་གྲུབ་དཔལ་ལ་སྤྱོད༔ དཔེ་རྒྱུད་མ་འོངས་གདུལ་བྱའི་ཕྱིར༔ ཟབ་རྒྱས་སྙིང་པོའི་ཚུལ་དུ་བྲིས༔ གཅིག་ནི་ལ་སྟོད་ཕྱོགས་སུ་སྦོས༔ མངའ་བདག་ཡབ་སྲས་སྤྲུལ་པས་རྙེད༔ གཅིག་ནི་མོན་གྱི་ཕྱོགས་སུ་སྦོས༔ བདུད་འཇོམས་སྐྱེ་བ་ཉིད་དང་འཕྲད༔ གཅིག་ནི་རོང་གི་བྲག་དམར་པོ༔ ཟླ་གམ་འདྲ་བའི་ཕུག་པའི་སྒོ༔ དགུན་ཡང་མེ་ཏོག་འཆར་བ་ཡི༔ མི་འགྱུར་དབང་གི་གནས་སུ་སྦོས༔ ལོ་ཙཱ་ཆེན་པོའི་སྐྱེ་མཐའ་དང༔ འཕྲད་ཅིང་གསང་བས་སྤྱད་པ་ཡིས༔ རང་དང་གཞན་དོན་ཅི་རིགས་བྱེད༔ དུས་ཀྱི་མཐར་ཡང་སླར་སྣང་འགྱུར༔ པདྨ་བདག་གི་བྱིན་རླབས་དང༔ ཆོས་རྒྱལ་རྗེ་འབངས་ཐུགས་བསྐྱེད་མཐུས༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང༔ བསྟན་དང་འགྲོ་ལ་ཕན་པར་ཤོག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ྀཨཚ༔

གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྩ་གསུམ་བླ་རྡོ་སྲོག་ཏིག་ཡོངས་འདུས་ (Volume 40, Text 30)

ྈྈ གསང་སྔགས་སྤྱི་ཆིངས་ཀྱི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྩ་གསུམ་བླ་རྡོ་སྲོག་ཏིག་ཡོངས་འདུས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་སྒྲུབ་པའི་གདམས་ངག་གནད༔ རྩ་གསུམ་བླ་རྡོ་སྲོག་ཐིག་ཡོངས་འདུས་མཆོག༔ བསྟན་པས་གང་དང་འབྲེལ་ཡང་ཁ་བསྒྱུར་གཅེས༔ མང་དུ་མི་སྤེལ་སྙིང་གི་ཕུར་དུ་ཆོངས༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ དང་པོ་བླ་མའི་སྲོག་འཁོར་བྲི་བ་ནི༔ གཟའ་ཚེས་བཟང་བར་ཤོག་ཤོག་གཙང་མ་ལ༔ གསེར་རམ་མཚལ་སོགས་རིན་ཆེན་རིགས་སྦྱངས་ལ༔ མུ་ཁྱུད་གསུམ་བསྐོར་ལྟེ་བར་ཨོཾ་ཨཱཿཧཱུྃ༔ རིམ་བཞིན་དཀར་དམར་མཐིང་གསུམ་མ་ནོར་བརྩེགས༔ དེ་ཡི་རྒྱབ་ཏུ་འདི་ཉིད་བསྐོར་བར་བྱ༔ ཧོ༔ རྒྱལ་བ་དགོངས་བརྒྱུད་བླ་མ༔ རིག་འཛིན་བརྡའ་བརྒྱུད་བླ་མ༔ གང་ཟག་སྙན་བརྒྱུད་བླ་མ༔ དྲིན་ཆེན་རྩ་བརྒྱུད་བླ་མ༔ སྐུ་གསུམ་བཀའ་བརྒྱུད་བླ་མ༔ སྨོན་ལམ་དབང་བརྒྱུད་བླ་མ༔ མཁའ་འགྲོ་གཏད་བརྒྱུད་བླ་མ༔ མདོར་ན་བླ་ན་མེད་པའི་བླ་མ་རྣམས་ཐུགས་དམ་མ་གཡེལ་བར༔ འདིར་གཤེགས་ཤིང་བཞུགས་ནས་བདག་ཆེ་གེ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་རྣམ་གཉིས་སྩོལ་བ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ་ལོ༔ དེ་རྒྱབ་དམིགས་བསལ་གང་ཡིན་སྙིང་པོ་རྣམས༔ བྲི་ཞིང་དེ་རྒྱབ་འཁོར་རྩིབས་བཅུ་དྲུག་བྱ༔ དབུས་དེར་འབྲུ་གསུམ་བརྩེགས་མཐར་འདི་རེ་རེ་བྲི༔ སངས་རྒྱས་ཀུན་འདུས་སྐུ་གསུམ་བཀའ་བརྒྱུད་བླ་མས་དངོས་གྲུབ་རྣམ་གཉིས་སྩོལ་ཅིག༔ དེ་རྒྱབ་མུ་ཁྱུད་སྔགས་འདི་བྲི་བར་བྱ༔ ཨོཾ་བཛྲ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་རཏྣ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་པདྨ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་ཀརྨ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་བུདྡྷ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་ཀཱ་ཡ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཝཱ་ཀ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཙིཏྟ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཛྙཱ་ན་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཨཱ་ཡུ་སིདྡྷི་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཨོཾ་པུ་ཎྱ་སིདྡྷི་ཨཱཿཧཱུྃ་བྷྲཱུྃ༔ ཨོཾ་མ་ཧཱ་མུ་དྲཱ་སིདྡྷི་ཨཱཿཧཱུྃ་ཨཱ༔ ཨོཾ་ཀརྨ་ཙ་ཏུར་སིདྡྷི་ཨཱཿཧཱུྃ་སྭ་ཨཱཿཧ༔ དེ་ལ་གང་ཤོང་བྲི་བ་གཅེས་པ་ཡིན༔ དེ་རྒྱབ་མུ་ཁྱུད་སྔགས་འདི་གང་ཤོང་བྲི༔ ཨོཾ་སརྦ་བུདྡྷ་ཨཱ་ཝེ་ཤ་ཡ་ཧྲིཾ་ཛ༔ ཨོཾ་གུ་རུ་དྷརྨཱ་ཀཱ་ཡ་སརྦ་ཨཱ་ཝེ་ཤ་ཡ་ཧྲིཾ་ཛ༔ ཨོཾ་གུ་རུ་སམྦྷོ་ཀཱ་ཡ་སརྦ་ཨཱ་ཝེ་ཤ་ཡ་ཧྲིཾ་ཛ༔ ཨོཾ་གུ་རུ་ནིརྨ་ཀཱ་ཡ་སརྦ་ཨཱ་ཝེ་ཤ་ཡ་ཧྲིཾ་ཛ༔ ཨོཾ་བོ་དྷི་སཏྭ་སརྦ་ཨཱ་ཝེ་ཤ་ཡ་ཧྲིཾ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཧཱུྃ་ཧཱུྃ་ཛཿཛཿཕེཾ་ཕེཾ་ཧྲིཾ་ཧྲིཾ་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིཾ༔ སརྦ་ཏིཥྛ་ལྷན་ལྷན་ཡེ་སྭཱ་ཧཱ༔ དེ་རྒྱབ་ཨཱ་ལི་ཀཱ་ལི་གང་ཤོང་དང༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་གང་ཤོང་བྲི༔ དར་འབྲུ་རིན་ཆེན་སྨན་དྲི་ལྔ་ཚན་ལྔ༔ ཆོས་སྨན་གང་བཟང་ལྟེ་བར་བཞག་པར་བྱ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་རབ་མཛེས་བསྐྱེད༔ ཐམས་ཅད་ཐམས་ཅད་རབ་བྱུང་སྔགས་ཆས་དང༔ གྲུབ་ཐོབ་ཆ་ལུགས་བྱང་སེམས་དགེ་འདུན་ཚོགས༔ ལོངས་སྐུ་རབ་བྱུང་ཀུན་ཀྱང་ཞི་ཚུལ་བསྒོམ༔ དམིགས་པས་ཡང་ཡང་གསལ་གདབ་ཁྱད་པར་དུ༔ གང་ཡིན་བླ་མ་གཙོ་ལ་འཁོར་རྣམས་བསྐོར༔ འཇའ་འོད་ཐིག་ལེ་ཐིག་ཕྲན་ལྷུན་སྡུག་ནང༔ བྱིན་རླབས་འཐིབས་སེ་དམིགས་ལ་མོས་གུས་ཀྱིས༔ གསོལ་གདབ་སྤྱན་འདྲེན་ཡང་ཡང་བྱས་ལ་བསྟིམ༔ རབ་གནས་ཡང་བསྐྱར་དར་སྣའི་ན་བཟའ་གསོལ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཡི་དམ་བླ་རྡོ་སྲོག་འཁོར་ནི༔ བྲི་རྫས་གོང་མཚུངས་མུ་ཁྱུད་རིམ་བདུན་བསྐོར༔ ལྟེ་བར་ཡི་དམ་ཡབ་ཡུམ་ཁ་སྦྱོར་རམ༔ ཡབ་རྐྱང་ཡུམ་རྐྱང་གང་ཡིན་ཐུགས་སྲོག་བྲི༔ ཕྱོགས་བཞིར་འཁོར་རྣམས་སོ་སོའི་གཞུང་དང་དཔག༔ སོ་སོའི་སྲོག་དང་ཕོ་མོ་ཁ་སྦྱོར་དང༔ རྐྱང་པར་ར་ཙ་ཧྲི་ཡ་ཕོ་བཀོད་ལ༔ ཧ་རི་ནི་ས་མོ་ཡིག་བཀོད་པར་བྱ༔ དེ་ཕྱིའི་མཐའ་སྐོར་འདི་ནི་ཚག་མེད་བྲི༔ ཀྱཻ་ཧོ༔ ཡི་དམ་ཕོ་མོ་གང་ཡིན་འཁོར་བཅས་མཚན་དང༔ ཁྱེད་རྣམས་དང་གཞན་ཡང་ཐེག་པ་རིམ་དགུ་དང་འབྲེལ་བའི་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཕོ་རྒྱུད་མོ་རྒྱུད་རྣམས་འཁོར་བཅས་ཀྱིས་བདག་ལ་བརྩེ་བར་དགོངས་ནས་འདིར་གཤེགས་ཤིང་བཞུགས་ལ་སྒྲུབ་པོ་ཆེ་གེ་ལ་བྱིན་གྱིས་བརླབ་པ་དང༔ དབང་ཡོངས་རྫོགས་སུ་བསྐུར་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་གཡེལ་བར་མྱུར་དུ་སྩོལ་ཅིག༔ ནད་གདོན་མི་ཤིས་མི་རུང་བ་མཐའ་དག་ཞི་ཞིང་བསམ་དགུ་ཆར་ལྟར་ཕོབ་ཅིག༔ འཇའ་ལུས་མཁའ་སྤྱོད་ཚེ་འདིའམ་བར་དོར་འགྲུབ་པར་མཛད་དུ་གསོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ་མཛད་གསོལ་ལོ༔ དེ་རྒྱབ་མུ་ཁྱུད་ཡི་དམ་ཕོ་མོ་དག༔ གང་ཡིན་འཁོར་བཅས་སྔགས་དང་འདི་བཀོད་དོ༔ ཙཀ་ཤུ་ཙེར་ལྡན་གུཾ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ་ཨ་ནྲྀ་ཏྲི་ཙིཏྟ་ཨཱ་ཀརྴ་ཡ་ཛ༔ ཨཱ་ཀརྴ་ཡ་ཧྲིང༔ ཀུན་ལ་སྦྱར་ཞིང་དེ་རྒྱབ་རྩིབས་བཅུ་དྲུག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔རྣམས་ཐོ་བརྩེགས་བྲི༔ དེ་མཐར་འདི་ལྟར་བསྐོར་བ་རེ་རེ་བྱ༔ ཡི་དམ་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་དབང་སྐུར་བྱིན་གྱིས་རློབས་དངོས་གྲུབ་སྩོལ་ཅིག༔ དེ་རྒྱབ་འདི་ཉིད་ཚག་མེད་བཀོད་པར་བྱ༔ ཧོ༔ ཡི་དམ་ཞི་ཁྲོ་རབ་འབྱམས་གནས་ཡུལ་དཔའ་བོ་མཁའ་འགྲོ་ཞི་རྒྱས་དབང་དྲག་ལ་གཏོགས་པའི་ལྷ་ཚོགས་འཁོར་བཅས་ཀྱིས་བདག་གི་སྒོ་གསུམ་བྱིན་གྱིས་བརླབས་ནས༔ ལུས་འཇའ་ལུས༔ ངག་ནུས་ལྡན༔ སེམས་ཆོས་སྐུ༔ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་རང་བཞིན་དུ་བསྒྱུར་ལ་ཁྱེད་རྣམས་དང་དགོངས་པ་མཉམ་པར་བྱིན་གྱིས་རློབས༔ མི་མཐུན་ཀུན་ཞི་ཞིང་ཚེ་བསོད་ཆོས་མཆོག་རྒྱས་པ་དང༔ སྣང་སྲིད་དབང་འདུས་གནོད་བྱེད་ཚར་གཅོད་པའི་དངོས་གྲུབ་སྩོལ་ཅིག༔ རྩ་རླུང་ཐིག་གསུམ་འབྱོངས་ནས་སྐུ་གསུམ་རང་ས་ཟིན་སྐུ་བཞི་དང་འདུ་འབྲལ་མེད་པར་མཛད་དུ་གསོལ༔ དེ་རྒྱབ་ཡི་དམ་ཕོ་མོ་འཁོར་དང་བཅས༔ གང་ཡིན་སོ་སོའི་སྔགས་མཐར་འདི་སྦྱར་བསྐོར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པྲ་ཝེ་ཤ་ཡ་ཧོ༔ ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ ཕེཾ་ཕེཾ་ཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ལྷ་གྲངས་ཉུང་ན་མང་དུ་བསྐྱར་ལ་བྲི༔ དེ་རྒྱབ་སྣང་བ་དབང་སྡུད་འདི་བྲི་འོ༔ ཨོཾ་མུ་ལེ་ལྷོད་ལྷོད་སྡུས་སྡུས་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ༔ ཨོཾ་ཏྲི་དུ་ཏྲི་དུ་མ་དུ་མ་དུ་ཆུམ་ཆུམ་ཀྲོག་ཀྲོག་སརྦ་སིདྡྷི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ༔ ཨོཾ་སྤུར་སྤུར༔ སྤུར་ཡེ་སྤུར་ཡེ༔ ན་འོང་ན་འོང་ཧ་རི་ནི་ས་ཧཱུྃ་ཕཊ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཡེ་ཨ་རྣྲྀ་ཏྲི་ཨཱ་ཀར་ཤ་ཡ་ཧྲིང་ཕེཾ་ཛ༔ ཧ་རི་ནི་ས་རྣྲྀ་རཱུ་པ་སྙིང་ན་སཱ་རེ་ཧཱུྃ་ཛ༔ ཞེས་དང་ཕྱི་པ་མུ་སྟེགས་པ་མ་ཡིན་པའི༔ དར་སྣ་ལྔ་དང་ཞིང་ལྤགས་ན་བཟའ་གསོལ༔ རང་གཞུང་བསྐྱེད་བསྟིམ་རྒྱས་དང་རབ་གནས་འབད༔ མཁའ་འགྲོ་མ་ཀུན་འདི་ཡི་ཁོངས་སུ་འདུས༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ གསུམ་པ་ཆོས་སྐྱོང་བླ་རྡོ་སྤྱི་ཁོག་ནི༔ རོ་རས་སོགས་ལ་རིན་ཆེན་རིགས་ཀྱིས་བྲི༔ འཁོར་ལོ་མུ་ཁྱུད་བདུན་བསྐོར་ལྟེ་བ་རུ༔ ཆོས་སྐྱོང་ཕོ་མོ་གང་ཡིན་སྲོག་བྲི་ལ༔ མཐར་ནི་ཆོས་སྐྱོང་གང་ཡིན་མཚན་གྱི་མཐར༔ ཁྱེད་འཁོར་དང་བཅས་པ་བདག་སྒྲུབ་པ་ཆེ་གེ་ལ་ལུས་དང་གྲིབ་མ་ལྟ་བུར་འགྲོགས་ནས་ཅི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ཤིག༔ སྔོན་གྱི་དམ་བཅའ་གཉན་པོ་མ་སྙེལ་ཅིག༔ རྒྱལ་བ་སྲས་བཅས་རིག་འཛིན་གོང་མ་རྣམས་མ་བསླུ་བར་འདིར་གཤེགས་ལ་བཞུགས་ནས་གང་བཅོལ་མཛད་དུ་གསོལ༔ དེ་རྒྱབ་ཆོས་སྐྱོང་འཁོར་བཅས་བསྙེན་པ་དང༔ འབོད་རྦད་སྔགས་མཐར་སྤེལ་ཚིག་འདི་ཡང་བྲི༔ རྣལ་འབྱོར་བདག་ལ་འཚེ་བའི་བགེགས་ཟློག་ནས་དགྲ་སྲོག་དམར་པོ་ཆོད་ཅིག༔ ཅེས་དང་དེ་རྒྱབ་རྩིབས་བཅུ་དྲུག་བྱ༔ དེ་ལ༔ ཧཱུྃ་བྷྱོ་རཾ་ཨེ་ཛཿཏྲི་རྣམས༔ ཐོ་བརྩེགས་བྲིས་མཐར་འདི་ཉིད་བྲིས་ལ་བསྐོར༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་བདག་ལ་འདུས་ནས་ཕྲིན་ལས་སྒྲུབས་ཤིག༔ དེ་རྒྱབ་མུ་ཁྱུད་ལ་ནི་འདི་བྲིའོ༔ དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཕེཾ༔ པྲ་ཝེ་ཤ་ཡ་ཧོ་ཧོ་ཏིཥྛ་ལྷན༔ ས་མ་ཡ་ཧཱུྃ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧོ༔ རྒྱལ་བ་གོང་མ་རྣམས་ཀྱི་སྤྱན་སྔར་སངས་རྒྱས་བསྟན་པ་བསྲུང་ཞིང་སྒྲུབ་པོ་བུ་ལྟར་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་རྣམས་སྔོན་གྱི་དམ་ཚིག་གཉན་པོ་དྲན་པར་མཛོད་ལ་བདག་སྒྲུབ་པོ་ཆེ་གེ་ལ་ལུས་དང་གྲིབ་ལྟར་འགྲོགས་ནས༔ ཕྲིན་ལས་གང་བཅོལ་མཛད་ཅིང་རྟགས་དང་མཚན་མ་སྟོན་ཅིག༔ ཞི་བ་དང་རྒྱས་པ་དབང་དྲག་པོ་སོགས་ཅི་ལྟར་བཅོལ་བ་མཛོད་ཅིག༔ བདག་ཀྱང་དམ་ལ་མི་འདའ་ཞིང་ཁྱོད་ཀྱང་དམ་ལ་མ་འདའ་ཞིག༔ མཆོག་གསུམ་རྒྱལ་བ་ཞི་ཁྲོ་དཔང་དུ་བཞུགས་སོ༔ དམ་ཆུ་གཉན་པོ་དྲན་པར་མཛད་འཚལ་ལོ༔ བཛྲ་ས་མ་ཡ་ན་ར་ཀན་སི་ཧཱུྃ༔ དེ་རྒྱབ་ཆོས་སྐྱོང་གང་ཡིན་སྔགས་རེའི་མཐར༔ འདི་དང་སྦྲགས་པ་ཅི་རིགས་བྲི་བར་བྱ༔ བཛྲ་ས་མ་ཡ་ཙིཏྟ་ཨཱ་ཀར་ཤ་ཡ་ཧྲིང་ཛཿཧཱུྃ་བཾ་ཧོཿཨེ་ཧྱེ་ཧི་ཧཱུྃ་ཛ་ཕེཾ་ས་མ་ཡ་སཏྭཾ༔ དེ་རྒྱབ་རྦད་གསད་སྔགས་གང་ཡོད་ཀྱི་མཐར༔ བདག་ཆེ་གེ་ལ་གནོད་པའི་དགྲ་བོ་ཐམས་ཅད་ཀྱི་རྣམ་ཤེས་སྐེམ་པར་མཛོད་ཅིག༔ ཤ་རུས་ཕུང་ཁམས་མཱ་ར་ཡ་ཁཱ་ཧི་ཁཱ་ཧི་དགྲ་བོའི་སྲོག་ལ་ཡ་ཡཱ༔ དེ་རྒྱབ་ཡེ་དྷར་དབྱངས་གསལ་ལེགས་པར་བྲི༔ མཐུན་པའི་ཤ་ཁྲག་རུས་སྙིང་ལ་སོགས་དང༔ སྲུང་བའི་དམ་རྫས་མཐུན་ཀུན་བཞག་པར་བྱ༔ སླར་ཡང་སྲུང་མའི་རང་གཞུང་ལྟར་བྲིས་ལ༔ འདི་དང་མཉམ་བཞག་ཟབ་པའི་མཐར་ཐུག་ཡིན༔ ཡང་ན་སོ་སོའི་བླ་རྡོ་ཤེས་པ་འམ༔ མ་ཤེས་ཕ་ཝང་ལོང་བུར་རང་སྲོག་བྲི༔ རང་མཐུན་རྫས་བཅས་བཞག་ནས་མཉམ་དུ་དྲིལ༔ རང་མདོག་དར་ལ་སྲོག་སྔགས་བྲིས་པས་དྲིལ༔ དེ་རྒྱབ་ཡི་དམ་སྐུ་གཟུགས་སྔགས་བྲིས་པ༔ བསྐྱེད་བསྟིམ་རབ་གནས་ཚར་བའི་དུས་སུ་དྲིལ༔ ས་མ་ཡཱ༔ རྒྱཿརྒྱཿརྒྱ༔ དེ་ནས་དེ་དག་སྤྱི་ཁྱབ་ཞལ་གདམས་བཤད༔ རང་རང་གཙོ་བོའི་སྐུ་གཟུགས་ཚོན་གང་དང༔ སྲོག་སྔགས་དར་ལ་གསེར་གྱིས་ལེགས་བྲིས་པ༔ དམ་རྫས་རིལ་བུ་བྱས་པར་སྲོག་ཡིག་བྲི༔ དེ་གསུམ་ལྷན་ཅིག་ཀུན་ལ་བཞག་པ་གནད༔ གབ་ཙེ་སོགས་ལ་གཞུག་ནས་ཕྱི་ཕོ་བྲང༔ ནང་ནི་གང་ཡིན་ལྷར་གསལ་བསྐྱེད་བསྟིམ་སོགས༔ དུས་བཟང་ཀུན་ལ་མ་ཆག་ཡང་ཡང་བྱ༔ མཆོད་བསྟོད་དངོས་འབྱོར་ཡིད་སྤྲུལ་ཅི་རིགས་འབད༔ རྟག་ཏུ་གང་ཡིན་ལྷ་ཡི་ངེས་ཤེས་བྱ༔ རང་སྔགས་བཟླས་ཤིང་མེ་ཏོག་འཐོར་བ་གནད༔ རང་གིས་འཆང་ངམ་རྟེན་ལ་གཞུག་པ་སོགས༔ སྐབས་བབས་ཤེས་བྱ་རྩ་བ་གསུམ་སོགས་ནི༔ བྱ་རྒོད་རོ་འདུས་ལྟ་བུར་ཡོང་ནས་ནི༔ ཕྲིན་ལས་གང་བཅོལ་འགྲུབ་པའི་གནད་འདི་ཟབ༔ ལར་ནི་རང་གིས་དམ་ཚིག་བསྲུང་གལ་ཆེ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ཡེ་ཤེས་ཆོས་སྐྱོང་བླ་རྡོ་ཁྱད་པར་ནི༔ གཞན་བསྟན་དྲེགས་པ་སྤྱི་ཡི་བླ་རྡོ་བཤད༔ དང་པོ་སྡེ་དཔོན་བཅོ་བརྒྱད་བླ་རྡོ་ནི༔ ཕ་ཝང་ལོང་བུར་སྲེ་མོང་ཁྲག་གིས་བྲི༔ ཏྲིའུ་ཛ༔ སྲེ་མོའི་སྙིང་ནང་གཞུག་ལ་དར་མཐིང་དྲིལ༔ སྔོན་དམར་སྐུད་པས་བཅིངས་ལ་གནས་སུ་བཅང༔ ྀཨཚ༔ ལེ་བརྒན་དར་ལ་དེ་ཕོའི་ཁྲག་གིས་བྲི༔ ཛ་ས་ཏི་རཱ་ཧུ་ལ་ཛ༔ ཟངས་ཕུར་སོར་བཞི་ལྷན་ཅིག་དེ་ཕོ་ཡི༔ སྙིང་ནང་དར་དམར་དྲིལ་བཅུག་སྔོ་དམར་སྐུད༔ ཀྱིས་བཅིངས་བཅང་བ་གཟའ་ཡི་བླ་རྡོ་འོ༔ ྀཨཚ༔ མཐིང་ནག་དར་ལ་རིན་ཆེན་མཚལ་གྱིས་བྲི༔ དུ་དུ་ཛ༔ ཀྱུང་ཀའི་སྙིང་ནང་ཆུ་ཤིང་ཕུར་བུ་དང༔ ལྷན་ཅིག་དར་ནག་དྲིལ་བཅུག་སྔོན་དམར་བཅིངས༔ བཅང་བ་འདི་ནི་བདུད་ཀྱི་བླ་རྡོ་འོ༔ ྀཨཚ༔ དར་དམར་སྟེང་དུ་ར་ཁྲག་གིས་བྲིའོ༔ ཙ་ཙ་ཙ་ར་ཙ༔ སྐྱེས་ཕུར་ལྷན་ཅིག་དར་དམར་དྲིལ་ནས་ནི༔ རྟ་སྙིང་ནང་གཞུག་བཙན་གྱི་བླ་རྡོ་འོ༔ ྀཨཚ༔ དར་དམར་སྟེང་དུ་དེ་ཕོ་དཀར་ཁྲག་གིས༔ བྲིས་ནས་བྱི་ལའི་སྙིང་དང་ལྷན་ཅིག་ཏུ༔ ཤེལ་དཀར་བཞག་ནས་ཟ་འོག་དཀར་པོས་དྲིལ༔ བཅང་བ་དེ་ནི་རྒྱལ་པོའི་བླ་རྡོ་ཡིན༔ རཱ་ཙ་ཤ་ཊ་ཏྲི་ཛ༔ ྀཨཚ༔ དར་དཀར་སྟེང་དུ་གཡག་དཀར་ཁྲག་གིས་བྲི༔ ཨ་དྷེ་ཝ་ཙཀྲ་ཛ༔ གཡག་དཀར་སྙིང་གཞུག་ཡུལ་ལྷའི་བླ་རྡོ་ཡིན༔ ྀཨཚ༔ བྱ་མོ་ནག་མོའི་པགས་པར་དེ་ཕོ་ཡི༔ ཁྲག་གིས་བྲིས་ནས་དེ་ཡི་སྙིང་ནང་གཞུག༔ མ་མ་རུ་ལུ་རུ་ལུ་བྷྱོ་ཛ༔ ཏྲག་རཀྴ་ཛ༔ སེང་ལྡེང་ཕུར་དང་ལྷན་ཅིག་དར་ནག་དྲིལ༔ བཅང་བ་མ་མོ་ཀུན་གྱི་བླ་རྡོ་ཡིན༔ ྀཨཚ༔ སྦྲུལ་གྱི་པགས་པར་ཉ་ཡི་ཁྲག་གིས་བྲི༔ ཕུ་ནཱ་ག་རཱ་ཙ་ཧཱུྃ་ཛ༔ ནཱ་ག་ནཱ་གི་ཕུ་ཙིཏྟ་ཧྲིང་ཛ༔ ཉ་མགོའི་ནང་གཞུག་གླ་རྐང་ཕུར་བུ་དང༔ ལྷན་ཅིག་དར་སྔོན་དྲིལ་བཅང་ཀླུ་ཡི་འོ༔ ྀཨཚ༔ དར་གྱི་སྟེང་དུ་གསེར་གྱིས་ཡི་གེ་བྲི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཤེལ་དང་བཙན་རྡོ་ཕ་ཝང་ལོང་བུ་གསུམ༔ གསེར་གཟི་རིན་ཆེན་བཞི་དང་ཆུ་ཡི་རྡོ༔ དང་བཅས་མཐུན་རྫས་ལྷན་ཅིག་ལྕགས་ཕུར་སོགས༔ བཅང་བ་ལྷ་སྲིན་སྡེ་བརྒྱད་བླ་རྡོ་ཡིན༔ ས་མ་ཡཱ༔ རྒྱཿརྒྱཿརྒྱ༔ གང་ཞིག་སྔགས་པ་ནང་འགྲས་བྱུང་བ་འམ༔ ལས་མ་གྲུབ་པ་འཁུ་ལྡོག་བྱུང་བ་སོགས༔ འུ་ཐུག་ཤིན་ཏུ་གཉན་པའི་བྱ་ཐབས་བཤད༔ མང་དུ་བྱས་ན་རང་སྲོག་ཆད་པར་ངེས༔ དེས་ན་ཚོད་ཡོད་བུ་ཡིས་ཉམས་སུ་ལོངས༔ ལས་མགོན་ལ་སོགས་གནད་དབབ་ཤི་ས་ནི༔ བྲུབ་ཁུང་ནང་དུ་གཟུགས་དང་བླ་རྡོ་བཞག༔ ཐུན་གཟིར་དེ་ནས་མཛོ་མོ་ཤིང་མེ་སྦར༔ དུག་ཤིང་ཚེར་ཅན་མ་རུངས་པ་ཡང་བཞག༔ མི་ཁྱིའི་བྲུན་བསྲེག་དུད་བདུག་གཟུགས་མགོ་མཇུག༔ བཟློག་ནས་རང་ཉིད་ཡི་དམ་ང་རྒྱལ་གྱིས༔ ཐུན་རྫས་སླར་ཡང་བྲབ་ལ་འདི་བཟླས་སོ༔ ཀཱ་ལ་ཧེ་རུ་པ་ཡ་རཾ༔ ཡཾ་ཧཾ་རཾ་ས་མ་ཡ་ཀཱ་ལ་སྲོག་ལ་རཾ་རཾ༔ ྀཨཚ༔ དམ་སྲི་ཕོ་མོ་ཤི་ས་གནད་དབབ་ནི༔ དར་དམར་སྟེང་དུ་དུག་ཁྲག་གིས་འདི་བྲི༔ ཨོཾ་བཛྲ་རཀྴ་རཱ་ཙའི་ཙིཏྟ་ཟུངས༔ ཁ་རག་སྨ་ཤ་རཱ་ཙའི་ཙིཏྟ་རྦད༔ འཁུན་དུམ་བུར་ཤིག་ཤིག༔ བྷ་ན་རཀྴ་རཱ་ཙའི་ཙིཏྟ་ཕྱུངས༔ ལྡོག་ན་རཀྴ་རཱ་ཙའི་ཙིཏྟ་རྦད༔ ཏྲིའུ་གཏུབ་གཏུབ་རྦད༔ ཙིཏྟ་ཧུ་ལུ་ཧུ་ལུ་རྦད༔ ཙིཏྟ་རཀྴ་གཏུབ་གཏུབ༔ ཏྲིའུ་ཏྲིའུ་སརྦ་དུཥྚཱཾ་ཏྲིག་ནཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད༔ སྲེ་མོའི་ཐོད་བཅུག་སྔོན་དམར་སྐུད་པས་བཅིང༔ སྔགས་བཟླས་ཐུན་བྲབ་མལ་འོག་ཏུ་མནན་པས༔ རྒྱལ་བསེན་དམ་སྲི་ཤི་དང་ཁྱད་པར་མེད༔ ྀཨཚ༔ མ་མོ་གནད་དབབ་ཤི་ས་བསྟན་པ་ནི༔ ཁྱིམ་བྱ་ནག་པོའི་པགས་པར་གྲི་ཁྲག་བྲིས༔ མ་མ་རུ་ལུ་ཏྲག་པ་ཙ་དམ་ལ་འདུས༔ སྙིང་ལ་འདུས༔ སྲོག་ལ་འདུས༔ ས་མ་ཡ་རཀྨོ་དམ་ལ་འདུས་ཛ༔ ཡུ་ཀཱ་ལི་སིང་ཛ༔ མ་མ་ཙིཏྟ་ཁ་རག་མ་ཡ་ས་མ་ཡ་དམ་ཛ༔ མ་མ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏྲིག་ནཾ༔ ཧུར་ཐུམས་མཱ་ར་ཡ་རྦད༔ མཛོ་རྭ་ནང་བཅུག་སྐུད་པ་སྔོན་དམར་བསྡམ༔ སྔགས་སྟོང་བཟླས་ལ་ཐུན་བྲབ་མལ་འོག་མནན༔ མ་མོ་མ་ལུས་ཤི་དང་ཁྱད་པར་མེད༔ ྀཨཚ༔ གཟའ་ཡི་གནད་དབབ་ཤི་ས་བསྟན་པར་བྱ༔ མེ་ལོང་ཆུ་བཏབ་མེར་བསྲོས་ཟིལ་པ་དང༔ དེ་ཕོའི་ཁྲག་གིས་ཤོག་བུར་འདི་བྲི་འོ༔ ཨོཾ་ཨཱཿཧཱུྃ༔ བི་ཤ་མུ་ཁེ་དུ་རུ་མ་ཤི་ཀ་ཛ༔ པ་ཏི་རཱ་ཧུ་ལ་ཛ༔ ཧྲི་ཤོ་ས་མ་ཡེ་འུར་འུར་སོད་སོད་ཡཾ་ཡཾ་གརྦྷ་ནཱ་ག་པ་ལ་རཱ་ཧུ་ལ་ས་མ་ཡ་ཏྲིག་རྦུད་ཁུག་ཛ༔ སརྦ་དུཥྚཾ་ཏྲིག་ནན་ཧུར་ཐུམས་སོད༔ དེ་ཕོའི་ཐོད་བཅུག་སྔོན་དམར་སྲད་བུས་བཅིང༔ སྔགས་སྟོང་བཟླས་ལ་ཐུན་བྲབ་མལ་འོག་མནན༔ དེ་ཡིས་གཟའ་ཉིད་ཤི་དང་ཁྱད་པར་མེད༔ ྀཨཚ༔ བདུད་ཀྱི་གནད་དབབ་ཤི་ས་བསྟན་པར་བྱ༔ ཀྱུང་ཀའི་ཁྲག་གིས་གཡག་གི་སྙིང་ཤུན་བྲིས༔ ཨ་ཡང་འདྲེ་ཡེང་སད་དྷ་ལེ་ཤི་ཛ༔ དུ་དུ་རུ་ཏྲ་རྦད༔ རུ་ཏྲ་དམ་ལ་འདུས་ཙ་པ་ལ་ཀཱ་ལ་ཛ༔ དུན་དུན་རྦད༔ དཾ་དཾ་ཡཾ་ཡཾ་དུཾ་བུ་ཡང་ས་མ་ཡ་དུཥྚཾ་ཏྲིག་ནན་ཧུར་ཐུམས་མཱ་ར་ཡ་རྦད༔ ཀྱུང་ཀའི་ཐོད་བཅུག་ཐུན་བྲབ་ཐེམ་འོག་མནན༔ དེ་ཡིས་རུ་ཏྲ་ཤི་དང་ཁྱད་པར་མེད༔ ྀཨཚ༔ ཟ་འདྲེ་བསེ་རག་ཤི་ས་བསྟན་པ་ནི༔ རིན་ཆེན་མཚལ་གྱིས་ནག་པོའི་དར་ལ་བྲི༔ སུ་ཐུན་ཁ་ཐུན་པྲ་མ་ཐུན༔ གཾ་པ་ཛ་ཏྲི་ཡཾ་ཏྲི་ཡཾ་དུ་ལ་སོད་ཁ་ཆོད་ཁ་ཐཾ་ཁ་ཐཾ་རྦད་དུཥྚཾ་ཏྲིག་ནན་ཧུར་ཐུམས་ཛ་མཱ་ར་ཡ་རྦད༔ རྩངས་པའི་གསོབ་བམ་རི་བོང་ཐོད་པ་རུ༔ སྡིག་པའི་རོ་དང་ལྷན་བཅུག་བོང་བུ་ཁྱིའི༔ མཇུག་མའི་སྤུའི་སྐུད་བཅིངས་ལ་སྔགས་སྟོང་བཟླས༔ ཐུན་བྲབ་ཐེམ་འོག་ལ་མནན་ཤི་དང་མཚུངས༔ ྀཨཚ༔ བཙན་གྱི་ཤི་ས་བསྟན་པ་འདི་ལྟ་སྟེ༔ བསེ་ཁྲབ་བྱང་བུར་མཚལ་གྱིས་བྲི་བར་བྱ༔ ཏྲི་མཐར་རཾ་བཅུས་བསྐོར་མཐར་སྔགས་འདི་འོ༔ ཙ་ཤོ་སཾ་པ་ར་དུ་ཏྲི་ཡ་ཛ་རནྟེ་དུན་མ་ཏྲི་པྲ་མ་ནི་ཛ༔ ཙ་ཙ་ཙ་ར་ཙ་ནཾ་ཏྲི་པྲ་མ་ཡ་ས་མ་ཡ་དམ་ཐིང་ལི་མྱོག་རྦད་ཤི་ཏྲི་རྦད༔ རུ་ཏྲི་རྦུད་རྦུད་ཛ་ཡ་དམ་ཐིང་ལི་མྱོག་རྦད༔ སརྦ་དུཥྚཾ་ཏྲིག་ནན་ཧུར་ཐུམས་རྦད༔ རྟ་དམར་ཐོད་བཅུག་སྔོན་དམར་སྐུད་པས་བཅིང༔ མི་ར་ཁྱི་རྟའི་ཚིལ་དུད་བདུག་སྔགས་སྟོང༔ བཟླས་ལ་ཐུན་བྲབ་བཙན་གནས་རི་ཟུར་སྦ༔ ྀཨཚ༔ ཀླུ་ཡི་ཤི་ས་ཤོག་བུར་ཉ་ཁྲག་གིས༔ ནཱ་ག་ཧུ་ཡ་ཀར་ཀོ་ཛ༔ ནཱ་ག་དུཾ་ཧུ་ཡ་ཀརྐོ་ཛ༔ ཕུ་ནཱ་ག་ཙིཏྟ་རྦད༔ སརྦ་དུཥྚཾ་ཏྲིག་ནན་མཱ་ར་ཡ་རྦད༔ ཁམ་སར་སྦལ་གཟུགས་གཉིས་སྦྱོར་བར་དུ་བཅུག༔ སྔོན་དམར་སྐུད་བཅིང་སྔགས་སྟོང་ཐུན་གྱིས་བྲབ༔ ཆུ་མིག་ཏུ་མནན་ཤི་དང་ཁྱད་པར་མེད༔ ྀཨཚ༔ ཐུལ་རྟགས་ངུ་དང་ཕྱག་འཚལ་བྱུང་རྨིས་ན༔ ཁྲུས་བྱ་བཅིང་ཁྲོལ་བདེ་བའི་དམིགས་པ་ནི༔ རྟེན་ལ་བྱ་ཞིང་བསྐང་བཤགས་འོས་པ་བྱ༔ ནང་རྒྱས་དང་ནི་ཤིན་ཏུ་འཁུ་ན་གནད༔ དབབ་ལ་གཞན་དུ་མི་བྱ་གཉན་པས་སོ༔ དེ་ལྟར་སྤྱི་ཆིངས་ཟབ་གཉན་མན་ངག་ནི༔ ཞར་བྱུང་ཡོངས་རྫོགས་འདི་ནི་གུ་རུ་ཡི༔ གསུང་ལ་ཟིན་བྲིས་མཚོ་རྒྱལ་བདག་གིས་བྱས༔ གཏེར་ཁ་འགའ་ལ་སྦས་ཀྱང་འདི་ཉིད་ཟབ༔ ཐེམ་དུ་མ་བསྟན་གུད་སྦས་གསང་བ་གནད༔ ས་མ་ཡཱ༔ རྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱ༔ བདག་རོལ་པའི་རྡོ་རྗེས་གདན་དྲངས་སོ།། །།

ཡང་གསང་རིག་འཛིན་སྲོག་ཐིག་གི་སྲུང་མ༔ རྨ་ཆེན་སྤོམ་རའི་གསོལ་མཆོད་འདོད་དགུ་མྱུར་སྟེར་ (Volume 39, Text 30)

ྈ ཡང་གསང་རིག་འཛིན་སྲོག་ཐིག་གི་སྲུང་མ༔ རྨ་ཆེན་སྤོམ་རའི་གསོལ་མཆོད་འདོད་དགུ་མྱུར་སྟེར་བཞུགས་སོ༔ ྈྈྈྈྈྈྈྈྈ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྲུང་མ་རྨ་རྒྱལ་སྤོམ་ར་ཡི༔ གསོལ་མཆོད་འདོད་དགུ་མྱུར་སྟེར་ལས༔ དང་པོ་བཅའ་གཞིའི་རིམ་པ་ནི༔ རཏྣའི་སྣོད་དམ་རྡོ་ཕོར་དུ༔ རི་རབ་བང་རིམ་སུམ་བརྩེགས་བྱ༔ དེ་སྟེང་དཔལ་གྱི་གཏོར་མ་ནི༔ སྟོད་ཟུར་བཞི་པ་རྒྱལ་མཚན་གྱིས་མཚན་པ༔ དེ་ཡི་མདུན་དུ་ཡུམ་མཆོག་དཔལ་བཙུན་མ༔ ཟླུམ་པོ་ནོར་བུས་མཚན་པ༔ གཡས་སུ་ཏི་སེ་ཟླུམ་པོ་སུ་ལུ་ཅན་རཏྣས་མཚན་པ༔ གཡོན་དུ་གངས་རི་དཀར་པོ་ལ༔ སྟོད་ཟུར་གསུམ་པ་བ་དན་གྱིས་མཚན་པ༔ རྒྱབ་ཏུ་གཞོན་ནུ་ལྷ་བཙན་ལ༔ ཟུར་གསུམ་ར་མགོས་མཚན་པ༔ གཞན་ཡང་དཀར་མངར་གསུམ་ལྡན་གྱི་བ་ལིཾ༔ མཱཾ་སའི་དམ་རྫས་སོགས་ཡོ་བྱད་བརྗིད་ལྡན་བཤམ༔ དེ་ནས་ཕྲིན་ལས་རང་གཞུང་ལ༔ དང་པོ་སྤྱན་འདྲེན་པ༔ གཉིས་པ་བཞུགས་སུ་གསོལ་བ༔ གསུམ་པ་ཕྱག་འཚལ་བ༔ བཞི་པ་མཆོད་པ་འབུལ་བ༔ ལྔ་པ་བསྟོད་པ་བྱ་བ༔ དྲུག་པ་ཕྲིན་ལས་བཅོལ་བའོ༔ དང་པོ་སྤྱན་འདྲེན་པ་ནི༔ གསུར་ཆེན་ལ་སོགས་སྤོས་སྣ་ཚོགས་བསྲེགས་ལ༔ རོལ་མོའི་རིགས་བྱེད་རྣམས་འུར་ལྡིར་དུ་སྒྲོག་ལ་འདི་སྐད་དོ༔ རང་ཉིད་སྐད་ཅིག་གིས་རིག་འཛིན་པདྨ་འབྱུང་གནས་འགྲོ་བ་ཀུན་སྒྲོལ་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས༔ རྒྱ་གར་གྱི་ལྷོ་ཕྱོགས་མ་དྲོས་དཔལ་གྱི་མཚོ་མོ༔ གངས་ཅན་བོད་ཀྱི་བྱང་ཕྱོགས་སྤོམ་རའི་ལྷའི་སྐྱེད་ཚལ་གྱི་ཀེའུ་ཚང་རཏྣ་སྣ་ཚོགས་ཀྱི་སྐུ་མཁར༔ ཤེལ་གུར་དཀར་པོའི་ནང་ཤེད་ནས༔ ལྷའི་དགེ་བསྙེན་ཆེན་པོ་རྨ་རྒྱལ་སྤོམ་ར་ཡབ་ཡུམ༔ སྲས་མཆོག་རྡོ་རྗེ་ཡེ་ཤེས༔ ཡུམ་མཆོག་རྡོར་དབྱིངས་སྒྲོན་མ༔ གཞན་ཡང་རང་རང་གི་ཡུམ་མཆོག༔ བཀའ་འཁོར་བྲན་གཡོག༔ རྨ་རིགས་སུམ་སྟོང་དྲུག་བརྒྱ༔ འཁོར་ཡང་བློན་དང་བཅས་པ་ཐམས་ཅད་མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་རབ་འབར་ཞིང༔ ཀུན་ཏུ་བཟང་པོ་རྒྱལ་བ་རྒྱ་མཚོ་ཡིས༔ སྤྱན་སྔར་རྨ་རྒྱལ་སྤོམ་ར་བཀའ་འཁོར་ཚོགས༔ བྲན་བཞིན་རང་རང་དམ་བཅས་དགྱེས་དགོངས་ལ༔ དུས་འདིར་རྣལ་འབྱོར་བདག་གི་དཔུང་གྲོགས་དང༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ བར་དུ་འགྱུར་མེད་རྡོ་རྗེའི་གདན་དྲུང་དུ༔ རྒྱལ་བ་ཤཱཀྱ་སེང་གེའི་སྤྱན་སྔ་རུ༔ གཙུག་ལག་གཏེར་སྐྱོང་བསྟན་པ་གཉན་བསྲུང་ཆད༔ སྔོན་གྱི་བཀའ་བསྒོ་ཐ་ཚིག་མ་གཡེལ་བར༔ དུས་འདིར་རྣལ་འབྱོར་བདག་གི་དཔུང་གྲོགས་དང༔ གདུག་པའི་མཐའ་དམག་བཟློག་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ དེ་འོག་འཆི་མེད་རིག་འཛིན་པད་འབྱུང་གིས༔ ཨོ་རྒྱན་གནས་དང་བོད་ཡུལ་ཁ་བའི་ལྗོངས༔ བལ་བོད་མཚམས་དང་མདོ་ཁམས་གངས་རིའི་བརྡལ༔ རང་སྣང་ལྷུན་གྲུབ་བསྒྲུབས་པའི་གནས་རྣམས་སུ༔ རྨ་རྒྱལ་སྤོམ་ར་རྡོ་རྗེ་བདུད་འཇོམས་རྩལ༔ དཔལ་གྱི་བཙུན་མོ་ཡེ་ཤེས་ཆོས་སྒྲོན་དང༔ སྲས་མཆོག་རྡོ་རྗེ་ཡེ་ཤེས་དབྱིངས་སྒྲོན་མ༔ ཏི་སེ་རྡོ་རྗེ་གཤོག་རྒོད་བསམ་འགྲུབ་རྩལ༔ གངས་རི་ལྷ་བཙན་གཞོན་ནུ་གཡུང་དྲུང་རྩལ༔ རྨ་རིགས་དགེ་བསྙེན་སུམ་སྟོང་དྲུག་བརྒྱའི་ཚོགས༔ རང་རང་བཙུན་མོ་བཀའ་སྡོད་འབངས་འཁོར་རྣམས༔ ཁྱོད་སྔོན་པད་འབྱུང་བཀའ་ལས་མ་འདའ་བར༔ དུས་འདིར་རྣལ་འབྱོར་བདག་ཅག་མགོན་གྲོགས་དང༔ བཀའ་གཏེར་བསྟན་པ་གཉན་པོ་བསྲུང་བ་དང༔ ཧོར་སོག་འཇིགས་པའི་མཐའ་དམག་བཟློག་པའི་ཕྱིར༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ གཙང་མ་རིགས་ཀྱི་དཔལ་མགོན་བདུན་ཅུ་ལྔ༔ གཞན་ཡང་དགེ་བསྙེན་ཆེན་པོ་ཉེར་གཅིག་དང༔ ལྷ་རབས་མཆེད་དགུ་མགུར་ལྷ་བཅུ་གསུམ་པོ༔ སྐྱེས་བུ་རྡོར་ལེགས་མཆེད་འཁོར་བྲན་གཡོག་དང༔ དགྱེས་སྡེ་བརྟན་མ་ཆེན་མོ་བཅུ་གཉིས་པོ༔ རང་རང་སྡེ་འཁོར་དཔུང་ཚོགས་བཅས་པ་རྣམས༔ རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར༔ བཀའ་གཏེར་བསྟན་སྲུང་བདག་གི་མགོན་གྲོགས་དང༔ བདུད་སྡེ་ཇིང་འདུར་དཔུང་ཚོགས་བཟློག་པ་དང༔ ལེ་གུ་དམ་ལོག་ཆུང་སྲིའི་དཔུང་གཞོམ་ཕྱིར༔ གཟི་བྱིན་ནུས་རྩལ་མཐུ་སྟོབས་གློག་འཁྱུགས་ལ༔ གདུག་པ་མ་ལུས་འདུལ་ཕྱིར་གཤེགས་སུ་གསོལ༔ གཉིས་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ རང་མདུན་འཇའ་ཟེར་འོད་ཕུང་འཁྲིགས་ཀློང་དུ༔ པདྨ་ཉི་ཟླ་དགྲ་བགེགས་གཅལ་བཀྲམ་སྟེང༔ བསྟན་སྲུང་ཀུན་གཙོ་རྨ་རྒྱལ་སྤོམ་རར་གྲགས༔ གསང་བའི་མཚན་གསོལ་རྡོ་རྗེ་བདུད་འཇོམས་རྩལ༔ དཔལ་ཡུམ་ཧ་བཙུན་ཡེ་ཤེས་ཆོས་སྒྲོན་མ༔ ཁྱོད་ཀྱི་བཀའ་འཁོར་བྲན་གཡོག་དགྱེས་སྡེར་བཅས༔ དྲེགས་པ་སྡེ་བརྒྱད་འཁོར་ཚོགས་རྒྱ་མཚོ་རྣམས༔ བསྟན་པ་གཉན་བསྲུང་སྒྲུབ་མཆོག་གཉེར་བསྲུང་ཕྱིར༔ མ་ལུས་འཁོར་བཅས་དགྱེས་ཤིང་བརྟན་བཞུགས་གསོལ༔ གསུམ་པ་ཕྱག་མཆོད་ནི༔ ཧཱུྃ་བྷྱོ༔ རྨ་རྒྱལ་སྤོམ་ར་ལྷ་ཡི་དགེ་བསྙེན་ཚོགས༔ ཡབ་ཡུམ་སྲས་དང་ཕྱི་ནང་སྤྲུལ་བློན་དང༔ རྨ་རིགས་དགེ་བསྙེན་སུམ་སྟོང་དྲུག་བརྒྱ་ལ༔ སྣང་སྲིད་ཡེ་གྲོལ་ངང་ནས་ཕྱག་འཚལ་ལོ༔ བཞི་པ་མཆོད་པ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྐུ་རྒྱལ་བོད་ཀྱི་དགྲ་བླ་ཆེན་པོ་ནི༔ ལྷ་བཙུན་རྨ་རིགས་གོ་མཱི་མ་ཧཱ་སྟེ༔ དཔལ་བཙུན་ཡེ་ཤེས་ཆོས་སྒྲོན་བསམ་འགྲུབ་རྩལ༔ གངས་རི་ལྷ་བཙན་གཞོན་ནུ་གཡུང་དྲུང་དང༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་བཅས་དང༔ ལྷ་ཡི་དགེ་བསྙེན་ཆེན་པོ་ཉི་ཤུ་གཅིག༔ མགུར་ལྷ་བཅུ་གསུམ་ལྷ་རབས་མཆེད་སྡེ་དགུ༔ དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་དང༔ མ་ཡམ་བསྟན་སྐྱོང་བརྟན་མའི་ཚོགས་བཅས་དང༔ ཛམ་གླིང་བོད་ཁམས་སྐྱོང་མཛད་འཁོར་བཅས་ལ༔ བདེ་སྟོང་དབྱེར་མེད་ཆོས་དབྱིངས་ནམ་མཁའ་ལ༔ ཕྱི་ནང་གསང་མཆོད་འདོད་དགུ་ལོངས་སྤྱོད་ཚོགས༔ མི་ཟད་བརྗིད་ལྡན་དཔལ་གྱི་འོད་དཔུང་འབར༔ ལྔ་ལྡན་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི༔ རོ་མཆོག་བརྒྱད་ལྡན་གསེར་སྐྱེམས་མཚོ་ལྟར་བསྐྱིལ༔ རྣམ་ལྔའི་མེ་ཏོག་དྲི་གསུར་སྤོས་སྤྲིན་གཏིབས༔ མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང༔ རྐང་གླིང་རོལ་མོ་སྒྲ་སྙན་སྣ་ཚོགས་འབུལ༔ སྨན་སྣ་སྟོང་སྦྱར་པཉྩ་ཨ་མྲྀཏ༔ དཀར་མངར་འབྲུ་སྣའི་བཟའ་བཏུང་སྣ་ཚོགས་དང༔ ཤ་ཆེན་ཕྱེ་མར་སྤོས་དཀར་དུད་སྤྲིན་དང༔ དམ་ཉམས་ཀུན་སྒྲོལ་ཤ་ཁྲག་མཆོད་པ་འབུལ༔ མདའ་དར་མེ་ལོང་འཕན་གདུགས་རྒྱལ་མཚན་དང༔ ཌཱ་དྲིལ་གཡེར་ཁ་སྦ་གླིང་སྒྲ་སྙན་དང༔ གསེར་དངུལ་མུ་ཏིག་མུ་མེན་བྱེ་རུ་སོགས༔ དངོས་གྲུབ་མྱུར་སྟེར་མཐུན་རྫས་སྣ་ཚོགས་འདི༔ བསྟན་སྲུང་བདུད་འཇོམས་འཁོར་དང་བཅས་ལ་འབུལ༔ ས་ཆེན་ཁྱོན་ལྟར་རབ་ཡངས་བྷནྡྷའི་ནང༔ རི་རབ་ལྟར་བརྗིད་བཀོད་མཛེས་དཔལ་གཏོར་འདི༔ རྣམ་ཀུན་མི་ཟད་གཏེར་གྱི་འོད་ཟེར་འཕྲོ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ བསྟན་སྲུང་སྤོམ་ར་འཁོར་དང་བཅས་ལ་འབུལ༔ ཧཱུྃ་བྷྱོ༔ ཁྱད་པར་རྨད་བྱུང་བརྗིད་ལྡན་དཀོར་ནོར་ནི༔ རྫུ་འཕྲུལ་ཤུགས་ལྡན་ངང་པ་གསེར་ལྡན་ཚོགས༔ གཞན་ཡང་རྟ་མཆོག་རྣམ་མང་སྣ་ཚོགས་དང༔ དྲིའུ་ལྷོ་བྱང་འབྲོང་རྒོད་སྣ་ཚོགས་དང༔ གཡག་རོག་ཙ་ར་གཡང་མོ་རྣམ་མང་ཀུན༔ དར་ཟབ་སྟག་རས་སྣ་ཚོགས་རྒྱན་དང་ལྡན༔ ཁྱུང་དང་ཁུ་བྱུག་ཐང་དཀར་ནཻ་ཙོ་དང༔ རི་ཀླུང་བྱ་རིགས་རྣམ་མང་སྣ་ཚོགས་པ༔ སྤྱན་གཟིགས་དཀོར་ནོར་རྣམ་པ་སྣ་ཚོགས་ཀུན༔ རྨ་རྒྱལ་སྤོམ་ར་འཁོར་ཚོགས་རྣམས་ལ་འབུལ༔ བཞེས་ནས་སྒྲུབ་མཆོག་འཁོར་བཅས་བུ་བཞིན་སྐྱོངས༔ ཉམས་པའི་དགྲ་བགེགས་བྱད་མ་ཆམ་ལ་ཕོབ༔ ཨོཾ་སརྦ་མ་ཧཱ་གུ་རུ་དེ་ཝ་ཌཱ་ཀི་ནཱི༔ བཛྲ་ཀྲོ་ཏ་བྷི་རུ་མ་ཧཱ་གོ་མཱི་རྨ་ཏྲ་སརྦ་དྷེ་ཝ་ཙ་ཙ་ཏྲི་མ་མ་ཙ་ཏྲི་ཤུ་མ་ཧེ་དུནྟེ་སརྦ་ས་མ་ཡ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་ནས་སྭཱ་ཧཱའི་བར་དང༔ ཨརྒྷཾ་སོགས་ལན་བདུན་ནམ་ལྔའམ་གསུམ་གྱིས་འབུལ༔ མ་ཧཱ་ཨ་མྲྀཏ་བ་ལིནྟ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཁཱ་ཧི༔ སྨན་གཏོར་རཀྟ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི་བཏགས་ལ་འབུལ་ལོ༔ དམ་བརྡར་བཅོལ་གཏད་ནན་དུ་བྱའོ༔ ལྔ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ སྒྲུབ་པའི་གནས་མཆོག་བྱིན་ཆེན་ཐམས་ཅད་ཀྱི༔ བསྟན་སྲུང་དམ་ལྡན་རྣམས་ཀྱི་གྲོགས་མཛད་པ༔ བརྣག་པའི་དགྲ་བགེགས་དཔུང་ཚོགས་ཀུན་གྱི་གཤེད༔ འདོད་དགུའི་དངོས་གྲུབ་མྱུར་སྟེར་ཁྱོད་ལ་བསྟོད༔ ཧཱུྃ་བྷྱོ༔ ཁྱོད་ཀྱི་སྐུ་ཡི་རྣམ་འགྱུར་སྟོན་ཙམ་ན༔ དྲི་ཟའི་ཚོགས་ལ་མངའ་དབང་བསྒྱུར་བའི་ཕྱིར༔ ཡུལ་འཁོར་ཀུན་སྐྱོང་ཅང་ཤེས་དཀར་པོ་བཅིབས༔ ཕྱག་མཚན་རྒྱུད་མངས་ནོར་བུ་དབང་རྒྱལ་བསྣམས༔ དགྲ་གདོན་བགེགས་ཀྱི་དཔུང་ཚོགས་ཆམ་ལ་ཕོབ༔ ཆབ་སྲིད་རིགས་རྒྱུད་ནོར་སྐྱོང་ཁྱོད་ལ་བསྟོད༔ ཧཱུྃ་བྷྱོ༔ ཛམ་གླིང་བོད་ཁམས་བསྟན་པ་ཉེར་སྐྱོང་ཚེ༔ རྨ་རྒྱལ་སྤོམ་ར་བཅུ་དྲུག་གཟི་འོད་འབར༔ དར་ཟབ་རིན་ཆེན་རྣམ་མང་རྒྱན་གྱིས་མཛེས༔ ཕྱག་གཡས་རྒྱལ་མཚན་གཡོན་པས་རུ་མཚོན་བསྣམས༔ རྟ་མཆོག་ངང་སེར་བཅིབས་ནས་ལས་ཀུན་སྒྲུབ༔ བསྟན་སྐྱོང་མངའ་བདག་ཁྱེད་ལ་བདག་བསྟོད་དོ༔ ཧཱུྃ་བྷྱོ༔ རྨ་རྒྱལ་ཁྱོད་ལ་གསང་བའི་མཚན་གསོལ་བ༔ ཤཱཀྱའི་བསྟན་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ དབང་རྟེན་ཅོད་པན་དབང་གི་བསེ་ཁྲབ་གསོལ༔ ཕྱག་ན་རྒྱལ་མཚན་མདུང་དམར་ལྕགས་ཀྱུ་དང༔ རཏྣ་ནེའུ་ལེ་དབང་གི་ཞགས་པ་བསྣམས༔ སེང་དཀར་བཅིབས་ནས་དགྲ་གདོན་བགེགས་ཚོགས་འདུལ༔ བསྟན་སྲུང་རྒྱལ་པོ་ཁྱེད་ལ་བདག་བསྟོད་དོ༔ ཧཱུྃ་བྷྱོ༔ རྨ་རྒྱལ་ཁྱོད་ཡུམ་དཔལ་ལྡན་ཧ་རི་བཙུན༔ རྡོ་རྗེ་ཆོས་སྒྲོན་བསམ་དོན་སྒྲུབ་མཛད་མ༔ མཆོད་ཡོན་བར་ཆད་མ་ལུས་ཀུན་སེལ་མ༔ ཡིད་འོང་རབ་མཛེས་གཞན་སེམས་དབང་སྡུད་མ༔ མདའ་དར་བུམ་འཛིན་ཚེ་བསོད་དཔལ་སྐྱེད་མ༔ ལྗང་སྔོན་བཅིབས་ནས་ཆུང་སྲི་ཀུན་སྒྲོལ་མ༔ ཨོ་རྒྱན་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད༔ ཧཱུྃ་བྷྱོ༔ ཡབ་ཡུམ་སྲས་དང་བཅས་ཀྱི་བཀའ་ཉན་པ༔ བློན་པོ་རུ་འདྲེན་ཕྱི་བློན་བཀའ་འཁོར་ཚོགས༔ བསྟན་པའི་གཉེར་འཛིན་སྡང་བའི་དགྲ་གསོད་པ༔ རྨ་རིགས་སུམ་སྟོང་དྲུག་བརྒྱའི་ཚོགས་ལ་བསྟོད༔ ཧཱུྃ་བྷྱོ༔ བཀའ་གཏེར་བསྟན་པ་མ་ལུས་རྒྱས་མཛད་པ༔ དཀར་ཕྱོགས་གཞི་བཙུགས་ནག་ཕྱོགས་དཔུང་བཅོམ་པ༔ རྟག་ཏུ་མི་འབྲལ་ཕྲིན་ལས་སྒྲུབ་མཛད་པ༔ བསྟན་སྲུང་དགེ་བསྙེན་ཉེར་གཅིག་ཚོགས་ལ་བསྟོད༔ ཧཱུྃ་བྷྱོ༔ གར་གྱི་དབང་ཕྱུག་ལྷ་རབས་མཆེད་དགུ་པོ༔ སྤྲུལ་པའི་སྐྱེ་འགྲོ་མ་ལུས་དབང་དུ་སྡུད༔ ཕྱི་ནང་འཇིགས་བཅོམ་དངོས་གྲུབ་ཆར་ལྟར་འབེབས༔ མཐུ་རྩལ་ཐོགས་མེད་ཚོགས་ལ་བདག་བསྟོད་དོ༔ ཧཱུྃ་བྷྱོ༔ བཀྲ་ཤིས་སྟོབས་ལྡན་མགུར་ལྷ་བཅུ་གསུམ་པོ༔ ཕྲིན་ལས་ཐོགས་མེད་རྣལ་འབྱོར་ལས་ཀུན་སྒྲུབ༔ འཇིག་རྟེན་དབང་སྡུད་རྫུ་འཕྲུལ་ཐོགས་མེད་འགྱེད༔ རང་རྒྱལ་དགྲ་བགེགས་དཔུང་ཚོགས་ཀུན་གཞོམ་པ༔ བཀྲ་ཤིས་རྟག་བརྟན་མགུར་ལྷའི་ཚོགས་ལ་བསྟོད༔ ཧཱུྃ་བྷྱོ༔ སྲུང་སྐྱོབ་མཛད་པ་སྲིད་པའི་ལྷ་དགུ་པོ༔ དཀོན་མཆོག་དབུ་འཕང་བསྟོད་པའི་དྲག་ཤུལ་ཅན༔ རྣལ་འབྱོར་གྲོགས་མཛད་དམ་ལོག་མནའ་ཟན་གཤེད༔ འཛམ་གླིང་བོད་ཁམས་སྐྱོང་མཛད་ཚོགས་ལ་བསྟོད༔ ཧཱུྃ་བྷྱོ༔ ཆེ་བཙན་ཟླ་བྲལ་རི་དབང་སྤུན་དགུ་པོ༔ པདྨའི་བཀའ་འབངས་ཇིང་འདུར་རྡུལ་བརླག་མཛད༔ བཤད་སྒྲུབ་སྡེ་སྐྱོང་ལེགས་ཉེས་ཀུན་འབྱེད་པ༔ ཆབ་སྲིད་རིགས་རྒྱུད་སྐྱོང་མཛད་ཁྱོད་ལ་བསྟོད༔ ཧཱུྃ་བྷྱོ༔ བཀའ་གཏེར་བསྟན་སྐྱོང་དཔལ་མགོན་བདུན་ཅུ་པོ༔ བཀའ་འདས་ནག་ཕྱོགས་དགྲ་བགེགས་བཤན་པ་ལ༔ དགྲ་གསོད་བགེགས་འདུལ་བསྟན་པའི་མངའ་ཐང་སྤེལ༔ བསྟན་སྲུང་རྒྱ་མཚོའི་ཚོགས་ལ་བསྟོད་པར་བགྱི༔ ཧཱུྃ་བྷྱོ༔ དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ༔ དགྲ་གཤེད་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་པོ༔ པད་འབྱུང་བཀའ་བཞིན་སྒྲུབ་མཆོག་བུ་བཞིན་སྐྱོང༔ དམ་ཅན་སྐྱེས་བུ་བཀའ་འཁོར་བཅས་ལ་བསྟོད༔ ཧཱུྃ་བྷྱོ༔ ཨོ་རྒྱན་ཡུལ་གྱི་རྡོ་རྗེ་གནས་ཡོན་མ༔ བོད་ཁམས་བདེ་སྐྱོང་མ་སྲིང་བརྟན་མའི་ཚོགས༔ གསང་སྔགས་བསྟན་སྐྱོང་དགྲ་བགེགས་རྡུལ་དུ་རློག༔ མ་ཡམ་བརྟན་མ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཧཱུྃ་བྷྱོ༔ ཕྱོགས་སྐྱོང་བཅུ་སོགས་ཕྱི་ནང་གསང་བ་ཡི༔ ལྷ་སྲིན་སྡེ་བརྒྱད་རང་རང་བཀའ་འབངས་པ༔ གནོད་སྦྱིན་ཤན་པ་འབུམ་ཚོགས་འཁོར་དང་བཅས༔ སྤྲུལ་དང་ཡང་སྤྲུལ་ཆོ་རོལ་དུ་མའི་བདག༔ རྣལ་འབྱོར་གྲོགས་མཛད་དགྲ་བགེགས་མཐའ་དམག་ཟློག༔ བཀའ་ཉན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ རིག་འཛིན་པདྨ་དབང་གི་བཀའ་འབངས་པ༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་བཀའ་འཁོར་བཅས༔ བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་གསན་ཅིང་དགོངས༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ ཉེས་ཚོགས་སྡིག་སྒྲིབ་འགལ་འཁྲུལ་ཅི་མཆིས་པ༔ རྒྱུ་ཆུང་ཕུད་ཉམས་ལྷག་ཕྲིས་ཉམས་ཆག་དང༔ དམ་རྫས་མ་ཚང་བསྙེན་སྒྲུབ་དུས་གཡེལ་སོགས༔ བསྟན་སྲུང་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ དྲུག་པ་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་བྷྱོ༔ རིག་འཛིན་གསང་བ་གཉན་གྱི་སྲུང་མ་མཆོག༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་བཀའ་འཁོར་བཅས༔ སྔོན་ཚེ་རིག་འཛིན་པདྨའི་བཀའ་ལུང་བཞིན༔ དུས་འདིར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྟག་ཏུ་མི་འབྲལ་ཚེ་སྲིངས་དཔུང་གྲོགས་མཛོད༔ སྣང་སྲིད་དབང་སྡུས་རིགས་བརྒྱུད་ཆོས་བརྒྱུད་སྤེལ༔ བཤད་སྒྲུབ་སྡེ་ཚུགས་སྙན་གྲགས་བ་དན་སྒྲོགས༔ ཅི་བསམ་འདོད་དགུ་ཡིད་བཞིན་དངོས་གྲུབ་སྩོལ༔ འགབ་འདྲེ་འགབ་སྲི་ཆུང་སྲི་འགོང་པོ་སོགས༔ མི་ཁ་བྱུར་སྲི་རྨིས་ལྟས་མཚན་མ་ངན༔ དགྲ་སྣ་རྐྱེན་ཁ་མི་མཐུན་ཕྱོགས་ཀུན་ཟློག༔ ལས་སུ་སངས་རྒྱས་བསྟན་པ་གཉན་སྲུངས་ལ༔ ཟས་སུ་དམ་ཉམས་ཤ་ཁྲག་སྲོག་དབུགས་རོལ༔ ཡང་གསང་བསྟན་པའི་སྒྲོན་མེ་ཕྱོགས་བཅུར་སྦོར༔ བསྟན་པ་ལ་གནོད་སློབ་བུ་དམ་ལོག་དང༔ བྱད་དང་རྦོད་གཏོང་ནད་མུག་མཚོན་འཁྲུགས་དང༔ ཆེ་ཀག་ཆུང་ཀག་ལོ་ཟླ་ཞག་དུས་ཀག༔ དུས་མིན་འཆི་སོགས་མི་མཐུན་ཀུན་ཞི་ནས༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ འདི་ཤོག་སེར་ལ་མི་འདུག།་་་འཇིག་རྟེན་ཁམས་འདིར་ཆར་འབེབ་འབྲུ་འཕེལ་ཞིང་། །འཁྲུག་རྩོད་ནད་ཞི་སྐྱེ་འགྲོ་བདེ་ལྡན་ཞིང་། །གསང་སྔགས་བསྟན་དང་བསྟན་འཛིན་རབ་རྒྱས་ནས། །ཆོས་དང་བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །དྲེགས་པ་ལས་ཁོལ་སྤོམ་རའི་གསོལ་མཆོད་འདི༔ ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ ཨོ་རྒྱན་ཉིད་དང་དབྱེར་མེད་སྙིང་གི་བུ༔ ཁྲོ་གཏུམ་རྔམ་པས་གདུག་པ་ཐབས་ཀྱིས་འདུལ༔ འགྲོ་བའི་མགོན་པོ་མཆོག་དང་འདི་འཕྲད་སྨོན༔ འཕྲད་ནས་ཐུགས་སྲས་ཁྲོ་གཏུམ་ངོམ་ནག་པ༔ ཤར་ཕྱོགས་ནོར་འཛིན་སྨེ་བའི་དོ་ཤལ་ཅན༔ སྐལ་ལྡན་སྐྱེས་བུ་དེ་དང་འཕྲོད་པར་ཤོག༔ དམ་ཉམས་བདུད་ཀྱིས་དམ་སེལ་མ་བྱུང་ན༔ ཚེ་བསོད་མཐར་ཕྱིན་བསྟན་པའི་མངའ་ཐང་རྒྱས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ རྡ་ཐིམ༔ བདག་འདྲ་ཁྲག་འཐུང་བདུད་འདུལ་རྡོ་རྗེ་ཡིས། །དཔལ་གྱི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་ནས། །གཡོ་མེད་རྫུ་འཕྲུལ་ངང་ནས་སྤྱན་དྲངས་ནས། །མདོ་ཁམས་ཤར་ཕྱོགས་ནོར་འཛིན་དབང་པོའི་དཔལ། །སྐལ་ལྡན་ཀུན་དགའ་ཕུན་ཚོགས་དེས་བསྐུལ་ངོར། །ཤོག་སེར་རྣམ་དཀར་ངོས་ལས་ལེགས་བསྒྱུར་བ། །ཡི་གེའི་རིས་བྱེད་གར་དབང་ཨོ་རྒྱན་ཉི་ཤར་རོ། །མངྒ་ལཾ།། །། ྈྈ ཡང་གསང་རིག་འཛིན་སྲོག་ཐིག་ལས༔ བསྟན་སྐྱོང་རྨ་རྒྱལ་སྤོམ་རའི་གསོལ་ཁ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ྈྈ ྈྈྈྈྈྈྈྈྈ རྩ་གསུམ་ཀུན་འདུས་ལྷ་ལ་འདུད༔ བདག་འདྲ་པདྨ་བདུད་འདུལ་གྱིས༔ གངས་ཅན་བོད་ཀྱི་ཟོ་དོར་མཆོག༔ གཉན་ཆེན་རྨ་རྒྱལ་སྤོམ་ར་ཡི༔ གསོལ་མཆོད་ལས་བཞི་མྱུར་འགྲུབ་བསྟན༔ དང་པོ་ཆས་ཀྱི་རིམ་པ་ནི༔ རིན་ཆེན་སྣོད་དུ་འབྲས་དཀར་ཕྱེ༔ རི་རབ་བང་རིམ་སུམ་བརྩེགས་ཁར༔ གཙོ་བོ་རྨ་རྒྱལ་ཟུར་བཞི་པ༔ མདུན་དུ་རྩེ་མོ་གཤོག་དྲུག་པ༔ གཡས་སུ་ཏི་སེ་སྟོད་མཆོད་དབྱིབས༔ གཡོན་དུ་ཐང་ལྷ་སྟོད་ཟུར་གསུམ༔ དེ་འོག་མདུན་གྱི་བང་རིམ་ལ༔ སྲས་མཆོག་ལ་སྟོད་ཟུར་རྩེ་ལྔ༔ ཡུམ་དབྱིངས་སྒྲོན་མ་ཟླུམ་གཏོར་སུ་ལུ་ཅན༔ དེ་ནས་ལྕམ་སྲིང་ཞེ་ལྔ་པ༔ སྟོང་ཟུར་རྩེ་དགུ་རྩེ་ལྔ་རྩེ་གསུམ་རྣམས༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ༔ སྟོད་ཟུར་རྩེ་དགུ་པ་གསུམ༔ ཟླུམ་པོ་རྒྱབ་ཡོལ་ཅན་གསུམ་མོ༔ དེ་འོག་བང་རིམ་མདུན་ངོས་ནས༔ དགེ་བསྙེན་ཉེར་གཅིག་ལ༔ སྟོད་རྩེ་དགུ་པ་ལྔ༔ ཟླུམ་གཏོར་སུ་ལུ་གསུམ༔ མགུར་ལྷ་བཅུ་གསུམ་ལ་སྟོད་ཟུར་གཡས་གཅུས་རྩེ་དགུ་པ་བཞི༔ ཟླུམ་གཏོར་སུ་ལུ་གསུམ༔ ལྷ་རབས་མཆེད་དགུ་ལ༔ སྟོད་ཟུར་གཡོན་གཅུས་ཅན་གསུམ༔ ཟླུམ་པོ་རྩེ་གཅུས་ཅན་གཉིས༔ སྲིད་པའི་ལྷ་དགུ་ལ་ཟུར་སྦྲུལ་ཆུན་ཅན་ལྔ༔ རི་དབང་རྒྱལ་པོ་སྤུན་དགུ་ལ་སྟོད་མཆོད་དབྱིབས་ཅན་རྩེ་བརྒྱད་དགུ༔ དཀར་གཏོར་སུ་ལུ་ཅན་ལྔ༔ དཔལ་མགོན་བདུན་ཅུ་ལ་དཀར་གཏོར་སུ་ལུ་ཅན་བདུན༔ སྨན་བཤོས་རྩེ་གཅུས་ཅན་ལྔ༔ དམ་ཅན་སྟོད་ཟུར་རྩེ་ལྔ་ཅན་གསུམ༔ ཟུར་གསུམ་རྩེ་གཅུས་ཅན་གཉིས༔ བརྟན་མ་ལ་སྨན་བཤོས་སུ་ལུས་མཚན་པ་བདུན༔ དེ་ནས་སྡེ་བརྒྱད་སྤྱི་གཏོར་ལ༔ མ་མོ་ལ་སྟོད་ཟུར་གསུམ༔ གཟའ་གཡོན་གཅུས་རྩེ་དགུ༔ བཙན་གཡོན་གཅུས་རྩེ་ལྔ༔ དགྲ་བླ་མཁར་ཐབས་བཤོས་བརྩེགས༔ བདུད་ནག་ཁུག་པ་རྩེ་དགུ༔ ཀླུ་ཟླུམ་པོ་སྦྲུལ་འཁྱུད༔ གཤིན་རྗེ་ཟུར་གསུམ་ཁྲམ་རིས༔ དམུ་ཟུར་གསུམ་ཕྱེད་དཀར༔ གཞན་ཡང་ཁྱུང་འབྲུག་སེང་གསུམ༔ སྟག་གཟིག་དོམ་དྲེད་རྨ་བྱ་ཁུ་བྱུག་བྱ་རྒོད༔ ངང་པ༔ ནེ་ཙོ༔ ལྷོ་བྱང་གི་གཡག་རྒོད༔ ཙ་ར༔ གཡང་མོ༔ གཟུགས་འགྲོས་ཀྱི་རིགས་རྣམ་པ་སྣ་ཚོགས༔ འབྲང་རྒྱས་ཞལ་དཀར༔ བདུད་རྩི་སྨན་ལེབ་སྐྱེམས་ཕུད༔ ཉ་བོ་དབང་དོད་དང༔ རྣམ་ལྔ་ལ་སོགས་བག་དྲོ་བརྗིད་ལྡན་བཤམས་ལ༔ མདའ་རྒོད་སྒྲོ༔ དར་སྣ་སྟག་གཟིག་རཏྣས་བརྒྱན་པ་རྣམས་བཀྲམ་ལ༔ ཤིང་རྩི་སྣ་ཚོགས་ཀྱི་བསང་གཏང༔ ཨོཾ་ཨ་མྲྀཏས་བསང༔ སྭ་བྷཱ་ཝས་སྦྱངས་ལ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཟག་པ་མེད་པ་ནམ་མཁའ་ལས་འཕང་མཐོ་བ༔ ས་གཞི་ལས་རྒྱ་ཆེ་བ༔ རྒྱ་མཚོ་ལས་གཏིང་ཟབ་པ༔ རྩི་ཤིང་ལས་ལྷུན་སྟུག་པ༔ ཉི་ཟླ་ལས་འོད་གསལ་བ༔ རི་རྒྱལ་ལས་རྒྱུད་བརྟན་པ༔ སོ་སོའི་འདོད་དགུའི་ཡོན་ཏན་ཕུན་སུམ་ཚོགས་པ༔ དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གསུམ་མོ༔ དེ་ནས་རཱུ་པ་ལ་དགུག་གཞུག་བྱ་བ་ནི༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ་སོགས་ཏེ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང༔ ལྷ་ལས་ཁྱད་པར་དུ་ཡང་དཔལ་སེང་གེ་སྒྲ་སྒྲོག་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ རྒྱལ་བའི་བསྟན་སྲུང་ཆེན་པོ་རྨ་རྒྱལ་རྡོ་རྗེ་བདུད་འཇོམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང༔ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་སྡོད་བྲན་གཡོག་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༔ རིག་འཛིན་རྣལ་འབྱོར་པ་བདག་གི་བསམ་པ་རྣམ་པར་དག་པའི་བྱིན་རླབས་ཀྱིས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་དགོན་སྡེ་གྲྭ་ཚང་མི་ནོར་འཁོར་དང་བཅས་པ་རྣམས་ལ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས་བསམ་སྦྱོར་ངན་པ་ཤོམ་པའི་གཟུགས་ཅན་དང༔ གཟུགས་མེད་ཀྱི་དགྲ་བགེགས་བྱད་མ་བཀའ་འདས་དམ་ཉམས༔ བསླབ་པའི་སློབ་བུ་དམ་ལོག༔ བྲན་གཡོག་ངོ་ལོག༔ དགྲ་ཇག་ཆོམ་རྐུན༔ སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ༔ སངས་རྒྱས་བསྟན་པའི་སྤྱི་དགྲ༔ དཔལ་ལྡན་བླ་མའི་སྐུ་དགྲ༔ རྣལ་འབྱོར་བདག་གི་སྒོས་དགྲ༔ དགྲ་བགེགས་མཐའ་ཡི་དམག་མི་དམག་དཔུང་དཔོན་བློན་ལྷ་སྲུང་དང་བཅས་པ་ཐམས་ཅད་དང༔ གཞན་ཡང་དགྲ་འདྲེ་བྱུར་གསུམ་ཆེ་འདྲེ་ཆུང་སྲི༔ འགབ་འདྲེ་འགབ་སྲི༔ གོད་འདྲེ་གོད་སྲི་ཐམས་ཅད་སྐད་ཅིག་རང་དབང་མེད་པར་དམར་གཏོར་ཁྲག་ལྦུ་འཁྲིགས་པའི་གཟུགས་ལིང་ག་འདི་རྣམས་ལ་ཁུག་ཅིག༔ སྟིམས་ཤིག༔ དེ་ནས་ཕུད་མཆོད་ནི༔ རྔ་དལ་བུར་བརྡུངས་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བརྒྱུད་པ་དགུ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ ཡེ་ཤེས་དང་ལས་ལས་གྲུབ་པའི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་དམ་ཅན་རྒྱ་མཚོའི་བཀའ་འཁོར་བྲན་གཡོག་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ ཞིང་ཁམས་དང་གནས་ཀྱི་བདག་པོ༔ གཙུག་ལག་ཁང་གི་སྲུང་མ༔ ཉེ་མགོན་ཀྵེ་ཏྲ་པཱ་ལ་ཡབ་ཡུམ༔ བཀའ་སྡོད་བྲན་གཡོག་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ ཁྱད་པར་དུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་ཁམས་སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང༔ གཙུག་ལག་ཁང་གི་བདག་པོ༔ ཟབ་གཏེར་དང་གནས་ཀྱི་སྲུང་མ༔ རིག་འཛིན་རྣལ་འབྱོར་པ་བདག་གི་བསྟན་སྲུང༔ བན་བོན་ཡོངས་ཀྱི་ཆོས་སྐྱོང༔ སྐྱེ་བོ་རྣམས་ཀྱི་དགྲ་བླ༔ ཨོ་རྒྱན་དང་འཛམ་གླིང་གི་བསྟན་སྐྱོང༔ བོད་ཁ་བའི་རི་ལྗོངས་ཀྱི་སྐྱེས་གཅིག༔ མདོ་ཁམས་ཡུལ་ཀྱི་ཟོ་དོར༔ སྦས་ཡུལ་དང་རོང་ཡུལ་ལྗོངས་ཀྱི་བདག་པོ༔ དགྲ་བགེགས་ཇིང་འདུར་གྱི་གཤེད་མ༔ བྱང་ཕྱོགས་གནམ་ས་ཀུན་གྱི་བདག་པོ༔ ཆོས་མཛད་སྒྲུབ་པའི་གྲོགས་མགོན༔ དམ་ཚིག་ཅན་གྱི་སྲུང་མ༔ དམ་ཉམས་ཀུན་གྱི་གཤེད་མ་ཆེན་པོ༔ གསང་མཚན་བརྒྱ་རྩར་གྲགས་པ༔ ཤར་གྱི་རྨ་ཆེན་སྤོམ་ར༔ ཕྱི་ལྟར་ན་དྲི་ཟའི་སྡེ་ཚོགས་ལ་མངའ་དབང་བསྒྱུར་བ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་བའི་ལྷ་ཚོགས་བཀའ་འཁོར་བྲན་གཡོག་འཁོར་བཅས་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ ནང་ལྟར་ན་ལྷའི་དགེ་བསྙེན་ཆེན་པོ་རྨ་རྒྱལ་སྤོམ་ར༔ རིག་འཛིན་པདྨ་འབྱུང་གནས་ཀྱིས་མཚན་གསོལ་བ༔ རྨ་རྒྱལ་སྤོམ་ར་རྡོ་རྗེ་བདུད་འཇོམས་རྩལ༔ བཙུན་མོ་ཧ་རི་དཔལ་བཙན༔ ཡེ་ཤེས་ཀྱི་ཌཱ་ཀི་ཆོས་སྒྲོན་མ༔ སྲས་མཆོག་རྡོ་རྗེ་ཡེ་ཤེས༔ ཡུམ་གསང་བ་དཔལ་གྱི་དབྱིངས་སྒྲོན་མ༔ གཞན་ཡང་ལྕམ་སྲིང་ལྔ་བཅུ་རྩ་བརྒྱད༔ མཆེད་པོ་ལྔ་བརྒྱ་དྲུག་ཅུ༔ རྨ་རིགས་སུམ་སྟོང་དྲུག་བརྒྱ༔ བཀའ་སྡོད་སྡེ་དང་ཆུང་མ་དཔུང་ཚོགས་འབངས་འཁོར་དང་བཅས་པ༔ ཕྱི་བློན་ནང་བློན་སྒོ་བ་བྱ་ར་འཕྲང་སེལ་བ༔ རང་རང་གི་བཀའ་འབངས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ གསང་བ་ལྟར་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཡབ་ཡུམ༔ སྲས་འཁོར་སྤྲུལ་པའི་རྐྱ་བརྒྱད༔ ནོར་བདག་གནོད་སྦྱིན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་དང༔ གཞན་ཡང་ཐོག་ཐོག་དཀར་པོ་མཆེད་གསུམ༔ སྣང་གསལ་མངོན་ཤེས་རིགས་ལྡན་རྡོ་རྗེ་དཔལ་བཙུན༔ རྡོ་རྗེ་གནོད་སྦྱིན་འོད༔ རྡོ་རྗེ་མཆོག་ཐོགས༔ རྡོ་རྗེ་དགྲ་འདུལ༔ རྡོ་རྗེ་དགྲ་འཇོམས༔ རྡོ་རྗེ་ལེགས་སྦྱིན༔ རྡོ་རྗེ་གཤོག་རྒོད༔ རྡོ་རྗེ་བདུད་འཇོམས༔ རྡོ་རྗེ་བགེགས་འཇོམས༔ རྡོ་རྗེ་དབང་སྡུད༔ རྡོ་རྗེ་བསམ་འགྲུབ་རྩལ་ལ་སོགས་པ༔ སྒྲུབ་གནས་དང་ཞིང་ཁམས་རྣམས་སུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ ཟབ་གསང་བླ་ན་མེད་པའི་དཀྱིལ་འཁོར་རྒྱ་མཚོ་ཞལ་ཕྱེས་ནས༔ དམ་ཚིག་རྡོ་རྗེ་སྙིང་ཁར་བཞག༔ དབང་རྟགས་ཀྱི་ཅོད་པན་སྤྱི་བོར་བཅིངས༔ ལྕེ་ལ་ཡེ་ཤེས་ཀྱི་བདུད་རྩི་བླུད༔ གསང་བ་དམ་ཚིག་གི་གཉེར་བྱང་གཏད་ནས༔ གསང་མཚན་བརྒྱ་རྩས་མངའ་གསོལ་བའི༔ ལྷའི་དགེ་བསྙེན་ཆེན་པོ་རྨ་རྒྱལ་སྤོམ་ར༔ རྡོ་རྗེ་བདུད་འཇོམས་རྩལ༔ ཡུམ་དཔལ་བཙུན་མ༔ ཡེ་ཤེས་ཆོས་སྒྲོན་མ༔ སྲས་མཆོག་རྡོ་རྗེ་ཡེ་ཤེས༔ ཡུམ་དབྱིངས་སྒྲོན་མ༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་སྔོན་ཚེ་ཀུན་བཟང་ཧེ་རུ་ཀ༔ དཔལ་ཆེན་པོ་པདྨ་དབང་ཆེན༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་བཀའ་དང་དམ་ལས་མ་འདའ་བར༔ གཙང་མ་གསེར་སྐྱེམས་དང་བསང་གི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཕ་མ་བུ་ཚ་བཞིན་དུ་བརྩེ་བ་དང༔ སྐད་ཅིག་ཙམ་ཡང་མི་འབྲལ་ཞིང་ལུས་དང་གྲིབ་མ་ལྟར་དུ་འགྲོགས་པ་དང༔ འགོ་བ་དང་མགོན་སྐྱབས་དང་དཔུང་གྲོགས་རྒྱ་ཆེན་པོ་མཛོད་ཅིག༔ དགྱེས་པའི་ཞལ་དཀར་ཟླ་བ་ལྟར་དུ་སྟོན༔ སྒྲུབ་པའི་རྟགས་ཕྱུངས༔ དཔའ་ཡ་དང་དཔུང་གྲོགས་མཛོད༔ ཡང་གསང་བླ་མེད་ཀྱི་བསྟན་པ་སྤེལ༔ འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་ཀྱི་སྡེ་ཕྱོགས་དབུས་ཀུན་ཏུ་ནུབ་མེད་དུ་ཚུགས༔ རིགས་རྒྱུད་དང་ཆོས་བརྒྱུད་སྤེལ༔ སྙན་པའི་དུང་ཆེན་བུས༔ གྲགས་པའི་བ་དན་ཕྱོགས་ཀུན་ཏུ་ཕྱོར༔ སྣང་སྲིད་ཀྱི་ལྷ་མི་ཐམས་ཅད་དབང་དུ་སྡུས༔ འབད་མེད་ཟས་ནོར་ཕྱུགས་གཡང་གི་དངོས་གྲུབ་སྩོལ༔ རིག་འཛིན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་སྐུ་ཚེ་སྲིངས་ལ་ཕྲིན་ལས་སྒྲུབས་ཤིག༔ མཆེད་ལྕམ་དྲལ་ཐམས་ཅད་འབད་མེད་དུ་སྐྱོངས་ལ་བར་ཆད་སོལ༔ རྣལ་འབྱོར་པ་བདག་གིས་བྱིན་པའི་ཟས་ཟོ༔ ཟབ་མོའི་ཚིག་ལ་ཉོན༔ གང་བཅོལ་གྱི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག༔ གང་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབས༔ སྡང་བྱེད་ཀྱི་དགྲ་སོད༔ གནོད་བྱེད་ཀྱི་བགེགས་ཐུལ༔ བར་ཆད་ཀྱི་རྐྱེན་ཟློག༔ མི་དང་མི་མིན་གྱི་གནོད་པ༔ བྱད་དང་རྦོད་ཟོར༔ གཏད་ཁྲམ་དང་ཕུང་བཤིག༔ ཆག་ཆེན་དང་ཉམ་ང༔ རྨི་ལྟས་དང་མཚན་ངན༔ མོ་ལྟས་དང་པྲ་ངན༔ ཕ་རོལ་པོའི་བསམ་ངན་སྦྱོར་རྩུབ༔ བྱུར་སྲི་དང་འགོང་གནོད༔ ཆེ་ཀག་དང་ཆུང་ཀག༔ མི་ཕྱུགས་ནོར་ནད་ཆུང་སྲི་དང་དམ་སྲི༔ བསླབ་པའི་སློབ་བུ་དམ་ལོག་ཐམས་ཅད་མིང་ཙམ་མེད་པར་དུས་ད་ལྟ་མྱུར་བ་ཉིད་དུ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱིས་ཤིག༔ རྣལ་འབྱོར་པ་བདག་ཅག་རྣམས་སྡོད་པའི་གནས་མལ་ཐམས་ཅད་སྲུངས་ཤིག༔ ཡོ་བྱད་དང་བརྒྱུད་འཛིན་བུ་སློབ༔ དཀོར་ནོར་དང་བཤད་སྒྲུབ་ཀྱི་སྡེ་ཐམས་ཅད་དུས་རྣམས་ཀུན་ཏུ་སྐད་ཅིག་ཀྱང་འབྲལ་བ་མེད་པར་སྲུངས་ཤིག༔ དཀོར་རྐུན་གྱི་ཇག་པ་རྩད་ནས་ཆོད་ཅིག༔ ཞི་རྒྱས་དབང་དྲག་ལ་སོགས་གང་བཅོལ་གྱི་ལས་ཐམས་ཅད་མྱུར་བ་ཉིད་དུ་ཐོགས་མེད་དུ་བསྒྲུབ་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཞེས་ཕྲིན་ལས་བཅོལ་ལོ༔ གཞན་ཡང་དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག༔ མགུར་ལྷ་བཅུ་གསུམ༔ ལྷ་རབས་མཆེད་དགུ༔ སྲིད་པའི་ལྷ་དགུ༔ རི་དབང་གི་རྒྱལ་པོ་སྤུན་དགུ༔ རང་རང་གི་བཙུན་མོ་ཡབ་ཡུམ་མཆེད་ཟླ༔ ལྕམ་སྲིང་བཀའ་འཁོར་སྤྲུལ་བློན་རུ་འདྲེན་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ སྐྱེས་བུ་རྡོ་རྗེ་ལེགས་པ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ༔ བཙན་རྒོད་རོལ་པ་རྐྱ་བདུན༔ ཡུམ་ཆེན་སྲིན་མོ་གདོང་དམར་མ༔ སྲིད་སྡེ་འབངས་འཁོར་དང་བཅས་པ་རྣམས་དང༔ རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པ༔ བོད་སྐྱོང་བརྟན་མ་བཅུ་གཉིས་བཀའ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ ཕྱོགས་སྐྱོང་བ་བཅུ༔ དྲེགས་པ་དབང་ཕྱུག་ཡབ་ཡུམ༔ སྲིད་སྡེ་བཀའ་འབངས་དང་བཅས་པ་རྣམས་དང༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་ཕོ་མོ་སྲས་འཁོར༔ ཉིན་མཚན་དུས་དྲུག༔ དུས་མིན་ཀུན་ཏུ་རྒྱུ་བའི་སྣང་སྲིད་ཡེ་ཐོག་གི་ལྷ་འདྲེ་རྣམས་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ ཁྱད་པར་དུ་ཡང་རིག་འཛིན་པདྨའི་བསྟན་སྐྱོང་ཆེན་པོ༔ རྨ་ཆེན་སྤོམ་ར༔ རྡོ་རྗེ་བདུད་འཇོམས་ཡབ་ཡུམ་སྲས་དང་བཙུན་མོ་འབངས་འཁོར༔ མཆེད་ཟླ་ལྕམ་སྲིང་རང་རང་གི་ཁྱོ་རོགས་དགྱེས་སྡེ་གྲངས་མེད་པ་རྣམས་དང༔ གཞན་ཡང་གཡས་གཡོན་གྱི་རུ་འདྲེན་ཞིང༔ དམ་ཉམས་དགྲ་བགེགས་ཀྱི་དབུགས་ལེན་ཚེ་བདུད་ཀྱི་ཤན་པ་ཡབ་ཡུམ་བཅུ་དྲུག༔ སྟེང་འོག་ཕྱོགས་མཚམས་ཀྱི་བྱ་ར་བ༔ དྲེགས་པའི་དམ་ཅན་སྡེ་དགུ༔ ཀླད་དང་ཤུལ་ན་འབྲང་བའི་གཙོ་བོ་བདུན་ཅུ་རྩ་དགུ༔ སྲིད་སྡེ་དམག་གི་རྒྱལ་པོ་ཆེན་པོ༔ རྡོ་རྗེ་དཔའ་མོ་བརྟན་མ་ཆེན་མོ་བཅུ་གཉིས༔ ཕྱི་ནང་ཞང་བློན་ཉིས་ཁྲི་དགུ་འབུམ༔ སྒོ་བ་འཕྲང་སེལ་གྱི་དམ་ཅན་ཕོ་མོ་དཔག་ཏུ་མེད་པ་རྣམས་དང༔ ས་ཕྱོགས་ཡུལ་རི་རྒྱལ་ཁམས་རྣམས་སུ་ས་ལ་ང་ཆེ༔ ཡུལ་ལ་ང་བཙན༔ གྲངས་དཔུང་ངའི་མང༔ གནས་ལ་ངས་བདག༔ ང་ཨེ་མཆོད་ཨེ་བསྟོད་ཨེ་བསྒྲུབ་ཨེ་བསྙེན་བསམས་པ༔ མ་བོས་མ་མཆོད་མ་བསྟེན་མ་བསྒྲུབ་མ་བསྙེན་པའི་རང་འཁོར༔ ཡུལ་ལྷ་ཟོ་དོར༔ སློབ་དཔོན་དང་ཕ་མེས་ཀྱི་རྒྱུད་སྲུང༔ དབེན་གནས་དང་གཙུག་ལག་ཁང་གི་སྲུང་མ༔ སྐྱེ་བ་ནས་ཚེ་རབས་གྲངས་མེད་ཀྱི་སྲུང་སྐྱོབ་དཔུང་གྲོགས་མཁན་གྱི་ལྷ་སྲུང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་སུམ་སྤྲུལ་བཀའ་གཏེར་གནས་ཀྱི་སྲུང་མ༔ དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ བཞེས་སུ་གསོལ་ལོ༔ དགྱེས་པ་ཆེན་པོས་བཞེས་ནས་དགྲ་བགེགས་མཐའ་ཡི་དམག་མི་དམག་དཔུང༔ དཔོན་བློན་ལྷ་སྲུང་དང་བཅས་པ་ཐམས་ཅད་ཐལ་བའི་རྡུལ་དུ་རློགས་ལ༔ རུ་བཞིའི་གཙུག་ལག་ཁང་གི་སྲུང་མ་མཛོད༔ རིག་འཛིན་པདྨའི་གནས་ཐམས་ཅད་དུ་བཤད་སྒྲུབ་ཀྱི་སྡེ་སྐྱོངས༔ སྐུ་རྗེ་བོད་ཁམས་ཐམས་ཅད་ཆོས་ལ་འགོད་པར་མཛོད་ཅིག༔ རྣལ་འབྱོར་པ་བདག་དང༔ བོད་ཁམས་ཀྱི་ལེགས་དགུ་བདེ་སྐྱིད་ཐམས་ཅད་སྤེལ་ཅིག༔ ནག་པོའི་ཕྱོགས་ཐམས་ཅད་ཕམ་པར་གྱིས་ཤིག༔ བོད་ཁམས་བདེ་བའི་གཉེར་གཏད་ནན་དུ་བྱ༔ གོང་གི་ཕྲིན་ལས་བཅོལ༔ གཏོར་མ་བསང་ལ་མཆོད༔ འདི་ཉིད་ལ་བརྩོན་པས་གནས་སྐབས་སུ་བསྟན་པ་སྐྱོང༔ སྒྲུབ་པ་པོ་ཚེ་རིང་ནད་མེད་པ་དང༔ སྣང་སྲིད་ལྷ་མི་དབང་དུ་འདུ་ཞིང་འདོད་དགུའི་དངོས་གྲུབ་ཐོབ་པ་དང༔ བཤད་སྒྲུབ་ཀྱི་སྡེ་ཚུགས་ཤིང༔ གྲགས་པའི་བ་དན་ཐོབ་པ་དང༔ འདོད་ཡོན་ལོངས་སྤྱོད་འདུ་ཞིང༔ བྱང་ཆུབ་སྒྲུབ་པའི་ཉེར་འཚེ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་ཤིང་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡར་ཟླ་ལྟར་རྒྱས་པ་དང༔ འདི་གཅིག་པུ་ལ་བརྩོན་པས་ཀྱང༔ མི་ནད་ནོར་ནད་དལ་ཡམས་ཐམས་ཅད་ཞི༔ ལོ་ཕྱུགས་རྟག་ཏུ་ལེགས༔ མཐའི་དམག་དཔུང་བཟློག་པར་ངེས་སོ༔ རིག་འཛིན་མ་ཧཱ་གུ་རུའི་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ པད་འབྱུང་ཐུགས་ཀློང་དབྱེད་མེད་རིག་པ་འཛིན༔ ཁྲོ་གཏུམ་གཟི་བརྗིད་ཅན་དང་འདི་འཕྲད་ཤོག༔ འཕྲད་ནས་འགྲོ་ཀུན་བདེ་ལེགས་འབྱུང་བར་ཤོག༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ རྡ་ཐིམ༔ བདག་འདྲ་རིག་འཛིན་ཁྲག་འཐུང་བདུད་འདུལ་རྡོ་རྗེ་ཡིས། །དཔལ་གྱི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་ནས། །གཡོ་མེད་རྫུ་འཕྲུལ་ངང་ནས་སྤྱན་དྲངས་ནས། །མདོ་ཁམས་ཤར་ཕྱོགས་ནོར་འཛིན་དབང་པོའི་དཔལ། སྐལ་ལྡན་ཀུན་དགའ་ཕུན་ཚོགས་དེས་བསྐུལ་ངོར། །ཤོག་སེར་རྣམ་དཀར་ངོས་ནས་ལེགས་བསྒྱུར་བ། །ཡི་གེའི་རིས་བྱེད་གར་དབང་ཨོ་རྒྱན་ཉི་ཤར་རོ། །མངྒ་ལཾ།། །། ྈྈ ཡང་གསང་རིག་འཛིན་སྲོག་ཐིག་གི་བསྟན་སྐྱོང༔ རྨ་རྒྱལ་སྤོམ་རའི་བསྐུལ་པ་དགྲ་གཤེད་ནག་པོ་བཞུགས་སོ༔ ྈྈ ྈྈྈྈྈྈྈྈྈ རྩ་གསུམ་དྲེགས་པ་འདུལ་མཛད་དེ་ལ་འདུད༔ བསྟན་སྲུང་དགྲ་འཇོམས་རྡོ་རྗེ་དགྲ་ལ་རྦད་པ་ནི༔ དམར་གྱི་གཏོར་མ་ལ་སྨན་རཀ་བྲན༔ རྔ་མཆོག་ཏུ་བརྡུང༔ རྔམ་པའི་ངར་ཚིག་གིས་འདི་སྐད་བསྐུལ༔ ཧཱུྃ་བྷྱོ༔ རྒྱལ་བའི་བཀའ་ཉན་བསྟན་པ་སྲུང་མཛད་པ༔ རྨ་རྒྱལ་སྤོམ་ར་བཀའ་འཁོར་བཅས་པ་རྣམས༔ ཀུན་ཀྱང་མི་བཟད་ཁྲོ་གཏུམ་འཇིགས་གཟུགས་ཅན༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་གློག་ལྟར་འཁྱུགས༔ མི་སྙན་གད་རྒྱངས་ལྷང་ལྷང་དགྲ་ལ་སྒྲོགས༔ སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ཁྱོད་སྔོན་པད་འབྱུང་རྒྱལ་བའི་བཀའ་ལུང་བཞིན༔ དེང་འདིར་རྣལ་འབྱོར་བདག་གིས་རྦད་བསྐུལ་གྱིས༔ གསང་སྔགས་བསྟན་དང་བསྟན་འཛིན་ཐམས་ཅད་ལ༔ གཟུགས་ཅན་སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ཟ་འདྲེ་ཆུང་སྲི་ཐར་པའི་བགེགས་བྱེད་དང༔ མི་ཁ་དགྲ་སྣ་བྱད་ཟོར་གཏད་ཁྲམ་དང༔ འགབ་འདྲེ་གོད་སྲི་དམ་སྲི་འགོང་པོ་རྣམས༔ སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་བཞིན་རློགས༔ ཧཱུྃ་བྷྱོ༔ རྨ་རྒྱལ་སྤོམ་ར་ཡབ་ཡུམ་བཀའ་འཁོར་དང༔ སྲས་དང་བཙུན་མོ་སྡེ་དང་དཔུང་ཚོགས་བཅས༔ ཞང་བློན་དྲེགས་པའི་དཔུང་ཚོགས་དམག་དཔུང་བཅས༔ ཤ་ཁྲག་དམར་གྱི་རྒྱན་ཅན་འདི་བཞེས་ལ༔ བསྟན་ལ་གནོད་བྱེད་སྐྱེ་འགྲོར་འཚེ་བྱེད་དང༔ ཧོར་སོག་འཇིགས་པའི་མཐའ་དམག་རྡུལ་དུ་རློགས༔ བསྐལ་ངན་དུས་འཁྲུགས་ནད་མུག་ཡམས་ཀྱི་བདག༔ སད་སེར་བཙའ་ཐན་དལ་ཡམས་ཐམས་ཅད་དང༔ གློ་བུར་མི་མཐུན་ཕྱོགས་ཀུན་ཟློག་ཏུ་གསོལ༔ དུས་མིན་འཆི་རྐྱེན་མི་མཐུན་པྲ་ངན་དང༔ ཕ་སྤུན་ནང་འཁྲུགས་གདུག་རྩུབ་དུག་སྦྱོར་སོགས༔ ཡ་རབས་ཆེ་བཙུན་རྒྱལ་རྒྱུད་འབངས་འབེབ་དང༔ གློ་བུར་མི་རུངས་སྣ་ཚོགས་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ བསྟན་སྐྱོང་རྨ་རྒྱལ་སྤོམ་ར་བཀའ་འཁོར་ཚོགས༔ པདྨའི་ཐ་ཚིག་དམ་ཚིག་རྗེས་དགོངས་ལ༔ སྐུ་རྗེ་བོད་ཀྱི་རྒྱལ་ཁམས་རྩོད་མཐའ་འདིར༔ བཤད་སྒྲུབ་སྡེ་སྤེལ་དམ་ལྡན་བུ་བཞིན་སྐྱོངས༔ ཧོར་སོགས་འཇིགས་པའི་དགྲ་དཔུང་མྱུར་ཟློག་ཆད༔ བཀའ་བསྒོས་དམ་ཚིག་གཉན་པོ་འདི་མིན་ནམ༔ སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བར༔ ཁྱོད་ཀྱིས་མཐུ་ནུས་རྫུ་འཕྲུལ་སྟོབས་ཤུགས་རྩལ༔ སྐུ་ཤུགས་ལྡེམ་དྲུག་མྱུར་ཕྱུང་དུས་ལ་བབས༔ ཁྱེད་ཀྱི་སྐུ་ཡི་རྫུ་འཕྲུལ་འགྱེད་ཙམ་ན༔ མི་བརྫུ་དགུ་བརྫུ་དྲེགས་པའི་དཔུང་ཚོགས་ཀྱིས༔ ནམ་མཁའ་ས་གཞི་བར་སྣང་དམག་གིས་ཁེངས༔ དམ་ཉམས་དགྲ་བགེགས་དྲན་ཤེས་ཚེ་སྲོག་སྡུད༔ ལས་མཐའ་རྩད་ཆོད་སྐྱེ་རྒྱུད་རྩད་ནས་ཆོད༔ གསུང་གི་ང་རོས་སྟོང་གསུམ་བསྭོ་སྒྲས་ཁེངས༔ ནད་ཡམས་ན་བུན་ཐུལ་ལེ་དགྲ་ལ་བྷྱོ༔ གནམ་ལྕགས་ཐོག་སེར་ཧྲོལ་ལེ་དགྲ་ལ་བྷྱོ༔ བར་སྣང་གློག་དམར་ཁྱུགས་སེ་དགྲ་ལ་བྷྱོ༔ དུག་གི་ཁུ་འཕངས་ཧྲོལ་ལེ་དགྲ་ལ་བྷྱོ༔ མཚོན་ཆ་བུ་ཡུག་འཚུབས་སེ་དགྲ་ལ་བྷྱོ༔ འོ་དོད་བཤུད་གླུ་ཏི་རེ་དགྲ་ལ་བྷྱོ༔ སྡེ་བརྒྱད་དམག་དཔུང་ཟངས་སེ་དགྲ་ལ་བྷྱོ༔ ཇག་པས་སྒོ་བྲོ་ཁྲིགས་སེ་དགྲ་ལ་བྷྱོ༔ བཤན་པ་ཤ་འབོགས་ལིངས་སེ་དགྲ་ལ་བྷྱོ༔ གཞི་བདག་དར་མདུང་དཔུངས་སེ་དགྲ་ལ་བྷྱོ༔ གཤིན་རྗེའི་ཁྲམ་ཤིང་སྒ་རེ་དགྲ་ལ་བྷྱོ༔ འཆི་བདག་ཞགས་པ་ན་རེ་དགྲ་ལ་བྷྱོ༔ མ་མོའི་ཤྭ་རྡེའུ་ཧྲུགས་སེ་དགྲ་ལ་བྷྱོ༔ གཟའ་བདུད་མེ་འབར་དཔུངས་སེ་དགྲ་ལ་བྷྱོ༔ ལྷ་དམག་དར་མདུང་དཔུངས་སེ་དགྲ་ལ་བྷྱོ༔ གཉན་དམག་ན་བུན་ཐིབས་སེ་དགྲ་ལ་བྷྱོ༔ གནོད་སྦྱིན་ཀུ་འདེབས་ལྷང་ལྷང་དགྲ་ལ་བྷྱོ༔ བཙན་དམག་ཇག་འཐབ་ལིང་ལིང་དགྲ་ལ་བྷྱོ༔ བྱ་ཆེན་གཤོག་འགྱུར་འཚུབས་སེ་དགྲ་ལ་བྷྱོ༔ འཕར་སྤྱང་ངར་སྐད་ཀྱི་ལེར་དགྲ་ལ་བྷྱོ༔ འདི་ན་ཁྱོད་ཀྱི་མཐུ་མེད་ན༔ དུས་གསུམ་རྒྱལ་བའི་བཀའ་ཡང་བཅག༔ པདྨ་འབྱུང་གནས་སུན་མ་འབྱིན༔ དམ་ཚིག་དམོད་པ་རང་ལ་སྡིགས༔ རྣལ་འབྱོར་ཡིད་ཀྱང་མི་ཆད་དམ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ རྒྱལ་ཁམས་ཀུན་ཕུང་དགྲ་དང་བགེགས༔ སངས་རྒྱས་བསྟན་འཇིག་མཐའ་དམག་དང༔ སྐྱེ་འགྲོའི་བདེ་བཅོམ་བདུད་ཀྱི་དཔུང༔ རུ་ཏྲ་སློབ་བུ་དམ་ལོག་རྣམས༔ གང་ན་གནས་ཀྱང་རྡུལ་དུ་རློགས༔ ནོར་རྫས་དཀོར་ཆ་ཕྱགས་མས་ཐོབས༔ སྙིང་ཁྲག་དམར་པོ་ཐང་དུ་ཕོས༔ དོན་སྙིང་ནང་རོལ་ཞལ་དུ་སྟོབས༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ མིང་ཙམ་མེད་པར་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འདི་དག་ཀུན༔ ཁྱོད་ཀྱིས་མྱུར་དུ་མ་བསྒྲུབས་ན༔ དམ་ཚིག་དམོད་པ་རང་སྡིགས་པས༔ དེ་ཕྱིར་དམ་ལས་མ་འདའ་བར༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ ཅི་བཅོལ་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ གཏོར་མ་དགྲ་ཕྱོགས་སུ་འཕང༔ འོ་དོད་འབོད༔ སྐྲ་བསིག༔ བྲང་བརྡུང༔ བསྭོས་བརྡབ༔ དགྲ་ལ་ཆོ་འཕྲུལ་མྱུར་དུ་འོང་བར་ངེས༔ པདྨ་བདུད་འདུལ་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཛྲའི་ཐུགས་ཀྱི་ཀློང་དང་དབྱེར་མེད་པ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོགཿ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ བརྡ་ཐིམ༔ བདག་འདྲ་ཁྲག་འཐུང་བདུད་འདུལ་རྡོ་རྗེ་ཡིས། །དཔལ་གྱི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་ནས། །གཡོ་མེད་རྫུ་འཕྲུལ་ངང་ནས་སྤྱན་དྲངས་ནས། །མདོ་ཁམས་ཤར་ཕྱོགས་ནོར་འཛིན་དབང་པོའི་དཔལ། །སྐལ་ལྡན་ཀུན་དགའ་ཕུན་ཚོགས་དེས་བསྐུལ་ངོར། །ཤོག་སེར་རྣམ་དཀར་ངོས་ནས་ལེགས་བསྒྱུར་བ། །ཡི་གེའི་རིས་བྱེད་གར་དབང་ཨོ་རྒྱན་ཉི་ཤར་རོ། །མངྒ་ལཾ།། །།

རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་བསྡུས་པ་མན་ངག་གི་སྙེ་མ་ (Volume 28, Text 30)

རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་བསྡུས་པ་མན་ངག་གི་སྙེ་མ། ན་མོ་བཛྲ་དྷ་རཱ་ཡ། རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་རྡོ་རྗེ་འཛིན། ཁྱོད་མཚན་ཐོས་པའི་མོད་ལ་མི་བསྲུན་སྙིང་། །ལྐོག་མར་འཕྲོག་ན་ཚུལ་འདི་ཉམས་ལེན་པར། །མི་བསྲུན་དྲེགས་པའི་སྦྱོར་བས་ཅི་སྟེ་རྫི། །དེ་ལྟར་ངེས་ཤེས་ཐོབ་པའི་རྣལ་འབྱོར་པས། །སྐྱབས་སེམས་སྔོན་འགྲོའི་ཆོ་ག་ཉམས་བསྟར་ནས། །རང་བཞིན་དག་པའི་སྔགས་ཀྱིས་འཁོར་འདས་སྦྱང་། །དེ་ནས་བརྗོད་བྲལ་རིག་པའི་རང་མདངས་ལས། །སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་གི་ཁམས། །ལྕང་ལོ་ཅན་གྱི་གཞལ་ཡས་ཁང་ཆེན་པོར། །གྱུར་པའི་དབུས་སུ་དྲེགས་པ་ཀླུ་གཉན་ཁྲིར། །པད་ཉིའི་གདན་ལ་རང་རིག་ཧཱུྃ་ཡིག་ལས། །མཐིང་མདོག་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡི། །འོད་ཀྱིས་འཕགས་མཆོད་མཐུ་དབང་དངོས་གྲུབ་བསྡུས། །དྲེགས་པ་ཚར་བཅད་སེམས་ཅན་བདེ་ལ་བཀོད། །དེ་ཉིད་ཡོངས་གྱུར་བཅོམ་ལྡན་གསང་བའི་བདག །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །སྦོམ་ཐུང་གསུས་འཕྱང་གཟི་བརྗིད་མེ་ལྟར་འབར། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པ་ཀླུ་བདུད་སྦྲུལ་ནག་ཞལ་དུ་གསོལ། །ཞབས་གཉིས་བརྐྱང་བསྐུམ་སྒེག་ཅིང་དཔའ་བའི་སྐུར། །ཀླུ་རིགས་བཞི་སོགས་འབར་བའི་ཆས་ཀྱིས་སྤྲས། །དྲག་ཆེན་ཁྲོས་པའི་ཉམས་དང་ལྡན་པ་ཡི། །གནས་གསུམ་འབྲུ་གསུམ་འོད་ཟེར་འབར་བ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བདག་དང་གཉིས་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་སྲས་བཅས་སྤྱན་དྲངས་མཆོད། །དེ་བཞིན་གཤེགས་རྣམས་བདག་ལ་དབང་བསྐུར་གསོལ། །ཞེས་པས་གསོལ་བཏབ་དབང་ལྷས་བུམ་པའི་ཆུས། །དབང་བསྐུར་སྐུ་གང་སྒྲིབ་དག་ཆུའི་ལྷག་མ། །སྤྱི་བོར་གང་ལས་མི་བསྐྱོད་བདག་པོར་གྱུར། །སླར་ཡང་སྙིང་གར་ཉི་སྟེང་ཐུགས་རྡོ་རྗེ། །ཧཱུྃ་ཡིག་གིས་མཚན་མཐའ་སྐོར་སྔགས་ཕྲེང་རྣམས། །གཡས་སུ་འཁོར་ལས་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་དོན་བྱས་དྲེགས་པ་མ་ལུས་བསྒྲལ། །སྣང་གྲགས་ལྷ་སྔགས་དག་པ་རབ་འབྱམས་དང་། །རང་རིག་གདོད་མའི་གསང་བདག་ངོ་བོར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཐུན་མཐར་སྣོད་བཅུད་འོད་ཞུ་རང་ལ་ཐིམ། །བདག་ཉིད་ཐུགས་ཀའི་ཧཱུྃ་ལས་གྱེན་རྫོགས་སུ། །མི་དམིགས་སྤྲོས་ཀུན་ཞི་བའི་ངང་དུ་ཐིམ། །ཧཱུྃ་གིས་རྟག་མཐའ་ཕཊ་ཀྱིས་ཆད་མཐའ་བསལ། །སླར་ཡང་ཐུན་མཚམས་ལྷ་དང་གཞལ་ཡས་སུ། །སྣོད་བཅུད་དག་པ་རབ་འབྱམས་འཁོར་ལོར་སྦྱང་། །འདི་དགེ་ལེགས་བྱས་ཉིན་མོར་བྱེད་འོད་ཀྱིས། །མ་རུངས་བདུད་སྡེའི་མུན་པ་ཀུན་ཟོས་ནས། །ཡང་དག་སྣང་བ་བཞད་པའི་སྐལ་བཟང་གིས། །མ་གྱུར་འགྲོ་རྣམས་རྟག་ཏུ་འབྱོར་གྱུར་ཅིག །དེ་ལྟར་གསང་བདག་སྒྲུབ་ཐབས་ཉུང་ངུ་འདི། །མི་ཕྱེད་མོས་པ་ཐོབ་དེས་བསྐུལ་བ་ལས། །དུས་མཐའི་རྡོ་རྗེ་འཛིན་པ་ངག་གི་དབང་། །འགྱུར་མེད་རྡོ་རྗེ་ཞེས་བྱས་ཉུང་ངུར་སྤེལ།།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ (Volume 62, Text 30)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས༔ ྈྈྈ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ནི༔ དཀྱིལ་འཁོར་པད་བུམ་སྙིང་ཨ་བྲི༔ ཁ་རྒྱན་བུམ་པ་སྙིང་ཨ་བཤམས༔ ཀྱེ༔ རིགས་ཀྱི་བུ་རྣམས༔ དབང་བསྐུར་བའི་ཚུལ་ནི་འདི་ལྟ་བུ་སྟེ༔ བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ སློབ་མ་རྣམས་ཀྱིས་མཎྜལ་དང་བཅས་ཏེ༔ རང་ཤེས་རིག་པའི་རྒྱལ་པོ་བླ་མ་ཀུན་ཏུ་བཟང་པོར་སྒོམ༔ བདག་ལ་བྱ་རྩོལ་བྲལ་བའི་རྫོགས་ཆེན་ཐམས་ཅད་སེམས་སུ་བལྟ་བ༔ བརྡ་ཙམ་གྱིས་ནི་རྟོགས་པའི་བྱིན་རླབས་འཕོ་བའི་དབང༔ སློབ་དཔོན་དགོངས་པའི་མཐར་ཐུག་གང་ཡོད་བདག་ལ་བསྩལ་དུ་གསོལ༔ ཞེས་ཞུས་མཆོད་བསྟོད་བཤགས་པ་བྱ༔ ཀྱེ༔ རིགས་ཀྱི་བུ་སློབ་དཔོན་མ་བཅོས་གསལ་རྫོགས་ལྷུག་པར་གནས་པའི་སྙིང་རྩ་འདབ་དབུས་དང་བཅས་པའི་ཕྱོགས་བརྒྱད་ན་ཨ་སུམ་ཅུ་རྩ་གཅིག་བསྒོམ༔ སྙིང་གར་གནས་པའི་ཨ་དཀར་པོ་ལས་འོད་ཟེར་མདའ་འཕང་པ་ལྟར་འཕྲོས༔ དཀྱིལ་འཁོར་དབུས་ཀྱི་ཨ་ཐམས་ཅད་ལའང་ཕོག༔ དེ་ལས་ཀྱང་འོད་ཟེར་སྔར་ལྟར་འཕྲོས་ཏེ་རྫས་ཀྱི་ཨ་ཡིག་ལ་ཕོག༔ དེ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས་སློབ་མའི་སྙིང་ནང་གི་ཨ་ལ་ཕོག་པས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཨ་ཡིག་བཞི་ལ་ཐིམ༔ རང་ལུས་ཀྱང་ཨ་ཡིག་ལ་ཐིམ༔ ཨ་ཡིག་འོད་དུ་མེར་གྱིས་ཞུ་ནས་མི་དམིགས་པར་མཉམ་པར་བཞག༔ སླར་ཡང་མ་འདྲེས་གསལ་རྫོགས་སུ་གསལ་བས༔ སྙིང་གའི་ཨ་ཡིག་ལས་འོད་འཕྲོས༔ སྙིང་གི་ནང་ཐམས་ཅད་གསལ༔ བུམ་ནང་གི་མར་མེ་ལྟ་བུའི་འོད་གསལ་བར་བལྟ་བ་ནི་སྤྱི་ཙམ་སྟེ་མན་ངག་ནི་གཞན་དུ་ཤེས༔ དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་ཨ་དཀར་པོ་དེ་ནི་ཀུན་གཞི་དྲི་མ་མེད་པ་མཚོན་ནོ༔ ཨ་ཡིག་ཕྱི་རོལ་དུ་ཙིཏྟ་རིན་ཆེན་འདི་ནི་ཀུན་གཞིའི་ངོ་བོ་སྟོང་པའི་འོད་གསལ་བ་ལས་མ་རིག་པ་རྣམ་ཤེས་སམ༔ རིག་པའི་དུས་ན་ཡེ་ཤེས་སུ་མཚོན་པས་སྐུ་གཉིས་ལྷུན་གྱིས་གྲུབ་པའོ༔ བུམ་པ་ནི་ལུས་དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྣམ་ཤེས་ཀྱི་འཇུག་སྒོ་ཕྱི་ནང་གི་ཡུལ་ཤེས་གཉིས་ཀྱི་གོ་འབྱེད་པ་ལྟ་བུ་སྟེ༔ བུམ་པའི་སྒོ་འགགས་པས་སོ་སོར་དབྱེ་བ་ཙམ་ལས་བུམ་པ་དབྱིངས་སུ་ཐིམ་པའི་ཚེ་ནམ་མཁའ་ཕྱི་ནང་གཅིག་ཏུ་འགྱུར་བ་བཞིན༔ ལུས་ཀྱི་རྒྱ་གྲོལ་བས་ཡུལ་དང་ཤེས་པ་དབྱེར་མེད་ཅིང༔ དེ་ཉིད་ཀྱང་ཀུན་གཞིའི་དབྱིངས་སུ་རྫོགས་པར་འགྱུར་བས་ན༔ མ་དག་པའི་དབང་པོ་གཉིས་སུ་འཛིན་ཅིང༔ དག་པའི་དབང་པོ་བདེན་མེད་དུ་མཐོང་བས་བུམ་པ་ཆག་པའི་མར་མེས་ཕྱི་ནང་འོད་གསལ་བ་བཞིན༔ འོད་གསལ་དག་པའི་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པར་མཚུངས་ལ༔ པདྨ་ནི་མ་དག་པའི་ངོ་ནས་ཀུན་གཞི་ནས་གསལ་བའི་ཆ་མ་རྟོགས་པར་རྣམ་ཤེས་ཀྱི་འཇུག་པ་དབང་པོས་མཚམས་སྦྱར་ཏེ་ཡུལ་ཐམས་ཅད་སྣ་ཚོགས་བདེན་ཞེན་དུ་མཐོང་བར་བྱེད་ལ༔ དེ་ཉིད་རྣམ་ཤེས་གནས་འགྱུར་བའི་ཚེ་དབང་པོ་བདེ་བ་འོད་གསལ་ཞིང་ཕྱི་ཡི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་ཀྱི་རང་སྣང་དུ་རྟོགས་པས་ཞིང་ཁམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་མཐོང་བའི་བརྡའོ༔ དབང་བསྐུར་བ་ནི༔ སློབ་དཔོན་གྱིས་བུམ་པ་ཐོགས་ལ༔ དང་པོ་དབང་པོའི་ཚོར་བས་མཚམས་སྦྱར་ཏེ༔ རྣམ་ཤེས་ལོག་པར་བྱེད་པ་དག་པ་དང༔ དབང་པོ་བདེན་མེད་ཉིད་དུ་རྟོགས་བྱའི་ཕྱིར༔ བདེ་ཆེན་གཞོན་ནུ་ཕྱག་རྒྱ་བུམ་པའི་དབང༔ བདེ་བས་དེ་ཉིད་རྟོགས་ཕྱིར་དབང་བསྐུར་རོ༔ ཁ་རྒྱན་སྣ་ཚོགས་མདོངས་སྒྲོ་པདྨའི་འདབ༔ སྣང་སྟོང་དབྱེར་མེད་ཡུལ་ཀུན་དག་པ་དང༔ སྣང་སྲིད་བདེ་བ་ཆེན་པོར་འཆར་བའི་ཕྱིར༔ བུམ་པའི་ཁ་རྒྱན་སྣང་སྟོང་མདངས་གསལ་དབང༔ ཕྱི་ནང་གཉིས་མེད་རྟོགས་ཕྱིར་དབང་བསྐུར་རོ༔ རྣམ་ཤེས་ཡུལ་ལ་འཇུག་པའི་མ་དག་པ༔ རྡོ་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན༔ བདེ་ཆེན་མཁའ་དབྱིངས་མཉམ་སྦྱར་གཅིག་ཏུ་འཁྲིལ༔ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་འདི༔ བདེ་བ་བརྒྱད་དུ་མཚོན་པའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་དབྱིངས་སུ་རྣམ་ཤེས་དག༔ ཡེ་ཤེས་འོད་གསལ་ཀློང་དུ་གྲོལ་བར་ཤོག༔ ཨ་ནི་ཀུན་གཞི་ཀ་དག་སྒྲིབ་བྲལ་ལ༔ གཙང་ཞིང་རྟག་ལ་འགྱུར་བ་མེད་པའི་ངང༔ བཟང་ངན་བླང་དོར་འཛིན་པའི་མཐའ་ལས་འདས༔ འོད་གསལ་ཀློང་ཆུབ་སེམས་ཉིད་ཡེ་ཤེས་སུ༔ བལྟས་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་དབྱིངས༔ ཡོངས་རྫོགས་རྩོལ་བ་མེད་པའི་ངང་དུ་བལྟ༔ ཨ་ཨ་ཨ༔ རྒྱས་པར་རྩའི་ཨ་ཡིག་བཅོ་བརྒྱད་ལ་སེམས་འཛིན༔ དོན་བཅོ་བརྒྱད་ཀྱི་གླུ་བླང་བ་གཞན་དུ་བལྟ་འོ༔ འཕྲོས་དོན་ལས་ཅན་དྲྭ་མ་བཞི་དང༔ བཀའ་བབས་བཅུ་རྣམས་ཀྱི་གླུ་ཡང་རིགས་པས་དཔྱད་ལ་གཞུང་གཞན་དུ་རྟོགས༔ འདིར་རྩ་བའི་ཤྲཱི་སིཾ་ཧའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟ༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་རྒྱས་པའོ༔ སློབ་བུའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས༔ ཆོས་ཐམས་ཅད་ཡེ་ཤེས་སུ་ཤེས༔ ཡེ་ཤེས་བཙལ་དུ་མེད་པ་འོ༔ སླར་ཡང་སྙིང་དང་འདྲ་བའི་སློབ་མ་གཅིག་ལ་སྦྱིན་པའི་ཆིག་བརྒྱུད་ནི༔ སློབ་དཔོན་འབོལ་སྟན་དགུ་བརྩེགས་སུ་གནས་པའི་སྟེང་ནས་སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ བར་དུ་བལྟ་ས་གཅིག་ལ་བལྟ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་ངོ་སྤྲོད༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ཞུས་སོ།། །།

བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་གློག་གི་ཕྲེང་བ་ (Volume 12, Text 30)

༄༅། །བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་ཀརྨ་ཀྲོ་དྷཱ་ཡ། ཁྱབ་བདག་གུ་རུའི་ཡེ་ཤེས་རོལ་པའི་རྩལ། །སྐུ་ལྔའི་སྒྱུ་འཕྲུལ་མཁའ་ལྟར་ཁྱབ་པ་ལས། །ཕྲིན་ལས་རིག་འཛིན་དྲག་པོའི་རོལ་གར་གྱིས། །སྲིད་གསུམ་བདུད་བཞིའི་དཔུང་ཚོགས་བཅོམ་ལ་འདུད། །སྙིགས་དུས་བདུད་བགེགས་དམ་སྲིའི་དཔུང་། །འཇོམས་པའི་གཉེན་པོ་ཟླ་མེད་པ། །ཆོས་རྒྱལ་བྱང་པའི་ཟབ་གཏེར་ལས། །བྱོན་འདི་སྔགས་འཆང་སྙིང་གི་ནོར། །ཀརྨ་མ་ཧཱ་གུ་རུའི་བསྙེན་སྒྲུབ་ཀྱི་ཕྲིན་ལས་ལ་འཇུག་པར་འདོད་པས་ཉམས་སུ་བླང་བྱའི་ལས་ཁྲིགས་བསྟན་པ་ལ་གཉིས། སྦྱོར་བ་གཤོམ་གྱི་ལག་ལེན། དངོས་གཞི་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ནི། མཐུན་པའི་གནས་སུ་སྟེགས་བུའི་སྟེང་ལྕགས་སོགས་ཀྱི་སྣོད་དུ་ཟན་གྱི་ཆོས་འབྱུང་ནག་པོའི་སྟེང་དུ་བདུད་བཞིའི་གཟུགས་གཏེར་གཞུང་ཕྱག་བཞེས་ལྟར་བཀོད་པ་ལ་སེང་ལྡེང་གི་ཕུར་པ་དར་གྱི་ཅོད་པན་བཏགས་པ་བཙུགས། དེ་སྟེང་མཉྫིའི་ཁར་ལྕགས་སྣོད་ལ་སོགས་པར་ཟན་གྱི་གདན་ཟུར་གསུམ་མདུན་བསྟན་སྟེང་གཏོར་མ་ཟུར་གསུམ་ནག་པོ་ལྟོ་ཁྲ་ཅན་ལེབ་མདུན་བསྟན་ཞི་དྲག་རྒྱན་སྤྲོས་སྐུ་རྟེན་དར་གདུགས་བཅས་བཀོད། རྒྱབ་གཡས་རྩ་གསུམ་འབུལ་གཏོར་སུམ་སྒྲོམ། རྒྱབ་གཡོན་གཏེར་སྲུང་བདུད་བཙན་ཀླུ་གསུམ་གཏོར་མ་ནི། བདུད་ལ་བཤོས་ཟླུམ་ནག་པོ་རྩེ་མོ་ཅུང་ཟད་བཀུག་པ། བཙན་བཤོས་ཟུར་གསུམ་དམར་པོ། ཀླུ་གཏོར་དཀར་པོ་སྦྲུལ་དཀྲིས། གསུམ་ཀ་མཐེབ་ཀྱུས་བསྐོར་བ། སྒྲུབ་གཏོར་གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཀྱང་ཉེ་བར་བསྡོག་གོ །གཉིས་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་ལྔ་ལས། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་ནི། བདུད་སྡེའི་དཔུང་འཇོམས་ཀརྨ་ཧེ་རུ་ཀ །ཕྲིན་ལས་གྲུབ་པ་པྲ་ཆེན་ཧསྟིའི་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །ཟབ་གཏེར་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེ་འུ་བཙན། །སྐྱེ་བའི་ཡང་སྲིད་བཀྲ་ཤིས་སྟོབས་རྒྱལ་ལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །ལུང་ཟིན་རིག་འཛིན་ཆེན་པོ་ངག་གི་དབང་། །ཆོས་དབྱིངས་རང་གྲོལ་ཟིལ་གནོན་བཞད་པ་རྩལ། །རིག་འཛིན་རིམ་བརྒྱུད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །གཙང་རོང་ཁམ་བུ་ལུང་ཞེས་གཡས་རུའི་ཆར། །རྒྱས་བཏབ་ཕྲིན་ལས་དྲག་པོ་གསང་བའི་གཏེར། །གནས་ཆོས་བཀའ་སྐྱོང་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བདུད་བཞི་མཐར་བྱེད་ཤོག །སྲོག་གཏད་དབང་གིས་རང་རྒྱུད་ཡོངས་སུ་སྨིན། །གང་སྣང་ལྷ་སྐུར་ཤར་བའི་བསྐྱེད་རིམ་གསལ། །ཆོས་ཀུན་རིག་ངོར་འཕྲོད་པས་རང་སར་གྲོལ། །འཆུགས་མེད་ཚུལ་བཞིན་ཉམས་སུ་ལོངས་པར་ཤོག །ནང་དུ་རང་རྒྱུད་དུག་ལྔ་བདུད་བཞིའི་དཔུང་། །ཀ་དག་དབྱིངས་སུ་ཡེ་ཤེས་ལྔར་དག་ནས། །ཕྱི་རོལ་འཁྲུལ་ངོར་ཤར་བའི་དགྲ་བགེགས་རྣམས། །ཚར་གཅོད་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་ཤོག །སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པར་འཆར། །གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ། །སྣང་སེམས་བརྗོད་བྲལ་ཆོས་སྐུའི་རང་རྩལ་དུ། །ལེགས་ཤར་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ནི། མདུན་གྱི་ནམ་མཁར་བླ་མ་བདུད་འདུལ་ཀརྨ་གུ་རུ་མངོན་སུམ་གསལ་བར་གྱུར། སྙིགས་དུས་ཉོན་མོངས་དུག་ལྔ་ཧྲགས། །ཕུང་བྱེད་འདྲེ་སྲིན་འབྱུང་པོ་ལངས། །དེ་ཕྱིར་བར་གཅོད་རྐྱེན་རྣམས་མང་། །བར་གཅོད་རྐྱེན་ལས་སྐྱོབ་པའི་ཕྱིར། །བདུད་འདུལ་པདྨར་བདག་སྐྱབས་མཆི། །ལན་གསུམ། མཐའ་ཡི་དགྲ་བཞི་ལངས་པ་དང་། ཁྱད་པར་རང་རྒྱུད་ཉོན་མོངས་བདུད། །ནང་དུ་འཁྲུགས་པས་ཕྱི་རོལ་བདུད། །རླུང་ལྟར་ལངས་ཚེ་བསྒྲུབ་པར་བགྱི། །ལན་གསུམ། ཧཱུྃ། ཀརྨ་དྲག་རྩལ་ལྷ་ཚོགས་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ལན་གསུམ། སྐྱབས་ཡུལ་རང་ལ་ཐིམ་པར་གྱུར། །གསུམ་པ་མཚམས་གཅོད་སྲུང་འཁོར་ནི། ཧཱུྃ། རང་ཉིད་ཀརྨ་གུ་རུར་གསལ་བ་ཡི། །ཐུགས་ལས་ཁྲོ་མཚོན་མེ་དཔུང་རབ་ཏུ་འཕྲོས། །གནོད་བྱེད་བདུད་དཔུང་མ་ལུས་རྡུལ་དུ་རློག །ལྷག་མ་རྣམས་ཀྱང་ཕ་མཐར་གཏོར་ཞིང་བསྐྲད། །རྡོ་རྗེའི་གུར་ཁང་མེ་དཔུང་ཆེར་འབར་ནང་། །མེ་འཁོར་རྩིབས་བཅུ་རྩིབས་མཆན་རྒྱ་གྲམ་དང་། །རླུང་འཁོར་རྩིབས་བཅུ་རྩིབས་བར་ཆུ་གྲི་དང་། །ཤུགས་དྲག་གཡས་གཡོན་འཁོར་བའི་གུར་དུ་གྱུར། ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ་ཏྲིག་རྦད་ཏྲིག་རྦད་ཧ་ལ་པ་ཏི་ཏྲིག་ནན་རྦད། ཨོཾ་བཛྲ་ཀྲོ་ཏ་ཙཀྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ། བྱང་ལུགས་གོང་གི་ཚོགས་གསག་འདིར་སྦྱོར་བར་སྣང་བས་སྤྲོ་ན་དེ་ལྟར་བྱ། བཞི་པ་བྱིན་དབབ་པ་ནི། སྤོས་རོལ་གདུང་ཤུགས་ཀྱི་རིག་རྩལ་བཅས། ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཧཱུྃ། རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། །ཟངས་མདོག་དཔལ་རིའི་གཞལ་ཡས་ནས། །ཀརྨ་མ་ཧཱ་གུ་རུ་རྩལ། །ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་རྟེན་དང་སྒྲུབ་རྫས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །དབང་ཆེན་སྐུར་ལ་བྱིན་གྱིས་རློབས། །གཟི་མདངས་བཀྲག་ཕྱུངས་བདུད་རྩིར་སྤེལ། །བདུད་དང་ལོག་འདྲེན་ཚར་གཅོད་པའི། །མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ལྔ་པ་མཆོད་རྫས་བྱིན་བརླབ་པ་ནི། ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་པའི་ཚོགས་རྣམས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། །ཟེགས་མ་འདོད་ཡོན་ལྷ་མོ་དཔག་མེད་འཕྲོས། ཨོཾ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་བིདྱ་ཧཱུྃ། བཛྲ་ཤབྡ་ཧཱུྃ། བཛྲ་སརྦ་པཱུ་ཙ་མེ་གྷ་ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜལ་ཧཱུྃ་ཕཊ། སྔགས་རྣམས་ལན་གསུམ་རེ་བརྗོད་དོ། །གཉིས་པ་དངོས་གཞི་ལ་བདུན་ཡོད་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། རང་གི་རིག་པ་ཧཱུྃ་དུ་བསམ། ཧཱུྃ། རྒྱུ་ལས་སྐྱེས་པའི་སྔགས་བརྗོད་པས། །དྲག་པོའི་གཞལ་ཡས་ལྷུན་གྱིས་གྲུབ། །གནམ་ལྕགས་འབར་བའི་གཞལ་ཡས་ཁང་། །གདན་དུ་སྣ་ཚོགས་རྡོ་རྗེ་དང་། །ཆུ་སྐྱེས་སྟེང་དུ་ཉོན་མོངས་བདུད། །དཀར་སེར་དམར་ནག་བསྣོལ་བའི་སྟེང་། །སྟངས་སྟབས་ཁྲོས་པའི་ཚུལ་དུ་ནི། །ཧཱུྃ་ལས་ཀརྨ་དྲག་པོའི་སྐུ །ལྗང་ནག་དུ་བའི་མདོག་ལྟ་བུ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཕྱར། །གཡོན་པས་སེང་ལྡེང་ཕུར་པ་སྒྲིལ། །མཐིང་ནག་བེར་དང་ཆོས་གོས་གསོལ། །སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང་། །བདུད་ཀྱི་མགོ་ཕྲེང་དོ་ཤལ་འཕྱང་། །སྟངས་སྟབས་ཁྲོས་པ་དྲག་པོའི་སྐུ །དམ་ཚིག་སེམས་དཔའ་ཉིད་དུ་གསལ། །གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ལང་ཀ་པུ་རི་སྲིན་པོའི་ཡུལ། །གཏུམ་དྲག་རྔམ་པའི་དུར་ཁྲོད་ནས། །སྲིན་པོའི་རྒྱལ་པོ་ཡལ་གམ་ཅན། །གུ་རུ་ཀརྨ་དྲག་པོ་རྩལ། །ལོག་འདྲེན་མ་རུངས་བསྒྲལ་སླད་དུ། །གནས་འདིར་མྱུར་བ་ཉིད་དུ་སྤྱོན། །མ་ཧཱ་གུ་རུ་ཀརྨ་དྲག་པོ་རྩལ་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ སྤྲོ་ན། ཧཱུྃ། བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས། །སོགས་བརྗོད་པ་བྱང་ལུགས་སོ། །གསུམ་པ་བཞུགས་གསོལ་ནི། ཧཱུྃ། འོག་གཞི་སྣ་ཚོགས་རྡོ་རྗེའི་སྟེང་། །པདྨའི་གདན་ལ་ཉོན་མོངས་བདུད། །དཀར་སེར་དམར་ནག་བཞི་བསྣོལ་སྟེང་། །སྟངས་སྟབས་ཁྲོས་པའི་ཚུལ་དུ་བཞུགས། །མ་ཧཱ་གུ་རུ་ཀརྨ་དྲག་པོ་རྩལ་བཛྲ་ས་མ་ཡ་ཏིཥྛ་ལྷན། བཞི་པ་ཕྱག་ནི། ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་མ་ཧཱ་གུ་རུ། །དྲག་པོའི་ཕྲིན་ལས་མཆོག་ལ་མངའ་བརྙེས་པ། །མ་རུངས་དུས་མཐའི་དམག་དཔུང་འཇོམས་པའི་ལྷ། ཁྲོ་རྒྱལ་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཧཱ་གུ་རུ་ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ལྔ་པ་མཆོད་པ་གཞུང་གི་དཀྱུས་ནི། ཧཱུྃ། སྒོ་ལྔའི་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་། །དུག་ལྔ་རྣམ་དག་རང་བྱུང་དག་པའི་རྫས། །བདེ་ཆེན་ཡོངས་རྫོགས་གསང་བའི་མཆོད་པ་རྣམས། །བདུད་འདུལ་པདྨའི་སྐུ་ལ་མཆོད་པ་འབུལ། །དགྱེས་པ་ཆེན་པོ་སྐྱེད་ཕྱིར་བཞེས་སུ་གསོལ། ཀརྨ་མ་ཧཱ་གུ་རུ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི། ཅུང་ཟད་སྤྲོ་ན། ཧཱུྃ། དངོས་བཤམ་ཡིད་སྤྲུལ་རང་བཞིན་ལྷུན་གྱིས་གྲུབ། །མཆོག་ཆེན་ལས་བྱུང་དུར་ཁྲོད་རྫས་རྣམས་ཀྱི། །ཉེར་སྤྱོད་འདོད་ཡོན་ཡེ་ཤེས་རོལ་པའི་རྒྱན། །བདུད་འདུལ་ཀརྨ་དྲག་པོ་མཉེས་ཕྱིར་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་ཡེ་ཤེས་ལྔར་རྫོགས་རྫས་ཆེན་པོ། །རོ་མཆོག་ཡོན་ཏན་འབུམ་དང་ལྡན་པ་འདི། །དཔལ་ཆེན་ཀརྨ་གུ་རུའི་ཞལ་དུ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཕྲིན་ལས་ཁྲག་འཐུང་ཀརྨ་ཧེ་རུ་ཀ །པྲ་ཆེན་ཧསྟི་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཕྲིན་ལས་ཡོངས་གྲུབ་རྩལ་དང་ངག་གི་དབང་། །ཆོས་དབྱིངས་རང་གྲོལ་ཟིལ་གནོན་བཞད་རྩལ་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མ་མཆོག་རྣམས་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀརྨ་གུ་རུ་ཡང་གསང་དྲག་པོ་རྩལ། །ལས་བྱེད་བཀའ་སྡོད་མ་ཧཱ་དེ་བ་དང་། །གནས་གཏེར་སྐྱོང་མཛད་བདུད་བཙན་ཀླུ་གསུམ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཐིགས་གཏོར་འབུལ། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཨ་ལ་ལ་ཧོཿ ཞེས་དངོས་གྲུབ་བླང་། ཧཱུྃ། ལྕང་ལོར་བཅས་པའི་པདྨ་བྷཉྫ་རུ། ཁམས་གསུམ་ཡོངས་སྒྲོལ་དམར་ཆེན་རྒྱ་མཚོ་བསྐྱིལ། །བདུད་དགྲའི་སྙིང་ཁྲག་རྦ་རླབས་མཁའ་ལ་འཕྱོ། །དུག་ལྔ་རྩད་ནས་གཅོད་ཕྱིར་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། མཚན་ལྡན་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ། །དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་བཤོས། །རིག་རྩལ་འདོད་ཡོན་རྣམ་ལྔའི་སྤྲིན་ཕུང་འཕྲོ། །ལྷ་མཆོག་ཀརྨ་གུ་རུའི་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། མཁའ་གསང་ཨེ་ཝཾ་རྡོ་རྗེ་པདྨ་སྦྱོར། །གཉིས་འཛིན་བདུད་བཞི་ཟུང་འཇུག་ཀློང་དུ་བསྒྲལ། །བྱ་བྱེད་གནས་ཡུལ་གདོད་ནས་རྣམ་དག་ངང་། །རང་བཞིན་ཡོངས་ཤེས་མཆོད་པའི་ཕྱག་རྒྱར་འབུལ། །སྟ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ དྲུག་པ་བསྟོད་པ་རྩ་གཞུང་ནི། ཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས་པའི་དཔལ། །མ་རུངས་འདུལ་མཛད་ཀརྨ་དྲག་པོ་རྩལ། །འགྲོ་བ་སྙིགས་མའི་སྡུག་བསྔལ་སྐྱོབ་པའི་ལྷ། །དྲག་པོའི་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །སྤྲོ་ན་ལྷན་ཐབས་སྦྱར་བ། ཧཱུྃ། ཆོས་ཉིད་འགྱུར་མེད་བདེ་ཆེན་ངང་ཉིད་ལས། །འགགས་མེད་འགྲོ་ལ་རྗེས་ཆགས་སྙིང་རྗེའི་གར། །མི་སྲུན་བདུད་ཀྱི་སྡེ་དཔུང་ཀུན་འཇོམས་པ། །ཆེ་བའི་ཆེ་མཆོག་ཀརྨ་དྲག་པོ་རྩལ། །ལྗང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ། །ལྟ་བར་བཟོད་དཀའི་གཟི་བྱིན་མཚུངས་པ་མེད། །གསང་ཕོད་མཐིང་ག་སྣམ་སྦྱར་སྙན་ཞུ་གསོལ། །རོལ་པའི་སྟབས་ཀྱི་བདུད་བཞི་གཟིར་ལ་འདུད། །ཕྱག་གཡས་སྣ་ཚོགས་རྡོ་རྗེས་ལས་བཞི་སྒྲུབ། །གཡོན་པས་ཕུར་བུས་ལོག་འདྲེན་སྙིང་ག་འབིགས། །སྣ་ཚོགས་རྡོ་རྗེའི་ཕྲེང་བ་བདུད་བཞི་ཡི། །མགོ་ཕྲེང་ཁྲག་འཛག་དོ་ཤལ་འཛིན་ལ་བསྟོད། །སྒེག་དང་དཔའ་དང་འཇིགས་སུ་རུང་བའི་སྐུ །རྒོད་དང་གཤེ་དང་རྔམ་དང་ངར་ལྡན་གསུང་། །སྙིང་རྗེ་རྔམས་དང་ཞི་བ་ཆེན་པོའི་ཐུགས། ཁྲོ་བོའི་གར་གྱི་ཉམས་དགུ་རྫོགས་ལ་བསྟོད། །གཞོམ་མེད་རྡོ་རྗེ་གནམ་ལྕགས་གུར་ཁང་དབུས། །རབ་བརྗིད་ལྷུན་སྟུག་མ་རྒད་རི་བོ་ལ། །ཉིན་མོར་བྱེད་པའི་འོད་ཀྱིས་འཁྱུད་པ་བཞིན། །ལོག་འདྲེན་སྲེག་བྱེད་མེ་དབུས་འགྱིངས་ལ་བསྟོད། །སྐུ་ལས་མེ་མཚོན་ཁྲོ་བོའི་ཚྭ་ཚྭ་འཕྲོ། །མི་སྲུན་བདུད་དང་བདུད་ཀྱི་ཕྱོགས་མ་ལུས། །འཇོམས་པའི་མཐུ་ལྡན་གནམ་ལྕགས་རྡོ་རྗེའི་ཐོག །འབེབ་མཛད་ཁྲོ་བོའི་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་བརྒྱུད་པ་སྔ་མས་སྦྱར་བ་སྣང་ངོ་། །བདུན་པ་ཛཔ྄་བཟླས་ནི། ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས། །ཧཱུྃ་ཡིག་མཐའ་རུ་སྔགས་ཀྱིས་བསྐོར། །གནམ་ལྕགས་འབར་བའི་ཁང་སྒྲོམ་དབུས། །གསལ་བར་བསྒོམས་ལ་དྲག་སྔགས་བཟླ། ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། རྩ་བའི་བསྙེན་པ་སྟེ་གྲངས་ཚད་འབུམ་ཕྲག་གསུམ་མོ། །རྒྱུན་གྱི་ཕྲིན་ལས་ལྟ་བུར་བརྒྱ་སྟོང་ཅི་འགྲུབ་དང་། བར་གཅོད་ཀྱི་ལྟས་བྱུང་ན་ཐུན་མཐར་སྔགས་ཤམ། གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ། ཏྲིག་རྦད་ཏྲིག་རྦད། ཧ་ལ་པ་ཏི་ཏྲིག་ནན་རྦད། ཞེས་བཏགས་པ་བདུན་ནམ་ཉེར་གཅིག་ཙམ་བཟླ། བཟླས་མཐར་མཆོད་བསྟོད་ནི། ཧཱུྃ། ལྷ་མཆོག་ཀརྨ་དྲག་པོ་གཤེགས། །ཕྱི་ནང་གསང་བའི་ཚོགས་མཆོད་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྲིན་ལས་བདག །ལོག་འདྲེན་གདུག་པ་ཀུན་འདུལ་མ་ཧཱ་གུ་རུ། །བྱིན་རླབས་མཐུ་སྟོབས་ནུས་པའི་རྩལ་ལྡན་པ། །མ་རུངས་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྐབས་འདིར་ཆོས་སྲུང་གཏོར་འབུལ་བྱ། སྒོས་སྲུང་བདུད་བཙན་ཀླུ་གསུམ་ནི། ཐུགས་ལས་འཕྲོས་པའི་རཾ་ཡཾ་ཁཾ་གསུམ་གྱིས། །མཆོད་གཏོར་རྣམས་ཀྱི་མ་དག་བསྲེགས་གཏོར་བཀྲུས། །ཨ་དང་ཨོཾ་ལས་བྷནྡྷ་རིན་ཆེན་སྣོད། །ཤ་ཁྲག་དང་ནི་བདུད་རྩི་ཀླུ་སྨན་གྱུར། ཨོཾ་ཨཱཿཧཱུྃ་གསུམ། སྤྱན་འདྲེན་པ་ནི། ལྷང་ལྷང་མཚམས་ཕུག་གནས་དང་ཁམ་བུ་ལུང་། །གནས་ཆོས་སྲུང་བར་ཨོ་རྒྱན་ཆེན་པོ་ཡི། །སྤྱན་སྔར་ཁས་བླངས་བདུད་བཙན་ཀླུ་གསུམ་པོ། །ཐོགས་པ་མེད་པར་གནས་འདིར་ད་ཚུར་སྤྱོན། རུ་ཏྲ་དུ་ཤཱུ་ལ་ཙ་ནཱ་ག་ཕུཿས་པ་རི་བཱ་ར་ས་མཱ་ཛཿ མཆོད་གཏོར་འབུལ་བ་ནི། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཚིལ་ཆེན་སྣང་གསལ་འབར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་ཐོད་རྔ་སིལ་སྙན་རོལ་མོའི་ཚོགས། །བཙན་རྟ་དམར་པོ་བདུད་ཀྱི་རྟ་ནག་པོ། །སྒ་སྲབ་ཆས་མཛེས་གོ་མཚོན་དམར་ནག་གོས། །སྨན་རཀ་གཏོར་མ་ཕྱི་ནང་ཚོགས་མཆོད་ཀྱིས། །སྟོབས་ལྡན་བདུད་བཙན་གཉིས་ཀྱི་ཐུགས་དམ་བསྐང་། །རྩི་སྨན་དྲི་ལྡན་མཆོད་ཡོན་མེ་ཏོག་བཀྲ །ཙནྡན་ཛཱ་ཏི་སྤོས་དཀར་དུད་སྤྲིན་འཁྲིགས། །ཤེལ་སོགས་སྣང་གསལ་ཀླུ་སྨན་དྲི་ཆབ་དང་། །རོ་བརྒྱའི་ཞལ་ཟས་སྙན་པའི་སྒྲ་དབྱངས་འཁྲོལ། །དར་ཟབ་རིན་ཆེན་སྐྱེད་ཚལ་ནགས་སྨན་ལྗོངས། །ཆུ་ཀླུང་མཚོ་དང་རུས་སྦལ་རྒྱན་གྱིས་མཛེས། །དཀར་གསུམ་མངར་གསུམ་སྦྱར་བའི་ཚོགས་གཏོར་གྱིས། །ཀླུ་ཆེན་ལྕམ་མོ་འབུམ་ཟའི་ཐུགས་དམ་བསྐང་། །ཨོཾ་རུ་ཏྲ་དུ་རཱ་ཙ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ལན་གསུམ་དང་། གོང་གི་སྔགས་ཤམ་དུ། མ་ཧཱ་པཉྩ་དང་། རཀྟའང་སྦྱར་ཏེ་འབུལ། བཙན་ལ། ཨོཾ་ཤཱུ་ལ་ཙ་རཱ་ཙ་སོགས་ཀྱིས་སྨན་རཀ་གཏོར་གསུམ་དང་། ཀླུ་ལ་ནཱ་ག་ཕུཿརཱ་ཙས་གཏོར་མ་འབུལ། མཐིང་ནག་མི་བསྲུན་བདུད་ཀྱི་གཙོ། །དར་ནག་བ་དན་ཞགས་པ་འཛིན། །མཐིང་ནག་གོས་གྱོན་རྟ་ནག་བཅིབས། །བསྟོད་དོ་བཅོལ་པའི་ཕྲིན་ལས་མཛོད། །སྲོག་གི་གཤེད་པོ་བཙན་རྒོད་ཆེ། །མདུང་དམར་ཞགས་འཛིན་རྟ་དམར་ཞོན། །བསེ་ཁྲབ་བསེ་རྨོག་གྱོན་ཞིང་རྔམ། །བསྟོད་དོ་བཅོལ་པའི་ཕྲིན་ལས་མཛོད། །ཀླུ་མོ་དཀར་སྔོ་རུས་སྦལ་བཅིབས། །དར་གྱི་ན་བཟའ་མཛེས་པར་གསོལ། །རིན་ཆེན་ནོར་བུ་བུམ་པ་འཛིན། །བསྟོད་དོ་བཅོལ་པའི་ཕྲིན་ལས་མཛོད། །བཛྲ་མུཿས་གཤེགས་སུ་གསོལ་ལོ། །གསུམ་པ་རྗེས་ཀྱི་ལས་རིམ་བཅུ་གཉིས་ཡོད་པ་ལས། དང་པོ་ཚོགས་བྱིན་རླབས་ནི། ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་དམ་ཚིག་གི་རྫས་སུ་འོས་པ་རྣམས་འདུ་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨ་ལས་ཐོད་པའི་ནང་དུ་ནི། །ཚོགས་མཆོད་འདོད་ཡོན་དཔག་མེད་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། གཉིས་པ་ཚོགས་མགྲོན་སྤྱན་དྲངས་པ་ནི། དུས་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས། །མཁའ་འགྲོ་དཔའ་བོ་དམ་ཚིག་ཅན། །ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས། །མ་ལུས་ཡུད་ཀྱིས་གནས་འདིར་བྱོན། །ལང་ཀ་པུ་རི་སྲིན་པོའི་ཡུལ། །ཟངས་མདོག་དཔལ་རིའི་གནས་མཆོག་ནས། །སྲིན་པོའི་རྒྱལ་པོ་ཡལ་གམ་ཅན། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །དག་པའི་ཞིང་ཁམས་སོ་སོ་ནས། །སྤྲུལ་པས་འགྲོ་བའི་དོན་མཛད་པ། །རིག་འཛིན་བླ་མའི་ཚོགས་བཅས་རྣམས། །ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས། །ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ། །ཆོས་བདག་བུ་མཆོག་ཉེར་གཅིག་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། ཀརྨ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཀིང་ཀ་ར་ས་མ་ཡ་ཛཿཛཿ གསུམ་པ་ཚོགས་ཕུད་མཆོད་པ་ནི། ཧཱུྃ། ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་མ་ཧཱ་གུ་རུ། །ལོངས་སྤྱོད་རྫོགས་སྐུ་ཁྲག་འཐུང་ཞི་ཁྲོའི་ལྷ། །དཔའ་བོ་ཌཱ་ཀི་ཆོས་སྲུང་གཏེར་བདག་དང་། །རིག་འཛིན་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། །མཆོག་ཐུན་དངོས་གྲུབ་བུ་མཆོག་བདག་ལ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བར་པས་བཤགས་པ་ནི། ཉོན་མོངས་དུག་ལྔའི་རྟོག་པའི་དབང་གྱུར་ཏེ། །ཚོར་དང་མ་ཚོར་མ་རིག་མུན་པས་བསྒྲིབས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན། །འདོད་ཡོན་ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས། ཁྲག་འཐུང་ལྷ་ཚོགས་རྣམས་ཀྱིས་བཟོད་པར་བཞེས། །ཀརྨ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཧཱུྃ། ལྔ་པ་ཐ་མར་བསྒྲལ་བསྟབ་ནི། ཧཱུྃ་ནྲྀ་ཏྲི་ཛཿཛཿ མཆོག་གསུམ་སྐུ་གསུམ་བྱིན་རླབས་བདེན་པ་དང་། །དབང་ཕྱུག་འཇིག་རྟེན་དྲེགས་པའི་ནུས་མཐུ་ཡིས། །ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན་བྱས་པས། །དཀོན་མཆོག་སྤྱི་དགྲ་རིག་འཛིན་སྐུ་དགྲ་དང་། །སྐྱེ་འགྲོར་འཚེ་བྱེད་ཞིང་བཅུ་རུ་ཏྲ་དང་། །བོད་ཁམས་ཕུང་བྱེད་མཐའ་དམག་གདུག་པའི་ཚོགས། །གནོད་བྱེད་གདོན་བགེགས་འབྱུང་པོ་དམ་སྲིའི་རིགས། །བསྒྲལ་བྱར་འོས་པའི་བླ་སྲོག་འདིར་ཁུག་ཅིག །རྩ་སྔགས་ཤམ་བུར་ཕྱག་རྒྱ་དང་བཅས་པས། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊཿ ཨཱ་བཻ་ཤ་ཡ་ཨ། ཧཱུྃ། སྐུ་སྟོད་ཡང་གསང་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །ལོག་འདྲེན་དགྲ་བགེགས་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ། ཏྲིག་རྦད་ཏྲིག་རྦད་ཧ་ལ་པ་ཏི་ཏྲིག་ནན་རྦད། ཅེས་པའི་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དམ་སྲི་རུ་ཏྲ་ཞིང་བཅུ་མཱ་ར་ཡ་རྦད། ཅེས་དྲག་སྔགས་བརྗོད་བཞིན་དུ་ཕུར་བུས་གདབ། རལ་གྲིས་གཏུབས་ལ། ཧཱུྃ། དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ཚེམས་ནི་ཧོམ་ཤིང་བཙུགས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱངས་པ་འདྲ། །དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི། །དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ། །རྡུལ་ཕྲན་ཙམ་ཡང་མེད་པར་རོལ། །ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། ཅེས་པའི་སྔགས་ཤམ་དུ། དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། བར་འདིར་རྩ་གསུམ་སྐོང་བ་སྦྱར། སྲོག་གཏད་ཟློག་པ་སོགས་དགོས་ན་སྐབས་འདིར་སྦྱར། བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། དྲུག་པ་ལྷག་མ་གཏང་བ་ནི། བྱིན་རླབས་སྤྱི་ལྟར་བྱས་ནས། ཧཱུྃ། དང་པོ་ཕུད་ཀྱིས་མི་མཆོད་དུ། །ཡང་གསང་དྲག་པོའི་ལྷ་ཚོགས་གཉན། །བར་དུ་ལྷག་མས་མི་མཆོད་དུ། །མ་མོ་མཁའ་འགྲོ་ལྷག་ལ་དགྱེས། །ཐ་མ་གཅིག་ཏུ་མི་བསྲེ་རྒྱུ། །ཆོས་རྣམས་ཡེ་ནས་རྒྱུ་འབྲས་གཅིག །དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས། །འདིར་བྱོན་ཤ་ཁྲག་མཆོད་གཏོར་བཞེས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་བཱི་ཀྲོ་དྷཱ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་ཏྲ་ས་མ་ཡ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཧྲཱིཿཧྲཱིཿཧྲཱིཿ བྷྱོ་བྷྱོ་བྷྱོ། ཨཱ་རལླི་ཛཿ བདུན་པ་ཆད་མདོ་བསྒྲག་པ་ནི། ཧཱུྃ། བསྐལ་པ་དང་པོ་དུར་ཁྲོད་གནས་བརྒྱད་དུ། ཁྲག་འཐུང་ཡང་གསང་ཀརྨ་ཧེ་རུ་ཀས། །དྲེགས་པ་དབང་བསྡུས་སྲུང་མ་དམ་བཏགས་ཚེ། །སྒྲུབ་པ་པོ་ཡི་བར་ཆད་སེལ་བ་དང་། །དངོས་གྲུབ་སྩོལ་བར་ཁས་བླངས་དམ་བཅས་བཞིན། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །བསྐལ་པ་བར་མར་ཁམ་ལུང་ལྷང་ལྷང་དུ། །སློབ་དཔོན་པདྨ་མཁར་ཆེན་མཚོ་རྒྱལ་གྱིས། །ཟབ་གཏེར་སྦས་ཤིང་བདུད་རིགས་དམ་བཏགས་ཚེ། །སྒྲུབ་པ་པོ་ཡི་བར་ཆད་སེལ་བ་དང་། །དངོས་གྲུབ་སྩོལ་བར་ཁས་བླངས་དམ་བཅས་བཞིན། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །བསྐལ་པ་མཐའ་མར་ལངྐའི་ཕོ་བྲང་རྩེར། །ཀརྨ་གུ་རུ་ཆོས་རྒྱལ་དབང་པོའི་སྡེས། །སྲིན་པོ་མ་རུངས་དམ་ལ་བཏགས་པའི་ཚེ། །སྒྲུབ་པ་པོ་ཡི་བར་ཆད་སེལ་བ་དང་། །དངོས་གྲུབ་སྩོལ་བར་ཁས་བླངས་དམ་བཅས་བཞིན། །གཏོར་མ་འདི་ལོངས་བཅོལ་པའི་ཕྲིན་ལས་མཛོད། །བརྒྱད་པ་ཟོར་དུ་བསྐུལ་བ་ནི། ཧཱུྃ། མ་ཉེས་དཔང་དུ་དཀོན་མཆོག་བཞུགས། །དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག །ཁྲག་འཐུང་དྲག་པོའི་དམག་དཔུང་སྐྱེད། །དགྲ་བགེགས་སྟེང་དུ་གཏོར་ཟོར་རྒྱོབ། །མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་སོད། རྩ་བའི་སྔགས་དང་ལས་སྔགས་དྲག་ཏུ་བཟླ་ཞིང་གནོད་པའི་ཕྱོགས་སུ་འཕང་ངོ་། །དགུ་པ་བཤལ་ཆུས་བརྟན་མ་བསྐྱང་བ་ནི། བྷྱོ། བརྟན་མ་སྐྱོང་མཛད་མ་དང་སྲིང་། །དཔལ་གནས་མ་དང་ཡང་དག་ཤེས། ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ། །མེ་ཏོག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ། །ཀླུ་མོ་གཟི་འབར་ལ་སོགས་པའི། །བརྟན་མ་བཅུ་གཉིས་གཏོར་མ་ལོངས། །མི་མཐུན་གནོད་པའི་རྐྱེན་རྣམས་ཟློག །མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་བ་ལིཾ་ཏ་ཁཱ་ཧི། བཅུ་པ་བྲོ་བརྡུང་བ་ནི། ཧཱུྃ། བདུད་འདུལ་ཀརྨ་དྲག་པོའི་བྲོ། །དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ། ཁྲོ་བོ་ཁྲོ་མོ་རོལ་པའི་བྲོ། །དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམ། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པས། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུངས་པས། །ནད་གདོན་བར་ཆད་ཞི་བར་མཛོད། །ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །ནུབ་ཏུ་དབང་གི་བྲོ་བརྡུངས་པས། །ལྷ་འདྲེ་མི་གསུམ་དབང་དུ་འདུས། །བྱང་དུ་དྲག་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་ཕཊ། གཏོར་གཞོང་དུ་འབྲུ་ཚོམ་བླུག །འདིར་དངོས་གྲུབ་བླང་བ་དགོས་ན་རིགས་མཐུན་ནས་བླང་། བཅུ་གཅིག་གཏང་རག་མཆོད་བསྟོད་དང་བཤགས་པ་ནི། ཧཱུྃ། ལྷ་མཆོག་ཀརྨ་དྲག་པོ་གཤེགས། །ཕྱི་ནང་གསང་བའི་ཚོགས་མཆོད་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྲིན་ལས་བདག །ལོག་འདྲེན་གདུག་པ་ཀུན་འདུལ་མ་ཧཱ་གུ་རུ། །བྱིན་རླབས་མཐུ་སྟོབས་ནུས་པའི་རྩལ་ལྡན་པ། །མ་རུངས་ལོག་འདྲེན་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡིག་བརྒྱ་བརྗོད། བཅུ་གཉིས་ཉེར་བསྡུ་ནི། སྲུང་འཁོར་གཞལ་ཡས་ཁང་ཐིམ་དེ་ཉིད་ཀྱང། །གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ་ལ་བསྡུ། །ནཱ་ད་མཐར་ཡལ་ཀ་དག་ཀློང་དུ་གྱུར། །བཅུ་གསུམ་པ་སྨོན་ལམ་དང་ཤིས་བརྗོད་ནི། དགེ་འདིའི་མཐུ་ཡིས་སྡེ་བརྒྱད་ཟིལ་གནོན་ཅིང་། །བདུད་བཞིའི་གཡུལ་ལས་རྣམ་པར་རབ་རྒྱལ་ནས། །རང་རིག་དོན་གྱི་ཡང་གསང་དྲག་པོ་རྩལ། །མངོན་སུམ་རང་ཞལ་ཚེ་འདིར་འགྲུབ་གྱུར་ཅིག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་ཅན། །བདུད་འདུལ་ཡང་གསང་ཀརྨ་དྲག་པོ་ཡིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་དང་གཞན་ཡང་ཤིས་བརྗོད་གང་འོས་རྒྱས་པར་བྱའོ། །བྱ་གྲུབ་ཡེ་ཤེས་རིག་འཛིན་ཁྲོས་པའི་སྐུར། །གདུལ་དཀའི་གཉེན་པོར་ཤར་བའི་གཟི་བྱིན་གྱིས། །རང་སྣང་འཁྲུལ་པའི་བདུད་བཞི་རྩད་ནས་བཅོམ། །འགྱུར་མེད་ཐིག་ལེ་གཅིག་ཏུ་བྱང་ཆུབ་ཤོག །འདིའི་ལས་བྱང་ལྗགས་བསྒྲིགས་མ་ལ་ཀུན་གཟིགས་ལྔ་པ་རིན་པོ་ཆེས་ཞལ་བསྐངས་མཛད་པ་ཉིད་ཡོངས་སུ་གྲགས་ཀྱང་ལུགས་འདི་འཛིན་པའི་དམ་པ་གོང་མ་འགའ་ཞིག་གི་གསུང་རྒྱུན་དང་སྦྱར་ཏེ་ཁྱེར་བདེ་བར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྤེལ་བ་དགེ་ལེགས་འཕེལ།། །།

ཕག་མོ་དབུ་བཅད་མའི་སྒྲུབ་བྱིན་ (Volume 61, Text 30)

ཨཱོྃ་སྭསྟི། ཡེ་ཤེས་མེ་ཡིས་གཟུང་འཛིན་གྱི། །ཀུན་རྟོག་དབྱིངས་སུ་བསྲེགས་ལས་སླར། །བདེ་ཆེན་བདུད་རྩིའི་ཆར་འབེབ་མར། །འདུད་དོ་བདག་ལ་ཐུགས་བརྩེར་མཛོད། །འདིར་ཉང་གཏེར་རྡོ་རྗེ་རྣལ་འབྱོར་མ་དབུ་བཅད་མའི་སྒྲུབ་ཐབས་དང་འབྲེལ་བར་བྱིན་རླབས་བྱ་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་ཚེས་བརྒྱད་བཅུ་དང་ཉི་ཤུ་ལྔ་རྣམས་ལ། སྟེགས་བུ་གྲུ་བཞི་ཆང་དང་ཙནྡན་དམར་པོས་བྱུག །དེར་རྡུལ་ཚོན་གྱི་མཎྜལ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱིས་ཟླུམ་པོར་བསྐོར་བའི་དབུས་སུ་ཆོས་འབྱུང་དམར་པོའི་ལྟེ་བར་ལྷ་གསུམ་གྱི་ས་བོན་བཞུགས་ཚུལ་དང་མཐུན་པར་བཀོད། དེའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་བདུད་རྩིས་གང་བ་དང་། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་དབུས་སུ་ཨཱོྃ་གཡས་སུ་ཧཱུྃ་གཡོན་དུ་ཨཱཿཞེས་པ་དང་། ཕྱིའི་མུ་ཁྱུད་ལ་གཙོ་འཁོར་གསུམ་གྱི་སྔགས་བྲིས་པས་བཀབ། སྟེང་ནས་དར་དམར་པོའི་གུར་ཕུབ། མཐར་ཕྱི་ནང་གི་མཆོད་པ་དང་། ཤ་ཆང་གིས་བརྒྱན་པའི་གཏོར་མ་དང་། རྡོར་དྲིལ། ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལ། རང་ཉིད་ལྷོའམ་ནུབ་ཏུ་ཕྱོགས་པས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཉི་མ་ལ་ཧྲཱིཿདམར་པོ་དེའི་འོད་ཀྱིས་རྗེ་བཙུན་མ་ལྷ་གསུམ་བླ་མ་དང་གཉིས་སུ་མེད་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨཱོྃ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཕྱི་མཆོད་དང་། ཨཱོྃ་ཨཱཿཧཱུྃ་གིས་ནང་མཆོད་དང་། གསང་བ་བདེ་སྟོང་གི་མཆོད་པ་་་ཨ་ནུ་རཱ་གཱའི་སྔགས།རྣམས་སྔོན་དུ་འགྲོ་བས། ཡན་ལག་བདུན་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་གསག །ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་སྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་གསག་པའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་རྒྱ་ཁྱོན་ཚད་མེད་པའི་སྟེང་དུ་ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མ་ཁ་སྦྱོར་གྱི་དབུས་སུ། ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་པ་གདེངས་ཀ་གྱེན་དུ་བལྟ་བའི་ནང་དུ་རོ་གདན་གསུམ་གྱི་སྟེང་དུ་ཨཱོྃ་ཧཱུྃ་ཨཱཿགསུམ་གནས་པ་ལས། དབུས་སུ་ཨཱོྃ་ལས་སངས་རྒྱས་མཁའ་འགྲོ་མ་དམར་སེར་གཡས་གྲི་གུག་དང་གཡོན་རང་གི་སྐྲ་ནས་འཛིན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་གནས་པ། གཡས་སུ་ཧཱུྃ་ལས་རྡོ་རྗེའི་རིགས་ཅན་མ་དམར་མོ་གཡས་གྲི་གུག་ཐུར་དུ་འཕྱང་ཞིང་གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་འཛིན་པ། གཡོན་དུ་ཨཱཿལས་རྣམ་སྣང་མ་དཀར་ལྗང་གཡས་གྲི་གུག་དང་གཡོན་ཐོད་པ་གྱེན་ལ་འདྲེན་པ། གསུམ་ཀའང་ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ། ཕྱག་རྒྱ་ལྔ་དང་ལྡན་པ། གཅེར་མོ་སྤྱན་གསུམ་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། མི་བཟད་པའི་ཞལ་ཁྲོ་འཛུམ་བཞད་པ། ལང་ཚོ་འཇོ་སྒེག་རྒྱས་ཤིང་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །དེ་རྣམས་ཀྱི་ཐུགས་ཀར་སོ་སོའི་ས་བོན་གནས་པ་ལས་འོད་ཟེར་འཕྲོས་པས་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་མཆོད། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད། ཧཱུྃ། སྐྱོན་བྲལ་གྲུ་གསུམ་ཕོ་བྲང་ན། །དུས་གསུམ་མཉམ་པ་ཉིད་ལ་བཞུགས། །དེ་ཉིད་གསུམ་གྱིས་སྐྱེད་མཛད་མ། །ཕག་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ཨཱོྃ་ཨཱཿཧཱུྃ་ཌཱ་ཀི་ནཱི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་རང་ལ་གཉིས་སུ་མེད་པར་གྱུར། དེ་ནས་ལྷ་རྣམས་ཀྱི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་གིས་མཚན་པར་གྱུར། སླར་ཡང་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་མོ་ལ་རྣམ་སྣང་། རྡོ་རྗེའི་རིགས་ཅན་མ་ལ་མི་བསྐྱོད། རྣམ་སྣང་མ་ལ་འོད་དཔག་མེད་རྣམས་ཀྱིས་དབུ་བརྒྱན་ནས། དམ་ཡེ་གཉིས་སུ་མེད་པའི་ལྷའི་གསལ་སྣང་དང་ང་རྒྱལ་ལ་ཅི་གནས་སུ་འཇོག །དེ་ནས་བཟླས་པ་བྱ་བ་ནི། གཙོ་མོའི་ཐུགས་ཀར་ཟླ་བ་ལ་ཨཱོྃ་སྔགས་ཚན་དང་པོས་བསྐོར་བ། རྡོ་རྗེའི་རིགས་ཅན་མའི་ཐུགས་ཀར་ཉི་མར་ཧཱུྃ་ལ་སྔགས་ཚན་བར་པས་བསྐོར་བ། སྣང་མཛད་མའི་ཐུགས་ཀར་པདྨར་ཨཱཿལ་སྔགས་ཚན་ཕྱི་མས་བསྐོར་བ་རྣམས་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨཱོྃ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ༔ ཅེས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པས་སྔགས་ཚན་གསུམ་པོ་ཅི་ནུས་བཟླ་ཞིང་། རྡོ་རྗེའི་བཟླས་པ་དང་། འགོག་པའི་བཟླས་པ་ཅི་འགྲུབ་བྱ། བཟླས་པས་སྐྱོ་ན་སྔར་བཞིན་བསྟོད་ནས། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གསོལ་བ་འདེབས་ཀྱིས་བདག་ལ་སྩོལ། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སྒོམ་ན། གཙོ་མོའི་ཕྱག་གཡས་ཀྱི་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས་གཡོན་པས་སྐྲ་ནས་གྱེན་དུ་ཕྱོགས་པར་བཟུང་སྟེ། རྩ་གསུམ་བཅད་མཚམས་ཀྱི་དབུས་མ་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང་བ་རང་གི་ཞལ་དུ་འབབ་པར་གྱུར། གཡས་ཀྱི་རྩ་ནས་བྱང་སེམས་དཀར་པོ་གཡས་ཀྱི་མའི་ཞལ་དུ་སོང་། གཡོན་གྱི་རྩ་ནས་བྱང་སེམས་དམར་པོ་གཡོན་གྱི་མའི་ཞལ་དུ་སོང་། གསུམ་ཀས་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱོང་བས་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ་ལ་ཡུན་ཅི་རིགས་པར་བསྒོམ། དེ་ནས་རྩ་རླུང་གི་རྫོགས་རིམ་སྒོམ་པ་ནི། སྔར་བཅད་པའི་དབུ་དེ་མཇིང་པའི་སྟེང་དུ་བཞག་པར་བསམ་ནས་ཐུར་སེལ་གྱེན་དུ་དྲངས་པ་དབུ་མ་ནས་བརྒྱུད་དེ་སྤར་བས། བཅད་པའི་དབུ་ནམ་མཁར་འཕར་བ་དང་མཉམ་དུ་ལྷ་མོ་གསུམ་ཡང་ཇེ་མཐོར་སོང་སྟེ་མི་མངོན་པའི་དབྱིངས་སུ་འཇའ་ལྟར་ཡལ་ནས་སྤྲོས་བྲལ་གྱི་ངང་ལ་མཉམ་གཞག་བྱ། སླར་ཡང་སྐད་ཅིག་གིས་ལྷར་ལངས་ལ། སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་དང་མི་འབྲལ་བའི་རྣལ་འབྱོར་གྱིས་མཐའ་བསྐྱང་ངོ་། །ཐུན་མཚམས་སུ་གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ཕཻཾ་ཞེས་གཏོར་མགྲོན་སྤྱན་དྲངས། རང་སྔགས་ལ་གཏོར་སྔགས་བཏགས་པ་བདུན་གྱིས་འབུལ། བསྟོད་གསོལ་སྔར་བཞིན་བྱའོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་དབྱེར་མེད་ཀྱི་སྒོམ་བཟླས་སྔར་བཞིན་བྱས་ནས། སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་མཚམས་སྦྱོར་ཅི་རིགས་པ་བྱས་ནས་མཎྜལ་འབུལ། གོང་དང་འདྲ།་་་གསོལ་འདེབས་དང་སྐྱབས་སེམས་བྱས་ནས། བྱིན་རླབས་ཀྱི་གཞི་བཅའ་བ་ནི། སློབ་མ་མི་དམིགས་ཏེ་སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཞེས་པ་ནས། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་ལྷ་གསུམ་དུ་བསྐྱེད་ལ། གཙོ་མོའི་ཕྱག་གཡས་ཀྱི་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས། གཡོན་པས་སྐྲ་ནས་གྱེན་དུ་ཕྱོགས་པར་བཟུང་སྟེ། རྩ་གསུམ་བཅད་མཚམས་ཀྱི་དབུས་མ་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང་བ་རང་གི་ཞལ་དུ་གསོལ་ཞིང་སྔགས་ཚན་དང་པོ་བཟླ་བར་བསམ། དེ་བཞིན་དུ་གཡས་ཀྱི་རྩ་ནས་བྱང་སེམས་དཀར་པོ་བྱུང་བ་གཡས་ཀྱི་མའི་ཞལ་དུ་གསོལ་ཞིང་སྔགས་ཚན་གཉིས་པ་བཟླ་བར་བསམ། གཡོན་གྱི་རྩ་ནས་བྱང་སེམས་དམར་པོ་བྱུང་བ་གཡོན་གྱི་མའི་ཞལ་དུ་གསོལ་ཞིང་སྔགས་ཚན་གསུམ་པ་བཟླ་བར་བསམ་པ་སྟེ། ལྷ་སྒོམ་པ། བདུད་རྩི་གསོལ་བ། སྔགས་ཟློས་པ་གསུམ། ལྷ་རེ་རེ་བཞིན་རིམ་པས་ཕྲུགས་གཅིག་ཏུ་བྱེད་པར་བསམ། སློབ་དཔོན་གྱིས་ཀྱང་དེ་ལྟར་སྒོམ་ཞིང་སྔགས་བཟླ་བ་དང་བཅས་པས་བར་མཚམས་སོ་སོར་རོལ་མོའི་སྒྲ་དང་སྦྱར་བའི་སྤོས་ཀྱིས་ཀྱང་བདུག་གོ །དེ་ནས་བཅད་པའི་དབུ་དེ་མཇིང་པའི་སྟེང་དུ་བཞག་པ་འདར་ཕྲིལ་ལི་ལི་ཡོད་པ་ལ། ཐུར་སེལ་གྱེན་དུ་དྲངས་པ་དབུ་མ་ནས་བརྒྱུད་དེ་སྤར་བས་བཅད་པའི་དབུ་དེ་གཡོན་དུ་འཁོར་བཞིན་པས་ནམ་མཁའ་ལ་འཕངས་པ་ཇེ་མཐོར་སོང་སྟེ་རྟོག་མེད་སྤྲོས་པ་དང་བྲལ་བའི་ངང་ལ་གཞག །སློབ་དཔོན་གྱིས་གཙོ་མོའི་སྔགས་བཟླ་བཞིན་པས་སྤོས་རོལ་ཡུན་རིང་དུ་བྱས་པས་བྱིན་རླབས་ཞུགས་པའི་རྟགས། བརྒྱལ་བ་དང་། སྐྱུག་པ་དང་། སྦྲིད་ཅིང་འགྱེལ་བ་དང་། དྲན་རྟོག་ནུབ་པ་རྣམས་འབྱུང་སྟེ། གང་ལ་ཡང་བཅོས་བསྒྱུར་མི་བྱ་བར་རང་བབས་སུ་འཇོག །དེ་ནས་ཉམས་དེ་ལས་སད་པ་ན་སྔགས་ཚན་གསུམ་བཟླ་བཞིན་པས་བུམ་པས་དབང་བསྐུར་ཞིང་བུམ་ཆུ་བླུད། དེས་ལུས་ཀྱི་སྒྲིབ་པ་དག་ཅིང་བུམ་པའི་དབང་ཐོབ་བོ། །ཐོད་པའི་བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་མོས་པ་སྔགས་བཟླ་བཞིན་པས་བྱིན་ལ། བདུད་རྩིའི་རོ་བདེ་བ་ཆེན་པོར་མྱོང་བས། ངག་སྒྲིབ་དག་གསང་དབང་ཐོབ་པའོ། །སིནྡྷུ་རའི་མཎྜལ་སྙིང་ག་དང་ལྟེ་བར་རེག་ལ་སྙིང་པོ་བརྗོད་ཅིང་གནས་དེར་ཐིག་ལེ་བྱ། མཁའ་འགྲོ་མ་སྙིང་ག་དང་ལྟེ་བ་ན་བཞུགས་པར་བསམ། ཡིད་ཀྱི་སྒྲིབ་པ་དག་ཤེར་དབང་ངོ་། །སངས་རྒྱས་མཁའ་འགྲོ་ཆོས་སྐུ། རྡོ་རྗེའི་རིགས་ཅན་མ་ལོངས་སྐུ། སྣང་མཛད་མ་སྤྲུལ་སྐུ། དེ་གསུམ་ལོགས་ན་མེད་དེ་སེམས་སྤྲོས་བྲལ་ཆོས་སྐུ། རང་བཞིན་གསལ་བ་འགག་མེད་ལོངས་སྐུ། སྣ་ཚོགས་སུ་འཆར་ཡང་ངོ་བོ་སྟོང་པ་སྤྲུལ་སྐུར་ངོ་སྤྲད། སྒོ་གསུམ་གྱི་སྒྲིབ་པ་དག །དབང་བཞི་པའོ། །ཡང་ན་སྐུ་གསུམ་དུ་ངོ་སྤྲད་པ་དབང་གསུམ་པོར་སྦྱར་ནས་རྣམ་དག་འཆད་པ་བཞི་པར་བྱེད་པའང་གསུངས་མོད། སྔ་མ་ཉིད་ལེགས་པར་མངོན་ནོ། །སློབ་མའི་རྗེས་ཀྱི་བྱ་བ་དང་། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲ་ཞིང་། གཏོར་མ་དང་ཚོགས་ཀྱི་འཁོར་ལོ་བྱ་བ་ཡང་གལ་ཆེའོ། །འདིའི་སྒོ་ནས་མཁའ་སྤྱོད་སྒྲུབ་པའི་མན་ངག་ཁྱད་པར་ཅན་ཡང་ཡོད་དེ་གཏེར་གཞུང་ལས་ཤེས་པར་བྱའོ། །མི་འ༵གྱུར་སྟོང་ཉིད་ཨེ་དབྱིངས་སུ། །ཟག་མེ༵ད་བདེ་བ་ཆེན་པོའི་ཝྃ། །ཟུང་འཇུག་རྡོ༵་རྗེ༵་ཕག་མོ་ཡི། །སྒྲུབ་ཐབས་ངོ་མཚར་ཀུན་དགའི་དཔལ། །ཉང་གཏེར་རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། །།

ཀར་གླིང་ཞི་ཁྲོ་མཆོད་བསྟོད་ (Volume 3, Text 30)

ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ས་མ་ཡ་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་ཨཱཿབཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། ཡང་གསང་བླ་མེད་པདྨ་འོད་འབར་གྱི་དབང་བསྐུར་བྱིན་རླབས་སྤྲིན་འཕྲོ་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ་ (Volume 8, Text 30)

༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། ཡང་གསང་བླ་མེད་པདྨ་འོད་འབར་གྱི་དབང་བསྐུར་བྱིན་རླབས་སྤྲིན་འཕྲོ་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ། ། ན་མོ་གུ་རུ་པདྨ་བྷཱ་ས་ཛྭ་ལཱ་ཡ། འདས་པའི་སངས་རྒྱས་ཀུན་གྱི་སྲས། །ད་ལྟར་བཞུགས་པའི་གདུང་འཚོབ་མཆོག །མ་བྱོན་རྒྱལ་ཀུན་སྐྱེད་པའི་ཡབ། །པདྨ་འོད་འབར་ཞབས་ལ་འདུད། །ཟབ་འདྲིལ་བྱིན་རླབས་གཟི་བརྗིད་ཅན། །ཡིག་མེད་ཨུ་པ་དེ་ཤ་ལས། །ཡང་གསང་བླ་མའི་བྱིན་རླབས་ནི། །མཚམས་སྦྱོར་ལང་ཚོས་སྤྲས་ཏེ་འགོད། །ཆོས་རྒྱལ་བདུད་འདུལ་གླིང་པའི་ཟབ་གཏེར་སྙན་བརྒྱུད་པདྨ་འོད་འབར་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བར་འདོད་པས། སྦྱོར་བ་གུ་རུའི་རྟེན་བཀྲམ་པའི་སྤྱན་སྔར་གྲུབ་ན་སྟེགས་བུ་གཞུང་མཐུན་ལ་རྡུལ་ཚོན་དཀྱིལ་འཁོར་པདྨ་འདབ་བཞིའི་ལྟེ་བར་རྡོ་རྗེ་ཐོད་པ། མཐའ་སྐོར་འཇའ་འོད་སྣ་ལྔ་པད་རྡོར་མེ་རིས་བསྐོར་བ། མ་འགྲུབ་ན་མཎྜལ་ལ་སིནྡྷུ་རས་ཆག་ཆག་གདབ་པར་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫི་ལ་རིན་པོ་ཆེའི་བུམ་པ་ཆས་སུ་བཅུག་པ་བཅུད་ལྡན་བཀོད། སྒྲུབ་པའི་སྐུ་འབག་ཚད་ལྡན་བྲིས་པ་ཡོད་ན་དེའི་ཁར་བཞུགས་སུ་གསོལ་ཞིང་མེད་ཀྱང་མི་ལྟོ། གཡས་སུ་བླ་མའི་གཏོར་ཆེན་ནོར་བུ་འབར་བ་རྒྱན་ལྡན། གཡོན་དུ་བནྡྷ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ། རྒྱབ་ཏུ་སྒྲུབ་སྐོར་གླེགས་བམ། ཁ་ཊྭཱཾ། ཤེལ་རྡོ་བནྡྷར་བཞག་པ། སྲུང་མའི་དམར་གཏོར་མཐེབ་ཀྱུས་བསྐོར་བ་རྒྱན་ལྡན་རྣམས་དང་། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད། གཞན་ཡང་ཚོགས་གཏོར། ལས་བུམ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་བསྟར་རོ། །དངོས་གཞིའི་ཐོག་མར་བརྒྱུད་འདེབས་དང་། ལས་བྱང་གི་སྐྱབས་སེམས་ནས་བརྩམ་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་སྐབས་རྣལ་འབྱོར་པ་རྟོགས་དགོངས་དམན་ན་དབང་དོན་དུ་འཛབ་དཀྱིལ་མདུན་རྟེན་གྱི་གོ་སར་དབྱེ། གང་ལྟར་ཟུར་གསལ་ཛཔ྄་བསྐུལ་སྦྱར་ལ། བསྙེན་སྒྲུབ་ལས་གསུམ་ཧཱུྃ་དང་ཚེ་འཛབ་ཀྱི་བར་དུ་བཟླ །ལས་བུམ་ནང་དུ་པད་ཉིའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པ་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ་རྣམ་འཇོམས་གཟུངས་ཐུང་ཅི་འགྲུབ་བཟླ །ལེགས་གྲུབ་རྡོ་རྗེའི་ལམ་ཁྱེར་ལས་ཀྱི་བྱང་བུ་སོགས་བཀའ་སྲུང་གཏོར་འབུལ་རྒྱས་བསྡུས་ཅི་འགྲུབ་བྱ། ཚོགས་བྱིན་བརླབས་ནས་ཕུད་འབུལ། སྤྲོ་ན་རྩ་གསུམ་སྤྱི་སྐོང་བཏང་ལ། རིག་པའི་མེ་ཏོག་དོར་བའམ་ཏིང་ངེ་འཛིན་གྱི་དབང་བསྐུར་བླང་ངོ་། །དེ་ནས་སློབ་མ་རྣམས་འཚོགས་ལ་ཁྲུས་བྱ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་མཐར། ལས་བྱང་ལྟར། ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་སོགས་ཀྱིས་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོས་བགེགས་བསྐྲད། ཧཱུྃ་ཧྲཱི༔ སྐྱེ་འཆི་འཇིགས་བྲལ་སོགས་ཀྱིས་མཚམས་བཅད་ལ་སྲུང་བའི་འཁོར་ལོ་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྟོན་པ་བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་མཆོག་རབ་རྩེ་མོར་སོན་ཅིང་དོན་གྱི་ཉིང་ཁུར་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེའི་ཡང་ཟབ་གསང་ཉེ་ལམ་མཐར་ཐུག་པ་ནི་མཆོག་གི་རྡོ་རྗེ་ཅན་དཔལ་ལྡན་བླ་མ་སྒྲུབ་པའི་ལམ་ཟབ་ཁོ་ནར་ངེས་ལ། དེའི་ཚུལ་གསང་སྔགས་ཕྱི་འགྱུར་བ་རྣམས་ལ་བླ་མ་མཆོད་པའི་ཆོ་ག་གྲུབ་མཐའ་སོ་སོའི་ལུགས་སྲོལ་ཐ་དད་པ་རྣམས་དང་། རྒྱུད་སྡེ་ལ་བརྟེན་པའི་ཆོ་ག་རྣམས་ཀྱང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བལྟ་དགོས་པས་དོན་ལ་བླ་མ་སྒྲུབ་པའི་ཐབས་ཁོ་ན་ཡིན་ཡང་། དེ་དག་ཐམས་ཅད་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས། སྐུ་གསུམ་ཞིང་ཁམས་རྣམས་ཀྱི་མངའ་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་མཆོག །གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་ར་ཉིད་རྩ་གསུམ་ཀུན་འདུས་སུ་བསྙེན་ཅིང་སྒྲུབ་པའི་ཚུལ་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་པ་ཞིག་བོད་ཡུལ་ལས་ཅན་རྗེ་འབངས་སོ་སོའི་སྐལ་པ་དང་འཚམ་པར་བསྩལ་ནས་མ་འོངས་གདུལ་བྱའི་དོན་དུ་གཏེར་ཁ་དུ་མར་རྒྱས་བཏབ་པ། མངའ་བདག་ཉང་རིན་པོ་ཆེ་དང་གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ཀྱིས་ཤིང་རྟའི་སྲོལ་ཆེན་པོ་ཕྱེས་པ་ནས་བརྩམས་ད་ལྟའི་བར་དུ་བརྒྱུད་མར་བྱོན་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཏེ་འབྲེལ་ཚད་ཀུན་བཟང་པདྨ་འབྱུང་གནས་ཀྱི་གདུལ་བྱར་སྨིན་པར་མཛད་པའི་ནང་ཚན། སྐབས་སུ་བབས་པ་འདི་ནི། རྡོ་རྗེ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཉིད༔ ཁམས་ཀྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་འབྱུང༔ མངོན་སྤྱོད་དྲག་པོས་ཞིང་བཅུའི་གདུག་པ་འདུལ༔ ཞེས་དང་། གྲུ་གུ་ཡང་དབང་ལུང་བྱང་ལས། དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་བཅོམ༔ རི་ལྕོག་རེ་ལ་སྔར་མེད་བཙན་རྫོང་བརྩིགས༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཞེས༔ བོད་ཡུལ་བདེ་བའི་བྱ་ལས་སྣ་ཚོགས་སྒྲུབ༔ ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་བསྟན་བསྔགས་པའི་གླིང་བུ་མགྲིན་གཅིག་ཏུ་བསྒྱུར་ཅིང་རྟོགས་དགོངས་བརྟུལ་ཞུགས་ཀྱི་ནུས་རྩལ་ཧཱུྃ་ཆེན་ཀཱ་ར་དངོས་དང་ཐ་མི་དད་པའི་རྣམ་ཐར་གདུལ་བྱ་ཐུན་མོང་བའི་སྣང་ངོར་བསྟན་པར་མཛད་པ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ། སྙན་བརྒྱུད་བཅུ་གསུམ་གྱི་མཛོད་ཁང་། གནས་གཏེར་བརྒྱ་རྩའི་ལྡེའུ་མིག །མྱང་གྲོལ་སྟོང་རྩའི་བཀའ་བབས་འཛིན་པ་གཏེར་ཆེན་བདུད་འདུལ་གླིང་པའམ། ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱིས་མདོ་ཁམས་ཚ་བ་སྒྲོ་བྲག་བན་རི་པདྨ་འོད་ཀྱི་མགུལ་ནས་སྤྱན་དྲངས་པའི་ཐེག་དགུའི་ཡང་བཅུད་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཐེམས་མེད་སྙན་བརྒྱུད་ཡང་གསང་པདྨ་འོད་འབར་གྱི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་འབུལ་གཞུག །དེ་ནས་གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ནི་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་མ་ཧཱ་གུ་རུ་པདྨ་འོད་འབར་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ༔ པདྨ་འོད་འབར་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ ཀུན་བཟང་བླ་མས་རྗེས་ཟུངས་ལ༔ དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ། ཨེ་མ་སྐལ་ལྡན་བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་རེ་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་བུ་གཅིག་པོ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་གསུམ་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ལུས་དང་སྲོག་ལ་བབས་གྱུར་ཀྱང༔ དམ་ཚིག་རྣམས་ལས་འདའ་རེ་ཀན༔ ཐུགས་རྗེས་བརྩེར་དགོངས་དབང་བསྐུར་ཞུ༔ དེ་ལྟར་གསོལ་བ་ལ་དགྱེས་ཏེ་ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཏེ་བཀའི་གནང་བ་སྦྱིན་ཞིང་དམ་ཚིག་ལ་བཞག་པར་བྱ་བ་ཡིན་ཏེ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་སྟེ་སྨིན་པར་བྱ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ སྒྲུབ་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་གཞན་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ལ་ཕུར་ཅིག་ས་མ་ཡ༔ རྡོ་རྗེ་སྤྱི་བོར་བཞག །ལས་བུམ་གྱི་ཆུ་སྦྱིན་ལ། ཨུ་ད་ཀ་ན་ར་ཀན་ཋ་ཋ༔ ཞེས་དམ་ཆུ་བླུད་ཅིང་བརྟན་པར་བྱ། དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་འོད་འབར་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་་་་་་་་་བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ རྗེ་བཙུན་བླ་མ་སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ༔ ཁམས་གསུམ་རིགས་དྲུག་སོགས་ལན་གསུམ་བརྗོད། ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། སེམས་གཞན་དུ་མ་ཡེངས་པར་འདི་བཞིན་དུ་སྒོམས་ཤིག །ལས་བུམ་ཆུས་བསངས་ལ། ཧཱུྃ་ཧྲཱི༔ འཁོར་འདས་སྣང་སྲིད་སོགས་ལས་བྱང་ལྟར་ལ། མ་ཧཱ་གུ་རུའི་སྐུ་ཡི་ངོ་བོར་གསལ༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་དང་པདྨ་འོད་འབར་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཁེངས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། དེ་ཐམས་ཅད་གུ་རུ་པདྨའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་འོད་ཟེར་དང་བཅས་ཞིང་སྟེང་འོག་བར་གསུམ་ཐེམ་མེ་ནེམ་མེར་ཏིལ་གྱི་གོང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག །ཌཱ་དྲིལ་སྤོས་དབྱངས་དང་བཅས་ལས་གཞུང་གི་ཚིག་བདུན་གསོལ་འདེབས་ཁ་རྐྱང་ངམ། སྤྲོ་ན་སྤྱན་འདྲེན་ཚང་བ་དང་། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། མཐར། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་གོ །དེ་ནས་དབང་གི་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་གཞུག་ལ། དབང་བསྐུར་དངོས་ལ་རྣམ་གྲངས་བརྒྱད་དུ་བཞུགས་པའི་དང་པོ་བུམ་པའི་དབང་གི་སླད་དུ་མོས་པ་འདི་བཞིན་དུ་མཛོད། དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། རིག་འཛིན་ཆེན་པོ་པདྨ་འོད་འབར་དེ་ཉིད་བྱིན་རླབས་ཀློང་དཀྱིལ་འཇའ་ཟེར་དང་འོད་དཔུང་འཁྲིགས་པའི་དབུས་སུ་བཞུགས་པའི། སྨིན་མཚམས་ནས་འོད་ཟེར་དཀར་པོའི་རྣམ་པ་སྐར་མདའ་ཆད་པ་ལྟ་བུར་འཕྲོས། དད་ལྡན་བུའི་སྤྱི་བོར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། དེ་མཚོན་བྱེད་དུ་རྫས་ཀྱི་རྣམ་པ་བུམ་པ་འདི་ཡང་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་། ནང་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་གྱུར་པས་ཁྱེད་རང་རྣམས་ཀྱི་དྲི་མ་འཁྲུད་ཅིང་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །དེ་ནས་བརྡ་སྤྲད་ལ་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ བུམ་པ་སྟོང་གསལ་ཆོས་སྐུ་འཛིན་མེད་ངང༔ འགག་མེད་ཀུན་བཟང་འོད་འབར་ཚོམ་བུར་གསལ༔ རང་གསལ་རིགས་འདུས་འོད་གསལ་ཐོད་ཕྲེང་རྩལ༔ འཇའ་འོད་ཀློང་ནས་མཚན་དང་དཔེ་བྱད་འབར༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་འོད་འབར་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར་ལ་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ལུས་ཡི་དམ་ལྷའི་སྐུ་ཆུ་ཟླ་འཇའ་ཚོན་ལྟ་བུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསང་དབང་གི་སླད་དུ། དུས་གསུམ་སངས་རྒྱས་སོགས་གོང་ལྟར་ལས། བཞུགས་པའི་མགྲིན་པ་ནས་འོད་ཟེར་ཨཱཿདམར་པོའི་རྣམ་པ་མར་མེའི་རྩེ་མོ་ལྟ་བུ་བྱུང་། དད་ལྡན་བུའི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩི་འདི་ཡང་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ག་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས་སྐུའི་རྩ་གནས་རྣམས་བརྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་དེ་ལྕེ་ཐོག་ཏུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཧཱུྃ་ཧྲཱི༔ རང་རིག་རང་གསལ་སྐྱེ་མེད་ཀ་པཱ་ལར༔ རང་རིག་འགག་མེད་བདུད་རྩིའི་བཅུད་དུ་འཁྱིལ༔ རྒྱུ་དྲུག་རྩད་གཅོད་སྟོང་སྦྱར་ཨ་མྲྀཏ༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ངག་ལ་གསུང་དབྱངས་བདུད་རྩིའི་དབང་བསྐུར་བས༔ པདྨ་འོད་འབར་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བྱིན་པ་མྱང་། དེ་ལྟར་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ལྷའི་སྙིང་པོ་གྲགས་སྟོང་རྡོ་རྗེའི་བཟླས་པ་བྱ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དུས་གསུམ་སངས་རྒྱས་ནས། བཞུགས་པའི་ཐུགས་ཀ་ནས་འོད་ཟེར་ཧཱུྃ་སྔོན་པོའི་རྣམ་པ་སྤོས་རེང་གི་དུ་བ་ལྟ་བུ་བྱུང་། དད་ལྡན་བུ་ཡི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་རྩ་བ་དང་། མཚོན་བྱེད་ཁ་ཊྭཱཾ་ག་འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཤེས་ནས་འདོད་ཆགས་ཆེན་པོ་བཞི་ཡོངས་སུ་བསྐྱེད་དེ། ཡས་བརྟན་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་བླང་བར་བྱེད་པའི་དབང་བསྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས་ཁ་ཊྭཱཾ་ག་ཐོགས་ལ། ཧཱུྃ་ཧྲཱི༔ ཆོས་ཉིད་མ་རྟོགས་ལོག་རྟོག་དུག་གསུམ་པོ༔ རང་རིག་རང་རྟོགས་སྐུ་གསུམ་ལྷུན་གྲུབ་འདི༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་འོད་འབར་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁ་ཊྭཱཾ་ག་མཆན་ཁུང་གཡོན་པར་གཏད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཀ་དག་ཁྲེགས་ཆོད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཡེ་ཤེས་ཆེན་པོའི་དབང་ལ། དུས་གསུམ་སངས་རྒྱས་སོགས་ནས། བཞུགས་པའི་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་རྩ་བ་དང་། མཚོན་བྱེད་རྫས་ཀྱི་རྣམ་པ་ཤེལ་རྡོ་འདི་ཡི་བརྡ་ལ་བརྟེན་ནས་ངོ་སྤྲད་པས་བརྡ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་ཚིག་ལས་འདས་པ་ཆོས་ཀྱི་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཞེས་བརྡ་སྤྲད་ཤེལ་རྡོ་དང་བནྡྷ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་སྟོང་གསལ་སྐྱེ་འགག་སྤྲོས་མཐའ་བྲལ༔ ཡེ་གྲོལ་རང་མདངས་སེམས་ཉིད་གཉུག་མའི་དོན༔ རང་རིག་གསལ་སྟོང་སྤང་བླང་ཀུན་བྲལ་བ༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱེར་མེད་རྣམ་དག་བདེ་ཆེན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དབང་བཞི་པ་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་ཐོད་རྒལ་ལྷུན་གྲུབ་ཀྱི་སྣང་བ་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་དག་གིས་རྡོ་རྗེ་སློབ་མའི་དབང་གྲུབ་ནས། ལྔ་པ་མཐའ་རྟེན་དུ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་པུསྟི་ལུང་སྦྱིན་བྱ་བ་ཡིན་ཏེ། གླེགས་བམ་མི་དམིགས་པ་སྟོང་པའི་ངང་ལས་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་བཅུ་དྲུག་གིས་མཚན་པ། དེའི་འོག་ཏུ་ཉི་མའི་དཀྱིལ་འཁོར་ལ་ཀཱ་ལི་སོ་བཞིས་མཚན་པ་སྟེ་ཉི་ཟླའི་གའུ་ཁ་སྦྱོར། དེའི་དབུས་སུ་ཧཱུྃ་དཀར་པོ་ལ་ཡང་སྙིང་བཛྲ་གུ་རུས་བསྐོར་བ་དེ་དག་ལས་འོད་ཟེར་འཕྲོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་བཛྲ་གུ་རུ་དང་ཨཱ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ཐིམ་པར་གྱུར། བཛྲ་གུ་རུ། དབྱངས་དང་གསལ་བྱེད་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་དེ། མེ་ཏོག་གཏོར་ནས། ཉི་ཟླ་ཨཀྵ་བཛྲ་གུ་རུ་རྣམས་འོད་དུ་ཞུ་གླེགས་བམ་དུ་གྱུར། དེ་ནས་གླེགས་བམ་ཐོགས་ལ། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་དངོས་འོད་འབར་ཐོད་ཕྲེང་རྩལ༔ ཟབ་གཏེར་བླ་སྒྲུབ་ཡིད་བཞིན་ནོར་བུ་འདི༔ སྐལ་ལྡན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང༔ མ་འོངས་དད་ལྡན་འགྲོ་ཀུན་རང་གྲོལ་ཤོག༔ ཅེས་སྙིང་པོ་རྣམས་དང་ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་། གནས་གསུམ་དབང་བསྐུར་ནས་ལག་པར་གཏད། དབུགས་དབྱུང་བ་གཟེངས་བསྟོད་པ་དང་། དུང་འབུད་པ་དང་། དར་ཕྱར་བ་སོགས་དངོས་སམ་ཡིད་ཀྱི་སྒོ་ནས་སློབ་མའི་ངོ་སྐལ་དང་འཚམ་པར་བསྒྲུབ་པར་བྱའོ། །དྲུག་པ་ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱ་བའི་སླད་དུ། གཏོར་མ་འདི་ཉིད་དུས་གསུམ་སངས་རྒྱས་སོགས། བཞུགས་པའི་སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེ་བདུད་རྩིའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས། རྡོ་རྗེ་བཞིའི་དབང་དང་དངོས་གྲུབ་བྱིན་རླབས་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པའི་མོས་པ་མཛོད་ལ་དད་གུས་རྩེ་གཅིག་ཏུ་སྐྱེད་ཅིག །ཧཱུྃ་ཧྲཱི༔ འགྲོ་ཀུན་འདུལ་མཛད་འོད་འབར་ཐོད་ཕྲེང་རྩལ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་འདྲེན༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཁམས་ཡུལ་བྱོན་གདུག་པ་མ་ལུས་འདུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུན་པ་རིག་པ་རྩལ་གྱི་དབང་བསྐུར་ཏེ་ཀུན་བཟང་དགོངས་པ་ངོ་སྤྲད་པ་ནི། གཏོར་མའི་ལྷ་མོས་གུས་ཀྱི་སྟོབས་ཀྱིས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གུ་རུའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་རོ་མཉམ་ཆུ་ལ་ཆུ་བཞག་པ་ལྟར་སོང་བར་མོས་ལ། རེ་དོགས་དགག་སྒྲུབ་བཟོ་བཅོས་དང་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞི་ཆ་གསུམ་བྲལ་བློ་འདས་ཕྱོགས་ཡན་རང་སྣང་རིས་མེད་ཆེན་པོའི་དོན་ངོ་ཤེས་པར་གྱིས་ལ་རང་བབས་སུ་མཉམ་པར་འཇོག་པར་ཞུ། ཧཱུྃ་ཧྲཱི༔ སྐྱེ་མེད་སྣ་ཚོགས་གཟུགས་ཅན་འདི༔ འཁྲུལ་མེད་རང་བྱུང་ལྷུན་གྲུབ་ལ༔ མ་བཅོས་མ་སྒོམས་རང་བྱུང་གནད་ཀྱི་འཛིན་ཕུར་ཐོབ༔ དམིགས་མེད་རྒྱ་ཡན་ལྷུག་པར་ཞོག༔ ཅེས་དར་ཅིག་མཉམ་པར་འཇོག་ཏུ་བཅུག །ཕཊ་ཕཊ༔ ཅེས་བརྗོད་པས་ཉམས་བཤིགས་ལ་རྗེས་ཐོབ་གང་ཤར་གཏད་མེད་རང་གྲོལ་གྱི་ངོ་བོ་བསྐྱང་དུ་གཞུག་གོ །རྒྱས་པར་སྤྲོ་ན་འདིར་བདུད་མགོན་སོགས་ཀྱི་བསྐྱེད་བསྟིམ་མཆོད་བསྟོད་གཏོར་འབུལ་བྱ། བསྡུ་ན་གོང་དུ་སོང་བས་འཐུས། བརྒྱད་པ་གཏེར་སྲུང་གི་རྗེས་གནང་གཉེར་གཏད་བཀའ་བསྒོ་བྱ་བ་ལ། གཏོར་མ་འདི་ཉིད་བདུད་མགོན་ཀྵེ་ཏྲ་པཱ་ལ་གཟི་ལྡན་དབང་ཕྱུག་ཡབ་ཡུམ་འཁོར་སྡེ་བརྒྱད་གནས་གཏེར་སྲུང་མའི་ཚོགས་དང་བཅས་པ་དངོས་སུ་གསལ་བ། ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་པདྨ་འོད་འབར་དུ་གསལ་བའི་བཀའ་ཉན་བསྟན་སྲུང་དུ་གཏད་ཅིང་མངའ་གསོལ་བར་མོས་ཤིག །གཏེར་སྲུང་གཏོར་མ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་དམ་རྫས་བ་ལིཾ་ཏ༔ བདུད་མགོན་ཡབ་ཡུམ་བཀའ་སྡོད་བྲན་གཡོག་དང༔ གཟའ་བདུད་ཆེན་པོ་སྨན་གཅིག་གཡུ་སྒྲོན་མ༔ རོལ་པ་རྐྱ་བདུན་ཡུམ་ཆེན་གདོང་དམར་བཅས༔ ཕོ་རྒྱུད་མོ་རྒྱུད་དམ་ཅན་རྒྱ་མཚོ་ཡིས༔ དད་ལྡན་བུ་ཡི་བར་ཆད་སེལ་བར་ཤོག༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཏྲ་པཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་ལ་བརྟེན་པའི་གཉེར་གཏད་བྱ། དེ་ནས་ལས་བྱང་གི་ཤིས་པ་བརྗོད་ལ་རྟེན་སྙིང་གིས་མེ་ཏོག་འཐོར། རྗེས་དབང་གི་དམ་ཚིག་བསྒྲག་པ་ནི། དེ་ལྟར་སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ལ། དེའང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག །དམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་དང་། བྱེ་བྲག་སྙིང་པོར་གྱུར་པ་བླ་མའི་མོས་གུས་གནད་དུ་བསྣུན་པ་དང་། དེ་ཡི་མཚོན་བྱེད་དུ་གུ་རུའི་སྐུ་འབག །སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་མི་འབྲལ་བར་འཆང་བ། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ལ་སོགས་བླ་མའི་སྒྲུབ་པ་ལ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། གཏང་རག །ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས། བསྡུ་ལྡང་གི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཕྱག་རྒྱ་གཅིག་པ་རྫོགས་པའི་བསྐྱེད་ཚུལ་ཅན། །དབང་པོ་རབ་ཀྱི་ཚུལ་མཐུན་ཐ་མ་ལ། །ཏིང་འཛིན་རྩ་བར་འགྱུར་ཕྱིར་འདི་ལྟ་བུའི། །སྒྲུབ་ཐབས་མཆོག་དམན་ཀུན་ལ་བདུད་རྩི་ཉིད། །འདིར་འབྲེལ་སྐྱེ་དགུ་རིས་མེད་པ། ཁྱབ་བདག་པདྨ་འོད་འབར་གྱིས། །རྗེས་བཟུང་ཚེ་གཅིག་བདེ་བླག་ཏུ། །མཆོག་གི་གྲུབ་པ་མངོན་བྱེད་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་ཏུ་དམིགས་ནས། རྗེ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་པ་དང་མཐུན་པར་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

དམ་རྫས་རཀྟའི་སྒྲུབ་ཚུལ་དངོས་གྲུབ་སྙིང་པོ་ (Volume 40, Text 31)

༄༅། །དམ་རྫས་རཀྟའི་སྒྲུབ་ཚུལ་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཆགས་བྲལ་བདེ་ཆེན་སྣང་མཐའ་ཡས། །དཔལ་ལྡན་བླ་མར་གུས་བཏུད་ནས། །ཆགས་མེད་རྡོ་རྗེའི་དམ་ཚིག་རྫས། །རཀྟའི་སྒྲུབ་ཚུལ་སྙིང་པོ་འབྲི། །འདི་ལ་ལྔ། ངོ་བོ། ངེས་ཚིག །དབྱེ་བ། བྱུང་ཁུངས། སྒྲུབ་པའི་རིམ་པ་རྣམས་སོ། །དང་པོ་ནི། སྲིད་ཞི་གང་རུང་གིས་བསྡུས་ཤིང་མ་རྟོགས་ན་ཆགས་པའི་གཞི་དང་། རྟོགས་ན་ཆགས་བྲལ་གྱི་བསྒྲུབ་རྫས་སུ་ངེས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་སྟེ། རཀྟ་དམར་གྱི་རྒྱུད་ལས། རཀྟའི་ངོ་བོ་ཆགས་པ་ཡིན། །ཞེས་གསུངས། གཉིས་པ་ངེས་ཚིག་ནི། རཀ་ཏའི་སྒྲ་ལས་དྲངས་ཏེ་ཁ་དོག་དམར་བ་ལ་འཇུག་ལ། སྣང་སྲིད་ཐམས་ཅད་ཀྱང་དཀར་དམར་གྱི་ཟླས་ཕྱེ་བའི་དམར་ཆ་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ངེས་པའི་ཕྱིར་ན་རཀྟ་སྟེ། རཀྟ་དམར་གྱི་རྒྱུད་ལས། ཐམས་ ཅད་རཀ་པས་རཀྟ་ཡིན། །ཞེས་གསུངས། གསུམ་པ་དབྱེ་བ་ནི། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ལྔ་སྟེ། སྲིད་པ་གཞིའི་རཀྟ། འཁོར་བ་རྒྱུའི་རཀྟ། འགྱུར་མེད་རིགས་ཀྱི་རཀྟ། འབྲས་བུ་ཆེན་པོའི་རཀྟ། བསྒྲུབ་རྫས་གྲངས་ཀྱི་རཀྟ་སྟེ་ལྔ་ལས། དང་པོ་ནི། འབྱུང་བ་ཆུ་དང་ཆུའི་རིགས་སུ་གཏོགས་པ་ཐམས་ཅད་དེ། དེ་ཉིད་ལས། གཞི་ཡི་རཀྟ་འབྱུང་བ་ཆུ། །ཞེས་གསུངས། གཉིས་པ་འཁོར་བ་རྒྱུའི་རཀྟ་ནི། མའི་མངལ་ཁྲག་སྟེ། དེ་ཉིད་ལས། རྒྱུ་ཡི་རཀྟ་པདྨའི་ཁྲག །ཅེས་གསུངས། གསུམ་པ་འགྱུར་མེད་རིགས་ཀྱི་རཀྟ་ནི། སོ་སོར་རྟོག་པའི་ཡེ་ཤེས་དང་། དེའི་བདག་ཉིད་ཀྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ངོ་བོར་བཞུགས་པ་རྣམས་ཏེ། དེ་ཉིད་ལས། རིགས་ཀྱི་རཀྟ་སྣང་མཐའ་ཡས། །ཞེས་གསུངས། བཞི་པ་འབྲས་བུ་ཆེན་པོའི་རཀྟ་ནི། རུ་དྲ་སྡེ་གསུམ་དཔལ་ཆེན་པོས་བསྒྲལ་པའི་སྙིང་ཁྲག་སྟེ། དེ་ཉིད་ལས། འབྲས་བུའི་རཀྟ་ཙིཏྟའི་ཁྲག །ཅེས་གསུངས། ལྔ་པ་བསྒྲུབ་རྫས་ཀྱི་རཀྟ་ལ་སོ་ལྔར་མཆིས་ཏེ། དེ་ཉིད་ལས། གྲངས་ཀྱི་རཀྟ་སུམ་ཅུ་ལྔ། །ཞེས་གསུངས། ཡང་མཚོན་བྱེད་དཔེའི་རཀྟ་དང་། མཚོན་བྱ་དོན་གྱི་རཀྟ་གཉིས་སུ་ཕྱེ་ནས། དང་པོ་ལ། མཱུ་ལ་རྩ་བའི་རཀྟ། མ་འདྲེས་དྭངས་མའི་རཀྟ། ཟུངས་ལྡན་བཅུད་ཀྱི་རཀྟ། སྣ་ཚོགས་ཕལ་པའི་རཀྟ་སྟེ་བཞིར་ཕྱེ། དང་པོ་ལ། སྲོག་ཅན་རྩ་བའི་རཀྟ་དང་། སྲོག་མེད་རྩ་བའི་རཀྟ་གཉིས་ལས། དང་པོ་སྲོག་ཅན་ནི། རང་སྲོག་རང་གིས་བཅད་ནས་ལྕེབས་ཏེ་ཤི་བའི་བམ་གྱི་སྲོག་རྩའི་ཁྲག་དང་། མཁའ་ལྡིང་སྟེ་བྱ་ཤ་ཟན་རྣམས་ཀྱི་སྲོག་རྩའི་ཁྲག་དང་། ཁྱི་ནག་འོག་ཅན་གྱི་སྲོག་རྩའི་ཁྲག་དང་། གླང་འོག་ཅན་རོག་པོའི་སྲོག་རྩའི་ཁྲག་དང་། རྟ་གསེབ་ནག་པོའི་སྲོག་རྩའི་ཁྲག་རྣམས་ཏེ། གླང་ཆེན་རབ་འབོག་གི་རྒྱུད་ལས། རང་ཤི་བམ་གྱི་སྲོག་རྩའི་ཁྲག །མཁའ་ལྡིང་ཀུ་ཀུ་རཱ་ཙའི་ཁྲག །དེ་བཞིན་གླང་པོ་རྟ་ཡི་ཁྲག །མཆོད་ཅིང་ཐུགས་དམ་སྐོང་བའི་རྫས། །གསུང་གི་དངོས་གྲུབ་རྟེན་དུ་བཤམ། །ཞེས་གསུངས། གཉིས་པ་སྲོག་མེད་ལ། ཤིང་གི་ཁྲག་ཤིང་དམར་པོ། རྩ་བའི་ཁྲག་མོན་བུ་དམར་པོ། འབྲས་བུའི་ཁྲག་རམ་བུ་དམར་པོ། མེ་ཏོག་གི་ཁྲག་ལུག་རུ་དམར་པོ། སྡོང་པོ་ཡལ་འདབ་དང་བཅས་པའི་ཁྲག་སེང་ལྡེང་དམར་པོ་རྣམས་ཏེ། གཟའ་རྒྱུད་རིན་ཆེན་འཁོར་ལོ་ལས། ས་ཤིང་རྩ་བ་མོན་བུ་དང་། །རམ་བུ་ལུག་རུ་དམར་པོ་དང་། །སྡོང་པོ་ཡལ་འདབ་སེང་ལྡེང་ ཁྲག །ཅེས་གསུངས། གཉིས་པ་མ་འདྲེས་དྭངས་མའི་རཀྟ་ལ་གསུམ་སྟེ། མ་ཧཱ་རཀྟ། པདྨ་རཀྟ། མ་འདྲེས་རཀྟ་རྣམས་སོ། །དང་པོ་ནི། གདུག་ཅན་དགྲ་བགེགས་བསྒྲལ་པའི་ཁྲག་ཆེན་ནོ། །གཉིས་པ་པདྨ་རཀྟ་ནི། བུ་མོ་རྡོ་རྗེའི་མདའ་མ་ཕོག་པའི་ཟླ་མཚན་ཐོག་མར་བབས་པ་དེའོ། །གསུམ་པ་མ་འདྲེས་རཀྟ་ནི། གཞན་གྱིས་ལོངས་མ་སྤྱད་པའི་སྲོག་ཅན་རྩ་བའི་རཀྟ་གང་ཡང་རུང་བ་སྟེ། མ་མོ་སྲིད་པའི་རྒྱུད་ལུང་ལས། མ་ཧཱ་རཀྟ་བསྒྲལ་བའི་ཁྲག །པདྨ་རཀྟ་གསལ་བའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག །སྟོང་ལ་སྦྱར་བའི་ཁྲག་ཆེན་པོ། །ཞེས་གསུངས། གསུམ་པ་ཟུངས་ལྡན་བཅུད་ཀྱི་རཀྟ་ལ་གསུམ་སྟེ། སྣ་ཁྲག །གཏར་ཁྲག །མངལ་ཁྲག་གོ །དང་པོ་ནི། སྐྱེས་པ་དང་བུ་མོ་ལོ་བཅུ་དྲུག་ནས་ཉེར་ལྔའི་བར་གྱི་ལང་ཚོ་དར་བའི་སྣ་ཁྲག་གོ །གཉིས་པ་གཏར་ཁྲག་ནི། དེ་དག་ལུས་ལ་གཏར་བའི་ཁྲག་གོ །གསུམ་པ་མངལ་ཁྲག་ནི། བུ་མོ་ལང་ཚོ་རྒྱས་པའི་ཟླ་མཚན་ཏེ། དེ་ཉིད་ལས། ཕོ་མོ་དར་མའི་སྣ་ཁྲག་དང་། །དེ་བཞིན་ལུས་ལ་གཏར་བའི་ཁྲག །གཞོན་ནུ་ལང་ཚོའི་མངལ་ཁྲག་གོ །ཞེས་གསུངས། བཞི་པ་སྣ་ཚོགས་ཕལ་པའི་རཀྟ་ནི། མཛེ་་་ཡི་མཚོན་ནད་ངན་གྱི།ཁྲག་དང་། རབས་ཆད་མ་ཡིན་པའི་ཁྲག་སྣར་གཏོགས་སོ་ཅོག་སྟེ། དེ་ཉིད་ལས། ཕལ་པ་གང་ཡང་རུང་བའི་ཁྲག །མཛེ་དང་མཛོ་རྟོལ་སྤངས་པ་འོ། །ཞེས་གསུངས། གཉིས་པ་མཚོན་བྱ་དོན་གྱི་རཀྟ་ནི། ཆགས་རྟོག་དབྱིངས་སུ་དག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་ལས། ཉོན་མོངས་ཆགས་པ་འཁོར་བའི་ཁྲག༔ ཆགས་མེད་བདེ་ཆེན་དབྱིངས་སུ་བསྒྲལ༔ འདོད་ཡོན་རྡོ་རྗེའི་དམ་ཚིག་ཆེ༔ འཁོར་བ་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཞེས་གསུངས། བཞི་པ་བྱུང་ཁུངས་ནི། དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀའི་ཐུགས་ཀ་ནས་སྤྲོས་པའི་མ་མོ་ཆེན་མོ་བྷ་ག་ཧྲཱི་ཏི་མ་ཞེས་བྱ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ལ་བདག་གིར་མཛད་དེ་ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་ལས། མ་མོ་ཐམས་ཅད་ཀྱི་རྗེ་མོ་ཨེ་ཀ་ཛཱ་ཊི་མ་ཕྱུང་ངོ་། །དེས་རཀྟ་ཐམས་ཅད་ཀྱི་དྭངས་སྙིགས་གསུམ་དུ་ཕྱེ་སྟེ། དྭངས་མ་ལས་སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་བཀོད་པ་རྣམས་སྣང་བར་བྱས། བར་པ་ལས་འཇིག་རྟེན་གྱི་ལྷ་མི་སོགས་བདེ་འགྲོ་བ་རྣམས་དང་། སྙིགས་མ་ལས་ངན་སོང་གསུམ་གྱི་འཇིག་རྟེན་རྣམས་སྣང་བར་མཛད་དོ། །དེའི་ཚེ་དཔལ་ཆེན་པོའི་དཔྲལ་བའི་དབྱིངས་ནས་སྨེ་བ་དམར་པོ་ཞིག་བྱུང་སྟེ་དེའི་ནང་ནས་ཡུམ་ཆེན་མཁའ་ལ་གཤོག་གཅིག་མ་དང་། གཙུག་ན་རལ་གཅིག་མ་དང་། དབྱིངས་ཀྱི་རལ་གཅིག་མ་དང་། གླིང་བཞི་དྲག་མོ་རྒྱལ་ཏེ་ཡུམ་ཆེན་བཞི་ཕྱུང་ནས། དེ་རྣམས་ཀྱིས་རིམ་པར་མེ་ཏོག་གི་རཀྟ་ལྔ། རྩ་བའི་རཀྟ་ལྔ། རྡོའི་རཀྟ་ལྔ། འབྲས་བུའི་རཀྟ་ལྔ་རྣམས་སྤྲུལ་པའི་ཚུལ་སོགས་རཀྟ་དམར་གྱི་རྒྱུད་ལས་གསུངས་སོ། །ལྔ་པ་སྒྲུབ་པའི་ཐབས་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། རྗེས་ཕན་ཡོན་དང་ལས་ཚོགས་བསྟན་པའོ། །དང་པོ་ནི། རཀྟའི་རྩ་བ་བརྒྱད། ཡན་ལག་སོ་ལྔ། དེ་ལས་འཕྲོས་པ་བསམ་གྱིས་མི་ཁྱབ་པ་ལས། དང་པོ་རྩ་བ་བརྒྱད་ལ། ནང་གི་རྩ་བ་བཞི། ཕྱིའི་རྩ་བ་བཞི་ལས། དང་པོ་ནང་གི་རྩ་བ་བཞི་ནི། ཡབ་ཀྱི་ཤངས་བུག་གཡས་རོ་མའི་ལམ་ནས་བྱུང་བའི་རཀྟ། ཡུམ་གྱི་བྷ་གའི་པདྨ་ལས་བབས་པའི་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག་སྟེ་ལྟེ་བ་བཅད་པའི་ཁྲག །འབྲས་བུ་ཆེན་པོ་བསྒྲལ་པའི་ཁྲག་སྟེ་དཔལ་ཆེན་པོས་རུ་དྲ་བསྒྲལ་པའི་སྙིང་ཁྲག་རྣམས་ལས། ཕྱི་མ་འདི་གཏེར་བྱོན་གྱི་རཀྟའི་དམ་རྫས་རྣམས་ལ་འདྲེས་ཤིང་། མ་རྙེད་ན་དཔའ་བོ་གཡུལ་དུ་བསད་པའི་སྙིང་ཁྲག་གིས་བྱའོ། །གཉིས་པ་ཕྱིའི་རྩ་བ་བཞི་ནི། སྟག་གཟིག་སོགས་སྡེར་ཆགས། བྱ་རྒོད་སོགས་འདབ་ཆགས། རྟ་བོང་སོགས་རྨིག་ཟླུམ། གཡག་སོགས་རྨིག་པ་ཁ་བྲག་གི་ཁྲག་སྣའམ། ཡང་ན་རཀྟའི་རྒྱུད་ལས། གླང་ཆེན། མ་ཧེ། སྟག །དཔའ་བོ་གཡུལ་དུ་བསད་པའི་སྙིང་ཁྲག་ལའང་བཤད་པས་གང་འབྱོར་དང་། ཡན་ལག་གི་རཀྟ་སོ་ལྔ་མ་རྒྱུད་ནས་བཤད་ཚུལ་མི་འདྲ་བ་གཉིས་སུ་གསུངས་ནའང་། དེང་སང་ཡོངས་གྲགས་རྙེད་སླ་བ། མཚལ། ལི་ཁྲི །བཙག །ལྡོང་རོས། རྡོ་དྲེག་དམར་པོ་རྣམས་སའི་རཀྟ། ཙནྡན་དམར་པོ། སེང་ལྡེང་། མཛོ་མོ་ཤིང་། ཀན་ད་ཀ་རི་དམར་པོ། ཤེར་ཤིང་དམར་པོ་རྣམས་ཤིང་གི་རཀྟ། པདྨ་རཱ་ག །བྱུ་རུ། མཆོང་དམར། མེ་ཤེལ། རྡོ་རྒྱུས་དམར་པོའམ། སྨུག་པོ་སྦལ་རྒྱབ་རྣམས་རྡོའི་རཀྟ། ཧ་ལོ། ཨུག་ཆོས། གླང་སྣ། སེ་རྒོད། ལུག་རུ་དམར་པོ་རྣམས་མེ་ཏོག་གི་རཀྟ། ར་མོ་ཤག །ཉེ་ཤིང་། སྙ་ལོ། ཁྲག་རྐང་། སྨྱུག་མ་དམར་པོ་རྣམས་རྩ་བའི་རཀྟ། འདིའི་ཁྲག་རྐང་ནི་མང་ཡུལ་དང་། མདོ་ཁམས་ཀློང་ཐང་གི་ཕྱོགས་སུ་འབྱུང་བར་གསུངས་ཏེ། ལེའུ་ལྔ་པ་ལས། རཀྟ་མཱུ་ལ་ཁྲག་གི་ཉུང་མ་ཞེས། །མང་ཡུལ་ཁྲིག་ཕབས་མདོ་ཡུལ་གྱི། །ཀློང་ཐང་སྒྲོན་མའི་གནས་སུ་སྐྱེ། །འདི་ཡང་སྲིད་པའི་རཀྟ་ཡིན། །ཞེས་གསུངས། རྒུ་འབྲུམ། རམ་བུ། ཁ་སྲན་བྲེ་བོ། བ་མཁལ་སྨུག་པོ། སྐྱུ་རུ་ར་རྣམས་འབྲུའི་རཀྟ། རྒྱ་སྐྱེགས། སིནྡྷུ་ར། འབྲི་མོག །བུ་རམ། བྲག་ཞུན་རྣམས་རྩ་བའི་རཀྟར་ངོས་འཛིན་མཛད་སྣང་ལ། དེ་དག་གི་ཡན་ལག་ཏུ་བཙག་སོགས་ས་དམར་གྱི་རིགས་སུ་གྱུར་ཚད་དང་། ཟངས་སོགས་རིན་པོ་ཆེའི་རིགས་དང་། རྡོ་རིགས་དམར་པོར་གཏོགས་ཚད། བཙོད་དང་། འོམ་བུ་སོགས་ཤིང་དང་། ལྡུམ་བུའི་རིགས་དམར་པོར་གཏོགས་ཚད། ཨུཏྤལ་དམར་པོ་དང་། ཤང་ཤང་དྲིལ་བུ་དམར་པོ་སོགས་མེ་ཏོག་དམར་པོར་གཏོགས་ཚད། སྣ་མའི་འབྲུ་དང་། དབྱི་མོང་། འོལ་མ་སེ་སོགས་འབྲས་བུ་དམར་པོའི་རིགས་དང་། འབྲས་དམར། ཁྲེ་དམར་སོགས་འབྲུ་རིགས་དམར་པོའི་རིགས་དང་། ལི་ག་དུར་སོགས་རྩ་བ་དམར་པོའི་རིགས་སུ་གཏོགས་ཚད་དང་། ཡུགས་ས་མོ་དང་། མཛེ་མོ་དང་། དམ་ཉམས་དང་། རབས་ཆད་དང་། བསེ་མོག་ཅན་མ་གཏོགས་པའི་བུད་མེད་ཀྱི་ཟླ་མཚན་འཛོམ་གང་ཆེ། གཞན་ཡང་ཕུག་རོན། ལུག །བ་ལང་། དྲེའུ་སོགས་རབས་ཆད། དམེ་པོ། དམ་ཚིག་ཉམས་པ། པུ་ཤུད། ཟེར་མོ། སོ་ཏོ་རོག་པོ་སོགས་ཀྱི་ཁྲག་མ་གཏོགས་ པའི་ཁྲག་སྣ་རིགས་གང་རྙེད་དང་། དེའང་གཡུལ་དུ་བསད་པ་ལྟ་བུའི་དམིགས་བསལ་མ་གཏོགས། གཞན་རྣམས་གསོན་ཁྲག་ཁོ་ན་བྱུང་ན་ལེགས་ཤིང་། རཀྟའི་རྒྱུད་ལས་མཆོག་བསྒྲལ་གྱི་རཀྟ་ཉེར་གསུམ་ཞེས། རུ་དྲ། དབང་ཕྱུག །ཚངས་པ། འཇོག་པོ། ཁྱབ་འཇུག་སྟེ་དུག་ལྔ་བསྒྲལ་བའི་ཁྲག་ཆེན། མ་ཧཱ་དེ་ཝ། བིཥྞུ་རཱ་ཛ། བྷྲྀངྒི་རི་ཏི། ཚོགས་བདག །དགའ་བྱེད་དབང་ཕྱུག །ཁྱབ་འཇུག །སྟོབས་བཟང་། གཞོན་ནུ་སྨིན་དྲུག་སྟེ་ཚོགས་བརྒྱད་བསྒྲལ་བའི་ཁྲག་ཆེན། བསྒྲལ་བའི་ཞིང་བཅུའི་ཁྲག་ཆེན་རྣམས་ཀྱང་ཚོགས་དགོས་པར་གསུངས་ནའང་གཏེར་བྱོན་གྱི་ཕབས་གཏའ་རྣམས་ལ་འདུས་ཤིང་། དེར་མ་ཟད་བདུད་རྩི་སྨན་གྱི་སྐབས་གསང་ཆེན་མཆོག་གི་མྱུར་ལམ་ལས། དེ་ལ་ས་བོན་ནི་མི་ལ་ནྲྀ་ལྗང་གུ་དང་། དུད་འགྲོ་སྤྱི་ལ་སུ་སེར་པོ་ཡིན་པས། མི་དང་བྱོལ་སོང་གི་རྣམ་པ་མཐའ་ཡས་པ་བློས་བཏགས་ཏེ། དེ་དག་ཀྱང་རང་རང་གི་ལས་ཀྱིས་ཤི་བའི་ཤར་མོས་ལ་སྦྱར་བར་བྱའོ། །ཞེས་སྨན་སྒྲུབ་ལ་གཏོང་འོས་པའི་ཤ་མ་རྙེད་ན་ཡིད་ཀྱིས་དེ་ལྟར་བཏགས་ནས་བྱ་བར་གསུངས་པ་བཞིན་དུ། འདིར་རཀྟ་རྙེད་དཀའ་བ་རྣམས་ལ་ཡང་རིག་པས་སྦྱོར་ཚུལ་འདྲ་བར་སེམས་སོ། །གང་ལྟར་ཡང་དེ་རྣམས་ལས་རྩ་བའི་རཀྟ་བརྐོ་བར་འོས་པ་རྣམས་སྟོན་ཟླ་ར་བའི་ཉ་སྟོང་བརྒྱད་གསུམ་གང་རུང་ལ་བཙལ་བར་བྱ་སྟེ། དེའི་དུས་སུ་དང་པོར་ས་ཕྱོགས་དེར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜ་ལར་ཙནྡན་དམར་པོས་བྱུགས་པའི་དབུས་སུ་ཚོམ་བུ་དམར་པོ་བཀོད། སྨན་རཀ་གཏོར་མཆོད་ཀྱིས་བསྐོར། སྐྱབས་སེམས་དང་ལྷག་པའི་ལྷ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་སྤྱི་ལྟར་བརླབས། རང་གི་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་བཅོམ་ལྡན་སྣང་མཐའ་ཡས། །རྩི་ཡི་ལྷ་མོའི་ཚོགས་དང་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ཨོཾ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །རང་གི་ཐུགས་ནས་འོད་འཕྲོས་པས། །མདུན་གྱི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །རཀྟ་རྩི་ཡི་དངོས་གྲུབ་ཀུན། །ཐོགས་པ་མེད་པར་བསྩལ་བར་གྱུར། །ཨོཾ་རཀྟ་མཱུ་ལ་པུཎྱེ་པུཎྱེ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་བརྐོ་ལ། མཐར་ཡིག་བརྒྱ་བརྗོད་ཅིང་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། དེས་མཚོན་ཏེ་མེ་ཏོག་གི་རཀྟ་རྣམས་འདབ་མ་རྒྱས་པའི་དུས་སུ་བཏུ། འབྲས་བུའི་རཀྟ་རྣམས་སྨིན་པའི་དུས་དང་བསྟུན་ལ་བླང་། དེ་ལྟར་རྩ་བ་དང་ཡན་ལག་གི་རཀྟ་རྣམས་ལེགས་པར་བཏུས་ནས་གཡག་རྒོད་དང་ར་ལ་སོགས་པའི་གསོན་ཁྲག་གཙང་མར་སྦྱར་ཏེ་བྷནྡྷ་དུམ་བུ་གསུམ་པ་སོགས་མོ་ཐོད་མཚན་ཉིད་ཚང་བའི་སྣོད་དུ་བསྐྱིལ། སྟེང་ནས་ཕོ་ཐོད་ཀྱིས་དགབ། དར་དམར་གྱིས་དྲིལ། ཚོན་སྐུད་སྣ་ལྔས་བཅིངས་ལ་བདུད་རྩི་ལྔས་སྦགས་པའི་མཎྜལ་དམར་པོའི་དབུས་སུ་བཞག་པའི་མཐར་མཆོད་གཏོར་གྱིས་བསྐོར། སྤྲོ་ན་བཀའ་བརྒྱད་སོགས་ཀྱི་སྒྲུབ་པའི་ཁོག་དབུབ་ཀྱིས་གཞུང་བསྲང་བའམ། གང་ལྟར་ཡང་ཕྱི་མཚམས་དམ་པར་བཅད་ནས་སྒྲུབ་པ་ལ་འཇུག་གོ །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལ་གསུམ། བདག་བསྐྱེད་གསལ་བ། མདུན་བསྐྱེད་བསྒྲུབ་པ། དངོས་གྲུབ་བླང་བའོ། །དང་པོ་ནི། ཚོགས་ཞིང་ནམ་མཁའ་གང་བར་སད་པར་གྱུར་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པས་ཚོགས་བསགས་པའི་མཐར། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་པས་མཆོད་གཏོར་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང་། །རིག་པ་ཡེ་ཤེས་སྒྱུ་མའི་ལྷ། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། ཁྲག་འཐུང་རྒྱལ་པོའི་སྐུ་ལ་འདུས། །པདྨ་ཉི་ཟླ་དྲེགས་པའི་སྟེང་། །བདག་ཉིད་ཆེ་མཆོག་སྨེ་བ་བརྩེགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུས་མཐིང་དཔལ་ཆེན་ཉིད་ཀྱི་ཞལ། །གཡས་དཀར་ཁྲོ་མོ་གཽ་རཱི། །གཡོན་དམར་ལྷ་མོ་པྲ་མོ་ཧཱ། །ཕྱག་དྲུག་གཡས་གཡོན་དང་པོ་གཉིས། །རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །གཡས་ཀྱི་གཉིས་པས་ཁ་ཊྭཱཾ་ཀ །གསུམ་པས་གསང་བའི་རྔེའུ་ཆུང་འཁྲོལ། །གཡོན་གྱི་གཉིས་པས་ཐོད་ཁྲག་དང་། །གསུམ་པས་རྒྱུ་མའི་ཞགས་པ་གདེངས། །ཕྱག་མཚན་དྲུག་པོ་ལྷ་མོ་དྲུག །གར་དགུའི་ཉམས་ལྡན་མེ་དབུས་འགྱིང་། །ཡུམ་ནི་ཀྲོ་དྷཱི་ཤྭ་རཱི་མཐིང་། །གྲི་ཐོད་འཛིན་པས་འཁྱུད་ཅིང་སྦྱོར། །རྔམ་བརྗིད་དུར་ཁྲོད་རོལ་པ་ཡི། །རྒྱན་ཆས་འཁོར་གྱི་ལྷ་རྣམས་ཏེ། ཁྲག་འཐུང་རིགས་ལྔ་སིཾ་ཧ་བརྒྱད། །སྒོ་མ་དབང་ཕྱུག་ཉེར་བརྒྱད་དེ། །ལྔ་བཅུ་ཐམ་པ་ཚང་བར་བསྒོམ། །སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི། །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས། །ཞེས་གསལ་བཏབ་ལ་བཟླས་པ་བྱ་བ་ནི། གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་། ཁྲག་འཐུང་རྒྱལ་པོའི་གསུང་དུ་འདུས། །རུ་ལུ་འབྲུ་བརྒྱད་གསུང་གི་སྔགས། །ཨཱོཾ་ནི་ཡེ་ཤེས་ཁྲག་འཐུང་ལྔ། །རུ་ལུ་གོང་མ་གོ་རཱི་བརྒྱད། །རུ་ལུ་འོག་མ་སིཾ་ཧ་བརྒྱད། །ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི། །བྷྱོ་ནི་རྣལ་འབྱོར་ཉི་ཤུ་བརྒྱད། །ཧཱུྃ་ནི་ཡེ་ཤེས་སེམས་དཔའི་ཐུགས། །བསྙེན་པའི་དཀྱིལ་འཁོར་གསུང་གི་ལྷ། །གསལ་ཞིང་བཟླས་པའི་འོད་ཟེར་གྱིས། །དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླས་མཐར། ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་། ཁྲག་འཐུང་རྒྱལ་པོའི་ཐུགས་ལ་འདུས། །ཡེ་ཤེས་སེམས་དཔའ་ཐུགས་དམ་ལྷ། །སངས་རྒྱས་རྩ་བའི་ཐུགས་ཀྱི་དངོས། །ཐིག་ལེ་བྱང་ཆུབ་སེམས་ཉིད་དེ། །བྱ་རྩོལ་མེད་པར་ཀུན་ལ་གནས། །འཛིན་ཆགས་མེད་པ་ཐུགས་ཀྱི་མཆོག །མ་འགགས་ཤར་བ་ཐུགས་ཀྱི་རྒྱན། །རང་སར་རྫོགས་པ་ཐུགས་ཀྱི་གནས། །ཞེས་པའི་དོན་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་མཉམ་པར་བཞག་གོ །གཉིས་པ་མདུན་སྐྱེད་སྒྲུབ་པ་ལ་གཉིས། ཛཔ྄་ཁང་དབྱེ་བ་དང་། ཞལ་བསྒྱུར་བའོ། །དང་པོ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཛཿ བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་ལོགས་སུ་བྱེ་ནས་མདུན་གྱི་བསྒྲུབ་རྫས་དང་དབྱེར་མེད་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་རུ་ལུའི་ཛཔ྄་ཅི་ནུས་བཟླ་བས་གཟི་བྱིན་བསྐྱེད་དོ། །གཉིས་པ་ཞལ་སྒྱུར་ནི། མདུན་གྱི་ཁྲག་འཐུང་ཁྲོ་བོའི་རྒྱལ། །ཡོངས་གྱུར་ཕྱི་སྣོད་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་རྫོགས། །ནང་བཅུད་ཁམས་གསུམ་རཀྟ་ཀུན། །གཅིག་ཏུ་འདུས་པའི་རྒྱ་མཚོའི་དབུས། །རཾ་ལས་རྡོ་རྗེ་སྒེག་མོ་དམར། །ཤིན་ཏུ་ཆགས་པའི་ཉམས་འགྱུར་ཅན། །ཕྱག་གཉིས་རཀྟའི་ཐོད་པ་བསྣམས། །ཞབས་ཟུང་དོར་སྟབས་པད་ཉིར་རོལ། །གཅེར་བུ་ནུ་འབུར་བྷ་ག་རྒྱས། །རཀྟའི་ཆར་རྒྱུན་འབེབ་པ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་པ། ཁྲག་འཐུང་དཀྱིལ་འཁོར་སྤྱན་དྲངས་གྱུར། །ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ཧཱ་མཱཾ་ས་རཀྟ་ཨ་མྲྀཏ་ཁཱ་ཧི་ཧ་ཧ་ཧེ་ཧེ་ཨ་ལ་ལ། བཀའ་ཉན་རོལ་པའི་བུ་མོ་ནི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པ་འཇོམས་པའི་མཆོག །མཆོད་པའི་རྫས་སུ་བཞུགས་སུ་གསོལ། །རཀྟ་མ་ཧཱ་ས་མ་ཡ་ཏིཥྛ་ལྷན། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བ་ཆགས་པའི་རྒྱུད། །དམར་ཆེན་པོ་ནི་རྒྱ་མཚོར་བསྐྱིལ། །མཁའ་འགྲོའི་ཚོགས་བཅས་རྣམས་ལ་རོལ། །མ་ལུས་བཞེས་ནས་བསྣམ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ག་ཎ་ཁཱ་ཧི། ཙཀྵུ་ཁཱ་ཧི། བཱ་སུ་ཏ་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། ཀིཾ་ནི་རི་ཏི་ཁཱ་ཧི། མཱཾ་ས་ཁཱ་ཧི། ཤུ་ཀྲ་ཁཱ་ཧི། ཧཱུྃ། འདོད་ཆགས་ཆེན་པོའི་ཡེ་ཤེས་ཀྱིས། ཁམས་གསུམ་འཁོར་བའི་ཉོན་མོངས་འཇོམས། །དབྱིངས་ཡུམ་རྡོ་རྗེ་སྒེག་མོ་ལ། །མཆོད་ཅིང་བསྟོད་དེ་དངོས་གྲུབ་སྩོལ། །རང་ཉིད་དཔལ་ཆེན་ཐུགས་ཀ་ནས། །འོད་འཕྲོས་ལྷ་མོའི་ཐུགས་བརྒྱུད་བསྐུལ། །ཐུགས་རྗེ་ཆགས་པའི་འོད་ཟེར་གྱིས། །འཁོར་འདས་རཀྟ་ཐམས་ཅད་བཀུག །ཞལ་དུ་ཞུགས་ཤིང་སྐུ་ལས་བརྒྱུད། །པདྨའི་མཁའ་ནས་ཆར་ལྟར་བབས། །དྭངས་མ་རཀྟའི་རྒྱ་མཚོར་བསྐྱིལ། །ཤར་གྱི་རྦ་རླབས་ནུབ་ཏུ་འཕྱོ། །ནུབ་ཀྱི་རྦ་རླབས་ཤར་དུ་འཕྱོ། །ལྷོ་ཡི་རྦ་རླབས་བྱང་དུ་འཕྱོ། །བྱང་གི་རྦ་རླབས་ལྷོ་རུ་འཕྱོ། །སྟེང་གི་རྦ་རླབས་འོག་ཏུ་འཕྱོ། །འོག་གི་རྦ་རླབས་སྟེང་དུ་འཕྱོ། །ཤ་ཆེན་ལྷུ་དུམ་ལང་ལོང་དང་། །ཙིཏྟ་ཚིལ་ཆེན་ཆོལ་ལོ་ལོ། །རཀྟའི་རླངས་པ་ཕྱུ་རུ་རུ། །དྲི་ཡི་ངད་པ་ཆི་ལི་ལི། །གཟུགས་ཀྱི་ལྷ་མོ་བམ་དབྱུག་ཕྱར། །སྒྲ་ཡི་ལྷ་མོ་རྐང་གླིང་འབུད།། །ལ་ལ་བྷནྡྷ་ཆ་ལང་བརྡེབ། །དྲི་ཡི་ལྷ་མོ་གསུར་ཆེན་བསྣམས། །རོ་ཡི་ལྷ་མོ་ཤ་ཆེན་ཐོགས། །རེག་བྱའི་ལྷ་མོ་ཞིང་ཕྲག་གྱོན། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོའི་ཚོགས་སུ་རོལ། །རྣལ་འབྱོར་དབང་ཕྱུག་གཡར་དམ་སྐོང་། །འཁོར་འདས་རཀྟ་འདུས་པའི་བཅུད། ཁྲག་ཆེན་འབར་བའི་དཀྱིལ་འཁོར་ནི། །དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར། །ཞེས་དམིགས་ལ། རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་བཟླ་ཞིང་། སྟོང་ཕྲག་རེའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པའང་བྱ། ཐུན་བསྡུ་བའི་ཚེ་ཚོགས་མཆོད་བྱེད་ན་གསང་བ་སྤྱིའི་འགྲོས་ལྟར་བྱ། གང་ལྟར་ཡང་མཐར་མདུན་གྱི་ལྷ་མོ་འོད་དུ་ཞུ་ནས་རཀྟ་ལ་ཐིམ་པས་ཁྲག་ཆེན་འབར་བའི་དཀྱིལ་འཁོར་ཁ་དོག་དམར་གསལ་ཉི་མ་བྱེ་བའི་གཟི་འོད་ཅན་རཀྟའི་རྦ་རླབས་ཕྱོགས་བརྒྱར་གཡོ་ཞིང་ཟེགས་མ་གང་ལ་རེག་པས་དངོས་གྲུབ་རྣམ་གཉིས་ཀྱི་དོན་བྱེད་ནུས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ་སླར་ཡང་བཟླས་པས་བརྟན་པར་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་ཐུན་བཞིའམ་དྲུག་སོགས་སུ་བཅད་ནས་བསྒྲུབས་པས། རཀྟ་ལས་འོད་དང་། སྒྲ་དང་། དྲི་ངད་ཁྱད་པར་ཅན་འཐུལ་བ་སོགས་རྟགས་བྱུང་བ་ན། གསུམ་པ་དངོས་གྲུབ་བླང་བ་ནི། ལྷ་མོ་རཀྟ་ལ་བསྟིམས་པའི་རྗེས་སུ་ཐོད་པའི་རྒྱ་བཀྲོལ་ལ། རཀྟའི་དྭངས་བཅུད་འོད་ཟེར་འབར་བ་རང་གི་སྙིང་གར་ཐིམ། མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པས་སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ་དཔལ་ཆེན་པོའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་པའི་མོས་པ་དང་བཅས། ཕུད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པ་ལ། ཧཱུྃ། རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །རཀྟ་པདྨ་ལས་བྱུང་བ། །ཐིག་ལེ་ཟག་མེད་བདེ་བ་ཆེ། །འདོད་ཆགས་འཁོར་བ་སྟོངས་ཕྱིར་བཞེས། །མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད། ལྷག་མ་རྣམས་རིལ་བུའམ། ཕུར་མར་བྱས་ཏེ་གྲིབ་མར་བསྐམ། སླར་སྣོད་བཟང་པོར་ཚགས་བྱས་ཏེ་མཆོད་པའི་རྫས་སུ་སྤེལ་ལོ། །གསུམ་པ་རྗེས་དེ་ལྟར་བསྒྲུབས་པའི་དམ་ཚིག་རྫས་ཆེན་པོའི་ཕན་ཡོན་ནི། རྒྱུད་ལས། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་ཉན། །དུས་གསུམ་བདེ་གཤེགས་བྱིན་གྱིས་རློབས། །གཟུངས་མ་བྲན་འཁོར་དབང་དུ་འདུ། །དགྲ་བགེགས་འབྱུང་པོ་འདར་ཞིང་སྐྲག །ཅེས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་རཀྟའི་མཆོད་པ་དང་ལས་ལ་སྦྱར་བས་འགྲུབ་པར་གསུངས་པས་མཚོན་རྒྱ་ཆེར་ཤེས་པར་བྱ་ཞིང་། ལས་སྦྱོར་གྱི་ཚུལ་ཡང་དེ་ཉིད་ལས། བཀྲ་ཤིས་ཉམས་དགའ་ཡིད་འོང་དུ། །ཕུན་སུམ་ཚོགས་པ་བཞི་ལྡན་པས། །ཕྲིན་ལས་ཞི་རྒྱས་དབང་དྲག་བཞི། །ཞེས་སོགས་སྤྱིར་ལས་བཞི་དང་། ཁྱད་པར་ཁྲག་ཟོར་སྒྲུབ་པའི་ཐབས་སོགས་གསུངས་པས་མཚོན་རྒྱུད་དང་མན་ངག་རྣམས་ལས་མང་དུ་འབྱུང་བ་ལྟར་རྟོགས་པར་བྱའོ། །རྡོ་རྗེའི་ཆགས་པས་ཁམས་གསུམ་གྱི། །འདོད་ཆགས་འཇོམས་པའི་དམ་ཚིག་རྫས། །རཀྟའི་སྒྲུབ་ཚུལ་བརྗོད་པའི་དགེས། །འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །ཅེས་པའང་དཔལ་ཁྲག་འཐུང་ཆེན་པོས་བཀའ་བསྩལ་པའི་རཀྟ་དམར་གྱི་རྒྱུད་སྡེའི་དགོངས་པ་གཙོ་བོར་སྦྱར་པ་སྟེ། གཞན་དུ་སྤྱིའི་རྣམ་གཞག་འདི་ལྟར་ངེས་པར་བྱས་ན། སྒྲུབ་ཚུལ་བཀའ་དགོངས་ཕུར་གསུམ་སོགས་རང་རང་གང་ལ་མོས་པའི་གཞུང་ལྟར་བྱིན་གྱིས་བརླབས་པས་ཀྱང་དོན་འགྲུབ་པ་ཡིན་ནོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།་་་མཁྱེན་བརྩེའི་དབང་པོའི་གསུང་འབུམ་ལས་སོ།།

གནམ་ཆོས་ཞི་བའི་སྐོར་ལས་གཏེར་སྲུང་སྤོམ་ར་སྒྲུབ་ཐབས་ (Volume 39, Text 31)

གནམ་ཆོས་ཞི་བའི་སྐོར་ལས་གཏེར་སྲུང་སྤོམ་ར་སྒྲུབ་ཐབས་ཡོད༔ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ གཏེར་སྲུང་སྤོམ་ར་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་དེ་གཏོར་མ་བཅའ༔ རང་ཉིད་ཡི་དམ་གང་རུང་བསྐྱེད༔ མདུན་དུ་རྨ་གཉན་སྤོམ་ར་ནི༔ སྐུ་མདོག་དཀར་པོ་ཆས་དང་ལྡན༔ གཡས་པས་མདུང་དར་གཡོན་བུམ་པ༔ ཆིབས་སུ་རྟ་དཀར་འཕུར་ཤེས་འཆིབ༔ སྤྱན་དྲངས་ཐིམ་ནས་སྔགས་འདི་བརྗོད༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སྭཱ་ཧཱ༔ དེ་ཡིས་རྨ་གཉན་སྤོམ་ར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་རིགས་རྒྱུད་སྤེལ་བ་ནི༔ རྨ་རྒྱལ་སྤོམ་ར་གོང་ལྟར་གྱིས༔ རིགས་རྒྱུད་སྤེལ་བར་བསམས་ནས་ཀྱང༔ སྔགས་འདི་བཟླས་པ་ཁོ་ནས་ཆོག༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་ཨ་ཡང་ཡང་ཧུ་རུ་ཛ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཡུལ་ཁམས་དབང་སྡུད་ནི༔ སྔགས་དམིགས་འདི་ཡིས་ཆོག་པ་ཡིན༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ཀྱིས༔ ཡུལ་ཁམས་མ་ལུས་དབང་བསྡུས་བསམ༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་ཡུལ་ཁམས་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ནོར་སྒྲུབ་རིམ་པ་ནི༔ རྨ་རྒྱལ་སྤོམ་ར་གོང་ལྟར་ཏེ༔ སྐུ་མདོག་སེར་པོ་བསྐྱེད་བྱ་འོ༔ གཡས་པས་སྦ་ལྕག་གཡོན་ནེའུ་ལེ༔ རྟ་ཡང་སེར་པོ་བསྐྱེད་བྱ་འོ༔ དེས་ནི་དངོས་གྲུབ་མ་ལུས་ཀུན༔ རང་གི་དབང་དུ་བཀུག་པར་བསམ༔ དེ་ནས་སྔགས་ནི་འདི་ཉིད་བརྗོད༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སིདྡྷི་ཕ་ལ་ཧཱུྃ༔ བ་སུ་ནཱ་ནཱ་ཁ་དྷེ་སོགས། རང་གི་ཡིད་ལ་གང་འདོད་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༧མ༔ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་བཅུ་གཉིས་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ༔ གཏོར་མ་དཔེའུ་རིས་ནི་མ་གསུངས་སོ༔ འདིའི་བཀའ་གཏད་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བྱའོ།། །།

གསང་བདག་ཕྱག་རྡོར་གྱི་དབང་བཤད་མེ་ལྕེ་ཕྲེང་བ་ (Volume 28, Text 31)

ྈ གསང་བདག་ཕྱག་རྡོར་གྱི་དབང་བཤད་མེ་ལྕེ་ཕྲེང་བ་ཞེས་བྱ་བ་པདྨ་གླིང་པས་མཛད་པའོ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་ཕོ་མོ་རྣམས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང༔ ཚེ་འདིའི་གནས་སྐབས་སུ་ཡང༔ རྐྱེན་ཕྱི་ནང་གི་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཞི་བ་དང༔ མཐར་ཐུག་ཏུ་ཡང་ཕྱག་ན་རྡོ་རྗེའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ་བའི་ཕྱིར་དུ༔ ཕྱག་ན་རྡོ་རྗེའི་དབང་མཆོག་བསྐུར་བར་བྱ༔ དེ་ལ་དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས༔ དེ་ལས་བྱུང་བའི་གདམས་པ༔ མ་སྨིན་པ་སྨིན་པར་བྱེད་པའི་དབང༔ སྨིན་པ་གྲོལ་བར་བྱེད་པའི་གདམས་པ༔ ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་རིམ་པ་བསྟན་པར་བྱ༔ དེ་ལ་དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི༔ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ན༔ དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་ཅི་ཡི་ངོ་བོར་ཡང་མ་གྲུབ་པ་དེ༔ ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ དེ་ཉིད་དང་བདག་ཉིད་ཀྱི་ཐུགས་རྗེ་ལས༔ འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་ཆེན་པོར་སྐུ་སྤྲུལ་ནས་གསང་སྔགས་ཀྱི་རྒྱུད་ལུང་ཐམས་ཅད་བྱིན་གྱིས་བརླབས་པ་ཙམ་དུ་གནང༔ རྡོ་རྗེ་འཆང་གིས་ཡང་སྤྲུལ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གནང༔ རྡོ་རྗེ་འཆང་ཆེན་པོས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་བརྡ་བསྟན་པ་ཙམ་དུ་གནང༔ རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་ཡིས་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་རྡོར་ཕྱི་ནང་གསང་བ་བླ་ན་མེད་པའི་གདམས་པ་རྣམས་ནི༔ ཕྱི་མཆོད་རྟེན་སྔོན་པོའི་རྒྱུད༔ ནང་འཕགས་པ་གོས་སྔོན་ཅན་གྱི་རྒྱུད༔ གསང་བ་དྲེགས་པ་ཀུན་འདུལ་གྱི་རྒྱུད༔ ཡང་གསང་གཏུམ་པོ་འབར་བའི་རྒྱུད༔ བླ་མེད་མེ་ལྕེ་ཕྲེང་བའི་རྒྱུད་དང་ལྔ་ཞུས་སོ༔ དེའི་དུས་ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཨོ་རྒྱན་གྱི་ཡུལ་ནུབ་བྱང་མཚམས་གེ་སར་པདྨའི་སྙིང་པོ་ལས་སྐུ་འཁྲུངས་ནས༔ ཨིནྡྲ་བོ་དྷིའི་སྲས་མཛད༔ རྒྱལ་སྲིད་ཆོས་དང་མཐུན་པར་བསྐྱངས༔ འཁོར་བ་ལ་སྐྱོ་ཚུལ་བསྟན་ནས་བསིལ་བ་ཚལ་དུ་བྱོན་ནས་བམ་རོའི་སྒྲུབ་པ་མཛད༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ ཟ་ཧོར་ཡུལ་དུ་བྱོན་པྲ་ཧསྟི་དང་མཇལ་རབ་ཏུ་བྱུང༔ ཨ་སུ་རའི་བྲག་ཕུག་ཏུ་བྱོན༔ བཀའི་བསྡུ་བ་མཛད༔ སྡེ་སྣོད་ལ་མཁས་པར་སྦྱངས༔ མ་ལ་ཡར་བྱོན་འཇམ་དཔལ་བཤེས་གཉེན་དང་མཇལ༔ ཐེག་པ་ཆེན་པོའི་ཆོས་རྣམས་ཞུས༔ མེ་རི་གསང་ཆེན་རོལ་པའི་དུར་ཁྲོད་དུ་བྱོན༔ དགའ་རབ་རྡོ་རྗེ་དང་མཇལ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་རྣམས་ཞུས༔ ལྷག་པར་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྒྱུད་ལུང་མན་ངག་རྣམས་རྫོགས་པར་ཞུས༔ དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བར་བྱོན་ནས་སྒྲུབ་པ་བྱས་པས༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཞལ་དངོས་སུ་མཇལ༔ སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ༔ རྡོ་རྗེ་གདན་དུ་བྱོན་ནས་བསྟན་པའི་སོ་ནམ་མཛད༔ བདུད་དང་མུ་སྟེགས་ཀྱི་བསྟན་པ་སྡེ་དྲུག་བཅོམ༔ ནང་པའི་བསྟན་པ་དར་བར་བྱས་སོ༔ དེའི་དུས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ༔ ཁྲི་སྲོང་ལྡེ་བཙན་སྐུ་འཁྲུངས་ཏེ༔ དེའི་ཚེ་སྐུས་འདུལ་ཞིང་ལ་བརྟེན་ནས་ཨོ་རྒྱན་བོད་དུ་བྱོན་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིམ་གསུམ་གྱི་གཙོ་བྱས་ནས༔ གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པས༔ ཤིང་མེད་ཅིང་བཟོ་བོ་རྣམས་ལག་རྡུགས་པར་གྱུར་ཏེ༔ རྒྱལ་པོས་ཨོ་རྒྱན་ལ་ཞུས་པ༔ ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ ངེད་བོད་ཀྱི་ས་ཕྱོགས་འདི༔ རི་རྩེ་ཐམས་ཅད་གངས་རི་དཀར་པོ་མཚོན་ཆ་གཟེངས་པ་དང་འདྲ༔ རི་སྐེད་ཐམས་ཅད་ནི་བྲག་རི་ཀེང་རུས་བཀྲམ་པ་དང་འདྲ༔ ས་གཞི་ཐམས་ཅད་ནི་བྱེ་མའི་གླིང་དུ་སོང་བས་ཤིང་གི་རྣམ་པ་མེད་པས༔ བདག་གི་གཙུག་ལག་ཁང་མི་འགྲུབ་པ་འདྲ༔ ཞེས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ ཆོས་རྒྱལ་ཆེན་པོ་ལགས༔ ཐུགས་ཞུམ་མི་དགོས༔ བསམ་ཡས་འདི་ནས་བཅལ་བའི་བྱང་ཤར་ན༔ མཚོ་སྒོར་ལ་ཉི་ཤར་འདྲ་བ་གཅིག་ཡོད༔ དེ་ལ་ཀླུའི་རྒྱལ་པོ་ནེ་ལེ་ཐོད་དཀར་བྱ་བ་ཡོད༔ དེར་བྱོན་ནས་ཀླུ་བསྒྲུབ་ན་ཤིང་གི་དངོས་གྲུབ་སྟེར་བ་ཡོད༔ ཅེས་གསུངས་པ་དང༔ རྒྱལ་པོའི་ཞལ་ནས༔ འོ་ན་ཀླུ་སྒྲུབ་པའི་མན་ངག་ཅིག་ཐུགས་ལ་འདོགས་པར་ཞུ༔ ཞུས་པས༔ སློབ་དཔོན་གྱིས་གཉེན་པོ་ལྷ་གསུམ་གྱི་མན་ངག་བྱིན་ཅིང༔ བཀའ་བསྒོ་བར་བྱས་སོ༔ རྒྱལ་པོས་དཀར་གསུམ་མངར་གསུམ་ཁྱེར་ལ༔ ཀླུ་བསྒྲུབ་ན་ཤིང་གི་དངོས་གྲུབ་འབུལ་བ་ཡོད༔ ཅེས་གསུངས་པ་དང༔ རྒྱལ་པོ་རྒྱ་མཚོའི་འགྲམ་དུ་བྱོན་ནས༔ གུར་དཀར་པོ་གཅིག་ཕུབ་ནས༔ དཀར་གསུམ་མངར་གསུམ་གྱི་མཆོད་པ་འབུལ་ཞིང་ཞག་ཉི་ཤུ་རྩ་གཅིག་བཞུགས་པ་དང༔ ཐོ་རངས་རི་རྩེར་ཉི་མ་ཤར་བའི་དུས་སུ་གཞོན་ནུ་ལང་ཚོ་དང་ལྡན་པ་ཞིག་བྱུང་ནས༔ རྒྱལ་པོས་ང་འབོད་ནས་ཅི་བྱེད་པ་ཡིན་ཞུས་པས༔ རྒྱལ་པོའི་ཞལ་ནས༔ གཞོན་ནུ་ཁྱོད་གང་ཡིན་དྲིས་པས༔ ང་ཀླུའི་རྒྱལ་པོ་ནེ་ལེ་ཐོད་དཀར་བྱ་བ་ཡིན་ཞུས་པས༔ འོ་ན་ཁྱོད་ནེ་ལེ་ཐོད་དཀར་ཡིན་ན༔ ང་ལ་ཤིང་གི་དངོས་གྲུབ་སྟེར་བར་གྱིས་ཤིག༔ ཅེས་གསུངས་པ་དང༔ ནེ་ལེ་ཐོད་དཀར་གྱིས་ན་རེ༔ རྒྱལ་པོ་ཕོ་བྲང་དུ་བྱོན་ཅིག༔ ངས་ཤིང་གི་དངོས་གྲུབ་འབུལ་བར་འོང༔ ཞེས་ཞུས་ནས་མཚོའི་ནང་དུ་བཞུད་པར་གྱུར་ཏོ༔ དེ་ནས་རྒྱལ་པོ་ཕོ་བྲང་དུ་ལོག་ནས་ཞག་གསུམ་སོང་བའི་ཐོ་རངས༔ བྲག་དམར་འོམ་བུའི་ཚལ་ནས་མར་ལ་ཆར་དྲག་ཆེན་པོ་ཅིག་བྱུང་ནས༔ སའི་གད་པ་ཆེན་པོ་ཞིག་ཆད་པ་ལ་བརྟེན་ནས༔ བསམ་ཡས་ཀྱི་ཟུར་ནས་མར་ལ་ཤིང་ཆེ་བ་དང་ཆུང་བ་རི་ཉིལ་བ་ཙམ་ཞིག་བྱུང་བས༔ བསམ་ཡས་ཀྱི་ཤིང་ཆ་ཐམས་ཅད་དེ་ལས་བྱུང་བ་ཡིན་པར་འདུག༔ དེ་ནས་བསམ་ཡས་བཞེངས་ཚར་བའི་རྗེས་སུ་རྒྱལ་པོའི་ཐུགས་ཀྱི་དགོངས་པ་ལ༔ ངའི་གཙུག་ལག་འདི་འགྲུབ་པ་ནི་ཀླུའི་དྲིན་ཡིན༔ ཁོང་གི་སྐུ་གཅིག་ཀྱང་བཞེངས་དགོས་སྙམས་པའི་དགོངས་པ་ཤར་ཏེ༔ དཀར་གསུམ་མངར་གསུམ་གྱི་མཆོད་པ་བཤམས་ནས༔ རྒྱ་མཚོའི་འགྲམ་དུ་བྱོན་ནས་ཀླུ་བོས་པས༔ སྔར་བཞིན་དུ་གཞོན་ནུ་ལང་ཚོ་དང་ལྡན་པ་དེ་བྱོན་ནས༔ རྒྱལ་པོ་ལ་ཅི་འདོད་ཅེས་བྱས་པ་དང༔ རྒྱལ་པོའི་ཞལ་ནས༔ ངའི་གཙུག་ལག་ཁང་འགྲུབ་པ་ནི་ཁྱོད་ཀྱི་དྲིན་ཡིན༔ ཁྱོད་ཀྱི་སྐུ་གཅིག་བཞེངས་པར་བྱའོ༔ ཁྱོད་ཀྱི་རྒྱ་མཚོའི་ནང་དུ་ཕོ་བྲང་ཅི་ལྟར་ཡོད་པའི་བཀོད་པ་ང་ལ་སྟོན་ཅིག་ཅེས་གསུངས་པ་དང༔ གཞོན་ནུའི་ཞལ་ནས༔ ངའི་ཕོ་བྲང་ན་གནས་པའི་ལུས་ཀྱི་བཀོད་པ་བསྟན་ན༔ ང་ལ་མཐོང་བའི་དུག་དང༔ རེག་པའི་དུག་དང༔ ཁ་རླངས་ཀྱི་དུག་དང༔ བསམ་སྦྱོར་གྱི་དུག་དང་རྣམ་པ་བཞི་ཡོད་དེ༔ རྒྱལ་པོའི་སྲོག་ལ་ཕོག་ན་བར་ཆད་ཡོང༔ དེ་བས་ང་འདྲ་བ་གཅིག་བཞེངས་ཤིག་བྱས་པས་རྒྱལ་པོས་ནན་གྱི་ཞུས་པ་དང༔ གཞོན་ནུས་ཞུས་པ༔ འོ་ན་ཕོ་བྲང་དུ་ལོག་ནས་བྱོན་ཅིག༔ ཞག་གསུམ་ལ་ང་ཡོང་གི༔ གནམ་སྒྲ་བེར་བེར་འབྱུང་བ་དང་ལུས་ལ་སྨན་བྱུག༔ མིག་ལ་ཁྲོལ་མས་ཁོབ་ལ་ལྟོས་ཤིག༔ ཅེས་ཞུས་ནས་མཚོ་ནང་དུ་བཞུད་དོ༔ དེ་ནས་ཕོ་བྲང་དུ་ལོག་ནས་ཞག་གསུམ་སོང་བའི་ཐོ་རངས་སྒྲ་བེ་རེ་བ་ཞིག་བྱུང་སྟེ༔ རྒྱལ་པོས་ལུས་ལ་སྨན་མ་བྱུག༔ མིག་ཁྲོལ་མས་མ་བཀབ་པར་གཟིགས་པས༔ བསམ་ཡས་ཀྱི་སྟེང་ན་སྦྲུལ་ནག་པོ་འཇིགས་སུ་རུང་བ༔ ལུས་ནས་འཇའ་ཚོན་གྱི་འོད་འཕྲོ་བ༔ ཁ་ནས་རླངས་པ་བྱུང་བས་བསམ་ཡས་ཀྱི་ཕྱོགས་ཐམས་ཅད་ན་བུན་འཐིབས་པ་ཞིག་ཏུ་མཐོང་བ་དང༔ རྒྱལ་པོའི་ལུས་དེ་མཛེ་ནད་ཀྱིས་བཏབ་ནས༔ ཡན་ལག་རྣམས་ཐོ་ལུམ་དུ་གྱུར་ཏོ༔ རྣག་ཁྲག་གི་རྒྱུན་ཆུ་འབབ་པ་ལྟར་བྱུང་ནས་ནད་ཀྱིས་མ་བཟོད་པར་གྱུར་ནས༔ སློབ་དཔོན་ལ་ཞུས་པ༔ ངའི་ནད་འདི་ནི་སྔོན་གྱི་ལས་ཡིན་ནམ༔ འཕྲལ་གྱི་རྐྱེན་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་གསུངས་པ༔ རྒྱལ་པོ་ཁྱོད་ཀྱི་ལུས་ཀྱི་ནད་འདི་ནི༔ སྔོན་གྱི་ལས་མ་ཡིན༔ འཕྲལ་གྱི་རྐྱེན་ལས་བྱུང༔ ཀླུ་ལ་གྲོགས་པོ་བཅོལ་པས་ཀླུའི་དུག་ཕོག་པ་ཡིན་གསུངས་པ་དང༔ རྒྱལ་པོས་ཞུས་པ༔ ནད་དེ་ཕན་པའི་ཐབས་མེད་དམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཕན་པའི་ཐབས་ཡོད་ཀྱི་གསུངས་ནས༔ རྒྱལ་པོ་དང་མཚོ་རྒྱལ་དང་ཨོ་རྒྱན་གསུམ་བྲག་དམར་འོམ་བུའི་ཕུག་རིང་དུ་བྱོན་ནས༔ ཨོ་རྒྱན་གྱིས་ཕྱག་རྡོར་དྲེགས་པ་ཀུན་འདུལ་བསྒྲུབས་ནས༔ རྒྱལ་པོ་ལ་དབང་བསྐུར་བྱིན་གྱིས་བརླབས་པར་མཛད་པས༔ རྒྱལ་པོའི་ལུས་ཀྱི་མཛེ་ནད་ཕན་ནས༔ སྔར་བས་ཀྱང་མཚར་བར་གྱུར་ཏོ༔ དེ་དུས་མཚོ་རྒྱལ་གྱིས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ལགས༔ གདམས་པ་དེ་ད་ལྟ་སྤེལ་ལམ་ཅི་ལྟར་བྱེད་ཞུས་པས༔ ཨོ་རྒྱན་གྱི་ཞལ་ནས་ད་ལྟ་དུས་བཟང་བསྐལ་པ་བཟང༔ མ་འོངས་པའི་དུས་ཡས་གདོན་དང་མས་གདོན་གྱིས་གནོད་ཅིང༔ མཛེ་དང་ལྐུགས་སྨྱོ་བར་འགྱུར་ཏེ༔ དེ་དུས་སེམས་ཅན་རྣམས་ལ་ཕན་ཐོགས་པར་བྱ་བའི་ཕྱིར༔ གཏེར་དུ་སྦེད་པར་བྱེད་ཀྱིས་ཡི་གེར་ཐོབ་ཅིག་གསུངས༔ དེ་ནས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས༔ སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ཞུས་པ༔ གཏེར་དུ་སྦས་ན་གང་དུ་སྦ༔ བཏོན་པའི་དུས་ནི་ནམ་ཙམ་ཡིན༔ དེ་ཡི་ཆོས་བདག་གང་གིས་བྱེད༔ ཅེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བསམ་ཡས་འདི་ནས་བརྩམས་པ་ཡི༔ ལྷོ་ནུབ་སྨན་མདོའི་བྲག་ལ་སྦོས༔ བཏོན་པའི་དུས་ནི་ལྔ་བཅུའི་དུས༔ མཛེ་དང་སྨྱོ་འབོག་འབྱུང་དུས་སུ༔ འདི་ཉིད་བཏོན་པའི་ཆོས་བདག་ནི༔ ད་ལྟའི་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ༔ བུམ་ཐང་གི་ཕྱོགས་སུ་པདྨའི་མིང་ཅན་འབྱུང་སྟེ༔ སྐྱེས་བུ་དེ་ཡིས་གདན་དྲངས་ནས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ཤོག༔ ཅེས་སྨོན་ལམ་བཏབ་པས༔ བདག་པདྨ་གླིང་པས༔ ཨོ་རྒྱན་གྱི་སྨོན་ལམ་དང་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས༔ ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ༔ དེ་ལྟ་བུའི་ཡིད་ཆེས་ཁུངས་བཙུན་པའི་དབང་མཆོག་བསྐུར་བ་ལ༔ གཏོར་མ་དང་བུམ་པར་བརྟེན་ནས་བསྐུར་དགོས་ཏེ༔ གཏོར་མ་དང་བུམ་པ་གཉིས་རང་རང་དམིགས་པའི་ཡུལ་དུར་ཁྲོད་ཀྱི་གཞལ་ཡས་ཁང༔ ཐོད་པ་སྐམ་རློན་གྱི་རྩིག་པ་ལ༔ ལྷ་ཆེན་བརྒྱད་ཀྱི་ཀ་བ་རྔམ་ཞིང་འགྱིང་བ༔ འོག་ན་ཀ་གདན་རུས་སྦལ་ཆུ་སྲིན་མཁུན་པ་འདེབས་པ༔ སྟེང་ན་གཟའ་ཆེན་བརྒྱད་ཀྱི་ཀ་ཞུ་གློག་ལྟར་འཁྱུག་པ༔ ལྷ་བརྒྱད་ཀླུ་བརྒྱད་ཀྱི་གདུང་མ་གདུང་འདེགས་བྱས་པ༔ རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་ཕྱམ༔ ཞིང་ཆེན་གྱི་ཐོག་ཕུབ་པ༔ ཐོད་པའི་བད་ཀ༔ ཙིཏྟའི་ཕོ་ལོང༔ རྒྱུ་མའི་དྲ་ཕྱེད༔ མི་རོའི་རྒྱལ་མཚན༔ ཀེང་རུས་ཀྱི་འཕན་གདུགས༔ རྡོ་རྗེའི་ཡ་ཐེམ་མ་ཐེམ་རེ་བཞི་དང་བཅས་པ་ལ༔ གནམ་ལྕགས་ཀྱི་སྒོ་མོ༔ རྡོ་རྗེ་ཉི་ཟླའི་གཡག་ཤིང་བྱས་པའི་ཕོ་བྲང༔ རྒྱ་ཆེ་ལ་འཕང་མཐོ་བ༔ ནང་ན་ཡེ་ཤེས་ཀྱི་མེ་ཕུང་དམར་ནག་འབར་བའི་ཀློང༔ གྲུ་གསུམ་མཐིང་ནག་འབར་བའི་སྟེང༔ ཐབས་ཤེས་ཉི་ཟླ་པདྨའི་གདན་ལ༔ གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་ཁར༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་གདེངས་པ༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་ཅིང༔ དུག་སྦྲུལ་ཞལ་དུ་གསོལ་བ༔ ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ༔ སྤྱན་གསུམ་དམར་ལ་འཁྲུགས་ཤིང་གྱེན་ཐུར་གཡོ་བ༔ སྨ་ར་དང་ཁ་སྤུ་མེ་སྟག་འཕྲོ་བ༔ སྨིན་མ་རབ་འཇིགས་གློག་ལྟར་འཁྱུག་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་པ༔ རལ་པའི་ཁྲོད་ན་མི་བསྐྱོད་པས་དབུ་བརྒྱན་པ༔ དེ་ལ་ཐོད་པའི་དབུ་རྒྱན་དང་རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ སྐུ་སྟོད་ན་སེང་གླང་གཡང་གཞིའི་སྟོད་གཡོགས༔ སྐུ་སྨད་ན་སྟག་གི་པགས་པའི་ཤམ་ཐབས༔ མི་མགོའི་དོ་ཤལ་སྦྲུལ་གྱི་ཆུན་པོ་ཀླུ་རིགས་བཞིས་ཕྱག་ཞབས་བརྒྱན་པ༔ དགའ་བོ་འཇོག་པོས་ཐོད་བཅིངས་པ༔ འདབ་བཟང་དཀར་པོས་སྐ་རགས་བྱས་པ༔ སྒེག་པ༔ དཔའ་བ༔ འཇིགས་སུ་རུང་བ༔ མེ་ཕུང་འབར་བའི་ཀློང་ན་འདོར་ཐབས་སུ་བཞུགས་པར་བསྒོམ་མོ༔ དེའི་ཐུགས་ཀར་ཟླ་བའི་གདན་གྱི་སྟེང་དུ༔ ཡི་གེ་ཧཱུྃ་མཐིང་ནག་ཡོད་པར་གསལ་གདབ༔ དེ་ལས་འོད་འཕྲོས་འོག་མིན་དང་ལྕང་ལོ་ཅན་དུ་འཕྲོས༔ ཡེ་ཤེས་སེམས་དཔའ་རྣམས་སྤྱན་དྲངས་ལ་བསྟིམ༔ ཡིག་འབྲུ་ལས་འོད་འཕྲོས༔ ཕྱོགས་བཅུར་ཁྱབ༔ འོད་ཟེར་དཀར་པོ་ལ་བརྟེན་ནས་རྡོ་རྗེའི་གུར་ཁང༔ སེར་པོ་ལ་བརྟེན་ནས་ཕུར་བུའི་གུར་ཁང༔ དམར་པོ་ལ་བརྟེན་ནས་གྲི་གུག་གི་གུར་ཁང༔ ལྗང་གུ་ལ་བརྟེན་ནས་རལ་གྲིའི་གུར་ཁང༔ མཐིང་ག་ལ་བརྟེན་ནས་འཁོར་ལོའི་གུར་ཁང༔ དེ་ལྟར་མཚོན་ཆ་ལྔའི་གུར་དུ་གྱུར་པའི་ནང༔ རྒྱ་ཆེ་འཕང་མཐོ་བའི་ནང་ན༔ དབང་ཞུ་ཕོ་མོ་རྣམས་ཚུད་ནས་ཡོད་པར་བསྒོམ༔ ཕྱི་ནས་རླུང་ཡང་མི་ཐར་བ་དང་ནང་ན་ཆུ་ཡང་མི་ཐར་པའི་སྲུང་འཁོར་བསྒོམ་པར་བྱའོ༔ དེ་ལྟ་བུའི་དབང་མཆོག་ཟབ་མོ་ཞུ་བ་ལ་མོས་གུས་བསྐྱེད་པ་གལ་ཆེ་ཞེས་བྱའོ༔ དེ་ནས་དབང་བསྐུར་བ་ནི་ལས་བུམ་ཐོགས་ཏེ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ རིགས་ལྡན་བུ་ལ་སྦྱིན་པར་བྱ༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ མ་བསྲུང་དམྱལ་བའི་རྒྱུ་ཡིན་པས༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ཨི་དན་ཏེ་ཤུདྡྷེ་ཨ༔ ཅེས་ཁྲུས་བྱའོ༔ དེ་ནས་བུམ་པའི་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩིའི་དབང་བསྐུར་བ་ནི༔ ཐོད་པ་མགྲིན་པར་བཞག་ལ༔ ཧཱུྃ༔ ཐོད་པ་མ་ཆགས་རྟོག་བྲལ་ཏེ༔ ལྕང་ལོ་རྣམ་དག་ཆོས་ཀྱི་དབྱིངས༔ དྲི་མེད་རང་བྱུང་དག་པའི་ཀློང༔ གསང་བདག་ཕྱག་རྡོར་ཡབ་ཡུམ་གྱི༔ ཐབས་ཤེས་རང་བྱུང་བདེ་བའི་བཅུད༔ བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ ངག་སྒྲིབ་དག་ནས་ནུས་ལྡན་ཕྱིར༔ འགག་མེད་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་དབང་བསྐུར་བ་ནི༔ གནས་ལྔར་གཏུགས་ལ༔ ཧཱུྃ༔ གཏོར་མའི་རང་བཞིན་གཞལ་ཡས་ཁང༔ ནང་ན་ཕྱག་རྡོར་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་འཁོར་ལོར་རབ་གྱུར་ནས༔ ནད་གདོན་སྡིག་སྒྲིབ་ཞི་ནས་ཀྱང༔ ལུས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གསུང་གི་འཁོར་ལོར་རབ་གྱུར་ནས༔ ངག་གི་སྡིག་སྒྲིབ་ཞི་ནས་ཀྱང༔ ཨཱ་ལི་ཀཱ་ལི་ཆོས་ཀྱི་སྒྲ༔ ཚངས་དབྱངས་དྲུག་ཅུར་ལྡན་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་འཁོར་ལོར་རབ་གྱུར་ནས༔ ཡིད་ཀྱི་རྣམ་རྟོག་རབ་དག་ནས༔ ཆོས་དབྱིངས་དོན་དང་ལྡན་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཡོན་ཏན་འཁོར་ལོར་རབ་གྱུར་ནས༔ ཤེས་བྱའི་སྒྲིབ་པ་དག་ནས་ཀྱང༔ ཤེས་བྱ་ཀུན་ལ་མ་རྨོངས་པ༔ རིག་པའི་རྩལ་དབང་ཐོབ་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་འཁོར་ལོར་རབ་གྱུར་ནས༔ ཉོན་མོངས་སྡིག་སྒྲིབ་དག་ནས་ཀྱང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ འཁོར་ལོ་ལྔར་རབ་ཏུ་གྱུར་པ་ལ་བརྟེན་ནས༔ ལུས་ཀྱི་ནད་སེམས་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་གྱུར་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ཐོགས་ལ༔ ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ལྔ་དང་ལྡན༔ སྣང་སྟོང་མི་དམིགས་མཚན་མ་བྲལ༔ གསང་མཚན་མིང་གི་དབང་ཐོབ་ཤོག༔ ཨོཾ་བཛྲ་གསང་བདག་རྩལ་ཨ་བྷི་ཥིཉྩ་ཨཱ༔ ཞེས་པས་ཅོད་པན་གདག་གོ༔ སྲུང་སྐུད་འདོགས་པ་ནི༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ བརྡ་རྟགས་གསེར་གྱི་ལུ་གུ་རྒྱུད༔ གང་ལ་བཏགས་པ་དེ་ཉིད་ཀྱིས༔ དགྲ་དཔུང་བཤིགས་ནས་བདུད་དཔུང་འཇོམས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༔ འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཕྲེང་བ་ལག་ཏུ་གཏད་ལ༔ གསང་སྔགས་ཀུན་གྱི་གྲངས་ཚད་འཛིན༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཞིག༔ བསྙེན་པ་ཆུ་བོའི་གཞུང་བཞིན་ཟློས༔ བསྐྱེད་རྫོགས་ཟུང་འབྲེལ་དབང་ཐོབ་ཤོག༔ དྷརྨཱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་རྣམས་རིམ་པར་བསྐུར་རོ༔ དེ་ནས་དགའ་སྟོན་བྱ༔ བཀྲ་ཤིས་སྨོན་ལམ་གྱིས་རྗེས་བསྐྱང༔ གསང་བདག་ཕྱག་རྡོར་གྱི་དབང་བཤད་མེ་ལྕེ་ཕྲེང་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈ ྀཨཚ༔ ཤུ་བྷཾ༔ ༔

ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་ (Volume 62, Text 31)

ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་ནི། ༥༽རྒྱལ་སྲས་མུ་ཏིག་བཙན་པོས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལྷོ་ནུབ་རྔ་ཡབ་སྲིན་ཡུལ་དུ་གཤེགས་ཁར་ཚོགས་འཁོར་དང་བདོག་རྒུའི་གཅེས་ནོར་འཕུལ་ཏེ་ལྷ་ཕྱག་མང་པོ་བཙལ་ནས། བླ་མེད་བླ་མའི་འདུ་ཤེས་བཅོས་མིན་འཁྲུངས་པའི་དགོངས་ཉམས་འདི་སྐད་དོ། །རྗེ་མ་རིག་མུན་པ་སེལ་མཛད་པའི༔ ཡེ་ཤེས་སྣང་བའི་སྒྲོན་མ་ཅན༔ རྟོགས་པའི་དྲ་བ་གཅོད་མཛད་པའི༔ ཤེས་རབ་ཆེན་པོའི་རལ་གྲི་ཅན༔ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའི༔ ཡང་དག་ལྟ་བའི་དམག་ཚོགས་ཅན༔ འཁོར་བའི་ཆུ་ལས་སྒྲོལ་མཛད་པའི༔ ཐུགས་རྗེ་ཆེན་པོའི་གྲུ་གཟིངས་ཅན༔ དགེ་བའི་བར་ཆད་ཞི་མཛད་པའི༔ གསང་སྔགས་ཐབས་ཀྱི་ཁྱད་པར་ཅན༔ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའི༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་ཅན༔ ཇི་སྐད་གསུངས་པ་ཇི་བཞིན་འབྱུང༔ མངོན་པར་ཤེས་པའི་ངེས་དོན་ཅན༔ གདམས་ངག་གང་དང་གང་ཞུས་ཀྱང༔ དགྱེས་ཤིང་གནང་བའི་བཀའ་དྲིན་ཅན༔ རྒོལ་བ་ཐམས་ཅད་ཚར་གཅོད་པའི༔ ཤཱཀྱ་སེངྒེའི་ཆ་ལུགས་ཅན༔ བསྟན་པའི་གཙོ་དང་ཐ་མི་དད༔ འཇིག་རྟེན་གསུམ་ན་རྙེད་མི་སྲིད༔ ཁྱོད་ཀྱི་བཀའ་ལུང་མ་ལགས་པ༔ སུ་ལ་ཡང་ནི་མི་ལྟོས་པས༔ བདག་གི་རེ་ལྟོས་གུ་རུ་རྗེ།། ཞལ་མཇལ་གསུང་ཐོས་ང་རེ་འཚེངས།། །། ༡༡༽བོད་ཀྱི་ཆོས་འཁོར་ཆེན་པོ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གྲུབ་ཅིང་དམ་ཆོས་ཀྱི་ཉི་མ་ཤར་ནས། རྒྱལ་པོའི་མངའ་ཐང་རྒྱས་ཏེ་སྙན་གྲགས་ཉི་འོག་ཁྱབ་པས་རྗེ་འབངས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཚེ། སྔགས་འཆང་རྒྱལ་པོ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྱི་ནང་གི་བདུད་ཚོགས་ཀུན་ལ་མི་འཇིགས་ལྟ་བའི་གདེངས་བརྙེས་ཀྱི་དགོངས་ཉམས་འདི་སྐད་དོ། ། ཧཱུྃ༔ མཁའ་ལ་བྱ་འཕུར་ཉམ་མི་ང༔ མཁའ་ལ་བྱ་འཕུར་ཉམ་ང་ན༔ བྱ་འདབ་གཤོག་རྒྱས་པ་དོན་རེ་ཆུང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་མི་ང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་ང་ན༔ ཉ་ཆུ་ནང་དུ་སྐྱེས་པ་དོན་རེ་ཆུང༔ ལྕགས་ཀྱི་གར་བུ་རྡོས་མི་ཆོག༔ ལྕགས་ཀྱི་གར་བུ་རྡོས་ཆོག་ན༔ ལྕགས་ལ་ཞུན་ཐར་བྱས་པ་དོན་རེ་ཆུང༔ བན་དེ་སྔགས་པ་དགྲས་མི་འཇིག༔ བན་དེ་སྔགས་པ་དགྲས་འཇིག་ན༔ མི་ཚེར་སྒོམ་སྒྲུབ་བྱས་པ་དོན་རེ་ཆུང༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན། །རྣམ་དག་མ་བཅོས་ཐིག་ལེར་བསྒྲལ། །མཁའ་ལྟར་དག་པའི་སེམས་ཉིད་ལ། །དགེ་སྡིག་གཉིས་ཀྱིས་གོས་པ་མེད། །སེམས་ཉིད་ནམ་མཁའ་དག་པའི་ཕྱིར། ཁམས་གསུམ་བསྒྲལ་ན་དེ་ལྟར་སྒྲོལ། །ཞུས་དཔྱད་པ་དྭགས་པོ་སྤྲུལ་སྐུར་འབོད་པས་བཀའ་ཐང་སྡེ་ལྔ་དང་བཻ་རོའི་འདྲ་འབག་ལས་བཏུས་པས་གོ་ཆོད་མིན་དཔྱད་པར་བྱ་དགོས་པའོ།། །།

ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲེགས་པའི་སྒྲུབ་ཐབས་ (Volume 33, Text 31)

༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲེགས་པའི་སྒྲུབ་ཐབས་བཞུགས༔ ྈྈྈ ཧེ་རུ་ཀ་དཔལ་དྲེགས་པ་འདུལ་བྱེད་ལ༔ ཕྱག་འཚལ་དེ་ཡི་སྒྲུབ་ཐབས་བསྟན་པར་བྱ༔ བསྟན་པ་བསྲུང་ཕྱིར་བསྟན་སྲུང་སྒྲུབ་པ་ནི༔ འཇིག་རྟེན་མཆོད་ཅིང་བསྟོད་པས་འགྲུབ་པར་གསུངས༔ དེ་ཕྱིར་ཤིན་ཏུ་རྩུབ་པའི་གནས་རྣམས་སུ༔ དཀྱིལ་འཁོར་བཞེངས་ཤིང་སྒྲུབ་ཐབས་མཆོད་པ་དང༔ སྤྱན་གཟིགས་ཚོགས་རྣམས་འདུས་ཤིང་འཚོགས་པར་བྱ༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱས་ནས་སུ༔ དངོས་གཞི་བསྐྱེད་པའི་རིམ་པ་བསྒོམ་པ་ནི༔ ཆོས་རྣམས་དམིགས་མེད་ཀུན་ཁྱབ་དེ་བཞིན་ཉིད༔ འགག་མེད་རང་རྩལ་སྙིང་རྗེས་ཀུན་ལ་ཁྱབ༔ ཟུང་འཇུག་རྒྱུ་ཡི་སྙིང་པོ་ཧཱུྃ་ཡིག་ལས༔ རཾ་ཡཾ་ཁཾ་འཕྲོས་སྣོད་བཅུད་དངོས་པོ་སྦྱངས༔ དྭངས་མ་ཨེ་ཡཾ་ར་སུཾ་ཀིཾ་རཾ་འཕྲོས༔ ནམ་མཁའ་རླུང་ནག་ཁྲག་མཚོ་ཞིང་གི་ས༔ ཀེཾ་རུས་རི་རབ་བསྐལ་པའི་མེ་དཔུང་འབར༔ དེ་དབུས་བྷྲཱུྃ་ལས་དྲག་པོའི་ཕོ་བྲང་ནི༔ ཐོད་པ་རིམ་བརྩེགས་ཁྲག་ཞག་མེ་རླུང་འཁྲུགས༔ དྲེགས་པ་ཉི་ཟླའི་ཀ་གདུང་རྒྱན་གྱིས་མཛེས༔ དགྲ་བགེགས་བསྒྲལ་པའི་བམ་གྱི་ལོངས་སྤྱོད་ཅན༔ གྲུ་བཞི་སྒོ་བཞི་ཞིང་གིས་ཐོག་ཕུབ་ཅིང༔ ཙིཏྟའི་ཏོག་འབར་གནམ་ལྕགས་འཁོར་ལོ་འཁོར༔ ཆུ་སྲིན་ཕྲུ་གུ་ཉ་སྦྲུལ་ཟར་ཚགས་ཅན༔ དུར་ཁྲོད་བརྒྱད་དང་སྲུང་བའི་འཁོར་ལོས་བསྐོར༔ གྲུ་ཆད་འཁོར་ལོ་རྩིབས་བཞི་རྡོ་རྗེ་བྲག༔ མཐིང་ནག་གྲུ་གསུམ་འབར་བའི་ཨེ་དབྱིངས་སུ༔ པདྨ་ཉི་ཟླ་དྲེགས་པ་ཕོ་མོའི་གདན༔ དེ་སྟེང་རྒྱུ་ཡི་ས་བོན་ཧཱུྃ་ཡིག་བབ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ བདག་ཉིད་གསང་བདག་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་གཡས་པ་ཁམ་ནག་གཡོན་སྨུག་ཞལ༔ ཕྱག་དྲུག་དང་པོའི་རྡོ་རྗེས་དུང་ཁྲག་དཀྲུག༔ གཡས་ཀྱི་བར་མ་ཐ་མས་ལྷ་བརྒྱད་མགོ༔ གཡོན་གྱི་བར་པ་འོག་མས་ཀླུ་བརྒྱད་མགོ༔ སྐྲ་ནས་འཛིན་ཅིང་རྡོ་རྗེའི་གཤོག་པ་བརྒྱངས༔ ཁྲོ་གཉེར་རབ་བསྡུས་སྤྱན་དགུ་གློག་ལྟར་འཁྱུག༔ སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར༔ དབུ་སྐྲ་དམར་སེར་གྱེན་འཁྱིལ་རྡོ་རྗེའི་ཏོག༔ གར་དགུའི་ཉམས་ལྡན་ཁྲག་ཞག་ཐལ་བས་བྱུགས༔ ཞིང་ཆེན་ཀོ་རློན་སྐུ་ཡི་སྟོད་དུ་གསོལ༔ སྟག་ལྤགས་ཤམ་ཐབས་རྡོ་རྗེའི་གོ་ཁྲབ་དང༔ སྦྲུལ་ཆུན་ཐོད་པའི་ཅོད་པན་དོ་ཤལ་དང༔ འཇིགས་བྱེད་ཆེན་པོའི་རྒྱན་གྱིས་རབ་ཏུ་བཀླུབས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་དྲེགས་པ་བརྫིས༔ གསང་བའི་ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ མཐིང་ནག་ཕྱག་རྒྱ་ལྔ་འཆང་དུར་ཁྲོད་ཆས༔ ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་ཡབ་ལ་འཁྲིལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ ཡབ་ཡུམ་རྡོ་རྗེ་པདྨ་མཉམ་སྦྱོར་བས༔ བྱང་ཆུབ་སེམས་སྤྲིན་ཁྲོ་བོའི་ཚོགས་སྤྲོས་པས༔ དྲེགས་པ་ཚར་བཅད་ཚུར་འདུས་ཧཱུྃ་ལ་བསྡུས༔ ཡབ་ཡུམ་མཁའ་གསང་ལམ་ནས་ཕྱིར་འཕྲོས་པས༔ གཡས་སུ་ལྷ་ཆེན་དབང་ཕྱུག་སྐུ་མདོག་མཐིང༔ གཡས་པས་གྲི་གུག་གཡོན་པས་ཙིཏྟ་འཛིན༔ བེར་ནག་གསོལ་ནས་འཇིགས་བྱེད་སེང་གེ་འཆིབ༔ གཡོན་དུ་ཨུ་མ་དེ་ཝཱི་སྐུ་མདོག་མཐིང༔ གཡས་པས་རྩེ་གསུམ་གཡོན་པས་ཐོད་ཁྲག་འཛིན༔ བེར་ནག་གསོལ་ནས་གླང་པོ་ཆེ་ལ་འཆིབ༔ ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་དུ༔ ཤར་དུ་ཡ་མ་རཱ་ཛ་སྐུ་མདོག་ནག༔ གཡས་པས་བེ་ཅོན་གཡོན་པས་ཐོད་དབྱུག་ཐོགས༔ གཅན་གཟན་ལྤགས་པ་གསོལ་ནས་མ་ཧེ་འཆིབ༔ སྒྲོལ་བྱེད་ནག་མོ་འཁོར་ལོ་ཐོད་ཁྲག་འཛིན༔ མི་ལྤགས་གཡང་གཞི་གསོལ་ནས་ཆུ་གླང་འཆིབ༔ ལྷོ་རུ་བདུད་པོ་སྐོས་རྗེ་བྲང་དཀར་ནག༔ གཡས་པས་ཁྲམ་ཤིང་གཡོན་པས་ཐོད་ཁྲག་ཐོགས༔ བེར་ནག་གསོལ་ནས་བདུད་རྟ་ནག་པོ་འཆིབ༔ རེ་ཏཱི་ནག་མོ་མཐིང་ནག་བེར་ཆེན་གསོལ༔ ཁྲམ་ཤིང་ཐོད་ཁྲག་འཛིན་ཅིང་བོང་བུ་འཆིབ༔ ནུབ་ཏུ་སྲིན་པོ་གློག་གི་ཕྲེང་བ་ཅན༔ ནག་པོ་གཡས་གཡོན་གློག་ཕྲེང་སེར་བ་ཐོགས༔ གློག་གི་ཐུལ་པ་གསོལ་ནས་འབྲུག་ལ་འཆིབ༔ ཀླུ་མོ་སྦལ་མགོ་ཁྲག་མིག་ཁྲག་གི་མདོག༔ ཕྱག་གཡས་ཕུར་པ་གཡོན་པས་མི་མགོ་འཛིན༔ བེར་ནག་གསོལ་ནས་རྔ་མོང་འཇིགས་ལ་འཆིབ༔ བྱང་དུ་གནོད་སྦྱིན་ཡཀྴ་མེ་དབལ་ནག༔ གཡས་པས་རིན་པོ་ཆེ་དང་གཡོན་ཟངས་གྲི༔ མེ་ཕུང་གསོལ་ནས་གཅན་གཟན་སྟག་ལ་འཆིབ༔ གནོད་སྦྱིན་སྔོན་མོ་སྤུ་གྲི་གཡུ་སྤྱང་ཐོགས༔ བེར་ནག་གསོལ་ནས་ལྕགས་ཀྱི་ཕག་ནག་ཞོན༔ ཤར་དབུས་གནམ་ཐེལ་དཀར་པོ་ཤེལ་གྲི་དང༔ ཤེལ་མདུང་དར་དཀར་བ་དན་ཅན་འཛིན་ནས༔ ཟ་འོག་སྔོ་ཁྲའི་བེར་གསོལ་རྟ་དཀར་འཆིབ༔ ལྷོ་དབུས་སྔགས་སྲུང་ཨེ་ཀ་ཛཱ་ཊི་མ༔ ནག་མོ་ཙིཏྟ་གཡས་ལ་གཡུ་སྤྱང་གཡོན༔ མཐིང་གི་གོས་ཅན་དྲེལ་རྟ་ནག་མོ་འཆིབ༔ ནུབ་དབུས་བཙན་རྒྱལ་སྲོག་ཟན་སྐུ་མདོག་དམར༔ མདའ་གཞུ་མདུང་དམར་ཐོགས་ནས་མེ་རྟ་འཆིབ༔ དར་དམར་རལ་གུ་བསེ་རྨོག་དམར་པོ་གསོལ༔ བྱང་དབུས་གུ་ལང་ཀཱ་ལ་ནག་པོ་ནི༔ གཡས་པས་ཁ་ཊྭཱཾ་གཡོན་པས་ཐོད་ཁྲག་འཐུང༔ དར་ནག་བེར་ཆེན་གསོལ་ནས་སེང་གེ་འཆིབ༔ ཤར་སྟོད་ཤམ་པོ་དཀར་པོ་དར་དཀར་གསོལ༔ མདུང་དར་ཤེལ་གྲི་འཛིན་ཅིང་གཡག་དཀར་ཞོན༔ ཤར་སྨད་སྤྱི་བདུད་རྒྱལ་པོ་གུ་རུམ་དཀར༔ ཤེལ་ཁྲབ་བསེ་རྨོག་གསོལ་ནས་མདུང་དར་ཐོགས༔ རྡོ་རྟ་གྲོ་བོ་རྫུ་འཕྲུལ་འཕུར་ཤེས་འཆིབ༔ ལྷོ་སྟོད་མ་མོ་སྲིད་པའི་རྒྱལ་མོ་དཀར༔ དར་དཀར་གོས་ཅན་འཁོར་ལོ་མེ་ལོང་ཐོགས༔ གཡུ་འབྲུག་སྔོན་པོ་རལ་པ་ཅན་ལ་འཆིབ༔ ལྷོ་སྨད་མཁའ་འགྲོ་མགྱོགས་བྱེད་སྐུ་མདོག་ནག༔ ཕྱག་གཉིས་རྒྱུ་ཞགས་ཚོན་གྱི་གྲུ་གུ་ཐོགས༔ ཟ་འོག་ནག་པོའི་གོས་ཅན་བྱ་རོག་ཞོན༔ ནུབ་སྟོད་རུ་ཊ་རྡོ་རྗེ་བདུད་འདུལ་ནག༔ ཕྱག་གཉིས་ཡུངས་ཐུན་བྷནྡྷ་ཁྲག་བཀང་འཛིན༔ དར་ནག་བེར་གསོལ་རྟ་ནག་རླུང་གཤོག་འཆིབ༔ ནུབ་སྨད་ཡམ་ཤུད་དམར་པོ་གྲི་ཞགས་ཐོགས༔ བེར་དམར་གསོལ་ནས་ཟངས་རྟ་དམར་པོ་ཞོན༔ བྱང་སྟོད་བི་ནཱ་ཡ་ཀ་མཐིང་ནག་མདོག༔ གཡས་པས་ཁ་ཊྭཱཾ་གཡོན་པས་ཐོད་ཁྲག་ཐོགས༔ དར་ནག་བེར་ཆེན་གསོལ་ནས་རྟ་ནག་འཆིབ༔ བྱང་སྨད་བཀྲག་མེད་ནག་པོ་བེར་ནག་གསོལ༔ ཤང་ལང་མདའ་གཞུ་ཐོགས་ནས་རྟ་ནག་ཞོན༔ སྟེང་ཕྱོགས་གཟའ་བདུད་དུད་ཁ་མགོ་དགུ་པ༔ བྱ་རོག་ཞལ་ཅན་མིག་སྟོང་སྦྲུལ་མཇུག་ཅན༔ འབྲུག་སློག་གསོལ་ནས་གཡས་པས་མདའ་གཞུ་དང༔ གཡོན་པས་སྦྲུལ་ཞགས་འཕེན་ཅིང་འབྲུག་ལ་ཞོན༔ གནམ་སྨན་ཐོག་གི་བུ་ཡུག་དམར་སྐྱའི་མདོག༔ ཕྱག་གཉིས་ཐོག་སེར་ཐོགས་ནས་འབྲུག་གློག་ཞོན༔ འོག་ཕྱོགས་ཀླུ་བདུད་དུད་ཁ་སྦྲུལ་མགོ་དགུ༔ ཕྱག་གཉིས་སྦྲུལ་ཞགས་དང་ནི་ནད་རྐྱལ་ཐོགས༔ སྦྲུལ་གྱི་སློག་པ་གསོལ་ནས་ཆུ་སྲིན་འཆིབ༔ ཀླུ་མོ་ཡཀྴ་ནག་མོ་སྦྲུལ་མཇུག་ཅན༔ ཕྱག་གཉིས་སྦྲུལ་གྱི་ཞགས་པ་ནད་རྐྱལ་ཐོགས༔ སྦྲུལ་ལྤགས་གསོལ་ནས་རུ་སྦལ་འཇིགས་ལ་ཞོན༔ ཤར་སྒོར་ཚངས་པ་དཀར་པོ་བྱ་ཐུལ་ཅན༔ སྤུ་གྲི་ཉི་ཟེར་ཐོགས་ནས་སེང་གེ་ཞོན༔ ལྷོ་སྒོར་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར༔ ཕྱག་གཉིས་བདུད་ཞགས་དང་ནི་སྤུ་གྲི་ཐོགས༔ དོམ་སློག་གསོལ་ནས་བ་གླང་སྣ་རིང་འཆིབ༔ ནུབ་ཏུ་དགྲ་ལྷ་རྡོ་རྗེ་ལེགས་པ་དཀར༔ ཟབ་སློག་ཤེལ་གྱི་ལ་ཐོད་བརྗིད་པར་གསོལ༔ རྡོ་རྗེ་རུ་མཚོན་ཐོགས་ནས་ར་དཀར་འཆིབ༔ བྱང་སྒོར་མ་ཧཱ་ཀཱ་ལ་སྐུ་མདོག་ནག༔ བེར་ནག་གསོལ་ནས་བིང་ཆེན་རྐེད་ལ་བཙུགས༔ གྲི་ཐོད་འཛིན་ནས་རྟ་ནག་རྟིང་དཀར་འཆིབ༔ རེ་རེ་ལ་ཡང་འཁོར་གཡོག་འབུམ་ཕྲག་གཉིས༔ ཕྱི་ནང་གསང་སྦས་ཡང་གསང་དྲག་སྔགས་དང༔ ལས་བྱེད་བཏགས་ཤིང་ཆགས་པའི་སྡེ་བརྒྱད་བཅས༔ དུག་ལྔ་གནས་དག་ཡེ་ཤེས་ལྔ་དབང་རྫོགས༔ སྒོ་གསུམ་གདོད་ནས་རྣམ་དག་སྐུ་གསུང་ཐུགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྤྱན་དྲངས་བསམ༔ ཤ་ཆེན་གུ་གུལ་བསྲེགས་ཤིང་རྐང་གླིང་འབུད༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་གསང་བདག་ཁྲོས་པའི་སྐུ༔ དྲེགས་པ་འདུལ་ཕྱིར་ཡབ་ཡུམ་འཁོར་དང་བཅས༔ གནས་འདིར་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་གཞལ་ཡས་དམ་པ་འདིར༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མཆོད་བསྟོད་བྱས་ལ་བཟླས་པ་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཅེས་བཟླས་མཆོད་བསྟོད་བཟླས་བཤགས་རྫོགས་རིམ་བསྒོམ༔ དེ་ལྟར་དྲེགས་པའི་ཕྲིན་ལས་ཤིན་ཏུ་ཟབ༔ ས་མ་ཡཿརྒྱ༔ གཏེར་རྒྱ༔ སྦས་རྒྱ༔

བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་གཏོར་ནག་འཕང་བའི་ལས་རིམ་ནག་འགྲོས་སུ་བཀོད་པ་མཐུ་སྟོབས་གློག་གི་ཕྲེང་བ་ (Volume 12, Text 31)

༄༅། །བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་གཏོར་ནག་འཕང་བའི་ལས་རིམ་ནག་འགྲོས་སུ་བཀོད་པ་མཐུ་སྟོབས་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀརྨ་ཧེ་རུ་ཀཱ་ཡ། སྲིད་གསུམ་བདུད་བཞིའི་ཚང་ཚིང་ཇི་སྙེད་པ། །མཐུ་སྟོབས་བསྐལ་མེ་གཅིག་གིས་འཇོམས་མཛད་པ། །ཕྲིན་ལས་དྲག་པོའི་ལྷ་ལ་ཕྱག་འཚལ་ནས། །གཏོར་ནག་ལས་ཀྱི་མདེ་ཐུང་བལྟས་ཆོག་བཀོད། །ཡང་གསང་དྲག་པོ་ཀརྨ་གུ་རུའི་ལས་མཐའ་བར་གཅོད་སེལ་བྱེད་གཏོར་ནག་ལག་ཏུ་ལེན་པ་ལ་གཉིས། བཅའ་གཞི་དང་། ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུ་གཅན་གཟན་ནས་གླང་ལྤགས་ལྟ་བུས་བཀབ་པའི་སྟེང་དུ་ལྕགས་སོགས་དྲག་པོའི་སྣོད་དུ་འབྲུ་ནག་རྗེན་བཏགས་ཀྱི་ཕྱེ་ལ་བཙན་དུག་བཏབ་ཅིང་དུག་ཁྲག་གིས་སྦྲུས་པ་ལས། ཆོས་འབྱུང་གྲུ་གསུམ་ནག་པོ་རྒྱ་དཔངས་མཉམ་པའི་ཁར། ལྷ་བདུད་གན་རྐྱལ་དཀར། ཕུང་བདུད་ཁ་སྦུབ་སེར། ཉོན་བདུད་གན་རྐྱལ་དམར། འཆི་བདུད་ཁ་སྦུབ་ནག་པོ་བཞི་བརྩེགས་རྐང་པ་རྣམས་ས་ལ་འབེབ་ཚུལ་དང་། ལག་པ་བགྲད་ནས་བརྐྱངས་པའི་སྙིང་གར་དགྲ་བགེགས་དམིགས་གསལ་མིང་བྱང་སྤེལ་ཚིག་བཅུག་པ་ལ། སེང་ལྡེང་ཕུར་པ་རི་རབ་མ་སོར་བརྒྱད་པ་དར་ནག་གི་ཅོད་པན་སྦྲུལ་མགོ་མ་རྐེད་པར་བཅིངས་པ་བཙུགས། དེ་སྟེང་རྐང་གསུམ་ཁར་ལྕགས་སྣོད་དུ་གཏོར་རྒྱུ་གོང་དང་མཚུངས་པས་གཏོར་ནག་ཟུར་གསུམ་མེ་རི་ཅན་སྐུ་རྟེན་ཙཀླི་དར་གདུགས་ནག་པོས་སྤྲས་པའི་མཐའ་སྐོར་དུ་ཟོར་ཀོང་མཐེབ་ཀྱུ་དང་རྩང་དམར་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས་པ་ལ་རྒྱུ་མའི་ལྡ་ལྡི། ཤ་དུམ། མཚེ་ཡུངས་གང་བུ་སོགས་དྲག་པོའི་རྒྱན་གྱིས་བརྒྱན་པ་བཞག །དེའི་མདུན་དུ་སྒྲུབ་གཏོར་དང་གཡས་གཡོན་སྨན་རཀ །རྒྱབ་ཏུ་གཏེར་སྲུང་གཏོར་མ། ཆད་ཐོ། ཞི་དྲག་གི་ཉེར་སྤྱོད་ལྔ་པོ་མདུན་ནས་ཕྲེང་ཚར་དུ་བཤམ། དེ་མདུན་ནམ་གཡས་གཡོན་གང་བདེར་རེ་བའི་གདན་འབྲུ་ནག་གི་ཚོམ་བུ་བཀོད་པ་ལ། དུར་ཁྲོད་ཀྱི་ས་དང་ས་ནག་དུག་ཁྲག་གི་ཆུས་སྦྲུས་པ་ལ་དབང་ཕྱུག་གི་མཚན་མ་མཐོ་གང་པ་ནང་ཁོང་སྟོང་བྱས་པ་ལ། དུག་ཤོག་ལ་ཟློག་སྔགས་བྲིས་པ་དང། དབང་ཕྱུག་དྲག་སྔགས་བཟླས་པའི་ཡུངས་ཐུན་བླུགས་ལ་ཞབས་བསྡམས། རང་འདྲ་ཆུང་བ་བརྒྱད་ཀྱིས་བསྐོར་ལ་བཞག །གཞན་ཡང་ཐུན་གཏོར་གྲུ་གསུམ་ནག་པོ་མཚེ་ཡུངས་ཀྱིས་བརྒྱན་པ། ཚོགས་ཀྱི་ཡོ་བྱད། བདུད་བཞིའི་ལིངྒ་བསྒྲལ་བསྟབ་བྱ་རྒྱུ། ཕུར་པ། སྒྲོལ་གྲི་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་གསུམ། བདག་བསྐྱེད་བསྙེན་པའི་རྫོང་བཅའ་བ། མདུན་བསྐྱེད་ཟློག་པའི་དཔུང་གསར་བ། རྗེས་འཕང་བའི་ལས་ཀྱི་གཡུལ་འགྱེད་པའོ། །དང་པོ་ནི། ཚིགས་བདུན་སྔོན་དུ་འགྲོ་བས། བླ་མ་སྐུ་གསུམ་མ་དང་། བརྒྱུད་པའི་གསོལ་འདེབས་ནས་བརྩམ་ལས་བྱང་མཐར་ཆགས་སུ་གཏང་། སྔ་དྲོའི་རིགས་ལ་རྩ་བའི་འཛབ་བསྙེན་གང་འགྲོ་བཟླས་ལ་མཆོད་བསྟོད་བྱའོ། །གཉིས་པ་ནི། ཉིན་དང་པོར་ཐོག་མར་གཏོར་ཟོར་ལ་གནོད་བྱེད་དགྲ་བགེགས་རྣམས་ཚོགས་ཐ་མ་ཇི་ལྟ་བ་བཞིན་དགུག་གཞུག་ཉེར་གཅིག་གམ་བདུན་གྱི་མཐར་ཕུར་བུ་བསྒྲིལ་བཞིན་གདེངས་པའི་སྟབས་དང་བཅས་སྒྲོལ་ཚིག་བརྗོད་ལ་དམིགས་པ་བྱ། གཏོར་མ་ངོ་བོ་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ལས་བྱང་ལྟར། ཧཱུྃ་ཧཱུྃ་ཧཱུྃ། ལངྐ་པུ་རི་སྲིན་པོའི་ཡུལ། ཞེས་སོགས་ཀྱིས་སྤྱན་དྲངས། རྩ་སྔགས་མཐར། གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་ཕུལ་བས་ལྷག་མ་མ་ལུས་པར་བཞེས་པར་བསམ། མདུན་དུ་སྤྱན་དྲངས་པ་གཉིས་མེད་དུ་ཐིམ་པར་མོས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པ་ནི་ཁྱད་པར་ཏེ་ཚར་གཉིས་པ་ཕན་ཆད་ལ་མི་དགོས་སོ། །དེ་ནས་བདག་མདུན་གཉིས་ཀ་དྲག་པོ་ཕུར་མཇུག་ཅན་དུ་གསལ་གདབ་པ་ནི། ཧཱུྃ། བདག་དང་དྲག་པོའི་གཏོར་མ་ནི། །བདུད་འདུལ་ཀརྨ་དྲག་པོའི་སྐུ །ལྗང་ནག་དུ་བའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་རྒྱན་རྣམས་རྫོགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཕྱར། །ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །ཉོན་མོངས་བདུད་བཞི་ཟིལ་གྱིས་གནོན། །གཡོན་པས་སེང་ལྡེང་ཕུར་པ་གདེངས། །ཤེས་རབ་སྙིང་རྗེས་སྒྲོལ་བའི་ཕྱིར། །ཞིང་བཅུའི་རུ་དྲ་སྒྲོལ་བའི་རྟགས། །སྐུ་སྨད་ཕུར་པའི་དབལ་དང་ལྡན། །གནམ་ལྕགས་འབར་བའི་ཐོག་ལྟར་གྱུར། །ཞེས་གསལ་བཏབ་ལ། ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པའི་བར་རྒྱས་པར་བཏང་བའི་གཞུང་བསྟོད་མཇུག་ཏུ། དགྲ་བགེགས་རུ་དྲ་སྒྲོལ་བའི་ལས་མཛོད་ཅིག །ཅེས་སྦྱར། བཟླས་དམིགས་ནི། ཐུགས་ཀར་མཐིང་ནག་རྡོ་རྗེའི་དབུས། །ཧཱུྃ་ཡིག་མཐའ་རུ་ལས་སྔགས་ནི། །མགར་གྱི་ཞུན་མེ་ལྟ་བུར་འཕྲོ། །འབར་བ་དྲག་པོའི་སྐུ་རུ་གསལ། །ཞེས་པའི་ཏིང་ངེ་འཛིན་གསལ་བས་རྩ་སྔགས་ཀྱི་ཤམ་བུར། གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ། ཏྲིག་རྦད་ཏྲིག་རྦད། ཧ་ལ་པ་ཏི་ཏྲིག་ནན་རྦད། ཅེས་བཏགས་པ་ཅི་མང་བཟླ། ཟོར་སྒྲུབ་པ་ནི། བཀའ་སྡོད་དབང་ཕྱུག་གི་ཟོར་གཏོར་ལ་དམིགས་ནས། བདག་དང་དྲག་པོའི་ཟོར་གཏོར་ནི། །མི་བཟད་དབང་ཕྱུག་ཆེན་པོའི་སྐུ །ཤིན་ཏུ་ཆེ་བ་གྱེན་དུ་བསྒྲེངས། །འབྲས་བུ་ཀླུ་ཡི་ཡུལ་དུ་ཟུག །སྐེད་པ་མི་ཡི་ཡུལ་དུ་ལྡེམ། །མགོ་བོ་ལྷ་ཡི་ཡུལ་དུ་འཁྱོགས། །ཆུ་སྦུབ་བསྐལ་པའི་མེ་ལྟར་འབར། །སྐུ་ཡི་བ་སྤུའི་བུ་ག་ནས། །ཞུན་གྱི་མེ་སྟག་ཁྲོ་བོ་འཕྲོ། །སྔགས་བཟླས་མེ་ཡི་འོད་ཟེར་གྱིས། །གནོད་བྱེད་ཐམས་ཅད་ཚིག་པར་གྱུར། །ཨད་ཏྲ་སད་ཏྲ་སོ་ལེ་བཾ། གྷུ་ལི་བྷི་བྷྱོ། ཨུརྞོ་ཨུརྞོ། ཐུན་ཆོག་ཐུན་ཆོག །རརྣོ་ཐུན་ཆོག་་་འདི་ཕལ་ཆེར་ལ་མི་སྣང་བརྟག །བ་སོ་བ་སོ་ཏིཀྟ་ནག་པོ་སརྦ་ཐུན་བཾ། བྱད་སྟེམས་མཱ་ར་ཡ་ཟློག །ཡར་ཟློག །མར་ཟློག །ཚལ་པར་གས། འདིར་མཐའི་དམག་དཔུང་ངམ་དགྲ་བགེགས་ལྟ་བུ་མིང་སྤེལ་སྦྱར་་་་མཱ་ར་ཡ་ཟློག །ཅེས་མང་དུ་བཟླ་ཞིང་ཐུན་ལའང་སྔགས། དེ་ནས་ཆོས་སྲུང་གཏེར་སྲུང་ལ་གཏོར་མ་ཕུལ་ཏེ་ལས་ཀྱི་རྒྱབ་བསྐྱོར། ཚོགས་བྱིན་རླབས་བྱས་ལ་ཚོགས་དང་པོ་བར་པ་གཉིས་ཕུལ། ཐ་མ་བསྒྲལ་མཆོད་ལ་བརྟེན་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། བདུད་བཞིའི་ལིངྒ་ཟུར་པ་མདུན་དུ་ལྕགས་ཧོམ་ལ་བཀོད་དེ། ཐུགས་དམ་བསྐུལ་པ་ནི། ཧཱུྃ། གནམ་ལྕགས་གཞལ་ཡས་མེ་དཔུང་འབར་བའི་དབུས། །བདུད་བཞི་འདུལ་མཛད་ཀརྨ་དྲག་པོ་རྩལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བགེགས་ཚོགས་བདུད་དཔུང་མ་ལུས་དགྲ་ལ་སྒྱུར། །མ་ཧཱ་དེ་བ་སྲིད་པའི་མེས་པོ་ཆེ། བསྐལ་པའི་མེ་རླུང་བར་སྣང་ཁམས་འཁྲུགས་པས། །ནད་གདོན་བར་གཅོད་རྐྱེན་ངན་མ་ལུས་པ། །གནམ་ལྕགས་ཟོར་གྱིས་དགྲ་བོའི་སྟེང་དུ་སྒྱུར། །བདུད་འདུལ་ཀརྨ་དྲག་པོའི་ལྷ་ཚོགས་ཀྱིས། །སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨོད། །བླ་མའི་སྐུ་དགྲ་རྣལ་འབྱོར་ཡོངས་ལ་འཚེ། ཁྱད་པར་བདག་སོགས་རྒྱུ་སྦྱོར་ཡོན་བདག་ལ། །གནོད་བྱེད་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ཡང་སྒོས་ལོག་འདྲེན་དམ་སྲི་འབྱུང་པོའི་དཔུང་། །རྦད་འདྲེ་རྦོད་གཏོང་བྱད་མ་མཁན་པོ་སོགས། །རྣམ་པར་ཤེས་པ་བླ་སྲོག་ཚེ་གསུམ་རྣམས། །ཐར་མེད་འབྲུབ་ཁུང་ནག་པོའི་ནང་འཁྲིད་དེ། །བདུད་བཞིའི་གཟུགས་བརྙན་དམིགས་བྱའི་ཁོག་པ་རུ། །མིང་བྱང་ཡི་གེར་བཏབ་པ་འདི་ཉིད་ལ། །ད་ལྟ་ཉིད་དུ་འགུགས་བསྟིམ་ཕྲིན་ལས་མཛོད། །ཅེས་བསྐུལ། གསེར་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བྱིན་བརླབས་ལ། ཧཱུྃ། བརྒྱུད་གསུམ་བླ་མ་ཡི་དམ་སོགས་སམ། ཡང་ན། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་ཡང་གསང་དྲག་པོའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་ཕུལ། རྩ་གཞུང་དགོངས་པ། མདོར་བསྡུ་ན་འདི་མཚམས་ཧོམ་བསྐྱེད་མདོར་བསྡུས་དང་ལས་བྱང་གི་ཚོགས་ཐ་མའི་འགུགས་བསྒྲལ་བཏང་ནས་འདིར་བསྟན་ཞལ་བསྟབ་ལ་འཇུག་པས་ཆོག་ཅིང་ཅུང་། ཟད་སྤྲོ་ན་མཁྱེན་གསོལ་གཟུ་དཔང་སོགས་བསྒྲལ་ལས་འདོན་ཆ་བྱང་གཏེར་ཕུར་པ་ལྟ་བུ་ནས་སྦྱོར་ཡང་ལེགས་མོད། འདིར་སྤྱི་ཙམ་དུ། མཁྱེན་གཟུ་སོགས་མདོར་བསྡུས་པ་ནི། ཧཱུྃ། ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས། །ཡི་དམ་ཀརྨ་དྲག་པོའི་ལྷ་ཚོགས་རྣམས། །བརྩེ་བའི་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །སྔགས་འཆང་སྒྲུབ་པ་པོ་ལ་དགྲ་བྱུང་ན། །བདག་གིས་མ་ཉེས་མ་ཡོ་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་གསང་སྔགས་སྙིང་པོ་ཕྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །ལས་དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔ་ནི་འབྲས་བུར་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །ཀརྨ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཚུལ་དུ་ཁྲོ་བོའི་སྐུར་བཞེངས་ལ། །བསྒྲལ་བའི་ཞིང་བཅུ་འདུལ་བའི་དུས་ལ་བབས། །མ་གཡེལ་མ་གཡེལ་ཀརྨ་དྲག་པོའི་ཚོགས། །དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད། །ཧོམ་བསྐྱེད་ནི། ཨེ་ཡཾ་ཛྭ་ལ་རཾ། མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་ཁ་དོག་ཅིང་གཏིང་ཟབ་པ། སྒོ་མེད་ཟུར་གསུམ་མུན་ནག་འཐིབས་ཤིང་མེ་རླུང་འཚུབས་པ། ལས་བྱེད་གཤིན་རྗེ་དང་གཅན་གཟན་མང་པོ་གསོད་གཅོད་ལ་རྔམས་པ། འཇིགས་ཤིང་སྐྱི་གཡའ་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཡིད་ལ་བརྣག་པ་ལུས་རིད་ཅིང་ཉམ་ང་བ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། བདེན་སྟོབས་ཚིག་ལྷུག་པ་སྤྱི་འགྲོ་སྤྲོ་ན་བརྗོད། གཞུང་གསལ། ཧཱུྃ་ནྲྀ་ཏྲི་ཛཿཛཿ མཆོག་གསུམ་སྐུ་གསུམ་བྱིན་རླབས་བདེན་པ་དང་། །དབང་ཕྱུག་འཇིག་རྟེན་དྲེགས་པའི་ནུས་མཐུ་ཡིས། །ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན་བྱས་པས། །དཀོན་མཆོག་སྤྱི་དགྲ་རིག་འཛིན་སྐུ་དགྲ་དང་། །སྐྱེ་འགྲོར་འཚེ་བྱེད་ཞིང་བཅུ་རུ་དྲ་དང་། །བོད་ཁམས་ཕུང་བྱེད་མཐའ་དམག་གདུག་པའི་ཚོགས། །གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲིའི་རིགས། །བསྒྲལ་བྱར་འོས་པའི་བླ་སྲོག་འདིར་ཁུག་ཅིག །རྩ་སྔགས་ཤམ་བུར་ཕྱག་རྒྱ་དང་བཅས་པས། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ལན་གསུམ་གྱིས་འགུག་གཞུག་བྱ། ལྷ་དབྱེ་ནི། གུ་གུལ། བྱ་འུག་གི་སྒྲོ་ཐོགས། ཧཱུྃ། དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས། །ལས་ངན་སྡིག་ཅན་དགྲ་བོ་འདི། །སྲུང་ཞིང་སྐྱོབ་པར་བྱེད་པ་ཡི། །ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས། །ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེ། །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །མོ་ལྷ་གསང་བའི་གནས་ནས་ཕྲོལ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །མཉམ་པོར་འོང་བའི་བདུད་དང་སྤྲོད། མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་བ་སརྦ་ཨུ་ཙ་ཏ་ཡ་ཕཊ། ཉེས་པ་བསྒྲག་པ་ནི། ཧཱུྃ། དུག་ལྔའི་དབང་གྱུར་དགྲ་བགེགས་ཁྱོད། །རང་གི་ཉེས་བྱས་རང་ལ་སྨིན། །བདག་གིས་སྙིང་རྗེས་བསྒྲལ་བར་བྱ། །བྱང་ཆུབ་ཐོབ་པར་ཁྱོད་སྨོན་ཅིག །ཕུར་གདབ་ནི། ཕུར་བུ་ཐལ་སྦྱར་བར་དུ་ཐོགས་ལ། རང་གི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་ལྗང་ནག་ཕུར་བུ་བསྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་དབལ་ཟུར་གསུམ་དུ་རྣོ་བ། ཁོང་སེང་དུ་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཨོཾ་ཀརྨ་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཏུ་མཱཾ། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། དེ་ཉིད་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་མཐུ་དང་ལྡན་པར་གྱུར། ཧཱུྃ། ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡི། །སྲས་མཆོག་ཀརྨ་ཀཱི་ལ་ཡ། །བསྒྲིལ་བས་ལྷ་ཡང་སྐྲག་བྱེད་ན། །བཏབ་པས་དགྲ་བགེགས་སྨོས་ཅི་དགོས། །ཞིང་བཅུ་ཚང་བའི་ལོག་འདྲེན་ཚོགས། །སྒྲོལ་ཅིག་ཡེ་ཤེས་ཀློང་དུ་སྒྲོལ། །སྒྲུབ་སྔགས་ཀྱི་ཤམ་བུར། ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་རཾ་རཾ། ཐུལ་ཐུལ། ཏྲིག་རྦད་ཏྲིག་རྦད། ཧ་ལ་པ་ཏི་ཏྲིག་ནན་རྦད། ཅེས་གདིང་གསུམ་གསལ་བ་གསུམ་དང་ལྡན་པས་ཚེ་ལུང་ཁྲུས་ལུང་གི་དམིགས་པ་བྱས་ལ་སྙིང་ཁ་དང་གནས་རྣམས་སུ་གདབ། ཐུན་རྫས་ཀྱིས་བྲབས་ལ། ཧཱུྃ། གཏུམ་དྲག་དཔལ་ལྡན་ཕོ་ཉའི་ཚོགས། །རྣོ་ངར་ཐུན་རྫས་མཚོན་ཆའི་ཆར། །འབེབ་པ་དགྲ་བགེགས་སྟེང་དུ་བྷྱོ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །རྩ་སྔགས་ཀྱི་མཐར་ལས་སྔགས་བཏགས་པས་བརྡེག །རལ་གྲིས་ཕྱག་ལེན་ལྟར་གཏུབས་ལ། ཧཱུྃ། སྙིང་རྗེས་ཁྲོས་པའི་ཁྲོ་རྒྱལ་གྱི། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས། །དགྲ་བགེགས་བག་ཆགས་འཁྲུལ་སེམས་ཕྲལ། །རྣམ་ཤེས་སྐྱེ་མེད་དབྱིངས་སུ་སྟིམས། །རྩ་སྔགས་ལས་སྔགས་བཅས་བརྗོད་ལ་བསྒྲལ། ཐོ་བ་ཧོམ་གཟར་ཐོགས་ལ། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ལྷ་ཡང་རུང་ཏེ་བརླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཨོཾ་པདྨ་ཨཱ་ཀོ་ཊ་ཡ་ཁ་ཐཾ། ཞལ་བསྟབ་ནི། ལིང་རོ་ཁྲག་གིས་བྲན་པ་ཧོམ་གཟར་དུ་ཐོགས་ལ། ཧཱུྃ། སྲིན་པོའི་རྒྱལ་པོ་ཡལ་གམ་ཅན། །གུ་རུ་ཀརྨ་དྲག་པོ་རྩལ། །གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ལ། །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དུག་གསུམ་ཤ་ཁྲག་མཆོད་པ་བཞེས། །ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ་གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། དེ་ནས་ཚོགས་ལ་རོལ་ཅིང་ལྷག་མ་མི་བསྔོ་བར་བཙོན་འཛིན་བྱ། ལིང་རོའི་ལྷག་མ་སྨན་རཀ་དང་བཅས་པ་འབུལ་ཞིང་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། བདུད་འདུལ་ཀརྨ་གུ་རུ་ཁྲོ་ཞིང་གཏུམ། །གཡས་པས་སྣ་ཚོགས་རྡོ་རྗེས་ལས་བཞི་སྒྲུབ། །གཡོན་པས་ཕུར་བུས་དགྲ་བོའི་སྙིང་ལ་གཟིར། །སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས་བཅས་རྣམས། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་མཆོད་པར་བཞེས། །མི་མཐུན་བར་གཅོད་ཟློག་པའི་ཕྲིན་ལས་མཛོད། །ལྷ་ཆེན་དབང་ཕྱུག་སྲིད་གསུམ་དབང་སྒྱུར་བ། །ལྷ་ཀླུ་མི་ཡི་གནས་ཁྱབ་སྲིད་མེས་ཅན། །ཆུ་སྦུབ་བསྐལ་མེ་བ་སྤུའི་བུ་ག་ནས། །མགར་གྱི་ཚྭ་ཚྭ་ལྟར་འཕྲོའི་དྲག་ཤུལ་ཅན། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་མཆོད་པར་བཞེས། །མི་མཐུན་བར་གཅོད་ཟློག་པའི་ཕྲིན་ལས་མཛོད། །ཅེས་རྩ་བའི་ཟློག་གཞུང་ཡིན་པས་བརྒྱ་སྟོང་སོགས་གསོག་དགོས་ན་འདི་ལ་བྱ། ཕུར་པ་ལྕགས་ཁང་མའི་ཟློག་གཞུང་ཆུང་བའི་ཁ་བསྐང་ནི། ཧཱུྃ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །ཟློག་སྒྱུར་ལས་ལ་ཁྱོད་རང་མཁས། །ལྕི་ཡང་རི་བོ་པང་དུ་ལོངས། །དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །ཉེ་བའི་བྱོལ་ཟོར་གཏོང་བ་ཟློག །ལྟག་པའི་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཁོར་བ༴ ཕོ་སྲི་མོ་སྲི་ལངས་པ༴ ཆེ་སྲི་ཆུ་སྲི་ལངས་པ༴ དམ་སྲི་དབུལ་སྲི་གོད་སྲི༴ ཕ་མེས་དུར་སྲི་འཕུང་སྲི༴ བདུད་ཀྱི་ཐན་ནག་ཕྱག་བརྙན༴ བཙན་གྱིས་གཟེར་ཐབས་གཏོང་བ༴ ས་བདག་བྱད་དུ་བཅིངས་པ༴ རྒྱལ་པོའི་སྨྱོ་འདྲེ་འབོག་པ༴ གཟའ་ཡི་ཀིང་ཀང་དུག་རླངས༴ མུ་སྟེགས་ངན་སྔགས་ཐམས་ཅད༴ ཐེའུ་རང་སྲིས་ལ་རྐུ་བ༴ སྔགས་པས་ཕུར་ཁ་འདེབས་པ༴ བོན་གྱིས་ཛོ་ཟོར་འཕེན་པ༴ སུམ་བྷའི་གླང་ཆེན་སྣ་བསྒྱུར༴ མེ་ཉག་བོན་གྱི་འབོ་ལེ༴ ལོ་ཀག་ཀིང་ཀང་གཤེད་བཞི༴ ས་ལ་ཞག་རྩིས་འདེབས་པ༴ གནམ་ལ་ཟླ་གྲངས་འདེབས་པ༴ གཟའ་དང་སྐར་མ་ངན་པ༴ ལོ་ཀག་ཟླ་ཀག་ཞག་ཀག༴ ཟ་ཀག་བདུན་ཟུར་ཐམས་ཅད༴ དུས་ཚོད་རྩིས་ནས་འདེབས་པ༴ གནམ་གྱི་དལ་ཁ་བབས་པ༴ ས་ལ་དུག་ནད་ལངས་པ༴ གཟའ་དང་སྐར་མ་ངན་པ༴ ཐོག་བབས་དལ་བབས་ཐམས་ཅད༴ བྱེད་ཉེས་ཉམས་གྲིབ་ཐམས་ཅད༴ ཡུལ་མི་ཁྱིམ་མཚེས་དམོད་མོ༴ གཡས་ནས་ཕོ་བརྒྱས་མདའ་བདར༴ གཡོན་ནས་མོ་བརྒྱས་དུག་སྦྱོར༴ མི་ནག་སྐྱེ་བོའི་ཡ་ག༴ བྲན་འཁོར་ངན་པའི་དམོད་མཆུ༴ མདུན་ནས་ལངས་ཤིང་སྡོད་པ༴ རྒྱབ་ནས་ཁྱི་བཞིན་འབྲང་བ༴ མོ་ངན་སོག་པར་སྡིགས་པ༴ རྨིས་ལྟས་མཚན་མ་ངན་པ༴ སྲོད་ལ་བྱ་ཕོ་འཚེར་བ༴ ཐོ་རངས་སྒོ་ཁྱི་ངུ་བ༴ འུག་པ་ཧ་ཧ་རྒོད་པ༴ སྲིན་བྱ་ཐོག་ཁར་འཚེར་བ༴ ལོགས་ལ་ཝ་སྤྱང་བརྒྱལ་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཕ་ཚན་ནང་གི་རྒྱབ་འདྲེ༴ མ་བུའི་དེ་ནི་བྱུར་འདྲེ༴ དར་ཚན་ནང་གི་སྟོང་འདྲེ༴ ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །ཕས་ཀྱི་འཕུང་འདྲེ་རྦད་འདྲེ་ཟློག །ཚུར་གྱི་སྣ་འདྲེན་བྱེད་པ་ཟློག །ལུས་ལ་ན་ཚ་གཏོང་བ་ཟློག །ཚེ་ལ་བར་ཆད་བྱེད་པ༴ ལྐོག་ནས་འབུ་བཞིན་གཡེང་བ༴ མགོ་ལ་ཏིལ་རྡུང་བྱེད་པ༴ ཁ་ནས་དར་བཞིན་འཇམ་པ༴ གཏིང་ན་ཚེར་བཞིན་རྩུབ་པ༴ ལུས་ལ་སྦྲུལ་ལྟར་འཁྲིལ་བ༴ ངོས་ལ་སྤྲེལ་ལྟར་འཛེག་པ༴ མི་ཁ་བྲ་མཆུ་ཐམས་ཅད༴ སྤྱི་རུ་ཆག་ཆེན་ཐམས་ཅད༴ སྒོས་སུ་ཉམས་ང་ཡོད་པ༴ རྦོད་གཏོང་རྦད་འདྲེ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ ཕོ་བྱོལ་དེ་ནི་གཡས་སུ་བྱོལ། །མོ་བྱོལ་དེ་ནི་གཡོན་དུ་བྱོལ། ཁྱིམ་མཚེས་གཞན་གྱི་ས་རུ་བྱོལ། །སྡང་དགྲ་གནོད་བྱེད་བགེགས་ལ་བྷྱོ། །ཟ་བར་བྱེད་པའི་འདྲེ་ལ་བྷྱོ། །འཕུང་བར་བྱེད་པའི་སྲི་ལ་བྷྱོ། །སྦྱོར་ངན་བཏང་བའི་ལྟག་ཏུ་བྷྱོ། །ཆོ་འཕྲུལ་ངན་པ་དགྲ་ལ་སྒྱུར། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་གྱེར། དེ་ནས་ལས་བྱང་ལྟར་ཆད་ཐོ་བཏང་ལ། ཧཱུྃ། མ་ཉེས་དཔང་དུ་སོགས་བརྗོད་ལ་ཐུན་གཏོར་འཕང་། བརྟན་སྐྱོང་བྲོ་བརྡུང་བཟོད་གསོལ་ལྷག་ཆད་བསྐང་། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་གྲུབ་བོ། །ཉིན་ཕྱི་མ་རྣམས་ལ་བདག་བསྐྱེད་བཟླས་པ་གྲུབ་ནས། ཧཱུྃ། བདག་དང་དྲག་པོའི་གཏོར་མ་ནི། །ཞེས་སོགས་མ་གཏོགས་གཏོར་མར་དགུག་གཞུག་དང་ལྷ་སྤྱན་དྲངས་ནས་འབུལ་བ་རྣམས་མི་དགོས་སོ། །གསུམ་པ་ནི། དེ་ལྟར་ཞག་གྲངས་བདུན་ནམ་གསུམ་སོགས་གང་འདོད་གྲུབ་ནས་ཉིན་ཐ་མ་ལ་བབས་པ་ན། ལིངྒ་ཟུར་པ་མི་དགོས་ཤིང་སེང་ཕུར་གཟེར་བའི་ལིངྒ་དེ་ཉིད་བསྒྲལ་བསྟབ་བྱ། ཟློག་གཞུང་ཡན་ཆད་སོང་ནས་ཐུན་གཏོར་འབུལ། གཏོར་ཆེན་ཞལ་བསྒྱུར་ལ། འཕེན་པའི་ཕྱོགས་ལ་སོགས་པར་གསེར་སྐྱེམས་གཏོར་ལ། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། ཁྱེད་རྣམས་རང་རང་གནས་སུ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་བཟུར་དབུ་སྨོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ལམ་ཕྱེ་ཞིག །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བའི་འཁྲུལ་འཁོར་དེར་ཤོམས་ཤིག །ཅེས་པས་སྒོ་དབྱེ། ལྷག་མ་བྱིན་བརླབས་ནས་ལས་བྱང་ལྟར་བཏང་ལ་ཕྱི་རོལ་དུ་དོར། དམག་ལྟོའི་ཚུལ་དུ་ཆད་ཐོའང་བཏང་། དེ་ནས་སྔགས་པ་བདུད་ཆས་སུ་ཞུགས། དྲག་པོའི་རུ་མཚོན་གྱིས་སྣ་དྲངས། །རྔམ་བརྗིད་རོལ་མོའི་སྒྲ་དང་གར་སྟབས་བཅས་གཏོར་ཆེན་ཐེབས་ཡོད་པའི་ཕྱོགས་སུ་ཁྱེར་ལ། བསྒྲལ་ལས་སྐབས་ལྟར་གསེར་སྐྱེམས་མཆོད། སྤྲོ་ན་མཁྱེན་གཟུའང་བརྗོད། བཀའ་སྡོད་དབང་ཕྱུག་གི་ཟོར་གཏོར་ཐོགས་ལ། ཧཱུྃ། དབང་ཕྱུག་མ་ཧཱ་དེ་ཝའི་སྐུ །ཆུ་སྦུབ་བསྐལ་པའི་མེ་རླུང་འཁྲུགས། །གནམ་ལྕགས་འབར་བའི་གཏོར་ཟོར་འདི། །དགྲ་དང་བགེགས་ཀྱི་སྟེང་དུ་འཕེན། །བྱད་ཁ་ཟློག་ལ་ཕུར་ཁ་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཨད་ཏྲ་སད་ཏྲ་སོ་ལེ་བཾ། གྷུ་ལི་བྷི་བྷྱོ། ཨུརྞོ་ཨུརྞོ། ཐུན་ཆོག་ཐུན་ཆོག །བ་སོ་བ་སོ་ཏིཀྟ་ནག་པོ་སརྦ་ཐུན་བཾ། བྱད་སྟེམས་མཱ་ར་ཡ་ཟློག །ཡར་ཟློག །མར་ཟློག །ཚལ་པར་གས། འདིར་མཐའི་དམག་དཔུང་ངམ་དགྲ་བགེགས་ལྟ་བུ་མིང་སྤེལ་སྦྱར་་་་མཱ་ར་ཡ་ཟློག །ཅེས་དབང་ཕྱུག་ཟོར་སྔགས་བཟླ་བཞིན་འཕེན། དེ་ནས་གཏོར་ཆེན་ཐོགས་ལ། ཧཱུྃ། མ་ཉེས་དཔང་དུ་དཀོན་མཆོག་བཞུགས། །དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག །ཁྲག་འཐུང་དྲག་པོའི་དམག་དཔུང་སྐྱེད། །དགྲ་བགེགས་སྟེང་དུ་གཏོར་ཟོར་རྒྱོབ། །མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་སོད། །ཨཱོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། གནོད་བྱེད་བདུད་བཞིའི་སྙིང་ལ་རཾ་རཾ་ཐུལ་ཐུལ། ཏྲིག་རྦད་ཏྲིག་རྦད། ཧ་ལ་པ་ཏི་ཏྲིག་ནན་རྦད། ཅེས་རྩ་སྔགས་དང་ལས་སྔགས་སྦྲེལ་བའི་གཤམ་དུ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མ་རཱ་ཙ་ཟློག །ཨོཾ་མ་ཧཱ་དུ་ན་ཟློག །ཨོཾ་ས་ག་དུ་ན་ཟློག །ཨོཾ་ཙ་ཏུར་སྙིང་ན་ཟློག །ཨོཾ་རཱ་ཙ་དུ་ན་ཟློག །ཨོཾ་སུ་མ་ཏྲི་རཀྵ་དུ་ན་ཟློག །ཨོཾ་རཀྟ་ཏི་ཕོར་དུ་ན་ཟློག །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ། མ་ནི་མཱ་ར་ནི་བྷྱོ། མཱ་ར་དུ་ན་བྷྱོ། རཀྨོ་རཀ་ཤ་ན་ཏིང་ཡ་རཀྴ་བྷྱོ། མཱ་ར་ཡ་ཡ་མ་རཱ་ཙ་ཀཱི་ལ་ཡ་བྷྱོ། དགྲ་བགེགས་བྱད་མ་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་མཱ་ར་ཡ་ཟློག །ཨད་ཊ་སད་ཊ་སོ་ལེ་བཾ། གུ་ལི་བྷི་བྷྱོ། ཨུརྞོ་ཨུརྞོ་ཐུན་ཆོག་ཐུན་ཆོག །བ་སོ་བ་སོ་ཏིཀྟ་ནག་པོ་སརྦ་ཐུན་བཾ། བྱད་སྟེམས་མཱ་ར་ཡ་ཟློག །ཡར་ཟློག །མར་ཟློག །ཚལ་པར་གས། མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་ཟློག །ཅེས་བཏགས་པ་སོགས་དྲག་ཏུ་བརྗོད་ལ་གནོད་པའི་ཕྱོགས་སུ་འཕང་། སྤྲོ་ན་གོང་གསལ་ཕུར་པའི་ཟློག་ཆུང་ལྟ་བུ་ཟློག་པ་ཇི་ལྟར་རིགས་པ་རྟིང་འཕུག་ཏུ་བཏང་ལ་མེ་ཆུའི་རྒྱས་གདབ། ལས་བྱང་ལྟར་སྲུང་འཁོར་བསྒོམ། སྒོ་དྲུང་དུ་བརྟན་མ་བསྐྱངས་ལ་བྲོ་བརྡུང་། ནང་དུ་ལོག་ཏེ་ཚེ་འགུགས་བྱང་གཏེར་ལྕགས་སྡོང་མ་ནས་འབྱུང་བ་ལྟ་བུ་བརྗོད། མཆོད་པ་ཁ་གསོས་ལ། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས་བཟོད་གསོལ་དང་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། མགྲོན་ཐབས་ཀྱི་ལྷ་གཤེགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་རྫོགས་པར་བྱའོ། །བྱང་ཆུབ་ལམ་བར་གཅོད་དང་འགྲོ་ཀུན་གྱི། །བདེ་སྐྱིད་འཕྲོག་བྱེད་མི་སྲུན་བདུད་དགྲའི་དཔུང་། །སྟོབས་ཆེན་ཟོར་གྱིས་རྨེག་མེད་བཅོམ་གྱུར་ཏེ། །འཕྲལ་ཡུན་ཕན་བདེའི་དཔལ་ལ་རྟག་སྤྱོད་ཤོག །འདི་ལ་ཀུན་གཟིགས་ལྔ་པ་ཆེན་པོའི་ཡིག་ཆ་ཚད་མར་བཞུགས་ཀྱང་ཅུང་ཟད་བསྡུས་པས་གཞན་ནས་ཁ་འགེངས་ཕྲན་བུ་དགོས་པ་དང་། ཡིག་ཆ་འགའ་ཞིག་ཧ་ཅང་སྤྲོས་རྒྱས་སུ་སྣང་བས་མང་ཉུང་འཚམ་པའི་ཁྱེར་བདེར་བཟུང་ནས། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།

ཁྲོས་ནག་གི་སྒྲུབ་ཐབས་དང་བྱིན་རླབས་ (Volume 61, Text 31)

ཨོཾ་སྭསྟི། སྟོང་ཉིད་ཤེས་རབ་ཕར་ཕྱིན་དངོས། །བདེ་ཆེན་རྒྱལ་ཀུན་སྐྱེད་མཛད་ཡུམ། །རྡོ་རྗེ་ཁྲོས་མ་རྗེ་བཙུན་མར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི། །འདིར་ཉང་གཏེར་ཁྲོས་མ་ནག་མོའི་སྒྲུབ་ཐབས་དང་འབྲེལ་བར་བྱིན་རླབས་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཚེས་བཅུ་སོགས་དུས་ཁྱད་པར་ཅན་ལ་དུར་ཁྲོད་དམ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ་མཎྜལ་ཆོས་འབྱུང་ཉིས་བརྩེགས་ནང་དམར་ལ་ཕྱི་དཀར་བའི་ལྟེ་བར་པདྨ་འདབ་བཞི་ཕྱོགས་མདོག །ཕྱི་རིམ་ལ་པདྨ་འདབ་བརྒྱད། དུར་ཁྲོད་རྡོར་ར་མེ་རི་རྣམས་རྡུལ་ཚོན་གྱིས་བྲི། བསྡུ་ན་འདབ་བརྒྱད་མ་བྲིས་ཀྱང་ཆོག །དེར་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་བདུད་རྩིས་བཀང་བའི་སྟེང་དུ། མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མ་དབུས་དང་ཕྱོགས་བཞིར་ཨ་ཧ་རི་ནི་ས་རྩ་སྔགས་ཀྱིས་བསྐོར་བས་བཀབ། སྟེང་ནས་དར་དམར་པོའི་གུར་ཕུབ། དེ་དག་གི་ཤར་དུ་སྐུ་རྟེན་ཙཀླི། ལྷོར་སྔགས་བྱང་། ནུབ་ཏུ་ཕྱག་མཚན་དང་ཆས་གོས། བྱང་དུ་པུསྟི་རྣམས་བཀོད། ཤ་ཆང་གིས་བརྒྱན་པའི་གཏོར་མ་གསུམ་དང་། སྨན་རཀ །ཆུ་གཉིས་ཉེར་སྤྱོད་ལྔ་སོགས་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད། རྡོར་དྲིལ་ཌཱ་མ་རུ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལ། གདོང་ནུབ་ཏུ་ཕྱོགས་པས་འདུག་སྟེ། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་སངས་རྒྱས་ཀྱི་ཞིང་ཁམས་སུ་མོས་ནས་ནང་མཆོད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར། དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས་བདག་གནས་ཡོ་བྱད་རྣམས་ལ་གཏོར་ཞིང་སྙིང་པོ་བརྗོད་པས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཨོཾ་བཛྲ་ཛྭ་ལ་རཾ༔ ཞེས་བརྗོད་པས་སྲུང་བའི་འཁོར་ལོར་གྲུབ་པར་གྱུར། དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྤྱི་ལྟར་བྱས་ནས། རང་གི་སྤྱི་བོར་རྩ་བའི་བླ་མ་རྗེ་བཙུན་མ་དང་གཉིས་སུ་མེད་པ་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་བླ་མ་འོད་དུ་ཞུ་བ་རང་ལ་ཐིམ་པར་གྱུར། དངོས་གཞི་ནི་ཤཱུནྱ་ཏཱའི་སྔགས་བརྗོད་ཅིང་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག །སྟོང་པའི་ངང་ལས་རང་ལུས་སྲུང་འཁོར་དུར་ཁྲོད་བརྒྱད་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་གདན་དང་བཅས་པར་གྱུར། རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ ཞེས་པས་གསལ་བཏབ། རང་སེམས་ལྷའི་འཁོར་ལོར་རྫོགས་པ་ནི། དབུས་ཀྱི་པདྨའི་ལྟེ་བ་ལ། ཨ་ཡིག་མཐིང་ནག་ལས་བྱུང་བའི་བཅོམ་ལྡན་འདས་མ་དུས་ཀྱི་མུན་པའི་མདངས་ཅན་ཆེར་ཁྲོས་ཤིང་འཁྲུགས་པ། རྩ་ཞལ་ཀུན་རྫོབ་རྣམ་དག་ཁྲོ་མོའི་ཞལ། སྟེང་ཞལ་དོན་དམ་དག་པ་ཕག་ཞལ་གྱེན་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་ག་འཆང་བ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་སྦྲུལ་དང་རུས་པས་བརྒྱན་པ། སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་ལྷག་མ་ཐུར་དུ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མི་རོའི་སྙིང་གར་མནན་པ། ལང་ཚོ་དར་ལ་བབ་ཅིང་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །རང་སེམས་དག་པ་ཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཊྭཱཾ་ག་ནི་ཐུགས་ཁར་གཏོད༔ དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡི་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟ༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ༔ མེ་དཔུང་དམར་ནག་ཀློང་ན་བཞུགས༔ ཞེས་པས་གསལ་གདབ། ནང་གི་པད་འདབ་བཞིའི་ཤར་དུ་བདེ་ཆེན་དཀར་མོ། ལྷོར་སེར་མོ་དོན་གྲུབ་མ། ནུབ་ཏུ་དམར་མོ་སྒྲ་སྒྲོག་མ། བྱང་དུ་སྣ་ཚོགས་མཐར་ཕྱིན་མ་ལྗང་གུ། ཆོས་འབྱུང་གི་ཕྱིའི་དུར་ཁྲོད་བརྒྱད་ཀྱི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། ཤར་ལྷོར་དམ་ཚིག་མཁའ་འགྲོ་མ་དཀར་སེར་ཕྱེད་མ། ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་མ་སེར་དམར། ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་མ་དམར་ལྗང་། བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ་མ་ལྗང་དཀར། དེ་རྣམས་ཞལ་གཅིག་མ་རྒྱན་དང་ཕྱག་མཚན་སོགས་རྣམ་པ་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །གཙོ་མོའི་འཁོར་ལོ་བཞིའི་ལྟེ་བ་ལ་ཨ་ཡིག་རེ་རེ། འཁོར་ལོའི་རྩ་འདབ་བཞི་ལ་རིམ་པ་བཞིན། སྤྱི་བོར་བཛྲ་བྷ་ར་ཧེ། མགྲིན་པར་ཀྲོ་དྷཱི་ཀཱ་ལཱི། སྙིང་གར་ཧ་རི་ནི་ས། ལྟེ་བར་ཨཱ་བེ་ཤ་ཡ་རྣམས། མདུན་ནས་བརྩམ་སྟེ་གཡས་སྐོར་དུ་གནས་པ། སྤྱི་བོར་ཨ། ལག་པ་གཡས་ལ་ཧ། རྐང་པ་གཡས་ལ་རི། རྐང་པ་གཡོན་ལ་ནི། ལག་པ་གཡོན་ལ་ས་འོ། །སྤྱི་བོར་ཧ། མགྲིན་པར་ནི། སྙིང་གར་ཨ། ལྟེ་བར་རི། གསང་བར་ས་ཡིག་རྣམས་ཀྱིས་རྒྱས་བཏབ། དེ་དག་ལས་འོད་ཟེར་འཕྲོས་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་དག་པར་སྦྱངས་ལ། འཁོར་ལོ་ལྔ་ཡི་དབུས་ཉིད་དུ༔ ཡི་གེ་ཨ་ནི་བསྒོམ་པར་བྱ༔ འཁོར་ལོ་བཞི་ཡི་གནས་ཉིད་དུ༔ ཡི་གེ་བཞི་ཡི་རྒྱས་གདབ་བྱ༔ ཞེས་པས་གསལ་གདབ། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་པའི་ཡིད་བཟླས་ཅི་ནུས་བྱས་ནས། ངག་གི་བཟླས་པ་བྱ་སྟེ། གྲངས་ཚད་ནི་འབུམ་ཕྲག་བཅུ་དྲུག་གོ །ཐུན་བསྡུ་བའི་ཚེ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་བསྡུ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་མཉམ་པར་འཇོག་པའམ་དེ་ཡང་ཐུགས་ཀའི་ཨ་ཡིག་གི་བར་དུ་བསྡུས་ནས་མི་དམིགས་པའི་ངང་ལ་མཉམ་པར་གཞག་ནས་དགེ་བ་བསྔོ་བ་རྣམས་བྱའོ། །བསྡུ་ན་གསལ་འདེབས་ཀྱི་ཚིགས་བཅད་རྣམས་འབྲེལ་ཆགས་སུ་བརྗོད་པས་ཀྱང་རུང་ངོ་། །ཐུན་མཚམས་སུ་གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབས། ཕཻཾ་ཞེས་མགྲོན་སྤྱན་དྲངས། ཨོཾ་བཛྲ་བྷ་ར་ཧེ་མ་ཧཱ་ཡོ་གི་ནཱི་ཨི་དཾ་བ་ལིནྟ་གྲྀཧྞ་གྲྀཧྞ་བྷཱུཉྫ་ཧོ༔ པི་པ་ཧོ༔ ཨ་ཏི་ཀྲ་མ་ཏི༔ ས་མ་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་བདུན་གྱིས་གཙོ་མོ་དང་། བཛྲ་ཌཱ་ཀི་ནཱི་ཕཻཾ། དེ་བཞིན་དུ། རཏྣ། པདྨ། ཀརྨ། ས་མ་ཡ། བི་ཤྭ །སརྦ། ལོ་ཀ །ཕཻཾ་གྱི་མཐར་ཨི་དཾ་བ་ལིཾ་སོགས་བཏགས་པས་འཁོར་རྣམས་ལ་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང༔ ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས༔ མཐུ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ མཁའ་འགྲོ་མང་པོའི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་རྒྱས་དང་དབང་དང་དྲག༔ དགུག་དང་བསྐྲད་དང་མནན་དང་གཟིར༔ ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད༔ མཁའ་འགྲོ་མཉེས་པའི་མཆོད་པ་འདིས༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདེ་ལེགས་ཐམས་ཅད་བདག་ལ་སྩོལ༔ ཅེས་འདོད་དོན་གསོལ། མཐར་བཟོད་གསོལ་དང་མགྲོན་གཤེགས་པ་རྣམས་བྱའོ།། ༈ །།གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། ནང་མཆོད་བྱིན་རླབས་ཀྱི་རྗེས་སུ་སྔོན་གཏོར་གཏང་། མཚམས་བཅད་སྲུང་འཁོར་སྒོམ། མཆོད་པ་བྱིན་རླབས་སྤྱི་དང་མཐུན། སྤྱིའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་ཀྱི་ཚུལ་གྱིས་བཟླས་པ་ཡན་ཆད་སོང་བ་ན། མཆོད་བསྟོད་བྱ་སྟེ། ཆུ་གཉིས་ཉེར་སྤྱོད་རོལ་མོ་སོགས་ཕྱི་མཆོད་དང་། སྨན་རཀ་གཏོར་མ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་སྤྲོ་ན་རང་གཞུང་ལྟར་ལ། བསྡུ་ན་གཞན་རྣམས་གོང་གི་ཞལ་གཉིས་མར་བཤད་པ་དེ་མཐར། རཀྟ་ནི། ཧཱུྃ༔ རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ༔ རཀྟ་པདྨ་ལས་བྱུང་བ༔ ཐིག་ལེ་བྱང་ཆུབ་བདེ་བ་ཆེ༔ འདོད་ཆགས་འཁོར་བ་སྟོངས་ཕྱིར་བཞེས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ དེ་ཉིད་ནི། དགའ་བ་ཆེན་པོ་བྱང་ཆུབ་སེམས༔ དགྱེས་པ་མཆོག་གི་རྣམ་པར་རོལ༔ བླ་མ་ཡེ་ཤེས་མཁའ་འགྲོ་ལྔ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བོ་དྷི་ཙིཏྟ་ཨ་མྲྀཏ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཞེས་མདོར་བསྡུས་བྱས་ནས། བསྟོད་པ་ནི། ཧཱུྃ༔ སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་བྷ་ག་ནས༔ དོན་དམ་སྟོང་ཉིད་རྡོ་རྗེ་མཁའ་འགྲོ་མ༔ སྐྱེ་འགག་གནས་མེད་བརྗོད་བྲལ་ཆོས་ཀྱི་སྐུ༔ དོན་དམ་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་ཆོས་འབྱུང་ཆགས་མེད་བྷ་ག་ནས༔ བརྗོད་བྱ་སྒྲ་དོན་ཨཱ་ལི་སྐྱེ་བ་མེད༔ ཀཱ་ལི་མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ གཙོ་མོ་ཡུམ་ཆེན་མ་ལ་ཕྱག༴ དུར་ཁྲོད་གནས་མཆོག་སྤྲུལ་པའི་བྷ་ག་ནས༔ མཚོན་པ་དབྱིབས་ཀྱི་སྐུར་སྣང་ཕྱག་མཚན་གྱིས༔ དུག་གསུམ་ལ་སོགས་མི་མཐུན་ཕྱོགས་རྣམས་འཇོམས༔ འགྲོ་དོན་མཐར་ཕྱིན་མཛད་ལ་ཕྱག༴ སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱའོ། །དེ་ནས་ཁྱད་པར་བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་རྡོ་རྗེ་ཕག་མོའི་སྐུར་གྱུར་པ་དང་། ཐོད་པའི་དམ་རྫས་མེ་ལོང་དང་བཅས་པ་ངོ་བོ་རྡོ་རྗེ་ཕག་མོ་ལ་རྣམ་པ་ཡི་གེའི་རང་བཞིན་དུ་གསལ་བར་གྱུར། ཕཻཾ་ཞེས་པས་ཡེ་ཤེས་ཀྱི་ཕག་མོ་སྤྱན་དྲངས་པ་ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་གྱུར། རང་གི་སྙིང་ག་ནས་སྔགས་ཕྲེང་སྤྲོས་པས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ལ་བཟླས་པ་ཅི་འགྲུབ་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བུམ་པའི་ལྷ་བདུད་རྩིར་ཞུ་བར་བསམ། སྐབས་འདིར་གཏོར་ཆོག་ལྟར་གཏོར་མ་ཕུལ། ཚོགས་མཆོད་ནི་འདིའི་དབང་གི་རྗེས་གང་འོས་ལ་བྱ། ཏིང་ངེ་འཛིན་གྱི་དབང་བདག་འཇུག་གི་ཚུལ་དུ་བླང་། སློབ་མའི་བྱ་བ་ནི་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ནས་མཎྜལ་ཕུལ། ཨཱ་ཁཾ་བཱི་ར་ཧཱུྃ་ལན་གཉིས་ཀྱིས་མིག་དར་དང་མེ་ཏོག་གཏད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་སྐྱབས་སུ་མཆི༔ གཙོ་བོ་ལྷ་མོ་མཁའ་འགྲོའི་ཚོགས༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བླ་མས་བདག་ཅག་གཞུག་ཏུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བླ་མ་རྡོ་རྗེ་མཁའ་འགྲོ་མ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དུག་ལྔ་ཟད་མཛད་མཁའ་འགྲོ་ལྔ༔ ཞི་རྒྱས་དབང་དྲག་ཚར་གཅོད་པའི༔ བདག་གི་ལས་ཀྱི་འབྲས་བུ་རྣམས༔ ད་ལྟ་ཉིད་དུ་མཆིས་པར་མཛོད༔ བདག་གིས་དགེ་བ་གང་བྱས་པ༔ སེམས་ཅན་ཀུན་གྱི་དོན་དུ་བསྔོ༔ སུ་ཡིས་དམ་པའི་ཆོས་སྤྱོད་པ༔ དེ་དག་ཀུན་ལ་རྗེས་ཡི་རང༔ མཆོག་ཏུ་གསང་བ་སྔགས་ཀྱི་ལམ༔ བདག་གི་རྒྱུད་ལ་བརྟེན་པར་བགྱི༔ ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་བསྒོམས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི༔ ཞེས་རྗེས་ཟློས་བྱར་གཞུག །རྡོ་རྗེ་སྙིང་གར་བཞག་པས་བརྟན་པར་བྱས་པའི་མོས་པ་གྱིས་བྱས་ལ། སློབ་མའི་སྙིང་གར་རྡོ་རྗེ་གཏུགས་ཏེ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཞེས་ཟླ་བ་རྡོ་རྗེའི་སེམས་བསྐྱེད་བྱ། ཛཿཧཱུྃ་བཾ་ཧོཿཡོལ་བའི་ནང་དུ་དྲངས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ ཞེས་བདུད་རྩི་ལྕེ་ལ་ལན་གསུམ་སྦྱིན་ནོ། །རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ གསང་ཆེན་རྡོ་རྗེ་ང་ཡིན་པས༔ ང་ལ་བརྙས་པར་མ་བྱེད་ཅིག༔ གལ་ཏེ་ང་ལ་བརྙས་པ་ན༔ ཚེ་ཡི་དུས་བྱས་དམྱལ་བར་འགྲོ༔ ཞེས་དམ་ལ་གཞག །སློབ་མ་རྡོ་རྗེ་ཕག་མོར་བསྐྱེད་པའི་སྙིང་གའི་འོད་ཀྱིས་དཀྱིལ་འཁོར་པའི་ཐུགས་རྒྱུད་བསྐུལ། དེ་ལས་ཡེ་ཤེས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མ་ལ་ཐིམ་པར་མོས་ཤིང་། སྙིང་པོའི་མཐར་ཨོཾ་བཛྲ་ལི་ཙཎྜེ་མ་ཧཱ་སུ་ཁ་ནི་ཙཎྜེ་ཛྙཱ་ན་ཨུ་བྷི་ནི་ཙཎྜེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་སྦྱར་སྤོས་བསྲེག་ཅིང་ཡེ་ཤེས་ཕབ། དེས་མ་ཕེབ་ན་སྤོག་ཆོག་གསུངས་པ་བཞིན་དབབ། ཏིཥྛ་བཛྲ༔གྱིས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོ༔ས་མེ་ཏོག་ཕུལ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ རྡོ་རྗེ་མིག་ནི་བླ་ན་མེད༔ ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཱཾ༔ ཞེས་མིག་དབྱེ། ཀྱེ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས༔ ཕོ་ཉ་གསུམ་ལྡན་དཀྱིལ་འཁོར་ལྟོས༔ ས་གསུམ་པོ་ཡང་གཡོ་བས་ན༔ སྒོ་གསུམ་སྐུ་གསུམ་ཉིད་དུ་སྦྱོར༔ ཞེས་པས་མཐོང་བ་བསྟན། དངོས་གཞིའི་དོན་དུ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཕྱི་དབང་ཆེན་པོ་བདག་ལ་སྩོལ༔ ནང་དབང་ཆེན་པོ་བདག་ལ་སྩོལ༔ གསང་དབང་ཆེན་པོ་བདག་ལ་སྩོལ༔ ཞེས་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག །ཧཱུྃ༔ བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་བཞིན་བཛྲ༴ཧཱུྃ༔ རཏྣ༴ཏྲཱཾ༔ པདྨ༴ཧྲཱི༔ ཀརྨ༴ཨཱ༔ ཞེས་སྦྱར་བས་བུམ་པ་སྤྱི་བོར་བཞག །བུམ་ཆུ་བླུད། ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་སྦྱངས། སྤྱི་བོར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། བསྐྱེད་རིམ་སྒོམ་པ་ལ་དབང་བར་བྱས་སོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་ནས་ཐོན་ཐོད་པའི་བདུད་རྩི་དང་འདྲེས་པ་མགྲིན་པར་བཞག་ཅིང་། ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པཱ་ལར༔ བདུད་རྩི་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྐུ་ལྔ་དབང་དུ་སྡུད་པར་ཤོག༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་མོས་ཤིག །དེས་གསང་བའི་དབང་ཐོབ། རང་ལུས་རླུང་དྲུག་གི་རྣལ་འབྱོར་སྒོམ་པ་ལ་དབང་བར་བྱས་སོ། །སིནྡྷུ་རའི་མཎྜལ་སྙིང་གར་གཏད་ལ། ཆོས་རྣམས་དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་ངོས་གཟུང་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་ནས་སིནྡྷུ་ར་སློབ་དཔོན་གྱི་མཐེབ་སྲིན་གཡོན་པས་བླངས་པ་སློབ་མའི་སྙིང་གར་ཐིག་ལེ་བྱ། དེ་ལྟར་བྱིན་གྱིས་བརླབས་པའི་རྐྱེན་གྱིས་ལྟེ་བའི་གཏུམ་མོ་འབར། སྤྱི་བོའི་ཧྃ་ཡིག་ཞུ་བས་དགའ་བཞིའི་ཡེ་ཤེས་བསྐྱེད་པར་མོས་ཤིག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་སྒོམ་པ་ལ་དབང་བ་ཡིན་ནོ། །སྒོ་གསུམ་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གདོད་ནས་བཞུགས་པའི་གནས་ལུགས་རང་ངོ་ཤེས་པ་ནི་བཞི་པའི་ཡེ་ཤེས་ཏེ་བྲིས་སྐུས་མཚོན་པར་བྱས་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཕག་མོ་ཁྲོས་མའི་སྐུར་གྱུར་ནས༔ རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་བརྗོད་པས་ལུས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག །ངག་སྔགས་ཀྱི་ལུང་ཐོབ་པས་ཕག་མོའི་གསུང་གྲགས་སྟོང་བརྗོད་མེད། སེམས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པ་ཕག་མོའི་ཐུགས་ཏེ། རྩ་སྒྲུབ་ལས། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་པས་དེའི་ངང་ལ་མཉམ་པར་ཞོག་མཛོད། དེས་དབང་བཞི་པ་ཐོབ། དེ་ཁོ་ན་ཉིད་སྒོམ་པ་ལ་དབང་བར་བྱས་སོ། །དེས་བྱིན་རླབས་ཀྱི་དངོས་གཞི་སོང་ནས། རྗེས་འབྲེལ་རྗེས་གནང་ལ་ལྔ་ལས། དང་པོ་སྐུའི་རྗེས་གནང་ནི་བྲིས་སྐུ་བསྟན་ལ། འདི་ནས་གཟུང་སྟེ་བུ་ཁྱོད་ཀྱིས༔ རྫོགས་པའི་སངས་རྒྱས་མ་འཐོབ་བར༔ ཐུན་བཞིར་རྟག་ཏུ་མཉམ་བྱོས་ལ༔ ལྷ་ཡི་རྣལ་འབྱོར་སྒོམ་པ་དང༔ རྫོགས་པའི་རིམ་པ་མངོན་དུ་གྱིས༔ དེས་ལྷ་སྒོམ་པའི་ལུང་ཐོབ་པ་ཡིན་པས་ཐུན་བཞིར་སྒོམས་ཤིག །གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་ཞིག་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་གི་གནས་བཞིར་ཐིམ་པས་འཁོར་ལོ་བཞི་ལ་སྤར་བཏབ་པ་བཞིན་བྱུང་བར་མོས་ཤིག །སྔགས་བྱང་དང་ཕྲེང་བ་གཏད་ལ། ཧཱུྃ༔ གསང་སྔགས་རྒྱལ་པོ་འདི་ཡིས་ནི༔ བསྐལ་པ་སྟོང་གི་སྡིག་པ་རྣམས༔ མྱུར་དུ་འདག་པར་གདོན་མི་ཟ༔ སྔགས་ཀྱི་ཡན་ལག་མ་ཉམས་ཟློས༔ བཛྲ་བྷ་ར་ཧེ་སོགས་འབྲུ་བཅུ་དྲུག་པ་དང་། ཨ་ཧ་རི་ནི་ས་རྣམས་ཀྱི་རྗེས་ཟློས་ལན་གསུམ་བྱ། དེང་ཕྱིན་ཆད་སྔགས་བཟླ་བ་ལ་བརྩོན་པར་གྱིས་ཤིག །གསུམ་པ་སྒྲུབ་རྫས་ཀྱི་རྗེས་གནང་ནི། ཕྱག་མཚན་དང་གོས་རྒྱན་གཏད་ལ། ཧཱུྃ༔ གྲི་གུག་ཐོད་པ་ཁ་ཊྭཱཾ་ག༔ རྡོ་རྗེ་དྲིལ་བུ་ཌཱ་མ་རུ༔ གོས་གསུམ་རྒྱན་གསུམ་བྱུག་རྫས་གསུམ༔ རྟག་ཏུ་རང་རྟགས་གཟུང་བར་གྱིས༔ དེང་ཕྱིན་ཆད་དྲན་རིག་ཐམས་ཅད་རྗེ་བཙུན་མའི་ཐུགས་ཆོས་ཉིད་ལས་མི་འདའ་བར་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག །བཞི་པ་དམ་ཚིག་གི་རྗེས་གནང་ནི། བདུད་རྩིའི་ཐོད་པ་གཏད་ནས་མྱོང་དུ་བཅུག་ལ། ཧཱུྃ༔ བུ་ཁྱོད་སློབ་དཔོན་མི་སྤང་ངོ༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ འཇིག་རྟེན་དག་ལ་མ་ཆགས་པར༔ མི་ཕོད་པ་ལ་བརྫི་བར་གྱིས༔ བཅས་བསྲུང་རྟག་ཏུ་དྲན་པ་གྱིས༔ དེང་ཕྱིན་ཆད་ཕག་མོའི་དམ་ཚིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་མི་འདའ་བར་གྱིས་ཤིག །ལྔ་པ་གཞན་དོན་གྱི་རྗེས་གནང་ནི། པུསྟི་སྤྱི་བོར་བཞག་ལ། ཧོ༔ དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ཕག་མོའི་རྒྱུད་རྣམས་འཆད་པ་དང༔ དངོས་གྲུབ་འཐོབ་ཕྱིར་སྒྲུབ་པ་དང༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོ་ག་ཕྲ་མོ་ཐམས་ཅད་ཀུན༔ བླ་མའི་ཞལ་ནས་གསུངས་པ་བཞིན༔ སྐལ་ལྡན་རྣམས་ལ་སྟོན་པར་གྱིས༔ དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམ་པས་འགྲོ་བའི་དོན་ཅི་ནུས་གྱིས་ཤིག །སློབ་མའི་རྗེས་ཀྱི་བྱ་བ་དང་། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །འདི་ནི་ཤིན་ཏུ་བཀའ་གཉན་པས་བཀའ་ལུང་སྦྱིན་པའི་ཚེ་ཚོགས་གཏོར་བཟང་དུ་བྱ་དགོས་ཞེས་གསུང་ངོ་། །འདིའི་བསྙེན་པ་དང་སྒྲུབ་མཆོད་ཀྱི་ཆོ་ག་རྒྱས་པ་ནི་མཁའ་སྤྱོད་བགྲོད་པའི་བདེ་ལམ་ཞེས་བྱ་བའི་ཡི་གེ་ལས་ཤེས་པར་བྱ་ཞིང་། དེ་ལས་གཞན་པའི་སྒྲུབ་ཐབས་རྫོགས་རིམ་ལས་ཚོགས་ལ་སོགས་པ་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཡོད་མོད། འདིར་བྱིན་རླབས་ཀྱི་ཆོ་ག་ཉིད་སྙིང་པོར་དྲིལ་བ་ཡིན་ནོ། །མི་འ༵གྱུར་ཟག་མེ༵ད་བདེ་བའི་དངོས། །སྟོང་ཉིད་རྡོ༵་རྗེ༵་ཁྲོས་མ་ལས། །འབྱུང་ཕྱིར་དེ་ཡི་མན་ངག་གི །སྙིང་པོའི་གནད་འདུས་འདི་ཁོ་ན། །ཉང་གཏེར་ཁྲོས་མ་ནག་མོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །། ࿊ མ་ཕེབས་ན་སྤོག་ཆོག་ནི། ཁྱེད་རང་ཕག་མོར་གསལ་བའི་སྙིང་གར་ཕག་མོ་སྡེ་ལྔ་བདེ་བའི་གར་སྟབས་ལིང་ལིང་བསྒྱུར་ཞིང་སྐུ་ལས་མུ་མེད་པའི་འོད་ཟེར་སྤྲོ་བས་ལུས་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་སོང་བས་སྣང་སྲིད་ཐམས་ཅད་ཕག་མོའི་སྐུར་ཡོམ་ཡོམ་ཤིག་ཤིག་བཞེངས་པ་རྣམས་བུ་ཡུག་འཚུབས་པ་ལྟར་འདུས་ནས། སྤྱི་གཙུག་ནས་ཐིམ་པའི་རྐྱེན་གྱིས་རང་ལུས་ཀྱང་སྙིང་གར་འདུས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་སྐྱེས་པར་བསམ་ཞིང་། རིག་པ་སྐྱེ་མེད་ཀྱི་ངང་དུ་ཁྲིག་གེ་འཇོག་ཏུ་བཅུག་ལ། བྱི་ལའི་བྲུན་པདྨ་རཀྟ་བྱང་སེམས་སྐྲ་ཉ་ཤ་རའི་ཤ་ཚིལ་ཆེན་གུ་གུལ་རྣམས་སོལ་མེར་བསྲེག་ཅིང་། ཨོཾ་ཨུ་པ་ཀརྨ་མ་མ་ལི་མ་ཧཱ་སུ་ཁ་ནི༔ མ་མ་ལི་ཛྭ་ཀི་ཀོ་ར་ཡ༔ མ་མ་ལི༔ ཞེས་དྲག་ཏུ་བཟླས་པས་དབབ་བོ། །དེས་ཀྱང་མ་ཕེབས་ན། ན་ཆུང་མའི་དོར་རྟ་དང་རང་གི་ལྷྭམ་འབོག་གུ་གུལ་རྣམས་སྦྱར་བ་བསྲེགས་ལ། དགོངས་པ་སྣང་སྲིད་གཏིང་ལྡོག་ཅིང་སྟོང་གསུམ་མགལ་མེ་ལྟར་དུ་བསྐོར་བས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི༔ དེ་ཝ་ཏད་ཏ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ་ཞིང་ཤུགས་གླུ་འབོད། དེས་མི་ཕེབས་མི་སྲིད་དོ།།

ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་ངག་འདོན་སྨིན་ལུགས་བཞིན་བཀོད་པ་ཉུང་གསལ་སྒྲོན་མེ་ (Volume 3, Text 31)

༄༅། །ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་ངག་འདོན་སྨིན་ལུགས་བཞིན་བཀོད་པ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས། ། ཨོཾ་སྭསྟི། རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལྷ། །སྤྲོ་བསྡུའི་བྱེད་པོ་བླ་མ་ཀུན་ཏུ་བཟང་། །སྙིང་དབུས་ཉི་ཟླའི་ཁྲི་ལ་ཉེར་བཀོད་ནས། །ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་བྲི། །དེའང་དབང་རྒྱུན་ལ་དང་མང་པོའམ་སྤྲོས་པ་ལ་དགའ་ན་སྔོན་འགྲོ་རིན་ཆེན་སྒྲོན་མེ་བཞིན་སྔོན་དུ་སྦྱར་ནས་འདིར་འཇུག །སྤྱི་ཙམ་དུ་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལྟར། བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཞིང་སློབ་མ་གཞུག་པར་གནང་བ་ཞུ་བའི་བར་སོང་རྗེས། བཅས་བཤམ་རྣམས་ཡོལ་བས་བསྒྲིབས་ཏེ་བཞག །སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་ཏེ་གྲལ་དུ་འཁོད། བགེགས་གཏོར། ཨ་མྲྀཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། ཨོཾ་སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་སརྦ་བི་གྷྣཱཾ་ན་མཿསརྦ་སོགས་ཀྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང། ཨོཾ་བོ་དྷི་ཙིཏྟ་དང་རུ་ལུ་དང་སུམྦྷ་ནིའི་དྲག་སྔགས་གུལ་ཡུངས་རོལ་མོ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དམ་པ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་བཅས་ཏེ་ཆོས་ཉན་པའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་སེམས་ཅན་གྱི་བསམ་པ་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་གསར་རྙིང་གཉིས་ལས་འདིར་ཕྱི་མ། དེ་ལའང་ཕྱི་རྒྱུད་སྡེ་གསུམ་དང་ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི་ནང་ཚན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། དེ་ལས་འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་ལ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་དབང་བསྐུར་བ་ཡིན་པས། ཐོག་མར་ལོ་རྒྱུས་མདོ་ཙམ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པ་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས་འདི་གོང་དུ་མི་གཏོང་སྙམ་དུ་བསམས་ནས་སློབ་དཔོན་ལ་ཐོ་བརྩམས་ཤིང་། སློབ་དཔོན་གྱིས་ཀྱང་ཞེ་སྡང་གིས་དམོད་བོར་བའི་ལས་ཀྱིས་གཉིས་ཀ་ངན་འགྲོར་ལྟུང་ནས་སྡུག་བསྔལ་གྱིས་ཉམས་ཐག་པར་གྱུར་པ་ལ། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ཏེ། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་ཡིག་བརྒྱའི་སྔགས་བསྟན་པས་སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲགས་པོ་སྐྱེས་པ་ལ། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་བསྐུར་པས་དགེ་བའི་གསོས་ཐེབས་ཏེ་བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པས་རིམ་གྱིས་རིག་འཛིན་གྱི་ས་ལ་གནས་པར་གྱུར་ཏོ། དེ་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་བརྒྱུད། རྡོ་རྗེ་སེམས་དཔས་མན་ངག་གི་གནད་རྫོགས་ཆེན་འཁོར་འདས་རང་གྲོལ། བཏགས་གྲོལ་རྒྱུད་དྲུག་གི་ཆོས་སྐོར་སོགས་བརྡའི་སྒོ་ནས་རིག་འཛིན་དགའ་རབ་རྡོ་རྗེ་དང་། དེས་ཤྲཱི་སིདྷ། དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་ལ་བརྡ་ཙམ་བསྟན་པས་དོན་ཁོང་དུ་ཆུད་པས་དེ་ཡན་རིག་འཛིན་བརྡ་བརྒྱུད། འགྱོད་ཚངས་བཤགས་པའི་རྒྱུད་ནི་གླང་ཆེན་རབ་འབོག་གི་རྟོག་པ་གཅིག་ཁོལ་དུ་ཕྱུང་བ་ཡིན་ཞིང་དེ་ནི་གསང་བདག་གི་མཐུས་རྒྱལ་པོ་ཛཿལ་གླེགས་བམ་གྱི་ཆར་བབས་པའི་ནང་ཚན་ཡིན་ཞིང་འཕགས་ཡུལ་གྱི་རིག་འཛིན་རྣམས་ལས་བརྒྱུད་དེ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་བཀའ་བབ། དེ་ཉིད་ཀྱིས་བི་མ་ལ་དང་པདྨ་འབྱུང་གནས་ལ་གནང་ཞིང་། པདྨ་འབྱུང་གནས་ཀྱིས་གངས་ཅན་གྱི་ལྗོངས་སུ་ཡོ་གའི་རྒྱུད་དང་ཨ་ཏིའི་མན་ངག་ཟུང་དུ་བསྡེབས་པས་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱངས་ལ་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་པ་ཅན་དུ་བྱེད་པ་ལ་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་མང་དུ་མཛད་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབས་ཏེ་བཀའ་མ་ལྟར་དུ་དར་བར་མཛད། དེ་ལྟར་དོང་སྤྲུགས་ལས་ཁོལ་དུ་ཕྱུང་བའི་དགོངས་པ་རང་གྲོལ་འདི་ཉིད་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཁོག་ཕུབ་པ་ལ་ལྟ་སྒོམ་རྫོགས་པ་ཆེན་པོ་གཙོ་བོར་བཏོན་ཏེ་སྒྲུབ་ཕྲིན་གྱི་རིམ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབས་ཏེ་ལམ་རྫོགས་ཆེན་ལྟར་ཉམས་སུ་ལེན་བྱའི་གདམས་པ་ཟབ་མོ་འདི་ནི། བོད་ཡུལ་ལ་སྐུ་དངོས་ཀྱིས་འདུལ་བའི་མཛད་པ་མཐར་ཕྱིན་དུ་ཉེ་བའི་སྐབས་ཤིག་མངའ་བདག་ཡབ་སྲས་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་གསེར་གཡུའི་མཎྜལ་ཕུལ་ནས་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་དུས་སྐབས་མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་། ད་དུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་འགག་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས། ཡུན་རིང་པོར་དཀའ་སྤྱད་དང་སྙིང་རུས་ཀྱིས་འབད་རྩོལ་ལ་མི་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས། ཀྱེ་ལགས། མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར། དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མ་ཤོང་ནས་སླར་སྐུར་པ་འདེབས་པས་ངན་སོང་དུ་འཕེན་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་མ་བསྒྲག་ཅིག །མ་འོངས་སྙིགས་མའི་དུས་ཀྱི་དོན་དུ་གཏེར་ལ་སྦ་བར་བྱའོ། །ཞེས་གསུངས་ནས་ཆོས་ཐམས་ཅད་ཀྱི་མདོ་འགག་གཅིག་ཏུ་དྲིལ་ཏེ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དུ་མཚན་གསོལ་ནས་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐལ་པར་གནང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ཀྱི་དོན་དུ། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་ལྡན་དུ་གཏེར་དུ་སྦས་པར་མཛད་པ། ཕྱིས་དུས་ལ་བབ་པའི་ཚེ་ལོ་ཙཱ་བ་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ལྷ་བྲན་གར་བྱེད་པ་འདྲ་བའི་གཏེར་གནས་ནས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར་དང་ལྷན་ཅིག་སྤྱན་དྲངས་ཏེ་སྐུའི་སྲས་ཉི་ཟླ་ཆོས་རྗེ་སོགས་ལུང་ཟིན་གྱི་སློབ་མ་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་དང་། ཐུན་མོང་གི་རྫོགས་རིམ་བར་དོ་ཁྲིད་དྲུག་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས་སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཚང་བ་དང་ལུང་ཟིན་གྱི་སློབ་མ་མཆོག་གྱུར་དངོས་གྲུབ་རྒྱ་མཚོ་ལ་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་རང་གྲོལ་སོགས་རྫོགས་པར་གནང་། གཉིས་ཀ་ལ་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་མི་སྤེལ་བའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་རྩི་དཀར་དྲུང་པ་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང་། དེས་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབས་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་རང་གྲོལ་གྱི་སྐོར་གནང་བས། ཁོང་ལ་ཆོས་བཀའ་འདིའི་བཀའ་བབས་ཤིང་བརྒྱུད་པ་གསུམ་པའང་ཡིན་པས་ཀུན་ལ་སྤེལ་བར་ལུང་བསྟན་པ་ལྟར་ཁྱབ་བརྡལ་དུ་སྤེལ་བ་ལས་བརྒྱུད་ཚུལ་མི་འདྲ་བ་དུ་མ་དང་། ཆོ་གའི་རྒྱས་བསྡུས་ཕྱག་ལེན་སོགས་འདྲ་མིན་ཇི་སྙེད་ཅིག་བྱུང་བ་ལས། འདིར་ནི་གངས་ཅན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བ་མཁས་ཤིང་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་སྔ་འགྱུར་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་དཔལ་སྨིན་གླིང་པ་ཡབ་སྲས་ནས་རིམ་པར་བརྒྱུད་དེ་བདག་ཅག་གི་རྣམ་འདྲེན་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འདི་ཞེས་བྱ་བའི་ཞལ་སྔ་ནས་ཐོབ་པ་ནི་གང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ཡིན་ལ། ལོ་རྒྱུས་དེ་ལྡན་གྱི་གདམས་པ་འདི་ནི་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་དྲུག་གི་ནང་ཚན་ཚིག་རྣ་བར་ཐོས་པ་ཙམ་གྱིས་གྲོལ་ནུས་པའི་རྒྱུད་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས། སྡིག་པོ་ཆེ་གསང་ལམ་དུ་འཁྲིད་པའི་ཆོས། སྐད་ཅིག་གཅིག་གི་བྱེ་བྲག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ནའང་ངེས་པར་གྲོལ་བར་འགྱུར་བ་སྟེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་གསུངས་པ་དང་། གཞན་ཡང་། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་སྐོང་ཞིང་དངོས་གྲུབ་ཐོབ༔ ཅེས་གསུངས་པའི་གདམས་པ་ཁྱད་པར་ཅན་འདི་ལ་སྨིན་གྲོལ་གཉིས་ལས། འདིར་སྨིན་བྱེད་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་དང་ནོར་འཁྲུལ་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་བརྡའ་སྦྱར་ལ། སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་དབུས་སུ་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་ལན་གསུམ། དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སོགས་བརྗོད། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ སོགས་ལན་གསུམ། དེ་ནས་ཕྱི་སོ་སོ་ཐར་པའི་སྡོམ་པ་བླང་ནས་གཞན་གནོད་གཞི་དང་བཅས་པ་སྤང་བར་བགྱིའོ་སྙམ་པས་འདིའི་ཟློས། བླ་མ་ཀུན་བཟང་སྤྱན་སྔ་རུ༔ སོགས་ལན་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིས་རྗེས་ཟློས་མཛོད། ཧོ༔ བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ སོགས་ལན་གསུམ། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བར་བྱ་སྟེ། དེ་ཡང་རིགས་ལྔའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་མ་ལུས་པ་བཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔ སོགས་ལན་གསུམ། དེ་ནས་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་སྟེ། ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་བསྐོར་ཕྱོགས་སུ་དཀྱིལ་འཁོར་གྱི་སྒོ་བཞི་དང་། སླར་ཡང་ཤར་སྒོ་ནས་ཞུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱ་བའི་མོས་པ་མཛོད། སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུྃ་ཛ༔ ཞེས་བརྗོད། དེ་ནས་རིགས་ངེས་པར་བྱ་བའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་བཞུགས་པ་ཡིན་ཏེ། དེ་ཉིད་ངོ་བོ་ཡེ་ཤེས་གཅིག་གི་རོལ་པར་ཤར་བ་མ་གཏོགས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། བདག་ཅག་རིག་པའི་མེ་ཏོག་འདི༔ སོགས་ཀྱིས་དོར་དུ་བཅུག་ནས་གང་ལ་བབས་པའི་རིགས་ངེས་པར་བྱས་ལ། མེ་ཏོག་དེ་ཉིད་རིགས་གང་གིས་བཞེས་པའི་ལྷ་དེ་ཉིད་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ་བཛྲ་སཏྭ་སོགས་ཀྱིས་མེ་ཏོག་མགོ་བོར་བཅིང་། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་སོགས་ཀྱིས་གདོང་གཡོགས་བསལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བའི་མོས་པ་མཛོད། ཅེས་པ་ཙམ་མམ། སྤྲོ་ན། དེའང་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་ནང་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་ཁང་རྟ་བབ་ཐོག་ཕུབ་མཆོད་རྟེན་གྱི་དབྱིབས་ཅན་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱི་རོལ་དུར་ཁྲོད་བརྒྱད་རྡོར་རྭ་མེ་རི་དང་བཅས་པས་བསྐོར་བ། གཞི་ལམ་འབྲས་བུའི་སྐུ་གསུམ་གྱི་ཡོན་ཏན་དང་ཡེ་ཤེས་ཀྱི་རོལ་པ་རྣམ་པར་ཐར་པའི་ཆོས་རྣམས་མཚོན་པའི་ནང་རོལ་དུ། སོ་སོའི་གདན་ལ་ཡིད་ཆོས་གནས་སུ་དག་པ་ཁྱབ་བདག་ཀུན་བཟང་ཡབ་ཡུམ། ཕུང་ལྔ་ཁམས་ལྔ་དག་པ་རིགས་ལྔ་ཡབ་ཡུམ། ཚོགས་བརྒྱད་ཡུལ་བརྒྱད་དག་པ་སེམས་དཔའ་སེམས་མ་བཅུ་དྲུག །ཉོན་མོངས་དྲུག་དག་པ་ཐུབ་པ་ཆེན་པོ་དྲུག །རྟག་ཆད་མུ་བཞི་དག་པ་སྒོ་བ་ཡབ་ཡུམ་བརྒྱད་དེ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས། བདག་འཛིན་མ་རིག་པའི་ངོ་བོ་གནས་གྱུར་པ་ཁྱབ་བྱེད་གཙོ་བོ་ཆེ་མཆོག་ཡབ་ཡུམ། དུག་ལྔ་ཡུལ་ལྔ་གནས་གྱུར་པ་ཧེ་རུ་ཀ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་གནས་གྱུར་པ་ཀཽ་རི་མ་བརྒྱད་དང་སིང་ཧ་མ་བརྒྱད། སྐྱེ་གནས་བཞི་གནས་གྱུར་པ་རྟ་གདོང་སྒོ་མ་བཞི། ཉོན་མོངས་པའི་རྟོག་ཚོགས་གནས་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། གཞན་ཡང་བར་ཁྱམས་སུ་གཙོ་བོ་ཡབ་ཡུམ་དང་ཐུབ་དྲུག་ཁྲོས་པའི་རོལ་གར་སྤོར་བྱེད་ཆེན་མོ་བརྒྱད། ལྔ་ཚན་གྱི་ཆོས་རྣམ་པར་དག་པ་རིག་འཛིན་ཡབ་ཡུམ་བཅུའི་ཚོམ་བུ་སྟེ། ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་སྒྱུ་མ་ཆུ་ཟླ་འཇའ་ཚོན་གྱི་ཚུལ་ཅན། ཡེ་ཤེས་ཀྱི་རྒྱན་དང་བཀོད་པའི་གཟི་བྱིན་ཚད་མེད་པ་དང་ལྡན་པ། རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་འཇའ་འོད་ཟེར་ཐག་ཐིག་ལེ་ཐིག་ཕྲན་མེར་མེར་ཤིག་ཤིག་ཏུ་གཡོ་ཞིང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །བུམ་པ་ལ་སོགས་པའི་རྒྱན་དང་བཀོད་པ་ཐམས་ཅད་ཀྱང་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་བརྡའ་དོན་རྟགས་གསུམ་མཚོན་པར་བྱེད་པ་ཡིན་ནོ། །འོ་ ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་བ་མ་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱི༔ ཁར་སང་ཕན་ཆད་ཤིན་ཏུ་ཅོལ་ཆུང༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དེ་ཙམ་བྱས༔ ད་ནི་དཀྱིལ་འཁོར་འདི་ལྟ་བུར་ཚུད་ཅིང་མཇལ་བས་ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས༔ སྤྲོ་བ་སྒོམས་ཤིག༔ ཅེས་བརྗོད། དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་སྦྱོར་བ་སྡིག་སྒྲིབ་ཞི་བྱེད་ཀྱི་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་གསུམ། ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ནས། ཁྱེད་རང་རྣམས་ལ་ཁྲུས་བྱས་པས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་དག་ནས་རིགས་དྲུག་གི་དུཿཁ་ལས་གྲོལ་ཏེ་སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་མཛོད། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ སོགས་དང་། ཞི་ཁྲོའི་རྩ་སྔགས་དང་། ཡིག་བརྒྱ་ལ་ངན་འགྲོ་སྦྱོང་བའི་སྔགས་བཏགས་པས་འཁྲུད། གཞན་ཡང་ཡིག་བརྒྱ་དང་རྣམ་སྣང་མི་འཁྲུགས་པའི་གཟུངས་སོགས་བཟླ་ཞིང་སྔར་བསྔགས་པའི་བྱེ་ཐུན་གྱིས་ཀྱང་བྲབས་པས་ངན་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་བྱང་བར་བསམས་ལ། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་ཞེས་པ་ནས། བཀྲ་ཤིས་པར་གྱུར་ཅིག །དེ་ནས་དངོས་གཞི་ཡོན་ཏན་བསྐྱེད་པའི་དབང་ལ་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླང་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀར་ཞི་བ་དང་། སྤྱི་བོར་ཁྲག་འཐུང་། མགྲིན་པར་རིག་འཛིན་མཁའ་གྲོ་ཡབ་ཡུམ་དང་བཅས་པ་རྣམས་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། འབེབ་པའི་རྫས་བདུག་ཐོད་རྔ་དང་དྲིལ་བུའི་སྒྲས་བསྐུལ་ལ། སྤྲོ་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །རྩ་སྔགས་ཀྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཱ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་དབབ། ཁྱེད་རང་རྣམས་ཀྱི་སེམས་མ་བཅོས་པར་རང་བབས་སུ་ཀློད་དེ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ལ་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཛྙཱ་ན་སཏྭ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་རིག་པའི་དབང་ལྔ་ལས། དང་པོ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག །སྐུ་གསུམ་དམ་ཚིག་སོགས། མི་བསྐྱོད་པའི་རང་བཞིན་ཞེས་པ་ནས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ། གཉིས་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་སྤྱི་བོར་བཅིངས་པར་མོས་ཤིག །སོགས་སྔར་ལྟར་དང་། གསུམ་པ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་མགོར་བཞག་ཅིང་ལག་གཡས་སུ་སྦྱིན་པ་མོས་ཤིག །དང་། བཞི་པ་དོན་ཡོན་གྲུབ་པའི་ངོ་བོ་དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད་པར་ོས་ཤིག །དང་། ལྔ་པར་རྣམ་པ་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་མིང་གིས་མངོན་པར་དབང་བསྐུར་བར་མོས་ལ་གསང་མཚན་ཡིད་ལ་གྱིས་ཤིག །ཞེས་བརྡའ་སྦྱར་ཞིང་། མིང་དབང་མཐར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་པའི་རྗེས་སུ། དེ་ལྟར་དབང་ལྔ་པོ་ཐོབ་པས། སྤང་བྱ་མ་རིག་པ་ལྔ་སྤངས་ནས་ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པ་ཡིན་པས་ན་རིག་པའི་དབང་ལྔ་ཞེས་གྲགས་པ་ཡིན་ནོ། །དེ་ནས་སྨིན་བྱེད་ཀྱི་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ སོགས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ སོགས་ཀྱིས་རྣམ་བུམ་མགོ་བོར་བཞག་ཅིང་བུམ་ཆུ་འཐོར་འཐུང་བྱ། ཞི་ཁྲོ་རབ་འབྱམས་འདུས་པའི་ཞེས་པ་ནས། ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། །རིགས་ལྔའི་ཕྱག་མཚན་ལག་ཏུ་གཏད་ལ། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ སོགས་ནས། ཕྲིན་ལས་ལ་དབང་འབྱོར་པ་ཡིན་ནོ། །དེ་ནས་ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ སོགས་ལན་གསུམ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་ཁྲི་ལ་ཞེས་པ་ནས། གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སོགས་ཀྱིས་ལྷ་ཙཀ་རྣམས་སྤྱི་བོར་བཞག །སྤྲོ་ན་འགྲོ་དྲུག་རང་གྲོལ་དབང་གཞུང་ལྟར་སྨོན་ལམ་དང་ངོ་སྤྲོད་བཅས་རྒྱས་པར་སྦྱར། བསྡུ་ན་དངོས་བསྟན་གྱིས་ཆོག །གང་ལྟར་ཡང་། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཞེས་པ་ནས། རང་རིག་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཁྲོམ་དབང་ལྟ་བུ་ལ་མཆོག་དབང་གསུམ་པོ་བསྐུར་དུ་མི་རུང་བས་འདི་ནས་འོག་གི་གཏོར་དབང་དང་མཐའ་རྟེན་སྦྱར་རོ། །གལ་ཏེ་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་བརྟུལ་ཞུགས་ཅན་ལ་མཆོག་དབང་གོང་མ་གསུམ་བསྐུར་བར་འདོད་ན། རང་གཞུང་ལྟར་རམ། ཡང་ན་སྨིན་གླིང་རྡོར་སེམས་ལྟར་གནང་བ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཕྱག་བཞེས་འཁྲུལ་མེད་ཡིན་པས། དེ་ལྟར་ན། བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ལ་བཞག་པའི་མོས་པ་མཛོད། ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཐོད་པ་སྤྱི་བོར་བཞག །བདུད་རྩི་ངག་ཏུ་བླུད་ཅིང་། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་བདུད་རྩིའི་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་ཆེར་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་པས་ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བདེ་སྟོང་དབྱེར་མེད་མཚོན་བྱེད་སིནྡྷུ་རའི་མཎྜལ་ཁྱོད་རང་གི་ལག་ཏུ་གཏད་ཅིང་ཐིག་ལེ་སྙིང་གར་བཀོད་པས་གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པའི་མོས་པ་མཛོད། ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ སིནྡྷུ་རའི་མེ་ལོང་ལག་ཏུ་གཏད། སྙིང་གར་ཐིག་ལེ་བྱ་ཞིང་། ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་མོས་ལ་ལག་གཉིས་འཁྱུད་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ འཁྱུད་རྒྱ་བཅའ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །དེ་ནས་ཁྱེད་རང་རྣམས་ལུས་གནད་མི་གཡོ། ངག་རླུང་རང་བབ། སེམས་གང་ཤར་གྱི་ངོ་བོར་ལྟོས་ལ་རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་ཁྲིག་གེར་ཞོག །དེ་ཡང་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་དེ་ཉིད་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་པ་ཡིན་པས་བརྡའ་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲད་པའི་དོན་གོ་བར་གྱིས་ཤིག །ཤེལ་རྡོ་མིག་སྔར་བསྟན་ལ། ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ ཞེས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་སྐྱོངས་ལ་ཅུང་ཟད་མཉམ་པར་འཇོག་མཛོད། ཅེས་མཉམ་པར་འཇོག་ཏུ་བཅུག དེ་ལྟར་དབང་བཞི་པ་བསྐུར་པས་བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་དང་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དང་། དེ་ནས་གཏོར་དབང་ནི། བྷ་ལིང་བཏེགས་ལ། འོ་ སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ གཏོར་མའི་སྣོད་གཞལ་ཡས་ཁང་སུམ་ཐོག་གི་ནང་དུ༔ རྩེ་མོ་ན་བླ་མ་རྣམས་བཞུགས་པ༔ བར་མ་ན་ཡི་དམ་ལྷ་ཚོགས་རྣམས་བཞུགས་པ༔ འོག་མ་ན་མ་དང་མཁའ་འགྲོ་རྣམས་བཞུགས་པ༔ འདབས་འཁོར་ན་ཆོས་སྐྱོང་རྣམས་ཁྲོམ་ཚོགས་པ་བཞིན་དུ་བཞུགས་པར་བསམ༔ ལྷ་ཚོགས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་ནས༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་མར་ལན་གསུམ་བབས་པས༔ དང་པོས་སྡིག་སྒྲིབ་རྣམས་དག༔ གཉིས་པས་ལུས་ཁེངས༔ གསུམ་པས་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་སྒོམས་ལ༔ མོས་གུས་དྲག་པོ་སྐྱེད་ཅིག༔ ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགག་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཡི་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོར་གྲོལ་བར་ཤོག༔ རྨི་ལམ་བར་དོར་ངོ་ཤེས་ཤོག༔ བསམ་གཏན་བར་དོར་གདིང་ཐོབ་ཤོག༔ འཆི་ཁ་བར་དོར་རང་གྲོལ་ཤོག༔ ཆོས་ཉིད་བར་དོར་འོད་གསལ་ཤོག༔ སྲིད་པ་བར་དོར་དབུགས་དབྱུང་ཤོག༔ གཞན་དོན་དཔག་མེད་འགྲུབ་པ་དང༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིངྷ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་གྲུབ་ཐོབ་ཡབ་སྲས། རིག་འཛིན་བརྒྱུད་པའི་བླ་མ། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཉམས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། ཚེ་འདིར་སྣང་བ་བཞིའི་མྱུར་ལམ་མཐར་ཕྱིན་ནས་གདོད་མའི་གྲོལ་སར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་གཏོར་མ་གནས་གསུམ་དུ་བཞག་ལ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སིདྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་པ་དེ་ཉིད། ཁྱེད་རང་ལུས་ཡི་དམ། མགྲིན་པར་བླ་མ། ལྟེ་བར་མཁའ་འགྲོའི་ཚོགས་རྣམས་གསལ་བཏབ་སྟེ་རོལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ལག་གཡས་སུ་གཏོར་ཟན། གཡོན་དུ་བདུད་རྩི་སྦྱིན་ལ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད། དེ་ལྟར་དབང་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད་ཕུལ་ཏེ་མངའ་གསོལ་བར་མོས་ཤིག །ཅེས་བརྡའ་སྦྱར་ལ་རང་གཞུང་གི་བསྐུར་ཚིག་རྒྱས་པའམ། བསྡུས་པ་སྤྱི་འགྲེ་གང་མོས་ཀྱིས་སྦྱིན་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིག་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་པའི་ཕྱིར་མེ་ཏོག་གི་ཆར་འབེབས་ཤིང་ཤིས་བརྗོད་མཛད་པའི་མོས་པ་མཛོད། རང་གཞུང་གི་ཤིས་བརྗོད་སོགས་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་མཆོག་གི་གླིང་པ་ལྔའི་ཡ་གྱལ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་མཐའ་རྟེན་དང་བཅས་ལེགས་པར་གྲུབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། སོགས་ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་སོགས། དེ་ལྟར་ཐོབ་པའི་དགེ་ཚོགས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་ཀྱིས་བསྔོ་བ་བྱའོ། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་བསླད་མེད་བཞིན། །དགོངས་པ་རང་གྲོལ་དབང་གི་མཚམས་སྦྱོར་དུ། །སྤེལ་འདིས་འགྲོ་ཀུན་སྲིད་མཚོ་ལས་བརྒལ་ནས། །སྐུ་བཞིའི་བདག་ཉིད་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་འདི་ཡང་ཆོས་མིག་རྡུལ་དང་བྲལ་བའི་བཤེས་གཉེན་པདྨ་ཆོས་འབྱོར་རྒྱ་མཚོ་ནས་ལྷ་རྫས་བཟང་པོ་དང་རིན་ཆེན་གཉིས་པའི་མེ་ཏོག་གི་སྐྱེས་དང་བཅས་ནན་གྱིས་བསྐུལ་བའི་གཡར་ཁྲལ་དུ་སྙོམས་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སུག་བྲིས་སུ་བསྟར་པ་སྟེ། རྩ་བའི་དབང་ཚིག་དང་ལྷན་ཐབས་ཀྱི་མཚམས་སྦྱོར་ཧོར་ཁུངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འབྲི་བར་མི་བྱའོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོག་པར་གྱུར་ཅིག། །།

ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། ནོར་སྒྲུབ་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་གནང་གི་ཆོ་ག་དགེ་ལེགས་འདོད་དགུའི་ཆར་འབེབ་ (Volume 51, Text 31)

༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། ནོར་སྒྲུབ་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་གནང་གི་ཆོ་ག་དགེ་ལེགས་འདོད་དགུའི་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷི་རསྟུ། ཐུགས་རྗེའི་སྤྲིན་ལས་འདོད་རྒུའི་ཆར། །འབེབ་མཁས་ནོར་གྱི་ལྷ་མོ་ལ། །བཏུད་ནས་དེ་ཡི་རྗེས་གནང་ནི། །དགེ་ལེགས་ཤིས་པའི་རོལ་མོ་འཁྲོལ། །གང་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྱོར་པ་སྤྱི་དང་། བྱེ་བྲག་ཟས་གོས་ནོར་གསུམ་གྱི་འདུ་བ་མཐའ་ཡས་པས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་རྒྱས་པའི་ཕྱིར་ནོར་ལྷ་ཀུན་འཁྱིལ་མཆེད་གསུམ་བསྒྲུབ་པར་འདོད་ན། ཐོག་མར་འདིའི་བཀའ་གཏད་པ་ནོད་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜལ་གསུམ་ཕྲེང་ཚར་དུ་བསྒྲིགས་པར་ཨུཏྤལ་འདབ་བརྒྱད་ལྷ་མོ་སོ་སོའི་སྐུ་མདོག་དང་མཐུན་པར་བྲི་བའམ། མ་གྲུབ་ན་མེ་ཏོག་སིལ་མའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫིའི་ཁར་ཐོད་པ་མཚན་ལྡན་རེ་རེའི་ནང་དུ་དབུས་སུ་ནོར་གྱི་ལྷ་མོའི་གཏོར་མ་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་མཐིང་ག །གཡས་སུ་གོས་ཀྱི་ལྷ་མོའི་གཏོར་མ་འབྲང་རྒྱས་ནོར་དབྱིབས་ལྗང་གུ །གཡོན་དུ་ཟས་ཀྱི་ལྷ་མོའི་གཏོར་མ་འབྲང་རྒྱས་ནོར་བུའི་དབྱིབས་དམར་པོ། གསུམ་ཀའང་རྩེ་རྒྱན་གསེར་གྱི་དགྲ་སཏྭས་མཚན་པ་ལ་རྩྭ་ཀུ་ཤའི་ཆུན་པོ་རེ་བཙུགས་པར་སོ་སོའི་སྐུ་ཙཀ་བཏགས། སྐུ་མདོག་དང་མཐུན་པའི་དར་གྱི་ལྡིང་གུར་ཕུབ། མཐའ་ཟས་གོས་ནོར་སྣ་ཅི་འབྱོར་པས་བསྐོར། དེ་རྣམས་ལས་མཐོ་བའི་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ། མཐའ་སྐོར་དུ་སྨན་གཏོར་རཀྟ་ཉེར་སྤྱོད་ཀྱི་མཆོད་ཕྲེང་ཚར་དུ་དངར་བ་བཤམ། གཞན་ཡང་སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ནི། བདག་བསྐྱེད་རྩ་གསུམ་གྱི་ལས་གཞུང་རྒྱས་བསྡུས་གང་རིགས་བསྲང་བ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཀྱི་མཆོད་པ་ལ་དམིགས་ཏེ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྣང་སྲིད་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གསལ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ ཞེས་བྱིན་གྱིས་བརླབ། རྟེན་གཏོར་བྲིས་སྐུ་དང་བཅས་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །མདུན་དུ་སྐྱེད་ཚལ་ཉམས་དགའི་དབུས༔ ཞེས་པ་ནས་བསྟོད་པའི་བར་ཕྲིན་ལས་གཞུང་ལྟར་གཏང་། མདུན་བསྐྱེད་ལྷ་མོ་མཆེད་གསུམ་གྱི། །ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་མཐར༔ རང་རང་སྔགས་ཀྱི་ཕྲེང་བས་བསྐོར༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ གནོད་སྦྱིན་བུ་མོའི་ཐུགས་རྒྱུད་བསྐུལ༔ ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཁོར་འདས་ཀུན་དུ་འཕྲོས་པ་ཡིས༔ མཁྱེན་ལྡན་འབྱོར་ལྡན་བསོད་ནམས་ཅན༔ དབང་ཐང་ཅན་གྱི་ཚེ་བསོད་དཔལ༔ ཟས་གོས་ནོར་རྣམས་ཐམས་ཅད་ཀུན༔ གནས་འདིར་བསྡུས་ཤིང་ཐིམ་པར་གྱུར༔ ཅེས་བཟླས་དམིགས་གསལ་བཏབ་ལ། ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ གོས་ཀྱི་ལྷ་མོའིའོ། །ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ནོར་གྱི་ལྷ་མོའིའོ། །ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྷྲིཧྞ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཟས་ཀྱི་ལྷ་མོའིའོ། །དེ་ལྟ་བུའི་བཟླས་པ་ཅི་རིགས་པའི་རྗེས་སུ་བུམ་པ་སྒྲུབ་པ་ནི། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །བྷྲཱུྃ་ཡིག་ཡོངས་གྱུར་བུམ་པ་ནི། །བདུད་རྩིའི་བཅུད་ཀྱིས་གང་བའི་ནང་། །པདྨ་ཟླ་བའི་གདན་གྱི་སྟེང་། །དབུས་སུ་དྷཱིཿལས་འཇམ་པའི་དབྱངས། །གསེར་མདོག་རལ་གྲི་ཨུཏྤལ་བསྣམས། །གཡས་སུ་ཧྲཱིཿལས་སྤྱན་རས་གཟིགས། །དཀར་པོ་མཆོག་སྦྱིན་ཨུཏྤལ་བསྣམས། །གཡོན་དུ་ཧཱུྃ་ལས་གསང་བའི་བདག །མཐིང་ག་རྡོ་རྗེ་ཨུཏྤལ་བསྣམས། །གསུམ་ཀ་དར་དང་རིན་ཆེན་བརྒྱན། །ཞབས་ཟུང་སེམས་དཔའི་སྐྱིལ་ཀྲུང་བཞུགས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་ཝཱ་གཱི་ཤྭ་ར་མུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་སོ་སོར་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས། མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བས་བུམ་པའི་ཆུ་བདུད་རྩིར་བསམ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། མདུན་བསྐྱེད་ལ། ཧཱུྃ། དངོས་སུ་འབྱོར་དང་སོགས་མཆོད་བསྟོད་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ལྷ་མོ་མཆེད་གསུམ་གྱིས་བདག་གི་རྡོ་རྗེ་སློབ་མ་རྣམས་རྗེས་སུ་བཟུང་ཞིང་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བར་བསམ། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་གཏང་། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཚད་མ་གསུམ་གྱིས་གྲུབ་ཅིང་། རྩོད་པ་ཐམས་ཅད་དང་བྲལ་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། མདོ་ཁམས་འོག་མིན་ཀརྨའི་དམ་ཅན་བྲག་ནས་རྩ་བ་དང་། ཡེལ་བྲག་ནམ་མཁའ་མཛོད་ནས་ཡན་ལག་མཐའ་རྒྱས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས་པའི། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་སོགས་འཕགས་བོད་གྲུབ་ཐོབ་རྒྱ་མཚོའི་ཐུགས་བཅུད། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུའི་ཡང་ཞུན། སྔོན་ཆད་སའི་སྟེང་ན་ཡོངས་སུ་མ་གྲགས་པའི་དམ་ཆོས་ཟབ་པ་སྐོར་བདུན་གྱི་ནང་གསེས་ཡན་ལག་མཐའ་རྒྱས་ཀྱི་ཆོས་སྡེ་ལས། གནས་སྐབས་སུ་ཆོས་སྒྲུབ་པའི་མཐུན་རྐྱེན་ཟས་གོས་ནོར་གསུམ་གྱི་འབྱོར་པ་ནམ་མཁའི་མཛོད་ལ་དབང་འབྱོར་བས་ཚོགས་གཉིས་རླབས་པོ་ཆེ་དུས་མྱུར་བ་ཉིད་དུ་རྫོགས་པ་ལ་བརྟེན་ནས། མཐར་ཐུག་འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་བྱང་ཆུབ་སྙིང་པོའི་གོ་འཕང་མངོན་དུ་སྩོལ་ནུས་པ་ནོར་ལྷ་ཁྱད་པར་ཅན་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་སུ་གནང་བའི་རིམ་པ་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སློབ་དཔོན་ལ་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་ཐོད་ཕྲེང་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བྱང་ཆུབ་ལམ་གྱི་མཐུན་རྐྱེན་ཀུན༔ བསྒྲུབ་ཕྱིར་ལྷ་མོའི་རྗེས་གནང་སྩོལ༔ རྒྱུད་སྦྱང་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྩ་གསུམ་ནོར་ལྷ་རྒྱ་མཚོ་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྤྱི་ལྟར། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་ལྷ་མོའི་རྗེས་སུ་གནང་བ་གསུམ་ལས། ཐོག་མར་སྐུ་ཡི་ལྷ་མོའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྐྱེད་ཚལ་ཉམས་དགའ་བའི་དབུས་སུ་རིན་པོ་ཆེའི་ལྗོན་ཤིང་དཔངས་མཐོ་བ། མེ་ཏོག་དམར་པོ་བཀྲ་བའི་དྲུང་དུ་ཨུཏྤལ་དམར་པོ་ཉི་མའི་གདན་དང་བཅས་པའི་དབུས་སུ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿལྗང་གུ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་གོས་ཀྱི་ལྷ་མོ་སྐུ་མདོག་ལྗང་གུ་ཕྱག་གཡས་གསེར་གྱི་དགྲ་སཏྭ་དང་གཡོན་ཐོད་པ་རིན་པོ་ཆེས་གང་བ་བསྣམས་པ། ལེ་བརྒན་དར་གྱི་ན་བཟའ་དང་། གསེར་གྱི་སྐ་རགས་བཅིང་ཞིང་། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཤ་རྒྱས་པ་མཛེས་ཤིང་སྒེག་པའི་ཉམས་ཅན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤོས་རོལ་དང་བཅས་ཡེ་ཤེས་དབབ་ཅིང་བསྟིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་འཇམ་པའི་དབྱངས་ཀྱིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་དགོད་པའོ། །དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ལ། ཐོག་མར་སྐུ་ཡི་རྟེན་དང་གཏོར་མ་སྤྱི་བོར་བཞག་པས་ལྷ་མོའི་སྐུ་དབང་དུ་འདུས་ཏེ། སྐུའི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་གོས་ཀྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ཨི་ལིང་ཀིཿ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ གསུང་བཟླས་ལུང་གི་སླད་དུ་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བགྱིས་པས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ་ཨི་ལིང་ཀི༔ པི་ལིང་ཀི༔ ཀི་ལིང་ཀི་སྭཱ་ཧཱ༔ ཐུགས་ཀྱི་རྗེས་གནང་གི་སླད་དུ་ལྷ་མོའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་དུ་བསྲེས་ཏེ་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་མཉམ་པར་འཇོག་མཛོད། དེས་ལྷ་མོའི་ཐུགས་དབང་དུ་འདུས་ཏེ་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པ་ཡིན་ནོ། །དེ་ནས་གསུང་གི་ལྷ་མོའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྐྱེད་ཚལ་ཉམས་དགའ་བའི་དབུས་སུ་རིན་པོ་ཆེའི་ལྗོན་ཤིང་དཔངས་མཐོ་བ། མེ་ཏོག་དམར་པོ་བཀྲ་བའི་དྲུང་དུ་ཨུཏྤལ་དམར་པོ་ཉི་མའི་གདན་དང་བཅས་པའི་དབུས་སུ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདམར་པོ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཟས་ཀྱི་ལྷ་མོ་སྐུ་མདོག་དམར་མོ་ཕྱག་གཡས་གསེར་གྱི་དགྲ་སཏྭ་དང་གཡོན་ཐོོད་པ་རིན་པོ་ཆེས་གང་བ་བསྣམས་པ། ལེ་བརྒན་དར་གྱི་ན་བཟའ་དང་། གསེར་གྱི་སྐ་རགས་བཅིང་ཞིང་། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཤ་རྒྱས་ཤིང་མཛེས་པ་སྒེག་པའི་ཉམས་ཅན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྷྲྀཧྣ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱན་རས་གཟིགས་ཀྱིས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་དགོད་པའོ། །དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ལ། ཐོག་མར་སྐུའི་རྟེན་དང་གཏོར་མ་སྤྱི་བོར་བཞག་པས་ལྷ་མོའི་སྐུ་དབང་དུ་འདུས། སྐུའི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་ཟས་ཀྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྷྲྀཧྞ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ གསུང་བཟླས་ལུང་གི་སླད་དུ་མདུན་གྱི་ལྷ་མོའི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བགྱིས་པས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ་ཨ་ན་ལེ༔ ཀུན་དྷ་ལེ༔ གྷྲྀཧྞ༔ པི་ཎ་དྷ༔ པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་ལྷ་མོའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་དུ་བསྲེས་ཏེ་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་མཉམ་པར་འཇོག་མཛོད། དེས་ལྷ་མོའི་ཐུགས་དབང་དུ་འདུས་ཏེ་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པ་ཡིན་ནོ། །དེ་ནས་ཐུགས་ཀྱི་ལྷ་མོའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྐྱེད་ཚལ་ཉམས་དགའ་བའི་དབུས་སུ་རིན་པོ་ཆེའི་ལྗོན་ཤིང་དཔངས་མཐོ་བ། མེ་ཏོག་དམར་པོ་བཀྲ་བའི་དྲུང་དུ་ཨུཏྤལ་དམར་པོ་ཉི་མའི་གདན་དང་བཅས་པའི་དབུས་སུ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿམཐིང་ག་ལས་ཁྱེད་རང་རྣམས་ནོར་གྱི་ལྷ་མོ་སྐུ་མདོག་མཐིང་ག་ཕྱག་གཡས་གསེར་གྱི་དགྲ་སཏྭ་དང་གཡོན་ཐོད་པ་རིན་པོ་ཆེས་གང་བ་བསྣམས་པ། ལེ་བརྒན་དར་གྱི་ན་བཟའ་དང་གསེར་གྱི་སྐ་རགས་བཅིང་ཞིང་། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཤ་རྒྱས་ཤིང་མཛེས་པ་སྒེག་པའི་ཉམས་ཅན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དཔལ་ཕྱག་ན་རྡོ་རྗེས་དབུར་བརྒྱན་པའི་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་དགོད་པའོ། །དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ལ། ཐོག་མར་སྐུའི་རྟེན་དང་གཏོར་མ་སྤྱི་བོར་བཞག་པས་ལྷ་མོའི་སྐུ་དབང་དུ་འདུས་ཏེ། སྐུའི་རྗེས་སུ་གནང་བ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ སྒྲུབ་པ་པོ་ལ་ནོར་གྱི་དངོས་གྲུབ་སྩོལ༔ རྒྱལ་བའི་སྤྱན་སྔར་ཁྱོད་ཀྱིས་དམ་བཅས་ལྟར༔ ཞལ་བཞེས་བཞིན་དུ་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ གསུང་བཟླས་ལུང་གི་སླད་དུ་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བགྱིས་པས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ་ན་མོ་ཤུ་ཏྲ་མུ་ཏྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ༔ ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་ལྷ་མོའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་དུ་བསྲེས་ཏེ་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་མཉམ་པར་འཇོག་མཛོད། དེས་ལྷ་མོའི་ཐུགས་དབང་དུ་འདུས་ཏེ་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པ་ཡིན་ནོ། །དེ་རྣམས་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད་ཅིག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་སོགས་དང་། གནས་སྐབས་སུ་ཡང་འགལ་རྐྱེན་ཐམས་ཅད་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །འབད་དང་སྩོལ་བས་མ་གོས་པའི། །སོགས་ཤིས་བརྗོད་ཅི་རིགས་པ་བྱ། དེ་རྣམས་ཀྱི་སྒོ་ནས་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་ནོར་ལྷ་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་སུ་གནང་བ་ཕུལ་གྲུབ་པ་ལགས་པས་དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་སོགས། རྗེས་གནང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་གྱེས། གསུམ་པ་ནི། གཏང་རག་གི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། ཧཱུྃ། དངོས་སུ་འབྱོར་དང་སོགས་མཆོད་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་བྲིས་སྐུ་ལ་བརྟན་བཞུགས་དང་། བསྔོ་སྨོན་ཤིས་བརྗོད་ཅི་ལྟར་རིགས་པས་མཐའ་བརྒྱན། རྟེན་གཏོར་མཛོད་ཀྱི་ཕུགས་སུ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་བས་དགེ་ལེགས་ཀྱི་འབྱོར་པ་རྒྱས་པར་འགྱུར་རོ། །སྲིད་ཞིའི་དགེ་མཚན་ལེགས་པའི་ཕུལ། །རྫོགས་ལྡན་སྤྲིན་ལས་འདོད་རྒུའི་ཆར། །འབེབ་པའི་ཆོ་ག་འདི་བགྱིས་པས། །ས་གསུམ་ཕན་བདེ་རྒྱས་གྱུར་ཅིག །ཅེས་པའང་ཟབ་ཆོས་འདི་ཉིད་ཀྱི་བདག་པོར་ཁྱད་པར་དུ་བསྔགས་པ་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ལས་ཚུལ་འདིའི་བཀའ་དྲིན་ཐོག་མར་ནོད་པའི་སྐབས་ཟིན་བྲིས་སུ་བགྱིས་པ་ལ། སླར་ཡང་གསལ་བར་བྱེད་པ་པོ་ནི་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་སྟེ་དགེ་ལེགས་ཀྱི་འབྱོར་པས་འཇིག་རྟེན་ཀུན་ཏུ་ཁྱབ་པའི་རྒྱུར་སིདྡྷི་རསྟུ།། །།

དཔལ་བཀའ་འདུས་ཀྱི་དཀྱིལ་འཁོར་བཀོད་པ (Volume 15, Text 31)

༄༅། །དཔལ་བཀའ་འདུས་ཀྱི་དཀྱིལ་འཁོར་བཀོད་པ་བཞུགས་སོ། ། ན་མོ་གུ་རུ། དཔལ་བཀའ་འདུས་ཀྱི་དཀྱིལ་འཁོར་བཀོད་པ་ནི། ཕྱི་རིན་ཆེན། ནང་དུར་ཁྲོད་ཀྱི་གཞལ་ཡས་ཁང་། གཞི་དཀྱིལ་གཅིག་གི་ནང་དུ་ལིང་ཚེ་ཉེར་གཅིག །ལིང་ཚེ་དབུས་མར་དཀྱིལ་འཁོར་སྒོ་རྫོགས་རྟ་བབས་དང་བཅས་པ་ནི་བཀའ་འདུས་སྤྱི་དཔལ་རྩ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་སྤྱི་དཔལ་ཡབ་ཡུམ། དེ་རྒྱབ་རྩིབས་བཞི་ལ། བཛྲ། རཏྣ། པདྨ། ཀརྨ་འདུས་པ་བཞི་ལ་སྐུ་གསུང་ཐུགས་ཡེ་ཤེས་ལས་འཕྲོས་པའི་ལྷ་བཞི་བཞི་སྟེ་ཡབ་ཡུམ་ཉི་ཤུ། རྩིབས་མཆན་བཞི་ལ་སྐུ་གསུང་ཐུགས་བུདྡྷ། འདུས་པ་བཞི་རང་རང་གི་འཁོར་བཞི་བཞི་སྟེ་ཡབ་ཡུམ་ཉི་ཤུ། དེ་རྒྱབ་མུ་ཁྱུད་ལ་རིགས་བསྡུས་པའི་ཧེ་རུ་ཀ་ཡབ་ཡུམ་བཞི་བཅུ། དེ་རྒྱབ་ཁྱམས་ལ་སྐུ། གསུང་། ཐུགས། ཡོན་ཏན། ཕྲིན་ལས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་རེ་རེ་སྟེ་ལྔ་བཅུ། འདོད་སྣམ་ལ་ཐུན་མོང་གི་མཆོད་པའི་ལྷ་མོ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ་ནང་གསེས་ལྔ་ལྔར་ཕྱེ་བའི་ཉི་ཤུ་རྩ་ལྔ། སྐྱེ་གནས་བཞི་སོགས་གནས་སུ་དག་པའི་ནང་གི་མཆོད་པའི་ལྷ་མོ་ཡབ་ཡུམ་ཉི་ཤུ། སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་སྟེ། དེ་ལྟར་ན་གཙོ་བོ་ཡབ་ཡུམ་གཅིག་ཏུ་བརྩིས། གཞན་རྣམས་སོ་སོར་བགྲངས་པས་ལྷ་ཚོགས་སུམ་བརྒྱ་དང་སོ་བཞི། དེ་ལས་ཉི་མ་དང་ཟེར་གྱི་ཚུལ་དུ་རང་རང་གི་སྤྲུལ་གཞི་ཞི་བའི་ལྷ་སུམ་བརྒྱ་དང་སུམ་བཅུའི་ཚོགས་ཀྱང་་་་་་ཁྲོ་བོའི་ཁྲག་འཐུང་རིགས་བཞི་དང་། འདུས་པ་བཞི་སྤྲུལ་གཞི་གཅིག་པས་ཞི་བ་སུམ་བརྒྱ་དང་སུམ་ཅུར་གྲངས་ངེས་པར་མཛད་དོ། །མཆན། སོ་སོའི་ནམ་མཁར་འཇའ་ཚོན་ཤར་བ་ལྟར་སྣང་བས་ན། རྩ་བའི་དཀྱིལ་འཁོར་ཞི་ཁྲོ་འདུས་པ་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞིར་གྲངས་ངེས་པར་བཞག་པའོ། ༡༽།དེ་ནས་ཡན་ལག་གི་དཀྱིལ་འཁོར་ལ། ཤར་སྟོད་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་ཡབ་ཡུམ། རྩིབས་བཞིར་བུདྡྷ། རཏྣ། པདྨ། ཀརྨ་ཁྲག་འཐུང་ཡབ་ཡུམ། རྩིབས་མཆན་ལ་གནས་མ་བརྒྱད། ཁྱམས་ལ་ཡུལ་མ་བརྒྱད། སྒོ་བཞིར་སྒོ་མ་བཞི། འདོད་སྣམ་ལ་བཀྲ་ཤིས་པའི་ལྷ་མོ་བརྒྱད། ཁོར་ཡུག་ལ་དབང་ཕྱུག་ཉེར་བརྒྱད་དེ་དྲུག་ཅུ་རྩ་བརྒྱད་དུ་ངེས་པའོ། ༢༽།ཤར་སྲིབ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཕྲེང་བ་ཡབ་ཡུམ། རྩིབས་བཞིར་འཇིགས་བྱེད་དགྲ་ནག །རྟ་མགྲིན། དོན་ཡོད་ཞགས་པ་རྣམས་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་བཞིར་སོ་སོར་འབྲང་མ་སོགས་ལྷ་མོ་ཉི་ཤུ་རེ། སྒོ་བཞིར་སྒོ་མ་བཞི། འདོད་སྣམ་ལ་མཆོད་པའི་ལྷ་མོ་བཅུ་གཉིས། ཤར་ནུབ་ཏུ་ཆོས་སྐྱོང་བྱ་རོག་གདོང་དང་། ཨེ་ཀ་ཛ་ཊཱི་བཅས་ལྷ་ཚོགས་བརྒྱ་དང་བརྒྱད་དོ། ༣༽།ཤར་དབུས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་སུ་ཕྱག་རྡོར་ཡབ་ཡུམ། འཁོར་ལོ་རྩིབས་བཅུ་དང་གྲྭ་བཞིར་བདུད་ལས་རྣམ་རྒྱལ་ལ་སོགས་པའི་ཁྲོ་བོ་ཡབ་ཡུམ་བཅུ་བཞི། མུ་ཁྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཁྱུང་ལྔ། སྒོ་བཞིར་སྒོ་མའི་ཁྱུང་བཞི། འདོད་སྣམ་ལ་མེ་ཏོག་མ་སོགས་མཆོད་པའི་ཁྱུང་བདུན། ཁོར་ཡུག་ཏུ་ཕྱོགས་སྐྱོང་འདུལ་བའི་ཁྱུང་བཅུ། ཤར་ནུབ་ཏུ་ཀཱ་ལ་ནག་པོ་དང་། ཙ་མུཎྜི་བཅས་ལས། སྒོ་བཞིའི་ཁྱུང་དང་། མགོན་པོ་ཡབ་ཡུམ་ལ་རེ་རེ་དང་། གཞན་རྣམས་ཡབ་ཡུམ་གཉིས་རེ་བགྲངས་པས་བརྒྱད་ཅུ་ཐམ་པའོ། ༤༽།ཤར་སྨད་རྡོ་རྗེ་རྩལ་རྫོགས་ཀྱི་དཀྱིལ་འཁོར་དབུས་སུ་རྡོ་རྗེ་རྩལ་རྫོགས་ཡབ་ཡུམ། དེའི་ཕྱི་རོལ་གྱི་རྩིབས་བརྒྱད་ལ་ཀིང་ཆེན་ཁྲོ་བོ་ཡབ་ཡུམ་བརྒྱད། ཁྱམས་ལ་མཆོད་པའི་ཀིང་མོ་བཅུ་གཉིས། སྒོ་བཞིར་ཀིང་བཞི། ཕྱིའི་ཤར་ནུབ་ཏུ་རྡོ་རྗེ་སྣ་ཡོན་མ་དང་། ཤངྐ་ཏི་སྟེ་བཀའ་སྲུང་གཉིས། དྲིལ་བས་སུམ་ཅུ་རྩ་དྲུག་གོ ༥༽།ལྷོ་སྟོད་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་དབུས་སུ་ཀུན་འདུས་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ། དེའི་ཕྱི་རོལ་ཏུ་པད་འདབ་ཉེར་གཅིག་ལ་བཀའ་འདུས་དཀྱིལ་གྱི་འཁོར་ལོ་ཉེར་གཅིག་སོ་སོའི་རིག་འཛིན། མུ་ཁྱུད་ལ་ཐུན་མོང་དང་ཁྱད་པར་གྱི་རིག་འཛིན་བཅུ། ཕྱོགས་ཀྱི་ཁྱམས་བཞི་ལ་སློབ་དཔོན་བཞི་རྣམས་སོ་སོའི་ཡབ་ཡུམ་དང་བཅས་པ། མཚམས་སུ་མཁའ་འགྲོ་བཞི། སྒོ་བཞིར་གིང་ཆེན་སྡེ་བཞི་བཅས་བརྒྱད་ཅུ་ཐམ་པའོ། ༦༽།ལྷོ་སྲིབ་བདེ་མཆོག་གི་དཀྱིལ་འཁོར་དབུས་སུ་འཁོར་ལོ་སྡོམ་པ་ཡབ་ཡུམ། དེའི་ཕྱི་རོལ་ཐུགས། གསུང་། སྐུ །དམ་ཚིག་འཁོར་ལོ་སྔོ། དམར། དཀར། ལྗང་བཞིར་སྙིང་པོའི་རྣལ་འབྱོར་མ་བཞི་ཡབ་དང་བཅས་པ་དང་། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་ཡབ་ཡུམ་དྲུག་རེ། ཁྱམས་ལ་སྒོ་མཚམས་མ་བརྒྱད། འདོད་སྣམ་ལ་མཆོད་ལྷ་བཅུ་དྲུག །ཁོར་ཡུག་ཏུ་ཕྱོགས་སྐྱོང་བ་བརྒྱད་རྣམས་ལས། གཙོ་བོ་ཡབ་ཡུམ། རྣལ་འབྱོར་མ་བཞི། དཔའ་བོ་དཔའ་མོ་ཞེ་བརྒྱད། སྒོ་མཚམས་བརྒྱད་བཅས་རྩ་བའི་ལྷ་དྲུག་ཅུ་རྩ་གཉིས་སུ་གྲངས་ངེས་པའོ། ༧༽།ལྷོ་དཀྱིལ་འཇམ་དཔལ་སྐུའི་དཀྱིལ་འཁོར་དབུས་གཤིན་རྗེ་ཡབ་ཡུམ། རྩིབས་བཞིར་གཤེད་ཆེན་བཞི། མུ་ཁྱུད་ལ་དུག་ལྔ་སེར་སྣ་དང་དྲུག་རྣམ་པར་དག་པའི་གཤིན་རྗེ་རིགས་དྲུག །དེའི་ཕྱིར་ཐོད་མཁར་བཅུ་གཉིས་ལ་ཕྱོགས་སྐྱོང་བའི་གཤིན་རྗེ་བཅུ་གཉིས་བཅས་ཡུམ་དང་སྦྱོར་བ། སྒོ་བཞིར་སྒོ་བ་བཞི། ཁོར་ཡུག་ཏུ་གྲི་ཐོགས་གིང་བཞི། ཁྲམ་ཐོགས་བདུད་བཞི། ཤོ་ཐོགས་རྩིས་བཞི། སྲོག་གཅོད་བཤན་པ་བཞི་སྟེ་བཅུ་དྲུག །དྲིལ་བས་དྲུག་ཅུ་རྩ་ལྔའོ། ༨༽།ལྷོ་སྨད་རཏྣ་རྩལ་རྫོགས་ཀྱི་དཀྱིལ་འཁོར་དབུས་སུ་རཏྣ་རྩལ་རྫོགས་ཡབ་ཡུམ། དེ་རྒྱབ་རྩིབས་བརྒྱད་ལ་གདོང་ཅན་མ་བཞི་དང་། ནམ་མཁའི་རྒྱལ་པོ་བཞི། རྩིབས་མཆན་བརྒྱད་ལ་རྒྱན་ཅན་མ་བཞི་དང་། གདོང་ཅན་བཞི། དེ་རྒྱབ་འདབ་བཅུ་ལ་ཕྱོགས་བཅུའི་སངས་རྒྱས། དེ་རྒྱབ་ཤར་ནུབ་ཏུ་ལྷག་རེ་བརྩིས་པའི་དྲུག་ཏུ་མ་མོ་ལྔ་རང་རང་གི་ཐབས་དང་བཅས་པ་དང་། བཀའ་སྲུང་ཀཱ་ལ་ནག་པོ་ཡབ་ཡུམ། སྒོ་བཞིར་སྟག་སྐྱ་བོ་སོགས་བཞི། སྒོ་བཞི་ཀར་ཉུལ་བའི་སྤྲེའུ་སེར་པོ། ཁོར་ཡུག་ཏུ་ས་བདག་ཐེ་སེ་རྒྱལ་པོ་སོགས་ས་བདག་བཅུ་སྟེ་ལྔ་བཅུ་རྩ་ལྔའོ། ༩༽།ནུབ་སྟོད་པདྨ་གསུང་གི་དཀྱིལ་འཁོར་དབུས་སུ་རྟ་མགྲིན་ཡབ་ཡུམ། དེ་རྒྱབ་རྩིབས་ཉེར་གཅིག་ལ་ཟིལ་གནོན་གྱི་ཁྲོ་བོ་ཉེར་གཅིག་རང་རང་གི་ཡུམ་དང་བཅས་པ། ཁྱམས་ལ་གིང་དྲུག །སྒོ་བཞིར་སྒོ་མ་བཞི། ཁོར་ཡུག་ཏུ་མགོན་པོ་ཀཱ་ལ་ནག་པོ་སེང་གེ་ལ་ཞོན་པ་བཅས་ལྷ་ཚོགས་ལྔ་བཅུ་རྩ་ལྔའི་གྲངས་སུ་བཞག་ལ། མགོན་པོའི་འཁོར་དུ་ཁྱི་བརྒྱད། སྤྱང་བརྒྱད། མེ་འབྲུག་བརྒྱད། རླུང་འབྲུག་བརྒྱད་དང་བཅས་པའོ། ༡༠༽།ནུབ་སྲིབ་དཀྱིལ་འཁོར་དབུས་སུ་དགྱེས་པ་རྡོ་རྗེ་ཡབ་ཡུམ། རྩིབས་བརྒྱད་གཽ་རཱི་བརྒྱད། མུ་ཁྱུད་རྣལ་འབྱོར་མ་བཅུ་གཅིག །གསེར་ཁྱམས་སངས་རྒྱས་རབ་བདུན་དང་བྱམས་པ། ཁྲག་ཁྱམས་དང་སྒོ་བཞིར་མཁའ་འགྲོ་སོ་གཉིས། ཁོར་ཡུག་ཏུ་དུད་སོལ་མ་མ་མོའི་ཚོགས་དང་བཅས་པ་སྟེ་དྲུག་ཅུ་རྩ་གཉིས་སམ། གཙོ་བོའི་གཡས་གཡོན་གྱི་སྒྲོལ་ཡུམ་གཉིས་རྒྱབ་ཀྱི་སྦས་ཡུམ་བཅས་དྲུག་ཅུ་རྩ་ལྔའོ། ༡༡༽།ནུབ་དཀྱིལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་དབུས་སུ་གསང་བ་འདུས་པ་ཡབ་ཡུམ། དེ་རྒྱབ་རྩིབས་དྲུག་ལ་སངས་རྒྱས་རིགས་དྲུག །དེ་རྒྱབ་མུ་ཁྱུད་ལ་བྱང་སེམས་བཅུ་དྲུག་ཁྲོ་བོ། དེ་རྒྱབ་ཁྱམས་དང་སྒོ་ལ་ཁྲོ་བོ་བཅུ་གཅིག་བཅས་ཡབ་ཡུམ། འདོད་སྣམ་ལ་གཟུགས། སྒྲ། དྲི། རོའི་ལྷ་མོ་བཞི། ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བཞི་བཅུ་རྩ་བརྒྱད། སྲུང་བའི་འཁོར་ལོའི་ཁྲོ་བོ་བཅུ་ཡབ་རྐྱང་རྣམས་དྲིལ་བས་བརྒྱ་དང་སུམ་ཅུའོ། ༡༢༽།ནུབ་སྨད་པདྨ་རྩལ་རྫོགས་ཀྱི་དཀྱིལ་འཁོར་དབུས་སུ་པདྨ་རྩལ་རྫོགས་ཡབ་ཡུམ། དེ་རྒྱབ་པད་འདབ་ལྔ་ལ་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ། དེ་རྒྱབ་མུ་ཁྱུད་ལ་སེམས་དཔའ་ཉི་ཤུ །དེ་རྒྱབ་ཁྱམས་ནང་མ་ལ་སངས་རྒྱས་དྲུག །ཕྱི་མར་ཚེ་འགུག་འཆིང་གི་ལྷ་མོ་བཅུ་གཉིས། སྒོ་བཞིའི་ཕྱི་ནང་གདོང་ཅན་བརྒྱད། འདོད་སྣམ་ལ་མཆོད་པའི་ལྷ་མོ་སོ་གཉིས། ཁོར་ཡུག་ཏུ་བཀའ་སྲུང་མེ་སྦལ་དང་། གཟའ་ཆེན་བདུན་བཅས་ལྷ་ཚོགས་དགུ་བཅུ་རྩ་བརྒྱད་དོ། ༡༣༽།བྱང་སྟོད་ཡོན་ཏན་གྱི་དཀྱིལ་འཁོར་དབུས་སུ་ཆེ་མཆོག་ཡབ་ཡུམ། རྩིབས་བཞིར་ལུང་གི་ཧེ་རུ་ཀ་བཞི། རྩིབས་མཆན་ཁྲོ་བོ་མཆོག་བཞི། མུ་ཁྱུད་སྒྲོལ་བྱེད་བཞི་རྣམས་ཡབ་ཡུམ། གསེར་ཁྱམས་གོ་རཱི་བརྒྱད། ཁྲག་ཁྱམས་སེང་ཧ་བརྒྱད། ཤར་ནུབ་ཏུ་ལྷག་བཅས་སྤོར་བྱེད་དྲུག །སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད། ཁོར་ཡུག་ཅེ་སྤྱང་མ་བརྒྱད་ཕྱོགས་བཅུའི་ཁྲོ་བོ་བཅས་བདུན་ཅུ་རྩ་གཉིས་སོ། ༡༤༽།བྱང་སྲིབ་ཀཱ་ལ་ཙཀྲའི་དཀྱིལ་འཁོར་དབུས་སུ་དུས་ཀྱི་འཁོར་ལོ་ཡབ་ཡུམ། འདབ་བརྒྱད་ལ་བདེ་གཤེགས་བརྒྱད། མུ་ཁྱུད་ལ་དཔའ་བོ་བཞི་དང་སེམས་དཔའ་དྲུག་བཅས་ཡབ་ཡུམ། དེ་རྒྱབ་ཁོར་ཡུག་ལ་ལྷ་མོ་བདུན་ཅུ་རྩ་གཉིས། སྒོ་བཞི་ལ་སྒོ་བ་བཅུ་གཉིས། འདོད་སྣམ་ལ་མཆོད་ལྷ་བཅུ་གཉིས། ཁོར་ཡུག་ཏུ་ཕྱོགས་སྐྱོང་བཅུ་དང་། ཀླུ་བཅུ་སྲུང་བའི་ཁྲོ་བཅུ་སྟེ་བརྒྱ་དང་དྲུག་ཅུ་རྩ་བཞི། གཞན་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བརྙན་དང་བཅས་པའོ། ༡༥༽།བྱང་དཀྱིལ་ནོར་ལྷའི་དཀྱིལ་འཁོར་གྱི་དབུས་སུ་མཁའ་ཀློང་འཁྱིལ་པ་ཡབ་ཡུམ། མདུན་དང་འདབ་བརྒྱད་ལ་ནོར་ལྷ་རིགས་དགུ་ཡབ་ཡུམ། པད་མཚམས་བརྒྱད་ལ་ནོར་སྦྱིན་བརྒྱད་ཡབ་ཡུམ། མུ་ཁྱུད་ལ་ཚོགས་བདག་བཞི། གནོད་སྦྱིན་བཅུ་རྣམས་ཡབ་ཡུམ། གནོད་སྦྱིན་མོ་ཉེར་ལྔ། སྒོ་བཞིར་སྲུང་བ་མོ་བཞི་དང་ཤར་དུ་ལྷག་བཅས། ཁོར་ཡུག་ཏུ་མོན་མོ་དགུ །བྱ་རོག་བདུན། ཁྱི་བདུན་བཅས་ལྷ་ཚོགས་བརྒྱ་དང་བཅུ་བདུན་ནོ། ༡༦༽།བྱང་སྨད་ཕྲིན་ལས་སྣ་ཚོགས་པའི་དཀྱིལ་འཁོར་གྱི་དབུས་སུ་ཀརྨ་རྩལ་རྫོགས་ཡབ་ཡུམ། རྩིབས་དགུ་ལ་ཟིལ་གནོན་ལྔ་དང་གྱད་ཆེན་བཞི་ཡབ་ཡུམ། ཁོར་ཡུག་ཏུ་ཕུབ་ཅན་བརྒྱ་ཕྲག །སྒོ་བཞིར་དམག་དཔོན་བཞི། ཁོར་ཡུག་ཏུ་ལས་སྣ་ཚོགས་པ་བཅུ། ཕུབ་ཅན་བཅོ་ལྔ། སྲུང་མ་གནོད་སྦྱིན་དམར་ནག་བཅས་ལྷ་ཚོགས་བརྒྱ་དང་ལྔ་བཅུའོ། ༡༧༽།གྲ་བཞིའི་དཀྱིལ་འཁོར་ལ། ཤར་ལྷོ་རྦོད་གཏོང་མ་མོའི་དཀྱིལ་འཁོར་གྱི་དབུས་སུ་བླ་མེད་ཧེ་རུ་ཀ་ཡབ་ཡུམ། རྩིབས་བཞི་དང་མདུན་དུ་རྟག་པའི་རྒྱལ་མོ་ལྔ། གཙོ་བོའི་གཡས་སུ་ཁམས་གསུམ་ཡུམ་མཆོག །གཡོན་དུ་ཉི་ཟླ་ཐོད་ཕྲེང་། བར་ཁྱམས་ཆེན་མོའི་ནང་ངོས་སུ་ཕྱོགས་བཞིར་ཁྲོས་མ་བཞི་དང་དགྱེས་སྡེ་བཞི། མཚམས་བཞིར་སྦས་མ་བཞི། ཕྱི་ངོས་སུ་དམན་མོ་བཞི་བཅུ་རྩ་དྲུག །རོ་ཁ་མ་གསུམ། སྒོ་བཞིར་རྒྱལ་ཆེན་བཞིའི་གིང་མོ་བཞི་སྟེ། སྲིད་པ་མ་མོ་ཁོ་ན་གཙོ་ཆེ་བའི་དབང་དུ་བྱས། གཙོ་བོ་ཡབ་ཡུམ་གཅིག་ཏུ་བགྲངས་པས་བདུན་ཅུ་རྩ་བཞིའོ། ༡༨༽།ལྷོ་ནུབ་ཕྲིན་ལས་ཕུར་བུའི་དཀྱིལ་འཁོར་དབུས་སུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། མདུན་དང་རྩིབས་བཞིར་སྲས་མཆོག་རིགས་ལྔ་ཡབ་ཡུམ། རྩིབས་བཅུར་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་བཅས་བཞི་བཅུ། སྒོ་བཞིར་སྒོ་མ་བཞི། འདོད་སྣམ་ལ་མཆོད་པའི་ལྷ་མོ་བཞི། ཁོར་ཡུག་ཏུ་ཤྭ་ན་མ་བཞི། རེ་མ་ཏཱི་བཞི། བསེ་མོ་བཞི་སྟེ་ཕུར་སྲུང་མ་མོ་བཅུ་གཉིས་དང་། དེ་དག་གི་མིང་པོ་གིང་བཞི། བདུད་བཞི། དམག་དཔོན་བཞི་སྟེ་བཅུ་གཉིས། ཐམས་ཅད་བསྡོམས་པས་ལྷ་ཚོགས་བརྒྱད་ཅུ་རྩ་བཞིའོ། ༡༩༽།ནུབ་བྱང་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དབུས་སུ་དྲེགས་པ་ཀུན་འདུལ་ཡབ་ཡུམ། རྩིབས་བཞིར་གཤིན་རྗེ་ཡ་མ་རཱ་ཛ་སོགས་བཞི་ཡུམ་དང་བཅས་པ། གཙོ་བོའི་གཡས་གཡོན་དུ་མ་ཧཱ་དེ་བ་དང་། ཨུ་མ་དེ་བཱི། བར་ཁྱམས་སུ་སྡེ་དཔོན་བཅུ་གཉིས་དང་། སྟེང་འོག་གཉིས་སུ་བཞི་སྟེ་བཅུ་དྲུག །སྒོ་བཞིར་སྲོག་བདག་ཚངས་པ་སོགས་བཞི། ཁོར་ཡུག་ཏུ་ལྷ་སྲིན་སྡེ་བརྒྱད་དེ་བཞི་བཅུ་ཐམ་པའོ། ༢༠༽།བྱང་ཤར་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དབུས་སུ་སྟོབས་ལྡན་ནག་པོ་ཡབ་ཡུམ། རྩིབས་བཞིར་དྲེགས་ཆེན་འཆི་བདག་ནག་པོ་སོགས་བཞི། མུ་ཁྱུད་ལ་འཇིགས་བྱེད་བཅུ། སྒོ་བཞིར་ལི་བྱིན་ཧར་ལེགས་སོགས་བཞི། ཁོར་ཡུག་ཏུ་སྡེ་བརྒྱད་དེ་ལྷ་ཚོགས་ཉི་ཤུ་རྩ་བརྒྱད་དོ། ༢༡༽།དེ་ལྟ་བུའི་ཚོམ་བུ་ཉེར་གཅིག་གི་རྩ་བའི་ལྷ་གྲངས་ཐམས་ཅད་དྲིལ་བས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་རྩ་ལྔའོ། །གཞི་དཀྱིལ་གྱི་ཁྱམས་ནང་མར་ཐུབ་པ་སུམ་ཅུ་རྩ་དྲུག་དང་། ཉན་ཐོས་ལྔ་སྡེ་སོགས་དགེ་འདུན་གྱི་ཚོགས། དེའི་ཕྱིར་དབང་ཕྱུག་ཉེར་བརྒྱད། ཁྱམས་བར་མར་སངས་རྒྱས་སྟོང་། ཁྱམས་ཕྱི་མར་ཉན་ཐོས་མཆོག་བཅུ་སོགས། སྒོ་བཞིར་ཐུགས་རྗེ་ཆེན་པོ་རིགས་བཞི། བཀའ་ཉན་རྒྱལ་ཆེན་སོ་སོའི་འཁོར་འབུམ་ཕྲག །ཁོར་ཡུག་ཏུ་གིང་ཆེན་བཅོ་བརྒྱད། མཁའ་འགྲོ་སོ་གཉིས། འབར་མ་བརྒྱད་སོགས་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་། རྟ་བབས་བཞི་ལ་དང་པོར་འདོད་ཡོན་དྲུག་བདེ་ཆེན་གྱི་ལྷ་མོ་སྟེ་བདུན། གཉིས་པར་མ་རྨོས་ལོ། འདོད་འཇོའི་བ། གུར་གུམ་གྱི་རི། ཁྲུས་ཀྱི་རྫིང་བུ། དཔག་བསམ་ཤིང་། ཅང་ཤེས་རྟ། འོད་ཀྱི་གཞལ་ཡས་ཏེ་དམ་རྫས་སྣ་བདུན། གསུམ་པར་ཉེ་བའི་རིན་ཆེན་བདུན། བཞི་པར་རྒྱལ་སྲིད་བདུན་བཅས་ཀྱིས་མཚན་པའོ། །དེ་ལྟ་བུའི་དཀྱིལ་འཁོར་རྣམས་ཀྱང་། རྣལ་འབྱོར་པ་རབ་ཀྱིས་ཏིང་ངེ་འཛིན་ཁོ་ནས་བསྐྱེད་ཅིང་ལས་ཐམས་ཅད་བྱ། འབྲིང་གིས་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་སམ་གཙོ་བསྡུས་ཀྱི་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ལ་བརྟེན། ཐ་མས་སྤྲོས་པ་ཆེ་ན་རྡུལ་ཚོན། ཆུང་ན་རས་བྲིས། དེའང་གཙོ་འཁོར་ཐམས་ཅད་ཞལ་ཕྱག་རྫོགས་པའམ། འཁོར་ཕྱག་མཚན་དང་། ཐིག་ལེ། ཡིག་འབྲུ་སོགས་འབྲི། ཐིག་ལེ་སོགས་སྐུ་མདོག་དང་མཐུན་པའམ། ཐམས་ཅད་གཙོ་བོའི་མདོག་ཏུ་བྱས་ཀྱང་གཏུབ་སྟེ། སོ་སོའི་འཁོར་རྣམས་གཙོ་བོའི་རིག་མདངས་ཏེ༔ ཉི་དང་ཟེར་བཞིན་ཐིག་ལེ་གཅིག་ཏུ་རྫོགས༔ ཞེས་གསུངས་སོ། །འདིའང་ལྷ་ཐེམ་ཆེན་མོ་དང་བཀོད་པ་རབ་རྫོགས་ཀྱི་ལུང་ལས་གྲངས་ངེས་ཀྱི་སྡོམ་ཚིག་ཙམ་དུ་བཏུས་པའོ། །མངྒ་ལཾ།། །།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ལས་བྱུང་བའི་སྨིན་བྱེད་དབང་གི་ལག་ལེན་བཅུད་འདུས་བདུད་རྩིའི་རྒྱལ་པོ་ (Volume 21, Text 31)

༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ལས་བྱུང་བའི་སྨིན་བྱེད་དབང་གི་ལག་ལེན་བཅུད་འདུས་བདུད་རྩིའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུཤྩཱརྻཱབ་ལོ་ཀི་ཏེ་ཤྭ་ར་ཡ། གཟུགས་སྐུ་ཟླ་ཤེལ་གཞོན་ནུའི་འཁྲི་ཤིང་ལས། །བརྩེ་ཆེན་བདུད་རྩིའི་དོ་ཤལ་ཕྱག་བརྐྱངས་ནས། །སྐྱེ་དགུ་ཞི་བསིལ་ཐར་པའི་ཁང་བཟང་དུ། །དབུགས་འབྱིན་སྟེར་མཛད་ཐུགས་རྗེ་ཅན་ལ་འདུད། །ཆོ་གའི་སྤྲོས་པ་རྒྱ་མཚོའི་བཅུད་བསྡུས་ནས། །རྒྱུད་ལ་སྨིན་བྱེད་སྲོག་གི་ཟུངས་སྦྱིན་པའི། །རྩི་མཆོག་རྩ་བའི་དགོངས་དོན་མ་ནོར་བ། །མཆོག་དམན་ཀུན་ལ་གཅེས་པའི་ནོར་འདི་འོ། །སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་ཅན་ལྷ་གཅིག་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་ཞིག་གསུངས་པ་ལས། ཞལ་གདམས་ཟབ་དོན་ཆེ་ཚོའི་སྐོར་ལས་འབྱུང་བ་རང་སྨིན་ཅིང་གཞན་ལ་ཕན་གདགས་པ་དབང་གི་ཆོ་ག་ནི། དེ་ཉིད་ལས། སྤྱིར་གསང་སྔགས་ཀྱི་རྩ་བ་ཐམས་ཅད་དབང་ལ་ཐུག་སྟེ། དབང་མ་ཐོབ་ན། གསང་སྔགས་ཀྱི་ཆོས་ཉན་པ་དང་སྒྲུབ་པ་དང་བཤད་པ་གང་ཡང་མི་རུང་བས་དབང་ཐོབ་པར་བྱ་བ་གཅེས་སོ། །ཞེས་གསུངས། འདི་ལ་དོན་བཞིས་སྟོན་ཏེ་དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་སྐུར་བའི་ཚུལ་ལོ། །དེ་ལ་དང་པོ་ནི། ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། སློབ་མའི་ལུས་ངག་ཡིད་གསུམ་སྨིན་པར་བྱེད་པའོ། །གཉིས་པ་ངེས་ཚིག་ནི། ལུས་ངག་ཡིད་གསུམ་ཆོས་ལ་སྤྱོད་པའི་དབང་ཐོབ་པས་དབང་ཞེས་བྱའོ། །གསུམ་པ་དབྱེ་བ་ལ་བཞི་སྟེ། ཕྱིའི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། དེ་ཁོ་ན་ཉིད་ཀྱི་དབང་ངོ་། །བཞི་པ་ཇི་ལྟར་བསྐུར་བ་ལ་བཅུ། སྐུར་བ་པོ་གང་གིས། ཡུལ་གང་ལ། གནས་དུས་གང་དུ། དོན་ཆེད་ཅིའི་ཕྱིར། ཐབས་གང་གིས། འབྲས་བུ་གང་གི་ཕྱིར་དབང་བསྐུར། བསྐུར་བའི་ཡོན་ཏན། མ་བསྐུར་བའི་སྐྱོན། རིགས་གང་ལྟར་བསྐུར། །དབང་ཐོབ་པའི་རྟགས་བསྟན་པའོ། །དང་པོ་ནི། སློབ་དཔོན་ཕྱི་ནང་གསང་གསུམ་གྱི་མཚན་ཉིད་དང་ལྡན་པ་དེ་ལ་དབང་གི་བཅུད་ཡོད་པས་དེ་ལྟ་བུས་བསྐུར། གཉིས་པ་ཡུལ་ནི། སློབ་མ་དད་པ་གུས་པ་མོས་པ་གསུམ་གསུམ་ཚོགས་པས་སྣོད་དང་ལྡན་པ་ལ་བསྐུར། གསུམ་པ་གནས་དུས་ནི། གནས་ལུང་པ་ཁ་ཤར་དུ་བལྟས་པ་དབྱིབས་ཟླ་གམ་གཞི་དམར་པོ། གནམ་འཁོར་ལོ་རྩིབས་བརྒྱད་པ། ས་པདྨ་འདབ་བརྒྱད་དུ་འདུག་པ། རྩི་ཤིང་ནགས་ཚལ་འཛོམ་པ། མེ་ཏོག་གི་ཀློང་ཆགས་པ། ཉམས་དགའ་བ། གྲུབ་ཐོབ་ཀྱིས་བྱིན་གྱིས་བརླབས་པ་དེ་ལྟ་བུ་རྙེད་ན་རབ། མ་རྙེད་ན་དབེན་ཞིང་བཀྲ་ཤིས་པའི་གནས་སུའོ། །དུས་སྟོན་ཟླ་ར་བའི་ཡར་ཚེས་བརྒྱད་ནས་ཉའི་བར་རམ། མ་འཛོམ་ན་ཡར་ཚེས་བཟང་པོ་ལ་བསྐུར། བཞི་པ་དོན་ཆེད་ནི། ཐ་མལ་གྱི་ལུས་ངག་ཡིད་གསུམ། ལྷའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པའི་ཕྱིར་དུའོ། །ལྔ་པ་ཐབས་གང་གིས་དབང་བསྐུར་བ་ལ་ཕྱི་ནང་གསང་བ་གསུམ་དུ་བཤད་པ་ལས། འདིར་ཕྱིའི་དབང་བསྐུར་གཙོ་བོར་བཤད་པས་ཕྱི་མ་གཉིས་ཞར་ལ་གྲུབ་པ་སྟེ། དེ་ལ་གསུམ། སྦྱོར་བ་དབང་བསྐུར་བའི་ཆ་རྐྱེན་སྟ་གོན་བྱ་བ། དངོས་གཞི་དབང་བསྐུར་དྲུག་པོ་རིམ་བཞིན་བྱ་བ། མཇུག་དབང་དང་དཀྱིལ་འཁོར་གྱི་རྗེས་རིམ་མོ། །དང་པོ་ལ་གཉིས། བླ་མ་དང་སློབ་མའི་བྱ་བའོ། །དང་པོ་བླ་མའི་བྱ་བ་ལ། སྡོམ་ནི། ས་ཆོག་དཀྱིལ་འཁོར་འབྲི་བ་དང་། །དབང་གི་རྫས་འགོད་སྒོམ་བཟླས་བྱ། །དབང་རྫས་བྱིན་རླབས་གཏོར་མ་འབུལ། །ཚིག་དབང་རང་གིས་ནོད་པ་འོ། །ཞེས་ཆོས་བདུན་ལས། དང་པོ་ནི། ས་བརྟག་པ་སྒྲུབ་གནས་རྙིང་པ་ལ་མི་དགོས། སློང་བའི་ཆོ་ག་བསྡུས་པ་སྒྲུབ་ཐབས་ལྟར་དཀར་གཏོར་འབུལ། བྱིན་གྱིས་བརླབ་པ་ནི། རང་ཐུགས་རྗེ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་བྱིན་གྱིས་བརླབ་པར་མོས་ལ་ཡིག་དྲུག་ཅི་རིགས་བཟླའོ། །གཉིས་པ་དཀྱིལ་འཁོར་བྲི་བ་ནི། སྟེགས་བུ་ལ་དྲི་བཟང་ཆུས་སྐྱང་ནུལ་བྱས། ཐིག་སྐུད་ཤིང་བལ་སུམ་བསྒྲིལ་ལ། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཉེར་གཅིག་དང་། འཕགས་པའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱི་ཐག་པར་གྱུར་ཅེས་བྱིན་བརླབ། སླར་སྔགས་དེ་ཉིད་ལ། ཛྙཱ་ན་ཙཀྲ་མཎྜ་ལ་ཞེས་བཏགས་ནས་བཟླས་ཏེ། ཐོག་མར་གནམ་ཐིག་བཏབ་པས། སྟེང་ལྷའི་ཡུལ་དང་། ས་ཐིག་བཏབ་པས། འོག་ཀླུའི་ཡུལ་དང་། ཟུར་ཐིག་བཏབ་པས། བར་མིའི་ཡུལ་ལ་སོགས་པའི་འཇིག་རྟེན་ཐམས་ཅད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པར་བསམ། ཐིག་གི་ཕྱག་ལེན་གཞུང་དོན་ལྟར་ན། ཐིག་ཆེན་བརྒྱད་གདབ་བཅུ་དྲུག་དབྱེ། །དང་པོ་ཕྱེད་བགོ་ཕྱི་མ་བགོ །པད་ལྟེ་མུ་ཁྱུད་ལྷག་གཅིག་དང་། །གཉིས་པ་ཕྱེད་གདབ་ཕྱི་མ་གདབ། །ཆ་བྲན་གཉིས་བཅས་འདབ་བཞིའི་ས། །ཆ་ཕྲན་མུ་ཁྱུད་ཆ་གཅིག་དང་། །གསུམ་པ་ཕྱེད་གསེ་ཕྱི་མ་གསེ། །ནང་མ་ཡར་བསྣན་འདབ་བཅུ་གཉིས། ཕྱི་མ་མུ་ཁྱུད་ནོར་ཕྲེང་ངོ་། །བཞི་པ་ཁྱམས་ཡིན་རང་སར་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །དྲུག་པ་ཕྱེད་བགོ་ཕྱི་མ་བགོ །དྲྭ་ཕྱེད་དཱ་རུ་པུ་ཤུའི་ས། །བདུན་པ་བཞིར་དབྱེ་རྟ་བབས་སོ། །བརྒྱད་པ་ཕྱེད་གཏུབས་ཕྱི་མ་གཏུབས། །རྭ་རྩེ་པད་འཁོར་གདུགས་ཀྱི་ས། ཁོར་ཡུག་རིམ་གསུམ་པད་ཕྲེང་དང་། །རྡོ་རྗེའི་ར་བ་མེ་རི་འོ། །ཚོན་ཐོབ་དབུས་དཀར་གེ་སར་མཛེས། །འདབ་བཞི་སྔོ་སེར་དམར་དང་ལྗང་། །མུ་ཁྱུད་མཛེས་ཚོན་འདབ་བཅུ་གཉིས། །སྣ་ཚོགས་མདོག་ལ་གྲུ་ཆད་ལྗང་། །བར་ཁྱམས་མཛེས་ཚོན་སྒོ་ཕྱོགས་མདོག །རྩིགས་པ་དཀར་མཐིང་སེར་དམར་ལྗང་། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་ཕྱེད་དཀར་ལ་གཞི་མ་མཐིང་། །དཱ་རུ་ཀ་ལྗང་བ་ཀུ་ལ། །གུཎྜེའི་རྣམ་པ་དཀར་པོ་བྱ། །པུ་ཤུ་སྣ་ཚོགས་པདྨའི་འདབ། །འོག་གཞི་ཕྱོགས་ཚོན་སྣམ་བུ་བཞི། །སེར་སྔོ་དམར་ལྗང་པད་གདན་དམར། །འཁོར་ལོ་སེར་ལ་གདུགས་དཀར་པོ། །ཡུ་བ་སྔོ་སྐྱ་དར་དཔྱང་དང་། །པད་རྭ་མཛེས་ཚོན་རྡོ་རྗེའི་རྭ། །སྔོ་སྐྱ་རོལ་ཕྲེང་དཀར་པོའི་གཞི། །མཐིང་ཁ་མེ་རི་དམར་སེར་རོ། །གསུམ་པ་དབང་རྫས་འགོད་པ་ནི། དཀྱིལ་འཁོར་གྱི་དབུས་སུ་འཕྲུལ་སྟེགས་ཀྱི་ཁར་རིན་པོ་ཆེའི་བུམ་པ་གས་ཆག་མེད་པ་ཧྲཱིཿས་མཚན་པའི་ནང་དུ་རྒྱུན་འབབ་ཀྱི་ཆུ་དང་། བ་དཀར་མོའི་འོ་མ་ལ་ལྔ་ཚན་ལྔའི་རྫས་བཏབ་པས་སུམ་གཉིས་བཀང་བའི་མགུལ་ཆིངས་དཀར་པོ་བྱ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་གསེབ་ཏུ་སེང་ལྡེང་གི་ཕུང་པ་ལ་རྟ་མགྲིན་གྱི་སྔགས་བྲིས་པ་དེ་ཉིད་མོས་ཏེ་བཙུགས་པའི་མདུན་ངོས་སུ། དུང་ཆོས་དྲིའི་ཆུས་བཀང་བའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་དཀར་པོའི་ཕྲེང་བ་བཏགས་པ་གཞག །དཀྱིལ་འཁོར་གྱི་ཤར་དུ་ཅོད་པན་དམར་པོ། ལྷོར་དབུ་རྒྱན། ནུབ་ཏུ་ཀ་པཱ་ལ་མཚན་ལྡན་བདུད་རྩི་ཨ་མྲྀཏས་སྦགས་པའི་མྱོས་བྱེད་ཀྱིས་བཀང་བའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་པདྨ་འདབ་དྲུག་བྲིས་པའི་ལྟེ་བར་ཨོཾ་ཨཱཿཧཱུྃ་ཧྲཱིཿབརྩེགས་པ་འདབ་དྲུག་ལ་ཡི་གེ་དྲུག་པ་འབྲུ་རེ་རེ་བྲིས་པའི་སྟེང་དུ། བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཅུ་གང་གུར་གུམ་ཕྱི་ནང་གི་བདུད་རྩི་ལྔ་རྣམས་མངར་གསུམ་དང་སྦྱར་བའི་རིལ་བུ་དར་དཀར་གྱིས་དྲིལ་ལ་བཞག །བྱང་དུ་རྡོར་དྲིལ། ཤར་ལྷོར་སྐུ་རྟེན་བྲིས་མའམ་འབུར་མ། ལྷོ་ནུབ་ཏུ་གསུང་རྟེན་དངུལ་གྱིས་བྲིས་པའི་ཡིག་དྲུག་དང་ཤེལ་ཕྲེང་། ནུབ་བྱང་དུ་ཐུགས་ཀྱི་རྟེན་ཆོས་དབྱུག་དཀར་པོ་ཚིགས་གསུམ་པ། བྱང་ཤར་དུ་མེ་ལོང་། དཀྱིལ་འཁོར་གྱི་ཤར་སྒོར་ལས་བུམ་དམར་པོ་ཁ་རྒྱན་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་དང་མགུལ་ཆིངས་དམར་པོ་དང་བཅས་པ་ཧྲཱིཿདམར་པོ་བྲིས་པ་ལྔ་ཚན་ལྔའི་རྫས་དང་རྒྱུན་འབབ་ཀྱི་ཆུས་བཀང་བ་རྣམས་བཞག་ཅིང་། དེ་དག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་པཉྩ་ཛྙཱ་ན་ཙཀྲ་ཏིཥྛ་ལྷན། ཞེས་བརྗོད་རོལ་མོ་བསྒྲག་ཅིང་གུ་གུལ་གྱིས་བདུག་གོ །དེ་མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དང་། འབྱོར་ན་སྤོས་མར་མེ་ལྷ་བཤོས་རྣམས་སྤེལ་བའི་ཕྲེང་བ་ཟམ་མ་ཆད་པས་བསྐོར། ནུབ་ཕྱོགས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཞིའི་གཏོར་མ་དཀར་ཟླུམ་བརྗིད་ཅིང་རྒྱན་དང་ལྡན་པ་དར་གྱི་རྒྱལ་མཚན་གྱིས་སྤྲས་པ་རྣམས་བཀོད་ལེགས་པར་བཤམ། འཛོམ་ན་དཀྱིལ་འཁོར་གྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཕུར་བུ། ཟུར་བཞིར་མདའ་དར་མེ་ལོང་ཅན། ལོགས་བཞིར་རལ་གྲི་བཞི་རྣམས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧ་ཡ་གྲཱི་ཝ་མཎྜ་ལ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ཅིང་ཚོན་སྐུད་ཀྱི་དྲྭ་བ་ཕྱག་ལེན་ལྟར་བྲེ། སྒྲུབ་མཆོད་མིན་པའི་དབང་བསྐུར་དཀྱུས་མ་ཙམ་ལ་ཕུར་བུ་སོགས་མ་འཛོམ་ཡང་ཆོག །གཞན་ཡང་རྗེས་གནང་གི་ཆས་གདན་ཁྲི། པདྨ། གདུགས། སྒྲུབ་ཡིག །སྤྱི་བླུགས། དུང་དཀར་རྣམས་དང་། མེ་ཏོག །ཚོགས་གཏོར་གྱི་ཡོ་བྱད་སོགས་ཉེར་མཁོའི་འོས་སུ་གྱུར་པ་རྣམས་ཚོགས་པར་བྱའོ། །བཞི་པ་སྒོམ་བཟླས་བྱ་བ་ནི། བརྒྱུད་འདེབས། སྐྱབས་སེམས། སྔོན་གཏོར་ནས་བརྩམ་བསྟོད་པའི་བར་ལས་བྱང་བཞིན་མཐར་ཆགས་སུ་བཏང་སྟེ་བདག་མདུན་དབྱེར་མེད་དུ་བསྒྲུབ། དེ་ནས་སྒྲུབ་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ། རང་གི་ཐུགས་ཀའི་ཧྲཱིཿལ་ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དབུས་སུ་ཧྲཱིཿལ་ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། བདག་མདུན་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། བྱིན་རླབས་མ་ལུས་པ་བསྡུས། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཀྱི་སྣོད་བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། དེ་དག་ཐམས་ཅད་དང་བདག་མདུན་གྱི་ལྷ་གཙོ་འཁོར་ཐམས་ཅད་ཀྱིས་ཡི་གེ་དྲུག་མའི་སྔགས་འབྲུག་སྟོང་ལྡིར་བ་ལྟར་རྒྱུན་མི་ཆད་དུ་བཟླ་བཞིན་པར་གྱུར་པར་མོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་འགྲུབ་བཟླས་ལ་ཐུན་མཐར་མཆོད་བསྟོད་བྱ། གལ་ཏེ་བདག་མདུན་སོ་སོར་སྒྲུབ་པར་སྤྲོ་ན་བདག་བསྐྱེད་བཟླས་པའི་བར་གྲུབ་པ་དང་། མདུན་བསྐྱེད་དཀྱིལ་འཁོར་ལ་དམིགས་ཏེ་དམ་ཚིག་པ་བསྐྱེད་པ་ནས་བཟླས་པའི་བར་བྱ་བ་ལས། མཆོད་བསྟོད་སྐབས་ནུས་ཤིང་སྤྲོ་ན་ཉང་གཏེར་འགྲོ་འདུལ་དང་། འཇའ་ཚོན་ངན་སོང་རང་གྲོལ་ལྟ་བུ་རིགས་མཐུན་ནས་རྒྱས་པར་བླང་ན་འབྲེལ་ཆགས་པར་འགྱུར་ཞིང་། འོན་ཀྱང་སྒྲུབ་མཆོད་ཆེད་དུ་བྱེད་ན་ཕྱི་མ་དང་། དབང་རྐྱང་ཙམ་ལ་སྔ་མ་ཉིད་ལེགས་པར་མངོན་ནོ། །ལྔ་པ་དབང་རྫས་བྱིན་རླབས་ནི། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྃ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བཅུ་གཉིས་པའི་ལྟེ་བར་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་པདྨ་འདབ་མ་བཞི་པ་ལྟེ་བ་གེ་སར་མུ་ཁྱུད་དང་བཅས་པ་དྭངས་ཤིང་གསལ་ལ་ཐོགས་པ་མེད་པ། པདྨའི་ལྟེ་བ་དང་འདབ་མ་བཞི་དང་བཅུ་གཉིས་སོ་སོའི་སྟེང་དུ་ཡང་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེའི་ལྟེ་བར་ཨ་ལས་ཟླ་བའི་གདན་རེ་རེ། ཕྱིའི་ཁྱམས་དང་ཕྱོགས་བཞིར་པདྨ་འདབ་མ་བཞི་པའི་གདན་རེ་རེ་གསལ་བར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་དབུས་ཀྱི་གདན་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་སོགས་ལས་བྱང་གི་མངོན་རྟོགས་ལྟར་ལ། སྒོ་བཞི་ལ་ཞེས་པའི་ཚིག་དོར་ནས། ཤར་དུ་བརྒྱ་བྱིན་དཀར་པོ་སོགས་སུ་བསྒྱུར། གཞན་བསྟོད་པའི་བར་དུ་བཏང་ནས། གཟུངས་ཐག་དྲངས་ལ། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བུམ་པའི་ལྷ་ལ་འཕྲོས་པས་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་བདག་དང་སློབ་མའི་སྒྲིབ་པ་བྱང་བར་གྱུར། ཅེས་མོས་ལ་ཡིག་དྲུག་བརྒྱ་སྟོང་བཟླ། མཐར་མཆོད་བསྟོད་བྱས་ལ། མཆོད་ཡོན་ཕུལ་ཏེ། བུམ་པའི་ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས་ངོ་བོ་ལྷ་ལ་རྣམ་པ་བདུད་རྩིར་བསམ། ལས་བུམ་གྱི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རྡོ་རྗེ་བེ་ཅོན་དང་། གཡོན་རྡོ་རྗེའི་ཐོ་བ་བསྣམས་པ། ཞབས་གཉིས་འདོར་ཐབས་སུ་བགྲད་ཅིང་ཁྲོ་བོའི་ཉམས་ལྡན་དུར་ཁྲོད་ཆས་བརྒྱད་ཀྱིས་སྤྲས་པ། ཧྲཱིཿདང་ཕཊ་ཀྱི་སྒྲ་སྒྲོག་ཅིང་དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་གནོད་བྱེད་ཚར་གཅོད་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྒྱིངས་པའི་གནས་གསུམ་ཡི་གེ་འབྲུ་གསུམ་དང་། ཐུགས་ཀར་ཧྲཱིཿས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་གི་ལྷས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཞབས་སྤྱི་བོར་བརྟན་པ་ལས་འོད་དཔག་མེད་ཀྱིས་རྒྱས་གདབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། པདྨའི་རིགས་ཀྱི་ཁྲོ་བོ་ཆེ། །བདུད་བགེགས་ཚར་གཅོད་དཔའ་བོ་ནི། །དབང་སྐད་སྟོང་གསུམ་འདར་ཞིང་གཡོ། །ཕྱག་འཚལ་ཧ་ཡ་གྲཱི་བ་ལ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་གཟུངས་ཐག་ལ་ཞོན་ཏེ་སོང་བ་བུམ་ལྷའི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ་སྐུའི་ཆ་ལས་བདུད་རྩི་བབས་པས་བུམ་པ་གང་ཞིང་བར་ཆད་བསྲུང་བར་གྱུར་པར་བསམ་ལ། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཞེས་ཅི་ནུས་བཟླ། མཐར་སྔགས་བཟླས་པའི་ཡུངས་དཀར་བླུགས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུངས་ཤིག །ཅེས་ཕྲིན་ལས་བཅོལ། དབང་རྫས་གཞན་རྣམས་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ཅོད་པན་ལ་སོགས་པའི་དབང་རྫས་རྣམས་ལ་ཐིམ་པར་གྱུར་པར་དམིགས་ནས་ཡིག་དྲུག་ཅི་ནུས་བཟླ། ཀ་པཱ་ལའི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པའི་སྨན་གྱི་བཅུད་ལེན་འཆི་མེད་ཀྱི་རང་བཞིན་དུ་གྱུར་པར་མོས་ལ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། མེ་ལོང་གི་དམ་རྫས་བདུད་རྩི་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྒྱ་རྩ་བཟླས་ལ་ཡིག་འབྲུ་བཞིའི་རྣམ་པར་མོས་ལ་བྱིན་བརླབ་བོ། །དྲུག་པ་གཏོར་འབུལ་ནི། ལས་བྱང་ལྟར་གཏོར་མ་འབུལ། སྤྲོ་ན་ཆོས་སྲུང་གི་གཏོར་འབུལ་ཡང་སྤྱི་ལྟར་བྱའོ། །བདུན་པ་ཚིག་དབང་རང་གིས་ནོད་པ་ནི། ལོངས་ཁྱབ་དབེན་ན་ཏིང་ངེ་འཛིན་གྱི་དབང་བསྐུར་ཙམ་བྱས་ཀྱང་ཆོག །ནུས་ཤིང་སྤྲོ་ན་ཚིག་དབང་རིན་པོ་ཆེའི་ཞལ་གདམས་ལས་འབྱུང་བ་ནི། སྙིང་པོ་གང་ཡོད་དུ་མེ་ཏོག་འཐོར་ཅིང་ཚིག་བརྗོད་པས་བླ་མ་ཐུགས་རྗེ་ཆེན་པོས་དབང་བསྐུར་བྱིན་གྱིས་རློབ་པར་མོས་ལ། ཧོཿ འགྲོ་བ་རྣམས་ཀྱི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་གསུམ་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པས་ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། དངོས་དང་ཡིད་ཀྱིས་སྤྲུལ་པའི་ཀུན་ཏུ་བཟང་པོའི་ལོངས་སྤྱོད་དཔག་ཏུ་མེད་པ་དང་བསམ་གྱིས་མི་ཁྱབ་པ་ནམ་མཁའ་དང་མཉམ་པར་གྱུར་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་རྡོ་རྗེ་སློབ་དཔོན་དང་། ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་དཔག་གིས་མི་ལང་བ་མཉེས་པ་ཆེན་པོས་ཚིམས་པར་མཛད་ནས། གོང་མ་རྣམས་ཀྱི་རྒྱུད་ལ་མཆོད་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྐུ་མཉེས་པའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད། གསུང་མཉེས་པའི་ཡིག་འབྲུ་དྲུག་གིས་འགྲོ་དོན་རྫོགས། ཐུགས་མཉེས་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་རྒྱས་བཏབ། སྐུ་གསུང་ཐུགས་ཀྱི་བཀའ་དྲིན་དབང་བཞི་གནང་བས། རང་ལྷར་བསྒོམས་པ་ལ་ལྷའི་སྐུ་ལ་དབང་བསྐུར་བརྩེགས་པས། ལྷ་དབང་ལུས་ལ་བསྐུར་ཏེ་ཅིར་སྣང་ལྷར་མཐོང་བའི་དབང་དང་། འདོད་དགུར་བསྒྱུར་བའི་སྒྲ་གྲགས་སྔགས་སུ་ཤེས་པས་ཆོས་དབང་སེམས་ལ་འདྲེས་པའི་དབང་དང། མཐོང་ཐོས་ངོ་བོས་སྟོང་པས་གསང་དབང་ལྷུན་གྱིས་གྲུབ་པའི་དབང་དང་། ཇི་བཞིན་མ་བཅོས་པའི་ངང་ལ་བཞག་པས་རང་དབང་རང་ལ་ཐོབ་པའི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད། འབྱུང་བཞིའི་ལུས་ལྷའི་སྐུར་བསྒོམས་པས་མཚན་ངན་ལོག་པའི་སྐྱོན་བཅོམ། མོས་པའི་དད་པས་ངག་སྔགས་སུ་བཟླས་པས་འཁོར་བའི་འདམ་ནས་དྲངས་པས་བྱང་ཆུབ་ཀྱི་ལམ་ཕྱེ། མོས་པའི་ཡིད་ཀྱིས་བྱང་ཆུབ་ཀྱི་སེམས་སྦྱངས་པས་མ་རིག་པའི་མུན་པ་དེད། སྡུག་བསྔལ་གྱི་རྒྱུ་བཤིགས་ནས་སྣང་བ་ཐམས་ཅད་ལྷའི་སྐུར་སྣང་བ་དེ་ལྟ་བུ་ལ་ནི་བསྟུང་བས་ཉེ་རྒྱུ་མེད་ལ། བཀྱེད་པས་རིང་རྒྱུ་མེད་དེ། ལྷ་དབང་ལུས་ལ་བསྐུར་བས་ལུས་སྤྲུལ་པའི་སྐུར་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ལུས་ཐུགས་རྗེ་ཆེན་པོར་བསྒོམས་པའི་གསུང་པདྨའི་ལྗགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཡི་གེ་འབྲུ་དྲུག་ཁ་དོག་དང་འོད་ཟེར་གྱིས་ཀུན་ལ་ཁྱབ་པས་སྒྲ་རྣམས་ཚིག་ཏུ་འདུས། ཚིག་ཐམས་ཅད་ཡི་གེ་ལ་འདུས། ཡི་གེ་ཐམས་ཅད་སངས་རྒྱས་ཀྱི་གསུང་ལ་འདུས་པས། གསུང་སྒྲའི་ཀློང་དཀྱིལ་མགུལ་གྱི་བུམ་པ་ནས་སྒྲ་བསྒྲགས་ཏེ་གསུང་དབྱངས་བསམ་གྱིས་མི་ཁྱབ་པའི་ཆོས་སྒྲས་འགྲོ་བ་རིགས་དྲུག་ལ་ཕོག་པས། འདོད་ཆགས་ཞེན་པའི་ངན་རྟོག་ནི་མོས་པའི་དད་པར་བསྒྱུར། ཞེ་སྡང་ཁོང་ཁྲོའི་མེ་ནི་བྱམས་པའི་ཚིག་གིས་ཞི་བར་བྱས། གཏི་མུག་མུན་པའི་སྒྲ་ནི་ཆོས་ཉིད་དབྱེར་མེད་དུ་བསྟན། ང་རྒྱལ་ཐུག་ཆོམ་གྱི་སྒྲ་ནི་འོད་ཟེར་གྱི་འཕྲོ་འདུས་ཟློག །ཕྲག་དོག་སྤང་བླང་གི་བརྗོད་བྱ་ནི་མཉམ་ཉིད་བདེ་ཆེན་དུ་བསྒྲགས་ཏེ་ཚིག་རང་སྒྲ་རྣམས་སངས་རྒྱས་ཀྱི་གསུང་དུ་གོ་ནས། ཨོཾ་ཨཱཿཧཱུྃ། དཔའ་བོ་འབྲུ་གསུམ་གྱིས་ངན་སོང་གསུམ་གྱི་སྒོ་བཅད། ཧྲཱིཿ ཡིག་འབྲུ་གཅིག་གིས་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད། ཨོཾ་མ་ཎི་པདྨེ་ཧཱུྃ། ཡི་གེ་འབྲུ་དྲུག་གིས་འགྲོ་བ་རིགས་དྲུག་གི་འཇིགས་པ་ལས་བསྒྲལ་ནས། འོད་དང་ཐུགས་རྗེས་བག་ཆགས་དང་སྒྲིབ་པ་སྦྱངས་ནས། སྒྲ་རུ་གྲགས་པ་ཐམས་ཅད་ཡི་གེ་འབྲུ་དྲུག་ཏུ་གྲོལ་ཏེ། གཅིག་ལས་བརྗོད་དུ་མེད་དེ་མང་པོར་བརྗོད་ཀྱང་ཐག་མི་ཆོད་པས། སྔགས་དབང་ངག་ལ་བསྐུར་བས་ཆོས་དབང་སེམས་དང་འདྲེས་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྱུར་ནས་གསུང་གི་དབང་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཡང་ཐུགས་ཀྱི་དཔལ་བེའུ་ལས་བྱམས་པ་དང་སྙིང་རྗེའི་འོད་ཟེར་གྱིས་འགྲོ་དྲུག་ཀུན་ལ་ཁྱབ་པས། མཉམ་ཉིད་ཆེན་པོའི་ཐུགས་གཡོས། ཁམས་གསུམ་སེམས་ཅན་གྱི་ཡིད་དང་སངས་རྒྱས་ཀྱི་ཐུགས་ལ་གཅིག་ལས་མེད་པས་ཀུན་ཏུ་མ་འགགས་པར་གོ་བར་གྱུར་ཏེ། བདག་འཛིན་གྱི་རི་བོ་འགྱེལ། ཉོན་མོངས་ཀྱི་ཕྲག་ཐག་ཆད། གསང་བའི་དགྲ་དུག་གསུམ་བསད། འཇིགས་པའི་བདུད་བཞི་བཅོམ། འགྲོ་དྲུག་གི་གཡང་ས་བཅད། རྟག་ཆད་ཀྱི་མཐའ་ལས་གྲོལ། བདེ་ཆེན་ལྷུན་གྱིས་གྲུབ་ནས་གསང་དབང་སེམས་ལ་བསྐུར་བས། ཐུགས་རྗེ་ཆེན་པོའི་ཐུགས་དང་རིགས་དྲུག་སེམས་ཅན་གྱི་སེམས་གཅིག་ཏུ་མི་འདུག་ལ། གཉིས་སུ་མ་ཕྱེད་པས་ནམ་མཁའ་ལྟར་ཁྱབ་ཅིང་ངོས་བཟུང་མེད་དེ། ཆོས་དབང་སེམས་ལ་བསྐུར་བས་སེམས་དང་ཆོས་ཉིད་འདྲེས་ནས་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག ཨོཾ་མ་ཎི་པདྨེ་ཧཱུྃ། ཆོས་ཀྱི་ཆོས་ཉིད་དང་སེམས་ཀྱི་ཆོས་ཉིད་དང་ནམ་མཁའི་ཆོས་ཉིད་དེ་དེ་གསུམ་དབྱེར་མེད་པས། ཇི་བཞིན་མ་བཅོས་རང་གསལ་ཆེན་པོའི་ངང་ལ་གནས་པས། ལྟ་བ་ལ་བལྟ་བྱ་མེད། སྒོམ་པ་ལ་བསྒོམ་བྱ་མེད། སྤྱོད་པ་ལ་བྱ་རྩོལ་མེད། འབྲས་བུ་ལ་བསྒྲུབ་བྱ་མེད་པས་རང་དབང་རང་ལ་བསྐུར་བས་འཁོར་བ་ཀ་ནས་དག་ནས། མྱ་ངན་ལས་འདས་པ་ཡེ་སངས་རྒྱས་པས་རིག་པའི་རྒྱལ་པོར་རང་དབང་ཐོབ་ནས། དེ་ཁོ་ནའི་ཚིག་དབང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་འདི་ཉིད་རང་གིས་བརྗོད་པས་རང་གིས་དབང་ཐོབ། གཞན་ལ་བྱིན་ན་གཞན་གྱིས་དབང་བཞི་ཐོབ་པར་གསུངས་ལ། འོན་ཀྱང་ཕྱི་མའི་རྒྱུན་ནི་ད་ལྟ་མི་སྣང་ངོ་། །གཉིས་པ་སློབ་མའི་བྱ་བ་ལ། སྡོམ་ནི། ཁྲུས་བྱ་བགེགས་སྲུང་གསོལ་བ་གདབ། །ཡན་ལག་བདུན་འབུལ་སྐྱབས་སེམས་བྱ། །མཎྜལ་གསོལ་གདབ་གནང་བ་སྦྱིན། ཁྱད་པར་སྡོམ་བཟུང་ཡེ་ཤེས་དབབ། །མེ་ཏོག་དོར་བཅས་བཅུ་གསུམ་མོ། །དེ་ལ་དང་པོ་ནི། སློབ་མར་འོས་པ་རྣམས་ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་སྒོ་དྲུང་དུ་ཁྲུས་བྱ། གཉིས་པ་བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད་པ་དང་། གསུམ་པ་མཚམས་དབང་སྲུང་བ་ནི་ལས་བྱང་ལྟར་བྱའོ། །བཞི་པ་གསོལ་གདབ་ནི། ཇི་སྐད་དུ། ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར་ཐོག་མར་སློབ་མར་རྗེས་སུ་འཛིན་པར་གསོལ་བ་འདེབས་དགོས་པས་ཁྱེད་རང་རྣམས་ཐལ་མོ་མེ་ཏོག་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ཐུགས་རྗེ་ཆེན་པོའི་དབང་དང་བྱིན་རླབས་ཞུ་བས་བདག་ལ་ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་དབང་དང་བྱིན་རླབས་འདོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་ལ་མོས་གུས་གྱིས་ཤིག་ཅེས་བྱའོ། །ལྔ་པ་ཡན་ལག་བདུན་པ་འབུལ་བ་ནི། ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱོང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་སྤེལ་བའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཡན་ལག་བདུན་པ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་བྱ། དྲུག་པ་སྐྱབས་འགྲོ་ནི། ཚོགས་ཞིང་དེ་དག་གི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བྱང་ཆུབ་ཆེན་པོ་མངོན་དུ་མ་བྱས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དགོངས་སུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བྱིན་རླབས་ཀྱི་རྩ་བ་མཁའ་འགྲོ་ལ་སྐྱབས་སུ་མཆིའོ། །ལྟ་བ་བླ་མེད་ཕྱོགས་མེད་མཐའ་བྲལ། སྒོམ་པ་བླ་མེད་གསལ་སྟོང་འཛིན་མེད། སྤྱོད་པ་བླ་མེད་རང་ཤར་རང་གྲོལ་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། བདུན་པ་སེམས་སྐྱེད་ནི། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དགོངས་གསོལ་བཤད་མ་ཐག་པ་ལྟར་ལ། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྒྱུ་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐ་མ་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་ཐབས་དང་ཤེས་རབ་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད། ཁྱད་པར་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། དགོངས་གསོལ་གོང་བཞིན་ལ། བདག་གིས་དུས་འདི་ནས་བྱང་ཆུབ་མ་ཐོབ་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོ་བསྒྲུབ་པར་དམ་བཅས་ལ་སེམས་བསྐྱེད་པར་བགྱིའོ། །ལན་གསུམ། སློབ་དཔོན་གྱིས་ལུང་སྦྱིན་པ། རིགས་ཀྱི་བུ་ཁྱོད་དུས་འདི་ནས་བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེ་ཆེན་པོ་སྒྲུབས་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བྱའོ། །སློབ་མ་སྔར་རྒྱུད་སྨིན་ཟིན་པའི་རིགས་སོགས་ལ་བཞི་པ་སློབ་མ་རྗེས་བཟུང་གསོལ་གདབ་ནས་འདི་བར་མ་བྱས་ཀྱང་ཆད་པའི་སྐྱོན་མེད་ལ། དེ་ལྟ་ནའང་ཡན་ལག་བདུན་པ་ཙམ་བྱ་དགོས་སོ། །བརྒྱད་པ་མཎྜལ་ནི་མཚམས་སྦྱོར་ཆོས་བཤད་དང་སྦྲེལ་ཏེ། མཐའ་དང་མུ་མེད་པའི་སྐྱེ་དགུ་ཕ་མར་གྱུར་པ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། ཐར་པ་བདེ་བ་བླ་ན་མེད་པའི་གོ་འཕང་ལ་བཞག་པར་བྱ། དེའི་སླད་དུ་འཇིག་རྟེན་མགོན་པོ་ཐུགས་རྗེ་ཆེན་པོའི་དབང་བསྐུར་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་དུ་དད་གུས་སྤྲོ་བ་ཆེན་པོས་ལེགས་པར་གསན་འཚལ། དེའང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས། མཚན་ཐོས་པ་དང་རིག་སྔགས་བཟླས་པ་ཙམ་གྱིས་ཀྱང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མངའ་བ། ཆོས་སྐུའི་དུས་ན་གཟི་བརྗིད་འོད་དཔག་མེད་ཅེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་རོ་མཉམ་དུ་བཞུགས་ཤིང་འཁོར་འདས་ཀུན་གྱི་ཁྱབ་བདག་ཆེན་པོར་གྱུར་པ། ལོངས་སྐུའི་དུས་ན་རྣམ་སྣང་གངས་ཆེན་མཚོ་ཞེས་བྱ་བ་མཁའ་དང་མཉམ་པའི་རྒྱན་སྟུག་པོར་བཀོད་ཅིང་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུ་མཛད་པ། སྤྲུལ་སྐུའི་དུས་ན་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་རྣམ་འཕྲུལ་ཚད་མེད་པས་འཇིག་རྟེན་ཀུན་ཏུ་འགྲོ་བའི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་ཅིང་། བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པ་དང་། མི་མཇེད་ཀྱི་འཇིག་རྟེན་འདིར་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་སུ་སྤྲུལ་ནས་དོན་མཛད་ཅིང་། གཞན་ཡང་དཔལ་ཆེན་རྟ་མཆོག་རྒྱལ་པོ། རྒྱལ་ཡུམ་འཕགས་མ་སྒྲོལ་མ། འཆི་མེད་པདྨཱ་ཀ་ར། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པ་སངས་རྒྱས་གཞན་ལས་ཐུགས་རྗེ་དང་ཕྲིན་ལས་མྱུར་བའི་རྣམ་རོལ་སྣ་ཚོགས་སུ་རྣམ་པར་འཕྲུལ་ནས། སྲིད་པའི་ས་བོན་རྩད་གཅོད་པའི་རྣམ་ཐར་དང་ཕྲིན་ལས་ཀྱི་ཕ་མཐའ་སངས་རྒྱས་རྣམས་ཀྱིས་ཀྱང་གཞལ་བར་མི་བཟོད་པ་ལས། གངས་ཅན་མུན་པའི་ལྗོངས་སྤྲེལ་ཚ་གདོང་དམར་སྲིན་པོའི་འགྲོ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ཏེ། ཆོས་སྐྱོང་བའི་རྒྱལ་པོ། བསྟན་པ་སྐྱོང་བའི་མཁས་གྲུབ། དགེ་ལ་དད་པའི་ཁྱིམ་བདག །ས་རྡོ་བེམ་པོའི་རྣམ་པ་ཚུན་ཆད་དུ་དུས་གསུམ་རྒྱུན་མི་འཆད་པར་སྤྲུལ་ནས་ལྗོངས་འདིར་སྐྱེས་པའི་འགྲོ་བ་མཐའ་དག་འཕགས་པ་ཉིད་ཀྱི་གདུལ་བྱར་སྨིན་པར་མཛད་པ་ལས། ཁྱད་པར་དུ་འཕགས་མཆོག་ཉིད་མིའི་རྗེ་བོར་དངོས་སུ་ཕེབས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ། གྲོགས་མཛད་ལྷ་གཅིག་རྣམ་གཉིས། སྤྲུལ་པའི་ཆོས་བློན་གཉིས་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་དངོས་སུ་ངེས་པའི་རྟེན་མཆོག་སྤྱན་དྲངས། སྲིན་མོ་གན་རྐྱལ་གྱི་ས་གནད་ཐམས་ཅད་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱིས་མནན། རྒྱ་བལ་གྱི་སློབ་དཔོན་དང་ཐུ་མི་སཾ་བྷོ་ཊ་ལ་སོགས་པས་མདོ་རྒྱུད་ཀྱི་ཆོས་བསྒྱུར། བོད་འབངས་སྤྱི་ལ་དགེ་བ་བཅུའི་ཁྲིམས་བཅས། སྐལ་ལྡན་ཐུན་མོང་མ་ཡིན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་ཞལ་གདམས་མང་དུ་བསྟན། མདོར་ན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་དེ་ཉིད་ཀྱིས་ལྗོངས་འདིར་བསྟན་པ་དམ་པའི་ཆོས་ཀྱི་སྲོལ་ཐོག་མར་བཏོད། ལྷ་ཐུགས་རྗེ་ཆེན་པོ་དང་ཆོས་ཡི་གེ་དྲུག་མའི་ཕྲིན་ལས་ཁྱབ་གདལ་དུ་སྤེལ། ཕྱིས་འབྱུང་གི་གདུལ་བྱ་ལ་དགོངས་ཏེ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་མདོ་སྐོར། སྒྲུབ་སྐོར། ཞལ་གདམས་ཀྱི་སྐོར་ཚོ་གསུམ་དུ་ཕྱེས་ཏེ་ར་སའི་དབུ་རྩེ་བྱང་མའི་རྟ་མགྲིན་གྱི་ཞབས་ལ་སོགས་པར་གཏེར་དུ་སྦས། སྤྲུལ་པའི་ཆོས་རྒྱལ་ཡབ་ཡུམ་བློན་པོར་བཅས་པ་མཛད་པ་མཐར་ཕྱིན་ནས་རང་རང་གི་སྤྲུལ་གཞིར་ཐིམ་པའི་ཚུལ་བསྟན་ཀྱང་རྨད་དུ་བྱུང་བའི་ཕྱག་རྗེས་བོད་ཁམས་ཇི་སྲིད་དུ་བཞུགས་བཞིན་པ་འདི་བཞིན་ལགས་ཤིང་། ཕྱིས་ཨོ་རྒྱན་ཆེན་པོ་བོད་དུ་ཕེབ་པའི་སྐབས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་ལྷ་སའི་གཏེར་རྣམས་བསྟན་ཅིང་རྒྱལ་པོས་ཐུགས་དམ་དུ་མཛད་དེ་ཡོན་མཆོད་གཉིས་ཀས་རྒྱལ་པོ་ལུགས་ཀྱི་ཆོས་སྐོར་མང་པོ་གཏེར་དུའང་སྦས། ཕྱིས་དུས་ལ་བབས་པ་ན་མཚན་ཡོངས་སུ་གྲགས་པ་གྲུབ་ཐོབ་དངོས་གྲུབ་ཞབས་ཀྱིས་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་ཆོས་རྣམས་རྟ་མགྲིན་གྱི་ཞབས་འོག་ནས་ཕྱུངས་ཏེ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་ལ་གནང་། ཉང་རིན་པོ་ཆེས་ཀྱང་ཞལ་གདམས་བརྒྱ་ལྔ་བཅུའི་སྐོར་རྣམས་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་རྟ་མགྲིན་ཞབས་འོག་ནས་བཏོན་ཏེ་ལ་སྟོད་པ་སྲས་མི་བསྐྱོད་རྡོ་རྗེ་ལ་གནང་། དེས་རྗེ་བཙུན་ཤཱཀྱ་བཟང་པོ་ལ་གནང་། དེ་ལ་ར་སའི་ཆུ་རགས་ཞིག་གསོས་མཛད་པའི་ལུང་བསྟན་ཐོབ་ནས། གནོད་སྦྱིན་ཁང་པ་ནཱ་ག་ཀུ་བེ་རའི་བརླ་གཡོན་པ་ནས་གབ་པ་མངོན་ཕྱུང་གི་སྐོར་རྣམས་དང་། མདོ་སྐོར་རྣམས་སྤྱན་དྲངས་ཏེ་སྤྲུལ་པའི་རྒྱལ་པོའི་ཆོས་སྐོར་མ་བུ་ཡོངས་སུ་རྫོགས་པ་བླ་མ་རིན་པོ་ཆེ་ལྷ་རྗེ་དགེ་འབུམ་ལ་གནང་། དེ་ནས་རིམ་པར་བརྒྱུད་དེ་རྒྱལ་པོ་བཀའ་ཆེམས་ཞེས་གངས་ཅན་མཐའ་དབུས་ཀུན་ཏུ་རླུང་ལྟར་གྲགས་ཤིང་བོད་ཆོས་རྣམས་ཀྱི་ཐོག་མར་གྱུར་པ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཡིད་བཞིན་ནོར་བུ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སོང་གྲུབ། ཁྱེད་རང་སློབ་མའི་བྱ་བ་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མེ་ཏོག་གི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་ཀྱང་སྦྱིན། དགུ་པ་གསོལ་གདབ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ། བཅུ་པ་གནང་སྦྱིན་ནི། རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོ་ཡི་དམ་དུ་གཟུང་བར་འདོད་པ་དེ་ལེགས་སོ། །དུས་དེ་རིང་ནས་བཟུང་ནས་སྐྱབས་སུ་འགྲོ་བ་དང་སྡོམ་པ་བཟུང་བ་དང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་གྱིས་ཤིག་ཅེས་བརྗོད་དོ། །བཅུ་གཅིག་པ་ཁྱད་པར་སྡོམ་བཟུང་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེད་ལ་ཁྱད་པར་གྱི་སྡོམ་པ་གསུམ་ནོད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གུས་པས་ཡང་དག་གཟུང་བར་བགྱི། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །སྨོན་པའི་སེམས་དང་འཇུག་པའི་སེམས། །དོན་དམ་སེམས་མཆོག་བསྐྱེད་པར་བགྱི། །བདེ་གཤེགས་སྐུ་ཡི་རིགས་མཆོག་དང་། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །རིགས་འདུས་ཐུགས་རྗེ་ཆེན་པོ་ཡི། །དམ་ཚིག་རྗེས་སུ་གཟུང་བར་བགྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང། །དབང་བསྐུར་མཆོག་དེ་བདག་ལ་སྩོལ། །ཅེས་ལན་གསུམ་བྱར་གཞུག །དེ་དག་གི་དོན་ཡང་སྡོམ་པའི་གཞི་རྟེན་སྐྱབས་འགྲོ་ཁྱད་པར་བ་ནི། ཕྱིའི་སྐྱབས་འགྲོ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པར་ཞུ། ནང་གི་སྐྱབས་འགྲོ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཚེ་གཅིག་འཚང་རྒྱ་བའི་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཞུ། གསང་བའི་སྐྱབས་འགྲོ་ལྟ་སྒོམ་སྤྱོད་པ་སྐུ་གསུམ་གྱི་རང་བཞིན་རང་སེམས་ཀྱི་ངོ་བོ་རྟོགས་པས་གནས་ལུགས་ཞལ་མཇལ་དོན་དམ་གྱི་སྐྱབས་འགྲོ་སྟེ་སྐྱབས་འགྲོ་གསུམ་ལྡན་གྱི་དོན་ལགས། སྡོམ་པའི་རྩ་བ་སེམས་བསྐྱེད་ཁྱད་པར་བ་ནི། སེམས་ཅན་གཅིག་ཀྱང་མ་ལུས་བདག་ཁོ་ནས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་དུ་འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད། དེ་ལྟར་བསྒྲལ་འདོད་ཀྱི་བློ་ཙམ་ལ་མི་འཇོག་པར་ཐབས་ཤེས་རབ་གཉིས་ཀྱི་ལྟ་སྤྱོད་ཟབ་མོ་རྣལ་འབྱོར་དུ་བྱའོ་སྙམ་དུ་རྒྱུ་ལ་དམ་འཆའ་བ་འཇུག་པ་སེམས་བསྐྱེད། འཁོར་གསུམ་རྣམ་པར་རྟོག་པ་ཆོས་ཀྱི་དབྱིངས་སུ་གྲོལ་བས་སེམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོར་མི་དམིགས་པ་འབྲས་བུ་ཉིད་ལམ་དུ་བྱེད་པ་དོན་དམ་སེམས་བསྐྱེད་དེ་བདེན་གཉིས་ཟུང་འཇུག་གི་ངོ་བོ་ལམ་དུ་ཁྱེར་བ་ནི་སེམས་བསྐྱེད་སུམ་ལྡན་གྱི་དོན་ལགས། སྡོམ་པ་དངོས་གཞི། གཞན་གནོད་གཞིར་བཅས་སྤང་བ་ཕྱི་སོ་ཐར་གྱི་སྡོམ་པ། གཞན་ཕན་གཞིར་བཅས་བསྒྲུབ་པ་ནི་བྱང་སེམས་ཀྱི་བསླབ་པ། གཟུང་འཛིན་གྱི་ཀུན་རྟོག་ལྷ་སྔགས་བདེ་སྟོང་གི་ངོ་བོར་སྡོམ་པ་གསང་སྔགས་རིག་འཛིན་སྔགས་ཀྱི་དམ་ཚིག་སྟེ། རྒྱུད་གཅིག་ལ་འགལ་མེད་དུ་བསླབ་པ་ནི་སྡོམ་པ་སུམ་ལྡན་ཅེས་པའི་དོན་ལགས། དེ་ལྟ་བུའི་བསླབ་བྱ་སྤྱི་དང་གསང་བའི་དམ་ཚིག་རྣམས་དེང་ཕྱིན་ཆད་ཚུལ་བཞིན་བསྲུང་བ་ལ་བརྩོན་པར་གྱིས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་དམ་ཆུ་སྦྱིན་ནོ། །བཅུ་གཉིས་པ་ཡེ་ཤེས་དབབ་པ་ནི། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པར་བྱ་བ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་རྩེ་གཅིག་ཏུ་སྒྲིམས་ལ་དམིགས་པ་འདི་བཞིན་གསལ་ཐོབ་ཅིག །ལས་བུམ་ཆུ་དང་རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ་འོད་དུ་ཞུ་བ་ལས་པདྨ་དཀར་པོར་གྱུར། དེ་ལས་འོད་འཕྲོས་ཚུར་འདུས་པ་ལས། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་ཤེལ་ལྟར་འཚེར་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ན་ཤེལ་ཕྲེང་དང་། གཡོན་འོག་མ་ན་པདྨ་དཀར་པོ་འཛིན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཞལ་འཛུམ་པའི་མདངས་དང་ལྡན་ཞིང་། སྤྱན་ཞི་བའི་ཉམས་དང་ལྡན་པས་འགྲོ་དྲུག་ལ་ཐུགས་རྗེས་གཟིགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། སྐ་རགས། ཕྱག་གདུབ། ཞབས་གདུབ། མགུར་ཆུ། དོ་ཤལ། སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་སྤྲས་པ། མཚན་དང་དཔེ་བྱད་དུ་ལྡན་པའི་ཐུགས་ཀར་པད་ཟླ་ལ་ཧྲཱིཿཡིག་དཀར་པོས་མཚན་པ། གལ་ཏེ་བདག་མདུན་དཀྱིལ་འཁོར་ནམ་མཁའི་རྒྱལ་པོ་སོགས་རིགས་གཞན་བསྒྲུབས་ན་སྐབས་འདིར་ཡང་དེ་དང་དེའི་མངོན་རྟོགས་སྦྱོར་དགོས་སོ། །དེ་ནས་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་པ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་རྒྱུད་བྱིན་གྱིས་རློབ་པར་མོས་ཤིག །དབྱངས་རོལ་སྦྱར་སྤོས་ཀྱིས་བསྐུལ་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེ་ཆེན་པོ་འདིར་གཤེགས་ཤིག །མི་ཕམ་མགོན་པོ་འདིར་གཤེགས་ཤིག །སྤྱན་རས་གཟིགས་དབང་འདིར་གཤེགས་ཤིག །འཇིག་རྟེན་དབང་ཕྱུག་འདིར་གཤེགས་ཤིག །རྗེ་འགྲོ་བའི་སྐྱབས་ལ་བྱོན་ཙ་ན། །སྐུ་གསལ་ལེ་གཟི་བརྗིད་མ་ཆུང་ཞིག །གསུང་མ་ཎིའི་སྒྲ་དབྱངས་མ་ཆུང་ཞིག །ཐུགས་ཞི་བའི་བྱིན་རླབས་མ་ཆུང་ཞིག །རྗེ་འགྲོ་བའི་མགོན་པོ་བྱོན་ཙ་ན། །དགོངས་པ་མཁའ་ལྟར་ཡངས་པ་ལ། །གྲྭ་ཚོགས་ཀྱི་སྐར་ཚོགས་ཤིགས་སེ་ཤིག །བྱིན་རླབས་ཀྱི་སྤྲིན་དཔུང་ཐིབས་སེ་ཐིབ། །ཐུགས་རྗེའི་ཉི་ཟེར་ཏ་ལ་ལ། །ཉམས་ཀྱི་འཇའ་ཚོན་ཝལ་ལ་ལ། །བདེན་པའི་འབྲུག་སྒྲ་འུ་རུ་རུ། །སྙིང་རྗེའི་གློག་དམར་ཆེམས་སེ་ཆེམ། །གཟི་བརྗིད་ཀྱི་སེར་ཆེན་ཤ་ར་ར། །བྱམས་པའི་ཆར་ཆེན་སི་ལི་ལི། །ང་རྒྱལ་གྱི་ཐ་རྒོད་ཁེངས་པ་ལ། །ཉམས་ཀྱི་ཆུ་བོ་བྲིངས་སེ་བྲིང་། །དུག་ལྔའི་མེ་ཆེན་འབར་བ་ཡི། །སྡུག་བསྔལ་གྱི་ཚད་པ་ཉ་ལ་ལ། །ཀུན་གཞིའི་ཞིང་ས་གཤིན་པོ་ལ། །གདམས་ངག་གི་ས་བོན་ཐོ་རོ་རོ། །ཐོས་བསམ་གྱི་རོལ་ནག་བྲེངས་སེ་བྲེང་། །བྱང་ཆུབ་ཀྱི་མྱུ་གུ་རོངས་སེ་རོང་། །སྐུ་གསུམ་གྱི་འབྲས་བུ་ཤ་ར་ར། །ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ །འགྲོ་བའི་དོན་ལ་ཐུགས་རྗེས་གཟིགས། །འདིར་བྱོན་མོས་ལྡན་བྱིན་གྱིས་རློབས། །མོས་པས་རྗེ་ཡི་མཚན་བརྗོད་ན། །རྗེ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །ཕོངས་པ་རྣམས་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་གྱི་ཚད་པ་བསལ་དུ་གསོལ། །རྒྱལ་བའི་གསུང་གིས་བསླུས་པ་མེད། །རྗེ་ཡི་ཐུགས་རྗེས་མི་གཟིགས་སམ། །ཞི་བའི་ཐུགས་རྗེས་འདིར་གཤེགས་ཤིག །བདེ་གཤེགས་དགོངས་པའི་བྱིན་རླབས་ཀྱིས། །འགྲོ་བའི་སྡུག་བསྔལ་ཞི་བར་མཛོད། །ཅེས་བརྗོད། ནམ་མཁར་བཞུགས་པའི་ལྷ་ཚོགས་ཐམས་ཅད་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སློབ་མའི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བུདྡྷ་བོ་དྷི་སཏྭ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཕེཾ་ཕེཾ་ཛཿཛཿཧྲཱིཾ་ཧྲཱིཾ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ། ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་གོ །བཅུ་གསུམ་པ་མེ་ཏོག་དོར་བ་ནི། སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་ཕུལ་བར་མོས་པས་དཀྱིལ་འཁོར་དུ་དོར་བར་ཞུ། ཨོཾ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་རྗེས་ཟློས་བཅས་འདོར་དུ་གཞུག་གོ །གཉིས་པ་དངོས་གཞི་དབང་སྐུར་དྲུག་པོ་རིམ་བཞིན་བྱ་བ་ལ་དྲུག །བུམ་པའི་དབང་གིས་ལུས་སྨིན་པར་བྱ་བ་དང་། གསང་བའི་དབང་གིས་ངག་སྨིན་པར་བྱ་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་བྱ་བ་དང་། ཕྱི་ལྷ་དབང་ལུས་ལ་བསྐུར་ནས་ལུས་ལྷར་བྱིན་གྱིས་བརླབ་པ་དང་། ནང་ཆོས་དབང་ངག་ལ་བསྐུར་ནས་ངག་སྔགས་སུ་བྱིན་གྱིས་བརླབ་པ་དང་། གསང་བ་རིག་པའི་རྩལ་གྱིས་ཆོས་དབང་སེམས་ལ་བསྐུར་ནས་ཉོན་མོངས་པ་དྲུག་ཡེ་ཤེས་སུ་ངོ་སྤྲོད་པའོ། །དང་པོ་ནི། དེ་ལྟར་སློབ་མས་སྔོན་དུ་བྱ་བའི་ཆོས་རྣམས་གྲུབ་ནས་དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །དེ་ལ་དངོས་གཞིའི་དབང་བསྐུར་རྣམ་པ་དྲུག་ཡོད་པའི་དང་པོ་བུམ་དབང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སློབ་དཔོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་བུམ་པའི་དབང་བསྐུར་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། ཕྱི་བུམ་པའི་དབང་གིས་ལུས་སྨིན་པར་མཛད་དུ་གསོལ། ལན་གསུམ། རྣམ་རྒྱལ་བུམ་པ་ཐོགས་ལ། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་རྣམས་དང་བཅས་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས། ངོ་བོ་ལྷ་ལ་རྣམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་རྣམས་ཀྱི་ལུས་གང་། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་པའི་མོས་པ་མཛོད་ཅིག །ཧྲཱིཿ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་གནས། །གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་ཆུས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་བག་ཆགས་སྒྲིབ་སྦྱངས་ནས། །ལྷ་ཡི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེའི་རྗེས་འབྲེལ་དུ་གཙོ་བོའི་སྐུ་རྟེན་ཐོགས་ལ། ལྷའི་དབང་བསྐུར་བས། ཐ་མལ་གྱི་ལུས་ངག་ཡིད་གསུམ་དག་ནས་ལྷའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་མོས་ཤིག །ཧྲཱིཿ བདེ་གཤེགས་འདུས་པ་ལྷ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །རིགས་བསྡུས་ཐུགས་རྗེ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། མ་ཧཱ་ཀཱ་རུ་ཎི་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། ཤིས་བརྗོད་ཀྱིས་མངའ་གསོལ་བ་ནི། མེ་ཏོག་འཐོར་ལ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཡིས། །སངས་རྒྱས་ཀུན་གྱི་དབང་མཆོག་འདི། །དེ་རིང་ཁྱོད་ལ་བསྐུར་བ་ཡིས། །ཐུགས་རྗེ་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །སླར་ཡང་བུམ་པ་ཐོགས་ལ། དེའི་རྗེས་འབྲེལ་དུ་ཐུན་མོང་རིག་པའི་དབང་ལྔ་སྦྱིན་པ་ལ། དབང་རྫས་རྣམས་ངོ་བོ་ཐུགས་རྗེ་ཆེན་པོ། རྣམ་པ་རིགས་ལྔ་སོ་སོའི་རང་བཞིན་དུ་བྱིན་གྱིས་བརླབས་པས་ཁྱེད་རང་རྣམས་ལ་དབང་བསྐུར་བར་མོས་ཤིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་སྤྱི་བོར་བླུགས་པ་དང་བཏུང་བ་དང་བཀྲུ་བར་བྱ། དེ་ལྟར་ཆུའི་དབང་བསྐུར་བས་ཀུན་གཞིའི་རྣམ་ཤེས་གནས་སུ་དག །མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་མི་བསྐྱོད་པ་ལམ་དུ་བྱས་པས། མི་བསྐྱོད་པ་དཔྲལ་བའི་སྟེང་དུ་བཞུགས་པར་མོས་ཤིག །ཧཱུྃ། རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །གཏི་མུག་རྣམ་པར་དག་པ་ཡིས། །མེ་ལོང་ཡེ་ཤེས་དབང་ཐོབ་ནས། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་དབུ་རྒྱན་བཀོན་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་སུ་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལམ་དུ་བྱས་པས། རིན་ཆེན་འབྱུང་ལྡན་རྣ་བ་གཡས་པའི་སྟེང་ན་བཞུགས་པར་མོས་ཤིག །ཧཱུྃ། རིན་ཆེན་རིགས་ཀྱི་དབང་བསྐུར་བས། །ང་རྒྱལ་རྣམ་པར་དག་པ་ཡིས། །མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས། །ཡོན་ཏན་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་རྡོ་རྗེ་ལྟག་པའི་སྟེང་དུ་བཟུང་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་སཏྭ་ཧཱུྃ། ཞེས་བརྗོད། དེ་ལྟར་རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག །སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་སྣང་བ་མཐའ་ཡས་ལམ་དུ་བྱས་པས་སྣང་བ་མཐའ་ཡས་ལྟག་པའི་སྟེང་དུ་བཞུགས་པར་མོས་ཤིག །ཧཱུྃ། པདྨ་རིགས་ཀྱི་དབང་བསྐུར་བས། །འདོད་ཆགས་རྣམ་པར་དག་པ་ཡིས། །སོར་རྟོག་ཡེ་ཤེས་དབང་ཐོབ་ནས། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་དྲིལ་བུ་རྣ་བ་གཡོན་པའི་སྟེང་དུ་བཟུང་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། དྷརྨ་བཛྲ་ཨཱཿ ཞེས་བརྗོད། དེ་ལྟར་དྲིལ་བུའི་དབང་བསྐུར་བས་སྒོ་ལྔའི་རྣམ་ཤེས་གནས་སུ་དག །བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་དོན་ཡོད་གྲུབ་པ་ལམ་དུ་བྱས་པས། དོན་གྲུབ་རྣ་བ་གཡོན་པའི་སྟེང་དུ་བཞུགས་པར་མོས་ཤིག །ཧཱུྃ། ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །ཕྲག་དོག་རྣམ་པར་དག་པ་ཡིས། །བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས། །ཕྲིན་ལས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་ནས་སྔར་ཕུལ་བའི་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་མཱཾ། ཞེས་དང་། ཀྱེ། ཐུགས་རྗེའི་དབང་ཕྱུག་འགྲོ་འདུལ་པདྨའི་སེམས་དཔའ་ཞེས་བྱའོ། །ཞེས་གསང་མཚན་གདགས། དེ་ལྟར་མིང་གི་དབང་བསྐུར་བས། མིང་གཞིའི་རྣམ་ཤེས་གནས་སུ་དག་ནས། ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་རྣམ་སྣང་ལམ་དུ་བྱས་པས། རྣམ་པར་སྣང་མཛད་སྤྱི་བོར་བཞུགས་པར་མོས་ཤིག །ཧཱུྃ། བདེ་གཤེགས་རིགས་ཀྱི་དབང་བསྐུར་བས། །ཞེ་སྡང་རྣམ་པར་དག་པ་ཡིས། །ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས། །ཏིང་འཛིན་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་རྣམས་ཀྱིས་མ་རིག་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། རིགས་ལྔ་ལམ་དུ་བྱས་པས་རིག་པའི་དབང་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལུས་ཡོངས་སུ་སྨིན་པར་བྱས། ལྷའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འཐོབ་རུང་གི་རྟེན་འབྲེལ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་གསང་དབང་ནི། དགོངས་གསོལ་སྔར་ལྟར་ལ། བདག་མིང་འདི་ཞེས་བགྱི་བ་ལ་གསང་དབང་བསྐུར་དུ་གསོལ། སྨིན་པར་མཛད་དུ་གསོལ། གསང་བའི་དབང་གིས་ངག་སྨིན་པར་མཛད་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། མེ་ལོང་སྟེང་གི་བདུད་རྩི་རིལ་བུ་མཐེབ་སྲིན་གྱིས་བཟུང་ལ། བླ་མའི་དཔྲལ་མགྲིན་སྙིང་ལྟེ་བཞི་ལས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས། སློབ་མའི་དཔྲལ་མགྲིན་སྙིང་ལྟེ་བཞིར་ཐིམ་པས་སློབ་མའི་སྤྱི་བོ་རྩ་འདབ་སོ་གཉིས་པའི་དབུས་སུ་ཨོཾ་དཀར་པོ། མགྲིན་པར་རྩ་འདབ་བཅུ་དྲུག་པའི་དབུས་སུ་ཨཱཿདམར་པོ། སྙིང་ཁར་རྩ་འདབ་བརྒྱད་པའི་དབུས་སུ་ཧཱུྃ་སྔོན་པོ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་པའི་དབུས་སུ་ཧྲཱིཿསེར་པོ་རྣམས་སུ་གསལ་བར་གྱུར་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཡོན་ཏན་ཕྲིན་ལས་ཐམས་ཅད་དང་ལྡན་པར་མོས་ཤིག །རིལ་བུ་གནས་བཞིར་རེག་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་བརྗོད། ཧཱུྃ། བྱང་སེམས་དཀར་དམར་ཐབས་དང་ཤེས་རབ་སྟེ། །བཅུད་མཆོག་བདུད་རྩིའི་རོ་མཆོག་བདེ་བ་སྐྱེད། ཡབ་ཡུམ་གཉིས་མེད་སྙོམས་འཇུག་བྱང་ཆུབ་སེམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ངག་ལ་བདུད་རྩིའི་རོ་མཆོག་མྱོང་གྱུར་ནས། །ལུས་ངག་ཡིད་ལ་བདེ་བ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་རིལ་བུ་ཁར་བཅུག །བདུད་རྩིའི་རོ་མྱང་བ་ལས་དགའ་བ་སྐྱེས་པ་ནི་བདེ་བའི་ཉམས། དེའི་རྣམ་པ་མ་འགགས་པར་སྣང་བ་ནི་གསལ་བའི་ཉམས། ངོ་བོ་ངོས་བཟུང་དང་བྲལ་བ་ནི་མི་རྟོག་པའི་ཉམས། དེ་གསུམ་སེམས་ཉིད་གཅིག་གི་ངང་དུ་རྫོགས་པ་ནི་དབྱེར་མི་ཕྱེད་པའི་ཉམས་སུ་ཤེས་པར་གྱིས་ལ་བཟོ་མེད་དུ་བསྐྱང་བར་ཞུ། ཞེས་ངོ་སྤྲད། དེ་ལྟར་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །ངག་ཡོངས་སུ་སྨིན་པར་བྱས། གསུང་རྡོ་རྗེ་སྔགས་ཀྱི་བཟླས་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་རུང་གི་རྟེན་འབྲེལ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཤེར་ཡེ་ནི། དགོངས་གསོལ་སྔར་ལྟར་ལ། བདག་མིང་འདི་ཞེས་བྱ་བ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་མཛད་དུ་གསོལ། ལན་གསུམ། ཐོད་པའི་བདུད་རྩི་བླ་མས་ལག་ཏུ་ཐོགས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས་ལྷ་རྣམས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བའི་ངོ་བོ་བདུད་རྩི་དཀར་དམར་བབ་པ་ཀ་པཱ་ལའི་བདུད་རྩི་དང་གཅིག་ཏུ་འདྲེས་པ་ཁྱེད་རང་ལ་བྱིན་པར་མོས་ཤིག །ཧཱུྃ། ཐབས་ཤེས་དབྱེར་མེད་བདེ་བའི་བཅུད། །ཕྱག་རྒྱ་བཞི་ལྡན་ཆོས་ཀྱི་དབང་། །དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན། །ཟག་མེད་བདེ་ཆེན་སྩོལ་བར་མཛད། །ཨོཾ་མ་ཎི་པདྨེ་ཧཱུྃ། བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་ཁར་སྦྱིན། ལན་གསུམ་འཐུང་དུ་གཞུག །མེ་ལོང་གི་སིནྡྷུ་རས་དཔྲལ་བར་ཐིག་ལེ་བྱས་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་འདུ་ཤེས་གསུམ་ལྡན་གྱིས་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བའི་ངོ་བོ་བདུད་རྩི་དཀར་དམར་བབས་པ་ཀ་པཱ་ལའི་བདུད་རྩི་དང་གཉིས་གཅིག་ཏུ་འདྲེས་པར་བསམ། སླར་སློབ་མས་དངོས་སམ་ཡིད་རིག་ལ་སྙོམས་པར་ཞུགས་པའི་བདེ་བ་ལྷ་ཚོགས་ལ་མཆོད་པར་ཕུལ་བས་བདེ་སྟོང་གི་ཉམས་ནམ་མཁའི་ཁོངས་སུ་ཡང་མི་ཤོང་བ་སློབ་མའི་རྒྱུད་ལ་སྐྱེས་པར་མོས་ལ། བདེ་སྟོང་གི་རང་ངོ་ལྷན་སྐྱེས་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་འཇོག་མཛོད། སིནྡྷུ་ར་ཕྱིས་པའི་མེ་ལོང་བསྟན་ལ། དག་ཅིང་གསལ་ལ་དྲི་མ་མེད་པ་ཡི། །གསལ་སྟོང་ངོས་བཟུང་མེད་པ་རང་གི་སེམས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་བསྟན་པས། །ཤེས་རབ་ཡེ་ཤེས་དབང་དང་ལྡན་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ཞེས་དང་། རང་སེམས་གསལ་ལ་ངོས་བཟུང་མེད་པ་མེ་ལོང་ལྟ་བུ་འདི། ཐུགས་རྗེ་ཆེན་པོའི་ཐུགས་ཡང་དག་པའི་ཡེ་ཤེས་རང་ལ་ཡེ་ནས་གནས་པ་ལྷན་ཅིག་སྐྱེས་པ་ཡིན་ནོ། །ཞེས་ངོ་སྤྲད་དོ། །དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཡིད་ཡོངས་སུ་སྨིན་པར་བྱས། ཐུགས་རྡོ་རྗེ་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འཐོབ་རུང་གི་རྟེན་འབྲེལ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྡའ་སྤྲད། ཚིག་དབང་གི་དོན་དུ་མཎྜལ་ཕུལ་ནས། ཀྱེ་ཧོཿ རྡོ་རྗེ་འཛིན་ཞབས་བཀའ་དྲིན་གྱིས། །སྤྲོས་པའི་དབང་བསྐུར་བསྩལ་ལགས་ཀྱི། །སྤྲོས་མེད་དོན་གྱི་དབང་བསྐུར་ཆེ། །ཐུགས་རྗེ་ཆེན་པོས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། སིནྡྷུ་ར་མེད་པའི་མེ་ལོང་བསྟན་ལ། ཀྱེ་ཀྱེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའི་མེ་ལོང་བཞིན། །དེ་ནི་གསལ་དྭངས་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པ། །ཆོས་ཀུན་དེ་ལྟར་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་དང་དེའི་དོན་བཀྲོལ་ལ་ངོ་སྤྲོད། དེས་སྤྲོས་དང་བྲལ་བའི་དཀྱིལ་འཁོར་ཆེན་པོར་ཚིག་གི་དབང་བསྐུར་པ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་དེར་འཛིན་གྱི་སྒྲིབ་པ་དག །སྒོ་གསུམ་ཡོངས་སུ་སྨིན་པར་བྱས། ཡེ་ཤེས་རྡོ་རྗེ་བསམ་དུ་མེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འཐོབ་རུང་གི་རྟེན་འབྲེལ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་ཕྱི་ལྷ་དབང་ལུས་ལ་བསྐུར་བ་ནི། དགོངས་གསོལ་བྱས་ལ། བདག་མིང་འདི་ཞེས་བྱ་བ་ལ་ལྷ་དབང་ལུས་ལ་བསྐུར་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་མོས་ཤིག །ཅེས་བྱས་ལ་འབྲུ་གསུམ་བརྗོད་ཅིང་གནས་གསུམ་དུ་དྲིའི་ཐིག་ལེ་བྱའོ། །དཀྱིལ་འཁོར་པའི་ལྷ་ཚོགས་གཙོ་འཁོར་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཞུགས་ཤིང་ཐིམ་པར་མོས་ཤིག །གཙོ་བོའི་སྐུ་ཐོགས་ལ། ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །འགྲོ་དྲུག་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ་ཡིན་པས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་བག་ཆགས་ཀུན་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་སྐུ་རུ་འགྱུར་བར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། སྐབས་འདིར་སྤྲོ་ན་འཁོར་རྣམས་ཀྱི་ལྷ་དབང་རིག་འཛིན་ཆོས་ཀྱི་གྲགས་པའི་ཕྲེང་སྐོར་ལས་འབྱུང་བའམ། འཇའ་ཚོན་པའི་ལུགས་ལྟར་སྦྱོར་ཆོག་ཅིང་། བཀའ་འབུམ་གཞུང་དུ་མ་གསུངས་པས་དཀྱུས་ལ་འདི་ཉིད་ཀྱི་དོན་འདུས་པ་ཡིན་ནོ། །དེ་ལྟར་ཕྱི་ལྷ་དབང་ལུས་ལ་བསྐུར་པས་ལུས་ལྷར་བྱིན་གྱིས་བརླབས་པ་ཡིན་པས། དེང་ནས་བརྩམ་སྟེ་ལུས་ཐ་མལ་དུ་འཛིན་པ་སྤངས་ནས་གཟུགས་སུ་སྣང་བ་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་རུ་ཤེས་པར་གྱིས་ཤིག །ཅེས་གདམས། ལྔ་པ་ནང་ཆོས་དབང་ངག་ལ་བསྐུར་བ་ནི། དགོངས་གསོལ་བྱས་ལ། བདག་མིང་འདི་ཞེས་བྱ་བ་ལ་ཆོས་དབང་ངག་ལ་བསྐུར་དུ་གསོལ། ལན་གསུམ། དཀྱིལ་འཁོར་པའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་ཚོགས་སྤྲོས་སློབ་མའི་མགྲིན་པར་ཐིམ་པར་བསམ་ལ། ཡི་གེ་དྲུག་པ་དངུལ་གྱིས་བྲིས་པ་གཏད་ལ། ཡི་གེ་འབྲུ་དྲུག་སྤྲུལ་སྐུ་ཆོ་འཕྲུལ་དྲུག །འགྲོ་དྲུག་སྐྱེ་སྒོ་གཅོད་ཅིང་སྒྲིབ་པ་སྦྱོང་། །ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ངག་གི་སྒྲིབ་པ་བག་ཆགས་ཀུན་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཡིག་དྲུག་དང་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་ཞིང་། སློབ་དཔོན་གྱི་ཐུགས་ཀར་ཟླ་བ་ལ་ཧྲཱིཿཡི་གེ་སྔགས་ཕྲེང་དང་བཅས་པ་དང་། སློབ་མའི་སྙིང་གར་ཟླ་བ་ལ་ཧྲཱིཿཡིག་ཙམ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས། དེའི་ཐུགས་ཀའི་སྔགས་ཕྲེང་གཉིས་པ་ཆད་ཞལ་ནས་ཐོན། སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་སྤར་བཏབ་པ་བཞིན་འཁོད་པར་བསམས་ལ། ཡི་གེ་དྲུག་པ་ལན་བདུན་རྗེས་ཟློས་བྱར་གཞུག །དེ་ལྟར་ནང་སྔགས་དབང་ངག་ལ་བསྐུར་པས་ངག་སྔགས་སུ་བྱིན་གྱིས་བརླབས་པ་ཡིན་པས། དེང་ནས་བརྩམ་སྟེ་ངག་ཐ་མལ་དུ་འཛིན་པ་སྤངས་ནས་སྒྲ་རུ་གྲགས་པ་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོའི་གསུང་ཡི་གེ་དྲུག་མའི་རང་སྒྲར་ཤེས་པར་གྱིས་ཤིག །ཅེས་གདམས། དྲུག་པ་གསང་བ་རིག་པའི་རྩལ་དབང་སེམས་ལ་བསྐུར་བ་ནི། དགོངས་གསོལ་བྱས་ལ། བདག་མིང་འདི་ཞེས་བྱ་བ་ལ་རིག་པ་རྩལ་གྱི་དབང་བསྐུར་དུ་གསོལ། ལན་གསུམ། ཆོས་དབྱུག་སྦ་དཀར་ཚིགས་གསུམ་པ་སློབ་མའི་སྙིང་གར་གཏད་ལ། འདི་ལྟར་ཆོས་དབྱུག་གི་མཚོན་དོན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྟགས་སུ་ཁ་དོག་དཀར་བ། མ་བཅོས་རང་བྱུང་བས་གཅིག་པུར་སྐྱེས་པ། སྐུ་གསུམ་རང་ལ་ཤར་བས་ཚིགས་གསུམ་དང་ལྡན་པའི་བརྡ་གོ་བར་གྱིས་ཤིག །རང་བྱུང་ཆོས་སྐུ་སྐྱེ་བ་མེད་པ་ལ། །སྣ་ཚོགས་འཆར་བ་རིག་པའི་རྩལ་ཡིན་ཏེ། །དབང་པོ་ཚོགས་དྲུག་ཡུལ་དྲུག་དབྱིངས་ན་གསལ། །ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག །རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ངང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དུས་ད་ནས་བཟུང་སྟེ་ཉོན་མོངས་པ་དྲུག་སྤང་དུ་མེད། ཡེ་ཤེས་དྲུག་དང་སྐུ་དྲུག་རང་བྱུང་དུ་ཤར་རང་བྱུང་དུ་གྲོལ་བ་ཡིན་ནོ། །དེ་ལྟར་ཆོས་དབང་སེམས་ལ་བསྐུར་པས་ཡིད་ཐུགས་སུ་བྱིན་གྱིས་བརླབས་པ་ཡིན་པས། དེང་ནས་བརྩམ་སྟེ་ཡིད་ཐ་མལ་དུ་འཛིན་པ་སྤངས་ནས་རྣམ་པར་རྟོག་པ་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོའི་ཐུགས་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པར་རྟོགས་པར་གྱིས་ཤིག །སླར་ཚིག་དབང་གིས་ངོ་སྤྲད་པ་ནི། ཀྱེ། རིགས་ཀྱི་བུ་རྣམས་མ་ཡེངས་པར་གསོན་ཅིག །དབང་ཐམས་ཅད་ཀྱི་མེས་པོའམ་རྩ་བ་ནི་རིག་པ་རྩལ་གྱི་དབང་འདི་ཉིད་ཡིན་ཏེ། འདི་ཐོབ་པས་དབང་ཐམས་ཅད་ཐོབ་པ་ཡིན་ནོ། །དེ་གང་ལ་བྱ་ན་སངས་རྒྱས་དང་སེམས་ཅན་རིག་མ་རིག་ལས་བྱུང་སྟེ། མ་རིག་ན་འཁོར་བ་དང་ངན་སོང་ཡིན། རིག་ན་སངས་རྒྱས་ཡིན་ཏེ། རང་རིག་པ་བྱང་ཆུབ་ཀྱི་སེམས་ནངས་རྟོགས་ན་ནངས་སངས་རྒྱ། ནུབ་རྟོགས་ན་ནུབ་སངས་རྒྱ་བས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱ་བ་ལྟར་སྣང་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་མ་གྲུབ། ངན་སོང་དུ་འགྲོ་བ་ལྟར་སྣང་ཡང་ངན་སོང་གི་ངོ་བོ་ཉིད་ཀྱང་མ་གྲུབ། བདེ་སྡུག་ཇི་ལྟར་སྣང་ཡང་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལ་བྲི་བ་དང་གང་བ་མེད་དོ། །འོ་ན་དེ་ལྟ་བུའི་དབང་དེ་སློབ་དཔོན་གང་གིས་བསྐུར་ན། སློབ་དཔོན་སངས་རྒྱས་ཀྱི་ཆ་ལ་བཏགས་ཏེ་རང་སེམས་སངས་རྒྱས་སུ་རྟོགས་པ་གཅིག་གིས་སོ། །སློབ་མ་ཡེ་ཤེས་ཀྱི་ཆ་ལ་བཏགས་ཏེ་སྣང་བ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་གཟུགས་བརྙན་རང་བྱུང་གི་དཀྱིལ་འཁོར་ཡིན་ཏེ། དེ་ལྟ་བུའི་དཀྱིལ་འཁོར་མཐོང་བར་འདོད་པ་ནི་གདོང་གཡོགས་དེ་གྲོལ་བའོ། །རང་རིག་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་སྟོང་གསལ་ཆེན་པོར་མཐོང་བ་ནི་མིག་ཕྱེ་བའོ། །རང་རིག་པ་ཆོས་ཀྱི་སྐུར་ཡིད་ཆེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་མཐོང་བའོ། །དེའི་ངང་ལས་རང་སེམས་ཆོས་སྐུ་མི་འགྱུར་བ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །རང་རིག་ཆོས་ཀྱི་སྐུར་བརྟན་པ་ཐོབ་ནས་མངོན་དུ་གྱུར་པ་ནི་དབང་དང་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་རྣམས་ནི་རིག་པ་རྩལ་གྱི་དབང་ཞེས་བྱ་བའོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་དེར་འཛིན་གྱི་སྒྲིབ་པ་དག །སྒོ་གསུམ་ཡོངས་སུ་སྨིན་པར་བྱས། ཡེ་ཤེས་རྡོ་རྗེ་བསམ་དུ་མེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འཐོབ་རུང་གི་རྟེན་འབྲེལ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །དེ་བརྟན་པར་བྱ་བའི་སླད་དུ་མེ་ཏོག་འཐོར་ལ། དེ་ལྟར་བུམ་པའི་དབང་གིས་ལུས་སྨིན། གསང་བའི་དབང་གིས་ངག་སྨིན། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན། ལྷ་དབང་ལུས་ལ་བསྐུར་བས་ལུས་ལྷར་བརྟན། ཆོས་དབང་ངག་ལ་བསྐུར་བས་ངག་སྔགས་སུ་བརྟན། རིག་པའི་རྩལ་གྱི་དབང་གིས་ཉོན་མོངས་པ་ལྔ་ཡེ་ཤེས་སུ་ཤར། ཐུགས་རྗེ་ཆེན་པོའི་སྐུ་དང་ཡེ་ཤེས་སུ་གྱུར་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་རིག་པའི་རྒྱལ་པོ་རང་དབང་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ་རོལ་མོ་བསྒྲག་གོ །གསུམ་པ་མཇུག་གི་བྱ་བ་ལའང་གཉིས། དབང་དང་དཀྱིལ་འཁོར་གྱི་རྗེས་རིམ་མོ། །དང་པོ་ལ་གསུམ། རྗེས་གནང་གཉིས། དམ་ཚིག་བཟུང་བ་སོགས་སོ། །དང་པོ་རང་དོན་རྗེས་གནང་ནི། ཁྱེད་རྣམས་ཀྱིས་དུས་དང་གནས་སྐབས་སྤྱོད་ལམ་ཐམས་ཅད་དུ་ལྷའི་རྣལ་འབྱོར་དང་མི་འབྲལ་བར་གྱིས་ལ་འབྲུ་དྲུག་རྒྱུན་ཆད་མེད་པར་ཟློས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམ་པ་དང་མི་འབྲལ་བར་གྱིས་ཤིག །ཅེས་གདམས། གཉིས་པ་གཞན་དོན་རྗེས་གནང་ནི། ཁྱེད་རང་རྣམས་གདན་པདྨ་དང་རིན་པོ་ཆེའི་ཁྲི་ལ་བཞག །སྟེང་དུ་གདུགས་དཀར་ནོར་བུའི་ཏོག་གིས་སྤྲས་པ་ཕུབ། ཕྱག་ཏུ་ཆོས་འཆད་པའི་ཉེར་སྤྱད་རྣམས་གཏད། བཀྲ་ཤིས་མཆོད་པའི་ཡོ་བྱད་དུ་མས་མཐའ་བསྐོར་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བསྒྱུར་ཆེན་པོར་མངའ་གསོལ་བར་མོས་ཤིག །དེ་དག་དངོས་སུ་འགྲུབ་ན་གང་ལྕོགས་བྱ་ཞིང་། མི་འགྲུབ་ན་གདན་དང་གདུགས་རི་མོར་བྲིས་པས་མཚོན་བྱེད་བྱ་བའམ་ཡིད་ཀྱིས་དམིགས། ཆོས་སྐོར་གྱི་པོ་ཏི་དང་སྤྱི་བླུགས་ལག་ཏུ་གཏད། དུང་འབུད་དུ་བཅུག་ལ། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །འགྲོ་བའི་སྡུག་བསྔལ་སྐྱོབ་པར་གྱིས། །ཆོས་ཀྱི་དུང་ནི་བླ་མེད་མཆོག །དྲི་མེད་ཀུན་ཏུ་གང་བར་གྱིས། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །བདུད་རྩིའི་ཆུ་རྒྱུན་དབབ་པར་གྱིས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཉོན་མོངས་སྐྱོན་གྱིས་མ་གོས་གྱིས། །ཇི་སྲིད་འཁོར་བ་མ་སྟོངས་བར། །སེམས་ཅན་དོན་ཀུན་སྒྲུབ་པར་གྱིས། །རྡོ་རྗེ་འཛིན་པ་སློབ་དཔོན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དང་། ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་ཆོས་འདི་སེམས་ཅན་གྱི་དོན་དུ་བློ་སྐྱེད་ལ་སྒྲུབས་ཤིག །ཤོད་ཅིག །སྟོན་ཅིག །འགྲོ་བའི་དོན་གྱིས་ཤིག །ཅེས་ལན་གསུམ་བརྗོད་དོ། །གསུམ་པ་དམ་ཚིག་བཟུང་བ་ནི། དེ་ལྟར་ན་གངས་ཅན་ལྷ་གཅིག་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་སྲོལ་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་དེའི་གནས་སྐབས་སུ་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་སྡོམ་པའི་གནས་ལ་བསྲུང་སྡོམ་ཚུལ་བཞིན་དུ་མཛད་པ་དང་། གངས་ཅན་མགོན་པོ་ལྷག་པའི་ལྷར་རྟག་ཏུ་གཟུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱའོ། །གཉིས་པ་ཆོ་གའི་རྗེས་རིམ་ནི། ཚོགས་བྱིན་རླབས་ནས་བརྩམ། དངོས་གྲུབ་བླང་བ། གཏང་རག །བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་ཡོངས་སུ་རྫོགས་པར་བྱའོ། །གལ་ཏེ་རྒྱལ་པོ་ལུགས་ཀྱི་ནམ་མཁའི་རྒྱལ་པོའི་དབང་བསྐུར་བར་འདོད་ན། དཀྱིལ་འཁོར་གྱི་གཙོ་བོ་གོ་འཕོ་ཞིང་སྔགས་གཟུངས་རིང་གཙོར་བཏོན་པ་ལས་སྤྱིའི་ཁོག་འདི་ཉིད་ལས་འཕྲུལ་པས་ཆོག་གོ །ལྷ་དང་སྔགས་འདི་བྱང་ཕྱོགས་རྒྱུད་འདི་རུ། །འགྲུབ་པར་ལུང་བསྟན་དེ་ལས་ལྷག་པར་ཡང་། །བོད་ཆོས་རྩ་བ་འདི་ཉིད་བྱིན་ཆེ་བས། བློ་བཟང་རྣམས་ཀྱིས་དོན་གཉིས་སྤྱོད་པར་རིགས། །ཡིག་དྲུག་ཆོས་སྒྲ་ཐོས་ཚད་སྨིན་བྱེད་འདིའི། །སྣོད་རུང་འཕགས་པའི་ཕྲིན་ལས་ཇི་སྲིད་པ། །དེ་སྲིད་ཆོས་འདི་འཆད་ཅིང་སྤེལ་ཁོ་ནས། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བྱེད་ཤོག །ཅེས་པ་འདིའང་གསར་མའི་ལུགས་ཀྱི་སྤྲོས་པ་སོགས་ཁ་སྐོང་དང་གསར་རྩོམ་རིགས་མ་བཀོད་པར་བཀའ་ཆེམས་རང་གི་སྒྲུབ་སྐོར་དང་ཞལ་གདམས་རྩ་བར་བཟུང་སྟེ་མཚམས་སྦྱོར་སོགས་བལྟས་ཆོག་ཏུ། འཇིག་རྟེན་མགོན་པོ་ཀརྨ་པ་ཡབ་སྲས་ཀྱི་རྗེས་འཇུག་ཐ་ཤལ་པ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཐུགས་རྗེའི་དབང་ཕྱུག་གི་ཕོ་བྲང་བྲག་གི་བ་གམ་དང་འདབ་འབྱོར་པའི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

ཡཀྴ་ཛམ་བྷ་ལའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས་ (Volume 50, Text 31)

༁ྃ༔ ཡཀྴ་ཛམ་བྷ་ལའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས་ཞེས་བྱ་བ་བཞུགས་སོ༔ རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ མ་འོངས་སྙིགས་དུས་འགྲོ་བ་རྣམས༔ དབུལ་ཞིང་ཕོངས་པས་མནར་བ་ཡི༔ སྡུག་བསྔལ་ཐམས་ཅད་ཞི་བ་དང༔ འདོད་རྒུའི་དཔལ་འབྱོར་རྒྱས་པའི་ཕྱིར༔ པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ ཡཀྵ་རྩ་བའི་ཏནྟྲ་དང༔ རཏྣ་རྩལ་ཆེན་འདུས་པ་ཡི༔ དུམ་བུ་མན་ངག་ཟུང་འབྲེལ་དུ༔ ལག་ལེན་དམར་ཁྲིད་ཚུལ་གྱིས་བསྟན༔ ཡིད་བཞིན་ནོར་བུའི་སྙིང་པོ་འདི༔ སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེའང་ཡཀྵ་ཛམ་བྷ་ལ་མཱུ་ལ་ཏནྟྲའི་ལེའུ་སོ་གསུམ་པ་ལས༔ ཁྱད་པར་སྟོབས་དང་ལྡན་པ་ཡིས༔ ལས་ཀུན་མྱུར་དུ་འགྲུབ་འདོད་ན༔ ནོར་སྦྱིན་སྲོག་གི་རྟེན་བཅའ་ཞིང༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ མདུན་གྱི་ནམ་མཁའི་དབྱིངས་གནས་པར༔ རིན་ཆེན་གཞལ་མེད་ཁང་བཟང་དབུས༔ འདབ་བརྒྱད་པདྨའི་སྙིང་པོ་ལ༔ ཡཀྵ་ཀཱ་ལ་ཛམྦྷ་ལ༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་བསྡུས༔ མིའུ་ཐུང་གཏུམ་པའི་ངང་ཚུལ་ཅན༔ ཕྱག་གཡས་རྡོ་རྗེའི་ཐོ་བ་གསོར༔ གཡོན་པས་ནོར་བུའི་རྒྱལ་མཚན་བསྒྲེངས༔ ལྷག་མ་ཐོད་པ་ནེའུ་ལེ་འཛིན༔ ཐོད་སྐམ་རཏྣའི་རྩེ་བྲན་དང༔ མི་བསྐྱོད་རིགས་ཀྱི་བདག་པོར་འཆང༔ སྟག་ཤམ་རིན་ཆེན་སྦྲུལ་རྒྱན་བརྗིད༔ ཞབས་ཟུང་གཡོན་བརྐྱང་དོར་སྟབས་ཀྱིས༔ ཉི་སྟེང་གཏེར་བུམ་གནོད་སྦྱིན་བསྣོལ༔ ཡེ་ཤེས་འོད་ཀྱི་ཀློང་དཀྱིལ་ན༔ བསོད་ནམས་གཟི་བྱིན་འབར་བར་བཞུགས༔ ནོར་གྱི་རྒྱུན་འབེབ་ཡུམ་དང་སྦྱོར༔ འདབ་བརྒྱད་གནོད་སྦྱིན་ཕོ་མོ་འཁྲིལ༔ དེ་ལྟར་བསྒོམས་ནས་སྔགས་ཀྱིས་བསྙེན༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ འབུམ་ཕྲག་བཅུ་ཡིས་ལས་ཀུན་བྱེད༔ དངོས་གྲུབ་བསྒྲུབ་པའི་རིག་པ་ནི༔ ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཧྲཱིཾ་ཛཿསྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་འགྲུབ་པར་འགྱུར༔ ཐུགས་དམ་བསྐུལ་ཞིང་སིདྡྷི་བླང༔ འདོད་རྒུ་འབྱུང་བའི་ལས་ལ་སྦྱར༔ གཞན་ཡང་ཚེ་བསྲིང་བསོད་ནམས་བསྐྱེད༔ འཇིགས་པ་འཕྲོག་ཅིང་དཔལ་འབྱོར་རྒྱས༔ རིགས་རྒྱུད་དང་ནི་ནོར་ཕྱུགས་འཕེལ༔ ཡོ་བྱད་འཛད་མེད་སྙན་གྲགས་སྒྲོག༔ མངའ་ཐང་དབང་བསྒྱུར་ལེགས་ཚོགས་དགུག༔ ཡི་གེ་བཅུ་ཡིས་བསྒྲུབ་པར་བྱ༔ སྣོད་ལྡན་སློབ་མ་རྗེས་གཟུང་ཕྱིར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་བརླབ་དབང་བསྐུར་དམ་ཚིག་འབོགས༔ དེས་ནི་མྱུར་དུ་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ རྒྱུད་ཀྱི་ལེའུ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱུད་དོན་མན་ངག་ལག་ལེན་ཚུལ༔ དང་པོ་སྲོག་རྟེན་བཅའ་བ་ནི༔ དཔལ་ཅན་ཤིས་པའི་ས་བླངས་ལ༔ སྟེགས་བུ་སེར་པོ་གྲུ་བཞི་བརྩིག༔ དྲི་ལྔའི་ཆུ་ཡིས་ཆག་ཆག་གདབ༔ རིན་ཆེན་འབྲུ་སྨན་སྙིང་པོ་དང༔ སྤོས་དང་མེ་ཏོག་གཅལ་དུ་དགྲམ༔ ཕོ་བྲང་ལྷ་མཚན་ཅི་རིགས་བྲི༔ དེ་སྟེང་ཁྲི་འུ་ཤིང་གི་ཁར༔ དུམ་གསུམ་ཐོད་པ་གསེར་གྱི་མདོག༔ འདོད་འབྱུང་ཤིང་ལ་མེ་འབྲས་སོགས༔ བཀྲ་ཤིས་རང་བྱུང་སྣོད་མཆོག་ནང༔ ལྔ་ཚན་ལྔ་ཡི་རྫས་ཀྱིས་བྱུག༔ དེ་སོགས་ཁྲོལ་བུས་ཕྱུར་བུར་གཏམས༔ རྨད་བྱུང་ཐུགས་ཀྱི་རྟེན་ཡིན་ནོ༔ འཁོར་ལོ་རྒྱས་བསྡུས་གང་རིགས་ཏེ༔ རྒྱས་པར་གཞན་དུ་ཤེས་པར་བྱ༔ བསྡུ་ན་དར་རས་གྲོ་ཤོག་ལ༔ ལྟེ་བར་རྩ་བའི་བསྙེན་སྒྲུབ་སྔགས༔ འདབ་བརྒྱད་མ་ཎི་བྷ་དྲ་སོགས༔ གནོད་སྦྱིན་ཡབ་ཡུམ་བརྒྱད་དང་ནི༔ དེ་ཕྱིར་ནོར་ལྷ་སྤྱི་ཡི་གཟུངས༔་་་ཏདྱ་ཐཱ༔ ཧི་ལི་མ་ཎི་སོགས། རྒྱལ་ཆེན་སྡེ་བཞིའི་རིག་པ་བཅས༔ དེ་རྒྱབ་གོང་གནོན་གཉེན་པོའི་སྔགས༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང༔ ཀུན་མཐར་འདོད་དོན་གསོལ་བྱང་སྤེལ༔ རྡོར་ར་འོད་ལྔའི་ཕྲེང་བས་བརྒྱན༔ རྫས་ཀྱིས་བྱུགས་ལ་རབ་ཏུ་གནས༔ ན་བཟས་དྲིལ་ཏེ་བྷནྡྷར་གཞུག༔ དེ་ནི་ཁྱད་པར་གསུང་རྟེན་ནོ༔ རིན་པོ་ཆེ་འམ་དཔལ་ཆེན་སར༔ རྫས་དང་བཅས་ཏེ་ཡབ་ཡུམ་གྱི༔ སྣང་བརྙན་བཞེངས་ལ་རྫས་སྔགས་བཅུག༔ རབ་ཏུ་གནས་ཤིང་ཐོད་པའི་ནང༔ སྲོག་གི་ཙཀྲའི་རྒྱབ་ཏུ་བཞུགས༔ ཐུན་མོང་སྐུ་ཡི་རྟེན་ཡིན་ནོ༔ ཡོན་ཏན་རིན་ཆེན་གཞོང་པའི་ནང༔ གཏོར་མ་ནོར་བུ་འབར་བའི་དབྱིབས༔ ཁ་ཟས་བཟང་རྒུས་བརྒྱན་པ་ནི༔ བྷནྡྷའི་གཡས་སུ་བཞག་པར་བྱ༔ ཕྲིན་ལས་དཔལ་དང་ལྡན་པ་ཡི༔ ཕྱྭ་ཆ་དཀོར་ཆ་གཡོན་དུ་དགོད༔ དེ་རྣམས་མདུན་དུ་མཆོད་གཏོར་བཤམ༔ རྒྱབ་ཏུ་མདའ་དར་རྒྱན་ལྡན་གཟུག༔ མཐའ་སྐོར་རྒྱལ་མཚན་བ་དན་དང༔ དར་དཔྱང་རཏྣའི་ཕྲེང་བས་བརྒྱན༔ སྟེང་དུ་གདུགས་དང་བླ་བྲེ་དབུབ༔ བགེགས་བསྐྲད་ཁྲུས་གསོལ་བྱིན་ཕབ་ལ༔ བག་དྲོ་བརྗིད་དང་ལྡན་པར་བྱ༔ རྟེན་རྣམས་རྒྱས་པར་མ་གྲུབ་ན༔ གཏོར་མ་སྔགས་ཀྱི་གཟུངས་ལྡན་དང༔ བྲིས་སྐུ་ཙམ་ལ་བརྟེན་ཀྱང་རུང༔ རྟེན་བཅའ་བའི་ལེའུ་སྟེ་གཉིས་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱི་ནང་མཚམས་བཅད་ལ༔ སྔགས་པ་དགེ་བའི་ཡིད་ལྡན་པས༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔ བར་ཆད་བསལ་ཞིང་བསྲུང་མཚམས་གཅད༔ མཆོད་གཏོར་ནམ་མཁའི་མཛོད་དུ་བརླབ༔ བདག་ཉིད་གསང་བའི་བདག་པོར་བསྒོམ༔ ཧཱུྃ༔ སྤྲོས་བྲལ་ངང་ལས་ཡེ་ཤེས་རྩལ༔ འབར་བ་ཧཱུྃ་གི་འོད་ཟེར་གྱིས༔ སྣོད་བཅུད་ཞེན་འཛིན་སྟོང་པར་སྦྱངས༔ འོད་གསལ་ངང་ལས་སྐད་ཅིག་གིས༔ སྲ་བརྟན་རྡོ་རྗེའི་སྲུང་འཁོར་དང༔ རང་བྱུང་ལྷུན་གྲུབ་ཕོ་བྲང་དབུས༔ པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཧཱུྃ་ལས་སྐུ་བཞེངས་གསང་བའི་བདག༔ མཐིང་ནག་ཆར་སྤྲིན་འཁྲུགས་པའི་མདོག༔ ཞལ་གཅིག་ཕྱག་བཞི་ཁྲོ་གཏུམ་ཉམས༔ རྩ་ཕྱག་སྡིགས་མཛུབ་སྦྲེལ་བ་ཡིས༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྲིལ༔ ལྷག་མ་ལྕགས་ཀྱུ་ཞགས་པ་གདེངས༔ ཕག་མོ་གྲི་ཐོད་འཛིན་པས་འཁྱུད༔ ཁྲོ་བོའི་ཆས་རྫོགས་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་ཀློང་དུ་འགྱིང༔ ཕྱོགས་བཞིར་དཔའ་བོ་སྡེ་བཞི་པོ༔ སོ་སོའི་རིགས་ཀྱི་མཁའ་འགྲོར་བཅས༔ དཀར་སེར་དམར་མཐིང་གཡས་རང་རྟགས༔ གཡོན་རྣམས་ཐོད་པ་ཁྲག་བཀང་རོལ༔ འབར་ཞིང་ཆགས་པའི་ཉམས་འགྱུར་རྫོགས༔ ཐོད་སྦྲུལ་རིན་ཆེན་རུས་པས་བརྒྱན༔ པད་ཉི་བདུད་བཞིའི་གདན་ལ་རོལ༔ གཞན་ཡང་སྟེང་འོག་བར་མཚམས་ཀུན༔ བདག་སྐྱོབ་ལྷ་དང་མཁའ་འགྲོའི་ཚོགས༔ ཆར་སྤྲིན་གཏིབས་པ་ཇི་བཞིན་གསལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ ཐུགས་དབུས་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་ནུས་སྟོབས་བདག་ལ་ཐིམ༔ གསང་བདག་དཔལ་དང་དབྱེར་མེད་བསམ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབུམ་ཕྲག་གཉིས་བཟླས་བསྙེན་པ་འོ༔ སླར་ཡང་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ནས་འབར་བའི་འོད་ཟེར་གྱིས༔ བགེགས་ཀྱི་ཚོགས་རྣམས་ཚར་བཅད་ཅིང༔ གནོད་སྦྱིན་ནོར་བདག་ལས་ལ་བསྐུལ༔ གང་འདོད་དངོས་གྲུབ་ཐོབ་པར་བསམ༔ བསྙེན་པའི་སྔགས་ཀྱི་ཧཱུྃ་ཕཊ་གོང༔ སརྦ་དུཥྚཱན་མཱ་ར་ཡ༔ ཞེས་སྤེལ་འབུམ་ཕྲག་གཅིག་ཏུ་བཟླ༔ གཞན་ཡང་ཡུམ་དང་འཁོར་གྱི་སྔགས༔ ཨོཾ་བཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པ་ཁྲི་ཕྲག་གཅིག་བཟླས་འགྲུབ༔ སྒྲུབ་དང་ལས་སྦྱོར་སྦྲེལ་བ་འོ༔ དེ་ལྟར་བདག་ཉིད་ནུས་ཐོབ་ནས༔ མདུན་བསྐྱེད་ནོར་ལྷ་བསྙེན་པ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་རྣམ་དག་ལས༔ སྣང་སྟོང་སྒྱུ་མའི་ཏིང་འཛིན་རྩལ༔ མདུན་དུ་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ འདོད་རྒུའི་འབྱོར་པས་ཡོངས་གང་དབུས༔ རབ་ཏུ་རྒྱས་པའི་པདྨ་ནི༔ སྣ་ཚོགས་མདོག་ཅན་འོད་དུ་འབར༔ དེ་ཡི་ཟེའུ་འབྲུར་ཉི་མ་དང་། ཡིད་བཞིན་གཏེར་གྱི་བུམ་པ་ཆེ༔ གནོད་སྦྱིན་ཕོ་མོ་ཟུང་བཅས་པའི༔ སྟེང་དུ་ཧཱུྃ་ཡིག་མཐིང་ནག་འབར༔ དེ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ཀུན་ཏུ་ཁྱབ་པའི་འོད་ཟེར་གྱིས༔ འཁོར་འདས་དཔལ་འབྱོར་དྭངས་བཅུད་བསྡུས༔ མཐིང་ནག་འོད་ཀྱི་གོང་བུར་འདྲིལ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་བདག་པོའི་ཚུལ༔ གནག་ཅིང་སྣུམ་པའི་མདངས་འོད་འཚེར༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་གཡོ༔ མཆེ་བ་བཞི་གཙིགས་ཁྲོ་གཉེར་བསྡུས༔ མིའུ་ཐུང་གཏུམ་ཞིང་ཁྲོས་པའི་ཉམས༔ ཕྱག་གཡས་རྡོ་རྗེའི་ཐོ་བ་གསོར༔ ལོག་འདྲེན་འབྱུང་པོའི་སྤྱི་ནས་འགེམས༔ གཡོན་པས་ནོར་བུའི་རྒྱལ་མཚན་བསྒྲེངས༔ མི་མཐུན་བདུད་ཀྱི་དཔུང་ལས་རྒྱལ༔ གཡས་འོག་རིན་ཆེན་ཐོད་པ་བསྣམས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ གཡོན་འོག་བརྗིད་ལྡན་ནེའུ་ལེ་བཟུང༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་འབེབ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་རཏྣའི་རྩེ་བྲན་དབུས༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རིགས་བདག་མི་བསྐྱོད་རྡོ་རྗེ་བཞུགས༔ སྐུ་ལ་སྟག་ལྤགས་ཤམ་ཐབས་འཕྱང༔ སྦྲུལ་རིགས་ལྔ་དང་རིན་ཆེན་བརྒྱན༔ རྟགས་ཀྱི་མཚན་མ་འགྲེང་ཞིང་འབར༔ ཞབས་གཉིས་གཡོན་བརྐྱང་དོར་སྟབས་ཀྱིས༔ ཡེ་ཤེས་མེ་འོད་ཀློང་ན་རོལ༔ གཡོན་ནས་ནོར་རྒྱུན་ལྷ་མོ་ལྗང༔ ལྕགས་ཀྱུ་གཏེར་བུམ་བསྣམས་པས་འཁྱུད༔ ཕྱོགས་མཚམས་འདབ་བརྒྱད་པདྨ་ལ༔ ནོར་བུ་བཟང་སོགས་གནོད་སྦྱིན་བརྒྱད༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ཨིནྡྲ་ནཱི་ལའི་མདངས་འོད་འཚེར༔ ཡབ་རྣམས་བནྡྷ་ནེ་འུ་ལེ༔ ཡུམ་རྣམས་ལྕགས་ཀྱུ་གཏེར་བུམ་བསྣམས༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཉི་མ་ནོར་སྐྱུག་ཕོ་མོའི་སྟེང༔ སྒེག་མཛེས་ཁྲོ་བོའི་ཉམས་ལྡན་འགྱིང༔ སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི༔ ཕྱི་ནང་བར་མཚམས་ཁོར་ཡུག་ཏུ༔ འཇིག་རྟེན་སྐྱོང་བའི་སྡེ་དཔོན་དང༔ ནོར་ལྷ་གཏེར་བདག་བྱེ་བའི་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསམ༔ དབྱངས་སྙན་རོལ་མོའི་སྒྲ་དང་བཅས༔ གདུང་བའི་ཤུགས་བསྐྱེད་ཐུགས་དམ་གསོལ༔ ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ མཆོད་ཅིང་བསྟོད་ཕྱིར་སྤྱན་འདྲེན་ན༔ སེམས་ཅན་དབུལ་ཞིང་ཕོངས་པ་ཡི༔ མགོན་སྐྱབས་མཛད་པར་ཞལ་བཞེས་ཤིང༔ དམ་བཅས་དུས་ནི་དེང་ལགས་པས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ལ༔ ཚེ་བསོད་དཔལ་དང་འབྱོར་པ་སྤེལ༔ སྲིད་གསུམ་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ དངོས་གྲུབ་འདོད་རྒུའི་བྱིན་ཆེན་ཕོབ༔ ཨོཾ་ཡཀྵ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བཀྲ་ཤིས་དགེ་བའི་གདན་ལ་བཞུགས༔ མི་བསྐྱོད་རྡོ་རྗེའི་བདག་ཉིད་ལ༔ གུས་ཤིང་དང་བས་ཕྱག་འཚལ་ལོ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཨཱ་ས་ན་ཏིཥྛ་ལྷན༔ ན་མོ་ན་མཱ་མི༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ མཆོད་ཡོན་བདུད་རྩི་ཞལ་དུ་འབུལ༔ ཆུ་གཙང་འདག་ཆལ་ཞབས་ལ་འབུལ༔ མཚར་སྡུག་མེ་ཏོག་དབུ་ལ་འབུལ༔ བསུང་ཞིམ་བདུག་སྤོས་ཤངས་ལ་འབུལ༔ གཟི་ལྡན་སྒྲོན་མེ་སྤྱན་ལ་འབུལ༔ དྲི་བཟང་ཆར་རྒྱུན་སྐུ་ལ་འབུལ༔ བཅུད་ལྡན་ཞལ་ཟས་ལྗགས་ལ་འབུལ༔ རོལ་མོའི་སྒྲ་དབྱངས་སྙན་ལ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཡིད་འོང་གཟུགས་ཀྱི་མཆོད་པ་འབུལ༔ སྙན་འགྱུར་སྒྲ་ཡི་མཆོད་པ་འབུལ༔ སིམ་བྱེད་དྲི་ཡི་མཆོད་པ་འབུལ༔ ཞིམ་མངར་རོ་ཡི་མཆོད་པ་འབུལ༔ འཇམ་འཁྲིལ་རེག་བྱའི་མཆོད་པ་འབུལ༔ བདེ་ཆེན་ཆོས་ཀྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་མ་ཧཱ་སུ་ཁ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ དགེ་ལེགས་རྟགས་ཀྱི་མཆོད་པ་འབུལ༔ བཀྲ་ཤིས་རྫས་ཀྱི་མཆོད་པ་འབུལ༔ རྒྱལ་སྲིད་གཏེར་གྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་པཱུ་ཛ་ཧོ༔ མངྒ་ལཾ་ཀུ་རུ་པཱུ་ཛ་ཧོ༔ ཤྲཱི་མ་ཧཱ་རཏྣ་པཱུ་ཛ་ཧོ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྣོད་བཅུད་འབྱོར་པའི་མཎྜལ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་སརྦ་མཎྜ་ལ་པཱུ་ཛ་ཧོ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ འདོད་ཡོན་གཏོར་མའི་མཆོད་པ་འབུལ༔ དཀར་མངར་ཕུད་ཀྱི་མཆོད་པ་འབུལ༔ ཟས་མཆོག་བཅུད་ཀྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སུ་ར་སཱ་ཁཱ་ཧི༔ མ་ཧཱ་ར་ས་ཡཱ་ན་ཁཱ་ཧི༔ ཧཱུྃ༔ མི་བསྐྱོད་ཡེ་ཤེས་རྡོ་རྗེ་སེམས༔ འགྲོ་བའི་དོན་དུ་སེམས་དཔའི་ཚུལ༔ གནོད་སྦྱིན་གཏེར་གྱི་ཁྱབ་བདག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྐུ་མདོག་གནག་ཅིང་སྣུམ་འོད་འཚེར༔ ཞལ་གཅིག་ཕྱག་བཞི་ཁྲོ་ཞིང་སྒེག༔ མིའུ་ཐུང་གཏུམ་པའི་ཚུལ་འཆང་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ནོར་བུའི་རྩེ་བྲན་དང༔ རིགས་བདག་ཅོད་པན་འཆང་བ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྤྱན་གསུམ་དམར་ཟླུམ་འཁྱིལ་ཞིང་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ བདུད་བཞི་འདུལ་མཛད་དཔའ་བོ་ཆེར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཕྱག་བཞིའི་ཐོ་བས་ལོག་འདྲེན་འདུལ༔ ནོར་བུའི་རྒྱལ་མཚན་ཕྱོགས་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཐོད་པས་འདོད་པའི་དངོས་གྲུབ་སྟེར༔ ནོར་སྐྱུག་གཏེར་གྱི་ཆར་ཆེན་འབེབ༔ སྒྲུབ་པོའི་རེ་སྐོང་ཛམྦྷ་ལར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྦྲུལ་དང་རིན་ཆེན་རུས་པ་སོགས༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ ཆེ་བའི་ཡོན་ཏན་ཡོངས་རྫོགས་ལྷར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདེ་ཆེན་མཚན་མ་རབ་ཏུ་བསྒྲེངས༔ གཏེར་བུམ་ནོར་སྦྱིན་གདན་དུ་བཏིང༔ ཡཀྵ་བྱེ་བའི་སྡེ་དཔོན་ཆེར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན༔ བརླ་གཡོན་འཁྱུད་ཅིང་འཁྲིལ་བའི་ཚུལ༔ དངོས་གྲུབ་གཏེར་གྱི་དབང་ཕྱུག་མར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཕྱོགས་མཚམས་སྐྱོང་བའི་གཏེར་བདག་ཆེ༔ གནོད་སྦྱིན་དབང་པོ་ཡབ་དང་ཡུམ༔ རང་རང་རིགས་ཀྱི་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྒོ་བཞི་སྲུང་བའི་ནོར་ལྷ་ཆེ༔ འཇིག་རྟེན་དཔལ་མགོན་རྒྱལ་ཆེན་བཞི༔ བཙུན་མོ་སྲས་དང་གཡོག་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ གཞན་ཡང་གཏེར་གྱི་ཕོ་བྲང་ཆེར༔ དམ་ཚིག་ཐུགས་རྗེས་བཞུགས་པ་ཡི༔ ནོར་ལྷ་བྱེ་བའི་ཚོགས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨོཾ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱི༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་འགྱོད་པས་མཐོལ་ཞིང་བཤགས༔ ཡེ་ཤེས་ཆེན་པོས་བཟོད་པར་བཞེས༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལུས༔ གནོད་སྦྱིན་གཏེར་གྱི་ལོངས་སྤྱོད་སོགས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཛམྦྷ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ཕྲིན་ལས་གཞུང་བསྲངས་ནས༔ ལྷ་སྐུའི་གསལ་སྣང་རྩེ་གཅིག་བརྟན༔ ཁྱད་པར་བསྙེན་པས་བསྐུལ་བ་ནི༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་ལ་ཐིམ༔ ནུས་པ་བསྐྱེད་ཅིང་གཟི་བྱིན་འབར༔ ཐུགས་དམ་རྒྱུད་བསྐུལ་འོད་ཟེར་ཚོགས༔ མཁའ་ལ་སྤྲིན་ལྟར་ཁྱབ་པ་ལས༔ འདོད་རྒུའི་ཆར་ཆེན་འབེབ་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཡི་གེའི་གྲངས་སྙེད་འབུམ་བཟླས་པས༔ གནོད་སྦྱིན་དབང་པོ་ཉེ་བར་འགྱུར༔ དེ་ནས་སྒྲུབ་པའི་བཟླས་པ་ནི༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་འཁོར་བཅས་ཐུགས་རྒྱུད་བསྐུལ༔ གཏུམ་ཞིང་སྒེག་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གཡོས༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ རང་དབང་མེད་པར་འུབས་ཀྱིས་བསྡུས༔ བདག་གི་བང་མཛོད་གནས་ཁང་དང༔ ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས༔ དྭངས་མ་རྟེན་རྫས་རྣམས་ལ་ཐིམ༔ ཡིད་བཞིན་འདོད་འཇོའི་དཔལ་དུ་བསམ༔ ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཧྲཱིཾཿཛཿསྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་འགྲུབ་པར་འགྱུར༔ དངོས་གཞི་བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གསུམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་མཚམས་རྣམས་སུ་མཆོད་བསྟོད་དང༔ གཏོར་མ་འབུལ་ཞིང་ཆུ་སྦྱིན་བྱ༔ ཅི་འབྱོར་ཚོགས་ཀྱི་ལོངས་སྤྱོད་དབུལ༔ ཁྱད་པར་ཐུགས་དམ་སྐུལ་བ་ནི༔ སྤོས་བསྲེག་སྙན་པའི་རོལ་མོ་འཁྲོལ༔ མདའ་དར་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧཱུྃ༔ བཀྲ་ཤིས་ཡིད་འོང་གྲུབ་པའི་ཞིང༔ ལོངས་སྤྱོད་གཏེར་གྱི་ཕོ་བྲང་ནས༔ རིགས་ཀྱི་ཁྱབ་བདག་ཛམྦྷ་ལ༔ བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན༔ ནོར་ལྷ་རབ་འབྱམས་ཚོགས་དང་བཅས༔ རྩེ་གཅིག་གུས་པས་སྒྲུབ་ལགས་ན༔ བྱམས་པའི་ཞལ་བཟང་དུས་འདིར་སྟོན༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་བཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང༔ གཏོར་མ་སྐྱེམས་ཕུད་རོ་བཅུད་ལྡན༔ ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས༔ གཡར་དམ་བསྐང་ཞིང་ཉམས་ཆག་བཤགས༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ སྟོང་གསུམ་འཁོར་འདས་རབ་འབྱམས་ཀྱི༔ སྣོད་ཀྱི་འབྱུང་བའི་ཕྱྭ་གཡང་ཁུག༔ བཅུད་ཀྱི་འབྱོར་པའི་ཕྱྭ༴ མཛེས་སྡུག་གཟུགས་ཀྱི་ཕྱྭ༴ སྙན་བརྗིད་སྒྲ་ཡི་ཕྱྭ༴ བསུང་ཞིམ་དྲི་ཡི་ཕྱྭ༴ བཅུད་ལྡན་རོ་ཡི་ཕྱྭ༴ འཇམ་འཁྲིལ་རེག་བྱའི་ཕྱྭ༴ ཡིད་མཐུན་ཆོས་ཀྱི་ཕྱྭ༴ ལྷ་ཡི་བདུད་རྩིའི་ཕྱྭ༴ ཀླུ་ཡི་ནོར་བུའི་ཕྱྭ༴ གནོད་སྦྱིན་གཏེར་གྱི་ཕྱྭ༴ གླིང་བཞི་མི་ཡི་ཕྱྭ༴ ཕོ་བྲང་མཁར་གྱི་ཕྱྭ༴ རིགས་རྒྱུད་སྲས་ཀྱི་ཕྱྭ༴ མངའ་རིས་བདེ་སྐྱིད་ཕྱྭ༴ དཔའ་རྩལ་སྟོབས་ཀྱི་ཕྱྭ༴ སྲ་བརྟན་གོ་ཆའི་ཕྱྭ༴ རྐང་བཞི་ཕྱུགས་ཀྱི་ཕྱྭ༴ ལོ་ཏོག་འབྲུ་བཅུད་ཕྱྭ༴ བཟང་ཤིང་སྨན་གྱི་ཕྱྭ༴ ཞིམ་མངར་ཟས་ཀྱི་ཕྱྭ༴ བཀྲག་ཅན་གོས་ཀྱི་ཕྱྭ༴ ཡིད་འཕྲོག་རྒྱན་གྱི་ཕྱྭ༴ བརྗིད་ཅན་ནོར་གྱི་ཕྱྭ༴ མཁས་པའི་མཁྱེན་རྩལ་ཕྱྭ༴ གྲུབ་པའི་ནུས་མཐུའི་ཕྱྭ༴ འཕགས་པའི་སྤངས་རྟོགས་ཕྱྭ༴ དམ་པའི་ཆོས་ཀྱི་ཕྱྭ༴ བཤད་སྒྲུབ་བསྟན་པའི་ཕྱྭ༴ འཆི་མེད་ཚེ་ཡི་ཕྱྭ༴ བསོད་ནམས་དབང་ཐང་ཕྱྭ༴ སྙན་ཅིང་གྲགས་པའི་ཕྱྭ༴ དཔལ་དང་འབྱོར་པའི་ཕྱྭ༴ ནད་མེད་བདེ་བའི་ཕྱྭ༴ རྒས་མེད་ལང་ཚོའི་ཕྱྭ༴ ཅི་བསམ་འགྲུབ་པའི་ཕྱྭ་གཡང་ཁུག༔ ཕྱྭ་ཁུག་གཡང་སྐྱོབས་དངོས་གྲུབ་སྩོལ༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཤྲཱི་བཱ་སུ་དྷཱ་རི་ཎཱི་སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཤར་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ནོར་བུ་བཟང༔ བཙུན་མོ་དཔལ་ལྡན་ཟླ་བའི་འོད༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ བྱམས་པའི་ཞལ་བཟང་སོགས་ནས༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་མ་ཎི་བྷ་དྲ་ཡ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ལྷོ་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་གང་བ་བཟང༔ བཙུན་མོ་དཔལ་ལྡན་ནོར་སྦྱིན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས་འགྲེ། ཨོཾ་པཱུརྞ་བྷ་དྲ་ཡ་དཱ་ཏཱ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ནུབ་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ནོར་སྦྱིན་དང༔ བཙུན་མོ་དཔལ་ལྡན་རབ་སྦྱིན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་དྷ་ནཾ་དཱ་ཡ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ བྱང་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་རྣམ་ཐོས་སྲས༔ བཙུན་མོ་དཔལ་ལྡན་འཕགས་མ་དང༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨཱརྻ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཤར་ལྷོའི་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་རོལ་པའི་ཕྲེང༔ བཙུན་མོ་དཔལ་ལྡན་རབ་བཟང་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་ཀི་ལི་མཱ་ལི་ནཱ་སུ་བྷ་དྲ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ལྷོ་ནུབ་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཀུཎྜ་ལཱི༔ བཙུན་མོ་དཔལ་ལྡན་རབ་སྦས་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་པི་ཙི་ཀུཎྜ་ལཱི་ནཱ་གུཔྟ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ནུབ་བྱང་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་སྒོ་ཡི་དབང༔ བཙུན་མོ་དཔལ་ལྡན་མཛེས་མ་དང༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་མུ་ཁེནྡྲ་ཡ་དེ་བྱཱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ བྱང་ཤར་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་གཡོ་བའི་དབང༔ བཙུན་མོ་དཔལ་ལྡན་དབྱངས་ཅན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་སོགས། ཨོཾ་ཙརྱེནྡྲ་ཡ་སྭ་ར་སྭ་ཏྱཱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ སྒྲུབ་ལ་བར་ཆད་ཟློག་པ་དང༔ དངོས་གྲུབ་སྩོལ་བར་ཞལ་བཞེས་པའི༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞི༔ རང་རང་རིགས་ཀྱི་དཔུང་བཅས་རྣམས༔ རྩེ་གཅིག་སོགས། ཨོཾ་དྷྲྀཥྚ་རཱཥྚ་ཡ་བི་རཱུ་ཌྷ་ཀ་ཡ་བི་རཱུ་པཱཀྵ་ཡ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ གཞན་ཡང་སྟེང་འོག་བར་མཚམས་ནས༔ དངོས་གྲུབ་རིན་ཆེན་ཆར་འབེབ་པའི༔ ནོར་ལྷ་གཏེར་བདག་རབ་འབྱམས་ཚོགས༔ རྩེ་གཅིག་སོགས། ཏདྱ་ཐཱ༔ ཨོཾ་ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི༔ ཏིཥྛ་ཏིཥྛ༔ སརྦ་ཨརྠ་མེ་སཱ་དྷ་ནི༔ ཏདྱ་ཐཱ༔ སུ་དྷ་ནི༔ སུ་ར་སྱ༔ སུ་མ་ཏི༔ སུ་པུ་ཥི༔ ཧི་ལི་མི་ལི་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བསྐུལ་མཆོད་པའི་དཔུང་བསྐྱེད་ལ༔ སྒྲུབ་པའི་སྐབས་ལྟར་དམིགས་པ་གསར༔ ཕྱྭ་གཡང་ལོངས་སྤྱོད་དངོས་གྲུབ་མཆོག༔ མྱུར་དུ་འགྲུབ་པར་གདོན་མི་ཟ༔ མཐར་ནི་མཆོད་བསྟོད་ནོངས་པ་བཤགས༔ མདུན་བསྐྱེད་རྟེན་དང་དབྱེར་མེད་བསམ༔ བདག་ཉིད་འོད་ཞུ་ཐུགས་སྲོག་ཧཱུྃ༔ མཐིང་ནག་འབར་ལ་སེམས་བཟུང་ཞིང༔ དེ་ཡང་མི་དམིགས་སྟོང་པའི་ངང༔ ལྷ་དང་སྣང་བ་ཆོས་ཉིད་གསུམ༔ དབྱེར་མེད་དགོངས་པའི་གདིང་བསྐྱེད་ནས༔ དམིགས་བསམ་སྤྲོ་བསྡུ་བྲལ་བར་བཞག༔ རྗེས་ཐོབ་ལྷ་སྐུར་ལམ་ཁྱེར་ཞིང༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ བདག་གིས་བསྙེན་སྒྲུབ་བགྱིས་ལ་སོགས༔ དགེ་བའི་རྩ་བ་ལ་བརྟེན་ནས༔ འགྲོ་ཀུན་འདོད་རྒུའི་དཔལ་འབྱོར་རྒྱས༔ བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ དེ་ལྟར་ཐུན་བཞིར་བརྩོན་པ་ཡིས༔ དབང་པོ་སྐལ་པའི་ཁྱད་པར་བཞིན༔ དངོས་ཉམས་རྨི་ལམ་ཅི་རིགས་པར༔ ནོར་ལྷ་དགྱེས་པའི་ཞལ་མཐོང་ཞིང༔ སྔགས་ཀྱི་སྒྲ་ཐོས་དབུགས་དབྱུང་ཐོབ༔ ཏིང་འཛིན་གསལ་བརྟན་ཡེ་ཤེས་འཆར༔ ཕྱག་མཚན་རྙེད་དང་གཏེར་ཆེན་བརྡོལ༔ གནས་ཁང་བྱིན་ཆགས་སྣུམ་འོད་འབར༔ སྤོས་དང་མར་མེ་ཡུན་རིང་འཚོ༔ ཡུལ་ཕྱོགས་ཆུ་ཀླུང་རྩི་ཤིང་དང༔ མེ་ཏོག་འབྲས་བུ་ལོ་ཏོག་རྒྱས༔ རྟ་ཕྱུགས་སྒབ་དང་བཞོན་ཆུ་འཕེལ༔ ཁ་ཟས་བཅུད་ལྡན་སྲིས་སྨེ་ཞིང༔ ལང་ཚོ་གོས་རྒྱན་བཀྲག་མདངས་རྒྱས༔ ཉམས་དགའ་བག་ཕེབ་ཡིད་སྤྲོ་ཞིང༔ མི་དང་མི་མིན་འདུ་བ་དང༔ འབྱོར་པ་ངང་གིས་རྒྱས་པ་རྣམས༔ ནོར་ལྷ་འགྲུབ་པའི་རྟགས་སུ་ཤེས༔ གནོད་སྦྱིན་སྒྲུབ་པ་གཞན་གྱི་ཚེ༔ སྒབ་འདྲེའི་བར་ཆད་འབྱུང་སྲིད་ཀྱང༔ འདི་ནི་རྡོ་རྗེ་མི་བསྐྱོད་པ༔ ཁྲོས་པའི་ནོར་ལྷའི་རིགས་ཡིན་ཕྱིར༔ བགེགས་རྣམས་ངང་གིས་ཟིལ་གྱིས་གནོན༔ བཀའ་བཙན་བྱིན་ཆེ་བརྟན་པར་གསུངས༔ དེ་ཕྱིར་ནོར་སྒྲུབ་མཐར་ཐུག་གོ༔ གྲུབ་པའི་རྟགས་ནི་མཐོང་བ་དང༔ ཕྲིན་ལས་དངོས་གྲུབ་བླང་བའི་ཕྱིར༔ གཟའ་ཚེས་ཤིས་པའི་ཉི་ཤར་ལ༔ རང་ཉིད་ཞྭ་གོས་རྒྱན་ཆས་སྤྲས༔ མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་ལ༔ གཏོར་མ་ཚོགས་མཆོད་རྒྱ་ཆེར་འབུལ༔ ནོངས་ཚོགས་བཟོད་གསོལ་སྔོན་འགྲོ་བས༔ གདུང་ཤུགས་ཐུགས་དམ་རྩེ་གཅིག་བསྐུལ༔ དེ་ནས་དངོས་གྲུབ་གསོལ་བ་ནི༔ ཧཱུྃ༔ དཔལ་ལྡན་རྡོ་རྗེ་ཛམྦྷ་ལ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པར་བཅས༔ དང་པོར་གདུང་བས་རྩེ་གཅིག་བསྙེན༔ བར་དུ་དངོས་གྲུབ་ཏིང་འཛིན་བསྒྲུབས༔ ད་ལྟ་གསོལ་བའི་དུས་ལགས་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་ལྟར༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ ཡེ་ཤེས་ཆེན་པོའི་མཐུ་རྩལ་སྐྱེད༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་དངོས་གྲུབ་སྤྱིར་བླངས་ནས༔ བྱེ་བྲག་སོ་སོར་བླང་བ་ནི༔ ཨོཾ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འགྱུར་མེད་སྐུ་ཡི་སྒོ་ཕྱེས་ལ༔ གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་རྡོ་རྗེར་བདག་སྒྲུབས་ཤིག༔ ཀཱ་ཡ་སིདྡྷི་ཨོཾ༔ ཞེས་བརྗོད་སྐུ་རྟེན་སྤྱི་བོར་བླང༔ སྐུ་ཡི་དངོས་གྲུབ་ཀུན་ཐོབ་བསམ༔ གསུང་རྟེན་ཙཀྲ་མགྲིན་པར་བླང༔ ཨཱ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འགག་མེད་གསུང་གི་སྒོ་ཕྱེས་ལ༔ ནུས་རྩལ་སྔགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་རྡོ་རྗེར་བདག་སྒྲུབས་ཤིག༔ ཝཱ་ཀ་སིདྡྷི་ཨཱ༔ ཐུགས་རྟེན་ཐོད་པ་སྙིང་གར་བླང༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འཁྲུལ་མེད་ཐུགས་ཀྱི་སྒོ་ཕྱེས་ལ༔ མཁྱེན་བརྩེ་ཡེ་ཤེས་དངོས་གྲུབ་སྩོལ༔ ཐུགས་ཀྱི་རྡོ་རྗེར་བདག་སྒྲུབས་ཤིག༔ ཙིཏྟ་སིདྡྷི་ཧཱུྃ༔ ཡོན་ཏན་གཏོར་མ་ལྟེ་བར་བླང༔ སྭཱ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འདོད་འབྱུང་ཡོན་ཏན་སྒོ་ཕྱེས་ལ༔ ལོངས་སྤྱོད་རྒྱན་གྱི་དངོས་གྲུབ་སྩོལ༔ ཡོན་ཏན་རྡོ་རྗེར་བདག་སྒྲུབས་ཤིག༔ གུ་ཎ་སིདྡྷི་སྭཱ༔ ཕྲིན་ལས་རྫས་རྣམས་མདུན་དུ་དགྲམ༔ ཧཱ༔ བཅོམ་ལྡན་མགོན་པོ་ཛམ་བྷ་ལས༔ ཐོགས་མེད་ཕྲིན་ལས་སྒོ་ཕྱེས་ལ༔ གང་འདུལ་ཡིད་བཞིན་དངོས་གྲུབ་སྩོལ༔ ཕྲིན་ལས་རྡོ་རྗེར་བདག་སྒྲུབས་ཤིག༔ ཀརྨ་སིདྡྷི་ཧཱ༔ བཟའ་བཅའ་བཏུང་བའི་ཕུད་ཀྱང་མྱང༔ དེ་ནས་རྟེན་རྣམས་དལ་དབུས་དགོད༔ སླར་ཡང་མཆོད་བསྟོད་བརྟན་བཞུགས་དང༔ ཤིས་པ་བརྗོད་པ་རྒྱ་ཆེར་བྱ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ནི༔ རང་གི་ལུས་ལ་འཆང་བ་འམ༔ མ་གྲུབ་མཛོད་ཀྱི་ནང་ཕུགས་སུ༔ རྟེན་གཏོར་རྫས་དང་བཅས་པ་རྣམས༔ མི་ཉམས་ཚས་དང་བཅས་ཏེ་སྦ༔ སྐབས་སུ་ལོངས་སྤྱོད་ཕུད་ཀྱིས་མཆོད༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས༔ ནོར་ལྷ་བསྒྲུབ་པ་མཐར་ཕྱིན་ན༔ ཚེ་རིང་ནད་མེད་བར་ཆད་ཞི༔ འབྱོར་པ་ཡིད་བཞིན་གཏེར་ཆེན་བརྡོལ༔ ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་སྐྱེད༔ དབུལ་བའི་གདུང་བ་ཀུན་དང་བྲལ༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ༔ དམ་ཚིག་མ་ཉམས་བསྲུང་བ་ཡིས༔ ཚེ་རབས་གང་ནས་གར་སྐྱེས་ཀྱང༔ གཏེར་བདག་རྣམས་དང་མི་འབྲལ་འགྲོགས༔ ནམ་མཁའི་མཛོད་ལ་དབང་བསྒྱུར་བས༔ བསོད་ནམས་སྦྱིན་པའི་ཕར་ཕྱིན་རྫོགས༔ མྱུར་དུ་བྱང་ཆུབ་སྐལ་ལྡན་འགྱུར༔ རྗེས་སྐུལ་ཞིང་དངོས་གྲུབ་བླང་བའི་ལེའུ་སྟེ་བཞི་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དངོས་གྲུབ་གྲུབ་པ་ཡིས༔ ལས་ཀྱི་རིམ་པ་བསྒྲུབ་འདོད་ན༔ སྤྱི་དང་བྱེ་བྲག་གང་ཡང་རུང༔ ཕྲིན་ལས་ཁ་བསྒྱུར་ཙམ་གྱིས་འགྲུབ༔ སྤྱིར་ནི་འབྱོར་པ་སྤེལ་བའི་ཕྱིར༔ འབྱུང་བཞི་ཡོངས་རྫོགས་ལས་སྦྱོར་བྱ༔ དཔལ་ཅན་ཤིས་པའི་ས་ཞག་ནི༔ སྣུམ་འོད་ལྡན་པ་བླངས་ནས་ཀྱང༔ རིན་ཆེན་འབྲུ་སྨན་སོགས་བསྲེས་པའི༔ འཇིམ་པ་བྱིན་བརླབ་སཱཙྪ་གདབ༔ ནང་དུ་སྲོག་གི་འཁོར་ལོ་འམ༔ སྔགས་དང་འདོད་གསོལ་ཤོག་དྲིལ་བཅུག༔ དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་བསྟིམ་བསྒྲུབ༔ གཙུག་ལག་སྒོ་གོང་མཛོད་ཀྱི་ཕུགས༔ རྒྱབ་རི་དཔལ་དང་ལྡན་པའི་སར༔ རྫ་ཡི་གྭ་འུར་ཚས་དང་བཅས༔ བཞུགས་ལ་རབ་གནས་འདོད་གསོལ་བྱ༔ ས་གཞི་དགེ་ཞིང་ཤིས་པ་དང༔ བྱིན་ཆེན་བཀྲག་མདངས་སྣུམ་ཞག་འཁྱིལ༔ ལོ་ཏོག་བཟའ་ཤིང་རྩ་ཕྱུགས་འཕེལ༔ ཆོས་དང་སྲིད་ཀྱི་འདུ་བ་རྒྱས༔ ཡུན་དུ་བརྟན་ཅིང་དགེ་བར་འགྱུར༔ ࿊ རྒྱ་མཚོར་འབབས་པའི་ཆུ་བོའི་འགྲམ༔ རྫིང་བུ་བཅོས་ལ་མཎྜལ་བཤམ༔ སྐུ་གསུང་ཐུགས་རྟེན་ཅི་རིགས་མདུན༔ ཆུ་ཡི་མཆོད་སྦྱིན་རྒྱ་ཆེར་ཕུལ༔ མཐར་ནི་རྫིང་ཉིད་ཆུ་བོར་དྲང༔ ཡང་ན་ཆུ་མིག་འཕན་བཟང་འགྲམ༔ དེ་ལྟར་མཆོད་བསྟོད་གསོལ་བ་ཡིས༔ ཆར་ཆུ་དུས་འབེབ་བཙའ་ཐན་ཞི༔ འབྲུ་ནོར་ལོངས་སྤྱོད་ཕུན་ཚོགས་དཔལ༔ འཛད་མེད་ཆུ་བོའི་རྒྱུན་བཞིན་འགྱུར༔ ࿊ རྒྱས་པའི་ཐབ་ཁུང་མཚན་རྫོགས་པར༔ འབྲས་ལྡན་དྲི་བཟང་བུད་ཤིང་བརྩིག༔ མེ་སྦར་ཛཾ་ལ་འཁོར་བཅས་བསྐྱེད༔ ཟས་གོས་འབྲུ་ནོར་ལ་སོགས་པ༔ གང་འདོད་གཙོར་གྱུར་བསྲེག་རྫས་སྦྱིན༔ འབྱོར་པ་མེ་ལྟར་འབར་བ་ཐོབ༔ ࿊ གཙོ་འཁོར་ཡོངས་རྫོགས་སྔགས་ཀྱི་མཐར༔ གསོལ་བྱང་སྦྱར་བའི་ཙཀྲ་ནི༔ ལྷར་བསྐྱེད་རབ་ཏུ་གནས་པས་བསྒྲུབས༔ མཐུན་ཕྱོགས་མཐུན་པའི་རླུང་ལ་བསྐོར༔ འབྱུང་བ་རླུང་ལ་ལས་བཅོལ་བས༔ བསོད་ནམས་སྙན་གྲགས་སྟོང་གསུམ་ཁྱབ༔ ࿊ ཁྱད་པར་ཡོངས་རྫོགས་གཏེར་ཆེན་པོའི༔ བུམ་པ་བཟང་པོའི་སྒྲུབ་ཐབས་ནི༔ ཟངས་སམ་རྫ་ཡི་བུམ་པའི་ནང༔ དྲི་དང་དཔལ་གཡང་རྫས་ཀྱིས་བྱུགས༔ ས་ཆུ་ཤིང་དང་མེ་ཏོག་འབྲུ༔ གང་རྙེད་གཙང་མར་གཞི་བྱས་ལ༔ ལྔ་ཚན་ལྔ་ཡི་རྫས་དང་ནི༔ འབྱུང་བཞིའི་དྭངས་བཅུད་གསེར་ཐིག་པོ༔ མེ་ཆུའི་ཤེལ་དང་ག་པུར་དྲི༔ ཟས་གོས་རྟ་ཕྱུགས་སྤུ་སྣའི་རིགས༔ རིན་ཆེན་ཁ་དོག་སྣ་ལྔ་དང༔ བིལ་བ་ལ་སོགས་ཤིང་ཏོག་བཅས༔ དཔལ་འབྱོར་རྫས་ཀྱིས་ཕྱུར་བུར་གཏམས༔ སྙིང་པོ་སྐུ་དང་སྔགས་བྱང་དང༔ སྲོག་འཁོར་རྒྱས་བསྡུས་གང་རིགས་གཞུག༔ མ་དྷལ་དབུས་བཤམ་ཚུལ་བཞིན་བསྒྲུབ༔ ལྷ་ཁང་རྒྱལ་པོའི་ཁབ་ཀྱི་རྩེ༔ མཛོད་ཀྱི་ཕུགས་དང་ཞིང་ས་བཟང༔ འཕེན་ཕྱུག་ཆུ་དང་དཔལ་ཅན་རིར༔ སྦས་ཤིང་བརྟན་བཞུགས་བཀྲ་ཤིས་བརྗོད༔ ཕྱོགས་དེའི་སྣོད་བཅུད་ཉམས་པ་གསོ༔ དཔལ་འབྱོར་ཟད་མེད་རྒྱ་མཚོ་འཁྱིལ༔ བརྟན་ཅིང་བཀྲ་ཤིས་བདེ་ལེགས་འགྱུར༔ ༈ བྱེ་བྲག་ཡི་གེ་བཅུ་པོ་ལ༔ བརྟེན་ནས་སྣ་ཚོགས་ལས་སྦྱོར་ནི༔ ༼༡༽ཨོཾ་གྱིས་ཚངས་པའི་ཚེ་བསྒྲུབ་ཕྱིར༔ སྙིང་པོ་ལྔ་ཡི་འབྲང་རྒྱས་དང༔ བཟའ་བཏུང་ཚེ་ཡི་དམ་རྫས་བཤམ༔ བདག་མདུན་སྒྲུབ་པ་ཚུལ་བཞིན་བྱ༔ མདུན་བསྐྱེད་ཐུགས་ཀར་ཨོཾ་ཡིག་མཐར༔ ཚེ་ཡི་རིག་པས་བསྐོར་བ་ལས༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས༔ རང་དང་བསྒྲུབ་བྱའི་ཚོགས་རྣམས་ཀྱི༔ བླ་ཚེ་སྲོག་དབུགས་ཡར་པ་དང༔ བརྟན་གཡོའི་ཚེ་བསོད་དྭངས་བཅུད་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བཀུག༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་རིག་འཛིན་འགྲུབ་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འབུམ་ཕྲག་གཅིག་གིས་ཚེ་བསོད་འཕེལ༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ མཐར་ནི་འབྲང་རྒྱས་རྟེན་དུ་གཟུང༔ ཚེ་ཡི་བཟའ་བཏུང་ལོངས་སྤྱོད་དོ༔ ༼༢༽ཛཾ་གྱིས་གནོད་སྦྱིན་དབང་པོ་དང༔ མཚུངས་པའི་བསོད་ནམས་བསྐྱེད་པ་ནི༔ རིན་ཆེན་ས་ལས་གླང་པོ་ཆེ༔ རབ་བརྗིད་སྐྱེ་མཆེད་དོད་པར་བཅོས༔ ལྟེ་བར་འབྲུ་སྨན་རིན་ཆེན་དང༔ སྲོག་གི་འཁོར་ལོ་གཞུག་བྱས་ལ༔ ལྷ་བསྐྱེད་ཚུལ་བཞིན་བསྒྲུབས་པའི་སྔགས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཛཾ་བྷེ་མོ་ཧེ་མ་ཧཱ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་བཟླས་མཛོད་ཀྱི་ཕུགས་སུ་སྦ༔ དུས་བཟང་རྣམས་སུ་མཆོད་པར་བྱ༔ བསོད་ནམས་གཟི་བྱིན་འབར་བར་འགྱུར༔ ༼༣༽བྷ་ཡིས་འཇིགས་པ་ཀུན་བསྲུང་བ༔ རྡོ་རྗེ་མཁར་གྱི་རིག་པ་ནི༔ མདུན་བསྐྱེད་ཐུགས་ཀའི་ཧཱུྃ་ཡིག་ལས༔ འབར་བའི་གནོད་སྦྱིན་གཏུམ་པོ་མཐིང༔ ཐོ་བ་ལྕགས་ཀྱུ་ཐོགས་པའི་ཚོགས༔ གྲངས་མེད་ཕྱོགས་མཚམས་ཀུན་ཏུ་འཕྲོས༔ བདག་དང་བསྲུང་བྱའི་ཚོགས་རྣམས་ལ༔ གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ མེ་ཆུ་དུག་མཚོན་བྱད་ཕུར་གདོན༔ ཆོམ་རྐུན་གཅན་གཟན་གཏུམ་པོ་སོགས༔ མ་རུངས་ཐམས་ཅད་རྒྱང་རིང་བསྐྲད༔ གལ་ཏེ་མི་འགྲོ་འཚེ་བྱེད་རྣམས༔ ལྕགས་ཀྱུས་བཟུང་ཞིང་ཐོ་བས་བརྡུངས༔ རྗེས་ཤུལ་ལྷག་མ་མེད་པར་བཅོམ༔ ཚུར་འདུས་རྡོ་རྗེ་སྲུང་བའི་གུར༔ ཡངས་ཤིང་རྒྱ་ཆེ་སྲ་བརྟན་འབར༔ མེ་འོད་མཚོན་ཆ་འཕྲོ་བ་ཡིས༔ འཇིགས་པ་ཐམས་ཅད་མཚམས་བཅད་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀརྨ་ཡཀྵ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་བྷ་ཡ་རཀྵ་རཀྵ་མཱཾ་སྭཱ་ཧཱ༔ ཁྲི་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ སྐུད་པ་ནག་པོ་སུམ་བསྒྲིལ་ལ༔ རྡོ་རྗེའི་མདུད་པས་བཏབ་ལ་བསྔགས༔ གང་གི་མགུལ་ལམ་དཔུང་པར་འཆང༔ འཇིགས་པའི་ཚོགས་རྣམས་ཅི་བྱུང་ཡང༔ རྡོ་རྗེའི་མཁར་དུ་ཚུད་དང་འདྲ༔ ༼༤༽ལ་ཡིས་དཔལ་འབྱོར་བླང་བ་ནི༔ ལྕགས་ཀྱུའི་མེ་ཏོག་ཁབ་ལེན་རྡོ༔ འདོད་པའི་ཆུ་དང་ལན་ཚྭའི་རོ༔ ག་པུར་དྲི་སྦྱར་རིལ་བུ་དྲིལ༔ བདག་མདུན་བསྐྱེད་ཅིང་མདུན་བསྐྱེད་ཀྱི༔ ཐུགས་ཀར་རྗེས་ཆགས་ལ་ཡིག་དམར༔ དེ་ལས་འོད་བྱུང་རིལ་བུར་ཐིམ༔ དཔལ་གྱི་འབྱོར་པ་ཆེན་པོ་ཡང༔ དབང་མེད་འཕྲོག་པའི་མཐུ་ལྡན་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་མ་ཧཱ་རཏྣ་ལ་བྷ་ཡ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཁྲི་བཟླས་སྔགས་བཏབ་རིལ་བུ་ལས༔ འོད་དང་དུ་བའི་རྟགས་བྱུང་ན༔ རང་རང་དཔལ་འབྱོར་གང་འདོད་པའི༔ རྫས་དང་གཟུགས་ལ་བདུག་པ་ཡིས༔ ཕ་རོལ་སྟོབས་དང་དཔལ་འབྱོར་ཀུན༔ རང་དབང་མེད་པར་བླང་བར་འགྱུར༔ ༼༥༽ཛ་ཡིས་རིགས་རྒྱུད་སྤེལ་བ་ནི༔ རིན་ཆེན་བུམ་པ་བཟང་པོའི་ནང༔ རྒྱུན་འབབས་ཆུ་སྣ་དགུ་ཡིས་དགང༔ གུར་གུམ་གི་ཝཾ་ས་ལེ་སྦྲམ༔ གཡུ་རྙིང་དཔལ་འབྲས་པུ་ཏྲ་ཛཱི༔ ཤུ་དག་དཀར་པོ་དང་བཅས་གཞུག༔ གནོད་སྦྱིན་དཀྱིལ་འཁོར་བསྐྱེད་ཅིང་བཟླས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་མ་ཧཱ་པུཎྱེ་པུ་ཏྲ་ཛ་ཛཿསྭཱ་ཧཱ༔ ཛཿཡིག་ལྕགས་ཀྱུའི་འོད་ཟེར་གྱིས༔ རིགས་རྒྱུད་འཕེལ་བའི་ནུས་བཅུད་བསྡུས༔ བུམ་ལྷའི་ཐུགས་ཀར་ཐིམ་པར་བསམ༔ ཁྲི་བཟླས་སྲིད་འཕེལ་དངོས་གྲུབ་འགྱུར༔ བུམ་ལྷ་འོད་ཞུ་བདུད་རྩིར་བསམ༔ མཚན་ལྡན་མ་ལ་དུས་སུ་བཏང༔ འབྲི་མར་དང་སྦྱར་རིལ་བུ་བཟའ༔ རྫས་དང་སྦྱར་ལ་དུ་བས་བདུག༔ དེས་ནི་སྲིད་ཀྱི་མཚོ་རྡོལ་འགྱུར༔ ༼༦༽ལེན་གྱིས་ནོར་ཕྱུགས་འབྲུ་བཅུད་སྤེལ༔ རྩི་དང་འབྲུ་མར་སྦྲང་རྩི་ཡིས༔ འབྲུ་སྣ་ཡུངས་དཀར་མ་རྨོས་འབྲས༔ སེ་འབྲུ་རྒུན་འབྲུམ་སྦོལ་བྱས་ལ༔ ག་པུར་གི་ཝཾ་དྲི་ཡིས་བསྒྱུར༔ རིན་པོ་ཆེ་ཡི་སྣོད་དུ་བླུགས༔ མདུན་བསྐྱེད་ཐུགས་སྲོག་ས་བོན་ལས༔ སྤེལ་བྱེད་ལེན་གྱི་ཡི་གེའི་གཟུགས༔ གསེར་ལྟར་འབར་བ་བདུད་རྩིར་བཅས༔ དཔག་མེད་བྱུང་ནས་རྫས་ལ་ཐིམ༔ ནོར་ཕྱུགས་འབྲུ་བཅུད་སྤེལ་བ་ཡི༔ ནུས་པ་མཆོག་གི་བཅུད་དུ་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་བཱ་སུ་སིདྡྷི་དྷ་ནཾ་མེ་དྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་བཟླས་དྲི་སོགས་རྟགས་བྱུང་ན༔ འབྲི་བརྒྱའི་མར་དང་འོ་མ་སྦྱར༔ ཕྱུགས་ལ་བཏང་བས་སྒབ་འཕེལ་ཞིང༔ དཀར་ཆུ་རྒྱས་དང་ནད་ཡམས་ཞི༔ ལྷས་མལ་དག་ཏུ་གཏོར་ཡང་ཕན༔ ཞིང་དང་སྐྱེད་མོས་ཚལ་སོགས་ལ༔ གཏོར་བས་ལོ་ནད་ཞི་བ་དང༔ མྱུ་གུ་འབྲས་བུ་འཕེལ་བར་འགྱུར༔ ༼༧༽དྲ་ཡིས་ཡོ་བྱད་སྤེལ་བ་ནི༔ རིན་པོ་ཆེ་དང་དཔལ་ཆེན་སར༔ འབྲང་རྒྱས་ནོར་བུ་འབར་བ་བཞེངས༔ གཟུངས་དང་དཔལ་འཕེལ་རྫས་བཅུག་ལ༔ ནོར་ལྷར་བསྐྱེད་བཟླས་བསྒྲུབ་པར་བྱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་དྲ་བྱཾ་སྥ་ར་ཎ་བར་དྷ་ནཾ་སྭཱ་ཧཱ༔ ཁྲི་བཟླས་རྟེན་ལ་བརྟན་བཞུགས་བྱ༔ དེ་ཉིད་ཡོ་བྱད་གང་འདོད་ཀྱི༔ རྫས་དང་བཅས་ཏེ་བུམ་པར་བཅུག༔ མཛོད་ཀྱི་ཕུགས་སུ་སྦས་པ་ཡིས༔ ཟས་ནོར་གོས་སོགས་གང་འདོད་པ༔ འཛད་མེད་གཏེར་ཆེན་རྡོལ་བར་འགྱུར༔ ༼༨༽ཡ་ཡིས་སྙན་གྲགས་སྤེལ་བ་ནི༔ རྒྱལ་མཚན་ཏོག་ཏུ་འཁོར་ལོ་གཞུག༔ མཎྜལ་དབུས་བཤམ་ལྷར་བསྐྱེད་བཟླས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་མ་ཧཱ་ཡ་ཤོ་བ་ཏི་རུ་རུ་ཙ་ལེ་སྭཱ་ཧཱ༔ ཁྲི་ཕྲག་བཟླས་པས་འགྲུབ་པར་འགྱུར༔ ཁྱད་པར་སྔགས་ཀྱི་ནུས་པ་ནི༔ སྐད་སྙན་དབྱིབས་ལེགས་དུང་ལ་བསྟིམ༔ གཙུག་ལག་ཁང་ངམ་ཕོ་བྲང་དང༔ རང་གི་གནས་ཁང་སོགས་ཀྱི་རྩེར༔ རྒྱལ་མཚན་འཛུགས་ཤིང་དུང་སྐད་བསྐུལ༔ མཆོད་སྦྱིན་ཚོགས་གསོག་སྤེལ་བ་ཡིས༔ བསོད་ནམས་ཆེན་པོའི་སྙན་པ་ནི༔ ཕྱོགས་ཀུན་ངང་གིས་གྲགས་པ་དང༔ དགེ་འདུན་ཆོས་སྲིད་ལེགས་ཚོགས་འདུ༔ བླ་ན་མེད་པའི་ལས་སྦྱོར་རོ༔ ༼༩༽སྭཱ་ཡིས་ཀུན་ལ་དབང་བསྒྱུར་བའི༔ མངའ་ཐང་ཆེན་པོ་བསྒྲུབ་པ་ནི༔ ཙཀྲ་གསེར་གྱི་འཁོར་ལོ་དང༔ ནེའུ་ལེའི་གཟུགས་སམ་རྐྱལ་པར་གཞུག༔ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིར་བཞག༔ མངའ་དབུལ་མཆོད་ཚོགས་དཔུང་བསྐྱེད་ལ༔ བདག་མདུན་དཀྱིལ་འཁོར་ཚུལ་བཞིན་བསྒྲུབ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་མ་ཧཱ་ཤྲཱི་བྷཱུ་ཏི་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཁྲི་ཕྲག་བཟླས་པས་ནུས་ལྡན་བྱ༔ འཁོར་ལོ་གནས་ཀྱི་རྩེ་མོ་འམ༔ སྒོ་ཁང་སྟེང་དུ་ལེགས་པར་བརྒྱན༔ ནེའུ་ལེ་མཛོད་དམ་ཁྱིམ་ཕུགས་སྦ༔ དཔལ་གྱི་འབྱོར་པ་ཆེན་པོ་ཡི༔ མངའ་ཐང་འཁོར་ལོས་སྒྱུར་བ་ཐོབ༔ ༼༡༠༽ཧཱ་ཡིས་དོན་ཀུན་བསྒྲུབ་པ་དང༔ དགེ་ལེགས་བཀྲ་ཤིས་སྤེལ་བ་ནི༔ ས་སྤྱིན་བཟང་པོ་བཀྲ་ཤིས་དང༔ དཔལ་ཅན་རྫས་བཅས་ཟ་མ་ཏོག༔ རིན་ཆེན་ཟུར་བརྒྱད་དབྱིབས་སུ་བྱ༔ དབུས་སུ་སྲོག་གི་འཁོར་ལོ་ནི༔ ཤིང་ཏོག་བིལ་བ་ལྷན་ཅིག་གཞུག༔ ཕྱོགས་མཚམས་རྫས་རྟགས་སྣ་བདུན་སོགས༔ དངོས་སམ་རི་མོར་བྲིས་པ་དང༔ དཔལ་དང་བཀྲ་ཤིས་རྫས་ཀྱིས་བཀང༔ དཀྱིལ་འཁོར་དབུས་བཞག་ཚུལ་བཞིན་བསྒྲུབ༔ ཐུགས་སྲོག་ཧཱ་ལྗང་འོད་འབར་བའི༔ སྣང་བས་འཁོར་འདས་ཀུན་ཏུ་ཁྱབ༔ འཕགས་པ་རྣམས་ཀྱི་ཡེ་ཤེས་དང༔ དོན་ཀུན་གྲུབ་པའི་ཐུགས་བསྐྱེད་སྟོབས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ བཀྲ་ཤིས་བདེ་ལེགས་ཡོན་ཏན་དཔལ༔ འོད་ཟེར་རྣམ་པར་མེར་གྱིས་བསྡུས༔ བདག་དང་སྒྲུབ་པའི་རྟེན་ལ་ཐིམ༔ བདེ་ལེགས་བཀྲ་ཤིས་རྒྱས་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་ཨརྠ་སིདྡྷི་སྭསྟི་སྭསྟི་བྷྲཱུྃ་བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་ཕྲག་བཟླས་པས་བརྟན་པར་བྱ༔ མཐར་ནི་བརྟན་བཞུགས་ཤིས་པ་བརྗོད༔ སྲིད་པའི་རུ་སྦལ་གཟུགས་ཀྱི་ནང༔ རིན་ཆེན་འབྲུ་སྨན་ཚས་བཅས་གཏམས༔ ཡུལ་གྱི་རི་དང་མཁར་ཁང་རྩེ༔ ཁྱིམ་གྱི་ཕུགས་དང་སྒོ་ཁང་སྟེང༔ སྒྲུབ་པའི་ཁང་པ་ལ་སོགས་པར༔ སྦས་ཤིང་བརྟན་བཞུགས་བཀྲ་ཤིས་བརྗོད༔ དེས་ནི་བསམ་དོན་ཡིད་བཞིན་འགྲུབ༔ དཔལ་འབྱོར་བཀྲ་ཤིས་བདེ་ལེགས་འཕེལ༔ ཕྱོགས་རྣམས་ཀུན་ཏུ་དགེ་བར་འགྱུར༔ དེ་ལྟར་མཐའ་རྒྱས་ལས་ཀྱི་རིམ༔ བསྙེན་སྒྲུབ་ཐེམས་ཤིང་དམ་ཚིག་གཙང༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ རང་གཞན་དོན་དུ་གང་བརྩམས་འགྲུབ༔ རྗེས་ཀྱི་མཐའ་རྒྱས་ལས་སྣ་ཚོགས་སྒྲུབ་པའི་ལེའུ་སྟེ་ལྔ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟའི་བསྙེན་སྒྲུབ་ལས་གསུམ་གྱི༔ སྣོད་དུ་རུང་ཞིང་ནུས་ཐོབ་ཕྱིར༔ སྲོག་གི་དབང་བསྐུར་ཟབ་མོ་ནི༔ དཀྱིལ་འཁོར་རྟེན་རྫས་ཚོགས་པ་དང༔ ལྷ་ཡི་བུམ་པ་བཅུད་ལྡན་བཤམ༔ བདག་མདུན་བསྐྱེད་བཟླས་ནུས་པ་བླང༔ བུམ་པར་གསང་བའི་བདག་པོ་བསྐྱེད༔ བཟླས་པ་བྱ་ཞིང་འོད་དུ་བཞུ༔ དེ་ནས་སློབ་མ་སྣོད་ལྡན་རྣམས༔ དག་པའི་ཁྲུས་བྱ་བགེགས་བསལ་བསྲུང༔ རིན་ཆེན་ལ་སོགས་གཅེས་པའི་རྫས༔ ཕོངས་མེད་མཎྜལ་རྒྱ་ཆེར་འབུལ༔ ཐལ་སྦྱར་གུས་པས་གསོལ་བ་གདབ༔ བླ་མ་གསང་བདག་དཔའ་བོ་ཆེ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ གནོད་སྦྱིན་སྡེ་དཔོན་ཛམྦྷ་ལའི༔ དངོས་གྲུབ་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་ཞུ་ཞིང་དམ་ཚིག་འབོགས༔ འདི་ནི་ཡཀྵ་ཀཱ་ལ་ཆེ༔ བཀའ་གཉན་བྱིན་རླབས་ནུས་སྟོབས་བདག༔ དམ་ཚིག་སྲོག་བཞིན་བསྲུང་ནུས་ན༔ དབང་བསྐུར་སྦྱིན་གྱི་གཞན་དུ་མིན༔ ཞེས་བསྒོ་དམ་ཚིག་བདུད་རྩི་སྦྱིན༔ བུས་ཀྱང་ཁས་བླང་བྲོ་བོར་བྱ༔ རྒྱུད་སྦྱང་དམ་ཚིག་གནོད་སྦྱིན་གསལ༔ ཡེ་ཤེས་སེམས་དཔའ་དབབ་ཅིང་བརྟན༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཨོཾ༔ བཀྲ་ཤིས་བུམ་པའི་ཕོ་བྲང་ན༔ གསང་བདག་འོད་ཞུ་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཉེན་པོ་སྟོབས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར་ཀ་ལ་ཤཿཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ བདུད་རྩིས་ལུས་གང་དྲི་མ་དག༔ རིགས་བདག་མི་བསྐྱོད་ཕྱག་རྒྱས་གདབ༔ སྒྲུབ་པའི་སྐུ་རྟེན་དཔྲལ་བར་བསྟིམ༔ ཨོཾ༔ ཡཀྵ་ཀཱ་ལ་ཛམ་བྷ་ལའི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་བས༔ ལྷ་ཚོགས་བསྒོམ་པའི་སྣོད་དུ་གྱུར༔ ཡེ་ཤེས་གཟི་བྱིན་འབར་བར་ཤོག༔ བསྙེན་སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྙེན་དང་སྒྲུབ་པའི་བཟླས་ལུང་སྦྱིན༔ སྲོག་འཁོར་གླེགས་བམ་མགྲིན་པར་བཞག༔ ཨཱ༔ ཡིད་བཞིན་འདོད་འཇོའི་ནོར་བུ་སྔགས༔ རྡོ་རྗེའི་གསུང་གི་དབང་བསྐུར་བས༔ བཟླས་ཤིང་སྒྲུབ་པའི་སྣོད་དུ་གྱུར༔ དངོས་གྲུབ་ནུས་རྩལ་རྫོགས་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བནྡྷ་རྫས་བཅས་སྙིང་གར་བཞག༔ ཧཱུྃ༔ རང་བྱུང་འོད་གསལ་ཀ་པཱ་ལ༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་བས༔ ཏིང་འཛིན་དགོངས་པའི་སྣོད་དུ་གྱུར༔ ལྷ་དང་ཆོས་ཉིད་དབྱེར་མེད་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་རིན་ཆེན་ལྟེ་བར་བཞག༔ སྭཱ༔ གཏོར་མ་འདོད་འབྱུང་ནམ་མཁའི་མཛོད༔ ཡོན་ཏན་རྒྱན་གྱི་དབང་བསྐུར་བས༔ དཔལ་འབྱོར་བསྒྲུབ་པའི་སྣོད་དུ་གྱུར༔ འདོད་རྒུའི་ཆར་ཆེན་འབེབ་པར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་ཐུགས་དམ་བསྐུལ་བྱས་ལ༔ དཔལ་ཆེན་རྫས་རྣམས་ལག་ཏུ་གཏད༔ ཧཱ༔ འཁོར་འདས་ཕྱྭ་གཡང་འདུས་པའི་བཅུད༔ ཕྲིན་ལས་རྫས་ཀྱི་དབང་བསྐུར་བས༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་དང༔ སྟོབས་རྩལ་ལེགས་ཚོགས་རྒྱས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ མཐའ་རྟེན་ཚེ་ཡི་དངོས་གྲུབ་ཕྱིར༔ འབྲང་རྒྱས་ལྷར་གསལ་སྤྱི་བོར་བཞག༔ བྷྲཱུྃ༔ འཁོར་འདས་ཚེ་ལ་དབང་བསྒྱུར་བ༔ མགོན་པོ་འཆི་མེད་ཛམྦྷ་ལས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྲོག་འགྲུབ་ཤོག༔ སྔགས་བརྗོད་བཟའ་བཏུང་རྫས་ཀྱང་སྦྱིན༔ བཀྲ་ཤིས་དགེ་བའི་ཡོ་བྱད་ཀྱིས༔ མངའ་གསོལ་ཚིགས་སུ་བཅད་པ་བརྗོད༔ དམ་ཚིག་བསྒྲག་ཅིང་འཛིན་དུ་གཞུག༔ གཏང་རག་དབུལ་ཞིང་དགའ་སྟོན་བྱ༔ དེས་ནི་ནོར་བདག་ཛམྦྷ་ལའི༔ བྱིན་རླབས་ཡེ་ཤེས་རྒྱུད་ལ་སྨིན༔ དངོས་གྲུབ་སྒྲུབ་པའི་ནུས་ལྡན་ཞིང༔ རང་གཞན་དོན་ཀུན་འགྲུབ་པར་འགྱུར༔ སྣོད་རུང་བྱིན་རླབས་དབང་བསྐུར་གྱི་ལེའུ་སྟེ་དྲུག་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དབང་བསྐུར་ཐོབ་པ་དང༔ བསྙེན་སྒྲུབ་བརྩོན་པའི་རྣལ་འབྱོར་པས༔ དངོས་གྲུབ་སྲོག་འཛིན་དམ་ཚིག་ནི༔ སྙིང་དང་མིག་ལས་གཅེས་པར་གཟུང༔ ནོར་ལྷ་མཆོད་པ་ལ་བརྟེན་ནས༔ འབྱོར་པའི་ཁྱད་པར་ཅི་བྱུང་ཡང༔ ཅུང་ཟད་ཙམ་ཡང་མ་ཞེན་པར༔ རྨི་ལམ་སྒྱུ་མ་ལྟ་བུའི་ངང༔ ཕུད་ཀྱིས་དཀོན་མཆོག་རྟེན་གསུམ་བཞེངས༔ མར་མེ་ལ་སོགས་མཆོད་རྒྱུན་འཛུགས༔ ཕྱོགས་བཅུའི་དགེ་འདུན་བསྙེན་བཀུར་ཞིང༔ ཕ་མ་ནད་པ་དཀའ་ཐུབ་ཅན༔ རྒན་རབས་རྣམས་ལ་ཚིམ་པར་གཏང༔ བར་པ་རང་དང་ཉེ་འཁོར་གྱིས༔ ཕུང་ཁམས་ལྷ་ཚོགས་མཆོད་པའི་བློས༔ བཟའ་བཏུང་གོས་རྒྱན་འབྱོར་པར་བྱ༔ ལྷག་མ་དབུལ་ཞིང་ཕོངས་པ་ལ༔ ཁོང་མི་འཁྲུགས་ཤིང་སྙིང་བརྩེ་བས༔ གཏན་པ་མེད་པའི་སྦྱིན་པར་སྤེལ༔ སྲོག་བསླུ་བྱ་ཞིང་ཟམ་པ་འཛུགས༔ འགྲས་དང་འཁྲུགས་པ་ནོར་གྱིས་བཟླུམ༔ ཡུལ་ཕྱོགས་དགེ་བའི་ལས་རྣམས་བྱ༔ དེ་ནི་ཕྱི་ཡི་དམ་ཚིག་གོ༔ ནོར་ལྷ་བསྙེན་ཅིང་སྒྲུབ་པ་དང༔ ཁྱད་པར་ཆུ་སྦྱིན་མ་ཆག་གཏང༔ ཚེས་བརྒྱད་སོགས་ལ་ལྷག་པར་མཆོད༔ ཤིན་ཏུ་གསང་བས་ཉམས་སུ་བླང༔ གཞན་ལ་བཀའ་རྒྱ་དམ་པར་སྤེལ༔ དཔེ་དང་ལག་ལེན་ལྷག་པར་བསྡམ༔ རང་གཞན་དབུལ་ཕོངས་ཅི་བྱུང་ཡང༔ ནོར་ལྷ་མཆོད་པ་མ་གཏོགས་པར༔ ལོག་འཚོ་སྒྲུབ་པའི་བྱ་བ་སྤང༔ མདོར་ན་གནོད་སྦྱིན་ནོར་ལྷ་དང༔ ཡི་དམ་དབྱེར་མེད་སྙིང་ལྟར་བཅང༔ དམ་ཚིག་གཅིག་གིས་འབྲེལ་པ་ཡི༔ མཆེད་ལྕམ་རྣམས་ལ་ལྷག་པར་ཡང༔ བྱམས་དང་བསྙེན་བཀུར་ཅི་ནུས་བྱ༔ དེ་ནི་ནང་གི་དམ་ཚིག་གོ༔ ཁྱད་པར་གདམས་པ་ཟབ་མོ་འདི༔ གང་ལས་ནོད་པའི་བླ་མ་དེ༔ མི་བསྐྱོད་རྡོ་རྗེ་སེམས་དཔའ་དང༔ གསང་བདག་ནོར་ལྷ་དབྱེར་མེད་པར༔ མོས་གུས་གདུང་ཤུགས་རྒྱུན་མི་གཅད༔ འབྱོར་པ་གང་བྱུང་ཕུད་དང་ནི༔ བུ་དང་བུ་མོ་ནོར་གྱི་དབྱིག༔ ན་བཟའ་བཅུད་ལྡན་ཞལ་ཟས་སོགས༔ གཅེས་དང་ཡིད་འཐད་རྟག་ཏུ་དབུལ༔ གསུང་ཟུར་ཙམ་ཡང་གཅག་མི་བྱ༔ འཛུམ་ཞིང་གུས་པས་གསོང་པོར་གསོལ༔ ཐུགས་གཟུང་མཉེས་པའི་བྱ་བ་བསྒྲུབ༔ རང་སེམས་ལྷ་དང་བླ་མ་དང༔ འབྱོར་པའི་ཡོ་བྱད་ལ་སོགས་པ༔ འཁོར་གསུམ་བདེན་འཛིན་བྲལ་བའི་ངང༔ དོན་གྱི་དགོངས་པའི་སྲོག་གཟུང་བྱ༔ དེ་རྣམས་གསང་བའི་དམ་ཚིག་གོ༔ དེ་ལྟར་དམ་ཚིག་རབ་བསྲུང་ན༔ གནོད་སྦྱིན་ནོར་ལྷ་མ་བསྒྲུབ་འགྲུབ༔ ཚེ་རིང་ནད་མེད་དཔལ་འབྱོར་འཕེལ༔ མཐོ་རིས་ཐར་པའི་མཆོག་ཐོབ་འགྱུར༔ དངོས་གྲུབ་ཀྱི་སྲོག་དམ་ཚིག་གིས་གཟུང་བའི་ལེའུ་སྟེ་བདུན་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནོད་སྦྱིན་ནོར་ལྷའི་རྒྱུད་ཀྱི་དོན༔ མན་ངག་ལག་ལེན་དམར་ཁྲིད་འདི༔ ད་ལྟའི་རྗེ་བློན་འདུས་པ་དང༔ མ་འོངས་འགྲོ་ལ་སྙིང་བརྩེའི་བློས༔ བདག་ཉིད་པདྨ་སམ་བྷ་བས༔ ཤིན་ཏུ་གསལ་ཞིང་འདྲིལ་བར་བསྡུས༔ དཔེ་རྒྱུད་འདྲ་མིན་གསུམ་བྱས་ཏེ༔ གཅིག་ནི་ལྷ་རི་བྲག་ཏུ་སྦོས༔ མངའ་བདག་སྲས་ཀྱི་སྐྱེ་བས་རྙེད༔ གཅིག་ནི་མོན་གྱི་ཆུ་ཕུག་གཏམས༔ དགེ་སློང་མཆོག་དབྱངས་སྐལ་བར་འགྱུར༔ ཟབ་ཅིང་རྒྱ་ཆེའི་སྙིང་པོ་འདི༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་མས༔ སྤ་གྲོ་ཅལ་གྱི་བྲག་ཏུ་སྦོས༔ བྲག་བཙན་དམར་པོར་གཉེར་དུ་གཏོད༔ སྔགས་འཆང་རྡོ་རྗེས་བྱིན་བརླབས་པ༔ ཧཱུྃ་གི་མིང་ཅན་དཔའ་བོས་འདོན༔ ཆིག་བརྒྱུད་ཚུལ་དུ་སྤེལ་བྱས་ན༔ དུས་མཐར་གསལ་ཞིང་རྒྱས་པར་འགྱུར༔ བོད་ཁམས་དབུལ་ཕོངས་སྡུག་བསྔལ་ཞི༔ འབྱོར་པ་མི་ཟད་གཏེར་དང་འཕྲད༔ སྣོད་བཅུད་ཕྱྭ་གཡང་དཔལ་འཕེལ་བས༔ བསྟན་དང་འགྲོ་ལ་ཕན་པར་ཤོག༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་སྤྱན་དྲངས་པའོ།། །། ༁ྃ༔ གནོད་སྦྱིན་ཛམ་བྷ་ལ་ནག་པོའི་སྲོག་གི་འཁོར་ལོ་རེག་པས་ནོར་སྡུད་པ་བཅས་ཆོག་ཡིད་བཞིན་ནོར་བུའི་མན་ངག་བཞུགས་སོ༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་འདུད༔ འདོད་པ་བསྒྲུབ་ཅིང་ལོངས་སྤྱོད་སྟེར༔ གནོད་སྦྱིན་ཛཾ་ལ་ནག་པོ་ཡི༔ སྲོག་འཁོར་བཅའ་ཆོག་གསང་བའི་གནད༔ ཕྱི་རབས་དབུལ་ཕོངས་གང་ཟག་རྣམས༔ བསོད་ནམས་བསྐྱེད་ཅིང་མི་ནོར་སྤེལ༔ ཅི་བསམ་འགྲུབ་པའི་སྲོག་འཁོར་འདི༔ རྫས་དང་བཅས་ནས་སུས་འཆང་བ༔ ཡིད་བཞིན་ནོར་བུ་དག་དང་མཚུངས༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ འདི་དང་སུ་འཕྲད་དགོས་འདོད་འབྱུང༔ དེ་ཕྱིར་ཕྱི་རབས་དོན་དུ་སྦོས༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཛམྦྷ་ལ་གསང་བ་སྲོག་གི་འཁོར་ལོ་འདི་ལ་དོན་གཉིས་ཏེ༔ ལོ་རྒྱུས་དང༔ གདམས་ངག་དངོས་སོ༔ དང་པོ་ནི༔ དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་གནས་སུ༔ འཁོར་མཁའ་འགྲོ་མ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་སོ༔ དེའི་ཚེ་དེའི་དུས་ན་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་ནང་ནས༔ རིན་པོ་ཆེ་རྩལ་ཆེན་འདུས་པའི་རྒྱུད་ཅེས་བྱ་བ༔ ནོར་ལྷ་གནོད་སྦྱིན་ཐམས་ཅད་འདུས་པའི་བཅུད་ཕྱུང་སྟེ༔ དེའང་ལེའུ་སུམ་བརྒྱ་བདུན་ཅུ་དོན་བདུན་ཡོད་པ༔ རྒྱུད་གཞན་བས་ཁྱད་པར་འཕགས་པ་གཅིག་གསུངས་སོ༔ རྒྱུད་དེ་ཉིད་ཀྱི་བཅུད་བསྡུས་ཤིང་སྙིང་པོར་དྲིལ་བ༔ ཛམྦྷ་ལ་ནག་པོ་སྲོག་གི་འཁོར་ལོ་ཞེས་བྱ་བ་བསྒྲུབ་མི་དགོས་ཏེ་བཅས་པས་འགྲུབ་པའི་མན་ངག་འདི་ཉིད་མར་གྱི་ཞུན་ལྟ་བུར་གྱུར་པས༔ མཁའ་འགྲོ་མ་ཁྱོད་ཀྱིས་མིའི་ལོ་ཀ་ཛམྦུ་བྲྀཀྵའི་གླིང་དུ་དོན་ཕྱིན་ཅི་མ་ལོག་ཅིང་ལས་དང་སྐལ་བར་ལྡན་པ་ཞིག་ལ་དངོས་གྲུབ་འདི་གཏོད་ཅིག༔ དེའང་ཡང་གསང་སྲོག་གི་འཁོར་ལོ་འདི་ནི་ཡིད་བཞིན་ནོར་བུ་དངོས་དང་འདྲ་སྟེ༔ འདི་ནི་གནོད་སྦྱིན་རྣམས་ཀྱི་སྲོག་གི་གནད་ཡི་གེ་འབྲུ་ཐུས་སུ་ཕྱུང་བ་ཡིན་པས༔ ཟས་ནོར་དབང་དུ་སྡུད་པའི་མན་ངག༔ དྲེགས་པ་ནོར་སྡུད་འཁོར་ལོ༔ བཅས་པས་འགྲུབ་པ༔ རང་བྱུང་གནད་ཀྱི་ཡི་གེ༔ སྲོག་གི་འཁོར་ལོ་བསྒྲུབ་མི་དགོས་པའི་མན་ངག༔ དངོས་གྲུབ་སྡུད་པ་གནད་ཀྱི་ཡི་གེ༔ མན་ངག་ཐམས་ཅད་ཀྱི་ཡང་སྙིང་འདི་ནི་འགྲོ་བ་གང་གི་ལུས་ལ་བཅངས་སམ༔ ཁྱིམ་ན་གནས་སམ༔ ཕྱོགས་སུ་ཞལ་བསྟན་པ་ཙམ་གྱིས་ཀྱང་འཛམ་བུ་གླིང་གི་ཟས་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་འདུ་ཞིང་ཚོགས་པར་འགྱུར་ཏེ༔ དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་དུ་གང་རེག་པ་དེ་ཉིད་རང་དབང་མེད་པར་འདུ་འོ༔ དེ་བས་ན་དངོས་གྲུབ་འདུ་བ་གནད་ཀྱི་ཡི་གེ༔ སྲོག་གི་འཁོར་ལོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཁྱད་མེད་དོ༔ འདི་ནི་རང་གི་ཁྱིམ་དུ་གནས་པའམ༔ དཔེ་བཞུགས་སམ༔ ཕྱོགས་སུ་བསྟན་པ་ཙམ་གྱིས་ཀྱང་ཡོ་བྱད་བདུན་འགྱུར་འཕེལ་ཞིང་རྒྱས་པར་ནུས་ན༔ བཅའ་གཞི་རྫོགས་པར་བྱས་ཏེ༔ རང་གི་བང་མཛོད་དུ་གཏེར་ཆེན་པོར་བྱིན་གྱིས་བརླབས་ཏེ་སྦས་ན༔ འཛམ་བུ་གླིང་གི་རྟ་དང་གླང་པོ་དང༔ འབྲུ་དང་རིན་པོ་ཆེ་དང༔ ཟས་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་མི་འདུ་མི་སྲིད་དོ༔ ཞེས་གསུངས་ཏེ་མཁའ་འགྲོ་མ་ག་ཎ་སིདྡྷི་ལ་གནང་ངོ༔ མཁའ་འགྲོ་མ་ཚོགས་ཀྱི་དངོས་གྲུབ་ཀྱིས་དྷ་ན་སཾ་བྷོ་ལ་བཤད་དེ༔ དྷ་ན་སཾ་བྷོས་མཁའ་འགྲོ་མ་ལ་ཚོགས་འཁོར་ལན་བཅུ་གསུམ་བཏང༔ གསེར་གྱི་གཞོང་པ་གཡུས་བཀང་ནས་ཕུལ༔ དེས་རྒྱལ་པོ་གུ་རུ་དེ་བ་ལ་གནང་སྟེ༔ གསེར་སྲང་ལྔ་བཅུའི་མཎྜལ་བྱས་ཏེ་ཕུལ༔ དེས་ཨོ་རྒྱན་པདྨ་བདག་ལ་གནང༔ བདག་གིས་རྒྱལ་པོ་མགུ་ངེས་པའི་སྲོག་བཟུང༔ མི་ལོ་ལྔ་བཅུ་ཐམ་པའི་ཚེ་བསྲིངས་སོ༔ འདི་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ སྐལ་ལྡན་ཉམས་སུ་ལེན་པའི་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་སྟེ་གཏེར་དུ་སྦས་སོ༔ ལོ་རྒྱུས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གདམས་ངག་དངོས་ལ་བཞི་སྟེ༔ བཅའ་ཐབས་ཀྱི་ཞལ་གདམས༔ རྫས་ཀྱི་གནད་ཡིག༔ འཁོར་ལོའི་བྲི་ཡིག༔ སྒྲུབ་ཐབས་ཕན་ཡོན་དང་བཅས་པའོ༔ དང་པོ་ནི༔ རབ་མཚན་ལྡན་གྱི་ཐོད་པ༔ དེ་ལྟར་མ་རྙེད་ན་རྫའམ་ཟངས་ཀྱི་གྭའུ་ཅི་རིགས་པ་ཞིག་བྱས་ལ༔ གྭའུ་དེའི་ནང་དུ་རྟེན་འབྲེལ་གནད་ཀྱི་ནུས་པ་དང་ལྡན་པའི་རྫས་དང་འཁོར་ལོའི་བཅའ་ག་ཇི་ལྟར་བྱ་བ་ནི༔ འཁོར་ལོ་བྲི་ཡིག་དཔེ་ཆུང་ལྟར་བྲི་སྟེ༔ དེ་ཡང་འཁོར་ལོ་འདི་སྔོན་ལྕང་ལོ་ཅན་གྱི་གནས་སུ༔ དཔལ་ཕྱག་ན་རྡོ་རྗེས་གནོད་སྦྱིན་ནོར་ལྷ་དྲེགས་པའི་ཚོགས་རྣམས་ཀྱི་སྲོག་ཤངས་བུག་གཡས་ནས་འོད་ཟེར་མཐིང་ག་ལྕགས་ཀྱུ་ལྟ་བུས་དྲངས༔ ཕྱག་ན་རྡོ་རྗེའི་ཐུགས་རཏྣ་ཟུར་བརྒྱད་པའི་ནང་དུ་རང་དབང་མེད་པར་བསྡུས་ཏེ༔ རང་དབང་མེད་པར་དབང་དུ་བསྡུས་པའི་སྲོག་སྔགས་དེ་རྣམས་དངོས་གྲུབ་ཀྱི་ཚུལ་དུ་དྲིལ་ནས༔ རང་བྱུང་སྲོག་གི་འཁོར་ལོ་རུ་བསྐོར་རོ༔ སླར་ཡང་འོད་ཟེར་གྱི་རྣམ་པར་སྤྲུལ་ནས༔ འོད་ཟེར་ཁ་དོག་དམར་པོ་འཇའ་ཚོན་ལྟ་བུར་ཕྱུང་སྟེ༔ ཤངས་བུག་གཡས་ཀྱི་སྒོར་འཁོར་ལོ་འདི་ཉིད་མངོན་སུམ་དུ་བཀོད༔ རྒྱན་ལྡན་སྲོག་གི་འཁོར་ལོ་ཡི་གེ་འབྲུ་ཐུས་སུ་བྲིས༔ གནད་ཀྱི་ཡི་གེ་རང་བྱུང་དུ་བཀོད༔ དོན་མ་ནོར་བ་འདི་ཅི་ལྟ་བུར་ཕྱུང་ནས་མཁའ་འགྲོ་མ་ལ་གཏད་པ་ཡིན་པས༔ འདི་ཁོ་ན་བཞིན་དུ་བྲི་འོ༔ སྔགས་ཀྱི་བཅའ་གཞི་བཀོད་པ་འཁོར་ལོའི་བྲི་ཡིག་ཇི་ལྟ་བ་བཞིན་དུ་བྲི༔ མཁས་བླུན་གང་གིས་ཀྱང་རང་བཟོ་མི་བྱ་བ་ཤིན་ཏུ་གནད་ཆེ་འོ༔ དེའང་གཟའ་སྐར་ཤིན་ཏུ་བཟང་བའི་ཉི་ཤར་ནས་སྔགས་པས་ཤར་རམ་བྱང་དུ་ཁ་བལྟས་ལ༔ རང་གསང་བདག་ཏུ་བསྐྱེད༔ མདུན་དུ་གནོད་སྦྱིན་ཛམྦྷ་ལ་འཁོར་དང་བཅས་པ་སྤྱན་དྲངས༔ མཆོད་བསྟོད་གཏོར་མ་འབུལ་བ་དང༔ བཟླས་པས་ཐུགས་མཉེས་པར་བསམ༔ དེ་ནས་སོ་སོའི་སྲོག་ཡི་གེའི་རྣམ་པར་བྱུང་བ་བྲི་གཞི་ལ་ལམ་འཆར་བར་བསམ་ལ༔ དར་གོས་ནག་པོ་ལ་གསེར་གྱིས་བྲི༔ སྔགས་པས་ཀྱང་ལུས་ལྷའི་ཏིང་འཛིན༔ ངག་སྔགས་བཟླ་བ༔ སེམས་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བྲི༔ བྲིས་བསུབ་མི་བྱ༔ མཚོན་རྩེ་མི་གཏོད༔ གནོད་སྦྱིན་གྱི་སྤོས་སྦྱོར་རྒྱུན་མི་ཆད་པར་བཏུལ༔ ཁ་བརྡ་བཟང་པོ་བྱ༔ བྲིས་གྲུབ་པ་དང་གནད་ཀྱི་རྫས་ཀྱིས་བྱུག༔ རབ་གནས་མདོར་བསྡུས་བྱས་ལ༔ གོང་གི་སྣོད་དུ་རྫས་ཁྲོལ་བུ་མང་པོ་དང་ལྷན་ཅིག་ཏུ་བཅུག་ནས་ཚུལ་བཞིན་བསྒྲུབ་བོ༔ བཅའ་ཐབས་ཀྱི་ཞལ་གདམས་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་རྟེན་འབྲེལ་རྫས་ཀྱི་གནད་བསྟན་པ་ནི༔ ས་བཅུད་བསྡུ་བ་གསེར་དང་གཡུ༔་་་རྙེད་ཚད། རྩི་བཅུད་བསྡུ་བ་ག་པུར་མར༔་་་འབྲི། མེ་བཅུད་བསྡུ་བ་ཟངས་དང་མཚལ༔་་་རྙེད་ཚད། རླུང་བཅུད་བསྡུ་བ་གོས་དར་ཟབ༔་་་རྙེད་ཚད། རྡོ་བཅུད་བསྡུ་བ་གཡུ་དངུལ་ལྕགས༔་་་རྙེད་ཚད། མི་བཅུད་བསྡུ་བ་བྱང་སེམས་གཉིས༔་་་གཙང་མ། ལྷ་ཡི་བླ་ཆགས་ཤེལ་གྱི་རྡོ༔ མི་ཡི་བླ་ཆགས་གྲུ་དམར་གཡུ༔་་་རྙེད་ཚད། ལྷ་འདྲེའི་བླ་ཆགས་ཕ་བོང་རྡོ༔་་་ཕ་བོང་ལོང་བུ། དགྲ་བླའི་བླ་ཆགས་ཁྲབ་རྙིང་བྱང༔་་་ཁྲབ་རྙིང་མའི་བྱང་བུ། ས་ཞག་བསྡུ་བ་ཞིང་བཟང་ས༔ རིན་ཆེན་མདངས་འཕྲོག་བྲག་བཟང་རྡོ༔་་་བྲག་རིན་ཆེན་སྤུངས་པ་འདྲ་བའི། འབྲུ་ཡི་གཡང་འགུགས་ཕྱུག་པོའི་ནས༔་་་ཕྱུག་པོ་ཆེ་རྒུའི་འབྲུ། གཡང་གི་བླ་འགུགས་ཟས་ནོར་ཕུད༔་་་གཡང་རྟེན་གང་རྙེད། ཕྱུག་པོའི་དཔལ་འཕྲོག་གཅེས་ཕྲུག་སྐྲ༔་་་ཡ་རབས་བུ་ཚའི་སྐྲ། དཀོར་མཛོད་བཅུད་སྡུད་རྒྱ་ཐབ་ས༔ མི་འཁོར་གནས་པ་བཀྲ་ཤིས་ས༔་་་མི་འཕན་དར་ཁང་ས་མཛོད་ས། ཕྱུགས་ཀྱི་གཡང་བཟུང་རྟ་ཕྱུགས་སྤུ༔་་་རྟ་ལུག་གནག་གསུམ། འཕེན་མོའི་དཔལ་དགུག་གོས་དང་དྲི༔་་་བུད་མེད་བུ་མང་པོ་སྐྱེས་ནས་མ་ཤི་བའི་གོས་དང་དྲི་མ་ནུ་ཞོ། ཟས་ཀྱི་བཅུད་སྡུད་རྒྱ་ཐབ་དྲེག༔་་་སྡེ་པ་ཐམས་ཅད་ཀྱི། གཡང་གི་བླ་འགུགས་གཡང་ཅན་དུམ༔་་་ནོར་སྣ་ཚོགས་གཡང་རྟེན་དུམ་བུ། རྨུ་ཡད་ཞགས་སུ་ཡོ་ལང་ཕུད༔་་་སྟོན་མོ་ཆེན་པོའི་ཟས་ཕུད། ཕོ་ཡི་སྲོག་བཟུང་བུ་ལྔའི་མདིལ༔ མོ་ཡི་དཔལ་སྒུལ་ཕྱུག་མོའི་ཁྲག༔ བཟང་དྲུག་ཙན་དན་ཨ་ག་རུ༔ དྲི་བཟང་རྒྱུན་མཆོད་རྫས་་་བཟང་དྲུག་སོགས་ཀྱི་སྟེང་ག་པུར། ཤུ་དག །ཤིང་ཚྭ། སྤོས་དཀར། སྤང་སྤོས། ལ་ཕུག །གོ་སྙོད། ཏོང་ཀུན་རྣམས་སྦྱར་བ་གནོད་སྦྱིན་རྒྱུན་མཆོད་ཀྱི་སྤོས་སོ།དང་བསྲེ༔ རིན་ཆེན་གསེར་དང་མཚལ་དག་དང༔ བྱང་སེམས་དཀར་དམར་ཨ་མྲི་ཏ༔ ལེགས་པར་ཚོགས་པས་བྱུགས་པ་དང༔ སྲོག་འཁོར་དག་གི་ནང་དུ་བསྟུམ༔ རྫ་འམ་ཟངས་ཀྱི་གྭ་འུ་རུ༔ འདབ་བརྒྱད་པདྨའི་འཁོར་ལོ་ལ༔ མཁའ་འགྲོའི་འཕྲུལ་ཡིག་དགུ་བསྐོར་ཅན༔ སྟེང་དུ་ཆར་འབེབ་འཁོར་ལོ་དང༔ འོག་ཏུ་མཚོ་བསྐྱིལ་འཁོར་ལོ་གཉིས༔ སྟེང་དང་འོག་ཏུ་ཁ་སྦྱོར་བྱ༔ བར་དུ་རྫས་དང་འཁོར་ལོ་གཞུག༔ བཅུ་དྲུག་ཕྲག་གཉིས་རྩིབས་བརྒྱད་དང༔ རྩིབས་བརྒྱད་པདྨས་རྣམ་བརྒྱན་པའི༔ སྲོག་གི་འཁོར་ལོ་ལེགས་བྲིས་ལ༔ རབ་ཏུ་གནས་པར་བྱས་པ་གཞུག༔ མི་ཟད་གཏེར་དུ་བྱིན་གྱིས་བརླབ༔ དེ་ནི་རྫས་ཀྱི་གནད་ཡིག་གོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྲོག་གི་འཁོར་ལོ་ཆེ༔ བྲི་བའི་ཐབས་ནི་འདི་ལྟ་སྟེ༔ རང་ངམ་ལྷ་བཟོ་མཁས་པ་ཡིས༔་་་ལྷ་བཟོ་གཞན་ཡིན་ན་དབང་བསྐུར་ཞིང་དམ་ཚིག་ཕོག་ལ་གསོ་སྦྱོང་དང་ལྡན་པས་བྲི། ཆོ་ག་རྣམས་སྔགས་པ་རང་གིས་བྱའོ། །དར་ནག་གམ་ནི་མཐིང་ཤོག་ལ༔ ཛཾ་ལ་ནག་པོ་ནོར་གྱི་ལྷ༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་ནག༔ སྤྱན་གསུམ་མཆེ་བཞི་རབ་ཏུ་གཙིགས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་བསྡུས༔ མིའུ་ཐུང་ཁྲོ་འགྱིང་གསུས་ཁྱིམ་ཅན༔ ཡན་ལག་སྦོམ་ལ་སྐུ་ཤ་རྒྱས༔ མཚན་མ་དམར་པོ་གྱེན་དུ་འགྲེང༔ དབུ་སྐྲ་དམར་སེར་སྤྲིན་ལྟར་གཏིབས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་ལ༔ རིན་པོ་ཆེ་ཡི་རྩེ་བྲན་ཅན༔ སྟག་ཤམ་སྦྲུལ་གྱི་སྐེ་རགས་བཅིངས༔ སྙན་ཆ་མགུལ་ཆུ་ཕྱག་གདུབ་དང༔ ཞབས་གདུབ་སྐེ་རགས་རྐེད་རྒྱན་རྣམས༔ མུ་ཏིག་རིན་པོ་ཆེ་ཡི་རིགས༔ རྒྱན་དང་ཙར་ཙར་ལུ་གུ་རྒྱུད༔ ཕྱག་གཡས་དང་པོ་ཐོ་ཆེན་འཕྱར༔ གཡོན་གྱི་དང་པོས་རྒྱལ་མཚན་བསྒྲེངས༔ གཡས་ཀྱི་འོག་མར་ཀ་པཱ་ལ༔ ཡིད་བཞིན་ནོར་བུས་གང་བ་ལས༔ དགོས་འདོད་དངོས་གྲུབ་ཆར་ལྟར་འབེབ༔ གཡོན་གྱི་འོག་མས་ནེ་རྐྱལ་ནི༔ ཁ་ནས་རིན་ཆེན་སྐྱུགས་པ་འཛིན༔ པདྨ་བུམ་བསྣོལ་ཉི་མའི་སྟེང༔ གཡས་བསྐུམ་གནོད་སྦྱིན་སེར་པོ་གནོན༔ གཡོན་བརྐྱང་མཐར་བྱེད་དམར་མོ་བརྫིས༔ གནོད་སྦྱིན་ཕོ་བརྒྱད་གཡས་སུ་སྟེ༔ གནོད་སྦྱིན་མོ་བརྒྱད་གཡོན་དུ་འོ༔ བཀྲ་ཤིས་རྟགས་བརྒྱད་སྟེང་དུ་ནི༔ སྣ་བདུན་གཏེར་བུམ་ཞབས་སུ་བྲི༔ དེ་ལྟར་བསྐོར་ལ་དགོད་པར་བྱ༔ ལྷ་མོ་ཕྱུགས་ལྷ་ལྗང་གུ་ནི༔ གཙོ་བོའི་མཆན་ཁུང་གཡོན་དུ་དགོད༔ དེ་ལྟ་བུ་ཡི་ཛམ་ལ་ལ༔ དར་སྣ་ལྔ་ཡི་ཅོད་པན་འཕྱང༔ ཡེ་ཤེས་མེ་ཕུང་ནང་དུ་གཞུག༔ ལྟོ་བར་མུ་ཁྱུད་བཅུ་བཞི་བསྐོར༔ དེ་ནི་ཕྱི་དབྱིབས་ཀྱི་ཙཀྲ་འབྲི་བའི་རིམ་པ་འོ༔ ས་མ་ཡ༔ དེ་ནས་ནང་སྔགས་ཀྱི་ཙཀྲ་ཡི་གེ་དགོད་པའི་རིམ་པ་ནི༔ ༡༽ལྟེ་བའི་མུ་ཁྱུད་ནང་སྐོར་གྱི་དབུས་སུ༔ ཨོཾ་ཨཱཿཧཱུྃ་བརྩེགས་མར་བྲི༔ དེའི་མདུན་ནས༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་གཡས་སྐོར་དུ་བྲིའོ༔ ༢༽དེའི་ཕྱི་རིམ་མུ་ཁྱུད་གཅིག་བསྐོར་ལ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛ༔ ཞེས་བྲི༔ ༣༽དེའི་ཕྱི་རིམ་གྱི་མུ་ཁྱུད་ལ་པདྨ་འདབ་མ་བཞིར་བཅད༔ མདུན་དུ་ཧ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛ༔ གཡས་སུ༔ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ་ཛ༔ སྟེང་དུ༔ ནི་པདྨ་ཌཱ་ཀི་ནཱི་ཧཱུྃ་ཛ༔ གཡོན་དུ༔ ས་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཛ༔ རྩིབས་ཀྱི་མཆན་བཞི་ལ༔ ར་བཛྲ་ཌཱ་ཀ་ཧཱུྃ་ཛ༔ ཙ་རཏྣ་ཌཱ་ཀ་ཧཱུྃ་ཛ༔ ཧྲིཿཔདྨ་ཌཱ་ཀ་ཧཱུྃ་ཛ༔ ཡ་ཀརྨ་ཌཱ་ཀ་ཧཱུྃ་ཛ༔ ཞེས་སོ་སོར་བྲིའོ༔ ༤༽ཡང་དེའི་ཕྱིར་མུ་ཁྱུད་གཅིག་བསྐོར་ལ༔ དབུའི་ངོས་ནས་མགོ་ནང་དུ་བསྟན་པས༔ ཨོཾ་ཡཀྵ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་ཅི་རིགས་བྲིའོ༔ ༥༽ཡང་མུ་ཁྱུད་གཅིག་བསྐོར་ལ༔ དེ་ལ་འཁོར་ལོ་རྩིབས་བརྒྱད་པ་གཅིག་དགོད༔ དེ་ལ་སྔགས་མགོ་ཕྱིར་བསྟན་གྱིས་དབུའི་ངོས་དང་པོ་ལ་ཛཾ༔ གཉིས་པ་ལ་བྷ༔ གསུམ་པ་ལ་ལ༔ བཞི་པ་ལ་ཛ༔ ལྔ་པ་ལ་ལེན༔ དྲུག་པ་ལ་དྲ༔ བདུན་པ་ལ་ཡ༔ བརྒྱད་པ་ལ་སྭཱ་ཧཱ་བྲིའོ༔ གོང་རས་ལ་སྔགས་མགོ་དབུ་ངོས་ནས་ནང་དུ་བསྟན་ལ༔ གཡོན་སྐོར་དུ་དབུ་ཡི་ངོ་ནས་དང་པོ་ལ་ཨོཾ༔ གཉིས་པ་ལ་བཻཾ༔ གསུམ་པ་ལ་བཻ༔ བཞི་པ་ལ་ཤྲ༔ ལྔ་པ་ལ་མ༔ དྲུག་པ་ལ་ཎཱ༔ བདུན་པ་ལ་ཡ༔ བརྒྱད་པ་ལ་སྭཱ་ཧཱ་བྲིའོ༔ ༦༽ཡང་མུ་ཁྱུད་གཅིག་བསྐོར་ལ༔ དབུའི་ངོས་ནས་སྔགས་མགོ་ནང་དུ་བསྟན་ལ༔ ཨོཾ་ཛམླུཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མུ་ཁྱུད་དེའི་ཕྱེད་དབུས་ནས་སྔགས་མགོ་ཕྱིར་བསྟན་ལ༔ ཨོཾ་ཨིནྡྲ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཞེས་སྔགས་མགོ་མཇུག་སྤྲད་ལ་བྲིའོ༔ ༧༽ཡང་མུ་ཁྱུད་གཅིག་བསྐོར་ལ༔ འཁོར་ལོ་རྩིབས་བཅུ་དྲུག་པ་གཅིག་དགོད༔ དེ་ལ་འདོམས་ཀྱི་ངོས་ནས་སྔགས་མགོ་ཕྱིར་བསྟན་ལ༔ རྩིབས་དང་པོ་ལ་ཨོཾ༔ གཉིས་པ་ལ་ཡཀ༔ གསུམ་པ་ལ་ཥ༔ བཞི་པ་ལ་ཀཱ༔ ལྔ་པ་ལ་ལ༔ དྲུག་པ་ལ་ཛ༔ བདུན་པ་ལ་ལེན༔ བརྒྱད་པ་ལ་དྲ༔ དགུ་པ་ལ་ཡ༔ བཅུ་པ་ལ་སྭཱ་ཧཱ༔ བཅུ་གཅིག་པ་ལ་མ༔ བཅུ་གཉིས་པ་ལ་ཎྜ༔ བཅུ་གསུམ་པ་ལ་ལ༔ བཅུ་བཞི་པ་ལ་པཱུ་ཛ༔ བཅོ་ལྔ་པ་ལ་བ་ལིཾ་ཏ༔ བཅུ་དྲུག་པ་ལ་ཁཱ་ཧི་བྲིའོ༔ གོང་རས་ལ༔ མཆན་འོག་གཡས་ནས་སྔགས་མགོ་ནང་དུ་བསྟན་ལ༔ དང་པོ་ལ་ཨོཾ་བཛྲ༔ གཉིས་པ་ལ་ས་ཀ་ར༔ གསུམ་པ་ལ་ནི་ར་གྷ༔ བཞི་པ་ལ་ཤ་ར་དྷ་ན༔ ལྔ་པ་ལ་བཱ་སུ༔ དྲུག་པ་ལ་དྷཱ་རི༔ བདུན་པ་ལ་དུང༔ བརྒྱད་པ་ལ་འདུས༔ དགུ་པ་ལ་འདུས༔ བཅུ་པ་ལ་སྭཱ་ཧཱ༔ བཅུ་གཅིག་པ་ལ་མི་སྙིང༔ བཅུ་གཉིས་པ་ལ་སྒུལ་སྒུལ༔ བཅུ་གསུམ་པ་ལ་མི་འགྲམ༔ བཅུ་བཞི་པ་ལ་ཆོག་ཆོག༔ བཅོ་ལྔ་པ་ལ་མི་སྙིང་དཀྲུགས་དཀྲུགས༔ བཅུ་དྲུག་པ་ལ་ཛ་ཛ༔ ཞེས་བྲིའོ༔ ༨༽ཡང་མུ་ཁྱུད་གཅིག་བསྐོར༔ དེ་ལ་རེའུ་མིག་ལྔ་བཅུ་རྩ་བཞི་བཅད་ལ༔ སྔགས་མགོ་འདོམས་ཀྱི་ངོས་ནས་ཕྱིར་བསྟན་པས༔ དང་པོ་ལ་ཨོཾ༔ གཉིས་པ་ལ་བཛྲ༔ གསུམ་པ་ལ་ཡཀ༔ བཞི་པ་ལ་ཥ༔ ལྔ་པ་ལ་ཛཾ༔ དྲུག་པ་ལ་བྷ༔ བདུན་པ་ལ་ལ༔ བརྒྱད་པ་ལ་ཛ༔ དགུ་པ་ལ་ལེན༔ བཅུ་པ་ལ་དྲ༔ བཅུ་གཅིག་པ་ལ་ཡ༔ བཅུ་གཉིས་པ་ལ་མ༔ བཅུ་གསུམ་པ་ལ་ཧཱ༔ བཅུ་བཞི་པ་ལ་ཡཀ༔ བཅོ་ལྔ་པ་ལ་ཥ༔ བཅུ་དྲུག་པ་ལ་སེ༔ བཅུ་བདུན་པ་ལ་ནཱ༔ བཅོ་བརྒྱད་པ་ལ་པ༔ བཅུ་དགུ་པ་ལ་ཏ༔ ཉི་ཤུ་པ་ལ་ཡ༔ ཉེར་གཅིག་པ་ལ་ས༔ ཉེར་གཉིས་པ་ལ་རྦ༔ ཉེར་གསུམ་པ་ལ་སིད༔ ཉེར་བཞི་པ་ལ་དྷི༔ ཉེར་ལྔ་པ་ལ་ནཱ༔ ཉེར་དྲུག་པ་ལ་ནཱ༔ ཉེར་བདུན་པ་ལ་ཥེ༔ ཉེར་བརྒྱད་པ་ལ་དྷ༔ ཉེར་དགུ་པ་ལ་ཁཱ༔ སུམ་ཅུ་པ་ལ་ཧི༔ སོ་གཅིག་པ་ལ་ས༔ སོ་གཉིས་པ་ལ་རྦ༔ སོ་གསུམ་པ་ལ་སིད༔ སོ་བཞི་པ་ལ་དྷི༔ སོ་ལྔ་པ་ལ་ཕ༔ སོ་དྲུག་པ་ལ་ལ༔ སོ་བདུན་པ་ལ་ཨཱ༔ སོ་བརྒྱད་པ་ལ་ཡུ༔ སོ་དགུ་པ་ལ་ཥེ༔ བཞི་བཅུ་པ་ལ་སིད༔ ཞེ་གཅིག་པ་ལ་དྷི༔ ཞེ་གཉིས་པ་ལ་ཡཱ༔ ཞེ་གསུམ་པ་ལ་ཡ༔ ཞེ་བཞི་པ་ལ་ཨ༔ ཞེ་ལྔ་པ་ལ་བྷི༔ ཞེ་དྲུག་པ་ལ་ཥིཉྩ༔ ཞེ་བདུན་པ་ལ་ཡ༔ ཞེ་བརྒྱད་པ་ལ་ས༔ ཞེ་དགུ་པ་ལ་མ༔ ལྔ་བཅུ་པ་ལ་ཡ༔ ང་གཅིག་པ་ལ་ཛ༔ ང་གཉིས་པ་ལ་བྷྱོ༔ ང་གསུམ་པ་ལ་བྷྱོ༔ ང་བཞི་པ་ལ་བྷྱོ༔ ཞེས་བྲིའོ༔ ༩༽ཡང་མུ་ཁྱུད་གཅིག་བསྐོར་ལ༔ དབུ་ཡི་མགོ་ངོས་ནས་སྔགས་ཕྱིར་བསྟན་པས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཛྲ་མ་ཧཱ་ཡཀྵ་མ་ཧཱ་ཀཱ་ལ་ཡ༔ ཨ་པ་ར་ཙིཏྟ་མཱ་ར་དུནྟི་རཏྣ་འུབས་འུབས༔ ཀི་ཀཾ་རཱ་ཛ་ངའི་སྣོད་ཁོངས་ཁོངས༔ མ་ཧཱ་རཱ་ཛ་སིདྡྷི་སིདྡྷི་ཡ་ཙཱི་ཡ་ཙཱི་རྦད༔ ཨུ་ཙུཥྨས་གཞན་ལས་ཆོད་ཆོད༔ བྷོ་ག་ཧོ་ཤིགས་ཀྱིས་ཐོངས་ཐུན་ཏྲི་ཐུན་ཏྲི༔ པཱ་ཤ་ཡ་བཛྲ་ཏྲི་ཏྲི་ཡཀྴ་ཀཱ་ལ་ས་མ་ཡ༔ ཧྲཱིཾ་ཧྲཱིཾ་ཛ་ཛ་བྷྱོ་བྷྱོ་སིདྡྷི་ཕོབ་ཕོབ༔ ཅེས་བྲིའོ༔ ༡༠༽ཡང་མུ་ཁྱུད་གཅིག་བསྐོར་ལ༔ ཙཀྲ་རྩིབས་བཅུ་དྲུག་པའི་དབུའི་ངོས་ནས་སྔགས་མགོ་ཕྱིར་བསྟན་གྱིས་རྩིབས་དང་པོ་ལ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ གཉིས་པ་ལ༔ ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ༔ གསུམ་པ་ལ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ བཞི་པ་ལ༔ ཨོཾ་དཱ་ཏཱ་ཡཻ་སྭཱ་ཧཱ༔ ལྔ་པ་ལ༔ ཨོཾ་དྷ་ནཾ་དཱ་ཡ་སྭཱ་ཧཱ༔ དྲུག་པ་ལ༔ ཨོཾ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ༔ བདུན་པ་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ བརྒྱད་པ་ལ༔ ཨོཾ་ཨཱརྻ་ཡེ་སྭཱ་ཧཱ༔ དགུ་པ་ལ༔ ཨོཾ་ཀི་ལི་མཱ་ལི་ནཱ་སྭཱ་ཧཱ༔ བཅུ་པ་ལ༔ ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ༔ བཅུ་གཅིག་པ་ལ༔ ཨོཾ་པི་ཙི་ཀུཎྜ་ལཱི་ནཱ་སྭཱ་ཧཱ༔ བཅུ་གཉིས་པ་ལ༔ ཨོཾ་གུཔྟ་ཡཻ་སྭཱ་ཧཱ༔ བཅུ་གསུམ་པ་ལ༔ ཨོཾ་མུ་ཁེནྡྲ་ཡ་སྭཱ་ཧཱ༔ བཅུ་བཞི་པ་ལ༔ ཨོཾ་དཻ་བྱཱཻ་སྭཱ་ཧཱ༔ བཅོ་ལྔ་པ་ལ༔ ཨོཾ་ཙརྱེནྡྲ་ཡ་སྭཱ་ཧཱ༔ བཅུ་དྲུག་པ་ལ༔ ཨོཾ་སྭ་ར་སྭ་ཏྱཱཻ་སྭཱ་ཧཱ༔ ཞེས་བྲིའོ༔ འཁོར་ལོའི་བར་མཚམས་གོང་རས་ལ༔ ཨོཾ་རཏྣ་སིདྡྷི་ཧཱུྃ་ཞེས་པ་ཁོ་ན་སྔགས་མགོ་ནང་དུ་བསྟན་ལ་བྲིའོ༔ ༡༡༽ཡང་མུ་ཁྱུད་གཅིག་བསྐོར་ལ་རྩིབས་བཅུ་དྲུག་ཏུ་བཅད༔ དབུའི་ངོས་ནས་སྔགས་མགོ་ཕྱིར་བསྟན་གྱིས༔ རྩིབས་དང་པོ་ལ༔ ཨོཾ་བྷི་བཛྲ་ཡོ་བྷི་ཛ་ཡེ་ཨུ་གེ་སུ་གེ་པ་ནི་པ་ཏྲ་བྷ་ནི་ཏི༔ ཞེས་བྲི༔ གཉིས་པ་ལ༔ ཨོཾ་མུ་བྷེ་ཧ་མུ་བྷེ་པྲ་སཱ་ར་པྲ་སཱ་ར་དཱ་པ་ཏི༔ གསུམ་པ་ལ༔ བྲཧ་ཀྵེ་མ་ནི་མུ་ནི་མུ་ནི་གུ་ར་ཎི་གུ་ར་ཎི་སུ་ར་ཎི་སུ་ར་ཎི་ཨ་ཁེ་མུ་ཁཾ༔ བཞི་པ་ལ༔ མུ་རི་གེ་མུ་རི་གེ་ས་མ་ཏི་གུ་ར་གུ་རཱ་ཡ༔ ལྔ་པ་ལ༔ སྭསྟི་བ་ལ་བ་ཏཱི་བ་ལ་བ་ཏཱི༔ དྲུག་པ་ལ༔ མུ་ལེ་མུ་ལེ་ཀེ་ཤེ་ཀེ་ཤེ་ཙུརྞ་ཙུརྞ༔ བདུན་པ་ལ༔ ཨོཾ་བྷ་ལ་ལཱ་ཀ་ར་ཀ་ར་སྭཱ་ཧཱ༔ བརྒྱད་པ་ལ༔ ནིརྒཉྫ་ནིརྒཉྫ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་ཧོ༔ དགུ་པ་ལ༔ རཏྣ་པུཎྱེ་སིདྡྷི་ཧཱུྃ༔ ན་མོ་ཧི་ཧི་སིདྡྷི་སིདྡྷི་ཧཱུྃ༔ བཅུ་པ་ལ༔ ནཱ་ནཱ་ཥེ་དྷ་སིདྡྷི་ཧཱུྃ༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ་ཛ༔ བཅུ་གཅིག་པ་ལ༔ ཨོཾ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཧཱ་ཏ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་གཉིས་པ་ལ༔ ཨོཾ་ཝསཏྲི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཧསྟི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་གསུམ་པ་ལ༔ ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་བཞི་པ་ལ༔ ཨོཾ་གྷ་ཏི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་དྷ་ནཾ་མེ་དྷི་ཧྲཱི་ཧཱུྃ༔ བཅོ་ལྔ་པ་ལ༔ དྷ་ཧེ་ཧེ་ཏུ་བྷི་ཧ་ཀ་ནཱི་བ་ཧ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་བྷྱོ་ཧེ་ཀི་ན་ཛ་ཧ་ཧུ་བྷ་ཧ་ལི་བ་ཧེ་ན་ཧེ༔ བཅུ་དྲུག་པ༔ ཨོཾ་བྷ་ཧ་ར་སཱི་ཨུཏྟ་ར་མ་ཎི་བྷ་དྲེ་དོ་ར་ཨེ་ཕ་ལ་སིདྡྷི་ཕྲེཾ་ཎི་སྭཱ་ཧཱ༔ ཞེས་བྲིའོ༔ ༡༢༽ཡང་མུ་ཁྱུད་གཅིག་ལ་རྩིབས་བཞིར་བཅད༔ སྔགས་མགོ་ཕྱིར་བསྟན་གྱིས་འདོམས་ངོས་སུ༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ གཡས་སུ༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ སྟེང་དུ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ གཡོན་དུ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་གྲངས་མང་བ་དང༔ བར་རྣམས་སུ༔ བདག་ཆེ་གེ་མོ་ལ་ཟས་ནོར་གོས་སོགས་འདི་ཞེས་བྱ་བའི་དངོས་གྲུབ་སྩོལ་ཅིག༔ ཅེས་བྱ་བ་བྲིའོ༔ ༡༣༽ཡང་མུ་ཁྱུད་གཅིག་བསྐོར་ལ་ནོར་ལྷ་སྤྱིའི་གཟུངས་་་་ཏདྱ་ཐཱ༔ ཨོཾ་ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི༔ ཏིཥྛ་ཏིཥྛ༔ སརྦ་ཨརྠ་མེ་སཱ་དྷ་ནི༔ ཏདྱ་ཐཱ༔ སུ་དྷ་ནི༔ སུ་ར་སྱ༔ སུ་མ་ཏི༔ སུ་པུ་ཥི༔ ཧི་ལི་མི་ལི་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔དང་ཨཱ་ལི་་་་ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ཀཱ་ལི་་་་ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ༔རྟེན་འབྲེལ་སྙིང་པོས་་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔བསྐོར༔ འདོད་གསོལ་དང་སྨོན་ལམ་བཀྲ་ཤིས་རྒྱས་པར་བྲི༔ ༡༤༽དེའི་ཕྱིར་ནོར་བུ་འོད་ཕྲེང་གིས་བསྐོར༔ དེ་ནི་ཙཀྲའི་སྔགས་དགོད་པའི་རིམ་པའོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་འཁོར་ལོ་ཇི་ལྟར་སྒྲུབ་པའི་ཐབས་དང་ཕན་ཡོན་ནི༔ ཚེས་གྲངས་བརྒྱད་དམ་དུས་བཟང་ལ་རབ་གནས་བྱས་ཏེ་ཟངས་ཀྱི་གྭའུར་བཞུགས་སུ་གསོལ༔ སྟེང་དུ་འདོད་པ་ཆར་འབེབ་ཀྱི་འཁོར་ལོ་གདུགས་ཀྱི་ཚུལ་དུ་ཕུབས༔ འོག་ཏུ་དངོས་གྲུབ་མཚོ་བསྐྱིལ་གྱི་འཁོར་ལོ་གདན་དུ་བཏིང༔ སྲོག་གི་འཁོར་ལོ་རྫས་དང་བཅས་པ་འདི་བྷནྡྷ་བཟང་པོར་བཞུགས་སུ་གསོལ༔ ཛཾ་ནག་ཏུ་བསྐྱེད༔ རང་ཉིད་ཡི་དམ་གང་ཡིན་ནམ༔ ཡང་ན་ཕྱག་ན་རྡོ་རྗེ་ཌཱ་ཀི་དང་བཅས་པར་བསྒོམ༔ ཉ་དང་ཚེས་བརྒྱད་གནམ་སྟོང་དང༔ ཉི་ཤུ་གསུམ་ལ་གཏོར་མ་དང༔ དྲི་བཟང་དང་གསེར་དང་ཟས་ནོར་རང་གང་འདོད་ཀྱིས་མཆོད་ནས་གྭའུ་བང་མཛོད་ཀྱི་དབུས་སུ་སྦ༔ ཡང་ན་རང་གི་ལུས་ལ་བཅང་ངོ༔ རྒྱུན་དུ་ཡི་གེ་བཅུ་པ་ནི༔ བརྒྱ་ཚོ་རེ་ནི་མ་ཆག་ན༔ བསམ་པ་ཡིད་བཞིན་འགྲུབ་འགྱུར་ཞིང༔ ཟས་ནོར་ལོངས་སྤྱོད་སྤྲིན་ལྟར་འདུ༔ ཅི་བསམ་འདོད་རྒུ་ལྷུན་གྲུབ་འབྱུང༔ གཏེར་བདག་ཆེན་པོར་འདིས་འགྱུར་རོ༔ ས་མ་ཡ༔ སྲོག་འཁོར་བཅས་ཆོག་ནོར་བུ་འདི༔ ཕྱི་རྒྱལ་པོ་ལྟ་བུར་བསྒྲུབ་པ་དང་གཅིག༔ ནང་གྲོགས་པོ་ལྟར་བསྟེན་པ་དང་གཉིས༔ གསང་བ་བཀའ་འོག་གི་འབངས་ལྟར་བསྟེན་པ་དང་གསུམ༔ ཡང་གསང་སྲོག་གི་འཁོར་ལོ་བསྐོར་བ་དང་བཞི་ལས༔ འདི་ནི་ཤིན་ཏུ་ཡང་གསང་བཅུད་དུ་བསྡུས་པ༔ གནོད་སྦྱིན་ནོར་ལྷ་ཐམས་ཅད་ཀྱི་སྲོག་སྙིང་ཡི་གེ་འབྲུ་འཐུས་སུ་ཕྱུང་བ༔ ཡང་གསང་སྲོག་གི་འཁོར་ལོ་བསྐོར་བའོ༔ ས་མ་ཡ༔ ནོར་བདག་གནོད་སྦྱིན་སྒྲུབ་པའི་ཐབས༔ བསམ་གྱིས་མི་ཁྱབ་གསུངས་གྱུར་ཀྱང༔ ཐམས་ཅད་ཡན་ལག་ཙམ་དུ་བཤད༔ སྙིང་དང་འདྲ་བའི་གནད་ཕྱུང་འདི༔ སྲོག་གི་འཁོར་ལོ་ཁོ་ན་ཡིན༔ མན་ངག་སྲོག་གི་འཁོར་ལོ་འདི༔ བཅས་པས་འགྲུབ་སྟེ་བསྒྲུབ་མི་དགོས༔ ཛཾ་ནག་སྲོག་གི་འཁོར་ལོ་ལ༔ ཆེ་འབྲིང་རྣམ་པ་གསུམ་དུ་བཤད༔ དེ་ལའང་གང་དང་གང་ཞེ་ན༔ གཙོ་བོ་རྐྱང་པའི་སྲོག་འཁོར་དང༔ གཙོ་འཁོར་སྦྲགས་པའི་སྲོག་འཁོར་དང༔ ལས་སྔགས་གནད་ཡིག་དང་བཅས་པའི༔ སྲོག་འཁོར་དང་ནི་གསུམ་ཡིན་ནོ༔ སྙིང་དང་འདྲ་སྟེ་སྲོག་བས་ཕངས༔ རེ་རེ་ལ་ཡང་ཡོན་ཏན་ནི༔ བསམ་གྱིས་མི་ཁྱབ་ཡོད་གྱུར་ཀྱང༔ ཁྱད་པར་བྱེ་བྲག་འདི་ལྟར་རོ༔ གཙོ་བོ་རྐྱང་པའི་སྲོག་འཁོར་ལ༔ ཡོན་ཏན་ཇི་ལྟར་ཆེ་གྱུར་ཀྱང༔ གཡོག་འཁོར་མེད་པའི་རྒྱལ་པོ་འདྲ༔ ཕྱི་ཡི་སྲོག་འཁོར་དག་ཏུ་བསྟན༔ གཙོ་འཁོར་སྦྲགས་པའི་འཁོར་ལོ་ལ༔ ཡོན་ཏན་བྱེ་བྲག་མང་གྱུར་ཀྱང༔ རྫས་དང་མན་ངག་མ་འཛོམས་ན༔ དམག་གི་ལག་ཆ་མེད་པ་འདྲ༔ ནང་གི་སྲོག་འཁོར་དག་ཏུ་བསྟན༔ གཙོ་འཁོར་སྦྲགས་པའི་འཁོར་ལོ་ནི༔ རྫས་སྔགས་གནད་ཡིག་བཅས་པ་ཡི༔ རིན་ཆེན་སྲོག་འཁོར་མན་ངག་འདི༔ དམག་གི་གོ་མཚོན་ཐོགས་པ་འདྲ༔ དེས་ན་ཡིད་བཞིན་ནོར་བུ་དངོས༔ གསང་བའི་སྲོག་འཁོར་ཞེས་བྱ་སྟེ༔ ཁྱད་པར་རྫས་ཀྱི་མན་ངག་རྣམས༔ རིན་ཆེན་སྲོག་འཁོར་མ་ཡིན་པ༔ གཞན་དུ་གབ་སྟེ་གསུངས་པ་མེད༔ རྟེན་འབྲེལ་གནད་ཀྱི་ནུས་པ་ཅན༔ ཉེར་ལྔའི་རྫས་ཀྱི་མན་ངག་དང༔ རིན་ཆེན་སྲོག་འཁོར་འབྲེལ་པ་གཅེས༔ རྫས་དང་འཁོར་ལོ་བཅའ་ག་རྣམས༔ ཚང་བས་ཡིད་བཞིན་ནོར་བུ་འདྲ༔ རྩིབས་བརྒྱད་བཅུ་དྲུག་རེའུ་མིག་དང༔ སྔགས་རིགས་ཕྲེང་བས་བསྐོར་བ་ནི༔ གཙོ་བོ་རྐྱང་པའི་སྲོག་འཁོར་ཡིན༔ དེ་ཡི་ཕྱི་རིམ་རྩིབས་བཅུ་དྲུག༔ གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི༔ སྲོག་འཁོར་བཀོད་དེ་བྲི་བ་ནི༔ གཙོ་འཁོར་སྦྲགས་པའི་སྲོག་འཁོར་ཡིན༔ འདབ་མ་བཅུ་དྲུག་དག་ལ་ཡང༔ ལས་སྔགས་གནད་ཡིག་བཅས་པ་རྣམས༔ མ་ནོར་རྫོགས་པར་བཀོད་པ་ནི༔ རིན་ཆེན་སྲོག་འཁོར་ཞེས་བྱ་སྟེ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ སྲོག་འཁོར་བཅས་ཆོག་ནོར་བུ་འདི༔ ཐབ་ལ་བཅུག་ན་ཟས་ཚོགས་འདུ༔ མཛོད་དུ་བཅུག་ན་ཟས་ནོར་འདུ༔ ར་བར་བཅུག་ན་རྟ་ནོར་འདུ༔ རྒྱབ་ཡོལ་ལ་བཅུག་འཁོར་སློབ་མང༔ བང་བར་བཅུག་ན་འབྲུ་འཕེལ་འགྱུར༔ དུར་སར་བཅུག་ན་རིགས་རྒྱུད་འཕེལ༔ བུད་མེད་ལ་བཏགས་ཁྱེ་འུ་སྐྱེ༔ མཁར་ལ་བཅུག་ན་ཁ་དྲགས་འགྱུར༔ རྟེན་ལ་བཅུག་ན་རབ་གནས་ལེགས༔ བྷནྡྷ་བཟང་པོའི་ནང་བཅུག་ན༔ ནོར་བུ་བསམ་འཕེལ་ཉིད་དང་མཚུངས༔ ཅི་འདོད་གསོལ་བ་གང་བཏབ་འབྱུང༔ ལུས་ལ་བཅངས་ན་མི་ནོར་སྡུད༔ འདི་བཞུགས་གནས་སམ་ས་ཕྱོགས་སུ༔ ཡོ་བྱད་བརྒྱ་འགྱུར་འཕེལ་བར་འགྱུར༔ དེ་ཕྱིར་སྐལ་ལྡན་སྐྱེས་བུ་རྣམས༔ སྙིང་དང་མིག་ལས་གཅེས་པར་ཟུངས༔ འཁོར་ལོ་བསྒྲུབ་ཅིང་འཆང་བ་ཕན་ཡོན་དང་བཅས་པའི་རིམ་པ་འོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཏྣ་རྩལ་ཆེན་འདུས་རྒྱུད་ནས༔ བཅུད་ཕྱུང་ཛཾ་ནག་སྲོག་འཁོར་འདི༔ བསྒྲུབ་མི་དགོས་པའི་འཁོར་ལོའི་གནད༔ པདྨ་འབྱུང་གནས་བདག་གིས་བཏོན༔ ཕྱི་རབས་སྐལ་ལྡན་རྣལ་འབྱོར་པ༔ མཆོག་སྒྲུབ་དོན་གཉེར་སྙིང་གི་བུས༔ དམ་ཚིག་མཆོད་སྦྱིན་ཚོགས་ལ་འབད༔ གཡོ་སྒྱུ་རྣམ་སྨིན་དཀོར་ལ་འཛེམ༔ གློ་སྙིང་དཀོན་མཆོག་གསུམ་ལ་ཁོལ༔ སེར་སྣ་སྤོངས་ལ་བྱང་ཆུབ་སྒྲུབས༔ མཐུན་རྐྱེན་གཏེར་བདག་ཆེན་པོ་ཡིས༔ སྒྲུབ་པ་སངས་རྒྱས་སྤྱན་སྔ་རུ༔ ཁས་བླངས་ཐེ་ཚོམ་མེད་པར་འབྱུང༔ དུས་གནད་བཞི་ལ་གསེར་གཟུངས་འདོན༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་ཀླུ་མི་ཡི་ནོར་བུ་དང༔ གནོད་སྦྱིན་གཏེར་གྱི་བུམ་བཟང་ལྟར༔ བཅས་ཤིང་བཅངས་དང་རེག་པ་ཡི༔ འབྱོར་པ་རྨུ་ཡད་མཚོ་དང་འཕྲད༔ དངོས་གྲུབ་གཏེར་ཁ་རྡོལ་བའི་ཐབས༔ ནོར་ལྷ་སྲོག་གི་འཁོར་ལོ་འདི༔ རྗེ་གཅིག་མངའ་བདག་ཡབ་སྲས་དང༔ སྔགས་འཆང་བདུད་འཇོམས་རྩལ་ལ་གཏད༔ ལག་ཏུ་ལོངས་ལ་མངའ་ཐང་སྤེལ༔ གཞན་ལ་མ་བསྟན་ལྷོ་ཡི་ཕྱོགས༔ སྤ་གྲོ་ཅལ་གྱི་བྲག་ལ་སྦོས༔ གཏེར་བདག་བྲག་བཙན་དམར་པོར་གཏོད༔ སྐལ་ལྡན་དོན་དུ་སྨོན་ལམ་ཐོབས༔ མ་འོངས་འགྲོ་ལ་ཕན་པར་འགྱུར༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གུ་ཧྱ༔ གཏེར་སྟོན་སྔགས་འཆང་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་ཅལ་གྱི་བྲག་དམར་པོའི་ནུབ་ཕྱོགས་མེ་ལྕེ་མཆེད་པ་འདྲ་བ་ནས་མེ་ཕོ་འབྲུག་གི་ལོའི་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས། འགྲོ་དོན་རྒྱ་ཆེར་མཛད། གན་སྟོན་འབུམ་དར་སོགས་ལ་གནང་། དེ་ནས་རིམ་པར་བརྒྱུད་པ་སེའི་སྒོམ་པ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་པའོ།། །། ༁ྃ༔ ཡཀྵ་ཛམྦྷ་ལ་ནག་པོ་སྲོག་གི་འཁོར་ལོའི་མན་ངག་གནད་ཀྱི་ཟིན་ཏིག་ཆིག་བརྒྱུད་མ་བཞུགས་སོ༔ བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ ཛཾ་ལ་སྲོག་གི་འཁོར་ལོ་འདི་ཉིད་གསེར་གྱིས་བྲིས་ནས་གང་ལ་བཏགས་ཀྱང་བསམ་པ་འགྲུབ༔ རྩ་སྔགས་ཡི་གེ་བཅུ་པ་འདི་གསེར་གྱིས་བྲིས་ལ་རྡོ་ཕ་ཝཾ་ལོང་བུ་ལ་དྲིལ༔ རི་བོང་སྙིང་གི་ནང་དུ་བཅུག་ལ་དེ་ནོར་ལྷའི་སྲོག་གི་ཙཀྲས་དྲིལ༔ དེ་དར་སྣ་ལྔས་དྲིལ་ལ་ལུས་ལ་དྲོད་དང་མ་བྲལ་བར་བཅང་བར་བྱའོ༔ ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་དོ༔ འཁོར་ལོ་གསུམ་པོ་འདི་སྲོག་འཁོར་གང་གི་ནང་དུའང་མེད་པས་ཤིན་ཏུ་ཟབ་པ་ཡིན་པས་རིན་ཆེན་ཐུགས་ཀྱི་གཏེར་དུ་སྦས་སོ༔ གཞན་ལ་གསང་ངོ༔ མ་གསང་གསང་སྔགས་སྤེལ་ན་དངོས་གྲུབ་ཡལ་བར་འགྲོ་བས་གསང་ཐུབ་པར་བྱའོ༔ ཐུགས་ཀྱི་ཡང་གཏེར་སྲོག་གི་འཁོར་ལོ་འདི་རྣམས་ལས་ཟབ་པ་བོད་ན་མེད་དོ༔ འདི་ལ་དམ་པར་བྱའོ༔ མཁའ་འགྲོ་མའི་འཕྲུལ་ཡིག་དགུ་སྐོར་ཞེས་ཀྱང་བྱ་སྟེ༔ ཡི་གེ་རེ་རེས་ཀྱང་སྔགས་ཀྱི་སྒྲ་མང་པོ་སྨྲ་ནུས་པ་ཡིན་པས༔ མཁའ་འགྲོ་མའི་ཡི་གེ་བོད་ཀྱི་སྒྲར་བསྒྱུར་མ་བཏུབ་པ་རྣམས་རྒྱ་གར་རང་གི་སྒྲ་ཁོ་ནར་བྲིའོ༔ ཕོ་འཁོར་ནང་གི་འདབ་མ་ལ་འཕྲུལ་གྱི་ཡི་གེ་སོ་ལྔས་ཕོ་དབང་དུ་སྡུད༔ ཕྱིའི་རྩིབས་བརྒྱད་ལ་གནོད་སྦྱིན་བརྒྱད་ཀྱི་སྔགས་བྲི༔ ལྟེ་བ་ལ་སྐྱེས་པ་ཕོ་རིགས་ཀྱི་ལག་ནས་ཟས་ནོར་གོས་གསུམ་སྡུས་ཟེར་བ་བྲི༔ གི་ཝཾ་དང་བྱང་སེམས་ཀྱིས་བྱུགས༔ འདབ་བརྒྱད་སེར་པོ་གོང་རས་སྔོན་པོ་བྱ༔ དེ་རྒྱབ་མུ་ཁྱུད་དཔེའུ་རིས་ལྟར་བསྐོར༔ ཨོཾ་ཁུག་སོགས་བྲི་བ་དང༔ གཞན་ཡང་གང་འདོད་མིང་སྤེལ་བྲི༔ མོ་འཁོར་པདྨ་འདབ་བརྒྱད་ལ༔ འཕྲུལ་ཡིག་སུམ་ཅུ་སོ་གསུམ་གྱིས་མོ་རྣམས་དབང་དུ་སྡུད༔ ཕྱིའི་པད་འདབ་བརྒྱད་ལ་གནོད་སྦྱིན་མོ་རྣམས་ཀྱི་སྔགས་བྲི༔ ལྟེ་བ་ལ་ཟ་མ་མོའི་ལག་ནས་ཟས་ནོར་གོས་གསུམ་སྡུས༔ ཞེས་པ་བྲི༔ སིནྡྷུ་ར་དང་པད་ཁྲག་གུར་གུམ་གྱིས་བྱུགས༔ པདྨ་དམར་པོ་གོང་རས་སྔོན་པོ་བྱ༔ དེ་རྒྱབ་མུ་ཁྱུད་གཅིག་བསྐོར་ལ༔ ས་མ་ཏི་སོགས་བྲི་བ་དང༔ གཞན་ཡང་གང་འདོད་མིང་སྤེལ་བྲིའོ༔ ས་མ་ཡ༔ གནོད་སྦྱིན་ཛཾ་ལའི་སྲོག་སྒྲུབ་ལས༔ ཤིན་ཏུ་གསང་བ་བཀའ་འོག་གི་འབངས་ལྟར་སྒྲུབ་པ་འདི་ལ༔ དང་པོ་གོང་ནས་འབྱུང་བའི་སྲོག་འཁོར་རྫས་དང་བཅའ་གཞི་ཚོགས་པ་དང༔ དེ་ནས་ཛཾ་བྷ་ལའི་སྐུ་གཟུགས་གཅིག་རིན་པོ་ཆེ་ལས་བྱས་ན་བཟང༔ མེད་ན་འདག་ས་ལ་རིན་པོ་ཆེ་བརྡལ་བ་དང༔ བཟང་དྲུག་གླ་རྩི་སོགས་དང༔ གོང་ནས་འབྱུང་བའི་འཁོར་ལོའི་རྫས་ཀྱང་བསྲེས་ལ་བཅའ༔ ནང་དུ་གཟུངས་དང་ཤིང་ཏོག་བིལ་བ་གཞུག༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ དེ་ནས་ཡུལ་དེའི་ཕྱུག་པོ་གཅིག་ལས་ནས་བྲེ་གང་བླངས་ལ་རིན་པོ་ཆེའི་སྣོད་དུ་བླུགས༔ མཎྜལ་གྱི་དབུས་སུ་མཉྫིའི་ཁར་བཞག་ལ༔ དེའི་སྟེང་དུ་སྲོག་འཁོར་གྭའུ་དང་སྐུ་གཟུགས་རྟེན་དང་བཅས་པ་བཞག༔ མདའ་བྱ་རྒོད་མ་མེས་མ་བཤུར་བ་ཚིགས་གསུམ་རྣོ་བའི་མདེའུ་དང་ལྡན་པ་གཅིག་གི་་་མི་སྤུན་ལྔ་ཡོད་པའི་དོང་པ་ནས་མདའ་གཅིག་བླངས་ནའང་ཉན་ནོ།མགུལ་དུ་མི་ཕྱུག་པོའི་གཡུ༔ རྟ་སྔོན་པོའི་སྤུ་རྔོག༔ རིན་ཆེན་སྣ་ཚོགས༔ དར་སྣ༔ ཟབ་ཆེན་མཐོ་གང་དང༔ ཁྱད་པར་ལུག་ནག་པོའི་སྙིང་གི་ནང་དུ་ཨ་རུ་ར་གདོང་ལྔ་པ་ཞིག་གཞུག༔ ཨ་རུ་རའི་ནང་དུ་རྩ་སྔགས་མཚལ་གྱིས་བྲིས་པ་གཞུག༔ སྙིང་དང་ཨ་རུ་ར་དར་ནག་ནང་དུ་བསྟུམ༔ མདའི་མགུལ་དུ་བཏགས་ལ་མཎྜལ་གྱི་དབུས་གཟུག་གོ༔ ྀཨཚ༔ ས་མ་ཡ༔ སྒྲུབ་པའི་དུས་གནས་ཀྱི་བྱང་ཤར་ནས་ཁ་བསྟན་ལ་བསྙེན་པ་ཁྲི་བྱ༔ ཚེས་གཅིག་ནས་ཉའི་བར་དུ་བསྒྲུབ༔ སྲོད་འཁོར་ཉལ་དུས་ལ་བཟླས་པ་མི་བྱ༔ སྔགས་ཀྱི་ཚིག་བར་མི་བཅད་པར་བྱའོ༔ དྲག་ན་གནོད་སྦྱིན་ཐམས་ཅད་འཁྲུགས་ཏེ༔ དང་པོ་སྒྲུབ་པ་པོ་དགོངས་པ་མཐོ་འཚམས་པར་འོང་སྲིད་ཀྱང༔ དེ་ནས་དགོངས་པ་ལས་གཡོ་མ་ནུས་ན་དེས་ལས་མྱུར་རོ༔ གནོད་སྦྱིན་ནག་པོའི་སྲོག་ཏིག་གི་སྔགས་འདི་ལ་རྒྱུན་དུ་བགྲང་ངོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་མ་ཧཱ་ཡཀྵ་མ་ཧཱ་ཀཱ་ལ་ཨ་པ་ར་ཙིཏྟ་མཱ་ར་དུནྟི་རཏྣ་འུབས་འུབས༔ ཤཾ་ཀ་རཱ་ཛ་ངའི་སྣོད་ཁོངས་ཁོངས༔ མ་ཧཱ་རཱ་ཛ་སིདྡྷི་ཏི་ལ་ཙཱི་ཡ་ཙཱི་ཡ་ཛ་ཛ༔ ཨུ་ཙུཥྨས་གཞན་ལས་ཆོད་ཆོད༔ སཾ་བྷོ་ཛ་ཤིགས་ཀྱིས་ཐོངས༔ ཐུཾ་ཏྲི་ཐུཾ་ཏྲི༔ ཏྲི་ཤུ་ལ་བཛྲ་ཏྲི་ཏྲི༔ ཡཀྵ་ནག་པོ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿབྷྱོ་བྷྱོ༔ བདག་ལ་དངོས་གྲུབ་ཀྱི་ཆར་ཆེན་པོ་ཕོབ་ཅིག༔ ཨོཾ་བཱ་སུ་དྷཱ་རི་སྡུད་དུ་སྡུད་དུ་མ་མ་ཀུན་ཀུན་ཡེ་སྭཱ་ཧཱ༔ བདག་ལ་དངོས་གྲུབ་ཀྱི་རྒྱ་མཚོ་ཆེན་པོ་སྐྱིལ་ཅིག༔ ཅེས་བཟླའོ༔ གྲུབ་པའི་རྟགས་ནི༔ ཁང་པ་འཚེག་པ༔ འོད་འཇའ་ཚོན་རིས་སུ་འཁྱུགས་པ༔ ཟས་དྲི་ཞིམ་པ༔ བུ་མོ་བཟང་མོས་ཟས་བྱིན་པ༔ ཁྲོམ་མང་པོས་བཀུར་སྟི་བྱས་པ༔ གཏེར་རྙེད་པ༔ བཙས་མ་བརྔས་པ༔ ཕྱུགས་འདེད་པ༔ མེ་ཏོག་གི་གླིང་དུ་ཕྱིན་པ༔ ཁྲབ་གྱོན་པ༔ རྟ་སྔོན་ཞོན་པ་སོགས་བྱུང་ན་བཟང་ངོ༔ དུས་ནི་གཟའ་སྐར་བཟང་པོ་ལ་བྱ༔ ལན་གསུམ་བྱའོ༔ ལན་གསུམ་བྱས་ན་ངེས་པར་འགྱུར་རོ༔ ྀཨཚ༔ ས་མ་ཡ༔ གཏོར་མ་ནི་རིན་པོ་ཆེའི་སྣོད་དུ་འབྲུ་སྣའི་ཆན་དང་ཁ་ཟས་བཟང་རྒུའི་ཕུད་བཏུང་བ་དང་བཅས་པ་བཤམས་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ༔ ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྔའམ་བདུན་གྱིས་འབུལ༔ མཆོད་ཡོན་ལ་སོགས་པས་མཆོད༔ ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམ་བྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདུད་རྩི་མཆོག་གི་མཆོད་ཡོན་དང༔ མེ་ཏོག་ལ་སོགས་ཉེར་སྤྱོད་ཚོགས༔ བཟའ་བཅའ་བཏུང་བ་དང་བཅས་པའི༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་བར་ཆད་སོལ༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ འཛད་མེད་འབྲུ་ནོར་ལོངས་སྤྱོད་དང༔ གནོད་སྦྱིན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཡཀྵ་ཛམྦྷ་ལ་སིདྡྷི་ཕ་ལ་ཧོ༔ ཞེས་བསྟོད་ཅིང་ཕྲིན་ལས་བཅོལ༔ གཏོར་མ་མཛོད་ཕུགས་སོགས་གཙང་སར་གཤེགས༔ ཡང་ན་རང་གིས་དངོས་གྲུབ་ཏུ་རོལ༔ ཕྱིར་མི་གཏོང་བ་གནད་དོ༔ ༈ ཚོགས་མཆོད་འབུལ་ན༔ ཚེས་བརྒྱད་ལ་སོགས་པའི་དུས་བཟང་པོར་དཀར་མངར་ལ་དུ་ལ་ཕུག་ལ་སོགས་པའི་ཚོགས་གཏོར་དང་མཆོད་པ་རྒྱ་ཆེར་བཤམས་ལ་བྱིན་གྱིས་བརླབ༔ ཚོགས་ཕུད་ཆ་ལྔ་བྱས་ལ༔ དང་པོ་བླ་མ་མི་བསྐྱོད་པ་ལ༔ ཨོཾ་གུ་རུ་བཛྲ་ཨཀྵོ་བྷྱཿསརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ ཞེས་ཕུལ༔ གཉིས་པ་ཡི་དམ་ཕྱག་ན་རྡོ་རྗེ་ལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སརྦ་ཀཱ་མ་སོགས་ཀྱིས་ཕུལ༔ གསུམ་པ་དཔའ་བོ་མཁའ་འགྲོ་ལ༔ ཨོཾ་བཾ་བཛྲ་བྷ་ར་ཧེ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ༔ སརྦ་ཀཱ་མ་སོགས་ཀྱིས་ཕུལ༔ བཞི་པ་ནོར་ལྷ་གཙོ་བོ་ལ༔ ཨོཾ་བཛྲ་ཡཀྵ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སརྦ་ཀཱ་མ་སོགས་ཀྱིས་ཕུལ༔ ལྔ་པ་འཁོར་རྣམས་ལ༔ ཨོཾ་ཡཀྵ་བཱ་སུ་དེ་བ་སརྦ་སིདྡྷི་ཧྲཱིཾ་ཛ༔ སརྦ་ཀཱ་མ་སོགས་ཀྱིས་ཕུལ༔ དེ་ནས་རང་གིས་དངོས་གྲུབ་ཏུ་རོལ་པའི་ལྷག་མའི་ཆངས་བུ༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷུཉྫ་ཧོ༔ ཞེས་སྦྱིན་ནོ༔ ༈ མེ་མཆོད་འབུལ་ན༔ རྒྱས་པའི་ཐབ་ཏུ་འབྲས་བུས་ཕྱུག་པའི་དྲི་བཟང་ཤིང་གི་བུད་ཤིང་བརྩིགས་ལ་མེ་སྦར་བའི་དབུས་སུ་ནོར་ལྷ་འཁོར་བཅས་སྐད་ཅིག་གིས་བསྐྱེད་ལ་མཆོད་བསྟོད་བྱ༔ བསྲེག་རྫས་རིན་ཆེན་འབྲུ་སྨན་དར་ཟབ་ཕྱེ་ཕུར་སོགས་དང༔ ཁྱད་པར་རང་འདོད་པའི་ནོར་སྣ་ཕོངས་མེད་དུ་ཕུལ་བས༔ ཟག་པ་མེད་པའི་བདུད་རྩི༔ མཁོ་རྒུའི་ལོངས་སྤྱོད༔ རྒྱན་ཕྲེང་ན་བཟའ་སོགས་སྤྲིན་ཕུང་ལྟར་གྱུར་ནས་གནོད་སྦྱིན་འཁོར་བཅས་ཐུགས་མཉེས་ཤིང་འདོད་རྒུའི་དངོས་གྲུབ་ཆར་བཞིན་དུ་འབེབས་པར་བསམ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སརྦ་རཏྣ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་སོགས་ཅི་ནུས་ཕུལ༔ མཐར་ཡེ་ཤེས་པ་རང་ངམ་སྲོག་འཁོར་ལ་བསྟིམ༔ དམ་ཚིག་པ་མེ་འབར་བ་རབ་ཏུ་རྒྱས་པ་ལས་འོད་ཟེར་མཁའ་ལ་སྤྲིན་བཞིན་དུ་ཆགས་པའི་གསེབ་ནས་འདོད་རྒུའི་ཆར་ཆེན་པོ་བབས་པས་རང་གི་གནས་ཁང་བང་མཛོད་ཡུལ་ཕྱོགས་སོགས་ཕྱུར་བུར་ཁེངས་པར་བསམ་མོ༔ དེ་རྣམས་ནི་ཐུན་མོང་དུ་གཅེས་པའི་ཟབ་གནད་དོ༔ ྀཨཚ༔ ས་མ་ཡ༔ ཁྱད་པར་སྟེང་འོག་གི་འཁོར་ལོ་འབྲི་བའི་ཟབ་གནད་ནི༔ དང་པོ་སྟེང་འདོད་པ་ཆར་འབེབ་ཀྱི་འཁོར་ལོ་ནི་དར་རས་སེར་པོ་གྲུ་བཞི་པ་ལ་ལྟེ་བར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་འདབ་མ་བརྒྱད་དུ་བྱས་ཏེ༔ མདུན་ནས་བརྩམ་སྟེ་གནོད་སྦྱིན་ཕོ་བརྒྱད་ཀྱི་སྔགས་བྲི༔ དེའི་གོང་རས་བར་མཚམས་བརྒྱད་དུ་ལྷ་ཆེན་བརྒྱད་ཀྱི་སྔགས་བྲི༔་་་ཤར་དུ་དབང་ཕྱུག་ཆེན་པོ།་་་ཨོཾ་ཨཿམ་ཧེ་ཤྭ་རཿསྭཱ་ཧཱཿ ཤར་ལྷོར་འདོད་པའི་དབང་ཕྱུག།་་་ཨོཾ་ཨཿཀཱ་མེ་ཤྭ་རཿསྭཱ་ཧཱཿ ལྷོར་བརྒྱ་བྱིན།་་་ཨོཾ་ཨཿཨིནྡྲ་ཡཿསྭཱ་ཧཱཿ ལྷོ་ནུབ་ཏུ་ཚོགས་བདག་གླང་སྣ།་་་ཨོཾ་ཨཿག་ཎ་པ་ཏིཿསྭཱ་ཧཱཿ ནུབ་ཏུ་ཚངས་པ།་་་ཨོཾ་ཨཿབྲཧྨཱཿསྭཱ་ཧཱཿ ནུབ་བྱང་དུ་བྷྲིཾ་གི་རི་ཏི།་་་ཨོཾ་ཨཿབྷྲིཾ་གི་རི་ཏིཿསྭཱ་ཧཱཿ བྱང་དུ་ཁྱབ་འཇུག།་་་ཨོཾ་ཨཿབིཥྞུཿསྭཱ་ཧཱཿ བྱང་ཤར་དུ་གཞོན་ནུ་གདོང་དྲུག།་་་ཨོཾ་ཨཿཀུ་མཱ་རཿཥ་ཌཱ་ནནཿསྭཱ་ཧཱཿམཆན། དེ་ཐམས་ཅད་ཀྱི་ཤམ་དུ༔ སརྦ་རཏྣ་བཱ་སུ་སིདྡྷི་མ་ཧཱ་བརྵ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྤེལ༔ དེའི་ཕྱི་རོལ་དུ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་འདོད་གསོལ་བཀྲ་ཤིས་གང་འཐད་བྲི༔ དེའི་ཕྱི་རོལ་དུ་གསེར་སྤྲིན་སེར་པོ་ཁ་དོག་སྣ་ཚོགས་པའི་འོད་ཟེར་འཕྲོ་བའི་གསེབ་ནས་འདོད་རྒུའི་ཆར་འབེབས་པའི་རྣམ་པ་བྲི༔ རྫས་ཀྱིས་བྱུགས༔ རབ་ཏུ་གནས༔ སྲོག་འཁོར་ཆེན་མོའི་སྟེང་དུ་གདུགས་ཕུབ་པ་ལྟར་དགྲམ་མོ༔ གཉིས་པ་འོག་དངོས་གྲུབ་མཚོ་བསྐྱིལ་གྱི་འཁོར་ལོ་ནི༔ དར་རས་སྔོན་པོ་ཟླུམ་པོའི་ལྟེ་བར༔ ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ༔ དེའི་ཕྱིར་མུ་ཁྱུད་པད་འདབ་བརྒྱད་ལ་གནོད་སྦྱིན་མོ་བརྒྱད་སྔགས༔ པད་མཚམས་སུ་ཀླུ་ཆེན་བརྒྱད་ཀྱི་སྔགས༔་་་ཤར་དུ་མཐའ་ཡས།་་་ཨོཾ་ཕུཿཨཱ་ནནྟཿསྭཱ་ཧཱཿ ཤར་ལྷོར་ནོར་རྒྱས།་་་ཨོཾ་ཕུཿབཱ་སུ་ཀཱི་སྭཱ་ཧཱཿ ལྷོར་འཇོག་པོ།་་་ཨོཾ་ཕུཿཏཀྵ་ཀཿསྭཱ་ཧཱཿ ལྷོ་ནུབ་ཏུ་དུང་སྐྱོང་།་་་ཨོཾ་ཕུཿཤཾ་ཁ་པཱ་ལ་སྭཱ་ཧཱཿ ནུབ་ཏུ་སྟོབས་རྒྱུ།་་་ཨོཾ་ཕུཿཀརྐ་ཊ་ཀོཿསྭཱ་ཧཱཿ ནུབ་བྱང་དུ་པདྨ་དཀར་པོ།་་་ཨོཾ་ཕུཿཔདྨཿསྭཱ་ཧཱཿ བྱང་དུ་རིགས་ལྡན།་་་ཨོཾ་ཕུཿཀུ་ལུ་ཀཿསྭཱ་ཧཱཿ བྱང་ཤར་དུ་ཆུ་ལྷ་དཀར་པོ།་་་ཨོཾ་ཕུཿབ་རུ་ཎཱཿསྭཱ་ཧཱཿམཆན། ཐམས་ཅད་ཀྱི་ཤམ་དུ༔ སརྦ་རཏྣ་བཱ་སུ་སིདྡྷི་མ་ཧཱ་སརྦ་པུཥྚིཾ་ཀུ་རུ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ༔ དེའི་ཕྱི་རོལ་དུ་ཨཱ་ལི་ཀཱ་ལི་སོགས་གོང་ལྟར༔ དེའི་ཕྱི་རོལ་དུ་རྒྱ་མཚོ་ཆེན་པོ་སྔོ་མེར་འཁྱིལ་བའི་རྦ་རླབས་ལས་འདོད་རྒུའི་གཏེར་ཁ་རྡོལ་བའི་རྣམ་པ་ཅན་དུ་བྲི༔ རྫས་ཀྱིས་བྱུགས༔ རབ་ཏུ་གནས༔ སྲོག་འཁོར་ཆེན་མོའི་གདན་དུ་བྱའོ༔ ྀཨཚ༔ ས་མ་ཡ༔ ཐུན་མོང་མ་ཡིན་པ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པའི་ཟབ་གནད་ལ༔ དང་པོ་ཕྱི་སྒྲུབ་ནི་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབ་པ་སྟེ༔ སྲོག་འཁོར་ཡོད་ན་མདུན་གྱི་སྟེགས་མཐོ་བར་བཞག༔ རང་གི་མདུན་དུ་ཟངས་གཞོང་གི་ནང་དུ་སྐུའམ་བཤོས་བུ་ནོར་བུའི་དབྱིབས་ཅན་བཤམས་ལ་ཛམྦྷ་ལ་དངོས་སུ་གསལ་བར༔ བདག་ཉིད་གསང་བའི་བདག་པོའི་ཕྱག་གཡས་པའི་མཐིལ་དུ་ཟླ་བ་ལ་བཾ་ཡིག་གིས་མཚན་པ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་གནོད་སྦྱིན་འཁོར་བཅས་ཐུགས་དགྱེས་པར་བསམས་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཨིནྡྲ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཨོཾ་ཛམླུཾ་སྭཱ་ཧཱ༔ བཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ་ཧཱུྃ༔ ཞེས་བརྒྱ་རྩ་བརྒྱད་སོགས་ཀྱིས་ཆུ་རྒྱུན་བར་མ་ཆད་པར་སྦྲེང༔ ཛམྦྷ་ལའི་ཞལ་དང་ནོར་སྐྱུག་དང་བ་སྤུའི་ཁུང་བུ་ཚུན་ཆད་ནས་འདོད་རྒུའི་ཆར་ཆེན་པོ་བབས་པར་བསམ༔ མཆོད་བསྟོད་ཀྱང་བྱ༔ མཐར་ཡེ་ཤེས་པ་རང་ངམ་རྟེན་ལ་བསྟིམ༔ དམ་ཚིག་པ་འོད་དུ་ཞུ་བའི་ཆུ་འདོད་རྒུའི་བདུད་རྩིར་བསམ་ལ༔ ཨོཾ་ཛམྦྷ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླང༔ ཁྱིམ་དང་མཛོད་དང་ཞིང་ལྷས་སོགས་སུ་འཐོར་བར་བྱའོ༔ ༈ གཉིས་པ་ནང་ནི་གཏོར་མ་ལ་བརྟེན་ནས་བསྒྲུབ་པ་སྟེ༔ འབྲུ་དཀར་བཟང་པོ་སྣ་ལྔ་རྗེན་འཐག་གི་ཕྱེ་ལ༔ རིན་པོ་ཆེ་ལྔ༔ སྙིང་པོ་ལྔ༔ མེ་ཏོག་ལྔ༔་་་དུག་རིགས་མིན་པའི་མེ་ཏོག་དཀར་སེར་དམར་སྔོ་ཁྲ་བོ་འོ། །སྤོས་ལྔ༔་་་ཙནྡན་ཨ་གར་སིཧླ་སྤོས་དཀར་སྤང་སྤོས། སྣུམ་ལྔ༔་་་ཏིལ་མར་འབྲུ་མར་རྩི་མར་ཞུན་མར་ཤིང་ཏོག་གི་མར། དྲི་ལྔ༔ རོ་ལྔ༔་་་ལན་ཚྭ་མ་གཏོགས་པ། གཞན་ཡང་ཁ་ཟས་དང་སྤོད་ཀྱི་རིགས་གཙང་མ་རྣམས་ཆུ་སྣ་ལྔས་བྲན༔་་་ཆར་ཆུ་མཚོ་ཆུ་གངས་ཆུ་ཆུ་ཀླུང་ཆུ་མིག་འཕེན་བཟང་གི་ཆུ། མར་ཁུས་བརྫིས་ལ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་གཏོར་མ་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ་ནོར་བུ་འབར་བའི་རྣམ་པར་བཞེངས༔ རྒྱན་གྱིས་བརྒྱན༔ བྲིས་སྐུ་གཟུགས༔ དར་གདུགས་དབུབ༔ ཁ་ཟས་བཟང་རྒུའི་ཕུད་ཀྱིས་བསྐོར༔ རྟེན་གྱི་མདུན་དུ་མཆོད་ཚོགས་དང་བཅས་ཏེ་བཤམ༔ རང་གསང་བདག་གི་ས་མཱ་དྷི་ལ་གནས་པས་གཏོར་མ་འདོད་རྒུའི་གཏེར་ཆེན་པོར་བྱིན་གྱིས་བརླབ༔ དེའི་སྟེང་དུ་གནོད་སྦྱིན་འཁོར་བཅས་བསྐྱེད་ལ་ལན་བརྒྱ་རྩ་བརྒྱད་སོགས་དབུལ༔ མཆོད་བསྟོད་དང་བཀྲ་ཤིས་གསོལ༔ དངོས་གྲུབ་སྩོལ་བའི་དམིགས་པ་གོང་ལྟར་བྱས་ལ༔ མཐར་ལྷ་འོད་དུ་ཞུ་ནས་གཏོར་མ་ལ་ཐིམ་པས་འདོད་རྒུ་འབྱུང་བའི་ནོར་བུར་བསམས་ལ་དངོས་གྲུབ་བླང༔ མཛོད་ཀྱི་ཕུགས་སུ་བཞག༔ ཟས་ནོར་གང་བྱུང་གི་ཕུད་ཀྱིས་མཆོད་ཅིང་གསོལ་བ་གདབ་བོ༔ ༈ གསུམ་པ་གསང་སྒྲུབ་ནི་གྭའུ་ལེགས་པོའི་ནང་དུ་སྲོག་འཁོར་དཀོར་ཆ་དང་བཅས་པ་བཅུག་ལ་ཚུལ་བཞིན་དུ་བསྒྲུབ་བོ༔ ༈ བཞི་པ་ཡང་གསང་ནི་ཐོད་པ་ལ་བརྟེན་པ་སྟེ༔ དཔལ་ཅན་གྱི་ཐོད་པ་མཚན་ལྡན་ནི་རང་བྱུང་མིའི་ནོར་བུ་ཞེས་བྱ་སྟེ༔ དེ་ལྟ་བུ་རྟེན་འབྲེལ་དགེ་མཚན་དང་བཅས་རྙེད་ན་བགེགས་བསལ་ཞིང་ཁྲུས་བྱ༔ དྲི་བཟང་དང་འཁོར་ལོའི་རྫས་ཀྱི་འདག་པས་ནང་དུ་བྱུགས༔ དེའི་ནང་དུ་སྲོག་འཁོར་གཞུག༔ དཀོར་ཆ་དང་ཟས་ནོར་གོས་ཕུད་ཀྱིས་ཁེངས་པར་གཏམས༔ བསྙེན་སྒྲུབ་རྟགས་ཐོན་པར་བྱས་ལ་དར་སྣས་དྲིལ་ཏེ་མིས་མ་མཐོང་བར་མཛོད་ཀྱི་སྙིང་པོར་བཅུག་ལ་སྐབས་སུ་མཆོད་བསྟོད་མངའ་དབུལ་བྱས་ལ་གསོལ་བ་གདབ་བོ༔ ࿊ དེ་རྣམས་སོ་སོའི་དུས་གནད་ཀྱི་ངེས་པ་ནི༔ ལོ་གཅིག་ལ་མཚོན་ན་སྟོན་དུས་ཆུ་སྦྱིན༔ དགུན་གཏོར་མ་བསྒྲུབ༔ དཔྱིད་གྭའུ་དང༔ དབྱར་ཐོད་པ་བསྒྲུབ་བོ༔ ཟླ་བ་རེ་རེ་བཞིན་ཚེས་གཅིག༔ བརྒྱད༔ བཅུ༔ བཅོ་ལྔ་རྣམས་ལ་ཆུ་སྦྱིན་སོགས་རིམ་པར་བྱ༔ ཉིན་ཞག་གཅིག་གི་ནམ་ལངས་ཆུ་སྦྱིན༔ ཉི་ཤར་གཏོར་མ་འབུལ༔ སྔ་དྲོ་གྭའུ་བསྒྲུབ༔ དགོང་མོ་དབང་གི་དུས་སུ་ཐོད་པ་བསྒྲུབ་བོ༔ སོ་སོའི་ཕན་ཡོན་གྱི་ཁྱད་པར་ནི༔ ཆུ་སྦྱིན་གྱིས་འབྱོར་པ་ཡུན་རིང་དུ་རྒྱུན་མི་ཆད་པར་འབྱུང༔ ཁྱད་པར་གྱི་དམ་ཚིག་ཀྱང་ཡིན་པས་མ་ཆག་པར་བྱ༔ གཏོར་མས་ཟས་ནོར་ལོངས་སྤྱོད་གློ་བུར་དུ་འཕེལ༔ གྭའུས་འབྱོར་པ་རྨུ་ཡད་ཀྱི་མཚོ་ཆེན་པོ་བརྡོལ༔ ཐོད་པས་གང་དུ་བཞུགས་པའི་གནས་དེ་ཉིད་གནོད་སྦྱིན་ནག་པོའི་ཕོ་བྲང་དངོས་དང་ཁྱད་པར་མེད་པས་དཔལ་འབྱོར་ལོངས་སྤྱོད་ཟད་མི་ཤེས་པ་ངང་གིས་འདུ་བར་འགྱུར་རོ༔ དེས་ན་སྒྲུབ་པ་པོ་དད་བརྩོན་ལྡན་པས་ཆུ་སྦྱིན་རྒྱུན་དུ་གཏོང་ཞིང༔ གཞན་རྣམས་དུས་དུས་སུ་རྟགས་ཐོན་པར་ཉམས་སུ་བླང༔ འབྱོར་པ་ཅི་བྱུང་ཡང་སེར་སྣས་མ་བཅིངས་པར་བླ་མ་དང་དགེ་འདུན་ལ་ཕུལ༔ རང་གཞན་གྱིས་ཕོངས་མེད་དུ་ལོངས་སྤྱད༔ ཁྱད་པར་དབུལ་ཞིང་ཕོངས་པ་རྣམས་ལ་གཏན་པ་མེད་པའི་སྦྱིན་གཏོང་ལ་བརྩོན་པས༔ ཚེ་འདིར་ཚེ་རིང༔ ནད་ཉུང༔ འབྱོར་པ་གོང་ནས་གོང་དུ་འགྲོ༔ ཚེ་རབས་ཐམས་ཅད་དུའང་གནོད་སྦྱིན་ནོར་ལྷའི་བྱིན་རླབས་ཀྱིས་འབྱོར་པ་ཆེན་པོ་འབད་མེད་དུ་འབྱུང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་རོ༔ སྒྲུབ་པའི་གནད་ཡིག་འདི་གཞན་དུ་མ་བསྟན་པས་ཤིན་ཏུ་གསང་བར་གདམས་སོ༔ ྀཨཚ༔ ས་མ་ཡ༔ ནོར་བདག་གནོད་སྦྱིན་ཛམྦྷ་ལའི༔ སྲོག་གི་འཁོར་ལོའི་མན་ངག་འདི༔ རཏྣ་རྩལ་ཆེན་འདུས་པ་དང༔ ཡཀྵ་རྩ་བའི་རྒྱུད་ཀྱི་དོན༔ ཨོ་རྒྱན་མཁན་པོ་བདག་གིས་བསྡུས༔ མངའ་བདག་རྗེ་བློན་འགའ་ལ་གདམས༔ རང་རང་ཉམས་ལོངས་དངོས་གྲུབ་སྒྲུབས༔ མ་འོངས་འགྲོ་ལ་ཕན་པའི་ཕྱིར༔ སྤ་གྲོ་ཅལ་གྱི་བྲག་སོགས་པའི༔ གཏེར་གནས་གསུམ་དུ་ཕྱག་རྒྱས་ཐོབས༔ སོ་སོའི་སྨོན་ལམ་མཐའ་བཙན་པས༔ དུས་བབས་འགྲོ་དོན་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ྀཨཚ༔ གཏེར་སྟོན་བལ་པོ་ཨ་ཧཱུྃ་གིས་སྤ་གྲོ་ཅལ་གྱི་བྲག་ནས་སྤྱན་དྲངས་པའོ། །འདི་དང་གུ་རུ་ཇོ་ཚེའི་ཟང་ཡག་བྲག་གི་གཏེར་དཔེ་གཉིས་ཕལ་ཆེར་ཤིན་ཏུ་མཐུན་པས་ཞུ་དག་ལེགས་པར་བགྱིས་སོ། །མངྒ་ལཾ།། །།

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ བར་དོའི་མ་ཡིག་ (Volume 56, Text 31)

རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ བར་དོའི་མ་ཡིག་བཞུགས་སོ༔ བཅོམ་ལྡན་འདས་རང་བྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ༔ ཨེ་མ༔ རྒྱུད་ལས་གནད་ཀྱི་བཅུད་ཕུར་མ་ལུས་ཀུན༔ ཨོ་རྒྱན་བདག་གིས་ལེགས་པར་བཀྲོལ་བྱས་ནས༔ ཕྱི་རབས་དོན་དུ་ཡི་གེ་ལོགས་སུ་བཀོད༔ ནམ་ཞིག་སྐལ་ལྡན་སྐྱེས་མཆོག་གཅིག་དང་འཕྲད་གྱུར་ཅིག༔ དེ་ཡང་སྤྱིར་གང་ཟག་དབང་པོ་ཡང་རབ་ཀྱི་རྩེ་མོ་རྣམས༔ ཕུང་པོ་ལྷག་མ་མེད་པ་གྲུབ་ཅིང་རང་བཞིན་སྐྱེ་གནས་ཀྱི་བར་དོ་ལ་གྲོལ་བ་ཡིན་ནོ༔ དེ་ལྟར་ཡང་རྒྱུད་ལས༔ གང་ཟག་རྩོལ་བ་ཅན་རྣམས་ནི༔ དེ་ལྟར་ཟད་སར་འཁྱོལ་སྲིད་དེ༔ ཞེས་གསུངས་སོ༔ དེ་ལྟར་མ་གྲོལ་བ་རྣམས་ལ་བར་དོ་བཞིར་བསྟན་ཏེ༔ རང་བཞིན་སྐྱེ་གནས་ཀྱི་བར་དོ་ནི་མའི་པདྨ་ལས་སྐྱེས་ནས་འཆི་ནད་ཀྱིས་མ་བཏབ་བར་དང་གཅིག༔ འཆི་ཁའི་བར་དོ་ཕྱི་འབྱུང་བ་བསྡུས་ནས་ནང་དབུགས་མ་ཆད་བར་དང་གཉིས༔ ཆོས་ཉིད་ཀྱི་བར་དོ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ལ་མ་ཐིམ་བར་དང་གསུམ༔ སྲིད་པའི་བར་དོ་དེ་ནས་མངལ་གྱི་སྒོར་མ་ཚུད་བར་དང་བཞིས་སྟོན་པ་ཡིན་ཏེ༔ དེ་ལྟར་ཡང་རྒྱུད་ལས༔ བར་དོ་རྣམ་པ་བཞི་ཡིན་ཏེ༔ སྐྱེ་གནས་འཆི་ཁ་ཆོས་ཉིད་སྲིད༔ ཅེས་གསུངས་སོ༔ སྐྱེ་གནས་ཞེས་པ་ནི༔ རང་གི་རིག་པ་གཞིའི་གནས་ལུགས༔ ཀ་དག་སྨྲ་བསམ་བརྗོད་ལས་འདས་པ༔ འཁོར་འདས་ཀྱི་དབྱེ་བསལ་དང་བྲལ་བ༔ སྣང་སྟོང་རིས་སུ་མ་ཆད་པ༔ ཡེ་གནས་ཀྱི་གཤིས་ལུགས་དེ་ཡིན་ཏེ༔ དེ་ངོ་ཤེས་སྒོམ་མྱོང༔ རྟོགས་པས་སངས་རྒྱས་པ་ཐོབ༔ ངོ་མ་ཤེས༔ མ་བསྒོམ༔ མ་རྟོགས་པས་འཁྲུལ་པ་སྲིད༔ འཁོར་འདས་ཀྱི་བློས་མ་རེག་པ༔ དེའི་བར་ན་གནས་པ་དེ་ངོ་མ་ཤེས༔ སྐྱེ་མེད་ལས་སྐྱེས༔ གནས་མེད་ལ་གནས་པའོ༔ དེ་ལས་གྲོལ་བའི་གདམས་པ་ནི་གོང་དུ་བསྟན་པ་རྣམས་ཡིན་ཏེ༔ དང་པོ་འཁོར་འདས་རུ་ཤན་དབྱེ༔ བར་དུ་ཁྲེགས་ཆོད་དོན་ལ་ཞུན་ཐར་ལེགས་པར་ཆོད༔ ཐ་མ་ཐོད་རྒལ་དོན་ལ་མ་ཡེངས་ཉམས་སུ་བླངས་པས་སྣང་བཞི་ཚད་དུ་འཁྱོལ༔ ཆོས་ཟད་བློ་འདས་རྟོགས༔ ཤེས་བྱའི་དྲས་ཐག་ཆོད༔ སྒྱུ་ལུས་ལྷག་མེད་དུ་ཡལ་བ་རྣམས་སོ༔ དེ་ལྟར་ཡང་རྒྱུད་ལས༔ སྐྱེ་གནས་བར་དོར་དྲས་ཐག་གཅད༔ ཅེས་གསུངས་སོ༔ སྐྱེ་གནས་བར་དོའི་གདམས་པ་ས་མཚམས་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཆི་ཁ་སྡུག་བསྔལ་གྱི་བར་དོ་ནི༔ རྒྱུད་ལས༔ འཆི་ཁར་མི་གསལ་བསྐྱར་གསལ་གདབ༔ ཅེས་གསུངས་པས༔ སྒེག་མོས་མེ་ལོང་བལྟ་བ་ལྟ་བུའི་གདམས་པ་ནི༔ དང་པོ་ནི་རྣལ་འབྱོར་པ་རབ་སྟོང་ཉིད་ལ་ཉམས་ལེན་ལ་བརྩོན་འགྲུས་དྲག་པོ་རྣམས༔ ཕྱི་ནང་གསང་བའི་འཆི་རྟགས་རྣམས་མན་ངག་ལྟར་བལྟས་ལ༔ ཕྱི་ཚོགས་གསོག་དང༔ ནང་རྟེན་འབྲེལ་དང༔ གསང་བ་ཚེ་སྒྲུབ་ཀྱིས་བསླུས་ལ༔ དེས་མ་བསླུས་ན༔ ཡང་གསང་གི་འཆི་ལྟས༔ ས་ས་ལ་ཐིམ་པས་ལུས་ཀྱི་བག་བཞི་ས་ལ་ལྷུང༔ ལྡང་མི་ནུས༔ ནང་ཤེས་པ་བན་བུན་ནམ༔ ང་ཡར་ལ་འཐེན་ཟེར་བ་འོང༔ ཆུ་ལ་ཆུ་ཐིམ་པས༔ ཁ་སྣ་ནས་ཆུ་ཙར་བ་ཞིག་འོང༔ དེ་ནས་སྐམ་སོ་དྲག་ཆགས༔ ནང་ཤེས་པ་ལང་ལོང་དུ་འོང༔ ཁ་སྐམ་ཆུ་བསྙག༔ མེ་མེ་ལ་ཐིམ་པས་རྐང་ལག་བཞི་ནས་དྲོད་འཆོར༔ སྨིན་ཕྲག་གི་དྲོད་འཆོར༔ ནང་དུ་ཤེས་པ་ནག་ཐིབ་ཐིབ་འོང༔ རླུང་རླུང་ལ་ཐིམ་པས༔ དབུགས་རྒོད་ཅིང་རྩེག་མ་མང༔ ནང་དུ་ཤེས་པ་མོག་མོག་ཏུ་འགྱུར༔ དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ༔ ཕྱི་དབུགས་ཀྲོག་གིས་ཆད༔ ནང་དབུགས་ལུས་པའི་དུས་སུ་གྲོགས་ཁྱད་པར་ཅན་ནམ༔ བླ་མ་ཡོད་ན་རབ༔ དམ་ཚིག་དང་ལྡན་པ་རྣམས་བསགས༔ ཅི་ཡོད་པས་སྔོན་འགྲོའི་ཚོགས་གསོག་བྱས༔ ཕྲེང་བ་ཙམ་ལ་ཡང་མ་ཆགས་པར་བྱའོ༔ དེ་ལྟར་དགོས་པ་ཡང་རྒྱུད་ལས༔ འཆི་ཁའི་བར་དོར་འདི་ལྟར་བྱ༔ ཕྱི་ནང་འཆི་ལྟས་ཉེར་གཅིག་བརྟག༔ ཚོགས་བསགས་རྟེན་འབྲེལ་འཆི་བ་བསླུ༔ ནང་གི་འཆི་ལྟས་ཚང་བའི་དུས༔ བླ་མ་མཆེད་དང་ལྕམ་དྲལ་ལ༔ སྔོན་འགྲོ་ཚོགས་གསག་སྤང་ཐག་བྱ༔ དེ་ནས་སྤྲུལ་སྐུའི་རྒྱུད་ཚར་གསུམ་དག་པར་བཀླགས་ལ༔ ཕུང་པོ་དེ་ཉིད་གཞོག་གཡས་པ་འོག་ཏུ་བཅུག་ལ་སེང་གེའི་ཉལ་ལུགས་སུ་བྱས་ཏེ༔ སྐུ་གསུམ་གང་རུང་གི་འཕོ་བ་གདབ་བོ༔ ཕོ་གཡས་མོ་གཡོན་གྱི་རྣ་བར་སྙུག་སྦུག་བཅུག་ལ༔ ཨེ་མ༔ རིགས་ཀྱི་བུ་དམ་པ་ཁྱོད༔ ཚེ་འདིའི་མ་དག་པའི་སྣང་བ་ལ་མ་ཆགས་ཤིག༔ མ་ཆགས་ཤིག༔ དག་པའི་སྣང་བ་རང་གི་རིག་པའི་ཡེ་ཤེས༔ རང་མདངས་སྣང་བ་ཆོས་ཉིད་ཀྱི་བར་དོ༔ འོད་སྐུ་དང༔ ཐིག་ལེ་དང༔ སྐུའི་སྣ་བ་ཡོད་ཀྱི་དེ་རང་སྣང་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་རང་མདངས་ཀྱི་སྣང་བ་ཡིན་ནོ༔ དེ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལན་གསུམ་བྱའོ༔ ཕཊ༔ བདེ་ཆེན་དག་པའི་གནས་སུ་གཤེགས་ཤིག༔ ཅེས་བྱའོ༔ གཞན་ཡང་གདམས་པ་རྣམས་གདབ་པར་བྱའོ༔ དེ་ལྟར་ཡང་རྒྱུད་ལས༔ རྒྱུད་འདི་ཚར་གསུམ་དག་པར་བཀླག༔ ཕུང་པོ་སེང་གེའི་ཉལ་ལུགས་བྱས༔ སྐུ་གསུམ་དབྱིངས་སུ་འཕོ་བར་བྱའོ༔ ཕོ་གཡས་མོ་གཡོན་རྣ་བ་རུ༔ སྙུག་སྦུག་བཅུག་ལ་དྲན་གསལ་གདབ༔ ཅེས་གསུངས་སོ༔ དེ་ནས་ཕུང་པོའི་སྙིང་གར་བཏགས་གྲོལ་རིན་པོ་ཆེས་བྲིས་པ་སྦྱར་ཞིང་ཚོགས་གསག་པར་བྱའོ༔ དེ་ཡིས་དབང་པོ་རབ་མཆོག་འོག་མ༔ ཁང་བཟང་ནས་ཁང་བཟང་དུ་འཕོ་བ་ལྟ་བུའི་གདམས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་ཉིད་འོད་གསལ་གྱི་བར་དོ་ནི༔ རྒྱུད་ལས༔ ཆོས་ཉིད་མ་པང་བུ་འཇུག་འདྲ༔ ཞེས་གསུངས་སོ༔ རང་གི་སྣང་བར་ཡིད་ཆེས་ཤིང་འདིར་ཉམས་སྣང་གོང་འཕེལ་བླ་མས་ངོ་སྤྲད་པ་རྣམས་མ་ལྟ་བུ༔ དེའི་དུས་སུ་ཤར་བ་རྣམས་བུ་ལྟ་བུ༔ དེ་ངོ་ཤེས་པར་བྱེད་པ་ཡིན་ཏེ༔ དེ་ནས་རྣམ་ཤེས་འོད་གསལ་ལམ་ནམ་མཁའ་ལ་ཐིམ་པའི་རྟགས་སུ༔ ལུས་གདོས་བཅས་བེམ་པོར་ལིང་གིས་འགྲོ་སྟེ་ས་རྡོ་དང་འདྲ༔ དབུགས་བར་སྣང་ལ་ཡལ༔ དབུགས་ཆད་རིག་པ་མེ་སྟག་ཡར་བ་ལྟ་བུའི་རྣམ་པར་གྱུར་ཏེ༔ ཆོས་ཉིད་ཀྱི་བར་དོ་ཞེས་བྱ་སྟེ་རང་སྣང་འཆར་རོ༔ རྒྱུད་ལས༔ ཆོས་ཉིད་བར་དོར་འདི་ལྟ་སྟེ༔ གདོས་བཅས་བེམ་པོར་ལིང་གིས་སོང༔ རིག་པ་མེ་སྟག་ཡར་བ་འདྲ༔ དེ་དུས་སྣང་བ་འོད་དུ་འཆར༔ ཞེས་གསུངས་པས༔ ས་རྡོ་རི་བྲག་སྣང་བ་མེད༔ སྣང་བ་ཐམས་ཅད་འོད་ལྔའི་རྣམ་པར་ལྟེམ་ལྟེམ་པ༔ མེར་མེར་གསལ་བ་བཏེག་ན་འཕར་བ༔ མནན་ན་ནེམ་ནེམ་པར་འཆར་ཏེ༔ དེའི་ངོ་སྤྲོད་ནི་འཇའ་ཚོན་གྱིས་བྱ་སྟེ་ཟུར་དུ་ཤེས་སོ༔ དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པའི་རྟགས་སུ༔ རང་གི་ལུས་འཇའ་འོད་དུ་གསལ་ཞིང་སྣང་བ་ཐམས་ཅད་ཀྱང་འོད་ཀྱི་ཞིང་ཁམས་རིགས་ལྔ་ཚོམ་བུའི་འབྲེལ་བ་བསམ་གྱིས་མི་ཁྱབ་པར་འཆར་རོ༔ དེ་ལྟར་ཡང་རྒྱུད་ལས༔ དེ་ནས་ཞིང་ཁམས་རིགས་ལྔར་འཆར༔ ཞེས་གསུངས་པས༔ དེ་དུས་རང་སྣང་རང་ཞལ་མཐོང་བ་ཞེས་བྱ་སྟེ་ཟང་ཐལ་དུ་གྲོལ་འགྲོ་བའོ༔ དེའི་ཚེ་ན་འཇུག་པའི་དུས་གསུམ་ཤེས་དགོས༔ འཇུག་པའི་དུས་ཤེས་པའི་གནད༔ གྲོལ་བའི་དུས་ལུས་ཀྱི་གནད༔ མཐར་ཕྱིན་པའི་དུས་ངོ་ཤེས་པའི་དུས་ཀྱི་གནད་ཡིན་ནོ༔ འཇུག་པ་ལ་གཉིས༔ རིག་པ་འོད་ལ་ཕར་འཇུག་པ་དང༔ འོད་རིག་པ་ལ་ཚུར་འཇུག་པའོ༔ དང་པོ་ནི༔ རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཁར་འབྲེལ་ནས༔ ཚོམ་བུའི་སྣང་བ་ལ་སེམས་ཟིན་ཏེ༔ དེའི་ངང་གི་བསམ་གཏན་ལ་ཕྲིལ་ལེ་ཞག་ལྔར་གནས་པ་འབྱུང་ངོ༔ དེ་ཡང་བསམ་གཏན་གྱི་ཞག་ཡིན་ནོ༔ འོད་རིག་པ་ལ་ཚུར་འཇུག་པ་ནི༔ རིག་པ་རང་ལུས་རྙེད་དེ༔ ཚོམ་བུ་རྣམས་ཀྱི་ཐུགས་ཀ་ནས་རང་གི་སྙིང་ཁར་ཟེར་ཐག་ཟུག་པར་སྣང་ནས༔ དེ་ནས་རང་ལ་ཚོམ་བུ་རྣམས་ཐིམ་པར་སྣང་ངོ༔ དེའི་ཚེ་ངོ་སྤྲོད་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པ་མཚན་མའི་བག་ཆགས་ལས་གྲོལ་བ་དང༔ རིག་པ་རང་ངོ་ཤེས་པས་མངོན་པར་ཤེས་པ་དྲུག་དང༔ རྗེས་དྲན་དྲུག་འབྱུང་སྟེ༔ ཕྱིར་མི་ལྡོག་པ་གྲོལ་བའི་གདེང་ཐོབ་པའོ༔ གྲོལ་བའི་དུས་ནི་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས༔ ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ༔ རྡོ་རྗེ་སེམས་དཔའི་སྣ་ཐག་ལ་སྣང་བ་རང་ཤར་དུས་ངོ་ཤེས་པར་གྱིས་ཤིག༔ དེའི་རྗེས་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས་པར་འཆར་རོ༔ ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཤར་ལུགས་བརྒྱད་དང༔ ཐིམ་ལུགས་བརྒྱད་དུས་མཉམ་དུ་འབྱུང་སྟེ༔ སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་དང༔ མི་འགྱུར་བ་གསེར་ཐུར་ལྟ་བུ་དང༔ ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་པ་དྲན་པར་བྱའོ༔ ལྷུན་གྲུབ་དེ་ཀ་དག་ཏུ་ཐིམ་པ་ཞེས་བྱ་སྟེ༔ གདོད་མའི་ས་ལ་གྲོལ་བའོ༔ ཡུན་ནི་རབ་སྐད་ཅིག་མ་ལྔའམ༔ ཉི་ཤུ་རྩ་གཅིག་ལ་གྲོལ༔ འབྲིང་ཞག་ལྔ༔ ཐ་མ་ཞག་བཅུ་བདུན་ཐོགས་སོ༔ གང་ཟག་བརྩོན་འགྲུས་འབྲིང་རྣམས་ཆོས་ཉིད་འོད་གསལ་གྱི་བར་དོར་གྲོལ་ཚུལ་བསྟན་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐ་མ་སྲིད་པ་བར་དོ་ནི༔ རྒྱུད་ལས༔ སྲིད་པར་ཝ་ཆག་མཐུད་བཞིན་གསོ༔ ཞེསས་གསུངས་སོ༔ གོང་གི་དེ་རྣམས་སུ་བརྟན་པ་མ་ཐོབ་ཅིང་མ་གྲོལ་ན༔ ཆོས་ཉིད་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནུབ་ནས༔ བར་དོའི་ལུས་ལྷ་མིག་དག་པས་མཐོང༔ ནང་ན་ནང་གིས་མཐོང་བ་དབང་པོ་ཀུན་ཚང་བ༔ ཞག་བཞི་བཅུ་རྩ་དགུའི་བར་དུ༔ རྡོ་རྗེ་གདན༔ བྱ་རྒོད་རི་བོ༔ མའི་མངལ་གསུམ་མ་གཏོགས༔ རི་ཁང་ཁྱིམ་གང་ལའང་ཐོགས་པ་མེད་པ་དང༔ གང་དྲན་གྱི་ཡུལ་དང་ཉེ་འཁོར་གྱི་རྩར་སླེབ་པ༔ གང་ལ་རྣམ་ཤེས་བཅུག་པར་ཚུགས་པ༔ མངོན་ཤེས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ༔ སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ༔ གནས་པའི་རྟེན་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུའོ༔ དེ་ལའང་འདིའི་དུས་སུ་རྡོ་རྗེ་སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་བཀུག་ནས་ཏིང་ངེ་འཛིན་གྱིས་གྲོལ་བ་ཡང་ཡོད་དོ༔ གཞན་ཐ་མལ་རྣམས་ནི་མངལ་དྲན་དུས་སུ་ཡི་དམ་གྱི་ལྷ་བསྒོམས་པས་མངལ་སྒོ་བཀག་པའམ༔ ཞེན་ལོག་དྲག་པོས་བཀག་སྟེ༔ སྔར་བླ་མས་ངོ་སྤྲད་པའམ༔ ཆོས་ཉིད་མངོན་སུམ་ལ་འདྲིས༔ ཁྱད་པར་གསང་དབང་ལ་ཡིད་ཆེས་པ་རྣམས་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་པའི་ཞིང་དྲན་པ་ཙམ་གྱིས་བག་ཆགས་ཟད་དེ༔ རྨི་ལམ་སད་པ་ལྟར༔ ཤར་ཕྱོགས་མངོན་དགར་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེས་ནས༔ རྡོ་རྗེ་མི་བསྐྱོད་པའི་ཞིང་ཁམས་སུ་དཀར་པོའི་ལུས་བླངས༔ ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས༔ ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་སུ༔ རིན་ཆེན་འབྱུང་ལྡན་དུ་བརྫུས་ཏེ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་གནས༔ དེ་བཞིན་དུ་ནུབ་དང་བྱང་དུ་གནས་ཏེ༔ དེའི་མདུན་གྱི་ནམ་མཁའ་ལ་ཁྲོ་བོའི་དཀྱིལ་འཁོར་ལམ་ལམ་མཐོང་བ་ཙམ་གྱིས་སྐད་ཅིག་མ་དེ་ལ་གྲོལ་བར་འགྱུར་རོ༔ དེ་དག་ནི་བརྩོན་འགྲུས་ཡང་མཐའི་ཡང་མཐའ་ཨ་ཏི་སྙིང་ཐིག་འདི་ལན་གཅིག་རྣ་བར་འབྲེལ་པ་ཡོད་པ་རྣམས་ཡིན་ནོ༔ རྫོགས་ཆེན་སྙིང་པོ་ཧཱུྃ་འདི་ཟབ་པའི་གནད་ཀྱིས༔ རྒྱུད་ལས་ཀྱང༔ སྲིད་པ་བར་དོར་ཝ་མཐུད་པ༔ དགག་དང་གདམས་པའི་བྱིན་རླབས་ཀྱིས༔ མངོན་དགའ་ལ་སོགས་ཞིང་ཁམས་སུ༔ བརྫུས་ཏེ་སྐྱེ་ནས་ལྔ་བརྒྱ་ན༔ བར་དོ་མེད་པར་སངས་རྒྱ་འོ༔ འདི་ཡང་ངོ་སྤྲོད་ཐེབས་པར་གཅེས༔ ཞེས་གསུངས་སོ༔ ཨེ་མ༔ ཟབ་མོའི་ཟབ་མོ་ཚིག་ཉུང་འགག་ཏུ་དྲིལ་བ་འདི༔ ཨོ་རྒྱན་བདག་གིས་སྐྱེས་གཉིས་བར་སངས་རྒྱས༔ སྔ་ཕྱི་འོང་ཚུལ་རིམ་པར་ཤེས་པ་དང༔ དམ་ཆོས་ཁ་བསྐང་ཕྱིར་ན་རིམ་པར་བྲིས༔ སྐལ་ལྡན་ཆོས་མཛད་རྣམས་ཀྱི་ནོར་བུར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱའོ༔

རྟ་མགྲིན་དབང་གི་ཟབ་པ་ལས། བརྒྱུད་པའི་གསོལ་འདེབས་བདེ་ཆེན་རང་འབར་ (Volume 26, Text 31)

རྟ་མགྲིན་དབང་གི་ཟབ་པ་ལས། བརྒྱུད་པའི་གསོལ་འདེབས་བདེ་ཆེན་རང་འབར་ཞེས་བྱ་བ་བཞུགས་སོ། །ཆགས་མེད་པདྨའི་རིགས་བདག་སྣང་མཐའ་ཡས། །གསུང་གི་དབང་ཕྱུག་ཕྱག་ན་པདྨོ་འཆང་། །གསང་བ་ཀུན་གྱི་མཛོད་འཛིན་རྡོ་རྗེ་ཆོས། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །དགའ་ཆེན་དབང་གི་ལྷ་མོ་ཙནྡྷ་ལཱི། །རྒྱལ་ཀུན་གསུང་འཛིན་འཕགས་པ་ཀླུ་སྒྲུབ་ཞབས། །སྤྱན་རས་གཟིགས་དངོས་མི་ཏྲ་ཛོ་གི་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །རྒྱལ་བ་གཉིས་པ་དཔལ་ལྡན་པདྨ་སྐྱེས། །ཚེ་དབང་ནུས་འབྱིན་ལྷ་ཡི་ལྕམ་གཅིག་མ། །བཀའ་ཡི་སྡུད་པོ་དབྱངས་ཅན་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །བསྟན་པའི་ཤིང་རྟ་ཆོས་རྒྱལ་ཡབ་སྲས་དང་། །དབང་ཆེན་བཀའ་བབ་རྒྱལ་བ་མཆོག་དབྱངས་ཞབས། །ཆོས་ཀྱི་བློ་གྲོས་ཨཱརྻ་ས་ལེ་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །ལུང་ཟིན་བཀའ་བབ་ཆོས་ཀྱི་བདག་པོ་སོགས། །གསུང་མཆོག་གྲུབ་པའི་རིག་པ་འཛིན་རྣམས་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །དབང་ཆེན་རྟ་མཆོག་རྒྱལ་པོ་ཁྲག་འཐུང་བཞི། །ཟིལ་གནོན་རྣམ་བརྒྱད་སྒོ་སྲུང་ཕོ་ཉ་སོགས། །དཀྱིལ་འཁོར་བཀའ་སྡོད་ཕྱག་བརྙན་བཅས་པ་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །ཟབ་མོའི་དབང་གིས་རྒྱུད་སྨིན་དམ་ཚིག་བརྟན། །བསྙེན་སྒྲུབ་རྣམ་བཞིས་བསྐྱེད་རིམ་མཐར་ཕྱིན་ཞིང་། །སྤྲོས་བཅས་སྤྲོས་མེད་རྫོགས་རིམ་ལམ་དུ་ལོངས། །དབང་ཆེན་རོལ་པའི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཀ་དག་ལྟ་བས་ཡེ་ཤེས་དབྱིངས་ནས་སྐུལ། །ལྷུན་གྲུབ་སྒོམ་པས་དམ་ཅན་གནད་ལ་དབབ། །ལ་ཟླའི་སྤྱོད་པས་དྲེགས་པ་ལས་ལ་སྐུལ། །རྟ་སྐད་ཐེངས་གསུམ་དགོངས་པ་མཐར་ཕྱིན་ཤོག །རླུང་སེམས་སྣང་བ་མཐའ་དག་རང་དབང་འདུས། །འབར་བའི་གར་གྱིས་གཞན་སྣང་ཟིལ་གྱིས་གནོན། །བདེ་ཆེན་རབ་འབར་དབང་གི་དཀྱིལ་འཁོར་དུ། །སྣང་སྲིད་གཞིར་རྫོགས་ཆེན་པོར་བྱང་ཆུབ་ཤོག །ཅེས་པའང་མཆིམས་ཕུ་དབེན་རྩ་མཆོག་དབྱངས་ཕུག་དབང་ཆེན་རོལ་པའི་ཚོགས་ཁང་ཆེན་པོར་བསྙེན་སྒྲུབ་འབྲེལ་འཇོག་བགྱིས་པའི་ཚེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། །།

ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ (Volume 6, Text 31)

ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ་མཐའ་ཡས་ལོངས་སྐུ་འཇིག་རྟེན་མགོན། །སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་མཚོ་རྒྱལ་མ། །སངས་རྒྱས་དབོན་པོ་ཐུགས་སྲས་ཀུན་དགའ་དཔལ། །ཨོ་རྒྱན་མགོན་པོ་ཡོན་ཏན་རྒྱལ་བའི་མཚན། །བསོད་ནམས་རྒྱལ་མཚན་ཡེ་ཤེས་རྒྱལ་བ་བཟང་། །རིན་བཟང་དོན་གྲུབ་རིན་ཆེན་ཆོས་དཔལ་བཟང་། །བསོད་ནམས་བཀྲ་ཤིས་མཚོ་སྐྱེས་རྡོ་རྗེ་འཆང་། །ཀུན་དགའ་བཀྲ་ཤིས་ངག་དབང་རྣམ་པར་རྒྱལ། །བཀྲ་ཤིས་དཔལ་གྲུབ་གྲགས་པ་ལེགས་གྲུབ་དང་། །འཇམ་དཔལ་རྒྱ་མཚོ་འཕགས་མཆོག་ངག་དབང་གྲགས། །ཕྲིན་ལས་བསྟན་འཛིན་གྲགས་པ་རིན་ཤེ་དང་། །མཐོང་ཐོས་དཔལ་འཕེལ་ཆོས་རྗེ་ཀུན་དགའི་མཚན། །ཆོས་དབྱིངས་ལྷུན་གྲུབ་ངག་དབང་བསྟན་པའི་ཉི། །པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས། །བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །དབང་བཞིས་རྒྱུད་སྨིན་སྒྲིབ་པ་རྣམ་བཞི་དག །ལམ་བཞི་མཐར་ཕྱིན་སྐུ་བཞི་མངོན་གྱུར་ནས། །བདེ་ཆེན་པདྨའི་ཞལ་དང་གྲགས་པ་དཔལ། །དབྱེར་མེད་ཕྱག་རྒྱའི་ཡེ་ཤེས་མྱུར་འགྲུབ་ཤོག །ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་སྦྱར་བ་དགེ་ལེགས་འཕེལ།། །།

དཔལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་སྙིང་པོའི་རྣམ་པར་བཤད་པ་ (Volume 25, Text 31)

༄༅། །དཔལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་སྙིང་པོའི་རྣམ་པར་བཤད་པ་བཞུགས་སོ། ། ཨོཾ་སྭསྟི། དང་པོའི་ལས་ཅན་བློ་དམན་ལ། །སྙིང་པོའི་དོན་རྟོགས་བླ་མ་ཡི། །གསུང་གི་བདུད་རྩི་འདིར་བརྗོད་བྱ། །དམིགས་པའི་རིམ་པ་ཅུང་ཟད་བྲི། །དང་པོ་ལ་རང་གི་མདུན་དུ་པདྨའི་སྡོང་པོ་རྒྱས་པའི་དབུས་སུ། རྩ་བའི་བླ་མའི་ཞལ་རང་ལ་ལྟ་བར་དམིགས། དེའི་མཐའ་བརྒྱུད་པའི་བླ་མས་བསྐོར། དེའི་མདུན་དུ་ཡི་དམ་གྱི་ལྷ། གཡས་སུ་སངས་རྒྱས་ཀྱི་རྣམ་པ། རྒྱབ་ཏུ་དམ་པའི་ཆོས། གཡོན་དུ་འཕགས་པའི་དགེ་འདུན། དེའི་དམའ་ཙམ་དུ་ཆོས་སྐྱོང་གི་རྣམ་པར་ཁྲ་ཆེམ་མེར་བཞུགས་པར་དམིགས། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་ཡང་རང་གི་བཀའ་བཞིན་བྱེད་པར་བློས་དམིགས་ལ། རང་གིས་གཙོར་བྱས་པའི་ཕ་མ་དྲིན་ཅན་ནམ་མཁའ་ཁྱབ་ཚད་ཀྱི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་འགྲོ་བ་གཅིག་བྱེད་དགོས་པར་དམིགས་པའི་ངང་ནས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཅེས་པ་ནས། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར༴ རྫོགས་པའི་སངས་རྒྱས༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན༴ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལ། རང་སེམས་མ་ཡེངས་པར་བརྒྱ་སྟོང་ཁྲི་ལ་སོགས་པར་བཟླས་པའོ། །སྐྱབས་འགྲོ་ལ་ཡང་བཞི་སྐོར་དང་དྲུག་སྐོར་གཉིས་ཡོད་པ་ལས་འདི་ནི་དྲུག་སྐོར་ཡིན་ནོ། །སངས་རྒྱས་ཆོས་དང་སོགས་ནས། འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་ནས། ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ། དེ་རྗེས་སྐྱབས་ཡུལ་རྣམས་རིམ་པ་བཞིན་དུ་བསྡུས་ནས་སྟོང་ཉིད་ལ་ཅུང་ཟད་མཉམ་པར་གཞག་གོ །ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་ལྷ་མིར་སྐྱེ་བར་འདོད་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྣམས་སྤྱི་ཁྱབ་ཏུ་བློ་དམན་རྣམས་ལ་མཁོ་བས་བྱས་པའོ། །གཉིས་པ་དངོས་གཞི་ལ་སྭ་བྷཱ་ཝས་སྟོང་པར་སྦྱང་བ་ནི། སྟོང་པའི་ངང་ལས་ཞེས་པའི་སྟོང་པ་ནི། ས་རྡོ་རི་བྲག་སོགས་དངོས་པོ་གང་ཡང་མེད་པ་ནམ་མཁའ་ལྟ་བུ། པདྨ་དང་ཉི་མའི་གདན་ལ་ཞེས་པ་ནི། པདྨ་འདབ་མ་སྣ་ཚོགས་པ་ནམ་མཁའ་ལ་མེ་ཏོག་རླུང་གིས་བཏེག་པ་འདྲ་བའི་ཟེའུ་འབྲུའི་སྟེང་དུ། ཉི་མའི་དཀྱིལ་འཁོར་མཎྜལ་ཁ་སྦུབས་པ་ལྟ་བུ་ལ། ཁོང་སྟོང་མ་ཡིན་པ་ཁ་དོག་དམར་པོ་ཚ་ཟེར་འབར་བ་དཔེར་ན་མགར་གྱི་སོལ་མལ་ནས་དྲང་བའི་ལྕགས་གོང་ལ་མེ་འབར་བ་འདྲ་བ། དེ་ཉིད་ཀྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་རིང་ཆ་ཚེག་དྲག་ཅན་མེ་ལོང་གི་སྟེང་དུ་ནས་འབྲུ་ལང་བ་ལྟར་ཡར་ལངས་ཏེ་ཡོད་པ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དགྲ་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་ཐལ་བར་བྱས། སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་རང་དང་ལྷན་ཅིག་ཏུ་ཚུར་འདུས་ཧྲཱིཿལ་ཐིམ་པས་རྐྱེན་བྱས་ཏེ། རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་ཕྱག་ཡོངས་རྫོགས་གཞུང་བཞིན་ལེགས་པར་བསྐྱེད། ཕྱག་ཐམས་ཅད་ཕྱིར་བརྐྱང་སྟེ་བགེགས་ཀྱི་རྒྱལ་པོ་གནོད་བྱེད་ཐམས་ཅད་ལ་སྡིགས་པའི་ཚུལ་བྱེད། མདུང་རྩེ་གསུམ་ནི་མདུང་ལྕགས་གསུམ་རྩ་བ་གཅིག་ཏུ་འདུས་པ་ལྟ་བུའོ། །གཞན་རྣམས་གཞུང་ལྟར་རོ། །མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་རློན་གཉིས་མི་མགོ་གཡས་དང་གླང་མགོ་གཡོན་བསྟན་པ་གཉིས་ཀ་བརྩེགས་ཏེ་རྐང་ལག་གཉིས་གཉིས་མཉམ་པར་མགྲིན་པར་དཀྲིས་པ། བསྐལ་པའི་དུས་ཀྱི་མེ་ལྟ་བུ་འཇིག་རྟེན་གསུམ་པོ་དུས་གཅིག་ལ་སྲེག་པར་བྱེད་པའི་མེ་དཔུང་དྲག་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པ། མགྲིན་པ་དང་བྱིན་པ་གཉིས་ཀྱི་བར་དུ་རང་འདྲ་བའི་ཁྲོ་བོ་གདུག་པ་ཅན་གནོད་བྱེད་ཐམས་ཅད་སྐད་ཅིག་ཕྱེ་མར་བརླག་ནུས་པ་དཔག་ཏུ་མེད་པ་གོ་མཚམས་མེད་པར་ཁྲབ་གྱོན་པ་ལྟ་བུར་གསལ་བཏབ། དེ་ལྟར་སྣང་ལ་རང་བཞིན་མེད་པ་རྔམ་འཇིགས་ཆེན་པོར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དང་། ཧཱུྃ་གི་སྟོད་དུ་ཉི་མའི་དཀྱིལ་འཁོར་སྔར་དང་འདྲ་བའི་སྟེང་དུ་ཧྲཱིཿཡིག་གི་མཐའ་སྐོར་དུ། མདུན་ནས་སྙིང་པོ་རྩ་སྔགས་རྣམས་རིམ་པ་བཞིན་དུ་གཡས་སྐོར་དུ་བཀོད་པ། དེ་ཡང་ཡིག་འབྲུ་རྣམས་མགོ་གྱེན་དུ་བསྟན་པ་ཁ་ནང་དུ་བལྟ་བ། ཡིག་འབྲུ་དམར་པོ་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོ་བ་དེ་ལ་སེམས་གཏད་དེ་བཟླས་པ་བྱ་དགོས་ལ། ལས་དང་པོ་པ་ལ་དམིགས་པ་གཅིག་ལ་སུན་འགྲོ་བ་ལྟ་བུ་འབྱུང་བ་ཡིན་པས། དང་པོ་ལྷ་སྐུ་ལ་སེམས་གཏད་ལ་སྔགས་བརྒྱ་རྩ་རེ་བཟླ། གཉིས་པ་སྔགས་ཕྲེང་དམར་པོ་ལས་སྔགས་ཕྲེང་གཉིས་པ་མཆེད་ནས་བྱུང་བར་སེམས་གཏད་ལ་དེ་ཙམ་རེ་བཟླ། གསུམ་པ་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་པས་མཉེས་པར་སེམས་གཏད་ལ་དེ་ཙམ་རེ་བཟླ། བཞི་པ་རང་གི་བ་སྤུའི་བུ་ག་ནས་ཁྲོ་ཆུང་དཔག་ཏུ་མེད་པ་ཕར་འཕྲོས་ནས་རང་ལ་གནོད་པའི་གནོད་བྱེད་ཐམས་ཅད་ཚར་བཅད་ནས། སླར་ཡང་ཁྲོ་ཆུང་རྣམས་ཚུར་ཐིམ་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། །ལྔ་པ་ཞལ་གསུམ་ཀས་སྔགས་བཟླ་བ་དང་སྣང་སྲིད་ཐམས་ཅད་ལ་སྔགས་ཀྱི་རང་སྒྲ་སྒྲོག་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། དྲུག་པ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་རང་ལ་བཟླ་གྲོགས་བྱེད་ཚུལ་བྱས་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། བདུན་པ་རང་ལྷ་སྐུར་གསལ་བཏབ་པའི་སྐུ་མདོག་རྒྱན་ཆ་ཕྱག་མཚན་ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། དམིགས་སྐོར་བདུན་པའོ། །དེ་ཐམས་ཅད་ལ་སེམས་རྩེ་གཅིག་ཏུ་བསྒྲིམ་པ་ལ་ནན་ཏན་ཆེར་བྱས་ན་ལྷ་སྲིན་སྡེ་བརྒྱད་ཀྱི་སྙིང་ཁྲག་ཐང་ལ་ལྷུང་བར་ཐེ་ཚོམ་མེད། ཕྱི་སྣོད་ནང་བཅུད་ཐམས་ཅད་འོད་གསལ་དུ་བཅུག་ལ་ཞལ་ཕྱག་ཡིག་འབྲུ་གདན་དང་བཅས་པ་བསྡུ་ཚུལ་སྟོང་ཉིད་དུ་བཞག་པ་ནི་བླ་མའི་ཞལ་རྒྱུན་ལ་བྱེད་པའོ། །སླར་ཡང་རང་ལྷ་སྐུར་ལངས་ལ་དགེ་བ་བསྔོ་ཞིང་ཐུན་མཚམས་ལ་འཇུག་ཅིང་མི་དམིགས་པས་རྒྱས་གདབ་པར་བྱའོ། །པདྨ་དབང་གི་དམིགས་སྐོར་བདུན་པོ་འདི་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་མངྒ་ལཾ།། །།

ཡེ་ཤེས་རབ་འབར་ལས༔ དྲག་པོ་གཏུམ་དྲག་དམར་ནག་གི་གསང་སྒྲུབ་ (Volume 13, Text 31)

ཡེ་ཤེས་རབ་འབར་ལས༔ དྲག་པོ་གཏུམ་དྲག་དམར་ནག་གི་གསང་སྒྲུབ་བཞུགས་སོ༔ གུ་རུ་པདྨ་དྲག་པོ་རྩལ་གྱི་གསང་སྒྲུབ་ནི༔ གྷཱུཧྱ༔སཡའུ༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་དབུས༔ དྲེགས་པ་རྒྱལ་བསེན་བསྣོལ་བའི་གདན་སྟེང་དུ༔ བདག་ཉིད་རིག་རྩལ་སྐད་ཅིག་དྲན་རྫོགས་སུ༔ ཧཱུྃ་ཡིག་དམར་ནག་ཚྭ་ཚྭ་འཕྲོས་པ་ལས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁའི་དབྱིངས་སུ་འཕྱར༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ཟིལ་གྱིས་གནོན༔ གཡོན་པས་ལྕགས་སྡིག་ནག་པོ་ཕོ་ཉར་འགྱེད༔ ཚྭ་ཚྭ་སྐར་ལྟར་འཁྲུགས་ཤིང་རྒྱལ་བསེན་གཟིར༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨིན་མ་ཨག་ཚོམ་མེ་འབར་ཁྲོ་གཉེར་བསྡུས༔ སྤྱན་གསུམ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ གླང་ཆེན་སྟོད་གཡོགས་ཞིང་ལྤགས་སྐེད་དུ་དཀྲིས༔ སྟག་ལྤགས་ཤམ་ཐབས་གདུག་པ་སྦྲུལ་གྱིས་བརྒྱན༔ གཡས་བསྐུམ་གཡོན་བརྐྱང་རོལ་པས་དྲེགས་པ་བརྫིས༔ བདེ་ཆེན་འཁོར་ལོར་འཇམ་དཔལ་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོར་དབང་ཆེན་རྟ་མགྲིན་རྒྱལ༔ ཆོས་ཀྱི་འཁོར་ལོར་ཐུགས་མཆོག་གསང་བའི་བདག༔ སྤྲུལ་པའི་འཁོར་ལོར་མཁའ་འགྲོ་སྡེ་ལྔར་ཤར༔ བདེ་སྐྱོང་འཁོར་ལོར་ཡཀྴ་མེ་དབལ་དང༔ རྒྱལ་བའི་དཀྱིལ་འཁོར་ཁྲོ་རྒྱལ་སྐུ་ལ་རྫོགས༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་གདན་ལ༔ ཧཱུྃ་དམར་མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ སྔགས་ཀྱི་ཕྲེང་བ་འོད་ཟེར་ཚྭ་ཚྭ་འཕྲོ༔ ཁྲོ་བོའི་རྒྱལ་པོ་ཡཀྴ་མེ་དབལ་ནི༔ རྡོ་རྗེ་ལྕགས་སྡིག་ཕུར་པ་འཛིན་པ་འཕྲོས༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཕྱོགས་མཚམས་སྟེང་འོག་མ་ལུས་ཧཱུྃ་གིས་གང༔ གསང་སྔགས་རྒྱལ་པོ་འབུམ་ཚོ་བཅུ་གཉིས་བཟླ༔ ཨཿཡཿམཿདུཿརུཿཙཿཤཿནཿཕཊ༔ འབྲིང་གིས་བདུན་འབུམ་སུས་བཟླས་པ༔ ཁྱི་དཀར་བྱི་བ་ཕྱི་བ་བསད༔ འབག་སེང་བཅོམ་དང་གླང་དམར་བཤས༔ དེ་ལྟར་འགྲུབ་པའི་མཚན་མ་འབྱུང༔ གསང་བ་ཡང་གསང་ཧཱུྃ་སྒྲུབ་བྱེད༔ རྫོགས་རིམ་དྲག་པོའི་ལྷ་ཁྲིད་བྱ༔ ས་མ་ཡ༔ མ་མོ་ཨེ་ཀ་ཛཱ་ཊཱི༔ གཟའ་རཱ་ཧུ་ལ༔ དམ་ཅན་རྡོ་རྗེ་ལེགས་པས་སྲུུངས་ཤིག༔ ཅེས་གྲོགས་ཀྱི་མཆོག་གྱུར་པདྨ་མཁའ་སྤྱོད་ཀྱིས་བསྐུལ་ངོར། བདག་འདྲ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། དགེའོ།། །།

ཡང་གཏེར་རྟ་མགྲིན་གཉེན་པོ་ལྷ་ལྔའི་བརྒྱུད་འདེབས་པདྨའི་ཕྲེང་མཛེས (Volume 46, Text 31)

ཡང་གཏེར་རྟ་མགྲིན་གཉེན་པོ་ལྷ་ལྔའི་བརྒྱུད་འདེབས་པདྨའི་ཕྲེང་མཛེས་ཞེས་བྱ་བ་བཞུགས། ཆོས་སྐུའི་སྟོན་པ་ཀུན་བཟང་འོད་མི་འགྱུར། །ལོངས་སྐུ་ཐུགས་ཆེན་པདྨ་གར་གྱི་དབང་། །སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ནད་གདོན་མཐར་བྱེད་ཤོག །མི་བརྗེད་གཟུངས་ཐོབ་མཁར་ཆེན་བཟའ་མཚོ་རྒྱལ། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་དང་། །སྤྲུལ་པའི་གཏེར་ཆེན་མཆོག་ལྡན་མགོན་པོ་ལ། །གསོལ་བ་འདེབས་སོ་ནད་གདོན་མཐར་བྱེད་ཤོག །ཁྲི་སྲོང་རྣམ་རོལ་པདྨ་མདོ་སྔགས་གླིང་། །རྣམ་པར་སྣང་མཛད་བློ་གྲོས་མཐའ་ཡས་དང་། །གྲུབ་པའི་རིག་འཛིན་སྣང་མཛད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ནད་གདོན་མཐར་བྱེད་ཤོག །སྨིན་གྲོལ་དོན་སྟོན་རྩ་བའི་བླ་མ་རྗེ། །ཡི་དམ་རྟ་མགྲིན་གཉེན་པོ་ལྷ་ལྔ་དང་། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ལ། །གསོལ་བ་འདེབས་སོ་ནད་གདོན་མཐར་བྱེད་ཤོག །བསྙེན་སྒྲུབ་སྐྱེད་རིམ་བཟླས་པའི་རྣལ་འབྱོར་གྱིས། །སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་ཞི། །རྫོགས་རིམ་དུག་ལྔ་ཡེ་ཤེས་ལམ་ཁྱེར་གྱིས། །རིག་པའི་རྩལ་རྫོགས་དཔལ་ཆེན་འགྲུབ་པར་ཤོག །ཅེས་པའང་ཉེ་བར་གནས་པ་དྲུང་ཡིག་ཚེ་རིང་བཀྲ་ཤིས་ཀྱིས་ལྷ་རྫས་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་ (Volume 17, Text 31)

༄༅། །འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་བཞུགས་སོ། ། བླ་མ་དང་འཇམ་དཔལ་རྡོ་རྗེ་ཁྲག་འཐུང་གི་རྒྱལ་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་བསྙེན་པར་འདོད་པས། ཐོག་མར་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་སྣོད་དང་མི་ལྡན་པའི་སྐྱེ་བོ་འདུ་འཛི་རྣམ་གཡེང་སོགས་དང་བྲལ་བའི་གནས་དབེན་ཞིང་ཡིད་དང་མཐུན་པར་རང་དབང་དུ་གྱུར་པའི་སར། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་དགེ་བར། མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡབ་འཕར་དུ་འདང་པ་སོགས་མཐུན་རྐྱེན་དུ་འབྱོར་པའི་ཡོ་བྱད་ཀྱི་དངོས་པོ་ཅི་དགོས་པ་ཐམས་ཅད་ཚང་བར་བསགས། གྲོགས་བློ་མཐུན་ཞི་དུལ་ཀུན་སྤྱོད་དང་དམ་ཚིག་དག་ལ་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བསྟེན། བསམ་པ་བསྙེན་པ་མཐར་མ་ཕྱིན་གྱི་བར་སྟན་ཐོག་འདི་ཉིད་ལས་མི་འདའ་བར་དམ་བཅའ་ཞིང་ཟླ་གྲངས་འདི་ཙམ་ལ་འགྲོ་བར་བྱེད་ཅེས་ངང་ཐུང་བློ་བཅད་ཀྱི་ཁྲིགས་མེད་པར་བྱ། དགོས་དབང་གིས་མི་དང་ཡོ་བྱད་སོགས་ཀྱི་གཏོང་ལེན་དགོས་པ་རྣམས་ཐོག་མ་ནས་མཚམས་འོག་ཏུ་འཇུག་ཅིང་དེ་ལྟར་མིན་པ་རྣམས་ནང་དུ་གཏང་ན་མཚམས་རལ་བའི་རྒྱུར་འགྲོ་བས་སྤང་བླང་དེ་དག་དང་ལྡན་པའི་སྒོ་ནས་མཚམས་ལ་འཇུག་པ་ནི་སྦྱོར་བའི་ཆོས་སོ། །དངོས་གཞི་ལ་ཞི་བར་བསྙེན་པ་དང་ཁྲོ་བོར་བསྒྲུབ་པ་གཉིས་ལས། དང་པོ་ནི། རང་གི་མདུན་དུ་འཇམ་དཔལ་གྱི་སྐུ་བྲིས་པའམ་འབུར་དུ་བཏོད་པ་དག་བཞུགས་སུ་གསོལ། དེའི་མདུན་དུ་གཙང་མའི་སྟེགས་ལ། སཱ་ལུའི་ཕྱེ་སོགས་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་རྒྱན་ཅན་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རག་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་གཙང་ཞིང་དག་པར་བཤམ། རང་ཉིད་སྐུ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ལྷོར་ཕྱོགས་པའི་གདན་ནང་ཚང་ཅན་འཇམ་ཞིང་བདེ་བའི་འོག་ཏུ་ས་དཀར་རམ་འབྲས་ཀྱིས་གཡུང་དྲུང་ཆོས་འཁོར་དུ་བྲི། གཡས་སམ་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་ཐོད་པ་མེ་ཏོག་གི་སྣོད་དང་བཅས་པ་བཞག །གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པའི་ཆས་ཐམས་ཅད་ཚང་ཞིང་བདེ་བར་བཤམ། དེ་ནས་ཉམས་ལེན་གྱི་ངོ་བོ་ནི་ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པར་སྒྲུབ་པ་ལ། ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པ་ལས། ཐོག་མར་བདེ་བའི་སྟན་ལ་འདུག་ནས། ཨྱཻ། ཨེ་ཉིད་སྟོང་པ་ཞེས་པ་ཙམ་གྱིས་སྐད་ཅིག་གིས་གཤིན་རྗེ་གཤེད་པོའི་ང་རྒྱལ་བརྟན་པོར་བཟུང་། གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན་པ་ལས་བྱང་ལྟར་བྱས་པའི་མཐར་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་པ་སོགས་ནན་ཆེར་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་རྒྱལ་པོ་ཆེན་པོ་བཞིར་མོས་མཆོད་གཏོར་ཕུལ་ནས། བར་ཆད་སྲུང་བའི་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱ། དེ་ནས་རང་ཉིད་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འབར་བའི་འཁོར་ལོ་རྩིབས་བཅུ་པ་རྩེ་མོ་སྟེང་འོག་ཕྱོགས་མཚམས་སོ་སོར་བསྟན་པའི་སྦུབས་ནང་རྩིབས་རྩེ་སོ་སོར་ཕྱོགས་སྐྱོང་བཅུ་དང་ཉི་མའི་གདན་རེ་རེའི་ཁར། ཧཱུྃ་ཡིག་ནག་པོ་བཅུ་ལས་ཁྲོ་བོ་བཅུ་ཀ་ནག་པོ་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ཁྲོ་བོའི་རྔམ་བརྗིད་འབར་བ། དེའི་ནང་དུ་རྒྱུ་ཨཱ་ལི་ཀཱ་ལི་ལས་གྲུབ་པའི་ཐབས་ཤེས་ཉི་ཟླ་འོད་ཀྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་དང་བྲལ་བ། འཁོར་ལོའི་ཕྱི་རོལ་གྱི་འོག་རྡོ་རྗེའི་ས་གཞིར་བརྡལ་བ་ལ་སོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བས་ཟླུམ་པོར་བསྐོར་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བའི་དྲ་བས་བཅིངས་པ། སྟེང་ནས་རྡོ་རྗེའི་གུར་ཟླུམ་པོར་ཕུབ་པའི་ཕྱིའི་ངོས་ལས་རྡོ་རྗེའི་ལུ་གུ་རྒྱུད་ཟར་ཚགས་སུ་འཕྱང་བ། རྩེ་མོར་རྡོ་རྗེའི་ཏོག་གིས་སྤྲས་པ། བར་མཚམས་ཐམས་ཅད་རྡོ་རྗེ་ཕྲ་མོས་གོ་སྐབས་མེད་པར་གཏམས་པ། དེའི་ནང་དུ་རྡོ་རྗེའི་བླ་རེ་གདུགས་ལྟར་ཕུབ་པ། དེའི་ཕྱི་རོལ་དུ་རལ་གྲི་མདའ་མདུང་ཕུར་བུ་སོགས་རྣོ་ངར་གཅོད་པའི་དབལ་དང་ལྡན་པའི་མཚོན་ཆ་ཐམས་ཅད་རྩེ་མོ་ཕྱིར་གཟིངས་པའི་མཐར། ཡེ་ཤེས་ཀྱི་མེ་ཁ་དོག་རྣམ་ལྔ་དུས་མཐའི་མེའི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བའི་རྩེ་མོ་ནས་ཁྲོ་བོ་འཆོལ་པ་དང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཕྲོ་བས། བར་ཆད་བདུད་དཔུང་ཐམས་ཅད་བསྲེགས་ཤིང་ཐལ་བར་བྱེད་པས་ཕྱོགས་ཀུན་ཁྱབ་པར་རྩེ་གཅིག་ཏུ་བསམས་ལ། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔སོགས་ནས། ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ཅེས་པའི་བར་བརྗོད། སྲུང་འཁོར་འདི་ནི་མཚམས་གྲོལ་རྒྱུའི་ཐུན་མཐའ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་འགོར་ཡང་གསལ་འདེབས་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་ཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་ངེས་པ་ཞི་སྒྲུབ་བཞིན་བྱེད། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པ་ཉིད་དང། དེའི་རང་མདངས་སྙིང་རྗེ་ཆེན་པོ། གཉིས་ཀ་ཟུང་འཇུག་ཏུ་བསྒོམས་པ་ལས་རྒྱུའི་འཇམ་དཔལ་དྷཱིཿཡིག་གསེར་ཞུན་མ་ལྟ་བུ་ལས་དམ་ཚིག་གི་འཁོར་ལོ་བསྒོམ་པ་གཞུང་བཞིན་ལས། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། ཨོཾ། ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། །བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཆེ། །མ་ལུས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཨེ་ཧྱེ་ཧི་ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཞེས་པ་ནས། ཨ་བྷི་ཥིཉྩ་མི༔ཞེས་པའི་བར་ལས་བྱང་བཞིན་བརྗོད་པས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བྱའོ། །ཕྱི་ནང་གི་མཆོད་པས་མཆོད་ནས། རང་གི་སྙིང་གར་པད་ཟླའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྤུས་བྲིས་པ་ལྟ་བུ། དེའི་མཐར་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པའི་ཡིག་འབྲུ་བདུན་པོ་ཕྲ་ཞིང་གསལ་བ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས། འོད་ཉི་ཟེར་ལྟ་བུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད། འོད་ཟེར་དེས་རེག་པའི་ཞིང་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ཏེ་བཟླས་པ་བྱ་བ་ལས། ཐོག་མར་བགྲང་ཕྲེང་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿཡིག་ལས་བྱུང་བའི་འཇམ་དཔལ་གཞོན་ནུའི་སྐུར་གྱུར། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་མོས་ཏེ། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ཡེ་ཧཱུྃ་ཕཊ། ཅེས་བཟླས་ནས་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ཡང་བཟླས་པ་བྱ་བའི་ཚེ་རང་ཉིད་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བའི་འདུན་པ་རྩེ་གཅིག་པས་བཟླས་ཤིང་། དེ་ལ་ནན་ཏན་བྱས་པས་རིམ་བཞིན་གོམས་པ་ན་ཡེངས་མེད་དམ་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་གྱི་ངང་ནས་བཟླས་པ་ཚེགས་མེད་པར་འགྲོ་ཞིང་། ཐོག་མར་བག་ཡངས་པོས་གནད་དུ་མ་གཅུན་པར་བཟླས་ན་རྣམ་རྟོག་ཆུ་གཉེར་ལྟར་ཟད་མཐའ་མེད་པའི་ངང་ལ་བཟླས་པ་ཇི་ཙམ་སོང་མི་ཚོར་བ་དོན་མེད་ངལ་བའི་རྒྱུར་འགྲོ་བས། དྲན་འདུན་རྩེ་གཅིག་པའི་ངང་ནས་ཚིག་གཞན་གྱིས་བར་མ་ཆོད་པར་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་སྐྱོན་དང་བྲལ་བར་བཟླ་ཞིང་ཐུན་མཚམས་སུ་སླེབས་པ་ན་དབྱངས་གསལ་སྤེལ་ཚིག་ཅན་ལན་བདུན་བཟླས་ནས། ཆོས་དབྱིངས་ཡེ་ཤེས་མས་བསྟོད། ལས་བྱང་བཞིན་འོད་གསལ་དུ་བཅུག་པས་དགེ་བ་བསྔོ། མཚམས་འདིར་དགེ་སྦྱོར་གཞན་བྱེད་དགོས་དང་བཟའ་བཏུང་སོགས་བྱེད། དེ་ནས་སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས་དངོས་གཞི་ཕྲེང་བ་བྱིན་རླབས་ཙམ་མ་གཏོགས་སྒོམ་བཟླས་བསྟོད་པ་དང་བཅས་པ་སྔར་བཞིན་སོང་ནས། སྲོད་ཐུན་དང་པོ་འདིར་ཚོགས་མཆོད་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་སོགས་རྒྱས་པར་བྱས་ལ་འོད་གསལ་དུ་འཇུག་ཅིང་། དེའི་རྗེས་སུ་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་སྣང་མ་འགགས་པའི་འཆར་སྒོ་སྒྱུ་མའི་རོལ་པ་ལྟར་ཤར་བ་ལས། དོན་དམ་པར་སྐྱེ་འགག་གནས་བྲལ་སྤང་བླང་མཚན་མའི་རེ་དོགས་ཐམས་ཅད་ལས་འདས་པའི་རང་རིག་འགྱུར་མེད་བདེ་ཆེན་ཀ་དག་གི་ངང་ལ་མཉམ་པར་ཅི་གནས་སུ་བཞག་ལ་དྲན་འདུན་ཤེས་བཞིན་པའི་ངང་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབས་པ་ན། ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལམ་གྱིས་ལངས་ནས་ཐུན་མོང་གི་རྒྱུད་སྦྱང་བ་དང་ཚོགས་གསག་རྣམས་ཡིད་དང་འདྲེས་པར་བྱས་ནས། ང་རྒྱལ་སྲུང་འཁོར་བྱིན་འབེབ་མཆོད་རྫས་བྱིན་རླབས་རྣམས་སྔོན་དུ་འགྲོ་བས་སྒོམ་བཟླས་ཐུན་མཚམས་ལ་ཐུག་གི་བར་སྔར་གྱི་དགོང་ཐུན་བཞིན་དང་། ཐུན་མཚམས་འདིར་ཆུ་གཏོར་དང་སྔ་དྲོའི་དགེ་སྦྱོར་ཆག་མེད་རྣམས་བྱེད་ཅིང་བཟའ་བཏུང་སོགས་ལ་རོལ། གཉིས་པ་སྔ་ཐུན་གྱི་ནི་འོད་གསལ་དུ་འཇུག་པའི་བར་སྔར་གྱི་དགོང་ཐུན་ཇི་ལྟ་བ་བཞིན་ནོ། །གསུམ་པ་དགོང་ཐུན་དང་། བཞི་པ་སྲོད་ཐུན་གྱི་བར་སྔར་བཤད་པ་ལྟར་ལས་དམིགས་བསལ་བསྒྱུར་ཁ་མེད། དེ་ལྟར་ཐུན་བཞིའི་རིམ་པས་སྙིང་པོ་འབུམ་ཕྲག་བདུན་རྫོགས་པའི་ཉིན་རྗེས་མའི་ཐོར་ཐུན་དང་སྔ་ཐུན་གཉིས་ཀའི་རྗེས་སུ་ཡིག་བརྒྱ་གང་མང་བཟླ་ཞིང་། ཁྱད་པར་སྔ་ཐུན་གྱི་རྗེས་སུ་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་། མདུན་གྱི་གཏོར་མ་ལྷར་གསལ་བ་ལས་དངོས་གྲུབ་ལེན་པ་དང་རྗེས་ཆོག་ཤིས་བརྗོད་སྨོན་ལམ་དང་བཅས་པ་མཐའ་རྒྱས་སུ་བྱའོ། །དེ་དག་ནི་ཞི་སྒྲུབ་ཀྱི་ཚུལ་ལོ། །གཉིས་པ་ཁྲོ་བོར་སྒྲུབ་པའི་ཚུལ་ལ། ཞི་བསྙེན་གྲོལ་བའི་ཉིན་གྱི་དགོང་ཐུན་ནམ། དེ་ཉིན་ངལ་གསོས་ཏེ་སང་གི་དགོང་ཐུན་གང་ཡང་རུང་བར་དབུ་བཙུགས་ཏེ། ཡོ་བྱད་བཅའ་ཚུལ་སྤྱི་ཙམ་གོང་དུ་བཤད་པ་ལྟར་ཡིན་ཞིང་ཁྱད་པར་ནི། མདུན་དུ་གཤིན་རྗེའི་གཤེད་ཀྱི་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ་སྟེགས་བུ་དར་རམ་རས་བཟང་པོས་བཀབ་པའི་ཁར་མེ་ཏོག་གི་སིལ་མ་བཀྲམ། རིན་པོ་ཆེའམ་ཐོད་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་མཆོད་པ་སོགས་བཟང་ཞིང་རྒྱ་ཆེ་བར་བཤམས་ནས། བདེ་བའི་སྟན་ལ་འདུག་སྟེ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱང་བ་དང་། སྐྱབས་སེམས་ཚོགས་གསག་རྣམས་ལེགས་པར་བྱས་ནས། གཞི་བགེགས་ཀྱི་གཏོར་མ་བསྔོ་ཞིང་མཚམས་གཅོད་སྲུང་འཁོར་སོགས་སྔར་བཞིན་ནན་ཏན་དུ་བྱེད། བྱིན་དབབ་དང་མཆོད་རྫས་བྱིན་རླབས་ནས་བཟུང་དམ་གསོལ་གྱི་བར་ཚིག་རྗེས་སུ་དོན་རྣམས་ཤིན་ཏུ་གསལ་བ། ཐ་མལ་གྱི་རྣམ་པར་རྟོག་པས་བར་མ་ཆོད་པ་རྫོགས་པར་བསྒོམས་ཤིང་བར་ཆོད་ན་དེ་ཉིད་ནས་སླར་ཡང་དྲན་འདུན་གྱིས་བཟུང་། བཟླས་པ་ལ་འཇུག་ཁར་རང་ཉིད་གཙོ་བོའི་སྐུ་མདོག་ཞལ་ཕྱག་ལ་སོགས་པ་རྣམ་པ་གསལ་བ་དང་། བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་དངོས་ཡིན་སྙམ་པའི་ང་རྒྱལ་ཤུགས་དྲག་པོ་རྒྱུན་ཅི་རིང་དུ་བསྒོམས་ནས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ །དེ་ནས་རུ་རཀྴའི་བགྲང་ཕྲེང་སྙིམ་པར་བཟུང་སྟེ་བསང་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧཱུྃ་ཡིག་ལས་སྐྱེས་པའི་གཤིན་རྗེའི་གཤེད་པོའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་དུ་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོའི་ཕྲེང་བར་གྱུར་པར་བསམ་ལ་ཨོཾ་རུ་ཙི་ར་མ་སོགས་ལན་བདུན་བརྗོད་ནས་ཕུས་འདེབས་ཤིང་དབྱངས་གསལ་བརྗོད། དེ་ནས་བཟླས་པ་བྱ་བ་ནི། སྔར་གྱི་གསལ་སྣང་དང་ང་རྒྱལ་དྲན་བཞིན་པ་ལས། ཁྱད་པར་བདག་གཙོ་བོའི་ཐུགས་ཀར་དཀར་དམར་འོད་ཀྱི་འཁོར་ལོ་གུར་ཁྱིམ་ཕུབ་པ་ལྟ་བུའི་དབུས་སུ། པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་ཞི་འཛུམ་ལོངས་སྐུའི་ཆས་ཅན་རལ་གྲི་དང་པོ་ཏི་འཛིན་པ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ག་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་མཐིང་ཞུན་མས་བྲིས་པ་ལྟ་བུ་ཁ་དོག་ལྔའི་འོད་ཟེར་འབར་བ་གཡས་སུ་འཁོར་བ། དེ་ལས་སྔགས་ཀྱི་རང་སྒྲ་དང་བཅས་པའི་འོད་ཟེར་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ་མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་ནས་བདེ་ཆེན་གྱི་ཞིང་དུ་དྲངས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་དཔག་ཏུ་མེད་པ་བསྒྲུབས་ནས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས། མཚོ་ལ་ཆར་བབ་པ་བཞིན་སྔགས་ཕྲེང་ལ་ཐིམ་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར། དེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་སྣང་བརྙན་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲར་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་བུང་བ་ཚང་ཞིག་པ་ལྟར་དིར་དིར་སྒྲོག་པར་མོས་པ་བརྟན་པོ་ནན་ཏན་དུ་བྱས་ལ་བཟླས་པ་བྱ་སྟེ། སྔགས་ཚིག་ནི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་རྩ་བའི་སྙིང་པོ་འདི་འབུམ་ཕྲག་གཅིག་མ་སོང་གི་བར་ཐུན་བཞི་ཀ་ལ་དེ་ཁོ་ནར་ཆིག་དྲིལ་གྱིས་བཟླ་ཞིང་། ཐུན་བསྡུ་བ་ན་དབྱངས་གསལ་དང་ཡིག་བརྒྱའི་མཐར། ཨོཾ་ཡ་མཱནྟ་ཀ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་གསུམ་མམ་བདུན་བཟླ། དེ་ནས་རྫོགས་རིམ་བསྒོམ་སྟེ། དེའི་དོན་ནི་ལྷའི་རྣམ་པ་དེ་ཐམས་ཅད་ཀྱང་རྣམ་པ་གསལ་བ་གཞན་དབང་རང་བཞིན་ཀུན་བརྟགས་ཀྱིས་སྟོང་པ། ངོ་བོ་ཟུང་འཇུག་ཡོངས་གྲུབ་ཀྱི་ལྷར་གདོད་ནས་གནས་པའི་ངེས་ཤེས་བརྟན་པོ་ཤུགས་དྲག་ཏུ་བསྐྱེད་པ་སྟེ་རྩ་སྒྲུབ་ཀྱི།་་་དེ་ལྟར་གསལ་ཞིང་བསྐྱེད་པའི་ལྷ་དེ་ཀུན༔ སྣང་ཞིང་སྟོང་ལ་སྟོང་ཞིང་ཀུན་ནས་སྣང༔ སྣང་སྟོང་གཉིས་མེད་ངང་དུ་བསྐྱེད་རིམ་སྦྱང༔ ཞེས་དང༔ སྣང་ཞིང་སྟོང་ལ་གཞི་མེད་རྩ་བ་བྲལ༔ ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ༔ མཆན། ཞེས་པའི་དོན་བཞིན་བསྒོམས་པ་ལས་ཁམས་གསུམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་མདངས་སུ་ཤེས་ནས་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་སྟེ་ཐ་མལ་གྱི་རྣམ་རྟོག་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་རང་ཞི་ལ་སོང་ནས་སྣང་བ་ལྷའི་རོལ་པར་འཆར་བར་བྱེད་པའི་གནད་དམ་པའོ། །རྫོགས་རིམ་དེ་ལས་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསྔོ་སྨོན་ཤིས་བརྗོད་དང་སྤྱོད་ལམ་ལ་འཇུག །སྲོད་ཐུན་ལ་སྔར་བཞིན་སྐྱབས་སེམས་ཚོགས་གསག་ཚོགས་ཞིང་བསྡུ་བའི་བར་སོང་ནས། སྲུང་འཁོར་གྱི་མཇུག་ཏུ་ཐུན་མཚམས་ཀྱི་ལྷ་འོད་གསལ་དུ་བཅུག་ནས་ཏིང་ངེ་འཛིན་གསུམ་ནས་རྫོགས་རིམ་གྱི་བར་སྔར་བཞིན་བྱས་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། འདི་ནུབ་ཁྲོ་བོ་བསྙེན་པའི་ཞག་དང་པོ་ཡིན་པས་ཚོགས་མཆོད་བསྐུལ་ཆད་ཐོ་བརྟན་སྐྱོང་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ནས། སྙིང་གར་ཧཱུྃ་ཡིག་མཐིང་ཁ་གསལ་ལ་དྭངས་པ་ཞིག་ལ་འདུན་པ་རྩེ་གཅིག་ཏུ་གཏད་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབ་པ་ན་རང་ཉིད་གཤིན་རྗེའི་གཤེད་པོར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་སྔོན་གཏོར་བཞག་པའི་སྐྱབས་སེམས་ཚོགས་གསག་སྲུང་འཁོར་བྱིན་དབབ་མཆོད་རྫས་རློབ་པ་རྣམས་སྔོན་དུ་འགྲོ་བས། ཏིང་འཛིན་གསུམ་ནས་བཟུང་སྟེ་འོད་གསལ་དུ་འཇུག་པའི་རྗེས་སུ་བསྔོ་སྨོན་བྱ་བ་སོགས་སྔར་གྱི་དགོང་ཐུན་དང་འདྲ། དེ་ནས་སྔ་ཐུན། དགོང་ཐུན། སྲོད་ཐུན་གསུམ་ལ་སྔོན་འགྲོ་སྐྱབས་སེམས་ཚོགས་གསག་ཙམ་གྱིས་ཆོག །ཏིང་འཛིན་གསུམ་ནས་སྤྱན་འདྲེན་གྱི་བར་དཀྱུས་བཞིན་དང་། མཆོད་བསྟོད་སོགས་བཟླས་པ་འགྲོ་ཆེ་ཁྱད་ཀྱིས་བསྡུས་པ་བྱེད། དམ་གསོལ་དང་ཕྲེང་བ་བྱིན་རླབས་སོགས་མི་དགོས། བསྐྱེད་རིམ་གྱི་གསལ་སྣང་ང་རྒྱལ་ལ་ནན་ཏན་བྱ། བཟླས་མཐར་དབྱངས་གསལ་དང་ཡིག་བརྒྱ་སྤེལ་ཚིག་ཅན་གསུམ་རེ་བཟླ། ཐུན་བར་མ་གཉིས་ལ་རྫོགས་རིམ་གྱི་རྗེས་སུ་བསྔོ་སྨོན་ཤིས་བརྗོད་དང་ཐུན་མཚམས་ཀྱི་ལྷར་ལྡང་། ཐུན་མཐའ་མའི་རྫོགས་རིམ་གྱི་རྗེས་སུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། ཚོགས་མཆོད་གྲུབ་ན་ལེགས། མ་གྲུབ་ཀྱང་ཆོག །གང་ལྟར་ཡང་ཉེར་བསྡུ་བསྔོ་སྨོན་ནས་ཉལ་བའི་རྣལ་འབྱོར་གྱི་བར་སྔར་ཁོ་ན་བཞིན་ནོ། །དེ་ལྟར་ཐུན་བཞིའི་ངེས་པ་ཁོ་ནས་སྟན་གྱི་དྲོད་མ་ཡལ་བ་དང་ཐུན་སྒང་དུ་མི་ཚིག་གིས་བར་མ་ཆོད་པར། སྙིང་པོ་ཆིག་འབུམ། ཉེ་སྙིང་སུམ་འབུམ། རྩ་སྔགས་བདུན་འབུམ། ཡ་མ་རཱ་ཛ་ཉིས་ཁྲི་རྣམས་འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་གིས་ཁ་སྐོང་བ་རྣམས་གྲངས་བསྙེན་པའི་དབང་དུ་བྱས་པ་ཡིན་ཅིང་། དུས་བསྙེན་ནི་ཟླ་བ་དྲུག །མཚན་མའི་བསྙེན་པ་ལ་གྲངས་ངེས་མེད་དོ། །རྩ་བའི་གྲངས་ཚད་རྫོགས་པའི་སྐབས་འདི་ཉིད་དུ་ལས་གཤིན་གྱི་བསྙེན་པ་བྱ་བར་སྤྲོ་ན། སྒྲུབ་གཏོར་གྱི་མདུན་ངོས་སྟེགས་དམའ་བར་མཎྜལ་དུག་ཁྲག་གིས་བྱུགས་པར་རྡུལ་ཚོན་ནམ་ཆུ་ཚོན་གང་རུང་གིས། ཆོས་འབྱུང་མཐིང་ནག་མུ་རན་མེ་རི་དང་བཅས་པའི་དབུས་གླིང་དགུར་བཅད་པའི་ལྟེ་བར་ཉི་གདན་ཐོད་དབྱུག་ཡས་མཚན་པ་བྲི། གཞན་བརྒྱད་ལ་སོ་སོའི་སྲོག་ཡིག་གམ་ཕྱག་མཚན་བྲི། དབུས་སུ་མཉྫའི་ཁར་དམར་གཏོར་སྐུ་རྟེན་དར་ནག་པོའི་གུར་གྱིས་བརྒྱན་པ་བཞག །མཐར་སྒོར་མཆོད་གཏོར་མ་དང་བཅས་པ་བཤམ། དེ་ནས་བདག་བསྐྱེད་ཐུན་བཞིའི་རྣལ་འབྱོར་བྱིངས་སྔར་བཞིན་ལས་བཟླས་པ་ཕྲེང་སྐོར་རེ་ཙམ་བཟླས་རྗེས་རྫོགས་རིམ་བསྒོམ། དེ་ནས་སྒོས་ཀྱི་མཆོད་གཏོར་བྱིན་རླབས་སྔོན་དུ་འགྲོ་བས་ཤཱུནྱ་ཏཱ་ཞེས་པ་ནས་བསྟོད་པའི་བར་ཕོ་ཉ་མྱུར་མགྱོགས་བཞིན་སོང་རྗེས་བདག་གི་སྙེམས་པ་མཆོག་ཏུ་བརྟན་པོས། ལས་གཤིན་གྱི་ཐུགས་ཀར་ཉི་མ་ལ་གནས་པས་སོགས་དམིགས་པའི་འཕྲོ་འདུ་ཤིན་ཏུ་གསལ་བ་དང་བཅས་པས་བཟླས་པ་ཅི་ནུས་བྱས་པའི་རྗེས་སུ་མཆོད་བསྟོད་བསྡུས་པ་དང་ཡིག་བརྒྱ། འདོད་པའི་དོན་ལ་གསོལ་བ་གདབ། ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། གཞན་ཡང་ཐུན་བཞིའི་རིམ་པ་སོ་སོའི་རྗེས་ཆོག་ཉལ་བའི་རྣལ་འབྱོར་གྱི་བར་སྔར་བཞིན་བྱ་བ་ཡིན་ནོ། །གྲངས་ཚད་ནི་འབུམ་ཕྲག་གཅིག་ལ་བྱའོ། །ཐུན་མཚམས་སུ་བཟླས་པ་བགྱིས་པ་རྣམས་ནི་རྩ་བའི་གྲངས་ཚད་ལ་མི་བརྩི་ཞིང་འོན་ཀྱང་ངག་ནུས་བསྐྱེད་པ་སོགས་ཀྱི་དགོས་པ་ཡོད་པས་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་སྐབས་དེ་དག་ཏུ་ཡང་བཟླ་བར་བྱའོ། །དེ་ལྟར་གྲངས་དུས་མཚན་མའི་བསྙེན་པ་གསུམ་པོ་གང་བྱེད་ཀྱང་རུང་སྟེ་ནངས་པར་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་བཟུང་སླར་ཡང་མཆོད་གཏོར་གསར་པ་མང་དུ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ཐུན་བཞིའི་བབས་སྤྱིར་སྔར་དང་འདྲ་བ་ལས་ཁྱད་པར་མདུན་གྱི་གཏོར་མ་་་སྒྲུབ་རྫས་རྣམས། མཆན། ཡང་བདག་བསྐྱེད་བསྒོམ་པ་དང་མཉམ་དུ་འཇུག་པ་གཅིག་གིས་བསྒྲུབ་ཅིང་དམིགས་པའི་འཕྲོ་འདུ་ཟབ་མོ་་་བཟླས་པའི་སྐབས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་སྔགས་འབྲུ་དང་འོད་ཟེར་གྱི་རྣམ་པས་སྤྱན་དྲངས་ནས་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། མཆན། དང་སྦྱར་ཏེ་རྩ་སྔགས་རྣམས་ཀྱི་མཇུག་ཏུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བཟླ་ཞིང་། ཧཱུྃ༔ དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ ཞེས་སོགས་དངོས་གྲུབ་བསྐུལ་བ་ཡང་བྱེད། རྫོགས་རིམ་མན་སྔར་གྱི་ཐུན་བཞི་ལྟ་བུ་ལས་སྲོད་ཐུན་ལ་ཚོགས་མཆོད་ངེས་པར་བྱ། དེ་ནས་གྲོལ་རྒྱུའི་སྔ་ཐུན་གྱི་དུས་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་གཏང་ཞིང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་འབུལ། སྐོང་བཤགས་ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་རྣམས་སོང་རྗེས་སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད། འཁོན་གཅུགས་སྦྱང་ཕྱིར་ཡིག་བརྒྱ་མང་དུ་བཟླ། དེ་ནས། ཧཱུྃ༔ དགོངས་ཤིག་སོགས་ཀྱིས་དངོས་གྲུབ་བསྐུལ་རྗེས། མདུན་སྐྱེད་དང་སྒྲུབ་གཏོར་གྱི་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པའི་མོས་པ་བྱ་ཞིང་གཏོར་མ་་་སྒྲུབ་རྫས་རྣམས། མཆན། གནས་གསུམ་དུ་འཇོག །ལྷ་འོད་དུ་ཞུ་རྗེས་གཏོར་མ་དམ་རྫས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱང་སྟེ་ལུས་ཟག་མེད་ཀྱི་བདུད་རྩི་ཆེར་འཕེལ་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་བའི་བདེ་བ་ཆེན་པོ་ལ་མཉམ་པར་བཞག །མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །སྐབས་འདིར་སྲུང་ཟློག་བསད་པའི་ལས་སྦྱོར་གྱིས་བསྡུ་བར་སྤྲོ་ན་སྔ་ཐུན་འདི་ཉིད་ཀྱི་མུ་ནས་ལས་དཀྱིལ་གཏོར་མ་དང་ཟོར་རྫས་ལིངྒ་ཐུན་དང་བཅས་ལག་ལེན་བཞིན་བཤམ། ཆོ་ག་དངོས་གཞི་ནི་ཐུན་བཞིའི་རིམ་པ་ཁོ་ན་སྟེ། ལས་གསུམ་རྐྱང་པར་སྒྲུབ་ན་སྲུང་བ་ཟློག་པ་བསད་པ་གསུམ་ཀ་སོ་སོའི་རྟགས་མཐོང་གི་བར་དུ་རིམ་པ་བཞིན་སོ་སོར་སྒྲུབ་པའམ། འོན་ཏེ་ཞག་གི་རིམ་པ་ཙམ་གྱིས་བསྒྲུབས་ཀྱང་རུང་། བསྙེན་སྒྲུབ་ཀྱི་རྗེས་འདིར་ཟོར་ཡང་བའི་དབང་དུ་བྱེད་ན། ཐོ་རངས་བསྙེན་སྒྲུབ། སྔ་དྲོ་སྲུང་བ། ཕྱི་དྲོ་ཟློག་པ། སྲོད་ལ་བསད་པ་རྣམས་ཐུན་བཞིའི་རིམ་པས་ཞག་བདུན་ནམ་ལྔ་གསུམ་གང་རུང་བསྒྲུབས་རྗེས་ནུབ་མཐའ་མའི་ཚེ་ཟོར་འཕང་བ་རྣམས་བྱ་ཞིང་། འདི་དག་གི་མན་ངག་དང་ཆོ་གའི་ལས་རིམ་རྣམས་ཟོར་ལས་རྒྱས་པའི་སྐབས་སུ་སྤྲོ་བསྡུ་སྨོས་པ་རྣམས་འདོར་ལེན་བྱེད་པ་ཙམ་མ་གཏོགས། གཞན་མ་ལག་ལེན་གནད་ཀྱི་གསེར་ཐུར་དུ་ཞིབ་མོར་བྲིས་པ་ཉིད་ལ་དཔྱད་པས་བདེ་བླག་ཏུ་རྟོགས་པ་ཡོད་དོ། །ལས་གསུམ་གྱི་མཇུག་བསྡུ་བྱེད་མི་བྱེད་གང་ཡིན་ཡང་ཁ་སྐོང་ནི་ངེས་པར་དགོས་ཏེ། ཇི་སྐད་དུ། སྦྱིན་སྲེག་ལྷ་རྣམས་ཚིམ་པར་བྱེད། །ཚིམ་པ་ལས་ནི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་གམ་མ་ཚང་ན། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །ཞེས་དང་། གསང་སྔགས་མ་བཟླས་མི་འགྲུབ་ཅིང། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ཞེས་པས་སྔགས་བཟླས་པའི་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། སྙིང་པོ་ཉེ་སྙིང་ཐམས་ཅད་ལ་མ་གྲུབ་ཀྱང་རྩ་སྔགས་ཉིད་འབུམ་ཚོ་བདུན་གྱི་དབང་དུ་བྱས་པའི་ཁ་སྐོང་གི་སྦྱིན་སྲེག་བདུན་ཁྲི་བྱ་དགོས་ཏེ། ཆོ་གའི་རིམ་པ་ནི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལྟ་བུས་ཁོག་ཕུབ་པའམ་གཞན་གྱིས་ཀྱང་རུང་། འདས་པའི་མེ་ལྷ་གོ་བརྗེ་བ་དང་། རྫས་གཞན་རྣམ་གྲངས་ཅི་འབྱོར་དང་ཏིལ་གྱི་རྫས་སྔགས་རྣམས་བདུན་ཁྲིར་ལོངས་པ་འབུལ་དགོས་ལ། སྤེལ་ཚིག་ནི། ཏིང་ངེ་འཛིན་མ་གསལ་བ་དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། རྗེས་སུ་ལས་གཤིན་ལ་ཡང་བརྒྱ་རྩ་ཙམ་འབུལ། ཆོ་གའི་ལྷག་མ་ནི་སྤྱི་ལྟར་རོ། །གལ་ཏེ་སྦྱིན་སྲེག་མ་གྲུབ་ན་སྔགས་ཀྱིས་ཁ་སྐོང་ཙམ་གྱིས་ཀྱང་རུང་སྟེ་ཁུངས་ཡོད་དོ། །དེ་ལྟར་ལས་རྣམས་མཐར་ཕྱིན་ནས་མཚམས་གྲོལ་བའི་ཚེ། ཆོས་སྐྱོང་གཞི་བདག་སོགས་ལ་ཡང་གཏང་རག་གི་མཆོད་གཏོར་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བར་བྱའོ། །སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི། ཤེས་པ་བྱིངས་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པ་བཟླ། ཤེས་པ་རྒོད་ནས་དམིགས་པ་མི་གསལ་ན་ཏིང་འཛིན་སེམས་དཔའ་ཁོ་ན་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་ཤུབ་བུར་བཟླ། སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱི་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིག་སྟེ་ཧུར་སྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན་མྱུར་དུ་འགྲོ་བར་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་སྐྱེད་ཅིང་ངལ་བ་མི་བྱ། སྐབས་རེར་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བརྟེན། གཡེངས་ཤིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀབ་པའི་གཏམ་བྱ་བ་སྐད་དང། གཞན་ལ་བྱིན་རླབས་དང་སྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་པར་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ །མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། བཅུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེངས་ཤིང་ཉོག་པ་སེམས་མི་བདེ་ཞིང་གཉིད་ཡུར་བ་སོགས་བྱུང་ནས། སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་བསླངས་པ་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་བར་ལོངས་མི་སྤྱོད། སྤྱིར་ཡང་མཚམས་ཀྱི་མགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུག་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུའི་གཉེར་མ་ལྟར་ཤར་ན་ཐོལ་སྐྱེས་དེ་དག་དྲན་པས་ཚིར་བཟུང་། ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་དང་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་པ་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འབྲེག །ཁ་ལག་མི་བཀྲུ། སྟན་མི་སྤྲུགས། གདན་གྱི་དྲོད་མ་ཡལ་བར་བྱེད། མཚམས་གྲོལ་ནས་ཀྱང་ཐོག་མར་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པར་བྱས་ཏེ་གྲིབ་དང་བགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །དེ་ལྟར་ཚུལ་བཞིན་དུ་ལེགས་པར་བསྙེན་པ་ལས་རྡོ་རྗེ་ཐེག་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་བསྙེངས་པ་མི་མངའ་བའི་དབང་ཕྱུག་ཆེན་པོར་འགྱུར་བར་གདོན་མི་ཟའོ། །འཇམ་པའི་རྡོ་རྗེ་ཡེ་ཤེས་སྒྱུ་དྲྭའི་གར། །མི་བཟད་བདུད་སྡེའི་གཤེད་དུ་ཆེར་ཁྲོས་པ། ཁྲག་འཐུང་འཁོར་འདས་བརྟན་གཡོའི་ཕྱག་རྒྱ་ཀུན། །ཟིལ་གནོན་དཔལ་ཆེན་དུས་དགྲའི་དབང་པོ་ཀྱེ། །གང་གི་དངོས་གྲུབ་འདོད་འཇོའི་ཡིད་བཞིན་ནོར། །དཀའ་བ་མེད་པར་སྒྲུབ་བྱེད་མྱུར་བདེའི་སྐྱེས། །དུས་མཐའི་སྔགས་འཆང་བརྩོན་པ་ཆེ་ཐང་གིས། །དུབ་པ་དེ་དག་ངལ་གསོའི་སྐྱེས་སུ་སྦྱིན། །གང་འདིར་གཏེར་གཞུང་རྩ་བའི་སྒྲུབས་ཐབས་དང། །འཁྲུལ་མེད་མན་ངག་དུ་མའི་གནད་འདོམས་པར། །བརྗོད་པ་འདིས་ཐོབ་བསོད་ནམས་ཡེ་ཤེས་ཀྱི། །རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་གྱུར་ཅིག །འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་ཡིག་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། གཅུང་ལོ་ཙཱ་བ་ངག་དབང་ཆོས་དཔལ་གྱིས་རིང་མོ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཡུལ་དབུས་ཀྱི་རི་བོ་པོ་ཏ་ལའི་རྒྱལ་པོའི་ཁབ་ཆེན་པོར་སྦྱར་བའོ།། །།

པདྨ་གསང་བའི་ཐིག་ལེ་ལས། ཕྲིན་ལས་རྣམ་པ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུག་གི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ (Volume 63, Text 31)

༄༅། །པདྨ་གསང་བའི་ཐིག་ལེ་ལས། ཕྲིན་ལས་རྣམ་པ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུག་གི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡ། ཡེ་ཤེས་འབར་བའི་མེ་ལྕེ་ཡིས། །འཁྲུལ་རྟོག་ཚང་ཚིང་སྲེག་མཛད་ཅིང་། །ཚོགས་གཉིས་སྣང་བ་རྒྱས་མཛད་པའི། །འཆི་མེད་དཀྱིལ་འཁོར་ལྷ་ལ་འདུད། །དེ་མཉེས་བྱེད་པའི་ཐབས་ཀྱི་སྒོ། །མྱུར་མགྱོགས་ཁྱད་པར་འཕགས་པའི་ལམ། །ཕྲིན་ལས་རྣམ་བཞིའི་འགྱུར་བ་ཅན། །ནོར་བུ་སྣ་ཚོགས་མདོག་ཅན་སྤེལ། །དེ་ཡང་པདྨ་ཟབ་པ་རྩ་བའི་རྒྱུད་ཀྱི་ཁ་སྐོང་མན་ངག་འཐོར་བུའི་རྒྱུད་ལས། ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་བལྟས་དང༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ སྲེག་བླུག་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་འགྲུབ་མེ་ཡི་སྦྱོར་བ་འོ༔ ཞེས་གསུངས་པ་ལྟར་ལག་ཏུ་བླང་བ་ལ། གང་དུ་བྱ་བའི་གཞིར། ས་གླུད་གཏོར་མ་གསེར་སྐྱེམས་ཉེར་སྤྱོད་སོགས་བཤམས་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། མཆོད་གཏོར་རྣམས་ལས་ཆུས་བྲན། ཧྱ་གྲཱྀ་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱི་བྱིན་གྱིས་བརླབས། ཨ་ཀཱ་རོ་མུ་ཁཾ་གིས་བསྔོས་ལ། ཀྱཻ། དགོངས་ཤིག་ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་། །གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན། །རིན་ཆེན་ས་གླུད་མཆོད་གཏོར་འདི་བཞེས་ལ། །བདག་གིས་གནས་འདིར་བྱང་ཆུབ་སྒྲུབ་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ། །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་མཆོད་གཏོར་གཙང་སར་གཤེགས། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་སྔགས་ལན་གསུམ་བརྗོད་ཅིང་དེ་ཉིད་ཀྱི་དོན་བསམ་པས་ས་གཞི་དྲི་མ་མེད་པར་སྦྱང་ངོ་།། ༈ །།དེ་ལ་ཐོག་མར་ཞི་བ་ལས་ཐམས་ཅད་པའི་སྲེག་བླུག་ལ་སྦྱོར་བ་དང་དངོས་གཞི་རྗེས་གསུམ། དང་པོ་ལ་ཆོ་གར་མ་གཏོགས་པའི་སྦྱོར་བ་ནི། བཀྲ་ཤིས་པའི་ས་ལ་སྟེག་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ། དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་དང་མཐུན་པར་གདབ། དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱི་རོལ་དུ་སོར་བཞིའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ། ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཟླུམ་བསྐོར་ཐ་མར་མེ་རི་དང་། ཕྱི་མཐར་རྡོ་རྗེའི་ཕྲེང་བ་དང་བཅས་པར་ནག་པོ་སོགས་ཚོན་སེལ་གྱིས་མ་གོས་པར་བྲི། སྲོག་ཆགས་མེད་པའི་བའི་ལྕི་བ་སྐམ་པོ་ཟླུམ་པོར་བརྩེགས་ལ་དཀར་པོའི་དར་གྱིས་བཀབ་སྟེ། མེ་ཏོག་དང་འབྲུ་དཀར་པོ་ལས་བཅོས་པའི་གཏོར་མ་དཀར་ཟླུམ་པད་འདབ་ཅན། ཤེལ་སོགས་རིན་པོ་ཆེའི་རིགས་ཁ་དོག་དཀར་པོ་དང་། སྡིག་པ་ཞི་བ་ལ་ཏིལ་སོགས་ཁྱད་པར་གྱི་རྫས་གང་མང་བསགས། འོ་མ་ཅན་གྱི་ཤིང་ཁྲུ་གང་གི་ཚད་དུ་ལོང་བའི་ཡམ་ཤིང་། སྣོད་ཀྱང་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ། ཚེས་གྲངས་ཡར་ངོ་ལྟ་བུ་དང་། སྒྲུབ་པ་པོ་ཆས་གོས་དཀར་པོ་ཞི་བའི་སེམས་དང་ལྡན་པའི་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་ལ། གཡས་གཡོན་དུ་མཆོད་སྲེག་གི་རྫས། དགང་གཟར་བླུག །མར་ཁུ། མེ་ཡོལ། རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སོང་ནས། རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ་སྲེག་བླུག་གི་བྱ་བ་ལ་འཇུག་པར་བསམ་ལ། རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན། མཱུྃ་ལས་དྲིལ་བུ་ཤེས་རབ་ཀྱི་ངོ་བོ། གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཞེས་བསམ་ལ་རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་བེ་བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་བྱིན་བརླབས། དགང་བླུག་བསང་སྦྱང་། སྟོང་པའི་ངང་ལས་དགང་བླུག་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། མཆོད་སྲེག་གི་རྫས་རྣམས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་ལན་གསུམ་རེས་བྱིན་བརླབས། སྲེག་རྫས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་སྔགས་རྒྱ་དང་བཅས་པས་བསྔོས། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བགེགས་གཏོར་བསྔོ་ཞིང་མཚམས་བཅད། དེ་ནས་གཙུབ་ཤིང་ངམ་དགོན་པ་ལས་བྱུང་བའི་དུ་བ་མེད་པའི་མེ་སྦར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་ཏེ་མར་ཁུས་ཀྱང་གསོ་འོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན་ཏེ། ཧྱ་གྲཱྀ་ཝས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་གེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་ཀྱི་རྩེ་མོ་གཤིབས་པ་དག་སྒྲུབ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མོ་ཤར་དང་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས།། །།གཉིས་པ་དངོས་གཞིའི་དང་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་དོག་དཀར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་གཡས་སུ་འབར་བའི་ཀློང་དུ། པཾ་ལས་པདྨ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ། གཡས་མེ་ཡི་འཁོར་ལོ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲང་པར་བསམ་ལ། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་མཐེ་བོང་གཡབ་ལ། ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་ཤོག །ཆིབས་སུ་ར་སྐྱེས་ཁམ་པ་འཆིབ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་སྔགས་བརྗོད་ཅིང་ལས་ཆུས་བྲན་ཏེ་ཕྱིར་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་དབྱེར་མེད་དུ་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་གདན་ལ་བཞུགས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་མཆོད་ཡོན་སྦྲེང་། ཨ་ཏི་པཱུ་ཧོས་ཕྱག་འཚལ། ཨོཾ། ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །དཔག་མེད་ནམ་མཁའ་གང་བའི་ཚོགས། །མེ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཕྲིན་ལས་སྒྲུབ་ཏུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་མཛད་མེ་ལྷ་ཉིད་ལ་འདུད། །ཅེས་པས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་རཿསྭཱ་ཧཱ། ཞེས་པས་དུང་ཤེལ་སོགས་རིན་པོ་ཆེའི་རྒྱན་ཕུལ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་བསམ་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུག་བཟུང་ལ། ཨོཾ་བི་མ་ལ་ཨགྣེ་སྭཱ་ཧཱ། ཞེས་བླུག་གཟར་གྱིས་མར་ཁུ་ལན་བདུན་བཀང་སྟེ་པུས་མོའི་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀཿཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེས་མཚོན་ཏེ་རྫས་གཞན་ལ། ཡམ་ཤིང་། ཨོཾ་བཻ་ཤྭེ་ཧསྟ་བཛྲ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པུ་ལེ་མ་ཧཱ་ད་ར་བཻ་ཤྭེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་གོང་གི་སྤེལ་ཚིག་བརྗོད་ལ་གྲངས་ཇི་ལྟར་རིགས་པ་འབུལ། དེ་དག་གི་སྐབས་སུ། སྲེག་རྫས་བདུད་རྩིའི་རྒྱུན་ཕུལ་པ་མེ་ལྷས་བཞེས་ཏེ་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཡང་འོད་ཟེར་བདུད་རྩིའི་རྒྱུན་ཅན་གྱིས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །མཐར་དགང་བླུག་ལན་གསུམ་དང་། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོས་ལ་སྐབས་འདིར་དངོས་སུ་མི་འབུལ། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །འདོད་པ་ཐམས་ཅད་སྟེར་མཛད་པ། །བདག་གཞན་དོན་གཉིས་བརྩོན་ལ་བཞུགས། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །དམ་བཅས་བཞིན་དུ་མེ་ཡི་ལས། །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་ཐལ་མོ་སྦྱར་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི། བྱད་ཕུར། རྦོད་གཏོང་། ཆག་ཆེ། ཉམ་ང་། དགྲ་རྐུན། བྱད་མ། བསམ་ངན་སྦྱོར་རྩུབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལས་བཅོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ངོ་། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང་། འབྲེལ་བའོ། །དང་པོ་ནི་བུད་ཤིང་ཅུང་ཟད་ཁ་གསོས། ཐབ་ལས་ཆུས་བསང་། དམ་ཚིག་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་གསལ་ལ་རྫོགས་པ་འོད་ཟེར་ དཀར་པོའི་ ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་བསམ་ལ། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས། འོག་གི་བྱོན་སྐྱེམས་ནས་བརྩམ་སྲེག་བླུག་རྫོགས་པར་འབུལ། གཉིས་པ་གལ་ཏེ་སྒྲུབ་མཆོད་དང་འབྲེལ་ན། བུད་ཤིང་ཁ་གསོས་ལ། ཧཱུྃ། རིག་པའི་རྒྱལ་པོ་མེ་ལྷ་ཡི། །ཐུགས་ཀ་འབྱམས་ཀླས་ཆོས་དབྱིངས་སུ། །སྣོད་བཅུད་དངོས་འཛིན་དག་པའི་དབུས། །ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨར་བཅས༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ། །དེ་ནས་སྤྱན་འདྲེན་པ་ནི། དབྱངས་དང་རོལ་མོ་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། ཨཱ་བཻ་ཤ་ཡ་ཨ་ཨ་ཨཱ༔ ཞེས་སྒྲུབ་དཀྱིལ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པར་བསམ་ལ་གཙོ་འཁོར་གྱི་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པ་སྤྱན་དྲངས་ཏེ་གཙོ་འཁོར་སོ་སོའི་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན། ཞེས་སྤྱན་དྲངས་པ་སླར་ཡང་གསལ་གདབ་པའི་ཚུལ་གྱིས། ཧཱུྃ། བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་གྱི། །དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ ཧྲཱིཿཡིག་དཀར་པོ་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཅེས་པས་གསལ་གདབ། དེ་ནས་ལས་བྱང་ལྟར་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་སོང་ནས། སྒྲུབ་མཆོད་དང་འབྲེལ་མ་འབྲེལ་གང་ལྟར་ཡང་། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ་སྲེག་རྫས་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ལྷ་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། རྩ་སྔགས་ལ་གོང་ལྟར་འདོད་གསོལ་དང་བཅས་པ་སྦྱར་ཏེ་བྱོན་སྐྱེམས་ནས་བརྩམ་རྫས་རྣམས་རྫོགས་པར་འབུལ། རྫས་རྣམས་རྫོགས་པའི་སྐབས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ལ། སླར་ཡང་དགང་བླུག་སྔར་བཞིན་འབུལ། ཨོཾ་བཛྲ་ཝསཏྲ་ཡེ་སྭཱ་ཧཱས་གོས་གསར་པ་དང་། ཨོཾ་བཛྲ་ཏམ་བུ་ལཱ་ཡ་སྭཱ་ཧཱ། ཞེས་སོ་རྩི་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིངྟ་མ་ཧཱ་རཀྟ་མ་ཧཱ་ཡོ་གི་དྷརྨ་དྷཱ་ཏུ་པཱུ་ཛཿཧོཿ ཞེས་སྔགས་ཙམ་གྱིས་ཉེར་སྤྱོད་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་འབུལ། ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ ཅེས་བསྟོད་ལ། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། སྒྲུབ་མཆོད་དང་མི་འབྲེལ་ཚེ། ཨོཾ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱི་གཤེགས་གསོལ་བྱ། འབྲེལ་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་ཏེ། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་ལ་བཀུར་སྟི་དང་བཅས་ཏེ་ཚོམ་བུ་དཀྱིལ་འཁོར་གྱི་རང་གནས་སུ་སྤྱན་དྲངས་ཏེ་བསྟིམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ། འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པ་སླར་ཡང་གསལ་བར་བསམ་ལ་བྱོན་སྐྱེམས་བཞིན་དགང་བླུག་ཕུལ། སྲེག་རྫས་སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་། རྫས་དང་ཡོ་བྱད་མ་ཚང་བ། ཏིང་ངེ་འཛིན་མ་གསལ་བ། ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གོས་ཟུང་སོ་རྩི་སྔགས་དང་བཅས་ཕུལ། ཨོཾ་བཛྲ་པུཥྤེ་ནས་ཤབྡའི་བར་གྱིས་མཆོད་ཅིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུཿ ཞེས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པའི་མེ་ལྷ་རང་གི་སྙིང་ཁར་ཐིམ་པར་བསམ། ལས་མཇུག་བྲོ་ཡིས་བརྡུང་བ་ནི། བྲོ་ར་ཟླུམ་པོར་བསྐོར་ལ་ཞི་བའི་སེམས་ཀྱིས། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་བྲོ་བརྡུང་། དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་ཆབ་ཀྱིས་གཞིལ་ཏེ་ཐལ་སོལ་ཆུ་བོ་ཆེན་པོར་དོར་བར་བྱའོ།། །། ༈ གཉིས་པ་རྒྱས་པ་ལས་ཐམས་ཅད་པའི་སྲེག་བླུག་ནི། ཐབ་དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་ཁྲུ་རེ་གཞལ་བའི་སར་གྲུ་བཞིར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཟུར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་སྐོར། དེའི་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གམ་ཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པ་གྲུ་བཞིར་བརྩེགས། མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུམ་སོགས་ལས་བཅོས་པའི་གཏོར་མ་གྲུ་བཞི་པད་འདབ་ཅན། འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་མར་ཁུས་སྦགས་པ། ཤིང་ཏོག་དང་མེ་ཏོག་རིན་པོ་ཆེ་སེར་པོ། ཁྱད་པར་དུ་ཚེ་འཕེལ་བ་ལ་དཱུརྦ་སོགས་གང་གཙོ་བོ་བྱེད་པའི་རྫས་མང་དུ་བསགས། སྣོད་ཀྱང་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཚེས་བརྒྱད་དང་བཅོ་ལྔ་སོགས་སྔ་དྲོའི་ཆ་ལ་སློབ་དཔོན་ཆས་གོས་སེར་པོ་དང་བཅས་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་བལྟས་པས་འཁོད་ལ་ལས་རིམ་ལ་འཇུག །གོང་གི་ཚིག་རིས་ཞི་བ་དང་དཀར་པོ་སོགས་ལ། རྒྱས་མཛད་དང་། སེར་གསལ་སོགས་སུ་ཁ་བསྒྱུར། རྒྱལ་རིགས་ཀྱི་ཁྱིམ་དང་གཙུབ་ཤིང་ལས་བྱུང་བའི་མེ་སྦར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་ཀློང་དུ། རྒྱས་པའི་མེ་ལྷ་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ལྡན་ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་དང་གཡོན་ན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་སེར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་སོགས་དང་། སྤྱན་འདྲེན་སྐབས། མི་མཐུན་འཇིགས་བརྒྱད་མལ་དུ། ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར། །ཞེས་སྦྱར། བྱོན་སྐྱེམས་སྐབས། མཐེབ་མཛུབ་རྩེ་སྤྲད་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུག་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། དམིགས་པ་ནི། སྲེག་རྫས་ཕུལ་པས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་མ་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་། ནོར་བུའི་ཆར་བབས་ཏེ་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆུས་སྲིད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུའང་མཁྱེན་བརྩེ་ནུས་མཐུ་ཉམས་རྟོགས་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་ལུས་དང་ཁྱིམ་གང་། ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། མཆོད་བསྟོད་ཀྱི་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་མཐར། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཞེས་འབུལ། བྲོ་བརྡུང་སྐབས་རྒྱས་པའི་སེམས་དང་བྲོ་ར་གྲུ་བཞིར་བཅས་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་གཞུང་ལྟར་བྲོ་བརྡུང་། མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་བང་མཛོད་དུ་སྦའོ།། །། ༈ གསུམ་པ་དབང་གི་སྦྱིན་སྲེག་ནི། སྟེགས་བུ་མྱོས་བྱེད་དང་ཆོས་སྨན་གྱིས་བྱུགས་ཤིང་སིནྡྷུ་ར་བརྡལ་བའི་སྟེང་དུ། དབུས་སུ་ཟླ་གམ་རྒྱར་མཐོ་དོ། སྲིད་དུ་ཁྲུ་གང་བ་པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དམར་པོ་གཡོན་སྐོར་དང་། མེ་ཏོག་དམར་པོ་ལྕགས་ཀྱུའི་ཕྲེང་བ། ཟུར་ལའང་དེ་ལྟར་བྲི། དམར་པོའི་གཞི་ལ་དེ་དང་མི་ཟློས་པའི་དམར་སེར་ལྟ་བུས་གཅད། ཁ་དོག་མི་མཐུན་པའི་ཚོན་སེལ་མི་རྒྱག་པ་འདི་གནད་དུ་ཆེའོ། །དེ་སྟེང་ཁ་དོག་དམར་པོའི་ཤིང་ཁྲུ་གང་བ་མྱོས་བྱེད་ཀྱིས་བྲན་པ་ཟླ་གམ་དུ་བརྩེགས། བུ་རམ་དང་འབྲས་དམར་རམ་བུའི་ཕྱེ་མ་སོགས་མར་ལ་བསྲེས་པའི་དབང་གི་གཏོར་མ་དམར་པོ་དབྱིབས་ཟླ་གམ་པད་འདབ་ལྔ་པ། སྨན་རཀ །ཏིལ་མར་གྱི་མར་ཁུ། ཙནྡ་དམར་པོ་སོགས་སྐྱུར་བའི་ཤིང་སྡོང་སོར་ལྔ་པའམ་གསུམ་པ་བུ་རམ་དང་མར་ཁུས་རྩེ་མོ་དང་། སིནྡྷུ་ར་དང་མཚལ་གྱིས་རྩ་བ་བྱུགས་པ། ཤིང་ཐོག་དམར་པོ་དང་། དར་དམར། ཁྱད་པར་གྱི་རྫས་མེ་ཏོག་དམར་པོ། མངར་གསུམ། རཀྟ་སོ་ལྔ། བྱེ་རུ་སོགས་རིན་པོ་ཆེ་དམར་པོ། སྣོད་སྤྱད་རྣམས་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ། དུས་དམར་ཕྱོགས་ཀྱི་ཚེས་བཅུ་སོགས་ཀྱི་དགོང་མོའི་ཆར། སློབ་དཔོན་ཆས་གོས་དམར་པོ་ཆགས་པའི་སེམས་དང་ལྡན་པས་པད་སྐྱིལ་གྱིས་ཁ་ནུབ་ཏུ་ཕྱོགས་པས་འཁོད། འདོན་བྱ་ཞི་བ་དང་དཀར་པོ་སོགས་ལ། དབང་དང་དམར་པོ། དབང་མཛད་དང་དམར་གསལ་སོགས་བསྒྱུར་རོ། །རོལ་མོ་མཁན་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ་སྦར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་དབང་གི་ཐབ་ཁུང་ཁ་དོག་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོའི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་བཞིར་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ་དྭངས་གསལ་འོད་ཟེར་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ། དབང་གི་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཕྱག་གཡས་དབང་མཛད་མེ་ཡི་འཁོར་ལོ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དམར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་ཞེས་བསྒྱུར། སྤྱན་འདྲེན་སྐབས། ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །ཞེས་དང་། བྱོན་སྐྱེམས་སྐབས། ལག་པ་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པའི་པདྨའི་ཕྱག་རྒྱས་དགང་བླུག་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ། ཞེས་སྦྱར། དམིགས་པ་ནི། འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་དཔལ་འབྱོར་དངོས་གྲུབ་ཤེས་རབ་ཡེ་ཤེས་ཐམས་ཅད་དབང་དུ་འདུས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ། རྒྱལ་བློན་བཙུན་མོ། འགྲོ་བ་ཕོ་མོ། ཟས་ནོར་ལོངས་སྤྱོད། དྲེགས་ལྡན་མི་དང་མི་མིན་མཐའ་དག་རང་དབང་མེད་པར་ཆོས་བཞིན་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་སྦྱར། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འཆར་ཁའི་ཟེར་ཐག་ལྟ་བུའི་འོད་དམར་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བས་མཉེས་པར་བསམ། ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་པ་བཞིས་དབང་དུ་བསྡུ་བའི་ནུས་མཐུ་ལ་མངའ་བརྙེས་པར་བསམ། མཆོད་བསྟོད་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་འབུལ་སྐབས། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་ཞིང་། རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་དབང་དུ་འདུ་བར་གྱུར་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་བརྗོད། བྲོ་བརྡུང་སྐབས་ཆགས་པའི་སེམས་ཀྱིས་བྲོ་ར་ཟླ་གམ་དུ་བསྐོར་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་བྱང་ལྟར་བྲོ་བརྡུང་། ཐབ་ཀྱི་མེ་རང་ཞིའམ་ཆང་གིས་གཞིལ་ཏེ་ཐལ་སོལ་རི་རྩེར་རླུང་ལ་ཕྱར་བའམ་ཆུ་ཆེན་དུ་བསྐྱལ་ལོ།། །། ༈ བཞི་པ་དྲག་པོའི་སྲེག་བླུག་ལ། དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རིམ་པ་གསུམ་གྱི་རྣམ་པ་ལྟེ་བར་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲི། དཀར་པོ་ལ་སོགས་པའི་ཚོན་སེལ་གྱིས་མ་གོས་པར་དུག་ཤིང་ལ་དུག་ཁྲག་གིས་བྲན་པའི་ཧོམ་གྲུ་གསུམ་དུ་བརྩེགས། ཚེར་མ་ཅན་གྱི་ཤིང་ལ་ཚ་བ་གསུམ་གྱིས་བྲན་པའི་ཡམ་ཤིང་དང་། མར་ནག་ཚིལ་ཞུན་གྱིས་སྦགས་པ། དགྲ་བགེགས་མིང་རུས་བླ་དྭགས་དང་བཅས་པའི་ལིང་ག་གྲངས་ལྡན། དྲག་པོའི་རྫས་ལྕགས་ཟངས་རྡོ་ཕྱེ། ཤ་སྣ་དུག་དང་བསྲེས་པའི་རིལ་བུ། མར་ནག་རྨེ་ནལ་གྱི་ཁྲག་གིས་སྦགས་པ། ཏིལ་དང་ཡུངས་དཀར། ཚ་བ་གསུམ། ཟག་རྫས་བག་ཕྱེ་དང་བསྲེས་པའི་རིལ་བུ་བཅས་རྫས་རྣམས་ལྕགས་སམ་ཐོད་སྣོད་དུ་རིམ་པར་བཀོད། འབྲུ་ནག་དང་ཁྲག་སྐྱེམས་སྦྱར་བའི་དྲག་པོའི་གཏོར་མ་གྲུ་གསུམ་དབལ་ཅན། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོད་དང་། སློབ་དཔོན་ཆས་གོས་ནག་པོ་དང་ལྡན་པས་གཏུམ་པའི་སེམས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད། མཆོད་རྫས་བྱིན་རླབས་སྐབས། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་དུ་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། སྨན་རཀ་གཏོར་སྔགས་སྦྱར་བས་བྱིན་བརླབས། སྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་སྣོད་དུ་ནྲྀ་ཏྲི་ལས་བྱུང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པ་ནམ་མཁའི་ཁམས་གང་བར་གྱུར། རྩ་སྔགས་མཐར། ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ ཞེས་བྱིན་བརླབས། མེ་ཐབ་བསྐྱེད་སྐབས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་མཐིང་ནག་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ར་སྐྱེས་ཁམ་པ་ལ་གནས་པའི་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་གྱི་ཚུལ་ཅན་འཇིགས་སུ་རུང་བ། གཡས་དྲག་པོའི་མེ་ཧོམ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅིང་ཞེས་སྦྱར། སྤྱན་འདྲེན་སྐབས། དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར། །ཞེས་དང་། བྱོན་སྐྱེམས་སྐབས། མེ་ལྷའི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རཾ་དང་དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་པ་དང་། དགང་བླུག་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཆེ་གེ་མོ་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་སྒྲུབ་ཏུ་གསོལ། ཞེས་བརྗོད། ཡམ་ཤིང་། ཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས་ནས་སྔར་བཞིན། མཱ་ར་ཡ་རྦད། ཅེས་དང་། མར་ཁུ། ཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས། རྫས་གཞན་རྣམས། ཨོཾ་ཨགྣེ་ཀྲོ་དྷ་ཡ་དགྲ་བགེགས་ཤ་ཏྲུན་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་བླ་ཚེ་སྲོག་དབུགས། ལོངས་སྤྱོད་མངའ་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ལ་མིང་ཙམ་མེད་པར་ཐལ་བར་བརླག་པར་མཛོད་ཅིག །ཅེས་རྫས་རྣམས་གྲངས་ཚང་བར་འབུལ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་སྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ། ཅེས་ཕྲིན་ལས་གསོལ། འདས་པའི་སྐབས། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་བསམ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རཾ་དང་། དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། མར་ཁུ་རྩ་སྔགས་བདུན་གྱིས་དགང་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་སོགས་ནས། མཱ་ར་ཡ་རྦད། ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་འབུལ། དེ་ནས་དམིགས་བྱའི་རཱུ་པ་སོགས་རྫས་རྣམས་ལ་འགུགས་གཞུག་ལན་གསུམ་སོགས་དང་། ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ གཏུམ་ཆེན་རྔམས་པ་ཁྲོས་པའི་ལྷ༔ འབར་བ་ཆེན་པོའི་སྐུར་བཞེངས་ལ༔ བདག་ལྟ་གཉིས་འཛིན་བདུད་སྡེའི་དཔུང༔ མཚན་མ་རྫས་ཀྱི་རྟེན་ལ་ཁུག༔ ཤེས་རབ་རྡོ་རྗེའི་མཚོན་ཆེན་གྱིས༔ ལོག་རྟོག་འཁོར་བ་རྡུལ་དུ་རློགས༔ དུག་ལྔའི་རང་བཞིན་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་གྷ་ཎ་རཽ་ཌི་ཁ་རཾ་ཡོ་གི་ཁཱ་ཧི་ཧོ༔ ཞེས་བརྗོད་ལ་ཁ་སྦྱོར་དབྱེ་བའི་སྦྱོར་བ་བྱ། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདི། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཞལ་དུ་འབུལ། །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །རྩ་སྔགས་ཀྱི་མཐར་གནོད་བྱེད་དགྲ་བགེགས་བྱད་མའི་ཙིཏྟ་ཛྭ་ལ་རཾ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་རྫས་རྣམས་འབུལ། གྲངས་རྫོགས་པ་ན། ན་མོ། རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས་སྤེལ་ཚིག་གོང་ལྟར་བྱ། ཚུལ་དེས་ཇི་ཙམ་གྱི་གྲངས་རྫོགས་པར་ཕུལ་བའི་མཐར། གོས་ཟུང་དང་སོ་རྩི་འབུལ། མཆོད་བསྟོད་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་སྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ། ཅེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ་བ་ནས་བརྩམ་གཤེགས་སུ་གསོལ་བའི་བར་གོང་གི་ལས་གཞན་བཞིན་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་སྐབས། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་སྟེ། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མཱ་ར་ཡ་རྦད། ཅེས་པས་འབུལ། བྲོ་བརྡུང་སྐབས་ཁྲོས་པའི་སེམས་ཀྱིས་བྲོ་ར་གྲུ་གསུམ་དུ་བསྐོར་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་བྱང་ལྟར་བྲོ་བརྡུང་། བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་། མེ་དུག་ཁྲག་གི་ཆུས་བསད་པའི་ཐལ་སོལ་ལ་འགུགས་གཞུག་དང་གནས་མི་ལྡང་བའི་ཕྱིར་གནན་པར་བྱའོ།། །། ༈ དེ་ལྟར་ཕྱི་ཡི་སྲེག་བླུག་གི་བྱ་བ་འདི་དག །སྤྲོས་པ་མེད་པའི་རྣལ་འབྱོར་ལ་གཞོལ་བར་འདོད་པ་རྣམས་ཀྱིས་ཟས་ཟ་བའི་ཚེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། ལག་པའི་དགང་བླུག་གིས་ཁའི་ཐབ་ཁུང་དུ་ཕུལ་བས་གཏུམ་མོའི་མེས་སྦྱངས་ཏེ་ཕུང་ཁམས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་པ་ནང་དང་། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་སུ་ཆགས་པའི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་སྟེ་རོ་རྐྱང་གི་དགང་བླུག་གིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་པར་བསམ་པ་གསང་བ་དང་། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེར་ཐབས་ཤེས་ཟུང་འཇུག་གི་དགང་བླུག་གིས་གཉིས་སྣང་མཚན་མའི་སྲེག་རྫས་ཐམས་ཅད་ཕུལ་བས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་མཉམ་དུ་འགྱུར་བའི་གནས་ལ་རྩེ་གཅིག་ཏུ་བརྩོན་པར་ཡང་གསང་གི་སྲེག་བླུག་རྣམས་བྱའོ། །འདིར་འབད་དགེ་བ་གང་མཆིས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཀུན་བཟང་དགོངས་པ་ཀུན་འདུས་ལས༔ རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་ (Volume 38, Text 31)

ྈྈ ཀུན་བཟང་དགོངས་པ་ཀུན་འདུས་ལས༔ རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་བཞུགས་སོ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གཡུ་སྒྲོན་མ་བསྒྲུབ་པར་འདོད་པས༔ གཡའ་སྤང་མཚམས་ལ་སོགས་པའི་གནས་གཙང་མར་མཎྜལ་གྲུ་བཞི་དྲི་བཟང་བྱུགས་ལ༔ པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱས་པའི་སྟེང་དུ༔ སྨན་བཤོས་མཐེབ་ཀྱུས་བསྐོར་བ༔ ཆང་དང་འོ་མས་བྲན་པ་བཤམ༔ དེའི་རྩར་མདའ་ལ་དར་སྣ་ལྔ་བཏགས་པའི་མགུལ་དུ༔ སྟག་རས༔ གཟིག་རས༔ གཡུ་ཆུང༔ དུང་ཆུང༔ མགྲོན་བུ༔ གསེར་མེས་མ་ཚིག་པ་རྣམས་དང༔ མེ་ལོང་ལ་དྲི་བཟང་གིས་ཐིག་ལེ་བྱས་པ་བཏགས་ལ་གཟུག་པ་ཡིན༔ བླ་རྟེན་བཅའ་བའི་གནད་ཡིག་གོ༔ དངོས་གཞི་སྒྲུབ་པ་ལ༔ རང་ཉིད་གུ་རུའམ༔ ཐུགས་རྗེ་ཆེན་པོར་བསྐྱེད་ལ༔ མ་ཎི་བརྒྱ་རྩ་བརྒྱད་བཟླ༔ དེ་ནས་སྟོང་པའི་ངང་ལས་བྷྲཱུྃ་ལས་བླ་རྡོ་རྣམས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་ན༔ དར་ཟབ་བརྩེགས་པའི་ཁྲི་ལ༔ ཧྲཱིཿལས་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་དཀར་མོ་དར་གྱི་ན་བཟའ་གསོལ་བ༔ ཞལ་གཅིག་ཕྱག་གཉིས༔ གཡས་རིན་པོ་ཆེའི་སྒྲོམ་བུ༔ གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ༔ ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ རིན་པོ་ཆེའི་འཆིལ་ལྷྭམ་གསོལ་བ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ ཁྱད་པར་དུ་གཡུའི་ཐོར་ཚུགས་དང༔ ཐོད་དང་སྙན་ཆ་དང༔ མགུལ་རྒྱན་དང༔ གཟི་མཆོང་སྤེལ་མའི་དོ་ཤལ་བྱས་པ་གཅིག་བསམ༔ དེའི་གཡས་གཡོན་གཉིས་སུ་རྡོ་རྗེ་གཡུ་བུན་མ་དང༔ དབྱིངས་ཕྱུག་གཉིས་ཀྱང་གཙོ་མོ་དང་འདྲ་བར་བསམ༔ དེའི་གཡས་གཡོན་རྣམས་སུ་སྲིད་པ་ཆགས་འཇིག་སྨན་མོ་ཆེན་མོ་བདུན༔ སྐུ་མདོག་རྒྱན་ཆ་སྣ་ཚོགས་སུ་ཡོད་པ་དང༔ དར་གྱི་ལྷབ་ལྷུབ་ཡོད་པར་བསམ༔ དེའི་ཕྱི་རོལ་དུ་གཡོག་མོའི་ཚོགས་དཔག་ཏུ་མེད་པར་བསམ༔ དེ་ནས༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛཿཛ༔ ཞེས་བརྗོད་པས༔ སྤྲིན་དཀར་བརྩེགས་པའི་སྟེང་དང༔ གངས་རི་འཚེར་བའི་རྩེ་ནས༔ དེ་ཁོ་ན་འདྲ་བའི་རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པ་བྱོན་ཏེ༔ སྔར་བསྒོམས་པའི་རྟེན་ལ་ཐིམ་པར་བསམ་ལ་ཡིད་ཀྱིས་མཆོད༔ དེ་ནས་སྔགས་དེ་སྨྲ་བ་བཅད་ནས༔ ཐུན་བཅད་དེ་མ་ཡེངས་པར་བཟླ༔ སྨན་མོའི་ཚོགས་དཔག་ཏུ་མེད་པ་འདུ་ཞིང༔ གནས་དེར་ཟས་ནོར་གྱི་ཆར་འབེབ་པར་བསམ་མོ༔ དམིགས་པ་དངོས་གཞི་འོ༔ ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ལྷའི་ཞལ་ཟས་སུ་དམིགས་པ༔ རྩ་བའི་སྔགས་དེའི་གཤམ་དུ༔ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ བདག་ཅག་གི་འདོད་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཞེས་པ་ལྔའམ་བདུན་བརྗོད་ནས༔ ཧཱུྃ༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ཁང༔ རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་དམ་རྫས་དགྱེས་པའི་གཏོར་མ་བཞེས༔ བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་པར་མཛོད༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་དོན་མཛད་ལ་འདུད༔ ཧཱུྃ༔ སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཏེ༔ རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང༔ ལྷོ་བོད་མོན་དང་རྒྱ་གར་ལ་སོགས་ཀྱི༔ ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད༔ ཅེས་བརྗོད་པས་གཏོར་མ་གསོལ་ཏེ་ཤིན་ཏུ་མཉེས་པར་བསམ་མོ༔ དགེ་བ་བསྔོ༔ བཀྲ་ཤིས་བརྗོད་དོ༔ དེ་ལྟར་ཞག་བདུན་ནས་བཅུ་བཞིའི་བར་དུ་བུད་མེད་ཆས་བཟང་ཟས་ནོར་སྟེར་བ་དང༔ དཔག་ཏུ་མེད་པའི་རྨིས་ལྟས་འབྱུང༔ དེ་ནས་རྩ་སྔགས་ཀྱི་གཤམ་དུ༔ མ་མ༔ ལ་ལ༔ ལི་ལི༔ སྲིང་འགྲོ་མ་ཧཱུྃ༔ སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ནོར་ཟས་གསུམ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་སྔགས་ཤམ་བུ་དང་བཅས་པ་འདི༔ ཟླ་བ་ཕྱེད་དུ་བཟླས་པས་དངོས་སུ་ཉམས་དགའ་བྱིན་འཐིབས༔ རྨི་ལམ་དུ་སྔར་བས་ངོ་མཚར་ཆེ་ཞིང་གཏེར་རྙེད་པ་དང༔ ཟས་ནོར་གྱི་ཆར་འབབ་པ་དང༔ ཁྲོམ་འདུ་བ་དང༔ གངས་དཀར་གྱི་རྩེ་ལ་ཕྱིན་པ་དང༔ དར་ཕྱར་བ་ལ་སོགས་པ་རྨིའོ༔ དེ་ནས་འགྲུབ་པ་ཡིན་པས༔ ཕྱི་མའི་ཚེས་གཅིག་ལ་དངོས་གྲུབ་བླང་བ་ཡིན་ཏེ༔ དཀར་གསུམ་མངར་གསུམ་གྱི་ཟས་སྣ་དང༔ གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ཏེ༔ སྔར་བཞིན་ཕུད་ཕུལ༔ དེ་ནས་དངོས་གྲུབ་ཏུ་ཤེས་པས་བཟའ་བར་བྱའོ༔ མེ་ལོང་དང་གསེར་གཡུ་ལ་སོགས་པའི་རྟེན་དེ༔ དར་དཀར་གྱིས་དྲིལ་ལ་མིས་མི་མཐོང་བར་བཅང་ངོ༔ དེ་ནི་རྟག་ཏུ་མི་འབྲལ་བར་རྟེན་གྱི་བླ་རྡོ་ཡིན་ནོ༔ ཀུན་བཟང་དགོངས་པ་ཀུན་འདུས་ཀྱི༔ གཏེར་བདག་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་རྫོགས་སོ༔ པདྨ་གླིང་པའི་གསང་སྔགས་སྒྲུབ་པའི་གྲོགས༔ ས་མ་ཡཱ༔ སྨན་བཤོས་རྩེ་ལྔ་ལ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར༔ མར་དང་ཆང་ཕུད་འོ་མས་བརྒྱན་ནོ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྈྈྈྈྈ ྈྈ ྈྈ

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ དངོས་གྲུབ་རྒྱ་མཚོའི་ཆ་ལག་བསང་བརྔན་འདོད་དགུའི་རྒྱ་མཚོ་ (Volume 43, Text 31)

༁ྃ༔ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ དངོས་གྲུབ་རྒྱ་མཚོའི་ཆ་ལག་བསང་བརྔན་འདོད་དགུའི་རྒྱ་མཚོ་བཞུགས༔ ྈྈྈྈྈྈ རབ་འབྱམས་རྒྱལ་བ་རྣམས་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཁམས་ཡོངས་ལ་ཕན་པའི་ཕྱིར༔ བསང་བརྔན་ཆོ་ག་འདི་ལྟར་བཤད༔ ལས་ནི་གང་རྩོམ་སྔོན་འགྲོ་རུ༔ གཟའ་སྐར་བཟང་དུས་སྔ་དྲོའི་ཆ༔ སྟེགས་བུ་ཟླུམ་པོ་གཙང་མའི་ཁར༔ བདུད་རྩི་ལྔ་ཡི་ཤིང་བསྲེགས་པར༔ ཟས་སྣ་དམ་རྫས་འབྲུ་སྨན་ཕུད༔ རིན་ཆེན་དར་ཟབ་སྣ་ཚོགས་བྲན༔ གཏོར་མ་བང་རིམ་བཞིའི་སྟེང་དུ༔ རྩ་གསུམ་དཀོན་མཆོག་སྤྱི་གཏོར་དང༔ སོ་སོའི་ཡིད་མཐུན་གཏོར་མ་དང༔ སྤྱན་གཟིགས་དཀོར་ནོར་དུ་མས་བསྐོར༔ ཆོས་སྐྱོང་དགྲ་བླ་ཡུལ་ལྷ་ཡི༔ གཏོར་མ་རིགས་དང་མཐུན་པར་བཤམ༔ ཨརྒཾ་དཀར་སྔོན་ལ་སོགས་པའི༔ མཁོ་བའི་ཡོ་བྱད་ཐམས་ཅད་བསགས༔ སྐྱབས་སེམས་ལྷ་ཡི་རྣལ་འབྱོར་བསྒོམ༔ ཧྲཱི༔ རང་ཉིད་ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ་འཕྲོས་པས༔ སྣང་སྲིད་མཆོད་པའི་མ་དག་བསྲེགས་གཏོར་བཀྲུས༔ ཆོས་དབྱིངས་རྣམ་པར་དག་པའི་ངང་ལ་གནས༔ རཾ་ཡཾ་ཁཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ ཐལ་མོ་ཁོང་སྟོང་ཕྱག་རྒྱ་བྱ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཧྲཱི༔ མ་བཅོས་དབྱིངས་ལས་ཞིང་ཁམས་ཕུན་སུམ་ཚོགས༔ བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་དུ་མའི་ནང༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་སྤྲིན་མཐའ་ཡས༔ འབྲུ་གསུམ་འོད་ཀྱིས་བསང་དུད་འཁོར་འདས་ཁྱབ༔ ཡེ་ཤེས་འདོད་དགུའི་མཆོད་སྤྲིན་དཔག་མེད་འཕྲོ༔ གཏོར་མ་རིན་ཆེན་རི་རབ་རྒྱ་ཆེ་བ༔ ལྷ་ཡི་ཞལ་ཟས་གོས་རྒྱན་སྤུངས་སེ་སྤུང༔ དགྱེས་པའི་སྤྱན་གཟིགས་སྲིད་ན་ཡོད་དགུའི་ཚོགས༔ སོ་སོའི་བརྔན་གྱི་དཀོར་ནོར་མ་ཚང་མེད༔ ཨརྒཾ་དཀར་སྔོན་ཟག་མེད་བདུད་རྩིའི་མཚོ༔ དེ་དག་ཐམས་ཅད་ནད་སེལ་སྨན་གྱི་མཆོག༔ ཉེས་པ་ཀུན་སེལ་བདེ་བ་འཕེལ་བའི་བཅུད༔ འདོད་པའི་རེ་བ་སྐོང་བའི་རྐྱེན་དུ་གྱུར༔ ཐལ་མོ་རིན་ཆེན་སྒྲོམ་བུ་ལྟར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཐལ་མོ་ཁ་ཕྱེ་གཡས་སུ་བསྐོར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གཡོན་པ་བྱང་ཆུབ་ཁུ་ཚུར་ལ༔ གཡས་པས་སྡིགས་མཛུབ་བསྐོར་བ་བྱ༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ༔ གཡས་གཡོན་སྐྱབས་སྦྱིན་ཕྱག་རྒྱ་ཡིས༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཐལ་མོ་སོར་བསྣོལ་དཔྲལ་བར་བསྐོར༔ ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཆེན་པོ་མདུན་གྱི་ནམ་མཁའ་རུ༔ རང་བྱུང་ཡེ་ཤེས་འོད་ལྔ་འཁྲིགས་པའི་དབུས༔ སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ༔ སྟེང་དུ་བླ་མ་སངས་རྒྱས་ཆོས་དགེ་འདུན༔ བར་དུ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འོག་ཏུ་ཡུལ་ལྷ་རིགས་དྲུག་ལན་ཆགས་བགེགས༔ མགྲོན་བཞི་འཁོར་བཅས་མངོན་སུམ་གསལ་བར་གྱུར༔ ཧཱུྃ་ཧྲཱི༔ བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན༔ དཀོན་མཆོག་སྲི་ཞུའི་མགྲོན་ཀུན་གཤེགས་སུ་གསོལ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགྲ་བླར་བཅས༔ མགོན་པོ་ཡོན་ཏན་མགྲོན་ཀུན་གཤེགས་སུ་གསོལ༔ སྐྱེ་བ་གཏན་གྱི་ཕ་མར་གྱུར་པ་ཡི༔ རིགས་དྲུག་སྙིང་རྗེའི་མགྲོན་ཀུན་གཤེགས་སུ་གསོལ༔ ཆགས་སྡང་དབང་གིས་གནོད་བྱེད་དུ་འཁྲུལ་པའི༔ ལན་ཆགས་བུ་ལོན་མགྲོན་ཀུན་གཤེགས་སུ་གསོལ༔ ཧཱུྃ་ཧྲཱི༔ ཉམས་དགའི་ཞིང་མཆོག་གདན་ཁྲི་མཛེས་པ་འདིར༔ མ་ལུས་འཁོར་དང་བཅས་པ་བཞུགས་སུ་གསོལ༔ རྒྱལ་བ་རྣམས་ཀྱིས་ཡེ་ཤེས་དབང་བསྐུར་ཞིང༔ རྡུལ་སྙེད་གྲངས་ཀྱི་ལུས་ཀྱིས་ཕྱག་འཚལ་ལོ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས་མར་མེ༔ དྲི་ཆབ་ཞལ་ཟས་རོལ་མོའི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྐུ་ལྔའི་བདག་ཉིད་ཡེ་ཤེས་མཁྱེན་བརྩེའི་བདག༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་ཀུན་བདག་ཕྲིན་ལས་རྣམ་བཞིའི་བདག༔ མགོན་པོ་ཡོན་ཏན་མགྲོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་བདེ་གཤེགས་སྙིང་པོའི་བདག་ཉིད་ཅན༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་ཕྱག་འཚལ་བསྟོད༔ མ་རྟོགས་གདོན་བགེགས་རྟོགས་ན་ལྷ་རུ་གྱུར༔ ལན་ཆགས་བགེགས་རིགས་མགྲོན་ལ་ཕྱག་འཚལ་བསྟོད༔ དེ་ནས་བསང་གི་རབས་བཤད་པ༔ ཀྱེ༔ དང་པོ་བསང་བྱུང་གང་ནས་བྱུང༔ སྐྱེ་མེད་སྟོང་པ་ཆོས་ཀྱི་དབྱིངས༔ འགག་མེད་ལོངས་སྤྱོད་ལྷུན་གྱིས་གྲུབ༔ སྐྱེ་འགག་གཉིས་མེད་ལས་ཤར་བའི༔ སྣོད་བཅུད་སྣང་སྲིད་འབྱུང་བ་ལྔ༔ དེ་ལས་བདུད་རྩིའི་ཤིང་ལྔ་བྱུང༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ དེ་ནས་བསང་བྱུང་གང་ནས་བྱུང༔ སྲིད་པའི་མེས་པོ་ཚངས་པ་ཡིས༔ འཇིག་རྟེན་ཁམས་རྣམས་ཐམས་ཅད་དང༔ འབྱུང་བ་ལྔ་ཡི་མཐུན་སྦྱོར་གྱིས༔ འདོད་པའི་ཡོན་ཏན་བསམས་ནས་སྤྲུལ༔ དེ་ནས་བསང་བྱུང་གང་ནས་བྱུང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་གཙུག་ལག་བཞེངས་དགོངས་ཚེ༔ ལྷ་སྲིན་རྣམས་ཀྱིས་བར་ཆད་བྱས༔ དེ་ཚེ་རྒྱལ་བློན་བཀའ་བགྲོས་ཀྱིས༔ ཨོ་རྒྱན་མཁས་པ་སྤྱན་དྲངས་ནས༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བསམ་ཡས་གཙུག་ལག་ས་འདུལ་མཛད༔ བསང་དང་གསེར་སྐྱེམས་བརྔན་རྣམས་མཛད༔ ཤིན་ཏུ་བཀའ་ལ་མི་ཉན་ཀུན༔ དྲག་པོའི་ལས་ཀྱིས་ཚར་བཅད་པས༔ ལྷ་སྲིན་ཐམས་ཅད་རབ་ཏུ་ཐུལ༔ རྒྱལ་པོའི་བསམ་པ་ཐམས་ཅད་གྲུབ༔ རྗེ་འབངས་ཐམས་ཅད་བཀྲ་ཤིས་ཤིང༔ ནད་མུག་འཁྲུགས་རྩོད་ཐམས་ཅད་ཞི༔ བོད་ལ་སངས་རྒྱས་བསྟན་པ་ཤར༔ དེ་བཞིན་ད་ལྟ་བདག་ཅག་གིས༔ སངས་རྒྱས་བསྟན་པ་རྒྱས་པ་དང༔ སེམས་ཅན་བདེ་སྐྱིད་འབྱུང་བའི་ཕྱིར༔ གཙུག་ལག་སྐུ་གསུང་ཐུགས་རྟེན་བཞེངས༔ རབ་ཏུ་གནས་དང་ཤིས་པར་བྱེད༔ སྒྲུབ་པ་ཆེན་པོ་འཛུགས་པ་དང༔ མཁར་ལས་བྱེད་དང་ཡུལ་གསར་འཛིན༔ བག་མ་བསུ་དང་མདའ་རྟ་བྱེད༔ ཤྭ་རྒྱན་དམག་ལ་འགྲོ་བ་དང༔ ཐག་རིང་མགྲོན་འགྲོ་ཚོང་བྱེད་པ༔ ཆུ་ཆེན་རབ་སོ་བརྒལ་བ་དང༔ མིང་འདོགས་ཁྲིར་བསྐོ་མངའ་གསོལ་ཞིང༔ དྲག་ལས་མདོས་གཏོར་གཏོང་བ་སོགས༔ ཆེ་དྲག་བྱ་བ་ཐམས་ཅད་ཀུན༔ གེགས་མེད་བསམ་པ་འགྲུབ་པའི་ཕྱིར༔ བསང་བརྔན་གསེར་སྐྱེམས་འདི་བགྱི་བས༔ བདག་གི་འདོད་པའི་དོན་རྣམས་སྒྲུབས༔ དང་པོ་བསང་གི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ དང་པོའི་སངས་རྒྱས་བླ་མ་ཆོས་ཀྱི་སྐུ༔ ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་འཆང་ཆེན་གསང་བ་ཡེ་ཤེས་ཡུམ༔ སྟོན་པ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་མ༔ རྣམ་སྣང་སྤྱན་མ་རིན་འབྱུང་མཱ་མ་ཀཱི༔ སྣང་མཐའ་གོས་དཀར་དོན་གྲུབ་སྒྲོལ་མ་ཡུམ༔ ཡེ་ཤེས་ཆེན་པོའི་དབྱིངས་སུ་རོ་གཅིག་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མ་ཐམས་ཅད་བསང༔ ཤཱཀྱ་ཐུབ་པ་རིགས་དྲུག་འདུལ་མཛད་དང༔ ཕྱོགས་བཅུ་དུས་གསུམ་བསྐལ་བཟང་སངས་རྒྱས་སྟོང༔ རིགས་གསུམ་མགོན་པོ་བྱང་ཆུབ་སེམས་དཔའ་རྣམས༔ ཡུམ་ཆེན་བརྒྱད་སོགས་བྱང་ཆུབ་སེམས་མའི་ཚོགས༔ སྐུ་གསུམ་ཕྱི་ནང་གསང་བའི་སྟོན་པ་ཡིས༔ མདོ་ཡི་སྡེ་གསུམ་སྔགས་ཀྱི་རྒྱུད་དྲུག་རྣམས༔ བརྡ་ལྟར་བསྟན་ནས་ཐོས་པ་དམ་པའི་ཆོས༔ རིག་འཛིན་རིག་བརྒྱུད་བླ་མ་ཐམས་ཅད་བསང༔ ཆགས་བྲལ་སྤྲུལ་སྐུའི་འཁོར་དང་ཉན་ཐོས་བརྒྱད༔ བསླབ་པ་གསུམ་འཛིན་ཕྱི་ཡི་དགེ་འདུན་དང༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པའི༔ དགྲ་བཅོམ་བྱང་སེམས་རིགས་ཅན་ནང་གི་འཁོར༔ རིག་འཛིན་དྲྭ་མ་ལྔ་དང་བཀའ་བབས་བརྒྱད༔ ཡེ་ཤེས་མཁའ་འགྲོ་གསང་བའི་ཚོགས་མཆོག་འདུས༔ སྔགས་ཀྱི་གྲུབ་ཐོབ་བསམ་མི་ཁྱབ་པ་སོགས༔ གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་བསང༔ བླ་མ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་རྩལ༔ སྐུ་ལྔ་མཚན་བརྒྱད་བསྟན་པ་རྣམ་གཉིས་ཀྱི༔ སྟོན་པ་འཇིག་རྟེན་དུ་མར་སྤྲུལ་པ་དང༔ གྲུབ་པའི་དབང་ཕྱུག་རྗེ་འབངས་ཉེར་ལྔ་སོགས༔ བཀའ་སྲོལ་འཛིན་པའི་མཁས་གྲུབ་རིམ་བྱོན་དང༔ ཟབ་མོ་གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས༔ རིག་འཛིན་བླ་མ་དགོངས་འདུས་ལྷ་ཚོགས་བསང༔ སྒྱུ་འཕྲུལ་ཞི་བ་ཁྲག་འཐུང་ཁྲོ་བོའི་ཚོགས༔ སྒོ་འབྱེད་ཕྱག་རྡོར་ལྷ་མིའི་སྟོན་པ་འཁོར༔ ཉ་སྟོང་ཚེས་ལྷ་ཉན་ཐོས་རང་སངས་རྒྱས༔ ཀྲི་ཡཱ་ཨུ་པ་ཡོ་ག་རྡོ་རྗེ་དབྱིངས༔ མངོན་རྫོགས་རྒྱལ་པོ་ཡབ་ཡུམ་འཆི་མེད་གཙོ༔ ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཐེག་དགུར་བཅས༔ སེམས་ཀློང་མན་ངག་བླ་མ་ཞི་ཁྲོ་སོགས༔ རྒྱུད་ལུང་མན་ངག་བླ་མ་ཐམས་ཅད་བསང༔ འཇམ་དཔལ་སྐུ་དང་དམར་ནག་འཇིགས་གསུམ་སོགས༔ པདྨ་གསུང་དང་རྟ་ནག་འཁོར་དང་བཅས༔ ཡང་དག་ཐུགས་མཆོག་རྡོ་རྗེ་གཏུམ་པོའི་ཚོགས༔ ཆེ་མཆོག་ཡོན་ཏན་བདུད་རྩི་སྨན་གྱི་ལྷ༔ ཕུར་པ་ཕྲིན་ལས་ལ་སོགས་ཡེ་ཤེས་ལྔ༔ མ་མོ་རྦོད་གཏོང་འཇིག་རྟེན་མཆོད་བསྟོད་དང༔ དམོད་པ་དྲག་སྔགས་གསུམ་སོགས་སྒྲུབ་སྡེ་བརྒྱད༔ དཔལ་ཆེན་ཡི་དམ་དགོངས་འདུས་ལྷ་ཚོགས་བསང༔ གཟི་བརྗིད་སྐུ་མཆོག་ཁྲོ་མོ་བེ་ཏཱ་ལི༔ གར་དབང་གསང་ཡུམ་གསང་བ་ཡེ་ཤེས་མ༔ བདེ་ཆེན་ཐུགས་མཆོག་ཀྲོ་ཏཱི་ཤྭ་རཱི་མ༔ བདུད་རྩི་ཡོན་ཏན་གནམ་ཞལ་ཝ་རཱ་ཧཱི༔ སྒྲོལ་མ་ཕྲིན་ལས་འཁོར་ལོ་རྒྱས་འདེབས་མ༔ རིག་འཛིན་གཙོ་མོ་ལས་ཀྱི་དབང་མོ་ཆེ༔ སྲིད་པ་མ་མོ་ཉིད་བཞི་མུ་ཁ་ལེ༔ འཇིག་རྟེན་སྤྱི་འདུལ་དམོད་པ་འབྱུང་ལྔའི་བདག༔ དཔའ་བོ་མཁའ་འགྲོ་གིང་དང་ལང་ཀ་བཅས༔ མ་རྒྱུད་མཁའ་འགྲོ་དགོངས་འདུས་ལྷ་ཚོགས་བསང༔ སྐུ་ཡི་མགོན་པོ་གཏུམ་ཆེན་སྟག་ཞོན་ནག༔ གསུང་གི་མགོན་པོ་མྱུར་མཛད་ཕྱག་དྲུག་པ༔ ཐུགས་ཀྱི་མགོན་པོ་བདུད་འདུལ་ཕྱག་བཞི་པ༔ ཡོན་ཏན་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག༔ ཕྲིན་ལས་མགོན་པོ་ལྷ་ཆེན་མ་ནིང་ནག༔ སྲིད་པའི་མ་མོ་སྔགས་སྲུང་ཨེ་ཀ་ཛཱ༔ རིག་འཛིན་མགོན་པོ་ཞིང་སྐྱོང་ཞལ་བཞི་པ༔ མཆོད་བསྟོད་མགོན་པོ་དཔལ་ལྡན་རྡོ་རྗེ་གུར༔ དྲག་སྔགས་མགོན་པོ་སྲས་མཆོག་ནག་པོ་ཆེ༔ དྲག་པོ་ཆོས་སྐྱོང་དགོངས་འདུས་ལྷ་ཚོགས་བསང༔ གཞན་ཡང་ཞིང་སྐྱོང་སུམ་ཅུ་རྩ་གཉིས་བསང༔ རྡོ་རྗེ་ཕོ་ཉ་དྲུག་ཅུ་རྩ་བཞི་བསང༔ གིང་ཆེན་བཅུ་དྲུག་ལང་ཀ་དྲུག་ཅུ་བསང༔ འབར་མ་བརྒྱད་དང་མ་བདུན་སྲིང་བཞི་བསང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཐམས་ཅད་བསང༔ ལས་མགོན་ཁྲོ་རྒྱལ་ཆེན་པོ་འཁོར་བཅས་བསང༔ གནོད་སྦྱིན་བཙན་རྒོད་བེག་ཙེ་འཁོར་བཅས་བསང༔ ཁྱབ་འཇུག་དུག་གི་སྤུ་གྲི་འཁོར་བཅས་བསང༔ ལྷ་མོ་འདོད་ཁམས་དབང་ཕྱུག་འཁོར་བཅས་བསང༔ ལས་མགོན་བྱ་རོག་གདོང་ཅན་འཁོར་བཅས་བསང༔ གཤིན་རྗེ་དམ་ཅན་ཆོས་རྒྱལ་འཁོར་བཅས་བསང༔ ཞིང་སྐྱོང་སེང་གེའི་གདོང་ཅན་འཁོར་བཅས་བསང༔ གནོད་སྦྱིན་ཞང་བློན་སྡེ་དགུ་འཁོར་བཅས་བསང༔ གྲི་གུག་སེང་ཞོན་བིང་དམར་འཁོར་བཅས་བསང༔ དུར་ཁྲོད་བདག་པོ་མགོན་དཀར་ཡབ་ཡུམ་བསང༔ ལྷ་ཆེན་དབང་ཕྱུག་ཨུ་མ་ཡུམ་བཅས་བསང༔ གནོད་སྦྱིན་ཤན་པ་དམར་པོ་འཁོར་བཅས་བསང༔ མ་མོ་འབར་མ་སྲོག་སྒྲུབ་འཁོར་བཅས་བསང༔ དམ་ཅན་རྡོ་རྗེ་ལེགས་པ་འཁོར་བཅས་བསང༔ བྲག་མགོན་མདུང་འཛིན་མགོན་པོ་ཨ་གྷོ་ར༔ ལྷ་མོ་དཔལ་འབར་ཏྲག་ཤད་འཁོར་བཅས་བསང༔ རྟག་པའི་རྒྱལ་མོ་དཔལ་ལྔ་འཁོར་བཅས་བསང༔ ཉི་ཟླའི་ཐོད་ཕྲེང་རྗེ་མོ་ལྔ་བཅུ་བསང༔ མཁའ་འགྲོ་སྡེ་བཞི་དཔའ་བོ་བཅས་པ་བསང༔ ནཱ་ག་རཀྴ་སྦལ་མགོ་ཁྲག་མིག་བསང༔ རྒྱལ་པོ་པེ་ཀར་པུ་ཏྲ་བྷ་ཏྲ་བསང༔ བཙན་རྒོད་སྤུན་བདུན་རོལ་པ་རྐྱ་བདུན་བསང༔ སྲིད་པའི་རྒྱལ་མོ་མ་མགོན་དྲུག་ཅུ་བསང༔ ཅེ་སྤྱང་མ་བརྒྱད་ཀཻ་སེང་སྒོ་མའི་ཚོགས༔ འབར་མ་བརྒྱད་དང་དཔལ་གྱི་བཀའ་སྲུང་བསང༔ འཆི་བདག་བཅུ་གཉིས་དྲེགས་པ་བཅུ་དྲུག་དང༔ གིང་བདུད་རྩིས་པ་ཤན་པ་མ་གཤིན་སོགས༔ འཇམ་དཔལ་སྐུ་ཡི་བཀའ་སྲུང་ཐམས་ཅད་བསང༔ ཁམས་བརྒྱ་དམུས་ལོང་ཁྱི་བརྒྱད་སྤྱང་བརྒྱད་དང༔ འདབ་གཤོག་འབྲུག་བཞི་གསེར་གྱི་མ་མོ་སོགས༔ པདྨ་གསུང་གི་བཀའ་སྲུང་ཐམས་ཅད་བསང༔ དབང་ཕྱུག་ཉེར་བརྒྱད་སྤྲུལ་པ་ཕྱག་བརྙན་བཅས༔ ཡང་དག་ཐུགས་ཀྱི་བཀའ་སྲུང་ཐམས་ཅད་བསང༔ སྨན་གྱི་ལྷ་དང་དྲང་སྲོང་སྨན་མོའི་ཚོགས༔ བདུད་རྩི་ཡོན་ཏན་བཀའ་སྲུང་ཐམས་ཅད་བསང༔ ཤྭ་ན་ས་བདག་བདག་ཉིད་སྐྱེས་བུ་དང༔ གྱད་ཆེན་གིང་ཕྲན་མོན་པ་ཁྲ་སྤྱང་སོགས༔ ཕུར་པ་ཕྲིན་ལས་བཀའ་སྲུང་ཐམས་ཅད་བསང༔ ཆགས་བྱེད་སྤུན་གཉིས་ལྷ་མོ་དཔོན་གཡོག་གཉིས༔ རྒྱལ་མོ་ནེ་མཚན་གར་དབང་སྤུན་གཉིས་དང༔ དྲག་མོ་སྤུན་བཞི་མ་བདུན་སྲིན་མོ་བདུན༔ རྒྱལ་ཆེན་བུ་མོ་དམག་གི་རྒྱལ་མོ་བཞི༔ སྲིང་བཞི་ལས་བྱེད་བཞི་དང་ཕུང་བྱེད་བཞི༔ རྩིས་ཀྱི་མ་གསུམ་གསང་བའི་མ་མོ་གསུམ༔ ཕོ་ཉ་གསུམ་དང་རོ་ཁ་མ་གསུམ་དང༔ གདོང་མོ་བཞི་སྟེ་དམན་མོ་ལྔ་བཅུ་བརྒྱད༔ ཤུགས་འགྲོ་དྲུག་ཅུ་མཛེས་འགྲོ་བགེགས་འདུལ་མ༔ ལྕགས་ཀྱུ་འཕྲོ་འདུ་མ་བཞི་བུ་མོ་བཞི༔ སྲིང་བཞི་མཛའ་མོ་བཞི་དང་རྒྱལ་མོ་བཞི༔ བློན་མོ་བཞི་དང་གཙོ་མོ་བཞི་དང་ནི༔ ཐུན་བདག་བཞི་དང་བྲན་གྱི་མ་མོ་བཞི༔ ལྷ་མོ་བཅོ་ལྔ་ལ་སོགས་མ་མོའི་ཚོགས༔ སྲིད་པ་མ་མོའི་བཀའ་སྲུང་ཐམས་ཅད་བསང༔ ཤུགས་འགྲོའི་ཀིང་ཕྲན་བསམ་གྱིས་མི་ཁྱབ་པ༔ སྤུ་གྲི་མཆེད་གསུམ་གཏེར་བདག་གནས་ཀྱི་སྲུང༔ རིག་འཛིན་བཀའ་ཡི་སྲུང་མ་ཐམས་ཅད་བསང༔ རྐོས་རྗེ་དྲང་དཀར་སྡེ་དཔོན་སུམ་ཅུ་སོགས༔ འཇིག་རྟེན་མཆོད་བསྟོད་བཀའ་སྲུང་ཐམས་ཅད་བསང༔ གཞོན་ནུ་གཏུམ་པོ་སྔགས་བདག་བཅོ་བརྒྱད་སོགས༔ དམོད་པ་དྲག་སྔགས་བཀའ་ཡི་སྲུང་མ་བསང༔ སྲིད་པའི་མེས་པོ་ལྷ་ཆེན་ཚངས་པ་དང༔ འབྱུང་བ་ཆེན་མོ་ལྔ་ཡི་ལྷ་མོ་དང༔ སྲིད་པ་ཆགས་པའི་ལྷ་དགུ་ཐམས་ཅད་བསང༔ ཉི་ཟླ་དྲི་ཟ་མེ་ལྷ་གཤིན་རྗེ་དང༔ སྲིན་པོ་ཆུ་བདག་རླུང་ལྷ་གནོད་སྦྱིན་དང༔ དབང་ལྡན་ས་བདག་ཕྱོགས་སྐྱོང་འཁོར་བཅས་བསང༔ ཡུལ་འཁོར་སྐྱོང་དང་འཕགས་སྐྱེས་སྤྱན་མི་བཟང༔ བཙུན་མོ་སྲས་བློན་འཁོར་དང་བཅས་པ་བསང༔ རྒྱལ་ཆེན་རྣམ་མང་ཐོས་སྲས་མདུང་དམར་ཅན༔ ལས་ལ་ཆས་ཚེ་དྲག་པོ་རྟ་སྔོན་ཅན༔ རྟ་བདག་བརྒྱད་དང་ཡུམ་མཆོག་དཔལ་ལྷ་མོ༔ ནོར་རྒྱུན་མ་སོགས་ལྷ་མོ་ཆེན་མོ་དགུ༔ ཛམ་ལྷ་རིགས་ལྔ་གནོད་སྦྱིན་བྱེ་བའི་ཚོགས༔ གནོད་སྦྱིན་སྤུན་གསུམ་ནོར་ལྷ་ཐམས་ཅད་བསང༔ སྤྲུལ་པའི་གཟའ་ཆེན་རྒྱུ་བའི་གཟའ་ལྔ་བསང༔ ལྷ་མཚམས་ལ་སོགས་རྒྱུ་སྐར་ཉེར་བརྒྱད་བསང༔ འཇིགས་བྱེད་དགུ་དང་འབར་མ་བདུན་རྣམས་བསང༔ ཀླུ་རྒྱལ་ཝ་རུ་ཎ་དང་མཐའ་ཡས་པ༔ འཇོག་པོ་ནོར་རྒྱས་པདྨ་དུང་སྐྱོང་དང༔ པདྨ་ཆེན་པོ་སྟོབས་རྒྱུ་རིགས་ལྡན་པ༔ ཡབ་ཡུམ་སྲས་བློན་མདུན་འཁོར་བཅས་པ་བསང༔ གཙང་མའི་གནས་སུ་དབང་སྒྱུར་ལྷ་ཆེན་བརྒྱད༔ དགྱེས་སྡེ་མངག་གཞུག་བཅས་པ་ཐམས་ཅད་བསང༔ བརྟན་མ་དབང་ཆེན་ས་འཛིན་ལག་པ་དང༔ ལྟོ་ཕྱེ་རྗེ་བློན་བཅུ་གཉིས་ལ་སོགས་པའི༔ ལོ་ཟླ་ཞག་དུས་ས་བདག་ཐམས་ཅད་བསང༔ སྤར་སྨེ་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་བསང༔ གནམ་ས་བར་གྱི་བརྒྱ་བྱིན་དཀར་ནག་ཁྲ༔ གབ་ཙེ་དྲང་མཁན་ཤན་འབྱེད་རྫི་འུ་སོགས༔ སྲིད་པའི་མོ་བོན་རྩིས་ཀྱི་ལྷ་རྣམས་བསང༔ འོ་དེ་གོང་རྒྱལ་ཡར་ལྷ་ཤམ་པོ་དང༔ གང་བ་བཟང་པོ་གཅིག་ཆར་དམར་པོ་དང༔ ཏི་སེ་ལྷ་བཙན་མཆིམས་ཕུ་བྲག་བཙན་སོགས༔ རྗེ་ཡི་མགུར་ལྷ་བཅུ་གསུམ་འཁོར་བཅས་བསང༔ དེ་ཡི་བློན་པོ་སུམ་ཅུ་རྩ་གཉིས་བསང༔ རྡོ་རྗེ་གཡུང་དྲུང་རྡོ་རྗེ་དབང་དྲག་སོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ཐམས་ཅད་བསང༔ རྨ་རྒྱལ་སྤོམ་ར་དབྱི་རྒྱལ་དམག་དཔོན་དང༔ གཉན་ཆེན་ཐང་ལྷ་སྒྱོག་ཆེན་གདོང་ར་སྟེ༔ གཉན་ཆེན་སྡེ་བཞི་འཁོར་དང་བཅས་པ་བསང༔ གཉན་པོ་གཡུ་རྩེ་འབྲོང་རི་སྨུག་པོ་དང༔ རྫ་རྒྱལ་འཕན་ཕྱུག་རྡོ་རྒྱལ་མུ་ནམ་དང༔ རི་བོ་དབང་ཞུ་ལྷ་ཆེན་ཞེ་ད་དབྱིག༔ བཞག་ར་ལྷ་རྩེ་རྒྱམ་རྒྱལ་རྡོ་ཐི་དཀར༔ རྩི་ཡི་རག་ནེ་བོང་རྒོད་མཐོན་པོ་དང༔ གཟི་ཡི་མ་མོ་འཕེན་བཟང་ངང་པ་སེར༔ ཡུལ་བཞིའི་རྫོང་འཕྲང་གཏེར་བདག་གོ་བོ་རྒྱལ༔ མཚོ་བཀྲ་རྡོ་རྗེ་བདུད་འདུལ་ན་བུན་རྫོང༔ ཀུ་རྒྱལ་ཤེ་ནེ་མ་སྦད་གསལ་སྤངས་སྐྱེས༔ རྡོ་རྗེ་དགྲ་འདུལ་སྟོང་དཔོན་རི་བཀྲ་དང༔ གཟེ་ཡི་མ་མོ་གྭ་པ་བློན་པོར་བཅས༔ ཚ་བའི་དྲིལ་དཀར་ཁྱུང་ཐོ་དུང་རི་སོགས༔ ཆུ་བཞི་སྒང་དྲུག་ས་བདག་ཐམས་ཅད་བསང༔ གཞན་ཡང་རྒྱ་གར་ཡུལ་དང་ཨོ་རྒྱན་ཡུལ༔ སྟག་གཟིག་གེ་སར་རྒྱ་ནག་མོན་གྱི་ཡུལ༔ མངའ་རི་སྐོར་གསུམ་དབུས་གཙང་རུ་བཞི་ཡི༔ ཡུལ་བདག་ཆེ་འབྲིང་ཆུང་རྒྱུད་འཁོར་དང་བཅས༔ ཁྱད་པར་རྡོ་རྗེ་ཀུན་བཟང་ལ་སོགས་པའི༔ ཆེ་ཞེ་གཉན་མོ་བརྟན་མ་བཅུ་གཉིས་བསང༔ ཡ་མ་བཅུ་གཉིས་སྨན་མོ་ཡང་འཁོར་བསང༔ ཡུལ་ཕྱོགས་འདི་ཡི་གཞི་བདག་ཆེ་དགུ་གཉན༔ ཕོ་རྒྱུད་མོ་རྒྱུད་ཆེ་ཕྲ་ཐམས་ཅད་བསང༔ མ་བསྒྲུབ་རང་ལ་འགོ་བའི་ལྷ་ལྔ་བསང༔ རྟག་ཏུ་མགོན་ཞིང་སྐྱོབ་པའི་ལྷ་དགུ་བསང༔ མཁར་གྱི་རྩེ་ལྷ་མགྲོན་ཡག་ཅང་ཤེས་བསང༔ ཞིང་ལྷ་ཚངས་པ་ལམ་ལྷ་གཉན་པོ་བསང༔ ལས་མགོན་ལྷ་དམག་དགྲ་བླ་བཅུ་གསུམ་བསང༔ དགྲ་བླ་སྤུན་གསུམ་ཝེར་མ་ཟོ་དོར་བསང༔ ཕ་མེས་རྒྱུད་ཀྱི་སྲུང་མ་ཐམས་ཅད་བསང༔ རྨུ་རབས་གཙུག་གི་མཚུན་ལྷ་ཐམས་ཅད་བསང༔ འགོ་ཞིང་སྡོངས་གྲོགས་བྱེད་པའི་ལྷ་རྣམས་བསང༔ མིང་དང་མཚན་དུ་མ་ཤེས་ལྷ་སྲུང་བསང༔ ཕ་མར་གྱུར་པའི་རིགས་དྲུག་སེམས་ཅན་བསང༔ བར་དོར་གནས་པའི་ཡིད་ལུས་རྟེན་མེད་བསང༔ ལན་ཆགས་བུ་ལོན་མ་སོད་ཐམས་ཅད་བསང༔ ཚེ་དང་སྲོག་ལ་འཇབ་པའི་འབྱུང་པོ་བསང༔ སྲིད་གསུམ་ཉུལ་བའི་འདྲེ་རིགས་ཐམས་ཅད་བསང༔ དམ་སྲི་འགོང་པོ་གློ་བུར་ལྷགས་པ་བསང༔ ཁས་ཉན་དབང་ཆུང་ཉམ་ཐག་ཐམས་ཅད་བསང༔ ལྷག་མ་བཤལ་ཆུར་དབང་བ་ཐམས་ཅད་བསང༔ མགྲོན་དུ་འོང་མི་འོས་པ་ཐམས་ཅད་བསང༔ ཀུན་ཀྱང་ཞི་བདེའི་ངང་ལ་གནས་གྱུར་ཅིག༔ གཉིས་པ་ཨརྒྷཾ་གསེར་སྐྱེམས་ནི༔ ཧཱུྃ་ཧྲཱི༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ སྐྱབས་ཀྱི་དམ་པ་མཆོད་འོས་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་ལོ༔ སྒྱུ་འཕྲུལ་ཞི་བ་དང་ནི་ཁྲོ་བོའི་ཚོགས༔ འདུས་པ་མདོ་དང་སེམས་ཀློང་མན་ངག་སྡེ༔ རྒྱུད་ལུང་མན་ངག་ལྷ་ཚོགས་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་ལོ༔ རིག་འཛིན་ལྷ་ཚོགས་འཇམ་དཔལ་པདྨ་དབང༔ ཡང་དག་ཆེ་མཆོག་ཕུར་པ་རྦོད་གཏོང་ཚོགས༔ དྲེགས་འདུལ་དྲག་སྔགས་སྒྲུབ་སྡེའི་ལྷ་ཚོགས་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་ལོ༔ གཟི་བརྗིད་གར་དབང་བདེ་ཆེན་བདུད་རྩི་མ༔ མུ་ཁ་ལས་འདུལ་ཕྱི་འདུལ་འབྱུང་ལྔའི་བདག༔ མཁའ་འགྲོ་སྡེ་དགུའི་ལྷ་ཚོགས་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་ལོ༔ སྟག་ཞོན་མྱུར་མཛད་ཕྱག་བཞི་ལེགས་ལྡན་ཆེ༔ མ་ནིང་ཨེ་ཀ་ཙཱ་ཏི་ཞལ་བཞི་པ༔ གུར་དང་སྲས་མཆོག་དགུ་ཡི་ལྷ་ཚོགས་རྣམས༔ བདུད་རྩི་གསེར་སྐྱེམས༴ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་ཐམས་ཅད་དང༔ ཞིང་སྐྱོང་སོ་གཉིས་ཕོ་ཉ་དྲུག་ཅུ་བཞི༔ གིང་དང་མཁའ་འགྲོ་སུམ་བརྒྱ་དྲུག་ཅུ་ལ༔ བདུད་རྩི་གསེར་སྐྱེམས༴ ཕྱོགས་སྐྱོང་གཟའ་ཀླུ་ལྷ་དང་རྒྱུ་སྐར་དང༔ འཇིགས་བྱེད་འབར་མ་གཙང་རིས་བདུན་ཅུ་ལྔ༔ རྒྱལ་ཆེན་སྡེ་བཞི་འཇིག་རྟེན་སྐྱོང་རྣམས་ལ༔ བདུད་རྩི་གསེར་སྐྱེམས༴ སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང༔ མགུར་ལྷ་བཅུ་གསུམ་འབངས་ཀྱི་སྲོག་ལྷ་དང༔ བློན་པོ་སོ་གཉིས་བརྟན་མ་བཅུ་གཉིས་ལ༔ བདུད་རྩི་གསེར་སྐྱེམས༴ ས་བདག་ཐེ་སེ་རྒྱལ་བློན་དབང་ཆེན་དང༔ ས་འཛིན་ལག་པ་ལྟོ་འཕྱེ་ཙང་ཀུན་དང༔ ཧལ་ཁྱི་གནམ་ཁྱི་པི་ལིང་ལ་སོགས་ལ༔ བདུད་རྩི་གསེར་སྐྱེམས༴ གཞན་ཡང་སྤར་སྨེ་ལོ་འཁོར་ཟླ་འཁོར་དང༔ ཞག་དུས་དེ་རིང་རྒྱུ་བ་ཐམས་ཅད་དང༔ ཕྱོགས་སུ་གནས་པའི་ས་བདག་ཆེ་ཕྲ་ལ༔ བདུད་རྩི་གསེར་སྐྱེམས༴ ཁྱད་པར་ཛམ་གླིང་ཡུལ་གྱི་རྒྱ་དཀར་ནག༔ སྟག་གཟིག་གེ་སར་ལི་ཡུལ་མོན་གྱི་ཡུལ༔ མངའ་རིས་དབུས་གཙང་མདོ་ཁམས་གཞི་བདག་ལ༔ བདུད་རྩི་གསེར་སྐྱེམས༴ བྱེ་བྲག་ཡུལ་འདིར་གནས་པའི་ལྷ་ཀླུ་སྨན༔ བཙན་བདུད་རྒྱལ་པོ་ཐེའུ་རང་གཉན་མ་མོ༔ ལ་སོགས་ཡུལ་ལྷ་ཟོ་དོར་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས༴ ཕ་མྱེས་རྒྱུད་སྲུང་དགྲ་བླ་ཕ་མཚུན་དང༔ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང༔ ལྷ་དམག་བཅུ་གསུམ་ཝེར་མ་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས༴ འགྲོ་བ་རིགས་དྲུག་བར་དོ་སྙིང་རྗེའི་མགྲོན༔ ལན་ཆགས་བགེགས་རིགས་བུ་ལོན་ཤ་མཁོན་ཅན༔ ཚེ་སྲོག་ལོངས་སྤྱོད་འཁོར་ལ་གནོད་བྱེད་པར༔ བདུད་རྩི་གསེར་སྐྱེམས༴ ཀུན་ཀྱང་མཉེས་ཤིང་ཚིམས་པར་གྱུར་ནས་ཀྱང༔ མཆོད་ཡུལ་གོང་མ་རྣམས་ཀྱིས་མགོན་སྐྱོབ་མཛོད༔ བར་པ་རྣམས་ཀྱིས་སྡོངས་གྲོགས་ཕྲིན་ལས་སྒྲུབས༔ འོག་མ་རྣམས་ཀྱང་ཀོ་ལོང་གདུག་རྩུབ་སྤོངས༔ ཞི་དང་ཕན་པའི་སེམས་ཀྱིས་མཐུན་རྐྱེན་སྒྲུབས༔ ལན་ཆགས་བུ་ལོན་བྱང་ཞིང་འཁོན་འགྲས་དག༔ ཀུན་ཀྱང་རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས༔ བྱམས་པའི་སེམས་ཀྱིས་དོན་ཀུན་བསྒྲུབ་ཏུ་གསོལ༔ གསུམ་པ་ཀུན་ལ་བརྔན་འབུལ་ཏེ༔ ཀྱེ་ བླ་མ་ཡི་དམ་མཁའ་འགྲོ་མ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ནི༔ ཕྱི་ནང་གསང་བ་ཁོ་ནས་བརྔན༔ ཆོས་སྐྱོང་ཐམས་ཅད་བརྔན་པ་ནི༔ ཀྱེ༔ ཆོས་དབྱིངས་རོལ་པ་ལས་བྱུང་བའི༔ དམ་རྫས་གཏོར་མ་ཨ་མྲྀ་ཏ༔ རཀྟ་སྤྱན་གཟིགས་སྣ་ཚོགས་པ༔ བྱ་རྟ་གཡག་ལུག་ར་ཁྱི་གླང༔ ནག་དམར་ལ་སོགས་སྣ་ཚོགས་པ༔ ཤ་ཁྲག་དོན་སྙིང་གོ་མཚོན་གྱིས༔ ལེགས་ལྡན་ནག་པོ་ཡབ་དང་ཡུམ༔ ལས་མགོན་ཀིང་ཀར་བེག་ཙེ་དམར༔ གཟའ་བདུད་རྒྱལ་པོ་འདོད་ཁམས་དབང༔ དཔལ་གྱི་བཀའ་སྲུང་བཅས་པ་བརྔན༔ ཕྱག་བཞི་པ་དང་ཙཎྜི་ཀ༔ བྱ་རོག་གདོང་ཅན་གཤིན་རྗེའི་རྒྱལ༔ ཞིང་སྐྱོང་སེང་གདོང་ཞང་བློན་སོགས༔ ཡང་དག་བཀའ་སྲུང་ཐམས་ཅད་བརྔན༔ སྟག་ཞོན་ནག་པོ་ཡབ་དང་ཡུམ༔ གྲི་གུག་སེང་ཞོན་བིང་དམར་སོགས༔ དུར་ཁྲོད་བདག་པོ་བདག་མོ་བཅས༔ སྐུ་ཡི་སྲུང་མ་ཐམས་ཅད་བརྔན༔ མྱུར་མཛད་ཕྱག་དྲུག་རེ་མ་ཏི༔ ལྷ་ཆེན་དབང་ཕྱུག་ཤན་པ་དམར༔ སྲོག་སྒྲུབ་རྡོ་རྗེ་ལེགས་པ་སོགས༔ པདྨ་གསུང་གི་བཀའ་སྲུང་བརྔན༔ ལྷ་ཆེན་མ་ནིང་ཡུམ་དཔལ་འབར༔ བྲག་ལྷ་མགོན་པོ་ཨ་གྷོ་ར༔ ཏྲཀ་ཤད་མགོན་པོ་གཤོག་རྒོད་མ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་བརྔན༔ ཨེ་ཀ་ཛཱ་ཊི་རྟག་རྒྱལ་ལྔ༔ མ་མོ་རྗེ་མོ་བཅུ་བཞི་དང༔ དམན་མོ་ལྔ་བཅུ་རྩ་བརྒྱད་སོགས༔ སྲིད་པའི་མ་མོ་ཐམས་ཅད་བརྔན༔ ཞལ་བཞི་མཁའ་འགྲོ་སྡེ་ལྔ་དང༔ མཁའ་འགྲོ་དཔའ་བོ་ཤུགས་འགྲོ་གིང༔ རྟ་ནག་ཤ་ཟ་བཙན་རྒོད་དང༔ སྤུ་གྲི་མཆེད་གསུམ་ལ་སོགས་བརྔན༔ རྡོ་རྗེ་གུར་ཆེན་ཡབ་དང་ཡུམ༔ རིགས་རྒྱལ་ནཱ་ག་རཀྴ་དང༔ པེ་ཧར་ཙི་དམར་པཱུ་ཏྲ་དང༔ དྲེགས་པ་ཡབ་ཡུམ་འཁོར་བཅས་བརྔན༔ བེར་ནག་ཅན་དང་སྲིད་པའི་རྒྱལ༔ ནག་པོ་ཡབ་ཡུམ་བཅུ་དྲུག་དང༔ གཞོན་ནུ་གཏུམ་པོ་མགར་བ་ནག༔ སྲིན་པོ་ནག་པོ་བྲག་བཙན་དམར༔ སྔགས་ཀྱི་བདག་པོ་འཁོར་བཅས་བརྔན༔ དྲེགས་པའི་སྡེ་དཔོན་བརྔན་པ་ནི༔ ཀྱེ༔ བདུད་རྩི་གསེར་སྐྱེམས་གཏོར་མ་དང༔ སྤྱན་གཟིགས་དཀོར་ཆ་སྣ་ཚོགས་ཀྱིས༔ དབང་ཕྱུག་མ་ཧཱ་དེ་ཝ་བརྔན༔ བཙུན་མོ་ཨུ་མ་དེ་ཝཱི་བརྔན༔ གཤིན་རྗེ་ཡ་མ་རཱ་ཛ་བརྔན༔ ཡུམ་མཆོག་སྒྲོལ་བྱེད་ནག་མོ་བརྔན༔ བདུད་པོ་སྐོས་རྗེ་བྲང་དཀར་བརྔན༔ བདུད་མོ་རི་ཏི་ནག་མོ་བརྔན༔ སྲིན་པོ་གློག་གི་ཕྲེང་བ་བརྔན༔ སྲིན་མོ་སྦལ་མགོ་ཁྲག་མིག་བརྔན༔ གནོད་སྦྱིན་ཡཀྵ་མེ་དབལ་བརྔན༔ གནོད་སྦྱིན་མོ་ནི་སྔོན་མོ་བརྔན༔ སྐྱེས་བུ་གནམ་ཐེལ་དཀར་པོ་བརྔན༔ མ་མོ་སྔགས་ཀྱི་སྲུང་མ་བརྔན༔ བྲག་བཙན་སྲོག་ཟན་དམར་པོ་བརྔན༔ མུ་སྟེགས་ཀཱ་ལ་ནག་པོ་བརྔན༔ ལྷ་རབས་དེ་ནི་ཤམ་པོ་བརྔན༔ སྤྱི་བདུད་རྒྱལ་པོ་གུ་རུམ་བརྔན༔ མ་མོ་སྲིད་པའི་རྒྱལ་མོ་བརྔན༔ ལྷ་མོ་མགྱོགས་བྱེད་ནག་མོ་བརྔན༔ རུ་དྲ་རྡོ་རྗེ་བདུད་འདུལ་བརྔན༔ འགོང་པོ་ཡམ་ཤུད་དམར་པོ་བརྔན༔ བགེགས་རྒྱལ་བི་ནཱ་ཡ་ཀ་བརྔན༔ དམུ་བདུད་བཀྲག་མེད་ནག་པོ་བརྔན༔ རཱ་ཧུ་ལ་ནི་ནག་པོ་བརྔན༔ གནམ་སྨན་ཐོག་གི་བུ་ཡུག་བརྔན༔ ཀླུ་བདུད་ནག་པོ་མགོ་དགུ་བརྔན༔ ཀླུ་མོ་ཡཀྴ་ནག་མོ་བརྔན༔ སྲོག་བདག་ཚངས་པ་དཀར་པོ་བརྔན༔ རྒྱལ་པོ་ཁྱུང་ཆེན་ཀླུ་འབྲུག་བརྔན༔ དགྲ་ལྷ་རྡོར་ལེགས་དཀར་པོ་བརྔན༔ མགོན་པོ་མ་ཧཱ་ཀཱ་ལ་བརྔན༔ འཁོར་དང་བཅས་པ་བརྔན་པའི་མཐུས༔ འཁོར་སྲུངས་རྐྱེན་ཟློགས་དགྲ་བགེགས་ཟློག༔ སྔགས་བདག་བཅོ་བརྒྱད་བརྔན་པ་ནི༔ ཀྱེ༔ གཏོར་མ་མཆོད་པ་སྣ་ཚོགས་དང༔ དམ་རྫས་བསམ་མི་ཁྱབ་པ་ཡིས༔ གཤིན་རྗེ་ཚེ་བདག་ནག་པོ་བརྔན༔ གསོད་བྱེད་ནག་མོ་རལ་ཅན་བརྔན༔ བདུད་པོ་མེ་ཡི་ཁ་རླངས་བརྔན༔ བདུད་མོ་ནག་མོ་ཁྲག་འཐུང་བརྔན༔ སྲིན་པོ་གཅོད་བྱེད་འབར་བ་བརྔན༔ སྲིན་མོ་ཟ་བྱེད་ཆེན་མོ་བརྔན༔ གནོད་སྦྱིན་གང་བ་བཟང་པོ་བརྔན༔ གནོད་སྦྱིན་སྲིན་མོའི་གདོང་པ་བརྔན༔ མ་ཧཱ་དེ་ཝ་དཀར་པོ་བརྔན༔ རུ་ཏྲ་ཐར་པ་ནག་པོ་བརྔན༔ དམུ་ཡི་དམུ་རྗེ་བཙན་པོ་བརྔན༔ མུ་སྟེགས་གུ་ལང་ནག་པོ་བརྔན༔ གཟའ་བདུད་གྷ་ར་ནག་པོ་བརྔན༔ ཀླུ་རྒྱལ་སོག་མ་མེད་བྱས་བརྔན༔ ཆོས་རྒྱལ་ལི་བྱིན་ཧཱར་ལེགས་བརྔན༔ འགོང་པོ་ཁུ་ལེ་ལག་དགུ་བརྔན༔ ནོར་བདག་སྟག་སྒྲོ་འཛིན་པ་བརྔན༔ བཙན་རྒྱལ་ཡམ་ཤུད་དམར་པོ་བརྔན༔ སྔགས་བདག་འཁོར་བཅས་རབ་དགྱེས་ཏེ༔ བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ༔ དེ་དག་ཀུན་ལ་དམར་གཏོར་དང༔ ཆང་ཕུད་ཟས་སྣ་དཀོར་ཆས་མཆོད༔ གཙང་རིགས་དཔལ་མགོན་བརྔན་པ་ནི༔ དཀར་གཏོར་དཀར་གསུམ་ཨརྒྷས་མཆོད༔ ཀྱེ༔ དཀར་གསུམ་གཏོར་མ་ཨརྒྷཾ་དཀར༔ ཀླུ་སྨན་དར་ཟབ་རིན་ཆེན་གྱིས༔ ལྷ་དང་དྲི་ཟ་མེ་ལྷ་དང༔ གཤིན་རྗེ་སྲིན་པོ་ཆུ་ཡི་བདག༔ རླུང་ལྷ་གནོད་སྦྱིན་དབང་ལྡན་དང༔ ས་ལྷ་ལ་སོགས་ཕྱོགས་སྐྱོང་བརྔན༔ ཚངས་པ་ལ་སོགས་བྷྲིཾ་གི་རི༔ དབང་ཕྱུག་དགའ་བྱེད་ལྷ་ཆེན་ཚོགས༔ གཞོན་ནུ་འཇིགས་བྱེད་ལྷ་བརྒྱད་བརྔན༔ མཐའ་ཡས་འཇོག་པོ་ནོར་རྒྱས་དང༔ དུང་སྐྱོང་པདྨ་པདྨ་ཆེ༔ རིགས་ལྡན་སྟོབས་རྒྱུ་ཀླུ་བརྒྱད་བརྔན༔ ཉི་མ་ཟླ་བ་མིག་དམར་དང༔ ལྷག་པ་ཕུར་བུ་པ་ཝ་སངས༔ སྤེན་པ་སྒྲ་གཅན་གཟའ་བརྒྱད་བརྔན༔ སྨིན་དྲུག་ལ་སོགས་ཤར་སྐར་བདུན༔ མེ་བཞི་ལ་སོགས་བྱང་སྐར་བདུན༔ ལྷ་མཚམས་ལ་སོགས་ནུབ་སྐར་བདུན༔ བྲ་ཉེ་ལ་སོགས་ལྷོ་སྐར་བདུན༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བརྔན༔ འཇིག་བྱེད་དགུ་དང་འབར་མ་བདུན༔ གཙང་རིགས་བདུན་ཅུ་རྩ་གཉིས་བརྔན༔ ཀོ་ལོང་རུ་ང་མ་མཛད་པར༔ འཇིག་རྟེན་བདེ་བའི་ལས་མཛོད་ཅིག༔ རྒྱལ་ཆེན་ཐམས་ཅད་བརྔན་པ་ནི༔ ཀྱེ༔ བརྗིད་ཆེའི་གོས་དང་བཅུད་ཆེའི་ཟས༔ རིན་ཆེན་ནོར་སྣ་དཔག་མེད་ཀྱིས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཡུམ་ཆེན་དཔལ་ལྷ་ཡབ་ཡུམ་བརྔན༔ ལས་ལ་ཆས་པའི་རྟ་སྔོན་ཅན༔ རྟ་བདག་བརྒྱད་ཀྱི་འཁོར་དང་བཅས༔ གནོད་སྦྱིན་མ་སོགས་གྲོགས་མོ་བརྒྱད༔ རྨུགས་འཛིན་དཀར་པོ་དབྱུག་གུ་གསུམ༔ ཛམ་ལ་ཕོ་མོ་གནོད་སྦྱིན་རིགས༔ དམག་ཚོགས་མངག་གཞུག་བསམ་མི་ཁྱབ༔ རྒྱལ་ཆེན་འཁོར་དང་བཅས་པ་བརྔན༔ ཡུལ་འཁོར་སྲུང་དང་ཡུམ་མཛེས་པ༔ དྲི་ཟ་ཁྱེ་འུ་ཕོ་མོ་བརྒྱད༔ དྲི་ཟའི་དམག་ཚོགས་བསམ་མི་ཁྱབ༔ རྒྱལ་ཆེན་འཁོར་དང་བཅས་པ་བརྔན༔ འཕགས་སྐྱེས་པོ་དང་ཡུམ་དབྱངས་ལྡན༔ གྲུལ་བུམ་བློན་བརྒྱད་ཕོ་ཉ་བརྒྱད༔ གྲུལ་བུམ་ཕོ་མོ་བསམ་མི་ཁྱབ༔ རྒྱལ་པོ་ཆེན་པོ་འཁོར་བཅས་བརྔན༔ སྤྱན་མི་བཟང་དང་ནོར་ལྡན་ཡུམ༔ ནོར་འཛིན་ལ་སོགས་སྲས་ལྕམ་སྟོང༔ ནོར་འཛིན་ལང་འགྲོ་བསམ་མི་ཁྱབ༔ རྒྱལ་ཆེན་འཁོར་དང་བཅས་པ་བརྔན༔ ས་བདག་འཁོར་བཅས་བརྔན་པ་ནི༔ ཀྱེ༔ གསེར་དངུལ་ཟངས་ལྕགས་ཞྭ་གོས་ལྷྭམ༔ སྦ་སྨྱུག་བཟའ་བཏུང་དར་ཟབ་འབྲུ༔ རི་དྭགས་སྣ་ཚོགས་གཅན་གཟན་རིགས༔ མི་ཟད་གཏེར་གྱི་བུམ་པ་ཡིས༔ ས་ཡི་ལྷ་མོ་བརྟན་མ་དང༔ དབང་ཆེན་དཔལ་བཟང་གདོང་བཞི་པ༔ ཐེ་སེ་རྒྱལ་པོ་ལག་པ་དང༔ ལྟོ་འཕྱེ་ལ་སོགས་རྒྱལ་པོ་བརྔན༔ ཐེ་ཁྱིམ་བློན་པོ་དམག་དཔོན་དང༔ དུས་འཛིན་སེ་ཤར་གདན་འདིང་བ༔ ཧལ་ཁྱི་ཁྱི་མགོ་སེ་བ་སྲས་པོ་པི་ལིང་དང༔ གཙང་ཀུན་ཟིན་ཕུང་ས་ཡི་སེ་བྱི་དང༔ ཕེ་འུ་ཧོང་སེར་རང་རྟ་དང༔ ཝང་གིན་ས་འཕྱག་གཉན་ཆེན་འཕྱེའོ༔ ལྔ་སེར་གཟིག་གི་མཇུག་མ་སོགས༔ རྒྱལ་བློན་འཁོར་དང་བཅས་པ་བརྔན༔ ལོ་སྐོར་ཟླ་བ་ཞག་དུས་ཚོད༔ འབྱུང་བ་ལྔ་ཡི་ལྷ་དང་འཕོ་བ་རུ༔ སྐབས་སུ་ངེས་མེད་རྒྱུ་བའི་རིགས༔ སྤར་ཁ་སྨེ་བ་ལོ་དྲུག་ཅུ༔ གཙུག་ལག་རྩིས་ལས་བཤད་ཀུན་བརྔན༔ ཤེལ་ཁྱུང་དུང་ཕྱི་ལྕགས་ཕག་དང༔ ཤེལ་རྟ་གསེར་ཉ་གཡུ་ཡི་ཁྱི༔ གླང་དམར་དུག་སྦྲུལ་རུ་སྦལ་དང༔ གསེར་རྟ་གཡུ་འབྲུག་ཟངས་ཀྱི་བྱ༔ ཤེལ་མཛོ་མཆོང་གི་བྱི་བ་སོགས༔ གཉན་རིགས་བསམ་མི་ཁྱབ་པ་བརྔན༔ ཀུན་སེལ་ཞི་བ་ཆེན་པོ་རུ༔ བདེ་ལེགས་ངང་དུ་གནས་གྱུར་ཅིག༔ བརྟན་མ་རྣམས་ལ་བརྔན་འབུལ་ནི༔ ཀྱེ༔ ཡུལ་གྱི་མིང་ནི་གདོང་དམར་བོད༔ བརྟན་མའི་གནས་ཆེན་བཅུ་གཉིས་ནས༔ ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང༔ འཇིག་རྟེན་མཁའ་འགྲོ་ཀུན་གྱི་གཙོ༔ རྡོ་རྗེ་ཀུན་བཟང་སྐུ་མདོག་མཐིང༔ ཕྱག་ན་རྡོ་རྗེ་ཚེ་བུམ་འཛིན༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ རྡོ་རྗེ་ཀུན་གྲགས་སྐུ་མདོག་མཐིང༔ ཆུ་སྲིན་རྒྱལ་མཚན་མེ་ལོང་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་མོ་འཆིབ༔ ཧ་རི་རྡོ་རྗེ་ཡ་མ་སྔོ༔ ཕྱག་ན་ཤང་ལང་ཞགས་པ་བསྣམས༔ ཆིབས་སུ་རྐྱང་བུ་ཁ་གར་འཆིབ༔ འབྲོག་ཆེན་རྡོ་རྗེ་བགེགས་གཙོ་ནག༔ རུ་མཚོན་རྩེ་ལྔ་ཞགས་པ་འཛིན༔ ཆིབས་སུ་དྲི་འུ་སྔོན་མོ་འཆིབ༔ བདུད་མོ་ཆེན་མོ་མཆེད་བཞི་ཡང༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་གྱི་ཟོར་བ་གཏེར་བུམ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་འཆིབ༔ ཁ་རག་ཁྱུང་བཙུན་སྐུ་མདོག་དཀར༔ ཕྱག་གཉིས་ཌཱ་རུ་མེ་ལོང་བསྣམས༔ ཆིབས་སུ་མཁའ་ལྡིང་ཁྱུང་ཆེན་འཆིབ༔ གསེར་ཆེན་མཁའ་ལྡིང་ཀླུ་མོ་དམར༔ ཕྱག་ན་སྦྲུལ་ཞགས་ཕུར་པ་ཐོགས༔ ཆིབས་སུ་གྱི་ལིང་རྟ་སེར་འཆིབ༔ རྨ་རི་རབ་འབྱམས་དྲག་མོ་སེར༔ ཕྱག་ན་བེ་ཅོན་ཟས་གཞོང་བསྣམས༔ ཆིབས་སུ་གཅན་གཟན་འཕར་བ་འཆིབ༔ གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ ཀོང་བཙུན་དེ་མོ་སྐུ་མདོག་སྨུག༔ ཕྱག་ན་མདའ་དར་སྒྲོམ་བུ་བསྣམས༔ ཆིབས་སུ་མགྱོགས་འགྲོ་གཡུ་རྔོག་འཆིབ༔ བཙན་ལ་རོལ་པའི་སྨན་གཅིག་ལྗང༔ ཕྱག་ན་དར་དཀར་འབྲང་རྒྱས་བསྣམས༔ ཆིབས་སུ་མཛོ་མོ་དཀར་མོ་འཆིབ༔ ཨུག་ཆོས་ཡ་མ་བསིལ་དམར་མོ༔ ཕྱག་ན་ཏིང་ཤག་སྐད་སྙན་ཐོགས༔ ཆིབས་སུ་རུ་སྦལ་མགོ་དགུ་འཆིབ༔ གཡུ་དྲིལ་རྡོ་རྗེ་གཟུགས་ལེགས་དམར༔ ཕྱག་ན་པདྨ་དྲིལ་བུ་འཛིན༔ ཆིབས་སུ་སྟག་མོ་རི་བཀྲ་འཆིབ༔ སྨན་མོ་ཆེན་མོ་མཆེད་བཞི་ཡང༔ བཤོས་བུ་སྙིང་དང་གཏོར་མས་བརྔན༔ བརྟན་མ་ཆེན་མོ་རྣམས་ཀྱི་འཁོར༔ སྤྲུལ་པ་སྐྱོང་མ་བཅུ་གཉིས་དང༔ ཡ་མ་ཆེན་མོ་བཅུ་གཉིས་སོགས༔ འབུམ་ཕྲག་ཡངས་པ་འཁོར་བཅས་ལ༔ གསེར་གཡུ་དར་ཟབ་འབྲུ་སྨན་གྱིས༔ བརྔན་ཅིང་དགྱེས་པ་བསྐངས་གྱུར་ཏེ༔ ཕྱི་རུ་འཇིག་རྟེན་བདེ་བ་དང༔ ནང་དུ་བདག་ཅག་བདེ་བ་དང༔ གསང་བ་རྩ་རླུང་བདེ་བ་དང༔ དོན་དམ་ཐིག་ལེ་དབབ་གཟུང་བདེ༔ བདེ་ཆེན་ཡེ་ཤེས་རྟོགས་པ་ཡིས༔ ས་ལམ་བགྲོད་པའི་གྲོགས་མཛོད་ཅིག༔ གཞན་ཡང་ཡུལ་ལྷ་ཀུན་བརྔན་པ༔ ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བྱང་ཆུབ་ཐུགས་སུ་ཆུད་པའི་ས༔ རྡོ་རྗེ་གདན་གྱི་སྲུང་མ་བརྔན༔ གཞན་ཡང་ཞིང་སྐྱོང་སོ་གཉིས་བརྔན༔ ཉི་ཤུ་རྩ་བཞིའི་གནས་སྲུང་བརྔན༔ གནས་ཆེན་ཉེར་ལྔའི་སྲུང་མ་བརྔན༔ སྒྲུབ་གནས་བརྒྱ་རྩའི་སྲུང་མ་བརྔན༔ ན་ལན་ད་ར་ལ་སོགས་པའི༔ རྒྱ་གར་ཆོས་གྲྭའི་སྲུང་མ་བརྔན༔ ལྷ་ས་བསམ་ཡས་ལ་སོགས་པའི༔ བོད་ཡུལ་ཆོས་གྲྭའི་སྲུང་མ་བརྔན༔ ཕོ་ཉ་དྲུག་ཅུ་རྩ་བཞི་བརྔན༔ གིང་དང་ལང་ཀའི་ཚོགས་རྣམས་བརྔན༔ བྱ་རྒོད་སྤུངས་པའི་རི་བོ་སོགས༔ རྒྱ་གར་ཡུལ་དགུའི་གཞི་བདག་བརྔན༔ ཨུ་རྒྱན་ཡུལ་དང་ཤམ་བྷ་ལ༔ ལྕང་ལོ་ཅན་དང་པོ་ཏ་ལའི༔ སྲུང་མ་ཞིང་སྐྱོང་ཐམས་ཅད་བརྔན༔ རི་བོ་བྱ་རོག་ལ་སོགས་པའི༔ སྟག་གཟིག་ཡུལ་གྱི་གཞི་བདག་བརྔན༔ དཔག་དཔོན་མདུང་རྩེ་ལ་སོགས་པའི༔ གེ་སར་ཡུལ་གྱི་གཞི་བདག་བརྔན༔ རི་བོ་རྩེ་ལྔ་བྱ་རྐང་ཅན༔ གླང་ཆེན་འགྱིང་རི་ལ་སོགས་པའི༔ རྒྱ་ནག་ཡུལ་གྱི་གཞི་བདག་བརྔན༔ ལྕང་ར་སྨུག་པོ་ལ་སོགས་པའི༔ འཇང་གི་ཡུལ་གྱི་གཞི་བདག་བརྔན༔ ཨ་ལག་གསེར་རྩེ་སྟག་རི་སོགས༔ སོག་ཡུལ་གཞི་བདག་ཐམས་ཅད་བརྔན༔ དཀར་སྒང་རིན་ཆེན་ཕུག་པ་སོགས༔ ཙོང་ཁའི་གཞི་བདག་ཐམས་ཅད་བརྔན༔ བེ་རི་ཡི་ནི་དུག་མཚོ་དང༔ སྟོང་རི་ཡི་ནི་མཚོ་ནག་དང༔ དྭ་འུའི་ཚ་མཚོ་དཀར་མོ་དང༔ ཁྲི་ཤོག་རྒྱལ་མོའི་མཚོ་དང་ནི༔ ཙོང་ཁའི་གཡུ་མཚོ་སྔོན་མོ་སོགས༔ མཚོ་སྨན་རྒྱལ་མོ་སྤུན་ལྔ་བརྔན༔ རི་བཙུན་སྨུག་རི་བསིལ་མེ་རྩེ༔ རྒྱལ་མོ་རོང་གི་གཞི་བདག་བརྔན༔ ཀཾ་པོ་གངས་ར་སྤྲམ་མཚོ་རྩེ༔ ལི་ཐང་གཞི་བདག་ཐམས་ཅད་བརྔན༔ བཞག་ར་ལྷ་རྩེ་ལ་སོགས་པ༔ རབ་སྒང་གཞི་བདག་ཐམས་ཅད་བརྔན༔ ཧེ་བྲག་མོན་སྐྱེས་སེང་གེ་འགྱིང༔ ཏི་ཆུའི་གཞི་བདག་ཐམས་ཅད་བརྔན༔ དན་ཏི་རྨ་གསུམ་རྫ་ཁྲ་སོགས༔ རྨ་ཡུལ་གཞི་བདག་ཐམས་ཅད་བརྔན༔ གྲི་ཕུག་སྤྱང་རི་རྩེ་རྒྱལ་སོགས༔ ཝེར་ཏི་ཝེར་དགུ་གེར་མཛོ་གཉན༔ སྤོ་བོ་ཆུ་དམར་ལ་སོགས་པ༔ འབྲི་རྒྱུད་གཞི་བདག་ཐམས་ཅད་བརྔན༔ རོ་སོ་འབྱོར་རྩེ་རུ་བསམ་མཐོ༔ གཉན་རྒྱལ་མཚོ་ནག་རྦ་རི་གཉན༔ རྩི་ཡི་རག་ནེ་མཐོན་པོ་སོགས༔ ངང་པ་རྒྱུད་ཀྱི་གཞི་བདག་བརྔན༔ སྟོང་དཔོན་གོང་མོ་རི་བཀྲ་སོགས༔ ཨ་འདམ་གཉིས་ཀྱི་གཞི་བདག་བརྔན༔ ཟླ་ཡི་དཀར་ནག་སུམ་མདོ་དང༔ དགེ་བསྙེན་རྡོ་རྗེ་དབང་དྲག་སོགས༔ སྙིང་ཐང་འཆམ་རི་ལ་སོགས་པའི༔ ཟླ་སྟོད་གཞི་བདག་ཐམས་ཅད་བརྔན༔ སྨོག་ཤེ་ཉིན་འཕྲང་གོ་གཡས་སོགས༔ གཟེ་ཡི་མ་མོ་འཕེན་བཟང་སོགས༔ གཡུ་མཚོ་ཀླུ་སྨན་ཧོར་བྲག་དང༔ ནེ་བཙན་གཏེར་བདག་རག་མོ་རི༔ ལྷ་བདུད་བཙན་ཀླུ་ཐམས་ཅད་ཀྱི༔ རྗེ་དཔོན་གཙོ་བོ་ཉེར་ལྔ་དང༔ འབེ་ཡི་ཆབ་བཞི་རྫོང་འཕྲང་སོགས༔ ཟླ་རྐེད་གཞི་བདག་ཐམས་ཅད་བརྔན༔ ནག་པོ་མདུང་རྩེ་དོ་ལ་རི༔ བྲག་དཀར་བྲག་ནག་ལ་སོགས་པའི༔ ཟླ་སྨད་གཞི་བདག་ཐམས་ཅད་བརྔན༔ སྤྱི་ཡི་བྲག་ལ་མདའ་ཟུག་དང༔ དབའ་རི་དབི་ཧུ་བྲག་ནག་པོ༔ རྐེད་བཙན་ནོར་ལྷ་མགར་བ་ཀླུ༔ དྲག་པོ་རི་གསུམ་ལ་སོགས་པའི༔ སྤྱི་ངོམ་གཞི་བདག་ཐམས་ཅད་བརྔན༔ སྒོ་ཁྲོ་གཤོག་བརྒྱད་དིལ་མོ་བརྒྱད༔ རིགས་ཕྱུག་འཕེན་རི་ལ་སོགས་པའི༔ དབྱི་ཤོད་གཞི་བདག་ཐམས་ཅད་བརྔན༔ གངས་དཀར་རི་བོ་རྣམ་གསུམ་དང༔ བརྟན་མ་དྲིལ་དཀར་ལ་སོགས་པའི༔ ཚ་བ་སྒང་གི་གཞི་བདག་བརྔན༔ རོང་བཙན་ཁ་བ་དཀར་པོ་སོགས༔ ཚ་བ་རོང་གི་གཞི་བདག་བརྔན༔ ཁྱུང་ཐོ་དུང་རི་ལ་སོགས་པའི༔ སྤོ་བོའི་གཞི་བདག་ཐམས་ཅད་བརྔན༔ རིན་ཆེན་བརྩེགས་དང་རྩེ་མོ་དྲུག༔ ཐོག་རི་འབར་བ་བྲག་དམར་བཙན༔ སྐུ་ལ་བྲག་དམར་མཐོ་ཅོག་སོགས༔ དངུལ་རྒྱུད་གཞི་བདག་ཐམས་ཅད་བརྔན༔ ཀོང་ལྷ་ཀོང་བཙུན་རྒྱ་ལ་དང༔ བོན་རི་མགོ་དགུ་ལ་སོགས་པའི༔ ཤར་ཀོང་ནུབ་ཀོང་གཞི་བདག་བརྔན༔ ཕོ་བྲང་སྨུག་རི་ཕྲ་མེན་བརྒྱད༔ མོན་ཡུལ་གཞི་བདག་ཐམས་ཅད་བརྔན༔ བྲག་དམར་རི་མོ་ལྡང་ལྷ་བྲག༔ དགེ་བསྙེན་མཁའ་རི་ལྕམ་དྲལ་དང༔ གཏེར་བདག་དགེ་རི་ལྕམ་དྲལ་སོགས༔ གཉལ་དང་ལོ་རོའི་གཞི་བདག་བརྔན༔ ཙ་རི་ཙ་གོང་གཉན་པོ་རྩེ༔ མོག་པོ་རི་དང་དྲག་ཤུལ་ཅན༔ རྡོ་དང་བྱར་གྱི་གཞི་བདག་བརྔན༔ འོ་དེ་གུང་རྒྱལ་ཡབ་ཡུམ་འཁོར༔ གང་བ་བཟང་པོ་གཅིག་ཆར་དམར༔ སྒམ་པོ་དཔལ་རི་ལ་སོགས་པའི༔ དྭགས་ཉང་འོལ་ཁའི་གཞི་བདག་བརྔན༔ བྲག་དམར་གནམ་སྐས་ལྕགས་ཕུར་ཅན༔ སྨྱོ་ཁ་མཁར་ཆུ་སྦར་རྗེས་སོགས༔ ལྷོ་བྲག་གཡས་གཡོན་གཞི་བདག་བརྔན༔ ཡར་སྟོད་བྲག་ལ་ཡར་འབྲོག་རི༔ གྲ་ཕྱི་ནང་དང་བར་པ་སྟེ༔ མཆིམས་ཕུ་བཙན་རྒོད་ཆུ་བོ་རི༔ རྡོ་རྗེ་བྲག་སྐྱེས་དོངས་པའི་ཀླུ༔ ལོ་ཧི་ཏ་ཡི་དགེ་བསྙེན་དང༔ འོན་འཇང་བྲག་དང་སྟག་ལུང་རི༔ ཡེར་པ་གཙུག་རི་ལ་སོགས་པའི༔ སྐྱི་ཤོད་ས་བདག་ཐམས་ཅད་བརྔན༔ ཏི་སྒྲོ་སྨན་དང་མལ་གྲོའི་ཀླུ༔ བར་ལྷ་སོགས་ར་ལ་སོགས་པའི༔ དབུ་རུ་ཉིན་སྲིབ་གཞི་བདག་བརྔན༔ ནག་ཤོད་སོགས་དང་ཉང་སྤྱང་སོགས༔ མགྲོན་བུའི་དིལ་དང་ཐོག་གི་རི༔ རྨུ་རུ་ཤ་རུ་ཙནྡ་རི༔ ཀ་ཆེན་མཆེད་བརྒྱད་ཀོང་རུ་ཐུར༔ འདམ་གྱི་འབེན་རྒྱལ་སྤྱང་རི་དང༔ བྱ་ཉལ་གོ་ར་གནམ་གྱི་ར༔ སྐྱོམ་འདམ་ཀླུ་ཤོད་འཕེན་ཡུལ་རི༔ སེ་གླིང་བསིལ་རི་བསམ་གཏན་རི༔ ནམ་རུ་རུ་རྩེ་ཐོད་དཀར་ཅན༔ ཏིང་ལོ་ཏིང་སྨན་ལ་སོགས་པའི༔ བྱང་རྒྱུད་གཞི་བདག་ཐམས་ཅད་བརྔན༔ སྟག་རྩེ་རི་དང་མགོན་པོ་རི༔ ཕུང་པོ་རིན་ཆེན་ཟམ་བུ་ལུང༔ རོང་མདོ་ཁ་རག་གཞུ་གཉན་རྩེ༔ ངོམ་ནག་འཕྲང་རྩེ་གསེར་གཤམ་ཆེ༔ ལྷ་རི་སྐུ་ལྷ་ཇོ་མོ་རི༔ གཡུ་ཕུ་བྲག་དཀར་འཇའ་ཚོན་རི༔ ཀླུ་བདུད་སྦྲུལ་སྣ་ཁ་འུ་བྲག༔ ས་སྐྱ་དཔལ་རི་ལྷུན་པོ་རྒྱལ༔ གཉན་པོ་རི་དང་གངས་རི་རྩེ༔ གཙང་གི་གཡས་གཡོན་གཞི་བདག་བརྔན༔ སྟག་སྒོ་ཏི་སེ་མ་ཕམ་མཚོ༔ པྲེ་ཏ་པུ་རི་ལ་ཕྱི་གངས༔ ཐོ་ལིང་སྙེ་ནམ་ལྷ་བྲག་དང༔ རི་བོ་བཀྲ་བཟང་དཔལ་འབར་རི༔ སྐྱི་རོང་མ་རི་ཁྱུང་རྒྱལ་རྩེ༔ དུང་དཀར་རི་རྒྱལ་གསེར་གྱི་རི༔ རི་བོ་དཔལ་འབར་བྲག་བཙན་རྒོད༔ མཐོན་པོ་བཀྲ་ཤིས་རྩེ་ལ་སོགས༔ མངའ་རིས་སྐོར་གསུམ་གཞི་བདག་བརྔན༔ ཐམས་ཅད་ཡོངས་སུ་མཉེས་ནས་ཀྱང༔ སོ་སོའི་ཕྲིན་ལས་མྱུར་དུ་སྒྲུབས༔ གཉན་ཆེན་སྡེ་བཞི་བརྔན་པ་ནི༔ ཀྱེ༔ ཤར་གྱི་རྨ་རྒྱལ་སྤོམ་ར་ནི༔ མི་དཀར་རྟ་དཀར་ཤེལ་ཁྲབ་ཅན༔ ཕྱག་ན་མདུང་དར་ནོར་བུ་འཛིན༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང༔ རྨ་སྨན་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ལྷོ་ཡི་དབྱི་རྒྱལ་དམག་དཔོན་ནི༔ མི་སྨུག་རྟ་སྨུག་གསེར་ཁྲབ་ཅན༔ ཕྱག་ན་མདུང་དར་སཏྭ་རེ་ཐོགས༔ བཙུན་མོ་སྲས་བློན་ཕོ་ཉར་བཅས༔ རང་འཁོར་བསམ་མི་ཁྱབ་པ་རྣམས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ནུབ་ཀྱི་གཉན་ཆེན་ཐང་ལྷ་ནི༔ མི་དཀར་དར་ཐོད་དར་བེར་ཅན༔ ཆིབས་སུ་བང་མགྱོགས་ངང་སེར་འཆིབ༔ སྦ་ལྕག་དར་མདུང་ཕྱག་ན་འཛིན༔ བཙུན་མོ་སྲས་བློན་གཉན་འཁོར་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ བྱང་གི་སྒྱོག་ཆེན་སྡོང་ར་ནི༔ མི་སེར་པྲོག་ཞུ་དར་སེར་གསོལ༔ ཆིབས་སུ་མགྱོགས་འགྲོ་གཡུ་རྔོག་འཆིབ༔ ཕྱག་ན་འཁོར་ལོ་མདུང་དར་བསྣམས༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ སྒང་དྲུག་གཞི་བདག་བཅུ་གཉིས་ལ༔ བསང་མཆོད་གསེར་སྐྱེམས་བརྔན་འབུལ་ནི༔ ཀྱེ༔ ཤར་ཟླ་སྒང་ལ་དབང་སྒྱུར་བ༔ བསེ་ཡི་འབྲོང་རི་སྨུག་པོ་ནི༔ མི་ནག་རྟ་ནག་ཆིབས་སུ་འཆིབ༔ བེར་ནག་གསོལ་ཞིང་བིང་ཕུར་འཛིན༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ གཉན་ཆེན་གཡུ་རྩེ་སྐུ་མདོག་ལྗང༔ གསེར་ཁྲབ་གསོལ་ཞིང་རྒྱལ་མཚན་འཛིན༔ རྟ་དམར་རླུང་གཤོག་ལྡན་པ་འཆིབ༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཀྱེ༔ འབྲིང་ཟླ་སྒང་ལ་དབང་སྒྱུར་བ༔ ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་ནི༔ སྐུ་མདོག་དཀར་ལ་དར་ཐོད་དཀར༔ ཟ་འོག་སྣ་ཚོགས་ན་བཟའ་གསོལ༔ ཕྱག་ན་རལ་གྲི་མདུང་དར་འཛིན༔ རྟ་དཀར་གཡུ་རྔོག་ལྡན་པ་འཆིབ༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ གཉན་ལྡང་རྡོ་རྗེ་བློ་གྲོས་ནི༔ མི་སྔོན་རྟ་སྔོན་ལྕགས་ཁྲབ་ཅན༔ རྒྱལ་མཚན་ནོར་བུ་ཕྱག་ན་འཛིན༔ བཙུན་མོ་སྲས་དང་བློན་འཁོར་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཀྱེ༔ ལྷོ་ཟླ་སྒང་གི་བདག་པོ་སྟེ༔ རྒྱམ་རྒྱལ་རྡོ་ཏི་གངས་དཀར་ནི༔ དཀར་པོ་ཤེལ་རྨོག་ཤེལ་ཁྲབ་གསོལ༔ རྡོ་རྗེ་དང་ནི་རྒྱལ་མཚན་འཛིན༔ མགྱོགས་འགྲོ་རག་དཀར་གཡུ་རྔོག་འཆིབ༔ མཆེད་བརྒྱད་ཡུམ་དགུ་སྲས་ཆེན་དགུ༔ མཚོ་ནག་ལ་གནས་གཟི་འབར་དང༔ ཁ་ལ་རཀྴ་ཀླུ་བདུད་ནག༔ སྐུ་རྒྱལ་དཀར་ཡག་བློན་ཆེན་དགུ༔ མཚོ་སྨན་འབུམ་དང་ཕོ་ཉར་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ མ་སངས་གཡའ་སྤང་རྫ་རྒྱལ་ནི༔ སྐུ་སྤྲུལ་སྟོབས་རྒྱལ་ངང་པ་དཀར༔ གསུང་སྤྲུལ་འབྲི་བྱེད་སྐུ་མདོག་དམར༔ ཐུགས་སྤྲུལ་གོ་བོ་མཐིང་ནག་འབར༔ གསུམ་ཀ་དངུལ་ཟངས་ལྕགས་ཁྲབ་གསོལ༔ རྨོག་ཕོར་དར་འཕྲུ་རྒྱལ་མཚན་ཅན༔ བྱ་ཐུལ་གསོལ་ཞིང་མདུང་ཞགས་བསྣམས༔ རང་མདངས་མཚུངས་པའི་རྟ་ལ་འཆིབ༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཀྱེ༔ ཟལ་མོ་སྒང་ལ་དབང་སྒྱུར་བའི༔ སྐུ་རྒྱལ་ཤེ་ནེ་སྐུ་མདོག་དམར༔ བསེ་ཁྲབ་བསེ་རྨོག་སྐུ་ལ་གསོལ༔ ཕྱག་ན་མདུང་དང་ཞགས་པ་བསྣམས༔ རྟ་དམར་རླུང་གཤོག་ཆིབས་སུ་འཆིབ༔ བཙུན་མོ་མཆེད་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ངོམ་རྒྱལ་མཚོ་བཀྲ་སྐུ་མདོག་དཀར༔ ཕྱག་ན་སྦ་ལྕག་མདུང་དར་འཛིན༔ ཁྲབ་རྨོག་གསོལ་ཞིང་རྟ་དཀར་འཆིབ༔ བཙུན་མོ་བློན་པོ་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཀྱེ༔ དངུལ་ཟླ་སྒང་ལ་དབང་སྒྱུར་བ༔ གཟེ་ཡི་མ་མོ་མཆེད་གསུམ་ནི༔ དཀར་པོ་དར་གྱི་ན་བཟའ་གསོལ༔ དབུ་ལ་འོབ་ཞུ་སྟག་འཕྲུ་ཅན༔ ཕྱག་ན་མདུང་དར་ནོར་བུ་བསྣམས༔ ཀུན་ཀྱང་མགྱོགས་འགྲོ་ངང་སེར་འཆིབ༔ བཙུན་མོ་སྲས་བློན་འཁོར་བཅས་རྣམས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ལྷ་བཙན་གཉན་པོ་ཚེ་དབང་རྩལ༔ དམར་པོ་ཚེ་བུམ་མདའ་དར་བསྣམས༔ བཙན་བདུད་ཀླུ་གསུམ་ལ་སོགས་པའི༔ རྒྱལ་བློན་བཙུན་མོ་སྲས་འཁོར་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཀྱེ༔ ཚ་བ་སྒང་དུ་དབང་སྒྱུར་བ༔ རྡོ་རྗེ་དྲིལ་དཀར་དར་ཐོད་ཅན༔ དར་བེར་སྔོ་ཁྲ་སྐུ་ལ་གསོལ༔ ཕྱག་ན་སྒྲོན་མེ་མེ་ཤེལ་བསྣམས༔ བྲག་ནག་ལྕགས་ཁྲབ་རྟ་ནག་ཞོན༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཚ་བའི་བརྟན་མ་ཆེན་མོ་ནི༔ སྨན་གཅིག་གཟུགས་མཛེས་དར་གོས་གསོལ༔ མཛའ་གྲོགས་བློན་པོ་འཁོར་དང་བཅས༔ འདིར་གཤེགས་བསང་དང་གསེར་སྐྱེམས་དང༔ གཏོར་མ་དཀོར་ཆའི་བརྔན་འདི་འབུལ༔ གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས༔ ཆུ་བཞིའི་དགེ་བསྙེན་བརྔན་པ་ནི༔ ཀྱེ༔ ཟླ་ཡི་གནས་ཆུ་ལ་གནས་པའི༔ སྨྱོ་ཁའི་མཁར་ནག་ཟོ་ར་ཞེས༔ བྷ་བ་ནག་པོ་ཀླུ་ཡི་བདུད༔ ན་བུན་དགེ་བསྙེན་མཐུ་བོ་ཆེ༔ མི་དཀར་ཤེལ་ཁྲབ་ཤེལ་རྨོག་ཅན༔ གསེར་འཁོར་འཛིན་ཅིང་ཀླུ་རྟ་འཆིབ༔ སྐབས་སུ་བདུད་ནག་སྡིག་རྭ་ཅན༔ ཁྲོས་ཚེ་ཀླུ་བདུད་ཆུ་སྲིན་གདོང༔ བཙུན་མོ་སྲས་བློན་འཁོར་བཅས་རྣམས༔ འདིར་གཤེགས་མཆོད་བཞེས་དངོས་གྲུབ་སྩོལ༔ གསེར་ཆུ་འབྲི་ཀླུང་དགེ་བསྙེན་ནི༔ ཀླུ་བདུད་རྡོ་རྗེ་ནོར་འཛིན་ཞེས༔ སྐུ་མདོག་དཀར་པོ་གདེངས་ཀ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དཔག་བསམ་ཤིང་དང་ནོར་བུ་འཛིན༔ ཀླུ་རྟ་སྦྲུལ་ལྟོ་ལྡན་པ་འཆིབ༔ བཙུན་མོ་སྲས་བློན་འཁོར་བཅས་རྣམས༔ འདིར་གཤེགས་མཆོད་བཞེས་དངོས་གྲུབ་སྩོལ༔ ནས་ཆུ་སྐྱི་ངོམ་ཀླུང་གི་བདག༔ བར་བློན་རྡོ་རྗེ་བདུད་འདུལ་ནི༔ མི་སྔོན་དར་ཐོད་སྦྲུལ་གདེང་ཅན༔ དར་གྱི་ན་བཟའ་གཡུ་ཁྲབ་གསོལ༔ ཕྱག་ན་མདུང་དར་སྒྲོམ་བུ་འཛིན༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ ཁྲོས་པ་ཀླུ་བདུད་ཉ་མགོ་ཅན༔ བཙུན་མོ་སྲས་བློན་འཁོར་བཅས་རྣམས༔ འདིར་གཤེགས་མཆོད་བཞེས་དངོས་གྲུབ་སྩོལ༔ དངུལ་ཆུའི་དགེ་བསྙེན་རྡོ་རྗེ་དཔལ༔ མི་དཀར་སྦྲུལ་མཇུག་གདེངས་ཀ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཕྱག་ན་མདའ་དར་ནོར་བུ་འཛིན༔ བཙུན་མོ་སྲས་བློན་འཁོར་བཅས་རྣམས༔ འདིར་གཤེགས་མཆོད་བཞེས་དངོས་གྲུབ་སྩོལ༔ ཤོད་ཆེན་བཞིའི་གཞི་བདག་ནི༔ ཀྱེ༔ སྐྱི་ཤོད་རྫོང་བཙན་ཟངས་ཁྲབ་ཅན༔ དར་ཐོད་གསོལ་ཞིང་རྟ་དམར་འཆིབ༔ མདུང་དམར་བསེ་ཡི་ཞགས་པ་འཕེན༔ འཁོར་བཅས་དགྱེས་པའི་བརྔན་འདི་འབུལ༔ ཀྲེ་ཤོད་ཞེ་ད་མཆེད་བརྒྱད་ནི༔ ཀུན་ཀྱང་སྣ་ཚོགས་མདོག་ཅན་ལ༔ རྟ་པ་ཞུབ་ཅན་མདུང་དར་ཐོགས༔ འཁོར་བཅས་དགྱེས་པའི་བརྔན་འདི་འབུལ༔ སྨད་ཤོད་རྡོ་རྗེ་མུ་ནམ་ནི༔ མི་དཀར་ཤེལ་ཁྲབ་ཤེལ་རྨོག་ཅན༔ མདུང་དར་ནོར་འཛིན་རྟ་དཀར་འཆིབ༔ འཁོར་བཅས་དགྱེས་པའི་བརྔན་འདི་འབུལ༔ རྟ་ཤོད་དཔང་མཐོ་རྒྱལ་རི་ནི༔ སེར་པོ་ཞྭ་དཀར་དར་བེར་གསོལ༔ ནོར་བུ་འཛིན་ཅིང་རྟ་སྔོན་འཆིབ༔ འཁོར་བཅས་བགྱེས་པའི་བརྔན་འདི་འབུལ༔ གཏེར་གྱི་བྱ་ར་ཐམས་ཅད་ལ༔ བཤོས་བུ་གསེར་སྐྱེམས་འབུལ་བ་ནི༔ ཀྱེ༔ ཡེ་རྒྱལ་དཀར་པོ་དུང་ཁྲབ་ཅན༔ མདུང་དར་འཛིན་ཅིང་རྟ་དཀར་འཆིབ༔ བཙུན་མོ་སྲས་བློན་འཁོར་དང་བཅས༔ འདིར་གཤེགས་བསང་མཆོད་བརྔན་འདི་བཞེས༔ ཟླ་ཉིན་ཁ་ལ་རོང་སྒོའི་སྨན༔ ཨན་ཆུང་གནོད་སྦྱིན་གཏེར་གྱི་བདག༔ འབུམ་རྫོང་གཟའ་བདུད་ཧ་ར་ནག༔ རིན་ཆེན་རྒྱལ་མོ་ལྷ་ཡི་གཙོ༔ ཀླུ་སྨན་ཀླུ་བདུད་ཆུ་སྲིན་གདོང༔ ཀླེ་ཡི་ཀརྨའི་གཉན་ཆེན་པོ༔ སྟག་ཞོན་སྤྲུལ་པ་མགོན་པོ་དཔལ༔ དཔལ་གྱི་དེ་འུ་ཀླུ་བཙན་དགུ༔ དབྱི་ཤོད་རྫ་བཀྲ་འབྲུག་རྒྱལ་དཔལ༔ འཛི་ཡི་རྒྱལ་པོ་རིན་ཆེན་སྤུངས༔ རྡོ་རྗེ་ཅོང་ཕུག་རྡོ་རྗེ་སྐྱོང༔ བྲམ་ཟེ་ཀླུ་སྨན་ཕོ་བྲང་ཀླུ༔ ཆུ་གྲག་ཁྲོ་རྒྱལ་ཅོ་ནེ་སྨན༔ སྐུ་ལྷ་ངང་ཡག་སྟག་རྩེ་གངས༔ ས་ཡི་ལྷ་བཙུན་རྨོག་རི་སྨན༔ སྤོ་བོའི་རྡོ་རྗེ་བྲག་དམར་དང༔ གར་གླེང་ཞང་ལྷ་རྡོ་རྗེ་བཙན༔ གཡུ་ཁྲབ་བཅུ་གསུམ་འབོལ་རེ་ཀླུ༔ དྲག་ཆེན་ནོར་འཛིན་ཀླུ་སྨན་དཀར༔ དིས་ར་གཉན་པོ་རྡོ་རྗེ་དཔལ༔ མཁར་རྗེ་མཆེད་གསུམ་སེང་ཡང་རྩེ༔ ཙ་འདྲ་ལྷ་ཆེན་དཔའ་བོ་གཉན༔ འཛོམ་གྱི་བྱ་དཀར་བྱ་དམར་དང༔ ང་འདྲ་མཆེད་བརྒྱད་གཙང་དཀར་དང༔ གུག་མཚོ་སྙིང་བརྒྱད་ཟི་བཙན་རི༔ དབང་ཞུ་ལྷ་བཙན་དཀར་འཛོང་གཉན༔ གཡུལ་ལྷ་བྲག་དམར་ཧེ་བཙན་རྒྱལ༔ མོན་བྲག་རི་རྒྱལ་གཞུ་སྐྱེམ་བྲག༔ ཡང་རྫོང་ཀླུ་རྒྱལ་ལྷོ་བྲག་དགེ༔ བཀྲ་ཤིས་བརྩེགས་སོགས་གཏེར་སྲུང་རྣམས༔ འདིར་གཤེགས་དགྱེས་པའི་མཆོད་པ་བཞེས༔ ཟབ་གཏེར་བསྟན་པ་རྒྱས་པ་དང༔ བདག་ཅག་བསམ་པ་བསྒྲུབ་ཏུ་གསོལ༔ དེ་ནས་དགྲ་བླ་བརྔན་པ་ནི༔ ཕུད་དང་མཆོད་གཏོར་སྣ་ཚོགས་བཏེགས༔ ཧཱུྃ༔ ལེགས་ལྡན་མགོན་པོ་ཚོགས་ཀྱི་བདག༔ དགྲ་བླ་དྲེགས་ཆེན་བཅུ་གསུམ་ནི༔ ཕྲག་ལྷ་མ་ལྷ་ཐབ་ཀྱི་ལྷ༔ ཁྱིམ་ལྷ་རྣམ་སྲས་ཛཾ་བྷ་ལ༔ ཚོང་ལྷ་མགྲོན་ལྷ་ལམ་ལྷ་ནི༔ ཐབས་ཆེན་ཇག་ལྷ་ཟས་ཀྱི་བདག༔ དགྲ་བླ་སྲོག་ལྷ་བཅུ་གསུམ་རྣམས༔ སྤྱན་འདྲེན་མཆོད་པ་འདི་བཞེས་ཤིག༔ ཀྱེ༔ ལེགས་ལྡན་མགོན་པོའི་དམག་ཚོགས་འབུམ༔ ཕྲག་ལྷ་ཞུབ་ཅན་ཁྱུང་ལ་འཆིབ༔ མ་ལྷ་རིན་ཆེན་རྒྱན་དང་ལྡན༔ ཐབ་ལྷ་མར་ཁུའི་མཚོ་མོ་འཛིན༔ ཁྱིམ་ལྷ་གླང་དཀར་ཁྲི་ལ་བཞུགས༔ རྣམ་ཐོས་སྲས་ནི་སེང་ཆེན་འཆིབ༔ ནོར་ལྷ་དུང་དང་པདྨའི་ཁྲི༔ ཚོང་ལྷ་ཚོང་དཀར་གླང་པོའི་དབུ༔ མགྲོན་ལྷ་དཀར་པོ་ཅང་ཤེས་འཆིབ༔ ལམ་ལྷ་ཐབས་ཆེན་སྟག་ལ་ཞོན༔ ཇག་ལྷ་དར་མ་མདུང་དར་འཛིན༔ ཟས་ལྷ་དམར་པོ་ལོངས་སྤྱོད་བསྣམས༔ དགྲ་བླ་དམར་པོ་དགྲ་སཏྭ་འཛིན༔ སྲོག་ལྷ་དཀར་པོ་ཚེ་བུམ་ཅན༔ རེ་རེའི་རང་འཁོར་འབུམ་ཕྲག་བཅས༔ དགྱེས་པའི་གདན་ལ་བཞུགས་ནས་ཀྱང༔ སྨན་རག་གཏོར་མའི་མཆོད་པ་འབུལ༔ སྤྱན་གཟིགས་རྣམས་ཀྱིས་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་ཀུན་བཤགས་ནས༔ དགྱེས་རབ་མཉེས་པའི་ཕུལ་དུ་གྱུར༔ དགྲ་བླ་མི་དང་མི་འབྲལ་བར༔ ཕྲིན་ལས་རྣམ་བཞི་མཛད་དུ་གསོལ༔ ཀྱེ༔ ལེགས་ལྡན་མགོན་པོའི་དམག་ཚོགས་ཀྱིས༔ དམ་པ་ཆོས་ཀྱི་དབུ་འཕང་བསྟོད༔ ཕྲག་ལྷས་རྟག་ཏུ་བྱ་ར་མཛོད༔ མ་ལྷས་རིགས་རྒྱུད་སྤེལ་ཞིང་སྲུངས༔ ཐབ་ལྷས་ལོངས་སྤྱོད་འདུ་བར་མཛོད༔ ཁྱིམ་ལྷས་ནང་བཟང་ཚང་སྐྱིད་མཛོད༔ རྣམ་ཐོས་སྲས་ཀྱིས་གསེར་དངུལ་སྤེལ༔ ཛམ་བྷ་ལ་ཡིས་ནོར་རྣམས་སྤེལ༔ ཚོང་ལྷས་ཁེ་སྐྱེད་ལེགས་པར་མཛོད༔ མགྲོན་ལྷས་མགྲོན་པོ་ཁ་འཛིན་མཛོད༔ ལམ་ལྷས་ལ་ཆུ་འཕྲང་ལས་སྒྲོལ༔ ཇག་ལྷས་དགྲ་ནོར་ཆོད་པར་མཛོད༔ ཟས་ལྷས་ཟས་རྣམས་སྨན་དུ་སྒྱུར༔ དགྲ་བླས་དགྲ་བོ་ཆམ་ལ་ཕོབ༔ སྲོག་ལྷས་བླ་སྲོག་བརྟན་པར་མཛོད༔ ལྷ་ཆེན་དགྲ་བླ་སྤུན་གསུམ་ནི༔ ཆེ་བ་དཔའ་བརྟན་ཟློག་མེད་དང༔ འབྲིང་བ་དོམ་མགོ་གླང་གི་སྙིང༔ ཆུང་བ་རྣོ་གཅོད་སྙིང་འབྱིན་དང༔ སྲིང་མོ་ན་ཆུང་སྟག་ཆས་ཅན༔ དགྲ་བླ་ལྕམ་དྲལ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འདོད་ཡོན་སྤྱན་གཟིགས་མཆོད་པ་འབུལ༔ རང་ཕྱོགས་ཐམས་ཅད་རྒྱལ་བ་དང༔ གཞན་ཕྱོགས་ཕམ་པའི་ཕྲིན་ལས་མཛོད༔ མི་ལ་འགོ་བའི་ལྷ་ལྔ་ནི༔ ཕ་ལྷ་མ་ལྷ་ཞང་ལྷ་དང༔ དགྲ་ལྷ་སྲོག་ལྷ་བཅས་པ་རྣམས༔ མཆོད་བཞེས་བདག་ལ་འགོ་བར་མཛོད༔ གཞན་ཡང་མིག་རྣོ་རྣ་བ་གསང༔ ལྕེ་བདེ་སྐད་སྙན་སྣ་སང་ལ༔ ཤེས་གསལ་རྐང་མགྱོགས་ལག་བདེ་མྱུར༔ རྩལ་སྟོབས་བསྐྱེད་ཅིང་མཚོན་རྣོ་བྱེད༔ རྟ་མགྱོགས་ཤྭ་རྒྱལ་བྱེད་པ་ཡི༔ དགྲ་བླ་ཐམས་ཅད་བདག་གིས་མཆོད༔ ཕ་དང་མེས་པོ་མཚུན་རྣམས་དང༔ ལྷ་དམག་དགྲ་བླའི་ཚོགས་རྣམས་ཀྱང༔ ཀུན་ཀྱང་འདིར་གཤེགས་མཆོད་པ་བཞེས༔ བདག་ཅག་བུ་ཚ་བཞིན་དུ་སྐྱོངས༔ གཞན་ཡང་ཟས་སྣ་མཆོད་བྱས་ལ༔ ཀྱེ༔ ལྷ་ཆེན་རྒྱལ་པོ་ལ་སོགས་པའི༔ ནམ་མཁའ་གང་བའི་ལྷ་རྣམས་བརྔན༔ ཡེ་བརྫུ་སུམ་བརྒྱ་ལ་སོགས་པའི༔ བར་སྣང་གང་བའི་ལྷ་སྲིན་བརྔན༔ གཙུག་ན་རིན་ཆེན་ལ་སོགས་པའི༔ ས་གཞི་གང་བའི་ཀླུ་རྣམས་བརྔན༔ འཕྲོག་མ་མ་བུ་ལྔ་བརྒྱ་སོགས༔ ཆངས་བུ་ཏིང་ལོ་གཏོར་མས་བརྔན༔ གཞན་ཡང་འབྱུང་པོ་ཤ་ཟ་དང༔ བརྗེད་བྱེད་སྨྱོ་འབོག་བདག་པོ་སོགས༔ གདོན་བགེགས་འབྱུང་པོའི་ཚོགས་ཐམས་ཅད༔ ལོངས་སྤྱོད་མཁོ་དགུ་རྣམས་ཀྱིས་བརྔན༔ ཐམས་ཅད་ཞི་བའི་སེམས་དང་ལྡན༔ སྲོག་ལུས་གནས་གྲོགས་ནོར་ལོངས་སྤྱོད༔ རྒྱབ་རྡུང་ན་ཚའི་ལན་ཆགས་བདག༔ ཀུན་ལ་སོ་སོར་བརྔན་ཕུལ་པས༔ བུ་ལོན་མ་ལུས་བྱང་བར་ཤོག༔ ཕ་མར་གྱུར་པའི་སེམས་ཅན་ནི༔ ལྷ་དང་ལྷ་མིན་མི་དུད་འགྲོ༔ ཡི་དྭགས་དམྱལ་བར་གནས་པ་རྣམས༔ སྙིང་རྗེའི་སྦྱིན་པ་གཉིས་ཀྱིས་བརྔན༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་ཆོས་ཀྱི་སྦྱིན་པ་ནི༔ ཨ༔ སྐྱེ་མེད་དབྱིངས་སུ་ལྷུན་གྲུབ་གསལ༔ སྣང་བའི་ཆ་ལས་ཅིར་ཡང་ཤར༔ རང་བྱུང་ཡེ་ཤེས་ཡིན་མོད་ཀྱང༔ འཁྲུལ་པས་རང་གྲིབ་ལོག་པར་གོལ༔ གཉིས་སུ་འཛིན་པའི་ཆགས་སྡང་གིས༔ ཞེན་པས་འཁོར་བར་སྡུག་བསྔལ་བ༔ འདི་ནི་མ་རིག་འཁྲུལ་པས་ལེན༔ རིག་པ་ཡེ་ཤེས་འདི་ལྟ་སྟེ༔ ཆོས་རྣམས་ཐམས་ཅད་སེམས་ཡིན་པས༔ སེམས་ནི་གསལ་སྟོང་རྙོག་པ་མེད༔ བདེན་པར་མ་གྲུབ་དམིགས་སུ་མེད༔ ཅིར་སྣང་ཆོས་སྐུའི་རོལ་པ་ལས༔ དགག་སྒྲུབ་དངོས་པོ་ག་ལ་ཡོད༔ དེ་ལྟར་ཆོས་རྣམས་ཤེས་གྱིས་ལ༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་འཚེ་རབ་ཏུ་སྤོངས༔ གཟུང་འཛིན་མེད་པའི་ངང་ལ་ཞོག༔ རྒྱལ་བའི་བཀའ་བཞིན་དམ་ལྡན་མཛོད༔ དེ་ཡིས་སངས་རྒྱས་མྱུར་དུ་འགྲུབ༔ དེ་ནས་གཏོར་མ་ཐམས་ཅད་བཏེགས༔ འདོད་པའི་དོན་ལ་གསོལ་འདེབས་ནི༔ ཀྱེ་ དེ་ལྟར་མགྲོན་རིགས་ཐམས་ཅད་ལ༔ མཆོད་སྦྱིན་རྒྱ་ཆེན་འདི་ཕུལ་བས༔ དཀོན་མཆོག་རྩ་གསུམ་མཆོད་པས་མཉེས༔ ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང༔ ཐུགས་རྗེས་བཟུང་ནས་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཆོས་སྐྱོང་ཐམས་ཅད་ཐུགས་དམ་བསྐང༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ བསྟན་སྲུངས་བཅོལ་པའི་ལས་སྒྲུབས་ཤིག༔ གཞི་བདག་ཀུན་མཉེས་ཕོག་ཐུག་ཞི༔ ཡུལ་ཁམས་ཐམས་ཅད་བདེ་བར་མཛོད༔ རིགས་དྲུག་འགྲོ་བ་ཀུན་ཚིམས་ནས༔ ཐར་པ་མྱུར་དུ་ཐོབ་པར་ཤོག༔ ལན་ཆགས་བགེགས་རིགས་ཀུན་ཚིམས་ནས༔ ཤ་མཁོན་གནོད་འཚེ་མེད་པར་གྱིས༔ དེ་ལྟར་བསང་བརྔན་འདི་ཡི་མཐུས༔ སངས་རྒྱས་བསྟན་པ་དར་བ་དང༔ འགྲོ་ཀུན་སྡུག་བསྔལ་ཀུན་བྲལ་ཤོག༔ ནད་མུག་འཁྲུགས་རྩོད་མེད་པ་དང༔ ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག༔ ཆར་ཆུ་དུས་སུ་འབེབ་པ་དང༔ བཙའ་འབུ་སད་སེར་མེད་པར་མཛོད༔ ལོ་ཐོག་རྒྱས་གྱུར་འབྲུ་འཕེལ་མཛོད༔ མི་ནད་ཕྱུགས་ནད་ཞི་བ་དང༔ ས་བཅུད་རྩི་བཅུད་རྒྱས་པར་མཛོད༔ བདག་ཅག་གར་གནས་བཀྲ་ཤིས་ཤིང༔ ཚེ་རིང་ནད་མེད་དཔལ་འབྱོར་རྒྱས༔ གང་འདོད་བསམ་པ་འགྲུབ་པར་ཤོག༔ མཁར་ལས་བག་མ་བཀྲ་ཤིས་ཤིང༔ སྟོབས་རྩལ་འཁོར་སློབ་རྒྱས་པར་མཛོད༔ ཐག་རིང་མགྲོན་ལ་འགྲོ་བའི་ཚེ༔ ལམ་འཕྲང་ཆུ་ལས་སྒྲོལ་འདོན་དང༔ དགྲ་རྐུན་ཇག་གསུམ་མེད་པར་མཛོད༔ མགྲོན་པོ་དོན་གཉེར་གར་འགྲོ་ཡང༔ དོན་གྲུབ་རང་གནས་བདེ་བར་ཕྱིན༔ ཕྱོགས་སྐྱོང་ལྷ་དང་སྲུང་མ་ཡིས༔ སྐྱེ་དགུ་ཀུན་ཀྱང་སྲུང་བར་ཤོག༔ དགྲ་བླའི་དབུ་འཕང་བསྟོད་པའི་ཕྱིར༔ ཐམས་ཅད་ཞྭ་གོས་ཆས་ཀྱིས་བརྒྱན༔ གོ་གྱོན་མཚོན་ཐོགས་རྟ་རྒྱུག་བྱ༔ བཤུད་གླུ་ལེན་ཞིང་ཀི་སྒྲ་སྒྲོག༔ རྐང་གླིང་འབུད་ཅིང་དབྱངས་སྙན་དང༔ དར་མདུང་ཕྱར་ཞིང་དུང་སྐད་སྒྲོག༔ མཆོད་པ་སྣ་ཚོགས་བཏབ་ནས་ཀྱང༔ ཀྱེ༔ མགོན་པོ་ལེགས་ལྡན་ལྷ་དམག་འབུམ༔ དགྲ་བླ་བཅུ་གསུམ་ལྕམ་དྲལ་བཞི༔ འགོ་བའི་ལྷ་ལྔ་སྐྱོབ་པ་ཡི༔ སྲུང་མ་གཉན་པོ་དཔངས་བསྟོད་དོ༔ མཐོན་པོ་དགུང་གི་དབྱིངས་རོལ་ན༔ ཉི་ཟླ་གཟའ་སྐར་འགྲོགས་པ་བཞིན༔ དགྲ་བླ་གཉན་པོ་དཔངས་བསྟོད་དོ༔ ལུས་དང་གྲིབ་མ་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་ཅིག༔ གངས་དང་སེང་གེ་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་ཅིག༔ དགུང་ལ་གཡུ་འབྲུག་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་ཅིག༔ རི་རབ་ཁྱུང་ཆེན་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་ཅིག༔ ནགས་ལ་རྒྱ་སྟག་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་ཅིག༔ མགྱོགས་པ་སྔོན་ལ་མ་གཏོང་བར༔ མགྱོགས་དར་རང་གིས་ལོན་པར་གྱིས༔ བཙན་པོ་གཉའ་རུ་མ་གཏོང་བར༔ སྡེ་སྲིད་རང་གིས་ཐོབ་པར་མཛོད༔ ལྕེ་བདེ་རྣམས་ཀྱི་ལྕེ་ཆོད་ལ༔ ཤགས་ཁ་རང་གིས་ལོན་པར་མཛོད༔ རྒྱལ་དང་ཤྭ་སོགས་འགྲན་པ་ན༔ རྒྱལ་ཁ་རང་གིས་ལོན་པར་མཛོད༔ ལང་ཚོ་ངོམ་པའི་རྩལ་འགྲན་ལ༔ བཀྲག་མདངས་གཟི་བརྗིད་ཆེ་བར་མཛོད༔ མི་མང་ནང་དུ་གཟེངས་བསྟོད་ལ༔ ཁྲོམ་ཐོགས་རང་གིས་ཆོད་པར་མཛོད༔ དམ་སྲི་བགེགས་ཀྱི་ཁ་ཆིངས་ལ༔ རྐྱེན་ངན་བར་གཅོད་ཟློག་པར་མཛོད༔ མཁར་རྫོང་གོ་ཁྲབ་བཙན་པ་དང༔ མཚོན་རྣོ་དཔའ་རྩལ་དཔུང་ཤུགས་སྐྱེད༔ བྲོས་ཐར་གཟུང་ཟིན་མནངས་ལོན་ཅིང༔ ལམ་བགྲོད་ཚོང་རྒྱལ་བདེ་བར་འཁོར༔ དགེ་བཅུ་ཐམས་ཅད་ཚང་བ་ཡི༔ ཡུལ་ཁམས་བདེ་སྐྱིད་དར་བ་དང༔ ཕྱི་རུ་གཡུལ་ལས་རྒྱལ་བ་དང༔ ནང་དུ་སྙིང་མཐུན་གྲོས་ཐུབ་ཅིང༔ བསམ་པའི་དོན་ཀུན་མྱུར་དུ་འགྲུབ༔ ཀུ་བསྭོ་ཆ་འོ་ལྷ་རྒྱལ་ལོ༔ མདའ་དར་གཡབ་ཅིང་གཡང་འགུགས་ནི༔ ཀྱེ་ ཀྱཻ༔ ཕྱོགས་བཅུ་རབ་འབྱམས་འཇིག་རྟེན་ནས༔ བཙན་ཕྱུགས་འཕེན་དར་ཐམས་ཅད་ཀུན༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བདག་ཅག་འཁོར་དང་བཅས་པ་རྣམས༔ བཙན་ཕྱུགས་འཕེན་དར་ཆེ་བ་དང༔ སྲིད་ཞིའི་དཔལ་ཀུན་རབ་ཏུ་སྡུས༔ བཀྲ་ཤིས་ཡར་ངོའི་ཟླ་རྒྱས་ཤིང༔ བཀྲ་ཤིས་ཉི་མ་ཀུན་ཁྱབ་ཤོག༔ རོལ་ཆེན་བརྡུང་ཞིང་གླུ་བྲོ་བྱ༔ ནོངས་བཤགས་གཤེགས་གསོལ་རྫོགས་རིམ་ནི༔ ཀྱེ༔ དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱི༔ མངའ་རིས་སྤྱན་ལམ་ཐམས་ཅད་དུ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་བཤགས༔ བདག་ལ་དགྱེས་རབ་ཕུལ་དུ་གྱུར༔ སོ་སོ་རང་རང་གནས་སུ་གཤེགས༔ སླད་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཕྱི་བསང་མཆོད་སྐུ་གསུམ་ཀུན་བཟང་སྤྲིན༔ ཞིང་ཀུན་ཁྱབ་འཁོར་འདས་ཐམས་ཅད་མཉེས༔ སྣོད་རྣམ་དག་པདྨ་དྲྭ་བའི་ཞིང༔ བཅུད་རྣམ་དག་སྐུ་གསུམ་ངང་དུ་གནས༔ ནང་ཨ་ཧཾ་འབར་ཞུ་ཐིག་ལེ་འཕེལ༔ ལུས་ཕུང་ཁམས་བསྲེག་རྫས་བཀྲག་མདངས་འཕེལ༔ དོན་གསང་བ་ཐབས་ཤེས་རྟེན་འབྲེལ་གྱིས༔ ཁམས་དཀར་དམར་བསྲེག་རྫས་བདེ་སྟོང་རྒྱས༔ དབྱིངས་རིག་པ་ཟུང་འཇུག་རྫོགས་པ་ཆེ༔ དཔལ་ཀུན་ཏུ་བཟང་པོ་འཐོབ་པར་ཤོག༔ དེ་ལྟར་རྫོགས་རིམ་ངང་ལ་གནས༔ གནས་སྐབས་རྐྱེན་ཞི་བསམ་དགུ་འགྲུབ༔ མཐར་ཐུག་རྫོགས་སངས་རྒྱས་པའི་ཆོས༔ བོད་ཁམས་ཡོངས་ལ་ཕན་པའི་ཕྱིར༔ པདྨ་བདག་གིས་བཀོད་པ་འོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈྈ མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།། །།

གྲིབ་གླུད་བསྡུས་པ་ (Volume 44, Text 31)

གྲིབ་གླུད་བསྡུས་པ་བཞུགས་སོ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ གྲིབ་གླུད་བསྡུས་པ་ལ་གཞི་མ་ནག་པོར་ནད་པའི་ལུས་བཀྲུས་པ་དང་ཁ་བཤལ་བའི་ཆུས་འབྲུ་ནག་གི་གླུད་ལྔ་གྲིབ་བཤོས་ལྔ་མར་མེ་ནག་པོ་ལྔ་རྣམས་བྱས་ལ༔ ཀྱེ༔ དབུས་ཀྱི་ཕྱོགས་ནས་གྲིབ་བདག་མོ༔ སྐུ་མདོག་མུན་ལྟར་ནག་པོ་ལ༔ དར་ནག་གོས་སུ་ཤ་ལ་ལ༔ དབུ་ལ་གྲིབ་ཐོད་ནག་པོ་བཅིངས༔ ཕྱག་གཡས་གྲིབ་དར་ནག་པོ་ཕྱར༔ གཡོན་པས་གྲིབ་ཕྱགས་ནག་པོ་འཛིན༔ ཆིབས་སུ་གྲིབ་རྟ་ནག་པོ་འཆིབ༔ ཀླད་ལ་གྲིབ་བྱ་ནག་པོ་ལྡིང༔ རོལ་དུ་གྲིབ་ཁྱི་ནག་པོ་ཁྲིད༔ འཁོར་དུ་གྲིབ་བདག་ཕོ་མོས་བསྐོར༔ གླུད་གཏོར་ཆངས་བུ་ཏིང་ལོ་བཞེས༔ གྲིབ་བདག་ཆེན་པོས་གྲིབ་སོལ་ཅིག༔ ནད་བདག་ཆེན་པོས་ནད་ལོང་ཞིག༔ ཡམས་བདག་ཆེན་པོས་ཡམས་བཞེས་ལ༔ གླུད་བདག་ཆེན་པོས་གླུད་ལོང་ཅིག༔ གླུད་འདི་ཁྱེར་ལ་གྲིབ་འདི་སོལ༔ ཀྱེ༔ ཤར་གྱི་ཕྱོགས་ནས་གྲིབ་བདག་མོ༔ སྐུ་མདོག་མུན་ལྟར་སོགས་གོང་ལྟར་སྦྱར། ཀྱེ༔ ལྷོ་ཡི་ཕྱོགས་ཀྱི་གྲིབ་བདག་མོ༔ སྐུ་མདོག་མུན་ལྟར་སོགས་སྦྱར། ཀྱེ༔ ནུབ་ཀྱི་ཕྱོགས་ཀྱི་གྲིབ་བདག་མོ༔ སྐུ་མདོག་མུན་ལྟར་སོགས་སྦྱར། ཀྱེ༔ བྱང་གི་ཕྱོགས་ནས་གྲིབ་བདག་མོ༔ སྐུ་མདོག་མུན་ལྟར་སོགས། གླུད་འདི་ཁྱེར་ལ་གྲིབ་འདི་སོལ༔ ད་ནི་གྲིབ་བདག་ལམ་བསྟན་ནོ༔ གྲིབ་བདག་མུན་པའི་གླིང་དུ་གཤེགས༔ ནད་བདག་རང་རང་གནས་སུ་སོང༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སུམྦྷ་ནི་སོགས་བརྗོད། ཅེས་རྡོ་རྗེ་དྲག་པོས་བརྗོད་པའོ།། །།

རྩ་གསུམ་ཚེ་ཡི་ཟབ་པ་ལས། རྩ་བའི་དབང་བསྐུར་གྱི་ཆོག་ཁྲིགས་རིན་ཆེན་མྱུ་གུ་ (Volume 5, Text 31)

༄༅། །རྩ་གསུམ་ཚེ་ཡི་ཟབ་པ་ལས། རྩ་བའི་དབང་བསྐུར་གྱི་ཆོག་ཁྲིགས་རིན་ཆེན་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། རྟག་པའི་རྡོ་རྗེ་བུམ་པ་སྐུ། །རྩ་གསུམ་ཕྱག་རྒྱར་སྣང་བ་ཡང་། །དངོས་གཅིག་ཁྱབ་བདག་བླ་མའི་གཤིས། །རིག་སྟོང་རང་ཞལ་མཇལ་བས་འདུད། །རྩ་གསུམ་ཚེ་ཡི་ཟབ་པ་ཡི། །སྨིན་བྱེད་རབ་གསལ་ཆོ་གའི་ཁྲིགས། །གཏེར་འབྱིན་ཤིང་རྟའི་ཞལ་ལུང་བཞིན། །དང་པོའི་ལས་ཅན་དོན་དུ་འགོད། །བཀའ་རྣམས་འདུས་པ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྩ་གསུམ་ཚེ་ཡི་ཟབ་པའི་སྨིན་བྱེད་ཀྱིས་སྐལ་ལྡན་རྗེས་སུ་བཟུང་བ་ལ་དོན་བཞི། སྒྲུབ་རྫས་ཆས་འཇུག །སྒྲུབ་ཐབས་གསལ་འདེབས། བསྒྲུབ་བྱ་སྨིན་བྱེད། སྒྲུབ་པའི་མཐའ་རྒྱས་སོ། །དང་པོ་ནི། བསྐྱེད་རྫོགས་ལས་སུ་རུང་བའི་རྣལ་འབྱོར་པས། ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་སྟེགས་བུ་ཁེབས་ལྡན་དབུས་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་མཐིང་ག །དེ་རྒྱབ་རིན་ཆེན་ཟུར་བརྒྱད་རྡོར་ར་མེ་འོད་སྣ་ལྔས་བསྐོར་བའི་ཕོ་བྲང་། གནམ་བབ་མའི་ཚུལ་དུ་བཞེངས་པའམ། མི་ནུས་ན་མེ་ཏོག་དམར་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། ཀ་པཱ་ལ་མཚན་ལྡན་ཆང་དང་མངར་གསུམ་སྦྱར་བས་བཀང་བ་ལ་བདུད་རྩི་ཆོས་སྨན་གྱི་ཕབ་བཏབ་པའི་ཁར། མེ་ལོང་སིནྡྷུ་རར་ཆོས་འབྱུང་ལ་ཡུམ་སྔགས་བྲིས་པས་བཅད་པའི་སྟེང་དུ་ཤེལ་རྡོ་དང་གུ་རུའི་སྐུ་འབག་བྱིན་རླབས་ལྡན་པ་བཞུགས་སུ་གསོལ། རྒྱབ་ཕྱོགས་ཀྱི་དབུས་སུ་བླ་མའི་གཏོར་མ་རིན་ཆེན་འབར་བ། དེའི་གཡས་སུ་སྒེར་སྲུང་གི་སྤུངས་གཏོར་དང་སྨན་ཐོད། གཡོན་དུ་གཏེར་སྲུང་དྲེགས་པ་སྡེ་ལྔའི་རྒྱུན་འབུལ་ཟླུམ་གཏོར་དཀར་པོ་ཐེབ་རིལ་ཅན་ལྔ་ཚར་དང་རཀྟའི་སྣོད། དཀྱིལ་འཁོར་གྱི་མདུན་དུ་ཚེ་འབྲང་བུམ་གཟུགས་དང་། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། ལས་བུམ། དཀར་བགེགས་ཆད་བརྟན་སོགས་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད། ཌཱ་དྲིལ་སྤོས་གུལ་ཡུངས་ཐུན་མེ་ཏོག་སོགས་ཉེར་མཁོའི་རིགས་ཀྱང་གྲབས་སུ་ཚུད་པར་བྱའོ། །གཉིས་པ་ནི། ཆོས་སྐུ་ཀུན་བཟང་དང་དུས་གསུམ་སངས་རྒྱས་ཏེ་གཏེར་གཞུང་གཉིས་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྒྲུབ་ཁོག་ལྟར་སྔོན་འགྲོ་དཀར་གཏོར། ཐུགས་རྗེ་ཆེན་པོ་ལས་བྱུང་བའི་སྐྱབས་སེམས་ཚོགས་གསག་ཁ་བསྒྱུར་ཅན་ལན་གསུམ་གསུམ། བགེགས་གཏོར་བྱིན་རླབས་འགུག་བསྔོ་དང་། ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་པ་ནས་མཐར་ཆགས་སུ་བཏང་བའི་མཆོད་པ་བྱིན་རླབས་གྲུབ་མཚམས། སྒྲུབ་གཞི་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་ཉིད་རྣམ་པ་ཐམས་ཅད་པར་ཤར་བས་མཁའ་ཁྱབ་ཀྱི་སྣོད་དང་བཅུད་དུ་སྣང་ཞིང་ཞེན་པ་ཐམས་ཅད་མཚན་མའི་སྒྲུབ་རྫས་ཀྱིས་མཚོན་ཏེ་ཆོ་ག་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་པ་ལ། གཞི་གནས་ལྷུན་གྲུབ་ཀྱི་ཡེ་ཤེས་པ་བཅུག་སྟེ་རང་བྱུང་རང་ཤར་གྱི་མཆོད་བསྟོད་ཐུགས་དམ་སྐུལ་བའི་བཟླས་པ་བཅས་བྱ་བའི་སླད་དུ། རྩ་གསུམ་སྒྲུབ་ཐབས་ཀྱི་ཏིང་ངེ་འཛིན་རྣམ་གསུམ་ནས་བརྩམ་མཐར་ཆགས་སུ་བཏང་བ་ལས། རྩ་གསུམ་བཟླས་པ་ཆ་སྙོམས་ཏེ་ཅི་འགྲུབ་མཐར་ལས་བཞིའི་ཤམ་ཅན་ཅུང་ཟད་བཟླ། མདའ་དར་གཡབ་ལ་ཚེ་འགུགས་ཚེ་རྒྱས་གདབ་བཅས་གྲུབ་པ་དང་། གཟུངས་ཐག་སྦྲེལ་ཏེ། བུམ་པ་དང་པདྨ་བྷཉྫ་རང་བྱུང་གི་གཞལ་ཡས་ཁང་དུ་བཅུད་རྩ་གསུམ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱ་མཚོར་འཁྱིལ་པར་གྱུར། ཅེས་མོས་ལ་རྩ་གསུམ་སྙིང་པོའི་ཚུལ་བཟླ། ལས་བུམ་སྒྲུབ་པ་ཟབ་བདུན་སྤྱི་ལྟར་བྱ། དམ་ཅན་སྤྱི་གཏོར། དྲེགས་པ་སྡེ་ལྔ། གཏེར་གཞི་བཅས་གྲུབ་མཚམས། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་རླབས་ནས་ཞལ་བསྟབ་ཡན་སོང་བ་དང་། རིག་པའི་མེ་ཏོག་དོར་བ་ཙམ་མམ། རང་ཉིད་དཔལ་གྱི་སྐུ་གཉིས་པར་ལོགས་སུ་ཕྱེ་བས་ཐུགས་རྗེ་ཆེན་པོ་ལྟར་ཏིང་འཛིན་གྱི་བདག་འཇུག་བླངས་ལ་བདག་ཉིད་ནུས་ལྡན་དུ་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཧཱུྃ༔ རྣལ་འབྱོར་ཆེན་པོའི་སོགས་སྤྱི་ཆིངས་ལྟར་དང་། གུ་གུལ་ཡུངས་ཐུན་རོལ་མོ་བཅས་པས་བགེགས་བསྐྲད། ཧཱུྃ༔ ང་ནི་ལས་ཀྱི་ཧེ་རུ་ཀ༔ སོགས་ཀྱིས་མཚམས་བཅད། མེ་ཏོག་བཀྱེ་བསྡུ་བྱར་གཞུག་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྩ་བ་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལ་གསན་པར་ཞུ། དེའང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་། བསྡུ་ན་ཐེག་པ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཡང་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་བསྒྲིལ་བ་ལྟ་བུ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ་ནང་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དཔལ་ཆེན་རྟ་མགྲིན་དབྱེར་མེད་པའི་བདག་ཉིད། ཕྱི་ལྟར་ན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་རྣམ་རོལ་དུ་བསྟན་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་ལས། བྱེ་བྲག་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པད་སྡོང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་བོད་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བས་ཤིན་ཏུ་ཟབ་པའི་གདམས་ངག་མཐའ་ཡས་པ་ཞིག་སྐལ་ལྡན་རྗེ་འབངས་རྣམས་ལ་བསྟན་ཅིང་། དེ་རྣམས་བོད་ཡུལ་སྟོད་སྨད་ཀུན་ཏུ་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས་ཏེ། ཇི་སྲིད་རྒྱལ་བ་བྱམས་པའི་བསྟན་པ་མ་བྱུང་གི་བར་དེ་སྲིད་དུ་གཏེར་ཆོས་དང་གཏེར་འབྱིན་རྒྱུན་མི་ཆད་པར་འབྱུང་བར་ལུང་གིས་བསྟན་པ་བཞིན་བསྟན་ཞབས་གཏེར་གྱིས་སྐྱོང་བ་མངོན་སུམ་དུ་གྲུབ་པ་ལས། འདིར་སྐབས་སུ་བབ་པ་ནི། བོད་དུ་མདོ་སྔགས་ཀྱི་བཤད་གྲྭ་སྒོམ་གྲྭ་ལེགས་པར་ཚུགས་པའི་རྗེས་ཐོག་ཏུ་ཨོ་རྒྱན་རིན་པོ་ཆེ་ལས་ཅན་དག་པའི་འཁོར་དང་བཅས་ཏེ་ཁམས་ཀྱི་སྟོད་སྨད་མཐའ་དག་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རློབ་པའི་སྐབས་སུ། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ཡ་གྱལ་གསུང་གི་ཡོན་ཏན་གྱི་གནས་མཆོག་ནམ་མཁའ་མཛོད་དུ་གསང་སྔགས་ཕྱི་ནང་ཐམས་ཅད་ཀྱི་ཡང་ཟབ་སྙིང་པོ་བཅུད་དུ་དྲིལ་བའི་གདམས་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྨིན་གྲོལ་ལས་རབ་འབྱམས་དང་བཅས་པའི་གདམས་པ་དཔག་ཏུ་མེད་པ་གནང་། འཁོར་བཅས་ལོ་བདུན་དུ་སྒྲུབ་པ་མཛད་ཅིང་སོ་སོས་གྲུབ་པའི་རྟགས་ཁྱད་པར་ཅན་རེ་བསྟན་པའི་མཐར་ཕྱག་དཔེ་ཐམས་ཅད་ཤོག་བུ་རིགས་ལྔ་ལ་འཕྲུལ་གྱི་ཡི་གེར་བཏབ་སྟེ་གཏེར་གནས་བདུན་དུ་རྒྱས་བཏབ། རྩོད་དུས་སྙིགས་མ་སུམ་ཅུ་ཁ་རལ་གྱི་དུས་སུ་སྐྱེས་བུ་སོ་སོས་འདོན་པར་བཀའ་གཏད་སྨོན་ལམ་གྱིས་མཚམས་སྦྱར་བ་དུས་སུ་སོན་ཏེ། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རྒྱབ་ངོས་དམ་ཅན་བྲག་གི་གཡས་ཟུར་ནས་སྐལ་ལྡན་བདུན་གྱིས་མཐོང་ལམ་དུ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཁྲུ་གང་བ་ངོ་མཚར་བའི་ལྟས་དང་བཅས་སྤྱན་དྲངས་པ་ལས་བྱུང་བ་རྩ་བ་དང་། སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ནས་གུ་རུའི་སྐུ་ཚབ། དམ་རྫས་རོལ་པ་ཆེན་པོ་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་ཡན་ལག་མཐའ་རྒྱས་ཀྱི་སྐོར་བཅས་གུང་བསྡེབས་པས་སྔོན་ཆད་ས་སྟེང་དུ་མ་བྱུང་བའི་དམ་ཆོས་ཟབ་པ་སྐོར་བདུན་དུ་གྲགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་ལས། རྩ་གསུམ་ཚེའི་ཟབ་པའི་རྩ་བའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བྱིན་རླབས་དབང་བཞིའི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་དང་ཡེ་ཤེས་སུ༔ བདག་ཉིད་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་གཞི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམས་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཨོ་རྒྱན་པདྨ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་ཞུགས་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་བྱ༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཚོགས་ཞིང་དེ་དག་གི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་མཆོད་པའི་སྤྲིན་སྤྲོ་བ། སྔར་བྱས་སྡིག་ལྟུང་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་དེ་དག་དམིགས་མེད་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམས་བགྱིད་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ་༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྩ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྦྱོར་བ་དམ་ལ་བཞག་པ་འདི་ལ་སྙན་གཏོད་འཚལ། རྡོ་རྗེ་མགོར་བཞག །དམ་ཆུ་ཁར་བྱིན་ལ། ཧཱུྃ༔ འདི་ནི་རྡོ་རྗེའི་གསང་བ་གསུམ༔ བླ་མེད་ཡང་གསང་དཀྱིལ་འཁོར་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང༔ ཉམས་ན་ཆུ་འདིས་སྲེག་པར་བྱེད༔ མ་ཉམས་དངོས་གྲུབ་ཐམས་ཅད་ཐོབ༔ ཨོཾ་བཛྲ་ས་མ་ཡ་རཀྵ༔ དམ་ཚིག་གི་གནས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨི་དན་ན་ར་ཀན༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་རླུང་ཁ་སྦྱོར་དུ་ཆིངས། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་དུ་མཛད་པར་ཞུ། བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་རྣམས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་སྤྱི་བོ་ནས་རྟ་སྐད་འཚེར་ཞིང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པ་ཞབས་གཉིས་གར་སྟབས་སུ་བཞུགས་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་མར་མེ་ལྟ་བུ་གསལ་ཞིང་། སློབ་དཔོན་ལ་དད་པ་དུང་སེམས་བསྐྱེད་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ནུབ་སྲིན་པོའི་ཡུལ་ཟངས་མདོག་དཔལ་རིའི་རྩེ་མོ་པདྨ་འོད་ཀྱི་གཞལ་ཡས་ནས་ཨོ་རྒྱན་གྱི་རིག་འཛིན་པདྨ་འབྱུང་གནས་རྩ་བ་གསུམ་གྱི་དཀྱིལ་འཁོར་རྒྱ་མཚོ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཏེ་རྒྱ་མཚོ་ཆེན་པོ་ལས་སྤྲིན་ཆེན་ལངས་པ་ལྟར་ལྷོ་ནུབ་ཀྱི་ནམ་མཁའ་ལ་བྱིན་ཐིབས་སེ་བྱོན་ཏེ་སློབ་བུའི་སྤྱི་བོའི་ནམ་མཁའ་ལ་བཞུགས་པར་བསམ་ཞིང་། ཐོད་པ་ལྟག་སྤྲོད་འཁྲོལ། སྤོས་དྲི་ཞིམ་པོ་བཏུལ་ལ་དབྱངས་སྙན་པོས། ཧཱུྃ༔ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ཆོས་སྐུ་ཀུན་བཟང་གི་ངོ་བོར་བཞེངས༔ རྡོ་རྗེ་འཆང་གི་རྣམ་པར་བྱོན༔ དཔལ་གསང་བ་འདུས་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས། བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་བདེ་བ་ཅན་དང་པོ་ཏ་ལ༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ འོད་དཔག་མེད་ཀྱི་ངོ་བོར་བཞེངས༔ སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན༔ དཔལ་ཚེ་དཔག་མེད་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་ཚེ་དབང་སྐུར༔ གནས་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ པདྨ་ཐོད་ཕྲེང་གི་ངོ་བོར་བཞེངས༔ རྩ་བའི་བླ་མའི་རྣམ་པར་བྱོན༔ རེ་ལྟོས་ཅན་རྣམས་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས། བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་པདྨ་དབང་གི་དུར་ཁྲོད་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དཔལ་ཞི་ཁྲོའི་ལྷ་ཚོགས་ངོ་བོར་བཞེངས༔ རྩ་བའི་ཡི་དམ་གྱི་རྣམ་པར་བྱོན༔ ལྷ་དབང་ཆེན་རྟ་མགྲིན་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ གནས་དག་པ་མཁའ་སྤྱོད་ཀྱི་གཞལ་ཡས་ནས༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཡུམ་ཀུན་ཏུ་བཟང་མོའི་ངོ་བོར་བཞེངས༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བྱོན༔ ཡུམ་རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་ནས་བར་ཆད་སོལ༔ ཞེས་བརྗོད་ཅིང་རྩ་བ་གསུམ་གྱི་རྩ་སྔགས་རྣམས་བཟླ། ཡེ་ཤེས་པ་རྣམས་ཁྱེད་རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཅེས་རྡོ་རྗེ་སྤྱི་བོར་བཞག །དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པས་སྔོན་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པས། །འཁོར་ལོ་མངོན་དུ་སྣང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་འང་དེ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་དབང་ལ་དངོས་དང་མཐའ་རྟེན་ཚེའི་བྱིན་རླབས་སྦྱིན་པའོ། །དང་པོ་ནི། ཞུགས་ནས་དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། བུམ་པ་ཐོགས་ལ། དེ་ཡང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མས་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་ཏོ་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་བུམ་པ་རུ༔ ཐབས་དང་ཤེས་རབ་གཉིས་ཀྱི་བདུད་རྩིས་བཀང༔ ལུས་ངག་ཡིད་གསུམ་བག་ཆགས་དྲི་མ་སྦྱངས༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལན་གསུམ་བརྗོད་ལ། དང་པོས་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། གཉིས་པས་མགྲིན་པར་གཏད་ནས་བུམ་ཆུ་བླུད་པ་གསང་དབང་། གསུམ་པས་སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པ་ཐོགས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་རྫོགས་པ་ཡི༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ། དང་པོས་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། གཉིས་པས་མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང་། གསུམ་པས་སྙིང་ཁར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་སྟོང་ཉིད་ཡུམ་གྱི་ངོ་བོ་ལ༔ བདེ་ཆེན་རབ་ཏུ་རྒྱས་པའི་སིནྡྷུ་ར༔ བདེ་ཆེན་ཡེ་ཤེས་སྐད་ཅིག་ཉིད་ལ་རྟོགས༔ དབང་བཞི་དུས་གཅིག་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ། མེ་ལོང་སྤྱི་བོར་བཞག་སྟེ་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་ཁར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས། དེས་སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཚིག་གིས་ངོ་སྤྲད་པས་ཀ་དག་གི་དགོངས་པ་རྒྱུད་ལ་ལྷག་གིས་འཆར་ཞིང་ལྷུན་གྲུབ་ཀྱི་སྣང་བ་རྩོལ་མེད་དུ་མཐོང་བར་མོས་མཛོད། ཧཱུྃ༔ རང་བཞིན་བྱ་རྩོལ་བྲལ་བའི་རྫོགས་པ་ཆེ༔ ལྷུན་གྲུབ་ཅིར་ཡང་སྣང་བའི་མདངས་རྩལ་ཅན༔ ཅི་ཡང་མ་ཡིན་ཅིར་ཡང་སྣང་བ་ཅན༔ བློ་བྲལ་ངང་ལ་བཞག་པས་དོན་དབང་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཏོར་མ་ཐོགས་ལ། ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མ་རྩ་གསུམ་ཕོ་བྲང་ཆེ༔ དུས་གསུམ་རྒྱལ་བའི་དབང་བསྐུར་བླ་ན་མེད༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ རྩ་གསུམ་གྱི་སྔགས་ཚན་བཞིའི་མཐར། ཀཱ་ཡ་སོགས་སྦྲེལ་བ་ལན་གསུམ། གཏོར་མ་སྤྱི་བོར་བཞག་པ་ནི་བུམ་དབང་། མགྲིན་པར་བཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་ཁར་གཏད་དེ་ཚིག་དོན་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་འབག་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་སྐལ་ལྡན་བུ་ལ་གཏད༔ ཐུགས་དམ་བཞིན་དུ་བྱིན་གྱིས་བརླབ་ཏུ་གསོལ༔ སྔགས་ཚན་བཞི་ཤམ་བཅས་ལན་གསུམ། སྐུ་འབག་གུ་རུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་གྱི་ལས་རབ་འབྱམས་འགྲུབ་པར་བྱེད་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་གྱུར་པ་ཡིན་ནོ། །གཉིས་པ་ནི། མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ འཆི་མེད་དངོས་གྲུབ་རྡོ་རྗེ་ཚེ་མངའ་བ༔ བདག་ཅག་སྐྱེ་འཆི་བགྲེས་རྒུད་མེད་པ་ཡི༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཚེ་དཔག་མེད་དམར་པོ་ལོངས་སྐུའི་ཆས་ཅན་མཉམ་གཞག་ཚེ་བུམ་བསྣམས་ཤིང་རང་འདྲའི་ཡུམ་དང་འཁྲིལ་བའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཚེ་སྲོག་མི་འགྱུར་བའི་ཡི་གེ་ཨ་ནྲྀ་ཧཱུྃ་གསུམ་བཀྲག་དང་ལྡན་པ་གསལ་ཐོབ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་སྤྲུལ་པའི་མགྱོགས་མ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་ནུས། སྣོད་ཀྱི་འབྱུང་བ་ཆེན་པོ་བཞིའི་བཅུད་དང་མདངས། བཅུད་ཀྱི་ལྷ་དང་རིག་པ་འཛིན་པ་རྣམས་ཀྱི་ཚེ། ལྷའི་དབང་པོ་དང་འཁོར་ལོས་སྒྱུར་རྒྱལ་ལ་སོགས་པ་རྣམས་ཀྱི་བསོད་ནམས། མདོར་ན་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་ཏེ་འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་བརྐུས་པ་ཡར་བ་ཕྲོགས་པ་ལ་སོགས་པ་བདུད་རྩིའི་དྭངས་མར་འུབ་ཀྱིས་བསྡུས། སྙིང་གའི་ཚེ་རྟེན་འབྲུ་གསུམ་དང་། མདུན་གྱི་ཚེ་རྫས་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་སྒྲུབ་ཐབས་ལས་འབྱུང་བའི་ཚེ་འགུགས། དབུགས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔ བར་བརྗོད། ཚེ་གཏོར་ཐོགས་ལ། ཚེ་འབྲང་ཚེ་དཔག་མེད་དངོས་སུ་གསལ་བ་སྤྱི་བོར་བཞག་པས་ཕྱག་གི་བུམ་པ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་ཆུ་བོའི་རྒྱུན་བཞིན་དུ་བྱུང་བ་ཚངས་བུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ཚེའི་བར་ཆད་མི་མཐུན་པའི་འགལ་རྐྱེན་ཐམས་ཅད་སྦྱངས། ལུས་ཐམས་ཅད་བདུད་རྩིའི་དྭངས་མས་ཡོངས་སུ་གང་བར་མོས་མཛོད། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྙིང་པོ་མི་ཟད་ཚེ་ཡི་བུམ་པ་ནས༔ སྐལ་ལྡན་འདི་ལ་ཚེ་ཡི་བདུད་རྩི་སྩོལ༔ མི་ཤིགས་རྡོ་རྗེའི་སྲོག་ལྡན་མཛད་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུཿཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་བུམ་སྤྱི་བོར་བཞག །སྔགས་བརྗོད་ལ་ཚེ་རིལ་ཚེ་ཆང་སྦྱིན། དེ་ལྟར་ཚེ་དབང་བསྐུར་བས་ལུས་འཆི་མེད་ཀྱི་བདུད་རྩིས་གང་བའི་དྭངས་བཅུད་སྙིང་པོ་ཐམས་ཅད་སྙིང་ཁའི་ཚེ་རྟེན་འབྲུ་གསུམ་ལ་འུབ་འུབ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་མེད་ཚེ་ཡི་རིག་འཛིན་ཐོབ། ཉི་ཟླའི་གའུ་ཁ་བསྒྲིགས་འོག་གི་རྡོ་རྗེའི་རྭ་བཞི་བསྣོལ་བས་འགྱུར་མེད་དུ་བཅིངས། གཞན་ཡང་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་ཚེ་འགྱུར་བ་མེད་པར་རྒྱས་གདབ་པར་མོས་མཛོད། སྤྱི་བོར་མདའ་དར་རྒྱ་གྲམ་དུ་བཀོད་ལ། འབྱུང་བ་ལྔ་དང་ཡེ་ཤེས་ལྔ༔ ཞེས་སོགས་སྒྲུབ་ཐབས་ལྟར་བརྗོད་པའི་རྗེས་སུ་མེ་ཏོག་འཐོར་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པར་བྱའོ། །དེ་ལྟར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་འབག་དང་རྡོ་རྗེ་བཟུང་ཞིང་བཅང་། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀ་པཱ་ལ་དུམ་བུ་བཞི་པ་བཅང་། ཡབ་ཡུམ་གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མ་ཆག་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ། དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །བཞི་པ་ནི། ཚོགས་ལ་རོལ་པ་མན་ཆད་ཕྲིན་ལས་སྤྱི་ཆིངས་ལྟར་ཚང་བར་གཏང་བ་ལས། བསྡུ་རིམ་གྱི་སྐབས་སུ། དཀྱིལ་འཁོར་པ་རྣམས་སྤྱི་བོའི་བླ་མ་ལ་བསྡུས་ནས༔ གཞོམ་གཞིག་དང་བྲལ་བར་གྱུར༔ ཅེས་རྩ་གསུམ་སྒྲུབ་ཐབས་ལས་འབྱུང་བའི་སྒེར་ཆོས་སྦྱར་ཏེ་དཀྱིལ་འཁོར་བསྡུས་ལ་ཟུང་འཇུག་གི་སྐུར་ལྡང་བ་དང་བསྔོ་སྨོན་བཀྲ་ཤིས་མཐའ་རྒྱས་སུ་བྱའོ། །དབྱར་སྐྱེས་སྤྲིན་གྱི་མྱུ་གུ་ཡིས། །བདེ་སྐྱིད་སྨན་ལྗོངས་བརྡལ་བར་བྱེད། །བྱིན་རླབས་བདུད་རྩིའི་ཟིལ་ཐིགས་ཀྱིས། །རིང་འཚོའི་འདུ་བྱེད་མི་ཤིགས་བྱེད། །བསྟན་འགྲོར་ཕན་པའི་མཐུ་མངའ་བ། །གཙོར་གྱུར་འདིར་འབྲེལ་སྐལ་ལྡན་ཀུན། །རབ་བརྟན་ཡོངས་གྲུབ་རྡོ་རྗེའི་སྲོག །རྩ་གསུམ་ཕྱག་རྒྱས་ལེགས་བསྡམ་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་དང་། ལུང་ཟིན་ཆོས་བདག་ལང་གྲོ་ལོ་ཙཱའི་རྣམ་པར་རོལ་བ་རྗེ་དབོན་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱིས་གསུང་བསྐུལ་རྗེས་སུ་སྒྲུབ་སླད། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ས་ག་ཟླ་བའི་དཀར་ཚེས་བཅུ་བཞི་ལ་ལེགས་པར་སྦྱར་བ་དགེ་ལེགས་འཕེལ།། །།

ཚིག་བདུན་བླ་སྒྲུབ་ཟབ་མོའི་ཡུམ་བཀའ་མཁའ་འགྲོ་འདུས་པའི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་གྲུབ་པའི་ཟིལ་མངར་ (Volume 11, Text 31)

༄༅། །ཚིག་བདུན་བླ་སྒྲུབ་ཟབ་མོའི་ཡུམ་བཀའ་མཁའ་འགྲོ་འདུས་པའི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་གྲུབ་པའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡེ། འཆི་མེད་བཅུད་ཀྱི་ཐིག་ལེ་ནི། །བདེ་ཆེན་རོ་ཡིས་རྟག་ཏུ་དགྱེས། །དངོས་གྲུབ་མཆོག་གི་སྐལ་པ་ཆེ། །སྦྱིན་མཛད་བླ་མ་མཁའ་འགྲོར་འདུད། །འདིར་སྔོན་ཆད་ས་སྟེང་དུ་མ་གྲགས་ཤིང་ཁྱད་པར་འཕགས་པའི་ཆོས་སྡེ་ཚིག་བདུན་བླ་སྒྲུབ་ཀྱི་ཡུམ་བཀའ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལག་ལེན་ཟིན་ཐུན་དུ་བསྡེབ་པ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། དཀྱིལ་འཁོར་སྟེགས་བུའི་དབུས་མཎྜལ་ལྷ་གྲངས་ཀྱི་ཚོམ་བུ་ཅན་གྱི་ཁར་ཁྲིའུ་ལ་རྣམ་བུམ་སྟེང་ཐོད་པའི་བདུད་རྩི། དེ་སྟེང་སིནྡྷུ་རའི་མེ་ལོང་ལ་དབུས་སུ་ཧྲཱིཿཡིག་དང་། མཐར་ཨོཾ་བཛྲ་ཝཱ་རཱ་ཧཱི་ཧྲཱིཿསོགས་སྒྲུབ་སྔགས་ཀྱིས་བསྐོར་བ་བཞག་ལ་དར་དམར་གྱིས་བཀབ། དབང་རྫས་སྐུ་ཙཀ །སྔགས་བྱང་། ཤེལ་རྡོ། མར་མེ། གྲི་ཐོད་ཌཱ་དྲིལ་ཁ་ཊྭཱཾ་རུས་རྒྱན་རྣམས་ཀྱི་ཙཀ་ལི། མདུན་རྒྱབ་གང་བདེར་སྒྲུབ་གཏོར་ཟླ་གམ་རྒྱན་ལྡན་དར་གདུགས་ཅན་བཀོད། མདུན་གཡོན་དུ་བཀའ་སྲུང་བདེ་ཆེན་རྒྱལ་མོ་མཆེད་གསུམ་གྱི་གཏོར་མ་སྣོད་གཅིག་ཏུ། དབུས་སུ་དཀར་ཟླུམ། གཡས་སུ་དམར་གཏོར་ཟླ་གམ། གཡོན་དུ་མཐིང་ནག་གྲུ་གསུམ་སོ་སོར་མཐེབ་སྐྱུ་དང་ཟས་སྣས་བརྒྱན་ཅིང་རང་མདོག་གི་དར་གདུགས་ཙཀ་ལི་བཅས་གཟུག །གཞན་ཡང་སྨན་རཀ །ཉེར་མཆོད། ཚོགས་གཏོར། བགེགས་གཏོར། ཆད་བརྟན། གུལ་ཡུངས། བསང་ཆུ། མཎྜལ་སོགས་དང་། སྐོང་ཆོག་སྤྲོ་ན་དེའི་དཀྱིལ་འཁོར་ཡང་བཤམས། སློབ་དཔོན་གྱི་མདུན་དུ་ནང་མཆོད། ཌཱ་མ་རུ། རྡོར་དྲིལ། མེ་ཏོག་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་གསུམ། བདག་དོན་སྒྲུབ་མཆོད། གཞན་དོན་དབང་བསྐུར། རྗེས་བསྡུའི་རིམ་པ་རྣམས་སོ། །དང་པོ་ནི། སྐྱབས་སེམས་ནས་བཟུངས། བགེགས་གཏོར་ལ་ང་རྒྱལ་བསྐྱེད་པ། བྱིན་བརླབ། མགྲོན་དགུག །བསྔོ་བ་རྣམས་སྤྱི་ལྟར་སྦྱར། གཞན་ལས་བྱང་ཉིད་མཐར་ཆགས་སུ་གཏང་། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ནས། སྐུ་གསུམ། བསྙེན་དང་ཉེ་བསྙེན་སྐུ་གསུང་ཐུགས་སྒྲུབ། སྒྲུབ་ཆེན་ལས་སྦྱོར་ཆིག་དྲིལ་བཅས་ཀྱི་བསྙེན་པ་རྣམས་ཅི་ནུས་དང་། བུམ་བཟླས་མཐར་སྟོང་ཚིག་ཀྱང་དབུལ། བཀའ་སྲུང་གཏོར་ཆོག །ཚོགས་བྱིན་བརླབ་ནས་མཆོད་བཤགས་བསྟབ་པའི་མཐར་སྐོང་ཆོག་སྤྲོ་ན་སྦྱར། བདག་འཇུག་སྤྱི་ལྟར་བླང་བའམ་རིག་མེ་དོར་བས་ལྷ་བདག་གཉིས་སུ་མེད་པར་བལྟས་ལ་སློབ་མ་གཞུག་པའི་གནང་བའང་ཞུ། ལས་བུམ་དུ་ལས་ལྷ་གང་རུང་བསྐྱེད་བཟླས་འོད་ཞུ་བཅས་བྱའོ། །གཉིས་པ་ནི། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཁྲུས་ནས་དབྱུངས། ཕྱག་བཅས་གྲལ་དུ་འཁོད་ཟིན་པ་ན་སྔོན་གཏོར་ནས་མཚམས་གཅོད་བར་ལས་བྱང་བཞིན་བཏང་། སྲུང་འཁོར་བརྟན་པོར་བསྒོམས། ལས་རྡོར་གྱིས་མཎྜལ་བཀྱེ་བསྡུ་ཟིན་ནས། འོ། ནམ་མཁའི་མཐའ་མཉམ་གྱི་མར་གྱུར་འགྲོ་བ་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་དང་འཇིགས་པ་མཐའ་དག་ལས་བསྒྲལ་ཏེ་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཀུན་བཟང་རྡོ་རྗེ་བཙུན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་དམ་པར་འཇུག་པའི་ཐོག་མར་རྒྱུད་སྨིན་བྱེད་ཀྱི་དབང་བསྐུར་གསན་ནས་བསྐྱེད་རྫོགས་རིམ་གཉིས་ཀྱི་གྲོལ་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ཏེ་གསན་པར་ཞུ། འདིར་གང་གསན་པར་བྱ་བ་ནི་རྒྱུ་ལ་ལམ་དུ་བྱེད་པ་ཕར་ཕྱིན་ཐེག་པ་ལས་གོང་དུ་འཕགས་པ་འབྲས་བུ་ལ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན། དེ་ལའང་གསར་རྙིང་གཉིས་སུ་གྲགས་པའི་གསང་སྔགས་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པ་ལས། འདིར་ཟབ་མོ་དགོངས་པའི་གཏེར་དང་དག་སྣང་ཟུང་དུ་འཇུག་པའི་ཆོས་སྡེ་རྩ་བ་གསུམ་གྱི་མན་ངག་དང་འབྲེལ་བའི་སྒྲུབ་སྐོར་མཐའ་ཡས་པ་བཞུགས་པ་རྣམས་ལས། ཟབ་ལམ་བླ་མ་སྒྲུབ་པའི་ཆོས་སྡེའི་གསང་བ་ཡུམ་གྱི་མན་ངག །བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་གུ་རུའི་ཐུགས་སུ་བྱོན་པའི་གསང་བའི་ཡུམ་མཆོག་རྣམ་པ་ལྔའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་སྒྲུབ་པའི་སྐབས་སུ་བབ་པ་སྟེ། དེའང་ངོ་བོ་འཁོར་འདས་ཐམས་ཅད་ཀྱི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། ཆོས་དབྱིངས་བརྗོད་བྲལ་ཀུན་བཟང་དབྱིངས་ཀྱི་ཡུམ་ཆེན་ཉིད། རྣམ་པ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་སྣང་ཆ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་རྒྱུན་གྱིས་རྟག་པ་ལས་ཐབས་མཁས་གང་འདུལ་ཕྲིན་ལས་ཀྱི་རོལ་གར་ཅིར་ཡང་་་སྟོན་པ་སྟེ། ཇི་སྐད་དུ། སྔོན་བྱུང་སྲིད་པའི་དང་པོ་ལ༔ མཁའ་གསང་བདེ་གསལ་དཀྱིལ་འཁོར་ཤར༔ མ་འགག་རོལ་རྩེད་རྟེན་འབྲེལ་ལས༔ བཅོམ་ལྡན་ཀུན་ཏུ་བཟང་མོ་ཤར༔ ཕྱི་ལྟར་ཕར་ཕྱིན་རྒྱལ་ཀུན་ཡུམ༔ ནང་ལྟར་རྡོ་རྗེ་ཕག་མོ་ཁྲོས༔ གསང་ལྟར་དྷཱ་ཀི་སེང་གེའི་གདོང༔ སྤྲུལ་པ་མཁའ་འགྲོ་སྡེ་ལྔ་ཤར༔ བཅོམ་ལྡན་ཐུབ་པའི་སྤྱན་སྔ་རུ༔ སྲིང་མོ་གངྒའི་ལྷ་མོས་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ བསྟན་པའི་རྒྱལ་མཚན་ལེགས་པར་བཙུགས༔ འགྲོ་ཀུན་ཐར་པའི་ལམ་དུ་བཀོད༔ ཟ་ཧོར་རྒྱལ་སྲས་མནྡྷཱ་ར༔ འཁོར་བར་ཞེན་ལོག་བྲམ་ཟེ་མོ༔ པད་འབྱུང་གསང་ཡུམ་དྷཱ་ཀི་མ༔ མེ་ཆུ་དུག་མཚོན་གཞོམ་གཞིག་བྲལ༔ འབྱུང་བའི་དབང་བསྒྱུར་སིདྡྷི་བརྙེས༔ ཡེ་ཤེས་མཁའ་འགྲོ་འབུམ་གྱི་རྒྱལ༔ པད་འབྱུང་བདག་དང་དགོངས་པ་མཉམ༔ རྩལ་ལྡན་བསིལ་ཁང་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ༔ ཚེ་དཔག་མེད་དང་དངོས་སུ་མཇལ༔ སྐྱེ་འཆི་མེད་པའི་ཡེ་ཤེས་སྐུ༔ མཁའ་སྤྱོད་གནས་བགྲོད་དངོས་གྲུབ་བརྙེས༔ གདོང་དམར་སྲིན་པོའི་ཡུལ་ལྗོངས་སུ༔ རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས༔ ལོ་པཎ་རྣམས་ཀྱི་ཉི་འོད་བརྡལ༔ པད་འབྱུང་བདག་གིས་བདུད་སྡེ་བཅོམ༔ འཇམ་དཔལ་སྤྲུལ་པས་དར་རྒྱས་མཛད༔ ཕྱག་རྡོར་སྤྲུལ་པས་སྲོལ་ཁ་གཏོད༔ རྗེ་འབངས་ཉེར་ལྔས་གྲུབ་པ་བརྙེས༔ དེ་དུས་ལྷ་ལྕམ་མན་དྷཱ་ར༔ འགྲོ་བའི་དོན་ལ་སྤྲུལ་སྐུར་བཞེངས༔ མཁར་ཆེན་མཚོ་རྒྱལ་ཞེས་སུ་གྲགས༔ མོན་ཁ་ནེ་རིང་གནས་མཆོག་ཏུ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་བསྒྲུབས༔ ཞལ་མཇལ་སིདྡྷི་རྣམ་གཉིས་ཐོབ༔ བསད་པ་གསོ་ནུས་དངོས་གྲུབ་བརྙེས༔ དེ་འོག་ཟངས་མདོག་དཔལ་རིའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་སུ༔ པད་འབྱུང་བདག་ཀྱང་གཤེགས་པའི་རྗེས༔ ལྷོ་ནུབ་སྲིན་ཡུལ་འདུལ་བའི་ཕྱིར༔ བདེ་ཆེན་དབང་གི་རྒྱལ་མོ་ཞེས༔ སྲིན་ཚོགས་ཆོས་ལ་འཛུད་པར་གྱུར༔ སྤྲུལ་པས་འཁོར་བ་དོང་ནས་སྤྲུགས༔ རྗེས་འཇུག་བུ་སློབ་ཐམས་ཅད་ལ༔ ཞལ་བསྟན་ལུང་སྟོན་དངོས་གྲུབ་སྟེར༔ མཁའ་སྤྱོད་གནས་སུ་འདྲེན་མཛད་མ༔ ཡེ་ཤེས་ལུས་ཐོབ་ཕ་རོལ་ཕྱིན༔ དེ་ཡི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་སྤྲུལ་པ་སྣ་ཚོགས་ཏེ༔ གཅིག་ཏུ་མ་ངེས་རབ་འབྱམས་སྐུ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྟོན༔ ཞེས་གསུངས་པ་ལྟར། གསང་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་དང་། བོད་འབངས་ཡོངས་ལ་ཚད་མེད་པའི་བཀའ་དྲིན་གྱི་བདག་ཉིད་བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་དུ། མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་དང་རྣམ་དབྱེར་མེད་པའི་འཁོར་ལོའི་མགོན་པོ་༧མཚན་བརྗོད་པར་དཀའ་བ་མཆོག་གི་ཞལ་སྔ་ནས་བོད་ཁམས་བསྟན་འགྲོའི་དོན་དུ་གྲུབ་པའི་གནས་ཆེན་རྣམས་སུ་རྩ་གསུམ་རིག་འཛིན་མཆོག་སྒྲུབ་ལ་བརྟེན་པའི་ཚིག་བདུན་གསོལ་འདེབས་འབུམ་ཕྲག་མཛད་པའི་སྐབས། དག་པའི་གཟིགས་སྣང་ཁྱད་པར་ཅན་གྱི་བརྡས་བསྐུལ་བའི་རྐྱེན་ལ་བརྟེན་ཏེ། ཀློང་ཡངས་ཐུགས་ཀྱི་སྒྲོམ་ལས་དབྱུང་བར་མཛད་པ་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ། གུ་རུ་རིན་པོ་ཆེ་ཉིད་སྣ་ཚོགས་ནོར་བུའི་རྒྱལ་པོ་ལྟར་འགྲོ་བ་སོ་སོའི་མོས་སྣང་དང་འཚམ་པར་སྐུའི་གསང་བ་རབ་འབྱམས་སུ་ཤར་བའི་སྒྲུབ་ཐབས་སྔ་ན་མེད་པའི་ངོ་མཚར་ཅན་གྱི་ཡུམ་བཀའ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། རྩ་བ་རྡོ་རྗེའི་གསུངས་ལས། མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ སྨིན་བྱེད་གསང་ཆེན་གསང་བའི་བཅུད༔ འབྲེལ་ཚད་མཁའ་སྤྱོད་གནས་སུ་འདྲེན༔ ཉམས་བླངས་བདེ་ཆེན་ཡེ་ཤེས་འགྲུབ༔ ལམ་གྱི་བར་ཆད་ངེས་པར་སེལ༔ ཞེས་བསྔགས་པར་མཛད་ཅིང་། རྣོ་མྱུར་ཟབ་འདྲིལ་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་སོགས་མཚམས་སྦྱོར་བཅས་མཎྜལ་འབུལ་དུ་གཞུག །བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་དབང་ཕྱུག་མའི་ངོ་བོར་བཞུགས་པ་ལ་དབང་བསྐུར་དམ་པ་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཅེས་བརྡའ་སྦྱར་ནས། མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་རྒྱུད་སྨིན་གྲོལ་མཛད་དུ་གསོལ༔ ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱི་མཁྱེན་པའི་སྒོ་ཕྱེས་ཏེ་གནང་བ་སྦྱིན་པ་དང་། བརྩེ་བས་དམ་ཚིག་གི་གནས་ལ་སྤྲོ་བ་དྲི་བ་ལགས་ཏེ། མཁའ་འགྲོ་འདུས་པའི་དཀྱིལ་འཁོར་འདི༔ ཟབ་ཅིང་གཉན་ལ་ཁེ་ཉེན་ཆེ༔ མི་ལྡོག་དམ་ཚིག་སྲུང་ནུས་ན༔ རྗེས་སུ་བཟུང་བྱ་གཞན་དུ་མིན༔ དེ་སྐད་བསྒྲགས་པའི་ལན་དུ་དམ་ཚིག་བསྲུང་བར་ཁས་བླང་བ་དང་། དཀྱིལ་འཁོར་དུ་འཇུག་པར་ནན་ཏན་གྱིས་ཞུ་བའི་བློས་འདིའི་རྗེས་ཟློས་མཛོད། བླ་མའི་གསུང་ནི་རྡོ་རྗེའི་ཚིག༔ ནམ་ཡང་འདའ་བར་མི་བཟོད་པས༔ དམ་ཚིག་ཚུལ་བཞིན་བསྲུང་ལགས་ན༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ ལན་གཅིག་རྗེས་ཟློས་བྱ། རྒྱུད་སྦྱོང་བའི་སླད་དུ་མདུན་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལ། ཕྱོགས་དུས་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་དྲུང་དུ། དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མ༔ ལྷན་སྐྱེས་ཡེ་ཤེས་ཌཱ་ཀི་ལ༔ དེང་ནས་དབྱེར་མེད་གཅིག་གྱུར་བར༔ འབྲལ་བ་མེད་པར་སྐྱབས་སུ་མཆི༔ ལན་གསུམ། མ་རྟོགས་འཁྲུལ་པའི་དབང་གིས་འཁོར་བའི་རྒྱ་མཚོར་བྱིང་བའི་མ་རྒན་ཐམས་ཅད་རྣམ་གྲོལ་བདེ་ཆེན་གྱི་ས་ལ་འགོད་པར་བྱ་བའི་ཕྱིར། བླ་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བསྒྲུབ་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། རྟོག་འཁྲུལ་དབང་གིས་འཁོར་བར་འཁྱམས༔ ལས་ཉོན་དྲྭ་བས་བཅིངས་པ་རྣམས༔ རྣམ་གྲོལ་བདེ་ཆེན་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་བསྒྲུབ་པར་བགྱི༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་དེ་དག་དང་གཞན་ཡང་ཕྱོགས་དུས་ཀྱི་བླ་མ་རྒྱལ་བ་སྲས་བཅས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར། གསག་སྦྱོང་གི་གནད་འདུས་པ་ཡན་ལག་བཅུ་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས་མཛོད། ཆོས་དབྱིངས་ཡུམ་གྱི་ཀློང་ནས་གཤེགས༔ མ་བཅོས་མཉམ་པ་ཆེན་པོར་བཞུགས༔ རང་ཞལ་མངོན་གསུམ་མཇལ་བས་འདུད༔ བདེ་སྟོང་ཟུང་འཇུག་མཆོད་སྤྲིན་འབུལ༔ གཞི་མེད་རྩ་བྲལ་ངང་དུ་བཤགས༔ ལྷན་ཅིག་སྐྱེས་ལ་རྗེས་ཡི་རང༔ བདེ་ཆེན་ཆོས་འཁོར་བསྐོར་བཞིན་དུ༔ གདོད་ནས་མ་སྐྱེས་རྫོགས་པར་བཞུགས༔ ཤེས་རབ་ཕ་རོལ་ཕྱིན་བསྔོས་པས༔ དབྱིངས་ཀྱི་ཡུམ་ཆེན་མྱུར་འགྲུབ་ཤོག༔ ལན་གསུམ། རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པ་སྤྱི་དང་། ཁྱད་པར་རིགས་ལྔ་མཁའ་འགྲོའི་དམ་ཚིག་དང་སྡོམ་པ་ལས་ཁྱེད་རྣམས་ནམ་ཡང་འདའ་བར་མི་རུང་བས། དེའི་དཔང་པོར་རྡོ་རྗེའི་མནའ་ཆུ་བྱིན་པ་འདི་ཉིད་དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའ་དང་། མ་བསྲུང་ན་རྡོ་རྗེ་སྲིན་པོར་འགྱུར་བས་ཁེ་ཉེན་གྱི་སྐྱོན་ཡོན་ཤེས་པས་འཇུག་ལྡོག་གི་གནད་མ་ནོར་བར་ཚུལ་བཞིན་དུ་འཇུག་པར་མཛོད་ཅིག །རྡོ་རྗེ་མགོ་བོར་བཞག་ནས་ནང་མཆོད་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཧོ༔ སྤྱི་དང་ཁྱད་པར་དམ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ རྡོ་རྗེ་བདུད་རྩི་སྲོག་གི་ཆུ༔ རྟག་ཏུ་དཔང་པོར་དྲན་པར་གྱིས༔ བཛྲ་ས་མ་ཡ་ཨ་མྲིཏ་ཧཱུྃ༔ ཞེས་བརྗོད། ཡེ་ཤེས་དབབ་པ་ནི། དབང་གི་དངོས་གཞི་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མ་ཡེངས་པར་རྩེ་གཅིག་ཏུ་གསལ་འདེབས་པར་ཞུ། སློབ་མས་སྒོ་གསུམ་གནད་བཅིངས་ལ༔ ལྷན་ཅིག་སྐྱེས་མའི་སྐུ་རུ་གསལ༔ དཀར་དམར་མདངས་ལྡན་ཁྲོ་འཛུམ་ཉམས༔ གཡས་པས་ཅང་ཏེའུ་གྲི་གུག་ཕྱར༔ གཡོན་པས་བྷནྡྷ་ཚེ་བུམ་བརྒྱན༔ གྲུ་མོར་ཐབས་ཀྱི་ཁ་ཊྭཱཾ་བསྟེན༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ དར་དང་རིན་ཆེན་རུས་པས་བརྒྱན༔ པདྨའི་ཕྲེང་བའི་དོ་ཤལ་འཕྱང༔ བརྐྱང་བསྐུམ་གར་གྱིས་པད་ཉིར་རོལ༔ སློབ་དཔོན་དགོངས་པའི་རྩལ་བསྐྱེད་དེ༔ ཐུགས་སྲོག་འོད་ཀྱི་ལྕགས་ཀྱུ་ཡིས༔ མཁའ་སྤྱོད་གནས་ནས་སྤྱན་དྲངས་བསྟིམ༔ ཞེས་དམིགས་པ་ཕོག་ལ་སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་ཤམ་བུར། ཡེ་ཤེས་དྷཱ་ཀིའི་རྣམ་པར་བྱོན༔ བདེ་ཆེན་དགའ་བཞིའི་དབང་མཆོག་སྐུར༔ གཟུང་འཛིན་དབུ་མར་ཐིམ་པ་དང༔ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་མཛོད༔ ཧྲཱིཾ་ཕེཾ༔ བཞེངས་ཤིག་སོགས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ཅིང་བྱིན་དབབ། ཕེབ་པའི་རྟགས་བྱུང་ན་ཉམས་ཐད་ཀར་སྐྱོང་དུ་གཞུག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱ། དེས་འཇུག་པའི་རིམ་པ་རྣམས་སོང་ཞིང་། དེ་ལྟར་སློབ་མའི་སྒོ་གསུམ་ལ་རྡོ་རྗེ་གསུམ་གྱི་བྱིན་དབབ་པ་ནི་དབང་གི་རྩ་བ་ཡིན་ལ། དེའི་བྱིན་རླབས་ཀྱི་རྒྱུན་བརྟན་ཞིང་རྒྱས་པའི་ཆེད་དུ་བུམ་པ་ལ་སོགས་པའི་དབང་རྣམས་སོ་སོའི་རྗེས་འབྲེལ་དང་བཅས་པ་འབྱུང་བས། དང་པོ་བུམ་པའི་དབང་གི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་ནམ་མཁར་སྤྱན་དྲངས་ཏེ༔ བུམ་པའི་བདུད་རྩིས་དབང་བསྐུར་བས༔ བདུད་རྩིའི་རྒྱུན་གྱིས་ལུས་ཀུན་གང་། །ལས་ཉོན་མ་རིག་སྒྲིབ་པ་དག །བྱིན་རླབས་ཡེ་ཤེས་དབང་ཐོབ་བསམ། ཨོཾ༔ སྣང་སྟོང་ཡུམ་གྱི་བུམ་པ་རུ༔ ཐབས་མཆོག་བདེ་ཆེན་བཅུད་དུ་འཁྱིལ༔ ཟུང་འཇུག་ཡེ་ཤེས་ཆུ་རྒྱུན་གྱིས༔ སྒྲིབ་དག་དབང་བཞི་ཡོངས་རྫོགས་ཤོག༔ ཨོཾ་ཛྙཱ་ན་སརྦ་དྷཱ་ཀི་ནཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ བུམ་པ་མགོར་བཞག་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་པས། །དངོས་མཚན་འཛིན་རྟོག་རགས་པ་བཅོམ། །རྒྱུད་དག་སྣང་སྟོང་ལྷ་སྐུར་སྨིན༔ དབང་ལྷ་སློབ་མ་ལ་ཐིམ་བསམ༔ རྗེས་འབྲེལ་སྐུ་ཡི་དབང་བསྐུར་ཕྱིར། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་མའི། །ཡེ་ཤེས་སྐུ་ལས་གཉིས་པ་འཕྲོས༔ དགྱེས་པའི་གཟི་བྱིན་འབར་བ་བཅས། །ལུས་ཐིམ་ལྷ་དང་དབྱེར་མེད་བསམ༔ ཨོཾ༔ གསལ་སྟོང་སྐུ་ཡི་དཀྱིལ་འཁོར་ནས༔ གཟི་བརྗིད་ཆེན་པོའི་བྱིན་དབབ་པས༔ ཁྱོད་ལུས་ཡེ་ཤེས་ཕྱག་རྒྱར་གྱུར༔ སྐུ་ཡི་དབྱིག་ཏུ་སྨིན་པར་ཤོག༔ ཛྙཱ་ན་སརྦ་དྷཱ་ཀི་ནཱི་ཀཱ་ཡ་བཛྲ་ཨོཾ༔ ཞེས་བརྗོད་ཅིང་སྐུ་བརྙན་སྤྱི་བོར་བཞག །དེ་ལྟར་ཡེ་ཤེས་སྐུ་ཡི་དབང་། །ཐོབ་པས་ཐ་མལ་སྣང་ཞེན་སྦྱངས། །སྣོད་བཅུད་དག་པའི་འཁོར་ལོར་རྟོགས། །བསྐྱེད་པའི་རྣལ་འབྱོར་བསྒོམ་པར་དབང་། །སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། ཞེས་དག་པ་བརྗོད། གཉིས་པ་གསང་དབང་ནི། བདེ་ཆེན་གསང་བའི་དབང་གི་སླད། །སློབ་དཔོན་དཀྱིལ་འཁོར་དབང་ཕྱུག་མ༔ རང་འོད་དཔའ་བོར་མཉམ་སྦྱོར་བའི༔ བྱང་སེམས་བདུད་རྩི་སྤྲོས་པའི་རྒྱུན༔ ཐོད་པའི་རྫས་དང་རོ་གཅིག་པ། །བུ་ཡི་ལྕེ་ལ་བཞག་པར་བསམ། །ཐོད་པའི་བདུད་རྩི་ལྕེ་ལ་བཞག༔ ཨཱ༔ ཐབས་ཀྱི་བྱང་སེམས་བདེ་བ་རྒྱས༔ ཤེས་རབ་རཀྟ་ཆགས་པ་ཆེ༔ ཟུང་འཇུག་ལྷན་སྐྱེས་བདུད་རྩིའི་བཅུད༔ དམ་ཚིག་ཆེན་པོ་དང་དུ་ལོངས༔ ཨོཾ་བོ་དྷི་ཙིཏྟ་ཨ་ཧོཿམ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ བྱང་སེམས་དཀར་དམར་བདུད་རྩི་ཡིས། །ལུས་གང་བདེ་སྟོང་ཡེ་ཤེས་འཕེལ། །རྗེས་འབྲེལ་ཟླས་པའི་ལུང་སྦྱིན་སླང་། །དཔོན་སློབ་གཉིས་ཀ་རྣལ་འབྱོར་མར། །གསལ་བའི་ཐུགས་དབུས་འོད་ལྔའི་ཀློང་། །ཐབས་ཤེས་ཉི་ཟླ་ཁ་སྦྱོར་ལྟེར། །ཧྲཱིཿཡིག་དཀར་འཚེར་འབར་བས་མཚན། །སློབ་དཔོན་ཐུགས་སྲོག་གསང་སྔགས་ཀྱི། །ཕྲེང་བས་བསྐོར་ལས་གཉིས་པ་འཕྲོས། །སྐུ་ཡི་དབྱིབས་བརྒྱུད་ཞལ་ནས་བྱུང་། ཁྱེད་རང་སློབ་མའི་ཞལ་དུ་ཞུགས། །སྲོག་ཡིག་མཐའ་མར་འཁོར་བ་ཡི། །འོད་ཟེར་ཞིང་ཁམས་རབ་འབྱམས་ཁྱབ། །རྒྱལ་བ་ཀུན་མཆོད་བྱིན་རླབས་དང་། །འཁོར་འདས་ཚེ་བཅུད་རང་ལ་བསྡུས། །མཁའ་ཁྱབ་འོད་ཟེར་སླར་སྤྲོས་པས། །སྣང་བ་ལྷ་ཡི་འཁོར་ལོར་སྦྱངས། །གྲགས་སྟོང་རྡོ་རྗེའི་སྔགས་སུ་རྫོགས། །དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང་། །བདེ་ཆེན་ཡེ་ཤེས་མཆོག་ཏུ་འབར། །བདག་གཞན་དོན་གཉིས་བསྒྲུབ་པར་བསམས། །གསང་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། །ཅེས་པས་དམིགས་པ་ཕོག་ནས། ཆོས་སྐུའི་བསྙེན་སྔགས། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལོངས་སྐུའི་ཉེ་བསྙེན་སྔགས། ཨོཾ་ཧྲཱིཿདྷཱ་ཀི་ཙནྡྷ་ལཱི་ཧ་རི་ནི་ས་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ལན་གསུམ། སྤྲུལ་སྐུའི་སྒྲུབ་སྔགས། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་མ་མ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ལན་གསུམ། སྙིང་པོ། ཨོཾ་བཛྲ་ཝཱ་རཱ་ཧཱི་དྷཱ་ཀི་ནཱི་སྭཱ་ཧཱ༔ ལན་གསུམ། ཉེ་སྙིང་། ཨ་ཧ་རི་ནི་ས་ཧཱུྃ་ཛ༔ ལན་གསུམ། ཡོངས་རྫོགས་སྒྲུབ་ཆེན་ལས་སྦྱོར་ཆིག་དྲིལ་སྔགས། ཨོཾ་བཛྲ་ཝཱ་རཱ་ཧཱི་ཧྲཱིཿམ་དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ་རྣམས་སོ་སོར་རྗེས་ཟློས་བྱར་གཞུག །དེ་ལྟར་ལུང་ཕོག་གསང་སྔགས་ཀྱི། །བྱིན་རླབས་རྒྱུད་ལ་བརྟན་པའི་ཕྱིར། །བསྒྲང་ཕྲེང་ཡི་གེ་འཁོར་ལོའི་གཟུགས། །ཨཱ་ལི་ཀཱ་ལིའི་ཟེར་ཕྲེང་ཅན། །བུ་ཡི་མགྲིན་པར་ཐིམ་པར་བསྒོམ། ཨཱ༔ གྲགས་སྟོང་གསུང་གི་དཀྱིལ་འཁོར་ནས༔ ནུས་པ་སྔགས་ཀྱི་བཅུད་དབབ་པས༔ ཁྱོད་ངག་གཞོམ་མེད་དབྱངས་སུ་གྱུར༔ གསུང་གི་དབྱིག་ཏུ་སྨིན་པར་ཤོག༔ ཝཱ་ཀ་བཛྲ་ཨཱ༔ ཞེས་བརྗོད་ཕྲེང་བ་མགྲིན་པར་བཞག །བྱང་ཆུབ་སེམས་དང་གསང་སྔགས་ཀྱི། །དབང་མཆོག་ངག་ལ་བསྐུར་པ་ཡིས། །གཡོ་རྩོལ་རླུང་གི་འགྲོ་འོང་འཆིང་། །གཞོམ་བྲལ་མི་ཤིགས་ནཱ་དའི་སྲོག །རང་བྱུང་རྡོ་རྗེའི་སྔགས་སུ་འགྲུབ། །ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཞེས་དག་པ་བརྗོད། །གསུམ་པ་ཤེར་དབང་ནི། ཤེས་རབ་ཡེ་ཤེས་དབང་བསྐུར་ཕྱིར། །སློབ་མ་པདྨ་དཔའ་བོར་གྱུར༔ སིནྡྷུའི་དལ་ལས་ཕྱག་རྒྱ་མོ༔ ལྷན་སྐྱེས་དྷཱ་ཀིའི་ངོ་བོ་སྤྲོས༔ ལྷ་སྔགས་ཆོས་ཀྱི་རྣལ་འབྱོར་གྱིས། །སྙོམས་ཞུགས་དགའ་བཞི་སྐྱེས་པར་བསམས༔ མེ་ལོང་དཀྱིལ་འཁོར་ལག་ཏུ་གཏད༔ སྨིན་མཚམས་སྙིང་གར་ཐིག་ལེ་བཀོད༔ ཧཱུྃ༔ ཆོས་འབྱུང་ལས་རྒྱའི་ཆུ་སྐྱེས་དབུས༔ ཡིག་འབྲུ་ཆོས་དང་སྙོམས་འཇུག་གི༔ དམར་འོད་དམ་ཚིག་གཏུམ་མོ་འབར༔ གསལ་སྟོང་ཕྱག་ཆེན་མཚོན་པར་བྱོས༔ ཨོཾ་ཀརྨ་མུ་དྲ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ དེ་ལྟར་བྱིན་པའི་ལྷ་མོ་དང་། །རོལ་པའི་སྒྱུ་རྩལ་མཐར་སོན་པའི། །བདེ་བའི་རླུང་གིས་གཏུམ་མོ་སྦར། །ཐིག་ལེ་ཞུ་བཏུལ་འབར་འཛག་གིས། །དགའ་བ་བཅུ་དྲུག་མངོན་དུ་བྱས། །རྟེན་འབྲེལ་ཐུགས་ཀྱི་བྱིན་རླབས་ཕྱིར། །དཀྱིལ་འཁོར་གཙོ་མོའི་ཐུགས་ཀ་ནས། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ། །སྤྲོས་པ་སློབ་མའི་སྙིང་གར་ཐིམ། །རྡོ་རྗེ་སྙིང་གར་བཞག་སྟེ། ཧཱུྃ༔ རིག་སྟོང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་དགོངས་པའི་རྩལ་འཕོས་པས༔ ཁྱོད་ཡིད་འོད་གསལ་ཆོས་སྐུར་གྱུར༔ ཐུགས་ཀྱི་དབྱིག་ཏུ་སྨིན་པར་ཤོག༔ ཙིཏྟ་བཛྲ་ཧཱུྃ༔ དེ་ལྟར་བདེ་ཆེན་ཐུགས་ཀྱི་དབང་། །བསྐུར་པས་ཐིག་ལེ་འཕོ་མེད་བརྟན། །ལྷན་ཅིག་སྐྱེས་པའི་རང་ཞལ་མཇལ། །གཉིས་འཛིན་རྟོག་ཚོགས་དབྱིངས་སུ་གྲོལ། །ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཞེས་དག་པ་བརྗོད། དབང་བཞི་པ་ནི། དེ་ལྟར་དཔེ་ལས་སྐྱེས་པ་ཡི། །གནས་ལུགས་རང་ངོ་སྤྲོད་པའི་ཕྱིར། །རིག་པ་རྩལ་གྱི་དབང་སྐུར་ནི། །རྡོ་རྗེ་སེམས་དཔའི་མེ་ལོང་གིས། །བརྡའ་ཡིས་ལྷན་གཅིག་སྐྱེས་པའི་དོན། །ཟུང་འཇུག་ཁ་སྦྱོར་ཡངས་པའི་རྩལ། །བློ་འདས་དབྱིངས་རིག་རོ་མཉམ་པ། །ལྷུན་གྲུབ་ཆེན་པོར་མཉམ་པར་ཞོག །རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧྲཱི༔ ངོ་བོ་སྟོང་པ་ལྷན་སྐྱེས་ཡུམ༔ རང་བཞིན་གསལ་བ་ཐབས་མཆོག་ཡབ༔ ཟུང་འཇུག་མདངས་རྩལ་འཁོར་འདས་སུ༔ སྣང་ཡང་རང་བཞིན་མེད་པར་ལྟོས༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་ཉམས་བསྐྱངས་ནས་མཉམ་པར་འཇོག་ཏུ་གཞུག །དེ་ལྟར་དོན་གྱི་དབང་བསྐུར་པས། །འཁོར་འདས་གཉིས་སུ་འཛིན་པའི་བློ། །ཤེས་བྱའི་སྒྲིབ་སྦྱངས་གཉིས་མེད་དབྱིངས། །ཀ་དག་ཆོས་སྐུ་མངོན་དུ་གྱུར། །སྐུ་གསུམ་ལྷུན་གྲུབ་རྫོགས་པའི་སྐུ །ཡེ་ཤེས་རྡོ་རྗེ་མངོན་བྱེད་པའི། །ས་བོན་རྒྱུད་ལ་བཞག་པ་འོ། །ཞེས་དག་པ་བརྗོད། རྗེས་འབྲེལ་བདེ་སྟོང་ཡེ་ཤེས་ཀྱི། །རང་ཞལ་མངོན་དུ་བྱེད་པའི་ཐབས། །མྱུར་ལམ་གཏུམ་མོའི་རྣལ་འབྱོར་གྱི། །དབང་བསྐུར་བྱིན་རླབས་སྦྱིན་པ་ནི། །གཙོ་མོའི་ལྟེ་བའི་རཾ་དམར་ལས༔ ཡེ་ཤེས་མེ་ལྕེ་ཚོན་གང་སྤྲོས༔ ལྟེ་བར་ཐིམ་པས་བྱིན་བརླབས་བསམ༔ མར་མེ་བསྐོར་ཞིང་ལྟེ་བར་བཞག །ཧྲཱི༔ བདེ་སྟོང་ཡེ་ཤེས་དཀྱིལ་འཁོར་ནས༔ ལྷན་སྐྱེས་དགའ་བའི་རླབས་གཡོས་པས༔ སྒོ་གསུམ་མི་འགྱུར་བདེ་བ་ཆེ༔ རྡོ་རྗེའི་དབྱིག་ཏུ་སྨིན་པར་ཤོག༔ ཛྙཱ་ན་བཛྲ་ཧྲཱི༔ དེ་ལྟར་ཡེ་ཤེས་ཙཎྜ་ལིས། །གཞི་ཡི་གཏུམ་མོ་གསོས་བཏབ་པས། །བདེ་དྲོད་འབར་བས་གཉུག་མའི་དབྱིངས། །ལྷན་སྐྱེས་སྟོང་ཉིད་མཁའི་རྡོ་རྗེ། །འགྱུར་མེད་དགོངས་པ་མངོན་བྱས་པའི། །རིག་རྩལ་ཕྱོགས་མེད་སྦར་བའི་སླད། །ཞིང་དང་ཉེ་བའི་ཞིང་རྣམས་སུ། །ཐམས་ཅད་བདེ་ཆེན་ཉིད་རྟོགས་པས། །བླང་དོར་རེ་དོགས་བྲལ་བའི་ངང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་ཡིས། །མཁའ་འགྲོ་རྣམས་དང་སྐལ་མཉམ་པའི། །དངོས་གྲུབ་དམ་པར་དབང་བྱེད་ཕྱིར། །བརྟུལ་ཞུགས་སྤྱོད་པའི་ཆས་གོས་རྣམས། །བུ་ཡི་ཕྱག་ཏུ་བྱིན་པར་མོས། །རྒྱན་དང་ཕྱག་མཚན་རྣམས་བྱིན་ལ། ཧོ༔ གཟུང་འཛིན་རྩད་གཅོད་གྲི་གུག་འབར༔ བདེ་སྐྱོང་བྷནྡྷ་དམ་ཚིག་སྣོད༔ ཐབས་ཤེས་ཅང་ཏེའུ་དྲིལ་བུ་དང༔ ཟུང་འཇུག་རྡོ་རྗེའི་ཁ་ཊྭཱཾ་ག༔ ཕར་ཕྱིན་རུས་པའི་ཕྱག་རྒྱ་བཅས༔ ཟུངས་ལ་བརྟུལ་ཞུགས་ཅི་བདེར་སྤྱོད༔ ས་མ་ཡ་ཙརྻ་ཨ་བྷི་ཥིཉྩ་མི༔ དེ་ལྟར་ཟབ་མོའི་དབང་བསྐུར་པའི། །བྱིན་རླབས་མི་འགྱུར་རབ་གནས་ཕྱིར། །ཡོངས་རྫོགས་བྱིན་རླབས་སྦྱིན་པ་ནི། །གཏོར་མ་མཁའ་འགྲོའི་དཀྱིལ་འཁོར་གསལ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱིས༔ སྨིན་ཅིང་གྲོལ་བར་བྱིན་བརླབས་བསམ༔ གཏོར་ཆེན་བཏེགས་ལ། ཧྲཱི༔ གཏོར་སྣོད་བདེ་ཆེན་འཁྱིལ་བའི་གཞལ་ཡས་ཁང༔ གཏོར་མ་སྐུ་གསུམ་ཡུམ་མཆོག་གཙོ་དང་འཁོར༔ ཡེ་ཤེས་གཟི་བྱིན་འོད་ཟེར་ལམས་སེ་ལམ༔ བདེ་སྟོང་རོལ་པའི་བྱིན་རླབས་ཐིབས་སེ་ཐིབ༔ དངོས་གྲུབ་བདུད་རྩིའི་ཆར་རྒྱུན་ཤ་ར་ར༔ མ་གཡེལ་ཐུགས་རྗེ་ཆེན་པོའི་རྩལ་སྐྱེད་ལ༔ སྐལ་ལྡན་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ སྒོ་གསུམ་སྒྲིབ་པའི་རྩ་བ་དྲུངས་ནས་ཕྱུངས༔ མི་ཕྱེད་རྡོ་རྗེ་བཞི་ཡི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཐབས་ཤེས་དགའ་བ་བཅུ་དྲུག་གསང་ལམ་བགྲོད༔ འགྱུར་མེད་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་མཛོད༔ ཨོཾ་བཛྲ་ཝཱ་རཱ་ཧཱི་དྷཱ་ཀི་ནཱི་བ་ལིཾ་ཏ་ཨེ་ཝཾ་མུ་དྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་བཞིན་གནས་བཞིར་དབང་བསྐུར། མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་མཁའ་འགྲོའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། གཏོར་ཟན་བདུད་རྩིའི་དབྱིག་དུ་འཁྱིལ་བ་ཞལ་བསྲོའི་དགའ་སྟོན་དུ་བྱིན་པས། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་དངོས་གྲུབ་མཆོག་གི་དཔལ་ལ་རྟག་ཏུ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་བརྗོད་ཅིང་གཏོར་ཟན་བདུད་རྩི་དང་བཅས་རོལ་དུ་གཞུག །འདི་སུ་ཐོད་ལ་མི་སྦྱིན།མཆན། ༈ སྲུང་མའི་བཀའ་གཏད་ནི། བཀའ་སྲུང་གཏོར་མ་མདུན་ལྕོག་སྟེང་བཀོད་པར་སྨན་རཀ་གིས་བྲན་ཏེ། གལ་ཏེ་བརྒྱུད་འཛིན་དམ་ལྡན་ལ༔ གསང་བའི་སྲུང་མ་མཆེད་གསུམ་གྱི༔ བཀའ་གཏད་བྱེད་ན་གཏོར་མ་གསུམ༔ ལྷར་གསལ་སློབ་མའི་ལག་ཏུ་གཏད༔ ཅེས་གསུངས་པ་བཞིན་བཀའི་སྲུང་མ་བདེ་ཆེན་རྒྱལ་མོ་ཞི་ཆགས་ཁྲོས་པའི་རྣམ་པར་བཞེངས་པའི་བཀའ་གཏད་བསྒྲུབ་པ་ནི། སྔར་བསྐྱེད་ཟིན་པའི་གཏོར་མ་འདི་ཉིད་སླར་ཡང་གསལ་འདེབས་པའི་སླད། བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པར་བསྐྱེད་ཅིང་སྤྱན་འདྲེན་མཆོད་པ་རྣམས་ཀྱི་ཏིང་ངེ་འཛིན་གསལ་འདེབས་པར་ཞུ། ཞེས་བརྡའ་སྤྲད་དེ། མདུན་གྱི་དབུས་སུ་སོགས་བདེ་ཆེན་རྒྱལ་མོའི་གསོལ་མཆོད་ཉིད་ཀྱི་མཆོད་པའི་མཐའི། མ་ཧཱ་སརྦ་པཱུ་ཛ་ཧོ༔ བར་གཏང་། དེ་ནས་གཏོར་མར་དཔལ་འབར་སྒྲོན་ཞིང་ལག་ཏུ་ཐོགས་ནས། ཁྱེད་རང་རྣམས་མཁའ་འགྲོའི་དབང་མོ་དབྱིངས་ཕྱུག་མན་དྷཱ་ར་བའི་སྐུར་གསལ་བ་ལ། གཏོར་མ་བདེ་ཆེན་རྒྱལ་མོ་མཆེད་གསུམ་དུ་གསལ་བ་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པས་དགྱེས་པ་དང་བཅས་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་མཛོད། ཧྲཱི༔ ལྷན་སྐྱེས་ཡེ་ཤེས་མཁའ་འགྲོ་མ༔ ཐབས་ཀྱི་ཆ་ལུགས་སྣ་ཚོགས་ཀྱིས༔ མཁའ་འགྲོ་གསང་བའི་བརྡའ་ཆོས་སྟོན༔ ལས་དང་སྐལ་པར་ལྡན་པ་ལ༔ དཀར་འཛིན་བདེ་ཆེན་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ སྒྲུབ་པའི་རིག་འཛིན་གྲོགས་མཛད་ཅིང༔ དམ་ཉམས་སྲོག་གི་དྭངས་མ་ནི༔ ཐབས་ཀྱི་སྒོ་ནས་ལེན་པར་བྱེད༔ ཞི་ཆགས་འབར་བའི་ཉམས་ལྡན་མ༔ སྤྲུལ་པ་མངགས་གཞུག་བཅས་པ་རྣམས༔ སྐུ་གསུམ་བླ་མའི་སྤྱན་སྔ་རུ༔ ཞལ་བཞེས་གཡར་དམ་མ་བསྙེལ་བར༔ དམ་ཚིག་ལྡན་པའི་བུ་འདི་ལ༔ མི་འབྲལ་མ་བུ་ལྟ་བུར་འགྲོགས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ བདེ་ཆེན་མཆོག་གི་ཡེ་ཤེས་སྤེལ༔ དངོས་གྲུབ་འགྲུབ་པའི་སྡོང་གྲོགས་མཛོད༔ ཧྲཱིཿམ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཀི་ནཱི་ཧཱུྃ་ཕཊ༔ བཾ་མ་ཧཱ་སུ་ཁ་ཝ་ཤཾ་དེ་ཝི་ཧཱུྃ་ཕཊ༔ བྷྱོ་མ་ཧཱ་སུ་ཁ་ཀྲོ་དྷཱི་ཀཱ་ལི་ཧཱུྃ་ཕཊ༔ སརྦ་པཱ་པཾ་ཛྭ་ར་རོ་ག་མྲྀཏྱུ་ཨ་པ་ཀཱ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨཱཿཡུཿཔུཎྱེ་ཤྲཱི་མངྒ་ལ་སྭསྟི་པུཥྚིཾ་ཀུ་རུ་བྷྲཱུྃ༔ ཨེ་ཝཾ་སུ་ཁ་དྷ་ར་བྷྲཱུྃ་ཧྲིཾ་ཨཱ་ཧྲིཾ་ཛཿཛ༔ ཤ་ཏྲཱུཾ་བིགྷ་ནཱན་བི་ནཱ་ཡ་ཀ་མཱ་ར་ཡ་ཧཱུྃ་རྦད་ཕཊ༔ ཅེས་སྔགས་རྣམས་སྤེལ་ནས་བརྗོད་ཅིང་གཏོར་མ་ལག་ཏུ་གཏད། མཐར། དེ་ལྟར་བདག་གིས་བཀའ་བསྒོས་པས༔ དགྱེས་བཞིན་ཞལ་གྱིས་བཞེས་པར་བསམ༔ ཞེས་བརྗོད། ཤིས་པའི་ཚིག་ཕྲེང་ཇི་ལྟར་འོས་པས་དགེ་ལེགས་སུ་རྒྱ་ཆེར་སྤེལ་བའང་བྱ། དེ་རྣམས་ཀྱི་སྒོ་ནས་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་དབང་བཞིའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། དེ་དག་གི་སྐབས་སུ་ཁས་བླངས་པའི་གསང་བ་སྤྱིའི་དམ་ཚིག་བཟའ་བཅའ། སྤྱད་སྲུང་གི་གནས་མཐའ་དག་ཡལ་བར་མི་འདོར་ཞིང་། མར་ངོའི་ཚེས་བཅུ་ལ་བརྩོན་པ་སོགས་བྱ་དགོས་པ་རྣམས་ཚུལ་བཞིན་སྲུང་སྡོམ་བགྱིའོ་སྙམ་པའི་འདུན་པ་དང་བཅས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གཏང་རག །མཎྜལ་ཕྱིན་སྤྱི་ལྟར་བགྱིས་པས་གྲུབ་བོ། །གསུམ་པ་རྗེས་རིམ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན། རྟ་བྲོའི་མཐར་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་མཐར་ལས་བྱང་བཟླས་པའི་རྗེས་ཀྱི། ཧཱུྃ་ཧྲཱི༔ བདེ་ཆེན་དགྱེས་རོལ་སོགས་སྔགས་དང་བཅས་པ་བརྗོད་ཅིང་དངོས་གྲུབ་བླངས། ཡེ་ཤེས་པ་བརྟན་བཞུགས་སོགས་སྐབས་དང་སྦྱར། བསྡུ་ལྡང་ཕྱིན་བཀྲ་ཤིས་བར་ལས་བྱང་བཞིན་མཐར་དབྱུང་བར་བྱའོ། །ཟབ་ལམ་མཆོག་གསང་མཁའ་འགྲོའི་དཀྱིལ་འཁོར་འདིར། །སྐལ་ལྡན་དངོས་གྲུབ་ཡ་མཚན་ཆེ་ཐོབ་ནས། །ཤེས་རབ་བཙུན་མོའི་དབྱིངས་སུ་བྱང་ཆུབ་ཅིང་། །མཐའ་ཡས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་ཤོག །ཅེས་པའང་ཉེར་མཁོའི་ཞབས་ཏོག་ཏུ་དམིགས་ཏེ་ཡེ་ཤེས་མཁའ་འགྲོ་དགྱེས་པའི་འབངས་མཁའ་ཁྱབ་རྡོ་རྗེར་འབོད་པའི་སྔགས་བཙུན་པས་ཆུ་བྱི་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་ཤར་མར་བྲིས་པ་སིདྡྷི་རསྟུ།། །།

རྒྱུན་གཏོར་ཡོན་ཏན་གཏེར་མཛོད་ (Volume 7, Text 31)

རྒྱུན་གཏོར་ཡོན་ཏན་གཏེར་མཛོད་བཞུགས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ནང་ནུབ་གཏོར་སྣོད་བྷནྡྷ་རིན་ཆེན་ནང༔ དམ་རྫས་ལྔ་ཡི་གཙང་མའི་རྫས་བསགས་པ༔ རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བཀྲུ་བ་དང༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་བརླབ་ཅིང༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་སྲོག་ས་བོན་ལས༔ ལྕགས་ཀྱུའི་འོད་འཕྲོས་བདེར་གཤེགས་རིག་འཛིན་རྣམས༔ རང་བཞིན་གནས་ནས་བཛྲ་ས་མཱ་ཛ༔ སྤྱན་དྲངས་མཁའ་ལ་པདྨའི་གདན་ལ་བཞུགས༔ རྡོ་རྗེའི་ལྗགས་ཀྱིས་དྲངས་ཤིང་གསོལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིནྟ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་མ་ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་སརྦ་ཀརྨ་ཀུ་རུ་ཧོ༔ དེ་ལྟར་ལན་བདུན་ཉེར་གཅིག་བརྒྱ་ལ་སོགས༔ ཡང་ཡང་བྱིན་བརླབས་བསྔོ་ཞིང་བསྟབ་པར་བྱ༔ དེ་ནས་ཕུད་བྲན་རྔ་གླིང་རོལ་མོར་བཅས༔ ཧཱུྃ༔ བླ་མ་རིག་འཛིན་བདེ་གཤེགས་མཁའ་འགྲོའི་ཚོགས༔ བྱིན་བརླབས་རྨད་བྱུང་ཟག་མེད་གཏོར་ཆེན་འདི༔ ནམ་མཁའ་གང་བར་ཡིད་ཀྱིས་སྤྲུལ་ནས་འབུལ༔ བདག་གི་ལས་དང་ཉོན་མོངས་བག་ཆགས་དང༔ ཕྱི་ནང་མི་མཐུན་རྐྱེན་དང་བར་ཆད་སོལ༔ ཚེ་སྲིངས་དཔལ་སྐྱེད་འགྲོ་བ་དབང་དུ་མཛོད༔ ནད་ཡམས་མ་མོའི་དལ་ཁ་མྱུར་དུ་ཟློག༔ རང་འཁོར་བསྲུང་ཞིང་སྙན་བརྗོད་བདུད་དམག་སྒྲོལ༔ ལོ་ཕྱུགས་རྒྱས་ཤིང་འཇིག་རྟེན་དམག་ཚོགས་ཟློག༔ རྟག་ཏུ་བདེ་ཞིང་དགའ་བདེ་འཕེལ་བར་མཛོད༔ ཅེས་བརྗོད་བཛྲ་མུཿཡིས་གཤེགས་སུ་གསོལ༔ ལས་རྣམས་གྲུབ་བྱེད་གཏོར་མའི་ཆོ་ག་འདི༔ པདྨ་བདག་གིས་ཕྱི་རབས་དོན་དུ་བཀོད༔ མཚོ་རྒྱལ་འགྲོ་བའི་དོན་དུ་ཡི་གེར་ཐོབ༔ སྱ།མྱ།ཡྱ།༔ རྒྱ་རྒྱ་རྒྱ༔ ཚོགས་གཏོར་ཡོན་ཏན་གཏེར་མཛོད་བཞུགས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ལས༔ དགོས་པའི་ཆ་རྐྱེན་ཚོགས་གཏོར་ནི༔ གཏོར་མ་པདྨ་སྤུངས་པ་ལ༔ དར་གྱི་རྒྱན་དང་བཅས་པའི་མཐར༔ ཕྱི་ནང་ཚོགས་གཏོར་རྒྱ་ཆེན་བཤམ༔ མཁའ་འགྲོ་ལྔ་ཡི་གཏོར་མ་ཡང༔ ཆ་ལྔ་འམ་ནི་སྣོད་གཅིག་ཏུ༔ ཞི་རྒྱས་དབང་དྲག་གང་བྱས་ལ༔ མཐའ་མ་མཐེབ་ཀྱུས་བརྒྱ་བརྒྱད་བསྐོར༔ ཕྱི་ནང་བཀའ་སྲུང་དམ་ཅན་གྱི༔ གཏོར་མ་དག་ཀྱང་བཤམ་པར་བྱ༔ ཁྱད་པར་ཡུལ་དེའི་གཞི་བདག་གི༔ གཏོར་མ་བཤོས་གཙང་མཛེས་པ་ལ༔ གཙང་མའི་ཕུད་དང་བཅས་ཏེ་བཤམ༔ དེ་ནས་བདག་བསྐྱེད་ཡི་དམ་གྱི༔ ང་རྒྱལ་དྲག་པོ་བྱས་ནས་ནི༔ རཾ་ཡཾ་ཁཾ་གི་འཕྲོ་འདུ་ལས༔ གཏོར་མའི་ཉེས་སྐྱོན་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས༔ དེ་ནས་རྔ་དང་རོལ་མོ་ཀུན༔ དཀྲོལ་ཞིང་སྤོས་བསྲེག་ཏིང་འཛིན་སྤར༔ གདུང་ཞིང་སྙན་པའི་གདུང་དབྱངས་ཀྱིས༔ ཚོགས་ཞིང་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་མ༔ དཔའ་བོ་གིང་དང་སྲུང་མར་བཅས༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་དང་གཏོར་མའི་མགྲོན་ལ་སྤྱོན༔ གནས་མཆོག་དམ་པ་ཉམས་རེ་དགའ༔ བདེ་ལྡན་པདྨ་བཀོད་པའི་ཞིང༔ ཚོགས་མཆོད་གཏོར་མ་མདངས་དང་ལྡན༔ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིན༔ འདིར་ཚོགས་རྣལ་འབྱོར་ཉམས་རེ་དགའ༔ མངོན་པར་དགའ་བའི་གནས་སུ་གཅིག༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབ༔ ལས་རབ་རྫོགས་པའི་གནས་ཆེན་འདིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ འོག་མིན་གནས་དང་པོ་ཏ་ལ༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མངོན་དགའི་ཞིང་ནས་འདི་རུ་བྱོན༔ ཐོར་ཚུགས་རིན་ཆེན་རྒྱན་གྱིས་བརྒྱན༔ མདངས་ལྡན་མང་པོའི་འཁོར་བཅས་གཤེགས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ དཔལ་ལྡན་ཞིང་ནས་འདི་རུ་བྱོན༔ དར་དཔྱངས་རིན་ཆེན་རྒྱན་གྱིས་བརྒྱན༔ མདངས་ལྡན་མང་པོའི་འཁོར་བཅས་གཤེགས༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ བདེ་ལྡན་ཞིང་ནས་འདི་རུ་བྱོན༔ གཡེར་ཁ་དྲིལ་བུའི་རྒྱན་གྱིས་བརྒྱན༔ མདངས་ལྡན་མང་པོའི་འཁོར་བཅས་གཤེགས༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ ལས་རབ་ཞིང་ནས་འདི་རུ་བྱོན༔ རུས་རྒྱན་དུར་ཁྲོད་རྒྱན་གྱིས་བརྒྱན༔ མདངས་ལྡན་མང་པོའི་འཁོར་བཅས་གཤེགས༔ བུདྡྷ་རིགས་ཀྱི་ཌཱ་ཀི་མ༔ ཆོས་ཀྱི་དབྱིངས་ནས་འདི་རུ་བྱོན༔ སྣ་ཚོགས་མཛེས་པའི་རྒྱན་གྱིས་བརྒྱན༔ མདངས་ལྡན་མང་པོའི་འཁོར་བཅས་གཤེགས༔ གནས་ཡུལ་དུར་ཁྲོད་བརྒྱད་ཀྱི་ཞིང༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས༔ ལས་དང་ཡེ་ཤེས་གྲུབ་པ་ཡི༔ མཁའ་འགྲོ་ཞིང་སྐྱོང་གནས་འདིར་གཤེགས༔ བཀའ་ཉན་དམ་ཚིག་གཉན་པོའི་ཞིང༔ ཆོས་སྐྱོང་དམ་ཅན་འཁོར་དང་བཅས༔ ལས་དང་དམ་ཚིག་སྐྱོང་བ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཧཱུྃ༔ ཕོ་བྲང་ཡིད་འོང་མཛེས་པའི་ཞིང་ཁམས་འདིར༔ བླ་མ་བདེ་གཤེགས་ཌཱ་ཀི་དམ་ཅན་རྣམས༔ བདག་དང་འགྲོ་ལ་བརྩེ་བའི་ཞལ་བསྟན་ཕྱིར༔ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྻ་སཏྭཾ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ གུ་རུ་པདྨའི་སྐུ་ལ་འདུད༔ སྣ་ཚོགས་གང་འདུལ་རེ་བ་སྐོང༔ བདེ་གཤེགས་རིག་འཛིན་རྣམས་ལ་འདུད༔ དམ་ཚིག་རྗེས་གཅོད་དངོས་གྲུབ་སྟེར༔ ཌཱ་ཀི་མ་ཚོགས་རྣམས་ལ་འདུད༔ བཀའ་སྲུང་འཁོར་སྐྱོང་དམ་ཉམས་སྒྲོལ༔ དམ་ཅན་སྲུང་མའི་ཚོགས་ལ་འདུད༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་རྣམ་དག་རིན་ཆེན་སྣོད་ནང་དུ༔ ཏིང་འཛིན་བྱིན་བརླབས་རྨད་བྱུང་ཟག་མེད་རྫས༔ ཨརྒྷཾ་མེ་ཏོག་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་མཆོད་སྤྲིན་རྣམས་ཀྱིས་མཆོད༔ ཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་ཞིང༔ རེག་འཇམ་ཆོས་དབྱིངས་ཚོགས་དང་གཏོར་མའི་རྫས༔ ནམ་མཁའི་ཁམས་ཀུན་གང་བའི་ཏིང་འཛིན་གྱིས༔ རྗེ་བཙུན་གུ་རུ་འཁོར་དང་བཅས་ལ་འབུལ༔ ཧཱུྃ༔ ཙན་དན་གུར་གུམ་ག་པུར་གླ་རྩི་དང༔ གསེར་དངུལ་ཟངས་ལྕགས་མུ་ཏིག་བྱེ་རུ་བཅས༔ ཤ་ལྔ་བདུད་རྩི་དཔལ་གྱི་གཏོར་མ་དང༔ སྨན་རཀ་བརྒྱན་པའི་མཆོད་སྤྲིན་སྣ་ཚོགས་འབུལ༔ ཧཱུྃ༔ ཡང་དག་རྟོགས་པའི་ཡེ་ཤེས་རྣམ་པ་ལྔ༔ ཞི་གནས་ལྷག་མཐོང་ཏིང་འཛིན་བསམ་མི་ཁྱབ༔ དགེ་བཅུ་རྣམ་དག་སྤྱོད་པའི་དགྱེས་མཆོད་འདི༔ རྗེ་བཙུན་གུ་རུ་འཁོར་བཅས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ན་མོ༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ལུས་ངག་ཡིད་ནི་བག་མེད་དབང་གྱུར་ཏེ༔ རིག་འཛིན་བདེ་གཤེགས་མཁའ་འགྲོའི་དམ་ཚིག་དང༔ འགལ་བར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས༔ ཕུད་དང་ཚོགས་གཏོར་རྒྱུ་ཆུང་གཙང་སྦྲ་ཉམས༔ ཏིང་འཛིན་མི་གསལ་སྔགས་ཀྱི་གྲྭ་ཉམས་ཏེ༔ འཁོར་བའི་ལས་བསགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཡེ་ཤེས་སྤྱན་མངའ་མ་བསྒྲིབས་ཀུན་ཏུ་གསལ༔ བདག་ནི་མ་གུས་ལེ་ལོ་བག་མེད་དང༔ ཉོན་མོངས་དབང་གྱུར་དུག་ལྔའི་ལས་བསགས་པ༔ ཡེ་ཤེས་ཐུགས་རྗེའི་བརྩེ་བས་ཉེར་དགོངས་ནས༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧ་རི་ནི་ས་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སརྦ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བརྗོད་དེ་ཚོགས་ཀྱི་ལོངས་སྤྱོད་གཏོར་མ་བསྟབ་ཅིང་བརྒྱ་སྟོང་དུ་བསྐང་ངོ༔ དེས་ནི་ཚོགས་རྫོགས་སྒྲིབ་བྱང་བར་ཆད་སེལ༔ རྟག་ཏུ་འདི་ལ་ནན་ཏན་བྱ་བ་གཅེས༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ྈ རིག་འཛིན་མཁའ་འགྲོ་བསྐུལ་ཞིང་དམ་བདར་ཡོན་ཏན་གཏེར་མཛོད་བཞུགས༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རིག་འཛིན་བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ རིག་འཛིན་མཁའ་འགྲོ་བསྐུལ་ཞིང་ལས་བཅོལ་ན༔ སྔོན་དུ་སྨན་རག་གཏོར་མའི་ཚོགས་བསྒོམས་ལ༔ ནང་དུ་ཟག་མེད་འདོད་ཡོན་དྲུག་ཏུ་བརླབ༔ ཏིང་འཛིན་གཟེངས་བསྟོད་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་བླ་མ་རྣམ་བཞི་དགོངས་སུ་གསོལ༔ མཁའ་འགྲོ་དམ་ཅན་མ་ལུས་འདིར་གཤེགས་ཤིག༔ དམ་རྫས་རྨད་བྱུང་དཔལ་གྱི་གཏོར་ཆེན་འདི༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ ལྷ་མིའི་ལོངས་སྤྱོད་རྒྱ་མཚོའི་གཏིང་ལྟར་ཟབ༔ སྤྱན་གཟིགས་དར་འཕན་ནམ་མཁའི་སྐར་ལྟར་བཀྲམ༔ འདོད་ཡོན་དྲུག་ལྡན་གཏོར་མས་ཐུགས་དམ་བསྐང༔ སྨན་རཀ་རྒྱ་མཚོའི་ཀློང་ཡངས་འཁྱིལ་པ་ལ༔ རོ་བཅུད་དྲི་རོ་རེག་བྱ་ཕུན་སུམ་ཚོགས༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་གྱིས་བརླབས༔ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང༔ ཞིང་ཆེན་བླ་བྲེ་དར་གྱི་འཕན་ལྡིང་དང༔ རྔ་དང་གླིང་བུ་གསུར་ཆེན་དུད་པར་བཅས༔ སྤོས་དང་ཞལ་ཟས་ཞུན་ཆེན་མར་མེ་ཡིས༔ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང༔ སྣ་བདུན་རྒྱལ་སྲིད་བཀྲ་ཤིས་དག་པའི་རྫས༔ རི་གླིང་ཁོར་ཡུག་ལྷ་མིའི་ལོངས་སྤྱོད་དང༔ བུ་དང་བུ་མོ་རིགས་ལྡན་མང་པོ་ཡིས༔ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང༔ ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ༔ སྐུ་ལྔ་ཆོས་ལྔ་རང་བཞིན་དག་པའི་རྫས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ཡིས༔ བླ་མ་རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང༔ དབྱེར་མེད་དག་མཉམ་རྟོགས་པའི་དགྱེས་མཆོད་འདིས༔ ཕྱོགས་བཅུ་དུས་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས༔ སྡེ་བརྒྱད་རིགས་དྲུག་ལན་ཆགས་བགེགས་རིགས་དང༔ ཁས་ཉེན་དབང་ཆུང་གློ་བུར་ལྷགས་པའི་མགྲོན༔ ཐམས་ཅད་མ་ལུས་སྐུ་དང་ཡེ་ཤེས་ཀྱི༔ རོལ་པ་ཆེན་པོ་ཆོས་སྐུའི་ཀློང་དུ་བསྐང༔ དངོས་དང་དངོས་མེད་བློ་ལ་སྣང་བ་ཡི༔ མཆོད་སྤྲིན་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཐམས་ཅད་སྟོང་ཉིད་ཡེ་ཤེས་ཆེན་པོའི་ངང༔ རྟོག་ཚོགས་རང་གྲོལ་ཡེ་ཤེས་ཐུགས་དམ་བསྐང༔ གསལ་བ་ཤེས་རབ་སྡུག་བསྔལ་བདེ་ཆེན་ངང༔ སྐྱེ་འགག་གཉིས་མེད་རོལ་པའི་ཀློང་དུ་བསྐང༔ ཐུགས་དམ་བསྐངས་ལ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དམ་པ་དུས་འདིར་བསྩལ་དུ་གསོལ༔ སརྦ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་སྒོ་གསུམ་སྡིག་ལ་འགྱོད་སེམས་ཀྱིས༔ ཨེ་མ་ཧོ༔ རང་བཞིན་དག་པའི་རྡོ་རྗེ་རྣལ་འབྱོར་གྱི༔ ལྷ་དང་རིག་འཛིན་སྲུང་མ་དགོངས་སུ་གསོལ༔ བདག་ཅག་མ་རིག་སྒོ་གསུམ་ལས་དབང་གི༔ བག་མེད་ཚུལ་གྱིས་བསགས་པའི་སྡིག་པ་རྣམས༔ ཀུན་བཟང་ཆོས་དབྱིངས་རོལ་པའི་ཀློང་དུ་བཤགས༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་དམ་པའི་ཆོས༔ སྐུར་སྨད་ལོག་རྟོག་དབང་གིས་སྤངས་པ་དང༔ རྩ་བ་ཡན་ལག་དམ་ཚིག་སྡོམ་ལས་འགལ༔ དོན་དམ་ཆོས་ཉིད་དག་པའི་ཀློང་དུ་བཤགས༔ ཚངས་པ་འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སཏྭ་ས་མ་ཡ༔ ཞེས་སོགས་བརྗོད་ནས་ཡིག་བརྒྱ་མང་དུ་བཟླ༔ དེ་ནས་རིག་འཛིན་མཁའ་འགྲོའི་བསྐུལ་པ་ནི༔ ཧཱུྃ་ཧཱུྃ༔ མ་གཡེལ་མ་གཡེལ་བླ་མ་རིག་འཛིན་མཁའ་འགྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་དབྱིངས་བདེ་ཆེན་ངང་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་ཐུགས་རྗེ་རབ་ཏུ་བསྐུལ༔ ནམ་མཁའི་མཐའ་ལྟར་ཞིང་ཁམས་བསམ་ལས་འདས༔ གདུལ་བྱའི་རེ་བ་ཀུན་ཏུ་སྐོང་མཛད་པ༔ ཨོ་རྒྱན་སྤྲུལ་པ་བྱེ་བ་ཕྲག་བརྒྱའི་ཚོགས༔ བདག་ཅག་བོད་ཀྱི་སེམས་ཅན་དོན་ལ་བསྐུལ༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ བླ་མ་རིག་འཛིན་སྐར་ཚོགས་ཆེམས་སེ་ཆེམ༔ ཡི་དམ་ལྷ་ཚོགས་ཕྱག་རྒྱ་ལམས་སེ་ལམ༔ མཁའ་འགྲོ་ཤུགས་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་དི་རི་རི༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ བདུད་དང་འགོང་པོ་ཕྱེ་མར་ཉ་ལ་ལ༔ ཆོས་སྐྱོང་དམ་ཅན་སེར་ཆེན་ཤ་ར་ར༔ དམ་ཉམས་ལོག་ལྟའི་བདུད་དཔུང་ཆོམས་སེ་ཆོམ༔ བདག་དང་ཁམས་གསུམ་འགྲོ་བའི་ནད་གདོན་རྣམས༔ ཐུགས་རྗེའི་ཆུ་ཡིས་སྦྱངས་ཤིང་བཀྲུ་བར་མཛོད༔ ལས་དང་ཉོན་མོངས་ཤེས་བྱའི་སྡིག་སྒྲིབ་རྣམས༔ ཡེ་ཤེས་མེ་ཡིས་བསྲེག་ཅིང་སྦྱང་དུ་གསོལ༔ ཚེ་དང་དབང་ཐང་ལོངས་སྤྱོད་སྙན་དང་གྲགས༔ ཏིང་འཛིན་ལུས་སྟོབས་ཡེ་ཤེས་རྒྱས་པར་མཛོད༔ རྒྱལ་པོ་བཙུན་མོ་བློན་པོ་དམག་མི་དང༔ ལྷ་འདྲེ་མ་ལུས་དབང་བསྡུས་ཟིལ་གྱིས་ནོན༔ བདུད་དང་མུ་སྟེགས་དགྲ་བགེགས་ཞིང་བཅུའི་ཚོགས༔ མཐུ་རྩལ་ཆེན་པོས་ཐལ་བའི་རྡུལ་དུ་རློག༔ ཧཱུྃ༔ དབུས་ཕྱོགས་དགའ་ལྡན་ཞིང་ཁམས་ནས༔ སངས་རྒྱས་རིགས་ཀྱི་ཌཱ་ཀི་མ༔ དཀར་མོ་འབུམ་སྡེ་དབྱིངས་ནས་བཞེངས༔ བདེ་ཆེན་ཡེ་ཤེས་ཕྲིན་ལས་མཛོད༔ ཧ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ སྔོན་མོ་འབུམ་སྡེ་དབྱིངས་ནས་བཞེངས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ རི༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ སེར་མོ་འབུམ་སྡེ་དབྱིངས་ནས་བཞེངས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནི༔ ནུབ་ཕྱོགས་བདེ་ལྡན་ཞིང་ཁམས་ནས༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ དམར་མོ་འབུམ་སྡེ་དབྱིངས་ནས་བཞེངས༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ས༔ ལས་རྣམས་ལྷུན་གྲུབ་ཞིང་ཁམས་ནས༔ ཀརྨ་རིགས་ཀྱི་ཌཱ་ཀི་མ༔ ལྗང་མོ་འབུམ་སྡེ་དབྱིངས་ནས་བཞེངས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧྲཱི༔ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད༔ གནས་གཞུགས་མཁའ་འགྲོ་དཔའ་བོ་དང༔ དམ་ཅན་སྲུང་མ་ཐམས་ཅད་དང༔ གཏེར་བདག་ལས་བྱེད་དབྱིངས་ནས་བཞེངས༔ ནད་གདོན་དགྲ་བགེགས་གནོད་པ་ཟློག༔ སྲི་ལངས་བདུད་གཅོད་རུ་འཛིང་དང༔ མོ་ངན་ངན་སྡིག་ཐམས་ཅད་ཟློག༔ ལྟས་ངན་ཡེ་འདྲོག་ཆོ་འཕྲུལ་ཟློག༔ དགྲ་དཔུང་བགེགས་ཀྱི་སྦྱོར་བ་ཟློག༔ ཨོཾ་ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་པྲ་མོ་ཧ༔ རྦོད་ཟོར་བྷྱོ་བྷྱོ༔ དེ་ནས་གཏོར་མ་ཕྱིར་བསྐྱེད་ལ༔ སྨན་རཀ་ཆུ་གཙང་བྲན་བྱས་ཏེ༔ བདག་ཉིད་གུ་རུར་གསལ་བྱས་ལ༔ པད་ཞྭ་ཆོས་གོས་ཕོད་ཆེན་གསོལ༔ རྡོ་རྗེ་ཕུར་པ་ཕྱར་བྱས་ཏེ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ འོག་མིན་དགའ་ལྡན་གནས་མཆོག་ཏུ༔ རྡོ་རྗེ་ཁྲག་འཐུང་སྐུར་བསྟན་ནས༔ དམ་ལ་བཏགས་པའི་མཁའ་འགྲོ་གིང༔ དབང་ཕྱུག་མ་སྲིང་འབར་མ་དང༔ ཕོ་ཉ་ལས་མཁན་དམ་ཚིག་ཅན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རྡོ་རྗེ་འཆང་གི་སྐུར་བསྟན་ནས༔ དམ་ལ་བཏགས་པའི་གཙང་རིགས་ཀྱི༔ མགོན་པོ་བདུན་ཅུ་རྩ་ལྔའི་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ རྒྱ་གར་དུར་ཁྲོད་གནས་བརྒྱད་དུ༔ བཀའ་བརྒྱད་ཁྲག་འཐུང་སྐུར་བསྟན་ནས༔ དམ་ལ་བཏགས་པའི་ཞིང་སྐྱོང་དང༔ བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཚ་ཤོད་མང་ཡུལ་དཔལ་མོའི་མཚོར༔ དབང་ཆེན་རོལ་པའི་སྐུར་བསྟན་ནས༔ དམ་ལ་བཏགས་པའི་དགེ་བསྙེན་དང༔ ཕུད་བདག་བརྟན་མ་བཅུ་གཉིས་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ སིལ་མ་ལ་དང་འུ་ཡུག་དང༔ མལ་གྲོ་གུང་སོགས་བོད་ཡུལ་དུ༔ ཨོ་རྒྱན་པདྨའི་སྐུར་བསྟན་ནས༔ དགེ་བསྙེན་བྱང་བཙན་འབྲོག་མོ་དང༔ གཉན་ཆེན་ལ་སོགས་དམ་ཚིག་ཅན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧས་པོ་རི་དང་ལྷོ་བྲག་དང༔ ཤམ་པོ་གངས་དང་མཁའ་རི་གངས༔ ཏི་སེ་གངས་ལ་གུ་རུ་ཡིས༔ སྡེ་བརྒྱད་སྣ་ཚོགས་དམ་ལ་བཏགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མཆིམས་ཕུ་ཤེལ་བྲག་སྟག་ཚང་དང༔ ཡང་རྫོང་མཁར་ཆུ་ཀོང་ཡུལ་དང༔ ཁམས་དང་བཅས་པའི་བོད་ཡུལ་དུ༔ དམ་ལ་བཏགས་པའི་ལྷ་སྲིན་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བསམ་ཡས་ཁྲ་འབྲུག་ལྷ་ས་དང༔ ཟབ་ལུང་ཏི་སྒྲོ་ལ་སོགས་པར༔ དམ་ལ་བཏགས་པའི་ལྷ་སྲིན་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ གུ་རུ་ཨོ་རྒྱན་མཁའ་འགྲོའི་གླིང༔ ཟངས་མདོག་དཔལ་རིར་སྲིན་པོའི་སྐུར༔ བཞེངས་ནས་དམ་ལ་བཏགས་པ་ཡི༔ སྲིན་པོའི་གདོན་ཚོགས་མ་ལུས་ཀུན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དམ་ལྡན་རྒྱན་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ སྐུ་གསུང་ཐུགས་ནི་རྡོ་རྗེར་གསལ༔ ང་ཡིས་དབང་དུ་བསྡུས་པ་ལས༔ སུ་ཡང་དམ་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་འདས་གྱུར་ན༔ ང་ནི་ཡཀྴ་མེ་དབལ་སྐུ༔ དམར་ནག་དབུ་དགུ་འཇིགས་བྱེད་ཞལ༔ གཡས་དགུའི་ཕྱག་གིས་རྡོ་རྗེ་གཟིར༔ གཡོན་དགུའི་ཕྱག་གིས་སྡིག་པ་འགྱེད༔ དམ་ཉམས་སྙིང་རྩ་བཅད་ནས་ཀྱང༔ ཁྲག་རྒྱུན་རྟག་ཏུ་འཐུང་བར་བྱེད༔ དེ་བས་དམ་ལ་མ་འདའ་བར༔ བོད་ཡུལ་བསྟན་པ་སྲུང་བ་དང༔ མཐའ་ཡི་དམག་དཔུང་ཕྱིར་ལ་ཟློག༔ ནད་གདོན་གནོད་པ་སྲུང་བ་དང༔ ཨོ་རྒྱན་ང་ཡི་གཏེར་རྣམས་སྲུངས༔ ཁྲི་སྲོང་ལྡེའུ་བཙན་རྒྱུད་པ་སྐྱོངས༔ སད་སེར་མུ་གེ་ཤྭ་ཆུ་སྡོམས༔ བཙའ་དང་སྐྱ་ཡུག་དལ་ཡམས་ཟློག༔ དམག་འཁྲུགས་བྱད་ཁ་ཕུར་ཁ་ཟློག༔ དུས་སུ་ཆར་ཕོབ་འབྲུ་ཕྱུགས་སྤེལ༔ རིགས་རྒྱུད་བུ་ནོར་སྤེལ་བ་དང༔ དམ་ཆོས་ཀློག་བཤད་སྒྲུབ་བརྒྱུད་སྤེལ༔ མདོ་རྒྱུད་བསྟན་བཅོས་དར་བ་དང༔ དགེ་འདུན་སྡེ་དཔུང་ཐོས་བསམ་དར༔ འཇིག་རྟེན་ལེགས་དགུ་ཀུན་འགྲུབ་མཛོད༔ ས་མ་ཡ་དམ་ལས་མ་འདའ་ཞིག༔ ཅེས་གཏོར་མ་འབུལ༔ དེ་ལྟར་དམ་བསྒྲག་བྱ་བའི་ཕྱིར༔ སྔོན་དུ་བསྙེན་སྒྲུབ་མཐར་ཕྱིན་ནས༔ བྱ་བ་གང་ལ་གང་དགོས་སྦྱོར༔ མཁར་འདེབས་ཡུལ་བཟུང་ཤྭ་སེར་བཟློག༔ སྡེ་བཟུང་སྲིད་བཟུང་ཆོས་སྲིད་སྤེལ༔ གང་ལའང་འདི་ཡིས་དོན་འགྲུབ་འགྱུར༔ ཞེས་གསུངས་སོ༔ སྱ།མྱ།ཡྱ།༔ རྒྱ།རྒྱ།རྒྱ།༔

དམ་ཆོས་ཕྱག་ཆེན་མུན་སེལ་ཉི་མའི་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ (Volume 55, Text 31)

དམ་ཆོས་ཕྱག་ཆེན་མུན་སེལ་ཉི་མའི་སྙིང་པོའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་སིདྡྷི་ཧཱུྃ། ཆོས་ཉིད་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །འོག་མིན་ཆོས་དབྱིངས་དག་པའི་ཕོ་བྲང་དུ། །རྡོ་རྗེ་འཆང་ཆེན་ཞབས་ལ་གསོལ་བ་འདེབས། །ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོའི་ཞབས་ལ་གསོལ༴ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །ཨོ་རྒྱན་ཡབ་ཡུམ་གཉིས་ལ་གསོལ༴ བསམ་ཡས་མཆིམས་ཕུ་མཁའ་འགྲོའི་གནས་མཆོག་ཏུ། །སྤྲུལ་སྐུ་རྗེ་འབངས་གྲོགས་ལྔ་ལ་གསོལ༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ༴ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ༴ མ་རིག་མུན་པ་སངས་པར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ༴ ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ༴ ཉམས་དང་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གསོལ༴ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཟག་མེད་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ༴ བཀའ་འཁོར་དམ་ཚིག་གསང་བའི་དཀྱིལ་འཁོར་དུ། །བཀའ་སྲུང་དམ་ཅན་རྣམས་ལ་གསོལ༴ གར་བཞུགས་ཆོས་ཀྱིས་འདའ་བའི་ཕོ་བྲང་དུ། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ་བ་འདེབས། །བཀའ་དྲིན་ཅན་གྱི་བླ་མ་བརྒྱུད་པ་རྣམས། །བདག་སོགས་གསོལ་བ་བཏབ་པའི་བུ་རྣམས་ལ། །རིང་པོར་མི་ཐོགས་ད་ལྟ་དུས་འདི་རུ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་བློས་བཏང་དབེན་པའི་རི་ཁྲོད་དུ། །ཅིས་ཀྱང་དགོས་མེད་འཆི་བ་དྲན་པ་ཡིས། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས་ཀྱང་། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ཞེ་འདོད་ཚེ་འདིའི་སྣང་བ་མི་སྐྱེ་ཞིང་། །སྐྱིད་སྡུག་གང་བྱུང་ཐོག་ཏུ་རོ་སྙོམས་ནས། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱིས་མཛད་དུ་གསོལ། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །རྟག་ཏུ་འདུ་འབྲལ་མེད་པར་གསོལ་བ་འདེབས། །ཞེས་འབད་པར་བྱའོ། །དགེའོ། །རྗེ་རིན་པོ་ཆེས་མཛད་པའོ།། །།

ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྐྱབས་སེམས་ (Volume 32, Text 31)

རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ དེ་ནས་ཐེག་ཆེན་སྨོན་སེམས་ནི། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདགས་སླད་དུ་སངས་རྒྱས་བསྒྲུབ་པར་བྱ༔ ཡན་ལག་བདུན་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རངས༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ འཇུག་པ་ཚད་མེད་རྣམ་བཞི་བསྒོམ། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས༔ ཡི་གེ་གསུམ་གྱི་རྣམ་པ་ཡིས༔ བདག་དང་མཁའ་མཉམ་འགྲོ་ལ་ཐིམ༔ སྒྲིབ་དག་བྱིན་གྱིས་བརླབ་པར་བསམ༔ ༈ རང་ཉིད་སྐད་ཅིག་གིས་ལས་ཀྱི་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿ སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ།།

བླ་མ་དགོངས་པ་འདུས་པའི་རྫོགས་རིམ་མན་ངག་སྙིང་པོ་གསེར་གྱི་ཡང་ཞུན་ལས་གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན་ (Volume 42, Text 31)

༁ྃ༔ བླ་མ་དགོངས་པ་འདུས་པའི་རྫོགས་རིམ་མན་ངག་སྙིང་པོ་གསེར་གྱི་ཡང་ཞུན་ལས་གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན་བཞུགས་སོ༔ ྈྈྈྈྈྈྈྈ ན་མོ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེའི་སྐུ༔ དབྱེར་མེད་སྟོང་གསལ་ལུ་གུ་རྒྱུད༔ མཐོང་ཐོས་བཅོམ་ལྡན་དེ་བཞིན་གཤེགས༔ ཞིང་ཁམས་ཡོངས་རྫོགས་ལ་ཕྱག་འཚལ༔ ཚད་མེད་དགོངས་པ་རྨད་པོ་ཆེ༔ ཡོངས་ཁྱབ་འགྲོ་བ་འདུལ་དོན་དུ༔ ལས་དང་ཉོན་མོངས་བག་ཆགས་རྣམས༔ ཞི་བྱེད་མཐོང་གྲོལ་འདི་གསུངས་པ༔ བྲི་དང་རབ་གནས་ལས་ལ་སྦྱར༔ ཆེ་བརྗོད་ཕན་ཡོན་བཅས་པ་སྟེ༔ དེ་ལྟར་བྱེ་བྲག་རྣམ་པ་བཞི༔ ནུས་སྟོབས་ལྡན་པའི་རྣལ་འབྱོར་པ༔ གཞན་དོན་སེམས་བསྐྱེད་ལྡན་པས་བརྩམ༔ འདི་ནི་སྟོབས་ཆེན་རྒྱལ་པོ་སྟེ༔ ཀུན་བཟང་དགོངས་པ་རིག་འཛིན་ལུང༔ བསྟན་པའི་སྙིང་པོ་ཡང་དག་གོ༔ ྈྈྈྈྈྈྈ འདི་ལྟར་བྲི་བའི་རིམ་པ་ནི༔ དུས་བཟང་ཉ་སྟོང་བརྒྱད་གསུམ་མམ༔ གཟའ་སྐར་ཤིས་པའི་ཡར་ངོའི་ཚེ༔ དེ་ཉིད་ལྷ་འམ་སེམས་བསྐྱེད་སོགས༔ དཀྱིལ་འཁོར་གསུམ་ལྡན་རྣལ་འབྱོར་པས༔ སྔ་དྲོ་ཤར་ཕྱོགས་མདུན་བལྟས་ཏེ༔ དར་རས་གྲོ་ཤོག་གང་འཛོམ་ལ༔ ག་པུར་གུརྒུམ་ཙནྡན་སོགས༔ དྲི་བཟང་སྨན་གྱི་རྣམ་པ་དང༔ ཨ་མྲྀཏ་སོགས་སྦྱར་བ་འམ༔ མཚལ་ལམ་རིན་ཆེན་གང་འཛོམ་གྱི༔ ཁུ་བས་ཙཀྲ་བྲི་བ་ནི༔ སྐུ་དང་གསང་སྔགས་འོད་ཁྱིམ་བཅས༔ དཔེའུ་ཆུང་ལྟར་དུ་མཁས་པས་བརྩམ༔ གཉིས་པ་རབ་ཏུ་གནས་པ་ཡི༔ ཆོ་གའང་སྔར་བཞིན་དུས་བཟང་ཚེ༔ བཀྲ་ཤིས་ཡིད་འོང་གནས་ཁང་དུ༔ ཕྱགས་དར་བརྐྱང་ནུལ་ཆག་ཆག་གདབ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་བཞེངས༔ ཕྱི་ནང་གསང་མཆོད་གཏོར་ཚོགས་ཀྱང༔ བསོད་ནམས་སྤེལ་ཕྱིར་ཅི་མང་བཤམ༔ ཙཀྲ་དཀྱིལ་འཁོར་དབུས་སུ་བཞུགས༔ གཞན་ཡང་བུམ་པ་ལ་སོགས་པ༔ རབ་གནས་གཞུང་བཞིན་ལེགས་པར་བཀོད༔ སྔོན་འགྲོ་ནས་གཟུང་ལས་གཞུང་བསྲང༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་བསྒོམ༔ མདུན་བསྐྱེད་དཀྱིལ་འཁོར་བུམ་པ་ཡང༔ རྩ་བ་གསུམ་གྱི་ལྷ་ཚོགས་གསལ༔ གྷུ་རུ་དྷེ་ཝ་དྷཱ་ཀི་ཡི༔ བཟླས་པ་ཅི་མང་འཁོར་ལོ་བསྐོར༔ འབྲུ་གཙང་མེ་ཏོག་གཏོར་བའི་ནས༔ དྲི་ཆབ་སྦྱར་བས་བཤམས་པར་ཡང༔ ལྷ་སྔགས་རྟེན་འབྲེལ་སྙིང་པོ་དང༔ ཨཱ་ལི་ཀཱ་ལི་ལ་སོགས་པ༔ མཐོང་གྲོལ་ཙཀྲའི་སྔགས་རྣམས་ཀྱང༔ བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བཟླ༔ ལྷ་ལ་མཆོད་བསྟོད་གཏོར་མ་འབུལ༔ དེ་ནས་ཙཀྲ་གུ་གུལ་ལམ༔ གང་འཛོམ་སྤོས་ཀྱི་དུད་པས་བདུག༔ ཡུངས་དཀར་ཏིལ་བྲབ་དྲག་སྔགས་བརྗོད༔ སྤྲོས་ལ་དགའ་འམ་རྒྱས་བྱེད་ན༔ སྦྱོང་བ་ཁྲུས་ལ་སོགས་པ་རྣམས༔ རབ་གནས་ཆོ་གའི་སྐབས་ལྟར་བྱ༔ ཙཀྲ་སྭ་བྷཱ་ཝས་སྦྱངས་ཏེ༔ སྟོང་པར་གྱུར་པའི་ངང་ཉིད་ལས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ འོད་ཟེར་ཡེ་ཤེས་ལྔ་དང་ལྡན༔ ཁྱུད་མོ་སྒོ་ཁང་རྟ་བབས་མཛེས༔ སྣང་ལ་རང་བཞིན་མ་གྲུབ་དབུས༔ ཀུན་བཟང་ཡབ་ཡུམ་རིགས་ལྔ་དང༔ ཁྲག་འཐུང་ཡབ་ཡུམ་ལ་སོགས་པ༔ རིགས་བརྒྱ་བླ་མ་དྷཱ་ཀིར་བཅས༔ འོད་དང་འོད་ཟེར་ཚུལ་དུ་བསྐྱེད༔ གསང་སྔགས་ཡི་གེའི་འབྲུ་རྣམས་ཀྱང༔ འོད་ཟེར་སྐར་མའི་ཕྲེང་བ་ལྟར༔ འཕྲོ་འདུ་རང་སྒྲ་སྒྲོག་པར་གསལ༔ སྤོས་བསྲེག་དགུག་གཞུག་རོལ་མོ་བསྒྲག༔ སྤྱན་འདྲེན་ཚིག་བརྗོད་མེ་ཏོག་འཐོར༔ རྟེན་འབྲེལ་སྙིང་སོགས་སྔགས་རྣམས་བརྗོད༔ དེ་ཚེ་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མ་ཡི་དམ་དྷཱ་ཀིའི་ཚོགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རྒྱལ་བ་སྲས་འཁོར་བཅས་པ་རྣམས༔ འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས༔ སྐད་ཅིག་ཉིད་ལ་བྱོན་ནས་ཀྱང༔ འཁོར་ལོ་ལ་ནི་ཐིམ་བསམ་ཞིང༔ བསྐྱེད་པའི་དམ་ཚིག་སེམས་དཔའ་དང༔ སྤྱན་དྲངས་ཡེ་ཤེས་སེམས་དཔའ་གཉིས༔ དབྱེར་མེད་གཅིག་ཏུ་གྱུར་པ་ལ༔ བསྟོད་མཆོད་འདོད་དོན་གསོལ་བ་གདབ༔ དབང་བསྐུར་རྒྱས་གདབ་བསྲེ་བསྣན་ཅིང༔ སླར་ཡང་ཁྲུས་གསོལ་ལ་སོགས་པ༔ རབ་གནས་ཆོ་གའི་སྐབས་ལྟར་བྱ༔ འདོད་གསོལ་ཆེན་པོ་དུས་འདིར་བརྗོད༔ དེ་ནས་ལས་སྦྱོར་སོ་སོ་ཡི༔ སྐབས་ནས་འབྱུང་བ་ཤེས་པར་བྱ༔ འདོད་གསོལ་ཚིག་དང་རྗེས་མཐུན་པའི༔ དམིགས་པ་དག་ནི་ཤུགས་བསྐྱེད་བྱ༔ དེ་ནས་མཆོད་བསྟོད་གཏོར་མ་འབུལ༔ ཟབ་མོ་གྷ་ཎའི་རོལ་པ་ཡང༔ ཅི་ལྟར་འོས་པ་དུས་འདིར་བྱ༔ བླ་མ་ཡི་དམ་ལ་སོགས་པ༔ ལྷ་རྣམས་ཡི་གེའི་འབྲུ་ལ་བསྟིམ༔ དེ་དག་བདེ་གཤེགས་ཐམས་ཅད་ཀྱི༔ ཡོན་ཏན་ཕྲིན་ལས་སྐུ་གསུང་ཐུགས༔ ཡེ་ཤེས་ཆེན་པོ་ལས་བྱུང་བའི༔ འོད་ཀྱི་གོང་བུ་དྲྭ་བ་ཅན༔ དེ་གང་མཐོང་བའི་འགྲོ་རྣམས་ཀྱི༔ ལས་དང་བག་ཆགས་སྡིག་སྒྲིབ་རྣམས༔ བྱང་ཞིང་དག་པར་གྱུར་ནས་ནི༔ ཀུན་བཟང་དགོངས་པ་ཁ་ལོ་སྒྱུར༔ རྣམ་པར་གྲོལ་བའི་གདིང་ཐོབ་བསམ༔ བཀྲ་ཤིས་ཚིགས་སུ་གཅད་པ་བརྗོད༔ ཡི་གེ་བརྒྱ་པས་ཉེས་བྱས་བཤགས༔ ཙཀྲ་ཕོ་བྲང་མ་ཉམས་བལྟབས༔ དྲི་བཟང་རིན་ཆེན་སྨན་འབྲུས་མཆོད༔ དར་ཟབ་སྣ་ལྔས་ཀླུབས་སུ་གཞུག༔ ཙཀྲ་ངོ་བོ་ཆོས་ཀྱི་སྐུ༔ རྣམ་པ་འོད་འཕྲོས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་བ་འདྲེན༔ སྐུ་གསུམ་ཡོངས་རྫོགས་ཆེན་པོ་སྟེ༔ གང་མཐོང་སྐྱེ་འགྲོ་འཁོར་མཐའ་ཅན༔ ལམ་པ་སྐད་ཅིག་མཐོང་གྲོལ་རྫོགས༔ རྗེས་ལ་བསྔོ་བ་སྨོན་ལམ་སོགས༔ སྤྱི་དང་མཐུན་པར་ཤེས་པར་བྱ༔ གསུམ་པ་ལས་ལ་སྦྱར་བ་ནི༔ རིམ་པ་ཉི་ཤུ་རྩ་གཅིག་སྟེ༔ ལྟ་སྒོམ་སྤྱོད་པར་ལྡན་པ་ཡི༔ རྣལ་འབྱོར་རྣམས་ཀྱིས་འདི་ལྟར་འབད༔ ཀུན་ལ་བྱང་ཆུབ་མཆོག་སེམས་བསྐྱེད༔ ཉ་སྟོང་བརྒྱད་གསུམ་དུས་བཟང་བསྟུན༔ གསུམ་ལ་སྐྱབས་འགྲོ་གཏོར་མཆོད་འབུལ༔ དཀྱིལ་འཁོར་གསུམ་ལྡན་དེ་ཉིད་ངང༔ དར་གདུགས་ལྷབ་ལྷུབ་རོལ་མོའི་སྒྲ༔ མཆོད་དབྱངས་སྔགས་སྒྲ་སྒྲོག་པ་དང༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཆོས་སྟོན་སྦྱིན་གཏོང་བསོད་ནམས་བསགས༔ ནམ་མཁའ་གཡའ་དག་ཉི་ཤར་ཁ༔ གཙང་ཞིང་མཐོ་བའི་ས་ཕྱོགས་སུ༔ ཙཀྲ་ཞལ་ཕྱེ་སྐུ་ཁྲུས་གསོལ༔ ཉི་མའི་དཀྱིལ་འཁོར་དངོས་དང་སྤྲད༔ ཟེར་གྱིས་འགྲོ་བ་འདྲེན་དམིགས་ཤིང༔ ཙཀྲ་ཉི་མ་ལ་ཐིམ་སྟེ༔ ཙཀྲ་ཉི་མ་དབྱེར་མེད་གྱུར༔ ཉི་མ་གང་གིས་མཐོང་བ་ཡི༔ འགྲོ་རྣམས་ཉོན་མོངས་རང་ཟད་ནས༔ ཀུན་བཟང་དགོངས་པ་མངོན་གྱུར་བསམ༔ ཨཱོྃ་ཨཱཾཿཧཱུྃ༔ མཐོང་བ་དོན་ཡོད་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དུས་གསུམ་བདེ་གཤེགས་དཀོན་མཆོག་གསུམ༔ མ་རིག་མུན་སེལ་འོད་པོ་ཆེ༔ ཉི་མའི་དཀྱིལ་འཁོར་ལ་བཞུགས་པ༔ རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ རྨོངས་པར་གྱུར་པའི་འགྲོ་རྣམས་ཀྱི༔ འཐིབས་པོའི་སྒྲིབ་པ་བསལ་ནས་ཀྱང༔ རྣམ་མཁྱེན་གོ་འཕང་ཐོབ་མཛད་གསོལ༔ ཅེས་དང་གཞན་ཡང་གང་འཐད་ཀྱི༔ འདོད་གསོལ་སྨོན་ལམ་གདབ་པར་བྱ༔ དེ་ནི་ཉི་མ་མཐོང་གྲོལ་ཏེ༔ ཉི་མ་སྒྲ་གཅན་གཡོགས་དུས་ཀྱང༔ དེ་བཞིན་ཆོ་ག་ལྡན་པ་ལ༔ ཁྱད་པར་སྨོན་ལམ་གདབ་པའི་ཚེ༔ ཉི་མ་སྒྲ་གཅན་ལས་གྲོལ་བཞིན༔ བདག་དང་འགྲོ་བ་མ་ལུས་ཀུན༔ མི་མཐུན་ཕྱོགས་ལས་རྣམ་རྒྱལ་ནས༔ གོ་འཕང་མཆོག་ལ་དགོད་པར་ཤོག༔ ཅེས་པའི་གསོལ་བ་གདབ་པར་བྱ༔ རྗེས་ནི་བསྔོ་སོགས་སྤྱི་དང་མཐུན༔ ས་མ་ཡ༔ ཟླ་བ་ལ་ཡང་དེ་བཞིན་ལས༔ ཁྱད་པར་བཅོ་ལྔའི་ཟླ་ཤར་ཚེ༔ འདི་ལྟར་སྨོན་ལམ་འདོད་གསོལ་བཅས༔ ཨཱོྃ་ཨཱཾཿཧཱུྃ༔ མ་རིག་མུན་སེལ་ཐུགས་རྗེ་ཅན༔ ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཉོན་མོངས་ཚ་བའི་སྡུག་བསྔལ་གྱིས༔ གདུང་བར་གྱུར་པའི་འགྲོ་རྣམས་ལ༔ བསིལ་མཛད་ཟླ་བ་ལྟ་བུའི་སྐུ༔ སྐྱབས་ཆེན་དམ་པ་མཛད་དུ་གསོལ༔ གང་གི་ཟླ་བ་སྒྲ་གཅན་ལས༔ གྲོལ་ནས་གསལ་བ་ཇི་བཞིན་དུ༔ ལས་ཀྱི་ཞགས་པས་དམ་བཅིངས་པའི༔ འགྲོ་བའི་ལས་ཞགས་བཀྲོལ་ནས་ཀྱང༔ མཆོག་ལམ་དེ་ནི་བསྟན་དུ་གསོལ༔ ཅེས་སོགས་ཆོ་ག་མཁས་པས་བརྩམ༔ དེ་ནི་ཟླ་བ་མཐོང་གྲོལ་ལོ༔ ས་མ་ཡ༔ གང་ཞིག་ཆུ་བོ་ཆེན་པོ་ལ༔ རྒྱུན་འབབ་ལ་སོགས་མཚོ་རྫིང་འགྲམ༔ དཀྱིལ་འཁོར་ལ་སོགས་མཆོད་པ་བཀྲམ༔ ཙཀྲ་ཞལ་ཕྱེས་མཆོད་པ་འབུལ༔ རབ་གནས་བཞིན་དུ་བདེ་གཤེགས་བསྟིམ༔ རིན་ཆེན་སྨན་འབྲུ་དར་ཟབ་བཅས༔ འབྱོར་ན་རཏྣའི་ཟ་མ་ཏོག༔ མ་འབྱོར་རྫ་ཡི་གྭའུར་གཞུགས༔ མཆོད་སྤྲིན་འདོད་གསོལ་སྨོན་ལམ་དང༔ རོལ་མོ་སྔགས་ཀྱི་སྒྲ་བསྒྲགས་ཤིང༔ ཆུ་བོའི་དཀྱིལ་དུ་བཞུགས་སུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ༔ ཉོན་མོངས་སྒྲིབ་པ་བག་ཆགས་སྦྱོང་མཛད་ཅིང༔ ཡེ་ཤེས་ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས༔ ཟག་མེད་ཆུ་རྒྱུན་གདུལ་བྱའི་རེ་བ་སྐོང༔ བདེ་ཆེན་ལམ་སྟོན་མཆོག་ལ་ཕྱག་འཚལ་ལོ༔ ཆུ་ཆེན་འདི་མཐོང་མྱང་དང་རེག་པ་ཡི༔ འགྲོ་རྣམས་ཁྱེད་ཀྱི་ཐུགས་རྗེས་གཟུང་དུ་གསོལ༔ སྡུག་བསྔལ་འཁོར་བའི་མཚོ་ལས་མྱུར་སྒྲོལ་ནས༔ བདེ་ཆེན་ཐར་པའི་སྐམ་སར་ཕྱིན་པར་མཛོད༔ ཅེས་དང་གཞན་ཡང་སྨོན་ལམ་གདབ༔ འདི་ལ་ཆུ་རྒྱུན་ཆད་མེད་ཅེས༔ གཞན་ནི་སྤྱི་དང་འདྲ་བ་འོ༔ ཆུ་བོ་མཐོང་གྲོལ་ཤིན་ཏུ་ཟབ༔ ས་མ་ཡ༔ ཙཀྲ་དར་སྨན་རིན་ཆེན་བཅས༔ རིན་ཆེན་ས་ཡི་གྭ་འུར་གཞུག༔ རི་བོ་ཆེན་པོ་ཡོན་ཏན་ལྡན༔ འཕན་བཟང་རྩེ་མོར་བཞུགས་སུ་གསོལ༔ ས་གཏེར་རྡོ་སྒྲོམ་ལག་ཚག་བསྡམ༔ གཞན་གྱིས་མི་རྙེད་བཀའ་རྒྱས་གདབ༔ མཆོད་གསོལ་དང་བཅས་སྨོན་ལམ་གདབ༔ ཨཱོྃ་ཨཱཾཿཧཱུྃ༔ རྒྱལ་བ་སྲས་བཅས་ཐུགས་རྗེ་ལྡན༔ ལྷུན་རྫོགས་རི་རྒྱལ་ལྟ་བུའི་སྐུ༔ ལྷར་བཅས་འགྲོ་བ་མ་ལུས་པའི༔ སྐྱབས་གནས་མགོན་ལ་ཕྱག་འཚལ་ལོ༔ ལས་ཀྱི་བཙོན་དོང་འབར་བའི་ནང༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི༔ ཉོན་མོངས་རི་བོས་ནོན་པ་ལ༔ བརྩེ་བ་ཆེན་པོས་གཟིགས་སུ་གསོལ༔ གང་ཚེ་ཁྱེད་མཐོང་དྲན་པས་ཀྱང༔ མགོན་ཁྱེད་དཔའ་བོ་ཆེན་པོ་སྟེ༔ རྗེས་སུ་བཟུང་ནས་འཁོར་བ་ལས༔ མྱུར་དུ་ཐར་བར་མཛད་དུ་གསོལ༔ ཅེས་སོགས་གསོལ་བ་བཏབ་ནས་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བཞུགས་གནས་ཕོ་བྲང་རི་བོར་གྱུར༔ དེ་མཐོང་འགྲོ་རྣམས་གྲོལ་བར་དམིགས༔ དེ་ནི་རི་བོ་མཐོང་གྲོལ་ལོ༔ ས་མ་ཡ༔ སྙན་གྲགས་མིང་ཅན་དབེན་གནས་ཀྱི༔ དབུས་སུ་གང་ཡིན་སྙིང་པོའི་རྩར༔ དཀྱིལ་འཁོར་ཙཀྲ་མཆོད་གཏོར་བཤམ༔ རྩ་གསུམ་སྒྲུབ་མཆོད་གཞུང་བཞིན་བྱ༔ དེ་ནས་ཙཀྲ་གར་འཐད་གཞུག༔ སྨོན་ལམ་འདོད་གསོལ་ཤིས་པ་བརྗོད༔ དབེན་གནས་འོག་མིན་བདེ་བ་ཅན༔ མཁའ་སྤྱོད་ལ་སོགས་རྒྱལ་བ་ཡི༔ བཞུགས་གནས་ཕོ་བྲང་དངོས་སུ་བསམ༔ ཨཱོྃ་ཨཱཾཿཧཱུྃ༔ སངས་རྒྱས་ཐམས་ཅད་བཞུགས་པ་ཡི༔ ཕོ་བྲང་རིན་ཆེན་གཞལ་ཡས་འདིར༔ རྒྱལ་བའི་བཀའ་གསང་རྨད་པོ་ཆེ༔ འདི་བཞུགས་བདེན་པའི་བྱིན་རླབས་ཀྱིས༔ བདེ་གཤེགས་ཐམས་ཅད་རྒྱུད་བསྐུལ་ནས༔ འགྲོ་བ་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེ་བརྩེ་བས་རབ་བཟུང་ནས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ གང་ཞིག་གནས་འདི་མཐོང་ངམ་ཐོས༔ བགྲོད་པར་གྱུར་པའི་འགྲོ་རྣམས་ཀྱི༔ བསམ་པ་ཆོས་བཞིན་འགྲུབ་པ་དང༔ མྱུར་དུ་གྲོལ་བར་མཛད་དུ་གསོལ༔ ཅེས་དང་གཞན་ཡང་སྨོན་ལམ་ནི༔ སོ་སོས་ཇི་ལྟར་འདོད་བཞིན་གདབ༔ རྗེས་ལ་དགའ་སྟོན་རིམ་གྲོ་བྱ༔ མཐོང་གྲོལ་གནས་མཆོག་དམ་པ་འོ༔ ས་མ་ཡ༔ གསར་དུ་བཞེངས་པའི་གཙུག་ལག་གམ༔ རྙིང་པ་ཡིན་ཡང་རུང་བའི་ནང༔ རྩ་གསུམ་དཀྱིལ་འཁོར་སྒྲུབ་མཆོད་བྱ༔ གར་འཐད་དམ་པར་ཙཀྲ་བཞུགས༔ བཀྲ་ཤིས་མངའ་གསོལ་སྨོན་ལམ་གདབ༔ ཨཱོྃ་ཨཱཾཿཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མི་ཟད་འབར༔ དཔལ་དང་ལྡན་པའི་བཅོམ་ལྡན་འདས༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ གང་ཞིག་གཙུག་ལག་གཞལ་ཡས་འདི༔ མཐོང་ངམ་ཡང་ན་ཐོས་ཀྱང་རུང༔ བགྲོད་པར་གང་གྱུར་འགྲོ་རྣམས་ཀྱི༔ ལས་ངན་སྡིག་སྒྲིབ་ཀུན་བྱང་ནས༔ ཕྱིར་མི་ལྡོག་པ་ངེས་ཐོབ་སྟེ༔ རང་གཞན་ཀུན་དོན་བྱེད་པ་ཡི༔ འགྲོ་བའི་མགོན་དུ་གྱུར་ནས་ཀྱང༔ བསྟན་པའི་རྒྱལ་མཚན་འཛུག་པར་ཤོག༔ དེ་མཐུན་སྨོན་ལམ་གཞན་ཡང་གདབ༔ རྟག་ཏུ་མཆོད་དང་བཀུར་སྟི་འབད༔ དེ་ནི་གཙུག་ལག་མཐོང་གྲོལ་ལོ༔ ས་མ་ཡ༔ གྲུབ་གནས་འདུན་ས་ཆེན་པོ་རུ༔ ཚད་ལྡན་མཆོད་རྟེན་བཞེངས་པ་འམ༔ མ་གྲུབ་སྔར་གྱི་རྙིང་པ་ལ༔ རབ་ཏུ་གནས་དང་དཀར་ཆབ་གསོལ༔ མདུན་དུགཞུང་བཞིན་ཆོ་ག་བྱ༔ བྱ་རུ་ཏོག་ལ་ཙཀྲ་ཉིད༔ བྱིན་རླབས་སྐུ་གདུང་རིང་སྲེལ་དང༔ མཆོད་པའི་རྫས་བཅས་བཞུགས་སུ་གསོལ༔ མཆོད་བསྟོད་མངའ་དབུལ་འདོད་གསོལ་སྒྲོགས༔ ཨཱོྃ་ཨཱཾཿཧཱུྃ༔ བདེ་གཤེགས་ཐུགས་རྟེན་བདུད་འདུལ་ཆེན་པོའི་སྐུ༔ ཐུགས་རྗེ་ཕྱོགས་བྲལ་རིང་བསྲེལ་སྙིང་པོ་ཅན༔ ལྷ་དང་མིས་མཆོད་མཐོང་ཐོས་རེག་ལ་སོགས༔ འབྲེལ་ཚད་དོན་ལྡན་ཁྱེད་ལ་ཕྱག་འཚལ་ལོ༔ ཁྱེད་མཐོང་མཚན་ཙམ་ཐོས་པའི་འགྲོ་རྣམས་ཀྱི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་འཇིགས་པའི་རྟོག་པ་ཀུན་བཅོམ་ནས༔ ཡེ་ཤེས་འོད་ཀྱི་སྣང་བ་བསྟན་དུ་གསོལ༔ འཕྲལ་རྐྱེན་ཡུན་གྱི་སྒྲིབ་པར་གྱུར་ལ་སོགས༔ མི་མཐུན་ཕྱོགས་ངན་མྱུར་དུ་ཞི་བ་དང༔ ཆོས་དང་ཚེ་དཔལ་ལོངས་སྤྱོད་འདོད་དགུ་འཕེལ༔ ཡུལ་རིས་རྒྱལ་ཁམས་དགེ་ཞིང་བཀྲ་ཤིས་ཤོག༔ ཅེས་སོགས་སྨོན་ལམ་གང་རིགས་གདབ༔ བསྐོར་བ་ཕྱག་མཆོད་ཕུ་དུད་བྱ༔ མཆོད་རྟེན་དེ་མཐོང་འགྲོ་བ་རྣམས༔ གྲོལ་དང་འཁོར་བ་མཐའ་ཅན་ནོ༔ ས་མ་ཡ༔ མཐོང་ཐོས་ཙཀྲ་རབ་གནས་བཅས༔ གླེགས་བམ་གང་འཐད་དབུས་སུ་གཞུག༔ མཆོད་དང་ཉམས་ལེན་གསོལ་བ་གདབ༔ ཨཱོྃ་ཨཱཾཿཧཱུྃ༔ གསུང་རྟེན་མ་རིག་མུན་སེལ་སྒྲོན་མེ་མཆོག༔ ཉོན་མོངས་ནད་འཇོམས་བདུད་རྩི་རིན་པོ་ཆེ༔ ཡན་ལག་བཅུ་གཉིས་སྲིད་དང་རྒུད་པ་སེལ༔ ཕྱི་ནང་ཀུན་དོན་ཁྱེད་ལ་ཕྱག་འཚལ་ལོ༔ གླེགས་བམ་འདི་མཐོང་དེ་ཡི་སྒྲ་ཐོས་ཤིང༔ ཅུང་ཟད་ཙམ་ཡང་ཉམས་སུ་ལེན་རྣམས་ཀྱི༔ ཉོན་མོངས་འཁོར་བའི་གཅོང་སྙིང་ཐོན་ནས་ཀྱང༔ ཡང་དག་ངེས་པའི་དགོངས་དོན་རྟོགས་པར་ཤོག༔ ཅེས་པའི་གསོལ་ཚིག་བརྗོད་ནས་ཀྱང༔ སྣ་ཚོགས་དར་གྱིས་ཙཀྲ་དྲིལ༔ ཚད་མཐུན་མཉམ་གཞུག་འབྲལ་མེད་འགྲོགས༔ གླེགས་བམ་དེ་མཐོང་གྲོལ་ཞེས་བཤད༔ མོས་ཀྱང་འཁོར་བ་མཐའ་ཅན་ནོ༔ ས་མ་ཡ༔ སྐུ་རྟེན་འབུར་དུ་བཏོད་རྣམས་ཀྱི༔ ཙཀྲ་ནང་རྫོང་ཚུལ་དུ་གཞུག༔ དེ་ཡི་བྱེད་ཚུལ་སྤྱི་དང་མཐུན༔ རིས་སུ་བྲིས་ལ་རྒྱབ་ཡིག་གམ༔ ཡང་ན་དཀར་ཞལ་འོག་ཏུ་བྲི༔ དེ་ལ་རབ་གནས་སྔར་བཞིན་བྱ༔ མཆོད་བསྟོད་སོ་སོའི་ལྷ་གཞུང་དང༔ འདོད་ལྷར་མཆོད་པ་མངའ་དབུལ་བྱ༔ ཕྱག་འཚལ་སྨོན་ལམ་གསོལ་ཚིག་ནི༔ རང་རང་གཞུང་ནས་འབྱུང་ལྟར་རོ༔ སྐུ་རྟེན་མཐོང་གྲོལ་འབྲེལ་དོན་ལྡན༔ ས་མ་ཡ༔ སྔགས་ཀྱི་རྣལ་འབྱོར་ཆེན་པོ་ཡིས༔ དབང་དང་སྒྲུབ་སོགས་གང་ཡང་རུང༔ དཀྱིལ་འཁོར་དམ་པ་བཀྲམ་པའི་ཚེ༔ ཙཀྲ་དེ་ཡི་སྟེང་དུ་ཕུབ༔ རང་གཞུང་ཚུགས་པའི་ཆོ་ག་ནི༔ དཀྱུས་ལྟར་སྔགས་པས་བྱ་བ་དང༔ ཙཀྲ་ལ་ཡང་དགོངས་པ་གཏད༔ ཨཱོྃ་ཨཱཾཿཧཱུྃ༔ དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡི༔ ལྷ་རྣམས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་མཁྱེན་བརྩེ་ཡེ་ཤེས་དང༔ འཁོར་ལོ་ཆེན་པོའི་བདེན་སྟོབས་ཀྱིས༔ དཀྱིལ་འཁོར་འདི་ནི་གང་མཐོང་བའི༔ འགྲོ་རྣམས་ཉོན་མོངས་རང་གྲོལ་ནས༔ ཡེ་ཤེས་དམ་པ་མཐོང་གྱུར་ཏེ༔ ཁྱེད་དང་དགོངས་པ་མཉམ་པ་དང༔ རྣམ་གྲོལ་འབྲས་བུ་མངོན་གྱུར་ཤོག༔ ཅེས་དང་ལྷ་ཡི་བསྟོད་པ་བྱ༔ དཀྱིལ་འཁོར་མཐོང་གྲོལ་དམ་པར་འགྱུར༔ ས་མ་ཡ༔ བུམ་པའི་ཆོ་ག་གང་ཡང་རུང༔ ཙཀྲ་ཁ་རྒྱན་གསེབ་ཏུ་གཞུག༔ བུམ་བསྐྱེད་བཟླས་དང་མཆོད་བསྟོད་ཀྱང༔ རང་རང་གཞུང་བཞིན་མཁས་པས་འབད༔ ལས་སྦྱོར་དུས་སུ་གསོལ་ཚིག་བརྗོད༔ ཨཱོྃ་ཨཱཾཿཧཱུྃ༔ བཅོམ་ལྡན་འགྱུར་མེད་ཆེ་གེ་ཀྱེ༔ མཚན་དང་དཔེ་བྱད་ལྡན་པ་པོ༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་འབེབ༔ འགྲོ་བའི་རྟོག་སྒྲིབ་སྦྱང་དུ་གསོལ༔ ཁྱེད་དང་ཐུགས་ཀྱི་འཁོར་ལོ་ཡི༔ རྟེན་འབྲེལ་སྦྱོར་བའི་བྱིན་རླབས་ལས༔ རིན་ཆེན་བུམ་བཟང་སུས་མཐོང་ཞིང༔ དེ་འབྲེལ་འགྲོ་བ་ཐམས་ཅད་ཀྱང༔ སྙིང་པོའི་ས་ལ་འཁོད་པ་དང༔ གནས་སྐབས་དོན་འབྲས་མྱུར་འགྲུབ་ཤོག༔ ཅེས་བརྗོད་བུམ་པའི་བདུད་རྩི་དང༔ འཁོར་ལོའི་སྔགས་ཀྱི་འོད་ཟེར་གཉིས༔ ཆུ་དང་འོ་མ་འདྲེས་ལྟར་གྱུར༔ དེ་ཡི་ཆུ་རེག་འགྲོ་བ་གང༔ སྒྲིབ་སྦྱོང་དོན་འབྲས་ལྡན་དམིགས་ཤིང༔ ལས་གྲུབ་བུམ་ཆུའི་ལྷག་མ་རྣམས༔ ཆུ་བོ་ཆེན་པོར་བསྐྱལ་བར་བྱ༔ དེ་ལྟར་བུམ་པ་མཐོང་གྲོལ་འགྱུར༔ ས་མ་ཡ༔ སྔགས་ཀྱི་གཏོར་ཆེན་བཤམས་པའི་ཚེ༔ སྣ་ཚོགས་དར་གྱི་ཅོད་པན་དབུས༔ མཐོང་བ་དོན་ལྡན་ཙཀྲ་གཞུག༔ རྣམ་པ་འཁོར་ལོར་སྣང་གྱུར་ཀྱང༔ ངོ་བོ་ལྷ་ཡི་ཕོ་བྲང་ཉིད༔ དེ་ལ་མཆོད་བསྟོད་གསོལ་བ་གདབ༔ རང་གཞུང་གྲུབ་ནས་ལས་སྦྱོར་ཚེ༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ཕྲིན་ལས་ཅི་འདོད་གསོལ་ཚིག་སྒྲོགས༔ ལས་གྲུབ་གཏོར་མ་གང་མཐོང་གྲོལ༔ ས་མ་ཡ༔ མེ་ཆེན་སྣང་གསལ་འབར་བའི་ཚེ༔ ཙཀྲ་དེ་ཡི་ཕྱོགས་སུ་བསྟན༔ འཁོར་ལོའི་འོད་ཟེར་མེ་ལ་ཕོག༔ ཉོན་མོངས་བུད་ཤིང་སྲེག་པའི་མེ༔ འུར་འུར་ཆེམ་ཆེམ་འོད་ཟེར་བཅས༔ དེ་མཐོང་ཚིག་གམ་མེ་ལྕེ་ཕོག༔ གང་ཡིན་འགྲོ་བ་ཐམས་ཅད་ཀྱི༔ ཉོན་མོངས་བག་སྒྲིབ་ཚིག་བསམ་ཞིང༔ སྔགས་སྒྲ་སྒྲོགས་ལ་གསོལ་ཚིག་བརྗོད༔ ཨཱོྃ་ཨཱཾཿཧཱུྃ༔ རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་ལས༔ ཡེ་ཤེས་བསྐལ་པའི་མེ་ལྟར་འབར༔ འོད་ཀྱིས་མ་རིག་མུན་པ་སེལ༔ ཟེར་གྱིས་ཉོན་མོངས་བུད་ཤིང་སྲེག༔ འཁོར་ལོ་འབར་བའི་བདེན་སྟོབས་ཀྱིས༔ བདུད་སྡེའི་དཔུང་ཚོགས་རབ་བཅོམ་ཞིང༔ གང་མཐོང་འབྲེལ་པའི་འགྲོ་བ་རྣམས༔ དབེན་པའི་ས་ལ་གནས་པར་ཤོག༔ ཅེས་པས་མེ་དཀྱིལ་ཡེ་ཤེས་ལྷ༔ རྩ་གསུམ་ལ་སོགས་གསལ་བ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ མར་མེ་ཡིན་ན་དེ་ཉིད་འབུལ༔ དབང་མེད་འབར་བར་གྱུར་པའི་མེར༔ གང་ཚིག་རྫས་ཀྱི་ངོ་བོར་མཆོད༔ སྦྱིན་སྲེག་ལ་ནི་གཞུང་ལྟར་རོ༔ ལྷ་གཤེགས་ཙཀྲ་རང་གནས་བཞུགས༔ འཁོར་གསུམ་ཡོངས་དག་ཆེན་པོར་བཞག༔ མེ་འོད་གང་མཐོང་རེག་པ་རྣམས༔ ཚིག་ཀྱང་གྲོལ་བར་འགྱུར་བ་འོ༔ ས་མ་ཡ༔ འདུ་བ་ཁྲོམ་ཆེན་ཚོགས་པའི་ཚེ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ དྲི་བཟང་སྤོས་བསྲེགས་དུད་པ་ལ༔ འཁོར་ལོ་ཆེན་པོ་ཞལ་ཕྱེས་བདུག༔ སྨོན་ལམ་གདབ་ཅིང་ཀུན་ཏུ་འགྲིམ༔ དུད་པ་ཡོངས་ལ་ཁྱབ་པར་བྱ༔ ཨཱོྃ་ཨཱཾཿཧཱུྃ༔ ཚུལ་ཁྲིམས་ཡེ་ཤེས་དྲི་བཟང་སྤོས་ཀྱི་མཆོག༔ ཙཀྲ་ཐུགས་རྗེའི་གཟི་བརྗིད་ནུས་པར་ལྡན༔ བདེ་གཤེགས་རྒྱལ་བ་རྣམས་ལ་མཆོད་པར་འབུལ༔ འགྲོ་རྣམས་སྒྲིབ་བྲལ་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་དང་གཞན་ཡང་སྨོན་ལམ་གདབ༔ ཙཀྲའི་འོད་དང་དུད་པ་འདྲེས༔ རྒྱལ་བ་མཉེས་ཤིང་འགྲོ་རྣམས་ཀྱི༔ ཉོན་མོངས་ཉེས་ཚོགས་རབ་ཞི་ནས༔ རྒྱལ་བའི་དགོངས་པས་བསྐྱབས་པར་བསམ༔ དུད་པ་གང་མཐོང་གྲོལ་བའམ༔ མཐར་ཡང་འཁོར་བ་མཐའ་ཅན་ནོ༔ ས་མ་ཡ༔ མཐོང་གྲོལ་ཙཀྲ་རབ་གནས་ཅན༔ སྣ་ཚོགས་མཆོད་གསོལ་ཆེན་པོར་བཅས༔ དར་འཕན་རྒྱལ་མཚན་ཏོག་ཏུ་གཞུག༔ རྒྱལ་བ་སྲས་བཅས་གྲངས་མེད་བསྟིམ༔ འོད་ཀྱིས་འགྲོ་བ་འདྲེན་བསམ་ཞིང༔ ཨཱོྃ་ཨཱཾཿཧཱུྃ༔ ཅི་ལྟར་སངས་རྒྱས་རྣམས་ཀྱི་མཛད་པ་ཡི༔ ཕྲིན་ལས་རྨད་བྱུང་གང་ལ་གང་འདུལ་གྱིས༔ འགྲོ་བ་རྣམས་ཀྱི་དཔལ་དུ་ཤར་བར་མཛད༔ སྤྲུལ་དང་ཡང་སྤྲུལ་བཅས་ལ་ཕྱག་འཚལ་ལོ༔ ཁྱེད་བཞེད་འགྲོ་དོན་མཛད་དུས་ལགས་མོད་ཀྱིས༔ དེ་ཕྱིར་དམ་པ་བསྙེལ་བ་མི་མངའ་ཞིང༔ བརྩེ་བས་འགྲོ་རྣམས་རྟག་ཏུ་བུ་བཞིན་སྐྱོངས༔ བ་དན་ཅོད་པན་མགོན་པོས་སྲུངས་མཛོད་ཅིག༔ ནད་ཡམས་མུ་གེ་འཁྲུགས་རྩོད་མ་རུངས་ལྟས༔ བདུད་དང་འབྱུང་པོའི་ཆོ་འཕྲུལ་ཞི་བ་དང༔ འགྲོ་རྣམས་དཔལ་འབྱོར་བདེ་སྐྱིད་ཆོས་ལ་སྤྱོད༔ མི་ནུབ་བསྟན་པའི་རྒྱལ་མཚན་འཛུག་པར་ཤོག༔ ཅེས་དང་ལ་ཉེ་བཟང་པོ་ཡི༔ སྨོན་ལམ་གཞན་ཡང་གདབ་པར་བྱ༔ དགེ་ཚོགས་དུས་ཆར་གཡོས་པ་བཞིན༔ འབྱུང་བྱེད་ཅོད་པན་མཐོང་གྲོལ་ལོ༔ ས་མ་ཡ༔ ཙཀྲ་སྣ་ཚོགས་དར་གྱིས་དྲིལ༔ འོད་ལྡན་མེ་ལོང་མཐོ་སྐོར་རམ༔ མཁྱིད་གང་ལ་སོགས་གང་འབྱོར་དང༔ ལྷན་ཅིག་སྦྲགས་ཏེ་དཀྱིལ་འཁོར་དབུས༔ བཞུགས་སུ་གསོལ་ལ་སྒྲུབ་མཆོད་འབུལ༔ མངའ་གསོལ་ཚོགས་ཀྱི་འཁོར་ལོ་བསྐོར༔ རྣལ་འབྱོར་མགུལ་ལམ་སྤྱི་བོར་བཅིང༔ ཡང་ན་དར་སྣའི་ཅོད་པན་བཅས༔ རྒྱལ་མཚན་ཚུལ་དུ་ཕྱག་གཡས་ཕྱར༔ འགྲོ་བ་མང་པོས་མཐོང་བར་བྱ༔ འོད་ཀྱིས་འགྲོ་བ་འདྲེན་དམིགས་ཤིང༔ ཨཱོྃ་ཨཱཾཿཧཱུྃ༔ སྟོན་པ་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ༔ སྐྱོབ་པ་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ༔ འཕགས་མཆོག་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ༔ བསྐལ་པ་སྟོང་གི་ཞིང་ཁམས་འོད་ལྡན་དུ༔ སྐྱབས་གནས་གཙོ་མཆོག་གསུམ་པོ་རབ་སྣང་བས༔ གདུལ་བྱའི་འགྲོ་བ་མ་ལུས་འོད་དུ་སྣང༔ དེ་དང་དེ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ བཟང་མཆོད་འདི་མཐོང་རེག་དང་དེ་འབྲེལ་བ༔ ས་ལམ་གཅིག་ཆོད་རྫུས་ཏེ་སྐྱེ་བར་ཤོག༔ མགོན་པོ་འོད་མཆོག་དྲི་མ་མེད་པའི་དཔལ༔ སྣང་ལ་མ་འགགས་ཡེ་ཤེས་རྩལ་པོ་ཆེ༔ གཟུགས་སྐུ་མཛེས་སྟོན་འགྲོ་བའི་ཁ་ལོ་སྒྱུར༔ སྨག་རུམ་མུན་པའི་ཚོགས་ཀུན་འཇོམས་པ་པོ༔ ལོག་པའི་ལམ་སེལ་དུག་སྙིང་འབྱིན་པར་མཛད༔ སྣང་སྟོང་མཐའ་བྲལ་ཁྱེད་ལྟར་གཅིག་པར་ཤོག༔ ཁྱེད་ཀྱི་གདུལ་བྱའི་ཞིང་དུ་རང་སྣང་ཞིང༔ སྔོན་གྱི་ཐ་ཚིག་སྨོན་ལམ་རྩལ་རྫོགས་ཏེ༔ དུས་ནི་འདི་ནས་ཕྱིར་མི་ལྡོག་པ་དང༔ ཁྱེད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་མཐོང་བར་ཤོག༔ སྐུ་ཡི་པད་མ་སྤྱི་བོར་གནས་པ་དང༔ གསུང་མཛོད་མི་ཟད་གཏེར་ལ་ལོངས་སྤྱོད་དེ༔ ཡོན་ཏན་ཕྲིན་ལས་ར་བར་ཚུད་ནས་ཀྱང༔ ཁྱེད་ཀྱི་སྤྱོད་པའང་མྱུར་དུ་སྤྱོད་པར་ཤོག༔ དམར་འོད་དྭངས་པ་ཉི་མ་འབུམ་གྱི་གཟི༔ མཉམ་གཞག་བདུད་རྩིའི་བུམ་བཟང་བཅུད་དང་ལྡན༔ འོད་ཟེར་དྲྭ་བས་ཕྱོགས་རྣམས་མུན་པ་སེལ༔ འོད་ཟེར་མཐའ་ཡས་ཁྱེད་ཀྱིས་ད་སྐྱོབས་ཤིག༔ དེ་ལྟར་སྨོན་ལམ་བཅས་པ་ཡིས༔ ཀུན་ཏུ་རྒྱུ་ཞིང་མེ་ལོང་ཕྱར༔ རང་དོན་འཁྲི་བ་ལོ་འདོད་སྤངས༔ གཟེངས་བསྟོད་རིག་པ་ངར་མདངས་སྐྱེད༔ དེ་ནི་མེ་ལོང་མཐོང་གྲོལ་ཟབ༔ ས་མ་ཡ༔ འདོད་འབྱུང་མཚར་སྡུག་ལྡན་པ་ཡི༔ ནོར་བུ་རིན་ཆེན་དྲི་མ་མེད༔ གང་ཡང་རུང་དང་ལྷན་ཅིག་ཏུ༔ མཐོང་གྲོལ་ཙཀྲ་བཞུགས་པ་ལ༔ མཆོད་པ་འབུལ་ཞིང་འདོད་གསོལ་བརྗོད༔ ཨཱོྃ་ཨཱཾཿཧཱུྃ༔ ཅི་འདོད་དངོས་གྲུབ་སྟེར་བའི་རིན་པོ་ཆེ༔ གང་འབྲེལ་དབུལ་བ་སེལ་ཞིང་བདེ་ལེགས་སྤེལ༔ འོད་དང་གཟི་བརྗིད་རྒྱལ་བའི་དགྱེས་པ་སྐོང༔ ཁྱོད་མཐོང་འགྲོ་རྣམས་བསམ་འགྲུབ་ཆོས་འཕེལ་ཤོག༔ ཅེས་དང་དངོས་གྲུབ་གང་འདོད་ཀྱི༔ སྨོན་ལམ་གསོལ་ཚིག་བརྗོད་པར་བྱ༔ ནོར་བུ་རྒྱལ་མཚན་རྩེ་ལ་ཕྱར༔ རྟག་ཏུ་གསོལ་མཆོད་ཆེན་པོ་བྱ༔ ནོར་བུ་མཐོང་གྲོལ་དངོས་གྲུབ་འབྱུང༔ ས་མ་ཡ༔ རྡོ་རིང་གས་གྲུམ་མེད་པ་ཡི༔ ཏོག་གམ་དཀྱིལ་དུ་བྲུས་པའི་ནང༔ འཁོར་ལོ་དར་སྨན་རིན་ཆེན་བཅུག༔ བཀྲ་ཤིས་མངའ་གསོལ་རབ་གནས་བྱ༔ འགྲོ་བ་མང་པོ་འགྲིམ་པའི་འགག༔ གྲུ་འཕང་ལ་བཙས་ས་འགག་དང༔ ཚོང་འདུས་ཁྲིམས་ར་ལ་སོགས་སུ༔ གཡོ་བ་མེད་པར་བཙུགས་པ་ལ༔ རྒྱལ་བ་གྲངས་མེད་སྤྱན་དྲངས་བསྟིམ༔ གང་མཐོང་གྲོལ་ལམ་ཐོབ་པར་བསམ༔ ཨཱོྃ་ཨཱཾཿཧཱུྃ༔ རྡོ་རིང་རིན་ཆེན་བསམ་འཕེལ་འདི༔ རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ཤིང༔ རྟགས་ཀྱི་རྟེན་དང་ལྡན་པའི་ཕྱིར༔ འདི་མཐོང་འགྲོ་བ་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ མཐོང་ལམ་བདེན་པ་ཐོབ་པར་ཤོག༔ ངན་འགྲོའི་གཡང་ས་ཆོད་ནས་ཀྱང༔ མཐོ་རིས་ཡོན་ཏན་ཀུན་ལྡན་ཏེ༔ ཐར་པའི་ལམ་སྣ་ཟིན་པར་ཤོག༔ འཁྲུལ་པའི་རྟོག་པ་འགགས་ནས་ཀྱང༔ རང་བྱུང་ཡེ་ཤེས་མངོན་གྱུར་ནས༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ བདེ་ཆེན་གནས་སུ་དབུགས་ཕྱུང་ནས༔ མྱུར་དུ་མྱ་ངན་འདས་ཐོབ་ཤོག༔ ཅེས་པས་རྡོ་རིང་མཐོང་གྲོལ་གྱུར༔ ས་མ་ཡ༔ མཚན་ལྡན་མི་མོ་གྲགས་ཅན་གྱི༔ མགུལ་དུ་འཁོར་ལོ་བཏགས་ནས་ནི༔ སེམས་མའི་ཚོགས་རྣམས་སྤྱན་དྲངས་བསྟིམ༔ དེ་མཐོང་རྐང་བཞི་རྐང་མང་སོགས༔ རིགས་མཐུན་འཁོར་བ་མཐའ་ཅན་ནམ༔ སྨོན་ལམ་མཐུ་ཡིས་གྲོལ་ཞེས་གསུངས༔ ཨཱོྃ་ཨཱཾཿཧཱུྃ༔ བཅོམ་ལྡན་སེམས་མའི་དཀྱིལ་འཁོར་མཆོག༔ གཟི་བརྗིད་སྟོབས་འབྱིན་ཉོན་མོངས་འཇིལ༔ རྐང་བཞི་རྐང་མང་འགྲོ་བ་རྣམས༔ ཐུགས་རྗེའི་རོལ་པས་བསྐྱབ་ཏུ་གསོལ༔ སྡུག་བསྔལ་སྲིད་པའི་མཚོ་ལས་སྒྲོལ༔ དལ་འབྱོར་གྲུ་རྫིང་བརྙེས་པར་མཛོད༔ ཐུགས་རྗེའི་རྩལ་ཤུགས་མ་ཆུང་བར༔ ཡེ་ཤེས་ཕྱག་གིས་བསྙབ་ཏུ་གསོལ༔ ཅེས་པའི་སྨོན་ལམ་བཏབ་པར་བྱ༔ དྷཱ་ཀི་མི་མོའི་མཐོང་གྲོལ་ལོ༔ ས་མ་ཡ༔ སྤྱོད་པ་སྐྱོང་བའི་རྣལ་འབྱོར་པས༔ སྤྱི་བོར་རལ་པའི་ཐོར་ཅོག་བཅིང༔ དེ་ཡི་ཁྲོད་དུ་ཙཀྲ་གཞུག༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྒྲུབ་མཆོད་ཅི་འགྲུབ་བྱས་ནས་ཀྱང༔ དཀྱིལ་འཁོར་གསུམ་དང་ལྡན་པ་ཡིས༔ ཅང་ཏེའུ་དཀྲོལ་ཞིང་གླིང་བུ་འབུད༔ ལུས་ལ་རྒྱན་གྱིས་རྣམ་པར་བརྒྱན༔ གར་སྟབས་འཆམས་ཤིང་ཉམས་རྟོགས་བསྐྱང༔ འཁོར་གྱི་རྣལ་འབྱོར་ཕོ་མོས་ཀྱང༔ སྣ་ཚོགས་དར་གདུགས་རོལ་མོ་འཁྲོལ༔ སྔགས་སྒྲ་སྒྲོག་ཅིང་ཧཱུྃ་གླུ་བླང༔ ཁྲོམ་ཚོགས་འདུས་པའི་དཀྱིལ་དུ་རྒྱུག༔ མཚར་ཞེས་ཀུན་གྱིས་བལྟ་བར་བྱ༔ རྩ་བ་གསུམ་གྱི་བསྟོད་པ་དང༔ སྨོན་ལམ་རྒྱ་ཆེན་གདབ་པར་བྱ༔ དེ་ནི་རྣལ་འབྱོར་མཐོང་གྲོལ་འགྱུར༔ ས་མ་ཡ༔ ཁྱད་པར་ཆེན་པོའི་དུས་རྣམས་སུ༔ ཙཀྲ་མཆོད་གསོལ་ཚོགས་འཁོར་བསྐོར༔ བླ་མ་ཡི་དམ་དྷཱ་ཀི་དང༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ༔ མོས་གུས་དད་པས་གསོལ་བ་འདེབས༔ ཙཀྲ་ཞལ་ཕྱེ་བལྟ་བའི་ཚེ༔ དེ་ལས་ཡེ་ཤེས་ལྔ་ཡི་འོད༔ ཁ་དོག་སྣ་ལྔ་རབ་འཕྲོས་པས༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི༔ ལས་དང་ཉོན་མོངས་སྒྲིབ་པ་རྣམས༔ བ་མོ་ཉི་མས་ཞུ་བ་ལྟར༔ བྱང་བར་དམིགས་ལ་སྨོན་ལམ་གདབ༔ ཨཱོྃ་ཨཱཾཿཧཱུྃ༔ ཀུན་བཟང་བདེ་སྤྱོད་ནམ་མཁའི་མཐའ་ཀླས་པས༔ ཡོངས་ཁྱབ་འགྲོ་བ་མ་ལུས་ཐམས་ཅད་ཀྱི༔ ཐོག་མེད་དུས་ནས་ཐ་མ་ད་ལྟའི་བར༔ ལུས་ངག་ཡིད་དང་དེ་ལས་གཞན་པ་ཡི༔ ཉོན་མོངས་སྒྲིབ་པར་གྱུར་པ་ཅི་མཆིས་པ༔ རྒྱུ་འབྲས་མཁའ་ལྟར་དག་པར་མཛད་དུ་གསོལ༔ བརྩེ་ལྡན་ཁྱེད་ཀྱི་ཐུགས་རྗེ་ཡེ་ཤེས་ལ༔ ནམ་ཡང་གསལ་དང་མི་གསལ་མི་མངའ་ཞིང༔ ཉེ་རིང་ཐང་ལྷོད་ཡངས་དོག་ཡོངས་མི་མངའ༔ དེ་བཞིན་ཕྱོགས་རིས་རྒྱ་ཆད་ཀུན་དང་བྲལ༔ སྲིད་པའི་མཐའ་ནས་མནར་མེད་ཐུག་པ་ཡི༔ མཁའ་མཉམ་འགྲོ་བ་མ་ལུས་ཐམས་ཅད་ལ༔ ཀུན་བཟང་ཁྱེད་ཀྱི་ཐུགས་རྗེས་ཁྱབ་གྱུར་ཀྱང༔ རང་ཤེས་ང་ཡི་མིང་དང་ཚིག་གིས་བསྒྲིབས༔ དེས་བསྐྱེད་ད་དུང་འཁོར་ཞིང་འཁོར་བར་འཁྱམས༔ དྲི་མའི་དྲྭ་བ་ལས་ཀྱི་རྒྱ་ཡིས་འཐུམས༔ རྟེན་འབྲེལ་བཅུ་གཉིས་མུ་ཁྱུད་རྩིབས་ལ་འབྱར༔ འཁོར་ལོ་ཆེན་པོས་འཁོར་ལོ་བཤིག་ཏུ་གསོལ༔ མཁྱེན་བརྩེའི་རལ་གྲིས་དྲྭ་བ་གཅད་དུ་གསོལ༔ ཐུགས་རྗེའི་ལྕགས་ཀྱུས་འཁོར་བའི་གཏིང་མཐའ་དྲོངས༔ ཡེ་ཤེས་སྒྲོན་མེས་སྒྲིབ་གཡོགས་མུན་པ་སོལ༔ ཁྱེད་ཀྱི་ཀློང་དུ་ཀུན་ཀྱང་ཐིམ་པར་མཛོད༔ ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ འཁོར་ལོ་ཆེན་པོ་འཁོར་བའི་གཤེད༔ ཐབས་དང་ཤེས་རབ་གཉིས་མེད་ཀློང༔ རབ་འབྱམས་མཐུ་སྟོབས་བསམ་ལས་འདས༔ བདེན་པ་དེ་ཡི་བྱིན་རླབས་ཀྱིས༔ ཁྱོད་མཐོང་སྐད་ཅིག་རེག་པས་ཀྱང༔ སྲིད་པའི་མཚོ་ལས་སྒྲོལ་བར་ཤོག༔ སྦྱིན་སྟོབས་ཡོན་ཏན་འཕེལ་བ་དང༔ ཚུལ་ཁྲིམས་ངེས་ལེགས་ཐོབ་པ་དང༔ བཟོད་ཆེན་གོ་ཆ་བརྟན་པ་དང༔ རྣམ་གཡེང་འདུན་བྲལ་བརྩོན་འགྲུས་ལྡན༔ བསམ་གཏན་ཆེན་པོའི་ཏིང་འཛིན་གནས༔ ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག༔ ཐབས་མཆོག་བདེ་བའི་རོ་མྱང་ཞིང༔ སྟོབས་བཟང་སྟོང་ཉིད་སྙིང་རྗེའི་རྩལ༔ སྨོན་ལམ་ཀུན་རིག་ཡོངས་རྫོགས་ནས༔ ཡེ་ཤེས་ཕ་རོལ་མཐར་ཕྱིན་ཤོག༔ གཞིར་གནས་རང་བྱུང་ཡེ་ཤེས་དེ༔ སྒྲིབ་མེད་མངོན་སུམ་མཐོང་ནས་ནི༔ རྣམ་པར་རོལ་ཞིང་གོང་དུ་འཕེལ༔ ཞིང་ཁམས་ཡོངས་རྫོགས་གཏན་ལ་ཕེབས༔ བདེན་ཞེན་མཐོང་བྲལ་རྟོགས་པར་ཤོག༔ ཆོས་ཟད་བློ་བྲལ་ཆེན་པོའི་དབྱིངས༔ མུ་མཐའ་ཡས་པ་ཀུན་བཟང་ཀློང༔ གཞི་མེད་ལམ་སྟོར་འབྲས་བུ་ཡལ༔ བྱེད་སྤྱོད་བླང་དོར་གཉིས་འཛིན་བྲལ༔ ལ་འདས་ཡངས་པའི་དཀྱིལ་འཁོར་དུ༔ རྫུ་འཕྲུལ་སྟོབས་མཆོག་འགྱེད་པར་ཤོག༔ ཅེས་པའི་སྨོན་ལམ་གདབ་བྱ་ཞིང༔ འཁོར་ལོ་མེ་ལོང་ངོས་བསྟན་ལ༔ ཁྲུས་གསོལ་རང་གིས་དངོས་གྲུབ་བླང༔ སྤྱི་བོ་ལ་སོགས་གནས་ལྔར་བྱུགས༔ དེ་ཚེ་བདེ་གཤེགས་རིགས་ལྔ་དང༔ སངས་རྒྱས་རྣམས་ཀྱིས་དབང་བསྐུར་བསམ༔ ཕྱག་མཆོད་མཎྜལ་རོལ་མོ་འབུལ༔ འཁོར་ལོ་མཐོང་གྲོལ་ཨེ་མ་ཧོ༔ ས་མ་ཡ༔ བཞི་པ་ཆེ་བརྗོད་ཕན་ཡོན་ཡང༔ འཆད་དེ་སྙིགས་དུས་ལ་ལ་དག༔ མུ་ཅོར་རྩོད་པ་བྱེད་འབྱུང་བས༔ ལུང་གིས་རྒོལ་བ་བཅོམ་སྟེ་བཤད༔ འདི་མཐོང་ཙམ་གྱིས་གྲོལ་གྱུར་ན༔ ཉིད་རང་ད་དུང་ཅིས་མ་གྲོལ༔ ཅེས་སོགས་རྩོད་ལ་འདི་སོགས་སྦྱིན༔ དུས་གསུམ་སངས་རྒྱས་ཐམས་ཅད་ནི༔ ཐབས་མཁས་ཐུགས་རྗེ་རྨད་པོ་ཆེ༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི༔ བྱེ་བྲག་སྦྱོར་བ་དཔག་མེད་མཛད༔ མདོ་སྡེ་དཀོན་མཆོག་བརྩེགས་ལས་ཀྱང༔ རིག་སྔགས་སྨན་དང་མཁྱུད་སྤྱད་དང༔ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི༔ མཐུ་ནི་བསམ་གྱིས་མི་ཁྱབ་བོ༔ སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི༔ ཐབས་དང་ཏིང་འཛིན་རྫུ་འཕྲུལ་གྱི༔ སྤྱོད་ཡུལ་བསམ་གྱིས་མི་ཁྱབ་བོ༔ ཞེས་དང་བཀོད་པ་ཆེན་པོ་ལས༔ སེམས་ཅན་རྣམས་ནི་འདྲེན་དོན་དུ༔ ཕྱི་དང་ནང་དང་ཏིང་འཛིན་དང༔ དེ་བཞིན་སྦྱོར་བ་མང་པོ་ཡི༔ ཐབས་རྣམས་དུ་མ་ལ་བརྟེན་ཏེ༔ ཅེས་སོགས་མདོ་སྔགས་ཀུན་ནས་གྲགས༔ འདི་མཐོང་གྲོལ་བའི་ཐབས་རྣམས་ཀྱང༔ རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུ་ཡི༔ ཆ་ལ་བརྟེན་ནས་གྲོལ་འགྱུར་ཏེ༔ དཔེར་ན་པི་ཝང་རྒྱུད་མངས་ལས༔ སྣ་ཚོགས་སྙན་པའི་སྒྲ་སྒྲོག་པའི༔ སྒྲ་དེ་གཅིག་ལས་བྱུང་ངམ་ཅི༔ རྐྱེན་མང་ཚོགས་ལས་བྱུང་བཞིན་དུ༔ སེམས་ཅན་སངས་རྒྱས་སྙིང་པོ་ཅན༔ གྲོལ་བའི་སྦྱོར་བ་རྣམ་མང་གསུངས༔ དེ་ཕྱིར་མཐོང་གྲོལ་འདི་ཉིད་ཀྱང༔ གསང་སྔགས་བླ་ན་མེད་པ་ཡི༔ ཐབས་ཀྱི་སྦྱོར་བ་ཟབ་མོ་མཆོག༔ རྒྱུ་རྐྱེན་རྟེན་འབྲེལ་སྒྱུ་རྩལ་ལོ༔ དེ་སོགས་རྣམ་གྲངས་དུ་མ་ཡིས༔ རྩོད་པ་ཟློག་ཅིང་ཕན་ཡོན་ནི༔ དད་ལྡན་སྤྲོ་བ་བསྐྱེད་ཕྱིར་བཤད༔ འདི་ལ་སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་སོགས༔ སྙིང་པོ་སྐུ་གཟུགས་བཅས་པ་གང༔ མཐོང་ཐོས་རེག་པའི་ཆེ་བ་དང༔ ཕན་ཡོན་མདོ་རྒྱུད་དུ་མ་ནས༔ དཔག་ཏུ་མེད་པ་གསུངས་པའི་ལུང༔ བརྗོད་ཀྱིས་མི་ལང་ཤེས་པར་བྱ༔ ཁྱད་པར་གསང་སྔགས་ཡང་སྙིང་རྣམས༔ བྲིས་ཏེ་ཙཀྲ་ལ་བཀོད་ཅིང༔ རྟེན་འབྲེལ་ཟབ་མོའི་སྦྱོར་བ་དང༔ སྨོན་ལམ་བདེན་སྟོབས་བརྗོད་པས་ནི༔ དེ་ཡི་མཐོང་ཐོས་ཕན་ཡོན་རྣམས༔ གང་གི་རྡོ་རྗེའི་ལྗགས་ཀྱིས་ཀྱང༔ བཀླག་པར་ནུས་པ་མ་ཡིན་ན༔ གཞན་རྣམས་ཀྱིས་ནི་སྨྲོས་ཅི་དགོས༔ རྒྱུད་ཆེན་ཐལ་འགྱུར་ལས་གསུངས་པ༔ ཨེ་མ་གསང་སྔགས་མཐར་ཐུག་པའི༔ སྒྲུབ་པའི་རིམ་པ་གྲངས་མང་ཡང༔ གཙོ་བོ་རྣམ་པར་ཕྱེས་པ་ཡི༔ ཐབས་དང་ཤེས་རབ་མཆོག་ཏུ་ཟབ༔ ཅེས་པ་འདི་ཡང་ཐབས་མཆོག་ཡིན༔ གཞན་ཡང་འདི་སྐད་ཐལ་འགྱུར་ལས༔ ཟབ་མོའི་དོན་གྱི་སྒྲུབ་པ་ཉིད༔ མདོར་བསྡུས་ངེས་པར་དྲིལ་བ་ཡིན༔ དེ་ལ་ཐེ་ཚོམ་སུས་ཟ་བ༔ སངས་རྒྱས་ཉིད་ཀྱི་བཀའ་བཅག་གོ༔ དེ་ཕྱིར་ངེས་པར་འགྲུབ་པ་འོ༔ ཅེས་དང་ནོར་བུ་ཕྲ་བཀོད་ལས༔ ཡང་དག་གསང་སྔགས་ཚིག་གི་བདེན་པ་ཉིད༔ རང་གི་བློ་ཡི་སྣང་བའི་ཐེ་ཚོམ་ཐམས་ཅད་བསལ༔ འཁོར་བའི་སྡུག་བསྔལ་ལམ་ལས་གྲོལ་བ་འོ༔ ཞེས་སོགས་ལུང་ལས་མུ་མཐའ་ཡས༔ བྱེ་བྲག་སོ་སོའི་ཕན་ཡོན་ནི༔ ཉི་མ་མཐོང་གྲོལ་སྦྱོར་བ་ཡི༔ འོད་ཀྱིས་གར་ཁྱབ་འགྲོ་བ་རྣམས༔ མ་རིག་མུན་པ་སངས་ནས་ནི༔ ཤུགས་ཀྱིས་རྣམ་གྲོལ་འབྲས་བུ་འགྲུབ༔ ཟླ་བ་མཐོང་གྲོལ་དེ་བཞིན་ལས༔ ཁྱད་པར་ཉོན་མོངས་ཚ་གདུང་སེལ༔ བསིལ་བའི་ཡེ་ཤེས་མཆོག་ལ་སྦྱོར༔ ཆུ་བོ་ཆེན་པོའི་མཐོང་གྲོལ་གྱིས༔ ཆུ་ལ་གནས་པའི་འགྲོ་རྣམས་དང༔ ཆུ་དེ་གང་མཐོང་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས༔ ཐར་པའི་ལམ་སྣ་ཟིན་ནས་གྲོལ༔ རི་བོ་མཐོང་གྲོལ་རི་བོ་དེ༔ གང་གིས་མཐོང་དང་དེ་འབྲེལ་བ༔ ལས་སད་སངས་རྒྱས་ཞིང་ཁམས་སུ༔ རིམ་མམ་གཅིག་ཆར་བགྲོད་པར་འགྱུར༔ དེ་བཞིན་དབེན་གནས་མཐོང་གྲོལ་དེ༔ མཐོང་ཐོས་གནས་དེར་སུ་འཁོད་པ༔ ངང་གིས་སྒྲིབ་བྱང་ཤེས་རྒྱུད་གྲོལ༔ བདེ་ལེགས་ཡོན་ཏན་དངོས་གྲུབ་འབྱུང༔ འཁོར་ལོ་བཞུགས་པའི་གཙུག་ལག་ཁང༔ དེ་འཁོར་མཐོང་བའི་འགྲོ་བ་གང༔ བསོད་ནམས་ཡེ་ཤེས་ཚོགས་ཐོབ་ཅིང༔ འབྲེལ་ཚད་དོན་དང་ལྡན་པ་འོ༔ ཐུགས་རྟེན་མཆོད་རྟེན་མཐོང་གྲོལ་གྱིས༔ ས་འོག་ས་སྟེང་ས་བླ་རུ༔ འགྲོ་བ་སེམས་ཅན་དོན་ཆེན་འགྱུར༔ ཁྱད་པར་སེམས་ཀྱི་སྒྲིབ་པ་སྦྱོང༔ མི་གནས་ཡེ་ཤེས་ས་ལ་འགོད༔ གསུང་རྟེན་གླེགས་བམ་སུས་སྤྱོད་དང༔ དེ་མཐོང་ཆོས་དེ་ཐོས་པ་རྣམས༔ བླ་མེད་ཆོས་དོན་སྤྱད་སྤྱོད་ནས༔ ངག་སྒྲིབ་བྱང་ནས་རྣམ་པར་གྲོལ༔ སྐུ་རྟེན་མཐོང་གྲོལ་ལྷ་ཉིད་ཀྱི༔ ཐུགས་རྗེ་ཡེ་ཤེས་རླབས་གཡོས་ཤིང༔ མཐོང་ཐོས་འགྲོ་བའི་ལུས་སྒྲིབ་བྱང༔ གྲོལ་བ་འཁོར་བ་མཐའ་ཅན་འགྱུར༔ དཀྱིལ་འཁོར་མཐོང་གྲོལ་སུས་མཐོང་ཞིང༔ དེ་དང་གང་འབྲེལ་འགྲོ་བ་རྣམས༔ ཞིང་ཁམས་དག་པ་ཉིད་བགྲོད་དེ༔ ངེས་དོན་ས་ལ་དེ་བཞིན་གཤེགས༔ ཙཀྲ་བཞུགས་པའི་བུམ་པ་ལ༔ གང་འབྲེལ་སྨིན་བྱེད་དབང་ཐོབ་ནས༔ མཐོང་བ་ཙམ་གྱིས་གྲོལ་ཞེ་ན༔ རོལ་ན་དེ་བས་སྨྲོས་ཅི་དགོས༔ དེ་བཞིན་གཏོར་མ་མཐོང་གྲོལ་ལའང༔ མཐོང་དང་རེག་པས་འཚེངས་པ་སྟེ༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ ཐུན་མོང་མཆོག་དང་བཅས་ཏེ་གྲོལ༔ མེ་ཆེན་མཐོང་གྲོལ་ལས་སྦྱོར་གྱིས༔ རོ་ལ་སོགས་པ།་་་ཚིག་པ་གྱུར་གང་ངན་སོང་མེད༔ འདི་མཐོང་ཙམ་ཡང་སྒྲིབ་བྱང་ནས༔ ཡེ་ཤེས་བརྙེས་ནས་ངང་གིས་གྲོལ༔ དུད་པ་མཐོང་གྲོལ་སུས་བརྩམས་པ༔ གང་འབྲེལ་དུད་པས་ཁྱབ་པ་ཡི༔ འགྲོ་བ་བག་ཆགས་བཟང་པོར་འབྲེལ༔ ཐར་པའི་ས་བོན་བརྙེས་པ་སྟེ༔ དེ་ལ་བརྟེན་ནས་གྲོལ་བར་འགྱུར༔ ཙཀྲ་བཞུགས་པའི་དར་འཕན་ལ༔ རླུང་གིས་སྐྱོད་པའི་རླུང་དེ་ཡིས༔ གང་དུ་ཁྱབ་པའི་འགྲོ་རྣམས་ཀྱང༔ ཡོན་ཏན་དུ་བ་ལྟར་དང་མཚུངས༔ འོད་ལྡན་མེ་ལོང་མཐོང་གྲོལ་གྱིས༔ མེ་ལོང་འོད་གང་མཐོང་བ་ཡི༔ འགྲོ་རྣམས་དཔག་མེད་རྒྱལ་པོ་ཡི༔ ཞིང་དུ་སྐྱེ་བར་ཐེ་ཚོམ་མེད༔ ནོར་བུ་མཐོང་གྲོལ་སྦྱོར་ལྡན་པས༔ གང་གིས་བཅང་དང་མཐོང་བའང་རུང༔ དེ་འབྲེལ་འགྲོ་རྣམས་འཕགས་པ་ཡི༔ ནོར་བདུན་ཐོབ་ནས་གྲོལ་བར་འགྱུར༔ རྡོ་རིང་སྦྱོར་བའི་མཐོང་གྲོལ་གྱིས༔ དེ་འབྲེལ་འགྲོ་བ་དབུགས་ཕྱུང་སྟེ༔ བདེ་ཆེན་མཁའ་སྤྱོད་དག་པའི་ཞིང༔ ལས་རབ་རྫོགས་པར་ངེས་ལེགས་ཐོབ༔ ཡེ་ཤེས་མཁའ་འགྲོའི་མཐོང་གྲོལ་ནི༔ འཇིག་རྟེན་མཚན་ལྡན་མི་མོ་ལ༔ བསྟེན་པས་དེ་གང་མཐོང་བ་རྣམས༔ ཤེས་རབ་ཆོས་ཀྱི་གདིང་རྙེད་པའི༔ བག་ཆགས་བཞག་སྟེ་གྲོལ་བ་ཡིན༔ རྣལ་འབྱོར་མཐོང་གྲོལ་ལས་སྦྱོར་གྱིས༔ མི་དང་མི་མིན་ལ་སོགས་པའི༔ སྣང་བ་འགྱུར་ནས་མཐོང་གྲོལ་ཏེ༔ འཇིག་རྟེན་འཁྲུལ་རྟོག་ངང་གིས་འགག༔ དེ་ནས་ལས་བཟང་མཐུད་ནས་ཀྱང༔ དབང་པོ་གསུམ་གྱི་ཁྱད་པར་ལ༔ བརྟེན་ནས་གྲོལ་བ་སོམ་ཉི་མེད༔ ཁྱད་པར་འཁོར་ལོ་ཆེན་པོ་དེ༔ མཐོང་ཞིང་དད་པས་དབང་བསྐུར་བ༔ བྱིན་གྱིས་ཐང་ཅིག་བརླབས་པས་ཀྱང༔ བསྐྱེད་དང་རྫོགས་དང་རྫོགས་བྲལ་བའི༔ དེ་ཉིད་གདིང་ཆེན་ངེས་ཐོབ་ནས༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ གཞན་ཡང་མཐོང་གྲོལ་འཁོར་ལོ་དེ༔ གང་དུ་བཞུགས་པའི་ས་ཕྱོགས་དེར༔ སངས་རྒྱས་རྣམས་ཀྱིས་བྱིན་བརླབས་ཤིང༔ མ་མོ་མཁའ་འགྲོ་ལ་སོགས་དང༔ དམ་ཅན་ཆོས་སྐྱོང་སྤྲིན་བཞིན་གཏིབས༔ བཀྲ་ཤིས་བྱིན་ཆགས་དགེ་ལེགས་ཀྱི༔ ཡོན་ཏན་མཐར་ཐུག་འཕེལ་བ་དང༔ གང་གིས་བཅང་དང་མཆོད་བགྱིས་པ༔ གངྒཱའི་ཀླུང་གི་བྱེ་སྙེད་ཀྱི༔ སངས་རྒྱས་རྣམས་ཀྱི་ཡོན་ཏན་ཀུན༔ གང་ཟག་དེ་ལ་རྫོགས་པར་འགྱུར༔ ངེས་པར་ཡིད་གཉིས་བྲལ་བའི་མིས༔ མཁན་པོ་སྣང་བ་མཐའ་ཡས་དང༔ ཙཀྲ་དབྱེར་མེད་དམིགས་བྱས་ཏེ༔ མང་པོས་མཐོང་བའི་སྦྱོར་བ་གང༔ བྱས་པའི་སྐལ་བཟང་སྐྱེས་བུ་དེ༔ སྤྱན་རས་གཟིགས་དབང་ཉིད་ཐོབ་ཕྱིར༔ བརྩོན་འགྲུས་སྐྱེད་དོ་ཕྱི་རབས་བུ༔ གང་ཞིག་མཚམས་མེད་ལྔ་བྱས་པའི༔ འགྲོ་བ་དེ་ཡིས་འདི་བཅང་ན༔ རྣམ་སྨིན་གྲོལ་ནས་ཐར་ལམ་ཟིན༔ ཚུལ་ཁྲིམས་འཆལ་བའི་དགེ་སྦྱོང་གིས༔ འདི་འཆང་སྡོམ་པ་ཉིད་དང་ལྡན༔ དམ་ཚིག་ཉམས་པའི་སྔགས་པ་ཡིས༔ འདི་འཆང་དམ་ཚིག་སོར་ཆུད་དོ༔ གང་ཞིག་གདོན་གྱིས་ཟིན་རྣམས་ཀྱིས༔ འདི་འཆང་གདོན་གྱི་འཇིགས་ལས་གྲོལ༔ དེ་བཞིན་ཕ་རོལ་རིག་སྔགས་དང༔ ཕྱོགས་རྩུབ་གཟའ་སྐར་ངན་པ་དང༔ ས་རྡོ་ཤིང་གཉན་ཕྲུ་སློག་བརྐོ༔ གྲིབ་དང་མནའ་འདོན་ཉེས་པ་སོགས༔ ངན་དགུ་དུག་བཅུ་ཐམས་ཅད་ལས༔ རྣམ་པར་རྒྱལ་བ་སྨྲོས་ཅི་དགོས༔ དེ་ལྟར་མཆོག་དང་ཐུན་མོང་གི༔ དོན་འགྲུབ་ཡིད་བཞིན་འཁོར་ལོ་སྟེ༔ འབྲེལ་ཚད་དོན་ལྡན་མཐོང་གྲོལ་གྱུར༔ གསང་སྔགས་ཀུན་གྱི་ཐུགས་ཆེན་པས༔ གསང་སྔགས་སྤྱོད་པའི་རྣལ་འབྱོར་དང༔ སྔགས་ལ་མོས་པའི་གང་ཟག་ལས༔ ཐུན་མོང་ཆེད་དུ་ཀུན་ལ་མིན༔ མཆོག་དོན་ཆེད་དུ་ཕྱོགས་རིས་མེད༔ དེ་དོན་རྣལ་འབྱོར་པས་ཤེས་བྱ༔ ཀུན་ལ་གོང་དུ་བསྟན་པ་བཞིན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ བསྙེན་སྒྲུབ་གཏོར་མཆོད་བརྩོན་པར་གཅེས༔ ཙཀྲ་རབ་གནས་ལན་མང་བྱ༔ ཁྱད་པར་ལས་སྦྱོར་གང་ཡང་རུང༔ ཀུན་ལ་མངའ་གསོལ་རོལ་མོའི་སྒྲ༔ མཆོད་དབྱངས་ལ་སོགས་བརྩོན་པར་གཅེས༔ ཁྱད་པར་རྒྱལ་ཁམས་ཆེན་པོ་ཡི༔ རིམ་གྲོ་མཆོག་ཏུ་འདི་ཟབ་ཅིང༔ ཉེར་གཅིག་ལས་སྦྱོར་སུས་རྫོགས་པ༔ རབ་དེ་ཚེ་གཅིག་ལུས་གཅིག་གྲོལ༔ འབྲིང་པོ་བར་དོ་དང་པོར་གྲོལ༔ ཐ་མའང་སྐྱེ་བ་འདི་འཕོས་ནས༔ གཞན་བར་མ་ཆོད་བུདྡྷ་འོ༔ ཅི་ལྟར་སྐལ་བ་དམན་གྱུར་ཀྱང༔ ངན་སོང་གསུམ་དུ་ལྟུང་མི་སྲིད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་ཐབས་ཀྱི་ཁྱད་པར་ལམ༔ མཐའ་ཡས་ཙཀྲ་མཐོང་བ་ཡིན༔ འདི་ལས་ལྷག་པ་ཡོད་རེ་ཀན༔ དེ་ཕྱིར་གཅེས་པར་སྙིང་ལྟར་འཆང༔ མངའ་བདག་ཡབ་སྲས་ཐུགས་ལ་སྦོས༔ ད་ལྟ་སྤེལ་བའི་སྐབས་མིན་པས༔ ཡེ་ཤེས་མཚོ་རྒྱལ་ཡི་གེར་བྲིས༔ ཕྱི་རབས་དོན་དུ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ བརྡ་ཐིམ༔ ྀཨཚ༔ སངས་རྒྱས་གླིང་པའི་གཏེར་མའོ། །མངྒ་ལཾ།། །།

རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན་ (Volume 59, Text 31)

༄༅། །རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན་ཞེས་བྱ་བ། བླ་མ་ཀུན་བཟང་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །ཀ་དག་ཡུམ་དབྱིངས་ཀུན་ཁྱབ་བཻ་ཌཱུརྻ་ཡི་ས་གཞི་ལ། །ལྷུན་གྲུབ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་པ་མཛེས་པའི་ནང་། །རིག་པའི་སྙིང་པོ་ཀུན་ཏུ་བཟང་པོ་བླ་མའི་སྐུ་མཆོག་ལ། །འདུ་འབྲལ་མེད་པར་གུས་པས་ཕྱག་འཚལ་བཀའ་ཡི་གནང་བ་སྩོལ། །འགྲོ་ཁམས་བདེ་གཤེགས་སྙིང་པོའི་དྭངས་ཤེལ་ངོགས། །ཡེ་ཤེས་རང་གསལ་འོད་ཟེར་ལྔ་སྣང་བ། །མ་རིག་གཉིས་ཀྱིས་སྒྲིབ་པར་གྱུར་པ་གང་། །མན་ངག་ཉི་མའི་འོད་ཀྱིས་གསལ་བར་བྱ། །ཆོས་ཀུན་སྟོང་པ་ཆེན་པོའི་བུམ་པ་རུ། །ཡེ་ཤེས་སྐུ་ལྔ་གནས་པ་སྨིན་སླད་དུ། །བློ་གྲོས་ལྡན་རྣམས་འདི་ལ་མི་འཇུག་མེད། །དེ་ཕྱིར་བསམ་མི་ཁྱབ་འདི་སྟོན་ལ་སྤྲོ། །དེ་ཡང་མན་ངག་ཀུན་གྱི་མཐར་ཐུག་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པའི་ཐབས་ཚུལ། རྫོགས་པ་ཆེན་པོའི་ཡང་ཞུན་རྟགས་ཚད་ལོ་ཟླ་ཙམ་གྱིས་འབྱིན་པར་བྱེད་པ། སྣང་བཞིའི་ལམ་ཐོད་རྒལ་དུ་བགྲོད་པ་འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི། དང་པོ་ལྟ་བ་གཏན་ལ་འབེབ་པ་རྒྱས་པ་གཞན་དུ་བསྟན་ཀྱང་། འདིར་ཡང་མདོར་བསྡུ་ནི། ངེས་འབྱུང་གི་བསམ་པས་རྒྱུད་སྦྱངས། སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཞི་ཚུགས། བླ་སློབ་ཀྱི་རྟེན་འབྲེལ་བཟང་པོ་འཛོམས། བླ་མ་སངས་རྒྱས་དངོས་སུ་མཐོང་ནས་སྤྲོས་མེད་བཞིའི་དབང་ཐོབ་པའི་གང་ཟག་གནས་དབེན་པར་ཕྱིན་ལ་བསྒོམ་པ་ནི། ཨེ་མ་ཧོ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ གཞི་ནི་ཀ་དག་ཀུན་ཏུ་བཟང༔ ལམ་ནི་ལྷུན་གྲུབ་རྡོ་རྗེ་སེམས༔ འབྲས་བུ་རིགས་ལྔའི་སྙིང་པོ་ཅན༔ བྲི་གང་མེད་པར་བཞུགས་པ་ལ༔ རང་བྱུང་ཆེན་པོའི་ཡེ་ཤེས་རྩལ༔ རིག་དང་མ་རིག་དབྱེ་བ་ཡིས༔ འཁོར་འདས་རྒྱབ་གྱེས་གྱུར་པ་འོ༔ ཞེས་གསུངས་པས། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རིགས་ནི། ངོ་བོ་སྟོང་པ་ཀ་ནས་དག་པ་གཞི༵། རང་བཞིན་ལྷུན་གྲུབ་ཡེ་ཤེས་འོད་གསལ་རྡོ་རྗེ་སེམས་དཔའི་ལམ༵། འོད་གསལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཡེ་ཤེས་རིགས་ལྔ་འབྲ༵ས་བུའི་ཚུལ་དུ་འཕེལ་འགྲིབ་མེད་པར་གནས། སུས་ཀྱང་མ་བྱས་པའི་རང་བྱུང་ལྷུན་གྲུབ་འོད་གསལ་ཡེ་ཤེས་ཀྱི་རང་ངོ་རིག་ན་དག་པ་མྱང་འདས་དང་། མ་རིག་ན་གཞན་དུ་འཁྲུལ་པས་འཁོར་བར་འཁྱམས་པར་གསུངས་པ་ནི་གཞིའི་གནས་ལུགས་ཡིན་ལ། སྦྱང་བྱ་མ་རིག་གློ་བུར་གྱི་དྲི་མ་དེ། སྦྱོང་བྱེད་ཡང་དག་པའི་ལམ་ལ་ཞུགས་པ་ནི་འདི་ལྟ་སྟེ། ཨེ་མ་ཧོ༔ སེམས་ཉིད་མ་བཅོས་རྗེན་པར་བུད༔ ཆོས་སྐུ་ཟང་ཐལ་ཉིད་དུ་གནས༔ ཞེས་གསུངས་པས། སེམས་སྐྱེ་འགག་གནས་གསུམ་ལ་དཔྱད་པས་དངོས་པོ་མེད་པར་མཐོང་བ་དཔྱད་སྒོམ་དང་། འཇོག་སྒོམ་ནི། སེམས་ཉིད་སྐད་ཅིག་མའི་ཐོག་ཏུ་མ་བཅོས་པར་བཞག་པས་དངོས་པོ་གང་ཡང་མེད་པ་སྟོང་སང་ངེ་གསལ་ཝ་ལེ་མྱོང་རྒྱུ་ཡོད་པ། དེ་གཉིས་དབྱེར་མི་ཕྱེད་པ་སྨྲ་བརྗོད་ལས་འདས་པ་ཤར་བས་སེམས་འགག་རིག་པ་རྗེན་པར་བུད་པ་ཆོས་སྐུ་དེ་ཉིད་ཕྱི་ནང་གང་ལའང་འཛིན་མེད་ཟང་ཐལ་ལེ་བར་མཐོང་བ་ངོ་རང་ཐོག་ཏུ་སྤྲད་པའོ། །རོལ་པ་འགགས་མེད་ཤར་བ་རྣམས༔ ཆོས་ཉིད་རྒྱན་དུ་ཤེས་པར་བྱ༔ ཞེས་གསུངས་པས། དེའི་འཛིན་མེད་རང་གསལ་དུ་གནས་པའི་ངང་ནས་རྣམ་རྟོག་ཅི་ཤར་ཡང་ཆུ་དང་ཆུའི་རླབས་ལྟར་ཆོས་ཉིད་རོལ་པའི་རྒྱན་དུ་ངེས་པ་ཐག་གཅིག་ཐོག་ཏུ་གཅད་པའོ། །གདོད་ནས་གྲོལ་བའི་ངོ་མཚར་ཅན༔ རང་ཤར་རང་གྲོལ་ངང་དུ་བསྐྱང༔ ཞེས་གསུངས་པས། བཟང་ངན་གྱི་རྟོག་པ་ཐམས་ཅད་དགག་སྒྲུབ་མེད་པར་རང་བབ་ཏུ་བཞག་པས། སྐྱེས་མ་ཐག་ཆུ་ལ་རི་མོ་ལྟར་དབྱིངས་སུ་ཐིམ་པས་འཁྲུལ་རྟོག་ཡེ་ཤེས་སུ་གནས་གྱུར་པས་ཆེས་དཀའ་བ་མེད་པར་གྲོལ་བ་ལ་གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །དེ་ལྟར་སྔོན་འགྲོ་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་ནས། གཉིས་པ་དངོས་གཞི་ཐོད་རྒལ་གྱི་སྣང་བ་རྩལ་སྦྱོང་བ་ནི། གཞིའི་བཞུགས་ཚུལ་དང་ལམ་སྦྱོང་ཚུལ་གཉིས་ལས། དང་པོ་ནི། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞེས་དང་། ནང་དབྱིངས་ཤེལ་དང་འཇའ་ཚོན་བཞིན༔ ཞེས་གསུངས་པས། འགྲོ་བའི་སྙིང་དབུས་འོད་རྩའི་ནང་དུ་ཡེ་ཤེས་ཆེན་པོ་གནས་པ་ཡང་། ངོ་བོ་སྟོང་པ་དང་རང་བཞིན་ཐུགས་རྗེ་གསུམ་གཉིས་མེད་དུ་བཞུགས་པ་ཤེས་རབ་རང་བྱུང་གི་སྒྲོན་མ། རང་བཞིན་གསལ་བའི་རྩལ་ལས་འཇའ་འོད་ཀྱི་ཁང་པ་དབྱིངས་རྣམ་དག་གི་སྒྲོན་མ། དེའི་དབུས་སུ་ལྔ་ལྡན་འོད་ཀྱི་ཚོམ་བུ་རིགས་ལྔའི་ཆོས་ཅན་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ཐིག་ལྟ་བུ། མིག་གི་དབུས་ནས་རྐྱེན་གྱིས་འོད་སྣང་རྣམས་སྣང་བར་བྱེད་པའི་སྒོ་ནི་རྒྱང་ཞགས་ཆུའི་སྒྲོན་མ། དཔེར་ན་སྣང་དབྱིངས་ཤེལ་གྱི་དབུས་སུ་འཇའ་འོད་གསལ་བ་བཞིན་རང་གི་དབྱིངས་སུ་བཞུགས་པ་ལས་གཞན་དུ་མ་གྲུབ། གཉིས་པ་ལམ་སྦྱོང་ཚུལ་ནི། རྐྱེན་གྱིས་ཕྱི་རུ་ཤར་བ་ལ༔ གཉིས་མེད་ཟུང་འཇུག་ངང་དུ་བསྒོམ༔ ཞེས་པས་རྒྱང་ཞགས་སྒྲོན་མ་མིག་གི་སྒོར་རྐྱེན་གྱིས་ཤར་བ་ལ་གཉིས་འཛིན་རང་ངོ་མ་ཤེས་པ་འཁྲུལ་པ་ཡིན་ལ། དབྱིངས་རིག་དབྱེར་མེད་ཟུང་འཇུག་ཏུ་བསྒོམས་པས་ཡེ་ཤེས་རང་ངོ་འཕྲོད་ནས་སངས་རྒྱས་པར་བྱེད་པའི་མྱུར་ལམ་ཁྱད་པར་འཕགས་པའོ། །དེའི་ཚུལ་རྒྱས་པར་བཤད་ན། ཐོད་རྒལ་རིག་པའི་རྩལ་བསྐྱེད་པ༔ ཞེས་པས་ཁྲེགས་ཆོད་ཀྱི་དོན་རྟོགས་ནས་རྩལ་ཐོད་རྒལ་གྱིས་སྦྱང་བའམ་བསྐྱེད་པར་བྱ་བ་ལ། ལུས་གནད་སྐུ་གསུམ་བཞུགས་སྟངས་བཅས༔ ཞེས་པ་དབེན་པའི་གནས་སུ་བྱ་བ་དགུ་ཕྲུགས་སུ་བཏང་ལ། ཆོས་སྐུའི་བཞུགས་སྟངས་ལུས་སེང་གེ་ལྟར་འགྱིང་བའི་ལག་སོར་བསྐུམ་པ་རྐང་པ་མཐིལ་སྤྲད་པའི་དབུས་སུ་བཅུག་སྟེ་མིག་གྱེན་ལ་བལྟ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟར་ཁ་སྦུབས་ལ་པུས་བྲང་སྤྲད་ལ། གྲུ་མོ་གཉིས་ས་ལ་བཙུག །ཐལ་མོ་གཉིས་ཀྱིས་འགྲམ་པ་བརྟེན་ལ། མིག་ཟུར་ལ་བལྟ། མགྲིན་པ་ཨན་ཙམ་བཏེགས། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ། རྐང་མཐིལ་གཉིས་ས་ལ་སྦྱར་ནས་ལག་པ་པུས་མོའི་སྟེང་དུ་བསྣོལ། ཐལ་མོ་གཉིས་གྲུ་མོར་བཀབ་ལ་མིག་ཕབ་ལ་བལྟ། ངག་གནད་འགྲོ་འོང་དལ་བར་བསླབ༔ ཅེས་པ་རླུང་སྣ་ནས་མི་གཏོང་ཞིང་ཁ་ནས་དྲང་བ་ཕྱི་ནང་མཉམ་པ། ལས་དང་པོ་བས་ཅུང་ཟད་ནང་ལ་བསྡམས་པ་རྩོལ་བ་དྲག་པོ་མིན། མི་དགེའི་རྟོག་པ་སྐྱེ་བ་དང་སྙིང་མི་དགའ་བ་བྱུང་ན་རླུང་དྲག་པོ་ཕྱིར་འབུད་ཅིང་། ཕྱིར་ཨན་ཙམ་གཟུང་། སྒོ་གནད་ལྡོག་ཕབ་ཟུར་མིག་གིས༔ ཞེས་པ་ཆོས་སྐུའི་གཟིགས་སྟངས་གྱེན་ལ་གཙུག་ཏོར་རྣམ་པར་བལྟ་བ་ལྟ་བུ། ལོངས་སྐུའི་གཟིགས་སྟངས་ཟུར་ལ་བྲམ་ཟེས་སྨྱུག་མ་སྲོང་པ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ཕབ་ལ་དྲང་སྲོང་བསམ་གཏན་ལ་གནས་པ་ལྟ་བུའོ། །ཡུལ་གནད་ནམ་མཁའ་སྤྲིན་བྲལ་ལ༔ ཞེས་པ་ནམ་མཁའ་སྔོ་སངས་སུ་གྱུར་པ་དང་། ཉི་མ་རྩེ་ཤར་དང་ནུབ་ཁ་གཉིས་ཀྱི་ཟེར་ལ་གཏད་པ་འོད་གསལ་འཆར་སླ་བའི་དགོས་པ་ཡོད། ཕྱི་ནང་སྒྲོན་མ་བཞི་ལྡན་པས༔ ཞེས་པ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ༔ ཞེས་པས་ནང་དབྱིངས་ཀ་དག་ནམ་མཁའ་ལྟ་བུའི་རྩལ་ལས་བྱུང་བའི་རང་བྱུང་གི་དབྱིངས་ནི། ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ ཞེས་པས། ཤེས་རབ་ངོ་བོ་སྟོང་པ། རང་བཞིན་ཡེ་ཤེས་འོད་གསལ། ཐུགས་རྗེ་སྣ་ཚོགས་རང་གྲོལ། དེ་གསུམ་དབྱེར་མེད་རང་གི་རིག་པ་མ་བཅོས་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ། འོད་ཆེན་རྣམ་པར་སྣང་བར་བྱེད༔ ཅེས་པ། རང་བཞིན་གསལ་བའི་ཆ་ལས་སྙིང་ནང་དུ་འོད་ལྔའི་ཁང་པ་གཞི་དབྱིངས་རྣམ་དག་གི་སྒྲོན་མ། ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ལྔ་ལྡན་གྱི་ཚོམ་བུ་རིགས་ལྔའི་སྐུའི་ཆས་ཅན་ནི་ཐིག་ལེ་སྟོང་པའི་སྒྲོན་མ། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ཞེས་པ། མིག་གི་ཨ་འབྲས་དབུས་སུ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་སྒོ་རྒྱང་ཞགས་ཆུའི་སྒྲོན་མ། སྔགས་མཆོག་སྔགས་བདག་རིག་པའི་རྒྱལ༔ ཞེས་པས། སྔགས་མཆོག་བླ་མེད་རྣམས་ཀྱང་འདི་ལས་འཕྲོ་བའི་གཞི་རིག་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་མན་ངག་གི་རྒྱལ་པོ་ཨ་ཏི་རྫོགས་པ་ཆེན་པོ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད༔ ཅེས་པ་གསང་སྔགས་འདི་ཉིད་འཛིན་པའི་རྒྱལ་པོ་མྱུར་དུ་སངས་རྒྱས་པའི་དོན་ཆེན་བྱེད་པའི་ཐབས་ནི། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག༔ ཅེས་པས། གཙུག་ཏོར་རྣམ་པར་བལྟ་བའི་ཏིང་ངེ་འཛིན་ཏེ། ཆོས་སྐུའི་གཟིགས་སྟངས་སོགས་གནད་དུ་མས་འོད་གསལ་རང་མདངས་མཐོང་བས། གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞེས་པས། ཁམས་ཀྱི་ཡོན་ཏན་འོད་གསལ་གྱི་རང་མདངས་གཟི་བརྗིད་ཆེན་པོ་མཐོང་བས། མ་རིག་པའི་མུན་པ་བསལ་བར་བྱེད་པའོ། །དེ་ཡང་ནང་དབྱིངས་ཀྱི་གདངས་ལས་ཕྱིར་ཤར་བ་རྣམས་ལ་གདངས་ཀྱི་དབྱིངས་རིག་ཐིག་གསུམ་སོགས་སྒྲོན་མར་བཏགས་ཀྱང་དོན་གཞན་ནས་བྱུང་བ་མ་ཡིན་ནོ། །དབྱིངས་རིག་ཐིག་ལེར་རབ་གཟིར་ཏེ༔ ཞེས་གསུངས་པས། གཙོ་བོར་དྲང་སྲོང་བཞུགས་སྟངས་དང་། གཞན་གཉིས་གྲོགས་སུ་བརྟེན། ལྟ་སྟངས་ཀྱང་ཐུར་དུ་ཕབ་ལ་བལྟ་བར་བྱ། དེ་ཡང་མིག་མི་འགུལ་བར་ཡུལ་ལ་གློད་ནས་བལྟ་བ་གནད། ནམ་མཁའ་དྭངས་པའི་ནང་དུ་དཀར་ལང་ལོང་ཤར་བ། ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པ་ལྟར་ཡིན། དེ་ཡང་དཀར་ལང་ལོང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་ཁྱིམ་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ། ཁད་ཀྱིས་དྲངས་ལ་བལྟ། དཀར་ཤས་ཆེ་ན་གཡས་སུ་ལྡོག །སེར་ཤས་ཆེ་ན་གྱེན་ལ། ལྗང་ཤས་ཆེ་ན་གཡོན་ལ་ལྡོག །དམར་ཤས་ཆེ་ན་ཐུར་དུ་དབབ། མཐིང་ཤས་ཆེ་ན་དབུས་སུ་དྲིལ། ལྔ་ལྡན་སྙོམས་པར་གསལ་ན་གཟིགས་སྟངས་གང་ཟབ་ལས་མི་གཡོ། ཉི་མའི་འོག་ཁྲུ་གང་ལ། ཆོས་སྐུའི་གཟིགས་སྟངས་བལྟས་པས་དབྱིངས་འོད་ཁྱིམ་དུ་རིག་པ་གསེར་གྱི་ཐག་པ་ལྟ་བུའི་བར་ཐིག་ལེ་ཤིན་ཏུ་ཕྲ་བས་བརྒྱན་པ་ཤར་བ། ལོངས་སྐུའི་གཟིགས་སྟངས་ཇེ་རིང་དུ་ཁྲིད་ལ་ཐུར་དུ་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཡུན་རིང་པོར་བསྐྱང་། མི་བརྟན་འཕྲལ་དུ་ཡལ་ན། དང་པོ་ཉི་མའི་ཟུར་དུ་ཡུན་རིང་པོར་གཏད་ལ། དེ་ནས་ཁྲིད་དོ། །དེའི་ཚེ་ལུས་བཞུགས་སྟངས་ཀྱིས་མི་འགུལ། ངག་མི་སྨྲ། རིག་པ་མ་ཡེངས་པར་བལྟ། སྔ་དྲོ་ཉི་མའི་གཡོན་དུ་ཁྲིད་ནས་དལ་ཅིག་གཞག །དེ་ནས་ལྷོ་ལ་ཁྲིད། དེ་ནས་ནུབ་ཏུ་ཁྲིད། དེ་བཞིན་དུ་དགོང་མོ་བྱང་ལ་ཁྲིད། དེ་ལྟར་འབད་པས་དང་པོ་སྨིན་མའི་སྟེང་ནས་ཤར། དེ་ནས་སྨིན་མཚམས་ལས་བྲལ་ནས་མདུན་ཐད་དུ་ཟ་འོག་བཀྲམ་པ་ལྟར་ཤར། དབྱིངས་རིག་ཐིག་གསུམ་ཕྱི་ནང་ངེས་མེད་ཆལ་ཆོལ་དུ་འཆར། དེ་ནས་དབྱིངས་ཀྱི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེར་བཅས་པར། དབྱིངས་ཀྱི་དོ་རར་རིག་པ་ཆུད། །ཅེས་བྱ་བའོ། །དེ་ནས་དབྱིངས་ཁྱིམ་ཁྲུ་གང་བ། ཐིག་ལེ་མཐེ་བོང་ཙམ་གཉིས་སྦྲེལ་གསུམ་སྦྲེལ་འོད་ལྔའི་མུ་ཁྱུད་ཅན། རིག་པ་རྡོ་རྗེ་ལུ་གུ་རྒྱུད། མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་ལྟ་བུ་འཆར་བས། དེ་ལྟར་ཕྱི་འོད་ལྔ་སོགས་དབྱིངས་རིག་གདངས་ལ་བལྟས་པས་ནང་གི་དུག་ལྔའི་རྟོག་པ་རང་གྲོལ་རིག་པ་འོད་གསལ་སྤྲོས་བྲལ་གྱི་ངང་དུ་གནས་པས། ཁམས་ཀྱི་ཡོན་ཏན་གྱི་ཆ་སྣང་ཞིང་སངས་རྒྱས་སུམ་སྟོང་གི་འོད་ཟེར་མཐོང་བའོ། །དེ་ཡང་རྩ་བཟང་བ་ལ་ཐོག་མར་ལྷ་སྐུ་ཤར་བ་དང་། རྩ་ངན་པ་ལ་སྦྱངས་སྦྱངས་པའི་མཐར་དབྱིངས་རིག་ཐིག་གསུམ་ཙམ་ཤར་བ་གཉིས་དོན་ལ་འདྲ། དུས་རིང་ཐུང་གང་ཡིན་ཀྱང་རིམ་པར་སྣང་བཞི་རྫོགས་པ་མཆོག་གོ །སྐུ་གསུམ་ལམ་སྣང་མཚོན་བྱས་ནས༔ ཞེས་པ་དབྱིངས་ཆོས་སྐུ། ཐིག་ལེ་ལོངས་སྐུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྤྲུལ་སྐུར་མཚོན་ཅིང་། ཉིན་མཚན་འབྲལ་མེད་ཉམས་བླངས་པས༔ ཆོས་ཉིད་དག་པའི་སྣང་བ་འཆར༔ ཞེས་གསུངས་པ། ཉིན་མོ་ཆོས་སྐུའི་རྟེན་ཉི་མ། མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་གཏད་པས། མིག་གི་ཚད་པ་འཕེལ་བ་གྲང་བས་སྙོམས་ཤིང་། སྤྲུལ་སྐུའི་རྟེན་སྒྲོན་མེའི་དཀྱིལ་ནས་ཟུར་དུ་ཁྲིད་ལ་བལྟས་པས་ཉིན་མཚན་གྱི་འཁྲུལ་རྒྱུན་གཅོད་ཅིང་སྐུ་གསུམ་དུ་དག་པའི་དགོས་པ་ཡོད། དེ་ལྟར་བརྩོན་པས་ཇེ་ཞིག་ན་ཉི་མ་སོགས་རྟེན་མེད་པར་འོད་སྣང་འཆར་ཞིང་། མཚན་མོ་གཉིད་པའི་སྐབས་སུ་ཐོད་རྒལ་གྱི་སྣང་བ་འཆར་བ་འོད་གསལ་གྱི་སྣང་བ་ཟིན་པ་འོང་། ཆོས་ཉིད་ཡིད་དཔྱོད་ལ་མ་ལུས་པ་འོད་གསལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་གྱུར་པ་ཆོས་ཉིད་མངོན་སུམ་མཐོང་བ་ཞེས་བྱའོ། །དེ་ཚེ་ཕྱེད་སྐུ་ལ་སོགས་པའི༔ ཉམས་སྣང་གོང་དུ་འཕེལ་བ་དང༔ ཞེས་གསུངས་པས། དེ་ཡང་གླང་པོའི་བཞུགས་སྟངས་དང་། ལོངས་སྐུའི་གཟིགས་སྟངས་གཙོ་བོར་བརྟེན་ལ་རྩེ་གཅིག་ཏུ་སྦྱངས་པས་ཐིག་ལེ་འོད་ཀྱི་མུ་ཁྱུད་མང་པོའི་དབུས་དཀར་སེར་དམར་ལྗང་མཐིང་ག་གང་རུང་གིས་ཁྱབ་པའི་དབུས་སུ་ཁ་དོག་མི་འདྲ་བའི་པདྨ་འདབ་མ་བཞི་མཐོང་ཞིང་། ཐིག་ལེ་ལག་མཐིལ་ཙམ་པ་སོགས་འཆར། འདི་སྐབས་བར་ཆོད་ན་སྤྲུལ་སྐུའི་ཞིང་དུ་སངས་རྒྱས། དབྱིངས་སྣང་རེ་ལྡེ། ཀ་བ་བཞི་མིག་གི་ཁྱོན་ཙམ་དུ་མཆེད་དུས། རྩིབས་ཤར་ལ་མདུན་དུ་དྲིལ། གྱེན་འགྲེང་ལ་ཐུར་ཕབ། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་གྱེན། གྲུ་གསུམ་ལ་ཐུར། ཡེ་ཤེས་ལྔའི་མཁར་ཐབས་ལ་མཉམ་པར་བལྟའོ། །དེ་ནས་དབྱིངས་ཁྱིམ། ལུང་པ་དང་ཡུལ་ཁམས་གང་བ་སོགས་འཆར་ཞིང་། ཐིག་ལེ་འོད་ལྔས་བསྐོར་བ་དུ་མ་དང་། རིན་པོ་ཆེའི་དྲྭ་ཕྱེད་པདྨ་སྟོང་ལྡན་གཞལ་ཡས་ཁང་། དེ་ནས་སྐུའི་རྣམ་པ་ཕྱེད་གཟུགས་སོགས་འཆར་བས། འདིའི་དུས་སུ་ཉིན་སྣང་མཚན་སྣང་འདྲེས་པས་བར་དོར་ལོངས་སྐུར་སངས་རྒྱས་པ་ནི་ཉམས་སྣང་གོང་དུ་འཕེལ་བའོ། །བདེ་གཤེགས་རིགས་ལྔའི་སྐུ་ཤར་ནས༔ བསམ་ཡས་དཀྱིལ་འཁོར་རབ་མཐོང་བ༔ རིག་པ་ཚད་ལ་ཕེབས་པའི་རྗེས༔ ཞེས་པས། དབྱིངས་ཁྱིམ་ནམ་མཁའ་མཉམ་པ་ཐིག་ལེ་ལྔ་ཚོམ་གྱི་དབུས་རྣམས་སུ་པདྨའི་དབུས་སུ་རིགས་ལྔའི་སྐུ་ཤར་བ་ནས་གཟུང་བསམ་ཡས་ཀྱི་དཀྱིལ་འཁོར་ཤར་ནས་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་གི་སྙིང་གར་ཟུག །རང་གི་ལུས་ཀྱང་འོད་ཀྱི་རང་བཞིན་སོར་མོ་ཙམ་ལས་གདོས་བཅས་མེད་པ་ན་རིག་པ་ཚད་ལ་ཕེབས་པའོ། །ཆོས་སྐུའི་སྣང་བ་མངོན་སུམ་དུ༔ ལམ་བྱེད་ཚེ་འདིར་མངོན་སངས་རྒྱས༔ ཞེས་པས་ཕྱིའི་སྣང་བའི་འཕེལ་ཟད། ནང་གི་གདོས་བཅས་ཀྱི་སྣང་བ་མེད། རླུང་གི་གཡོ་བ་ཟད། དེ་ལྟར་གཟུང་འཛིན་གྱི་རྟོག་པ་ཟད་ནས་ཆོས་ཉིད་ཟད་པའོ། །གསུམ་པ་རྗེས་རྟགས་ཚད་འབྲས་བུ་བསྟན་པ་ནི། རྗེས་ནི་མི་འགུལ་སྡོད་པ་སོགས༔ ཆོས་ཉིད་དགོངས་པས་གཟེར་གདབ་པས༔ ཚེ་འདིར་སྐུ་དང་ཡེ་ཤེས་རྙེད༔ ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད༔ ཅེས་གསུངས་པས། མི་འགུལ་བ་གསུམ་གྱི་གཞི་བཅའ་བ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བ་མ་བཅོས་པར་བཞག །དེ་ལྟར་བསྒོམས་པས། སྡོད་པ་གསུམ་གྱི་ཚད་གཟུང་བ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་ཤར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། དེ་ཚེ་རྟགས་ལུས་ལ་འཆར། ཚད་རྨི་ལམ་གྱིས་གཟུང་བ་ལ། དང་པོ་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག །བར་དུ་རྨི་ལམ་ཟིན། མཐར་རྨི་ལམ་འོད་གསལ་གྱི་དབྱིངས་སུ་ནུབ་པ་སོགས་འདིའི་ཚུལ་རྒྱས་པ་ལོགས་སུ་ཤེས། ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་ལུས་སུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་ཉོན་མོངས་ཡེ་ཤེས་སུ་གྲོལ། གདེང་བཞི་ནི། ཡར་སངས་རྒྱས་ཐོབ་པའི་རེ་བ་དང་། མ་ཐོབ་པའི་དོགས་པ་མེད། མར་འཁོར་བར་མི་ལྟུང་བའི་རེ་བ་དང་། ལྟུང་གི་དོགས་པ་མེད་པའོ། །མདོར་ན། སྣང་བ་དང་ནི་མཆེད་པ་དང༔ ཚད་དུ་ཕེབས་དང་ཟད་པ་ཡིས༔ ཀུན་བཟང་དགོངས་པ་རྫོགས་པ་འོ༔ ཞེས་པས། ཆོས་ཉིད་དག་པའི་སྣང་བ་ཚོགས་ལམ། ཉམས་སྣང་གོང་འཕེལ་སྦྱོར་ལམ། རིག་པ་ཚད་ཕེབས་མཐོང་ལམ་དང་སྒོམ་ལམ། ཆོས་ཉིད་ཟད་པའི་མཐར། སློབ་པའི་ལམ་རྫོགས་པ་སྟེ། ས་རིམ་ཡང་ཀུན་མཁྱེན་ཀློང་ཆེན་པས། འདི་ལྟར་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །མཐོང་སྒོམ་ལམ་གྱུར་རིག་པ་ཚད་ཕེབས་སུ། །ཉོན་ཡིད་ལྡོག་པས་འཁོར་བའི་མྱ་ངན་བརྒལ། །བརྒྱད་པར་ཡིད་ཤེས་ལྡོག་པས་མི་རྟོག་ཐོབ། །སྒོ་ལྔའི་རྣམ་ཤེས་ལྡོག་པས་ཞིང་ཁམས་དག །བཅུ་པར་ཀུན་གཞིའི་རྣམ་ཤེས་ལྡོག་པ་ཡིས། །ཡེ་ཤེས་ཕ་རོལ་ཕྱིན་མཆོག་གཟུངས་སྤྲིན་ལྡན། །ཟད་པའི་སར་རྫོགས་རྒྱུན་མཐའི་སྐད་ཅིག་ལ། །སློབ་ལམ་ལྡོག་པས་ཀུན་གཞིའི་བག་ཆགས་ཀྱི། །ས་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཆོག །རབ་ཏུ་ཐོབ་པས་དྲི་མ་ཀུན་དང་བྲལ། །དེ་ཕྱིར་སྣང་བ་བཞི་ལྡན་ལམ་གྱི་མཆོག །མ་ལུས་རྫོགས་ནས་བྱང་ཆུབ་སྙིང་པོར་གྲོལ། །ཞེས་གསུངས་པས། ས་བརྒྱད་པར་མི་རྟོག་ཐོབ་པས་ངག་རྗེས་སུ་ཟློས་པ་སོགས་རྫོགས་ཆེན་རྒྱུད་ལུང་མན་ངག་དགོངས་པ་ལུང་རིགས་ཚད་མས་གྲུབ་པའོ། །མཐར་ཐུག་གི་འབྲས་བུ་མི་སློབ་པའི་ས་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ནས་སྤྲུལ་པའི་ཕྲིན་ལས་ཀྱི་འགྲོ་དོན་རྒྱུན་མི་ཆད་པའོ། །དེ་ཡང་སོར་མོ་ཙམ་ལས་མི་སྣང་སྐབས། སོར་མོ་ལ་གཏད་ནས་བསྒོམས་པས་བི་མ་ལ་དང་པདྨ་འབྱུང་གནས་ལྟ་བུ་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པར་གསུངས་སོ། །འདི་ལྟར་ཆོས་ཉིད་དག་པའི་སྣང་བ་ནི་ངོ་སྤྲོད་དངོས་ཡིན་པས་ཞིབ་ཆ་དང་། ཉམས་སྣང་གོང་འཕེལ་ནི་ལམ་རྟགས་ཡོན་ཏན་ཡིན་ཕྱིར་ཅུང་ཟད་རྒྱས་སྤྲོས། རིག་པ་ཚད་ཕེབས་ཕྱོགས་ཙམ་དང་། གཞན་རྣམས་ཟུར་ཙམ་བཤད་པ་ནི་གནད་དུ་འདྲིལ་བ་ཡིན་ནོ། །ཆོས་ཉིད་དག་སྣང་དང་། ཉམས་སྣང་གོང་འཕེལ་གྱི་སྐབས་བར་ཆད་བདུད་ཀྱི་རྟགས་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་སྟོན་པ་འབྱུང་ཡང་རང་རྒྱུད་ཆོས་དང་ཇེ་འགལ་དུ་སོང་ན་བདུད་ཀྱི་བར་ཆད་ཡིན་པས་ཡི་དམ་ཁྲོ་བོའི་སྒོམ་བཟླས་བྱ། འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱིས་ཡུན་རིང་མ་བསྒོམ་ཡང་ལྷ་སྐུ་མང་པོ་ཤར། ཏིང་ངེ་འཛིན་དང་ཤེས་རབ་གློ་བུར་དུ་རྡོལ་བ་བྱུང་ན་བཅོས་པའི་ཐབས་མན་ངག་ལྟར་བྱ། གསང་བ་མི་འགྱུར་བའི་རྟགས། ལུས་ཤིང་བལ་ལྟར་ཡང་། དབུགས་རྒྱུ་བ་མི་ཚོར། སེམས་བདེ་བ་ཆེན་པོར་གནས་པ་རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས། ལུས་གཞོན་ཤ་ཆགས། སྐད་གདངས་སྙན། ལུས་སྤྲུལ་བསྒྱུར་སྣ་ཚོགས་སུ་མཐོང་བ། རང་གིས་མི་མཐོང་ལ་གཞན་གྱིས་མཐོང་བའི་རྟགས། སེམས་ལ་གང་དྲན་གྱི་རྟེན་འབྲེལ་བྱས་པས་གཞན་ལ་ཕན་ཐོགས་པ། མངོན་ཤེས་སོགས་རང་གཞན་གཉིས་ཀས་མཐོང་བའི་རྟགས་བྱུང་ཡང་དགའ་བྲོད་མི་བྱའོ། །གཞན་ཡང་ཆོས་ཉིད་དག་པའི་སྣང་བ་རྫོགས་པའི་སྐབས་མ་བསླབ་པར་ཤེས་རབ་ཀློང་རྡོལ་བས་རིམ་པར་འཆར་ཚུལ་རྣམས་ཤེས་ཤིང་། ཁྱད་པར་ཉམས་སྣང་གོང་འཕེལ་གྱི་སྐབས་སྤྱན་དང་མངོན་ཤེས་འཆར་བས་རིམ་པར་ལམ་རྟགས་རྣམས་ཤེས་པར་འགྱུར་ལ། ཤེས་རབ་ཆེ་རིམ་བཞིན་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་རྣམས་ལ་ཐོགས་མེད་དུ་འཇུག་པས་འདིར་དེ་ཙམ་མོ། །གཞན་དུ་རིག་པའི་རྟོགས་ཚད་བསྟན་ཀྱང་ཡུད་ཙམ་ནས་འགྱུར་བས་རྟག་མི་ཐུབ། སྣང་བའི་འོད་གསལ་འདི་རིམ་གྱིས་པས་རྟག་ཐུབ་པའོ། །ཉམས་སྣང་གོང་འཕེལ་ཚད་དུ་ཕྱིན་པས་ཉིན་མཚན་འདྲེས་ནས་འོད་གསལ་འཆར་བས་འཁྲུལ་པ་རྒྱུན་ཆད། འཁོར་བ་མྱང་འདས་སུ་གྲོལ། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་འཁོར་བར་རང་དབང་མེད་པར་མི་སྐྱེ། བདེ་གཤེགས་སྙིང་པོའི་ཡོན་ཏན་གྱི་སུམ་ཆ་མཐོང་། རིམ་པར་རིག་པ་ཚད་ལ་ཕེབས་པས། སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་མཐོང་ཞིང་། དེ་ནས་སྟོང་ཁྲི་བྱེ་བ་སོགས་ཀྱི་ཡོན་ཏན་ཐམས་ཅད་ཚེ་འདིར་འབྱུང་བས། ཐབས་ཟབ་མོ་འདི་ཡལ་བར་མ་དོར་བར་རྩེ་གཅིག་ལ་ཉམས་སུ་ལེན་པར་གྱིས། ཞེས་པ་རང་གི་བརྒྱུད་འཛིན་རྣམས་ཀྱིས་ཉམས་བཞེས་ཆེད་དང་། ཉེ་བར་དགེ་བའི་བཤེས་གཉེན་བླ་མ་ངེས་དོན་གྱིས་གསུང་ངོར་འོག་མིན་མཚུར་གྱི་གདན་སར་རྫོགས་ཆེན་པ་མཆོག་གྱུར་གླིང་པས་བྲིས་པ་འབྲེལ་ཚད་སྣང་བཞི་མཐར་ཕྱིན་ནས་སྐུ་བཞིའི་གོ་འཕང་ཐོབ་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་ (Volume 49, Text 31)

༄༅། །གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་རིག་འཛིན་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །གཤིན་རྗེའི་གཤེད་དུ་རབ་ཁྲོས་ཁྲག་འཐུང་རྒྱལ། །རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་ཆེན་པོ་དེ། །རིགས་ཀྱི་བདག་པོར་བསྟེན་ནོ་བྱིན་གྱིས་རློབས། །གསང་ཆེན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །ཐམས་ཅད་མཁྱེན་པ་བླ་མེད་རྡོ་རྗེ་རྩལ། །བཀའ་དྲིན་མཉམ་མེད་ཟུར་ཆེན་པདྨ་དབང་། །དེང་ནས་བྱང་ཆུབ་བར་དུ་སྙིང་དབུས་བཞུགས། །འགྲོ་རྣམས་འཆི་བདག་བདུད་སྡེའི་གཡུལ་ངོ་ལས། །རྣམ་པར་རྒྱལ་བྱེད་ཟབ་དོན་ཆོ་གའི་ཁྲིགས། །གབ་སྦས་མངོན་ཕྱུང་ལེགས་པར་འཆད་པ་ལ། །བཀའ་སྲུང་དམ་ཅན་ཚོགས་ཀྱིས་གནང་བ་སྩོལ། །དེ་ལ་འདིར་བྱང་གཏེར་སྙིང་མཛོད་སྨུག་པོ་ནས་བྱོན་པའི་འཆི་བདག་ཟློག་བྱེད་ སྟོབས་ཆེན་གྱད་ཀྱི་འཁོར་ལོའི་ཆོ་ག་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཁྲིགས་སུ་བྱ་བ་ལ། སྤྱིར་ན་གཤིན་རྗེ་འཆི་བདག་ཟློག་བྱེད་ཆོ་ག་འདི་ལ་རང་ལུགས་ཀྱི་རྗེས་འཇུག་ཐོས་ཆུང་འགས་ཐུགས་སྒྲུབ་ཀྱི་ཆོས་ཚན་ཉེར་ལྔའི་ནང་ཚན་ཡིན་པར་སྨྲ་ཡང་ཐེམ་བྱང་དུ་མི་གསལ་ཞིང་། ཁྱད་པར་སྙིང་མཛོད་ནས་བྱོན་པས་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཆ་ལག་ཁོ་ནར་གཏོགས་ལ། འོན་ཀྱང་གཏེར་ཁ་འདི་ཁའི་སྦས་བྱང་གུ་རུ་རིན་པོ་ཆེ་ཉིད་ཀྱི་གསུང་ལས། ཕྱི་ཡི་འཆི་བདག་གཤིན་རྗེ་དེ༔ གྱད་ཀྱི་མན་ངག་འདི་ཡིས་བཟློག༔ ནང་གི་དབང་པོ་སྲོག་གི་རྟེན༔ བཅུད་ལེན་རྫས་དང་སྨན་གྱིས་གསོ༔ གསང་བ་ཚེ་ཡི་དྭངས་མ་དེ༔ བསྐྱེད་རིམ་དབང་དང་རླུང་གིས་གསོ༔ ཞེས་གསུངས་པའི་ཚེ་སྒྲུབ་ཀྱི་སྐོར་ལས་འཕྲོས་ཏེ། རྫོགས་ཆེན་ཁོ་ན་དང་འབྲེལ་བའི་སྙན་བརྒྱུད་འཆི་མེད་འོད་སྣང་དང་། རྫོགས་ཆེན་དང་། ཐུགས་སྒྲུབ་ཀྱི་ཆོས་ཚན་ཉེར་ལྔའི་དགུ་པར་ཉིས་འགྲོ་ཚེ་དཔག་མེད་ལོངས་སྐུ་མའི་སྐོར་སོགས་ཤུགས་ལས་བསྟན་པར་ཤེས་དགོས་སོ། །དེ་ལྟ་བུའི་གདམས་པ་ཁྱད་པར་ཅན་འདི་ཉིད་བྱུང་བའི་ལོ་རྒྱུས་ངོ་མཚར་ཅན་གཏེར་གཞུང་ཉིད་ཀྱི་སྐབས་ལས་བྱུང་བ་ལྟར་དང་། ཁྱད་པར་འཆི་བདག་གིས། དེ་རིང་གཤིན་རྗེའི་གྲོང་ཁྱེར་དུ༔ ང་ཉིད་ཁྱོད་ཀྱིས་བཟློགས་གྱུར་ཏེ༔ མ་འོངས་བསྐལ་པ་ཐ་མ་ལ༔ ང་ཉིད་བཟློག་པ་སུ་ཞིག་ཡོད༔ དམ་ཚིག་ཆེན་པོ་བརྩེར་དགོངས་ལ༔ ང་དང་ང་ཡི་འཁོར་རྣམས་ཀུན༔ རྫས་དང་རྟེན་འབྲེལ་གནད་བཅིངས་ལ༔ ཟློག་པའི་ཆོ་ག་མཁས་པར་མཛོད༔ ཕྱི་རབས་ཁྱོད་ཀྱི་བཀའ་ཉན་པས༔ བྱང་ཆུབ་སེམས་བསྐྱེད་རྒྱ་ཆེན་བྱ༔ ལོ་ཟད་ཟླ་ཟད་གཤིན་རྗེའི་དུས༔ བཟློག་ན་འཇིག་རྟེན་ཀུན་ལ་ཕན༔ སེམས་བསྐྱེད་རྒྱ་ཆེན་མེད་གྱུར་ཀྱང༔ སྔགས་དང་ཕྱག་རྒྱ་རབ་ལྡན་ན༔ རང་རང་གང་བྱེད་འཆི་བ་བསླུས༔ ཨེ་མ་ངོ་མཚར་ཆེན་པོ་ཉིད༔ འཆི་བདག་ཟློག་པའི་ཆོ་ག་མཛོད༔ ཅེས་གླེང་བསླང་བ་ལ། སླར་ཡང་སློབ་དཔོན་ཆེན་པོས། ཡ་མ་འཆི་བདག་ནག་པོ་ཁྱོད༔ རང་གི་དམ་ཚིག་དེ་སྨྲས་ན༔ འཆི་བདག་གཤིན་རྗེ་ཟློག་པའི་ཐབས༔ ཁྱོད་ཀྱིས་ལེགས་པར་སྟོན་པར་གྱིས༔ ཞེས་སོགས་བཀའ་བསྩལ་པར་བརྟེན། འཆི་བདག་རང་གིས་དེ་ལྟ་བུའི་ཚུལ་རྒྱས་པར་སྨྲས་པའི་གདམས་པ་དངོས་ལ་ནང་གསེས་ཀྱིས་དབྱེ་ན་འཆི་བ་བསླུ་བ་དང་། ཟློག་པ་གཉིས་ལས། དང་པོ་འཆི་བསླུ་ནི། འཆི་བདག་རང་གིས་སློབ་དཔོན་ཆེན་པོའི་སྤྱན་སྔར་དམ་བཅས་ཏེ་སྨྲས་པ་ལས། ལོ་ཟད་ཟླ་ ཟད་གཤིན་རྗེའི་དུས༔ འབྱུང་བ་ལྔ་ཡི་ས་བོན་བྲིས༔ ཁམ་ས་ནག་པོའི་གྭ་འུར་གཞུག༔ ཅེས་སོགས་ནས། དེ་ཉིད་རང་གི་མཛོད་དུ་སྦོས༔ ཞེས་པའི་བར་གྱི་བཤད་པའི་རྩ་ཚིག་ལས། ཨོ་རྒྱན་ཆེན་པོའི་མན་ངག་གི་དོན་འགྲེལ་དུ། གཤིན་རྗེ་ཟློག་པའི་ཆོ་ག་སྟོབས་ཆེན་གྱད་ཀྱི་འཁོར་ལོ་བསྟན་པར་བྱ་སྟེ༔ རས་སམ་རྒྱ་ཤོག་ལ་ཕྱི་ཡི་འབྱུང་བ་ལྔ་རིམ་བཞིན་བྲིས་ཏེ༔ ཞེས་སོགས་ནས། མཛོད་ཕུག་ཏུ་སྦའོ༔ ཞེས་གསུངས་པའི་བར་ལྟར་བླ་མ་བརྒྱུད་པའི་ཕྱག་བཞེས་བཞིན་ལག་ཏུ་ཁེལ་ངེས་པས་ནམ་དགོས་ཀྱི་ཚེ་འབྱུང་བ་ལྔའི་འཁོར་ལོ་དང་། རྫས་སྣ་ཚང་བའི་གཟུགས་བརྙན་སོགས་ཚུལ་བཞིན་དུ་སྦས་ཏེ་མཛོད་དུ་སྦས་པས་དོན་གྲུབ་པར་འགྱུར་རོ། །གཉིས་པ་འཆི་བདག་ཟློག་པ་ལ་ཡང་རྩ་འགྲེལ་གཉིས་ལས། རྩ་བ་ནི་འཆི་བདག་རང་དམ་བཅས་པའི་གོང་གི་འཕྲོས་ལས། རང་གི་དྲི་མ་སྣ་ཚོགས་དང༔ འབྲུ་སྣའི་ངར་ཕྱེ་བསྲེས་པ་ལས༔ ཞེས་སོགས་ཀྱིས་བསྟན་པའི་འཆི་བསླུའི་དོད་དུ་སྔོན་འགྲོའི་གླུད་ཅི་ལྟར་གཏང་ཐབས་དང་། འཆི་ཟློག་དངོས་ལ། འཆི་བདག་ཟློག་པའི་ཐབས་བྱེད་ན༔ དྲག་པོའི་ས་ལ་ཁྲག་སྣ་དང༔ ཞེས་སོགས་ཀྱི་སྒོ་ནས་རྒྱས་པར་བཤད་པ་ལྟར་རོ། །ཨོ་རྒྱན་ཆེན་པོས་གནས་སྐབས་དེ་ཉིད་དུ་སྲིན་པོ་ནག་པོ་ཁྲག་མིག་བསྒྲལ་པའི་ཤ་ཁྲག་དང་། ལངྐའི་ཡུལ་གྱི་འབྲུ་སྣ་དང་། རྒྱ་མཚོའི་མཐའི་སྲོག་ཆགས་ཀྱི་རུས་པ་དང་། རིན་པོ་ཆེའི་གླིང་ནས་གླུད་རྫས་སོགས་བསྡུས་ཏེ་གཤིན་རྗེ་འཁོར་བཅས་དངོས་སུ་ཡོད་བཞིན་པ་ལ་བྱིན་གྱིས་བརླབས་ཏེ་བྱིན་པས་མི་ལོ་བཅུ་གསུམ་དུ་ཁམས་གསུམ་སེམས་ཅན་གྱི་སྲོག་བསླུས་ཤིང་། མ་འོངས་པའི་རྗེས་འཇུག་རྣམས་ལ་བརྩེ་བས་དགོངས་ཏེ་འཆི་ཟློག་གི་ཆོ་ག་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད། འཆི་བདག་རང་གི་ཚིག་རྩ་བར་བྱས་ཏེ་འགྲེལ་པའི་ཚུལ་དུ་མཛད་པ་ལས། དེ་ཉིད་ཉམས་སུ་བླང་བ་ལ་གཞུང་ཉིད་གསལ་པོ་ཡོད་ཀྱང་། རང་བཟོ་མཁན་རྣམས་ཀྱིས་དགོངས་པ་འགྲེལ་ཚུལ་སྣ་ཚོགས་ཀྱིས་ལག་ལེན་འཆོལ་བར་སྤྱོད་པའི་ཚུལ་དུ་མཐོང་ནས། འདིར་འཁྲུལ་མེད་ཀྱི་ལག་ལེན་བཞིན་བྲི་བ་ལ་དོན་གསུམ་སྟེ། སྦྱོར་བ་བཅས་གཤོམ་ཇི་ལྟར་བྱ་བ་དང་། དངོས་གཞི་ཆོ་ག་ཉམས་སུ་བླང་བ། རྗེས་ལས་ཀྱི་མཇུག་བསྡུ་བ་གསུམ་གྱིས་བསྟན་ནོ། །དེ་ཡང་སྤྱིར་དབང་ཐོབ་ཅིང་དམ་ཚིག་མ་ཉམས་ཤིང་བསྙེན་སྒྲུབ་ལས་སུ་རུང་བ་དང་། གཙོ་བོ་ཀ་དག་སྤྲོས་པའི་མཐའ་དང་བྲལ་བའི་དགོངས་པ་ལེགས་པར་རྟོགས་ཤིང་གོ་ལ། དེའི་ངང་ལས་ལྷུན་གྲུབ་སྒྱུ་མའི་རིག་རྩལ་འགག་པ་མེད་པའི་ལྷ་སྔགས་ཏིང་འཛིན་བརྟན་ཅིང་སྙིང་རྗེའི་བློ་ཅན། བླ་མེད་མན་ངག་ལ་སྒྲོ་འདོགས་ཆོད་པའི་གང་ཟག་གིས། རང་གཞན་གྱི་དོན་དུ་ཕྲིན་ལས་བྱ་བའི་སྐབས་སུ་བབས་པའི་ཚེ། དང་པོ་བཅས་བཤམ་ཇི་ལྟར་བྱ་བ་ནི། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་ལྟ་བུའམ། སྐྱེ་བོ་རྒྱུ་བའི་ལམ་པོ་ཆེ་བླ་གབ་མེད་པའི་སར་ཡང་རུང་སྟེ། འོག་ཐོག་སོགས་མེད་པའི་ས་གཞིའི་སྟེང་ཁོ་ནར་བྱ་བ་ནི་དགོས་པ་ཆེ་ཞིང་གནད་ཟབ་པས་ཕྱོགས་དེར་ཕྱགས་བདར་སོགས་བྱ། དེ་ཡང་གཞུང་ལས། རང་ཉིད་ཤིས་པའི་ཕྱོགས་སུ་ལྟོས༔ དཀྱིལ་འཁོར་མི་ཤིས་ཕྱོགས་སུ་བྲིས༔ ཞེས་གསུངས་པ་ལྟར་རྡོ་རྗེ་སློབ་དཔོན་ཕྱོགས་ ཆེན་གྱི་ཤར་དུ་ལྟ་བའི་གཡས་ངོས་ཕྱོགས་ཆེན་གྱི་ལྷོར་གཤིན་རྗེའི་དཀྱིལ་འཁོར་གྲུ་གསུམ་ནག་པོ་ལོགས་རེར་འདོམ་རེ་ཡོད་པ། ཐ་མར་མེ་རི་འབར་བའི་རྩེ་མོ་བྱང་དུ་བལྟ་བའི་དབུས་དབུ་ཅན་གྱི་ཡིི་གེ་དུ་ནག་པོ་མགོ་ལྷོར་བསྟན་པ་བྲིས་པའི་སྟེང་དུ་གཤིན་རྗེའི་གཟུགས་བཅའ་བ་ནི། རྩ་བ་ལས། དྲག་པོའི་ས་ལ་ཁྲག་སྣ་དང༔ ལྕགས་དང་ཡུངས་ནག་ལི་ཤི་རྫས༔ བསྲེས་ཏེ་ཤུལ་ཆགས་ཆུ་ཡིས་སྦྲུས༔ དེ་ལ་འཆི་བདག་ང་ཡི་གཟུགས༔ རྔམས་ཤིང་ཆེ་ལ་རགས་པ་བྱ༔ སྲིད་པའི་འཁོར་ལོ་ལྟོ་བར་གཞུག༔ རོ་གཡམ་ནག་པོའི་ཚལ་པ་ལ༔ གྲི་ཁྲག་རོ་སོལ་བསྲེས་པ་ཡིས༔ ཀྲཾ་དང་ཛ་དང་དུ་དང་མ༔ ཏི་ཞེས་བྲིས་པ་འགོད་པ་ནི༔ ཡན་ལག་དབང་པོའི་སྒོ་ལ་གདབ༔ ཅེས་གསུངས་པའི་འགྲེལ་པར་ཇི་ལྟར་བྱ་བ་གསལ་པོར་ཡོད་ཀྱང་གོ་སླ་བའི་ཕྱིར་ཅུང་ཟད་བཀྲོལ་ཏེ་བཤད་ན། དུར་ཁྲོད་ཀྱི་ས། རོ་བསྲེགས་པའི་ཐལ་བ། གཡུལ་བཀྱེས་པའི་ས། མཁར་བརྡིབས་པའི་ས། རབས་ཆད་ཀྱི་ཁང་ས། ལམ་རྒྱ་གྲམ་གྱི་ས་རྣམས་འཇིམ་ནག་པོ་དང་བསྲེས་པའི་ཁུ་བ། ཁྲོན་པའི་ཆུ། ལུ་མའི་ཆུ། མཚོ་ལྐུག་པའི་ཆུ། རྟ་བོང་དྲེའུ་རྣམས་ཀྱི་ཆུས་སྦྲུས་ལ། ཁྲག་སྣ་ཚོགས་དང་། གྲི་ལྕགས་ལ་སོགས་པའི་ལྕགས་སྣ་ཚོགས་ཀྱི་ཕྱེ་མ། ཡུངས་ནག །སྲན་མ་ལ་སོགས་པ་དྲག་པོའི་འབྲུ་སྣ། མཛེ་ཕོ། དམེ་ཕོ། མོན་པ།་་་དཔེ་ལ་ལར་འོན་པ་འདུག་པས་དཔྱད། རབས་ཆད་ནག་པོ། བྱི་ཕོ་སྟེ་ནལ་ཕྲུག །ཡུགས་ས་སོགས་བཀྲ་མི་ཤིས་པའི་མི་རྣམས་ཀྱི་ཤ་རུས་སྐྲ་སེན་མོ་གོས་དང་དྲི་མ་གང་རྙེད་བསྲེས་ལ། འཆི་བདག་གི་གཟུགས་ཆེ་ན་འདོམ་གང་། ཆུང་ནའང་གྲུ་གང་ཙམ་དགོས་པར་གསུངས་པ་བཞིན་བྱ། དེ་ཡང་མ་ཧེ་ནག་པོ་རྭ་གཟིངས་པའི་སྟེང་དུ་གཤིན་རྗེ་ནག་པོ་ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། མིག་གསུམ་བགྲད་པ། རལ་པ་སྤྱི་བོར་བཅིངས་པ། ཡན་ལག་ཉྭ་སུལ་རགས་ཤིང་སེན་མོ་ལྕགས་ཀྱུ་ལྟར་གུག་པ། ཐོད་སྐམ་གྱི་དབུ་རྒྱན་སོགས་འཇིགས་པའི་ཆས་བརྒྱད་ཀྱིས་བརྒྱན་པ། གཡས་པས་ཁྲམ་ཤིང་མིག་དགུ་དང་ཞགས་པ་ནག་པོ་ཐོགས་ཤིང་། གཡོན་ན་རལ་གྲི་ནག་པོ་སོ་གཅིག་པ་འཛིན་པ། སྨད་ལ་སྟག་ལྤགས་དཀྲིས་པ་རྔམས་གཟུགས་དང་ལྡན་པ་དཔེ་བྲིས་ལྟར་བཞེངས་པའི་ལྟོ་བར་སྲིད་པ་ལུགས་འབྱུང་ལུགས་ལྡོག་གི་འཁོར་ལོ་དང་། སྙིང་གར་སྔགས་ཕྲེང་སོགས་ཀྱང་གཏེར་གཞུང་གི་འཁོར་ལོ་བྲི་ཡིག་དང་དཔེ་ལྟར་བྲིས་ལ་ལྟེབ་ཆིངས་བྱས་ཏེ་གཞུག །རོ་གཡམ་ནག་པོའི་ཚལ་པའམ། རོ་རས་ལ་གྲི་ཁྲག་དང་རོ་སོལ་བསྲེས་པས་ཀྲཾ་གསུམ་བྲིས་ལ་ཁ་ཕྱིར་བསྟན་ལ་བཅུག།་་་ལ་ལར་ཏྲཾ་ཞེས་པའང་སྣང་། དེ་བཞིན་དུ་ཛཿགཉིས་བྲིས་ལ་མཁུར་ཚོས་གཉིས་ལ། མཆུར་དུ་སོ་ལ་མ། ཏི་བཞི་བྲིས་ལ་ཡན་ལག་བཞི་ལའོ། །དེའི་འཁོར་དུ་སྐྱེ་འགྲོ་ལས་ཀྱི་བདུད་བཞི་ནི། མདུན་དུ་གཤིན་རྗེ་ནག་པོ་ཁྲོ་གཟུགས་ཅན་རྒྱན་མེད་གཅེར་བུ་ལིངྒ་བསྒྲེང་བ། ཁ་གདངས་ཤིང་མཆེ་བ་གཙིགས་པ། ཡན་ལག་བཞི་པོ་བགྲད་པ། གཡས་སུ་སྡིག་པ་ནག་པོ་རྭ་དང་ཁ་གདངས་པ་མིག་དང་ཡན་ལག་བགྲད་པ། རྔ་མ་ལྕགས་ཀྱུ་ལྟར་བཀུག་པ། རྒྱབ་ཏུ་ལྕགས་ཀྱི་ཕྱེ་མ་ལེབ་རུ་དང་གཤོག་པ་གདེངས་པ། གཡོན་དུ་དྲེད་མོ་དམར་ནག་འཇིགས་ གཟུགས་ཅན། དེ་བཞི་ཤོག་བུ་ལ་བྲིས་ཏེ་ཕྱོགས་བཞི་ལ་གཟུག །གཞུང་ལས། གཤིན་རྗེའི་རྒྱབ་ནས་ཡར་ལས་ཀྱི་འཚུབ་མ་ནག་པོ༔ འཇའ་རིས་དུད་པ་འཁྱིལ་བ་ལྟ་བུ་ཞིག་ཡོད༔ དེའི་རྟགས་སུ་རམ་ནག་པོས་འཇའ་རིས་བཏང་ལ་འཚུབ་མའི་དབྱིབས་བལ་ནག་པོའམ༔ རྔ་མ་ནག་པོའམ༔ ཤིང་གི་ལོ་མ་ནག་པོར་བསྒྱུར་ལ་བྱའོ༔ ཞེས་གསུངས་པས། ལ་ལ་དག་གིས་ནམ་མཁའ་འཇའ་རིས་འཛུགས་པ་སོགས་ཡོད་འདུག་ཀྱང་། དེང་སང་ཕྱག་ལེན་ལ་ཤོག་བུ་ལ་རླུང་ནག་འཚུབ་མ་བྲིས་པ་རྒྱབ་ཡོལ་གྱི་ཚུལ་དུ་བཙུགས། ཡང་གཞུང་ལས། གཤིན་རྗེའི་འཁོར་ཐམས་ཅད་ཀྱི་གཞི་མ་ནི་འཇིམ་པ་ནག་པོ་ལ་ཆུའི་སྦ་རིས་སུ་བྱའོ༔ ཞེས་གསུངས་པ་ལྟར་མ་ཧེའི་འོག་ཏུ་འཇིམ་པས་ཆུ་ནག་རྦ་ཀློང་འཁྲུགས་པའི་གཟུགས་བརྙན་མཚོན་ཙམ་བྱེད། དེ་ལྟར་བཅས་ཟིན་པ་དང་། གོང་གི་དཀྱིལ་འཁོར་གྱི་ཁར་ཁ་བྱང་དུ་བསྟན་ལ་བཞག་གོ །དེའི་མདུན་དུ་གཞི་མ་ནག་པོར་དགོས་པར་བཤད་པ་ལྟར་ཕྱར་བ་ནག་པོ་ལྟ་བུ་གཙང་མ་རྒྱ་ཆེ་བར་བཏིང་བའི་སྟེང་། ཐོག་མར་གཤིན་རྗེའི་མདུན་དུ་ཁྲག་གི་ཨརྒྷཾ། དབང་པོ་ལྔའམ་འབྲུ་ནག་གི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས་ཀྱི་དོད་གཏོར་མ་གྲུ་གསུམ་ནག་པོ་རྣམས་ཀོང་བུ་ཟུར་གསུམ་ནང་དུ་བཤམས་པ་ནི་རང་ལུགས་ཀྱི་ཕྱག་ལེན་ཡིན་ལ། ཞལ་ཟས་དང་གཏོར་མ་གཉིས་སུ་བྱ་བ་འཐད་པ་འདྲ་ཞིང་། གཞུང་ལས། ཐོག་མར་གཅིག་ཏུ་བྱས་པ་འདྲ་བ་ལ། དངོས་ཀྱི་སྐབས་འབུལ་ཚིག་གཉིས་སུ་བྱུང་བས་སྔ་མ་ཞལ་ཟས་དང་། ཕྱི་མ་གཏོར་མ་ཡིན་འདུག་པས་གཏོར་མ་ནག་པོ་ཐོག་གཟུགས་ཅན་ཞིག་ཤ་ཁྲག་གིས་བརྒྱན་ཏེ་བཤམ། གཞན་ཡང་ཕྱར་བའི་སྟེང་དུ་ཤ་སྣ། ཁྲག་སྣ། འབྲུ་སྣ། དར་སྣ། གོས་སྣ། རིན་པོ་ཆེའི་རིགས། ཟས་སྣ་ཚོགས། དྲི་མ་དང་གླུད་སྣ་ཚོགས་སོགས་ཅི་འབྱོར་ཚན་པར་སྤུངས་ལ་གཞག་གོ །ཁྲག་དང་འོ་མ་ཆུ་ལ་སོགས་པ་བཏུང་བའི་རིགས་ཀྱང་སྣོད་ཁེངས་པར་བཀོད། གཞུང་ལས། ཀོང་བུ་སྡོང་བུ་བཅས་པ་བཤམ་པར་གསུངས་པ་ནི་གོང་གི་མཆོད་པའི་གྲས་དེས་འཐུས། བྲེ་སྲང་ནག་པོ་དགོས་པར་བཤད་པ་ལྟར་ལག་ལེན་བཞིན་བཟོ་ཞིང་རིག་འཛིན་ངག་གི་དབང་པོའི་གསུང་རྒྱུན་དུ་མ་ལྕོགས་ན་བྲེ་སྲང་གི་འཁོར་ལོ་བྲི་བར་འཐད་པར་གསུངས་བཞིན་ལུགས་སྲོལ་མང་ཡང་། འདིར་རང་ལུགས་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་ལས་བྱུང་བ་ལྟར་དཔེ་བྲིས་ལོགས་སུ་བཀོལ་བ་ལྟར་མཚལ་ལམ་བ་བླ་ལྟ་བུ་མི་ཟློས་པའི་ཚོན་གྱིས་བྲི་འོ། །གཞུང་དུ་གླུད་སྣ་ཚོགས་བཤམས་པར་གསུངས་པ་དང་འདི་གའི་སྔོན་འགྲོ་འཆི་བསླུའི་དོད་དུ་གླུད་སྡེ་ལྔ་བྱ་བར་བཤད་པས་དེའི་ཚུལ་ནི། རྩ་བར། རང་གི་དྲི་མ་སྣ་ཚོགས་དང༔ འབྲུ་སྣའི་ངར་ཕྱེ་བསྲེས་པ་ལ༔ མི་གཟུགས་དཀར་སེར་དམར་དང་ལྗང༔ ཁྲ་བོའི་གཟུགས་དང་ལྔ་བྱས་ལ༔ དར་སྣ་བལ་ཚོན་འབྲུ་སྣ་དང༔ ཆངས་ཟན་ལོ་ཡིི་གྲངས་སུ་བྱ༔ གཙང་མའི་སྣོད་དུ་འབྲུ་སྣའི་ཁར༔ གཟུགས་ལྔ་བཞག་ལ་གོས་ཀྱིས་བཀབ༔ ཅེས་གསུངས་པའི་འགྲེལ་པར་དེ་ནས་རང་གི་ཁ་ཆུ་སྣ་ཆུ། མིག་རྣག །སྣབས་ལུད། དྲི་ཆེན། དྲི་ཆུ། སྐྲ་དང་སེན་མོ། འབྲུ་སྣའི་ངར་ཕྱེ་ རྣམས་ལ་རང་ལུས་བཀྲུས་པའི་ཁུ་བས་སྦྲུས་ཏེ། མི་གཟུགས་དཀར། སེར། དམར། ལྗང་། ཁྲ་བོ་དང་ལྔ་བསླངས་ལ། དར་སྣ་དང་བལ་ཚོན་གྱི་རྒྱན་གདགས། སྣོད་གཙང་མར་འབྲུའི་ཕུང་པོ་སྤུངས་པ་དེའི་ཁར་བཞག །རང་གི་གོས་དུམ་བུ་བཀོན། ཆངས་ཟན་ལོ་གྲངས་དང་མཉམ་པས་སྐོར༔ ཅེས་གསུངས་པ་ལྟར། འབྲུ་སྣའི་ངར་ཕྱེ་ལ་རང་ངམ་ཡོན་བདག་གང་ཡིན་གྱི་ལུས་རིལ་པོའམ་ཡན་ལག་ལྔ་བཀྲུས་པའི་དྲི་ཁུ་ལ། མཆིལ་མ། སྣབས་ལུད། མིག་རྣག །རྣ་སྤབ། དྲི་ཆེན། དྲི་ཆུ་རྣམས་ཀྱིས་སྦྲུས་ཏེ་རང་གཟུགས་དབུས་སུ་ཆེ་བ་གཅིག་དང་། ཕྱོགས་བཞིར་ཆུང་བ་རེ་རེ་སྟེ་ལྔ་ཀ་འགྲེང་ཞིང་ལག་གཉིས་མཆོག་སྟེར་བའི་ཕྱག་རྒྱ་བྱས་ཤིང་། དབང་པོ་དང་སྐྱེ་མཆེད་དོད་པར་བྱ། སྐྲ་སེན་རྣམས་སོ་སོའི་གནས་སུ་གཟུག །གཞུང་ལས། དབུས་ཁྲ་བོ་དང་། གཞན་ཕྱོགས་མདོག་ཏུ་བཤད་པ་ལྟར་མདོག་ཀྱང་རང་རང་གི་ཁ་དོག །རྒྱན་གོས། ཞྭ་སོགས་ཀྱི་རྣམ་པ་གསལ་བའི་སྟེང་། གཞུང་བཞིན་དབུས་ཁྲ་བོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་རྣམས་ཀྱིས་ཤས་ཆེ་བར་བྱ། དེའི་དགོས་པ་ནི་བདུད་རྩི་འཁྱིལ་པའི་འཆི་ཟློག་ལས། འབྱུང་ལྔའི་བདག་པོ་རྣམས་ལ་དབུས་ཀྱི་གླུད་ཁྲ་བོས་ནམ་མཁའ། ཤར་དཀར་ཆུ། ལྷོ་སེར་ས། ནུབ་དམར་མེ། བྱང་ལྗང་རླུང་སྟེ། ཡོན་བདག་གི་སེམས་ཤ་ཁྲག་དྲོད་དབུགས་རྣམས་ཀྱི་གླུད་དུ་གཏོང་བར་མཚོན་པར་གསུངས་པ་གནད་ཆེ་ཞིང་མན་ངག་གི་དགོས་དོན་ཟབ། གླུད་གོས་དྲི་མ་ཅན་གྱིས་གཡོགས། གཞན་ཡང་དར་སྣ་དང་བལ་ཚོན་གྱི་རྒྱན་གདགས། ཟས་ལྷག་གིས་ལག་གཡོན་པས་བཟོས་པའི་ཆངས་བུ་ལོ་གྲངས་ལས་གསུམ་གྱིས་ལྷག་པ་དང་། ཟས་སྐོམ་གྱི་ལྷག་མ་སྣ་ཚོགས་བླུགས། རིན་པོ་ཆེའི་བདར་ཕྱེ་བཏབ་སྟེ། ཀ་ཊོ་ར་ལྟ་བུ་རིན་པོ་ཆེའི་སྣོད་འབྲུ་སྣས་གང་བར་བཤམས་ལ། གཤིན་རྗེའི་མདུན་གྱི་གླུད་རྫས་སྣ་ཚོགས་པའི་དབུས་སུ་བཞག །དེའི་མཐར་གྲྭ་སློབ། ཡོན་བདག་ལ་སོགས་ཀྱི་ཆངས་ཟན་གླུད་སྐྱེལ་མི་གང་འབྱོར་བཀོད། འདིར་གླུད་རྫས་སོགས་ཕོན་ཆུང་ན་འོག་ཏུ་གླུད་ཕད་མི་ཁེངས་པ་ལ་སོགས་མི་བཟང་བས་ཕོན་ཆེ་བར་བྱ་བ་གནད་ཡིན། ལོགས་ཤིག་ཏུ་རྒྱབ་ཆོག་གི་ལས་གཞུང་གང་ཡིན་གྱི་མཆོད་གཏོར་རྣམས་དང་། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ཁ་ཊྭཱཾ་ག་རྩེ་གསུམ། སྲན་མ་ནག་པོའི་མེ་ཏོག་གི་སྣོད་སོགས་དང་། གཞན་ཡང་གཞུང་ལས། བྱང་ཕྱོགས་སུ་ཚེའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་འབུལ༔ ཤར་དུ་གཏོར་མ་བརྒྱ་རྩ་གཅིག་གཏང༔ གནས་ཀྱི་ཕྱིའི་ཕྱོགས་བཞིར་གསུར་དུད་གཏང༔ ཞེས་སོགས་དང་། ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ༔ ཞེས་གསུངས་པ་ལྟར་ཕྱག་བཞེས་སུ་གནས་ཁང་ཡངས་པ་ཡོད་ཚེ་དེ་རྣམས་ཐམས་ཅད་གནས་ཁང་དེ་གའི་ནང་དུ་བགོས་ཏེ་བྱ་བའམ། དེ་མིན་ཕྱོགས་མ་འཁྲུལ་ཕྱིན་གང་བདེར་མཛད་སྲོལ་ཡོད་པས། ཤར་དུ་བྱང་གཏེར་བཀའ་བརྒྱད་རང་ཤར་ལས་བྱུང་བ་ལྟ་བུའི་གཏོར་མ་བརྒྱ་རྩ་གཏོང་མཁན། ལྷོ་ཕྱོགས་འཆི་བདག་ཟློག་པ་བྱེད་མཁན་རྣམས་བཞུགས་པའི་དབང་དུ་བྱས། ནུབ་ཕྱོགས་སུ་ཡི་དམ་དང་ཆོས་སྐྱོང་གཏོར་མ་འབུལ་བའི་དགོངས་པ་ལྟར། ཨེ་ ཝཾ་ལྕོག་སྒར་བའི་རྒྱུན་སྐོང་གི་བདག་བསྐྱེད་ཕུར་པས་བྱས་ཏེ་སྐོང་གསོ་བྱེད་པའི་ལག་ལེན་བཞིན་སྐོང་གསོ་གཞན་རྣམས་དཀྱུས་བཞིན་ལ། རྡོ་རྗེ་གླིང་པའི་ཟབ་གཏེར་ལྟར་རྩ་གསུམ་སྐོང་གསོ་ཅི་མང་གཏོང་སྲོལ་ཡོད། གཞན་དུ་སྐབས་སྦྱར་གྱིས་རང་གཞན་གང་བྱེད་ཀྱི་རྩ་བ་གསུམ་གྱི་ཕྲིན་ལས་གང་བྱས་ཀྱང་ཆོག་པར་གོ །བྱང་གི་ཚེ་ཆོག་པ་ཕལ་ཆེར་སྟབས་བདེ་བའི་དབང་གིས་ཚེ་སྒྲུབ་ལྕགས་སྡོང་མ་མཛད་པ་ཤས་ཆེ་ཞིང་། འོད་དཔག་མེད་ཡིན་པས་སྐབས་སུ་བབས་ནའང་། རང་གཞུང་ལས། དབེན་ཞིང་ཉམས་དགའ་ལ་བཀྲ་ཤིས་པའི་གནས་སུ་བཟང་པོའི་ས་ལ་མཎྜལ་བྱས་ཏེ་ཚེ་རབས་ཀྱི་སྡིག་སྒྲིབ་སྦྱངས༔ བསོད་ནམས་ཀྱི་ཚོགས་བསགས༔ ཐིག་གདབ་ཚོན་བྱིན་རླབས་བྱས་ཏེ་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་བྲིས་ཚེའི་བུམ་པ་བཅས་ཏེ་ཚེ་བསྒྲུབ་པར་བྱའོ༔ ཞེས་གསུངས་པ་ལྟར་གོང་དུ་སྨྲོས་པ་བཞིན་སྙིང་མཛོད་ནས་ལྷན་ཅིག་ཏུ་བྱོན་པའི་འཆི་མེད་འོད་སྣང་ངམ། ཁྱད་པར་ནང་ལོངས་སྤྱོད་རྫོགས་སྐུའི་ལྷ་ལ་བརྟེན་ཏེ་ཚེ་སྒྲུབ་པ་འདི་ཉིད་ཤིན་ཏུ་སྐབས་སུ་བབས་པས། དེའི་ཚུལ་ནི་ཁོ་བོའི་བླ་མའི་སྙན་བརྒྱུད་ཇི་བཞིན་པར་ལོགས་སུ་བྲིས་ཡོད་པས་དེར་བལྟ་ཞིང་། གནས་ཁང་གི་ཕྱིའི་ཕྱོགས་བཞིར་གསུར་དུད་སོགས་ཀྱང་སྟ་གོན་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ཉམས་སུ་བླང་བ་ནི། གཞུང་ལས། དེ་ནས་བདག་ཉིད་གཤིན་རྗེའི་བྱང་ཕྱོགས་སུ་ཁ་ཤར་དུ་བལྟས་ཏེ་སྟན་བདེ་བ་ལ་འདུག་པས་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ་བྱ༔ རང་ཡི་དམ་གང་བྱེད་ཀྱི་ལྷར་བསྒོམ༔ ཞེས་གསུངས་པས། གུ་རུ་ཞི་དྲག །བཀའ་བརྒྱད། ཚེ་ཕུར་སོགས་རྙིང་མ་རང་ལུགས་ཀྱི་ཡི་དམ་གང་ཡིན་གྱི་ཆོག་ཕྲིན་གཏང་བས་འཐུས་མོད། འོན་ཀྱང་བྱང་གཏེར་གྱི་རྩ་གསུམ་ཀུན་འདུས་ཐུགས་སྒྲུབ་དྲག་པོ་རྩལ་ཁོ་ན་ཡིན་པས། རིག་འཛིན་གོང་མ་ཕལ་ཆེར་གྱིས་ཐུགས་སྒྲུབ་ཀྱི་ལས་གཞུང་བསྲང་བར་མཛད་འདུག་པ་བཞིན་སྔོན་འགྲོ་གཟེར་ལྔ་ནས་བརྩམ་རྩ་གསུམ་སྐོང་གསོ་ཡན་ཆད་གྲུབ་པར་བྱའོ། །དེ་རྗེས་འཆི་ཟློག་དངོས་ལ། ཐོག་མར་སྔོན་འགྲོའི་གླུད་གཏང་བ་ནི། གཞུང་ལས། སྔགས་དྲུག་དང་ཕྱག་རྒྱ་དྲུག་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ༔ ཞེས་གསུངས་པས་གླུད་ཡས་རྣམས་ལ་ཆབ་ཀྱིས་བྲན་ཏེ། ཧཱུྃ༔ སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས༔ ཡིད་བཞིན་སྤྲིན་ཕུང་མཁའ་ལ་ཆར་འབེབ་པས༔ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག༔ ཨོཾ་ཤུདྡྷེ་ཤུདྡྷེ་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་ཚར་གསུམ་བརྗོད་ཅིང་གནས་དང་ཡོ་བྱད་ལ་ཆབ་གཏོར་ནས་མ་དག་པ་སྦྱངས་ཏེ་བྱིན་གྱིས་བརླབས་ལ། ཐོག་མར་རང་ཉིད་སྐད་ཅིག་གིས་པདྨ་དཀར་པོ་འདབ་མ་དྲུག་པའི་ལྟེ་བར་རང་རིག་ཧཱུྃ་དཀར་པོའི་འཕྲོ་འདུ་ལས། དཔལ་རྡོ་རྗེ་སེམས་དཔའི་སྐུར་ཐལ་གྱིས་བསྐྱེད་པ་ནི། ཧཱུྃ༔ པད་སྡོང་འདབ་དྲུག་ཁྲི་འཕང་བཞིན༔ ཉི་མ་ཟླ་བའི་གདན་སྟེང་དུ༔ བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན༔ དར་དང་རིན་ཆེན་དུ་མས་སྤྲས༔ སྤྱི་གཙུག་བླ་མ་ཀུན་བཟང་མཐིང༔ མཚན་དཔེས་སྤྲས་པ་ཡུམ་དང་སྦྱོར༔ སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ༔ ཆུ་ནང་ཟླ་བ་ལྟ་བུར་གསལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ལན་བདུན་ནམ་ཉེར་གཅིག་བཟླ། འདབ་དྲུག་ཤར་གྱི་པད་འདབ་ལ༔ སྦྱོང་བའི་ལྷ་ནི་ཤཱཀ་ཐུབ་སེར༔ ཕྱག་གཉིས་ས་གནོན་ལྷུང་བཟེད་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང༔ ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་དངོས་འཛིན་དག་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ སྤེལ་བའི་ལྷ་ནི་རྣམ་སྣང་དཀར༔ ཕྱག་གཉིས་འཁོར་ལོ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང༔ ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏྞཾྐ་ཨཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་ལེགས་ཚོགས་སྤེལ་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ སྒྱུར་ལྷ་བདུད་རྩི་འཁྱིལ་པ་ལྗང༔ ཕྱག་མཚན་རྒྱ་གྲམ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཐལ་མོ་ཁ་གྱེར་ཕྱག་རྒྱའི་ནང༔ ཛ་དམར་འོད་འཕྲོས་བདུད་རྩིར་སྒྱུར༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ སྣོད་བཅུད་ཟག་མེད་བདུད་རྩིར་བསྒྱུར༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ ཐོབ་ལྷ་རིན་འབྱུང་སྐུ་མདོག་སེར༔ ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ མཆོག་སྦྱིན་ཕྱག་རྒྱ་ཏྲཾ་སེར་ལས༔ འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ མགྲོན་རྣམས་ཀུན་གྱིས་ཐོབ་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ ཚིམ་ལྷ་དོན་ཡོད་གྲུབ་པ་ལྗང༔ ཕྱག་མཚན་རལ་གྲི་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང༔ ཧ་ལྗང་འོད་འཕྲོས་མགྲོན་མཉེས་གྱུར༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མསྶ་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ མགྲོན་ཀུན་དགྱེས་ཤིང་ཚིམས་གྱུར་ཅིག༔ དེ་ཡི་མཚམས་ཀྱི་པད་འདབ་ལ༔ དབང་ཆེན་ཕྱག་རྡོར་ལྗང་དམར་ནི༔ ཕྱག་མཚན་རྡོ་རྗེ་དྲིལ་བུ་བསྣམས༔ མཚན་དང་དཔེ་བྱད་ལྡན་པར་བཞུགས༔ སོར་བསྣོལ་ཕྱག་རྒྱ་ཛ་དམར་ལས༔ འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་བསྡུས༔ ན་མསྶ་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་ན་མ་ཧཱ་ས་མ་ཡ་ཧཱུྃ་ཕཊ༔ སྔགས་འདི་ལན་བདུན་བརྗོད་པའི་མཐུས༔ དབང་སྡུད་འཕྲིན་ལས་ཀུན་འགྲུབ་ཤོག༔ ཞེས་པའི་སྒོ་ནས་བསང་གཏོར་དང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་གླུད་ཡས་ཐམས་ཅད་སྦྱོང་སྤེལ་བསྒྱུར་ཚིམས་དགྱེས་དབང་སོགས་ནུས་ལྡན་དུ་བྱ་ཞིང་། ཕྱག་ལེན་གསུང་རྒྱུན་ལ། ཨོཾ་སརྦ་བིཏྤུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཞེས་ཆོས་ཐམས་ཅད་འདོད་དགུ་འབྱུང་བ་རིན་པོ་ཆེའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ཡང་ལན་གསུམ་མཛད་དོ། །སྐབས་འདིར་གཤིན་རྗེའི་བསྐྱེད་བསྟིམ་ཚིག་གིས་མ་ཟིན་ཡང་རྣམ་རྟོག་གི་རང་གཟུགས་ཡིན་ཕྱིར་མི་འགལ་བས། རང་ཉིད་ལྷར་གསལ་བའི་མདུན་དུ་གཤིན་རྗེ་སྡེ་བརྒྱད་འབྱུང་པོ་ལན་ཆགས་ཐམས་ཅད་གླུད་ལེན་པར་བསམ་ལ། རྡོ་རྗེ་དྲིལ་བུ་འཛིན་ཅིང་གདངས་དང་བཅས་པས་ཏིང་ངེ་འཛིན་གསལ་བར་འདི་སྐད་དོ། །ཧཱུྃ༔ འཆི་བདག་ནག་པོ་གཤིན་རྗེའི་གཙོ༔ བགེགས་ཀྱི་རྒྱལ་པོ་ཆེན་པོ་དང༔ སྟེང་གདོན་ལྷ་འདྲེ་དྲེགས་པ་ཅན༔ འོག་གདོན་ཀླུ་སྲིན་ཀླུ་གཉན་དང༔ བར་གདོན་རྒྱལ་པོ་བདུད་དང་བཙན༔ སྲིད་པའི་ཕོ་འདྲེ་མོ་འདྲེ་དང༔ འགོང་པོ་དམ་སྲི་མ་ནིང་གདོན༔ གཤིན་རྗེའི་ཕོ་ཉ་འབུམ་ཕྲག་དང༔ དྲེགས་པ་སྡེ་བརྒྱད་མ་ལུས་པ༔ དཔོན་གཡོག་འཁོར་དང་བཅས་པ་ལ༔ བདག་ལས་ལྷག་པའི་གླུད་དང་གཟུགས༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ སྲིད་པའི་ལྷ་འདྲེ་ཀུན་ལ་འབུལ༔ ཁྱེར་ཅིག་ཁྱེར་ཅིག་གདོན་གྱི་ཚོགས༔ འདོད་སྲེད་ཆགས་སྡང་བྲལ་བར་གྱིས༔ ཞེན་བཅིངས་འཛིན་པ་བྲལ་བར་གྱིས༔ མཐོང་དང་རེག་པའི་བསམ་ངན་རྟུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ འཛིན་པའི་ཞེན་པ་ད་ཁྲོལ་ཅིག༔ སྔོན་གྱི་ལན་ཆགས་ཤ་མཁོན་དང༔ བུ་ལོན་འཕྲལ་གྱི་རྐྱེན་རྣམས་ཀུན༔ ཐམས་ཅད་མ་ལུས་འཁོར་བར་གྱིས༔ བདག་གི་བསམ་པའི་སྟོབས་དང་ནི༔ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ གདོན་བགེགས་མ་ལུས་ཐམས་ཅད་ཀྱི༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ ཅེས་ལན་གསུམ་བརྗོད། གསུམ་པའི་ཚེ་ཁ་བསྒྱུར་ཞིང་མཇུག་ཏུ་དཔལ་འབར་དང་བཅས་ཏེ་ཕྱིར་གཏོང་ཞིང་རོལ་མོ་བྱའོ། །དེ་ཡང་ནག་རྩིས་སོགས་འགའ་ཞིག་ཏུ་གླུད་འདྲེ་ལྔའི་ཕྱོགས་སུ་གཏོང་བར་བཤད་ཀྱང་། འདིར་ནི་གཞུང་ལས། ཁ་ལྷོ་ཕྱོགས་སུ་བསྟན་ཏེ་ལྷོ་རུ་འགྲོ་བའི་ཆུ་བོའི་གཞུང་ངམ༔ ལྷོར་འགྲོ་བའི་ལམ་པོ་ཆེའམ༔ ལྷོ་ཕྱོགས་གངས་གསུམ་གྱི་རྩེར་བསྐྱལ་ལོ༔ ཞེས་གསུངས་པས། གཞུང་བཞིན་ལྷོ་ཕྱོགས་ཁོ་ནར་གླུད་སྐྱེལ། འདི་སྐྱེལ་མི་ཕྱི་མིག་མི་ལྟ་བར་ལོག །སློབ་དཔོན་གྱིས་མཚམས་གཅོད་དང་སྲུང་འཁོར་བསྒོམ། ཕན་ཡོན་ནི་གཞུང་ལས། དེ་ལྟར་བྱས་པས་གཤིན་རྗེའི་ཕོ་ཉ་དང༔ སྡེ་བརྒྱད་གདོན་གྱི་ཞགས་པས་བཏབ་པ་ཡང་ལོ་གསུམ་གྱི་བར་དུ་འཆི་བ་བཟློག་པར་འགྱུར༔ འཆི་ལྟས་ངན་པའམ་བར་ཆད་མེད་ཀྱང་ལོ་ཟད་ཟླ་ཟད་ཀྱི་དུས་ལ་འདི་བྱས་ན༔ རིམ་གྲོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་འགྱུར་རོ༔ ཞེས་གསུངས་ཤིང་། ཡང་ནད་པ་སོགས་ལ་འཆི་ཟློག་དངོས་གཞི་མ་གྲུབ་ཀྱང་། གླུད་འདི་ག་སྒེར་དུ་མཛད་སྲོལ་ཡོད་པས་དེ་བཞིན་བྱའོ། །འཆི་ཟློག་དངོས་ལ་བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ནི་གཞུང་ལས། རང་ཡི་དམ་གང་བྱེད་ཀྱི་ལྷར་སྒོམས་ཤིང་རྣམ་པ་བསྒྱུར་བ་ནི༔ ཞེས་གསུངས། འདི་ཡན་ཆོད་རྒྱབ་ཆོག་གི་ཡི་དམ་གང་ཡིན་གྱི་ཏིང་ངེ་འཛིན་ལ་གནས་བཞིན་པ་ཡིན་པ་ལ། སྐབས་འདིར་གནས་འགྱུར་དུ་བཤད་པས། དེས་ན་གོང་དུ་ཐུགས་སྒྲུབ་བཏང་ཕྱིན་འདི་ཡན་རྡོ་རྗེ་དྲག་པོ་རྩལ་གྱི་བསྐྱེད་རིམ་གསལ་བཞིན་པ་དེ་ཉིད་སྔོན་འབྱུང་ཡང་ཨོ་རྒྱན་ཆེན་པོས་འཆི་བདག་འདུལ་ཕྱིར་གཤིན་རྗེའི་སྐུར་བསྟན་པ་དང་ཚུལ་མཚུངས་པར། ངོ་བོ་ཐུགས་སྒྲུབ་དྲག་པོ་རྩལ་ལ་རྣམ་པ་གཤིན་རྗེའི་གཤེད་དུ་གྱུར་པ་ཡིན་པས། དེ་ལྟར་བསྒོམ་པའི་ཚུལ་གཏེར་གཞུང་དངོས་ལ་འདི་ལྟར། འབྱུང་བའི་ནམ་མཁའ་མཐིང་ནག་གྲུ་གསུམ་དང༔ རླུང་ནག་འཁྲུགས་པའི་རྒྱ་གྲམ་དང༔ བསྐལ་པའི་མེ་ཀློང་གྲུ་གསུམ་དང༔ མཚོ་ནག་རྦ་ཀློང་དུ་འཁྱིལ་བ་དང༔ སྲ་བརྟན་རྡོ་རྗེའི་ས་གཞི་བཀྲ་ལམ་གསལ་བར་གྱུར༔ དེའི་སྟེང་དུ་ཡ་མ་རཀྴ་ནན་ཞེས་པས༔ གཤིན་རྗེ་ཕོ་མོ་ཟུང་ལྔ་བསྒྱེལ་བའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་ཁར་ཡ་མ་མེ་ཏ་ཀྵེ་ཞེས་བརྗོད་པས་ཡི་གེ་ཁ་དོག་ལྔར་ལམ་གྱུར༔ དེ་ལས་འོད་འཕྲོས་འདུས་པ་ལས་དབུས་ཀྱི་ཡ་མཐིང་ག་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཡ་མཱནྟ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ཆེ་ཡན་ལག་རགས་པ་རི་རབ་ལྷུན་པོ་ལ་བསྙེས་ཏེ་བཞེངས་པ་དབུ་ཡིས་ཚངས་པའི་འཇིག་རྟེན་ཁེངས་པ༔ སྤྱན་སྡང་མིག་ཏུ་གཟིགས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་དུ་འབར་བ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ༔ ཕྱག་གཡས་ཞིང་ཆེན་གྱི་བེ་ཅོན་བར་སྣང་ལ་ཕྱར་བ༔ གཡོན་པ་སྡིགས་མཛུབ་མཛད་ནས་ཞགས་པ་བསྣམས་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔ ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་ནས་གཤིན་རྗེ་ཕོ་མོ་གནོན་པའི་བདག་ཉིད་ཅན་དུ་གྱུར༔ གཙོ་བོ་དང་ཚུལ་མཐུན་པའི་མདུན་གྱི་གདན་སྟེང་དུ་ཡ་མ་རཱ་ཛ་སྨུག་ནག་ལྕགས་ཀྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ གཡས་སུ་མྱོས་བྱེད་འབར་བ་སེར་ནག་གསེར་གྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ རྒྱབ་ཀྱི་གདན་སྟེང་དུ་ཁྲོ་བོ་ཨཱརྱ་མ་རུ་དམར་པོ་ཟངས་ཀྱི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ གཡོན་གྱི་གདན་སྟེང་དུ་ཁྲོ་བོ་རལ་པ་ཚར་དགུ་ལྗང་གུ་གཡུའི་བེ་ཅོན་དང་འཁོར་ལོ་བསྣམས་པ༔ རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ་སྣང་ལ་རང་བཞིན་མེད་པར་གསལ་བར་གྱུར༔ གཞུང་ལས། བཟླ་བྱའི་སྔགས་ནི་ངོ་བོ་ཡེ་ཤེས་ཀྱི་ལྷའི་སྙིང་པོ་ཡིན་ཏེ༔ འཇིག་རྟེན་ལྷ་སྲིན་ཐམས་ཅད་ཀྱི་སྲོག་འཕྲོག་པར་ནུས་པས་ནུས་པ་མེ་དང་འདྲ༔ ཞེས་པས། ཨོཾ་ཡ་མཱནྟ་ཀ་ཡ་མ་མེ་ཏ་ཀྵེ༔ ར་ཙ་སཏྭ་རུ་ན་ཡོ་ནི༔ ར་ཡ་ཙ་ནི་ཧཱུྃ་ཕཊ༔ དུ་རཾ་ཧྲི་ཡཾ་འདྲིད་ཕྱུངས་ཧ་ལ་གཟིར་ཕྱུངས་གཤིན་རྗེ་འཆི་བདག་ནག་པོའི་གནོད་པ་ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཟླས་པ་བརྒྱ་སྟོང་གང་རིགས་ལོང་སྐབས་དང་སྦྱར་རོ། །སྲན་མའི་ཐུན་ལ་སྔགས་སོ། །དེ་ཡང་གཞུང་ལས། ཏིང་ངེ་འཛིན་དཔའ་རྩལ་བསྐྱེད་ལ་གཞན་གྱིས་མི་ཤིགས་པའི་སྐུ༔ འདུས་མ་བྱས་ཀྱི་ལྷ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་བཤིགས་རྒྱུ་མེད༔ དེའི་ངང་ལས་ལྷ་བཀུག་ན་ཁུག༔ རྦད་ན་འགྲོ༔ བཟློག་ན་བཟློག་པ་ཡིན་ནོ༔ ཞེས་གསུངས་པ་ལྟར་དོན་ངེས་པ་གལ་ཆེ། དེ་ནས་མདུན་བསྐྱེད་གཤིན་རྗེའི་ཆོ་ག་ནི་གཞུང་ལས་གསུངས་པ་ལ། གོང་གི་བཅའ་གཞི་དཔེ་སྦྱར་ཏེ་གཏེར་གཞུང་བཅོས་མེད་ཉིད་ལྟར་ཟུར་འདེབས་ཕྲན་བུ་སྦྱར་ཏེ་འཆད་པ་ནི་འདི་ལྟར། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་འོག་གི་ཆ་ལ་ལྕགས་མཁར་གྲུ་གསུམ་ནག་པོ་བསྐལ་པའི་མེ་འབར་བ། དེའི་ནང་དུ་ཨེ་རཾ་ཞེས་བརྗོད་པས་སྲོག་ཆགས་འབུམ་ཕྲག་མང་པོའི་རོ་ཡི་སྟེང་དུ་ཡི་གེ་ཡཿདང་དུཿཡི་འཕྲོ་འདུ་ལས། འོག་མ་ཧེ་ནག་པོ་ལུས་ཤིན་ཏུ་ཆེ་ཞིང་རྒྱ་མཚོ་ཁེབས་པ། རྭ་གཉིས་གཟེངས་པའི་སྟེང་དུ་གཤིན་རྗེ་འཆི་བདག་ནག་པོ་རྔམས་ཤིང་ཁྲོ་གཉེར་ཅན། མཆེ་བ་གངས་རི་ལྟར་གཙིགས་པ། མིག་གསུམ་སྡང་མིག་ཏུ་ལྟ་བ། རལ་པ་སྤྱི་བོར་བཅིངས་པ། སྐུ་མདོག་ཆར་སྤྲིན་ལྟར་གནག་པའི་ཕྱག་གཉིས་ཀྱི་གཡས་ན་ཞགས་པ་ནག་པོ་དང་ཁྲམ་ཤིང་ཐོགས་པ། གཡོན་ན་རལ་གྲི་སོ་གཅིག་པ་འཛིན་པ། རོ་སྨད་སྟག་གི་པགས་པ་དཀྲིས་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་སོགས་འཇིགས་པའི་རྒྱན་དུ་མས་བརྒྱན་པ། ཡན་ལག་གི་སེན་མོ་ལྕགས་ཀྱུ་ལྟར་བཀུག་པ། མ་ཧེ་ལ་ཞོན་པ་ཤིན་ཏུ་ཞེ་སྡང་ལངས་པའི་ཚུལ། ཁྲོ་ཞིང་ཉྭ་སུལ་ཐམས་ཅད་ཧྲིང་ངེ་ཡོད་པའི་རྣམ་པ་ཞིག་ཏུ་གྱུར། དེའི་འཁོར་དུ་སྐྱེ་འགྲོ་ལས་ཀྱི་བདུད་བཞི་ནི། མདུན་དུ་གཤིན་རྗེ་ནག་པོ་ཁྲོས་པའི་གཟུགས་ཅན་ལག་ཆ་མེད་པར་ཁ་གདངས་ཤིང་མཆེ་བ་གཙིགས་པ། ཡན་ལག་བཞི་པོ་བགྲད་པའི་ཚུལ་ཅན་དབྱིབས་འཆི་བདག་ཉིད་དང་ཚུལ་མཐུན་པ། གཡས་ཕྱོགས་སུ་ཕྲག་དོག་འཁྲུགས་པའི་བདུད་སྡིག་པ་ནག་པོ་རྭ་དང་ཁ་གདངས་པ། མིག་དང་ཡན་ལག་བགྲད་ཅིང་རྔ་མ་ལྕགས་ཀྱུ་ལྟར་བཀུག་པ། རྒྱབ་ཏུ་གཏི་མུག་འཐིབས་པའི་བདུད་ལྕགས་ཀྱི་ཕྱེ་མ་ལེབ་རུ་དང་གཤོགས་པ་གདེངས་པ། གཡོན་དུ་འདོད་ཆགས་ཞེན་པའི་བདུད་དྲེད་མོ་དམར་ནག་འཇིགས་པའི་གཟུགས་ཅན་རྣམས་ཀྱིས་བསྐོར་བ། གཞན་ཡང་གཤིན་རྗེའི་ཕོ་ཉ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་གསལ་བར་གྱུར། དེ་ལྟར་དམ་ཚིག་པ་ལ་འཆི་བདག་འགུགས་པ་ནི་གཞུང་ལས་གསུངས་པ་ལྟར། བདག་ཉིད་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས༔ འཆི་བདག་རྒྱལ་པོ་འཁོར་བཅས་ལྷུན་པོའི་རྨང་འོག་རྒྱ་མཚོའི་གཏིང་མུན་པའི་ཀློང་རུམ་ནས་འདིར་སྐད་ཅིག་ཉིད་ལ་མཆིས་པར་གྱུར༔ གཞུང་ལས། ཐུན་ནག་པོ་ལ་སྔགས་འདི་བཟླས་པ་ལས་གཞི་ལ་བརྡབ་སྟེ༔ ཞེས་གསུངས་པས། ཨོཾ་བཛྲ་ཏཱིཀྵ་ཁཏྒ་ཧཱུྃ༔ ཞེས་བརྒྱ་ཙམ་སྲན་མ་ལ་བསྔགས་ཏེ་སློབ་དཔོན་གྱིས་སྔགས་དེ་ཉིད་བཟླ་ཞིང་གཤིན་རྗེའི་གཟུགས་ཀྱི་འོག་ཏུ་བྲབ་པས། ས་གཞི་གས་ཏེ་འོག་གི་རྒྱ་མཚོ་ནག་མེར་བྱུང་བར་གྱུར༔ དེ་ནས་ལྕགས་ཀྱུའི་ཕྱག་རྒྱར་བཅས་ཏེ། ཨོཾ་ཀྲྀཥྞ་ཛ་མཱ་རི་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ་ཛ༔ བདུན་ཙམ་བརྗོད་པས། གཤིན་རྗེ་འཁོར་བཅས་མངོན་སུམ་དུ་བྱུང་སྟེ་རྟེན་དང་གཉིས་སུ་མེད་པར་གྱུར༔ སྤོས་དང་མར་མེ་སྦར་ལ་ཕྱག་རྒྱར་བཅས་ཏེ། ཨོཾ་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ༔ བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གནྡྷེ་གན༔ ཀྲྀཥྞ་ཛ་མཱ་རི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མཐར་རྔ་རོལ་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོར་དྲིལ་དང་། གཞན་རྣམས་ཀྱིས་རྔ་དང་རོལ་མོར་བཅས་ཏེ་བསྟོད་པ་ནི། ཧྲཱི༔ ཡ་ལས་གྲུབ་པའི་སྟོབས་པོ་ཆེ༔ དུ་ལས་གྲུབ་པའི་རྫུ་འཕྲུལ་ཅན༔ ཁམས་གསུམ་སྲིད་པའི་དབང་པོ་ཆེ༔ མ་རུངས་དྲེགས་པ་ཀུན་གྱི་གཙོ༔ འབྱུང་བའི་འཁོར་ལོས་ཐམས་ཅད་འཇོམས༔ སྐྱེ་འགྲོའི་ཤ་ཁྲག་དབུགས་ལ་ཟ༔ སྲོག་འཕྲོག་གཤིན་རྗེ་ནག་པོ་ནི༔ སྐུ་མདོག་སྨུག་ནག་མུན་རུམ་འཁྱིལ༔ སྤྱན་གསུམ་ཁྲོ་གཉེར་གློག་ལྟར་འཁྱུག༔ ལྕགས་ཀྱི་རལ་པ་མི་མགོས་བརྒྱན༔ ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས༔ དུས་གསུམ་སངས་རྒྱས་མ་གཏོགས་པའི༔ ཚངས་པའི་འཇིག་རྟེན་མན་ཆད་ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ཟ་བའི་སྟོབས་པོ་ཆེ༔ སྲོག་བདག་གཤིན་རྗེ་ནག་པོ་ཁྱོད༔ གཡས་པས་ཁྲམ་ཤིང་མིག་དགུ་ཡིས༔ སྐྱེ་འགྲོ་སྲོག་དབུགས་ཁྲམ་ལ་འདེབས༔ མུན་ནག་ཞགས་པ་མདའ་ལྟར་འཕེན༔ རླུང་ལྟར་མགྱོགས་པས་འགྲོ་དྲུག་འཆིང༔ གཡོན་པས་གྲི་ནག་སོ་གཅིག་གིས༔ འགྲོ་བའི་སྲོག་རྩ་ཉལ་ཐག་གཅོད༔ སེན་མོ་ལྕགས་ཀྱུའི་མཚོན་ཆ་ཡིས༔ འགྲོ་དྲུག་རོ་ཡི་ལུས་ཀུན་གཏུབས༔ རྔམས་པའི་སྟབས་ཀྱིས་ཕྱོགས་བཅུར་རྒྱུག༔ འཇིག་རྟེན་ཁམས་ཀྱི་སྟོབས་པོ་ཆེ༔ ཀུན་གྱི་གཟི་བརྗིད་སྟོབས་ཟ་བ༔ དྲག་ཤུལ་ཅན་ལ་མཆོད་པ་འབུལ༔ གཞུང་ལས། སྐབས་འདིར་གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ་འབུལ་བར་གསུངས་པས། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་གོང་དུ་གླུད་ཡས་ཐམས་ཅད་ཐུན་མོང་དུ་གྲུབ་པས་འདིར་མི་དགོས། ཕྱག་ལེན་དུ་གཏོར་མ་གཤིན་རྗེའི་ཞལ་གདོང་མ་ཧེའི་སྒལ་པའི་སྟེང་དུ་ཕུལ་ལ་སྨན་རཀ་བྲན་ཏེ། སླར་ཡང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་འདོད་ཡོན་ལྔར་གྱུར་པ་དེ་ཉིད་འཆི་བདག་འཁོར་བཅས་ལ་ཕུལ་བས་དགྱེས་ཏེ་རྐན་སྒྲ་དང་བཅས་གསོལ་བར་དམིགས་ལ། ཨོཾ་དུ་ཏི་བི་ཛ་ཧཱུྃ་ཋ་ཀྲྀཥྞ་ཛ་མཱ་རི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་ལྔ་གསུམ་གང་རིགས་ཀྱིས་ཕྱག་རྒྱར་བཅས་ཏེ་འབུལ་ཞིང་སེ་གོལ་གཏོགས། དེ་ནས་ཕྲིན་ལས་བཅོལ་བ་ནི། ཐམས་ཅད་ཀྱིས་གཤིན་རྗེའི་གཟུགས་བརྙན་ཕྱོགས་སུ་མེ་ཏོག་གཏོར་ཞིང་འདི་སྐད་དོ། །ཀྱེ༔ འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་དགོངས་སུ་གསོལ༔ བདག་དང་ཁམས་གསུམ་གྱི་སེམས་ཅན་དང༔ དེང་ཡོན་གྱི་བདག་པོ་མིང་འདི་ཞེས་བྱ་བ་ལ༔ འཆི་བདག་གི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཐོག་མ་ནས་དུས་ད་ལྟ་ཡན་ཆད་དུ༔ བུ་ལོན་དང༔ ལན་ཆགས་དང༔ སྟོང་ཁྲིན་དང༔ ཉོན་མོངས་པའི་ལས་ཀྱི་རྐྱེན་ཅི་ཡོད་པ་ཐམས་ཅད་ད་ལྟ་ཉིད་དུ་འཇལ་བ་གྱིས༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་རྐྱེན་དུ་འགྲོ་བ༔ འགལ་བར་བྱེད་པའི་ལས་གང་ཡང་མ་བྱེད་ཅིག༔ ལན་གསུམ། དེ་རྗེས་དམིགས་པ་ནི། གཞུང་ལས། འཆི་བདག་གཤིན་རྗེ་འཇིགས་སུ་རུང་བའི་འཁོར་དཔག་ཏུ་མེད་པའི་ཚོགས་ཐམས་ཅད་མཚོན་ཆ་སྣ་ཚོགས་ཐོགས་ཏེ་བུ་ལོན་ལན་ཆགས་ལེན་པར་བསམ་ལ༔ བྱང་ཕྱོགས་སུ་ཚེའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང་བསྟོད་པ་འབུལ༔ ཤར་དུ་གཏོར་མ་བརྒྱ་རྩ་གཏོང༔ གནས་ཀྱི་ཕྱོགས་བཞིར་གསུར་དུད་གཏོང༔ མདུན་ནས་གླུད་འཇལ་བའི་ལག་ལེན་ལ་ཚོགས་ཏེ༔ ནུབ་ཏུ་སློབ་དཔོན་བྱིན་རླབས་ཅན་གྱིས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་དགོངས་པ་བྱས་ལ་བྱིན་གྱིས་བརླབ༔ དེ་ནས་གཤིན་རྗེ་འཆི་བདག་གི་དྲུང་དུ་གཞི་མ་ནག་པོའི་ཁར་གླུད་རྫས་ཐམས་ཅད་བྲེ་སྲང་ལ་འཇལ་གྱིན་སྤུངས་པར་བྱ་སྟེ༔ འབྲུ་སྣ་དང༔ ཟས་སྣ༔ སྐོམ་ཐམས་ཅད་བྲེ་ལ་འཇལ་ཏེ༔ བྲེ་གཅིག༔ གཉིས༔ གསུམ༔ བཞི༔ ལྔ༔ དྲུག༔ བདུན༔ བརྒྱད༔ དགུ༔ བཅུ༔ བརྒྱ༔ སྟོང༔ ཁྲི༔ འབུམ༔ བྱེ་བ༔ ས་ཡ༔ དུང་ཕྱུར༔ ཞེས་ཐེར་འབུམ་ནས་གྲངས་མེད་ཀྱི་བར་བགྲངས་ཤིང་གཞལ་ལོ༔ མར་གསེར་དངུལ་དར་ཟབ་རྣམས་སྲང་ལ་གོང་བཞིན་འཇལ་ལོ༔ མང་པོར་སྤེལ་བའི་སྔགས་ཀྱང་བཟླས་སོ༔ དེ་ནས་ཚེའི་དཀྱིལ་འཁོར་ལྷ་ལ་ཛཔ྄་བསྙེན་བྱ༔ ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ༔ མཆོད་བསྟོད་དྲག་པོ་བྱ༔ ཞེས་གསུངས་པས། དེའི་དོན་བྱང་ཕྱོགས་ཀྱི་ཚེ་ཆོག་པ་རྣམས་ལ་བརྡ་སྦྱར་ཏེ་མཆོད་བསྟོད་ཕུལ། སྐོང་བརྒྱ་དང་གཏོར་མ་གཏོང་བཞིན་པ་དང་། གསུར་གཏོང་མཁན་རྣམས་ཀྱིས་གསུར་དུད་བཏང་ཞིང་བསོ་སྒྲ་དང་ཀུ་སྒྲ་བྱ། དཔོན་སློབ་རྣམས་ཀྱིས་སླར་ཡང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བདུན་ཙམ་གྱིས་གླུད་རྫས་རྣམས་མང་པོར་སྤེལ། བྲེ་དང་སྲང་ཤིང་ལ་མིག་བསྒྱུར་གྱི་སྔགས་བཟླ་དགོས་པར་གསུངས་པས་བྲེ་སྔགས་ལ། ཨོཾ་ཨསྨ་སརྦ་པརྩི་མུར་ཏི་ཐིབས་སྭཱ་ཧཱ༔ ཞེས་པ་ཉེར་གཅིག་བཟླ་བར་གསུངས་པས་ཉེར་གཅིག་བཟླས་ཏེ་བྲེ་ལ་བཏབ། བཅད་ཤིང་སྔགས། ཨོཾ་ཐིབས་ཏི་མཐོང་བའི་རྒྱལ་པོ་སྭཱ་ཧཱ༔ ཞེས་ཚར་ལྔ་བཟླས་ཏེ་བཏབ། སྲང་གི་སྔགས། ཨོཾ་མ་ཏི་སྤཱ་མ་ནི་ཏ་ན་ཐིབས་སྭཱ་ཧཱ༔ ཞེས་ལན་གསུམ་བཟླས་ཏེ་སྲང་གི་སྲང་དམིགས་རྣམས་ལ་ལན་གསུམ་རེ་གདབ། དེ་ལྟར་བྱིན་གྱིས་བརླབས་པའི་བྲེ་ལ་འབྲུ་དང་ཟས་སྐོམ་ཐམས་ཅད་བཅལ་ཏེ་ཐམས་ཅད་ཀྱིས་སྐད་གསང་མཐོན་པོས། གཅིག །གཉིས། གསུམ། བཞི། ལྔ། དྲུག །བདུན། བརྒྱད། དགུ། བཅུ། བརྒྱ། སྟོང་། ཁྲི། འབུམ། བྱེ་བ། ས་ཡ། དུང་ཕྱུར། ཞེས་ལན་མང་དུ་སྒྲོགས་ཤིང་འཇལ། ཡང་གསེར། དངུལ། དར་ཟབ་རྣམས་སྲང་ལ་བཏེགས། རྡོ་རྗེ་སློབ་དཔོན་གྱིས་མང་པོར་སྤེལ་བའི་སྔགས་ཁོ་ན་བཟླ་ཞིང་གཞུང་ལྟར་དམིགས་པ་བྱ་བ་ལས་གྲངས་མི་འདྲེན། གཞལ་ཟིན་ནས་བྲེ་སྲང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་བརྡུང་ཞིང་བཅག །གླུད་ཡས་རྣམས་གླུད་ཕད་ཀྱི་ནང་དུ་གཞུག་པ་སོགས་བྱའོ། །དེ་ནས་བཀའ་བསྒོ་ཞིང་དམ་ལ་བཞག་པའི་ཕྱིར་རྔ་རོལ་དང་བཅས་ཏེ། ཧཱུྃ༔ རི་རྒྱལ་ལྷུན་པོའི་རྨང་འོག་ན༔ རྒྱ་མཚོ་ཆེན་པོའི་གཏིང་རུམ་ན༔ རླུང་ནག་འཚུབ་མའི་སྟེང་ཤེད་ན༔ བསྐལ་པའི་མེ་དང་རྒྱ་མཚོའི་བར༔ ལྕགས་སྲེག་ནག་པོའི་ས་གཞི་ལ༔ ལྕགས་ཀྱི་ཁང་པ་སྒོ་མེད་ནང༔ གཤིན་ཡུལ་འཇིག་རྟེན་རྨེ་ནག་ཅེས༔ ཟིན་ནས་ཐར་ས་མེད་པའི་གནས༔ འཇིགས་སུ་རུང་བའི་གནས་དེ་ན༔ འཆི་བདག་ཆོས་ཀྱི་རྒྱལ་པོ་ཁྱོད༔ མངོན་ཤེས་མཐུ་དང་རྫུ་འཕྲུལ་ལྡན༔ དགེ་སྡིག་ཆོས་བཞིན་སྤྱོད་པ་པོས༔ ཁྱོད་ལ་ལན་ཆགས་སྟོང་ཁྲིན་སྦྱིན༔ འབྱོར་པའི་ལོངས་སྤྱོད་གླུད་འབུལ་གྱིས༔ འཇིག་རྟེན་ས་སྟེང་ལྷ་མིའི་ཡུལ༔ དགེ་བཅུ་དམ་ཆོས་སྤྱོད་པའི་སར༔ དེང་ནས་མི་ལོ་བཅུ་གསུམ་དུ༔ འཆི་བདག་ཞགས་པ་མ་འདེབས་ཤིག༔ གཤིན་རྗེའི་ཕོ་ཉ་མ་གཏོང་ཞིག༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ བཀའ་དང་དམ་ལ་མ་འདའ་ཞིག༔ ཅེས་བརྗོད། གཞུང་ལས། ལྷའི་ང་རྒྱལ་གྱིས་འཆི་བདག་གཤིན་རྗེའི་ལྕེ་སྟེང་དུ་ཏྲི་ཤུལ་ཞེས་བྱ་སྟེ་རལ་གྲི་རྩེ་གསུམ་པ་གཅིག་གིས་བདུད་རྩི་བཞག་པར་བསྒོམ༔ ཞེས་གསུངས་པས་དེང་སང་ཕྱག་ལེན་དངོས་སུ་མཛད་པས། སློབ་དཔོན་གྱི་ཕྱག་གཡོན་པས་དྲིལ་བུ་དང་བཅས་ཏེ་ཁ་ཊཱཾ་གཤིན་རྗེའི་གཟུགས་བརྙན་གྱི་ལྕེ་སྟེང་དུ་བཞག །གཡས་པས་རྡོ་རྗེ་དང་བཅས་པའི་བདུད་རྩི་ཁ་ཊྭཱཾ་གའི་རྭ་དབུས་མ་ནས་བརྒྱུད་དེ་ལྕེར་བླུད་ཅིང་། ཨོཾ་ཡ་མཱནྟ་ཀ་ཡ་བ་ཏི་ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དམིགས་པ་གསལ་བས་དམ་ལ་བཞག་གོ །དེ་རྗེས་གླུད་ཡས་རྣམས་གཏོང་བ་ནི། གཞུང་ལས། དེ་ནས་རོལ་མོའི་ཚོགས་དང་བཅས་ཏེ་འཆི་བདག་ཁ་ལྷོ་རུ་བསྒྱུར་ནས༔ སྐྱེས་པ་ཆས་གོས་ནག་པོ་གྱོན༔ མཚོན་ཆ་ཐོགས་པ་མང་པོས་བཏེགས་ལ༔ བསམ་པ་ནི༔ དྷི་ཨ་ཡཾ༔ ཞེས་བརྗོད་པས་རླུང་གི་ཤུགས་དང་ལྡན་པའི་རྔ་མོ་མང་པོས་བསྐྱོད་ཅིང་འཆི་བདག་གཤིན་རྗེ་གླུད་དང་བཅས་པ་བཏེགས་ནས་ལྷོ་ཕྱོགས་སུ་འགྲོ་བར་བསམ༔ ཁྲོ་བོའི་ང་རྒྱལ་དང་ལྡན་པས་རོལ་མོ་མང་པོའི་ཚོགས་དང་བཅས་འདི་སྐད་ཅེས་བརྗོད་དོ༔ ཞེས་གསུངས་པས་གཞུང་བཞིན་སྐྱེས་པ་གོ་མཚོན་ཅན་ཤོམ་ན་བྱེད། མ་གྲུབ་ན་གླུད་ཡས་རྣམས་བསྒྱུར་ཞིང་དཔོན་སློབ་རྣམས་བཞེངས་ཏེ་ལྷའི་ང་རྒྱལ་གྱིས་རོལ་མོར་བཅས་ཏེ་འདི་སྐད་དོ། །ཧཱུྃ༔ འཆི་བདག་གཤིན་རྗེ་ནག་པོའི་ཚོགས༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད༔ མ་རུངས་གཤིན་རྗེའི་འཁོར་གྱིས་བསྐོར༔ བགེགས་ཀྱི་རྒྱལ་པོ་འཁོར་བཅས་ལ༔ མཆོད་སྦྱིན་གཏོར་གླུད་བཟང་པོ་འདིས༔ བུ་ལོན་ལན་ཆགས་བཅལ་ཟིན་གྱིས༔ གླུད་དང་གཏོར་མ་འདི་ལོངས་ལ༔ ང་ཡི་སེམས་བསྐྱེད་གནས་འདི་རུ༔ གཤིན་རྗེའི་གནོད་པ་མ་གཏང་ཞིག༔ བདུད་ཀྱི་ཁྲམ་ལ་བཏབ་པ་ཕྱིས༔ འཆི་བདག་ཞགས་པས་མ་ཆིངས་ཤིག༔ སྔོན་ཆད་བཅིངས་ན་ད་ལྟ་ཁྲོལ༔ སྐྱེ་འགྲོ་གསོད་པའི་ལས་མ་བྱེད༔ བདུད་ཀྱི་ཁྲམ་ཁ་སླར་ལ་བརྟུལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ ལན་ཆགས་སྟོང་ཁྲིན་བཅལ་ཟིན་གྱིས༔ གླུད་དང་གཏོར་མ་འདི་ལོངས་ལ༔ འདི་ནས་ལྷོ་ཡི་ཕྱོགས་སུ་སྐྱོད༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི༔ ཕ་རོལ་རྒྱ་མཚོ་ནག་པོའི་སྟེང༔ ཉི་མ་ཟླ་བ་མེད་པའི་གནས༔ མུན་རུམ་འཁྱིལ་པའི་ནང་ཤེད་ན༔ འཆི་བདག་གཤིན་རྗེའི་རང་གནས་ཡོད༔ སྐྱོད་ཅིག་གཤིན་རྗེ་དེ་རུ་སྐྱོད༔ གཤེགས་ཤིག་འཆི་བདག་འཁོར་བཅས་གཤེགས༔ བགེགས་ཀྱི་རྒྱལ་པོ་ད་སྐྱོད་ཅིག༔ འདི་ཡང་ཕྱག་ལེན་དུ་ལན་གསུམ་མཛད་ཅིང་འདུག །དེ་རྗེས་གཞུང་ལས། ཆུ་བོ་ཆེན་པོའི་གཞུང་ངམ༔ ལམ་པོ་ཆེའི་བཞི་མདོར་ཁ་ལྷོ་རུ་བལྟས་ཏེ་བསྐྱལ་ལོ༔ རྔ་མོ་མང་པོའི་ཤུགས་ཀྱིས་ལྷོ་ཕྱོགས་སུ་བསྐྱོད་དོ༔ ཕྱིའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་རྩ་བར་ཁྱེར་བར་བསམ་མོ༔ ཡི་དམ་ལྷའི་ང་རྒྱལ་གྱིས༔ ཨོཾ་ཡ་མ་མེ་ཏ་ཀྵེ༔ ར་ཙ་སཏྭ་རུ་ན་ཡོ་ནི༔ ར་ཡ་ཙ་ནི་སརྦ་ཙ་ཏུར་ནན༔ སྙིང་གཟེར་བྲེང་ཤག་ཡཾ་རྦད༔ ཅེས་བརྗོད་པས་ཁམས་གསུམ་ཐམས་ཅད་འཇམ་དཔལ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ཀྱིས་ཁེངས་ཏེ༔ ལྷ་ལས་འོད་ཟེར་མཚོན་ཆ་སྣ་ཚོགས་སུ་འཕྲོས་ནས༔ འཆི་བདག་གཤིན་རྗེ་བདུད་དང་བགེགས་ཀྱིས་བསྐོར་པ་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཀློང་དུ་བསྐྱལ་ཏེ༔ མཚོ་ཐོག་ཏུ་བྲག་ཞིག་པ་ལྟར་ཆོལ་སྒྲ་དང་བཅས་ཏེ་གཤིན་རྗེ་རང་གི་ཡུལ་དུ་སིལ་ཏེ་སོང་ནས༔ བསྐལ་པ་འདི་མ་འདས་ཀྱི་བར་ཕྱིར་མི་ཐོན་པར་བསམ་མོ༔ ཞེས་གསུངས་པ་ལྟར་སྔགས་དམིགས་རྣམས་བྱ། སློབ་དཔོན་ནང་དུ་བཞུགས། གཞན་རྣམས་ཀྱིས་རོལ་མོར་བཅས་ཏེ་གླུད་ཡས་རྣམས་ཆུ་བོ་ཆེན་པོའི་གཞུང་ངམ། ལམ་པོ་ཆེའི་གཞི་མདོར་ཁ་ལྷོར་བསྟན་ཏེ་བསྐྱལ་ལོ། །མཱ་ར་ཡའི་དྲག་བརྡུང་བྱས་ཏེ་ཕྱིར་ལོག །སྒོ་དྲུང་དུ་མེ་ཆུའི་རྒྱས་འདེབས་སོགས་བྱའོ། །ས་བཅད་གསུམ་པ་རྗེས་ལས་ཀྱི་མཇུག་བསྡུ་བ་ནི། སློབ་དཔོན་གྱིས་གླུད་ཡས་རྣམས་སོང་འཕྲལ་དམིགས་པ་རྣམས་གསལ་གདབ་རྗེས། གཞུང་ལས། འཆི་བདག་གི་དཀྱིལ་འཁོར་ནག་པོ་གྲུ་གསུམ་བསྡུ༔ ས་གཞི་གས་ནས་འཆི་བདག་ནག་པོ་སྤྱན་དྲངས་པའི་སྒོ་དེ་བཀག་པར་བསམ་མོ༔ ལྷའི་ང་རྒྱལ་གྱིས་བྲོ་བརྡུང༔ ཞེས་གསུངས་པ་ལྟར་དཀྱིལ་འཁོར་ཕྱག་ཤུལ་དུ་རྒྱས་པར་ན་ཚེ་བདག་ལྟར། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན། །ཞེས་སོགས་སམ། བསྡུ་ན་རང་གཞུང་ལྟར། ཨེ་ནན་བྷིག་ནན༔ སཏྭམྦྷ་ཡ་ནན༔ ཞེས་བརྗོད་པས་རྡོ་རྗེ་རྒྱ་གྲམ་གྱི་ས་གཞིར་གྱུར་ནས་བསྐལ་པ་མ་སྟོངས་ཀྱི་བར་དུ་མི་ཐར་བར་བསམ་མོ༔ ཞེས་གསུངས་པ་ལྟར་བྱའོ། །དེ་ནས་ལྷག་མ་ཆད་ཐོ་སོགས་མཇུག་གི་ཆོ་ག་རྣམས་དང་། ཁྱད་པར་ལོང་ཡོད་ན་ཚེའི་ཆོ་གའི་སར་ཕྱིན་ཏེ་སློབ་དཔོན་གྱི་ཆོ་ག་བསྡུས་ཙམ་ཞིག་བཏང་སྟེ། འཆི་ཟློག་པ་རྣམས་ལ་དབང་བསྐུར་བ་སོགས་མཛད་སྲོལ་ཡོད་པས། མདོར་ན་ཐམས་ཅད་སླ་ཆོས་སུ་མ་སོང་བར་བྱ་ཞིང་། གཙོ་བོར་གཏེར་གཞུང་ཉིད་ལ་ཞིབ་ཏུ་བལྟ་བར་གཅེས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། རྩ་བ་ལས། ཐབས་དང་ཆོ་ག་དེ་བྱས་ན༔ འཆི་བདག་ལག་ཏུ་ཚུད་པ་ཡང༔ ལོ་ལྔའི་བར་དུ་བཟློག་པར་འགྱུར༔ དེ་ཚེ་དག་པའི་ལྷ་བསྒྲུབས་ན༔ ཕུང་པོ་ལྷ་ཡི་སྐུར་གྱུར་ན༔ དེ་དང་འཕྲད་པར་ག་ལ་འགྱུར༔ ཞེས་དང་། མན་ངག་འགྲེལ་པ་ལས། དེ་ལྟར་བྱས་པའི་རྣལ་འབྱོར་པའི་སེམས་བསྐྱེད་ཆེ་ཆུང་གང་ཡིན་པའི་ཁོངས་སུ་འཆི་བདག་གི་ཞགས་པས་མི་ཐེབས་ཏེ། འཆི་བའི་རྐྱེན་དང་ནད་དང་རིམས་དང་འཁྲུག་པ་ལ་སོགས་པའི་འཆི་རྐྱེན་ཐམས་ཅད་ལོ་བཅུ་གསུམ་གྱི་བར་དུ་འབྱུང་བར་མི་འགྱུར་རོ། །འཆི་བདག་ཟློག་པའི་ཆོ་ག་འདིས་འཆི་བདག་གི་ལག་ཏུ་ཚུད་པ་ཡང་ལོ་ལྔའི་བར་དུ་འཆི་བ་བསླུ་བར་འགྱུར་རོ། །ཞེས་གསུངས་པས་བྱིན་རླབས་ངོ་མཚར་རྨད་དུ་བྱུང་བའོ། །རྣམ་དག་ཟབ་མོའི་གཏེར་ཆོས་བདུད་རྩིའི་སྨན། །འགྲོ་བའི་ལུས་སེམས་ནད་སེལ་ཕན་བདེའི་གཏེར། །རིག་འཛིན་བརྒྱུད་པའི་ཞལ་ལུང་དྲོད་པོ་ཆེ། །མ་ཉམས་རང་གཞན་དོན་དུ་ཡི་གེར་སྤེལ། །གནས་སྐབས་དུས་མིན་འཆི་བའི་རྐྱེན་བཟློགས་པས། །དལ་འབྱོར་དོན་ཡོད་རང་གཞན་ཕན་བདེ་འགྲུབ། །མཐར་ཐུག་འཆི་མེད་དོན་གྱི་འབྲས་སྟེར་བ། །འདི་ འདྲའི་གདམས་ངག་གཞན་ལས་ངོ་མཚར་རྨད། །རྒྱ་བོད་པཎ་གྲུབ་རྒྱུ་སྐར་བྱེ་བའི་དབུས། །བོད་ཁམས་མུན་གླིང་སྐྱོང་བའི་ཉིན་བྱེད་དབང་། །མཚོ་སྐྱེས་པདྨ་རྒྱལ་པོའི་རྣམ་ཐར་ལ། །མི་ཕྱེད་དད་པའི་ཡི་རངས་ལན་བརྒྱར་འབུལ། །སྐྱེ་བ་ཀུན་ཏུ་ཁྱེད་བསྟན་འཛིན་སྐྱོང་སྤེལ། །གསུང་རབས་འཆད་རྩོད་རྩོམ་པའི་སྐལ་བཟང་ཐོབ། །མཐོང་ཐོས་དྲན་རེག་སྨིན་གྲོལ་ཕྲིན་ལས་ཀྱིས། ཁྱོད་བཞིན་བསྟན་འགྲོའི་དོན་གཉིས་ལྷུན་གྲུབ་ཤོག །སྔོན་བྱོན་མཁས་དང་གྲུབ་པའི་སྐྱེ་སྤྲུལ་རྣམས། །དེང་སང་དབྱངས་གསལ་བཞུགས་གྲལ་ངོ་མི་མཁྱེན། །སྔགས་འཆང་གོས་དཀར་ཕུར་ཕྲེང་ནུས་པར་རློམ། །གྲོང་ཆོག་འགྲིམས་རྣམས་ལག་ལེན་མན་ངག་བྲལ། །དེ་ཕྱིར་དབེན་པར་ཟབ་དོན་སྒོམ་པ་ལས། །གཞན་པའི་ཉིང་དགོས་ཅུང་ཟད་མ་མཆིས་ཀྱང་། །ལྷ་བྲག་ཐུགས་གཏེར་བསྟན་པ་རིན་པོ་ཆེར། །ཕན་ཕྱིར་ཟབ་གནད་ལག་ལེན་གསལ་བར་བྱས། །དེ་ལྟའི་དགེ་བ་ཉིན་མོར་བྱེད་པ་ཡིས། །བསྟན་འགྲོར་ཕན་བདེའི་པད་ཚལ་རྒྱས་པ་དང་། །སྲིད་པའི་མུན་ཁང་སྟུག་པོ་རབ་བཅོམ་སྟེ། །དགེ་ལེགས་སྣང་བ་ཆེན་པོས་ཁྱབ་གྱུར་ཅིག །དེ་ལྟར་གཤིན་རྗེ་འཆི་བདག་ནག་པོ་ཟློག་པའི་ཆོག་ཁྲིགས་སུ་བྱས་པ་རིག་འཛིན་གྲུབ་པའི་ཞལ་ལུང་ཞེས་བྱ་བ་འདི་ཡང་གཙོ་བོར་གཏེར་གཞུང་ཉིད་དང་། ༧སྐྱབས་མགོན་རྒྱལ་དབང་མཆོག་གིས་མཛད་པའི་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན་སོགས་རིག་འཛིན་བརྒྱུད་པའི་བླ་མའི་མན་ངག་རྣམས་ཀྱི་དགོངས་དོན་གསལ་བར་བྱས་ཏེ། ནོར་འཁྲུལ་གབ་སྦས་དང་རང་བཟོའི་དྲི་མས་མ་སྦག་པར། རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་སོགས་འགའ་ཞིག་གིས་བསྲེ་བསླད་སྣ་ཚོགས་བྱས་པའི་ཆོག་སྒྲིག་འབྱམས་པ་སོགས། འཆོལ་བར་དཔྱད་པའི་ཉེས་པ་རྣམས་ལས་ལྡོག་པའི་ཕྱིར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་པདྨ་ཕྲིན་ལས་ཀྱིས་རང་གནས་སུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྨན་མཆོག་གོ །སརྦ་མངྒ་ལཾ།། །། ༈ རྫོངས་འདེབས་གྱེར་འབོད་བྱ་ཚུལ་འཇམ་མགོན་གསུང་ལས་ཟུར་ཕྱུང་ནི། རིན་པོ་ཆེ་དང་རྡོ་དཀར་ནག་སོགས་སྲང་ལ་གཞལ། དར་རས་སོགས་འདོམ་ལ་འཇལ། མར་ཐུད་ཤ་སོགས་རྒྱ་མར་བཀྱགས། འབྲུ་སྨན་དང་ཕྱེ་མ་སོགས་བྲེ་ཕུལ་གྱིས་འཇལ་བའི་ཚུལ་བྱས་ལ། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་གླུད་དང་སྲོག་གི་སྐྱིན་དུ་ཞེས་པ་ཐམས་ཅད་ཀྱི་འགོར་སྦྱར་ལ། གསེར་དངུལ་བྱེ་རུ་གཡུ་དུང་ལ་སོགས་པ་རིན་པོ་ཆེའི་རིགས་སྲང་གཅིག །བཅུ། བརྒྱ། སྟོང་། ཁྲི། འབུམ། བྱེ་བ། ས་ཡ། དུང་ཕྱུར་གྲངས་མེད་པ་འབུལ་ལོ། ༈ །དར་ཟབ་ཐེར་སྣམ་རས་ལིང་ལ་སོགས་པ་གོས་དར་གྱི་རིགས་འདོམ་པ་གཅིག །བཅུ། བརྒྱ། སྟོང་སོགས་སྔར་ལྟར། ༈ མར་ཐུད་བཟང་ཇ་ཤ་དང་ཁུར་བ་སོགས་བཟའ་བ་དང་བཅའ་བའི་རིགས་རྒྱ་མ་གཅིག །བཅུ་སོགས་སྔར་ལྟར། ༈ འབྲུ་དཀར་འབྲུ་ནག་སྨན་སྣ་ཤིང་ཐོག་ལ་སོགས་པ་བྲེ་ཕུལ་གཅིག །བཅུ་སོགས་རྫོངས་འདེབས་རྣམས་རྫོགས་པར་གཞལ། མཐར་བྲེ་སྲང་སོགས་བཅག་དཀྲུག་བྱས་ལ་མཉམ་དུ་འཕང་ངོ་།། །།

སློབ་དཔོན་པདྨས་མཛད་པའི་རྒྱུད་སྡེ་བཞིའི་ཡང་སྙིང༔ བདེ་གཤེགས་ཞི་ཁྲོའི་སྙིང་ཁྲག་གཅིག་ཏུ་བསྡུས་པ་མཚོན་སྲུང་རྡོ་རྗེའི་གོ་ཁྲབ་ཀུན་ཐུབ་སྲུང་བའི་རྒྱལ་པོའི་བྲི་རྒྱུན་ཟབ་པའི་མཐར་ཐུག་ (Volume 45, Text 31)

༄༅༔ སློབ་དཔོན་པདྨས་མཛད་པའི་རྒྱུད་སྡེ་བཞིའི་ཡང་སྙིང༔ བདེ་གཤེགས་ཞི་ཁྲོའི་སྙིང་ཁྲག་གཅིག་ཏུ་བསྡུས་པ་མཚོན་སྲུང་རྡོ་རྗེའི་གོ་ཁྲབ་ཀུན་ཐུབ་སྲུང་བའི་རྒྱལ་པོའི་བྲི་རྒྱུན་ཟབ་པའི་མཐར་ཐུག་བཞུགས་སོ༔ ྈྈྈྈྈྈ སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག༔ འགྲོ་བའི་མགོན་པོ་བླ་ན་མེད༔ ཡིད་བཞིན་ནོར་བུ་རེ་སྐོང་བ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ འཁོར་ལོས་སྒྱུར་རྒྱལ་ཁྲི་སྲོང་ལྡེ་བཙན་དང༔ སྤྲུལ་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ལེགས་པའི་དཔལ་འཛིན་འབྲོ་བཟའ་བྱང་ཆུབ་དང༔ བསོད་ནམས་བསགས་པའི་ཕོ་ཡོང་རྒྱལ་བཙུན་དང༔ སྦྱངས་པའི་སྟོབས་ལྡན་བཻ་རོ་ཙ་ན་དང༔ ཚུལ་ཁྲིམས་ལྡན་པ་ནམ་མཁའི་སྙིང་པོ་དང༔ བརྟུལ་ཞུགས་ལྡན་པ་ཀ་བ་དཔལ་རྩེགས་དང༔ བསོད་ནམས་ལྡན་པ་ཀླུ་ཡི་རྒྱལ་མཚན་དང༔ པདྨ་ལ་གུས་དགེ་སློང་རིན་མཆོག་དང༔ འབྲི་ཡིག་མགྱོགས་པ་ལྡན་མ་རྩེ་མང་དང༔ གུས་པར་འབྲི་བ་ཨ་ཙར་ཡེ་སྣང་དང༔ སྒྲ་དབྱངས་མགྱོགས་པ་བདུན་པ་རྒྱལ་མཆོག་དང༔ རིགས་རྒྱུད་ལྡན་པ་མུ་ཏིག་བཙན་པོ་དང༔ བསོད་ནམས་སྟོབས་ལྡན་མུ་ཏིག་ཁྲི་ལྡེ་དང༔ བློ་གྲོས་འཛིན་པ་བསོད་ནམས་ཤེས་རབ་དང༔ དཔའ་རྩལ་སྟོབས་ལྡན་རྡོ་རྗེ་སྤྲེལ་ཆུང་དང༔ ཡིག་ཚང་ལེགས་འཛིན་ཁྲི་རྗེ་ཡབ་ལྷག་དང༔ དོན་ཀུན་གྲུབ་པའི་ཡེ་ཤེས་རྒྱལ་པོ་སོགས༔ བསོད་ནམས་བསགས་པའི་བོད་འབངས་མང་པོ་དང༔ དཀར་པོའི་ཕྱོགས་ཀྱི་ལྷ་ཀླུ་བསམ་འདས་པས༔ བྲག་དམར་དཔལ་གྱི་བསམ་ཡས་ལྷུན་གྲུབ་ཏུ༔ གསེར་གཡུ་མུ་ཏིག་དངུལ་ཟངས་རིན་ཆེན་ཁྲི༔ དར་ཟབ་མན་ཏྲི་ཡིད་འོང་མཛེས་པའི་གདན༔ ཟ་འོག་གུར་ཕུབ་འཇའ་ལྟར་བཀྲ་བ་རུ༔ ཡིད་བཞིན་ནོར་བུ་པདྨ་འབྱུང་གནས་བཞུགས༔ ཡེ་ཤེས་མཁའ་འགྲོ་དེ་ཡི་མདུན་དུ་བཞུགས༔ མངའ་བདག་རྒྱལ་པོ་མདུན་དུ་གུས་པས་གནས༔ སྒྲ་བསྒྱུར་ལོ་ཙཱ་གཡས་རོལ་མགོ་ནས་འདུག༔ གསེར་དངུལ་མུ་མེན་མཎྜལ་གཡུ་ཡིས་བརྒྱན༔ ཕྱི་ནང་མཆོད་པ་མདངས་ལྡན་ཡིད་འོང་དང༔ གཟི་མཆོང་ནལ་སྐྱོགས་རྒུན་འབྲུམ་འབྲས་ལ་སོགས༔ བདུད་རྩིས་ལེགས་བཀང་གུ་རུ་རྗེ་ལ་དྲངས༔ ཕྱག་འཚལ་གསོལ་བཏབ་བསང་བ་དཔག་མེད་བྱས༔ རྩེ་གཅིག་མོས་པས་གསེར་སོགས་མེ་ཏོག་འཐོར༔ ལྷ་ཀླུ་ཀུན་གྱིས་མེ་ཏོག་ཆར་པ་དང༔ སྒྲ་འོད་འཇའ་གུར་ཡིད་ཙམ་ས་ཡང་གཡོས༔ དུས་དེར་ལྷུན་གྲུབ་དཔལ་གྱི་བསམ་ཡས་སུ༔ ཕྱི་ནང་ཐེག་པ་མཆོག་གི་རིམ་པ་དང༔ ཁྱད་པར་ཡོངས་རྫོགས་རྟ་མགྲིན་རྒྱུད་རྣམས་དང༔ རྫོགས་ཆེན་གསེར་ཞུན་ཞལ་གདམས་བརྒྱ་རྩ་གསུངས༔ རྒྱལ་བློན་འཁོར་བཅས་ལྷ་ཀླུ་ལ་སོགས་ཀུན༔ ཚེ་འདི་ཉིད་ལ་བདེ་བ་ཅན་དུ་ཕྱིན༔ བྱ་བ་བྱེད་མེད་འགྲོ་དོན་ལྷུན་གྱིས་གྲུབ༔ ཅི་བསམ་མ་ལུས་དོན་ཀུན་དུས་དེར་འགྲུབ༔ རྗེ་འབངས་མགྲིན་གཅིག་འདུན་པ་དྲག་པོ་ཡིས༔ མཆོད་པ་ཕུལ་ནས་རྗེ་ལ་འདི་སྐད་ཞུས༔ བདག་ཅག་འདིར་འདུས་དོན་ཆེན་བསམ་པ་འགྲུབ༔ བདག་གི་བོད་ཁམས་མ་རུངས་བླུན་པོའི་ཡུལ༔ ཁ་བ་ཅན་འདིར་དུས་ཕྱིས་ཅི་འདྲ་མཆིས༔ དུས་གསུམ་མཁྱེན་པ་པདྨ་རྒྱལ་པོ་ཡིས༔ འགྲོ་ལ་བརྩེར་དགོངས་བདག་ལ་གསུང་པར་ཞུ༔ ཞེས་གུ་རུ་ལ་ཞུས་པ༔ ྈྈྈྈྈ གུ་རུས་གསུངས་པ༔ རྒྱལ་པོ་ལ་སོགས་བོད་འབངས་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཞོག་ཅིག༔ ད་སྟེ་ལོ་བཞི་བཅུ་ཞེ་གཅིག་ནས་འདི་ལྟར་རིམ་པ་བཞིན་འབྱུང་བར་འགྱུར་རོ༔ ཞེས་མ་འོངས་ལུང་བསྟན་སྐབས་བཅུ་དྲུག་པ་གསུངས་པས་བོད་ཀྱི་རྒྱལ་བློན་ཐམས་ཅད་ཤིན་ཏུ་ཤ་གཡའ་བར་གྱུར་ཏོ༔ དེར་བོད་ཀྱི་རྒྱལ་བློན་ཐམས་ཅད་བློ་དང་འདུན་པ་གཅིག་པས་དེ་ལྟ་བུའི་དུས་བྱུང་ཙ་ན་འགྲོ་བ་བཞི་ཆ་གྲིར་འགུམ་པར་གདའ་བས༔ གྲིར་མི་འགུམ་ལ་གྲིས་མི་ཚུགས་པའི་གདམས་པ་གཅིག་གུ་རུ་རྗེ་ལ་ཞུས་པ་ལེགས་སོ༔ ཞེས་ཁ་འཆམས་ཏེ་མཆོད་པ་ཕུལ་ནས་མགྲིན་གཅིག་ཏུ་ཞུས་པ༔ ཨེ་མ་འགྲོ་མགོན་པདྨ་འབྱུང༔ མ་འོངས་སྙིགས་མའི་དུས་དེ་རུ༔ རང་ལུས་རྡོ་རྗེ་ལྟར་འགྱུར་ཞིང༔ བར་ཆད་རྐྱེན་གྱིས་མི་ཚུགས་པའི༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ ཁྱད་པར་འཕགས་པའི་གདམས་ངག་གཅིག༔ གསང་བ་ཐུགས་ཀྱི་དཀྱིལ་འཁོར་ནས༔ གབ་པའི་གདམས་པ་མངོན་ཕྱུང་སྟེ༔ འགྲོ་ལ་བརྩེར་དགོངས་བཤད་དུ་གསོལ༔ ཞེས་ཞུས་པས༔ གུ་རུས་འདི་སྐད་ཅེས་བཀའ་བསྩལ་ཏོ༔ དུས་དེར་དགོངས་པའི་གདམས་ངག་གཅིག༔ རྒྱུད་སྡེ་ཀུན་གྱི་བཅུད་ཕྱུང་ཞིང༔ པདྨ་ང་ཡི་སྙིང་ལྟ་བུ༔ གདམས་པའི་རྒྱལ་པོ་མཚོན་སྲུང་འདི༔ ཕྱི་རབས་དོན་དུ་བཤད་པར་བྱ༔ འཛམ་གླིང་ནོར་བུས་གང་བ་བས༔ གདམས་པ་འདི་ཀ་ཡིད་ལ་ཆོངས༔ སྙིང་གི་དཀྱིལ་དུ་ས་མ་ཡ༔ སེམས་ལ་ཆོངས་ཤིག་ཏིཥྛ་ལྷན༔ ཞེས་གསུངས་ནས༔ མཚོན་སྲུང་བའི་གདམས་པ་འདི་གསུངས་སོ༔ མཚོན་སྲུང་གི་ལོ་རྒྱུས་རྫོགས་སོ༔ ས་མ་ཡ༔ ྈྈྈྈྈ ྈྈྈ ྈྈྈ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈྈྈྈ ྈྈྈ ༈ རྒྱ་གར་སྐད་དུ༔ ཏིཀྵ་རཀྵ་སརྦ་ཙཀྲ་ཨུ་པ་དེ་ཤ་ནཱ་མ༔ བོད་སྐད་དུ༔ མཚོན་ཆ་ཐམས་ཅད་སྲུང་བར་བྱེད་པ་འཁོར་ལོའི་མན་ངག་ཅེས་བྱ་བ༔ བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་ཕྱག་འཚལ་ལོ༔ ཐབས་མཁས་ཐུགས་རྗེ་ཆོས་དབྱིངས་དག་པ་ལ༔ ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་འོད་ཟེར་འབར༔ མྱུར་མགྱོགས་ཐུགས་རྗེས་སྡུག་བསྔལ་ཚོགས་སྐྱོབ་པའི༔ རྒྱལ་སྲས་སེམས་དཔར་བཅས་ལ་ཕྱག་འཚལ་བསྟོད༔ འཁོར་བའི་རྒྱ་མཚོ་སྡུག་བསྔལ་འཁྲིགས་པ་ལས༔ རྟག་པར་དེས་གཙེས་འདུག་པའི་འགྲོ་བ་ལ༔ མི་འཇིགས་མགོན་དང་བདེ་ལྡན་དཔུང་གྱུར་པའི༔ སྲ་བརྟན་མི་འགྱུར་མཚོན་སྲུང་བསྟན་པར་བྱ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པའི༔ སྐུ་ཡི་བྱིན་རླབས་གཟི་བརྗིད་མ་ལུས་པ༔ གཅིག་ཏུ་དྲིལ་བའི་མཚོན་སྲུང་འདི་ལ་ནི༔ ཐོག་མར་རྣལ་འབྱོར་དམ་ཚིག་སྡོམ་པར་ལྡན༔ སྙིང་རྗེ་ཤེས་རབ་བརྩོན་འགྲུས་ལྡན་པ་ཡིས༔ འདུ་འཛི་སྤངས་པའི་དབེན་གནས་ཡིད་འཐད་པར༔ མཆོད་གཏོར་བརྒྱན་བཤམ་བདག་ཉིད་གང་མོས་པའི༔ ལྷ་ཡི་བསྙེན་པ་རིམ་བཞིན་ཐེམས་པར་བྱ༔ དེ་ནས་དུས་དང་སྐར་མ་བཟང་པོ་་་རྒྱལ་ལ་སོགས།ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རབ་ལྡན་པས༔ བདེ་གཤེགས་ཀུན་འདུས་མཚོན་སྲུང་བྲི་བར་བྱ༔ མཐིང་ཤོག་ཡུལ་སྙོམས་གྲུ་བཞི་ལེགས་པ་ལ༔ དབུས་བཙལ་གསེར་གྱི་ཐུར་མས་མིག་ཕུག་ལ༔ ས་བཅུ་མཚོན་བྱེད་འཁོར་ལོ་རིམ་བཅུ་བསྐོར༔ ཐ་མར་མེ་རི་རྡོ་རྗེ་ཚ་ཚ་བཅས༔ གྲུ་བཞི་སྤྲུལ་པའི་འཁོར་ལོ་མཆོད་རྟེན་བཀོད༔ ༡༽འཁོར་ལོའི་ལྟེ་བར་་་ལྟེ་བ་མཐིང་ཁ།ཐུགས་ཀྱི་རིགས་འདུས་པ༔ རྡོ་རྗེའི་མཐའ་མར་སྔགས་ཀྱི་ཕྲེང་བར་དགོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སརྦ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ་ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཀཱ་ལ་བཾ་སརྦ་ཏཱིཀྵྞ་ས་མ་ཡ༔ ཧྲཱི་ཧྲཱི་ཧྲཱི༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་ཏཱིཀྵྞ་ལུ་ནི་ཏ་ཀ་ཏ་ཀ་ཏ་ཀ༔ ཨོཾ་ཧྲཱི་ཧ་ཡཾ་གྲཱི་བ་ཕཊ༔ མཚོན་གཏུབ་སོད་མཱ་ར་ཡ་ཕཊ༔ འཆང་བ་ལ་མཚོན་ཆའི་འཇིགས་པ་ཐམས་ཅད་སྲུངས་ཤིག་རཀྵཿརཀྵཿརཀྵ༔ ༢༽ཕྱི་རིམ་མུ་ཁྱུད་་་དམར་པོ།ལ༔ ཐུགས་ཀྱི་ལྷ་མོའི་རིག་པ་འདི༔ སྔགས་འགོ་ཕྱིར་བསྟན་འགོད་པར་བྱ༔ ཨོཾ་བཛྲ་ཀྲོ་ཏཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་སརྦ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ མཚོན་བཅད་དོ་གཏུབ་བོ༔ འཆང་བ་པོ་ལ་མཚོན་ཆའི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ༔ ༣༽མུ་ཁྱུད་དེའི་ཕྱི་མ་ལ༔ སྐུ་ཡི་འཁོར་ལོ་་་དཀར་པོ།རྩིབས་བཅུ་བྲི༔ རྩིབས་ལ་འདི་ལྟར་སྔགས་རྣམས་འགོད༔་་་མགོ་ཕྱིར་བསྟན། ཨོཾ་ཧཱུྃ་བཛྲ་ཀཱ་ར་ས་མ་ཡ་དུཥྚཱན་མ་ཧཱ་ཧྲཱི་དུ་པ་ལ་ཡ་ཧཱུྃ་ཕཊ༔ མིང་འདི་ལ་མཚོན་གྱི་འཇིགས་པ་སྲུངས་ཤིག་རཀྵ༔ ཨོཾ་ཧཱུྃ་བཛྲ་བྷིགྷྣཱན་དུ་ཤ་ཡ་ས་མ་ཡ་ཧཱུྃ་ཧཱུྃ་ཧྲཱི་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་ས་མ་ཡ་སྥོ་ཊ་ཡཾ་སྥོ་ཊ་ཡཾ་ཧཱུྃ་ཧ་ཧ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་ཏཱིཀྵྞ་ཡ་སརྦ་ཧྲིཾ་ཌ་ཧྲིཾ་ཌ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་པ་ཏ་ཡ༔ ཡ་སྥོ་ཊ་བཛྲ་ས་མ་ཡ་བཛྲ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་ཡ་མཱནྟ་བཛྲ་ཀྲོ་ཏ་ཡ་ཧཱུྃ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་ཏཱིཀྵྞ་ཏཱིཀྵྞ་སརྦ་ས་མ་ཡ་ཧྲཱིང་ཧྲཱིང་ཧ་ཧ་ཧཱུྃ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་གྲྀཧྞ་བཛྲ་པྲེ་བྷི་ཤ་ཡ་ཕཊ་ཧཱུྃ་ཧཱུྃ་ཧྲཱི་མ་ཧཱཾ་ཀ་རུ་ག་ན་ཧཱུྃ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་དྷྲི་ཀཱ་བ་དུ་མ་ས་ཡ་མཱ་ར་ཏ་ཀ་ཡ་ཧེ་ཧཾ་ཧཾ་ཧཱུྃ་ཕཊ༔ མིང་འདི་ལ༴ ཨོཾ་ཧཱུྃ་བཛྲ་བཛྲ་ཨ་མྲྀཏ་ཀུནྜ་ལཱི་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ མིང་འདི་ལ༴ རྩིབས་མཆན་བཅུ་་་སེར་པོ།ལ་མཚོན་ཆ་ཡི༔ ངར་བཅག་པའི་སྔགས་འདི་ནི༔ མགོ་ཕྱིར་བསྟན་ལ་དགོད་པའོ༔ ཨོཾ་རྣོར་ཟློག་ཆོམ་དྲིལ་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་སོད་ཆོམ་ཟློག་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་ཆུམ་མཚོན་དྲིལ་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་སྒྱུར་ཆོམ་སོད་དྲིལ་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་གཏུབས་ཆོམ་ནན་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་ཤིག་ཆོམ་སྒྱུར་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་ནན་ཆོམ་ནན་ཆོམ་སྦུད་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་སྦུད་ཆོམ་ཤིག་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་ཕྱུང་ཆོམ་ཤིག་སྥ་ར་ཎ་བྷྱོ་ཟློག༔ ཨོཾ་རྣོར་ཟློག་སྒྱུར་ཆོམ་སྒྱུར་སྥ་ར་ཎ་བྷྱོ་ཟློག༔ ༤༽མུ་ཁྱུད་དེའི་ཕྱི་མ་་་དམར་པོ།ལ༔ ཡིག་འགོ་ནང་བསྟན་དམར་པོ་ལ༔ མཚོན་གྱི་བསྐལ་པ་བཤིགས་པ་ཡི༔ ཡེ་ཤེས་ཆེན་པོའི་སྔགས་འདི་དགོད༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཨོཾ་ན་མ་ས་མནྟ་བཛྲཱ་ཎཱཾ༔ ཧཱུྃ་ཡ་མ་ཤ་རི་ས་མ་ཡ༔ མཚོན་ཆ་གྲྀཧྞ་ད་ཧ་ད་ཧ་སརྦ་པདྨ་ཧེ་རུ་ཀ་ས་མ་ཡ༔ མཚོན་ཆ་གཏུབ་གཏུབ་མཱ་ར་ཡ་ཟློག་རྦད་རྦད་རྦུད་ཡ༔ ཨོཾ་ཀ་ལ་དུཥྚཱན་མ་མ་ཀ་ཏྲ་ཀ་ཏྲ་བྷྱོ་བྷྱོ་ཟློག་ཟློག༔ ཨོཾ་ཨེ་ཝཾ་ས་མ་ཡ་མི་ལི་མི་ལི་སུ་ཧཱུྃ་བྷནྡྷ་བྷནྡྷ་ཕཊ༔ མ་ཧཱ་ཁ་ཤོ་ཡ་ཏྲི་ཧཱུྃ་ཏྲི་ཧཱུྃ་ཧཱུྃ༔ མིང་འདི་ཞེས་བྱ་བ་ལ་མཚོན་གྱི་འཇིགས་པ་ཐམས་ཅད་སྲུངས་ཤིག་ཟློག་ཅིག་རཀྵ༔ རཀྵ༔ ༥༽མུ་ཁྱུད་དེའི་ཕྱི་མ་་་ལྗང་ཁུ་ལ།ལ༔ དྲག་པོའི་འཁོར་ལོ་རྩིབས་བརྒྱད་བྲི༔ དེ་ལ་སྲ་བརྟན་སྔགས་འདི་དགོད༔ ཨོཾ་སརྦ་ཀྲོ་ཏ་ནི་ཀཱ་ལ་དུ་དུན་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་འཁོར་ལོ་ལྟར་བསྐོར་བའི་མཚོན་ཆ་སྲུངས་ཤིག་རཀྵ༔ ཨོཾ་སརྦ་བྷི་ཙ་ཡ་ཨ་པྲ་ཏི་ཧ་ཏ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་མེ་ལྟར་སྲེག་པའི་མཚོན༴ ཨོཾ་བྷུདྡྷ་ཤ་ཡ་ཧ་ས་ཀཱི་ལི་ཀཱི་ལ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་གསོར་ལྟར་འབུགས་པའི་མཚོན༴ ཨོཾ་ཧ་ཡ་མུ་མ་དེ་དུ་ས་ན་ཧཱུྃ་ཕཊ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་རི་ལྟར་གནོན་པའི་མཚོན༴ ཨོཾ་དྲུཾ་བྷནྡྷ་བྷནྡྷ་ཧ་ལ་ཏཱིཀྵྞ་ཏཱིཀྵྞ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་ལྕགས་སྒྲོག་ལྟར་འཆིང་བའི་མཚོན༴ ཨོཾ་དྷ་མ་དྷ་མ་རི་ཧ་ས་ན་ཤ་ན་ཕཊ་ཕཊ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་ཐོག་ལྟར་མགྱོགས་པའི་མཚོན༴ ཨོཾ་ནི་ཛྷ་ལ་རཾ་རཾ་སི་གྷེ་ལཾ་སཏྭཾ་བྷ་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་ཁ་ཆར་ལྟར་འབབ་པའི་མཚོན༴ ཨོཾ་བཛྲ་སུཾ་བྷྲཱུྃ་པདྨ་ཧྲཱི་ཏི་བཛྲ་བཛྲ་ཧཱུྃ༔ མིང་འདི་ལ་རླུང་ལྟར་གཡོ་བའི་མཚོན་ཆ་སྲུངས་ཤིག་རཀྵ༔ འཁོར་ལོ་དེ་ཡི་རྩིབས་མཆན་ལ༔ མཚོན་གྱི་ངར་བཤིག་སྔགས་འདི་འགོད༔ ཨོཾ་བཛྲ་ཙག་དུས་ཤ་སརྦ་རྦད་དཾུ་ལྷ་མ་ལྷཾ་་་ལྟཾ་ཟེར་བའང་འདུག།མཚོན་ཆ་མཱ་ར་ཡ་སོད་སོད༔ ཨོཾ་བཛྲ་མ་ཧཱ་ཀ་ཙ་པ་ཡེ་རྦུད་རྦུད་ཙེར་ཙེར་མཚོན་ཆ་སརྦ་ཟློག་ཟློག༔ ཨོཾ་བཛྲ་ཀླ་དུ་ཤེ་བྷ་རི་ཤིག་ཤིག་ཡ་ཧ་མཚོན་ཆ་སརྦ་གཏུབས་གཏུབ༔ ཨོཾ་བཛྲ་དུ་ན་གྷྲི་ཧཱ་ཏཱཀྵི་ཧཱུྃ་ཕཊ་མཚོན་ཆ་སརྦ་རྦུད་རྦུད༔ ཨོཾ་བཛྲ་མ་ཎི་པ་ཏྲཾ་ཡ་མ་དུ་རཾ་ཏྲིག་ཤག་མཚོན་ཆ་སརྦ་སྒྱུར་སྒྱུར། ཨོཾ་བཛྲ་ཀྵོ་པུར་ཏིར་ཐཱ་མཱ་ཀ་བི་ཏ་ཧཱུྃ་མཚོན་ཆ་སརྦ་བྱེར་བྱེར༔ ཨོཾ་བཛྲ་ཧུ་མེ་ཧཱུྃ་ཧྲཱི་སརྦ་གྷྲི་ཏི་ཊ་མྀ་ཎི་ཕཊ༔ མཚོན་ཆ་ཐམས་ཅད་ཨ་བ་དེངས་དེངས༔ ཨོཾ་བཛྲ་གྷུ་ཧ་ཏིཥྛ་སཾ་བྷ་རཾ་དུ་རཾ་ཚལ་པ་ཡ་མཚོན་ཆ་སརྦ་ས་མ་ཡ་བྷྱོ་ཟློག༔ ༦༽མུ་ཁྱུད་དེའི་ཕྱི་རིམ་་་སེར་པོ།ལ༔ དུས་མིན་འཆི་བ་བརྒྱད་ཟློག་པའི༔ རིག་པའི་སྔགས་འདི་བཀོད་པར་བྱ༔ ཏདྱ་ཐཱ༔ ན་མོ་ཤཱཀྱ་རཱ་ཛཱ་ཡ་ཨོཾ་སརྦ་སཾསྐ་རི་བུདྡྷ་ཏ་ཐཱ་ག་ཏ་སརྦ་ཕེཾ་ཕེཾ༔ ན་མོ་བྷ་ག་ཏེ་ཨ་པ་རི་མི་ཏཱཡུརྫྙཱ་ན་པུཎྱེ་པུཎྱེ་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་མ་ཧཱ་སརྦ་པུཎྱེ་པུཎྱེ་ཏ་ཐཱ་ག་ཏཱ་ཡ་ཏདྱ་ཐཱ་པུཥྚཱིཾ་སརྦ་པཱ་ཤཾ་ཀུ་རུ་ཡེ་སརྦ་སིདྡྷིརྠ་པུཎྱེ་ཨོཾ་སརྦ་སཾསྐ་རི་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སརྦ་རོ་པ་ཙིཏྟ་མ་ནི་ཧཱུྃ་སརྦ་བི་ཤུདྡྷེ་ཨུ་པ་གུ་ཎི་པུཎྱེ་པུཎྱེ་སརྦ་རོ་པ་ཙི་ཏ་སྭཱ་ཧཱ༔ མ་ཧཱ་ནཱ་ཡ་པ་རི་དྷརྨ་དྷཱ་ཏུ་མ་ཧཱ་ཕ་ལ་བཛྲ་ཧ་སེ་ཧ་སེ་སྭཱ་ཧཱ༔ མིང་འདི་ཞེས་བྱ་བ་ལ་དུས་མ་ཡིན་པའི་འཆི་བ་དང་མཚོན་ཆའི་འཇིགས་པ་ཐམས་ཅད་སྲུངས་ཤིག་རཀྵཿརཀྵཿརཀྵ༔ ༧༽མུ་ཁྱུད་དེ་ཡི་ཕྱི་མ་་་སྣ་ཚོགས།ལ༔ མཚོན་ཆས་མཚོན་ཆ་ཟློག་བྱེད་པའི༔ ཡེ་ཤེས་རྣོ་མྱུར་མཚོན་ཆ་བྲི༔ རྡོ་རྗེ་རྩེ་ལྔ་ལྟེ་བ་ལ༔ རྭ་དང་ལྟེ་བ་ཧཱུྃ་་་ཕྱིར་བསྟན།བཅས་དང༔ མདའ་གཞུ་འགེངས་དང་རལ་གྲི་ཡི༔ ནང་དུ་ཤཱ་ཏྲཾ་་་བ་ཤཾ་ཟེར་བའང་སྣང་།བྲིས་པ་དང༔ འཁོར་ལོ་ཞགས་པ་ལ་སོགས་ལྕགས་སྒྲོག་གི༔ ལྟེ་བ་རྩིབས་ལོགས་ཕཊ་ཧྲཱི་བྲི༔ རྩེ་གསུམ་རྒྱལ་མཚན་ལྕགས་ཀྱུ་ཡི༔ ལོགས་ལ་མ་མཀྵ་གནས་པ་དང༔ རྒྱལ་མཚན་ཞིང་དབྱུག་དགྲ་སཏྭ་ལ༔ ཐཱུཾ་ཧྲཱི་མུཾ་ཧཱུྃ་ཞེས་པ་དང༔ མེ་དང་སྤུ་གྲི་གཏུན་ཤིང་ལ༔ ཕཊ་ཕཊ་ནན་ནན་ཞེས་པ་དང༔ གྲི་སོ་གཅིག་པ་བ་དན་དང༔ དབྱུག་ཏོ་ཁྲམ་ཤིང་ལོགས་དག་ལ༔ བྷྱོ་བྷྱོ་རཀྵ་རཀྵ་ཧཱུྃ་ཞེས་དང༔ ཐོག་དང་རི་རབ་གྲི་གུག་ལ༔ ས་དུན་ཤ་བཛྲ་ནན༔ བྲག་རི་མཆོད་རྟེན་སྦྲུལ་ཞགས་ལ༔ དུ་དུ་མ་མ་ཀི་ལི་ཀཱི་ལི་ཧཱུྃ༔ ཆུ་དང་པདྨ་ཐོད་ཁྲག་ལ༔ ཨོཾ་དུ་མ་པདྨ་ཕཊ༔་་་ཨོཾ་དུ་ཧྲཱི་པདྨ་བཛྲ་ཕཊ་ཕཊ༔ཟེར་བའང་སྣང་། བུམ་པ་དཔག་བསམ་ནོར་བུ་ལ༔ ཤ་ཀྲ་ཀྵ་ཡ་ཞེས་པ་ད་ང༔ ཏྲི་ཤུལ་ཕུབ་དང་རླུང་ནག་ལ༔ ཕཊ་ཕཊ་ཧྲཱི་ཧྲཱི་བཛྲ་དང༔ ཨུཏྤལ་དུང་རྩང་ཁ་ཊྭཱཾ་ག༔ ཧཱུྃ་ཀྵ་བཛྲ་རཀྵའོ༔ ཀུན་གྱི་བར་དུ་སྔགས་འདི་དགོད༔ ཨོཾ་ཨཱཿཧཱུྃ་ཡ་མ་ཧཱ་སརྦ་རྣོར་སོད་ཆོམ་དྲིལ་མཚོན་ཆ་ཟློག༔ ༨༽མུ་ཁྱུད་དེ་ཡི་ཕྱི་མ་་་དམར་པོ།ལ༔ རྡོ་རྗེ་གོ་ཆའི་སྔགས་འདི་བྲི༔་་་མགོ་ནང་བསྟན། ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་བཛྲ་དུ་ན་ཤ་ཡ་ཧཱུྃ་ཕཊ༔ བཛྲ་མི་ཏི་མི་ཏི་ཧ་ར་ཧ་ར་ཧཱུྃ་ཕཊ༔ དྷ་ར་ཡ་དྷ་ར་ཡ་ཧཱུྃ་ཕཊ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཥྚོཾ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ མཱ་ར་ཡ་མཱ་ར་ཡ་བཛྲ་པ་ཀྲ་པ་ཀྲ་བཛྲ་དུ་ནཾ་བཛྲ། བྷིནྡྷ་ཡ་མ་ཧཱུྃ་ཕཊ༔ ཏདྱ་ཐཱ༔ ཧཱུྃ་ཧྲཱི་མི་རི་རི་རི་རི༔ ཧཱུྃ་བཛྲ་སརྦ་ཤ་ཏྲུཾ་ནན༔ ཀ་ར་ཀ་ར་ཀ་ར་ཀ་ར༔ སྥོ་ཊ་ས་མ་ཧྲི༔ དྷ་དྷ་དྷ་དྷ༔ ས་མ་ཡ༔ བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ༔ རཀྵ་རཀྵ༔ ཧཱུྃ་ཧཱུྃ་བཛྲ་ནན་ཧཱུྃ་ཧཱུྃ་ཡ་མ་བཛྲ་དུ་ན་བཛྲ་ཀྵོཾ་ཏྲ༔ ཏདྱ་ཐཱ༔ ས་མ་ར་ཙ་ཡ་མ་ཧ་བྷིད་ཁ་གྷ་དུ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མིང་འདི་ལ་མཚོན་གྱིས་ཕིགས་པར་མ་གྱུར་ཅིག༔ མཚོན་གྱི་རྩེ་བལྟ་བར་མ་གྱུར་ཅིག༔ མ་ཧཱ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་རཀྵ་རཀྵ་རཀྵ༔ མཚོན་གྱི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༩༽མུ་ཁྱུད་དེ་ཡི་ཕྱི་མ་་་སེར་པོ།ལ༔ མཚོན་གྱིས་ཚུགས་པར་མི་འགྱུར་བའི༔ བདེན་པའི་སྟོབས་འདི་བྲི་བར་བྱ༔་་་དམར་པོ་བྲི་མགོ་ཕྱིར་བསྟན་འདི་དམ་པར་བྲི། ན་མོ་བུདྡྷ་ཡ་ན་མོ་དྷརྨཱ་ཡ་ན་མོ་སཾ་གྷཱ་ཡ་སརྦ་ཏ་ཐཱ་ག་ཏ་ག་ཙ་མེ༔ ན་མོ་སངས་རྒྱས་བདེན་པ་དང་མཐུ་དང་གཟི་བརྗིད་ཀྱིས་མིང་འདི་ཞེས་བྱ་བ་ལ་མཚོན་གྱིས་ཕིགས་པར་མ་གྱུར་ཅིག༔ ཆོས་ཀྱི་བདེན་པས་མཚོན་ཞི་བར་གྱུར་ཅིག༔ དགེ་འདུན་གྱི་བདེན་པས་མཚོན་ཞི་བར༴ འཁོར་ལོའི་རིགས་ཀྱི་བདེན་པས་མཚོན༴ རྡོ་རྗེའི་རིགས་ཀྱི་བདེན་པས་མཚོན༴ རིན་ཆེན་རིགས་ཀྱི་བདེན་པས་མཚོན༴ པདྨའི་རིགས་ཀྱི༴ ལས་ཀྱི་རིགས་ཀྱི༴ སྐུ་ཡི་རིགས་ཀྱི༴ གསུང་གི་རིགས་ཀྱི༴ ཐུགས་ཀྱི་རིགས་ཀྱི༴ ཞི་བའི་ལྷའི་རིགས༴ ཁྲོ་བོའི་རིགས་ཀྱི་ལྷའི་བདེན་པས༴ ཐེག་པ་རིམ་པར་སྟོན་པ་རྣམས་ཀྱི་མཐུ་དང་བདེན་པས༴ བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་མཚོན་ཞི་བར་གྱུར་ཅིག༔ མཚོན་གཅད་དོ༔ མཚོན་བརྟུལ་ལོ༔ མཚོན་ཟློག་སྒྱུར་ས་མ་ཡ༔ ས་འུར་ས་འུར༔ ཕཊ་ཕཊ༔ རཀྵ་རཀྵ་རཀྵ༔ སྭཱ་ཧཱ༔ ༡༠༽མུ་ཁྱུད་དེ་ཡི་ཕྱི་མ་་་དམར་པོ།ལ༔ མཚོན་ཆས་མི་ཤིགས་པའི་སྔགས༔ རྡོ་རྗེ་་་སྔོན་པོ།དྲུག་ཅུ་རེ་གཅིག་ལ༔ ལྟེ་བར་ཧཱུྃ་དང་རཀྵ་བྲི༔ རྭ་ལ་་་མགོ་ཕྱིར་བསྟན།ཧཱུྃ་གཉིས་བསྣོལ་མར་བྲི༔ རྡོ་རྗེའི་བར་བར་སྔགས་འདི་བྲི༔ ཨོཾ་སརྦ་གྲི་ཡ་གྲི་ཡ་མཚོན་དྲིལ་རྦད་ཆོད་སྭཱ་ཧཱ༔ འཁོར་ལོའི་རྒྱབ་ཏུ་རྒྱ་གྲམ་་་རྡོ་རྗེ།དང༔ ཨོཾ་ཨཱཿཧཱུྃ༔ རྟེན་འབྲེལ་སྙིང་པོ་བྲི༔ ནང་གི་གྲུ་བཞི་་་བང་རིམ་བརྒྱད་བརྩེགས། བང་རིམ་བཞི་མན་ཆད་འཁོར་ལོའི་རྩེ་མོ་ཡར་བསྟན། རྩིབས་སེར། མཆན་དམར། བཞི་མན་ཆད་རྩེ་མོ་མར་བསྟན་རྩིབས་དམར་མཆན་སྔོ། མཛེས་བྱེད་ལ་ཚོན་བྱེད་ཟེར་བའང་འདུག་གོ།མཆོད་རྟེན་ལ༔ ཨོཾ་མུ་ནི་མུ་ནི་བཛྲ་པཱ་ཎི་འཆང་བ་པོ་ལ་མཚོན་སྲུངས་ཤིག་རཀྵ༔ འཁོར་ལོ་མཚོན་རྩིས་ཁ་དོག་དབྱེ༔ རྡོ་རྗེས་མ་རེག་པདྨའི་ཁྲག༔ གཙོད་ཁྲག་ཤ་བ་པུ་ཤུད་ཁྲག༔ གི་ཝཾ་གླ་རྩི་ཀུན་ལ་བྱུག༔ ཁྱི་དང་སྤྲེ་འུས་བལྟར་མི་རུང༔ མཛེ་ཡུགས་ནལ་མས་རེག་མི་རུང༔ ཚྭ་དང་ཟྭ་དང་ལོ་མ་དང༔ ལ་ཕུག་སྒོག་ཙོང་རེག་མི་རུང༔ སྔགས་ལ་ལྷག་ཆད་མེད་པ་དང༔ མུ་ཁྱུད་མ་ཆད་མ་འདྲེས་དང༔ ཤོག་གུ་བུག་རྡོལ་མེད་པར་བྱ༔ དང་པོའི་དཀྱིལ་མིག་ཚལ་གྱིས་དགག༔ རབ་ཏུ་གསེར་དངུལ་འབྲིང་དུ་རིན་ཆེན་མཚལ༔ ཐ་མ་རྒྱ་སྣག་དྲི་བཟང་ལྡན་པས་བྲི༔ དེ་ལྟར་འཁོར་ལོ་ལེགས་བྲིས་ནས༔ སྐར་མ་རྒྱལ་ལ་བབས་པ་དང༔ ཁ་ཚར་མ་ཉམས་རས་སྟེངས་སུ༔ འབྲུ་དང་རིན་ཆེན་བཅལ་དུ་བཀྲམ༔ སྔགས་འགོ་ཤར་བསྟན་འཁོར་ལོ་བཀོད༔ དར་ཟབ་གུར་ཕུབ་རྒྱལ་མཚན་གཟུགས༔ དཀར་གཏོར་དམར་གཏོར་ཆ་ལྔ་བཤམ༔ ཕྱི་ནང་མཆོད་གཏོར་གསེར་སྐྱེམས་བཤམ༔ ཤར་དུ་གྲི་བདུན་བརྡར་ལ་བཞག༔ ལྷོ་རུ་མདའ་བདུན་གཞུ་བདུངས་བཞག༔ བྱང་དུ་མདུང་བདུན་གྱེན་དུ་སློང༔ ནུབ་ཏུ་སྔགས་པ་བདག་ཉིད་འདུག༔ ཕྱི་ནང་ཡི་དམ་གང་མོས་ཀྱི༔ མཆོད་བསྟོད་ལེགས་པར་གཞུང་བསྲང་ཞིང༔ ལྷ་དང་གཞི་བདག་ལེགས་པར་བཅོས༔ དེ་ནས་གུ་གུལ་དུད་པ་དང༔ ཉུངས་དཀར་རྒྱལ་པོ་སྔགས་ལྡན་པས༔ འཁོར་ལོའི་བགེགས་བསྐྲད་བདེན་པ་བརྡར༔ དེ་ནས་འཁོར་ལོ་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་རཾ་བྱུང་བས༔ ཡེ་ཤེས་མེ་དཔུང་འབར་བའི་དབུས༔ ཧཱུྃ་ལས་རྡོ་རྗེའི་རྭ་གུར་དང༔ ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ༔ བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་པ༔ དེ་ཡི་ལྟེ་བར་ཉི་མའི་སྟེང༔ ཁྲོ་ཆུའི་རྡོ་རྗེ་རྩེ་ལྔ་བསམ༔ སྔགས་ཀུན་གསེར་གྱི་མདོག་ཏུ་བསྒོམ༔ སྔགས་ལས་འོད་ཟེར་འཕྲོས་པ་ཡིས༔ བསྐྱེད་པ་འདྲ་བའི་སེམས་དཔའ་བསྟིམ༔ ཕྱི་ནང་མཆོད་པ་ཚར་གཅིག་དབུལ༔ སྔགས་ལས་འོད་ཟེར་ཡར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་ནུས་པ་བཀུག༔ འཁོར་ལོའི་སྔགས་ལ་ཡང་ཡང་བསྟིམ༔ ཕྱི་ནང་མཆོད་པ་ཚར་གཅིག་དབུལ༔ དབུས་ཀྱི་རྡོ་རྗེ་གྱུར་པ་ལས༔ སྐུ་ཡི་ཁྲོ་བོ་གཤིན་རྗེ་གཤེད༔ སྨུག་ནག་འཁོར་ལོ་རལ་གྲི་འཛིན༔ དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཡི༔ ཐུགས་ཀར་གསུང་གི་ཁྲོ་བོ་ནི༔ རྟ་མགྲིན་དམར་ནག་དབང་གི་སྐུ༔ དབྱུག་ཏོ་པདྨ་བསྣམས་པ་འོ༔ དེ་ཡི་ཐུགས་ཀར་མཁའ་འགྲོ་ནི༔ བདུད་རྩི་འཁྱིལ་བ་ལྗང་ནག་ལ༔ རྒྱ་གྲམ་གཏུན་ཤིང་བསྣམས་པ་བསྒོམ༔ དེ་ཡི་ཐུགས་ཀར་གོས་སྔོན་ཅན༔ མཐིང་ནག་རྡོ་རྗེ་མེ་དཔུང་འབར༔ ཀུན་ཀྱང་འཇིགས་ཚུལ་བསྟན་པར་བསྒོམ༔ དེ་ཡི་ཐུགས་ཀར་རྡོ་རྗེ་ཡི༔ ལྟེ་བར་ཧཱུྃ་དང་སྔགས་འདི་བསམ༔ ཨོཾ་བཛྲ་ཙཎྜ་ཨ་མྲྀཏ་ཧ་ཡཾ་གྲཱི་བ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཧྲཱིཿཕཊ༔ སྔགས་ལས་འོད་བྱུང་ཡེ་ཤེས་བཀུག༔ རིགས་ལྔས་དབང་བསྐུར་ཡེ་ཤེས་ལྡན༔ སྔགས་ལས་འོད་བྱུང་བདག་ལ་ཕོག༔ ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེགས༔ མདུན་གྱི་ལྷ་ཚོགས་ཅི་འདྲ་བར༔ སྐད་ཅིག་མ་ལ་བདག་ཉིད་གྱུར༔ དཔའ་བོ་ཡིག་འབྲུ་ཉི་ཤུ་པ༔ བརྒྱ་རྩ་བརྗོད་ལ་འབྲུ་ལ་བསྔགས༔ འཁོར་ལོའི་སྔགས་རྣམས་རིམ་བཞིན་དུ༔ བརྒྱ་རྩ་རེ་ཡིས་རབ་གནས་བྱ༔ བསྲུང་བྱ་ཐུགས་ཀའི་རྡོ་རྗེ་ཡི༔ ལྟེ་བར་གཟི་བརྗིད་ལྡན་པར་བཞག༔ བདེན་པའི་སྟོབས་ཀྱིས་མཐུན་འགྱུར་བྱ༔ དེ་ནས་བསྲུང་བྱ་ཁྲུས་ནས་ཕྱུང༔ གུ་གུལ།་་་དུད་པས་བདུག་ཅིང་བགེགས་བསྐྲད་ལ༔ མཚོན་གྱི་བསྐལ་པ་ཞི་བ་དང༔ འགྲོ་བའི་འཇིགས་པ་བསྐྱབ་པའི་ཕྱིར༔ མཚོན་དབང་ཞུ་བར་སེམས་བསྐྱེད་དོ༔ ཁྲོ་བོ་བཞི་པོ་བསྒོམ་དུ་གཞུག༔ ཁྲོ་བོའི་སྙིང་པོ་བརྒྱ་རྩ་བཟླས༔ དེ་ནས་འཁོར་ལོ་དར་གྱིས་དྲིལ༔ མགོ་མཇུག་མ་ལོག་སྤྱི་བོར་བཞག༔ ཁྱད་པར་གཞན་ལས་འཕགས་པའི་ཆོས༔ འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིས༔ ཁྱེད་ཀྱི་ལུས་ཀུན་བསྲུང་བར་བྱ༔ ཁྲོ་བོའི་སྙིང་པོ་ལན་བདུན་བརྗོད༔ སྤྱི་བོར་གཤིན་རྗེ་གཤེད་པོ་བསྒོམ༔ དེ་བཞིན་མགྲིན་པར་རྟ་མགྲིན་ཏེ༔ སྙིང་ཁར་བདུད་རྩི་འཁྱིལ་བ་ལས༔ རྒྱབ་ཏུ་ཕྱག་ན་རྡོ་རྗེ་འོ༔ གཞན་ཡང་འཁོར་ལོས་ལུས་བསྐོར་ཞིང༔ ཧཱུྃ་ཧཱུྃ་རཀྵ་ཞེས་བརྗོད་པས༔ ལུས་ཀུན་ཁྲོ་བོ་མི་བཟད་པ༔ མཐིང་ནག་རྒྱ་གྲམ་བསྣམས་པ་ཡིས༔ ཁེངས་པར་མ་ཡེངས་དམིགས་པ་གཏད༔ འབྲིང་གིས་ལྷ་བཞི་གསལ་བར་བྱ༔ ཐ་མས་རང་ལུས་རྡོ་རྗེ་ལ༔ ཡེ་ཤེས་མེ་ལྔ་འབར་བསམས་ལ༔ སྔགས་རྒོད་ཉི་ཤུ་བརྒྱ་རྩ་བརྒྱད༔ སློབ་དཔོན་ལྷ་ཡི་ང་རྒྱལ་གྱིས༔ ཤ་བ་གཙོད་དང་སྤྱང་ཀི་དང༔ ཞུམ་བུ་ནག་པོ་གང་རུང་བའི༔ རྟུག་པ་གང་རྙེད་ཆང་དང་བསྲེས༔ སྨྲ་བ་གཅད་ལ་སྔགས་འདི་བརྒྱ༔ ཉུངས་དཀར་ལ་བསྔགས་ཆང་ནང་དུ༔ བསྐྱུར་བ་གདམས་ངག་དམ་པ་ཡིན༔ ཨོཾ་གྲི་ཏི་གྲི་སྲོག་ལ་མཱ་ར་ཡ་ཛ༔ ཛཿརྦད་རྦད་གཏུབས༔ ཟི་ར་ཐལ་ཆེན་ཉུངས་ནག་ལ༔ བརྒྱ་བསྔགས་བསྒྲུབ་བྱའི་ལུས་ལ་གཏོར༔ སྔགས་འཆང་བསྒྲུབ་བྱའི་ལུས་ཀུན་་་བཀྲུ་བསང་།དང༔ གྲི་མདའ་མདུང་གི་སོ་ལ་བྱུག༔ མཚོན་གྱི་ངར་ཆག་ཁ་ཉལ་ནས༔ མཚོན་གྱི་བསྐལ་པ་ཉམས་བསམ་སྟེ༔ བདག་དང་བསྲུང་བྱ་གཉིས་ཀ་ཡིས༔ བདེན་པའི་སྟོབས་རྣམས་ལེགས་པར་བརྗོད༔ བསྲུང་བྱའི་ལྷ་ལ་བཀའ་བསྒོ་བྱ༔ བདག་དང་བསྲུང་བྱ་གཉིས་ཀ་ཡིས༔ མ་ཡེངས་རྡོ་རྗེའི་ལྟེ་བ་ན༔ བསྲུང་བྱ་ཡོད་པར་བརྟན་བྱས་ལ༔ འཁོར་ལོ་མགུལ་ནས་མ་འཆུགས་པར༔ དཔའ་པོ་ཉི་ཤུ་ལྔ་བརྗོད་ཅིང༔ རྒྱབ་ནས་མདའ་བདུན་བརྡེག་པར་བྱ༔ མདུན་ནས་གྲི་བདུན་བརྡེག་པར་བྱ༔ གཡས་གཡོན་གཉིས་ནས་མདའ་མདུང་བརྡེག༔ མདའ་གྲི་མདུང་སོགས་གྲངས་འཛོམ་པས༔ སྔགས་དང་ལྡན་པས་བརྡེག་བྱས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ སྐྱོབ་པ་ཤཱཀྱ་སེང་གེ་ཡིས༔ མི་ཤིགས་རྡོ་རྗེའི་ཏིང་འཛིན་ལ༔ རྩེ་གཅིག་བསམ་གཏན་གནས་མཛད་པས༔ མ་རུངས་བདུད་ཀྱི་མཚོན་ཆ་རྣམས༔ མཛེས་པའི་མེ་ཏོག་རྒྱན་དུ་གྱུར༔ བདུད་ཀྱི་སྡེ་རིགས་ཕམ་བྱས་ནས༔ མཚོན་གྱི་བསྐལ་པ་ཉམས་པར་མཛད༔ དེ་བཞིན་དེང་འདིར་བུ་ཁྱོད་ལ༔ སྲ་བརྟན་མཚོན་ཆའི་དབང་བསྐུར་རོ༔ ཨོཾ་ན་མ་སརྦ་གྷྲི་གྲི་ཤུན་ཙེ་ཤ་ཧཱུྃ་རཀྵ་རཀྵ༔ ཞེས་པས་དོན་སྙིང་དབང་པོ་དང༔ ལྷུ་ཚིགས་ལུས་ཀྱི་གནས་ཀུན་དུ༔ མཚོན་ཆ་སྣ་ཚོགས་འདེབས་པར་བྱ༔ དེ་ནས་བཀྲ་ཤིས་ལེགས་པར་གསོལ༔ རྟག་ཏུ་འཁོར་ལོ་ལུས་ལ་བཅང༔ ལྷ་ལ་གཏང་རག་མཆོད་གཏོར་བྱ༔ བདག་གི་སེམས་དཔའ་གནས་སུ་གཤེགས༔ བསྒྲུབ་བྱའི་སེམས་དཔའ་འཁོར་ལོ་གནས༔ འཁོར་ལོ་བདེ་ཆེན་ཞིང་དུ་བསམ༔ ཇི་སྲིད་འཁོར་བ་གནས་ཀྱི་བར༔ འདི་ལ་སྲུང་ཞེས་ཕྲིན་ལས་བཅོལ༔ ལོ་ཡི་དུས་སུ་འཁོར་ལོ་ལ༔ རབ་གནས་གསོ་བ་གྲུབ་ན་དགའ༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ བདེ་གཤེགས་རྒྱལ་བ་འདུས་པ་ཡི༔ འཁོར་ལོའི་རྒྱལ་པོ་འདི་འཆང་བའི༔ མི་ལ་འཁོར་ལོ་རལ་གྲི་དང༔ མདའ་མདུང་ཏྲི་ཤུལ་སཏྭ་གྲི་དང༔ ལྕགས་སོགས་རིན་ཆེན་ལས་གྱུར་པའི༔ མཚོན་ཆ་ཀུན་གྱིས་ཚུགས་མི་འགྱུར༔ ཐོག་སོགས་སྐར་མདའ་འབབ་མི་འགྱུར༔ གཡང་དང་གཏིབ་གྲིར་འཆོར་མི་འགྱུར༔ རྡོ་གྲི་དབྱེར་མ་རེག་ཆོད་ཀྱིས༔ འདི་ཡི་ལུས་ལ་མི་ཕིགས་ཤིང༔ རྩང་དང་གཏུན་ཤིང་ཚེར་མ་ཡིས༔ འདི་ཡི་ལུས་ལ་ཕིགས་མི་སྲིད༔ ལྕགས་སྒྲོག་སྡོམ་དང་ཞགས་པ་ཡིས༔ འདི་ཡི་ལུས་ལ་སྡོམ་མི་འགྱུར༔ མེ་དང་རྦོད་གཏོང་ཕྱོགས་ངན་དང༔ གཤེད་ཀྱིས་འདི་ལ་ཚུགས་མི་འགྱུར༔ དུག་དང་ཆུ་རུ་མི་འགུམ་ལ༔ རིམས་དང་གཟའ་གདོན་འབབ་མི་འགྱུར༔ སྡེ་བརྒྱད་ཀུན་གྱིས་མི་མཐོང་ཞིང༔ འགོ་བའི་ལྷ་རྣམས་རབ་ཏུ་བྱམས༔ ཚེ་རིང་དཔལ་འབྱོར་གཟི་བརྗིད་ཆེ༔ ཀུན་གྱིས་ཡིད་དུ་བུ་བཞིན་འོང༔ བུད་མེད་རྣམས་ལ་བཏགས་གྱུར་ན༔ རྟག་པར་མངལ་དུ་བུ་ཕོ་ཆགས༔ རྒྱལ་བ་ཀུན་གྱིས་དགོངས་པར་མཛད༔ རྟག་ཏུ་བར་ཆད་མེད་པར་འགྱུར༔ མཛེ་ཕོ་ཡུགས་ས་ནལ་མ་ཡིས༔ མི་རེག་མི་འགོམ་དམ་ཚིག་སྟེ༔ དེ་རྣམས་ཀུན་ལ་འདོག་པ་ན༔ འཁོར་ལོ་གུ་གུལ་ནག་པོས་བྱུག༔ གནད་ཀྱི་གདམས་ངག་དམ་པ་འོ༔ འདི་ཡི་རྫས་མཆོག་རཀྟ་ནི༔ བཅུ་གསུམ་མན་ཆད་བུ་མོ་ཆུ་ཡི་ཁམས༔ མི་སྲིད་བྱུང་ཡང་ནུས་པ་ཡོད་མ་ཡིན༔ ཉེར་ལྔ་ཡན་ཆད་རྒན་མོ་ཤིང་གི་ཁམས༔ མི་རེག་སྲིད་ཀྱང་ཡིད་ཙམ་ནུས་པ་ཆུང༔ བཅུ་གསུམ་ཉེར་ལྔའི་བར་གྱི་ལོ་བཅུ་གསུམ༔ གང་བྱུང་དར་མ་མེ་ལྕགས་དྲིལ་བའི་ཁམས༔ ནུས་མཐུ་དཔག་མེད་རྡོ་རྗེ་ཕ་ལམ་རྫས༔ གང་ཞིག་མ་རྙེད་ཁྱིམ་བྱའི་ཟེ་བ་དང༔་་་ཁྲག་དང་ཟེར་བའང་འདུག །ག་པུར་བུ་རམ་ཆ་མཉམ་གཡེར་མ་རྣམས༔ ཆང་སྦྱར་བཏང་བས་དོན་དེ་འགྲུབ་པར་འགྱུར༔ མདོག་ནི་དམར་སེར་ཡིད་ཙམ་བགྲོད་པ་ལ༔ རྒྱ་སོལ་མེར་བསྲེགས་ཚ་བཞིན་འཕར་བ་དང༔ མི་འཆི་གཞོམ་མེད་མཆོག་གི་རྫས་སུ་བཤད༔ རྒྱལ་བློན་འཁོར་བཅས་ཐུགས་ལ་འདི་དགོངས་ལ༔ ད་ལྟ་མི་འཆལ་སྤེལ་བའི་གནས་མེད་པས༔ ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦོས༔ པདྨ་ང་ཡི་སྨོན་ལམ་མཐུ་བཙན་པས༔ ལས་ཅན་གཅིག་དང་མྱུར་དུ་འདི་འཕྲད་ཤོག༔ ཕྱི་རབས་རྨེ་འཁྲུག་མཚོན་ཆ་དར་བའི་ཚེ༔ ཏི་སེའི་རྩེ་ལ་་་ཡུལ་ཁམས་མཐོང་རྒྱ་ཆེ་བའི་རི་རྩེ་གང་ཡང་རུང་།འཁོར་ལོ་འདི་བཅངས་ནས༔ དགེ་སློང་བརྒྱ་ཡིས་དམོད་པ་བོར་གྱུར་ན༔ འཛམ་གླིང་འདི་རུ་མཚོན་འཁྲུག་ཡོང་མི་སྲིད༔ ཅེས་གསུངས་པས༔ རྒྱལ་བློན་བོད་འབངས་ཐམས་ཅད་རབ་ཏུ་དགའ་སྟེ༔ གུ་རུས་གསུངས་པ་ལ་མངོན་པར་བསྟོད་དོ༔ བདེ་གཤེགས་འདུས་པའི་མཚོན་སྲུང་རྡོ་རྗེའི་གོ་ཆ་རྫོགས་སོ༔ རྒྱ་གར་གྱི་མཁན་པོ་པདྨ་འབྱུང་གནས་དང༔ བོད་ཀྱི་ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང༔ བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ༔ ལྡན་མ་རྩེ་མང་གིས་ཡི་གེར་བཀོད་དེ་མངའ་བདག་ལ་ཕུལ་ལོ༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས་མོན་ཆུ་ཕུག་མོ་ནས་བཏོན་པའོ། ཁྱད་འཕགས་ཤོག་དྲིལ་གཅིག་ལགས་སོ། །སྣོད་དང་མི་ལྡན་པ་ལ་ས་མ་ཡ། རྒྱ་རྒྱ་རྒྱ།། །།

ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་དབང་ཆོག་འཆི་མེད་མྱུར་སྩོལ་ (Volume 20, Text 31)

༄༅། །ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་དབང་ཆོག་འཆི་མེད་མྱུར་སྩོལ་བཞུགས་སོ། ། བླ་མ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་གི་དཀྱིལ་འཁོར་དུ། ཚེ་ཡི་དབང་བསྐུར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། སྔོན་འགྲོ་ས་བཅད་བཞི་ཡིས་བསྟན་ཏེ། སྤྱི་དོན་དང་པོ་དབང་རྫས་བཤམ་བཀོད་བདག་མདུན་བུམ་སྒྲུབ་ཚེ་འགུགས་ཡན་སྒྲུབ་གཞུང་ལྟར་གྲུབ་པ་དང་། དབང་ཞུ་རྣམས་འཚོགས་ནས་ཁྲུས་དང་། བགེགས་གཏོར་མཚམས་བསྲུང་། མཎྜལ་ཕུལ་བའོ། །གཉིས་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་ཞུ་ནས། གནས་སྐབས་ཚེའི་བར་ཆད་ཞི་བ་དང་། མཐར་ཐུག་སངས་རྒྱས་ཀྱི་ས་ལ་སེམས་ཅན་ཐམས་ཅད་བཀོད་པར་བྱ་སྙམ་པའི་སེམས་བསྐྱེད་ནས་གསན་པར་མཛོད། དེ་ཡང་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་འཆི་མེད་ཚེའི་རིག་འཛིན་བརྙེས་པ་དེ་ཉིད། ངོ་བོ་ཆོས་སྐུའི་ཞིང་ཁམས་སུ་ཀུན་བཟང་སྣང་བ་མཐའ་ཡས་དང་། རང་བཞིན་ལོངས་སྤྱོད་རྫོགས་པའི་ཞིང་དུ་མགོན་པོ་ཚེ་དཔག་མེད་ཚེ་ལྷ་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་དང་དབྱེར་མེད་ཅིང་།ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་གནས་མི་མཇེད་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་བརྒྱར་དེ་སྙེད་སྤྲུལ་པས་ཁྱབ་ཅིང་གང་ལ་གང་འདུལ་གྱི་ཆོས་བསྟན་པ་དང་། ཁྱད་པར་འཛམ་གླིང་ཤཱཀྱའི་ཞིང་། རྒྱ་གར་འཕགས་པའི་ཡུལ་དུ་མཉམ་མེད་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་ལུང་བསྟན་པ་བཞིན། མདོ་སྔགས་ཆོས་ཀྱི་བསྟན་པ་དར་སྨིན་རྒྱས་པར་མཛད། སྨོན་ལམ་དབང་གིས་གངས་ཅན་བོད་དུ་ཕེབས་ནས། དུལ་བྱ་མཆོག་དམན་ཐམས་ཅད་རྒྱུ་དང་འབྲས་བུའི་ཐེག་པ་ལ་བཀོད་ནས་བོད་ཡུལ་འཕགས་པས་གང་བའི་དུས། བསམ་ཡས་གཡའ་མ་ལུང་དུ། ཚེ་དཔག་མེད་ཚོམ་བུ་དགུའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས། ཚེ་ཆུ་ཁོལ་བའི་རླངས་པ་འཇའ་ཚོན་འོད་གུར་འཁྲིགས་པའི་ཀློང་དུ། ཚེ་དཔག་མེད་དངོས་སུ་ཞལ་བསྟན། ཚེའི་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་བསྩལ། སྤྲུལ་པའི་རྗེ་འབངས་ཉེར་ལྔ་སོགས། མཆོག་གི་སྐྱེས་བུ་ཕལ་ཆེར་ཟག་མེད་འོད་ཕུང་དུ་གྲོལ་བ་དང་། ཚེའི་རིག་འཛིན་བརྙེས་པ་ཤ་སྟག་གྱུར། དེའི་ཚེ་དུས་གསུམ་མཁྱེན་པའི་སློབ་དཔོན་པདྨས། མ་འོངས་སྙིགས་དུས་ཀྱི་སེམས་ཅན་རྣམས་ཚེ་ཐུང་ཞིང་བར་ཆད་རྐྱེན་དབང་དུ་འགྲོ་བར་གཟིགས་ནས། དེ་དག་སྐྱོབ་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་གྲངས་མེད་མཛད་ནས་གཏེར་དུ་སྦས་པ། ད་ལྟའི་སྐབས་སུ་གཏེར་སྟོན་སོ་སོའི་དབང་སྐལ་བཏོན་ནས་འགྲོ་དོན་མཛད་པ་རྣམས་ཡིན་ལ། འདི་ཉིད་ནི་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱུང་བའི་ཚེ་སྒྲུབ་གསང་དྲིལ་ཟུང་འཇུག་ཡང་སྙིང་བཅུད་བསྡུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། དེ་ལ་སྣོད་བཅུད་དག་པ་གཉིས་འཛོམ་དགོས་པ་ཐེག་པ་ཆེ་ཆུང་ནས་བཤད་པ་སྤྱི་ལྟར་དང་། བསྡུས་དོན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད། སྤྲུལ་སྐུ་ཨོ་རྒྱན་པདྨ་ནས། རྩ་བའི་བླ་མའི་བར། གོང་མས་འོག་མར་བྱིན་གྱིས་བརླབས་པའི་བརྒྱུད་པ་མ་ཆད་པ། དབང་གི་ཆུ་བོ་ཆེན་པོ་བཞིའི་རྒྱུན་མ་ཉམས་པ། དཀྱིལ་འཁོར་གསུམ་ལྡན་སྒྲུབ་པའི་ཕྱག་ལེན་གྱི་གནད་མ་འཆུག་པ་རྣམས་བཅུད་དག་པ་ཡིན། ཚེ་དབང་འདི་ལྟ་བུའི་ཚེ་ཡི་རིག་འཛིན་བླ་མ་བརྒྱུད་པ་བར་མ་ཆད་པ་ལ་ཡིད་ཆེས་པའི་དད་པ། ཚེའི་དཀྱིལ་འཁོར་དུ་དབང་ཐོབ་ནས་ཚེའི་བར་ཆད་སེལ་ཞིང་སངས་རྒྱས་ཐོབ་འདོད་པའི་མོས་པའི་དད་པ། བླ་མ་དང་ཚེ་དཔག་མེད་དབྱེར་མེད་ཀྱི་མོས་གུས་བསྐྱེད་པ་དང་བའི་དད་པ་སྟེ། དད་པ་གསུམ་དང་ལྡན་པ་ནི་སྣོད་དག་པ་ཡིན། དེ་ལྟར་སྣོད་བཅུད་དག་པ་གཉིས་འཛོམ་པའི་སྐབས་འདིར། བླ་མ་ལ་ཚེ་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་མ་བླ་མ་ཚེ་དཔག་མེད༔ བདག་དང་འགྲོ་བ་ཀུན་དོན་དུ༔ དུས་མིན་འཆི་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཀ་དག་རྡོ་རྗེའི་ཚེ༔ དེ་རིང་མགོན་པོས་བསྩལ་དུ་གསོལ༔ ལན་གསུམ། གསུམ་པ་ནི། ཚེ་དཔག་མེད་ཀྱི་སྤྱན་སྔར་བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་སྙམ་པས་འདི་ཡི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་ཚེ་དཔག་མེད༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས༔ ཉམས་ཆག་ཀུན་བཤགས་སེམས་ཅན་རྣམས༔ མྱུར་དུ་སངས་རྒྱས་ཐོབ་པར་ཤོག༔ གསུམ་བརྗོད། ཐུན་མོང་སྐྱབས་སེམས་ཀྱིས་སོ་ཐར་བྱང་སྡོམ་དོན་ལ་གནས་པའོ། །བཞི་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ལ་གནས་ཕྱིར་ཕྱག་མཚན་རྡོ་རྗེ་སློབ་མའི་མགོར་བཞག་ལ། ཧོ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ་ཨི་དནྟུ་ཧཱུྃ༔ དམ་ཆུ་ངག་ཏུ་བླུད་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུང་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཧཱུྃ༔ རྡོ་རྗེ་སྙིང་གར་གཏུགས་ལ། ཧོ༔ བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ཚེ་དཔག་མེད༔ ང་ཉིད་ཡིན་གྱིས་བཀའ་ལས་ནི༔ ཁྱོད་ཀྱིས་འདའ་བར་མ་བྱེད་ཅིག༔ ང་ཡིས་བསྒོས་པའི་བཀའ་འདི་ནི༔ ཁྱོད་ཀྱིས་བཅག་པར་མི་རུང་ངོ༔ ས་མ་ཡ༔ ཨི་དནྟེ་ན་ར་ཀན༔ རིག་འཛིན་སྔགས་ཀྱི་དམ་ཚིག་གོ །མིག་དར་གཏད། སྤྱི་དོན་གཉིས་པ་དངོས་གཞི་ལ་དོན་བརྒྱད་ཀྱིས་སྟན་ཏེ། དང་པོ་ནི། ཡེ་ཤེས་དབབ་པ་ལ། བསང་ཆུ་འཐོར་ཞིང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་མཚན་དཔེས་སྤྲས་པ་ལ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུ་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་དུ་འཕྲོས་པས། ཚེ་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ་ནས། ཚེའི་ལྷ་ཚོགས་ཐམས་ཅད་ཉི་མའི་ཟེར་ཐག་སྦྲེང་པ་ལྟར་འོད་མེར་མེར་བྱོན་ནས། དབང་རྫས་དང་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་སློབ་དཔོན་དམིགས་པ་དྲག་ཏུ་གཏད། སྦྱར་སྤོས་རོལ་མོ་དབྱངས་བཅས་བྱིན་འབེབ་བམ་སྤྱན་འདྲེན་གང་རིགས་དང་། སྤྲོས་པ་བསྡུ་ན། རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ དེ་རྗེས་ལྷ་ཚོགས་བརྟན་ཕྱིར་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་རབ་ཏུ་གནས་པར་བྱ། གཉིས་པ་ནི། མདའ་དར་ཐོགས་ལ། ཚེ་འགུགས་པ་ནི། བདག་མདུན་དཀྱིལ་འཁོར་ཚེ་དཔག་མེད༔ སྣང་སྟོང་འོད་ཀྱི་སྐུ་རུ་གསལ༔ སྐུ་ལས་འོད་ཟེར་འཕྲོས་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ སྣང་ཞིང་སྲིད་པའི་ཚེ་དང་དཔལ༔ བསོད་ནམས་ཚེ་ཡི་བཅུད་དུ་སྡུས༔ བདག་གི་ལུས་ངག་ཡིད་ལ་བསྟིམ༔ ལུས་ནི་འཆི་མེད་བདུད་རྩིས་གང༔ འོད་འབར་རྡོ་རྗེ་ལྟ་བུར་བསྒོམ༔ བྱིན་རླབས་བྱ་ཞིང་ཚེ་འགུགས་གཏང་། ཞེས་པས། སླར་ཡང་བདག་མདུན་ཐམས་ཅད་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། མདའ་དར་གཡབ་པ་ཙམ་གྱིས། ཚེ་འགུགས་པ་དང་སྡུད་པའི་ཕོ་ཉ་ལྷ་མོ་མགྱོགས་མ། དཀར་སེར་དམར་ལྗང་སྣ་ཚོགས་ལྕགས་ཀྱུ་ཞགས་པ་མདའ་དར་ཚེ་བུམ་ཐོགས་པ་གྲངས་མེད་པས། ནམ་མཁའ་ས་གཞི་འཇིག་རྟེན་གང་བ་རྣམས་ཀྱིས། རང་དང་བསྲུང་བྱའི་བླ་ཚེ་སྲོག་དབུགས་ཐམས་ཅད། གདོན་བགེགས་འབྱུང་པོ། དམ་སྲི་ཚེ་བདུད་ཕོ་མོ། ཕྱོགས་སྐྱོང་བཅུ། ལྷ་སྲིན་སྡེ་བརྒྱད། འཆི་བདག་གཤིན་རྗེ་རྣམས་ཀྱིས། བརྐུས་པ། ཕྲོགས་པ། ཁྱེར་བ་དང་། འཁྱམས་པ། ཡར་བ། ཉམས་པ། ཟད་པ། ཆད་པ། ཡོ་བ། གས་པ། འཐོར་བ་རྣམས་དང་། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་བཅུད་དང་དྭངས་མ། ནང་བཅུད་སེམས་ཅན་རྣམས་ཀྱི་ཚེ་དཔལ་བསོད་ནམས་བཀྲག་མདངས་དང་། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཨ་ནྲྀ་ཧཱུྃ་གི་རྣམ་པར་ཚུར་འུབ་ཀྱིས་བསྡུས་ནས། བདག་མདུན་ལྷ་ཚོགས་རྣམས་ལ་བསྟིམ། ཐམས་ཅད་ཀྱིས་འཆི་མེད་ཚེའི་སྔགས་སྒྲ་ཏི་རི་རི་སྒྲོག་ནས་དབང་བསྐུར། ཚེ་བཅུད་ནུས་པ་དབང་དང་དངོས་གྲུབ་མ་ལུས་པ་འོད་ཟེར་དཀར་དམར་མཐིང་གསུམ་མཚོ་ལ་ཁ་བ་བབ་པ་བཞིན། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ་པས། འཆི་མེད་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཅིག །ཅེས་དམིགས་པ་གསལ་ནས། སྤྲོ་ན་ཚེ་འགུགས་དཀྱུས་སུ་ཤེས། ཡང་ན་ཚེ་སྒྲུབ་ལྕགས་ཀྱི་ཕོ་བྲང་གི་ཚེ་འགུགས་འདི་བྱའོ། །ཧྲཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་བཀང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཚེ་ཁུག་ཅིག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཚེ༴ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཚེ༴ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཚེ༴ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཚེ༴ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཚེ༴ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུཿདེ་ཝ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མདའ་དར་གཡབ་ཅིང་ཚེ་འགུགས། ཚེའི་ཕོ་ཉ་མགྱོགས་མ་རྣམས་ཀྱིས་འཁོར་འདས་སྣང་སྲིད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་སློབ་མ་རྣམས་ལ་བསྟིམས་པས། བླ་སྲོག་ཚེ་ཉམས་ཐམས་ཅད་སོར་ཆུད། འབྱུང་བ་བཞིའི་ཡོན་ཏན་གྱིས། ལུས་སྲ་བ། བརྟན་པ། བཀྲག་མདངས་གསལ་ཞིང་། ཡང་རྩལ་དང་ལྡན་པ། སྣོད་བཅུད་ཀྱི་ཚེ་དང་བསོད་ནམས། རྒྱལ་བ་ཚེ་དཔག་མེད་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པའི་མོས་པ་མཛོད། གསུམ་པ་ནི། ཁྱེད་རང་རྣམས་ལྷན་སྐྱེས་མ་རིག་པའི་སྒྲིབ་པ་མིག་ཡོལ་ལྟ་བུ་དེ་བསལ་བར་ཞུ་བ་འདིའི་ལད་མོ་མཛོད། ཀྱེ་ཧོ༔ ཀུན་བཟང་བླ་མ་ཚེ་དཔག་མེད༔ བདག་ཅག་འཁོར་བ་མ་རིག་གིས༔ དམུས་ལོང་ལྡོངས་པའི་ཆུ་བུར་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ ཅེས་ཞུ། སློབ་དཔོན་གྱིས་མིག་དར་དབྱེ་བ་ནི། ཀྱེ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཇི་ལྟར་མ་རིག་ལྡོངས་བསལ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་གྱིས༔ ཁྱོད་ཀྱི་བག་ཆགས་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་པས། བག་ཆགས་མ་རིག་པའི་དྲི་མ་བསལ་ནས། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་མཇལ་བའི་མོས་པ་དང་སྤྲོ་བ་སྐྱེད་ཅིག །དེ་ནས་བླ་མས། ཧོ༔ བུ་རྣམས་ཉོན་ཅིག་སྐལ་ལྡན་ཀུན༔ རྩོལ་སེམས་མ་ཞན་སྤྲོ་དགའ་ཡིས༔ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལྟོས༔ མཐར་ཐུག་ཞིང་འདིར་སངས་རྒྱས་འགྲུབ༔ ཅེས་ལུང་བསྟན་ནས་སློབ་བུས་དཀྱིལ་འཁོར་མཇལ་བ་ལ་མཎྜལ་དང་མེ་ཏོག་ཕུལ་ནས་ཚེ་དབང་ཡོངས་རྫོགས་ཞུ་བ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ གཙོ་བོ་ཚེ་དཔག་མེད་པ་ལ༔ ཡང་གསང་ཚེ་ཡི་དབང་བསྐུར་ཞུ༔ ཡོངས་སུ་རྫོགས་པར་མཛད་དུ་གསོལ༔ ཞེས་གསུམ་ཞུ། དེ་ལ་བླ་མས་གནང་བ་སྦྱིན་པ་ནི། ཀྱེ་ཧོ༔ སྐལ་བཟང་རིགས་ལྡན་རྣམས༔ དེ་རིང་བུ་ཁྱོད་ཚེ་དཔག་མེད༔ མགོན་པོ་དེ་དང་མཉམ་པར་བྱ༔ རྩེ་གཅིག་མ་ཡེངས་གུས་པར་གྱིས༔ བཞི་པ་ནི། བུམ་པ་གཞལ་ཡས་ཁང་གི་དབུས་སུ། གཙོ་བོ་ཚེ་དཔག་མེད་ཡབ་ཡུམ་དང་ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་འཆི་མེད་ཚེའི་སྔགས་སྒྲ་ཏི་རི་རི་གསུང་ཞིང་། ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འུ་རུ་རུས་དབང་བསྐུར། སྤྱི་བོ་ནས་མར་འཆི་མེད་བདུད་རྩིའི་ཚེ་རྒྱུན་དཀར་ན་ར་ར་བབ། ལུས་ཐམས་ཅད་འཆི་མེད་ཚེ་བཅུད་ཀྱིས་གང་། ཚེ་དང་བསོད་ནམས་དཔལ་གྲགས་གོང་དུ་འཕེལ། བཀྲག་མདངས་འོད་དུ་འབར་བར་བསམ་ལ། ཧྲཱི༔ བུམ་པ་སྟོང་གསལ་ཆོས་ཀྱི་སྐུ༔ བུམ་རྫས་རོ་ལྡན་ལོངས་སྤྱོད་རྫོགས༔ རྒྱན་དང་དངོས་པོ་སྤྲུལ་པའི་སྐུ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་བས༔ སྒོ་གསུམ་དྲི་མ་ཀུན་དག་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་དང་གཙོ་བོ་ཚེ་དཔག་མེད་ཀྱི་དབང་བསྐུར། དེ་ནས། ཚེ་ལྷ་རིགས་ལྔ་ཡབ་ཡུམ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཚེའི་བཅུད་ཐམས་ཅད་རང་རང་གི་སྤྱི་བོོོར་ཞུགས། གནས་ལྔ་ལ་རིམ་པ་བཞིན་དུ་ཐིམ། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ནས་ཚེ་ཉམས་པ་རྣམས་གསོས། འབྱུང་བ་ལྔའི་བཅུད་ཀྱིས་ཚེ་བཀྲག་དྭངས་མ་བསྐྱེད། འཆི་མེད་ཚེའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། པདྨ་ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་གུ་རུ་ཧཱུྃ༔ ཨོཾ་སྭཱ་ཨཱཿཧྲཱི༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ པདྨ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཧྲཱི༔ རྣམ་སྣང་། ཧཱུྃ༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་དབྱིངས་ཕྱུག་མ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་བུདྡྷ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྦྱར། ཧཱུྃ༔ བཅོམ་ལྡན་རིན་འབྱུང་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་སངས་རྒྱས་སྤྱན༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་རཏྣ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་སྭཱ༔ ཧཱུྃ༔ བཅོམ་ལྡན་མི་བསྐྱོད་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་མཱ་མ་ཀཱི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་བཛྲ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དོན་གྲུབ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་དམ་ཚིག་སྒྲོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་ག་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་ཀརྨ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་བསྐུར། རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་གྱིས་དབང་བསྐུར་པས། ཕུང་པོ་ལྔ་དང་འབྱུང་བ་ལྔའི་ཁམས་ནས་བླ་སྲོག་ཚེ་ཉམས་ཐམས་ཅད་སོར་ཆུད་ཅིང་ཚེ་བདག་རྒྱལ་བ་རིགས་ལྔའི་དབང་དང་ལྡན་པར་གྱུར་ཅིག །ཅེས་ལྷ་དབང་རྣམས་རིམ་པར་བསྐུར། བུམ་ཆུ་ངག་ཏུ་བླུད་ལ་དམིགས་པ་ནི། ཚེ་དཔག་མེད་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་ཚེ་རྒྱུན་བབ་པས། རང་རང་གི་ལུས་ཐམས་ཅད་འཆི་མེད་བདུད་རྩིས་མེར་གྱིས་གང་བར་བསམ་ནས། ཧཱུྃ༔ ཚེ་དཔག་མེད་ཀྱི་མཁའ་གསང་ནས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས༔ གསང་བ་ངག་ལ་དབང་བསྐུར་བས༔ མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན་ནོ། །བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་སྐུའི་བྱིན་རླབས་རབ་ཏུ་གནས་པར་གྱུར་ཅིག །མེ་ཏོག་ཐོར། སྐུ་བུམ་པའི་ལྷ་དབང་ངོ། །ལྔ་པ་ནི། ཚེ་དཔག་མེད་ཚེ་ལྷ་ཡབ་ཡུམ་གསང་བའི་བདུད་རྩི་ཚེ་ཆང་དང་འདྲེས་ནས་འཆི་མེད་ཚེའི་བཅུད་ཀྱི་ནུས་པ་འབར་བར་བསམ་མོ། །དེ་ནས་ཚེ་ཆང་རིམ་པར་དྲངས་ལ། ཀྱེ་ཧོ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་ཆང༔ འཆི་མེད་བདུད་རྩི་ར་སཱ་ཡན༔ ཤ་ལྔ་བདུད་རྩི་ལྔ་སྦྱར་བས༔ ཁམས་ལྔ་འབྱུང་བ་བརྟན་པར་ཤོག༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་ཕྲེང་ཐོགས། བླ་མ་ཚེ་དཔག་མེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། སློབ་མ་ཚེ་དཔག་མེད་གསལ་བའི་ཐུགས་ཀར་ཧྲཱིཿཡིག་དམར་པོའི་མཐར་སྔགས་གཡས་སྐོར་དུ་འཁོར་བར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། དེ་རྗེས་སློབ་དཔོན་གྱིས་རྡོ་རྗེ་དང་ཕྲེང་བ་ལག་སྦྲེལ་ལ་ཐམས་ཅད་ཀྱིས་འདི་སྐད་དོ། །ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ༔ གསུམ་གྱིས་གནང་བ་སྦྱིན། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ སྙིང་པོ་འཆི་མེད་ཚེ་ཡི་སྒྲ༔ སྔགས་ཕྲེང་བདུད་རྩི་བྱིན་རླབས་བཅུད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགག་མེད་གསང་སྔགས་དོན་རྟོགས་ནས༔ སྙིང་པོ་ལུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུཿཥེ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བྷནྡྷ་སྔགས་ཕྲེང་དབང་བསྐུར། ཚེ་དཔག་མེད་ཀྱི་གསུང་གི་བྱིན་རླབས་རབ་ཏུ་གནས་པར་གྱུར་ཅིག །གསུང་གསང་བའི་དབང་ངོ་། །དྲུག་པ་ནི། རྡོ་རྗེ་དང་མེ་ལོང་ཐོགས་ལ། ཧྲཱི༔ མི་འགྱུར་མི་ཤིགས་ཐོག་མཐའ་མེད༔ ཀ་དག་ངེས་དོན་ཕྱག་རྒྱ་ཆེ༔ རྡོ་རྗེ་མེ་ལོང་ངོ་སྤྲོད་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་སྟོང་ཕྱག་རྒྱའི་དོན་རྟོགས་ནས༔ འཁྲུལ་བྲལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུཿཥེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཚེ་དཔག་མེད་ཀྱི་ཐུགས་སྐྱེ་འཁྲུལ་བྲལ་བ་སྟོང་ཉིད་འཆི་མེད་རྡོ་རྗེའི་དབང་ཐོབ་པར་གྱུར་ཅིག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །བདུན་པ་ནི། གཏོར་མ་ཚེ་དཔག་མེད་དུ་གསལ་བ་ལས་འོད་ཟེར་འཕྲོས། དུས་གསུམ་གྱི་སངས་རྒྱས་རྒྱལ་བ་སྲས་བཅས་རིག་འཛིན་དྲང་སྲོང་ཚེ་ལ་དབང་བ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཚེའི་དངོས་གྲུབ་དང་། འཁོར་འདས་སྣང་སྲིད་ཀྱི་ཚེ་བཅུད་བསྡུས་ནས་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་ཐིམ། བུམ་པ་འཆི་མེད་ཀྱི་བདུད་རྩིས་ཁེངས་པའི་ཚེ་བཅུད་རྣམས་རང་རང་གི་སྤྱི་བོ་ནས་གནས་ལྔ་ལ་ཐིམ། ཚེ་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། སངས་རྒྱས་ཚེ་དཔག་མེད་ཀྱི་དབང་བཞི་ཡོངས་རྫོགས་ཐོབ་པའི་མོས་པ་མཛོད། ཧྲཱི༔ ཀུན་འདུས་སྐྱེ་བ་འཆི་བ་མེད༔ འཁོར་འདས་བཅུད་བསྡུས་ཡིད་བཞིན་ནོར༔ གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དང་བསོད་ནམས་སྟོབས་འཕེལ་ནས༔ འདོད་ཡོན་ཕུན་ཚོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུཿཥེ་བྷ་ལིཾ་ཏ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ ཚེ་དཔག་མེད་ཀྱི་ཡོན་ཏན་ཡིད་བཞིན་ནོར་བུའི་དབང་རྣམས་ཐོབ་པར་གྱུར་ཅིག །ཡོན་ཏན་དབང་བཞི་ཀུན་འདུས་གཏོར་དབང་ངོ་། །བརྒྱད་པ་ནི། ཚེ་རིལ་ཚེ་ཆང་སྦྱིན་ལ། ཧྲཱི༔ སྟོང་གསུམ་སྲིད་པ་ཀུན་གྱི་བཅུད༔ ཐབས་མཆོག་ཚེ་རིལ་ཤེས་རབ་ཆང༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་ཐིག་ལེའི་སྟོབས་འཕེལ་ནས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུཿཥེ་རཏྣ་ཨ་བྷི་ཥིཉྩ་སྭཱ༔ ཞེས་ཚེ་རྫས་རོལ། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྫོགས་པའི་དབང་རྣམས་ཐོབ་པར་གྱུར་ཅིག །དབང་བཞི་ཡོངས་རྫོགས་ཕྲིན་ལས་ཀྱི་དབང་ངོ་། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་བཞི། དང་པོ་ནི། སློབ་བུ་ལ་མདའ་དར་གཡབ་ཅིང་།ཡི་དམ་ཚེ་དཔག་མེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་དབང་དང་དངོས་གྲུབ། འཁོར་འདས་སྣོད་བཅུད་ཀྱི་ཚེ་བཀྲག་གཟི་མདངས་མ་ལུས་པ་སློབ་མའི་རྒྱུད་ལ་བསྟིམ་ཞིང་། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་གདིང་བསྐྱེད་ལ། ཧཱུྃ༔ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང༔ ཚེ་འདི་བསྟིམ་མོ་དཔལ་སྐྱེད་ཅིག༔ མི་བུ་འདི་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་ལྔའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡིས་དཔལ་སྐྱེད་ཅིག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱ༔ ཞེས་རིམ་པར་ཚེ་བསྟིམ་ཞིང་སྦའོ། །གཉིས་པ་ནི། ཚེ་བསྟིམ་པ་རྣམས། རྟགས་བརྒྱད་ཀྱིས་མངའ་གསོལ་ཞིང་བཀྲ་ཤིས་པས་བརྟན་པར་བྱ་བ་ནི། ཞི་བའི་དབང་ཕྲེང་ལྟར་བཀྲ་ཤིས་ཀྱི་དབང་རྟགས་བརྒྱད་འདིར་བསྐུར་རོ། །གསུམ་པ་ནི། ཕྱག་མཚན་རྡོ་རྗེ་སློབ་བུའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་ཡན་ལག་བཞི་དང་ལྟག་པའི་བདུད་སྒོ་རྣམས་སུ་གཏུགས་ཤིང་རྒྱས་གདབ་སྟེ། དེ་ལྟར་དབང་ཐོབ་པ་རྣམས་མི་ཉམས་ཤིང་བརྟན་པའི་ཕྱིར། བླ་མ་ཚེ་དཔག་མེད་ཀྱི་གནས་ལྔ་ལས་འཕྲོས་པའི་འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་རྣམས་འོད་ཟེར་དཀར་དམར་མཐིང་སེར་ལྗང་བའི་ཕྱག་རྒྱས་བཏབ་པས། འདུས་བྱས་འཕྲལ་རྐྱེན་གྱི་འཚེ་བ་གང་གིས་ཀྱང་མི་ཚུགས་ཤིང་། གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ཡིས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་སྐྱེད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཕྱག་མཚན་རྡོ་རྗེའམ་མདའ་དར་གྱིས་རྒྱས་གདབ། ཁྲོམ་མང་ལ་མེ་ཏོག་འཐོར་ཀྱང་རུང་། དེ་དག་གི་རྗེས་སུ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་རྡོ་རྗེའི་སློབ་མ་འདི་དག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་བསོད་དཔལ་འབྱོར་མི་ནོར་མཐའ་རྒྱས་འཕེལ་ནས་མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས་ཤིག །ཚེ་མི་འགྱུར་བ་གཡུང་དྲུང་། མི་ཤིགས་པ་རྡོ་རྗེ། མི་ནུབ་པ་རྒྱལ་མཚན། གསལ་བ་ཉི་ཟླ། དགོས་འདོད་འབྱུང་བ་དཔག་བསམ་ལྟ་བུའི་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག །ཨོཾ་ཨཱ་ཡུརྫྙཱ་ན་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། བཞི་པ་ནི། དེས་ཚེ་དཔག་མེད་ཀྱི་དབང་ཡོངས་རྫོགས་ཐོབ་པས། དབང་གི་མཐའ་རྟེན་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་བཞིན། །དེ་དག་ཐམས་ཅད་བདག་གིས་བགྱི། །གསུམ་བརྗོད། དེ་ནས་ལུས་ལོངས་སྤྱོད་དྲུག་ཆ་གཅིག །བླ་མ་དང་ཚེ་དཔག་མེད་མཆོད་པའི་རྫས་སུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། ཞེས་ཞུ། ཚེ་དཔག་མེད་ཀྱི་དབང་ལེགས་པར་ཐོབ་པ་ཡིན་པས། གཏང་རག་གི་མཎྜལ་ཕུལ་མཛོད། དགེ་བ་ཁས་ལེན་བསྙག །ཅེས་པས་རྗེས་ཀྱི་དམ་ཚིག་ནི། སྤྱི་དང་མཐུན་པར་གཅེས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། སྟག་ཤམ་རྡོ་རྗེའི་གཏེར་བྱོན། དབང་བཞི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་སྐལ་ལྡན་མང་པོ་ལ་ཕན་ཕྱིར་བསམ་གཏན་བསྟན་འཛིན་གྱིས་སྤེལ་བའོ། །འདི་ཚེ་སྒྲུབ་གང་ལའང་འཇུག་བདེ་བར་ཡོད་དོ།། །།

བདུད་རྩི་ཤུག་པའི་བཅུད་ལེན་ (Volume 30, Text 31)

༄༅༔ བདུད་རྩི་ཤུག་པའི་བཅུད་ལེན་བཞུགས་སོ༔ གུ་རུ་རཏྣ་ལ་ན་མོ༔ སྔོན་ཚེ་ཏི་སྒྲོ་བྲག་དཀར་དུ༔ སློབ་དཔོན་པདྨ་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་རྡོ་རྗེ་ཕུར་པ་སྒྲུབ་དུས་སུ༔ ལྷ་ཡི་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དང་རྟགས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་དུས༔ མཚོ་རྒྱལ་གྱི་ཞལ་ནས་རྟགས་བཟང་པོ་འདི་འདྲ་ཅི་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ངས་སྔོན་སྐྱེ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ཤུག་པའི་བཅུད་ལེན་བྱས་པའི་རྟགས་ཀྱིས༔ ལྷའི་རོལ་མོའི་སྒྲ་དང༔ ཤུག་ཐོག་གི་ཆར་པ་ལ་སོགས་པའི་རྟགས་བཟང་པོ་འདི་རྣམས༔ ཤུག་པའི་བཅུད་ལེན་བྱས་པའི་ཕན་ཡོན་གྱི་སྟོབས་ཀྱིས་བྱུང་བ་ཡིན༔ ད་ཡང་ཚེ་འདིར་རིག་འཛིན་བརྙེས་ཤིང་ལྷ་འདྲེ་མི་གསུམ་དབང་དུ་འདུས་པ་དང༔ ཁྱད་པར་གདོང་དམར་སྲིན་པོའི་ཁ་གནོན་བྱེད་ཅིང་སྣང་བ་དབང་དུ་འདུས་པ་ཤུག་པའི་བཅུད་ལེན་བྱས་པའི་སྟོབས་ཀྱིས་བྱུང་བ་ཡིན་གསུངས་པ༔ མཚོ་རྒྱལ་གྱི་ཞལ་ནས་ངོ་མཚར་ཆེ་ལགས༔ དེ་ལྟ་བུའི་གདམས་ངག་ཡོད་ན་ཚེ་ཕྱི་མ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱི་དོན་དུ་བདག་ལ་གནང་བར་ཞུ་ཞུས་པས༔ སློབ་དཔོན་གྱིས་མཚོ་རྒྱལ་ལ་གནང༔ མཚོ་རྒྱལ་གྱིས་ཡི་གེར་བཀོད་ནས་ཚེ་ཕྱི་མ་དོན་དུ་གཉེར་བའི་གང་ཟག་མ་གཏོགས་སུ་ཐོད་ཐོད་ལ་བྱིན་ན་ཡེ་ཤེས་མཁའ་འགྲོའི་བཀའ་ཆད་ཤིན་ཏུ་ཡོང༔ འདི་ཞུ་དུས་བླ་མ་ལ་གསེར་གྱི་མཎྜལ༔ མཁའ་འགྲོ་ལ་ཚོགས་གཏོར་དགོས་གསུང་གནང་ནས་བསམ་ཡས་མཆིམས་ཕུའི་བྲག་ལ་ལས་ཅན་གཅིག་དང་འཕྲད་པར་ཤོག་ཅིག་གི་བཀའ་རྒྱ་བཏབ་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ སྔོན་འགྲོ་ལ་སྐྱབས་འགྲོ་སེམས་བསྐྱེད་དང་བསྐྱེད་རྫོགས་ཚུལ་བཞིན་དུ་བྱ༔ དངོས་གཞི་ལ་འབྲུ་དང་ལོ་མ་གཉིས་ཡོད་པ་ལས༔ དེ་ཡང་ཤུག་འབྲུ་ལེགས་པར་འཐུ་བའི་དུས༔ རང་ཉིད་མཁའ་འགྲོའི་ཏིང་འཛིན་གྱི་ཤུག་སྡོང་ཆེ་ཆུང་གང་ཡིན་ཡང༔ དེ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་ལ་དར་གྱི་ན་བཟའ་དང་ཅོད་པན་ལྷུབ་ལྷུབ་འཆང་བ༔ ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ༔ ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་ཐོད་པ་བདུད་རྩི་བཀང་བ་བསྣམས་པར་བསྒོམ༔ དེ་ལ་དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང༔ ཡན་ལག་བདུན་པ་དང་མཎྜལ་འབུལ་བ་སོགས་བྱས༔ ལོ་མ་དང་འབྲས་བུ་གང་ཡང་བདུད་རྩིའི་དངོས་གྲུབ་ཞུ་བར་བསམ༔ ཤུག་ཤིང་མི་བཅག་པ་དམ་ཚིག་ཡིན༔ དེ་ཡང་འབྲུ་ལེགས་པར་འཐུས་ལ༔ དེ་ནས་དྲོད་ཀྱི་ཆ་ལ་ཉུང་བ་ཛཱ་ཏི་ཤིང་ཀུན་དྲོད་སྨན་དང༔ བད་ཀན་བཅད་སྤྱད་ནི་ཨ་བར་སྐྱུར་གསུམ་གྱིས་སྦྲུས་ཤིང་ཁ་དོག་ལེགས་པར་འདོན༔ མདོག་དམར་པོ་འདོད་ན་ཤང་དྲིལ་དམར་པོས་བྱ༔ རྫས་དེ་རྣམས་རྫ་གཙང་མའི་ནང་དུ་བླུག༔ ཆུ་ནོན་པར་བླུགས་ལ་ཐབ་ལ་བཀོལ་ལྦུ་བ་སོར་བྱུང་བ་དང་ཚོས་པའི་ཚད་ཡིན༔ ཚོས་པ་དང་སྙིགས་མ་རྣམས་ནི་ཕོ༔ དྭངས་མ་དངུལ་མདོག་བྱུང་བ་དང་ཕོག་ལ༔ ངད་ཡལ་ཙམ་ནས་བདུད་རྩིར་དམིགས་ལ་སྔགས་ཉེར་གཅིག་བཏབ༔ ཕྱེ་མ་རིལ་བུ་གང་བཟའ་ཡང་སྔགས་འདི་ཉེར་གཅིག་བཏབ༔ སྔགས་ནི༔ ཨོཾ་སརྦ་ཌཱ་ཀི་ནཱི་བུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཕྱེ་མ་བཏང་ན་སྒོང་ཁོག་ཕྱེད་དོ༔ རིལ་བུ་བཏང་ན་ཉེར་གཅིག་རིལ་བུ་ཆེ་ཆུང་གི་ཚད་ནི་ཤ་བའི་རིལ་མ་ཙམ་ཡིན་ནོ༔ རིལ་བུ་བྱ་ཐབས་སོ༔ ས་མ་ཡ༔ ལག་ལེན་སྨར་ཁྲིད་ལ་དོན་ལྔ་སྟེ༔ ཤུག་པའི་བསླབ་བྱ་དང་གཅིག༔ ཁ་ཟས་ཀྱི་བསླབ་བྱ་དང་གཉིས༔ སྤྱོད་ལམ་གྱི་བསླབ་བྱ་དང་གསུམ༔ གེགས་སེལ་བའི་བསླབ་བྱ་དང་བཞི༔ བོགས་འདོན་གྱི་བསླབ་བྱ་དང་ལྔའོ༔ དང་པོ་ཤུག་པ་སྤང་བྱ་ལ་གསུམ༔ ནགས་ཤུག་རྫ་ཤུག་བྲག་ཤུག་རལ་པ་ཅན་དང་ཚེར་མ་ཅན་ཤུག་པའི་སྤང་བྱ་ཡིན༔ ཚད་པ་ཅན་ལ་ཉིན་ཤུག་སྤང༔ གྲང་བ་ཅན་གྱིས་སྲིབ་ཤུག་སྤང༔ དེ་རྣམས་ཤུག་པའི་སྤང་བྱ་ཡིན༔ ཤུག་པའི་བླང་བྱ་འདི་ལྟར་ཡིན༔ ལྷ་ཤུག་སྔོན་དཀར་འོ་མ་གཏོར་བ་འདྲ༔ སྨན་ཤུག་སྣུམ་ལ་འཇམ་པ་ཡོད༔ སྤང་ཤུག་ལོ་འདབ་རྒྱས་ལ་འཇམ་པ་ཡོད༔ ཚད་པ་ཅན་ལ་གྲིབ་སྐམ་བྱ༔ གྲང་བ་ཅན་ལ་ཉི་སྐམ་བྱ༔ ཚ་གྲང་གཉིས་ལ་གྲིབ་ཏུ་སྐམ༔ ཐལ་རྡུལ་འགོམ་ཡུག་མེད་པ་དང༔ གཞོང་པ་ལ་སོགས་སྣོད་གཙང་དུ་བྲབས་ཤིང༔ སིལ་སིལ་ཤུག་ཤིང་འབྱེད་པ་ཞལ་ཤེས༔ གཡས་པའི་སོར་མོ་ལྔ་པོ་དེ༔ རྒྱལ་བ་རིགས་ལྔའི་ཚུལ་དུ་དམིགས༔ གཡོན་པའི་སོར་མོ་ལྔ་པོ་དེ༔ མཁའ་འགྲོ་སྡེ་ལྔའི་ཚུལ་དུ་དམིགས༔ ཡབ་ཡུམ་ཁ་སྦྱོར་དམིགས་དུས་སུ༔ བདུད་རྩི་བབས་པར་བསམ་ལ་མར་དང་ཕྱེ་མཚོན་ཙམ་བསྲེ༔ རླུང་ཁ་མི་སྐྱེ་བའི་དགོས་པ་ཡོད༔ ཟ་བའི་དུས་སུ་སྔོན་དུ་སྐྱོ་ཚ་ངད་ཡོལ་ཙམ་གྱིས་ཕུལ་ནས་གཏང༔ སྔགས་གོང་མ་ཉེར་གཅིག་བཟླས༔ ཞག་ཉེར་གཅིག་གི་བར་ལ་མཚམས་དམ་པོ་བྱ༔ རང་ཉིད་མཁའ་འགྲོའི་ཏིང་ངེ་འཛིན་གྱིས་བཞུགས༔ ཁ་ཟས་ཀྱི་བསླབ་བྱ་ལ༔ མར་ནག་སྔོ་དང་སྒོག་བཙོང་སྤང༔ ཤ་ཆང་རུལ་སུམས་སྤང་བར་བྱ༔ མར་དང་རུས་པ་གསར་པ་གཏང༔ དེ་རྣམས་ཁ་ཟས་བསླབ་བྱ་ཡིན༔ སྤྱོད་ལམ་བསླབ་བྱ་འདི་ལྟར་ཡིན༔ འཆོང་རྒྱུག་དྲག་པོ་མེད་པ་དང༔ ཁ་ཁུ་ཅ་ཅོ་མེད་པ་དང༔ གྲིབ་ཅན་མི་དང་མི་འགྲོགས་ཤིང༔ བློ་མི་མཐུན་པའི་མི་མི་འགྲོགས༔ དེ་ནི་བསོད་ནམས་བསླབ་བྱ་ཡིན༔ གེགས་སེལ་བསླབ་བྱ་འདི་ལྟར་རོ༔ མགོ་བོ་ན་ན་རི་རྩེ་ནས་འགྲིལ་བར་བསམ༔ སྐྱུགས་ན་དམིགས་པ་མགོ་བསྐོར་བལྟ༔ འཁྲུ་ན་གཏུམ་མོ་བསྒོམ་པར་བྱ༔ གྲང་དུས་ཧཱུྃ་དམར་པོ་བསྒོམ༔ བད་ཀན་ལང་ན་བཅའ་སྒ་ཕྱེ་མ་ཆུ་གྲང་གིས་ཕུལ་ནས་བཏང༔ གྲང་བ་བྱུང་ན་དྲོད་སྨན་ཚིལ་རུས་མུར་ན་ཕན༔ རླུང་ལ་ཕྱེ་མར་དུད་པ་བཏང༔ ཟས་མ་ཐོན་ན་ཚོད་མའི་ལོ་མ་བཏང༔ གེགས་སེལ་ཀུན་གྱི་མཆོག་ཡིན་ནོ༔ བོགས་འདོན་དག་པ་གསུམ་འབྱུང་སྟེ༔ ལུས་ཀྱི་སྒྲིབ་པ་དག༔ ངག་གི་ཉེས་སྐྱོན་དག༔ སེམས་ཀྱི་གཉིས་འཛིན་དག༔ དེའི་ཚེ་རླུང་དང་འཁྲུལ་འཁོར་ལ་འབད་པས༔ ལུས་ལ་བདེ་དྲོད་འབར༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་འབར༔ འདུ་བ་གསུམ་འབྱུང་ངོ༔ ཉིན་མོ་མི་འདུ༔ མཚན་མོ་མཁའ་འགྲོ་འདུ༔ ནང་ནུབ་ཟས་ནོར་ལོངས་སྤྱོད་འདུ༔ ལུས་ཀྱི་ཁྲག་དང་མཛེ་དང་སྐྲན་དང་རྨུ་ཆུ་སོགས་ནད་རིགས་བཞི་བརྒྱ་རྩ་བཞི༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཞི་ཞིང༔ རྨི་ལམ་མཚན་མ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ༔ དེ་ལྟར་བྱས་པའི་ཕན་ཡོན་ནི༔ འདོད་ཡོན་སྲེད་པ་ཆུང་བ་དང༔ རི་ཁྲོད་དབེན་པར་གནས་པ་དང༔ མཚན་ལྡན་རྗེ་ལ་གུས་པ་དང༔ གཅིག་པུར་ཏིང་འཛིན་འཕེལ་བ་དང༔ གྲོགས་ལ་དག་སྣང་ཆེ་བ་དང༔ མེ་ལ་དྲོད་ཀྱི་རྒྱལ་པོ་དང༔ ཆུ་ལ་ངང་པའི་རྒྱལ་པོ་དང༔ མཚོན་ལ་རྡོ་རྗེ་ཕ་ལམ་དང༔ རླུང་ལ་རླུང་ལྷའི་རྒྱལ་པོ་འདྲ༔ ས་ལ་བྱི་བ་སྨུག་ཆུང་དང༔ མཁའ་ལ་འདབ་ཆགས་ལྡིང་བ་འདྲ༔ སྐྲ་དཀར་གཉེར་མ་མེད་པ་དང༔ ལུས་མཁྲེགས་སོ་ཚགས་དམ་པ་དང༔ བཅུ་དྲུག་ལོན་འདྲ་གཞོན་ཤ་རྒྱས༔ ཁམས་གསུམ་དབང་དུ་འདུས་པ་དང༔ སྣང་བ་ནོར་དུ་ཤེས་པ་འབྱུང༔ འདི་འདྲའི་བཅུད་ལེན་ཁྱད་པར་ཅན༔ སྐྱེ་བོ་ཕོ་མོ་སུས་བྱས་ཀྱང༔ ལོ་གསུམ་བྱས་ན་འཇའ་ལུས་འགྲུབ༔ ཟླ་གསུམ་བྱས་ཀྱང་འཆི་མེད་འགྲུབ༔ རིག་འཛིན་ཐོབ་པར་ཐེ་ཚོམ་མེད༔ ཅེས་ཨུ་རྒྱན་རིན་པོ་ཆེས་དབུ་བསྙུང་བཞེས་སོ༔ ༈ ཡང་བཅུད་ལེན་གཏོང་སྐབས༔ བཟའ་བཏུང་ཅི་དང་ཅི་བྱས་ཀྱང་སྔགས་འདི་ཉེར་བརྒྱད་བཏབ་དགོས༔ སྔགས་ནི༔ ཨོཾ་ཐུད་དེ་ཐུད་དེ་སྭཱ་ཧཱ༔ ཞེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ མངའ་བདག་གི་སྤྲུལ་པ་གུ་རུ་ཆོས་དབང་གིས་གཏེར་ནས་གདན་དྲངས། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ལ་བཀའ་བབས། དེ་ནས་རིམ་པར་བརྒྱུད་དོ། །སརྦ་མངྒལཾ།། ༈ འདིའི་བྱ་ཐབས་ལ། ཤུག་པ་གཞུང་ལྟར་ལེགས་པར་བརྟག །ཚེས་བཅུ་སོགས་དུས་བཟང་པོའི་ཉི་ཤར་ལ་བདག་ལྷར་བསྒོམ། ཤུག་པ་ཡེ་ཤེས་ཀྱི་མཁའ་འགྲོར་གསལ་ལ་དངོས་གྲུབ་ཞུ་བའི་ཚུལ་གྱིས་བཏུ། གཞུང་ལྟར་རིལ་བུ་བྱ། དེ་ནས་རིལ་བུ་ཐོད་པའི་ནང་དུ་བླུགས་ལ་མདུན་དུ་བཞག །སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སྤྱི་ལྟར་བཏང་ནས་ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་དར་གྱི་ན་བཟའ་དང་ཅོད་པན་ལྷབ་ལྷུབ་ཏུ་འཕྱང་བ། ཞབས་གཉིས་པད་ཉི་བམ་རོའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་གྱིས་བཞུགས་པ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ཚོན་ལྟ་བུའི་སྐུར་གྱུར་པའི་སྤྱི་བོར་སྣང་སྲིད་འོད་ལྔར་འཁྲུགས་པའི་ཀློང་སྐྱབས་གསུམ་ཀུན་འདུས་བླ་མ་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ག་ཕྱག་གཉིས་རྡོར་དྲིལ་བསྣམས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཡུམ་མནྡཱ་ར་དམར་གསལ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་མཐའ་སྐོར་ཀུན་ཏུ་འཆི་མེད་བཅུད་ལེན་བརྒྱུད་པའི་བླ་མ་རྣམས་དང་། རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ཕུང་ལྟར་གཏིབ་ཅིང་བདེ་སྟོང་དབྱེར་མེད་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བར་གྱུར། ཨོཾ་ཨཱཿཧཱུྃ། བདེ་ཆེན་ཡེ་ཤེས་རྡོ་རྗེ་ཕག་མོ་དང་། །འཆི་མེད་མཚོ་སྐྱེས་མནྡྷ་ར་བ་ཡུམ། །དྷཱ་ཀི་མཚོ་རྒྱལ་གུ་རུ་ཆོས་ཀྱི་དབང་། །བཀའ་བབ་རིག་འཛིན་སྤྲུལ་སྐུ་ཨོ་རྒྱན་གླིང་། །བརྒྱུད་འཛིན་རིམ་བྱོན་གདམས་པའི་སྲོལ་འཛིན་པ། །ཤཱཀྱ་རིན་ཆེན་བློ་གྲོས་རྒྱལ་མཚན་དཔལ། །སྒྲུབ་བརྒྱུད་ཆོས་གྲགས་ཨོ་རྒྱན་ཕྲིན་ལས་ཞབས། །ཀུན་བཟང་འབྲུག་རྒྱལ་ཆོས་ཉིད་བཟང་མོ་དང་། །ཉང་སྟོན་པདྨ་གསང་སྔགས་རྣམ་པར་རྒྱལ། །ཨོ་རྒྱན་འགྲོ་འདུལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཆོས་བརྒྱད་བཙན་ཐབས་ཆོད་པར་བྱིན་གྱིས་རློབས། །བཅུད་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཕྱི་ནང་འབྱུང་གེགས་སེལ་བར་བྱིན་གྱིས་རློབས། །དྭངས་མ་བདུད་རྩིར་སྨིན་པར་བྱིན་གྱིས་རློབས། །འཆི་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །འོད་གསལ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་མོས་གུས་དྲག་པོས་གསོལ་བ་ལན་མང་དུ་བཏབ། གཞན་ཡང་ཚིགས་བདུན་གསོལ་འདེབས་སོགས་རྒྱས་པར་བྱས་ལ་ཉམས་བསྐྱང་། ཧཱུྃ་ཧཱུྃ་ཧཱུྃ། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་བྱང་། སྐུ་བཞི་མངོན་དུ་གྱུར། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། ཨོཾ་ཐུད་དེ་ཐུད་དེ་སྭཱ་ཧཱ༔ སྔགས་འདི་ཉེར་བརྒྱད་རིལ་བུ་ལ་བཏབ་པས་རྫས་ཀྱི་དུག་ཐམས་ཅད་སྦྱངས་ཤིང་ནུས་པ་འབུམ་འགྱུར་དུ་བསྐྱེད་པར་བསམ། དེ་ནས་རང་མཁའ་འགྲོར་གསལ་བའི་རྩ་ནང་ཐམས་ཅད་རྩ་གསུམ་ལྷ་ཚོགས་ཏིལ་གྱི་གོང་བུ་ལྟ་བུར་གང་ཞིང་སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ་ལ། ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་གིས་བསྐོར་བ་ལ་ཡིད་གཏད་དེ། ཨོཾ་སརྦ་ཌཱ་ཀི་ནཱི་བུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླས་ནས་རིལ་བུ་ལ་ཧ་བཏབ་པས། རིལ་བུ་མཐོང་ཐོས་དྲན་རེག་ཐམས་ཅད་འཆི་མེད་འཇའ་ལུས་ཀྱི་དངོས་གྲུབ་སྩོལ་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ། ཕྱག་གཡས་གྲི་གུག་གིས་གཡོན་ཐོད་པའི་བདུད་རྩི་ལན་གསུམ་དུ་དཀྲུགས་པར་མོས་ཏེ་དེའི་ཕྱག་རྒྱ་བཅས་མཐེབ་སྲིན་གྱིས་བདུད་རྩིའི་ཕུད་ལན་གསུམ་དུ་སྤྱི་བོར་བླ་མ་བཞུགས་པ་ལ་འབུལ་བའི་ཚུལ་བྱས་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་རྗེས། ལུས་དཀྱིལ་གྱི་ལྷ་ཚོགས་ཐམས་ཅད་ཟག་མེད་ཀྱི་བདུད་རྩིས་མཉེས། བདེ་སྟོང་གི་ཉམས་འབར། ཚོགས་རྫོགས་སྒྲིབ་པ་བྱང་བར་བསམ་ལ་རིལ་བུ། གསུམ་མམ། བདུན་གང་རིགས་ཆུ་སྐོལ་ཚ་མོས་ཕུལ། རླུང་བུམ་པ་ཅན་ཉི་ཤུ་རྩ་གཅིག་གིས་བརྟན་པར་བྱ། དེ་ནས་རྒྱུན་དུ་འཇམ་རླུང་བཟུང་ལ་ལུས་གནད་མ་ཞིག་པ་གལ་ཆེ། སྐབས་སྐབས་སུ། ནམ་མཁའ་ཟས་སུ་ཟ་བ་དང་། ཕོ་བསྐོར་ཧ་སྤྲུགས། བརྡབ་ཆུང་། གཞན་ཡང་འཁྲུལ་འཁོར་རིགས་གང་ཤེས་ལ་བརྩོན། དེ་ལྟར་འབད་པའི་རྗེས་ཐོབ་ཏུ་བསྔོ་སྨོན་རྒྱས་པར་བྱ། ཞག་བདུན་དུ་ཐུན་བཞིར་བཅད་ལ་ཐུན་རེ་བཞིན་གོང་ལྟར་བྱའོ། །མཚན་མོ་ཉལ་བའི་དུས་སུ་ལུས་གནད་མ་ཞིག་པར་འཇམ་རླུང་ངང་དུ་དབྱིངས་རིག་བསྲེས་ལ་གཉིད་ལོག་པས་འོད་གསལ་རྩོལ་མེད་དུ་ཟིན་པར་གསུངས། དང་པོ་ཤུག་འབྲུ་ཕྱེ་མ་དང་སྨན་སྣ་སྦྱར་བའི་རིལ་བུ་ཟ། དེ་རྗེས་ཤུག་འབྲུ། དེ་རྗེས་ལོ་མ་ཟོས་པས་གེགས་མི་འབྱུང་ཞིང་ལུས་ལ་འཕྲོད་པར་གསུངས་སོ། །བདུད་རྩི་ཤུག་པའི་བཅུད་ལེན་གྱི་བྱ་ཐབས་ལག་ལེན་ཞལ་ཤེས་བཀོད་པ་དགེ་ཞིང་བཀྲ་ཤིས། མངྒ་ལཾ།། །།

རྟ་མགྲིན་གསང་བ་འདུས་པ་ལས། འཇིགས་བྱེད་མེའི་སྤུ་གྲིའི་དབང་བསྐུར་གྱི་ཆོ་ག་གསལ་བར་བཀོད་པ་འགྱུར་མེད་སྙིང་པོ་ (Volume 18, Text 31)

༄༅། །རྟ་མགྲིན་གསང་བ་འདུས་པ་ལས། འཇིགས་བྱེད་མེའི་སྤུ་གྲིའི་དབང་བསྐུར་གྱི་ཆོ་ག་གསལ་བར་བཀོད་པ་འགྱུར་མེད་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་བྷཻ་ར་བཱ་ཡ། འཁོར་འདས་ཐམས་ཅད་འཇིགས་པར་བྱེད། །རྡོ་རྗེའི་གར་མཁན་མཐུ་བོ་ཆེ། །བླ་མ་དུས་དགྲའི་དབང་པོ་ལ། །འདུད་དོ་སྒོ་གསུམ་བྱིན་གྱིས་རློབས། །དབང་ཆེན་གསང་བ་འདུས་པའི་སྐུ་སྒྲུབ་འཇིགས་བྱེད་མེའི་སྤུ་གྲིའི་དབང་བསྐུར་བ་ལ། སྦྱོར་བ་དཀྱིལ་འཁོར་དབུས་སུ་གྲུ་གསུམ་མཐིང་ནག་བསྣོལ་མའི་ནང་དུ་ཟླ་གམ་སྒོ་གཅིག་པ། མཐར་ཐོད་ཕྲེང་གིས་བསྐོར་བའི་རྒྱབ་ཏུ་འཁོར་ལོ་རྩིབས་བཞི་དམར་ལ་རྩིབས་མཆན་མཐིང་ག །སྒོ་རྟ་བབས་སོགས་ཁྲོ་དཀྱིལ་སྤྱི་མཐུན་བྲིས་པའམ། མ་འཛོམ་ན་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་མགུལ་ཆིངས་སྔོ་དམར་བུམ་རྫས་ཁ་རྒྱན་གཟུངས་ཐག་བཅས་བཀོད། ཁ་རྒྱན་གསེབ་ཏུ་སྐུ་ཙཀ་བཀོད། བུམ་པའི་སྟེང་ངམ་རྒྱབ་ཕྱོགས་སུ་ལྕགས་སམ་ཐོད་པའི་སྣོད་དུ་སྒྲུབ་གཏོར་བྲ་གཟུགས་མ་ནག་པོ་གཙོ་འཁོར་ལྔ་པ་རྒྱན་དང་དར་མཐིང་གི་གདུགས་བཅས་བཀོད། མདུན་དུ་མཆོད་གཏོར་གྱི་གཡས་གཡོན་སྨན་རཀ །དྲག་མཆོད་ཕྲེང་ཚར་དུ་བཤམ། རྒྱབ་ཕྱོགས་སུ་བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་ལ་མེ་ལོང་དང་དར་དམར་གྱིས་བཀབ་པ། གཞན་ཡང་གཙོ་བོའི་སྐུ་ཙཀ་དང་མེ་ལོང་། རྡོར་དྲིལ། གྲི་གུག་བནྡྷ། རལ་གྲི་དང་བེ་ཅོན། འཁོར་ལོ་སཏྭ་རེ། གླང་ཀོ་ཞིང་གཡང་སྟག་ཤམ་སྦྲུལ་ཆུན་རྣམས་ཕྱོགས་བསྡུས་ཀྱི་ཙཀ་ལི་རྣམས་གང་བདེར་བཞག །ལས་བུམ། དམ་ཆུ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས། ཆགས་མེད་ཡིག་ཆ་ལྟར་ལས་གཤིན་བཀའ་གཏད་བྱེད་ན་དེའི་གཏོར་མ། སྐུ་དང་ཕྱག་མཚན་སོགས་ཀྱང་མདུན་རྒྱབ་གང་བདེར་བཀོད་དོ། །དངོས་གཞི་ཆགས་མེད་རིན་པོ་ཆེས་མཛད་པའི་འདོན་འགྲིགས་ལྟར་བདག་མདུན་བུམ་ལྷ་བསྐྱེད་བཟླས། དབང་བླང་བ་ཡན་ཆད་སོང་ནས་ལས་གཤིན་གཏོར་འབུལ་བྱ། འདིའི་བཀའ་གཏད་བྱེད་ན་བཟླས་པའང་གང་འགྲུབ་དགོས། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་རྟ་གསང་དབང་ཆེན་ལྟར་གྲུབ་ནས། སློབ་མ་གསུམ་མམ་ལྔ་ལས་མི་མང་བ་ཁྲུས་ནས་ཕྱུང་། སུམྦྷ་ནིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། འདིར་སྲིད་པ་གསུམ་ན་ཆེ་བའི་མཆོག་གྱུར་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་དེ་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྐུའི་དུར་ཁྲོད་གཤིན་རྗེའི་ཁྲོམ་ཚོགས་ལས་ཀྱི་འཁོར་ལོ་བསྐོར་ཞིང་སྲིན་པོ་གདོང་དྲུག་ཧ་ལའི་སྒྲ་སྒྲོག་པའི་གནས། མཆོད་རྟེན་ཆེན་པོ་གསེར་ལྡན་གྱི་རྩ་བར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་མན་ངག་ལྔ་བརྒྱ་རྩ་གཅིག་གསན་ནས་བལ་པོ་བ་སུ་དྷ་ར་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་གནང་། དེ་དག་ལས་སྲོག་གཤེད་བཅུ་འཁོར་ལོ་བརྒྱ་དང་ཞེ་གསུམ། ཁ་ཐུན་གྱི་ལས་སུམ་ཅུ་རྩ་བདུན། སྡིག་པ་སྙིང་འཛིངས་གསལ་ཤིང་ཆེ་ཆུང་། ཚེ་བདག་འཁོར་ཆེན་ལ་སོགས་པའི་ཡང་བཅུད་ཟབ་འདྲིལ་གསེར་གྱི་ཡང་ཞུན་ལྟ་བུ། རྡོ་རྗེ་འཇིགས་བྱེད་མེའི་སྤུ་གྲིའི་སྐོར་རྣམས་དབང་ཆེན་གསང་བ་འདུས་པའི་སྐུ་སྒྲུབ་ཏུ་བསྡེབས་ནས་ཟབ་མོའི་གཏེར་དུ་བཙའ་བར་མཛད་པ་ཉིད། གཏེར་ཆེན་རཏྣ་གླིང་པས་སྐལ་ལྡན་ཀུན་གྱི་སྤྱོད་ལམ་དུ་སྣང་བར་མཛད་པ་ཟབ་ཅིང་གཉན་ལ་བྱིན་རླབས་ཀྱི་རྩལ་ཁ་ཆེ་བའི་དབང་བསྐུར་བསྒྲུབ་པར་བགྱི་བ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ནི༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ དཀྱིལ་འཁོར་ཀུན་གྱི་བདག་ཉིད་དཔལ༔ དེ་ཉིད་ཆེན་པོ་བདག་ལ་སྩོལ༔ ལན་གསུམ། བླ་མས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་ཡི་བདག་ཉིད་གཤིན་རྗེའི་གཤེད༔ ཤིན་ཏུ་མཉེས་པའི་སྣོད་རུང་ངམ༔ དེ་ཉིད་མི་ལྡན་ཕྱིར་དངེས་ཤིག༔ ཅེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། གསང་བ་གསུམ་གྱི་དམ་ཚིག་ནི༔ བདག་གིས་ཡང་དག་ནོས་གྱུར་ཏེ༔ བཀའ་ལས་འདའ་བར་མི་བྱེད་ཅིང༔ ཚུལ་བཞིན་བདག་གིས་བསྒྲུབ་པར་སྤྲོ༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་གསག་སྦྱོང་གི་རིམ་པ་ཚུལ་བཞིན་བྱ་བའི་བློས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཉམས་ན་བསྐལ་པར་བརླག་གྱུར་ཞིང༔ ཡང་དག་བསྲུངས་ན་མཆོག་ཐོབ་འགྱུར༔ བཛྲ་ས་མ་ཡ་ཛཿཨུ་ད་ཀ་ཏྲ་ཐ༔ རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང་། ཧཱུྃ༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་ཡང་དག་ནོས་གྱུར་ཏེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བས༔ ཡ་མཱནྟ་ཀའི་སྐུ་གསུང་ཐུགས༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་གཞན་ལ་མི་སྨྲ་ཞིང༔ ང་ནི་འཇམ་དཔལ་གཤིན་རྗེའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ཞེས་དམ་ལ་བཞག །སྐབས་འདིར་གཞུང་ལ་མི་གསལ་ཡང་བྱིན་འབེབ་མཛད་པ་ལྟར་ན། དེ་ནས་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛད་འཚལ། ལས་སྔགས་དང་ལས་ཆུས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། ཨེ་གྲུ་གསུམ་དམར་ནག་འབར་བའི་དབུས་སུ་གླང་རྒོད་ཟུང་བཞི་ཉི་ཟླ་པདྨའི་གདན་ལ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། གདུག་པ་ཅན་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་པོ་འཇིགས་བྱེད་ཡ་མཱནྟ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་མ་ཧེ་མཐིང་ནག་རབ་ཏུ་ཁྲོས་པའི་གནམ་ལྕགས་ཀྱི་རྭ་རྩེ་ལ་མེ་འབར་བ། ཤངས་ནས་བསྐལ་པའི་རླུང་འབུད་ཅིང་ཨུ་ཧ་ཧའི་གད་རྒྱངས་སྒྲོག་པ། གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ། ཁྲོས་པའི་སྤྱན་དགུ་དབུས་དང་གྱེན་དང་ཐུར་དུ་གཟིགས་པ། རལ་པ་གྱེན་དུ་གཟེངས་ཤིང་ཨག་ཚོམ་སྨ་ར་ལས་མེའི་ཚྭ་ཚྭ་འཕྲོ་བ། དབུས་ཞལ་སྟེང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་གསེར་མདོག་གིས་མཚན་པ། ཕྱག་གཡས་གསུམ་གྲི་གུག་རལ་གྲི་འཁོར་ལོ། གཡོན་གསུམ་ཐོད་ཁྲག་བེ་ཅོན་སཏྭ་མོ་འཛིན་པ། རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གདེངས་ཤིང་། ཐོད་སྦྲུལ་རུས་པའི་རྒྱན་གྱིས་སྤྲས་པ། གླང་ཀོ་ཞིང་གཡང་སྟག་ཤམ་གསོལ་བའི་པང་དུ་ཡུམ་གཏུམ་མོ་དུག་ཧྲུལ་མ་སེར་ནག་གྲི་ཐོད་འཛིན་པས་འཁྱུད་པ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །དེ་དག་ལས་འཕྲོས་པའི་འོད་ཟེར་དང་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་དང་ལྷོ་ཕྱོགས་ཨེ་ཁྲོམ་འབར་བའི་གཞལ་ཡས་ནས། འཇིགས་བྱེད་གཤིན་རྗེ་གཤེད་ཡེ་ཤེས་སེམས་དཔའི་ལྷ་ཚོགས་འུར་འུར་ཆེམས་ཆེམ་སྟོང་གསུམ་གཡོ་བའི་རྫུ་འཕྲུལ་ཆེན་པོའི་ཤུགས་དང་བཅས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པར་གྱུར་པའི་མོས་པ་མཛོད། རྩ་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྦྱར་བ་བཟླ་ཞིང་སྤོས་རོལ་དང་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །བུམ་པ་མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་ཆེན་པོར་འཇིགས་བྱེད་ཡ་མཱནྟ་ཀའི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྒོ་གསུམ་གྱི་དྲི་མ་དག །དབང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ཁྱད་པར་སྐུ་བུམ་པའི་དབང་ཐོབ་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོའི་གཞལ་ཡས་ཁང༔ འཇིགས་བྱེད་འབར་བའི་ལྷ་ཚོགས་བཞུགས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ནས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བཏུང་ཞིང་ཁྲུས་བྱའོ། །ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་སེམས་ཡེ་ཤེས་བདུད་རྩིའི་རང་བཞིན་ངག་ལ་བྱིན་པས་རྩ་ཁམས་སྒྲིབ་བྲལ་དུ་དག །རླུང་རྡོ་རྗེའི་སྔགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །བནྡྷ་མེ་ལོང་མགྲིན་པར་བཞག་ལ། ཡེ་ཤེས་བདུད་རྩི་གསང་བའི་མཆོག༔ མགྲིན་པ་ལོངས་སྤྱོད་བདེ་ཆེན་མཆོག༔ རྩ་གསུམ་འཁོར་ལོ་བདེ་ཆེན་མཆོག༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ གོང་གི་སྔགས་ཤམ་དུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་བླུད། ཐབས་བདེ་བའི་རྡོ་རྗེ་དང་ཤེས་རབ་སྟོང་ཉིད་དྲིལ་བུའི་དབང་ལ་བརྟེན་ནས་རྟོག་ཚོགས་ཡེ་ཤེས་ཆེན་པོའི་ངང་དུ་རང་སར་གྲོལ་ཏེ་ཟུང་འཇུག་འཇམ་པའི་རྡོ་རྗེའི་དགོངས་རྩལ་རྫོགས་པར་མོས་ཤིག །མི་རྟོག་ཐུགས་ཀྱི་དཀྱིལ་འཁོར་ནས༔ མི་འགྱུར་རྡོ་རྗེ་བདེ་ཆེན་པོ༔ ཡེ་ཤེས་ལྔ་ཡི་དབང་མཆོག་ནི༔ ཁྱོད་ཀྱིས་ཡང་དག་ཐོབ་པར་ཤོག༔ རྩ་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྟོང་སྒྱུ་མའི་གཟུགས་བརྙན་འདིས་མཚོན་ནས་སྒོ་གསུམ་གདོད་ནས་ཡེ་ཤེས་ལྷའི་འཁོར་ལོ་རང་སྣང་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པར་གྱིས་ཤིག །སྣང་ལ་རང་བཞིན་མ་གྲུབ་པ༔ གསལ་སྟོང་ཡེ་ཤེས་རྩལ་གྱི་དབང༔ དབང་བཞི་ཡོངས་རྫོགས་ཐོབ་གྱུར་ནས༔ སྐུ་བཞིའི་འབྲས་བུ་མཐར་ཕྱིན་ཤོག༔ སྔགས་ཤམ། སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་མཚོན་ཆ་རྣམས་དང་དུར་ཁྲོད་ཆས་ཀྱིས་མངའ་གསོལ་བས་འཁོར་འདས་གཉིས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་རྒྱལ་བྱེད་དཔའ་རྟགས་ལྷུན་གྱིས་གྲུབ་པར་མོས་ཤིག །གྲི་གུག་དང་བནྡྷ་གཏད་ལ། ཧཱུྃ༔ གྲི་གུག་འབར་བས་སྐྱེ་ཤི་གཅོད༔ བནྡྷ་ཁྲག་ཆེན་འཁོར་བ་སྒྲོལ༔ ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་དབང༔ བར་གཅོད་བདུད་ལས་རྒྱལ་བ་དང༔ ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག༔ བུདྡྷ་སརྦ་ཧྲི་ཧྲིང་ཨ་བྷི་ཥིཉྩ་མཱཾ༔ གཡས་སུ་རལ་གྲི་དང་གཡོན་དུ་བེ་ཅོན་གཏད་ལ། ཧཱུྃ༔ རལ་གྲི་འབར་བས་དུག་གསུམ་གཅོད༔ བེ་ཅོན་རུ་ཏྲའི་ཀླད་ནས་འཇོམས༔ བདག་མེད་རྟོགས་པའི་མཚོན་ཆ་ཡིས༔ ཁམས་གསུམ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། བཛྲ་ཀརྨ་ཏཱིགྣ་ཨ་བྷི་ཥིཉྩ་མཱཾ༔ གཡས་སུ་འཁོར་ལོ་གཡོན་དུ་སཏྭ་རེ་གཏད་ལ། ཧཱུྃ༔ འཁོར་ལོ་འབར་བས་དགྲ་བགེགས་གཏུབས༔ སཏྭ་མོས་ཕྲིན་ལས་རྣམ་བཞི་སྒྲུབ༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ མངོན་རྫོགས་རྒྱལ་པོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཙཀྲ་ཏཱིགྣ་ཨ་བྷི་ཥིཉྩ་མཱཾ༔ གོས་སྦྲུལ་རྣམས་བསྐོན་ཚུལ་བྱས་ལ། ཧཱུྃ༔ སྟོབས་བཅུ་ཡོངས་རྫོགས་གླང་ལྤགས་གསོལ༔ དྲེགས་པ་འཇོམས་མཛད་གཡང་གཞི་གསོལ༔ ཐོད་ཕྲེང་སྦྲུལ་ཆུན་བདུད་ལས་རྒྱལ༔ སྟག་ཤམ་དཔའ་གཏུམ་རྣམ་པར་རྒྱལ༔ གར་དགུའི་སྟོབས་བཅུ་ཡོངས་རྫོགས་དཔལ༔ རབ་འབྱམས་རྒྱ་མཚོའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། བཛྲ་ཤྲཱི་མ་ཧཱ་སརྦ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་གཏོར་ཆེན་འདི་ཉིད་འཇིགས་བྱེད་གཤིན་རྗེ་གཤེད་པོ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ལས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱི་ངོ་བོ་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་ཤིག །སྒྲུབ་གཏོར་གནས་གསུམ་དུ་གཏུགས་ལ། ཧཱུྃ༔ འཇིགས་བྱེད་འབར་བ་དཔལ་གྱི་སྐུ༔ ཟ་བྱེད་ཡུམ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་འབར་བ་དང༔ གཉིས་མེད་སྐུ་གསུང་ཐུགས་སྦྱོར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པ་དང༔ སྐུ་གསུམ་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་གཏོར་ལག་ཏུ་གཏད་པས་གཏོར་མ་ལ་བརྟེན་པའི་ལས་ཀྱི་སྦྱོར་བ་སོགས་ཕྲིན་ལས་མ་ལུས་པ་ཐོགས་མེད་དུ་སྒྲུབ་པའི་རྗེས་སུ་གནང་བ་ཐོབ་པར་མོས་ཤིག །མཆོད་གཏོར་གཏད་ལ། བསྙེན་སྒྲུབ་ལས་ལ་སྦྱོར་བའི་ཕྱིར༔ ཐུགས་དམ་བསྐང་སོགས་གཏོར་མའི་ལས༔ རྟག་ཏུ་རྣལ་འབྱོར་བརྩོན་པ་ཡིས༔ ཕྲིན་ལས་བརྩོན་པ་ཀུན་འགྲུབ་ཤོག༔ མ་ཧཱ་བ་ལིཾ་ཏ་སརྦ་པཱུ་ཛ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་སྦྱིན་ནོ། །དེས་དབང་ཆེན་སྐུ་སྒྲུབ་འཇིགས་བྱེད་མེའི་སྤུ་གྲིའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱོར་བཅས། དམ་ཚིག་ཁས་བླང་སོགས་དབང་གི་རྗེས་རིམ་སྤྱི་ལྟར་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས་སོགས་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་པར་བྱས་པས་འགྲུབ་བོ། །མེ་ཡི་སྤུ་གྲིས་བདག་འཛིན་གྱི། །དགྲ་བགེགས་ཚང་ཚིང་རྩད་བཅད་ནས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ། །རང་བྱུང་རིག་པས་མཐོང་གྱུར་ཅིག །ཅེས་ཟབ་མོའི་སྨིན་བྱེད་སྔ་ན་མེད་པའི་ལག་ལེན་འདིའང་། སྔ་ན་མེད་པའི་གཏེར་མཛོད་ཀྱི་ཆ་རྐྱེན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།། །།

མ་དང་མཁའ་འགྲོ་མཉེས་བྱེད་མེ་མཆོད་ཀྱི་ཆོ་ག་རིག་འཛིན་སྲོག་མཐུད་རྩི་སྨན་ལྗོན་པ་ (Volume 34, Text 31)

༄༅། །མ་དང་མཁའ་འགྲོ་མཉེས་བྱེད་མེ་མཆོད་ཀྱི་ཆོ་ག་རིག་འཛིན་སྲོག་མཐུད་རྩི་སྨན་ལྗོན་པ་བཞུགས་སོ། ། ན་མོ་བཛྲ་བྷ་ར་ཧྱཻ། རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་ཡི། །རིང་ལུགས་སྤེལ་ལ་བི་མ་ལ་མི་ཏྲའི། །རྣམ་སྤྲུལ་མྱང་སྟོན་བློ་མཆོག་རྡོ་རྗེའི་ཞབས། །བྱང་ཆུབ་བར་དུ་གཙུག་གི་ནོར་བུར་བསྟེན། །རྣལ་འབྱོར་རྩིང་སྤྱོད་དམ་སེལ་གྲིབ་རྐྱེན་མཐུས། །མ་དང་མཁའ་འགྲོའི་བཀའ་ཆད་མུན་པའི་སྨག །མཐར་བྱེད་མེ་མཆོད་སྣང་བ་འོད་པོ་ཆེས། །བདེ་སྐྱིད་གཟུགས་བརྙན་མ་ལུས་མངོན་སུམ་གསལ། །དེ་ཚུལ་ཟབ་གཏེར་རྣམ་གྲངས་མང་བ་ལས། །མཁའ་འགྲོའི་བཀའ་བབས་གཏེར་ཆེན་ཉང་རལ་གྱི། །ཌཱ་ཀིའི་སྙིང་ཁྲག་ཁྲོས་ནག་དགོངས་དོན་བཞིན། །རིག་འཛིན་སྲོག་མཐུད་རྩི་སྨན་ལྗོན་འདི་སྤེལ། །དེ་ལ་འདིར་མཁའ་འགྲོའི་མེ་མཆོད་བྱ་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། ལྷ་ལྔའི་གཞུང་ལས། ཡར་ངོ་མར་ངོའི་ཚེས་བཅུ་དང༔ དུས་གཉན་དུས་སུ་མི་མེད་པའི༔ ས་ཕྱོགས་དབེན་པའི་གནས་ཉིད་དུ༔ དཀྱིལ་འཁོར་ལྔ་ནི་བཞེངས་བྱས་ལ༔ ཞེས་པ་ལྟར་གནས་དབེན་ཅིང་གཟུགས་ཅན་གཟུགས་མེད་ཀྱི་འཚེ་བ་མེད་པའམ། ཡང་ན་མཚོ་གླིང་བས་མཐའ་དུར་ཁྲོད་ནགས་སོགས་ཇི་ལྟར་འོས་པའི་ས་ཕྱོགས་སུ་ཡར་ངོ་མར་ངོའི་ཚེས་བཅུའམ་དུས་གཉན་གྱི་སྲོད་ལ་བྱ་བར་མ་ཟད། ཉིན་མོ་ལྟ་བུའང་མི་རུང་བ་མིན་པས་གང་དུ་བྱ་བར་ཕྱག་བདར་དང་བརྐྱང་ནུལ་ལེགས་པར་བྱས་ལ་གཙང་མའི་ས་ལ་སྟེགས་བུ་ཟླུམ་པོ་རྒྱ་དང་དཔངས་ཚད་ཇི་ལྟར་རིགས་པ་བྱས་ན་གཞུང་དང་མཐུན་ཞིང་། དེང་སང་ལག་ལེན་དུ་གྲུ་བཞི་བྱེད་པ་ལྟར་བྱས་ཀྱང་མི་འགལ་ཞིང་ཁོད་སྙོམས་པར་བདུད་རྩི་ལྔས་ཆག་ཆག་གདབ། དེ་ཉིད་ལས། པདྨ་འདབ་བཞི་དཀར་པོ་བྲི༔ ཞེས་པ་ལྟར་རྡུལ་ཚོན་གྱིས་པདྨ་འདབ་བཞི་མུ་རན་ཁ་ཁྱེར་དང་བཅས་པ་བྲིས་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པའི་ལྟེ་བ་དཀར་པོའི་དབུས་སུ་ཕྱག་མཚན་ནམ་ཡིག་འབྲུའི་མཚོན་སྤུངས་གང་རུང་དགོད། དེ་ཉིད་ལས། གླང་མ་བལ་བུའི་ཤིང་རྣམས་ལ༔ ཟླུམ་པོར་བརྩིགས་ཏེ་སྲེག་རྫས་འབུལ༔ ཞེས་པ་ལྟར་བྱས་པས་ཁྱབ་ཀྱང་སྲོག་ཆགས་མེད་པའི་ལྕི་བ་སྐམ་པོ་འཇུག་པ་བདེ་ཕྱིར་ཟླུམ་པོར་བརྩིགས་ཏེ་ས་དཀར་སོགས་ཀྱིས་ཁ་དོག་བསྒྱུར། སྨན་རག་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད། རྡོ་རྗེ་དང་དགང་བླུག །དྲིལ་བུ། ཐོད་རྔ། རྐང་གླིང་། རོལ་ཆེན། འཐོར་ནས། བསང་ཆུ་སོགས་མཁོ་བའི་ཡོ་བྱད་མཐའ་དག་དང་། ཁྱད་པར་སྲེག་རྫས་ནི། དེ་ཉིད་ལས། རྫས་ནི་ཕྱེ་མ་རཏྣ་དང༔ འབྲུ་སྣ་དར་ཟབ་གོས་ལ་སོགས༔ ཟས་སྣ་ཐམས་ཅད་བསྲེག་པར་བྱ༔ གསེར་དངུལ་ཟངས་ལྕགས་གཡུ་དང་ནི༔ དུང་དང་མགྲོན་བུ་ལ་སོགས་པ༔ རང་རང་ཕྱོགས་སུ་བསྲེག་པར་བྱ༔ ཞེས་ལས་བཞིའི་ཐབ་ཁུང་སོ་སོར་ཡོད་པའི་དབང་དུ་བྱས་ནས་གསུངས་ཀྱང་། དེ་ཉིད་ལས། དབུས་སུ་ཐམས་ཅད་བསྲེག་པར་བྱ༔ ཞེས་རྫས་ཐམས་ཅད་གཅིག་ཏུ་བསྒྲིལ་ནས་འབུལ་རུང་ཞིང་ཕྱག་ལེན་དུའང་མཛད་པས་དངོས་བསྟན་གྱི་རྫས་རྣམས་དང་དེར་མི་གསལ་བའི་རྫས་རྣམས་ཀྱང་རིགས་པས་དཔྱད་ནས་ཐམས་ཅད་ཕྱེ་མར་བྱས་ནས། བག་ཟན་དང་བསྲེས་ནས་རིལ་བུར་དྲིལ་ཏེ་འབུལ་བ་ལེགས་ཤིང་། མར་ཁུ་དང་ཡམ་ཤིང་ནི་མེད་དུ་མི་རུང་། དེ་ཡང་རྫས་གང་འཛོམ་གྱི་སྟེང་དུ་། གཟི་བརྗིད་ཉམས་པ་ཞི་བ་ལ་ཙནྡན་དཀར་པོ་འོ་མ་ཅན་དྲི་བཟང་པོའི་ཤིང་རིགས་མང་བ་བསྲེ། དེ་བཞིན་དུ། མདངས་ཉམས་པ་ཞི་བར་མེ་ཏོག་སྣ་ཚོགས། ཁ་དོག་ཉམས་པ་ཞི་བར་དར་སྣ་ཚོགས། འབྱོར་པ་ཉམས་པ་ཞི་བར་མར། སྡིག་པ་ཞི་བར་ཏིལ། ཉམས་རྟོགས་མི་འཕེལ་བ་ཞི་བར་ཆང་། དམ་སྡོམ་ཉམས་པ་ཞི་བར་སྤོས། ཚེ་ཉམས་པ་ཞི་བར་དཱུརྦ། བསོད་ནམས་ཉམས་པ་ཞི་བར་འབྲས། འབྲུ་ནོར་ཉམས་པ་ཞི་བར་སོ་བ། བདེ་བ་ཉམས་པ་ཞི་བར་ཟས་མཆོག །མི་གཙང་ཞི་བར་ཀུ་ཤ །བགེགས་ཞི་བར་ཡུངས་དཀར་དང་ཤ་ཁྲག་ཚིལ་གསུམ། འོག་གདོན་གྱི་འཚེ་བ་ཞི་བར་རྨ་བྱའི་མདོངས། སྦྱོར་ངན་ཞི་བར་ལན་ཚྭ། ཤུགས་ཉམས་པ་ཞི་བར་ནས། ལོངས་སྤྱོད་ཉམས་པ་ཞི་བར་འོ་མ། སྟོབས་ཉམས་པ་ཞི་བར་སྲན་མ་དང་རིན་ཆེན་སྣ་ཚོགས། རིམས་ཞི་བར་གྲོ །མི་མོས་པ་ཞི་བར་མངར་གསུམ་དང་། ནད་ཞི་བར་སྨན་སྣ་ཚོགས། རིགས་རྒྱུད་མི་འཕེལ་བ་ཞི་བར་ཤིང་ཏོག་སྣ་ཚོགས། ས་ལམ་གྱི་ཡོན་ཏན་མི་འཕེལ་བ་ཞི་བར་འབྲུ་མར་རྣམས་སྐབས་སུ་གང་བབ་གཙོ་ཆེར་སྦྱོར་བ་གནད་དུ་ཆེ། དེ་ལྟར་ཡོ་བྱད་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ་མོ། །གཉིས་པ་དངོས་གཞི་ལ། བདག་ཉིད་ཀྱི་རྣལ་འབྱོར་དང་། མེ་མཆོད་དངོས་ལས། དང་པོ་ནི། རྒྱས་པར་སྤྲོ་ན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་ཀྱི་ཆོ་ག་བདེ་ཆེན་རབ་རྒྱས་བྱ་བར་རིགས་ནའང་། མདོར་བསྡུར་ཁྱེར་བདེ་ཙམ་ལ་སྐྱབས་འགྲོ་ནི། བརྒྱུད་པའི་རྩ་བ་བླ་མ་རིན་པོ་ཆེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཡི་ཚོགས། །ལེགས་པར་བྱིན་རློབས་དཔའ་བོ་མཁའ་འགྲོ་ལ། །ཀུན་ནས་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་བྱ་བ་ནི། བདག་གཞན་གཉིས་མེད་དོན་ཀུན་བསྒྲུབ་བྱའི་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་ཀུན་བསྒྲུབས་ནས། །སྙིང་པོ་བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །གཞན་དོན་བྱེད་པར་བདག་གིས་སེམས་བསྐྱེད་དོ། །ལན་གསུམ་བརྗོད། བདག་བསྐྱེད་ནི། དེ་ནས་སྟོང་པའི་ངང་ཉིད་ལས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ནི། །མཁའ་འགྲོ་ཆོས་འབྱུང་འབར་བའི་དབུས། །པདྨ་འདབ་བཞི་ཉི་མ་རོ། །དེ་སྟེང་རང་ཉིད་ཧྲཱིཿནག་ལས། །འོད་འཕྲོས་བསྐུལ་དོན་རྣམ་གཉིས་བྱས། །ཚུར་འདུས་ཧྲཱིཿལ་ཐིམ་པ་ལས། །བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། །མདོག་ནག་ཕག་ཞལ་གྱེན་དུ་གཟིགས། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། ཁ་ཊྭཱཾ་རྩེ་གསུམ་གྲུ་མོར་བརྟེན། །རུས་པའི་རྒྱན་དང་དར་གྱིས་བརྒྱན། །གཡས་བརྐྱང་གཡོན་བསྐུམ་བདེ་བར་བཞུགས། །ཞལ་ནས་ཕེཾ་ཕེཾ་ཧྲཱིང་ཧྲཱིང་བརྗོད། །སྤྱན་བགྲད་ལྗགས་ནི་གློག་ལྟར་འགྱུ། །གཅེར་བུ་པདྨར་རཀྟ་འཛག །སྐུ་ལས་བསྐལ་པའི་མེ་འོད་འཕྲོ། །དེ་ལྟ་བུ་ཡི་སྐུ་རུ་གྱུར། །ཅེས་སོགས་ཡོ་ག་གསུམ་ལས་མ་ཧཱ་ལྟར་ས་བོན་ལས་བསྐྱེད་ཀྱང་། ཨ་ཏི་ཡོ་ག་ལྟར་རང་རིག་གདོད་ནས་ཁྲོས་མ་ནག་མོའི་སྐུར་ལྷུན་གྱིས་གྲུབ་པའི་གསལ་སྣང་ང་རྒྱལ་ལས་སྤྱན་འདྲེན་མཆོད་བསྟོད་སྤྲོས་པ་རྣམས་དོར་བས་ཆད་ལྷག་ཏུ་མི་འགྱུར་བའི་དབང་དུ་བྱས་ཀྱི། སྤྲོ་ན་སྤྱན་འདྲེན་སོགས་གཞུང་བཞིན་བྱ། སྙིང་གར་ཆོས་འབྱུང་གཡུང་དྲུང་སྟེང་། །ཧྲཱིཿནག་སྔགས་ཀྱི་འཁོར་ལོས་བསྐོར། །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། །འགྲོ་དྲུག་སྒྲིབ་སྦྱངས་ཕག་མོར་གྱུར། །གཟུགས་སུ་སྣང་བ་མཁའ་འགྲོའི་སྐུ །སྒྲ་རྣམས་ཡི་གེ་བཞི་ཡི་སྒྲ །དྲན་རྟོག་ཆོས་ཉིད་ངང་དུ་གནས། །དེ་ལྟར་གསལ་བའི་དཀྱིལ་འཁོར་དེ། །དབྱིབས་ལ་བརྟགས་ཤིང་སེམས་ལ་བསྒོམ། །དབྱིབས་ལ་གོམས་པར་གྱུར་པ་དང་། །སྔགས་ཀྱི་སྒྲ་ལ་བསླབ་པར་བྱ། །ཧ་རི་ནི་ས་ཞེས་པ་ནི། །དགོས་འདོད་འབྱུང་བའི་སྔགས་སུ་བཤད། །སྔགས་ཀྱི་རྒྱལ་པོ་འདི་བཟླས་སོ། །ཨོཾ་ཤྲཱི་བཛྲ་བྷ་ར་ཧེ། ཧྲཱིཿམ་ཧ་རི་ནི་ས། ར་ཙ་ཧྲི་ཡ་ཧཱུྃ་ཕཊ། ཅེས་པ་འདི་ལ་འབུམ་ཕྲག་དྲུག །དེས་ནི་ལུས་ངག་ཡིད་གསུམ་ལ། །འབར་བ་གསུམ་གྱི་དངོས་གྲུབ་འབྱུང་། །དེ་ནི་བསྙེན་པའི་རིམ་པ་འོ། །ཞེས་གསུངས་པ་བསྙེན་པ་དངོས་བསྟན་ལ་དགོངས་ཀྱི། མེ་མཆོད་ལ་ཛཔ྄་ཅི་འགྲུབ་བཟླས་པས་ཆོག་གོ །གཉིས་པ་མེ་མཆོད་ཀྱི་རིམ་པ་ནི། རྡོར་དྲིལ་བཟུང་ནས་མཆོད་རྫས་དང་བསྲེག་རྫས་བྱིན་བརླབ་པ་ནི། ཧཱུྃ། དུར་ཁྲོད་ཞིང་མཆོག་འོག་མིན་གནས་སུ་གསལ། །མཆོད་རྫས་སྨན་རག་གཏོར་མ་ཡེ་ཤེས་ལྔ། །འདོད་ཡོན་དྲུག་ལྡན་ཚོགས་ཀྱིས་འཇིག་རྟེན་གང་། །ཐབས་ཤེས་གཉིས་མེད་བདེ་ཆེན་འདུ་འབྲལ་མེད། །ཕྱི་ནང་གསང་གསུམ་སྣོད་བཅུད་བདེ་བ་ཆེ། །ཨོཾ་ཨཱཿཧཱུྃ་ཧོཿ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་མང་དུ་བཟླས་ནས་བྱིན་གྱིས་བརླབ། དུ་བ་མེད་པའི་མེས་ཐབ་ཏུ་སྦར་ལ། ཨོཾ་ཨགྣི་ཛྭ་ལ་རཾ། ཞེས་བརྗོད་ཅིང་མར་ཁུའི་ཐིགས་པས་ཀྱང་གསོ། དེ་ནས་མདུན་གྱི་ཐབ་དང་ལྷ་གསལ་འདེབས་ནི། སུམྦྷ་སོགས་ཧཱུྃ་བཞིའི་སྔགས་བརྗོད་ཅིང་བསང་ཆུ་གཏོར་ནས་བསང་། སྭ་བྷཱ་ཝས་སྦྱང་། སྭ་བྷཱའི་སྔགས་ཀྱིས་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། །ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར། །རྒྱར་ནི་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་ལ། །ནང་དུ་ལྷ་རྫས་ལས་བྱུང་བུད་ཤིང་གང་། །རང་བཞིན་མེ་འབར་མེ་དབུས་པདྨ་དང་། །ཉི་ཟླ་རོ་སྟེང་ཨ་ཡིག་འཕྲོ་འདུ་ལས། །མེ་ལྷ་འཇིག་རྟེན་ཡེ་ཤེས་གཉིས་མེད་པ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྐུ །སྐུ་མདོག་ནག་མོ་སྐུ་དང་ཡན་ལག་རགས། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་སྟབས་མཛད། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། ཁ་ཊྭཱཾ་མཆན་འཆང་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་བསྐུམ་ཞབས་ཀྱི་རྟིང་པ་བྷ་གར་གཏད། །གཡོན་བརྐྱང་ཞབས་ཀྱིས་མི་རོའི་སྙིང་ག་མནན། །བདེ་གཤེགས་ཕར་ཕྱིན་དྲུག་ལྡན་རུས་རྒྱན་གསོལ། །རལ་པ་དམར་ནག་གྱེན་འཁྱིལ་ཐུར་དུ་སྦྲེལ། །སྤྱི་གཙུག་ཕག་ཞལ་ནག་མོ་ངུར་སྒྲ་སྒྲོག །ཁམས་གསུམ་དབང་སྡུད་ཕག་ཟེ་མེ་དཔུང་འབར། །སྤྱན་གསུམ་དམར་འཁྲུགས་ཟ་བྱེད་ཞལ་གདངས་འཇིགས། །མཆེ་བ་བཞི་གཙིགས་ལྗགས་འདྲིལ་རྐན་སྒྲ་སྒྲོག །ཕོ་སྒྲ་ཧ་ཧའི་གད་རྒྱངས་ཞབས་གཉིས་བརྡེག །བདུད་དཔུང་སྲེག་མཛད་སྐུ་ལས་མེ་དཔུང་འབར། །འབུམ་ཕྲག་མཁའ་འགྲོའི་འཁོར་ཚོགས་དུ་མས་བསྐོར། ཁམས་གསུམ་ཡོངས་རྫོགས་སྐུ་ཡིས་སྟོང་གསུམ་ཁེངས། །སྟོང་ཉིད་ཡེ་ཤེས་རིག་རྩལ་སྐུ་རུ་གསལ། །ཕྱོགས་བཞིར་པདྨ་ཉི་མ་རོ་སྟེང་དུ། །ཧ་ཡིག་དཀར་པོའི་འཕྲོ་འདུ་ལས་སྐྱེས་པའི། །བདེ་ཆེན་དཀར་མོ་མེ་ལོང་ཡེ་ཤེས་སྐུ །རི་ཡིག་སེར་མོའི་འཕྲོ་འདུ་ལས་སྐྱེས་པའི། །སེར་མོ་དོན་གྲུབ་མཉམ་ཉིད་ཡེ་ཤེས་རྒྱས། །ནི་ཡིག་དམར་མོའི་འཕྲོ་འདུ་ལས་སྐྱེས་པའི། །དམར་མོ་སྒྲ་སྒྲོག་སོར་རྟོག་ཡེ་ཤེས་གསུང། །ས་ཡིག་ལྗང་གུའི་འཕྲོ་འདུ་ལས་སྐྱེས་པའི། །སྣ་ཚོགས་མཐར་ཕྱིན་བྱ་གྲུབ་ཡེ་ཤེས་ལས། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། ཁ་ཊྭཱཾ་དར་དཔྱང་རིན་ཆེན་རུས་པས་བརྒྱན། །གཅེར་བུ་གར་སྟབས་ཕྱོགས་བཞིའི་རོ་སྟེང་བཞུགས། །དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་མཚན། །ཧཱུྃ་ལས་འོད་འཕྲོས་ཨུ་རྒྱན་གནས་མཆོག་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །སྟོང་ཉིད་ཆོས་དབྱིངས་ཕོ་བྲང་ནས། ཁྲོས་མ་ནག་མོ་གཤེགས་སུ་གསོལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷ་ར་ཧེ། ཀྲོ་དྷཱི་ཀཱ་ལཱི། ཧ་རི་ནི་ས། ཨཱ་བེ་ཤ་ཡ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ས་མ་ཡ་ཏིཥྛ་བཛྲ་ཞེས་བཞུགས་སུ་གསོལ། མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ཨོཾ་བཛྲ་བྷ་ར་ཧེ། ཀྲོ་དྷཱི་ཀཱ་ལཱི། ཧ་རི་ནི་ས་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤབྡ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཅེས་མཆོད་གཏོར་རྣམས་ཕུལ་ལ། དེ་ནས་བསྲེག་རྫས་འབུལ་བ་ནི། རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ཟག་མེད་ཀྱི། །བདུད་རྩི་ཆེན་པོ་རོ་བརྒྱ་ལྡན་པར་གྱུར། །ལྷ་ཚོགས་རྣམས་ཀྱང་སྐུ་མདོག་རབ་དཀར་ཞིང་། །ཕྱག་གཡས་བདུད་རྩིས་གང་བའི་བུམ་པ་འཛིན། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པ་ཡིས། །ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་གྱུར། །ཅེས་དམིགས་པ་བསྒྱུར་བ་ནི། དེ་ཉིད་ལས། རྩ་བའི་ཕག་མོ་འགྱུར་བ་མེད༔ ཕྲིན་ལས་ཕག་མོ་བསྒྱུར་ཞིང་བསྒོམ༔ ཞེས་པའི་དོན་ཡིན་ཞིང་ཐོག་མར་མར་ཁུ་དང་ཡམ་ཤིང་ཕུལ་ལ། ཕྱེ་མར་རིན་ཆེན་དར་ཟབ་ཀུ་ཤ་སོགས། །གཡས་སུ་བཀོད་ལ་གཡོན་ནས་ལན་བདུན་ནམ། །ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད་ལ་སོགས། །གྲངས་ཀྱི་ངེས་པའམ་གྲངས་མེད་དབུལ་བར་བྱ། །ཞེས་པས། ཨོཾ་བཛྲ་བྷ་ར་ཧེ། ཀྲོ་དྷཱི་ཀཱ་ལཱི། ཧ་རི་ནི་ས་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཛྭ་ལ་རཾ་སིདྡྷི་ཧཱུྃ་ཧཱུྃ་ཞེས་པའི་མཐར། ཆེ་གེ་མོ་ལ་མཁའ་འགྲོའི་བཀའ་ཆད་ལ་བརྟེན་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤྱི་ཁྱབ་དང་། གོང་དུ་རྫས་ཀྱི་སྐབས་བཤད་པ་ལྟར་སྔགས་ཤམ་དུ། མཁའ་འགྲོའི་བཀའ་ཆད་ལ་བརྟེན་པའི་བར་ཆད་མི་མཐུན་པའི་ཕྱོགས་སྤྱི་དང་། བྱེ་བྲག །གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མདངས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཁ་དོག་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དགེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉམས་རྟོགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དམ་ཚིག་དང་སྡོམ་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འོག་གདོན་གྱིས་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྦྱོར་བ་ངན་པ་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མོས་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྐབས་ཐོབ་ཀྱིས་སྦྱོར་བ་སྔོན་ཆད་ཕྱག་ལེན་དུ་མི་མཛད་ཀྱང་དོན་ལ་གནས་ཤིང་ལེགས་པར་སེམས། བརྒྱ་སྟོང་ཁྲི་འབུམ་གྲངས་ངེས་པར་གསག་དགོས་ཡོད་ན་གྲོགས་ཤིག་གིས་མ་ནོར་བར་བྱེད། འདི་གཙོ་བོར་ཞི་བའི་ལས་བསྒྲུབ་པའི་དབང་དུ་བྱས་ཀྱི། བདེ་ཆེན་རབ་རྒྱས་ལས། གང་འདོད་ལས་སམ་ལས་བཞི་དྲིལ་ལ་བཟླས། །བསྲེག་ཅིང་ཞལ་དུ་བདུད་རྩིས་མཆོད་པར་བསམ། །སྔགས་ཙམ་གྱིས་མཆོད་བསྟོད་ཅིང་ཕྲིན་ལས་བཅོལ། །ཞེས་པའི་ཁུངས་ལ་བརྟེན་ནས་ཆོས་རྒྱལ་གཏེར་བདག་གླིང་པས་ལས་བཞི་ཀའི་སྤེལ་ཚིག་སྦྱར་བའི་སྲོལ་ཡོད་ཅེས་གསུངས་པ་གསང་སྔགས་གསར་མའི་ལུགས་ཀྱི་ལས་ཐམས་ཅད་པའི་སྦྱིན་སྲེག་དང་ཆ་མཚུངས་པར་བྱེད་པར་སྤྲོ་ན། ཞི་བའི་གྲངས་ཐེམས་པའི་མཇུག་ཏུ་རྫས་དེ་འབུལ་ཞིང་། སྤེལ་ཚིག་ཆེ་གེ་མོའི་ཚེ་དང་བསོད་ནམས་དཔལ་འབྱོར་དབང་ཐང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ཁམས་གསུམ་གྱི་སྐྱེ་དགུའི་སྟོབས་འབྱོར་ཐམས་ཅད་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཆེ་གེ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ཇི་ལྟར་འོས་པ་བྱ་རུང་ལ། རྫས་རྣམས་འབུལ་ཚེ་རྣམ་པ་རྫས་ལ་ངོ་བོ་ཟག་པ་མེད་པའི་བདུད་རྩི་ཞལ་དུ་གསོལ་བས་བསྒྲུབ་བྱ་རྣམས་ཀྱི་ཕྲིན་ལས་རྣམ་བཞི་ཐམས་ཅད་འབད་མེད་དུ་འགྲུབ་ཅིང་། ཁྱད་པར་དམ་ཚིག་ཉམས་ཆག་གི་མཐུས་མཁའ་འགྲོའི་བཀའ་ཆད་ལ་བརྟེན་པའི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་པར་བསམ་པ་སོགས་གང་འཚམ་རིག་པས་འཕྲུལ་ཤེས་པར་བྱའོ། །ཐུན་མཚམས་སུ་གོང་ལྟར་སྔགས་ཀྱིས་མཆོད། བསྟོད་པ་ནི། ཧྲཱིཿ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྟོན་མཛད་མ། །འགྲོ་བ་ཀུན་སྐྱོབ་ཡེ་ཤེས་མཁའ་འགྲོ་ཡུམ། །དུག་གསུམ་འཇོམས་མཛད་ཕག་མོ་ཁྱོད་ལ་བསྟོད། །ལས་གང་བསྒྲུབ་ཀྱི་འདོད་དོན་ལ་གསོལ་བ་གདབ། གསུམ་པ་རྗེས་ནི། སླར་ཡང་གཏང་རག་གི་མཆོད་བསྟོད་བྱས་ལ། བཟོད་གསོལ་ནི། གང་དག་ཉེས་པ་བྱས་དང་བྱེད་འགྱུར་བ། །རྗེ་བཙུན་མགོན་ཁྱོད་འོད་གསལ་ཆེན་པོའི་ངང་། །བཟོད་པར་མཛོད་ལ་ལས་ཀྱི་དངོས་གྲུབ་གང་། །ཐོགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་ཡིག་བརྒྱ་བཟླ། སེ་གོལ་གཏོག་ཅིང་། བཛྲ་མུཿཞེས་བརྗོད་པས། ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ལ་བསྡུ། སྨོན་ལམ་ནི། སྐྱེ་འཆི་བར་དོ་སྐུ་གསུམ་ལམ་ཁྱེར་གྱིས། །རྣམ་རྟོག་དག་ནས་སྐད་ཅིག་གཅིག་ཉིད་ལ། །མ་སྤངས་གནས་དག་མཁའ་སྤྱོད་ཞིང་ཁམས་སུ། །མངོན་སངས་རྒྱས་ནས་འགྲོ་བའི་དོན་བྱེད་ཤོག །ཤིས་བརྗོད་ནི། ཕུན་ཚོགས་ཡོན་ཏན་རིན་ཆེན་ཕྲིན་ལས་ལྡན། །རབ་དཀར་ཐུབ་བསྟན་རབ་རྒྱས་འཛིན་མའི་དཔལ། །བསྟན་འཛིན་དཔྱོད་ལྡན་ཐེག་གསུམ་ལྷུན་གྱིས་གྲུབ། །རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱ་ཆེར་བྱ་ཞིང་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་དགྲམ་པར་བྱ། མེ་རང་ཞིར་སོང་ན་དང་། ལོང་མེད་ན་ཆུ་གཙང་དང་འོ་མ་སོགས་ཀྱིས་གཞིལ་ལོ། །ཐལ་བ་ཕན་བྱེད་ཀྱི་རྫས་སུ་འཇོག་པའམ། ཡང་ན་ཆུ་ཀླུང་ཆེན་པོར་དོར་རོ། །དེ་ཉིད་ལས། ཞི་རྒྱས་དབང་དྲག་སོ་སོ་ཡི༔ གང་བྱེད་ཤིང་ནི་བཟང་པོ་ཡིས༔ ཞི་བ་ལ་ནི་ཟླུམ་པོར་བརྩིག༔ རྒྱས་པ་ལ་ནི་གྲུ་བཞིར་བརྩིག༔ དབང་ལ་ཟླ་གམ་དྲག་པོ་ལ༔ ཟུར་གསུམ་དག་ཏུ་བརྩིག་པར་བྱ༔ མེ་ལྷ་ཕག་མོ་ལྷ་ལྔ་བསྐྱེད༔ ཅེས་པ་ལྟར་ལྷག་མ་གསུམ་གྱི་སྟེགས་བུའང་ལས་སོ་སོའི་དབྱིབས་དང་མཐུན་པའི་སྟེང་དུ། རྒྱས་པ་ལ་པདྨ་འདབ་བཞི་ལྟོ་བ་སེར་པོའི་སྟེང་དུ། ཐབ་ཀྱི་རྒྱུ་རྒྱ་ཤུག་གི་ཤིང་། ལྷ་རྣམས་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་འབར་བ་འཛིན་པ། དབང་ལ་པདྨའི་ལྟེ་བ་དམར་པོ། ཙན་དན་དང་མཛོ་མོ་ཤིང་། སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ། དྲག་པོ་ལ་པདྨའི་ལྟེ་བ་ལྗང་། སེ་བ་དང་ཚེར་མ་དུག་ཤིང་། སྐུ་མདོག་ལྗང་ནག་གྲི་གུག་འཛིན་པ། བསྲེག་རྫས་ཀྱང་བསྡུ་ན་སྔར་བཤད་པ་ཙམ་གྱིས་རུང་ཞིང་། རྒྱས་པར་སྤྲོ་ན། རྒྱས་པ་དང་དབང་གི་སྦྱིན་སྲེག་གི་གཞུང་གཞན་ནས་འབྱུང་བ་ལྟར་དང་། དྲག་པོ་ལ། གཙོ་བོར་ལིངྒ་ལ་དགུག་གཞུག་ཐུན་བརྡེག་པ་སོགས་བཤད་པས་མཚོན་ཞིབ་ཆ་མཐའ་དག་གཞུང་དང་མཐོང་རྒྱུད་ཀྱི་ཕྱག་ལེན་ལྟར་བྱ་བ་ལས་རྒྱུན་དུ་མཁོ་ཆུང་བས་འདིར་རྒྱས་པར་མ་སྤྲོས། དེ་ཉིད་ལས། དཀར་ཆས་ཐམས་ཅད་ཤར་དུ་བསྲེག༔ སེར་ཆས་ཐམས་ཅད་ལྷོ་རུ་བསྲེག༔ དམར་ཆས་ཐམས་ཅད་ནུབ་ཏུ་བསྲེག༔ དྲག་ཆས་ཐམས་ཅད་བྱང་དུ་བསྲེག༔ ཅེས་པ་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་དབུས་སུ་བཞག་པའི་ཕྱོགས་བཞིར་ལས་སོ་སོའི་སྦྱིན་སྲེག་བྱེད་པའི་དོན་ཡིན་པས་མ་འདྲེས་པར་ཤེས་པར་བྱའོ། །བར་ཆད་ཀུན་སེལ་ཌཱ་ཀ་ཌཱ་ཀི་ནཱིའི། །ཟབ་དོན་མན་ངག་གཏེར་བྱོན་མཐའ་ཡས་པའི། །རྩེར་སོན་མངའ་བདག་ཉི་མ་འོད་ཟེར་ལ། །བཀའ་བབས་ཁྲོས་ནག་ཡིད་བཞིན་དབང་གི་རྒྱལ། །སྣ་ཚོགས་ལས་སྒྲུབ་ཐབས་ཚུལ་གྲངས་མེད་ནས། །དམ་ཚིག་ཉམས་ཆག་སྐོང་ཐབས་མེ་མཆོད་ཀྱི། །ལག་ལེན་རིག་འཛིན་བརྒྱུད་པའི་བཞེད་སྲོལ་ལ། །བློ་གྲོས་རྩལ་གྱིས་ཞིབ་མོར་དཔྱད་ནས་བཀོད། །དགེ་དེས་དམ་གཙང་མ་ལ་ཡ་ཀླུང་ནས། །གནས་གསུམ་མཁའ་འགྲོ་དགྱེས་པའི་ཙནྡན་དྲིས། །སྡིག་སྒྲིབ་དེས་བསྐྱེད་བར་གཅོད་ཚ་གདུང་ཚོགས། །རབ་གཞིལ་སྒོ་གསུམ་བདེ་ཆེན་ལ་སྦྱོར་ཤོག །མ་དང་མཁའ་འགྲོ་མཉེས་བྱེད་མེ་མཆོད་ཀྱི་ཆོ་ག་རིག་འཛིན་སྲོག་མཐུད་རྩི་སྨན་ལྗོན་པ་འདི་ནི་གཙང་རོང་ངེས་གསང་རྡོ་རྗེ་གླིང་གི་གདན་ས་པ་ཆོས་རྗེ་སྐུ་སྐྱེ་ངག་དབང་འཇམ་དབྱངས་རབ་རྒྱས་ཀྱིས་ནན་ཆེན་པོས་བསྐུལ་བ་ལ་བརྟེན། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་བཀའ་དྲིན་ལས་གཏེར་ཁ་གོང་མའི་ཁྲོས་ནག་གི་སྐོར་ལེགས་པར་ཐོབ་ཅིང་། མེ་མཆོད་ཀྱི་ཕྱག་བཞེས་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་གི་བདུད་རྩི་ཡིད་ཀྱི་ཟ་མ་ཏོག་ཏུ་འཁྱིལ་བ་ཟ་ཧོར་གྱི་སྔགས་སྨྱོན་ཆེ་མཆོག་འདུས་པ་རྩལ་གྱིས་གཏེར་གཞུང་གི་དགོངས་དོན་གཞིར་བཞག །པཎ་ཆེན་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་བདེ་ཆེན་རབ་རྒྱས་ནས་ཁ་འགེངས་དགོས་པ་བསྐང་ཞིང་། ཟོར་ཡང་པའི་ཆེད་དུ་ཚིག་སྦྱོར་ལ་སྣོན་འབྲི་ཅུང་ཟད་བགྱིས་ཏེ་ལྕགས་བྱ་ཧོར་ཟླ་དྲུག་པའི་ཉེར་དགུ་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཆམ་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་སརྦ་སིདྡྷི་པྲ་ཡཙྪ།། །།

གསང་བདག་བཀའ་སྲུང་གི་གཏོར་འབུལ་ཆོས་སྐྱོང་དགྱེས་བྱེད་ (Volume 41, Text 31)

༄༅། །གསང་བདག་བཀའ་སྲུང་གི་གཏོར་འབུལ་ཆོས་སྐྱོང་དགྱེས་བྱེད་བཞུགས་སོ། ། རོལ་རྡོར་བྲག་གཏེར་ལ་སྦྱོར་རྒྱུའོ། ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འདིར་གསང་བདག་དྲེགས་པ་ཀུན་འདུལ་གྱི་བཀའ་སྲུང་ལ་གཏོར་མ་འབུལ་བར་སྤྲོ་ན། ཐོད་པ་ལ་སོགས་པའི་སྣོད་དུ་སོ་སོར་འབུལ་གཏོར་བཤམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་ཡེ་ཤེས་བདུད་རྩི་འདོད་ཡོན་ལྔ་ལྡན་དུ་བྱིན་གྱིས་བརླབ། ཡང་ན་དགྲ་བགེགས་བཀུག་ལ་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར། དྷརྨ་པཱ་ལ་སརྦ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འབུལ་བར་བྱའོ། །དང་པོ་སེང་གདོང་མ་ལ་གཏོར་མ་འབུལ་བ་ནི། ཧཱུྃ་བྷྱོཿ ཨོ་རྒྱན་ཡུལ་སོགས་འཇིགས་རུང་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་བསྟན་སྲུང་སེང་གདོང་མ། །མཐིང་ནག་སེང་གདོང་གྲི་ཐོད་ཁ་ཊྭཱཾ་བསྣམས། །དུར་ཁྲོད་ཆས་གསོལ་བརྐྱང་བསྐུམ་གར་གྱིས་འགྱིངས། །ཕྱི་ནང་གསང་བའི་མཁའ་འགྲོ་དཔག་མེད་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་སྔགས་ཀྱི་སྲུང་མ་ལ་འབུལ་བ་ནི། བྷྱོཿ གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྨུག་ནག་རལ་གཅིག་སྤྱན་ཚེམས་ནུ་གཅིག་མ། །ཙིཏྟ་སྤྱང་མོ་བསྣམས་ཤིང་ཁྲོ་གཏུམ་རྔམས། །ཞིང་ལྤགས་གསོལ་ཞིང་གློ་སྙིང་ཕྲེང་བས་བརྒྱན། །ཞབས་གཉིས་འདོར་སྟབས་མོ་རྒྱུད་མ་མོས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་མཁའ་འགྲོ་དོན་འགྲུབ་མ་ལ་འབུལ་བ་ནི། ཏྲཱཾཿ རིན་ཆེན་མཁའ་འགྲོ་རོ་དྷི་དོན་འགྲུབ་མ། །སེར་མོ་ཞི་འཛུམ་ལྕགས་ཀྱུ་བུམ་ཐོད་འཛིན། །དར་དང་རིན་ཆེན་རྒྱན་བཀླུབས་བརྐྱང་བསྐུམ་བཞུགས། །ཟས་ནོར་བཅུད་དང་གསེར་སྡུད་ཌཱ་ཀི་བཞི། །གཞན་ཡང་འབྱོར་པ་སྤེལ་བྱེད་མཁའ་འགྲོས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་གཟའ་བདུད་ལ་འབུལ་བ་ནི། བྷྱོཿ ལས་ཀྱི་མགོན་པོ་ཁྱབ་འཇུག་རཱ་ཧུ་ལ། །དུད་ཁ་དབུ་དགུ་ཕྱག་གཉིས་བྱ་གདོང་བརྒྱན། །ཆུ་སྲིན་རྒྱལ་མཚན་རྭ་ཡི་མདའ་གཞུ་འཛིན། །སྐུ་ལུས་མིག་གང་ལྟོ་ཞལ་སྦྲུལ་མཇུག་གཡོ། །ཡབ་ཡུམ་གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སོགས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་བཙན་རྒོད་ལ་གཏོར་མ་འབུལ་བ་ནི། བྷྱོཿ བཙན་རྒོད་དྲག་པོ་སྲོག་ལེན་འབར་བ་ནི། ཁྲག་མདོག་ཁྲོས་རྔམ་འཇིགས་སུ་རུང་བའི་སྐུ །བསེ་རྨོག་བསེ་ཁྲབ་དར་དམར་འཇོལ་བེར་གསོལ། །སྟག་རལ་གཟིག་ཤུབས་དཔའ་བའི་ཆས་ཀུན་བརྒྱན། །མདུང་དམར་མདའ་གཞུ་དགྲ་བོའི་གློ་སྙིང་འཛིན། །རྟ་དམར་ཞོན་ནས་བྱ་ཁྱི་མི་དམར་འགྱེད། །ལྷ་ཀླུ་བཙན་བདུད་ཟ་གསོད་འགུགས་བྱེད་སོགས། །མཆེད་པོ་དྲུག་དང་བཙན་དམར་སྟོང་གིས་བསྐོར། །ཀུན་ཀྱང་དམར་ཆས་རང་རྟགས་ཕྱག་མཚན་འཛིན། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་རྨུགས་འཛིན་དམར་པོ་ཆུ་ཡི་དབང་པོ་ལ་གཏོར་མ་འབུལ་བ་ནི། བཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྨུགས་འཛིན་དམར་པོ་ཁྲོ་ཆགས་འདྲེས་པའི་སྐུ། །ལྕགས་ཀྱུ་ནོར་བུ་ནེའུ་ལེ་ཕྱག་ན་བསྣམས། །དར་དང་རིན་ཆེན་ཕྲེང་བའི་རྒྱན་ཚོགས་མཛེས། །འཁོར་དུ་གནོད་སྦྱིན་ནོར་ལྷ་དཔག་མེད་བསྐོར། །སྣང་སྲིད་དབང་སྡུད་ཟས་ནོར་ལོངས་སྤྱོད་སྤེལ། །ཉམས་པ་ཆམ་ལ་ཕབ་ཅིང་རྣལ་འབྱོར་སྐྱོང་། །སྤྲུལ་དང་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་བྲམ་ཟེ་ཆུ་ཡི་བདག་པོ་ལ་གཏོར་མ་འབུལ་བ་ནི། བྷྱོཿ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །ཀླུ་བདུད་ཆེན་པོ་བྲམ་ཟེ་བ་སུ་ཏ། །དམར་ནག་རབ་ཁྲོས་ཁ་རླངས་དུག་ནད་འཕྲོ། །སྦྲུལ་གྱིས་བརྒྱན་ཅིང་སྦྲུལ་ཞགས་ནད་རྐྱལ་འཛིན། །ལུས་པོ་མིག་གང་སྨད་ནི་སྦྲུལ་མཇུག་འཁྱིལ། །ཀླུ་དང་གཉན་སྡེ་བརྒྱད་སོགས་འཁོར་གྱིས་བསྐོར། །ཉམས་པའི་སྲོག་གཅོད་རྒྱལ་བའི་བཀའ་ཉན་པ། །གདུག་པའི་སེམས་འཆང་དྲག་པོའི་ལས་ལ་མྱུར། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱང་། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བདག་གི་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་ལས་ཀྱི་མཁའ་འགྲོ་སྤྱང་ཞོན་མ་ལ་གཏོར་མ་འབུལ་བ་ནི། བྷྱོཿ འཇིག་རྟེན་མཁའ་འགྲོ་སྤྱང་ཞོན་དམར་མོ་ནི། །རབ་ཁྲོས་རལ་པ་དམར་སེར་སྤྲིན་ལྟར་གཏིབས། །གྲི་གུག་ཐོད་པ་གློ་སྙིང་ཁྲག་བཀང་བསྣམས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་རྔམ་པ་ཞོན། །ཧ་ཧ་རུ་ལུའི་སྒྲ་སྐད་ཕྱོགས་བཅུར་སྒྲོག །མཆེད་དང་འཁོར་ཚོགས་ཤ་ཟ་མ་མོ་རྣམས། །གྲངས་མེད་བསྐོར་ཞིང་ནད་ཁ་དགྲ་ལ་འདེབས། །དུར་ཁྲོད་འགྲིམ་ཞིང་རྣལ་འབྱོར་དྲོད་ཚད་ཉུལ། །བཀའ་འདས་སྒྲོལ་བྱེད་དྲག་མོ་འཁོར་དང་བཅས། །འདིར་གཤེགས་བཀའ་ཡི་གཏོར་མ་འདི་བཞེས་ལ། །རྒྱལ་བའི་བསྟན་སྲུངས་རྣལ་འབྱོར་གྲོགས་མཛོད་ཅིག །ཞི་རྒྱས་དབང་དྲག་ཕྲིན་ལས་མྱུར་འགྲུབ་གསོལ། །དེ་ནས་ཕྱི་ཡི་གཏེར་སྲུང་ཆེན་པོ་ལ་གཏོར་མ་འབུལ་བ་ནི། ཀྱེ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །རི་བྲག་དཀར་པོའི་ནང་ཤེད་ན། །རིན་ཆེན་གཞལ་ཡས་ཁང་དབུས་སུ། །གཏེར་སྲུང་ཆེན་པོ་གནས་འདིར་བྱོན། །འགྲོ་བ་ཡོངས་ཀྱིས་མཚན་གསོལ་བ། །རྡོ་རྗེ་ཅོང་ཕུག་ཞེས་སུ་གྲགས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དམ་བཞག་གསང་བའི་མཚན་ཡང་བཏགས། །རྡོ་རྗེ་འབར་བ་ཞེས་བྱ་འོ། །དགེ་བསྙེན་ཆེན་པོའི་ཆ་ལུགས་ནི། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །ཞི་འཛུམ་དུང་གི་ཁྲབ་རྨོག་མནབས། །སྟག་རལ་གཟིག་ཤུབས་དཔའ་ཆས་རྫོགས། །ཕྱག་གཡས་དམ་ཚིག་རྡོ་རྗེ་ལ། །དབང་རྟགས་དར་སྣ་ལྔ་ཡིས་བརྒྱན། །གཡོན་པས་མདུང་དར་དཀར་པོ་ཕྱར། །རྟ་དཀར་ཞོན་ནས་སྟོང་གསུམ་ཉུལ། །རང་གི་འཁོར་ཚོགས་དུ་མར་བཅས། །འདིར་གཤེགས་བཀའ་ཡི་གཏོར་མ་ལོངས། །བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོངས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཅེས་ལག་ན་རྡོ་རྗེ་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་བཀའ་སྲུང་སྐོར་ལ་གཏོར་མ་འབུལ་བའི་རིམ་པ་འདི་ཉེ་བར་མཁོར་འདུག་ཀྱང་བྲི་བའི་ལོང་སྐབས་མ་བྱུང་ཞིང་། བླ་མ་ཨོ་རྒྱན་ལྷུན་གྲུབ། མགྲོན་གཉེར་ཆོས་ཉིད། ཞབས་ཕྱི་འགྱུར་མེད་དུ་སྒྲུབ་པ་ཀརྨ་ནམ་མཁའ་གསུམ་གྱིས་དག་པའི་མེ་ཏོག་དང་ལེགས་ཚོགས་བཅས་ནས་བསྐུལ་བར་གཏེར་སྟོན་རོལ་པ་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་གྱིས་བྲིས་པས། རྒྱལ་བསྟན་རིན་པོ་ཆེ་དར་ཞིང་བསྟན་འཛིན་གྱི་སྐྱེས་བུ་སྐུ་ཚེ་བརྟན་པ་དང་ཕྲིན་ལས་རྣམ་བཞི་འགྲུབ་པ་དང་ལྷན་ཅིག་པར་བསམ་པ་ཆོས་བཞིན་འགྲུབ་ནས་འགྲོ་ཀུན་གཏན་བདེའི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་བསྔོའོ། །དགེའོ། །ཛ་ཡནྟུ།། །།

སྨན་མཆོད་ (Volume 9, Text 31)

ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རིག་འཛིན་བརྒྱུད་པར་བཅས་པ། དྲིན་ཆེན་རྩ་བརྒྱུད་བླ་མ། བླ་མ་རྒྱལ་བ་ཀུན་འདུས། རྡོ་རྗེ་འཆང་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཚེ་དཔག་མེད། སྤྱན་རས་གཟིགས། ཐོད་ཕྲེང་རྩལ་བཞི། རྡོ་རྗེ་རིགས་བཞི། མཁའ་འགྲོ་སྡེ་བཞི། ལྷ་དང་རིག་འཛིན། དྲང་སྲོང་དཔའ་བོ་མཁའ་འགྲོ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི། ཡི་དམ་གུ་རུ་དྲག་ཁྲོས་ཀྱི་ལྷ་ཚོགས། དྲག་པོ་ཁྲོ་རོལ་ཕུར་བུའི་ལྷ་ཚོགས། ཐེག་པ་རིམ་དགུར་གཏོགས་པའི་ལྷ་ཚོགས། བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། དམ་ཅན་གཏེར་གྱི་སྲུང་མ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི། ཞེས་བདུད་རྩི་འབུལ་བའི་མཚན་དོན་སྦྱར་བའི་རིམ་པ་རོལ་པ་རྡོ་རྗེས་བྲིས།།

རྡོ་རྗེ་ཕུར་པའི་གསང་སྒྲུབ་དང་སྐོང་ཟློག་རྒྱུན་ཁྱེར་བསྡུས་པ་ (Volume 53, Text 31)

༄༅། །རྡོ་རྗེ་ཕུར་པའི་གསང་སྒྲུབ་དང་སྐོང་ཟློག་རྒྱུན་ཁྱེར་བསྡུས་པ་བཞུགས་སོ། ། རཏྣའི་ཕུར་པ་ཡང་གསང་བླ་མེད། ན་མཿཤྲཱི་བཛྲ་ཀུ་མཱ་ར་ཡ། ཕུར་པའི་གསང་སྒྲུབ་སྤྲོས་མེད་ནི། ཚོམ་བུ་དང་གཙོ་ཕུར་གཅིག་དང་དཔལ་གཏོར་སོགས་ཅི་འཛོམ་བཤམ། ཕུར་བུ་ལྕགས་སམ་ཚེར་མ་ཅན་ལ་བྱ་སྟེ། སྲུང་ཕུར་སོར་དྲུག །ཟློག་ཕུར་སོར་བཞི། ཐུན་ཕུར་སོར་གསུམ་བྱ། ལར་ནི་གསང་སྒྲུབ་འདི། བསྐྱེད་རྫོགས་སེམས་ལ་ལོངས་སྤྱོད་ཕྱིར༔ ཞེས་ཡང་གསང་རྩ་བའི་སྒྲུབ་པ་ཐུགས་རྣམ་དག་ཅིར་ཡང་མི་དམིགས་ནམ་མཁའ་ལྟ་བུའི་ངང་ལས་རིག་རྩལ་འགག་མེད་དུ་དཀྱིལ་འཁོར་གསུམ་སྣང་ལ་རང་བཞིན་མེད་པ༔ དེ་ཁོ་ན་ཉིད་གསལ་སྟོང་རྣམ་པར་དག་པ་མ་བཅོས་རང་གསལ་ཚོགས་དྲུག་ལྷུག་པར་བཞག་སྟེ༔ མཚན་རྟོག་བྱ་རྩོལ་དང་བྲལ་བའི་ངང་ནས་ངག་གྲགས་སྟོང་འཛིན་མེད་དུ་བཟླས་པ༔ ཆོས་ཉིད་འཛིན་མེད་རང་གྲོལ་དགོངས་བཟླས་ཞེས་བྱ་སྟེ་ཤིན་ཏུ་མཐར་ཐུག་པའི་བཟླས་པའོ༔ ཞེས་གསུངས་པའི་དོན་གསང་སྒྲུབ་ཟབ་མོའི་མངོན་རྟོགས་ཉམས་སུ་ལེན་པར་འདོད་པས། བདག་བསྐྱེད་རྒྱུན་ཁྱེར་རྐྱང་པ་ལ་དམ་ཚིག་གི་རྟེན་དུ་བསྙེན་ཕུར་ཙམ་ཡོད་ན་ལེགས་ཤིང་མེད་ཀྱང་ཆོག །མདུན་བསྐྱེད་སྐོང་ཟློག་སོགས་དང་འབྲེལ་བའི་སྐབས། མདུན་དུ་སྟེགས་ཀྱི་ཁར་འབྲུ་ཚོམ་གྱི་དབུས་བྷནྡྷ་མཚན་ལྡན་འབྲུའི་གང་བར་སྒྲུབ་ཕུར་ཡོད་ན་བཙུག །གང་ལྟར་ཡང་། སྨན་རཀ་གཏོར་གསུམ། ཉེར་སྤྱོད། ཟོར་གཏོར། ཚོགས་ཀྱི་ཡོ་བྱད་སོགས་བཤམ། བདེ་བའི་སྟན་ལ་འདུག་ནས་སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སོགས་བརྗོད། མཚམས་གཅོད་ནི། ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་ཆེན་པོ་སྟེ༔ སྐུ་གསུང་ཐུགས་ལས་འོད་ཟེར་རབ་འཕྲོས་ཤིང༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་གུར་ཆེན་འབར༔ སུས་ཀྱང་འདའ་བའི་སྐབས་མེད་རབ་ཏུ་གཏམས༔ ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྱིན་འབེབ་ནི། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སྲིད་པ་རྡོ་རྗེ་ཕུར་པ་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མ་ལུས་རྣམས༔ ཐུགས་རྗེ་ཆེན་པོས་སྒྲིབ་བཀོལ་མི་མཛད་ཅིང༔ དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་རླབས་པོ་ཆེ༔ བླ་མེད་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱན༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ མཆོད་པ་བྱིན་རླབས་ནི། ཧཱུྃ༔ བླ་མེད་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་རྣམས༔ བདེ་གཤེགས་རྒྱལ་བ་མ་ལུས་སྐོང་བའི་རྫས༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་གནས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཏ་ན་སརྦ་པཱུ་ཛ་ཧོ༔ ཨོཾ་བཛྲ་པུཥྤེ་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ༔ དངོས་གཞི་དམ་ཚིག་བསྐྱེད་པ་ནི། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོ་ནི༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་གི་དབུས་པདྨ༔ ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་འཛིན༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར༔ ཐུགས་ཀར་གཤིན་རྗེ་ཡབ་ཡུམ་སྔོ༔ ལྟེ་གོང་བདུད་རྩི་ཡབ་ཡུམ་ལྗང༔་་་སེར། ལྟེ་བར་མི་གཡོ་ཡབ་ཡུམ་ལྗང༔་་་ནག །གསང་གནས་སྟོབས་ཆེན་ཡབ་ཡུམ་སྔོ༔ དཔུང་གཡས་རྣམ་རྒྱལ་ཡབ་ཡུམ་དཀར༔ དཔུང་གཡོན་དབྱུག་སྔོན་ཡབ་ཡུམ་སྔོ༔ བརླ་གཡས་འདོད་རྒྱལ་ཡབ་ཡུམ་དམར༔་་་སྐྱ། བརླ་གཡོན་ཁམས་གསུམ་ཡབ་ཡུམ་སེར༔་་་ནག །ཕྱོགས་བཞིར་རིགས་བཞི་རྩིབས་བཅུ་ལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ དེ་ལྟར་ཁྲོ་བོ་ཉེར་བཞི་རྣམས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས༔ རང་རྟགས་མཚོན་ཆ་སྣ་ཚོགས་འཛིན༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ དཀྱིལ་འཁོར་མུ་རན་ཁོར་ཡུག་ཏུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤྭ་ན་ས་བདག་དང༔ བསེ་ལྕགས་དུང་གི་སྐྱེས་བུའི་ཚོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང༔ སེམས་དཔའ་ཚོན་གང་ཕུར་བུ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང༔ གསེར་གྱི་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ལྷ་རྣམས་རང་རང་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ཡིས༔ དབང་རྟགས་དོན་ཡོད་གྲུབ་པས་བརྒྱན༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རང་རང་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲང་སྟེ། ཧཱུྃ༔ སྐྱེ་མེད་རྣག་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛ༔ ཞེས་པས་སྤྱན་དྲངས། ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ པཉྩ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཞེས་པས་མཆོད། བསྟོད་པ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ རང་བཞིན་དབྱིངས་ནས་ཤར་བའི་ཁྲོ་མོ་བཅུ༔ སྤྲུལ་པ་ལས་ལ་མངགས་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་རྟགས་ཀྱི་གཤོག་པ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང༔ བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཛཔ྄་བཟླ་སྟེ། ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་བར་མ་ཆད་དུ་ཐིམ་པས། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླས་པས་གོ་ཆའི་ལྷ་རྣམས་ཀྱིས་ཀྱང་བཟླས་པ་དི་རི་རི་བྱེད་པར་བསམ། ཐུགས་ཀའི་སྔགས་ཕྲེང་ཀློག་པའི་ཚུལ་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ འབྲུ་བཅུ་གསུམ་འདི་ཅི་རིགས་པ་བཟླ། དངོས་གཞི་སྒྲུབ་པའི་དུས་སྔགས་ཕྲེང་བདག་གི་ཞལ་ནས་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ལྟེ་བ་ནས་བདག་གི་ལྟེ་བར་ཞུགས་པ་དང་། དེའི་འོད་ཟེར་གྱིས་ཕྲིན་ལས་བཞི་རྒྱུན་དུ་བསྒྲུབ་པ་དང་། དཀར་སེར་དམར་ལྗང་གིས་ལས་སོ་སོར་བསྒྲུབ་པ་སྤྱི་ལྟར་རོ། །ཡང་ཡབ་ཞལ་ནས་ཡུམ་ཞལ་དུ་ཞུགས། བྷ་ག་ནས་འོད་ཟེར་འཇུག་པས་ཕྲིན་ལས་བཞི་བསྒྲུབ་པའང་བྱའོ། །ཐུན་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ སྒྲུབ་པ་ལས་སྦྱོར་དྲིལ་བའོ། །གང་ཟག་སྦྱང་པ་སྔོན་སོང་དང་བསྙེན་སྒྲུབ་ལས་ཀྱི་འཕྲོ་ཅན་ལ། དུས་རྟགས་གྲངས་ནི་མ་ངེས་ཏེ་གཞུང་ལྟར་རྟགས་དང་མཚན་མ་ཐོན་ན། ཞག་གཅིག་ལ་རྟགས་རྫོགས་ཀྱང་བསྙེན་སྒྲུབ་རྫོགས་པ་སྟེ༔ གང་འདོད་ལས་ལ་སྦྱར་བས་འགྲུབ༔ ཅེས་གསུངས་པ་དང་། མདོར་བསྡུ་ན། སྐུ་གསུང་ཐུགས་རྟགས་གང་དང་གང་སྣང་གསུམ་ཚང་བ་བརྟན་པ་ཐོབ་ནས་བསྙེན་པ་རྫོགས་པ་སྟེ་གང་འདོད་ལས་འགྲུབ་པར་གསུངས་པའོ༔ ཞེས་སོ། །ཐུན་བསྡུ་བ་ན་དབྱངས་གསལ་རྟེན་སྙིང་དང་། མཆོད་བསྟོད་ཡིག་བརྒྱ་བཟླ། ཚོགས་མཆོད་བྱེད་པར་སྤྲོ་ན། ཚོགས་རྫས་བདུད་རྩིས་བསང་སྟེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཚོགས་རྫས་ཀྱི་དངོས་པོ་རྣམས་རཾ་ལས་མེ་བྱུང་བས་གཟུང་འཛིན་བསྲེགས། ཡཾ་ལས་རླུང་གཡོས་པས་བག་ཆགས་གཏོར། ཁཾ་ལས་ཆུ་སྤྲོས་པས་གཉིས་འཛིན་བཀྲུས། ཨོཾ་གྱིས་མང་ཞིང་རྒྱ་ཆེ་བར་བྱས། ཨཱཿས་ཡེ་ཤེས་བདུད་རྩི་དཔག་ཏུ་མེད་པར་སྤེལ། ཧཱུྃ་གིས་མཆོད་པའི་གནས་སུ་ཕུལ་ཏེ་དགྱེས་པ་སྐོང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཚོགས་ལ་སྤྱན་དྲང་བ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཀཱི་ལ་རིགས་བཞིར་བཅས༔ ཁྲོ་བཅུ་ཟ་གསོད་ཕོ་ཉའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩ་དབྱུང་བའི་དུས་ལ་བབ༔ ཤྭ་ན་བདག་ཉིད་ས་བདག་མ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ བསྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ བདག་ཅག་མ་རིག་ལུས་ངག་ཡིད༔ བག་མེད་ཉེས་པའི་དབང་གྱུར་ཏེ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ སྲས་མཆོག་ཁྲོ་བོ་ཁྲ་ཐབས་བཅས༔ ཤྭ་ན་བདག་ཉིད་ས་བདག་མ༔ སྐྱེས་བུ་གིང་དང་དགེ་བསྙེན་བཅས༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཚོགས་ཐ་མ་དང་གཏོར་མ་ལིངྒ་བཅས་ལ་དགུག་གཞུག་བྱ་བ་ནི། ན་མོ། རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བཀའ་བདེན་པ་དང་། རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཡི་དམ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཕུར་པའི་ལྷ་ཚོགས་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏཱི་མཆེད་བཞི་ལ་སོགས་པ་བཀའ་སྲུང་གཏེར་སྲུང་རྒྱ་མཚོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུས། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། རྣལ་འབྱོར་པ་བདག་ལ་དོ་བསྡོ་ཞིང་འགྲས་ཚོལ་བའི་སྒོས་དགྲ། བསམ་ངན་དུག་སྦྱོར་བྱེད་པའི་བྱད་མ། བར་ཆད་བྱེད་པའི་བདུད་བགེགས་དམ་སྲི། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་མི་ནོར་རྟ་ཕྱུགས་དང་བཅས་པའི་ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། བླ་ལ་ཁྱེར་བ། ཡིད་ལ་རློམ་པ། གོད་ཁ་དང་ཆོ་འཕྲུལ་གཏོང་བ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་འཕྲོག་པར་བྱེད་པའི་ནད་འདྲེ་གཅོང་སྲི། ཟ་འདྲེ་ཤི་གཤེད། གོད་འདྲེ་གོད་སྲི། དར་སྲི་ཆུང་སྲི། སྲོག་གཅོད་དབུགས་ལེན། ཚེ་ལེན་བདུད་གཅོད། སྒབ་འདྲེ་ཕུང་འདྲེ། གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཅེས་དང་། ཛ༔ དཔལ་ཆེན་ཁྲོ་རྒྱལ་རྣམས་ཀྱི་བཀའ་ཉན་ཅིང༔ བསྟན་པའི་རུ་དྲ་སྒྲོལ་བར་དམ་བཅས་པའི༔ ཕུར་པའི་ལས་མཁན་སྲུང་མ་བཅུ་གཉིས་ཚོགས༔ བརྣག་པའི་ལས་ལ་མ་གཡེལ་དམ་ཅན་རྣམས༔ གསང་སྔགས་གཉན་གྱི་སྲུང་མ་མ་མོ་ཆེ༔ དཔལ་གྱི་བཀའ་ཉན་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ གཡུ་ཡི་ཁྱི་མོ་ཟུག་པའི་སྒྲ་སྒྲོག་མ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་བདོ་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་དགྲ་བགེགས་སྒྲོལ་ལ་ཤོག༔ ཛ༔ དགྲ་བོའི་སྲོག་གཅོད་རེ་ཏཱི་མཆེད་བཞི་ནི༔ འཇིགས་བྱེད་མཐིང་ནག་རྡོ་རྗེ་རེ་མ་ཏཱི༔ ཟ་བྱེད་དམར་ནག་རྡོ་རྗེ་རེ་མ་ཊི༔ གསོད་བྱེད་སེར་ནག་རྡོ་རྗེ་རེ་མ་ཛ༔ སྲོག་གཅོད་ལྗང་ནག་རྡོ་རྗེ་རེ་མ་ཛུ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་བདོ་བའི་དགྲ་བྱུང་ན༔ ལས་མཁན་དམར་ནག་མཐུ་རྩལ་མ་ཆུང་ཞིག༔ ཛ༔ སྲོག་གཅོད་ནག་མོ་བསེ་ཡི་བུ་མོ་བཞི༔ བདུད་ཀྱི་བུ་མོ་ཡ་བྱིན་མཐུ་མོ་ཆེ༔ གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན༔ བཙན་གྱི་བུ་མོ་བསེ་བྱིན་རྫུ་འཕྲུལ་ཅན༔ ཀླུ་ཡི་བུ་མོ་ཕག་བྱིན་གདུག་རྩུབ་ཅན༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན༔ རྡོ་རྗེ་ཕུར་པའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་ལ་མ་ཉེས་དགྲ་བྱུང་ན༔ གདུག་རྩུབ་ཅན་རྣམས་ལས་ལ་ད་རྒྱུགས་ཤིག༔ ཛ༔ མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་བཞི༔ འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས༔ འཆིང་གིང་ནག་པོ་འཆིང་བའི་ཞགས་པ་ཐོགས༔ སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་ཕྱར༔ ཟ་གིང་སྔོན་པོ་དུང་གི་མཆེ་བ་གཙིགས༔ མགྱོགས་གིང་རྒྱུག་པའི་གློག་དམར་གདུག་པའི་ཚོགས༔ ལས་བྱེད་དྲག་ཤུལ་ཅན་རྣམས་དུས་ལ་བབ༔ ཁྱོད་ཀྱི་མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཕུར་པའི་སྲུང་མ་དམ་ཅན་ལས་མཁན་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག༔ བྷྱོ༔ ཉི་ཤུ་རྩ་བཞིའི་དུར་ཁྲོད་གནས་ཀྱི་བདག༔ དཔལ་གྱི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང༔ དབང་ཕྱུག་ཉེར་བརྒྱད་མཐུ་དང་རྫུ་འཕྲུལ་ཅན༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཅན་རྣམས༔ དགྲ་བགེགས་སྲོག་དབུགས་ལེན་པའི་ལས་མཁན་མ༔ དཔལ་ཆེན་ལས་མཁན་ཚོགས་ཀྱི་དུས་ལ་བབ༔ བདག་ནི་ཕུར་པ་སྒྲུབ་པའི་རིག་འཛིན་ཏེ༔ ཁྱེད་རྣམས་ཕུར་པའི་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ ཐུགས་དམ་དུས་ལ་བབ་བོ་ཕྲིན་ལས་མཛོད༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མཆེད་བཞིའི་དུས་ལ་བབ༔ རེ་ཏཱི་མཆེད་བཞིའི་དུས་ལ་བབ༔ བསེ་མོ་མཆེད་བཞིའི་དུས་ལ་བབ༔ སྐྱེས་བུ་མཆེད་བཞིའི་དུས་ལ་བབ༔ དབང་མོ་ཉེར་བརྒྱད་དུས་ལ་བབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་སྡང་བར་བྱེད་པ་ཡི༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཅེས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་ཀྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་སོད༔ ཅེས་ཚོགས་ཐ་མ་དང་ལིངྒ་བསྒྲལ། རཀྟ་བྲན་ལ། ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་ནས་ཀྱང༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཕུར་སྲུང་བཅུ་དྲུག་ཞལ་དུ་བསྟབ༔ དབང་མོ་ཉེར་བརྒྱད་ཞལ་དུ་བསྟབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིནྡྷ་ཡ་བྷིནྡྷ་ཡ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི༔ འབྱུང་བ་ལྔ་ལ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི༔ ཞེས་བསྟབས་པས། ཐུགས་དམ་བསྐང་ཞིང་ཟློག་པའི་ཕྲིན་ལས་བཅོལ་ཏེ། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱི། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །མི་དགེ་བཅུ་པོ་ཚར་གཅོད་ཕྱིར། ཁྲོ་རྒྱལ་ཕ་བཅུའི་ཐུགས་དམ་བསྐང་། །དགེ་བཅུ་ཕར་ཕྱིན་བཅུ་སྤྱོད་ཕྱིར། ཁྲོ་མོ་མ་བཅུའི་ཐུགས༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། ཁྲ་ཐབས་ཉི་ཤུའི་ཐུགས༴ གདུག་པའི་དགྲ་བགེགས་ཚར་གཅོད་ཕྱིར། །སྲས་མཆོག་རིགས་བཞིའི་ཐུགས༴ ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །སྒོ་མ་བཞི་ཡི་ཐུགས༴ བསྟན་པའི་དགྲ་བགེགས་ཚར་གཅོད་ཕྱིར། །ཕུར་སྲུང་བཅུ་གཉིས་ཐུགས༴ ལས་རྣམས་མྱུར་དུ་བསྒྲུབ་པའི་ཕྱིར། །བསེ་ལྕགས་དུང་གི་སྐྱེས་བུའི་ཐུགས༴ མཐུ་རྩལ་དམག་དཔུང་བསྐྱེད་པའི་ཕྱིར། །འཁོར་ཚོགས་སྤྲུལ་པའི་ཐུགས༴ ཁྲག་ནད་རིམས་ནད་བཟློག་པའི་ཕྱིར། །དབང་ཕྱུག་ཉེར་བརྒྱད་ཐུགས༴ ཕྱི་ནང་འཁྲུག་རྩོད་བཟློག་པའི་ཕྱིར། །དགེ་བསྙེན་ཉེར་གཅིག་ཐུགས༴ དལ་ཡམས་རྐྱེན་ཁ་བཟློག་པའི་ཕྱིར། །བསྟན་མ་བཅུ་གཉིས་ཐུགས༴ མི་ནད་ཕྱུགས་ནད་བཟློག་པའི་ཕྱིར། །མ་མོ་བཅུ་གཉིས་ཐུགས༴ ཟབ་གཏེར་བསྟན་པ་སྲུང་བའི་ཕྱིར། །ལྡང་ལྷ་མཆེད་གསུམ་ཐུགས༴ དགྲ་ལ་ཆོ་འཕྲུལ་འབེབ་པའི་ཕྱིར། །དྲེགས་པ་ལྔ་བསྡུས་ཐུགས༴ སྣང་སྲིད་གསལ་བར་སྟོན་པའི་ཕྱིར། །སྙིང་དྲུང་བཙན་པོའི་ཐུགས༴ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་འདིར། །མཐུ་རྩལ་ཅན་རྣམས་དགོངས་སུ་གསོལ། །དེ་ལྟར་བསྐངས་བསྐངས་གསོལ་གསོལ་ནས། །ད་ནི་ཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱི་བདུད་གཡོས་དགྲ་ལ་ཟློགས། །མས་ཀྱི་སྲི་ལངས་དགྲ་ལ་ཟློགས། །ཉེ་བའི་བྱོལ་གཏོང་དགྲ་ལ༴ རྦོད་གཏོང་རྦད་འདྲེ་དགྲ་ལ༴ ཕུར་ཁ་གཏད་ཁྲོམ་དགྲ་ལ༴ ཁྲག་ཟོར་ནད་ཟོར་དགྲ་ལ༴ ཕན་ཚན་རྒྱབ་འདྲེ་དགྲ་ལ༴ དར་ཚན་སྟོང་འདྲེ་དགྲ་ལ༴ གཤིན་རྗེའི་འཕྲུལ་འཁོར་དགྲ་ལ༴ མ་མོའི་དལ་ཡམས་དགྲ་ལ༴ བདུད་ཀྱི་ཁྲམ་ཁ་དགྲ་ལ༴ བཙན་གྱི་རྒྱན་ཁ་དགྲ་ལ༴ ས་བདག་གདུག་བྱེད་དགྲ་ལ༴ རྒྱལ་པོའི་སྨྱོ་འདྲེ་དགྲ་ལ༴ གཟའ་ཡི་ཀིང་ཀང་དགྲ་ལ༴ མུ་སྟེགས་ངན་སྔགས་དགྲ་ལ༴ ཐེའུ་རང་སྲིས་རྐུན་དགྲ་ལ༴ ནད་ཁ་རིམས་ཁ་དགྲ་ལ༴ ལོ་ཀག་ཟླ་ཀག་དགྲ་ལ༴ མོ་ངན་རྨིས་ལྟས་ངན་པ་ཟློགས། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག༴ དུས་མིན་འཆི་བ་རྣམ་བརྒྱད༴ གཡས་ནས་ཕོ་བརྒྱས་མདའ་འཕེན༴ གཡོན་ནས་མོ་བརྒྱས་དུག་གཡོས༴ མི་ནག་སྐྱེ་བོའི་ཡ་ག༴ བྲན་གཡོག་ངན་པའི་དམོད་མཆུ་ཟློགས། །དགྲ་ལ་བྷྱོ་ཟློག་བསྒྲལ་དུ་གསོལ༔ བགེགས་ལ་བྷྱོ་ཟློག་རྡུལ་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཟློག་བྱང་གྱེར། ཚར་གྲངས་བྱེད་ན་ཚོགས་དུམ་དང་། ལིང་རོ་སོགས་གཏོར་མ་ལ་སབ་ནས་སྐོང་ཟློག་གྲངས་གསོག །ཚོགས་ཡོད་ན་རོལ། ལྷག་མ་ནི། ཧཱུྃ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཕུར་པ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཆད་ཐོ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མ་སྙིགས་མའི་དུས། །བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ། །མཁའ་འགྲོ་ཆོས་སྐྱོང་ཕུར་སྲུང་དམ་ཅན་གྱིས། །རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ༔ རང་རང་གཟུགས་མཆོག་མངོན་དུ་བསྟན་ནས་ཀྱང༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་བ་དང༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ ཤ་ཁྲག་དམར་གྱི་གཏོར་མ་བླངས་ནས་ཀྱང༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཟོར་བཏེགས་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ༔ ང་ནི་ཁམས་གསུམ་སྙིང་རྗེའི་བདག༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ལས་ཆེ་བཙན་སུ་ཡང་མེད༔ བཀའ་སྡོད་ཕོ་ཉ་ཡོངས་རྫོགས་རྣམས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དམག་སྣ་དགྲ་བོའི་ཡུལ་དུ་དྲོངས༔ དམ་ཅན་དམག་དཔུང་ཉི་ལི་ལི༔ མཚོན་རྩེ་ཕུར་རྩེ་རོངས་སེ་རོང༔ གཏོར་ཟོར་རྦབ་ཏུ་ཉི་ལི་ལི༔ མཚེ་ཡུངས་མདའ་ལྟར་ཤ་ར་ར༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ སྲུང་མ་རྔམས་སྟབས་ཁྱུགས་སེ་ཁྱུག༔ གིང་རྣམས་བཤུག་པ་དི་རི་རི༔ མ་མོ་ཧབ་སྒྲ་ལྷགས་སེ་ལྷག༔ ཐམས་ཅད་རུ་མཚོན་ལྷུབས་སེ་ལྷུབ༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ ཉམས་པའི་ལྔ་ཕུང་རྡུལ་དུ་རློགས༔ ཡང་གསང་སྤུ་གྲིའི་སྔགས་ཤམ་རུ། ཧཱུྃ་ཧཱུྃ་པ་ར་བིགྷྣཱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་དམ་སྲི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཞེས་འཕངས་པས་ལྷ་ཚོགས་ཐམས་ཅད་དགྲ་ཡུལ་དུ་བྱ་རྒོད་ཐད་ལ་རུབ་པ་ལྟར་རུབ་སྟེ་ཕུང་ཐལ་རྗེས་མེད་དུ་སོང་བར་བསམ་མོ། །གཏོར་གཞོང་བཤལ་བའི་སྨད་ཕུད་ཀྱིས་བརྟན་མ་མཆོད་པ་ནི། བྷྱོ༔ སློབ་དཔོན་ཆེན་པོ་པདྨའི་བཀའ་བཞིན་དུ༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ འཇིག་རྟེན་བོད་ཁམས་སྐྱོང་བ་བསྟན་མའི་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བཛྲ་ལི་ལ་མ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་སྦུབས་ལ། གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་རཀྴ་མཱ་ར་ཡ་ནན༔ ཞེས་བརྗོད་པས་དམ་སྲི་རི་རབ་འོག་ཏུ་མནན་པར་བསམ། སླར་ལ་གྱེན་དུ་བཟེད་ལ་སྨན་འབྲུས་བཀང་། གཏང་རག་གི་མཆོད་བསྟོད་དང་། དངོས་གྲུབ་བླང་བ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ བཛྲ་ཀུ་མཱ་ར་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླས་པས་ལྷག་ཆད་སྐོང་ཞིང་ནོངས་པ་བཤགས། ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ཐམས་ཅད་འོད་ཞུ་རང་ལ་འདུས། །རང་ཡང་མི་དམིགས་འོད་གསལ་སྟོང་པའི་ངང་། །སླར་ཡང་དཔལ་ཆེན་སྐུ་གསུང་ཐུགས་སུ་གྱུར། །སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད། །ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་ཧཱུྃ༔ ཞེས་ལྷར་ལྡང་ཞིང་གོ་ཆ་བགོ །ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་གསལ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཞོན་ནུ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། ཧཱུྃ༔ དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅན༔ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོག༔ ཐབས་ཤེས་ཟུང་འཇུག་སྣང་སྟོང་ཡི་དམ་ལྷ༔ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ འཁོར་འདས་ཆོས་ལ་དབང་བསྒྱུར་མཁའ་འགྲོའི་ཚོགས༔ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོག༔ མཐུ་སྟོབས་བདུད་འདུལ་བཀའ་སྲུང་གཏེར་བདག་ཚོགས༔ སངས་རྒྱས་བསྟན་པ་སྲུང་བའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ།། །།བདག་བསྐྱེད་རྒྱུན་ཁྱེར་རྐྱང་པ་ལ། སྐྱབས་སེམས་ཚོགས་གསག་མཚམས་གཅོད་སྲུང་ འཁོར་གྱི་རྗེས་ལྷ་བསྐྱེད་ནས་བཟླས་པའི་བར་བྱ། བཟླས་པའི་མཇུག་ཏུ་མཆོད་སྟོད་དང་། དངོས་གྲུབ་བླང་བ་མན་བགྱིས་པས་འཐུས་སོ།། །།ཚོགས་མི་བྱེད་པར་སྐོང་ཟློག་རྐྱང་པ་བྱེད་ན། ཚོགས་བྱིན་རླབས་ནས་བཤགས་པའི་བར་བསྐྱུར། དམར་གཏོར་དང་ལིང་ཆུང་ལ་དམིགས་ནས་དགུག་བསྟིམ་སོགས་གོང་ལྟར་ལ། ཟློག་པའི་རྗེས་རང་དུ་གཏོར་མ་འཕང་། དེ་ནས་རྗེས་ཆོག་གི་མཆོད་བསྟོད་སོགས་ལ་འཇུག་ཀྱང་རུང་ངོ་། །རཏྣའི་ལུགས་ཀྱི་ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་སྐོང་ཟློག་རྒྱུན་ཁྱེར་བསྡུས་པ་འདི་ནི་བདག་རང་ཕུར་པ་ལ་འབྲེལ་པ་ཞིག་བཞག་ན་རྟེན་འབྲེལ་ལེགས་པའི་ལུང་བྱང་ཞིག་མཐོང་བས། བདག་རང་གི་ཐུགས་དམ་འབྲེལ་པ་ཅུང་ཟད་བྱ་ཕྱིར་གཏེར་གཞུང་ནས་བསྡུས་ཏེ་བསྒྲིགས་པ་ཡིན་ཀྱང་མན་ངག་འགའ་རེ་གབ་པར་བྱས་སོ། །ཞེས་སྔགས་འཆང་ཨ་རཱ་གས་བྲིས་པ་མངྒ་ལཾ།། །།སླར་ཡང་སྔ་ཕྱིར་བྲིས་པའི་ལྷན་ཐབས་དག་མིན་སྣ་ཚོགས་ཞིག་འདུག་པ་གཞུང་དང་བསྟུན་ཏེ་དག་གསལ་འཇུག་བདེར་དཀྱུས་གཅིག་ཏུ་མཉྫུ་གྷོ་ཥས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

འཇམ་དཔལ་ཕ་རོལ་རྒོལ་འཇོམས་གླང་རུ་མའི་ཟིན་བྲིས་ཁྱབ་འཇུག་མཚོན་ཆའི་འཁོར་ལོ་ (Volume 54, Text 31)

༄༅། །འཇམ་དཔལ་ཕ་རོལ་རྒོལ་འཇོམས་གླང་རུ་མའི་ཟིན་བྲིས་ཁྱབ་འཇུག་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། གུ་རུ་ཡ་མཱ་རི་ན་མོ། བཅོམ་ལྡན་དུས་དགྲའི་དབང་པོ་དང་། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །ཕྲིན་ལས་ཁྱེར་བདེའི་ལག་ལེན་གྱི། །ཟིན་བྲིས་མདོ་ཙམ་གསལ་བར་བྱ། །དེ་ལ་འདིར་བཅོམ་ལྡན་འདས་དུས་དགྲའི་དབང་པོའི་མན་ངག་རྣ་ཆ་བརྒྱད་ཀྱི་ནང་ཚན། གནན་པའི་རྣ་ཆ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་གླང་རུ་མའི་ལག་ལེན་དང་དམིགས་གནད་ཅུང་ཟད་འབྲི་བ་ལ་གསུམ། སྦྱོར་བ་གཟུགས་བརྙན་རྫས་ཀྱི་རྟེན་འདུ་བྱ་བ། དངོས་གཞི་སྒྲུབ་པའི་ཐབས། ཞར་བྱུང་ཆོ་གའི་ཡན་ལག་བཤད་པའོ། །དང་པོ་ལའང་གཉིས། གང་གི་ཚེ་བྱ་བའི་དུས། ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། བསྒྲུབ་བྱ་དམིགས་བསལ་གྱི་ཚེ་ལོ་ཟླ་ཞག་དུས་ཟད་པ་དང་མཐུན་སོགས་ཞིབ་ཏུ་བརྩི་དགོས་ཀྱང་། སྤྱི་ཙམ་དུ་ཚེས་གྲངས་ཉེར་གཉིས་དང་། ཉི་ཤུ་དགུ་དང་། གནམ་སྟོང་སོགས་མར་ངོར་གྱུར་པའི་ཚེས་གྲངས་རྩུབ་པ་རྣམས་དང་། ཟླ་བའང་། སྤྱིར་ཐ་ཆུང་བཞི་དང་། ཁྱད་པར་དགུན་དང་དཔྱིད་ཀྱི་ཟླ་བ་ཐ་ཆུང་ལ་བབ་པའི་ཚེ། ཉི་ཕུར་སྤེན་གསུམ་སྟེ་དྲག་པོའི་གཟའ་རྣམས་རང་ཚེས་པ་དང་། མ་ཚེས་པས་དར་བའི་དུས་དང་། ཐ་སྐར། མཆུ། དབོ། ལག །སྐག །སྣྲོན། སྣྲུབས་སོགས་དྲག་པོའི་རྒྱུ་སྐར་དང་། གཞན་ཡང་བདུད་ཉི་སོགས་འཕྲོད་དང་དུས་སྦྱོར་དྲག་པོར་བབས་པའི་དུས་སོ། །གཉིས་པ་ཇི་ལྟར་བྱ་བའི་ཚུལ་ནི། མན་ངག་སྙིང་གཟེར་ནག་པོ་ལས། དམིགས་རྟེན་འབེམ་དུ་བཅའ་བ་ནི༔ དགྲ་བགེགས་ལིངྒ་འབྲི་བ་ཡིན༔ སྙིང་གར་རྣམ་ཤེས་ཡིག་འབྲུ་རེ༔ དཔྲལ་བར་མིང་བྲི་ཁ་ལ་རུས༔ སྟེང་འོག་གཉིས་ལ་གཅོད་གཟིར་གཉིས༔ མཐའ་ལ་འཕྲོག་བྱེད་ཡི་གེ་བཞི༔ ཡན་ལག་བཞི་ལ་གཅོད་བྱེད་བཞི༔ དཔུང་པ་གཉིས་ལ་མྱོས་བྱེད་བྲི༔ འདི་ལ་གཟུགས་ཅན་གཟུགས་མེད་དོ༔ ཞེས་གསུངས་པའི་དགོངས་དོན་གྱི་ཟབ་གནད་རྣམས་གཙོ་བོར་བྱས་ཏེ་རང་གཞུང་གི་མན་ངག་གིས་བརྒྱན་པའི་དཔེའུ་རིས་ཟུར་གསལ་གྱི་ལིངྒ་འབྲི་བ་ལ། ཐོག་མར་རང་གི་ཁ་ལག་གདོང་གསུམ་དག་པར་བཀྲུས་ནས། ལག་པར་བསད་ཁྲག་དང་བསད་ཐལ་བྱུགས། ཤ་ཆེན་ནམ་ཚ་བ་གསུམ་མུར་བཞིན་པར་པང་ཁེབས་ཁ་རས་དང་བཅས་ཉི་མའི་འཆར་ཞུད་སོགས་རང་གྲིབ་མི་འགོ་ཞིང་། སྒྲ་གཅན་སྡེ་བརྒྱད་སོགས་ཐེབས་ཕྱོགས་སུ་ཁ་བལྟས་ལ། སྣག་ཚའི་རྒྱུ་རྒྱ་སྣག་དང་རོ་སོལ་ལ། མཆོད་རྟེན་རྙིང་པའི་རྨང་ཞབས། ཕུང་ཤུལ་དང་རི་མཐོ་ཉི་འཆར་སྔ་བའི་རྨང་ས་དང་། ཕག་ནག་དང་གྲི་མཛེ་ར་ཁྲག །བྱ་ཤ་ཟན་དང་གཅན་གཟན་གདུག་པ་ཅན་གྱི་ཁྲག །བཙན་དུག །ཏིལ་ནག །ལྡོང་རོས། ལན་ཚྭ། སྐེ་ཚེ། ཟར་ཁུ། མི་རུས་སོགས་ཅི་འཛོམ་བསྲེས་ནས། ཀླུ་དང་ས་བདག་སྡེ་བརྒྱད་གདུག་རྩུབ་ཅན་གནས་པའི་མཚོ་དང་ཆུ་མིག་གི་ཆུས་ཐོད་ངན་ནམ་གྲི་ལྕགས་ཀྱི་སྣོད་དུ་སྦྱངས་ནས། བདག་ཡ་མཱ་རིར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་སྤྲོས་པས་དམིགས་པའི་དགྲ་བོ་བཀུག་ནས་མགོ་བོ་ནས་བརྩམ་སྣག་ཚ་དང་ལྷན་ཅིག་ཏུ་བསྣུར་ནས་གཟུགས་ཕུང་ལྷག་མ་མ་ལུས་པར་ཕྱེ་མར་བརླགས་པར་བསམ་ཞིང་། ཧཱུྃ་དུ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ་ཞིང་ཤིན་ཏུ་དུལ་བར་མཉེ་ནས་བྱ་ཤ་ཟན་གྱི་སྒྲོ་རྩའམ་མི་བསད་མདའ་སྨྱུག་གིས། རོ་རས་སམ་དུག་ཤོག་ལ་དགྲ་གཟུགས་རབ་མདའ་གང་ངམ། འབྲིང་མཐར་གཟས་པོའི་ཁྲུ་གང་མཐོ་གང་ཅན་ལ་ཐོག་མར་ལྟེ་བ་བྲིས་ལ་སྲིད་པ་ཆགས་པར་བསམ། དེ་ནས་མགོ་བྲིས་པས་རྣམ་ཤེས་ཆགས་པར་བསམ། དེ་ནས་ཡན་ལག་ཚང་བར་བྲིས་པས་སྲོག་ཆགས་པར་བསམ། དེ་ནས་སྙིང་གར་ནྲི་བྲིས་པས་དགྲ་བོ་དེ་དངོས་འདྲ་བར་བསམ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ། ཚིགས་ཆེན་བཞི་ལ་ཛཿཧཱུྃ་བཾ་ཧོཿ སྤྱི་བོར་དྷ་ས་ཡ་དྷི་ད་ཡ་ན་བྲེང་ཤག་རྦད་ཏྲིཀ་ནན་ཧུར། ཅེས་པ་བྲི། དཔྲལ་བར་བསྒྲུབ་བྱ་དམིགས་བསལ་ཚེ་ན་དེའི་རུས་དངོས་དང་། སྤྱི་ཁྱབ་ལ་ཇི་འུ་ཀུང་ཀེག་ཤང་རུས་ཁུག་ཛཿཛཿ མིག་གཉིས་ལ་ལོང་། རྣ་བ་གཉིས་ལ་འོན། ངག་གནན་བྱ་ན་ལྕེ་ཐོག་རྡོ་རྗེ་རྒྱ་གྲམ་བྱ། ཁ་ནང་དུ་བདུད་པོ་ང་ལོངས། བདུད་པོས་ངའི་སྲོག་ལ་དུང་དུང་ཐུཾ་ཞེས་དང་། ཡན་ལག་བཞི་ལ་ཤི་ཏྲི་བྱི་ཏྲི་ཨཱ་ན་ཡ་ཞེས་དང་། ལག་ངར་གཉིས་ལ་རེངས་རེངས། ཡན་ལག་ལ་རྩ་རྒྱུས་རེངས་ཞེས་དང་། བཛྲ་པཱ་ཤ་ཧཱུྃ་ཞེས་ཚར་རེ་རེ་དང་། ཆོགས་རེ་རེ་བྲི། རྐང་ངར་གཉིས་ལ་གུཾ་གུཾ་འགྲོ་བར་བྱེད་པའི་རྐང་པ་གུཾ་ཞེས་དང་། བཛྲ་སྥོ་ཊ་བཾ་ཞེས་དང་། ཞ་ཞ་རེ་རེ་བྲི། ༼ལག་ངར་གཡས་ལ་ཡ་མ་སྙིང་། ལག་ངར་གཡོན་ལ་ཡ་མ་ཁྲག །རྐང་ངར་གཡས་ལ་ཡ་མ་རུ། རྐང་ངར་གཡོན་ལ་ཡ་མ་ཙ་ཞེས་སྔགས་ཚན་རེའི་མཇུག་ཏུ་དགྲ་བོ་ཆེ་གེ་མོ་ཚལ་པ་བཾ་རིལ་དུཾ་བུ་དུཾ་བུ་མཱ་ར་ཡ་ཕཊ་ཅེས་པ་ཚར་རེ་རེ་གདག་གོ།་་་འདི་གཤིན་རྗེའི་ལིངྒ་མ་གཏོགས་གཞན་ལ་མི་དགོས་གསུངས།མཆན། དཔུང་པ་གཉིས་ལ་མྱོགས་རྨུག་རོ་མྱག །འདོམས་སུ་བྷི་དྷ་ཡ་ཏྲིཀ་ནན་བྲེང་ཤཀ་རྦད་ཕཊ་ཅེས་དང་། རྐང་མཐིལ་གཉིས་སུ་ཡཾ་རེ་རེ་དང་། བརླ་ནང་གཉིས་སུ་ཡི་གེ་ཚ་ལ། ཏྲོཾ་ཏྲི་ཤཾ་ཏྲི་ཛཿཁཾ་ཤ་གྷ་ཛཿཏྲི་ཐུཾ་ཛཿ སྔགས་མགོ་ནང་བསྟན་གྱིས་བསྐོར་ལ་བྲི། སྙིང་གར་ཛཿཁ་སྦྱར་བར་ནྲི་ཏྲི་དང་། དེ་དག་གི་ཕྱོགས་བཞིར་ཨེ་ཧུར་ཐུམས་ཛཿ དེའི་ཕྱི་མགྲིན་པ་ནས་བརྩམ་ཨོཾ་མཉྫུ་སོགས་དང་། ལུས་ཀྱི་གཡས་གཡོན་དུ་སྦྲུལ་དཀར་ནག་གཉིས་དང་སྔགས་དང་དམོད་ཤམ་སོགས་དཔེའུ་རིས་ནས་བཤད་པའི་མཚན་ཉིད་ཚང་བའི་ལིངྒ་དེ་ཉིད་ལྷག་ཆད་བྲིས་གསུབ་སྤངས་ཏེ་དག་པར་བྲི། གལ་ཏེ་བྲིས་གསུབ་བྱེད་དགོས་ན་སྟག་གི་སྡེར་མོས་བྲད། འདི་ནི་དགྲ་གནན་སྤྱི་ཁྱབ་ཀྱི་ལིངྒ་སྟེ། དམིགས་བསལ་དམག་བཟློག་པ་དང་གསད་པ་བཅས་ཁ་སྒྱུར་ཚུལ་ནི་སོག་ཟློག་པའི་ཡིག་ཆ་དང་བླ་མའི་ཞལ་ལས་ལེན་དགོས་སོ། །དམིགས་བྱ་ལེགས་པར་བྲིས་ཟིན་པ་དང་། འབྱུང་བཞིའི་བཀྲུ་སྦྱང་བྱས་ནས། བྱུག་རྫས་ནི། ཁྲག་སྣ་གང་འཛོམ་དང་གྲི་མཛེའི་ཁྲག །དུག་སྣ་ཅི་ཚོགས། ཐང་ཕྲོམ་དཀར་ནག །བཙན་དུག །ཕུང་ས་སོགས་གདུག་པའི་ས་སྣ་གང་འཛོམ། ལྷ་ཁང་རྙིང་ས། རི་ཉིལ། མཆོད་རྟེན་ཞིག་རལ་སོགས་ཀྱི་ས་དང་། ཁྱད་པར་མིང་ཡིག་དང་བླ་དྭགས་སྙིང་གའི་ས་བོན་བཅས་ལ་དམིགས་བྱ་དེའི་དྲི་མ་དྲུག་སོགས་ཟག་རྫས་བྱུག་གལ་ཆེ་མོད། སྤྱི་ཁྱབ་ཏུ་བླ་དྭགས་ལ་གླ་བའི་ཁྲག་བྱུགས་པས་འཐུས་ཤིང་རྫས་རྣམས་མེར་རླངས་ཐོན་ཙམ་བསྲོས་ནས་བྱུགས་པས་ལས་མྱུར་བའི་དགོས་པ་ཡོད། དེ་ནས་སྙིང་གའི་ས་བོན་བཅག་ནས་ཁ་རྐུབ་སྤྲད། དེ་རྗེས་དཔུང་པ་གཡས་ཀྱིས་གཡོན་དང་། གཡོན་གྱིས་གཡས་གནན། མགོ་ནས་མར་དྲིལ་ལ། ཤི་སྐྲ་དང་། བན་བོན་གྱི་ལག་ནས་བྱུང་བའི་ཚོན་སྐུད་སྔོ་དམར་རམ་སྣ་ལྔ། སྤྲོ་ན་སེར་པོ་ལ་བཛྲ་ཏི་རི་བི་རི་རྦུད། དམར་པོ་ལ་ཁ་ལ་རཀྴ་རྦད། སྔོན་པོར་དན་ཏི་རྦད་སུ་རྦད། དཀར་པོ་ལ་ལོ་ཤི་ཁ་དུ་འབྱུང་བ་ཏྲིཀ་ན་ནན། ནག་པོ་ལ་ཟླ་སྲི་སྲི་ཤ་སོད། ཧཱུྃ་ཞེས་བརྒྱ་རྩ་རེ་བཏབ་པ་སྡེ་བརྒྱད་ཀྱི་བྱད་ཐག་ཏུ་བསམས་ལ་དཀྲི། སྤོམ་ནག་གི་སྦུ་གུ་སྐམ་ཁ་ཅན་གྱིས་གཅེར་སརྦ་རྦད་ཀ་ཤི་རྦད་ཀ་ཤི །ཞེས་བརྗོད་ནས། གླང་དམར་འོག་ཅན་གྱི་རྭ་གཡས་པ་མེ་ཆུས་མ་བཤུར་བར་བཅུག །ཐར་མེད་ཀྱི་གཏིང་རྡོ་ཞེས་ཁྲོ་ལྕགས་དུམ། གྲོལ་མེད་ཀྱི་ཆིངས་ཞེས་ཤི་སྐྲ། བཏང་མེད་ཀྱི་མུན་པ་ཞེས་ཕུང་རེ། སྡོམ་བྱེད་ཀྱི་ཆིངས་ཞེས་ཚོན་སྐུད། སྣ་འདྲེན་གྱི་མི་དགུ་ཞེས་པ། ར་རུ། ལྟེ་ཕྱེ། སྦང་སྐམ། སྒོག་པ། རམ་བུ། བཙོད་རོ། བྲ་བོ། སྲན་མ། གྲོད་སྐོགས། ངོ་དམར་སྒབ་སེར་ཞ་བོ་ཞེས་སྤྲེའུ་དང་ཕྱི་བའི་སྤུ། མི་རྒན་མགོ་སྐྱ་ཞེས་སྦང་རམ། ནག་པོ་ཆེན་པོའི་གཏིང་ནོན་ཞེས་དུར་རྡོ། ཁྱི་ནག་རྗེས་གཅོད་ཅེས་དུད་པ་བཅས་དང་། གཞན་ཡང་དབྱེ་བའི་རྫས། གུ་གུལ། ཁྱི་ལུད། རྟ་ནག་བོང་དྲེའུའི་ཆུ། ཕག་བྲུན། སྤྱང་བྲུན། ཝ་བྲུན། རྭ་གཞོབ། སྤྲེའུའི་བྲུན་བཅས་བླུག །ཁ་ཞིང་ལྤགས་སམ་རྟ་ཀོས་གཡོགས་ལ། དེ་ལྟའི་མན་ངག་གནད་ལྡན་གྱི་གླང་རུ་དེ་རྒྱུན་དུ་ལྷ་རྟེན་འོག་གམ། རང་གི་མལ་འོག་དུ་བཞག་ནས་དམིགས་པའི་རྟེན་བྱ་བ་ཡིན་ནོ།། ༈ །།གཉིས་པ་དངོས་གཞི་སྒྲུབ་ཐབས་ནི། ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་ལྗགས་བསྒྲིགས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་གྱི་རྣལ་འབྱོར་ཟབ་གསང་གནད་དྲིལ་ལྟར་ལ། རྒྱུ་དོན་གྱི་སེམས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་རང་བཞིན་སྙིང་རྗེ་ཆེན་པོའི་རྩལ་མ་འགགས་པ་སྒྱུ་མ་ལྟ་བུ་ལས། ཐུགས་རྗེའི་སྒྱུ་འཕྲུལ་རོལ་པ་འགག་མེད་ཞིང་བཅུ་སྒྲོལ་བའི་ཁྲོ་རྔམས་ཀྱི་སྡང་སེམས་དང་ལྡན་པས་རྒྱུན་བཤགས་ནས་བརྩམ་ཕྲིན་ལས་བཤར་སྒོམ་དུ་བྱེད་པ་ལས་ཀྱི་བྱང་བུ་བཞིན་ལ། བདག་ཉིད་གཤིན་རྗེ་གཤེད་ཀྱི་སྤྱི་བོར་འཇམ་དཔལ་ཡ་མཱནྟ་ཀ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་གཡོན་སྡིགས་མཛུབ། མགྲིན་པར་དབང་ཆེན་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་གཡས་ཐོད་དབྱུག་གཡོན་སྡིགས་མཛུབ། ཐུགས་ཀར་ཕྱག་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། ལྟེ་བར་གཤིན་རྗེ་གཤེད་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་གཡོན་སྡིགས་མཛུབ། གསང་བར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་དགྲ་སཏྭ་དང་གཡོན་སྡིགས་མཛུབ་ཅན། ཐམས་ཅད་ཁྲོ་བོའི་ཉམས་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །པང་དུ་ཡུམ་བཻ་ཏཱ་ལི་སྐུ་མདོག་དམར་ནག །ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་བསྣམས་ནས་ཡབ་ལ་འཁྱུད་པ། གཡོན་ལྕགས་ཀྱི་དྲྭ་བ་མིག་དགུ་བསྣམས་པ་ཁྲོས་པའི་ཞལ་གདངས་སྤྱན་གསུམ་གྱེན་ཐུར་དུ་གཟིགས་པ། དབུ་སྐྲ་ཁམ་སེར་ཐུར་དུ་གྲོལ་བ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་། སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པའོ། །གདན་འཁོར་རྩིབས་བཞི་ལ་ཤར་ནས་བརྩམ་སྲས་མཆོག་རིགས་བཞི་སྐུ་མདོག་མཐིང་། སེར། དམར། ལྗང་ཅན། ཞལ་གཅིག་ཕྱག་གཉིས། གཡས་པ་རྣམས་ཀྱིས་རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་སྟེ་རང་རྟགས་ཀྱིས་མཚན་པའི་བེ་ཅོན་དང་། གཡོན་པ་རྣམས་ཀྱིས་གཅོད་པའི་འཁོར་ལོ་འཛིན་པ། རང་མདོག་དང་མཚུངས་པའི་ཡུམ་གྲི་ཐོད་འཛིན་པས་འཁྱུད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཅིང་པད་ཉི་རོ་གདན་ལ་འདོར་ཐབས་སུ་བཞུགས་པའོ། །དེའི་ཕྱི་འཁོར་ལོ་རྩིབས་བཅུར། ཤར་དུ་གཤིན་རྗེ་ཀོང་ཙེ་བྲག་འཇོམས་སྐུ་མདོག་དཀར་སེར་གཡས་རྡོ་རྗེའི་བྲག་ནག་དང་གཡོན་མེའི་འཁོར་ལོ། ཡུམ་ཤེལ་མིག་ཁྲོ་མོ་གཡས་ལྕགས་ཀྱུ། ལྷོར་གཤིན་རྗེ་ཡ་བ་ཏི་སྐུ་མདོག་སྔོ་ནག་གཡས་རལ་གྲི་གཡོན་ལྕགས་ཀྱུ། ཡུམ་དྲེད་ཀྱི་ཨབ་ཤམ་གཡས་ཁྲམ་ཤིང་། ནུབ་ཏུ་གཤིན་རྗེ་རྨིགས་པ་སྐུ་མདོག་དུད་ཁ་གཡས་ཐོད་ཕྲེང་གཡོན་ལྕགས་སྒྲོག་དམར་པོ། ཡུམ་ནག་མོ་པུས་འགྲོ་ཕྱག་གཡས་གདེངས་པ། བྱང་དུ་གཤིན་རྗེ་ལྷ་མཆོག་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་རྩེ་ལྔ་གཡོན་དགྲ་སཏྭ། ཡུམ་ནག་མོ་རལ་གཅིག་ཕྱག་གཡས་གདེངས་པ། ཤར་ལྷོར་ཨ་བ་གླང་མགོ་སྐུ་མདོག་སྨུག་ནག་གཡས་ཁ་ཊྭཱཾ་གཡོན་ལྕགས་ཀྱུ། ཡུམ་དཀར་སྐྱ་མཆེ་གཙིགས་གཡས་སྐར་མདའ། ལྷོ་ནུབ་ཏུ་གཤིན་རྗེ་མིག་དམར་སྐུ་མདོག་སྨུག་ནག་གཡས་རལ་གྲི་གཡོན་ཞིང་དབྱུག །ཡུམ་ཁྲག་གི་རལ་གཅིག་ཕྱག་གཡས་གདེངས་པ། ནུབ་བྱང་གཤིན་རྗེ་ཏེལ་པ་སྐུ་མདོག་སྔོ་ནག་གཡས་སྤུ་གྲི་གཡོན་བྷན་དམར། ཡུམ་སྤྱན་གསུམ་མ་མཆེ་གཙིགས་ཕྱག་གཡས་གདེངས་པ། བྱང་ཤར་ཆོས་ཀྱི་རྒྱལ་པོ་སྐུ་མདོག་དཀར་སེར་གཡས་རྡོ་རྗེ་རྩེ་གསུམ་གཡོན་ཁྲམ་ཤིང་། ཡུམ་རྡོ་རྗེ་རལ་གཅིག་གཡས་ཉི་ཟེར་ཞགས་པ། ཤར་སྟོད་དུ་གཤིན་རྗེ་ཕྱ་སངས་སྐུ་མདོག་དཀར་པོ་གཡས་ཚེ་བུམ་གཡོན་རྡོ་རྗེའི་ཐོང་གཤོལ། ཡུམ་ཤེལ་གྱི་གདོང་དགུ་གཡས་ཤེལ་གྲི། ནུབ་སྨད་དུ་གཤིན་རྗེ་བདུད་འཇོམས་སྐུ་མདོག་སྨུག་ནག་གཡས་ཐོ་བ་གཡོན་བྷན་དམར། ཡུམ་སྨུག་ནག་རལ་གཅིག་ཕྱག་གཡས་གདེངས་པ། ཡུམ་རྣམས་ཀྱི་ཕྱག་གཡས་པ་ཡབ་ལ་འཁྱུད་ཅིང་། གཡོན་པ་རྣམས་ཀྱིས་ཐོད་ཁྲག་སྟོབ་པའི་ཚུལ་གྱིས་བསྣམས་པ་སྟེ། ཕྱོགས་སྐྱོང་བའི་གཤིན་རྗེ་བཅུ་པོ་ཁྲོ་གཏུམ་གྱི་ཉམས་ཅན། ཁྲོ་བོའི་རྒྱན་ཆས་རྫོགས་པ། ཡབ་རྣམས་ཞབས་འདོར་ཐབས་ཅན་ནོ། །དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་བཅུ་ནག་པོ་དང་། མཐིང་ནག་དང་། ལྗང་ནག་རྣམས་སྤེལ་ནས་བཞེངས་སྟབས་ཀྱིས་ཞལ་ནང་དུ་གཟིགས་ནས་བདག་དང་བསྲུང་བྱ་ལ་བར་དུ་གཅོད་བྱེད་མི་དང་མི་མ་ཡིན་པའི་གནོད་པ་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཅན། རྩིབས་མཆན་བཅུ་ལ་ཁྲོ་བོ་སྟོབས་པོ་ཆེ་བཅུ་སྐུ་མདོག་མཐིང་ནག །ཕྱག་གཡས་པ་རྣམས་ཀྱིས་རླུང་གཡབ་གཡབས་པས་མི་ཁ་དགྲ་བྱད་གོད་ཁ་འདྲེ་དམག་ལ་སོགས་པའི་གནོད་པ་ཐམས་ཅད་དགྲ་ལ་སྒྱུར་བ། གཡོན་པ་རྣམས་ཀྱིས་རང་ཕྱོགས་རྒྱལ་རྟགས་ཀྱི་བ་དན་འཕྱར་བའོ། །སོག་ཟློག་པས་གདན་འཁོར་རྩིབས་བཅུའི་སྟེང་ཁྲོ་བོ་སྟོབས་པོ་ཆེ་བཅུ་སྐུ་མདོག་སེར་པོ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ་ཞལ་ནང་དུ་གཟིགས་ནས་སེམས་སྐྱིལ་གྱིས་བཞུགས་པ་དང་། རྩིབས་མཆན་བཅུ་ལ་བདུད་རྩི་འཁྱིལ་པ་བཅུ་སྐུ་མདོག་ནག་པོ་དང་མཐིང་ནག་དང་ལྗང་ནག་རྣམས་སྤེལ་ནས་ཞལ་ཕྱིར་གཟིགས་བསྒོམ་དགོས་གསུངས། གཞལ་ཡས་ཁང་གི་ནང་ཁོང་གྲུ་ཆད་ཀྱི་ལྷོར་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་སེར་ནག་མི་ལྤགས་ཀྱི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡས་ཁྲམ་ཤིང་དང་གཡོན་ཐོད་ཁྲག་བསྣམས་ནས་མ་ཧེ་རུ་རིང་ལ་འཆིབ་པ། བྱང་དུ་མ་མོ་ཨེ་ཀ་ཙཱ་ཏི་སྨུག་ནག །གཡས་རལ་གྲི་གཡོན་ནད་རྐྱལ་བསྣམས་ནས་དྲེལ་རྟ་རྐང་གསུམ་ལ་འཆིབ་པ། ནུབ་ཏུ་བཙན་འགོང་ཡམ་ཤུད་དམར་པོ་དར་དམར་གྱི་འཇོལ་བེར་ཅན། ཕྱག་གཡས་མདའ་གཞུ་དང་གཡོན་བཙན་དར་དམར་པོ་ཕྱར་བ་རྟ་མཚལ་བུ་ལ་འཆིབ་པ། ཤར་དབུས་སུ་བདུད་པོ་སྐོས་རྗེ་དྲང་དཀར་ནག་པོ་དར་ནག་གི་བེར་དང་། གཡས་ཁྲམ་ཤིང་གཡོན་དགྲ་སཏྭ་རྟ་ནག་རྟིང་དཀར་ལ་ཞོན་པ། ཤར་སྟོད་མགོན་པོ་ལེགས་ལྡན་མཐིང་ནག་དར་ནག་གི་བེར་དང་། ཕྱག་གཡས་བིང་དང་གཡོན་ལྕགས་པར་རྟ་ནག་ལ་ཞོན་པ། ཤར་སྨད་དཔལ་ལྡན་ལྷ་མོ་མཐིང་ནག་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རལ་གྲི་ཐོད་ཁྲག །འོག་མ་གཉིས་ཤག་ཏི་དང་མདུང་དར་བསྣམས་པ། མི་ལྤགས་གྱོན་ནས་བོང་བུ་ལ་འཆིབ་པའོ། །ཤར་ལྷོར་གཟའ་བདུད་དུད་ཁ་དབུ་དགུ་ཕྱག་གཉིས་གཡས་མདའ་གཞུ་གཡོན་སྦྲུལ་ཞགས། ལྷོ་ནུབ་ཏུ་དམ་ཅན་མགར་དམར་སེང་ཞོན་གཡས་རྡོ་རྗེ་གཡོན་རའི་རྒྱལ་མཚན། ནུབ་བྱང་དུ་ཀླུ་བདུད་ནག་པོ་གཡས་ཁྲམ་ཤིང་གཡོན་སྦྲུལ་ཞགས་དང་ནད་རྐྱལ། སྦྲུལ་མགོ་དགུའི་གདེངས་ཀ་ཅན་སྐུ་སྨད་སྦྲུལ་མཇུག །བྱང་ཤར་དུ་སྲོག་བདག་རྒྱལ་ཆེན་པེ་ཧར་སྐུ་མདོག་དཀར་པོ་སྤྱན་གསུམ། ཕྱག་གཡས་ཤེལ་གྲི་གཡོན་སྙིང་། དར་དཀར་གྱི་བེར་གསོལ་ནས་སེང་གེ་ལ་ཞོན་པ་སྟེ། དེ་དག་ཀུན་ཀྱང་གཏུམ་རྔམས་བརྗིད་པའི་ཉམས་ཅན་ནོ། །སྒོ་བཞིར་སྒོ་མ་བྱ་རྒོད་སྟག་ཀངྐ་སྤྱང་གདོང་ཅན་ཏེ་ཕྱག་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། གཡོན་པ་རྣམས་ཀྱིས་བྷནྡྷ་འཛིན་པ་འོ། །ཕྱིའི་འཁོར་ཡུག་གི་ཕྱོགས་བཞིར། གྲི་ཐོགས་གིང་བཞི་ནི་སྐུ་མདོག །ཁྲབ། ཕྱག་མཚན་རལ་གྲི་བཅས་ཕྱོགས་མདོག་ཅན། དེའང་གིང་ཞེས་པ་ཀེང་རུས་ཁྲོས་པའི་ཆ་བྱད་ཅན་ཁོ་ན་མིན་ཏེ། ཀིངྐ་ར་ཅི་བགྱི་སྟེ་བྲན་གཡོག་ལ་འཇུག་པ་ཟུར་ཆག་ནས་གིང་དུ་སོང་བ་ཆས་དང་ཕྱག་མཚན་སྨྲོས་མ་ཐག་ལྟར་ལ། རྔམས་གཏུམ་འཇིགས་པའི་ཉམས་ཅན་ནོ། ཁྲམ་ཐོགས་བདུད་བཞི་ནི། ཤར་བདུད་རོལ་པོ། ཁྲམ་བདག་སྲོག་བདུད། ཟླ་བདུད་ཡོལ་པོ། སྲོག་བདུད་བཅས་ཏེ་ཁྲམ་ཤིང་བསྣམས་པ། ཤོ་ཐོགས་རྩིས་པ་བཞི་ནི་ཕྱོགས་མདོག་ཅན་ལག་ན་ཤྭ་རྡེ་ཐོགས་པ། སྲོག་གཅོད་ཤན་པ་བཞི་ནི། ཤར་དུ་ནད་གཏོང་མ་མོའི་ཤན་པ་ནག་མོ་ལག་ན་ཐུན་དང་རལ་གྲི། ལྷོར་མྱོས་པ་བཙན་གྱི་ཤན་པ་དམར་པོ་ལག་ན་བཙན་གྲི། ནུབ་ཏུ་གླེན་པ་ཀླུའི་ཤན་པ་མཐིང་ནག་སྦྲུལ་ལྤགས་གསོལ་ཞིང་ལག་ན་སྦྲུལ་ཞགས། བྱང་དུ་གདུག་རྩུབ་གཟའི་ཤན་པ་ནག་པོ་ལག་གཡས་མདུང་དར། གཡོན་སྙིང་དང་ཞགས་པ་ཐོགས་པ་སྟེ་ཤན་པ་བཞི་འོ། །རྒྱལ་ཆེན་བཞི་སྐུ་མདོག་ཞོན་པ་རྟ་བཅས་ཕྱོགས་མདོག་ཅན། ཕྱག་གཡས་པས་རུ་དར་དང་། གཡོན་པས་པི་ཝང་། རལ་གྲི། སྦྲུལ་ཞགས། བེ་ཅོན་བསྣམས་པ་འོ། །ཕྱོགས་སྐྱོང་བཅུ་ནི། ཤར་ནས་བརྩམ་དབང་པོ་དཀར་པོ། གཤིན་རྗེ་སྔོན་པོ། ཆུ་བདག་དཀར་པོ། གནོད་སྦྱིན་ལྗང་གུ། མེ་ལྷ་དམར་སེར། སྲིན་པོ་སྔོ་ནག །རླུང་ལྷ་སྔོ་སྐྱ། དབང་ལྡན་དཀར་པོ། ཚངས་པ་དམར་སེར། ལྷ་མོ་བརྟན་མ་སེར་པོ་སྟེ་ཕྱག་གཡས་པ་རྣམས་ཀྱིས་རིམ་བཞིན་རྡོ་རྗེ། ཐོད་དབྱུག །སྦྲུལ་ཞགས། དབྱུག་ཏོ། །མེ་ཐབ། རལ་གྲི། བ་དན། རྩེ་གསུམ། ཟླ་བ། བུམ་པ་དང་། གཡོན་པ་རྣམས་ཀྱིས་ཐུན་ཟོར་ཐོགས་ནས། གླང་ཆེན། མ་ཧེ། ཆུ་སྲིན། རྟ། ར་སྐྱེས། མི། ཤ་བ། ཁྱུང་། ངང་པ། ཕག་རྒོད་བཅས་ལ་ཞོན་པ་སྟེ། དེ་ལྟར་དམ་ཚིག་གི་འཁོར་ལོ་གསལ་ལ་མ་འདྲེས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བར་གྱུར་པ། དེ་རྣམས་ཀྱི་གནས་གསུམ་སྟེ་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་། ལྷ་ཚོགས་རྣམས་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་རྣམས་སུ་དཔའ་བོ་འབྲུ་ལྔ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ཅན་གྱི་ཆུ་རྒྱུན་གྱིས་ལུས་གང་། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཆུ་ལྷག་མ་ཡར་ལུད་པས་ལྷ་སོ་སོའི་སྤྱི་བོར་རང་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ནས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནས་བསྙེན་བཟླས་བར་གཞུང་གི་ཚིག་ཟིན་ལྟར་ལ་རྒྱུན་བསྙེན་ལ་སྙིང་པོ།༥༠ ཉེ་སྙིང།༡༠༠ རྩ་སྔགས།༥༠ སྲུང་སྔགས།༢༡ ཟློག་པ་༢༡ཙམ་གྱིས་མཚོན་ཇི་ལྟར་རིགས་པ་བཟླ། དགྲ་ཆིངས་དམིགས་བསལ་སྐབས་སྤྱི་དྲིལ་ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ་ཞེས་པའི་སྔགས་མཐར་ཤམ་བུར་དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་སྦྱར་ནས་ཅུང་ཟད་བསྙེན། ༈ དེ་ནས་སྨད་ལས་དངོས་ལ་ཟན་ལིང་དང་དམར་གཏོར་ཙམ་ལས། གོང་བཤད་ཀྱི་གླང་རུ་དམིགས་བསལ་བཅས་ཟིན་མེད་ན། འབྲུབ་ཁུང་བསྐྱེད་ཚིག་གི །ཤན་པའི་གྲོང་ཁྱེར་གསོད་དང་གཅོད་ལ་རྔམས། ཞེས་ཁ་སྒྱུར་བ་ཡིན། མདུན་བསྐྱེད་ཀྱི་ཕྱག་མཚན་སྤྱིར་བཏང་ལྕགས་ཀྱུ་དང་ཐོ་བ། དམིགས་བསལ་དམག་ཟློག་དང་གྱོད་གཏམ་གཤེར་གྱི་སྐབས། ཕྱག་གཡས་མུན་པའི་གཡུང་དྲུང་འཁོར་བ་བསྣམས་པས་དགྲ་བོ་དམག་མི་རྣམས་ཀྱི་མགོ་དང་རྣམ་ཤེས་ཐམས་ཅད་ནག་སྒོ་རོ་རོ་གཡས་སུ་འཁོར་བ། གཡོན་པས་རེ་བ་ནག་པོའི་གཡབ་མོ་བརྡབས་པས། དགྲ་བོ་དམག་མི་དང་བཅས་པ་ཐམས་ཅད་ཀྱི་རྣམ་ཤེས་ཚོགས་དྲུག་ནག་འཐིབས་བཏང་ནས་མྱོས་པར་བསམ་དགོས་གསུངས། རྒྱུན་དུ་བདེན་སྟོབས་ལན་གསུམ། འགུགས་སྔགས་བདུན་ནམ་ཉེར་གཅིག་ཙམ་དང་། དམིགས་བསལ་གྱི་ཚེ་ཁུག་རྟགས་མ་བྱུང་བར་འགུགས་སྔགས་ཁོ་ན་བཟླ་ཞིང་། རྟགས་བུལ་བ་དང་མི་གསལ་ན། ཧཱུྃ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་སོགས། ཞེས་ཞི་སྔགས་བཅད་ནས་སྔགས་མགོ་ཧཱུྃ་གིས་མནན་པ་འདི་ལྟར་བཟླ་དགོས། སྦྲུལ་ཆིངས་ཀྱི་དམིགས་གནད་གཞུང་ལྟར་ལ། མཐར་སྦྲུལ་གཉིས་གནམ་ལྕགས་ཀྱི་སོག་ལེ་གཉིས་སུ་གྱུར་ནས་ཤ་རུས་དང་ནང་ཁྲོལ་རྣམས་གཏུབས་ཏེ། བཤང་ལམ་ནས་ཤ་ཁྲག་ཐོན་པ་རྣམས་ལྷ་སྲིན་སྡེ་བརྒྱད་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཟོས་པར་བསྒོམས་ལ། སྙིང་པོའི་མཐར་ཨོཾ་ཀིང་ཀང་ཁ་ཏྲུཾ་སོགས་བཏགས་ནས་བཟླ། གླང་རུ་མན་ངག་བཞིན་བཅས་ཡོད་ན་ཆོག་བསྒྲིགས་གཞུང་གསལ་ལྟར། བདག་ཉིད་གཤིན་རྗེ་གཤེད་པོ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་ཚ་ཟེར་ལྡན་པ་དགྲ་བོའི་སྙིང་གར་ཟུག་པ། ཕྱག་གཡས་ལྕགས་ཀྱུས་དགྲ་བོ་བཀུག་ནས་ལིངྒ་ལ་བསྟིམ། གཡོན་པས་གནམ་ལྕགས་ལས་གྲུབ་པའི་ཐོ་བས་དམིགས་བྱའི་མགོ་དང་ཡན་ལག་རྣམས་རྡུང་བ། དགྲ་བོའི་ཀླད་པའི་ནང་དུ་མུན་པ་ནག་པོའི་གཡུང་དྲུང་ཞིག་གཡོན་དུ་ཀྱི་ལི་ལི་འཁོར་བས་ལུས་སེམས་མྱོས། དྲན་པ་ཉམས། མགོ་འཁོར་བར་བསྒོམས་ལ། ཨོཾ་ཡ་མ་ཀིང་ཀང་ཞེས་བཟླ། འདི་སྒྲུབ་སྔགས་དངོས་གཞི་སྟེ་ཁུག་རྟགས་བྱུང་ནས་སྔགས་གཞན་དེ་དག་ལས་འདི་གྲངས་མང་དགོས། གལ་ཏེ་ཟན་ལིང་དང་དམར་གཏོར་ཙམ་ལས་མན་ངག་གནད་ལྡན་གྱི་དམིགས་རྟེན་གླང་རུ་མེད་ན། གོང་གི་སྦྲུལ་ཆིངས་ཀྱི་དམིགས་པ་དང་སྔགས་ཨོཾ་ཀིང་ཀང་ཁ་ཏྲུཾ་ཞེས་པ་བཟླས་མཐར་འོག་གི་གསད་དམིགས། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི།སོགས། ཞེས་པ་དེར་འཇུག་པ་མ་གཏོགས། བདག་ཉིད་ཕུར་ཤམ་ཅན་དུ་བསྒྱུར་བའི་དམིགས་པ་དང་སྔགས་བཟླ་བ་བཅས་མི་དགོས། ཐུན་བརྡེག་ཅིང་གསད་དམིགས་སྐབས་སྦྲུལ་མི་བསྒོམ་པ་གནད་ཡིན། དམོད་བཅོལ་ལན་གསུམ་མཐར། ལིང་ཆུང་ཐུན་གཏོར་དུ་བླུགས་ལ་བཤམས་པ་བྲན་ནས་དགུག་གཞུག་ལན་གསུམ་གྱིས་དམིགས་བྱ་བསྟིམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨེ། དྲག་པོའི་ཐུན་དང་སོགས་ཞལ་བསྟབ་ཕྲིན་ལས་བཅོལ་བ། ཟློག་བྱང་། ཐུན་གཏོར་ཟོར་སྐུལ། གནན་དམིགས། བསྡུ་རིམ་བཅས་གཞུང་བཞིན་ཉམས་སུ་བླངས་པས་ལེགས་པར་གྲུབ་པ་ཡིན་ལ། ༈ དགྲ་ཆིངས་དམིགས་བསལ་སྐབས་ལྷས་སྐྱོབ་པའི་རྟགས་མཐོང་ན། འགུགས་སྔགས་བཟླ་གྲུབ་མཚམས་རང་ཉིད་ལྷར་གསལ་བའི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་ཉིན་མཚན་གྱི་ལས་བྱེད་བྱ་འུག་གི་གདོང་དང་གཤོག་པ་ཅན་དཔག་མེད་སྤྲོས་ཏེ་འཕུར་ལྡིང་བྱས་པས། ཁོའི་ལྷ་སྲུང་རྣམས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བསྐྲད་པར་བསམ་སྟེ། ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སངཀུ་ཏ་ཕཊཿ ཨ་ནྲི་ཏྲག་རཀྵ་མཱ་ར་ཡ་ཕྱེས། མ་མ་ཏྲག་རུ་དྲ་མཱ་ར་ཡ་ཕྱེས། ཞེས་བརྒྱ་རྩའམ་ལྔ་བཅུ་ཙམ་རེ་བཟླ། ༈ ཡང་ཚེ་རབས་ཀྱི་ལན་ཆགས་ཡོད་ན་མཐུ་རང་ལ་ལྡོག་པས་དེ་སྲུང་བ་སྦྱིན་གཏོར་ཆངས་རིལ་གྱི་མན་ངག་ནི། དུར་རྡོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཡུགས་སའི་སླ་ངའི་ནང་དུ་དགྲ་གཟུགས་ངར་མི་སྐྱེ་མཆེད་དོད་པ་མཐོ་གང་པ་གཅིག་བྱས་ལ་དགུག་གཞུག་བྱས་ལ་དགྲ་བོ་དངོས་སུ་བསམ། ཆངས་བུ་གཙང་མ་བརྒྱ་རྩ་བརྒྱད་དམ་དགྲའི་ལོ་གྲངས་བཤམ། ཆང་བླུག །ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་ལྔར་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་དེ་བཞིན་གཤེགས་པ་བཞིའི་མཚན་དང་། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་དམ་ཉམས་པའི་དགྲ་བོ་ཁྱོད་ལ་ལན་ཆགས་འཇལ་བ་སྟེ། བསད་པ་ཚེ་ཐུང་བའི་ལན་ཆགས་འཇལ། བརྡུངས་པ་ནད་མང་བའི་ལན་ཆགས་འཇལ། བརྐུས་ཕྲོགས་ནོར་ལོངས་སྤྱོད་དབུལ་བའི་ལན་ཆགས། མི་རྟ་གྲི་རུ་བསད་པའི་ལན་ཆགས། མཐོ་བ་མཁར་ནས་ཕབ་པའི་ལན་ཆགས། དམའ་བ་ཡུལ་བཅོམ་པའི་ལན་ཆགས། གསེར་དངུལ་བྱེ་རུའི་ལན་ཆགས། བང་མཛོད་འབྲུའི་ལན་ཆགས། ལྷབ་ལྷུབ་གོས་ཀྱི་ལན་ཆགས། དེ་རྣམས་ལ་སོགས་པའི་བུ་ལོན་ལན་ཆགས་ཐམས་ཅད་ཁྱོད་ལ་འཇལ་བ་ཡིན་པས། དེ་རིང་ཕྱིན་ཆད་ལན་ཆགས་བྱང་། བུ་ལོན་ཐམས་ཅད་སོད། ཤ་འཁོན་ཐམས་ཅད་བྱང་བར་གྱུར་ཅིག །ཅེས་དེ་ལྟ་བུས་བརྒྱ་རྩའམ། ལོ་གྲངས་ཀྱིས་བསྔོས་ལ། སླ་ང་ས་ལ་ཕབ་ནས་ལན་གསུམ་བསྐོར་པས་ཁོ་ཀླད་ཡུ་འཁོར་ནས་ཁ་རྗེ་བསོད་ནམས་དབང་ཐང་ཐམས་ཅད་སྐྱུགས་ནས་ལུས་སྟོབས་གཟི་བརྗིད་ཐམས་ཅད་ཇེ་ཆུང་ཇེ་ཆུང་ལ་སོང་། མཐར་ས་འོག་ཏུ་ནག་ཐིམ་གྱིས་ཐིམ་པར་བསྒོམ་མོ། ༈ །ཡང་ཕ་རོལ་པོ་དེ་བསོད་ནམས་ཀྱི་དཔུང་ཆེ་ན་ཕྱག་འཚལ་ཐུབ་པའི་མན་ངག་ནི། ཐུན་གྱི་མཐར་གོང་གི་སླ་ངའི་དགྲ་གཟུགས་དེ་ལ་དགུག་གཞུག་བྱ། དེ་ནས་རིང་བསྲེལ་སོགས་རྟེན་བྱིན་ཅན་རིགས་རང་གི་མགུལ་དུ་འདོགས། རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་སངས་རྒྱས་སྟོང་གིས་བསྐོར་བའི་དབུ་སྐྲ་རིང་བ་རྣམས་རལ་གྲི། ཐུང་བ་རྣམས་སྤུ་གྲི་དང་སོག་ལེར་གྱུར། ཁོ་གཟུགས་དང་གཟི་བརྗིད་ཆེ་བར་ཡོད་པ་ལ་མོས་གུས་བསྐྱེད་ཅིང་ཕྱག་འཚལ་ཞིང་། ལུས་ཡར་དགྱེ་དུས་ཡར་གཤགས། ཕྱིར་དགུ་དུས་ཕྱིར་གཤགས། ཁོ་པའི་ཚེ་བསོད་ནམས་ཐམས་ཅད་ཟད་ནས་ས་འོག་རིམ་དགུའི་ཞབས་ནག་རིབ་རིབ་སོང་བར་བསྒོམས་ལ་སྔགས་རིང་། ཨོཾ་ཡ་མ་ཀིང་ཀང་སོགས་མཐར། ཏདྱ་ཐཱ༔ དུ་ཤན་སྦྱར་བ་འདོན་ཅིང་ཕྱག་འཚལ་བ་དང་། འཛོམ་ན་གྲོགས་དགེ་སློང་བཞི་སྡེས་ཤེར་ཕྱིན་པུསྟི་རྣམས་ཁུར། རང་ཉིད་ཐུབ་པ་དང་འཁོར་དགྲ་བཅོམ་ལྔ་བརྒྱ་བཅས་ཀྱིས་ཁོ་ལ་བསྐོར་བ་རེ་བྱས་པས་བསོད་ནམས་ཐམས་ཅད་ཟད་པར་བསྒོམས་ལ་སྔགས་རིང་བཟླ་ཞིང་བསྐོར་བའང་ལན་གསུམ་བྱ། ལས་གྲུབ་ནས་སྒྲུབ་པ་གྲོལ་སྐབས་དགྲ་གཟུགས་དང་ཆངས་བུ་བཅས་ལམ་རྒྱ་གྲམ་མམ་སྒོ་འོག་ཏུ་གནན། གླང་རུ་ནི་རང་ཉིད་ཀྱིས་གཞི་བྱེས་ཀུན་ཏུ་འཆང་ནས་དམིགས་པའི་རྟེན་བྱ་ཞིང་། རྒྱུན་དུ་ལྷ་རྟེན་ཞབས་སམ་མལ་འོག་ཏུ་མནན་ཚུལ་ལྟ་བུས་གཞག་པ་ཡིན་ནོ། ༈ །གསུམ་པ་ཞར་བྱུང་འཕྲོས་དོན་ཅུང་ཟད་བཤད་ན། གོང་དུ་སྨྲོས་པ་ལྟར་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་ལྗགས་བསྒྲིགས་ཀིང་ཀང་དམར་ནག་གི་ལམ་ཁྱེར་ལས་ཀྱི་བྱང་བུ་འདི་ལ། གླང་རུ་མན་ངག་གནད་ལྡན་གྱིས་བཅས་པ་དང་། ལིང་ཆུང་ཐུན་གཏོར་ཞིག་ལས་གཞན་རྫས་དང་གཏོར་མ་ཅིའང་འཛོམ་མི་དགོས་ཤིང་། འདོན་ཆ་མང་ཉུང་འཚམ་པ་དང་། སྲུང་ཟློག་གསད་གསུམ་གྱི་དམིགས་གནད་ཐམས་ཅད་ཚང་བས་དུས་དང་རྒྱུན་གྱི་ཉམས་ལེན་ལ་འདི་ཉིད་ཁོ་ན་ལེགས་ལ། དམིགས་བསལ་སྲུང་ཟློག་གསད་གསུམ་གྱི་ལས་སོ་སོར་སྒྲུབ་པ་དང་། མདོས་ཀྱིས་ཟློག་པ་དང་། འཕང་བ་ཟོར་གྱི་མན་ངག་བཅས་རྩ་བའི་གཞུང་ཟུར་མཁར་ཡིག་ཆའམ་དུག་གླང་ཕྱོགས་སྦྲེལ་གྱི་ཆོག་བསྒྲིགས་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ་ཟུར་དུ་ཡོད་པ་ལས་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི། བཟླས་སྒོམ་ཉིན་གཅིག་བགྱིས་པས་འཕྲལ་རྐྱེན་ཟློག་ཅིང་། ཞག་ལྔ་ཚུལ་བཞིན་བསྒྲུབས་ན་མཐའ་དམག་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བར་བསྔགས་པས་མཚོན་མཐའ་ཡས་ཤིང་། སྔོན་དང་ད་ལྟ་བཅས་ལ་ལྷ་མཆོག་འདི་ཉིད་ཀྱི་རིག་སྔགས་འཛིན་པ་རྣམས་ཀྱིས་མྱོང་བས་གྲུབ་པའི་གཏམ་ཡང་རླུང་ལྟར་གྲགས་པའི་ཕྱིར། སྐལ་བཟང་བློ་ལྡན་རྣམས་ཀྱིས་ལྷག་པའི་ལྷ་འདིའི་རིམ་པ་གཉིས་ཀྱི་ལམ་ལ་བརྟེན་ནས་འཕྲལ་དང་ཡུན་གྱི་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །བསྟན་འགྲོར་འཚེ་བའི་དགྲ་བགེགས་ཀྱི། །ཚང་ཚིང་མཐུ་སྟོབས་དྲག་པོའི་མེས། །ལྷག་མེད་བསྲེགས་ནས་ཕན་དང་བདེའི། །སྨན་ལྗོངས་ཀུན་ཏུ་བརྡལ་བར་ཤོག །གནད་ཀྱི་མན་ངག་མ་འཁྲུལ་བ་དང་ལྡན་པའི་ཞལ་རྒྱུན་ཟིན་བྲིས་གལ་པོ་ཆེ་འདིའང་དགོས་གལ་ཆེ་བར་མཐོང་ནས་རིན་ཆེན་གཏེར་མཛོད་ལས་བྱེ་བྲག་པའི་ཆ་རྐྱེན་དུ་པདྨ་གར་དབང་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།། །།

ཀློང་གསལ་རྡོར་སྙིང་གི་ཁྲོ་བོ་དང་མཁའ་འགྲོ་སྨེ་བརྩེགས་གཉིས་ཀྱི་སྒྲུབ་རྗེས་ (Volume 47, Text 31)

༄༅། །ཀློང་གསལ་རྡོར་སྙིང་གི་ཁྲོ་བོ་དང་མཁའ་འགྲོ་སྨེ་བརྩེགས་གཉིས་ཀྱི་སྒྲུབ་རྗེས་བཞུགས་ཡོད། ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་པ་བཞུགས༔ རྡོ་རྗེའི་སྙིང་པོ་ལས༔ ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་པ་ནི༔ ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ྈྈྈྈ མ་འོངས་འགྲོ་རྣམས་འདུན་སྟབས་ཉེས་པའི་གྲིབ༔ དམ་ཉམས་ཟས་གོས་གནས་རྫས་རོ་བག་སོགས༔ གྲིབ་ཀྱི་ཉེས་པས་སྒོ་གསུམ་ཉམས་གྱུར་ན༔ ཁྲོ་རྒྱལ་སྨེ་བ་བརྩེགས་པའི་གདམས་པ་བསྟན༔ ས་མ་ཡ༔ དཀྱིལ་འཁོར་པདྨས་མཚན་པ་ཉི་མའི་སྟེང༔ ལྷ་འམ་ཕྱག་མཚན་སྙིང་པོ་མཚོན་བྱེད་བཅས༔ གཏོར་མ་གྲུ་གསུམ་དམར་ནག་མེ་འབར་བ༔ ཕྱི་ནང་མཆོད་པའི་ཚོགས་ཀྱིས་བསྐོར་བ་བཤམ༔ ཧཱུྃ༔ པད་ཉིའི་སྟེང་དུ་སྐད་ཅིག་དྲན་རྫོགས་ཀྱིས༔ ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ནི༔ མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་བསྡུས༔ ཞལ་རེར་སྤྱན་ནི་གསུམ་གསུམ་རབ་ཏུ་གདངས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་རལ་པ་ཁམ་སེར་གྱེན་དུ་བརྫེས༔ རྡོ་རྗེ་རྒྱ་གྲམ་རྩེ་ལྔ་ལྕགས་ཀྱུ་གཡས༔ རྡོ་རྗེའི་དབྱུག་པ་ཞགས་པ་སྡིགས་མཛུབ་གཡོན༔ ཕྱོགས་བཅུར་ཕྱར་ཞིང་རང་འདྲའི་ཚྭ་ཚྭ་འཕྲོ༔ རབ་ཁྲོས་ཞབས་གཉིས་ཉི་མའི་སྟེང་དུ་བགྲད༔ སྐུ་ལས་མེ་འབར་གསུང་ལས་སྔགས་སྒྲ་སྒྲོག༔ ཐུགས་སྟོབས་ཉམས་གྲིབ་ཐུལ་པའི་སྐུར་གྱུར་ཏོ༔ བཟླས་པ་ནི༔ ཨཱོྃ་བྷུར་ཀུཾ་མ་ཧཱ་པྲཱ་ཎ་ཡེ༔ བྷུར་ཙི་བྷུརྐི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཨཱོྃ་བྷུར་ཀུཾ་རི་ལི་ཤ༔ ཐར་ཤ་ཧུར་ཤི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལས༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་འཕྲོས༔ བསྐོར་ཞིང་འཁོར་བའི་རིག་མདངས་ཀྱིས༔ ཉམས་གྲིབ་ཐུལ་བའི་ངོ་བོར་གྱུར༔ རིག་དང་རིག་མདངས་མདུན་བུམ་བསྐྱེད༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཁྲོ་རྒྱལ་ཡོངས་ཀྱི་སྟོབས་འདུས་ནི༔ ཡེ་ཤེས་རྩལ་གྱི་ཟེར་མངའ་བའི༔ རབ་ཁྲོས་སྨེ་བརྩེགས་འཁོར་དང་བཅས༔ འགྲོ་བའི་དོན་དུ་སྤྱན་འདྲེན་ནོ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རབ་ཁྲོས་ཁྲོ་རྒྱལ་ཐུགས་རྗེ་ཅན༔ འགྲོ་བའི་དོན་དུ་བྱོན་པ་ལེགས༔ བདག་སོགས་བྱིན་གྱིས་བརླབ་པའི་ཕྱིར༔ དཀྱིལ་འཁོར་གསུམ་དང་དབྱེར་མེད་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བདག་སོགས་མགོན་དང་བསྐྱབ་ཕྱིར་དུ༔ ཐུགས་རྗེས་སྐྱོང་བར་རབ་བསྐུལ་ཕྱིར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ འགྲོ་བའི་སྒྲིབ་པ་སྦྱང་དུ་གསོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ལ་གཙང་སྨེའི་རྟོག་བྲལ་ཡང༔ བདག་སོགས་བསོད་ནམས་ཡེ་ཤེས་མཆོག་ཐོབ་ཕྱིར༔ སྣ་ཚོགས་མཆོད་པ་ཁྲོ་རྒྱལ་དགྱེས་ཕྱིར་འབུལ༔ འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་སངས་རྒྱས་ཤོག༔ ཨཱོྃ་བཛྲ་ཨརྒྷཾ་སོགས་ནས་ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཞི་བས་གདུལ་དཀའ་དྲག་པོའི་ཕྲིན་ལས་བདག༔ མཐུ་སྟོབས་རྔམས་པས་འགྲོ་བའི་ནད་སེལ་བའི༔ དྲག་པོ་ཁྲོས་པའི་རྒྱལ་པོ་སྨེ་བ་བརྩེགས༔ དཔལ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཅེས་སྔགས་བཟླ༔ ༁ྃ༔ རྗེས་སུ་འཇུག་པ་རྗེས་གནང་ནི༔ ྈྈྈྈྈྈ ཁྲུས་དང་མཎྜལ་གསོལ་བ་འདེབས༔ ཁྲུས་བྱ་བ་ནི་བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པའི་གཞལ་ཡས་ན༔ སྨེ་བ་བརྩེགས་པའི་ཐུགས་རྗེའི་ཆུས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ ཉམས་གྲིབ་མི་གཙང་དག་གྱུར་ཅིག༔ རྩ་སྔགས༔ སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཎྜལ་གསོལ་བ་འདེབས་པ་ནི༔ ཨེ་མ་འདྲེན་པ་བཀའ་དྲིན་ཅན༔ བདག་སོགས་མ་རིག་བག་ཆགས་མཐུས༔ ཉམས་གྲིབ་སྐྱོན་གྱིས་གོས་གྱུར་ན༔ སེལ་བའི་གདམས་པ་བསྩལ་དུ་གསོལ༔ ཞུས་པས་སློབ་དཔོན་གྱིས༔ ཧོ༔ མ་རིག་རྒྱུ་ལས་རྐྱེན་བསྐྱེད་དེ༔ ཐར་པའི་ལམ་བཟང་སྒྲིབ་ནུས་ན༔ ཞི་མཛད་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཆོག་གི་གདམས་པ་འདི་ཟུངས་ཤིག༔ ཅེས་གནང་བ་སྦྱིན་ཏེ༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པའི་ཞིང་ན་ལྷ་ཡི་བཅུད༔ ནུས་པ་ཡེ་ཤེས་བདུད་རྩི་འདིས༔ སྐལ་ལྡན་ལུས་ཀྱི་དྲི་དག་ནས༔ ཁྲོ་རྒྱལ་སྐུ་རུ་འགྲུབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཟླས་ལུང་སྦྱིན་ལ༔ ཧཱུྃ༔ སློབ་དཔོན་སྨེ་བ་བརྩེགས་པ་ཡི༔ སྙིང་པོའི་རང་མདངས་ཡིག་འབྲུའི་སྐུར༔ སློབ་མ་སྨེ་བ་བརྩེགས་ལ་ཐིམ༔ གསུང་ནུས་གྲིབ་སེལ་སྔགས་ལ་དབང༔ རྩ་སྔགས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བཞག་ལ༔ ཧཱུྃ༔ ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཡི༔ དྲག་པོའི་ཕྲིན་ལས་རང་མདངས་ཀྱིས༔ སྐལ་ལྡན་ཡིད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཐུགས་དབང་རྫོགས༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཏད་ལ༔ ཧཱུྃ༔ ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྐུ༔ ཡོན་ཏན་ཡོངས་སུ་རྫོགས་པ་ཡིས༔ འགྲོ་བ་སྡུག་བསྔལ་ལས་གྲོལ་བའི༔ དོན་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་མཚན་སྣ་ཚོགས་གཏད་ལ༔ ཧཱུྃ༔ རྡོ་རྗེ་རྒྱ་གྲམ་ལས་བཞི་སྒྲུབ༔ རྡོ་རྗེ་རྩེ་ལྔ་ཐུགས་རིག་འབར༔ རྡོ་རྗེ་ཐུགས་རྗེའི་ལྕགས་ཀྱུས་འཛིན༔ ཐུགས་རྗེས་དྲངས་ལ་རྡོ་རྗེ་དབྱུག༔ བརྩེ་བའི་རྡོ་རྗེའི་ཞགས་པ་དང༔ གང་ལ་གང་འདུལ་རྩལ་རྫོགས་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག༔ རྩ་སྔགས༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཎྜལ་བསྲུང་ཡུལ་དམ་ཚིག་དང༔ རྗེས་ཀྱི་བྱ་བ་ཚུལ་ཇི་བཞིན༔ རྒྱུན་གྱི་ལམ་ཁྱེར་བསྐྱེད་བཟླས་རྣམས༔ འགྲོ་ལ་སེམས་བསྐྱེད་དང་བླང་བྱོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་ཀློང་གསལ་སྙིང་པོས་ཞལ་བཤུས་པའི་ཡི་གེ་པ་ནི་སྟོབས་ཆེན་ནོ།། །། ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ མཁའ་འགྲོ་སྨེ་བརྩེགས་ཀྱི་སྒྲུབ་པ་བཞུགས་སོ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཡན་ལག་གི་སྒྲུབ་པ་ནི༔ གང་ཞིག་ལུས་ལ་གྲིབ་ཀྱིས་ཕོག་གྱུར་ན༔ ལུས་རྒུད་ངག་དིག་སེམས་ཀྱི་རང་རྩལ་ཉམས༔ ཚེ་འདིར་མི་རུང་སྣ་དགུ་ཐོག་ཏུ་བབ༔ ཕྱི་མ་ཐར་པའི་ལམ་ཡང་སྒྲིབ་ནུས་ན༔ དེ་ཕྱིར་མཁའ་འགྲོ་སྨེ་བ་བརྩེགས་པ་བསྒྲུབ༔ སྒྲུབ་པའི་རྟེན་དུ་བུམ་པ་མཚན་ལྡན་ནང༔ གླ་རྩི་ཆུ་དག་དབང་ལག་གུ་གུལ་དང༔ གཞན་ཡང་བུམ་རྫས་སྤྱི་དང་མཐུན་པར་བླུགས༔ ཕྱི་འཁོར་མཆོད་པའི་བྱེ་བྲག་འབྱོར་ཚད་བཤམ༔ བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས༔ སྟོང་པའི་ངང་ལས་རང་སེམས་ཧཱུྃ་མཐིང་ལས༔ མེ་འབར་དངོས་འཛིན་མཚན་མའི་ཉམས་གྲིབ་བསྲེགས༔ ཚུར་འདུས་རང་ཉིད་མཁའ་འགྲོ་སྨེ་བརྩེགས་ནི༔ སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་ཆོས་འབྱུང་དམར་པོ་ནམ་མཁར་གདེངས༔ གཡོན་པས་ཁྲུས་བུམ་མཐིང་ག་ཐུགས་ཀར་འཛིན༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་པས་འགྱིང༔ ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ཡིག་མཐར༔ རྩ་བའི་གསང་སྔགས་སྙིང་པོ་འདི་ཡིས་བསྐོར༔ ཨཱོྃ་གྷར་ཁཾ་ཙིར་ཁཾ་བྷི་མཱ་ན་སེ་ཨུ་ཙུས་མོ་ཀྲོ་ཏཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ མདུན་བསྐྱེད་བུམ་པའི་དབུས་སུ་གོང་བཞིན་གྱི༔ ཐ་མར་འབྱུང་བའི་ལྷ་མོ་རྣམ་ལྔ་ཡི༔ ཕྱག་ན་བདུད་རྩིའི་ཁྲུས་བུམ་བསྣམས་པར་བསྒོམ༔ ཧཱུྃ༔ ཕྱོགས་དུས་ཞིང་གི་སངས་རྒྱས་བྱང་སེམས་ཀྱི༔ ཐུགས་རྗེའི་ཟེར་མདངས་ཁྲོ་མོའི་སྐུར་གྱུར་ནས༔ དམ་ཚིག་སེམས་དཔའ་འདི་ལ་གཉིས་མེད་དུ༔ ཐིམ་ནས་འགྲོ་བའི་ཉམས་གྲིབ་བསལ་དུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨརྒྷཾ་སོགས་ པཱུ་ཛ་ཧོ་བརྗོད༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འགྲོ་བའི་ཉམས་གྲིབ་མ་ལུས་ཞི་མཛད་པའི༔ མཁའ་འགྲོའི་རྒྱལ་མོ་སྨེ་བ་བརྩེགས་མ་ཞེས༔ ལྷ་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཁྱོད་ཀྱི་འཁོར་ཚོགས་འབྱུང་བའི་ལྷ་མོ་ལྔ༔ དག་བྱེད་ཁྲུས་ཀྱི་བུམ་པ་ཕྱག་ན་བསྣམས༔ ཉམས་གྲིབ་མི་གཙང་དྲི་མ་འཁྲུད་པར་མཛད༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི༔ ཨཱོྃ་གྷར་ཁཾ་ཙིར་ཁཾ་བྷི་མཱ་ན་སེ་ཨུ་ཙུས་མོ་ཀྲོ་ཏཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ལྷ་སྔགས་ཤམ་བུ༔ ཨཱོྃ་ཨཱཿཧཱུྃ༔ ཨེ་བཾ་ལཾ་རཾ་ཡཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་བི་མ་ལེ་བི་མཱ་ན་སེ་ཨ་ཨ་ཨ༔ གང་ཞིག་བདག་སོགས་རྣམ་གཡེང་དབང་སོང་ན༔ དཀྱིལ་འཁོར་ལྷ་ཚོགས་མཆོད་བསྟོད་བཟླས་པ་དང༔ སྔགས་དང་ཏིང་འཛིན་མ་ཚང་ཡལ་བ་སོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཐོལ་ཞིང་བཤགས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་འགལ་གྱུར་ན༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ ས་མ་ཡ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ས་མ་ཡ༔ ཞེས་སྙིང་གི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བ་ལ་བརྟེན་ནས་བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ མཁའ་འགྲོ་སྨེ་བརྩེགས་ཀྱི་རྗེས་གནང་བཞུགས་སོ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ མཁའ་འགྲོ་སྨེ་བརྩེགས་ཀྱི་རྗེས་གནང་ནི༔ དཀྱིལ་འཁོར་བུམ་པ་མེ་ལོང་རྨ་བྱའི་མདོངས༔ བསྙེན་པ་དང་ཆོ་གའི་བྱ་བ་རྫོགས་པར་བྱས་ནས༔ སློབ་མར་རྗེས་སུ་གནང་བའི་བྱ་བ་ནི༔ མཎྜལ་ཕུལ་ལ་གསོལ་བ་འདེབས་པ་ནི༔ ཀྱེ༔ བླ་མ་གསང་བདག་རྡོ་རྗེ་འཛིན༔ བདག་ཅག་མ་རིག་གྲིབ་ཁྲུ་ཕྱིར༔ མཁའ་འགྲོ་སྨེ་བ་བརྩེགས་མ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་ནས་དམ་ཚིག་བརྟན་པར་བྱ༔ ཏིཥྛ་བཛྲ་ཧཱུྃ༔ བུམ་པ་གཏད་ལ༔ ཧཱུྃ༔ རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་ན༔ མཁའ་འགྲོའི་རྒྱལ་མོ་སྨེ་བ་བརྩེགས་མ་བཞུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྨེ་བ་བརྩེགས་མའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སློབ་དཔོན་ཡང་ཐ་མལ་པ་མ་ལགས་པར་མཁའ་འགྲོའི་རྒྱལ་མོ་སྨེ་བ་བརྩེགས་མར་གསལ༔ ཁྱོད་རང་ཡང་སྨེ་བརྩེགས་སུ་སྒོམས་ཤིག༔ སློབ་དཔོན་གྱི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་སློབ་དཔོན་གྱི་ཞལ་ནས་ཐོན༔ ཁྱོད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་གྱིས༔ བཟླས་ལུང་སྦྱིན༔ རྩ་སྔགས་ཤམ་བུ་བཅས་རྗེས་ཟློས་ཀྱི་སྨོན་ལམ་སོགས་བརྟན་པར་བྱེད༔ ཧཱུྃ༔ འགྱུར་མེད་རིག་པའི་རྡོ་རྗེ་འདི༔ ཡེ་ཤེས་མེ་ཡི་ཟེར་དང་བཅས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཁྲོ་རྒྱལ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཐུགས་ལས་རང་བྱུང་བའི༔ སྲེག་བྱེད་མེ་དང་བཀྲུ་བྱེད་ཆུ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཉམས་གྲིབ་མི་གཙང་དག་གྱུར་ཅིག༔ མཎྜལ་ཕུལ་ལ༔ དེང་ནས་བརྩམ་སྟེ་བདག་བྲན་དུ༔ ཁྱོད་ལ་བདག་ཉིད་འབུལ་ལགས་ན༔ ཁྱོད་ཀྱིས་སློབ་མར་གཟུང་བ་དང༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ སོགས་དང་བཀྲ་ཤིས་བྱའོ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ས་མ་ཡ༔ ཞེས་གྲོགས་ཀྱི་མཆོག་གྱུར་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་ངོར་བདག་གཏེར་སྟོན་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།

སྤྲོས་པའི་ཚེ་ལྷན་ཐབས་གཏེར་གཞུང་ཀློང་བཤགས་སོགས་ནས་ཟུར་བཀོད་ (Volume 67, Text 31)

འདིར་སྔགས་གསོའི་རྩ་བའི་ཡིག་ཆ་ཀར་གླིང་ཞི་ཁྲོའི་གཏེར་གཞུང་གི་ཀློང་བཤགས་བརྗོད་པ་རང་གྲོལ་ལ་བཤགས་ལེ་དྲུག་ཡོད་པ་ལས། སྨྲེ་བཤགས་དང་ལྟ་བའི་ཀློང་བཤགས། བདེ་གཤེགས་སྤྱི་བཤགས་གསུམ་དཀྱུས་སུ་སོང་ཞིང་། བརྗོད་མེད་དོན་བཤགས་ཡོད་ཀྱང་ཞི་ཁྲོའི་ནང་ལེ་དེ་ཚིག་མང་ཉུང་དང་ཟུར་ཅུང་མི་འདྲ་བ་དང་། གཞན་ཞི་བ་དང་ཁྲོ་བོའི་བཤགས་ལེ་གཉིས་པོ་ཡང་སྤྲོ་ན་སོ་སོའི་སྐོང་བའི་རྗེས་བྱ་འོས་ཆེ་བར་མཐོང་བས་དཀྱུས་སུ་འཛུད་བཅོས་མ་སྤོབས་པར་ཟུར་བྱང་ལྷན་ཐབས་སུ་བཀོད་པ་ནི། དང་པོ་རང་གཞུང་གི། བརྗོད་མེད་དོན་གྱི་བཤགས་པ་ནི༔ ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་དེ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ཞི་ཁྲོ་སྐུ་གསུམ་གྱི་ལྷ་ལ་ཕྱག་འཚལ་བ་ནི༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་བ་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ གསང་བ་བདེ་ཆེན་གྱི་མཆོད་པ་འབུལ་བ་ནི༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ ལྟ་བའི་ངང་དུ་དམ་བཅའ་བ་ནི༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་ཀུན་རྣམ་དག་ཡེ་ནས་འོད་གསལ་བས༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཞི་ཁྲོའི་ལྷ་ཚོགས་རྣམས་དགོངས་སུ་གསོལ་བ་ནི༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་འདིར༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ གཙོ་བོ།་་་བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༔ བྱང་སེམས་ལྕམ་དྲལ་འགྲོ་འདུལ་ཐུབ་པ་དྲུག༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ དབྱིངས་མེད་དབྱིངས་ཉིད་སྤྲུལ་པ་མང་པོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དག༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་ཉེར་བརྒྱད་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་རྣལ་འབྱོར་བདག༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་གོ་འཕང་འཐོབ་པར་བྱ་བའི་ཕྱིར༔ ཕྱི་སོ་སོ་ཐར་དང་ནང་བྱང་སེམས་ཀྱི་བསླབ་པ་དང་འགལ་བ།་་་བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༔ གསང་སྔགས་ཀྱི་དམ་ཚིག་དང་འགལ་བ།་་་སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང༔ དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་སྨྲ་མི་བྱ་ཞེས༔ བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ དོན་དམ་བརྗོད་མེད་དོན་གྱི་བཤགས་པ་ནི༔ དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ༔ འཁོར་བ་ཐོག་མ་མེད་པའི་དུས་མཐའ་ནས༔ ལས་ཀྱི་དབང་གིས་བདག་ཅག་འཁོར་བར་འཁྱམས༔ ཉོན་མོངས་ལོག་པར་ལྟ་བའི་དུག་འཐུངས་ཏེ༔ སྡུག་བསྔལ་ནད་ཀྱིས་ཤིན་ཏུ་གདུངས་པ་ལ༔ བདེ་གཤེགས་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས༔ དམ་ཆོས་བདུད་རྩི་ཐར་པའི་སྨན་བསྩལ་ནས༔ ཉོན་མོངས་འཁྲུལ་པའི་ནད་རྣམས་ཞི་མཛད་ཅིང༔ བླ་མེད་བྱང་ཆུབ་སྙིང་པོར་འཚོ་མཛད་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས༔ སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ༔ བཟླས་བརྗོད་གྲངས་ཉུང་གྲྭ་ཆག་ཟུར་ཉམས་པས༔ རྒྱལ་བ་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ འབད་རྩོལ་ཆུང་བས་སློབ་དཔོན་ཐུགས་མ་མཉེས༔ གདུང་སེམས་ཆུང་བས་མཆེད་ལྕམ་ཐུགས་མ་ཟིན༔ འཕྱོར་ལ་གཡེམ་པས་གདམས་ངག་གཞན་ལ་ཤོར༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ ལྷག་ཆད་འགལ་འཁྲུལ་གྱུར་པ་ཅི་མཆིས་པ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཐོལ་ལོ་བཤགས༔ མཐོལ་ཞིང་བཤགས་སོ་བྱང་ཤིང་དག་གྱུར་ཅིག༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ ས་མ་ཡ༔ ༈ ཞི་བ་གནས་དག་གི་སྐོང་བ་སོང་རྗེས། གཉིས་པ་ཆོས་ཉིད་ཞི་བའི་ཀློང་བཤགས་ནི༔ ཨོཾ༔ ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ༔ ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས༔ ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ༔ ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡབ་རྣམས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རིགས་ཀྱི་ཡུམ་རྣམས་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་དཔའ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཚོགས་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་དཔའ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་མ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཡུལ་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་མ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་མ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཐུབ་པ་དྲུག་རྣམས་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དྲུག་ནི་ཡེ་ནས་མངོན་སངས་རྒྱས༔ ཐུབ་པ་དྲུག་གི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཐུབ་པ་དྲུག་གི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་བ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ རྟག་ཆད་མུ་བཞི་ཡེ་ནས་མངོན་སངས་རྒྱས༔ སྒོ་བ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་བ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་མ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་བཞི་ནི་ཡེ་ནས་མངོན་སངས་རྒྱས༔ སྒོ་མ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དེ་ནས་ཞི་བའི་ལྷ་ལ་གནོང་བཤགས་བྱ་བ་ནི༔ ཨོཾ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ༔ སངས་རྒྱས་བཞི་བཅུ་གཉིས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཕུང་པོ་ལྔ་པོ་རིགས་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་ཏུ་བཟང་པོའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ འབྱུང་བ་ལྔ་རྣམས་ཡུམ་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་ཏུ་བཟང་མོའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རྣམ་ཤེས་ཚོགས་བརྒྱད་སེམས་དཔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་དཔའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡུལ་བཞི་དུས་བཞི་སེམས་མར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་མའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཉོན་མོངས་དྲུག་པོ་ཐུབ་པར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཐུབ་དྲུག་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རེག་པ་རྟག་ཆད་སྒོ་བར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཁྲོ་བོ་ཁྲོ་མོ་རྣམས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ མ་རིག་འཁྲུལ་པས་ནོངས་པ་བགྱིས་ལགས་ན༔ ཉོན་མོངས་ལས་ཀྱིས་ཡི་དམ་ལྷ་སྤངས་ཏེ༔ བསླུ་བྱེད་དབང་གིས་སློབ་དཔོན་སྙིང་ནས་སྨད༔ ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་འཁྲུགས༔ སྲབ་ལ་འཕྱར་བས་གསང་སྔགས་གཞན་ལ་སྤེལ༔ སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས༔ གྲོགས་ངན་རྐྱེན་གྱིས་ཆོ་གའི་གསང་བ་ཆག༔ བརྟུལ་ཞུགས་ཆུང་བས་བགེགས་རྣམས་ཚར་མ་ཆོད༔ རྔམས་ཤིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས༔ ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས༔ ཚེ་འདིའི་ལུས་བཟུང་ད་ལྟ་ཡན་ཆད་དུ༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ དུས་རིག་རྒྱུན་མཁྱེན་རྣམས་ལ་བཟོད་པར་གསོལ༔ འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས༔ སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་པ་བྱུང༔ སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད༔ ཐབས་ལ་མཁས་པས་ཚངས་པ་བསྩལ་དུ་གསོལ༔ དེ་ནས་ཞི་བའི་ལྷ་ལ་འགྱོད་བཤགས་བྱ་བ་ནི༔ ཨོཾ༔ ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རིགས་ལྔའི་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ སེམས་དཔའ་སེམས་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སེམས་དཔའ་སེམས་མའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཐུགས་མཆོག་རིན་པོ་ཆེ༔ བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད༔ སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྒྲོལ༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་བཟོད་པར་གསོལ༔ སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྒོ་བ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ ༈ ཁྲོ་བོ་གནས་གྱུར་གྱི་སྐོང་བ་སོང་རྗེས། གསུམ་པ་ཁྲོ་བོའི་ཀློང་བཤགས་བྱ་བ་ནི༔ ཨོཾ༔ དེ་བཞིན་ཉིད།་་་དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ༔ གཟུང་འཛིན་གཉིས་ཀྱི་བདག་དང་མ་བྲལ་བས༔ གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས༔ གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ༔ ཀུན་ཏུ་སྣང་བ།་་་དོན་དམ་མི་འགག་གསལ་བའི་གོ་འབྱེད་ཅིང༔ ཟླ་གསལ་དྭངས་པའི་དབྱིངས་སུ་དེ་བཞེངས་ལ༔ བྱང་ཆུབ་ཐིག་ལེའི་འོད་ཀྱིས་ཁྱབ་མཛད་པ༔ ཀུན་སྣང་དྭངས་པའི་སྐུ་ལ་བཟོད་པར་གསོལ༔ རྒྱུའི་ཏིང་ངེ་འཛིན།་་་དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་ལས༔ འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྣང་བ༔ འབྱུང་བ་རིམ་བརྩེགས།་་་དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་རྟེན༔་་་གཞལ་ཡས་གདན་ཁྲི། དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ༔ ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ༔ སྐུ་ཕྱག་རྒྱའི་ལྷ་ཚོགས་རྣམས་ལ་བཤགས་པ།་་་བདེ་ཆེན་ཉིད་ལས་ཕྱག་རྒྱའི་སྐུར་བསྟན་ཞིང༔ ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་རྣམས༔ ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པ༔ ཁྲག་འཐུང་རིགས་ལྔའི་སྐུ་ལ་བཟོད་པར་གསོལ༔ གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ༔ པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་འཕྲོ་བ༔ ཀྲོ་དྷཱི་ཡུམ་ལྔའི་སྐུ་ལ་བཟོད་པར་གསོལ༔ ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་ནི༔ རྣམ་ཤེས་བརྒྱད་ཀྱི་ཡེ་ཤེས་མཁའ་འགྲོ་མ༔ གཽ་རཱི་ལ་སོགས་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར༔ མཆེ་གཤོག་རྔམ་པ་འབར་བའི་སྐུར་སྤྲུལ་པ༔ སེང་ཧ་ལ་སོགས་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་ཕྲ་མེན་བརྒྱད་ལ་བཟོད་པར་གསོལ༔ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ༔ འགུགས་དང་འཆིང་དང་སྡོམ་དགྱེས་སྒོ་མ་བཞི༔ རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ༔ སྒོ་མ་ཕྱག་རྒྱ་བཞི་ལ་བཟོད་པར་གསོལ༔ མངོན་སྤྱོད་ལས་ལས་གྲུབ་པའི་དབང་ཕྱུག་མ༔ དགེ་དང་མི་དགེ་གཉིས་ཀྱི་སྟངས་འཛིན་མ༔ མ་ཚོགས་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ མ་སྲིང་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ༔ ཏིང་ངེ་འཛིན་གྱི་ཉམས་པ་བཤགས་པ།་་་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོོར་དུ༔ ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང༔ ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པ༔ ཡོན་ཏན་འཛིན་པ་རྣམས་ལ་བཟོད་པར་གསོལ༔ ཐོག་མེད་ཀྱི་ཉམས་ཆག་བཤགས་པ།་་་བདག་གི་སྐྱེ་བ་ཐོག་མ་མ་མཆིས་ནས༔ ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ༔ མ་རིག་དབང་གིས་སྲིད་པའི་ཁམས་འཁོོར་ཞིང༔ ཅི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང༔ མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ༔ སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ༔ དངོས་སུ་བགྱིས་དང་བགྱིད་དུ་བསྩལ་པ་དང༔ དེ་ལ་རྗེས་སུ་ཡི་རང་བགྱིས་པ་རྣམས༔ བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ ཚངས་པ་བསྩལ་ནས་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ༔ བཤགས་པ་བཟོད་གསོལ་བྱ་བ་ནི༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་དབུས༔ དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར༔ གཽ་རཱི་ལ་སོགས་ནང་གི་ཁྲོ་མོ་བཞི༔ པུསྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ༔ སིང་ཧ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས༔ གྷྲྀ་ཌྷ་ལ་སོགས་མཚམས་ཀྱི་གཤོག་པ་ཅན༔ འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ སྒོ་བཞིར་འགུག་འཆིང་སྡོམ་དགྱེས་སྒོ་མ་བཞི༔ ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང༔ སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན༔ ཚོགས་དང་གཏོར་མས་གནས་སུ་མ་བསྐངས་པ༔ ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་བྱེ་བྲག་ཏུ་གསོལ་བ་ནི༔ ཨོཾ༔ དང་པོ་གསང་མཆོག་སྡོམ་པ་འདི་མནོས་ནས༔ འདའ་དཀའ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ༔ ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ གྷ་ནའི་སྦྱོར་མཆོད་རྟོག་འཛིན་བར་ཆད་ཀྱིས༔ ཀྲོ་དྷཱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཁྲོ་མོ་དབྱིངས་ཕྱུག་མ་ལ་བཟོད་པར་གསོལ༔ རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ༔ ཤ་ཟ་གཽ་རཱིའི་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་ཏེ༔ སིང་ཧ་ཕྲ་མེན་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ༔ རྟ་གདོང་སྒོ་མའི་ཐུགས་དང་ཅི་འགལ་བ༔ ཡེ་ཤེས་སྒོ་མ་བཞི་ལ་བཟོད་པར་གསོལ༔ འདའ་དཀའ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ༔ མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ༔ མཁའ་འགྲོ་བཅུ་གཅིག་སྐུ་ལ་བཟོད་པར་གསོལ༔ ལོངས་སྤྱོད་ཆུང་ནས་ཚོགས་ཀྱི་ཕུད་ཉམས་པ༔ ཕུད་ཉུལ་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ དབང་མོ་ཉི་ཤུ་བརྒྱད་ལ་བཟོད་པར་གསོལ༔ གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་བགྱིས༔ ཏི་རའི་གནས་ཉུལ་ཐུགས་དང་ཅི་འགལ་བ༔ གནས་ཉུལ་ཆེན་མོའི་སྐུ་ལ་བཟོད་པར་གསོལ༔ སྐུ་མྱེས་ཕ་མའི་ཚུལ་དུ་མ་གྱུར་ཏེ༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ༔ ཏིང་འཛིན་མ་བརྙེས་ཞི་ཁྲོ་མ་ཕྱེད་དེ༔ རྡོ་རྗེ་རྒྱལ་ཐེབས་ཐུགས་དང་ཅི་འགལ་བ༔ སྟོན་པ་སྒྲོན་མེའི་སྐུ་ལ་བཟོད་པར་གསོལ༔ ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་ཆད་དེ༔ ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ༔ ལས་ཀྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ༔ ཤེས་རབ་སྙེམས་མའི་ཐུགས་དང་ཅི་འགལ་བ༔ གསང་ཡུམ་རིག་མའི་སྐུ་ལ་བཟོད་པར་གསོལ༔ སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབ༔ སྐྱེས་བུ་གིང་ཆེན་ཐུགས་དང་ཅི་འགལ་བ༔ སྒྲོལ་གིང་བདག་པོའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཁྲོ་མོའི་ཐུགས་སུ་མ་གྱུར་ཏེ༔ འགུགས་འདྲེན་ཕོ་ཉའི་ཐུགས་དང་ཅི་འགལ་བ༔ མགྱོགས་བྱེད་ལས་མཛད་སྐུ་ལ་བཟོད་པར་གསོལ༔ ལེ་ལོའི་དབང་གིས་བརྩེ་གདུང་རྒྱུན་ཆད་དེ༔ བྱང་ཆུབ་མཆེད་ལྕམ་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་མིང་སྲིང་སྐུ་ལ་བཟོད་པར་གསོལ༔ བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས༔ ཕྱི་ནང་རྗེས་གཅོད་ཐུགས་དང་ཅི་འགལ་བ༔ དམ་ཚིག་བྱ་ར་བྱེད་ལ་བཟོད་པར་གསོལ༔ ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ༔ ཕྱི་འཁོར་བརྟན་མའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ༈ གཞན་ཡང་ཚོགས་མཆོད་ཀྱི་སྟོབ་པའི་རྗེས་སུ་རྩ་གསུམ་སྤྱི་སྐོང་དང་སྐོང་བཤགས་ཀྱི་རྒྱལ་པོ་ཐེག་དགུའི་སྤྱི་སྐོང་ཀློང་སྙིང་རྡོ་རྗེའི་ཐོལ་གླུ་སོགས་འདོན་སྒོམ་བྱས་ན་ཉམས་ཆག་སྐོང་བའི་ཐབས་ཟབ་པ་ལས་ཀྱང་ཡང་ཟབ་ཏུ་འགྱུར་ངེས་སྙམ་པས། ཞུ་དག་གི་སྲི་ཞུ་པ་པད་བཀོད་སྒམ་སྤྲུལ་འགྱུར་མེད་ཨོ་བརྒྱན་བསྟན་འཛིན་ཉི་མས་བྱས་པ་སྟེ། ཨོ་རྒྱན་རྡོ་རྗེ་འཆང་གི་གསུང་དྲི་མ་མེད་པ་འགྲོ་དོན་བྱིན་རླབས་ནམ་མཁའ་དང་མཉམ་པ་འདི་རྣམས། རང་ཅག་གི་བླ་མས་ཆོ་གའི་དཀྱུས་སུ་བཞག་པར་མ་མཛད་པ་ཙམ་རྒྱུ་མཚན་དུ་བྱས་ནས། འདི་ལྟར་མི་འོས་པར་སེམས་པ་རྣམས་ཀྱིས་ནི་མ་འདོན་པར་བཞག་པས་ཆོག་གོ་ཞུ། དམ་པའི་གསུང་ལ་ཟུར་རྒྱན་དུ་བསྡེབས་པ་ལས་དཀྱུས་སུ་རྫབ་པ་ནི་མེད་དོ།། །། ༄༅། །དྲི་མེད་བཤགས་རྒྱུད་བཀའ་གཏེར་ཁུངས་མ་ལས་ཉེར་བཏུས་ཕྱག་བྱང་བསྡུས་པ་ནི། ཨེ་མ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམ་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་བདུག་པ་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིགས་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀཿདཔལ་རྣམས་ལ་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པ་མཛད། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ཕུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དཀྱུས་སུ་ཡོད་པ་དེ་ནི། ཞེ་རྫོགས་ཀཿདཔལ་སོགས་མདོ་ཁམས་ཀུན་ཏུ་ཆོས་འདིའི་འགྲོ་དོན་ཆེ་བའི་འདོན་ཆོག་ཐམས་ཅད་ལ་ཡོད་ཀྱང་། གཏེར་གཞུང་དངོས་ནི་མིན་ངེས་ལ། བརྒྱུད་འཛིན་མཁས་གྲུབ་དམ་པས་མཛད་ཚོད་ཀྱིས་བྱིན་རླབས་ཡོད་ངེས་ཀྱང་ཁུངས་ཆེ་བ་བཤགས་རྒྱུད་ཅན་འདི་ཡང་བྱིན་རླབས་དང་གཉིས་ཀ་ཆེ་བའོ།། །།

ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བསྐུར་བའི་ཆོ་ག་བདེ་ཆེན་ཟབ་གསལ་ (Volume 24, Text 31)

༄༅། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བསྐུར་བའི་ཆོ་ག་བདེ་ཆེན་ཟབ་གསལ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཀུན་ཁྱབ་ཡེ་ཤེས་བཻཌཱུརྻ། །སྙིང་རྗེ་ཆེན་པོའི་ཚོན་གྱིས་ཁ་བསྒྱུར་བས། །བདེ་ཆེན་ཆགས་པའི་མདངས་ཀྱིས་ཁམས་གསུམ་པོའི། །འགྲོ་ལ་རྟག་འཁྱུད་འཕགས་མཆོག་སྤྱི་བོར་མཆོད། །གང་དེའི་སྒྲུབ་ཐབས་ཆེས་ཟབ་པ། །ཡང་གསང་བླ་མེད་དཀྱིལ་འཁོར་དུ། །སྐལ་བཟང་སློབ་མ་གཞུག་པའི་ཚུལ། །བཀླག་ཆོག་ཉིད་དུ་རྣམ་གསལ་དགོད། །དེའང་སྤྱི་མཐུན་དངོས་སྟ་ཕྱེ་ན་ཐོག་མར་མཆོད་གཏོར་བཤམས་ནས་བདག་བསྐྱེད་བཟླས་པ་སྟོང་ཚིགས་ཀྱི་བར་དུ་སོང་ནས་ལས་བུམ་ལ་རྟ་མགྲིན་བསྐྱེད་བཟླས་དང་། རྫས་བཞི་སོགས་འདུ་བྱ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད་སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་ལས་ཁྱད་པར། དེའང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས། མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གིས་བསྡུས་པ་མཐའ་དག་ལ་དུས་གསུམ་གྱི་རྣམ་འདྲེན་ཀུན་ལས་ཁྱད་པར་དུ་འཕགས་པའི་ཕྲིན་ལས་ཀྱིས་འཁོར་བ་དོང་ནས་སྤྲུགས་པར་མཛད་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ལ། རྒྱུད་ལུང་མན་ངག་སྒྲུབ་ཐབས་ཀྱི་བཀའ་སྲོལ་འཕགས་བོད་ཀུན་ཏུ་རབ་འབྱམས་རྒྱ་མཚོ་བྱོན་པ་རྣམས་ལས་འདིར་སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་སྡེ། འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐལ་པར་ཆེད་དུ་གདམས་ནས། དེ་ཉིད་ཀྱིས་ཕྱི་རབས་སྐྱེ་དགུའི་དོན་དུ་མདོ་སྨད་ཤིང་སྒོ་གངས་ཀྱི་ར་བར་མི་འཇིག་པའི་རྒྱས་བཏབ་སྟེ་མི་སྣང་བའི་གཏེར་དུ་སྦས་པ། སྙིགས་མའི་མཐར་ཐུག་གདུལ་བྱའི་ཞིང་མངོན་པར་སྣང་བའི་ཚེ་ལང་གྲོ་ལོ་ཙཱ་བ་ཆེན་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོ་པདྨ་གར་གྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ། འགྲོ་བ་མཆོག་དམན་བསམ་གྱིས་མི་ཁྱབ་པ་སྨིན་ཅིང་གྲོལ་བའི་ཆུ་རྒྱུན་ཆེན་པོ་ནུབ་མེད་དུ་བཙུགས་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སྟ་གོན་དང་དངོས་གཞི་གཉིས་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། །ཞེས་མཎྜལ་འབུལ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་འདེབས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་གསང་ཡེ་རྣམ་རོལ་པའི༔ སློབ་དཔོན་མཆོག་ཉིད་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་གཞུག་ཏུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་ཐུགས་རྗེ་ཆེན་པོ་རབ་འབྱམས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པ་བཟུང་བའི་བློས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་གསང་ཡེ་རྣམ་རོལ་པའི༔ སློབ་དཔོན་མཆོག་ཉིད་དགོངས་སུ་གསོལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་བགྱིས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་གྲོལ་བ་དང༔ དབུགས་མ་དབྱུང་བ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ་སོ་ཤིང་གཏད་ལ། ཚེམས་ཤིང་བྱིན་པ་འདི་ཡིས་སོ་རྩ་དྲུད་པའི་ཚུལ་བྱས་པས་ཚེ་རབས་ཀྱི་ལས་དང་རྣམ་པར་སྨིན་པའི་དྲི་མ་དང་ཁྱད་པར་ལུས་ཀྱི་དྲི་མ་བཀྲུས་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཧཱ་ས་ཧཱ། ཞེས་སོ་ཤིང་གི་ར་བར་འདོར་དུ་གཞུག །དུང་ཆུ་ཐོགས་ལ། བཾ། བཾ་ལས་བྱུང་བའི་ཆུས་ཁ་བཤལ་བས་ལས་དང་རྣམ་པར་སྨིན་པའི་དྲི་མ་སྦྱང་བར་མོས་ཤིག །བཾ་བརྗོད་ལ་དུང་ཆུ་སྦྱིན། སྲུང་སྐུད་དམར་པོ་ལ་རྩ་སྔགས་དང་ལས་སྔགས་བཏབ་ལ། རྡོ་རྗེའི་མདུད་པ་འདི་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་མཐའ་དག་དང་ཁྱད་པར་ཁམས་འཕོ་བའི་བར་ཆད་སྲུང་བར་བྱས་པར་མོས་ཤིག །ཀུན་རྫོབ་བྱང་ཆུབ་སེམས་ནི་མ་ཉམས་ཕྱིར༔ དོན་དམ་བྱང་སེམས་རྒྱས་པའི་ནུས་པ་ཡིས༔ སྟོང་ཉིད་མི་ཤིགས་རྡོ་རྗེས་བསྲུང་བའི་ཕྱིར༔ སྲུང་སྐུད་སྔགས་ཀྱི་རྒྱ་ཡིས་དབང་བསྐུར་རོ༔ ཨོཾ་བུདྡྷ་མཻ་ཏྲི་སརྦ་རཀྵ་རཀྵ༔ ཞེས་དཔུང་པར་བཅིང་། ཀུ་ཤའི་ཕོན་པོ་ཆེ་ཆུང་སྔས་དང་སྟན་གྱི་དོན་དུ་ཟུངས་ཤིག །སྔོན་ཚེ་སྟོན་པས་བྱང་ཆུབ་ཤིང་དྲུང་དུ༔ ཀུ་ཤའི་གདན་བཏིང་མངོན་པར་རྫོགས་སངས་རྒྱས༔ དེ་བཞིན་རིག་རྩལ་སད་ཅིང་བལྟམས་པ་ཡི༔ བྱང་ཆུབ་ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཏིགྣ་སིདྡྷི་ཧཱུྃ༔ ཞེས་ལག་གཡོན་དུ་སྦྱིན། དག་བྱེད་ཀུ་ཤའི་སྟན་ལ་དཀྱིལ་འཁོར་དུ་མགོ་ཕྱོགས་པས་ཉལ་ཏེ་རྨི་ལམ་གྱི་མཚན་མ་ཇི་ལྟར་འབྱུང་བ་བརྟག་པར་བྱ་དགོས་སོ། །ཞེས་དང་དགེ་བསྔོ་བྱས་ལ་སློབ་མ་གྱེས། ཚོགས་གཏོར་སོགས་ལས་བྱང་རྗེས་བསྡུ་བྱའོ། །གཉིས་པ་དབང་དངོས་གཞི་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་དཀྱིལ་འཁོར་རས་བྲིས་ཡོད་ན་བཀྲམ། མེད་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད། དེ་སྟེང་མཉྫི་ལ་རྣམ་བུམ་བཅུད་དང་ཁ་རྒྱན་མགུལ་ཆིངས་དམར་པོས་སྤྲས་པ་བཞག །རྒྱབ་ཏུ་དབང་གཏོར་རྒྱན་སྤྲོས་ཅན། གཡས་གཡོན་རྣམས་སུ་དབུ་རྒྱན་རྡོར་དྲིལ། ལྷ་ཙཀ་ཚང་མ། གསང་ཐོད་བདུད་རྩི། རིག་ཙཀ །མེ་ལོང་ཤེལ་རྡོ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམ། ལས་བུམ། གཏེར་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་གྲབས་སུ་ཚུད་པར་བྱའོ། །དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་ལ། བཟླས་པ་ཅི་འགྲུབ་བྱ། བདག་མདུན་བུམ་གསུམ་གཅིག་ཆོད་དུ་བསྒྲུབས་ཀྱང་ཆོག་ལ། བུམ་བཟླས་ལོགས་སུ་སྤྲོ་ན་སྤྱི་ལྟར་གསལ་བཏབ་བཟླས་པ་འོད་ཞུ། ལས་བུམ་རྟ་མགྲིན་བསྐྱེད་བཟླས། གཏེར་སྲུང་གཏོར་འབུལ་ཚོགས་མཆོད་བཅས་གྲུབ་ནས་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། དེ་ནས་སློབ་མ་སྟ་གོན་དུ་གནས་པ་རྣམས་ཁྲུས་ནས་དབྱུང་། ཞག་གིས་བར་ཆོད་ན་བགེགས་གཏོར་བཏང་ལ་མཚམས་བཅད་སྲུང་འཁོར་བྱ། སེམས་བསྐྱེད་གསལ་བཏབ། མཚམས་སྦྱོར་ཅི་ལྟར་འོས་པ་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས། བདེ་ཆེན་གསང་ཡེ་རྣམ་རོལ་པའི༔ སློབ་དཔོན་ཁྱེད་ཉིད་དགོངས་སུ་གསོལ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ འཇུག་པའི་ལམ་བཟང་བསྟན་དུ་གསོལ༔ ལན་གསུམ། ཧོ༔ དུས་གསུམ་དྲི་མ་ཅི་མཆིས་པ༔ འཕྲད་ཆོག་རང་གྲོལ་མཉམ་པ་ཉིད༔ མངོན་དུ་གྱུར་པ་ཟབ་མོའི་ལམ༔ ཡང་གསང་བླ་མེད་དལ་དུ་འཇུག༔ ཅེས་གནང་བ་སྦྱིན། དེ་ལ་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པ་རྩ་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་ལ་རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ མ་གྱུར་འགྲོ་བ་མ་ལུས་ཀུན༔ ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་འགྲོ་བ་མཐའ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར༔ ཐུགས་རྗེ་ཆེན་པོ་བསྒོམ་པར་བྱ༔ ལན་གསུམ། སྔོན་ཆད་མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་མིག་ལྡོངས་པ་མཚོན་ཕྱིར་དར་ཡུག་དམར་པོས་གདོང་བཀབ་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་རས་སྦྱིན། དཀྱིལ་འཁོར་བ་དང་མཇལ་བའི་ཕྱག་རྟེན་དབང་གི་ཅོད་པན་དམར་པོ་རིགས་ཀྱི་རྟགས་སུ་བྱིན་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་ཐལ་སྦྱར་བར་དུ་སྦྱིན། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་སློབ་མ་རྣམས་སྐད་ཅིག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུ་ཞི་འཛུམ་མཛེས་པ་མཚན་དཔེ་ཡོངས་སུ་རྫོགས་པའི་ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ཡེ་ཤེས་ཀྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དང་མཉམ་པར་སྦྱོར་བ། སྣང་སྟོང་ཆུ་ཟླ་ལྟ་བུའི་སྐུ་ལ་ཞི་བའི་ཆས་རྒྱན་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་བྱིན་གྱི་བརླབས་པར་མོས་མཛོད། སྤོས་དབྱངས་ཌཱ་དྲིལ་བཅས། ཧྲཱི༔ རྒྱལ་བ་རྣམས་ཀྱི་རང་བཞིན་སྤྱན་རས་གཟིགས༔ བདེ་གཤེགས་ཀུན་གྱི་ལས་བྱེད་ཐུགས་རྗེ་ཆེ༔ སྣང་མཐའ་ཚད་མེད་ཐུགས་རྗེས་སྐུར་བཞེངས་པའི༔ འཕགས་མཆོག་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་བརྗོད། ཏིཥྛ་བཛྲས་རྡོ་རྗེ་མགོར་བཞག་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས། བདག་ཅག་རིག་པའི་མེ་ཏོག་ནི༔ ཐོག་མའི་ཡི་དམ་ལྷ་ལ་འབུལ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་དོར་བ་དེ་ཉིད་བླངས་ལ་སྤྱི་བོར་བཞག་སྟེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །མིག་དབྱེ་བར་གསོལ་བ་འདིའི་རྗེས་ཟློས། བདག་ཅག་སྔོན་གྱི་སྒྲིབ་པའི་གེགས༔ ལིང་ཐོག་ལྟ་བུ་བསལ་དུ་གསོལ༔ ཞེས་ཞུས་པས་སློབ་དཔོན་གྱིས། ཨོཾ་ཙཀྵུཿས་མནྟ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་མ་རིག་པའི་སྒྲིབ་བྱེད་བསལ་བས་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ཤིག །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟགས་ཀྱིས་མཚོན་པའི་རས་བྲིས་ཀྱི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་པ་སྟེ། ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་རང་བྱུང་ཡེ་ཤེས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གདོད་ནས་བཞུགས་པར་ངོ་ཤེས་པར་གྱིས་ཤིག །དེ་དག་གིས་འཇུག་པའི་ཆོས་རྣམས་སོང་ནས། དབང་བསྐུར་དངོས་ལ་ཐོག་མར་བུམ་དབང་མཐའ་རྟེན་དང་བཅས་པ་བསྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན༔ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ༔ ལས་དབང་དག་པ་ཁྲོ་བོ་ཁྲོ་མོའི་ཚོགས༔ གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ལ་གསོལ་གདབ་ནི། ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་བསྩལ་པ་ལྟར༔ མཆོད་པ་ཆེན་པོ་བརྡ་ཡི་དབང༔ རྡོ་རྗེ་སློབ་མ་འདི་ལ་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས༔ དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་བསྐུར༔ སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་དབང་གི་བྱ་བ་མཛད་པར་གྱུར༔ བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས༔ ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག༔ མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ༔ དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར། སློབ་མ་རྡོ་རྗེ་མི་བསྐྱོད་པར་གནས་གྱུར་པའི་སྤྱི་མགྲིན་སྙིང་ག་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་མཚན་པར་བསྒོམ། དབང་རྫས་བུམ་པའི་ཆུ་ཡང་མི་བསྐྱོད་པ་དེ་བཞིན་གསལ་བས་གཏོར་བླུགས་ཀྱི་ཆོ་ག་བྱིན་པར་མོས་ཤིག །བུམ་པ་མགོར་བཞག་བུམ་ཆུ་སྦྱིན་ལ། ཧཱུྃ༔ རྣམ་ཤེས་ཕུང་པོ་ནམ་མཁའི་ཁམས༔ ཞེ་སྡང་འཇོམས་མཛད་བཅོམ་ལྡན་འདས༔ ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པའི༔ བཀྲ་ཤིས་བུམ་པས་དབང་བསྐུར་རོ༔ ཨོཾ་བཛྲ་དྷྲྀཀ྄་མཱུཾ་དྷཱ་ཏུ་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་། ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་མཆོག་གི་ཐུགས་རྣམ་པར་མི་རྟོག་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག །སློབ་མ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར་པའི་སོགས་གོང་ལྟར་ལ། མཚན་པར་བསྒོམ། དབང་རྫས་དབུ་རྒྱན་ཡང་རིན་ཆེན་འབྱུང་ལྡན་དེ་བཞིན་གསལ་བས་དབང་བསྐུར་བར་མོས་ཤིག །དབུ་རྒྱན་མགོར་བཞག་ལ། ཧཱུྃ༔ ཚོར་བའི་ཕུང་པོ་མཉེན་པའི་ཁམས༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་འདས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང༔ དབུ་རྒྱན་རིགས་ལྔས་དབང་བསྐུར་རོ༔ སྭཱ་རཏྣ་དྷྲིཀ྄་མཱཾ་མོ་ཧ་རཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཆེན་པོ་ལྔས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག །སློབ་མ་སྣང་བ་མཐའ་ཡས་སུ་གནས་གྱུར་པའི་སོགས་དང་། དབང་རྫས་རྡོ་རྗེའང་སྣང་བ་མཐའ་ཡས་དེ་བཞིན་སོགས། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ འདུ་ཤེས་ཕུང་པོ་དྲོ་བའི་ཁམས༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་འདས༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་རོ༔ ཨཱཾཿཨ་རོ་ལིཀ྄་པཱཾ་རཱ་ག་རཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། མེ་ཡི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་རྣམ་པ་ཐམས་ཅད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག །སློབ་མ་དོན་ཡོད་གྲུབ་པར་གནས་གྱུར་པའི་སོགས། དབང་རྫས་དྲིལ་བུའང་དོན་ཡོད་གྲུབ་པ་དེ་བཞིན་སོགས། དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ འདུ་བྱེད་ཕུང་པོ་སྐྱོད་པའི་ཁམས༔ ཕྲག་དོག་འཇོམས་མཛད་བཅོམ་ལྡན་འདས༔ བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ༔ ཤེས་རབ་དྲིལ་བུས་དབང་བསྐུར་རོ༔ ཧཱ་པྲ་ཛྙཱ་དྷྲྀཀ྄་ཏཱཾ་བཛྲ་རཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུས་དབང་བསྐུར་བས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་། རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག །སློབ་མ་རྣམ་པར་སྣང་མཛད་དུ་གནས་གྱུར་པའི་སོགས། དབང་རྫས་རྡོར་དྲིལ་ཡང་རྣམ་པར་སྣང་མཛད་དེ་བཞིན་སོགས། རྡོར་དྲིལ་མགོ་ཐོག་འཁྲོལ་ལ། ཧཱུྃ༔ མིང་གཟུགས་ཕུང་པོ་སྲ་བའི་ཁམས༔ གཏི་མུག་འཇོམས་མཛད་བཅོམ་ལྡན་འདས༔ མེ་ལོང་ཡེ་ཤེས་དེ་བཞིན་གཤེགས༔ རྡོ་རྗེ་མིང་གིས་དབང་བསྐུར་རོ༔ ཨོཾ་ཛི་ན་ཛིཀ྄་ལཱཾ་དྭེ་ཥ་རཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གིས་དབང་བསྐུར་བས་གཟུགས་ཀྱི་ཕུང་པོར་འཛིན་པའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། མིང་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། སའི་ཁམས་སངས་རྒྱས་སྤྱན་མར་སངས་རྒྱས། གཏི་མུག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ། སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་ལྟ་བུའི་སྐུས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག །དེས་ནི་སྔགས་ཕྱི་པའི་བུམ་དབང་འཁོར་བཅས་ཞར་བྱུང་དུ་རྫོགས་པ་ཡིན་ནོ།། སློབ་མ་ཐུགས་རྗེ་ཆེན་པོར་གསལ་བ་ལ་རྣམ་རྒྱལ་བུམ་པ་ལྷའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གྱུར་པར་མོས་ཤིག །སླར་ཡང་རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱེར་མེད་པའི༔ ཡེ་ཤེས་བཅུད་ཀྱི་བདུད་རྩི་འདིས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕུང་པོ་སྤྲུལ་སྐུར་རང་གྲོལ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིག་བདག་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་མོས་ཤིག །དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལ་ཐིམ་པས་རྟོག་ཚོགས་ལྷ་སྐུ་སྣང་སྟོང་ཕྱག་རྒྱའི་རོལ་པར་ཤར་བར་མོས་ཤིག །གཙོ་འཁོར་རྣམས་ཀྱི་སྐུ་རིམ་པར་མགོར་བཞག་ལ། ཧྲཱི༔ ཕུང་པོ་ལྷ་ཡི་རང་བཞིན་དུ༔ བསྐྱེད་པའི་རིམ་པ་ཏིང་ངེ་འཛིན༔ སྤྲུལ་པ་སྒྱུ་མ་ལྷུན་གྲུབ་ཀྱིས༔ ཐུགས་རྗེ་ཆེན་པོར་རང་གྲོལ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཕུང་པོ་ཐུགས་རྗེ་ཆེན་པོའི་སྐུར༔ འབྱུང་བ་གསང་བའི་ཡེ་ཤེས་དབང༔ དབྱེར་མེད་རང་གྲོལ་བདེ་བ་ཆེ༔ ལྷུན་མཉམ་རྟོགས་པའི་དབང་ཐོབ་ཤོག༔ རྩ་སྔགས། དྷུ་མ་གྷ་ཡེ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ རྡོར་སེམས་ཡབ་ཡུམ་དབང་བསྐུར་པས༔ བུ་ཁྱོད་ཞེ་སྡང་གནས་དག་ནས༔ མེ་ལོང་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ རྣམ་པར་སྣང་མཛད་དེ་བཞིན་གཤེགས༔ སངས་རྒྱས་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་པས༔ བུ་ཁྱོད་གཏི་མུག་གནས་དག་ནས༔ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས༔ རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཡོན་ཏན་རྒྱ་མཚོའི་དབང་ཐོབ་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིན་འབྱུང་ཡབ་ཡུམ་དབང་བསྐུར་པས༔ ཉོན་མོངས་ང་རྒྱལ་གནས་དག་ནས༔ མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ སྣང་བ་མཐའ་ཡས་དེ་བཞིན་གཤེགས༔ པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ གསུང་རབ་རྒྱ་མཚོའི་དབང་ཐོབ་ཤོག༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྣང་བ་མཐའ་ཡས་དབང་བསྐུར་པས༔ ཉོན་མོངས་འདོད་ཆགས་གནས་དག་ནས༔ སོར་རྟོག་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ དོན་ཡོད་གྲུབ་པ་དེ་བཞིན་གཤེགས༔ ལས་ཀྱི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཕྲིན་ལས་རྒྱ་མཚོའི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་པས༔ ཉོན་མོངས་ཕྲག་དོག་གནས་དག་ནས༔ ནན་ཏན་ཡེ་ཤེས་དོན་རྟོགས་ཤོག༔ ཐུབ་དྲུག་སྐུ་གཏད་ལ། ཧཱུྃ༔ ཉོན་མོངས་ང་རྒྱལ་དག་བྱེད་པའི༔ ལྷ་དབང་བརྒྱ་བྱིན་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲིཾ་ནྲྀ་ཏྲི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་དག་བྱེད་པའི༔ ཐགས་བཟང་རིས་ཀྱིས་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ སྔགས་སྔར་ལྟར། ཨཱ༔ ཉོན་མོངས་འདོད་ཆགས་དག་བྱེད་པའི༔ ཤཱཀྱ་ཐུབ་པས་དབང་བསྐུར་བས༔ མི་ཡི་སྐྱེ་སྒོ་ཆོད་པར་ཤོག༔ སྔགས་གོང་ལྟར། ཧཱུྃ༔ ཉོན་མོངས་གཏི་མུག་དག་བྱེད་པའི༔ སེང་གེ་རབ་བརྟན་དབང་བསྐུར་བས༔ བྱོལ་སོང་སྐྱེ་སྒོ་ཆོད་པར་ཤོག༔ སྔགས་གོང་ལྟར། ཧཱུྃ༔ ཉོན་མོངས་སེར་སྣ་དག་བྱེད་པའི༔ ཁ་འབར་རྒྱལ་པོས་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ སྔགས་གོང་ལྟར། ཧཱུྃ༔ ཉོན་མོངས་ཞེ་སྡང་དག་བྱེད་པའི༔ ཆོས་ཀྱི་རྒྱལ་པོས་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ སྔགས་གོང་ལྟར། སངས་རྒྱས་སྟོང་རྩའི་དབང་ལ་གཙོ་བོ་རབས་བདུན་བྲིས་པ་གཏད། ཧཱུྃ༔ ངོ་མཚར་མཛད་པ་རྨད་བྱུང་ཞིང༔ སྨོན་ལམ་མཐའ་ཡས་དགོངས་པ་རྫོགས༔ ས་ལམ་མ་ལུས་ཡོངས་རྫོགས་ནས༔ གང་འདུལ་འགྲོ་བ་འདྲེན་པའི་ཕྱིར༔ སངས་རྒྱས་སྟོང་གི་དབང་ཡང་བསྐུར༔ མཛད་པ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་བུདྡྷ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྒོ་བཞི་ནི། ཧཱུྃ༔ ཤར་གྱི་སྒོ་བ་རྣམ་པར་རྒྱལ༔ སྙིང་རྗེའི་ལྕགས་ཀྱུས་འདྲེན་མཛད་པའི༔ ཤར་གྱི་སྒོ་བའི་དབང་ཐོབ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷོ་ཡི་སྒོ་བ་གཤིན་རྗེ་གཤེད༔ བྱམས་པའི་ཞགས་པས་འཆིང་མཛད་པའི༔ ལྷོ་ཡི་སྒོ་བའི་དབང་ཐོབ་ཤོག༔ བཛྲ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནུབ་ཀྱི་སྒོ་བ་རྟ་མཆོག་དཔལ༔ དགའ་བའི་ལྕགས་སྒྲོག་སྡོམ་མཛད་པའི༔ ནུབ་ཀྱི་སྒོ་བའི་དབང་ཐོབ་ཤོག༔ བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་གི་སྒོ་བ་བདུད་རྩི་འཁྱིལ༔ བཏང་སྙོམས་དྲིལ་བུས་འབེབ་མཛད་པའི༔ བྱང་གི་སྒོ་བའི་དབང་ཐོབ་ཤོག༔ བཛྲ་གྷཎྜེ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་གསུམ་དག གཟུགས་སུ་རྣམ་པར་རྟོག་པ་དང་རྩ་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་པར་སྨིན་པའི་རིག་འཛིན་འགྲུབ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བདེ་སྐྱོང་གི་བདུད་རྩི་དང་མཉམ་པར་སྦྱར་བ་ངག་ཏུ་བྱིན་པའི་མོས་པ་མཛོད། བྷནྡྷའི་བདུད་རྩི་སྦྱིན་ལ། ཧྲཱི༔ གསང་བ་ཡེ་ཤེས་མཁའ་དང་ཀློང༔ རང་བྱུང་ཡེ་ཤེས་པདྨའི་སྣོད༔ ཆོས་ཀྱི་འབྱུང་གནས་ལེགས་འོངས་པའི༔ གསང་དབང་ལོངས་སྐུར་རང་གྲོལ་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གདན་གསུམ་ཚང་བའི་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་རྣམ་པ་བཞི་དག །སྒྲ་ཚིག་རང་མཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས། གསུང་རྡོ་རྗེའི་བྱིན་རླབས་ཞུགས། བཟླས་བརྗོད་དང་རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་ལ་དབང་བའི་རིག་འཛིན་འགྲུབ། མ་ཆགས་པདྨ་ཅན་གྱི་ས་ནོན། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཤེར་དབང་གི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་གསང་བ་ཡེ་ཤེས་ཀྱི་ངོ་བོ་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་སྤྲོས་པ་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བ་དང་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧྲཱི༔ ཤེས་རབ་དགའ་བའི་ཡེ་ཤེས་བཅུད༔ རེག་ཚད་རྣམ་པར་གྲོལ་བའི་བཅུད༔ བདེ་བ་ཆེན་པོ་ཟག་མེད་ཀྱིས༔ རང་གྲོལ་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཀྱི་དབང་ཐོབ། ཡིད་ཀྱི་ལས་གསུམ་དག །ཡིད་དང་ཆོས་སུ་རྟོག་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་སྦྱངས། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དབང་བཞི་པ་ནི། མེ་ལོང་དྲི་མ་མེད་པ་དང་རང་བྱུང་དྭངས་ཤེལ་གྱི་བརྡས་མཚོན་ཏེ། དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་རང་མདངས། རིག་རྩལ་འོད་གསལ་ལྷུན་གྲུབ་ཟུང་འབྲེལ་གྱི་དགོངས་པར་རྟག་ཏུ་མཉམ་པར་འཇོག་འཚལ། ཤེལ་རྡོ་མེ་ལོང་གཏད་ལ། ཧྲཱི༔ སེམས་ཉིད་སྐྱེ་བ་མེད་པ་ལ༔ མ་འགགས་རང་གྲོལ་ཡེངས་མེད་ཀྱི༔ རྩོལ་བྲལ་བློ་འདས་ཀ་དག་གི༔ རང་གྲོལ་བདེ་བ་ཆེན་པོར་སྤྱོད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ༔ དེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དབང་ཐོབ། དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང་། ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །མཐོང་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། དྲག་ཤུལ་གྱི་ལས་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །མཐའ་རྟེན་གཏོར་དབང་གི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། གཏོར་སྣོད་པདྨ་དབང་གི་ཕོ་བྲང་དུ་གཏོར་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ལས་ཕྱག་རྒྱ་འོད་ཟེར་བདུད་རྩིའི་རྒྱུན་བར་མ་ཆད་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་ཐོབ་པར་མོས་ཤིག །དཔལ་གཏོར་མགོར་བཞག་ལ། ཧྲཱི༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྒྲུབ་པའི་རྟེན༔ དམ་རྫས་བ་ལིཾ་ཏ་ཡིས་དབང་བསྐུར་བས༔ སྐུ་གསུང་ཐུགས་དང་ཡོན་ཏན་རབ་རྫོགས་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག༔ རྩ་སྔགས། ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྤྲོ་ན་མཐའ་རྟེན་རྫས་རྟགས་རྒྱལ་སྲིད་ཀྱི་དབང་བྱ། ཤིས་པ་བརྗོད། དེ་དག་གིས་པདྨ་མདོ་སྔགས་གླིང་པའི་ཟབ་གཏེར་ལས་བྱོན་པ་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བསྐུར་རྒྱས་པ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མན་སྤྱི་འགྲེ་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་གཏོར་སྐྱོང་ནས། བསྔོ་སྨོན་ཤིས་བརྗོད་ཡན་གྱིས་ཕྲིན་ལས་མཐར་དབྱུང་ངོ་། །བདག་སོགས་འགྲོ་ཀུན་འཕགས་མཆོག་ཐུགས་རྗེ་ཆེའི། །བྱིན་རླབས་ཡེ་ཤེས་ཆེན་པོས་རྒྱུད་དགྲོལ་ནས། །འདོད་པའི་ཞིང་གྱུར་རྣམ་དག་བདེ་བ་ཅན། །ཡོངས་སུ་བཟུང་ནས་ཁམས་གསུམ་སྒྲོལ་བྱེད་ཤོག །ཅེས་པའང་རྒྱལ་དབང་པདྨའི་རིག་སྔགས་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

ཡི་དམ་རྩ་གསུམ་དྲིལ་སྒྲུབ་ (Volume 4, Text 31)

<!TCC Tibetan character 3,182 undefined in unicode!>༔ ཡི་དམ་རྩ་གསུམ་དྲིལ་སྒྲུབ་བཞུགས་སོ༔ རྒྱ་གར་སྐད་དུ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི༔ བོད་སྐད་དུ༔ བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་ལས་ཅན་དོན་དུ་ནི༔ རྩ་བ་གསུམ་གྱི་སྒྲུབ་ཐབས་བསྟན༔ འདི་ལ་སྤྱི་དོན་རྣམ་པ་གསུམ༔ སྦྱོར་བ་དངོས་གཞི་མཇུག་གསུམ་མོ༔ སྦྱོར་བ་གསུམ་ལ་སྐྱབས་འགྲོ་དང༔ སེམས་བསྐྱེད་གསོལ་བ་གདབ་པ་འོ༔ སྐྱབས་འགྲོ་སྒོ་གསུམ་ཡིད་དད་པས༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ རྩ་བ་གསུམ་པོ་བསྒྲུབས་ནས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅ་འོ༔ གསོལ་འདེབས་སྒོ་གསུམ་ཡིད་དད་པས༔ རང་གི་སྤྱི་བོར་རྟ་མགྲིན་དང༔ དེ་ཡི་སྤྱི་བོར་བླ་མ་དང༔ ཕྱོགས་བཞིར་པདྨ་འདབ་བཞི་ལ༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་བསྐྱེད༔ མོས་གུས་ཆེར་བསྐྱེད་མཆི་མ་དབྱུང༔ ཧཱུྃ་ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་གཞན་གུས་པས་གསོལ་བ་འདེབས༔ མཆོག་དང་ཐུན་མོང་དངོས་གྲུབ་ཞུ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཧཱུྃ་ཨཱ༔ དངོས་གཞི་ལ་གསུམ་སྟེ༔ བསྐྱེད་རིམ་དང༔ སྔགས་བཟླས༔ རྫོགས་པའི་རིམ་པའོ༔ དང་པོ་ཆོས་རྣམས་དམིགས་མེད་ལས༔ པདྨ་ཉི་མའི་གདན་སྟེང་དུ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྱག་གཡས་དབང་སྡུད་གྲི་གུག་བསྣམས༔ ཕྱག་གཡོན་ཐོད་ཁྲག་བདུད་རྩི་གསོལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་པས་རྡོ་རྗེ་ཕག་མོར་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ཁ་ངུར་སྒྲ་སྒྲོག༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང༔ པདྨ་གེ་སར་སྙིང་པོ་ལ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་སུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་མཛེས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཕང་གཡོན་དུ་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པ་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ སྐུ་མདོག་དཀར་པོ་འཛུམ་མདངས་ཅན༔ གཅེར་བུ་འོད་དང་ལྡན་པར་བསམ༔ བདག་ཉིད་རྟ་མགྲིན་དུ་གསལ་བའི་ཀླད་པ་དུང་ཁང་དུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ མགྲིན་པར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར༔ སྙིང་གར་བུདྡྷ་ཡབ་ཡུམ་མཐིང༔ ལྟེ་བར་པདྨ་ཡབ་ཡུམ་དམར༔ གསང་བར་ལས་ཀྱི་ཌཱ་ཀི་ཡབ་ཡུམ་ལྗང་་་འཁོར་ལོ་ལྔར་རྩ་འདབ་བཞི་བཞིར་གཙོ་འཁོར་ལྔ་ལྔ་བསྐྱེད༔ སྐུ་མདོག་རིགས་ལ་ཕྱག་མཚན་་་དང་པོ་དང་མཐུན་པར་གཡས་གྲི་གུག་གཡོན་དུང་དམར་་རྩ༔ སོ་སོའི་ཐུགས་ཀར་རང་སྲོག་་་ཐུགས་ཀར་ཧྲཱིཿམ། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གཉིས་ར་ཧ། རིན་ཆེན་མཁའ་འགྲོ་ཡབ་ཡུམ་ཙ་རི་སོགས་་་མཚན༔ དེ་ལས་འོད་འཕྲོས་འཇིག་རྟེན་ཁམས༔ རྩ་གསུམ་གཞལ་ཡས་ཁང་དུ་བསྐྱེད༔ བཅུད་ཀྱི་སེམས་ཅན་ཐམས་ཅད་ཀུན༔ རྩ་བ་གསུམ་་་བླ་མ་ཡི་དམ་མཁའ་འགྲོ་་་དུ་བསྐྱེད་བྱས་ལ༔ སྔགས་བཟླས་པ་ཡི་རིམ་པ་ནི༔ སྙིང་པོ་འདི་ལ་འབད་དེ་བཟླ༔ ཨོཾ་ཨཱཿཧཱུྃ་་་སྐུ་གསུང་ཐུགས༔ བཛྲ་་རྡོ་རྗེ་གུ་རུ་་བླ་མ་པདྨ་་མཚན་ཐོད་ཕྲེང་རྩལ་་གསང་མཚན༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་་དཔའ་བོ་གིང༔ ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ་་སྙིང་ནས་དྲངས་ཤིངའགུགས༔ སིདྡྷི་ཕ་ལ་ཧཱུྃ་ཨཱ་་་དངོས་གྲུབ་སྩོལ༔ གྲངས་བསྙེན་འབུམ་དུ་བཟླ་བར་བྱ༔ རྩ་གསུམ་འཁོར་ལོ་ལྔ་་་ཐམས་ཅད་སྔགས་སྒྲ་འུ་རུ་རུ༔ མཚན་བཟང་བྱུང་ན་་ཆོས་བཤད། དབང་བསྐུར། སེམས་ངོ་སྤྲོད་པ་་་གཞན་དོན་ནུས༔ དེ་ནས་རྫོགས་པའི་རིམ་པ་ནི༔ དེ་ལྟར་གསལ་བའི་དཀྱིལ་འཁོར་ལྷ༔ དུ་མར་སྣང་ཡང་ངང་དུ་གཅིག༔ རང་ཉིད་རང་ལ་རང་ཉིད་ལྷ༔ རང་དང་ལྷན་ཅིག་སྐྱེས་པ་ལ༔ དམ་ཚིག་ཡེ་ཤེས་གཉིས་མེད་པས༔ སྤྱན་དྲངས་བཞུགས་གསོལ་འདིར་མི་དགོས༔ སེམས་ཉིད་་་་རང་ལས་བྱུང་ཞིང་རང་དབང་བསྐུར༔ གདོད་མ་ནས་་་་རང་སེམས་བླ་མ་་་ཡི་དམ་་་ལྷ་རུ་གནས༔ དབང་དང་རབ་གནས་བྱ་མི་དགོས༔ འདོད་པའི་ཡོན་ཏན་མང་པོ་ཡང༔ སེམས་ཀྱི་་་རང་སྣང་ཡེ་ཤེས་རོལ་པའི་རྒྱན་་དུ་ཤར༔ རང་ལས་སྤྲུལ་ཅིང་རང་མཆོད་པས༔ མཆོད་པ་གཞན་གྱིས་བསྐང་མི་འཚལ༔ སྣང་སྲིད་གཞལ་ཡས་བླ་མ་ལྷ༔ དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ༔ དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་གནས༔ འཛིན་པས་མ་བཅིངས་་་་མ་བཅོས་པའི་ངང་ལ་་་་གསལ་བར་བསྒོམ༔ རྗེས་ལ་ཉམས་ཆག་བསྐང་བ་དང༔ སྨོན་ལམ་གདབ་ཅིང་དགེ་བ་བསྔོ༔ དང་པོ་སྤྱི་གཙུག་པད་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་རྒྱུན་་་ཚང་བུག་ནས་མར་་་བབས་པས༔ བདག་གི་ཉམས་ཆག་སྡིག་དག་པར༔ བསམ་ཞིང་ཡི་གེ་བརྒྱ་་་པར་སཏྭའི་ཤུལ་དུ་གུ་རུ་གཞུག་་་པ་བཟླས༔ ཉམས་ཆག་ཐམས་ཅད་བསྐང་བར་འགྱུར༔ དེ་རྗེས་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་དྲན་མེད་བཞག༔ ཉམས་ཆག་རང་གི་ངོ་བོ་སྟོང༔ ཀ་དག་ཡོན་ཏན་ངང་གིས་རྫོགས༔ གཉིས་པ་སྨོན་ལམ་གདབ་པ་ནི༔ ཨེ་མ་ཧོཿ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་སྔོན་ནས་ད་ལྟའི་བར༔ ལུས་ངག་ཡིད་གསུམ་དགེ་སྤྱད་པ༔ རྩ་གསུམ་འདུས་པའི་ཕྲིན་ལས་ཀྱིས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གསུམ་པ་གཞན་དོན་བསྔོ་བ་ནི༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང༔ བླ་མའི་ཐུགས་དགོངས་རྫོགས་བྱས་ནས༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ བླ་མ་མཆོག་གིས་བཟུང་ནས་ཀྱང༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ་བསྔོ་བ་ཐེབས་པར་གདབ༔ བསྔོ་བྱ་སྔོ་བྱེད་བསྔོ་རྒྱུ་སྟེ༔ འཁོར་གསུམ་དམིགས་མེད་ངང་ལ་བཞག༔ བླ་མ་ཡི་དམ་མཁའ་འགྲོའི་ལམ༔ རྩ་བ་གསུམ་གྱི་དྲིལ་སྒྲུབ་འདི༔ ཨོ་རྒྱན།ཀཔདྨ་འབྱུང་གནས་ཀྱིས༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ འདི་ཡིས་འགྲུབ་ཀྱི་གཏེར་དུ་སྦོས༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ བྱར་ཕུག་རྡོ་རྗེའི་བྲག་ལ་གཏམས༔ དུས་མཐར་གཏེར་བདག་བརླ་སྨེ་ཅན༔ བདེན་བྲལ་ཕྱོགས་སུ་གདན་འདྲེན་འགྱུར༔ རྩ་གསུམ་དྲིལ་སྒྲུབ་མན་ངག་རྫོགས་སོ༔ གུ་ཧྱཿ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་གདན་དྲངས་པའོ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། བླ་མ་འཕགས་པ་བཀའ་སྲུང་དང་བཅས་པའི་ཡོངས་རྫོགས་གཏད་རྒྱའི་དབང་ཆོག་ (Volume 23, Text 31)

ཧྃ༔ ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། བླ་མ་འཕགས་པ་བཀའ་སྲུང་དང་བཅས་པའི་ཡོངས་རྫོགས་གཏད་རྒྱའི་དབང་ཆོག་བཞུགས་སོ། ། ན་མོ་གུ་རུ་བཻ། ནམ་མཁའ་དང་མཉམ་ཕྲིན་ལས་ཀྱིས། །འགྲོ་སྐྱོབ་ཐུགས་རྗེའི་རྒྱལ་པོ་ལ། །གུས་བཏུད་ཡོངས་རྫོགས་གཏད་རྒྱའི་དབང་། །སྨིན་བྱེད་ཆ་ལག་ཚང་ཕྱིར་དགོད། །ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་སྨིན་གྲོལ་ཡོངས་སུ་རྫོགས་ཤིང་གཞན་ཕན་འགྲོ་དོན་ནུས་པ་ལ་ཡོངས་རྫོགས་གཏད་རྒྱའི་དབང་བསྐུར་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། དབེན་པའི་གནས་སུ་ཡར་ཚེས་བཟང་པོར་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུའི་སྟེང་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དཀར་དམར། འདབ་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན༑ སྒོ་རྫོགས་ཕྱིན་ཆད་ཞི་བའི་དཀྱིལ་འཁོར་སྤྱི་མཐུན་བྲིས་པའི་དབུས་སུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན་གཟུངས་རྡོར་བཅས་པ་བཞག །ཁ་རྒྱན་གསེབ་ཏུ་བླ་མ་དང་འཕགས་པ་གཙོ་འཁོར་ཡོངས་རྫོགས་ཙཀླིའམ། གཙོ་བོ་གཉིས་ཀྱི་སྐུ་བཞུགས། དེའི་གཡས་སུ་བླ་མའི་གཏོར་མ་རིན་ཆེན་ཟུར་དྲུག །འཕགས་པའི་གཏོར་མ་པད་ཕྲེང་བུམ་པའི་དབྱིབས་ཅན་གཉིས། གཡོན་དུ་བྷནྡྷ་ཆང་དང་ཆོས་སྨན་མྱོང་གྲོལ་དམ་རྫས་སྦྱར་བའི་ཁར། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བར་ཧྲཱིཿམ། མཐར་རྩ་སྔགས་དང་ཨཱ་ལི་ཀཱ་ལིས་བསྐོར་བ་བྲིས་པས་བཀབ་ལ་དར་དམར་གྱིས་གཡོགས་པའི་སྟེང་མན་ཤེལ་ཟུར་དྲུག་པ་བཞག །རྒྱབ་ཏུ་དཔལ་མགོན་གཏོར་མ་དཔལ་གཏོར་བཤོས་བུ་བརྒྱད་ཀྱིས་བསྐོར་བ་ལ་སྐུ་ཙཀ་བཙུགས་པ་དང་། བཀའ་སྲུང་བྱེ་བྲག་པ་བདུན་གྱི་གཏོར་མ་སྣོད་གཅིག་ཏུ་བཞག །མདུན་དུ་སྒྲུབ་དཔེ་ཕྲེང་བ་རྡོ་རྗེ་དྲིལ་བུ་རྣམས་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་བཞག །ཕྱི་ནང་མཆོད་པ་སྤྱི་ལྟར་བཤམ། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། དེ་ནས་བླ་མ་པདྨ་བཛྲ། ཡི་དམ་འཕགས་པའི་ལས་བྱང་གི་གཞུང་བསྲང་ལ་བསྙེན་བཟླས་ཅི་འགྲུབ་བྱ། བུམ་པར་བླ་མ་དང་འཕགས་པའི་ལྷ་ཚོགས་སྐད་ཅིག་གིས་གསལ་བཏབ་ལ་བཟླས་པ་འོད་ཞུ་བྱ། དཔལ་མགོན་དང་བཀའ་སྲུང་གི་གཏོར་མ་སོ་སོའི་མངོན་རྟོགས་ལྟར་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་བཟླས་པས་ཐུགས་རྒྱུད་བསྐུལ། ལས་བུམ་དུ་རྡོ་རྗེ་རྣམ་འཇོམས་བསྐྱེད་བཟླས་དང་། ཚོགས་བྱིན་རླབས་ནས་འབུལ་བཤགས་སྐོང་བ་སོགས་བྱའོ། །གཉིས་པ་དངོས་གཞི་ནི། གཏད་རྒྱ་འོས་པའི་སློབ་མ་རྣམས་ལ་ལས་བུམ་གྱིས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་། བཀའ་བསྒོ་མཚམས་བཅད་གྲུབ་ནས། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་ཞིག་པོ་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་བླ་མ་དང་འཕགས་པའི་སྨིན་གྲོལ་ཡོངས་སུ་རྫོགས་པས་རྒྱུད་སྨིན་ཅིང་གདམས་ངག་གི་བརྒྱུད་སྲོལ་འཛིན་པ་དང་། གཞན་ཕན་འགྲོ་བ་འདུལ་བའི་ཕྲིན་ལས་ནུས་པའི་སྐྱེས་བུ་ལ་ཡོངས་རྫོགས་གཏད་རྒྱའི་དབང་བསྐུར་སྦྱིན་པར་གསུངས་པ་ལྟར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །མཚམས་སྦྱོར་མདོར་བསྡུས་བཅས་སྐྱབས་འགྲོ་སེམས་བསྐྱེད་ལས་བྱང་ལྟར་རྗེས་ཟློས་ལན་གསུམ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སྟོན་པ་རྡོ་རྗེ་འཛིན་པ་དགོངས༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ བཀའ་སྲུང་གཏེར་སྲུང་དམ་ཅན་ཚོགས༔ ཡོངས་རྫོགས་གཏད་རྒྱའི་དབང་བསྐུར་སྩོལ༔ ལན་གསུམ། བླ་མས། ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ བླ་མ་འཕགས་པ་དམ་ཅན་གྱི༔ ཡོངས་རྫོགས་དབང་གི་གཏད་རྒྱ་བགྱིད༔ འགྲོ་དོན་སྨིན་གྲོལ་མ་བགྱིས་ན༔ དམ་ལས་འགལ་ལོ་དམ་ཚིག་སྲུངས༔ ཞེས་བདུད་རྩི་ལྕེ་ཐོག་ཏུ་བཞག །དེ་ནས་ཡེ་ཤེས་པའི་བྱིན་རླབས་དབབ་པ་ལ་དམིགས་པ་འདི་ལྟར་མཛོད། སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སོགས་དབང་ཆེན་ལྟར་ལ། ཁ་ཊྭཱཾ་བསྣམས་པ་དང་འཁྲིལ་བ། སྤྱི་བོར་པད་ཟླའི་གདན་ལ་བླ་མ་པདྨ་བཛྲ་རྩལ་དམར་གསལ་ཁྲོ་འཛུམ་དར་དང་རུས་པ་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་བསྣམས་པས་ཡུམ་ལྷ་ལྕམ་མནྡྷ་ར་བ་ལ་འཁྱུད་པ། བ་སྤུའི་བུ་ག་རྣམས་སུ་བླ་མ་དང་འཕགས་པའི་འཁོར་ཚོགས་རྣམས་བསྒོམས། མདུན་དུ་དཔལ་མགོན་བཀའ་སྲུང་དང་བཅས་པ་བསྐྱེད་ཅིང་བསྒོམས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་བྱོན་ནས་བསྒོམ་པ་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་རྩེ་གཅིག་ཏུ་གྱིས་ཤིག །འབེབ་རྫས་བདུག །འབེབ་སྔགས་གཉིས་ཀ་བརྗོད། རོལ་མོ་བསྒྲག །དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྟན་བཞུགས། དེ་ནས་སྐུ་རྟེན་ཙཀ་ལི་སྤྱི་བོར་བཞག་ལ། ཧཱུྃ༔ བྱིན་རླབས་རྩ་བ་མ་ཧཱ་གུ་རུ་རྗེ༔ དངོས་གྲུབ་རྩ་བ་འཕགས་པ་ཡི་དམ་ལྷ༔ བར་ཆད་སེལ་བྱེད་ཌཱ་ཀི་སྲས་འཁོར་བཅས༔ ཡོངས་རྫོགས་བཀའ་གཏད་དབང་ཆེན་ཐོབ་པར་ཤོག༔ ཨོཾ་གྷུ་རུ་པདྨ་བཛྲ་ཨཱརྱ་པ་ལོ་ཌཱ་ཀི་པུ་ཏྲ་ས་པ་རི་ཝཱ་ར་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེ་ནས་བྷནྡྷའི་བདུད་རྩི་ངག་ཏུ་བླུད་ལ། ཧྲཱི༔ བླ་མ་འཕགས་པ་ཌཱ་ཀི་ཡབ་ཡུམ་གྱི༔ བདེ་སྟོང་རབ་སྦྱར་བྱང་སེམས་བདུད་རྩི་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོངས་རྫོགས་གཏད་རྒྱའི་དབང་རྣམས་ཐོབ་པར་ཤོག༔ ཡང་གོང་གི་རྩ་སྔགས་བརྗོད། དེ་ནས་མེ་ལོང་སྙིང་གར་བཞག་ལ། མ་ཧཱ་གུ་རུ་ཡི་དམ་སྤྱན་རས་གཟིགས༔ གསང་བ་ཌཱ་ཀི་སྲས་འཁོར་བཅས་པ་ཡི༔ དགོངས་པ་མཐར་ཕྱིན་རྡོ་རྗེའི་རང་བཞིན་མཆོག༔ ཡོངས་རྫོགས་གཏད་རྒྱའི་དབང་ཆེན་བུས་ཐོབ་ཤོག༔ ཡང་གོང་གི་སྔགས་བརྗོད། དེ་ནས་བུམ་པས་དབང་བསྐུར་བ་ལ། ཧྲཱི༔ བུམ་པ་ཆོས་དབྱིངས་རྒྱལ་བའི་ཕོ་བྲང་ནས༔ ནང་བཅུད་བུམ་ཆུ་བླ་མ་ཡི་དམ་ལྷ༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཡོངས་རྫོགས་གཏད་རྒྱའི་དབང་རྣམས་ཐོབ་པར་ཤོག༔ ཡང་གོང་གི་སྔགས་བརྗོད། མན་ཤེལ་གྱིས་དབང་བསྐུར་ལ། ཧྲཱི༔ ཆོས་སྐུ་སྟོང་གསལ་འགྱུར་མེད་ཆོས་ཀྱི་དབྱིངས༔ ལོངས་སྐུ་འོད་ཟེར་ལྔ་ལྡན་དཀྱིལ་འཁོར་ལྷ༔ སྤྲུལ་སྐུ་དོན་མཛད་སྐལ་ལྡན་བུ་འདི་ལ༔ ཡོངས་རྫོགས་གཏད་རྒྱའི་དབང་རྣམས་ཐོབ་པར་ཤོག༔ ཡང་གོང་གི་སྔགས། དེ་ནས་པོ་ཏི་རྡོ་རྗེ་དྲིལ་བུ་ཕྲེང་བ་རྣམས་ཀྱིས་དབང་བསྐུར་ཞིང་གཏད་ལ། ཧྲཱི༔ བླ་མ་འཕགས་པ་ཡབ་ཡུམ་སྲས་འཁོར་དང༔ བཀའ་སྡོད་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས༔ སྐལ་ལྡན་བུ་ཡིས་བསྐྱེད་རྫོགས་བསྙེན་སྒྲུབ་ཕྱིར༔ ཡོངས་རྫོགས་གཏད་རྒྱའི་དབང་ཆེན་ཐོབ་པར་ཤོག༔ ཡང་གོང་གི་སྔགས་བརྗོད། དེ་ནས་བླ་མ་དང་འཕགས་པའི་གཏོར་མས་དབང་བསྐུར་ལ། ཧྲཱི༔ གཏོར་མ་འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ དབྱིབས་གཟུགས་མཚོན་བྱེད་བརྡ་ཡི་དཀྱིལ་འཁོར་ཏེ། བླ་མ་འཕགས་པའི་ཕྲིན་ལས་ཀུན་འགྲུབ་འདིས༔ སྐལ་ལྡན་གཏད་རྒྱ་ཡོངས་རྫོགས་དབང་ཐོབ་ཤོག༔ ཡང་གོང་གི་སྔགས། དེ་ནས་དཔལ་མགོན་གྱི་གཏོར་མ་རང་གཟུགས་ཀྱིས་བརྒྱན་པས་དབང་བསྐུར་ལ། ཧྲཱི༔ བླ་མ་འཕགས་པ་ཡབ་ཡུམ་སྲས་འཁོར་གྱི༔ བཀའ་སྲུང་མ་ཧཱ་ཀཱ་ལ་ལྕམ་དྲལ་ཚོགས༔ སྐལ་ལྡན་རིགས་ཀྱི་བུ་མཆོག་འདི་ཉིད་ལ༔ ཡོངས་རྫོགས་གཏད་རྒྱའི་དབང་རྣམས་ཐོབ་པར་ཤོག༔ ཨོཾ་གྷུ་རུ་པདྨ་བཛྲ་ཨཱ་རྱ་པ་ལོ་ཌཱ་ཀཱི་པུ་ཏྲ་ས་པ་རི་ཝཱ་ར༔ དྷརྨ་པཱ་ལ་མ་ཧཱ་ཀཱ་ལ་དེ་ཝཱི་ཨེ་ཀ་ཧཱ་ཏ་རི་སརྦ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་བཀའ་སྲུང་བྱེ་བྲག་པ་རྣམས་ཀྱི་གཏོར་མ་ལག་ཏུ་གཏོད་ལ། བླ་མ་འཕགས་པའི་བཀའ་སྒྲུབ་ལས་བྱེད་པ༔ གཟའ་དང་སྲིན་པོ་ཀླུ་དང་ལྷ་མོ་དང༔ བཤན་པ་སྙིང་ཟན་ཐང་ལྷ་གངས་བཙན་སོགས༔ སྐལ་ལྡན་བུ་ལ་བསྟན་པ་བསྲུང་ཕྱིར་གཏད༔ ཕྲིན་ལས་རྣམ་བཞི་ཡོངས་རྫོགས་བསྒྲུབ་པར་གྱིས༔ ཧྲཱིཿཏྲི་ར་ཤ་མ་ཕེ་ཨ་ཏྲི་ཎི་ས་མ་ཡ་ཨ་བྷི་ཥིཉྩ་ཏུ་མཱཾ༔ བརྒྱུད་པའི་མཚན་སྨོས་ལ་བཀའ་བསྒོ་སྤྱི་ལྟར་བྱ། བཀྲ་ཤིས་བརྗོད། དེ་ལྟར་གཏད་རྒྱའི་དབང་བསྐུར་བས། ཆོས་འདི་ཉིད་ཉན་སྒྲུབ་བསྒོམ་འཆད་གང་བྱེད་ཀྱང་བྱན་ཚུད་པའི་དགོས་པ་ཡོད་དོ། །དམ་ཚིག་ཁས་བླང་མཎྜལ་སོགས་སྤྱི་ལྟར་བྱ། གསུམ་པ་རྗེས་ལས་བྱང་ལྟར་ཚོགས་ལ་རོལ་ཞིང་ལྷག་ཆོག་ནས་བཀྲ་ཤིས་ཀྱི་བར་ཡང་བླ་མ་དང་འཕགས་པའི་ལས་བྱང་སྦྲགས་མར་བྱ་དགོས་སོ། །འདིས་ཀྱང་ཐུགས་རྗེའི་གདམས་ཟབ་ཉིད། །ཡོངས་འཛིན་སྐྱེས་བུ་བགྲང་ཡས་འབྱོན། །ཐུབ་བསྟན་ཇི་སྲིད་རྒྱ་ཆེ་ཞིང་། །རྒྱུན་མི་འཆད་པའི་བཙས་སུ་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་རྒྱུན་དཀོན་པས་ཆ་ལག་ཚང་བའི་ཆེད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྩ་གཞུང་ལ་གསལ་བྱེད་ཕྲན་བུས་བརྒྱན་པ་དགེ་ལེགས་འཕེལ།། །།

དགོངས་གཏེར་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཟིན་བྲིས་ཟླ་ཟེར་བདུད་རྩིའི་ཐིག་ལེ་ (Volume 36, Text 31)

༄༅། །དགོངས་གཏེར་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཟིན་བྲིས་ཟླ་ཟེར་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡ། འཆི་མེད་གྲུབ་པའི་རིག་འཛིན་རྣམ་གསུམ་དང་། །ངོ་བོ་གཅིག་གྱུར་བཀའ་བབས་བདུན་གྱི་བདག །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །སྙིང་དབུས་པདྨོར་མི་ཕྱེད་དད་པས་བཀོད། །གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དེ་ཉིད་ལ་གཏེར་རིགས་བཀའ་བབས་མི་འདྲ་བ་བདུན་བཞུགས་པའི་ནང་ཚན་ཟབ་མོ་དགོངས་གཏེར་གྱི་བྱེ་བྲག་འཆི་མེད་འཕགས་མའི་སྙིང་ཐིག་གི་ཆོས་སྡེ་ཆེན་པོར་བཞུགས་པར་འདུག་ཀྱང་། རྩ་བའི་ལས་བྱང་། བླ་མའི་སྒྲུབ་སྐོར། ཚེ་དཔག་མེད་དང་རྣམ་རྒྱལ་མའི་སྒྲུབ་སྐོར་ཙམ་ལས་གཏན་ལ་འབེབ་ཐུབ་མ་བྱུང་ཡང་། ཉམས་ལེན་རྩ་བ་སྒྲུབ་ཐབས་ཡེ་ཤེས་ཐིག་ལེ་འདི་ཉིད་ཡིན་ཞིང་། འདིའི་བསྙེན་སྒྲུབ་ལས་གསུམ་བྱེད་པར་འདོད་པའི་སྒྲུབ་པ་པོ་དབང་ལུང་ཐོབ་ཅིང་དམ་ཚིག་ལ་གནས་པས་ཉེར་སྒྲུབ་བྱ་བའི་ཚུལ་ལ་གསུམ། སྔོན་འགྲོ་བཅའ་གཞིའི་རིམ་པ། དངོས་གཞི་བསྙེན་སྒྲུབ་ལས་གསུམ། རྗེས་དངོས་གྲུབ་བླང་བ་སོགས་ཀྱིས་མཇུག་བསྡུ་བའོ། དང་པོ་ནི། ར་བ་བཞིའི་ཡར་ཚེས་བརྒྱད་སོགས་དུས་ཚེས་བཟང་པོར་གཙང་ཞིང་ཡིད་དུ་འོང་བའི་སྒྲུབ་ཁང་རྒྱན་གྱི་བཀོད་པས་སྤྲས་ཤིང་རྩ་བ་གསུམ་གྱི་རྟེན་སྤྱི་དང་བྱེ་བྲག་འདི་ཉིད་ཀྱི་སྐུ་བརྙན་བྲིས་འབུར་བཀྲམ། སྟེགས་བུ་གྲུ་བཞི་གོས་བཟང་པོའི་ཁེབས་ཀྱིས་བཀབ་པའི་སྟེང་དུ། དཀྱིལ་འཁོར་ཞི་དཀྱིལ་རྟ་བབས་སྣམ་བརྒྱད་མ་སྤྱི་འགྲེ །འདོད་སྣམ་དམར་པོར་མཆོད་ལྷ་བཅུ་དྲུག །རྡོ་རྗེའི་རྭ་བའི་ནང་དུ་འཇིག་རྟེན་པའི་ཁོར་ཡུག་ལ་དཔལ་མགོན་དོན་ལྔ་སོགས་དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་ཡིན་ཀྱང་། བྲིས་ཆའི་ཚེ་ཁོར་ཡུག་མ་གཏོགས་ལྷ་མཚན་བྲི་མི་དགོས། དཀྱིལ་འཁོར་རྡུལ་ཚོན་སོགས་འཛོམ་དཀའ་བས་རས་བྲིས་ཚད་ལྡན་བྲིས་པ་བཀྲམ་ན་ཆོག །དེའང་མ་གྲུབ་ཚེ། མཎྜལ་དྲི་བཟང་གིས་བྱུགས་པའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད། དཀྱིལ་འཁོར་དབུས་སུ་ཁྲིའུའི་ཁར་སྒྲུབ་རྟེན་ཐོད་པ་མཚན་བཟང་དུམ་བུ་གསུམ་པའི་ནང་གཞུང་གསལ་རྫས་སྣ་བཅུ་གཉིས་ཀྱི་རིལ་བུ་དཀར་པོས་བཀང་ལ་དར་དམར་གྱིས་ཁ་བཅད་པ་བཤམས། མདུན་རྒྱབ་གང་བདེར་མཆོད་གཏོར་ཟླུམ་བཤོས་དཀར་པོ་རྒྱན་ལྡན་བཟའ་བཏུང་སྣ་ཚོགས་ཀྱིས་བསྐོར་བ། དེའི་གཡས་སུ་སྨན་དང་གཡོན་དུ་རཀྟའི་སྣོད་བཅས་བཤམ། དེ་རྒྱབ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་མམ་ཕྲེང་ཚར་གང་བདེར་བྱ། སྔོན་འགྲོ་དཀར་བགེགས། མཆོད་པ་ཁ་གསོའི་ཞལ་ཟས་དང་མཐེབ་ཀྱུ་གྲངས་མང་། ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ལས་བྱང་ལ་དགོས་པའི་ཉེར་མཁོ་རྣམས་ཚོགས་པར་བྱའོ། གཉིས་པ་དངོས་གཞི་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་བྱ་བའི་ཚུལ་ལོ། །དང་པོ་བསྙེན་པ་བྱ་བ་ལ། སྣ་སེལ་གྱི་རིགས་སྤྱི་འགྲེ་ལྟར་གང་འགྲུབ་བཏང་། ཕྱི་ཐུན་ནས་དབུ་བརྩམ་ཚིག་བདུན་དང་མཐུན་པའི་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ཉིན་དང་པོར་གཞི་གནས་བདག་པོ་ལ་དཀར་གཏོར་སྤྱི་འགྲེ་གཏང་། སྒྲུབ་པ་མཐར་ཕྱིན་པའི་ཕྲིན་ལས་བཅོལ། སྐྱབས་ཡུལ་མདུན་གྱི་ནམ་མཁར་གསལ་བཏབ་ལ། སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བདུན་པ་རྣམས་དམིགས་པ་སྤྱི་མཐུན་བཅས་ལན་གསུམ་རེ་བརྗོད། ཚོགས་ཞིང་རང་ལ་བསྟིམ། དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། ཅེས་མཚམས་ལྷའི་ང་རྒྱལ་གཟུང་། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། ལྕགས་ཀྱུའི་རྒྱ་དང་། སརྦ་བྷཱུཏ་ཨ་ཀརྵ་ཡ་ཛཿས་བགེགས་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་དེ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ གདོད་ནས་འཁོར་འདས་སོགས་ཀྱིས་བཀའ་བསྒོ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་སུཾ་བྷ་ནི་བརྗོད། ཡུངས་ཐུན་གཏོར་གུ་གུལ་བདུག་ལ་མཚམས་གཅད། བགེགས་གཏོར་གཏང་བ་འདི་ཐུན་དང་པོ་ལས་ཐུན་ཕྱི་མ་རྣམས་སུ་མི་དགོས། དེ་ནས་སྲུང་འཁོར་བསྒོམ། སྣོད་བཅུད་ལ་བྱིན་འབེབ་མཆོད་རྫས་བྱིན་རླབས་བྱས་ལ་སྔགས་ལན་གསུམ་བརྗོད། དེས་སྔོན་འགྲོ་རྣམས་གྲུབ། དངོས་གཞི་བསྐྱེད་བཟླས་གཉིས་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་ལྷའི་གདན་གཞལ་ཡས་ཁང་བཅས་པ་གསལ། བརྟེན་པ་ལྷའི་དཀྱིལ་འཁོར་གཞུང་གསལ་ལྟར་ལ་འདི་སྐབས་ཡབ་གར་དབང་གི་སྐུ་མདོག་གཞུང་དུ། རང་འོད་ཐབས་མཆོག་གར་གྱི་དབང༔ ཞེས་རང་གི་འོད་ལས་སྐྱེས་པའི་ཐབས་ཀྱི་སྣང་ཆ་ལགས་པས་དཀར་པོ་ཡིན་པ་གཞིར་བཞག་ལ། ཡབ་ཡུམ་གོ་ལྡོག་ལྷན་སྐྱེས་འདི་རིགས་ཡུམ་ལས་ཡབ་ཆགས་ཉམས་ཆེ་བར་བཤད་པས་དམར་མདངས་ཆགས་པ་ཞིག་བསྒོམ་པར་གསུངས། སྒོ་བཞིའི་སྒྲོལ་མ་ནི་ཞབས་གཡས་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས། ཕྱག་གཡས་པུས་མོ་གཡས་པའི་སྟེང་བརྐྱངས་ནས་སྐྱབས་སྦྱིན་སྡིག་མཛུབ་དང་བཅས་པས་རང་རྟགས་ལྕགས་ཀྱུ་གདེངས་པ་སོགས་ཀྱི་རྣམ་འགྱུར་ཅན། གཡོན་ཐུགས་དཀར་མཆོག་སྦྱིན་ཕྱག་རྒྱས་ཨུཏྤལ་ལ་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ་བསྣམས་པ་ཡིན། གནས་གསུམ་བྱིན་བརླབས་ནས་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ། ཕྱག་གིས་བཀུར། མཆོད་པ་ཚར་དང་པོའི་སྐབས་འདིར་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ་སོ་སོར་འགྲེས་གཤོང་ལ་རྒྱས་པར་དང་། སྨན་རཀ་གཏོར་གསུམ་ཁཱ་ཧི་བཅས་ཟུར་བྱང་ལྟར་བྱ། ཐུན་ཕྱི་མ་རྣམས་ལ་གཞུང་གསལ་ལྟར་ལས་སབ་ཁ་མི་དགོས། དེ་ནས་དོན་མཆོད་དང་རྡོ་རྗེའི་གླུ་ཡིས་བསྟོད། གཉིས་པ་བཟླས་པ་བྱ་བ་ལ། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དཀར་པོ། དེའི་ཐུགས་ཀར་པད་དཀར་དང་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཏིང་འཛིན་སེམས་དཔའ་ཏཱཾ་ཡིག་དཀར་པོ་ལ་རྩ་སྔགས་ཡི་གེ་བཅུ་པ་དཀར་པོ་གཡས་སྐོར་དུ་བཀོད། སྤྱིར་སྔགས་ཕྲེང་འཁོར་ལུགས་བསྙེན་པ་ལ་བཀོད་པ། ཉེ་བསྙེན་ལ་འཁོར་བ། སྒྲུབ་པ་ལ་དོ་ལི། སྒྲུབ་ཆེན་ལ་སྤྲོ་བསྡུ་གཙོ་བོར་གསུངས་མོད། དཀྱུས་ཙམ་ལ་བཀོད་པའི་དམིགས་པ་ཁོ་ནས་འཐུས། དེའི་ཚེ་ལྷ་མོའི་རིགས་དང་མ་རྒྱུད་སྐོར་ཕལ་ཆེར་ལ་གཡོན་དུ་བཀོད་པ་ཤས་ཆེ་མོད། འདིར་ནི་གསར་མའི་རྒྱུད་སྒྲུབ་ཐབས་རྣམས་ལས་ཀྱང་གཡས་སྐོར་དུ་བཀོད་པ་ཤ་སྟག་བཤད་པས། རྩ་སྔགས། དྲིལ་སྒྲུབ། ཡེ་སེམས་དང་སྤྲུལ་པའི་སྔགས་བཅས་གཡས་སྐོར་དུ་བཀོད་ཅིང་། དེ་ལ་སེམས་བཟུང་ནས། ཟིན་པ་ན་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་མཛད་པས་འཐུས། བཀོད་པའི་དམིགས་པ་ཤིན་ཏུ་གསལ་ནས་འཁོར་བའི་དམིགས་པ་གསལ་བཏབ་ཀྱང་རུང་། དེའང་རྩ་སྔགས་བཟླ་སྐབས་དེ་རྐྱང་པ་དང་། དྲིལ་སྒྲུབ་སྐབས་དེའི་མཇུག་ཏུ་སྔགས་དེ་ལ་མཐུད་ནས་གསལ་གདབ། ཡེ་ཤེས་སེམས་དཔའི་སྐབས་དེའི་དམིགས་པ་བཞག་ནས་ཐུགས་སྲོག་ཏཱཾ་ཧྲཱིཿརུ་བསྒྱུར་བའི་མཐར་རང་སྔགས་དགོད། སྤྲུལ་པར་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་བྷྲཱུྃ་མཐར་སྔགས་ཕྲེང་བཀོད་པ་ཡིན། དེ་ནས་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་གསུམ་གྱིས་བསྐྱེད་རིམ་གྱི་གཞི་གཟུང་། ཐུགས་སྲོག་སྔགས་ཕྲེང་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱེད་དེ་ཡིག་བཅུ་ཁོ་ནར་བཟླ། དེ་ལ་གསལ་སྣང་ཅུང་ཟད་ཐོབ་ནས་སྤྲུལ་པའི་སེམས་དཔའ་སྤྱི་བོར་སྤྲོ་བ་ནི། རྣམ་རྒྱལ་མ་ཕྱག་གཡས་སྐྱབས་སྦྱིན་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཏེ་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་འགུགས་ཐབས་སུ་བསྣམས་པ། གཡོན་པས་ཐུགས་ཀའི་ཐད་དུ་མཆོག་སྦྱིན་གྱི་ཕྱག་རྒྱས་ཚེའི་བུམ་པ་བདུད་རྩིའི་རྒྱུན་འབེབ་བཞིན་པ་བསྣམས་པ། ཞབས་སེམས་མའི་སྐྱིལ་ཀྲུང་ཅན་དུ་སྒོམ་པ་ཡིན། དེས་འཁོར་འདས་བརྟན་གཡོའི་དྭངས་བཅུད་བསྡུ་བའི་སྐབས་གྲུབ་པའི་དངུལ་ཆུ་ནི། བཅུད་ལེན་གྱི་རྫས་གྲུབ་པ་སྟེ་སྟོན་ཟླ་ལྟར་དཀར་བ། ཉི་མ་ལྟ་བུའི་འོད་ཟེར་ཅན། གཡས་སྐོར་དུ་འཁྱིལ་ཞིང་གྲུབ་པའི་རྟགས་གཡུང་དྲུང་དང་དགའ་བ་འཁྱིལ་བ་སོགས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་པ་བཀྲ་བ། ནུས་པ་གང་ལ་རེག་པ་ཙམ་གྱིས་གླང་པོ་ཆེའི་སྟོབས། ཉི་ཟླའི་ཚེ། རྡོ་རྗེའི་ལུས་བཅུ་དྲུག་གི་ལང་ཚོ་ཅན་དུ་བསྒྱུར་ནུས་ཤིང་། ལྕགས་ལ་རེག་པ་ཙམ་གྱིས་གསེར་དུ་འགྱུར་བ། ཤིང་སྐམ་ལ་གཏོར་བ་ཙམ་གྱིས་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས་པ་སྐད་ཅིག་གིས་འབྱུང་བ་ཞིག་སྟེ། དེ་ལྟ་བུའི་རྣམ་པ་བདེ་བ་ཆེན་པོའི་གཟི་བྱིན་འབར་བར་བསྒོམ་པ་ཡིན། ཐུན་འཇོག་མཚམས་སྤྱི་དྲིལ་དང་ཡེ་ཤེས་སེམས་དཔའ་སྤྲུལ་པའི་སེམས་དཔའ་གཉིས་ཀྱི་སྔགས་ཀྱང་ཅུང་ཟད་རེ་བཟླ། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་བཅས་ལན་གསུམ་གསུམ་བརྗོད་པའི་ཁ་སྐོང་། སྟོང་ཚིགས་མཆོད་བསྟོད་ནི་བཟླས་པ་སྟོང་ཕྲག་རེའི་མཚམས་སུ་མདོར་བསྡུས་རེ་བྱ་བ་སྔོན་གྱི་རིག་འཛིན་རྣམས་ཀྱི་ཕྱག་རྒྱུན་འཁྲུལ་མེད་ཡིན་ཡང་དེང་སང་ཐུན་མཐར་ཚར་རེ་ཙམ་ལས་བྱེད་སྲོལ་མི་འདུག་པས་སྔགས་ཙམ་གྱིས་མཆོད། བསྟོད་པ་ཐོག་མཐའི་ཤོ་ལོ་ཀ་གཉིས་བརྗོད། ལས་བྱང་གཤམ་གྱི། ཧོ༔ རྗེ་བཙུན་འཕགས་མའི་དཀྱིལ་འཁོལ་སོགས་ཀྱིས་ནོངས་པ་བཤགས། དཀྱིལ་འཁོར་བསྡུས་ལ་མཉམ་པར་གཞག །ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་དང་ཤིས་བརྗོད་བྱས་པས་གྲུབ་བོ། །ཐུན་དང་པོ་འདིར་ཚོགས་མཆོད་ཅིག་གྲུབ་ན་ལེགས་པས་དེ་ལྟར་བྱས་ཚེ་སྟོང་ཚིགས་མཆོད་བསྟོད་རྗེས་གཞུང་གསལ་ལྟར་ཚོགས་བྱིན་བརླབས་ནས་བརྩམ་ལྷག་མ་ཡན་དང་། ཆད་མདོ། བརྟན་མ། རྟ་བྲོ་རྣམས་ཀྱང་འགྲུབ་ན་བྱ། དེ་གསུམ་རྒྱུན་དུ་དགོས་ངེས་མེད། རྗེས་ཆོག་མཆོད་བསྟོད་མདོར་བསྡུས་དང་ནོངས་བཤགས་མན་སྔར་ལྟར་བྱ། ཚོགས་མཆོད་འདི་བསྙེན་པའི་སྐབས་སུའང་ཉ་སྟོང་བརྒྱད་གསུམ་སོགས་དུས་ཚེས་བཟང་པོ་ལ་ལན་རེ་འགྲུབ་ན་ལེགས། ཕྱི་ཐུན་མཇུག་འདིར་ཆོས་སྲུང་གཏེར་སྲུང་གི་གཏོར་འབུལ་སྤྱི་མཐུན་རེ་བྱ། དགོང་ཐུན་ལ་མཆོད་པ་ཁ་གསོ། སྐྱབས་སེམས་ཡན་ལག་བདུན་པ་དང་། སྲུང་འཁོར་ནས་བརྩམ་བསྟོད་པའི་བར་གྱི་གཞུང་རྐྱང་བཏང་ལ་བཟླས་པ་བྱ། ཐུན་གྲོལ་ལུགས་སྔར་དང་འདྲ། ཕྱིར་ཉིན་ཐོར་ཐུན་ལ་བརྒྱུད་འདེབས་ནས་བརྩམ་ལས་བྱང་རྒྱས་པའི་ལུགས་སུ་གཏང་། སྔ་ཐུན། གུང་ཐུན། ཕྱི་ཐུན་བཅས་ཐུན་བཞིའམ། ཁམས་ཀྱིས་མི་ལྕོགས་པ་ལ་སྔ་ཐུན་སོགས་གསུམ་བྱས་ཀྱང་རུང་ངོ་། །གཉིས་པ་སྒྲུབ་པ་ནི། བསྙེན་པ་གྲུབ་ནས་སྒྲུབ་པ་ལ་འཇུག་སྟེ་སྔ་དྲོའི་ཐུན་མཐར་རྗེས་བསྡུ་སྔར་ལྟར་བྱ། དཀྱིལ་འཁོར་དུ་སྒྲུབ་རྫས་གཙོ་བོར་ཐོད་པའི་གཡས་སུ་རིན་པོ་ཆེའི་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་དང་ཁ་རྒྱན་གྱིས་སྤྲས་པ། གཡོན་དུ་རིན་པོ་ཆེའི་སྣོད་དུ་ཚེ་གལ་གྱི་ཚེ་འབྲང་ཤིང་ལོ་མེ་ཏོག་གི་རྒྱན་ལྡན་བཀོད། དེའང་ཚེ་ཞེས་པ་ཟན་དང་གལ་ཞེས་པ་ཆང་ལ་ཟེར་བས་ཆང་གིས་སྦྲུས་པའི་ཟན་ལ་ཚེ་བུམ་སྒྲོས་ལྡན་མཐའ་རིལ་བུས་བསྐོར་བའོ། །སྨན་རཀ་གཏོར་གསུམ་ཕྱི་མཆོད་རྣམས་ཀྱང་གསར་དུ་བཤམ། ཕྱི་ཐུན་ལ་བརྒྱུད་འདེབས་ནས་ལས་བྱང་རྒྱས་པར་གཏང་དགོས་པས། ཚོགས་གསག་རྗེས་བགེགས་གཏོར་བཏང་ལ་བཀའ་བསྒོ། སྲུང་འཁོར་ནས་བསྟོད་པའི་བར་སྔར་ལྟར་གཏང། དེ་ནས་ཛཔ྄་ཁང་དབྱེ་དགོས་པས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཏཱཾ་ཧྲཱིཿབྷྲཱུྃ། ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ། ཛཿཧཱུྃ་བཾ་ཧོཿཕཊ་ཛཿ ཞེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས་མདུན་རྟེན་གྱི་གོ་སར་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་རྟེན་བརྟེན་པའི་དཀྱིལ་འཁོར་ཕྱེས་སྟེ་མེ་རི་འདབས་འབྱོར་ཙམ་དུ་བཞུགས་པར་བསྒོམ། ཐོག་མར་བསྙེན་པའི་དམིགས་བཟླས་ཁྱུགས་ཙམ་གཏང་། དེ་ནས། སླར་ཡང་འོད་ཟེར་འཕྲོ་འདུའི་སྤྲིན༔ སོགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་བསྙེན་པའི་བཟླས་པ་རྣམ་གསུམ་དྲིལ་སྒྲུབ་བཅས་ཅུང་ཟད་རེ་བཟླས་ལ་ལྷ་སོ་སོར་སེམས་གཟུང་། གསལ་སྣང་ཐོན་པ་ན་གཙོ་མོའི་ཐུགས་ཀའི་འོད་ཀྱིས་འཁོར་བསྐུལ་བའི་སྤྲོ་བསྡུའི་དམིགས་གནད་དང་སྦྱར་ཏེ། ཐོག་མར་ཐུན་གྱི་དངོས་གཞིར་རྡོ་རྗེ་སྒྲོལ་མའི་སྔགས་ཁོ་ན་གསག །ཐུན་མཐར་གཞན་གསུམ་ཡང་ཅུང་ཟད་རེ་བཟླ། རྡོ་རྗེ་སྒྲོལ་མའི་སྔགས་རྫོགས་ནས་དེ་ཅུང་ཟད་དང་། དངོས་གཞི་རིན་ཆེན་སྒྲོལ་མའི་སྔགས་བཟླ་བ་སོགས་འདྲ། བཟླས་དམིགས་རིགས་བཞིའི་སྒྲོལ་མའི་ཐུགས་ཀར་པད་ཟླ་རེ་རེ། དེ་སྟེང་རྡོ་རྗེ་སྒྲོལ་མར་ཏཱཾ་མཐིང་ག །རིན་ཆེན་སྒྲོལ་མར་བྷྲཱུྃ་སེར་པོ། པདྨའི་སྒྲོལ་མར་ཧྲཱིཿདམར་པོ། ལས་ཀྱི་སྒྲོལ་མར་ཧཱུྃ་ནག་པོ། མཐའ་སྐོར་སོ་སོའི་སྔགས་ཕྲེང་གིས་བསྐོར་བར་བསྒོམ། ཐུན་གྲོལ་ལུགས་སོགས་སྔར་བསྙེན་པའི་སྐབས་དང་འདྲ་བ་ལས་འདི་སྐབས་ཚོགས་མཆོད་མ་ཆད་པ་གལ་ཆེའོ། །དེ་ལྟར་སྒྲུབ་སྔགས་ཐེམས་ནས། གསུམ་པ་ལས་ལ་སྦྱོར་བ་ནི། ཉིན་རེར་ཐུན་བཞི་རེ་གཅད་དེ། ལས་བྱང་ཚར་རེ་རེ་གཏང་དགོས་པས་སྒྲུབ་པ་དགོང་ཐུན་བཞི་པ་ལ་རྫོགས་པའི་ཕྱིར་ནངས་ཐོར་ཐུན་ལ་སྒྲུབ་སྔགས་བཟླས་པ་ཡན་ཆད་སྔར་ལྟར་ཁྱུག་ཙམ་གཏང་། དེ་ནས། རང་ཉིད་དམ་ཚིག་ཡེ་ཤེས་དང༔ སོགས་ཀྱིས་དམིགས་པ་གསལ་བཏབ། ལས་བཞིའི་སྒྲོལ་མའི་ཐུགས་ཀར་པད་ཟླའི་སྟེང་དུ་ཛཿཧཱུྃ་བཾ་ཧོཿ ཞེས་ས་བོན་བཞི་རང་མདོག་དང་དེ་མཐར་སྔགས་ཕྲེང་བཀོད། གཙོ་འཁོར་ལྔ་ལས་འོད་ཟེར་འཕྲོས། ལྕགས་ཀྱུ་སྒྲོལ་མའི་རྒྱུད་བསྐུལ། དེ་ལས་སྐུ་དང་འོད་ཟེར་སོགས་སྤྲུལ་པའི་ཆོ་འཕྲུལ་མཐའ་ཡས་པས་ནད་གདོན་སྡིག་སྒྲིབ་ལ་སོགས་པ་མི་མཐུན་པ་ཐམས་ཅད་ཞི་བའི་ཕྲིན་ལས་སྒྲུབ་པར་བསམ་ལ་དེའི་སྔགས་ཁོ་ནས་ཐུན་གཅད། གྲོལ་ཚུལ་སྔར་དང་འདྲ། དེས་འགྲེས་ཏེ་སྔ་དྲོའི་ཐུན་ལ་ཞགས་པ་སྒྲོལ་མའི་སྔགས་དམིགས་ཁོ་ན་དང་རྒྱས་པའི་ཕྲིན་ལས་སྒྲུབ། དགོང་ཐུན་ལ་ལྕགས་སྒྲོག་མའི་སྔགས་དམིགས་ཁོ་ནས་དབང་གི་ལས་བསྒྲུབ། སྲོད་ཐུན་ལ་དྲིལ་བུའི་སྒྲོལ་མའི་སྔགས་དམིགས་ཁོ་ནས་དྲག་པོའི་ལས་བསྒྲུབ་བོ། །དེ་རྣམས་ཀྱི་བསྙེན་པའི་ཚད་ནི། ལས་བྱང་གི་དངོས་བསྟན་ཙམ་གྱི་བསྙེན་སྒྲུབ་ལས་གསུམ་ལ། དུས་གྲངས་རྟགས་གསུམ་ལས། དུས་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ་བསྙེན་པ་ལ་བདུན་གསུམ། སྒྲུབ་པ་ལ་བདུན་གཅིག །ལས་སྦྱོར་ལ་ཞག་གཅིག །དངོས་གྲུབ་བླང་བ་དང་བཅས་ཟླ་བ་གཅིག་ཏུ་གསུངས། འབྲིང་ལ་དེ་སུམ་འགྱུར་དུ་བྱས་པའི་ཟླ་བ་གསུམ། ཐ་མ་ལ་ཟླ་བ་དྲུག་ཤུགས་ཀྱིས་ཐོབ། གྲངས་བསྙེན་ཀྱང་རབ་འབྲིང་ཐ་མའི་དབང་པོའི་ངོ་སྐལ་དུ་བྱས་ན། དེ་དང་དེའི་དུས་ཀྱི་ཡུན་ཚད་ལ་ཇི་ཙམ་གྲུབ་པ་ཡིན་མོད། སྤྱིར་བཏང་གྲངས་གཙོ་ཆེ་བའི་དབང་དུ་བྱས་ན། གཙོ་མོའི་ཡིག་བཅུ་འབྲུ་འབུམ། དྲིལ་སྒྲུབ་ཀྱི་བསྙེན་སྔགས་འབྲུ་བཅུ་དགུ་པ་འབུམ་ཕྲག་བདུན། ཡེ་ཤེས་སེམས་དཔའ་དང་། སྤྲུལ་པའི་སེམས་མའི་སྔགས་འབུམ་ཕྲག་བཞི་རེ། སྒྲོལ་མ་རིགས་བཞིའི་སྒྲུབ་སྔགས་འབུམ་ཕྲག་རེ་རེ། ལས་སྦྱོར་སྒོ་མ་བཞིའི་སྔགས་ཁྲི་ཁྲག་བཞི་རེ་ལ་ཉུང་མཐའ་བྱས་པ་བཟླས་ན་གྲངས་བསྙེན་འབྲིང་པོ་དང་། དུས་བསྙེན་དབང་པོ་འབྲིང་གི་ཟླ་བ་གསུམ་གཞི་མཐུན་པར་འགྱུར་བས་ཤིན་ཏུ་ལེགས། ལས་རུང་ཙམ་ལ་ནི་གཙོ་མོའི་ཡིག་བཅུ་འབུམ་ཕྲག་བཞི། དྲིལ་སྒྲུབ་འབུམ་ཕྲག །ཡེ་སེམས་དང་། སྤྲུལ་པའི་སྔགས་ཁྲི་བཞི། སྒྲུབ་སྔགས་ཁྲི་རེ། ལས་སྦྱོར་ཉིན་གཅིག་ཅི་འགྲུབ་བྱས་པས་དབང་པོ་རབ་ཀྱི་དུས་བསྙེན་དང་གཞི་མཐུན། རྟགས་བསྙེན་གཞུང་གསལ་ལྟར་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་གསལ་བ་ཡང་ཡང་བྱུང་ན་འགྲུབ་པ་ཡིན་ནོ། །གསུམ་པ་རྗེས་དངོས་གྲུབ་བླང་བ་སོགས་ནི། ལས་སྦྱོར་གྲུབ་པའི་ཕྱིར་ནངས་ཐོར་ཐུན་ཡིན་ན་ལེགས། སྔ་ཐུན་ལའང་རུང་། མཆོད་གཏོར་གསར་དུ་བཤམ། དངོས་གྲུབ་ཀྱི་རྫས་ལས་བཞིའི་འབྲང་རྒྱས་སམ། བསྡུ་ན་འབྲང་རྒྱས་ནོར་གཟུགས་མའི་མཐར་དཀར་མངར་ཤིང་ཏོག་ཇ་ཆང་འོ་ཞོ་སོགས་བཟའ་བཏུང་གཙང་མ་ཅི་རིགས་པ་འདུ་བྱ། ལས་བྱང་རྒྱས་པར་གཏང་། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་གྱི་མཐར་སྟོང་ཚིགས་མཆོད་བསྟོད་ཕུལ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མཁའ་ཁྱབ་ཏུ་སྤྲོས། འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་སྟེ་དྲིལ་སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བཏགས་པ་སྟོང་རྩ་སོགས་ཅི་འགྲུབ་བཟླ། དེ་ནས། ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་། གཞུང་གི་བྱིན་འབེབ་བཅས་སྔོན་དུ་འགྲོ་བས། མཆོད་བསྟོད་རྒྱས་པའི་མཐར། ཨོཾ༔ རྗེ་བཙུན་འཕགས་མ་སོགས་ཀྱིས་དངོས་གྲུབ་གསོལ་ཏེ་དམིགས་པ་སྤྱི་ལྟར་དང་བཅས་བུམ་པ་མགོ་བོར་བཞག་ཅིང་བུམ་ཆུ་མྱོང་། བདུད་རྩི་མགྲིན་པར་བཞག་ཅིང་རོལ། ཚེ་འབྲང་སྙིང་གར་བཞག །ཐོད་པའི་རྫས་མྱང་ཞིང་ལྷག་མ་ཡུན་དུ་བསྟེན་པ་སོགས་སྤྱི་ལྟར་བྱ། དེ་ནས་ཚོགས་མཆོད་རྒྱས་པར་གཏང་། ཚོགས་ལ་རོལ། སྔར་ལྷག་མ་བཙོན་འཛིན་བྱས་པ་ཡོད་ན་དེ་རྣམས་དང་ཆབས་ཅིག་ལྷག་གཏོར་ཕྱི་རོལ་དུ་གཏང་། ཐུགས་དམ་བསྐུལ། ཆད་མདོ། བརྟན་མ། རྟ་བྲོ་རྣམས་བྱ། ནོངས་བཤགས་བཟོད་གསོལ་ནས་ཤིས་བརྗོད་བར་གྱིས་མཐར་དབྱུང་། ཁ་སྐོང་སྦྱིན་སྲེག་གྲུབ་ན་ལེགས་ཤིང་། དེའང་དཀྱིལ་འཁོར་དང་སྦྲེལ་བར་སྤྲོ་ན་ལས་བཞིའི་བཟླས་པ་རྫོགས་པའི་ཕྱིར་ཉིན་དེར་སྦྱིན་སྲེག་བྱ། དཀྱིལ་འཁོར་དང་མ་འབྲེལ་ནའང་ཆོག་ལ་དངོས་གྲུབ་ལེན་ཆོག་རྫོགས་པའི་དེ་ཉིན་ནམ་ཕྱིར་ཉིན་གང་རུང་དུ་སྦྱིན་སྲེག་བླུགས། དེའང་བསྙེན་སྒྲུབ་ཀྱི་ཁ་སྐོང་ལ་བཟླས་པའི་བཅུ་ཆ་དང་། ཚེ་སྤེལ་སོགས་ལས་སྒྲུབ་པ་ལ་ཅི་འགྲུབ་བྱ་བ་ཡིན་ནོ། །འདི་ལ་རྒྱས་པར་སྒྲུབ་ཆེན་གྱི་ཁོག་དབུབ་དང་སྦྲེལ་བའི་ཚུལ་ཡོད་ཀྱང་ལག་ལེན་དཀའ་བ་སོགས་ཀྱིས་འདིར་མ་སྤྲོས། རང་བཞིན་སྒྲུབ་མཆོད་སོགས་ཀྱི་སྐབས། སྤྱིར་བཏང་གི་སྒྲུབ་མཆོད་དཀྱུས་མ་ཡིན་ན། ཐུན་རེར་གཙོ་མོའི་ཡི་གེ་བཅུ་སྟོང་ཕྲག་གཅིག་བཟླ་བའི་དབང་དུ་བྱས་ན། དྲིལ་སྒྲུབ་ཡེ་སེམས་སྤྲུལ་པའི་སྔགས་བཅས་སུམ་བརྒྱ། རིགས་བཞི་བརྒྱ་ཕྲག །ལས་བཞི་ཉེར་གཅིག་ཙམ་བཟླས་ན་འཚམ་པར་འོང་། ཚེ་སྒྲུབ་གཙོ་བོར་བཏོན་པ་ཡིན་ན། གཞན་གོང་ལྟར་ལ། ཡིག་བཅུ་སུམ་བརྒྱ། ཚེ་སྒྲུབ་སྔགས་དམིགས་ཀྱིས་བསལ་བ་དྲིལ་སྒྲུབ་ཡིན་པས་སྟོང་ཕྲག་བཟླ། གཞན་འདྲ། ༈ རྒྱུན་ཁྱེར་ཆགས་མེད་ལྟ་བུ་ལ་བསྙེན་པའི་སྐབས་ཀྱི་སྔགས་ཁོ་ན་ལས། སྒྲུབ་པ་ལས་སྦྱོར་མ་བྱས་ཀྱང་རུང་། བསྙེན་སྔགས་ཀྱང་དྲིལ་སྒྲུབ་གཙོ་བོར་བྱས་ན་ལེགས། སྤྲོ་ན། སྒྲུབ་པ། ལས་སྦྱོར་གྱི་བཟླས་དམིགས་ཁྱུག་ཙམ་བགྱིས་ཀྱང་འགལ་བ་མེད་པ་མ་ཟད། བསྙེན་སྒྲུབ་ལས་གསུམ་གྱི་གཞི་བསྙེན་སྔོན་དུ་སོང་བ་ཡིན་ན་ངེས་པར་སྒྲུབ་པ་དང་ལས་སྦྱོར་ཡང་ཅུང་ཟད་རེ་བཏང་ན་ལེགས་པ་ཡིན་ནོ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་འཕགས་མ་དང་། །དབྱེར་མེད་བླ་མས་སྐྱེ་ཀུན་རྗེས་བཟུང་སྟེ། །རྡོ་རྗེའི་ལམ་ལས་བྱང་ཆུབ་སྤྱོད་པ་རྫོགས། །སྒྲོལ་མའི་རྣམ་ཐར་ཡོངས་རྫོགས་མྱུར་འགྲུབ་ཤོག །ཅེས་པ་འདི་ཉིད་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་གཟིགས་མཆོག་ནས་ཐོག་མའི་སྣོད་ལྡན་དུ་དབྱུགས་དབྱུང་སྟེ་སྨིན་གྲོལ་གདམས་པ་རྫོགས་པར་གནང་ནས་ཟིན་བྲིས་འབྲི་བར་འོས་པའི་བཀའ་གནང་ཞིང་། སླད་ནས་དོན་གཉེར་ཅན་མང་པོས་བསྐུལ་ཀྱང་རིམ་ལུས་སུ་སོང་བ་རང་ལོ་གྱ་བདུན་པར་རྟ་རྣ་བླ་མ་ཀརྨ་འཇིགས་བྲལ་ནས་བཛྲ་གུ་རུ་དུང་ཕྱུར་གསུང་བའི་ཞལ་བཞེས་བཅས་ནན་ཏན་ཆེན་པོས་གསུང་བསྐུལ་ངོར། རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་མདོར་བསྡུས་ཙམ་དུ་སྤེལ་བའི། ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །། ༈ འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པསལུང་རྒྱུན་སོགས་ལ་ཞིབ་ཅ་བྱ་དགོས་ཡོད་དོ་ཞེས་སི་ཏུ་བ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམ་པའོ།།

དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 27, Text 31)

༄༅། །དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀཱ་ཡ། འདིར་སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་རའི་དགོངས་པ། གུ་རུ་པདྨ་སམྦྷ་བས་སྙན་བརྒྱུད་དུ་བསྩལ་པའི་དཔལ་ཆེན་ཡང་དག་ཟབ་ཏིག་ལས་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག་གོ །དང་པོ་འབྱོར་ན་དམ་ཚིག་རྟེན་དུ་ཧེ་རུ་ཀའི་ཐོད་སྐུ་མཚན་ཉིད་ཚང་བ་འདུ་བྱས་ཏེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་ཡང་དག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཧཱུྃ༔ ཡང་དག་གྲུབ་པ་དེ་བཞིན་ཉིད༔ སངས་རྒྱས་ཀུན་གྱི་སྙིང་རྗེའི་སྤྲིན༔ སྐུ་གསུམ་དབྱེར་མེད་རིག་པའི་གཤིས༔ སྙིང་པོ་དྲན་པས་ལྷ་སྐུར་རྫོགས༔ སྣོད་བཅུད་རྣམ་དག་ཡུམ་ལྔའི་ཀློང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་རོལ་པའི་མཚན་ཉིད་རྫོགས༔ དེ་དབུས་པདྨ་ཉི་ཟླ་དང༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་ཁྲག་འཐུང་ནམ་མཁའི་མདངས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་གཡས་ཀྱི་རྣམ་གསུམ་ན༔ རྡོ་རྗེ་ཁ་ཊྭཱཾ་རྔེ་འུ་ཆུང༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་བཛྲ་ཀྲོ་དྷཱི་ཤྭ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་དཔལ་ཆེན་དང༔ དུར་ཁྲོད་ཆས་ཀྱིས་ཀུན་ཏུ་བརྒྱན༔ ཚོགས་བརྒྱད་རྣམ་དག་གཽ་རཱི་བརྒྱད༔ གཡས་གཡོན་ཞལ་དང་ཕྱག་ལ་རྫོགས༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་བསྐྱེད་ཡེ་རྫོགས་ལྷ་སྐུར་གསལ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་གསལ་གདབ། སྤྲོ་ན་ལས་རིམ་མདོར་བསྡུས་ནི། ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགས༔ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོད༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཅེས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་བཅས་བྱ། གང་ལྟར་ཡང་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ། ང་རྒྱལ་བརྟན་པོར་བཟུང་། གཞི་འབྲས་སྦྲེལ་བའི་དག་པ་དྲན་པར་བྱ། གཉིས་པ་གསུང་ཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ཨ༔ སྙིང་དབུས་ཉི་ཟླའི་ག་འུ་རུ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་མཐིང༔ ཡབ་ཡུམ་མཉམ་སྦྱོར་ཐུགས་སྲོག་ལས༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་སྣོད་བཅུད་སྣང་གྲགས་རྟོག༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་སད༔ ཚུར་འདུས་དཔལ་ཆེན་ཁྲག་འཐུང་དང༔ དགོངས་པ་དབྱེར་མེད་གཅིག་ཏུ་རྫོགས༔ ཞེས་དགོངས་པའི་སྲོག་བཟུང་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་རྡོ་རྗེའི་གསང་སྔགས་འབྲུ་བརྒྱད་པ་ཉིད་བཟླས་པའི་སྐྱོན་བཅུ་སྤངས་ཏེ་རྩེ་གཅིག་ཏུ་བཟླ། བསྙེན་པ་བྱེད་ན་འབུམ་ཕྲག་བརྒྱད་བཟླས་ན་ལས་རུང་དུ་འགྱུར་རོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ནའི་རྣལ་འབྱོར་ནི། གཞུང་ལས། རྩ་ཁམས་རླུང་ལས་བདེ་ཆེན་སྦར༔ དབྱིངས་རིག་ཐིག་ལེ་གཅིག་གི་ངང༔ མཆོག་དངོས་གྲུབ་པ་མཐར་ཕྱིན་འགྱུར༔ ཞེས་པའི་དོན་ལྟ་བ་རིག་སྟོང་གཉུག་མའི་གནས་ལུགས་གཏན་ལ་ཕབ་པ་སྔོན་དུ་འགྲོ་བས། སྒོམ་པ་རླུང་དང་གཏུམ་མོའི་རྣལ་འབྱོར་གྱི་གཞི་བཟུང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་དུ་བསླངས་ཏེ་སྤྱོད་པའི་ཉེ་རྒྱུས་མཚམས་སྦྱོར་བས། མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ། རྩ་བའི་གཞུང་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་གསུངས་པར་བྱའོ། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། དང་པོ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཞེས་པའི་དགོངས་པ་ལ་མཉམ་པར་བཞག །གཉིས་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་། གསུམ་པ་བསྔོ་ཤིས་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་རྡོ་རྗེ་སེམས༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཅེས་པའང་སྐྱབས་ཆེན་སྒྲུབ་བརྒྱུད་སྤྲུལ་པའི་སྐུ་མཆོག་དང་། ཚ་སྒང་ལོ་ཙཱ་བ་རཏྣ་བི་ཛ་ཡ་ཟུང་གིས་བསྐུལ་བ་ལྟར་ཆོས་འདིའི་བདག་པོར་བསྔགས་པ་དང་། གཞན་དག་གིའང་ཐུགས་དམ་ཉམས་བཞེས་སུ་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས། མདོ་གཞུང་སའི་ཐིག་ལེ་གཏེར་དགོན་ཕུན་ཚོགས་གླིང་དུ་རབ་བྱུང་བཅོ་ལྔ་པ་མེ་ཡོས་ཁྲུམས་ཟླའི་ཤེར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་སྦྱར་བས་འགྲོ་ཀུན་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།

ཀློང་གསལ་རྡོ་རྗེ་མི་འཁྲུག་པའི་ཞི་བའི་སྲེག་བླུག་གི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ (Volume 48, Text 31)

༄༅། །ཀློང་གསལ་རྡོ་རྗེ་མི་འཁྲུག་པའི་ཞི་བའི་སྲེག་བླུག་གི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཨཀྵོ་བྷྱཿ སྔོན་སྨོན་ཐུགས་བསྐྱེད་མཐའ་ཡས་པ། །མངོན་དགའི་ཞིང་གི་འདྲེན་པ་མཆོག །ལས་སྒྲིབ་ཀུན་སྦྱོང་མི་འཁྲུག་རྒྱལ། །གུས་བཏུད་སྲེག་བླུག་ཆོ་ག་སྤེལ། །དེ་ལ་དབང་ཐོབ་ཅིང་བསྙེན་པ་མཐར་ཕྱིན་པ་ན། སྔགས་ཀྱི་ལྷག་ཆད་སྐོང་བ་དང་། གཞན་ཡང་སྡིག་སྒྲིབ་ཞི་བ་སོགས་ཀྱི་དོན་དུ་སྲེག་བླུག་བྱ་བར་འདོད་པས། སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པ་འོ།། དང་པོ་ནི། གང་དུ་བྱ་བའི་ས་ཕྱོགས་དེར་ས་བདག་ལྷ་ཀླུ་ལ་གཏོར་མ་གསེར་སྐྱེམས་འབུལ་བ་དང་། ཕྱགས་བདར་རྐྱང་ནུལ་སོགས་གསང་བ་སྤྱི་འགྲོས་ལྟར་བྱས་ལ། སྟེགས་བུའི་སྟེང་དུ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པའི་མཆུ་དང་ཁ་ཁྱེར་ཏེ། ཟླུམ་སྐོར་གསུམ་གྱི་ནང་དུ་པདྨ་འདབ་བརྒྱད་ཐབ་མཚན་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲི་འོ། །ཡམ་ཤིང་བ་ལུ་དཀར་པོ་སོགས་མཛུབ་གང་བ་དྲི་བཟང་གིས་བྱུག་ཅིང་རྩེ་མོ་གཉིས་མར་ཁུ་དང་སྦྲང་རྩི་བྱུགས་པ། མར་ཁུ། ཏིལ། ཡུངས་དཀར། དཱུརྦཱ། འབྲས། ཟས་མཆོག །ཀུ་ཤ །སོ་བ། ནས། གྲོ། སྲན་དཀར། ཤིང་ཏོག་རྣམས་འདས་པ་དང་མ་འདས་པ་ཚན་གཉིས་སློབ་དཔོན་གྱི་གཡོན་ལོགས་སུ་བཤམས། སློབ་དཔོན་གྱི་གཡས་ལོགས་སུ་འདས་པ་དང་། མེ་ལྷ་གཉིས་ལ་གཏོར་མ་དཀར་ཟླུམ་རེ་རེ་དང་། ཉེར་སྤྱོད་ལྔ་བཅས་བཤམས། སློབ་དཔོན་ཆས་གོས་དཀར་པོ་ཞལ་ཤར་དུ་ཕྱོགས་པའི་མདུན་དུ་ཐབ་སྟེགས་ལ་བུད་ཤིང་ཟླུམ་པོར་བརྩིག་པ་དང་། ལས་བུམ། རྡོར་དྲིལ། མེ་ཏོག །དགང་བླུག །རླུང་གཡབ། མེ་ཡོལ་ཡང་བཞག །འདུག་སྟངས་ནི་བྱིན་པ་གཡས་གཡོན་པས་མནན། མཐེ་བོང་གཉིས་རྩེ་སྤྲད། པུས་མོ་གཉིས་སར་ཕབ་སྟེ་པདྨའི་སྟབས་ཀྱིས་འདུག་ནས་སྲེག་བླུག་གི་བྱ་བ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་དང་སྲེག་རྫས་མེ་ཐབ་རླབས་པ། མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ་འོ། །དང་པོ་ནི། འཇམ་མགོན་གུ་ཎའི་ཆོག་སྒྲིག་ལྟར་བདག་གི་རྣལ་འབྱོར་བསྐྱེད་བཟླས་དང་། མདུན་བསྐྱེད་སྒྲུབ་མཆོད་ཀྱང་བྱས་ན་ལེགས། སྦྱིན་སྲེག་གང་དུ་བྱ་བའི་སར་ཕྱིན་ནས་གོང་དུ་བཤད་པའི་འདུག་སྟངས་ཀྱིས་འཁོད་དེ། ཨཱོྃ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང་། ཨཱོྃ་བཛྲ་གྷནྜེ་ཨཱཿཧཱུྃ་གིས་དྲིལ་བུ་གཟུང་། འཁྱུད་པའི་རྒྱས། ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཞེས་བརྗོད་ཅིང་དམ་ཚིག་གསུམ་དྲན་པར་བྱ། སྲེག་རྫས་བྱིན་རླབས་ནི། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཅེས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨཱོྃ་སྭཱ་ཧཱས་རྫས་རྣམས་བཀྲུ། ཡམ་ཤིང་ལ་ཨཱོྃ་ཨཱཿསྭཱ་ཧཱ། མར་ཁུ་ལ་ཨཱོྃ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ་ཨཱོྃ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ་ཨཱོྃ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་དང་འོག་གི་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །མེ་སྦར་བ་ནི། ཨཱོྃ་ཨགྣེ་ཡེ་ཛྭ་ལ་རཾ་གྱིས་ཐབ་ཀྱི་ཤར་ལྷོ་ནས་མེ་སྦར། མར་ཁུ་བླུག་གཟར་གང་གིས་མེ་གསོ། ཧཱུྃ་གསུམ་བརྗོད་ནས་རླུང་གཡབ་བོ། །གཉིས་པ་མེ་ལྷ་མཆོད་པ་ནི། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཉི་མའི་གདན་གྱི་སྟེང་ཉིད་དུ། །རཾ་ལས་ཨགྣེ་རཱ་ཛ་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་མེ་ཐབ་འཛིན༔ འགྱིང་བག་ར་སྐྱེས་གདན་ལ་མངོན་པར་རོལ༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་མེ་ལྷ་སྤྱན་དྲང་ངོ་། །སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་སྤྱོན་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ རང་བཞིན་གནས་ནས་སྤྱན་འདྲེན་ནོ༔ འབར་བ་མེ་ཡི་གདན་ལ་བཞུགས༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཨཱོྃ་ཨགྣེ་དེ་ཝ་རྀ་ཥི་ཛྙཱ་ན་ཛ་ཛཿ ཨཱོྃ་ཨགྣེ་དེ་ཝ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཨཱོྃ་ཨགྣེ་དེ་ཝ་རྀ་ཥི་ས་མ་ཡཿཨཱ་ཝེ་ཤ་ཡ་ཏིཥྛ་ལྷནཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ། མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་བཞིན༔ ཨགྣེ་མེ་ལྷའི་རྒྱལ་པོར་འདི་འབུལ་བས༔ བཞེས་ནས་ཚེ་ལྡན་་་ནམ་ཚེ་འདས།སྡིག་སྒྲིབ་ཞི་བར་ཤོག༔ ཨཱོྃ་ཨགྣ་ཡེ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གྷནྡྷཻ་ར་ས་སྤརྴེ་སཔྟ་མ་ཧཱ་རཏྣ་ཨཥྚ་མངྒ་ལཾ་ཝ་ས་སྱེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱོན་སྐྱེམས་ནི། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུག་གཟར་ལན་བདུན། ཨཱོྃ་ཨགྣ་ཡེ་དཱི་བྱ་དཱི་བྱི་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བདུན་ཚན་གསུམ་གྱིས་འབུལ། བདག་ཅག་འཁོར་དང་བཅས་་་རོ་སྲེག་སྐབས་ཚེ་ལས་འདས་ཁ་སྒྱུར།པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲེག་རྫས་འབུལ་བ་ནི། ཡམ་ཤིང་། ཨཱོྃ་ཨགྣ་ཡེ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། བདག་ཅག་འཁོར་དང་བཅས་་་ཚེ་ལས་འདས་ཁ་སྒྱུར།པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨཱོྃ་ཨགྣ་ཡེ་ཨ་མྲྀཏ་ཁཱ་ཧི། འདོད་གསོལ་འགྲེ། ཏིལ། ཨཱོྃ་ཨགྣེ་ཡེ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཡུངས་དཀར། ཨཱོྃ་ཨགྣེ་ཡེ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། དཱུརྦཱ། ཨཱོྃ་ཨགྣ་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབྲས། ཨཱོྃ་ཨགྣ་ཡེ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཟས་མཆོག །ཨཱོྃ་ཨགྣ་ཡེ་བཛྲ་སརྦ་སམྦ་དེ་སྭཱ་ཧཱ། ཀུ་ཤ །ཨཱོྃ་ཨགྣ་ཡེ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སོ་བ། ཨཱོྃ་ཨགྣ་ཡེ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནས། ཨཱོྃ་ཨགྣ་ཡེ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ། གྲོ། ཨཱོྃ་ཨགྣ་ཡེ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། སྲན་མ། ཨཱོྃ་ཨགྣ་ཡེ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཤིང་ཏོག །ཨཱོྃ་ཨགྣེ་ཡེ་ག་གྷ་ནི་ག་གྷ་ནི་བི་ལོ་ཀི་ཏེ་སྭཱ་ཧཱ། ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་དབུལ། ཧཱུྃ༔ དྲང་སྲོང་འབྱུང་བའི་མཐུ་ཡིས་ལས་བཞི་འགྲུབ༔ དེང་འདིར་སྒྲུབ་ཅིང་གསོལ་བ་བཏབ་པའི་དོན༔ བདག་ཅག་་་ཚེ་འདས་ཞེས་སྦྱར་རོ།སྡིག་སྒྲིབ་ཞི་ཕྱིར་ཕྱག་འཚལ་བསྟོད༔ ཁྱོད་ཀྱིས་སྔོན་ཚེ་རྒྱལ་བར་དམ་བཅས་པས༔ ལས་རྣམས་མི་འགྲུབ་པ་ཡི་མིང་ཡང་མེད༔ མེ་ཉིད་ཡེ་ཤེས་མེ་རུ་བྱིན་བརླབས་ནས། །སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཞི་བར་མཛོད། །གསུམ་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ལ། དམ་ཚིག་པ་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བྱ་བ་ནི། མེ་ལྷའི་ལྟོ་བ་ཡངས་པའི་གཞལ་ཡས་དབུས། །པདྨ་ཟླ་བ་རབ་ཏུ་རྒྱས་པའི་གདན། །དེ་སྟེང་བཅོམ་ལྡན་མགོན་པོ་མི་འཁྲུག་པ༔ ཞལ་གཅིག་ཕྱག་གཉིས་སོགས་བདག་བསྐྱེད་ལྟར་བསྟོད་པའི་བར་དང་། དགང་བླུག་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཡི་ཞལ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཅེས་བརྗོད་ལ་བླུག་གཟར་མར་ཁུ་དང་རྩ་སྔགས་ཨཱོྃ་བཛྲ་ས་མནྟ་པ་ཏྲི་ཧཱུྃ༔ ལན་བདུན་མཐར་གཟུངས་རིང་ཚར་གཅིག་དང་འདོད་གསོལ་གོང་བཞིན་བཏགས་པ་མདུན་ཚན་གསུམ་སོགས་འབུལ། སྲེག་རྫས་འབུལ་བ་ལ། ཡམ་ཤིང་ནས་ཤིང་ཐོག་གི་བར། རྩ་སྔགས་ལ་རྫས་སྔགས་བཏགས་པ་བདུན་རེའི་མཐར། གཟུངས་རིང་ཚར་གཅིག་དང་འདོད་གསོལ་བཏགས་པ་གྲངས་ཅི་ནུས་སུ་དབུལ་མཐར། ཡུངས་དཀར་ཐབ་ཏུ་འཐོར་ལ། བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པས་བདག་ཅག་འཁོར་དང་བཅས་་་ཚེ་ལས་འདས།པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་གསོལ་སྦྱར། གཤེགས་སྐྱེམས་ཀྱི་ཆེད་དུ་གོང་བཞིན་དགང་བླུག་ཕུལ་ལ། ལས་གཞུང་ལྟར་གཏོར་མ་འབུལ། ཕྱི་གཏོར་མ་གྲུབ་ཀྱང་ཆོག །གཏང་རག་གི་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་བྱ། ཨཱོྃ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། གསུམ་པ་རྗེས་ལ། མེ་ལྷའི་གཏང་རག་གི་མཆོད་གཏོར་འབུལ་བ་ནི། ཨགྣེ་ཛྭ་ལ་རཾ་མར་ཁུ་བླུག་གཟར་གང་གིས་མེ་གསོ་ཞིང་། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ། གཤེགས་སྐྱེམས་དགང་བླུག་མར་ཁུ་བདུན་ཚན་གསུམ་འབུལ་བ་ནས་ཤིང་ཏོག་གི་བར་རྫས་སྔགས་རྣམས་ཚར་གསུམ་རེ་ཙམ་དབུལ། འདོད་གསོལ་བྱ། ཨཱོྃ་ཨགྣེ་དེ་ཝ་རྀ་ཥི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨཱོྃ་ཨགྣེ་དེ་ཝ་རྀ་ཥི་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་དང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འབུལ། ཧྲཱིཿ མེ་ལྷ་ཨགྣེ་རཱ་ཛ་ལ། །སྦྱིན་སྲེག་མཆོད་པ་འདི་ཕུལ་པར། །མ་འབྱོར་པ་དང་མ་ཚང་བ། །བདག་གི་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཅི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོྃ་ཨགྣེ་དེ་ཝ་རྀ་ཥི་ས་པ་རི་ཝཱ་ར་བཛྲ་མུཿ མེ་ལྷ་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་བཞིན་དྲི་བཟང་ཆུ་དང་འོ་མས་མེ་གཞིལ། དགེ་བསྔོ་ཤིས་བརྗོད་ལས་གཞུང་ལྟར་བྱའོ།། །། ༈ རོ་སྲེག་གི་ཆོ་གའི་ཁྱད་པར་ལ། དམ་པ་རྣམས་ལ་མཆོད་རྟེན་བུམ་པ་བྲེ་བརྩེགས་པ་དང་། ཕལ་པ་ལ་མཁར་ཐབས་ལྟ་བུ་བརྩིག །རྐེད་པར་རྫས་ཁུང་། སྟེང་དུ་དུད་ཁུང་། རྩ་བར་སྦར་ཁུང་སོགས་གཏོད། དཀར་ཙི་བྱུག །རྡོ་ལེབ་སྟེང་བྲིས་ཐབ་ལྟར་ཚོན་བཀྱེས་པ་དབུས་སུ་བཞག །བདག་མདུན་བུམ་གསུམ་དབང་ལེན་བཅས་གྲུབ་ནས། ༼རོ་ལ་གཟུངས་ཆུས་བཀྲུ་ཞིང་རྣམ་རས་ཀྱིས་ཕྱི། གནས་ཡིག་རྒྱས་པ་གཞན་ཡང་གྲུབ་ན་ལེགས་ཤིང་། དམིགས་བསལ་སྤྱི་བོར་ཨཱོྃ་དང་གཟུངས་རིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨཱོྃ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། ཡི་མཐར། ཆེ་གེ་མོའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཞེས་དང་། མགྲིན་པར་ཨཱཿདང་གཟུངས་རིང་གཤམ། ཆེ་གེ་མོའི་ངག་གི་སྒོ་ནས་སོགས། སྙིང་གར་ཧཱུྃ་དང་གཟུངས་རིང་གཤམ། ཆེ་གེ་མོའི་ཡིད་ཀྱི་སྒོ་ནས་ཞེས་སོགས་ཀྱི་ཤམ་བུ་བསྒྱུར་བ་མཐིང་ཤོག་ལ་གསེར་དངུལ་ལམ། མ་འབྱོར་ན་རྒྱ་ཤོག་ལ་དྲི་བཟང་བསྲེས་པའི་མཚལ་གྱིས་བྲིས་ཏེ་གནས་སོ་སོར་ཡིག་ངོ་ནང་བསྟན་དུ་དཀྲིས་ཏེ་སྦྱར། དེ་དག་ལས་འོད་ཟེར་འཕྲོས། རྟེན་དེའི་སྡིག་སྒྲིབ་སྦྱོང་བར་བསམ་ལ་གཟུངས་སྔགས་ཤམ་བུ་ཅན་དེ་མང་དུ་བརྗོད་ལ། སྔགས་བཟླ་བཞིན་དུ་རབ་བྱུང་ཡིན་ན་ཆོས་གོས། ཁྱིམ་པ་ལ་རས་སྣམ་གྱིས་དཀྲིས་ཏེ། སྔགས་ཀྱིས་བཏབ་པའི་བདུག་པས་བདུགས། དཀྱིལ་འཁོར་ལྷོ་སྒོར་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག་ལ།མཆན༽ གནས་ལུང་གི་རྟེན་སྐྱེད་ནས་གཟུང་དབང་བསྐུར་ཟས་གཏད་ལམ་སྦྱོང་བསྟན་ཡན་བྱ་བའམ། བསྡུ་ན། བདག་བསྐྱེད་རྗེས་ལས་བུམ་སྒྲུབ་ནས། རོ་ལ་སྦྱོང་བ་དང་། ཕྱིན་དྲུག་གི་ཁྲུས་བྱ། གནས་ཡིག་གདགས་ཤིང་། རྒྱས་བསྡུས་གང་ལྟར་ཡང་། ཚེ་འདས་སྐད་ཅིག་གིས་མི་འཁྲུག་པའི་སྐུར་བསྐྱེད་མཆོད་བསྟོད་བྱས་ནས་རོ་ཁང་དུ་དྲངས།་་་མེ་འཇུག་ཁར་ཡེ་ཤེས་པ་ནམ་མཁར་བཏེགས།མཆན།༽ རྡོར་དྲིལ་དང་སྲེག་རྫས་བྱིན་རླབས་གྲུབ་ནས། མེ་སྦར་བ་ནི། འདི་ནི་མགོན་པོ་མི་འཁྲུག་པའི༔ ཡེ་ཤེས་ལྔ་ཡི་རང་མདངས་མེས༔ ཚེ་འདས་མ་རིག་དུག་ལྔ་སྲེག༔ ཡེ་ཤེས་སྣང་བ་འབར་གྱུར་ཅིག༔ གཟུངས་སྔགས་བརྗོད་ལ་མེ་སྦར། གང་ཟག་མཆོག་ལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འདི་ནི་མགོན་པོ་མི་འཁྲུག་པའི༔ ཡེ་ཤེས་ལྔ་ཡི་རང་མདངས་མེས༔ བདག་ཅག་སྒྲིབ་པ་སྦྱོང་བའི་ཕྱིར། །ཡེ་ཤེས་སྣང་བ་འབར་གྱུར་ཅིག༔ ཅེས་དང་། གཟུངས་སྔགས་བརྗོད་ལ་སྦར་རོ། །སྲེག་བླུག་དངོས་གཞིར་དམ་པ་རྣམས་ཀྱི་གདུང་ནི་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བསྐྱེད་ནས་སྲེག་རྫས་འབུལ་བ་དང་། དམན་པ་ལ་་་༼ཚེ་འདས་ཀྱི་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ནི་མཆོད་ཡུལ་དང་དབྱེར་མེད་དུ་བྱ་ཞིང་དྲི་མ་ཕུང་ཁམས་སྐྱེད་མཆེད་ལ་སོགས་པ་དང་ལྷན་ཅིག་རྣམ་སྨིན་རོ་ཡི།མཆན།༽ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་སྤེལ་ཀྱང་ཆོག་ལ། མཆོག་ལ། ས་དང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཕལ་པ་ལ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ། རྫས་འབུལ་བའི་སྐབས་དམིགས་ཡུལ་རྗེས་སུ་དྲན་པས། རྫས་སྔགས་རྣམས་ཉེར་གཅིག་སོགས་རྫོགས་པ་དང་། གཙོ་བོར་ཀཾ་ཀ་ནི་དང་རྫས་ཏིལ་ནག་ཁོ་ན་ལ་གྲངས་གཟུང་། བདག་དང་ལྷ་དང་མཆོད་རྫས་དང་། མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས། དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བྱེད་པར་བསམ་མོ། །སྲེག་རྫས་རྫོགས་ཤིང་གཏོར་འབུལ་གྲུབ་པ་ན། ཚེ་འདས་ཧཱུྃ་གི་ས་བོན་ལས་སྐྱེས་པའི་གཙོ་བོའི་སྐུ་རྡོ་རྗེ་ལྟ་བུར་བསམ་ནས། ཨཱོྃ་བཛྲ་རཀྵ་ཧཾ་གིས་བསྲུང་བར་བྱ། ལྷ་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བར་བསམ་ལ། གནས་ལུང་དང་འབྲེལ་མིན་གང་ལྟར་ཡང་ལམ་སྦྱང་བསྟན་བྱའོ། །རོ་བསྲེགས་ཚར་བའི་རྗེས་སུ་མི་འཁྲུག་པའི་ང་རྒྱལ་གྱིས། སཾ་ཧ་ར་ཎ་ཧཱུྃ། ཞེས་རུས་བུ་རྣམས་བསྡུས་ལ། རུས་སྦྱོང་དང་སཱཙྪའི་ཆོ་ག་ཟུར་གསལ་ལྟར་བྱའོ། །འདི་བྲིས་དགེ་བས་ནམ་མཁའ་དང་། །མཉམ་པའི་འགྲོ་རྣམས་མངོན་དགའ་རུ། །སྐྱེས་ནས་བྱང་ཆུབ་མཆོག་བརྙེས་ཏེ། །མི་འཁྲུག་མགོན་དང་དབྱེར་མེད་ཤོག །ཅེས་པའང་མཁན་རིན་པོ་ཆེ་དུལ་བའི་སྡེས་བཀའ་བསྩལ་ལྟར། ཆོས་ཀྱི་བློ་གྲོས་པས་ཁྲིགས་སུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །ཡི་གེ་པ་ནི་དོན་དམ་ཆོས་མཆོག་གིས་གུས་པས་བགྱིད་པའོ། །མངྒ་ལཾ།། །། ༄༅། །ཀློང་གསལ་མི་འཁྲུག་པའི་གཤིན་ཆོག་གི་ཡན་ལག་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །ཨཱོྃ་སྭསྟི། མཚན་ཙམ་ཐོས་པས་གནས་ངན་ལེན། །རྒྱུན་གཅོད་རྡོ་རྗེ་མི་འཁྲུག་པར། །བྱང་ཆུབ་བར་དུ་སྐྱབས་སུ་བསྙེན། །སྡིག་སྦྱོང་ལས་ཚོགས་ཟིན་ཐུན་སྤེལ། །དེ་ལ་ལྷ་འདིའི་བསྙེན་པ་ཐེམས་པའི་གང་ཟག་གིས་གཤིན་པོར་ཕན་གདགས་པའི་ལས་ཀྱི་ཚོགས་རབ་འབྱམས་ལས་འདིར་ཉེ་བར་མཁོ་བའི་ལས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་མེ་ཆོག་ནི་ཟུར་ནས་འབྱུང་བ་ལྟར་དང་།། ༈ །།གཉིས་པ་རུས་ཆོག་ནི། རུས་བུ་རྣམས་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རྡུལ་ཕྲ་རབ་རུས་བུ་ལ་ཐིམ་པས་སྡིག་སྒྲིབ་སྦྱོང་བར་མོས་ལ། རྡོ་རྗེ་བསྡུ་རྒྱ་བཅས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སཾ་ཧ་ར་ཎ་ཧཱུྃ། ཞེས་ལན་མང་དུ་བརྗོད་པས་བསྡུ། པདྨ་འདབ་བརྒྱད་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་བཞག །བདག་བསྐྱེད་བུམ་བཟླས་བཅས་གྲུབ་ནས། རུས་བུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལ་ཨ་དཀར་པོ་དེ་ལས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་མོས་ལ། ཕྱིན་དྲུག་དང་དུག་སྦྱོང་གི་ཚིགས་གཅད་དང་། བར་མཚམས་གཟུངས་སྔགས་མཐར། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཏགས་པ་བཟླ་བཞིན་བཀྲུ་མཐར། སྙིང་པོ་དང་གཟུངས་ཀྱང་ཅི་འགྲུབ་བཟླ་བས་བཀྲུ། གང་སེར་མ་ལྟ་བུའི་ཤིས་བརྗོད་ཅི་རིགས་བྱ། ཉེ་འབྲེལ་མ་ཡིན་པས་ཞིབ་འདུར་གྱིས་དྲི་བཟང་དང་རིན་ཕྱེ་སོགས་བསྲེས་པའི་འཇིམ་པ་དང་སྦྱར་བ་མདུན་དུ་བཀོད། འཇིམ་པའི་སྟེང་དུ་རྡོ་རྗེ་མི་འཁྲུག་པ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། ཚེ་འདས་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་འོད་དུ་ཞུ་ནས་འཇིམ་པ་ལ་ཐིམ་པས་རིན་པོ་ཆེའི་ཕུང་པོར་གྱུར། ཅེས་བརྗོད་ལ་གཟུངས་སྔགས་བཟླ་བཞིན་བཏབ། གཟུངས་སྔགས་ཀྱི་སརྦ་ཀརྨའི་གོང་དུ་ཚེ་འདས་ཀྱི་མིང་བྲིས་པ་དང་། མེ་སརྦ་སཏྭཱ་ནཱཉྩ། སྦྱར་མི་དགོས། དཔེར་ན། ཁྱིམ་བདག་ལེགས་སྐྱེས་ཀྱི་སརྦ་ཀརྨ་པ་རམྤ་རཱ་ཎེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པ་ལྟ་བུ་ཡིན་པ་དེ་འདྲའི་གཟུངས་ཀྱི་ཤོག་དྲིལ་བཅུག་ལ་སཱཙྪའི་ཆོ་ག་བྱའོ།། ༈ །།གསུམ་པ་ཆུ་ཆོག་གི་ལག་ལེན་ནི། བདག་མདུན་བུམ་སྒྲུབ་དབང་ལེན། རོ་ལ་དྲི་བཟང་གི་ཆུས་བཀྲུ་ཕྱི། གནས་ཡིག་གདགས། བྱང་ཆོག་གི་རྟེན་བསྐྱེད་ནས་དབང་བསྐུར་གསུར་བསྔོ་རྫོགས་ཀྱི་བར་དང་། དེ་ནས་རོ་གང་དུ་དོར་བའི་ཆུ་འགྲམ་དུ་ཕྱིན་ནས། དཀར་གཏོར་གསེར་སྐྱེམས་ཕུལ། ཆུ་བོ་བསང་སྦྱང་། སྟོང་པའི་ངང་ལས་བཾ་ཡིག་ལས་བྱུང་བའི་ཆུ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཨཱོྃ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལན་གསུམ། ལྷ་ཡི་ཆུ་བོ་བཀུག་ནས་ཐིམ་པས་དག་བྱེད་ཀྱི་རང་བཞིན་དུ་གྱུར། ཨཱོྃ་ན་མ་སཏྲཻ་ཡ་དྷྭི་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱརྟུ་བི་བི་ས་ར་མཱ་མ་ཀཱི་སྭཱ་ཧཱ། ཆུ་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བསྐུལ། བྱིན་རླབས་འོད་ཟེར་གྱི་རྣམ་པར་བྱོན་ནས་སྐུ་ལས་བདུད་རྩིའི་རྒྱུན་བབས། རེག་ཚད་ཀྱི་འགྲོ་བ་རྣམས་གྲོལ་བའི་ནུས་ལྡན་དུ་གྱུར་པས་ཚེ་འདས་ཀྱི་སྡིག་སྒྲིབ་བཀྲུས་པར་མོས་ལ། ཕུང་པོ་ཆུར་བྱིང་བའི་གཏིང་རྡོ་འདོགས་ནས་ཆུར་གཞུག །རྣམ་བུམ་གྱི་ཆུ་དེ་སྟེང་སྒྲེང་། འདི་ནི་སྦྱིན་པའི་སོགས་ཁྲུས་དང་དུག་སྦྱོང་བྱས་ལ་གཟུངས་སྔགས་ཤམ་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཅན་མཚམས་རྣམས་སུ་འདོན། ཚེ་འདས་ཀྱི་སྒྲིབ་པ་སྦྱངས་ནས་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་གྱུར། བྱང་ཆོག་ནས་འབྱུང་བ་ལྟར་ལམ་སྦྱང་བསྟན་བསྔོ་སྨོན་བཀྲ་ཤིས་བཅས་བྱའོ།། ༈ །།བཞི་པ་སྦ་སྐྱེལ་ནི། ཁང་པའི་ནང་དང་། དུར་རམ་མཚེད་པར་འཇོག་འདོད་ན། བདག་མདུན་བུམ་སྒྲུབ་དབང་ལེན་དང་བཀྲུ་ཕྱི་གནས་ཡིག་སོགས་སྔ་མ་བཞིན། བྱང་ཆོག་རྟེན་བསྐྱེད་ནས་དབང་བསྐུར་གསུར་བསྔོ་དང་ལམ་སྦྱོང་བསྟན་ཡན་བར། རོ་འཇོག་སྣོད་རབ་བྱུང་ལ་མཆོད་རྟེན་བྲེ་མན་ཆད་ཡོད་པ་དཀར་པོ། དགེ་བསྙེན་ལ་པདྨ་དམར་པོ་ཁ་སྦྱར་གྱི་གཟུགས། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་གྱི་དབྱིབས། བློན་པོ་ལ་དམར་སྐྱ་ཟ་མ་ཏོག་གི་དབྱིབས། ཐ་མལ་པ་ཕོ་ལ་མདོག་སེར་སྐྱ་གདན་ཁྲི་ལྟ་བུ། མོ་ལ་སྔོ་སྐྱ་བིལ་བ་ལྟ་བུ། བྱིས་པར་དམར་སེར་ལྷུང་བཟེད་ཀྱི་དབྱིབས་རྣམས་སུ་ལེགས་པར་བཟོ། དེའི་ནང་དུ་སྟན་ཁར་རོ་ཁ་ལྷོར་བསྟན། མགོ་ནུབ་བསྟན་སྟོད་ཅུང་ཟད་བསླང་། ལག་ཐལ་སྦྱར་སྤྱི་བོར་བཞག །སྙིང་ག་ནས་སྲད་བུ་དམར་པོ་ཞིག་བཏགས་ལ་རོ་སྣོད་དེའི་སྟེང་ཕྱོགས་ནས་ཕྱིར་ནུབ་ཏུ་དྲངས་པ་ཐོག་ལ་གདགས། སྟེང་དུ་གདུགས་ཁྲ་བོ་དབུབ། ཕྱོགས་བཞིར་སྣ་བདུན་སོགས་བྲི། མཆོད་རྫས་དང་བཟའ་བཏུང་གིས་བསྐོར་ལ། ལས་བྱང་གི་མདུན་བསྐྱེད་ལྟར་ལྷར་བསྐྱེད་དྲང་བསྟིམ་ཕྱག་མཆོད་སོགས་ཡན་ལག་རྣམས་བྱས་ལ་གཟུངས་སྔགས་རིང་ཐུང་བཟླ། སླར་ཡང་མཆོད་བསྟོད་དང་སྨོན་ཤིས་བྱའོ། །རྒྱུན་དུའང་ཅི་འབྱོར་བས་མཆོད་དོ། ༈ །རི་ལ་གཏོར་ན། བདག་མདུན་བུམ་སྒྲུབ་དབང་ལེན་དང་། བཀྲུ་ཕྱི་གནས་ཡིག་གནས་ལུང་རྟེན་སྐྱེད་ནས་དབང་བསྐུར་ལམ་སྦྱོང་བསྟན་སོགས་གོང་བཞིན། ཕུང་པོ་གཏོར་རན་པ་ན། རང་ཉིད་མི་འཁྲུག་པར་གསལ་བའི་ཐུགས་ཀའི་འོད་ཟེར་དང་སྔགས་ཀྱི་སྒྲས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དྲངས་པར་བསམ་ལ། གཟུངས་སྔགས་བཟླ་བཞིན་གནས་ཡིག་བཏགས་གྲོལ་རྣམས་མེར་བསྲེགས་པའི་ཐལ་བ་གནས་སོ་སོར་བྱུགས། ཕུང་པོ་ཟག་མེད་མྱོང་གྲོལ་གྱི་རང་བཞིན་ལ་ཤ་ཁྲག་སོགས་གང་འདོད་ལོངས་སྤྱོད་དུ་གྱུར་པར་བསམ་ལ། སྦྱིན་ཡུལ་བྱ་གཅན་རང་བྱུང་ལྷའི་འཁོར་ལོར་ཤེས་པས་མཆོད་སྦྱིན་གཞན་ནས་འབྱུང་བ་ལྟར་བྱས་ལ་མཐར་སྦྱིན་འབྲས་དམིགས་མེད་དུ་བསྔོ་འོ།། ༈ །།ལྔ་པ་སཱཙྪའི་ཆོ་ག་ལ། བཏབ་ཚུལ་གོང་དུ་བཤད་པ་བཞིན། དར་སྣ་ཚོགས་ཀྱི་གདུགས་རེ་སཱཙྪའི་རྩེ་མོར་སྦྱར། ལེགས་པར་བསྒྲིགས་ནས་རབ་གནས་བྱ། མི་འགྲུབ་ན་བདག་བསྐྱེད་རྗེས་ལས་བུམ་སྒྲུབ། ལས་སྔགས་ཀྱིས་ཡུངས་དཀར་དང་། རྟེན་འབྲེལ་སྙིང་པོས་འཐོར་ནས་བྱིན་གྱིས་བརླབ། སྦྱོང་བ། བགེགས་བསྐྲད། ཁྲུས་གསོལ། ཤིས་བརྗོད་བཅས་བྱ། སཱཙྪ་རྣམས་མདུན་བསྐྱེད་ལྟར་བསྐྱེད་ཅིང་དྲང་སྟིམ་ཕྱག་མཆོད་བཟླས་པ་དང་། མཆོད་པའི་སྐབས་གདུགས་དང་རྒྱལ་མཚན་བ་དན། མེ་ཏོག་གི་ཕྲེང་བ་ཅི་འབྱོར་བཤམས། མེ་ཏོག་དམ་པ་སོགས་ཤྭ་ལོ་ཀ་གསུམ་དང་མཆོད་པའི་སྤྲིན་གཟུངས་དང་། དེ་བཞིན་གཤེགས་པའི་རྟེན་འདི་རྣམས་ལ་རིན་པོ་ཆེའི་གདུགས་ནམ་མཁའ་དང་མཉམ་པ་ཕུལ་བས། ཞལ་དྲོ་ཞིང་བྱིན་ཆེ་བ་འགྲོ་བ་སྐྱོབ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ཅེས་རྒྱལ་མཚན་སོགས་ལའང་རིགས་འགྲེས་ཏེ་བརྗོད། མཐར་ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་བརྟན་བཞུགས་དང་། བཅོམ་ལྡན་འདས་འོད་དུ་ཞུ་བ་སཱཙྪའི་རྣམ་པར་གྱུར། རྟེན་སྙིང་བཟླ་བཞིན་མེ་ཏོག་མཐོར། སླར་ཡང་ཡན་ལག་བདུན་པ་བཟང་སྤྱོད་ལས་བྱུང་བ་དང་བཀྲ་ཤིས་བྱའོ། ༧ །སཱཙྪ་ཆུར་གཤེགས་ན། བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་གསར་དུ་བཤམས། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང་། །ཆོས་དབྱིངས་རང་བཞིན་དག་པའི་བདེན་སྟོབས་ཀྱིས། །ཞིང་དང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་གྱུར། །མཆོད་པའི་སྤྲིན་གཟུངས་ཚར་གསུམ་བརྫོད། སཱཙྪ་རྣམས་ཆོས་སྐུའི་མཆོད་རྟེན་མཚན་ཉིད་ཡོངས་སུ་རྫོགས་པའི་རང་བཞིན་རྡུལ་ཕྲ་རབ་རེ་རེ་ཡང་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར། ཡན་ལག་བདུན་པ་གང་ནུས་བྱ། སྨོན་ལམ་བཏབ་པ་མཐར་དབྱུང་། ཆུར་གཤེགས་པ་སྤྲོ་ན་ཀླུ་ཆོག་བྱས་ལ། རྡུལ་ཚོན་ཆུར་གཤེགས་ཀྱི་ཚིག་གི་མལ་དུ། ཀླུ་ཡི་རྒྱལ་པོ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྟེན་བྱིན་རླབས་ཅན་འདི་རྣམས་རྒྱ་མཚོ་ཆེན་པོར་སྤྱན་དྲོངས་ལ། སྤྱིར་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་། འཇིག་རྟེན་གྱི་ཁམས་སུ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། ཁྱད་པར་བདག་དང་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཐུན་སྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཁྱད་པར་ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཀླུ་ཆོག་མ་གྲུབ་ཀྱང་ཆོག །དེ་ལྟར་ན་སྨོན་ལམ་ཚར་མ་ཐག །སཱཙྪ་རྣམས་ཆུ་སྟེང་དབུ་མཇུག་མ་ལོག་པ་རེ་རེ་བཞིན་བཞག །གཟུངས་སྔགས་ཚར་རེའི་མཇུག་ཏུ། ཚེ་འདས་ཆེ་གེ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བར་གྱུར་ཅིག །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་ཅི་ནུས་བརྗོད། ཡིད་ཀྱིས་མཆོད་རྟེན་རྣམས་ཀླུ་ཡི་རྒྱལ་པོས་སྤྱན་དྲངས་པའི་ཚེ་དྲང་སྲོང་བདེན་ཚིག་གྲུབ་པས་སྨོན་ལམ་གྱིས་མཐུན་འགྱུར་མཛད། ས་བླའི་ལྷས་འོག་མིན་གྱི་བར་དུ་རྗེས་སུ་བསྒྲགས་ཤིང་། དེ་བཞིན་གཤེགས་པ་སྲས་དང་བཅས་པས་བདེན་ཚིག་གི་ཤིས་པ་བརྗོད་པར་མོས། ཆུར་གཤེགས་ཚར་བ་དང་དེའི་མཐུ་ལ་བརྟེན་ནས་ཚེ་འདས་ངན་སོང་ལས་གྲོལ་ཏེ་མཐོ་རིས་སུ་སྐྱེས་ཤིང་མདུན་གྱི་ནམ་མཁར་འོང་ནས་ཆེད་དུ་བརྗོད་པར་མོས་ལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་མི་སྣང་བར་བསམ་ལ། ཀླུ་ཆོག་འདོན་ཡོད་ན་ཀླུ་རྣམས་གཤེགས་སུ་གསོལ། སྨོན་ཤིས་བྱའོ། །གང་ཟག་མཆོག་གི་གདུང་ཚ་གཤེགས་ན་སྨོན་ལམ་ལ། དགེ་བའི་བཤེས་གཉེན་ཆེ་གེ་མོའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པར་གྱུར་ཅིག །དེ་ཉིད་ཀྱི་འབྲེལ་ཐོགས་ཀྱི་འགྲོ་བ་ཐམས་ཅད་ངན་སོང་གསུམ་གྱི་གནས་ལས་ཐར་ཏེ། ཞེས་ཁ་སྒྱུར། ༧ སཱཙྪ་མཆོད་པར་བཞུགས་སུ་གསོལ་ན་རབ་གནས་གྲུབ་པ་དང་མཆོད་རྟེན་གྱི་ནང་དུ་བྱེ་མས་བཅེར། དེའང་དྲི་མེད་སྲོག་ཤིང་འཛུག་ཆོག་དང་སྦྲེལ་ན་ཕན་ཡོན་ཆེ་ཞིང་། དེ་དང་མ་འབྲེལ་ན་སཱཙྪ་བཞུགས་གྲུབ་ནས། ཆུ་གཤེགས་སྐབས་ལྟར་བདག་སྐྱེད་སྔོན་དུ་འགྲོ་བས། མཆོད་པ་བཤམས་ལ། ས་གཞི་བྱིན་རླབས་ནས་སྨོན་ལམ་བཏབ་པའི་བར་བྱ། རྣམ་སྣང་གི་རྡུལ་ཕྲ་རབས་ཀྱི་རང་བཞིན་མཆོད་རྟེན་གྱི་ཕུང་པོ་ལས་འོད་ཟེར་འཕྲོས་པས། མཐོང་ཐོས་དྲན་རེག་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྲིན་ལས་རྟག་ཏུ་མཛད་པར་མོས། རྟེན་སྙིང་གིས་མེ་ཏོག་འཐོར། ཤིས་བརྗོད་སྨོན་ལམ་རྒྱས་པར་བྱའོ། །སཱཙྪ་ཆུར་གཤེགས་དང་། བཞུགས་གསོལ་གཉིས་ཀའི་སྐབས་དགེ་འདུན་ལ་ཆོས་སྟོན་བྱ་ཞིང་སྨོན་ལམ་གདབ་པ་གལ་ཆེ་བར་གསུངས་སོ། །འདི་ལྟར་བྱ་སླ་ཁྱེར་བདེ་ཡི། །ངན་འགྲོའི་སྡུག་བསྔལ་ལས་གྲོལ་ཐབས། །རྨད་བྱུང་ཆོ་ག་འདི་རྣམས་ཀྱིས། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་པའང་མཁན་རིན་པོ་ཆེ་ལེགས་པར་བཤད་པའི་གསུང་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཐུགས་རང་བྱུང་རིག་པའི་ངོ་བོ་ཨ་དཀར་པོ་འོད་ཟེར་དང་བཅས་པ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། མཐོང་ཐོས་དྲན་རེག་གི་འགྲོ་བའི་སྡིག་སྒྲིབ་སྦྱང་བར་བསམ་ལ་རྒྱུད་དང་ཀློང་གྲོལ་གང་མང་བཟླ། འཿཨཿཧཿཤཿསཿམཿ ཅི་ནུས་བཟླ་འོ།། །། ཡིག་ཆ་འདི་ཞུ་དག་དང་འབྲེལ་རང་འདྲའི་བློ་དམན་གཞན་ལ་ཡང་ལག་ལེན་འཇུག་པ་བདེ་ཞིང་ཞལ་གསལ་བའི་ཕྱིར། ཁུངས་ལྡན་ཡིག་ཆ་གཞན་དང་གོ་བསྟུན་ནས་ཅུང་ཟད་ཁ་གསལ་དང་། དགོས་ངེས་མཆན་བུ་འགའ་ཡང་བྱས་པ་འགལ་འཁྲུལ་སོང་ན་ཞེ་ཆེན་འཕྲུལ་པར་ཞུ་དག་པ་པད་བཀོད་དྭགས་པོ་སྤྲུལ་སྐུས་སྙིང་ནས་བཟོད་གསོལ་ཞུའོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨན་མཆོད་ (Volume 10, Text 31)

སྨན་མཆོད་ནི། འོད་མཚན་སྟོང་འབར་འཆི་མེད་ཆོས་ཀྱི་སྐུ །ངེས་པ་ལྔ་ལྡན་རྣམ་སྣང་ལོངས་སྤྱོད་རྫོགས། །ཨོ་རྒྱན་བླ་མ་བདེ་ཆེན་སྤྲུལ་པའི་སྐུར། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །བོད་འབངས་སྐྱོང་བའི་མ་གཅིག་མཚོ་རྒྱལ་ཞབས། །བཀའ་དྲིན་མཉམ་མེད་འཇམ་མགོན་ཁྲི་སྲོང་རྗེ། །གུ་རུའི་ཐུགས་སྲས་ཡེ་ཤེས་རོལ་པ་རྩལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་གཟི་བརྗིད་རྩལ། །གཏེར་ཆེན་བླ་མ་མཆོག་གྱུར་བདེ་ཆེན་གླིང་། །འཁོར་ལོའི་མགོན་པོ་པདྨ་གར་དབང་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སྨོན་ལམ་ལས་སད་སྨིན་གྲོལ་བདུད་རྩིའི་མཛོད། །བཀའ་བབ་ལུང་ཟིན་བསྟན་པའི་སྒྲོན་མེ་མཆོག །ཆོས་བདག་བརྒྱུད་འཛིན་རིམ་པར་བྱོན་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སྙིགས་དུས་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་འཆང་། །ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་པ། །རབ་འབྱམས་རྩ་གསུམ་སྲུང་མར་བཅས་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཅེས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨན་མཆོད་མཚན་དོན་སྦྱར་བ་འདིའང་སྨན་སྒྲུབ་སྐབས་ཉེར་མཁོའི་ཆེད་དཔལ་ཀརྨ་པས་བྲིས།།

ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས། སློབ་མ་སྨིན་བྱེད་དབང་གི་ལག་ཁྲིད་གོ་གསལ་དུ་བཀོད་པ་ཕྲིན་ལས་བདུད་རྩིའི་རྒྱུན་འབེབ་ (Volume 31, Text 31)

༄༅། །ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས། སློབ་མ་སྨིན་བྱེད་དབང་གི་ལག་ཁྲིད་གོ་གསལ་དུ་བཀོད་པ་ཕྲིན་ལས་བདུད་རྩིའི་རྒྱུན་འབེབ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། ཕྱོགས་དུས་རྒྱལ་བའི་བསམ་ཡས་གསང་བ་བཞི། །བདུད་འདུལ་ཕྲིན་ལས་སྟོབས་སུ་གཅིག་བསྡུས་པ། །གང་གི་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང་གིས། །འཁོར་བ་རྡོ་རྗེའི་སྲོག་ཏུ་བསྒྲུབ་པར་མཛོད། །རྩ་དུམ་དངོས་བསྟན་ཁྱད་པར་ཅན། །གུ་རུའི་ཐུགས་ཀྱི་ཉིང་ཁུ་ཡི། །སྨིན་དབང་ཆེན་མོ་བསྟན་རྒྱུན་ལ། །ཕན་འདོད་བསམ་པས་གསལ་འགོད་བྱ། །དཔལ་རྡོ་རྗེ་གཞོན་ནུའི་བཀའ་གསང་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་རྩ་ཐུང་གདམས་ངག་ཅན་གྱི་ལུགས་བཀའ་མ་མཁོན་སྟོན་རིག་འཛིན་བརྒྱུད་པ་ལས་བར་མ་ཆད་དུ་བྱོན་པ་དང་། གཏེར་མ་ཀོང་པོ་རྩེ་ཆེན་བྲག་ནས་སངས་རྒྱས་གླིང་པས་སྤྱན་དྲངས་པ་གཉིས་ལས། ཕྱི་མ་འདི་རྒྱུད་ལུང་གི་ཁུངས་བཙུན་ཅིང་གཞུང་གདམས་མན་ངག་ཁ་ཚང་བས་གཏེར་གཞུང་གཞན་ལས་ཁྱད་པར་འཕགས་པར་སྣང་ཡང་ཕྱིས་སུ་དབང་ལུང་གི་རྒྱུན་དཀོན་པས་ཆེད་དུ་བཀོད་པ་ལ། སྤྱིར་གཞུང་གི་དགོངས་པ་སྒྲུབ་ཆེན་དང་སྦྲེལ་བའི་སྨིན་སློབ་གྱི་དབང་དུ་མཛད་པ་ལྟར་གཏེར་སྟོན་སྲས་སློབ་བརྒྱུད་པའི་ཕྱག་བཞེས་ཡིན་པར་འདུག་ཀྱང་། དེང་སང་ཕྱག་ལེན་འབྱོངས་མཁན་དཀོན་པས་མགྱོགས་དབང་སྤྱི་འགྲོའི་ལུགས་ལྟར་བྱ་བ་ལ་དོན་བཞི། སྔོན་འགྲོའི་ལས་ཁྲིགས། དབང་དོན་སྒྲུབ་མཆོད། དབང་བསྐུར་བའི་ཆོ་ག་དངོས། རྗེས་ཀྱི་བྱ་བའི་རིམ་པ་རྣམས་སོ། །དང་པོ་ལ་གཉིས། ས་ཆོག །ལྷག་གནས་སོ། །དང་པོ་ནི། སྒྲུབ་གནས་རྙིང་པ་ལ་ས་ཆོག་རྒྱས་པ་མི་དགོས་པས་སྔོན་གཏོར་གཏང་བ་ཙམ་མཛད་པ་ལྟར་བྱ་བ་ལ། བདག་བསྐྱེད་མཆོད་གཏོར་དང་དཀར་གཏོར་གསེར་སྐྱེམས་བཤམས། སྐྱབས་སེམས་སྔོན་དུ་འགྲོ་བའི་ཕྲིན་ལས་ལམ་ཁྱེར་བསྡུས་པ་ལྟར་བདག་གི་རྣལ་འབྱོར་བཟླས་པ་བཅས་བྱ། ཕྲིན་ལས་ལམ་ཁྱེར་མདོར་དྲིལ་ལྟར་དཀར་གཏོར་གསེར་སྐྱེམས་བྱིན་བརླབས་ནས་འབུལ་ལོ། །གཉིས་པ་ལྷག་གནས་ལ་ལྔ། ལྷ། བུམ་པ། ས་ལྷ། སྦྱིན་སྲེག །སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་སྟེགས་བུ་ལ་ཁྲག་ཆང་གིས་བྲན། འབྲུ་ཡི་ཚོམ་བུ་གཙོ་བོ་ཡབ་ཡུམ། སྲས་ལྔ། ཁྲོ་བོ་བཅུ། སྒོ་མ་བཞི་བཅས་གྲངས་དང་གོ་རིམ་མཐུན་པའི་ཚོམ་བུ་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་བཤམ། ལུགས་འདིར་གོང་དུ་གསོལ་གདབ་སྐབས་ནམ་མཁར་བཏེགས་པའི་དཀྱིལ་འཁོར་གྱི་ལྷ་ཕབ་ནས་མཆོད་བསྟོད་སྙན་གསན་དབབ་པ་ཡིན་ཡང་སྐབས་འདིར་གོང་གི་བྱ་བ་མེད་པས་ཕྲིན་ལས་ལམ་ཁྱེར་བསྡུས་པའི་སྨན་གཏོར་བྱིན་རླབས་བྱ། བསྐྱེད་ཆོག་གི་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཞེས་པར། ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ཞེས་བསྒྱུར་ལ་ཚོམ་བུ་ལ་དཀྱིལ་འཁོར་བསྐྱེད། སྤྱན་འདྲེན་ནས་བསྟོད་པའི་བར་གཏང་། འདི་རྒྱས་པར་སྤྲོ་ན་ཕྲིན་ལས་ལམ་ཁྱེར་མདོར་དྲིལ་ལྟར་གྲུབ་ན་ཤིན་ཏུ་ལེགས་སོ། །གཉིས་པ་བུམ་པ་ནི། རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག །ལས་བུམ་རྫས་ཉེར་ལྔ་དང་དར་ལྗང་གུས་དཀྲིས་པ། གཉིས་ཀ་དྲིའི་ཆུས་བཀང་ཞིང་ཁ་རྒྱན་གཟུངས་ཐག་ལྡན་པ་དཀྱིལ་འཁོར་གྱི་གཡས་གཡོན་དུ་བཞག །མཆོད་པ་ཁ་གསོ། བྱིན་རླབས་ནས་བསྟོད་པའི་བར་ཕྲིན་ལས་ལམ་ཁྱེར་མངོན་རྟོགས་ཁ་བསྒྱུར་བས་གཏང་བའམ། མི་ལྕོགས་ན་ལམ་ཁྱེར་བསྡུས་པའི་མཆོད་རླབས་ནས་བསྟོད་པའི་བར་དུ་བཏང་། བསྐྱེད་ཆོག་སྐབས། བྱིན་རླབས་བུམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཞེས་བསྒྱུར། བཟླས་པའི་སྐབས་གཟུངས་ཐག་བླངས་ལ། བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་འབྲུ་དང་བཅས་པ་ལས་དངོས་ལྟ་བུའི་ཧཱུྃ་ཡིག་སྔགས་འབྲུ་དང་བཅས་པ་འཕྲོས། གཟུངས་ཐག་ལ་བརྒྱུད་དེ་སོང་། བུམ་ནང་གི་གཙོ་བོའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་ཅིང་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ནས་བུམ་ནང་གི་ལྷ་རྣམས་ལ་ཐིམ། ལྷ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། དམ་ཚིག་གི་བདུད་རྩི་དང་འདྲེས་པས་བུམ་པ་མེར་གྱིས་གང་བར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ལ་ཀྵ་སརྦ་སིདྡྷི་ཧཱུྃ། ཞེས་བཟླས། སྤྲོ་ན་སྲས་འཁོར་སྙིང་པོའང་དེས་འགྲེས་ཏེ་བཟླ། ལས་ཀྱི་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པར་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ། ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་ཁྲོ་འཛུམ་གྱི་ཉམས་ཅན། ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་ཕྱེད་པས་མེ་འབར་བའི་ཀློང་ན་འགྱིང་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། སྔགས་ཀྱི་འོད་ཟེར་བུམ་ནང་གི་ལྷའི་ཐུགས་ཀར་ཕོག །སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ མང་དུ་བཟླས་ལ་མཆོད་བསྟོད་བྱ། བུམ་པ་གཉིས་ཀར་དམིགས་ཏེ། ཨོཾ་ཨཱཿཧཱུྃ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་ས་བོན་སྔགས་འབྲུ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་བའི་བདུད་རྩིར་གྱུར་པར་བསམ་མོ། །གསུམ་པ་ནི། དཀྱིལ་འཁོར་གྱི་སྟེགས་བུའི་འོག་གམ་མདུན་དུ་མཎྜལ་དྲིས་བྱུགས་པར་ཚོམ་བུ་གཅིག་བཀོད། མདུན་དུ་ཟླུམ་གཏོར་དང་ཕྱི་མཆོད་བསྐོར་བཤམས་བྱས་ལ། མཆོད་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨཱོཾ་བཛྲ་ཨརྒྷཾ་སོགས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨཱོཾ་ཨཱཿཧཱུྃ་ཧོ༔ ཞེས་པས་བརླབ། མདུན་གྱི་ཚོམ་བུ་སྟོང་པའི་ངང་ལས་ལཾ་ལས་སའི་ལྷ་མོ་གསེར་མདོག་བུམ་པ་བསྣམས་ཤིང་ཞི་འཛུམ་ལྷ་མོའི་ཚུལ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ལྟེ་བ་ཡན་ཆད་སྐུ་ཕྱེད་ས་གཞི་ནས་ཐོན་པར་གསལ། ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་ཐིམ་པར་གྱུར། ཧོ༔ སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི༔ སྐྱོབ་པའི་ཚུལ་དང་ཁྱད་པར་ལས༔ ས་དང་ཕ་རོལ་ཕྱིན་པ་ལ༔ ལྷ་མོ་ཁྱོད་ནི་དཔང་གྱུར་གཤེགས༔ རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བརྡབས་པས་ཡེ་ཤེས་པ་བྱོན་ནས་ཐིམ་པར་བསམ། ཨཱོཾ་པྲི་ཐཱི་བི་དེ་བཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྔགས་སྔ་མའི་མཐར། ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་སྦྱར་བས་མཆོད། རིན་ཆེན་ལྷ་མོ་འཇིག་རྟེན་བདེན་པའི་གཙོ༔ ཕྲིན་ལས་ཐོགས་མེད་སྟོན་པའི་དམ་ཚིག་སྐྱོང༔ བུམ་པ་བཟང་པོ་གསེར་གྱིས་བརྒྱན་བསྣམས་ལ༔ ཀུན་གྱི་མངའ་བདག་སྣོད་ལ་དབང་བསྒྱུར་ཚུལ༔ དྲི་མེད་དག་པ་རིན་ཆེན་ཕྲེང་བས་བརྒྱན༔ ས་འོག་སྤྱོད་པའི་དབང་ཕྱུག་ཡོན་ཏན་ཐུགས༔ རང་བཞིན་ཐབས་མཁས་འདྲེན་པའི་དམ་ཚིག་ལྡན༔ བདེན་པའི་ངང་ཚུལ་བདེན་ལྡན་ཁྱོད་ལ་བསྟོད༔ ཅེས་བསྟོད་ལ་འདོད་དོན་བསྒོ་བ་ནི། ཧོ༔ ཤཱཀྱ་སེང་གེ་སྐྱོབ་པ་ཡིས༔ ཅི་ལྟར་བདུད་ཀྱི་སྡེ་བཅོམ་པ༔ དེ་བཞིན་བདག་གིས་བདུད་བཅོམ་ནས༔ རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི༔ དེ་ཕྱིར་དབང་བསྐུར་ལྷ་མོས་ཀྱང༔ ས་གཞི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བས་ལྷ་མོ་དགའ་བའི་མདངས་ཕྱུང་ནས། རྒྱལ་བའི་གསང་མཛོད་རྗེས་བཟུང་བས༔ འགྲོ་དོན་ཉེ་བར་བསྒྲུབ་པ་ལ༔ སངས་རྒྱས་ཀུན་གྱི་མཛད་པའི་དོན༔ ཟབ་མོའི་ལམ་འདིར་བགྲོད་པ་ལ༔ རྡོ་རྗེ་དཀྱིལ་འཁོར་ལྷུན་གྲུབ་པས༔ སློབ་མ་ཡོངས་སུ་བཟུང་ནས་ནི༔ ཡེ་ཤེས་དབང་བསྐུར་བྱིན་པས་འདིར༔ རྡོ་རྗེ་ལྷ་མོ་ཁྱོད་དཔང་འགྱུར༔ ཅེས་གསུངས་ནས་ས་ལ་ཐིམ་པར་གྱུར། པྲ་ཏི་ཛཿཧཱུྃ་བཾ་ཧོ༔ མཆོད་གཏོར་རྣམས་བསྡུའོ། །བཞི་པ་སྦྱིན་སྲེག་ནི། མེ་སྣོད་དུ་བུད་ཤིང་ཟླུམ་པོར་བརྩིགས་པ་དང་། ཏིལ་ཡུངས་ཕྱེ་མར་སོགས་བསྲེག་རྫས་གང་འཛོམ་འདུ་བྱས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྟག་པ་བཞིས་བྱིན་བརླབ། མེ་སྦར་ལ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། བསྲེག་རྫས་བདུད་རྩིའི་དྭངས་མ་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གསོལ་བས་ཐུགས་རྒྱུད་བདེ་བ་ཆེན་པོས་ཚིམ་པར་གྱུར། ཅེས་དམིགས་ལ་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ཉེར་གཅིག་སོགས་ཅི་ནུས་འབུལ། ཚོགས་རྫས་ཤ་ཆང་ཟན་དུམ་རྣམས་སྔགས་ཀྱིས་བསང་སྦྱང་བྱིན་བརླབ། སྙིང་པོའི་མཐར། པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་ལ་འབུལ། བདག་དང་སློབ་མར་བཅས་པའི་གེགས་དང་བར་ཆད་ཐམས་ཅད་ཞི་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲིན་ལས་གསོལ། ཡེ་ཤེས་ཀྱི་མེ་ལྷ་འོད་དུ་ཞུ་ནས་རང་གི་ཐུགས་ཀར་ཐིམ་པར་གྱུར། ཅེས་དམིགས། ལྔ་པ་སློབ་མ་ནི། སློབ་མ་རྣམས་བོས། ཕྱི་རོལ་དུ་ལས་བུམ་གྱིས་ཁྲུས་བྱ། ལས་བྱང་ལྟར་ཁྲོ་བཅུའི་སྔགས་བརྗོད། ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ནས་གྲལ་དུ་འཁོད། ཆོས་བཤད་ཇི་ལྟར་འོས་པས་བློ་བཅོས། སྔགས་ཀྱི་བྱུང་ཁུངས་ཆེ་བརྗོད་དབང་གི་ཕན་ཡོན་སོགས་འཚམ་པར་བཤད། དེ་ལ་འདིར་སྐབས་སུ་བབས་པ་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་ལུང་མན་ངག་མཐའ་ཡས་པ་འཕགས་བོད་གཉིས་སུ་བྱོན་པ་རྣམས་ཀྱི་ནང་ནས། ཁྱད་པར་རྨད་དུ་བྱུང་ཞིང་ཟབ་དོན་གྱི་སྙིང་པོར་གྱུར་པ་རྩ་ཐུང་གདམས་ངག་ཅན་གྱི་ལུགས། མཆོག་གི་གླིང་པ་ལྔའི་ཡ་གྱལ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པའམ་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱི་ཟབ་གཏེར། ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་པ་བསྒྲུབ་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། སྔོན་དུ་འགྲོ་བ་ལྷག་པར་གནས་པའི་ཆོ་ག་བསྒྲུབ་པ་ཡིན་པས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་མཛོད། ཅེས་མཎྜལ་འབུལ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་གཙོ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་གཙོ་བོར་བཞུགས་གྱུར་པའི༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་ཁྲོ་བོ་རོལ་པའི་ཚོགས༔ ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ༔ དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་དུ༔ དཔའ་བོས་བདག་ཉིད་གཞུག་པར་མཛོད༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བའི་སྐབས་དབྱེ་བ་ལགས་པས་སྙན་གཏོད་འཚལ། ཚུར་གཤེགས་གསང་ཆེན་རྡོ་རྗེའི་དོན༔ ཁྱོད་ནི་གསང་བའི་སྣོད་མཆོག་ཡིན༔ རྣལ་འབྱོར་ཟབ་མོའི་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདི༔ འགྲོ་ལ་ཕན་ཕྱིར་མཛད་པ་ཡིན༔ སྐལ་ལྡན་བློ་གྲོས་འདི་མནོས་གྱིས༔ ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཤགས་ཤིང་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཔལ་ལྡན་རྡོ་རྗེ་སློབ་དཔོན་དང༔ ཁྲག་འཐུང་རྒྱལ་པོའི་སྤྱན་སྔར་ནི༔ བདག་མིང་རྡོ་རྗེ་ཆེ་གེ་མོ་ཞེས་བགྱི་བས༔ ཐོག་མ་མེད་པའི་དུས་ནས་ནི༔ ཅི་སྲིད་གནས་ཀྱི་བར་དག་ཏུ༔ ཉོན་མོངས་དུག་གསུམ་དབང་གིས་ནི༔ བདག་གིས་སྡིག་པ་བགྱིས་པ་དང༔ སྡིག་པ་གཞན་རྗེས་བདག་འགོད་དང༔ སྡིག་པར་རྗེས་སུ་ཡི་རང་རྣམས༔ སློབ་དཔོན་སྤྱན་སྔར་མཆིས་ནས་སུ༔ སྡིག་པ་གང་དག་བགྱིས་པ་རྣམས༔ ཁྱོད་ལ་མ་ལུས་སོ་སོར་བཤགས༔ འགྲོ་དང་འཕགས་པའི་ཚོགས་རྣམས་ཀྱི༔ དགེ་ལ་ཡི་རང་འབུལ་བ་ནི༔ སྟོན་པ་རྡོ་རྗེ་སློབ་དཔོན་དང༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ སངས་རྒྱས་བྱང་ཆུབ་སེམས་རྣམས་དང༔ རང་རྒྱལ་དགྲ་བཅོམ་ཉན་ཐོས་ཚོགས༔ ཐམས་ཅད་ཀུན་གྱི་བསོད་ནམས་ལ༔ བདག་ནི་རྗེས་སུ་ཡི་རང་བགྱི༔ ལན་གསུམ། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་དང་ལྷན་ཅིག་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་རྗེས་ཟློས། ཡང་དག་རྫོགས་སངས་རྒྱས་དང་ཆོས༔ དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ བཅོམ་ལྡན་རྡོ་རྗེ་ཁྲག་འཐུང་དཔལ༔ ཁྲོ་བོ་ཁྲོ་མོ་བཞུགས་པའི་ཚོགས༔ ཇི་སྲིད་དུས་ནས་ད་བཟུང་སྟེ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ དཀྱིལ་འཁོར་བདག་པོར་རབ་གྱུར་པ༔ བྱང་ཆུབ་སེམས་ཀྱི་དངོས་པོ་ཆེ༔ ཁྱད་པར་རྡོ་རྗེ་སློབ་དཔོན་ལ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ ལན་གསུམ། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་སྤྱོད་པ་ལ་བསླབ་པར་མཛད་པ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་རྗེས་ཟློས། ཡོན་ཏན་ཀུན་གྱི་གཏེར་ཆེན་པོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས༔ བདག་ལ་རབ་ཏུ་དགོངས་སུ་གསོལ༔ དཀྱིལ་འཁོར་བདག་པོ་འཁོར་བཅས་རྣམས༔ དུས་འདིར་བདག་ལ་དགོངས་སུ་གསོལ༔ སྔོན་གྱི་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའ་གྲངས་མེད་ཀྱིས༔ འགྲོ་བ་ཀུན་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལྟར༔ བདག་ནི་དུས་འདིར་ཡོངས་བཟུང་ཏེ༔ བྱང་ཆུབ་སྙིང་པོར་ངེས་གནས་པར༔ འགྲོ་བ་བླ་མེད་འགོད་པའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱིད༔ འགྲོ་བ་མ་ལུས་ཅི་སྙེད་རྣམས༔ འཁོར་བའི་གནས་ནས་རབ་བསྒྲལ་ནས༔ ཐམས་ཅད་སྐུ་གསུམ་དབྱེར་མེད་མཆོག༔ རྫོགས་སངས་རྒྱས་ཀྱི་འབྲས་བུར་འགོད༔ ལན་གསུམ། སྒོ་གསུམ་བྱིན་གྱིས་བརླབ་པའི་ཕྱིར་ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཁྲོ་གཏུམ་འབར་བའི་ཆས་རྫོགས་པ། ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས་ཤིག །བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ༔ དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ། མགྲིན་པར་ཨཱཿལས་པདྨ་དམར་པོ། སྙིང་གའི་ཧཱུྃ་ལས་རྡོ་རྗེ་སྔོན་པོས་མཚན་པར་མོས་ཤིག །འབྲུ་གསུམ་བརྗོད་ལ་རྡོ་རྗེ་གནས་གསུམ་དུ་བཞག །སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་བ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཨོཾ་བཛྲ་པུཥྤེ་སོགས་བརྗོད་ལ་རྣམ་ལྔ་འབུལ། དུས་བཞི་དུས་དྲུག་དག་ནས་རབ་བཟུང་ནས༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ བདེ་གཤེགས་མཆོད་དང་རབ་ལྡན་པས༔ དུས་ཀུན་དུ་ནི་བསྲུང་བར་ཤོག༔ སོ་ཤིང་གི་ར་བ་བཀོད། སོ་ཤིང་འཁྱིལ་བའི་སྔགས་དང་ལས་ཆུས་བསང་། སོ་ཤིང་གི་ཉེས་སྐྱོན་སྤངས་ནས་འོད་དུ་ཞུ་བ་བདུད་རྩི་འཁྱིལ་པའི་རང་བཞིན་མཚན་ཉིད་རྫོགས་ཤིང་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་གྱུར། མཎྜལ་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བ་ལ་དངོས་གྲུབ་ཀྱི་ལྟས་མཚན་བསྟན་དུ་གསོལ་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་བ་ཞུ། སོ་ཤིང་སྦྱིན་ལ། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་དངོས་གྲུབ་རབ་བསྟན་ཕྱིར༔ བདག་གིས་སོ་ཤིང་ལེགས་དོར་བས༔ དངོས་གྲུབ་བསྒྲུབ་པར་ལྟས་རབ་ཤོག༔ ཅེས་འདོར་དུ་གཞུག །དེ་ལྟར་དོར་བའི་ལྟས་ཀྱི་མཚན་མའང་གཞུང་ལས། རྩེ་མོ་གྱེན་སྒྲེང་དངོས་གྲུབ་རབ་ཏུ་བཤད༔ ཕྱོགས་བཞིར་བལྟས་པས་ཕྲིན་ལས་བཞི་པོ་འགྲུབ༔ མཚམས་བཞིར་བལྟས་ན་དངོས་གྲུབ་ལས་སྣ་ཚོགས༔ ཐུར་བལྟས་ས་འོག་དངོས་གྲུབ་ངེས་པར་འགྲུབ༔ ཅེས་གསུངས་པ་ལྟར་ལགས་སོ། །སྲུང་སྐུད་མདུད་པ་གསུམ་བཏབ་པ་ལ། རྡོ་རྗེའི་མདུད་པ་དང་ལྡན་པའི་སྲུང་སྐུད་ཧཱུྃ་ལས་ཡེ་ཤེས་ཁྲོ་བཅུའི་རང་བཞིན་དུ་གྱུར། ཁྲོ་བཅུའི་སྔགས་བཟླས་པས་བྱིན་བརླབས་ལ། ཨོཾ་བུདྡྷ་མེ་ཏྲི་སརྦ་རཀྵ་རཀྵ་སརྦཾ་སྭཱ་ཧཱ། སྲུང་སྐུད་དེ་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་ལུས་རྡོ་རྗེའི་གོ་ཆས་གཡོགས་པར་མོས་ཤིག །མདུད་པའི་སྟེང་ལས་ཆུ་དང་རྡོ་རྗེའི་རྒྱས་གདབ། བར་དུ་གཅོད་པའི་འབྱུང་པོའི་གདོན་ཐམས་ཅད་ལས་བསྲུང་བར་བྱས་པར་མོས་ཤིག །ཀུ་ཤ་ཨ་མྲྀཏས་བསང་། ཡི་གེ་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་དུ་བྱིན་པའི་མོས་པ་མཛོད། ཇི་ལྟར་བདེ་གཤེགས་ཤཱཀྱ་སེང་གེ་ཡིས༔ བདུད་ཀྱི་སྡེ་བཅོམ་ཏིང་འཛིན་ཐོབ་པ་ལྟར༔ དྲི་མེད་རྣམ་པར་དག་པ་ཀུ་ཤའི་གདན༔ ཁྱོད་ལ་རབ་སྦྱིན་བདུད་སྡེ་འཇོམས་པར་གྱུར༔ ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་ལ་སྦྱིན། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཏེ་དགེ་བའི་སེམས་ཀྱིས་ཉོལ་ལ་རྨི་ལམ་གྱི་མཚན་མ་གང་བྱུང་བརྟག་པར་མཛོད་ཅིག །དེ་ནས་སྤྲོ་བ་བསྐྱེད་པ་ལ་ཡིད་གཏོད་ཅིག །ལེགས་པའི་དཔལ་ལྡན་དངོས་གྲུབ་ནི༔ རྒྱལ་བ་ཀུན་གྱིས་རབ་མཛད་ལྟར༔ ཁྱོད་ཀྱིས་དངོས་གྲུབ་མི་ཟད་ཕྱིར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སང་ནི་དཀྱིལ་འཁོར་རབ་མཐོང་བས༔ འབྲས་བུ་སྐུ་གསུམ་རབ་ཐོབ་འགྱུར༔ དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་སོ། །དགེ་བསྔོ་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་བཟླས་པ་ཅུང་ཟད་ཀྱིས་ཐུགས་རྒྱུད་བསྐུལ། ཚོགས་མཆོད་མདོར་བསྡུས་འབུལ། སྤོས་ཐོགས་ཐལ་མོ་སྦྱར་ལ་གསོལ་བ་གདབ་པ་ནི། བསྐལ་པ་མེ་ལྟར་འབར་བའི་ཀློང༔ འོད་ཟེར་འདུ་འཕྲོའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ གཉིས་མེད་འཁོར་ལོ་རྒྱས་འདེབས་མ༔ ཐུགས་རྗེ་ཐབས་ཀྱིས་སྤྲུལ་པའི་སྐུ༔ ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ སློབ་མ་རྣམས་ལ་ཕན་པ་དང༔ ཁྱེད་རྣམས་ལ་འང་མཆོད་པའི་ཕྱིར༔ རྡོ་རྗེ་བདག་ཆེ་གེ་མོ་ཞེས་པས༔ སང་ནི་དཀྱིལ་འཁོར་འབྲི་བར་བྱ༔ རྗེས་སུ་བརྩེ་བས་འདིར་བཞུགས་ནས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཅེས་དང་། ཨཱོཾ་བཛྲ་བེ་ག་ཀྲ་མ་ཧོ༔ ཞེས་དང་རྡོ་རྗེ་རྩེ་གཅིག་པའི་རྒྱ་སྤྱི་བོར་ལྡོག་པས། དཀྱིལ་འཁོར་པ་རྣམས་ནམ་མཁའི་དབྱིངས་སུ་བཏེགས་ནས་བཞུགས་པར་གྱུར། ཅེས་བསྒོམ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་བྱ་བ་ལ་སྦྱོར་བ་དཀྱིལ་འཁོར་དབང་རྫས་དགོད་པ་ནི། སྟེགས་བུར་བདུད་རྩི་ལྔས་ཆག་ཆག་གདབ་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་དང་ཕྱོགས་བཞིར་ཨེ་ཁྲོམ་བཀོད་པ་ལ་དབུས་སུ་གཙོ་བོ་སྲས་མཆོག་ཕུར་བུ། ཕྱོགས་བཞིར། བུདྡྷ། རཏྣ། པདྨ། ཀརྨ་ཀཱི་ལ་ཡ་བཞི་ཡི་ཕུར་པ་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་ཆིངས་སྔོན་ཁ་རྒྱན་དང་བཅས་བཞག །དེ་མདུན་གཙོ་བོ། ཀཱི་ལ་རིགས་བཞི། ཁྲོ་བཅུ་ཡབ་ཡུམ། ཟ་བྱེད་གསོད་བྱེད་བཅས་སྐུ་ཙཀ་སོ་ལྔ། ཁྲོ་བཅུ་ཁྲ་ཐབས་ཕྱོགས་བསྡུས་དང་སྲས་མཆོག་ཉེར་གཅིག་དམ་ཅན་བཅུ་གཉིས་ཕྱོགས་བསྡུས་ཀྱི་སྦམ་ཕུར་རམ་ཙཀླི་བཀོད། ཆུ་དབང་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་ཀྱང་ཕྱོགས་བཞིར་བཞག །སློབ་དཔོན་དབང་ཆས། གདུགས། རཀྟ། ཞག །ཐལ་ཆེན། ཞིང་གཡང་། ཐོད་ཕྲེང་། སྟག་ཤམ། གསུར་དུད་དང་མི་རྐང་གླིང་བུ་རྣམས་ཕྱོགས་གཅིག་ཏུ་བཞག །ལས་བཞིའི་ཕྲེང་བ། རྡོ་རྗེ་རྩེ་ལྔ། རྩེ་དགུ །ཡང་གླང་ཀོ །སྟག་ཤམ། སྦྲུལ་ཆུན། ཐོད་ཕྲེང་། ཞིང་ལྤགས། ཞག །རཀྟ། ཐལ་ཆེན། མེ་དཔུང་རྣམས་གོ་རིམ་ལྟར་དང་། ཕྱག་མཚན་རྡོ་རྗེ་རྩེ་དགུ །རྩེ་ལྔ། མེ་ཕུང། ཁ་ཊྭཱཾ། ཕུར་པ་རྣམས་སོ་སོའི་ཙཀླི། རཀྟའམ་ཐོད་ཕྲེང་། ཆོས་བཤད་འཁོར་ལོ་དུང་དྲིལ་བུ་པུསྟི། གསང་ཐོད། རིག་ཙཀ་རྣམས་ཅི་བདེར་བཀོད། གཞན་དོན་རྗེས་གནང་ལ་འཁོར་ལོ། རལ་གྲི །དུང་། གླེགས་བམ། རྒྱལ་མཚན། མངོན་སྤྱོད་རྗེས་གནང། རྡོ་རྗེ་རྩེ་དགུ །ཐོད་ཁྲག་ལས་ཕུར། མདའ་གཞུ། དུར་ཁྲོད་ཆས་བརྒྱད། ལས་བཞིའི་གཟུགས། ཤ་ལྔ། བདུད་རྩི་ལྔ། ཚོགས་རྫས། མར་མེ་བཅས་སྣོད་གཅིག་ཏུ་ལེན་བདེར་བཞག །དཀྱིལ་འཁོར་གྱི་མཐའ་སྐོར་དུ་དྲག་མཆོད་སྨན་རཀ་གཏོར་གསུམ། བཀའ་གཏེར་སྲུང་མའི་གཏོར་འབུལ་སོགས་སྤྱི་ལྟར་བཤམ། ལས་བུམ་བྱང་ཤར་རམ་གང་བདེར་བཀོད། ཚོགས་ཀྱི་ཡོ་བྱད་དང་སྔོན་གཏོར་གྱིས་མཚོན་པའི་མཁོ་བའི་ཡོ་བྱད་མཐའ་དག་ཚོགས་པར་བྱའོ། །དངོས་གཞི་ལ་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་གཏང་། ལས་བྱང་ལྟར་སྔོན་འགྲོའི་ཆོས་བརྒྱད་ལས་བྱིན་འབེབ་སྐབས་ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་པ་ཐམས་ཅད་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་བསྒོམ། དངོས་གཞི་དཀྱིལ་འཁོར་གསུམ་གསལ་བཏབ་པ་ནས་བརྩམ་བཟླས་པའི་བར་གཏང་། རྩ་བའི་བཟླས་པ་དང་དམ་ཅན་ཉེ་བསྙེན་དམིགས་བཟླས་ཀྱང་ཅི་འགྲུབ་བྱས་ལ་སྟོང་ཚིགས་མཆོད་བསྟོད་ཕུལ། མེ་ཏོག་དོར། ཛཔ྄་ཁང་མི་བསྡུ། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་གང་ཡང་རུང་བ་དང་། ཚོགས་མཆོད་བསྒྲལ་བསྟབ་སྐོང་བའི་བར་དུ་བྱ། སྤྲོ་ན་རྩ་གསུམ་སྤྱི་བསྐང་སྦྱར། ལས་བུམ་ཡང་བསྐྱར་ནས་བསྒྲུབ་པའམ་སྔགས་ཙམ་གྱིས་བྱིན་བརླབ། བདག་འཇུག་སྙིང་པོ་ཙམ་བླང་གྲུབ་ན་མཆོག་ཡིན་ཡང་མི་ནུས་ན་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་བསྐུར་བ་ལ། སློབ་མ་རྣམས་ལས་བུམ་གྱིས་ཁྲུས་ནས་དབྱུང་། ལས་བྱང་ལྟར་བགེགས་ལ་གཏོར་མ་གཏང་། བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། སྤྲོ་ན་ལོ་རྒྱུས་རྒྱས་པར་བརྗོད་ཅིང་བྱེ་བྲག་ཏུ། དེ་ལ་སྐབས་སུ་བབས་པའི་གདམས་ཟབ་ཁྱད་པར་ཅན་འདི་ཉིད་སློབ་དཔོན་གང་གིས་མཛད་ཅིང་གང་ལས་བརྒྱུད་ན། འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུས་འཁོར་རིགས་བཞིའི་སངས་རྒྱས་རྣམས་ལ་ཆོས་ཉིད་ཀྱི་རང་སྒྲས་བསྟན་པ་ལས་བརྒྱུད་དེ། རིག་འཛིན་ཚེ། རྣམ་བཞིའི་ལས། ས་འོག་གཏེར། ཕྱག་རྒྱ་ཆེན་པོའི་མཆོག་སྟེ་དངོས་གྲུབ་རྣམ་པ་བཞི་ལ་མངའ་བརྙེས་པའི་ཨོ་རྒྱན་པདྨ་འབྱུང་གནས་ལ་བཀའ་བབས། དེའང་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་ཟ་ཧོར་མཁན་པོ་པྲ་ཧསྟི་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་ཞུས་པས། ངས་ཁྱེད་ལ་དབང་བསྐུར་བའི་སྐལ་པ་དང་མི་ལྡན་པས་མཁའ་འགྲོ་བདེ་བའི་འཁོར་ལོ་ལ་ཞུས་ཤིག་པའི་ལུང་བསྟན་པ་བཞིན་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཁའ་འགྲོ་མ་ལ་དབང་བསྐུར་ཞུས་པས། དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་ཡི་གེ་ཧཱུྃ་དུ་བསྒྱུར་ནས་ཞལ་དུ་མིད་དེ་གནས་བཞིར་དབང་བཞི་རྫོགས་པར་བསྐུར་ཞིང་གསང་བའི་མཚན་བཏགས་ནས་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་མཐའ་དག་པ་བཤད། ཕྱིས་བལ་ཡུལ་ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་སྒྲུབ་པའི་ཚེ་བར་ཆད་འདུལ་བའི་དོན་དུ་རྒྱ་གར་ནས་ཕུར་པའི་ཆོས་སྐོར་གྱི་གླེགས་བམ་མི་ཁུར་གཉིས་བླངས་ཏེ་བར་ཆད་མཐའ་དག་བཏུལ། ཆོས་སྐོར་རྣམས་དཔག་བསམ་གྱི་ཤིང་ལ་དཔེ་བླངས་ནས་རྒྱུད་སྡེ་སུམ་ཅུ་རྩ་དྲུག་ཏུ་ཕྱེས་ཏེ་རྩ་བ་ལྟ་བུའི་རྒྱུད་སྡེ་བཞི། སྡོང་པོ་ལྟ་བུ་བརྒྱད། ཡལ་ག་ལྟ་བུའི་རྒྱུད་བུ་ཆུང་བཅུ། ལོ་མ་ལྟ་བུ་གསུམ། མཛེས་བྱེད་མེ་ཏོག་ལྟ་བུ་བཞི། སྨིན་པ་འབྲས་བུ་ལྟ་བུ་བཞི་དང་། མ་ཚང་བ་ཁ་སྐོང་བའི་རྒྱུད་གསུམ་རྣམས་ལས། མན་ངག་གི་དོན་རྒྱས་པར་སྟོན་པ་རྡོ་རྗེ་ཁྲོས་པ་སོགས་སྙིང་པོའི་རྒྱུད་བདུན་གྱི་ཡང་བཅུད་སྒོམ་ཁོག་རྡོ་རྗེ་ཁྲོས་པར་བསྡུས་ཤིང་བཀོལ། གཞན་ཡང་གསེར་འགྲེལ་ལ་སོགས་པའི་འགྲེལ་པ། སྙིང་གཟེར་སོགས་སྒྲུབ་ཐབས། རྡོ་རྗེ་རིགས་ཀྱི་པྲ་ཁྲིད་སོགས་དཀྱིལ་ཆོག །རྡོ་རྗེ་ལས་རིམ་སོགས་ཕྲིན་ལས། སྟོད་ལས་མངོན་པར་རྟོགས་པ། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་མཐའ་ཡས་པར་མཛད་པའི་ནང་ནས་རྨད་དུ་བྱུང་བའི་ཟབ་དོན་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུར་གྲགས་པ་འདི་ཉིད་མཛད་དེ་གཞན་གང་ལའང་མ་སྤེལ་བར། ལྷོ་ནུབ་སྲིན་ཡུལ་དུ་ཕེབས་པའི་གཤེགས་སྐྱེལ་ལ་མཚོ་རྒྱལ་དཔོན་སློབ་གསུམ་བྱོན་པའི་སྐབས་སུ། ཚེ་རབས་ཀྱི་ལས་ཅན་གཏན་གྱི་གཟུངས་མར་དགོངས་ནས་སྐྱེས་ལན་གྱི་ཚུལ་དུ་མཁར་ཆེན་བཟའ་ལ་གནང་། དེས་ཀྱང་དུས་ཞབས་ཀྱི་གདུལ་བྱ་ལ་དགོངས་ཏེ་སུ་ལའང་མ་སྤེལ་བར་ཀོང་པོ་རྩེ་ཆེན་བྲག་དམར་དུ་གཏེར་དུ་སྦས་ནས་རྒྱས་བཏབ་པ། འབྱུང་འགྱུར་འདུལ་བའི་དུས་ལ་བབ་པའི་ཚེ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་སྤྱན་དྲངས་ཤིང་། གཏེར་སྟོན་གཏེར་སློབ་ཡང་སློབ་བརྒྱུད་པ་དུ་མའི་བར་དུ་ཆོས་འདི་ལས་གྲུབ་པའི་རྟགས་མཚན་ངོ་མཚར་བ་ཤ་སྟག་བསྟན་པ་འདི་ལ་སྨིན་བྱེད་རྒྱས་བསྡུས་གཉིས་བཞུགས་པ་ལས། ད་ལམ་སློབ་མ་སྨིན་བྱེད་དབང་གི་ལག་ཁྲིད་ལྟར་རྩ་དབང་རྒྱས་པར་བསྒྲུབ་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་། སྔགས་སྤྱི་ལྟར་བྱས་ལ་མིག་དར་དང་མེ་ཏོག་སྦྱིན། སློབ་དཔོན་གྱིས། ཧོ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ འདུས་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ ཁྱོད་ཚུར་ཤོག་ཅིག་གང་དག་འདོད༔ དངོས་གྲུབ་འདོད་ན་གཙོ་བོ་དག༔ འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ འདུས་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ གསང་བའི་དཀྱིལ་འཁོར་ཆེན་པོ་རུ༔ དངོས་གྲུབ་ཐམས་ཅད་འདོད་པར་འཚལ༔ སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་རྒྱ་མཚོ་རབ་རྫོགས་ཤིང༔ སངས་རྒྱས་ཀུན་དང་མཉམ་ཉིད་དུ༔ འགྲོ་བའི་དོན་རྣམས་མཛད་པ་ཡི༔ སློབ་དཔོན་ཁྱོད་ལ་ཕྱག་འཚལ་ལོ༔ དཀྱིལ་འཁོར་གནས་འདིར་བཞུགས་པ་ཡི༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ༔ མི་གནས་བདེ་ཆེན་གྲོང་མཆོག་ཏུ༔ སློབ་དཔོན་ཁྱོད་ཀྱིས་བདག་གཞུག་གསོལ༔ ལན་གསུམ། སློབ་མ་གཞུག་ཕྱིར་སློབ་དཔོན་གྱིས་ལྷ་ལ་གསོལ་བ་གདབ་པ་ནི། བདེ་བ་ཆེན་པོ་རྣམ་པར་དག༔ དེ་བཞིན་གཤེགས་པའི་གྲོང་ཁྱེར་མཆོག༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་གནང་བ་བསྩལ་བར་གྱུར། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་དང་ལྷན་ཅིག་ཕྱག་འཚལ་ཅིང་སྡིག་པ་བཤགས་པ་དང་། དགེ་བ་ལ་ཡི་རངས་ཤིང་ཆོས་འཁོར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་རྣམས་བགྱིའོ་སྙམ་དུ་རེ་རེ་བཞིན་དོན་གསལ་ཐོབས་ལ་ཚིག་འདི་རྣམས་ཀྱི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག༔ དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ ལྷ་དང་བླ་མར་བཅས་པའི་ཚོགས་རྣམས་ལ༔ འཁོར་བ་ཐོག་མ་མེད་པའི་དུས་ཉིད་ནས༔ སྡིག་པ་ཇི་སྙེད་བགྱིས་པ་ཐམས་ཅད་ཀུན༔ ད་ལྟ་ཉིད་དུ་མ་ལུས་བཤགས་པར་བགྱི༔ སངས་རྒྱས་རྣམས་དང་བྱང་ཆུབ་སེམས༔ རང་རྒྱལ་དགྲ་བཅོམ་ཉན་ཐོས་དང༔ སེམས་ཅན་ཀུན་གྱི་བསོད་ནམས་ལ༔ བདག་ནི་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་རབ་འབྱམས་ན༔ སངས་རྒྱས་ཇི་སྙེད་བཞུགས་པ་ཐམས་ཅད་ལ༔ འགྲོ་བ་མ་ལུས་འབྲས་བུ་ཐོབ་བྱའི་ཕྱིར༔ རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ སེམས་ཅན་རྣམས་ནི་བདེ་བའི་དོན་གྱི་ཕྱིར༔ འཁོར་བ་མ་སྟོངས་བར་དུ་སངས་རྒྱས་རྣམས༔ མྱ་ངན་འདའ་བའི་ཐུགས་སུ་མི་འགྱུར་བར༔ བདག་གིས་རབ་ཏུ་འབད་པས་གསོལ་བ་འདེབས༔ གསུམ། སླར་ཡང་དབང་དོན་དུ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡང་དག་རྡོ་རྗེ་གསང་བའི་རྒྱལ༔ དཔལ་ལྡན་གཙོ་བོ་བདག་ལ་དགོངས༔ རྒྱལ་བ་ཀུན་གྱི་ས་ཐོབ་པའི༔ རྡོ་རྗེའི་དབང་བསྐུར་བདག་ལ་དབང༔ བདག་གིས་འགྲོ་དོན་བསྒྲུབ་པའི་ཕྱིར༔ རྡོ་རྗེ་སློབ་དཔོན་བརྩོན་གྱུར་པར༔ རྫོགས་པའི་སངས་རྒྱས་དགོངས་སྤྱོད་དང༔ བདག་ལ་རྡོ་རྗེ་སློབ་དཔོན་སྩོལ༔ གསུམ། དབང་དོན་རྒྱུད་ལ་བརྟན་པའི་གཞི་དམ་ཚིག་དང་སྡོམ་པ་ལ་རགས་ལས་པས་བདེ་གཤེགས་རིགས་ལྔའི་སྡོམ་པ། རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། རང་བཞིན་ལྟ་བའི་དམ་ཚིག་སོགས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་ཧེ་རུ་ཀ༔ ཀུན་ཀྱང་བདག་ལ་དགོངས་སུ་གསོལ༔ བདེ་གཤེགས་རྣམས་ཀྱིས་མནོས་པ་ཡི༔ སངས་རྒྱས་ལྔ་ཡི་སྡོམ་པ་ནི༔ བདག་གིས་རབ་ཏུ་བཟུང་བའི་ཕྱིར༔ རྣལ་འབྱོར་དབང་ཕྱུག་སྐུ་གསུང་ཐུགས༔ ཟག་མེད་བརྟན་པར་བཞུགས་པ་ཡི༔ སངས་རྒྱས་ཁྲག་འཐུང་སྡོམ་པ་བཟུང༔ རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ༔ རྡོ་རྗེ་དཔལ་གྱི་སྡོམ་པ་བཟུང༔ དམ་ཚིག་ལྡན་པའི་སྦྱོར་བས་ནི༔ སྦྱིན་པ་དོན་དང་ཚུལ་བཞིན་ལ༔ རིན་ཆེན་རྒྱས་པའི་ཧེ་རུ་ཀ༔ སྡོམ་པ་ཡང་དག་བདག་གིས་བཟུང༔ འདོད་ཆགས་རྡོ་རྗེ་དྲི་མ་མེད༔ ཟག་མེད་བདེ་བ་ཡེ་ཤེས་ལ༔ གསང་ཆེན་རྡོ་རྗེ་རྣམ་དག་ཆོས༔ པདྨ་བཅོམ་ལྡན་སྡོམ་པ་བཟུང༔ རྣལ་འབྱོར་རྣམས་ཀྱི་དམ་ཚིག་ནི༔ འདའ་བ་བཀའ་ལས་མི་འགལ་བར༔ བསྲུང་བ་ལས་ཀྱི་སྡོམ་པ་རྣམས༔ ལས་ཀྱི་ཧེ་རུ་ཀ་ཡི་ཚུལ༔ བདག་གིས་ཡང་དག་རབ་ཏུ་བཟུང༔ རྡོ་རྗེ་སྤྱི་ཡི་དམ་ཚིག་ནི༔ སྐུ་གསུང་ཐུགས་ཀྱི་སྡོམ་པ་བཟུང༔ ཁྱད་པར་དམ་ཚིག་ཉི་ཤུ་ལྔ༔ མི་འབྲལ་བརྟན་པོ་ཡང་དག་བཟུང༔ ངེས་པར་ལྟ་སྤྱོད་ལྡན་པ་ཡིས༔ དེ་ལྟའི་དམ་ཚིག་བདག་ཏུ་བཟུང༔ འགྲོ་བ་ཀུན་གྱི་དོན་དག་ཏུ༔ རྡོ་རྗེ་དམ་ཚིག་ལྡན་པ་ནི༔ རྡོ་རྗེ་ཅན་བདག་ལེགས་པར་བཟུང༔ ལན་གསུམ། དེ་ལྟར་ནོས་པའི་དམ་ལས་མི་འགལ་བར་སླར་ཡང་ནན་ཏན་དུ་ཁས་ལེན་པ་འདིའི་རྗེས་ཟློས། ཧོ༔ དཔལ་ལྡན་རྡོ་རྗེ་སློབ་དཔོན་ཁྱོད༔ བསྟན་པའི་སྒྲོན་མེ་དངོས་སུ་གསལ༔ མི་ཕྱེད་རྡོ་རྗེའི་དམ་ཚིག་མཆོག༔ ཇི་ལྟར་བརྗོད་ལྟར་བདག་གིས་བསྲུང༔ ལན་གསུམ། དེ་ནས་གཞི་ལུས་ལྷར་བསྐྱེད་པ་ལ་དམིགས་པ་འདི་ལྟར་སྒོམས་ཤིག །རང་རང་གི་སེམས་ཀྱི་ངོ་བོ་གཟུང་འཛིན་གཉིས་སུ་མེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ལས། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་ངང་ལས་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་སྐུ་གྱུར་པ་ནི། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་སུ་བསྒྲད་པས་པདྨ་ཉི་ཟླའི་གདན་ལ་རུ་ཏྲ་ཕོ་མོ་བརྫིས་པ་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བའི་སྤྱན་དགུ་སྡང་མིག་ཏུ་བསྒྲད་ཅིང་ཁྲོ་གཉེར་མཆེ་བཞི་གཙིགས་པ། དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་སྦྲུལ་དང་རུས་པས་བརྒྱན་པ། ཕྱག་དྲུག་གི་གཡས་གཉིས་རྡོ་རྗེ་རྩེ་ལྔ། གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ཕྱར་ཅིང་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བཅུ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡུམ་འཁོར་ལོ་རྒྱས་འདེབས་མ་ཨུཏྤལ་དང་དུང་དམར་ཐོགས་པས་འཁྱུད་པ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བར་གྱུར་པའི་ང་རྒྱལ་བརྟན་པོ་སྐྱེད་ཅིག །དེ་ལ་མཆོད་པ་རྣམ་པ་ལྔས་མཆོད་པར་མོས། ཨོཾ་བཛྲ་པུཥྤེ་སོགས་མཆོད་པ་ལྔ་བཏེགས་ཤིང་སྔགས་རྒྱས་མཆོད། རྡོ་རྗེ་སྤྱི་བོར་བཞག་ལ་དམ་བསྒྲག་པ་ནི། དུས་འདི་ནས་བཟུང་ཁྱོད་ཀྱི་རྡོ་རྗེ་ཡི༔ སློབ་དཔོན་ཆེན་པོར་བདག་ནི་ངེས་གྱུར་པས། ཁྱོད་ཀྱིས་ང་ལ་བརྙས་པར་བྱ་བ་མིན༔ དམ་ལས་འགལ་ན་རྡོ་རྗེ་དམྱལ་བར་ལྟུང༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ས་མ་ཡ་ཐཱ་ཧཱུྃ་ཕཊ༔ དེ་ནས་ལས་བུམ་གྱིས་དབང་བསྐུར་ཁྲུས་བྱ། བདུད་རྩི་འཁྱིལ་པའི་རྩ་སྔགས་བརྗོད། ལས་ཀྱི་རྡོ་རྗེས་ཁྲིད་དེ་ཡོལ་བའི་ནང་དུ་ཞུགས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས། ཡོལ་བ་བསལ། བདུད་རྩིའི་དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་བསྐལ་པར་བསྲེག༔ དམ་ཚིག་བསྲུང་ན་དངོས་གྲུབ་རྣམས༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ས་མ་ཡ་ཏ་ཐ༔ དེ་ནས་ཡེ་ཤེས་པའི་བྱིན་རླབས་དབབ་པ་ཡིན་པས་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །དཀྱིལ་འཁོར་གཉིས་ཀྱི་རྡོ་རྗེ་པདྨ་ལས༔ སྦྱོར་བ་བྱས་པའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ རིགས་ལྔ་བཀུག་ལ་མཁའ་གསང་སྦྱོར་བ་བྱས༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྡོ་རྗེའི་རྒྱུན༔ མཆེད་ལྕམ་སྤྱི་བོའི་སྟེང་དུ་ངེས་པར་དབབ༔ གཉིས་མེད་དོན་གྱི་ཡེ་ཤེས་བརྟན་པར་གྱུར༔ སྤོས་བསྲེག །དབྱངས་རོལ་གྱིས་བྱིན་ཕབ། ཧཱུྃ༔ ཡང་དག་གསང་བའི་རྡོ་རྗེ་ཁྲོ་བོ་འབར༔ བདེ་ཆེན་མཆོག་ཁྱོད་ཁྲོ་མོ་དབང་ཕྱུག་མ༔ གཉིས་མེད་སྦྱོར་བའི་བདེ་ཆེན་བྱིན་རླབས་ལས༔ ཐུགས་རྗེའི་བྱིན་རླབས་འདིར་ནི་ངེས་པར་སྩོལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ ས་མ་ཡ་ཕེཾ་ཕེཾ༔ ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ལན་མང་དུ་བརྗོད་ལ་དབབ། དེ་ནས་དམ་ཚིག་རྡོ་རྗེའི་མནས་དགག་པ་ནི། སྐལ་ལྡན་རྡོ་རྗེ་ལེགས་པར་ཉོན༔ དེང་ཁྱོད་བདེ་གཤེགས་ཐམས་ཅད་ཀྱི༔ རིགས་ནི་ཁྱེད་ལ་ཡང་དག་བཞུགས༔ རྡོ་རྗེ་སློབ་དཔོན་བདག་གིས་ནི༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱས༔ ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་གྱི༔ དངོས་གྲུབ་ཆེན་པོ་ཐོབ་བྱེད་ན༔ ཕྲིན་ལས་གཞན་ལྟ་སྨོས་ཅི་དགོས༔ ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི༔ དྲུང་དུ་ཚུལ་འདི་མ་སྨྲ་ཞིག༔ གལ་ཏེ་སྨྲ་བར་གྱུར་པ་ན༔ དམ་ཚིག་ཉམས་ནས་དམྱལ་བར་འགྲོ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཁྱོད་ཀྱི་སྙིང་ལ་ཞུགས་པ་ཡིན༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་པཉྩ་ཨ་མྲྀཏ༔ ཧ་ན་ཧ་ན་ཀྵ་ན་ཧཱུྃ༔ འདིར་སྤྲོ་ན་སྤྱི་ལྟར་དཀྱིལ་འཁོར་གྱི་ཁ་དོག་དྲིས་ལ་ལུང་བསྟན། སྔར་བྱིན་པའི་མེ་ཏོག་ལས་ཡངས་ཤིང་མ་ཉམས་པའི་མེ་ཏོག་གི་ཆུན་པོ་གཅིག་རང་རང་གི་རིགས་ཀྱིས་འབྲེལ་བའི་ལྷ་གང་ཡིན་པ་ལ་འབུལ་བའི་བློས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དུ་འདོར་མཛོད། འགྲིམ་དཀྱིལ་བཀོད་ལ། རྨད་བྱུང་མཛེས་པའི་མེ་ཏོག་འདི༔ གང་ལ་བབ་པའི་རིགས་ཀྱི་ལྷ༔ ལས་འཕྲོ་དང་ནི་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་བབ་པར་ཤོག༔ པྲ་ཏིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །ལྷག་པའི་ལྷའི་དབུ་ལ་ཕོག་པའི་མེ་ཏོག་དེ་ཉིད་ཕྱག་གིས་བླངས་ཏེ་སླར་ཡང་ཁྱེད་རང་གི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིངས་པར་མོས་ཤིག །མེ་ཏོག་སྤྱི་བོར་བཞག་ལ། ཕྲེང་བའི་དབང་བསྐུར་དམ་པ་འདིས༔ གསང་སྔགས་ཐེག་པའི་ལམ་འདི་ལ༔ དུས་རྣམས་ཀུན་ཏུ་མི་འབྲལ་བའི༔ ཡི་དམ་ལྷ་ཡི་དངོས་གྲུབ་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ༔ མཱ་ལེ་དྷེ་བ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ མ་རིག་པས་ལྡོངས་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཐུར་མས་གདོང་བསལ་ལ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ མ་རིག་ལིང་ཏོག་བསལ་བྱས་ལྟར༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས༔ ཁྱོད་ཀྱི་མི་ཤེས་དྲི་མ་བསལ༔ ཨཱོཾ་བཛྲ་ཙཀྵུ༔ པྲ་བེ་ཤ་ཡ་ཕཊ༔ བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལྟོས༔ ཤེས་རབ་རྣམ་གསུམ་མཆོག་ཏུ་སྐྱེད༔ ཁྱོད་ནི་དཔལ་གྱི་རིགས་སུ་སྐྱེས༔ བདེ་བར་གཤེགས་པས་བྱིན་གྱིས་བརླབས༔ འཁོར་བའི་སེམས་ཅན་ཐམས་ཅད་ལ༔ བུ་བཞིན་སྙིང་རྗེ་ཆེན་པོ་སྐྱེད༔ གསང་བ་བགྲོད་པའི་ལམ་དུ་ཞུགས༔ སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར༔ རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་རྒྱན་བཀོད་པ་ཡོངས་སུ་རྫོགས་པ་འདིའི་རྣམ་པར་དག་པ་འདི་ལྟ་སྟེ། དཀྱིལ་འཁོར་ཟླུམ་པོ་ཆོས་ཉིད་སྤྲོས་བྲལ་བར༔ གཞལ་ཡས་ཁང་ཆེན་གྲུ་བཞིར་གནས་པ་ནི༔ འཕགས་པའི་བདེན་བཞི་རྣམ་པར་དག་པ་ཡིན༔ ཕྱོགས་ཀྱི་སྒོ་བཞི་དྲན་པ་ཉེར་བཞག་བཞི༔ ཡང་དག་སྤོང་དང་རྫུ་འཕྲུལ་དབང་པོའི་སྟོབས༔ རྣམ་པར་དག་པ་རྟ་བབས་བང་རིམ་བཞི༔ དྲྭ་བ་དྲྭ་ཕྱེད་ཀ་བ་བརྒྱད་པོ་དག༔ འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཉིད་དོ༔ བྱང་ཆུབ་ཡན་ལག་བདུན་པོ་རྣམ་དག་པ༔ གདུགས་དང་རྒྱལ་མཚན་དར་དཔྱང་འཁོར་ལོ་འཕན༔ བླ་མེད་མི་ནུབ་འགྲོ་སྐྱོབ་ཐུགས་རྗེའི་རྟགས༔ རྡོ་རྗེ་རྭ་བ་མེ་རི་འབར་བའི་འོད༔ མི་ཕྱེད་དོན་རྟོགས་ཉོན་མོངས་སྲེག་པར་བཤད༔ བརྟེན་པ་ལྷའི་གཙོ་བོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཀཱི་ལ་ཡ་རིགས་བཞི། ཁྲོ་བཅུ་ཁྲ་ཐབས། སྒོ་སྐྱོང་དམ་ཅན་རྣམས་ཀྱི་རྣམ་པར་དག་པའང་འདི་ལ་གསན་པས་ཁྱབ་སྟེ། གཙོ་བོ་དཔལ་ཆེན་ཡབ་ཡུམ་གཉིས་མེད་པ༔ དབྱིངས་དང་ཡེ་ཤེས་རྣམ་དག་བདེ་ཆེན་སྐུ༔ ཕྱོགས་བཅུར་གནས་པའི་ཁྲོ་བོ་ཆེན་པོ་བཅུ༔ སྟོབས་བཅུ་རྣམ་དག་ཡེ་ཤེས་ཁྲོ་བོར་སྣང༔ རྡོ་རྗེ་དབྱིངས་ཀྱི་ཁྲོ་མོ་བཅུ་ཡི་དོན༔ ཡང་སྤྲུལ་ཁྲ་ཐབས་དོན་གྱི་ཕྱག་རྒྱ་བཅུ༔ ཕ་རོལ་ཕྱིན་བཅུའི་ཚུལ་དུ་རྣམ་དག་ཡིན༔ རྟགས་ཀྱི་ཕོ་ཉ་ཕྲ་མེན་བཅུ་ཡི་རང་བཞིན་ནི༔ ཤེས་བཅུ་རྣམ་པར་དག་པའི་མཚན་ཉིད་དོ༔ སྒོ་མ་ཐབས་ལ་མཁས་པའི་དབང་ཕྱུག་བཞི༔ ཚད་མེད་བཞི་པོ་རྣམ་པར་དག་པར་བཤད༔ ཅེས་གསུངས་པ་ལྟར་དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས་སོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ལ་བུམ་པ་གསང་བ་ཤེས་རབ་ཚིག་དབང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པའི་དང་པོ་བུམ་པའི་དབང་ལའང་རྡོ་རྗེ་སློབ་མ་དང་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཧོ༔ ཉོན་མོངས་ལྔ་དང་ཕུང་པོ་ལྔ༔ གནས་སུ་དག་སྟེ་ཡེ་ཤེས་ལྔ༔ སྐུ་ལྔའི་ངོ་བོར་དག་མཛད་པ༔ དབང་བསྐུར་ལྔ་པོ་བདག་ལ་སྩོལ༔ ལན་གསུམ། དེ་ལ་དམིགས་པ་འདི་རྣམས་རིམ་བཞིན་བསྒོམ་པར་ཞུ། བཅོམ་ལྡན་འདས་མི་བསྐྱོད་པ་འོད་དུ་ཞུ་བའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །ཤར་བུམ་གྱིས་དབང་ཁྲུས་བྱས་ལ། དེ་རིང་རྒྱལ་སྲས་རིགས་ཀྱི་བུ་འདི་ལ༔ བདེ་གཤེགས་བྱིན་རླབས་བུམ་ཆུས་དབང་བསྐུར་བས༔ ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཅིག༔ དེས་བསྐྱེད་འབྲས་བུ་ཐམས་ཅད་ཞི་གྱུར་ཅིག༔ བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ཁང༔ བདུད་རྩི་ཡེ་ཤེས་རྒྱ་མཚོ་འཁྱིལ་བ་ཡི༔ བཛྲ་ཀཱི་ལ་ཡ་ཡི་དབང་མཆོག་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བར་བྱ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་བུམ་གྱིས་སྤྱི་བོར་དབང་བསྐུར་ལ། ཆོས་དབྱིངས་མཉམ་པ་ཆེན་པོ་ལ༔ ཡེ་ཤེས་གསལ་བ་རྣམ་པར་དག༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས༔ སྐྱེ་མེད་ཆོས་ལ་དབང་བསྐུར་ཤོག༔ ཨཱོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུས་ལུས་གང་སྒྲིབ་དག་ཆུའི་ལྷག་མ༔ སྤྱི་བོར་འཁྱིལ་ལས་དེ་བཞིན་གཤེགས་ཀུན་གྱི༔ ཐུགས་མཆོག་བཅོམ་ལྡན་རྒྱལ་བ་མི་བསྐྱོད་པ༔ མདོག་སྔོན་ས་གནོན་ལོངས་སྤྱོད་རྫོགས་པའི་སྐུས༔ དབུར་བརྒྱན་བུམ་དབང་ཐོབ་པའི་རྟགས་སུ་གྲུབ༔ ཉོན་མོངས་ཞེ་སྡང་གནས་དག་ཆོས་ཀྱི་དབྱིངས༔ ཡེ་ཤེས་མངོན་བྱས་ཐུགས་ཀྱི་དངོས་གྲུབ་ཐོབ༔ མ་བསྐྱེད་རང་བཞིན་བཛྲ་ཀཱི་ལ་ཡའི༔ ངོ་བོར་བྱས་ཏེ་བུམ་པའི་དབང་ཐོབ་བོ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་འོད་དུ་ཞུ་ནས་དབུ་རྒྱན་དུ་གྱུར་པ་སྤྱི་བོར་བཅིངས་པར་མོས་ཤིག །དབུ་རྒྱན་བསྐོན་ལ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན༔ སངས་རྒྱས་ཀུན་གྱིས་རབ་བསྔགས་པའི༔ རིན་པོ་ཆེ་ཡི་དབུ་རྒྱན་དང༔ དར་དཔྱང་ཅོད་པན་དབང་སྦྱིན་ནོ༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཏྣ་མུ་ཀུ་ཏ་རཏྣ་ཏྲཱཾ༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཏྣ་མུ་ཀུ་ཏ་རཏྣ་ཏྲཱཾ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཏྣ་མུ་ཀུ་ཏ་རཏྣ་ཏྲཱཾ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཏྣ་མུ་ཀུ་ཏ་རཏྣ་ཏྲཱཾ༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཏྣ་མུ་ཀུ་ཏ་རཏྣ་ཏྲཱཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་བུམ་རྣ་ལྟག་གཡས་སུ་བཞག་ཅིང་འཐོར་ལ། ཁམས་གསུམ་རེ་སྐོང་རྒྱལ་པོ་ཆེ༔ ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས༔ འགྲོ་བའི་རེ་སྐོང་རྒྱལ་པོར་ཤོག༔ ཨཱོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུས་ལུས་གང་སྒྲིབ་དག་ཆུའི་ལྷག་མ༔ རྣ་ལྟག་གཡས་འཁྱིལ་དེ་བཞིན་གཤེགས་ཀུན་གྱི༔ ཡོན་ཏན་བཅོམ་ལྡན་རྒྱལ་བ་རིན་ཆེན་འབྱུང༔ གསེར་མདོག་མཆོག་སྦྱིན་ལོངས་སྤྱོད་རྫོགས་པའི་སྐུས༔ དབུར་བརྒྱན་ཅོད་པན་དབང་ཐོབ་རྟགས་སུ་གྲུབ༔ ཉོན་མོངས་ང་རྒྱལ་གནས་གྱུར་མཉམ་ཉིད་ཀྱི༔ ཡེ་ཤེས་མངོན་བྱས་ཡོན་ཏན་དངོས་གྲུབ་ཐོབ༔ རིན་འབྱུང་རང་བཞིན་རཏྣ་ཀཱི་ལ་ཡའི༔ ངོ་བོར་བྱས་ཏེ་དབུ་རྒྱན་དབང་ཐོབ་བོ༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དུ་ཞུ་ནས་རྡོ་རྗེར་གྱུར་པ་ལག་ཏུ་བྱིན་པར་མོས་ཤིག །རྡོ་རྗེ་གཏད་ལ། རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འདོད་ཆགས་ཀུན་རྟོག་ཡེ་ཤེས་སུ༔ གནས་གྱུར་རྟོགས་པའི་དབང་ཐོབ་ཤོག༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ རྣམ་བུམ་ལྟག་པར་བཞག་ཅིང་འཐོར། ཨཱོཾ༔ ཉེས་པའི་སྐྱོན་བྲལ་དྲི་མ་མེད༔ སྐྱེ་འགག་མེད་པའི་དངོས་གྲུབ་སྟེ༔ སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས༔ སྲིད་གསུམ་ཉེས་དམིགས་སེལ་བར་ཤོག༔ ཨཱོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུས་ལུས་གང་སྒྲིབ་དག་ཆུའི་ལྷག་མ༔ ལྟག་པར་འཁྱིལ་ལས་དེ་བཞིན་གཤེགས་ཀུན་གྱི༔ གསུང་མཆོག་བཅོམ་ལྡན་རྒྱལ་བ་སྣང་མཐའ་ཡས༔ མདོག་དམར་མཉམ་གཞག་ལོངས་སྤྱོད་རྫོགས་པའི་སྐུས༔ དབུར་བརྒྱན་རྡོ་རྗེའི་དབང་ཐོབ་རྟགས་སུ་གྲུབ༔ ཉོན་མོངས་འདོད་ཆགས་གནས་གྱུར་སོར་རྟོགས་ཀྱི༔ ཡེ་ཤེས་མངོན་བྱས་གསུང་གི་དངོས་གྲུབ་ཐོབ༔ མཐའ་ཡས་རང་བཞིན་པདྨ་ཀཱི་ལ་ཡའི༔ ངོ་བོར་བྱས་ཏེ་རྡོ་རྗེའི་དབང་ཐོབ་བོ༔ བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འོད་དུ་ཞུ་ནས་དྲིལ་བུར་གྱུར་པ་སྤྱི་བོར་འཁྲོལ་ནས་དབང་བསྐུར་བར་མོས་ཤིག །དྲིལ་བུ་མགོར་བཞག་ཅིང་འཁྲོལ་ལ། དོན་དམ་ཆོས་ཉིད་སྟོང་པའི་སྒྲས༔ གསུང་དབྱངས་དྲུག་ཅུ་མཚོན་པའི་བརྡ༔ དྲིལ་བུའི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ གྷཱཎྜེ་ཨ་བྷི་ཥིཉྩ་ཧཱ༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ གྷཱཎྜེ་ཨ་བྷི་ཥིཉྩ་ཧཱ༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ གྷཱཎྜེ་ཨ་བྷི་ཥིཉྩ་ཧཱ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ གྷཱཎྜེ་ཨ་བྷི་ཥིཉྩ་ཧཱ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ གྷཱཎྜེ་ཨ་བྷི་ཥིཉྩ་ཧཱ༔ རྣམ་བུམ་ལྟག་པ་གཡོན་དུ་བཞག་འཐོར་བྱས་ལ། ཧྲཱི༔ དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང༔ གྲུབ་པ་ལས་ཀྱི་བྱེ་བྲག་ལ༔ བྱ་བ་ནན་ཏན་ཡེ་ཤེས་ཀྱིས༔ སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག༔ ཨཱོཾ་མ་ཧཱ་ཀྲྀཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བུམ་ཆུས་ལུས་གང་སྒྲིབ་དག་ཆུའི་ལྷག་མ༔ རྣ་ལྟག་གཡོན་འཁྱིལ་དེ་བཞིན་གཤེགས་ཀུན་གྱི༔ ཕྲིན་ལས་བཅོམ་ལྡན་རྒྱལ་བ་དོན་ཡོད་གྲུབ༔ གཡུ་མདོག་སྐྱབས་སྦྱིན་ལོངས་སྤྱོད་རྫོགས་པའི་སྐུས༔ དབུར་བརྒྱན་དྲིལ་བུའི་དབང་ཐོབ་རྟགས་སུ་གྲུབ༔ ཉོན་མོངས་ཕྲག་དོག་གནས་གྱུར་བྱ་གྲུབ་ཀྱི༔ ཡེ་ཤེས་མངོན་བྱས་ཕྲིན་ལས་དངོས་གྲུབ་ཐོབ༔ དོན་གྲུབ་རང་བཞིན་ཀརྨ་ཀཱི་ལ་ཡའི༔ ངོ་བོར་བྱས་ཏེ་དྲིལ་བུའི་དབང་ཐོབ་བོ༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་དང་དྲིལ་བུས་མིང་གི་དབང་བསྐུར་བར་གྱུར། རྡོར་དྲིལ་འཁྲོལ་ཞིང་གཏད་ལ། ཉོན་མོངས་ཡེ་ཤེས་གནས་གྱུར་པ༔ མིང་བཏགས་བདུད་ལས་རྣམ་རྒྱལ་བ༔ མིང་གི་དབང་བསྐུར་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ རྣམ་བུམ་དཔྲལ་བར་བཞག་འཐོར་བྱས་ལ། ཧཱུྃ༔ དག་ཅིང་གསལ་བའི་རང་བཞིན་ཏེ༔ སྐྱོན་མེད་སེམས་ཉིད་རིན་པོ་ཆེ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས༔ སྲིད་པ་གསུམ་ལ་དབང་བསྒྱུར་ཤོག༔ ཨཱོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་དང་། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་ཀཱི་ལ་ཡ་སོགས་གསང་མཚན་གདགས། བུམ་ཆུས་ལུས་གང་སྒྲིབ་དག་ཆུའི་ལྷག་མ༔ དཔྲལ་བར་འཁྱིལ་ལས་དེ་བཞིན་གཤེགས་ཀུན་གྱི༔ སྐུ་མཆོག་བཅོམ་ལྡན་རྒྱལ་བ་རྣམ་སྣང་མཛད༔ མདོག་དཀར་བྱང་ཆུབ་ཕྱག་རྒྱ་རྫོགས་པའི་སྐུས༔ དབུར་བརྒྱན་མིང་གི་དབང་ཐོབ་རྟགས་སུ་གྲུབ༔ ཉོན་མོངས་གཏི་མུག་གནས་གྱུར་ཆོས་དབྱིངས་ཀྱི༔ ཡེ་ཤེས་མངོན་བྱས་སྐུ་ཡི་དངོས་གྲུབ་ཐོབ༔ རྣམ་སྣང་རང་བཞིན་བུདྡྷ་ཀཱི་ལ་ཡའི༔ ངོ་བོར་བྱས་ཏེ་མིང་གི་དབང་ཐོབ་བོ༔ དེ་ནས་མེ་ཏོག་འཐོར་ལ་སྨོན་ལམ་གདབ་པ་ནི། སྐལ་ལྡན་འདིར་འདུས་རྣལ་འབྱོར་མཆེད་ལྕམ་ལ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་བསྐུར་པས༔ ཟབ་པ་ཡེ་ཤེས་རྒྱ་ཆེན་རིགས་ལྔ་ཡི༔ མངའ་བརྙེས་དམ་པའི་དབང་མཆོག་ཐོབ་གྱུར་ཅིག༔ གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ༔ གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿཁྱེད་ཀྱི་བཀའ་དྲིན་གྱིས༔ བདག་ལ་རང་དང་གཞན་གྱི་དོན༔ རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༔ ཐུགས་རྗེའི་སྟོབས་དང་ལྡན་པས་བྱིན༔ ལན་གསུམ། ཁྱེད་རང་རྣམས་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་གདན་ལ་བཞག །སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་མཆོད་པའི་བཀོད་པ་དུ་མ་དང་བཅས་ཏེ་མངའ་གསོལ་བར་མོས་ཤིག །འཛོམ་ན་དེ་དག་དངོས་སུ་བྱ། ཚིག་དང་མཐུན་པའི་རྟགས་གདབ་པ་སོགས་བྱ་བཞིན་པས། ཧཱུྃ༔ དུར་ཁྲོད་གནས་འདི་ཁྱིམ་གྱི་མཆོག༔ མ་མོ་མཁའ་འགྲོ་གྲོགས་ཀྱི་མཆོག༔ རྡོ་རྗེ་རྩེ་གསུམ་ཕྱག་རྒྱ་ཡི༔ རཀྟའི་ཐིག་ལེས་བརྒྱན་པ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ ཞག་གི་ཟོ་རིས་མཚན་པ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ ཐལ་ཆེན་ཚོམ་བུས་མཚན་པ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ གླང་ཆེན་ཀོ་རློན་གྱོན་པ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ ཞིང་ཆེན་གཡང་གཞི་གསོལ་བ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ ཐོད་པ་སྐམ་རློན་སེ་རལ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ སྟག་གི་ཤམ་ཐབས་གསོལ་བ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ གསུར་ཆེན་དུད་པ་གཏོང་བ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ མི་རྐང་གླིང་བུ་འབུད་པ་ཡང༔ མཁའ་འགྲོ་ཀུན་དང་བསྟུན་པའི་ཕྱིར༔ འདི་ཡང་རྟགས་ཀྱི་ཕྱག་རྒྱ་འོ༔ ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕྱག་གཡས་སུ་གཏད་པས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་བཟུང་བར་མོས་ཤིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྱག་ན་རྡོ་རྗེའི་ལག་ན་འདུག༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༔ ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། མ་ཧཱ་བཛྲ་ཧཱུྃ༔ ཨཱཿལས་བྱུང་བའི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་དྲིལ་བུ་གསུང་གི་དམ་ཚིག་བཟུང་བར་གྱིས་ཤིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༔ བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད༔ བཛྲ་གྷཱཎྜེ་ཨཱ༔ མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་པང་དུ་གཏད་པ་ལ་འཁྱུད་ཅིང་སྦྱོར་བས་ཕྱག་རྒྱ་སྐུའི་དམ་ཚིག་བཟུང་བར་མོས་ཤིག །རྡོ་རྗེ་དྲིལ་བུ་དངོས་གྲུབ་ཕྱིར༔ ཤེས་རབ་ཐབས་ཀྱི་རང་བཞིན་གང༔ ང་ལ་གུས་པའི་བུ་ཁྱོད་ཀྱིས༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཟུངས༔ མ་ཧཱ་ས་མ་ཡ་ཧཱུྃ༔ དེ་ལྟར་སློབ་དཔོན་ཉིད་དུ་དབང་བསྐུར་པས༔ རྒྱུད་རྣམས་ཐམས་ཅད་ཉན་དང་བཤད་པ་དང༔ རྡོ་རྗེ་སློབ་དཔོན་མཆོག་གི་ལས་རྣམས་ལ༔ དབང་འབྱོར་ཐོབ་པས་དབང་བསྐུར་དམ་པ་འོ༔ དེ་ལྟར་བུམ་པའི་དབང་བསྐུར་ཡོངས་རྫོགས་གྲུབ་པའི་མཐའ་རྟེན་རྗེས་སུ་གནང་བ་དྲུག་རིམ་པར་སྦྱིན་པ་ལ་དང་པོ་སྐུའི་རྗེས་གནང་སྦྱིན་པ་ཡིན་པས་འདུན་པ་འདི་ལྟར་མཛོད། དཀྱིལ་འཁོར་པའི་ལྷ་རྣམས་ལས་ཡེ་ཤེས་པའི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་ནས་ཁྱེད་རང་གི་གནས་སོ་སོར་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དབྱེར་མེད་ཆེན་པོར་བྱིན་གྱིས་རློབས་པར་མོས་ཤིག །ཐོག་མར་གཙོ་བོའི་སྐུ་རྟེན་སྙིང་ཁར་བྱིན། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས༔ རྡོ་རྗེ་གཞོན་ནུ་རྒྱས་འདེབས་ཡུམ་དང་རོལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞེ་སྡང་རྣམ་དག་ཆོས་དབྱིངས་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུདྡྷ་ཀཱི་ལིའི་སྐུ་རྟེན་སྤྱི་བོར་བཞག །ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ བུདྡྷ་ཀཱི་ལ་ཀྲོོ་ཏཱི་ཡུམ་དང་སྦྱོར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཏི་མུག་མེ་ལོང་ཡེ་ཤེས་རྟོགས་པར་ཤོག༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ རཏྣ་ཀཱི་ལ་ཡའི་སྐུ་རྟེན་ལྟེ་བར་བཞག་ལ། ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་ཀློང་དཀྱིལ་ནས༔ རཏྣ་ཀཱི་ལ་ཀྲོ་ཏཱི་ཡུམ་དང་བཅས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་སྭཱ༔ པདྨ་ཀཱི་ལའི་སྐུ་རྟེན་མགྲིན་པར་བཞག་ལ། ཧཱུྃ༔ གྲུ་གསུམ་དམར་ནག་འབར་བའི་ཀློང་དཀྱིལ་ནས༔ པདྨ་ཀཱི་ལ་ཀྲོ་ཏཱི་ཡུམ་དང་བཅས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཆགས་སོ་སོར་ཀུན་རྟོག་ཐོབ་པར་ཤོག༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཀརྨ་ཀཱི་ལའི་སྐུ་རྟེན་གསང་བར་བྱིན། ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་ཀློང་དཀྱིལ་ནས༔ ཀརྨ་ཀཱི་ལ་ཀྲོ་ཏཱི་ཡུམ་དང་བཅས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཁྲོ་བཅུ་སོགས་གནས་སོ་སོར་བསྐུར་ལ། སྐྱེ་བ་རྒྱུན་གཅོད་བག་ཆགས་དབྱིངས་སུ་སྡུད༔ ཡབ་གཅིག་ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་དང༔ གསུང་རབ་སྒྲ་སྒྲོག་སྒྲ་འབྱིན་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཤིན་ཏུ་གསལ་བའི་ཆོས་སྐུ་མཐར་ཕྱིན་པས༔ ཡབ་གཅིག་ཁྲོ་བོ་རྣམ་པར་རྒྱལ་བ་དང༔ འཁོར་འདས་མི་གནས་སྙེམས་མ་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ འགྲོ་བའི་དོན་ལ་ཕྲིན་ལས་མཐར་ཕྱིན་པས༔ ཡབ་གཅིག་ཁྲོ་བོ་དབྱུག་པ་སྔོན་པོ་དང༔ ཐར་པའི་ལམ་སྟོན་སྡེར་མོ་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གཟུང་འཛིན་ལོག་རྟོག་འཆི་བདག་ཚར་གཅོད་པ༔ ཡབ་གཅིག་ཁྲོ་བོ་གཤིན་རྗེ་གཤེད་པོ་དང༔ ཕྲིན་ལས་དུར་ཁྲོད་བདག་མོ་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ འཁོར་བའི་སྐྱོན་སྤངས་བཏང་སྙོམས་ཆེན་པོར་བཞུགས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་དང༔ མཁའ་དབྱིངས་རོལ་མཛད་གཏུན་ཁུང་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཤིན་ཏུ་ཚམ་རྔམ་མཛད་པས་རྟ་སྐད་སྒྲོག༔ ཁྲོ་མཛད་དབང་གི་རྒྱལ་པོ་རྟ་མགྲིན་དང༔ བཏང་སྙོམ་བཟོད་བརྩོན་གཏུམ་མོ་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཐུགས་རྗེ་འགྲོ་དོན་ཆགས་པ་མེད་པར་བརྩོན༔ ཡབ་གཅིག་ཁྲོ་བོ་འདོད་པའི་རྒྱལ་པོ་དང༔ དམིགས་མེད་དོན་མཛད་མདའ་སྙེམས་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཐུགས་རྗེས་མི་གཏོང་ཡོན་ཏན་མཐར་ཕྱིན་པ༔ ཡབ་གཅིག་ཁྲོ་བོ་བདུད་རྩི་འཁྱིལ་བ་དང༔ གནས་སུ་སྤོར་བྱེད་རླུང་འབྱིན་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཉོན་མོངས་སྐྱོན་བྲལ་རྣམ་རྟོག་ངང་དུ་སྒྲོལ༔ ཡབ་གཅིག་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་དང༔ འཁོར་བ་དབྱིངས་སྦྱོར་གསོད་བྱེད་འཁྲིལ་སྦྱོར་བས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨཱ་བྷི་ཥིཉྩ་མཱཾ༔ ཐུགས་རྗེའི་སྟོབས་ཀྱིས་བླ་མེད་གནས་སུ་སྤོར༔ ཡབ་གཅིག་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཉོན་མོངས་སྐྱོད་བྱེད་ཡུམ་གྱིས་འཁྲིལ་སྦྱོར་བས། སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་ཨཱ་བྷི་ཥིཉྩ་མཱཾ༔ མྱོས་བྱེད་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་ཕག་གི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ གརྫ་གརྫ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ དཔའ་གཏུམ་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་སྟག་གི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཧ་ན་ཧ་ན་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ འགྱུར་བ་མེད་པའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་གཡག་གི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ད་ཧ་ད་ཧ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གཡོ་བ་མེད་པའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་ཤ་བའི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ པ་ཙ་པ་ཙ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཆགས་པ་མེད་པའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་གཟིག་གི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ བྷནྡྷ་བནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ མཁས་བརྩོན་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་བྱི་ལའི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཧུ་ལུ་ཧུ་ལུ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གསོད་བྱེད་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་སྤྱང་ཀུའི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཏིཥྛ་ཏིཥྛ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ འཇོམས་བྱེད་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་སེང་གེའི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཚིནྡྷ་ཚིནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ སྟོབས་ལྡན་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་དྲེད་ཀྱི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ བྷིནྡྷ་བྷིནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ སྨྱོ་བྱེད་ཆེན་པོའི་ཏིང་ངེ་འཛིན༔ སྐྱེས་བུའི་ལུས་ལ་དོམ་གྱི་མགོ༔ ཟ་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ སྥོ་ཊ་སྥོ་ཊ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ མགྲིན་མོ་དུས་ཚོད་རིག་མ་སྟེ༔ བུད་མེད་ལུས་ལ་རྨིགས་བུའི་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ གརྫ་གརྫ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གཞན་བསད་དགོད་འདྲེ་རྟགས་ཀྱི་བདག༔ བུད་མེད་ལུས་ལ་བྱ་རྒོད་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཧ་ན་ཧ་ན་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཏྲི་ཏ་བ་རི་ཚ་གསུམ་དྲན༔ བུད་མེད་ལུས་ལ་བྱ་རོག་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ད་ཧ་ད་ཧ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ མི་མཐོང་མཐོང་བྱེད་རྟགས་ཀྱི་ཕོ་ཉ་མོ༔ བུད་མེད་ལུས་ལ་འུག་པའི་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ པ་ཙ་པ་ཙ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ སྒྲིབ་ཤིང་དོན་ལ་མཁས་པ་མོ༔ བུད་མེད་ལུས་ལ་ཁྭ་ཏའི་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ བྷནྡྷ་བྷནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ འདོར་ཐབས་དོན་ལ་མཁས་པ་སྟེ༔ བུད་མེད་ལུས་ལ་པུ་ཤུད་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཧུ་ལུ་ཧུ་ལུ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ མཁས་པ་སྡེར་འཛིན་རྟགས་ཀྱི་བདག༔ བུད་མེད་ལུས་ལ་ཁྲ་ཡི་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཏིཥྛ་ཏིཥྛ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ གཡོ་འདོར་ཐབས་ལ་མཁས་པ་མོ༔ བུད་མེད་ལུས་ལ་ཕ་ཝང་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ ཚིནྡྷ་ཚིནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ མགྲིན་ཕག་དྷེ་བའི་ཕོ་ཉ་མོ༔ བུད་མེད་ལུས་ལ་སྲེ་མོང་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ བྷིནྡྷ་བྷིནྡྷ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ རྐུ་མཁས་ཐབས་ལ་མཁས་པ་མོ༔ བུད་མེད་ལུས་ལ་བྱི་བའི་མགོ༔ གསོད་བྱེད་ཆེན་པོས་དབང་བསྐུར་བས༔ དགྲ་བགེགས་རྣམས་ནི་ཚར་གཅོད་ཤོག༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཕུར་ཁྲོམ་ཡོད་ན་སོ་སོའི་སྐུ་དང་ཕུར་པས་དབང་བསྐུར་ལ་བསྒྲིལ་བར་གསུངས། དེ་ནས་ཐུན་ཕུར་ཉེར་གཅིག་དང་དམ་ཅན་ཕོ་མོའི་ཕུར་པ་རྣམས་གཏད་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དགྲ་བགེགས་འདུལ་བའི་ལས་མཛད་པ༔ སྲས་མཆོག་ཉི་ཤུ་རྩ་གཅིག་དང༔ དམ་ཅན་ཕོ་མོ་ཐམས་ཅད་ཀྱིས༔ རིག་འཛིན་རྣམས་ཀྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བོར་བའི༔ དམ་ཅན་སྲུང་མ་ཐམས་ཅད་ཀྱིས༔ བསྟན་པ་བསྲུང་ཕྱིར་དབང་བསྐུར་རོ༔ རྣམ་བུམ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིངས་སུ་བདག་སྐྱེད་ཅིག༔ སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཡི་གེ་ཨཱོཾ་དཀར་པོས་མཚན་པར་གྱུར༔ མགྲིན་པར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིངས་སུ་བདག་སྐྱེད་ཅིག༔ མགྲིན་པར་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོས་མཚན་པར་གྱུར༔ སྙིང་གར་རྡོ་རྗེ་རྩེ་ལྔ་བཞག་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིངས་སུ་བདག་སྐྱེད་ཅིག༔ སྙིང་གར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོས་མཚན་པར་གྱུར༔ རྡོ་རྗེ་རྩེ་དགུ་ལྟེ་བར་རེག་ལ། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཡོན་ཏན་རྫོགས་མཛད་པ༔ དབང་དང་བྱིན་རླབས་ཐོབ་པར་ཤོག༔ ལྟེ་བར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འདུས་པའི་ངོ་བོ་སྭཱ་སེར་པོས་མཚན་པར་གྱུར༔ རྡོ་རྗེ་ཡན་ལག་གི་ཚིགས་བཞིར་བཞག་ལ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་ཐོབ་པར་ཤོག༔ ཡན་ལག་བཞི་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་འདུས་པའི་ངོ་བོ་ཧཱ་ལྗང་གུ་རེ་རེས་མཚན་པར་གྱུར༔ གཉིས་པ་སྔགས་ཀྱིས་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་དང་སློབ་དཔོན་ཡང་དེ་ལྟར་གསལ་བའི་སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ཤིག །ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ དགྲ་བགེགས་ཐལ་བ་བཞིན་དུ་རློག༔ སེམས་དཔའ་སྔོན་པོ་འབར་བའི་ངང༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་གཤོག་པ་ཕྱོགས་བཅུར་གདེངས༔ བསྐལ་པའི་མེ་དཔུང་འབར་བའི་འོད༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི༔ ལུས་དང་ངག་དང་སེམས་ལ་དབབ༔ བསྙེན་ཅིང་སྒྲུབ་པའི་དབང་སྦྱིན་ནོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ༔ ཨཱོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཨཱོཾ༔ ལག་ཏུ་ཕྲིན་ལས་བཞིའི་ཕྲེང་བ་གཏད་ལ། ཏྲཱཾ༔ གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས༔ བྱང་ཆུབ་མཆོག་རྣམས་ཤེས་རབ་རྒྱན༔ མི་འཇིགས་སྟོབས་དང་མ་འདྲེས་མཚོན༔ འབྲས་བུ་རྫོགས་པར་དབང་བསྐུར་རོ༔ སྙིང་པོའི་སྔགས་ཀྱི་རྗེས་ཟློས་མཛོད༔ སྙིང་པོ་བརྒྱ་རྩའམ་ཉེར་གཅིག་སོགས་བཟླར་གཞུག །གསུམ་པ་དུར་ཁྲོད་ཆས་བརྒྱད་ཀྱི་རྗེས་སུ་གནང་བ་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་རྣམས་གནས་སོ་སོར་བགོས་པར་མོས་ཤིག །དེ་དག་གནས་སོ་སོར་གཏོད་ཚུལ་བྱས་ལ། གླང་ཆེན་ཀོ་རློན་རྒྱན་མཆོག་འདི༔ བདུད་འདུལ་སྟོབས་ཆེན་ལྷག་པའི་རྟགས༔ ཁྱོད་ཀྱི་གོས་སུ་བྱིན་པ་ཡིས༔ ཐེག་ཆེན་དོན་རྣམས་རྟོགས་པར་ཤོག༔ ཧསྟི་ན་ཙ་ར་ཨ་བྷི་ཥིཉྩ་ཨཱོཾ༔ སྟག་ལྤགས་བརྗིད་པའི་རྒྱན་མཆོག་འདི༔ དཔའ་གཏུམ་ཟ་བྱེད་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ མཐའ་གཉིས་འཇོམས་པའི་དབང་བསྐུར་རོ༔ ཙ་མ་ར་ཨ་བྷི་ཥིཉྩ་ཨཱོཾ༔ མཉེན་ལྕུགས་གདུག་པའི་རྒྱན་མཆོག་འདི༔ འཁྲིལ་ལྡན་ཡུམ་གྱི་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་བྱིན་པ་ཡིས༔ དུག་ལྔ་འཇོམས་པའི་དབང་བསྐུར་རོ༔ ཀ་མ་དུ་ཨ་བྷི་ཥིཉྩ་ཨཱོཾ༔ དུང་ཆེན་ཁོང་སེང་ཐོད་ཕྲེང་འདི༔ ཆོས་སྐུ་མཐར་ཕྱིན་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་བྱིན་པ་ཡིས༔ མཚན་མ་སྤངས་པའི་དབང་ཐོབ་ཤོག༔ ཀ་པཱ་ལ་མཱ་ལྱེ་ཨ་བྷི་ཥིཉྩ་ཨཱོཾ༔ ཞིང་ཆེན་རྒྱན་མཆོག་དམ་པ་འདི༔ མི་ལྡོག་འཁོར་བ་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ རྣམ་རྟོག་འཇོམས་ཕྱིར་དབང་ཐོབ་ཤོག༔ ནྲྀ་ཙ་མ་ར་ཨ་བྷི་ཥིཉྩ་ཨཱོཾ༔ ཞག་གི་ཐིག་ལེའི་རྒྱན་མཆོག་འདི༔ དོན་དམ་བཅུད་ཀྱི་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ དོན་མཆོག་བདུད་རྩི་རྟོགས་པར་ཤོག༔ གྷི་ཧུ་ཨ་བྷི་ཥིཉྩ་ཨཱོཾ༔ རཀྟའི་ཐིག་ལེ་རྒྱན་མཆོག་འདི༔ ཐུགས་རྗེ་ཆགས་གསལ་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ ཆགས་པའི་ཐུགས་རྗེས་འགྲོ་དོན་བྱོས༔ རཀྟ་ཨ་བྷི་ཥིཉྩ་ཨཱོཾ༔ ཐལ་ཆེན་ཐིག་ལེའི་རྒྱན་མཆོག་འདི༔ འདུ་བྱེད་ཕྲིན་ལས་ལྷག་པའི་རྟགས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ དྲེགས་བྱེད་བདུད་དཔུང་ཐལ་བར་རློགས༔ བ་ས་ཨ་བྷི་ཥིཉྩ་ཨཱོཾ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ལ༔ ཁྲག་འཐུང་འབར་བའི་དབང་བསྐུར་རོ༔ ཁམས་གསུམ་དྲེགས་བྱེད་མ་ལུས་ཀུན༔ འཁོར་བའི་གནས་ནས་སྒྲོལ་བར་བྱོས༔ དེ་ལྟར་མངའ་གསོལ་བས་དཔལ་ཆེན་གཙོ་བོ་མཆོག་དང་གཉིས་སུ་མེད་པའི་གཟི་བྱིན་ལྷག་པར་འབར་བར་མོས་ཤིག །བཞི་པ་ཕྱག་མཚན་གྱི་རྗེས་སུ་གནང་བ་ནི། ཡེ་ཤེས་རོལ་པའི་ཕྱག་མཚན་རྣམས་ལག་ཏུ་གཏད་པར་མོས་ཤིག །ཕྱག་མཚན་རྣམས་རིམ་པར་གཏད་ལ། ཨེ་མ་ང་ནི་རང་བྱུང་སྟེ༔ དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ༔ ཡེ་ཤེས་རྡོ་རྗེ་རྩེ་དགུ་འདིས༔ ས་དགུ་འཇོམས་པར་དབང་བསྐུར་རོ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ནི་རང་བྱུང་སྟེ༔ དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ༔ ཡེ་ཤེས་རྡོ་རྗེ་རྩེ་ལྔ་ཡིས༔ རྒྱུད་ལྔ་འཇོམས་པའི་དབང་བསྐུར་རོ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ནི་རང་བྱུང་སྟེ༔ དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ༔ ཡེ་ཤེས་མེ་དཔུང་འབར་བ་འདིས༔ གདུག་པ་སྲེག་པའི་དབང་བསྐུར་རོ༔ ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ནི་རང་བྱུང་སྟེ༔ དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ༔ ཁ་ཊྭཱཾ་རྩེ་གསུམ་འབར་བ་འདིས༔ སྐུ་གསུམ་ལྷུན་གྲུབ་དབང་བསྐུར་རོ༔ ཏྲི་ཤཱུ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ཉིད་རང་བྱུང་སྟེ༔ དཔལ་ཆེན་ཁྲག་འཐུང་ཉིད་ཀྱི་སྐུ༔ ཡེ་ཤེས་ཕུར་པ་འབར་བ་འདིས༔ འཁོར་བ་རྩད་གཅོད་དབང་བསྐུར་རོ༔ ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མའི་སྙིང་ཁར་རྡོ་རྗེ་བཞག །དེ་རིང་ཕྱིན་ཆད་བུ་ཁྱོད་ལ༔ ཁྲག་འཐུང་རོལ་པའི་དབང་བསྐུར་རོ༔ འཁོར་བའི་གནས་ནས་བསྒྲལ་པ་དང༔ ཡི་གེ་འཁོར་ལོའི་ས་ཐོབ་ཤོག༔ ཅེས་བརྗོད། ལྔ་པ་ཐེག་པ་ཆེན་པོའི་ཆོས་བཤད་པའི་རྗེས་སུ་གནང་བ་སྦྱིན་པ་སྟེ། བཛྲ་ཧེ་ཏུ་མཾ༔ རྐང་པའི་འོག་ཏུ་འཁོར་ལོ། བཛྲ་བྷཱ་ཤ་རཾ༔ ལག་པ་གཡས་སུ་ཆོས་ཀྱི་དུང་། བཛྲ་གྷེཎྜ་ཨཱ༔ ལག་གཡོན་དུ་དྲིལ་བུ། ཨཱ༔ པང་དུ་སྔགས་ཀྱི་པོ་ཏི། ཞེས་པས་སོ་སོར་སྦྱིན་ཅིང་། ཧཱུྃ༔ ཆོས་ཀྱི་འཁོར་ལོ་དམ་པ་འདི༔ འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར༔ སྣ་ཚོགས་ཀྱིས་ནི་འདུལ་བ་རུ༔ འཁོར་ལོ་བསྐོར་བའི་བྱ་བ་གསོལ༔ ཐམས་ཅད་ནམ་མཁའི་མཚན་ཉིད་ཅན༔ ནམ་མཁའ་ལ་ཡང་མཚན་ཉིད་བྲལ༔ ནམ་མཁའ་ལ་ཡང་མཉམ་སྦྱོར་བ༔ ཐམས་ཅད་མཆོག་ནི་མཉམ་ཉིད་གསལ༔ དེང་ནས་བརྩམ་སྟེ་ལྷན་ཅིག་པའི༔ སེམས་ནི་བསྐྱེད་པ་ཙམ་གྱིས་ཀྱང༔ དེ་རིང་ཕན་ཆད་འཇིག་རྟེན་ལ༔ ཆོས་ཀྱི་དུང་ཆེན་བླ་མེད་སྒྲ༔ ཀུན་ཏུ་ཡོངས་སུ་བསྒྲགས་ནས་ནི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས༔ རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས༔ རིན་ཆེན་འཁོར་ལོ་བསྐོར་བར་གྱིས༔ པདྨའི་འཁོར་ལོ་བསྐོར་བར་གྱིས༔ སྣ་ཚོགས་འཁོར་ལོ་རབ་ཏུ་སྐོར༔ དེ་ལྟར་བཀའ་གཉེར་གཏད་པའི་དོན་ཚུལ་བཞིན་བསྒྲུབ་པའི་བློས་འདིའི་རྗེས་ཟློས། གཙོ་བོ་རྡོ་རྗེ་ཆེར་འཛིན་པས༔ ཇི་ལྟར་བསྒོས་པ་དེ་བཞིན་དུ༔ བདག་གིས་ཁུར་ཆེན་ཁུར་ནས་ནི༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར༔ གསང་སྔགས་གོ་འཕང་བླ་མེད་པ༔ དེང་བདག་སྐྱེས་ཐོབ་འབྲས་བུ་ཡོད༔ དྷརྨ་སིདྡྷི་ཧོ༔ ཞེས་བརྗོད་དུ་བཞུག །དྲུག་པ་སྲས་མཆོག་ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམས་ཀྱི་རྗེས་སུ་གནང་བ་བྱིན་པས་གཙོ་འཁོར་སོ་སོའི་སྐུ་གསུང་ཐུགས་ཡེ་ཤེས་ལྔ་ཕྲིན་ལས་བཞིའི་དབང་དང་བྱིན་རླབས་ནུས་སྟོབས་ཡོངས་རྫོགས་ཐོབ་པར་མོས་ཤིག །གཙོ་བོའམ་སྲས་ཕུར་སློབ་མའི་སྙིང་གར་བཞག་ལ། ཧཱུྃ༔ དབུས་སུ་ཕོ་བྲང་ཨེ་ཡི་དཀྱིལ༔ དབང་ཆེན་རཀྟའི་རྒྱ་མཚོ་འཁྲུགས༔ ཆོས་ཉིད་སྤྲོས་བྲལ་མུ་ཁྱུད་ཟླུམ༔ རྒྱས་པ་སེར་པོ་མེ་བཞིན་འབར༔ བཅུ་དྲུག་ཨེ་ཡི་མཐའ་སྐོར་དུ༔ རྒྱ་མདུད་གཞལ་ཡས་ཡུམ་གྱི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བྱ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷྲཱུྃ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བཞག་ལ། ཧཱུྃ༔ རྡོ་རྗེ་ཕུར་པའི་ལྕིམ་གཞོག་བརྒྱད༔ རིན་ཆེན་ཟུར་བརྒྱད་ཐུགས་ཀྱི་གཏེར༔ ཡོན་ཏན་རྒྱས་པའི་ཐུགས་འབྲུ་བརྒྱད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཏྣ་གྷུ་ཧྱ་སིདྡྷི༔ ཏིཥྛ་ཨ་བྷི་ཥིཉྩ་ཨཱ༔ གནས་གསུམ་དུ་གཏུགས་ལ། ཧཱུྃ༔ ཆུ་སྲིན་ཁ་ནས་རྩེ་མོ་བྱུང་བ་ནི༔ ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཤར་བའི་དོན༔ ཐུགས་རྗེ་ཆགས་པས་འགྲོ་བ་ཡོངས་བསྒྲལ་ནས༔ འཁོར་བ་མི་གཏོང་སྐྱེ་མེད་ཆོས་ཀྱི་དོན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ གནས་ལྔར་གཏུགས་ལ། ཧཱུྃ༔ ཕུར་བུའི་རྒྱ་མདུད་ཟུར་དྲུག་གིས༔ རྒྱུད་དྲུག་འཁོར་བ་རྩད་བཅད་ནས༔ རྣམ་ཤེས་ཚོགས་དྲུག་བྱང་ཆུབ་ཀློང༔ འབྲས་བུ་ཡེ་ཤེས་ལྔ་ལྡན་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛྙཱ་ན་ཤོ་དྷ་ཡ་ཨ་བྷི་ཥིཉྩ་ཨཱ༔ གནས་གསུམ་གཏུགས་ལ། ཧཱུྃ༔ རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས་ལྡན་པའི༔ དུག་གསུམ་འཁོར་བའི་བཙོན་ར་རྩད་ནས་གཅོད༔ ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང༔ འབྲས་བུ་སྐུ་གསུང་ཐུགས་དང་ལྡན་པ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱོཾ་བཛྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ལྷ་ཕུར་ཚང་མའམ་མེད་ན་ཕུར་ཙཀ་གཏད་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་དཔལ་ལྡན་མ༔ ཐུགས་ལས་སྤྲུལ་པ་ཁྲོ་བོ་བཅུ༔ དབྱིངས་ནས་སྐྱོད་པའི་ཁྲོ་མོ་བཅུ༔ སྤྲུལ་པ་ཁྲ་ཐབས་ཉི་ཤུའི་ཚོགས༔ འཛིན་སྡོམ་འགུགས་འཆིང་སྒོ་མ་བཞི༔ བསོད་ནམས་དཀྱིལ་འཁོར་ལྷ་ཡི་ཚོགས༔ འབྲས་བུ་ཡེ་ཤེས་ཆེན་པོར་དབང་བསྐུར་རོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མཎྜ་ལ་བཛྲ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྲས་མཆོག་རིགས་བཞིའི་ཕུར་པ་རིམ་བཞིན་གཏད་ལ། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ སྨུག་ནག་ཆེན་པོ་གཅེར་བུ་རལ་པ་ཅན༔ གཏི་མུག་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས༔ ཡོན་ཏན་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ སེར་ནག་ཆེན་པོ་གཅེར་བུ་རལ་པ་ཅན༔ ང་རྒྱལ་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས༔ གསུང་མཆོག་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ དམར་ནག་ཆེན་པོ་གཅེར་བུ་རལ་པ་ཅན༔ འདོད་ཆགས་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས༔ ཕྲིན་ལས་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ ལྗང་ནག་ཆེན་པོ་གཅེར་བུ་རལ་པ་ཅན༔ ཕྲག་དོག་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ དེ་དག་རྣམས་ཀྱིས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། སྣང་སྟོང་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་རྗེས་ཟློས། ཀྱེ་ཧོ་བླ་མ་ཁྱོད་དགོངས་ཤིག༔ འཁོར་བའི་གཅོང་རོང་ཟབ་མོ་ལས༔ ཟུང་འཇུག་ཀློང་དུ་སྒྲོལ་མཛད་པ༔ གསང་བའི་དབང་མཆོག་བདག་ལ་སྩོལ༔ ལན་གསུམ། སློབ་དཔོན་ཡབ་གཅིག་རྡོ་རྗེ་གཞོན་ནུའི་སྐུ༔ རིག་མ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཀྱི་གནས་ལྔར་སྲས་མཆོག་རིགས་ལྔ་དང༔ ཡུམ་གྱི་གནས་ལྔར་རིགས་ཀྱི་ཡུམ་ལྔ་གསལ༔ མཁའ་གསང་པདྨ་རྡོ་རྗེ་ཡིག་འབྲུས་མཚན༔ རྗེས་ཆགས་བསྐུལ་ཏེ་ཡབ་ཡུམ་སྙོམས་ཞུགས་པས༔ སྤྱི་གཙུག་བུདྡྷ་ཀཱི་ལ་ཡབ་ཡུམ་གཉིས༔ སྦྱོར་བ་བྱས་པའི་བྱང་ཆུབ་སེམས་ཀྱི་རྒྱུན༔ པདྨ་ཀཱི་ལ་ཡབ་ཡུམ་ཞལ་དུ་བསྟར༔ དེ་ནས་མར་བརྒྱུད་པདྨ་ཀཱི་ལ་ཡ༔ ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་སེམས་རྒྱུན༔ བཛྲ་ཀཱི་ལ་ཡབ་ཡུམ་ཞལ་དུ་བསྟར༔ བཛྲ་ཀཱི་ལ་ཡབ་ཡུམ་སྦྱོར་བ་བྱས་པ་ཡི༔ བྱང་སེམས་རཏྣ་ཀཱི་ལ་ཡ་ལ་འོ༔ རཏྣ་ཡབ་ཡུམ་སྦྱོར་བྱས་བྱང་སེམས་རྒྱུན༔ ཀརྨ་ཀཱི་ལ་ཡབ་ཡུམ་ཞལ་དུ་བསྟར༔ ཀརྨ་ཀཱི་ལ་ཡབ་ཡུམ་སྦྱོར་བ་བྱས་པ་ཡི༔ བྱང་སེམས་ཡར་ལོག་རླུང་གིས་ཤུགས་བྱས་པས༔ རང་གི་ཞལ་དུ་ཞུགས་ཤིང་བབས་པ་སྟེ༔ སྐུ་ཡི་དབྱིབས་བརྒྱུད་གསང་རྡོར་རྩེ་ནས་ཐོན༔ ཡུམ་གྱི་བྷ་གར་བབས་པ་མཐེབ་སྲིན་གྱིས༔ བླངས་ཏེ་བུ་ཡི་ལྕེ་ལ་སྦྱིན་པར་གྱུར༔ ཐོད་པའི་བདུད་རྩི་སྦྱིན་ལ། ཨ་ཧོ༔ རིན་ཆེན་གཏུང་བ་བཅུད་དང་ལྡན༔ ཤེས་རབ་ཐབས་ཀྱི་ཁུ་བ་དེ༔ གཉིས་སུ་མེད་པར་རྣམ་གྲོལ་བའི༔ རྟོག་མེད་བུ་ཡིས་བཏུང་བར་གྱིས༔ རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མྱོངས་ཤིག །ཨེ་མ་ཡབ་ཡུམ་བདེ་བ་ཆེན་པོའི་ཆུ༔ ངོ་མཚར་རྨད་བྱུང་གནང་བ་བཀའ་དྲིན་ཆེ༔ དེའི་མཐའ་རྟེན་དུ་ལུང་བསྟན་སྦྱིན་པ་ནི། སློབ་དཔོན་ཉིད་མཆོག་གི་སྤྲུལ་པའི་སྐུ་ཤཱཀྱའི་དབང་པོར་གནས་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་ཤིག །ཆས་དང་ཕྱག་རྒྱ་སྤྱི་ལྟར་བྱས་ལ། འདི་ནི་ཁྱོད་ལ་ངས་ལུང་བསྟན༔ རྡོ་རྗེ་གཞོན་ནུ་ཞེས་བྱ་བའི༔ སྲིད་པ་ཀུན་ལས་རྣམ་གྲོལ་པ༔ དེ་བཞིན་གཤེགས་པ་ཉིད་ཡིན་ནོ༔ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་སྦྱངས། རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་འདིའི་རྗེས་ཟློས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་གཞོན་ནུ་བདག་ལ་དགོངས༔ རྡོ་རྗེ་པདྨ་སྦྱོར་བྱུང་བའི༔ བདེ་ཆེན་ལམ་འདི་བདག་ལ་སྩོལ༔ ལན་གསུམ། སློབ་མ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུར་གསལ་བ་ལ་མཚན་ཉིད་དང་ལྡན་པའི་ཡུམ་འཁོར་ལོ་རྒྱས་འདེབས་མར་བྱིན་གྱིས་བརླབས་ནས་གཏད་པར་མོས་ཤིག །རིག་མའི་གཟུགས་བརྙན་བྱིན་ལ། སྒེག་ཅིང་དཔའ་བ་མཛེས་མ་སྟེ༔ བདེ་བ་ཐམས་ཅད་སྦྱིན་པ་མོ༔ ཡིད་འོང་གཟུགས་ལྡན་ལྷ་མོ་འདི༔ བུ་ཡིས་ཅི་བདེར་མཆོད་པར་གྱིས༔ ཞེས་བྱིན་པའི་ཕྱག་རྒྱ་མོས་འདི་སྐད་སྨྲས་པར་མོས། བདུད་རྩིའི་མཆོད་པ་བྱེད་པ་དང༔ བུད་མེད་རྣམས་ལ་གུས་པ་དང༔ བྷ་ག་ལ་ནི་འོ་བགྱིད་པ༔ སྤྲོ་བར་འགྱུར་རམ་བུ་ཡིས་སྨོས༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། དྲི་ཆེན་དྲི་ཆུ་ལ་སོགས་འཚལ༔ བུད་མེད་རྣམས་ལ་རྟག་གུས་བགྱིད༔ བྷ་ག་ལ་ཡང་འོ་བགྱིད་པར༔ བདག་ནི་སྤྲོ་བས་ཁྱོད་མཆོད་དོ༔ ཞེས་ལན་བཏབ་པས་ལྷ་མོ་དེ་མཉེས་ནས་ལུས་གོས་དང་བྲལ་བའི་ཆུ་སྐྱེས་ཀྱི་མདངས་ངོམས་ཏེ། ཨེ་མ་ང་ཡི་པདྨ་འདི༔ གལ་ཏེ་ཆོ་ག་བཞིན་བརྟེན་ནས༔ སངས་རྒྱས་མཉེས་པ་ལ་སོགས་པའི༔ བྱ་བ་པདྨར་ཇི་བཞིན་གྱིས༔ ཞེས་གསུངས་ཏེ་འཁྱུད་པ་ལ་མཁའ་གསང་པདྨ་དང་རྡོ་རྗེ་རྩེ་ལྔ་པར་གསལ་བས་རྗེས་ཆགས་ཀྱི་སྒྱུ་རྩལ་དང་བཅས་ཏེ་སྙོམས་པར་ཞུགས་པར་མོས་ཤིག །དེའི་རིམ་པ་ལས་སྐྱེས་པའི་དོན་ངོ་སྤྲད་པ་འདི་རྣམས་ཐུགས་ལ་གཅག་པར་འཚལ། དེ་ལྟར་སྦྱོར་བྱས་བྱང་སེམས་གསང་རྡོར་གྱི༔ རྩ་བར་སླེབས་ནས་ཨ་ལ་ཤེས་པ་བཟུང༔ དེ་ཉིད་སྐུ་མཆོག་ཤེས་རབ་ཡེ་ཤེས་དབང༔ རྐེད་པའི་ཨཱཾཿལ་སླེབས་པས་གསང་ཤེས་རབ༔ ཡེ་ཤེས་དབང་མཆོག་ཐོབ་དམིགས་རྩེ་མོ་ཡི༔ ཧཱུྃ་ངམ་ཕཊ་ལ་སླེབས་པས་ཐུགས་ཤེས་རབ༔ ཡེ་ཤེས་དབང་རྣམས་རིམ་གྱིས་ཐོབ་པར་བསམ༔ བདེ་བ་ཆེར་སྐྱེས་གལ་ཏེ་ཉམས་སྲིད་ན༔ སྤྱི་བོའི་གཙུག་ཏུ་རྡོ་རྗེ་སེམས་དཔའི་སྐུ༔ མཚན་དང་དཔེ་བྱད་ལྡན་དམིགས་ཐུགས་ཀ་ནས༔ ཧཱུྃ་དཀར་ཚངས་པའི་བུ་གར་མར་སྤྲོས་ཏེ༔ ཧཱུྃ་གི་ཞབས་ཀྱུ་ཁུག་པ་བསྒྲིམས་པ་ཡིས༔ ཐིག་ལེའི་དྭངས་མ་དབུ་མའི་ལམ་དུ་དྲངས༔ མིག་གཉིས་གྱེན་བཟློག་དབུགས་ཀྱིས་མས་ཡར་དྲངས༔ ཧཱུྃ་རིང་ཧཱུྃ་ཐུང་ཨིག་གིས་རྒྱངས་ཀྱིས་འཐེན༔ འོག་རླུང་དྲག་བསྡམས་ཡང་ཡང་བྱས་ལ་བཟུང༔ དེ་ལྟར་བྱས་པས་ཟག་མེད་བདེ་སྟོང་ཉམས༔ དགའ་བཞི་དང་བཅས་རྒྱུད་ལ་སྐྱེས་པར་གྱུར༔ དེའི་མཐའ་རྟེན་དུ་དབུགས་དབྱུང་བ་ལགས་ཏེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག༔ ཁམས་གསུམ་གནས་ན་སྡིག་མེད་དེ༔ དེ་བས་འདོད་ལ་ཆགས་བྲལ་བ༔ ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་འདིའི་རྗེས་ཟློས། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང༔ བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ༔ ལན་གསུམ། ཁྱེད་རང་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལྟ་སྟངས་གཡོ་བ་མེད་པའི་ངང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཤིས་ལུགས་མཐོང་མེད་མཐོང་བའི་དོན་ལ་མཉམ་པར་ཞོག་ཅིག །ཨེ་མ་ཧོཿངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ གནས་པ་མེད་ལས་ཐམས་ཅད་གནས༔ གནས་ཙམ་ཉིད་ནས་གནས་པ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ འགག་པ་མེད་ལས་ཐམས་ཅད་འགག༔ འགགས་ཙམ་ཉིད་ནས་འགག་པ་མེད༔ ཅེས་ངོ་སྤྲད་པའི་དོན་ལ་ཡུད་ཙམ་མཉམ་པར་འཇོག་ཏུ་བཅུག །དེའི་མཐའ་རྟེན་དུ་གཟེངས་བསྟོད་པ་ལགས་ཏེ། བདུད་འདུལ་དཀྱིལ་འཁོར་ཆེན་པོ་རུ༔ དབང་མཆོག་བསྐུར་པས་སྡིག་ལས་གྲོལ༔ འབྲས་བུ་གྲུབ་པའི་དགེ་བ་ནི༔ ཐོབ་པས་བདག་ནི་འབྲས་དང་བཅས༔ དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་བསྐུར་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱང་། རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་དག་རྣམས་ཀྱིས་རྩ་བའི་དབང་བཞི་མཐའ་རྟེན་དང་བཅས་པ་གྲུབ། དེ་ནས་གཞན་དོན་མཛད་པའི་སྐྱེས་བུ་དམ་པ་རྣམས་ལ་དེའི་དོན་ཡོངས་སུ་རྫོགས་པའི་རྗེས་སུ་གནང་བ་རྒྱས་པར་སྦྱིན་པ་ལ། ཐོག་མར་མཐའ་ཡས་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་སྦྱིན་པ་བླ་ན་མེད་པས་ཚིམས་པར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །འཁོར་ལོ་སོགས་གཞུང་ཚིག་དང་མཐུན་པར་གཏད་ལ། བླ་མེད་སྟོན་པ་ཆོས་ཀྱི་རྒྱལ༔ འགྲོ་བ་ཇི་ལྟར་འདུལ་དོན་དུ༔ སངས་རྒྱས་བསྟན་པ་རྒྱ་མཚོ་རྣམས༔ འཁོར་ལོ་རྒྱ་ཆེན་ཡོངས་སུ་སྐོར༔ ཨཱོཾ་བཛྲ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཀུན་གྱིས་རབ་འཛིན་པའི༔ ཉོན་མོངས་ལོག་རྟོག་དངོས་པོ་ཀུན༔ གཅོད་པའི་ཤེས་རབ་རལ་གྲི་ཡིས༔ འཁོར་བའི་དྲྭ་བ་གཅོད་པར་བྱོས༔ ཨཱོཾ་བཛྲ་ཏིཀྵྞ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱུ་དྲུག་གནས་ནས་ཐམས་ཅད་དུ༔ ཆོས་ཀྱི་སྤྲིན་ཕུང་བསམ་ཡས་ཀྱིས༔ ཐོས་པས་མཆོག་དོན་གྲུབ་པའི་ཕྱིར༔ ཆོས་ཀྱི་དུང་ཆེན་ཕྱོགས་བཅུར་སྒྲོགས༔ ཨཱོཾ་བཛྲ་དྷརྨ་ཤཾ་ཁ་ཤ་ས་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འགྲོ་བ་འཛིན་པ་ཐུགས་རྗེ་ཡིས༔ སངས་རྒྱས་གསུང་རབས་རྨད་དུ་བྱུང༔ གླེགས་བམ་ཡོན་ཏན་རིན་ཆེན་མཛོད༔ སེམས་ཅན་ཀུན་ལ་ཁྱོད་ཀྱིས་ཤོད༔ ཨཱོཾ་བཛྲ་དྷརྨ་ཀོ་ཥ་ཨ་བྷི་ཥིཉྩ་མཱཾ༔ འགྲོ་བའི་སྒྲོན་མར་རབ་རྒྱལ་ཞིང༔ རྡོ་རྗེ་ཐེག་པ་མི་ནུབ་པའི༔ ཉོན་མོངས་བདུད་ཀྱི་གཡུལ་ལས་རྒྱལ༔ ཆོས་ཀྱི་རྒྱལ་མཚན་གཟུག་པར་གྱིས༔ ཨཱོཾ་བཛྲ་ཀེ་ཏུ་དྷརྨ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཀུན་རྒྱུན་ཆད་མེད་ཕྱིར་འཁོར་ལོ་དང༔ རྟོག་པའི་དྲྭ་བ་གཅོད་པའི་རལ་གྲི་གཉིས༔ ཕྱོགས་བཅུར་ཆོས་ཀྱི་སྒྲ་སྒྲོག་དུང་དང་གསུམ༔ པོ་ཏི་བསྟན་པའི་བཅུད་གནས་དྲི་མེད་བཞི༔ ཉོན་མོངས་གཡུལ་འཇོམས་མི་ནུབ་རྒྱལ་མཚན་ལྔ༔ སངས་རྒྱས་ཀུན་གྱི་མཛད་པ་རྒྱ་ཆེན་གྱིས༔ མཆོག་ཏུ་ངེས་པའི་ཡང་དག་བསྐུར་བ་འོ༔ འཇིགས་བྱེད་འབར་བའི་ཕྱག་མཚན་ལྔའི་དབང་བསྐུར་བྱིན་པས་དྲག་པོའི་ཕྲིན་ལས་ཀྱིས་གདུལ་བྱ་འདུལ་བའི་མཐུ་དབང་ཐོབ་པར་མོས་ཤིག །རྔ་ཆེན། རྡོ་རྗེ། ཐོད་པ། ཕུར་པ། མདའ་གཞུ། ཕྲེང་བ་རྣམས་རིམ་པར་གཏད་ལ། རྒྱ་ཆེན་ཆོས་ཀྱི་རྔ་སྒྲ་ཡིས༔ འགྲོ་བའི་ཉོན་མོངས་རྣམས་ལས་རྒྱལ༔ རྡོ་རྗེ་ཆོས་ཀྱི་རྔ་སྒྲ་འདི༔ འགྲོ་བའི་དོན་དུ་ཆོས་རྔ་སྒྲོགས༔ ཨཱོཾ་བཛྲ་དྷརྨ་པ་ཏ་ན་ཨ་བྷི་ཥིཉྩ་ཨཱ༔ ཐབས་མཆོག་རྡོ་རྗེ་རྩེ་དགུ་འབར༔ ཤེས་རབ་པདྨ་བྷནྡྷའི་མཆོག༔ ཐབས་དང་ཤེས་རབ་གཉིས་མེད་པས༔ རྡོ་རྗེ་ཅན་ཁྱོད་དབང་བསྐུར་སྦྱིན༔ ཨཱོཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ གདུག་པ་ཅན་དག་བསྒྲལ་བའི་ཕྱིར༔ སངས་རྒྱས་བསྟན་ལ་སྡང་བ་ཡི༔ དགྲ་བགེགས་ཐམས་ཅད་བསྒྲལ་བྱེད་པའི༔ དྲག་པོ་ཕུར་པའི་དབང་བསྐུར་སྦྱིན༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྷྣཱན་བཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཕཊ༔ གཟུང་འཛིན་འཇོམས་པ་རྡོ་རྗེའི་གཞུ༔ རྡོ་རྗེ་མདའ་ཡི་ཐོག་བབས་སྒྲས༔ ཐ་བ་ངན་པའི་རྣམ་རྟོག་འབིགས༔ ཐབས་དང་ཤེས་རབ་དབང་བསྐུར་སྦྱིན༔ ཨཱོཾ་བཛྲ་ཀ་ན་ཏ་ན་ཨ་བྷི་ཥིཉྩ་ཨཱ༔ ཐ་དད་རྟོག་པ་ཀུན་སྤངས་པའི༔ ཡེ་ཤེས་རྣམ་དག་རྡོ་རྗེའི་རྒྱུན༔ དངོས་གྲུབ་ཀུན་གྱི་རྒྱུ་ཡི་མཆོག༔ རྡོ་རྗེ་ཕྲེང་བའི་དབང་བསྐུར་སྦྱིན༔ ཨཱོཾ་བཛྲ་མཱ་ལྱེ་ཨ་བྷི་ཥིཉྩ་ཨཱ༔ དུར་ཁྲོད་རོལ་པའི་ཆས་བརྒྱད་ཀྱིས་རྗེས་སུ་གནང་ཞིང་མངའ་གསོལ་བས་དཔལ་ཆེན་ཁྲག་འཐུང་ཀཱི་ལ་ཡ་དང་གཉིས་སུ་མེད་པའི་ནུས་མཐུའི་རྩལ་ཆེན་རྫོགས་པར་མོས་ཤིག །སྟག་ལྤགས་སོགས་རིམ་པར་གཏད་ལ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་རང་བཞིན་སྐུ༔ ཁྱེད་དང་དབྱེར་མེད་ཚུལ་གཅིག་བསྟན་པར་བྱ༔ ཞེ་སྡང་མ་སྤངས་གནས་སུ་དག་པའི་ཕྱིར༔ སྟག་ལྤགས་རློན་པའི་ཤམ་ཐབས་སྐུ་སྨད་དཀྲིས༔ ཐུགས་རྗེ་ཐབས་ཀྱི་ཆོ་འཕྲུལ་བསམ་ཡས་པའི༔ བདུད་དང་དྲེགས་པ་འཇོམས་པའི་རྒྱན་དུ་བཀོད༔ གཏི་མུག་མ་སྤངས་གནས་སུ་དག་པའི་ཕྱིར༔ གླང་ཆེན་ཀོ་རློན་ན་བཟའ་རྡོ་རྗེས་སྤྲས༔ ཁམས་གསུམ་དབང་ཕྱུག་འཇོམས་པའི་དྲག་ཤུལ་ཅན༔ དཔལ་ཆེན་སྐུ་ཡི་རྒྱན་མཆོག་བླ་ན་མེད༔ རྒྱུད་དྲུག་བསྒྲལ་པའི་ཞིང་ཆེན་གཡང་གཞི་འདི༔ འདོད་ཆགས་མ་སྤངས་གནས་སུ་དག་པའི་ཕྱིར༔ ན་བཟའ་བསྐོར་དུ་བྱས་པ་མ་མོའི་གཙོ༔ མ་མོ་ཟིལ་གྱིས་གནོན་པའི་རྒྱན་དུ་བྱས༔ རིགས་བཞི་ཀླུ་ཡི་སྦྲུལ་ནག་ཆུན་སྒྲིལ་འདི༔ གདུག་པའི་ཚོགས་ཀུན་འདུལ་བ་དཔའ་བོའི་ཆས༔ དཔལ་ཆེན་རྡོ་རྗེ་རྒྱལ་པོ་ལྷ་ཡི་ལྷ༔ ཕྱག་ཞབས་ལྷུ་ཚིགས་ཀུན་ལ་བརྗིད་པའི་རྒྱན༔ དུར་ཁྲོད་ཐོད་པའི་ཕྲེང་བས་འཇིགས་པའི་རྟགས༔ གནོད་སྦྱིན་སྲིན་པོ་ལ་སོགས་འདུལ་བའི་ཕྱིར༔ ཁྲག་འཐུང་སྐུ་ལ་མི་བཟད་དོ་ཤལ་འཆང༔ རྡོ་རྗེ་གཞོན་ནུའི་སྐུ་ལ་རྣམ་པར་བརྒྱན༔ རུ་ཏྲ་གདུག་པ་གནས་སུ་མྱུར་བསྒྲལ་ཕྱིར༔ ཐལ་ཆེན་ཚོམ་བུ་ཁ་ཊྭཱཾ་ག་ཡི་གཟུགས༔ ཁྲོ་གཉེར་བརྗིད་པའི་ཞལ་གྱི་དཀྱིལ་འཁོར་གྱི༔ དཔྲལ་བའི་དབྱིངས་ལ་སྒྲོལ་བའི་རྟགས་སུ་མཚོན༔ ཐུགས་རྗེ་ཆགས་པ་མེད་པའི་འགྲོ་དོན་ཕྱིར༔ གནས་ལྔར་རཀྟའི་ཐིག་ལེ་རབ་བཀོད་པས༔ འཇིག་རྟེན་གསུམ་པོ་དབང་དུ་སྡུད་པའི་ཕྱིར༔ དཔལ་གྱི་རྟགས་འདི་ཁྱོད་ཀྱིས་དགོད་པར་བྱ༔ ཆོས་ཉིད་ཡེ་ཤེས་མཆོག་གི་འགྲོ་དོན་ཕྱིར༔ ཞག་གི་ཟོ་རིས་རྡོ་རྗེ་རྩེ་ལྔ་པས༔ མ་ལུས་སྒྲོལ་བའི་ཕྲིན་ལས་མཐར་ཕྱིན་པའི༔ ཐུགས་ཀ་བདེ་བའི་གནས་སུ་རབ་ཏུ་མཛེས༔ ཁྲག་འཐུང་གར་དགུར་ལྡན་པའི་དཔལ་ཆེན་གྱི༔ རྒྱན་གྱིས་དབང་བསྐུར་ཡང་དག་ངེས་པ་འདིས༔ གསང་བ་དབང་གི་གདམས་པ་མཆོག་ཐོབ་ནས༔ རྡོ་རྗེ་གཞོན་ནུའི་སྐུ་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་མཱཾ་ས་མ་ཡ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་བཞིའི་རྗེས་སུ་གནང་བས་སངས་རྒྱས་རྣམས་ཀྱི་མཛད་པའི་ཕྲིན་ལས་ལ་མངའ་དབང་འབྱོར་བར་མོས་ཤིག །ལས་བཞིའི་གཟུགས་གཏད་ལ། ཆོས་ཉིད་ཞི་བ་དྲི་མ་མེད་པ་ལས༔ བར་གཅོད་བསལ་བའི་དག་པའི་ཕྲིན་ལས་དང༔ ཚེ་དང་དབང་ཕྱུག་དཔལ་གྱི་ཡོན་ཏན་རྒྱས༔ དགྲ་བགེགས་དབང་སྡུད་བཅོམ་ལྡན་དབང་ཕྱུག་ཆེ༔ གདུག་པ་ཚར་གཅོད་མངོན་པར་སྤྱོད་པའི་ཕྱིར༔ རྒྱལ་བ་ཀུན་གྱི་མཛད་པར་བསྟན་པ་ཡིས༔ གསང་སྔགས་ཕྲིན་ལས་བཞི་ཡི་དབང་བསྐུར་སྦྱིན༔ ཨཱོཾ་བཛྲ་ཤནྟིཾ༔ པུཥྚིཾ༔ བ་ཤཾ༔ རུ་ཏྲ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དུས་འདི་ནས་བཟུང་སངས་རྒྱས་ཐམས་ཅད་ཀྱིས༔ འགྲོ་བ་ཀུན་ལ་འཚམ་པའི་ཕྲིན་ལས་བཞི༔ ཐུགས་རྗེ་ཞི་བ་ཆེན་པོའི་ཕྲིན་ལས་དང༔ ཡོན་ཏན་རྒྱས་པའི་མཛད་པ་རྨད་དུ་བྱུང༔ དབང་དུ་སྡུད་པ་ཁྱད་པར་བསྟན་པའི་གནས༔ མངོན་སྤྱོད་དྲག་པོས་གདུག་ཅན་བསྒྲལ་བའི་མཆོག༔ ཡང་དག་གསང་བ་མཆོག་གི་དངོས་གྲུབ་ཕྱིར༔ རྒྱལ་བས་མཛད་པའི་ཕྲིན་ལས་བརྩོན་པར་གྱིས༔ བཟའ་བཏུང་གི་དམ་ཚིག་དང་ཚར་གཅོད་རྗེས་འཛིན་བགེགས་འདུལ་དངོས་གྲུབ་སྒྲུབ་ཅིང་ཕྱག་རྒྱ་གླུ་གར་སོགས་ཀྱི་རྗེས་སུ་གནང་བ་རྣམས་རིམ་པར་བྱིན་པས་དེ་དང་དེ་ལ་སྤྱོད་པར་ནུས་པའི་མཐུ་ཐོབ་པར་མོས་ཤིག །ཐོད་པར་བདུད་རྩི་ལྔ་སྦྱིན་ལ། མཚན་མཆོག་དཔལ་གྱིས་བསྔགས་པ་རྡོ་རྗེའི་སྣོད༔ ཡང་དག་རྣམ་པར་བདེ་བའི་རིན་ཆེན་མཆོག༔ བྱང་སེམས་དཀར་དམར་དྲི་ཆེན་དྲི་ཆུ་དང༔ གསང་བའི་ཤ་ཆེན་བདུད་རྩི་ཆེན་པོ་ལྔ༔ དཔའ་བོ་རབ་སྦྱར་དག་པའི་སེམས་རྒྱུན་གྱི༔ དབང་གི་གདམས་པ་རྡོ་རྗེ་ཡེ་ཤེས་ཆེ༔ སྒྲུབ་པའི་རྒྱལ་པོ་རྡོ་རྗེ་ཆེ་བའི་མཆོག༔ ཕུང་པོ་སྐྱེ་འཇིག་བྲལ་བའི་དབང་ཐོབ་ཤོག༔ ཨཱོཾ་སརྦ་པཉྩ་ཨ་མྲྀཏ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚོགས་རྫས་རྣམས་གཏད་ལ། མི་འཇིགས་བཅུད་ལྡན་དཔའ་བོའི་བདུད་རྩི་ཆང༔ སྟོབས་ཀྱི་ཤ་མཆོག་ཉོན་མོངས་བསྒྲལ་བའི་རྒྱུ༔ ཚེ་འཛིན་བདུད་རྩི་ཟས་མཆོག་བླ་ན་མེད༔ ཚིམ་བྱེད་བཙོས་པའི་རྐྱེན་གྱིས་འདོད་པ་ཞི༔ ཟླ་རྒྱས་ཡིད་འོང་སྒྲོལ་མ་གསལ་བའི་རྒྱུ༔ ཟླ་ཕྲུམ་མཛེས་པའི་སྤྲིན་གྱིས་སྤྱན་ལ་བརྟེན༔ ཟླ་ཚེས་དྲི་མེད་རྟོགས་པའི་ཆོས་རྣམས་དབེན༔ ཀུན་ཏུ་རྒྱུ་སར་རང་བཞིན་ཁྱབ་པར་རྟོགས༔ ཀ་ར་ཏ་ཡིས་ཉོན་མོངས་དྲྭ་བ་གཅོད༔ རྡོ་རྗེ་མཆོད་པའི་ཟས་འདི་དངོས་གྲུབ་གཙོ༔ ལོངས་སྤྱོད་མཆོད་པའི་སྤྲིན་གྱིས་དབང་བསྐུར་བས༔ དངོས་གྲུབ་ཉམས་པའི་སྐྱོན་དང་ཡོངས་བྲལ་ནས༔ ཡང་དག་རྡོ་རྗེ་བགྲོད་པའི་དབང་བསྐུར་སྦྱིན༔ ཨཱོཾབཛྲ་ག་ཎ་ཙ་རུ་ཡོ་གི་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་སྦྱིན་ལ། རྡོ་རྗེ་ཟླ་རྒྱས་སྒྲོན་མེ་རབ་ཏུ་གསལ༔ མ་རིག་མུན་པ་བསལ་བའི་ཡེ་ཤེས་ཅན༔ བློ་ངན་གཏི་མུག་མུན་པ་ཀུན་བཅོམ་ནས༔ སྐུ་ལྔ་ཡེ་ཤེས་ལྔ་ཉིད་ལྷུན་གྲུབ་ཅིང༔ ཆོས་ཉིད་བླང་དོར་བྲལ་བ་རྟོགས་བྱེད་ཅིང༔ རྡོ་རྗེ་མར་མེ་གསལ་བའི་དབང་བསྐུར་རོ༔ ཨཱོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏི་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་མན་ཆད་ལ་དབང་རྫས་མེད། ཚིག་ཙམ་གྱིས་སྦྱིན་ཏེ། སངས་རྒྱས་ཀུན་གྱིས་རབ་མཛད་པའི༔ མངོན་པར་སྤྱོད་པའི་ཕྲིན་ལས་འདི༔ སེམས་ཅན་གང་དག་མ་རུངས་ལོག་འདྲེན་ཅན༔ བསྟན་པ་འཇིག་ཅིང་སྒྲུབ་པའི་བར་ཆོད་བྱེད༔ བསྒྲལ་བའི་ཞིང་གྱུར་ཉམས་པ་གདུག་པ་ཅན༔ གསང་སྔགས་ལམ་གྱི་མཆོག་ལ་འདའ་བྱེད་པ༔ འདི་དག་ཀུན་ལ་ཐུགས་རྗེ་ཆེན་པོའི་མཐུས༔ མྱུར་དུ་སྒྲོལ་བར་འགྱུར་བའི་དབང་བསྐུར་རོ༔ ཨཱོཾ་བཛྲ་ཡོ་ག་ས་པཱ་རཱི་ཡ་མ་ནུ་ཀཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ཁྲོ་བོ་ཁྲག་འཐུང་དཔལ་ཆེན་པོ༔ སྲིན་པོ་ལ་སོགས་མ་རུངས་དྲག་ཤུལ་ཅན༔ བར་གཅོད་བདུད་ཀྱི་དཔུང་ཚོགས་མཐར་བྱས་ནས༔ རྡོ་རྗེ་སྒྲུབ་མཆོག་རབ་ཏུ་བརྟན་པར་ཤོག༔ ཨཱོཾ་བཛྲ་སིདྡྷི་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡང་དག་ཐེག་པའི་རྡོ་རྗེའི་ཆོས༔ ངེས་འབྱུང་རྣམ་པར་དག་པའི་ལམ༔ རྡོ་རྗེ་མཁའ་འགྲོ་གསང་བའི་དོན༔ ཡང་དག་དོན་གྱི་དངོས་གྲུབ་གང༔ རྣལ་འབྱོར་རྡོ་རྗེ་ཆེ་གེ་མོས༔ དངོས་གྲུབ་རིང་པོར་མི་ཐོགས་པའི༔ དུས་འདིར་རྫོགས་པའི་དབང་བསྐུར་སྦྱིན༔ ཁྱོད་ཀྱིས་དངོས་གྲུབ་མཆོག་ཐོབ་འགྱུར༔ ཕྱག་རྒྱའི་དབང་ནི། མངའ་འགྱུར་རྡོ་རྗེའི་སྐུ་མཆོག་ནི༔ དཔལ་གྱི་དེ་ཉིད་མཚོན་བྱེད་པའི༔ ཕྱག་རྒྱའི་རྣལ་འབྱོར་བདེ་ལྡན་པའི༔ སྐུ་ཡི་རྡོ་རྗེ་ཕྱག་རྒྱ་འགྲུབ༔ ཨཱོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ གླུ་གར་གྱི་དབང་ནི། དཔལ་ལྡན་བདེ་ཆེན་རྡོ་རྗེའི་སྐུ༔ གསུང་མཆོག་བརྗོད་པ་སྐྱོན་དང་བྲལ༔ དགའ་བ་སྐྱེད་པ་རྡོ་རྗེའི་དབྱངས༔ རྣལ་འབྱོར་དབང་ཕྱུག་ཁྱོད་ཀྱིས་བླང༔ ཨཱོཾ་བཛྲ་གྷཱིརྟི་ཏ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཞན་དོན་སྤྱོད་པའི་ཕྲིན་ལས་ཡོངས་སུ་རྫོགས་པ་དེ་ཉིད་ཕྱིར་མི་ལྡོག་པ་དཀྱིལ་འཁོར་ཁྱབ་བདག་མཆོག་དང་དབྱེར་མེད་པར་དབང་ཆེན་བསྐུར་ཅིང་ལུང་ཆེན་བསྟན་ནས་སེམས་ཀྱི་གཟེངས་བསྟོད་ཅིང་དབུགས་དབྱུང་བ་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །ཕྱིར་མི་ལྡོག་པའི་དབང་ནི། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཁྱོད་ལ་དབང་བསྐུར་སྦྱིན་པ་ཡིས༔ ཕྱིར་མི་ལྡོག་པའི་སྟོན་པར་འགྱུར༔ འགྲོ་བ་རྣམས་ཀྱི་དེད་དཔོན་གཙོ༔ རྡོ་རྗེ་གཞོན་ནུ་རྒྱལ་པོ་ཉིད༔ ལུང་བསྟན་པ་ནི། སློབ་དཔོན་བདག་གིས་ལུང་བསྟན་པ༔ ཁྱོད་ནི་རྡོ་རྗེ་གཞོན་ནུ་དཔལ༔ སྲིད་པའི་ཉེས་པ་རྣམས་ལས་བསྒྲལ༔ ཁྲག་འཐུང་རྒྱལ་པོར་ཁྱོད་ལུང་བསྟན༔ གཟེངས་བསྟོད་པ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ ཁྱོད་ཉིད་རབ་ཏུ་གྱུར་པ་ནི༔ ངོ་བོ་ཉིད་ཀྱི་དབྱེར་མེད་པར༔ རྣམ་པར་གནས་པའི་བདག་ཉིད་ཆེ༔ ཁམས་གསུམ་ཀུན་གྱི་མགོན་པོར་འགྱུར༔ རྒྱལ་བ་ཀུན་གྱིས་རབ་མཛད་པའི༔ ཕྲིན་ལས་ཐམས་ཅད་སྤྱོད་པར་འགྱུར༔ ཞི་བའི་ཚུལ་དང་ཁྲོ་བོའི་སྐུར༔ སྣ་ཚོགས་བསྟན་པའི་བདག་ཉིད་འགྱུར༔ བདུད་དང་ལོག་འདྲེན་ཕྱོགས་ཀུན་ལས༔ འཇོམས་པའི་དཔའ་བོ་ཆེན་པོར་འགྱུར༔ རྡོ་རྗེ་སློབ་མའི་ཚུལ་འཛིན་ལ༔ སངས་རྒྱས་རྟོགས་པའི་བརྡ་དོན་ལ༔ ཐེ་ཚོམ་མ་བྱེད་ཁྱོད་ཉིད་ནི༔ སངས་རྒྱས་ཡེ་ཤེས་དེང་ཉིད་འགྱུར༔ དབུགས་དབྱུང་བ་ནི། འཁོར་བའི་སྐྱོན་རྣམས་ཡོངས་བསྒྲལ་བའི༔ ཉོན་མོངས་རྣམས་ནི་ཡེ་ཤེས་མཆོག༔ ལུས་ངག་ཡིད་གསུམ་འདི་དག་ནི༔ ཐོག་མ་མེད་ནས་དཔལ་ཆེན་གྱི༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས༔ འཁོར་བ་ཡེ་སངས་རྒྱས་པ་ལ༔ སྒྲུབ་པའི་ཐབས་གཞན་ཡོད་མ་ཡིན༔ སྣང་གྲགས་ཕྱི་ནང་དངོས་པོ་ཀུན། ཆོས་ཉིད་རོལ་པའི་ཆོ་འཕྲུལ་བསྟན༔ སངས་རྒྱས་རང་གི་སེམས་ལས་ནི༔ མ་རྟོགས་གཞན་ལས་ཐོབ་མི་སྲིད༔ དེ་བས་འདི་ནི་ངེས་པའི་དོན༔ ཁྱོད་ལ་དབུགས་དབྱུང་ཡང་དག་བསྟན༔ དེ་ནས་མཚམས་སྦྱོར་སྤྱི་མཐུན་བྱས་ལ་ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་སངས་རྒྱས་གླིང་པའི་ཟབ་གཏེར་ལས་བྱོན་པ་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་རྩ་བའི་དབང་བསྐུར་ཆེན་མོ་རྒྱས་པར་གྲུབ་པ་ལགས་པས། དབང་གི་སྲོག་རྩ་འཛིན་པ་དམ་ཚིག་ས་མ་ཡ་འབུམ་སྡེ་སྤྱི་དང་། ཁྱད་པར་མ་ཧཱ་ཡོ་གའི་དམ་ཚིག་ཉེར་བརྒྱད། སྒྲུབ་པ་ལྷག་པའི་དམ་ཚིག་ལ་སོགས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རང་གནས་སུ་གྱེས་སོ། །བཞི་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ལས་བྱང་ལྟར་ཚོགས་ལ་རོལ་ཅིང་ལྷག་མ་གཏང་། བསྐུལ་ཞིང་ཕྲིན་ལས་བཅོལ་ལ་ཆད་བརྟན་རྟ་བྲོ་བརྡུང་། བསྙེན་བཟླས་ཀྱིས་ཛཔ྄་ཁ་གསོ། གཏང་རག་མཆོད་བསྟོད་འབུལ། བཟླས་པའི་མཇུག་ལྟར། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སོགས་ཀྱིས་དངོས་གྲུབ་བསྐུལ། ཛཔ྄་ཁང་བསྡུ། ནོངས་བཤགས། ཡེ་ཤེས་པ་རྟེན་བཞུགས། བདག་བསྐྱེད་བསྡུ་ལྡང་། སྨོན་ལམ་བཀྲ་ཤིས་ཀྱི་བར་མཐའ་རྒྱས་སུ་བྱའོ། །སྨིན་བྱེད་གསོས་ཐེབས་སྲིད་བཅུད་ཕུར་བུར་རྫོགས། །དེ་ཉིད་ཡེ་ཤེས་རྡོ་རྗེའི་སྲོག་ཏུ་གྲུབ། །ཕུར་བཞིའི་དགོངས་པ་ལམ་དུ་ལོངས་པ་ཡིས། །འཁོར་འདས་ཐལ་བར་འབྱིན་པའི་མཐུ་ཐོབ་ཤོག །ཟབ་ཆོས་འདིའི་རྒྱུན་ཤིན་ཏུ་དཀོན་པས་དབང་རྒྱུན་ཙམ་ལ་ཕན་པར་རེ་བའི་ལྷག་བསམ་གྱིས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་ཕྱིས་ཤིག་བཞུགས་སུ་གསོལ་བའི་སྐབས་སུ་ལག་ལེན་བདེ་བ་གཙོར་བཏོན་ཟོར་ཡང་བའི་མཚམས་སྦྱོར་བཅས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

སྨིན་གླིང་ལོ་ཆེན་རིན་པོ་ཆེའི་བཀའ་བརྒྱད་བསྙེན་ཡིག་ཁྲོ་སྒྲུབ་སྐབས་ཀྱི་སྒོམ་ཁོག་ནག་འགྲོས་སུ་བྲིས་པ་ (Volume 14, Text 31)

སྨིན་གླིང་ལོ་ཆེན་རིན་པོ་ཆེའི་བཀའ་བརྒྱད་བསྙེན་ཡིག་ཁྲོ་སྒྲུབ་སྐབས་ཀྱི་སྒོམ་ཁོག་ནག་འགྲོས་སུ་བྲིས་པ་བཞུགས། དང་པོ་ཏིང་ངེ་འཛིན་གསུམ་ལས་དེ་བཞིན་ཉིད་ནི། ཧཱུྃ། རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་ཡེ་གདལ་གཏིང་མཐའ་མེད། །མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང་། །བརྗོད་མེད་བསམ་འདས་མཉམ་ཉིད་དབྱིངས་སུ་རྫོགས། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་ལ་མཉམ་པར་བཞག །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཉིད་ལ། གཟུང་འཛིན་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། །རྩོལ་མེད་དབྱིངས་ལས་འགག་པ་མེད་པའི་ཕྱིར། །སྒྱུ་མའི་ཕྱག་རྒྱ་བྱེ་བྲག་ཅིར་ཡང་གསལ། །ཨཱཿདྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་བཞིན་དེ་མ་རྟོགས་པའི་འགྲོ་བ་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བའོ། །རྒྱུའི་ཏིང་ངེ་འཛིན་ནི། ཆོས་ཉིད་དབྱིངས་སུ་ཐམས་ཅད་སངས་རྒྱས་ཤིང་། །སྐྱེ་མེད་བདེ་ཆེན་ངང་དུ་རོ་གཅིག་ཀྱང་། །སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ཀྱིས། །རང་རིག་ཡེ་ཤེས་ཆོས་སྐུ་མངོན་དུ་ཤར། །ཧཱུྃ་བཛྲ་ཙིཏྟ་ཧཱུྃ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་མདངས་ཧཱུྃ་ཡིག་མཐིང་ནག་ནམ་མཁར་གནས་པར་གྱུར། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ནམ་མཁར་གནས་པའི་ཧཱུྃ་ཡིག་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད་པ་ལས། ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཝཱ་ཡུ་མཎྜ་ལ། ར་རཀྟ་མཎྜ་ལ། སུཾ་ཏི་ར་མཎྜ་ལ། ཀིཾ་ནི་རི་ཏི་མཎྜ་ལ། རཾ་ཛྭ་ལ་མཎྜ་ལ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་རྟེན་གྱི་དཀྱིལ་འཁོར་དེ་ཉིད་གསལ་གདབ་པ་ནི། ཨེ་ལས་ནམ་མཁའ་མཐིང་ནག་འབྱམས་ཀླས་དབྱིངས། །ཡཾ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་གཡོ། །དེ་སྟེང་ར་ལས་ཁྲག་མཚོ་དམར་ཟླུམ་འཁྲུགས། །སུཾ་ལས་ཞིང་ཆེན་ས་གཞི་གྲུ་བཞིར་གདལ། །ཀེཾ་ལས་རུས་པའི་རི་རབ་བང་རིམ་བཞི། །རཾ་ལས་བསྐལ་པའི་མེ་ཆེན་འབར་བའི་ཀློང། །པཾ་ལས་འདབ་སྟོང་པདྨའི་གེ་སར་ལ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་སྲ་ཞིང་བརྟན། །དེ་སྟེང་མཁའ་ལས་བྷྲཱུྃ་ཡིག་ལྔ་ལྡན་བབས། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། །བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང་། །མརྒད་བཻ་ཌཱུརྻ་ཡི་རང་བཞིན་ཅན། །རྡོ་རྗེ་ནོར་བུའི་རྩིག་སྟེང་རིན་པོ་ཆེའི། །ཕ་གུ་སེར་པོ་དེ་སྟེང་མུ་ཏིག་གི །དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་མཛེས། ཁང་བརྩེགས་ཕྱུར་བུར་རྡོ་རྗེ་ནོར་བུའི་ཏོག །སྣ་ཚོགས་རིན་ཆེན་འོད་འཕྲོ་རྨང་གི་གཞིར། །འདོད་སྣམ་དམར་པོར་གཟུང་མ་བཅུ་དྲུག་འཁོད། །སྒོ་བཞིར་ཀ་བ་བཞིས་བཏེགས་ཏྭ་ར་ཎ། །བང་རིམ་བརྒྱད་ལྡན་ཆོས་འཁོར་རི་དྭགས་གདུགས། །ངོ་མཚར་ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི། །གཞལ་ཡས་ཁང་ནང་རྡོ་རྗེའི་གདུང་བཞི་ཡིས། །མིག་མང་རིས་བྲིས་སོ་སོའི་ནང་ཁོངས་སུ། །དུར་ཁྲོད་རོལ་པའི་གཞལ་ཡས་ཁང་པ་དགུ །རིམ་གསུམ་ཐོད་པའི་རྩིག་པར་ཁྲག་ཞག་འབབ། །ཤ་ཆེན་འདོད་སྣམ་ཕ་གུར་ཐོད་པས་དཀྲིགས། །རྐང་ལག་ཤར་བུ་སྒལ་ཚིགས་མདའ་ཡབ་ཅན། །རྒྱུ་རློན་རུས་པའི་དྲྭ་ཕྱེད་ཐོད་ཚལ་འཕྱང་། །མི་རོའི་རྒྱལ་མཚན་འཕན་གདུགས་ཙིཏྟའི་ཏོག །ལྷ་ཀླུའི་ཀ་གདུང་གཟའ་སྐར་དྲལ་ཕྱམ་བྱས། །ཞིང་ལྤགས་ཐོག་ཕུབ་ཉ་སྦྲུལ་ཟ་ར་ཚགས། །རབ་འཇིགས་ཕོ་བྲང་ཀུན་དབུས་མཐིང་ནག་ཨེ། །རྩིབས་བཞི་མུ་ཁྱུད་ཁྱམས་དང་བཅས་པ་འོ། །ཕྱི་རོལ་འཁོར་ཡུག་དུར་ཁྲོད་ཆེན་པོ་བརྒྱད། །མཆོད་རྟེན་ཤིང་མེ་སྤྲིན་ཆུ་གྲུབ་པ་བརྒྱད། །ལྷ་ཀླུ་ཕྱོགས་སྐྱོང་མ་མོ་ཞིང་སྐྱོང་དང་། །ཤ་ཟ་རོ་ལངས་གསར་རྙིང་བམ་རོའི་ཚལ། །དེ་མཐར་གཞོམ་མེད་རྡོ་རྗེ་སྲུང་བའི་གུར། །མི་ཕྱེད་རབ་འབར་ཕྲེང་བ་འཁྲིགས་པས་བསྐོར། །གསུམ་པ་གདན་བསྐྱེད་པ་ནི། རུ་དྲ་ཀྲོ་དྷཱི་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཕོ་བྲང་ལྟེ་བར་པདྨའི་གེ་གསར་ལ། །རབ་འབར་ཉི་མ་དཀར་གསལ་ཟླ་བའི་དཀྱིལ། །མ་ཧཱ་དེ་བ་ཨུ་མ་དེ་བཱིར་བཅས། །ཕྱོགས་མཚམས་བརྒྱད་པོར་པདྨ་ཉི་ཟླའི་སྟེང་། །རུ་དྲ་ཆུ་གླང་ཀླུ་དབང་ལྷ་ཆེན་པོ། །མ་མོ་དར་ཟབ་དྲེགས་པ་དགྲ་བགེགས་རྣམས། །ཕོ་མོ་ཁ་བུབ་གན་རྐྱལ་བསྣོལ་མར་གྱུར། །བཞི་པ་བརྟེན་པ་ལྷ་བསྐྱེད་པ་ནི། རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་པ་ལས་ཆེ་མཆོག་དང་། དེའི་ཐུགས་ཀ་ནས་ཧཱུྃ་སྤྲོས་ཏེ་དཀྱིལ་འཁོར་བརྒྱད་པོའི་གཙོ་བོ་རྣམས་བསྒོམ། དེ་ཐམས་ཅད་ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་། འཁོར་རྣམས་རང་རང་གི་གཙོ་བོའི་འཁོར་ལ་རང་བཞིན་གྱིས་གནས་པའི་ཚུལ་དུ་བསྐྱེད་པར་སྒོམ་ཁོག་དང་འགྲེལ་པར་གསུངས་པ་ལྟར་འདི་སྐད་ཅེས། ནམ་མཁར་གནས་པའི་ཧཱུྃ་ཡིག་དབུས་ཀྱི་གདན་ལ་བབས་པ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར་པར་བསམས་ལ། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ། །ཆེ་མཆོག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྩེ་དགུ་རྩེ་ལྔ་རྩེ་གསུམ་གཡས། །སྐྲ་ཅན་ཐོད་རློན་དུང་དམར་གཡོན་ན་བསྣམས། །གནམ་ཞལ་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྱུད། །རྩིབས་བཞི་རིགས་ཀྱི་ཁྲག་འཐུང་ཡུམ་བཅས་གསལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཆེ་མཆོག་ཡབ་ཡུམ་ཐུགས་ལས་མཐིང་ནག་ཧཱུྃ། །ཕྱོགས་མཚམས་དཀྱིལ་འཁོར་བརྒྱད་ཀྱི་ལྟེ་བར་སྤྲོས། །ཡོངས་གྱུར་དཔལ་ཆེན་ཁྲག་འཐུང་གཙོ་བོ་བརྒྱད། །རང་རང་འཁོར་དང་བཅས་པ་གསལ་བར་གྱུར། །ཧཱུྃ། ཤར་ཕྱོགས་དཀྱིལ་འཁོར་དབུས་སུ་རུ་དྲའི་སྟེང་། །ཡང་དག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས། །ཀྲོ་དྷཱི་ཤྭ་རཱི་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་ལ་རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་འཁོད། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཧཱུྃ། ལྷོ་ཕྱོགས་དཀྱིལ་འཁོར་དབུས་སུ་ཆུ་གླང་སྟེང་། །གཤིན་རྗེ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སཏྭ་གཡས། །བྷན་དམར་སྡིགས་མཛུབ་མདུང་ཐུང་གཡོན་ན་བསྣམས། །བཻ་ཏཱ་དགྲ་སཏྭ་བྷན་དམར་སྟོབ་པས་འཁྱུད། །རལ་གཅིག་རྩེ་གསུམ་ཐོད་འཛིན་གཡས་སུ་འཁོད། །རྩིབས་ལ་གཤེད་བཞི་རང་རང་ཡུམ་བཅས་འཁོད། །ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཧཱུྃ། ནུབ་ཕྱོགས་དཀྱིལ་འཁོར་དབུས་སུ་ཀླུ་ཆེན་སྟེང་། །རྟ་མགྲིན་དམར་ནག་གཡས་དཀར་གཡོན་སྔོ་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་དུང་དམར་ལྕགས་སྒྲོག་གཡོན་ན་བསྣམས། །པདྨ་ཟིལ་གནོན་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞིར་གཡས་གཡོན་བྱི་ལ་པུ་ཤུད་གདོང་། །མདུན་རྒྱབ་རྡོ་རྗེ་པདྨ་གར་དབང་འཁོད། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཧཱུྃ། བྱང་ཕྱོགས་དཀྱིལ་འཁོར་དབུས་སུ་ལྷ་ཆེན་སྟེང་། །ཕུར་པ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་མཐའ་གཉིས་ཀྱིས། །ཕུར་བུ་དྲིལ་འདེབས་རྡོ་རྗེའི་གཤོག་པ་གདེངས། །འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་ལ་རིགས་ཀྱི་ཀཱི་ལ་ཡ་བཞི་འཁོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཧཱུྃ། ཤར་ལྷོའི་དཀྱིལ་འཁོར་དབུས་སུ་མ་མོའི་སྟེང། །བླ་མེད་ཁྲག་འཐུང་མཐིང་ནག་དཀར་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས། །བྷན་དམར་ཞིང་གཡབ་ཐོད་པའི་ག་འུ་གཡོན། །མུ་ཁ་མཐིང་ནག་ཞལ་ལྔ་དཀར་སེར་དམར། །ལྗང་གུ་མཐིང་ནག་ཕྱག་དྲུག་རྡོ་རྗེ་དང་། །གྲི་ཞགས་བུམ་པ་གཡས་འཛིན་དྲིལ་བུ་དང་། །བྷན་དམར་གཡང་གཞི་ཡབ་འཁྱུད་ཞབས་བརྒྱད་བགྲད། །གཙོ་བོའི་གཡས་དང་གཡོན་དུ་བཀྲག་གསལ་དང་། །སྲིད་པ་བདེ་འགྲོ་རྩིབས་ལ་མ་མོ་བཞི། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཧཱུྃ། ལྷོ་ནུབ་དཀྱིལ་འཁོར་དབུས་སུ་སེང་གེའི་ཁྲིར། །གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས། །དཀར་གསལ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབུ་སྐྲ་ཐོར་ཚུགས་རིན་ཆེན་ཅོད་པན་ཅན། །ཟི་ལྡིར་སྨད་གཡོགས་རུས་པའི་རྒྱན་དྲུག་གསོལ། །རྩིབས་ལ་རིགས་ཀྱི་རིག་འཛིན་རྣམ་བཞི་འཁོད། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། ཧཱུྃ། ནུབ་བྱང་དཀྱིལ་འཁོར་དབུས་སུ་དྲེགས་པའི་སྟེང་། །དྲེགས་འདུལ་མཐིང་ནག་གཡས་སེར་གཡོན་སྨུག་ཞལ། །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས། །བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་ན་བསྣམས། ཁམས་གསུམ་སྤྱི་འདུལ་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་ལ་དྲེགས་པའི་སྡེ་དཔོན་ཆེན་པོ་བཞི། །ཨོཾ་བཛྲ་ཙནྜ་སརྦ་དུཥྚཱན་ཧཱུྃ་ཕཊ། ཧཱུྃ། བྱང་ཤར་དཀྱིལ་འཁོར་དབུས་སུ་དགྲ་བགེགས་སྟེང། །སྟོབས་ལྡན་ནག་པོ་ཞལ་གསུམ་མིག་སྨན་མདོག །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས། །བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་བསྣམས། །འབྱུང་ལྔའི་བདག་མོ་མཐིང་ནག་ཕྱག་གཉིས་ཀྱིས། །གཟུགས་ཁམས་མཁར་འདེགས་འདོད་ཁམས་ས་གཞིར་གནོན། །རྩིབས་ལ་སྔགས་བདག་དྲེགས་པའི་སྡེ་དཔོན་བཞི། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། རིག་འཛིན་མ་གཏོགས་དཔལ་ཆེན་ཁྲག་འཐུང་ཀུན། །དབུ་གསུམ་ཕྱག་དྲུག་ཞབས་བཞི་མི་བཟད་གཟུགས། །གར་དགུས་རྣམ་རོལ་ཞལ་གདངས་མཆེ་བ་གཙིགས། །དམར་ཟླུམ་སྤྱན་ལྡོག་སྨིན་མ་ཨག་ཚོམས་འབར། །ཞིང་ཆེན་གླང་ལྤགས་སྟོད་གཡོགས་སྟག་ཤམ་འཕྱང་། །ཚར་གསུམ་ཐོད་ཕྲེང་སྦྲུལ་བརྒྱན་ཕྱག་རྒྱ་དྲུག །རཀྟ་ཞག་དང་ཐལ་ཆེན་མཚན་མས་སྤྲས། །དཔལ་ཆེན་ཆས་རྫོགས་ཡུམ་རྣམས་ཁྲོ་ཆགས་ཚུལ། །རྔམ་བརྗིད་རྒྱན་ལྡན་རང་རང་ཡབ་དང་སྦྱོར། །གཙོ་འཁོར་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ནང་ཉི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ། །སོ་སོའི་སྔགས་ཕྲེང་འབར་བས་གཡས་སུ་བསྐོར། །དཀྱིལ་འཁོར་ཕྱི་ཁྱམས་ཤར་སོགས་ཕྱོགས་བཞི་རུ། །ཞི་རྒྱས་དབང་དྲག་མ་མོ་དྲུག་དྲུག་དང་། །སྒོ་བཞིར་སྒོ་སྐྱོང་ཀུན་ཀྱང་ཕྱོགས་ཀྱི་མདོག །འཇིགས་གཟུགས་དུར་ཁྲོད་ཆས་ལྡན་རང་རྟགས་འཛིན། །ཕྱི་ཡི་མུ་ཁྱུད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལངྐ་བཅུ་དྲུག་དང་། །འབར་མ་བརྒྱད་དང་ས་བདག་སུམ་ཅུ་གཉིས། །མ་བདུན་སྲིང་བཞི་ཕོ་ཉ་དྲུག་ཅུ་བཞི། །མཁའ་འགྲོ་བརྟན་མ་ཕྱོགས་སྐྱོང་རྒྱལ་ཆེན་སོགས། །དཔལ་གྱི་ཕོ་ཉ་བསམ་གྱིས་མི་ཁྱབ་པ། །ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུ། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ། ཅེས་གསལ་གདབ་བོ། །

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཕྱི་སྒྲུབ་ཀྱི་རྒྱུན་ཁྱེར་རིན་ཆེན་སྙིང་པོ་ (Volume 22, Text 31)

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཕྱི་སྒྲུབ་ཀྱི་རྒྱུན་ཁྱེར་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཕྱོགས་དུས་རྒྱལ་བ་རྒྱ་མཚོ་ཡི། །དཀྱིལ་འཁོར་ཀུན་འདུས་བླ་མ་དང་། །གཉིས་སུ་མེད་ལ་ཕྱག་འཚལ་ཏེ། །རྒྱུན་ཁྱེར་རྡོ་རྗེའི་གསུང་བཞིན་འགོད། །ཡང་ཟབ་རྒྱལ་བ་རྒྱ་མཚོའི་ཕྱི་སྒྲུབ་རྒྱུན་ཁྱེར་དུ་བྱ་བ་ལ་སྔོན་འགྲོ་སྐྱབས་སུ་འགྲོ་བ་ནི། ན་མོ༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཐུགས་རྗེ་ཆེན་པོ་བསྒྲུབ་པར་བགྱི༔ དངོས་གཞི་བསྐྱེད་བཟླས་གཉིས་ལས་ཐོག་མར་བསྐྱེད་རིམ་ཡན་ལག་བཞི་རྫོགས་སུ་བྱ་བ་ནི། ཧྲཱི༔ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས༔ རང་སེམས་ཧྲཱིཿལས་འོད་འཕྲོས་པས༔ སྣོད་བཅུད་ཕུང་ཁམས་དབྱིངས་སུ་སྦྱངས༔ དེ་ཡི་ངང་ལས་འབྱུང་རིམ་སྟེང༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང༔ མཚན་རྫོགས་འོད་ཟེར་འབར་བའི་ནང༔ པད་ཉི་ཟླ་སྟེང་ཉི་ཟླའི་དབུས༔ ཧྲཱིཿདམར་ཡོངས་གྱུར་སྐད་ཅིག་གིས༔ རང་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཞི་ཆགས་ཉམས༔ རྩ་ཕྱག་ཐུགས་ཀར་རྡོ་རྗེ་བསྡམས༔ ལྷག་མ་ཕྲེང་བ་པདྨ་འཆང༔ གསང་བ་ཡེ་ཤེས་རཱ་གའི་མདངས༔ ཌཱ་རུ་ཐོད་པ་བསྣམས་པས་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་ཅན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ སྙོམས་ཞུགས་སྦྱོར་མཚམས་བདེ་ཆེན་སྤྲིན༔ ཡི་གེ་ཧཱུྃ་ཏྲཱཾ་ཨོཾ་ཨཱཿའཕྲོས༔ ཕྱོགས་བཞིར་མི་བསྐྱོད་རིན་ཆེན་འབྱུང༔ རྣམ་སྣང་དོན་གྲུབ་སྤྱན་རས་གཟིགས༔ མཐིང་སེར་དཀར་དང་ལྗང་གུའི་མདོག༔ རང་འོད་ཡུམ་དང་མཉམ་པར་སྦྱོར༔ རྒྱན་དང་ཕྱག་མཚན་གཙོ་བོ་ལྟར༔ འོད་ལྔའི་ཐིག་ལེའི་ཀློང་ཡངས་སུ༔ པད་ཟླའི་སྟེང་ན་དགྱེས་པར་བཞུགས༔ སྒོ་བཞིར་ཧ་རི་ནི་ས་ལས༔ རིགས་བཞིའི་མཁའ་འགྲོ་ལས་ཀྱི་མདོག༔ གྲི་གུག་ཐོད་འཛིན་གར་སྟབས་ཀྱིས༔ པད་ཉི་བམ་རོའི་གདན་ལ་རོལ༔ གནས་གསུམ་ཟླ་ཉི་རྡོ་རྗེ་ལ༔ འབྲུ་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ ཐུགས་སྲོག་འོད་དང་བདེ་བའི་རོས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་སྤྱན་དྲངས་དབང་བསྐུར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཏ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་མི༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས༔ ཚེ་དཔག་མེད་སོགས་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུར་བརྒྱན་གྱུར༔ ཅེས་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསླབས་ནས། ཡན་ལག་ཏུ་བཟླས་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར༔ པདྨ་བྷཉྫ་འཛིན་པ་ཡི༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལ༔ སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་གསལ་བར་བྱས༔ གཙོ་འཁོར་ཀུན་གྱི་ཐུགས་སྲོག་ལས༔ འོད་འཕྲོས་རྩ་གསུམ་མཆོད་ཅིང་བསྐུལ༔ འགྲོ་དྲུག་སྒྲིབ་སྦྱངས་ལྷར་བྱས་ཏེ༔ འཁོར་འདས་དྭངས་བཅུད་བདག་ལ་ཐིམ༔ དངོས་གྲུབ་སྩོལ་ཞིང་བརྟན་པར་གྱུར༔ ཅེས་པའི་དམིགས་པ་དང་མ་བྲལ་བར། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་རྩ་བསྙེན་ལ་བཟླས་པའི་དངོས་གཞི་བྱ། བསྙེན་སྒྲུབ་དྲིལ་བ་ནི་སྔ་མའི་ཤམ་དུ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཞེས་བཏགས་པའང་ཇི་ལྟར་ནུས་པ་བཟླ། རྗེས་འོད་གསལ་དུ་འཇུག་ཅིང་ལྡང་བ་ནི། ཧཱུྃ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ མཁའ་ལ་སྤྲིན་བཞིན་དབྱིངས་སུ་ཐིམ༔ སླར་ཡང་ཟུང་འཇུག་གཉུག་མའི་ལྷ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་གི་བསྙེན་བསྒྲུབས་དུས་གསུམ་དགེ་བའི་ཚོགས༔ མཁའ་ཁྱབ་འགྲོ་བ་རྣམས་ཀྱི་དོན་དུ་བསྔོ༔ ཀུན་ཀྱང་ས་བཅུ་ལམ་ལྔ་མཐར་ཕྱིན་ནས༔ རྒྱལ་བ་རྒྱ་མཚོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །འདིའང་རང་གཞན་ཉེར་མཁོ་ཁྱེར་བདེའི་ཆེད་དུ་གཏེར་ཆེན་བླ་མ་རིན་པོ་ཆེ་ལས་གནང་བ་ཞུས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་དབང་བསྐུར་དང་བཅས་པ་བདེ་ཆེན་དགྱེས་པའི་དབྱངས་སྙན་ (Volume 52, Text 31)

༄༅། །པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་དབང་བསྐུར་དང་བཅས་པ་བདེ་ཆེན་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་དྷཱ་ཀི་ནཱི་ཡཻ། གཡོ་ཞིང་འཕོ་བ་སྒོ་གསུམ་དྭངས་མའི་སྲོག །མི་འགྱུར་རྡོ་རྗེ་གསུམ་དུ་རྒྱས་བཏབ་པས། །འཁོར་འདས་བརྟན་གཡོར་རང་དབང་སྒྱུར་མཛད་པ། །སོར་རྟོག་ཡེ་ཤེས་རོལ་པས་བདག་བྱིན་རློབས། །རྣལ་འབྱོར་མ་རྒྱུད་ཁུངས་ཆེ་ཞིང་། །མན་ངག་ཟབ་ལ་ཁྱེར་བདེ་བ། །གང་འདིས་བསྟན་འཛིན་སྐྱེས་མཆོག་རྣམས། །དོན་གཉིས་སྒྲུབ་པའི་མཐུན་རྐྱེན་མཛོད། །པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་སྒྲུབ་སྐོར་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་ཅིང་འདྲིལ་བ་གསང་བ་ལྷ་མོ་གཙོ་འཁོར་ལྔར་སྒྲུབ་པའི་ཐབས་ལག་ལེན་དུ་བསྡེབ་པ་ལ་དོན་བཞི། བསྙེན་པ། སྒྲུབ་པ། ལས་སྦྱོར། དབང་གི་ཆོ་ག་དང་བཅས་པའོ། །དང་པོ་ནི། བསྙེན་པས་ལས་སུ་རུང་བ་མ་བྱས་ན་དངོས་གྲུབ་སྒྲུབ་ཀྱང་དོན་མེད་པས། མཚན་ལྡན་དབང་གི་གནས་སུ་སྒྲུབ་པའི་ཚུལ་ཤིན་ཏུ་གསང་བས་མཚམས་དམ་དུ་བཅད། གཞུང་ནས་བཤད་པའི་དམ་ཚིག་གི་བྲིས་སྐུ་ཞལ་ཤར་དུ་ཕྱོགས་པར་བཀྲམ་པའི་མདུན་དུ་སྟེགས་བུར་ཟངས་གཞོང་དུ་མཆོད་གཏོར་དམར་པོ་བ་ལང་གི་ཤ་དང་རྒུན་འབྲུ་བུར་སྦྲང་ལ་དུ་ལ་ཕུག་ཁུར་བ་སོགས་ཀྱིས་བསྐོར་བ་ཆང་གིས་བྲན་པ་དང་། ཟངས་སམ་ཙནྡན་དམར་པོའི་མཎྜལ་མེ་ཏོག་དམར་པོའམ་འབྲུ་ལ་དབང་གི་རྫས་བསྲེས་པའི་དྲི་བཟང་དམར་སེར་བྱུགས་པའི་ཚོམ་བུ་ཅན། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བགེགས་གཏོར་སོགས་ཀྱང་ཚོགས་པར་བྱ། སྒྲུབ་པ་པོ་གོས་དང་རྒྱན་དམར་པོས་བརྒྱན། མྱོས་བྱེད་ཀྱིས་བཀྲུ། བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པས་པདྨའི་སྐྱིལ་ཀྲུང་གིས་འཁོད། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཕྱིར་དུ་དབང་གི་ལྷ་མོ་བསྒྲུབ་པར་བགྱི་སྙམ་པའི་སེམས་བསྐྱེད་དང་མ་བྲལ་བར་དགའ་ཞིང་ཆགས་པའི་ཡིད་ཀྱིས་ཉམས་སུ་བླང་བྱ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། ཚིག་བདུན་སྔོན་དུ་འགྲོ་བས། བརྒྱུད་པའི་གསོལ་འདེབས་ནི། ཀུན་བཟང་ཆོས་སྐུ་མཐའ་ཡས་འོད་དཔག་མེད། །དབང་ཆེན་ཧེ་རུ་ཀ་དཔལ་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་རིག་འཛིན་རྡོ་རྗེ་ཆོས་རབ་རྩལ། །ལས་ཀྱི་དབང་མོ་པདྨ་སཾ་བྷ་བ། །ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོའི་ཞབས། །མཁར་ཆེན་མཚོ་རྒྱལ་རོང་ཟོམ་ཆོས་ཀྱི་བཟང་། །པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྲུང་དམ་ཅན་བཅས་ལ་གསོལ་བ་འདེབས། །ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས་ནས་ཀྱང་། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ། །བསྙེན་པས་ཡེ་ཤེས་ལྷ་ཡི་ཐུགས་རྗེས་ཟིན། །སྒྲུབ་པས་གནས་སྐབས་མཐར་ཐུག་དངོས་གྲུབ་ཐོབ། །ཕྲ་མོ་སྣ་ཚོགས་གྲུབ་པ་ཆེན་པོ་བརྒྱད། །མཆོག་གི་ལས་སྦྱོར་མཐའ་རུ་ཕྱིན་པར་ཤོག །སྲིད་ཞིའི་ཁྱབ་བདག་བདེ་ཆེན་ལྷན་ཅིག་སྐྱེས། །བདེན་གཉིས་དབྱེར་མེད་ཡེ་ཤེས་དྷཱ་ཀི་ནཱིའི། །གོ་འཕང་མངོན་གྱུར་རླུང་སེམས་དབྱིངས་སུ་དག །འཁོར་འདས་བརྟན་གཡོ་དབང་དུ་སྒྱུར་བྱེད་ཤོག །སྐྱབས་འགྲོ་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །ལེགས་པར་བྱིན་རློབས་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། བདག་གཞན་གཉིས་མེད་དོན་སྒྲུབ་ཕྱིར། །མཁའ་འགྲོ་དཔའ་བོ་ཀུན་བསྒྲུབས་ནས། །སྙིང་པོ་བླ་མེད་བྱང་ཆུབ་བར། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། ཉིན་དང་པོར་སྐབས་འདིར་བགེགས་གཏོར་གཏང་དགོས་པས། གཏོར་མ་བསང་སྦྱང་། བྱིན་བརླབ། མགྲོན་འགུགས། སྔགས་རྒྱས་བསྔོ། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྟ་བུས་བཀའ་བསྒོ་ཞིང་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་པས་བྱིན་བརླབ། གཉིིས་པ་དངོས་གཞི་ལ་གཉིས། ལྷ་བསྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་དབྱིངས་ལས་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་སྲུང་བའི་འཁོར་ལོ་སྲ་ཞིང་བརྟན་པ་དང་དུར་ཁྲོད་ཀྱི་བཀོད་པས་ཡོངས་སུ་བསྐོར་བའི་ལྟེ་བར་དབང་གི་ཕོ་བྲང་ཟླ་གམ་སྒོ་གཅིག་པ་གསལ་ཞིང་ཡངས་ལ་རབ་ཏུ་འབར་བའི་དབུས་སུ་ ཆོས་འབྱུང་དམར་པོ་ཟུར་དྲུག་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་རེ་རེ༔ དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿཡིག་དམར་གསལ་མར་མེ་ལྟར་འབར་བ་ལ་སེམས་ཡུན་རིང་དུ་གཟུང༔ དེ་ལས་འོད་ཟེར་འཕྲོས༔ རྩགསུམ་རྒྱལ་བ་རབ་འབྱམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ བརྟན་གཡོ་ཐམས་ཅད་འདར་ཞིང་གཡོས༔ འཁོར་འདས་ཀྱི་དྭངས་བཅུད་རང་དབང་མེད་པར་བསྡུས་ཏེ་ཧྲཱིཿལ་ཐིམ་པས་པདྨ་དམར་པོ་ཧྲཱིཿས་མཚན་པ༔ དེ་ཡོངས་སུ་གྱུར་པ་ལས་པདྨ་མཁའ་འགྲོ་རིག་བྱེད་རྩལ་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་གསལ་ཞིང་ཉི་མ་བྱེ་བའི་མདངས་འོད་འཚེར་བ༔ ཞལ་གཅིག་ཕྱག་བཞི་མ༔ སྤྱན་གསུམ་དམར་ཟླུམ་གཡོན་དུ་གཟིགས་ཤིང་དབུ་སྐྲ་སྣུམ་འབོལ་ལི་ཁྲིའི་མདོག་ཅན་གྱེན་དུ་བརྫེས་པའི་ལྷག་མ་སྐུ་རྒྱབ་ཏུ་སིལ་བུར་གྲོལ་བ༔ སིནྡྷུ་ཝཱ་རའི་མེ་ཏོག་གིས་ཐོད་བཅིངས་ཤིང་ནོར་བུ་དམར་པོའི་ཐོར་ཚུགས་ཀྱིས་བརྗིད་པ༔ ཞལ་བཞད་ཅིང་མཆེ་བ་གཙིགས་པ་ཤིན་ཏུ་ཆགས་ཤིང་ཅུང་ཟད་ཁྲོ་མོའི་ཉམས་དང་ལྡན་པ༔ ནུ་མ་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ་ལོ་བཅུ་དྲུག་ལོན་པའི་འཇོ་སྒེག་འཆང་བ༔ ཕྱག་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས་པས་འཁོར་འདས་ཀྱི་སྲོག་རྩ་དབང་མེད་དུ་འདྲེན་པ༔ གཡས་འོག་མས་ཐོད་པའི་ཌཱ་མ་རུ་འཁྲོལ་བའི་སྒྲས་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བ༔ གཡོན་འོག་མས་ཀ་པཱ་ལ་ཁྲག་གིས་གང་བ་སྟ་ཟུར་གཡོན་དུ་འཆང་བས་སྲིད་པ་གསུམ་གྱི་ཡིད་རང་དབང་མེད་པར་འཕྲོག་པ༔ མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ རུས་པའི་རྒྱན་ལྔ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་མཛེས་པ༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བརླ་ལ་གཏད་ཅིང༔ གཡོན་བརྐྱངས་པས་ཉི་མ་ལ་གནས་པའི་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་སྙིང་ག་ནས་བརྫིས་ཤིང་འོད་ཟེར་དམར་པོ་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་རོལ་པ༔ པད་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ༔ ལྷོར་རིི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ༔ ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ༔ བྱང་དུ་ས་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ༔ ཐམས་ཅད་ཀྱང་རྗེས་སུ་ཆགས་པའི་དམར་མདངས་རབ་ཏུ་འཚེར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་སོ་སོའི་རིགས་ཀྱི་མཚན་མས་སྤྲས་པའི་ལྕགས་ཀྱུ་འཕྱར་ཞིང༔ གཡོན་ཞགས་པ་འཆང་བ༔ རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་ཞབས་གར་སྟབས་ཀྱིས་ཉི་མ་ལ་གནས་པའི་མི་རོའི་སྙིང་གར་བརྫིས་པ༔ ཡེ་ཤེས་ཀྱི་འོད་ཟེར་འབར་བའི་ཀློང་ན་བཞེངས་པའི་སྐུར་གྱུར༔ ཅེས་གསལ་གདབ། གནས་གསུམ་བྱིན་རླབས་ནི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་མའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་མའི་ངོ་བོ་ཨཱཿདམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མའི་ངོ་བོ་ཧཱུྃ་མཐིང་གའིི་འོད་ཟེར་སྤྲོ་བསྡུས་ཀྱི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་རྡོ་རྗེ་རྩེ་ལྔའི་རྒྱ་གནས་གསུམ་དུ་གཏུགས། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། ལག་གཉིས་གཤིབས་པའི་མཐེའུ་ཆུང་ནང་དུ་བཀུག་པ་མཐེ་བོས་མནན། གུང་མོ་གཉིས་སྒྲེང་བའི་རྒྱབ་ཏུ་མཛུབ་མོ་སྦྱར། སྲིན་ལག་རང་སར་བརྐྱངས་པ་པདྨའི་ཕྱག་རྒྱ་བཅས་ལ། ཧྲཱི༔ ཀུན་རྟོག་ཡེ་ཤེས་དགྱེས་པའི་ཡུམ༔ པདྨ་མཁའ་འགྲོ་རིག་བྱེད་རྩལ༔ རབ་འབྱམས་དབང་གི་ཌཱ་ཀིའི་ཚོགས༔ ཕྲིན་ལས་མཛད་ཕྱིར་གནས་འདིར་གཤེགས༔ ཧྲཱིཿཔདྨ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་འདི་དྲག་ཏུ་བཟླ་ཞིང་རྡོ་རྗེ་སེ་གོལ་དང་ཐལ་མོ་བརྡབ་ལ་སྤྱན་དྲངས། རྒྱ་དང་བཅས། ཛཿཧཱུྃ་བཾ་ཧོ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་བརྗོད་པས་སྤྱན་དྲངས་པའི་མཁའ་ཁྱབ་ཀྱི་ཡེ་ཤེས་པ་ཐམས་ཅད་དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་གྱུར་པར་བསམ་མོ༔ སླར་ཡང་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་པདྨའི་རིགས་ཀྱི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས༔ དེ་རྣམས་ཀྱིས་བྱང་ཆུབ་སེམས་དཀར་དམར་ལྷག་པའི་བདུད་རྩིས་དབང་བསྐུར་བའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང༔ རྟོག་པའི་དྲི་མ་སྦྱངས༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་གཙོ་མོ་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་དཔལ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་དང་ཞགས་པ་འཛིན་པ༔ ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་དབུ་གཙུག་ནས་དབང་གི་རྟ་སྐད་འཚེར་བ་དང༔ འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན་པར་གྱུར༔ ལག་གཉིས་ཐལ་མོ་ཕྲེད་དུ་སྦྱར། མཐེ་བོང་གཉིིས་གྱེན་དུ་བསྒྲེངས་པ་རྟ་གདོང་གི་ཕྱག་རྒྱ་སྤྱི་བོར་བཅིངས་ལ། ཧྲཱིཿཔདྨ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་མི༔ ཞེས་རྒྱས་གདབ་བོ། །འདིར་མཆོད་བསྟོད་ཡོད་མེད་གང་བྱས་ཆོག་ལ་སྤྲོ་ན་འོག་ཏུ་གཏོར་འབུལ་སྐབས་བཤད་པ་ཙམ་བྱ། གཙོ་བོ་ལྷ་སྐུའི་གསལ་སྣང་ལ་སེམས་གཟུང་ཞིང་ང་རྒྱལ་བསྐྱེད་པ་ནི་ལྷ་བསྒོམས་པས་བསྙེན་པའོ། །གཉིས་པ་སྔགས་བཟླ་བ་ནི། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་མ་ཚོན་གང་བ༔ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཅེས་པ་ལ་སེམས་བཟུང་ནས། ཙན་དན་དམར་པོའམ་བྱེ་རུའི་ཕྲེང་བ་མིང་མེད་ཀྱི་སྟེང་ནས་བགྲང་ལ། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླ། གསལ་ཐེབས་ནས། དེ་ལས་སྔགས་ཕྲེང་གཉིས་པ་བྱུང༔ ཞལ་ནས་ཐོན༔ ལྟེ་བའི་པདྨོ་ནས་ཞུགས༔ བར་མ་ཆད་པར་འཁོར་བའི་བདེ་བ་ཆེན་པོའི་འོད་ཟེར་གྱིས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ལྷན་སྐྱེས་ཡེ་ཤེས་པདྨ་ཌཱ་ཀི་ནཱི་དབང་མཛད་མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་བདག་ལ་བསྩལ་ཅིང་བརྟན་པར་གྱུར༔ ཅེས་དམིགས་ལ་མི་ཚིག་གིས་བར་མ་ཆོད་པར་ཐུན་རེར་སྟོང་ཕྲག་བརྒྱད་ལས་མི་ཉུང་བར་བཟླ། གྲངས་འབུམ་ཕྲག་བརྒྱད་བསྙེན་ཚད་དེ་སྔགས་བཟླས་པས་བསྙེན་པའོ། །གསུམ་པ་རྗེས་ནི། ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་འབུལ་ཏེ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ། གཏོར་མགྲོན་གྱི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་གི་རྟེན་དང་དབྱེར་མེད་དུ་བཞུགས་པའི་ལྗགས་པདྨའི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་པས་མཉེས་པར་གྱུར༔ བསྙེན་སྔགས་མཐར། ཨི་དཾ་བ་ལིཾ་ཏ་པཱི་པཱ་ཐཱ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་སརྦ་ཀརྨ་ཀུ་རུ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ཚར་བདུན་སོགས་ལན་མང་དུ་ཕུལ། ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤྲཱི་བཛྲ་རཱ་ག་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ གུས་ཤིང་གདུང་བས་བསྟོད་པར་བགྱི༔ ཞེས་མཆོད་ཅིང་བསྟོད། ཧྲཱི༔ བདེ་ཆེན་པདྨའི་རིགས་ཀྱི་ཡུམ༔ དབང་མཛད་མཁའ་འགྲོ་རིག་བྱེད་རྩལ༔ གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་གཏོར་འདོད་རྒུའི་སྤྲིན་ཆེན་པོ༔ བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ཁམས་གསུམ་སྣོད་བཅུད་དབང་དུ་སྡུས༔ སྲིད་གསུམ་དྲེགས་པ་ཟིལ་གྱིས་གནོན༔ ཞི་དང་རྒྱས་དང་དབང་དང་དགུག༔ མངོན་སྤྱོད་ལས་ཀུན་འགྲུབ་པ་དང༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ༔ ཞེས་ཕྲིན་ལས་གསོལ། ཡེ་ཤེས་པ་དམ་ཚིག་གི་བྲིས་སྐུ་དང་དབྱེར་མེད་དུ་བཞུགས་པར་བསམ། མཎྜལ་ཕྱི་ཞིང་མེ་ཏོག་གི་ཚོམ་བུ་དགོད་པའི་ཚིག་བརྗོད། སྔགས་ཁོ་ནའམ་ཚིགས་བཅད་གང་རུང་བརྒྱ་རྩ་སོགས་འབུལ། འདིར་མཚོན་ན། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་དང༔ དབྱེར་མེད་བླ་མ་རྗེ་བཙུན་མ། །འཁོར་དང་བཅས་པ་ཐམས་ཅད་ལ། །གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་རཏྣ་མཎྜལ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་པ་ལྟ་བུས་ཕུལ་ཞིང་འདོད་དོན་ལ་གསོལ་བ་གདབ་པ་ནི་མཆོད་པས་བསྙེན་པའོ། །གཏོར་འབུལ་དང་མཎྜལ་སྦྲེལ་ན་མཎྜལ་རྗེས་སུ་ཡེ་ཤེས་པ་བརྟན་བཞུགས་བྱེད་པ་རྣམ་པ་བདེའོ། །ཐུན་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་སྟེ་ཏིང་ངེ་འཛིན་སེམས་དཔའ་དང་དབྱེར་མེད་དུ་གྱུར༔ དེའང་མི་དམིགས་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་གྱུར༔ ཅེས་མོས་ལ་མཉམ་པར་གཞག །སླར་རང་ཉིད་པདྨ་མཁའ་འགྲོ་མའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ ཅེས་ཐུན་མཚམས་ཀྱི་ལྷར་ལངས་ལ་པདྨའིི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ རང་དང་སྣང་བ་ཐམས་ཅད་པདྨ་ཌཱ་ཀི་ནཱིའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བརྟན་པར་མོས༔ བསྔོ་སྨོན་ནི། བདག་གིས་བསྙེན་ཅིང་བསྒྲུབས་ལ་སོགས༔ དུས་གསུམ་བསགས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ ཅེས་དང་། འོག་ནས་འབྱུང་བ་ལྟ་བུའི་ཤིས་བརྗོད་ཀྱང་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བསྙེན་པ་ལེགས་པར་ཐེམས་པ་ན། ༈ གཉིས་པ་སྒྲུབ་པ་ལ་འཇུག་སྟེ། དེ་ལ་གསུམ། སྒྲུབ་པའི་རྟེན་བཅའ་བ་དང་། སྒྲུབ་པ་དངོས། རྗེས་རིམ་མོ། །དང་པོ་ནི། ཐོད་པ་མཚན་ལྡན། སྲོག་འཁོར་དང་དངོས་གྲུབ་ཀྱི་འཁོར་ལོ། དབང་གི་རྫས་ཀྱི་རིལ་བུ་རྣམས་གཏེར་གཞུང་ནས་གསུངས་པ་ལྟར་སྔ་ཚགས་ཚུད་པར་བྱ། དམ་ཚིག་བྲིས་སྐུའང་ཙཀླི་ལྟ་བུ་ཡོད་ན་སྟབས་བདེ། དེ་ལ་སྟེགས་བུ་དམར་པོ་བྱང་སེམས་དཀར་དམར་དང་སིནྡྷུ་རས་བྱུགས་པའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མེད་ན་མེ་ཏོག་དམར་པོའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་ཁྲི་འུའི་ཁར་ཐོད་པ་མཚན་ལྡན་དབང་རྫས་རིལ་བུས་བཀང་བའི་ནང་དུ་སྲོག་འཁོར་དང་བྲིས་སྐུ་གཟུག་ལ་དར་དམར་པོའི་གུར་ཕུབ། མདུན་དུ་མཆོད་གཏོར་བསྙེན་པའི་སྐབས་ལྟར་དང་། ཟངས་གཞོང་ངམ་ཐོད་པའི་ནང་དུ་དངོས་གྲུབ་ཀྱི་འཁོར་ལོ་བཞག །ཞུན་མར་སྦྲང་རྩི་ཤ་ཁ་ར་རྣམས་ཁ་དོག་དམར་པོར་བསྒྱུར་བས་བཀང་། གཡས་གཡོན་དུ་སྨན་རཀ་ཐོད་པ། ཆུ་གཉིས་ཉེར་སྤྱོད་གཡོན་སྐོར་དུ་བཤམ། ཚོགས་ཀྱི་ཡོ་བྱད་སྔོན་གཏོར་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པ་དངོས་ལ། སྔོན་འགྲོ་བརྒྱུད་འདེབས། སྐྱབས་སེམས། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད། མཆོད་པ་བྱིན་རླབས་རྣམས་ཚང་བ་གཏང་། དངོས་གཞི་བདག་བསྐྱེད་སྒོམ་ལ་བསྙེན་བཟླས་ཅི་རིགས་མཐར་མཆོད་བསྟོད་བྱ། དེ་ནས་མདུན་བསྐྱེད་ནི། རྟེན་རྣམས་དམ་ཚིག་པར་བསྐྱེད་ཅིང་གནས་གསུམ་བརླབ་པ་དང་། ཡེ་ཤེས་པ་སྤྱན་དྲངས་ཤིང་དབང་བསྐུར་རྒྱས་གདབ་ཀྱི་བར་བདག་བསྐྱེད་ལྟར་བྱས་ལ། བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དབང་གི་ཕོ་བྲང་འོད་འབར་དབུས༔ ཏིང་འཛིན་སྤྲུལ་པའི་དམ་ཚིག་པར༔ ཡེ་ཤེས་འཁོར་ལོ་དགྱེས་བཞུགས་ནས༔ མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ གུས་ཤིང་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ དབང་མཛད་མཁའ་འགྲོའི་ལྷ་ཚོགས་ལ༔ ལྷ་མིའི་ཉེར་སྤྱོད་འདོད་ཡོན་ལྔ༔ ནམ་མཁའ་གང་བར་སྤྲུལ་ཏེ་ཕུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤྲཱི་བཛྲ་རཱ་ག་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ བྱང་ཆུབ་སེམས་ཀྱི་ཨ་མྲྀཏ༔ རྩ་ཁམས་བདེ་བའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ འཁོར་འདས་མཉམ་སྦྱོར་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ འདོད་ཆགས་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ སྣོད་བཅུད་གཏོར་མའི་ཚོགས་སུ་སྦྱར༔ ལོངས་སྤྱོད་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ མི་ཟད་འདོད་རྒུའི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ ཤིན་ཏུ་རྣམ་དག་ཆོས་དབྱིངས་ལས༔ རྗེས་ཆགས་བདེ་བ་ཆེན་པོའི་སྐུ༔ པདྨའི་རིགས་མཆོག་རྒྱ་མཚོའི་ཡུམ༔ འཁོར་ལོའི་དབང་ཕྱུག་མ་ལ་བསྟོད༔ རབ་དམར་ཉི་མ་འཆར་ཁའི་འོད༔ ཐིག་ལེའི་ཞལ་གཅིག་ཚད་མེད་ཕྱག༔ ཐབས་ཤེས་མདའ་གཞུས་འཁོར་འདས་སྲོག༔ དྭངས་མའི་ཐིག་ལེར་འདྲེན་ལ་བསྟོད༔ ཅང་ཏེའི་སྒྲ་ཡིས་ཁམས་གསུམ་གཡོ༔ ཐོད་ཁྲག་སྲིད་གསུམ་སྙིང་རྩ་སྒུལ༔ ཁྲོ་ཆགས་སྒེག་པའི་ཉམས་འགྱུར་གྱིས༔ བདེ་ཆེན་ཡེ་ཤེས་སྩོལ་ལ་བསྟོད༔ དར་དང་རིན་ཆེན་རུས་པ་སོགས༔ འདོད་ཡོན་མ་སྤངས་རྒྱན་དུ་རྫོགས༔ རབ་འབྱམས་དབང་གི་ཕྲིན་ལས་བདག༔ དངོས་གྲུབ་གཏེར་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དགའ་བཞི་བདེ་ཆེན་སྙིང་རྗེའི་གཟུགས༔ དྲན་པས་འདོད་དོན་མཆོག་སྩོལ་བའི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད༔ བཤགས་ཤིང་དངོས་གྲུབ་བསྐུལ་བ་ནི། ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཞན་དབང་གིས༔ ཐུགས་དང་འགལ་བའི་ནོངས་པ་ཀུན༔ མཐོལ་ལོ་བཤགས་སོ་བཟོད་པར་བཞེས༔ འཆི་མེད་ཚེ་དང་འཛད་མེད་དབྱིག༔ ནུས་པ་སྔགས་དང་ཏིང་འཛིན་རྩལ༔ མོས་པ་རྣམ་བཞི་འཇིག་རྟེན་གསུམ༔ དབང་བསྒྱུར་ལས་ཀྱི་དངོས་གྲུབ་སྩོལ༔ སྒོ་གསུམ་མི་ཤིགས་དྭངས་མའི་སྲོག༔ རྡོ་རྗེ་གསུམ་དང་མཉམ་སྦྱར་བས༔ རིགས་ཀྱི་གཙོ་དང་དབྱེར་མེད་པའི༔ ཡེ་ཤེས་མཆོག་ཏུ་བདག་སྒྲུབས་ཤིག༔ ཤྲཱི་བཛྲ་རཱ་ག་པཱ་ཤཾ་ཀུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་ཞིང་མོས་པ་དྲགས་པོས་ལྷར་སྣང་ལ་སེམས་གཟུང་བ་ལྷ་བསྒོམས་པས་སྒྲུབ་པའོ། །དེ་ནས་སྔགས་བཟླ་བ་ནི། རང་ཉིད་པདྨ་མཁའ་འགྲོ་མ་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་རང་བཞིན་གྱིས་སྔགས་ཕྲེང་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར་བ་འཕྲོས༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀའི་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་ལྷག་པར་བསྐུལ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས་འཁོར་གྱི་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གསལ་བརྟན་མཆོག་ཏུ་འབར་བའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་ཚོགས་དང་བཅས་པ་བྱུང༔ རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ སླར་ཡང་བདག་མདུན་ཐམས་ཅད་ཀྱི་སྒྱུ་འཕྲུལ་གྱི་རོལ་པ་མཐའ་ཡས་པས་འཇིག་རྟེན་ཐམས་ཅད་སྣང་བར་བྱས༔ འཁོར་འདས་ཀྱི་རྒྱུད་བསྐུལ་ཞིང་གཡོས༔ སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་བདག་ལ་ཐིམ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་ཡིད་འཕྲོག་པའི་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་བསྩལ་ཞིང་བརྟན་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་བགྲང་ཕྲེང་སོགས་བསྙེན་པའི་སྐབས་ལྟར་བཟླ། གྲངས་ཚད་ནི་འབུམ་ཕྲག་བརྒྱད་དེ་བཟླས་པས་འགྲུབ་པའོ། །གསུམ་པ་རྗེས་ནི། ཐུན་འཇོག་པ་ན་བསྙེན་པའི་སྐབས་སུ་བཤད་པ་ལྟར་གཏོར་འབུལ་མ་ཆག་པར་བྱ། དགོང་མོའི་ཆར་ཚོགས་མཆོད་ནི། གཏོར་མའི་སྐབས་སུ་བཤད་པའི་ཚོགས་རྫས་རྣམས་འདུ་བྱས་ལ། བྱིན་གྱིས་བརླབ་པ་ནི། ཧྲཱི༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་ཡེ་ཤེས་བདུད་རྩིས་བསྐངས༔ བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་འཁྲིགས༔ བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱི༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་སྤྱན་འདྲེན་གྱིས༔ བདེ་ཆེན་གར་ཐབས་ཤིགས་སེ་ཤིག༔ རུས་རྒྱན་གཡེར་ཁ་ཁྲོལ་ལོ་ལོ༔ ཅང་ཏེའུ་རོལ་མོ་དིར་རི་རི༔ རྣལ་འབྱོར་ཕོ་མོའིི་འདུ་བ་ལ༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ མཆོད་བཤགས་བསྒྲལ་བསྟབ་ནི། ཧྲཱི༔ འདོད་ཡོན་ཕྱི་ཡི་མཆོད་པ་འདི༔ མཁའ་འགྲོའི་སྐུ་ལ་མཉེས་མཆོད་འབུལ༔ བདེ་ཆེན་སྦྱོར་བའི་མཆོད་པ་འདི༔ མཁའ་འགྲོའི་གསུང་ལ་མཆོད་པ་འབུལ༔ བདེ་སྟོང་དབྱེར་མེད་མཆོད་པ་འདི༔ མཁའ་འགྲོའི་ཐུགས་ལ་མཆོད་པ་འབུལ༔ བདེ་བ་ཆེན་པོའི་ཀློང་དུ་བསྐང༔ གཉིས་སུ་མེད་པའི་དབྱིངས་སུ་བཤགས༔ དུག་གསུམ་རང་གྲོལ་ངང་དུ་བསྒྲལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ མ་ཏྲཾ་རུ་ཏྲ་མཱ་ར་ཡ་ཕཊ༔ ཁ་ཁ་ཁཱ་ཧི༔ གཙོ་བོར་གསང་བའི་སྤྱོད་པ་དང་འབྲེལ་བའི་འདོད་ཡོན་ལྔ་ལ་རོལ་ཏེ་བདེ་ཆེན་གྱི་ཉམས་སྦར། བཟའ་བའི་དམ་ཚིག་ཀྱང་ནང་གི་བསྲེག་བླུག་ཏུ་རོལ། ལྷག་མ་བསྡུས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ འདོད་ཡོན་རྡོ་རྗེའི་དམ་ཚིག་ནམ་མཁའ་གང་བའི་བདུད་རྩིའི་སྤྲིན་དུ་གྱུར༔ ཧྲཱི༔ ཡེ་ཤེས་དབྱིངས་ཀྱི་རོལ་པ་ལས༔ མཁའ་འགྲོ་མི་བཟད་འབར་བའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ ཌཱ་ཀ་ཌཱ་ཀི་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་གཏང་རག་མཆོད་བསྟོད་མདོར་བསྡུས་འབུལ། ཡིག་བརྒྱ་བརྗོད་ལ་ནོངས་བཤགས་བཟོད་གསོལ་བྱ། མདུན་བསྐྱེད་བརྟན་བཞུགས་སྤྱི་མཐུན། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཅས་བསྙེན་པའི་སྐབས་ལྟར་བྱས་ལ་ཤིས་བརྗོད་ནི། ཨོཾ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རྡོ་རྗེ་བཙུན་མོ་དགྱེས་པ་ཆེ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ རྟག་ཏུ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར། འདི་ཉིད་ཐུན་དུ་གཅོད་པའི་སྐབས་ཐུན་སྔ་མ་རྣམས་ལ་བཟླས་པའི་མཇུག་གི་གཏོར་འབུལ་ཡན་གྲུབ་པ་དང་བཞག །སླར་མཆོད་པ་བྱིན་རླབས། མདུན་བསྐྱེད་ནས་བརྩམ་སྟེ་བསྐྱར། དགོང་མོ་ཚོགས་ཕྱིན་ཆད་མཐར་དབྱུང་བས་ཆོག །བསྙེན་སྒྲུབ་ཀྱི་དུས་ཚད་ཟླ་བ་གསུམ་ལ་སོགས་པ་གསུངས། རྟགས་ཚད་གཞུང་གསལ་ལྟར་ལ་ལས་ངེས་པར་འགྲུབ་པ་ལ་ནི་འདི་ཉིད་གཙོར་དགོས་པར་བཤད། གང་ལྟར་སྒྲུབ་པ་ཐོན་སྐབས་ཐོ་རངས་སམ་སྔ་དྲོའི་ཆར་ཕྲིན་ལས་ཚོགས་མཆོད་སོགས་རྒྱས་པ་བཏང་། གཏང་རག་མཆོད་བསྟོད་དང་ནོངས་བཤགས་རྗེས་སུ། གོང་གསལ། ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ སོགས་ནས། བདག་སྒྲུབས་ཤིག༔ ཅེས་བསྐུལ་པས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་དངོས་གྲུབ་ཐམས་ཅད་ལྷ་སྔགས་འོད་ཟེར་གྱི་རྣམ་པར་བྱུང༔ དངོས་གྲུབ་ཀྱི་འཁོར་ལོ་དང་བནྡྷའི་རྫས་ལ་ཐིམ་པས་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པར་བསམ་ལ༔ སྒྲུབ་སྔགས་ཤམ་དུ། ཤྲཱི་བཛྲ་རཱ་ག་སོགས་བཏགས་པ་བརྒྱ་རྩ་ལས་མི་ཉུང་བར་བཟླས་མཐར་རྟེན་རྣམས་གནས་གསུམ་དུ་གཏུགས་ལ་རང་གནས་སུ་བཀོད། དངོས་གྲུབ་ཀྱི་རྫས་སོགས་མྱང་། མདུན་བསྐྱེད་བརྟན་བཞུགས་སོགས་མཐར་དབྱུང་། ཐོད་རྫས་བཅུད་ལེན་གྱི་མར་དང་སྦྱར་ཏེ་བརྟེན། ཙཀྲ་འབྲལ་མེད་དུ་འཆང་བས་དངོས་གྲུབ་འབྱུང་བར་གསུངས་སོ། ༈ །གསུམ་པ་ལས་སྦྱོར་ནི། དེ་ལྟར་བསྙེན་སྒྲུབ་ཚད་ལྡན་སྔོན་དུ་སོང་བའི་སྒྲུབ་པ་པོས་ལས་སྦྱོར་རྣམས་ཀྱི་གཙོ་བོར་གྱུར་པ་ཐོག་མར་བསྒྲུབ་བྱ་གཅིག་ལ་དབང་གི་དངོས་གྲུབ་བླང་ཚུལ་གྱིས་ལས་སྦྱོར་བྱ་བ་གསུངས་པ་ཉིད་སྐབས་སུ་བབས་ན་སྒྲུབ་པའི་དུས་གྲངས་ཐེམས་པའི་དེ་མ་ཐག་པར། མདུན་རྟེན་དང་། སྦྱིན་སྲེག །ཏིང་ངེ་འཛིན་ཁོ་ནས་ལས་ལ་སྦྱོར་བ་རྣམས་གཏེར་གཞུང་ལྟར་ལག་ཏུ་བླང་། སྤྱིར་བཏང་གི་ལས་སྦྱོར་འདི་ཙམ་ནི་ངེས་པར་སྦྱོར་དགོས་པས། དེའང་སྒྲུབ་པ་ཐོན་པ་དང་སླར་མཆོད་གཏོར་གསར་པ་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་། བདག་མདུན་བསྐྱེད་བཟླས་ཁྱུག་ཙམ་གཏོར་འབུལ་བཅས་གྲུབ་པ་དང་། ཆང་རྒོད་ཕུད་དབང་རྫས་རིལ་བུ་སྦྱར་བ་བཤམས་ལ་གཏོར་མ་ལྟར་བྱིན་བརླབ། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་སོགས་ཕུལ། དབང་གི་བདུག་རྫས་གཏུལ་ལ། ཧྲཱི༔ རྗེས་ཆགས་བདེ་ཆེན་འོད་དམར་པོ༔ མཁའ་ཁྱབ་འབར་ཞིང་ཆགས་པ་ཡིི༔ རབ་འབྱམས་དབང་གི་ཕོ་བྲང་ནས༔ དབང་མཛད་པདྨ་རིག་བྱེད་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་ལས་ལ་བསྐུལ་ལགས་ཀྱི༔ མ་ཉམས་ཕུད་ཀྱི་མཆོད་པ་དང༔ དབང་གི་དམ་རྫས་འདི་བཞེས་ལ༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ འབར་ཞིང་ཆགས་པའི་གཟི་བྱིན་སྐྱེད༔ འོད་དམར་ལྕགས་ཀྱུ་རྣོན་པོ་ཡིས༔ དམིགས་བྱའི་སྙིང་ནས་དབང་མེད་དྲོངས༔ ཞགས་པས་ཆིངས་ཤིག་སྒྲོག་གིས་སྡོམས༔ རཀྟ་འབར་བས་མྱོས་སུ་ཆུགས༔ སྔགས་ཀྱི་ཅང་ཏེའུ་སྒྲ་བསྒྲགས་པས༔ རླུང་དམར་འཁྲུགས་པའི་དྲྭ་བར་ཆུགས༔ སྐད་ཅིག་བར་སྣང་གློག་འཁྱུགས་བཞིན༔ སྒྲུབ་པའི་གནས་འདིར་མྱུར་དུ་ཁུག༔ དམིགས་པའི་རྟེན་ལ་དབྱེར་མེད་སྟིམས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྒྲུབ་སྔགས་མཐར། སརྦ་ལོ་ཀ་ཙིཏྟ་རཾ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཡཾ་ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བཾ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ༔ ཧྲཱིཿཛཿཧཱུྃ་བཾ་ཧོ༔ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོ་བསྒྲག་དར་དམར་གྱིས་གཡབ་ལ་ཐུགས་དམ་བསྐུལ། དེ་ནས་ཏིང་འཛིན་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ བདག་མདུན་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་འཁོར་དང་བཅས་པ་ལས་འོད་ཟེར་དམར་པོ་རྗེས་ཆགས་བདེ་བ་ཆེན་པོའི་རང་བཞིན་རླུང་དམར་ལྟར་འཚུབས་ཤིང་འཁྱིལ་བས་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཁྱབ༔ ཁམས་གསུམ་ཐམས་ཅད་འདར་ཞིང་གཡོས༔ སྲིད་གསུམ་ལྷ་ཀླུ་གནོད་སྦྱིན་མིའི་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་ག་དང་སྐྱེ་གནས་ནས་ཞུགས༔ ལུས་སེམས་ལ་ཁྱབ༔ ཆགས་བསྐྱེད་ཡིད་བསྒྱུར་དབང་དུ་འདུས༔ ཉི་ཟླ་ནོར་བུ་སྨན་དང་ནགས་ཚལ༔ འབྱུང་བ་བཞི༔ རིག་སྔགས་གྲུབ་པའི་ནུས་པ་སོགས་འཁོར་འདས་བརྟན་གཡོའི་དཔལ་དང་གཟི་བརྗིད་བཅུད་དང་དྭངས་མ་ཐམས་ཅད་འོད་དམར་པོའི་རྣམ་པར་འུབས་ཀྱིས་བསྡུས་ཏེ་རང་སྲོག་ས་བོན་སྔགས་དང་བཅས་པ་ལ་ཐིམ་པས་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་ནས་རབ་འབྱམས་དབང་གི་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར༔ ཅེས་དམིགས་ལ། སྒྲུབ་སྔགས་ཀྱི་མཐར། སརྦ་ལོ་ཀ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲི་ད་ཡ་ཧྲི་ད་ཡ༔ ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བྷནྡྷ་ཡ་བྷནྡྷ་ཡ༔ བཱ་ཤཾ་མ་ན་ཡ་བཱ་ཤཾ་མ་ན་ཡ༔ སཉྩ་ཡ་སཉྩ་ཡ༔ མ་ད་ན་ཡ་མ་ད་ན་ཡ༔ སརྦ་ཀརྨ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཟླ། གྲངས་ཚད་ནི་དབང་གི་རྟགས་མཐོང་བའམ་ཞག་བདུན་གྱིས་མཐའ་རྟེན་པ་བསྒྲུབ། རྗེས་ཀྱི་བྱ་བ་སྔར་དང་མཚུངས་སོ། །ལས་ཕྲན་ཚེགས་གློ་བུར་དུ་སྒྲུབ་པ་རྣམས་ཀྱང་ཇི་ལྟར་འོས་པ་ལག་ཏུ་བླངས་པས་ཐུན་མོང་གི་ལས་སྦྱོར་ས་བཅད་ཚང་། ཁྱད་པར་མཆོག་གི་ལས་སྦྱོར་དབང་བཞིའི་ཉམས་ལེན་ཉིད་རྩེ་གཅིག་ཏུ་སྒོམ་ནུས་ན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་དབང་དུ་འགྱུར་རོ། །གཞན་ཡང་ལས་སྣ་ཚོགས་པ་སྒྲུབ་ཐབས། པདྨ་མཁའ་འགྲོ་དཀར་མོ་ལ་བསྟེན་ནས་ཤེས་རབ་སྤེལ་བ། སེར་མོས་བསོད་ནམས་དཔལ་འབྱོར་སྙན་གྲགས་རྒྱས་པ། དམར་མོས་ཚེ་སྒྲུབ་པ། སྔོན་མོས་ཆར་འབེབ་པ། ལྗང་མོས་ཡུལ་འཁོར་སྲུང་བ། རིགས་བདག་གིས་གདོན་བགེགས་འདུལ་བ། མཁའ་འགྲོ་རིགས་བཞིས་ནད་སེལ་སྲིད་སྤེལ་ཡིད་འཕྲོག་གཞན་གྱིས་རིག་སྔགས་གཅད་པ་རྣམས་ནི་བསྙེན་སྒྲུབ་ཐེམས་པ་རྣམས་ཀྱིས་ངེས་པར་འགྲུབ་པར་གསུངས་པས་སྐབས་སུ་གང་བབས་ལག་ཏུ་བླངས་ན་གདམས་ངག་འདི་ལ་དགོས་རྒུ་མ་ལུས་པ་ཚང་བའི་ནོར་བུའི་བང་མཛོད་དང་མཚུངས་ལ། གྲུབ་ཆེན་བརྒྱད་སྒྲུབ་པའི་ཚུལ་ནི་རྣལ་འབྱོར་པ་ནུས་པ་ཐོབ་པའི་སྤྱོད་ཡུལ་ཡིན་པས་དེང་སང་དུས་ཀྱི་དབང་གིས་དཀའ་བར་སྣང་ངོ་།། །། ༈ བཞི་པ་རྗེས་སུ་གནང་བའི་དབང་བསྐུར་བ་ལ། སྦྱོར་བ་གཤོམ་ནི། དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་མེ་ཏོག་དམར་པོའིི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་ཁྲིའུ་ལ་བུམ་པ་མགུལ་ཆིངས་དམར་པོ་དབང་གི་རིལ་བུའི་རྫས་སྦྱར་བའི་དྲི་ཆབ་ཀྱིས་བཀང་བའི་ཁར་ཐོད་པ་བདུད་རྩིས་བཀང་བ་ལ། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་དབུས་ཧྲཱིཿདང་ཕྱོགས་བཞིར་ཧ་རི་ནི་ས་བྲིས་པས་བཀབ་ལ་དར་དམར་གྱི་གུར་ཕུབ། མཆོད་པ་དང་གཏོར་མ་སྒྲུབ་པའི་སྐབས་ལྟར་བཤམ། སྔོན་གཏོར་ཚོགས་རྫས་འདུ་བྱ་འོ། །དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྔོན་འགྲོ་ནས་བརྩམ་ཕྲིན་ལས་ཀྱི་གཞུང་བསྲངས་ལ་བདག་མདུན་སྒྲུབ་མཆོད་བཟླས་པ་ཅི་ནུས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཅེས་དམིགས། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་སྒྲུབ་བཟླས་བྱ། གཏོར་འབུལ་དང་ཚོགས་མཆོད་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། བུམ་པའི་ལྷ་འོད་དུ་ཞུ་ནས་བདེ་བ་ཆེན་པོའི་བདུད་རྩིར་གྱུར། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་མཐུན་བྱ། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ། དད་པ་དམ་ཚིག་ལྡན་ཅིང་བསྙེན་སྒྲུབ་ནུས་པ། སྔར་དཀྱིལ་འཁོར་གཞན་དུ་དབང་བཞི་ཐོབ་པ་རྣམས་གོས་དམར་པོ་གྱོན། མེ་ཏོག་དམར་པོའི་ཕྲེང་བ་ཐོགས། ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོས་ལ་ནང་དུ་གཞུག །མཚམས་བཅད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་སྤྱི་དང་ཁྱད་པར། དེ་ལ་འདིར་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་བསྐྱེད་པའི་ཡུམ་མཆོག །ཆོས་ཐམས་ཅད་ཀྱི་འབྱུང་གནས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། ལོངས་སྤྱོད་ཡོངས་སུ་རྫོགས་པ་དང་ཅིར་ཡང་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་མཁའ་དང་མཉམ་པའི་འགྲོ་བ་མ་བསྒྲལ་བ་མཐའ་དག །འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་མཛད་པའི་སྐུའི་རྣམ་འགྱུར་དང་མཚན་གྱི་བྱེ་བྲག་ཁམས་དབང་མོས་པའི་ཁྱད་པར་དང་མཚུངས་པར་བསྟན་པ་ལས། དབང་མཛད་པདྨའི་རིགས་ཀྱི་མཁའ་འགྲོ་མའི་ཚུལ་དུ་སྣང་བ་འདི་ལའང་གསར་རྙིང་གི་རྒྱུད་སྡེ་སོ་སོའི་དགོངས་དོན་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མན་ངག་གིས་བཀྲལ་པའི་སྒྲུབ་ཐབས་མི་འདྲ་བ་མང་ཞིང་འཕགས་བོད་གཉིས་སུའང་བཀའ་སྲོལ་ཅི་རིགས་པ་བྱོན་པ་ལས། འདིར་སྐབས་སུ་བབས་པ་ཤིན་ཏུ་ཟབ་པའི་དབང་སྡུད་ལས་ཀྱི་རྟོག་པ་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་གདམས་པ་འདི་ནི། སངས་རྒྱས་འོད་དཔག་མེད་ཀྱི་རྣམ་འཕྲུལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་བ་ཞེས་བྱ་བ་ཛམྦུ་གླིང་ན་ཆེ་བའི་སྔགས་འཆང་གྲུབ་པའི་འཁོར་ལོས་སྒྱུར་བ་དེ་ཉིད་བོད་ཡུལ་བྲག་དམར་ཟན་ཡངས་ཀྱི་གཙུག་ལག་ཁང་ཆེན་པོ་ན་བཞུགས་པའི་ཚེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་རིན་པོ་ཆེ་པདྨ་རཱ་གའི་ཟ་མ་ཏོག་ནོར་སྣས་གང་བ་མཎྜལ་དུ་ཕུལ་ནས་ཁམས་གསུམ་དབང་དུ་སྡུད་པའི་མན་ངག་སྔར་མ་གྲགས་པ་རྣོ་མྱུར་ཁྱེར་བདེ་བ་ཞིག་ཞུས་པའི་ཚེ་སློབ་དཔོན་རིན་པོ་ཆེས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ༔ རྗེ་གཅིག་མངའ་བདག་རྒྱལ་པོ་དང༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང༔ དགེ་སློང་རྒྱལ་བ་མཆོག་དབྱངས་དང༔ སྔགས་པ་རྡོ་རྗེ་བདུད་འཇོམས་དང༔ ཞང་བློན་རྡོ་རྗེ་སྤྲེལ་ཆུང་དང༔ གཟུངས་མ་མཁར་ཆེན་བཟའ་མཚོ་རྒྱལ་རྣམས་ལ་རྣལ་འབྱོར་མའི་རྒྱུད་ཀྱི་མཐར་ཐུག་པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཉེ་བར་ཕྱུང་སྟེ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བར་མཛད༔ འདི་ལ་ཕྱི་ལྷ་མང་དུ་བསྒྲུབ་པ༔ ནང་ལྷ་དགུར་བསྒྲུབ་པ༔ གསང་བ་ལྷ་ལྔར་བསྒྲུབ་པ༔ ཡང་གསང་དཔའ་མོ་གཅིག་པ་དང་ཁྲོ་མོར་བསྒྲུབ་པ༔ དེ་ཁོ་ན་ཉིད་བདེ་བ་ཆེན་པོར་སྒྲུབ་པ་རྣམས་སུ་ཡོད་ཅིང༔ དེ་དག་མ་འོངས་པའི་གདུལ་བྱ་རྣམས་ལ་དགོངས་ནས། ཟབ་པ་དང་རྒྱ་ཆེ་བ་དང་སྙིང་པོའི་ཚུལ་གྱིས་གདམས་ངག་འདྲ་མིན་གསུམ་དུ་བསྡུས་ནས་གཏེར་གནས་གསུམ་དུ་སྦས་པའི་གཅིག་ལ་སྟོད་གྲམ་པ་རྒྱང་གི་གཙུག་ལག་ཁང་ནས་ལྷ་སྲས་མུ་ཁྲིའི་སྤྲུལ་པ་དབོན་སྲས་ཁྱུང་ཐོག་གིས་གདམས་སྐོར་འདི་དང་དུས་མཉམ་ཙམ་དུ་བཞེས། གཅིག་མོན་སྤ་གྲོའི་བྲག་ལ་སྦས་པ་རྡོ་རྗེ་བདུད་འཇོམས་སྐྱེ་མཐའ་བལ་པོ་ཨ་ཧཱུྃ་གིས་བཏོན། ཤིན་ཏུ་ཟབ་ཅིང་འདྲིལ་བ་གསང་སྒྲུབ་ལྷ་ལྔའི་གདམས་སྐོར་འདི་ཉིད་གཙང་རོང་ཆེན་གྱི་སྟོད་ཉིན་མོའི་ཕྱོགས་ཀྱི་བྲག་དམར་པོ་ཟླ་གམ་འདྲ་བའི་ཕུག་པའི་སྒོར་སྦས་པ། ཇོ་བོ་རྗེ་བོད་དུ་མ་བྱོན་ཙམ་གྱི་གོང་དུ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་གཏེར་ནས་བཞེས། དེའང་རྣམ་ཐར་ཡོངས་གྲགས་རྣམས་སུ་གཏེར་ཁ་བཞེས་པའི་འཕྲོས་མེད་ཀྱང་གནས་གསར་པ་མཁྱེན་བརྩེའི་དབང་ཕྱུག་དང་གཏེར་ཆེན་ཞིག་པོ་གླིང་པ་སོགས་ཀྱི་གསན་ཡིག་ཏུ་རོང་ཟོམ་ཆོས་བཟང་གཏེར་མ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་རྗེས་གནང་གསན་ཚུལ་སྣང་ཞིང་། ཕྱིས་དཔེ་ལུང་གི་རྒྱུན་ཆད་པ་ན་རབ་ཚེས་ལྕགས་འབྲུག་ལོར་བཀའ་བབས་བདུན་གྱི་ཆོས་མཛོད་སྔོན་མེད་ཀྱི་ཤིང་རྟ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཆོས་བདག་མཁའ་འགྲོས་དཔེ་རྙིང་དངོས་སུ་ཕུལ། ཨོ་རྒྱན་རིན་པོ་ཆེ་དང་ལོ་ཆེན་བཻ་རོས་སྨིན་གྲོལ་གྱི་གདམས་པས་བྱིན་གྱིས་བརླབས་པའི་ཉམས་སྣང་བཅས་ཐོབ་པས་མཚམས་སྦྱར་ཏེ་གཏན་ལ་ཕབ་ཅིང་། ལོ་དེའི་ས་ག་ཟླ་བར་ཅུང་ཟད་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་མངོན་རྟགས་ཀྱང་གསལ་བ་བཅས་ཡིད་ཆེས་ཀྱི་གདིང་དང་བྱིན་རླབས་ཀྱི་ཚན་ཁ་ཆེན་པོ་དང་ལྡན་པ་སྟེ། གཞུང་ལས། དེ་ཕྱིར་བརྩོན་པས་ཉམས་བླངས་ན༔ མཐའ་བཞིའི་ལེགས་ཚོགས་འདི་ཡིས་འདུ༔ ཕས་རྒོལ་དྲེགས་པ་འདི་ཡིས་འཇོམས༔ སྣོད་བཅུད་འབྱོར་པ་འདིས་འཕེལ་བྱེད༔ དཔེ་ཙམ་བཞུགས་པའི་ཕྱོགས་སུ་ཡང༔ མི་དང་མི་མིན་ཚོགས་པ་དང༔ འདོད་དོན་ཇི་བཞིན་ལས་འགྲུབ་ན༔ ཚུལ་བཞིན་བསྒྲུབས་ན་སྨྲོས་ཅི་དགོས༔ ཞེས་བསྔགས་པར་མཛད་པ་དོན་དང་ལྡན་པ་འདི་ཉིད་ཀྱི་སྨིན་བྱེད་ཀྱི་རིམ་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་རིན་པོ་ཆེ་དང་དར་ཟབ་དམར་པོའི་རིགས་གསེར་ལ་སོགས་པའི་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། པདྨ་མཁའ་འགྲོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་མོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་དབང་མཛད་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་རིགས་བཞི་མཁའ་འགྲོའི་འཁོར་དང་བཅས་པ་ལ་དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ཀྱིས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་མཐའ་དག་སྒོ་གསུམ་གུས་པ་ཆེན་པོ་མགྲིན་གཅིག་པས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སོགས་བགྱིད་པའི་འདུན་པས་རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རེ་རེ་བཞིན་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་བློས་ལྷག་པའི་བསམ་པ་རྩེ་གཅིག་པས་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་བ་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་སྙིགས་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་ཆུ་དང་ལས་སྔགས་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་སེམས་ཧྲཱིཿཡིག་དམར་གསལ་མར་མེ་ལྟར་འབར་བ། དེ་ལས་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལ་སོགས་མངོན་རྟོགས་ལྟར་ལ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་པདྨ་མཁའ་འགྲོ་རིག་བྱེད་རྩལ་སོགས་ནས། རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་རོལ་པ༔ དེའི་དཔྲལ་བར་སྐུ་རྡོ་རྗེ་མའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་མའི་ངོ་བོ་ཨཱཿདམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མའི་ངོ་བོ་ཧཱུྃ་མཐིང་གས་མཚན་པའི་འོད་ཟེར་གྱི་སྣང་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ནམ་མཁའི་དབྱིངས་གང་བ་འཕྲོས། འོག་མིན་གྱི་གནས་དང་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས། ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་དབང་མཛད་པདྨ་མཁའ་འགྲོ། འཁོར་རི་རབ་སུམ་ཅུ་རྩ་གཉིས་རྡུལ་མཉམ་གྱི་མཁའ་འགྲོའི་ཚོགས་དང་བཅས་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། སྦྱར་སྤོས་དང་རོལ་མོའི་སྒྲས་བསྐུལ། སྤྲོ་ན་སྤྱན་འདྲེན་ཚིགས་བཅད་དང་། དབབ་སྔགས་དྲག་ཏུ་བརྗོད། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་བཅས་པའི་མེ་ཏོག་དམར་པོ་སྤྱི་བོར་བཞག །དབང་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་བཅས་རིམ་པར་འབྱུང་བའི་དང་པོ་བུམ་པའི་དབང་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧྲཱི༔ བཀྲ་ཤིས་དགེ་བའི་བུམ་པ་ནི༔ རིག་པའི་བདུད་རྩིས་ཡོངས་གང་བས༔ ཐ་མལ་སྣང་ཞེན་རྣམ་དག་པའི༔ ཡེ་ཤེས་ཕྱག་རྒྱར་དབང་བསྐུར་རོ༔ ཧྲཱིཿཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ བུམ་ཆུ་སྦྱིན་ཞིང་འཐོར། དེ་ལྟར་བུམ་པའི་བདུད་རྩིས་ལུས་ཐམས་ཅད་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་བདག་སྣང་བ་མཐའ་ཡས་ཀྱི་ངོ་བོ་དཔལ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་དང་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ལྡན་དབུ་གཙུག་ནས་དབང་གི་རྟ་སྐད་འཚེར་བས་དབུར་བརྒྱན་པར་གྱུར། དེང་ཕྱིན་ཆད་ཕྱི་སྣོད་ཐམས་ཅད་པདྨ་དབང་གི་གཞལ་ཡས་ཁང་། ནང་བཅུད་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱ་ཀི་པདྨ་མཁའ་འགྲོ་གཙོ་འཁོར་གྱི་རང་བཞིན་དུ་ཤེས་པར་བྱ་དགོས་སོ། །དེས་སྐུའི་རྗེས་སུ་གནང་ཞིང་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཟླས་པའི་ལུང་བླང་བའི་སླད་དུ་སློབ་དཔོན་ལ་མོས་གུས་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་མོའི་རྒྱུད་བསྐུལ། དེའི་ཐུགས་ཀའི་ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་སྟེང་ཧྲཱིཿདམར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་དམ་ཚིག་སེམས་དཔའ་དང་སྙིང་གའི་ཡེ་ཤེས་སེམས་དཔའ་རང་འདྲ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར་འཁོར་བའི་བདེ་བ་ཆེན་པོའི་འོད་ཟེར་གྱིས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཀྱི་པདྨ་ཌཱ་ཀི་ནཱི་དབང་མཛད་མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་བདག་ལ་བསྩལ་ཞིང་བརྟན་པར་བསམ་ལ༔ བསྙེན་སྔགས་ཀྱི་རྗེས་ཟློས་མཛོད། སྔགས་ལན་གསུམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྒྲུབ་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་བརྒྱུད། སྙིང་གའི་ཧྲཱིཿམཐར་འཁོད། དེ་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་སྔགས་ཕྲེང་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར་བ་འཕྲོས༔ མདུན་སྐྱེད་ཀྱི་ཞལ་སོགས་གོང་མདུན་བསྐྱེད་སྐབས་ལྟར་ལ། བསྩལ་ཞིང་བརྟན་པར་བསམ་ལ༔ སྒྲུབ་སྔགས་ཀྱི་རྗེས་ཟློས། སྔགས་ལན་གསུམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་སྐྱེད་ཀྱི་ཐུགས་རྒྱུད་སོགས་གོང་གི་ལས་སྦྱོར་སྐབས་སུ་སྨྲོས་པའི་དམིགས་པ་ཕོག །རབ་འབྱམས་དབང་གི་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ༔ ལས་སྔགས་ཀྱི་རྗེས་ཟློས། ལས་སྔགས་ལན་གསུམ། དེ་དག་གིས་རྩ་རླུང་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས། གཉིས་པ་གསང་བའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོ་པདྨ་མཁའ་འགྲོ་རྟ་མཆོག་ཧེ་རུ་ཀ་དང་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་སྦྱར་པ་མགྲིན་པར་མྱངས་པས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ ཐབས་དང་ཤེས་རབ་སྙོམས་ཞུགས་པའི༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ རྩ་རླུང་ཁམས་ལ་བསྟིམས་པ་ཡིས༔ རྡོ་རྗེའི་སྔགས་སུ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ དེང་ཕྱིན་ཆད་འགྱུ་བའི་རླུང་དང་གྲགས་པའི་སྒྲ་སྐད་ཐམས་ཅད་གསང་བ་སྔགས་ཀྱི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེས་གསུང་གི་རྗེས་སུ་གནང་ཞིང་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །ལམ་རང་ལུས་ཐབས་ལྡན་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་མ་ལས་གཉིས་པ་སྤྲོས༔ སློབ་མའི་རྩ་གསུམ་འཁོར་ལོ་བཞིའི་མས་སྣའི་གཞིིར་གནས་གཏུམ་མོ་ཨ་ཤད་ཀྱི་རྣམ་པ་ལ་ཕོག་པས་མེ་འབར༔ སྤྱི་བོའི་ཧཾ་ལས་བདུད་རྩི་བབས༔ འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་སྐྱེས་པར་མོས་ཤིག༔ སིནྡྷུ་རའི་མཎྜལ་གྱི་རྡུལ་གནས་བཞིར་རེག་ཅིང༔ ཧྲཱི༔ ཇི་སྙེད་རྣམ་པར་རྟོག་པའི་ཚོགས༔ དགའ་བ་བཞི་ཡི་ཕྱག་རྒྱར་སྡོམ༔ བདེ་ཆེན་མཆོག་གི་དམ་ཚིག་གིས༔ ཡེ་ཤེས་ཆེན་པོར་དབང་བསྐུར་རོ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ དེང་ཕྱིན་ཆད་ཚོགས་དྲུག་གང་ལྟར་སྣང་བའི་ཡུལ་དང་རིག་པ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱ་དགོས་སོ། །དེས་ཐུགས་ཀྱི་རྗེས་སུ་གནང་ཞིང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའི་སླད་དུ། སླར་ཡང་སློབ་དཔོན་གྱི་ཏིང་ངེ་འཛིན་སེམས་དཔའ་ལས་གཉིས་པ་སྤྲོས༔ སློབ་མའི་ཏིང་འཛིན་སེམས་དཔའ་ལ་བསྟིམས་པས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས༔ བདེ་སྟོང་བློ་འདས་ཀྱི་དེ་ཁོ་ན་ཉིད་རྒྱུད་ལ་སྐྱེས་པར་མོས་ལ༔ དེའི་ངང་དུ་མཉམ་པར་ཞོག་ཅིག །ཧྲཱི༔ ལྷ་དང་སྣང་བ་ཆོས་ཉིད་ཀུན༔ གདོད་ནས་མ་བྱུང་མ་སྐྱེས་པ༔ བློ་འདས་ཁྱབ་གདལ་ངང་དུ་ཞོག༔ དེ་ཁོ་ན་ཉིད་དབང་བསྐུར་རོ༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ས་མ་ཡ་ཨ་ཨ༔ དེང་ཕྱིན་ཆད་འདི་ལྟར་སྣང་བ་ཐམས་ཅད་སེམས། སེམས་ཀྱི་རང་བཞིན་བདེ་བ། བདེ་བའི་ངོ་བོ་སྟོང་པ། སྟོང་པ་ཉིད་ཀྱང་བློ་འདས་ཀྱི་ཡེ་ཤེས་ཆེན་པོར་ཤེས་པར་བྱ་དགོས་སོ། །དེས་ཡེ་ཤེས་ཀྱི་རྗེས་སུ་གནང་ཞིང་དབང་བཞི་པ་ཐོབ། ཤེས་བྱའི་སྒྲིབ་པ་དག །ལམ་དོན་གྱི་འོད་གསལ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཤིས་པ་བརྗོད། དེ་དག་གིས་པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་དབང་བསྐུར་ལེགས་པར་གྲུབ་པ་སྟེ། དབང་འདི་ཐོབ་པའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་སྙིང་རྗེ་བསྐྱེད༔ རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམ༔ ལྷ་དང་བླ་མ་མི་སྤང་ཞིང༔ སྔགས་དང་ཏིང་འཛིན་རྒྱུན་མི་གཅད༔ གཞན་ལ་ཕན་པ་འབའ་ཞིག་བློས༔ ལས་ཀྱི་སྦྱོར་བ་ཅི་ཡང་སྤྱད༔ ལྷ་མིང་རྫས་དང་གྲུབ་རྟགས་གསང༔ བུད་མེད་རྣམས་ལ་གུས་པར་བྱ༔ ཡོ་བྱད་ཀུན་ལ་མ་ཆགས་པར༔ ཚོགས་གསོག་མཆོད་སྦྱིན་རྒྱ་ཆེར་སྤེལ༔ དེ་ལྟར་རྗེས་སུ་སྤྱད་པ་ཡིས༔ དངོས་གྲུབ་ངེས་པར་ཐོབ་འགྱུར་རོ༔ དེ་བས་འབད་པ་ཐམས་ཅད་ཀྱིས༔ དམ་ཚིག་མཆོག་ཏུ་བསྲུང་བར་གྱིས༔ ཞེས་གདམས་པའི་དོན་རྣམས་ཇི་ལྟར་ནུས་པ་བསྲུང་བར་བགྱི་འོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་བཅས་བྱ། དེ་ལྟར་དབང་གི་རིམ་པས་རྒྱུད་སྨིན་པར་བྱས་ནས། གྲོལ་བྱེད་དབང་བཞི་སོ་སོ་དང་རྗེས་སུ་འབྲེལ་བའི་གདམས་ངག་ཁྲིད་ཚུལ་ཟབ་མོ་འབོགས་པ་ཡིན་པས་རྩེ་གཅིག་ཏུ་ཡིད་དང་རྣ་བ་གཏོད་ནས་གསན་འཚལ། སྒྲུབ་པ་པོ་བདག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ལྷ་སྐུའི་གསལ་སྣང་དང་བཟླས་བརྗོད་ཅི་རིགས་པ་སྔོན་དུ་འགྲོ་བས༔ རང་གི་མིག་ཏུ་ཨཱཾ་ཡིག་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་མཆོག་ཏུ་འབར་བས་ཡུལ་གཟུགས་ཀྱི་སྣང་བ་ཐམས་ཅད་ལ་ཁྱབ༔ དེ་ཐམས་ཅད་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ༔ མིག་གི་ཨཱཾ་ལ་ཐིམ༔ ཡུལ་དང་ཤེས་པ་དབྱེར་མེད་པའི་ཚུལ་གྱིས་དབང་དུ་གྱུར༔ དེ་བཞིན་དུ་རྣ་བའི་འདོམ་རྩར་ཤཾ་དམར་པོ་བདེ་བ་ཆེན་པོའི་འོད་ཀྱིས་སྒྲར་གྲགས་པའི་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་ཤཾ་ལ་ཐིམ༔ སྣའི་འདོམ་རྩར་གཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་དྲིར་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་གཾ་ལ་ཐིམ༔ ལྕེའི་འདོམ་རྩར་རཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་རོར་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་རཾ་ལ་ཐིམ༔ དཔྲལ་བའི་དབྱེས་སུ་སྤཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་རེག་ཏུ་སྣང་བ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་སྤཾ་ལ་ཐིམ༔ སྙིང་གའི་དབུས་སུ་དྷཾ་དམར་པོ་བདེ་བ་ཆེན་པོའི་འོད་ཟེར་གྱིས་ཆོས་སུ་འཛིན་པ་ཐམས་ཅད་ལ་ཁྱབ༔ འོད་དུ་ཞུ་ནས་དྷཾ་ལ་ཐིམ༔ དེ་ལྟ་བུའི་རིམ་པས་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ཚུལ་གྱིས་དབང་དུ་གྱུར་པར་བསམ་ལ༔ གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ དྲི་ཚོར་སྟོང༔ རོ་མྱང་སྟོང༔ རེག་བདེ་སྟོང༔ ཡིད་རིག་སྟོང་དུ་ཤེས་པས་བདེན་གཉིས་དབྱེར་མེད་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག༔ སྐབས་སུ་བོགས་འབྱིན་པའི་སླད་རང་དང་སྣང་བ་ཐམས་ཅད་པདྨ་ཌཱ་ཀི་ནཱིར་གསལ་བ་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་དབང་དུ་བྱས་ཏེ་ང་རྒྱལ་བརྟན༔ དེ་ནི་སྣང་བ་དབང་དུ་བྱེད་པ་བུམ་དབང་གི་ལམ་མོ༔ ལུས་གནད་ཆུན་བཙལ་ལ་རླུང་དུག་བསལ༔ རང་ཉིད་པདྨ་ཌཱ་ཀི་ནཱིའི་ལུས་ནང་རྩ་འཁོར་དང་བཅས་པའི་ལྟེ་བར་ཧྲཱིཿདམར་པོ་འབར་བ་ལ་རླུང་སེམས་བསྡུས་ཏེ་འཇོག༔ དེ་ནས་རླུང་ཕྱིར་བསལ་བ་དང་ལྷན་ཅིག་ཧྲཱིཿལས་བདེ་བ་ཆེན་པོའི་འོད་ཟེར་མེ་ལྕེ་ལྟར་འབར་ཞིང་འཁྱུགས་པ་རོ་རྐྱང་གི་ལམ་བརྒྱུད་སྣ་བུག་ནས་ཐོན༔ འཁོར་འདས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ་པར་ཞུགས་པས་བདེ་བ་ཆེན་པོའི་ངོ་བོར་ཤིག་ཤིག་མེར་མེར་གཡོས་ཤིང་འོད་དམར་པོར་ལམ་སྟེ་ཞུ་བ་རླུང་ནང་དུ་རྔུབས་པ་དང་མཉམ་དུ་འགྲོགས་ཏེ་བྱུང༔ ལྟེ་བའི་ཧྲཱིཿལ་ཐིམ་པས་རླུང་སེམས་མི་ཤིགས་པའི་ཐིག་ལེར་དབང་དུ་བྱས་པར་བསམ་ལ་ཀུམྦྷ་ཀ་ཁ་སྦྱོར་དུ་འཆིང༔ དགང་ཞིང་གཞིིལ༔ མཐར་རླུང་ཕྱིར་འཕང་བ་དང་མཉམ་དུ་སྣོད་བཅུད་ཐམས་ཅད་ཀྱང་སྔར་བཞིན་དུ་གསལ་བར་བསམ་ལ་སྣང་སྟོང་འཛིན་བྲལ་ཡུལ་ཤེས་དབྱེར་མེད་ཀྱི་ངང་དུ་གསལ་བའི་ངར་བསྐྱེད༔ སྟོང་པས་རྒྱས་གདབ༔ ཟུང་འཇུག་གི་གནད་ནས་བཟུང་སྟེ་ཡང་ནས་ཡང་དུ་བསྐྱར༔ སྐབས་སུ་བོགས་འབྱིན་པའི་སླད་ཡུལ་སྣ་ཚོགས་ཀྱི་འདོད་ཡོན་བླང་དོར་དང་བྲལ་བར་བརྟེན་ནས་བརྟུལ་ཞུགས་བསྐྱང་ངོ༔ དེ་ནི་སྟོང་པ་དབང་དུ་བྱེད་པ་གསང་དབང་གི་ལམ་མོ༔ དེ་ནས་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་དཀར་པོ༔ སྙིང་གར་ཧྲཱིཿདམར་པོ༔ ལྟེ་བར་ཨ་ཐུང་དམར་པོ་ཤད་ཀྱི་རྣམ་པ་ཅན་དགོད༔ རླུང་གི་སྦྱོར་བས་ཨ་ཤད་ལས་མེ་ཤིན་ཏུ་ཕྲ་བ་འབར༔ འཁོར་ལོ་བཞི་གང༔ ཧཾ་ལ་རེག་པས་བད་ེབའི་ཉམས་འབར༔ འོད་དམར་སེར་ཁྱུགས་སེ་སྣ་བུག་ནས་ཐོན༔ འཁོར་འདས་བརྟན་གཡོ་ཐམས་ཅད་བསྲེགས་པའི་དྭངས་མ་བདུད་རྩི་དམར་པོའི་རྣམ་པར་དྲངས༔ སྤྱི་བོའི་ཧཾ་ལ་འདུས༔ དེ་ལས་བདུད་རྩི་དཀར་དམར་གྱི་མདངས་ཅན་ནར་གྱིས་བབས་པས་འཁོར་ལོ་བཞི་གང༔ སད་པ་དང༔ རྨི་ལམ་དང༔ གཉིད་མཐུག་དང༔ སྙོམས་འཇུག་གིས་བསྐྱེད་པའི་ཡུལ་ཡུལ་ཅན་ཐ་དད་གཟུང་འཛིན་གྱི་རྟོག་པ་སྦྱངས་ཏེ་སྣང་སེམས་དབྱེར་མེད་ཀྱི་ངང་དུ་འཁོར་འདས་ཐམས་ཅད་དབང་དུ་གྱུར༔ དགའ་བ་བཞིའི་ཡེ་ཤེས་སྐྱེས༔ རྡོ་རྗེ་བཞིའི་ནུས་པ་བསྐྱེད་པར་བསམ༔ སླར་ཡང་འབར་བ་དང་འཛག་པའི་དམིགས་པ་ཡང་ཡང་བསྐྱར་ཞིང་རླུང་དང་འབྲེལ་བར་ཉམས་སུ་བླང༔ བདེ་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག༔ སྐབས་སུ་བོགས་འབྱིན་པའི་ཕྱིར་པདྨ་མཁའ་འགྲོ་མའི་རིགས་ལས་སྐྱེས་པའི་མཚན་ལྡན་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་འཛག་མེད་ཀྱི་བདེ་བ་ལམ་དུ་ཁྱེར་ཞིང་སྤྱོད་པ་བསྐྱང་ངོ༔ དེ་ནི་བདེ་ཆེན་དབང་དུ་བྱེད་པ་དབང་གསུམ་པའི་ལམ་མོ༔ དེ་དག་གི་སྐབས་སུ་བརྟན་གཡོ་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཌཱ་ཀི་ནཱི་བདེན་པ་གཉིས་དབྱེར་མེད་པའི་གནས་ལུགས༔ ཐོག་མར་སྐྱེ་བ་དང༔ དབུས་སུ་གནས་པ་དང༔ མཐར་འགགས་པ་ལྟར་སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར་ཤེས་པས༔ འཁོར་འདས་གཟུང་འཛིན་བདག་གཞན་དུ་ལྟ་བའི་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ལས་འདས་པ་རང་རིག་གཉུག་མ་ཁྱབ་གདལ་གྱི་ངང་དུ་ལྷུག་པར་བཞག༔ སྐབས་སུ་བོགས་འབྱིན་པའི་ཕྱིར་སྣང་སེམས་རོ་གཅིག་པའི་ངང་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་སྤྱད་པར་བྱའོ༔ དེ་ནི་དོན་གྱི་ཡེ་ཤེས་དབང་དུ་བྱེད་པ་དབང་བཞི་པའི་ལམ་མོ༔ དེ་ལྟར་ཉམས་སུ་བླངས་པས་རྩ་རླུང་ཐིག་ལེ་རང་དབང་དུ་འདུས་ཏེ་སྒྲིབ་བྲལ་དྭངས་མ་རིག་པ་འཛིན་པའི་གཟུགས་སུ་འགྱུར༔ སྣང་བ་སྒྱུ་མར་རྟོགས༔ ཤེས་པའི་འཁྲུལ་འཁོར་ཞིག༔ སྣང་ཤེས་དབྱེར་མེད་རང་རིག་བདེ་སྟོང་ཟུང་འཇུག་གཉུག་མའི་གནས་ལུགས་མངོན་དུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ༔ དེ་ཁོ་ན་ཉིད་བདེ་བ་ཆེན་པོར་སྒྲུབ་པ་མཐར་ཐུག་མཆོག་གི་ལས་སྦྱོར་ཏེ༔ དེ་ལྟར་ཇི་སྐད་བཤད་པ་རྣམས་ཚུལ་བཞིན་ཉམས་སུ་བཞེས་པ་ལ་བརྩོན་པར་ཞུ། མཚམས་སྦྱོར་བཅས་དགེ་བསྔོ་བྱས་ལ། དཔོན་སློབ་ཐུན་མོང་དུ་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་སློབ་མ་རང་གནས་སུ་གཏང་། སློབ་དཔོན་གྱིས་གཏང་རག་མཆོད་བསྟོད་ནས་བརྩམ། ཤིས་བརྗོད་ཀྱི་བར་རྗེས་ཀྱི་ཆོ་ག་རྣམས་ལས་བྱང་ལྟར་ཚང་བར་བྱའོ། །བྱང་ཆུབ་སེམས་ལྡན་ཐུབ་བསྟན་འཛིན་རྣམས་དང་། །རབ་གསང་བདུད་རྩིའི་བཅུད་འདི་ལེགས་འཕྲད་ནས། །མཆོག་གི་ལས་ཀྱིས་རླུང་སེམས་རང་དབང་འདུས། །ཐུན་མོང་སྦྱོར་བས་གང་འདོད་ཕྲིན་ལས་གྲུབ། །བསྟན་དང་དེ་འཛིན་འདུས་པའི་དཔལ་འབྱོར་གྱིས། །རྫོགས་ལྡན་གཞོན་ནུའི་ལང་ཚོ་རྒྱས་པ་ལ། །འཇིག་རྟེན་གསུམ་པོའི་ཡིད་དབང་ཐོགས་མེད་དུ། །བསྡུས་ནས་ཐར་མཆོག་བདེ་ལ་སྦྱོར་བྱེད་ཤོག །ཅེས་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ལུང་གི་རྗེས་གནང་དམིགས་སུ་ཐོབ་པ་ལ་བརྟེན། ཕྱག་བཞེས་ཇི་ལྟ་བ་མི་འཁྲུལ་པའི་ཆ་རྐྱེན་དུ་དམིགས་ནས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་གཏེར་གཞུང་ལས་བཀླག་ཆོག་ཏུ་བཀོལ་བ་དགེ་ལེགས་འཕེལ།། །།

འགོང་པོ་ཨར་ལ་གཏད་པའི་མན་ངག་ (Volume 54, Text 32)

༄༅༔ འགོང་པོ་ཨར་ལ་གཏད་པའི་མན་ངག་བཞུགས་སོ༔ ཐེམ་ཅན་བཅུ་གཉིས་པ། ྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ འགྲོ་བ་ཡོངས་ཀྱི་དོན་བྱེད་ན༔ འགོང་པོ་ཨར་ལ་གཏད་པར་བྱ༔ ཅི་ཕྱིར་བོད་ཡུལ་ཁ་བ་ཅན༔ དུས་མཐར་འགོང་པོ་སྤུན་དགུས་འཁྲུགས༔ རྗེ་བློན་འབངས་འཁྲུགས་དཔོན་གཡོག་གྱེས༔ ཕ་སྤུན་ནང་འཁྲུག་གཉེན་སྲིད་འཐོར༔ ཕ་དང་བུ་འཐབས་ཁྱིམ་མཚེས་མཁོན༔ གོས་དང་ཁ་ལྟ་ཡང་ཡང་འགྱུར༔ དེ་རྣམས་འགོང་པོས་དབང་བསྒྱུར་རྟགས༔ དུས་མཐར་འགོང་པོས་བོད་ཁམས་འདུལ༔ དེ་ཚེ་འགོང་པོ་ཨར་གཏད་འདི༔ བྱང་སེམས་ལྡན་པས་ཡང་ཡང་བྱ༔ བསྟན་པ་ཡུན་དུ་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ འགོང་པོ་ཨར་གཏད་མན་ངག་འདི༔ ཕྱག་ན་རྡོ་རྗེ་དངོས་ལ་ཞུས༔ འབྱུང་པོ་འདུལ་བྱེད་རྒྱུད་ལས་བསྡུས༔ སྤྲེ་འུ་ཁྱི་དཀར་སྤྱང་ཀི་ཡི༔ ཐོད་པར་འགོང་པོའི་ལིང་ག་གཞུག༔ གཟུགས་རྣམས་ཕལ་ཆེར་མི་འདྲ་ལ༔ སེང་གེ་སྟག་དང་བྱི་ལ་དང༔ བྱ་དང་སྤྲེ་འུ་ཁྱི་སྤྱང་གདོང༔ རྔ་མོའི་གདོང་པ་དག་དང་མཐུན༔ ཡན་ལག་ལྕགས་ཀྱི་སྒྲོག་ཏུ་བཅུག༔ སྙིང་གར་རཱ་ཙ་ཏྲི་ཞེས་བྲི༔ དཔྲལ་བར་ཕུང་བྱེད་ཨེ་ཞེས་བྲི༔ སྲོད་དང་ཐོ་རངས་དགུག་གཞུག་བྱ༔ ཏིང་འཛིན་ཏིང་འཛིན་ཞེས་བྱ་བ༔ ཡིད་ཀྱིས་འཛིན་ཕུར་ཐེབས་པ་ཡིན༔ བདག་ཉིད་དྲག་པོ་རྩལ་དུ་བསྒོམ༔ ཤར་ཕྱོགས་ཁ་བལྟས་ལྕགས་ཀྱུས་གཟུང༔ སྣང་ཡུལ་རྟོག་པ་འཕྲོ་མི་བྱ༔ ཤེས་པ་རྩེ་གཅིག་དྲིལ་ནས་ཀྱང༔ འགོང་པོ་བོད་ཀྱི་ཤར་ནས་འབྱུང༔ ཤར་ནས་འགུགས་འདྲེན་ཡང་ཡང་བྱ༔ ཁུག་ནས་ཕྱག་རྒྱ་བཞི་ཡིས་བསྡམ༔ སྔོ་དམར་སྐུད་པས་ལིངྒ་དཀྲི༔ སྔགས་རྒོད་འདི་ནི་བཟླ་བར་བྱ༔ སྔགས་འདི་ཡི་གེ་དབུ་ཅན་དུ་འབྲི་རྒྱུ་ཡིན་ནོ།་་་ཨོཾ་བཛྲ་ཙཀྲ་ཨེ༔ སྙིང་ཁ་རག་དུནྟེ་རྦད༔ ཕུང་བྱེད་སྲོག་ལ་རྦད༔ འགོང་པོའི་དབུགས་ལ་རྔུབས༔ བདུད་མོའི་ཤ་ལ་ཆེམས༔ ཕུང་བྱེད་འགོང་པོའི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ མ་ཙ་དུ་ཨ་ཡ་ཤ་ལ་ན་ཧཾ་ཤཾ༔ བཛྲ་ཏྲི་ཏྲིག༔ མཱ་ར་ཡ་རྦད༔ བཛྲ་ནཱི་ལཾ་དྷ་ར་རཀྵ༔ བཛྲ་ཨ་རི་ཨ་རི་ནི༔ ནཱ་ག་ཙ་ཏྲིག་རྦད་ཏྲི༔ ཧ་རི་ཧ་རི༔ ཏྲིམ་ཏྲིམ༔ ཕུང་བྱེད་འགོང་པོའི་སྲོག་རྩ་གཏུབས་གཏུབས༔ དེ་ལྟ་བུ་ཡི་དྲག་སྔགས་འདི༔ རྟགས་དང་སྦྱར་ལ་བཟླས་པར་བྱ༔ རྨི་ལམ་ནང་དུ་གང་བྱུང་བའི༔ གཟུགས་དེའི་སྣའི་སོག་སོག་ལ༔ སྤྲེ་འུའི་གཟུགས་ཀྱི་སྙིང་གར་ཏྲི༔ གསལ་བར་བསྒོམས་ལ་སྔགས་འདི་བརྡེག༔ བོད་ཁམས་འཁྲུགས་ཤིང་ཆོ་འཕྲུལ་ཆེ༔ དྲག་སྔགས་དགུ་བརྒྱ་བཟླས་ལ་བརྡེག༔ ནང་འཁྲུག་ཆོ་འཕྲུལ་བག་རེ་ལ༔ བརྒྱ་རྩ་རེ་ལས་མང་མི་བྱ༔ རྨི་ལམ་ཆོ་འཕྲུལ་བྱུང་བ་ལ༔ ཉི་ཤུ་གཅིག་ལས་མང་མི་དགོས༔ ཐོ་རངས་སྔ་དྲོ་དང་པོ་ལ༔ བདུན་བདུན་བཟླས་པས་ནོན་འགྱུར་ཡིན༔ འགོང་པོ་ཨར་ལ་གཏད་པའི་མན་ངག་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱི་རབས་ལྔ་བརྒྱ་ཐ་མ་ལ༔ བྱང་སེམས་ལྡན་པའི་མི་གསུམ་གྱིས༔ རི་མཐོའི་རྩེ་མོར་སྒྲུབ་པ་བྱ༔ ཟླ་བ་གཅིག་ཏུ་དྲག་སྔགས་བཟླ༔ ལུང་པ་གསུམ་གྱི་འཛོམས་སུ་གནན༔ ལོ་རེར་ལན་རེ་བྱས་པ་ན༔ བོད་ཁམས་བདེ་སྐྱིད་ལྡན་པར་འགྱུར༔ གང་ཟག་གཅིག་གིས་ཞག་བདུན་དུ༔ བསྒྲུབས་པས་ཕྱོགས་དེ་ཁོལ་བུར་བདེ༔ བྱིན་རླབས་ལྡན་པའི་མི་གསུམ་གྱིས༔ རྒྱུན་དུ་སྒྲུབ་པ་བྱས་གྱུར་ན༔ རྟག་ཏུ་བོད་ལ་བདེ་སྐྱིད་འབྱུང༔ བྱང་སེམས་ལྡན་པས་འགྲོ་དོན་མཛོད༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ཟང་ཟང་ལྷ་བྲག་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཤུ་བྷཾ།། ༄༅༔ འགོང་པོ་ཁ་སྒྱུར་བཞུགས་སོ༔ ཨོ་རྒྱན་པདྨ་བདག་གིས་ཀྱང༔ ཕྱི་རབས་དོན་དུ་མན་ངག་འདི༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦས༔ དང་པོ་གཟའ་སྐར་ཐེབས་རྩིས་ལ༔ ཁམ་སའི་རྒྱུ་ལ་སྤྲེ་འུའི་གཟུགས༔ མི་ཚད་གཅིག་ལ་གོས་གླུད་བཀོན༔ འབག་སེང་བྱིས་པ་བྱ་དཀར་དང༔ ཁྱི་དང་དཀོར་གླུད་མང་པོས་བསྐོར༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ ཕྱི་རོལ་འབག་སེང་གླུ་གར་དང༔ བྲོ་དང་རྩེད་འཇོ་མང་པོ་ཡིས༔ རྒྱ་ནག་ཡུལ་དུ་བསྐྱལ་བར་དམིགས༔ དྲག་སྔགས་ཏིང་འཛིན་ལྡན་པས་བསྐྲད༔ ྈྈྈྈྈྈྈྈྈ ལན་ཆགས་སྟོང་ཕྲིན་འཇལ་བ་ནི༔ སེར་སྣ་སྤོངས་ལ་སྦྱིན་པ་གཏང༔ རིགས་དྲུག་ལན་ཆགས་གཏོར་མས་སྦྱང༔ རི་མཐོའི་རྩེ་ལ་རྒྱལ་མཚན་གཟུག༔ ལུང་གསུམ་མདོ་རུ་སྲོག་བསླུ་བྱ༔ ྈྈྈྈྈྈྈྈྈ སྒྲིབ་སྦྱོང་མན་ངག་འདི་ལྟ་སྟེ༔ དམ་པའི་ཆོས་ལ་འུར་འདོན་བྱ༔ རྒྱལ་ཁྲིམས་ཆོས་ཁྲིམས་བཟང་པོ་གཟུང༔ སྒྲིབ་སྦྱོང་གཟུངས་ལ་ནན་ཏན་སྐྱེད༔ ྈྈྈྈྈྈ རིགས་མཐུན་ལྷ་ཡི་མན་ངག་ནི༔ དང་པོ་བགེགས་བསྐྲད་ལན་ཆགས་སྦྱང༔ སྒྲིབ་པ་སྦྱངས་ཏེ་དག་པའི་ལུས༔ རང་གི་ཁམས་དང་ལྷ་ཡི་མདོག༔ སྙིང་པོ་ཡི་གེ་དང་པོ་ནི༔ རང་གི་མིང་ཡིག་མཐུན་པར་སྦྱར༔ གོས་རྒྱན་ཆ་ལུགས་ཐམས་ཅད་ཀྱང༔ ལྷ་ཡི་སྐུ་མདོག་བཞིན་དུ་བྱ༔ གནས་ལུགས་རྟོགས་པའི་སྐྱེས་བུ་འམ༔ ཐེ་ཚོམ་ཡིད་གཉིས་མེད་པ་ཡིས༔ ཞག་གསུམ་བདུན་དང་བཅུ་བཞིའི་བར༔ རིམ་པར་བར་ཆད་སྤངས་པ་ཡིས༔ འདི་སྒྲུབ་ཡོན་ཏན་དཔག་ཏུ་མེད༔ སྡེ་དཔོན་མངའ་ཐང་རྒྱས་པ་དང༔ ཚེ་སྲོག་བསྲིང་བར་ཐེ་ཚོམ་མེད༔ ལོ་ཡི་དུས་སུ་རེ་རེ་བསྒྲུབ༔ ལས་འཕྲོ་ཅན་གྱིས་ཉམས་སུ་ལོངས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཉོན་ཅིག་མངའ་བདག་བོད་ཀྱི་རྗེ༔ ང་ནི་བདེ་གཤེགས་སྤྲུལ་པའི་སྐུ༔ ཅིར་སྣང་རང་བྱུང་རིག་པའི་གདངས༔ ཐབས་དང་རྟེན་འབྲེལ་བསམ་ཡས་ཤེས༔ བོད་ཀྱི་སྡེ་དཔོན་ཁྲིམས་ལྡན་དང༔ དགེ་བྱེད་ཆོས་བཞིན་བྱེད་པ་རྣམས༔ སྙིགས་མའི་དུས་སུ་འདི་ཉིད་ཆོངས༔ ཡོན་ཏན་དྲུག་ལྡན་ནོར་བུའི་མཛོད༔ འདི་ལྟར་བསྒྲུབས་པས་ཅི་བསམ་འགྲུབ༔ བོད་ཁམས་འགོང་པོས་དབང་བསྒྱུར་བས༔ འགོང་པོ་ཁ་སྒྱུར་མན་ངག་བྱ་འོ༔ སྡུག་བསྔལ་རྣམ་སྨིན་རྒྱུ་ལས་བྱུང༔ ཚེ་རབས་སྔ་ཕྱིའི་སྒྲིབ་པ་སྦྱང༔ སྒྱུ་ལུས་བག་ཆགས་རང་གཟུགས་ཡིན༔ རིགས་མཐུན་རྣམ་དག་ལྷ་རུ་བསྒོམ༔ ཏིང་འཛིན་གསལ་བས་ནོར་བུའི་མཛོད༔ ཅི་བསམ་ཡིད་ཀྱི་འཛིན་ཕུར་ཐོབས༔ མ་བཅོས་རང་གྲོལ་དོན་གྱི་མཆོག༔ རྟག་ཆད་གོལ་ས་གཉིས་ལས་འདས༔ འདི་ལྟར་བརྩོན་པའི་སྐྱེས་བུ་རྣམས༔ ཚེ་དང་བསོད་ནམས་རྒྱས་པར་བྱེད༔ དང་པོ་གཟའ་སྐར་བཟང་པོ་ལ༔ དབུ་བཙུགས་མན་ངག་དྲུག་ལྡན་འདི༔ རིམ་པ་བཞིན་དུ་བསྒྲུབ་པས་ནི༔ བགེགས་བཅོམ་ཡོན་ཏན་རྒྱས་པར་འགྱུར༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦས༔ ཟངས་མཛོད་དམར་པོར་རྒྱ་ཡིས་བཏབ༔ གཉན་ཆེན་ཐང་ལྷ་གཉེར་དུ་བསྐོས༔ མ་འོངས་ལྔ་བརྒྱ་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈ ས་མ་ཡ༔ ཁ་ཐཾ༔ ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས༔ རང་སེམས་སྐྱེ་མེད་རྟོགས་གྱུར་ནས༔ ཨོ་རྒྱན་པདྨའི་ཞལ་མཐོང་ཤོག༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །སརྦ་མངྒ་ལཾ།། ༄༅༔ འགོང་པོ་ཨར་གཏད་གནན་པའི་བསྐུལ་བཞུགས་སོ༔ ཨོ་རྒྱན་སྤྲུལ་པའི་སྐུ་ལ་འདུད༔ དུས་ངན་སྙིགས་མའི་འགྲོ་བ་རྣམས༔ ཐུགས་རྗེ་ཆེན་པོས་གཟུང་བའི་ཕྱིར༔ གནས་ཆེན་བྱིན་འབེབ་མན་ངག་ལས༔ འགོང་པོ་འདུལ་གནན་ཆོ་ག་བསྟན༔ རང་ཉིད་ཨོ་རྒྱན་སེང་གེ་སྒྲ༔ ཕྱག་རྡོར་ཉིད་དང་དབྱེར་མེད་བསམ༔ བདེན་སྟོབས་མང་པོ་བརྗོད་ཅིང་དགུག༔ འགོང་པོ་ཤར་གྱི་ཕྱོགས་ནས་འབྱུང༔ ཤར་ནས་འགུགས་འདྲེན་ཡང་ཡང་བྱ༔ ཕྱག་རྒྱ་བཞི་སྤྲོས་ཏིང་འཛིན་སྤར༔ དམིགས་པའི་རྟེན་ལ་ཡང་ཡང་བསྟིམ༔ ཐོད་པར་གཞུག་ཅིང་འདི་སྐད་བརྗོད༔ ཧཱུྃ༔ ང་ནི་དུག་གསུམ་འཇོམས་པའི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ བྱེ་བ་དཔག་མེད་འགྱེད་པ་པོ༔ ང་ནི་སངས་རྒྱས་ཀུན་གྱི་དངོས༔ ང་ནི་རྒྱལ་བ་ཀུན་གྱི་རྗེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་ཡབ༔ ང་ནི་མ་མོ་ཀུན་གྱི་བདག༔ ང་ནི་འབྱུང་བ་ལྔ་ཡི་དབྱིངས༔ ང་ནི་སྲིད་པ་ཀུན་གྱི་མེས༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་བདུད་འདུལ་དྲག་པོ་རྩལ༔ ཁམས་གསུམ་ཀུན་གྱི་སྲོག་གི་བདག༔ སྐྱེ་མེད་འཆི་བྲལ་རྡོ་རྗེའི་སྐུ༔ འགག་མེད་རང་སྟོང་གྲགས་པའི་གསུང༔ སྤྲོས་མེད་བརྗོད་བྲལ་འགྱུར་མེད་ཐུགས༔ སངས་རྒྱས་ཆེ་བའི་ཡོན་ཏན་རྫོགས༔ ཕྲིན་ལས་ལྷུན་གྲུབ་འགྲོ་བ་འདུལ༔ ཐོགས་མེད་སྤྲུལ་པས་འོད་ཟེར་འགྱེད༔ སྲིད་པའི་ཡང་སྲིད་དམ་ཅན་ཚོགས༔ ཀུན་ཀྱང་སྔོན་གྱི་ཐ་ཚིག་བཞིན༔ དཔལ་གྱི་སྐུ་ལ་ད་ཆུམ་ཆུམ༔ སྣང་སྲིད་དྲེགས་པའི་ལྷ་སྲིན་ཚོགས༔ ཀུན་ཀྱང་ང་ཡི་བཀའ་འབངས་ཡིན༔ བཀའ་ལས་མ་འདའ་དམ་ལ་འདུས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཕྱི་རབས་བསྐལ་པ་སྙིགས་མའི་དུས༔ བོད་ཁམས་ཕུང་བྱེད་འགོང་པོ་དགུ༔ སེམས་ཅན་རྣམས་ཀྱི་བདུད་དུ་འབབ༔ དེ་ལས་སྤྲུལ་པའི་དམག་རིགས་དགུ༔ དེ་རྣམས་འབྱུང་བའི་རྟགས་དགུ་ནི༔ དུད་འགྲོའི་མཇུག་སྤུ་མགོ་ལ་འདོགས༔ འབངས་ཀྱིས་རྒྱལ་ལ་རྒོལ་བའི་དུས༔ རྒྱལ་ཁྲིམས་ཉམས་བྱེད་འགོང་པོ་ནི༔ མི་ལུས་སྤྲེ་འུའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མ་བུ་མི་གཅིག་གོས་སུ་གྱོན༔ བོད་འབངས་སིལ་བུར་འཐོར་བའི་རྟགས༔ སྡེ་པ་ནང་འཁྲུགས་འགོང་པོ་ནི༔ མི་ལུས་སེང་གེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ ཕུ་དུང་ཁ་མཐུད་དམར་པོ་འདོགས༔ སྙིང་རྗེ་མེད་པ་བཤན་པའི་རྟགས༔ སྲོག་གཅོད་ནག་པོའི་འགོང་པོ་ནི༔ མི་ལུས་སྤྱང་ཀིའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མི་ཚེ་ཆོ་ལོང་ལས་ལ་དགའ༔ བསོད་ནམས་དབང་ཐང་ཉམས་པའི་རྟགས༔ སླུ་བྱེད་གཡོ་སྒྱུའི་འགོང་པོ་ནི༔ མི་ལུས་ཞུ་མེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མགོ་ལ་རྒྱ་ཞུ་དཀར་པོ་གྱོན༔ རྔམས་སེམས་མེ་ལྟར་འབར་བའི་རྟགས༔ ཚུལ་ཆོས་བདུད་ཀྱི་འགོང་པོ་ནི༔ མི་ལུས་རྔ་མོའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ གནས་དགོན་ཐམས་ཅད་འཐབ་ར་འཆའ༔ བོད་ཁམས་ནང་འཁྲུག་དར་བའི་རྟགས༔ ཁམས་གསུམ་ཕུང་བྱེད་འགོང་པོ་ནི༔ མི་ལུས་ཁྱི་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབརྎ མཐའ་མིའི་སྤྱོད་པ་དབུས་སུ་དར༔ དམག་རིགས་སྡེ་དགུ་ཡོང་བའི་རྟགས༔ རྒོལ་བྱེད་འཁྲུག་པའི་འགོང་པོ་ནི༔ མི་ལུས་བྱ་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར༴ མཐའ་མིའི་སྤྱོད་པ་དབུས་སུ་དར༔ དམག་རིགས་སྡེ་དགུ་ཡོང་བའི་རྟགས༔ རྒོལ་བྱེད་འཁྲུག་པའི་འགོང་པོ་ནི༔ མི་ལུས་བྱ་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར༴ སེང་སློག་ཝ་ཡིས་གྱོན་པའི་དུས༔ སངས་རྒྱས་བསྟན་པ་རྫོགས་པའི་རྟགས༔ ནག་པོ་ཆོམ་བྱེད་འགོང་པོ་ནི༔ མི་ལུས་སྟག་གི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར༴ ཉི་ཟླ་མཐའ་ལ་སྤྱོད་པའི་དུས༔ ནག་པོ་མུན་འཐིབས་འབྱུང་བའི་རྟགས༔ སྡུག་བསྔལ་ཉིད་འཕེལ་འགོང་པོ་ནི༔ མི་ལུས་རྔམས་ཤིང་ཁྲོ་སེམས་ཅན༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ ཕ་ནི་དམ་སྲི་མགོ་དགུ་པ༔ མ་ནི་ཕུང་བྱེད་ནག་མོ་ལ༔ བུ་ནི་འགོང་པོ་སྤུན་དགུ་སྐྱེས༔ ཆོ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད༔ འཛམ་གླིང་འཇོམས་པའི་གོ་གདུག་ཅན༔ ཁྱོད་ཀྱི་མཐུ་སྟོབས་མ་ལུས་ནན༔ གསང་བདག་པདྨའི་ཐུགས་རྗེ་ཡིས༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ ཨོཾ་ལཾཾ་ཨ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དེ་ནས་སྲི་གནོན་བྱང་བུ་ལྟར་དུ་གནན་ཚིག་རྣམས་རྒྱས་པར་བརྗོད༔ ཤུ་བྷཾ།། མི་ལུས་སྤྲེལ་གདོང་། སེང་གདོང་། སྤྱང་ཀིའི་གདོང་། ཞུ་མེའི་གདོང་། རྔ་མོའི་གདོང་། ཁྱི་གདོང་། བྱའི་གདོང་། སྟག་གདོང་། མི་གདོང་། མཇུག་མ་གདོང་དང་མཐུན་པ་ཡན་ལག་ལྕགས་སྒྲོག་ཏུ་བཅུག་པའི་དཔྲལ་བར་ཕུང་བྱེད་ཨེ་ཞེས་པ་རེ་བྲི། སྙིང་གར་རཱ་ཙ་ཏྲི་ཞེས་པ་རེ་རེ་བྲིའོ། །སརྦ་མངྒ་ལཾ། ཤུ་བྷཾ།། །།

ཡེ་ཤེས་རབ་འབར་ལས༔ གྲིབ་དང་མི་གཙང་བ་ཐམས་ཅད་སེལ་བའི་ཐབས་ (Volume 47, Text 32)

༁ྃ༔ ཡེ་ཤེས་རབ་འབར་ལས༔ གྲིབ་དང་མི་གཙང་བ་ཐམས་ཅད་སེལ་བའི་ཐབས་བཞུགས་སོ༔ ཡེ་ཤེས་རབ་འབར་ལས༔ གྲིབ་དང་མི་གཙང་བ་ཐམས་ཅད་སེལ་བའི་ཐབས་ནི༔ པདྨ་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ སྒྲུབ་པའི་རྣལ་འབྱོར་མཚན་ལྡན་ཤེལ་ལྟ་བུ༔ མི་གཙང་རྫས་ཀྱིས་འཇའ་ཚོན་བསྒྲིབས་པ་བཞིན༔ བླ་མེད་གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ༔ གྲིབ་ཀྱི་དྲི་མས་ཡ་མཚན་རྟོགས་ཚོགས་སྒྲིབ༔ དྲི་མེད་མདངས་ཀྱིས་ཡ་མཚན་སྐྱེད་པའི་ཐབས༔ ཡེ་ཤེས་ཟེར་གྱིས་དྲི་མ་སྲེག་པར་བྱེད༔ གང་དེ་ཡེ་ཤེས་རབ་འབར་ཟེར་འབྱུང་བས༔ ཇི་བཞིན་སྒྲུབས་ཤིག་སྐལ་ལྡན་རྗེས་འཇུག་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བལ་དཀར་འོམ་བུ་ཤུག་པའི་ཤིང་བྱང་ལ༔ སྙིང་པོའི་སྔགས་ཤམ་བཏགས་པའི་བསྲེག་རྫས་བསགས༔ མུ་ཁྱུད་གཉིས་ལྡན་འདབ་བཞིའི་ལྟེ་བ་ན༔ འབྱུང་བའི་ས་བོན་བཀོད་པའི་མུ་ཁྱུད་ཕྱིར༔ སྔོན་གྱི་བསྲེག་ཤིང་དཀར་དམར་བསྣོལ་མར་བརྩིག༔ དཀར་ནག་ཏིལ་གྱི་རྫས་ལ་བརྟེན་པ་ཡི༔ དཀྱིལ་འཁོར་དབུས་སུ་མེ་ལྷ་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་སྤྱི་བླུགས་འཛིན༔ ཞབས་གཉིས་ར་སྐྱེས་ཁྲི་ལ་ཕྱེད་སྐྱིལ་བཞུགས༔ ཐུགས་ཀར་སྨེ་བ་བརྩེགས་མ་སྐུ་མདོག་དཀར༔ དག་བྱེད་མེ་ལོང་རིལ་བ་སྤྱི་བླུགས་འཛིན༔ སྤྱི་བོར་ཡེ་ཤེས་རབ་འབར་གཙོ་བོས་བརྒྱན༔ ཡེ་ཤེས་འགུགས་ཤིང་དམ་ཚིག་རྟེན་ལ་བསྟིམ༔ ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་བཀའ་ཡི་མཚམས་འཛིན་པ༔ ཨགྣི་དྲང་སྲོང་གཙོ་བོ་གནས་འདིར་གཤེགས༔ འབར་བའི་དལ་དང་གཉིས་སུ་མ་མཆིས་པར༔ རྣལ་འབྱོར་གྲིབ་གདོན་བསལ་ཕྱིར་བརྟན་པར་བཞུགས༔ ཧཱུྃ་ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དྲག་པོའི་བཀའ་བྱུང་གིས༔ ཕོ་ཉ་སྨེ་བ་བརྩེགས་མ་འདིར་གཤེགས་ཤིག༔ རྣལ་འབྱོར་གྲིབ་གདོན་མ་ལུས་ཞི་བ་དང༔ དག་ཅིང་གཙང་མའི་གཟི་མདངས་བསྐྱེད་དུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཨརྒྷཾ་སོགས་ཀྱིས་མཆོད༔ བསྲེག་རྫས་ནི༔ ཏིལ་ནག་བསྲེགས་ལ༔ ཨཱོྃ་གྷར་ཁཾ་ཙིར་ཁཾ་བྷི་མཱ་ན་སེ་ཨུ་ཙུས་མོ་ཀྲོ་ཏཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡེ་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང༔ ཨཱོྃ་གྷར་ཁཾ་ཙིར་ཁཾ་བྷི་མཱ་ན་སེ་ཨུ་ཙུས་མོ་ཀྲོ་དྷཱི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱོྃ་སརྦ་ཨརྠ་སཱ་དྷཱ་ཡ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་མང་དུ་བརྗོད༔ ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་དུ༔ ཕྲིན་ལས་ལྷུན་གྲུབ་དྲང་སྲོང་དང༔ གཙང་དང་ཞི་ལྡན་སྨེ་བ་བརྩེགས༔ ལྷ་མོར་བཅས་ལ་ཕྱག་འཚལ་བསྟོད༔ ཞི་དང་གཙང་ལྡན་མཛད་དུ་གསོལ༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང༔ བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ད་ལ་ནས་སྲུང་མ་ཨེ་ཀ་ཙཱ་ཏིས་སྤྲད་པ་སྟེ། སྐབས་ཞིག་འགྲུལ་འཚུབ་ཀྱིས་གྲིབ་འཇུག་པ་དང་། ཡིད་ཀྱི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་དཔལ་ལས་རྫོགས་ཆེན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ་ (Volume 67, Text 32)

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ སྐོང་བཤགས་རྡོ་རྗེའི་ཐོལ་གླུ་བཞུགསཿ ཚོགས་ཀྱི་འཁོར་ལོ་ཕྱི་ནང་གི་འདོད་ཡོན་ལ་བརྟེན་པའི་དམ་ཚིག་སྐོང་བཤགས་ཆེན་མོ་ནིཿ རིག་འཛིན་གྱི་ཚོམ་བུ་དེ་དག་གི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་རྣམ་སྤྲུལ་ཡང་མདུན་གྱི་ནམ་མཁའ་ལ་མགྲོན་ཐབས་ཀྱི་རྣམ་པར་སད་པར་བྱ་བ་ནིཿ ན་མོཿ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིངཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནཿ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལཿ བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾཿགྱིས་གདན་འབུལཿ ཞེས་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའི་ཚིག་རྐང་རྣམས་ཀྱིས་ཚོགས་ཞིང་སྒྲུབ་རྗེས་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཟབ་གསལ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བརླབ་པ་ནིཿ དེ་ནས་གཏོར་ཚོགས་རྣམས་ལ་ནང་མཆོད་བྲན་ལཿ ཨཱོྃཿ ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུཿ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངསཿ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིསཿ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིནཿ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་སྒྱུརཿ ཨཱོྃ་ཨཱཿཧཱུྃ་ལན་བདུན་གྱིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དངཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏ྄་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབསཿ ཨཿ རང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབསཿ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོངཿ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནསཿ རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐངཿ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡིཿ གཞི་སྣང་ལོངས་སྐུའི་རྩལ་ལས་དགོངས་པ་འཕོསཿ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནསཿ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐངཿ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལཿ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཅིངཿ དགོངས་བརྡའི་དོན་བརྒྱུད་ཆིག་རྫོགས་སྤྲུལ་པའི་གརཿ སྙན་བརྒྱུད་ཐོས་གྲོལ་ཆེན་མོའི་ཐུགས་དམ་བསྐངཿ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབངཿ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་པ་ལསཿ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལཿ གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐངཿ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལཿ ཁྱབ་བརྡལ་དགོངས་པ་གུད་དུ་བཅད་པ་དངཿ སངས་རྒྱས་གཞན་དུ་བཙལ་པའི་ནོངས་པ་ཀུནཿ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལཿ ཐེག་པ་རིམ་དགུ་སྤྱིར་སྐོང་བཿ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱངཿ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་པའི་ཐུགས་དམ་བསྐངཿ དེ་ལ་ནང་གསེས་ཀྱི་སྡེ་སྣོད་གསུམ་ལསཿ ཉན་ཐོས་འདུལ་བའི་དཀྱིལ་འཁོརཿ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིསཿ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་ཞུགས་ནསཿ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱིཿ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐངཿ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིཿ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱིཿ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབསཿ རང་རྒྱལ་མདོ་སྡེའི་དཀྱིལ་འཁོརཿ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིངཿ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དངཿ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིཿ རང་རྒྱལ་དཀྱིལ་འཁོར་བཞི་ཡི་ཐུགས་དམ་བསྐངཿ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིསཿ བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུནཿ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དངཿ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་སྩོལཿ བྱང་སེམས་མངོན་པའི་དཀྱིལ་འཁོརཿ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངངཿ སྙིང་རྗེས་གཞན་དོན་སྒྲུབ་ལ་ཆེས་དཔའ་ཞིངཿ བདེན་གཉིས་ལམ་འཁྱེར་མངོན་པའི་སྡེ་སྣོད་ཀྱིཿ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐངཿ སོ་སོར་རྟོགས་པའི་ཤེས་རབ་ཏིང་ངེ་འཛིནཿ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དངཿ སྙིང་རྗེའི་མྱུ་གུ་བསྐམས་པའི་ནོངས་པ་ཀུནཿ དག་ནས་ཀུན་ཏུ་འོད་ཀྱི་ས་ལ་སྐྱོལཿ གསང་སྔགས་ཕྱི་པའི་རྒྱུད་གསུམ་ལས་བྱ་སྤྱོད་གཉིསཿ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིངཿ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་སྒྲུབཿ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིཿ དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐངཿ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལཿ ཆ་མཉམ་སྦྱོར་བས་མ་ནིང་ཐེག་པ་སྟེཿ མངོན་བྱང་ལྔ་ཡིས་དཀྱིལ་འཁོར་རྒྱལ་མཆོག་སྒྲུབཿ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐངཿ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དངཿ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱིཿ ཐུན་མོང་དངོས་གྲུབ་འཛད་མེད་ཆར་དུ་སྙིལཿ ཡོ་ག་རྣལ་འབྱོར་རྒྱུདཿ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡིཿ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགསཿ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེསཿ ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐངཿ བདག་དང་ལྷ་ལ་བཟང་ངན་བལྟས་པ་དངཿ བསྙེན་སྒྲུབ་མཆོད་པ་སྦྱིན་སྲེག་ཆག་པ་དངཿ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུནཿ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལཿ བླ་མེད་གསང་སྔགས་ནང་པའི་རྒྱུད་གསུམ་ལས་མ་ཧཱ་ཡོ་གཿ བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབསཿ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུཿ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགསཿ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐངཿ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླངཿ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔཿ གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུནཿ བཤགས་སོ་རིག་འཛིན་རྣམ་བཞིའི་ས་ལ་སྐྱོལཿ ལུང་ཨ་ནུ་ཡོ་གཿ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནངཿ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབསཿ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལཿ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་དམ་བསྐངཿ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དངཿ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གིཿ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུཿ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལཿ འོད་གསལ་རྫོགས་པ་ཆེན་པོཿ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུཿ ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློངཿ་་་སྒྲོན་བཞིའི་སྟེང་བར་དོའི་དུས་ཀྱི་སྒྲོན་མ་ནི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཤར་བ་ངོ་ཤེས་པས་གདོད་མའི་སར་སྐྱེལ་བའོ། །མཐར་ཐུག་འབྲས་བུའི་སྒྲོན་མ་ནི་ཡེ་ཤེས་དབྱིངས་སུ་འཁྱིལ་པ་གཞོན་ནུ་བུམ་པའི་སྐུའི་ཞིང་ན་བཙན་ས་ཟིན་པའོ། །རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷཿ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐངཿ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིསཿ གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངསཿ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ རྩ་གསུམ་ཌཱཀྐི་དམ་ཅན་སྤྱིར་དགོས་སུཿ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློངཿ ཐ་དད་རིག་པས་བཏགས་པའི་སྲིད་ཞིའི་མགྲོནཿ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དངཿ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལཿ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙཱཿ ཟུང་འཇུག་ཐུགས་རྗེ་བཛྲ་སཱ་དྷུ་སོགསཿ སྙིང་ཐིག་གཉན་པོའི་བཀའ་སྲུང་ཐམས་ཅད་དངཿ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིངཿ འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལཿ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དངཿ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིངཿ ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངསཿ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དངཿ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལཿ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོཿ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉནཿ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱིཿ ཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལཿ གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགསཿ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དངཿ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དངཿ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགསཿ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིངཿ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའིཿ དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡིཿ ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པཿ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོནཿ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབསཿ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེརཿ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའིཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལསཿ གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེརཿ བློ་བྲལ་ཐུགས་ཕྲད་ཤེས་པའི་ངོ་བོ་རུཿ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགསཿ སྣང་བ་རྒྱན་དུ་ཤར་པའི་རྒྱལ་སྲིད་བདུནཿ རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔཿ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གརཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་སྐྱིལཿ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལརཿ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་པའི་ཁྲགཿ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏཿ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔཿ ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོངཿ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུནཿ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལཿ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློངཿ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལཿ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གརཿ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫསཿ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལཿ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིསཿ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱག་རྒྱ་དངཿ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལཿ སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོནཿ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལཿ མ་ཉེས་ཁ་ཡོག་ཅལ་སྒྲོག་ངན་སྦྱོར་གཤོམཿ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡིཿ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་ཐུངསཿ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནསཿ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུཿ མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫསཿ རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིརཿ སྟག་མོས་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེཿ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགསཿ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡིཿ ཕྲ་རགས་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅནཿ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློངཿ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོགཿ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལཿ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལསཿ འབྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམསཿ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོགཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུནཿ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིསཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནསཿ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཿ གུ་ཧྱཿ བརྡ་ཐིམཿ གང་འདི་འོག་མིན་དཔལ་གྱི་མཆིམས་ཕུ་ཡིཿ མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་པ་རུཿ བྷུ་སུ་ཀུ་པ་མཁྱེན་བརྩེའི་འོད་ཟེར་དེཿ གཅིག་པུར་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐབསཿ གནམ་གནོན་ལྕགས་འབྲུག་ཟླ་བ་ཤར་བའི་མགོརཿ བདག་གི་སྟོན་པ་གྲོང་ཁྱེར་སྒྲ་སྒྲོག་གིཿ རྒྱལ་པོ་ཨུ་ཏྲ་ཡ་ནས་སྤྱན་དྲངས་ཏེཿ མཆོད་ཅིང་བསྙེན་བསྐུར་ཞུས་པའི་དུས་ཆེན་ཉིནཿ སྒྲུབ་པ་སྙིང་པོར་བྱེད་པའི་ཆ་རྐྱེན་དུཿ ཡུལ་གྱི་རྟེན་འབྲེལ་དག་པས་མཚམས་སྦྱར་ཏེཿ དག་པ་ཡེ་ཤེས་རིག་འཛིན་ངོར་ཤར་བཞིནཿ ཀློང་ཆེན་དགོངས་པའི་གསང་མཛོད་ནས་ཕྱུང་སྟེཿ བརྡ་ཚིག་ཡི་གེའི་ལམ་དུ་སྣང་བར་བྱསཿ བྱ་སླ་ཁྱེར་བདེ་ཟབ་མོའི་གནད་ཀུན་ཚངསཿ ཉམས་ཆག་སྡིག་སྒྲིབ་དག་ཅིང་ཐུགས་དམ་སྐོངཿ འཕྲལ་རྐྱེན་རྟེན་འབྲེལ་ངན་པ་ཟློག་པར་ནུསཿ བསམ་དོན་ཡིད་བཞིན་འགྲུབ་ཅིང་དངོས་གྲུབ་ཐོབཿ དེ་ཕྱིར་འདི་ཉིད་ཨུ་པ་དེ་ཤ་སྟེཿ བདག་རྗེས་འབྲང་བ་རྣམས་ཀྱིས་དང་དུ་ལོངསཿ སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་ལ་གཏདཿ སྐལ་མེད་ལོག་ལྟ་ཅན་ལ་ཨ་ཐམ་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ

རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བཞིའི་མཚམས་སྦྱོར་སྙིང་པོར་དྲིལ་བ་ཡེ་ཤེས་དཔལ་སྟེར་ (Volume 24, Text 32)

རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བཞིའི་མཚམས་སྦྱོར་སྙིང་པོར་དྲིལ་བ་ཡེ་ཤེས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །བླ་མ་སྤྱན་རས་གཟིགས་དབང་ལ། །གུས་པ་ཆེན་པོས་ཕྱག་བགྱིས་ཏེ། །ཡང་གསང་བླ་ན་མེད་པ་ཡི། །སྨིན་བྱེད་ཆོ་ག་ཁྲིགས་སུ་བསྡེབ། །དེ་ལ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་སྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སློབ་དཔོན་གྱིས་སློབ་མ་རྗེས་སུ་འཛིན་པར་འདོད་ན། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཅིང་མཆོད་པ་སྔོན་དུ་སོང་ནས། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། བགེགས་བསྐྲད་སྲུང་འཁོར་ལོ་རྒྱུས་ཇི་ལྟར་རིགས་པ་དང་མཚམས་སྦྱོར་གྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབ་པ་ནི། རང་གཏེར་ཁ་བྱང་ལས། འདི་ལ་དབང་བའི་རྣལ་འབྱོར་པ༔ ཐུགས་རྗེ་ཆེན་པོ་སྒྱུ་མའི་མདངས༔ རཏྣའི་མངོན་སྣང་ལྷོ་ནས་འབྱུང༔ ཨོ་རྒྱན་ཟབ་གཏེར་དོན་ཡོད་ཀྱིས༔ འགྲོ་རྣམས་བདེ་སྐྱིད་ཕུན་ཚོགས་སྟེར༔ ཞེས་སོགས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན། འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྲུབ་པའི་དབང་ཕྱུག་ཆེན་པོ་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་སྤྲུལ་པའི་རྣམ་རོལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ་པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཤར་ཤིང་སྒོ་གངས་ཀྱི་ར་བའི་གསང་བ་བྲག་གི་ཐེམ་བར་ནས་བར་ཆད་མེད་པར་སྤྱན་དྲངས་པའི། འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་འབུལ་བའི་སྐབས་སུ་བབ་པ་ཡིན། དེ་ལའང་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས། ཐོག་མར་བདག་ཉིད་ཀྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་ལེགས་པར་གྲུབ་ཟིན་པའི་དབང་དུ་བྱས་ནས་ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོ་ཐ་མི་དད་པའི་སྤྱན་སྔར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་གསང་ཡེ་རྣམ་རོལ་པའི༔ སློབ་དཔོན་མཆོག་ཉིད་དགོངས་སུ་གསོལ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ འཇུག་པའི་ལམ་བཟང་བསྟན་དུ་གསོལ༔ སློབ་དཔོན་གྱིས། ཧོ༔ དུས་གསུམ་དྲི་མ་ཅི་མཆིས་པ༔ འཕྲད་ཆོག་རང་གྲོལ་མཉམ་པ་ཉིད༔ མངོན་དུ་གྱུར་པ་ཟབ་མོའི་ལམ༔ ཡང་གསང་བླ་མེད་དལ་དུ་འཇུག༔ ཅེས་གནང་བ་བྱིན་ནས། རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ མར་གྱུར་འགྲོ་བ་མ་ལུས་ཀུན༔ ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔ འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར༔ ཐུགས་རྗེ་ཆེན་པོ་བསྒོམ་པར་བྱ༔ སྐབས་འདིར་སྤྲོ་ན་སྡོམ་གཟུང་གཞུང་ལྟར་དང་། མིག་དར་མེ་ཏོག་སྦྱིན། དབང་གི་གཞི་རྟེན་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱི་འོད་ཟེར་བརྡལ་བ་ལྟ་བུ་ཞི་འཛུམ་མཛེས་པའི་མཚན་དཔེ་ཡོངས་སུ་རྫོགས་པ་ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་མ་དང་མཉམ་པར་སྦྱོར་བ། སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུའི་སྐུ་ལ་ཞི་བའི་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པར་ལམ་གྱིས་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་། ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་ཞིང་ཁམས་ནས་ཡེ་ཤེས་པ་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧྲཱི༔ རྒྱལ་བ་རྣམས་ཀྱི་རང་བཞིན་སྤྱན་རས་གཟིགས༔ བདེ་གཤེགས་ཀུན་གྱི་ལས་བྱེད་ཐུགས་རྗེ་ཆེ༔ སྣང་མཐའ་ཚད་མེད་ཐུགས་རྗེའི་སྐུར་བཞེངས་པ༔ འཕགས་མཆོག་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ རྩ་སྔགས་མཐར། བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲང་། ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ་ཞེས་བརྟན་པར་བྱ། མིག་དར་བསལ་ཞིང་མེ་ཏོག་འབུལ་བ་དང་དཀྱིལ་འཁོར་བསྟན་པ་བཅས་སྔོན་དུ་འགྲོ་བས། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས་དངོས་བཞིའི་དབང་གི་སླད་དུ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདེ་ཆེན་གསང་ཡེ་རྣམ་རོལ་པའི༔ བཀའ་དྲིན་མཉམ་མེད་སློབ་དཔོན་དགོངས༔ བདག་ལ་ཡང་གསང་བླ་མེད་ཀྱི༔ དངོས་གཞིའི་དབང་མཆོག་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། མདུན་གྱི་དཀྱིལ་འཁོར་སློབ་དཔོན་དབང་རྫས་དང་བཅས་པ་འཕགས་མཆོག་ཐུགས་རྗེ་ཆེན་པོར་གསལ་བས་དབང་བཞི་རིམ་པ་བཞིན་དུ་སྩོལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ། ཐོག་མར་བུམ་དབང་ནི། རྣམ་བུམ་བཏེགས་ལ། ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱེར་མེད་པའི༔ ཡེ་ཤེས་བཅུད་ཀྱི་བདུད་རྩི་འདིས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕུང་པོ་སྤྲུལ་སྐུར་རང་གྲོལ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ གསང་དབང་བྷནྡྷའི་བདུད་རྩི་ཐོགས་ལ། ཧྲཱི༔ གསང་བ་ཡེ་ཤེས་མཁའ་དང་ཀློང༔ རང་བྱུང་ཡེ་ཤེས་པདྨའི་སྣོད༔ ཆོས་ཀྱི་འབྱུང་གནས་ལེགས་འོངས་པའི༔ གསང་དབང་ལོངས་སྐུར་རང་གྲོལ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྤྲོ་ན་རྗེས་འབྲེལ་དུ་བཟླས་ལུང་སྦྱིན། ཤེར་དབང་རིག་ཙཀ་ཐོགས་ལ། ཧྲཱི༔ ཤེས་རབ་དགའ་བའི་ཡེ་ཤེས་བཅུད༔ རེག་ཚད་རྣམ་པར་གྲོལ་བའི་བཅུད༔ བདེ་བ་ཆེན་པོ་ཟག་མེད་ཀྱིས༔ རང་གྲོལ་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་བཞི་པའི་སླད་དུ་ཤེལ་དང་མེ་ལོང་ཐོགས་ལ། ཧྲཱི༔ སེམས་ཉིད་སྐྱེ་བ་མེད་པ་ལ༔ མ་འགགས་རང་གྲོལ་ཡེངས་མེད་ཀྱི༔ རྩོལ་བྲལ་བློ་འདས་ཀ་དག་གི༔ རང་གྲོལ་བདེ་བ་ཆེན་པོར་སྤྱོད༔ ལུས་གནད་སེང་གེ་གླང་ཆེན་དྲང་སྲོང་ལ༔ ངག་གནད་རླུང་སེམས་དལ་བར་བསླབ༔ ཡིད་གནད་གཞི་འཛིན་རིག་པ་ལུ་གུ་རྒྱུད༔ དོན་གྱི་དབྱིངས་ལས་འདའ་བར་མི་བགྱིད་དོ༔ རྩ་སྔགས། ཨ་ཨ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་གཏོར་མ་ཐོགས་ལ། ཧྲཱི༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྒྲུབ་པའི་རྟེན༔ དམ་རྫས་བ་ལིཾ་གཏོར་མས་དབང་བསྐུར་བས༔ སྐུ་གསུང་ཐུགས་དང་ཡོན་ཏན་རབ་རྫོགས་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ རྩ་སྔགས་དང་། ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་དབང་བཞི་སོ་སོའི་དམིགས་པའི་ཁྱད་པར་དང་། དག་པ་བརྗོད་པ་སྤྱི་ལྟར་བྱ་ཞིང་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱིས་མངའ་གསོལ། ཤིས་བརྗོད་མེ་ཏོག་འཐོར། དམ་ཚིག་བསྡུས་ཏེ་ཁས་བླངས་ལ། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། །དྲན་པས་གདུང་སེལ་འཕགས་པ་མཆོག །ཕྱག་ན་པདྨོའི་དཀྱིལ་འཁོར་དུ། །བྱིན་རླབས་དབང་གི་རིམ་པ་འདིས། །འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་གཏེར་གཞུང་རྡོ་རྗེའི་ཚིག་དང་། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱིས་མཛད་པའི་མཚམས་སྦྱོར་ལས་འཇུག་བདེ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །དགེ་ལེགས་འཕེལ།། །།ཛ་ཀ་སྤྲུལ་སྐུའི་གསུང་ངོ་།།

རྩ་གསུམ་དྲིལ་སྒྲུབ་གསོལ་འདེབས་ཀྱི་ལས་བྱང་དངོས་གྲུབ་རིན་པོ་ཆེའི་ཆར་འབེབ་གསལ་བར་བྱེད་པ་མཁའ་འགྲོ་གདུང་བའི་གླུ་དབྱངས་ (Volume 4, Text 32)

༄༅། །རྩ་གསུམ་དྲིལ་སྒྲུབ་གསོལ་འདེབས་ཀྱི་ལས་བྱང་དངོས་གྲུབ་རིན་པོ་ཆེའི་ཆར་འབེབ་གསལ་བར་བྱེད་པ་མཁའ་འགྲོ་གདུང་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཧཱུྃ། ཇི་ལྟར་གསོལ་བཏབ་དེ་ལྟར་འདོད་པ་འཇོ། །ཤིན་ཏུ་སྦྱངས་པའི་ནོར་བུའི་རྒྱལ་པོ་བཞིན། །མཆོག་དངོས་སྦྱིན་ལ་དེས་ཀྱང་མི་བསྒྲུན་པ། །རྒྱལ་དབང་པདྨས་སྐྱེ་ཀུན་རྗེས་འཛིན་མཛོད། །ཐུགས་རྗེ་མྱུར་སྐུལ་གང་བསམ་འགྲུབ་པ་ལ། །བཀླག་པས་འགྲུབ་པའི་ཕྲིན་ལས་ཁྱད་པར་ཅན། །ལྗོངས་འདིར་སྔོན་ཆད་མཚན་ཙམ་དཀོན་པས་ན། །རྣམ་གསལ་ལག་ཏུ་བླང་བའི་ཁྲིགས་སུ་བཀོད། །དེ་ལ་གཉིས། ཁྱད་པར་ཅན་ཕྲིན་ལས་ཀྱི་དོན་མདོར་བསྟན། ཁྱད་པར་དེ་ལྡན་གྱི་ཕྲིན་ལས་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་ཡུལ་དུ་བཞུད་ཁར་གསང་གཏེར་ཡང་སྙིང་གི་གདུལ་བྱར་གྱུར་པའི་རྗེ་འབངས་གྲོགས་ལྔས་གསོལ་འདེབས་ཀྱི་ཕྲིན་ལས་དངོས་གྲུབ་གཉིས་མོད་ལ་ཐོབ་པར་བྱེད་པ་ཞིག་གནང་བར་ཞུས་པས་ལས་བྱང་འདི་ཉིད་བཀའ་བསྩལ་པ་ན། ཚོགས་གྲལ་དུ་འདུས་པའི་དཔའ་བོ་ཌཱ་ཀི་དཔག་ཏུ་མེད་པས་ཨ་ལ་ལ་ཡི་སྒྲ་བསྒྲགས་ཤིང་། དངོས་གྲུབ་རིན་ཆེན་ཆར་ཕབ་བོ། །ཞེས་བསྔགས་ཤིང་། གུ་རུའི་ཞལ་ནས་ཀྱང་། ཡང་སྙིང་རིག་པ་རྩལ་གྱི་དབང་ཐོབ་ནས༔ རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་ཚང་བས་གསོལ་བ་འདེབས་ན༔ ཨོ་རྒྱན་ང་དང་འབྲལ་བ་མེད༔ ཚེ་འདིར་དངོས་གྲུབ་ཐམས་ཅད་འབྱུང༔ དམ་ཅན་མཁའ་འགྲོས་སྲུང་ཞིང་སྐྱོབ༔ དེ་དང་མི་ལྡན་སྐྱེ་བོ་རྣམས༔ གསོལ་བ་འདེབས་ལ་བརྩོན་གྱུར་ཀྱང༔ རྐྱེན་མ་ཚོགས་པའི་སོ་ནམ་འདྲ༔ འབྲས་བུ་རྫོགས་པར་འབྱུང་བ་མེད༔ ཅེས་གསུངས་ཏེ། ཕྲིན་ལས་གཞན་བཅའ་གཞི་དང་ཏིང་འཛིན་ཚོགས་པ་ལ་ལྟོས་དགོས་ཤིང་། འདི་ནི་དད་མོས་དང་ལྡན་པས་བཀླག་པ་ཙམ་གྱིས་ཀྱང་འགྲུབ་པའི་ཕྱིར་མཆོག་དམན་ཀུན་ལ་འཕྲལ་ཡུན་ཕན་པ་སྟེར་བར་བྱེད་པ་སྟེ་གཏེར་ཁ་གཞན་ལ་མ་གྲགས་པའི་ཁྱད་པར་གྱི་ཆོས་སོ། །གཉིས་པ་ནི། དབེན་པའི་གནས་སུ་མཆོད་གཏོར་བཤམ༔ དམ་རྫས་ཚོགས་ཀྱི་ཡོ་བྱད་བསགས༔ དེ་ནས་དཔའ་བོ་རྣལ་འབྱོར་མས༔ ཆོ་གའི་ལས་ལ་འདི་ལྟར་འཇུག༔ ཅེས་དང་། ཕྲིན་ལས་ཀྱི་ས་བཅད་ཀྱང་། ཚེ་འདིར་དངོས་གྲུབ་དོན་གཉེར་བའི༔ སྐལ་ལྡན་ཡིད་ལ་འདི་ལྟར་ཞོག༔ དང་པོ་བགེགས་ལ་གཏོར་མ་སྦྱིན༔ སྐྱབས་འགྲོ་སེམས་བསྐྱེད་མཚམས་བཅད་ཅིང༔ བཤགས་པ་བྱིན་དབབ་སྔོན་འགྲོའི་ཆོས༔ དོན་གསུམ་བདག་གིས་བསྟན་པ་ཡིན༔ ཏིང་འཛིན་གསུམ་བསྐྱེད་སྤྱན་དྲངས་བཞུགས༔ ཕྱག་འཚལ་ཕྱི་ནང་གསང་བ་དང༔ བླ་མེད་མཎྜལ་བདུད་རྩི་དང༔ གཏོར་མ་བསྟོད་པ་ཛཔ྄་ཀྱིས་མཆོད༔ དངོས་གཞིའི་ཆོས་སྟེ་བཅུ་གཉིས་སོ༔ ཚོགས་མཆོད་རིག་འཛིན་མཁའ་འགྲོ་བསྐུལ༔ དངོས་གྲུབ་བླང་ཞིང་ལྷག་གཏོར་སྦྱིན༔ གཤེགས་གསོལ་བསྔོ་བ་བཀྲ་ཤིས་བྱ༔ རྗེས་ཀྱི་ཆོས་ཏེ་བརྒྱད་ཀྱིས་བསྡུས༔ འདི་དོན་ང་ཡིས་བསྟན་པ་ཡིན༔ ཞེས་གསལ་བར་གསུངས་པ་ལ་བརྒྱུད་པའི་རིག་འཛིན་རྣམས་ཀྱིས་གོ་སླའི་དབང་དུ་དགོངས་ནས་ཅུང་ཟད་རྒྱས་པར་ཕྱེས་པ་ལྟར་འཆད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། དང་པོ་ལ་ཉེར་བསྡོག་དང་ཆོ་ག་གཉིས་ལས། དང་པོ་ནི། གེགས་དང་དམ་སེལ་གྱིས་དབེན་པའི་གནས་ཡིད་དུ་འོང་བར་ཡར་ངོའི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོའམ། རང་ཉིད་ལ་མོས་གདུང་ཁྱད་པར་ཅན་སྐྱེ་བའི་གསང་བའི་དུས་སུ་འཛོམ་ན་བླ་མའི་སྐུ་འབག་སོགས་རྟེན་བྱིན་རླབས་ཅན་བཀྲམ་པའི་མདུན་དུ་སྟེགས་གཙང་མར་བླ་གཏོར་ཕྱག་བཞེས་མའམ། མཐོང་བརྒྱུད་མེད་ན་སྤྱི་འགྲོའི་བླ་གཏོར་རིན་ཆེན་ཟུར་བརྒྱད་མ་རྒྱན་ལྡན་དར་གུར་ཟས་སྣ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད། མར་མེའི་ཕྲེང་བ་བརྒྱ་རྩ་ཡན་ཆད། མཁའ་འགྲོའི་གཏོར་མ། བཀའ་སྲུང་གཏོར་འབུལ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཚོགས་པར་བྱའོ། །གཉིས་པ་ལ་བརྒྱད་ཡོད་པའི་ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། མོས་གུས་གདུང་ཤུགས་བསྐྱེད་ལ། མཁའ་སྤྱོད་རིག་པ་འཛིན་པའི་ས༔ རྣམ་དག་འོད་གསལ་ཕོ་བྲང་དུ༔ ཁྱབ་བདག་ཐུགས་ཀྱི་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ ཟག་མེད་བདེ་བ་ཆེན་པོའི་གནས༔ རྣམ་ཀུན་མཆོག་ལྡན་ཕོ་བྲང་དུ༔ ཡུམ་ཆེན་ཡེ་ཤེས་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ ཨོ་རྒྱན་དཔའ་བོ་མཁའ་འགྲོའི་གནས༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གུ་རུ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ བླ་མེད་ཆོས་འཁོར་བསྐོར་བའི་གནས༔ ཏི་གྲོ་ཆོས་ཀྱི་ཕོ་བྲང་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས༔ བསམ་ཡས་མཆིམས་ཕུའི་ཡང་གོང་དུ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ ཟབ་ལམ་སྙན་བརྒྱུད་རྫོགས་པའི་ས༔ རྣམ་དག་རྒྱུད་སྡེའི་ཕོ་བྲང་དུ༔ དཔལ་ལྡན་འཇམ་དབྱངས་བླ་མ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ བཀའ་ལུང་བྱིན་རླབས་འབྱུང་བའི་ས༔ གཞན་ཕན་ཕྲིན་ལས་ཕོ་བྲང་དུ༔ ཐུགས་སྲས་རྡོ་རྗེ་རྒྱལ་མཚན་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ གནས་གསུམ་མཁའ་འགྲོ་འདུ་བའི་ས༔ འཇའ་དང་འོད་ཀྱི་ཕོ་བྲང་དུ༔ མཚན་ལྡན་ཡེ་ཤེས་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ བཀའ་བརྒྱུད་བླ་མ་འདུས་པའི་ས༔ གཟིམས་ཁང་ཤར་གླིང་དབེན་གནས་སུ༔ ཐུགས་སྲས་ཡིད་བཞིན་ནོར་བུ་ལ༔ གསོལ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ དངོས་གྲུབ་རྣམ་གཉིས་འབྱུང་བའི་ས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ རྗེ་བཙུན་འཁྲུལ་ཞིག་ཆེན་པོ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ དྭངས་མ་ལྔ་ལྡན་འོད་ལྔའི་ཀློང༔ འབྲལ་མེད་སྙིང་གི་དཀྱིལ་འཁོར་དུ༔ སྤྲུལ་སྐུ་ཟིལ་གནོན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ རང་ལུས་རྩ་ཁམས་འདུས་པའི་གནས༔ ཡེ་ཤེས་མངོན་གྱུར་ཕོ་བྲང་དུ༔ ཆེ་མཆོག་བདེ་ཆེན་འཁོར་ལོ་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ སྣང་སྲིད་རྣམ་དག་དཀྱིལ་འཁོར་དབུས༔ དམ་ཚིག་གཙང་མའི་ཚོགས་གྲལ་དུ༔ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གནས༔ ལས་བཞི་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐྱོང་དམ་ཅན་གཏེར་བདག་ལ༔ གསོལ་བ་འདེབས་སོ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ༔ གཉིས་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། ཤ་ཆང་གིས་བརྒྱན་པའི་བགེགས་གཏོར་བཤམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱབ་ཤུདྡྷོ྅་ཧཾ༔ ཧཱུྃ༔ རང་རིག་པདྨ་ཉི་ཟླའི་གདན་སྟེང་དུ༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ འཕྲོས་པས་གཏོར་མའི་མ་དག་རྫས་ལ་ཕོག༔ མེ་རླུང་ཆུས་བསྲེགས་གཏོར་བཀྲུས་བྱས་གྱུར་ཏེ༔ རང་བཞིན་སྤྲོས་བྲལ་ནམ་མཁའི་ངང་དུ་གྱུར༔ དེ་ལས་རིག་སྟོང་དབྱེར་མེད་བྱང་ཆུབ་སེམས༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་ཁང་བརྩེགས་ནང༔ འབྲུ་གསུམ་ལས་བྱུང་ཟག་མེད་ལོངས་སྤྱོད་རྫས༔ འདོད་ཡོན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧཾ༔ ཞེས་ལན་གསུམ་གྱིས་བྱིན་བརླབ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ གཞི་བདག་བགེགས་ཚོགས་མཐའ་དག་བཀུག་ནས་ཀྱང༔ ཟག་མེད་གཏོར་མའི་འདོད་ཡོན་ལོངས་སྤྱོད་ཅིང༔ ལུས་ངག་ཡིད་གསུམ་དགའ་བདེའི་དཔལ་ལ་རོལ༔ ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཁཱ་ཧི་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱས་ལ་བསྔོ། ཧཱུྃ༔ གནས་འདིར་འཁོད་པའི་བགེགས་ཚོགས་ཇི་སྙེད་ཀུན༔ ཟག་མེད་གཏོར་མའི་མཆོད་སྦྱིན་འདི་ལོངས་ལ༔ རིག་འཛིན་འདུས་པ་ཨོ་རྒྱན་ཆེན་པོ་ཡི༔ གསང་བ་སྤྱོད་པའི་གནས་འདིར་མ་འཚེ་བར༔ དཀར་ཕྱོགས་ལྷ་ཀླུ་འདིར་འཁོད་བར་ཆད་སྲུངས༔ ནག་ཕྱོགས་མི་མིན་འབྱུང་པོ་གཞན་དུ་དེངས༔ ན་མོ་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བྱིན་གྱི་རླབས་ཀྱིས་གསང་ཆེན་རོལ་པའི་གནས་འདིར་མ་འཚེ་བར་བྱིན་རླབས་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ས་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ ཨོཾ་སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་དོ། །གསུམ་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་ཨོ་རྒྱན་རིན་པོ་ཆེ་མཁའ་འགྲོའི་ཚོགས་དང་བཅས་པ་དངོས་སུ་གསལ་བར་གྱུར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་དྲིན་ཆེན་རྩ་བའི་བླ་མ་དེ་ལ་སྐྱབས་སུ་མཆིའོ༔ མཁས་གྲུབ་རྒྱལ་སྲས་ཆོས་རྗེ་དེ་ལ་སྐྱབས་སུ་མཆིའོ༔ སྐུ་དྲིན་ཆེན་གྱི་བླ་མ་དེ་ལ་སྐྱབས་སུ་མཆིའོ༔ གསུང་དྲིན་ཆེན་གྱི་བླ་མ་དེ་ལ༴ ཐུགས་དྲིན་ཆེན་གྱི་བླ་མ་དེ་ལ༴ བླ་མ་ཡིད་བཞིན་གྱི་ནོར་བུ་དེ་ལ༴ དགོས་འདོད་འབྱུང་བའི་བླ་མ་དེ་ལ༴ མ་རིག་མུན་སེལ་བླ་མ་དེ་ལ༴ དུག་ལྔའི་ནད་སེལ་སྨན་པ་དེ་ལ༴ འབྲེལ་ཚད་དོན་ལྡན་བླ་མ་དེ་ལ༴ མཇལ་བས་བློ་བདེའི་བླ་མ་དེ་ལ༴ ཕྱི་ལྟར་ཐུགས་རྗེ་ཆེན་པོ་དེ་ལ༴ ནང་ལྟར་རྡོ་རྗེ་འཆང་ཆེན་དེ་ལ༴ རྒྱ་གར་ཡུལ་གྱི་པཎྜི་ཏ་ལྔ་བརྒྱའི་ནང་གི་མཆོག་གྱུར་དེ་ལ༴ གུ་རུ་འཇམ་དབྱངས་བླ་མ་དེ་ལ༴ ཀུན་མཁྱེན་བསྟན་པའི་མངའ་བདག་དེ་ལ༴ རིག་འཛིན་སྔགས་ཀྱི་དབང་ཕྱུག་དེ་ལ༴ གཏེར་སྟོན་དྲག་པོ་བདུད་འཇོམས་དེ་ལ༴ གུ་རུ་ཡེ་ཤེས་རྒྱལ་པོ་དེ་ལ༴ རྟོགས་ལྡན་རང་རིག་མངོན་གྱུར་དེ་ལ༴ འཁྲུལ་ཞིག་སྣ་ཚོགས་རང་གྲོལ་དེ་ལ༴ བྱ་བྲལ་ཐིག་ལེའི་རྣལ་འབྱོར་དེ་ལ༴ རྗེ་བཙུན་སྲིད་ཞི་མཉམ་སྦྱོར་དེ་ལ༴ མཚན་ལྡན་ཡེ་ཤེས་མཁའ་འགྲོ་དེ་ལ༴ འཁྲུལ་ཞིག་ཀུན་ཏུ་བཟང་པོ་དེ་ལ༴ ཕ་རྒོད་ཟིལ་གནོན་རྡོ་རྗེ་དེ་ལ༴ རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི༔ བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆི༔ འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ༴ སྐྱོབ་པའི་བླ་མ་ནུས་མཐུ་ཅན་ལ༴ བྱིན་རླབས་འབྱུང་བའི་བླ་མ་དེ་ལ༴ སྐུ་གསུམ་ངོ་བོ་གུ་རུ་རྗེ་ལ༴ དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ལ༴ ཆེ་མཆོག་བདེ་ཆེན་འཁོར་ལོའི་ཚོགས་ལ༴ བར་ཆད་སེལ་བའི་མཁའ་འགྲོ་དེ་ལ་སྐྱབས་སུ་མཆི༔ གནས་གསུམ་མཁའ་འགྲོ་སྡེ་ལྔའི་ཚོགས་ལ༴ དོན་གཉིས་མཐར་ཕྱིན་སངས་རྒྱས་དེ་ལ༴ སྐུ་བཞིའི་དབང་ཕྱུག་བདེ་གཤེགས་དེ་ལ༴ བདེན་གཉིས་དབྱེར་མེད་དམ་པའི་ཆོས་ལ༴ བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་དེ་ལ༴ རིག་གྲོལ་གཉིས་ལྡན་དགེ་འདུན་དེ་ལ༴ སེམས་དཔའ་སེམས་མ་ཁྲོ་བོའི་ཚོགས་ལ༴ གཞི་དང་ལམ་དང་འབྲས་བུ་གསུམ་ལ༴ སྣང་སྟོང་ཟུང་འཇུག་དམ་པའི་ཆོས་ལ༴ ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ༴ གསལ་སྟོང་དབྱེར་མེད་དམ་པའི་ཆོས་ལ༴ རྩ་དང་རླུང་དང་ཐིག་ལེ་གསུམ་ལ༴ བདེ་སྟོང་ཟུང་འཇུག་དམ་པའི་ཆོས་ལ༴ ཨོ་རྒྱན་ཡུལ་གྱི་ཌཱ་ཀི་མ་ལ༴ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ༴ རྒྱ་གར་ཡུལ་གྱི་ཌཱ་ཀི་མ་ལ༴ ལྷ་ལྕམ་མཎྜཱ་ར་བ་དེ་ལ༴ བོད་ཡུལ་དབུས་ཀྱི་ཌཱ་ཀི་མ་ལ༴ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གཉིས་ལ༴ ཡུལ་ཆེན་ཉེར་བཞིའི་མཁའ་འགྲོ་མ་ལ༴ གནས་ཆེན་སོ་གཉིས་མཁའ་འགྲོ་མ་ལ༴ དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་ལ༴ དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ༔ གསོལ་བ་འདེབས་སོ་ཨོ་རྒྱན་སྤྲུལ་པའི་སྐུ༔ བྱིན་གྱིས་རློབས་ཤིག་ལྷ་དང་མཁའ་འགྲོའི་ཚོགས༔ བར་ཆད་སོལ་ཅིག་ཆོས་སྐྱོང་མི་མ་ཡིན༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཞེས་ལན་གསུམ་མམ། ཐམས་ཅད་མི་ལྕོགས་ན་གསོལ་བ་འདེབས་སོ་མན་ཆད་བསྐྱར་རོ། །བཞི་པ་སེམས་བསྐྱེད་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟབ་ལམ་བླ་མར་རྟོགས་པར་བྱིན་གྱིས་རློབས༔ དད་གུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཅི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས༔ ཅི་གསུང་ཚད་མར་འཛིན་པར་བྱིན་གྱིས་རློབས༔ མ་རིག་འཁྲུལ་པ་སེལ་བར་བྱིན་གྱིས་རློབས༔ ཟུང་འཇུག་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས༔ སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ དངོས་གྲུབ་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས༔ ལན་གསུམ་བརྗོད། སྐྱབས་ཡུལ་རང་ལ་ཐིམ་པར་མོས། ལྔ་པ་མཚམས་བཅད་པ་ནི། ལྷའི་ང་རྒྱལ་དང་ལྡན་པས། ཧཱུྃ༔ སྐལ་པར་ལྡན་པའི་རྣལ་འབྱོར་ཕོ་མོ་རྣམས༔ ལམ་ཟབ་བླ་མའི་བྱིན་རླབས་སྒྲུབ་པ་ལ༔ དད་གུས་དམན་པའི་བར་ཆད་མི་མཐུན་ཕྱོགས༔ བླ་མའི་བྱིན་རླབས་སྟོབས་ཀྱིས་མཚམས་བཅད་དོ༔ ཡི་དམ་བྱིན་རླབས་སྟོབས་ཀྱིས་མཚམས་བཅད་དོ༔ མཁའ་འགྲོའི་བྱིན་རླབས་སྟོབས་ཀྱིས་མཚམས་བཅད་དོ༔ རྩ་གསུམ་བྱིན་རླབས་སྟོབས་ཀྱིས་མཚམས་བཅད་དོ༔ བླ་མ་ཡི་དམ་མཁའ་འགྲོས་མཚམས་བཅད་དོ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ དྲུག་པ་བཤགས་པ་བྱ་བ་ནི། བཤགས་ཡུལ་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ། ན་མོ༔ རྩ་བ་གསུམ་འདུས་རིག་པ་རྩལ་གྱི་དབང༔ ཐོབ་ནས་ཡུལ་སྣང་ཐ་མལ་འཛིན་བྱེད་པའི༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ བླ་མ་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ༔ རྩ་བ་གསུམ་འདུས་རིག་པ་རྩལ་གྱི་དབང༔ ཐོབ་ནས་ངག་ནི་ཐ་མལ་འཛིན་བྱེད་པའི༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཟོད་པར་གསོལ༔ རྩ་བ་གསུམ་འདུས་རིག་པ་རྩལ་གྱི་དབང༔ ཐོབ་ནས་རང་སེམས་ཐ་མལ་འཛིན་བྱེད་པའི༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ བླ་མ་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ༔ རྩ་བ་གསུམ་འདུས་རིག་པ་རྩལ་གྱི་དབང༔ ཐོབ་ནས་སྒོ་གསུམ་ཐ་མལ་འཛིན་བྱེད་པའི༔ རྩ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ བླ་མ་བདེ་ཆེན་སྐུ་ལ་བཟོད་པར་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བདུན་པ་བྱིན་འབེབས་པ་ནི། དབྱངས་རོལ་སྤོས་དུད་མོས་གུས་ཀྱི་ཏིང་འཛིན་བཅས། ཨེ་མ་ཧོ༔ དད་ལྡན་འདུས་ནས་དམ་རྫས་ཚོགས་པའི་གནས༔ གསོལ་འདེབས་གདུང་བའི་ང་རོ་སྒྲོག་པའི་གནས༔ ཏིང་འཛིན་བྱིན་རླབས་འབར་བའི་གནས་མཆོག་འདིར༔ རིག་འཛིན་འདུས་པ་བླ་མའི་བྱིན་རླབས་འབེབ༔ ཆེ་མཆོག་འདུས་པ་ཡི་དམ་བྱིན་རླབས་འབེབ༔ རྩ་གསུམ་འདུས་པ་བདེ་ཆེན་བྱིན་རླབས་འབེབ༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་འབེབས༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བརྒྱད་པ་མཆོད་པ་བྱིན་རླབས་ནི། མཆོད་རྫས་རྣམས་ལ་བསང་ཆུ་བྲན་ཏེ། རཾ་ཡཾ་ཁཾ༔ ཕྱི་མཆོད་རང་མིང་ལས་བྱུང་ལྷ་མོའི་ཚོགས༔ རབ་མཛེས་མཆོད་སྤྲིན་འཛིན་པས་མཁའ་ཁྱབ་ཅིང༔ ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་སྨན༔ དཔའ་བོ་འབྲུ་ལྔ་ཡོངས་གྱུར་བདེ་གཤེགས་ལྔ༔ ཡབ་ཡུམ་རྗེས་ཆགས་ཞུ་བས་འབྲུ་གསུམ་གྱུར༔ འོད་འཕྲོས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ དམ་ཚིག་བཅུད་ལ་གཉིས་མེད་ཐིམ་གྱུར་པས༔ གྲུབ་པའི་རྫས་མཆོག་ཡེ་ཤེས་བདུད་རྩིར་གྱུར༔ གཉིས་འཛིན་ལས་བྱུང་དགྲ་བགེགས་བསྒྲལ་པའི་ཁྲག༔ མཚན་ལྡན་པདྨའི་རྡུལ་དང་གཉིས་མེད་པས༔ གནས་གསུམ་རིག་འཛིན་མཁའ་འགྲོ་དབང་བྱེད་པའི༔ ཟག་མེད་འདོད་ཆགས་དག་པའི་བདུད་རྩིར་གྱུར༔ སྣང་སྲིད་སྣོད་མཆོག་མཚན་ལྡན་ཐོད་པའི་ནང༔ རོ་མཆོག་བཟའ་བཏུང་བཅུད་ཀྱིས་ཡོངས་གང་བའི༔ འབྲུ་གསུམ་ལས་བྱུང་ཟག་མེད་ལོངས་སྤྱོད་རྫས༔ འདོད་ཡོན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ དུག་ལྔ་དུག་གསུམ་རྒྱུས་བསྐྱེད་གྲུབ་པའི་རྫས༔ དུར་ཁྲོད་ལས་བྱུང་མ་ཉམས་བམ་ཆེན་ཤ༔ སྐུ་གསུམ་ཡེ་ཤེས་ལྔ་བདག་བྱིན་བརླབས་པས༔ རོ་ལངས་གྲུབ་པའི་བཅུད་ལེན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱཱ་ཤབྡ་པཱུ་ཛཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་ཤྨ་ཤཱ་ན་པཱུ་ཛ་ཨཱཿཧཱུྃ༔ ཞེས་ལན་གསུམ་གསུམ་བརྗོད་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ་དགུ་ཡོད་པའི་དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། སྐུ་གསུམ་དབྱེར་མེད་ཏིང་འཛིན་ལས་བྱུང་བའི༔ རང་བྱུང་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བ་ཡིས༔ མ་དག་སྣོད་བཅུད་སྦྱངས་ལ་གསོལ་བ་འདེབས༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ རྒྱལ་སྲས་རིན་པོ་ཆེ་ལ་གསོལ་བ་འདེབས༔ རྡོ་རྗེ་མེ་རླུང་འཁོར་ལོ་འབར་བའི་དབུས༔ རིན་ཆེན་ཁང་བརྩེགས་ཟག་མེད་མཆོད་སྤྲིན་གྱིས༔ ཀུན་ནས་མཛེས་པ་ཐར་པའི་གྲོང་ཁྱེར་མཆོག༔ ངོ་མཚར་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ རྒྱལ་སྲས་རིན་པོ་ཆེ་ལ་གསོལ་བ་འདེབས༔ དེ་དབུས་ལྷ་རྫས་ལས་གྲུབ་རིན་ཆེན་ཁྲིར༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཕྲིན་ལས་དབང་ཕྱུག་ཡེ་ཤེས་ལྔ་ལྡན་སྐུ༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ རྒྱལ་སྲས་རིན་པོ་ཆེ་ལ་གསོལ་བ་འདེབས༔ སྐུ་མདོག་དཀར་གསལ་མཚན་དཔེའི་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ཁ་ཊྭཱཾ་མཚན་དཔེས་མཛེས༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ དར་དམར་ཅོད་པན་རིགས་ལྔའི་ཕྱག་རྒྱ་ཅན༔ ལྡེམ་འཕྲུས་མཚན་པ་དབུ་ལ་རྒྱན་དུ་མཛེས༔ གསང་གོས་ཕོད་ཆེན་ཆོས་གོས་སྐུ་ལ་གསོལ༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ ཐུགས་ཀར་ཉི་ཟླ་པདྨའི་གདན་སྟེང་དུ༔ ཆེ་མཆོག་འདུས་པ་བདེ་ཆེན་འཁོར་ལོ་ནི༔ ཡབ་ཡུམ་ཟུང་འཇུག་རུས་པའི་རྒྱན་གྱིས་སྤྲས༔ གུ་རུ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་འཛིན་གྲི་གུག་ཐོད་ཁྲག་འཛིན༔ གཡས་བརྐྱང་གཡོན་བསྐུམ་ཁྲོ་འཛུམ་ཉམས་དགུ་ལྡན༔ གུ་རུ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ ཡང་སྙིང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེ་བར་ནི༔ ཧཱུྃ་ཡིག་འོད་ཟེར་ཁ་དོག་ལྔར་གསལ་བའི༔ གུ་རུ་ཆོས་ཀྱི་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ སྐུ་གསུམ་དབྱེར་མེད་ཡེ་ཤེས་ཆེན་པོ་དངོས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ དཔའ་བོ་མཁའ་འགྲོའི་འཁོར་ལོས་བསྒྱུར་རྒྱལ་མཆོག༔ གུ་རུ་བདེ་ཆེན་སྐུ་ལ་གསོལ༴ ཨོ་རྒྱན་རིན་པོ་ཆེ་ལ་གསོལ༴ རྒྱལ་སྲས་རིན་པོ་ཆེ་ལ་གསོལ༴ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། དབྱངས་རོལ་སོགས་བྱིན་འབེབས་ལྟར་བྱས་ལ། ཧཱུྃ༔ དབུས་ཕྱོགས་རྡོ་རྗེ་འབར་བའི་ཞིང་ཁམས་སུ༔ ཐུགས་ཀྱི་དབང་ཕྱུག་གུ་རུ་རྡོ་རྗེ་རྩལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འཁོར་དང་བཅས༔ ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུ་བཞེངས་ལ༔ གཏི་མུག་འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ སྐལ་ལྡན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཤེགས་སུ་གསོལ༔ ཨ་གར་ནག་པོའི་དུད་པས་སྤྱན་འདྲེན་ནོ༔ དར་མཐིང་དྲི་མེད་ལམ་ནས་སྤྱན་འདྲེན་ནོ༔ སེང་ཆེན་བསྣོལ་བའི་ཁྲི་ལ་བཞུགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ བཞུགས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཤར་ཕྱོགས་འཁོར་ལོ་འབར་བའི་ཞིང་ཁམས་སུ༔ སྐུ་ཡི་དབང་ཕྱུག་གུ་རུ་བུདྡྷ་རྩལ༔ བུདྡྷ་རིགས་ཀྱི་མཁའ་འགྲོ་འཁོར་དང་བཅས༔ མེ་ལོང་ཡེ་ཤེས་ངང་ལས་སྐུ་བཞེངས་ལ༔ ཞེ་སྡང་འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ སྐལ་ལྡན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཤེགས་སུ་གསོལ༔ ག་པུར་ཛཱ་ཏིའི་དུད་པས་སྤྱན་འདྲེན་ནོ༔ དར་དཀར་དྲི་མེད་ལམ་ལ་སྤྱན་འདྲེན་ནོ༔ གླང་ཆེན་བསྣོལ་བའི་ཁྲི་ལ་བཞུགས་སུ་གསོལ༔ པདྨ་ཉི་མའི་གདན་ལ་བཞུགས་སུ་གསོལ༔ བཞུགས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ལྷོ་ཕྱོགས་རིན་ཆེན་སྣ་ལྔའི་ཞིང་ཁམས་སུ༔ ཡོན་ཏན་དབང་ཕྱུག་གུ་རུ་རཏྣ་རྩལ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འཁོར་དང་བཅས༔ མཉམ་ཉིད་ཡེ་ཤེས་ངང་ལས་སྐུ་བཞེངས་ལ༔ སེར་སྣའི་འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ སྐལ་ལྡན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཤེགས་སུ་གསོལ༔ སྨན་མཆོག་ཛཱ་ཏིའི་དུད་པས་སྤྱན་འདྲེན་ནོ༔ དར་སེར་དྲི་མེད་ལམ་ལ་སྤྱན་འདྲེན་ནོ༔ རྟ་མཆོག་བསྣོལ་བའི་ཁྲི་ལ་བཞུགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ བཞུགས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ནུབ་ཕྱོགས་པདྨ་རྒྱས་པའི་ཞིང་ཁམས་སུ༔ གསུང་གི་དབང་ཕྱུག་གུ་རུ་པདྨ་རྩལ༔ པདྨ་རིགས་ཀྱི་མཁའ་འགྲོ་འཁོར་དང་བཅས༔ སོར་རྟོག་ཡེ་ཤེས་ངང་ལས་སྐུ་བཞེངས་ལ༔ འདོད་ཆགས་འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ སྐལ་ལྡན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཤེགས་སུ་གསོལ༔ སྤོས་དཀར་སི་ལའི་དུད་པས་སྤྱན་འདྲེན་ནོ༔ དར་དམར་དྲི་མེད་ལམ་ལ་སྤྱན་འདྲེན་ནོ༔ རྨ་བྱ་བསྣོལ་བའི་ཁྲི་ལ་བཞུགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ བཞུགས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བྱང་ཕྱོགས་སྣ་ཚོགས་རྡོ་རྗེའི་ཞིང་ཁམས་སུ༔ ཕྲིན་ལས་དབང་ཕྱུག་གུ་རུ་ལས་རབ་རྩལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་འཁོར་དང་བཅས༔ བྱ་གྲུབ་ཡེ་ཤེས་ངང་ལས་སྐུ་བཞེངས་ལ༔ ཕྲག་དོག་འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ སྐལ་ལྡན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ མཆོད་སྤྲིན་རྒྱ་མཚོའི་དབུས་སུ་གཤེགས་སུ་གསོལ༔ གུ་གུལ་ནག་པོའི་དུད་པས་སྤྱན་འདྲེན་ནོ༔ དར་ལྗང་དྲི་མེད་ལམ་ལ་སྤྱན་འདྲེན་ནོ༔ ཤང་ཤང་བསྣོལ་བའི་ཁྲི་ལ་བཞུགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ བཞུགས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ གསུམ་པ་བཞུགས་སུ་གསོལ་བ་ནི། རང་ལུས་སྣང་སྟོང་དབྱེར་མེད་གདན་སྟེང་དུ༔ དམ་ཅན་འདུས་པ་སྤྲུལ་སྐུའི་བླ་མ་བཞུགས༔ དབྱེར་མེད་ཟུང་དུ་འཇུག་པ་རྡོ་རྗེའི་སྐུ༔ འབྲལ་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ གསང་ཆེན་རོལ་པའི་ཆོས་འཁོར་བསྐོར་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རང་ངག་གྲགས་སྟོང་དབྱེར་མེད་གདན་སྟེང་དུ༔ ཆེ་མཆོག་འདུས་པ་ལོངས་སྐུའི་བླ་མ་བཞུགས༔ དབྱེར་མེད་ཟུང་དུ་འཇུག་པ་རྡོ་རྗེའི་གསུང༔ འབྲལ་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ གསང་ཆེན་རོལ་པའི་ཆོས་འཁོར་བསྐོར་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ རང་སེམས་རིག་སྟོང་དབྱེར་མེད་གདན་སྟེང་དུ༔ རིག་འཛིན་འདུས་པ་ཆོས་སྐུའི་བླ་མ་བཞུགས༔ དབྱེར་མེད་ཟུང་དུ་འཇུག་པ་རྡོ་རྗེའི་ཐུགས༔ འབྲལ་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ གསང་ཆེན་ལྟ་བའི་ཆོས་འཁོར་བསྐོར་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ལུས་ངག་ཡིད་གསུམ་དབྱེར་མེད་གདན་སྟེང་དུ༔ སྐུ་གསུམ་འདུས་པ་བདེ་ཆེན་བླ་མ་བཞུགས༔ དབྱེར་མེད་ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ༔ འབྲལ་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ གསང་ཆེན་འབྲས་བུའི་ཆོས་འཁོར་བསྐོར་དུ་གསོལ༔ ཟུང་འཇུག་ཕྱག་ཆེན་རྟོགས་པའི་དངོས་གྲུབ་སྩོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བཞི་པ་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་འཁོར་འདས་ཞིང་ཁམས་སུ༔ སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི༔ སྐུ་ཡི་རྡོ་རྗེར་ཕྱག་འཚལ་གསོལ་བ་འདེབས༔ ཕྱོགས་བཅུ་དུས་གསུམ་འཁོར་འདས་ཞིང་ཁམས་སུ༔ གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི༔ གསུང་གི་རྡོ་རྗེར་ཕྱག་འཚལ་གསོལ་བ་འདེབས༔ ཕྱོགས་བཅུ་དུས་གསུམ་འཁོར་འདས་ཞིང་ཁམས་སུ༔ ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི༔ ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་གསོལ་བ་འདེབས༔ ཕྱོགས་བཅུ་དུས་གསུམ་འཁོར་འདས་ཞིང་ཁམས་སུ༔ སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་ཡས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི༔ ཡེ་ཤེས་རྡོ་རྗེར་ཕྱག་འཚལ་གསོལ་བ་འདེབས༔ ལྔ་པ་མཆོད་པ་འབུལ་བ་ནི། ཨེ་མ་ཧོ༔ སྣང་སྟོང་དབྱེར་མེད་ཡེ་ཤེས་ལས་བྱུང་བའི༔ ལྷ་རྫས་ལས་གྲུབ་བཀོད་པ་ཡིད་འོང་ལྡན༔ ཕྱི་མཆོད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི༔ དཔལ་ལྡན་བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཡུལ་སྣང་ལྷ་སྐུར་གསལ་བའི་དངོས་གྲུབ་སྩོལ༔ གསལ་སྟོང་དབྱེར་མེད་ཡེ་ཤེས་ལས་བྱུང་བའི༔ ཡོན་ཏན་བརྗོད་པའི་དབྱངས་སྙན་རྡོ་རྗེའི་གླུ༔ ནང་མཆོད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི༔ དཔལ་ལྡན་བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ རྩ་རླུང་བདེ་བར་འབར་བའི་དངོས་གྲུབ་སྩོལ༔ རིག་སྟོང་དབྱེར་མེད་ཡེ་ཤེས་ལས་བྱུང་བའི༔ བརྗོད་བྲལ་བློ་འདས་གདོད་ནས་རྣམ་པར་དག༔ གསང་མཆོད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི༔ དཔལ་ལྡན་བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ དྲན་རིག་སྟོང་པར་རྟོགས་པའི་དངོས་གྲུབ་སྩོལ༔ བདེ་སྟོང་དབྱེར་མེད་ཡེ་ཤེས་ལས་བྱུང་བའི༔ ཟུང་འཇུག་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་སྐུ༔ བླ་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི༔ དཔལ་ལྡན་བླ་མ་བདེ་ཆེན་སྐུ་ལ་འབུལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ གནས་ལུགས་ཟུང་འཇུག་རྟོགས་པའི་དངོས་གྲུབ་སྩོལ༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ དྲུག་པ་མཎྜལ་འབུལ་བ་ནི། སྟོང་གསུམ་འཇིག་རྟེན་རྒྱ་མཚོའི་རྡུལ་གྱི་གྲངས༔ རི་རབ་གླིང་བཞི་ལྕགས་རི་ཉི་ཟླར་བཅས༔ ཕུན་ཚོགས་མཆོད་སྤྲིན་ནམ་མཁའི་ཁམས་བཀང་ནས༔ དཀོན་མཆོག་གསུམ་དངོས་བླ་མ་རབ་མཆོད་པས༔ དགེ་ལེགས་ཡོན་ཏན་ཚད་བཟུང་མི་ནུས་པ༔ རྣམ་དག་ཞིང་ཁམས་ནམ་མཁའི་མཐའ་ཀླས་པར༔ བླ་མེད་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཟུང་འཇུག་རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ བདུན་པ་བདུད་རྩི་སྨན་རཀ་གཏོར་མའི་མཆོད་པ་འབུལ་བ་ནི། ཨོཾ༔ རང་བྱུང་གདོད་ནས་གྲུབ་པའི་དམ་ཚིག་རྫས༔ རྩ་བརྒྱད་སྟོང་སྦྱར་རིགས་ལྔ་ཡེ་ཤེས་དངོས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་སྐོང་བའི་མཆོག༔ འཆི་མེད་བདུད་རྩི་སྨན་གྱི་མཆོད་པ་འདིས༔ རིག་འཛིན་འདུས་པ་བླ་མའི་ཐུགས་དམ་བསྐང༔ ཆེ་མཆོག་འདུས་པ་ཡི་དམ་ཐུགས་དམ་བསྐང༔ དམ་ཅན་འདུས་པ་མཁའ་འགྲོའི་ཐུགས་དམ་བསྐང༔ རྩ་གསུམ་འདུས་པ་བདེ་ཆེན་ཐུགས་དམ་བསྐང༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཨཱ༔ ཉོན་མོངས་མཐར་བྱེད་ནང་མཆོད་བདུད་རྩི་མཆོག༔ འདོད་ཆགས་རྣམ་དག་མཁའ་འགྲོའི་རང་བྱུང་རྫས༔ ཞེ་སྡང་རྣམ་དག་དགྲ་བགེགས་བསྒྲལ་པའི་ཁྲག༔ གཉིས་མེད་བདུད་རྩི་ཨརྒྷཾ་རྒྱ་མཚོ་འདིས༔ རིག་འཛིན་འདུས་པ་བླ་མའི་ཐུགས་དམ་བསྐང༔ ཆེ་མཆོག་འདུས་པ་ཡི་དམ་ཐུགས་དམ་བསྐང༔ དམ་ཅན་འདུས་པ་མཁའ་འགྲོའི་ཐུགས་དམ་བསྐང༔ རྩ་གསུམ་འདུས་པ་བདེ་ཆེན་ཐུགས་དམ་བསྐང༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཧཱུྃ༔ སྣང་སྲིད་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར༔ གཡོ་བ་བཅུད་ཀྱི་སེམས་ཅན་དམ་ཚིག་རྫས༔ ཟག་མེད་ཡེ་ཤེས་ཆེ་དང་དབྱེར་མེད་པའི༔ མཆོད་སྦྱིན་གཏོར་མ་འདོད་ཡོན་ལྔ་ལྡན་འདིས༔ རིག་འཛིན་འདུས་པ་བླ་མའི་ཐུགས་དམ་བསྐང༔ མཆོད་སྦྱིན་གཏོར་མས་ཡི་དམ་ཐུགས་དམ་བསྐང༔ མཆོད་སྦྱིན་གཏོར་མས་མཁའ་འགྲོའི་ཐུགས་དམ་བསྐང༔ མཆོད་སྦྱིན་གཏོར་མས་རྩ་གསུམ་ཐུགས་དམ་བསྐང༔ མཆོད་སྦྱིན་གཏོར་མས་བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བརྒྱད་པ་བསྟོད་པ་བྱ་བ་ནི། ཨེ་མ་ཧོ༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ དབུ་ལ་དར་དམར་ལྡེམ་སྒྲོའི་ཅོད་པན་ཅན༔ བདེ་གཤེགས་རིགས་ལྔ་མཚན་དཔེས་མཛེས་པ་འདི༔ མཁའ་སྤྱོད་གདུལ་བྱ་ཆོས་སྐུས་འདུལ་བའི་རྟགས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ སྟོང་ཉིད་རྡོ་རྗེ་བདེ་ཆེན་ཀ་པཱ་ལ༔ ཟུང་འཇུག་ཁ་ཊྭཱཾ་མཚན་དཔེས་མཛེས་པ་འདི༔ འོག་མིན་གདུལ་བྱ་ལོངས་སྐུས་འདུལ་བའི་རྟགས༔ ལོངས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ རྡོ་རྗེ་སྐྱིལ་ཀྲུང་སྣ་ཚོགས་ན་བཟས་མཛེས༔ འཇིག་རྟེན་གདུལ་བྱ་སྤྲུལ་སྐུས་འདུལ་བའི་རྟགས༔ སྤྲུལ་སྐུ་ཐུབ་པའི་གཙོ་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ པདྨ་འོད་ཀྱི་གཞལ་ཡས་སེམས་དཔའ་གསུམ༔ གཅིག་ཏུ་གྱུར་པ་མཚན་དཔེས་མཛེས་པ་འདི༔ རྒྱ་བོད་སྐལ་ལྡན་གདུལ་བྱ་འདུལ་བའི་རྟགས༔ རྩ་བ་གསུམ་འདུས་ཁྱེད་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ དགུ་པ་འཛབ་བཟླ་བའི་ཐོག་མར་ཐུགས་དམ་བསྐུལ་བ་རིང་བརྒྱུད་ཀྱི་གསོལ་འདེབས་ནི། ཁྱབ་བདག་རྡོ་རྗེ་འཆང་གི་ངོ་བོ་ཉིད༔ རང་བཞིན་སྒྲིབ་བྲལ་ཀུན་ཏུ་བཟང་པོ་དངོས༔ ཆོས་སྐུ་སྣང་བ་མཐའ་ཡས་ཀློང་ཡངས་སུ༔ རང་བྱུང་གུ་རུ་མཆོག་ལ་གསོལ་བ་འདེབས༔ པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ རིག་འཛིན་ངོ་བོ་བླ་མ་རྡོ་རྗེ་འཆང༔ ཆེ་མཆོག་ངོ་བོ་བླ་མ་ཡི་དམ་ལྷ༔ དམ་ཅན་ངོ་བོ་མ་དང་མཁའ་འགྲོའི་གཙོ༔ རྩ་གསུམ་དབྱེར་མེད་བླ་མ་ལ་གསོལ་བ་འདེབས༔ དབྱིངས་རིག་དབྱེར་མེད་བླ་མ་ཆོས་ཀྱི་སྐུ༔ བདེ་སྟོང་དབྱེར་མེད་བླ་མ་ལོངས་སྤྱོད་རྫོགས༔ སྣང་སྲིད་རྣམ་དག་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་བླ་མ་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་འདུས་བླ་མ་དེ་བཞིན་གཤེགས༔ དམ་ཆོས་ཀུན་འདུས་བླ་མ་ཐར་ལམ་སྟོན༔ དགེ་འདུན་ཀུན་འདུས་བླ་མ་འདྲེན་པའི་གཙོ༔ དཀོན་མཆོག་གསུམ་འདུས་བླ་མ་ལ་གསོལ་བ་འདེབས༔ ཁྱབ་བརྡལ་ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་དུ༔ ཀུན་བཟང་ཡངས་པའི་ཀློང་ལ་གསོལ་བ་འདེབས༔ བདེ་ཆེན་རྣམ་དག་འོག་མིན་ཕོ་བྲང་དུ༔ རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ སྣང་སྲིད་རྣམ་དག་སྤྲུལ་སྐུའི་ཕོ་བྲང་དུ༔ རྗེ་བཙུན་རྣལ་འབྱོར་མ་ལ་གསོལ་བ་འདེབས༔ སྐུ་གསུམ་དབྱེར་མེད་རྡོ་རྗེའི་ཕོ་བྲང་དུ༔ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༔ བྱང་སེམས་རྣམ་དག་གཞན་ཕན་ཕོ་བྲང་དུ༔ མཁར་ཆེན་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས༔ སྐྱབས་འགྲོ་རྣམ་དག་འཛིན་པའི་ཕོ་བྲང་དུ༔ བདུད་འཇོམས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ གསང་ཆེན་བླ་མེད་རྒྱུད་སྡེའི་ཕོ་བྲང་དུ༔ འཇམ་དབྱངས་སངས་རྒྱས་ཞབས་ལ་གསོལ་བ་འདེབས༔ བཀའ་ལུང་རྣམ་དག་གཞན་ཕན་ཕོ་བྲང་དུ༔ རྡོ་རྗེ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས༔ ངེས་འབྱུང་རྣམ་དག་དང་བའི་ཕོ་བྲང་དུ༔ མཚན་ལྡན་མཁའ་འགྲོའི་ཞབས་ལ་གསོལ་བ་འདེབས༔ བྱང་སེམས་རྣམ་དག་འོད་གསལ་ཕོ་བྲང་དུ༔ འཁྲུལ་ཞིག་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས༔ རང་རིག་རྣམ་དག་འོད་ལྔའི་ཀློང་ཡངས་སུ༔ ཟིལ་གནོན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་ཏུ་བཟང་པོས་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་འཆང་གིས་བྱིན་གྱིས་རློབས༔ སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོས་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་སམྦྷས་བྱིན་གྱིས་རློབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱིན་གྱིས་རློབས༔ རིག་འཛིན་བདུད་འཇོམས་རྡོ་རྗེས་བྱིན་གྱིས་རློབས༔ དཔལ་ལྡན་འཇམ་དབྱངས་བླ་མས་བྱིན་གྱིས་རློབས༔ ཐུགས་སྲས་རྡོ་རྗེ་རྒྱལ་མཚན་གྱིས་བྱིན་གྱིས་རློབས༔ མཚན་ལྡན་ཡེ་ཤེས་མཁའ་འགྲོས་བྱིན་གྱིས་རློབས༔ དྲིན་ཆེན་འཁྲུལ་ཞིག་ཆོས་རྗེས་བྱིན་གྱིས་རློབས༔ སྤྲུལ་སྐུ་ཟིལ་གནོན་རྡོ་རྗེས་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ གསོལ་བ་འདེབས་སོ་ཆོས་རྗེ་བཀའ་དྲིན་ཅན༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ གསོལ་འདེབས་རྒྱས་པ་འདི་མ་ལྕོགས་ན་འཆད་འགྱུར་ཁོ་ནས་ཀྱང་འཐུས་སོ། །འཛབ་དངོས་ཀྱི་ཐོག་མར་བླ་མའི་བསྙེན་པ་ནི། སྟེང་གི་ཕྱོགས་ནས་རིག་འཛིན་སྤྲིན་ལྟར་གཏིབས༔ བར་སྣང་ཁམས་ནས་ཡི་དམ་འཇའ་ལྟར་གསལ༔ འོག་གི་ཕྱོགས་ནས་མཁའ་འགྲོ་ཁྲོམ་ལྟར་འཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔ གསོལ་བ་འདེབས་སོ་རྩ་བ་གསུམ་གྱི་ལྷ༔ གསོལ་འདེབས་བརྒྱུད་འཛིན་རྣམས་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ་ ཡི་དམ་ནི། སྟེང་གི་ཕྱོགས་ནས་སོགས་གོང་སྨོས་ཀྱིས་བསྐུལ་ལ། ཨོཾ་ཨཱ་ཧཱུྃ་བཛྲ་དྷེ་ཝ་གུ་ཧྱ་སིདྡྷི་ཧཱུྃ༔ ཞེས་བཟླ། མཁའ་འགྲོ་ནི། གསོལ་འདེབས་བསྐུལ་གོང་ལྟར་བྱ། ཨོཾ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླ། སྤྱི་དྲིལ་ནི། གསོལ་བསྐུལ་སྔར་ལྟར་བྱ། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ས་མ་ཡ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། དེ་དག་གི་བཟླས་དམིགས་འཕྲོ་འདུའི་ཏིང་འཛིན་སྤྱི་ལྟར་བྱ། ཁྱད་པར་མོས་གུས་བསྐྱེད། རིག་པ་གཟེངས་བསྟོད་ལ་ཛཔ྄་དབྱངས་ཅི་ལྟར་འོས་པ་བྱའོ། །བཟླས་པ་གྲུབ་ནས་སྤྱི་ལྟར་སྟོང་ཚིགས་འབུལ། དངོས་གྲུབ་གསོལ་བ་ནི། རིག་འཛིན་འདུས་པ་བླ་མའི་དངོས་གྲུབ་ཞུ༔ མཁའ་ལ་སྤྱོད་པ་ཐུགས་ཀྱི་དངོས་གྲུབ་ཞུ༔ ཆེ་མཆོག་འདུས་པ་ཡི་དམ་དངོས་གྲུབ་ཞུ༔ བདེ་ཆེན་རོལ་པ་གསུང་གི་དངོས་གྲུབ་ཞུ༔ དམ་ཅན་འདུས་པ་མཁའ་འགྲོའི་དངོས་གྲུབ་ཞུ༔ འཆི་བ་མེད་པ་སྐུ་ཡི་དངོས་གྲུབ་ཞུ༔ བླ་མ་ཡི་དམ་མཁའ་འགྲོའི་དངོས་གྲུབ་ཞུ༔ རྩ་གསུམ་འདུས་པ་བདེ་ཆེན་དངོས་གྲུབ་ཞུ༔ དབྱེར་མེད་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཞུ༔ སྡུག་བསྔལ་ཐམས་ཅད་ཞི་བའི་དངོས་གྲུབ་ཞུ༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་ཞུ༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་ཞུ༔ བར་ཆད་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་ཞུ༔ ཞེས་སྔར་གྱི་བསྙེན་སྔགས་བཞི་སྤྲེལ་མར་ལན་གཅིག་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ཡོད་པའི་དང་པོ་ཚོགས་མཆོད་ནི། དམ་ཚིག་ཚོགས་ཀྱི་ཡོ་བྱད་ཇི་ལྟར་འཚོགས་པ་བཤམ། བསང་ཆུ་དང་བདུད་རྩིས་བྲན་ལ་བྱིན་བརླབ་པ་ནི། ཨོཾ་ཨཱཿཧཱུྃ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ རང་ཉིད་དབང་ཆེན་རྟ་མགྲིན་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་མ་དག་རྫས་ལ་ཕོག༔ མེ་རླུང་ཆུས་བསྲེགས་གཏོར་བཀྲུས་བྱས་གྱུར་ཏེ༔ རང་བཞིན་སྤྲོས་བྲལ་ནམ་མཁའི་ངང་དུ་གྱུར༔ དེ་ལས་རིག་སྟོང་དབྱེར་མེད་བྱང་ཆུབ་སེམས༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་ཁང་བརྩེགས་ནང༔ འབྲུ་གསུམ་ལས་བྱུང་ཟག་མེད་ལོངས་སྤྱོད་རྫས༔ འདོད་ཡོན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཏེ་ཛོ་ཧཱུྃ༔ ལན་གསུམ་བརྗོད། དེ་ནས་ཚོགས་ཞིང་སྤྱན་དྲང་བ་ནི། མ་བཅོས་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་ནས༔ རིག་འཛིན་འདུས་པ་ཚོགས་ལ་སྤྱན་འདྲེན་གཤེགས༔ བདེ་སྟོང་དབྱེར་མེད་འོག་མིན་ཕོ་བྲང་ནས༔ ཆེ་མཆོག་འདུས་པ་ཚོགས་ལ་སྤྱན་འདྲེན་གཤེགས༔ སྣང་སྟོང་དབྱེར་མེད་སྤྲུལ་སྐུའི་ཕོ་བྲང་ནས༔ དམ་ཅན་འདུས་པ་ཚོགས་ལ་སྤྱན་འདྲེན་གཤེགས༔ སྐུ་གསུམ་དབྱེར་མེད་རྡོ་རྗེའི་ཕོ་བྲང་ནས༔ རྩ་གསུམ་འདུས་པ་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕེཾ་བཛྲ་ཨཱ་རལླི་ཧོ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ཡཻ་ཧཱུྃ༔ ས་མ་ཡ་ཧཱུྃ་ཛ༔ བཛྲ་དྲྀ་ཤྱ་ཧོ༔ མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བཞུགས་པར་བསམས་ལ་ཚོགས་རྫས་རྣམས་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི། ཉེར་སྤྱོད་སྨན་རཀ་གཏོར་མ་འདོད་ཡོན་རྫས༔ རང་བྱུང་རྒྱུ་རྐྱེན་ཕྱི་ནང་གསང་མཆོད་རྫས༔ བདེ་གཤེགས་ཐུགས་དམ་སྐོང་རྫས་མ་ལུས་པས༔ རིག་འཛིན་འདུས་པ་ཚོགས་ཀྱི་དཀྱིལ་འཁོར་མཆོད༔ ཆེ་མཆོག་འདུས་པ་ཚོགས་ཀྱི་དཀྱིལ་འཁོར་མཆོད༔ དམ་ཅན་འདུས་པ་ཚོགས་ཀྱི་དཀྱིལ་འཁོར་མཆོད༔ རྩ་གསུམ་འདུས་པ་ཚོགས་ཀྱི་དཀྱིལ་འཁོར་མཆོད༔ དཀོན་མཆོག་གསུམ་གྱི་རང་བཞིན་མཁའ་འགྲོའི་ཚོགས༔ ཐབས་དང་ཤེས་རབ་མི་འབྲལ་ཟུང་འཇུག་པའི༔ དམ་རྫས་བདུད་རྩི་མ་ཧཱ་མ་ད་ནའི༔ ཚོགས་ཀྱི་འཁོར་ལོས་བླ་མ་རིག་འཛིན་མཆོད༔ ཚོགས་ཀྱི་འཁོར་ལོས་ཆེ་མཆོག་ཡི་དམ་མཆོད༔ ཚོགས་ཀྱི་འཁོར་ལོས་དམ་ཅན་མཁའ་འགྲོ་མཆོད༔ ཚོགས་ཀྱི་འཁོར་ལོས་རྩ་གསུམ་དཀྱིལ་འཁོར་མཆོད༔ གར་གྱི་དབང་ཕྱུག་རིག་འཛིན་ཆོས་ཀྱི་སྐུ༔ གར་དགུའི་ཉམས་ལྡན་ཆེ་མཆོག་ལོངས་སྤྱོད་རྫོགས༔ འདོད་ཡོན་དགྱེས་རོལ་དམ་ཅན་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་ཟུང་འཇུག་དེ་ལ་རོལ༔ བར་པས་བཤགས་པ་འབུལ་བ་ནི། རིག་འཛིན་ཚོགས་ཀྱི་དཀྱིལ་འཁོར་བདག་ལ་དགོངས༔ བདག་ཅག་དང་པོའི་ལས་ལ་འཁྲུལ་པའི་བློས༔ དམ་རྫས་མ་འབྱོར་ཏིང་འཛིན་གཡེལ་བ་སོགས༔ རྣལ་འབྱོར་ཆེན་པོའི་གཞུང་དང་འགལ་བ་རྣམས༔ བླ་མེད་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ དམ་ཚིག་ཉམས་ཆག་མ་ལུས་སྐོང་གྱུར་ཅིག༔ བསྐང་ངོ་བསྐལ་པའི་མཆོད་པས་ཐུགས་དམ་བསྐང༔ གསོ་འོ་དམ་ཚིག་ཉམས་ཆག་མ་ལུས་གསོ༔ ཉམས་ཆག་སྐོང་ལ་རྟོག་སྒྲིབ་བྱང་གྱུར་ནས༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྐབས་འདིར་སྤྱི་འགྲོའི་རྩ་གསུམ་སྐོང་གསོ་འང་གཏང་། མར་མེའི་མཆོད་པ་ཡོད་ན་ཟུར་གསལ་མར་མེའི་བཀོལ་བྱང་འདིར་སྦྱར་བར་བྱ་སྟེ་སྒེར་ཆོས་ཡིན་པས་གནད་ཆེའོ། །ཐ་མ་བསྒྲལ་མཆོད་བྱ་བ་ནི། ལིངྒ་འམ་ཚོགས་ཆ་གསུམ་པར་དམིགས་རྟེན་དུ་བྱས་ཏེ། ཧཱུྃ༔ གཟུང་འཛིན་རྟོག་པའི་དགྲ་བགེགས་མ་ལུས་པ༔ སྐྱེ་འགག་གཉིས་མེད་རོལ་པའི་ཧོམ་ཁུང་དུ༔ རྩ་གསུམ་རིག་འཛིན་འདུས་པའི་བྱིན་རླབས་ཀྱིས༔ ཁུག་ཅིག་ནྲྀ་ཏྲི་ཨཱ་ཀརྵ་ཡ་ཛ༔ ཧཱུྃ༔ རྩ་གསུམ་འདུས་པའི་ཕྲིན་ལས་དུས་ལ་བབས༔ ཡེ་ཤེས་རལ་གྲིའི་ཕོ་ཉ་མྱུར་སྐྱོད་ལ༔ ཆགས་སྡང་ཡུལ་གྱི་དགྲ་བགེགས་རྡུལ་དུ་རློག༔ ཟུང་འཇུག་ཡེ་ཤེས་དབྱིངས་སུ་ཁ་རཾ་ཁཱ་ཧི༔ དགྲ་བགེགས་ཤ་ཏྲུཾ་ནྲྀ་ཏྲི་མཱ་ར་ཡ་རྦད༔ བ་ལིཾ་ཏ་ཁཱ་ཧི༔ ཞེས་པས་གཏུབས་ནས་གཏོར་མ་ལ་འབུལ་ལོ། །དེ་ནས་ཚོགས་ལ་རོལ་པ་ནི། ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་བཏེགས་ལ། འདི་ནི་ཆོས་རྣམས་བཟང་པོ་སྟེ༔ འདུས་པ་རྣམས་ལ་ཐེ་ཚོམ་མེད༔ བྲམ་ཟེ་ཁྱི་དང་གདོལ་པ་གསུམ༔ དབྱེར་མེད་གཅིག་ཏུ་དགོངས་ཏེ་རོལ༔ ཨ་ལ་ལ་ཧོཿམ་ཧཱ་སུ་ཁ་ཧོ༔ ཞེས་རྡོ་རྗེ་རྒྱལ་པོ་ལ་ཉིས་འགྱུར། གཞན་རྣམས་ལ་ཆ་མཉམ་པར་དྲངས། འདུས་པ་རྣམས་ཀྱིས། བདེ་གཤེགས་ཆོས་ལ་རིན་ཐང་མེད༔ འདོད་ཆགས་ལ་སོགས་དྲི་མ་བྲལ༔ གཟུང་དང་འཛིན་པ་དང་བྲལ་བའི༔ བདེ་སྦྱིན་ཉིད་ལ་མཉམ་པར་འཇོག༔ ཨ་ལ་ལ་ཧོཿབདེ་བ་ཆེ༔ ཞེས་པས་བླངས་ཏེ་ཐམས་ཅད་ཀྱིས་ཐོབ་པ་ན། སློབ་དཔོན་གྱིས་འདུ་བསྒྲག་བྱ་བ་ནི། ཚོགས་ཀྱི་འདུས་པ་བཟང་པོ་སྟེ༔ དངོས་གྲུབ་ཀུན་གྱི་གཞིར་གྱུར་པ༔ དམ་རྫས་སྣ་ཚོགས་ལོངས་སྤྱོད་ཆེ༔ རྟོག་པ་མཉམ་ཉིད་བདེ་ལ་རོལ༔ རང་ལུས་གནས་གསུམ་འཁོར་ལོ་རུ༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བྱིན་རླབས་རྫས་ལ་ཆགས་མི་བྱེད༔ ཆགས་མེད་སྤྱོད་ཅིང་རྩོད་པ་སྤང༔ དམ་ཚིག་ལ་གུས་ཏིང་འཛིན་གསལ༔ བག་ཡོད་ཚུལ་གྱིས་འདོད་ཡོན་རོལ༔ ཅེས་དག་གསལ་སྙན་པར་བརྗོད་ཅིང་སྤྲོ་ཞིང་ནུས་ན་དོན་ཞིབ་མོར་བཤད། མཆེད་རྣམས་ཀྱིས། ཨེ་མ་སྐལ་ལྡན་འདུས་པའི་ཞིང༔ བསོད་ནམས་ཚོགས་ཆེན་མངོན་དུ་གྱུར༔ སྒྲུབ་རྫས་རོལ་པས་མཆོག་གྲུབ་ཕྱིར༔ སློབ་དཔོན་བཀའ་ལས་འདའ་མི་བགྱིད༔ ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ ཞེས་ནང་གི་སྲེག་བླུགས་ཀྱི་དགོངས་པས་ཚོགས་ལ་ཚིམ་པར་རོལ། གཉིས་པ་རིག་འཛིན་བསྐུལ་བ་ནི། ཅང་ཏེའུ་དྲིལ་བུ་ལ་སོགས་པའི་སྒྲ་དང་མོས་གུས་ཀྱི་གདུང་དབྱངས་སྙན་པོས། ཧཱུྃ༔ བཞེངས་ཤིག་རིག་འཛིན་འདུས་པ་བཞེངས༔ དངོས་གྲུབ་སྩོལ་བའི་ཕྲིན་ལས་མཛོད༔ ཐིག་ལེ་ཉག་གཅིག་མངོན་གྱུར་པའི༔ ཡོན་ཏན་རིག་འཛིན་འདུས་པ་བཞེངས༔ རང་བཞིན་སྤྲོས་བྲལ་མངོན་གྱུར་པའི༔ གསུང་གི་རིག་འཛིན་འདུས་པ་བཞེངས༔ རྣམ་དག་སྒྱུ་ལུས་མངོན་གྱུར་པའི༔ སྐུ་ཡི་རིག་འཛིན་འདུས་པ་བཞེངས༔ རབ་འབྱམས་ལས་ལ་མངོན་གྱུར་པའི༔ ཕྲིན་ལས་རིག་འཛིན་འདུས་པ་བཞེངས༔ མཁའ་ལ་སྤྲིན་ལྟར་འཐིབས་པ་ཡི༔ བླ་མ་རིག་འཛིན་འདུས་པ་བཞེངས༔ བར་སྣང་འཇའ་ལྟར་གསལ་བ་ཡི༔ ཡི་དམ་རིག་འཛིན་འདུས་པ་བཞེངས༔ ས་ལ་ཁྲོམ་ལྟར་ཚོགས་པ་ཡི༔ མཁའ་འགྲོ་རིག་འཛིན་འདུས་པ་བཞེངས༔ དཔའ་བོའི་རིག་འཛིན་གཡས་ནས་བཞེངས༔ དཔའ་མོའི་རིག་འཛིན་གཡོན་ནས་བཞེངས༔ རྣལ་འབྱོར་རིག་འཛིན་དབྱིངས་ནས་བཞེངས༔ དམ་ཅན་རིག་འཛིན་ཞིང་ནས་བཞེངས༔ དབུ་ལ་ཅོད་པན་པུ་རུ་རུ༔ སྐུ་ལ་རྒྱན་ཆ་ཁྲོ་ལོ་ལོ༔ ཕྱག་ཞབས་གདུ་བུ་སི་ལི་ལི༔ རོལ་སྒྲ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ མཁའ་འགྲོའི་གར་སྟབས་ཁྱུགས་སེ་ཁྱུག༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ མཁའ་འགྲོའི་བཤུག་གླུ་ཙེ་རེ་རེ༔ གཟི་བརྗིད་འོད་ཟེར་ཡ་ལ་ལ༔ དྲི་མཆོག་ངད་པ་ཐུ་ལུ་ལུ༔ རྗེས་འཇུག་བྱིན་གྱིས་བརླབ་པའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་སྐུལ༔ གནས་མཆོག་འདི་རུ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་མཁའ་འགྲོ་བསྐུལ་བ་ནི། གནས་མཆོག་རང་བྱུང་རྡོ་རྗེའི་ལུས་ཀྱི་ནང༔ སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་སུ༔ སྤྲུལ་སྐུ་སྐུ་ཡི་རྡོ་རྗེ་ལས་མཛད་མ༔ བུདྡྷ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་གཉིས༔ བདེ་ཆེན་བདུད་རྩིས་ཚིམ་པའི་གླུ་ལེན་ཅིང༔ ཟག་མེད་ཡེ་ཤེས་རྒྱས་པའི་གར་སྒྱུར་མ༔ གསོལ་བ་འདེབས་སོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཕྲིན་ལས་མཛོད་ཅིག་ལུས་ལ་བདེ་ཆེན་སྤོར༔ གནས་མཆོག་རང་བྱུང་རྡོ་རྗེའི་ལུས་ཀྱི་ནང༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ༔ ལོངས་སྐུ་གསུང་གི་རྡོ་རྗེ་ལས་མཛད་མ༔ པདྨ་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་ནི༔ བདེ་ཆེན་བདུད་རྩིས་ཚིམ་པའི་གླུ་ལེན་ཅིང༔ ཟག་མེད་ཡེ་ཤེས་རྒྱས་པའི་གར་སྒྱུར་མ༔ གསོལ་བ་འདེབས་སོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཕྲིན་ལས་མཛོད་ཅིག་ངག་ལ་ནུས་པ་སྤོར༔ གནས་མཆོག་རང་བྱུང་རྡོ་རྗེའི་ལུས་ཀྱི་ནང༔ སྙིང་ཁ་ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུ༔ ཆོས་སྐུ་ཐུགས་ཀྱི་རྡོ་རྗེ་ལས་མཛད་མ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བཙུན་མོ་བརྒྱད༔ བདེ་ཆེན་བདུད་རྩིས་ཚིམ་པའི་གླུ་ལེན་ཅིང༔ ཟག་མེད་ཡེ་ཤེས་རྒྱས་པའི་གར་སྒྱུར་མ༔ གསོལ་བ་འདེབས་སོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཕྲིན་ལས་མཛོད་ཅིག་སེམས་ལ་རྟོགས་པ་སྤོར༔ གནས་མཆོག་རང་བྱུང་རྡོ་རྗེའི་ལུས་ཀྱི་ནང༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་སུ༔ ཟུང་འཇུག་ཡེ་ཤེས་རྡོ་རྗེ་ལས་མཛད་མ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་བཞི༔ བདེ་ཆེན་བདུད་རྩིས་ཚིམ་པའི་གླུ་ལེན་ཅིང༔ ཟག་མེད་ཡེ་ཤེས་རྒྱས་པའི་གར་སྒྱུར་མ༔ གསོལ་བ་འདེབས་སོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཕྲིན་ལས་མཛོད་ཅིག་ཟུང་འཇུག་ཡེ་ཤེས་སྤོར༔ གནས་མཆོག་རང་བྱུང་རྡོ་རྗེའི་ལུས་ཀྱི་ནང༔ གསང་གནས་བདེ་སྐྱོང་འཁོར་ལོའི་གཞལ་ཡས་སུ༔ ཁྱབ་བརྡལ་ཕྲིན་ལས་ལྔ་ཡི་ལས་མཛད་མ༔ ལས་རིགས་མཁའ་འགྲོ་སྟོང་ཕྲག་བདུན་ཅུ་གཉིས༔ བདེ་ཆེན་བདུད་རྩིས་ཚིམ་པའི་གླུ་ལེན་ཅིང༔ ཟག་མེད་ཡེ་ཤེས་རྒྱས་པའི་གར་སྒྱུར་མ༔ གསོལ་བ་འདེབས་སོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཕྲིན་ལས་མཛོད་ཅིག་བྱིན་རླབས་དངོས་གྲུབ་སྩོལ༔ ཅེས་བསྐུལ་བས་བྱིན་རླབས་དངོས་གྲུབ་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་གཏོར་མ་ལ་ཐིམ་པར་མོས། གསུམ་པ་དབང་བླང་བ་ནི། གཏོར་མ་རྩ་བ་གསུམ་དངོས་སུ་གསལ་བའི་གནས་གསུམ་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་འཇའ་ཟེར་ཐིག་ལེའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ལ་བླ་མའི་གཏོར་ཆེན་གནས་གསུམ་དུ་བཞག་སྟེ། རིག་འཛིན་འདུས་པ་བླ་མའི་དངོས་གྲུབ་ཞུ༔ མཁའ་ལ་སྤྱོད་པ་ཐུགས་ཀྱི་དངོས་གྲུབ་ཞུ༔ ཆེ་མཆོག་འདུས་པ་ཡི་དམ་དངོས་གྲུབ་ཞུ༔ བདེ་ཆེན་རོལ་པ་གསུང་གི་དངོས་གྲུབ་ཞུ༔ དམ་ཅན་འདུས་པ་མཁའ་འགྲོའི་དངོས་གྲུབ་ཞུ༔ འཆི་བ་མེད་པ་སྐུ་ཡི་དངོས་གྲུབ་ཞུ༔ བླ་མ་ཡི་དམ་མཁའ་འགྲོའི་དངོས་གྲུབ་ཞུ༔ རྩ་གསུམ་འདུས་པ་བདེ་ཆེན་དངོས་གྲུབ་ཞུ༔ དབྱེར་མེད་ཟུང་འཇུག་རྡོ་རྗེའི་དངོས་གྲུབ་ཞུ༔ ཨོཾ་ཨཱཿཧཱུྃ་ཝ་ར་སིདྡྷི་ཀུ་རུ་ཧཱུྃ༔ སྡུག་བསྔལ་ཐམས་ཅད་ཞི་བའི་དངོས་གྲུབ་ཞུ༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་ཞུ༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་ཞུ༔ བར་ཆད་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་ཞུ༔ སརྦ་བི་ན་ཀི་སིདྡྷི་ཀུ་རུ་ཧཱུྃ༔ ཞེས་བརྗོད། གཏོར་མའི་ཆ་ཤས་དང་བདུད་རྩི་བསྲེས་ལ་དངོས་གྲུབ་ཏུ་རོལ་ལོ། །བཞི་པ་ཚོགས་ལྷག་བསྔོ་བ་ནི། ཚོགས་ལྷག་གསོག་འཇོག་མེད་པར་བསྡུས། སློབ་དཔོན་གྱི་ཞལ་ཆབ་བྲན། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་བརླབ། འབར་བའི་རྒྱ་དང་། ཕེཾ་ཞེས་པས་མཁའ་འགྲོ་སྤྱན་དྲངས། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སིདྡྷི་ཧཱུྃཿ གསུམ་བརྗོད་པས་སོ་སོར་ཚིམས་པར་བསམས་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་བཀའ་ཉན་ཅིང༔ རྣལ་འབྱོར་སྒྲུབ་པའི་ཕྲིན་ལས་སྒྲུབ་མཛད་པའི༔ འཇིག་རྟེན་གནས་པ་མཁའ་འགྲོ་སྡེ་ལྔའི་ཚོགས༔ འབར་མ་ཤུགས་འགྲོ་ལྷ་མིན་ལྷག་མས་མཆོད༔ ཡར་གནས་མཁའ་འགྲོ་ཕུད་ཀྱིས་མཆོད་ཟིན་གྱི༔ མར་གནས་མཁའ་འགྲོ་ལྷག་མས་ཚིམས་པར་གྱིས༔ གསོལ་འདེབས་བརྒྱུད་འཛིན་རྣལ་འབྱོར་ཕོ་མོ་ཡི༔ འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་འགྲུབ་པར་མཛོད༔ གཞན་ཡང་རབ་འབྱམས་དཀྱིལ་འཁོར་མ་ལུས་ནས༔ བཀའ་སྡོད་ཆོས་སྐྱོང་བྲན་དང་གཡོག་འཁོར་བཅས༔ མཁའ་འགྲོ་སྡེ་བཞི་དྲེགས་པའི་ཚོགས་དང་བཅས༔ དུར་ཁྲོད་མ་གསུམ་མ་མོའི་ཚོགས་དང་བཅས༔ དམ་ཅན་སྲུང་མ་བཀའ་ཉན་ཕོ་ཉར་བཅས༔ དུར་ཁྲོད་གནས་ལ་དབང་བྱེད་འབྱུང་པོའི་ཚོགས༔ སྡེ་བརྒྱད་འབྱུང་པོ་མི་སྡུག་གཟུགས་འཆང་བ༔ དམ་ཉམས་སྲོག་རྩ་གཅོད་པའི་འཆི་བདག་ཚོགས༔ སྟོང་གསུམ་གོམ་པས་འཇལ་བའི་རྐང་འགྲོས་ཀྱིས༔ ཞེ་རེངས་གདུག་པའི་སེམས་ཀུན་འཆང་བ་ཡི༔ ལག་ན་རྣོ་ངར་མཚོན་ཆའི་ཆར་འབེབས་ཤིང༔ དགྲ་བགེགས་ལུས་སྲོག་ཐལ་བའི་རྡུལ་དུ་རློག༔ ཁ་རླངས་དུག་གི་དུ་བ་འཐུལ་བྱེད་པའི༔ དྲག་པོའི་གད་རྒྱངས་དགྲ་བགེགས་ཀླད་ལ་གཟིར༔ འབུམ་ཕྲག་རྔམས་པས་རང་ཤ་ཟ་བྱེད་ན༔ དམ་ཉམས་དགྲ་བོའི་ཤ་ལ་སྨོས་ཅི་དགོས༔ ཤ་ཁྲག་རོལ་པའི་མཆོད་གཏོར་འདི་བཞེས་ལ༔ དམིགས་ཡུལ་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ མཐུ་སྟོབས་ཐོགས་མེད་གནམ་ལྕགས་ཤུགས་འཆང་ཞིང༔ ཁྲག་གི་དྲི་ཚོར་དཔག་ཚད་སྐད་ཅིག་བགྲོད༔ ཁྱེད་ལ་གཉེར་གཏད་དམ་ཉམས་འབྱུང་པོའི་ཚོགས༔ ཞག་དང་ཟ་མར་སྒྲོལ་བའི་ཕྲིན་ལས་མཛོད༔ རྩ་གསུམ་བཀའ་སྲུང༔ མཁའ་འགྲོ་སྡེ་གསུམ༔ དུར་ཁྲོད་མ་གསུམ༔ མཁའ་འགྲོ་སྡེ་ལྔ༔ དྲེགས་པ་འབུམ་སྡེ༔ ལས་བྱེད་དགུ་ཁྲི༔ ཕོ་ཉ་བྱེ་བ༔ དམ་ཅན་རྒྱ་མཚོས་སྡང་བའི་དགྲ་ཐུལ༔ གནོད་པའི་བགེགས་ཐུལ༔ འདོད་པའི་དོན་སྒྲུབས༔ བཅོལ་བའི་ཕྲིན་ལས་མཛོད༔ ཀརྨ་མ་ཧཱ་ཀཱ་ལ་ཏྲག་རཀྴ་བྷྱོ༔ དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཅེས་ལྷག་མ་ཕྱི་རོལ་དུ་སྐྱེལ། སྐབས་འདིར་ཟུར་གསལ་ལྟར་བཀའ་སྲུང་སྒྲོལ་བྱེད་ནག་པོའི་གཏོར་འབུལ་གསོལ་མཆོད་བྱའོ། །ལྔ་པ་ཆད་མདོ་བྱ་བ་ནི། གཏོར་མ་འབྲུ་གསུམ་གྱིས་བརླབས་ལ། ཧཱུྃ་བྷྱོ༔ སྔོན་ཚེ་ཡེ་ཤེས་དཔལ་གྱི་དམ་ཚིག་དང༔ བར་དུ་སྤྲུལ་པའི་རིག་འཛིན་དམ་ཚིག་དང༔ ཐ་མ་གང་ཟག་དམ་ཚིག་གཉན་པོ་དང༔ ད་ལྟ་བདག་ཉིད་རྣལ་འབྱོར་དམ་ཚིག་ལ༔ ཚུལ་བཞིན་རྟོག་པ་མ་ལུས་འདིར་གཤེགས་ཤིག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཇི་ལྟར་རང་རང་དམ་བཅས་ཚུལ་བཞིན་དུ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གསོལ་བ་འདེབས་སོ་ཨོ་རྒྱན་སྤྲུལ་པའི་སྐུ༔ བྱིན་གྱིས་རློབས་ཤིག་ལྷ་དང་མཁའ་འགྲོའི་ཚོགས༔ བར་ཆད་སོལ་ཅིག་ཆོས་སྐྱོང་མི་མ་ཡིན༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ དྲུག་པ་བརྟན་མ་བསྐྱང་བ་ནི། མཐེབ་ཀྱུ་བཅུ་གཉིས་སྨན་ཕུད་ཀྱིས་བྲན་ལ། ཧཱུྃ༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཆེ་མཆོག་བདེ་ཆེན་སྒྲུབ་པའི་ཚེ༔ དམ་ཚིག་གནས་ནས་བཀའ་སྒྲུབ་མ༔ བདུད་མོ་གནོད་སྦྱིན་སྨན་བཙུན་རིགས༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ སྔོན་གྱི་ཁས་བླངས་དྲན་གྱིས་ལ༔ གཏོར་མ་འདི་ལོངས་བཀའ་ཉོན་ཅིག༔ བོད་ཁམས་རྒྱས་པའི་བྱ་ར་མཛོད༔ རིག་འཛིན་སྒྲུབ་པོའི་ཕྲིན་ལས་མཛོད༔ དཀར་ཕྱོགས་དཔལ་འབྱོར་རྒྱས་པར་མཛོད༔ ནག་ཕྱོགས་བདུད་ཀྱི་དཔུང་བཅོམ་མཛོད༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བརྟན་མ་བཅུ་གཉིས༔ སྤྲུལ་པ་འབུམ་སྡེ༔ ཡང་སྤྲུལ་བྱེ་བ༔ ལས་བྱེད་བྲན་གཡོག༔ བོད་ཡུལ་ཞིང་སྐྱོང༔ གནས་བདག་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བདག་ཅག་དཔོན་སློབ་རྣམས་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཅེས་གཙང་སར་འབུལ་ལོ། །བདུན་པ་རྟ་བྲོ་ནི། གཏོར་སྣོད་སྡུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་པས་ལྡང་མི་ནུས་པར་བསམ་ལ། ཧཱུྃ༔ མ་བཅོས་ལྷུན་གྲུབ་དཀྱིལ་འཁོར་དུ༔ ཟུང་འཇུག་དོན་རྟོགས་རྣལ་འབྱོར་པས༔ ཐབས་ཤེས་རྐང་པའི་གར་སྟབས་ཀྱིས༔ གཉིས་མེད་རོལ་པའི་བྲོ་བརྡུངས་པས༔ སྣང་ཚུལ་སྒྱུ་མའི་དཀྱིལ་འཁོར་རྫོགས༔ ཞེན་འཛིན་འོད་གསལ་ངང་དུ་ཐིམ༔ སྐྱེ་མེད་ངང་དུ་ཆེམས་སེ་ཆེམ༔ འགག་མེད་ངང་དུ་ཁྲིགས་སེ་ཁྲིག༔ སརྦ་ཤ་ཏྲཱུཾ་ཀལྤ་སཏྭ་མྦྷ་ཡ་ནན༔ བདུན་པ་ནོངས་པ་བཟོད་གསོལ་ནི། ཡིག་བརྒྱ་ལན་གསུམ་དང་། རིག་འཛིན་བླ་མའི་དཀྱིལ་འཁོར་དགོངས་སུ་གསོལ༔ དེ་རིང་ཁྱེད་ཀྱི་ཕྲིན་ལས་བསྒྲུབས་པ་ལ༔ མ་རིག་དབང་གིས་བྱ་བ་ཅི་བགྱིས་པ༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟོད་པར་གསོལ༔ ཆེ་མཆོག་ཡི་དམ་དཀྱིལ་འཁོར་དགོངས་སུ་གསོལ༔ དེ་རིང་ཁྱེད་ཀྱི་ཕྲིན་ལས་བསྒྲུབས་པ་ལ༔ མ་རིག་དབང་གིས་བྱ་བ་ཅི་བགྱིས་པ༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟོད་པར་གསོལ༔ དམ་ཅན་མཁའ་འགྲོའི་དཀྱིལ་འཁོར་དགོངས་སུ་གསོལ༔ དེ་རིང་ཁྱེད་ཀྱི་ཕྲིན་ལས་བསྒྲུབས་པ་ལ༔ མ་རིག་དབང་གིས་བྱ་བ་ཅི་བགྱིས་པ༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟོད་པར་གསོལ༔ རྩ་གསུམ་འདུས་པའི་དཀྱིལ་འཁོར་དགོངས་སུ་གསོལ༔ དེ་རིང་ཁྱེད་ཀྱི་ཕྲིན་ལས་བསྒྲུབས་པ་ལ༔ མ་རིག་དབང་གིས་བྱ་བ་ཅི་བགྱིས་པ༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟོད་པར་གསོལ༔ བརྒྱད་པ་བསྡུ་རིམ་ནི། རྟེན་ཡོད་ན་ཡེ་ཤེས་པ་རྣམས་བརྟན་བཞུགས་སྤྱི་ལྟར་བྱས་ཀྱང་ཆོག །ཡང་ན། དད་ལྡན་རྣལ་འབྱོར་ཕོ་མོ་འཚོགས་བཞིན་དུ༔ འཇིག་རྟེན་འཇིག་རྟེན་འདས་པ་མཁའ་འགྲོའི་ཚོགས༔ བདག་ལ་དངོས་གྲུབ་སྩོལ་ཕྱིར་གང་ལྷགས་པ༔ རང་ལུས་སྣང་སྟོང་དབྱེར་མེད་དབྱིངས་སུ་གཤེགས༔ སླར་ཡང་དམ་ཚིག་དམ་རྫས་ཚོགས་པའི་གནས༔ དད་ལྡན་གསོལ་འདེབས་དོན་སླད་འབྱོན་པར་མཛོད༔ བཛྲ་མུ༔ འཇིག་རྟེན་པ་རྣམས་རང་རང་གནས་སུ་གཤེགས༔ དམ་ཚིག་པ་དང་ཡེ་ཤེས་པ་རང་ལ་ཐིམ་པར་གྱུར༔ ཅེས་མོས། བདག་བསྐྱེད་ཀྱང་། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་གཉུག་མའི་ལྷར་ལྡངས་ཤིང་ཁྱེར་སོ་གསུམ་ལྡན་གྱི་ངང་རྒྱུན་སྤྱོད་ཀྱི་རྣལ་འབྱོར་ལ་འཇུག་གོ །དགུ་པ་ལ་སྨོན་ལམ་ཐུན་མོང་པ་སྤྱི་འགྲོ་དང་དམིགས་བསལ་དུ། དགེ་བ་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ བླ་མ་ཡི་དམ་མཁའ་འགྲོ་དབྱེར་མེད་པའི༔ སྐུ་བཞིའི་དབང་ཕྱུག་མཆོག་གི་དངོས་གྲུབ་དེ༔ སྐྱེ་བ་འདི་ལ་མྱུར་དུ་འགྲུབ་པར་ཤོག༔ གཞན་ཡང་ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད་ལ་སོགས༔ འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་ཚོགས་རྣམས༔ ཚེ་འདིར་འབད་མེད་མྱུར་དུ་འགྲུབ་པར་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ཇི་ལྟར་སྨོན་ལམ་བཏབ་པ་འགྲུབ་པར་ཤོག༔ བཅུ་པ་ཤིས་བརྗོད་ནི། རིག་འཛིན་འདུས་པ་བླ་མའི་བཀྲ་ཤིས་ཤོག༔ ཆེ་མཆོག་འདུས་པ་ཡི་དམ་བཀྲ་ཤིས་ཤོག༔ དམ་ཅན་འདུས་པ་མཁའ་འགྲོའི་བཀྲ་ཤིས་ཤོག༔ རྩ་གསུམ་འདུས་པ་བདེ་ཆེན་བཀྲ་ཤིས་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ ཅེས་དང་། ན་མོ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་དཀྱིལ་འཁོར། སྐུ་བཞི་ཡེ་ཤེས་ལྔར་མངོན་པར་བྱང་ཆུབ་པའི་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར། བདག་ཅག་སྐྱེ་རྒུ་ཀུན་གྱི་དཔལ་དུ་གྱུར་པ་གང་གི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་ལས་གྲོལ་བ་ཇི་ལྟ་བ་དེ་བཞིན། སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པ་དང་། དཔལ་འབྱོར་བདེ་ལེགས་ཕུན་སུམ་ཚོགས་པས་ཁྱབ་པར་གྱུར་ཅིག །སིདྡྷི་སིདྡྷི་ཕ་ལ་ཕ་ལ་ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་བརྗོད་ལ་མེ་ཏོག་འཐོར། རོལ་མོའི་སྒྲ་བསྒྲག་པ་སོགས་དགེ་བའི་མཚན་མ་སྤེལ་བར་བྱའོ། །འགྲོ་སྐལ་དབང་པོ་བསམ་པའི་ཆུ་སྣོད་དང་། །འཚམས་པར་རྡོ་རྗེའི་ཚིག་གི་ཟླ་བའི་གཟུགས། །ཅིར་ཡང་འཆར་ལས་མཆོག་དམན་ཀུན་དགའི་གསོས། །ལྗོངས་འདིར་འདྲེན་པའི་ཤིང་རྟ་མཆོག་གྱུར་ཅིག །ཅེས་གཏེར་གཞུང་ལ་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་གསུང་རྒྱུན་གྱིས་ཟུར་བརྒྱན་པ་སོར་བཞག་ཉིད་ཅུང་ཟད་གསལ་བར་ཕྱེ་བ་ཙམ་ལས་རང་འདོད་ཁྱེར་བདེ་སྤྱི་འགྲོས་སོགས་བློ་བཅོས་ཀྱིས་མ་བསླད་པར། དུས་ཞབས་རིག་འཛིན་གྱི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་གནས་ཆེན་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་ལས་སྔོན་འགྲོ་གཏོར་མ་བྱ་བ་དང༔ སྲུང་འཁོར་སྒོམ་ཞིང་མཚམས་བཅད་པ་ (Volume 23, Text 32)

ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་ལས་སྔོན་འགྲོ་གཏོར་མ་བྱ་བ་དང༔ སྲུང་འཁོར་སྒོམ་ཞིང་མཚམས་བཅད་པ་ནི༔ རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་ནམ་མཁའ་ལ་ཕྱར་ཞིང༔ གཡོན་སྡིགས་མཛུབ་སྡིགས་པའི་ཚུལ་གྱིས་ཐུགས་ཀར་མཛད་པ༔ ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་ཞིང༔ ཞབས་གཉིས་འདོར་ཐབས་ཀྱིས་པདྨ་ཉི་ཟླ་ཁ་སྦྱོར་དུ་བསྣོལ་བའི་སྟེང་ན་བཞུགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས༔ དགྲ་བགེགས་འབྱུང་པོའི་ཚོགས་སྐད་ཅིག་གིས་བཀུག་ལ༔ དཀར་གཏོར་ཟླུམ་པོ་པདྨ་འདབ་མ་གསུམ་པ་གཅིག་ལ་ཆང་བདུད་རྩིས་བྲན་ལ༔ རཾ་ཡཾ་ཁཾ་དང༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བསྲེག་གཏོར་སྦྱང་དང་བྱིན་རླབས་ཚུལ་བཞིན་བྱས་ཏེ༔ གཏོར་མ་བསྔོ་བ་ནི༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱན་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ དེ་ལྟར་ལན་བདུན་གྱིས་བསྔོས་ནས་ནི༔ པུཥྤེ་ནས་ཤབྡའི་བར་གྱིས་མཆོད༔ ཕྲིན་ལས་བཅོལ་བ་ནི༔ ཧྲཱི༔ ས་ཕྱོགས་འདིར་གནས་ལྷ་ཀླུ་འབྱུང་པོའི་ཚོགས༔ དངོས་སུ་བཤམས་པའི་མཆོད་སྦྱིན་བདུད་རྩིའི་རྒྱུན༔ འཛད་པ་མེད་པར་བྱིན་གྱིས་བརླབས་ནས་འབུལ༔ འདི་དག་གསོལ་ཞིང་བདེ་བར་བསྣམས་ནས་ཀྱང༔ ས་ཕྱོགས་དགེ་ཞིང་བར་ཆད་མེད་པ་དང༔ ཇི་སྲིད་སྙིང་པོའི་འབྲས་བུ་མ་ཐོབ་བར༔ ཁྱེད་རྣམས་ས་ཕྱོགས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འདིར་གནས་བསམ་སྦྱོར་ངན་པ་ཡིས༔ ལས་ལ་མི་མཐུན་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་དབང་ཆེན་དཔལ་གྱི་མཐུ་སྟོབས་ཀྱིས༔ ལུས་ངག་ཡིད་གསུམ་ཐལ་བ་བཞིན་དུ་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བཛྲ་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ དེ་ལྟར་བགེགས་བསྐྲད་ཅིང་སྲུང་འཁོར་གྱིས་མཚམས་བཅད་པ་ནི༔ ཧྲཱི༔ བདག་ཉིད་དབང་ཆེན་རྟ་མགྲིན་ཁྲོས་པ་ཡི༔ ཐུགས་ལས་སྤྲོས་པའི་མཚོན་ཆ་རྡོ་རྗེ་མེ༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་བསྐོར༔ བསྐལ་པ་ལས་ཀྱི་རླུང་ཡང་ལྡང་མི་འགྱུར༔ ཨོཾ་ཧྱ་གྲཱི་བ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་པས་རྡོ་རྗེའི་རྭ་བ་དང་གུར་ཁང་ཟླུམ་པོ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་ཀུན་ནས་འབར་བ་དང་བཅས་པ་བསྒོམ་པའོ༔ སྤྲུལ་སྐུ་ཤེས་རབ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ།། །།

རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ (Volume 36, Text 32)

༄༅། །རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་འདོད་པས་བསྡུས་པའི་ཚུལ་གྱིས་རྗེ་བཙུན་སྒྲོལ་མ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུ་དུ་གསལ་བའི་སྤྱན་སྔར། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །འཕགས་མ་སྒྲོལ་མ་བསྒོམ་པར་བགྱི། །ལན་གསུམ། མདུན་གྱི་ནམ་མཁར་རྗེ་བཙུན་མ། །འཁོར་བཅས་མངོན་སུམ་བཞུགས་པའི་མདུན། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གུས་པས་བསྟོད་ཅིང་མཆོད་པར་གྱུར། །ཨོཾ་རྗེ་བཙུན་མ་སོགས་ནས། ཉི་ཤུ་རྩ་གཅིག །ཅེས་པའི་བར་ཚར་ཅི་ནུས་དང་། ལྷ་མོ་ལ་གུས་སོགས་ནས། དཔལ་དུ་བདག་གྱུར་ཅིག །བར་ཚར་གཅིག །དེ་ནས་མདུན་གྱི་རྗེ་བཙུན་མ། །འོད་ཞུ་རང་ཐིམ་གཉིས་མེད་ངང་། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །ཨུཏྤལ་གསར་པའི་སྡོང་བུ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་གིས། །པད་དཀར་ཟླ་བའི་སྟེང་ན་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །ཐུགས་དབུས་ཟླ་སྟེང་ཏཱཾ་ལྗང་གུ །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའི་སྐུ །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །བདག་གི་ཐུགས་ཀར་ཏཱཾ་ཡིག་མཐར། །སྔགས་ཕྲེང་འཁོར་ལས་གཉིས་པ་བྱུང་། །མདུན་གྱི་འཕགས་མའི་ཤངས་བུག་ཞུགས། །ཐུགས་སྲོག་ལ་ཐིམ་ཐུགས་རྒྱུད་བསྐུལ། །སླར་ཡང་སྔགས་ཕྲེང་ལྟེ་བ་ནས། །ཐོན་ཏེ་རང་གི་ལྟེ་བར་ཞུགས། །བར་མེད་འཁོར་བའི་སྣང་བ་ཡིས། །དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། ཡེ་ཤེས་སེམས་དཔའ་རང་ལ་ཐིམ། ཛཿཧཱུྃ་བཾ་ཧོཿདབྱེར་མེད་ངང་། །ཐུགས་ནས་འཇིགས་པ་བརྒྱད་སྐྱོབ་པའི། །སྒྲོལ་མ་ནམ་མཁའ་གང་བར་སྤྲོས། །འགྲོ་རྣམས་གནས་སྐབས་མཐར་ཐུག་གི །འཇིགས་པ་བརྒྱད་ལས་དབྱུགས་དབྱུང་གྱུར། །ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཅེས་པའང་ཅུང་ཟད་བཟླས། སླར་ཡང་རང་ཉིད་གཟོད་མ་ནས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །གཉུག་མ་དོན་གྱི་འཕགས་མའི་སྐུའི། །ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས། །ཐ་མལ་སྣང་ཞེན་རྒྱུར་བཅས་སྦྱངས། །སྣང་གྲག་རིག་གསུམ་རྗེ་བཙུན་མའི། །གསང་བ་གསུམ་གྱི་རོལ་པར་སད། །ཞེས་བརྗོད་ཅིང་བསམ་ལ་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་བསླབ་ཅིང་སེམས་གཟུང་། །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་དག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་སོགས་གསོལ་འདེབས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་བི་ཛ་ཡནྟུ།། ༈ །།སྒྲོལ་མའི་རྩ་སྔགས་སམ་གཟུངས་རིང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཱན། པྲ་དུཥྚཱན། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སཏྭཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཱན། སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་དང་། ཡང་སྙིང་ནི། ཨོཾ་ཏཱཾ་སྭཱ་ཧཱ། ཞེས་སོ།། ༈ །།རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲོལ་མའི་དོན་དབང་སྙིང་པོ་བསྡུས་པའི་ཟིན་ཐོ་བཞུགས། ཏཱཾ། རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་སྒྲོལ་མའི་དབང་ལ། སྔོན་གཏོར། བགེགས་བསྐྲད། མཆོད་བརླབ། སྐྱབས་སེམས་ནས་གཟུང་བདག་བསྐྱེད་གཞུང་ལྟར། མདུན་བསྐྱེད་རྣལ་འབྱོར་རྒྱུད་ལྟར་དང་། བུམ་པ་གཟུངས་སྒྲུབ་ལྟར་བྱ། ལས་བུམ་ཡང་བསྒྲུབ། བདག་འཇུག་རྒྱས་བསྡུས་གང་རིགས་བྱ། སློབ་མའི་བྱ་བ་ལ། ཁྲུས་བགེགས་བསྐྲད། སྲུང་འཁོར་མཎྜལ། པདྨ་སེམས་གཙོ་སོགས་ཀྱིས་གསོལ་བ་གདབ། བུ་ཚུར་སོགས་རྐང་པ་གསུམ་གྱི་མཐར། གུས་ཤིང་དྭངས་པའི་ཡིད་ཀྱིས་ཟུངས། །ཞེས་པས་གནང་བ་བྱིན། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས། བདེ་བར་གཤེགས་པ་སོགས་སྡོམ་གཟུང་། དེ་ནས་བུམ་པའི་དབང་། དབང་ལྷ་སྒྲོལ་མ་སྤྱན་དྲངས། ཇི་ལྟར་བལྟམས་པ་སོགས་ཀྱིས་སྤང་བྱ་སྤོང་བའི་ས་བོན་དང་། པདྨའི་རིགས་ཀྱི་དམ་ཚིག་མཆོག །ཕྱག་རྒྱའི་དབང་བསྐུར་བླ་ན་མེད། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྟོགས་པ་མཆོག་དང་ལྡན་པར་ཤོག །ཨོཾ་པདྨོ་ཨུྞབྷ་བཱ་ཨ་བྷི་ཥིཉྩ་མིས་རྟོགས་བྱ་རྟོགས་པའི་ས་བོན་རྒྱུད་ལ་བཞག་པར་མོས་ལ་བསྟོད་པའི་རིག་པ་གཏད། དེ་ལ་བརྟེན་ནས་སྒྲོལ་མའི་སྐུར་གསལ་བ་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་དང་གཉིས་སུ་མེད། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས། །མཁྱེན་པ་གཉིས་ལྡན་དབང་ཐོབ་ཤོག །ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་གསུང་དང་གཉིས་སུ་མེད། །དྲིལ་བུ་གསུང་གི་དབང་བསྐུར་བས། །ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་ཤོག །ཝཱ་ཀ་གཎྜེ་ཨ་བྷི་ཥིཉྩ་མི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་དང་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། །མཚན་གྱིས་ས་གསུམ་ཁྱབ་པར་ཤོག །ཀཱ་ཡ་ནཱམ་ཨ་བྷི་ཥིཉྩ་མི། ནམ་མཁར་བཞུགས་པའི་དབང་ལྷ་ཡེ་ཤེས་པ་ཕྱག་རྒྱ་བཞིས་བསྟིམས་པས་དམ་ཡེ་དབྱེར་མེད་དུ་གྱུར་པ་ལ། དབང་བསྐུར་རྡོ་རྗེ་སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། འོད་དཔག་མེད་གཙོར་གྱུར་རིགས་ལྔས་དབུར་བརྒྱན། མཆོད་ཅིང་ཤིས་པ་བརྗོད། ནང་ནུས་པ་འཇུག་པའི་སླད། སྐུ་སྤྱི་བོར་བཞག །ཨོཾ། རྗེ་བཙུན་སྒྲོལ་མའི་སྐུ་ཡི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན། །ཡེ་ཤེས་སྐུ་རུ་དག་པར་ཤོག །ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། སྔགས་རྣམས་ཀྱིས་བཟླས་ལུང་བྱ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱཿ རྗེ་བཙུན་སྒྲོལ་མའི་གསུང་གི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །ཕྱི་ནང་བརྟན་གཡོའི་སྒྲ་སྐད་ཀུན། །རྡོ་རྗེའི་སྔགས་སུ་རྫོགས་པར་ཤོག །ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དགོངས་པ་ངོ་སྤྲད་ཅིང་མེ་ལོང་སྙིང་གར་བཞག་ལ། ཧཱུྃ། རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །གཟུང་འཛིན་རྟོག་ཚོགས་ཇི་སྙེད་ཀུན། །འོད་གསལ་དབྱིངས་སུ་སྨིན་པར་ཤོག །ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་རྣམས་ཡན་གྱི་ཕྱི་བུམ་པའི་དབང་། ཟབ་མོ་གསང་བའི་དབང་ནི། ཨཱཿ ཡབ་ཡུམ་སྙོམས་པར་ཞུགས་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས། །གསལ་སྟོང་ཡེ་ཤེས་ཉམས་མྱོང་ཤོག །བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཤེར་དབང་ནི། ཧཱུྃ། དགའ་བའི་སྒྱུ་རྩལ་ཡིད་དུ་འོང་། །སྣ་ཚོགས་གཟུགས་ཅན་འདི་ཁྱེར་ལ། །འདུ་ཤེས་གསུམ་གྱི་སྦྱོར་བ་ཡིས། །དཔེ་ཡི་ཡེ་ཤེས་མཚོན་པར་གྱིས། །པྲ་ཛྙཱ་ཛྙཱ་ན་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་ནི། ཧོཿ རྟག་ཏུ་སྙིང་ལ་གནས་པ་ཡི། །མི་ཤིགས་ཐིག་ལེ་བདེ་བ་ཆེ། །རྣམ་ཀུན་སྟོང་པ་ཟུང་འཇུག་པའི། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ། མཐའ་རྟེན་བཀྲ་ཤིས་རྫས་རྟགས་སྣ་བདུན་སྦྱིན་ཞིང་མངའ་གསོལ། དམ་ཚིག་ཁས་བླང་སོགས་རྗེས་རིམ་སྤྱི་ལྟར་བྱའོ། །རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་ལས་བྱུང་བ་མངྒ་ལཾ།། །། ༈ ན་མོ་ཨཱརྱ་ཏཱ་ར་ཡེ། ལྷ་མོ་ལ་གུས་སོགས་ཚིག་རྐང་བཞིས། ལྷ་རྗེ་དཔོན་དང་བདག་བྲན་གྱི་ཚུལ་དུ་བྱས་ནས་དེ་ལ་གུས་པ་ཆེན་པོས་བསྙེན་པར་བྱ་བ་ནི་བྱ་བའི་རྒྱུད་ཀྱི་ཉམས་ལེན། བདག་ཀྱང་ཐ་མལ་པ་མ་ཡིན་པར་ཡང་དག་པའི་ལྷར་ལྟ་ཞིང་མདུན་བསྐྱེད་དང་སྤུན་གྲོགས་ཀྱི་ཚུལ་གྱིས་དངོས་གྲུབ་ལེན་པ་སྤྱོད་རྒྱུད་ཀྱི་ལམ་རིམ། བློ་ལྡན་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པར་རྟོགས་པ་སྟེ། དེའི་ངང་ལས་རབ་ཏུ་དང་བ་ཞེས་ལྷ་དང་བདག་དབྱེར་མེད་པར་རྟོགས་པའི་ཚུལ་གྱིས་བཟླས་བརྗོད་དང་འོད་ཟེར་སྤྲོ་བསྡུ་སོགས་ཀྱིས་སངས་རྒྱས་ཀྱི་མཛད་པ་ད་ལྟ་ནས་སྒྲུབ་པ་ཡོ་གའི་རྣལ་འབྱོར། སྲོད་ནི་ཉི་མ་ནུབ་པས་མཚོན་པ་ཐ་མལ་གྱི་རྣམ་རྟོག་དབྱིངས་སུ་ནུབ་སྟེ་སྣོད་བཅུད་དག་པ་རབ་འབྱམས་ཆེན་པོར་བསྒྱུར་བའི་བསྐྱེད་རིམ་དང་། ཐོ་རངས་ནི་ཉི་མ་འཆར་བའི་སྔོན་དུ་འགྲོ་བས་མཚོན་ཏེ་ཡེ་ཤེས་སྐྱེ་བའི་ཉེར་བསྡོགས་རྫོགས་རིམ་སྟེ། ཐ་མལ་གྱི་རྣམ་རྟོག་དང་གྱ་ནོམ་ལྷར་ཞེན་པའི་རྟོག་པ་དེ་དང་དེ་ཀ་རིམ་གཉིས་སུ་ལངས་པར་བྱ་བ་ནི་རྣལ་འབྱོར་བླ་མེད་ཀྱི་སྙིང་པོ། དེ་ལྟ་བུའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ལམ་ཉམས་སུ་ལེན་པ་ལ་དྲན་པ་ཉེ་བར་བཞག་པས་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཐམས་ཅད་འཕྲོགས་ཏེ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཇོག་པ་སྟེ། འདི་ལྟ་བུས་ནི་ལམ་འབྲས་དངོས་གཞི་ཞར་ལ་བསྟན་པས་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ་ཚང་ལ་མ་ནོར་བ་རྫོགས་པ་ཡིན་ནོ། །འདི་ཡང་མྱུར་མ་དཔའ་མོ་དང་། །དབྱེར་མེད་ཛྙཱ་ན་སཱ་ག་རས། །བྱིན་རླབས་ཉིན་མས་བློ་གྲོས་ཀྱི། །ཨུཏྤལ་ཅུང་ཟད་འཛུམ་ལས་བྱུང་། །སིདྡྷི་རསྟུ། གཞན་ཡང་བསྟོད་རྒྱུད་ཀྱི་དོན་ཟབ་ཅིང་རྒྱ་ཆེ་བར་རྟོགས་སོ། །ཅེས་པའང་མཉྫུ་གྷོ་ཥས་བྲིས་སོ།། །།

སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ (Volume 27, Text 32)

༄༅། །སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། སྲིད་ཞིའི་སྙིང་པོ་བྱང་ཆུབ་སེམས། །བདེ་ཆེན་གསང་བ་གཅིག་གྲུབ་ཀྱིས། །ཡེ་ཤེས་བླ་མའི་སར་སྦྱོར་བ། །ལྷ་སྔགས་འཁོར་ལོའི་མགོན་བཅས་མཆོད། །སྙན་བརྒྱུད་དཔལ་ཆེན་ཡང་དག་ཟབ་ཏིག་གི་དབང་བསྐུར་བསྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུར་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་ཁྲིའུར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་ཐོད་སྐུ་ཚད་ལྡན་ན་བཟའ་མཐིང་གས་བཀླུབས་པ་བསླངས་ཏེ་བཀོད། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག །གཡོན་དུ་སྨན་གྱི་ཕོ་བྲང་། མདུན་དུ་མར་མེ་གསལ་བ་དང་། གསང་དབང་ཐོད་ཆང་། རིག་ཙཀ །རྒྱབ་ཏུ་ཚེ་འབྲང་གི་གཡས་གཡོན་དུ་ཐོད་པར་ཚེ་ཆང་དང་ཚེ་རིལ་རྣམས་དང་། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་འགྲེ །ལས་བུམ། ཚོགས་དང་གཏོར་འབུལ་སོགས་དགོས་པའི་ཡོ་བྱད་གཞན་ཡང་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སོགས་སྔོན་དུ་འགྲོ་བས་གཏེར་གཞུང་གི་སྐྱབས་སེམས་ནས་ཐར་ཆགས་སུ་གཏང་ཞིང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་དབུར་མདུན་རྟེན་གོ་སར་ཛཔ྄་ཁང་དབྱེ་བ་སྤྱི་ལྟར་བྱས་ཀྱང་ཆོག །དམིགས་པའི་འཕྲོ་འདུ་བཅས་འབྲུ་བརྒྱད་ཅི་ནུས་བྱ། བུམ་བཟླས་ཀྱང་སྤྲོ་ན་སྤྱི་ལྟར་གྲུབ་ནས། སྔར་ཛཔ྄་ཁང་མ་ཕྱེས་ན་སླར་དབྱེ་ལ། སྨན་ཕྱེ་མར་སྒྲུབ་པའི་དགོངས་པ་གསལ་བཏབ་ལ་བཟླས་པ་གང་ལྕོགས། སྨན་སྲུང་སྤྱན་འདྲེན། དབབ་བསྐྱིལ་དམིགས་བཟླས་བཅས་བྱ། དེ་ནས་བདག་དང་ཚེ་འབྲང་གཉིས་ཀར་དམིགས་ལ། ཚེ་སྒྲུབ་ཀྱི་སྒོམ་བཟླས་ཚེ་འགུགས་ཀྱི་བར་དུ་བཏང་ལ་ཚེ་བཅུད་བསྡུ། མཆོད་བསྟོད་འབུལ། སྲུང་མའི་གཏོར་བསྔོས་བྱ། སྤྲོ་ན་སྐབས་འདིར་ཉམས་ཆག་སྐོང་བའི་ཆོ་ག་ལྟར། བརྗོད་མེད་དོན་བཤགས། ཡིག་བརྒྱ། ལྟ་བའི་ཀློང་བཤགས། མར་མེའི་སྐོང་བ་ཛཔ྄་དབྱངས་བཅས་བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར། དབང་རྐྱང་ཙམ་ལ་མ་འགྲུབ་ཀྱང་ཆོག །གང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གཏང་། སྨན་གྱི་དབང་བསྐུར་བླང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། ལས་བུམ་དབྱིངས་ཕྱུག་མ་བསྐྱེད་བཟླས་ཀྱིས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ནི། སློབ་མ་རྣམས་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། ཆོས་བཤད་མཚམས་སྦྱོར་གྱི་ཁྱད་པར། དེའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐུགས་ཀྱི་གསང་བ་གཅིག་ཏུ་བསྡུས་ཤིང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད། བདེ་ཆེན་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྒྲུབ་པའི་མཐུ་རྩལ་མྱུར་བའི་དོན་དུ་འབར་བ་ཆེན་པོ་ཧེ་རུ་ཀའི་རྣམ་པར་སྣང་བ་དཔལ་ཡང་དག་གྲུབ་པ་གཅིག་པུ་ལ། རྒྱུད་ལུང་གི་ཚོགས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་རྣམས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་རྣམས་ཀྱིས་མན་ངག་གི་བཀའ་སྲོལ་དུ་མར་བཀྲལ་པ་ལས། འགའ་ཞིག་ཡང་དག་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་པདྨཱཀ་ར་དང་། གནུབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོས་གངས་ཅན་གྱི་ལྗོངས་འདིར་སྤེལ་པ་ལ། ཟླ་གམ་གཅིག་དང་དགུ་དང་ཉེར་གཅིག་དང་ལྔ་བཅུ་རྩ་བརྒྱད་སོགས་བཀའ་སྲོལ་མང་དུ་བྱོན་ཅིང་། གསང་སྔགས་གསར་མའི་ཕྱོགས་སུ་གྲགས་པའི་དུས་ཀྱི་འཁོར་ལོ། འཁོར་ལོ་བདེ་མཆོག །དགྱེས་པ་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་མཚན་དང་སྐུའི་རྣམ་པ་གདུལ་བྱའི་མོས་བློ་དང་འཚམ་པར་ཐ་དད་དུ་བསྟན་པ་ཙམ་ལས། ངོ་བོ་དཔལ་མཁའ་འགྲོ་སྒྱུ་མ་ཡང་དག་བདེ་བ་མཆོག་ཁོ་ནའི་རྣམ་འགྱུར་དུ་ངེས་པ་ཡིན་ལ། དེ་ལས་སྐབས་སུ་བབས་པ་འདི་ནི་གཞུང་ཉིད་ལས། རྒྱུད་དང་ལུང་དང་མན་ངག་ལས༔ དཔལ་ཆེན་ཡང་དག་སྒྲུབ་པའི་ཐབས༔ བདེན་གཉིས་ཚུལ་དུ་གང་བསྟན་པ༔ སྙིང་པོའི་སྙིང་པོ་འདི་ཡིན་ནོ༔ ཞེས་གསུངས་པ་ལྟར་རྒྱུད་ལུང་མན་ངག་ཐམས་ཅད་ལས་བཤད་པའི་ཡང་དག་སྒྲུབ་ཐབས་ཇི་སྙེད་པའི་སྙིང་པོ་གཅིག་ཏུ་དྲིལ་བ་འདི་ནི། ཡང་དག་གྲུབ་པའི་སློབ་དཔོན་ནམ་མཁའི་སྙིང་པོའི་ཡེ་ཤེས་དང་དབྱེར་མེད་པ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན། ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་དགོངས་པ་བདེ་ཆེན་ཕྱག་རྒྱ་ཆེན་པོའི་རིག་འཛིན་པདྨཱཀ་རས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་བསྩལ་པ་དཔལ་ཆེན་ཡང་དག་ཟབ་ཏིག་གི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཡང་དག་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་ཆེན་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་ཁྲག་འཐུང་བདག་ལ་དགོངས༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་དུ༔ འཇུག་ཅིང་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ། དཔལ་ཆེན་ཡང་དག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་། དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྣོད་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་འཁྱིལ་བའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་དྲེགས་པ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་ཁྲག་འཐུང་མཐིང་སྔོན་ནམ་མཁའི་མདངས་ཅན། ཞལ་གསུམ་གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་འཛིན་པ། གར་དགུའི་ཉམས་ཅན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་སུ་བགྲད་ཅིང་ཡུམ་བཛྲ་ཀྲོ་དྷཱི་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྲིལ་བ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་སྐུར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་བཛྲ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་རུ་ལུའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་ཡོངས་རྫོགས་བཅས་ལྔ་དང་། མཐའ་རྟེན་གྱི་དབང་རྣམས་སུ་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོས་དབང་བསྐུར་བས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་གྱུར། ཅིར་སྣང་ལྷའི་འཁོར་ལོར་འཆར་བར་གྱུར་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དབང༔ དཔལ་ཆེན་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ གཉིས་སུ་མེད་པའི་དབང་བསྐུར་བས༔ ཅིར་སྣང་ལྷ་སྐུར་རང་ཤར་ཤོག༔ སྔགས་མཐར། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་པདྨ་བྷཉྫའི་བཅུད་དུ་བསྐྱིལ་བ། ཁྱེད་རང་རྣམས་ཀྱི་མགྲིན་པར་མྱངས་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ རིག་པ་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཡུམ་ཀྲོ་ཏཱི་ཤྭ་རཱིར་སྦྱོར༔ ཟུང་འཇུག་བྱང་སེམས་བདུད་རྩི་ཡིས༔ ལས་རླུང་སྔགས་སུ་སྨིན་པར་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཁ་སྦྱོར་གསུམ་གྱི་སྟོབས་ཀྱིས་ཐིག་ལེ་བདེ་བ་ཆེན་པོའི་རང་བཞིན་དུ་གནས་གྱུར། རྟོག་ཚོགས་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་རྣམ་ཐར་གསུམ་ལྡན་པ༔ བདེ་ཆེན་ཆོས་ཀུན་འབྱུང་བའི་གནས༔ བརྟུལ་ཞུགས་རོལ་པའི་དབང་བསྐུར་བས༔ ཐིག་ལེ་དགའ་བཞིར་རྫོགས་པར་ཤོག༔ ཛྙཱ་ན་མུ་དྲ་སིདྡྷི་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དང་བརྡའི་དབང་གི་སླད་དུ། དབྱིངས་གདོད་མའི་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་མཚོན་པའི་ཀོང་བུ་ཟླུམ་པོར། རིག་པའི་ཡེ་ཤེས་འོད་དུ་གསལ་ཡང་རྣམ་པར་མི་རྟོག་པ་མཚོན་པའི་མར་མེས་དབང་བསྐུར་བའི་བརྡ་ལ་བརྟེན་ནས། དོན་གྱི་གནས་ལུགས་ཀ་དག་ཟང་ཐལ་ཆེན་པོའི་ངོ་བོར་མཉམ་པར་བཞག་པས། སྣང་སྲིད་ཡེ་ཤེས་གཞིར་བཞེངས་སུ་གནས་གྱུར། འཁོར་འདས་མཉམ་པ་ཉིད་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །མར་མེ་སྦར་བ་སྙིང་གར་བཞག་ལ། ཨ༔ མ་འཁྲུལ་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་རང་སྣང་མར་མེ་སྦར༔ གསལ་ལ་མི་རྟོག་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ དེས་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཡོངས་རྫོགས་ཆེན་པོའི་དབང་གི་སླད་དུ། དཔལ་ཆེན་པོའི་རྡོ་རྗེའི་གསང་བ་གསུམ་ཡོངས་སུ་རྫོགས་པའི་ཐོད་པའི་སྐུ་བརྙན་གྱི་དབང་བསྐུར་བས། སྣང་སྟོང་ཟུང་འཇུག་གི་དགོངས་པ་མངོན་དུ་གྱུར། ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དབང་དང་བྱིན་རླབས་རྩལ་རྫོགས་སུ་ཐོབ་པར་གྱུར་པའི་མོས་པ་མཛོད། ཐོད་སྐུ་གནས་ལྔར་བཞག་ལ། ཨོཾ་ཨཱཿཧཱུྃ༔ སྣང་ཆ་དཔལ་ཆེན་ལྷ་ཡི་སྐུ༔ སྟོང་པ་ཟབ་གསལ་གཉིས་མེད་གསུང༔ ཟུང་འཇུག་འདུས་མ་བྱས་པའི་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེས་གསང་བའི་ཕྱག་རྒྱ་ཡོངས་རྫོགས་བྷཉྫའི་ཕོ་བྲང་ལ་བརྟེན་ནས་ཡོན་ཏན་དང་ཕྲིན་ལས་ཀྱི་དབང་བསྐུར་པ་ཐོབ། ཕྲ་བའི་སྒྲིབ་པ་བག་ཆགས་མ་ལུས་པ་སྦྱངས། ཡོན་ཏན་དངོས་གྲུབ་རྣམ་པ་གཉིས་དང་ཕྲིན་ལས་རབ་འབྱམས་ཀྱི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས་མཐའ་རྟེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པའི་དབང་རྣམ་པ་གཉིས་སྦྱིན་པ་ལ། ཐོག་མར་བདུད་རྩི་སྨན་གྱི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། སྨན་གྱི་ཕོ་བྲང་དཔལ་ཆེན་ཧེ་རུ་ཀ་རྟེན་དང་བརྟེན་པར་བཅས་པར་གསལ་བའི་སྐུའི་གནས་གསུམ་ནས་ཡེ་ཤེས་བདུད་རྩི་འོད་ཟེར་གྱི་རྒྱུན་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་དངོས་གྲུབ་ཀྱི་དབྱིག་མ་ལུས་པ་ཐོབ་པར་མོས་ཤིག །སྨན་གྱི་ཕོ་བྲང་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག༔ དེང་འདིར་བསྩལ་ཞིང་བརྟན་པར་མཛོད༔ རུ་ལུའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ་གི་གླུ་དབྱངས་དང་བཅས་རྒྱ་བཀྲོལ། ལྷ་རྣམས་འོད་ཟེར་གྱི་རྣམ་པས་རང་ལ་བསྟིམ། སྨན་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་སྔགས་ཙམ་གྱིས་ཕུད་ལྷ་ལ་མཆོད། ཨོཾ་བཛྲ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཞེས་རང་གིས་མྱོང་ཞིང་སློབ་མ་ལ་སྦྱིན། དེའི་ཡོན་ཏན་ཡང་གཞུང་ཉིད་ལས། མཐོང་ཚོར་མྱོང་བ་ཐམས་ཅད་ཀུན༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཧེ་རུ་ཀ་དང་དབྱེར་མེད་འགྱུར༔ ཞེས་གསུངས་པ་ལགས་སོ། །གཉིས་པ་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ སྒྲུབ་མཆོག་བདག་ལ་བརྩེར་དགོངས་ནས༔ འཆི་མེད་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ གསུམ། ཚེ་དབང་འདི་ཉིད་སྒེར་དུ་བསྐུར་ན་སྐབས་འདིར་རྒྱུད་སྦྱོང་བ་དང་བྱིན་དབབ་པ་ལ་སོགས་སྤྱི་ལྟར་བྱ། སྐབས་འདིར་གོང་གི་རྗེས་འབྲེལ་ཙམ་དུ་ཚེ་འབྲང་གི་དབང་ལ་འཇུག་ཀྱང་ཆོག་རུང་། ཅུང་ཟད་སྤྲོ་ན། ཁྱེད་རང་རྣམས་དཔལ་ཆེན་ཡང་དག་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོས་པདྨ་དམར་པོ་བསྣམས་པའི་ཐུགས་ཀར་ཚེ་རྟེན་ཉི་ཟླའི་གྭའུར་དྭངས་སྲོག་ཧཱུྃ་དམར་ནྲྀ་ཡིག་གིས་མཚན་པ་གསལ་ཐོབ། སློབ་དཔོན་དཔལ་ཧེ་རུ་ཀ་ཚེའི་བདག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཆར་ཀའི་མདངས་ཅན་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བཀུག །ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་དང་མདུན་གྱི་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་བྱས་ལ་གཏེར་གཞུང་ལྟར་ཚེ་འགུགས་བཏང་། ཚེ་འབྲང་ཐོགས་ལ། ཚེ་འབྲང་དཔལ་ཆེན་པོར་གསལ་བ་སྤྱི་བོར་བྱོན། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འཁོར་འདས་གཉིས་ཀྱི་ཚེ་བཅུད་ཕྱག་གཡོན་པའི་ཐོད་ཞལ་དུ་བསྡུས་ཏེ་འཁྱིལ་བ་ལས་འཕེལ་ཞིང་ལུད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག །ཨོཾ༔ དབྱིངས་ཉིད་གཞོན་ནུ་བུམ་སྐུའི་ཀློང༔ རིག་པ་མི་འགྱུར་ཚེ་ཡི་བདག༔ དཔལ་ཆེན་བདེ་གཤེགས་ཧེ་རུ་ཀས༔ འགྱུར་མེད་སྐུ་ཡི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཀཱ་ཡ་ཨཱ་ཡུརྫྙཱ་ན་སིདྡྷི་ཨོཾ༔ ཞེས་སྤྱི་བོར་བཞག །སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཚེ་ཆང་བདུད་རྩི་མྱངས་པས་རྩ་ཁམས་ཡེ་ཤེས་ཀྱི་དྭངས་མས་ཁྱབ། རླུང་བཅུ་དབུ་མར་ཐིམ། མི་ཤིགས་པ་རྡོ་རྗེའི་སྲོག་ཏུ་གྲུབ་པར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན་ལ། ཨཱ༔ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བྱང་སེམས་བདུད་རྩིར་འཁྱིལ༔ དཔལ་ཆེན་པདྨ་ཧེ་རུ་ཀས༔ འགག་མེད་གསུང་གི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཝཱ་ཀ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཚེའི་རིལ་བུ་དཔལ་ཆེན་ཚེའི་བདག་པོའི་ཡེ་ཤེས་འོད་ཀྱི་ཐིག་ལེ་འཁོར་འདས་སྟོང་སྲོག་མི་ཤིགས་པའི་བདག་ཉིད་ཅན་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་དྭངས་སྲོག་ལ་ཐིམ། འོད་ཟེར་གྱིས་ལུས་ཐམས་ཅད་ལ་ཁྱབ་པས་གཟུང་འཛིན་འཆི་འཕོའི་རྟོག་པ་སྦྱངས། མི་འགྱུར་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཚེ་རིལ་སྙིང་གར་གཏུགས། ཁར་སྦྱིན་ལ། ཧཱུྃ༔ མི་ཤིགས་ཐིག་ལེ་དབྱིངས་ཀྱི་ངང༔ རིག་པ་དྭངས་མའི་བཅུད་དུ་འདྲིལ༔ དཔལ་ཆེན་རྡོ་རྗེ་ཧེ་རུ་ཀས༔ འཕོ་མེད་ཐུགས་ཀྱི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་འཆི་མེད་ཚེའི་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་འཁོར་འདས་ཀྱི་ཚེ་དཔལ་བཅུད་ཀྱི་དྭངས་མས་གང་བའི་སྙིང་པོའི་ཡང་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་མི་ཤིགས་པའི་ཐིག་ལེར་ཐིམ་པས་བཀྲག་མདངས་འོད་དུ་འབར། ཉི་ཟླའི་གྭའུ་ཁ་བསྒྲིགས་པ་ལ་དྭངས་མའི་འོད་ལྔ་རྡོ་རྗེའི་མདུད་པས་བསྣོལ་མར་བཅིངས་པར་མོས་ཤིག །ཨ༔ འགག་པ་མེད་པ་རིག་པའི་ཚེ༔ སྐྱེ་བ་མེད་པའི་དབྱིངས་སུ་ཐིམ༔ ཟུང་འཇུག་འདུས་མ་བྱས་པའི་སྲོག༔ ཡེ་ཤེས་སྙིང་པོར་རྒྱས་གདབ་བོ༔ སྔགས་མཐར། ཛྙཱ་ན་གརྦྷ་ཨ་ཨ༔ ཞེས་རྒྱས་གདབ། ཡེ་དྷར་དང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་དཔལ་ཆེན་ཡང་དག་ཟབ་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བར་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་གཞུང་ཉིད་ལས། བླ་མེད་མཆོག་གི་ཡེ་ཤེས་ནི༔ སོགས་ནས། ཅན་ལ་སྟོན༔ ཅེས་དཔལ་ཆེན་ཡང་དག་གི་གཞུང་ཆེན་པོ་རྣམས་སུའང་དབང་བཞིའི་ལམ་གྱི་རྐང་ཚང་བའི་ཁྲིད་དཀྱུས་གཅིག་ཏུ་བསྟན་པ་ཉུང་བས། ཤིན་ཏུ་ཟབ་ཅིང་དཀོན་པའི་ཐུགས་ཁྲིད་འདི་ཉིད་གང་ལ་འཆད་པའི་སྣོད་བསྟན་པ་སྔོན་དུ་འགྲོ་བས། བསྟན་བྱའི་ཁྲིད་ཚུལ་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་བསྟན། སྔོན་འགྲོ་ལ་རིང་བ་དང་ཉེ་བའི་སྦྱོར་བ་སྔོན་དུ་སོང་ནས། ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་སྦྱང་། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞི་བཏིང་། ཐུན་མོང་མ་ཡིན་པ་བླ་མའི་རྣལ་འབྱོར་གཅིག་བརྒྱུད་མས་བྱིན་རླབས་འབེབ་པར་བསྟན། དངོས་གཞི་ལྟ་སྒོམ་སྤྱོད་གསུམ་ལས། ལྟ་བ་ཡང་དག་གདོད་མའི་གནས་ལུགས་བློ་འདས་ཆེན་པོར་ལ་བཟླ། སྒོམ་པ་དབྱིབས་ཀྱི་རིམ་པས་སྤྲུལ་སྐུ །སྔགས་ཀྱི་རིམ་པས་ལོངས་སྐུ །ཆོས་ཀྱི་རིམ་པས་ཆོས་སྐུར་རྫོགས་པར་བྱེད། སྤྱོད་པ་ཡིད་རིག་དང་ལས་ཀྱི་ཕྱག་རྒྱའི་བརྟུལ་ཞུགས་ལ་བརྟེན་ནས་ལྟ་སྒོམ་གྱི་བོགས་འདོན་པར་བསྟན། རྗེས་ཀྱི་རིམ་པ། ལྟ་སྒོམ་སྤྱོད་པ་དེ་ལྟར་ཉམས་སུ་བླངས་པས་ལམ་ལྔ་རིམ་པར་བགྲོད་ཅིང་མཐར་ཐུག་མཆོག་གི་འབྲས་བུ་ལ་སྦྱོར་བའི་ཚུལ་ངོ་སྤྲོད་དུ་བསྟན་པ་རྣམས་ཀྱིས་བསྡུས་པ་སྟེ། དེ་ལྟ་བུའི་དོན་རྒྱས་པར་སྟོན་པ་རྩ་བ་རྡོ་རྗེའི་གསུང་འདི་ལྟར་ལགས། དབང་ཐོབ་དམ་ཚིག་རྣམ་པར་དག༔ སོགས་ནས། ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ༔ ཅེས་པའི་བར་འཆད་ནུས་ན་ལེགས་པར་བཤད། མི་ནུས་ན་གོ་བརྡ་འཕྲོད་ངེས་དལ་བར་བཀླགས་ལ། ཞེས་གསུངས་པའི་དོན་རྣམས་ཉམས་སུ་བླངས་ནས་རྒྱུད་ལ་ཚུལ་བཞིན་དུ་སྦྱོར་བར་མཛོད་ཅིག །དེ་རྣམས་ཀྱིས་དཔལ་ཆེན་ཡང་དག་ཟབ་ཏིག་གི་དབང་ཁྲིད་དཀྱུས་གཅིག་ཏུ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་རིམ་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་མ། གཏོར་སྐྱོང་། བྲོ་བརྡུང་རྣམས་སོང་ནས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་གཞུང་ལྟར་བྱས་པས་འགྲུབ་བོ། །ཅིར་སྣང་དཔལ་ཆེན་ཕྱག་རྒྱར་རྣམ་པར་དག །དུས་སྦྱོར་རྒྱུ་བ་འབྲུ་བརྒྱད་གསེར་ཕྲེང་རྫོགས། །སེམས་དང་སེམས་བྱུང་བདེ་ཆེན་ཐིག་ལེར་སྨིན། ཁམས་གསུམ་འཁྲུལ་པ་དབྱིངས་སུ་རུ་ལྡོག་ཤོག །རིམ་པ་གཉིས་ཕྲིན་ལས་དང་བཅས་པའི་སྙིང་པོ་བསྡུས་ཤིང་ཁྱེར་བདེ་བས་ངོ་མཚར་ཨུ་དུམྦ་རའི་དཔལ་ཡོན་འཛིན་པའི་སྨིན་གྲོལ་འབོགས་ཚུལ་ཆུ་འབབས་སུ་བཀོད་པ་འདིའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

རིགས་དྲུག་ས་བོན་སྲེག་སྦྱོང་ (Volume 48, Text 32)

རིགས་དྲུག་ས་བོན་སྲེག་སྦྱོང་ནི། རང་ལུས་རྡོ་རྗེ་རྣལ་འབྱོར་མ། །ལུས་ནང་རྩ་གསུམ་ཨོཾ་ཨཱཿཧཱུྃ། །གནས་དྲུག་རིགས་དྲུག་ས་བོན་ནི། །ཨ་སུ་ནྲྀ་ཏྲི་པྲེ་དུ་དྲུག །འབྲུ་གསུམ་དག་པ་ཡེ་ཤེས་མེས། །རིགས་དྲུག་ས་བོན་ཐུལ་གྱིས་བསྲེགས། །དེ་མཐར་ཕཊ་དྲུག་བརྗོད་པ་ཡིས། །འོག་སྒོར་ཐལ་བ་བུན་བུན་གཏོར། །དེ་རྗེས་ཡིག་བརྒྱའི་ཆུ་རྒྱུན་གྱིས། །དྲི་མ་ཆ་ཤས་བཅས་ཏེ་བཀྲུས། །རང་ལུས་དྲི་མེད་ཤེལ་སྒོང་ལྟར། །བདེ་གཤེགས་རྒྱལ་བའི་སྐུར་གྱུར་བསམ། །ཨོཾ་ཨཱཿཧཱུྃ་མ་མ་ཀོ་ལིང་ས་མནྟ། ཞེས་འདི་ངག་བཅད་བདུན་འབུམ་བཟླས། །རྟགས་ནི་ཉི་ཟླ་ཤར་བ་དང་། །ཤེལ་བུམ་རྡོ་རྗེ་ནོར་བུ་རྙེད། །གངས་རི་མེ་ཏོག་དཀར་པོ་རྨིས། །མདོར་ན་རྟག་ཏུ་བསྒོམ་བཟླས་ན། །རིགས་དྲུག་གནས་སྦྱོང་སྡིག་སྒྲིབ་དག །སྐུ་གསུམ་ས་ལ་སངས་རྒྱས་འགྱུར། །འདི་ནི་རང་བཟོ་རྟོག་གེ་མིན། །བཅུ་བདུན་ཀློང་གསལ་འདས་རྗེས་དང་། །སྲས་གཅིག་རྒྱུད་ནས་ཕྱུང་ནས་བཀོད། །དེས་ན་ཕྱི་རབས་འདིར་བརྩོན་འོས། །འདི་བྲིས་དགེ་བས་འགྲོ་ཕན་ཤོག །འདི་དང་རྡོར་སེམས་སྒྲུབ་པ་གཉིས། །སྦྲགས་ནས་ཉམས་སུ་འབད་བླངས་ན། །དག་པར་མི་འགྱུར་སྡིག་སྒྲིབ་མེད། །རིགས་དྲུག་སྐྱེ་སྒོ་ངེས་པར་ཆོད། །དེ་སྐད་རིག་འཛིན་རོལ་རྡོར་གྱི། །སློབ་མས་དམར་སེར་ཀཱ་ཤིའི་རས། །རྟེན་བཅས་བསྐུལ་ངོར་རྒྱལ་ཁམས་པ། །སྔགས་འཆང་ཚེ་དབང་ནོར་བུས་སྨྲས། །སརྦ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། ཕྲིན་ལས་འབྲིང་པོ་བསམ་དོན་ཀུན་འགྲུབ་ (Volume 10, Text 32)

༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། ཕྲིན་ལས་འབྲིང་པོ་བསམ་དོན་ཀུན་འགྲུབ་བཞུགས། ། བསམ་དོན་ལྷུན་གྱིས་གྲུབ་མཛད་པ། །གུ་རུ་རྗེ་ལ་གུས་བཏུད་ནས། །ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡི། །ཕྲིན་ལས་འབྲིང་པོའི་ལག་ལེན་དགོད། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། བཤམ་ཀྱི་སྦྱོར་བ་འཛོམ་ན་བྱིན་རླབས་ཅན་གྱི་གུ་རུའི་སྐུ་རྟེན་སོགས་བཀྲམ་པའི་མདུན་དུ་བླ་མའི་གཏོར་ཆེན། སྨན་རཀ །ཕྱི་མཆོད། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ། བགེགས་གཏོར། སྤོས་རོལ། ཌཱ་དྲིལ་སོགས་ཉེར་མཁོ་ཚོགས་པར་བྱས་ལ། ཕྲིན་ལས་ཀྱི་སྦྱོར་བའི་ཆོས་བདུན་ལས། དང་པོ་སྐྱབས་འགྲོ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ སྐྱབས་ཡུལ་བླ་མ་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་གསལ་བར་གྱུར། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ གསུམ་པ་ཚོགས་གསག་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པའི་མཐར། ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རང་ལ་ཐིམ་པར་གྱུར༔ བཞི་པ་བགེགས་བསྐྲད་པ་ནི། རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བགེགས་གཏོར་རཾ་ཡཾ་ཁཾ༔གིས་བསང་། ཨོཾ་ཨཱཿཧཱུྃ༔ལན་གསུམ་བརྗོད་པས། གཏོར་མ་འདོད་པའི་ཡོན་ཏན་ལྔ་ལྡན་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛ༔ཞེས་བགེགས་བཀུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སོགས་དྲག་སྔགས་རོལ་མོ་ཐུན་དང་བཅས་པས་བཀའ་བསྒོས་ལ་བསྐྲད། ལྔ་པ་སྲུང་འཁོར་ནི། ཧཱུྃ༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ ཕྱག་མཚན་ལྔ་ཡི་ཚོགས་སྤྲོས་པས༔ སྲུང་བའི་འཁོར་ལོའི་གུར་ཆེན་པོ༔ ཡེ་ཤེས་མེ་ཕུང་འཕྲོ་བར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བྱིན་འབེབ་ནི། དྲི་ཞིམ་པོའི་སྤོས་དང་དབྱངས་རོལ་མོས་གུས་གདུང་ཤུགས་ཀྱིས་བསྐུལ་ལ། ཧཱུྃ༔ ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང་ཁམས་ནས༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པ༔ གནས་འདིར་བྱིན་ཕོབ་རྡོ་རྗེའི་ཡེ་ཤེས་སྐྱེད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ བདུན་པ་མཆོད་རྫས་བྱིན་བརླབ་ནི། ཧཱུྃ་ཧྲཱི༔ རཾ་ཡཾ་ཁཾ་གིས་མ་དག་དངོས་ཀུན་སྦྱངས༔ སྟོང་པའི་ངང་ལས་བྷནྡྷ་རྣམ་གསུམ་དུ༔ ཨོཾ་ལས་གཏོར་མ་འདོད་ཡོན་སྤྲིན་ཕུང་འཕྲོ༔ ཨཱཿལས་ཆགས་མེད་རཀྟའི་རྦ་ཀློང་འཁྱིལ༔ ཧཱུྃ་ལས་ཡེ་ཤེས་ལྔ་ལྡན་བདུད་རྩིའི་མཚོ༔ ཧྲཱིཿལས་ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ བསམ་གྱིས་མི་ཁྱབ་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ གཉིས་པ་དངོས་གཞིའི་ལས་རིམ་བདུན་ལས། དང་པོ་དམ་ཚིག་འཁོར་ལོ་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ ཆོས་རྣམས་ཡེ་ནས་རྣམ་གྲོལ་དེ་བཞིན་ཉིད༔ འོད་གསལ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ དབྱིངས་རིག་ཟུང་འཇུག་རྒྱུ་ཡི་སྙིང་པོ་ཧྲཱི༔ དཀར་དམར་མདངས་ལྡན་མཁའ་ལ་ཉི་ཤར་ལྟར༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་སྣོད་བཅུད་སྦྱངས༔ ཚུར་འདུས་དྭངས་མ་འབྱུང་ལྔ་རིམ་བརྩེགས་སྟེང༔ མི་ཕྱེད་རྡོ་རྗེ་སྲུང་བའི་གུར་ཆེན་དབུས༔ རྒྱུ་ལས་བྷྲཱུྃ་འཕྲོས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་ཆེ༔ འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས༔ དགོས་འདོད་ཀུན་སྩོལ་རིན་ཆེན་ཟུར་བརྒྱད་དང༔ ཡིད་འོང་པདྨ་འདབ་བཞིའི་སྙིང་པོ་རུ༔ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ རྒྱུ་ཡི་ཧྲཱིཿལས་གུ་རུ་ཆེ་བའི་མཆོག༔ དབང་དྲག་བརྗིད་ལྡན་དྲེགས་པའི་ཕོ་ཉ་སྤྲོ༔ སྤྱི་བོར་ཐབས་ཤེས་ཆུ་སྐྱེས་ཉི་ཟླའི་དབུས༔ ཡིད་བཞིན་ནོར་བུ་བླ་མ་བདེ་བ་ཆེ༔ བདེ་སྟོང་ཟུང་འཇུག་དཀར་དམར་མདངས་དང་ལྡན༔ སྤྱན་ཟུང་ལྟ་སྟངས་འོད་གསལ་དབྱིངས་སུ་གཟིགས༔ ཆོས་ཉིད་འགྱུར་མེད་མཉམ་གཞག་ཕྱག་རྒྱའི་སྟེང༔ དབྱིངས་ཀྱི་བྷནྡྷར་རིག་པའི་བདུད་རྩི་བསྐྱིལ༔ དབྱེར་མེད་དྭངས་མ་བཾ་ཡིག་དཀར་པོས་མཚན༔ སྐུ་ལ་ཐེག་གསུམ་ཡོན་ཏན་ཡོངས་རྫོགས་པའི༔ གསང་ཕོད་ཆོས་གོས་ཟ་འོག་བེར་ཆེན་བཀླུབས༔ དབུ་ལ་ཐེག་མཆོག་ཤེའུའི་སྙན་ཞུས་བརྗིད༔ ཏིང་འཛིན་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རིག་རྩལ་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ མཚན་ཙམ་ཐོས་པས་བསམ་པ་ལྷུན་གྱིས་གྲུབ༔ དྲན་པས་ཉོན་མོངས་འཁྲུལ་པའི་གདུང་བ་སེལ༔ སྐུ་གསུམ་བདག་ཉིད་དཀོན་མཆོག་གསུམ་གྱི་དངོས༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས་ཀྱི་རྗེ༔ བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་ཆེན་པོར་གསལ༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ ཤར་དུ་གུ་རུ་པདྨ་སྨན་གྱི་རྒྱལ༔ ལྷོ་རུ་གུ་རུ་ནོར་ལྷ་དབང་གི་རྒྱལ༔ ནུབ་ཏུ་གུ་རུ་ཡི་དམ་དབང་གི་རྒྱལ༔ བྱང་དུ་གུ་རུ་སྒྲུབ་པོའི་རེ་སྐོང་རྒྱལ༔ དེ་ཡི་ཕྱི་རིམ་རིན་ཆེན་ཆ་བརྒྱད་ལ༔ ཤར་དུ་གུ་རུ་དཔའ་བོ་གིང་གི་གཙོ༔ ལྷོ་རུ་གུ་རུ་འབྱུང་བཞིར་དབང་སྒྱུར་རྒྱལ༔ ནུབ་ཏུ་གུ་རུ་མ་རུངས་སྐྲོད་མཛད་ཆེ༔ བྱང་དུ་གུ་རུ་རྡོ་རྗེའི་གོ་ཆ་ཅན༔ ཤར་ལྷོར་གུ་རུ་འཆི་བའི་སྡུག་བསྔལ་སེལ༔ ལྷོ་ནུབ་གུ་རུ་བར་དོའི་འཁྲུལ་སྣང་འཇོམས༔ ནུབ་བྱང་གུ་རུ་སྐྱེ་བའི་སྡུག་བསྔལ་སྦྱོང༔ བྱང་ཤར་གུ་རུ་འགྲོ་དྲུག་ཀུན་གྱི་སྐྱབས༔ ཀུན་ཀྱང་རང་རང་རྒྱན་དང་ཕྱག་མཚན་རྫོགས༔ གང་འདུལ་རིགས་ཀྱི་ཚོམ་བུ་ཅིར་ཡང་འཕྲོ༔ སྒོ་བཞིར་པད་ཉི་བདུད་བཞི་བསྣོལ་བའི་སྟེང༔ ཧཱུྃ་མཛད་མི་གཡོ་རྟ་མགྲིན་བདུད་རྩི་འཁྱིལ༔ དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་ཀློང༔ སྤྲུལ་པའི་ཕོ་ཉ་འགྱེད་ཅིང་བར་ཆད་སྲུང༔ གཞན་ཡང་དཀྱིལ་འཁོར་བར་ཁྱམས་ཐམས་ཅད་དུ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དམ་ཅན་རྒྱ་མཚོའི་ཕོ་ཉ་སྤྲིན་ལྟར་གཏིབས༔ མི་འགྱུར་མི་ཤིགས་འོད་གསལ་སྙིང་པོའི་ངང༔ ཉོན་མོངས་རང་གྲོལ་ཡེ་ཤེས་ལྔ་དང་ལྡན༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོར་རྫོགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། སྤོས་རོལ་སོགས་བྱིན་འབེབ་སྐབས་ལྟར་ལ་ཁྱད་པར་ཐོད་རྔས་བསྐུལ་ཏེ། ཧཱུྃ་ཧྲཱི༔ སྔོན་ཚེ་འཛམ་གླིང་འདི་དག་གི༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ གསུམ་པ་གཉིས་མེད་བརྟན་པར་བཞུགས་པ་ནི། ཧཱུྃ་ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པ་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱི༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་པཉྩ་ཀཱ་མ་གུ་ཎ་ཏ་ན་ག་ཎ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ཀུན་གཞི་འོད་གསལ་རང་རིག་བྱང་ཆུབ་སེམས༔ ཡོན་ཏན་རྩལ་རྫོགས་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ དུས་གསུམ་སངས་རྒྱས་ཀུན་འདུས་གུ་རུ་རྗེ༔ ཁྱབ་བདག་བདེ་བ་ཆེན་པོར་ཕྱག་འཚལ་བསྟོད༔ གཞན་ཡང་ཕྱོགས་དུས་རྒྱལ་སྲས་རིག་པ་འཛིན༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྡུག་བསྔལ་ཀུན་སེལ་དངོས་གྲུབ་ཆར་ཆེན་འབེབ༔ ཆོས་ཀྱི་དབྱིངས་ནས་རོལ་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་བཟླ་བ་ནི། ཐུགས་ཀར་ཐབས་ཤེས་པད་ཟླའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་མི་འགྱུར་རྡོ་རྗེའི་སྦུབས༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དཀར་དམར་མདངས༔ རིག་རྩལ་རོལ་པ་བདེན་དོན་བཅུ་གཉིས་ཀྱི༔ སྙིང་པོའི་སྔགས་ཕྲེང་རང་སྒྲ་དང་བཅས་འཁོར༔ འོད་ཟེར་མཁའ་ཁྱབ་ཕྱོགས་བཅུའི་ཞིང་དུ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པས་མཉེས༔ རིགས་དྲུག་བརྟན་གཡོའི་བག་ཆགས་སྣང་ཞེན་སྦྱངས༔ སྡེ་བརྒྱད་འབྱུང་པོ་ཟིལ་མནན་ལས་ལ་བསྐུལ༔ མཆོག་དང་ཐུན་མོང་ཕྲིན་ལས་ལྷུན་གྱིས་གྲུབ༔ ཚུར་འདུས་བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ སྣང་གྲགས་ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ ཅེས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཏིང་ངེ་འཛིན་རྩེ་གཅིག་གི་ངང་ལས་ཡིད་གཞན་དུ་མ་གཡོས་པར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་དང་། ཐུན་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་འཛབདབྱངས་ཀྱི་ཚུལ་དུ་བཟླ་ཞིང་ཉམས་སྤར། དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ནུས་པ་སྤེལ། ཧཱུྃ་ཧྲཱི༔ རིག་འཛིན་འདུས་པ་བླ་མའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་ཛཔ྄་བསྙེན་མཆོད་པར་འབུལ༔ ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད༔ ཉམས་ཆག་ཀུན་བཤགས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྟོང་ཚིགས་འབུལ། ཡིག་བརྒྱ་བརྗོད་ལ་བརྟན་པར་བྱ། དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀ་ནས༔ རང་འདྲའི་སྐུ་དང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ གང་འདོད་དོན་ཀུན་ལྷུན་གྲུབ་གྱུར༔ ཅེས་མོས་ལ་གསོལ་འདེབས་བསམ་པ་ལྷུན་གྲུབ་ཀྱང་བརྗོད་དོ། །གསུམ་པ་རྗེས་ཀྱི་ལས་རིམ་བདུན་ལས། དང་པོ་ཚོགས་མཆོད་ནི། ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ་འཕྲོས་ཏེ༔ ཚོགས་ཀྱི་དངོས་པོའི་བག་ཆགས་བསྲེགས་གཏོར་བཀྲུས༔ སྟོང་གསལ་ངང་ལས་ཐབས་ཤེས་ཀ་པཱ་ལར༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ། ཧཱུྃ་ཧྲཱི༔ མི་མངོན་དབྱིངས་ནས་རྩ་གསུམ་རྒྱལ་བའི་ཚོགས༔ འགག་མེད་མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང༔ འདོད་ཡོན་མཆོད་བཞེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཞེས་ཚོགས་མགྲོན་སྤྱན་དྲངས་ལ། དང་པོ་མཆོད་པ་ནི། ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་རྩ་གསུམ་དཀྱིལ་འཁོར་ལྷར༔ ཚོགས་མཆོད་འདོད་ཡོན་ལྔ་ལྡན་འབུལ་ལགས་ན༔ དགྱེས་པར་བཞེས་ལ་ཕྱི་ནང་གསང་བ་ཡི༔ བསམ་པ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་པ་འདིས༔ བླ་མ་རིག་འཛིན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་ཡིས༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་བཞེས་ནས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཅེས་དང་། ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་རྩལ༔ ཕྱག་ན་སྲས་མཆོག་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་བཏབ་པ་ཡིས༔ ལྔ་ཕུང་དུག་ལྔའི་རྩད་བཅད་དེ༔ ཡེ་ཤེས་ཆེན་པོའི་བདུད་རྩིར་བསྒྱུར༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ༔ ཧཱུྃ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བསྟན་ལ་གནོད་བྱེད་དགྲ་བགེགས་མ་ལུས་ཀུན༔ བསྒྲལ་པའི་ཤ་ཁྲག་བདུད་རྩིའི་མཆོད་པ་བཞེས༔ འཁོར་འདས་མཉམ་ཉིད་དབྱིངས་སུ་བསྒྲལ་བར་མཛོད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་བཅས་ཚོགས་རྫས་ནང་གི་སྲེག་བླུགས་ཀྱི་ཚུལ་དུ་རོལ་ལ་རྡོ་རྗེའི་གླུ་དང་ཡེ་ཤེས་ཀྱི་ཉམས་བསྐྱང་ངོ་། །གཉིས་པ་ལྷག་མ་གཏོང་བ་ནི། ཚོགས་ལྷག་ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལྷག་གཏོར་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་ཕུང་པོ་ཟད་མེད་ཀྱི་གཏེར་དུ་གྱུར། ཅེས་བྱིན་བརླབས་ལ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་སྤྱན་སྔ་རུ༔ ཁས་བླངས་མཁའ་འགྲོ་དམ་ཅན་ཚོགས༔ ལྷག་གཏོར་བཞེས་ལ་དམ་བཅས་བཞིན༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལྷག་གཏོར་ཕྱི་རོལ་དུ་དོར། ཧོ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ བདག་དང་མཁའ་མཉམ་འགྲོ་བ་ཀུན༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་སྨོན་ལམ་གདབ། གསུམ་པ་གཏང་རག་མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བཞི་པ་བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་བརྗོད། ལྔ་པ་གཤེགས་བསྡུ་ནི། ཚོགས་མགྲོན་སོགས་རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་མཐུན་བྱ། སྣོད་བཅུད་གཞལ་ཡས་དཀྱིལ་འཁོར་པ༔ མ་བཅོས་སྤྲོས་མེད་འོད་གསལ་ངང༔ ཅིར་སྣང་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པའི་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ དྲུག་པ་བསྔོ་སྨོན་ནི། ཧོ༔ རིག་འཛིན་བླ་མ་བསྒྲུབས་པའི་འབྲས་བུ་ཡི༔ བསོད་ནམས་གང་མཆིས་འགྲོ་བའི་རྒྱུད་ལ་བསྔོ༔ ཀུན་ཀྱང་ས་ལམ་ཡོན་ཏན་མཐར་ཕྱིན་ནས༔ བདེ་ཆེན་རྒྱལ་པོའི་གོ་འཕང་མྱུར་འགྲུབ་ཤོག༔ བདུན་པ་ཤིས་བརྗོད་ནི། ཨོཾ༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སྦྱར་ལ་དགེ་ལེགས་སུ་བྱའོ། །འབྲེལ་ཚད་གུ་རུས་རྗེས་བཟུང་ནས། །རྡོ་རྗེ་ཡེ་ཤེས་བྱིན་དབང་ཐོབ། །གནས་སྐབས་མཐར་ཐུག་བསམ་རྒུ་འགྲུབ། །འདི་བསྟན་ཕྱོགས་དུས་ཀུན་ཁྱབ་ཤོག །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ལྷོ་རྒྱུད་རྩི་སྐེ་ནོར་བུ་སྤུན་གསུམ་གྱི་གནས་ནས་སྤྱན་དྲངས་པའི་ཤོག་སེར་ལས། རིག་འཛིན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཆུ་བྱ་ལོར་གཏན་ལ་ཕབ་པའི་རྒྱུན་གྱི་ཕྲིན་ལས་སྙིང་པོ་གཞིར་བཞག །ཁ་སྐོང་ས་བཅད་ཀྱིས་གསལ་བ་རྣམས་ཕྲིན་ལས་ཆེན་མོ་ལས་སྦྱོར་ཚུལ་ཕྱག་ཐོ་གནང་བའི་དགོངས་དོན་ཇི་བཞིན། ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་རིག་འཛིན་ཆེན་པོ་ཟུང་གི་བྱིན་རླབས་དང་རྗེས་གནང་ཐུན་མིན་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།

རྡོ་རྗེ་ཕུར་པ་ཐུགས་ཀྱི་ཉིང་ཁུའི་དོན་དབང་བལྟས་ཆོག་ཏུ་བཀོད་པ་ཕྲིན་ལས་བཅུད་འཛིན་ (Volume 31, Text 32)

༄༅། །རྡོ་རྗེ་ཕུར་པ་ཐུགས་ཀྱི་ཉིང་ཁུའི་དོན་དབང་བལྟས་ཆོག་ཏུ་བཀོད་པ་ཕྲིན་ལས་བཅུད་འཛིན་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་ཧེ་རུ་ཀ་པདྨ་སཾ་བྷ་བ་ཡ། མཚན་མ་ལས་འདས་སྣང་སྲིད་ཕུར་བུའི་གཟུགས། །སྣང་སྲིད་སྤངས་ཀྱང་སྦྱོར་སྒྲོལ་ཕྲིན་ལས་མཛད། །སྙིང་རྗེས་ཞི་ཡང་འབར་བ་ཆེན་པོའི་ཚུལ། །ཕྲིན་ལས་འདུས་པའི་ལྷ་མཆོག་དེས་སྐྱོངས་ཤིག །རྩ་ཐུང་གདམས་ངག་ཅན་གྱི་ལུང་། །བཀའ་གཏེར་བརྒྱུད་སྲོལ་གཉིས་ལས་འདིར། །ཤར་གཏེར་འདྲིལ་བ་སྡོང་པོའི་ཚུལ། །གཞུང་གདམས་ཟུང་དུ་འབྲེལ་དེ་འོ། །མཚན་ཉིད་དང་ལྡན་པའི་བླ་མས་བཀའ་ཆེན་ངེས་པ་ཐུགས་ཀྱི་རྒྱ་ཅན་གྱི་སྨིན་བྱེད་སྙིང་པོ་གཉན་ཅིང་ཟབ་པ་འདི་ཉིད། སྣོད་ལྡན་བརྟགས་ཐུབ་བདུན་ནམ་ཉེར་གཅིག་ལས་མི་མང་བ་ལ་བསྐུར་བར་འདོད་པས། འཇིགས་ཤིང་བག་དྲོ་བའི་གནས་སུ་རས་བྲིས་སམ་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པ་བཞག །དེའི་སྟེང་གི་ལྡིང་ཁྲི་ལ་བནྡྷ་མཚན་ལྡན་ནས་ཀྱིས་བཀང་བར་གཙོ་ཕུར་ཅོད་པན་དང་ལྡན་པ་གཙོ་བོ་ཡབ་ཡུམ་སྐུ་ཙཀ་བཅས་བཀོད། དེའི་ཤར་དུ་རྡོ་རྗེ། ལྷོར་སྐྱེར་ཕུར་ཅོད་པན་ཅན། ནུབ་ཏུ་པུསྟི་དང་ཕྲེང་བ། བྱང་དུ་དྲིལ་བུ་རྣམས་དང་། འཛོམ་ན་མཚམས་བཞིར་ཕུར་པ་དར་གྱི་ཅོད་པན་ཅན་རེ་རེ་གཟུག །རྒྱབ་ཏུ་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་རིགས་ལྔའི་ཙཀ་ལི། གསང་དབང་རྫས་བདུན་བདུད་རྩི་མངར་གསུམ་སྦྱར་བ། རིག་ཙཀ །སོ་ཤིང་ཕུར་པའི་དབྱིབས་ཅན་ཅོད་པན་སྔོན་པོས་མཚན་པ། དུང་ཆུང་། སྲུང་སྐུད་སྔོན་པོ་སུམ་སྒྲིལ། ཀུ་ཤའི་ཆུན་པོ་ཆེ་ཆུང་། མིག་དར་མེ་ཏོག་འདོར་རྒྱུ། འཛོམ་ན་དྲག་ཤིང་གི་ཕུར་བུ་ཚོན་གང་བའི་མགུལ་དུ་ཡུངས་དཀར་ཉེར་གཅིག་ལ་སྙིང་པོ་བཟླས་པ་དང་ཅོད་པན་སྔོན་པོ་བཏགས་པ། མ་འཛོམ་ན་ཅོད་པན་ཙམ། མཚམས་ཕུར། སྦྱོང་ཆས་ཏིལ། རྩ་ཆུན། ལྕི་བའི་ཆངས་བུ། ཁམ་ཕོར། སེང་རས་དཀར་པོ། སྔོན་གཏོར། བཀའ་སྲུང་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །དེ་ནས་ཐོག་མར་བདག་ཉིད་ནུས་ལྡན་དུ་བསྒྲུབ་པ་ལ། ལས་བྱང་ཚར་གཅིག་གིས་བདག་མདུན་བུམ་དཀྱིལ་ཐ་མི་དད་དུ་བསྒྲུབས་ཤིང་བཟླས་པ་བྱས་ཀྱང་མི་རུང་བ་མེད་མོད། གཏེར་ཁ་འདིའི་ལུགས་སྲོལ་ལ་བདག་མདུན་བུམ་གསུམ་སོ་སོར་སྒྲུབ་པ་གཙོ་ཆེ་ཞིང་། བྱ་ཁྱུང་པ་ཡབ་སྲས་སོགས་ཀྱིས་ཕྱག་ལེན་དེ་ཁོ་ན་ལྟར་མཛད་པས། དེ་གཉིས་སློབ་དཔོན་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་མ་ཐོབ་དང་། ལོང་སྐབས་ཡོད་མེད་ཀྱི་དབང་དང་བསྟུན་ཆོག་ནའང་། འདིར་ཕྱི་མའི་ལུགས་ལྟར་བྱ་ན། བྱ་ཁྱུང་པའི་ཡིག་ཆའི་རིགས་རྒྱས་དྲགས་པས་འཕྲལ་དུ་མི་ལྕོགས་པའི་དབང་དུ་བྱས་ནས་ལས་བྱང་ཉུང་གསལ་དུ་བསྒྲིགས་པ་ཉིད་ཀྱིས་གཞི་བྱས་ཏེ་བཟླས་པ་ཡན་བཏང་བ་བདག་བསྐྱེད། དེ་འཕྲོས་གཏེར་གཞུང་ལས་བྱང་རྒྱུན་ཁྱེར་གྱི་བཤགས་པ་དང་མཆོད་བརླབ་ནས་བཟླས་པའི་བར་བཏང་བ་མདུན་བསྐྱེད། སླར་དེ་བཞིན་ཚར་གཅིག་བཏང་ནས་བུམ་པ་ལ་དམིགས་པའི་བཟླས་པ་བྱ། དེ་ཙམ་ཡང་མི་ལྕོགས་ན་ལས་བྱང་རྒྱུན་ཁྱེར་ཉིད་བདག་མདུན་བུམ་གསུམ་ལ་དམིགས་ཏེ་བཟླས་པའི་བར་ཚར་གསུམ་བཏང་། ཚར་རྗེས་མ་གཉིས་ཀྱི་ལྷ་བསྐྱེད་སྐབས། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཞེས་པ་མདུན་བསྐྱེད་ལ། སྲིད་བཅུད་ཕུར་པའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཞེས་དང་། བུམ་བསྐྱེད་ལ། བྱིན་རླབས་བུམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཞེས་བསྒྱུར། བདག་སྐྱེད་བཟླས་པའི་སྤྲོ་བསྡུ་ལས་བྱང་དུ་གསལ་ཞིང་། མདུན་བསྐྱེད་བཟླས་པར་སྔགས་ཕྲེང་མདུན་གྱི་ལྷ་ཡབ་ཡུམ་རང་རང་གི་ཞལ་དང་གསང་བར་འཁོར་བའི་དོ་ལིའི་བཟླས་པ་དང་། དེ་ལས་འཕྲོས་པའི་འོད་ཀྱིས་དོན་གཉིས་བྱས། བདེ་བར་གཤེགས་པའི་བྱིན་རླབས་དང་། སྣང་གྲགས་ཀྱི་རོ་བཅུད་ནུས་པ་བསྡུས་ཏེ་བསྒྲུབ་རྫས་རྣམས་ལ་བསྟིམ། བུམ་བཟླས་སྐབས། བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་འབྲུ་དང་བཅས་པ་ལས་དངོས་ལྟ་བུའི་ཧཱུྃ་ཡིག་སྔགས་འབྲུ་དང་བཅས་པ་འཕྲོས། གཟུངས་ཐག་ལ་བརྒྱུད་དེ་སོང་། བུམ་ནང་གི་གཙོ་བོའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་ཅིང་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་ཞིང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ནས་བུམ་ནང་གི་ལྷ་རྣམས་ལ་ཐིམ། ལྷ་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། དམ་ཚིག་གི་བདུད་རྩི་དང་འདྲེས་པས་བུམ་པ་མེར་གྱིས་གང་བར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ལ་ཀྵ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། སྤྲོ་ན་སྲས་འཁོར་གྱི་སྙིང་པོའང་དེས་འགྲེས་ཏེ་བཟླ། ལས་ཀྱི་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པར་བུམ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ། པདྨ་དང་ཟླ་བའི་གདན་ལ། ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ་ཁྲོ་འཛུམ་གྱི་ཉམས་ཅན། ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་ཕྱེད་པས་མེ་འབར་བའི་ཀློང་ན་འགྱིང་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། སྔགས་ཀྱི་འོད་ཟེར་བུམ་ནང་གི་ལྷའི་ཐུགས་ཀར་ཕོག །སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། མང་དུ་བཟླས་ལ། མཆོད་བསྟོད་བྱ། བུམ་པ་གཉིས་ཀར་དམིགས་ཏེ། ཨོཾ་ཨཱཿཧཱུྃ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ས་བོན་སྔགས་འབྲུ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་བའི་བདུད་རྩིར་གྱུར་པར་བསམ། ཞར་ལ་དབང་རྫས་གཞན་རྣམས་ཀྱང་ལྷར་མོས་པས་བྱིན་གྱིས་བརླབ། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱ། ལུགས་འདིར་བདག་འཇུག་ཁོ་ན་ཕྱག་ལེན་དུ་མཛད་པས་དེ་ལྟར་སྤྲོ་ན་འོག་ནས་འབྱུང་བའི་དབང་སྟ་གོན་མ་གཏོགས་པ་ཚང་བར་བླང་། མི་འགྲུབ་ན་རིག་པའི་མེ་ཏོག་དོར་བས་ཆོག་གོ །དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས། སྟ་གོན་དང་། དངོས་གཞིའོ། །དང་པོ་ནི། སློབ་མ་ཟུང་དུ་མ་གྱུར་པ་སྒོའི་ཕྱི་རོལ་དུ་འཚོགས་ལ། ལས་ཀྱི་རྡོ་རྗེས་ཁྲུས་བྱས་ཏེ། ཁྱེད་རང་རྣམས་ཕོ་བྲང་ཆེན་པོའི་སྒོ་དྲུང་དུ་འཁོད་དེ་སྒོ་སྲུང་ཡེ་ཤེས་ཁྲོ་རྒྱལ་ལ་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ མི་བཟད་ཁྲོ་རྒྱལ་འབར་བའི་ཚོགས༔ ཁྱོད་ནི་སྟོབས་ཆེན་དཔའ་གཏུམ་ཅན༔ བགེགས་དང་ལོག་འདྲེན་འཇོམས་པའི་དཔལ༔ བདག་ལ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་ཐོག་མ་མ་མཆིས་ནས༔ སྦྱངས་པའི་ལས་ཅན་དོན་གྱི་སྲས༔ གསང་སྔགས་ཐེག་པའི་སྣོད་དུ་ཤིས༔ དད་ལྡན་དམ་ཚིག་གཙང་བར་གནས༔ དེང་འདིར་གསང་བའི་དཀྱིལ་འཁོར་དུ༔ མོས་ཤིང་གུས་པས་འཇུག་འཚལ་བས༔ དཔའ་བོ་ཆེན་པོས་སྒོ་ཕྱེ་ལ༔ དཀྱིལ་འཁོར་ཆེ་གནས་གཞུག་ཏུ་གསོལ༔ ཞེས་ཞུ། ནང་དུ་རྒྱལ་ཐེབས་ཡོད་ན་སྒོ་ནང་དུ་བྱོན་ཅིང་མེད་ན་སློབ་དཔོན་གྱིས། ཀྱེ་ཀྱེ་དེར་གནས་རིགས་ཀྱི་བུ༔ ཐེག་ཆེན་གསང་བའི་དཀྱིལ་འཁོར་དུ༔ རིམ་གྱིས་འཇུག་པར་འཚལ་ལགས་ན༔ དམ་ཚིག་སྲོག་ལྟར་བཅང་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། རྡོ་རྗེ་རྒྱལ་པོས་ཅི་བསྩལ་པ༔ ངེས་པར་དེ་ལས་འདའ་རེ་ཀན༔ ཐུགས་རྗེས་ཉེ་བར་བརྩེར་དགོངས་ལ༔ མྱུར་དུ་སྒོ་འདི་ཕྱེས་ལ་ཐོངས༔ ཞེས་ཞུས་ནས་སྒོ་ཕྱེས་ཏེ་ནང་དུ་འོང་བ་དང་། སློབ་དཔོན་གྱིས་ལས་བྱང་ལྟར། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ སོགས་བཀའ་བསྒོ་དང་དྲག་སྔགས་རོལ་མོ་གུ་གུལ་ཡུངས་ཐུན་དྲག་ཏུ་འཐོར་ལ་བགེགས་བསྐྲད། ཧཱུྃ༔ ཡང་དག་གསང་བའི་སོགས་མཚོན་ཆ་དང་ཁྲོ་བཅུའི་སྲུང་འཁོར་རྫོགས་ཀྱི་བར་བརྗོད་ལ་མཚམས་ཕུར་སྔགས་དང་བསྟུན་ཕྱོགས་མཚམས་རྣམས་སུ་དྲིལ་ཞིང་འདེབས་པའི་ཚུལ་བྱས་ལ་མཐར་གནས་ཁང་གི་བྱང་ཤར་དུ་གདབ་བོ། །དེ་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྐབས་སུ་བབས་པའི་གདམས་ཟབ་ཁྱད་པར་ཅན་འདི་ཉིད་སློབ་དཔོན་གང་གིས་མཛད་ཅིང་གང་ལས་བརྒྱུད་ན། འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུས་འཁོར་རིགས་བཞིའི་སངས་རྒྱས་རྣམས་ལ་ཆོས་ཉིད་ཀྱི་རང་སྒྲས་བསྟན་པ་ལས་བརྒྱུད་དེ་རིག་འཛིན་ཚེ། རྣམ་བཞིའི་ལས། ས་འོག་གཏེར། ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་རྣམ་པ་བཞི་ལ་མངའ་བརྙེས་པའི་ཨོ་རྒྱན་པདྨ་འབྱུང་གནས་ལ་བཀའ་བབས། དེའང་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་ཟ་ཧོར་མཁན་པོ་པྲ་ཧསྟི་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་ཞུས་པས། ངས་ཁྱེད་ལ་དབང་བསྐུར་བའི་སྐལ་པ་དང་མི་ལྡན་པས་མཁའ་འགྲོ་བདེ་བའི་འཁོར་ལོ་ལ་ཞུས་ཤིག་པའི་ལུང་བསྟན་པ་བཞིན་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཁའ་འགྲོ་མ་ལ་དབང་བསྐུར་ཞུས་པས། དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་ཡི་གེ་ཧཱུྃ་དུ་བསྒྱུར་ནས་ཞལ་དུ་མིད་དེ་གནས་བཞིར་དབང་བཞི་རྫོགས་པར་བསྐུར་ཅིང་གསང་བའི་མཚན་བཞི་བཏགས་ནས་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་མཐའ་དག་པ་བཤད། ཕྱིས་བལ་ཡུལ་ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་སྒྲུབ་པའི་ཚེ་བར་ཆད་འདུལ་བའི་དོན་དུ་རྒྱ་གར་ནས་ཕུར་པའི་ཆོས་སྐོར་གྱི་གླེགས་བམ་མི་ཁུར་གཉིས་བླངས་ཏེ་བར་ཆད་མཐའ་དག་བཏུལ། ཆོས་སྐོར་རྣམས་དཔག་བསམ་གྱི་ཤིང་ལ་དཔེ་བླངས་ནས་རྒྱུད་སྡེ་སུམ་ཅུ་རྩ་དྲུག་ཏུ་ཕྱེས་ཏེ་རྩ་བ་ལྟ་བུའི་རྒྱུད་སྡེ་བཞི། སྡོང་པོ་ལྟ་བུ་བརྒྱད། ཡལ་ག་ལྟ་བུའི་རྒྱུད་བུ་ཆུང་བཅུ། ལོ་མ་ལྟ་བུ་གསུམ། མཛེས་བྱེད་མེ་ཏོག་ལྟ་བུ་བཞི། སྨིན་པ་འབྲས་བུ་ལྟ་བུ་བཞི་དང་། མ་ཚང་བ་ཁ་སྐོང་བའི་རྒྱུད་གསུམ་རྣམས་ལས། མན་ངག་གི་དོན་རྒྱས་པར་སྟོན་པ་རྡོ་རྗེ་ཁྲོས་པ་སོགས་སྙིང་པོའི་རྒྱུད་བདུན་གྱི་ཡང་བཅུད་སྒོམ་ཁོག་རྡོ་རྗེ་ཁྲོས་པར་བསྡུས་ཤིང་བཀོལ། གཞན་ཡང་གསེར་འགྲེལ་ལ་སོགས་པའི་འགྲེལ་པ། སྙིང་གཟེར་སོགས་སྒྲུབ་ཐབས། རྡོ་རྗེ་རིགས་ཀྱི་པྲ་ཁྲིད་སོགས་དཀྱིལ་ཆོག །རྡོ་རྗེ་ལས་རིམ་སོགས་ཕྲིན་ལས། སྟོད་ལས་མངོན་པར་རྟོགས་པ། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་མཐའ་ཡས་པར་མཛད་པའི་ནང་ནས་རྨད་དུ་བྱུང་བའི་ཟབ་དོན་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུར་གྲགས་པ་འདི་ཉིད་མཛད་དེ་གཞན་གང་ལའང་མ་སྤེལ་བར། ལྷོ་ནུབ་སྲིན་ཡུལ་དུ་ཕེབས་པའི་གཤེགས་སྐྱེལ་ལ་མཚོ་རྒྱལ་དཔོན་སློབ་གསུམ་བྱོན་པའི་སྐབས་སུ། ཚེ་རབས་ཀྱི་ལས་ཅན་གཏན་གྱི་གཟུངས་མར་དགོངས་ནས་སྐྱེལ་ལན་གྱི་ཚུལ་དུ་མཁར་ཆེན་བཟའ་ལ་གནང་། དེས་ཀྱང་དུས་ཞབས་ཀྱི་གདུལ་བྱ་ལ་དགོངས་ཏེ་སུ་ལའང་མ་སྤེལ་བར་ཀོང་པོ་རྩེ་ཆེན་བྲག་དམར་དུ་གཏེར་དུ་སྦས་ནས་རྒྱས་བཏབ་པ། འབྱུང་འགྱུར་འདུལ་བའི་དུས་ལ་བབ་པའི་ཚེ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་སྤྱན་དྲངས་ཤིང་། གཏེར་སྟོན་གཏེར་སློབ་ཡང་སློབ་བརྒྱུད་པ་དུ་མའི་བར་དུ་ཆོས་འདི་ལས་གྲུབ་པའི་རྟགས་མཚན་ངོ་མཚར་བ་ཤ་སྟག་བསྟན་པ་འདི་ལ་སྨིན་བྱེད་དབང་བསྐུར་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། སྐབས་འདིར་པྲ་ཁྲིད་དོན་དབང་ནོར་བུའི་སྙིང་པོ་བསྒྲུབ་པར་བྱ་བ་ལ། བདག་ཉིད་སློབ་དཔོན་གྱིས་བྱ་བའི་འོས་སུ་གྱུར་པ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་གི་སྔོན་འགྲོ་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་བླང་བའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་ལྷན་ཅིག་པར་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་ལམ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས༔ བདག་གཞན་དུས་འདི་ནས་གཟུང་ནས༔ སངས་རྒྱས་ཆོས་དང་ཚོགས་བཅས་དང༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བས་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་ཀྱང་གཞན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ གསང་སྔགས་ངེས་པའི་བློ་འཛིན་ནོ༔ ཞེས་ལན་གསུམ་བརྗོད། དེ་ནས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བྱ་ཞིང་། ཨཱོཾ་སྤྱི་བོར་བྱིན་པས་ལུས་རྡོ་རྗེ་རྩེ་ལྔ་པར་གྱུར༔ ཨཱཿམགྲིན་པར་བྱིན་པས་ངག་ཧཱུྃ་དུ་གྱུར༔ ཧཱུྃ་སྙིང་གར་བྱིན་པས་ཡིད་ཀྱི་རྣམ་པར་ཤེས་པ་མཆོད་རྟེན་དུ་གྱུར་པར་མོས་ཤིག༔ དེས་སྐུ་གསུང་ཐུགས་ཀྱི་དབང་རྟགས་ཆགས་པ་དང་། སྐུ་གསུམ་གྱི་རང་བཞིན་དུ་རྟེན་འབྲེལ་འགྲིགས་པའི་དགོས་པ་ཡོད་དོ། །དེ་ནས་སོ་ཤིང་ལས་བུམ་གྱི་སྔགས་ཆུས་བསང་། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གསུམ། ཡེ་ཤེས་ལྔ་ལྡན་གྱི་རང་བཞིན་དུ་གྱུར། མཎྜལ་ཚོམ་བུ་ལྔ་པ་མདུན་དུ་བཀོད་ལ། ཚོམ་བུའི་དཀྱིལ་འཁོར་མི་བསྐྱོད་པ་གཙོ་བོར་གྱུར་པའི་རྒྱལ་བ་རིགས་ལྔར་སྐད་ཅིག་གིས་གསལ་བར་གྱུར། ཁྱེད་རང་རྣམས་ལག་པ་ཐལ་སྦྱར་གྱི་བར་དུ་སོ་ཤིང་བཅངས་ནས་རྩེ་མོས་སོ་རྩ་བྲུད་པའི་རྣམ་པས། རང་གི་སྒོ་གསུམ་གྱི་རྒྱུད་ལ་གནས་པའི་དུག་ལྔ་སོ་ཤིང་ཡེ་ཤེས་ལྔ་ལྡན་ལ་ཐིམ། དེ་ཁྲུ་གང་གི་ནམ་མཁའ་ནས་རིགས་ལྔའི་སྟེང་དུ་དོར་ཞིང་ཐིམ་པར་མོས་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཅིག །སོ་ཤིང་གཏད་ལ། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དངོས་གྲུབ་འགྱུར་མེད་རབ་བརྟན་ཕྱིར༔ སོ་ཤིང་འདི་དག་དོར་བ་ཡིས༔ དངོས་གྲུབ་ཅི་འགྲུབ་ལྟས་སྟོན་ཅིག༔ ཨཱོཾ་བཛྲ་ཧཱ་ས་ཧཱ༔ དེ་ལྟར་དོར་བས་དབུས་དང་ཕྱོགས་བཞིར་རྩེ་མོ་གང་དུ་བསྟན་པ་དེའི་རིགས་དང་མཐུན་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞི་རྒྱས་དབང་དྲག་གི་ལས་ཀྱི་དངོས་གྲུབ་སོ་སོར་འགྲུབ་པར་འགྱུར་བ་ཡིན་ནོ། །བཾ་ལས་བྱུང་བའི་དུང་ཆུ་ བཾ་ལན་བདུན་བརྗོད་པས། ལག་པ་གཡས་སུ་སྦྱིན་ལ། ཨཱོཾ་ཧྲཱིཿབི་ཤུདྡྷེ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ༔ སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡེ་ཧཱུྃ༔ ཞེས་ལན་གསུམ་འཐུང་དུ་གཞུག །དེས་སྒྲིབ་པ་བྲལ་ཞིང་རྒྱུད་སྣོད་དུ་རུང་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །སྲུང་སྐུད་ལ་མདུད་པ་གསུམ། རྡོ་རྗེའི་མདུད་པ་དང་ལྡན་པའི་སྲུང་སྐུད་ཧཱུྃ་ལས་ཡེ་ཤེས་ཁྲོ་བཅུའི་རང་བཞིན་དུ་གྱུར། ཁྲོ་བཅུའི་སྔགས་བཟླས་པས་བྱིན་བརླབ། ཨཱོཾ་བུདྡྷ་མཻ་ཏྲི་སརྦ་རཀྵ་རཀྵ་སརྦ་སྭཱ་ཧཱ༔ སྲུང་སྐུད་དེ་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་བྱམས་པའི་གོ་ཆས་ཐམས་ཅད་དུ་བསྲུང་བར་འགྱུར་རོ། །མདུད་པའི་སྟེང་དུ་ལས་བུམ་གྱི་ཆུ་དང་རྡོ་རྗེས་རྒྱས་བཏབ་ལ། སྲུང་བའི་གོ་བསྒོས་པས་ཐེག་ཆེན་གྱི་ཆོས་བསྒྲུབ་པ་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དོ། །ཡི་གེ་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་དུ་བྱིན་པའི་མོས་པ་མཛོད། ཨཱོཾ་བཛྲ་ཏཱིཀྵྞ་བཾ༔ སྔོན་ཚེ་བདེ་གཤེགས་ཤཱཀྱ་སེང་གེ་ཡིས༔ བདུད་སྡེ་བཅོམ་ནས་འགྱུར་མེད་ཏིང་འཛིན་ཐོབ༔ གཙང་ཞིང་རྣམ་པར་དག་པ་ཀུ་ཤའི་གདན༔ ཁྱོད་ལ་རབ་སྦྱིན་བདུད་སྡེ་འཇོམས་པར་འགྱུར༔ ཞེས་ཀུ་ཤ་སྦྱིན་ལ། དེ་དག་གིས་སྨིན་བྱེད་ཀྱི་ཐོག་མར་བྱ་བ་སྟ་གོན་གྱི་རིམ་པ་གྲུབ་པ་ཡིན་ནོ། །ཞེས་དང་། དངོས་སྟ་ཕྱེ་ན་རྨི་ལམ་བརྟག་པ་དང་བསྔོ་སྨོན་སོགས་མཚམས་སྦྱོར་སྤྱི་དང་མཐུན་པར་བྱས་ལ་གྲོལ། འོན་ཀྱང་དེང་སང་འདི་རིགས་དངོས་སྟ་སྦྲེལ་བའི་ལག་ལེན་ཤས་ཆེ་བས་དེ་ལྟར་ན། གོང་གི་དེ་མ་ཐག་པར། སྔོན་ཆད་དཀྱིལ་འཁོར་གཉན་པོ་འདི་ཉིད་མ་མཇལ་བའམ་མཇལ་ཡང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་གདོང་གཡོགས་འཆིང་བར་ཞུ། ཨཱོཾ་ཙཀྵུརྦནྡྷ་བ་ར་མཱ་ཎཱ་ཡ་ཧཱུྃ། ཕུར་ཆུང་ཡོད་ན་རྗེས་ནས་མེ་ཏོག་འདོར་བའི་སྐབས་དེར་སྦྱིན་ཆོག་ཅིང་། ཅོད་པན་ཙམ་ལས་མེད་ན་སྐབས་འདིར་འབྲུ་གསུམ་གྱིས་གཏད་ལ། དྲི་བ་ནི། ཀྱེ་ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ ཇི་ལྟར་འདོད་པའི་དོན་དེ་ཉིད༔ གང་ཡིན་ཁྱོད་ཀྱིས་འདིར་སྨྲོས་ཤིག༔ ཅེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་ཆེན་པོ་འཚལ་ལགས་ཀྱིས༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག །དྲིལ་བུ་གསིལ་ལ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་དུ་འགྲོ་བ་དམ་ཚིག་ལ་གནས་ན་ཕན་ཡོན་དང་། མ་གནས་ན་ཉེས་དམིགས་དང་། གཉིས་ཀ་བསྟན་པ་དང་། རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་འགྱུར་གྱིས༔ དེས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ༔ ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་བ་ཡིན་ན༔ གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས༔ ཁྱོད་ཀྱིས་དཔལ་ཆེན་པོའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་ཡང་སྨྲ་བར་མི་བྱའོ༔ གལ་ཏེ་སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ༔ ཞེས་དང་། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ༔ གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུར་རོ༔ སྙིང་གར་རྡོ་རྗེ་བཞག་ལ། ཧཱུྃ༔ དེ་རིང་རྡོ་རྗེ་གཞོན་ནུ་རང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བདུད་རྩི་བླུད་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ལས་འགལ་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ༔ སླར་རྡོ་རྗེ་གདེངས་ལ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་གཞོན་ནུ་ང་ཡིན་གྱིས༔ ང་ཡིས་ཅི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱེད་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང༔ དེ་དག་གིས་སྔོན་འགྲོ་དམ་ལ་བཞག་པ་བཞི་པོ་སོང་ནས་དངོས་གཞི་ཡེ་ཤེས་པ་དབབ་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཁྲོ་རྒྱལ་འབར་བའི་གཙོ༔ ཁྱོད་ཀྱི་རྡོ་རྗེ་ཡེ་ཤེས་དེ༔ བདག་གི་སྙིང་གི་དབུས་ཉིད་ན༔ ཉེ་བར་དབབ་པར་མཛད་དུ་གསོལ༔ ལན་གསུམ་ཞུས་པས། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་བུ་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གསལ་བའི་ ཐུགས་ཀར་ཡི་གེ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ༔ མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་དཀར་པོ༔ མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པ༔ འཆང་བཟུང་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དམར་པོ༔ རྐང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷེམ་ལས་ཉི་མའི་དཀྱིལ་འཁོར༔ སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ༔ སྤྱི་བོར་དཔལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པ་བཞུགས་པར་མོས་ཤིག༔ དེ་ནས་རྐང་པའི་ཞབས་ཀྱི་རླུང་གིས་རྐང་མཐིལ་གྱི་མེ་སྤར༔ སུམ་མདོའི་མེ་དང་བསྡོངས་ནས་སྙིང་ཁའི་ས་བསྲེགས༔ མགྲིན་པའི་ཆུ་བསྐོལ་སྤྱི་གཙུག་གི་ལྷ་ཚོགས་ལུས་ལ་ཐིམ༔ མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་རྣམ་པར་ཆར་བཞིན་དུ་བབས་ནས་རང་ལ་ཐིམ་པར་མོས་མཛོད༔ སློབ་དཔོན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པར་གསལ་བའི་ཡབ་ཡུམ་སྙོམས་འཇུག་མཛད་པའི་གསང་བའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་འོད་ཟེར་འཕྲོས་པས༔ སློབ་མའི་ཞལ་དུ་ཞུགས་ཤིང་ལུས་ཐམས་ཅད་ཞོ་རྐྱལ་འོ་མས་བཀང་པ་ལྟར་མེ་རེ་རེ་ཁེངས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་དཀར་ཕྲིལ་ཕྲིལ་འདུག༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག༔ ཅེས་བྱས་ལ་གུ་གུལ་དང་ཚིལ་ཆེན་བསྲེག༔ གློ་བུར་དུ་རོལ་མོ་བྱ་ཤོར་དུ་མ་སོང་བར་དྲག་ཏུ་བརྡུངས་ལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དཱིཔྟ་ཙཀྲ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར༔ ཨ་ཨ་ཨ༔ ས་མ་ཡ༔ ཕེཾ་ཕེཾ་ཕེཾ༔ པྲ་བེ་ཤ་ཡ་པྲ་བེ་ཤ་ཡ༔ ས་མ་ཡ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲིང་ཧྲིང༔ ཙཱ་ལ་ཡ་ཧཱུྃ་ཨ་ཛྷེཾ༔ ཞེས་དྲག་ཏུ་བརྗོད་དོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། ཡེ་ཤེས་པ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ༔ ས་མ་ཡ་སཏྭཾ༔ འདིར་སྤྲོ་ན་ཡེ་ཤེས་པ་ཕེབས་མ་ཕེབ་དྲི་བ་གཞུང་ལྟར་བྱ། དཀྱུས་ལ་མི་དགོས་སོ། །དེ་ནས་མིག་རས་ཀྱི་འོག་ནས་ལྟོས་ལ་མདའ་གང་ཙམ་གྱི་ནམ་མཁའ་ལ་དཀྱིལ་འཁོར་ཁ་དོག་ཇི་ལྟར་མཐོང་བར་སྨྲོས་ཤིག །ཅེས་དྲིས་ལ། ཁ་དོག་སོ་སོ་དང་མཐུན་པའི་རིགས་དང་ལས་སོ་སོ། ཁྲ་བོ་ལ་དངོས་གྲུབ་སྣ་ཚོགས་ཐོབ་པར་གསུངས་སོ། །དེ་ནས་སློབ་དཔོན་རྡོར་དྲིལ་ཐོགས་ལ། ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ བདག་གིས་མཆེད་ལྕམ་གཞུག་པར་བགྱིད༔ ལྷ་རྣམས་རིགས་ཀྱི་རིམ་པ་དང༔ བསོད་ནམས་རིམ་པ་དེ་བཞིན་ཤོག༔ འདིས་ནི་དངོས་གྲུབ་གང་འགྲུབ་དང༔ རིགས་ནི་གང་གི་སྣོད་དང་ལྡན༔ འདི་ལ་བསོད་ནམས་ཅི་ཡོད་པ༔ དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག༔ ཅེས་པས་གསོལ་བ་གདབ་བོ། །དེ་ནས་རིགས་སམ་སྐལ་པ་བརྟག་པའི་སླད་དུ་ཅོད་པན་ཐལ་མོའི་བར་དུ་བཟུང་བ་དཀྱིལ་འཁོར་དུ་འདོར་བའི་མོས་པས་འདིའི་རྗེས་ཟློས། ཨེ་མ་ཧོཿདཔལ་ཆེན་པོ༔ ཁྱོད་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་སྦྱངས་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཏིཥྛ་བཛྲ་དྲྀ་ཌྷོ་བྷ་བ་ཧྲྀ་ད་ཡ་མེ༔ ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ ཨཱ་ཁཾ་བཱི་ར་ཧཱུྃ༔ པྲ་ཏཱིཙྪ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོ༔ ཞེས་པས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་དུ་འདོར་དུ་གཞུག །དེ་ལྟར་ཕུལ་པའི་མེ་ཏོག་དབུས་སུ་ཕོག་ན་ཐུགས༔ ཤར་དུ་སྐུ༔ ལྷོར་ཡོན་ཏན༔ ནུབ་ཏུ་གསུང༔ བྱང་དུ་ཕྲིན་ལས༔ བར་དུ་ལྷུང་ན་གང་ལ་ཉེ་བ༔ མཉམ་ན་གཉིས་ཀའི་རིགས༔ སྐུ་སྟོད་ལ་ཕོག་ན་མཆོག༔ རྐེད་པར་འབྲིང༔ སྐུ་སྨད་ལ་ཐ་མ༔ རྩིག་པའི་ཕྱིར་ལྟུང་ན་བསྐྱར་ཞིང་འདོར་བར་གསུངས་སོ༔ སླར་ཅོད་པན་གང་ལ་ཕོག་པའི་ལྷ་དེས་ཁྱེད་རང་རྣམས་ཀྱི་སྤྱི་བོར་རིགས་ཀྱི་རྟགས་སུ་བཅིངས་པར་མོས་ཤིག །ཨཱོཾ་པྲ་ཏཱི་གྲྀཧྞ་སཏྭཾ༔ ཨི་མཾ་སཏྭཱ་མ་ཧཱ་བཱ་ལ་ཧཱུྃ༔ ཞེས་མེ་ཏོག་གཏད་དེ། རིགས་གང་ལ་བབས་པའི་གསང་མཚན་གདགས། སྔར་ཡོད་ན་གསལ་གདབ། ཁྱེད་རང་རྣམས་ཀྱི་མིག་གཉིས་ལ་འབར་བ་དང་བཅས་པའི་ཨཱོཾ་རེ་རེ་སྒོམས་ཤིག༔ ཨཱོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༔ ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཐམས་ཅད་མིག་ནི་འབྱེད་པར་མཛད༔ ཨཱོཾ་ཛྙཱ་ན་ཙཀྵུཿཧཱུྃ་ཨ་སྭཱ་ཧཱ༔ ཞེས་པས་མིག་དར་དབྱེ་ཞིང་། ཧེ་བཛྲ་པ་ཤྱ༔ སྤྲོ་ན་སྐབས་འདིར་རྟེན་དང་བརྟེན་པར་བཅས་པའི་ལྷ་ངོ་རྒྱས་པར་བསྟན། བསྡུ་ན། ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་སེལ་ནས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་བཅོམ་ལྡན་འདས་རྡོ་རྗེ་བཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །ད་ནི་དད་པའི་ཤུགས་ཀྱིས་སུ༔ དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཀུན་གྱིས་ཕུན་སུམ་ཚོགས༔ དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས༔ རྡོ་རྗེ་པདྨ་ཆེ་གྲོལ་ལས༔ གསང་སྔགས་རྣམས་ལ་བསྒྲུབ་པར་གྱིས༔ ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བ་ལ་སྤྲོ་བས་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ༔ རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༔ གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར༔ ཧོཿཧོཿཧོ༔ ཞེས་བརྗོད་དོ། །དེ་ནས་སློབ་མའི་གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་ནག་བཞག་ལ། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་གསལ་བའི་སྐུའི་འོད་ཟེར་གྱིས་ལུས་ཀྱི་སྟོད་སྨད་རྣམས་ནས་སྡིག་སྒྲིབ་ཐམས་ཅད་སྡིག་པ་རྭ་ཅན་གྱི་རྣམ་པར་ཕྱིར་དེད། མདུན་གྱི་ཏིལ་ལ་ཐིམ་པ་གཡས་སུ་ཡེ་ཤེས་ཀྱི་མེ་འབར་བ་ལ་བསྲེག །གཡོན་དུ་བཾ་ལས་ཡེ་ཤེས་ཀྱི་ཆུ་བོར་དོར་བས་བྱང་ཞིང་དག་པར་མོས་ཤིག །ཨཱོཾ་སརྦ་པ་པཱཾ་ད་ཧ་ན་བཛྲཱ་ཡ༔ བཛྲ་པྲ་ཏི་སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་ཏིལ་མེ་ཆུར་དོར། སྔགས་དེ་ཉིད་བརྗོད་ལ། རྩྭ་དང་། ལྕི་བའི་ཆངས་བུ་དང་། ཁམ་ཕོར་དཀར་པོ་དང་། སེང་རས་རྣམས་ཀྱིས་བྱབ་པའི་ཚུལ་དུ་གཡས་གཡོན་དུ་བསྐོར་ཏེ་སྣོད་དུ་བསགས་ལ་ཐམས་ཅད་རྫོགས་པའི་རྗེས་སུ་སྒོ་ཕྱིར་དོར་རོ། །དེ་དག་རེ་རེ་ལའང་གྲངས་མང་བྱ་བར་གསུངས་ཀྱང་རེ་རེ་ནས་གསུམ་རེའམ་རེ་རེ། ཕྱོགས་སུ་བསྡུ་ན་ལྔ་འམ་བདུན་ཙམ་བརྗོད་ལ་དོར་རོ། །དེ་དག་གིས་སྔོན་འགྲོའི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན་པས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། གཉིས་པ་དངོས་གཞི་ལ་གསུམ། དང་པོ་རིག་དབང་། བར་དུ་མཆོག་དབང། ཐ་མར་རྗེས་སུ་གནང་བའོ། །དང་པོ་ནི། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཉོན་མོངས་ལྔ་དང་ཕུང་པོ་ལྔ༔ གནས་སུ་དག་པའི་ཡེ་ཤེས་ལྔ༔ སྐུ་ལྔའི་ངོ་བོར་དག་མཛད་པ༔ དབང་མཆོག་ལྔ་ནི་བདག་ལ་སྩོལ༔ ལན་གསུམ། དེ་ནས་སྤྱན་དམིགས་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་རིགས་ལྔ་ཡོངས་སུ་འདུས་པའི་བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་གྱུར༔ དབང་རྫས་རྣམས་ཧཱུྃ་དང་རྡོ་རྗེ་ལས་བུམ་ཆུ་མི་བསྐྱོད་པ༔ ཏྲཱཾ་དང་ཕུར་པ་ལས་རིན་ཆེན་འབྱུང་ལྡན༔ ཧྲཱིཿདང་ཕྲེང་བ་ལས་འོད་དཔག་མེད༔ ཨཱཿདང་དྲིལ་བུ་ལས་དོན་ཡོད་གྲུབ་པ༔ ཨཱོཾ་དང་གཙོ་བོ་ཡབ་ཡུམ་གྱི་སྐུ་ལས་རྣམ་པར་སྣང་མཛད་དུ་གསལ་བ་སློབ་དཔོན་གྱི་ཞལ་དུ་བཅུག༔ དམ་ཡེ་གཉིས་སུ་མེད་པར་བྱས་ནས་སླར་བཏོན་ཏེ་ཡན་ལག་གི་གནས་རྣམས་སུ་འཁོད་པ་དང༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་དབུས་སུ་གནས་པར་གྱུར༔ སླར་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ བཛྲ་ས་མ་ཡ་ཛ༔ ཞེས་པས་ཀུན་ཏུ་གཞལ་ཡས་ཁང་དང་བཅས་པའི་རིགས་ལྔའི་སངས་རྒྱས༔ བྱང་ཆུབ་སེམས་དཔའ་བརྒྱད༔ རིག་མ་བཅུ་དྲུག༔ ཁྲོ་བོ་ཡབ་ཡུམ་ཉི་ཤུ༔ ལྷ་མོ་དྲུག༔ སྒོ་བ་དང༔ སྤྲུལ་པ་ཟ་གསོད་ཕོ་མོ༔ སྲུང་མ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས༔ ཨཱོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད། རིགས་སོ་སོའི་སངས་རྒྱས་ཡུམ་དང་བཅས་པ་རྣམས་ཀྱི་གནས་སོ་སོར་དབང་བསྐུར་བར་མོས་ཤིག༔ བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ དེ་རིང་རྒྱལ་སྲས་རིགས་ཀྱི་བུ་འདི་ལ༔ བདེ་གཤེགས་བྱིན་རླབས་བུམ་ཆུས་དབང་བསྐུར་བས༔ ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ནས༔ དེས་བསྐྱེད་འབྲས་བུ་ཐམས་ཅད་ཞི་གྱུར་ཅིག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ལ་ཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་བླུད། སྐུ་སྤྱི་བོ་དང་། རྡོ་རྗེ་སྙིང་གར་བཞག་ལ། རྡོ་རྗེ་སྲིན་པོ་དཔལ་ཆེན་ཧེ་རུ་ཀ༔ མི་གནས་ཡེ་ཤེས་ཆོས་ཉིད་ཧ་ལའི་སྐུ༔ ཡོན་ཏན་ཀུན་རྫོགས་སྟོབས་ཆེན་འབར་བ་ཡིས༔ སྐལ་ལྡན་སྐྱེས་བུ་འདི་ལ་དབང་བསྐུར་རོ༔ ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ནཱ་མ་ཨ་བྷི་ཥིཉྩ་ཨཱོཾ༔ ཀྱེ་དཔལ་ཕྲིན་ལས་འདུས་པ་ལས་རབ་གྲུབ་པ་རྩལ་ཞེས་བྱ་བའོ། །ཕུར་པ་ལྟེ་བར་བཞག་ལ། ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ རིན་ཆེན་དམ་ཚིག་ཕུར་པའི་དབང༔ དར་དཔྱང་ལྡན་པས་བསྐུར་བར་བྱ༔ ཅི་འདོད་དགོས་དགུ་ལྷུན་གྲུབ་ཤོག༔ ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ ཕྲེང་བ་མགྲིན་པར་བཞག་ལ། བདེ་གཤེགས་གསུང་གི་རང་བཞིན་མཆོག༔ ཨཱ་ལི་ཀཱ་ལི་ཡི་གེའི་སྒྲ༔ གསུང་དབྱངས་སྔགས་ཀྱིས་དབང་བསྐུར་བས༔ སྔགས་དབང་ནུས་པ་མཐར་ཕྱིན་ཤོག༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་མཱ་ལྱེ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གསང་གནས་སུ་གཏུགས་ལ། དོན་དམ་ཆོས་ཉིད་སྟོང་པའི་སྒྲ༔ གསུང་དབྱངས་དྲུག་ཅུ་མཚོན་པའི་བརྡར༔ ཚངས་དབྱངས་དྲིལ་བུའི་དབང་བསྐུར་བས༔ ཕྲིན་ལས་ཀུན་ལ་ཐོགས་མེད་ཤོག༔ ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ གྷཎྜེ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་རྫས་རྣམས་ཀྱིས་དབང་བསྐུར་ཞིང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད་པར་མོས་ཤིག༔ དབྱངས་དང་བཅས་པས་མེ་ཏོག་འཐོར་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས༔ སེམས་ཅན་མ་ལུས་རང་བཞིན་དག་པ་མཆོག་གྱུར་པ༔ སྐྱེ་བྱེད་བདེ་བ་ཐམས་ཅད་འབྱུང་བ་ཅི་ལྟ་བར༔ དེ་ལྟར་དབང་སྐུར་མཆོག་གིས་དེང་འདིར་བཀྲ་ཤིས་ཤོག༔ རིགས་ཀྱི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་པར་གྱུར༔ ཨཱོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད༔ བཛྲ་རཏྣ་མ་ནུཏྟ་རཾ༔ བཛྲ་དྷརྨ་གཱ་ཡཱ་ནི༔ བཛྲ་ཀརྨཱ་ཀ་རོ་ད་བེ༔ བཛྲ་ཀཱི་ལ་ཡ་རཏྣ་ཛྭ་ལ༔ ཁྲོ་བོ་རྣམས་ཀྱིས་ལུས་ངག་ཡིད་གསུམ་ལ་གནས་པའི་བགེགས་བསྐྲད༔ ཨཱོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུྃ་ཕཊ༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པས་མཆོད་པར་མོས༔ ཨཱོཾ་བཛྲ་ཨརྒྷཾ་སོགས། དབང་བསྐུར་པའི་ཆུ་རྒྱུན་གྱིས་རྐང་མཐིལ་ཡན་ཆད་མེར་གྱིས་གང༔ ཆུའི་ལྷག་མ་ཡར་ལུད་པ་ལས༔ རིགས་ལྔས་དབུ་བརྒྱན༔ ཛཿཧཱུྃ་བཾ་ཧོ༔ དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག༔ དེ་ལྟར་རིགས་ལྔའི་སྒོ་ནས་བུམ་པ་ལ་སོགས་པའི་རྫས་ལྔའི་དབང་ཐོབ༔ ཞེ་སྡང་ལ་སོགས་དུག་ལྔའི་སྒྲིབ་པ་དག༔ རྣམ་པར་ཤེས་པ་ལ་སོགས་ཕུང་པོ་ལྔ་གནས་གྱུར༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་མངོན་དུ་བྱས༔ བཛྲ་ཀཱི་ལ་ཡ་ལ་སོགས་པའི་སྐུ་ལྔའི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་བསྒྲིགས་པའོ༔ གཉིས་པ་མཆོག་དབང་ལ་ཐོག་མར་གསང་དབང་ནི། དེ་ནས་དབང་གོང་མ་གསུམ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ ཁྱེད་ཀྱིས་བརྩེ་བའི་ཐུགས་རྗེ་ཡིས༔ བདག་ལ་ཉེ་བར་དགོངས་ནས་ཀྱང༔ ཡང་དག་དབང་གསུམ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ་ཏུ་གཞུག །ཕུར་གདན་གྱི་ཀ་པཱ་ལ་བླངས་ཏེ་སྔར་འདུ་བྱས་པའི་བདུད་རྩི་བླུགས་ལ། གཙོ་འཁོར་རྣམས་ཀྱིས་སྙིང་པོ་ལན་གཅིག་བརྗོད་ལ། བྷནྡྷའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཡབ་ཡུམ་ཞལ་སྦྱོར་དུ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས༔ ཟག་མེད་ཀྱི་བདུད་རྩི་ན་ར་ར་བྱུང་སྟེ་ཀ་པཱ་ལ་མེར་གྱིས་བཀང༔ སླར་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་བའི་ཟག་པ་མེད་པའི་བདུད་རྩིས་ཀ་པཱ་ལ་མེར་གྱིས་གང་བར་གྱུར༔ ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་པའི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པར་མོས༔ བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་ཞུགས༔ གསང་གནས་ནས་ཕྱུང་སྟེ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཐོད་པའི་བདུད་རྩི་དང་བསྲེས་ནས་དབང་བསྐུར་བའི་མོས་པ་མཛོད་ཅིག༔ ཀ་པཱ་ལ་སྤྱི་བོར་བཞག་སྟེ། ཨེ་མ་ཧོ༔ རིན་ཆེན་བཏུང་བ་བཅུད་དང་ལྡན༔ ཤེས་རབ་ཐབས་ཀྱི་ཁུ་བ་འདི༔ གཉིས་སུ་མེད་པར་རྣམ་གྲོལ་བའི༔ རྟོག་མེད་བུ་ཡིས་བཏུང་བར་གྱིས༔ བདུད་རྩི་ཁར་བྱིན་ལ། ཨ་ཧོཿམ་ཧཱ་སུ་ཁ༔ ཞེས་བརྗོད་དུ་གཞུག །བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང༔ ངག་གི་དྲི་མ་དག༔ འོད་དཔག་ཏུ་མེད་པའི་སྐུར་གྱུར༔ དེས་ནི་བྷ་གའི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གསང་བའི་དབང་ཐོབ༔ རང་བྱིན་རླབས་བསྒོམ་པ་ལ་དབང༔ ས་བོན་ཐེབས་པ་ལྟར་ལོངས་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རིག་མའི་གཟུགས་བརྙན་བྱིན་ལ། མཚན་ཉིད་ཐམས་ཅད་དང་ལྡན་པའི་རིག་མ་གཏད་པར་མོས་ཤིག༔ གཟུངས་མ་འདི་ནི་བསྒྲོད་བྱ་སྟེ༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས༔ འཁོར་ལོ་རིམ་པའི་སྦྱོར་བ་ཡིས༔ བདེ་བ་དམ་པ་མྱོང་བར་གྱིས༔ ཞེས་བྱིན་པའི་གཟུངས་མ་དེས་ཀྱང་། ཨེ་མ་ང་ཡི་པདྨ་འདི༔ གལ་ཏེ་ཆོ་ག་བཞིན་བསྟེན་ན༔ སངས་རྒྱས་མཉེས་ལ་མོས་པ་ཡིས༔ བྱ་བ་པདྨར་ཇི་བཞིན་བྱེད༔ ཅེས་གསུངས་ནས་པང་དུ་བྱོན་པ་ལ་གཙོ་བོ་ཡབ་ཡུམ་གྱི་སྐུར་གསལ་བ་སོགས་འདུ་ཤེས་གསུམ་ལྡན་གྱིས་གཉིས་མེད་ཡེ་ཤེས་ངང་དུ་རོལ་པས་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་སྐྱེས་པར་མོས་ཤིག༔ ཤེས་རབ་སྦྱོར་བའི་དཔལ་ལྡན་ནི༔ དེ་ཉིད་ཡང་དག་མཚོན་པར་བྱ༔ རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི༔ ནོར་བུའི་ནང་དུ་སོན་པར་བལྟ༔ ཤེར་ཡེའི་དབང་བསྐུར་པས་ཡིད་ཀྱི་དྲི་མ་དག༔ མི་བསྐྱོད་པའི་སྐུར་གྱུར་པར་མོས་ཤིག༔ དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ཆོས་ཀྱི་སྐུ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང༔ མྱུ་གུ་སྐྱེས་པ་དང་འདྲ་སྟེ༔ ཆོས་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ བཞི་པ་ནི། སློབ་མའི་སྙིང་གར་སྡིགས་མཛུབ་གཏད། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་ནས། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ༔ ནམ་མཁའ་ལ་ནི་མཚན་ཉིད་མེད༔ རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད༔ ཁྱོད་རང་ཉིད་ཀྱང་དེ་ཡི་ཕ༔ ཆོས་ཐམས་ཅད་གང་ལའང་རྣམ་པར་མི་རྟོག་པ་འོད་གསལ་སྤྲོས་དང་བྲལ་བ་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག༔ དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས་ཚིག་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༔ སྟོན་ཐོག་ཐོབ་པ་དང་འདྲ་སྟེ༔ ངོ་བོ་ཉིད་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཞེས་རྟོགས་པ་བསྐྱེད། གསུམ་པ་རྗེས་སུ་གནང་བ་སྦྱིན་པ་ནི། སློབ་མའི་ལག་པ་གཡས་སུ་གཙོ་ཕུར། གཡོན་དུ་པོ་ཏི་གཏད། སྤྱི་བོར་བུམ་པས་དབང་བསྐུར། རིགས་ལྔའི་སྐུ་དཔྲལ་བ་ལ་སོགས་པའི་གནས་ལྔར་གཏུགས་ལ། ཨཱོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སྐུ་ཡི་དབྱིངས་སུ་བདག་སྐྱེད་ཅིག༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཡོན་ཏན་རྫོགས་མཛད་པ༔ དབང་དང་བྱིན་རླབས་ཐོབ་པར་ཤོག༔ ཨཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ གསུང་གི་དབྱིངས་སུ་བདག་སྐྱེད་ཅིག༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཡོན་ཏན་རྫོགས་མཛད་པ༔ དབང་དང་བྱིན་རླབས་ཐོབ་པར་ཤོག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ཐུགས་ཀྱི་དབྱིངས་སུ་བདག་སྐྱེད་ཅིག༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཡོན་ཏན་རྫོགས་མཛད་པ༔ དབང་དང་བྱིན་རླབས་ཐོབ་པར་ཤོག༔ དེ་ནས་དཔའ་བོ་ཆེན་པོ་ཡིས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན༔ མ་ལུས་པར་ནི་བརྩོན་པར་གྱིས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར༔ ཞི་བའི་འཁོར་ལོ་རབ་ཏུ་སྐོར༔ རིན་ཆེན་འཁོར་ལོ་རབ་ཏུ་སྐོར༔ པདྨའི་འཁོར་ལོ་རབ་ཏུ་སྐོར༔ ལས་ཀྱི་འཁོར་ལོ་རབ་ཏུ་སྐོར༔ སྣ་ཚོགས་འཁོར་ལོ་རབ་ཏུ་སྐོར༔ ཉོན་མོངས་འཁོར་བའི་དམག་དཔུང་ཆོམས༔ གསང་ཆེན་ཐིག་ལེའི་ལས་ལ་སྦྱོར༔ ཨེ་མ་ཧོ༔ ཡ་མ་ཡ༔ བུདྡྷ༔ བཛྲ༔ རཏྣ༔ པདྨ༔ ཀརྨ༔ སརྦ་ཙཀྲ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེ་ནི་ཕུར་པ་ཕྲིན་ལས་རོལ་པའི་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པ་རང་དོན་ཉམས་ལེན། གཞན་དོན་འཆད་སྤེལ། བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐའ་དག་ལ་དབང་བར་རྗེས་སུ་གནང་བ་ཡིན་ནོ། །སླར་ཡང་མངོན་སྤྱོད་གདབ་པའི་ཕྲིན་ལས་ཀྱི་རྗེས་སུ་གནང་བའི་སླད་དུ། ཕུར་པ་འདི་ཉིད་སྲུང་བའི་དོན་དུ་ཀླད་ལ་ལན་གསུམ༔ ཟློག་པའི་དོན་དུ་རྐེད་པར་ལན་གསུམ་བསྐོར་ཞིང༔ བསད་པའི་ཕྱིར་དུ་ལན་གསུམ་དྲིལ་ཏེ་དགྲ་དང་བགེགས་ལ་འདེབས་པའི་མོས་པས་ཛཔ྄་དབྱངས་ལྷན་ཅིག་ཏུ་གསུང་བར་ཞུ༔ སྲས་ཕུར་གཏད་ལ། དཔོན་སློབ་ལྷན་ཅིག་ཏུ་ཛཔ྄་དབྱངས་བྱ་ཞིང་ཕུར་སྐོར་བྱེད་དུ་གཞུག་ལ་དབྱངས་དང་བཅས་པས། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་དཔལ་ལྡན་མ༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ དབྱིངས་ལས་སྐྱེད་པའི་ཁྲོ་མོ་བཅུ༔ སྤྲུལ་པ་ཁྲ་ཐབས་ཉི་ཤུའི་ཚོགས༔ འཛིན་སྡོམ་འགུགས་འདེབས་སྒོ་མ་བཞི༔ གསོད་སྡོམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ བགེགས་འདུལ་བཀའ་སྲུང་བཅས་པ་ཡིས༔ འབྲས་བུ་ཡེ་ཤེས་ཆེན་པོ་སྦྱིན༔ ཅི་འདོད་དོན་གྲུབ་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མཎྜ་ལ་བཛྲ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་ཨེ་ཡི་དཀྱིལ་འཁོར་ནས༔ སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ ཁ་དོག་སྣ་ཚོགས་གཅེར་བུ་རལ་པ་ཅན༔ གཏི་མུག་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ང་རྒྱལ་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ འདོད་ཆགས་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཕྲག་དོག་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཞེ་སྡང་དྲེགས་པ་ཅན་གྱི་སྙིང་ལ་ཐོབས༔ ཨཱོཾ་བུདྡྷ་རཏྣ་པདྨ་ཀརྨ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ མེ་ཏོག་འཐོར་ལ་ཤིས་བརྗོད་དང་རྟེན་སྙིང་གིས་རབ་ཏུ་གནས། དེ་ལྟར་ན་ཡང་ཟབ་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་དོན་དབང་ནོར་བུའི་སྙིང་པོ་ལེགས་པར་ཐོབ་པ་ཡིན་པས་སོགས་མཚམས་སྦྱར་ནས་དམ་ཚིག་བསྒྲག་གཟུང་དང་གཏང་རག་མཎྜལ་འབུལ། དམ་བཅའ་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ གཙོ་བོ་རྡོ་རྗེ་ཆེར་འཛིན་པས༔ ཅི་ལྟར་བསྒོས་པ་དེ་བཞིན་དུ༔ བདག་གིས་ཁུར་ཆེན་ཁུར་ནས་ནི༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར༔ གསང་སྔགས་གོ་འཕང་བླ་མེད་པ༔ དེང་བདག་སྐྱེས་ཐོབ་འབྲས་བུ་ཡོད༔ དྷརྨ་སིདྡྷི་ཧོཿ བཀའ་དྲིན་ཆེ་ལགས༔ ཞེས་བརྗོད་དུ་གཞུག །དགེ་བསྔོ་བྱས་ལ་སློབ་མ་གྱེས། དཀྱིལ་འཁོར་གྱི་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་ཆད་བརྟན་རྟ་བྲོ་གཏང་རག་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་མཐའ་རྒྱས་སུ་བྱའོ། །བདུད་དཔུང་སྡེར་བཅས་འཇོམས་ལ་ཆེས་དཔའ་ཞིང་། །གྲུབ་གཉིས་སྒྲུབ་པའི་མོད་ལ་སྩོལ་མཛད་པ། །དཔལ་གྱི་སྨིན་བྱེད་མཆོག་འདིས་བདག་གཞན་ཀུན། །ལྷུན་གྲུབ་རིག་པ་འཛིན་ལ་སྦྱོར་བྱེད་ཤོག །ཅེས་པའང་གཏེར་གཞུང་ཉིད་ལ་གཞན་འགྲེས་ཁ་སྐོང་མང་པོས་མ་བསླད་པར་བཀླག་ཆོག་ཉིད་དུ་འདུ་གསུམ་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ་ (Volume 14, Text 32)

༄༅། །ཉང་གཏེར་བདེ་གཤེགས་འདུས་པའི་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུན་བཟླས་ནར་མར་བྱ་བའི་ཚུལ་ལ་གཉིས། ཕྱག་རྒྱ་རྐྱང་སྒྲུབ་ཆིག་དྲིལ་དུ་སྒྲུབ་པ་དང་ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བདེ་གཤེགས་འདུས་པའི་སྒྲུབ་པ་བྱའོ། །སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་སྙིང་ཁར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག །དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་པར་གྱུར་པར་བསམས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་བསགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་ཀྱིས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ལུས་འཇའ་ཚོན་ལྟ་བུའི་དབུས་སུ་རང་རིག་ཧཱུྃ་ཡིག་སྔོན་པོར་འབར་བ། དེ་ལས་ཙ་ཡིག་སེར་པོ་ཆད་པ་ཡོངས་སུ་གྱུར་པ་ལས། འཁོར་ལོ་སེར་པོ་རྩིབས་བརྒྱད་ཕྱོགས་མཚམས་སོ་སོ་དང་རྩ་རྩེ་སྟེང་འོག་ཏུ་ཕྱོགས་པ་ཁོག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལུས་འོད་ཀྱི་ཕུང་པོ་ཧཱུྃ་ལ་འདུས་ཏེ། ཉི་གདན་གྱི་སྟེང་དུ་བབས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོ་གནོད་མཛེས་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་དང་། འོག་མ་གཉིས་ཞགས་པ་དང་ལྕགས་ཀྱུ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བཅུ་མཆེད། སྟེང་འོག་ཕྱོགས་མཚམས་ཀྱི་རྩིབས་སྟེང་དུ་འཕྲོས་པ་ལས་ཁྲོ་བོ་བཅུ་པོ་ཐམས་ཅད་མཐིང་ནག་ཞགས་པ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། བདག་གི་རྩ་ཞལ་ནས། ཨོཾ་སུམྦྷ་སོགས་ཧཱུྃ་བཞི་པ་བརྗོད་པས། ཁྲོ་བོ་བཅུ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད། གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་མགྲིན་སྙིང་གར། གཤིན་རྗེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་སྨད་ཟུར་གསུམ་མེ་འབར་བའི་ཕུར་བུ་གསུམ་སྡེར་མོའི་སྔགས་བརྗོད་ཅིང་བཏབ་པས་བགེགས་རྣམས་རྟོག་པ་དང་བྲལ་ཏེ་བདེ་བ་ཆེན་པོའི་ངོ་བོར་མྱོས་པར་གྱུར། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ལྷག་མ་རོ་དང་བཅས་པ་བསྲེགས་ཤིང་སྦྱངས། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོའི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་དང་བླ་རེ། དེ་དག་ལས་ཀྱང་མདའི་དྲྭ་བ་མདེའུ་ཕྱིར་བསྟན་པ། མེ་རབ་ཏུ་འབར་བའི་སྲུང་འཁོར་གྱིས་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་གྱུར། འཁོར་ལོའི་ནང་དུ་བདག་གི་ཐུགས་ཀ་ནས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་ཟླ་བའི་ལྟེ་བར་ཚངས་པ་དང་བརྒྱ་བྱིན་གྱི་གདན་ལ་རང་ཉིད་འཁོད་པར་གྱུར། སྙིང་གའི་འོད་ཀྱིས་སྲུང་འཁོར་གྱི་ཁྲོ་བཅུ་རང་ལ་བསྡུ་སྟེ། ཤར་དང་ཤར་ལྷོ་གཉིས་ཤར་སྒོ་ནས་རྩ་ཞལ་ལ་ཐིམ། ལྷོ་དང་ལྷོ་ནུབ་གཉིས་ལྷོ་སྒོ་ནས་གཡས་ཞལ་ལ་ཐིམ། ནུབ་དང་ནུབ་བྱང་གཉིས་ནུབ་སྒོ་ནས་རྒྱབ་ཞལ་ལ་ཐིམ། བྱང་དང་བྱང་ཤར་གཉིས་བྱང་སྒོ་ནས་གཡོན་ཞལ་ལ་ཐིམ། སྟེང་འོག་གཉིས་སྤྱི་བོ་དང་གསང་གནས་ནས་ཐིམ་པའི་རྐྱེན་གྱིས་བདག་ཉིད་འོད་དུ་ཞུ་བ་གདན་གྱི་སྟེང་དུ་འོད་ཀྱི་གོང་བུ་ཆ་གཉིས་སུ་ཆད་དེ། ཉི་དཀྱིལ་ཨ་དམར་པོས་མཚན་པ་དང་། དེའི་སྟེང་དུ་ཟླ་དཀྱིལ་ཧཱུྃ་མཐིང་གས་མཚན་པ་ཁ་སྦྱོར་གྱི་རྣམ་པ་ཅན་ཨ་དང་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཟླ་ཉི་ས་བོན་དང་བཅས་པ་ལ་ཐིམ་པས། གསུམ་ཀ་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུྃ་སྔོན་པོ་དང་དྲིལ་བུ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་དཔལ་ཆེན་པོ་བདེ་གཤེགས་འདུས་པའི་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་རྩེ་ལྔ་པ་དང་དུང་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོ་ནག་དྲིལ་བུ་དང་ཐོད་ཁྲག་སྟོབ་པ་ལ་འཁྱུད་པ་ཁྲོ་གཏུམ་བཟོད་པར་དཀའ་བ་འབར་བ་ཆེན་པོའི་འོད་ཟེར་ཅན། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོའི་གནས་ལྔར་འཁྱིལ་པ་ལས་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིང་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མཆོད་ནས་བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཐབས་ལ་མཁས་པས་དྲག་པོའི་སྐུར་སྟོན་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷའི་གསལ་སྣང་ང་རྒྱལ་ལ་མཉམ་པར་བཞག །དེས་སྐྱོ་ན། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་འབར་བ་ལ་བཟླ་བྱའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བ་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨར་སོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས་པ་ཐུགས་ཀར་ཐིམ། དེའི་ཚེ་སྔགས་ཀྱི་འོད་ཟེར་མེ་འོད་ལྟར་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱང་བའམ། ཡང་ན། བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུས་སྦྱངས་ཤིང་བཀྲུས་པས་ལུས་དྭངས་ཤེལ་ལྟར་དྲི་མ་མེད་པར་བསམས་ལ། ཞི་བ་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཞེས་སྤྱི་བསྡུས་ཀྱི་སྙིང་པོ་དང་། ཁྲོ་བོར་བྱེ་བྲག་དཔལ་དགུའི་སྙིང་པོ་སོ་སོར་བཟླ་ན། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཆེ་མཆོག་གོ །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཡང་དག་གོ །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། གཤིན་རྗེའོ། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། རྟ་མགྲིན་ནོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཕུར་པའོ། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། མ་མོའོ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། རིག་འཛིན་ནོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲེགས་པའོ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲག་སྔགས་སོ། །ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ། བཀའ་སྡོད་དོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ། ཅེས་སྤྱི་དྲིལ་དྲག་སྔགས་སོ། དེ་རྣམས་ཅུང་ཟད་རེ་དང་། གཙོ་བོར། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ཅེས་ཁྲོ་བོ་སྤྱི་སྔགས་རྒྱས་པ་འབྲུ་བཅུ་དགུ་པའོ། །ཡང་ན་སྤྱི་སྔགས་བསྡུས་པ་ཨོཾ་ཨཱཿཧཱུྃཿགི་ཡིད་བཟླས་དང་ངག་བཟླས་སྤེལ་མ་དང་། ཤིན་ཏུ་བསྡུས་པ་ཧཱུྃ་རིང་ཧཱུྃ་ཐུང་བཟླ་བ་སྟེ། ཕྱི་མ་གཉིས་ལ་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་འཁོར་བར་མི་བསྒོམ་པས། ཧཱུྃ་ཡིག་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཞལ་ནས་ཐོན་པའི་ཁྱད་པར་མ་གཏོགས་གཞན་འདྲའོ། །ཐུན་མཐར་གཏོར་མ་འབུལ་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲངས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་བྷྱཿབཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧཱི་ཞེས་སྨན་རཀ་སྟོབ། ལྷ་རྣམས་ཀྱི་ཞལ་ནས་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཞི་ཁྲོའི་སྤྱི་སྔགས་སྦྲེལ་བའི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲི་ཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། གཏོར་མ་མི་འབུལ་ན་མཆོད་བསྟོད་ཙམ་བྱ། གང་ལྟར་ཡང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། ཧཱུྃ་ཧཱུྃ་ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་ཁྲག་འཐུང་ཆེན་པོར་ཤར། །འགག་པ་ཉིད་ན་འགག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་པས་སྣོད་བཅུད་ལྷ་དང་བཅས་པ་དབྱིངས་སུ་བསྡུས་ཏེ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག །དེ་ལས་ལྡང་བ་ན། ཕཊ་ཕཊ་ཕཊཿ སླར་ཡང་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ་ལ། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། ཞེས་པས་རྡོ་རྗེའི་གོ་བགོ །ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའམ། ཡང་ན་ཐུན་དང་པོ་རྣམས་ལ་གཤེགས་བསྡུ་གཉིས་ཀ་མི་བྱེད་པར་ལྷའི་ཐུགས་ཀ་ནས་རང་ཉིད་སྲས་ཀྱི་ཚུལ་དུ་སྤྱོད་ལམ་ལ་འཇུག་ཅིང་། བྱ་བ་ཟིན་ནས་རང་ལ་བསྟིམ། ཐུན་ཐ་མ་ལ་གཤེགས་གསོལ་དང་ཉེར་བསྡུ་བྱ་བ་ཡིན་ནོ། ༈ །གཉིས་པ་ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཡན་ལག་བརྒྱད་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམས་པས་བསོད་ནམས་དང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གདོད་མའི་སྟོང་ཆེན་གྱི་ངང་དུ་མཉམ་པར་འཇོག་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་མི་ཤིགས་པར་བཅིངས་པའི་དབུས་སུ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེས་གཡོན་པའི་དུང་དམར་དཀྲུགས་པ། པད་ཟླ་ཉི་མ་དྲེགས་པའི་གདན་ལ་ཞབས་གཉིས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། རང་འདྲའི་ཡུམ་དང་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་རྩ་འཁོར་རྣམས་གསལ་བར་མོས་ནས། རང་གི་སྤྱི་བོའི་གཙུག་ཏུ་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་སློབ་དཔོན། དེ་བཞིན་དུ་སྤྱི་བོ་སྐུའི་འཁོར་ལོའི་དབུས་སུ་ཧཱུྃ་ཧཱུྃ་འཇམ་དཔལ་གཤིན་རྗེ་ཡབ་ཡུམ། མགྲིན་པ་གསུང་གི་འཁོར་ལོར་ཧཱུྃ་ཧཱུྃ་རྟ་མགྲིན་ཡབ་ཡུམ། སྙིང་ག་ཐུགས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་ཡང་དག་ཡབ་ཡུམ། ལྟེ་བ་ལས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གསང་གནས་བདེ་བའི་འཁོར་ལོར་ཧཱུྃ་ཧཱུྃ་བླ་མེད་ཧེ་རུ་ཀ་ཡབ་ཡུམ། རྐང་པ་རླུང་གི་འཁོར་ལོ་གཡས་པར་ཧཱུྃ་ཧཱུྃ་དྲེགས་འདུལ་ཡབ་ཡུམ་དང་། གཡོན་པར་ཧཱུྃ་ཧཱུྃ་དྲག་སྔགས་ཡབ་ཡུམ། དེ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པས་རང་འདྲའི་ཡུམ་དང་འཁྲིལ་བ། ཞབས་གཡོན་བརྐྱང་བའི་དོར་སྟབས་ཅན་ནོ། །སྒོམ་ཚུལ་འདི་ཉིད་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་དེ། གཉུག་མའི་ལྷ་དེ་གློ་བུར་དྲི་བྲལ་གྱི་རྒྱལ་བ་རྣམས་དང་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས་ན་ཡེ་ཤེས་སྤྱན་དྲངས་ནས་བསྟིམ་པ་སོགས་མི་དགོས་སོ། །དེ་ལྟར་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་གི་ངང་ལ་ཅི་གནས་མཉམ་པར་བཞག །དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། སྤྱི་བོའི་བླ་མ་ནས་གསང་བའི་བླ་མེད་ཧེ་རུ་ཀའི་བར་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རིམ་པར་འཕྲོས། རྐང་པའི་རྩ་བོ་ཆེ་གཡས་གཡོན་ནས་སོང་སྟེ། དྲེགས་འདུལ་དང་དྲག་སྔགས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཞུགས། དེ་ལས་འོད་ཟེར་ཕྱིར་འཕྲོས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས་ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་སུ་བསྡུས། སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་དྲན་རྟོག་དང་ཉོན་མོངས་པའི་དྲི་མ་སྦྱངས་ནས་ཡེ་ཤེས་ཀྱི་ལྷར་གྱུར། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཧཱུྃ་གི་འོད་ཟེར་དཀར་འཚེར་གྱིས་གྱུར་ནས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་བཞག་པས་ཉོན་སྒྲིབ་དག་པར་བསམ་ལ། མཆུ་བཙུམ་སྟེ་རླུང་གི་རྟ་ལ་དྲངས་ནས། ཧཱུྃ་ཧཱུྃ་ཞེས་རིང་པོར་བཟླ་བའོ། །ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གྱུར་པ་དེ་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་ཚུར་འདུས་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ལས་འོད་ཟེར་ཡར་རིམ་པར་སྤྲོས་པས་མ་མོ་ལ་ཐིམ་པས་བྱ་གྲུབ། རྡོ་རྗེ་གཞོན་ནུར་ཐིམ་པས་སོར་རྟོག །ཡང་དག་ལ་ཐིམ་པས་མེ་ལོང་ལྟ་བུ། རྟ་མགྲིན་ལ་ཐིམ་པས་མཉམ་ཉིད། གཤིན་རྗེ་གཤེད་ལ་ཐིམ་པས་ཆོས་ཀྱི་དབྱིངས་ཀྱི་ངང་དུ་གསལ་བར་བསམ། དེ་ལས་འཕྲོས་པའི་འོད་ཟེར་སྤྱི་བོའི་བླ་མ་ལ་ཕོག་པས་ཡེ་ཤེས་ལྔར་དབང་བསྐུར། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འདྲེས་འགག་མེད་དུ་རང་ཤར་བས་ཤེས་སྒྲིབ་དག་པར་བསམ་ལ། སྔར་བཞིན། ཧཱུྃ་རིང་པོར་བཟླའོ། །དེ་ནས་སྦྱོར་བའི་སྒོ་ནས་བདེ་བའི་ཡེ་ཤེས་བསྐྱེད་པ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བྱང་སེམས་བབས་པ་བདག་གི་ཚངས་བུག་ནས་སྤྱི་བོའི་ལྷའི་ཚངས་བུག་ཏུ་ཐིམ་པ་སོགས་རིམ་པར་རླུང་འཁོར་གྱི་བར་འཁོར་ལོ་དྲུག་གི་ལྷ་ཐམས་ཅད་མཉམ་པར་སྦྱོར་བའི་བྱང་སེམས་བབས་པས་འཁོར་འདས་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལྷག་གིས་སྐྱེས་པར་བསམས་ལ་མཉམ་པར་བཞག་ནས། སྔར་བཞིན། ཧཱུྃ་རིང་པོར་བཟླའོ། །ཡང་སྒྲོལ་བའི་སྒོ་ནས་དགྲ་བགེགས་ཚར་བཅད་པ་ནི། སྤྱི་བོའི་རིག་འཛིན་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཇམ་དཔལ་སྐུའི་ལྷ་ལ་ཕོག་པས། དེའི་གཡས་ཕྱོགས་ནས་ཁྲོ་བོ་དང་གཡོན་ཕྱོགས་ནས་ཁྲོ་མོ་བརྒྱད་ཅུ་རྩ་གཉིས་མཚོན་ཆ་ཐོགས་པ་བྱུང་ནས། མགྲིན་པ་ལ་སོགས་པ་འཁོར་ལོ་ལྔ་རིམ་གྱིས་བརྒྱུད་རྐང་པ་ནས་ཕྱིར་འཕྲོས་པས་དགྲ་བགེགས་ཐམས་ཅད་རྩད་ནས་བཅད་པར་བསམ་པ་ནི་ཐུགས་རྗེས་གཞན་བསྒྲལ་བའོ། ཁྲོ་བོ་དང་ཁྲོ་མོ་རྣམས་ཚུར་འདུས་ནས་འོད་དུ་ཞུ་བ་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ནས་ཡར་རིམ་བཞིན་གནས་ལྔའི་ལྷ་ལ་ཐིམ་པས་དུག་ལྔ་རྩད་ནས་བཅད་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་ཏེ་རིག་འཛིན་བླ་མའི་ཐུགས་ཀར་ཐིམ་པས། རང་གཞན་ལྷ་སྔགས་ཀྱི་སྣང་བ་ཐམས་ཅད་གསལ་སྟོང་མི་དམིགས་པའི་ཀློང་དུ་གྲོལ་བས་དེའི་ངང་བསྐྱང་བ་ནི་རྟོགས་པས་བདག་བསྒྲལ་བ་སྟེ། དེ་ལྟར་གསལ་བཏབ་ནས། ཧཱུྃ་དྲག་ཅིང་ཐུང་བར་བཟླ་བ་ཡིན་ནོ། །ཐུན་བསྡུ་བ་ན། ཧཱུྃ་ཧཱུྃ་ཞེས་བརྗོད་པས། ལུས་ཀྱི་ལྷ་རྣམས་གནས་དེ་དང་དེར་འོད་དུ་ཞུ། གཞིའི་ལྷ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ལ། རྣམ་པར་མི་རྟོག་པ་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ནི། སླར་ཡང་དེའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །དེའང་ལས་དང་པོ་པ་བསྐྱེད་རིམ་ལ་གཙོ་བོར་འདོན་པས་སྔ་མ་དང་། བསྐྱེད་པའི་གསལ་སྣང་ལ་གོམས་པ་ཅུང་ཟད་བརྟན་ཅིང་རྫོགས་རིམ་ལ་སློབ་པར་མོས་པས་ཕྱི་མ་ལྟར་ཉམས་སུ་བླང་བ་ཡིན་ནོ། །ཞེས་པའང་རྨད་དུ་བྱུང་བའི་མ་ཧཱ་ལོ་ཙཱ་བ་དྷརྨཱ་ཤྲཱིའི་གསུང་རབ་བསྙེན་ཡིག་རིན་ཆེན་སྒྲོན་མེ་ལས་ཁོལ་དུ་ཕྱུང་ཞིང་བཀླག་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལམ་བྷ་བ་ཏུ།། །།སྨོན་ལམ་ནི། ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །བཀྲ་ཤིས་ནི། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་བརྗོད།།

ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གནས་ལུང་གི་ཆོ་ག་ཡེ་ཤེས་འོད་ཀྱི་ལྕགས་ཀྱུ་ (Volume 22, Text 32)

༄༅། །ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གནས་ལུང་གི་ཆོ་ག་ཡེ་ཤེས་འོད་ཀྱི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། སྙིང་རྗེའི་དབང་ཕྱུག་འགྲོ་དྲུག་སྐྱོབ་པའི་ཡབ། །རྒྱལ་བ་རྒྱ་མཚོའི་འབྱུང་གནས་ཞབས་པདྨོ། །སྤྱི་བོར་བཀོད་ནས་གཞན་ཕན་རྨད་བྱུང་བ། །གནས་ལུང་ཆོ་གའི་ལག་ལེན་གསལ་དགོད་བྱ། །གཤིན་པོ་ལ་ཕན་གདགས་པ་གནས་ནས་དྲང་བའི་ལུང་གི་ཆོ་ག་བྱ་བ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཞི་སྟེགས་སྟེང་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་འབྲུའི་ཚོམ་བུ་ལྔ། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་སྟེང་དུ་ཁྲིའུ་ལ་རྣམ་རྒྱལ་བུམ་པ་ཆས་དང་བཅུད་ལྡན་ཁར་ཐོད་ཆང་ཆོས་སྨན་སྦྱར་བ་བཞག་པ་ལ་སིནྡྷུ་རའི་མེ་ལོང་ཧྲཱིཿཡིག་མཐར་སྙིང་པོས་བསྐོར་བ་བྲིས་པ་དང་དར་དམར་གྱིས་བཀབ། བྱང་ཤར་དུ་ལས་བུམ། མདུན་དུ་སྨན་རཀ་གཏོར་གསུམ། སྲུང་མའི་གཏོར་འབུལ། ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། དཀྱིལ་འཁོར་ལྷོ་ཕྱོགས་སུ་མཚན་བྱང་དྲི་རྟེན་བཅས་པ་བཞག །གཞན་ཡང་ཐུབ་དྲུག་སྐུ་ཙཀ །རིག་དྲུག་དལ། བྱེ་མ། ས་ཆུ་མེ་རླུང་སྣོད་གཅིག་ཏུ་བསྡུས་པ། ལན་ཆགས་གཏོར་མ་དྲུག །ཟས་བསྔོ། བགེགས་གཏོར་གཉིས། ཆད་བརྟན། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་དཀྱིལ་འཁོར་སྒྲུབ་མཆོད་ནི། ལས་བྱང་གཞུང་བསྲང་། བདག་མདུན་དབྱེར་མེད་དུ་བསྐྱེད། ཛཔ྄་ཁང་ཕྱེས་ལ་བསྙེན་པ་དང་ལས་སྦྱོར་འཁོར་བ་དོང་སྤྲུགས་ཀྱི་བཟླས་པ་བཅས་ཅི་ནུས་བྱས་ལ་བྱེ་མ་ལའང་གདབ། ཁྱད་པར་གྱི་མཆོད་པ་ཕུལ། བུམ་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར༔ ཞེས་དང་། ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཞེས་སྔགས་ཙམ་གྱིས་མཆོད། ཧྲཱི༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་འཁོར་ལོས་སྒྱུར༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་སུ་མེད༔ ཕྲིན་ལས་བཞི་མཛད་བདེ་ཆེན་མཁའ་འགྲོ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་པར་བསམ༔ བསྙེན་སྒྲུབ་ཀྱི་སྔགས་དང་འཁོར་བ་དོང་སྤྲུགས་གཟུངས་རིང་ཡང་ཅི་འགྲུབ་བཟླ། མཐར་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་པར་གྱུར༔ ལས་བུམ་དུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་བསྣམས་པ་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བཟླས་མཐར། ལྷ་འོད་དུ་ཞུ་ནས་རྡོ་རྗེའི་ཆུར་གྱུར་པས་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ལས་བྱང་གི་གཏོར་འབུལ་དང་། སྲུང་མའི་གཏོར་ཆོག་གཏང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་བ་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་གནས་ལུང་གི་ཆོ་ག་དངོས་ལ། སློབ་དཔོན་མདུན་དུ་ལས་བུམ། ཡུངས་ཐུན། བྱེ་མ་རྣམས་དང་། པདྨའི་གདན་ལ་མཚན་བྱང་བཞག །རིགས་དྲུག་གི་དལ་དང་ལན་ཆགས་གཏོར་མ་སོགས་བཤམ། རྟེན་བསྐྱེད་པ་ནི། མཚན་བྱང་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་ནྲྀ་ལས་ཚེ་འདས་ལྷའི་བུའི་རྣམ་པ་གཞོན་ཚུལ་གོས་རྒྱན་ཡིད་དུ་འོང་ཞིང་པུས་གཙུགས་གུས་པའི་ཚུལ་དང་བཅས་ཏེ་མེ་ཏོག་གི་ཕྲེང་བ་འཛིན་པ་མངོན་སུམ་བཞིན་དུ་གསལ་བར་གྱུར༔ རྣམ་ཤེས་འགུགས་པ་ནི་དད་མོས་སྙིང་རྗེ་དང་བཅས་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ན་མོ༔ བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོའི་ལྷ༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི༔ བདེན་པའི་སྟོབས་ཀྱིས་ཚེ་ལས་འདས་པ་ཡི༔ རྣམ་ཤེས་རྟེན་འདིར་གཉིས་མེད་མཆིས་གྱུར་ཅིག༔ ནྲྀ་བཛྲ་ཨཾ་གུ་ཤཱ་ཡ་ཛ་ཛ༔ ལན་གསུམ་གྱིས་དགུག །ལས་བྱང་ལྟར་བགེགས་གཏོར་བྱིན་བརླབས་ལ་སྔགས་ཀྱིས་བསྔོ། བཀའ་བསྒོ་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད་ལ་སྲུང་མཚམས་བཅད། དེ་ནས་ཆོས་བཤད་པ་ནི༔ དབྱངས་སྙན་པོས། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འབྱུང་བ་འདུས་པའི་ཕུང་པོའི་རྟེན་གནས་ཞིག༔ རྣམ་པར་ཤེས་པ་མིང་གཞི་ཚོགས་པའི་ལུས༔ བར་དོའི་གནས་སུ་འཁྲུལ་སྣང་སྤྱོད་པས་ན༔ གནས་ཡུལ་ལོངས་སྤྱོད་རྨི་ལམ་ལྟ་བུར་ལྟོས༔ ཁམས་གསུམ་འཁོར་བའི་གནས་ལས་ངེས་འབྱུང་སྐྱེད༔ བླ་མ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་སོང༔ ཐར་པ་ཆེན་པོའི་གྲོང་དུ་སྙེགས་པར་གྱིས༔ ཞེས་གདམས་པས་རྩེ་གཅིག་གུས་པའི་འདུ་ཤེས་སྐྱེས་པར་བསམ༔ ཁྲུས་ཀྱི་ཐོག་མར་ལྷ་ཁྲུས་གསོལ་བ་ནི། རྣམ་བུམ་ནས་བུམ་ཆུ་ཅུང་ཟད་ལས་བུམ་དུ་བླུགས། དེས་དཀྱིལ་འཁོར་ལ་ཁྲུས་གསོལ་ཏེ། ཇི་ལྟར་བལྟམས་པ་སོགས་སྔགས་བཅས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ སྐུ་ཕྱི་ལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱཿ ཁྲུས་ཆུ་དེ་ཉིད་སླར་ལས་བུམ་དུ་བླུགས་པས་མཚན་བྱང་ལ་ཁྲུས་བྱ་ཞིང་། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་སྐུ་ཡི་བདུད་རྩིས་གཏམས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ལུས་ཀྱི་སྡིག་སྒྲིབ་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཨཱ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ནུས་པ་སྔགས་ཀྱི་བདུད་རྩིས་གཏམས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ངག་གི་སྡིག་སྒྲིབ་དག་པར་ཤོག༔ སྔགས་སྔ་མ་ལྟར་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ འོད་གསལ་ཐུགས་ཀྱི་བདུད་རྩིས་གཏམས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་སྡིག་སྒྲིབ་དག་པར་ཤོག༔ སྔགས་སྔར་ལྟར་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བཀྲུ༔ འབྱུང་བཞིའི་དུག་སྦྱོང་བ་ནི། ཚེ་འདས་ཀྱི་འབྱུང་བཞིའི་དུག་རྣམས་འབྱུང་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་གྱུར་ཅེས་མོས་ལ་བྱབ་རྫས་རྣམས་ལ་ཀུ་ཤས་བྱབ་པའི་ཚུལ་བྱ་ཞིང་། ཧཱུྃ༔ འབྱུང་བཞིའི་ཉེར་ལེན་རྐྱེན་ལ་བརྟེན༔ ཉོན་མོངས་རྒྱུ་ལས་བྱུང་བ་ཡི༔ དུག་གསུམ་འཁྲུལ་པའི་རྒྱུ་འབྲས་ཀུན༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་བྱིན་རླབས་ཀྱིས༔ འབྱུང་བཞིའི་ཆོས་ཉིད་ངང་དུ་ཐིམ༔ ཚེ་འདས་ཉོན་མོངས་སྡུག་བསྔལ་བྲལ༔ ཟག་མེད་བདེ་བ་རྒྱས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་པ་ནཱ་ཡ་སྭཱ་ཧཱ༔ སྔགས་བཟླས་པའི་བྱེ་མས་བྲབས་པས་ཆོས་ཉིད་ཀྱི་རླུང་གིས་སྡིག་ལྟུང་སྦྱངས་པར་བསམ་ལ༔ ཧཱུྃ༔ ནུས་པ་སྔགས་ཀྱི་ཡེ་ཤེས་ཀྱི༔ འོད་ཟེར་རྡོ་རྗེའི་ཤུགས་ཆེན་པོས༔ ཚེ་འདས་སྡིག་ལྟུང་བག་ཆགས་གཏོར༔ སྡུག་བསྔལ་རྒྱུ་འབྲས་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་། ཡིག་དྲུག་གཤམ་དུ་རིགས་དྲུག་གནས་སྦྱོང་སོ་སོར་བཏགས་པ། འཁོར་བ་དོང་སྤྲུགས་གཟུངས་རྣམས་བཟླ། དེ་ནས་རིགས་དྲུག་གནས་འདྲེན་ལ། དང་པོ་ནི། མཚན་བྱང་དམྱལ་བའི་དལ་དུ་བཞག །ལན་ཆགས་གཏོར་མ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃཿལན་གསུམ་གྱིས། གཏོར་མ་འདོད་ཡོན་གྱི་གཏེར་ཆེན་པོར་གྱུར་པར་མོས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ དམྱལ་བའི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ སརྦ་ན་ར་ཀ་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེགས་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་ཆོས་ཀྱི་རྒྱལ་པོ་ཡི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་དམྱལ་བར་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་ན་ར་ཀ་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ བཟོད་པའི་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་ཞེ་སྡང་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་ཞབས་མཐིལ་ནས་དམྱལ་བའི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་ཆོས་ཀྱི་རྒྱལ་པོ་ཡིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚ་གྲང་དམྱལ་བའི་སྡུག་བསྔལ་ལས་གྲོལ་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ དམིགས་རྟེན་ཡི་དྭགས་ཀྱི་གནས་སུ་དྲང༔ རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་དམྱལ་བའི་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་ན་ར་ཀ་ག་ཏི་ཧཱུྃ་ཨ་ཨ༔ ཞེས་བརྗོད། གཉིས་པ་ནི། ལན་ཆགས་གཏོར་མ་བསང་སྦྱང་བྱིན་རླབས་གོང་བཞིན་བྱས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ ཡི་དྭགས་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ སརྦ་པྲེ་ཏ་ཀ་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེག་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་ཁ་འབར་དེ་བ་ཡི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་ཡི་དྭགས་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་པྲེ་ཏ་ཀ་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ སོ་སོར་རྟོག་པའི་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ སྦྱིན་པའི་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་སེར་སྣའི་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་གསང་བ་ནས་ཡི་དྭགས་ཀྱི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་ཁ་འབར་དེ་བ་ཡིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀྲེས་སྐོམ་ཡི་དྭགས་སྡུག་བསྔལ་ལས་གྲོལ་ནས༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་བྲེཾ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ དམིགས་རྟེན་དུད་འགྲོའི་གནས་སུ་དྲངས་ལ༔ རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་ཡི་དྭགས་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་པྲེ་ཏ་ཀ་ག་ཏི་ཧཱུྃ་ཨ་ཨ༔ ཞེས་བརྗོད༔ གསུམ་པ་ནི། གཏོར་མ་བསང་སྦྱང་བྱིན་བརླབས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ བྱོལ་སོང་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ སརྦ་ཏིརྻ་ཀ་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེག་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་སེང་གེ་རབ་བརྟན་གྱི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་བྱོལ་སོང་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་ཏིརྻ་ཀ་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ ཤེས་རབ་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་གཏི་མུག་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་ལྟེ་བ་ནས་བྱོལ་སོང་གི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་སེང་གེ་རབ་བརྟན་གྱིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀོལ་སྤྱོད་དུད་འགྲོའི་སྡུག་བསྔལ་ལས་གྲོལ་ནས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་ཏྲཱུཾ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ དམིགས་རྟེན་ལྷ་མ་ཡིན་གྱི་གནས་སུ་དྲངས་ལ༔ རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་དུད་འགྲོའི་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་ཏིརྻ་ཀ་ག་ཏི་ཧཱུྃ་ཨ་ཨ༔ ཞེས་བརྗོད༔ བཞི་པ་ནི། གཏོར་མ་བསང་སྦྱང་བྱིན་བརླབས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ ལྷ་མིན་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ སརྦ་ཨ་སུ་ར་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེག་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་ཐགས་བཟང་རིས་མཆོག་གི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་ལྷ་མིན་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་ཨ་སུ་ར་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ བྱ་བ་གྲུབ་པའི་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་ཀྱི་གཟུངས་མཐར། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ ཚུལ་ཁྲིམས་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་ཁོང་ཁྲོའི་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་མགྲིན་པ་ནས་ལྷ་མིན་གྱི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་ཐགས་བཟང་རིས་མཆོག་གིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཐབ་རྩོད་ལྷ་མིན་སྡུག་བསྔལ་ལས་གྲོལ་ནས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་ཀྵཾ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དམིགས་རྟེན་ལྷའི་གནས་སུ་དྲང༔ རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་ལྷ་མིན་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་ཨ་སུ་ར་ག་ཏི་ཧཱུྃ་ཨ་ཨ༔ ཞེས་བརྗོད༔ ལྔ་པ་ནི། གཏོར་མ་བསང་སྦྱང་བྱིན་བརླབས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ ལྷ་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ སརྦ་སུ་ར་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེག་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་དབང་པོ་བརྒྱ་བྱིན་གྱི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་ལྷ་རུ་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་སུ་ར་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་བྷྲྀཏ་བྷྲྀཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ བསམ་གཏན་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་རྣམ་གཡེང་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་སྤྱི་བོ་ནས་ལྷ་ཡི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་དབང་པོ་བརྒྱ་བྱིན་གྱིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕོ་ལྟུང་ལྷ་ཡི་སྡུག་བསྔལ་ལས་གྲོལ་ནས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ དམིགས་རྟེན་མིའི་གནས་སུ་དྲང༔ རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་ལྷ་ཡི་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་སུ་ར་ག་ཏི་ཧཱུྃ་ཨ་ཨཱ༔ ཞེས་བརྗོད༔ དྲུག་པ་ནི། ལན་ཆགས་གཏོར་མ་བསང་སྦྱང་བྱིན་བརླབས་ལ་བསྔོ་བ་ནི། ཧཱུྃ༔ མཁའ་ཁྱབ་འདོད་འབྱུང་གཏོར་མའི་ལོངས་སྤྱོད་འདི༔ ཚེ་འདས་འཁོར་བ་ཐོག་མེད་ནས་བསགས་པའི༔ མི་ཡི་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ༔ ཟག་མེད་བདེ་ཆེན་མཆོག་གིས་ཚིམ་གྱུར་ཅིག༔ ཨོཾ་སརྦ་ནྲྀ་ག་ཏེ་བྷྱཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཡེ་ཤེས་ཀྱི་མེས་བསྲེགས་པའི་མཚོན་བྱེད་དུ་ཉུངས་དཀར་གྱིས་གཏོར་ཞིང༔ ཧཱུྃ༔ སློབ་དཔོན་ཐུབ་ཆེན་ཤཱཀྱ་སེང་གེ་ཡི༔ ཐུགས་སྲོག་ལས་བྱུང་ཡེ་ཤེས་མེ་འོད་ཀྱིས༔ ཚེ་འདས་མི་རུ་སྐྱེ་བའི་ལས་ཉོན་དང༔ སྡིག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་ཤིང་སྦྱངས༔ སརྦ་ནྲྀ་ག་ཏི་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཆོས་ཉིད་ཀྱི་རླུང་གིས་གཏོར་བར་མོས་ལ༔ ཧཱུྃ༔ ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལས༔ རང་བཞིན་འོད་གསལ་ཡེ་ཤེས་ཤུགས་ཕྱུང་བས༔ གཉིས་མེད་ཀློང་ཡངས་ཆེན་པོའི་ངང་ཉིད་དུ༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་དོང་སྤྲུགས་གཟུངས་ཀྱི་མཐར། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མས་བྲབ༔ བྱང་ཆུབ་སེམས་ཀྱི་ཆུས་བཀྲུས་པར་མོས་ལ༔ ཧཱུྃ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་རུ༔ བརྩོན་འགྲུས་རང་བཞིན་ཡེ་ཤེས་བདུད་རྩིས་གཏམས༔ ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས༔ ཉོན་མོངས་ལེ་ལོའི་རྒྱུ་འབྲས་དག་པར་ཤོག༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་བརྗོད་ཅིང་བཀྲུ༔ དེ་ལྟར་སྒྲིབ་པ་དག་པར་བྱས་ནས་ཡེ་ཤེས་ཀྱི་སྐལ་པ་འཇོག་པའི་ཕྱིར་དབང་བསྐུར་བ་ནི༔ བདག་མདུན་གྱི་གཙོ་བོའི་ཐུགས་ཀ་ནས་མི་ཡི་ཐུབ་པ་སྤྲོས་ཏེ་ཚེ་འདས་ལ་ཐིམ་པར་བསམ་ཞིང་སྐུ་ཙཀ་གིས་དབང་བསྐུར་ལ། ཧཱུྃ༔ འགྲོ་འདུལ་ཐུབ་ཆེན་ཤཱཀྱ་སེང་གེ་ཡིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕོ་འགྱུར་མི་ཡི་སྡུག་བསྔལ་ལས་གྲོལ་ནས༔ རང་བཞིན་འོད་གསལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མུ་ནི་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དམིགས་རྟེན་དཀྱིལ་འཁོར་གྱི་མདུན་དུ་དྲང་། རྡོ་རྗེས་ཕྱིར་ལམ་བཅད་པའི་ཚུལ་དང་བཅས་ཏེ༔ ཧཱུྃ༔ ས་འདི་མན་ཆད་སྡུག་བསྔལ་མི་ཡི་ཡུལ༔ འབར་བ་མེ་ཡི་འོབས་བཞིན་ཤེས་བྱས་ནས༔ ངེས་འབྱུང་དྲག་པོས་དཀྱིལ་འཁོར་དྲུང་དུ་སྙེགས༔ ཕྱིར་མི་ལྡོག་པའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་སརྦ་ནྲྀ་ག་ཏི་ཧཱུྃ་ཨ་ཨ༔ ཞེས་བརྗོད་དོ༔ མཐར་མིའི་གནས་ནས་རིག་འཛིན་གྱི་གྲལ་དུ་འགོད་པའི་ཕྱིར་དཀྱིལ་འཁོར་གྱི་མདུན་སློབ་དཔོན་གྱི་སྤྱན་སྔར་ཕྱག་འཚལ་བར་མོས་ལ༔ ཉེ་དྲུང་སོགས་ཀྱིས་ཕྱག་འཚལ་བ་དང་བཅས༔ ན་མོ༔ སྐུ་དང་ཡེ་ཤེས་ཕྲིན་ལས་བསམ་མི་ཁྱབ༔ མཆོག་གསུམ་བླ་མ་འགྲོ་འདུལ་ཐུགས་རྗེའི་གཏེར༔ བཅོམ་ལྡན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷར། །ཚེ་འདས་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༔ མི་ཕྱེད་སྙིང་ནས་གདུང་བས་སྐྱབས་སུ་མཆི༔ མགོན་མེད་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྡུག་བསྔལ་འཁོར་བའི་གནས་ལས་དྲངས་ནས་ཀྱང༔ གཞན་དོན་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཕྱིར༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྨིན་གྲོལ་དབང་སྐུར་ལམ་མཆོག་བསྟན་དུ་གསོལ༔ ཞེས་མོས་གདུང་དྲག་པོས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས༔ ཚེ་འདས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས་དབང་བསྐུར་བའི་སྣོད་དུ་གྱུར༔ ཅེས་མོས་ལ་མཚན་བྱང་སློབ་དཔོན་མདུན་པད་སྟེགས་སུ་བཞག །ཚེ་འདས་ཉིད་ཀྱིས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སོགས་ཀྱི་འདུན་པ་ཆེན་པོས་རྗེས་ཟློས་བྱེད་པར་མོས་ལ། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག །སྡོམ་བཟུང་རྣམས་ལན་གསུམ་རེ་བརྗོད། ཡེ་ཤེས་དབབ་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་མོས་གུས་དྲག་ཏུ་བྱས་པས་སྦྱོར་མཚམས་ནས་བདེ་བའི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང༔ ཚེ་འདས་ཀྱི་ལུས་ལ་རེག་པས་རྣམ་སྨིན་གྱི་ཕུང་ཁམས་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཧྲཱིཿཡིག་དམར་པོར་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས༔ ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ༔ སྦྱོར་མཚམས་ནས་ཧྲཱིཿཡིག་གི་རྣམ་པས་ཕྱིར་སྤྲོས་པ་ལས་རྒྱལ་བ་རྒྱ་མཚོ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་དམར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བརྗིད་འབར་བ་ལ་ཚད་བཟུང་མེད་པའི་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས༔ དེའི་ཐུགས་ཀ་ནས་འོད་ཟེར་གྱི་ལྕགས་ཀྱུས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས༔ བླ་མ་ལ་ཐིམ༔ བླ་མ་ཡབ་ཡུམ་ཡང་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་ཀྱི་བདུད་རྩིར་འོད་དུ་ཞུ༔ སྙིང་གའི་ཧྲཱིཿཡིག་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང༔ བདེ་བ་ཆེན་པོའི་ཡེ་ཤེས་ལྷག་པར་འབར་བར་སྒོམས་ཤིག༔ སྤོས་དང་རོལ་མོ་བཅས། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ས་པ་རི་ཝཱ་ར་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ལ་དབབ། རྡོ་རྗེ་རྒྱ་གྲམ་མགོར་བཀོད་ལ། ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་པར་བྱ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་བར་གྱུར༔ རྣམ་བུམ་སྤྱི་བོར་བཞག་ལ། ཧྲཱི༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ན༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞུགས༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩཱ་མི༔ སུ་ར་ཏཱ་སཏྭཾ་ཨ་ཧཾ༔ ཞེས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་པས་ལུས་ཐམས་ཅད་གང༔ དབང་ཐམས་ཅད་ཐོབ༔ དྲི་མ་ཐམས་ཅད་དག༔ ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན༔ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་འབར་བར་གྱུར༔ ཕྱི་དཀྱིལ་ལ་བརྟེན་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་བསྐྱེད་པའི་རིམ༔ བསྒོམ་པར་དབང་ཞིང་སྤྲུལ་པའི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ བླ་མ་ཡབ་ཡུམ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་རྒྱལ་བ་རྒྱ་མཚོ་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག༔ ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ལྷ༔ གསང་བ་ཡེ་ཤེས་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསལ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་། གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩཱ་ཨཱ༔ རྩ་ཁམས་བདེ་བས་གང༔ གསལ་སྟོང་མཁའ་ཁྱབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ༔ དམ་རྫས་ལ་བརྟེན་གསང་དབང་ཐོབ༔ ངག་གི་སྒྲིབ་དག་རྩ་རླུང་ལམ༔ བསྒོམ་པར་དབང་ཞིང་ལོངས་སྤྱོད་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ མཚན་ཉིད་དང་ལྡན་པའི་རིག་མ་གུ་ཧྱ་ཛྙཱ་ནར་བྱིན་གྱིས་བརླབས་པ་ལག་ཏུ་གཏད་པར་མོས་ཤིག༔ སིནྡྷུ་རའི་མེ་ལོང་གཏད་དེ། ཧཱུྃ༔ འདི་ནི་གསང་བའི་ལྷ་མོ་སྟེ༔ ཐབས་མཆོག་དཔའ་བོ་ཁྱོད་ལ་གཏད༔ སྙོམས་འཇུག་བདེ་བའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་། པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩཱ་ཧཱུྃ༔ སིནྡྷུ་རས་དཔྲལ་བར་ཐིག་ལེ་འགོད་ཚུལ་བྱ། དེས་ཀྱང་འདུ་ཤེས་གསུམ་གྱིས་རྗེས་སུ་ཆགས་པའི་མེས་བསྐུལ་བས༔ ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་ཉམས་སུ་མྱོང་བར་མོས་ཤིག༔ ཕོ་ཉ་ལ་བསྟེན་ཤེར་དབང་ཐོབ༔ ཡིད་ཀྱི་སྒྲིབ་དག་ཐིག་ལེའི་ལམ༔ བསྒོམ་པར་དབང་ཞིང་ཆོས་ཀྱི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ ཧོ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ བདེ་བའི་རང་བཞིན་སྟོང་པར་ཤར༔ ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ འོད་གསལ་ཕྱག་ཆེན་མངོན་གྱུར་ཤོག༔ རྩ་སྔགས་དང་། མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་ཨ་ཨ་ཨ༔ བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་ཞོག་ཅིག༔ རང་བཞིན་ལ་བརྟེན་བཞི་པ་ཐོབ༔ སྒོ་གསུམ་སྒྲིབ་དག་གཉུག་མའི་ལམ༔ བསྒོམ་པར་དབང་ཞིང་བདེ་ཆེན་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ ཞེས་དབང་བསྐུར། འདོད་ཡོན་བསྔོ་བ་ནི། བཟའ་བཏུང་སོགས་འདོད་ཡོན་མྱོང་བ་དང་ཚོར་བས་གྲོལ་བའི་རྫས་བཅས་སྦྱར་བའི་དྲི་བསུར་བསང་སྦྱང༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཟག་པ་མེད་པའི་ཡེ་ཤེས་འདོད་འབྱུང་སྒྱུ་མའི་ཕུང་པོ་མཁའ་ཁྱབ་ཏུ་འཆར་བར་བསམ་ལ༔ བཛྲ་སྥ་ར་ཎ་ཁཾ་ཞེས་པས་སྤེལ༔ ཨོཾ༔ ཆོས་ཉིད་བསམ་མི་ཁྱབ་པའི་བདེན་པ་དང༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་བྱིན་རླབས་མཐུས༔ ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས་བྱུང་བའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ཕ་རོལ་ཕྱིན་པ་དྲུག་རྫོགས་འདོད་ཡོན་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ་བའི་མཐུས༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ ཟག་མེད་བདེ་བའི་ཡུལ་ལ་ལོངས་སྤྱོད་ཅིང༔ ཁ་སྦྱོར་བདེ་བ་མཆོག་གིས་རོལ་པ་ཡིས༔ བླ་མེད་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག༔ ཨོཾ་བཛྲ་མ་ཧཱ་སུ་ཁ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཞེས། ཚེ་འདས་ལྷར་གསལ་བ་ལ་ཕུལ་བས་དེས་ཀྱང་བདག་གིར་བཟུང་སྟེ༔ ཕུད་ཀྱིས་བླ་མ་དང་དཀྱིལ་འཁོར་ལ་མཆོད་པ་ཕུལ་ནས་ལྷག་མ་རོལ་པས་ཟག་པ་མེད་པའི་བདེ་བས་རྒྱུད་ཡོངས་སུ་ཚིམ་པར་གྱུར༔ ཅེས་བསམ། ལམ་བསྟན་སྦྱོང་ནི༔ མར་མེ་གསལ་བ་བསྟན་ལ། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྡུག་བསྔལ་འཁོར་བའི་གནས་ལ་མ་ཆགས་པར༔ བླ་མ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་སོང༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་སྐྱེད༔ འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར༔ ཞིང་ཁམས་ཁྱད་འཕགས་ནུབ་ཕྱོགས་བདེ་བ་ཅན༔ མགོན་པོ་འོད་དཔག་མེད་ཀྱི་སྤྱན་སྔ་རུ༔ པདྨའི་སྙིང་པོར་བརྫུས་ཏེ་སྐྱེས་ནས་ཀྱང༔ ཚོགས་གཉིས་བསགས་ཤིང་སེམས་ཅན་སྨིན་གྲོལ་འགོད༔ སངས་རྒྱས་ཞིང་ཁམས་ཡོངས་སུ་སྦྱང་བར་གྱིས༔ ཐབས་ཤེས་ཟུང་འཇུག་རྡོ་རྗེ་སྔགས་ཀྱི་མཐུས༔ ལམ་ལྔ་ས་བཅུ་སྐད་ཅིག་ཉིད་ལ་འབྱོངས༔ མི་གནས་མྱ་ངན་འདས་པའི་ས་ཐོབ་ནས༔ སྤྲུལ་པ་དུ་མས་འགྲོ་དོན་ལྷུན་གྲུབ་ཤོག༔ ཨོཾ་པདྨ་སུ་ཁ་བ་ཏཱི་པདྨ་ཨུྞབྷ་ཝ་བྷ་ཝནྟུ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ༔ ཞེས་བརྗོད༔ གནས་སྤོར་བ་ནི༔ ཧྲཱི༔ ཚེ་འདས་རྣམ་ཤེས་དྭངས་མ་ཧྲཱིཿདམར་པོ༔ བླ་མ་ཡི་དམ་ཐུགས་རྗེའི་འོད་ཟེར་གྱི༔ ལྕགས་ཀྱུས་དྲངས་ཏེ་བདེ་ཅན་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་དང་དབྱེར་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ་ཧྲཱིཿཛྙཱ་ན་སྥ་ར་ཎ་ཕཊ༔ ཅེས་བརྗོད་པས༔ ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་ལྟར་སྣང་བའི་དྭངས་མ་རྡུལ་བྲལ་ཧྲཱིཿདམར་པོའི་རྣམ་པར་གནས་པ་བདག་མདུན་དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རེག་པ་ཙམ་གྱིས་སྐར་མདའ་འཕངས་པ་བཞིན་དྲངས་ཏེ་བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་གྱུར༔ ཅེས་དམིགས། བྱང་བུ་བསྲེག་པ་ནི། མར་མེ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་གྱུར་པ་ལ༔ སྙིགས་མའི་ཕུང་ཁམས་སྐྱེ་མཆེད་མཆོད་པའི་ཚུལ་དུ་ཕུལ་བར་གྱུར༔ ཨོཾ༔ དམིགས་མེད་སྙིང་རྗེའི་བདག་ཉིད་ཆེ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་ཕུང་ཁམས་སྐྱེ་མཆེད་དང༔ ཤ་ཁྲག་རུས་པའི་ཚོགས་མཆོད་འབུལ༔ སྣང་སྟོང་ཐབས་ཤེས་ཡིད་དང་ཆོས༔ ཕུང་ཁམས་དབང་ཡུལ་རྟོག་ཚོགས་ཀུན༔ ཡུལ་དང་དབང་པོ་གཉིས་མེད་པའི༔ རྡོ་རྗེའི་དམ་ཚིག་ཆེན་པོར་བཞེས༔ དམིགས་ཡུལ་གཟུང་འཛིན་འཁྲུལ་པ་དང༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས༔ ཡེ་ཤེས་སྣང་བ་རབ་འབར་བས༔ བྱང་ཆུབ་མཆོག་ལ་འགོད་མཛད་གསོལ༔ བསྙེན་སྒྲུབ་སྔགས་དང་གཟུངས་སྔགས་མཐར། ཚེ་ལས་འདས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་སརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་ཅིང་སྣང་རིག་དབྱེར་མེད་དགོངས་པའི་གདིང་བསྐྱེད་ལ་བསྲེག །བདེ་སྨོན་གཙོ་བོར་གྱུར་པའི་ཐེག་ཆེན་བསྔོ་སྨོན་རྒྱས་པར་སྤེལ། དེ་ལྟ་བུའི་ཆོ་ག་ཚད་ལྡན་དུ་བསྒྲུབས་པའི་ཕན་ཡོན་ཀྱང་། གཏེར་གཞུང་ལས། དེ་ལྟར་བགྱིས་པས༔ ཚེ་འདས་བླ་མ་དཀོན་མཆོག་ལ་དད་པ་དང༔ དབང་ཐོབ་ཅིང་དམ་ཚིག་མ་ཉམས་པ་ཡིན་ན་ངེས་པར་བདེ་བ་ཅན་དུ་སྐྱེ་ཞིང༔ མཚམས་མེད་པ་ལྔ་བྱས་པ་ལྟ་བུའང་ངན་སོང་ལས་ཐར་ནས་མཐོ་རིས་སུ་སྐྱེ་བ་དང༔ ཐམས་ཅད་ཀྱང་མཐར་ཐུག་བྱང་ཆུབ་མཆོག་གི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཞེས་གསུངས་སོ། །ཚད་མེད་ཐུགས་རྗེའི་དཔྱངས་ཐག་འཕྲུལ་པོ་ཆེས། །སྲིད་མཚོར་སྡུག་བསྔལ་བརྒྱས་གཙེས་འགྲོ་བ་ཀུན། །སྐད་ཅིག་གཅིག་གིས་བདེ་ཆེན་ཞིང་དུ་དྲངས། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཤོག །ཅེས་རྒྱལ་རྒྱམ་རྩ་གཞུང་དུ་གཤིན་པོ་རྗེས་འཛིན་བྱ་བར་གསུངས་པ་ཙམ་ལས་ཆོ་ག་དངོས་གཞན་ལ་ཁ་འཕངས་པས། འདིར་ཉེར་མཁོའི་ཆ་རྐྱེན་དུ་རྗེ་གཏེར་ཆེན་བླ་མ་ཉིད་ལས་བཀའ་ལུང་གི་རྗེས་སུ་གནང་བ་ཞུས་ཏེ་ཡང་གཏེར་པདྨ་རྒྱལ་པོ་ལས་འབྱུང་བ་ཉིད་གཏེར་ཁ་རིགས་མཐུན་པའི་ཕྱིར་སྔགས་ཚིག་གི་ཁ་བསྒྱུར་ཕྲན་བུས་བརྒྱན་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།

པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་ཚེ་སྒྲུབ་ (Volume 52, Text 32)

པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་ཚེ་སྒྲུབ་བྱ་བར་འདོད་ན། ལྷ་སྒོམ་པ་དང༔ སྔགས་བཟླ་བའི་ཚེ༔ བཟླས་དམིགས་འདི་ཁོ་ནའམ། རྩ་བའི་བཟླས་པའི་གཤམ་དུ་སྦྱར་ཡང་རུང་སྟེ། བདག་གི་ཐུགས་ཀར་ཉི་ཟླའི་གྭའུ་སྲུབས་མེད་པའི་ལྟེ་བར་རླུང་སེམས་མི་འགྱུར་བའི་ཐིག་ལེ་དཀར་དམར་འོད་ལྔ་འཕྲོ་བ་ཧྲཱིཿདམར་པོས་མཚན་པའི་མཐར་སྔགས་ཀྱིས་བསྐོར་བ་གསལ་བཏབ་ནས་བཟླས་པས་འོད་ཟེར་ ༼མདུན་བསྐྱེད་དང་འབྲེལ་ན།་་་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་དམ་བསྐུལ༔ བདག་མདུན་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་་་ཞེས་སྦྱར་དགོས།༽ དང་ཕོ་ཉའི་ཚོགས་སྤྲོས༔ ཁམས་གསུམ་ཐམས་ཅད་ཁྱབ༔ རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོས་ཕྲོགས་པ་དང༔ འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བཀུག༔ སྙིང་གའི་ཧྲཱིཿལ་ཐིམ་པས་ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་སོར་ཆུད༔ དུས་མིན་གྱི་འཆི་བ་ཆ་དང་བཅས་པ་བྱང༔ རྡོ་རྗེའི་སྲོག༔ གཡུང་དྲུང་གི་ཚེ༔ རྒྱུན་གྱིས་རྟག་པའི་ལང་ཚོ་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿབཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཟླ། ཐུན་མཐར་ཚེ་འགུགས་པའི་ཕྱིར་མདའ་དར་དམར་པོ་གཡབ་ལ། ཨོཾ༔ མི་འགྱུར་རྟག་པའི་ཡེ་ཤེས་ལས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ འཆི་མེད་མཆོག་སྩོལ་རིགས་བྱེད་མ༔ ཀུ་རུ་ཀུལླེ་དབྱིངས་ནས་བཞེངས༔ ཐུགས་རྗེ་སྐུལ་ལོ་མཐུ་རྩལ་སྐྱེད༔ འོད་ཟེར་ཕོ་ཉའི་ཆོ་འཕྲུལ་གྱིས༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་བཀང༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ བླ་ཚེ་ཡར་པ་རང་སོར་ཆུད༔ སྲོག་ཚེ་ཉམས་པའི་རྫིང་བུ་གསོས༔ སྲིད་ཞིའི་ཚེ་བཅུད་དབང་མེད་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ དུས་མིན་འཆི་བའི་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿབཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨ༔ འཁོར་འདས་དྭངས་བཅུད་རྡོ་རྗེའི་ཚེ༔ མི་འགྱུར་སྲོག་གི་ཐིག་ལེར་ཐིམ༔ སྟོང་གསལ་རང་བྱུང་གཉུག་མའི་ངང༔ འཕོ་མེད་རྟག་པའི་རྒྱས་བཏབ་བོ༔ ཛྙཱ་ན་བཛྲ་གྷརྦྷཱ་ཨ་ཨ༔ ཞེས་ལྟ་བས་རྒྱས་བཏབ་སྟེ་མཉམ་པར་བཞག་པས་གྲུབ་བོ། བསྙེན་ཚད་ཚུལ་བཞིན་བྱེད་ན་འབུམ་ཕྲག་གསུམ་བཟླ་བ་དང་། སྤྲོས་པ་དང་འབྲེལ་ན་མདུན་དཀྱིལ་ལ་ཚེ་རྟེན་ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར་བཅས་དངོས་གྲུབ་ཀྱི་རྟེན་བཀོད་ལ་མཆོད་པས་བསྐོར། བདག་མདུན་ཆོ་ག་རྒྱས་པས་ཁོག་ཕུབས། མཐར་དངོས་གྲུབ་ལེན་པ་སོགས་བྱ། རྒྱུན་གྱི་རྣལ་འབྱོར་ལ་བཟླས་དམིགས་ཁོ་ན་སྦྱར་བས་ཀྱང་རུང་བས་སྐབས་ཕྱེད་པར་བྱའོ། །ཅེས་པའང་དགེ་སྦྱོང་ཕྲིན་ལས་རྒྱ་མཚོ་ནས་བསྐུལ་ངོར་བཀླག་ཆོག་ཁྲིགས་སྡེབ་ཏུ་མངྒ་ལས་བྲིས་པ་་་་དིལ་མཁྱེན་རིན་པོ་ཆེ།ཨཱ་ཡུ་ཏིཥྛནྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

སིནྡྷུ་རའི་སྒྲུབ་པའི་མན་ངག་མཁའ་སྤྱོད་གྲུབ་སྟེར་ (Volume 40, Text 32)

༄༅། །སིནྡྷུ་རའི་སྒྲུབ་པའི་མན་ངག་མཁའ་སྤྱོད་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་ཆེན་སིནྡྷུ་བཱ་རའི་གཟི། །གང་དུ་སྣང་བས་ལྷན་སྐྱེས་ཀྱི། །ཡེ་ཤེས་སྟེར་མཛད་རྣལ་འབྱོར་མར། །བཏུད་ནས་དེ་ཡི་མན་ངག་འབྲི། །འདི་ལ་གསུམ། ཡོ་བྱད་ཀྱི་གཤོམ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ནི། ཏི་སེ་དང་། ཙ་རི་སོགས་གྲུབ་པའི་གནས་ཆེན་ནས་འབྱུང་བའི་སིནྡྷུ་ར་ལ་གཞི་བྱས་ཏེ། གཞན་ཡང་རང་བྱུང་གི་སིནྡྷུ་ར་ཇི་ལྟར་རིགས་པ་བདུད་རྩི་དང་བཅས་པའི་མ་ད་ནས་སྦོལ་པ་ཐོད་པའི་སྣོད་དུ་བླུགས་པ་སྟེགས་བུའི་དབུས་སུ་མཉྫིའི་ཁར་བཞག་པ་དར་དམར་གྱིས་ཁ་བཅད། སྟེང་ནས་དར་དམར་གྱི་གུར་དང་། མཐར་མཆོད་གཏོར་གྱིས་བསྐོར། གཉིས་པ་སྒྲུབ་ཐབས་ནི། ཞལ་གཉིས་མ་དང་ཁྲོས་ནག་ལྟ་བུ་ཕག་མོའི་བདག་བསྐྱེད་རིགས་གང་རུང་བཟླས་པ་བཅས་སྔོན་དུ་འགྲོ་བས། བདུད་རྩིར་སྒྲུབ་པ། སྐྱིལ་བ། དབབ་པ། དངོས་གྲུབ་བླང་བ་བཞི་ལས། དང་པོ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ཡིག་ལས། །རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་། །ཨ་ལས་བྱུང་བའི་ཡེ་ཤེས་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཀུན་རྫོགས་པའི། །དབུས་སུ་ཨ་ལས་དྲི་ཆེན་ཨ་ཡིས་མཚན། །ཤར་དུ་ཀྵ་ལས་བྱང་སེམས་དཀར་པོར་ཀྵ། །ལྷོ་རུ་མ་ལས་རཀྟར་མ་ཡིས་མཚན། །ནུབ་ཏུ་བི་ལས་དྲི་ཆུར་བི་ཡིག་དང། །བྱང་དུ་མ་ལས་རྐང་མར་མས་མཚན་པ། །ཤར་ལྷོ་ནས་བརྩམས་ན་དང་དྷ་ཡིག་དང་། །གྷ་དང་ཀུ་ཡིག་ཡོངས་གྱུར་ཤ་ཆེན་པོ། །གླང་ཆེན་རྟ་དང་ཁྱི་ཡི་ཤ་རྣམས་ལ། །རང་རང་ཡི་གེས་མཚན་པའི་ཁ་ཆོད་ནི། །ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན། །རང་གི་ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཀུན། །ཞུ་ཞིང་ཁོལ་བས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ཞེས་ཅི་ནུས་སུ་བཟླའོ། །གཉིས་པ་སྐྱིལ་བ་ནི། ཧཱུྃ༔ ཐོད་པ་རིན་ཆེན་སྣོད་ཀྱི་མཆོག༔ སྨན་ལྔ་བདུད་རྩི་ལྔ་དང་ཤ་ཆེན་རྣམ་པ་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་མཆོད་པའི་རྫས༔ བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་ནས་ཀྱང༔ དུས་གསུམ་བདེ་གཤེགས་ཐམས་ཅད་མཆོད་པའི་རྫས༔ མ་མོ་མཁའ་འགྲོ་བསྟེན་ཅིང་མཆོད་པའི་རྫས༔ དམ་རྫས་བདུད་རྩི་པཉྩ་ཨ་མྲྀཏ༔ མུ་ཏིག་དཀར་པོ་དྲི་མེད་བྱང་ཆུབ་སེམས༔ སྨན་གྱི་དམ་པ་འཆི་མེད་བདུད་རྩིའི་མཆོག༔ དཀར་གསལ་འོད་ཟེར་སྣ་ལྔ་རབ་འཁྲུགས་པ༔ ཡེ་ཤེས་བདུད་རྩི་རྒྱ་མཚོ་ཆེན་པོར་འཁྱིལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླ། གསུམ་པ་དབབ་པ་ནི། བདུད་རྩིའི་སྟེང་མཁར་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་དཔའ་བོ་ཌཱ་ཀི་རྒྱ་མཚོའི་སྤྲིན། །སྤྱན་དྲངས་སྙོམས་འཇུག་བྱང་སེམས་བདུད་རྩིར་ཐིམ། །འཁོར་འདས་དྭངས་བཅུད་འཆི་མེད་ཐིག་ལེར་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བོ་དྷི་ཙིཏྟ་ཨཱ་རལླི་ཧོ་ཛཿ ཞེས་བཟླ། ཐུན་བསྡུ་བ་ན། ཐོད་པའི་བདུད་རྩི་ཡོངས་སུ་གྱུར་པ་ལས་དམ་ཚིག་གི་རྫས་མཆོག་སིནྡྷུ་རའི་ཕུང་པོ་དངོས་གྲུབ་རྣམ་གཉིས་ཐོགས་པ་མེད་པར་སྟེར་བའི་མཐུ་བྱིན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཚོགས་དང་གཏོར་མའི་ཆོ་ག་སོགས་ནས་གཟུང་རྗེས་ཀྱི་བྱ་བ་ཐམས་ཅད་བདག་བསྐྱེད་གང་ལ་བརྟེན་པའི་ལས་གཞུང་ལྟར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་ཞག་བདུན་སོགས་རྩེ་གཅིག་ཏུ་བསྒྲུབས་པས། རྫས་ལས་འོད་འཕྲོ་བ། དུ་བ་འཐུལ་བ། མང་དུ་འཕེལ་བ་དང་། དངོས་ཉམས་རྨི་ལམ་དུ་མཁའ་འགྲོ་འདུ་བའི་རྟགས་མཐོང་བ་ན། བཞི་པ་དངོས་གྲུབ་བླང་བ་ནི། བདུད་རྩི་དབབ་པ་ཡན་གོང་དུ་སྨྲོས་ལྟར་བཏང་རྗེས། ཧཱུྃ༔ བདུད་རྩི་ཆེན་པོ་རིགས་ལྔའི་སྐུ༔ དྲི་ཆེན་སངས་རྒྱས་རིགས་ཀྱི་སྐུ༔ བྱང་སེམས་རྡོ་རྗེ་རིགས་ཀྱི་སྐུ༔ ཤ་ཆེན་རིན་ཆེན་རིགས་ཀྱི་སྐུ༔ རཀྟ་པདྨ་རིགས་ཀྱི་སྐུ༔ དྲི་ཆུ་ལས་ཀྱི་རིགས་ཀྱི་སྐུ༔ ཡབ་ལྔ་ཡུམ་ལྔ་བདུད་རྩི་ཆེན་པོ་ལྔ༔ ཡེ་ཤེས་ལྔ་དང་སྐུ་ལྔ་རིགས་ལྔའི་ངང༔ བདུད་རྩི་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་དངོས་གྲུབ་སྩོལ༔ སྐྱེ་ཤི་མེད་པ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཚེ་དབང་ལོངས་སྤྱོད་ཡོན་ཏན་དངོས་གྲུབ་སྩོལ༔ འགྲོ་དོན་མཐར་ཕྱིན་ཕྲིན་ལས་དངོས་གྲུབ་སྩོལ༔ མི་འགྱུར་རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ༔ རང་བྱུང་དེ་བཞིན་རིགས་ཀྱི་དངོས་གྲུབ་སྩོལ༔ དགོས་འདོད་རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ༔ ཆགས་མེད་པདྨ་རིགས་ཀྱི་དངོས་གྲུབ་སྩོལ༔ དོན་གྲུབ་ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་པཉྩ་ཨ་མྲྀཏ་སིདྡྷི་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཞེས་བརྗོད་ལ་སིནྡྷུ་རའི་སྣོད་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་གཏུགས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་བརྗོད། བདུད་རྩིའི་དྭངས་མ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་སྟེ། རང་གི་གནས་རྣམས་སུ་ཐིམ་པར་བསམ། སིནྡྷུ་རའི་སྣོད་ཞལ་ཕྱེ། ཀ་པཱ་ལ་ཆང་གིས་བཀང་བར་བསྒྲུབས་པའི་སིནྡྷུ་ར་ནས་བླངས་ཏེ་ཅུང་ཟད་བཏབ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ཞེས་ཉེར་གཅིག་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཀ་པཱ་ལ་ལག་པ་གཡས་པར་ཐོགས། གཡོན་པའི་མཐེ་བོང་ལ་ཉི་མ་ཨོཾ་གྱིས་མཚན་པ་དང་། སྲིན་ལག་ལ་ཟླ་བ་ཨཱཿས་མཚན་པ། ཉི་ཟླ་གྭའུ་ཁ་སྦྱོར་གྱི་བར་དུ་རྡོ་རྗེ་སྦུ་གུ་ཅན་གྱི་དཀྱིལ་དུ་ཧཱུྃ་ཡིག་གིས་མཚན་པས་བདུད་རྩི་ནས་གཏོར་བས། ནམ་མཁའ་གང་བའི་མཁའ་འགྲོའི་ལྷ་ཚོགས་རྣམས་མཉེས་ཤིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས་དག །དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། ལས་གཞུང་གང་ལ་བརྟེན་པའི་བདུད་རྩི་ལག་མཆོད་རྒྱས་པར་བྱས་རྗེས། ཐོད་པའི་བདུད་རྩི་ཡོངས་སུ་གྱུར་པ་ལས་དམ་ཚིག་གི་རྫས་མཆོག་སིནྡྷུ་རའི་ཕུང་པོ་དངོས་གྲུབ་རྣམ་གཉིས་ཐོགས་པ་མེད་པར་སྟེར་བའི་མཐུ་བྱིན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཞེས་བརྗོད་ཅིང་བསམ་ལ་བཀྲ་ཤིས་ཀྱིས་མངའ་གསོལ། གསུམ་པ་གྲུབ་འབྲས་ནི། སློབ་དཔོན་དགའ་རབ་རྡོ་རྗེས། རང་བྱུང་རྫས་མཆོག་སིནྡྷུ་ར། །བདུད་རྩི་ཆེན་པོར་བྱིན་བརླབས་པ། །དངོས་གྲུབ་ཀུན་གྱི་སྙིང་པོ་སྟེ། །ཐིག་ལེ་བྱས་པས་མཁའ་འགྲོ་འདུ། ཁོང་དུ་ཟོས་པས་ཡེ་ཤེས་འདུ། །ལུས་ལ་བཅངས་པས་དངོས་གྲུབ་འདུ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། གྲུབ་པའི་རྫས་དེས་ དཔྲལ་བར་ཐིག་ལེ་བགྱིས་པས་མཁའ་འགྲོ་མ་ཐམས་ཅད་ཀྱིས་མས་བུ་གཅིག་པ་ལ་བརྩེ་བ་ལྟར་དགོངས་པར་འགྱུར་རོ། །མེ་ལོང་ལ་ཆང་དང་སྦྱར་ཏེ་བྱུགས་པ་ནས་འཐོར་བ་དང་། མི་རུང་བ་མ་ཡིན་པའི་འབུར་གྱི་སྐུ་གཟུགས་བཀྲུར་རུང་བ་རྣམས་དང་། རིགས་ལྡན་མ་ལ་སོགས་པའི་ཤེས་རབ་མ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མར་མོས་ཏེ། སིནྡྷུ་རའི་ཐིག་ལེ་བཏབ་ནས་མཆོད་པར་བྱས་ན་གང་འདོད་པའི་དོན་འགྲུབ་པར་འགྱུར་རོ། །བུད་མེད་ཀྱི་འདོམས་དཀྲིས་ཟླ་མཚན་ཅན་གྱི་སྒྱེའུར་བླུགས་ཏེ། མེ་ལོང་ལ་བརྡབས་པར་ཆོས་འབྱུང་དང་རྩ་སྔགས་བྲིས་པའི་དཀྱིལ་འཁོར་གྱིས་གསུམ་པའི་དབང་བསྐུར་དང་འབྲེལ་བར་དབང་བསྐུར་བས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་བར་བྱེད་ཅིང་། དོན་དམ་འོད་གསལ་གྱི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྱུར་ལ་ཐུགས་རྡོ་རྗེ་འགྲུབ་པར་འགྱུར་རོ། །རྡུལ་གྱིས་སྦགས་པའི་རས་སམ་དར་རས་དམར་སྨུག་གི་ཁུག་མར་བླུགས་ཏེ་མགུལ་ལམ་མཆན་དུ་བཏགས་ན་མཁའ་འགྲོ་མ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་འགྱུར་རོ། །གནས་གསུམ་མཁའ་འགྲོ་འདུ་བའི་རྫས། །སྒྲུབ་ཚུལ་སྙིང་པོར་དྲིལ་བའི་དགེས། །མཁའ་སྤྱོད་གྲུབ་པ་མཆོག་སྟེར་བའི། །དགེ་མཚན་རྟག་ཏུ་སྣང་གྱུར་ཅིག །ཅེས་ཉང་གཏེར་མཁའ་འགྲོ་ཆེན་མོའི་གཞུང་སོགས་ལས་ཉེར་མཁོ་སྙིང་པོར་དྲིལ་བ་དགེ །ཤུབྷཾ།། །།་་་་མཁྱེན་བརྩེའི་དབང་པོའི་གསུང་འབུམ་ལས་སོ།།

གནམ་ཆོས་ལས་སྤོམ་རའི་གསོལ་ཁ་ (Volume 39, Text 32)

གནམ་ཆོས་ལས་སྤོམ་རའི་གསོལ་ཁ་ནི། གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ རང་ཉིད་ཡི་དམ་གང་རུང་བསྐྱེད༔ ཧཱུྃ༔ གཏེར་སྲུང་རྨ་གཉན་སྤོམ་ར་ནི༔ སྐུ་མདོག་དཀར་པོ་ཆས་དང་ལྡན༔ གཡས་པས་མདུང་དར་གཡོན་བུམ་པ༔ ཆིབས་སུ་རྟ་དཀར་འཕུར་ཤེས་འཆིབ༔ ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས༔ འདིར་གཤེགས་བརྒྱན་པའི་མཆོད་གཏོར་བཞེས༔ རིགས་རྒྱུད་བཙན་དར་ཆེ་བ་དང༔ མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལ༔ ཡུལ་ཁམས་ཐམས་ཅད་དབང་དུ་སྡུས༔ སྡང་དགྲའི་དམག་ཚོགས་ཆོམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ སརྦ་པཱུ་ཛ་ཁཱ་ཧི༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་གནམ་ཆོས་གཞུང་ནས་ཟུར་དུ་ཨ་རཱ་གས་བཀོད་པའོ།། །། ༄༅། །གནམ་ཆོས་རྨ་ཆེན་སྤོམ་རའི་གསོལ་མཆོད་གཡང་སྐྱབས་ཡིད་བཞིན་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས། །གུ་རུ་རིན་པོ་ཆེ་ལ་འདུད༔ སྤོམ་ར་ནོར་ལྷ་ལྟར་སྒྲུབ་པ་ནི༔ གཡང་འཕེལ་ཞེས་བྱའི་གཏོར་མ་ཟླུམ་པོ་ནི༔ ཟུར་བརྒྱད་ཟུར་ལ་མར་གྱི་སྐུད་པ་འཐེན༔ རྩེ་མོར་ཉི་ཟླ་ནོར་བུས་བརྒྱན་པར་བྱ༔ མཐའ་ལ་མར་ཐུད་པུ་ལུས་བསྐོར་བ་བྲན༔ རང་ཉིད་པད་འབྱུང་ལ་སོགས་ཡི་དམ་བསྐྱེད༔ མདུན་དུ་རྨ་གཉན་སྤོམ་ར་ནི༔ སྐུ་མདོག་སེར་པོ་ཆས་དང་ལྡན༔ གཡས་པས་སྦ་ལྕག་གཡོན་ནེའུ་ལེ༔ ཆིབས་སུ་རྟ་སེར་འཕུར་ཤེས་འཆིབ༔ ཡུམ་དང་སྲས་འཁོར་ཁྲོམ་ལྟར་བསྐྱེད༔ ཧཱུྃ༔ ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ༔ གངས་དཀར་རིན་ཆེན་གཞལ་ཡས་ནས༔ གཏེར་སྲུང་སྤོམ་ར་འཁོར་དང་བཅས༔ མཆོད་ཕྱིར་བསྒྲུབ་ཕྱིར་སྤྱན་འདྲེན་ནོ༔ སྐད་ཅིག་ཉིད་ལ་འདིར་བྱོན་ནས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ རྣལ་འབྱོར་བདག་གིས་གང་བཅོལ་བའི༔ ལས་རྣམས་མྱུར་མགྱོགས་འགྲུབ་པར་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ ཕྱི་ལྟར་ལྷ་བཙན་སྤོམ་ར་གཉན༔ ནང་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང༔ གསང་བ་ཁྲོ་བོ་རྣམ་པར་རྒྱལ༔ ཡང་གསང་བཅོམ་ལྡན་རྡོ་རྗེ་སེམས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ གངས་ཅན་ཤར་ཕྱོགས་སྲུང་མ་མཛད༔ ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ འབྲུ་སྨན་དར་ཟབ་རིན་ཆེན་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དཔག་མེད་མཆོད་སྤྲིན་རྒྱ་མཚོས་མཆོད༔ བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར༔ ཁཾ་ལས་གཏོར་མ་བདུད་རྩིའི་མཚོ༔ ཧ་ཧོ་ཧྲཱིཿཡིས་བྱིན་བརླབས་པ༔ ཞིམ་མངར་རོ་བཅུད་ཕུན་སུམ་ཚོགས༔ ཟག་མེད་བདེ་བ་བསྐྱེད་པ་འདི༔ གཉན་ཆེན་རྨ་གཉན་སྤོམ་ར་དང༔ རྨ་རི་རབ་འབྱམས་དྲག་མོ་རྒྱལ༔ རྨ་སྲས་དུང་མི་དཀར་པོ་དགུ༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང༔ སྲིང་ལྕམ་བཞི་བཅུ་རྩ་ལྔ་དང༔ རྨ་གཉན་འབུམ་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་དགྱེས་པར་བཞེས༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་མམ་བདུན༔ ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཕྱི་ལྟར་སྤོམ་ར་མགུལ་ལྷའི་གཙོ༔ མདོ་ཁམས་སྒང་དྲུག་ཀུན་གྱི་བདག༔ ནང་ལྟར་རྒྱལ་པོ་ཡུལ་འཁོར་སྲུང༔ དྲི་ཟ་བྱེ་བ་འབུམ་གྱི་རྗེ༔ གསང་བ་རྒྱལ་ཆེན་རྣམ་ཐོས་སྲས༔ ས་བརྒྱད་སེམས་དཔའ་ནོར་ལྷའི་མཆོག༔ ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ མངའ་ཐང་ལོངས་སྤྱོད་འཕེལ་བ་དང༔ ཁས་དྲགས་སྟོབས་ཤུགས་ལྡན་པ་ཡི༔ ཁྱོད་ལ་ཡོད་པའི་དངོས་གྲུབ་དེ༔ བདག་ལ་ད་ལྟ་ཉིད་དུ་སྩོལ༔ ཚེ་དཔལ་མངའ་ཐང་རླུང་རྟ་སྤེལ༔ གཞི་བྱེས་བྱ་བ་གང་ལ་ཡང༔ དུས་ཀུན་ཁ་འཛིན་སྡོངས་གྲོགས་མཛོད༔ ཕས་རྒོལ་གཡུལ་ལས་རྒྱལ་བ་དང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སམ༔ རྒྱས་པར་སྤྲོ་ན༔ ཧཱུྃ༔ སློབ་དཔོན་པདྨའི་བཀའ་ཉན་པ༔ གཏེར་སྲུང་རྨ་གཉན་སྤོམ་ར་ནི༔ འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་གྱིས༔ ཆ་ལུགས་གཅིག་ཏུ་མ་ངེས་ཀྱང༔ རྒྱས་པའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གསེར་མདོག་ཁྲོ་འཛུམ་བརྗིད་པའི་ཞལ༔ དབུ་ཡི་དུང་རྨོག་དཀར་པོ་ལ༔ བྱ་ཕོད་ལྡེམ་དར་ཉི་ལྟར་ཤར༔ སྐུ་ལ་དར་བེར་སུམ་བརྩེགས་སྟེང༔ གསེར་ཁྲབ་སྟག་གི་ཡང་ཤམ་ཅན༔ ཕྱག་གཡས་སྦ་ལྕག་ཀླད་ལ་བསྐོར༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན༔ རིན་ཆེན་ནོར་གྱི་ཆར་པ་འབེབ༔ ཆིབས་སུ་རྟ་སེར་འཕུར་ཤེས་ལ༔ སྟག་སྒ་གསེར་སྲབ་གཡུ་མཐུར་བརྒྱན༔ རྨ་སྲས་དུང་མི་དཀར་པོ་དགུ༔ སྤུ་རིས་ལྡན་པའི་རྟ་དགུ་འཆིབ༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང༔ ཆུ་དྲུག་སྒང་ལྔའི་ཡུལ་ལྷའི་ཚོགས༔ ཀུན་ཀྱང་མི་དཀར་རྟ་དཀར་ལ༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ བ་དན་དཀར་པོ་གནམ་ལ་གཡུག༔ ཀི་བསྭོ་ཆ་སྒྲ་དི་རི་རི༔ རྡོ་རྗེ་དྲག་མོ་རྒྱལ་ལ་སོགས༔ འཁོར་གྱི་རྨ་གཉན་འབུམ་ཕྲག་ནི༔ འཛུམ་མཛེས་དར་དང་རིན་ཆེན་བརྒྱན༔ གླུ་ལེན་བྲོ་བརྡུང་གར་སྟབས་འཁྱུག༔ སྤོམ་ར་འཁོར་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱར་གྱུར་རྣམས་ཀྱི༔ ནད་གདོན་བར་ཆད་ཞི་བར་མཛོད༔ བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ༔ རིགས་རྒྱུད་བཙན་དར་ཆེ་བ་དང༔ མི་འཕེལ་རྟ་ཧྲག་དངོས་གྲུ་སྩོལ༔ སྣང་སྲིད་ལྷ་འདྲེ་མི་གསུམ་དང༔ འདོད་དགུའི་དངོས་གྲུབ་དབང་དུ་སྡུས༔ རྐང་བཞི་ཕྱུགས་དང་བང་མཛོད་འབྲུ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ མི་གཡང་རྟ་གཡང་ནོར་གྱི་གཡང༔ རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ༔ ཨོཾ༔ ཁུ་ཡེ་ཁུ་ཡེ་གཡང་ཕོབ་ཅིག༔ མུ་ཡེ་མུ་ཡེ་གཡང་ཕོབ་ཅིག༔ ཏིང་ལམ་ཏིང་ལམ་གཡང་ཕོབ་ཅིག༔ ཟུ་ལུ་ཟུ་ལུ་གཡང་ཕོབ་ཅིག༔ ཧུ་ཡ་ཧུ་ཡ་གཡང་ཕོབ་ཅིག༔ རྨ་ཡེ་རྨ་ཡེ་གཡང་ཕོབ་ཅིག༔ ཕྱྭ་ཁུག་ནང་དུ་ཀྱི་ལི་ལི༔ གཡང་ཁུག་ནང་དུ་སྒ་ར་ར༔ ཕྱྭ་ཉི་མ་ཙམ་ཞིག་ཀྱི་ལི་ལི༔ གཡང་ཟླ་བ་ཙམ་ཞིག་སྒ་ར་ར༔ ཕྱྭ་འདི་རི་ལ་མ་བྲོས་ལ༔ གཡང་འདི་སྒོ་ལ་མ་ཉམས་ཤིག༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་བ་སུ་ནཱ་ནཱ་ཁ་དྷེ་སིདྡྷི་ཕ་ལ་ཧཱུྃ༔ སྤོམ་རའི་ཐུགས་ཀར་ཟླ་བའི་སྟེང༔ ཤཿཡིག་དཀར་སེར་མཐའ་མ་ལ༔ སྔགས་དེ་གཡས་སུ་འཁོར་བ་ལས༔ འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས༔ རྨ་གཡང་དངོས་གྲུབ་ཐམས་ཅད་དང༔ རིན་ཆེན་སྣ་ཚོགས་ཆར་འབེབ་བསམ༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་བ་སུ་ནཱ་ནཱ་ཁ་དྷེ་སིདྡྷི་ཕ་ལ་ཧཱུྃ༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ཀྱིས༔ ཡུལ་ཁམས་མ་ལུས་དབང་བསྡུས་བསམ༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན༔ ཡུལ་ཁམས་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་འཕྱར་དར་མདའ་དར་སོགས༔ ཡོད་ན་གཙོ་བོ་དེ་ལ་བསྟིམ༔ འཁོར་རྣམས་རང་གནས་གཤེགས་པར་བསམ༔ སརྦ་བྷཱུ་ཏ་གཙྪ༔ འདི་ནི་སྲུང་མར་བསྟེན་པ་ན༔ ས་བརྒྱད་སེམས་དཔའ་ཡིན་པའི་ཕྱིར༔ ས་ལམ་བར་ཆད་སེལ་བར་ནུས༔ རིགས་རྒྱུད་བཙན་དར་ཆེ་བ་དང༔ ཕྱུག་བར་དབུལ་གྱིས་མི་ཆོད་ཅིང༔ མི་འཕེལ་རྟ་ཧྲག་འབྱུང་བ་དང༔ སྡེ་དཔོན་ཡིན་ན་ཆུས་སྲིད་རྒྱས༔ གཞན་གྱིས་མི་ཐུབ་དཔུང་ཆེ་བ༔ འདི་ཡི་དངོས་གྲུབ་ཡིན་པར་བཤད༔ རྣལ་འབྱོར་པ་ནི་ཡིན་ན་ཡང༔ གཞི་བདག་ཡིན་ཕྱིར་རྣོ་མྱུར་ཆེ༔ གང་འདོད་བསམ་པ་འགྲུབ་པ་ཡིན༔ ཁྱད་པར་འབྲི་ཆུ་ཕན་ཆད་ཀྱི༔ ཡུལ་ལྷའི་གཙོ་བོ་འདི་ཡིན་ཞིང༔ ཁྱད་པར་གླིང་གི་མི་རིགས་ཀྱི༔ ཕོ་ལྷ་དགྲ་བླ་འདི་ཡིན་པས༔ ཕྱོགས་དེའི་མི་ལ་ཐུགས་བརྩེའི་ཕྱིར༔ འདི་ཉིད་བསྟེན་ན་བཀྲ་ཤིས་དགེ༔ དེ་ཕྱིར་གླིང་གི་ས་སྐྱོང་བ༔ རིག་འཛིན་མགོན་པོ་ལྷུན་གྲུབ་དང༔ བླ་མ་བྷ་དྲའི་མཚན་ཅན་གྱིས༔ ནོར་ལྷ་དཀོར་གྱི་བདག་པོ་རུ༔ རྒྱུན་དུ་བསྟེན་པར་བྱ་བའི་ཕྱིར༔ སྔགས་འཆང་ཀརྨ་ཨ་རཱ་གས༔ གནམ་ཆོས་སྒྲུབ་ཐབས་ཁ་སྐོང་དུ༔ ངག་ནས་ཇི་ལྟར་སྨྲས་པ་བཞིན༔ གླིང་གི་མི་རིག་དགེ་བཤེས་ནི༔ པདྨས་དད་པས་ཡི་གེར་བྲིས༔ ཉེས་འགལ་སྲུང་མ་ཉིད་ལ་བཤགས༔ དགེ་བས་འདི་ཉིད་སུས་བཏོན་པ༔ བསོད་ནམས་མངའ་ཐང་འཕེལ་ཞིང་རྒྱས༔ འཁོར་ལོས་བསྒྱུར་རྒྱལ་ལྟ་བུར་ཤོག༔ མངྒ་ལཾ།། །། ཧྲཱིཿ གངས་ཅན་ཤར་ཕྱོགས་རྨ་གཡང་གཏེར་གྱི་བདག །རྒྱལ་དབང་པདྨའི་བཀའ་ཉན་ཡུལ་སྐྱོང་གཙོ། །རྨ་རྒྱལ་སྤོམ་ར་བཀའ་འཁོར་དགྱེས་སྡེ་བཅས། །གསོལ་ལོ་མཆོད་དོ་རྨ་གཡང་འདོད་དགུ་སྩོལ། །མི་ཕམ་པས་སོ། །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

པད་གླིང་གཏེར་བྱོན་ཕྱག་རྡོར་གཏུམ་པོའི་དབང་ཆོག་ཁྲིགས་སུ་བསྡེབས་པ་བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ (Volume 28, Text 32)

༄༅། །པད་གླིང་གཏེར་བྱོན་ཕྱག་རྡོར་གཏུམ་པོའི་དབང་ཆོག་ཁྲིགས་སུ་བསྡེབས་པ་བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་གསང་བའི་བདག་པོ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །འདིར་རིག་འཛིན་ཆེན་པོ་པདྨ་གླིང་པའི་གཏེར་བྱོན་གསང་བདག་རྡོ་རྗེ་གཏུམ་པོའི་དབང་ཆོག་ཁྲིགས་བསྡེབ་ཏུ་བཀོད་པར། དབང་སྒྲུབ་ནི་བརྒྱུད་འདེབས་སྔོན་འགྲོས། ལས་བྱང་གནམ་ལྕགས་འོད་དྲྭ་བཞིན་ལ་བཟླས་པའི་ཚེ། ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས་དོན་གཉིས་བྱས། སྣང་གྲགས་ཆོས་ཉིད་རྡོ་རྗེ་གསུམ་གྱི་རོལ་པར་བྱོན་འོད་ཟེར་ཚུར་འདུས་སྙིང་གའི་ཧཱུྃ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་དང་། བུམ་པར་གཟུངས་ཐག་བཏགས་ལ། རང་སྲོག་སྔགས་ཀྱི་སོགས་ཀྱིས་དམིགས་པས། རྩ་ཁྱུང་སྦྲེལ་བ་ཅི་ནུས་བཟླས། མཆོད་བསྟོད་དངོས་གྲུབ་བསྐུལ་ཞིང་རིག་མེ་དོར། གནང་བ་ཞུ་བ་སོང་རྗེས། སློབ་མ་རྣམས་གྲལ་དུ་འཁོད། ཁྲུས་དང་བགེགས་གཏོར་བརླབ་བསྔོ། བདེན་བརྗོད་དྲག་སྔགས་དང་བཅས་པས་ཕྱིར་བསྐྲད་པ་སྤྱི་ལྟར་བྱས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས་བདག་ཉིད་གསང་བའི་བདག་པོའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོ། འོད་ཟེར་དཀར་པོ་ལ་བརྟེན་ནས་རྡོ་རྗེའི་གུར་ཁང་། སེར་པོ་ལ་བརྟེན་ནས་ཕུར་པའི་གུར་ཁང་། དམར་པོ་ལ་བརྟེན་ནས་གྲི་གུག་གི་གུར་ཁང་། ལྗང་གུ་ལ་བརྟེན་ནས་རལ་གྲིའི་གུར་ཁང་། མཐིང་ཁ་ལ་བརྟེན་ནས་འཁོར་ལོའི་གུར་ཁང་། དེ་ལྟར་མཚོན་ཆ་སྣ་ལྔའི་གུར་ཁང་དུ་གནས་པ། རྒྱ་ཆེ་ལ་དཔངས་མཐོ་བའི་ནང་ན་སྐལ་ལྡན་ཕོ་མོ་རྣམས་ཚུད་ནས་ཡོད་པར་སྒོམ་མཛོད། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱང་ཞིང་དག་པ་དང་། རྐྱེན་ཕྱི་ནང་གི་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཞི་བ་དང་། མཐར་ཐུག་ཕྱག་ན་རྡོ་རྗེའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་ཕྱིར། ཕྱག་ན་རྡོ་རྗེའི་དབང་བསྐུར་ཟབ་མོ་གསན་པར་བྱ་སྙམས་པའི་ཐུགས་བསྐྱེད་དང་ལྡན་པས་གསན་པར་ཞུ། དེ་ལ་དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས༔ དེ་ལས་བྱུང་བའི་གདམས་པ༔ མ་སྨིན་པ་སྨིན་པར་བྱེད་པའི་དབང༔ སྨིན་པ་གྲོལ་བར་བྱེད་པའི་གདམས་པ༔ ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་རིམ་པར་བསྟན་པར་བྱ་སྟེ༔ དང་པོ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི༔ ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ན༔ དཔལ་ཀུན་བཟང་ཆོས་ཀྱི་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ དེ་ཉིད་ཀྱི་ཐུགས་རྗེ་ལས་འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་ཆེན་པོའི་སྐུར་སྤྲུལ༔ གསང་སྔགས་ཀྱི་རྒྱུད་ལུང་ཐམས་ཅད་བྱིན་གྱིས་བརླབས་པ་ཙམ་དུ་གནང༔ རྡོ་རྗེ་འཆང་གི་ཡང་སྤྲུལ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་རྡོ་རྗེ་འཆང་ཆེན་པོས་ཏན་ཏྲ་སྡེ་བཅོ་བརྒྱད་བརྡའ་བསྟན་པ་ཙམ་དུ་གནང༔ རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་ཡིས་མ་ལ་ཡ་གནམ་ལྕགས་ཀྱི་རྩེར༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་ན་རྡོ་རྗེ་ཕྱི་ནང་གསང་བ་བླ་ན་མེད་པའི་གདམས་པ་རྣམས༔ ཕྱི་མཆོད་རྟེན་ཆེན་པོའི་རྒྱུད༔ ནང་འཕགས་པ་གོས་སྔོན་ཅན་གྱི་རྒྱུད༔ གསང་བ་དྲེགས་པ་ཀུན་འདུལ་གྱི་རྒྱུད༔ ཡང་གསང་གཏུམ་པོ་འབར་བའི་རྒྱུད༔ བླ་ན་མེད་པ་མེ་ལྕེ་ཕྲེང་བའི་རྒྱུད་དང་ལྔ་ཞུས་སོ༔ དེ་དུས་ཨོ་རྒྱན་པདྨ་འབྱུང་གནས༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་གི་མཚམས་གེ་སར་པདྨའི་སྙིང་པོ་ལས་སྐུ་འཁྲུངས་ནས་ཨིནྡྲ་བོ་དྷིའི་སྲས་མཛད༔ རྒྱལ་སྲིད་ཆོས་དང་མཐུན་པར་བསྐྱངས༔ འཁོར་བ་ལ་སྐྱོ་བའི་ཚུལ་བསྟན༔ བསིལ་བ་ཚལ་དུ་བྱོན་ནས་བམ་རོའི་སྒྲུབ་པ་མཛད༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ༔ ཟ་ཧོར་ཡུལ་དུ་བྱོན་སློབ་དཔོན་པྲ་བྷ་ཧསྟི་དང་མཇལ་རབ་ཏུ་བྱུང༔ ཨ་སུ་ར་ཡི་བྲག་ཕུག་ཏུ་བྱོན་བཀའི་བསྡུ་བ་མཛད༔ སྡེ་སྣོད་ཀྱི་ཆོས་རྣམས་ལ་སྦྱངས༔ མ་ལ་ཡར་བྱོན་འཇམ་དཔལ་བཤེས་གཉེན་ལ་ཐེག་པ་ཆེན་པོའི་ཆོས་རྣམས་ཞུས༔ མེ་རི་གསང་ཆེན་རོལ་པའི་དུར་ཁྲོད་དུ་བྱོན་དགའ་རབ་དང་མཇལ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་རྣམས་ཞུས༔ ལྷག་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་ལུང་རྣམས་རྫོགས་པར་ཞུས༔ དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བར་བྱོན་ནས་སྒྲུབ་པ་མཛད་པས༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཞལ་དངོས་སུ་མཇལ༔ སྣང་སྲིད་ལྷ་སྲིན་ཐམས་ཅད་བྲན་དུ་འཁུལ༔ རྡོ་རྗེ་གདན་དུ་བྱོན་ནས་བསྟན་པའི་སོ་ནམ་མཛད༔ བདུད་དང་མུ་སྟེགས་ཀྱི་བསྟན་པ་སྡེ་དྲུག་བཅོམ་ནས་ནང་པའི་བསྟན་པ་དར་བར་བྱས༔ དེའི་དུས་འཕགས་པ་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཏེ༔ དེ་སྐུས་འདུལ་བའི་ཞིང་ལ་བརྟེན་ནས༔ ཨོ་རྒྱན་བོད་ཀྱི་དོན་དུ་བྱོན༔ ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིགས་གསུམ་གྱི་གཙོ་བྱས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པས༔ ཤིང་མེད་ཅིང་བཟོ་བ་རྣམས་རྡུགས་པར་གྱུར་ཏེ༔ རྒྱལ་པོས་ཨོ་རྒྱན་ལ་ཞུས་པ༔ ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ ངེད་བོད་ཀྱི་ས་ཕྱོགས་འདིར༔ རི་རྩེ་ཐམས་ཅད་གངས་རི་དཀར་པོ་མཚོན་ཆ་གཟིངས་པ་དང་འདྲ༔ རི་སྐེད་ནི་བྲག་རི་ཀེང་རུས་བཀྲམ་པ་དང་འདྲ༔ ས་གཞི་ཐམས་ཅད་ནི་བྱེ་མའི་གླིང་དུ་སོང་ནས་ཤིང་གི་རྣམ་པ་མེད་པས༔ བདག་གི་གཙུག་ལག་ཁང་མི་འགྲུབ་པ་འདྲ༔ ཞེས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ ཆོས་རྒྱལ་ཆེན་པོ་ལགས༔ ཐུགས་ཞུམ་མི་དགོས༔ བསམ་ཡས་འདི་ནས་བཅལ་བའི་བྱང་ཤར་ན༔ མཚོ་སྒོ་ང་གཉིས་གཤགས་འདྲ་བ་གཅིག་ཡོད༔ དེ་ན་ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་བྱ་བ་ཡོད༔ དེར་བྱོན་ནས་ཀླུ་བསྒྲུབ་ན་ཤིང་གི་དངོས་གྲུབ་སྟེར་བར་ཡོད༔ ཅེས་གསུངས་པས༔ རྒྱལ་པོའི་ཞལ་ནས༔ འོ་ན་ཀླུ་སྒྲུབ་པའི་མན་ངག་ཅིག་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ གཉེན་པོ་ལྷ་གསུམ་གྱི་མན་ངག་བྱིན་ཞིང་གོ་བར་བྱས་སོ༔ རྒྱལ་པོས་ཁྱེད་ཀྱིས་དཀར་གསུམ་མངར་གསུམ་ཁྱེར་ལ་ཀླུ་བསྒྲུབ་ན་ཤིང་གི་དངོས་གྲུབ་འབུལ་བ་ཡོད༔ ཅེས་གསུངས་པ་དང༔ རྒྱལ་པོས༔ མཚོའི་འགྲམ་དུ་བྱོན་ནས༔ གུར་དཀར་པོ་ཞིག་ཕུབ་སྟེ༔ དཀར་གསུམ་མངར་གསུམ་གྱི་མཆོད་པ་འབུལ་བཞིན་ཞག་ཉི་ཤུ་རྩ་གཅིག་བཞུགས་པ་དང༔ ཐོ་རེངས་རི་རྩེར་ཉི་མ་ཤར་བའི་དུས༔ གཞོན་ནུ་ལང་ཚོ་དང་ལྡན་པ་ཞིག་བྱུང་ནས༔ རྒྱལ་པོ་ང་བོས་ནས་ཅི་བྱེད་པ་ཡིན་ཞུས་པ་དང༔ རྒྱལ་པོའི་ཞལ་ནས་གཞོན་ནུ་ཁྱོད་གང་ཡིན་དྲིས་པས༔ ང་ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཡིན་ཞུས་པ་དང༔ འོ་ན་ཁྱོད་ནེ་ལེ་ཐོད་དཀར་ཡིན་ན༔ ང་ལ་ཤིང་གི་དངོས་གྲུབ་སྟེར་བར་གྱིས་ཤིག་གསུངས་པ་དང༔ ནེ་ལེ་ཐོད་དཀར་ན་རེ༔ རྒྱལ་པོ་ཕོ་བྲང་དུ་བྱོན་ཅིག༔ ངས་ཤིང་གི་དངོས་གྲུབ་འབུལ་བར་ཡོང་ངོ༔ ཞེས་ཞུས་ནས་མཚོ་ཡི་ནང་དུ་བཞུད་དོ༔ དེ་ནས་རྒྱལ་པོ་ཕོ་བྲང་དུ་བྱོན་ནས་ཞག་གསུམ་སོང་བའི་ཐོ་རེངས༔ བྲག་དམར་འོམ་བུའི་ཚལ་ནས་མར་ལ༔ ཆར་དྲག་པོ་ཞིག་བྱུང་ནས་སའི་གད་པ་ཆེན་པོ་ཞིག་ཆད་པ་ལ་བརྟེན་ནས༔ བསམ་ཡས་ཀྱི་ཟུར་ནས་མར་ལ༔ ཤིང་ཆེ་བ་དང་ཆུང་བ་རི་ཉིལ་བ་ཙམ་ཞིག་བྱུང་ནས༔ བསམ་ཡས་ཀྱི་ཤིང་ཆ་ཐམས་ཅད་དེ་ལས་གྲུབ་པ་ཡིན༔ དེ་ནས་བསམ་ཡས་བཞེངས་ཚར་བའི་རྗེས་སུ༔ རྒྱལ་པོའི་དགོངས་པ་ལ༔ ངའི་གཙུག་ལག་ཁང་འདི་ལྟ་བུ་འགྲུབ་པ་ནི་ཀླུ་ཡི་དྲིན་ཡིན༔ ཁོང་གི་སྐུ་གཅིག་བཞེངས་དགོས་སྙམ་པའི་དགོངས་པ་ཤར་ཏེ༔ སྔར་བཞིན་དཀར་གསུམ་དང་མངར་གསུམ་གྱི་མཆོད་པ་བསྣམས་ནས༔ རྒྱལ་པོ་མཚོ་འགྲམ་དུ་བྱོན་ནས་ཀླུ་བོས་སོ༔ སྔར་བཞིན་གཞོན་ནུ་ལང་ཚོ་དང་ལྡན་པ་དེ་བྱོན་ནས༔ རྒྱལ་པོ་ཅི་འདོད་བྱས་པ་དང༔ རྒྱལ་པོའི་ཞལ་ནས༔ ངའི་གཙུག་ལག་ཁང་འགྲུབ་པ་ནི་ཁྱོད་ཀྱི་དྲིན་ཡིན༔ ཁྱོད་ཀྱི་སྐུ་གཅིག་བཞེངས་པར་བྱའོ༔ ཁྱོད་རྒྱ་མཚོའི་ནང་གི་ཕོ་བྲང་ན་ཇི་ལྟར་བཞུགས་ཀྱི་བཀོད་པ་སྟོན་ཅིག༔ ཅེས་གསུངས་པ་དང༔ གཞོན་ནུའི་ཞལ་ནས༔ ངའི་ཕོ་བྲང་ན་གནས་པའི་ལུས་ཀྱི་བཀོད་པ་བསྟན་ན༔ ང་ལ་མཐོང་བའི་དུག་དང༔ རེག་པའི་དུག་དང༔ ཁ་རླངས་ཀྱི་དུག་དང༔ བསམ་སྦྱོར་གྱི་དུག་དང་རྣམ་པ་བཞི་ཡོད་དེ༔ རྒྱལ་པོའི་སྲོག་ལ་ཕོག་ན་བར་ཆད་བྱེད༔ དེ་བས་ང་འདྲ་བ་གཅིག་བཞེངས་ཤིག་བྱས་པས༔ རྒྱལ་པོས་ནན་གྱིས་གསུངས་པ་དང༔ གཞོན་ནུས་ཞུས་པ༔ འོ་ན་ཕོ་བྲང་དུ་ལོག་ནས་བྱོན་ཅིག༔ ཞག་གསུམ་ལ་ང་ཡོང་གིས་ནམ་སྒྲ་བི་རེ་བ་བྱུང་བ་དང༔ ལུས་ལ་སྨན་བྱུགས༔ མིག་ལ་ཁྲོལ་མ་བཀབ་ལ་ལྟོས་ཤིག༔ ཅེས་ཞུས་ནས་མཚོ་ནང་དུ་བཞུད་དོ༔ དེ་ནས་རྒྱལ་པོ་ཕོ་བྲང་དུ་བྱོན་ནས་ཞག་གསུམ་སོང་བའི་ཐོ་རེངས༔ སྒྲ་བི་རེ་གཅིག་བྱུང་སྟེ༔ རྒྱལ་པོས་ལུས་ལ་སྨན་མ་བྱུགས༔ མིག་ལ་ཁྲོལ་མ་མ་བཀབ་པར་གཟིགས་པས༔ བསམ་ཡས་ཀྱི་སྟེང་ནས་སྦྲུལ་ནག་པོ་འཇིགས་སུ་རུང་བ༔ ལུས་ལ་འཇའ་ཚོན་གྱི་འོད་འཕྲོ་བ༔ ཁ་ནས་རླངས་པ་བྱུང་བས་བསམ་ཡས་ཀྱི་ཕྱོགས་ཐམས་ཅད་མུན་འཐིབས་པ་བཞིན་མཐོང་བ་དང༔ རྒྱལ་པོའི་ལུས་མཛེ་ནད་ཀྱིས་བཏབ་ནས༔ ཡན་ལག་རྣམས་ཐོ་ལུམ་དུ་སོང༔ རྣག་ཁྲག་གི་རྒྱུན་ཆུ་བབས་པ་ལྟར་བྱུང་ནས༔ ནད་ཀྱིས་མི་བཟོད་པར་གྱུར་ཏེ༔ སློབ་དཔོན་ལ་ཞུས་པ༔ ངའི་ནད་འདི་སྔོན་གྱི་ལས་ཡིན་ནམ༔ འཕྲལ་ཀྱི་རྐྱེན་ལས་བྱུང༔ ཅེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྒྱལ་པོ་ཁྱོད་ཀྱི་ནད་དེ་ནི་སྔོན་གྱི་ལས་མ་ཡིན༔ འཕྲལ་གྱི་རྐྱེན་ལས་བྱུང༔ ཀླུ་ལ་གྲོགས་པོ་བཅོལ་བས་ཀླུའི་དུག་ཕོག་པ་ཡིན་གསུངས་པ་དང༔ རྒྱལ་པོས་ཞུས་པ༔ ནད་འདི་ལ་ཕན་པའི་ཐབས་ཡོད་དམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཕན་པའི་ཐབས་ཡོད་ཀྱི་གསུངས༔ རྒྱལ་པོ་དང་མཚོ་རྒྱལ་དང༔ ཨོ་རྒྱན་གསུམ་བྲག་དམར་འོམ་བུའི་ཕུག་རིང་དུ་བྱོན་ནས༔ ཨོ་རྒྱན་གྱིས་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་བསྒྲུབ་ནས༔ རྒྱལ་པོ་ལ་དབང་བསྐུར་བྱིན་གྱིས་བརླབ་པར་མཛད་པས༔ རྒྱལ་པོའི་ལུས་ཀྱི་མཛེ་ནད་ཕན་ནས༔ སྔར་བས་ཀྱང་མཚར་བར་གྱུར་ཏོ༔ དེ་དུས་མཚོ་རྒྱལ་གྱིས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ལགས་གདམས་པ་ད་ལྟ་སྤེལ་ལམ་ཇི་ལྟར་བྱེད་ཞུས་པས༔ ཨོ་རྒྱན་གྱི་ཞལ་ནས༔ ད་ལྟ་དུས་བཟང་བསྐལ་པ་བཟང༔ མ་འོངས་པའི་དུས་སུ་ཡས་མས་གདོན་གྱིས་གནོད་ཅིང༔ མཛེ་ནད་ལྐུགས་སྨྱོ་དར་བར་འགྱུར་ཏེ༔ དེ་དུས་སེམས་ཅན་རྣམས་ལ་ཕན་ཐོགས་པའི་ཕྱིར༔ གཏེར་དུ་སྦ་བར་བྱེད་ཀྱིས་ཡི་གེར་ཐོབ་ཅིག་གསུངས༔ དེ་ནས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས༔ སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ཞུས་པ༔ གཏེར་དུ་སྦ་ན་གང་དུ་སྦ༔ འདོན་པའི་དུས་ནི་ནམ་ཙམ་ཡིན༔ དེ་ཡི་ཆོས་བདག་གང་གིས་བྱེད༔ ཅེས་ཞུས་པ་དང་ཨོ་རྒྱན་གྱིས་གསུངས་པ༔ བསམ་ཡས་འདི་ནས་བརྩམས་པ་ཡིས༔ ལྷོ་ནུབ་སྨན་མདོའི་བྲག་ལ་སྦོས༔ འདོན་པའི་དུས་ནི་ལྔ་བཅུའི་དུས༔ མཛེ་དང་སྨྱོ་འབོག་འབྱུང་བའི་དུས་སུ་ཡིན༔ འདོན་པའི་ཆོས་བདག་ནི༔ ད་ལྟའི་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ༔ བུམ་ཐང་ཕྱོགས་སུ་པདྨའི་མིང་ཅན་གཅིག་འབྱུང་སྟེ༔ སྐྱེས་བུ་དེ་ཡིས་གདན་དྲངས་ནས༔ འགྲོ་བ་ཀུན་ལ་ཕན་ཐོགས་ཤོག༔ ཅེས་སྨོན་ལམ་བཏབ་ནས་གཏེར་དུ་སྦས་པ། ཨོ་རྒྱན་གྱིས་སྨོན་ལམ་དང་། མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རིག་འཛིན་པདྨ་གླིང་པས། ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པར་མཛད་པའི་གསང་བདག་རྡོ་རྗེ་གཏུམ་པོའི་དབང་ཆོག་མེ་ལྕེའི་ཕྲེང་བ་ཉིད་བསྐུར་བར་བྱེད་པ་ལ་སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ་མཛོད། མཎྜལ་ཕུལ། གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ དུས་གསུམ་བླ་མ་གསང་བདག་སྐུ༔ བདག་ཅག་བདེ་བའི་ལམ་བགྲོད་ཅིང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ཕྱག་ན་རྡོ་རྗེ་གསང་བ་ཡི༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་དུ་ཚོགས་ཀྱི་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ དཀྱིལ་འཁོར་ལྷ་དང་ཆོས་སྐྱོང་སོགས༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། ཧཱུྃ༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ ངེས་པའི་དོན་དུ་སེམས་བསྐྱེད་ནས༔ བླ་མེད་གསང་སྔགས་འདི་སྒྲུབ་པས༔ བདག་གཞན་བླ་མེད་ཡོངས་འགྲུབ་ཤོག༔ ལན་གསུམ། དེས་སྐྱབས་སེམས་ཀྱི་རིམ་པ་སྔོན་དུ་སོང་ནས། དམ་ལ་བཞག་པ་ནི། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ བསྲུངས་ན་ཡོན་ཏན་བརྒྱ་རྩ་ཐོབ༔ མ་བསྲུང་དམྱལ་བའི་ཆུ་ཡིན་པས༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ཨི་དན་ཏེ་ཤུད་དྷི་ཨཱ༔ ཞེས་དམ་ཆུ་སྦྱིན། དབང་གི་གཞི་འགོད་པའི་སླད་དུ་མདུན་གྱི་དབང་རྫས་འདི་རྣམས་སྔོན་དུ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷར་བསྐྱེད་ཅིང་བསྒྲུབས་པ་ཉིད་སླར་ཡང་གསལ་འདེབས་ཀྱི་ཚུལ་དུ་འདི་ལྟར་བསྒོམ་མཛོད། བུམ་པ་དང་གཏོར་མ་འདི་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང༔ ཐོད་པ་སྐམ་རློན་གྱི་རྩིག་པ༔ ལྷ་ཆེན་བརྒྱད་ཀྱི་ཀ་བ་རྔམ་ཞིང་འགྱིང་བ༔ འོག་ནས་ཀ་གདན་རུས་སྦལ་ཆུ་སྲིན་འཁུན་པ་འདེབས་པ༔ སྟེང་ན་གཟའ་བརྒྱད་ཀྱི་ཀ་ཞུ་གློག་ལྟར་འཁྱུག་པ༔ ལྷ་བརྒྱད་ཀླུ་བརྒྱད་ཀྱི་གདུང་མ་གདུང་འདེགས་བྱས་པ༔ རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་ཕྱམ༔ ཞིང་ཆེན་པོའི་ཐོག་ཕུབ་པ༔ ཐོད་པའི་བད་ཁམས༔ ཙིཏྟའི་ཕོ་ཏོག༔ རྒྱུ་མའི་དྲྭ་ཕྱེད། མི་རོའི་རྒྱལ་མཚན༔ ཀེཾ་རུས་ཀྱི་འཕན་གདུགས༔ རྡོ་རྗེའི་ཡ་ཐེམ་མ་ཐེམ་རེ་བཞི་དང་བཅས་པ་ལ༔ གནམ་ལྕགས་ཀྱི་སྒོ་མོ༔ རྡོ་རྗེ་ཉི་ཟླའི་གཡག་ཤིང་བྱས་པའི་ཕོ་བྲང༔ རྒྱ་ཆེ་ལ་འཕང་མཐོ་བ༔ ནང་ན་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ནང༔ གྲུ་གསུམ་མཐིང་ནག་འབར་བའི་སྟེང༔ ཐབས་ཤེས་ཉི་ཟླ་པདྨའི་གདན་ལ༔ གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་ཁར༔ གསང་བདག་ཕྱག་ན་རྡོ་རྗེ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་གདེངས་པ༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་མཛད་ཅིངསྦྲུལ་ཞལ་དུ་གསོལ་བ༔ ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ༔ སྤྱན་གསུམ་དམར་ལ་འཁྲུག་ཅིང་གྱེན་ཐུར་གཡོ་བ༔ སྨ་ར་ཁ་སྤུ་མེ་སྟག་འཕྲོ་བ༔ སྨིན་མ་རབ་འཇིགས་གློག་ལྟར་འཁྱུགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ༔ རལ་པའི་ཁྲོད་ན་མི་བསྐྱོད་པས་དབུ་བརྒྱན་པ༔ དེ་ལ་ཐོད་པའི་དབུ་རྒྱན་དང༔ རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ སྐུ་སྟོད་ལ་སེང་གླང་གཡང་གཞིའི་སྟོད་གཡོགས་ཤིང༔ སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས༔ མི་མགོའི་དོ་ཤལ་སྦྲུལ་གྱི་ཆུན་པོ༔ ཀླུ་རིགས་བཞིས་ཕྱག་ཞབས་བརྒྱན་པ༔ དགའ་བོ་འཇོག་པོས་ཐོད་བཅིངས་པ༔ འདབ་བཟང་དཀར་མོས་སྐུ་རེགས་བྱས་པ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ༔ མེ་དཔུང་ཀློང་ན་དོར་སྟབས་སུ་བཞུགས་པར་སྒོམས༔ ཁྱེད་རང་རྣམས་ཀྱང་དེ་དང་འདྲ་བའི་གསང་བདག་ཕྱག་ན་རྡོ་རྗེ། གནས་ལྔར་སྤྲུལ་པའི་ཁྱུང་དང་བཅས་པ་སྣང་ལ་རང་བཞིན་མ་གྲུབ་པ་ཡེ་ཤེས་སྒྱུ་མའི་སྐུར་ལམ་གྱིས་གསལ་བའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་གིས་མཚན་པ་དང་། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་གསུམ་ཆར་དུ་འཕྲོས། འོག་མིན་དང་ལྕང་ལོ་ཅན་ལ་སོགས་རང་བཞིན་གྱི་གནས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་ཚད་མེད་དཔག་ཏུ་མེད་པ་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་དང་མདུན་བསྐྱེད་ལའང་སིབ་སིབ་ཐིམ་པར་གྱུར་སྙམ་པའི་མོས་པ་མཛོད་ཅིག །རྩ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་གྱིས་བྱིན་རླབས་དབབ། ཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲཿ ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་ཅིག །དངོས་གཞིའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བར་གྱུར། ཧཱུྃ༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩིའི་ཆུས་དབང་བསྐུར་པས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་བཀྲུས། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་སྐུའི་དབང་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱང་། ལུས་ལྷ་སྐུར་སྒོམ་པ་ལ་དབང་། གསང་བའི་བདག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །བླ་མ་གསང་བའི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ཐོག་ཏུ་མྱོང་བར་གྱུར། ཧཱུྃ༔ ཐོད་པ་མ་ཆགས་རྟོག་བྲལ་ཏེ༔ ལྕང་ལོ་རྣམ་དག་ཆོས་ཀྱི་དབྱིངས༔ དྲི་མེད་རང་བྱུང་དག་པའི་ཀློང༔ གསང་བདག་ཕྱག་རྡོར་ཡབ་ཡུམ་གྱི༔ ཐབས་ཤེས་ཟུང་འཇུག་བདེ་བའི་བཅུད༔ བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ ངག་སྒྲིབ་དག་ནས་ནུས་ལྡན་ཕྱིར༔ འགག་མེད་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཐོན། ཁྱེད་རང་གསང་བདག་ཏུ་གསལ་བའི་ཞལ་དུ་ཞུགས། སྙིང་ཁའི་ཧཱུྃ་གི་མཐར་འཁོད་པའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད། རྩ་སྔགས་ཁྱུང་སྦྲེལ་ལན་གསུམ། དེ་བརྟན་པར་བྱ་བའི་སླད་དུ་ཕྲེང་བ་མགྲིན་པར་བཞག་ནས་དབང་བསྐུར་བ་ནི། གསང་སྔགས་ཀུན་ཀྱི་གྲངས་ཚད་འཛིན༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཞིག༔ བསྙེན་པ་ཆུ་བོའི་གཞུང་བཞིན་ཟློས༔ བསྐྱེད་རྫོགས་ཟུང་འབྲེལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསུང་གི་དབང་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་སྦྱང་། ངག་སྙིང་པོ་བཟླས་པ་ལ་དབང་། གསང་བའི་བདག་པོའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀ་ནས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་མཐིང་ནག་འོད་ཟེར་འབར་བ་འཕྲོས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་གྱུར། ཧཱུྃ༔ མི་འགྱུར་མི་ཤིགས་བདུད་ལས་རྒྱལ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་འདི༔ སྐལ་ལྡན་དག་ལ་དབང་བསྐུར་བས༔ ཐུགས་དབང་སེམས་ཀྱིས་ཐོབ་གྱུར་ཅིག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཡིད་ཆོས་ཉིད་བསྒོམ་པ་ལ་དབང་། གསང་བའི་བདག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །དཔལ་གྱི་གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བཞུགས་པ་ལ་མོས་གུས་དུང་བ་བྱས་པ་དང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བས་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། མཐུན་རྐྱེན་ཡིད་བཞིན་དུ་བསྩལ་ནས་གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་མཛོད། ཧཱུྃ༔ གཏོར་མའི་རང་བཞིན་གཞལ་ཡས་ཁང༔ ནང་ན་གསང་བདག་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ཡི་འཁོར་ལོ་རབ་བསྒྱུར་བས༔ ནད་གདོན་སྡིག་སྒྲིབ་ཞི་ནས་ཀྱང༔ ལུས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ གསུང་གི་འཁོར་ལོ་རབ་བསྒྱུར་བས༔ ངག་གི་སྡིག་སྒྲིབ་དག་ནས་ཀྱང༔ ཨཱ་ལི་ཀཱ་ལི་ཆོས་ཀྱི་སྒྲ༔ ཚངས་དབྱངས་དྲུག་ཅུ་ལྡན་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་འཁོར་ལོ་རབ་བསྒྱུར་བས༔ ཡིད་ཀྱི་རྣམ་རྟོགས་རབ་དག་ནས༔ ཆོས་དབྱིངས་དོན་དང་ལྡན་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཡོན་ཏན་འཁོར་ལོ་རབ་བསྒྱུར་བས༔ ཤེས་བྱའི་སྒྲིབ་པ་དག་ནས་ཀྱང༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ རིག་པའི་རྩལ་དབང་ཐོབ་གྱུར་ཅིག༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་འཁོར་ལོ་རབ་བསྒྱུར་བས༔ ཉོན་མོངས་སྡིག་སྒྲིབ་དག་ནས་ཀྱང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ སྐུ་མི་ཟད་རྒྱན་གྱི་འཁོར་ལོ༔ གསུང་མི་ཟད༴ ཐུགས་མི་ཟད༴ ཡོན་ཏན་མི་ཟད༴ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ༔ འཁོར་ལོ་ལྔ་གནས་འགྱུར་བ་ལ་བརྟེན་ནས༔ ལུས་ཀྱི་ནད༔ སེམས་ཀྱི་སྡུག་བསྔལ༔ བསམ་པ་ལ་བར་དུ་གཅོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག༔ ཨོཾ་བཛྲ་ཙཎྜ་ཀཱ་ཡ་ཝཱ་ཀཱ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་ལྔར་བཞག །མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་པར་དབང་རྟགས་ཅོད་པན་དང་སྲུང་སྐུད་སྦྱིན་པས་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ་ནས་ཕྲིན་ལས་རབ་འབྱམས་ལ་དབང་བསྒྱུར་བར་མོས་ཤིག །ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ལྔ་དང་ལྡན༔ རྣམ་རྟོག་མིང་གི་མཚན་མ་བྲལ༔ གསང་མཚན་མིང་གི་དབང་ཐོབ་ཤོག༔ བཛྲ་གསང་བདག་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཅོད་པན་བཏགས། སྲུང་སྐུད་འདོགས་པ་ནི། ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ བརྡའ་རྟགས་གསེར་གྱི་ལུ་གུ་རྒྱུད༔ གང་ལ་བཏགས་པ་དེ་ཉིད་ཀྱིས༔ དགྲ་དཔུང་བཤིགས་ལ་བདུད་དཔུང་འཇོམས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་བཛྲ་མ་ཧཱ་རོ་ཥ་ཎ༔ འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པས་བདེན་ཚིག་རྡོ་རྗེའི་ཤིས་པ་བརྗོད་ཅིང་། མེ་ཏོག་གི་ཆར་ཕབ་པས་མངའ་གསོལ་བར་མོས་ཤིག །ཆེ་བའི་ཆེ་མཆོག་སོགས་ཀྱི་ཤིས་བརྗོད་དང་། ཁས་ལེན། མཎྜལ། ལུས་འབུལ། བསྔོ་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་བྱ། མཇུག་ཏུ་ཚོགས་མཆོད་ཆད་བརྟན་སོགས་གཞུང་ལྟར་རམ། བསྡུ་ན་སྔགས་མཆོད་དང་། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་རབ་བསྡུས་ཤིང༔ བར་ཆད་བགེགས་རྣམས་འཇོམས་མཛད་པའི༔ ཁྲོ་རྒྱལ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་། བཟོད་གསོལ་གཤེགས་བསྡུ། བསྔོ་སྨོན། བཀྲ་ཤིས་བཅས་བྱའོ། །དེ་ལྟར་དབང་ཁྲིགས་བཀླགས་ཆོག་ཏུ་བཀོད་པ་འདིའང་བླུན་རྨོངས་རང་འདྲའི་ཚོགས་ལ་ཕན་པའི་བློས། ཀུན་བཟང་བསྟན་པའི་ཉི་མར་འབོད་པས་བྲིས་པ་ནོངས་ཀུན་བླ་མ་ལྷ་ལ་བཤགས་ཤིང་དགེ་བའི་འབྲས་བུས་འགྲོ་ཀུན་གཉིས་སྣང་འཁྲུལ་པའི་གདོན་བགེགས་ལས་རྒྱལ་ཏེ་ཡང་དག་ཡེ་ཤེས་རྡོ་རྗེའི་རྒྱལ་ཐབས་ལ་འགོད་པར་གྱུར་ཅིག །འདིའི་གསོལ་འདེབས་རང་གཏེར་དྲེགས་པ་ཀུན་འདུལ་དང་། ཐུགས་རྡོ་རྗེའི་དབང་ཆོས་དབང་གཏེར་བྱོན་ཕྱག་རྡོར་ནས་བླངས་པ་ལྷོ་གཏེར་ཕྱོགས་གཅིག་པས་མི་འགལ་བའི་དབང་དུ་བྱས་པ་ལགས་པས་ད་དུང་དཔྱད་པར་མཛོད་ཅིག །སརྦ་ཛ་ཡནྟུ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ (Volume 62, Text 32)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་བཞུགས་སོ༔ སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ ཅེས་པས༔ ལྟ་བ་མངོན་དུ་གྱུར་པའི་བླ་མ་ཞིག་ཏུ་གཏུག༔ གདམས་ངག་ལེགས་པར་ཞུས་ལ་ཐེ་ཚོམ་གྱི་དྲི་མ་བཅད༔ ཡུལ་དངོས་པོ་འདུག་གམ་བརྟགས་པས་མི་རྟག་པ་གློ་བུར་དུ་བྱུང་བ་རྣམས་ལ་བློ་བཞག་སྟེ༔ སྨིག་སྒྱུ་དུ་བ་རྣམས་ལའང་དངོས་པོ་ཡོད་མེད་ལེགས་པར་དཔྱད་པའི་ཚེ༔ ཡུལ་ཐམས་ཅད་སྟོང་ཞིང་ཡུལ་དེ་རྣམས་ལ་རྣམ་ཤེས་འབྱམས་པའི་མཚམས་སྦྱར་བ་པོ་ནི་དབང་པོ་སྟེ༔ དཔེར་ན་མགོ་བོ་ད་ལྟ་རང་དུ་མཚོན་གྱིས་བཅད་དེ་རྡོ་བས་ཞིབ་པར་བཏགས་ནས་བྱ་ཁྱིར་བྱིན་ན་མགོ་བོ་སོང་བའི་ཡུལ་ཡང་མེད༔ དེ་བཞིན་དུ་དབང་པོ་མི་རྟག་པ་དང་དབང་པོ་སྟོང་པ་ཉིད་དོ༔ དབང་པོ་དེ་ལ་འཇུག་པའི་རྣམ་ཤེས་དུས་གསུམ་གྱི་རྣམ་རྟོག་ལ་དཔྱད་དེ་བརྟགས་ན༔ སྔར་དྲན་པའི་ཤེས་པ་མཚན་མོའི་རྨི་ལམ་བཞིན་དུ་གར་སོང་ཆ་མེད༔ མ་འོངས་པའི་རྟོག་པ་གློ་བུར་ཆུའི་རྦ་རླབས་ལྟ་བུར་འབྱུང་བའི་ཡུལ་འདི་ལས་འབྱུང་མེད༔ ད་ལྟའི་ཤེས་པ་ནམ་མཁའི་དབྱིངས་སུ་ཁུ་རླངས་ལྟ་བུ་འདི་དངོས་མེད་མྱུར་དུ་ཡལ་བ་ཡིན་ནོ༔ རྣམ་ཤེས་འབྱུང་བའི་ཡུལ་ཀུན་གཞི་ཉིད་དངོས་པོར་གྲུབ་བམ་མ་གྲུབ༔ གྲུབ་ན་ཕྱི་ནང་ལུས་ཀྱི་སྟོད་སྨད་སྙིང་དཀར་ནག་མཚམས་གང་དུ་གནས་བརྟགས་པས་ཡུལ་མི་རྙེད་དོ༔ མ་གྲུབ་ན་འཁོར་བ་བདེ་སྡུག་གི་བྱེད་ལས་སྣ་ཚོགས་པ་ཀུན་གཞི་ཉིད་ལས་འབྱུང་བའོ༔ བར་དུ་བལྟ་ས་གཅིག་ལ་བལྟ༔ ཞེས་པས༔ སྣང་བ་ཐམས་ཅད་དངོས་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བལྟས་བྱས་ཏེ༔ སྟོང་པ་ཐམས་ཅད་བདེ་བའི་ངང་དུ་རྒྱས་གདབ་གཉིས་སུ་མེད་པ་ནི༔ བདེ་བ་ཐམས་ཅད་སྟོང་པའི་རང་བཞིན་ངོས་གཟུང་བྲལ་བར་ཡེ་ནས་སྟོང༔ ཕྱལ་ཆད་མ་ཡིན་བདེ་སྟོང་གཉིས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ༔ སྣང་བ་ཐམས་ཅད་ཡུལ་ལ་འབྱམས་པ་འཁྲུལ་པའི་བློ་རྣམས་མ་ལུས་ཀུན༔ སྟོང་ཞིང་མ་འདྲེས་སོ་སོར་གསལ་བ་བསྐྱེད་པའི་རིམ་པ་མ་བསྐྱེད་གསལ༔ ཡོངས་སུ་འཛིན་པ་མེད་པས་དངོས་པོ་མེད་པར་ཡུལ་རྣམས་ཐམས་ཅད་སྟོང་པར་དག༔ སྟོང་པ་དེ་ཡང་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་ཨེ་མ་ཧོ༔ བདེ་བ་དེ་ཡང་དབང་པོའི་སྒོ་ལ་རྐྱེན་གྱིས་སྨིན་པར་ཡང་དག་བརྩོན༔ དབང་པོའི་བདེ་བ་རང་ལས་བྱུང་ཞིང་ལུས་ཀུན་ཐམས་ཅད་ཀུན་ཏུ་ཁྱབ༔ ཀུན་ཏུ་སྣང་བའི་སྒོ་ནི་ཚོགས་དྲུག་ཡུལ་ལ་འཇུག་པའི་དབང་པོའི་གསང་ལམ་བདེ༔ བདེ་བ་དེ་ཉིད་སྟོང་པར་བྱས་ན་དབང་པོའི་ཡུལ་ཡང་རྣམ་པར་སྟོང་པ་རང་རིག་བྱང་ཆུབ་སེམས་ཀྱིས་སོ༔ ཕྱག་རྒྱའི་ཡུལ་ལ་དབང་པོའི་རྣམ་ཤེས་བཅུག་བྱས་ན༔ རྣམ་ཤེས་བདེ་བའི་ངང་དུ་ཐིམ་གྱུར་ཚོགས་དྲུག་ཡུལ་སྣང་འགག༔ རྣམ་ཤེས་གང་དུ་མི་གནས་སྟོང་ལ་མྱོང་གསལ་བདེ་བ་ཆེ༔ དབྱེར་མེད་དག་པར་གྱུར་པ་རང་རིག་བྱང་ཆུབ་སེམས་ཀྱིས་མཐོང༔ ཡུལ་དབང་ཤེས་གསུམ་བདེ་བའི་ངང་དུ་རྣམ་པར་དག་གྱུར་པས༔ ཀུན་གཞིའི་ངང་དུ་རྣམ་ཤེས་གནས་འགྱུར་སེམས་རིག་གཉིས་མེད་པར༔ འུབ་ཆུབ་ཀློང་དུ་བལྟ་བྱ་བྲལ་བའི་ངང་དུ་རྟོགས་བྱ་ཡེ་ཤེས་དེ་ཉིད་ཁོ་ནའོ༔ བལྟ་ཚུལ་ཤྲཱི་སིཾ་ཧས་གདམས་པ་ཚིགས་སུ་བཅད་པ་དེ་དག་གིས་རྟོགས་པར་འགྱུར་ལ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་པས་ཡུལ་སྟོང་པས་ན་དབང་པོའི་མཚང་རིག་ཅིང་རྣམ་པར་དག་སྟེ་འཇུག་བྱེད་རྣམ་ཤེས་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར་པས་ཀུན་གཞི་བྱ་རྩོལ་དང་བྲལ་བར་འུབ་ཆུབ་ཀློང་དུ་གྲོལ་བར་འགྱུར་བ་ནི་འབྲས་བུའོ༔ ཕྱི་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཕྱི་སྐོར་དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་བཞུགས་སོ༔ ན་མོ་གུ་རུ༔ ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ལས༔ ལྟ་བ་ཀུན་གཞི་སྟོང་པ་ཉིད༔ ཅིར་ཡང་མེད་ལ་མྱོང་བ་ཅན༔ གལ་ཏེ་གནས་པ་མ་ཡིན་ནམ༔ རྣམ་ཤེས་གསལ་སྟོང་དམིགས་སུ་མེད༔ སྤྲོས་པའི་མཐའ་དང་བྲལ་བ་ཉིད༔ དབང་པོ་ཡུལ་གཉིས་བདེ་བར་སྤྱོད༔ ཀུན་གཞི་ཡེ་ཤེས་བདེ་ཆེན་འཆར༔ འབྲས་བུ་སྐུ་གཉིས་འགྲུབ་པ་འོ༔ དངོས་གཞིའི་ཁྲིད་དོན་མདོར་བསྡུས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ། ཞུས་སོ།། །།

ཟབ་བདུན་དྲེགས་པ་མཆོད་བསྟོད་ལས་རིམ (Volume 33, Text 32)

ཧཱུྃ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཁམས་གསུམ་ཟིལ་གནོན་གསང་བའི་བདག༔ གདུག་པ་ཀུན་འཇོམས་ཡེ་ཤེས་ལྷ༔ སྙིང་རྗེ་ཆེ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ རང་རིག་ཀློང་ལས་ཤར་བ་ཡི༔ དྲེགས་པ་འདུལ་བའི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ ནང་ཁྲོལ་ཀླད་ཞག་རྐང་ལ་སོགས༔ དུག་ལྔ་སྐྱེས་གྲོལ་མཆོད་པ་ཆེ༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱོར་བའི༔ བདེ་བ་ཆེན་པོ་ཆགས་པ་ཆེ༔ དགའ་བའི་རོ་ཡིས་ནམ་མཁའ་གང༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ རྨད་དུ་བྱུང་བའི་དམ་རྫས་ནི༔ དུག་ལྔ་རྣམ་པར་དག་པའི་རྫས༔ ཡེ་ཤེས་ལྔ་རྫོགས་བདུད་རྩི་འདི༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ གཉིས་འཛིན་འཁྲུལ་པའི་དགྲ་བགེགས་རྣམས༔ དབྱིངས་ཀྱི་བྷནྡྷ་ཆེན་པོར་བསྒྲལ༔ དམར་ཆེན་རཀྟའི་མཆོད་པ་ཆེ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་རྒྱ་མཚོའི་མཆོད་སྤྲིན་ནི༔ འདོད་ཡོན་གཏོར་མ་བསམ་མི་ཁྱབ༔ མཉེས་པའི་མཆོད་པ་ཅིར་ཡང་གསལ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གསང་བ་བྱང་ཆུབ་སེམས་ཀྱི་རྒྱུན༔ བདེ་བ་ཆེན་པོ་སྐྱེད་པའི་རྒྱུ༔ དེ་ཉིད་རྣམ་པར་འཕེལ་བའི་ཕྱིར༔ བདེ་ཆེན་སྦྱོར་བའི་མཆོད་པ་འབུལ༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ ཧཱུྃ༔ མ་རིག་གདུག་པའི་དགྲ་བགེགས་རྣམས༔ རིག་པ་ཡེ་ཤེས་མཚོན་གྱིས་བསྒྲལ༔ ཡེ་ཤེས་རོལ་པའི་བསྒྲལ་མཆོད་འདི༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ རུ་ཏྲ་མཱ་ར་ཡ་ཕཊ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གདོད་མ་ཉིད་ཀྱི་དབྱིངས་ཉིད་ལ༔ མཆོད་བྱ་མཆོད་ཡུལ་དམིགས་སུ་མེད༔ མ་བཅོས་ཀློང་ཡངས་ཆེན་པོར་གནས༔ ཀ་དག་ཆེན་པོའི་ངང་དུ་མཆོད༔ མ་ཧཱ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ འཇིགས་པའི་སྐུ་ནི་གར་དགུ་ལྡན༔ ནམ་མཁའི་མཐའ་ཀླས་མཉམ་པ་ཉིད༔ འབར་བའི་གར་སྟབས་ཅི་ཡང་སྣང༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇིགས་པའི་ང་རོ་ཕྱོགས་བཅུར་སྒྲོག༔ སྟོང་པ་ཉིད་ཀྱི་སྒྲ་གདངས་ནི༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ རྡོ་རྗེའི་གསུང་ལ༴ ཧཱུྃ༔ དམིགས་པ་མེད་པའི་ཡེ་ཤེས་ནི༔ སྙིང་རྗེ་ཆེན་པོ་དང་ལྡན་ཞིང༔ འབར་བའི་ཐུགས་ནི་མི་བཟད་གཏུམ༔ རྡོ་རྗེའི་ཐུགས་ལ༴ འཁོར་གྱི་དྲེགས་པ་ཕོ་ཉ་ནི༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ དཔལ་གྱི་བཀའ་ལས་མི་འདའ་བ༔ ཡེ་ཤེས་འཁོར་ལ་ཕྱག་འཚལ་བསྟོད༔

བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་ཕྲིན་ལས་དྲག་པོའི་སྲོག་གཏད་ཀྱི་ཆོ་ག་བྱིན་རླབས་གློག་གི་ཕྲེང་བ་ (Volume 12, Text 32)

༄༅། །བདུད་འདུལ་ཀརྨ་མ་ཧཱ་གུ་རུའི་ཕྲིན་ལས་དྲག་པོའི་སྲོག་གཏད་ཀྱི་ཆོ་ག་བྱིན་རླབས་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཀརྨ་གུ་ར་བེ། སྣ་ཚོགས་ཐབས་ཀྱིས་གདུལ་དཀའ་འདུལ་བའི་སླད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ཟླ་བྲལ་སློབ་དཔོན་ཆེན་པོར་ཕྱག་བྱས་ནས། །བྱིན་རླབས་སྲོག་གཏད་བཀླགས་པས་ཆོག་པ་འགོད། །མི་ཉག་བྱང་པ་བདག་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་བྱོན་ཡང་གསང་ཀརྨ་དྲག་པོའི་སྲོག་གཏད་ནོད་པ་ལ་དོན་གསུམ། སྦྱོར་བ་བཤམ་བཀོད། དངོས་གཞི་སྒྲུབ་མཆོད་དབང་། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། གནས་ཁང་དབེན་པར་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་ལྕགས་སྣོད་དུ་ཟན་གྱི་ཆོས་འབྱུང་ནག་པོའི་སྟེང་ལྷ་བདུད་གན་རྐྱལ་དཀར། ཕུང་བདུད་ཁ་སྦུབ་སེར། ཉོན་བདུད་གན་རྐྱལ་དམར། འཆི་བདག་ཁ་སྦུབ་ནག་པོ་སྟེ་གཟུགས་བཞི་པོའི་ལག་གཉིས་བརྐྱངས་ཤིང་རྐང་གཉིས་ས་ལ་འབེབས་པའི་བརྩེགས་མའི་སྙིང་གར་སེང་ཕུར་སོར་བརྒྱད་དར་གྱི་ཅོད་པན་སྦྲུལ་མགོ་མས་རྐེད་པར་བཅིངས་པ་བཏབ་ལ་བཞག །དེ་སྟེང་རྐང་གསུམ་ཁར་ལྕགས་སྣོད་སོགས་སུ་དབང་གཏོར་ཟུར་གསུམ་ནག་པོ་ལྟོ་ཁྲ་ཞི་དྲག་གི་རྒྱན་སྤྲོས་ཅན་སྐུ་ཙཀ་དར་ནག་གི་གདུགས་ཀྱིས་སྤྲས་པ་བཞག །གཡས་སུ་སྣ་ཚོགས་རྡོ་རྗེ། གཡོན་དུ་སེང་ལྡེང་ཕུར་པ། སྨན་རཀ །མདུན་དུ་ལྕགས་སྣོད་ལ་དབང་ཕྱུག་ཟོར་གཏོར་སྲིད་མེས་ནག་པོ་ནོར་བུ་དམར་པོ་ཅན་གྱེན་བསླངས། ཉེར་སྤྱོད་ལྔ་ཕྲེང་ཚར། རྒྱབ་ངོས་གཡས་གཡོན་རྩ་གསུམ་དང་གཏེར་སྲུང་གཏོར་མ། གཞན་ཡང་ཚོགས་གཏོར། བགེགས་གཏོར་གྱིས་མཚོན་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ལ། ཐོག་མར་སྒྲུབ་མཆོད་ནི། ལས་བྱང་སྐྱབས་སེམས་ནས་བརྩམ་མཐར་ཆགས་སུ་གཏང་བའི་བདག་བསྐྱེད་གསལ་གདབ་དང་ལྷན་ཅིག་དབང་གཏོར་ཡང་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བསྐྱེད་ནས། བཟླས་པ་ཅི་འགྲུབ་དང་སྟོང་ཚིག་གྲུབ་རྗེས་དབང་ཕྱུག་ཟོར་སྒྲུབ་ནི། བདག་མདུན་དབང་ཕྱུག་ཆེན་པོའི་སྐུ །ཤིན་ཏུ་ཆེ་བ་གྱེན་དུ་བསྒྲེངས། །འབྲས་བུ་ཀླུ་ཡི་ཡུལ་དུ་ཟུག །རྐེད་པ་མི་ཡི་ཡུལ་དུ་ལྡེམ། །མགོ་བོ་ལྷ་ཡི་ཡུལ་དུ་འཁྱོགས། །ཆུ་སྦུབ་བསྐལ་པའི་མེ་ལྟར་འབར། །སྐུ་ཡི་བ་སྤུའི་བུ་ག་ནས། །ཞུན་གྱི་མེ་སྟག་ཁྲོ་བོ་འཕྲོ། །སྔགས་བཟླས་མེ་ཡི་འོད་ཟེར་གྱིས། །གནོད་བྱེད་ཐམས་ཅད་ཚིག་པར་བསམ། ཞེས་བསྒོམས་ལ། ཨད་ཊ་སད་ཊ་སོ་ལེ་བཾ་གུ་ལི་བྷི་བྷྱོ། ཨུརྞོ་ཨུརྞོ་ཐུན་ཆོག་ཐུན་ཆོག །བ་སོ་བ་སོ་ཏིཀྟ་ནག་པོ་སརྦ་ཐུན་བཾ། བྱད་སྟེམས་མཱ་ར་ཡ་ཟློག །ཡར་ཟློག །མར་ཟློག །ཚལ་པར་གས། མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་ཟློག །ཅེས་ཅི་འགྲུབ་བཟླ། གཏེར་སྲུང་མཆོད་པ། ཚོགས་ཐོག་བར་མཐའ་གསུམ་བཏང་། དེ་ནས་སྲོག་གཏད་དངོས་ཀྱི་ཐོག་མར་ཧ་ཅང་མང་པོ་མ་ཡིན་པ་དམ་ཚིག་ཐུབ་པའི་སློབ་མ་རྣམས་ལ་ཡིག་བརྒྱའི་བུམ་ཆུས་ཁྲུས་བྱ། གྲལ་ལ་འཁོད་ནས་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་ལྡན་པར་གྱུར། འབྲུ་གསུམ་གྱིས་བྱིན་བརླབས་ལ་མཆོག་སྦྱིན་གྱི་ཕྱག་རྒྱ་བསྐོར་ཞིང་མཐར་སེ་གོལ་དང་བཅས་ཏེ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས་ག་ག་ན་གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཧཱུྃ་མཛད་ཀྱི་རྒྱ་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཁྱད་པར་དུ་ཡང་བླ་མ་རིག་འཛིན་བདུད་འདུལ་ཀརྨ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་བྱིན་རླབས་སྲོག་གཏད་ཀྱི་རིམ་པ་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གནོད་བྱེད་ཀྱི་ཚོགས་ཐམས་ཅད་གཏོར་མ་འདི་ཡིས་ཚིམས་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གང་དག་མི་འགྲོ་ཞིང་བར་དུ་གཅོད་པའི་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །ཧཱུྃ། རང་ཉིད་ཀརྨ་གུ་རུར་གསལ་བ་ཡི། །སོགས་ལས་བྱང་ལྟར་ལ། རྩ་སྔགས་ཤམ་བུ་ཅན་གྱི་གཤམ་དུ་ཧཱུྃ་བཞིའི་སྔགས་བརྗོད་པ་སོགས་ཀྱིས་བགེགས་བསྐྲད། ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། ཨོཾ་བཛྲ་ཀྲོ་ཏ་ཙཀྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་བསྲུང་། ཆོས་བཤད་ཇི་ལྟར་འོས་པ་དང་བྱེ་བྲག་ཏུ། དེའང་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཐ་མར་སེམས་ཅན་རྣམས་ཉོན་མོངས་དུག་ལྔའི་སྟོབས་ཤིན་ཏུ་རགས་པའི་རང་སེམས་འཁྲུལ་པའི་རང་གཟུགས་ཕྱི་རོལ་དུ་རྒྱལ་ཁམས་ཕུང་བྱེད་འདྲེ་སྲིན་འབྱུང་པོ་མ་རུངས་པ་རླུང་ལྟར་འཚུབས་ཤིང་མཐའི་དགྲ་བཞི་ལངས་པའི་ཚེ་འདུལ་བྱེད་གཉེན་པོར་ཆེད་དུ་བསྔགས་པ་ཡང་གསང་དྲག་པོའི་ཟབ་ཆོས་འདི་ནི། རཏྣའི་བསྟན་པ་སྤྱི་ལུང་ལས། ཐུགས་གཏེར་ལྔ་པོ་མངའ་བདག་སྤྲུལ་པས་འདོན། །ཅེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འབྲས་བུ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ལྔ་རིམ་པར་བྱོན་ནས་ཁྱད་པར་འཕགས་པའི་ཐུགས་གཏེར་ལྔ་པོ་རིམ་པར་འདོན་པར་གསུངས་པའི་བཞི་པ་ནི། རང་གཏེར་བསམ་ཡས་ཨརྻ་པ་གླིང་ནས་དམ་རྫས་མྱོང་གྲོལ་དང་ལྷན་ཅིག་སྤྱན་དྲངས་པའི་ལུང་བསྟན་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ། །ད་ལྟ་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད། །སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན། །དམ་རྫས་འདི་དང་འཕྲད་པའི་སྐྱེས་བུ་དེ། །སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པས། །སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན། །བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་། །ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ། །བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ། །ཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད། །ཅེས་མངའ་བདག་གི་ཡོན་ཏན་གྱི་སྤྲུལ་པར་ལུང་བསྟན་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའམ། གཏེར་སྟོན་མཁའ་འགྲོ་ཕྲིན་ལས་ཡོངས་གྲུབ་རྩལ་གྱིས་གཙང་རོང་སྦས་ཡུལ་ཁམ་བུ་ལུང་གི་ཕུག་པ་ནས་གདན་དྲངས་པའི་བླ་མ་དྲག་པོ་ཀརྨ་གུ་རུའི་བྱིན་རླབས་སྲོག་གཏད་ཀྱི་རིམ་པ་ཟབ་མོ་སྒྲུབ་པར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །སྙིགས་དུས་ཉོན་མོངས་དུག་ལྔ་ཧྲགས། །ཕུང་བྱེད་འདྲེ་སྲིན་འབྱུང་པོ་ལངས། །དེ་ཕྱིར་བར་གཅོད་རྐྱེན་རྣམས་མང་། །བར་གཅོད་རྐྱེན་ལས་སྐྱོབ་པའི་ཕྱིར། །བདུད་འདུལ་པདྨའི་སྲོག་གཏད་ཞུ། །ལན་གསུམ། ལམ་ལོག་པ་ལས་ལྡོག་པ་སྐྱབས་འགྲོའི་སྡོམ་པ་ལེན་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་ཀརྨ་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་བློ་གཏད་གཅིག་ཆོག་གིས་སྐྱབས་སུ་མཆི་བར་བགྱི་སྙམ་པས་འདིའི་རྗེས་ཟློས། སྙིགས་དུས་ཉོན་མོངས་སོགས་ལས་བྱང་ལྟར་ལན་གསུམ། ལམ་དམན་པ་ལས་ལྡོག་པ་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་སླད་དུ། ནམ་མཁས་ཁྱབ་པའི་ཕ་མ་སེམས་ཅན་ཐམས་ཅད་བདུད་འདུལ་ཀརྨ་གུ་རུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་གསང་དྲག་པོའི་སྨིན་བྱེད་ཀྱི་རིམ་པ་ནོས་ཤིང་གྲོལ་བྱེད་གདམས་པ་ཟབ་མོ་ཉམས་སུ་ལེན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། མཐའ་ཡི་དགྲ་བཞི་སོགས་ལན་གསུམ། ད་ནི་བྱིན་རླབས་ཀྱི་གཞི་བསྒྲུབ་པ་ཡེ་ཤེས་པ་དབབ་པ་ཡིན་པས་ལུས་གནད་བཅའ་ཞིང་རླུང་བསྡམ། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨ་མྲྀཏ་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྐད་ཅིག་སྟོང་པའི་ངང་ཉིད་ལས། །གནམ་ལྕགས་འབར་བའི་གཞལ་ཡས་ནང་། །གདན་དུ་སྣ་ཚོགས་རྡོ་རྗེ་དང་། །ཆུ་སྐྱེས་སྟེང་དུ་བདུད་བཞི་པོ། །དཀར་སེར་དམར་ནག་བཞི་བསྣོལ་སྟེང་། །སྟངས་སྟབས་ཁྲོས་པའི་ཚུལ་དུ་ནི། །ཧཱུྃ་ལས་རྡོ་རྗེའི་སློབ་མ་རྣམས། །སྐད་ཅིག་ཀརྨ་དྲག་པོའི་སྐུ །ལྗང་ནག་དུ་བའི་མདོག་ལྟ་བུ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཕྱར། །ཕྱག་གཡོན་སེང་ལྡེང་ཕུར་བུ་འདྲིལ། །མཐིང་ནག་བེར་དང་ཆོས་གོས་མནབ། །སྣ་ཚོགས་རྡོ་རྗེའི་ཕྲེང་བ་དང་། །བདུད་ཀྱི་མགོ་ཕྲེང་དོ་ཤལ་འཕྱང་། །སྟངས་སྟབས་ཁྲོས་པ་དྲག་པོའི་སྐུ །དམ་ཚིག་སེམས་དཔའ་ཉིད་དུ་གསལ། དེ་ལྟར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་དང་། ཁྱེད་རང་རྣམས་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་ཀྱང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་མིན་གྱི་གནས་ནས་སྐུ་གསུམ་རིག་འཛིན་བརྒྱུད་པའི་ཚོགས་སྤྱི་དང་ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་དང་། ཨོ་རྒྱན་མཁའ་འགྲོའི་གླིང་རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་གྱི་རི་བོ་ལ་སོགས་པ་ནས་བདུད་འདུལ་ཀརྨ་གུ་རུ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཚིལ་ཆེན་དང་གུ་གུལ་བདུག །རོལ་མོ་དབྱངས་དང་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་ཚར་གསུམ། རྩ་སྔགས་ལན་ཉེར་གཅིག་བརྗོད། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་བྱིན་དབབ། དམ་ཡེ་གཉིས་མེད་དུ་གྱུར་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ནས་ཁྱེད་རང་རྣམས་བདུད་འདུལ་དྲག་པོ་ཀརྨ་གུ་རུ་དངོས་སུ་གསལ་བ་ལ་མདུན་བསྐྱེད་ཀྱི་ཕྱག་མཚན་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཏད་པའི་མོས་པ་མཛོད། ཉོན་མོངས་བདུད་བཞི་འདུལ་བའི་རྡོ་རྗེ་འདི། །སྐལ་ལྡན་བུ་ལ་ཐབས་ཀྱི་ཕྱག་རྒྱར་སྦྱིན། །ཨོཾ་བཛྲ་སཏྭཾ་བྷ་ཡ་ནན། ཞེས་སྣ་ཚོགས་རྡོ་རྗེ་ལག་གཡས་སུ་གཏད། ཕྲིན་ལས་ཡོངས་སྒྲོལ་སེང་ལྡེང་ཕུར་པ་འདི། །ཤེས་རབ་སྙིང་རྗེས་བསྒྲལ་བའི་རྫས་སུ་གཏད། །ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་རྦད། ལག་གཡོན་དུ་གཏད། སྒྲུབ་གཏོར་ཐོགས་ལ། གཏོར་སྣོད་དུར་ཁྲོད་རོལ་པ་གནམ་ལྕགས་འབར་བའི་གཞལ་ཡས་ཁང་དུ་གཏོར་རྫས་བླ་མ་རིག་འཛིན་ཀརྨ་གུ་རུ་མངོན་སུམ་ཉིད་དུ་བཞུགས་པ་ལ་མོས་གུས་གདུང་བ་བྱས་པས་ཁྱོད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས། སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་ལྡིར། ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཏུ་འབར་བའི་གཟི་བྱིན་གྱིས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སོགས་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཆར་ལྟར་ཕབ་པས་དབང་བཞི་རྩལ་རྫོགས་སུ་ཐོབ་པའི་མོས་པ་མཛོད། ཧཱུྃ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྲིན་ལས་བདག །ལོག་འདྲེན་གདུག་པ་ཀུན་འདུལ་མ་ཧཱ་གུ་རུ། །ཀརྨ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་བྱིན་རླབས་ནུས་པའི་རྩལ། །རིགས་ཀྱི་བུ་ལ་ད་ལྟ་ཉིད་དུ་སྦྱིན། །ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀརྨ་སིདྡྷི་ཧཱུྃ། ཞེས་རྩ་སྔགས་མང་དུ་བརྗོད་ཅིང་། གཏོར་མའི་ལྷ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བདུད་འདུལ་ཀརྨ་གུ་རུ་དང་གཉིས་མེད་དུ་གྱུར་བར་མོས་ཤིག །བཟླས་ལུང་སྦྱིན་པ་ནི། དེ་ནས་སྲོག་གི་སྙིང་པོ་སྦྱིན་པར་གསུངས་པའི་དོན་དུ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ། ཁྱེད་རང་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་ཡིག་མཐིང་ཀའི་མཐར་སྔགས་ཕྲེང་ཁ་དོག་ལྗང་ནག་གཡས་སྐོར་དུ་འཁོར་བ། ཉི་མ་ལྟ་བུའི་གཟི་བརྗིད་འབར་བ་གསལ་ཐོབ། སློབ་དཔོན་དང་མདུན་བསྐྱེད་ལྷའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གྲངས་མེད་པ་ཆད། སྐུའི་དབྱིབས་བརྒྱུད་ཞལ་ནས་འཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་སིབ་སིབ་ཐིམ་པས་སྔགས་ཀྱི་མེ་ལྕེས་ནད་གདོན་སྡིག་སྒྲིབ་བར་གཅོད་སོགས་གཞོབ་ཐུལ་གྱིས་བསྲེགས་པར་མོས་པའི་ངང་ནས་རྗེས་ཟློས་ཀྱི་ཚུལ་དུ་སྔགས་བརྒྱ་རྩ་གསུང་བར་ཞུ། བྱས་ལ་རུ་རཀྴའི་ཕྲེང་བ་ནས་བགྲང་དུ་བཅུག་ལ་སྙིང་པོ་བརྒྱ་རྩ་བཟླར་གཞུག །རྩ་སྔགས་དང་སྦྲེལ་བའི་ལས་སྔགས་ཚར་གསུམ་རྗེས་ཟློས་དང་། ཨད་ཊ་སད་ཊ་གཏོར་ནག་སྔགས་ཀྱང་ཁ་ཅིག་གིས་རྗེས་ཟློས་བྱ་བར་བཤད་པས་སྤྲོ་ན་བྱ་ཆོག །མཐར་ཕྲེང་བ་མགོ་ཐོག་ཏུ་བཞག་སྟེ། བླ་མ་ཀརྨ་གུ་རུའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། དབང་འདི་རྐྱེན་སེལ་ཙམ་ལ་བསྐུར་ན་འདིའི་འཕྲོས་སུ་གཤམ་གྱི་བཀའ་འབོག་པའི་གཏོར་དབང་སྦྱར་བས་འཐུས་ཤིང་། ཉམས་ལེན་མཁན་གྱི་སྔགས་པ་སོགས་ལ་བསྒྲལ་དབང་དང་ཟོར་དབང་བྱེད་ན་བཟླས་ལུང་འཕྲོས་སུ། གཏོར་མའི་འོག་གི་བདུད་བཞི་སློབ་མའི་མདུན་དུ་བཀོད། སྤྲོས་བཅས་ཆེན་པོ་དགོས་ན། གསེར་སྐྱེམས། མཁྱེན་གསོལ། གཟུ་དཔང་། ཧོམ་བསྐྱེད། འགུགས་གཞུག་ལྷུག་པ་བཅས་བྱང་ལུགས་སམ་སྟབས་བདེ་འབྲེལ་ཆགས་བཏང་། རྩ་བའི་དགོངས་དོན་དཀྱུས་ལ་འདི་ཙམ་གྱིས་ཆོག་སྟེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། ཧཱུྃ་ནྲྀ་ཏྲི་ཛཿཛཿ མཆོག་གསུམ་སྐུ་གསུམ་སོགས་ལས་བྱང་གི་ཚོགས་ཐ་མ་ལྟར་འགུགས་བསྟིམ་ལན་གསུམ་བྱ། སློབ་དཔོན་གྱིས་སེང་ལྡེང་ཕུར་བུ་གདེངས་ཚུལ་ཙམ་བྱས་ནས་སློབ་མ་ལ་གཏད་དེ། ཁྱེད་རང་རྣམས་ཡང་གསང་དྲག་པོ་ཀརྨ་གུ་རུ། ཕུར་བུ་པདྨ་ཀཱི་ལ་ཡ། མདུན་གྱི་ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལ། ཕུར་བུ་བསྒྲིལ་བཞིན་བཏབ་པས་ཕུར་བུའི་འོད་ཀྱིས་ཁོའི་གཟུགས་ཕུང་འབྱུང་ལྔའི་དྭངས་མ་རིམ་བཞིན་འདུས་ཏེ་ཡལ། ཚེ་རྟེན་ཨ་དཀར་གྱི་རྣམ་པར་གནས་པ་དེ་ཕུར་རྩེས་ཡེར་གྱིས་བླངས་ཏེ་རང་ལ་བསྟིམས་པས་ཁོའི་བཀྲག་མདངས་གཟི་བརྗིད་ཐམས་ཅད་རང་ལ་ཐིམ་པར་བསམ་པ་ནི་ཚེ་ལུང་། སླར་ཡང་ཕུར་བུ་བཏབ་པས་རྣམ་ཤེས་ནྲྀའི་རྣམ་པར་འདུས་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཕཊ་ཅེས་འཕངས་པས་ཕུར་པའི་ཁོང་སེང་བརྒྱུད་ལས་ངན་ཐམས་ཅད་སྦྱངས་ཏེ། རྒྱ་མདུད་ཀྱི་མགོར་རྣམ་ཤེས་རྡུལ་ཕྲན་དྭངས་མའི་ཐིག་ལེ་ཧཱུྃ་གི་རྣམ་པར་རྒྱངས་ཀྱིས་འཐོན་ཏེ་ཆོས་ཀྱི་དབྱིངས་སུ་འཕངས་པ་ནི་ཁྲུས་ལུང་སྟེ། དེ་ལྟར་གསལ་བ་གསུམ། ལུང་གཉིས། ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་བསྐྱེད་རྫོགས་ཀྱི་འཕྲང་། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས་བསྒྲལ་བའི་ལས་རིམ་ལ་འཇུག་པར་ཞུ། ཧཱུྃ། སྐུ་སྟོད་ཡང་གསང་སོགས་དང་དྲག་སྔགས་བརྗོད་ལ་ཕུར་བུ་འདེབས་པ་དང་རལ་གྲིས་གཏུབས་སུ་གཞུག །བསྒྲལ་པའི་ཤ་ཁྲག་བདུད་རྩིའི་དྭངས་མར་སྤར་བ་ཁྱེད་རང་ལྷར་གསལ་བས་རོལ་བར་མོས་ཤིག །ལིང་རོ་སློབ་མ་ལ་སྦྱིན་ཏེ། ཧཱུྃ༔ སྲིན་པོའི་རྒྱལ་པོ་ཡལ་གམ་ཅན༔ གྷུ་རུ་ཀརྨ་དྲག་པོ་རྩལ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་གཙིགས་ལ༔ གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་ཤ་ཁྲག་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གྷུ་རུ་ཀརྨ་སིདྡྷི་ཧཱུྃ༔ གནོད་བྱེད་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ ཞེས་བརྗོད། དེ་ནས་ཟོར་དབང་ནི། ཁྱེད་རང་རྣམས་ཀརྨ་གུ་རུ་ཆེ་བཙན་འགྲན་ཟླ་དང་བྲལ་བ་དེ་ཉིད་སྐད་ཅིག་གནས་འགྱུར་ཏེ། རང་ཉིད་དབང་ཕྱུག་ཆེན་པོའི་སྐུ །སོགས་གོང་གསལ་ཟོར་སྒྲུབ་སྐབས་ལྟར། ཚིག་པར་བསམ། །བར་བརྗོད། དེ་ལྟར་གསལ་བའི་སྐུ་ཡི་འོད་ཟེར་མེ་ལྕེ་ལྟ་བུ་ལས་སྔགས་ཀྱི་རང་སྒྲ་སྒྲོག་པར་བསམས་ལ་ཟོར་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨད་ཊ་སད་ཊ་སོགས་ཟོར་སྔགས་དྲག་ཏུ་བརྗོད། ཕྱི་རོལ་དུ་ཐེབས་དང་བསྟུན་ལ་འཕེན་དུ་གཞུག །ཧཱུྃ། རང་ཉིད་ཀརྨ་གུ་རུར་གསལ་བ་ཡི་སོགས་ལས་བྱང་ལྟར་བརྗོད་ལ་སྲུང་འཁོར་བསྒོམ་པ་དང་གཏོར་སྣོད་སྦུབས་ལ་བྲོ་བརྡུང་བ་སོགས་ཕྱག་ལེན་རྒྱས་པའི་ཕྱོགས་ཡིན་པས་སྤྲོ་ན་བྱ། མ་བྱས་ཀྱང་ཆད་སྐྱོན་མེད། མཐར་བཀའ་བསྒོ་བ་ནི། སྒྲུབ་གཏོར་ཐོགས་ལ། ཁྱེད་རང་རྣམས་དབང་ཕྱུག་ཏུ་གསལ་བ་གནས་འགྱུར་ཏེ་བླ་མ་ཀརྨ་གུ་རུ་དངོས་སུ་གསལ་བའི་སྤྱི་བོར་གཏོར་སྣོད་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གཏོར་མ་ཉིད་ཡང་གསང་དྲག་པོ་ཀརྨ་གུ་རུ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པ་ལ་མོས་གུས་དྲག་ཏུ་བྱས་པས་སྐུ་གསུང་ཐུགས་ཡོན་ཏན་་་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་རྩལ་རྫོགས་སུ་གནང་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་མོས་འདུན་མཛོད་ཅིག །དཔལ་ཆེན་ཀརྨ་ཧེ་རུ་ཀ །ཕྲིན་ལས་གྲུབ་པའི་རིག་འཛིན་པྲ་བྷ་ཧསྟི། སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མེ་ཉག་བྱང་པ་ཆོས་རྒྱལ་དབང་པོའི་སྡེ། ཐུགས་སྲས་ངག་དབང་རིག་འཛིན་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བདུད་འདུལ་ཀརྨ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བསམ་པའི་བར་ཆད། ཆག་ཆེ་ཉམ་ང་སྟེང་འོག་བར་གསུམ་གྱི་གདོན་བགེགས་འབྱུང་པོ། མཐའི་དམག་དཔུང་སོགས་གཟུགས་ཅན་དགྲའི་གནོད་པས་མཚོན་ཏེ་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྲུང་སྐྱོབ་སྦ་བའི་ཕྲིན་ལས་མཛོད། མཐུན་རྐྱེན་ཚེ་དང་བསོད་ནམས། དཔལ་འབྱོར་མངའ་ཐང་། ལུང་རྟོགས་ཀྱི་ཡོན་ཏན་སོགས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ སྐུ་རྟེན་ཙཀླི་དང་ཡེ་ཤེས་པ་དབྱེར་མེད་ནམ་མཁར་བཏེགས། གཏོར་མའི་དམ་ཚིག་པ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག་བྱས་ལ་གཏོར་ཟན་དུམ་བུ་དངོས་གྲུབ་ཏུ་སྦྱིན། མེ་ཏོག་འཐོར་ལ། བལྟས་པ་ཙམ་གྱིས་སྲིད་གསུམ་དབང་དུ་སྡུད། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམ་པ་ཙམ་གྱིས་དངོས་གྲུབ་ཆར་དུ་འབེབ། །ཨོ་རྒྱན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད། དེ་ལྟར་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་བྱོན་ཡང་གསང་དྲག་པོ་ཀརྨ་གུ་རུའི་བྱིན་རླབས་སྲོག་གཏད་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་བྱ་བ། ཚོགས་ལ་རོལ་ཞིང་ལས་བྱང་ལྟར་ལྷག་མ་གཏང་བ་ནས་རྟ་བྲོའི་བར་དཀྱུས་བཞིན་ལ། གཏང་རག་མཆོད་བསྟོད། བཟོད་གསོལ། སྐུ་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་གྲུབ་བོ། །ཀརྨ་དྲག་པོས་བདག་སོགས་འགྲོ་ཀུན་ལ། །གསང་གསུམ་བྱིན་རླབས་གཟི་བྱིན་རབ་བསྩལ་ནས། །ཉོན་མོངས་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ། །ཕྲིན་ལས་སྟོབས་ཀྱིས་སྲིད་པའི་གཡུལ་ཟློག་ཤོག །སྨིན་བྱེད་འདིའི་ཕྱག་བཞེས་རྩ་བ་ལྔ་པ་རིན་པོ་ཆེའི་གསུང་ཉིད་ཚིག་སྣ་བསྡུས་ཆེས་པས་རང་འདྲའི་བློ་དམན་ལ་བཀླག་ཆོག་མས་ཉམས་ཕན་ཆེ་བར་བསམས་ནས། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བགྱིས་པ་དགེ་ལེགས་འཕེལ།། །།

མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་རྗེས་གནང་ (Volume 61, Text 32)

ཨོཾ་སྭསྟི། མཁྱེན་བརྩེའི་སྣང་བས་མི་ཤེས་མུན། །མཐར་མཛད་བློ་གཏེར་འཇམ་དཔལ་དབྱངས། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །རྗེས་གནང་བཅས་པ་མདོ་ཙམ་བཤད། །རྗེ་བཙུན་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་བྱེད་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་གཙང་མ་ལ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་ལ། དེའི་སྟེང་དུ་རྗེ་བཙུན་གྱི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ་བཞུགས་སུ་གསོལ་བའི་མཐའ་སྐོར་དུ། དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག་ནས་གཟུང་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་གཡས་སྐོར་དུ་བཤམ། ཤར་དུ་དཀར་གཏོར་གཅིག་བཀོད། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ལ། དང་པོར་སྐྱབས་སེམས་དང་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བཾ་ལས་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པ། མཚོ་མཐའ་ནེའུ་གསིང་མེ་ཏོག་དང་འབྲུའི་ནགས་ཚལ་འཁྲིགས་པ། གླང་ཆེན་ཐལ་ཀར་གྱི་ཁྱུ་ཚོགས་ཉེ་བར་རྒྱུ་བ། ལྷ་དང་དྲང་སྲོང་རིག་འཛིན་དུ་མས་གང་བ། མཚོའི་སྟེང་རྣམས་མེ་ཏོག་སྣ་ཚོགས་པས་བཀྲ་ཞིང་ཆུ་བྱ་སྐད་སྙན་སྒྲོག་པ་དུ་མས་གང་བ། དེའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་པའི་རྩེར་པདྨ་དཀར་པོ་འདབ་མ་སྟོང་ལྡན་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་འོད་འཕྲོས་སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་བུའི་རྩ་བ་ཐུགས་ཀར་བཟུང་བ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་བཅུ་དྲུག་ལོན་པའི་ལང་ཚོ་ཅན་མཚན་དང་དཔེ་བྱད་རྫོགས་པའོ། །རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་བྱེ་བའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་རྩེ་མོ་རྣོ་བའི་ལྟེ་བར་ཟླ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་གྱིས་ཨོཾ་ཝཱཀྱེ་དཾ་ན་མ་ཞེས་པའི་ཡིག་འབྲུ་དྲུག་འཁོར་ལོ་ལ་མ་རེག་པར་གནས་པ། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་འཁོར་དུ་འཁོར་བས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར། ཨོཾ་ཝཱཀྱེ་དཾ་ན་མཿ ཞེས་པ་ཅི་ནུས་བཟླའོ། །མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་གྱིས་མཆོད། མཎྜལ་ཚོམ་བུ་བདུན་མ་བཤམས་ལ་ཕུལ། བསྟོད་པ་ནི་མཚན་བརྗོད་དམ་མ་ཏིས་མཛད་པའི་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། བསྡུ་ན། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང་། །བསྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མ་རིག་འཐིབས་པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། ཞེས་བསྟོད་ཅིང་གསོལ་བ་བཏབ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །བསྙེན་པའི་ཚད་ནི། རིགས་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་འགྱུར། །གྲུབ་པའི་མཚན་མ་གཞན་ཡང་འབྱུང་བར་འགྱུར། །ཞེས་གྲངས་དང་དུས་ཀྱི་དབྱེ་བས་མཚན་མ་ཐོབ་ཚུལ་སོགས་སྒྲུབ་ཐབས་རྩ་བ་ལས་ཤེས་པར་བྱའོ། །འདིར་མཆོད་བསྟོད་ནི་བདག་བསྐྱེད་ཉིད་ལ་ཡིན་གྱི། མདུན་དུ་མཎྜལ་ལ་བདག་བསྐྱེད་ཀྱི་ལྷ་བཀོད་པ་ལ་མཆོད་པ་ནི་མི་ལེགས་ཏེ་བདག་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་མེད་པའི་ཕྱིར་རོ་ཞེས་མཁས་པ་དག་གསུང་ངོ་། །ཐུན་མཚམས་སུ་གཏོར་མ་འབུལ་ན། བསང་སྦྱང་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་ཨ་ཀཱ་རོས་བྱིན་གྱིས་བརླབ། གཏོར་མགྲོན་སྤྱན་དྲངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ་ལ། མཆོད་བསྟོད་བྱ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་མགྲོན་གཤེགས་སུ་གསོལ། བསྙེན་པའི་སྐབས་གཏོར་ཆོག་ངེས་པར་དགོས་པ་རང་མ་ཡིན་ཞིང་། ཐུན་མཚམས་སུ་འཇམ་དཔལ་གྱི་སྐུ་བརྙན་ལ་ཕྱག་མཆོད་བསྟོད་པ་སོགས་ཅི་ནུས་སུ་བྱེད་པ་ནི་གལ་ཆེའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། ཐོག་མར་མཆོད་རྫས་རྣམས་བྱིན་གྱིས་བརླབ། སྐྱབས་འགྲོ་ནས་བརྩམ་སྟེ་བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་བཞིན་བྱས་ནས་དེ་ལ་མཆོད་ཅིང་བསྟོད། མདུན་བསྐྱེད་བསང་སྦྱང་སྟོང་པའི་ངང་ལས་བཾ་ལས་སོགས་བདག་བསྐྱེད་ལྟར་བསྒོམས་ལ། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་མེད་དུ་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་ཅི་ཤེས་པས་བསྟོད། གཏོར་མ་འབུལ་བ་འདོད་གསོལ་གྱི་བར་སྔར་ལྟར་བྱ། མདུན་བསྐྱེད་དང་འབྲེལ་བས་མགྲོན་སྤྱན་འདྲེན་མི་དགོས། དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་གྲལ་ལ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ནས་འདུག་པ་ལ། སློབ་དཔོན་གྱིས་ཆོས་བཤད་ཅི་རིགས་པ་ལས། ཁྱད་པར་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེས་འཕགས་པ་འཇམ་དཔལ་དངོས་སུ་གྲུབ་ཅིང་དངོས་གྲུབ་ཐོབ་པ་ལས་ལན་གཅིག་འཕགས་པའི་ཞལ་ནས། ཁྱོད་ཀྱིས་ད་སྟེ་ལོ་བཅུ་ལས་མི་ཐུབ་པས་སྣོད་དང་ལྡན་པའི་བུ་གཅིག་ཚོལ་ལ་ངའི་ཆོས་འདི་སྟོན་ཅིག་གསུངས་ནས་ལུང་བསྟན། དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ནས་ཕྱོགས་ཀུན་བསྐོར་ཏེ་སྣོད་ལྡན་བཙལ་བས་མ་རྙེད། མཐར་མ་གྷ་དྷའི་ཡུལ་ན་མ་ཧེའི་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་གཅིག་སྣོད་ལྡན་དུ་གཟིགས་ནས་དེར་བྱོན་ཏེ་ལས་འདི་ཞོག་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེས་ན་རེ་བདག་རྒས་ཤིང་འཚོ་བ་ཡང་མེད་ཡི་གེ་ཡང་མི་ཤེས་པས་ཚེ་ཕྱི་མ་རྗེས་སུ་གཟུང་འཚལ་ཞུས་པས། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་སྦྱིན་ཏེ་སྒྲུབ་ཏུ་བསྩལ་བས་ཞག་ལྔ་ན་ཆོས་ཐམས་ཅད་རང་ཤེས་སུ་གྱུར་ཏེ་པཎྜིཏ་མ་ཏི་ཞེས་བྱ་བར་གྲགས་སོ། །དེར་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་སྟེ་གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བཏགས། ན་ལེནྡྲར་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་མཆོག་གི་སྐལ་པ་ཅན་ཞེས་གྲགས། ནོར་བུ་གླིང་དུ་འཁྲུངས་པས་ནོར་བུ་གླིང་པར་ཡང་གྲགས། སློབ་དཔོན་དེས་རང་གི་སློབ་དཔོན་གྱི་དྲུང་དུ་བྱོན་ནས་ཕྱག་བྱས། བདག་སློབ་དཔོན་གྱིས་རྗེས་སུ་བཟུང་བས་མཁས་པར་གྱུར་ཀྱང་ད་རྒས་པས་བཤད་པར་མི་ཁོམ་སྒྲུབ་པ་བྱེད་པར་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ཚེའི་ལྷག་མ་ལོ་བཅུ་ཡོད་པ་དང་། ང་ལ་ཡི་དམ་གྱི་ལྷས་ལུང་བསྟན་པའི་ལོ་བཅུ་ལས་གཉིས་འདས་ད་བརྒྱད་ཡོད་པ་ཁྱོད་ལ་སྦྱིན་པར་བྱ། དེ་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབས་དང་ཚེ་ཉི་ཟླ་དང་མཉམ་པ་ཡང་སྲིད་གསུངས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟ་བུའི་སློབ་དཔོན་དེས་འཕགས་པ་འཇམ་དཔལ་བསྒྲུབས་ཚེ་བྲིས་སྐུའི་ཞལ་ནས་འོད་ཟེར་བྱུང་སྟེ། ཡུན་རིང་དུ་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱའི་མཚན་གསོལ། ལོག་པར་ལྟ་བ་འགའ་ཞིག་གིས་དགྲོང་དུ་འོངས་པས་གླང་པོ་དང་རྟ་དང་བུ་མོ་ལ་སོགས་གཟུགས་སྣ་ཚོགས་སུ་བསྒྱུར་བས་ངོ་མ་ཤེས་པར་ཕྱིར་ལྡོག་པ་ལས་སྣ་ཚོགས་གཟུགས་ཅན་ཞེས་གྲགས། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་འགྲོ་བའི་དོན་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །དེ་ལྟ་བུའི་པཎྜི་ཏ་དེས་ནོར་བུ་གླིང་པ་ཆུང་བ་ལ་གསུངས། དེས་འབྱུང་གནས་སྦས་པ་ལ། དེས་པཎ་ཆེན་ཤཱཀྱ་ཤྲཱི་ལ། དེས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལ་གནང་བ་ལས་རིམ་པར་བརྒྱུད་པའི་རྗེ་བཙུན་འཇམ་དཔལ་དཀར་པོའི་རྗེས་སུ་གནང་བ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་བདག་མདུན་སྒྲུབ་མཆོད་གཏོར་མ་འབུལ་བ་རྣམས་ལེགས་པར་གྲུབ། སློབ་མའི་བྱ་བ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། གུར་ལས། གང་གིས་སློབ་དཔོན་གསོལ་མ་བཏབ། །དེ་ཡི་རིགས་སུ་སྐྱེ་བ་མེད། །ཅེས་དང་། ཇི་ལྟར་འདེབས་ན། པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པས་ན་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། མདུན་བསྐྱེད་འཕགས་པའི་མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམས་ནས། ཁྱེད་རང་གི་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ལ་གནོང་ཞིང་འགྱོད་པ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས། འཁོར་འདས་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ལ་རྗེས་སུ་ཡི་རང་ངོ་སྙམ་པ་དང་། འཁོར་གསུམ་རྣམ་པར་རྟོག་མེད་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པར་བགྱི་སྙམ་པའི་དམ་འཆའ་བ་དང་། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ་སྙམ་པའི་སྨོན་པ་སེམས་བསྐྱེད་དང་། སངས་རྒྱས་དེ་འཐོབ་པའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་ལ་སློབ་པར་བྱའོ་སྙམ་པའི་འཇུག་པ་སེམས་བསྐྱེད་དང་། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད་ཅིག །དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བྱ། རྗེས་གནང་དངོས་ལ། སྐུའི་རྗེས་གནང་། གསུང་གི་རྗེས་གནང་། ཐུགས་ཀྱི་རྗེས་གནང་། ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་བཞི་ལས། དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །གང་ཚེ་བལྟ་བར་འདོད་པ་འམ། །ཅུང་ཟད་འདྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ནི་མཐོང་བར་ཤོག །ཞེས་ཤྭ་ལོ་ཀ་གཅིག་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་བ༴ ཞེས་བརྗོད་པས་ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་སོགས་བདག་བསྐྱེད་ལྟར་གསལ་བཏབ་ལ་བསྒོམ་དུ་གཞུག །དེ་ལྟར་ཁྱེད་རང་འཇམ་པའི་དབྱངས་སུ་གསལ་བའི་སྤྱི་གཙུག་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་གཅིག་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག་བྱས་ལ་སྐུ་གཟུགས་སྤྱི་བོར་བཞག་སྟེ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་རྒྱས་སྐུ་ཡིས་བྱིན་བརླབས་པས། །འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་ཤོག །ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ཁྱེད་རང་གི་ལུས་འཇམ་དཔལ་དབྱངས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ནད་མེད་པ་དང་འགྲོ་བ་གཞན་གྱིས་མཐོང་བ་ཙམ་གྱིས་དད་པར་འགྱུར་ཞིང་། མཐར་ཐུག་མཚན་དཔེས་བརྒྱན་པའི་འཇམ་པའི་དབྱངས་ཀྱི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །ལན་གསུམ། ཡང་དམིགས་པ་འདི་བཞིན་དུ་མཛོད། བླ་མ་འཇམ་དཔལ་དབྱངས་སུ་གསལ་བའི་ཐུགས་ཀའི་འཁོར་ལོའི་སྟེང་ཨ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་ཐོན་ཏེ་ཁྱེད་རང་འཇམ་དཔལ་དུ་གསལ་བའི་ཞལ་དུ་ཞུགས། སྙིང་གའི་ཨ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་གྱིས་ལ་འདིའི་རྗེས་ཟློས་མཛོད་ཅིག །ཕྲེང་བ་ལ་འཛིན་དུ་བཅུག་ནས་སྔགས་ཀྱི་རྗེས་ཟློས་བརྒྱ་རྩ་སོགས་བྱ། དེ་ནས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ། ཁྱེད་རང་གིས་མེ་ཏོག་ཕུལ་པ་དེ་སྔགས་སུ་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་ཚུལ་དུ་བྱིན་པའི་མོས་པ་མཛོད་ཅིག་བྱས་ལ། མེ་ཏོག་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་འཆད་རྩོད་རྩོམ་པའི་བྱ་བ་ལ་མཁས་པ་དང་། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་འཇམ་དཔལ་དབྱངས་ཀྱི་གསུང་འཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱངས་ཐུགས་ལ་གསོལ་བ་འདེབས། །ལན་གསུམ། དེ་ནས་དཔོན་སློབ་གཉིས་ཀས་ལུས་གནད་བཅའ་བ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྒལ་ཚིགས་བསྲང་། མིག་བར་སྣང་ལ་གཏད་ནས། མདུན་གྱི་ནམ་མཁར་སྨིན་མཚམས་ཀྱི་ཐད་ཙམ་དུ་ཡི་གེ་ཨ་གཅིག་གསལ་བཏབ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་ཨ་ཉེར་གཅིག་བརྗོད། མཐར་ཨ་དེ་འཇའ་ལྟར་ཡལ་ནས་དམིགས་མེད་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་ལ། སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། ཨོཾ་ཨཱཿཧཱུྃ་ཞེས་དང་། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་ཀྱང་བརྗོད་དེ་བརྟན་པར་བསམ། དེ་ལྟར་བྱས་པས་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་བློ་ཆོས་སུ་འགྲོ་ཞིང་། མཐར་ཐུག་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་འཐོབ་པར་འགྱུར་རོ། །བཞི་པ་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ། དུས་འདི་ནས་ནི་གཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་འཐོབ་བར། །བཅོམ་ལྡན་འཇམ་དབྱངས་མགོན་གྱིས་ནི། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་ལན་གསུམ། སློབ་མའི་ལག་ཏུ་མཚན་བརྗོད་ཀྱི་གླེགས་བམ་གཏད་ལ། འདི་ནི་འཇམ་པའི་དབྱངས་ཀྱི་རྒྱུད་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཚིག་ཉུང་ལ་དོན་ཟབ་པ་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་ཐོས་བསམ་གྱིས་ཉམས་སུ་ལེན་པ་དང་། གཞན་ལ་སྟོན་ལ་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་རྗེས་སུ་གནང་བ་སྦྱིན། དེ་ལྟར་བྱས་པས་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་རིག་པའི་གནས་ལྔ་ལ་མཁས་ཤིང་སེམས་ཅན་གྱི་དོན་འགྲུབ་པ་དང་། མཐར་ཐུག་འཇམ་པའི་དབྱངས་ལ་མངའ་བའི་ཡོན་ཏན་ཕྲིན་ལས་དང་མཉམ་པར་འགྱུར་རོ། །དེ་ལྟར་ཁྱེད་ཀྱིས་གསོལ་བ་བཏབ་པ་བཞིན་དུ། ངེད་ཀྱིས་བརྩེ་བའི་སེམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱས་པ་འདིའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ནས་ལས་བྱས་འབྲས་བུ་དང་ལྡན་པའི་ཆེད་དུ་འདིའི་རྗེས་ཟློས་མཛོད། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག །ཅེས་གསུམ། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་བླ་མའི་བཀའ་བཞིན་བསྒྲུབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས་དང་། མཎྜལ། དེང་ནས་བརྩམ་སྟེ་སོགས་དང་། དགེ་བ་བསྔོ་བ་རྣམས་བྱ། རྗེས་མདུན་བསྐྱེད་ལ་མཆོད་བསྟོད། འདོད་གསོལ། ནོངས་བཤགས། མདུན་བསྐྱེད་ཀྱི་རྟེན་བརྟན་བཞུགས་དང་། སྨོན་ལམ་ཤིས་བརྗོད། ཡོ་བྱད་བསྡུ་བ་རྣམས་བྱའོ། །མི་འ༵གྱུར་དབྱིངས་ལས་ཐུགས་རྗེའི་མཐུ། །ཐོགས་མེ༵ད་འགྲོ་ལ་བློ་གྲོས་ཀྱི། །མཆོག་སྩོལ་འཇམ་པའི་རྡོ༵་རྗེ༵་ཡི། །སྒྲུབ་ཐབས་སྙིང་པོར་དྲིལ་འདི་འོ། །འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ།། །།

གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ། ཞི་ཁྲོའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ་ (Volume 3, Text 32)

༄༅། །གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ། ཞི་ཁྲོའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཞི་ཁྲོའི་བསྐྱེད་རྫོགས་ལམ་འབྲས་སྙིང་པོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འོད་གསལ་སྙིང་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །བླ་མ་ཀུན་བཟང་རིག་རྩལ་ཞི་ཁྲོའི་ལྷར། །གཉིས་སུ་མེད་པའི་གུས་པས་རབ་བཏུད་ནས། །བསྐྱེད་རྫོགས་ལམ་ལས་འབྲས་བུའི་མཆོག་ཐོབ་ཕྱིར། །ཕྲིན་ལས་འོད་གསལ་སྙིང་པོའི་རྒྱུད་མང་ལེན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བདག་གི་རྣལ་འབྱོར་ཙམ་ལ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལས་རྟེན་བཤམ་པ་གཞན་མི་དགོས་ཀྱང་། དབང་སྒྲུབ་སོགས་ཀྱི་སྐབས་མདུན་བསྐྱེད་ཀྱི་རྟེན་དུ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་དབུས་སུ་ལྷ་མཚན་རྡོ་རྗེ་རྩེ་ལྔ་བྲིས་པའམ། སྒྲུབ་པའི་མཎྜལ་ཚོམ་བུ་དང་བཅས་པའི་སྟེང་དུ་བུམ་པ། གསང་རྫས། སིནྡྷུ་རའི་དཀྱིལ་འཁོར། རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བཤམས་པའི་མདུན་དུ་སྨན་རཀ་གཏོར་ཚོགས། མཐའ་སྐོར་མཆོད་པའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ནས། ཆོ་གའི་སྦྱོར་བ་དངོས་ལ། སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་ཅིང་། །སྲུང་འཁོར་བྱིན་དབབ་མཆོད་པ་བརླབ། །ཅེས་བདུན་ལས། དང་པོ་ནི། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཞི་ཁྲོ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་སྙིང་གའི་འོད་ཀྱི་རོལ་པ་ཆེན་པོས་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་དུ་སད་པར་གྱུར་པའི་སྤྱན་སྔར། ཧཱུྃ༔ སྐྱེ་མེད་དོན་དམ་སངས་རྒྱས་ལ༔ འགག་མེད་བདེན་གཉིས་དམ་པའི་ཆོས༔ ཐུགས་རྗེ་རིག་གྲོལ་དགེ་འདུན་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་ནི། ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཞིང་སྐུ་ཡིན༔ ལོག་རྟོག་འཁྲུལ་པས་སེམས་ཅན་འཁྱམས༔ སྐུ་ཞིང་ཤེས་པར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ནི། ཧོ༔ ཀུན་གསལ་འགག་མེད་བདེ་ཆེན་ཞིང་ཁམས་སུ༔ ཀུན་རིག་རྒྱལ་པོ་འོད་ལྔའི་སངས་རྒྱས་གཤེགས༔ རང་ཤར་ཆོས་དབྱིངས་མཁའ་ཀློང་ཡངས་པ་རུ༔ འགྱུར་མེད་སྐྱེ་ཤི་མེད་པར་བཞུགས་སུ་གསོལ༔ རང་བྱུང་ཡེ་ཤེས་མཁའ་ལ་ཀུན་ནས་འཕྲོ༔ རིག་མདངས་ལུ་གུ་རྒྱུད་ཀྱི་མཇལ་ཕྱག་འཚལ༔ བླ་མེད་བདེ་སྟོང་མཆོག་གི་མཆོད་པའི་ཚོགས༔ ཆོས་ཉིད་མངོན་སུམ་དོན་གྱི་མཆོད་པར་འབུལ༔ བློས་བྱས་བདེན་འཛིན་སྒོ་གསུམ་སྡིག་སྒྲིབ་ཀུན༔ བློ་འདས་ཚད་མེད་གོང་འཕེལ་ཀློང་དུ་བཤགས༔ རིག་པ་འོད་ལྔ་མ་འདྲེས་སོ་སོར་གསལ༔ མི་འཕོ་ཚད་དུ་བེབས་ལ་རྗེས་ཡི་རང༔ ཆོས་ཀུན་རྣམ་གྲོལ་འཁྲུལ་ཟད་ཆོས་ཉིད་ཀྱི༔ རྟག་པར་རྒྱ་ཆེན་ཞིང་ཁམས་ཆོས་འཁོར་བསྐོར༔ ཀུན་ནས་མི་གཡོ་མི་འཕོ་བརྟན་པའི་དཔལ༔ སྐྱེ་ཤི་མེད་པ་རྡོ་རྗེ་སེམས་དཔའ་ཉིད༔ བློ་འདས་ཀུན་བཟང་ཞིང་དུ་བསྔོ་བར་བགྱི༔ ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ། བཞི་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀའི་སྐུར་གྱུར། སྔོན་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོས་བསྔོ། ཧཱུྃ་ཧྲཱི༔ ལྷུན་གྱིས་གྲུབ་པའི་རིག་པ་ལ༔ ལྷ་དང་འདྲེ་བགེགས་མིང་ཙམ་མེད༔ ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི༔ འོད་ཀྱིས་མ་རིག་མུན་པ་བཅོམ༔ བཀའ་ནི་ཀུན་བཟང་དོན་གྱི་བཀའ༔ ལོག་རྟོག་འཁྲུལ་པ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་དང་སུམྦྷ་སོགས་བརྗོད་པས་བསྐྲད། ལྔ་པ་ནི། ཧཱུྃ་ཧྲཱི༔ འཁོར་བ་མིང་ཙམ་མེད་པ་ལ༔ མྱ་ངན་འདས་པས་ཀུན་ཏུ་ཁྱབ༔ ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ༔ འཁྲུལ་རྟོག་བག་ཆགས་བསྲུང་མཚམས་བཅད༔ བཛྲ་རཀྵ་རཀྵ༔ དྲུག་པ་ནི། ཧཱུྃ་ཧྲཱི༔ གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས༔ བྱིན་རླབས་ཡེ་ཤེས་རྨད་པོ་ཆེ༔ སྤྲོ་བསྡུ་མེད་པའི་ངང་ཉིད་ལས༔ ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་པ་ནི། རཾ་ཡཾ་ཁཾ༔ དབྱིངས་རིག་དབྱེར་མེད་མེ་རླུང་ཆུས༔ མཆོད་རྫས་གཟུང་འཛིན་བསྲེགས་གཏོར་སྦྱངས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྤྲིན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ ཨོཾ་བཛྲ་པུཥྤེ་ནས་ ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ལན་གསུམ། གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཞེས་བདུན་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་རིག་སྟོང་དོན་གྱི་ཀུན་ཏུ་བཟང་པོ་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ལས། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་འགགས་པ་མེད་པར་རང་ཤར་བའི་ཚུལ་གྱིས་གཞི་ལུས་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་འོད་ལྔའི་ཀློང་དུ་རང་རིག་རྡོ་རྗེ་སེམས་དཔའི་སྤྱི་བོ་དང་ཐུགས་ཀར། ཤིན་ཏུ་ཕྲ་བའི་ཕུང་ཁམས་སྐྱེ་མཆེད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རང་བཞིན་ཡོངས་གྲུབ་ཀྱི་ཚུལ་དུ་བཞུགས་པ་ཉིད་གསལ་འདེབས་པའི་ཕྱིར། གཤིས་སྟོང་ཉིད་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་ལས། གདངས་གསལ་རིག་ལྷུན་གྲུབ་འགགས་པ་མེད་པའི་རྩལ་གྱིས་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོར་སྒོམ་པ་ནི། ཨོཾ་ཨཱཿཧཱུྃ༔ འགྱུ་བ་དམིགས་མེད་ནམ་མཁའ་རླུང༔ ཆོས་ཉིད་སྟོང་སྒྲོན་རྒྱ་མཚོ་ས༔ དབྱིངས་ཆེན་རྣམ་དག་ཀེང་རུས་རི༔ ཡེ་ཤེས་ལྔ་ཡི་མེ་འོད་འབར༔ ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁང༔ འཁོར་བའི་སྐྱོན་བྲལ་པདྨའི་སྟེང༔ དབྱིངས་རིག་གཉིས་མེད་ཉི་ཟླའི་གདན༔ དུག་ལྔ་རང་བྱུང་རང་གྲོལ་ལྷ༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་རྫོགས་པ་འོ༔ ཧཱུྃ་ འཁོར་འདས་ཀུན་གྱི་གཞི་རྟེན་ནི༔ ཐོག་མ་མེད་ཀྱང་མཐའ་དང་ལྡན༔ ཡེ་ནས་ཀ་དག་བརྡལ་བ་ཆེ༔ རང་བཞིན་མི་དམིགས་ལྷུན་གྱིས་གྲུབ༔ མི་དམིགས་མིང་འདོགས་ཀུན་བྲལ་ཞིང༔ ཐོག་མའི་མགོན་པོ་ང་ཉིད་དོ༔ ཧཱུྃ་ དེ་ལས་གཞི་གནས་ཀུན་ཏུ་བཟང༔ ཡབ་ཡུམ་འཁྲིལ་སྦྱོར་སྐུ་མདོག་དཀར༔ རྡོ་རྗེ་དྲིལ་འཛིན་འཁྱུད་པའི་ཚུལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ དེ་ལྟར་གསལ་བའི་ངང་ཉིད་ལས༔ རང་བྱུང་རང་གི་སྙིང་གི་དབུས༔ སངས་རྒྱས་མེས་པོ་འོད་མི་འགྱུར༔ འོད་ཟེར་བཀྲག་མདངས་མེ་རེ་རེ༔ འོད་ཕུང་དཀྱིལ་འཁོར་ཆེན་པོ་ཉིད༔ ཧཱུྃ་ རང་རིག་རྣམ་དག་རྡོ་རྗེ་སེམས༔ དཀར་པོ་ཕྱག་ན་རྡོར་དྲིལ་འཛིན༔ ཞི་ཉམས་ཅན་དེའི་དབུ་ཡི་ནང༔ ཀླད་པ་དུང་ཁང་ཕོ་བྲང་གི༔ དབུས་ཕྱོགས་སེང་ཆེན་ཁྲི་སྟེང་དུ༔ མི་བསྐྱོད་སྔོན་པོ་དབྱིངས་ཕྱུག་མ༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ༔ དེ་ཡི་དབུ་གཙུག་པད་ཉི་ལ༔ ཀུན་བཟང་དཀར་ལ་བཟང་མོ་སྔོ༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ༔ གཙོ་བོ་ཡབ་ཡུམ་རྒྱན་དང་བཅས༔ ཤར་ཕྱོགས་གླང་ཆེན་ཁྲི་སྟེང་དུ༔ རྣམ་པར་སྣང་མཛད་སངས་རྒྱས་སྤྱན༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་འཁོར་ལོ་དྲིལ་བུ་འཁྲོལ༔ ལྷོ་ཕྱོགས་རྟ་མཆོག་ཁྲི་སྟེང་དུ༔ རིན་ཆེན་འབྱུང་ལྡན་མཱ་མ་ཀི༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་རིན་ཆེན་དྲིལ་བུ་འཁྲོལ༔ ནུབ་ཕྱོགས་རྨ་བྱའི་ཁྲི་སྟེང་དུ༔ སྣང་བ་མཐའ་ཡས་གོས་དཀར་མོ༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་པདྨ་དྲིལ་བུ་འཁྲོལ༔ བྱང་ཕྱོགས་ཤང་ཤང་ཁྲི་སྟེང་དུ༔ དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ༔ ཡབ་ཡུམ་ཞལ་སྦྱོར་སྐྱིལ་ཀྲུང་བཞུགས༔ ཕྱག་ན་རྒྱ་གྲམ་དྲིལ་བུ་འཛིན༔ ཧཱུྃ་ ཤར་ཕྱོགས་ས་སྙིང་སྐུ་མདོག་དཀར༔ པད་ཉི་ཟླ་སྟེང་སྐྱིལ་ཀྲུང་བཞུགས༔ བྱང་ཆུབ་མྱུ་གུ་དྲིལ་བུ་འཁྲོལ༔ ཞི་ཞིང་སྒེག་པ་རྡོ་རྗེའི་སྐུ༔ ལྷོ་ཕྱོགས་ནམ་སྙིང་སྐུ་མདོག་མཐིང༔ པད་ཉི་ཟླ་སྟེང་སྐྱིལ་ཀྲུང་བཞུགས༔ པདྨའི་སྡོང་པོ་དྲིལ་བུ་འཛིན༔ ཞི་ཞིང་སྒེག་པ་རྡོ་རྗེའི་སྐུ༔ ནུབ་ཕྱོགས་སྤྱན་གཟིགས་སྐུ་མདོག་དམར༔ པད་ཉི་ཟླ་སྟེང་སྐྱིལ་ཀྲུང་བཞུགས༔ པདྨའི་སྡོང་པོ་དྲིལ་བུ་འཛིན༔ ཞི་ཞིང་སྒེག་པ་རྡོ་རྗེའི་སྐུ༔ བྱང་ཕྱོགས་ཕྱག་རྡོར་སྐུ་མདོག་ལྗང༔ པད་ཉི་ཟླ་སྟེང་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་དྲིལ་བུ་ཕྱག་ན་འཁྲོལ༔ ཞི་ཞིང་སྒེག་པ་རྡོ་རྗེའི་སྐུ༔ ཤར་ལྷོ་ལཱ་སྱ་དཀར་མོ་ནི༔ པད་ཉི་ཟླ་སྟེང་ཕྱེད་སྐྱིལ་བཞུགས༔ ཕྱག་ན་མེ་ལོང་དཀུར་བརྟེན་ཞིང༔ སྒེག་པའི་གར་གྱི་རྣམ་འགྱུར་སྟོན༔ ལྷོ་ནུབ་ཕྲེང་བ་མ་སེར་མོ༔ པད་ཉི་ཟླ་སྟེང་ཕྱེད་སྐྱིལ་བཞུགས༔ ཕྱག་གཉིས་རིན་ཆེན་ཕྲེང་བ་འཛིན༔ རིན་ཆེན་ཚོགས་ཀྱི་རྣམ་པར་སྟོན༔ ནུབ་བྱང་གླུ་མ་དམར་སྐྱ་ནི༔ པད་ཉི་ཟླ་སྟེང་ཕྱེད་སྐྱིལ་བཞུགས༔ ཕྱག་ན་རྡོ་རྗེ་པི་ཝང་འཛིན༔ རྡོ་རྗེ་གླུ་དབྱངས་ང་རོ་སྒྲོག༔ བྱང་ཤར་གར་མ་དཀར་མོ་ནི༔ པད་ཉི་ཟླ་སྟེང་ཕྱེད་སྐྱིལ་བཞུགས༔ ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས༔ རྡོ་རྗེ་གར་གྱིས་རོལ་བར་བྱེད༔ ཧཱུྃ་ ཤར་ཕྱོགས་བྱམས་པ་སྐུ་མདོག་དཀར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་ཀླུ་ཤིང་དྲིལ་བུ་འཛིན༔ འགྲོ་བ་མ་ལུས་སྐྱོང་བར་མཛད༔ ལྷོ་ཕྱོགས་སྒྲིབ་སེལ་སྐུ་མདོག་སེར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་པུསྟི་དྲིལ་བུ་བསྣམས༔ སེམས་ཅན་མ་ལུས་སྒྲིབ་པ་སྦྱོང༔ ནུབ་ཕྱོགས་ཀུན་བཟང་དམར་སྐྱ་ནི༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་སྙེ་མ་དྲིལ་བུ་བསྣམས༔ ཀུན་ལ་བརྩེ་བའི་ཐུགས་རྗེ་ཅན༔ བྱང་ཕྱོགས་འཇམ་དཔལ་དམར་སྐྱ་ནི༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་ཨུཏྤལ་དྲིལ་བུ་འཛིན༔ བདེ་གཤེགས་ཀུན་གྱི་དེ་ཉིད་གཟིགས༔ ཤར་ལྷོའི་ཕྱོགས་སུ་བདུག་སྤོས་མ༔ སྔོན་མོ་ཞབས་གཉིས་གར་སྟབས་འགྱིང༔ ཕྱག་གཉིས་བདུག་སྤོས་བསྣམས་ནས་ནི༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་མཆོད༔ ལྷོ་ནུབ་ཕྱོགས་སུ་མེ་ཏོག་མ༔ དམར་སེར་ཞབས་གཉིས་གར་གྱིས་རོལ༔ ཕྱག་གཉིས་མེ་ཏོག་སྣ་ཚོགས་ཀྱིས༔ རྒྱལ་བ་ཞི་ཁྲོ་མཆོད་པར་མཛད༔ ནུབ་བྱང་ཕྱོགས་སུ་མར་མེ་མ༔ དམར་སྐྱ་ཞབས་གཉིས་གར་གྱིས་རོལ༔ ཕྱག་གཉིས་རྡོ་རྗེ་མར་མེ་ཡིས༔ རྒྱལ་བ་ཞི་ཁྲོ་མཆོད་པར་མཛད༔ བྱང་ཤར་ཕྱོགས་སུ་དྲི་ཆབ་མ༔ ལྗང་གུ་ཞབས་གཉིས་གར་གྱིས་རོལ༔ ཕྱག་གཉིས་རྡོ་རྗེ་དྲི་ཆབ་ཀྱིས༔ རྒྱལ་བ་ཞི་ཁྲོ་མཆོད་པར་མཛད༔ རིགས་དྲུག་དག་པ་ཐུབ་དྲུག་སྟེ༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི༔ དཀར་པོ་ཕྱག་ན་པི་ཝང་བསྣམས༔ ལྷ་མིན་ཐུབ་པ་ཐགས་བཟང་རིས༔ ལྗང་གུ་ཕྱག་ན་གོ་མཚོན་བསྣམས༔ མི་ཡི་ཐུབ་པ་ཤཱཀ་ཐུབ་ནི༔ སེར་པོ་འཁར་གསིལ་ལྷུང་བཟེད་བསྣམས༔ བྱོལ་སོང་ཐུབ་པ་རབ་བརྟན་ནི༔ མཐིང་ནག་ཕྱག་ན་པུསྟི་བསྣམས༔ ཡི་དྭགས་ཐུབ་པ་ཁ་འབར་མ༔ དམར་པོ་རིན་ཆེན་སྒྲོམ་བུ་བསྣམས༔ དམྱལ་བའི་ཐུབ་པ་ཆོས་རྒྱལ་ནི༔ ནག་པོ་ཕྱག་ན་མེ་ཆུ་བསྣམས༔ བཅོམ་ལྡན་ཐུབ་པ་དྲུག་པོ་ནི༔ གནས་དྲུག་ཁྱམས་བཞིར་བརྩེགས་པར་བཞུགས༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་མ༔ ཡབ་ཡུམ་དཀར་གསལ་གཡོན་བརྐྱང་བཞུགས༔ ཕྱག་ན་ལྕགས་ཀྱུ་དྲིལ་བུ་འཛིན༔ གདུག་པའི་དགྲ་བགེགས་མ་ལུས་འཇོམས༔ ལྷོ་སྒོར་གཤིན་རྗེ་ཞགས་པ་མ༔ ཡབ་ཡུམ་སེར་པོ་གཡོན་བརྐྱང་བཞུགས༔ ཕྱག་གཉིས་ཞགས་པ་དྲིལ་བུ་འཛིན༔ འཇིག་རྟེན་གཤིན་རྗེ་མ་ལུས་འཇོམས༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་མ༔ ཡབ་ཡུམ་དམར་པོ་གཡོན་བརྐྱང་བཞུགས༔ ཕྱག་གཉིས་ལྕགས་སྒྲོག་དྲིལ་བུ་འཛིན༔ སྲིད་པའི་ལྟ་ངན་འདོད་ཆགས་འཇོམས༔ བྱང་སྒོར་བདུད་རྩི་དྲིལ་བུ་མ༔ ཡབ་ཡུམ་ནག་པོ་གཡོན་བརྐྱང་བཞུགས༔ ཕྱག་གཉིས་རྒྱ་གྲམ་དྲིལ་བུ་འཛིན༔ རྣམ་ཤེས་བགེགས་ཀུན་འཇོམས་པར་མཛད༔ དེ་ལྟར་ཞི་བ་ཞེ་གཉིས་ནི༔ མ་ལུས་རྒྱན་བཅས་རང་གསལ་བཞུགས༔ ཞི་ཞིང་སྒེག་པའི་ཉམས་ཅན་ནོ༔ ཧཱུྃ་ དེ་ལྟར་རང་རིག་རྡོར་སེམས་ཀྱི༔ ཐུགས་ཀྱི་ཙིཏྟའི་གཞལ་ཡས་སུ༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ན༔ དྲེགས་པ་པདྨ་ཉི་ཟླའི་སྟེང༔ ཧཱུྃ་ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུས་མཐིང་གཡས་དཀར་གཡོན་དམར་ཞལ༔ གཡས་གཡོན་ཕྱག་དྲུག་འབར་བ་ཡིས༔ རྡོ་རྗེ་རལ་གྲི་དགྲ་སཏྭ་དང༔ དྲིལ་བུ་བྷནྡྷ་ཐོང་གཤོལ་འཛིན༔ ཡུམ་མཆོག་བཛྲ་ཀྲོ་ཏི་མ༔ གཡས་པས་གྲི་གུག་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་རྒྱན་ལྡན་སྐུ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་གསལ༔ ཤར་ཕྱོགས་དྲེགས་པ་པད་ཉིའི་སྟེང༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་འབར་བ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུས་སྨུག་གཡས་དཀར་གཡོན་དམར་ཞལ༔ གཡས་གཡོན་ཕྱག་དྲུག་འབར་བ་ཡིས༔ འཁོར་ལོ་དགྲ་སཏྭ་རལ་གྲི་དང༔ དྲིལ་བུ་ཐོང་གཤོལ་བྷནྡྷ་བསྣམས༔ ཡུམ་མཆོག་བུདྡྷ་ཀྲོ་ཏི་མ༔ གཡས་པས་ཁ་ཊྭཱཾ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་ཡབ་ལ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་རྒྱན་ལྡན་སྐུ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་གསལ༔ ལྷོ་ཕྱོགས་དྲེགས་པ་པད་ཉིའི་སྟེང༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ སྐུ་མདོག་སེར་ནག་འབར་བ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུས་སེར་གཡས་དཀར་གཡོན་དམར་ཞལ༔ གཡས་གཡོན་ཕྱག་དྲུག་འབར་བ་ཡིས༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་དང༔ དྲིལ་བུ་བྷནྡྷ་དགྲ་སཏྭ་བསྣམས༔ ཡུམ་མཆོག་རཏྣ་ཀྲོ་ཏི་མ༔ གཡས་པས་རིན་ཆེན་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་རྒྱན་ལྡན་སྐུ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་གསལ༔ ནུབ་ཕྱོགས་དྲེགས་པ་པད་ཉིའི་སྟེང༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་ནག་འབར་བ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུས་དམར་གཡས་དཀར་གཡོན་སེར་ཞལ༔ གཡས་གཡོན་ཕྱག་དྲུག་འབར་བ་ཡིས༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་དང༔ དྲིལ་བུ་དུང་དམར་རྔེའུ་ཆུང་བསྣམས༔ ཡུམ་མཆོག་པདྨ་ཀྲོ་ཏི་མ༔ གཡས་པས་པདྨ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་རྒྱན་ལྡན་སྐུ༔ པདྨ་གསུང་གི་ལྷ་ཚོགས་གསལ༔ བྱང་ཕྱོགས་དྲེགས་པ་པད་ཉིའི་སྟེང༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ སྐུ་མདོག་ལྗང་ནག་འབར་བ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུས་ལྗང་གཡས་དཀར་གཡོན་དམར་ཞལ༔ གཡས་གཡོན་ཕྱག་དྲུག་འབར་བ་ཡིས༔ རལ་གྲི་ཁ་ཊྭཱཾ་དབྱུག་ཏོ་དང༔ དྲིལ་བུ་བྷནྡྷ་ཐོང་གཤོལ་བསྣམས༔ ཡུམ་མཆོག་ཀརྨ་ཀྲོ་ཏི་མ༔ གཡས་པ་རྒྱ་གྲམ་ཡབ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་རྒྱན་ལྡན་སྐུ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་གསལ༔ ཧཱུྃ་ ཤར་དུ་གཽ་རཱི་དཀར་མོ་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ ཞིང་གི་དབྱུག་ཏོ་བྷནྡྷ་བསྣམས༔ གཡོན་བརྐྱང་གར་གྱིས་ཀུན་ཏུ་འགྱིང༔ ལྷོ་ན་ཙཽ་རཱི་སེར་མོ་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ མདའ་གཞུ་འཛིན་ཅིང་འཕེན་པར་བྱེད༔ གཡོན་བརྐྱང་གར་གྱིས་ཀུན་ཏུ་འགྱིང༔ ནུབ་ཏུ་པྲ་མོ་དམར་མོ་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ ཆུ་སྲིན་རྒྱལ་མཚན་བྷནྡྷ་བསྣམས༔ གཡོན་བརྐྱང་གར་གྱིས་ཀུན་ཏུ་འགྱིང༔ བྱང་ན་བཻ་ཏ་ནག་མོ་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ རྡོ་རྗེ་ཞིང་ཆུང་བསྣམས་ནས་ནི༔ གཡོན་བརྐྱང་གར་གྱིས་ཀུན་ཏུ་འགྱིང༔ ཤར་ལྷོར་པུཀྐ་དམར་སེར་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ བྱིས་པའི་རྒྱུ་མ་ཞིང་ཁོག་འཛིན༔ གཡས་བརྐྱང་གར་གྱི་རོལ་པས་བཞུགས༔ ལྷོ་ནུབ་གྷསྨ་ལྗང་ནག་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ བྷནྡྷ་ཁྲག་བཀང་རྡོ་རྗེས་དཀྲུགས༔ གཡས་བརྐྱང་གར་གྱི་རོལ་པས་བཞུགས༔ ནུབ་བྱང་སྨེ་ཤ་མཐིང་ནག་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ རོ་ལངས་མགོ་ལུས་ཕྲལ་ཞིང་ཟ༔ གཡས་བརྐྱང་གར་གྱི་རོལ་པས་བཞུགས༔ བྱང་ཤར་ཙཎྜ་སེར་སྐྱ་ནི༔ ཁྲོ་མོའི་ཆ་ལུགས་སྤྱན་གསུམ་མ༔ སྙིང་ཆེན་བཟུང་ཞིང་བམ་ཆེན་ཟ༔ གཡས་བརྐྱང་གར་གྱི་རོལ་པས་བཞུགས༔ ཤར་དུ་སེང་གདོང་སྨུག་ནག་མ༔ ཕྱག་གཉིས་བསྣོལ་ཞིང་མི་རོ་ཟ༔ ཁྲོ་ཞིང་རལ་པ་སྤྲུགས་པར་བྱེད༔ ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོག༔ ལྷོ་རུ་སྟག་གདོང་དམར་མོ་ནི༔ ཕྱག་གཉིས་བསྣོལ་ཞིང་འབུར་ཚུགས་བལྟ༔ མཆེ་བ་གཙིགས་ཤིང་ཧ་ཧ་སྒྲོག༔ འཇིགས་པའི་ང་རོ་འབྲུག་སྟོང་ལྡིར༔ ནུབ་ཏུ་ཝ་གདོང་དམར་མོ་ནི༔ ལག་གཉིས་རྒྱུ་མའི་ཞགས་པ་འདྲེན༔ ཁྲག་ཆེན་ལྡག་ཅིང་ཧ་ཧ་སྒྲོག༔ རི་དང་རྒྱ་མཚོ་བཅས་པ་གཡོ༔ བྱང་དུ་སྤྱང་གདོར་མཐིང་ནག་མ༔ ལག་གཉིས་མི་རོ་ཁ་རུ་འདྲེད༔ སྤྱན་མིག་འབུར་ཚུགས་བགེགས་ལ་གཟིར༔ རི་རབ་སྟོང་ཡང་འཇོམས་པར་བྱེད༔ ཤར་ལྷོར་བྱ་རྒོད་གདོང་ཅན་མ༔ དཀར་སེར་མདོག་ཅན་ཁྲོས་པའི་གཟུགས༔ ཞིང་ཆེན་ཕྲག་ལ་བཀལ་ནས་ཀྱང༔ ཞིང་རུས་སྒྲ་སྒྲོག་ལག་ཏུ་འཛིན༔ ལྷོ་ནུབ་ཀངྐའི་གདོང་ཅན་ནི༔ སྐུ་མདོག་དམར་ནག་འཇིགས་པའི་གཟུགས༔ རོ་ལངས་ཞིང་ཆེན་ཕྲག་ལ་ཁུར༔ ཕཊ་ཀྱི་སྒྲ་སྒྲོགས་ཧཱུྃ་ཧཱུྃ་བརྗོད༔ ནུབ་ཏུ་བྱ་རོག་གདོང་ཅན་མ༔ ནག་མོ་སྤྱན་གསུམ་ཧ་ལའི་སྒྲ༔ རལ་གྲི་ཐོགས་ཤིང་གློ་སྙིང་ཟ༔ བྷནྡྷ་ཁྲག་བཀང་ཞལ་དུ་གསོལ༔ བྱང་ཤར་འུག་པའི་གདོང་ཅན་མ༔ མཐིང་ནག་ཧཱུྃ་ཧཱུྃ་སྒྲ་སྒྲོག་ཅིང༔ ལྕགས་ཀྱུ་དང་ནི་ཐོད་ཁྲག་འཛིན༔ སྒེག་པའི་གར་གྱིས་མཁའ་ལྟར་གསལ༔ རྣམ་དག་དབྱིངས་ཀྱི་གདོང་མོ་བརྒྱད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཞབས་གཉིས་རྡོ་རྗེ་གར་གྱིས་བཞུགས༔ ཧཱུྃ་ ཤར་ཕྱོགས་དབང་ཕྱུག་མ་བདུན་ནི༔ སྲིན་མོ་དམར་ནག་གཡག་མགོ་མ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཚངས་མ་སེར་མོ་སྦྲུལ་མགོ་མ༔ གཡས་གཡོན་པདྨ་གྲི་ཐོད་བསྣམས༔ ལྷ་ཆེན་དཀར་ལྗང་གཟིག་མགོ་མ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ རྡོ་རྗེ་དཀར་མོ་ཁུ་བྱུག་མགོ༔ གཡས་གཡོན་ལྕགས་ཀྱུ་ཐོད་ཁྲག་འཛིན༔ གཏོག་འདོད་སྔོན་མོ་སྲེ་མོའི་མགོ༔ གཡས་གཡོན་འཁོར་ལོ་ཐོད་ཁྲག་འཛིན༔ གཞོན་ནུ་དམར་མོ་དྲེད་མགོ་མ༔ གཡས་གཡོན་མདུང་ཐུང་ཐོད་ཁྲག་འཛིན༔ བརྒྱ་བྱིན་དཀར་མོ་དོམ་མགོ་མ༔ གཡས་གཡོན་རྒྱུ་ཞགས་བྷནྡྷ་འཛིན༔ ཧཱུྃ་ ལྷོ་ཕྱོགས་དབང་ཕྱུག་མ་བདུན་ནི༔ དགའ་བ་སེར་མོ་ཕ་ཝང་མགོ༔ གཡས་གཡོན་སྤུ་གྲི་ཐོད་ཁྲག་བསྣམས༔ ཞི་བ་དམར་མོ་ཆུ་སྲིན་མགོ༔ གཡས་གཡོན་བུམ་པ་བྷནྡྷ་འཛིན༔ བདུད་རྩི་དམར་སེར་སྡིག་པའི་མགོ༔ གཡས་གཡོན་པདྨ་བྷནྡྷ་འཛིན༔ རྡོ་རྗེ་སེར་མོ་ར་མགོ་མ༔ གཡས་གཡོན་ཞགས་པ་བྷནྡྷ་འཛིན༔ ཟླ་བ་དཀར་མོ་ཁྲ་མགོ་མ༔ གཡས་གཡོན་རྡོ་རྗེ་བྷནྡྷ་འཛིན༔ བེ་ཅོན་ལྗང་ནག་ཝ་མགོ་མ༔ གཡས་གཡོན་དབྱུག་ཏོ་བྷནྡྷ་འཛིན༔ སྲིན་མོ་དམར་མོ་སྟག་མགོ་མ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཧཱུྃ་ ནུབ་ཀྱི་དབང་ཕྱུག་མ་བདུན་ནི༔ ཟ་བ་ལྗང་ནག་རྒོད་མགོ་མ༔ གཡས་གཡོན་བེ་ཅོན་བྷནྡྷ་འཛིན༔ དགའ་བ་དམར་མོ་རྟ་མགོ་མ༔ གཡས་གཡོན་ཁོག་ཆེན་བྷནྡྷ་འཛིན༔ སྟོབས་ཆེན་དཀར་མོ་ཁྱུང་མགོ་མ༔ གཡས་གཡོན་དབྱུག་ཏོ་བྷནྡྷ་འཛིན༔ རྡོ་རྗེ་དམར་མོ་སེང་མགོ་མ༔ གཡས་གཡོན་ལྕགས་སྒྲོག་བྷནྡྷ་བསྣམས༔ སྲིན་མོ་དམར་ནག་ཁྱི་མགོ་མ༔ གཡས་གཡོན་སྤུ་གྲི་བྷནྡྷ་འཛིན༔ འདོད་པ་དམར་མོ་པུ་ཤུད་མགོ༔ གཡས་གཡོན་ཕྱག་གིས་མདའ་གཞུ་འགེངས༔ ནོར་སྲུང་ལྗང་གུ་ཤ་བའི་མགོ༔ གཡས་གཡོན་བུམ་པ་བྷནྡྷ་འཛིན༔ ཧཱུྃ་ བྱང་གི་དབང་ཕྱུག་མ་བདུན་ནི༔ རླུང་ལྷ་སྔོན་མོ་སྤྱང་མགོ་མ༔ གཡས་གཡོན་ཐོད་ཁྲག་བྷནྡྷ་འཛིན༔ མེ་མོ་དམར་མོ་སྐྱིན་གྱི་མགོ༔ གཡས་གཡོན་གསལ་ཤིང་བྷནྡྷ་འཛིན༔ ཕག་མོ་ནག་མོ་ཕག་གི་མགོ༔ གཡས་གཡོན་མཆེ་ཞགས་སྡོམ་པར་བྱེད༔ རྡོ་རྗེ་ལྗང་ནག་སྐྱ་ཀའི་མགོ༔ གཡས་གཡོན་དྲིལ་བུ་བྷནྡྷ་འཛིན༔ རྡོ་རྗེ་དམར་མོ་ཁཱ་ཏའི་མགོ༔ གཡས་གཡོན་ཞིང་ཆེན་བྷནྡྷ་འཛིན༔ སྣ་ཆེན་ལྗང་ནག་གླང་གི་མགོ༔ གཡས་གཡོན་ཐོད་ཁྲག་འཐུང་བར་བྱེད༔ ཆུ་ལྷ་སྔོན་མོ་སྦྲུལ་མགོ་མ༔ གཡས་གཡོན་སྦྲུལ་ཞགས་བྷནྡྷ་འཛིན༔ དེ་ལྟར་དབང་ཕྱུག་ཉི་ཤུ་བརྒྱད༔ ཕྱོགས་རྣམས་སྐྱོང་ཞིང་ཁྱམས་བཞི་དང༔ རྒལ་ཚིགས་ཉེར་བརྒྱད་ལ་ཡང་བཞུགས༔ ཤར་སྒོ་སྤྱང་གདོང་དཀར་མོ་ནི༔ གཡས་པས་ལྕགས་ཀྱུས་འགུགས་བྱེད་ཅིང༔ གཡོན་པ་བྷནྡྷ་ཁྲག་བཀང་ནས༔ ཞལ་དུ་གསོལ་ཞིང་ཛཿཞེས་སྒྲོག༔ ལྷོ་སྒོ་སྟག་གདོང་སེར་མོ་ནི༔ གཡས་པས་ཞགས་པ་འཛིན་བྱེད་ཅིང༔ གཡོན་པ་ཕག་རྒོད་མཆེ་བ་འཛིན༔ ཧཱུྃ་གི་སྒྲ་ཆེན་རབ་ཏུ་སྒྲོག༔ ནུབ་སྒོ་སེང་གདོང་དམར་མོ་ནི༔ གཡས་པས་ལྕགས་སྒྲོག་དམ་འཆིང་ཞིང༔ གཡོན་པ་བྷནྡྷ་ཁྲག་བཀང་གསོལ༔ གཉིས་མེད་བྱེད་ཕྱིར་བཾ་སྒྲ་སྒྲོག༔ བྱང་སྒོ་ཁྱུང་གདོང་ལྗང་གུ་ནི༔ གཡས་པས་དྲིལ་བུ་རྡུང་བར་བྱེད༔ གཡོན་པ་ཐོད་པ་བདུད་རྩིས་བཀང༔ ཞལ་དུ་གསོལ་ཞིང་ཧོཿཞེས་སྒྲོག༔ དེ་ལྟར་ཁྲག་འཐུང་ལྔ་བཅུ་བརྒྱད༔ འཇིགས་པའི་རྒྱན་ཅན་རང་ལ་བཞུགས༔ ཀུན་ཀྱང་ཆོས་ཉིད་རང་སྒྲ་ནི༔ འབྲུག་སྟོང་དུས་གཅིག་ལྡིར་བ་ཙམ༔ སྣང་སྲིད་ཀུན་ཀྱང་ཆམ་ཆམ་མེར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེའང་བདག་གི་རྣལ་འབྱོར་ཁོ་ནའི་སྐབས་རང་བཞིན་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་དང་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་བརྗོད་ལ་བརྩོན་པས་འདོན་གྲུབ་ནའང་། སྒྲུབ་མཆོད་སོགས་ཀྱི་དུས་སུ་ལས་ཀྱི་རིམ་པ་ལྷག་མ་རྣམས་ཀྱིས་ཁ་སྐོང་བའང་འགལ་བ་མེད་པས། གཉིས་པ་ནི། ཨོཾ་ཨཱཿཧཱུྃ༔ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ མ་གཅིག་མཁའ་འགྲོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ ལེགས་ཉེས་སྟངས་འཛིན་ཕོ་བྲང་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས་སུ་གསོལ༔ ཆོས་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་སྐུ་ཡི་ལྷ༔ རྣམ་སྣང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷ༔ མི་བསྐྱོད་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཡོན་ཏན་ལྷ༔ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཕྲིན་ལས་ལྷ༔ དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་ནི། ཧཱུྃ་ དབྱིངས་དང་རིག་པའི་དཀྱིལ་འཁོར་འདིར༔ དུས་གསུམ་འདུ་འབྲལ་མེད་པའི་སྐུ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ རིག་པའི་ལྷ་ཚོགས་བཞུགས་སུ་གསོལ༔ པདྨ་ཏིཥྛ་ས་མ་ཡ་སཏྭཾ༔ བཞི་པ་ནི། ཧཱུྃ་ དུས་གསུམ་མ་འདྲེས་ཡེ་ཤེས་སྐུ༔ རྒྱུན་ཆད་མེད་པ་གསང་བའི་གསུང༔ འཆར་དང་ནུབ་པ་མི་མངའ་བའི༔ ཀུན་བཟང་དབྱེར་མེད་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་ནི། ཨོཾ་ཨཱཿཧཱུྃ༔ སྲིད་པའི་སྐྱོན་གྱིས་གོས་མེད་ཆུ༔ ཡེ་ཤེས་གསལ་འཚེར་མེ་ཏོག་དང༔ ཡོན་ཏན་སྤྲིན་ཚོགས་བླ་རེས་བརྒྱན༔ ཀུན་མཁྱེན་ཀུན་རིག་སྒྲོན་མེ་མཆོག༔ དུས་གསུམ་དྲི་མ་ལས་འདས་སྤོས༔ ཟག་མེད་ཡེ་ཤེས་བདེ་བའི་ཟས༔ རང་བྱུང་གྲགས་སྟོང་མཆོད་པ་འབུལ༔ སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཧཱུྃ་ འོད་ལྔའི་ཐིག་ལེའི་གཟུགས་རྣམས་དང༔ ཨཱ་ལི་ཀཱ་ལི་རང་བྱུང་སྒྲ༔ ལྷུན་གྲུབ་ཡེ་ཤེས་དྲི་ཡི་མཆོག༔ ཏིང་འཛིན་རོ་བརྒྱ་ལྡན་པའི་ཟས༔ འོད་ལྔ་རང་གསལ་ན་བཟའ་མཛེས༔ སྟོང་གསལ་འཛིན་མེད་ཆོས་ཀྱི་མཆོག༔ རང་བྱུང་ཞི་ཁྲོའི་ལྷ་ལ་འབུལ༔ རྟོག་ཚོགས་རང་གྲོལ་དངོས་གྲུབ་སྩོལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧཱུྃ་ ཟབ་ཞི་སྤྲོས་བྲལ་ཀ་པཱ་ལར༔ ལྷུན་གྲུབ་འོད་ལྔའི་བདུད་རྩིས་བཀང༔ ཀ་དག་ཆེན་པོར་བྱིན་བརླབས་པ༔ ཡེ་སངས་རྒྱས་པའི་ལྷ་ཚོགས་ལ༔ རང་གྲོལ་ཆེན་པོར་འབུལ་ལགས་ན༔ དུག་ལྔའི་རྟོག་པའི་སྤྲིན་ཕུང་ལས༔ རིགས་དྲུག་འཁོར་བའི་ཆར་ཕབ་པ༔ ཡེ་ཤེས་ལྔ་ལྡན་ཉི་མ་ཡིས༔ བདེ་བ་ཆེན་པོར་བསྒྱུར་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ་ ཆོས་དབྱིངས་མ་བཅོས་གཏོར་གཞོང་དུ༔ རིག་པ་རང་གསལ་གཏོར་མ་བཤམ༔ ཆོས་ཉིད་མངོན་སུམ་བྱིན་བརླབས་ཤིང༔ ཉམས་སྣང་གོང་འཕེལ་རྒྱན་གྱིས་སྤྲས༔ རིག་པ་ཚད་ཕེབ་ལྷ་ཚོགས་ལ༔ ཆོས་ཉིད་ཟད་སར་འབུལ་ལགས་ན༔ རོ་རྐྱང་ལས་ཀྱི་རླུང་གཡོས་པས༔ གཟུང་འཛིན་རྟོག་པའི་བག་ཆགས་རྣམས༔ མཐའ་བྲལ་དྷཱུ་ཏིའི་མཁའ་དབྱིངས་སུ༔ ཐིག་ལེ་ཆེན་པོར་བཟློག་ཏུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ དབྱིངས་རིག་གདལ་བའི་བྷནྡྷ་རུ༔ མཐའ་བྲལ་གཉུག་མའི་དམར་ཆེན་བསྐྱིལ༔ འོད་གསལ་ཆེན་པོར་བྱིན་བརླབས་ནས༔ འཁྲུལ་པ་རང་དག་ལྷ་ཚོགས་ལ༔ རིག་རྩལ་རྫོགས་པར་འབུལ་ལགས་ན༔ ཆགས་སྡང་འཁྲུགས་པའི་དམག་དཔུང་རྣམས༔ འདུས་མ་བྱས་པའི་ཡེ་ཤེས་ཀྱིས༔ ཀུན་ཁྱབ་ཆེན་པོར་ཞི་བར་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ་ དབྱིངས་དང་རིག་པ་ཟུང་འཇུག་ལ༔ བདེ་དང་སྟོང་པ་གཉིས་སུ་མེད༔ ལས་རླུང་དབུ་མར་ཆུད་པ་ཡི༔ གཟུང་འཛིན་དག་པའི་སྦྱོར་མཆོད་འབུལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ སྙིང་ག་གྲུ་གསུམ་མཁའ་དབྱིངས་སུ༔ སྣང་ཞེན་རྟོག་པ་ཐིག་ལེར་བསྟིམས༔ རླུང་སེམས་གནད་ཀྱི་ཕུར་བུས་གདབ༔ སྒྲོན་གསལ་ཆོས་སྐུར་བསྒྲལ་པས་མཆོད༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཛྙཱ་ན་དྷཱ་ཏུ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ དྲུག་པ་ནི། ཧཱུྃ་ སངས་རྒྱས་བཞི་བཅུ་རྩ་གཉིས་དང༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔ ཞི་ཞིང་ཁྲོ་བས་འགྲོ་བ་འདུལ༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བསྟོད༔ ས་ཆུ་མེ་རླུང་འབྱུང་བའི་སྒྲ༔ ཨཱ་ལི་ཀཱ་ལིའི་རོལ་པ་ཡིས༔ ཨོཾ་ཨཱཿཧཱུྃ་གིས་འགྲོ་བ་འདུལ༔ ཞི་ཁྲོ་གསུང་གི་ལྷ་ལ་བསྟོད༔ ཀུན་བཟང་དགོངས་པ་མཁའ་ལ་གསལ༔ ཉག་གཅིག་ཟླུམ་པོ་མཐའ་དང་བྲལ༔ དངོས་སུ་སྣང་བས་འགྲོ་བ་འདུལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བསྟོད༔ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ༔ བཅུད་ཀྱི་བཅུད་མཆོག་བདུད་རྩི་རྒྱས༔ རྒྱས་ཤིང་སྨིན་པས་འགྲོ་བ་འདུལ༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བསྟོད༔ སྐྱེ་མེད་ཤེས་རབ་འགགས་མེད་ཐབས༔ རང་རིག་རང་གསལ་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལ༔ ཞི་ཁྲོ་ཕྲིན་ལས་ལྷ་ལ་བསྟོད༔ བདུན་པ་ནི། གཙོ་བོར་ ཆོས་ཉིད་གཉུག་མའི་རང་རྩལ་སྐུ་དང་ཡེ་ཤེས་མཁའ་ཁྱབ་ཏུ་ཤར་བ་ལ་བློ་བཞག་སྟེ་རླུང་སེམས་དབྱེར་མེད་ཀྱི་ངང་ནས་གྲགས་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་གང་བར་གྱུར་པའི་མོས་པས་བཟླ་བ་ཡིན་ལ། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཕྱིར་མཚན་བཅས་ཀྱི་ཛཔ྄་དགོངས་སྤྲོ་ན། སྙིང་དབུས་བཛྲ་ཧེ་རུ་ཀའི༔ ཐུགས་ཀྱི་གེ་སར་དབུས་ཉིད་དུ༔ ཉི་ཟླའི་ག་འུ་ཁ་སྦྱོར་བ༔ འོད་ཀྱི་གོང་བུའི་ནང་དག་ཏུ༔ མི་ཤིགས་བཅུད་ཀྱི་ཐིག་ལེ་ནི༔ སྟོང་ཉིད་རང་བྱུང་ཧེ་རུ་ཀ༔ སྒྱུ་མ་འོད་ཀྱི་གཟུགས་བརྙན་ཏེ༔ ཚོན་གང་འོད་ཀྱི་ཀློང་ན་བཞུགས༔ ཐུགས་ཀར་རྡོ་རྗེ་ནས་འབྲུ་ཙམ༔ སྔགས་ཕྲེང་ལུ་གུ་རྒྱུད་ཀྱིས་བསྐོར༔ འོད་ཟེར་ཕར་འཕྲོས་རྒྱལ་བ་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སྣང་བ་སྐུ་ལ་གྲགས་པ་གསུང༔ དྲན་རྟོག་ཐུགས་སུ་བྱིན་གྱིས་བརླབས༔ སྣོད་བཅུད་རང་བྱུང་དཀྱིལ་འཁོར་ལྷའི༔ ཡེ་ཤེས་རོལ་པའི་ངང་ནས་བཟླས༔ ཞེས་གསལ་བཏབ། གང་ལྟར་ཡང་བཟླ་བྱའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཆུ་བོའི་རྒྱུན་བཞིན་དུ་བཟླའོ། །ཐུན་ལས་ལྡང་བ་ན། ཨོཾ་ཨཱཿཧཱུྃ༔ རིག་པ་རང་གསལ་ལྷ་ཚོགས་ལ༔ རང་བྱུང་སྒྲ་འོད་ཟེར་གསུམ་གྱིས༔ རྒྱུན་ཆད་མེད་པར་མཆོད་པ་འབུལ༔ རྟག་ཏུ་མ་བསྐྱང་གཞན་དུ་བལྟས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ སྐུ་གསུམ་རང་ངོ་ཤེས་པ་ལ༔ རྗེས་སུ་ཡི་རང་འབུལ་བར་བགྱི༔ གློ་བུར་འཁྲུལ་པའི་ཉེས་ཟད་ནས༔ ཡང་དག་རྡོ་རྗེའི་གནས་ཐོབ་ཤོག༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད། སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་བསྔོ་རྒྱས་བསྡུས་གང་རིགས་བྱ། གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ། ཉམས་ཆག་བཤགས་ཤིང་ཐུགས་དམ་བསྐང་། །དངོས་གྲུབ་གསོལ་ཞིང་ནོངས་པ་མཐོལ། །མཐའ་གཉིས་བསལ་ཞིང་བསྔོ་སྨོན་བྱ། །ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །ཞེས་བདུན་ལས། དང་པོ་ནི། ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་བརྗོད་མེད་དོན་གྱི་བཤགས་པས་བཤགས་ཡུལ་སྤྱན་དྲངས་ཏེ་སྙན་གསན་དབབ། ལུས་ཀྱི་ཉམས་ཆག་སྡིག་སྒྲིབ་སྦྱོང་བའི་ཕྱིར། རང་དང་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། ཡུལ་ནམ་མཁའི་མཐས་ཁྱབ་པའི་བླ་མ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བར་གྱུར་པའི་མོས་པས། ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ༔ རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་སྐུ་གསུང་ཐུགས༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད༔ བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ༔ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ འཇིག་རྟེན་འདས་པའི་དུས་ན་མངོན་བྱུང་བ༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུའི་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པའི་མེ་དཔུང་འབར་བའི་སྐུ༔ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ངག་གི་ཉམས་ཆག་སྦྱོང་བའི་ཕྱིར། ཨ་ བདག་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་ལོངས་སྐུའི་ཆས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་པ་ལས༔ བདུད་རྩིའི་ཆུ་རྒྱུན་དཔག་མེད་བབས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དང༔ དམ་ཚིག་ཉམས་ཆག་ཀུན་སྦྱངས་ནས༔ དག་ཅིང་དྲི་མ་མེད་པར་གྱུར༔ ཅེས་གསལ་བཏབ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར་ཐལ་མོ་སྦྱར་ཏེ། རྒྱས་པར་ན། ཨོཾ་ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་རུ་དྲའི་སྨྲེ་བཤགས་སམ། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་པའི་མོས་པས་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་བཞག་པའི་ངང་། ཡིད་ཀྱི་ཉམས་ཆག་སྦྱོང་བའི་ཕྱིར། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ་ཞེས་སོགས་ཆོས་ཉིད་ཀློང་བཤགས་བྱ། སླར་ཡང་ཐུན་མོང་དུ་སྡོམ་པ་གསུམ་གྱི་བཅས་པ་དང་རང་བཞིན་སོགས་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱོང་བའི་ཕྱིར་དམ་ཚིག་ཉེར་བརྒྱད་ཀྱི་བཤགས་པའམ། ཡང་ན་སྤྱི་བཤགས་འདི་ལྟར་བྱ་སྟེ། དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ། །ལས་དང་སྐལ་པས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་བསྡམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་ཡི་གེ་བརྒྱ་པ་བཟླའོ། །གཉིས་པ་ལ། སྨན་རཀ་གཏོར་མ་མར་མེ་དང་། །ཚོགས་ཀྱི་མཆོད་པས་བསྐང་བ་འོ། །ཞེས་ལྔ་ལས། དང་པོ་ནི། ཨོཾ་ ཕུང་པོ་ལྔ་ཡི་བྷནྡྷ་རུ༔ རྩ་རླུང་ཐིག་ལེའི་བདུད་རྩིས་གཏམས༔ ཆོས་ཉིད་དོན་གྱི་ཡེ་ཤེས་རྒྱུན༔ མཚོན་བྱེད་རྟགས་ཀྱི་ཨ་མྲྀཏས༔ བླ་མ་ཡི་དམ་ཞི་ཁྲོ་དང༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང༔ ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་དག༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ གཉིས་པ་ནི། ཨཱཿ འབྱུང་འདུས་ལུས་ཀྱི་གཏོར་གཞོང་དུ༔ ཤ་ཁྲག་དྲོད་དབུགས་གཏོར་མར་བཤམས༔ དྭངས་མ་ལྔ་ལྡན་ལོངས་སྤྱོད་ཆེ༔ འདོད་ཡོན་རྒྱ་མཚོའི་བ་ལིཾ་ཏས༔ བླ་མ་ཡི་དམ་ཞི་ཁྲོ་དང༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང༔ ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་དག༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་ནི། ཧཱུྃ་ འཁོར་ལོ་ལྔ་ཡི་བྷཉྫ་རུ༔ ཉོན་མོངས་རྟོག་ཚོགས་བསྒྲལ་པའི་ཁྲག༔ རང་གྲོལ་གཤིས་ཀྱི་དམར་ཆེན་པོ༔ སྣང་བ་བརྡ་ཡི་རཀྟ་འདིས༔ བླ་མ་ཡི་དམ་ཞི་ཁྲོ་དང༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང༔ ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་དག༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ བཞི་པ་ནི། ཧོཿ སྒྲོན་མ་དྲུག་གི་ཀོང་བུ་རུ༔ ཕུང་ལྔ་རྣམ་དག་སྡོང་བུ་བཙུག༔ རང་བྱུང་ཡེ་ཤེས་མར་མེ་སྦར༔ འོད་གསལ་སྣང་བཞིའི་མཆོད་སྤྲིན་འདིས༔ བླ་མ་ཡི་དམ་ཞི་ཁྲོ་དང༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང༔ ཉམས་ཆག་བསྐང་ཞིང་རྟོག་སྒྲིབ་དག༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་ཛྙཱ་ན་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ལྔ་པ་ཚོགས་ཀྱི་སྐོང་བ་རྗེས་འབྲེལ་དང་བཅས་པ་ལ་དགུ་ལས། དང་པོ་བྱིན་གྱིས་བརླབ་པ་ནི། ཐབས་ཤེས་ཀྱི་རྫས་བདུད་རྩིས་བསང་ཞིང་། ཨོཾ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གྱིས༔ དུག་གསུམ་ཆོས་ཀྱི་དབྱིངས་སུ་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ བྱིན་གྱིས་རློབ་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་བ་མེད༔ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང༔ སྐུ་གསུམ་ངང་དུ་བདུད་རྩིར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཕུད་དང་པོ་སྤྲོས་བྲལ་ཆོས་སྐུའི་ལྷ་ལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཞལ་ཟས་འབྱོར་ལྡན་དམ་པ་འདི༔ བརྟགས་ཤིང་བརྟགས་ཤིང་བྱུང་ཚོར་སྟོང༔ དཔག་མེད་དམིགས་མེད་འཛིན་པ་མེད༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་འབུལ༔ འགགས་མེད་ཐབས་ཀྱི་ཚོགས་རྫོགས་ནས༔ དམིགས་མེད་མཆོག་གི་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསུམ་པ་ཚོགས་བར་པས་ལྷུན་གྲུབ་ལོངས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཡེ་སངས་རྒྱས་པ་ལ༔ རང་སྣང་དུཿཁས་སོ་སོར་བཟུང༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་མུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ སྐུ་གསུམ་མངོན་གྱུར་ཚངས་པར་སྩོལ༔ བཛྲ་ས་མ་ཡ་ཨཱ༔ བཞི་པ་ཚོགས་ཐ་མ་སྣ་ཚོགས་སྤྲུལ་སྐུའི་ཞལ་དུ་སྦྱོར་སྒྲོལ་ཟུང་འཇུག་ཆེན་པོར་བསྟབ་པ་ནི། ཨོཾ་ཨཱཿཧཱུྃ༔ ང་དང་བདག་ཏུ་འཛིན་པའི་སེམས༔ མྱ་ངན་འདའ་བྱའི་རུ་དྲ་འདིར༔ རིག་པ་ཡེ་ཤེས་མཚོན་གྱིས་བསྣུན༔ བདག་མེད་ཆོས་ཉིད་དབྱིངས་སུ་བསྒྲལ༔ རྟོག་ཚོགས་ཆོས་སྐུའི་ཀློང་དུ་རོལ༔ རུ་དྲ་སརྦ་ཧ་ལ་པཉྩ་པཱུ་ཛ་ཧོ༔ སྤྲོ་ན་སྐོང་བའི་ཆོ་ག་གཞན་ཡང་བྱ། སྐབས་འདིར་དབང་བཞིའི་དམ་ཚིག་དང་བསྟུན་ནས་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལ་ཚོགས་མཆོད་དབུལ། ལྔ་པ་ལྷག་མ་ནི། ཨོཾ་ཨཱཿཧཱུྃ༔ གཟུགས་ཕུང་ཤ་ཁྲག་ལྷག་མ་ནི༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞེས༔ ལུས་ངག་ཡིད་གསུམ་ལྷག་མ་འདི༔ སྐུ་གསུང་ཐུགས་ཀྱི་ངང་དུ་བཞེས༔ ཉོན་མོངས་དུག་ལྔའི་ལྷག་མ་འདི༔ ཡེ་ཤེས་ལྔ་ཡི་ངང་དུ་བཞེས༔ སྐུ་གསུམ་འཛིན་མེད་ལྷག་མ་འདི༔ ཀ་ནས་དག་པའི་ངང་དུ་བཞེས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དོར། ཧཱུྃ་ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ སྙིང་རྗེ་ཆེ་ཞིང་བླ་མར་མཆོག་ཏུ་གུས༔ དབང་གིས་སྨིན་ཅིང་དམ་ཚིག་དག་པར་ཤོག༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་འཁོར་ལོར་དག༔ རྩ་རླུང་ཐིག་ལེ་འཕོ་མེད་ཕྱག་རྒྱར་རྫོགས༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་ཆེན་པོར་སྨིན༔ ཁམས་གསུམ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་སོགས་སྨོན་ལམ་གདབ། དྲུག་པ་ཐུགས་དམ་བསྐུལ་བ་ནི། ལྷུན་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཐུགས་ཀ་དག་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ལས་མ་གཡོས་ཀྱང་འགགས་མེད་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་གི་འཆར་སྒོ་མ་འགགས་པའི་ཕྲིན་ལས་དཔག་ཏུ་མེད་པར་སྟོན་པར་བལྟས་ལ། ཨོཾ་ཨཱཿཧཱུྃ༔ ང་ནི་ཀུན་བཟང་ཡབ་ཡུམ་ལ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་རང་བྱུང་རང་གྲོལ་ལྷ༔ ང་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཞི་ཁྲོ་ཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ ཚོར་བ་གནས་དག་ལྷོ་ཕྱོགས་ན༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ རཏྣ་ཞི་ཁྲོ་ཕྲིན་ལས་མཛོད༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ པདྨ་ཞི་ཁྲོ་ཕྲིན་ལས་མཛོད༔ འདོད་ཆགས་འདུལ་བའི་དུས་ལ་བབས༔ འདུ་བྱེད་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ་ཡས་སུ༔ ཀརྨ་ཞི་ཁྲོ་ཕྲིན་ལས་མཛོད༔ ཕྲག་དོག་འདུལ་བའི་དུས་ལ་བབས༔ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ་ཡས་སུ༔ སངས་རྒྱས་ཞི་ཁྲོ་ཕྲིན་ལས་མཛོད༔ གཏི་མུག་འདུལ་བའི་དུས་ལ་བབས༔ བདེ་ཆེན་འཁོར་ལོའི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུགས་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་ལས་མཛོད༔ ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུ༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུ༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང༔ རང་སྣང་རྟོགས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྒྲོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ བདུན་པ་ཆད་ཐོ་བསྒྲག་པ་ནི། ཧཱུྃ་ དབྱིངས་ལས་ཡེ་ཤེས་རང་ཤར་བ༔ རང་རིག་རྒྱལ་པོ་སྒྲ་གཅན་འཛིན༔ ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང༔ རང་སྣང་རྩལ་ཆེན་རྒྱས་པར་མཛོད༔ སྣང་ལ་རང་བཞིན་མེད་པའི་ཡུལ༔ ཀུན་ཏུ་བཟང་མོ་གནམ་ཞལ་མ༔ ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང༔ དངོས་འཛིན་དབུ་མར་ཐིམ་པར་མཛོད༔ དབྱིངས་རིག་གཉིས་མེད་རྡོ་རྗེ་འཛིན༔ རྡོ་རྗེ་སེམས་དཔའ་དགྱེས་མཛད་པ༔ སྡེ་བརྒྱད་དྲེགས་དཔོན་ཐུགས་དམ་བསྐང༔ མཐའ་བརྒྱད་སྤྲོས་པ་ཆོད་པར་མཛོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་བརྟན་མ་སྐྱོང་བ་ནི། བྷྱོ༔ སྣ་ཚོགས་མ་འགགས་མ་མོའི་ཚོགས༔ རྟེན་འབྲེལ་བཅུ་གཉིས་ཡོངས་དག་པ༔ སྟོང་ཆེན་ཉིད་ཀྱི་རང་བཞིན་ཅན༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ལུགས་འབྱུང་བཅུ་གཉིས་གཏོར་མ་འབུལ༔ ལུགས་ལྡོག་བཅུ་གཉིས་ཟད་པའི་མཐར༔ རིག་པའི་ཡེ་ཤེས་རྟོགས་པར་མཛོད༔ མ་མཱ༔ ཁ་ཁཱ༔ ལ་ལཱ༔ ལེ་ལེ༔ ཏ་ཏཱ༔ ཏེ་ཏཾ༔ མ་མ་སྲིང་འགྲོ་མ་སརྦ་པཱུ་ཛ་ཁཱ་ཧི༔ དགུ་པ་རྟ་བྲོ་ནི། ཧཱུྃ་ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ༔ རྡོ་རྗེ་རི་རབ་ལྷུན་པོའི་འོག༔ གཟུང་འཛིན་རྟོག་པའི་རང་བྱུང་བདུད༔ མནན་ཏེ་ལྡང་བར་མ་གྱུར་ཏོ༔ སཏྭམྦྷ་ཡ་ནན༔ རྩ་བའི་ས་བཅད་གསུམ་པ་ནི། མཆོད་ཅིང་བསྟོད་ལ། ཨོཾ་ རང་བྱུང་སྟོང་གསལ་དཀྱིལ་འཁོར་ལྷས༔ རིག་པ་ཡེ་ཤེས་སྒོ་ཕྱེས་ལ༔ རྩ་རླུང་ཐིག་ལེ་རྣམ་དག་པའི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ འགགས་མེད་མི་ཤིགས་བདེ་ཆེན་སྒྲ༔ གྲགས་སྟོང་གསུང་གི་དངོས་གྲུབ་སྩོལ༔ དགའ་བཞི་འགྱུར་མེད་ལྷན་ཅིག་སྐྱེས༔ འོད་གསལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ དབྱིངས་དང་རིག་པ་དབྱེར་མེད་པ༔ སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་ནི། ཡེ་ནས་གློ་བུར་དྲི་བྲལ་ལ༔ འཁྲུལ་རྟོག་བག་ཆགས་མི་འཚལ་ཡང༔ སྒྱུ་མར་སྣང་བའི་ལས་རྣམས་ཀུན༔ རང་སར་དག་ཕྱིར་བཤགས་པར་བགྱི༔ ཡི་གེ་བརྒྱ་པ་བརྗོད། ལྔ་པ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། སྐྱེ་བ་མེད་ལ་འགག་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་མིག་རླུང་གསུམ་འོད་གསལ་དུ༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ ཡེ་ཤེས་སྒྱུ་འཕྲུལ་ཤར་བ་ནི༔ དྭངས་པའི་མཚོ་ལ་གཟའ་སྐར་ལྟར༔ སྐུ་དང་ཡེ་ཤེས་མ་འདྲེས་པ༔ ལྷུན་གྲུབ་དཀྱིལ་འཁོར་འཁོར་ལོར་ལྡང༔ དྲུག་པ་ནི། ཧཱུྃ་ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གར༔ དགེ་ཚོགས་མ་འགག་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དྭངས་པའི་སར༔ འཁོར་གསུམ་དམིགས་པ་བྲལ་བར་བསྔོ༔ ཧཱུྃ་ཨཱཿཨོཾ༔ སྐྱེ་བ་མེད་ལ་ཅིར་ཡང་སྣང༔ འགག་པ་མེད་པའི་ཡེ་ཤེས་ཀྱིས༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ བདུན་པ་ནི། ཀུན་བཟང་བདེ་ཆེན་སྣང་མཐའ་ཡས༔ ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད༔ དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ༔ ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་བྲལ་བའི་ཞིང་ཁམས་སུ༔ ལྔ་ཕུང་ཟད་པའི་འོད་པོ་ཆེ༔ ཆོས་དང་ཡེ་ཤེས་མིང་འདོགས་བྲལ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ རྟེན་འབྲེལ་ཆོས་ཀུན་མ་འགགས་པ༔ བྱས་དང་བྱེད་པ་ཆོས་སྐུའི་རྩལ༔ འཁོར་བ་མིང་དུ་ཟད་པ་ཡི༔ རྟོགས་པའི་གདིང་ཐོབ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །གཉིས་པ་ལམ་གྱི་ཡན་ལག་འགའ་ཞིག་ཞར་བྱུང་དུ་བཤད་པ་ལ་གསུམ། བདག་ཉིད་འཇུག་པ། གཞན་རྗེས་སུ་འཛིན་པ། གནས་ལུང་གི་ཆོ་གའོ། །དང་པོ་ནི། དངོས་གཞིའི་བཟླས་པའི་མཇུག་ཏུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་དང་སྔགས་མཐར། ཕཊ་ཛཿབཏགས་པས། བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཡེ་ཤེས་པ་མདུན་དུ་བྱེ་ནས་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་གྱུར་ཅེས་བརྗོད་པས་ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་ནུས་དང་། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ཀུན་བཟང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ་གཟུངས་ཐག་ནས་བཟུང་སྟེ་སྔགས་ཅི་ནུས་བཟླ། ལས་བུམ་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་ཡི་གེ་བརྒྱ་པ་ཅི་རིགས་བཟླ། ཐུན་མཐར་མཆོད་པ་དང་ཡི་གེ་བརྒྱ་པའི་རྗེས། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་དྲངས་པས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ། བཤགས་པ་དང་། སྐོང་ཆོག་གི་ཚོགས་མཆོད་ཡན་གྲུབ་ནས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་ཕུལ། འཇུག་པའི་ཆེད་དུ་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་དུ༔ བདག་ཉིད་འཇུག་པར་འཚལ་བར་བགྱི༔ ལན་གསུམ། རྒྱུད་སྦྱོང་བའི་ཕྱིར། ཧཱུྃ་ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་ཞི་ཁྲོའི་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་སྟེང་དུ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ ལན་གསུམ། སྡོམ་པ་བཟུང་བ་ནི། བླ་མ་ཞི་ཁྲོ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ། རང་ཉིད་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལ། གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང་། རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་མཐིང་གར་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་རང་གི་གདན་ལ་འཁོད་པས་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀུན་འདུས་སུ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་གྱུར་པའི་མོས་པས། ཧཱུྃ་ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མཁའ་ལ་ཆར་ལྟར་བབས་ནས་ཀྱང༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེར་མཛོད༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ བར་སྣང་གློག་ལྟར་འཁྱུགས་ནས་ཀྱང༔ རྩ་ཁམས་རླུང་ལ་ཡེ་ཤེས་སྦྱོར༔ ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ ས་ནས་རླངས་ལྟར་རྡོལ་ནས་ཀྱང༔ རིག་པའི་རྩལ་ཆེན་རང་ལ་སྤོར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨེ་ཨཱ་རལླི་ཕེཾ་ཕེཾ་ཕེཾ༔ ཞེས་དབབ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ་གིས་བརྟན་པར་བྱའོ། །དེས་འཇུག་པའི་ཆོས་གྲུབ་ནས། ཞུགས་ནས་མངོན་པར་དབང་བསྐུར་བའི་ཕྱིར་མཎྜལ་ཕུལ། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོག་ཆེན་བསྩལ་པ་བཞིན༔ བདག་ཀྱང་ཡོངས་སུ་བསྐྱབ་པའི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ཅེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྫས་རྣམས་བྱུང་། བདག་ལ་མངོན་པར་དབང་བསྐུར་བར་གྱུར་པར་བསམས་ཏེ། ཧཱུྃ་ དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། སྤྲོ་ན་ལྷ་དབང་རྒྱས་བསྡུས་ཇི་ལྟར་རིགས་པ་བཀའ་གཏེར་གྱི་ཞི་ཁྲོའི་གཞུང་གང་རུང་ལྟར་སྦྱར། དག་པ་བརྗོད་པ་ནི། བུམ་པའི་དབང་བསྐུར་ཡོངས་སུ་རྫོགས༔ ལུས་ཀྱི་སྒྲིབ་དག་ཀུན་ཏུ་འོད༔ ས་ནོན་ཞི་བའི་ལས་རྣམས་འགྲུབ༔ སྤྲུལ་སྐུ་མངོན་དུ་བྱས་པ་འོ༔ ཞེས་རྟོགས་པ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། བདུད་རྩི་མྱོང་ལ། ཧཱུྃ་ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས༔ དབང་བསྐུར་སྲས་ལ་སྦྱིན་པ་ལྟར༔ གཉིས་མེད་སྦྱར་པའི་བདུད་རྩིའི་ཆུ༔ གདན་གསུམ་ངོ་བོས་ཁྱོད་དབང་བསྐུར༔ སྔགས་མཐར། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པ་ནས་བརྒྱུད་རྩ་ཁམས་གང༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྒྱས་པའི་ལས་འགྲུབ་པད་ཅན་ནོན༔ རང་བྱུང་རྣམ་བཞི་མངོན་དུ་གྱུར༔ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་གཟུགས་དང་ལང་ཚོ་རྫོགས་པའི་རིག་མ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། ཧཱུྃ་ ཀུན་བཟང་ཐུགས་ཀ་ནས་བྱུང་བའི༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ གཟུགས་དང་ལང་ཚོ་ཀུན་ལྡན་མ༔ འདི་ཁྱེར་རྟག་ཏུ་མཆོད་པ་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྷ་མོ་རྡོ་རྗེའི་ལམ་དུ་ཞུགས༔ སྙིང་གར་བརྒྱུད་དེ་སྤྱི་བོར་ཐིམ༔ མས་བརྟན་དགའ་བཞིའི་མཐར་བསྐྱལ་ལོ༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ དབང་གི་ལས་འགྲུབ་ཚོགས་ཆེན་ནོན༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ དབང་བཞི་པའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང་། སྙིང་གའི་དབུས་སུ་ཐིམ་པ་ལ་བརྟེན་ནས་བྱིན་རླབས་འཕོ་བའི་རིམ་པས་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། ཧཱུྃ་ བདེ་ལ་སེམས་བཟུང་སྟོང་ཉིད་ངང༔ སྲིད་པ་ངོ་བོ་ཉིད་དག་པ༔ སྣང་སྟོང་ཟུང་འཇུག་མཐའ་ལས་འདས༔ རང་བཞིན་དག་པའི་དོན་བསྒོམ་བྱ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བཞི་པའི་དབང་ཐོབ་རྦ་རླབས་དང༔ དྲག་པོའི་ལས་འགྲུབ་བླ་མའི་ས༔ ནོན་ཞིང་སྒོ་གསུམ་དམ་ཚིག་འཛིན༔ ངོ་བོ་ཉིད་སྐུ་ཧེ་རུ་ཀ༔ མ་བཅོས་རྫོགས་པ་ཆེན་པོ་འགྲུབ༔ ཅེས་རྟོག་པ་བསྐྱེད། གཏང་རག་གི་མཎྜལ་དང་། བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུངས༔ ཀུན་ཀྱང་ཡེ་ཤེས་མཆོག་ཐོབ་ཤོག༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་གི་ཕྱིར་མི་གཏོང༔ རིན་ཆེན་གླང་པོ་ནོར་བུ་རྟ༔ བུ་དང་བུ་མོ་ཡོ་བྱད་རྣམས༔ ཡུལ་འཁོར་ལོངས་སྤྱོད་བཅས་ཀུན་འབུལ༔ ཚེ་གཅིག་གྲོལ་གྱུར་གདམས་མཆོག་སྩོལ༔ ཅེས་བརྗོད། ཛཿཧཱུྃ་བཾ་ཧོ༔ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཡི་གེ་གསུམ་གྱི་རྣམ་པས་རང་ལ་ཐིམ་པར་གྱུར་པའི་མོས་པས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་སོགས་གོང་ལྟར་བྱའོ། །གཉིས་པ་ནི། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ལོ་རྒྱུས་ཀྱིས་བྱང་དྲངས་ཏེ་མཎྜལ་ཕུལ་བ་སོགས་བདག་འཇུག་གི་ཆོ་ག་ལ་མཚམས་སྦྱོར་ཅུང་ཟད་དང་བཅས་རྗེས་སུ་འཛིན་པར་བྱའོ། །གསུམ་པ་ནི། ཞི་ཁྲོ་སྤྱིའི་རྒྱུད་ཧེ་རུ་ཀ་གལྤོའི་བརྟག་པ་ལས། དང་པོ་རྟེན་བཅས་མི་ལུས་ཚོགས། །གཉིས་པ་ལྷ་དབང་སྟ་གོན་གནས། །གསུམ་པ་དཀྱིལ་འཁོར་དབང་བསྐུར་ནས། །བཞི་པ་ཞི་བས་བསྙེན་པར་བྱ། །ལྔ་པ་ཁྲོ་བོས་བསྒྲུབ་པ་ལ། །དྲུག་པ་ཨ་ལས་ཆོས་སྐུ་འཐོབ། །བདུན་པ་གཟུགས་སྐུས་འགྲོ་དོན་མཛད། །བདུན་ཚིགས་ཞེས་ནི་མགོན་པོས་གསུངས། །ཞེས་པའི་དོན་གྲུབ་པའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ཏེ་ཤིན་ཏུ་མདོར་བསྡུས་སུ་བྱ་བའི་ཚུལ་ལ། རྒྱུད་སྦྱོང་འཇུག་དང་དབང་བསྐུར་བྱ། །བསྙེན་སྒྲུབ་གནས་སྤར་ལམ་སྦྱོང་ངོ་། །ཞེས་བདུན་ལས། དང་པོ་ནི། སྦྱོར་བའི་སྐབས་སུ་མིང་བྱང་དང་བྲབ་རྫས་སོགས་འདུ་བྱས་ལ། དངོས་གཞིའི་སྐབས་རྣམ་བུམ་དང་ལས་བུམ་བསྒྲུབ་པ་གོང་ལྟར་དང་། སྔགས་ཀྱི་ནུས་པ་བྲབ་རྫས་ལའང་བསྟིམ། རྗེས་ཚོགས་མཆོད་ཡན་གྲུབ་ནས་བདག་འཇུག་རྒྱས་བསྡུས་གང་རིགས་བྱ། དེ་ནས་རྟེན་བསྐྱེད་པ་ནི། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམས་ལ་རྣམ་ཤེས་དགུག་པ་ནི། ན་མོ། དཀོན་མཆོག་རྩ་གསུམ་ཞི་ཁྲོ་དང་། །སྔགས་རྒྱ་ཏིང་འཛིན་བདེན་པའི་མཐུས། །ཚེ་འདས་རྣམ་ཤེས་སྐད་ཅིག་གིས། །དམིགས་པའི་རྟེན་འདིར་མཆིས་གྱུར་ཅིག །ནྲྀ་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ རྣམ་པར་ཤེས་པ་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར་པར་བསམ། བགེགས་སྦྱོང་བའི་གཏོར་མ་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ ཚེ་འདས་གསོན་བདུད་གཤིན་ལྕག་བགེགས། ཐར་ལམ་བར་དུ་གཅོད་པ་ཀུན། །གཏོར་མ་འདི་ལོངས་གཞན་དུ་དེངས། །བཀའ་ལས་འདས་ན་བརླག་པར་འགྱུར། །ཞེས་དང་། དྲག་སྔགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃཿཞེས་རྡོ་རྗེའི་སྲུང་འཁོར་བསྒོམ། དེ་ནས་སྤྲོ་ན་མཆོག་ཁྲུས་སྔོན་དུ་འགྲོ་བས་ལས་དང་ཉོན་མོངས་པ་སྦྱོང་ཕྱིར་གཟུགས་བརྙན་ལ་བཀྲུ་ཞིང་། རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཆུས། །ཞེ་སྡང་ཉོན་མོངས་བག་ཆགས་བཀྲུས། །མི་བསྐྱོད་རྡོ་རྗེའི་སྐུ་ཐོབ་ཤོག །གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆུས། །མ་རིག་གཏི་མུག་བག་ཆགས་སྦྱངས། །རྣམ་པར་སྣང་མཛད་སྐུ་ཐོབ་ཤོག །ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཆུས། །ང་རྒྱལ་དྲི་མ་དག་གྱུར་ནས། །རིན་ཆེན་འབྱུང་ལྡན་སྐུ་ཐོབ་ཤོག །འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཆུས། །འདོད་ཆགས་ཉོན་མོངས་དག་གྱུར་ནས། །སྣང་བ་མཐའ་ཡས་སྐུ་ཐོབ་ཤོག །འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཆུས། །ཕྲག་དོག་ཉོན་མོངས་བྱང་གྱུར་ནས། །དོན་ཡོད་གྲུབ་པའི་སྐུ་ཐོབ་ཤོག །ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །རྣམ་རྟོག་དྲི་མ་སྦྱོང་བྱེད་པས། །དུག་གསུམ་སྒྲིབ་པ་དག་གྱུར་ནས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག །ཅེས་ཚིགས་བཅད་སོ་སོའི་མཚམས་སུ། རྩ་སྔགས་དང་ཡི་གེ་བརྒྱ་པའི་མཐར། ཧཱུྃ་ཧཱུྃ་ཀ་ལཱ་ཤ་ཁཾ་ཚེ་ལས་འདས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཀྲུ། དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་བཀྲུས་པས་ཚེ་ལས་འདས་པའི་ཉོན་མོངས་པ་དང་སྡིག་སྒྲིབ་ཐམས་ཅད་བྱང་སྟེ་ལུས་དག་པའི་ཤེལ་ལྟར་གྱུར་ཅིང་། ཚོགས་གསག་པའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲོས་ཏེ་སྐྱབས་སུ་གསོལ་བར་གྱུར་པར་བསམས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །རྟག་པར་རྒྱུན་དུ་མཆོད་པར་བགྱི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་པ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ །ཉོན་མོངས་གདུང་བས་གཟིར་པ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ཚེ་འདས་ཉིད་གདུང་བ་དྲག་པོ་སྐྱེས་པའི་རྐྱེན་གྱིས་དཀྱིལ་འཁོར་དུ་འཇུག་པའི་སྐལ་པ་དང་ལྡན་པར་བསམ། གཉིས་པ་ལ་གཉིས། སྦྱོར་བ་རིགས་དྲུག་གི་གནས་ནས་དྲངས་ཤིང་རྡོ་རྗེའི་གྲལ་དུ་འགོད་པ་དང་། དངོས་གཞི་དཀྱིལ་འཁོར་ཆེན་པོར་འཇུག་པའོ། །དང་པོ་ནི། རྒྱས་པར་གཞན་དུ་ཤེས་ལ། འདིར་འབྲུ་གསུམ་རྡོ་རྗེའི་བཟླས་པའི་ཏིང་ངེ་འཛིན་གྱིས་དྲང་བའི་ཚུལ་ཤིན་ཏུ་བསྡུས་པ་ནི། ཚེ་འདས་ལུས་ཀྱི་གནས་དྲུག་ཏུ། །སྤྱི་བོར་ལྷ་ཡི་ས་བོན་དང་། །བག་ཆགས་འདུས་པའི་ཨ་དཀར་པོ། །མགྲིན་པར་ལྷ་མིན་སུ་སེར་པོ། །སྙིང་གར་མིའི་ནྲྀ་ལྗང་གུ །ལྟེ་བར་དུད་འགྲོའི་དུ་དུད་ཀ །གསང་གནས་ཡི་དྭགས་པྲེ་དམར་པོ། །རྐང་མཐིལ་དམྱལ་བའི་ཏྲི་ནག་པོ། །ཉོན་མོངས་ལས་དང་སྡིག་སྒྲིབ་ཀུན། །ཐམས་ཅད་ཚོགས་པའི་ངོ་བོར་གྱུར། །དུད་འགྲོའི་ས་བོན་དུ་དུད་ཀ་དང་། དམྱལ་བའི་ས་བོན་ཏྲི་ནག་པོར་གལྤོའི་རྒྱུད་ཉིད་ལས་གསུངས། མཆན་། རང་ཉིད་ཞི་ཁྲོ་རབ་འབྱམས་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །ལྗགས་སྟེང་པདྨར་ཨཱཿདམར་པོ། །སྙིང་གར་ཉི་མར་ཧཱུྃ་མཐིང་ག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རྡོ་རྗེ་གསུམ་གྱི་ངོ་བོར་གསལ། །བསྒོམ་ཞིང་བཟླས་པས་འོད་ཟེར་སྤྲིན། །མེ་ལྕེ་ལྟ་བུ་རབ་ཏུ་འཕྲོས། །རིགས་དྲུག་ས་བོན་ལས་ཉོན་གྱི། །བག་ཆགས་མ་ལུས་བསྲེག་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས། །སྤྲོ་བ་རྣམ་པ་གསུམ་དག་བྱ། །རྡོ་རྗེའི་བཟླས་པ་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་གྱུར། །ཨོཾ་ཨཱཿཧཱུྃ་ཕཊ་ཛཿ ཞེས་འོད་ཟེར་སྤྲོས་ཤིང་བསྡུས་ཏེ་འབྲུ་གསུམ་རྡོ་རྗེའི་བཟླས་པ་དང་ངག་བཟླས་ཅི་རིགས་པའི་མཐར་སྔགས་བཟླས་པའི་བྱེ་མས་བྲབ་ཅིང་། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསམས་ནས་གཟུགས་ཀྱི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེ་རབ་ཏུ་བྱ། །འདིས་ནི་བྱང་ཆུབ་མཆོག་ཐོབ་པའོ། །ཞེས་དང་རྩ་སྔགས་ཡི་གེ་བརྒྱ་པ་དང་བཅས་པའི་མཐར། ཨ་སུ་ནྲྀ་དུ་པྲེ་ཏྲི་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད། དེ་ལྟར་ཚེ་འདས་ཀྱི་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་སྟེ་དཀྱིལ་འཁོར་དང་ཉེ་བར་རྡོ་རྗེའི་གྲལ་དུ་འཁོད་པར་གྱུར་པར་བསམ། གཉིས་པ་ནི། མཎྜལ་ནས་བཟུང་ཡེ་ཤེས་དབབ་བརྟན་གྱི་བར་དང་། གསུམ་པ་ནི། དངོས་གཞིའི་མཎྜལ་ནས་དབང་ལྷ་བསྟིམ་པའི་བར་གོང་ལྟར་བྱ། རྗེས་འབྲེལ་མངའ་དབུལ་གྱི་ཚུལ་དུ་འདོད་ཡོན་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་དང་སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། སྤྲོ་ན་འདོད་ཡོན་ལྔ་སོ་སོར་ཕྲལ་པས་མཆོད། བཞི་པ་ནི། བདག་དང་དམིགས་ཡུལ་གྱི་སྙིང་གའི་སྟེང་ཁང་ཞི་བའི་ལྷ་ཚོགས་ལྷག་པར་གསལ་བ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས། དབང་དོན་གྱི་ཡེ་ཤེས་བརྟན་ཅིང་ནུས་པ་དང་ལྡན་པར་བྱས། བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས་པར་གྱུར་པའི་མོས་པས། ཨོཾ་ཨཱཿཧཱུྃ་ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ཅི་རིགས་བཟླ། བསྙེན་པའི་མཐར། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །འོག་མིན་ཆོས་དབྱིངས་ཞིང་ཁམས་སུ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །ཞེས་ལམ་བསྟན། ལྔ་པ་ནི། ཞི་བའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་ཐིམ། དེའི་འོད་ཟེར་གྱིས་འོག་ཁང་ཁྲོ་བོའི་ལྷ་ཚོགས་ལྷག་པར་གསལ་བར་བྱས། སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར་པའི་མོས་པས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་རིགས་པས་བསྒྲུབ། དྲུག་པ་ནི། པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །མངོན་དགའི་ཞིང་དུ་སྐྱེ་བར་ཤོག །འོག་ཁང་ཁྲོ་བོའི་ལྷ་ཚོགས་རྣམས་བཛྲ་ཧེ་རུ་ཀ་ལ་ཐིམ། དེ་ཉིད་སྤྱི་བོའི་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་གྱུར། གཞི་ལུས་ཀྱི་སྤྲུལ་པའི་དཀྱིལ་འཁོར་ཇི་སྙེད་པའང་འདུས་ཏེ་མཐར་རླུང་རིག་དབྱེར་མེད་པའི་དྭངས་མ་ཨ་དཀར་པོ་གསལ་ལ་འཚེར་བར་གྱུར་པ། རྩལ་པོ་ཆེས་མདའ་འཕངས་པ་ལྟར་ཚངས་པའི་ལམ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པར་གྱུར་པའི་མོས་པས་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག་པས་གནས་སྤར། སྙིགས་མའི་ཕུང་ཁམས་ཡེ་ཤེས་ཀྱི་མེས་བསྲེག་པར་བསམས་ལ། ཧཱུྃ། ཆོས་ཉིད་རྣམ་དག་ཐབ་ཁུང་དུ། །ཆོས་ཅན་མཚན་མའི་ཕུང་ཁམས་བསྲེག །དབྱིངས་རིག་ཟུང་འཇུག་འོད་གསལ་ངང་། །གཟུང་འཛིན་སྤྲོས་པ་ཞི་གྱུར་ཅིག །སྔགས་མཐར་ཛྙཱ་ན་ཛྭ་ལ་རཾ་ཞེས་པས་བྱང་བུ་བསྲེག །བདུན་པ་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །ཅེས་ལམ་སྦྱངས་པས་འོད་གསལ་གྱི་ངང་ལས་སློབ་པའི་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་བཞེངས་ཏེ། སླར་ཡང་སྟེང་གི་ནམ་མཁའ་ལ་ཆེད་དུ་འོང་ནས་དྲིན་ལན་བསབ་པའི་ཕྱིར་མེ་ཏོག་འཐོར་བཞིན་པས་རྒྱལ་བའི་ཕྲིན་ལས་ལ་ཆེད་དུ་བརྗོད་པར་གྱུར། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་ཕྲིན་ལས་འཕགས། །གང་ཕྱིར་བདག་ཅག་ངན་སོང་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད་དེ་སླར་ཡང་མངོན་པར་དགའ་བའི་ཞིང་དུ་སོང་ནས་ལམ་གྱི་ལྷག་མ་སྦྱངས་ཏེ། དབུས་ཕྱོགས་མེ་རི་འབར་བ་ཀུན་ཏུ་བཟང་པོའི་ཞིང་ཁམས་སུ་སངས་རྒྱས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ་སྨོན་ལམ་རྒྱ་ཆེར་གདབ། བྱང་ཐལ་ཡིག་བརྒྱ་བཟླ་བཞིན་བུམ་ཆུས་སྦྱང་། གཟུགས་སྐུ་རྒྱུན་མི་འཆད་པས་འགྲོ་བའི་དོན་མཛད་ཕྱིར་སཱཙྪ་གདབ། དེའང་། སྲོག་ཆགས་བྲལ་བའི་ས་དང་ཆུ། །རིན་ཆེན་དྲི་སྣ་་་་རིན་ཆེན་ལྔ་དང་དྲི་ལྔ་་་མཆན་་་རབ་ལྡན་པས། །ཞེས་ལེགས་པར་སྦྱར་བའི་འཇིམ་པ་སྔགས་བཟླ་བཞིན་འབི་འབི་བྱ། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་ཅིང་རྒྱར་གཞུག །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ནང་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་སྭཱ་ཧཱས་བརྡུང་། ཨོཾ་དྷརྨ་ར་ཏི་སྭཱ་ཧཱས་རྒྱ་ནས་དབྱུང་། ཨོཾ་ཨཱཿཔྲ་ཏི་ཏིཥྛ་བཛྲ་སྭཱ་ཧཱས་སྟེགས་ལ་བཀོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བས་རབ་ཏུ་གནས། ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། དགེ་བ་འདི་ཡིས་འགྲོ་བ་ཀུན། །མཐར་ཐུག་འབྲས་བུའི་སྐུ་གདུང་ཆེ། །སྐུ་གསུམ་ས་ལ་གནས་པ་ནི། །ཡེ་ཤེས་རྣམ་ལྔས་བརྒྱན་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ལྟ་བུའི་ཆོ་གའི་རིམ་པའང་། ཇི་སྐད་དུ། རྒྱུད་སྦྱོང་འཇུག་པ་ཚོགས་ལམ་གསུམ། །དབང་བསྐུར་སྦྱོར་ལམ་དྲོད་དང་རྩེ། །བསྙེན་པ་བཟོད་པ་སྒྲུབ་པ་མཆོག །མཐོང་བའི་ལམ་དུ་གནས་སྤར་ནས། །སྒོམ་པའི་ལམ་སྦྱངས་མཐར་ཕྱིན་པའི། །གཟུགས་སྐུའི་འགྲོ་དོན་རྟག་པའི་ཕྱིར། །སྐུ་གདུང་ཆེན་པོ་གདབ་པར་བྱ། །ཞེས་གསུངས་པ་ལྟར་ཐར་པའི་འདྲ་འབག་ལམ་དུ་བྱེད་པའི་གནས་ལུང་ཁྱད་པར་ཅན་ཏེ། གཞུང་གི་དགོངས་པ་ལྟར་ན་བདུན་ཕྲག་རེ་རེར་ས་བཅད་རེ་རེ་བྱ་བ་ཡིན་ནའང་འདིར་ཡོངས་གྲགས་དཀྱུས་གཅིག་ཏུ་སྦྲེལ་བའི་ཚུལ་ལྟར་བཀོད་པའོ། ༈ །འདིའི་བསྙེན་པ་བྱེད་ན། ཇི་སྐད་བཤད་པའི་སྒྲུབ་ཐབས་ཐུན་བཞིར་བསྒོམ། དེའང་ཐོར་ཐུན་ནམ་སྔ་ཐུན་ལྟ་བུར་ལས་གཞུང་རྒྱས་པར་བསྲང་། གཞན་རྣམས་ལ་སྐྱབས་སེམས་ཚོགས་གསག་ཙམ་གྱི་རྗེས་དངོས་གཞིའི་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་གསལ་བཏབ་ལ་བཟླས་པ་ལ་འཇུག །གང་ལྟར་ཡང་གཞུང་རྩ་བ་ལས། ཆོས་སྐུ་ཞི་ཁྲོ་རབ་འབྱམས་ནི༔ དབྱིངས་ཀྱི་སྟོང་ཆ་ཞི་བར་བཞུགས༔ རིག་པའི་གསལ་ཆ་ཁྲོ་བོར་བཞུགས༔ ཡེ་ཤེས་རྩ་རླུང་ཐིག་ལེ་རྣམས༔ ཡིག་འབྲུ་སྔགས་ཀྱི་ཚུལ་དུ་བཞུགས༔ ཞི་ཁྲོ་དམ་པ་རིགས་བརྒྱ་སོགས༔ བཞུགས་ཀྱང་མ་བསྒོམ་མ་སྤྲད་ན༔ ལས་ཀྱི་རྩ་རླུང་ཐིག་ལེས་སྒྲིབ༔ དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས༔ ཕུང་པོ་སངས་རྒྱས་ལྔ་བདག་ལ༔ དཔྲལ་བར་འཇམ་དཔལ་སྐུ་དཀྱིལ་བཞུགས༔ མགྲིན་པར་པདྨ་གསུང་དཀྱིལ་བཞུགས༔ སྙིང་གར་ཡང་དག་ཐུགས་དཀྱིལ་བཞུགས༔ ལྟེ་བར་ཡོན་ཏན་ཆེ་མཆོག་བཞུགས༔ གསང་བར་ཕུར་པ་ཕྲིན་ལས་བཞུགས༔ ཡན་ལག་ཉིང་ལག་ཐམས་ཅད་ལ༔ དཔའ་བོ་མཁའ་འགྲོ་ཇི་སྙེད་བཞུགས༔ དབྱིངས་རིག་དབྱེར་མེད་ཀུན་ཁྱབ་ཏུ༔ དུ་མ་རོ་གཅིག་ད་ལ་བཞུགས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ ཆོས་ཉིད་སྐུ་ཞིང་ཆེན་པོར་བཞུགས༔ མཉམ་ལ་མ་འདྲེས་འཇའ་ཚོན་ལྟར༔ གསལ་ལ་རྟོག་མེད་མེ་ལོང་གཟུགས༔ སྣང་ལ་གདོས་མེད་ཆུ་ཟླ་ལྟར༔ གདོད་ནས་ཡེ་རྫོགས་ཆེན་པོའི་སྐུ༔ སེམས་ཅན་ཀུན་ལ་རང་ཆས་སུ༔ ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས༔ བལྟར་ཡོད་བཟུང་དུ་མེད་པར་བཞུགས༔ སྒྲ་འོད་ཟེར་གསུམ་འཕྲོ་འདུར་བཞུགས༔ རང་བཞིན་དྲི་མེད་གཙང་མར་བཞུགས༔ བདག་དང་རང་དབང་དམ་པར་བཞུགས༔ བདེ་མཆོག་བདེ་བ་ཆེན་པོར་བཞུགས༔ རང་བྱུང་མེད་མིན་རྟག་པར་བཞུགས༔ ཁ་དོག་སྣ་ཚོགས་འབར་བར་བཞུགས༔ སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་བཞུགས༔ གཏིང་གསལ་ཆེན་པོའི་ངང་དུ་བཞུགས༔ དེ་ལྟར་རང་གནས་ཆེན་པོ་ལ༔ འཛིན་མེད་ངང་ནས་གཏད་དེ་བལྟ༔ མ་ཡེངས་རྩེ་གཅིག་གནས་པ་ཙམ༔ ཅིར་སྣང་རང་རིག་ཆོས་སྐུ་རུ༔ ཤེས་ན་བར་དོ་རྣམས་སུ་གྲོལ༔ ཞེས་པའི་དགོངས་པ་ལྟར། གཟོད་མ་ནས་ཤིན་ཏུ་རྣམ་པར་དག་པའི་གཉུག་མའི་སྒོ་གསུམ་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་བཞུགས་པ་ཉིད་བསྒྲུབ་གཞིར་བྱས་ཏེ། ཀ་དག་གཏིང་གསལ་གྱི་དགོངས་པ་ལས་མ་གཡོས་བཞིན་དུ། ལྷུན་གྲུབ་རང་བྱུང་ཆེན་པོའི་བསྐྱེད་བཟླས་ལ་རྩེ་གཅིག་ཏུ་བརྩོན་པས་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་སྟེ། རབ་སྐྱེ་གནས་ཀྱི་བར་དོ་འདི་ཉིད་དུ་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ། འབྲིང་འཆི་ཁའི་བར་དོར་འོད་གསལ་མངོན་དུ་འགྱུར་བའམ། ཆོས་ཉིད་བར་དོར་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་ཞིང་། ཐ་མའང་སྲིད་པ་བར་དོར་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་དབུགས་དབྱུང་ཞིང་ལམ་གྱི་ལྷག་མ་སྦྱངས་ཏེ་གྲོལ་བར་འགྱུར་ལ། གནས་སྐབས་ལས་རུང་གི་བསྙེན་པ་ཙམ་ལ་འབུམ་ཕྲག་བཅོ་ལྔའམ་སྤྱིར་བཏང་འབུམ་ཕྲག་བཞི་བཟླས་པས་ཀྱང་རུང་ངོ་། །ཞི་ཁྲོ་རབ་འབྱམས་རང་བྱུང་དཀྱིལ་འཁོར་གྱི། །ཟབ་གསལ་དབྱེར་མེད་ལམ་ལས་ཟུང་འཇུག་འབྲས། ཡེ་ཤེས་སྙིང་པོའི་ཐིག་ལེར་འགྲོ་བ་ཀུན། །རྟག་པ་དམ་པའི་ཕྲིན་ལས་མཐར་ཕྱིན་ཤོག །འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་ཞི་ཁྲོའི་བསྐྱེད་རྫོགས་ལམ་འབྲས་སྙིང་པོའི་ཀུན་བཟང་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདིའང་རང་གཞན་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རླབས་པོ་ཆེས་འོད་གསལ་སྙིང་པོ་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཆ་རྐྱེན་དུ། བླ་མ་དང་ལྷག་པའི་ལྷས་གནང་བའི་བྱིན་རླབས་ཀྱི་བདུད་རྩིས་བློ་གྲོས་ཀྱི་པདྨོ་བྱེ་བ་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་ལ། རྡོ་རྗེའི་གསུང་རིགས་མཐུན་པ་གཞན་གྱིས་ཁ་བསྐངས་ཏེ་གྲུབ་པར་སྦྱར་བ་གཞན་དོན་མཁའ་ཁྱབ་ཏུ་རྟག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།

བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོའི་མན་ངག་ (Volume 51, Text 32)

༄༅༔ བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོའི་མན་ངག་བཞུགས་སོ༔ མ་ཧཱ་གུ་རུ་ན་མོ༔ སྣང་སྲིད་ཐམས་ཅད་གཏན་ལ་འབེབ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད༔ སྐྱེ་ཤི་མི་མངའ་རྡོ་རྗེའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས༔ གུས་པས་ཕྱག་འཚལ་འདི་སྐད་གསོལ༔ གུ་རུ་རིན་པོ་ཆེ་ལགས༔ རྒྱལ་ཁྲིམས་ཆོས་བཞིན་སྐྱོང་བ་ལ༔ མཐའ་དབུས་མེད་པར་དབང་སྡུད་ཅིང༔ བསོད་ནམས་མེ་ལྟར་འབར་བ་ཡི༔ གདམས་པ་སྙིང་དང་འདྲ་བ་གཅིག༔ གསང་བའི་ནང་ནས་ཡང་གསང་ཞིག༔ བདག་ལ་ཅིས་ཀྱང་གནང་བར་ཞུ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེ་དར་ཅིག་ཐུགས་དམ་ལ་བཞུགས་ནས་གདམས་པ་འདི་གསུངས་སོ༔ ཨེ་མ་ཁྲི་སྲོང་ལྡེའུ་བཙན་ཉོན༔ མཐའ་འཁོབ་རྒྱལ་པོ་འདུལ་བ་དང༔ དབང་མེད་དབང་དུ་སྡུད་པ་ལ༔ གདམས་པ་ཁ་འཐོར་མང་དུ་གསུངས༔ འདི་ནི་ཙིཏྟའི་ཟུངས་ཁྲག་བཞིན༔ གཞན་ལ་བསྟན་ན་རྒྱལ་ཁམས་འཁྲུགས༔ དེ་ཕྱིར་རབ་ཏུ་གསོངས་ཤིག་བུ༔ ས་མ་ཡ༔ འཁོར་ལོ་བསོད་ནམས་སྟོབས་སྐྱེད་འདི༔ རྒྱལ་ཕུར་འཛོམས་པའི་དུས།་་་དར་རམ་རས་སམ་ཤོག་བུ་ལ༔ འཁོར་ལོ་མུ་ཁྱུད་བཞི་པ་བྱ༔ ལྟེ་བར་ཨཱོྃ་ཀུ་རུ་ཀུལླེ་ཨོཾ༔བུདྡྷ་མཁའ་འགྲོ་མས་བདག་འཆང་བ་འཁོར་བཅས་ཀྱི་དབང་དུ་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྡུས་ལ་མངའ་ཐང་བསོད་ནམས་སྟོབས་འབྱོར་སྐྱེད་ཅིག༔ ཅེས་ཕྲེང་དུ་བྲིའོ༔ དེའི་མུ་ཁྱུད་ཕྱི་མ་ལ༔ ཨོཾ་གྷ་བུ་ན་ཧི༔ དྷ་དི་ན་ཧེ༔ ཧེ་ཁ་ཧ་ཡ༔་་་དཔེ་གཅིག་ལ་ཧི་ལ་ཧ་ལ་སྣང་ནའང་ཕལ་ཆེར་མཐུན་པར་དཀྱུས་ལྟར་བྱུང་། དྷུ་པ་ཨ་ཚེ༔ འདི་འཆང་བ་པོའི་དབང་དུ་ཁམས་གསུམ་གྱི་ཟས་ནོར་སྡུས་ལ་ཚེ་དཔལ་བསོད་ནམས་མངའ་ཐང་སྐྱེད་ཅིག༔ དེའི་ཕྱི་ལ་སྟོབས་སྐྱེད་གླང་ཆེན་གྱི་གཟུགས་བྲིས་ལ་སུག་ལག་བཞི་ལ་སྔགས་འདི་བྲི༔ རཏྣ་ཡེ་ཤེས༔ བཛྲ་ཡེ་ཤེས༔ ཀརྨ་ཡེ་ཤེས༔ དྷརྨ་ཡེ་ཤེས༔ ཞེས་ལག་པ་གཡས་ནས་བརྩམ་སྟེ་རིམ་པར་བྲིའོ༔ གླང་ཆེན་སྤྱི་བོ་ནས་བརྩམ་སྟེ༔ སྔགས་འདི་གཡས་སྐོར་དག་ཏུ་བྲི༔ མ་ཧཱ་ཕ་ལ་ཨ་ཚེ་འཆང་བ་ལ་ཡོན་ཏན་ཀུན་སྩོལ༔ རཏྣ་ཕ་ལ་ཨ་ཚེ་འཆང་བ་ལ་ལེགས་ཚོགས་ཐམས་ཅད་སྩོལ༔ པདྨ་ཕ་ལ་ཨ་ཚེ་འཆང་བ་ལ་འཇིག་རྟེན་ཁམས་ཀྱི་ཟས་ནོར་སྩོལ༔ ཀརྨ་ཕ་ལ་ཨ་ཚེ་འཆང་བའི་དབང་དུ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་སྡུས་ཤིག༔ དྷརྨ་ཕ་ལ་ཨ་ཚེ་འཆང་བའི་དབང་དུ་འགྲོ་བ་ཐམས་ཅད་སྡུས་ཤིག༔ དེའི་ཕྱི་རོལ་པདྨ་འདབ་བརྒྱད་ལ༔་་་གླང་ཆེན་གྱི་སྤྱི་བོའི་གདོང་ཐད་པད་འདབ་མ་འཆོལ་བར་ལེགས་མཛེས་སུ་བྲི། ཤར་ནས་བརྩམ་སྟེ་གཡས་སྐོར་དུ༔ ༡༽ཤར།་་་ཨཱོྃ་ཧ་རི་ནི་ས་དྷུ་མ་གྷ་ཡེ་སྭཱ་ཧཱ༔ འཆང་བའི་དབང་དུ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་ཁུག་ལ་བསོད་ནམས་སྟོབས་འབྱོར་མངའ་ཐང་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༢༽ལྷོ།་་་ཨཱོྃ་ཀུ་རུ་ཀུལླེ་ཏྲཱཾ༔རིན་ཆེན་ཌཱ་ཀི་མས་འཆང་བའི་དབང་དུ་འགྲོ་བ་ཐམས་ཅད་སྡུས་ལ་སྟོབས་འབྱོར་མངའ་ཐང་སྙན་གྲགས་བསོད་ནམས་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༣༽ནུབ།་་་ཨཱོྃ་ཀུ་རུ་ཀུལླེ་ཧྲཱི༔པདྨ་མཁའ་འགྲོས་འཆང་བའི་དབང་དུ་ཟས་ནོར་ཐམས་ཅད་སྡུས་ལ་བསོད་ནམས་སྟོབས་འབྱོར་སྙན་གྲགས་ཚེ་དཔལ་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༤༽བྱང་།་་་ཨཱོྃ་ཀུ་རུ་ཀུལླེ་ཨཱ༔ལས་ཀྱི་མཁའ་འགྲོས་འཆང་བའི་དབང་དུ་འགྲོ་བ་ཕོ་མོ་སྡུས་ལ་ཚེ་དཔལ་བསོད་ནམས་སྙན་གྲགས་སྟོབས་འབྱོར་མངའ་ཐང་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༥༽ཤར་ལྷོ།་་་ཨཱོྃ་ཀུ་རུ་ཀུལླེ་ཧཱུྃ༔རྡོ་རྗེ་མཁའ་འགྲོས་འཆང་བའི་དབང་དུ་འགྲོ་བ་ཐམས་ཅད་སྡུས་ལ་བསོད་ནམས་སྟོབས་འབྱོར་ལོངས་སྤྱོད་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༦༽ལྷོ་ནུབ།་་་ཨཱོྃ་དྷེ་བ་དྷེ་བ༔འཆང་བའི་དབང་དུ་མིའི་ཡིད་དང་རྣམ་པར་ཤེས་པ་སྡུས་ལ་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་མངའ་ཐང་ལོངས་སྤྱོད་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༧༽ནུབ་བྱང་།་་་ཨཱོྃ་ཡ་ད་ཧ་ད་་་ཡང་ཧང་ཞེས་པའང་གདའ།ཨ་བྷི་ས་མ་ཡ་ཨ་མཱ་ར་ཎ་ཛྙཱ་ན་ཕ་ལ༔འཆང་བའི་དབང་དུ་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཁུག་ལ་ཚེ་དང་ཡེ་ཤེས་བསོད་ནམས་མངའ་ཐང་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༨༽བྱང་ཤར།་་་ཨཱོྃ་དྷེ་བ་དྷེ་བ༔འཆང་བའི་དབང་དུ་བུད་མེད་ཐམས་ཅད་ཀྱི་ཡིད་དང་རྣམ་ཤེས་སྡུས་ལ་ཚེ་དཔལ་བསོད་ནམས་སྟོབས་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཐམས་ཅད་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ དེའི་ཕྱི་རོལ་མུ་ཁྱུད་ལ༔ གོང་གི་རིགས་ལྔའི་སྔགས་དང་རྟེན་སྙིང་བྲི་སྟེ༔ ཨཱོྃ་ཀུ་རུ་ཀུལླེ་ཨཱོྃ༔ ཨཱོྃ་ཀུ་རུ་ཀུལླེ་ཧཱུྃ༔ ཨཱོྃ་ཀུ་རུ་ཀུལླེ་ཏྲཱཾ༔ ཨཱོྃ་ཀུ་རུ་ཀུལླེ་ཧྲཱི༔ ཨཱོྃ་ཀུ་རུ་ཀུལླེ་ཨཱ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ ཞེས་དང༔ འཆང་བ་ལ་འཆི་མེད་ཚེ་འཛད་མེད་ནོར་ལོངས་སྤྱོད་བྲན་འཁོར་གཉེན་བཤེས་བློ་གསལ་ཤེས་རབ་ཕྱུག་པའི་གཡང་གཟི་བརྗིད་བཀྲག་མདངས་དགའ་མགུ་རངས་པ་འཆད་རྩོད་རྩོམ་པ་སོགས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་དངོས་གྲུབ་ཐམས་ཅད་སྩོལ་ཅིག་ཝཱ་ཤཾ་ཀུ་རུ་ཧོ༔ ཟུར་བཞིར་དྷཱ་ཀི་བཞིའི་འཁོར་ལོ༔ ཕྱོགས་བཞིར་བཀྲ་ཤིས་མཚན་མ་སྟེ༔ མ་ནོར་དཔེའུ་ཆུང་བཞིན་དུ་བྲི༔ ༈ ༡༽དེ་ཡང་་་ལྟེ་བའི་འཁོར་ལོའི་ཟུར་བཞིར་གླང་པོ་ཆེའི་ལག་གཉིས་ཀྱི་ཐད།་་་བྱང་ཤར་དུ་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར༔ བཛྲ་མཁའ་འགྲོས་འཆང་བའི་ཚེ་དཔལ་བསོད་ནམས་མངའ་ཐང་སྙན་གྲགས་སྟོབས་འབྱོར་སྐྱེད་ཅིག༔ མུ་ཁྱུད་དང་པོ་ལ༔ ཧྲཱིཿམ་བཛྲ་ནི་ས་བཛྲ་ཀྲོ་ཏི་ཧ་ཡ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ༔ ལྟེ་བའི་ཡི་གེའི་རྒྱབ་ནས་བརྩམ་སྟེ་གཡས་སྐོར།་་་འཆང་བའི་ཚེ་དཔལ་བསོད་ནམས་མངའ་ཐང་སྐྱེད་ཅིག༔ གཉིས་པ་ལ་འཁོར་ལོ་རྩིབས་བཞིར༔་་་སྟེང་ནས་གཡས་སྐོར་དུ། ན་ཧི་ མ་རི་ན་ གྱལ་ རོ་ཁ་ རྩིབས་མཆན་དུ༔ འཆང་བའི་དབང་དུ་ཟས་ནོར་ ལོངས་སྤྱོད་ཐམས་ཅད་ཁུག་ལ་ བསོད་ནམས་སྙན་གྲགས་ མངའ་ཐང་ཐམས་ཅད་སྐྱེད་ཅིག༔ ཅེས་ཆ་བགོས་ལ་བྲི༔ གསུམ་པ་ལ༔ ཨོཾ་ཀུ་རུ་ཀུལླེ་ཡེ་ལོང༔ རྡོ་རྗེ་མཁའ་འགྲོས་འཆང་བའི་དབང་དུ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་མཐའ་དག་སྡུས་ལ་ཚེ་དཔལ་བསོད་ནམས་སྙན་གྲགས་སྟོབས་འབྱོར་མངའ་ཐང་སྐྱེད་ཅིག༔ ༢༽ཤར་ལྷོར་མུ་ཁྱུད་གསུམ་པའི་ལྟེ་བར༔ རཏྣ་མཁའ་འགྲོས་འཆང་བའི་ཚེ་དཔལ་བསོད་ནམས་སྙན་གྲགས་མངའ་ཐང་སྟོབས་འབྱོར་སྐྱེད་ཅིག༔ མུ་ཁྱུད་དང་པོར༔ ཨཱོྃ་ཧྲཱིཿཏི་ར་ཙ་ནི་ཀུ་རུ་ཡེ་སྭཱ་ཧཱ༔ འཆང་བ་པོ་ལ་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྡུས་ཤིག་ཨཱ་ཀརྵཱ་ཡ་ཛ༔ གཉིས་པར་འཁོར་ལོ་རྩིབས་བརྒྱད་ལ༔་་་སྟེང་ནས་བརྩམ་སྟ།ེ ྈ ྈ ྈ ྈ ྈ ྈ ྈ ྈ ཞེས་འབྲུ་རེ་རེ་བྲི༔ རྩིབས་མཆན་ལ༔ པཱ་ཤཾ་ན་ད་ ཡ་ཧཱུྃ་འཆང་བ་ པོའི་དབང་དུ་ འཛམ་གླིང་གི་ རྒྱལ་པོ་བཙུན་མོ་ བློན་པོ་སོགས་ བཙན་ཕྱུག་ལྡན་པ་ ཀུན་ཨཱ་ཀརྵཱ་ཡ་ཛ༔ གསུམ་པར༔ ཨཱོྃ་ཧ་རི་ནི་ས་བྷ་མ་བྷ་ཡེ་ཧྲཱིཾ་ཧྲཱིཾ་པུཥྚིཾ་ཀུ་རུ་ཡེ་ཏྲཱཾ་མ་གྷ་ན་ཧྲཱིཿསྭཱ་ཧཱ༔ འཆང་བའི་དབང་དུ་འགྲོ་བ་མཐའ་དག་དང་ཟས་ནོར་ཐམས་ཅད་སྡུས་ལ་ཚེ་དཔལ་བསོད་ནམས་སྟོབས་འབྱོར་སྙན་གྲགས་ལོངས་སྤྱོད་སྐྱེད་ཅིག༔ ༣༽ལྷོ་ནུབ་ཏུ་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར༔ པདྨ་མཁའ་འགྲོས་འཆང་བའི་ཚེ་དཔལ་བསོད་ནམས་སྟོབས་འབྱོར་མངའ་ཐང་སྙན་གྲགས་སྐྱེད་ཅིག༔ མུ་ཁྱུད་དང་པོ་ལ༔ ཨཱོྃ་དྷེ་བ་དྷེ་བ་འཆང་བའི་ཚེ་དཔལ་མངའ་ཐང་བསོད་ནམས་སྟོབས་འབྱོར་སྙན་གྲགས་ཐམས་ཅད་སྐྱེད་ཅིག༔ གཉིས་པ་ལ་འཁོར་ལོ་རྩིབས་ལྔ་པ་ལ༔་་་སྟེང་ནས་རིམ་བཞིན། ཨཱོྃ་ཧ་རི་ ནི་ས་ དྷརྨཱ་ གྷ་ཡེ་ སྭཱ་ཧཱ༔ རྩིབས་མཆན་ལའང་དེ་ཉིད་དོ༔ གསུམ་པ་ལ༔ ཨཱོྃ་དྷ་ར་ཧ་ཀུ་རུ་ཎ་ཨ་ཚེ༔ ཨཱོྃ་ར་བྷ་རུ་ཎ་ཨ་ཚེ༔ ར་བྷ་ཧ་སཾ་བྷ་ལ་ཡ་ཎ་རི་ཨ་ཚེ༔ འཆང་བའི་དབང་དུ་འགྲོ་བ་ཕོ་མོ་དང་ཟས་ནོར་ལོངས་སྤྱོད་མངའ་ཐང་ཆབ་སྲིད་སྟོབས་འབྱོར་ཐམས་ཅད་སྡུས་ཤིག་ཨཱ་ཀརྵཱ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ༤༽ནུབ་བྱང་དུ་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར༔ ཀརྨ་མཁའ་འགྲོས་འཆང་བའི་ཚེ་དཔལ་བསོད་ནམས་སྟོབས་འབྱོར་མངའ་ཐང་སྐྱེད་ཅིག༔ མུ་ཁྱུད་དང་པོ་ལ༔ མ་ནི་སེ་ན་ཨ་ཚེ༔ བ་དུ་ན་ཤ་དྷི་ར་ཧ་ར་སྭཱ་ཧཱ༔ འཆང་བའི་དབང་དུ་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྡུས་ཤིག༔ གཉིས་པ་ལ་འཁོར་ལོ་རྩིབས་དྲུག་པར།་་་སྟེང་ནས་གཡས་སྐོར་དུ། ཧོ་ལ་ ཕ་ལ་ ཨ་ཚེ་ བསྐག་ སྡུ་མི་ ཕ་ལ༔ རྩིབས་མཆན་ལ། འཆང་བའི་དབང་དུ་ ལྷ་འདྲེ་མི་གསུམ་ ཟས་ནོར་ལོངས་སྤྱོད་ ཐམས་ཅད་སྡུས་ཤིག་ མངའ་ཐང་སྟོབས་འབྱོར་ བསྐྱེད་དུ་གསོལ༔ གསུམ་པ་ལ༔ ཨཱོྃ་ཀུ་རུ་ཀུལླེ་ཨཱ༔ འཆང་བའི་དབང་དུ་འགྲོ་བ་དང་ཟས་ནོར་ཐམས་ཅད་སྡུས་ལ་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་སྟོབས་རྩལ་སྙན་གྲགས་ཐམས་ཅད་སྐྱེད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྟེ་བའི་འཁོར་ལོའི་ཕྱོགས་བཞིར་གླང་པོ་ཆེའི་གཡས།་་་ཤར་དུ་པདྨའི་ལྟེ་བར། བུདྡྷ་རཏྣ་སྭཱ་ཧཱ༔ འདབ་མ་བརྒྱད་ལ། ཨཱོྃ་ བུ་གེ་ ཀ་ར་ སྭཱ་ཧཱ༔ མ་ ཏཏ་ ས་ན་ སྭཱ་ཧཱ༔ ཞེས་རེ་རེ་བྲི༔ བུམ་པའི་ལྟོ་བར༔ ཀུ་ལ་ཨ་ཚེ༔ མུ་ལ་ཨ་ཚེ༔ སུ་བྷུ་དྷཱ་ཏ་ད་སྭཱ་ཧཱ༔ སྟོབས་སྐྱེད་ཅིག༔ ལྷོར་གདུགས་ཀྱི་ཐོད་ལ༔ ཨཱོྃ་བཾ་ནཱི་རི་གྲ་ཨ་ཚེ་སྭཱ་ཧཱ༔ འཆང་བའི་ཚེ་དཔལ་སྐྱེད་ཅིག༔ གསེར་ཉའི་ལྟོ་བར། ཀ་རི་ཕ་ལ་ཨ་ཚེ་སྭཱ་ཧཱ༔ འཆང་བའི་བསོད་ནམས་སྐྱེད་ཅིག༔ ནུབ་ཏུ་རྒྱལ་མཚན་གྱི་ཤམ་བུ་ལ༔ ཨཱོྃ་བྷ་དྷ་ག་ཏེ་ཧ་ཏེ་ཕཊ་ཧཱུྃ་ཨ་ཚེ་ཕ་ལ༔ འཆང་བའི་སྟོབས་འབྱོར་སྐྱེད་ཅིག༔ དུང་དཀར་གྱི་ལྟོ་བར། བྷུ་དྷ་ས་དྷེ་ཨ་ཚེ༔ འཆང་བའི་སྙན་གྲགས་སྐྱེད་ཅིག༔ བྱང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར༔ འཆང་བའི་ཚེ་དཔལ་བསོད་ནམས་མངའ་ཐང་སྙན་པ་སྐྱེད་ཅིག༔ རྩིབས་བཞི་ལ། གཡས།་་་ཨཱོྃ་ གཡོན།་་་ཤཾ་ མདུན།་་་ཨ་ རྒྱབ།་་་ཨཱོྃ་ དཔལ་བེ་ཟུར་བརྒྱད་པའི་ཁོང་གསེང་ལ། མ་ ཧ་ ཀ་ ཆ་ ས་ ལ་ ཧོ་ ཕ་ ཞེས་བྲི༔ གཞུང་དུ་མི་གསལ་ཡང་། དཔེའུ་རིས་ལ། དེ་ཐམས་ཅད་ཀྱི་ཕྱི་ནས་མུ་ཁྱུད་གཅིག་གྲུ་བཞིར་བསྐོར་བའི་ཤར་ལྷོ་ནས་བརྩམ་སྟེ་འདོད་གསོལ་རྒྱས་པར་བཀོད་པའི་ཕྱི་རོལ་དུ་མེ་རིས་མཛེས་པར་བྱས་གདའ་འོ། །བཟང་དྲུག་ག་པུར་ཙནྡན་དང༔ སྐྱེས་པ་བུད་མེད་སིནྡྷུ་ར༔ གསེར་རམ་རྒྱ་མཚལ་གཙང་མས་བྲི༔ དུས་ནི་རྒྱལ་དང་ཟླ་སྟོད་ཤིས༔ གྭའུར་བཅུག་ལ་དར་སྣས་དྲིལ༔ མགུལ་ལམ་མཆན་ཁུང་གཡོན་དུ་བཅང༔ དེ་ཡིས་བསོད་ནམས་སྟོབས་སུ་འགྱུར༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཞེས་གསུངས་ནས་མཆིམས་ཕུ་རྫའི་ར་བར་ཤོག་སེར་ལ་བཏབ་སྟེ་མོན་བུམ་ཐང་གི་ཀ་བ་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དུས་ཀྱི་ཐ་མ་ས་ཕོ་ཁྱིའི་ལོ་ལ་འབྲོག་སྟོན་ཆུང་གིས་གཏེར་ནས་བཏོན་ཏེ་དར་བར་བྱས་པའོ། །ཤིན་ཏུ་ཟབ་རྒྱ།། །། ༈ སྭསྟི། ཟུར་མཁར་ཨ་ཇོ་དཔལ་པོ་དང་། འབྲེ་ཤེས་རབ་འབར་དང་། གཉལ་པ་ཉི་མ་སེངྒེ་སྟེ་གཏེར་སྟོན་གསུམ་གྱི་ཟབ་གཏེར་ནས་བྱོན་པའི། བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོའི་ཕྱག་ལེན་ལ། དང་པོ་འཁོར་ལོ་བྲི་བ་ནི། ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་དུས་ཚེས་དགེ་ཞིང་ལྷག་པར་སྐར་མ་རྒྱལ་གྱི་ཉི་ཤར་ལ་ཁ་ནུབ་ཏུ་ཕྱོགས་པས། རབ་དར་དམར་པོ་ལ་གསེར་དངུལ། འབྲིང་རྒྱ་ཤོག་ལ་རྒྱ་མཚལ། ཐ་མའང་རྒྱ་ཤོག་བུག་རྡོལ་མེད་པ་ལ་རྒྱ་སྣག་གིས་འཁོར་ལོ་གཞུང་དང་དཔེའུ་རིས་ལྟར་བྲིས་བསུབ་ལྷག་ཆད་མེད་པར་ལྟེ་བའི་ཡི་གེ་ཐམས་ཅད་ཕྲེང་ཚར་དང་། མུ་ཁྱུད་རྣམས་སྟེང་ནས་བརྩམ་སྟེ་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲིའོ།། །།གཉིས་པ་རྫས་ལ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ། བཟང་པོ་དྲུག །བླ་མ་གོང་མ་བྱིན་རླབས་སྐུ་བསོད་རྒྱས་ཤིང་སྐུ་ཚེ་རིང་པོར་བཞུགས་པའི་གདུང་རུས་དང་། སྐུ་བལ། བདུད་རྩི་ཆོས་སྨན། དགེ་སློང་གཙང་མ་ཀུན་གྱིས་བཀུར་འོས་པའི་སྣམ་སྦྱར་ཚལ་བུ། ཚོང་དུས་ཆེན་པོ་ཚོགས་པའི་ས། ཆུ་བོ་རྒྱུན་འབབ་ཀྱི་ཆུ། ཐང་ཆེན་ཁད་མཉམ་པའི་རྡེའུ་དང་ས་སྣ། རྒྱལ་པོ་སོགས་སྐྱེས་པ་དབང་སྟོབས་ཅན་གྱི་ཟས་ལྷག་དང་ནོར་སྣ། བུད་མེད་ཆང་མ་སོགས་ཕྱུག་པའི་ཁང་ས། བུད་མེད་བུ་མང་དུ་སྐྱེས་པའི་གོས་དུམ། གླ་རྩི། ན་ཆུང་གཙང་མའི་པདྨ་རཀྟ་འམ། མ་འབྱོར་ན་ཙ་རི་སོགས་གནས་ཆེན་ལས་བྱུང་བའི་སིནྡྷུ་ར། གི་ཝང་། གཞན་ཡང་ནོར་སྣའི་རིགས་སེམས་ཅན་དང་གདོན་དྲག་པོ་རྗེས་སུ་འབྲང་བ་མ་ཡིན་པའི་དཔལ་དང་བསོད་ནམས་ཅན་གྱི་ལག་ནས་བྱུང་བ་རྙེད་ཚད་རྣམས་གསག་གོ། །།གསུམ་པ་རབ་གནས་ནི། རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་མདུན་དུ་ སྟེགས་ཀྱི་ཁར་མེ་ཏོག་དཀར་པོ་སིལ་མ་དགྲམ། དེའི་སྟེང་དུ་འཁོར་ལོ་དང་རྫས་རྣམས་བཞག །མཆོད་པ་ཇི་ལྟར་འབྱོར་པ་བཤམ། བདག་བསྐྱེད་རྟ་མགྲིན་གསང་སྒྲུབ་སོགས་རྟ་མགྲིན་གྱི་རིགས་གང་རུང་གི་བསྒོམ་བཟླས་སྔོན་དུ་འགྲོ་བས་སྦྱོང་ཁྲུས་སྤྱི་ལྟར་བྱ། དེ་ནས་འཁོར་ལོ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གླང་པོ་ཆེ་རབ་ཏུ་བརྟན་ཅིང་གཟི་བརྗིད་ནུས་སྟོབས་མཆོག་ཏུ་འབར་བ། ནོར་བུ་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྟེ་བར་བུདྡྷ་མཁའ་འགྲོ་མ་དཀར་མོ། ཕྱི་རོལ་གྱི་གྲ་བཞིར་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། རིན་ཆེན་མཁའ་འགྲོ་མ་སེར་མོ། པདྨ་མཁའ་འགྲོ་མ་དམར་མོ། ལས་ཀྱི་མཁའ་འགྲོ་མ་ལྗང་གུ། ཐམས་ཅད་ཀྱང་མཁའ་འགྲོའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། མཐའ་སྐོར་ཀུན་ཏུ་རང་རང་གི་ལས་བྱེད་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་དང་། བར་མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་མཛེས་པ། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་དང་མདུན་བསྐྱེད་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། ཨོཾ་ཌཱ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་ལྡན་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟོར་འཕྲོས། ཅི་འདོད་པའི་ལས་ཐམས་ཅད་ཡིད་བཞིན་དུ་བསྒྲུབས། ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འོད་དམར་སེར་གྱི་རྣམ་པར་དབང་དུ་བསྡུས་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ་པས་ནུས་བྱིན་མཆོག་ཏུ་འབར་བར་གྱུར་པར་བསམས་ལ། འཁོར་ལོ་ལ་བཀོད་པའི་སྔགས་དངོས་རྣམས་ཅི་ནུས་དང་། སྤེལ་ཚིག་ལན་རེ་བཟླ་ཞིང་གསོལ་བ་བཏབ། མེ་ཏོག་འཐོར། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས་པ་རྣམས་བསྐྱེད་གཞིའི་རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་འདི་འཆང་བ་པོའི་དབང་དུ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་དང་། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ། ཁྱད་པར་དུ་འཛམ་བུ་གླིང་གི་རྒྱལ་པོ། བཙུན་མོ། བློན་པོ། དམག་དཔོན། སྐྱེས་པ། བུད་མེད་སོགས་མི་ཕྱུགས་དང་། གསེར་དངུལ་ཟངས་ལྕགས་གཡུ་དང་བྱུར་ཤེལ་ནས་འབྲས་གྲོ་སྲན་ཏིལ་སོ་གོས་དར་ཇ་རས་སོགས། འཇིག་རྟེན་ན་སྲིད་པའི་མཁོ་དགུའི་དངོས་པོ་ཐམས་ཅད་དབང་དུ་བསྡུས་ནས་རྣམ་ཐོས་སྲས་ཀྱི་མངའ་ཐང་དང་བསོད་ནམས་རི་རྒྱལ་ལྟར་བརྟན་ཅིང་། ཆབ་སྲིད་ཆུ་བོ་ཆེན་པོའི་རྒྱུན་ལྟར་ཆད་པ་མེད་པ་དང་། ཚེ་ཉི་ཟླ་ལྟར་མཉམ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ཡེ་དྷརྨཱ་བཟླས་པའི་མེ་ཏོག་འཐོར་བ་ལན་གསུམ་སོགས་བྱ། སླར་ཡང་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ལྷ་རྣམས་ཀྱིས་ཀྱང་དགྱེས་པ་ཆེན་པོས་ལས་བསྒྲུབ་པར་ཞལ་གྱིས་བཞེས་ནས་འོད་དུ་ཞུ་བ་ལས་རང་རང་གི་འཁོར་ལོའི་དབྱིབས་ཅན་འཆང་བ་པོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཆབ་སྲིད་སོགས་ལེགས་ཚོགས་ཐམས་ཅད་འཕེལ་བའི་ནུས་པ་ཐོགས་པ་མེད་པ་དང་ལྡན་པར་གྱུར། དེ་ནས་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་དུ་བཀྲ་ཤིས་རྒྱས་པར་བརྗོད་དོ།། །།བཞི་པ་བཅང་ཚུལ་ནི། འཁོར་ལོའི་ལྟེ་བར་རྫས་རྣམས་ཇི་ལྟར་འོས་པ་དང་བཅས་ལེགས་པར་བལྟབས་ལ་ཚོན་སྐུད་སྣ་ལྔས་བཅིང་། རྫས་མང་དུ་ཡོད་ན་ཟ་འོག་དམར་སེར་གྱི་ཁུག་མར་བླུགས་ལ་དེ་དང་ལྷན་ཅིག་ཏུ་མི་ལག་མི་འགྲིམ་པར་མགུལ་ལམ་དཔུང་པ་གཡོན་དུ་ཟངས་ཀྱི་གྭའུ་ལ་སོགས་པར་དྲོད་དང་མ་བྲལ་བར་བཅང་ངོ་།། །།ལྔ་པ་ཕན་ཡོན་ནི། སྤྱིར་ལས་ཐམས་ཅད་འགྲུབ་ཅིང་། ཁྱད་པར་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། བརྟན་གཡོ་སྣོད་བཅུད་ཀྱི་འདོད་པའི་དངོས་པོ་ཐམས་ཅད་ཡིད་བཞིན་དུ་དབང་དུ་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །འདི་ཡང་ཞལ་ཤེས་ཀྱི་ཟིན་བྲིས་རྙིང་པ་འགའ་ཞིག་གི་དགོངས་དོན་ཁོ་ན་ལྟར་དག་ཅིང་གསལ་བར་བཀོད་པ་སྟེ། དགེ་བས་མཐའ་ཡས་པའི་འགྲོ་བ་ཐམས་ཅད་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། འཁོར་ལོ་འདི་མཆོད་རྟེན་སོགས་ཀྱི་སེང་ཁྲི་དང་། བང་མཛོད་ཀྱི་ཕུགས། གཏེར་བུམ་གྱི་སྙིང་པོར་གཞུག་པའི་ཕྱག་བཞེས་ཀྱང་སྣང་ངོ་།། །།

བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་གསོལ་འདེབས་ (Volume 15, Text 32)

བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་གསོལ་འདེབས་བཞུགས་སོ། །ན་མོ། ཆོས་དབྱིངས་ཀ་དག་གདོད་མའི་ཞིང་ཁམས་སུ། །ཆོས་སྐུ་སྐྱེ་མེད་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྣམ་དག་འོག་མིན་ལོངས་སྐུའི་ཞིང་ཁམས་སུ། །ལྷུན་གྲུབ་རང་གསལ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ལྔ་ལྡན་འོད་ལྔ་ཚོམ་བུའི་ཞིང་ཁམས་སུ། །རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་གྲུབ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མཁའ་སྤྱོད་རིག་འཛིན་བཀོད་པའི་ཞིང་ཁམས་སུ། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་རུ། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་དུ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་དུ། །པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་དུ། །ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདུད་རྩི་ཡོན་ཏན་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཕྲིན་ལས་དྲག་པོ་སྒྲོལ་བའི་དཀྱིལ་འཁོར་དུ། །ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་དུ། །མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཐུགས་རྗེ་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་དུ། །རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་དུ། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་རུ། །དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཡང་དག་རོལ་པའི་དུར་ཁྲོད་ཆེན་པོ་རུ། །ཡང་དག་གྲུབ་པའི་ཧཱུྃ་ཆེན་ཀ་ར་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་རུ། །འཇམ་དཔལ་གྲུབ་པའི་མཉྫུ་ཤྲཱི་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །པདྨ་རོལ་པའི་དུར་ཁྲོད་ཆེན་པོ་རུ། །དབང་ཆེན་གྲུབ་པའི་ནཱ་གརྫུ་ན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཆེ་མཆོག་རོལ་པའི་དུར་ཁྲོད་ཆེན་པོ་རུ། །དཔལ་ཆེན་གྲུབ་པའི་བི་མ་མི་ཏྲ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་རུ། །ཕུར་པ་གྲུབ་པའི་པྲ་ཆེན་ཧསྟི་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་རུ། །མ་མོ་གྲུབ་པའི་དྷ་ན་སཾསྐྲྀ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་རུ། །རིག་འཛིན་གྲུབ་པའི་སློབ་དཔོན་རྡོ་རྗེ་ཆོས། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འཇིག་རྟེན་རོལ་པའི་དུར་ཁྲོད་ཆེན་པོ་རུ། །མཆོད་བསྟོད་གྲུབ་པའི་དྷེ་བ་ཙཎྜ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་རུ། །དམོད་པ་གྲུབ་པའི་ཤནྟིཾ་གརྦྷ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། རིག་འཛིན་བརྒྱད་ཀྱི་བརྒྱུད་པ་འཛིན་བྱེད་ཅིང་། །བཀའ་བརྒྱད་དགོངས་པ་ཐུགས་ལ་རྫོགས་པ་ཡི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྦྲགས་ཀྱི་ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ། །འཇམ་དཔལ་བཀའ་བབས་ཉི་ཟླ་གདན་དུ་བཏིང་། །སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུ་བྲེ་གུའི་གཙུག་ལག་ཏུ། །དབང་ཆེན་བཀའ་བབས་རྟ་སྐད་སྤྱི་བོར་སྒྲོག །སློབ་དཔོན་ཆེན་པོ་རྒྱལ་བ་མཆོག་དབྱངས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ། །ཡང་དག་བཀའ་བབས་མཁའ་ལ་བྱ་བཞིན་འཕུར། །སློབ་དཔོན་ཆེན་པོ་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡར་ལུང་དབེན་གནས་ཤེལ་གྱི་བྲག་ཕུག་ཏུ། །ཆེ་མཆོག་བཀའ་བབས་བྲག་ལས་སྨན་ཆུ་བཏོན། །སློབ་དཔོན་ཆེན་པོ་ཛྙཱ་ན་སུ་ཏྲ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ། །ཕུར་པའི་བཀའ་བབས་བྲག་ལ་ཕུར་པ་བཏབ། །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡར་ལུང་ཤམ་པོ་གངས་ཀྱི་ར་བ་རུ། །མ་མོའི་བཀའ་བབས་རླུང་སེམས་དབང་དུ་སྡུད། །སློབ་དཔོན་ཆེན་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བསམ་ཡས་ནེའུ་སིང་ཆེན་པོའི་ཆུ་རྒྱུན་དུ། །མཆོད་བསྟོད་བཀའ་བབས་ལྷ་སྲིན་བྲན་དུ་ཁོལ། །སློབ་དཔོན་ཆེན་པོ་དཔལ་གྱི་སེང་གེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ། །དམོད་པའི་བཀའ་བབས་བསད་པ་གསོ་བར་ནུས། །སློབ་དཔོན་ཆེན་པོ་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བསམ་ཡས་དབུ་རྩེ་རིགས་གསུམ་ཕོ་བྲང་དུ། །བདེར་འདུས་བཀའ་བབས་གཞན་སྣང་ཟིལ་གྱིས་གནོན། །ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། ཤངས་ཀྱི་ཟབ་ལུང་གངས་ཀྱི་ར་བ་རུ། །བཀའ་བརྒྱད་རྒྱུད་སྡེ་བཀའ་ཡི་བསྡུ་བ་མཛད། །རྒྱལ་སྲས་ཆེན་པོ་མུ་ཏིག་བཙན་པོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་དམ་པ་རུ། །ཟབ་གཏེར་བཀའ་བབས་འབྲེལ་ཚད་དོན་དང་ལྡན། །ཐེག་ཆེན་རྣལ་འབྱོར་པདྨ་གླིང་པ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རིམ་གཉིས་ཟབ་མོའི་དངོས་གྲུབ་སྩོལ་མཛད་པའི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བུམ་ཐང་རྩེ་ལུང་གཙུག་ལག་གཏེར་གནས་སུ། །བསྐྱེད་རྫོགས་མཐར་ཕྱིན་དངོས་གྲུབ་འབྱུང་བའི་གནས། །བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་ལྷ་ཚོགས་ཀྱི། །དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས་རྣམས་དང་། །དཔའ་བོ་མཁའ་འགྲོ་གིང་དང་ལང་ཀ་དང་། །ཕོ་ཉ་མགྱོགས་བྱེད་མ་སྲིང་ཤུགས་འགྲོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བསྙེན་སྒྲུབ་ལས་སྦྱོར་སྨིན་གྲོལ་མཐར་ཕྱིན་ནས། །བདག་དོན་ཆོས་སྐུ་མཐའ་རུ་ཕྱིན་པ་དང་། །གཞན་དོན་རྩོལ་བས་སེམས་ཅན་སྨིན་བྱེད་ཅིང་། །བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །སྒྲུབ་པ་བཀའ་བརྒྱད་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། །།

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་འགག་དོན་བསྡུས་པའི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བ་ (Volume 21, Text 32)

༄༅། །ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་འགག་དོན་བསྡུས་པའི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་ཀྱི་འགག་དོན་ཟབ་གནད་གཅིག་ཏུ་བསྡུས་པ། ལམ་རིམ་པ་གཉིས་ཀྱི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། བླ་མ་དང་ཐབས་ཤེས་ཀྱི་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་སྟོང་ཉིད་སེམས་དཔའ་འཇམ་པའི་དབྱངས། །ཐབས་མཆོག་སྙིང་རྗེའི་སེམས་དཔའ་འཇིག་རྟེན་དབང་། །སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས། །གུས་པར་བསྙེན་ནོ་བློ་གྲོས་མཆོག་སྦྱིན་མཛོད། །འདིར་བཀའ་འབུམ་གྱི་དོན་བསྡུས་པའི་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླང་བའི་རིམ་པ་ལ་གཉིས། སྨིན་བྱེད་དབང་གི་རིམ་པ་དང་། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པའོ། །དང་པོ་ནི་ཟུར་དུ་བཤད་ལ། གཉིས་པ་གྲོལ་བྱེད་ལ་སྤྱི་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་གསུམ་མོ། །སྤྱི་དོན་དང་པོ་སྔོན་འགྲོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མིན་པ་དང་། ཁྱད་པར་རོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། དཀར་ནག་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པའོ། །སྟན་བདེ་བ་ལ་ལུས་བསམ་གཏན་གྱི་ཡན་ལག་བདུན་དང་ལྡན་པས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། དལ་འབྱོར་ངོས་བཟུང་། དེ་ཉིད་རྙེད་པར་དཀའ་བ། རྙེད་པ་ཆུད་མི་ཟ་བར་དོན་ལྡན་དུ་བྱ་བའི་ཚུལ་ལོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། ཆོས་ཐམས་ཅད་འདུས་བྱས་མི་རྟག་པ། སྐྱེ་འགྲོ་ཐམས་ཅད་ངེས་པར་འཆི་བ། དེ་ཡང་ནམ་འཆི་ངེས་མེད་རྣམས་སོ། །གསུམ་པ་དཀར་ནག་རྒྱུ་འབྲས་བསམ་པ་ནི། བསླུ་བ་མེད་པ་རྒྱུ་འབྲས། དེ་ཡང་མི་དགེ་བས་ངན་སོང་རྣམས་དང་། དགེ་བས་བདེ་འགྲོར་བགྲོད་པའི་ཚུལ་ལོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ནི། འགྲོ་བ་རིགས་དྲུག་གི་སྡུག་བསྔལ། དེར་སྐྱེ་བའི་རྒྱུ། ཐར་པའི་ཕན་ཡོན་རྣམས་སོ། །གཉིས་པ་ཐུན་མིན་ལ་བཞི། རྒྱུད་སྣོད་རུང་དུ་སྒྲུབ་པ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་ཕྱིར་ཡི་གེ་བརྒྱ་པ། ཚོགས་གཉིས་རྫོགས་ཕྱིར་མཎྜལ་དབུལ་བ། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་རོ། །དང་པོ་སྐྱབས་སུ་འགྲོ་བ་ནི། སྒྲུབ་པ་པོ་ཐ་མལ་པའི་མདུན་མཁར་ཁྲི་གདན་པདྨ་ཟླ་ཉིའི་གདན་ལྔ་ཚོམ་གྱི་དབུས་སུ་བླ་མ་རྡོ་རྗེ་འཆང་ལ་བརྒྱུད་རིམ་གྱིས་བསྐོར་བ། དེའི་མདུན་ཁྲིར་ཡི་དམ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བསྐོར་བ། གཡས་ཀྱི་ཁྲིར་སྟོན་པ་ཤཱཀྱའི་རྒྱལ་པོ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གིས་བསྐོར་བ། རྒྱབ་ཀྱི་ཁྲིར་ཆོས་སྐུ་ཡུམ་ཆེན་མོ་ལ་དྲང་ངེས་ཀྱི་ཆོས་གླེགས་བམ་གྱི་རྣམ་པས་བསྐོར་བ། གཡོན་གྱི་ཁྲིར་བྱང་སེམས་ཉེ་བའི་སྲས་བརྒྱད་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་བཞུགས་པ། ཁྲིའི་མཚམས་རྣམས་སུ་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ། དེ་ལ་ཕྱི་ནང་གི་མཆོད་པ་དང་ཡན་ལག་བདུན་པ་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་དབུལ། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱབས་ཡུལ་གྱི་མདུན་དུ་ཚོགས་ནས་བདག་གིས་སྐྱབས་འགྲོ་བྱས་པ་ཙམ་གྱིས་དེ་ཐམས་ཅད་ཀྱིས་ཀྱང་སྐྱབས་སུ་འགྲོ་བར་མོས་ལ། བདག་མིང་འདི་ཞེས་བགྱི་བས་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ༴ ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ༴ ཞེས་ལན་མང་དུ་སྐྱབས་སུ་འགྲོ་བ་ནི་ཕྱིའི་སྐྱབས་འགྲོ །ཡང་བདག་མིང་ནས་བྱང་ཆུབ་ཀྱི་བར་དུ་སོགས་གོང་ལྟར་ལས། བརྒྱུད་པའི་རྩ་བ་བླ་མ་ལ༴ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལ༴ བྱིན་རླབས་ཀྱི་རྩ་བ་མཁའ་འགྲོ་ལ༴ ཞེས་ལན་ཅི་མང་བཟླ་བ་ནང་གི་སྐྱབས་འགྲོ །ཡང་བདག་མིང་ནས་བྱང་ཆུབ་ཀྱི་བར་དུ། ལྟ་བ་བླ་ན་མེད་པ་ཕྱོགས་མེད་མཐའ་བྲལ་ལ༴ སྒོམ་པ་བླ་ན་མེད་པ་གསལ་སྟོང་འཛིན་མེད་ལ༴ སྤྱོད་པ་བླ་ན་མེད་པ་རང་ཤར་རང་གྲོལ་ལ༴ ཞེས་ཅི་མང་བཟླ་བ་གསང་བའི་སྐྱབས་འགྲོ་ཞེས་བཀའ་འབུམ་ཉིད་དུ་གསུངས་པ་ལྟར་དང་། དེ་དག་གི་བསླབ་བྱ་ལ་སོགས་ཀྱང་ངེས་པར་བྱའོ། །སེམས་བསྐྱེད་པ་ནི། བདག་མིང་ནས་བྱང་ཆུབ་ཀྱི་བར་དུ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་ཐབས་ཤེས་རབ་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཐུགས་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་དེ་ལྟར་སེམས་བསྐྱེད་ཅིང་ཉམས་སུ་བླང་བར་བགྱིའོ། །ཞེས་ཁ་སེམས་འདྲེས་པར་ལན་མང་དུ་བྱ་བ་ཡང་བཀའ་འབུམ་ཉིད་ལས་གསུངས་སོ། །དེ་ནས་སྐྱབས་ཡུལ་རང་ལ་བསྟིམ། གཉིས་པ་ཡི་གེ་བརྒྱ་པའི་ཁྲིད་ནི། རང་ཐ་མལ་པའི་སྤྱི་བོར་པད་དཀར་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམས། དབང་ལྷ་སྤྱན་དྲངས་དབང་བསྐུར་རྒྱས་གདབ་མཆོད་བསྟོད། ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར་ཡིག་བརྒྱས་བསྐོར་བ་ལ་དམིགས་ཏེ། ཡིག་བརྒྱ་བཟླའོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་བའི་སྤྲོ་བསྡུ་དང་བཅས་པས། སྔགས་ཕྲེང་ས་བོན་རྡོ་རྗེ་སེམས་དཔའི་སྐུ་དང་བཅས་པ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བསམ། མཐར་གསོལ་བ་བཏབ་པས་རྡོར་སེམས་ཀྱིས་སྡིག་སྒྲིབ་དག་པའི་གནང་བ་བྱིན་པར་བསམ། རང་ཉིད་ལ་བསྟིམ། གསུམ་པ་མཎྜལ་གྱི་ཁྲིད་ནི། མདུན་དུ་སྐྱབས་ཡུལ་ལྟར་གསལ་བཏབ། ཡན་ལག་བདུན་པ་དང་མཎྜལ་རྒྱས་བསྡུས་སྐབས་སྦྱར་དབུལ། བརྒྱ་ཕྱག་དང་བསྐོར་བ་སོགས་སྒྲིབ་སྦྱོང་མང་དུ་བྱ། མཐར་རང་ལ་བསྟིམ། བཞི་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་མཁར་གྱད་དང་སེང་གེས་བཏེག་པའི་ཁྲི་སྟེང་པད་ཟླ་ཉི་གདན་ལ་ངོ་བོ་རྩ་བའི་བླ་མ་དང་སྤྱན་རས་གཟིགས་དབང་ཐ་མི་དད་པ་ལ་རྣམ་པ་རྡོ་རྗེ་འཆང་གསལ་བཏབ། དེ་ལ་བརྒྱུད་པའི་བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་སྤྲིན་འཁྲིགས་པ་ལྟར་བསྐོར་ནས་ཡོད་པར་བསམ་ལ་མཆོད་བསྟོད། ཡན་ལག་བདུན་པ་དབུལ། གསོལ་བ་གདབ་པ་ནི། མོས་གུས་ཀྱི་གདུང་ཤུགས་དྲགས་པོ་རྩེ་གཅིག་ཏུ་བྱས་པའི་ངང་ནས། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཆོས་སྐུ་སྤྲོས་བྲལ་མགོན་པོ་འོད་དཔག་མེད། །ལོངས་སྐུ་བརྩེ་ལྡན་འཕགས་མཆོག་སྤྱན་རས་གཟིགས། །སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་གསུམ་ངོ་བོ་པདྨ་འབྱུང་གནས་ཞབས། །ཟབ་གཏེར་འབྱིན་མཛད་གྲུབ་ཐོབ་དངོས་གྲུབ་མཚན། །མངའ་བདག་ཉིད་སྤྲུལ་ཉི་མ་འོད་ཟེར་ལ། །གསོལ་བ༴ དེ་སྲས་མཆོག་གྱུར་མི་བསྐྱོད་རྡོ་རྗེ་དང་། །སྐད་གཉིས་སྨྲ་བ་ཤཱཀྱ་བཟང་པོའི་མཚན། །འཕགས་པའི་རྣམ་འཕྲུལ་ལྷ་རྗེ་དགེ་འབུམ་ཞབས། །གསོལ་བ༴ མཁའ་འགྲོའི་དབང་ཕྱུག་ལྕམ་མོ་ཡེ་ཤེས་མཆོག །བྱང་ཆུབ་སེམས་ལྡན་རྒྱལ་བ་ཆུ་སྒོམ་པ། །སྤྲོས་པ་ཀུན་བྲལ་མཐའ་བཞི་བྱ་བྲལ་ལ། །གསོལ་བ༴ མཁས་པའི་དབང་པོ་བསོད་ནམས་སེང་གེ་དང་། །གྲུབ་པ་མཆོག་བརྙེས་བཀྲ་ཤིས་རྒྱལ་མཚན་ཞབས། །དགེ་བའི་བཤེས་གཉེན་བློ་གྲོས་རྒྱལ་མཚན་ལ། །གསོལ་བ༴ ཐར་པའི་ལམ་སྟོན་དབུ་ཐུམ་འདུལ་བ་པ། །བྱང་སེམས་ཆེན་པོ་དཔལ་ལྡན་གཞོན་ནུ་དང་། །རྗེ་བཙུན་དམ་པ་དཀོན་མཆོག་སྐྱབས་ཀྱི་ཞབས། །གསོལ་བ༴ ཁྲི་སྲོང་རྣམ་འཕྲུལ་པདྨ་དབང་གི་རྒྱལ། །རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེ་དང་། །རྒྱལ་བའི་དབང་པོ་གནམ་ལྕགས་མེ་འབར་ལ། །གསོལ་བ༴ ཡོངས་ཀྱི་བཤེས་གཉེན་དམ་པ་རིན་ཆེན་དཔལ། །འདྲེན་པ་མཆོག་གྱུར་སངས་རྒྱས་རིན་ཆེན་ཞབས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ༴ བདག་སོགས་མོས་ལྡན་གདུལ་བྱར་གྱུར་རྣམས་ལ། །ཐུགས་རྗེའི་སྤྱན་གྱིས་གཡེལ་མེད་རྟག་གཟིགས་ནས། །ལུས་ངག་ཡིད་གསུམ་རྡོ་རྗེ་རྣམ་གསུམ་དུ། །བྱིན་གྱིས་རློབས་ཤིག་རྩ་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོ་རྣམས། །བར་ཆད་སོལ་ཅིག་མ་ཚོགས་མཁའ་འགྲོ་མ། །ཕྲིན་ལས་སྒྲུབས་ཤིག་ཆོས་སྐྱོང་སྲུང་མའི་ཚོགས། །སྲིད་པའི་མཚོ་ལས་སྒྲོལ་ཅིག་དཀོན་མཆོག་གསུམ། །རྙེད་དཀའ་འཇིག་སླའི་དལ་འབྱོར་ལུས་ཐོབ་ཀྱང་། །མི་རྟག་འཆི་ཞིང་བསླུ་མེད་རྒྱུ་འབྲས་མཐུས། ཁམས་གསུམ་སྲིད་མཚོར་བྱིངས་ལ་འཇིག་འགྱུར་བས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྐྱབས་གནས་རྣམས་ཀྱིས་རྟག་ཏུ་སྐྱབས་མཛད་ཅིང་། །སྡིག་སྒྲིབ་ཀུན་བྱང་ཚོགས་གཉིས་མྱུར་རྫོགས་ནས། །རྩ་བརྒྱུད་བླ་མའི་བྱིན་རླབས་དངོས་གྲུབ་ཆར། །མྱུར་དུ་སྩོལ་ཞིང་འབབ་པར་བྱིན་གྱིས་རློབས། །གཟུང་འཛིན་གཉིས་སྣང་མ་རྟོགས་འཁྲུལ་པའི་ལུས། །ངར་འཛིན་ཞི་ནས་སྒྱུ་འཕྲུལ་རྡོ་རྗེའི་གར། །ཟག་མེད་ལོངས་སྤྲུལ་སྐུ་ཡི་རྣམ་རོལ་དུ། །བསྐྱེད་རིམ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །མ་རིག་འཁྲུལ་བློས་བཅིངས་པའི་ཆོས་ཇི་སྙེད། །རང་ཤར་རང་གྲོལ་བདེ་སྟོང་ཟུང་འཇུག་པའི། །འོད་གསལ་ཆོས་སྐུའི་རོལ་པར་རྟག་འཆར་བའི། །རྫོགས་རིམ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། མོས་གུས་བསྐྱེད་མཐར་དབང་བཞི་བླངས་ཤིང་རང་ལ་བསྟིམ་མོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། བྱིན་རླབས་དྲུག་ཉམས་སུ་བླང་སྟེ། རང་གི་མདུན་མཁར་པད་ཟླ་ཉི་མའི་སྟེང་དུ་རྩ་བའི་བླ་མ་གསལ་བཏབ་ལ། དེའི་ཐུགས་ཀ་ནས་འོད་འཕྲོས་དུས་གསུམ་གྱི་སངས་རྒྱས་ལ་ཆོས་གསུང་བར་བསྐུལ་མ་བཏབ། འོད་ཟེར་ཚུར་འདུས་བླ་མ་ལ་ཐིམ་པས་བླ་མ་སྐད་ཅིག་གིས་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུར་གྱུར་པ་ལ་བརྒྱུད་པའི་བླ་མ་རྣམས་བྱང་ཆུབ་སེམས་དཔའི་ཆ་ལུགས་སུ་གྱུར་པས་བསྐོར་བར་བསམ། དེ་ལ་ཕྱག་འཚལ་མཆོད་བསྟོད། གསོལ་བ་བཏབ་པས་བླ་མ་འཁོར་བཅས་ལས་འོད་ཟེར་འཕྲོས་པས། བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་པར་བསམ་པ་ནི་བླ་མའི་བྱིན་བརླབ། དེའི་གཡས་སུ་ཡི་དམ་འཕགས་པ་སྤྱན་རས་གཟིགས་ཞལ་ཕྱག་རང་གང་བདེ་བསྒོམ་པ་རྣམ་སྣང་དང་ཐ་མི་དད་པའི་མདུན་དུ་རྡོར་སེམས། གཡས་སུ་རིན་འབྱུང་། རྒྱབ་ཏུ་འོད་དཔག་མེད། གཡོན་དུ་དོན་གྲུབ་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ། མཆོད་བསྟོད་གསོལ་བ་བཏབ་པས་ཡི་དམ་འཁོར་དང་བཅས་པ་ལས་འོད་འཕྲོས་བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བར་བསམ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་བར་བསམ་པ་ནི་ཡི་དམ་གྱི་བྱིན་བརླབ། གཙོ་བོའི་གཡོན་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་གྲི་ཐོད་ཐུགས་ཀར་འཛིན་པ། འོག་མ་གཡས་རལ་གྲི་གཡོན་ཁ་ཊྭཱཾ་ག་ཌཱ་མ་རུ་དང་བཅས་པ་བསྣམས་པ། རུས་པའི་རྒྱན་དྲུག་དང་ལྡན་པ་གར་སྟབས་ལིང་ངེ་བརྗིད་པའི་མདུན་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ། གཡས་སུ་རིན་ཆེན་མཁའ་འགྲོ་སེར་མོ། རྒྱབ་ཏུ་པདྨ་མཁའ་འགྲོ་དམར་མོ། གཡོན་ན་ལས་ཀྱི་མཁའ་འགྲོ་ལྗང་མོ་རྣམས་ཀྱིས་བཏེགས་ཤིང་གར་མཛད་པས་འུར་སྒྲ་དང་སིལ་སྒྲ་འཁྲོལ་བཞིན་པར་མཆོད་བསྟོད་གསོལ་བ་བཏབ་པས་དེ་རྣམས་ལས་འོད་ཟེར་འཕྲོས་བདག་སོགས་སེམས་ཅན་ལ་ཕོག་པས་བྱིན་གྱིས་བརླབས་པར་བསམ་པ་ནི་མཁའ་འགྲོའི་བྱིན་བརླབ། སླར་རིག་པ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མ་ཡེངས་པར་རྩེ་གཅིག་ཏུ་གཏད་ཅིང་། བདག་སོགས་གང་ཟག་སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡི་དམ་མཁའ་འགྲོའི་འོད་ཟེར་བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པར་བསམ། མཐར་དེ་རྣམས་རང་ལ་ཐིམ་པས་ཆོས་ཉིད་མ་བཅོས་སྤྲོས་མེད་མཐའ་དང་བྲལ་བའི་རྟོགས་པའི་གདིང་གིས་བདག་གཞན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་ནི་ཐུགས་རྗེ་ཆེན་པོའི་ལྟ་བའི་བྱིན་བརླབ། རིག་པ་གསལ་ལ་མ་བསྒྲིབས་པ་མི་འགྱུར་བའི་གདིང་གིས་རང་གཞན་ལ་བྱིན་གྱིས་བརླབས་པ་ནི་ཐུགས་རྗེ་ཆེན་པོའི་སྒོམ་པའི་བྱིན་བརླབ། གཞན་ཕྱོགས་ཆ་མེད་པའི་བྱིན་རླབས་གདིང་གིས་བདག་གཞན་ཐམས་ཅད་བྱིན་གྱིས་བརླབས་པ་ནི་ཐུགས་རྗེ་ཆེན་པོའི་སྤྱོད་པའི་བྱིན་བརླབ་སྟེ། དེ་ལྟར་བྱིན་རླབས་རྣམ་པ་དྲུག་གིས་སྔོན་འགྲོ་འཕྲུལ་གྱི་དུམ་བུ་ཞེས་བཀའ་འབུམ་ལས་གསུངས་སོ།། །།སྤྱི་དོན་གཉིས་པ་དངོས་གཞི་ལ་གཉིས། སྨིན་པར་བྱེད་པ་དབང་གི་རིམ་པ་དང་། གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པའོ། །དང་པོ་ནི། དཀྱིལ་ཆོག་པདྨ་རཱ་གའི་ཕྲེང་བ་ལྟར་དབང་ཡོངས་སུ་རྫོགས་པ་མནོས་ཏེ་དམ་ཚིག་ལ་གནས་པར་བྱ་བ་ཤིན་ཏུ་གལ་ཆེའོ།། །།སྤྱི་དོན་གཉིས་པ་གྲོལ་བྱེད་དངོས་གཞི་ལ་གཉིས། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ཆད་པའི་མཐའ་སེལ་ཞིང་ལུས་ཐ་མལ་གྱི་སྣང་ཞེན་ཟློག་པ་བསྐྱེད་པའི་རིམ་པ་ལ་གསུམ། ཞི་བར་སྒྲུབ་པ། དྲག་པོར་སྒྲུབ་པ། ཞི་ཁྲོ་སྦྲགས་མར་སྒྲུབ་པ་དང་གསུམ། དང་པོ་ཞི་བར་སྒྲུབ་པ་ལ་དྲུག །ཕྱི་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་པ་གཅིག་སྐོར། ནང་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཡི་གེ་དྲུག་པའི་སྒྲུབ་ཐབས། གསང་བ་མཁའ་འགྲོ་མའི་གསང་སྐོར་གྱི་སྒྲུབ་པ། ཡིད་བཞིན་ནོར་བུ་འཁོར་མང་གི་སྒྲུབ་པ། འཕགས་པ་ནམ་མཁའི་རྒྱལ་པོ་ཞལ་བཅུ་གཅིག་པའི་སྒྲུབ་པ། དེ་ཉིད་ཕྱག་སྟོང་མངའ་བའི་སྒྲུབ་པ་རྣམས་སོ། །དང་པོ་ཕྱི་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་པ་གཅིག་སྐོར་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་བསྒོམ། རྫོགས་པའི་བྱང་ཆུབ་འཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ། རང་ཉིད་ཐ་མལ་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་མཐེ་བོང་ཙམ་གྱི་སྟེང་དུ་ཧྲཱིཿདཀར་པོ་གཅིག་གསལ་བ་ལས་རང་ལུས་དཀར་ལམ་གྱིས་ཞུ་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ལན་གཅིག་བརྗོད་པས། སྐད་ཅིག་གིས་རང་ལུས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ཤེལ་ཕྲེང་གཡོན་པདྨ། ཞབས་གཉིས་ཉི་ཟླ་པདྨའི་གདན་ལ་སྐྱིལ་ཀྲུང་དུ་བཞུགས་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ། དེ་ལྟ་བུ་ཡིས་ལུས་ཐ་མལ་གྱི་སྣང་ཞེན་གདོས་བཅས་མ་ཡིན་པ་ནམ་མཁའི་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡང་ལྷ་ཞེས་པ་ལོགས་ན་མེད་དེ་རང་གི་སེམས་ཀྱི་རང་བཞིན་རང་དང་གཉིས་སུ་མེད་པའོ། །ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོའི་མཐར། ཡི་གེ་དྲུག་པས་བསྐོར་ནས་ཡོད་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བདག་གིས་བཟླས་པ་ངག་གྲགས་སྟོང་བྲག་ཅ་ལྟ་བུར་ཤེས་པས་རྩེ་གཅིག་ཏུ་བཟླ། ངག་ཐ་མལ་པའི་སྣང་ཞེན་སྤངས་ནས་ཡི་གེ་དྲུག་པ་བཟླས་པས་སྙིང་གའི་ཡིག་འབྲུ་ལས་འོད་ཟེར་འཕྲོས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་དུས་གཅིག་ཏུ་ཕོག་པས་སྒྲིབ་པ་དུས་གཅིག་ཏུ་སྦྱངས་ནས་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུའི་རང་བཞིན་དུ་གྱུར་པར་བསམ། འོད་ཟེར་ཚུར་འདུས་རང་གི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དུས་གཅིག་ལ་བྱང་བར་བྱས་ནས་བཟླ། ཡིད་ཐ་མལ་པའི་སྣང་ཞེན་བཟློག་པའི་ཕྱིར་ཡིད་ཆོས་ཉིད་སྟོང་པ་ཉིད་བསྒོམ་སྟེ། སེམས་མི་དྲན་དགུ་དྲན་སྣ་ཚོགས་གོ་རིམ་མེད་པར་སྐྱེ་བ་འདི་བཀག་པས་མི་ཁེགས་པས་སྐྱེ་གྲོལ་དུས་གཅིག་ལ་བཏང་། རྣམ་རྟོག་གང་སྐྱེས་ཀྱང་རྗེས་ཕྱིར་མི་བཏང་། སྐད་ཅིག་མ་སྐྱེས་པ་དེ་སྟོང་པར་ཤེས་པར་བྱས་ལ། རྡོ་ཚན་ལ་ཁ་བ་བབས་པ་ལྟར་རང་གྲོལ་གཅིག་ཆར་ལ་བཏང་། ལྟ་བ་ནི་སེམས་སྟོང་པར་ཤེས་པས་རྟག་པའི་མཐར་མ་ཤོར། སྟོང་པ་ལ་མ་བསྒྲིབས་པར་གསལ་བས་ཆད་པའི་མཐར་མ་ཤོར། སྟོང་གསལ་མ་བསྒྲིབས་པ་མཐའ་དང་བྲལ་བ་ཐུགས་རྗེ་ཆེན་པོའི་ལྟ་བ་ཡིན། སྒོམ་པ་ནི་རིག་པ་གསལ་ལ་དྭངས་པས་བྱིང་བའི་མཐར་མ་ཤོར། རྟོག་མེད་ཉམས་དང་ལྡན་པས་རྒོད་པའི་མཐར་མ་ཤོར། གསལ་དྭངས་བདེ་བའི་ཉམས་དང་ལྡན་པ་ཐུགས་རྗེ་ཆེན་པོའི་སྒོམ་པ་ཡིན། སྤྱོད་པ་ནི་སྙིང་རྗེས་མྱ་ངན་ལས་འདས་པའི་མཐར་མ་ཤོར། སྟོང་པས་འཁོར་བའི་མཐར་མ་ཤོར། སྙིང་རྗེས་སེམས་ཅན་རྗེས་སུ་བཟུང་ལ་དོན་བྱེད། སྟོང་པས་དམིགས་པ་མེད་པར་རྒྱས་འདེབས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཡིན། འབྲས་བུ་ནི་སེམས་སྟོང་པར་རྟོགས་པས་ཆོས་སྐུ་རྟག་པར་མ་སོང་། སྟོང་པ་ལས་རྩལ་མ་འགགས་པར་འཆར་བས་ལོངས་སྐུ །རིག་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་སྟེ་ཆད་པའི་མཐར་མ་ཤོར། སྐུ་གསུམ་དབྱེར་མེད་རིག་སྟོང་གསལ་ལ་མ་འགགས་པ་ངོ་བོ་ཉིད་ཀྱི་སྐུར་གཅིག་པ་ཐུགས་རྗེ་ཆེན་པོའི་འབྲས་བུ་ཡིན། དམ་ཚིག་ནི་རང་དོན་དུ་ཐུགས་རྗེ་ཆེན་པོའི་ཆོས་ཉམས་སུ་བླངས་ཏེ་སྒྲུབ་པ་ཚད་དང་ལྡན་པས་རང་དོན་འགྲུབ། གཞན་དོན་དུ་འགྲོ་བའི་མི་རྣམས་ཐུགས་རྗེ་ཆེན་པོའི་ཆོས་ལ་བསྐུལ་ཞིང་ཆོས་ལ་སེར་སྣ་མི་བྱེད། ནོར་རྫས་ཀྱི་ཕྱིར་མི་བལྟང་བར་རང་གཞན་གྱི་དོན་གཉིས་སུ་མེད་པར་བྱེད་པ་ཐུགས་རྗེ་ཆེན་པོའི་དམ་ཚིག་ཡིན། ངོ་སྤྲོད་ནི་ཐུགས་རྗེ་ཆེན་པོའི་ཐུགས་དྲི་མེད་སྟོང་གསལ་མ་བསྒྲིབས་པར་རང་ཤར་རང་གྲོལ་ཏེ། ཐུགས་རྗེ་ཆེན་པོའི་ཐུགས་དང་རང་སེམས་གཉིས་མེད་ཀྱི་ཡེ་ཤེས་ཡིན་པར་ངོ་སྤྲད། ལུས་གང་ན་གནས་པ་དགོན་པ་སྟེ། ལུས་ཐ་མལ་དུ་མི་བསྡད་པར་ཐུགས་རྗེ་ཆེན་པོ་བསྒོམ། ངག་ཐ་མལ་དུ་མི་བསྡད་པར་ཡི་གེ་དྲུག་པ་བཟླ། ཡིད་ཐ་མལ་དུ་མི་བསྡད་པར་སྟོང་གསལ་དུ་བསྡད། སེམས་ཅན་ལ་སྙིང་རྗེ་རྒྱུན་མི་བཅད། འགྲོ་ན་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་བསྐོར་བ་བྱེད་པར་བསམ། ལངས་ན་འགྲོ་བའི་དོན་དུ་ལངས་པར་བསམ། སྡོད་ན་ལྷ་ལ་ཕྱག་འཚལ་བར་བསམ། ཟ་ན་ཕུད་ཀྱིས་བླ་མ་ལ་མཆོད། འཐུང་ན་བདུད་རྩིས་ཡི་དམ་མཆོད། གཏོར་མས་མཁའ་འགྲོ་ཆོས་སྐྱོང་མཆོད། ཉལ་ན་ཆོས་ཀྱི་དབྱིངས་སུ་ཉལ། སྣང་བ་གང་ཤར་ཐུགས་རྗེ་ཆེན་པོའི་སྐུ །སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ །སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་དུ་ཤེས་པར་བྱ། ཐམས་ཅད་ལ་མ་ཆགས་མ་ཞེན་པར་རང་ཤར་རང་གྲོལ་དུ་བཞག་རྗེས་དམིགས་མེད་དུ་བཞག་གོ །གཉིས་པ་ནང་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཡི་གེ་དྲུག་པའི་སྒྲུབ་ཐབས་ནི། མངོན་བྱང་ལྔས་བྱིན་གྱིས་བརླབས་ཏེ་འཁོར་ལོ་དྲུག་པའི་ཉམས་སུ་བླང་བ་ནི། སྐད་ཅིག་མ་ལས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་པས་རྟག་པའི་མཐའ་བསལ། དེ་ནི་མེ་ལོང་ཡེ་ཤེས་ཀྱི་ཆོ་གའོ། །སྟོང་ཉིད་མ་རྟོགས་པ་རྣམས་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཆད་པའི་མཐའ་བསལ། ཆོས་དབྱིངས་ཡེ་ཤེས་ཀྱི་ཆོ་གའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེ་སྟེང་ཨཱཿལས་ཟླ་བ་དང་། མ་ལས་ཉི་མའི་གདན་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་ཆོ་གའོ། །གདན་དེ་དག་གི་སྟེང་དུ་རང་གི་སྙིང་གར་ཧྲཱིཿབསམ་པའི་འོད་ཀྱིས་རང་ལུས་སྦྱངས་ཏེ། ཧྲཱིཿདེ་གདན་སྟེང་དུ་གནས་པ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧྲཱིཿལ་ཐིམ་པས་ཧྲཱིཿའོད་དུ་ཞུ་བ་ལས་ཐུགས་ཕྱག་མཚན་པདྨ་དཀར་པོར་གྱུར་པ་ནི། སོར་རྟོག་ཡེ་ཤེས་ཀྱི་ཆོ་གའོ། །པདྨ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་འཚེར་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། ཕྱག་གཡས་དང་པོ་མུ་ཏིག་གི་བགྲང་ཕྲེང་གཡོན་དང་པོ་པདྨའི་སྡོང་པོ། ཐ་མ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པ། སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུ། དེའི་དཔྲལ་བར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ་ལས་འོད་འཕྲོས་དུས་གསུམ་གྱི་བདེ་གཤེགས་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་འབུལ། སྐུའི་བྱིན་རླབས་བསྡུས་ཨོཾ་ལ་ཐིམ། ལྕེའི་རྩ་བར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། དེ་ལས་འོད་ཟེར་འཕྲོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་གསུང་མཉེས་པའི་མཆོད་པ་ཕུལ། གསུང་གི་བྱིན་རླབས་བསྡུས་ཨཱཿལ་ཐིམ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་སྔོན་པོ་ལས་འོད་འཕྲོས་དུས་གསུམ་སངས་རྒྱས་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་འབུལ། ཐུགས་ཀྱི་བྱིན་རླབས་བསྡུས་ཧཱུྃ་ལ་ཐིམ། ལྟེ་བར་ཟླ་བའི་གདན་ལ་ཧྲཱིཿདཀར་པོའི་མཐར། ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཉེས་པའི་མཆོད་པ་ཕུལ། ཚུར་འདུས་ས་བོན་ཡིག་འབྲུ་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་ལྡན་པར་བསམ། སྤྱི་བོར་ཧྲཱིཿདཀར་པོ་ཞིག་འོད་དུ་ཞུ་བ་ལས་རྡོ་རྗེའི་གོ་ཁྲབ་བ་སྤུའི་ཁུང་བུ་ཐམས་ཅད་རྡོ་རྗེ་མཚོན་གང་བས་གཏམས་པ་རྡོ་རྗེའི་ཕྲེང་བས་བསྐོར་བ་གང་གིས་ཀྱང་མི་ཚུགས་མི་ཤིགས་པར་བསམ། རང་གི་ཐ་མར་མེ་དཔུང་དཀར་སེར་དམར་ལྗང་སྔོན་པོའི་ར་བས་བསྐོར་བས་བར་ཆོད་བགེགས་ཀྱིས་ཉེ་མི་ནུས་པའི་སྲུང་བའི་གུར་ཁང་དུ་གྱུར། དེ་ནི་བྱ་གྲུབ་ཡེ་ཤེས་ཀྱི་ཆོ་གའོ། །ཡེ་ཤེས་པ་སྤྱན་དྲངས་པའི་འཁོར་ལོ་དྲུག་པ་ནི། བདག་དམ་ཚིག་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས་ཡེ་ཤེས་པའི་ཐུགས་རྗེ་ཆེན་པོ་སྤྱན་དྲངས། ནམ་མཁར་པདྨའི་གདན་ལ་བཞུགས། བདག་དམ་ཚིག་གི་སེམས་དཔས་ནམ་མཁར་བཞུགས་པའི་ལྷ་ཡེ་ཤེས་སེམས་དཔའ་ལ་སྔོན་ལ་ཕྱག་འཚལ་ཏེ་རྗེས་ནམ་མཁའི་ཡེ་ཤེས་པས་བདག་དམ་ཚིག་པ་ལ་ཚུར་ཕྱག་འཚལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་ནམ་མཁའ་མཛོད་མི་ཟད་པའི་ཏིང་ངེ་འཛིན་གྱིས་མེ་ཏོག །སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པས་དམ་ཚིག་སེམས་དཔས་ཡེ་ཤེས་སེམས་དཔའ་ལ་མཆོད། བདག་དམ་ཚིག་སེམས་དཔའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དཀར་པོ་ལྕགས་ཀྱུ་ལྟ་བུའི་རྩེ་མོར་ཛཿཧཱུྃ་བཾ་ཧོཿས་མཚན་པ་འཕྲོས། ནམ་མཁའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་ཛཿས་སྤྱན་དྲངས། ཧཱུྃ་གིས་དམ་ཚིག་པ་ལ་བསྟིམས། བཾ་གྱིས་གཉིས་སུ་མེད་པར་བྱས། ཧོཿས་བདེ་སྟོང་གཉིས་མེད་དུ་དགྱེས་པར་བྱས། དམ་ཚིག་པ་དང་ཡེ་ཤེས་པ་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་བསམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་མདུན་གྱི་ནམ་མཁར་རིགས་ལྔ་སྤྱན་དྲངས། མཆོད་ནས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་ལྷ་མོ་རེ་རེ་སྤྲུལ་ནས་བུམ་པ་ཐོགས་པས་བདག་གི་སྤྱི་བོ་ནས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་བརྒྱུད་ལུས་ཐམས་ཅད་ཁྱབ་པས་སྒྲིབ་པ་ཐམས་ཅད་དག་པར་བསམ། དབུ་ལ་རྒྱལ་བ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་ཏེ་དབུས་རྣམ་སྣང་དཔྲལ་བར་རྡོར་སེམས། རྣ་ལྟག་གཡས་རིན་འབྱུང་། ལྟག་པར་འོད་དཔག་མེད། རྣ་ལྟག་གཡོན་དུ་དོན་གྲུབ་ཀྱིས་རྒྱས་གདབ། དབང་རྟགས་སུ་མདུན་ངོས་སུ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པར་བསམ། དེ་ནི་ལུས་དག་པ་ལྷའི་སྐུ་སྒོམ་པའོ། །ངག་དག་པ་སྔགས་བཟླ་ཚུལ་འཁོར་ལོ་དྲུག་པ་ནི། དང་པོ་ཕྱི་མདོ་དང་མཐུན་པ་ནི། རང་གཞན་གཉིས་ཀའི་སྒྲིབ་པ་སྦྱོང་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དུང་བུས་པ་ལྟར་བཟླས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བྱང་བར་བསམ། གཉིས་པ་ནང་གསང་སྔགས་ལྟར་བཟླ་བ་ནི། བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་སོ་སོར་ཕྱེ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པས་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་བའི་གདན་ལ་ཡི་གེ་འབྲུ་དྲུག་གནས་པ་རིགས་ལྔའི་རང་བཞིན་འོད་ལྔ་འཕྲོ་བ། ལྷ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་དེ་ལྟར་གནས་པ་ལ་ཕོག་པ་ལས་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། བསྙེན་པས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་དེ་ལྟར་སྤྲོས་པས་དམ་ཚིག་སེམས་དཔའི་ཐུགས་ཀར་ཕོག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། གསུམ་པ་གསང་བ་མཁའ་འགྲོ་མའི་བྱིན་རླབས་བསྡུ་བའི་ཚུལ་དུ་བཟླ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པའི་འོད་ཟེར་འཇའ་ཚོན་ལྟ་བུ་བདག་གི་ཐུགས་ཀའི་ཧྲཱིཿལས་མཁའ་འགྲོ་མའི་གནས་སུ་འཕྲོས་པས་མཁའ་འགྲོ་མ་རྣམས་གནས་ནས་རང་དབང་མེད་པར་བཀུག །མདུན་གྱི་ནམ་མཁར་བྱོན་ནས་བདག་གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ། སྐད་ཇེ་དྲག་ཌཱ་མ་རུ་དཀྲོལ་བ་ལྟར་བཟླ། བཞི་པ་བླ་མ་དང་ལྷ་ལ་གསོལ་བ་མ་ལ་བུས་འབོད་པ་ལྟ་བུའི་ཚུལ་དུ་བཟླ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་ཕོག་པས་མས་བུ་ལ་བརྩེ་བ་ལྟར་མདུན་གྱི་ནམ་མཁར་བྱོན་ནས་བདག་ལ་བྱིན་གྱིས་རློབས་ཤིང་བར་ཆད་སེལ་བར་བསམ། སྐད་གདངས་དང་བཅས་ཏམྦུ་ར་དཀྲོལ་བ་ལྟར་བཟླ། ལྔ་པ་སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླ་བ་ནི། ལྕེ་པདྨ་འདབ་མ་དྲུག་པའི་དབུས་སུ་ཧྲཱིཿའདབ་མ་དྲུག་ལ་ཡི་གེ་དྲུག་པོ་བསམ་སྟེ། གསལ་དག་གུག་སྐྱེད་དང་བཅས་པ་མཁས་པས་ཀློག་འདོན་པ་ལྟར་བཟླ། དྲུག་པ་རྡོ་རྗེའི་བཟླས་པ་མཉམ་གཞག་བསམ་གཏན་གྱི་ཚུལ་དུ་བཟླ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ལུས་ངག་ཡིད་གསུམ་མཉམ་པར་བཞག་ལ་སེམས་རྟོག་མེད་ཀྱི་ངང་། ངག་མི་ཚིག་གིས་བར་མ་ཆོད་པར། ལུས་བསམ་གཏན་གྱི་ཡན་ལག་ལས་མི་འདའ་སེམས་གསལ་ལ་མ་ཡེངས་པར་བཟླས་པས་བདེ་གསལ་གྱི་ཉམས་འཆར་རོ། །སེམས་སྟོང་ཉིད་ཀྱི་འཁོར་ལོ་དྲུག་སྟེ་ཕྱི་དབང་པོ་ཚོགས་དྲུག་གི་ཡུལ་སྣང་ཐམས་ཅད་རང་བཞིན་མེད་པར་སྟོང་པར་བཞག །ནང་རྣམ་རྟོག་འགྱུ་བྱེད་ངོ་བོ་སྟོང་པ་ཡིན་པས་རང་གདངས་རང་གྲོལ་སྟོང་པར་བཞག །གསང་བ་དུག་ལྔའི་རྩ་བ་སྟོང་པ་ཡིན་པས་མི་སྤང་མི་བསྒྱུར་མི་སྒྲུབ་མི་དགག་སྐྱེས་གྲོལ་དུས་མཉམ་མ་སྤངས་མི་གནས་སྟོང་པར་བཞག །ལྟ་བ་སེམས་ཉིད་ངོ་བོ་མཐའ་བྲལ་སྟོང་པ་རྟེན་མེད་དུ་བཞག །རྟགས་སེམས་ཉིད་སྟོང་པ་སྒོམ་པ་གསལ་ལ་འཛིན་མེད་དུ་བཞག །མཚོན་པ་རིག་སྟོང་དབྱེར་མེད་དུ་རྟག་ཏུ་དེ་དང་མི་འབྲལ་བར་བཞག་གོ །ཟས་བདུད་རྩིར་བསྒྱུར་བ་སྨན་གྱི་འཁོར་ལོ་དྲུག་སྟེ། ཕྱི་ཟས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་མཆོད། ནང་ཟས་ཚོགས་ཀྱི་འཁོར་ལོ་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ། ཡི་དམ་མཁའ་འགྲོ་མཆོད། གསང་བའི་ཟས་ཚོགས་འཁོར་བདུད་རྩིར་བྱིན་གྱིས་བརླབས་ལ། ལག་པ་འདོད་ཡོན་གྱི་ལྷ་མོ་ལྔས་རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་མཆོད། དོན་གྱི་ཟས་ཚོགས་ཟས་བདུད་རྩི་དྲི་མ་མེད་པ་ཆོས་ཉིད་ཀྱི་རོལ་པ་ལ་ཞེན་པ་མེད་པར་མཆོད། རྟགས་ཀྱི་ཟས་ཚོགས་ཟས་རིག་པ་ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་སྣང་བ་དངོས་མེད་སྤྲོས་བྲལ་གྱི་ངང་དུ་སྤྱད། མཚོན་པའི་ཟས་ཚོགས་སྣང་བ་རྒྱ་ཡན་ལ་ཟས་སྐོམ་ཐམས་ཅད་རང་བྱུང་རང་ཤར་དུ་མཆོད། སྤྱོད་པ་བག་ཡངས་ཀྱི་འཁོར་ལོ་དྲུག་ནི། གནས་བག་ཡངས་རི་ཁྲོད་དགོན་པ་ནགས་ཚལ་སོགས་དབེན་པ་བསྟེན། ལུས་བག་ཡངས་སྤྱོད་ལམ་གང་བདེར་ཁྱེར། ངག་བག་ཡངས་ཅི་བདེར་སྨྲས་པ་ཉམས་དབྱངས་སུ་བླང་། སེམས་བག་ཡངས་མ་བཅོས་རང་གྲོལ་ལྷུག་པར་བཞག །སྤྱོད་ལམ་བག་ཡངས་མ་བཅོས་རང་ཤར་དང་མི་འབྲལ་བ་ལམ་དུ་ཁྱེར། སྙིང་རྗེ་བག་ཡངས་སེམས་ཅན་ལ་སྙོམས་པར་བྱའོ། ཁྱེར་སོ་དྲུག་ནི། ལུས་ལྷའི་ཁྱེར་སོ་རང་ལུས་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་ཁྱེར། ངག་སྔགས་གསུང་ཡི་གེ་དྲུག་མ་གྲགས་སྟོང་བྲག་ཅ་ལྟ་བུར་ཁྱེར། སེམས་ཆོས་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་རང་གསལ་རང་གྲོལ་རྟོག་མེད་དུ་ཁྱེར། མིག་སྔར་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུའི་ངོ་བོར་ཁྱེར། རྣ་བར་ཐོས་པའི་སྒྲ་ལུང་དུ་སྟོན་པ་དང་མི་སྟོན་པ་ཐམས་ཅད་ཡི་གེ་དྲུག་མའི་སྒྲར་ཁྱེར། ཡིད་ལ་འགྱུ་བ་བཟང་ངན་བར་མ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་རང་གྲོལ་གྱི་ཆོས་ཉིད་དུ་ཁྱེར་རོ། །དགོངས་པ་དྲུག་ཏུ་བསྡུ་སྟེ། ཡི་གེ་དྲུག་ལ་བསྡུ་བ་ནི། ཨོཾ་ཡེ་ཤེས་ལྔ། མ་ཐུགས་རྗེ་ཀུན་ཁྱབ། ཎི་འཁོར་བ་རང་ལོག །པད་ཐབས་ཤེས། མེ་ཤེས་རབ་རང་གསལ། ཧཱུྃ་རྡོ་རྗེ་ལྟ་བུ་མི་འགྱུར་བའི་ཡི་གེར་སྡུད། ཡི་གེ་དྲུག་གསུམ་ལ་བསྡུ་སྟེ། ཡི་གེ་དྲུག་གི་ཐོག་མཐའི་ཨོཾ་དང་། ཧཱུྃ་དང་། བར་གྱི་ཡི་གེ་བཞི་ཨཱཿལ་བསྡུ། ཨཱཿསྐྱེ་མེད། དེ་ཡང་རླུང་ཕྱིར་རྒྱུ་ཨོཾ། གནས་པ་ཨཱཿ འཇུག་པ་ཧཱུྃ་སྟེ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ལ་བསྡུ། ལུས་ངག་ཡིད་གསུམ་འབྲས་བུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་བསྡུ། བྱིན་བརླབ་པ་མདུན་དུ་ཡེ་ཤེས་ཀྱི་གཡུང་དྲུང་དམར་པོ་གཡས་སུ་འཁྱིལ་བ་ལ་སེམས་གཏད། སྙིང་པོ་མ་ནིང་གི་བཟླས་པ་ལྕེ་འགུལ་བ་ཙམ་དུ་བཟླས་པས། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་འབར་བར་བྱིན་གྱིས་བརླབས། སེམས་འཛིན་ལ་བསྡུ་བ། སྙིང་པདྨ་ཁ་བྱེ་བའི་ནང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་ཞིག་གནས་ཏེ་བྱང་ཆུབ་སེམས་ཀྱི་རྟེན་ཡིན་པས། དེ་ལ་སེམས་གཏད་ལ་མ་ཡེངས་པར་བཟླ། གནས་ལུགས་གཞིའི་ངང་དུ་བསྡུ་བ། སྒོ་གསུམ་རྩོལ་བ་ལྷོད་ལ་གནས་ལུགས་རང་སར་བཞག །རྣམ་རྟོག་གྲོགས་སུ་ཁྱེར་ཏེ། མ་བཅོས་པའི་ངང་དུ་བཞག །ངོ་སྤྲོད་དྲུག་ནི་བར་དོ་དྲུག་གི་གནད་དང་སྦྱར་བ་སྟེ། འོག་ཏུ་མཚན་བཅས་སྟེང་སྒོའི་རྫོགས་རིམ་གྱི་སྐབས་སུ་སྟོན་ནོ། །གནད་ལྟ་སྒོམ་གྱི་གདམས་པ་དྲུག་ཏུ་འགྲོལ་ཏེ། གང་ཟག་གི་དུས་བྱ་དྲྭ་བར་མི་གཞུག་ཅེས་པས་ཐོས་བསམ་གྱིས་བློ་ཡི་དྲྭ་བ་བས་ལ་ནས། ཆོས་ཀྱི་གོ་བས་ཕྱི་རྒྱ་བཅད། ལྟ་བའི་དུས་སེང་གེ་དཀར་མོ་ལྕགས་ཐག་ལ་མི་བརྟོད་ཅེས་པས་ཉམ་ང་དང་བག་ཚ་མེད་པར་ཆོས་ཉིད་ཀྱི་གདིང་དང་ལྡན་པར་བྱ། སྒོམ་པའི་དུས་སུ་ཤེལ་སྒོང་དཀར་པོ་འདམ་དུ་མི་གཞུག་ཅེས་པས་རིག་པ་གསལ་དག་གི་བྱི་དོར་བྱ། སྤྱོད་པའི་དུས་སུ་གླང་ཆེན་སྨྱོན་པར་མི་རྩེ་ཞེས་པས་བཅས་བཅོས་མི་བྱ་ལྷུག་པར་བཞག །འབྲས་བུའི་དུས་ཡིད་བཞིན་ནོར་བུ་རང་ལ་ཡོད་པས་གཞན་ནས་མི་བཙལ་ཞེས་པས་ཀ་དག་ཆོས་སྐུའི་ཡེ་ཤེས་ངོས་བཟུང་། གདམས་ངག་གི་དུས་ཡེ་ཤེས་ཀྱི་སྤྱན་ལོང་དུ་མི་གཞུག་ཅེས་པས་ཆོས་ཉིད་མ་བུ་ངོ་འཕྲོད་པར་བྱའོ། །ལ་བཟླ་བ་ནི་མི་བདེན་པ་དྲུག་སྟེ། སངས་རྒྱས་ཀྱི་ཐུགས་རྗེ་མི་བདེན་ཏེ་ཆོས་སྐུ་རྟོག་མེད་ལ་ཡེ་ཤེས་དང་མི་ཤེས་པ་གཉིས་སུ་མེད། སེམས་ཅན་གྱི་ལས་མི་བདེན་ཏེ་རིག་པ་སྐྱེ་མེད་སྟོང་པ་ཙམ་དུ་ཡང་མ་གྲུབ། འཕྲལ་གྱི་རྐྱེན་མི་བདེན་ཏེ་ཆོས་ཉིད་སྟོང་པ་ལ་བདེ་སྡུག་གི་རྒྱུ་མེད། བྱས་པའི་ཆོས་མི་བདེན་ཏེ་འདུས་བྱས་ཐམས་ཅད་འཇིག་པས་མི་རྟག་དོན་མེད། བསྒྲུབ་བྱའི་ལམ་མི་བདེན་ཏེ་རྩོལ་སྒྲུབ་ཐམས་ཅད་འདོད་པའི་ལམ་གྱིས་འཆིང་བར་བྱེད། ཐོབ་པའི་འབྲས་བུ་མི་བདེན་ཏེ་གྲུབ་མཐའ་ཐམས་ཅད་བློའི་འདོད་པ་བློ་འགྱུར་བས་འབྲས་བུ་འགྱུར་བ་ཡིན་ནོ། །གསུམ་པ་གསང་བ་མཁའ་འགྲོའི་གསང་སྐོར་གྱི་སྒྲུབ་པ་ནི། ལུས་ལྷའི་འཁོར་ལོ་བསྒོམ་པ་སྟེ་སེམས་ཅན་གྱི་དོན་དུ་ཐུགས་རྗེ་ཆེན་པོ་བསྒོམ་སྙམ་དུ་སེམས་བསྐྱེད། རང་གི་སྙིང་གར་ཟླ་བའི་དབུས་སུ་ཧྲཱིཿདམར་པོ་གནས་པ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་དུས་གཅིག་ཏུ་སྦྱངས། འོད་ཟེར་ཚུར་འདུས་བདག་གི་སྡིག་སྒྲིབ་སྦྱངས། ལུས་འོད་དུ་ཞུ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དམར་པོ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་མུ་ཏིག་གི་ཕྲེང་བ་དང་། གཡོན་འོག་མ་པདྨ་དཀར་པོ་བསྣམས་པ། ཞབས་གཉིས་ཉི་ཟླ་པདྨའི་གདན་ལ་བཞུགས་པ། ཞལ་ཞི་མ་ཁྲོ། སྤྱན་ཅུང་ཟད་ཁྲོ་ཚུལ་དུ་ཡོད་པ། དབུ་ལ་རིན་པོ་ཆེའི་རྩེ་བྲན་དང་། ཕྱག་ཞབས་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པ། སྐུ་ལས་འོད་ཟེར་རྣམ་པ་ལྔ་འཕྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན། དེ་ཡི་སྤྱི་བོ་བདེ་ཆེན་འཁོར་ལོར་སྐུ་ཡི་ལྷ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཁོར་ལོ་བསྣམས་པ། རིན་པོ་ཆེས་བརྒྱན་པ་ཉི་ཟླ་པདྨའི་གདན་ལ་བཞུགས་པ། འཁོར་དུ་སྐུའི་དཔའ་བོ་དང་དཔའ་མོ་འཁོར་ལོ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ནས་བཞུགས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་གསུང་གི་ལྷ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་འཛིན་པ་རིན་པོ་ཆེས་བརྒྱན་པ། ཉི་ཟླ་པདྨའི་གདན་ལ་བཞུགས་པ། གསུང་གི་དཔའ་བོ་དང་དཔའ་མོ་དམར་མོ་པདྨ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། སྙིང་ག་ཆོས་ཀྱི་འཁོར་ལོར་ཐུགས་ཀྱི་ལྷ་ཐུགས་རྗེ་ཆེན་པོ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་རྡོ་རྗེ་བསྣམས་པ། རིན་པོ་ཆེས་བརྒྱན་པ་ཉི་ཟླ་པདྨའི་གདན་ལ་བཞུགས་ཏེ། འཁོར་དུ་ཐུགས་གྱི་དཔའ་བོ་དང་དཔའ་མོ་སྔོན་མོ་རྡོ་རྗེ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཡུམ་གྱི་ཚུལ་དུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་དང་པོ་གྲི་གུག །འོག་མས་རལ་གྲི །གཡོན་དང་པོ་ཐོད་ཁྲག །འོག་མ་ཁ་ཊྭཱཾ་ག །རུས་པའི་རྒྱན་ཅན། ཉི་ཟླ་པདྨའི་གདན་ལ་བཞུགས་པ། འཁོར་མཁའ་འགྲོ་མ་དམར་མོ་གྲི་ཐོད་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ནས་ཡོད་པར་བསྒོམ། དེ་ནི་ལུས་ལྷའི་དཀྱིལ་འཁོར་གྱིས་སྣང་སྲིད་ཟིལ་གྱིས་གནོན་པ་ཁམས་གསུམ་དབང་དུ་སྡུད་པ་སྣང་ལ་རང་བཞིན་མེད་པར་བསྒོམ་པའོ། །སྙིང་པོ་སྔགས་ཀྱི་ངོ་བོ་ནི། ཨོཾ་ཐུགས་རྗེ་ཆེན་པོའི་སྐུའི་སྙིང་པོ། ཨཱཿགསུང་། ཧཱུྃ་ཐུགས་ཀྱི་སྙིང་པོ། ཧྲཱིཿཡང་སྙིང་། ཡི་གེ་དྲུག་ཉེ་སྙིང་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་སོ། །བཟླ་ལུགས་འཛབ་དབྱངས་ཉི་ཤུ་རྩ་གཅིག་སྟེ། མོས་གུས་གདུང་བའི་འཛབ་དབྱངས་རྔ་མོང་བུ་སྟོར་བ་ལྟར་བགྲང་སྟེ། བླ་མ་དང་ཐུགས་རྗེ་ཆེན་པོ་སྤྱི་བོར་དད་མོས་ཀྱིས་རྒྱུད་བསྐུལ་ནས་གདུང་དབྱངས་སུ་བགྲང་། ཉམས་བྱིན་རླབས་སུ་ཐིབ་ཐིབ་འོང་། མཆོད་བསྟོད་ཀྱི་འཛབ་དབྱངས་ཚེ་བྱ་གཟན་བུ་འཚོལ་བ་ལྟར་བཟླ་སྟེ། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཉེས་པར་བསམ་ཞིང་དིར་བར་བགྲང་། ཉམས་བདེ་བར་འཆར། དཔའ་བོ་ལུས་ལ་བགོ་བའི་འཛབ་འབྲུག་ལྡིར་བ་ལྟར་བགྲང་སྟེ། ལུས་ལྷ་དང་ལྷ་མོ་གནས་བཞིར་བསྐྱེད་ལ་ངག་གི་སྒྲ་འུར་གྱིས་བགྲང་། ལུས་ངག་ལ་ཉམས་ངར་སྐྱེས་ནས་སྣང་སྲིད་ཟིལ་གྱིས་གནོན། བདག་གཞན་གྱི་སྒྲིབ་པ་སྦྱོང་བའི་འཛབ་འགལ་མེ་ཀླད་ལ་བསྐོར་བ་ལྟར་བགྲང་སྟེ། བཟླས་པའི་འོད་ཟེར་ཕར་འཕྲོས་པས་བདེ་བར་གཤེགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་བདག་གི་སྡིག་སྒྲིབ་སྦྱོང་བར་བསམ། ཕར་འཕྲོས་ཚུར་འདུས་ཕྱི་ནང་གི་བར་ཀོ་རོ་རོ་བཟླ། ཉམས་ལུས་སེམས་ལ་བདེ་བར་འཆར། རང་གཞན་ལ་བྱིན་འབེབ་པའི་འཛབ་བུང་བ་ཚང་ཞིག་པ་ལྟར་བཟླ་སྟེ། སྣང་བ་ཐམས་ཅད་གཞལ་ཡས་ཁང་། སྐྱེ་འགྲོ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཕོ་ཐམས་ཅད་དཔའ་བོ་མོ་ཐམས་ཅད་དཔའ་མོ། སྒྲ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་དིར་དིར་བཟླས་པས་ཉམས་བྱིན་རླབས་ཐིབ་ཐིབ་འུར་འུར་བག་གྲོ་འོང་ངོ་། །རྟོགས་པའི་ཉམས་ཡིད་ལ་གསལ་བའི་འཛབ་བུམ་ནང་གི་མར་མེ་ལྟར་བཟླ་སྟེ། ལུས་ལྷ། ངག་སྔགས། སེམས་གསལ་ལ་མི་རྟོག་པར་བཟླ། ཉམས་བདེ་གསལ་མི་རྟོག་པ་འཆར་རོ། །བླ་མ་ཡི་དམ་མཁའ་འགྲོ་ལ་བྱིན་རླབས་ཞུ་བའི་འཛབ་བུང་བ་མེ་ཏོག་གི་ཁ་ནས་འཕུར་བ་ལྟར་བཟླ་སྟེ། བླ་མ་ཡི་དམ་གསང་བ་ཡེ་ཤེས་མཁའ་འགྲོ་དང་བཅས་པ་སྐད་ཅིག་གིས་སྤྱི་བོར་སྤྱན་དྲངས། རང་གི་རིག་པ་ཁྱེའུ་ཆུང་མཚོན་གང་བ་ཞིག་སྤྲུལ་ཏེ་བྱུང་བ་དེས་བསྐོར་བ་བྱེད་པར་བསམ་ལ་བཟླས་པས་ཉམས་དང་བྱིན་རླབས་ལུས་ལ་བདེ་བ་ངག་ལ་ནུས་པ་སེམས་ལ་རྟོགས་པ་འཆར་རོ། །རང་གཞན་གྱི་བར་ཆད་སེལ་བའི་འཛབ་སྤྱང་མོ་ཕྲུག་གུས་འབོད་པ་ལྟར་བཟླ་སྟེ། བླ་མས་བྱིན་གྱིས་བརླབ། ཡི་དམ་གྱིས་དངོས་གྲུབ་སྟེར། མཁའ་འགྲོས་བར་ཆད་སེལ་བར་བསམ་ལ་འུ་རུ་རུ་དྲག་ཏུ་བཟླས་པས་ཉམས་གདོན་བགེགས་གྲོགས་སུ་འཆར་རོ། །མཆོག་ཐུན་གྱི་དངོས་གྲུབ་ཞུ་བའི་འཛབ་དེད་དཔོན་ནམ་ཟླའི་ཚོད་འཛིན་པ་ལྟར་བཟླ་སྟེ།དངོས་གྲུབ་གང་དགོས་བླ་མ་ཡི་དམ་མཁའ་འགྲོས་ཆར་ལྟར་སི་ལི་ལི་ཕབ་པར་བསམ་ལ་བཟླས་པས་ཉམས་འདོད་དགུ་འབྱུང་ཞིང་བསམ་དགུ་འགྲུབ་བོ། །བདག་གཞན་རིག་པ་གཅུན་པའི་འཛབ་ཤ་ཁྱིས་རི་དྭགས་གཅུན་པ་ལྟར་བཟླ་སྟེ། རང་ལུས་ཐུགས་རྗེ་ཆེན་པོར་བསྐྱེད་པས་གཅུན། ངག་ཡི་གེ་དྲུག་པ་བཟླས་པས་གཅུན། ཡིད་རྟོག་མེད་བདེ་གསལ་གྱི་ཏིང་ངེ་འཛིན་གྱིས་གཅུན། དེ་བཞིན་དུ་གཞན་གྱི་ལུས་ངག་ཡིད་གསུམ་ཡང་གཅུན་ལ་ཇེ་དྲག་ཇེ་དྲག་ཏུ་བཟླས་པས་ཉམས་རང་གཞན་གྱི་ལུས་འཕར་བ་དང་། ངག་ཆོས་ཀྱི་གཏམ་སྨྲ་བ་དང་། སེམས་བདེ་གསལ་ལ་གནས་པ་འབྱུང་ངོ་། ཉམས་མྱོང་རྟོགས་ཚད་ཀྱི་འཛབ་རྔ་མོང་བུ་ཁྲིད་པ་ལྟར་བཟླ་སྟེ། ཉམས་བདེ་སྟོང་གི་ངང་ལ་བཞག་ནས་དལ་བུས་ན་ར་ར་བཟླ། ཉམས་བདེ་སྟོང་གསལ་སྟོང་རིག་སྟོང་གཉིས་མེད་དུ་འཆར་རོ། །གསུང་ཡིག་འབྲུ་ལྟར་བསྟོད་པའི་འཛབ་བྲག་བར་དུ་ཅོང་བརྡུངས་པ་ལྟར་བཟླ་སྟེ། ཐུགས་རྗེ་ཆེན་པོ་མདུན་གྱི་ནམ་མཁར་བསྒོམས་ལ། མཆོད་བསྟོད་འབུལ་བར་བསམ་ལ། སྐད་ཕྲ་ལ་རིང་བ་གཅོང་བར་བཟླས་པས་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་བར་བསམ། ཉམས་སྤྲོ་དགའ་བདེ་བ་སྐྱེའོ། །འགྲོ་བ་སྐུལ་བའི་འཛབ་པི་ཝཾ་རྒྱུད་བསྒྲེང་བའི་སྐད་ལྟར་བཟླ་སྟེ། བདག་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་བདག་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གནད་ནས་བསྐུལ་ཏེ་སྣང་བ་དབང་དུ་འདུས་པར་བསམ་སྟེ་བཟླས་པས། ཉམས་རང་གི་ལུས་ངག་ཡིད་གསུམ་ལ་བྱིན་རླབས་འབར་བས་གཞན་སྣང་འགྱུར་ནས་ལུས་ངག་ཡིད་གསུམ་དབང་དུ་འདུ་བར་འགྱུར་རོ།། འགྲོ་དྲུག་སྦྱོང་ཞིང་མཁའ་འགྲོ་གནད་ནས་བསྐུལ་བའི་འཛབ་སྒེག་མོས་སྣང་གླུ་ལེན་པ་ལྟར་བཟླ་སྟེ། བདག་ཐུགས་རྗེ་ཆེན་པོར་གསལ་ཞིང་བཟླས་པའི་འོད་ཟེར་མཁའ་འགྲོའི་གནས་ཐམས་ཅད་དུ་འཕྲོས་པས་མཁའ་འགྲོ་ཐམས་ཅད་ལུས་ངག་ཡིད་གསུམ་གནད་ནས་བསྐུལ་རང་དབང་མེད་པར་བྱ་ནག་གི་ཁྱུ་འདྲོགས་པ་ལྟར་བདག་གི་མདུན་དུ་སྤུངས་ཀྱིས་བྱོན། བཀའ་ཉན་གསུང་སྡོད་པར་བསམ་ལ། སྣ་ནས་མར་སྣང་གླུ་ཀྱུ་རུ་རུ་རིང་ཐུང་དུ་བཟླ། ཉམས་ལུས་ངག་ཡིད་གསུམ་སྣང་བ་འགྱུར་ཏེ་བྱིན་རླབས་ཐིབ་ཐིབ་པ་འོང་ངོ་། །བྱིན་རླབས་གདུང་སེམས་ཀྱི་འཛབ་འབྲོག་མོ་འབྲི་བཞོ་བ་ལྟར་བཟླ་སྟེ། བདག་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ལས་འོད་འཕྲོས། བླ་མ་ཡི་དམ་མཁའ་འགྲོ་གསུམ་དང་དཔའ་བོ་དཔའ་མོ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཕོག །མཉེས་པའི་མཆོད་པ་ཕུལ། ཚུར་འདུས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིངས་སུ་བསྡུས་ནས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བར་བསམ། གཅིག་འགྱུར་གཉིས་འགྱུར་གསུམ་འགྱུར་དུ་སྦྲེལ་ལ་བཟླ། ཉམས་ཏིང་འཛིན་བདེ་སྟོང་དབྱེར་མེད་དུ་འཆར་རོ། །བདག་དོན་གཉིས་མེད་ལ་བསྐུལ་བའི་འཛབ་འབྲོག་པ་གཡག་ལ་བསྐོར་བ་ལྟར་བཟླ་སྟེ། རིག་པ་ངར་དང་བཅས་པས་ཤེས་པ་གཞི་ལ་མི་བཞག་པར་འུ་རུ་རུ་དྲག་ལ་ངར་དང་བཅས་པར་བཟླ། ཉམས་རིག་པ་འུར་ཏེ་རང་བྱུང་གི་རིག་པ་ཤུགས་ལ་འཆར་རོ། །ཐུགས་མཉམ་ཉིད་དུ་བཞག་པའི་འཛབ་གླིང་བུ་འབུད་པ་ལྟར་བཟླ་སྟེ། སེམས་མི་རྟོག་སྟོང་གསལ་དུ་བཞག་ནས་རང་གསལ་རང་གྲོལ་རང་གདངས་ཀྱི་ངང་ནས་ཀྱུ་རུ་རུ་བཟླ། ཉམས་རིག་སེམས་རང་དྭངས་ཤིང་རྟོག་མེད་འཆར་རོ། །ཏིང་འཛིན་རྩལ་སྦྱོང་གི་འཛབ་ལྕུང་ཀ་རྩལ་སྦྱོང་བྱེད་པ་ལྟར་བཟླ་སྟེ། རིག་པ་གཞི་ལ་མི་འཇོག་པར་དམིགས་པ་མཐོ་དམན་ཐམས་ཅད་ལ་རྩལ་སྦྱོང་སྐད་ཆེ་ཆུང་བསྒྱུར་ཞིང་བཟླ། ཉམས་རིག་རྩལ་སྣ་ཚོགས་སུ་འཆར་རོ། །ཡི་དྭགས་འབྱུང་པོ་གཅུན་པའི་འཛབ་སྟག་དང་ཕག་རྒོད་འཛིངས་པ་ལྟར་བཟླ་སྟེ། གདོན་བགེགས་ཀྱི་སྟེང་དུ་རིག་པ་ངར་བསྐྱེད་དེ་ཇེ་དྲག་ཇེ་དྲག་ཏུ་ཧྲིལ་གྱིས་དྲིལ་ནས་བཟླ། ཉམས་བརྟུལ་ཞུགས་ཐོན་པས་གདོན་བགེགས་རང་ཞིར་འགྲོ །བར་ཆོད་ཆོ་འཕྲུལ་ཟློག་པའི་འཛབ་རྒྱ་ཁྲ་གཟན་ལ་འཇབ་པ་ལྟར་བཟླ་སྟེ། བར་གཅོད་ལྷ་འདྲེའི་ཆོ་འཕྲུལ་གང་བྱུང་དེ་ལ་དམིགས་པ་དྲག་ཏུ་གཅུན་ལ་དེའི་གཉེན་པོར་དམིགས་ཏེ་རིག་པ་རྩེ་གཅིག་ཏུ་དྲིལ་ལ་བཟླ། ཉམས་བར་གཅོད་གྲོགས་སུ་སོང་ནས་བྱིན་རླབས་ནུས་པ་འཆར་རོ། །བསྙེན་སྒྲུབ་ལས་སྦྱོར་སྤྲོ་བསྡུས་སུ་བཟླ་བའི་འཛབ་ནི། རང་ཐུགས་རྗེ་ཆེན་པོ་ལུས་ཀྱི་ལྷ་རྣམས་དང་བཅས་པ་གསལ་བའི་ལྟེ་བ་ནས་འོད་ཟེར་དམར་པོ་ཐུགས་ཀར་ཕོག་ཐུགས་ཀྱི་ལྷ་ཚོགས་མཆོད་པས་མཉེས། ཐུགས་ཀ་ནས་འོད་ཟེར་སྔོན་པོ་མགྲིན་པར་སྤྲོས་གསུང་གི་ལྷ་ཚོགས་མཆོད་པས་མཉེས། མགྲིན་པ་ནས་འོད་ཟེར་དམར་པོ་སྤྱི་བོར་སྤྲོས་སྐུའི་ལྷ་ཚོགས་མཆོད་པས་མཉེས། སྤྱི་བོ་ནས་འོད་ཟེར་བདག་གི་ལུས་མགོ་མཇུག་ཐམས་ཅད་ཁྱབ་པར་སྤྲོས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐུ་གསུང་ཐུགས་སུ་གྱུར་པར་བསམ་པ་ནི་བསྙེན་པའི་རིམ་པའོ། །ཡང་སྤྱི་བོ་ནས་འོད་ཟེར་དཀར་པོ་མགྲིན་པར་འཕྲོས། མགྲིན་པ་ནས་འོད་ཟེར་དམར་པོ་སྙིང་གར་སྤྲོས། སྙིང་ག་ནས་འོད་ཟེར་མཐིང་ག་ལྟེ་བར་སྤྲོས། ལྟེ་བ་ནས་འོད་ཟེར་དམར་པོ་བདག་ལུས་ཁྱབ་པས་ལུས་བདེ་བས་གང་ཞིང་སེམས་གསལ་སྟོང་གི་ཉམས་དང་ལྡན་པར་གྱུར་པ་ནི་སྒྲུབ་པའོ། །སྤྱི་བོ་ནས་འོད་ཟེར་དཀར་པོ་ཕྱིར་འཕྲོས་པས་བདེ་བར་གཤེགས་པའི་སྐུ་མཉེས། སེམས་ཅན་ཐམས་ཅད་ཀྱི་ལུས་སྒྲིབ་སྦྱངས། ཚུར་འདུས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དབང་དུ་འདུས་པར་བསམ། མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་བདེ་བར་གཤེགས་པའི་གསུང་མཉེས། སེམས་ཅན་ཐམས་ཅད་ཀྱི་ངག་སྒྲིབ་སྦྱངས། ཚུར་འདུས་བདེ་བར་གཤེགས་པའི་གསུང་གི་དངོས་གྲུབ་ཐོབ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ངག་དབང་དུ་འདུས། ཐུགས་ཀ་ནས་འོད་ཟེར་མཐིང་ག་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉེས། སེམས་ཅན་ཐམས་ཅད་ཀྱི་ཡིད་སྒྲིབ་སྦྱངས། ཚུར་འདུས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ། ཁམས་གསུམ་སེམས་ཅན་གྱི་ཡིད་དབང་དུ་འདུས། ལྟེ་བ་ནས་འོད་ཟེར་དམར་པོ་འཕྲོས། མཁའ་འགྲོ་དཔའ་བོ་དཔའ་མོའི་སྐུ་གསུང་ཐུགས་མཉེས། ཁམས་གསུམ་སེམས་ཅན་གྱི་ལུས་ངག་ཡིད་སྒྲིབ་སྦྱངས་ནས་དབང་དུ་འདུས། ཚུར་འདུས་མཁའ་འགྲོ་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པས། ཁམས་གསུམ་པའི་འགྲོ་བ་ཐམས་ཅད་བདག་གི་བཀའ་འོག་ཏུ་འདུས་པར་བསམ་པ་ནི་ལས་སྦྱོར། དེ་རྣམས་སྙིང་པོ་སྔགས་ཀྱི་དཀྱིལ་འཁོར་ཡིན་ནོ། །ཡིད་ཆོས་ཉིད་ཀྱི་འཁོར་ལོ་ནི། ཀུན་རྫོབ་ཏུ་ཇི་ལྟར་སྣང་ཡང་སྒྱུ་མ་ལྟ་བུ། དོན་དུ་ལྷ་དེ་སེམས་ཉིད་ཀྱི་སྣང་བ་ཡིན། སེམས་སྤྲོས་བྲལ་ཆོས་སྐུ་ལས་གཞན་པའི་ལྷ་ལོགས་ན་མེད་པ་ནི་ཐུགས་རྗེ་ཆེན་པོའི་ལྟ་བའོ། །ཀུན་རྫོབ་སྒྱུ་མ་ཙམ་དུ་ལུས་ལྷར་གསལ་ཡང་སྣང་ལ་རང་བཞིན་མེད་དེ་སེམས་ལས་བྱུང། སེམས་སྟོང་གསལ་འཛིན་མེད་ཀྱི་ངང་ལ་གནས་པ་བསྐྱེད་རྫོགས་ཟུང་འཇུག་ནི་ཐུགས་རྗེ་ཆེན་པོའི་སྒོམ་པའོ། །ཀུན་རྫོབ་སྒྱུ་མ་ཙམ་དུ་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ལས། དོན་དམ་དུ་སྐུ་སྣང་སྟོང་གསུང་གྲགས་སྟོང་ཐུགས་གསལ་སྟོང་ཟུང་དུ་འཇུག་པ་ཐུགས་རྗེ་ཆེན་པོའི་སྤྱོད་པའོ། །དེ་ལྟར་གསལ་བས་དཀྱིལ་འཁོར་རྣམ་པ་གསུམ་དང་མི་འབྲལ་ཏེ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་གསལ་ཐེབས། དུས་ཀུན་ཏུ་སྒོ་གསུམ་ཐ་མལ་དུ་མ་ལུས། དེ་ལྟ་བུའི་དུས་དཔའ་བ་གསུམ་དང་ལྡན་ཏེ། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བས་ལུས་ལྷར་དཔའ། ཡི་གེ་དྲུག་པ་བཟླས་པ་ལ་རྒྱུན་ཆད་མེད་པས་ངག་སྔགས་སུ་དཔའ། རྣམ་རྟོག་རང་སར་གཉེན་པོས་ཟིན་པས་སེམས་ཆོས་ཉིད་དུ་དཔའ་བའོ། །དེའི་ཚེ་གདིང་གསུམ་དང་ལྡན་ཏེ། འབྱུང་བ་དབང་དུ་འདུས་པས་སྐུ་ལ་བགྲེས་རྒུད་མི་འབྱུང་བས་ལུས་ལྷའི་གདིང་ཐོབ་བོ། །གསུང་སྙན་མི་སྙན་གྲགས་སྟོང་དུ་གྲོལ་ཞིང་འགག་པ་མི་མངའ་བས་ངག་སྔགས་ཀྱི་གདིང་ཐོབ། ཐུགས་འགྱུར་བ་མི་མངའ་བ་ཆོས་སྐུ་དྲི་མ་མེད་པར་གནས་པས་སེམས་ཆོས་ཉིད་ཀྱི་གདིང་ཐོབ་བོ། །དེ་དུས་ན་གཟེར་ཐེབས་པ་གསུམ་དང་ཡང་ལྡན་ཏེ། ཕུང་པོ་ལྷའི་སྐུར་བརྟན་པས་ལུས་ལྷར་གཟེར་ཐེབས། ངག་ཡི་གེ་དྲུག་པ་རྡོ་རྗེའི་སྒྲར་བརྟན་པས་ངག་སྔགས་སུ་གསལ་བས་སྔགས་སུ་གཟེར་ཐེབས། སེམས་ཐིག་ལེ་ཉག་གཅིག་ཆོས་སྐུར་བརྟན་པས་ཡིད་ཆོས་ཉིད་དུ་གཟེར་ཐེབས་སོ། །དེའི་ཚེ་བརྟུལ་ཞུགས་གསུམ་དང་ཡང་ལྡན་ཏེ། ཅིར་སྣང་ལྷར་གསལ་བས་ལུས་ལྷའི་བརྟུལ་ཞུགས། སྒྲ་སྐད་སྔགས་སུ་གསལ་བས་ངག་ཡི་གེ་དྲུག་པའི་བརྟུལ་ཞུགས། སེམས་སེམས་བྱུང་རང་གྲོལ་ཡེ་ཤེས་སུ་ཆུབ་པ་ཡིད་ཆོས་ཉིད་ཀྱི་བརྟུལ་ཞུགས་སོ། །དེ་ལྟ་བུའི་ཚེ་རྒྱུན་མི་འཆད་པ་གསུམ་ཡང་འབྱུང་སྟེ། སྣང་བ་སྐུའི་དཀྱིལ་འཁོར་ལས་མི་འདའ་བར་མི་དང་མི་མིན་གང་ཡང་མེད་པས་མཚམས་རྒྱུན་མི་འཆད། སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་ཡི་གེ་དྲུག་པ་ལས་གཞན་གང་ཡང་མེད་པས་འཛབ་བཟླས་རྒྱུན་མི་འཆད། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུག་ལྔ་རང་སར་གྲོལ་བས་ཆོས་ཉིད་ཀྱི་ཡོ་ལང་གཏོར་ཚོགས་རྒྱུན་མི་འཆད་དོ། །དེ་དག་གི་ཚེ་འདུ་བ་གསུམ་ཡང་འབྱུང་སྟེ། ལུས་ཐུགས་རྗེ་ཆེན་པོའི་སྐུར་གྲུབ་པས་འགྲོ་བ་མི་ཐམས་ཅད་འདུས་ཏེ་མོས་གུས་བྱེད། ངག་ཐུགས་རྗེ་ཆེན་པོའི་གསུང་དུ་གྲུབ་པས་ཐམས་ཅད་བཀའ་ཉན་ཅིང་ཅི་སྨྲས་ཆོས་སུ་འགྲོ །ཡིད་ཐུགས་རྗེ་ཆེན་པོའི་ཐུགས་སུ་གྲུབ་པས་ཆོས་ཉིད་དགོངས་པ་གཏིང་ནས་རྟོགས་ཏེ་བྱིན་རླབས་ཀྱིས་གཞན་དོན་གྲུབ་པས་ཅི་བསྟན་དགོངས་པར་འགྲོ་བ་ཡིན་ནོ། །འདི་ནི་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་མཁའ་འགྲོ་མས་ལུང་བསྟན་པའི་ཐུགས་དམ་ཤིན་ཏུ་ཟབ་པར་གདམས་པའོ། །བཞི་པ་ཡིད་བཞིན་ནོར་བུ་འཁོར་མང་གི་སྒྲུབ་པ་ནི། གོང་གི་ནང་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཡི་གེ་དྲུག་པའི་སྒྲུབ་ཐབས་ཀྱི། སྲུང་བའི་གུར་ཁང་དུ་གྱུར། ཅེས་པའི་རྗེས་སུ་ཤིན་ཏུ་རྒྱས་པ་ལ་དགའ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་པདྨ་འདབ་མ་སྟོང་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་ཞིང་ཁམས་དེ་རྣམས་སུ་པདྨ་རེ་རེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་བཞུགས་པ་ནི་རེ་རེ་ནས་སྐུ་མདོག་ཞལ་ཕྱག་སོ་སོར་གསལ་བཏབ་བོ། །བསྡུས་པ་ལ་དགའ་ན་རང་གི་ཕྱི་རོལ་དུ་པདྨ་འདབ་མ་དྲུག་རིམ་གསུམ་དང་ལྡན་པའི་འདབ་དྲུག་ནང་མ་ལ་མདུན་ནས་གཡས་སྐོར་དུ་སངས་རྒྱས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རྡོ་རྗེ་སེམས་དཔའ་མཐིང་ག་ས་གནོན། རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན། སྣང་བ་མཐའ་ཡས་དམར་པོ་མཉམ་གཞག །དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དང་། སྤྱན་རས་གཟིགས་དཀར་པོ་ཕྱག་གཉིས་ཐལ་སྦྱར་མཛད་པ། དེ་ལྟར་རིགས་དྲུག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པར་བསྒོམ། འདབ་དྲུག་བར་མ་ལའང་མདུན་ནས་གཡས་སྐོར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་གླེགས་བམ་བསྣམས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་སྔོན་མོ་མཉམ་གཞག །སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་སེར་མོ་མཆོག་སྦྱིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་རྐང་གདུབ། བཟོད་པའི་ཕ་རོལ་ཏུ་ཕྱིན་མ་ལྗང་གུ་སྐྱབས་སྦྱིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་གླེགས་བམ་བསྣམས་པ། ལྷ་མོ་དེ་དྲུག་ལ་དུས་གསུམ་གྱི་ལྷ་མོ་ཐམས་ཅད་འདུས་པར་བསམ། འདབ་དྲུག་ཕྱི་མ་ལའང་མདུན་ནས་གཡས་སྐོར་དུ་ལྷ་ལྟུང་བའི་སྡུག་བསྔལ་སྦྱངས་ནས་ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ་པི་ཝཾ་བསྣམས་པ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས་ནས་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་སྔོན་པོ་གོ་ཆ། མི་འགྱུར་བའི་སྡུག་བསྔལ་སྦྱངས་ནས་མིའི་ཐུབ་པ་ཤཱཀྱ་ཐུབ་པ་སེར་པོ་གསེག་ཤང་། བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་སྦྱངས་ནས་བྱོལ་སོང་གི་ཐུབ་པ་ཤཱཀྱ་སེང་གེ་སྔོན་པོ་པུསྟི། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས་ནས་ཡི་དྭགས་ཀྱི་ཐུབ་པ་ནམ་མཁའ་མཛོད་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངས་ནས་དམྱལ་བའི་ཐུབ་པ་ཆོས་རྒྱལ་ནག་པོ་མེ་ཆུ་བསྣམས་པ། ཐུབ་པ་དྲུག་གིས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྦྱངས་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐུབ་པ་དྲུག་ཏུ་གྱུར་པར་བསམ་མོ། །ཤིན་ཏུ་བསྡུས་པ་ལ་དགའ་ན་མདུན་དུ་ཡུམ་ཡི་གེ་དྲུག་མ་དཀར་མོ་ཕྱག་མཚན་ཡབ་དང་འདྲ་བ། གཡས་སུ་སྲས་ནོར་བུ་འཛིན་པ་དཀར་པོ་རིན་པོ་ཆེའི་སྡོང་བུ་འཛིན་པ། གཡོན་དུ་སྲས་མོ་རིག་སྔགས་འཛིན་མ་དཀར་མོ་ཤེལ་ཕྲེང་འཛིན་པ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་བསྒོམ་མོ། །དེ་ནས་བདག་དམ་ཚིག་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོ་སྤྱན་དྲངས་ཞེས་པ་ཕྱིན་ཆད་ཐམས་ཅད་ནང་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཡི་གེ་དྲུག་པའི་སྒྲུབ་ཐབས་ཀྱི་སྐབས་དང་སྦྱར་བ་ཡིན་ནོ། །ལྔ་པ་ཐུགས་རྗེ་ཆེན་པོ་འཕགས་པ་ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ་གྱི་སྒྲུབ་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུ་གསུང་ཐུགས་གྲུབ་པར་བྱས་ལ་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་དུས་ད་ལྟ་ཉིད་དུ་བསྒྲལ་ལོ། །བདག་གི་ལུས་ངག་ཡིད་གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དུས་ད་ལྟ་ཉིད་དུ་ངེས་པར་འཁོལ་ལོ། ཞེས་ཁ་སེམས་འདྲེ་ངེས་སུ་བྱས་རྗེས་སུ་ཆོས་ཐམས་ཅད་མ་བཅོས་ལྷུན་གྲུབ་རང་ལུགས་སོ་མ་རང་བབ་བཅོས་བསླད་དང་བྲལ་བའི་སྟོང་པ་ཉིད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྒྲ་ལ་བརྟེན་ནས་རང་ཉིད་སྐད་ཅིག་གིས་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུ་ཀྲོང་གིས་གྱུར་པ་ནི་སྐུ་བཞེངས་པའི་སྐུ་མདོག་དཀར་པོ་དམར་བའི་མདངས་ཆགས་པ། ཞལ་བཅུ་གཅིག་པ་རྩ་བའི་ཞལ་གསུམ་དཀར་པོ་ཆོས་སྐུ་ཞི་བའི་ཞལ་འཛུམ་པ་དང་བཅས་པ། དེའི་སྟེང་མ་གསུམ་སེར་པོ་ལོངས་སྐུ་རྒྱས་པའི་ཞལ་བཞད་པ། དེའི་སྟེང་མ་གཉིས་དམར་སྨུག་དབང་གི་ཞལ་གཙིགས་པ། དེའི་སྟེང་མ་གཉིས་སྤྲུལ་སྐུ་མཐིང་ནག་དྲག་པོ་སྤྱན་གསུམ་གསུམ་དང་ལྡན་པ། སྟེང་ཞལ་དམར་པོ་གཙུག་ཏོར་དང་ལྡན་པ་རིག་པ་འཛིན་པ། ཆོས་སྐུའི་རྩ་ཕྱག་བཅུའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། དེའི་འོག་མ་གཉིས་གཡས་བགྲང་ཕྲེང་གཡོན་པདྨ་དཀར་པོ་བསྣམས་པ། དེའི་འོག་མ་གཉིས་གཡས་འཁོར་ལོ་གཡོན་སྤྱི་བླུག །དེའི་འོག་མ་གཉིས་གཡས་མཆོག་སྦྱིན་གཡོན་རིན་པོ་ཆེ། དེའི་འོག་མ་གཉིས་གཡས་སྤྲུལ་པའི་སྐུ །གཡོན་མདའ་གཞུ་བསྣམས་པའོ། །བཅུ་གཅིག་ཞལ་གྱི་སྐབས་འདིར་ལོངས་སྐུའི་ཡན་ལག་སོ་བརྒྱད་བྱས་ཀྱང་ཆོག་ལ། མ་བྱས་ཀྱང་ཆོག །བྱ་བར་སྤྲོ་ན་ཕྱག་སྟོང་སྤྱན་སྟོང་གི་སྐབས་བཤད་པ་ལྟར་འདིར་སྦྱར། རིན་པོ་ཆེའི་རྒྱན་དུ་མ་དང་ལྡན་ཅིང་། ཕྱག་ཞབས་རིགས་བཞིའི་སྦྲུལ་གྱིས་བརྒྱན་པ། རི་དྭགས་ཀྱི་པགས་པས་སྐུ་སྟོད་གཡོགས་པ། དར་སྣ་ཚོགས་པའི་ཤམ་ཐབས་དཀྲིས་པ་པདྨའི་གདན་དང་ལྡན་པ་ཞིག་ཏུ་བསྒོམ། དེ་ལྟར་སྐུ་ཡོངས་སུ་རྫོགས་པར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པར་སྐད་ཅིག་གིས་བརྫུས་སྐྱེས་སུ་ཀྲོང་གིས་བསྐྱེད། དེ་ཡང་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཨོཾ་ཨཱཿཧཱུྃ་དང་ལྡན་པ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་དེ་དག་ནི་དྲན་པའི་དུས་ཀྱི་དྲན་པ་དེ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བ་ཡིན་ནོ། །དེ་ཡང་བློ་རབ་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འབུམ་ཕྲག་བཅུ་གཉིས་རྡུལ་ཕྲ་རབ་ཏུ་བསིལ་བའི་གྲངས་དང་མཉམ་པའི་ལོངས་སྐུའི་ཞིང་ཁམས་དབུས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་གྲངས་གོང་དང་མཉམ་པ། ཤར་མངོན་དགའ། ལྷོ་རིན་ཆེན་ཡོད་པ། ནུབ་པདྨ་ཅན། བྱང་རྔ་སྒྲ་རྣམས་ཀྱང་གྲངས་གོང་དང་མཉམ་པ་དེ་ཐམས་ཅད་དུ་ལོངས་སྐུ་གངས་ཆེན་མཚོ་རེ་རེ། བོད་ཁ་བ་ཅན་རེ་རེ། ར་ས་འཕྲུལ་སྣང་དང་། ལྷ་ས་ར་མོ་ཆེ་དང་། རྒྱལ་པོ་སྲོང་བཙན་སྒམ་པོ། ལྷ་གཅིག་བལ་བཟའ་དང་རྒྱ་བཟའ་འཕགས་པ་ནམ་མཁའི་རྒྱལ་པོ་རྣམས་ཀྱང་འགྲོ་བའི་དོན་ལ་གསལ་བར་བསྐྱེད་དེ། བློ་འབྲིང་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་རྣམས་སུ་བསྐྱེད། བློ་ཐ་མས་སྟོང་ཆུང་ངུའམ། རང་ནམ་མཁའི་རྒྱལ་པོར་བསྐྱེད་དོ། །དེ་ནི་བསྐྱེད་པའི་རིམ་པ་སྟེ། ལྷ་གཅིག་བསྐྱེད་པས་འཇིག་རྟེན་གྱི་ཁམས་ཀུན་ཏུ་གསལ་བ་ཞེས་བྱ་བའོ། །དེ་ནས་སྔགས་གཅིག་བཟླས་པས་བསྙེན་པ་རྫོགས་པར་བསྟན་པ་ནི། བདག་གིས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླས་པས་གོང་གི་བསྐྱེད་རིམ་གྱི་ལྷ་གསལ་བ་དེ་རྣམས་ཀྱང་སོ་སོ་མ་ཡིན་ཐ་མི་དད་པའི་ངང་ལ་འཇིག་རྟེན་ཐམས་ཅད་དུ་ཡི་གེ་དྲུག་པ་དི་རི་རི་བཟླས་པས་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་འགྲོ་བའི་དོན་མཛད་རིགས་དྲུག་གི་གནས་སུ་འཕྲོས་ཐུབ་པ་དྲུག་ཤར། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་པ་སྦྱངས། ཐམས་ཅད་འཕགས་པ་ནམ་མཁའི་རྒྱལ་པོའི་སྐུར་གྱུར་ནས་འགྲོ་བའི་དོན་ལ་བསྐུལ། གནོད་སྦྱིན་དྲི་ཟ་ཡི་དྭགས་ཀྱི་ཚོགས་རྣམས་ལ་ཕོག །འཕགས་པར་གྱུར། བར་དོའི་སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་པ་སྦྱངས་ནས་ཆོས་ཀྱི་སྐུ་དེ་ཉིད་དུ་ཐོབ། དེ་ལྟར་ཞིང་ཁམས་ཐམས་ཅད་ལྷར་གསལ་བཏབ། སྔགས་བཟླས་པས་སེམས་ཅན་ཐམས་ཅད་འཕགས་པར་གྱུར་ནས་བསྙེན་སྒྲུབ་རྒྱུན་མི་འཆད། བཟླས་པ་གསུང་རྒྱུན་མི་འཆད། བདག་གིས་ལྷ་སྔགས་དྲན་པས་ཞིང་ཁམས་དེ་ཐམས་ཅད་དུ་དྲན་ནས་སྐད་ཅིག་མ་ལ་འཕགས་པའི་བསྙེན་པ་རྫོགས་པ་ཡིན་ནོ། །དེ་ལྟར་ཤེས་པས་ལན་གཅིག་བཟླས་ན་མཚམས་མེད་པ་ལྔ་བྱས་པའང་འདག་པ་གནད་འདི་ཡིན། ལན་བརྒྱ་ཕྲག་བཟླས་པས་འཕགས་པ་གྲུབ་པའང་གནད་འདི་ཡིན་ནོ། །དེ་ནས་ཡིད་དབང་པོའི་སྒོ་མ་བཀག་པར་འཛིན་པའི་རིག་པ་ཡུལ་དང་འཕྲད་དེ་ལྷ་སྒོམ་པ་ཡང་རང་སེམས། ལྷ་མི་བསྒོམ་པ་ཡང་རང་སེམས་ཡིན། ནང་དུ་བལྟས་པས་དབྱིབས་དང་ཁ་དོག་མ་གྲུབ། ཕོ་མོ་མ་ནིང་དུ་མ་གྲུབ། དགྲ་གཉེན་དུ་མ་གྲུབ། ཕྱི་ནང་དུ་མ་གྲུབ། ཡིན་མིན་དུ་མ་གྲུབ། གཞི་རྩ་དང་བྲལ་བའི་ངང་ལས་དམིགས་པའི་ཡུལ་མེད་པའི་སྟོང་པར་འདོད་པ་དང་། སྟོང་པར་སོང་བའི་བློ་ཡང་མེད་པར་རང་ལུགས་འོད་གསལ་ཆེན་པོའི་ངང་ལ་ཇི་ལྟར་འདུག་པ་དེ་ལྟར་བཞག །དོན་གཅིག་གིས་ཞིང་ཁམས་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཆོས་ཉིད་རང་ལུགས་སུ་གནས་པ་ཞེས་བྱའོ། །བློ་གཟུང་འཛིན་དང་བྲལ་བའི་རང་ལུགས་སུ་གནས་པ་དེ་ཆོས་སྐུ་ཡིན་པས་དེ་ལ་གནས་ན་ལོ་དང་ཟླ་བར་བསྐལ་པར་བསགས་པའི་སྡིག་པ་སྐད་ཅིག་ལ་འདག་པ་ཡང་འདི་ངོས་ཟིན་ན་ཡིན་ནོ། །དེའི་ངང་ལས་སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་གྱི་དོན་ལ་སྐྱོ་དུབ་མེད་པར་འཇུག་པ་ནི་སྤྲུལ་སྐུས་འགྲོ་བའི་དོན་ལ་འཇུག་པ་ཡིན་ནོ། །དེ་ལྟར་ཞིང་ཁམས་ཐམས་ཅད་དུ་ལྷ་སྐུར་སྣང་བས་ལུས་སྐུ་ཡི་དཀྱིལ་འཁོར། སྒྲ་ཐམས་ཅད་གསུང་དུ་སྣང་བས་ངག་གསུང་གི་རྣལ་འབྱོར། དྲན་རྟོག་ཐམས་ཅད་ཆོས་ཉིད་དུ་གནས་པས་ཡིད་ཐུགས་ཀྱི་རྣལ་འབྱོར། རྣལ་འབྱོར་གསུམ་དང་མ་བྲལ་བར་ཉམས་སུ་བླངས་ན་ཚེ་འདི་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབ་པ་ཡིན་ནོ། །དྲུག་པ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ཕྱག་སྟོང་མངའ་བར་སྒྲུབ་པ་ནི། གོང་གི་བཅུ་གཅིག་ཞལ་གྱི་སྐབས་ཀྱི་གཡོན་མདའ་གཞུ་བསྣམས་པའོ་ཞེས་པའི་བར་འདྲ་བ་ལ། ལོངས་སྐུའི་ཡན་ལག་ཕྱག་སོ་བརྒྱད་ཀྱི་གཡས་བཅུ་དགུ་ན། རིན་པོ་ཆེ། ཞགས་པ། ལྷུང་བཟེད། རལ་གྲི །རྡོ་རྗེ། རྡོ་རྗེ་རྒྱ་གྲམ། ཆུ་ཤེལ། རིན་པོ་ཆེའི་མེ་ཤེལ། གཞུ་སེར་པོ། རིན་པོ་ཆེའི་ལྕུག་མ། རྔ་ཡབ། ཕུབ། བུམ་པ། དགྲ་སཏྭ། ཕྲེང་བ། པདྨ་སྔོན་པོ། སྤྱི་བླུགས། ཉི་མ། པདྨ་དཀར་པོ་རྣམས་འཛིན་པ། གཡོན་པའི་བཅུ་དགུ་ན་སྤྲིན་དཀར་པོ། སྤྱི་བླུགས། པདྨ་སེར་པོ། རལ་གྲི་སྔོན་པོ། དུང་། ཐོད་དབྱུག །ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། བསིལ་གཡབ། སྤྲུལ་སྐུ །གཞལ་ཡས་ཁང་། གླེགས་བམ། འཁོར་ལོ་རྩིབས་སྟོང་ལྡན། སྤྲུལ་པའི་གཟུགས། རྒུན་འབྲུ། པདྨ་དམར་པོ། རིན་པོ་ཆེ་ཟུར་བརྒྱད་པ་རྣམས་འཛིན་པ། ཉིང་ལག་སྤྲུལ་པའི་ཕྱག་སྟོང་དང་རྩ་གཉིས་ནི་ཐམས་ཅད་ཀྱིས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་དེ་བསྐལ་པ་བཟང་པོའི་འཁོར་ལོས་བསྒྱུར་རྒྱལ་སྟོང་རྩ་གཉིས་ཀྱིས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ། ཕྱག་རྣམས་ཀྱི་མཐིལ་ན་སྤྱན་སྟོང་རྩ་གཉིས་མངའ་བ་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་མཛད་པ་བཅུ་གཉིས་ཀྱི་མཐར་ཕྱིན་ནས་འགྲོ་བའི་དོན་ལ་དགོངས་པ། ཕྱག་ཐམས་ཅད་བསྡོམས་པས་སྟོང་དང་ལྔ་བཅུ་ཐམ་པ་ཕྱག་མཚན་བཞི་བཅུ་ཞེ་བདུན་ཡོད་པའོ། །དེ་ཡང་སྐུ་མདོག་དཀར་པོ་ནི་ཉོན་མོངས་པའི་དྲི་མས་མ་གོས་པའོ། །དམར་པོའི་མདངས་དང་ལྡན་པ་ནི་འགྲོ་བའི་དོན་ལ་ཆགས་པའོ། །ཞབས་གཉིས་བཞེངས་པ་ནི་འགྲོ་བའི་དོན་ལ་བཞེངས་པའོ། །ཞལ་བཅུ་གཅིག་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནས་འགྲོ་བའི་དོན་ཕྱོགས་མེད་དུ་མཛད་པའོ། །རྩ་ཕྱག་བཅུ་ནི་ས་བཅུ་རྒྱུན་གྱི་ཐ་མ་ལ་འགྲོ་བ་དྲངས་ནས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །ཡན་ལག་གི་ཕྱག་སོ་བརྒྱད་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐབས་སྣ་ཚོགས་པས་སྐོང་བའོ། །ཉིང་ལག་སྤྲུལ་པའི་ཕྱག་སྟོང་རྩ་གཉིས་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་པའོ། །རིན་པོ་ཆེའི་རྒྱན་ནི་འདོད་ཡོན་མ་སྤང་མ་ཞེན་པའོ། །རི་དྭགས་ཀྱི་པགས་པ་ནི་སྙིང་རྗེའི་རླན་དང་མ་བྲལ་བའོ། །དར་གྱི་ཤམ་ཐབས་དཀྲིས་པ་ནི་ཆོས་ཀྱི་ངོ་ཚ་དང་ལྡན་པའོ། །ཞེས་བཅུག་ནས། དེ་ལྟར་སྐུ་ཡོངས་སུ་རྫོགས་པ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པར་སྐད་ཅིག་གིས་བརྫུས་སྐྱེས་སུ་ཞེས་པ་ཕྱིན་ཆད་ནི་གོང་གི་བཅུ་གཅིག་ཞལ་གྱི་སྐབས་ཇི་ལྟ་བ་སྦྱར་བས་གྲུབ་པའོ། །དེ་ལྟར་རྒྱལ་པོས་གསུངས་པ་ལ་ཡབ་ཡུམ་བློན་འབངས་ཐམས་ཅད་དགྱེས་ནས་རྒྱལ་པོའི་ཞབས་སྤྱི་བོར་བླངས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་འགྲོ་བའི་དོན་ལ་བྱའོ་དང་མི་བྱའོ་མེད་པར་ངང་ངམ་ཤུགས་ཀྱིས་བྱེད་དོ། །སྤྲུལ་པའི་རྒྱལ་པོའི་ཐུགས་དམ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྒྲུབ་པ་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པ་ཡིན་ནོ། །གཉིས་པ་དྲག་པོ་ཁྲོ་བོ་རྟ་མགྲིན་དྲེགས་པ་དབང་སྡུད་དུ་སྒྲུབ་པ་ནི། རང་གི་སྙིང་གར་རཾ་སེར་ལས་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧྲཱིཿདམར་སེར་བསམ་པའི་འོད་ཟེར་དམར་པོས་རང་ལུས་ཁྱབ་པས་རྣམ་སྨིན་གྱི་ལུས་བསྲེགས་ནས་འོད་ཕུང་དམར་པོར་གྱུར། སེམས་ཀྱི་མཚན་ཉིད་ཧྲཱིཿདམར་པོར་བསྒོམ། དེ་ནས་རང་ཉིད་སྐད་ཅིག་གིས་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་བེ་ཅོན། གཡོན་རྡོ་རྗེའི་ཐོ་བ་བསྣམས་པ། གདན་ཉི་ཟླ་པདྨ་བགེགས་ཀྱི་སྟེང་ན་ཞབས་གཉིས་འདོར་ཐབས་སུ་བཞེངས་པ། ཞལ་རྔམ་པ་མཆེ་བ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཤངས་ནས་བསྐལ་པའི་རླུང་ནག་འཚུབས་པ། སྙན་ནས་བསྐལ་པའི་འབྲུག་སྒྲ་སྒྲོག་པ། ལྗགས་ནས་བསྐལ་པའི་གློག་འགྱུ་བ། ཞལ་ནས་ཧྲཱིཿདང་ཕཊ་ཀྱི་སྒྲ་སྒྲོག་པ། ཐོད་པའི་ཕྲེང་བ་གསོལ་བ། སྦྲུལ་རིགས་བཞིས་སྐུ་དང་ཡན་ལག་བརྒྱན་པ། དབུའི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བས་སྣང་སྲིད་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་པ། བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསྒོམ། དེ་ནི་ལུས་ལྷའི་བརྟུལ་ཞུགས་ཀྱིས་མི་འཇིགས་པའི་གདིང་བཅའ་བའོ། །ངག་སྔགས་ཀྱི་བརྟུལ་ཞུགས་ཀྱིས་མི་འཇིགས་པའི་གདིང་བཅའ་བ་ནི། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ། ཧྲཱིཿཧྲཱིཿཧྲཱིཿ ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་དྲག་ཏུ་བཟླས་པས་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དང་། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས། ཚར་བཅད་ནས་འདར་ཡེད། འུབ་བརྒྱལ། འདྲེ་ལོག་ལོག །བཀའ་ཉན་གསུང་སྡོད་པར་བསམ་མོ། །སེམས་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིས་མི་འཇིགས་པའི་གདིང་བཅའ་བ་ནི། རང་དང་ལྷ་གཉིས་དབྱེར་མེད་པས་སེམས་སྐྱེ་མེད་ཀྱི་ངར་དང་བཅས་ལ་གང་ལའང་འཇིགས་པའམ་ཉམ་ང་བ་དང་བག་ཚ་བ་མེད་པར་དགྲ་བགེགས་ཀྱི་སྟེང་དུ་ཐོག་རྫིས་བྱའོ། །སྐབས་སུ་རྟ་སྐད་འདོན་ཞིང་བརྟུལ་ཞུགས་བྱ། ལུས་རྟ་མགྲིན་གྱི་སྐུར་གསལ་བས་ལུས་ལྷའི་གདིང་གིས་ཟིན་པས་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་འདུ། ངག་སྔགས་སུ་གསལ་བས་དྲེགས་པ་ཐམས་ཅད་བཀའ་ཉན་གསུང་སྡོད། ཡིད་ཆོས་ཉིད་དུ་གསལ་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན། དེ་ལྟ་བུའི་དགོངས་པ་དང་ལྡན་ཙམ་ན་ལྷ་འདྲེ་མི་གསུམ་དབང་དུ་འདུས་པར་འགྱུར་རོ། །དྲེགས་པ་ཐམས་ཅད་ལས་ལ་བཀོལ་ནས་བྲན་བཞིན་དུ་ལས་བྱེད་དོ། །སརྦ་བྷཱུཏ་ཏྲིག་ནན་ཞེས་གོང་གི་སྔགས་ལ་བཏགས་པས་རྟ་བྲོ་བརྡུང་བའོ། །བར་གཅོད་ཐམས་ཅད་རྡུལ་དུ་བརླག་འགྲོའོ། །རྟ་མགྲིན་དྲེགས་པ་དབང་སྡུད། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའོ། །གསུམ་པ་ཞི་ཁྲོ་སྦྲགས་སྒྲུབ་རྒྱལ་བ་གསུམ་དྲིལ་གསང་སྒྲུབ་ཟབ་པའི་མཐར་ཐུག་པ་ནི། རང་གི་སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་གཅིག་གསལ་བ་དེའི་འོད་ཟེར་དམར་པོས་རང་ལུས་ཁྱབ་སྟེ་རྣམ་སྨིན་གྱི་ལུས་བསྲེགས་ནས་འོད་ཕུང་དམར་པོར་ཞུ། སེམས་ཀྱི་མཚན་ཉིད་ཧྲཱིཿཡིག་དམར་པོར་གྱུར་པ་དེ་གདན་པདྨ་ཟླ་ཉིའི་སྟེང་དུ་ཐུགས་རྗེ་ཆེན་པོ་ལོ་ཀེ་ཤྭ་ར་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པདྨ་རཱ་གའི་ཕྲེང་བ་བསྣམས་ཤིང་གཡོན་པདྨ་དམར་པོ་འཛིན་པ། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པ་འོད་ཀྱི་རྒྱབ་ཡོལ་ཅན་དུ་བསམ། དེ་ནི་ཐུགས་རྗེ་ཆེན་པོ་སྐུའི་ལྷའོ། །དེའི་སྤྱི་གཙུག་ན་གསུང་གི་ལྷ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་སྤྲུལ་སྐུའི་ཆ་ལུགས་ཅན་དབུ་རྒྱན་གྱི་ཚུལ་དུ་བསྒོམ། ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐུགས་ཀྱི་ལྷ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱ་ཅན་གཡོན་པདྨ་བསྣམས་པ་དབུའི་གཙུག་ན་རྟ་མགོ་རྟ་སྐད་འཚེར་བ། ཞབས་པདྨའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ་ཙིཏྟའི་སྒོ་སྲུང་ནས་ཚེ་ལ་གནོད་པའི་བར་གཅོད་སྲུང་བར་བསྒོམ། དེ་ལྟར་སྐུ་གསུམ་པོ་ནི་ལུས་ལྷའི་གདིང་ངོ་། །གཉིས་པ་ངག་སྔགས་ཀྱི་གདིང་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་ཏེ། དེ་ལ་ཞི་ཚུལ་དུ་བཟླ་བ། ཁྲོ་ཚུལ་དུ་བཟླ་བ། གསང་བ་རྡོ་རྗེའི་བཟླས་པ་དང་གསུམ་ལས། ཞི་ཚུལ་དུ་བཟླ་བ་ནི། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་དམར་པོ་དང་བཅས་པ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཕོག་པས་སྐུ་མཉེས་པའི་མཆོད་པ་ཕུལ། སྐུའི་དངོས་གྲུབ་ཐམས་ཅད་བསྡུས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་སྦྱངས། ལུས་དབང་དུ་བསྡུས། སྤྱི་བོའི་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་དམར་པོ་དང་བཅས་པ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་གྱི་གསུང་ལ་ཕོག་པས་གསུང་མཉེས་པའི་མཆོད་པ་ཕུལ། གསུང་གི་དངོས་གྲུབ་ཀྱི་དབྱིག་བསྡུས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ངག་ལ་ཕོག་པས་ངག་གི་སྒྲིབ་པ་སྦྱངས། ངག་དབང་དུ་བསྡུས། ཐུགས་ཀའི་རྟ་མགྲིན་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་དམར་པོ་དང་བཅས་པ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཕོག་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་བསྡུས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་ཕོག །ཡིད་ཀྱི་སྒྲིབ་པ་སྦྱངས། སེམས་དབང་དུ་བསྡུས། འོད་ཟེར་ཚུར་འདུས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབང་དུ་བསྡུས་ནས། བདག་གི་དབང་དུ་མ་འདུས་པ་མེད་པར་བསྒོམ་མོ། ཁྲོ་ཚུལ་དུ་བཟླ་བ་ནི། བདག་གི་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ལས་འོད་ཟེར་ལྕགས་ཀྱི་ཚྭ་ཚྭ་ལྟ་བུར་འཕྲོས། ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པར་གྱུར་ནས་གང་དག་ཞི་བས་མི་ཐུལ་བའི་བདུད་དང་བགེགས་དང་ལོག་པར་ལྟ་བའི་དགྲ་ལ་སོགས་པ་ཐམས་ཅད་བཏུལ། ཚར་བཅད་དབང་དུ་བསྡུས། རྒྱལ་པོའི་བཀའ་འོག་ན་འབངས་གནས་པ་བཞིན་དུ་དེ་དག་ཐམས་ཅད་བདག་གི་བཀའ་འོག་ན་དབང་དུ་མ་འདུས་པ་མེད་པར་བསྒོམ་མོ། །གསང་བ་རྡོ་རྗེའི་བཟླས་པ་ནི། སྙིང་པོ་ཡིད་ཀྱིས་བཟླ། སེམས་སྟོང་གསལ་ཆོས་ཉིད་ཀྱི་ངང་དུ་བཞག་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོང་ནས་འཆར་རོ། །ངག་སྔགས་ཀྱི་གདིང་གིས་འགྲོ་བ་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་བསྡུས་ནས་བཀའ་ཉན་པར་འགྱུར་རོ། །ཡིད་ཆོས་ཀྱི་གདིང་ནི། ཐུགས་རྗེ་ཆེན་པོའི་ཐུགས་ནི་ཀུན་ལ་སྙོམས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ནི་ཀུན་ལ་གསལ། འཕགས་པ་རྟ་མགྲིན་གྱི་ཐུགས་ནི་ཐབས་ལ་མཁས། དེ་གསུམ་ཀའི་ཐུགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་དེ་ནི་སོ་སོ་མ་ཡིན་ཐ་མི་དད་དོ། །རང་གསལ་རང་བྱུང་གི་ཐུགས་གསལ་ལ་མ་འགགས་པར་འཆར། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་པོ་དེ་ཡང་ལོགས་སུ་ཡོད་པ་མ་ཡིན་ཏེ། རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཡིན་ནོ། །ལོགས་ནས་བསྒྲུབ་ཏུ་མེད་དོ། །ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་རང་གི་སེམས་རྣམ་པར་མི་རྟོག་པ་གསལ་ལ་མ་འགགས་རང་བྱུང་དུ་རང་ཤར་བ་ལ་བྱའོ། །དེ་ལྟར་རྒྱུད་ལ་རྟོགས་ནས་ཉམས་སུ་མྱོང་ནས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ལྷ་གསུམ་དུ་དག་པས་གྲོལ་བར་འགྱུར་རོ། །དེ་ལྟར་ཉམས་སུ་ལེན་ཡང་ལྷ་ལ་དམ་ཚིག་པ་དང་ཡེ་ཤེས་པ་མེད། བསྐྱེད་པའི་རིམ་པའི་སྐབས་ལྟར་གསལ་བཏབ། བསྡུ་བ་དང་གཤེགས་པ་བྱར་མེད་དོ། །སྙིང་པོ་འབྲུ་གསུམ་ལྷ་གསུམ་གྱི་ཡང་སྙིང་ཡི་གེ་དྲུག་པ་ཉེ་བའི་སྙིང་པོ་ཡིན་ནོ། །རྡོ་རྗེའི་བཟླས་པ་བྱ་སྟེ་ཡིད་ཀྱིས་བགྲང་། ལུས་ལ་བདེ་བ་འཆར། ངག་ལ་ནུས་པ་འཆར། ཡིད་ལ་རྟོགས་པ་འཆར་རོ། །དུས་རྟག་ཏུ་ལུས་ཐ་མལ་དུ་མི་བསྡད། སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་ཐ་མལ་དུ་མི་བསྡད། སྙིང་པོ་གསལ་དག་ཏུ་བཟླ། སེམས་ཐ་མལ་དུ་མི་བསྡད། གསལ་སྟོང་དུ་བཞག་གོ །ལུས་ལྷར་གྲོལ་ཏེ་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་གྲོལ། ངག་སྔགས་སུ་གྲོལ་ཏེ་གྲགས་སྟོང་བྲག་ཅ་ལྟ་བུར་གྲོལ། སེམས་ཆོས་ཉིད་དུ་གྲོལ་ཏེ་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གསལ་ཆེན་པོར་གྲོལ་བར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་པས་ཕྱི་རྟགས་སུ་སྣང་བ་ལ་མངོན་ཞེན་ཇེ་ཆུང་ཇེ་ཆུང་ལ་འགྲོ །སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པར་འཆར་ཏེ་ཧར་རེ་སིང་ངེ་བའི་ཉམས་འཆར། ནང་རྟགས་སུ་ནང་གི་ཞེན་འཛིན་ཇེ་ཆུང་ཇེ་ཆུང་ལ་གང་གི་ཡང་འཛིན་པ་མེད་པར་ལྷོད་དེ་ཤིག་གེ་བའི་ཉམས་འཆར། གསང་བའི་རྟགས་སུ་རྣམ་རྟོག་ཕྲ་རག་འགག་སྟེ་གང་ཡང་དགག་སྒྲུབ་མེད་པར་དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ཇེ་ཆུང་ཇེ་ཆུང་ལ་བུན་ནེ་སིང་ངེ་བའི་ཉམས་འཆར་རོ། །ཉམས་དང་རྟགས་དེ་ལྟར་བྱུང་ཡང་གང་ལ་ཡང་མ་ཆགས་མ་ཞེན་རློམ་སེམས་མེད་པར་བྱའོ། །འདི་ལྟར་ཉམས་སུ་བླངས་ནས་བསྒྲུབ་ན། སྐྱེ་བ་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨ་ལ་བརྫུས་ཏེ་སྐྱེས་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །རྒྱལ་བ་གསུམ་བསྒྲིལ་གསང་སྒྲུབ་ཟབ་ཅིང་བྱིན་རླབས་ཆེ་ལ་མྱུར་བའི་མཐར་ཐུག་པ་ཆོས་སྐྱོང་བའི་རྒྱལ་པོའི་ཐུགས་དམ་མོ། །དེ་ལྟར་བསྐྱེད་རིམ་ཞི་བ་དྲག་པོ་སྦྲགས་སྒྲུབ་ཐམས་ཅད་ཀྱི་ལས་ཚོགས་ནི་རྟེན་གྱི་ཆོས་དྲུག །གསོན་གྱི་ཆོས་དྲུག །གཤིན་པོ་ལ་ཕན་གདགས་པའི་ཆོས་དྲུག །ཕྲིན་ལས་དྲུག །གསང་སྔགས་ཀྱི་གནད་དྲུག །ཐུན་མཚམས་ཀྱི་ཆོས་དྲུག་རྣམས་ཡིན་ཏེ། དེ་ལ་ཡང་རྟེན་གྱི་ཆོས་དྲུག་ནི། རབ་གནས། མཆོད་པ། བསྟོད་པ། གསོལ་བ་གདབ་པ། སཱཙྪ། སྐུ་ཁྲུས་དང་དྲུག་གོ །གསོན་གྱི་ཆོས་དྲུག་ལ་དབང་བསྐུར། ཚེ་སྒྲུབ། བྱིན་རླབས། དབྱུག་བཅོས། སྲུང་འཁོར། ནད་འདོན་དང་དྲུག་གོ །གཤིན་པོ་ལ་ཕན་གདགས་པའི་ཆོས་དྲུག་ལ། རོ་ཁྲུས། བུམ་ཆོག །རོ་བསྲེག །མཚན་བྱང་སྦྱང་བ། དུར་མཚེད་དུ་གཞུག་པ། རོ་ཟན་གཏང་བ་དང་དྲུག་གོ །ཕྲིན་ལས་དྲུག་ལ། ཞི་བ། རྒྱས་པ། དབང་། དྲག་པོ། །སྦྱིན་སྲེག །བརྟུལ་ཞུགས་དང་དྲུག་གོ །གསང་སྔགས་ཀྱི་གནད་དྲུག་ལ། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོ་དང་དྲུག་གོ །ཐུན་མཚམས་ཀྱི་ཆོས་དྲུག་ལ། བདུན་རྣམ་དག །མཎྜལ། ཁྲུས་ཆབ། བསྐོར་བ། གཏོར་མ། ཆུ་གཏོར་དང་དྲུག་གོ །དེ་དག་ཐམས་ཅད་རེ་རེ་ལའང་། ཕྱི། ནང་། གསང་བ། དོན། རྟགས། མཚོན་པ་སྟེ་དྲུག་དྲུག་གིས་ཉམས་སུ་བླངས་དགོས་པ་ལ། གསང་སྔགས་ཀྱི་གནད་དྲུག་ནི་འོག་ཏུ་མཚན་བཅས་སྟེང་སྒོའི་རྫོགས་རིམ་གྱི་སྐབས་སུ་སྟོན་ལ། ཐུན་མཚམས་ཀྱི་ཆོས་དྲུག་ནི་རྫོགས་རིམ་གྱི་འོག་ཏུ་རྗེས་ཀྱི་ཆོས་ལ་སྟོན་པ་ཡིན་ལ། གཞན་རྣམས་ནི་འདིར་བྲིས་ན་གླེགས་བམ་བོང་ཆེ་ཞིང་མང་བ་དང་ཡི་གེའི་ངལ་བས་འཇིགས་ཏེ་མ་བྲིས་ལ་ཉམས་སུ་བླང་འདོད་པའི་གང་ཟག་གིས་ནི་ཟུར་བཀོལ་དུ་བྲིས་ཡོད་པས་དེར་རྟོགས་པར་བྱོས་ཤིག །དེ་རྣམས་ནི་ཆད་པའི་མཐའ་ཟློག་ཅིང་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྒྲུབ་པར་བྱེད་པ་བསྐྱེད་རིམ་གྱི་སྐོར་རྣམས་སོ།། །།གཉིས་པ་རྟག་པའི་མཐའ་སེལ་ཞིང་ངེས་པ་དོན་གྱི་ཡེ་ཤེས་འཆར་བ་རྫོགས་པའི་རིམ་པ་བསྒོམ་པ་ལའང་གཉིས། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའོ། །དང་པོ་མཚན་བཅས་ཀྱི་རྫོགས་རིམ་ལའང་གཉིས། སྟེང་སྒོ་རྣམ་པར་གྲོལ་བ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས། དང་པོ་སྟེང་སྒོ་རྣམ་པར་གྲོལ་བ་ལ་བཞི། གསང་སྔགས་ཀྱི་གནད་དྲུག །བར་དོ་རྣམ་པ་དྲུག །ཉིན་ནུབ་ལམ་ཁྱེར། དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ལམ་ཁྱེར་རོ། །དང་པོ་གསང་སྔགས་ཀྱི་གནད་དྲུག་ནི། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོ་དང་དྲུག་གོ །དེ་རེ་རེ་ལའང་ཕྱི་ནང་གསང་བ་དོན་རྟགས་མཚོན་པ་སྟེ་དྲུག་དྲུག་བསྟན་པ་ལས། དང་པོ་རྩ་རླུང་ལ་ཕྱིའི་རྩ་རླུང་ནི་ལུས་ལ་རྩ་སྟོང་ཕྲག་བརྒྱད་ཅུ་གནས། རྩ་གང་ན་གནས་པ་ན་རླུང་གནས། རླུང་གང་ན་གནས་པ་ན་རིག་པ་བྱང་ཆུབ་ཀྱི་སེམས་གནས། སེམས་གང་ན་གནས་པ་ན་ཆོས་སྐུ་བྱང་ཆུབ་ཀྱི་སེམས་གནས་སོ། །ནང་གི་རྩ་རླུང་ནི་ལུས་གནད་རྩ་ཡིན་པས་ལུས་སྐྱིལ་ཀྲུང་བཅའ། བདེ་བར་བཅོས། རྩ་གནད་རླུང་ཡིན་པས། རླུང་རོ་སྣ་ནས་ཕར་བཏང་ཚུར་རྔུབ་ལ་འཇམ་རླུང་བཟུང་། འོག་རླུང་ཡང་བག་ཙམ་འཐེན་བཟུང་ངོ་། །གསང་བའི་རྩ་རླུང་ནི་འཇམ་རླུང་བག་ཙམ་བཟུང་བས་དབུགས་འགྱུ་བ་མི་ཚོར་ལུས་ཡོད་དུ་མི་ཚོར། འོག་རླུང་འཐེན་པས་བདེ་བ་སྐྱེའོ། །དོན་གྱི་རྩ་རླུང་ནི་སེམས་མ་བཅོས་རང་སར་བཞག་པས་ཆོས་ཉིད་སྤྲོས་དང་བྲལ་བ་འཆར་རོ། །རྟགས་ཀྱི་རྩ་རླུང་ནི་རྩ་རོ་མ། རྐྱང་མ། ཨ་ཝ་དྷཱུ་ཏི་གསུམ་ལས། གཡས་རོ་མ་དམར་པོ་ཐབས་ཀྱི་རྩ་ཉི་མ་འབབ། གཡོན་རྐྱང་མ་དཀར་པོ་ཤེས་རབ་ཀྱི་རྩ་ཟླ་བ་འབབ། དབུས་ཨ་ཝ་དྷཱུ་ཏི་སྔོན་པོ་ཟུང་འཇུག་གི་རྩ་སྒྲ་གཅན་འབབ་པའོ། །མཚོན་པའི་རྩ་རླུང་ནི་རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་ཁོང་པ་སྟོང་སང་ངེ་བ་ལ། རྩ་གསུམ་པོ་དེ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་གདུང་མ་བརྐྱང་པ་ལྟ་བུར་གནས་པ་ལ། ཡིད་ཀྱིས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླས་པས་རླུང་རྩ་ཨ་ཝ་དྷཱུ་ཏིར་ཚུད། རོ་རྐྱང་ཉི་ཟླའི་རྒྱུ་བ་བཀག་པས་རླུང་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཆོས་ཉིད་རང་གསལ་དུ་འཆར་བར་འགྱུར་རོ། །གཉིས་པ་འཕོ་བ་ལ་དྲུག་ལས། ཕྱིའི་འཕོ་བ་ནི་རང་འཆི་བའི་དུས་ལ་བབ་པ་ན། ཐུགས་རྗེ་ཆེན་པོའི་སྐུ་ལ་འཕོ་བར་བྱ་སྟེ་རང་གི་སྤྱི་བོར་ཐུགས་རྗེ་ཆེན་པོར་བསམ་ལ། རིག་པ་བསྡུས་ཏེ་རླུང་གིས་ཕུལ་ཚངས་པའི་བུ་གར་བཏོན་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་བསྟིམ་པས་རང་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་བསམ་མོ། །ནང་གི་འཕོ་བ་ནི་གསུང་ལ་འཕོ་བར་བྱ་སྟེ། མདུན་གྱི་ནམ་མཁར་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཡི་གེ་འབྲུ་དྲུག་གསལ་བཏབ་སྟེ། རླུང་དང་རིག་པ་བསྡུས་ཏེ་ཁ་ནས་བཏོན་ལ་ཡི་གེ་དྲུག་ལ་ཤེས་པ་རྒྱངས་ཀྱིས་གཏད་དེ་འཕོས་ལ་ཡི་གེ་ཡང་གསལ་སྟོང་དུ་ཡལ་དུ་གཞུག་གོ །གསང་བའི་འཕོ་བ་ནི་ཐུགས་ལ་འཕོ་སྟེ། རིག་པ་དང་རླུང་བསྡུས་སྙིང་ག་ནས་རྒྱངས་ཀྱིས་འཕོས་ཏེ། རིག་པ་རྟེན་མེད་དུ་རྒྱངས་ཀྱིས་བཏང་ལ་སྤྲོས་བྲལ་དུ་ཡལ་དུ་གཞུག་གོ །དོན་གྱི་འཕོ་བ་ནི་འཆི་ཁར་རྣམ་ཤེས་འོད་གསལ་ལ་ཐིམ་པ་དང་། འོད་གསལ་དུ་ངོ་ཤེས་པར་བྱས་ལ་ཆོས་ཀྱི་སྐུ་ལ་འཕོ་བའོ། །རྟགས་ཀྱི་འཕོ་བ་ནི་བར་དོར་སྔར་གྱི་གོམས་འདྲིས་བརྟན་པས་ཐུགས་རྗེ་ཆེན་པོའི་སྐུ་དྲན་པར་འགྱུར་ཏེ། དེར་བསྒོམས་པས་ལོངས་སྤྱོད་རྫོགས་པའི་སྐུར་འཕོའོ། །མཚོན་པའི་འཕོ་བ་ནི་བར་དོ་ངོས་ཟིན་ན་ཕྱི་མ་ལས་ཀྱི་འཕྲོ་མཐུད་པ་སླ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུར་འཕོ་བ་ཡིན་ནོ། །གསུམ་པ་གྲོང་དུ་འཇུག་པ་ལ་དྲུག་ལས། ཕྱིའི་གྲོང་འཇུག་ནི་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླས་པས་ཕྱི་སྣང་བའི་ཡུལ་གང་དང་གང་ལ་རིག་པ་གཏད་པས་སྣང་བ་རིག་པ་དབྱེར་མེད་དུ་སོང་བ་ལ་བྱའོ། །ནང་གི་གྲོང་འཇུག་ནི་རྣམ་རྟོག་དང་སྡུག་བསྔལ་བར་མཚམས་མེད་པར་སྐྱེ་བ་ངོས་བཟུང་ནས་རང་ཤར་རང་གྲོལ་རྣམ་རྟོག་དང་སྟོང་པ་དབྱེར་མེད་དུ་འདུག་པ་ལ་བྱའོ། །གསང་བའི་གྲོང་འཇུག་ནི་རྒས་པའི་ལུས་བཞག་ནས། གཞོན་པ་ཤི་བའི་རོ་ལ་དབུགས་ཞུགས་ནས་སྙིང་གི་ནང་དུ་རིག་པ་བཞག་སྟེ་གཞོན་ནུའི་ལུས་སུ་གཏོང་བ་ཡིན་ནོ། །དོན་གྱི་གྲོང་འཇུག་ནི་ལུས་ཐུགས་རྗེ་ཆེན་པོའི་སྐུར་འཇུག །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་ངག་ཐུགས་རྗེ་ཆེན་པོའི་གསུང་དུ་འཇུག །ཡིད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཐུགས་རྗེ་ཆེན་པོའི་ཐུགས་ལ་འཇུག་པའོ། །རྟགས་ཀྱི་གྲོང་འཇུག་ནི་ལུས་ལ་ན་ཚ་ལ་སོགས་མི་འབྱུང་བར་ཤིང་བལ་ལྟར་ཡང་ལ་འཇམ་པ་ཕྱི་མ་མཚན་དཔེས་བརྒྱན་པའི་སྐུར་འགྲུབ། ངག་ཚིག་བདེན་པར་སྨྲ་ཞིང་འཆལ་བ་མི་འབྱུང་བར་གཟུགས་ཅན་གཟུགས་མེད་ཐམས་ཅད་ལ་ཇི་ལྟར་བསྒོ་བ་ལྟར་བསྒྲུབ་ཅིང་ཕྱི་མ་ཡན་ལག་དྲུག་ཅུའི་དབྱངས་འགྲུབ། ཡིད་རྣམ་རྟོག་དང་སྡུག་བསྔལ་གྱི་སྣང་བ་མི་འབྱུང་བདེ་སྟོང་ཟུང་འཇུག་འབའ་ཞིག་ཏུ་འཆར་ཞིང་ཕྱི་མ་ཆོས་སྐུ་ཟབ་གསལ་གཉིས་མེད་ཀྱི་སྐུ་གྲུབ་པའོ།།མཚོན་པའི་གྲོང་འཇུག་ནི་ཡི་གེ་དྲུག་པས་འགྲོ་དྲུག་གི་སྐྱེ་སྒོ་བཅད་ནས་སྐུ་དྲུག་ཡེ་ཤེས་དྲུག་གི་ངང་དུ་འཇུག་པའོ།། བཞི་པ་སྒྱུ་ལུས་ལ་དྲུག་ལས། ཕྱིའི་སྒྱུ་ལུས་ནི་ཐུགས་རྗེ་ཆེན་པོ་བསྒོམས་པ་དེ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བར་བྱའོ། །ནང་གི་སྒྱུ་ལུས་ནི་སེམས་གསལ་ལ་མ་འགགས་པ་ཐུགས་རྗེ་ཆེན་པོའི་དགོངས་པ་དང་མི་འབྲལ་བར་བྱའོ། །གསང་བའི་སྒྱུ་ལུས་ནི་དུག་ལྔ་དང་རྣམ་པར་རྟོག་པ་ཐམས་ཅད་ངོས་བཟུང་མེད་པར་རང་བྱུང་འཛིན་མེད་དུ་བཏང་ངོ་། །དོན་གྱི་སྒྱུ་ལུས་ནི་སེམས་ཉིད་མ་བཅོས་པ་སངས་རྒྱས་ཀྱི་རྒྱུས་ཐམས་ཅད་ལ་ཁྱབ་སྟེ་རང་བྱུང་ཀུན་ལ་ཁྱབ་བོ། །རྟགས་ཀྱི་སྒྱུ་ལུས་ནི་ལུས་ལ་བདེ་བས་ཁྱབ་པས་འདོད་ཆགས་ཡུལ་ལས་སྐྱེ། ཡུལ་ལ་འདོད་ཆགས་སྤྱད་པས་བདེ་བ་ངོས་ཟིན་ནས་འདོད་ཆགས་ལམ་དུ་སློང་པའོ། །མཚོན་པའི་སྒྱུ་ལུས་ནི་ལུས་མི་རྟག་སྒྱུ་མར་ཤེས་ནས་ཆགས་ཞེན་དུ་མི་འཛིན་པར་ལུས་ལ་བརྟེན་ནས་ཆོས་བྱེད་པ་ལ་སྒྱུ་ལུས་ཞེས་བྱའོ། །ལྔ་པ་འོད་གསལ་ལ་དྲུག་ལས། ཕྱིའི་འོད་གསལ་ནི་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་སྣང་ལ་རང་བཞིན་མེད་པས་གསལ་ལ་འཛིན་པ་མེད་པའོ། །ནང་གི་འོད་གསལ་ནི་ནང་གི་སེམས་ཉིད་གསལ་ལ་མ་འགགས་པར་འཛིན་མེད་རང་བཞིན་འོད་གསལ་བའོ། །གསང་བའི་འོད་གསལ་ནི་སྡུག་བསྔལ་དང་རྣམ་རྟོག་མ་འགགས་པར་རང་ཤར་འཛིན་མེད་འོད་གསལ་སྟོང་པ་ཉིད་དུ་གནས་པའོ། །དོན་གྱི་འོད་གསལ་ནི་ཆོས་ཉིད་མ་བཅོས་རང་བྱུང་དུ་གསལ་བ་ལ་སྐྱེ་འགག་མེད་པར་རང་ལུགས་སུ་གནས་པའོ། །རྟགས་ཀྱི་འོད་གསལ་ནི་སེམས་ཉིད་གསལ་ལ་མ་འགགས་པར་ཉམས་སུ་མྱོང་། རྒྱུད་ལ་གོམས་འདྲིས་བརྟན་པ་ཐོབ་ཏུ་ཡོད་པ་འདི་ངོས་ཟིན་པའོ། །མཚོན་པའི་འོད་གསལ་ནི་ད་ལྟ་གཉིད་དང་རྨི་ལམ་གྱི་བར་དུ་གཉིད་མཐུག་གི་འོད་གསལ་འཆར་བ་འདི་ངོས་བཟུང་ཞིང་མཉམ་པར་བཞག་པས། འཆི་བའི་ཚེ་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར་རིག་པ་བརྒྱལ་བའི་འོད་གསལ་དེ་གཉིས་འོད་དང་འོད་འདྲེས་པ་ལྟར་རང་ངོ་ཤེས་པ་ཙམ་གྱིས་གྲོལ་ནས་ཆོས་སྐུར་འཚང་རྒྱའོ། །དྲུག་པ་གཏུམ་མོ་ལ་དྲུག་ལས། ཕྱིའི་གཏུམ་མོ་ནི་སྤྱི་བོར་བླ་མ་བསྒོམས་ལ་ལྷའི་ན་བཟའ་པཉྩ་ལཱི་ཀ་ཡང་ལ་དྲོ་བ་ཐོགས་ནས་གྱོན་པར་བསམ་མོ། །ནང་གི་གཏུམ་མོ་ནི་ལྟེ་བའི་འོག་ན་དོན་དམ་པའི་གཏུམ་མོ་དྲོད་ཀྱི་རང་བཞིན་རིལ་མ་ཙམ་ཞིག་གནས་པར་བསམ་ལ་འོག་རླུང་འཐེན་ནས། དེས་གཏུམ་མོ་སྦར་ནས་མེའི་རེག་བྱ་ཚ་བས་ཁོང་པའི་ནང་ཐམས་ཅད་སྐད་ཅིག་ལ་ཚ་འུར་གྱིས་དྲོས་པར་བསམ་མོ། །གསང་བའི་གཏུམ་མོ་ནི་དྲོད་སྐྱེས་པས་བདེ་བ་གཡོས་ནས་བདེ་དྲོད་ཀྱིས་ལུས་ཐམས་ཅད་ཁྱབ་ཅིང་བདེ་སིང་ངེ་བ་ལ་གནས་པར་བསམ་མོ། །དོན་གྱི་གཏུམ་མོ་ནི་ཆོས་ཉིད་རང་གསལ་རྟོག་མེད་ཀྱི་ངང་ལ་ཧྲིལ་ཧྲིལ་ཆམ་ཆམ་བཞག་གོ །རྟགས་ཀྱི་གཏུམ་མོ་ནི། ལུས་ལ་དྲོད་སྐྱེས་པས་རྩ་དྲོས། རྩ་དྲོས་པས་ཐིག་ལེ་དྲོས། ཐིག་ལེ་དྲོས་པས་ལུས་ལ་བདེ་བ་སྐྱེས། བདེ་བ་སྐྱེས་པས་རིག་པ་བདེ་གསལ་མི་རྟོག་པའི་ངང་ལ་གནས། བདེ་བ་ལས་ལོངས་སྐུ །གསལ་བ་ལས་སྤྲུལ་སྐུ །མི་རྟོག་པ་ལས་ཆོས་སྐུ་འབྱུང་ངོ་། །མཚོན་པའི་གཏུམ་མོ་ནི། ལུས་ལ་དྲོད་སྐྱེས་པས་གོས་མི་དགོས། མི་རྟོག་པ་ཟས་སུ་ཟོས་པས་ཁ་ཟས་མི་དགོས། སེམས་བདེ་གསལ་ལ་གནས་པས་འབད་རྩོལ་གྱིས་བསྒོམ་མི་དགོས་པ་ཡིན་ནོ། །གཉིས་པ་བར་དོ་དྲུག་གི་གདམས་པ་ལ་གཉིས། བར་དོ་དྲུག་གི་ཉམས་ལེན་དང་། འཆི་ཁའི་བར་དོའི་ལྷན་ཐབས་དབང་པོ་གསུམ་གྱིས་འཕོ་བའོ། །དང་པོ་ལ་བར་དོ་དྲུག་སྟེ། རང་བཞིན་གནས་པའི་བར་དོ་ལ་མ་པང་ནས་བུ་ཤོར་བ་ལྟ་བུ། སྐྱེ་ཤི་བར་དོ་ལ་ཁྱུང་ཕྲུག་མས་འཚོ་བ་ལྟ་བུ། ཤེས་པ་སྔ་ཕྱིའི་བར་དོ་ལ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུ། རྨི་ལམ་བར་དོ་ལ་ཁུངས་ངན་པ་ལ་གཏའ་མ་ཐོབ་པ་ལྟ་བུ། འཆི་ཁ་མའི་བར་དོ་ལ་ཨ་ནེ་བྱམས་མའི་ཁྱིམ་དུ་ཚ་བོ་འགྲོ་བ་ལྟ་བུ། སྲིད་པ་བར་དོ་ལ་ཡུར་བ་ཀོང་ཆད་ལ་ཝ་འཛུག་པ་ལྟ་བུ་དང་དྲུག་གོ །དང་པོ་རང་བཞིན་གནས་པའི་བར་དོ་ལ་མ་པང་ནས་བུ་ཤོར་བ་ལྟ་བུའི་གདམས་པ་ནི། རང་བཞིན་གནས་པའི་བར་དོ་ཞེས་པ་ནི། སངས་རྒྱས་དང་སེམས་ཅན་གཉིས་ཀའི་གཞི་སེམས་རང་བཞིན་མ་བཅོས་པ་འདི་ཉིད་ཡིན་ཞིང་། སེམས་མ་བཅོས་པ་འདི་འཁོར་འདས་གཉིས་པོ་གང་དུ་འགྲོ་བ་ལས་བཟང་ངན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པས་དེ་ཡི་བར་ཡོད་པས་བར་མ་དོ་ཞེས་བཏགས་ལ། དེའང་གཞིའི་གནས་ལུགས་སེམས་རང་བཞིན་རྣམ་དག་ལྷུན་གྲུབ་ཉེས་པས་གོས་མ་མྱོང་བ་ཀ་ནས་དག་པ་དེ་མ་རྟོགས་པ་དཔེར་ན་མ་པང་ན་བུ་ཡོད་པ་ངོ་མ་ཤེས་པར་ཤོར་བ་ལྟ་བུ། འཁྲུལ་ཕྱིར་འབྲངས་པས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ཡང་མ་ཞེས་བྱ་བ་ཁྱབ་གདལ་ཆེན་པོའི་གནས་ལུགས་བུའི་མ་དང་འདྲ་བ་དཔེར་ན་མ་དེས་བུ་དང་བུ་མོ་ལ་སོགས་པ་མང་པོའི་མའི་འབྱུང་ཁུངས་བྱེད་པ་དང་འདྲ་བར། ཀུན་གཞིའི་ཁམས་རང་བཞིན་རྣམ་པར་དག་པ་འདི་ཡང་ཡ་ཀིའི་སངས་རྒྱས་ནས་མ་ཀིའི་དམྱལ་བ་ཡན་ཆད་ཕྱོགས་རིས་མེད་པར་ཁྱབ་གདལ་ཆེན་པོར་གནས་པ་ཡིན་ལ། དེའི་རང་གསལ་རང་མདངས་རིག་པ་ནི་སེམས་དེ་ལས་བྱུང་བས་ན་སེམས་བྱུང་ཞེས་བྱ་བ་དཔེར་ན་མ་དེ་ལས་བུ་དང་བུ་མོ་སྐྱེས་པ་ལྟར་སེམས་དེ་ལས་སེམས་བྱུང་བཟང་ངན་སྣ་ཚོགས་པ་སྐྱེ་བ་ཡིན་ལ། མ་པང་ན་བུ་ཡོད་བཞིན་དུ་ཤོར་བ་ལྟར། སེམས་ལས་སེམས་བྱུང་ངོ་མ་ཤེས་པས་འཁོར་བར་འཁྱམས་པའི་རྒྱུ་བྱེད་པ་ཡིན། མས་བུ་ལ་རང་ངོ་ཤེས་པའི་གཅེས་སྤྲས་བྱས་ན་བུ་ཆུང་ཆུད་མི་འཛའ་བ་ལྟར། རང་སེམས་ལས་སེམས་བྱུང་རྟོག་པ་རང་ངོ་ཤེས་ན་འཁྲུལ་པའི་དབང་དུ་མི་འགྲོ་བར་ཆོས་སྐུར་འཚང་རྒྱ་བ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་མ་ཁྱབ་པ་ནི་གཅིག་ཀྱང་མེད་ལ། བདེ་གཤེགས་སྙིང་པོ་དེ་ཡང་སངས་རྒྱས་དང་སེམས་ཅན་ལ་བཟང་ངན་དང་ཆེ་ཆུང་སྐྱོན་ཡོན་ཕྱོགས་རིས་སུ་ཆད་པ་སྤུ་ཙམ་ཡང་མེད་པ་ལ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་འཁོར་འདས་གཉིས་སུ་མིང་བཏགས་པ་ཡིན་ནོ། །གནས་ལུགས་དེ་ཉིད་ཁ་བཤད་ཡིན་རློམ་གོ་ཡུལ་དུ་མ་ལུས་པར་ཇི་ལྟ་བར་ངོ་ཤེས་ཤིང་། དེའི་སེམས་བྱུང་ལ་བཅོས་བསླད་སྤང་བླང་རེ་དོགས་གཉིས་འཛིན་གྱིས་མ་བསླད་པར། རང་ལུགས་རང་གཤིས་རང་བབ་བཅོས་མེད་དུ་འབོལ་ལེ་ཤིགས་སེ་ལྷོད་དེ་ཧད་དེ་ཆམ་མེ་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་དྭངས་སང་ངེ་། རྒྱ་མཚོ་ལ་རླབས་ཀྱིས་མ་བསྐྱོད་པ་ལྟར་རང་བབས་སུ་མེར་རེ། མར་མེ་རླུང་གིས་མ་བདས་པ་ལྟར་རང་མདངས་གསལ་སིང་ངེ་། མདོར་ན་ཡོད་མེད་ཡིན་མིན་བཟང་ངན་རེ་དོགས་གཉིས་འཛིན་གྱི་སྒྲོག་གིས་མ་བཅིངས་པར་གང་ཤར་འཛིན་མེད་དགག་སྒྲུབ་སྤང་བླང་མེད་པར་ཡེངས་མེད་ཀྱི་རང་སོ་བཟུང་བས། གཤིས་གནས་ལུགས་རྟོགས་པའི་བཙན་ས་ཟིན་པས་སྤྲོས་མེད་ཆོས་སྐུའི་གོ་འཕང་ཞེས་བཟང་པོ་ཞིག་འབད་རྩོལ་གྱིས་བསྒྲུབ་ཏུ་མེད་པར། དེ་མ་ཐག་ཏུ་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་གོ་འཕང་སྐད་ཅིག་མ་དེར་མངོན་དུ་བྱས་ཟིན་པ་ཡིན་ནོ། །གཉིས་པ་སྐྱེ་ཤིའི་བར་དོ་ལ་ཞེས་པ་ནི། ལུས་ཅན་རྣམས་སྐྱེས་ནས་བཟུང་སྟེ་མ་ཤིའི་བར་གྱི་རིང་གི་བར་མ་དོ་དེ་ཡིན་ལ། དེར་ཉམས་ལེན་ཁྱུང་ཕྲུག་གམ་རྒོད་ཕྲུག་མས་གསོ་བ་ལྟ་བུ་ཞེས་པ་ནི། ཁྱུང་ཕྲུག་གམ་རྒོད་ཕྲུག་མས་ལེགས་པར་གསོས་པས་དེ་ཡང་གཤོག་པ་ཡོད་ཀྱང་རྩལ་མ་འབྱོངས་པས་ནམ་འཕང་མི་ཆོད་ཅིང་གཡང་ས་ལ་ཉམ་ང་ཡང་རིམ་གྱིས་མས་གསོས་ཤིང་རྩལ་སྦྱངས་པས་མཐར་ནམ་འཕང་རླབས་ཀྱིས་གཅོད་ཅིང་གཡང་ས་ལ་ཉམ་ང་དང་བག་ཚ་མི་འབྱུང་བ་ལྟར། སྐྱེས་ནས་མ་ཤིའི་བར་བླ་མ་དམ་པ་དང་འབྲལ་མ་སྔས་པར་གདམས་པ་རྣམས་ཐོབ་ཆོག་དང་ཁ་བཤད་གོ་ཡུལ་དུ་མ་ལུས་པར་རང་རྒྱུད་ལ་སྦྱར་ཞིང་ཉམས་སུ་བླངས་པས་དྲོད་ཐོབ་ཉམས་མྱོང་རང་གདིང་ཁེལ་བ་ཞེ་བློ་བདེ་བ་ཞིག་བྱེད་དགོས་པས། དེ་ཡང་བླ་མས་གདམས་ངག་གི་གནད་ཀྱིས་རང་སེམས་ཆོས་སྐུར་ངོ་སྤྲད་པ་དེ་ཡང་སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས་པའི། རང་སེམས་ལྷུག་པར་རང་བབས་སུ་མཉམ་པར་བཞག །དེ་ཡང་དང་པོ་རང་སེམས་རང་ངོ་ཤེས་པས་རང་སེམས་ཞེས་པ་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་མེད་དུ་རང་ཐག་ཆོད། ཉམས་སུ་བླངས་པས་ཕྱི་ཚོགས་དྲུག་གི་སྣང་ཆ་ཐམས་ཅད་རང་སེམས་སུ་ཐག་ཆོད་པ། ནང་རྣམ་རྟོག་གི་ཆོ་འཕྲུལ་ཐམས་ཅད་ཀྱང་རང་སེམས་སུ་ཐག་ཆོད་པ། སེམས་ཉིད་གཞི་མེད་རྩ་བྲལ་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་སྤྲོས་བྲལ་ཡེ་ཤེས་ཆེན་པོར་ཐག་ཆོད། འཁོར་འདས་གཉིས་མེད་དུ་ལ་བཟླས་པས་དམྱལ་བ་རང་སེམས་རང་སྣང་དུ་ཐག་ཆོད་པས་ཚ་གྲང་གི་སྡུག་བསྔལ་རང་སར་གྲོལ། དེ་བཞིན་དུ་ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་གཅོད། མི་རྣམས་འཕོ་འགྱུར། ལྷ་མིན་འཐབ་རྩོད། ལྷ་རྣམས་འཕོ་ལྟུང་། རིགས་དྲུག་ཐམས་ཅད་སྡུག་བསྔལ་གྱི་ཆུ་བོ་བཞིས་མནར་བ་སོགས་མདོར་ན་འཁོར་འདས་ཐམས་ཅད་རང་སེམས་སུ་ཐག་ཆོད། དེ་ལྟར་སྣང་བ་ཙམ་ཡང་ཀུན་རྫོབ་ཏུ་དགེ་སྡིག་གི་རང་གཟུགས་རང་སྣང་ལས་འཁོར་བ་དང་མྱ་ངན་ལས་འདས་པ་ལྟར་སྣང་ཡང་། དོན་དམ་པར་འཁོར་འདས་ཐམས་ཅད་སེམས་ལས་གཞན་པར་མ་གྲུབ། སེམས་གཉིས་འཛིན་སྤྲོས་པའི་མཐའ་ལས་འདས་པར་ཉམས་མྱོང་རང་བྱན་བཅོས་མིན་དུ་ཚུད་པར་བྱས་པས་འཁོར་འདས་ཐམས་ཅད་ལ་རེ་དོགས་མི་དགོས་པ་ཞིག་འབྱུང་བ་ཡིན་ནོ། །གསུམ་པ་ཤེས་པ་སྔ་ཕྱིའི་བར་དོ་ཞེས་པ་ནི་ཤེས་པ་སྔ་ཕྱིའི་བར་ཡིན་ལ། དེ་ཡང་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟ་བུ་ཞེས་པའི་དཔེ་མུན་ཁང་དུ་སྒྲོན་མེ་བཏེག་པ་ཙམ་གྱིས། མུན་པ་གར་སོང་ཆ་མེད་དུ་སོང་ནས་དངོས་པོ་བཀྲ་ལམ་གྱིས་མཐོང་བ་ལྟར། རྣམ་རྟོག་སྔ་མ་སྔོན་ལ་མ་ཤོར་རྗེས་བསྙེག་མ་བྱས། རྣམ་རྟོག་ཕྱི་མ་རྗེས་སུ་མ་ལུས་སྔོན་བསུ་མ་བྱས། ད་ལྟའི་ཤེས་པ་སྐད་ཅིག་མ་སོ་མ་དེ་ཉིད་རང་བབ་གཅེར་ཡན་དུ་ཟོ་ཀློད་ལ་བསྐྱང་། རྣམ་རྟོག་སྐྱེས་ན་ཆེད་དུ་དགྲར་བཟུང་གིས་དགག་མི་དགོས། རྣམ་རྟོག་དེ་ཀ་རང་སེམས་ཀྱི་རང་རྩལ་རང་མདངས་ཡིན་པས་རྣམ་རྟོག་དེ་ཉིད་བཅོས་བསླད་དགག་སྒྲུབ་བཟོ་བཅོས་མེད་པར་དེ་ཀའི་ངོ་ཐོག་ཏུ་གཅེར་གྱིས་བསྐྱངས་པས་ཆོས་ཉིད་སྤྲོས་བྲལ་ཡེ་ཤེས་ཆེན་པོར་ཆམ་ཆམ་ལྷག་ལྷག་ཏུ་གྲོལ། རྣམ་རྟོག་ལ་རྒྱུན་ཆད་མེད་པས་ཡེ་ཤེས་ལའང་རྒྱུན་ཆད་མེད་པ་ཡིན། རང་སེམས་རྟོགས་པ་ཙམ་གྱིས་ཐོག་མེད་ནས་ལྷན་སྐྱེས་ཀྱི་དྲི་མ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་གར་སོང་ཆ་མེད་དུ་འཆར་ཏེ། བསྐལ་པ་མང་པོར་གསལ་སྣང་དང་བྲལ་བའི་མུན་ཁུང་དུ་སྒྲོན་མེ་ད་ལྟ་བཏེགས་མ་ཐག །དེ་ཉིད་དུ་གཅིག་ཅར་དུ་འཇོམས་པ་ལྟ་བུ་ཡིན་ནོ། །བཞི་པ་རྨི་ལམ་བར་དོ་ཞེས་པ་ནི་གཉིད་ཟིམ་གྱིས་ཟིན་ནས་སྤྲག་མ་སད་ཀྱི་བར་གྱི་ཉིང་འཁྲུལ་དེ་ཉིད་ཡིན་ལ། དེ་ཡང་ཁུངས་ངན་པ་ལ་གཏའ་མ་ཐོབ་པ་ལྟ་བུ་ཞེས་པའི་དཔེ། མི་ཁུངས་ངན་པ་ཞིག་ལ་འབྲེལ་དང་བུ་ལོན་ལ་སོགས་པ་གཏོང་ན། དེ་ལས་མི་ཞེན་པའི་ནོར་གྱི་གཏའ་མ་བཟང་པོ་ཞིག་ཐོབ་ན་འབྲེལ་དེ་ཡལ་བར་འཆོར་དོགས་མེད་པ་ལྟར། ཉིན་སྣང་གི་ཉམས་ལེན་ལ་རང་དབང་ཐོབ་པས་དེ་ཉིད་གཉིད་པའི་ཚེ་ཡང་བཀྲ་ལམ་ལམ་བཅོས་མིན་རང་ཤུགས་ཀྱིས་འཆར་ན། རྨི་ལམ་དང་སྲིད་པ་བར་དོ་འཁྲུལ་ལུགས་འདྲ་བས་སྲིད་པ་བར་དོར་ཡང་ད་ལྟའི་ཉམས་ལེན་དེ་ཉིད་བཅོས་མིན་དུ་འཆར་བས་འཁྲུལ་དབང་དུ་སོང་བའི་དོགས་མེད་པ་ཡིན། དེ་ཡང་ཉིན་སྣང་གི་འཁྲུལ་སྣང་རང་ངོ་མ་ཤེས་པས་དེ་ཉིད་སླར་རྨི་ལམ་དུ་འཁྲུལ་པས་ཉིང་འཁྲུལ་ཞེས་བྱ་ལ། སྲིད་པ་བར་དོར་ཡང་འཁྲུལ་སྣང་རང་ངོ་མ་ཤེས་པས་སླར་འཁོར་བར་འཁྱམས་པ་ཡིན་ལ་དེ་ལ་ཡང་རང་རིག་རང་སེམས་རང་སྣང་དབྱེར་མེད་དུ་ངོ་འཕྲོད་པས་ཉིན་སྣང་རྨི་ལམ་སྲིད་པ་བར་དོ་གསུམ་གར་འཁྲུལ་པའི་རྩ་བ་ཆོད་པས་འཁོར་བར་འཁྱམས་དོན་མེད་པས་འཚང་མི་རྒྱ་ཁ་མེད་པ་ཡིན་པས་སོ། །དེ་ཡང་གཉིད་དུ་འགྲོ་བར་ཉེ་བའི་ཚེ་འབྱུང་བ་བཞི་དང་སྣང་མཆེད་ཐོབ་གསུམ་ཐིམ་པའི་རྟགས་རྣམས་ངོས་བཟུང་ཞིང་། ཉེར་ཐོབ་འོད་གསལ་ལ་ཐིམ་གཉིད་མཐུག་བརྒྱལ་ཐབས་འབྱུང་བས་དེ་ཉིད་ངོས་ཙིར་གྱིས་བཟུང་ལ་མཉམ་པར་བཞག་པས་རྨི་ལམ་གྱི་འཁྲུལ་པ་མི་འབྱུང་ལ། གལ་ཏེ་གཉིད་མཐུག་ངོས་མ་ཟིན་ན་རྨི་ལམ་དུ་འཁྲུལ་ན་རྨི་ལམ་དེ་ཉིད་རྨི་ལམ་དུ་ངོས་ཟིན་ཀྱང་རུང་མ་ཟིན་ཀྱང་རུང་འཁྲུལ་ཕྱིར་མི་འབྲང་བར་ཉིན་མོའི་ཉམས་ལེན་གྱིས་རྒྱས་ཐེབ་པ་ཞིག་རྩལ་སྦྱོང་བ་གལ་ཆེ་བ་ཡིན་ནོ། །ལྔ་པ་འཆི་ཁའི་བར་དོ་ཞེས་པ་ཕྱི་དབུགས་ཆད་དུ་ཉེ་བ་ནས་ནང་དབུགས་མ་ཆད་པའི་བར་དེ་ཡིན་ལ། ཨ་ནེ་བྱམས་མའི་གན་དུ་ཚ་བོ་འགྲོ་བ་ལྟ་བུའི་དཔེ་ནི་ཚ་བོ་དེ་ལ་ཨ་ནེ་བྱམས་མོ་ཡོད་ན། ཚ་བོ་དེ་ལ་ཨ་ནེ་དེའི་གན་དུ་ནམ་འགྲོ་ཡང་དགའ་བྲོད་དང་བཅས་པ་མ་གཏོགས་འཚེར་སྣང་མི་འབྱུང་བ་ལྟར། འདིར་ཡང་ཉིན་མཚན་གྱི་ཉམས་ལེན་ལ་གདིང་ཁེལ་བས་འཆི་བ་དང་སྲིད་པ་བར་དོར་འགྲོ་བ་ལ་བྲོད་པ་མ་གཏོགས་འཚེར་སྣང་མེད་པ་ཞིག་འབྱུང་ངོ་།། དེ་ཡང་འཆི་བ་ལ་ཉེ་བའི་ཚེ་རག་པ་ཉི་ཤུ་ཐམ་པ་ངོས་བཟུང་། ཁྱད་པར་ས་ཆུ་ལ་ཐིམ་པས་ལུས་མི་ཐེག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་དྲོད་བསྡུས། རླུང་རྣམ་ཤེས་ལ་ཐིམ་པས་དབུགས་རྔམ་ཞིང་གཙིགས། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་དཀར་ལམ་འཆར། སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ་འཆར། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནག་ལམ་དྲན་མེད་དུ་བརྒྱལ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་འོད་གསལ་འཆར་བ་ཡིན་ནོ། །དེ་རྣམས་རིམ་གྱིས་ངོས་བཟུང་ལ་བརྒྱལ་ཐབས་ཀྱི་རྗེས་སམ་བརྒྱལ་ཐབས་དེ་ཀ་ངོས་ཟིན་ཀྱང་རུང་། འོད་གསལ་དེ་ཀའི་ངང་དུ་མཉམ་པར་འཇོག་ཐུབ་ན་ནི་བར་དོ་བརྒྱུད་མི་དགོས་པར་ཆོས་སྐུར་གྲོལ་བར་འགྱུར་ལ། དེ་ཡང་གཉིད་མཐུག་གི་འོད་གསལ་ངོས་ཟིན་ཅིང་དེ་སྟེང་དུ་མཉམ་པར་བཞག་པས་རྨི་ལམ་གྱི་འཁྲུལ་ཕྱིར་མི་འབྲང་ན་འཆི་བ་འོད་གསལ་ངོས་ཟིན་ཅིང་གཞི་དུས་རང་སེམས་འོད་གསལ་བ་རང་ངོ་འཕྲོད། གཉིད་མཐུག་འོད་གསལ་དུ་ཤར་བས་ཉམས་སུ་མྱོང་ནས་འཆི་བ་འོད་གསལ་གྱི་ངང་ནས་ཆོས་སྐུར་གྲོལ་བར་གདོན་མི་ཟ་ལ། རང་ཉིད་ཀྱིས་ངོས་ཟིན་པར་དཀའ་ན། བླ་མའམ་མཆེད་གྲོགས་ཀྱིས་རིམ་པ་ལྟར་ངོ་སྤྲད་ཅིང་གསལ་གདབ། དེའི་ཚེ་རིག་པ་བྱིང་བྱིང་པོ་འདུག་ན་རིག་པ་གསེང་ཞིང་རང་སེམས་ཆོས་ཉིད་ལ་ངར་འདོན། རིག་པ་འཕྲོ་ཞིང་རྒོད་ན་མཉམ་པར་བཞག་ཅིང་། རང་སར་ཕབ་ལ་བྱིང་རྒོད་གང་ལྟར་རུང་ཆོས་ཉིད་གསལ་དག་གི་ཀློང་དུ་བྱི་དོར་བྱའོ། །དྲུག་པ་སྲིད་པ་བར་དོར་ཡུར་བ་ཀོང་ཆད་ལ་ཝ་འཛུག་པ་ལྟ་བུ་ཞེས་པ་སྲིད་པ་བར་དོ་ནི་འཆི་བའི་བརྒྱལ་ཐབས་འོད་གསལ་དེ་སངས་པ་ནས་བཟུང་། ལུས་ཕྱི་མ་ཞིག་མ་བླང་པའི་བར་དེར་ཡིན་ལ། ཡུར་བ་ཀོང་ཆད་ལ་ཝ་འཛུག་པ་ལྟ་བུའི་དཔེ་ནི། ཞིང་ཆུ་འདྲེན་པའི་ཡུར་བ་བརྩིགས་པ་རྐེད་པ་ཞིག་ཅིང་ཆད་ན་དེ་མ་ཐག་འཕྲོ་མཐུད་པའི་ཕྱིར་ལྕང་ཤིང་སོགས་ལ་བཅོས་པའི་ཝ་བཙུགས་ཏེ་མ་གསོས་ན་ཀོང་ཆད་པའི་བར་དེར་ཆུ་གར་སོང་ཆ་མེད་དུ་འབོ་བ་ལྟར། ཡུར་བ་ཆད་འཕྲོ་ལྟར་སྔ་ཕྱིའི་ཚེ་འདི་ཕྱི་གཉིས་ཀྱི་བར་ཡུར་བའི་ཆད་མཚམས་དང་འདྲ་བའི་བར་དོ་དེར་ཝ་བཙུགས་པ་ལྟར་ཉམས་ལེན་གྱི་འཕྲོ་མ་མཐུད་ན། ཡུར་བ་ཆད་མཚམས་སུ་ཆུ་འབོ་བ་ལྟར་སྐྱེ་བ་སྔ་ཕྱིའི་བར་དོར་རྣམ་ཤེས་འཁྲུལ་ནས་འཁོར་བར་འཁྱམས་པ་ཡིན་ལ། དེ་ཡང་གང་ཟག་རབ་ནི་གོང་དུ་བཤད་པ་ལྟར་ཆོས་སྐུར་གྲོལ་བ་ཡིན་ནོ། །དེར་མ་གྲོལ་ན་འབྲིང་བར་དོར་ལོངས་སྐུར་གྲོལ་བ་ནི་བར་དོའི་ཡིད་ལུས་དབང་པོ་ཀུན་ཚང་སོགས་ཀྱི་ཚེ་བར་དོ་ཡིན་པར་ངོས་ཙིར་གྱིས་བཟུང་ནས། ཉམས་ལེན་སྔ་མའི་འཕྲོ་ལྟར་ལུས་ཐུགས་རྗེ་ཆེན་པོ། ངག་ཡི་གེ་དྲུག་པ། སེམས་སྤྲོས་བྲལ་གྱི་རང་བཞིན་རྣམས་སྐད་ཅིག་ལ་དྲན་ནས་ཉམས་སུ་བླངས་པས་བར་དོར་རང་སྣང་གི་ལུས་བསྒྱུར་སླ་བས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྲོལ་ནས་ལོངས་སྐུར་འཚང་རྒྱའོ། །གང་ལྟར་ཐ་མས་དེ་ལྟར་མ་གྲུབ་ཀྱང་བར་དོ་ངོས་བཟུང་ནས་འོག་ཏུ་འཆད་པ་ལྟར་འཕོ་བས་མཚམས་སྦྱར་ཏེ་འཕོས་པས་སྤྲུལ་པའི་སྐུར་གྲོལ་བར་འགྱུར་ཏེ་དེ་ཡང་མ་གྲུབ་ན་སྐྱེ་སྒོ་དགག་པ་དང་མངལ་སྒོ་གདམ་པ་སོགས་སྲིད་པ་བར་དོའི་ཉམས་ལེན་གཞན་ལྟར་བྱའོ། །ཡང་དེ་དུས་དེར་ཐུགས་རྗེ་ཆེན་པོ་དྲན་ཞིང་གསོལ་བ་བཏབ། ཡི་གེ་དྲུག་པ་བཟླས་པས་ལྷས་ལུང་བསྟན་ནས་གྲོལ་བ་ཞེས་བར་དོའི་འཁྲུལ་སྣང་འཇིགས་སྐྲག་ལས་ཐུགས་རྗེ་ཆེན་པོས་མི་འཇིགས་པའི་སྐྱབས་མཛད་དབུགས་དབྱུང་ལུང་བསྟན་ནས་སྤྲུལ་པའི་སྐུར་གྲོལ་བ་ཡང་འབྱུང་བ་ཡིན་ནོ། །བར་དོ་དྲུག་གི་ཉམས་ལེན་འདི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བར་དོ་དྲུག་དང་ཆ་འདྲ་བ་འདུག་པས་རྒྱས་པར་འདོད་ན་ཐོས་གྲོལ་ནས་འདིར་ཁ་བསྐང་ཡང་མི་རུང་བ་མེད་པ་འདྲ་བར་སེམས་སོ། །གསུམ་པ་འཆི་ཁའི་བར་དོའི་ལྷན་ཐབས་དབང་པོ་གསུམ་གྱིས་འཕོ་བ་ལ་གཉིས། རླུང་སྦྱོང་བ་དང་། འཕོ་བ་དངོས་སོ། །དང་པོ་རླུང་སྦྱོང་བ་ལ་གཉིས། ཆོས་ཉིད་ཀྱི་རླུང་ངོས་བཟུང་སྟེ་སྦྱོང་བ་དང་། ཡེ་ཤེས་དང་ལས་རླུང་སྦྱངས་ཏེ་བཟུང་བའོ། །དང་པོ་ཆོས་ཉིད་ཀྱི་རླུང་ངོས་བཟུང་སྟེ་སྦྱོང་བ་ནི། འདི་ལ་ལུགས་མང་ཡང་བཀའ་འབུམ་དུ་ཡེ་ཤེས་ཀྱི་རླུང་དང་ལས་རླུང་ཕྱེད་ཕྱེད་དུ་རྒྱུ་སྟེ་ཡེ་ཤེས་ཀྱི་རླུང་ཁྲི་ཚོ་གཅིག་དང་ལྔ་བརྒྱ། ལས་རླུང་ཁྲི་ཚོ་གཅིག་དང་ལྔ་བརྒྱ་སྟེ་བསྡོམས་པས་ཉི་ཁྲི་ཆིག་སྟོང་རྒྱུ། དེ་ཡང་སྣ་བུག་གཡོན་ནས་རྒྱུ་ཞིང་གཡས་འགག་པའི་ཚེ་ཡེ་ཤེས་ཀྱི་རླུང་དང་། སྣ་བུག་གཡས་ནས་རྒྱུ་ཞིང་གཡོན་འགག་པའི་ཚེ་ལས་ཀྱི་རླུང་དང་། མཉམ་དུ་དྷཱུ་ཏི་ནས་རྒྱུ་བ་ཆོས་ཉིད་ཀྱི་རླུང་ཡིན་ལ་ཆོས་ཉིད་ཀྱི་རླུང་ནི། རླུང་སྣ་བུག་གཡས་གཡོན་དུ་འཕོ་བའི་ཚེ་སྐད་ཅིག་མ་གཉིས་གསུམ་ལས་མི་རྒྱུ་བས་དེའི་དུས་ཆོས་ཉིད་ངོས་བཟུང་ལ་རིག་པ་གསལ་དག་ཏུ་གནས་སུ་གཞུག་གོ །གཉིས་པ་ཡེ་ཤེས་ཀྱི་རླུང་དང་ལས་རླུང་སྦྱོང་བ་ལ་གཉིས། རྩ་གསལ་གདབ་པ་དང་རླུང་སྦྱོང་བ་དངོས་སོ། །དང་པོ་རྩ་གསལ་གདབ་པ་ནི། རང་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཁོང་པར་རྩ་ཨ་བ་དྷཱུ་ཏི་སྔོན་པོ་ཚངས་བུག་ནས་གསང་གནས་སུ་ཐལ་གྱིས་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཡས་སྣེ་རྩེ་མགོ་ནས་སྣ་བུག་གཉིས་སུ་ཟུག་པ། མས་སྣེ་མང་དུ་གྱེས་པའི་རྩེ་མོ་ཆེ་བ་གཉིས་རྩ་དབུ་མར་ཟུག་ཅིང་གཞན་རྣམས་འོག་སྒོ་གཉིས་སུ་ཟུག་པ་རྩ་དེ་གསུམ་ཀ་ཡོ་འཁྱོག་མེད་པ་དྲང་ཞིང་སྙོམ་པ་གདུང་བཏང་བ་བཞིན་ཐལ་ལེ་ཡོད་པར་བསམ། གཉིས་པ་རླུང་སྦྱོང་བ་དངོས་ལ་བཞི། གཞུ་ལྟར་དགུག་པ། མདའ་ལྟར་འཕང་བ། བུམ་པ་ལྟར་བསྐྱིལ་བ། འཁོར་ལོ་ལྟར་བསྐོར་བའོ། །དང་པོ་གཞུ་ལྟར་དགུག་པ་ནི། སྟེང་རླུང་སྣ་བུག་ནས་རྔུབས་ལ་དབུགས་མར་ཐུབ་ཐང་དུ་མནན་ནོ། །གཉིས་པ་མདའ་ལྟར་འཕང་བ་ནི། ནང་དུ་མི་ཐུབ་པའི་ཚེ་སྣ་བུག་གཉིས་ནས་ཕྱིར་ལ་ཐུབ་ཐང་དུ་རྒྱངས་རྒྱངས་ལན་འགའ་འཕང་ངོ་། །གསུམ་པ་བུམ་པ་ལྟར་བསྐྱིལ་བ་ནི། སྟེང་རླུང་མནན་འོག་རླུང་འཐེན་ལ་ཁ་སྦྱར་དབུ་མའི་ནང་དུ་བསྐྱིལ་ནས་ཐུབ་ཐང་བཟུང་ངོ་། །བཞི་པ་འཁོར་ལོ་ལྟར་བསྐོར་བ་ནི། རླུང་དེ་ཉིད་ཨ་ཝ་དྷཱུ་ཏིའི་ནང་དུ་ཡར་འཐེན་ཅིང་ཚངས་བུག་ལ་ཐུག་པར་དྲང་། མར་མནན་ཞིང་ལྟེ་འོག་ཏུ་ཧྲིལ་ཧྲིལ་མནན། དེ་ལྟར་སྦྱང་ངོ་། །རླུང་མ་སྦྱངས་ན་འཕོ་བ་དང་གྲོང་འཇུག་གང་ཡང་གནད་དུ་མི་ཆུད་པས་རླུང་རང་དབང་དུ་འདུ་བར་འབྱོངས་པ་གལ་ཆེའོ། །གཉིས་པ་འཕོ་བ་དངོས་ལའང་གཉིས། འཆི་ལྟས་བརྟག་པ་དང་འཕོ་བ་དངོས་སོ། །དང་པོ་འཆི་ལྟས་བརྟག་པ་ནི། སྤྱིར་ཉེ་རིང་ཕྱི་ནང་གསང་བའི་འཆི་ལྟས་རྣམས་གཞན་ནས་ཀྱང་འབྱུང་བ་ལྟར་དང་། ཁྱད་པར་དུ་རྟགས་བཞིའི་མཐོང་བ་གསལ་བྱེད་འོད་ཉམས་པ་ཞེས་མིག་བཙིར་བས་འོད་མེད་པ་དང་། ཐོས་བྱེད་དབང་པོ་སྒྲ་ཉམས་པ་ཞེས་རྣ་བ་གཉིས་བཀག་ནས་ལག་མཐིལ་གྱིས་མནན་པས་འུར་སྒྲ་མེད་པ་དང་། གནམ་སའི་ཀ་གདུང་ཆག་པ་ཞེས་ལག་ངར་ནམ་མཁར་བཏེགས་ནས་བལྟས་པས་མཁྲིག་མའི་འོག་ནས་བར་ཆད་པ་དང་། བདུད་ཀྱི་མི་རེང་ལངས་པ་ཞེས་ལག་པ་གཉིས་སོར་མོ་སྦྱར་ནས་བཏེག་པས་མཛུབ་མོ་གཞན་རྣམས་མི་འགུལ་བར་སྲིན་མཛུབ་གཉིས་འགུལ་བ་རྣམས་ཏེ་བཞི་འཛོམས་ན་ངེས་པར་འཆི་ལ། རེ་རེ་ཙམ་འཆི་བསླུ་དང་ཚེ་སྒྲུབ་ལ་སོགས་པ་རྟེན་འབྲེལ་གྱིས་བཟློག་ནུས་ཏེ། དེ་རྣམས་ནི་ནད་ཀྱིས་མ་བཏབ་ཀྱང་བརྟག་པར་བྱ་བ་གལ་ཆེའོ། །གཉིས་པ་འཕོ་བ་དངོས་ལ་གསུམ། དབང་པོ་རབ་རང་བཞིན་གྱིས་འཕོ་བ། འབྲིང་ལམ་གྱིས་འཕོ་བ། ཐ་མ་སེང་གེ་རྣམ་རོལ་གྱི་ཕྱག་རྒྱས་བཙན་ཐབས་སུ་འཕོ་བའོ། །དང་པོ་དབང་པོ་རབ་རང་བཞིན་གྱིས་འཕོ་བ་ནི། སྐྱེ་འཆི་མེད་པའི་སེམས་ཉིད། འཕོ་བྱ་འཕོ་བྱེད་གཉིས་མེད་དེ་ཉིད་སེམས་དང་པོ་རྒྱུ་རྐྱེན་གྱིས་མ་སྐྱེས། བར་དུ་གང་དུ་ཡང་མ་གྲུབ། ཐ་མ་གང་དུ་ཡང་མི་འགྲོ །སྐྱེ་འགག་མེད་པ་རྒྱུན་དུ་གནས་པས་སྐྱེ་འཆིའི་མིང་མེད། དེ་ཡང་འཁོར་འདས་སེམས་སུ་ཤེས། སེམས་སྟོང་པར་ཤེས། སྟོང་པ་ཆོས་སྐུར་ཤེས་ཤིང་ཉམས་སུ་མྱོང་ནས་གྲོལ་བས་འཁོར་འདས་རང་གྲོལ་ལ་ཆོས་སྐུ་ཡང་མིང་ཙམ་ལས་དངོས་པོར་མ་གྲུབ། རིག་པ་མ་གྲུབ་ཆོས་ཀྱི་དབྱིངས་སུ་ཡལ་བས་དུག་ལྔ་རང་དག་རང་སར་གྲོལ་བས་བུད་ཤིང་ཟད་པའི་མེ་ལྟར་རྒྱུ་རྐྱེན་དང་བྲལ་བ་ལྟར། ཐུགས་རྗེ་ཆེན་པོ་བསྒོམས་པའི་རྣལ་འབྱོར་པས་ལུས་འབྱུང་བཞི་ལས་གཡར་བ་རང་སར་ལ་བཞག་ནས་སེམས་ཉིད་ཆོས་དབྱིངས་རང་གྲོལ་གྱི་ངང་དུ་ཡལ་བ། དཔེར་ན་བུམ་ནང་གི་ནམ་མཁའ་སྟོང་པ་དང་ཕྱི་རོལ་གྱི་ནམ་མཁའ་སྟོང་པ་གཉིས་ཐ་དད་པ་ལྟར་སྣང་ཡང་བུམ་པ་ཆག་པའི་ཚེ་བུམ་ནང་གི་ནམ་མཁའ་དང་ཕྱི་རོལ་གྱི་ནམ་མཁའ་གཉིས་ཐ་དད་དབྱེར་མེད་པ་ལྟར། རྣལ་འབྱོར་པ་ལུས་རྒྱ་གྲོལ་མ་ཐག་རང་སེམས་དང་ཆོས་སྐུ་ཐ་དད་དབྱེར་མེད་པར་རང་གྲོལ་བ་དེ་ནི་དབང་པོ་རབ་རང་བཞིན་དུ་འཕོ་བ་ཡིན་པས་དེ་ལ་འཕོ་བའི་དམིགས་ལུང་སོགས་མི་དགོས་པའོ། །གཉིས་པ་དབང་པོ་འབྲིང་ལམ་གྱིས་འཕོ་བ་ལ་བཞི། སྐུ་བཞི་ཕྱག་རྒྱར་འཕོ་བ། གསུང་ཡིག་འབྲུའི་འཁོར་ལོ་ལ་འཕོ་བ། ཐུགས་ཐིག་ལེ་ཆོས་ཀྱི་སྐུ་ལ་འཕོ་བ། ས་བོན་ཡི་གེ་འབྲུ་གཅིག་ལ་འཕོ་བའོ། །དང་པོ་སྐུ་ཕྱག་རྒྱ་ལ་འཕོ་བ་ནི། འཆི་རྟགས་རྫོགས་ཤིང་འཆི་བར་ཤེས་པའི་ཚེ་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ། འགྲོ་དྲུག་ལ་སྦྱིན་པ་གཏང་། རྫས་དང་ཡོ་བྱད་ཚོགས་སུ་བཏང་། གང་ལའང་ཆགས་ཞེན་མེད་པར་འཁྲི་བ་རྦད་ཀྱིས་བཅད། འཆི་བ་ལ་མི་འཚེར་བར་བྲོད་པ་སྐྱེད། ལུས་བསྲང་། མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་འོད་ཀྱི་སྐུའི་རྣམ་པར་སྤྱན་དྲངས། མཆོད་ཅིང་མོས་གུས་དྲག་པོ་བྱ། མི་འབྲལ་རྩེ་གཅིག་ཏུ་འགྲོགས་པར་དམ་བཅས་ལ། རིག་པ་ལྟེ་བ་ནས་རླུང་དང་ལྷན་ཅིག་རྔུབས་ནས་བསྡུས་དབུ་མའི་ནང་བརྒྱུད་ཚངས་བུག་ནས་བཏོན་ལ་མདུན་གྱི་ཐུགས་རྗེ་ཆེན་པོའི་ཐུགས་ཀར་འཕང་ངོ་། །དེ་ལྟར་བགྱིས་པས་ཤ་ཁྲག་གདོས་བཅས་ཀྱི་ལུས་འདི་བོར་ནས་འཇའ་ཚོན་ལྟ་བུའི་སྐུ་ཐོབ་ནས་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གསུང་ཡིག་འབྲུའི་འཁོར་ལོ་ལ་འཕོ་བ་ནི། མདུན་གྱི་ནམ་མཁར་ཡི་གེ་དྲུག་པའི་འཁོར་ལོ་གསལ་ཞིང་བཀྲ་བ་ཁ་དོག་སེར་པོ་རྩིབས་དྲུག་པའི་ལྟེ་བར་ཧྲཱིཿ རྩིབས་དྲུག་ལ་ཨོཾ་མ་ཎི་པད་མེ་ཧཱུྃ་ཞེས་པ་འབྲུ་དེ་རྣམས་དཀར་ཞིང་འཚེར་བ་འོད་ཟེར་འཕྲོ་བར་བསམ། རང་གི་ཁོང་པར་རྩ་གསུམ་གསལ་བའམ། ཡང་ན་རང་གི་ཕུང་པོ་ཟོམ་སྟོང་ལྟ་བུར་བསམ་ལ། ཚངས་བུག་སྐྱ་ཧར་གྱིས་ཕྱེ་མ་ཐག །མདུན་གྱི་སྔགས་ཕྲེང་ས་བོན་དང་བཅས་པའི་འོད་ཟེར་ཚངས་བུག་ཏུ་ཕོག་པས། རང་རིག་འོད་ཟེར་ལ་འཁྲིལ་ཏེ་ཚངས་བུག་ནས་ཐོན་ཡི་གེ་དྲུག་པའི་འཁོར་ལོ་ལ་བསྟིམ། གསུང་ཡིག་འབྲུའི་ངང་ལ་ཡུན་དུ་གནས། འདི་ནི་གསུང་ལ་འཕོ་བའི་མན་ངག་གོ །གསུམ་པ་ཐུགས་ཐིག་ལེ་ལ་འཕོ་བ་ནི། རང་རིག་པ་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཏུ་གྱུར་ནས་ཕྱི་ནང་གི་རླུང་ཐིག་ལེ་དང་མི་འབྲལ་བ་དང་། ཐིག་ལེ་སྤྲོས་པ་དང་བྲལ་བ་དེ་ལས་མི་འགྱུར་བར། དེའི་ངང་ལ་རང་བཞིན་གྱི་འོད་གསལ་བ་མ་འགགས་པ། ཐིག་ལེའི་ངོ་བོ་མི་འགྱུར་བ་གྲྭ་ཟུར་མེད་པ་སྟེ་ཆོས་ཀྱི་སྐུའོ། །དེ་ནི་ཐུགས་ལ་འཕོ་བའོ། །བཞི་པ་ཡིག་འབྲུ་ལ་འཕོ་བ་ནི། རང་རིག་རླུང་དང་ལྷན་ཅིག་ཏུ་བསྲེས་ཏེ་ཡི་གེ་ཧྲཱིཿདཀར་པོ་གཅིག་ལ་ཤེས་པ་གཏད་ལ་རྩ་ཨ་བ་དྷཱུ་ཏི་ཡར་སྣ་ཁ་ཕྱེས་ལ་འོག་རླུང་དྲག་ཏུ་བསྡམས་ཤིང་འཐེན་པའི་རླུང་གི་ཤུགས་ཀྱིས་ངོ་བོ་ཧྲཱིཿདེ་ཉིད་ཡར་སྤར། སྤྱི་བོ་བདེ་ཆེན་འཁོར་ལོར་ཙན་གྱིས་བཏོན་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སོགས་རང་གང་འདོད་པའི་གནས་སུ་བསྐྱལ་ལོ། །གསུམ་པ་དབང་པོ་ཐ་མ་སེང་གེ་རྣམ་རོལ་གྱི་ཕྱག་རྒྱས་སྒོ་བཀག་ནས་བཙན་ཐབས་སུ་འཕོ་བ་ནི། མཛུབ་མོ་གཉིས་ཀྱིས་རྣ་བ་གཉིས་བལྟབ་ལ་བཀག །མཐེ་བོང་གཉིས་ཀྱིས་ཁ་བཀག་ལ་ཞེས་གསུངས་པ་ལྟར་རམ། ཡང་ན་སེང་གེ་རྣམ་རོལ་སྤྱི་ཁྱབ་ལྟར་མཐེ་བོང་གིས་རྣ་བ། མཛུབ་མོས་མིག །གུང་མོས་སྣ་བུག །སྲིན་མཛུབ་དང་མཐེའུ་ཆུང་གིས་ཁ་བཀག་ཀྱང་རུང་བར་སེམས་ལ། ཕྱག་རྒྱ་དེ་དག་དང་ལྡན་བཞིན་དུ་འཕེན་པའི་རླུང་ཞེས་སྟེང་འོག་གི་རླུང་ཕོ་བར་བཟུང་ལ་བསྲེ། དེ་ཉིད་ཕོ་རླུང་སྒང་དྲིལ་སྟོད་དུ་དྲག་ཏུ་བཅུག་ཅིང་རླུང་རིག་དབྱེར་མེད་དུ་ཚངས་བུག་ཁ་ཕྱེ་ལ་རིག་པ་རྟེན་མེད་དུ་རྒྱངས་ཀྱིས་འཕོ་བར་བྱའོ། །དེ་རྣམས་གང་བྱས་ཀྱང་རིགས་དྲུག་གི་གནས་སུ་མི་སྐྱེ་བར་དག་པའི་ཞིང་རྣམས་སུ་སྐད་ཅིག་ལ་འཕོ་བར་གདོན་མི་ཟའོ། །གསུམ་པ་ཉིན་ནུབ་ལམ་དུ་ཁྱེར་བ་ལ་གཉིས། ཉིན་མོ་ལམ་དུ་ཁྱེར་བ་དང་། མཚན་མོ་ལམ་དུ་ཁྱེར་བའོ། །དང་པོ་ཉིན་མོ་ལམ་དུ་ཁྱེར་བ་ལ་གསུམ། སྣང་བ་རང་གྲོལ་དུ་བཞག་པ། ཚོགས་དྲུག་རང་གྲོལ་དུ་བཞག་པ། རྐྱེན་སྣང་རང་གྲོལ་དུ་བཞག་པའོ། །དང་པོ་སྣང་བ་རང་གྲོལ་དུ་བཞག་པ་ནི། སྣང་བ་ལ་དགག་སྒྲུབ་མི་བྱ། སྣང་བ་བྱེད་པའི་མཁན་པོ་སེམས་ཡིན། སེམས་ལ་ངོས་བཟུང་མེད། སེམས་སྟོང་པར་འདུག་པས་རྟག་པར་མ་སོང་། སྣང་བ་མ་འགགས་པར་འདུག་པས་ཆད་པར་མ་སོང་། རྟག་ཆད་ཀྱི་མཐའ་དང་བྲལ་བ་ཐུགས་རྗེ་ཆེན་པོའི་ལྟ་བ་ཡིན། གཉིས་པ་ཚོགས་དྲུག་རང་གྲོལ་དུ་བཞག་པ་ནི། མིག་གི་ཡུལ་དུ་གཟུགས་མཐོང་བ་རྣམས་སྡུག་པ་ལ་ཆགས། མི་སྡུག་པ་ལ་སྡང་བ་མེད་པར་རང་ཤར་རང་གྲོལ། དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣའི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེའི་ཡུལ་དུ་རོ་ལེགས་མི་ལེགས། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་མི་འཇམ། ཡིད་ཀྱི་ཡུལ་དུ་དགའ་མི་དགའ་ཐམས་ཅད་ལ་ཆགས་སྡང་མེད་པར་རང་ཤར་རང་གྲོལ་ཡིན་ལ། དེ་ཇི་ལྟར་ཤར་ཡང་ཇི་ལྟར་གྲོལ་ཡང་། ཚོགས་དྲུག་གི་འཛིན་པ་དེ་ཐམས་ཅད་སེམས་ཡིན། སེམས་ངོ་བོ་སྟོང་པར་འདུག་པ་དེ་ཐུགས་རྗེ་ཆེན་པོའི་སྒོམ་པ་ཡིན། གསུམ་པ་རྐྱེན་སྣང་རང་གྲོལ་དུ་བཞག་པ་ནི། གཉེན་བྱམས་པ་དང་འབྲེལ་བར་འཛིན་པ་ཡང་རང་གི་སེམས་ཡིན། སེམས་སྟོང་པ་ལ་ཉེ་འབྲེལ་དང་དྲུང་པོ་ཡང་མ་གྲུབ་པས་རང་ཤར་རང་གྲོལ། དགྲ་སྡང་བ་དང་འཕྲད་ཀྱང་སྡང་བར་འཛིན་པ་རང་སེམས། སེམས་སྟོང་པ་ལ་དགྲ་སྡང་བ་ཡང་མ་གྲུབ་པས་རང་སྣང་རང་གྲོལ། ལུང་དུ་སྟོན་པ་དང་མི་སྟོན་པ། ངོ་ཤེས་པ་དང་མི་ཤེས་པ། ཆགས་པ་དང་སྡང་བ། སྐྱེ་བ་དང་མི་སྐྱེ་བ། དགའ་བ་དང་མི་དགའ་བ། བཏང་སྙོམས་སུ་སྣང་བ་སོགས་ཐམས་ཅད་རང་གི་སེམས། སེམས་སྟོང་པ་ལ་དེ་ཐམས་ཅད་གཟུང་འཛིན་དུ་གྲུབ་པ་གཅིག་ཀྱང་མེད་པས་རང་ཤར་རང་གྲོལ། དགོས་བྱེད་གསེར་གཡུ་མཐོང་བ་དང་། མི་དགོས་པ་ས་རྡོར་སྣང་བར་མཐོང་ཡང་མཐོང་མཁན་སེམས། སེམས་སྟོང་པ་ལ་དགོས་མི་དགོས་སོགས་ཐམས་ཅད་རང་ཤར་རང་གྲོལ་ཏེ། རྐྱེན་སྣང་ཅི་བྱུང་ཡང་ཤར་བ་མ་འགགས། འཛིན་མེད་ཀྱི་རིག་པ་རང་སར་ཡལ་ན་ནི་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཡིན་ནོ། །དེ་ལྟར་ཉིན་མོ་ལམ་དུ་ཁྱེར་བས། ཐུགས་རྗེ་ཆེན་པོའི་དགོངས་པ་རྒྱུན་ཆད་མེད་པའོ། །གཉིས་པ་མཚན་མོ་ལམ་དུ་ཁྱེར་བ་ལ་གསུམ། སྲོད་ལ་གཉིད་ལམ་དུ་ཁྱེར་བ། ནམ་གུང་རྨི་ལམ་ལམ་དུ་ཁྱེར་བ། ཐོ་རངས་གཉིད་སད་ནས་གསལ་སྟོང་ལམ་དུ་ཁྱེར་བའོ། །དང་པོ་སྲོད་ལ་གཉིད་ལམ་དུ་ཁྱེར་བ་ལ་གསུམ། གཉིད་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུར་བཞག་པ་གསུམ། དང་པོ་གཉིད་སྤྲུལ་སྐུར་བཞག་པ་ནི། གཉིད་བྲོ་ནས་ཟི་ཟི་ཤེས་པ་ཐིབ་ཐིབ་བྱེད་པའི་ཚེ་ཤེས་པ་འཐོར་བ་དེ་ཧྲིལ་གྱིས་དྲིལ་ནས་བསྒྲིམས་ཏེ་ཡུལ་ལ་བསྡུས་ལ་བཞག་གོ །གཉིས་པ་གཉིད་ལོངས་སྐུར་བཞག་པ་ནི། གཉིད་བྲོ་བའི་ཚེ་རང་ཐུགས་རྗེ་ཆེན་པོར་གསལ་བའི་སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་གཅིག་ལ་སེམས་མ་ཡེངས་པར་གཏད་ལ་བཞག་གོ །གསུམ་པ་གཉིད་ཆོས་སྐུར་བཞག་པ་ནི། གཉིད་འཐུག་པོ་རྨི་ལམ་མེད་པར་རྟོག་མེད་ལ་ཚོགས་དྲུག་ཀྱང་མ་འགགས་ཤིང་དེར་འཛིན་མེད་པའི་ངང་ལ་བཞག་པ་ནི་ཆོས་སྐུ་ཡིན་ལ། གལ་ཏེ་རྨི་ལམ་བྱུང་ཡང་དེ་ཉིད་ལ་འཁྲུལ་ཕྱིར་མ་འབྲངས་བར་ཤར་གྲོལ་འཛིན་མེད་དུ་བཞག་པ་ནི། གཉིད་དང་བསམ་གཏན་འདྲེས་པ་ཡིན་པས། འཆི་བའི་དུས་སུ་ཡང་དབུགས་ཆད་པ་དང་རིག་པ་བརྒྱལ་སངས་ནས་འོད་གསལ་འཆར་བ་དེ་ངོས་མི་ཟིན་མི་སྲིད་པས་བར་དོའི་སྣང་བ་མེད་པར་ཆོས་སྐུར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ནམ་གུང་རྨི་ལམ་ལམ་དུ་ཁྱེར་བ་ལ་ཡང་གསུམ། རྨི་ལམ་ངོས་བཟུང་བ། རྨི་ལམ་སྦྱོང་བ། རྨི་ལམ་དུ་ལྷ་བསྒོམ་སྔགས་བཟླ་བའོ། །དང་པོ་རྨི་ལམ་ངོས་བཟུང་བ་ནི། གཉིད་ལོག་ཁར་རྨི་ལམ་ངེས་པར་ངོས་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བཏང་ཞིང་བསམ་པས། རྨི་ལམ་རྨིས་མ་ཐག་རྨི་ལམ་ཡིན་པར་ངོ་ཤེས་ཤིང་ཟིན་པར་འགྱུར་རོ། །གཉིས་པ་རྨི་ལམ་སྦྱོང་བ་ནི། རྨི་ལམ་ལ་དངོས་པོར་འཛིན་པ་རྡུལ་ཙམ་ཡང་མེད་རང་སེམས་འཁྲུལ་པ་ཡིན་པས་ཅི་བྱས་ཀྱང་བཏུབ་སྙམ་པར་ངེས་ཤེས་བསྐྱེད་པས་རྨི་ལམ་དུ་བདེ་སྡུག་གི་རྣམ་པ་ཅི་བྱུང་ཡང་རང་ཤར་རང་གྲོལ་དུ་འགྲོ་ཞིང་། གཞན་ཡང་སྤྲུལ་བསྒྱུར་ཞིང་ཁམས་སྦྱོང་བ་སོགས་ཀྱང་སྤྲོ་ན་གཞན་ནས་འབྱུང་བ་ལྟར་བྱར་རུང་བར་སེམས་ལ། མ་བྱས་ཀྱང་བཀའ་འབུམ་དུ་མ་གསུངས་པས་ཆད་པའི་སྐྱོན་ནི་མེད་དོ། །གསུམ་པ་རྨི་ལམ་དུ་ལྷ་བསྒོམ་ཞིང་སྔགས་བཟླ་བ་ནི། རྨི་ལམ་དུ་ངོས་ཟིན་མ་ཐག་འདི་རྨི་ལམ་ཡིན་ལུས་ལྷ་སྐུ་འཕགས་པ་དང་ངག་སྔགས་སུ་བསྒྱུར་སྙམ་པས་ལུས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་བསྒོམ་ཞིང་ངག་ཏུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་དྲན་ཞིང་བཟླ་བར་བྱ་སྟེ། རྨི་ལམ་ངོས་མ་ཟིན་ཉིང་འཁྲུལ་ངོས་ཟིན་ནའང་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ཉིན་སྣང་ལས་ཆེས་ཆེར་གསལ་བ་འབྱུང་ངོ་། །དེ་ལྟར་རྨི་ལམ་དུ་ལྷ་སྔགས་འབད་པ་མེད་པར་དྲན་པ་རྒྱུན་དུ་བྱུང་ན་བར་དོར་མི་དྲན་མི་སྲིད་དེ་སྲིད་པ་བར་དོར་གདོས་བཅས་ཀྱི་ལུས་མེད་ཅིང་སེམས་ཀྱི་སྣང་ཆའི་ལུས་ཙམ་ཡིན་པས་ད་ལྟ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་གསལ་བས་ལྷ་སྔགས་མི་དྲན་མི་སྲིད་པས་བར་དོར་གྲོལ་ངེས་པ་ལ་ཐེ་ཚོམ་མི་དགོས་སོ། །གསུམ་པ་ཐོ་རངས་གཉིད་སད་ནས་གསལ་སྟོང་ལམ་དུ་ཁྱེར་བ་ནི། རྨི་ལམ་རྨིས་ཙ་ན་བདེན་པ་ལྟར་སྣང་ཡང་གཉིད་སད་ནས་གཞི་མེད་རྩ་བྲལ་གསལ་སྟོང་དུ་འཆར་བ་མ་གཏོགས་རྨི་ལམ་གང་རྨིས་ངོས་འཛིན་ཅན་དུ་བདེན་མི་སྲིད་ལ། ཉིན་སྣང་ཡང་སྣང་ཆ་འཁྲུལ་བློ་ཙམ་ལས་གཞན་པ་དངོས་འཛིན་ཅན་དུ་བདེན་མི་སྲིད་དེ། སེམས་ངོ་བོས་སྟོང་པས་དོན་དམ་དུ་སྣང་ཆ་ལ་འཛིན་མཁན་མེད། སྣང་བ་རང་གི་ངོ་བོ་ཡང་ཡེ་ནས་སྟོང་པ་ཡིན་ལ། སྟོང་པའི་རང་རྩལ་རང་མདངས་རང་བཞིན་ཙམ་དུ་གསལ་བ་ཡིན་པས། སྣང་བ་བརྟགས་ན་སྟོང་སེམས་བལྟས་ཀྱང་སྟོང་། དེ་གཉིས་ཀ་ངོ་བོ་སྟོང་ལ་རྣམ་པ་གསལ་བས་སྟོང་གསལ་ཟུང་འཇུག །སྣང་སེམས་དབྱེར་མེད་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སུ་འཆར་བ་ནི་ཐུགས་རྗེ་ཆེན་པོའི་དགོངས་པ་ཡིན་ནོ། །བཞི་པ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ལམ་ཁྱེར་ལ་གསུམ། དབང་པོ་རབ་བར་དོ་མེད་པར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་འདའ་ཀ་འཆི་བྲོད་ཀྱི་གདམས་པ་རྣམས་སོ། །དང་པོ་དབང་པོ་རབ་བར་དོ་མེད་པར་གྲོལ་བའི་གདམས་པ་ནི་གསུམ། ལུས་ལྷ་སྐུར་སྒོམ་པ་སྒྱུ་ལུས། ཡིད་ཐུགས་རྗེ་ཆེན་པོའི་ཐུགས་སུ་བསྒོམ་པ་འོད་གསལ། གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་བསྒོམ་པ་ཟུང་འཇུག་དང་གསུམ་གྱི་དང་པོ་ལུས་ལྷ་སྐུར་བསྒོམ་པ་སྒྱུ་ལུས་ཀྱི་གདམས་པ་ནི། རང་ཐ་མལ་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ཁྱབ་ལུས་སྒྲིབ་དག་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ནི་གསལ་ལ་ངོས་བཟུང་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ་བསྐྱེད། གཉིས་པ་ཡིད་ཐུགས་རྗེ་ཆེན་པོའི་ཐུགས་སུ་བསྒོམ་པ་འོད་གསལ་གྱི་གདམས་པ་ནི། རང་སེམས་ཡེ་ནས་མ་བཅོས་རང་བྱུང་རང་གསལ་ལྷན་ནེ་ལྷང་ངེ་ལྷག་གེ་བའི་ངང་དུ་བཞག་སྟེ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཆོས་སྐུ་སྤྲོས་པ་དང་བྲལ་བའོ། །གསུམ་པ་གཉིས་མེད་ཐིག་ལེ་ཉག་གཅིག་ཟུང་འཇུག་གི་གདམས་པ་ནི། སྒོམ་བྱེད་ཀྱི་བདག་མ་གྲུབ། བསྒོམ་བྱའི་ཡུལ་མ་གྲུབ། སྒོམ་པའི་ངོ་བོ་མ་གྲུབ། མ་གྲུབ་པ་ཙམ་དུའང་འཛིན་པ་མེད། ཡེ་ནས་ཇི་བཞིན་མ་བཅོས་པ་སྣང་སྟོང་ལྷ་སྐུ་སྒྱུ་མ་ལྟ་བུ། དེའི་ངོ་བོ་རང་བཞིན་མ་བཅོས་པ་འོད་གསལ་བ་དེ་གཉིས་ཉི་མ་དང་འོད་ཟེར་བཞིན་ལྷན་སྐྱེས་ཟུང་འཇུག་གི་རང་བཞིན་ལས་མ་གཡོས་པར་གོམས་འདྲིས་བརྟན་པ་ཐོབ་པར་བྱས་པས། བར་དོ་མེད་པར་ཆོས་སྐུར་འཚང་རྒྱ་བ་ནི་དབང་པོ་རབ་བར་དོ་མེད་པའི་ལམ་ཁྱེར་རོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ལམ་ཁྱེར་ནི་གསུམ་སྟེ། ཏིང་ངེ་འཛིན་གྱི་བར་དོ་ཕུང་པོ་ཡི་དམ་ལྷའི་སྐུར་བསྒོམས་ནས་ལུས་ཐ་མལ་གྱི་ཞེན་པ་སྤངས་པ་ནི་ལྷའི་སྣང་བ་རྒྱུད་ལ་བསྟེན་དུ་གཞུག་སྟེ། བཅོས་མིན་རང་ལུས་ཕུང་ཁམས་གདོད་ནས་ལྷར་གྲུབ་པ་ལ་ཐེ་ཚོམ་མེད་པར་ང་རྒྱལ་བསྟེན། ངག་ཐ་མལ་གྱི་ཞེན་པ་སྤངས་ལ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པ་གྲགས་སྟོང་སྔགས་ཀྱི་རང་སྒྲ་གཞོམ་མེད་ནཱ་དའི་རང་བཞིན་རླུང་སྔགས་དབྱེར་མེད་གདོད་ནས་ཡིན་པ་ལ་ངེས་ཤེས་བཅོས་མིན་དུ་རྡོ་རྗེའི་བཟླས་པ་འབད་རྩོལ་མེད་པར་བསྟེན། ཡིད་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་བདེ་སྟོང་རྟོག་མེད་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཆོས་སྐུ་བདེ་བ་ཆེན་པོ་རང་སེམས་གདོད་ནས་ཡིན་པ་ལ་དེར་འཛིན་གྱི་ངེས་ཤེས་བསྐྱེད། སོམ་ཉི་སྤངས་ཏེ་ཆོས་ཉིད་ཀྱི་སྣང་བ་ཡིད་ལ་བསྟེན་དུ་གཞུག་གོ །དེ་ལྟར་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་བཟློག་ནས། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་བསྟེན་པར་བྱས་པས་དེ་ཉིད་བཅོས་མིན་དུ་འཆར་རོ། །གཉིས་པ་འཆི་ཁ་བར་དོ་ལྷའི་སྐུ་མི་གསལ་བ་གསལ་བཏབ། འཆི་བ་ལ་བྲོད་པ་བསྐྱེད། འཆི་ནད་ཀྱིས་ཐེབས་པའི་དུས་སུ་དཀོན་མཆོག་ལ་མཆོད་པ་བཤམ། ཐུགས་རྗེ་ཆེན་པོའི་བྲིས་སྐུ་མདུན་དུ་བཀྲམ་པ་ལ། དེ་ལ་མིག་བལྟས་ལ་གསལ་བཏབ། ངག་ཏུ་ཡི་གེ་དྲུག་པ་བཟླས་ཤིང་གྲགས་སྟོང་དུ་གསལ་བཏབ། རང་གཞན་གྱི་འཁོར་དང་ལོངས་སྤྱོད་གང་ལའང་ཆགས་པ་མི་བྱ། རྫས་ཡོ་བྱད་ཐམས་ཅད་ཚོགས་གསོག་ཏུ་བཏང་ལ། ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་དབྱེར་མེད་འདུ་འབྲལ་མེད་པར་བསྟེན་པར་བྱའོ། །གསུམ་པ་སྲིད་པ་བར་དོར་ཏིང་ངེ་འཛིན་དེ་ཉིད་ཀྱི་འཕྲོ་མཐུད་ནས་བག་ཆགས་སད་པས་ཐུགས་རྗེ་ཆེན་པོའི་སྐུར་འབྲས་བུ་མངོན་དུ་བྱེད་པ་ནི་ལུས་འདི་བོར། ཕྱི་མ་མ་བླང་བའི་སྲིད་པ་བར་དོར་ལུས་ཐུགས་རྗེ་ཆེན་པོའི་སྐུ །ངག་གསུང་། ཡིད་ཐུགས་སུ་གྲོལ་བར་ངེས་པ་ནི། དབང་པོ་འབྲིང་བར་དོར་འཚང་རྒྱ་བའི་གདམས་པའོ། །གསུམ་པ་དབང་པོ་ཐ་མ་འདའ་ཀ་འཆི་བྲོད་ཀྱི་གདམས་པ་ནི། གང་ཟག་དབང་པོ་ཐ་མ་དེས། དུས་ཀུན་ཏུ་བདག་ནམ་འཆི་ཆ་མེད། འཆི་བའི་ཚེ་གང་གིས་ཀྱང་མི་སྟོངས་སྙམ་དུ་ཡང་ཡང་བསམས་ཤིང་དགེ་བའི་བསྐུལ་མ་གདབ། རྣམ་པ་ཀུན་ཏུ་ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད་གསུམ་དུ་བརྟན་པར་བྱ། འཆི་བའི་ཚེ་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ལ་བྲོད་པ་བསྐྱེད། རིག་པ་ནམ་མཁའི་མཐའ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་བཏང་། རིག་པ་ལས་སུ་རུང་བས་ལྷ་མི་འདོད་རིམ་གྱིས་ལུས་བླངས་ནས་ཕྱི་མར་འཚང་རྒྱའོ། །དབང་པོ་ཐ་མའི་ལམ་ཁྱེར་འདའ་ཀ་འཆི་བྲོད་ཀྱི་གདམས་པའོ། །གཉིས་པ་འོག་སྒོ་བདེ་བ་ཆེན་པོ་ལའང་གཉིས། རང་ལུས་ཐབས་ལྡན་དང་། གཞན་ལུས་ཐབས་ལྡན་ནོ། །དང་པོ་རང་ལུས་ཐབས་ལྡན་ལ་གསུམ། རྩ་སྦྱོང་བ། རླུང་སྦྱོང་བ། ཐིག་ལེ་སྦྱོང་བའོ། །དང་པོ་རྩ་སྦྱོང་བ་ལ་གསུམ། རྩའི་གནས་བསྟན་པ། མིང་དོན་ཤེས་པར་བྱ་བ། རྩ་སྦྱོང་བ་དངོས་སོ། །དང་པོ་རྩའི་གནས་བསྟན་པ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ལ་ཡི་གེ་དྲུག་པ་དཀར་པོས་བསྐོར་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཨཱཿདམར་པོ་ལ་ཡི་གེ་དྲུག་པ་དམར་པོས་བསྐོར་བ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་དབུས་སུ་ཧཱུྃ་མཐིང་ནག་ལ་ཡི་གེ་དྲུག་པ་མཐིང་གས་བསྐོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨོཾ་ཁ་དོག་སྣ་ཚོགས་པ་གཅིག་ལ་ཡི་གེ་དྲུག་པ་ཁ་དོག་སྣ་ཚོགས་པས་བསྐོར་བར་གནས་པའོ། །གཉིས་པ་རྩའི་མིང་དོན་ཤེས་པར་བྱ་བ་ནི། དབུས་རྩ་ཨ་ཝ་དྷཱུ་ཏི་དཀར་པོ། གཡས་སུ་རོ་མ་མཐིང་ག །གཡོན་དུ་རྐྱང་མ་དམར་པོ། དེ་ཡང་གཡས་པ་ལ་བདེ་བ་སྐྱེ། གཡོན་པ་ལ་སྟོང་པ། དབུས་མ་ལ་གཉིས་སུ་མེད་པ་སྐྱེའོ། །དེ་དག་ཀྱང་སྐུ་གསུམ་གྱི་རང་བཞིན་ཡིན་ཏེ། གཡས་ལོངས་སྐུ །གཡོན་སྤྲུལ་སྐུ །དབུས་སུ་ཆོས་སྐུའོ། །རྩ་གསུམ་པོ་དེ་ཡང་རྩ་རྩེ་གཅིག་ཏུ་འདུས་ཏེ་ཡར་སྣེ་སྤྱི་བོར་ཟུག །མར་སྣེ་ལྟེ་འོག་སོར་བཞི་ཙམ་དུ་ཟུག་པ་ནང་གྲོ་སོག་གི་སྦུབས་ལྟ་བུའོ། །གསུམ་པ་རྩ་སྦྱོང་བ་ནི། ལུས་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བཅིངས་ཏེ་ས་ལ་བཙུག །མིག་གཉིས་གྱེན་ལ་བཟློག་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་གྱེན་དུ་རྩ་དབུ་མའི་ནང་དུ་ཡར་ཧཱུྃ་མེ་ལྟར་འབར་བ་བཅུག་ལ། སླར་སྤྱི་གཙུག་ནས་མར་ལ་གཡས་གཡོན་གཉིས་ནས་བསྐོར་ཏེ་དབབ་བོ། །དེ་ཡང་ཡར་འདྲེན་པའི་དུས་སུ་ཧཱུྃ་གིས་དྲང་། མར་འབེབ་པའི་དུས་སུ་དབུགས་ལ་བསྐྱོན་ལ་དབབ་བོ། །དེ་ལ་རླུང་འབྱོངས་པའི་ཚད་ནི་ཤེས་པ་རྩའི་ནང་དུ་ཞུགས་པ་སྙམ་པའོ། །བདེ་སྟོང་གི་ཉམས་སྐད་ཅིག་འཆར་རོ། །གཉིས་པ་རླུང་སྦྱོང་བ་ལ་གསུམ། རླུང་བཟུང་བ། རླུང་སྦྱོང་བ། ཡེ་ཤེས་ཀྱི་རླུང་ངོས་འཛིན་པའོ། །དང་པོ་རླུང་བཟུང་བ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་མོས་པར་བྱས་ལ་རྐང་མཐིལ་གཉིས་ས་ལ་བཙུགས་ཏེ་རང་གི་རྐང་མཐིལ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུའི་སྟེང་ན་འདུག་པར་བསམ་ལ་སྟེང་རླུང་མནན། འོག་རླུང་བསྡམ། པུས་མོ་ལྟོ་བ་ལ་སྦྱར། ལག་པ་གཡས་གཡོན་བསྣོལ་བས་རྐང་པ་གཉིས་ལ་འཁྱུད་དེ་ཨ་ཝ་དྷཱུ་ཏི་སྨྱུག་མ་འབྲིང་པོ་ཙམ་ལ་ཤེས་པ་བཅུག་སྟེ། སྤྱི་བོར་ཧཾ་དང་ལྟེ་བའི་ཨཾ་གཉིས་ལ་རིག་པ་ཡར་གཏད་མར་གཏད་བྱའོ། །དེ་ནི་རླུང་བཟུང་བའོ། །གཉིས་པ་རླུང་སྦྱོང་བ་ནི། ཕྱི་ལ་ཐུབ་ཐང་བསྲིངས་ལ་མདའ་ལྟར་འཕང་། ནང་དུ་ཐུབ་ཐང་རྔུབས་ལ་གཞུ་ལྟར་དགུག །བར་དུ་ཐུབ་ཐང་བཟུང་ལ་བུམ་པ་ལྟར་བསྐྱིལ། རྗེས་ལ་ཧ་དྲག་ལ་རིང་བ་བཏོན་ལ་རླུང་རོ་འདོན་ནོ། །དེ་ཡང་རླུང་འཛིན་པའི་དུས་སུ་སྣ་བུག་གཡས་ནས་རླུང་རྒྱུ་བའི་དུས་སུ་ཕོ་རླུང་ཉོན་མོངས་པ་རྒྱུ་བ་ལས་རླུང་ཡིན་པས་དེ་ལ་རླུང་མི་བཟུང་། བཟུང་ན་སྐྱོན་ཅན་འོང་། སྣ་བུག་གཡོན་ནས་རླུང་རྒྱུ་བའི་དུས་སུ་རླུང་བཟུང་ན་མོ་རླུང་ཡེ་ཤེས་ཀྱི་རླུང་བྱ་བ་ཡིན་པས་ཡེ་ཤེས་འཆར་རོ། །སྣ་བུག་གཉིས་ཀ་ནས་རླུང་རྒྱུ་བའི་དུས་སུ་ཆོས་ཀྱི་སྐུ་ཡིན་པས་ཆོས་སྐུ་ངོས་བཟུང་ངོ་། །གསུམ་པ་ཡེ་ཤེས་ཀྱི་རླུང་ངོས་བཟུང་བ་ནི། གོང་ལྟར་རླུང་གྲངས་མང་དུ་བསྒོམ། དེ་ནས་རླུང་སེམས་གང་དུ་ཡང་མི་གཡོ་བར་འདུག་པའི་དུས་ན་རླུང་འབྱོངས་པ་ཡིན་པས། ཉོན་མོངས་པ་ཐམས་ཅད་བག་ལ་ཞ་ནས་ཡེ་ཤེས་ཀྱི་རླུང་དང་ཆོས་སྐུའི་རླུང་འདྲེས་ཏེ་རླུང་སེམས་ཆོས་ཉིད་ཀྱི་འོད་གསལ་གྱི་ངང་དུ་གནས་པ་དེ་ཁོ་ན་བསྒོམ་པ་ཡིན་ནོ། །གསུམ་པ་ཐིག་ལེ་སྦྱོང་བ་ལའང་གསུམ། ཐིག་ལེ་ངོས་བཟུང་བ། ཐིག་ལེ་དབབ་པ། ཐིག་ལེ་དགྲམ་པའོ། །དང་པོ་ཐིག་ལེ་ངོས་བཟུང་བ་ནི། རང་ལྷའི་རྣལ་འབྱོར་དུ་སྐད་ཅིག་གིས་བསྐྱེད་ནས་དེ་ནས་གོང་གི་རྩ་གསུམ་ལ་སྦྱང་སྟེ། དེ་ཡང་རྩ་གསུམ་འདུས་མདོར་ཨ་དམར་པོ་ལྕགས་བསྲེགས་ཞུན་མ་འདྲ་བ། བཟོད་པར་དཀའ་བ། རེག་བྱ་ཚ་བ། བདེ་བའི་ཉམས་དང་ལྡན་པ་གཅིག་བསྒོམས་ནས་རྩ་གསུམ་ཀའི་ནང་ན་ཕར་ལ་དབུགས་གཅིག་ལ་ཧཱུྃ་བཞི་དྲངས་ཏེ་དང་པོས་ལྟེ་བ། གཉིས་པས་སྙིང་གར། གསུམ་པས་མགྲིན་པར། བཞི་པས་སྤྱི་བོར་དྲངས་པས། སྤྱི་བོའི་ཧཾ་དཀར་པོ་ལ་ཕོག་པས་ཧཾ་ལས་བྱང་སེམས་བབ་པས་ལྟེ་བའི་འཁོར་ལོའི་དབུས་ཀྱི་ཨཾ་ལ་ཕོག་པར་བསམ་པས་དྲོད་སྐྱེའོ། །གཉིས་པ་ཐིག་ལེ་དབབ་པ་ནི། ཐིག་ལེ་བཅུ་དྲུག་ཡོད་པ་ལས། བརྒྱད་དངུལ་ཆུའི་རང་བཞིན་ལྟར་རྩའི་ནང་ནས་མར་ལ་འགྲིལ་ནས་མགྲིན་པར་བབ་པས་དགའ་བ་སྐྱེ། སྙིང་གར་བབ་པས་ཤིན་ཏུ་དགའ་བ་སྐྱེ། ལྟེ་བར་བབ་པས་མཆོག་ཏུ་དགའ་བ་སྐྱེ། དེ་ནས་རྡོ་རྗེ་ནོར་བུའི་རྩ་བར་བབ་པས་དགའ་བདེ་ཆེན་པོ་སྐྱེ། དེ་ནས་ནོར་བུར་བབ་པས་བདེ་བ་མི་བཟོད་པ་སྐྱེ། དེ་ནས་རིག་པ་རྡོ་རྗེའི་རྩེ་མོར་གཏད་ལ། རྡོ་རྗེའི་ནང་ནས་ཡར་ཧཱུྃ་བསྒོམས་ནས་ཐིག་ལེ་མི་འཆོར་བར་བཀག་སྟེ། དེའི་དགའ་བདེ་ལ་སེམས་བཟུང་ངོ་། །གསུམ་པ་ཐིག་ལེ་ཟློག་པ་དང་དགྲམ་པ་ནི། རྐང་པ་གཉིས་བསྒྲིལ། ལག་པ་གཉིས་བསྣོལ་ལ་དཔུང་པ་གཡས་གཡོན་གཉིས་ལ་འཁྱུད་ནས་འོག་སྒོ་བསྡམས་ལ་རླུང་ནང་དུ་འཐེན་ལ། ཎི་ན་ཧིང་ཞེས་ཉི་ཤུ་རྩ་གཅིག་གིས་སྒལ་ཚིགས་ཉི་ཤུ་རྩ་གཅིག་ན་ཡར་ལ་དྲངས་ཏེ་ཐིག་ལེ་གནས་སུ་དྲང་བའོ། །དེ་ནས་བདེ་སྟོང་ཟུང་འཇུག་གི་ཉམས་བཟུང་ངོ་། །གལ་ཏེ་ཚུལ་དེ་ལྟ་བུས་བདེ་དྲོད་འབར་དཀའ་ན་གནད་ཀྱི་མན་ངག་བྷུ་ཛའི་འཁྲུལ་འཁོར་གྱིས་དབབ་པ་ནི་ཤིན་ཏུ་ཟབ་སྟེ། བླ་མ་དམ་པ་མཉེས་པར་མཆོད་པའི་གསུང་གི་གསང་བ་ལས་རྟོགས་པར་བྱ་ཡི་གཞན་དུ་མ་ཡིན་ནོ། །དེ་ནི་རང་ལུས་ཐབས་ལྡན་གྱི་གདམས་ངག་ལ་བརྟེན་ནས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་བའོ། །གཉིས་པ་ཚུལ་དེ་ལྟ་བུ་ལ་རྩལ་སྦྱོང་མྱོང་བ་ཐོབ་ནས་གཞན་ལུས་ཐབས་ལྡན་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ངོས་བཟུང་བ་ནི། ན་རཱི་མཚན་ལྡན་ཡིད་དུ་འོང་བ་བཙལ། དབང་གིས་སྨིན་པར་བྱས། ཚོགས་དྲུག་ལ་བསླབ་ཅིང་གོམས་སུ་གཞུག །རང་ཐུགས་རྗེ་ཆེན་པོ་དང་། ན་རཱི་ཡུམ་ཡི་གེ་དྲུག་མར་གསལ་གདབ། མཁའ་གསང་བྱིན་གྱིས་བརླབ། མུ་དྲའི་པདྨའི་ཟེའུ་འབྲུ་ཁ་ཕྱེ་ནས་རྡོ་རྗེ་རྣམ་པར་རོལ་པའི་གར་གྱིས་མཉམ་པར་སྦྱོར་ཞིང་བསྲུབ་པ་དང་བསྲུབ་པའི་འཁྲུལ་འཁོར་གྱིས་ཐིག་ལེ་སྔར་ལྟར་དབབ་ཅིང་། པདྨར་ཐིག་ལེ་ཕྱེད་ཤོར་ཕྱེད་མ་ཉམས་པའི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་ངོས་བཟུང་ངོ་། །རླུང་འབྱོངས་ནས་ཀུནྡ་དཀར་དམར་གྱི་བཅུད་རྡོ་རྗེའི་ལམ་དུ་ཡར་ལ་ཎི་ན་ཧིང་ཞེས་རླུང་སྟོང་འདྲེན་དྲག་པོས། སྒལ་ཚིགས་ཀྱི་རྟ་ལ་བསྐྱོན་ནས་སྤྱི་བོར་བསྐྱལ་ཏེ་ལུས་ཕྲུལ་ཤིག་ཤིག་བྱས་ནས་ལུས་ལ་ཁྱབ་པར་བཀྲམ། ཚེ་རིང་ནད་མེད་བདེ་བ་ཐོབ། །ཆགས་པ་སྤངས་པས་ཡེ་ཤེས་འཆར། །ཉོན་མོངས་འདོད་ཆགས་ལམ་དུ་སློང་། །ཐབས་ལམ་རྩ་རླུང་ཞལ་གདམས་སོ།། །།གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ལ་ལྔ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། ཕྱག་རྒྱ་ཆེན་པོའི་དགོངས་པ། རྫོགས་པ་ཆེན་པོའི་དགོངས་པ། དབུ་མ་ཆེན་པོའི་དགོངས་པ། ཐུགས་རྗེ་ཆེན་པོ་ཉིད་ཀྱི་དགོངས་པ་དང་ལྔའོ། །དང་པོ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ལྟར་ཉམས་སུ་བླང་བ་ལ་གསུམ། སྟོང་པ་ཉིད་བཅོ་བརྒྱད། ཕ་རོལ་ཏུ་ཕྱིན་པ་དྲུག །རྣམ་པར་ཐར་པའི་སྒོ་གསུམ་མོ། །དང་པོ་སྟོང་ཉིད་བཅོ་བརྒྱད་ནི། རང་སེམས་དངོས་པོར་མ་གྲུབ་པ་ནང་སྟོང་པ་ཉིད། ཕྱིའི་སྣང་ཆ་ཡང་ངོ་བོས་སྟོང་པས་ཕྱི་སྟོང་པ་ཉིད། རང་སེམས་དང་ཚོགས་དྲུག་གི་སྣང་བ་གཉིས་ཀ་ངོ་བོས་སྟོང་པས་ཕྱི་ནང་སྟོང་པ་ཉིད། དེ་གཉིས་ཀྱང་ངོ་བོས་མ་གྲུབ་ཀྱང་རྣམ་པ་གསལ་བས་ཕྱི་ནང་སྟོང་པ་ཁོ་ནར་ཡང་མི་འཛིན་པས་སྟོང་པ་ཉིད་སྟོང་པ་ཉིད། སྟོང་ཉིད་མཐའ་བྲལ་དེའི་གོང་ན་གཞན་མེད་པས་ཆེན་པོ་སྟོང་པ་ཉིད། ཚུལ་དེ་ལྟ་བུ་ལ་ཀུན་རྫོབ་ཀྱི་མཚན་མ་མེད་པའི་སྨྲ་བསམ་བརྗོད་བྲལ་ཡིན་པས་དོན་དམ་པའི་སྟོང་པ་ཉིད། དེའི་ཀུན་བརྟགས་ཀྱི་ཆོས་ཐམས་ཅད་མ་གྲུབ་པས་འདུས་བྱས་སྟོང་པ་ཉིད། དེ་དག་གདོད་ནས་གྲུབ་པས་གཞན་གྱིས་འདུས་མ་བྱས་པས་འདུས་མ་བྱས་སྟོང་པ་ཉིད། སེམས་དེ་ཉིད་རྟག་ཆད་འགྲོ་འོང་ཐ་དད་དང་དོན་གཅིག་སོགས་མཐའ་བརྒྱད་དང་བྲལ་བས་མཐའ་ལས་འདས་པ་སྟོང་པ་ཉིད། སེམས་བྱུང་གནས་འགྲོ་གསུམ་དང་བྲལ་བས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། སེམས་ལ་སྐྱོན་ཡོན་བླང་དོར་མེད་པས་དོར་བ་མེད་པ་སྟོང་པ་ཉིད། སེམས་ཀྱི་རང་བཞིན་འོད་གསལ་བས་ན་རང་བཞིན་སྟོང་པ་ཉིད། སེམས་དང་སེམས་བྱུང་ཆོས་ཉིད་ཀྱི་ངང་དུ་གཅིག་པས་ཆོས་ཉིད་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པའི་མཐའ་དང་བྲལ་ཞིང་སྨྲ་བསམ་ཤེས་བརྗོད་ལས་འདས་པས་རང་གི་མཚན་ཉིད་སྟོང་པ་ཉིད། དེ་དག་ལ་འདི་ཞེས་དམིགས་པའི་ཡུལ་དུ་མ་གྱུར་པས་མི་དམིགས་པ་སྟོང་པ་ཉིད། སེམས་ལ་གཟུགས་དང་ཁ་དོག་སོགས་གྲུབ་པ་མེད་པས་དངོས་པོ་མེད་པ་སྟོང་པ་ཉིད། སེམས་ཉིད་གསལ་སྟོང་བྱེད་པོ་གཞན་གྱིས་མ་བྱས་པས་ངོ་བོ་ཉིད་སྟོང་པ་ཉིད། དེ་ཡང་དངོས་པོ་མེད་པ་བར་སྣང་ལྟར་མ་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། དེ་རྣམས་བསྡུ་ན་དཔེར་ན་ནམ་མཁའ་ལྟར་ཡེ་ནས་སྟོང་པ་དོན་ཆོས་ཉིད་ཡེ་ནས་སྟོང། རྟགས་སེམས་ཉིད་ཡེ་ནས་སྟོང་། ཡེ་སྟོང་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མས་བསྟན་ཙམ་རང་ངོ་སྤྲད་པས་སྟོང་ཉིད་བཅོ་བརྒྱད་སྐད་ཅིག་ལ་རྟོགས་པ་ཡིན་ནོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ཆོས་ཉིད་སྤྲོས་བྲལ་གྱི་ངོ་བོ་མཐོང་བ་ན་བདག་གཞན་གྱི་དོན་འབྲས་རྩོལ་མེད་དུ་འབྱུང་བ་སྦྱིན་པའི་ཕར་ཕྱིན། ཆོས་ཉིད་དོན་སེམས་རང་བབས་སུ་བཞག་པས་སྤོང་བདུན་བླང་དོར་མེད་པར་ཉེས་པའི་སྐྱོན་གྱིས་གོས་མ་མྱོང་བ་ཚུལ་ཁྲིམས། དོན་རང་སེམས་ཆོས་ཉིད་ཀྱི་ངོ་བོ་དང་པོ་ལྟ་སྟངས། བར་དུ་མཉམ་གཞག །ཐ་མ་རྗེས་ཐོབ་བསྒོམས་པས་ཁོང་ཁྲོ་བྲལ་བ་བཟོད་པ། དོན་ལ་མ་ཡེངས་པས་ལེ་ལོ་མེད་པ་བརྩོན་འགྲུས། འཁྲུལ་ཕྱིར་མ་འབྲངས་པར་མཉམ་གཞག་དེ་ཉིད་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པ་བསམ་གཏན། རང་སེམས་རང་གིས་ཤེས་ཤིང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སྟོང་པ། སྟོང་པ་ཉིད་ཆོས་སྐུ་ཡུམ་ཆེན་མོ་ལ་བསམ་བརྗོད་མེད་ཅིང་སྐྱེ་འགག་བྲལ་བས་སོ་སོ་རང་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པའོ། །གསུམ་པ་རྣམ་པར་ཐར་པའི་སྒོ་གསུམ་ནི། སེམས་བསྒོམ་པའང་མ་བཅོས་རང་བབས་ཅོག་གཞག་རྒྱ་ཡན་ལས་མཚན་རྟོག་ཐམས་ཅད་སྤངས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། སེམས་ཀྱི་ངོ་བོ་དེ་ལ་ཉོན་མོངས་ཚོགས་དྲུག་གི་བཟང་ངན་གང་ཡང་དོན་ལ་མཚན་འཛིན་ལས་འདས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ། སེམས་རང་བབས་སུ་བསྒོམས་པས་སྤྲོས་བྲལ་རང་བབ་འཁོར་འདས་རང་སེམས་སུ་རྟོགས་པའི་ཀློང་ཆེན་པོར་ཆུབ་པས་འཁོར་འདས་ལ་རེ་དོགས་མེད་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཞེས་བྱའོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་དགོངས་པ་ནི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ། ཉམས་མྱོང་དང་ལྔ་ལས། དང་པོ་ལྟ་བ་བུ་རམ་གྱི་དབྱིབས་ཁ་དོག་ཅི་ལྟར་ཡང་གཅིག་ཟོས་པས་བུ་རམ་ཐམས་ཅད་མངར་བར་ཤེས་པ་ལྟར། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྩིས་ལས་འདས་ཀྱང་རྩ་བ་སེམས་ཉིད་རྟོགས་པས་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོར་རོ་གཅིག་པ་དང་། ནགས་ལ་མེ་མཆེད་ན་ཚང་ཚིང་ཐམས་ཅད་མེས་བསྲེགས་གྲོགས་སུ་འགྲོ་བ་ལྟར་རང་སེམས་སྤྲོས་བྲལ་དུ་ཐག་ཆོད་པས་ཚོགས་དྲུག་ཅི་ཤར་ཅི་སྣང་ཐམས་ཅད་སེམས་ཉིད་སྤྲོས་བྲལ་གྱི་གྲོགས་སུ་རང་གྲོལ་དུ་འགྱུར་བའོ། །གཉིས་པ་བསྒོམ་པ་ཡང་མར་མེ་རླུང་གིས་མ་བསྐྱོད་པ་ལྷམ་མེ་ལྷན་ནེ་ལྷང་ངེར་འབར་བ་ལྟར། རང་སེམས་གཉིས་འཛིན་གྱི་རྣམ་རྟོག་གིས་མ་བསྐྱོད་པར་སོ་མ། རྗེན་པ། རང་ཐང་། ལྷུག་པར་གསལ་རིག་ལྷན་ནེར་བསྒོམ་པ་ཞི་གནས། རྐུན་མ་ངོས་ཟིན་ན་ཕྱིས་རྐུ་མི་ནུས་པ་ལྟར་ཚོགས་དྲུག་གི་སྣང་ཆ། སེམས་ཀྱི་རྣམ་རྟོག་གང་ཡང་རང་སེམས་སུ་མཐོང་། རང་སེམས་སྤྲོས་བྲལ་དུ་རྟོགས་པས་ཕྱིས་འཁྲུལ་བློ་མི་འབྱུང་བ་ལྷག་མཐོང་། །དེ་གཉིས་ལྷན་ཅིག་པ་ནི་ཞི་ལྷག་ཟུང་འཇུག་ཅེས་བྱའོ། །གསུམ་པ་སྤྱོད་པ་མ་དང་བུ་འཕྲད་ནས་ཡིན་མིན་ཐེ་ཚོམ་མི་ཟ་བ་ལྟར་སྤྱོད་པ་གང་ཡང་གཉིས་མེད་ཐུག་འཕྲད་བླང་དོར་མེད་པའོ། །དབུལ་པོའི་གླང་ཆེན་ལོམ་པ་དང་འགྲོ་འོང་མེད་ཅིང་མ་སོས་ཀྱིས་དོགས་པའི་སྡུག་བསྔལ་མེད་པ་ལྟར་ཕྱག་རྒྱ་ཆེན་པོའི་དོན་རྒྱུད་ལ་སྐྱེས་པས་སྒོ་གསུམ་རྩོལ་བ་དང་བྲལ་ཞིང་བློ་རང་མལ་དུ་ཚུད་པའོ། །འདིའི་གླང་ལ་ལོམ་པ་ཞེས་སོགས་གོ་དཀའ་ཞིང་དཔེ་དོན་ཡང་ཧ་ཅང་འབྱོར་མདོག་མ་ཁ་ཡང་མ་ཎི་བཀའ་འབུམ་རང་གཞུང་ལྟར་བཅོས་བསླད་མ་བྱས་པར་བྲིས། བཞི་པ་འབྲས་བུ་ཡང་སྨན་སྦེད་བྱེད་ཅེས་པ་སྐྱེས་མ་ཐག་འབྲས་བུ་ཉིད་དུ་སྐྱེ་བ་ལྟར་ཕྱག་རྒྱ་ཆེན་པོའི་འབྲས་བུ་གཞན་དུ་མི་རེ་བར་འབྲས་བུ་རང་ཆས་སུ་ཡེ་ནས་སེམས་ཉིད་སངས་རྒྱས་སུ་འགྲུབ་པའོ། །ལན་ཚྭ་ཆུར་བཞག་ན་དབྱེར་མེད་དུ་འགྲོ་བ་ལྟར་སེམས་རྟོགས་པས་སྣང་བ་ལྷན་སྐྱེས་ཡེ་ཤེས་དང་། ཆོས་ཉིད་ཡེ་ཤེས་དབྱེར་མེད་སྣང་སྟོང་གདོད་ནས་རང་བྱུང་གི་ཡེ་ཤེས་འཁོར་འདས་གཉིས་མེད་དུ་ཆམ་གྱིས་གྲོལ་བའོ། །ལྔ་པ་ཕྱག་རྒྱ་ཆེན་པོའི་ཉམས་མྱོང་ནི་བུད་མེད་གཞོན་ནུ་སྔར་སྐྱེས་པ་དང་འཕྲད་མ་མྱོང་བ་སྐྱེས་པ་དང་འཕྲད་པའི་བདེ་བ་རང་གིས་ཉམས་སུ་མྱོང་ཡང་གཞན་དུ་སྨྲ་མི་བཏུབ་པ་ལྟར། ཕྱག་རྒྱ་ཆེན་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིད་དཔྱོད་གཟུང་འཛིན་དང་བྲལ་བའི་དོན་རང་རྒྱུད་ལས་སྐྱེས་པ་ཉམས་སུ་མྱོང་ཡང་གཞན་ལ་དཔེ་ཙམ་གྱིས་སྟོན་པ་མ་གཏོགས་དོན་དཔྱིས་ཕྱིན་པ་བསྟན་དུ་མེད་པའོ། །འབབ་ཆུ་ཆེན་པོ་ལ་རྒྱུན་ཆད་མེད་པ་ལྟར། ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང་སྤྱོད་ལམ་རྣམ་པ་བཞི་གང་བྱེད་ཀྱང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་རོལ་པ་ལ་རྒྱུན་ཆད་མེད་པ་དེའི་ངང་ལས་མ་གཡོས་པའོ། །གསུམ་པ་རྫོགས་པ་ཆེན་པོའི་དགོངས་པ་ནི། དཔེ་དོན་དུ་སྦྱར་བ་བཅུ་སྟེ། དང་པོ་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི། ཆུ་སྤྱི་བོ་ནས་བླུགས་པས་ལུས་ཐམས་ཅད་ལ་ཁྱབ་པ་ལྟར། ཡེ་ཤེས་བྱ་བ་རང་གི་ཡེ་གདོད་མའི་ཤེས་པ་ཡིན་པས་དེ་ཉིད་བསྒོམ་པ་ཙམ་ལས་གཞན་བསྒྲུབ་ཏུ་མེད་པས་དེ་རྟོགས་པས་འཁོར་འདས་ཐམས་ཅད་ཀྱི་དོན་རྟོགས་པར་ཁྱབ་པའོ། །གཉིས་པ་ཆོས་ཉིད་ཐུག་ཕྲད་ཀྱི་དགོངས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ནི། སྔར་འདྲིས་མྱོང་བའི་མི་དེ་གང་དུ་འཕྲད་ཀྱང་ཡིན་མིན་ཐེ་ཚོམ་མི་ཟ་བ་ལྟར། ཆོས་ཉིད་རང་ལ་གནས་པ་དེའི་ངོ་བོ་བླ་མས་ངོ་སྤྲད་པ་ཙམ་གྱིས་རང་སེམས་ཆོས་ཉིད་དུ་ཐག་ཆོད་པའོ། །གསུམ་པ་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་དགོངས་པ་ནགས་ལ་མེ་མཆེད་པ་ལྟ་བུ་ནི། ནགས་ཆེན་པོ་ལ་མེ་མཆེད་ན་ཐམས་ཅད་མེའི་རང་བཞིན་གཅིག་ཏུ་འབར་བ་ལྟར། རང་སེམས་ངོ་བོ་རྟོགས་ནས་དུས་གསུམ་གྱི་རྟོག་ཚོགས་ཕྲ་རགས་ཐམས་ཅད་རང་སེམས་རྟོགས་པའི་ཡེ་ཤེས་ཁོ་ན་གཅིག་པུར་འཆར་བའོ། །བཞི་པ་མཚན་མ་རང་གྲོལ་གྱི་དགོངས་པ་ཆུ་ལ་ཆུ་བུར་ཐིམ་པ་ལྟ་བུ་ནི། ཆུ་ལ་ཆུ་བུར་བྱུང་བ་ཐ་དད་པ་ལྟར་སྣང་ཡང་ཆུ་ཉིད་ལ་ཐིམ་པ་ལྟར། ཆོས་དང་ཆོས་ཅན་ཐམས་ཅད་སེམས་དང་ཐ་དད་པ་ལྟར་སྣང་ཡང་དོན་སེམས་ལས་དབྱེར་མེད་པའོ། །ལྔ་པ་ཏིང་ངེ་འཛིན་འབྱུང་འཇུག་མེད་པའི་དགོངས་པ་ཉི་མ་ཤར་བ་ལྟ་བུ་ནི། ཉི་མའི་སྙིང་པོ་སྒྲིབ་བྱེད་ཡོད་མེད་གང་ལྟར་ཡང་འོད་ཟེར་གསལ་འགྲིབ་མེད་པ་ལྟར། ཆོས་ཉིད་སྟོང་པ་ཉིད་རྣམ་རྟོག་གཉིས་འཛིན་གང་ལྟར་ཤར་ཡང་དོན་ལ་གསལ་འགྲིབ་མེད་པའོ། །དྲུག་པ་མ་བཅོས་པ་མཉམ་པ་ཉིད་ཀྱི་དགོངས་པ་རྒྱ་མཚོའི་གཏིང་ལྟ་བུ་ནི། རྒྱ་མཚོ་ཆེན་པོ་ཡེ་ནས་མི་གཡོ་བཞིན། ཆུའི་རང་བཞིན་གཏིང་མཐའ་མེད་པ་ལྟར་ཆོས་ཉིད་ཡེ་ནས་སངས་རྒྱས་ཀྱིས་བཟང་དུ་མ་བཏང་། སེམས་ཅན་གྱིས་ངན་དུ་མ་བཏང་། ཇི་ལྟར་བྱས་ཀྱང་ཆོས་ཉིད་ལས་མི་འགྱུར་བའོ། །བདུན་པ་རྩོལ་མེད་བདེ་ཆེན་གྱི་དགོངས་པ་སྐྱེས་བུ་བྱ་བ་ཐེངས་པ་ལྟ་བུ་ནི། བྱ་བ་བཏང་བའི་སྐྱེས་བུ་དེ་བྱ་གཞག་གང་ལའང་འབད་རྩོལ་མེད་པ་ལྟར། ཆོས་ཉིད་རང་བབས་སུ་ལྷོད་དེ་ཤིག་གེ་རང་བབས་སུ་བསྐྱངས་པས་བྱེད་སྤྱོད་བྱས་ཆོས་ཀྱི་སྡུག་བཙིར་མང་པོ་མི་དགོས་པའོ། །བརྒྱད་པ་རྣམ་དག་ཀུན་བཟང་གི་དགོངས་པ་རིན་པོ་ཆེ་གསེར་གླིང་ལྟ་བུ་ནི། རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་ན་གསེར་ལས་གཞན་པའི་རྡོ་མི་སྣང་བ་ལྟར་ཆོས་ཐམས་ཅད་རང་བཞིན་རྣམ་དག་ཀུན་ཏུ་བཟང་པོའི་རྣམ་རོལ་དུ་རྟོགས་ཕན་ཆད་དེ་ལས་གཞན་པའི་ཆོས་དང་ཆོས་ཉིད་ཀྱི་རྟོག་པ་གང་ཡང་མི་འབྱུང་བའོ། །དགུ་པ་ཐིག་ལེ་ཀློང་ཡངས་ཀྱི་དགོངས་པ་ནམ་མཁའ་ལྟ་བུ་ནི། ནམ་མཁའ་ལ་མཐའ་དབུས་མེད་པ་ལྟར་རང་བྱུང་གི་ཡེ་ཤེས་མཐའ་དབུས་གཏིང་མཐའ་མེད་པའི་ཕྱིར་བློས་བྱས་ལས་ནམ་ཡང་འདས་པའོ། བཅུ་པ་རང་གྲོལ་ལྷུན་རྫོགས་ཀྱི་དགོངས་པ་རིན་པོ་ཆེ་ལྟ་བུ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ལྟར། རང་བྱུང་གི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རང་ལ་རྫོགས་ཤིང་སྐྱོན་ཐམས་ཅད་གདོད་ནས་སྤངས་པ་བསལ་བཞག་མེད་པ་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་མ་བསྒྲུབ་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཉིད་རབ་ཡིན་པའོ། །བཞི་པ་དབུ་མ་ཆེན་པོའི་དགོངས་པ་ལ་གཉིས། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའོ། །དང་པོ་ཀུན་རྫོབ་ལ་གཉིས། ལོག་པའི་ཀུན་རྫོབ་དང་། ཡང་དག་པའི་ཀུན་རྫོབ་བོ། །དང་པོ་ལོག་པའི་ཀུན་རྫོབ་ནི། ཡང་དག་པའི་དོན་ལས་ལོག་པའི་མུ་སྟེགས་བྱེད་ཀྱི་ལོག་པའི་ལྟ་བ་རྟག་ཆད་གཉིས་དང་། འཇིག་ཚོགས་ལ་ལྟ་བ་ཉི་ཤུ །སྐྱེ་བོ་ཐ་མལ་པའི་ལོག་ཤེས་བདག་དང་བདག་གིར་འཛིན་པ་འདིས་འཁོར་བ་མཐའ་མེད་སྐྱུར་བའི་རྩ་བ་བྱེད་པའོ། །གཉིས་པ་ཡང་དག་པའི་ཀུན་རྫོབ་ནི། སྒྱུ་མ་དང་རྨི་ལམ་ལྟ་བུ་སྟེ། སྒྱུ་མ་དང་རྨི་ལམ་དུ་བདེན་བདེན་མོ། རྟག་རྟག་པོ། ཡིན་ཡིན་པོར་གྲུབ་པ་གང་དུ་སྣང་བ་ཐམས་ཅད་ཀྱང་། སྒྱུ་མ་བཤིག་པའམ། གཉིད་སད་པའི་དུས་སུ་གཅིག་ཀྱང་བདེན་པར་གྲུབ་པ་མེད་ཀྱང་། དེར་སྣང་ཙམ་ཞིག་འབྱུང་བ་དང་འདྲ་བར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་ལ་རང་བཞིན་མ་གྲུབ་ཀྱང་མིང་ཙམ་བརྡ་ཙམ་རྟག་ཙམ་དུ་སྣང་བ་ལ། དེ་ཡང་ཡོད་མེད་ཡིན་མིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེས་ན་སྣང་སྟོང་གསལ་སྟོང་བདེ་སྟོང་རིག་སྟོང་མྱོང་སྟོང་ཚོར་སྟོང་ལ་སོགས་པ་དང་། རྟོག་མེད་དང་རང་སྟོང་དང་གཞན་སྟོང་ལ་སོགས་པ་སྤྲོས་བྲལ་ལ་སྤྲོས་པའི་མིང་ཚིག་བརྡ་ཆད་བཏགས་པ་ཐམས་ཅད་ཀྱང་དོན་དུ་ཡང་དག་པའི་ཀུན་རྫོབ་ལས་མ་འདས་ལ། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། སྤྲོས་བྲལ་ལ་སོགས་པ་རྣམས་ཀྱང་དོན་དམ་པ་མིན་པའི་ཚིག་བླ་དྭགས་སོ། །དེ་དག་ཐམས་ཅད་དོན་དམ་པ་རྟོགས་པའི་ཕྱིར་དུ་ཟླ་བ་སྟོན་པའི་མཛུབ་མོ་དང་འདྲ་བའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཅེས་བྱའོ། །གཉིས་པ་དོན་དམ་བདེན་པ་ནི། བློ་ཡི་ཡུལ་ལས་འདས། མིང་ཚིག་དང་བརྗོད་པ་དང་བྲལ། ཐ་སྙད་རྟོག་གེའི་རིག་པས་ཐོག་ཏུ་ཕེབ་མི་སྲིད་དེ། དོན་དུ་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་སྨྲ་བསམ་བརྗོད་མེད། མ་སྐྱེས་མི་འགག །སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ལས་གཞན་རྐྱེན་གང་གིས་ཀྱང་རྟོགས་ཤིང་མཚོན་པར་མི་ནུས་པ་ནི་ངོ་བོ་ཆོས་སྐུ་སྟེ། དེ་ལ་རྟོགས་པ་མེད་ཀྱང་ལས་དང་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པ་ནི། ཡིད་བཞིན་གྱི་ནོར་བུ་ལ་རྟོག་པ་མེད་ཀྱང་། མཆོད་ཅིང་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་དང་འདྲ་བ་ཡིན་ནོ། །ལྔ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱི་དགོངས་པ་ལ་བཞི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལྟ་བ་ནི་གསུམ། དང་པོ་ནམ་མཁའ་འདི་ལ་ཁྱབ་འདི་ལ་མ་ཁྱབ་ཅེས་པའི་ཚད་བཟུང་མེད་པ་ལྟར། ཐུགས་རྗེ་ཆེན་པོའི་ཐུགས་ཆོས་ཉིད་ཡང་དག་པའི་དོན་གྱིས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་མཉམ་པར་གནས་ལ་ཐ་དད་མེད་པ་ནི་ཐུགས་རྗེ་ཀུན་ལ་ཁྱབ་པའི་ནམ་མཁའ་ལྟ་བུའོ། །གཉིས་པ་ནི། དབུལ་པོའི་ཁྱིམ་དུ་དགོས་དགུ་འབྱུང་བའི་གཏེར་ཡོད་ཀྱང་རྒྱུས་མེད་པས་གཏེར་རང་ཁྱིམ་དུ་བཞག་ནས་ཕོངས་པས་གཞན་དུ་འཚོལ་སྒྲུབ་ཀྱིས་བྲེལ་བ་ལྟར། ཐུགས་རྗེ་ཆེན་པོའི་ཐུགས་བསལ་བཞག་སྤངས་པ་ཆོས་སྐུ་ཞི་བ་ཆེན་པོ་རང་རྒྱུད་ལ་ཡོད་བཞིན་དུ་མ་ཤེས་པར་མཐོ་རིས་དང་ཐར་པ་མྱང་འདས་ཀྱི་གོ་འཕང་སྒྲུབ་བོ། །ཞེས་ཐབས་སྣ་ཚོགས་པས་འཚོལ་ཞིང་འབད་འབུངས་ཀྱིས་རང་སྡུག་པ་དོན་མི་འགྲུབ་པ་འདི་རྣམས་ནི། ངོ་བོ་རང་གསང་ཐབས་ཀྱིས་ཆོད་པ་དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུའོ། །གསུམ་པ་ནི། དབུལ་པོའི་ཁྱིམ་དུ་གཏེར་ཡོད་པ་སྔོན་ཆད་མ་ཤེས་ཏེ། ཁ་བྱང་རྙེད་པའམ་རྒྱུས་ཡོད་པས་འདི་ན་འདི་འདྲ་ཡོད་དོ་ཞེས་ངོ་སྤྲད་ན་གཏེར་ལ་ལོངས་སྤྱོད་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟར་འགྱུར་བ་བཞིན་དུ། ཐུགས་རྗེ་ཆེན་པོའི་ཐུགས་ཡེ་ཤེས་ཆེན་པོ་རང་ལ་ཡོད་པ་བླ་མས་ངོ་སྤྲད་པས་ཐུགས་རྗེ་ཆེན་པོ་ཞིག་ལོགས་ནས་བསྒྲུབ་རྩོལ་མ་དགོས་པར་རང་ཉིད་ཐུགས་རྗེ་ཆེན་པོ་གདོད་མ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་གདིང་ཐོབ་མྱོང་བ་སྐྱེས་པས་ཡར་སངས་རྒྱས་ཐོབ་ཏུ་མི་རེ། མར་འཁོར་བར་འཁྱམ་དུ་མི་དོགས་པ་ཡིན་ནོ། །གཉིས་པ་སྒོམ་པ་ལའང་གསུམ། དང་པོ་ཐུགས་རྗེ་ཆེན་པོའི་དགོངས་པ་རང་ཉིད་རང་ལ་གསལ་བ་མེ་ལོང་ནང་གི་བྱད་བཞིན་ལྟ་བུ་ནི། མེ་ལོང་ནང་གི་གཟུགས་བརྙན་ནི་རང་གི་བྱད་མེ་ལོང་ལ་ཤར་བ་དེ་རང་གི་བྱད་བཞིན་ལས་གཞན་མེད་པ་ལྟར། ཐུགས་རྗེ་ཆེན་པོའི་ཐུགས་གསལ་འགྲིབ་མེད་པ་ཞེས་པ་རང་སེམས་ངོ་བོ་རྟོགས་པའི་དུས་ཐུགས་རྗེ་ཆེན་པོའི་ཐུགས་རྟོགས་པ་ཞེས་བྱ་ཡང་། དོན་རང་སེམས་རྟོགས་པ་ཡིན་ནོ། །གཉིས་པ་ཐུགས་རྗེ་ཆེན་པོའི་ཐུགས་གསལ་ལ་ངོས་བཟུང་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ་ནི། བར་སྣང་དུ་ཤར་བའི་འཇའ་ཚོན་དེ་ཉིད་རྣམ་པ་གསལ་ལ་བཀྲ་ཞིང་མདངས་དང་ལྡན་པ་བཞིན་དུ། རང་སེམས་ཆོས་ཉིད་གསལ་ལ་སྟོང་པའི་ཉམས་དང་ལྡན་པ་ཐུགས་རྗེ་ཆེན་པོའི་ཐུགས་ཉིད་དོ། །གསུམ་པ་གསལ་ཡང་རྟོག་པ་མེད་པ་མར་མེ་ལྟ་བུ་ནི། མར་མེ་དེ་ཉིད་གསལ་ལ་ངར་དང་ལྡན་པ་བཞིན་དུ་རང་སེམས་གཞིའི་ཆོས་ཉིད་གསལ་ལ་ངར་མདངས་ཡོད་པ་བྱིང་རྨུགས་འགྱུ་དྲན་གྱིས་རྟོག་པར་མ་སོང་བར་གསལ་ཧྲིག་གེ །སེང་ངེ་བར་གནས་པ་ནི་ཐུགས་རྗེ་ཆེན་པོའི་ཐུགས་ཉིད་དོ། །གསུམ་པ་སྤྱོད་པ་ལའང་གསུམ། ཐུགས་རྗེ་ཀུན་ལ་སྙོམས་པ་ཉི་མ་ལྟ་བུའི་སྤྱོད་པ་ནི། ཉི་མའི་འོད་ཟེར་གྱིས་ཉེ་རིང་མེད་པར་ཀུན་ལ་སྙོམས་པ་ལྟར། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཉེ་རིང་དང་ཕྱོགས་རིས་མེད་པ་ཀུན་ལ་སྙོམས་ཤིང་ཁྱབ་པར་ཕན་འདོགས་པ་ཞིག་དགོས་སོ། །གཉིས་པ་སྙིང་བརྩེས་ཀུན་ལ་བརྩེ་བ་བུ་གཅིག་པའི་མ་ལྟ་བུ་ནི། བུ་གཅིག་ལས་མེད་པའི་མ་དེ་བུ་དེ་ལ་ཇི་ལྟར་བྱས་ཀྱང་སྙིང་བརྩེ་བས་ཞེ་ཕུགས་སུ་བཅུག་ནས་ཅི་བྱེད་ཐམས་ཅད་བུ་གཅིག་པོའི་དོན་བྱེད་པ་ལྟར། སེམས་ཅན་ཐམས་ཅད་ཞེ་ཕུགས་སུ་བཅུག་ནས་ཡལ་བར་མི་འདོར་བར་ཚེ་འདིར་བྱ་བ་བྱས་ཚད་གཞན་ཕན་དུ་འགྲོ་བ་གཅིག་དགོས་སོ། །གསུམ་པ་འགྲོ་བ་ཐབས་ཀྱིས་སྒྲོལ་བ་དེད་དཔོན་ལྟ་བུ་ནི། དཔེར་ན་དེད་དཔོན་དེས་རང་ཉིད་ཆུ་བོའི་ཕ་རོལ་དུ་མ་ཕྱིན་ཅིང་། རང་སྟོབས་ཀྱིས་ཆུ་ལས་སྒྲོལ་བར་མི་ནུས་ཀྱང་གྲུ་དང་གྲུ་སྐྱ་དང་གདོས་པ་ལ་སོགས་ཐབས་དང་ཡོ་བྱད་དུ་མས་རང་དང་མགྲོན་པོ་ཐམས་ཅད་ཆུ་བོ་ཆེན་པོ་ལས་སྒྲོལ་ནུས་པ་བཞིན་དུ། རང་ཉིད་འཁོར་བ་ལས་མ་གྲོལ་བ་རང་ཉིད་ཐོག་མར་འཁོར་བ་ལས་བརྒལ་ནས་གཟོད་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་འདོད་ཀྱི་ཕྱི་བཞག་ཏུ་མ་ལུས་པར། རང་གི་སྐུ་དྲན་པ་ཙམ་གྱིས་འཁོར་བ་ལས་སྒྲོལ་བ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བཏབ། ངག་ཏུ་བཟླས་པ་ཙམ་གྱིས་འཁོར་བ་ལས་སྐྱོབ་ནུས་པ་ཡི་གེ་དྲུག་པ་བཟླ། ཡིད་ལ་བསམ་པ་ཙམ་གྱིས་འཁོར་བ་གཅོད་ནུས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལས་མ་གཡོས་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་ཐབས་དེ་གསུམ་ཁོ་ན་བསྟན་པས་རང་གཞན་ཐམས་ཅད་འཁོར་བ་ལས་ལྷན་ཅིག་ཏུ་གྲོལ་བ་ལ་འབད་པར་བྱའོ། །བཞི་པ་འབྲས་བུ་ལ་གསུམ། དང་པོ་ཆོས་སྐུ་དངོས་མེད་ནམ་མཁའ་ལྟ་བུ་ནི། དཔེར་ན་ནམ་མཁའ་ལ་གཟུགས་དང་ཁ་དོག་སོགས་གང་དུ་ཡང་མ་གྲུབ་བཞིན་དུ་ཀུན་ལ་སྣང་བ་ལྟར་རང་སེམས་ཆོས་སྐུ་ལ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་བཞིན་དུ། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་ལྡན་པ་ཆོས་སྐུ་འབྱམས་ཀླས་པའི་ཀློང་ཆེན་པོར་འཁོར་འདས་ཐམས་ཅད་འུབ་ཆུབ་ཐིག་ལེ་གཅིག་གི་ཀློང་དུ་སངས་རྒྱས་པའོ། །གཉིས་པ་ལོངས་སྐུ་ཉི་ཟླ་སྐར་གསུམ་ལྟ་བུ་ནི། ནམ་མཁའ་དེ་ལ་གང་གིས་ཀྱང་རྟོག་པ་མེད་ཀྱང་ཉི་ཟླ་གཟའ་སྐར་སོགས་ནམ་མཁའི་རྒྱན་དུ་ཤར་བ་ལྟར། ཆོས་སྐུ་ནམ་མཁའ་ལྟ་བུར་རྟོག་པ་མེད་བཞིན་དུ་ལོངས་སྐུ་ངེས་པ་ལྔ་ལྡན་མཚན་དཔེས་བརྒྱན་པ་ཆོས་སྐུའི་རྒྱན་ལྟ་བུར་སྣང་ཞིང་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་རྟོག་པ་མེད་ཀྱང་འཁོར་རྣམས་ལ་ཆོས་སྟོན་པའོ། །གསུམ་པ་འོད་ཟེར་སྤྲུལ་སྐུ་ལྟ་བུ་ནི། ཉི་ཟླའི་འོད་ཟེར་གྱིས་མུན་པ་ཐམས་ཅད་སེལ་བ་ལྟར་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུས་མཆོག་དམན་བར་མ་མཐའ་ཡས་པ་ཁམས་གསུམ་ཐམས་ཅད་ཀྱི་དོན་དུ་ཕྱོགས་རིས་དང་རྒྱུན་ཆད་མེད་པར་མཛད་པ་ཡིན་ནོ། །དེ་ལྟ་བུའི་མཚན་མེད་ཀྱི་རྫོགས་རིམ་རྣམ་པ་ལྔ་པོ་མདོར་ཧྲིལ་གྱིས་དྲིལ་ན་ཕར་ཕྱིན་ཐེག་པའི་སྟོང་ཉིད་བཅོ་བརྒྱད་ཕར་ཕྱིན་དྲུག་རྣམ་ཐར་སྒོ་གསུམ་ཐམས་ཅད་ཀྱང་རང་སེམས་ཐུགས་རྗེ་ཆེན་པོ་སྤྲོས་བྲལ་ཆོས་ཉིད་དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་དབྱེར་མི་ཕྱེད་ཅིང་དེར་འདུས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཉམས་ལེན་ལྔ་ཡང་རང་སེམས་ཐུགས་རྗེ་ཆེན་པོ་མ་བཅོས་སོ་མ་རང་ཐང་ལྷུག་པ་དང་དབྱེར་མེད་ཅིང་དེར་འདུས་པ་ཡིན་ནོ། །རྫོགས་པ་ཆེན་པོའི་དགོངས་པ་བཅུ་པོ་ཡང་རང་སེམས་ཐུགས་རྗེ་ཆེན་པོ་མ་བཅོས་རང་བྱུང་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་མ་རྫོགས་པ་མེད་པ་བྱར་མེད་རྫོགས་པ་ཆེན་པོ་དང་དབྱེར་མི་ཕྱེད་ཅིང་དེར་འདུས་པ་ཡིན་ནོ། །དབུ་མ་ཆེན་པོ་བདེན་གཉིས་དབྱེར་མེད་ཀྱང་རང་སེམས་ཐུགས་རྗེ་ཆེན་པོ་ཕྱོགས་མེད་མཐའ་བྲལ་རང་གཞན་གྱིས་རྟོག་པའི་ཐ་སྙད་རྟོག་བརྟག་ལས་འདས་པ་དང་དབྱེར་མེད་ཅིང་དེར་འདུས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོ་རང་གི་དགོངས་པ་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞི་ཡང་རང་སེམས་ཐུགས་རྗེ་ཆེན་པོ་མ་བསྒྲུབ་ལྷུན་གྲུབ། གཞི་ལྟ་བ་སྤྲོས་བྲལ་ལམ་དུས་སུ་ཉམས་སུ་བླངས་པས་འབྲས་བུ་གཞི་ཐོག་ཏུ་གྲོལ་ཞིང་སྤྱོད་པ་བླང་དོར་དང་བྲལ་བ་དེ་ལས་ལོགས་སུ་མེད་ཅིང་དབྱེར་མེད་པ་དེ་ལ་འདུས་པ་ཡིན་ནོ། །དེ་ལྟར་མཚན་མེད་ཀྱི་རྫོགས་རིམ་ལྔ་པོ་ནི་འདིར་རྒྱལ་པོ་བཀའ་འབུམ་དུ་ཇི་ལྟར་གསུངས་པ་ལྟར་རོ། །ངོ་སྤྲོད་དང་ཉམས་ལེན་སྟབས་གཅིག་ཏུ་མདོར་བསྡུས་ནས་བསྟན་པ་ཡིན་པས་སློབ་མ་ལ་བླ་མས། དོན་འདི་དག་ལས་མ་གོལ་བར་ཚིག་གི་བརྗོད་པ་གང་བདེ་རང་གི་ཉམས་མྱོང་གི་སྟེང་ནས་སློབ་མ་ལ་ངོ་འཕྲོད་ངེས་སུ་གདབ་པ་གལ་ཆེ་ལ། བླ་མས་མྱོང་བ་མེད་པའི་ཁ་བཤད་ལུང་རིག་ལ་སྦྱངས་པའི་ཁ་ཕྱིར་བལྟས་རྟོག་གེ་བའི་ལམ་དང་བསྲེས་ནས་བཤད། སློབ་མས་ཉམས་ལེན་ལ་མི་གཞོལ་བར་མཁས་འདོད་ཐོབ་གྲངས་ཤེས་རློམ་ལ་འཕྱོར་ཆས་བྱེད་པས་ཧམ་ཟོམ་འོལ་རྒྱུགས་སུ་བཏང་བའི་དུས་དེང་སང་གི་ཆོས་པས་ས་སྟེང་གང་བ་ལ་ཆོས་སྤུ་ཙམ་ཡང་མེད་པ་འདི་འདྲ་བྱུང་བས་བསམ་མོ།། །།སྤྱི་དོན་གསུམ་པ་རྗེས་ལ་གཉིས། ཐུན་མཚམས་སུ་རྒྱུན་གྱི་སྤྱོད་པ་དང་། ཕན་ཡོན་བསྟན་པའོ། །དང་པོ་ཐུན་མཚམས་རྒྱུན་གྱི་སྤྱོད་པ་ལ་དྲུག །བདུན་རྣམ་དག །མཎྜལ། ཁྲུས། བསྐོར་བ། གཏོར་མ། ཆུ་གཏོར་རྣམས་སོ། །དེ་རེ་རེ་ལའང་ཕྱི། ནང་། གསང་བ། དོན། རྟགས། མཚོན་པ་སྟེ་དྲུག་དྲུག་གིས་ཉམས་སུ་ལེན་པ་ལ། དང་པོ་བདུན་རྣམ་དག་ལ་ཕྱིའི་བདུན་རྣམ་དག་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པས་རྩ་བ་གསུམ་དང་དཀོན་མཆོག་གསུམ་མདུན་གྱི་ནམ་མཁར་སྤྱན་དྲངས། པདྨའི་གདན་ལ་བཞུགས་པ་ལ་ཕྱག་འཚལ། ཕྱི་ནང་གི་མཆོད་པ་དངོས་སུ་གང་འབྱོར་དང་ཡིད་ཀྱིས་སྤྲུལ་ནས་མཆོད། སྡིག་པ་བཤགས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། དུས་གསུམ་གྱི་དགེ་བ་ལ་རྗེས་སུ་ཡི་རང་། དགེ་རྩ་གཞན་དོན་དུ་བསྔོ་བ་རྣམས་ཡིད་ཀྱིས་བྱ་བའམ་ངག་འདོན་གང་རུང་དང་སྒོ་བསྟུན་ལ་བྱའོ། །ནང་གི་བདུན་རྣམ་དག་ནི། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ་སྙིང་པོ་ཡི་གེ་དྲུག་པ་ཡན་ལག་བདུན་པའི་ཚུལ་གྱིས་གསོལ་བ་གདབ་པའོ། །གསང་བའི་བདུན་རྣམ་དག་ནི། རང་གི་སེམས་དང་ཐུགས་རྗེ་ཆེན་པོ་གཉིས་སུ་མེད་པར་ཐག་བཅད་པའོ། །དོན་གྱི་བདུན་རྣམ་དག་ནི། ཐུགས་རྗེ་ཆེན་པོ་སྤྲོས་པ་དང་བྲལ་བ་དེ་ཀ་རང་སེམས་སྤྲོས་བྲལ་དང་ཁྱད་མ་མཆིས་པའོ། །རྟགས་ཀྱི་བདུན་རྣམ་དག་ནི། ཐུགས་རྗེ་ཆེན་པོའི་ཐུགས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་དེ་རང་གི་རིག་པ་རང་ཤར་རང་གྲོལ་དུ་སྟོང་ཞིང་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་རང་རྒྱུད་ལ་ཤར་བའོ། །མཚོན་པའི་བདུན་རྣམ་དག་ནི། དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེ་ཆེན་པོ་ལ་མོས་གུས་རྒྱུན་ཆད་མེད་པ་རང་དང་དབྱེར་མེད་དུ་རྟོགས་པས་འདུ་འབྲལ་མེད་པ་ལ་བྱའོ། །གཉིས་པ་མཎྜལ་ལ། ཕྱིའི་མཎྜལ་ནི། རིན་པོ་ཆེའམ་ཤིང་གི་མཎྜལ་གྱི་སྟེང་དུ་ཚོམ་བུ་བརྒྱད་བཀོད་པ་རྒྱལ་སྲིད་བདུན་དང་གཏེར་གྱི་བུམ་པ་དང་བརྒྱད་དུ་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་འབུལ་བའོ། །ནང་གི་མཎྜལ་ནི། མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །མཐའ་ལ་དྲུག་བཀྲམ་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་འབུལ་བའོ། །གསང་བའི་མཎྜལ་ནི། མཎྜལ་དུ་སྣང་བ་དབྱིངས། རྒྱན་དུ་སྣང་བ་ཐབས་ཤེས། མཎྜལ་དབྱིངས་དང་ཐབས་ཤེས་གཉིས་མེད་དུ་བསམ་ལ་འབུལ་ལོ། །དོན་གྱི་མཎྜལ་ནི། ཆོས་ཀྱི་དབྱིངས་མ་བཅོས་པའི་མཎྜལ་ལ། རིག་པ་ཡེ་ཤེས་ཀྱི་མེ་ཏོག་བཀྲམས་ལ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབུལ་ལོ། །རྟགས་ཀྱི་མཎྜལ་ནི། རིག་པ་རང་གསལ་གྱི་མཎྜལ་ལ། རང་ཤར་རང་གྲོལ་གྱི་མེ་ཏོག་བཀྲམ་ནས། ཆགས་སྡང་གཉིས་མེད་ཀྱི་ངང་དུ་འབུལ་ལོ། །མཚོན་པའི་མཎྜལ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་མཎྜལ་ལ། ནང་བཅུད་ཀྱི་སེམས་ཅན་ཚོམ་བུར་བཀྲམ། རང་སྣང་འཛིན་མེད་ཀྱི་ངང་ནས་འབུལ་ལོ། །གསུམ་པ་ཁྲུས་ལ་ཕྱིའི་ཁྲུས་ནི། བུམ་པ་དཀར་པོའི་ནང་དུ་རྒྱུན་འབབ་ཀྱི་ཆུ་དང་སྨན་དྲི་བཟང་པོས་བཀང་། ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་མཎྜལ་གྱི་དབུས་སུ་བཞག །མཆོད་པ་བཤམ། བུམ་ནང་དུ་ཐུགས་རྗེ་ཆེན་པོ་བསྒོམ། མཆོད་བསྟོད། ཡི་གེ་དྲུག་པ་བཟླ། བཟླས་པ་ཐོན་ནས་ལྷ་འོད་དུ་ཞུ་བའི་ཆུས་ཁྲུས་བྱས་པས། རང་གཞན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་བསམ་མོ། །ནང་གི་ཁྲུས་ནི། རང་ལུས་བུམ་པར་ཆུ་དང་སྨན་ཐམས་ཅད་ཚང་། སྐྲའི་ཁ་རྒྱན། གོས་ཀྱི་མགུལ་ཆིངས། རིག་པ་ལྷར་གྲུབ། ངག་སྔགས་ཡིག་དྲུག །དྲི་ཆུ་ཁྱོར་བར་གཙང་ཕུད་ཀྱིས་རྩ་བ་གསུམ་མཆོད། བར་པ་རང་བཏུང་། ཐ་མ་ཁྲུས་བྱ། དེས་ནད་གདོན་བར་ཆད་ཐམས་ཅད་སེལ་ལོ། །ལྷག་མ་ཡི་དྭགས་ལ་སྦྱིན། གསང་བའི་ཁྲུས་ནི། སེམས་ཉིད་སྟོང་པའི་བུམ་པ་ནས། རིག་པ་དག་བྱེད་ཀྱི་ཆུས། རྣམ་རྟོག་གི་དྲི་མ་བཀྲུའོ། །དོན་གྱི་ཁྲུས་ནི། ཀུན་གཞི་མ་བཅོས་པའི་བུམ་པ་ནས། སྟོང་གསལ་རང་བྱུང་གི་ཆུས། ཉོན་མོངས་དུག་ལྔ་བཀྲུས། ཡེ་ཤེས་ལྔ་གསལ་བར་བྱེད་དོ། །རྟགས་ཀྱི་ཁྲུས་ནི། ལྟ་བ་ཕྱོགས་རིས་མེད་པའི་བུམ་པ་ནས། རིག་པ་བསྒོམ་པ་རང་གསལ་གྱི་ཆུས། སྤྱོད་པ་ལྟར་སྣང་བཅོས་མ་བཀྲུས། བླང་དོར་མེད་པར་གསལ་ལོ། །མཚོན་པའི་ཁྲུས་ནི། ཐུགས་རྗེ་ཆེན་པོའི་སྐུ་ཁྲུས་ཀྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །བཞི་པ་བསྐོར་བ་ལ་ཕྱིའི་བསྐོར་བ་ནི། ཐུགས་རྗེ་ཆེན་པོའི་སྐུའི་དྲུང་དུ་མཆོད་པ་བཤམ། ཡི་གེ་དྲུག་པ་བཟླ་ཞིང་བསྐོར་བ་བྱ། རྟེན་དེ་ཐུགས་རྗེ་ཆེན་པོ་དངོས་སུ་བསམ། དེ་ལས་འོད་བྱུང་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དག་པར་བསམ་མོ། །ནང་གི་བསྐོར་བ་ནི། རང་གི་སྤྱི་བོར་རྩ་བ་གསུམ་བཞུགས་པར་བསམ། དེ་ལ་འགྲོ་བ་རིགས་དྲུག་གིས་བསྐོར་བ་བྱེད་པར་མོས། བདག་ལ་བྱིན་གྱིས་རློབ་པར་བསམ་མོ། །གསང་བའི་བསྐོར་བ་ནི། སྙིང་ག་ཆོས་ཀྱི་འཁོར་ལོར་ཡི་གེ་ཧྲཱིཿདཀར་པོའི་མཐར་ཡི་གེ་དྲུག་པ་འགལ་མེ་ལྟ་བུ་གཡས་སུ་འཁོར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ་མོ། །དོན་གྱི་བསྐོར་བ་ནི། ཆོས་དབྱིངས་མ་བཅོས་པའི་ཕོ་བྲང་ན། རྟོག་མེད་ཆོས་སྐུ་ཆེན་པོ་བཞུགས་པ་ལ། སྤྲོས་བྲལ་གྱི་ངང་ནས་བསྐོར་བ་བྱས་པས། བདེ་གསལ་མི་རྟོག་པའི་ཉམས་མྱོང་འཆར་རོ། །རྟགས་ཀྱི་བསྐོར་བ་ནི། སེམས་ཉིད་རང་བྱུང་གི་ཕོ་བྲང་ན། རིག་པ་རང་ཤར་ཐུགས་རྗེ་ཆེན་པོ་བཞུགས་པ་ལ། རང་ཤར་རང་གྲོལ་གྱི་བསྐོར་བ་བྱས་པས། དུག་ལྔ་རྣམ་རྟོག་རང་གནས་སུ་ཞིའོ། །མཚོན་པའི་བསྐོར་བ་ནི། རང་ལུས་རི་བོའི་ཕོ་བྲང་ན། སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་བཞུགས་པ་ལ། གཉིས་སུ་མེད་པའི་བསྐོར་བ་བྱས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་བོ། །ལྔ་པ་གཏོར་མ་ལ་ཕྱིའི་གཏོར་མ་ནི། གཏོར་སྣོད་རིན་པོ་ཆེ་རྒྱ་ཆེན་པོར་བསམ། གཏོར་མ་བདུད་རྩིའི་རྒྱ་མཚོས་དཀར་མེར་གྱིས་གང་བར་བསམ་མོ། །མདུན་གྱི་ནམ་མཁར་རྩ་བ་གསུམ་བཞུགས་པ་ལ་ཡི་གེ་དྲུག་པས་དབུལ་ལོ། །ནང་གི་གཏོར་མ་ནི། ཆུ་ཐམས་ཅད་རཀྟ། ས་ཐམས་ཅད་ནི་ཤ་ཆེན། བྲག་དང་རྡོ་ཐམས་ཅད་རུས་པར་བསམ་ལ་འབུལ། གསང་བའི་གཏོར་མ་ནི། རང་ལུས་ཀྱི་ཤ་ཁྲག་རུས་པ་ཐམས་ཅད་རྩ་བ་གསུམ་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་། ལན་ཆགས་དང་བགེགས་དང་གནོད་བྱེད་ཐམས་ཅད་ལ་ཆགས་ཞེན་མེད་པར་འབུལ་ལོ། །དོན་གྱི་གཏོར་མ་ནི། བློས་བླངས་པའི་ཆོས་ཐམས་ཅད་ཆགས་ཞེན་མེད་པར་འཁྲི་བ་རྦད་ཀྱིས་ཆོད་ན་གཏོར་མ་ཐེངས་པའོ། །རྟགས་ཀྱི་གཏོར་མ་ནི། རིག་པ་རང་ངོ་ཤེས་ན་རང་སར་གྲོལ་ཙམ་ན་གཏོར་མ་ལེགས་པར་བཏང་གྲུབ་པ་ཡིན་ནོ། །མཚོན་པའི་གཏོར་མ་ནི། ཅི་ཟ་ཅི་འཐུང་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་ཡིན་ནོ། །དྲུག་པ་ཆུ་གཏོར་ལ། ཕྱིའི་ཆབ་གཏོར་ནི། རང་ཐུགས་རྗེ་ཆེན་པོར་བསྒོམས་ནས། ཡི་གེ་དྲུག་པ་བཟླ་བཞིན་དུ་ལག་པའམ་སྣོད་ཀྱི་ཆུ་རང་ལ་གཏོར། སྐམ་ལ་གཏོར། ཆུ་ལ་གཏོར་བས་རང་གི་སྡིག་སྒྲིབ་ནད་གདོན་དག །ས་ལ་གནས་པའི་སེམས་ཅན་ཆུ་ལ་འཐུང་བའི་སེམས་ཅན་ངན་སོང་དུ་མི་འགྲོ་བར་མཐོ་རིས་ཐར་པའི་ལུས་ཁྱད་པར་ཅན་ཐོབ། སྐམ་ལ་གནས་པའི་ཡི་དྭགས་ཐམས་ཅད་ཚིམས་ནས་བདེ་འགྲོ་ཐོབ་པར་བསམ། ནང་གི་ཆུ་གཏོར་ནི། ཆུ་ལ་སྨན་དང་ཕྱེ་དང་མེ་ཏོག་ལ་སོགས་པ་བཏབ། གཏོར་སྣོད་གས་ཆག་མེད་པར་བླུག །ཡི་གེ་དྲུག་པ་བཟླས་པས་བདུད་རྩིར་བྱིན་གྱིས་བརླབས་ནས་རྩ་བ་གསུམ་དང་དཀོན་མཆོག་གསུམ་ཆོས་སྐྱོང་འགྲོ་དྲུག་བགེགས་རིགས་མགྲོན་ཐམས་ཅད་ལ་བསྟབས་པས་ཚིམས་པར་བསམ། གསང་བའི་ཆུ་གཏོར་ནི། རང་གི་དྲི་ཆུའི་ཕུད་བདུད་རྩིར་བསམ་ལ་རྩ་བ་གསུམ་མཆོད། བར་པ་རང་གིས་འཐུངས་པས་ནད་གདོན་དག །ལྷག་མ་དྲི་ཆུ་འཐུང་བའི་ཡི་དྭགས་ལ་སྦྱིན་ལ་བསྔོ། དོན་གྱི་ཆུ་གཏོར་ནི། ཆོས་ཉིད་མ་བཅོས་པ་རང་བྱུང་རྣལ་མའི་ཆུ་ལ་རིག་པ་གསལ་དག་གིས་བྱི་དོར་བྱས་ལ་བཏང་ངོ་། །རྟགས་ཀྱི་ཆུ་གཏོར་ནི། སེམས་ཉིད་རང་ཤར་རང་གྲོལ་གྱི་ཆུས། དུག་ལྔ་རྣམ་རྟོག་རྗེས་མེད་དུ་བཏང་ངོ་། །མཚོན་པའི་ཆུ་གཏོར་ནི། ཆུ་གང་ན་འདུག་པ་ཐམས་ཅད་ལ་ཡི་གེ་དྲུག་པ་བཟླ་ཞིང་བདུད་རྩིར་བསམ་ལ། ཡར་བླ་མ་དཀོན་མཆོག་ལ་མཆོད། བར་གཞི་བདག་ལ་བསྔོ། །མར་ཡི་དྭགས་ལ་བསྔོའོ། །གཉིས་པ་ཕན་ཡོན་བསྟན་པ་ནི་ལྔའོ། །ཐོས་པས་འཚང་རྒྱ་བ། བཟླས་པས་འཚང་རྒྱ་བ། བྲིས་པ་དང་མཐོང་བས་འཚང་རྒྱ་བ། བཏགས་པས་འཚང་རྒྱ་བ། བསྐོར་བས་འཚང་རྒྱ་བའོ། །དང་པོ་ཐུགས་རྗེ་ཆེན་པོའི་མཚན་ཐོས་པས་འཚང་རྒྱ་བ་ནི། མཚན་རབས་ཡོངས་སུ་བསྟན་པའི་མདོ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ཐོས་པ་ཙམ་གྱིས་ཚེ་འདིའི་ཉེས་པ་ལས་བསྐྱབ་བོ། །ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས། བཟླས་པས་འཚང་རྒྱ་བ་ནི། སྤྲུལ་པའི་རྒྱལ་པོའི་ཞལ་ནས། སྙིང་པོ་ཡི་གེ་དྲུག་པ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་གང་གིས་བཟླས་བརྗོད་བྱས་ནའང་། དེའི་ལུས་ལ་ལྟོ་བ་ན་གནས་པའི་སྲོག་ཆགས་བྱེ་བ་ཕྲག་མང་པོ་ངན་སོང་གི་གནས་ལས་ཐར་རོ། །ཡི་གེ་དྲུག་པ་གང་གིས་བཟླས་པ་དེའི་ལུས་ཀྱི་རླུང་སེམས་ཅན་གཞན་གང་ལ་ཕོག་ནའང་དེའི་ལུས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ། །རྒྱུན་དུ་བཟླས་བརྗོད་བྱས་ན་ལྟ་ཅི་སྨོས། ཞེས་གསུངས། བྲིས་པ་དང་མཐོང་བས་འཚང་རྒྱ་བ་ནི། མདོ་སྡེ་ཟ་མ་ཏོག་ལས། གང་ལ་ལ་ཞིག་གིས་ཡི་གེ་དྲུག་པ་འདི་བྲག་གམ་རྩིག་པ་ལ་བྲིས་ན། དེ་གང་གིས་མཐོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས། བཏགས་པས་འཚང་རྒྱ་བ་ནི། སྤྲུལ་པའི་རྒྱལ་པོའི་ཞལ་ནས། རས་གཙང་མ་ལ་ཐུགས་རྗེ་ཆེན་པོའི་སྐུ་མཚན་ཉིད་དང་ལྡན་པ་བྲིས་ནས། དེའི་དཔྲལ་བ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ། འཁོར་ལོ་རྩིབས་དྲུག་པ་རེ་རེ་བྲིས་པའི་དཔྲལ་བའི་འཁོར་ལོའི་ལྟེ་བར་ཨོཾ་དང་རྩིབས་དྲུག་ལ་ཡི་གེ་དྲུག་དངུལ་གྱིས་བྲི། དེ་བཞིན་དུ་མགྲིན་པར་པདྨ་རཱ་གས་ཨཱཿདང་རྩིབས་དྲུག་ལ་ཡིག་དྲུག །སྙིང་གར་བཻ་ཌཱུརྻས་ཧཱུྃ་དང་ཡིག་དྲུག །ལྟེ་བར་གསེར་གྱིས་ཧྲཱིཿདང་ཡིག་དྲུག་བྲི། འོད་ཀོར་ལྔའི་ཐ་མར་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་རྣམས་རིན་པོ་ཆེ་སྣ་ལྔས་བྲིས་པས་འཁོར་བར་བྱ། དེ་ལ་ཡི་གེ་དྲུག་པ་འབུམ་ཕྲག་གཅིག་བཟླས་པས་རབ་ཏུ་གནས་པར་བྱས་ལ། དར་སྣ་ཚོགས་ཀྱིས་དྲིལ་ནས་ལུས་ཀྱི་སྤྱི་བོའམ་མགུལ་དུ་བཏགས་ན་ཡི་དྭགས་ཀྱིས་མི་ཚུགས། ཤི་འཕོས་ནས་ངན་སོང་གནས་ལས་ཐར་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་འཁོད་པར་འགྱུར་རོ། །འདི་ལ་སོམ་ཉི་མ་བྱེད་ཅིག །ཅེས་གསུངས། བསྐོར་བས་འཚང་རྒྱ་བ་ནི། འཕགས་པའི་རྒྱུད་ལས། གང་ཞིག་བློ་དང་ལྡན་པ་ཡིས། །གྲོ་གའམ་རས་སམ་ཤིང་ཤུན་ལ། །ཡི་གེ་དྲུག་པའི་གཟུངས་སྔགས་ནི། །བཟང་དྲུག་ཁུ་བས་ལེགས་བྲིས་ཏེ། །འབྱུང་བ་དག་ལ་ལས་བཅོལ་ན། །གདོན་མི་ཟ་བར་བདེ་འབྲས་ཐོབ། །ཅེས་ཡི་གེ་དྲུག་པ་མེ་ཆུ་རླུང་ལ་བསྐོར་བའི་ཕན་ཡོན་དང་བཅས་པ་གསུངས་ཤིང་། གཞན་འཕགས་པ་ཐུགས་རྗེ་ཆེན་པོའི་མཚན་ཐོས་པ་དང་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ལས་གྲོལ་བར་མདོ་རྒྱུད་ཉི་ཤུ་རྩ་གཅིག་་་ཟ་མ་ཏོག་གི་མདོ། པདྨ་དཀར་པོའི་མདོ། པུཎྜ་རཱི་ཀའི་མདོ། ཆུ་ཀླུང་སྣ་ཚོགས་པའི་མདོ། སྣང་བ་རོལ་པའི་མདོ། མཚན་བརྒྱ་རྩ་བརྒྱད་ཀྱི་མདོ། མཚན་རབས་བདུན་ཡོངས་སུ་བསྟན་པའི་མདོ། ཞལ་བཅུ་གཅིག་པའི་མདོ། པདྨ་མཆོག་གི་མདོ། དབང་ཕྱུག་རོལ་པའི་མདོ། ཡིད་བཞིན་ནོར་བུའི་མདོ། སྙིང་རྗེ་ཆེན་པོའི་མདོ། འོད་ཟེར་བཀོད་པའི་མདོ། ཡི་གེ་དྲུག་པའི་མདོ། ཕྱག་སྟོང་སྤྱན་སྟོང་གི་གཟུངས། པདྨ་སྙིང་པོའི་གཟུངས། གདོང་བཅུ་གཅིག་པའི་གཟུངས། དོན་ཡོད་ཞགས་པའི་གཟུངས། དོན་ཞགས་ཆུང་བའི་གཟུངས། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད་རྣམས་ཏེ། འདི་རྣམས་སྤྲུལ་པའི་རྒྱལ་པོའི་དུས་སུ་འགྱུར་ངེས་ཀྱང་ལ་ལ་ད་ལྟ་ནུབ་པ་འདྲ་བ་ཞིག་སྣང་ངོ་་་ཏུ་གསུངས་པའི་ཕྱིར། དེ་ལྟར་ཐོས་པ་དང་བཟླས་པ་དང་བྲིས་པ་དང་བཏགས་པ་དང་བསྐོར་བ་བྱས་ཀྱང་ཕན་ཡོན་དེ་ལྟ་བུ་ཐོབ་ན། སྤྲུལ་པའི་རྒྱལ་པོ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ལམ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཚང་ལ་མ་ནོར་བར་ཉམས་སུ་བླངས་ན་རབ་ཚེ་འདི། འབྲིང་བར་དོ། ཐ་མ་ཡང་སྐྱེ་བ་ཕྱི་མ་ལ་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་གདོན་མི་ཟ་ཞིང་གོར་མ་ཆགས་པ་ཁོ་ནའི་གནས་སུ་རིགས་པས། ལས་དང་སྐལ་བར་ལྡན་ཅིང་འཕྲལ་དང་ཡུན་གྱི་བདེ་བ་ཆེན་པོ་ཐོབ་པར་འདོད་པ་རྣམས་ཀྱིས་ལམ་འདི་ཉིད་གཅེས་པར་འཛིན་ཅིང་འབད་རྩོལ་དུ་མའི་སྒོ་ནས་ཉམས་སུ་ལེན་རིགས་པ་ཉིད་ཡིན་ནོ།། །།སྨྲས་པ། རྒྱལ་བ་ཀུན་གྱི་བརྩེ་བའི་ཕྲིན་ལས་རྣམས། །མ་བསྡུས་ན་ཡང་ངང་གིས་འདུས་པ་ཡི། །འཕགས་མཆོག་ཕྱག་ན་པདྨས་མཚན་པ་དེས། །བདག་ཅག་སྲིད་པ་ཐ་མར་མཛད་གྱུར་ཅིག །གང་གི་ལམ་འདི་སྤྲུལ་པའི་རྒྱལ་པོ་ཡི། །གསུང་རབ་ཇི་བཞིན་ཉམས་ལེན་གནད་བསྡུས་ནས། །སྐལ་བཟང་ཐར་འདོད་རྣམས་ལ་ངས་སྦྱིན་གྱིས། །དགའ་བར་ལོངས་ལ་འབད་པས་ཉམས་སུ་ལོངས། །གངས་རིའི་ལྗོངས་འདི་ཕྱག་ན་པདྨོ་ཡི། །གདུལ་བྱའི་ཞིང་ཡིན་དེར་འཁོད་ལུས་ཅན་གྱི། །ལྷག་པའི་སྐྱབས་ཀྱང་བརྩེ་ལྡན་འདི་ཁོ་ན། །གང་གིས་ལུས་ཅན་རྣམས་ཀྱི་རྣ་བ་རུ། །ཡི་གེ་དྲུག་པ་ལན་གཅིག་བསྒྲགས་པ་ཡི། །སྐྱེས་བུ་དེ་ཡང་འཕགས་པའི་སྤྲུལ་པ་ཞེས། །རྒྱལ་བས་བསྔགས་པའི་རྣམ་དག་ལམ་བཟང་འདི། །བསྡུས་ཤིང་བྲིས་ནས་གཞན་ལ་སྟོན་པ་རྣམས། །རང་ཉིད་སྐལ་བ་མི་དམན་དང་རེ་སྤྲོ། །དེ་ལྟར་འབད་པའི་དགེ་བ་ནི། །རྣམ་པར་དཀར་བ་གང་ཐོབ་པ། །འགྲོ་དྲུག་སེམས་ཅན་ལ་སྦྱིན་གྱིས། །དགེ་འབྲས་དེ་དག་མྱུར་ཐོབ་ཤོག །དེ་ལྟར་འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་མིའི་སྲིད་པའི་ཟོལ་ལ་བརྟེན་ནས་སྐྱེ་དགུ་རྣམས་བདེ་བར་འཁྲིད་པའི་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་དུ་ཇི་ལྟར་གསུངས་པའི་བསྐྱེད་རྫོགས་ཀྱི་གནད་རྣམས་མ་ཚང་བ་མེད་པར་བསྡུས་ཏེ། ཉམས་ལེན་མདོ་འགག་ཏུ་དྲིལ་ནས་བཤད་པ་འདི་ཉིད་ནི་སྔོན་ཆད་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་དང་སྨར་ཁྲིད་བཀའ་གཏེར་གང་དུའང་མང་རབ་གསུངས་འདུག་པ་དང་། ལྷག་པར་མཚན་ལྡན་གངས་རི་བ་ཤེས་རབ་རྒྱལ་མཚན་གྱིས་རྒྱལ་པོ་བཀའ་འབུམ་གྱི་དོན་བསྡུས་སྨར་ཁྲིད་མཛད་འདུག་པ་ནི། གནས་སྐབས་སུ་གོ་སླ་ཁྱེར་བདེ་ཞིང་གསོལ་འདེབས་ངག་འདོན་སོགས་ཚིག་སྦྱོར་ལེགས་ཤིང་གདངས་སྙན་པས་བྲོད་པ་སྐྱེ་བ་ཙམ་སྣང་ཡང་རྒྱལ་པོ་བཀའ་འབུམ་གྱི་བསྐྱེད་རྫོགས་ཀྱི་རྣམ་གྲངས་རྣམས་ཀྱི་ཆ་ཙམ་ཡང་མ་འདུས་པར་མཐོང་ནས། རང་གཞན་ཐམས་ཅད་ལ་ཕན་པའི་བསམ་པ་རྣམ་པར་དག་པ་ཁོ་ན་སྙིང་ལ་བརྣགས་ཏེ། འབྲི་གུང་པ་སྐྱུ་རའི་གདུང་ལས་དུས་མཐའི་ཤཱཀྱའི་སྲས་ཀྱི་དགེ་སློང་སུམ་ལྡན་རྡོ་རྗེ་འཛིན་པ་ཆོས་ཀྱི་གྲགས་པ་ཞེས་འབོད་པས་ཤིང་ཁམས་ལུག་གི་ལོ་རང་ལོ་དྲུག་ཅུ་རེ་གཅིག་པ་དབྱར་འབྲིང་ཆུ་སྟོད་ཅན་གྱི་དཀར་པོའི་དགའ་བ་དང་པོ་ལ། འབྲི་དམ་པ་ཆོས་ཕྱུག་གི་ཀླུང་ཕོ་བྲང་རྩེ་བ་གཞིས་ཀ་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་སྦྱར་བ་འདིས་ཀྱང་། སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། དེ་ལྟར་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་རྣམས་མདོ་འགག་གནད་དོན་དུ་དྲིལ་བའི་ཁྲིད་ཡིག་འདི་ཉིད་བླ་མ་མཚན་ལྡན་གྱིས་སློབ་མ་དད་པ་དང་ལྡན་པ་ལ་ཉམས་ཁྲིད་གོ་དོན་འཕྲོད་ངེས་སུ་བཏབ་རྗེས། ཉམས་ལེན་རྒྱུན་ཁྱེར་དུ་བྱ་བའི་ཚེ་ཁྲིད་རིམ་ལྟར་བསྐྱེད་རྫོགས་ཐམས་ཅད་གྲུབ་ན་ནི་ཤིན་ཏུ་ལེགས་ལ། གལ་ཏེ་དེ་ལྟར་མ་གྲུབ་ཀྱང་བསྐྱེད་རིམ་སྒྲུབ་སྐོར་རྣམས་དང་། རྫོགས་རིམ་མཚན་བཅས་མཚན་མེད་རྣམས་སོ་སོ་རང་འདོད་ཀྱིས་བསྐྱེད་རིམ་རེ་ལ་རྫོགས་རིམ་རེ་སྦྱར་ཏེ་ཁོལ་བུར་ཉམས་སུ་བླང་ཡང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་དོན་གཉིས་སྒྲུབ་པའི་ཉམས་ལེན་རྐང་ཚུགས་པ་རེ་རེ་ཡིན་པས་དེ་ལྟར་གོ་བར་བྱོས་ཤིག །མངྒ་ལཾ།། །།

རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ནག་པོའི་བརྒྱུད་པའི་གསོལ་འདེབས་དབྱིག་གི་ང་རོ་ (Volume 50, Text 32)

རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ནག་པོའི་བརྒྱུད་པའི་གསོལ་འདེབས་དབྱིག་གི་ང་རོ་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་གསང་བའི་བདག་པོ་རྡོ་རྗེ་འཛིན། །མཁའ་འགྲོའི་དབང་ཕྱུག་ག་ཎ་སིདྡྷི་དང་། །ཚོང་དཔོན་ཁྱེ་འུ་དྷ་ན་སཾ་བྷོ་ལ། །གསོལ་བ་འདེབས་སོ་འདོད་རྒུའི་དངོས་གྲུབ་སྩོལ། །རྒྱལ་རིགས་སློབ་དཔོན་གུ་རུ་དེ་བ་ཆེ། །ཨོ་རྒྱན་པད་འབྱུང་ཡེ་ཤེས་མཚོ་རྒྱལ་མ། །མངའ་བདག་འཇམ་མགོན་ཁྲི་ལྡེ་ཡབ་སྲས་ལ། །གསོལ་བ་འདེབས་སོ་འདོད་རྒུའི་དངོས་གྲུབ་སྩོལ། །རྒྱལ་བ་མཆོག་དབྱངས་རྡོ་རྗེ་བདུད་འཇོམས་རྩལ། །སྤྲུལ་པའི་གཏེར་སྟོན་བལ་པོ་ཨ་ཧཱུྃ་འབར། །གུ་རུ་ཇོ་བོ་ཚེ་དབང་དར་པོ་ལ། །གསོལ་བ་འདེབས་སོ་འདོད་རྒུའི་དངོས་གྲུབ་སྩོལ། །བཀའ་བབས་བདུན་ལྡན་སྙིགས་དུས་བསྟན་འགྲོའི་མགོན། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །ཆོས་བདག་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་འདོད་རྒུའི་དངོས་གྲུབ་སྩོལ། །སྨིན་བྱེད་གཞི་རྟེན་དམ་ཚིག་རྣམ་པར་དག །བསྙེན་སྒྲུབ་ཏིང་འཛིན་བཟླས་བརྗོད་མཐའ་རུ་ཕྱིན། །དགྱེས་པའི་ཞལ་མཐོང་གསུང་གི་དབུགས་དབྱུང་ཐོབ། །ཡེ་ཤེས་དགོངས་པའི་བྱིན་རླབས་འཕོ་བར་ཤོག །ཚེ་སྲིང་བསོད་ནམས་སྐྱེད་ཅིང་འཇིགས་ལས་སྲུང་། །དཔལ་འབྱོར་རིགས་རྒྱུད་ནོར་ཕྱུགས་ཡོ་བྱད་སྤེལ། །སྙན་གྲགས་མངའ་ཐང་དོན་ཀུན་སྒྲུབ་པ་ཡི། །ཡིག་བཅུའི་ལས་སྦྱོར་ཐོགས་མེད་འགྲུབ་པར་ཤོག །སྐྱེ་ཀུན་དབུལ་ཞིང་ཕོངས་པའི་མིང་མི་གྲགས། །མི་ཟད་འབྱོར་པའི་གཏེར་ཆེན་ཤུགས་ལས་བརྡོལ། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་ནས་ཀྱང་། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་པའང་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།

བར་དོའི་བུ་ཡིག་ (Volume 56, Text 32)

བར་དོའི་བུ་ཡིག་བཞུགས་སོ༔ ྈྈྈྈྈ བར་དོ་རང་གྲོལ་ལྷ་ལ་ཕྱག་འཚལ་ལོ༔ བར་དོའི་སྣང་བ་རང་མདངས་འཆར་བ་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ ངོ་སྤྲོད་བསྟན་པ་ནི༔ དང་པོར་ཆོས་ཉིད་བར་དོར་སྣང་བ་འོད་ལྔར་འཆར་བའི་ངོ་སྤྲོད་ནི༔ ཁང་པ་ཤིན་ཏུ་མུན་པ་ནག་པར་བཅས་ཡངས་པར་བྱས་ལ༔ ཉི་ཞུར་གྱི་སྲབ་མདའ་གཅིག་གཏོད༔ དེ་ལ་ཤེལ་དཀར་གཅིག་སྦྱར་ལ༔ འོད་ལྔའི་ཞིང་ཁམས་ཤར་བ་དང༔ ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་རྣམས་འདི་ནི་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་བྱ་བ་ཡིན་ཏེ༔ ནང་དབུགས་ཆད་ནས་ནམ་མཁའ་འོད་གསལ་ལ་ཐིམ་པ་ཟེར་བ་གཅིག་ཡོང་བ་ཡིན༔ དེའི་རྟགས་སུ་ད་ལྟ་རང་མདངས་སུ་ལུས་ཀྱི་ནང་ནས་བཀྲག་ལ་ཉམ་མི་ང་བ༔ གཞོན་ནུ་བུམ་པའི་སྐུར་བཞུགས་ཏེ༔ ཤ་ཁྲག་གིས་འཐུམས་པ་མེད་པར་ཞིང་ཁམས་འོད་ལྔར་འཆར་ཏེ༔ དཔེ་འདི་དང་འདྲ་སྟེ༔ ངོ་བོ་ངོས་གཟུང་མེད་པའི་སྟོང་པ༔ རང་བཞིན་སོ་སོར་གསལ་བ༔ དྭངས་པ༔ མཛེས་པ༔ བཀྲ་བ༔ ལྷམ་པ་འདི་ལྟ་བུ༔ མཚན་ཉིད་འགུལ་བ༔ ལྡེག་པ༔ འགྱུ་བ༔ འཕར་བ༔ ནེམ་པར་འཆར་ཏེ༔ དཀར་པོ་འདི་མེ་ལོང་ཡེ་ཤེས་ཞེ་སྡང་རང་སར་དག༔ སེར་པོ་འདི་མཉམ་ཉིད་ཡེ་ཤེས་ང་རྒྱལ་རང་སར་དག༔ དམར་པོ་འདི་སོར་རྟོག་ཡེ་ཤེས་འདོད་ཆགས་རང་སར་དག༔ ལྗང་ཁུ་འདི་བྱ་གྲུབ་ཡེ་ཤེས་ཕྲག་དོག་རང་སར་དག༔ མཐིང་ཁ་འདི་ཆོས་དབྱིངས་ཡེ་ཤེས་གཏི་མུག་རང་སར་དག༔ དཀར་པོ་འདི་མངོན་དགའ་ཤར་དུ་འཛིན་པ་རང་སར་དག༔ སེར་པོ་འདི་དཔལ་དང་ལྡན་པ་ལྷོར་འཛིན་པ་རང་སར་དག༔ དམར་པོ་འདི་བདེ་བ་ཆེན་པོ་ནུབ་ཏུ་འཛིན་པ་རང་སར་དག༔ ལྗང་ཁུ་འདི་ལས་རབ་བརྩེགས་པ་བྱང་དུ་འཛིན་པ་རང་སར་དག༔ མཐིང་ཁ་འདི་མཐུག་པོ་བཀོད་པ་དབུས་སུ་འཛིན་པ་རང་སར་དག༔ དེ་ལྟར་ངོ་ཤེས་པའི་དུས་སུ༔ སྐུ་ལྔ༔ རིགས་ལྔ༔ ཡབ་ལྔ༔ ཡུམ་ལྔ༔ ཤེས་རབ་ལྔ༔ ཡི་གེ་ལྔར་གྲོལ་ཚུལ་རིམ་པར་བསྟན༔ མ་ཤེས་པའི་དུས་སུ༔ ཕྱོགས་ལྔ༔ ཉོན་མོངས་ལྔ༔ ཁ་དོག་ལྔ༔ འབྱུང་བ་ལྔ༔ རིམ་པར་སྦྱར་ལ་ངོ་སྤྲད༔ འདིར་ངོ་སྤྲད་པས་ཆོས་ཉིད་ཀྱི་བར་དོ་དང་པོ་ལ་རང་མདངས་ལམ་ཤར་བ་ཙམ་གྱིས་འདིའི་དུས་ཀྱི་ངོ་སྤྲོད་དྲན་ཏེ༔ མ་པང་དུ་བུ་ཞུགས་ནས་སྐད་ཅིག་མ་དེ་ཉིད་ལ་སངས་རྒྱས་པའི་ངོ་སྤྲོད་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རིག་པ་འོད་གསལ་ལ་ཕར་འཇུག་པའི་དུས་ཀྱི་ངོ་སྤྲོད་ནི༔ ཕྱི་རུ་ནམ་མཁའ་དྭངས་པ་ལ༔ སྣོད་ལྔར་ཁ་དོག་མི་གཅིག་པའི་ཆུས་བཀང་ལ༔ ཚོམ་བུར་བཅས་ཏེ༔ དེའི་དཀྱིལ་མ་ལ་དར་ཡུག་གམ༔ མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་གཅིག་དྲངས་ཏེ༔ རང་གི་མིག་ལ་ཤེལ་སྦྱར་བས་མཐོང་བར་བྱས་ལ༔ འོ་རིགས་ཀྱི་བུ་རྣམས་དིའི་རྗེས་ལ་འོད་དེ་རྣམས་ཀྱི་སྟེང་དུ་ཐིག་ལེ་དཀར་སེར་དམར་ལྗང་མཐིང་ཁ་འདི་ལྟ་བུ་ཤར་ནས༔ དེ་ཉིད་རང་གི་ལུས་ཀྱི་སྙིང་ཁ་ནས་འབྲེལ་ནས་འབྱུང་སྟེ༔ དེ་རང་སྣང་དུ་ངོ་ཤེས་ན༔ ཐིག་ལེ་དཀར་པོ་དེ་མེ་ལོང༔ ཕྱོགས་ཤར་མངོན་དགའ་ལ་སོགས་འགྲེ་བར་ངོ་ཤེས་མ་ཤེས་གཉིས་སྣང་དུ་དབྱེ་ལ་རྒྱས་པར་ངོ་སྤྲོད༔ འོ་དེ་ལྟར་ངོ་སྤྲད་པ་དེས༔ བར་དོར་དེ་ལྟར་བྱུང་བའི་དུས་སུ༔ མ་བརྗེད་པར་བླ་མས་ངོ་སྤྲད་པ་འདི་མ༔ དེའི་དུས་སུ་ཤར་བ་མ་བུ་ཕྲད་པ་བཞིན་དུ་ཟང་ཐལ་དུ་སངས་རྒྱ་འོ༔ མ་པང་དུ་བུ་འཇུག་པའི་ངོ་སྤྲོད་གཉིས་པ་འོ༔ ལག་ལེན་ནི༔ གདོང་དུ་བྲིས་སྐུ་སྣ་ཚོགས་བཀྲམ་ལ༔ དེ་ཉིད་ཀྱི་གདོང་དུ་ཤེལ་མིག་ལ་སྦྱར་བས་སྣང་ལ་རང་བཞིན་མེད་པར་སྣང་ངོ༔ ཡང་ན་ནི་གོང་བཞིན་ནོ༔ འོད་རིག་པ་ལ་ཚུར་འཇུག་པ་ཡང་འདྲ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲ་འོད་ཟེར་གསུམ་ལ་ངོ་སྤྲད་པ་ནི༔ ཚོགས་དང་གཏོར་མས་མཉེས་པའི་རྗེས་ལ༔ བུ་རྣམས་ཏིང་ངེ་འཛིན་ལ་བཞག༔ རོལ་མོ་སྦིར༔ མིག་ལ་འོད་ཆེན་པོ་ཕོག་པར་བྱས༔ ཉི་ཟེར་སྲབ་མདའ་ལ་ཤེལ་སྦྱར་བའི་མདངས་གདོང་ལ་ཕོག་པར་བྱས༔ ཆེ་ཆུང་གཉིས་ལྟེམ་པས་བར་དོ་ཡུད་ཅིག་འབྱུང་སྟེ༔ ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་རྣམས༔ རང་གི་སྣང་བ་གོང་ན་ཡོད་པ་རྣམས་ཀྱི་རྗེས་ལ༔ ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དཔེ་དེས་མཚོན་པ་བཞིན་འོང་ངོ༔ དེ་བྱུང་བའི་དུས་སུ་རང་སྒྲར་ངོ་ཤེས་པས་རང་སྣང་ཐག་ཆོད་པའི་མ་བུ་གཅིག་ཡིན་ནོ༔ འོད་རང་འོད་ཟེར་རང་ཟེར་དུ་ངོ་ཤེས་པར་བྱས་པས༔ ཆུ་སྣ་དང་བེང་མོ་འདྲེས་པ་བཞིན་གྱུར་ཏེ༔ འོད་ཟེར་ཉི་མ་འབུམ་སྟོང་ཤར་བ་ཙམ་འབྱུང༔ སྡིག་ཅན་ལ་འོད་ཟེར་མཚོན་ཆའི་སྒྲ་རྒྱོབ་ཅིག་སོད་ཅིག་འབྱུང༔ ཐིག་ལེ་དང་ལྷ་སྐུ་རྣམས་གཤིན་རྗེར་མཐོང་ནས༔ དམྱལ་བར་སྐད་ཅིག་ལ་འགྲོ་འོ༔ ཆོས་ཉིད་མ་ཤར་བར་འགྲོ་བ་ཡང་ཡོད༔ དེས་ན་འདི་ངོ་ཤེས་དགོས་པ་ཡིན་པས༔ མ་པང་དུ་བུ་འཇུག་པའི་ངོ་སྤྲོད་གསུམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཉིད་ཀྱི་རྗེས་ལ་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་འབྱུང་སྟེ༔ གོང་དུ་བརྟན་པ་མ་ཐོབ་པའི་རིགས་ལ་ཡང༔ གྲོལ་ས་ངོ་སྤྲད་པ་ནི༔ ནམ་མཁའ་དྭངས་པའི་དུས་སུ་སྣམ་བུ་དཀར་པོ་དང༔ སེར་པོ་དང༔ དམར་པོ་དང༔ མཐིང་ཁ་བཞི་བསྒྲིགས་ལ་དཔྱང༔ དེ་ཉིད་ཀྱི་སྟེང་དུ་སོ་སོ་དང་མཐུན་པའི་ཐིག་ལེ་རེ་བཀྲམ་ལ༔ ཤེལ་མིག་ལ་སྦྱར་ནས་བལྟར་བཅུག་ལ་ངོ་སྤྲད་དོ༔ འོ་རིགས་ཀྱི་བུ་རྣམས་འདིའི་དུས་སུ་རང་གི་སྙིང་ཁ་ནས་འོད་ཟེར་དཀར་པོ་གཅིག་ཤར་ཏེ༔ དེ་ལས་མཆེད་ནས་རང་གི་དབང་པོའི་ཡུལ་དུ༔ ཁ་དོག་དཀར་པོའི་སྣམ་བུ་ཤིན་ཏུ་གསལ་བའི་དཀྱིལ་དུ་ཤེལ་གྱི་མེ་ལོང་འདྲ་བའི་ཐིག་ལེ་དཀར་ཞིང་མཆོག་ཏུ་གསལ་བ་ལ༔ ཁ་དོག་བཞིའི་ཐིག་ལེ་ཆེ་ཆུང་བཞིས་བརྒྱན་པ་ཞིག་འཆར༔ དེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ རང་མདངས་ངོ་ཤེས་པར་གྱིས་ཤིག༔ དེའི་སྟེང་དུ་སེར་པོའི་ཐིག་ཕྲན་ཀྱང་གོང་བཞིན་འཆར་ཏེ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ༔ རང་མདངས་ངོ་ཤེས་པར་གྱིས་ཤིག༔ དེའི་སྟེང་དུ་དམར་པོའི་སྣམ་བུ༔ ཐིག་ཕྲན་གོང་བཞིན་འཆར༔ དེ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ནོ༔ རང་མདངས་ངོ་ཤེས་པར་གྱིས་ཤིག༔ དེའི་སྟེང་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནམ་མཁའ་དྭངས་པ་ལྟ་བུའི་ཐིག་ལེ་གོང་དང་མཚུངས་པ་འབྱུང༔ དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ རང་མདངས་སུ་ངོ་ཤེས་པར་གྱིས་ཤིག༔ ལྗང་ཁུ་ནི་གང་ཟག་ཚེ་འདིར་ཉམས་གོང་འཕེལ་རྫོགས་པ་རྣམས་ལ་འཆར༔ གཞན་རྣམས་ལ་རྩལ་མ་རྫོགས་པས་མི་འཆར་རོ༔ དེ་ཡེ་ཤེས་བཞི་སྦྱོར་རོ༔ རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱ་བ༔ གསེབ་ལམ་ཡང་དག་པ་ཡིན་པས་ཡེ་ཤེས་རང་ཤར་དུ་ཤེས་པ་རང་ངོ་ཤེས་པའི་གདམས་པ་འོ༔ འདིའི་དུས་སུ་བླ་མས་ངོ་སྤྲོད་ཡིན་པར་འདུག་སྙམ་པ་དེ་བུ༔ རང་ཤར་དུ་ལམ་མེ་བ་དེ་མ༔ གཉིས་མེད་དུ་ཐག་ཆོད་པ་དེ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པས་ཟང་ཐལ་དུ་གྲོལ་བ་ལ་བརྟེན་ནས་ལུས་གདོས་བཅས་དང་བྲལ་ནས༔ འབྱུང་བ་ལས་རང་གྲོལ༔ རིག་པ་ལ་ཕྱི་ནང་མེད་པས་གཟུང་འཛིན་ལས་རང་གྲོལ་ལོ༔ དེའི་རྗེས་སུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་སྐད་ཅིག་མ་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས་པར་ཤར་ནས༔ ཤར་ལུགས་བརྒྱད་དང༔ ཐིམ་ལུགས་བརྒྱད་འབྱུང་ངོ༔ གོང་གི་འོད་དཀར་པོ་ལ་ཞེན་ཅིང་རང་ངོ་མ་ཤེས་ན༔ ལྷ་དང་མིར་སྐྱེ༔ སེར་པོ་ལ་ཆགས་ན་ཡི་དྭགས་སུ་སྐྱེ༔ དམར་པོ་ལ་ཆགས་ན་ལྷ་མ་ཡིན་དང་བྱོལ་སོང༔ མཐིང་ཁ་ལ་ཆགས་ན་དམྱལ་བར་སྐྱེ་འོ༔ དེ་ནས་གྲོལ་བ་རྣམས་ཤེས་དགོས་པས༔ ངོ་སྤྲོད་ཐེབས་པར་གདབ་པ་ནི་གལ་ཆེ་འོ༔ དབང་ནི་གལ་ཆེ༔ བར་དོའི་ངོ་སྤྲོད་བཞི་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱའོ༔ ཞུས་དག་གོ༔ ྈྈྈྈྈྈྈྈྈ འདི་བྲིས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

ཟབ་པ་སྐོར་བདུན་ལས༔ དབང་ཆེན་རྟ་མགྲིན་ཡང་ཕྱུང་དམར་པོ་ (Volume 26, Text 32)

༁ྃ༔ ཟབ་པ་སྐོར་བདུན་ལས༔ དབང་ཆེན་རྟ་མགྲིན་ཡང་ཕྱུང་དམར་པོ་བཞུགས་སོ༔ ྈྈ དབང་ཆེན་ཧེ་རུ་ཀ་ལ་འདུད༔ དེ་ཉིད་ཚུལ་བཞིན་སྒྲུབ་པ་ནི༔ སྔོན་འགྲོའི་ལས་རིམ་གཞན་དུ་ཤེས༔ དངོས་གཞི་ཏིང་འཛིན་རྣམ་གསུམ་བསྒོམ༔ ཧྲཱི༔ རང་རིག་ཧྲཱིཿཡི་འཕྲོ་འདུ་ལས༔ འབྱུང་བ་རིམ་བརྩེགས་སྲུང་བའི་མཁར༔ དབུས་སུ་བྷྲཱུྃ་ཡིག་ལས་བྱུང་བའི༔ རིན་ཆེན་གཞལ་ཡས་ཁང་པ་ནི༔ གྲུ་བཞི་རྟ་བབས་རྒྱན་རྣམས་རྫོགས༔ ནང་ནི་དུར་ཁྲོད་རོལ་པའི་རྒྱན༔ དབུས་སུ་རྡོ་རྗེའི་ཏོག་དང་ལྡན༔ ཕྱི་ནང་ཟང་ཐལ་འོད་དུ་འབར༔ ནང་དུ་འཁོར་ལོ་རིམ་པ་གཉིས༔ པདྨ་ཉི་ཟླ་ཀླུ་དབང་སྟེང༔ ཧྲཱིཿལས་དབང་ཆེན་རྟ་སྐད་འཚེར༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་མཐིང་སྤྱན་དགུ་བསྒྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་གྱེན་བརྫེས་རྟ་ཡི་དབུ༔ ཨི་ཧའི་སྒྲ་སྒྲོག་སྲིད་གསུམ་སྡུད༔ གཡས་གསུམ་རལ་གྲི་ཁ་ཊྭཱཾ་དབྱུག༔ གཡོན་གསུམ་བྷན་དྲིལ་ལྕགས་ཀྱུ་བསྣམས༔ ཡུམ་ནི་པདྨ་གཟི་ལྡན་མ༔ ཁ་ཊྭཱཾ་ཐོད་པ་འཛིན་པས་འཁྱུད༔ དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས༔ གཡས་གཡོན་བྱི་ལ་པུ་ཤུད་མགོ༔ ཁ་ཊྭཱཾ་ལྕགས་ཀྱུ་ཐོད་ཁྲག་འཛིན༔ ཕྱོགས་བཞིར་འཁོར་ལོའི་རྩིབས་སྟེང་དུ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དབང་ཆེན་དཀར་སེར་དམར་ལྗང་མདངས༔ རིགས་བཞིའི་ཡུམ་འཁྲིལ་རང་རྟགས་འཛིན༔ ཕྱོགས་མཚམས་འཁོར་ལོར་ཟིལ་གནོན་བརྒྱད༔ ཡབ་ཡུམ་རྒྱན་རྫོགས་རང་རྟགས་འཛིན༔ སྒོ་བཞིར་འཇིགས་པའི་གདོང་ཅན་བཞི༔ ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་བསྣམས༔ གཞན་ཡང་དབང་གི་བཀའ་ཉན་ཚོགས༔ མ་ལུས་རྗེ་དང་འབངས་བཞིན་གསལ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་པདྨཱན་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དབང་ཆེན་འདུས་པའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་མཆོག་མ་ལུས་སྐུར་བ་དང༔ ཡེ་ཤེས་བརྟན་པར་མཛད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར༔ འབར་བའི་གདན་མཆོག་ཡངས་པ་ལ༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཁམས་གསུམ་ཟིལ་གནོན་དབང་གི་རྒྱལ༔ གདུག་པ་ཀུན་འཇོམས་ཡེ་ཤེས་ལྷ༔ སྙིང་རྗེ་ཆེ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ ཧཱུྃ༔ རང་རིག་ཀློང་ལས་ཤར་བ་ཡི༔ དབང་ཆེན་འདུས་པའི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་མཆོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ ནང་ཁྲོལ་ཀླད་ཞག་རྐང་ལ་སོགས༔ དུག་ལྔ་སྐྱེས་གྲོལ་མཆོད་པ་ཆེ༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱོར་བའི༔ བདེ་བ་ཆེན་པོ་ཆགས་པ་ཆེ༔ དགའ་བའི་རོ་ཡིས་ནམ་མཁའ་གང༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ རྨད་དུ་བྱུང་བའི་དམ་རྫས་ནི༔ དུག་ལྔ་རྣམ་པར་དག་པའི་རྫས༔ ཡེ་ཤེས་ལྔ་རྫོགས་བདུད་རྩི་འདི༔ དཔལ་ཆེན་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ གཉིས་འཛིན་འཁྲུལ་པའི་དགྲ་བགེགས་རྣམས༔ དབྱིངས་ཀྱི་བྷནྡྷ་ཆེན་པོར་བསྒྲལ༔ དམར་ཆེན་རཀྟའི་མཆོད་པ་ཆེ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་རྒྱ་མཚོའི་མཆོད་སྤྲིན་ནི༔ འདོད་ཡོན་གཏོར་མ་བསམ་མི་ཁྱབ༔ མཉེས་པའི་མཆོད་པ་ཅི་ཡང་གསལ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གསང་བ་བྱང་ཆུབ་སེམས་ཀྱི་རྒྱུན༔ བདེ་བ་ཆེན་པོ་སྐྱེད་པའི་རྒྱུ༔ དེ་ཉིད་རྣམ་པར་འཕེལ་བའི་ཕྱིར༔ བདེ་ཆེན་སྦྱོར་བའི་མཆོད་པ་འབུལ༔ མ་ཧཱ་མུ་དྲཱ་བྷཉྫ་མོཀྵ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ ཧཱུྃ༔ མ་རིག་གདུག་པའི་དགྲ་བགེགས་རྣམས༔ རིག་པ་ཡེ་ཤེས་མཚོན་གྱིས་བསྒྲལ༔ ཡེ་ཤེས་རོལ་པའི་བསྒྲལ་མཆོད་འདི༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ རུ་དྲ་མཱ་ར་ཡ་ཕཊ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གདོད་མ་ཉིད་ཀྱི་དབྱིངས་ཉིད་ལས༔ མཆོད་བྱ་མཆོད་ཡུལ་དམིགས་སུ་མེད༔ མ་བཅོས་ཀློང་ཡངས་ཆེན་པོར་གནས༔ ཀ་དག་ཆེན་པོའི་ངང་དུ་མཆོད༔ མ་ཧཱ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ འཇིགས་པའི་སྐུ་ནི་གར་དགུ་ལྡན༔ ནམ་མཁའི་མཐའ་ཀླས་མཉམ་པ་ཉིད༔ འབར་བའི་གར་སྟབས་ཅི་ཡང་སྣང༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇིགས་པའི་ང་རོ་ཕྱོགས་བཅུར་སྒྲོག༔ སྟོང་པ་ཉིད་ཀྱི་སྒྲ་གདངས་ནི༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དམིགས་པ་མེད་པའི་ཡེ་ཤེས་ནི༔ སྙིང་རྗེ་ཆེན་པོ་དང་ལྡན་ཞིང༔ འབར་བའི་ཐུགས་ནི་མི་བཟད་གཏུམ༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ འཁོར་གྱི་དབང་ཆེན་ཕོ་ཉ་ནི༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ དཔལ་གྱི་བཀའ་ལས་མི་འདའ་བ༔ ཡེ་ཤེས་འཁོར་ལ་ཕྱག་འཚལ་བསྟོད༔ དེ་ནས་རྟ་སྐད་སྒྲོག་པ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་མ་ལུས་པ༔ བྱིན་རླབས་དབང་བསྐུར་ཆེན་པོ་སྩོལ༔ དཀྱིལ་འཁོར་ཆེན་པོ་འདིར་འདུས་ཤིག༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུྃ༔ མ་མོ་མཁའ་འགྲོ་དམ་ཅན་རྣམས༔ མྱུར་དུ་འདུས་ཤིག་ཕྲིན་ལས་མཛོད༔ ཞི་རྒྱས་དབང་དྲག་སོ་སོར་སྒྲུབས༔ དབང་ཆེན་བཀའ་ལས་མ་འདའ་ཞིག༔ ཨི་ཧ་ཧ༔ ཧཱུྃ༔ ང་ནི་དབང་ཆེན་ཁྲོ་བོའི་རྒྱལ༔ ཁམས་གསུམ་ཀུན་ལ་འགྲན་ཟླ་མེད༔ དབང་ཆེན་རྟ་སྐད་ཕྱོགས་བཅུར་སྒྲོག༔ གདུག་པའི་ཚོགས་རྣམས་རྡུལ་དུ་བརླག༔ ཨི་ཧ་ཧ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས༔ ཨོཾ་པདྨཱན་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ལས་ཀྱི་སྦྱོར་བ་གསུམ་ལྡན་པས༔ པདྨ་ཌཱ་ཀི་ནཱི་ཁ་ལ་རོ་ཤ་ཁ་ལ་རོ་ཤ་མ་མ་སརྦ་བྷྱོ་བྷྱོ་བྷྱོ༔ རྗེས་ཀྱི་བྱ་བ་ཐམས་ཅད་ནི༔ སྤྱི་ཆིངས་ལས་ནི་ཤེས་པར་བྱ༔ དབང་ཆེན་འདུས་པའི་ལས་བྱང་ནི༔ སྙིང་པོར་དྲིལ་ཏེ་ཁྱད་པར་འཕགས༔ ཕྱི་རབས་པ་ཡི་དོན་དུ་བཀོད༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ ལྷ་སྲས་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟངས་ཤོག་དམར་པོའི་ངོས་ལས་འབེབ་རིམ་བཞིན་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཀྱི་གདན་ས་ཆེན་པོའི་གནྡྷོ་ལར་བྲིས་པ་དབང་ཆེན་རོལ་པའི་གོ་འཕང་འགྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

གུ་རུ་ཞི་དྲག་ཐུན་མོང་གི་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཐིག་ལེ་ (Volume 6, Text 32)

༄༅། །གུ་རུ་ཞི་དྲག་ཐུན་མོང་གི་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་བཛྲ་ཀཱིརྟི་ཤྲཱི་ཡེ། ངོ་མཚར་སྐྱེས་མཆོག་རྩོད་མེད་གྲུབ་པའི་དབང་། །གྲགས་པའི་མཚན་ཅན་གུ་རུ་རྗེ་ཉིད་དང་། །དབྱེར་མེད་རྡོ་རྗེའི་གསང་བས་སྒོ་གསུམ་ལ། །རྟོགས་གྲོལ་ཡེ་ཤེས་ཆེན་པོའི་བྱིན་རླབས་སྩོལ། །རྒྱུད་ལུང་མན་ངག་ཀུན་གྱི་བཅུད། །སྔོན་མེད་སྒྲུབ་ཐབས་ཟབ་མོ་ལ། །གཅིག་དྲིལ་སྐལ་ལྡན་སྙིང་གི་ནོར། །གྲོགས་དག་གཅེས་པར་ཟུངས་ཤིག་ཀྱེ། །ཞི་དྲག་གཅིག་དྲིལ་ཐུན་མོང་མ་ཡིན་པའི་ཐུགས་སྒྲུབ་ཟབ་མོ་འདི་ལ་འཇུག་པར་འདོད་པས་བྱ་བའི་ལས་ཀྱི་རིམ་པས་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལའང་སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོ་གཉིས་ལས་དང་པོ་ནི། བདག་བསྐྱེད་ལ་བརྟེན་པའི་བསྙེན་རྐྱང་ཙམ་མམ། མདུན་བསྐྱེད་དང་འབྲེལ་ཡང་ཚེས་བཅུའི་ཚོགས་མཆོད་ཙམ་ལ་ནི། ལག་ལེན་སྤྱི་འགྲོ་ལྟར་བླ་མའི་གཏོར་ཆེན། སྨན་རཀ །ཉེར་སྤྱོད། ཚོགས་དང་གཏོར་འབུལ་སྔོན་གཏོར་སོགས་ཀྱིས་འཐུས། སྒྲུབ་མཆོད་ལ་ནི་དབང་གི་སྐབས་སུ་བཤད་པ་ལྟར་འདུ་བྱའོ། །ཆོ་གའི་སྔོན་འགྲོ་ལ་རྣམ་གྲངས་བཅུ་གསུམ་ཡོད་པ་ལས། དང་པོ་བདུད་རྩི་བྱིན་རླབས་ནི། རང་ཉིད་གཟོད་ནས་ཡོངས་གྲུབ་ལྷག་པའི་ལྷ། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུར་ལྡན། །སྣང་སྟོང་དབྱེར་མེད་ངང་དུ་གསལ་བར་གྱུར། །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ་བི་མུ་མ་ར་ཤུ་ལས་བདུད་རྩི་ལྔས་གང་བ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཁ་ཆོད་ཀྱི་ཚུལ་དུ་གནས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པའི་འོད་ཟེར་གྱིས། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བས་ཉེས་སྐྱོན་དག་ནས་རླངས་པ་ཧཱུྃ་ཡིག་གི་རྣམ་པར་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩིའི་རྒྱུ་དང་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ལན་གསུམ་གྱིས་བྱིན་བརླབས་ལ་ལྕེར་མྱང་། གཉིས་པ་སྔོན་གཏོར་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ་རཏྣ་པཉྩ་ཨོཾ་ཨཱཿཧཱུྃ། ལན་གསུམ། བགེགས་གཏོར་བསྲེགས་གཏོར་བཀྲུས་ནས་རིན་པོ་ཆེའི་སྣོད་བདུད་རྩིས་གང་བར་གྱུར། ཞེས་བྱིན་བརླབ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ལན་གསུམ་གྱིས་འབུལ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ས་བདག་ཞིང་སྐྱོང་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་རོལ་མོ་དང་བཅས་བགེགས་གཏོར་ཕྱིར་བསྔོ། གསུམ་པ་སྐྱབས་སུ་འགྲོ་བ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། བཞི་པ་སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །གཞན་དོན་སྐྱོང་བར་སེམས་བསྐྱེད་དོ། །ལྔ་པ་ཚོགས་གསག་པ་ནི། སྐུ་གསུམ་བླ་མ་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །དུས་གསུམ་དགེ་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་གཞན་དོན་བཞུགས། །ཡང་གསང་ཨ་ཏིའི་ཆོས་འཁོར་བསྐོར། །དགེ་ཚོགས་བགྱིས་པས་འགྲོ་བ་ཀུན། །སྤྲོས་བྲལ་དབྱིངས་ལ་འགོད་པར་ཤོག །དྲུག་པ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿ བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ལོག་པར་འདྲེན་པ་བདུད་ཀྱི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་སྡོད་གྱུར་ན། །དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་དྲག་སྔགས་དང་ཚམ་རྔམ་བྱ། བདུན་པ་མཚམས་བཅད་པ་ནི། ཧཱུྃ། ང་ནི་ཡེ་ནས་ངང་གིས་ཁྲོ། །མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་། །བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ། བརྒྱད་པ་བརྡ་སྒོ་དབྱེ་བ་ནི། ཧྲཱིཿ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ལྷ་ཡི་ཚོགས། །གཉིས་འཛིན་ལོག་ལྟའི་སྒོ་བཅད་པ། །རང་གསལ་སྙིང་པོའི་བརྡ་སྒོ་དབྱེ། །བྷྲཱུྃ་པྲ་བེ་ཤ་ཡ་ཕཊ། དགུ་པ་བརྡའི་ཕྱག་བྱ་བ་ནི། ཧྲཱིཿ རང་བྱུང་ཡེ་ཤེས་རིག་པའི་ལྷ། །མ་རྟོགས་རང་ངོ་མ་ཤེས་པས། །ཡེ་ནས་འགྲོགས་ཀྱང་ཞལ་མ་མཇལ། །སྟོང་གསལ་ངང་དུ་བདག་ཕྱག་འཚལ། །ན་མོ་པུ་རུ་ཤ་ཡ་ཧོཿ བཅུ་པ་རྡོ་རྗེའི་དམ་བཅའ་བཟུང་བ་ནི། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདི། །བདག་དང་གཉིས་མེད་གཅིག་པ་ལ། །སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ། །བཛྲ་ཙིཏྟ་ཧཱུྃ། བཅུ་གཅིག་པ་བྱིན་དབབ་པ་ནི། རོལ་མོའི་དབྱངས་ཀྱི་འགྱུར་བ། སྦྱར་སྤོས་ཀྱི་དུད་སྤྲིན་མོས་གུས་རྩེ་གཅིག་པ་དང་བཅས་ཏེ། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་གྱིས། །གནས་འདིར་དབང་སྐུར་བྱིན་ཕོབ་ཅིག །ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཅུ་གཉིས་པ་ནོངས་པ་བཤགས་པ་ནི། ཐལ་མོ་སྦྱར་ཏེ། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དགོངས། ཁྱེད་ནི་རྣམ་དག་དྲི་མ་མེད། །བདག་ནི་ཉོན་མོངས་དྲི་མས་བསྒྲིབས། །ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །ཨོཾ་བཛྲ་སཏྭ་ཨཱཿ བཅུ་གསུམ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བ་སོགས་དང་། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་པ་རྣམས་ཀྱིས་ཕྱི་ནང་གསང་མཆོད་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་བྱིན་རླབས་བསྙེན་པ་གཙོ་བོར་གྱུར་པའི་བདག་བསྐྱེད། ཚོགས་གསག་སྒྲུབ་པ་གཙོ་བོར་གྱུར་པའི་མདུན་བསྐྱེད་དོ། །དང་པོ་ལའང་རྣམ་གྲངས་བཅུ་གསུམ་ཡོད་པའི་དང་པོ་དཀྱིལ་འཁོར་བསྐྱེད་ཅིང་བརླབ་པ་ནི། ཨོཾ། ཆོས་རྣམས་སྟོང་ཉིད་སྤྲོས་དང་བྲལ། །འགག་མེད་རོལ་པ་སྙིང་རྗེའི་རྩལ། །རང་རིག་གནམ་ལྕགས་རྡོ་རྗེ་ནི། །རྩེ་ལྔ་ཧཱུྃ་ཡིག་དམར་ནག་བཅས། །འོད་ཟེར་འབར་བའི་འདུ་འཕྲོ་ལས། །འབྱུང་བ་རྣམ་ལྔའི་དཀྱིལ་འཁོར་བརྩེགས། །རྡོ་རྗེའི་ས་གཞི་རྭ་གུར་དང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་། །བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་། །བདེ་ཆེན་ཕོ་བྲང་འོད་དུ་འབར། །སྒོ་ཁྱམས་རྟ་བབས་ཁོར་ཡུག་མཛེས། །དེ་དབུས་སྣ་ཚོགས་པད་ཉིའི་སྟེང་། །དཔའ་བོ་སྟག་གི་པགས་པ་ལ། །ཕྱག་མཚན་ས་བོན་གནས་གྱུར་ལས། །བདག་ཉིད་པདྨ་ཐོད་ཕྲེང་རྩལ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་དམར་ཟླུམ་ཁྲོ་གཉེར་བསྡུས། །ཞལ་གདངས་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག །དབུ་སྐྲ་སྨ་ར་སྨིན་མའི་ཚོགས། །དམར་སེར་མེ་ལྟར་གྱེན་དུ་གཡེང་། །ཡན་ལག་ཉིང་ལག་རགས་ཤིང་གཏུམ། །གསུས་ཁྱིམ་རྒྱ་མཚོ་ལྟ་བུར་རྒྱས། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །མགོ་རློན་ལྔ་བཅུའི་དོ་ཤལ་འཆང་། །ཀླུ་ཆེན་བརྒྱད་ཀྱིས་ལེགས་བརྒྱན་ཅིང་། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། །ཞིང་ལྤགས་གླང་ལྤགས་ན་བཟར་མཛད། །སྟག་གི་པགས་པའི་ཤམ་ཐབས་བགོས། ཁྲག་ཞག་ཐལ་བའི་ཚོམ་བུས་སྤྲས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་གདེངས། །ལྷ་སྲིན་སྡེ་བརྒྱད་ཐལ་བར་རློག །ཕྱག་གཡོན་རི་རབ་ཕུར་བུ་འདྲིལ། །བསྟན་པའི་རུ་དྲ་ཀུན་ལ་འདེབས། །བ་སྤུའི་བུ་ག་ཐམས་ཅད་ནས། ཁྲོ་ཆུང་གྲངས་མེད་འཕྲོ་ཞིང་འདུ། །མ་མོ་འབུམ་གྱི་ཚོགས་དབུས་སུ། །གར་དགུའི་ཉམས་ཀྱིས་མངོན་པར་བརྗིད། །གཡས་བསྐུམ་གཡོན་བརྐྱང་རུ་དྲ་ཟུང་། །གྱད་ཀྱི་དོར་སྟབས་ཆེན་པོས་བརྫིས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཅན་རྣམས། །དངོས་གྲུབ་སྟེར་ཞིང་བར་ཆད་སེལ། །ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཿ གཉིས་པ་སྤྱན་འདྲེན་པ་ནི། ཐོད་རྔ་དབྱངས་རོལ་དང་བཅས་མོས་གུས་བསྐྱེད་ལ། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བྱིན་གྱིས་བརླབས་ཤིང་དག་པའི་གཞལ་ཡས་སུ། །བདུད་ཕོ་ཞིང་བཅུ་བསྣོལ་བའི་ཁྲི་སྟེང་དུ། །མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། །རང་རིག་རང་ཤར་ཞི་ཁྲོ་རྩ་བའི་ལྷ། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། བཞི་པ་ཕྱག་གིས་བཀུར་བ་ནི། ཧཱུྃ། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད། །ཡིད་བཞིན་ནོར་བུ་དངོས་གྲུབ་ཆར་ལྟར་འབེབ། །པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་ཕྱི་མཆོད་འབུལ་བ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། །ལྷ་རྫས་ཕྱི་མཆོད་འབུལ་བ་ནི། །ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །སྙན་པའི་རོལ་མོ་མཆོད་པར་འབུལ། །ཨོཾ་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཧཱུྃ་ཨཱཿ ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱ། ཨོཾ་བཛྲ་ནཻ་བིདྱཱ་ཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿ དྲུག་པ་ནང་མཆོད་འབུལ་བ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། །རང་བྱུང་ནང་མཆོད་འབུལ་བ་ནི། །དབང་པོ་རྣམ་ལྔའི་མེ་ཏོག་མཆོད། །གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད། །ཞུན་ཆེན་སྣང་གསལ་མར་མེས་མཆོད། །རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད། །བདུད་རྩི་དྲི་ཆེན་ཞལ་ཟས་མཆོད། །རྐང་གླིང་ཐོད་རྔ་སྒྲ་ཡིས་མཆོད། །དུག་གསུམ་སྐུ་གསུང་ཐུགས་སུ་མཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། བདུན་པ་གསང་བ་སྦྱོར་མཆོད་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། །གཉིས་མེད་གསང་མཆོད་འབུལ་བ་ནི། །ཡབ་ཡུམ་གཉིས་མེད་མཁའ་གསང་ནས། །བྱང་སེམས་དཀར་དམར་བདེ་བའི་རྒྱུན། །བདེ་བའི་རོ་སྙོམས་མཆོད་པར་འབུལ། །སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། །ས་མ་ཡ་སཏྭཾ། རཱ་ག་ཡཱ་མི། ར་ཧོ྅་ཧཾ། བོ་དྷི་ཙིཏྟ་ཧཱུྃ། བརྒྱད་པ་དྲག་པོའི་བསྒྲལ་མཆོད་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། །དྲག་པོའི་བསྒྲལ་མཆོད་འབུལ་བ་ནི། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས། །ཕྱག་གཡོན་ཕུར་པས་དགྲ་སྙིང་གཟིར། །གནོད་བྱེད་ཐལ་བའི་རྡུལ་དུ་རློག །དགྲ་བགེགས་ཤ་རུས་མཆོད་པར་བཞེས། །ནྲྀ་ཏྲི་ཤཱ་ཏྲཱུཾ་སརྦ་མཱ་ར་ཡ་རྦད། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། དགུ་པ་བདུད་རྩི་སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །བདུད་རྩི་སྨན་གྱི་མཆོད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ༴ མ་གཅིག་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ རྗེ་བཙུན་སངས་རྒྱས་དབོན་པོའི་ཞལ་དུ༴ ཐུགས་སྲས་ཨཱ་ནནྡ་ཤྲཱིའི་ཞལ་དུ༴ ཆོས་སྐུ་ཨོ་རྒྱན་མགོན་པོའི་ཞལ་དུ༴ སྤྱན་སྔ་ཡོན་ཏན་རྒྱལ་མཚན་ཞལ་དུ༴ སློབ་དཔོན་པུཎྱེ་དྷྭ་ཛའི་ཞལ་དུ༴ རྗེ་བཙུན་ཡེ་ཤེས་བཟང་པོའི་ཞལ་དུ༴ བླ་མ་རྒྱལ་བ་བཟང་པོའི་ཞལ་དུ༴ གྲུབ་མཆོག་རཏྣ་བྷ་དྲའི་ཞལ་དུ༴ མཉམ་མེད་དོན་གྲུབ་རིན་ཆེན་ཞལ་དུ༴ མཁན་ཆེན་ཆོས་དཔལ་བཟང་པོའི་ཞལ་དུ༴ རིག་འཛིན་བསོད་ནམས་བཀྲ་ཤིས་ཞལ་དུ༴ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཞལ་དུ༴ རིགས་བདག་ཀུན་དགའི་མཚན་ཅན་ཞལ་དུ༴ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ༴ ཡི་དམ་ཞི་ཁྲོ་རབ་འབྱམས་ཞལ་དུ༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ༴ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ཞལ་དུ༴ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། བཅུ་པ་རཀྟ་དམར་མཆོད་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། །རྒྱུ་དྲུག་བསྒྲལ་པའི་རཀྟ་འདི། །འདོད་ཆགས་རྩད་ནས་བཅད་པའི་ཕྱིར། །སྐྱེ་མེད་དོན་གྱི་མཆོད་པར་བཞེས། །མ་ཧཱ་རཀྟ་ཁཱ་ཧི། བཅུ་གཅིག་པ་བ་ལིཾ་གཏོར་མཆོད་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་དགོངས་ལ་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཅུ་གཉིས་པ་བསྟོད་པ་འབུལ་བ་ནི། ཧཱུྃ། མ་མོ་འབུམ་གྱི་ཚོགས་དབུས་སུ། །པདྨ་ཐོད་ཕྲེང་བརྗིད་པའི་སྐུ། །བགེགས་དཔུང་བརླག་པར་མཛད་པ་སྟེ། །གར་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སྟོབས་ཀྱི་ཆར་ཆེན་འབེབ། །ཀཱི་ལ་ཡ་ཡིས་དགྲ་སྙིང་གཟིར། །དཔལ་གྱི་ཆས་བརྒྱད་འཇིགས་པའི་རྟགས། །རྔམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །འོད་ཟེར་བསྐལ་པའི་མེ་ལྟར་འབར། །ལས་ཀྱི་མཁའ་འགྲོ་བྲན་དུ་འགྱེད། །སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན། །དབང་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མེ་རིའི་གུར་ཁང་བཞུགས། །མི་མཐུན་བདུད་ཀྱི་དཔུང་ལས་རྒྱལ། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདོགས། ཁྲོ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་གིས་མགྲིན་པའི་སྦུབས་རབ་གང་། །རྡོ་རྗེ་སྔགས་ཀྱི་འབྲུག་སྒྲ་ཡིས། །མ་རུངས་བགེགས་ཀྱི་ཀླད་པ་འགེམས། །གཏུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་པར་རྟོག་པས་མི་བསྒུལ་ཞིང་། །ཡེ་ཤེས་ཤིན་ཏུ་ཟབ་པའི་ཐུགས། །གཞན་ཕན་ནོར་བུའི་མཛོད་འཛིན་པའི། །ཆུ་གཏེར་ཁྱོད་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་མཚན་གྱི་ཡོན་ཏན་གྱིས། །ལྟས་ངན་ཐམས་ཅད་སེལ་བྱེད་ཅིང་། །དཔལ་དང་འབྱོར་པ་རྒྱས་པར་བྱེད། །དོན་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་ཕྲིན་ལས་ལྷུན་གྲུབ་པས། །བདུད་སྡེའི་དཔུང་ཆེན་རབ་བཅོམ་མཛད། །བདག་ཀྱང་ཁྱོད་དང་དབྱེར་མེད་པར། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །བཅུ་གསུམ་འཛབ་བསྙེན་བཟླ་བ་ལ། ཐོག་མར་ཞི་བར་བསྙེན་པ་ནི། རང་ཉིད་དམ་ཚིག་སེམས་དཔའ་ནི། ཁྲོ་ཆེན་དཔལ་གྱི་ཆས་བརྒྱན་པའི། །སྙིང་གར་ཡེ་ཤེས་སེམས་དཔའ་མཆོག་་་རྗེ་སངས་རྒྱས་དབོན་པོས་མཛད། མ་ཧཱ་གུ་རུ་འཛུམ་ཞིང་ཞི། །དཀར་ལ་དམར་བའི་མདངས་ཆགས་པ། །ལེ་བརྒན་དར་གྱི་ཆོས་གོས་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །ཕྱག་གཡོན་ཚེ་བུམ་བཅུད་ལྡན་བསྣམས། །པད་ཞྭ་པྲོག་ལྔ་རྒྱན་ལྡན་གསོལ། །འགྱིང་ཚུལ་རྡོ་རྗེའི་སྐྱིལ་ཀྲུང་གིས། །ཟླ་བའི་གདན་ལ་བཞུགས་པ་དེའི། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས། །ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ། །དམར་ནག་བླ་མའི་ངོ་བོ་ཉིད། །སྔགས་ཀྱི་ཕྲེང་བ་བསྐོར་བ་ལས། །འོད་འཕྲོས་སྣོད་བཅུད་ཐམས་ཅད་ཀྱང་། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བྱས། །ཚུར་འདུས་མ་ཧཱ་གུ་རུ་ལ། །ཡེ་ཤེས་མཁའ་འགྲོ་སྡེ་ལྔས་བསྐོར། །རྔ་ཡབ་གླིང་ནས་སྤྱན་དྲངས་ཏེ། །ས་བོན་མཆོག་ལ་དགྱེས་བཞིན་བཞུགས། ཁམས་གསུམ་མ་ལུས་དབང་དུ་བསྡུས། །ཟིལ་གནོན་ཁྲོ་བོ་ཆེན་པོར་གསལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླ། གཉིས་པ་ཁྲོ་བོར་སྒྲུབ་པ་ལ་ཐོག་མར་འཛབ་བསྐུལ་བ་ནི། ཧཱུྃ། རྡོ་རྗེའི་ར་གུར་མེ་དཔུང་འབར་བའི་ཀློང་། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །སེམས་དཔའ་སུམ་བརྩེགས་དབྱིངས་ལས་ཡེ་ཤེས་ཤར། །བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྔགས་སྒྲོག་སྔགས་ཀྱི་སྒྲ །ཐུགས་ནི་མི་འགྱུར་ཆེན་པོ་ཡེ་ཤེས་སེམས། །འཛབ་ཀྱི་སྙིང་པོ་རྡོ་རྗེའི་སྐུ་གསུང་ཐུགས། །ཧཱུྃ་ལས་འཕྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ་། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཧཱུྃ་ལྔ་སྦྲེལ་གྱི་བཟླས་པ་ཅི་འགྲུབ་བྱ། གསུམ་པ་གཉིས་མེད་ཟུང་འཇུག་ལས་སྦྱོར་ནི། ཏིང་འཛིན་སེམས་དཔའ་མ་ཧཱ་གུ་རུ་དངོས། ཁྱབ་བདག་རྩ་བའི་བླ་མའི་སྐུར་གསལ་གྱུར། །ཅེས་དམིགས་ཤིང་མོས་གུས་དྲག་ཏུ་བསྐྱེད་ལ་ཞི་བསྙེན་ཅི་རིགས་བྱ། འདིར་གསར་མའི་ཕྱག་ལེན་དཀྱུས་སུ་འཇགས་པས་དམིགས་གསལ་མི་མཛད་ཀྱང་རྙིང་མ་སྤྱི་ལྟར་སྟོང་ཚིགས་འབུལ་བར་སྤྲོ་ནའང་བྱ་ཆོག །འདི་ལ་བརྟེན་ནས་བསྙེན་པ་བྱ་བར་འདོད་ན་ཉིན་དང་པོར་སྔོན་འགྲོ་བཅུ་གསུམ་ཚང་བར་བཏང་། ཐུན་རྗེས་མ་རྣམས་ལ་སྐྱབས་སེམས་ཕྱིན་ཆད་ཚང་བའམ། སྐྱབས་སེམས་དང་མཆོད་པ་བྱིན་རླབས་ཁོ་ནས་རུང་ཞིང་དངོས་གཞིའི་ཏིང་ངེ་འཛིན་རྣམ་གསུམ་ཕྱིན་ཆད་བསྐྱར། མཆོད་ཚིག་རྣམས་ཀྱང་མདུན་བསྐྱེད་སྐབས་ལྟར་བསྡུས་པས་རུང་། ཐུན་མཚམས་རྣམས་སུ་སྤྲོ་ན་གཞན་ནས་འབྱུང་བ་ལྟར་དབང་ལེན་དང་གཏོར་འབུལ་བྱ། མཇུག་ཏུ་བསྡུ་ལྡང་སྨོན་ལམ་ཤིས་བརྗོད་ལས་བྱང་གཤམ་ནས་འབྱུང་བ་ལྟར་བྱ་ཞིང་། བསྙེན་ཚད་ཞི་བསྙེན་བཞི་འབུམ། བདུན་འབུམ་ལ་སོགས་པ། ཁྲོ་བསྙེན་བྱེ་བ་ཡར་བརྒལ་བུངས་བསྐྱེད། ཟུང་འཇུག་བཟླས་པ་ནི་མཆོག་སྒྲུབ་ཡིན་པས་ཚད་མེད་པར་བྱའོ། །གཉིས་པ་མདུན་བསྐྱེད་སྒྲུབ་པའི་ཚུལ་ལ་ལྔ། ལྷ་བསྒོམ་པ། སྔགས་བཟླ་བ། དགོངས་པ་སྐྱོང་བ། མཆོད་བསྟོད་བྱ་བ། ཁ་སྐོང་ཞར་བྱུང་དུ་བསྟན་པའོ། །དང་པོ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །སྣ་ཚོགས་པདྨ་འདབ་བརྒྱད་པ། །ཚོགས་བརྒྱད་དག་པའི་དུར་ཁྲོད་དང་། །རྡོ་རྗེའི་རྭ་གུར་འབར་ཕྲེང་གིས། །ཡོངས་སུ་བསྐོར་བའི་ལྟེ་བ་ལ། །ཆོས་འབྱུང་ཕྱི་དཀར་ནང་དམར་བ། །བསྣོལ་མར་བརྩེགས་པའི་ནང་དབུས་སུ། །ངོ་བོ་རྩ་བའི་བླ་མ་ནི། །རྣམ་པ་པདྨ་སཾ་བྷཱ་བ། །སྐུ་མདོག་དཀར་ལ་དམར་བའི་མདངས། །ཞི་ཞིང་འཛུམ་ལ་སྒེག་པའི་ཉམས། །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །རྡོར་དྲིལ་འཛིན་པའི་ཕྱག་གཉིས་ཀྱིས། །ཡུམ་ཆེན་སངས་རྒྱས་མཁའ་འགྲོ་མ། །དཀར་མོ་གྲི་ཐོད་ཅན་ལ་འཁྱུད། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ལྷ་རྫས་དར་གྱི་ན་བཟའ་ཅན། །སྣ་ཚོགས་པདྨ་ཉི་དཀྱིལ་སྟེང་། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ལ། །གཟུང་མ་སྐྲ་གྲོལ་རུས་རྒྱན་ཅན། །པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ། །མཚན་དཔེའི་དཔལ་འབར་འོད་ལྔ་འཕྲོ། །ཕྱོགས་མཚམས་པདྨའི་འདབ་མ་ལ། །ཤར་དུ་ཀེ་འུ་རཱི་མ་སྔོ། །ཕྱག་གཡས་ཞིང་དབྱུག་གཡོན་ཐོད་ཁྲག །ལྷོ་རུ་ཙོ་འུ་རཱི་མ་སེར། །ཕྱག་གཉིས་མདའ་གཞུ་འགེངས་པར་མཛད། །ནུབ་ཏུ་པྲ་མོ་ཧཱ་དམར་མོ། །ཆུ་སྲིན་རྒྱལ་མཚན་ཐོད་པ་བསྣམས། །བྱང་དུ་བེ་ཏཱ་ལི་ནག་མོ། །རྡོ་རྗེ་དང་ནི་བྱིས་པའི་རོ། །ཤར་ལྷོར་པུཀྐ་སཱི་དམར་སེར། །གཡོན་ཞིང་གཡས་པས་རྒྱུ་མ་འདྲེན། །ལྷོ་ནུབ་གྷསྨ་རཱི་ལྗང་གུ །རྡོ་རྗེས་ཐོད་ཁྲག་དཀྲུག་ཅིང་གསོལ། །ནུབ་བྱང་སྨ་ཤ་ནཱི་མཐིང་ནག །ཙིཏྟ་བཟུང་ནས་ཞལ་དུ་གསོལ། །བྱང་ཤར་ཙཎྜ་ལཱི་སེར་སྐྱ །ཞིང་གི་མགོ་ལུས་འབྲལ་མ་བསྣམས། །ཐམས་ཅད་ཞལ་གཅིག་སྤྱན་གསུམ་ལྡན། །མཆེ་གཙིགས་རལ་པའི་ཅོད་པན་ཅན། །དབུ་རྒྱན་རིན་ཆེན་རྩེ་བྲན་མཛེས། །ཕྱག་རྒྱ་ལྔས་བརྒྱན་ཁྲོ་ཆགས་ཉམས། །གཡས་བསྐུམ་གཡོན་བརྐྱང་པད་ཟླར་བཞེངས། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་རྣམ་ལྔས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། གཉིས་པ་ནི། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །ཐུགས་ཀའི་ས་བོན་སྔགས་ཕྲེང་གི །འོད་ཀྱིས་ཕྱོགས་བཅུའི་བདེ་གཤེགས་ཀྱི། །བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲཱིཿ མ་མོ་བརྒྱད་ལ་ཉི་སྟེང་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་གསལ། ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་བསྐོར་བའི་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་བཟླས་པ་ཅི་འགྲུབ་བྱའོ། །གསུམ་པ་ནི། མ་ཧཱ་གུ་རུའི་ཐུགས་དགོངས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དང་རང་གི་སེམས་ཉིད་གཉུག་མའི་གཤིས་ལུགས་རྣམ་པ་ཐམས་ཅད་དུ་རོ་མཉམ་པར་ཤེས་པས་རང་བྱུང་རིག་པའི་ངོ་བོ་ཅི་ནུས་སུ་བསྐྱང་ངོ་། །བཞི་པ་ནི། སྤྲོ་ན་བདག་བསྐྱེད་ཀྱི་སྐབས་སུ་སྨོས་པའི་མཆོད་བསྟོད་རྒྱས་པར་བྱ། བསྡུ་ན། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །ཕྱི་མཆོད་འདོད་ཡོན་རྣམ་པ་ལྔ། །ནང་མཆོད་ཤ་ལྔ་བདུད་རྩི་ལྔ། །གསང་མཆོད་བྱང་སེམས་བདེ་སྟེར་རྒྱུན། །ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་། །ཤེས་རབ་མཐར་ཕྱིན་རཀྟ་དང་། །ཐབས་ཤེས་དབྱེར་མེད་གཏོར་མ་སོགས། །སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་པཱུ་ཛ། བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ། སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། ཧཱུྃ། ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་ཉེར་དགོངས་ཏེ། །གྲུབ་པའི་གནས་མཆོག་དམ་པ་འདིར། །དད་པས་སྤྱན་འདྲེན་གཤེགས་སུ་གསོལ། །ཡན་ལག་གཙོ་བོ་སྤྱི་གཙུག་སྟེང་། །སྣ་ཚོགས་པདྨ་ཟླ་གདན་ལ། །རིག་འཛིན་དམ་པ་པདྨའི་སྐུ །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །དུས་རྣམས་ཀུན་ཏུ་རྟག་པར་ཡང་། །འདྲེན་པ་བླ་མེད་ཁྱེད་ལ་བདག །གུས་པས་སྤྱི་བོར་མཆོད་བགྱིད་ཅིང། །ཡང་དང་ཡང་དུ་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་མཆོད་པའི་སྤྲིན། །དོན་མཆོག་གློག་འོད་རབ་འཁྱུག་ཅིང་། །རྒྱ་ཆེན་འབྲུག་སྒྲ་ལེགས་སྒྲོག་པས། །བླ་མ་ཁྱེད་ལ་མཆོད་པར་བགྱི། །རིག་འཛིན་གྲུབ་པ་རབ་བརྙེས་པ། །སྐྱེ་འཆི་མི་མངའ་རྟག་པའི་སྐུ །ནམ་མཁའ་གནས་པར་གཞན་དོན་མཛད། །བླ་མ་ཁྱེད་ལ་ཕྱག་འཚལ་ལོ། །སྙིང་རྗེའི་ཆུ་གཏེར་ཆེན་པོའི་ཀློང་། །གུ་རུ་པདྨ་རྒྱལ་པོ་ལ། །བདག་ཡིད་བུང་བས་མདུན་བདར་ནས། །སྙན་དངགས་དུ་མས་གསོལ་ཞིང་བསྐོར། རྡོ་རྗེ་སློབ་དཔོན་རྡོ་རྗེ་འཆང་། །ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། །དབྱེར་མེད་བླ་མ་ཁྱོད་ཀྱིས་བདག །དབང་བཞིས་སྨིན་པར་མཛད་དུ་གསོལ། །བསྐྱེད་དང་རྫོགས་པའི་ལམ་བསྟེན་ཅིང་། །མྱུར་འགྲུབ་མྱུར་བར་བགྱིད་པ་སྟེ། །ཐབས་མཆོག་རྨད་དུ་བྱུང་བ་ཉིད། །རྗེ་བཙུན་བསྒྲུབ་པར་བདག་འཚལ་ལོ། ཁྱོད་ནི་མཁའ་ལྟར་ཀུན་སྤངས་ཀྱང་། །ཐུགས་རྗེ་གློག་གི་འོད་བས་མྱུར། །གདུང་བས་གསོལ་བ་འདེབས་པའི་བུ། །རྟག་ཏུ་ཡེ་ཤེས་གཟིགས་པས་སྐྱོབས། །དཔལ་གྱི་ཆས་བརྒྱད་འཇིགས་པས་བརྒྱན། །དུར་ཁྲོད་མ་མོའི་ཚོགས་ཀྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན། །དཔའ་བོས་བདུད་ཀུན་འདུལ་དུ་གསོལ། །གྲགས་པའི་དཔལ་གྱིས་ཁྱོད་བསྟོད་བཞིན། །གང་གིས་མགྲིན་པར་བརྒྱན་པ་རྣམས། །ཐུགས་རྗེ་ལྡན་པ་གུ་རུ་ཡིས། །བདེ་ཆེན་རིག་འཛིན་ཞིང་དུ་དྲོངས། །བདག་གིས་བསྟོད་ཅིང་གསོལ་བཏབ་པའི། །དགེ་བ་གང་དང་གང་བསགས་པ། །རྒྱ་ཆེན་དེ་ཡིས་འགྲོ་བ་རྣམས། །པདྨའི་གོ་འཕང་ཐོབ་པར་ཤོག །ཅེས་བསྟོད་དོ། །ལྔ་པ་ནི། འདིར་སྟག་ལུང་པའི་ཕྱག་ལེན་དཀྱུས་ནི་གསར་ལུགས་སུ་སོང་བས་དེ་ཙམ་ལས་ཅང་མ་གསུངས་ཀྱང་། སྤྱིར་མདུན་བསྐྱེད་ཚོགས་གསག་གཙོ་བོར་གྱུར་པ་ཡིན་པས་མཆོད་བསྟོད་སོགས་ཇི་ཙམ་རྒྱས་བཞིན་ལེགས་པས་བླ་སྒྲུབ་གཞན་ནས་འབྱུང་བ་ལྟར་མཆོད་བསྟོད་དང་། ཁྱད་པར་ལྷའི་ངོ་བོ་ཡང་དག་ཧེ་རུ་ཀར་གྲུབ་པས་བཤགས་སྐོང་གི་རིམ་པ་སྦྱོར་ན་ལྷག་སྐྱོན་མེད་ཅིང་ལེགས་པར་རྟོགས་པས། གསང་འདུས་ལས་འབྱུང་བ་ལྟར་དུར་ཁྲོད་གསང་མཆོག་སོགས་སམ། སྐོང་ཆེན་ལྔ་དང་བརྗོད་མེད་དོན་བཤགས་སོགས་སྦྱོར་ནའང་ཆོག་ཅིང་། དཀྱུས་ལ་ནི་གོང་དུ་བཤད་པ་ཙམ་གྱིས་ཆོག་ཤེས་པར་བྱའོ། །བདག་འཇུག་ལེན་ན་སྐབས་འདིར་བུམ་པ་བསྒྲུབ་ཅིང་སློབ་མ་དབང་བསྐུར་སྐབས་སུ་བཤད་པ་ལྟར་དབང་ཐམས་ཅད་རྫས་ལ་མི་བརྟེན་པར་ཏིང་ངེ་འཛིན་ཁོ་ནས་བླང་། སྙིང་པོ་བསྡུས་པ་ནི། སྒྲུབ་ཐབས་ཚིགས་བཅད་མར་བཤད་པ་ཙམ་གྱིས་ཀྱང་འཐུས་སོ། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་བཅུ་གསུམ་དུ་ཡོད་པའི་དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཚོགས་རྫས་བཟའ་བཏུང་གྱ་ནོམ་པ་བཤམས་ལ་ནང་མཆོད་སོགས་ཀྱིས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་ཚོགས་ལ་ཐིམ། །ཚོགས་ཀྱི་དངོས་འཛིན་མཚན་མ་སྦྱངས། །ཚོགས་ཀྱང་ཡེ་ཤེས་བདུད་རྩིར་གྱུར། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །བྱིན་གྱིས་རློབ་པའི་ཡི་གེ་ནི། །ཨོཾ་དང་ཨཱཿདང་ཧཱུྃ་གསུམ་འཕྲོས། །ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས། །ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར། །ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང་། །ཧྲཱིཿཡིས་ཚོགས་མཆོད་རྒྱས་པར་གྱུར། །གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་ཐམས་ཅད་ཀྱང་། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །རང་བཞིན་ལྷུན་གྲུབ་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱང། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གསུམ་པ་ཚོགས་འབུལ་བ་ལ། དང་པོ་ཚོགས་ཕུད་འབུལ་བ་ནི། ཧཱུྃ། གསང་ཆེན་ལྷུན་གྲུབ་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དེའི་རྗེས་འབྲེལ་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་ཏྲཱཾ་ཧཱུྃ། གསུམ། ཨོཾ་ཨཱཿཧཱུྃ། ཧཱུྃ། གཏོར་མའི་ཡོ་བྱད་ཐམས་ཅད་ཀུན། །རྣམ་རྟོག་དངོས་འཛིན་བག་ཆགས་སྦྱངས། །རིན་ཆེན་སྣོད་ལ་བདུད་རྩིའི་བཅུད། །འདོད་ཡོན་ལྷ་མོ་སྤྲིན་ལྟར་གཏིབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི། ལན་གསུམ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར། །བཟའ་བཏུང་བྱེ་བྲག་སྣ་ཚོགས་མཆོད་པའི་རྫས། །དཔལ་གྱི་གཏོར་མ་མཛེས་ཤིང་བརྗིད་པ་འདི། །རི་རྒྱལ་ལྷུན་པོ་བས་ཀྱང་འཕང་རེ་མཐོ། །བདུད་རྩི་སྨན་དང་རཀྟ་འཁྱིལ་བ་འདི། །རྒྱ་མཚོའི་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ། །ཡེ་ཤེས་བདུད་རྩིའི་ཚོགས་གཏོར་རྒྱ་ཆེན་འདིས། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག །ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་སྩོལ། ཞེས་འབུལ། བར་པས་བཤགས་པ་ནི། ཧཱུྃ། སྔོན་བྱུང་དུས་ནས་ད་ལྟའི་བར། །མ་རིག་ལུས་དང་ངག་སེམས་ཀྱིས། །རྩ་བ་ཡན་ལག་ཉམས་ཆག་ཀུན། །ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། བདེན་སྟོབས་སྤྱི་ལྟར་བརྗོད་ལ། ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿ ལན་གསུམ་གྱིས་བཀུག །ལས་ཕུར་འདྲིལ་ལ། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །རྔམ་དྲག་གཏུམ་པའི་རང་བཞིན་ལས། །ཡཀྴ་མེ་དབལ་སྐར་ལྟར་འཁྲུགས། །ལས་ཀྱི་ཕོ་ཉས་སྟོང་གསུམ་གང་། །ཕྱག་གཡས་རྡོ་རྗེ་ནམ་མཁར་གདེངས། །གཡོན་པས་རི་རབ་ཕུར་བུ་འདྲིལ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་རྦད། ཞེས་བསྒྲལ་ཞིང་དུམ་བུར་གཏུབས་པ་བདུད་རྩིར་སྦར་ལ། བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག །ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ། །རྔམ་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ། །ཟ་བྱེད་མི་འགྱུར་ཆོས་ཉིད་དབྱིངས་སུ་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་འབྱུང་པོའི་ཤ་ཁྲག་རུས་པ་ལ་ཁཱ་ཧི། བཞི་པ་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ནས་ནང་གི་སྦྱིན་སྲེག་དང་ལྡན་པས་ལོངས་སྤྱད་ལ། རྡོ་རྗེའི་གླུ་དང་སྨོན་ལམ་ཡང་གདབ། ཚོགས་ལ་ལོངས་སྤྱོད། ལྔ་པ་ལྷག་མ་རྣམས། འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛཿ དེ་བཞིན་དུ་སྦྱར་ཏེ། བུདྡྷ། རཏྣ། པདྨ། ཀརྨ། ཞེས་མགྲོན་བསྡུས་ལ། ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་ཤིང་། །བར་དུ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །ད་ལྟ་རིག་འཛིན་བདག་ཉིད་ཀྱི། །བྲན་དང་ཕོ་ཉར་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕམ་ཕབ་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །བདུད་དང་དམ་སྲི་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བཛྲ་ཌཱ་ཀི་ནཱི་ཁཱ་ཧི། དེ་བཞིན་ཏུ། བུདྡྷ། རཏྣ། པདྨ། ཀརྨ། ཞེས་བརྗོད་ལ་ལྷག་གཏོར་ཕྱི་རོལ་དུ་འབུལ། དྲུག་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿ མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་གཡེལ་ཡི་དམ་ལྷ། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །རྗེས་འཇུག་བྱིན་གྱིས་རློབ་པའི་ཕྱིར། ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །བདུན་པ་དངོས་གྲུབ་བླང་བ་ནི། བླ་མའི་གཏོར་མ་སྤྱི་གཙུག་ཏུ་བཀོད། བཀྲ་ཤིས་པའི་བཟའ་བཏུང་རྣམས་གཡས་སྐོར་གཡོན་སྐོར་དུ་བཀྱེས་ལ། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་གསང་བའི་ཡུམ་དང་སྦྱོར། །རྒྱལ་བ་ཡོངས་རྫོགས་མཉམ་སྦྱོར་དངོས་གྲུབ་མཆོག །ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། བརྒྱད་པ་གཏོར་མ་བསྐྱང་བ་ནི། ཧཱུྃ། སྔོན་ཚེ་འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་དཔལ་ཆེན་གར་གྱི་དབང་ཕྱུག་གིས། །སྣང་སྲིད་དམ་སྲི་དམ་ལ་བཏགས་པ་བཞིན། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་བལ་པོ་བྷ་སུ་དྷ་ར་གཉིས། །དབེན་གནས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཞིང་། །རྡོ་རྗེ་རིགས་ཀྱི་སྲུང་མ་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས། །སྦྲགས་ཀྱི་ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ། །གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ། །བཀའ་སྲུང་མ་མོ་གཟའ་བདུད་འཁོར་བཅས་རྣམས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་ངན་ལམ་རྒྱལ་མཆོག་དབྱངས་ཆེན་གྱིས། །མཆིམས་ཕུ་གྲེ་གུ་དགེ་འུའི་དབེན་གནས་སུ། །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ། །བཀའ་སྲུང་ཉི་ཤུ་རྩ་གཉིས་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་གནུབས་བན་ནམ་མཁའི་སྙིང་པོ་ཡིས། །ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ། །ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ། །བཀའ་སྲུང་ཉི་ཤུ་རྩ་བརྒྱད་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །བྷྱོ། ཤར་ནས་གཤེགས་པའི་དབང་ཕྱུག་མ་བདུན་དང་། །ལྷོ་ནས་གཤེགས་པའི་དབང་ཕྱུག་མ་བདུན་དང་། །ནུབ་ནས་གཤེགས་པའི་དབང་ཕྱུགས་མ་བདུན་དང། །བྱང་ནས་གཤེགས་པའི་དབང་ཕྱུགས་བདུན་ཏེ། །མ་མོ་ཉི་ཤུ་རྩ་བརྒྱད་འཁོར་བཅས་རྣམས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་ཡུམ་མཆོག་མཁར་ཆེན་མཚོ་རྒྱལ་གྱིས། །མོན་ཁ་སེང་གེ་རྫོང་གི་དབེན་གནས་སུ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །རྡོ་རྗེ་ཕུར་སྲུང་བཅུ་དྲུག་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས། །ཡར་ལུང་ཤམ་པོ་གངས་ཀྱི་དབེན་གནས་སུ། །མ་མོའི་རྒྱུད་ལུང་དཀྱིལ་འཁོར་དུ། །བཀའ་སྲུང་མ་དང་མཁའ་འགྲོ་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། །བྲག་དམར་མཆིམས་ཕུའི་གནས་དང་བསམ་ཡས་སུ། །དྲེགས་པ་ཀུན་འདུལ་དཀྱིལ་འཁོར་དུ། །བཀའ་སྲུང་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་རླངས་ཆེན་དཔལ་གྱི་སེང་གེ་ཡིས། །མུ་ཏིག་ཤེལ་གྱི་སྤ་མ་ཡང་གོང་དུ། །སྲོག་དང་སེར་བ་གཏད་གསུམ་དགོངས་པ་བཞིན། །བཀའ་སྲུང་ལྷ་ཀླུ་གདོང་མོ་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མ་པ་གོར་བཻ་རོ་ཙ་ན་ཡིས། །དཔལ་གྱི་བསམ་ཡས་ནེའུ་སེང་ཆུ་རྒྱུན་དུ། །མན་ངག་ལྟ་བའི་རྫོང་འཕྲང་བཤད་པའི་ཚེ། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ནི། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་མཆོག་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་བདུད་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །གསེར་ཕྱེ་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །མ་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་སྙན་རྡོ་རྗེ་སི་ལེ་མ། །བརྡ་ལ་བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག །བཀའ་སྲུང་སྐྱོང་མ་བཅུ་གཉིས་འཁོར་བཅས་ཀྱིས། །སྔོན་བཞིན་དགོངས་ལ་གཏོར་མ་འདི་ཡང་གསོལ། །གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་མནན་པར་དམིགས་ལ། སརྦ་ཤཱ་ཏྲཱུཾ་སརྦ་བིགྷྣཱན་སྟམྦྷ་ཡ་ནན། དགུ་པ་ནོངས་བཤགས་ནི། ཡིག་བརྒྱ་ལན་གསུམ་བརྗོད། ཐལ་མོ་སྦྱར་ལ། ཧོཿ བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་དུ། །སྒྲུབ་རྫས་དམན་ཞིང་ཏིང་འཛིན་ཆོ་ག་ཉམས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །བཅུ་པ་མདུན་བསྐྱེད་གཤེགས་སུ་གསོལ་བ་ནི། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་སྤྱི་ལྟར་བྱ། དམ་ཚིག་པ་རང་ལ་བསྡུ། རྟེན་མེད་ན་དམ་ཡེ་ཆབས་ཅིག་ཏུ་དམིགས་ཏེ། ཧོཿ ཐུགས་རྗེའི་བདག་ཉིད་གུ་རུ་རྗེ། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ། །བདག་གཞན་དོན་གཉིས་མཐར་ཕྱིན་ནས། །སླར་ཡང་སྐྱེ་མེད་ཀློང་དུ་གཤེགས། ཨོཾ་ཨཱཿཧཱུྃ་བཛྲ་མུཿ བཅུ་གཅིག་པ་བདག་བསྐྱེད་བསྡུ་ལྡང་ནི། ཕྱི་ནང་སྣོད་བཅུད་སྣང་བ་ཀུན། །ཡིག་འབྲུ་ཧཱུྃ་ལ་ཧྲིལ་གྱིས་བསྡུ། །ཧཱུྃ་ནི་མི་དམིགས་འཇའ་ལྟར་ཡལ། །སླར་ཡང་བདག་ཉིད་ལྷ་ཡི་སྐུ། །ཟུང་འཇུག་རང་རིག་རང་ཤར་གསལ། །བཅུ་གཉིས་པ་སྨོན་ལམ་གདབ་པ་ནི། ཧོཿ བདག་གིས་དུས་གསུམ་བསགས་པའི་དགེ་བ་འདིས། །མཚུངས་མེད་བླ་མའི་ཐུགས་དགོངས་རྫོགས་པ་དང་། །ཕ་མས་གཙོ་བྱས་མཁའ་མཉམ་སེམས་ཅན་ཀུན། །ཡང་དག་རྡོ་རྗེ་གདོད་མའི་གནས་ཐོབ་ཤོག །བཅུ་གསུམ་པ་ཤིས་པ་བརྗོད་པ་ནི། ཧྲཱིཿ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཉི་ཤུ་རྩ་བཞི་རྩ་རླུང་ཐིག་ལེའི་བདག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་བསྟན་སྲུང་རྣལ་འབྱོར་བུ་བཞིན་སྐྱོང་། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཡང་ཟབ་སྙིང་པོའི་བཀའ་ཡི་བྱ་ར་མཛད། །གཏེར་བདག་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རོལ་མོའི་སྒྲ་སྦྱར་ཞིང་མེ་ཏོག་གི་ཆར་བསྙིལ་བས་ཤིས་པའི་སྣང་བས་ཁྱབ་པར་བྱའོ། །གྲུབ་པའི་སྐྱེ་བོ་བརྒྱུད་མ་ཡིས། །བྱི་དོར་བྱས་པའི་བཻ་ཌཱུརྻ། །དཀོན་ལ་རིན་ཐང་ཆེ་བ་འདི། །ཡོངས་ལ་གཅེས་པའི་སྤྱི་ནོར་ལགས། །ཧེ་རུ་ཀ་དཔལ་ཉིད་དང་དབྱེར་མེད་པ། །གུ་རུ་མཁའ་འགྲོའི་དབང་ཕྱུག་བྱིན་རླབས་ནི། །བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་རྒྱུད་ལ། །ཞུགས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །དེ་ལྟར་ཐུགས་སྒྲུབ་རྩ་བ་གྲུབ་ཆེན་སངས་རྒྱས་དབོན་པོའི་རྡོ་རྗེའི་གསུང་ལ་ཁ་སྐོང་འོས་རིགས་གཏེར་ཁ་གཞན་ལས་བླངས་ཏེ་སྟག་ལུང་མཁས་གྲུབ་ངག་དབང་རྣམ་རྒྱལ་གྱིས་བསྒྲིགས་པ་ལ། སླར་ཡང་གོ་སླ་ཁྱེར་བདེ་བའི་ཕྱིར་དུ་ལས་བྱང་དཀྱུས་མ་དང་དབང་བསྐུར་གྱི་སྤྲོས་པའི་དབྱེ་གསལ་ལ། ས་བཅད་སོགས་རྙིང་ལུགས་དང་བསྟུན་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་ཆོས་སྐོར་ཆེ་བ་ (Volume 25, Text 32)

༄༅། །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་ཆོས་སྐོར་ཆེ་བ་བཞུགས་སོ། །ཉང་རིན་པོ་ཆེའི་གཏེར་བྱོན་རྟ་མགྲིན་བདེ་གཤེགས་འདུས་པའི་ཆོས་ཚན་ཚང་བ་ལགས། རྟ་མཆོག་འདུས་པའི་ཕྲིན་ལས་ཀྱི་སྒོམ་རིམ་ལ། དང་པོ་དེ་བཞིན་ཉིད་ཀྱི་ས་མཱ་དྷི། ཆོས་སྟོང་པ་རང་རིག་པ་བྱང་ཆུབ་ཀྱི་སེམས་མ་བྱུང་མ་སྐྱེས་མི་དམིགས་པའི་ངང་དུ་བཞག །དེ་ནས་ཀུན་སྣང་གི་ས་མཱ་དྷི། ཁམས་གསུམ་སེམས་ཅན་རྣམས་ལ་ཁྱབ་པའི་སྙིང་རྗེ་བསྒོམ། དེ་ནས་རྒྱུའི་ཏིང་ངེ་འཛིན། དེའི་ངང་ལས་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་གཅིག་ཏུ་བསྒོམ། ཧྲཱིཿདེ་ལས་འོད་འཕྲོས་པས་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཁེངས་ནས། བདེ་བར་གཤེགས་པ་ལ་པཱུ་ཛ་ཕུལ། ཁམས་གསུམ་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདུས་ཡེ་ཤེས་ཀྱི་ཐོང་གཤོལ་གསེར་ལས་བྱས་པར་གྱུར། དེ་ལས་འོད་འཕྲོས་པས་སྣང་སྲིད་ཐམས་ཅད་ལ་ཁྱབ་པས་གཞལ་ཡས་ཁང་དུ་གྱུར། དབྱིབས་ཟླ་གམ་དམར་པོ་སྒོ་དང་བཅས་པ། ཕྱི་རོལ་ཐོད་ཕྲེང་གི་མུ་ཁྱུད་དཀར་པོ་གྲུ་ཆད་སྒོ་བཞི་དང་བཅས་པ། ཕྱི་རིམ་རྡོ་རྗེའི་རྭ་བ་ལྕགས་རི་ལ་བསྐལ་པའི་མེ་འབར་བ། རིན་པོ་ཆེ་འབར་བས་ཕྱི་བརྩིགས་པ། རྒྱལ་པོ་ཆེན་པོ་བཞིས་ཀ་བ་བྱས་པ། ལྷ་བརྒྱད་ཀྱིས་གདུང་བྲེས་པ། གཟའ་བརྒྱད་ཀྱིས་ཕྱམ་བྱས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་དྲལ་མ། སྐར་ཕྲན་རྣམས་ཀྱིས་བབ་ཏུ་བཀབ་པ། ཀླུ་ཆེན་པོ་བརྒྱད་ཀྱིས་ཐོག་ཕུབ་པ། ཕྱོགས་སྐྱོང་བཅུའི་པགས་པས་རྒྱལ་མཚན་དུ་བཙུགས་པ། སྦྲུལ་ནག་གི་ཁ་བད་བཏགས་པ། ཉ་སྦྲུལ་གྱི་ཟར་ཚགས་བྱས་པ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཡེ་ཤེས་ཀུན་མ་བསྒྲིབས་པར་བསྒོམ་མོ། །དེའི་དབུས་སུ་གདན་བསྐྱེད་པར་བྱ་སྟེ། རཏྣའི་ཁྲི་རྐང་སེང་གེས་བཏེག་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར། མ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཀླུ་རིགས་བཞི་གདན་དུ་བཏིང་བ། དེའི་སྟེང་དུ་རུ་ཏྲ་དང་། ཚངས་པ་ཕོ་མོ་བསྣོལ་བ་བཏིང་བ། དེའི་སྟེང་དུ་གོང་གི་ཕྱག་མཚན་གསེར་གྱི་ཐོང་གཤོལ་འོད་དུ་ཞུ་བ་ལས་དབང་ཆེན་རྒྱལ་པོའི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། དེའང་གཡས་དཀར་གཡོན་སྔོ་དབུས་དམར། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། སྤྱི་གཙུག་ན་རྟ་མགོ་ལྗང་གུ་གསུམ་ཡོད་པ། ཕྱག་གཡས་ཀྱི་དང་པོས་གསེར་གྱི་ཞགས་པ་དང་ཁྲོ་བོ་མི་གཡོ་མགོན་པོ་སྐུ་མདོག་ལྗང་སྔོན་ཁྲ་ཐབས་སུ་བསྣམས་པ། གཡས་བར་པས་རལ་གྲི །ཐ་མས་དགྲ་སཏྭ་བསྣམས་པའོ། །གཡོན་དང་པོ་ན་ལྕགས་སྒྲོག་དང་ཕྱག་ན་རྡོ་རྗེ་ཁྲ་ཐབས་སུ་གནས་པ། བར་པ་ན་ཐོང་གཤོལ། ཐ་མ་ན་ཐོ་བ་བསྣམས་པའོ། །ཞབས་བཞིས་ཀླུ་རིགས་བཞི་མནན་པའོ། །སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་ལ་སྟག་གི་ཤམ་ཐབས་བྱས་པ། ཞིང་ལྤགས་གཡང་གཞིའི་ན་བཟའ་གསོལ་བ། སྦྲུལ་རིགས་ལྔས་དབུ་ལ་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུ་བཏབ་པ། ཞག་གི་ཟོ་རིས་བརྒྱན་པ། ཁྲག་གི་ཐིག་ལེས་མཚན་པ། བསྐལ་པའི་མེ་དཔུང་གི་ནང་དུ་བཞུགས་པར་བསྒོམ། དེའི་ལྗགས་ཀྱི་སྟེང་དུ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་གཅིག་བསྒོམ། དཔྲལ་བའི་མཛོད་སྤུ་ན་ཁྲོ་བོ་ཡ་མཱནྟ་ཀ་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་ནག །གཡས་དང་པོ་ཞིང་གི་དབྱུག་པ། བར་པ་དགྲ་སཏྭ། ཐ་མ་རལ་གྲི །གཡོན་དང་པོ་སྡིགས་མཛུབ་ཞགས་པ། བར་པ་དུང་དམར། ཐ་མ་ཐོ་བ་བསྣམས་པའོ། །རྒྱན་གཙོ་བོ་དང་འདྲ་བར་བསྒོམ། ཐུགས་ཀར་དཔལ་རྟ་མགྲིན་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་སྔོ་དབུས་དམར་བ། ཕྱག་གཡས་དང་པོ་རྡོ་རྗེ། བར་པ་ཏྲི་ཤཱུལ་རྩེ་གསུམ། ཐ་མ་སྦྲུལ་ཞགས། གཡོན་དང་པོ་དྲིལ་བུ། བར་པ་བྷནྡྷ། ཐ་མ་ཕུར་པ་བསྣམས་པའོ། །ལྟེ་བར་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་། གཡས་དང་པོ་རྡོ་རྗེ་རྩེ་དགུ། བར་པ་རྡོ་རྗེ་རྒྱ་གྲམ། གཡོན་དང་པོ་མེ་དཔུང་། བར་པ་ཁ་ཊྭཱཾ་ག །ཐ་མ་གཉིས་ཕུར་པ་འདྲིལ་བ། གཤོག་པ་གཡས་པར་རྣམ་པར་རྒྱལ་བ་སྐུ་མདོག་དཀར་པོ་དབུ་གསུམ་ཕྱག་དྲུག་པ། གཡས་དམར་གཡོན་ལྗང་དབུས་དཀར། གཡས་གཡོན་དང་པོ་རྡོ་རྗེ་དང་བྷནྡྷ། བར་པ་འཁོར་ལོ་དང་ཏྲི་ཤཱུལ། ཐ་མ་ཕུར་པ་འདྲིལ་བའོ། གཤོག་པ་གཡོན་པ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་དམར་སྐྱ་ཞལ་གསུམ་ཕྱག་དྲུག་པ། གཡས་སྔོ་གཡོན་དམར་དབུས་དཀར་བ། གཡས་གཡོན་དང་པོ་ན་རྡོ་རྗེ་དང་བྷནྡྷ། བར་པ་དབྱུག་ཏོ་དང་ཐོ་བ། ཐ་མ་གཉིས་ཕུར་པ་འདྲིལ་བའོ། །ཕྱག་གཡས་ཀྱི་དང་པོ་ན་ཁྲོ་བོ་མི་གཡོ་མགོན་པོ་སྐུ་མདོག་ལྗང་སྔོན་དབུ་གསུམ་ཕྱག་དྲུག་པ། གཡས་གཡོན་དང་པོ་ན་རྡོ་རྗེ་དང་དུང་དམར། བར་པ་ན་རལ་གྲི་དང་ཞགས་པ། ཐ་མ་ཕུར་པ་འདྲིལ་བའོ། །ཕྱག་གཡོན་གྱི་དང་པོ་ན་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་སྔོ་དབུས་མཐིང་ནག །གཡས་གཡོན་དང་པོ་ན་རྡོ་རྗེ་དང་དྲིལ་བུ། བར་པ་གཉིས་སྦྲུལ་བཟུང་ནས་གསོལ་བ། ཐ་མ་གཉིས་ཐལ་མོ་རྡེབ་པའོ། ཁྲོ་བོ་དེ་རྣམས་རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པའོ། །ཞབས་ཀྱི་སོར་མོ་ལྔ་ལ་རིགས་ལྔའི་བྱ་ཁྱུང་བསྒོམས་ཏེ། རྡོ་རྗེའི་ཁྱུང་མཐིང་ག་རྡོ་རྗེའི་ཕ་ལམ་ཐོགས་པ། འཁོར་ལོའི་ཁྱུང་དཀར་པོ་འཁོར་ལོའི་ཕ་ལམ་ཐོགས་པ། རཏྣའི་ཁྱུང་སེར་པོ་རིན་པོ་ཆེའི་ཕ་ལམ་ཐོགས་པ། པདྨའི་ཁྱུང་དམར་པོ་པདྨའི་ཕ་ལམ་ཐོགས་པ། ལས་ཀྱི་ཁྱུང་ལྗང་གུ་ལག་ན་རྒྱ་གྲམ་ཕ་ལམ་ཐོགས་པའོ། །གཞན་ཡང་ཕྱག་གི་སོར་མོ་དང་། སྐུའི་བ་སྤུ་ལས་ཀྱང་སྤྲུལ་པའི་ཁྱུང་རྣམས་འཕྲོ་བར་བསྒོམ་མོ། །དེ་ནི་བདག་དམ་ཚིག་སེམས་དཔའ་ཞེས་བྱའོ། །དེ་ནས་ལྷ་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ། དེ་ནས་བཞུགས་སུ་གསོལ་བས་གཉིས་སུ་མེད་པར་བསྟིམས་ནས་ཆུ་དང་འོ་མ་འདྲེས་པ་བཞིན་བསམ་མོ། །དེ་ནས་ཕྱག་བཙལ་བས་ཐུགས་ཀ་ནས་ལྷ་མོ་བཞི་བྱུང་ནས་གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་བཙལ་བར་བྱའོ། །དེ་ནས་མཆོད་པ་དབུལ་བས། ཕྱི་འདོད་པའི་ཡོན་ཏན་ལྔའི་མཆོད་པ་དང་། ནང་འདོད་པའི་ཡོན་ཏན་ལྔའི་ལྷ་མོས་ཀ་པཱ་ལ་བདུད་རྩིས་བཀང་བས་མཆོད། གསང་བ་ལྷ་མོ་བདག་ཉིད་ཀྱི་སྐུ་ལ་ཐིམ་གསང་བས་མཆོད་པའོ། །དེ་ནས་བསྟོད་དེ་གསོལ་བ་གདབ་པའོ། །དེ་ནས་བཟླས་པ་བྱ་བ། དེ་ནས་གཏོར་མ་བཏང་བ། དེ་ནས་དཀྱིལ་འཁོར་བསྡུ་བ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ། དམ་ཚིག་པ་རང་ལ་བསྡུ་བའོ། །སྒོམ་ཁོག་རྫོགས་སོ། །ཕྲིན་ལས་ཉམས་སུ་ལེན་པ་ལ། །སྒོམ་པའི་རིམ་པ་མི་ཤེས་ན། །རིམ་གཉིས་དོན་ལ་གོལ་སྲིད་ཀྱི། །གཟོབས་ནས་བླ་མའི་མན་ངག་ལོངས། །གདམས་པའོ། ༈ །པདྨ་དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ། །དབང་ཆེན་བདེ་གཤེགས་འདུས་པ་ཡི། །བྱིན་རླབས་དབང་བསྐུར་ཆོ་ག་ནི། །དབེན་ཞིང་ཡིད་དུ་འོང་དག་ཏུ། །གཏོར་མ་བཏང་ཞིང་བཀའ་བསྒོ་བྱ། །དཀྱིལ་འཁོར་གཞུང་བཞིན་བྲིས་ནས་ནི། །དབུས་སུ་རྟེན་གྱི་ཕུར་པ་དང་། །བུམ་པ་གཏོར་མར་བཅས་པ་བཞག །གཏོར་མ་རཀྟ་བདུད་རྩི་བཤམ། །ཞག་གསུམ་བསྙེན་པ་བསྐྱལ་བྱ་ཞིང་། །མཆོད་པ་ལ་སོགས་དུས་བཞིར་བྱ། །ཞག་གསུམ་ནངས་མོ་དབང་བསྐུར་བྱ། །ཆོ་ག་གཞུང་བཞིན་བྱས་ནས་ནི། །ཚོགས་ཀྱི་མཆོད་པ་ཅི་འབྱོར་དབུལ། །དེ་ནས་སློབ་དཔོན་བདག་གིས་ནི། །བུམ་པ་བྱིན་གྱིས་བརླབ་བྱ་བ། །བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །ནང་གི་ཆུ་ལ་རང་གི་ཐུགས་ཀ་ནས། །ཧྲཱིཿའཕྲོས་པས། ཧྲཱིཿདེ་འོད་དུ་ཞུ་བ་ལས། །ཆུ་ཡི་ངོ་བོ་མི་དམིགས་པར། །དབང་ཆེན་སྐུ་རུ་གསལ་བར་བསྐྱེད། །ཡུངས་དཀར་སྔགས་བཟླས་བུམ་པར་བླུགས། །དེ་ནས་ཕུར་པ་བྱིན་བརླབ་པ། །ཕུར་པ་ཧྲཱིཿལས་གཞལ་ཡས་ཁང་། །དབང་ཆེན་སྐུ་དང་བཅས་པར་གསལ། །དེ་ནས་བཟླས་པ་བྱ་བ་ནི། །དུས་བཞིར་བརྒྱ་རྩ་བརྒྱད་དུ་དབུལ། །དེ་བས་མང་ན་མཆོག་ཏུ་བཤད། །མཆོད་བསྟོད་བཞུགས་གསོལ་ཚུལ་བཞིན་བྱ། །ཞག་གསུམ་ཐ་མའི་ནུབ་མོ་ལ། །སློབ་མ་བྱིན་གྱིས་བརླབ་བྱ་ཞིང་། ཁྲོ་བོའི་སྐུ་རུ་དབང་བསྐུར་བྱ། །མཚམས་བཅད་བསྐྱེད་རིམ་གཞུང་བསྲངས་ནས། །ཚོགས་ཀྱི་མཆོད་པ་རྒྱ་ཆེར་བྱ། །དེ་ནས་བླ་མ་སློབ་དཔོན་ལ། །སློབ་མས་ཕྱག་དང་བསྐོར་བ་བྱ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཡང་། །རིན་ཆེན་མཎྜལ་ཕུལ་ནས་ནི། །ལག་ཏུ་རིན་ཆེན་མེ་ཏོག་ཐོགས། །ནུབ་ཀྱི་སྒོ་ནས་པུས་མོ་བཙུགས། །འདི་སྐད་གསོལ་བ་གདབ་པར་བྱ། །བླ་མ་སློབ་དཔོན་དགོངས་སུ་གསོལ། །མི་གནས་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་རྒྱལ་པོ་དགོངས་སུ་གསོལ། །བདག་ཅག་འདི་ཞེས་བྱ་བ་ནི། །དབང་ཆེན་དཀྱིལ་འཁོར་འདིར་འཇུག་ན། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཐེངས་གསུམ་བརྗོད་པར་བྱ། །དེ་ནས་བླ་མ་སློབ་དཔོན་གྱིས། །འདི་སྐད་ཅེས་ནི་བརྗོད་པར་བྱ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དབང་ཆེན་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་བྱིན་གྱིས་བརླབ་འདོད་ན། །བླ་མ་རིག་འཛིན་བདག་དང་ནི། །དབང་ཆེན་རྟ་མཆོག་རྒྱལ་པོ་ལ། །ལུས་ངག་ཡིད་གསུམ་དང་བ་ཡིས། །གུས་པའི་སེམས་ཀྱིས་མཉན་པར་བྱ། །དེ་ནས་སློབ་མས་མེ་ཏོག་ནི། །ཐལ་མོ་སྦྱར་ལ་དབུས་སུ་དོར། །ཕོ་བྲང་དབུས་སུ་མ་ཕོག་ན། །སླར་ཡང་བསྐྱར་ལ་དོར་བར་བྱ། །དེ་ནས་བླ་མ་སློབ་དཔོན་གྱིས། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །དབང་གི་དངོས་གྲུབ་ཐོབ་འདོད་ན། །བླ་མ་མཉེས་པར་བཀུར་ནུས་སམ། །དབང་ཆེན་སྐུ་རུ་བསྒོམ་ནུས་སམ། །དེ་ལྟར་ནུས་ན་བྱིན་གྱིས་བརླབ། །དེ་ནས་སློབ་མས་འདི་སྐད་བརྗོད། ཧོཿ བླ་མ་ཡི་དམ་དགོངས་སུ་གསོལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ནམ་དུ་ཡང་ནི་སྤང་མི་བྱ། །དབང་ཆེན་སྐུ་རུ་རྟག་ཏུ་བསྒོམ། །སྔགས་ཀྱི་སྙིང་པོའང་མི་བརྗེད་བཟླ། །བྱིན་རླབས་ཆེན་པོ་དུས་འདིར་སྩོལ། །དེ་སྐད་ཅེས་ནི་བརྗོད་པ་དང་། །བླ་མས་བུམ་པ་བླངས་ནས་ནི། །སློབ་མས་གུས་པས་པུས་བཙུགས་ལ། །བུམ་པ་སྤྱི་བོའི་གཙུག་ཏུ་བཞག །ཧཱུྃ་ཧྲཱིཿ བཀྲ་ཤིས་ཡིད་འོང་ལྷ་ཡི་བུམ་པ་འདིས། །བལྟམས་པ་ཙམ་གྱིས་ལྷ་རྣམས་ཀུན་གྱིས་དགོངས། །དབང་ཆེན་དབང་ལ་མངའ་མཛད་དཔལ་ཆེན་པོ། །ཀུན་ལ་དབང་སྒྱུར་ཆེན་པོའི་དབང་བསྐུར་རོ། །ཡོངས་ལ་མངའ་མཛད་ཁྲོ་རྒྱལ་དབང་ཐོབ་ཤོག །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱཿ ལུས་ནི་དབང་བྱེད་སྐུ་རུ་བསམ༔ དེ་ནས་བུམ་པ་དཔྲལ་བར་བཞག །ཧཱུྃ། ཁྲོ་རྒྱལ་ཀུན་གྱི་སྐུ་ཡི་ངོ་བོ་ནི། །ཡ་མཱནྟ་ཀ་གཤིན་རྗེའི་གཤེད་པོ་ཡིས། །རིགས་ཀྱི་བུ་ཁྱོད་ལ་ནི་དབང་བསྐུར་བས། །བདེ་གཤེགས་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཨཱཿ །དཔྲལ་བར་གཤིན་རྗེ་གཤེད་པོའི་སྐུ་བསམ། དེ་ནས་མགྲིན་པར་བུམ་པ་བཞག་ནས། ཧཱུྃ། ལྗགས་སྟེང་སྤྲོས་བྲལ་སྐྱོན་མེད་པདྨའི་གསུང་། །སངས་རྒྱས་གཙོ་བོ་སྣང་བ་མཐའ་ཡས་ཡིན། །རྒྱལ་བ་རིགས་ཀྱི་བདག་པོས་དབང་བསྐུར་བས། །སྤྲོས་བྲལ་འགག་མེད་གསུང་གི་དབང་ཐོབ་ཤོག །ཨོཾ་པདྨ་དྷ་ར་ཧྲཱིཿཨཱཿ ལྕེ་ལ་སངས་རྒྱས་སྣང་བ་མཐའ་ཡས་བསམ། །དེ་ནས་བུམ་པ་སྙིང་གར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་ཆོས་སྐུ་པདྨའི་ཐུགས། །རྟ་མགྲིན་རྟ་སྐད་བཞད་པ་ཡེ་ཤེས་སེམས། ཁྲོ་མཆོག་ཡེ་ཤེས་རྔམ་པས་དབང་བསྐུར་བས། །བདེ་གཤེགས་གསུང་གི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཨཱཿ སྙིང་གར་རྟ་མགྲིན་བསམ་པར་བྱ། །དེ་ནས་བུམ་པ་ལྟེ་བར་བཞག །ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཡེ་ཤེས་སྲས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ། །ཐུགས་ཉིད་མི་རྟོག་ཡེ་ཤེས་གསལ་བའི་ལྷ། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཧཱུྃ་ཨཱཿ ལྟེ་བར་རྡོ་རྗེ་གཞོན་ནུ་བསམ། །དེ་ནས་བུམ་པ་ལག་པ་གཡས་པར་བཞག །ཧཱུྃ། བདེ་གཤེགས་ཀུན་གྱི་ཡོན་ཏན་རིན་པོ་ཆེ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །མི་གཡོ་མགོན་པོ་ཡེ་ཤེས་ཁྲོ་བོའི་རྒྱལ། །ཡོན་ཏན་ལྷུན་གྲུབ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡས་པར་མི་གཡོ་མགོན་པོ་བསམ། །དེ་ནས་བུམ་པ་ལག་པ་གཡོན་པར་བཞག །ཧཱུྃ། བདེ་གཤེགས་ཕྲིན་ལས་མྱུར་མགྱོགས་ཐུགས་རྗེ་ལས། །རིག་སྔགས་བདག་པོ་ལོག་འདྲེན་ཀུན་འདུལ་བ། །ཕྱག་ན་རྡོ་རྗེ་གཏུམ་དྲག་རྔམས་པའི་ལྷ། །ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡོན་པར་ཕྱག་ན་རྡོ་རྗེར་བསམ། །དེ་ནས་བུམ་པ་དཔུང་པ་གཡས་པར་བཞག །ཧཱུྃ། བདེ་གཤེགས་ཀུན་གྱི་ཕྲིན་ལས་རྒྱ་མཚོ་ལས། །རྟོག་པ་འཕང་གཅོད་ཐབས་ཀྱི་རང་བཞིན་ཏེ། །གཤོག་པ་གཡས་པར་རྣམ་རྒྱལ་ཐབས་སུ་ཤར། །ཕྲིན་ལས་རྒྱ་མཚོའི་འགྲོ་དོན་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡས་པར་རྣམ་པར་རྒྱལ་བ་བསམ། །དེ་ནས་བུམ་པ་དཔུང་པ་གཡོན་པར་བཞག །ཧཱུྃ། བཀའ་གསང་རྨད་བྱུང་བདེ་གཤེགས་ལས་མཛད་པ། ཁམས་གསུམ་རྣམ་རྒྱལ་ཉོན་མོངས་བདུད་ལས་རྒྱལ། །གཤོག་པ་གཡོན་པ་ཤེས་རབ་ངང་དུ་ཤར། །ལྟ་བ་དབྱིངས་ལ་སྤྱོད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡོན་པར་ཁམས་གསུམ་རྣམ་པར་རྒྱལ་བ་བསམ། དེ་ནས་ལག་པ་གཡོན་གྱི་སོར་མོའི་སྟེང་དུ་བུམ་པ་བཞག་ལ། ཧཱུྃ། གདུག་པའི་ཀླུ་རྣམས་དབང་དུ་སྡུད་པ་དང་། །ཡེ་ཤེས་སྤྲུལ་པས་གདུག་པ་འཇོམས་པའི་ཕྱིར། །རིགས་ལྔའི་ཁྱུང་ཆེན་ལྔ་ཡི་སྐུ་རུ་ཤར། །ཕྲིན་ལས་ཀླུ་དང་གདུག་པ་འདུལ་བའི་དབང་ཐོབ་ཤོག །ཨོཾ་པ་ཧྲི་ཏ་ག་རུ་ཎ་ཧཱུྃ་ཕཊ་ཨཱཿ སོར་མོ་ལྔའང་བྱ་ཁྱུང་ལྔར་བསྒོམ། དེ་ནས་བུམ་པ་མགོ་ཐོག་ཏུ་བཞག་ལ། ཧཱུྃ། བདེ་གཤེགས་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ཀུན་གྱི་གཙོ་མཆོག་རྒྱལ་བ་ལྔ། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས་པ་ཡིས། །ཡེ་ཤེས་ལྔ་ལྡན་སྐུ་ལྔའི་དབང་ཐོབ་ཤོག །ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཨཱཿ ཞེས་དབུ་ལ་རིགས་ལྔས་བརྒྱན་པར་བསམ། དེ་ནས་རྟ་མགོས་མངའ་གསོལ་བ། ཧཱུྃ། དབང་གི་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །སྐུ་གསུང་ཐུགས་ལ་མྱུར་དུ་རྫོགས་པའི་སྐུ། དྲེགས་པ་དབང་སྡུད་ཁྲོ་ཚོགས་ཟིལ་གྱིས་གནོན། །རྟ་སྐད་རྔམ་པའི་དབང་མཆོག་ཐོབ་པར་ཤོག །གྷོ་ར་ཧྲི་ཧཱུྃ་ཨཱཿ དེ་ནས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་མངའ་གསོལ་བ། ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་། །ཞིང་ལྤགས་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་གི་པགས་པའི་ཤམ་ཐབས་ལྡན་པ་དང་། །ཐོད་པའི་ཕྲེང་བས་འཁོར་བ་འདྲེན་པ་དང་། །སྦྲུལ་གྱི་ཆུན་པོས་གདུག་པ་སྒྲོལ་བ་དང་། ཁྲག་ཞག་ཐལ་ཆེན་མཁའ་འགྲོ་སྡུད་པ་དང་། །དུར་ཁྲོད་ཆས་བརྒྱད་སྐུ་ལ་དབང་བསྐུར་བས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང་། ཁྲོ་ཚོགས་ཐམས་ཅད་དགྱེས་པ་སྐྱེད་པ་དང་། །བདུད་དང་དགྲ་བགེགས་མ་ལུས་འདུལ་བར་ཤོག །མ་ཧཱ་ཀྲོ་དྷ་ཧཱུྃ་ཨཱཿ དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསམ། དེ་ནས་ཕུར་པ་ལག་ཏུ་གཏད་ལ། ཧཱུྃ། ཡེ་ཤེས་རྟ་མགྲིན་ཁྲོ་བོའི་འགྱིང་ཕུར་འདི། །པདྨ་དབང་ཆེན་སྐུ་ཡི་རྟེན་ཡིན་པས། ཁྲོ་འགྱིང་བརྗིད་པས་གདུག་པ་འདུལ་བར་བྱེད། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །བཏབ་པ་ཙམ་གྱིས་སྲིད་གསུམ་རྡུལ་དུ་རློག །སྐལ་ལྡན་རིགས་ཀྱི་བུ་ཡིས་བཟུང་བར་བྱ། །པདྨ་དབང་ཆེན་རྒྱལ་པོས་བྱིན་གྱིས་རློབས། །ན་མོ་བུདྡྷཱ་ཡ། ཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷེ་ཙནྡྷེ། ཙནྡྷེ་ནཱ་ག་བྷནྡྷ་ཡ་ཧཱུྃ་ཕཊ་ཕཊ། ཅེས་ཕུར་པ་དབང་ཆེན་དུ་བྱིན་གྱིས་བརླབས་ལ་སྦྱིན་ནོ། །དེ་ནས་སྔགས་བཟླས་ལ་དབང་བསྐུར་བ། ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཡི། །དྲག་སྔགས་ཟབ་མོ་གདུག་པ་འདུལ་བ་འདི། །བཟླས་པ་ཙམ་གྱིས་བདེ་གཤེགས་ཀུན་དང་ཉེ། །བསྒྲུབས་པར་གྱུར་ན་སྔགས་ཀྱི་དངོས་གྲུབ་ཐོབ། །བཏབ་པར་གྱུར་ན་དགྲ་བགེགས་རྡུལ་དུ་རློག །རིགས་ཀྱི་བུ་ཁྱོད་ཀྱིས་ནི་སྒྲུབ་པར་གྱིས། །དྲག་སྔགས་གསུང་གི་སྙིང་པོའི་དབང་ཐོབ་ཤོག །སྒྲུབ་པའི་ཆོས་ལག་ཏུ་གཏད་ལ་བྱིན་རླབས་མཐུ་དང་ལྡན་པར་བསམ། དེ་ནས་གཏོར་མས་དབང་བསྐུར་བ་གཏོར་མ་སྤྱི་བོར་བཞག་པར་བྱ། ཧཱུྃ། རྨད་དུ་བྱུང་བ་དཔལ་གྱི་གཏོར་ཆེན་འདི། །དབང་ཆེན་ཁྲོ་ཚོགས་ཐུགས་དམ་བསྐང་བ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར། །རྨད་བྱུང་མཆོད་པའི་གཏོར་མས་དབང་བསྐུར་བས། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བར་ཤོག །མ་ཧཱ་བ་ལིན་ཏ་ཧཱུྃ་ཁཱ་ཧི། གཏོར་མ་ལག་ཏུ་གཏད་པར་བྱ། །ཡིད་ཀྱིས་དམ་བཅའ་བཏང་དུ་གཞུག །དེ་ནས་སློབ་མས་ཕྱག་བྱས་ལ། །རྡོ་རྗེ་སློབ་དཔོན་མཆོད་པའི་ཕྱིར། །ཡོན་དང་འབུལ་བའི་མེ་ཏོག་ནི། །མཉེས་པ་ཆེན་པོར་འབུལ་བར་བྱ། །གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། །འདི་ལྟར་བྱིན་རླབས་དབང་བསྐུར་ན། །སློབ་མ་བྱིན་རླབས་མཐུ་ལྡན་ཞིང་། །སྔགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །སློབ་དཔོན་པདྨས་མཛད་པ་རྟ་མགྲིན་བདེ་གཤེགས་འདུས་པའི་བྱིན་རླབས་ཀྱི་དབང་གི་ཆོ་ག་རྫོགས་སོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། འགྲོ་ཀུན་སྨིན་ལམ་དབང་ཡིན་པས། །ཐོག་མར་དབང་གི་ལམ་ཟབ་འདི། །བླ་མ་དག་ལས་ཐོབ་བྱས་ན། །དངོས་གྲུབ་མཆོག་རྣམས་འགྲུབ་བོ་ཀྱེ། ༈ །རྒྱ་གར་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས། དབུས་ཀྱི་བསམ་ཡས་བཞེངས། མངའ་གསོལ་རབ་གནས་མཛད་པའི་དུས་སུ། བྲག་དམར་པོ་འོམ་བུའི་ཚལ་དུ། གུ་རུ་ལ་རྗེས་དར་དང་ཟ་འོག་གདན་དུ་བཏིང་། གསེར་སྐྱོགས་དང་དངུལ་སྐྱོགས་སུ་འབྲུ་ཆང་དང་འབྲས་ཆང་གིས་བཀང་ནས་དྲངས་ཏེ་ཞུས་པ། སློབ་དཔོན་ཆེན་པོ་མངོན་པར་ཤེས་པ་དང་ལྡན་པ། མ་འོངས་པ་མཁྱེན་པ་ལགས་ཏེ། དུས་ཀྱི་ཐ་མ་ལ་ས་བདག་དང་ཀླུ་གཉན་དར་བས། ནད་དུ་མཛེ་དང་ཤུ་བ་ཞེས་པ་འཕྲལ་དུ་ཐུ་ལ་གསོ་དཀའ་བ། འདི་ལ་སྲུང་བ་ཅི་མངའ་ཞེས་ཞུས་པས་གུ་རུས་བཀའ་བསྩལ་པ། ཉིད་ཀྱིས་གསུངས་པ་ལྟར། ས་བདག་ཀླུ་གཉན་འདི་རྒྱུ་དུག་ལྔ་ལས། འདོད་ཆགས་ཤས་ཆེ་བས། ཐེག་པ་དགུ་ལས་ཀྲི་ཡའི་ཐེག་པ་ལས་གོལ། སྡོང་ནི་ལྷ་སྲིན་སྡེ་བརྒྱད་དང་བསྡོངས། རྫུ་འཕྲུལ་ནི་ཤིན་ཏུ་ཆེ། གནས་ནི་ས་ཆུ་རྡོ་བྲག་ཤིང་ལ་མི་ཡུལ་ན་གནས། རིགས་ནི་མི་དང་ཆ་མཐུན་པས། རྒྱལ་རིགས། བྲམ་ཟེའི་རིགས། རྗེ་རིགས། དམངས་རིགས། གདོལ་པ་ཅན་གྱི་རིགས་དང་ལྔའོ། །ནད་ནི་ལྔ་གཏོང་། མི་དང་གནས་གཅིག་པས་ལས་ཉེས་ལེགས་ཀུན་ལ་ཅི་བྱས་ཀྱང་ཁོ་ལ་ཐུག །འགྲས་པ་སླ་ལ་བསྡུམ་པ་དཀའ་བས་ཐབས་མང་པོས་འཕྲལ་ལ་ཕན་པ་སྣ་རེ་ཙམ་ལས་མི་འོང་བས། དེ་དག་གིས་ཅི་བྱས་ཀྱང་མི་ཚུགས་པ། བདེ་གཤེགས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་འདྲིལ་བ། ལྷ་སྲིན་སྡེ་བརྒྱད་གཅུད་ལ་བོར་བ། དྲེགས་པ་ཀུན་སྒྲོལ་ཞེས་བྱ་བ་འདི་ཐུགས་ལ་བཞག་འཚལ་ལོ། །ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི།་་ཡུམ་ཐམས་ཅད་འདུས་པ་དང་དབྱིངས་ཕྱུག །བཛྲ་པཱ་ཎི།་་ཕྱག་ན་རྡོ་རྗེ། ཀཱི་ལ་ཡ།་་ཕུར་པ། ཡ་མ་་གཤིན་རྗེ། མ་ཧཱ་ཡཀྵ་་སྲིན་པོ། ཀཱ་ལ་རཱུ་པ།་་གཟུགས་ཐམས་ཅད། ཀརྨ་རཾ་རཾ་་ཡུམ་གྱི་ཕྲིན་ལས། ཛྭ་ལ་རཾ་ཧཱུྃ་ཕཊ༔་་་དེ་དག་གི་འོད་ཟེར། ནཱ་ག་མན་ཆད་ལྷ་དེ་རྣམས་ཀྱི་ཕྲིན་ལས་ཡིན་གསུང་།་་ནཱ་ག་དུན་ཙན་དྷེ་ཙན་དྷེ་མི་ལི་མི་ལི་ཧཱུྃ་ཕཊ། ཅེས་བསྙེན་པ་མི་ཚིག་གིས་བར་མ་ཆོད་པར་འབུམ་བཟླའོ། །རཾ་ཞེས་པས་རང་གཞན་གཉིས་ཀ་བསྲེག་ཅིང་མི་དམིགས་པར་བསམ། རང་གི་ཉོན་མོངས་པ་སྦྱངས་ཏེ། དེ་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱའོ། །རྟེན་འབྲེལ་རྫས་ཀྱི་སྲུང་བ་ནི། །གུ་གུལ། གླ་རྩི། ཤིང་ཀུན། མི་ཁྱི་རའི་ཁྲག་དང་གསུམ། བཙན་དུག །སྤྱང་དུག །བོང་ང་གསུམ། ཐལ་ཆེན། ཐོག་ལྕགས། རྨ་བྱའི་སྒྲོ། ཡུངས་དཀར་ནག །སྤྱང་ཁྲག་ཕག་པའི་མཆེ་སྡེར་གསུམ། ལྕགས་ཟངས་སྨྱུག་དོང་ནང་དུ་གཞུག །གོང་གི་ཚད་དུ་བཟླའོ། །ཕོ་མོ་གང་རུང་ཁྲི་ཚོ་རེ། །གཞོན་ནུ་རྣམས་ལ་སྟོང་ཚོ་རེ། །ཞོ་ཆང་རྣམས་ལ་ཉི་ཤུ་གཅིག །བསྐལ་པའི་མེ་དཔུང་འབར་བར་མཐོང་། །སྡེ་བརྒྱད་གང་དང་ཟློ་མི་སྲིད། །ནུས་པ་བསམ་གྱིས་མི་ཁྱབ་སྟེ། །ཀླུ་དང་ས་བདག་སྨོས་ཅི་དགོས། །རང་གཞན་ཉེས་པ་བསལ་བ་དང་། །ཧོམ་ཟོར་སྦྱིན་སྲེག་མནན་གཏད་དང་། །དབབ་བཅད་སྨྱོ་འབོག་འདུལ་བ་དང་། །དྲེགས་པ་ཕོ་མོ་འདུལ་བ་དང་། །ནང་རྒྱས་བྱེད་པའི་མི་རྣམས་ལ། །རང་ལ་ཅི་རི་འདི་ལ་རི། །སྲ་བ་རྡོ་ལ་རྣོ་བ་མཚོན། །མགྱོགས་པའི་རྟ་ལ་སྲུང་བའི་མཁར། །འཇིགས་པའི་སྐྱབས་ལ་ཉེན་པའི་རྟེན། །ངན་སྦྱོར་གདུག་པའི་སྲུང་བ་ནི། །ཤི་ཐེབ་གཅིག་ལས་མང་ས་རེ། །བྱིན་རླབས་བསམ་གྱིས་མི་ཁྱབ་བོ། །ཞེས་བཀའ་བསྩལ་པས་རྗེས་སུ་ཡི་རང་སྟེ་བེར་ཤ་བ་ཅན་དང་། ཟ་འོག་གི་ཐུལ་བ་སྐུ་ལ་གསོལ་བས། དེ་ནས་སློབ་དཔོན་གྱིས་རྗེ་ལ་གདམས་པ། རྒྱལ་པོ་ཆེན་པོ་ལགས། སྲུང་བ་འདི་ནི་གསོད་པ་བས་སྡིག་པ་ཆེ་བས་གསང་ངོ་། །ཅི་སྟེ་ཞེ་ན། ལྷ་སྲིན་སྡེ་བརྒྱད་ཀུན་སྐྲག་ཅིང་འབྱུང་པོ་ཀླུ་གཏན་བརླག་ལ་འགྲོའོ། །དེའི་ཕྱིར་ཤིན་ཏུ་གསང་། གབ་བོ་ྀཨཚ། ༈ བཅོམ་ལྡན་འདས་ཐམས་ཅད་འདུས་པ་ལ་ཕྱག་འཚལ་ལོ། །ཀླུ་དང་ས་བདག་གཉན་ལ་སོགས། །གཉེན་པོའི་དྲག་སྔགས་འདི་བརྗོད་དོ། །ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི། བཛྲ་ཀཱི་ལ་ཡ། མ་ཧཱ་ཡཀྵ། ཀརྨ་རཾ་རཾ། ཛྭ་ལ་རཾ་ཧཱུྃ་ཕཊ། ཁྱད་པར་ཀླུ་འདུལ་བ་ལ། ནཱ་ག་དུན་ཙན་དྷེ་ཙན་དྷེ། མི་ལི་མི་ལི། བནྡྷ་བནྡྷ། ནཱ་ག་ནཱ་ག་སྭཱ་ཧཱ། ཞེས་བརྗོད་དོ། །སྒྲུབ་པ་པོའི་རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཅིག་བསྐྱེད། བོལ་གོང་དུ་རཾ་ལས་མེ་བྱུང་། དེས་བུད་ཤིང་ལྟ་བུར་བསྐྱེད། དེ་ནས་ལུས་ཐམས་ཅད་གཡོ་ཞིང་འགུལ་ཙམ་ན་གཉེན་པོ་གང་ཡིན་པའི་ཏིང་ངེ་འཛིན་གསལ་བར་བསྒོམས་ལ། སྔགས་ཀྱི་འོད་ཟེར་ཡང་མེ་རུ་བསམ་ཞིང་བཟླས་པ་དྲག་ཏུ་བྱའོ། །དེ་ལྟར་བྱས་ནས་བསད་ན་ལྷ་ཡང་གསོད། བཟློག་ན་བདུད་ཀྱང་ཟློག་གོ །བཅད་ན་འབྲུག་ཀྱང་ཆོད། བཟུང་ན་གློག་ཀྱང་ཟིན་ནོ། །ས་བདག་ཀླུ་གཉན་ལ་སྨོས་ཅི་དགོས། ཆུ་བསྲུང་ན་སེང་ལྡེང་གི་ཕུར་པ་ལ་ཅོད་པན་ནག་པོ་བཏགས་ལ། ཆུ་གང་བྱུང་ལ་གདགས་སོ། །སེར་བ་བསྲུང་ན། ཡུངས་དཀར་ནག་གཉིས་སྔགས་པ་ནུས་པ་ཅན་ཤི་བའི་ཐལ་བ་ལ་བྱའོ། །བསྒྲུབས་ཤིང་སྣོད་དུ་ཚགས་བྱས་ལ། སེར་བ་གང་དབབ་སར་གཏོར་རོ། །ྀཨཚ། ༈ དེ་ནས་གཏོར་མའི་ལས་རྣམས་ནི། དངུལ་ལ་སོགས་པའི་སྣོད་དུ། མར་དང་། ཐུད་དང་། འོ་མ་དང་། མངར་གསུམ། འབྲས་ཆན། འབྲུ་སྣ་ཚོགས། ཉ་བཙོས་ཞོ་ལ་སོགས་པ་དང་། ཁྲག་སྣ་ཚོགས་པས་བཀང་བྱས་ལ། །སྣོད་དེ་པཾ་ལས་པདྨར་བསམ། ཨོཾ་ཨཱཿཧཱུྃ་གསུམ་གྱི་བྱིན་གྱིས་བརླབས་ལ། བདུད་རྩི་ཁ་དོག་དམར་པོར་གྱུར། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། །ཕབ་སྟེ་གཉིས་སུ་མེད་པར་བསྲེ། །མགྲོན་རྣམས་བཀུག་ལ་མཁའ་ལ་བཞག །ཨོཾ་ཨཱཿཧཱུྃ་སརྦ་ཡཀྴ་བ་སུ་དྷ་ར། རཀྴ་སརྦ་པ་ཤཾ་བུདྡྷ། ཨིནྡྲ། ས་མ་ཡ། ཨཱི་ཤ་ན་བ་ལིཾ། ཁཱ་ཧི་ཁཱ་ཧི། ཞེས་པས་དབུལ་ལོ། །ྀཨཚ། གཉེན་པོའི་རྫས་ལུས་ལ་བཅང་ངོ་། །ཡིག་འབྲུའི་རྫས་ལུས་ལ་བཅངས་ན། ཀླུ་འབྲོས་ཤིང་དངངས་པ་དང་། བྲེད་ཅིང་བརྒྱལ་བར་འགྱུར་རོ། །རྫས་ནི་རྨ་བྱའི་མདོངས་དང་། འབྲས་བུ་གསུམ་དང་། ཁྲག་གསུམ་དང་། ཐལ་ཆེན་དང་། དུག་སྣ་དང་། གླ་རྩི་དང་། བྱ་ཤིང་དེ་རྣམས་གཅིག་ཏུ་བསྲེས་ལ། དུང་ཟླུམ་དུ་བླུགས་ལ་བཅང་ངོ་། །ཡིག་འབྲུ་རྫས་ལ་སྨིན་པར་བྱ། །གཉེན་པོ་སྔགས་ཀྱིས་གྲོལ་བར་བྱ། །དངོས་སུ་སོར་བཅུའི་ཚད་དུ་བྱ། །སྔགས་ཀྱིས་བཏབ་ལ་རང་ལུས་བསྲུང། །དེས་ནི་ཀླུ་རྣམས་སྔར་བཞིན་འབྲོས། །དེ་ནི་རང་གི་མན་ངག་གོ །གཉེན་པོའི་རྫས་སོ། །གླ་རྩི། ཉ་མཁྲིས། གུ་གུལ། ཤུ་དག །ཤིང་ཀུན། ཕག་ཚིལ་དང་སྦྱར་ལ། ལུས་ལ་བྱུག་པའི་རྫས་སོ། །འཁོར་བསྲུང་ན་དོང་བུ་སོར་བཞི་པའི་ནང་དུ་བྱ། འབྲས་བུ་གསུམ། ཁྲག་སྣ་གསུམ་བྱུགས་ལ། དོང་བུ་རྒྱུ་རང་ཉིད་ཀྱིས་དཀྲིས་ལ། དཀྱིལ་འཁོར་གསུམ་ནས་བཏོན་པའི་ཚོན་སྐུད་གསུམ་གྱིས་དཀྲིས་ཏེ། མལ་ལམ་སྔས་ཀྱི་འོག་ཏུ་སྦའོ། །འཁོར་དང་ཕྱུགས་སྲུང་བའོ། །འབྲང་རྫི་མོ་དང་འདྲའོ། །ྀཨཚ། ༈ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འགྲོ་བའི་སྡུག་བསྔལ་སེལ་མཛད་ཅིང་། །དབང་གིས་གདུག་པ་འདུལ་མཛད་པའི། ཁྲོ་མཆོག་དེ་ཡི་དྲག་སྔགས་ནི། །ཨོ་རྒྱན་པདྨ་བདག་གིས་ཀྱང་། །གལ་པོ་ཆེ་ཡི་རྒྱུད་དག་ལས། །བཏུས་ཏེ་དྲག་སྔགས་དག་ཏུ་བཀོད། །དེ་ཡི་བསམ་རྒྱུད་བསྟན་པ་ནི། །དང་པོ་སྟོང་ཉིད་བྱང་ཆུབ་སེམས། །དམིགས་པ་མེད་པར་བསྒོམ་པར་བྱ། །དེ་ནས་སྙིང་རྗེ་བསྐྱེད་དེ་བསྒོམ། །ཡོངས་ལ་ཁྱབ་པར་བསྒོམ་པར་བྱ། །དེ་ཡི་ངང་ལས་རང་སེམས་ནི། །ཡི་གེ་ཧྲཱིཿརུ་བསམ་པར་བྱ། །ཧྲཱིཿདེ་འོད་དུ་ཞུ་བ་ལས། །འོད་ཀྱིས་འཇིག་རྟེན་ཁམས་བཀང་སྟེ། །གདོན་གདུག་ཐམས་ཅད་བསྲེག་པར་བསམ། །དེ་ལས་འོད་ཟེར་ཚུར་འདུས་པས། །ཕྱག་མཚན་དབང་དུ་གྱུར་པར་བསམ། །སྣང་སྲིད་འབྱུང་བ་ཐམས་ཅད་ཀྱང་། །གཞལ་ཡས་ཁང་དུ་རྫོགས་པར་བསམ། །གདན་དུ་དྲེགས་པ་ཐམས་ཅད་བཏིང་། །སེང་གེ་པདྨའི་གདན་སྟེང་དུ། །དབང་གི་རྒྱལ་པོའི་སྐུ་བསྒོམ་སྟེ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་ཡིས། གདུག་པ་འདུལ་བའི་སྟབས་སུ་བཞུགས། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །སྤྱི་གཙུག་རྟ་མགོ་ལྗང་གུ་འཚེར། །དབང་དུ་སྡུད་པའི་ཚུལ་དུ་བཞུགས། །གཡས་དཀར་གཡོན་ལྗང་དབུས་དམར་གསུམ། །སྐུ་གསུམ་རྫོགས་པའི་ཚུལ་དུ་བཞུགས། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག །ཕྱག་མཚན་གཞན་དང་མཐུན་པ་འོ། །ཞབས་བཞི་ཡེ་ཤེས་བཞི་དང་ལྡན། །སྐུ་མདོག་པདྨ་རཱ་ག་འདྲ། །མ་ཆགས་སྐྱོན་གྱིས་མ་གོས་པའི། །རིགས་ཀྱི་བདག་པོ་སྣང་མཐའ་ཡས། །ལྗགས་ཀྱི་སྟེང་དུ་གནས་པར་བསྒོམ། །ཐུགས་ལ་ཡེ་ཤེས་སེམས་དཔའ་བསྒོམ། །གཤོག་པ་རྣམ་པར་རྒྱལ་བར་བསྒོམ། །དཔལ་ལྡན་རྡོ་རྗེ་གཞོན་ནུ་ནི། །སྐུ་གསུང་ཐུགས་དང་བ་སྤུའི་བུ་ག་དང་། །ཡ་མཱནྟ་ཀའི་ཁྲོ་བོ་ནི། །དཔྲལ་བའི་མཛོད་སྤུ་དག་ཏུ་གནས། །ཕྱག་གི་འཕྲོ་འདུ་དག་ལ་ནི། །ཕྱག་ན་རྡོ་རྗེ་ཁྲོ་བོར་བསྒོམ། །ཕྱག་གཡས་མི་གཡོ་མགོན་པོར་བསམ། །གཡོན་པ་ཕྱག་ན་རྡོ་རྗེར་བསམ། །ཕྱག་སོར་ཞབས་ཀྱི་མཐེ་བོང་ལས། །སྤྲུལ་པའི་བྱ་ཁྱུང་འགྱེད་པ་པོ། །བདེ་གཤེགས་ལྷ་ཚོགས་ཐམས་ཅད་ནི། །དབང་ཆེན་སྐུ་ལ་རྫོགས་པར་བསྒོམ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །པདྨ་བནྡྷ་ཧྲཱིཿགབ། གཉིས་སུ་མེད་པར་རབ་གཟུད་དེ། །ཛཿཧཱུྃ་བཾ་ཧོཿས་བསྟིམ་པར་བྱ། །རྩ་བའི་མཆོད་སྔགས་གདགས་པར་བྱ། །གཏོར་མ་རྒྱུན་དུ་སྦྱིན་པར་བྱ། །ཐོག་མར་བདག་ལུས་སྲུང་བ་ནི། ཧྱ་གྲཱི་བ་ཧྲཱིཿགབ། བ་མོ་དྷ་ར་ཧྲཱིཿགབ། པདྨ་དྷ་ར་ཧྲཱིཿགབ། ཙནྡྷ་རཀྵ་ཧྲཱིཿགབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གནས་ལྔ་དག་ཏུ་བསྲུང་བར་བྱ། །དབང་གི་རྒྱལ་པོའི་སྙིང་པོ་ནི། ཁམས་གསུམ་ཐམས་ཅད་དབང་དུ་བསྡུ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ རྩ་བའི་སྔགས་འདི་རྒྱུན་ཆད་མེད་པར་གདོན་པར་བྱའོ། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་འདུས་པའི་སྔགས། །སྤྱི་རུ་འདྲིལ་བའི་དྲག་སྔགས་འདི། །མི་ཚིག་གིས་བར་མ་ཆོད་པར། །འབུམ་ཕྲག་གསུམ་དུ་གདོན་པར་བྱ། །སྔགས་ནི། ཨོཾ་པདྨ་ཀྲོ་དྷཱི་ནས། མི་ལའི་སྔགས་ཀྱི་ཤམ་བུར་བནྡྷ་བནྡྷ་ནཱ་ག་ནི་སྭཱ་ཧཱ། ཞེས་པ་ཀླུ་གཟིར་བའི་སྔགས་འདི་མི་ཚིག་གིས་བར་མ་ཆོད་པར་བཟླའོ། །ལས་ལ་སྦྱོར་ཁར་བརྒྱ་བརྒྱ་བརྗོད། སེང་ལྡེང་ཕུར་པ་སོར་བཅུ་གཉིས་པ། དམིགས་པའི་བགེགས་ལ་གདབ་པར་བྱ། དེའི་སྔགས་འདི་བརྗོད་དོ། །ཨོཾ་ན་མོ་བུདྡྷཱ་ཡ། ཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷ་ཙན་དྷ་ཙན་དྷེ། ནཱ་ག་དྷ་ན་དྷ་ཡ་ཕཊ་ཕཊ། ཕུར་པ་ལ་གདབ་པའི་སྔགས་སོ། །ཧྲཱིཿ རིག་པ་ཡེ་ཤེས་ཉིད་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྐུལ་ཞིང་བསྟོད། ྀཨཚ། ངན་སྦྱོར་གདུག་རྩུབ་སྲུང་བ་འདི། །བདེན་རྫུན་ཉམས་སུ་ལོངས་ལ་ལྟོས། །བྱིན་རླབས་བསམ་གྱིས་མི་ཁྱབ་པོ། །དབང་རྒྱས་དྲག་སྔགས་དྲིལ་བ་འདི། །ཨོ་རྒྱན་པདྨའི་ཐུགས་ལས་ཕྱུང་། །མངའ་བདག་རྒྱལ་པོས་ཡི་གེར་བཀོད། །བགེགས་ཀྱི་སྲུང་བ་མཐར་ཐུག་པ། །འདི་བས་ལྷག་པ་ཡོད་ན་ན་ར་ཀན། །གསང་བའི་དྲག་སྔགས་འདི་ལྟ་བུ། །གཞན་དུ་སྤེལ་ན་དམ་ཚིག་ཉམས། །ཀུན་ལ་མི་སྤེལ་བཅང་ངོ་། །ྀཨཚ། དེ་ནས་སློབ་དཔོན་གྱིས་མངའ་བདག་རྒྱལ་པོ་ལ་གདམས་པ། རྗེ་ལྷ་གཅིག་ལགས། སྲུང་བ་འདི་ནི། བསད་པ་བས་སྡིག་ཆེ་བར་ལགས་པར་གསུངས་པས། མངའ་བདག་རྒྱལ་པོ་ཡི་རང་སྟེ། བེར་ཤ་བ་ཅན་དང་། ཟ་ཐུལ་པདྨ་ཅན་ཕུལ་ནས། སློབ་དཔོན་གྱི་སྐུ་ལ་གསོལ། བདེ་གཤེགས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་དྲིལ་བ། རང་གི་སྙིང་བས་གཅེས་པའི་མན་ངག་འདི། །སྙིང་དང་འདྲ་བའི་བུ་སློབ་ལ། །ལུང་ནོད་བཀའ་རྒྱས་ཐོབས་ལ་བྱིན། །གཅིག་ལ་ནུབ་ཏུ་མ་འཇུག་ཅིག །གཉིས་ལས་མང་དུ་མི་སྤེལ་ལོ། །སྤེལ་ན་དམ་ཚིག་ཉམས་པར་འགྱུར། །དབང་ཆེན་བདེ་གཤེགས་འདུས་པ་འདི། །པདྨ་སཾ་བྷ་ཝ་ཡིས་མཛད། །བདེན་རྫུན་ཉམས་སུ་ལོངས་ལ་ལྟོས། །ཞེས་གསུངས་ནས་ལྷོ་ནུབ་སྲིན་པོའི་མཚམས་སུ་གཤེགས་སོ། །ྀཨཚ། དེ་བས་གོང་དུ་བསྟན་པ་བཞིན་བྱ། གདམས་པ་ཟབ་མོ་སྤིར་གྱི་ཁ་བཞིན་སྡོམས། སློབ་དཔོན་པདྨ་སཾ་བྷ་བས་མཛད་པའི་བདེ་གཤེགས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་དྲིལ་བ་མན་ངག་ཟབ་མོ་རྫོགས་སོ། །ྀཨཚ། འདི་གོང་དུ།་་བདེ་འདུས་རྫས་ཀྱི་ཐེམས་ཡིག་བསྟན་པ་ནི། བསྙེན་པ་ལས་སྦྱོར་སྒྲུབ་པ་གསུམ། །དང་པོ་བསྙེན་པའི་རྫས་བསྟན་པ། །དབེན་ཞིང་དགོན་པའི་གནས་དག་ཏུ། །སྦྱིན་བཏང་གཏོར་མ་བཏང་ནས་ནི། །བཀྲ་ཤིས་ས་ལ་མཎྜལ་བྱ། །མདའ་གང་རྒྱ་ལ་ཕྱག་གང་དཔངས། །བདུད་རྩི་རྣམ་ལྔས་ཆག་ཆག་གདབ། །སྲད་བུ་དམར་པོས་ཐིག་བཏབ་ལ། །དབུས་སུ་ཟླ་གམ་དམར་པོ་བྲི། །མུ་ཁྱུད་གྲུ་ཆད་ཁྱམས་དང་སྒོ །ཕྱི་ཡི་ལྕགས་རི་བཅས་པ་བྲི། །ཟླ་གམ་དམར་པོ་མུ་ཁྱུད་དཀར། །གྲུ་ཆད་ལྗང་ལ་བར་ཁྱམས་ཚོགས། །སྒོ་ནི་རིང་ལ་སྒོ་རྒྱན་ལྡན། །ལྕགས་རི་རྡོ་རྗེའི་ཕྲེང་བས་བསྐོར། །དེ་ལ་མེ་རི་སྣ་ཚོགས་འབར། །དེ་ལྟར་ཚོན་གྱི་རིམ་པ་དབྱེ། །དེ་ཡི་སྟེང་དུ་བསྙེན་པའི་རྫས། །སེང་ལྡེང་ཕུར་པ་ཁྲུ་གང་ལ། །དར་དམར་དག་གི་ཅོད་པན་གདགས། །ཟླ་གམ་དབུས་སུ་གཟུག་པར་བྱ། །གཏོར་མ་རཀྟ་བདུད་རྩི་དང་། །དཀྱིལ་འཁོར་སྟེང་དུ་མཆོད་རྫས་བཤམ། །དེ་ནས་སྒྲུབ་པའི་རྫས་བསྟན་པ། །གུ་གུལ་གླ་རྩི་ཤིང་ཀུན་གསུམ། །མི་ཁྱི་ར་ཡི་རཀྟ་གསུམ། །བཙན་དུག་སྤྱང་དུག་ར་དུག་གསུམ། །ཐལ་ཆེན་ཐོག་ལྕགས་རྨ་བྱའི་སྒྲོ །ཡུངས་དཀར་ཡུངས་ནག་སྐྱེ་ཚེ་གསུམ། །སྟག་སྡེར་གཙོད་ཀྱི་རྭ་རྩེ་དང་། །སྤྱང་ཀི་འཕར་བ་ཁྲ་དང་གླག །ཁ་མཆེ་སྡེར་མོ་ལ་སོགས་པ། །ཟངས་ལྕགས་རྡོ་ཕྱེ་དེ་རྣམས་ནི། །སྨྱུག་དོང་ནང་དུ་བླུགས་བྱས་ལ། །དེ་ལ་དྲག་པོའི་ཐུན་དུ་བསྒྲུབ། །ལས་སྦྱོར་རྫས་རྣམས་བསྟན་པ་ནི། །སྦྱིན་སྲེག་མནན་པ་ཕུར་པ་གསུམ། །ཕུར་པ་སེང་ལྡེང་ཕུར་པ་འོ། །རྟགས་རྣམས་བྱུང་ན་རྫས་ལ་གདབ། །སྦྱིན་སྲེག་དུག་ཤིང་ཚེར་མ་ཅན། །གདུག་པའི་མེ་ལ་བསྲེགས་བྱས་ལ། །མནན་པ་རབས་ཆད་ཐོད་པ་སྟེ། །ལིངྒ་བཅུག་ལ་མནན་པ་བྱ། །དང་པོ་བསྙེན་ཅིང་ལྷ་བསྒོམས་ལ། །དྲག་པོའི་རྫས་ལ་ཐུན་དུ་བསྒྲུབ། །མཇུག་ཏུ་ལས་སྦྱོར་ཕུར་པ་གདབ། །མནན་སྲེག་ལས་ཀྱི་མཇུག་གཅོད་ཡིན། །ྀཨཚ། རྟ་མགྲིན་དབང་ཆེན་ལ་ན་མཿ ལས་སྦྱོར་རྣམ་པ་གསུམ་ཡིན་ཏེ། །ཕུར་པ་སྦྱིན་སྲེག་མནན་པ་འོ། །དང་པོ་ཕུར་པས་བསད་པ་ནི། །གོང་དུ་བསྒྲུབས་པའི་ཕུར་པས་ཏེ། །རྟ་མཆོག་རྒྱལ་པོའི་སྐུར་བསམས་ལ། །གུ་གུལ་དུད་པས་གཟི་བྱིན་བསྐྱེད། །ལག་ཏུ་བླངས་ཏེ་དྲིལ་ནས་ཀྱང་། །གང་ལ་དམིགས་པའི་ལིངྒ་དེའི། །སྙིང་གར་དེ་ནི་གདབ་པར་བྱ། །ན་མོ་བུདྡྷཱ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཙནྡྷ་མི་རི་ལི། ཙན་དྷ་ཙན་དྷ། ཙན་དྷེ་ཙན་དྷེ། ནཱ་ག་བྷནྡྷ་བྷན་དྷ་ཡ། ཕཊ་ཕཊ། དྲག་ཏུ་བཟླས་པས་གཟུགས་ལ་བརྡེག །རླུང་ལ་བཏབ་ན་རླུང་ཡང་བཟློག །ཆུ་ལ་བཏབ་ན་ཆུ་ཡང་བཟློག །རི་ལ་བཏབ་ན་རི་ཡང་ཉིལ། །དགྲ་བགེགས་རྣམས་ལ་སྨོས་ཅི་དགོས། །ཇི་སྲིད་ཕུར་པ་མ་བཏོན་བར། །གང་ལ་བཏབ་པ་ཐར་མི་འགྱུར། །འདི་ལྟར་ཟབ་པའི་དྲག་སྔགས་འདི། །ཀུན་ལ་བསྟན་པར་མ་གསུངས་སོ། །ཕུར་པའི་མན་ངག་གོ །ྀཨཚ། རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་དྲག་པོའི་ལས་ཀ་ལ། །རོ་བསྲེགས་ས་ལ་མཎྜལ་བྱ། །གྲུ་གསུམ་དམར་ནག་དབུས་སུ་བྲུ། །དེ་ཡི་སྟེང་དུ་དུག་ཤིང་ནི། །ཟུར་གསུམ་བང་བ་བརྩིག་པར་བྱ། །སྲེག་རྫས་དུག་ཁྲག་ལན་ཚྭ་དང་། །གཏོར་མ་རཀྟ་འབྲུ་ཆང་རྣམས། །མཆོད་པའི་རྫས་སུ་ཤེས་པར་བྱ། །དགྲ་བགེགས་ལིངྒ་དུག་ཆུ་དང་། །ཡུངས་དཀར་ཡུངས་ནག་ཀེ་ཚེ་རྣམས། །བསད་ཅིང་བསྲེག་པའི་ལས་སུ་བཤད། །དེ་ནས་ཕྲིན་ལས་གཞུང་བསྲངས་ནས། །གོང་གི་ཤིང་ལ་མེ་སྤར་ལ། །མེ་ལྷ་རྟ་མཆོག་བསྐྱེད་པར་བྱ། །མཆོད་པའི་རྫས་ནི་དབུལ་བར་བྱ། །ལིངྒ་དུག་ཆུར་བཅུག་ནས་ཀྱང་། །སེང་ལྡེང་ཕུར་པ་བཏབ་ནས་ནི། །གཏུབས་ཏེ་རྫས་དང་བཅས་པ་དབུལ། །བདེ་གཤེགས་འདུས་པའི་དྲག་སྔགས་ལ། །མཇུག་ཏུ་དམིགས་པའི་མིང་རུས་སྦྱར། །ཆེ་གེ་མོ་ཛྭ་ལ་རཾ། མཱ་ར་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལིངྒ་བརྒྱ་དང་བརྒྱད་དུ་བསྲེག །སྦྱིན་སྲེག་རེ་ལ་སྔགས་ལན་བདུན། །གསུམ་ལས་ཉུང་བར་མི་བྱ་འོ། །དེ་ལྟར་སྦྱིན་སྲེག་ལས་བྱས་ན། །གང་ལ་དམིགས་པ་ཐལ་བར་རློག །སྦྱིན་སྲེག་གི་ལས་བྱང་ྀཨཚ། །མནན་པའི་ལས་ཀྱིས་མཐའ་བསྡུ་བ། །སྦྱིན་སྲེག་བྱས་པའི་ཐལ་བ་བསྡུ། །གང་ལ་དམིགས་པའི་ལིངྒ་དང་། །མིང་རུས་དག་ནི་སྙིང་གར་གཞུག །ཐོད་པ་མཚན་ངན་ནང་དུ་བསད། །ཡང་ན་གྲོ་ག་ཤོག་བུ་ལ། །ལིངྒ་མིང་རུས་བྲིས་ནས་ནི། །ཐ་མ་ཛཿདང་ནན་གྱིས་བསྐོར། །དགུག་གཞུག་དྲག་ཏུ་བྱས་ནས་ནི། །དམར་ནག་སྐུད་པས་རྒྱ་གྲམ་བཅིང་། །རབས་ཆད་ཐོད་པའི་ནང་དུ་གཞུག །རེ་བ་ནག་པོས་ཐོད་པ་དྲིལ། །མཆོད་རྟེན་རྙིང་པའི་འགྲམ་འོག་གམ། །ལྡེར་སོ་རྙིང་པའི་ཞབས་འོག་དང་། །རྒྱ་གྲམ་ལམ་དུ་དོང་བྲུས་ལ། །ཐོད་པར་བཅུག་ལ་དགུག་གཞུག་བྱ། །དུར་ཁྲོད་རྡོ་ལེབ་དག་ལ་ནི། །རྡོ་རྗེ་རྒྱ་གྲམ་རི་རབ་གཟུགས། །རོ་སོལ་གྱིས་བྲིས་དོང་ཁ་བཅད། །བསྐལ་པའི་མཐའ་རུ་ཐར་མེད་བསམ། །རྩ་བའི་སྔགས་ཀྱི་མཇུག་ལ་ནི། །ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ནན། ཆེ་གེ་མོ་མཱ་ར་ཡ་ཛཿནན། །ཞེས་བཟླས་སྟངས་སྟབས་བྲོ་ཡིས་མནན། །བསྐལ་པའི་མཐར་ཡང་གནོད་མི་ནུས། །དྲག་པོའི་ལས་ཀྱིས་མནན་པར་གསུངས། །རྟ་མགྲིན་བདེ་གཤེགས་འདུས་པ་ཡི། །ལས་ཀྱི་མཇུག་ནི་རྣམ་པ་གསུམ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྗེ་གཅིག་ལྷ་སྲས་ཉིད་ལ་གཏད། །ཀུན་ལ་མེད་པས་གཏེར་དུ་སྦོས། །ལས་ཅན་རྣམས་དང་འཕྲད་པར་ཤོག །ལས་ཀྱི་མཐའ་བསྡུ་བ་མནན་པའི་མན་ངག་རྫོགས་སོ། །རྒྱ་རྒྱ་རྒྱ། པདྨ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྲུང་དང་ཟློག་པའི་ལས་རྣམས་ལས། དང་པོ་སྲུང་བ་བསྟན་པ་ནི། །དར་དཀར་ཤོག་བུ་དག་ལ་ནི། །འཁོར་ལོ་རྩིབས་ནི་མུ་ཁྱུད་བཅས། །རྩིབས་དང་རྩིབས་མཆན་རྩ་སྔགས་བྲི། །མུ་ཁྱུད་ཁྱུང་དང་ཀླུ་འདུལ་སྔགས། །དབུས་སུ་གང་བསྲུང་མིང་བྲིས་ལ། །འཁོར་ལོ་དལ་གྱི་སྟེང་དུ་བཞག །སྔགས་ཀྱིས་ལྷ་ཚོགས་བཀུག་ལ་བསྟིམ། །དངོས་སམ་ཡིད་ཀྱིས་པཱུ་ཛ་དབུལ། །དེ་ནས་བལ་ཚོན་སྣ་ལྔ་ལ། །སྔགས་ཀྱི་མདུད་པ་བྱས་ནས་ནི། །ཕོ་མོ་གང་རུང་ཁྲི་ཚོ་རེ། །བྱོལ་སོང་ཞོ་ཆང་བརྒྱ་རྩ་རེ། །སྔགས་ཀྱི་འཁོར་ལོ་བཅས་ནས་གདགས། །བུད་མེད་རྣམས་ལ་ག་ཤལ་བྱ། །བྱིས་པ་རྣམས་ལ་རྒྱབ་ཏུ་གདགས། །སྐྱེས་པ་རྣམས་ལ་མགུལ་དུ་གདགས། །བྱོལ་སོང་རྣམས་ལ་རྐེ་རུ་གདགས། །ཞོ་ཆང་རྡེ་འུ་དཀར་ནག་ལ། །བསྔགས་ལ་ཞོ་ཆང་ནང་དུ་གཞུག །འདི་ལྟ་བུ་ཡི་མན་ངག་འདིས། །སྟོང་ཕྲག་བཅུ་ཡི་བགེགས་རྣམས་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །དུས་མིན་འཆི་བ་བརྒྱད་རྣམས་ཐུབ། །ྀཨཚ། ཟློག་པའི་ལས་ནི་འདི་ཡིན་ནོ། །སྔགས་པ་ནང་རྒྱས་བྱུང་བ་འམ། །བདག་ལ་རྦོད་གཏོང་ཟུག་པ་ན། །རང་གི་སྔས་སུ་འབྲུབ་ཁུང་བྲུ། །དུག་དང་ཁྲག་གིས་ཞལ་ཞལ་བྱ། །གང་འགྲས་རྐང་རྗེས་ས་དང་ནི། །ལྷག་པར་མཆིལ་མ་དོར་བའི་ས། །བླངས་ལ་གཟས་པོའི་ཉ་བོ་བྱ། །སྙིང་གར་མིང་རུས་བཅུག་ནས་ནི། །སེང་ལྡེང་ཕུར་པ་སོར་བརྒྱད་ལ། །སྔགས་བྲིས་བཟླས་ལ་སྙིང་གར་གདབ། །སྟེང་ནས་མཆོད་རྟེན་ནག་པོས་མནན། །བུམ་པར་སྲུང་བའི་འཁོར་ལོ་གཞུག །ཆོ་འཕྲུལ་ཆེ་ན་སྔགས་ཀྱིས་ཟློག །ཆོ་འཕྲུལ་ཆུང་ན་བཞག་ཀྱང་ཆོག །སྔགས་ཀྱི་མཇུག་ཏུ་འདི་ཡང་གདགས། །རྦོད་ཟོར་སརྦ་ཟློག་ཟློག་བྷྱོཿ གང་འགྲས་དྲེགས་པ་ཁོ་རང་གསོད། །ྀཨཚ། གསོ་བའི་ལས་ལ་རྣམ་གཉིས་ཏེ། །ནད་པ་དང་ནི་སྲི་འུ་འོ། །ནད་ཚབས་ཆེ་ན་གསོ་བ་ནི། །གང་ལ་དམིགས་པའི་གདོན་བགེགས་ནི། །བཀུག་ལ་ནད་པའི་ལུས་ལ་བསྟིམ། །རང་ཉིད་དཔལ་གྱི་ཏིང་འཛིན་གྱིས། །དྲག་སྔགས་བཟླ་ཞིང་རྫས་ཀྱིས་བྲབ། །རྔ་མའི་སྐུད་པས་སྲིན་ལག་བསྡམ། །དེ་ནས་བཟུང་ལ་སྒྲིམ་ཞིང་བགྲང་། །ཇི་ལྟ་བུ་ཡང་སྐད་ངན་འདོན། །སྲི་འུ་གསོ་བའི་མན་ངག་ལ། །དང་པོ་སྔགས་དང་འཁོར་ལོ་དང་། །སྲུང་སྐུད་སེང་ལྡེང་ཕུར་པ་རྣམས། །བྱིན་རླབས་བྱས་ལ་གདག་པར་བྱ། ཁྱི་གུ་མིག་མ་བྱེ་བ་ཡི། །ཐོད་པའི་ནང་དུ་ཆུང་སྲི་བྲུབ། །མ་ཡི་མལ་གྱི་འོག་ཏུ་མནན། །རྒྱུན་དུ་སྔགས་ཀྱིས་བསྲུང་བར་བྱ། །ལྷ་ལ་གཏོར་མ་བཏང་བ་དང་། །བགེགས་ལ་གཏོར་མ་བཏང་བར་བྱ། །ཇི་ལྟ་བུ་ཡང་འཚོ་བར་འགྱུར། །སྲུང་ཟློག་གསོ་བའི་ལས་འདི་རྣམས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཁྲི་སྲོང་ལྡེའུ་བཙན་ཕྱག་ཏུ་གཏད། །རྒྱ་རྒྱ་རྒྱ། ལས་ཚོགས་འདི་དག་ཐམས་ཅད་ལའང་། བླ་མའི་མན་ངག་ལྡན་པ་དང་། ཁྱད་པར་ལྷ་ཡི་བསྙེན་པ་དགོས། །གཞན་གྱིས་བསྐལ་པར་འགྲུབ་མི་སྲིད། ཁོ་བོ་ཆོས་དཔལ་བཟང་པོས་ཀྱང་། །བླ་མའི་ཞབས་ལ་ལེགས་གཏུགས་ནས། །མན་ངག་དམར་ཁྲིད་ལྡན་པ་བཙལ། །བློ་ལྡན་དོན་འདི་ཤེས་ན་འགྲུབ། །ཅེས་གསུངས་སོ།། ༈ བདེ་གཤེགས་འདུས་པའི་ལྷ་ལ་ན་མཿ བདེ་གཤེགས་འདུས་པའི་དྲག་སྔགས་འདི། །བདེ་གཤེགས་འདུས་ནས་ངར་དུ་བཏགས། །མན་ངག་བཅུད་ཀྱི་ཉིང་ཁུ་ཡིན། །བདག་ལུས་མེ་སྦར་བ། སེམས་རྣམ་པར་དག་པ། སྤྲོས་པ་དང་བྲལ་བ། ཆོས་སྐུ་བདེ་བ་ཆེན་པོ། ལྟ་བ་གྱད་ཀྱི་ལྷ་ཞེས་བྱ་བ། དེ་ལ་སྔགས་དང་ཡེ་ཤེས་ཀྱི་འོད་ཕར་འཕྲོས་པས་དགྲ་བགེགས་ཐམས་ཅད་བསྒྲལ་ཞིང་བརླག་པར་བསམ་མོ། །ཡེ་ཤེས་ཀྱི་འོད་ཟེར་ཚུར་འདུས་པས་བདག་གི་ལུས་ངག་ཡིད་གསུམ་ལ་ཕོག །ལུས་ཀྱི་དངོས་པོ་དང་། སེམས་ཀྱི་རྟོག་པ་བསྲེགས་སྦྱངས་ནས་དག་པར་བསྒོམ་མོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ། པདྨ་ཀྲོ་དྷཱི་ཤྭ་རི། བཛྲ་ཀཱི་ལི་ཀཱི་ལ། མ་ཧཱ་ཡཀྵ། ཀཱ་ལ་རཱུ་པ། ཀརྨ་རཾ་རཾ་ཛ་ལ་རཾ་ཧཱུྃ་ཕཊ། སརྦ་དུཥྚཱན་ཏྲིག་ནན། ཨེ་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད། སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛཿ སརྦ་དུཥྚཱན་བྷྱོཿ ཤ་ཏྲཱུཾ་ཧུར་ཐུཾ་ཛཿ མཱ་ར་ཡ། དགྲ་བགེགས་དམ་སྲི་ནྲྀ་ཏྲི་རྦད་ཐུཾ། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ། ནཱ་ག་དུ། ཙན་དྷེ་ཙན་དྷེ། མི་ལི་མི་ལི། བྷན་དྷ་བྷན་དྷ། ནཱ་ག་ནི་སྭཱ་ཧཱ། ཧཱུྃ་ཧ་ཧེ། ཕཊ་བྷྱོ། ཧྲྀ་ད་ཡ། མོ་ཧ་ཡ། པྲ་ཧ་ར་ཎ་ཧཱུྃ་ཕཊ། ས་མ་ཡ་ཨ་ཏི་པྲ་མ་ཎི། སྥ་ར་ཎ་བྷྱོཿ ཨ་ལ་ལ་བྷྱོཿ ཨ་ལ་ལ་བྷྱོཿ ཟློག་ཟློག །ཨོཾ་ཨཱཿཧཱུྃ། ཨི་དཾ་བ་ལིཾ་ཏ་སརྦ་པཉྩ་ཨ་མྲིཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། སྔགས་ཀྱི་རིམ་པ་དེ་རྣམས་ལ། །ལས་ཀྱི་རིམ་པ་སོ་སོ་རྣམས། །གང་ཡིན་དབྱེ་བ་ཤེས་པར་བྱ། །བདེ་གཤེགས་འདུས་པའི་དྲག་སྔགས་འདི། །བདེ་གཤེགས་ཐམས་ཅད་འདུས་པ་ཡིན། །སྒྲུབ་པ་བཀའ་བརྒྱད་དྲག་སྔགས་ཡིན། །སེམས་ཉིད་ཆོས་སྐུར་ཤེས་པ་དང་། །ཡེ་ཤེས་མེ་ཡི་འཕྲོ་འདུ་ཡིས། །རིགས་བཞིའི་ཀླུ་རྣམས་འདུལ་བ་དང་། །སྡེ་བརྒྱད་བྲན་དུ་བཀོལ་བ་དང་། །ཆོས་སྐྱོང་ལས་ལ་བསྐུལ་བ་དང་། །བར་གཅོད་བགེགས་དཔུང་གཞོམ་པ་དང་། །བ་ལིཾ་གཏོར་མ་འབུལ་བ་དང་། །ཡེ་ཤེས་མེ་ཡི་འཕྲོ་འདུ་ཡིས། །རྣལ་འབྱོར་སྒྲིབ་པ་བསྲེག་པ་རྣམས། །དྲག་སྔགས་རྒྱལ་པོ་འདི་ཡིས་འགྲུབ། །སྔགས་ནི་འབུམ་དང་བྱེ་བ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རྟགས་ནི་འོད་དང་སྒྲ་དང་དྲི། །དངོས་སུ་འབྱུང་བར་ཐེ་ཚོམ་མེད། །ཕྱི་མ་རིག་འཛིན་ཐོབ་པར་འགྱུར། །སྔགས་ཀྱི་དམ་པ་དྲག་སྔགས་འདི། །ལས་ཅན་གཅིག་དང་འཕྲད་པར་ཤོག །བདེ་གཤེགས་འདུས་པའི་དྲག་སྔགས་རྫོགས་སོ། །ས་མ་ཡ། གཏེར་རྒྱ། གཏད་རྒྱ། ༈ བདེ་གཤེགས་འདུས་པའི་ལྷ་ལ་ན་མཿ བདེ་གཤེགས་འདུས་པའི་དྲག་སྔགས་ལ། །ལས་ཀྱི་རིམ་པ་རྣམ་བརྒྱད་དེ། དྲག་སྔགས་བསྙེན་པ་བསྐྱལ་བ་དང་གཅིག །རྣལ་འབྱོར་པའི་སྒྲིབ་པ་སེལ་བ་དང་གཉིས། ཆོས་སྐྱོང་ལས་ལ་བསྐུལ་བ་དང་གསུམ། སྡེ་བརྒྱད་བྲན་དུ་བཀོལ་བ་དང་བཞི། རིགས་བཞི་ཀླུ་གཉན་འདུལ་བ་དང་ལྔ། གདུག་པ་དགྲ་བགེགས་བསྒྲལ་བ་དང་དྲུག །བར་ཆད་བགེགས་དཔུང་གཞོམ་པ་དང་བདུན། བ་ལིཾ་གཏོར་མ་འབུལ་བ་དང་བརྒྱད། དེ་ལ་དང་པོ་ནི། རྗེས་སུ་དྲན་པ་བཞི་ལས། གནས་རྗེས་སུ་དྲན་པ་ནི། དང་པོ་སྐད་ཅིག་མ་ལས་གནས་གང་ན་འདུག་ཀྱང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ཕྱི་དང་ནང་མེད་པ། མཐའ་དང་དབུས་མེད་པ། ཡེ་ཤེས་ཀྱི་དབྱིངས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ནང་དུ་གསལ་བར་བསྒོམ་མོ། །ལྷ་རྗེས་སུ་དྲན་པ་ནི། བདག་ཉིད་ཐ་མལ་སྤྱི་བོར་རཾ་གཅིག་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ། ལུས་མགོ་མཇུག་ཏུ་ཁྱབ། ལས་དང་ཉོན་མོངས་པ་དང་རྣམ་སྨིན་གྱི་ལུས་བསྲེགས་ནས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོར་གྱུར་པར་བསམ། དེའི་ངང་ལས་སེམས་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུ་བདེ་བ་ཆེན་པོར་བཞག །དེ་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱའོ། །སྔགས་རྗེས་སུ་དྲན་པ་ནི། གོང་ལྟར་གསལ་བ་དང་སྔགས་བཟླས་པས་སྔགས་ཀྱི་ལྷ་ཚོགས་གསལ་ཞིང་། སྔགས་སྒྲ་མ་ཡེངས་པར་སྔགས་ལ་དམིགས་པ་གཏད་དེ་བཟླས་པས། སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་བདག་ལ་དགོངས་པར་བསམ་མོ། །དེ་ནི་སྙིང་པོ་སྔགས་ཀྱི་ལྷ་ཞེས་བྱའོ། །སློབ་དཔོན་རྗེས་སུ་དྲན་པ་ནི་རྩ་བའི་སློབ་དཔོན་གང་ཡིན་པ་འདི་ལྟ་བུ་གནང་བ་བཀའ་དྲིན་ཆེ་སྙམ་དུ་བསམས་ཏེ་རང་གི་སྤྱི་བོར་བསྒོམ་པར་བྱ། དེ་ནི་བར་ཆད་སེལ་བའི་ལྷ་ཞེས་བྱའོ། །རྣལ་འབྱོར་གྱི་སྒྲིབ་པ་སྦྱོང་བའི་དོན་དུ་བཟླས་པ་ནི། བདག་གི་ལྟེ་བར་རཾ་ཞིག་བསམ། རཾ་ལས་མེ་འབར་བས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་ཞིག་འབར་ནས་ལུས་མགོ་མཇུག་ཁྱབ་པས། ལུས་ཀྱི་མི་དགེ་བ་བཅུ་དང་སེམས་ཀྱི་སྒྲིབ་པ་ཐམས་ཅད་བསྲེགས་ནས་ཡེ་ཤེས་ཀྱི་མེས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཁྱབ། ས་རྡོ་རྩི་ཤིང་ནགས་ཚལ་རི་བྲག་གདོས་པ་ཅན་ཐམས་ཅད་བསྲེགས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཁྱབ། བཅུད་ཀྱི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་མེས་བསྲེགས་ནས། ཐམས་ཅད་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུ་བདེ་བ་ཆེན་པོར་བཞག་གོ །ཆོས་སྐྱོང་ལས་ལ་བསྐུལ་བའི་དོན་དུ་བཟླས་པ་ནི། དྲག་སྔགས་ཀྱི་སྒྲས་ལྷ་མ་སྲིན་སྡེ་བརྒྱད་དང་དམ་ཅན་རྣམས་སྟོང་ཁམས་ཀྱི་གནས་ནས་ཤིང་སྐམ་པོ་རླུང་གིས་བསྐྱོད་པ་བཞིན་བྱུང་ནས། སྲོག་གི་སྙིང་པོ་ཐུགས་དམ་གྱི་རྒྱུད་བསྐུལ་ནས་གཟས་པ་པོ་བསྟན་པ་ལ་གནོད་པའི་རུ་དྲའི་ཤ་ཁྲག་ཕུང་པོ་རྡུལ་དུ་བཤིགས་ནས། ཀུན་གཞི་རྣམ་ཤེས་ཀྱི་རྟེན་ཙིཏྟ་འཕར་མ་ཆད་པར་ཁྱེར་ནས། བདེ་བར་གཤེགས་པ་རྣམས་ཀྱི་ཞལ་དུ་བསྟབས་པས། གཟས་པོ་རྒྱལ་བའི་སྲས་སུ་བསྐྱེད་ལ་བཟླའོ། །སྡེ་བརྒྱད་བྲན་དུ་བཀོལ་བའི་དོན་དུ་བཟླས་པ་ནི། ལྷ་མ་སྲིན་སྡེ་བརྒྱད་གནད་ལ་དབབ་པ་ཡིན་ཏེ། དྲག་སྔགས་ཀྱི་སྒྲ་འབྲུག་ལྟར་བཟླས་པས་སྣང་སྲིད་ལྷ་སྲིིན་སྡེ་བརྒྱད་རྣམས་གངས་རི་དུམ་ཆད་པའམ་སྒྲོ་ལྡུམ་ལུང་ཆད་པ་ལྟར་རམ། བྱིས་པ་གཅེར་བུ་ལྷགས་པས་བཏབ་པ་ལྟར། འདར་ཧེད་ཧེད། མིག་ཧྲིག་ཧྲིག །དཔའ་བོ་ཆེན་པོ་ཅི་བགྱི་བཀའ་སྩོལ་ཟེར་ཞིང་། ཅི་བཅོལ་ཉན་པར་བསམས་ནས་བཟླས་ན། དྲེགས་པ་ཅན་གྱི་ལྷ་སྲིན་སྡེ་བརྒྱད་རྣམས་གནད་ལ་ཕེབས་ཏེ་བཀའ་ཉན་པར་འགྱུར་རོ། །རིགས་བཞིའི་ཀླུ་འདུལ་བའི་དོན་དུ་བཟླས་པ་ནི། དྲག་སྔགས་ཀྱི་སྒྲས་ཀླུ་རིགས་བཞི་ལ་སོགས་པ་གནོད་པར་བྱེད་པའི་ཀླུ་གདོན་ཐམས་ཅད་སྔགས་ཀྱི་འོད་ཟེར་མྱུར་བ་གློག་ལྟ་བུ། དྲག་པ་ཐོག་ལྟ་བུས་ཀླུའི་ལུས་དང་གནོད་སེམས་ཐམས་ཅད་གཞོབ་ཏུ་བསྲེགས་ཏེ། ཀླུ་གདོན་ཐམས་ཅད་ཀྱིས་བསྐལ་པར་ཡང་གནོད་མི་ནུས་པར་བསམས་ལ་བཟླའོ། །གདུག་པའི་དགྲ་བགེགས་བསྒྲལ་བ་ནི། སྔགས་ཀྱི་སྒྲས་གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། ལོག་འདྲེན་དམ་སྲི་གསུམ་སོ་སོ་ལ་རང་དབང་མེད་པར་རྡུལ་དུ་བསྲེགས་ནས། གནོད་པའི་མིང་ཡང་མེད་པར་བསམས་ལ་བཟླའོ། །བར་ཆད་ཀྱི་བགེགས་དཔུང་གཞོམ་པ་ནི། བདེ་གཤེགས་འདུས་པའི་དྲག་སྔགས་འདི་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་འདུས་པའི་དྲག་སྔགས་ཡིན་པས། དྲག་སྔགས་ཀྱི་ངར་བཏགས་པས། རལ་གྲི་ལྕགས་སྣ་མང་པོ་འདུས་པ་ལ་ཏིལ་མར་གྱིས་ངར་བཏགས་པ་དང་འདྲ། དྲག་སྔགས་བརྒྱ་པས་ཆོག་གོ །བ་ལིཾ་ཏ་གཏོར་མ་འབུལ་བ་ནི། བྷནྡྷའམ་སྣོད་ཅི་འབྱོར་པར་གཏོར་མའི་རྫས་ཅི་འབྱོར་པར་བཤམས་ལ། ཨོཾ་ཨཱཿཧཱུྃ་གཏོར་མའི་སྟེང་དུ་བསམས་ལ། ཨོཾ་ཨཱཿཧཱུྃ་ཉི་ཤུ་རྩ་གཅིག་བརྗོད་པས་སྣོད་ཀྱི་དངོས་པོ་བྷན་དྷ་སྣོད་ཀྱི་འཇིག་རྟེན་ཙམ་ལ་གཏོར་མའི་དངོས་པོ་བདུད་རྩི་འོ་མ་ལྟ་བུ་བཅུད་ཀྱི་འཇིག་རྟེན་ཙམ་ཁེངས་པར་བསམས་ལ། བཛྲ་ས་མ་ཡ་ཧཱུྃ་ཛཿཧཱུྃ། ཞེས་བརྗོད་པས་ཞི་བའི་ལྷ་ཚོགས་ཐམས་ཅད་མདུན་གྱི་གཡོན་ཕྱོགས་སུ་སྤྱན་དྲངས། ཡོ་ག་ས་མཱ་ཛཿ ཁྲོ་བོ་ཐམས་ཅད་གཡས་སུ་སྤྱན་དྲངས། ཡོ་ག་ས་མཱ་ཛཿ ཞེས་པས་རྡོ་རྗེ་སློབ་དཔོན་དང་། རིག་འཛིན་ཕོ་མོ་དང་། མཁའ་འགྲོ་ཆོས་སྐྱོང་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། རྩ་སྔགས་ལ་གཏོར་སྔགས་བཏགས་ཏེ་ལན་གསུམ་དུ་ཕུལ་བས་སྐུའི་ལྷ་མོ་དཀར་མོ། གསུང་གི་ལྷ་མོ་དམར་མོ། ཐུགས་ཀྱི་ལྷ་མོ་མཐིང་གསུམ་གྱིས་སྐུའི་ལྷ་ཚོགས་ལ་བྷན་དྷ་དཀར་པོ་བདུད་རྩིས་བཀང་ནས་ཕུལ། གསུང་གི་ལྷ་ཚོགས་ལ་བྷན་དྷ་དམར་པོ་རཀྟས་བཀང་ནས་ཕུལ། ཐུགས་ཀྱི་ལྷ་ཚོགས་ལ་བྷན་དྷ་སྔོན་པོ་གཏོར་མའི་བདུད་རྩིས་བཀང་ནས་ཕུལ་བས། བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་པར་བྱས་ནས་ལྷ་ཚོགས་དེ་རྣམས་ཀྱང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ལ་ཐིམ་པར་བསམ་མོ། །དེ་ནས་བདེ་བར་གཤེགས་པ་རྣམས་ཀྱི་དངོས་གྲུབ་རྣམ་པ་མང་པོ་བསྩལ་ཏེ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་མོ། །བདེ་གཤེགས་འདུས་པའི་དྲག་སྔགས་བསྙེན་པ་བསྐྱལ་བའི་དོན་འདི་ཡིན་ཏེ། བདེ་བར་གཤེགས་པ་རྣམས་འདུས་པའི་ངོ་བོ་གང་ལ། ཞི་བ་དང་། ཁྲོ་བོའི་སྐུའི་རྣམ་པ་ཐ་དད་མང་པོ་སོ་སོར་བསྟན་ཀྱང་། སེམས་ཅན་མོས་པ་ཐ་དད་ལ་རྣམ་འཕྲུལ་སྣ་ཚོགས་སུ་བསྟན་པ་ལས། དོན་དམ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་ཏེ། བདེ་བར་གཤེགས་པ་ལ་བཟང་ངན་དང་བླང་དོར་ཡོད་པ་ནི་མ་ཡིན་ནོ། །དེ་ཡང་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ཀྱི་སྙིང་པོ་བདེ་གཤེགས་འདུས་པའི་དྲག་སྔགས་ཀྱི་སྙིང་པོ་འདི། སྒྲུབ་པ་བཀའ་བརྒྱད་འདུས་པའི་ཐུགས་ཀྱི་སྙིང་པོ་ཡིན་པས་འདི་བཟླས་པས་བདེ་བར་གཤེགས་པ་རྣམས་ལ་རང་དབང་མེད་དེ། ཆོས་སྐུ་ལས་གཟུགས་སྐུར་མི་འོང་བའི་དབང་མེད་དོ། །དེ་ཡང་སྐུའི་དངོས་གྲུབ་ཏུ། བདེ་བར་གཤེགས་པའི་ཞལ་མཐོང་བར་འོང་སྟེ། ལས་འཕྲོ་དང་མོས་པའི་དབང་གིས་ཇི་ལྟ་བུ་ཞིག་ཞལ་མཐོང་བའི་ངེས་པ་མེད། བདེ་གཤེགས་གཅིག་གི་ཞལ་མཐོང་ན་ཀུན་གྱི་ཞལ་མཐོང་བ་དང་འདྲ་སྟེ། དེ་ཡང་། བདེ་གཤེགས་གཅིག་བསྒོམས་རྒྱལ་བ་ཀུན་གྱི་ངང་། །ཞེས་སོ། །གསུང་གི་དངོས་གྲུབ་ཏུ། དྲག་སྔགས་ཀྱི་ནུས་པས་བདེ་གཤེགས་ཀྱི་གསུང་ཐོས་པ་དང་། ལུང་སྟོན་པ་དང་། ཆོས་སྟོན་པ་འབྱུང་ངོ་། །ཐུགས་ཀྱི་དངོས་གྲུབ་ཏུ། སེམས་ཉིད་ཕྱིན་ཅི་མ་ལོག་པའི་དོན་མཐོང་བ་དང་། ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་པ་དང་། མ་བསླད་པ་རིག་པ་རང་བྱུང་ཁོང་ནས་འཆར་བར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་བརྒྱད་ཀྱང་འབྱུང་སྟེ། སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ། བྱིན་རླབས་དབང་གི་དངོས་གྲུབ། དྲག་པོ་མཐུའི་དངོས་གྲུབ། བཙན་ཕྱུག་ནོར་གྱི་དངོས་གྲུབ། པུ་ཏྲ་མིའི་དངོས་གྲུབ། འགྲོ་བས་བཀུར་བའི་དངོས་གྲུབ། འཚོ་བ་ཟས་ཀྱི་དངོས་གྲུབ། ཐུན་མོང་དུ་ལས་སྣ་ཚོགས་འགྲུབ་པའི་དངོས་གྲུབ་ཀྱང་འབྱུང་ངོ་། །གཞན་ཡང་ལུས་བདེ་བ་དང་། ཡང་བ་དང་། ལུས་ལ་ནད་མི་འབྱུང་བ་དང་། སྐྲ་དཀར་དང་། གཉེར་མ་མི་འབྱུང་བ་དང་། སེམས་ཉོན་མོངས་པ་ལས་དགྲོལ་བར་འགྱུར། རྟགས་ཀྱང་འོད་ཆེན་པོ་འབྱུང་བ་དང་། སྒྲ་ཆེན་པོ་ཐོས་པ། དྲི་ཞིམ་པོ་འབྱུང་བ་དང་། དེ་གསུམ་རྣམས་མི་འོང་མི་སྲིད་དོ། །རྣལ་འབྱོར་པ་རིག་འཛིན་གྱི་གྲལ་དུ་གཤེགས་པའི་ཚེ་ནའང་། སྐུ་གདུང་དང་། རིང་བསྲེལ་དང་། ལྗགས་ལ་མེས་མི་ཚུགས་པ་འབྱུང་སྟེ། དེ་ནི་ས་ནོན་པའི་རྟགས་སོ། །ཆོས་གཞན་རྣམས་ཀྱིས་བདེ་བར་གཤེགས་པ་ལ་ཕྱོགས་དང་རིས་སུ་བཟུང་ནས་བསྒྲུབས་པས། དེའི་སྐྱོན་གྱིས་འགྲུབ་པར་མི་འགྱུར་ཞིང་གྲུབ་པ་ཐོབ་པ་མི་འོང་བ་ཡིན་ནོ། །འདིའི་དོན་རྟོགས་ཤིང་བསྒྲུབས་ན། རྩོལ་བ་རབ་ཀྱིས་ཚེ་འདི་ལ་ཞལ་མཐོང་སྟེ། གྲུབ་པ་ཐོབ་ནས་སྔགས་ཀྱི་རིག་འཛིན་གྱི་ས་ཐོབ་པར་འགྱུར་རོ། །རྩོལ་བ་འབྲིང་གིས་ལུས་སེམས་བྲལ་ནས་བར་དོ་ལ་རིག་འཛིན་གྱི་ས་ཐོབ་བོ། །ཐ་མས་ཀྱང་ཚེ་ཕྱི་མ་ལ་ལས་འཕྲོ་བླངས་ཏེ། སྐྱེ་བ་རེ་ལས་མི་ཐོགས་པ་ཕྱིར་མི་ལྡོག་པའི་རིག་འཛིན་གྱི་ས་ཐོབ་པར་ངེས་སོ། །གསང་སྔགས་ཀྱི་ཆོས་ལ་བརྟེན་ནས་ཡི་དམ་གྱི་ལྷ་སྒྲུབ་པ་ནི། ཆུ་བོའི་གཞུང་ལ་གྲུ་བརྟེན་ནས་འགྲོ་བ་དང་འདྲ་སྟེ། ཡི་དམ་ལྷའི་ཐུགས་རྗེ་སྲིད་པ་བར་མ་དོ་ལ་ཡང་འཆད་མི་སྲིད། དེ་ཉིད་དུ་བདེ་བར་གཤེགས་པ་རྣམས་ཀྱི་ཞལ་མཐོང་ནས་རིག་འཛིན་གྱི་གནས་སུ་ལུང་སྟོན་པར་འགྱུར་རོ། །བདེ་བར་གཤེགས་པ་ཐམས་ཅད་གཅིག་ཡིན། གཅིག་པོ་སེམས་ལས་བྱུང་། སེམས་ལ་དངོས་པོ་མེད། གཉིས་མེད་ཆོས་སྐུ་སྟོང་པར་གནས། བདེ་བར་གཤེགས་པ་རྣམས་ཀྱི་ཞལ་མཐོང་། མ་བསྒོམ་ཀུན་འགྲུབ་ཡིན། རྣལ་འབྱོར་ལས་འཕྲོ་ཅན་དང་འཕྲད་པར་ཤོག །བདེ་གཤེགས་འདུས་པའི་དྲག་སྔགས་ཀྱི་དགོངས་པ་རྫོགས་སོ། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །ཆོས་སྐྱོང་ལས་ལ་བསྐུལ་བ་ནི། །རབ་ཏུ་དབེན་པའི་གནས་ཉིད་དུ། །དམ་ཅན་སྲོག་གི་འཁོར་ལོ་བཅའ། །དམ་རྫས་གཏོར་མ་བྱིན་ལ་རྦད། །དུར་ཁྲོད་རོ་རས་ཁྲུ་གང་ལ། །ཙཀྲ་རྩིབས་བརྒྱད་བྲི་བར་བྱ། །དབུས་སུ་གང་དམིགས་ལིངྒ་བཅའ། །ལྟེ་བ་མུ་ཁྱུད་རྩིབས་བརྒྱད་སྔགས། །རྩིབས་མཆན་དམ་ཅན་སྲོག་གི་སྔགས། །ཐོད་པ་ཁ་སྦྱར་ནང་དུ་གཞུག །ཡུངས་དཀར་ཐུན་གྱིས་བྲབ་པར་བྱ། །དེ་ལ་རྟགས་ནི་འདི་ལྟར་འོང་། །གསོད་དང་སྙིང་དང་ཤ་སྟེར་དང་། །དགྲ་བོ་དངོས་སུ་ཁྲིད་ནས་འོང་། །དེ་ཚེ་དབུས་ཀྱི་ལིངྒ་གདོན། །བསྲེགས་ནས་མནན་དང་འཕང་བ་བྱ། །འདི་ལྟ་བུ་ཡི་ལས་བྱས་ན། །དམ་ཅན་ལྷ་སྲིན་སྡེ་བརྒྱད་ཀྱིས། །བསྟན་པའི་དགྲ་བོ་སྒྲོལ་བར་བྱེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །སྡེ་བརྒྱད་བྲན་དུ་བཀོལ་བ་ནི། །ལྷ་སྲིན་སྡེ་བརྒྱད་གཟིར་བའི་ལས། །དྲེགས་པ་ལྡོག་གམ་གནོད་པ་འམ། །ལས་ལ་མི་འགྲོ་འཁུ་བ་ལ། །གནད་ལ་དབབ་པའི་ལས་འདི་བྱ། །དུར་ཁྲོད་རས་སམ་ཤོག་བུ་ལ། །ཙཀྲ་རྩིབས་བརྒྱད་བྲི་བར་བྱ། །དབུས་སུ་དྲེགས་པའི་རྣམ་ཤེས་ལ། །མཐའ་མར་མིང་གིས་བསྐོར་བར་བྱ། །རྩིབས་ལ་རྩ་སྔགས་རྩིབས་མཆན་ལ། །གཟིར་སྔགས་བྲིས་ལ་ཐོད་པར་གཞུག །ཐོད་པ་འབྲུབ་ཁུང་ནང་དུ་གཞུག །ལྕགས་སམ་སེང་ལྡེང་ཕུར་པས་གཟིར། །དེ་ལ་རྟགས་ནི་འདི་ལྟར་འོང་། །རི་ཉིལ་ཆུ་འབྲུབ་དམག་དཔུང་འདུས། ཐམས་ཅད་བདག་གི་དབང་དུ་བྱེད། །དེ་ལྟར་བྱུང་ན་ཙཀྲ་ནི། །འོ་མ་རྩི་སྨན་དག་གིས་བཀྲུ །དམ་ཅན་རྣམས་ལ་མཆོད་པ་འབུལ། །སྡེ་བརྒྱད་བྲན་བཞིན་བཀའ་ཉན་ཏེ། །ཕྱི་ནས་དྲག་སྔགས་བརྩམས་པས་ཆོག །རྒྱ་རྒྱ་རྒྱ། ༈ རིགས་བཞིའི་ཀླུ་གདོན་འདུལ་བ་ནི། །ཀླུ་ཡི་ནད་ཀྱིས་གཟིར་བ་འམ། །ས་བདག་གཉན་སོགས་གཟིར་བ་ནི། །དུར་ཁྲོད་རས་སམ་ཤོག་ཤོག་ལ། །ཙཀྲ་རྩིབས་བརྒྱད་བྲིས་ནས་ནི། །དབུས་སུ་ཀླུ་འམ་གང་གནོད་བྲི། །རྩིབས་ལ་དྲག་སྔགས་རྩིབས་མཆན་ལ། །ཀླུ་ཡི་གཟིར་སྔགས་བྲི་བར་བྱ། །འབྲུབ་ཁུང་གྲུ་གསུམ་ནང་དུ་གཞུག །ཕུར་པ་སོར་བཞི་བརྒྱད་ལ་བཏགས། །ལྕགས་སམ་སེང་ལྡེང་ཕུར་པ་ལ། །དྲག་སྔགས་བཟླས་ཤིང་དེ་ལ་གཟིར། །ཡུངས་དཀར་ཡུངས་ནག་གུ་གུལ་ནག །མུ་ཟི་ནག་པོའི་ཐུན་གྱིས་བྲབ། །དེ་ལ་རྟགས་ནི་འདི་ལྟར་འོང་། །རྒྱ་མཚོ་གཏིང་ནས་བསྐམས་པ་དང་། །ཉ་སྦྲུལ་མང་པོ་འཚིག་པ་དང་། །སྟོང་ཁམས་མེ་ཡིས་ཁེངས་པ་དང་། །ལྷ་ཁང་མེ་ཡིས་འཚིག་པ་འབྱུང་། །དེ་ཚེ་དབུས་ཀྱི་འཁོར་ལོ་གདོན། །དྲག་པོའི་མེ་ལ་བསྲེག་པར་བྱ། །ཞག་ནི་ཉི་ཤུ་རྩ་གཅིག་ནས། །ཀླུ་ནད་མཛེ་ཡིས་ཟིན་པ་སོས། །ཕྱི་ནས་ལས་དེ་བརྩམས་པས་ཆོག །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །གདུག་པ་དགྲ་བགེགས་བསྒྲལ་བ་ནི། །བར་ཆོད་དམ་སྲི་དགྲ་བགེགས་གསུམ། །རྣལ་འབྱོར་རྣམས་ལ་འཚེ་བྱེད་པས། །དེ་དག་བསྒྲལ་བའི་ལས་བྱེད་ན། །དུར་ཁྲོད་རས་སམ་ཤོག་བུ་ལ། །ཙཀྲ་རྩིབས་བརྒྱད་བྲིས་ནས་ཀྱང་། །དབུས་སུ་དགྲ་བགེགས་དམ་སྲི་བྲི། །རྩིབས་བརྒྱད་ལ་ནི་དྲག་སྔགས་དགོད། །རྩིབས་མཆན་སྒྲོལ་བའི་དྲག་སྔགས་བྲི། །འབྲུབ་ཁུང་གསུམ་བརྩེགས་ནག་པོར་བྱུགས། །ལྕགས་སམ་སེང་ལྡེང་ཕུར་བུས་གཟིར། །ཡུངས་དཀར་ཡུངས་ནག་ཐུན་གྱིས་བྲབ། །དེ་ཡི་རྟགས་ནི་འདི་ལྟར་འོང་། །སྟོང་ཁམས་མེ་ཡིས་ཁེངས་པ་དང་། །རང་ལུས་མེ་རུ་འབར་བ་དང་། །སེམས་ཅན་མང་པོ་འཚིག་པ་རྨི། །དེ་ཚེ་དབུས་ཀྱི་ལིངྒ་གདོན། ཁྲུ་གང་ཧོམ་ལ་བསྲེག་པར་བྱ། །བར་ཆོད་རྣམ་གསུམ་རྩད་ནས་འཆད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །ཕས་ཀྱི་རྦོད་གཏོང་ཟློག་པ་ནི། །དུར་ཁྲོད་ཤོག་ཤོག་གྲོ་ག་ལ། །ཙཀྲ་རྩིབས་བརྒྱད་ལྡན་པ་བྲི། །དབུས་སུ་རང་གི་མིང་རུས་བྲི། །རྩིབས་བརྒྱད་རྩ་སྔགས་བྲི་བར་བྱ། །རྩིབས་མཆན་ཟློག་སྲུང་སྔགས་བྲིས་ལ། །དྲག་པོ་ཡི་ནི་ས་བླངས་ནས། །མཆོད་རྟེན་ནག་པོ་ཁྲུ་གང་བརྩིག །དགྲ་བོའི་མིང་བྱང་རྟགས་སོ་བྱ། །སྙིང་གར་མཆོག་ཕུར་སོར་བཞི་གདབ། །འབྲུབ་ཁྲུང་ཁྲུ་གང་ནང་དུ་གཞུག །སྟེང་དུ་མཆོད་རྟེན་བཞག་པར་བྱ། །མཆོད་རྟེན་བུམ་པར་འཁོར་ལོ་གཞུག །གཟུངས་ཐག་དེ་ཡི་ནང་ནས་དྲངས། །གཉེན་པོའི་དུས་སུ་དྲག་པོ་བརྡེག །དེ་ཡི་རྟགས་ནི་འདི་ལྟར་ཡོང་། །དམག་དཔུང་བཅོམ་དང་གྲོང་ཁྱེར་བཅོམ། །རྒྱལ་པོའི་ཕོ་བྲང་བཤིག་པ་དང་། །མཚོན་ཆ་ཁ་བསྣོལ་དུམ་བུར་བཅག །དམག་རྒྱལ་དར་ཕྱར་བསོ་འདེབས་འབྱུང། །དེ་ཚེ་ཉ་བོ་ཁོ་ཕྱོགས་མནན། །དྲག་སྔགས་བཟླས་ཤིང་ཐུན་ཁྲག་འཕང་། ཁོ་ཉིད་འཕུང་སྟེ་རྩ་བ་འཆད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །བདེ་གཤེགས་འདུས་པའི་དྲག་སྔགས་ལས། །འཁོར་གཡོག་རང་སོགས་འགྲོ་བ་རྣམས། །སྲུང་བའི་ལས་རིམ་བསྟན་པ་ནི། །ཤོག་བུའམ་དར་དཀར་མཐོ་གང་ལ། །ཙཀྲ་རྩིབས་བརྒྱད་བྲིས་ནས་ཀྱང་། །དབུས་སུ་གང་བསྲུང་མིང་བྲིས་ལ། །རྩིབས་བརྒྱད་ལ་ནི་རྩ་བའི་སྔགས། །རྩིབས་མཆན་ལ་ནི་སྲུང་ཟློག་སྔགས། །ལེགས་པར་བྲིས་ལ་ལ་ཆས་དྲིལ། །ཡང་ན་བལྟེབས་ཏེ་ཚོན་སྐུད་དྲིལ། །གང་བསྲུང་རྩ་སྔགས་བརྒྱ་དང་བརྒྱད། །རབ་གནས་མཆོད་བསྟོད་མི་དགོས་ཏེ། །དྲག་སྔགས་འཁོར་ལོ་སྲུང་བའི་མཆོག །ལུས་སམ་མགུལ་དུ་བཏགས་པ་ན། །སྟོང་ཕྲག་བརྒྱད་ཅུའི་གདོན་ལས་ཐར། །ནད་དང་དུས་མིན་འཆི་བ་ཐུབ། །རྟགས་ནི་གོ་མཚོན་བཟང་པོ་གྱོན། །རྟག་ཏུ་མཚོན་རྣོན་ཐོགས་པ་རྨི། །འདི་ལས་སྲུང་བ་ལྷག་པ་མེད། །སྔགས་ནི་རྒྱུན་དུ་བཟླ་བར་བྱ། །སྲིད་པའི་མེ་བས་སྔགས་དབལ་ཚ། །བར་ཆད་བགེགས་རྣམས་རྩྭ་སྦུར་འདྲ། །བཟླས་པ་ཙམ་གྱིས་སྲེག་པར་བྱེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །སྲི་འུ་གསོ་བ་འདི་ལྟར་གསོ། །ལྕགས་སམ་སེང་ལྡེང་ཕུར་པ་ལ། །དྲག་སྔགས་ཁྲི་ཚོ་གཅིག་བཟླས་ལ། །སྲུང་སྐུད་སྔགས་མདུད་བཅས་པ་ཡང་། །སྲི་འུའི་ལུས་ལ་གདགས་པར་བྱ། །སྲེ་མོང་རླིད་བུའི་ནང་དུ་ནི། །ཙཀྲ་རྩིབས་བརྒྱད་སྔགས་བཀོད་ལ། །དབུས་སུ་སྲི་འུའི་མིང་བྲིས་ལ། །ལེགས་པར་བྲིས་ལ་རྒྱབ་ཏུ་གདགས། །གའུ་འམ་ཁྱི་གུའི་ཐོད་པ་རུ། །ཆུང་སྲི་ཟ་འདྲེའི་མིང་བྲིས་ལ། །མ་ཡི་མལ་གྱི་འཕོངས་སུ་མནན། །དྲག་སྔགས་བརྡེགས་བཟླས་ཟ་འདྲེ་བརྡུང་། །སྲི་འུ་སོས་པར་ཐེ་ཚོམ་མེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །སྨྱོན་པ་འདུལ་བའི་ལས་བྱེད་ན། །དུར་ཁྲོད་རས་སམ་ཤོག་བུ་ལ། །ཙཀྲ་རྩིབས་བརྒྱད་སྔགས་བཀོད་ལ། །དབུས་སུ་སྨྱོ་འདྲེ་བྲིས་ནས་ནི། །འབྲུབ་ཁུང་གྲུ་གསུམ་ནང་དུ་གཞུག །ལྕགས་སམ་སེང་ལྡེང་ཕུར་པས་གཟིར། །སྨྱོན་པའི་སྐེ་ལ་མཁར་ནག་གདགས། །ཕུར་པས་གཟིར་ཞིང་དྲག་སྔགས་བཟླ། །ཞག་ནི་ཉི་ཤུ་རྩ་གཅིག་ནས། །སྨྱོན་པ་ཐུལ་བར་ཐེ་ཚོམ་མེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །གནོད་གདུག་འདུལ་བའི་ལས་བྱེད་ན། །རྡོ་རྗེ་ནག་པོའི་ལྟེ་བ་ལ། །སྔགས་ཀྱི་འཁོར་ལོ་བསྐོར་ནས་ནི། །ནད་པའི་སྣ་ནས་གུ་གུལ་གྱི། །དུད་པས་བདུག་ཅིང་སྲིན་ལག་བསྡམ། །སྔགས་ཀྱིས་དྲག་ཏུ་གཟིར་བ་ན། །འདྲེ་གདོན་སྐད་ངན་ཚེར་རེ་འདོན། །ནད་པ་སོས་པར་ཐེ་ཚོམ་མེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །ཞོ་ཆང་སྲུང་བའི་ལས་བྱེད་ན། །ཙཀྲ་རྩིབས་བརྒྱད་སྔགས་བཀོད་ལ། །ལ་ཆའི་སྦལ་པའི་ནང་དུ་གཞུག །སྔགས་ནི་ཁྲི་རུ་བཟླས་ནས་ཀྱང་། །ཞོ་ཆང་གང་བསྲུང་ནང་དུ་གཞུག །དེས་ཀྱང་ཐུབ་པར་ཐེ་ཚོམ་མེད། །རྒྱ་རྒྱ་རྒྱ། ༈ བདེ་གཤེགས་འདུས་པའི་དྲག་སྔགས་ལས། །མཛེ་དང་ལྷོག་པ་གག་པ་འབྲས། །ཤུ་བ་འབྲུམ་བུ་ཕྲ་མོ་ལ། །མུ་ཟི་ནག་པོ་གུ་གུལ་དང་། །ཤུ་དག་ནག་པོ་བཙན་དུག་དང་། །དྲི་ཆེན་ཚིལ་ཆེན་རྭ་གཞོབ་དང་། །རྒྱ་ཚིལ་ཕག་ཚིལ་རྟ་རྐྱང་ཚིལ། །སྔགས་བཟླས་བྱུག་པ་བྱས་ན་ནི། །གང་ཡང་འཇོམས་པར་ཐེ་ཚོམ་མེད། །གི་ཝང་ཙནྡན་ཨ་རུ་ར། །བཙན་དུག་ནག་པོ་གླ་རྩི་དང་། །ཤུ་དག་ནག་པོ་གུ་གུལ་ནག །མུ་ཟི་ནག་པོ་ཤིང་ཀུན་དང་། །རྒྱ་ཡི་སྣག་ཚྭས་གཞི་བླངས་ལ། །ཕྱེ་མའམ་རིལ་བུ་གང་ཡང་རུང་། །ལུས་ལ་བྱུག་ཅིང་གདགས་པར་བྱ། །གཅིག་ཏུ་ས་བདག་གཉེན་པོར་འགྱུར། །གཉིས་སུ་ཀླུ་ཡི་གཉེན་པོར་འགྱུར། །གསུམ་དུ་གཉན་གྱི་གདུག་རྩུབ་ཐུབ། །བཞི་རུ་ལྷོག་པ་དཀར་ནག་ཐུབ། །ལྔ་རུ་འབྲུམ་ནག་འབྲུམ་བུ་ཐུབ། །དྲུག་ཏུ་རྒྱུ་གཟེར་སྲུང་བའི་མཆོག །བདུན་དུ་བལ་ནད་གླད་གཟེར་ཐུབ། །བརྒྱད་དུ་མཁྲིས་པ་རྩ་རྒྱུས་ཐུབ། །དགུ་རུ་འགོ་བའི་ནད་རྣམས་ཐུབ། །བྱིས་པའི་གདོན་ཚོགས་བཅོ་ལྔ་ཟློག །འདི་འདྲའི་ནུས་པ་གཞན་ན་མེད། །བདེ་གཤེགས་འདུས་པའི་དྲག་སྔགས་འདི། །སྒྲུབ་པ་བཀའ་བརྒྱད་འདུས་པ་ལས། །དྲག་སྔགས་ཤམ་བུ་ངར་དུ་བཏགས། །རལ་གྲི་ཕྱུང་ནས་རྡེག་དང་མཚུངས། །སློབ་དཔོན་པདྨའི་ཐུགས་ལས་བྱུང་། །སྤེལ་བའི་གནས་མེད་གཏེར་དུ་སྦས། །ལས་འཕྲོ་ཅན་དང་འཕྲད་པར་ཤོག །རྒྱ་རྒྱ་རྒྱ། བདེ་གཤེགས་འདུས་པའི་དྲག་སྔགས་རྫོགས་སོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། ༈ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། ཕྱག་དཔེ་རིན་པོ་ཆེའི་གཏེར་དུ་སྦས་པ། ལྷོ་བྲག་མཁོ་མཐིང་ནས་མངའ་བདག་ཉང་རལ་པ་ཅན་ཆེན་པོས་བཏོན། དེས་སྲས་མཆེད་གཉིས་ལ་གནང་། དེ་ལ་རུ་སྟོན་འཇམ་གྱིས་ཞུས་སོ། །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཉང་རལ། ཤེ་མ་འོད་འབྱུང་། བླ་མ་གྲུབ་ཐོབ་འདར་ཕྱར། བོ་དོང་རིན་པོ་ཆེ། ཉན་ཆེན་བསོད་ནམས་མཚན་ལྡན། མཁན་ཆེན་བྲག་རམ་པ་ཆོས་རྒྱལ་དཔལ། ཆོས་རྗེ་པའོ། །ངེས་པར་འདི་ལ་མཁའ་འགྲོའི་བཀའ་རྒྱ་ཡོད་པས་བག་མེད་དུ་མ་སྤྱོད། དམ་མེད་ལ་མ་སྦྱིན། གཅིག་ལས་མ་སྤྱད། གཉིས་སུ་མ་སྤེལ། གླན་གྱི་བན་བཙུན་ཟུར་ཕུག་པ། སྦས་པའི་རྣལ་འབྱོར་ཆེན་པོ་དགེ་སློང་བསམ་འགྲུབ་སེང་གེ་ལ། སྐྱིའི་བན་བཙུན་མན་ངག་གི་རྒྱ་མཚོ་དགེ་སློང་ཚུལ་ཁྲིམས་བཟང་པོས་གུས་པས་ཞུས་སོ། །བདག་གི་བླ་མ་རྡོ་རྗེ་འཛིན་པ་དྷརྨ་ཤྲཱི་བྷ་དྲའི་ཕྱག་དཔེ་ལས་ཞལ་བཤུས་སོ།། །།

ཡེ་ཤེས་རབ་འབར་ལས། བླ་མ་ལོངས་སྐུའི་སྒྲུབ་པ་འཆི་མེད་ཚེ་སྦྱིན་ (Volume 13, Text 32)

ཡེ་ཤེས་རབ་འབར་ལས། བླ་མ་ལོངས་སྐུའི་སྒྲུབ་པ་འཆི་མེད་ཚེ་སྦྱིན་བཞུགས་སོ༔ ྈ དྲག་པོ་ཡེ་ཤེས་རབ་འབར་གྱི་དཀྱིལ་འཁོར་དུ༔ བླ་མ་ལོངས་སྐུའི་སྒྲུབ་པའི་ཐབས་བསྟན་པ༔ པདྨ་ཐོད་ཕྲེང་དྲག་པོས་འདི་སྐད་སྨྲས༔ སྙིང་པོའི་ནོར་བུ་རྗེས་འཇུག་བུ་ལ་སྦྱིན༔ བྱང་ཁོག་སྙིང་ལྟར་གཅེས་སྤྲས་དམ་དུ་ཆོངས༔ ས་མ་ཡ༔ བུམ་པའི་སྙིང་པོ་ལྔ་ཚན་ལྔ་དང་བཅས༔ སྙིང་པོ་རིལ་བུའི་ཀློང་དུ་བཞུགས་སུ་གསོལ༔ ཚེ་དར་ལ་སོགས་སྒྲུབ་རྟེན་ཚང་བར་བསགས༔ ཡེ་ཤེས་རབ་འབར་དྲག་པོའི་གཞུང་བསྲངས་ནས༔ བསྐྱེད་པའི་དཔྲལ་བ་བུམ་པའི་འཁོར་ལོ་ན༔ པདྨའི་ཟེའུ་འབྲུ་ཐབས་ཤེས་སྦྱོར་ལྡན་ལ༔ བླ་མ་ཨོ་རྒྱན་ལོངས་སྐུ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་ལོངས་སྐུའི་རྒྱན་གྱིས་སྤྲས༔ ཐུགས་ཀར་ཧྲཱིཿཡིག་དམར་གསལ་མཐའ་སྐོར་དུ༔ གསང་བ་སྙིང་པོའི་སྔགས་ཀྱིས་བསྐོར་བར་བསྒོམ༔ རྩ་སྔགས་བཟླ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ༔ རྩ་བའི་སྔགས་ཕྲེང་བླ་མའི་ཐུགས་ཀར་འཕྲོས༔ ལོངས་སྐུའི་ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱིས་བསྐོར། སྔགས་ཀྱི་ཕྲེང་རྒྱུན་འོད་ཟེར་ལྕགས་ཀྱུ་ལྟར༔ འཇིག་རྟེན་ཁམས་ཀྱི་ཚེ་བཅུད་མངའ་ཐང་ཅན༔ རྒྱལ་པོ་རྒྱལ་ཕྲན་མངའ་ཐང་བསོད་ནམས་དང༔ སྙན་གྲགས་ཅན་གྱི་ནུས་པ་སྔགས་ཕྲེང་གི༔ རྒྱུད་ནས་དྲངས་ཏེ་ཐུགས་ཀའི་ཧྲཱིཿལ་ཐིམ༔ ཡུལ་ཆེན་ཉེར་བཞི་གནས་ཆེན་སོ་གཉིས་དང༔ དུར་ཁྲོད་བརྒྱད་སོགས་མིང་ཆེན་འབྱུང་བའི་བཅུད༔ ས་རྡོ་རི་བྲག་ཆུ་ཤིང་འབྱུང་བའི་བཅུད༔ རྩ་ལྡུམ་མེ་ཏོག་བཅུད་ཀྱི་དྭངས་མ་རྣམས༔ འོད་ཟེར་སྣ་ནས་རིགས་བདག་ཐུགས་ཀར་ཐིམ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ ལཱ་སྱེ་དཀར་མོ་གྲངས་མེད་ཀྱིས༔ ཕྱག་ན་ཚེ་དར་བུམ་པ་འཛིན༔ འགྲོ་བའི་ཚེ་བསོད་དཔལ་འབྱོར་དང༔ འབྱུང་བའི་བཅུད་ཀྱི་དྭངས་མར་བཅས༔ ལཱ་སྱེ་དཀར་མོས་ཚེ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ མཱ་ལྱེ་སྔོན་མོ་གྲངས་མེད་ཀྱིས༔ ཕྱག་ན་ཚེ་དར་བུམ་པ་འཛིན༔ འགྲོ་བའི་ཚེ་བསོད་དཔལ་འབྱོར་དང༔ འབྱུང་བའི་བཅུད་ཀྱི་དྭངས་མར་བཅས༔ མཱ་ལྱེ་སྔོན་མོས་ཚེ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ གཱིརྟི་དམར་མོ་གྲངས་མེད་ཀྱིས༔ ཕྱག་ན་ཚེ་དར་བུམ་པ་འཛིན༔ འགྲོ་བའི་ཚེ་བསོད་དཔལ་འབྱོར་དང༔ འབྱུང་བའི་བཅུད་ཀྱི་དྭངས་མར་བཅས༔ གཱིརྟི་དམར་མོས་ཚེ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་རྗེའི་ཟེར༔ ཚེ་བཅུད་འགུགས་པའི་ཕོ་ཉ་ནི༔ ནཱིརྟི་ལྗང་མོ་གྲངས་མེད་ཀྱིས༔ ཕྱག་ན་ཚེ་དར་བུམ་པ་འཛིན༔ འགྲོ་བའི་ཚེ་བསོད་དཔལ་འབྱོར་དང༔ འབྱུང་བའི་བཅུད་ཀྱི་དྭངས་མར་བཅས༔ ནཱིརྟི་ལྗང་མོས་ཚེ་ཁུག་ཅིག༔ ཡང་། ཧཱུྃ་ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་དཀར་མོའི་རིགས༔ ཐུགས་ཀྱི་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ་ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་སེར་མོའི་རིགས༔ ཡོན་ཏན་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ་ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་དམར་མོའི་རིགས༔ གསུང་གི་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ་ཧྲཱི༔ ལོངས་སྐུ་ཚེ་དཔག་མེད་མགོན་གྱི༔ ཕོ་ཉ་མགྱོགས་མ་ལྗང་མོའི་རིགས༔ ཕྲིན་ལས་སྤྲུལ་པ་འབུམ་ཕྲག་གིས༔ ཚེ་བསོད་འགུགས་པའི་ལས་མཛོད་ཅིག༔ ཧྲཱིཿལཱཾ༔ ཚེ་བདག་སྤྲུལ་པའི་ཕོ་ཉ་འབུམ༔ ས་ཡི་ལྷ་མོ་སངས་རྒྱས་སྤྱན༔ འབྱུང་བ་ས་ཡི་བཅུད་སྡུས་ལ༔ ཚེ་རིལ་རྟེན་ལ་བཅུད་སྡུས་ཤིག༔ ཧྲཱིཿམཱཾ༔ ཚེ་བདག་སྤྲུལ་པའི་ཕོ་ཉ་འབུམ༔ ཆུ་ཡི་ལྷ་མོ་མ་མཱ་ཀི༔ འབྱུང་བ་ཆུ་ཡི་བཅུད་སྡུས་ལ༔ ཚེ་རིལ་རྟེན་ལ་བཅུད་སྡུས་ཤིག༔ ཧྲཱིཿཔཱཾ༔ ཚེ་བདག་སྤྲུལ་པའི་ཕོ་ཉ་འབུམ༔ མེ་ཡི་ལྷ་མོ་གོས་དཀར་མོས༔ འབྱུང་བ་མེ་ཡི་བཅུད་སྡུས་ལ༔ ཚེ་རིལ་རྟེན་ལ་བཅུད་སྡུས་ཤིག༔ ཧྲཱིཿཏཱཾ༔ ཚེ་བདག་སྤྲུལ་པའི་ཕོ་ཉ་འབུམ༔ རླུང་གི་ལྷ་མོ་དམ་ཚིག་སྒྲོལ༔ འབྱུང་བ་རླུང་གི་བཅུད་སྡུས་ནས༔ ཚེ་རིལ་རྟེན་ལ་བཅུད་སྡུས་ཤིག༔ ཧྲཱིཿཨཱ༔ ཚེ་བདག་སྤྲུལ་པའི་ཕོ་ཉ་འབུམ༔ ནམ་མཁའི་ལྷ་མོ་དབྱིངས་ཕྱུག་མ༔ འབྱུང་བ་ནམ་མཁའི་བཅུད་སྡུས་ནས༔ ཚེ་རིལ་རྟེན་ལ་བཅུད་སྡུས་ཤིག༔ རྣལ་འབྱོར་ཤ་ཡི་ཚེ་ཉམས་ན༔ ས་ཡི་བཅུད་ཀྱིས་སྟོབས་སྐྱེད་ཅིག༔ རྣལ་འབྱོར་ཁྲག་གི་ཚེ་ཉམས་ན༔ ཆུ་ཡི་བཅུད་ཀྱིས་བཀྲག་སྐྱེད་ཅིག༔ རྣལ་འབྱོར་དྲོད་ཀྱི་ཚེ་ཉམས་ན༔ མེ་ཡི་བཅུད་ཀྱིས་མདངས་སྐྱེད་ཅིག༔ རྣལ་འབྱོར་དབུགས་ཀྱི་ཚེ་ཉམས་ན༔ རླུང་གི་བཅུད་ཀྱིས་རྩལ་སྐྱེད་ཅིག༔ རྣལ་འབྱོར་སེམས་ཀྱི་ཚེ་ཉམས་ན༔ ནམ་མཁའི་ཁམས་ཀྱི་བཅུད་སྡུས་ཤིག༔ ཚེ་དང་ཡེ་ཤེས་བྱིན་རླབས་བཅུད༔ རྣལ་འབྱོར་རྒྱུད་ལ་ནུས་པ་ཐོབ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ རིག་པ་མ་ཡེངས་རྩེ་གཅིག་དམིགས་པ་ཡི༔ གཞན་གྱི་ནུས་པ་འོད་ཟེར་སྣ་ལ་དྲངས༔ རྟེན་ལ་བསྟིམ་ཏེ་ནུས་པ་བདག་ལ་ཐིམ༔ ཐུན་གྱི་འཇོག་ཚེ་ཚེ་དཔག་མེད་ལ་བསྟིམ༔ ཚེ་དཔག་མེད་མགོན་དབུ་མའི་ལམ་ལ་བྱོན༔ ཧེ་རུ་ཀ་ཡི་ཐུགས་ཀར་ཞུགས་པར་གྱུར༔ འོད་ཟེར་འཕྲོ་འདུས་བསྲེ་བ་གོང་ལྟར་ཏེ༔ དབྱེར་མེད་བདེ་བ་ཆེན་པོར་འདྲེས་པར་བསྲེ༔ རྫོགས་རིམ་སྟོང་གསལ་དབྱེར་མེད་ཚེ་དཔལ་ལ༔ སྐྱེ་འགག་གནས་གསུམ་བྲལ་བའི་རང་མདངས་འདྲ༔ སྐྱེ་འགག་གནས་གསུམ་བདེ་ཀློང་འཁྱིལ་བའི་དུས༔ སྐྱེ་འཆི་གཉིས་མེད་དགོངས་པའི་གཟེར་ཐེབ་པ༔ ལོངས་སྐུ་ཚེ་དཔག་མེད་ཀྱི་ངོ་བོར་འགྲུབ༔ རང་སེམས་ལོངས་སྐུ་ཚེ་དཔག་མེད་མགོན་དུ༔ གཉིས་མེད་བདེ་ཀློང་འཁྱིལ་བར་ལ་བཟླ་འོ༔ ཟབ་ཁྱད་མཆོག་འདི་པདྨ་ཐོད་ཕྲེང་གིས༔ ཡང་གྲོ་སྤྲུལ་བཅས་རྗེས་འཇུག་བཙས་སུ་གདམས༔ གཏད་དོ་སྔགས་བདག་རྡོར་ལེགས་རཱ་ཧུ་ལ༔ སྲུང་གཉེར་གཏད་པའི་འབེན་ལ་འབིགས་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

སྙན་བརྒྱུད་རྟ་མགྲིན་གཉེན་པོ་ལྷ་ལྔའི་ཕྲིན་ལས་དབང་སྐུར་དང་བཅས་པ་གདུག་པ་ཀུན་འཇོམས (Volume 46, Text 32)

༄༅། །སྙན་བརྒྱུད་རྟ་མགྲིན་གཉེན་པོ་ལྷ་ལྔའི་ཕྲིན་ལས་དབང་སྐུར་དང་བཅས་པ་གདུག་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། ཡེ་ཤེས་སྐུ་ལྔ་འབར་བའི་ཕྱག་རྒྱར་ཤར། །དུག་ལྔའི་རྩལ་རྫོགས་གདོན་བགེགས་འདུལ་བ་ཡི། །གཉེན་པོ་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ནས། །ཕྲིན་ལས་སྨིན་བྱེད་དང་བཅས་ཁྱེར་བདེར་འགོད། ཁྲག་འཐུང་གཉེན་པོ་ལྷ་ལྔའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ། སྦྱོར་བ། བདག་བསྐྱེད་ཁོ་ན་ལ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཙམ་བཤམ། དེའང་མི་འཛོམ་པའི་སྐབས་ཏིང་ངེ་འཛིན་གྱིས་འཐུས། ཕྲིན་ལས་ལ་སྔོན་དངོས་རྗེས་གསུམ་ཡོད་པའི། དང་པོ་སྔོན་འགྲོའི་ཐོག་མར་སྐྱབས་འགྲོ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཚོགས་གསག་ནི། བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བགེགས་བསྐྲད་པ་ནི། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ དྲག་སྔགས་བརྗོད། མཚམས་གཅོད་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་མ་ཧཱ་སརྦ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིར་བསྐྱེད་བཟླས་རྫོགས་གསུམ་གྱི་རྣལ་འབྱོར་གསུམ་དུ་གསུངས་པ་ལས། དང་པོ་བསྐྱེད་རིམ་དམ་ཚིག་པའི་དཀྱིལ་འཁོར་བསྒོམ་པ་ནི། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་བཅོས་འོད་གསལ་གདངས༔ དམིགས་མེད་བརྩེ་བའི་ཆོ་འཕྲུལ་ཧཱུྃ་མཐིང་གའི༔ རིག་རྩལ་རོལ་པས་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ནས་མཁའ་ལས་འཇའ་ཚོན་ལྟར༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་རི་རབ་དང༔ མི་ཕྱེད་སྲུང་འཁོར་དུར་ཁྲོད་གཞལ་མེད་དབུས༔ སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་དང༔ བདུད་བཞི་དྲེགས་པ་གཟའ་ཀླུ་རྒྱལ་འགོང་སོགས༔ འདར་ཞིང་འདུད་པ་བྱི་ཆིངས་བསྣོལ་བའི་སྟེང༔ རིག་པ་ཧཱུྃ་ལས་བདག་ཉིད་རྩ་བའི་ལྷ༔ རིག་འཛིན་འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ ཡཀྴ་ཀཱ་ལ་དཔལ་ཆེན་རྟ་མགྲིན་རྒྱལ༔ སྐུ་མདོག་དུས་མཐའི་ཆར་སྤྲིན་འཁྲུགས་པའི་མདངས༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ལ་ཟླུམ༔ སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར༔ ཁྲོ་གཉེར་རབ་བསྡུས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག༔ དར་ནག་བེར་གསོལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྭ་དགུ་པ༔ སྡིགས་པའི་མཛུབ་མོ་ནམ་མཁའི་དབྱིངས་སུ་སྒྲེང༔ རྩེ་ལས་གདུག་པ་ཀླུ་གདོན་འདུལ་བའི་གཉེན༔ ཡེ་ཤེས་ཁྱུང་ཆེན་མཐིང་ནག་ཁྲ་ཐབས་འཕྲོ༔ ཕྱག་གཡོན་རི་རབ་ཕུར་བུ་གསོར་བ་ལས༔ བར་ཆད་བདུད་འདུལ་བཛྲ་ཀཱི་ལ་ཡ༔ ལྗང་ནག་ཕུར་བུ་འདྲིལ་བ་རླུང་ལྟར་འཚུབས༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར་བ་ཡིས༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ཡོམ་ཡོམ་འགུལ༔ རྔོག་མ་དམར་པོ་མེ་འབར་ཐིག་ལེའི་དབུས༔ པད་ཉིའི་སྟེང་དུ་དུས་མིན་འཆི་བ་ཡི༔ གཉེན་པོའི་ལྷ་མཆོག་བཅོམ་ལྡན་ཚེ་དཔག་མེད༔ ཁྲོས་པའི་སྐུར་བཞེངས་པདྨ་ཧེ་རུ་ཀ༔ ཕྱག་གཡས་པདྨ་དམར་པོས་ཚེ་བཅུད་སྡུད༔ གཡོན་པས་ཚེ་བུམ་སྒྲུབ་ལ་དངོས་གྲུབ་སྩོལ༔ དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས༔ རང་འོད་ཡུམ་འཁྱུད་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་པདྨ་ཉི་མའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་ཀླུ་གཤེད་གསང་བའི་བདག༔ རྡོ་རྗེ་སྡིགས་མཛུབ་མཐིང་ནག་ཁྲོ་ཆས་རྫོགས༔ རང་བྱུང་རིག་པ་འོད་སྐུར་ལམ་མེར་གསལ༔ བདག་ཉིད་རྒྱལ་འགོང་དམ་སྲི་འབྱུང་པོའི་གཤེད༔ ཞབས་ཟུང་དོར་སྟབས་དྲག་མེ་འཁྲུགས་པའི་ཀློང༔ རབ་འབྱམས་ཁྲོ་བོའི་སྤྲུལ་པ་སྤྲོ་ཞིང་བསྡུ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ ཡེ་ཤེས་དབང་བསྐུར་རིགས་ལྔའི་ཕྱག་རྒྱས་བརྒྱན༔ ཕུང་ཁམས་སྐྱེ་མཆེད་ཁྲག་འཐུང་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་སུ་ར་ཏ་སཏྭཾ་ཨ་ཧཾ༔ ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འབར་བའི་སྐུར་བཞེངས་གཉེན་པོ་སྟོབས་ཀྱི་ལྷ༔ ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་གནས་འདིར་གཤེགས༔ དབང་སྐུར་བྱིན་ཕོབ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་རཱ་ཛ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ༔ དམ་ཚིག་རྟེན་ལ་ཡེ་ཤེས་གཉིས་མེད་བཞུགས༔ བྱང་ཆུབ་བར་དུ་རོ་གཅིག་ཏིཥྛ་ལྷན༔ རང་ལས་སྤྲུལ་པའི་ཕྱག་རྒྱའི་དྷཱ་ཀི་ནཱིས༔ སྒོ་གསུམ་གུས་པའི་བརྡ་ཡིས་འདུད་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་བསྟོད་ནི། ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཕུང་ཁམས་ཚོགས༔ དྲག་པོའི་ཉེར་སྤྱོད་འདོད་ཡོན་བརྗིད་ཅིང་རྔམ༔ སྨན་རཀ་གཏོར་ཚོགས་སྦྱོར་སྒྲོལ་མཆོད་པའི་སྤྲིན༔ འབུལ་ལོ་བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་པཱུ་ཛ་ཨཱཿཧཱུྃ༔ པཉྩ་ཨ་མྲིཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཁྲོ་རྒྱལ་ཀུན་འདུས་གཉེན་པོ་སྟོབས་ཀྱི་ལྷ༔ དུས་མིན་འཆི་དང་བདུད་བཞིའི་བར་ཆད་འཇོམས༔ སྲོག་བདག་གཟའ་ཀླུ་རྒྱལ་འགོང་ཚར་གཅོད་པའི༔ རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་བསྟོད༔ གཉིས་པ་བཟླས་པའི་རྣལ་འབྱོར་ནི། ཡེ་ཤེས་སེམས་དཔའ་གསང་བདག་གི༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྩ་གསུམ་རབ་འབྱམས་མཆོད༔ འགྲོ་བ་ཀུན་གྱི་བར་ཆོད་བསལ༔ འཆི་བདག་གདོན་དང་བདུད་ཀྱི་སྡེ༔ མ་རུངས་གཟའ་ཀླུ་རྒྱལ་འགོང་སོགས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དབང་དུ་བསྡུས་ཤིང་བྲན་དུ་བཀོལ༔ བསད་གཟིར་བསྐྲད་མནན་ཆོས་དབྱིངས་བསྟིམས༔ ཐམས་ཅད་ཀ་དག་རིག་པའི་གདངས༔ ལྷུན་གྲུབ་དཔལ་གྱི་ཕྱག་རྒྱར་རྫོགས༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འབར༔ གཉེན་པོ་སྟོབས་ཀྱི་ལྷ་ལྔ་དང༔ དབྱེར་མེད་དགོངས་པའི་རྩལ་རྫོགས་གྱུར༔ ཅེས་པའི་དམིགས་གནད་དང་ལྡན་པས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱིཿཧཱུྃ་ཁྲོཾ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་གཙོ་འཁོར་སྤྱི་དྲིལ་ཉིད་ཇི་ལྟར་ནུས་པ་བཟླས་པའི་མཐར། ལྷ་བཞི་སོ་སོའི་དམིགས་བཟླས་ནི། སྤྱི་བོའི་པདྨ་ཧེ་རུ་ཀའི༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ རང་གི་བླ་ཚེ་ཆད་ཡར་དང༔ འཁོར་འདས་དྭངས་བཅུད་བདུད་རྩིར་བསྡུས༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས༔ སྦྱོར་མཚམས་ལས་བྱུང་བདག་ཉིད་ཀྱི༔ སྤྱི་བོ་ནས་བརྒྱུད་རྩ་ཁམས་གང༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས༔ ཐུགས་སྲོག་ཧཱུྃ་མཐིང་ཐོག་ལྟར་སྤྲོས༔ སྟེང་གདོན་གཟའ་རྣམས་བྲན་དུ་བཀོལ༔ གདུག་པ་ཅན་ཀུན་ཚར་བཅད་གྱུར༔ ཨོཾ་ཧཱུྃ་བཛྲ་ཙཎྜ་སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ ཕྱག་གཡས་རྡོ་རྗེའི་རྩེ་མོ་ལས༔ ཡེ་ཤེས་ཁྱུང་ཆེན་སྐར་ལྟར་འཕྲོས༔ འོག་གདོན་གདུག་པ་ཀླུ་ཡི་ཚོགས༔ གཟིར་མནན་མ་རུངས་ཚར་བཅད་གྱུར༔ ཨོཾ་ཁྲོཾ་བཛྲ་ག་རུ་ཌཿནཱ་ག་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཕྱག་གཡོན་རྡོ་རྗེ་གཞོན་ནུ་ལས༔ གནམ་ལྕགས་ཕུར་པ་སེར་ལྟར་འདྲིལ༔ བདུད་བཞི་ལ་སོགས་བར་ཆད་ཀུན༔ བསད་གཟིར་བསྐྲད་མནན་དབྱིངས་བསྟིམས་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་མཱ་ར་སེ་ན་བཾ་ཧཱུྃ་ཕཊ༔ ཅེས་སོ་སོར་བཟླས་པའི་མཐར་མཆོད་བསྟོད་དང་ལྷག་ཆད་ཁ་སྐོང་སྤྱི་ལྟར་བྱ། གསུམ་པ་རྫོགས་པའི་རྣལ་འབྱོར་བསྒོམ་པར་འདོད་ན་རྩ་བ་རྡོ་རྗེའི་གསུང་ལྟར་ཉམས་སུ་ལེན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། རྒྱུན་གྱི་ཉམས་ལེན་དཀྱུས་སུ་འདི་ནས་བསྡུ་ལྡང་ལ་འཇུག་པ་ཡིན་ཞིང་། གཞུང་ལས་དངོས་བསྟན་མེད་ཀྱང་བསྙེན་སྒྲུབ་སྐབས་སོགས་ཚོགས་མཆོད་འབུལ་བར་སྤྲོ་ན། ཚོགས་ཀྱི་དམ་ཚིག་གི་རྫས་རྣམས་འདུ་བྱས་ལ། རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡེ་ཤེས་མེ་རླུང་བྱང་སེམས་ཆུས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་ལན་གསུམ་གྱིས་བརླབ། ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འབར་བའི་སྐུར་བཞེངས་གཉེན་པོ་སྟོབས་ཀྱི་ལྷ༔ འདོད་ཡོན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་རཱ་ཛ་བཛྲ་ས་མ་ཡ་ཛཿཛ༔ དང་པོ་མཆོད་པ་ནི། ཧཱུྃ༔ ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ ནང་བཅུད་སྣང་བ་སྣ་ཚོགས་གཏོར་མར་བཤམས༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་མཆོད་པའི་སྤྲིན༔ དགྱེས་པར་བཞེས་ལ་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པས་བཤགས་པ་ནི། ཧོ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཉོན་མོངས་དབང་གྱུར་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་མཆོད་ནི། ཨེ་ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་བྷྱོ༔ དབྱིངས་ནས་སྐུ་སྐྱོད་ཁྲག་འཐུང་རིགས་ལྔའི་ལྷ༔ དྲག་ཏུ་བསྐུལ་ལོ་འབར་བའི་བརྟུལ་ཞུགས་སྐྱེད༔ དགྲ་བགེགས་འབྱུང་པོའི་རྣམ་ཤེས་དབྱིངས་སུ་སྤོར༔ ཤ་ཁྲག་བདེ་ཆེན་ཚོགས་ཀྱི་མཆོད་པར་བཞེས༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་རྫས་ནང་གི་སྲེག་བླུག་ཏུ་རོལ་པའི་ལྷག་མ་བདུད་རྩིས་བྲན་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧོཿ ཧཱུྃ༔ དབང་གི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང༔ ལྷག་ལ་དབང་བའི་མཁའ་འགྲོ་གིང་ལངྒ༔ དཔལ་གྱི་ཕམ་ཕབ་གཏོར་མ་འདི་ལོངས་ལ༔ ཞལ་བཞེས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་བསྐྱང་། དེ་ནས་གཏང་རག་གི་མཆོད་བསྟོད་འབུལ། ནོངས་པ་བཟོད་པར་གསོལ་ལ་ཡིག་བརྒྱ་བརྗོད། ཚོགས་མགྲོན་རྟེན་ལ་བརྟན་བཞུགས་དང་རྟེན་མེད་ན་གཤེགས། བདག་བསྐྱེད། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་རྡོ་རྗེ་སྲིན་པོར་ཤར༔ འགགས་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཞེས་འོད་གསལ་དུ་བསྡུ། སླར་སྐད་ཅིག་གིས་དབང་ཆེན་པདྨའི་སྐུར་ལྡངས་ལ་གནས་གསུམ་བསྲུང་། བསྔོ་སྨོན་ནི། དགེ་འདིས་མཁའ་མཉམ་སེམས་ཅན་ཀུན༔ ཁྲག་འཐུང་པདྨ་ཧེ་རུ་ཀའི༔ གོ་འཕང་བྱང་ཆུབ་མྱུར་ཐོབ་ནས༔ བདུད་ལས་རྣམ་པར་རྒྱལ་བར་ཤོག༔ ཤིས་བརྗོད་ནི། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་གཉེན་པོ་སྟོབས་ཀྱི་ལྷ། །དམ་ཅན་རྒྱ་མཚོ་ནོར་ལྷ་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་པ་རྣམས་ཀྱིས་ཕྲིན་ལས་རིམ་པ་ཚང་ངོ་།། །། ༈ འདིའི་བསྙེན་སྒྲུབ་ཆེད་དུ་བྱེད་ན། སྦྱོར་བའི་སྐབས་རྟེན་གཏོར་དཔལ་གྱི་གཏོར་མ་པད་འདབ་དང་ཀྱུ་གུས་བསྐོར་བ་རྒྱན་ལྡན་གྱི་མདུན་དུ་མཆོད་པའི་སྨན་རཀ་གཏོར་མ། ཕྱི་མཆོད་རྣམས་བཤམ། སྤྲོས་འབྱོར་གྱིས་ལྕོགས་ན། ཚེ་འབྲང་དང་རིལ་ཆང་། རྟ་ཞལ། ཁྱུང་ལྔའི་རིལ་བུ། རྡོ་རྗེ། ཕུར་བུ་རྣམས་ཀྱང་བཀོད། མེད་ན་གོང་སྨྲོས་ཀྱིས་ཆོག །ཐོག་མར་གནས་བདག་ལ་དཀར་གཏོར་དང་བགེགས་གཏོར་སྤྱི་འགྲེ་གཏང་། ལས་བྱང་དུས་བཞིར་གཞུང་བསྲང་། བསྟོད་པའི་རྗེས་སུ། རང་སེམས་རིག་པའི་རང་མདངས་ཁྲག་འཐུང་ལྷ་ལྔའི་རྣམ་པར་ཤར་བའི་ངེས་ཤེས་གཏིང་ཚུགས་པ་དང་མ་བྲལ་བར། ལྷ་སྐུའི་གསལ་སྣང་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་ཅིང་ལྷའི་ང་རྒྱལ་ལས་ནམ་ཡང་མི་གཡོ་བའི་བརྟན་པ་འཐོབ་པར་བྱ། བཟླས་པའི་སྐབས་སུ་གཞུང་གསལ་གྱི་དམིགས་གནད་སོ་སོ་དང་ལྡན་པས་གཙོ་བོ་སྤྱི་དྲིལ་ཉིད་བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་ཡིན་པས་འབུམ་ཕྲག་བཞི། གཞན་རྣམས་ལ་འབུམ་ཕྲག་རེ་རེ། ཐམས་ཅད་ཀྱང་ཁ་སྐོང་བཅས་བཟླ་བ་ནི་གྲངས་ཀྱི་བསྙེན་ཚད་ཡིན་ལ། སྤྱི་མཐུན་གདོན་བགེགས་ཐུལ་བའི་རྟགས་སོགས་ཐུན་མོང་དང་། སྐུ་གསུང་ཐུགས་ཀྱི་མཚན་མ་མཐོང་བ་སོགས་མཆོག་གྲུབ་པའི་རྟགས་མཐོང་བ་ནི་རྟགས་ཀྱི་བསྙེན་ཚད་དོ། །དགོང་ཐུན་ལྟ་བུའི་གཤམ་དུ་བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་འགྲོ་གཏང་། ཚོགས་མཆོད་སྤྲོ་ནའང་དེར་བྱ། བསྙེན་སྒྲུབ་ཐེམས་ནས་དངོས་གྲུབ་བླང་བ་དམིགས་སུ་མ་གསུངས་ཀྱང་སྤྲོ་ན་འགལ་བ་མེད་པས། རྗེས་ཀྱི་མཆོད་བསྟོད་གྲུབ་ནས་འདོན་ཆ་རྩ་གསུམ་ལྟ་བུ་ནས་ལེན་ལ་སྒྲུབ་གཏོར་སོགས་ཀྱིས་དབང་བླང་། རྒྱས་པར་སྤྲོ་ན་འོག་གི་དབང་གི་དུས་ལྟར་བཅའ་གཞི་བཤམ་སྒྲུབ་བྱས་ལ་དབང་ལེན་ཚུལ་བཞིན་བྱས་ཀྱང་ལེགས་ཏེ་འཕྲོས་དོན་དུ་སྨྲོས་པའོ།། །། ༄༅། །འདིའི་སྨིན་བྱེད་སྒྲུབ་ན། དཀྱིལ་འཁོར་ཁྲོ་དཀྱིལ་སྤྱི་མཐུན་ནང་དུ་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཕྱག་མཚན་བྲིས་པ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་སྟེང་ཁྲིའུར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། མདུན་དུ་སྐུ་ཙཀ་ལྔ། རཀྴའི་ཕྲེང་བ། མེ་ལོང་། མར་ཚོན་སོགས་ལས་བཅོས་པའི་རྟ་ཞལ་ལྗང་ཞུར་རྔོག་མ་དམར་སེར་ཅན། གཡས་སུ་ཁྱུང་ལྔའི་རིལ་བུ། རྒྱབ་ཏུ་ཚེ་འབྲང་རིལ་ཆང་དང་བཅས་པ། གནམ་ལྕགས་རྡོ་རྗེ། གཡོན་དུ་ཕུར་བུ་རྣམས་བཀོད་ལེགས་པར་བྱ། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། གཞན་ཡང་ལས་བུམ། སྔོན་གཏོར་སོགས་ཉེར་མཁོའི་རིགས་ཚོགས་པར་བྱས་ལ། ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་ཐོག་མར་དབང་རྫས་དཀྱིལ་འཁོར་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ། བདག་མདུན་སོ་སོར་འོད་ཟེར་སྤྲོ་བསྡུའི་དམིགས་བཟླས་བྱ། ཚེ་བསྙེན་སྐབས་ཚེ་རྫས་རྣམས་ལའང་ཚེ་བཅུད་བསྡུ། བུམ་བཟླས་ཟུར་དུ་སྤྲོ་ན་གསལ་གདབ་སྤྱི་འགྲོ་བྱས་ལ་སྤྱི་དྲིལ་བཟླ། མཐར་སྟོང་ཚིགས་མཆོད་བསྟོད། བུམ་ལྷ་འོད་ཞུ་བྱ། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། དེ་ནས་སློབ་མ་ཕྱི་རོལ་དུ་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ལ་བགེགས་བསྐྲད་དང་མཚམས་གཅོད་སེམས་བསྐྱེད་གསལ་གདབ་བཅས་བྱས་ལ། དེའང་དུས་གསུམ་རྒྱལ་བའི་སྤྱི་གཟུགས་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་དེ་ཉིད་ཀྱིས་བོད་འབངས་རྣམས་ལ་ཐུགས་རྗེས་ལྷག་པར་དགོངས་ཏེ། གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་ནས་ཕན་བདེའི་དཔལ་ལ་སྦྱོར་བར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། ཇི་སྐད་དུ། གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་དང་། གཞན་ཡང་། གཏེར་སྟོན་རྒྱལ་པོ་ལྔ་འབྱོན་པའི་ཡ་གྱལ་གཅིག་ཏུ་གཏེར་ཁ་མང་པོ་ནས་ལུང་བསྟན་ཅིང་། གུང་ཐང་ཆོས་ཀྱི་རྒྱལ་པོ་དང་མཆོད་ཡོན་རྟེན་འབྲེལ་འགྲིགས་ནས་བསྟན་པའི་སྤྱི་རིམ་མཛད་པས་བོད་ཡུལ་དུ་རུཥྐའི་འཇིགས་པ་ལས་ཡུན་རིང་དུ་བསྐྱབས་པ་སོགས་སྙན་པར་ཡོངས་སུ་གྲགས་པ། སྤྲུལ་པའི་ལོ་ཙ་བ་ཆེན་པོ་བཻ་རོ་ཙ་ནའི་ཐུགས་སྤྲུལ་ཨོ་རྒྱན་མདོ་སྔགས་གླིང་པའམ་རིག་འཛིན་མཆོག་ལྡན་མགོན་པོ་དེ་ཉིད་ཀྱིས། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ནག་པོ་སྐོར་གསུམ་གྱི་སྒོ་ནས་མཐའ་དམག་ཟློག་པའི་ལས་སྦྱོར་མཛད་པའི་སྐབས་སུ་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་བསྩལ་ནས་ཐུགས་ལ་གབ་པ། སླད་ནས་རབ་ཚེས་མེ་གླང་སྣྲོན་ཟླའི་ཚེས་བཅུར་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དག་པའི་སྣང་བར་རིག་འཛིན་མཆོག་ལྡན་མགོན་པོ་ཉིད་ཀྱིས་སྙན་བརྒྱུད་དུ་གདམས། རིམ་པར་གཏན་ལ་ཕབ་སྟེ་སྐབས་སུ་བབས་པའི་ལུང་མཐུན་བསྟན་འཛིན་སྐྱེས་བུ་འགའ་ཞིག་ལ་བསྩལ་ནས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་པ་སྟེ། གཞུང་ལས། ལྟ་དགོངས་གདིང་ལྡན་སློབ་དཔོན་གྱིས༔ དམ་ཚིག་དག་པའི་སློབ་མ་ལ༔ དབང་འདི་ལན་གཅིག་བསྐུར་པས་ཀྱང༔ བྱང་ཆུབ་སྒྲུབ་པའི་བར་ཆོད་ཀྱི༔ གཡུལ་ལས་རྣམ་པར་རྒྱལ་འགྱུར་ན༔ བསྐྱེད་རྫོགས་ལམ་ལ་བརྩོན་པ་ཡིས༔ དངོས་གྲུབ་ཐོབ་པ་སྨྲོས་ཅི་དགོས༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞེས་གསུངས་པ་ཉིད་ཚིག་ཙམ་མ་ཡིན་པ་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་གཟི་བྱིན་ཆེན་པོས་ཁྱད་པར་དུ་བྱས་པ་འདི་ཉིད་ཀྱི་དབང་སྐུར་སྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་འདེབས་འདིའི་རྗེས་ཟློས། ཨེ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ ཁྲག་འཐུང་གཉེན་པོ་ལྷ་ལྔ་ཡི༔ དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དཔལ་ཆེན་ཁྲག་འཐུང་ལྷ་ལྔ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་བཅས་ཏེ་བཞུགས་པ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཉེན་པོ་སྟོབས་ཀྱི་ལྷ་ལྔ་བསྒྲུབས་ནས། འགྲོ་བ་དྲུག་དང་ཁྱད་པར་ཤིན་ཏུ་གདུལ་བར་དཀའ་བའི་མ་བསྒྲལ་བ་མཐའ་དག་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས། ཡུལ་གྱི་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བཅུ་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་བགྱི་བའི་བློས་སོ་སོའི་བསྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་ལྷ་ཚོགས་གཤེགས༔སོགས་ལན་གསུམ། ཕྱི་སོ་ཐར་ནང་བྱང་སེམས་གསང་བ་སྔགས་ཀྱི་དམ་ཚིག་མ་ལུས་པ་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བའི་འདུན་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་གཟུང་བར་བགྱི༔ ལན་གསུམ། དེ་ནས་དབང་གི་རྩ་བ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱའི་སྔགས་བརྗོད། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་བཞི་དྲེགས་པ་གཟའ་ཀླུ་རྒྱལ་འགོང་རྣམས་བྱི་ཆིངས་སུ་བསྣོལ་བའི་གདན་ལ། རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་འཆོལ་བའི་ཁྲོ་རྒྱལ་ཡཀྴ་ཀཱ་ལ་དཔལ་ཆེན་རྟ་མགྲིན་རྒྱལ་པོ་སྐུ་མདོག་དུས་མཐའི་ཆར་སྤྲིན་ལྟར་གནག་པ། ཤིན་ཏུ་ཁྲོས་པའི་ཉམས་ཅན་ཧཱུྃ་སྒྲ་དྲག་པོར་སྒྲོག་པ། དར་ནག་གི་བེར་གསོལ་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་སྡིགས་མཛུབ་དང་བཅས་པས་རྡོ་རྗེ་རྩེ་དགུ་ནམ་མཁར་སྒྲེང་བ་ལས་ཡེ་ཤེས་ཁྱུང་ནག་ཁྲ་ཐབས་སུ་སྤྲོ་བ། གཡོན་པས་རི་རབ་ཕུར་བུ་གསོར་བ་ལས་བཛྲ་ཀཱི་ལ་ཡ་ལྗང་ནག་ཕུར་བུ་འདྲིལ་བ་རླུང་ལྟར་འཚུབས་པ། ཞབས་གཉིས་འདོར་སྟབས་མེ་ཕུང་དྲག་ཏུ་འབར་བའི་ཀློང་ན་འགྱིང་བ། དབུ་གཙུག་རྟ་གདོང་ལྗང་ཞུར་ནམ་མཁར་འཚེར་བའི་རྔོག་མ་དམར་པོ་མེ་འབར་བའི་ཐིག་ལེའི་དབུས་སུ་ཚེ་དཔག་མེད་པདྨ་ཧེ་རུ་ཀ་ཁྲོས་པའི་ཉམས་ཅན་པདྨ་དང་ཚེ་བུམ་འཛིན་པ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་ཤིང་རང་འོད་ཀྱི་ཡུམ་དང་བཅས་ཏེ་ཞབས་སྐྱིལ་ཀྲུང་པད་ཉིའི་གདན་ལ་བཞུགས་པ། ཐུགས་ཀར་ཡེ་ཤེས་སེམས་དཔའ་གསང་བདག་མཐིང་ནག་ཁྲོ་བོའི་ཆས་ཅན་ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཞབས་འདོར་ཐབས་པད་ཉིའི་གདན་དང་མེ་ཕུང་གི་ཀློང་ན་བཞུགས་པ། ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གློག་གི་ཞགས་པ་ལྟ་བུར་ཕྱོགས་བཅུར་ཁྱབ་པར་འཕྲོས་པས་རྩ་གསུམ་ཆོས་སྲུང་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་ཁྲག་འཐུང་གཉེན་པོ་ལྷ་ལྔའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །གུ་གུལ་སོགས་བསྲེག །རོལ་མོའི་སྒྲ་དྲག་ཏུ་བྱས་ལ་ལས་བྱང་གི་སྤྱན་འདྲེན་དང་སྤྱི་དྲིལ་སྙིང་པོའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། རྡོ་རྗེ་མགོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་བརྟན་པར་མོས། ཏིཥྛ་བཛྲ། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དབང་དངོས་གཞི་བསྐུར་བ་ལ། སྦྱོར་བ་དབང་གི་གཞི་བཅའ་ཞིང་བསྙེན་པར་དབང་བའི་བུམ་དབང་། དངོས་གཞི་སྒྲུབ་པ་སྐུ་གསུང་ཐུགས་ཀྱི་དབང་། མཐའ་རྟེན་ལས་སྦྱོར་རྫས་ཀྱི་དབང་ལྔ་བཅས་རིམ་པར་འབྱུང་བ་ཡིན་པས་བསྒོམ་དོན་རྣམས་རིམ་བཞིན་གསལ་འདེབས་པར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་པས་བྱང་སེམས་བདུད་རྩིའི་རྒྱུན་གྱིས་གང་བའི་བུམ་པས་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པ་དུར་ཁྲོད་གཞལ་མེད་ཁང༔ ནང་བཅུད་ཁྲག་འཐུང་ལྷ་ལྔའི་ཕྱག་རྒྱའི་ཚོགས༔ འོད་ཞུ་བྱང་སེམས་བདུད་རྩིས་དབང་བསྐུར་བས༔ རྒྱུད་དག་ཡེ་ཤེས་ནུས་རྩལ་རྫོགས་པར་ཤོག༔ སྔགས་མཐར་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་སུ་ར་ཏ་སཏྭཾ་ཨ་བྷི་ཥིཉྩ་མི༔ བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་པདྨའི་རིགས་གཙོ་བོར་གྱུར་པའི་ཁྲག་འཐུང་རིགས་ལྔས་དབུར་བརྒྱན་པར་མོས་ཤིག །དེས་དབང་ཕྱི་མ་རྣམས་བསྐུར་བའི་སྣོད་རུང་དུ་གྲུབ་ཅིང་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ལ་དབང་བ་ཡིན་ནོ། །དེ་ནས་སྐུ་ཕྱག་རྒྱའི་དབང་གི་སླད་དུ་ཁྲག་འཐུང་ལྷ་ལྔའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་དང་སྤྱི་བོ་ལ་སོགས་པའི་ལྷ་སོ་སོ་ལ་ཐིམ་པར་མོས་ཤིག །ལྷ་ཙཀ་རྣམས་སྤྱི་བོ་སོགས་སོ་སོར་བཞག་ལ། ཧཱུྃ༔ དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ་པོ་ཡི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྒྱལ་འགོང་དམ་སྲིའི་གཉེན་པོར་གྲུབ་པར་ཤོག༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཚེ་དཔག་མེད་མགོན་པདྨ་ཧེ་རུ་ཀའི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ དུས་མིན་འཆི་བའི་གཉེན་པོར་གྲུབ་པར་ཤོག༔ ཧྲཱིཿཔདྨ་ཀྲོ་དྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བཅོམ་ལྡན་གསང་བ་འཛིན་པའི་བདག་པོ་ཡི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ དྲེགས་པ་གཟའ་ཡི་གཉེན་པོར་གྲུབ་པར་ཤོག༔ ཧཱུྃ་བཛྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཁྲོཾ༔ ཁྲོ་རྒྱལ་སྤྲུལ་པ་ཡེ་ཤེས་ག་རུ་ཌའི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ གདུག་པ་ཀླུ་ཡི་གཉེན་པོར་གྲུབ་པར་ཤོག༔ ཁྲོཾ་ག་རུ་ཌཿཧཱུྃ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཕྲིན་ལས་རྩལ་རྫོགས་བཛྲ་ཀཱི་ལ་ཡའི༔ རྡོ་རྗེའི་སྐུ་ཡི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ མ་རུངས་བདུད་བཞིའི་གཉེན་པོར་གྲུབ་པར་ཤོག༔ ཧཱུྃ་བཛྲ་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་ལྷ་ཡི་དཀྱིལ་འཁོར་བསྒོམ་པ་ལ་དབང་བ་ཡིན་པས། དེང་ནས་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་དང་རྟག་ཏུ་མ་བྲལ་བས་ཕྱག་རྒྱ་སྐུའི་གཟེར་ཐ་མལ་གྱི་སྣང་ཞེན་ལ་ཐེབས་པར་གྱིས་ཤིག །དེ་ནས་གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་དང་ཁྱེད་རང་གཉིས་ཀ་ཁྲག་འཐུང་ལྷ་ལྔར་གསལ་བའི། གཙོ་བོའི་ཐུགས་ཡེ་ཤེས་སེམས་དཔའ་གསང་བདག་གི་ཐུགས་ཀར་ཉི་སྟེང་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ནག་སྔགས་ཕྲེང་གིས་བསྐོར་བ་གསལ་ཐོབས། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མཆོད། སེམས་ཅན་ཐམས་ཅད་ཀྱི་བར་དུ་གཅོད་པ་བསལ། སྡེ་བརྒྱད་མ་རུངས་པ་ཐམས་ཅད་དབང་དུ་བསྡུས་ཤིང་ཚར་བཅད། སྣང་སྲིད་ཐམས་ཅད་དཔལ་ཧེ་རུ་ཀའི་ཕྱག་རྒྱར་སྦྱངས། འོད་ཟེར་ཚུར་འདུས་རང་རང་ལ་ཐིམ་པས་བྱིན་རླབས་ནུས་པའི་སྟོབས་རབ་ཏུ་འབར་ཏེ་གཉེན་པོ་སྟོབས་ཀྱི་ལྷ་ལྔ་དང་དབྱེར་མི་ཕྱེད་པའི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱིཿཧཱུྃ་ཁྲོཾ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་སྤྱི་དྲིལ་ལན་གསུམ། སྤྱི་བོར་བཞུགས་པའི་པདྨ་ཧེ་རུ་ཀའི་ཐུགས་སྲོག་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་རྣམས་དང་། འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་བདུད་རྩིའི་རྣམ་པར་བསྡུས་ནས་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བབས། ཁྱེད་རང་གི་སྤྱི་བོར་ཞུགས་ཤིང་རྩ་ཁམས་ཐམས་ཅད་གང་བས་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་གསུམ། ཡེ་ཤེས་སེམས་དཔའ་གསང་བའི་བདག་པོའི་ཐུགས་སྲོག་ཧཱུྃ་ལས་ཧཱུྃ་ཡིག་ཐོག་རྒོད་ཀྱི་ཆར་པ་ལྟ་བུ་འཕྲོས། སྟེང་གདོན་གཟའ་རྣམས་བྲན་དུ་བཀོལ་ཅིང་མ་རུངས་པའི་རིགས་ཐམས་ཅད་ཚར་བཅད་པར་དམིགས་ལ་འདིའི་རྗེས་ཟློས། ཨོཾ་ཧཱུྃ་བཛྲ་ཙཎྜ་སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ ཅེས་གསུམ། ཕྱག་གཡས་རྡོ་རྗེའི་རྩེ་མོའི་ཁྱུང་ཆེན་ལས་ཁྱུང་གི་ཚྭ་ཚྭ་སྐར་ཚོགས་ལྟ་བུ་སྤྲོས། འོག་གདོན་ཀླུའི་ཚོགས་གཟིར་ཅིང་མནན་ནས་ཚར་བཅད་པར་དམིགས་ལ་རྗེས་ཟློས། ཨོཾ་ཁྲོཾ་བཛྲ་ག་རུ་ཌཿནཱ་ག་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཅེས་གསུམ། ཕྱག་གཡོན་པའི་རྡོ་རྗེ་གཞོན་ནུ་ལས་གནམ་ལྕགས་ཕུར་བུའི་ཆར་པ་སེར་རྒོད་ལྟར་བབས་པས་བདུད་བཞི་ལ་སོགས་པའི་བར་ཆད་ཐལ་བར་བརླགས་པར་དམིགས་ལ་འདིའི་རྗེས་ཟློས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་མཱ་ར་སེ་ན་བཾ་ཧཱུྃ་ཕཊ༔ ཅེས་ལན་གསུམ། ཕྲེང་བ་གསང་སྔགས་ཀྱི་ངོ་བོ་མགྲིན་པར་བཞག་སྟེ་ནུས་པ་བརྟན་པར་བྱས་པར་མོས་ཤིག །དབང་ཕྲེང་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། ཨཱ༔ གཉེན་པོ་སྟོབས་འདུས་ཁྲོ་རྒྱལ་ལྷ་ཚོགས་ཀྱི༔ རྡོ་རྗེའི་གསུང་གི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ནུས་པ་སྔགས་ཀྱི་ཡེ་ཤེས་གྲུབ་པར་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་སྔགས་ཀྱི་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་པས། དེང་ནས་གྲགས་སྟོང་རྡོ་རྗེའི་བཟླས་པ་དང་རྟག་ཏུ་མ་བྲལ་བས་བཟླས་བརྗོད་སྔགས་ཀྱི་གཟེར་དང་ཏིང་འཛིན་འཕྲོ་འདུའི་གཟེར་ལས་རླུང་གི་གཡོ་རྩོལ་ལ་ཐེབས་པར་གྱིས་ཤིག །མེ་ལོང་དུ་རྡོ་རྗེ་ཤར་བ་བསྟན་ལ། མེ་ལོང་དྭངས་པའི་ངོས་སུ་རྡོ་རྗེའི་གཟུགས་བརྙན་ཤར་ཡང་སྣང་ལ་རང་བཞིན་མ་གྲུབ་པའི་དཔེས་མཚོན་ཏེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་གདོད་ནས་མ་སྐྱེས་པས་ངོ་བོ་སྟོང་ལ་རྣམ་པ་མ་འགགས་པ་ས་ལེར་གསལ་ཡང་། གནས་ལུགས་ཀྱི་དབྱིངས་ལས་ནམ་ཡང་མ་གཡོས་པ་གསལ་སྟོང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་རྒྱལ་བའི་དགོངས་པ་དང་རང་རིག་པའི་ངོ་བོ་གདོད་ནས་དབྱེར་མེད་དུ་གནས་པའི་དོན་གོ་བར་མཛོད་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ ཁྲོ་རྒྱལ་རྣམས་ཀྱི་སྟོང་གསལ་ཡེ་ཤེས་དབྱིངས༔ རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རང་བྱུང་དགོངས་པའི་རྩལ་ཆེན་རྫོགས་པར་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སེམས་གནས་ལུགས་ཀྱི་རང་ཞལ་བལྟ་བ་ལ་དབང་བ་ཡིན་པས། དེང་ནས་རིག་སྟོང་ཟུང་འཇུག་གཤིས་ལུགས་ངང་བཞག་དང་རྟག་ཏུ་མ་བྲལ་བས། དགོངས་པ་མི་འགྱུར་བའི་གཟེར་གཉིས་སྣང་རྟོག་འཁྲུལ་ལ་ཐེབས་པར་གྱིས་ཤིག །དེ་ནས་མཐའ་རྟེན་རྫས་དབང་བསྐུར་བ་ལ། ཚེ་འབྲང་འདི་ཉིད་ཟླ་གམ་དམར་པོ་འོད་ཀྱི་ཐིག་ལེར་ཚེ་བདག་པདྨ་ཧེ་རུ་ཀ་ཡབ་ཡུམ་བཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བྱུང་སྟེ་ཁྱེད་རང་གི་ལུས་གང་བས་གཞོམ་མེད་རྡོ་རྗེའི་སྐུར་གྱུར་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧྲཱི༔ ཟླ་གམ་དམར་པོ་འོད་ཀྱི་ཐིག་ལེ་རུ༔ ཚེ་བདག་མགོན་པོ་ཁྲོ་བོའི་ལྷ་ཚོགས་བཞུགས༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ མི་ཕྱེད་རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་ཤོག༔ ཧྲཱིཿཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་མི༔ སྙིང་པོ་བརྗོད་ལ་ཚེ་རིལ་ཚེ་ཆང་སྦྱིན། རྟ་གདོང་ཞལ་གྱི་ཕྱག་རྒྱས་དབང་བསྐུར་བས། སྤྱི་བོའི་རྟ་ཞལ་ས་གསུམ་གང་བའི་དབྱངས་སུ་འཚེར་ཏེ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཟིལ་གྱིས་ནོན་པར་མོས་ཤིག །རྟ་ཞལ་སྤྱི་བོར་བཞག་ལ། ཧཱུྃ༔ སྲིད་པ་གསུམ་པོ་འདར་ཞིང་གཡོ་བྱེད་པའི༔ རྟ་གདོང་ཞལ་གྱི་ཕྱག་རྒྱས་དབང་བསྐུར་པས༔ རྡོ་རྗེའི་རྟ་སྐད་ནམ་མཁར་འཚེར་བའི་སྒྲས༔ རྒྱལ་འགོང་དམ་སྲིའི་དཔུང་ཚོགས་ཟིལ་གནོན་ཤོག༔ ཧྲཱིཿཧ་ཡ་གྲཱི་བ་ཧི་ཧི་ཧི་ཨ་བྷི་ཥིཉྩ་མི༔ སྟོབས་བཅུའི་ནུས་མཐུ་བསྡུས་པའི་གནམ་ལྕགས་རྡོ་རྗེ་བྱིན་པ་གསོར་བ་ཙམ་གྱིས་སྟེང་གདོན་གཙོ་བོར་གྱུར་པའི་གདུག་པ་ཅན་ཐམས་ཅད་གཟིར་མནན་ལས་ལ་འཁོལ་བའི་ནུས་སྟོབས་བརྙེས་པར་མོས་ཤིག །ལྕགས་རྡོར་གཏད་པ་གསོར་གཞུག་ལ། ཧཱུྃ༔ གནམ་ལྕགས་འབར་བའི་རྡོ་རྗེ་རྩེ་དགུ་ལ༔ གསང་བདག་ཁྲོ་རྒྱལ་ཆེན་པོའི་ནུས་མཐུ་རྫོགས༔ གསོར་བ་ཙམ་གྱིས་སྟེང་གདོན་གཟའ་ཡི་ཚོགས༔ གཟིར་མནན་ལས་ལ་འཁོལ་བའི་ནུས་ཐོབ་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་མི༔ ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་རང་བཞིན་གདུག་པ་ཅན་འདུལ་བྱེད་ཀྱི་གཉེན་པོ་རྫས་ཀྱི་རིལ་བུ་བྱིན་པས་འོག་གདོན་གཙོ་བོར་གྱུར་པའི་མ་རུངས་པ་ཐམས་ཅད་ཚར་གཅོད་པའི་ནུས་རྩལ་རྫོགས་པར་མོས་ཤིག །ཁྱུང་ལྔའི་རིལ་བུ་སྦྱིན་ལ། ཁྲོཾ༔ དུག་ལྔའི་རང་བཞིན་ཀླུ་གདོན་གདུག་པའི་དབལ༔ འཇོམས་བྱེད་ཁྱུང་ཆེན་རིགས་ལྔའི་ངོ་བོ་ཉིད༔ གཉེན་པོ་རྫས་ཀྱི་རིལ་བུ་འདི་བྱིན་པས༔ གདུག་པ་ནཱ་གའི་ཚོགས་རྣམས་ཚར་ཆོད་ཤོག༔ ཁྲོཾ་པཉྩ་ག་རུ་ཌཿཨ་བྷི་ཥིཉྩ་མི༔ སྲས་མཆོག་ཀརྨ་ཀཱི་ལ་ཡའི་ངོ་བོ་ལས་ཕུར་བྱིན་པས་རྫས་ཀྱི་ཕུར་བུ་དགྲ་བགེགས་ལ་འདེབས་པའི་མངོན་སྤྱོད་དྲག་པོའི་ཕྲིན་ལས་རབ་འབྱམས་གྲུབ་པར་མོས་ཤིག །ཕུར་བུ་འདྲིལ་དུ་བཅུག་ལ། ཧཱུྃ༔ ཕྲིན་ལས་སྟོབས་རྫོགས་བཛྲ་ཀཱི་ལ་ཡའི༔ ཕུར་བུ་འདྲིལ་ཞིང་འདེབས་པའི་དབང་སྐུར་པས༔ བྱང་ཆུབ་ལམ་གྱི་བར་ཆད་མ་ལུས་ཀུན༔ ཚར་གཅོད་མངོན་སྤྱོད་ལས་ཀུན་གྲུབ་པར་ཤོག༔ ཧཱུྃ་བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མི༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་རྣམས་ཀྱིས་སྟོབས་ཆེན་གཉེན་པོ་ལྷ་ལྔའི་སྨིན་བྱེད་དབང་གི་རིམ་པ་གྲུབ་པ་ལགས། ༈ གྲོལ་བྱེད་ཁྲིད་ཀྱི་རིམ་པའང་འདི་ལྟར་བསྒོམ་དགོས་པ་ལགས་པས་ཚིག་སྙན་ལ་གཟུང་ཞིང་དོན་ཐུགས་ལ་ངེས་པར་མཛོད་ཅིག །རྫོགས་པའི་རིམ་པ་རྒྱུན་གྱི་རྣལ་འབྱོར་ནི༔ མི་རྟག་རྒྱུད་བསྐུལ་ངེས་འབྱུང་བྱང་སེམས་སྦྱང༔ སྐྱབས་འགྲོ་སེམས་བསྐྱེད་བླ་མར་གསོལ་བ་གདབ༔ ཐུགས་ཡིད་གཅིག་བསྲེས་ཀ་དག་དགོངས་པའི་ངང༔ ལྷུན་གྲུབ་རིག་རྩལ་ལྷ་སྔགས་སྒྱུ་མར་སྦྱང༔ ལུས་བསྲང་རླུང་དལ་མིག་འབྲས་ནམ་མཁར་གཏད༔ རིག་པ་མ་བཅོས་སྤྲོ་བསྡུ་བྲལ་བར་བཞག༔ དེ་ཚེ་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་གཅོད་བློ་ཡིས་མ་བཅོས་པས༔ སྦྲུལ་མདུད་བཞིན་དུ་འགྱུ་དྲན་རང་སར་གྲོལ༔ གཏི་མུག་རྣམ་རྟོག་དུས་མིན་འཆི་བ་ཀུན༔ རིག་སྟོང་ཆོས་དབྱིངས་ཡེ་ཤེས་ངང་དུ་ཐིམ༔ ང་རྒྱལ་དམ་སྲི་འབྱུང་པོ་དཔུང་དང་བཅས༔ གསལ་སྟོང་མཉམ་པ་ཉིད་དུ་ལྷུན་གྱིས་རྫོགས༔ ཞེ་སྡང་འབར་ཞིང་འཁྲུགས་པའི་གཟའ་ཡི་གདོན༔ མྱང་སྟོང་མེ་ལོང་ཡེ་ཤེས་ཀློང་དུ་ཞི༔ འདོད་ཆགས་ཆུ་ལྟར་གཡོ་བའི་གདུག་པའི་ཀླུ༔ བདེ་སྟོང་སོ་སོར་རྟོག་པའི་ཕྱག་རྒྱས་ཐེབས༔ ཕྲག་དོག་རླུང་དམར་འཚུབས་པའི་བདུད་ཀྱི་སྡེ༔ དྲན་སྟོང་བྱ་གྲུབ་ཡེ་ཤེས་རྒྱན་དུ་ཤར༔ སྐབས་སུ་ཧཱུྃ་གི་གླུ་བླངས་བདེན་ཞེན་བཤིག༔ རེས་འགའ་ཅིར་ཡང་མི་དམིགས་སྟོང་པར་སྦྱང༔ རྣམ་ཀུན་མ་ཡེངས་མི་སྒོམ་རིག་པའི་གཟེར༔ ཆུ་བོའི་རྒྱུན་བཞིན་རྟག་ཏུ་སུས་གོམས་པ༔ དུག་ལྔ་གནས་དག་གདོན་ལྔ་རང་སར་གྲོལ༔ ཁྲག་འཐུང་རིགས་ལྔའི་ཡེ་ཤེས་ཚེ་འདིར་རྙེད༔ མི་མཐུན་གཟུང་འཛིན་གཡུལ་ལས་རྣམ་པར་རྒྱལ༔ ལྷུན་གྲུབ་རིག་འཛིན་གོ་འཕང་མངོན་དུ་འགྱུར༔ ཅེས་ཟབ་ཅིང་གནད་འདྲིལ་ཁྱེར་བདེ་བའི་རྫོགས་རིམ་དུ་འདུག་པས་དུས་དང་རྒྱུན་དུ་ཉམས་ལེན་འབད་པར་ཞུ། དེ་ནས་སྤྱི་ལྟར་མཚམས་སྦྱོར་སྤྲོས་ལ། དམ་ཚིག་ཁས་བླང་། གཏང་རག །ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་མཆོད་ཕུལ་བར་སྤྲོ་ན་ལས་གཞུང་ལྟར་གཏང་། ཚོགས་ཡོད་མེད་གང་ལྟར་རྗེས་ཀྱི་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་བྱས་པས་འགྲུབ་བོ། །དགོངས་པའི་གདིང་ཐེབས་ལྷ་སྣང་གྱད་དུ་གྱུར། །རིག་སྔགས་ནུས་པ་གནམ་ལྕགས་འབར་བའི་མེས། །གདུག་ཅན་བྲག་རི་ཐལ་བར་རློག་ནུས་པའི། ཁྲག་འཐུང་ལྷ་ལྔའི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཅེས་བཀའ་དྲིན་མཉམ་མེད་ཀུན་མཁྱེན་བླ་མ་རྒྱལ་དབང་པདྨའི་ཞལ་སྐྱིན་གང་གིས་སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང་ནས་བཀའི་གནང་བ་བསྩལ་པ་ལྟར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ (Volume 17, Text 32)

༁ྃ༔ འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་བཞུགས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པའོ།། འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ གཟུང་འཛིན་དྲེགས་པའི་གཤིན་རྗེ་ཡི༔ གཤེད་པོ་སེམས་ཉིད་འོད་གསལ་བ༔ རོལ་པ་འགག་མེད་ལྷ་སྐུར་ཤར༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་ནི༔ ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ས་མ་ཡ༔ ལྷ་སྐུའི་ཏིང་འཛིན་བརྟན་པ་ན༔ ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་བསམ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཞི་བར་བསྙེན་པ་འབུམ་ཕྲག་དྲུག༔ བཟླས་ཏེ་ཁྲོ་བོར་སྒྲུབ་པ་ནི༔ ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ལྷ་སྔགས་ཐ་དད་མི་ཕྱེད་པ༔ འབུམ་ཕྲག་བཅུ་དྲུག་ལས་ཀུན་བྱེད༔ འཇམ་དཔལ་ཁྲོ་བོའི་ནུས་པ་རྫོགས༔ ས་མ་ཡ༔ དོན་གྱི་གཤེད་པོ་སྒྲུབ་པ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ ཐོག་མ་བར་དང་མཐར་མི་གནས༔ རྒྱུ་དང་རྐྱེན་དང་འབྲས་བུ་མེད༔ ཕྱག་རྒྱ་ཆེན་པོའི་ངང་དུ་བཞག༔ ལུས་གནད་བྱེད་བཅིངས་དབང་པོའི་མཆོག༔ དབྱིངས་སུ་གཟིར་བས་རྟགས་རྣམས་རྫོགས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ དོན་གྱི་འཇམ་དཔལ་ཚེ་འདིར་འགྲུབ༔ ས་མ་ཡ༔ དབང་བསྐུར་བྱེད་ན་སྣོད་ལྡན་པའི༔ སློབ་མས་གསོལ་བ་འདི་ལྟར་གདབ༔ ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ རྒྱུད་སྦྱངས་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ སྔགས་མཐར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་དང་རྒྱན་ཆས་ཕྱག་མཚན་བསྟིམ༔ ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི༔ བཟླས་པའི་ལུང་སྦྱིན་སྔགས་བྱང་གཏད༔ ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དགོངས་པ་ངོ་སྤྲད་དོན་དབང་བསྐུར༔ ཧཱུྃ༔ ཨེ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་སྡིགས་མཛུབ་སྙིང་གར་གཏད༔ ཡེ་ཤེས་སེམས་དཔའ་སྙིང་དབུས་བསྟིམ༔ དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཛྙཱ་ན་སཏྭ་ཨ་བྷི་ཥིཉྩ་མི༔ ཡོན་ཏན་ཡོངས་རྫོགས་བམ་ཆེན་ནི༔ ལྷར་གསལ་སློབ་མའི་གཙུག་ཏུ་བཞག༔ ཧོ༔ དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ ལྷ་བསྟིམ་དངོས་གྲུབ་དམ་རྫས་སྦྱིན༔ ཕྲིན་ལས་མཆོད་རྟེན་སྤྱི་བོར་བཞག༔ ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྦྱིན༔ ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བྷོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ མཚན་ལྡན་གཟུང་མ་བྱིན་བརླབས་སྦྱིན༔ ཧཱུྃཿ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་འཇའ་ཤེལ་བརྡས་མཚོན་ཏེ༔ དབྱིངས་རིག་འཇམ་དཔལ་དོན་ངོ་སྤྲད༔ ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དྲེགས་པའི་དམར་གཏོར་ལག་ཏུ་གཏད༔ ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ ཡ་བྷྱོཿཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་ཚེ་གལ་མཐུན་བསྡེབས་སྦྱིན༔ བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ དམ་ཚིག་ཁས་བླང་གཏང་རག་དབུལ༔ ཕྱག་རྒྱ་ཟིལ་གནོན་ཡོངས་རྫོགས་ཀྱི༔ སྨིན་བྱེད་དབང་གི་སྙིང་པོ་འོ༔ ས་མ་ཡ༔ སྲུང་དང་བཟློག་པའི་ཕྲིན་ལས་ནི༔ རྒྱ་ཤོག་གཙང་མར་རྒྱ་སྣག་གིས༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས༔ ལྟེ་བར་ཨེ་མཐར་སྤེལ་ཚིག་དང༔ རྩིབས་བརྒྱད་རྩ་བའི་གསང་སྔགས་བཀོད༔ མུ་ཁྱུད་དབྱངས་གསལ་འདོད་གསོལ་དང༔ རྟེན་སྙིང་རྡོར་ར་མེ་རིས་བསྐོར༔ གི་བཾ་ཤུ་དག་གུ་གུལ་བྱུག༔ རབ་ཏུ་གནས་ཤིང་ལུས་ལ་འཆང༔ པུ་རི་དཀར་པོའི་ཀློང་སྒྲོམ་དུ༔ ཕྱག་རྒྱ་ཟིལ་གནོན་ལྷ་སྐུར་བསྒོམ༔ ཕྱི་རོལ་འཁོར་ལོ་དྲུག་གིས་གཏམས༔ མི་ཕྱེད་རྡོ་རྗེའི་རང་བཞིན་བསམ༔ བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ བཟླས་ཤིང་ལྟ་བའི་གདིང་བསྐྱེད་ལ༔ སྲིད་གསུམ་འཁྲུགས་ཀྱང་ཡ་མི་ང༔ ཕྱིར་ཟློག་འཁོར་ལོ་འཆང་བ་འམ༔ དམར་གཏོར་དགྲ་བགེགས་འགུགས་ཤིང་བསྟིམ༔ ཐོད་རྔ་བརྡུང་ཞིང་ཕྲིན་ལས་བཅོལ༔ ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་འདུས་པའི་དཔལ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་བཅས༔ དབྱིངས་ལས་ཡེ་ཤེས་སྐུ་རུ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ མངོན་སྤྱོད་དམོད་པའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དུག་གསུམ་རྒྱུ་འབྲས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ མ་རིག་རྣམ་རྟོག་ལས་བྱུང་བའི༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཀུན་བརྟགས་འཁྲུལ་པ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ གཞན་དབང་འཕོ་འགྱུར་ལས་བྱུང་བའི༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཕྱི་དོན་བདེན་ཞེན་ལས་བྱུང་བའི༔ འབྱུང་བཞི་ཕྱི་ཡི་གཡོ་འཁྲུག་ཟློག༔ རྩ་རླུང་ཐིག་ལེ་ལས་བྱུང་བའི༔ རྣལ་འབྱོར་ནང་གི་བར་ཆད་ཟློག༔ ང་བདག་འགོང་པོ་ལས་བྱུང་བའི༔ གཟུང་འཛིན་གསང་བའི་སུན་མ་ཟློག༔ འདོད་ཆགས་སྲེད་ཞེན་ལས་བྱུང་བའི༔ སྣོད་བཅུད་དབུལ་ཞིང་ཕོངས་པ་ཟློག༔ ཞེ་སྡང་གདུག་སེམས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ གཏི་མུག་རྨོངས་པ་ལས་བྱུང་བའི༔ དམ་སྲི་ཀླ་ཀློའི་འཚེ་བ་ཟློག༔ ང་རྒྱལ་ཁེངས་སེམས་ལས་བྱུང་བའི༔ དྲེགས་པ་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྲག་དོག་གདུག་རྩུབ་ལས་བྱུང་བའི༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ཟློག་གོ་མི་མཐུན་རྣམ་རྟོག་ཚོགས༔ གཞི་དབྱིངས་ཀ་དག་ཀློང་དུ་ཟློག༔ བསྒྱུར་རོ་ལྟས་ངན་སེམས་བྱུང་ཀུན༔ གཞི་སྣང་ལྷུན་གྲུབ་ཆེན་པོར་སྒྱུར༔ ཐམས་ཅད་འོད་གསལ་གཉུག་མའི་དབྱིངས༔ འཁྲུལ་པ་དག་པའི་ཕྲིན་ལས་མཛོད༔ སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཐལ་མོ་དུལ་མོ་བརྡབ༔ གཏོར་མ་གནོད་པའི་ཕྱོགས་སུ་འཕང༔ འགལ་རྐྱེན་སྤྲིན་ལྟར་གཏིབས་པ་ཡང༔ སྐད་ཅིག་ཉིད་ལ་བཟློག་པར་འགྱུར༔ ས་མ་ཡ༔ སྡིག་སྒྲིབ་བར་ཆད་ཞི་འདོད་ན༔ རིན་ཆེན་སྣ་ཚོགས་ཕྱེ་མ་ལ༔ པུ་རི་དཀར་པོ་མཚན་རྫོགས་བཞེངས༔ ནང་དུ་འཇམ་དཔལ་ཞི་ཁྲོའི་སྔགས༔ ཨ་ནྲྀ་སུ་ཏྲི་པྲེ་དུ་སརྦ་པཱ་པཾ་ཀླེ་ཤ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་བིགྷྣཱན་ཤ་ཏྲཱུན་ཨ་པ་ཀ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་གདགས་བྲིས་པ་བདུད་རྩིས་བྱུག༔ བཟང་པོའི་ཤིང་ལ་དྲིལ་ཏེ་གཞུག༔ དེ་ཉིད་དཀྱིལ་འཁོར་དབུས་སུ་བཞག༔ འཇམ་དཔལ་ཞི་ཁྲོའི་སྐུ་རུ་བསྐྱེད༔ ཐུགས་ཀའི་ཧཱུྃ་ལས་ཨེ་ཆད་དེ༔ དེ་ལས་འབར་བའི་མེ་འོད་དཀར༔ མཁའ་ཁྱབ་སྤྲོས་ཏེ་རང་གཞན་གྱི༔ སྣ་བུག་ནས་ཞུགས་ལུས་ཀུན་གང༔ རིགས་དྲུག་བག་ཆགས་སྡིག་སྒྲིབ་དང༔ གདོན་བགེགས་བར་ཆད་ཀུན་བསྲེགས་ནས༔ བྱིན་རླབས་གཟི་བྱིན་ལྡན་པར་བསྒོམ༔ ཁྲུས་བྱས་མི་གཙང་ལུས་ལས་དོན༔ ནམ་མཁའ་འཕུར་སོགས་རྨི་ལམ་ལྟས༔ བྱུང་ན་ཞི་བའི་མཚན་མར་ཤེས༔ དེ་ཐོབ་ལས་ཀུན་འགྲུབ་པར་བཤད༔ ས་མ་ཡ༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྙིང་པོ་ལྔ་དང་རིན་ཆེན་ལྔ༔ ཨ་མྲྀ་ཏ་ཡིས་སྤྲུས་བྱས་ལ༔ འབྲང་རྒྱས་སྔགས་ཀྱི་སྲོག་ལྡན་བཞེངས༔ དཀྱིལ་འཁོར་དབུས་སུ་བཞག་ནས་ཀྱང༔ བདག་མདུན་ལྷར་གསལ་ཐུགས་སྲོག་ལས༔ ཉི་མ་འཆར་ཀའི་མདངས་འོད་འཕྲོས༔ སྤྲུལ་པའི་ཕོ་ཉ་སྟོང་གསུམ་གང༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ༔ དྲེགས་པ་དབང་སྡུད་ཟིལ་གྱིས་མནན༔ བླ་ཚེ་བརྐུས་ཉམས་ཡར་བ་བཀུག༔ སྲིད་ཞིའི་དྭངས་བཅུད་མེར་མེར་བསྡུས༔ སྙིང་པོ་ཐུགས་ཀྱི་ཐིག་ལེར་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ མི་འགྱུར་རྩ་བའི་སྙིང་པོའི་ཤམ༔ ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་སྐབས་སུ་ཕོ་ཉ་གཏང༔ ཨེ༔ ང་ནི་རང་བྱུང་ཡེ་ཤེས་དབྱིངས༔ ཕྱག་རྒྱ་མ་བཙལ་ལྷུན་གྱིས་གྲུབ༔ ཆེ་བ་ཀུན་གྱི་རྒྱལ་པོ་སྟེ༔ འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན༔ འཇམ་དཔལ་ཁྲག་འཐུང་སྟོབས་པོ་ཆེའི༔ རྡོ་རྗེའི་བཀའ་ནན་མཁའ་དང་མཉམ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཡི་དམ་ཞི་ཁྲོ་མཁའ་འགྲོའི་ཚོགས༔ འཇིག་རྟེན་དྲེགས་པ་ཐམས་ཅད་ཀུན༔ ང་ཡི་དབྱིངས་ལས་གཡོས་པ་མེད༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ དྭངས་མ་ལྔ་འདུས་བདག་ལ་རྫོགས༔ རོལ་པ་ཆེན་པོའི་ཆོ་འཕྲུལ་གྱི༔ འཁོར་འདས་ཐམས་ཅད་ལས་ལ་བཞེངས༔ འབྱུང་པོས་བརྐུས་པའི་བླ་ཚེ་འཕྲོག༔ རང་བཞིན་ཡར་བ་ཐམས་ཅད་སྡུས༔ ཚེ་ཡི་རྫིང་བུ་ཉམས་པ་གསོས༔ བསོད་ནམས་ཉི་ཟླ་འགྲིབ་པ་སྐྱེད༔ ཡེ་ཤེས་རིག་རྩལ་གོང་དུ་སྤོར༔ མི་འགྱུར་མི་ཤིགས་རྟག་པའི་ཚེ༔ འགྲིབ་མེད་བསོད་ནམས་གཡུང་དྲུང་འཁྱིལ༔ སྙིང་ག་དཔལ་གྱི་བེའུ་ཡི་དབྱིངས༔ དབྱེར་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཞེས་དང་སྔགས་བརྗོད་ཏིང་འཛིན་སྤར༔ ཤིན་ཏུ་ཟབ་པའི་ཚེ་སྒྲུབ་སྟེ༔ བསོད་ནམས་དཔལ་ཀུན་བསྐྱེད་པ་འོ༔ ས་མ་ཡ༔ རྒྱལ་བློན་རིག་མ་ཁྱེ་འུ་དང༔ ནོར་དང་འབྲུ་དང་ཟས་གོས་སོགས༔ དབང་སྡུད་ཕྲིན་ལས་བརྩམ་པ་ནི༔ རིན་ཆེན་ཐོད་པ་མཚན་ལྡན་ནང༔ རཏྣ་འབྲུ་སྨན་སྤོས་ཕྱེས་གཏམས༔ དམར་པོའི་གཞི་ལ་བྱང་སེམས་གཉིས༔ མཉམ་པར་བྱས་ཏེ་འཕྲུལ་འཁོར་བྲི༔ པདྨའི་ལྟེ་བར་ཨེ་དམར་པོའི༔ ཐ་མར་སྙིང་པོ་སྔགས་འདི་སྦྱར༔ ཆེ་གེ་མོ་ད་མ་ད་མ༔ ཏ་ར་ཏ་ར༔ བ་ཤ་ནཾ༔ བ་ཤ་ནཾ༔ སྡུས་སྡུས༔ བཱ་ཤཾ་ཀུ་རུ་ཧོ༔ འདབ་མ་ལ་འང་དེ་བཞིན་ཏེ༔ མུ་ཁྱུད་དབྱངས་གསལ་རྟེན་སྙིང་དང༔ རཏྣ་ཀ་པཱ་ལ་བཱ་ཤཾ་སིདྡྷི་ཀུ་རུ་ཧོ༔ དེ་ནི་ཟིལ་གནོན་ཁྲོ་བོར་བསྐྱེད༔ རྗེས་ཆགས་རོལ་པའི་འོད་ཟེར་ནི༔ རབ་དམར་ཉི་མ་འཆར་ཁའི་མདངས༔ སྣོད་བཅུད་ཀུན་ལ་ཁྱབ་ཅིང་ཞུགས༔ ཁྱད་པར་དམིགས་པའི་ཡུལ་ཀུན་དཀྲིགས༔ རང་དབང་མེད་པར་བསྐུལ་བྱས་ཏེ༔ དྲེགས་པའི་ཚོགས་ཀྱིས་དབང་མེད་བཀུག༔ བརྟན་པ་བྲལ་ཏེ་འདུད་པར་བསམ༔ གོང་གི་སྔགས་བཟླས་ཏིང་འཛིན་གསལ༔ ལས་མཐའ་དབང་གི་སྲེག་བླུགས་བྱ༔ དབང་སྡུད་ལས་ཀྱི་སྦྱོར་བ་འོ༔ ས་མ་ཡ༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ བསད་དང་བསྲེག་དང་མནན་པ་སྟེ༔ དུར་ཁྲོད་འཇིགས་པའི་ས་གཞི་ལ༔ ཕུང་ས་རོ་སོལ་བྲུབ་ཁུང་བྱ༔ གྲི་ཁྲག་བྱུགས་ཤིང་རྩང་གིས་བསྐོར༔ དུར་ཁྲོད་རས་སམ་དུག་ཤོག་ལ༔ དམེ་ཁྲག་ཚ་བ་དུག་སྣས་བྱུགས༔ དེ་དང་རྡོ་སོལ་སྣག་ཚ་ཡིས༔ བསད་པའི་འཁོར་ལོ་རྒྱ་གྲམ་དབུས༔ གྲུ་གསུམ་ཕྱི་རོལ་མཚོན་འཁོར་བསྐོར༔ ཨེ་ལ་མི་འགྱུར་རྩ་བའི་སྔགས༔ རྭ་མཚམས་ཨེ་ཡ་བྷྱོ་ཡིག་ཕྲེང༔ འཁོར་ལོར་ལས་སྔགས་སྤུ་གྲི་ནི༔ དམོད་པའི་ཚིག་དང་ལྡན་པར་བྱ༔ སྲིད་པ་རུ་སྦལ་ལྟོ་བར་གཏམས༔ ཐོད་ངན་ནང་གཞུག་དེ་ཡི་འོག༔ ཟག་རྫས་དུག་ཁྲག་ཚ་བ་ལས༔ ལིངྒ་བྲི་འམ་འབུར་དུ་གཏོད༔ བྱད་ཐག་དཀྲི་ཞིང་ཐུན་རྫས་གསར༔ རྒྱུད་ལས་གསུངས་པ་བཞིན་དུ་བསྐུལ༔ དམིགས་བྱ་དགུག་བསྟིམ་སྔགས་འདི་བཟླ༔ ཆེ་གེ་མོ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཁུག་པའི་རྟགས་བྱུང་ཐུན་གྱིས་གཟིར༔ ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་དཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབ༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབ་པ་ཟིལ་གནོན་སྤྲུལ་པས་འབེབ༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ རྩ་བའི་སྔགས་དང་མཚོན་ཆས་གཟིར༔ ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཉམས་པ་ཁ་སྦྱོར་བྱེ་བའི་རྟགས༔ བྱུང་བ་རལ་གྲིས་རཱུ་པ་གཏུབས༔ ཨེ༔ འཇམ་དཔལ་ཁྲོས་པ་ཟིལ་གནོན་མཚོན༔ ཤེས་རབ་རལ་གྲི་རྣོན་པོ་ཡིས༔ དགྲ་བགེགས་གཟུགས་བརྙན་དུམ་བུར་གཏུབས༔ ཚེ་དང་བསོད་ནམས་རང་ལ་འདུས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཐིམ༔ ཤ་ཁྲག་ཁྲོ་བོ་རྔམས་པའི་ཚོགས༔ དགྱེས་པ་ཆེན་པོའི་ཞལ་དུ་བསྟབ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ཨེ་ཧུར་ཐུམས་ཁཌྒ་ཏཱིཀྵྞ་ཧྲི་དིར་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲག་པོའི་ཞལ་བསྟབ་ཟློག་ཕྲིན་གསོལ༔ ཆ་གཅིག་མཛེ་ཐོད་ནང་དུ་བཅུག༔ ཀླུ་བདུད་གདུག་པའི་གྲེ་བར་གཏད༔ ཆ་གཅིག་དུག་ཤིང་མེ་སྦར་ལ༔ རྔམས་ཁྲོས་འཁྱིལ་པ་བསྐྱེད་ཅིང་བསྲེག༔ ཐལ་བ་རྒྱ་གྲམ་ལམ་འོག་མནན༔ རྡོ་རྗེའི་བྲོ་བརྡུང་ཕྱིར་མི་ལྡོག༔ སྲིད་གསུམ་དགྲ་བགེགས་བརླག་པའི་ཐབས༔ འབུམ་ཕྲག་ཀུན་གྱི་སྙིང་པོ་འོ༔ ས་མ་ཡ༔ མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱང༔ སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ སྣོད་དུ་གྱུར་ནས་རྣལ་འབྱོར་ནི༔ འཁོར་ལོ་རྣམ་པ་བཞི་ཡིན་ཏེ༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་ཉིད་འཇམ་པ་གསལ་བའི་དཔལ༔ ཟུང་འཇུག་ཡེ་ཤེས་སེམས་དཔའ་ནི༔ གནས་པའི་འཁོར་ལོ་གཞི་ཡི་རྒྱུད༔ འགྲོ་བ་ཀུན་ལ་ཁྱབ་པར་བཞུགས༔ དེ་ཉིད་མ་རྟོགས་གཟུང་འཛིན་གྱི༔ སྲིད་པའི་འཁོར་ལོ་སྣ་ཚོགས་པ༔ རྩ་དང་རླུང་དང་བྱང་ཆུབ་སེམས༔ ཀུན་གཞི་ཡེ་ཤེས་ཅིར་ཡང་སྣང༔ འདུལ་ཐབས་སྤྲུལ་པའི་འཁོར་ལོ་ནི༔ སྣང་བ་སྦྱོང་བྱེད་དབྱིབས་ཀྱི་ལམ༔ ཟིལ་གནོན་ཁྲག་འཐུང་ཕྱག་རྒྱར་བསྒོམ༔ སྟོང་ཉིད་མ་སྐྱེས་རང་བཞིན་ལ༔ ཨེ་ཡིག་ལྷུན་གྲུབ་གཟུགས་སྐུར་བཞེངས༔ རྣམ་ཐར་དབུ་ལ་ཕར་ཕྱིན་ཕྱག༔ ཚད་མེད་ཞབས་ལྡན་འབྱུང་བ་ལྔ༔ འདུས་པའི་ཡེ་ཤེས་ཆེན་པོ་ཡིས༔ འཁོར་འདས་ཐམས་ཅད་ཁྱབ་ཅིང་གནོན༔ གཞི་ལམ་འབྲས་གསུམ་རང་ལ་རྫོགས༔ དག་པ་དྲན་པ་གནད་ཀྱི་གཟེར༔ ཡུལ་གསུམ་གསལ་བར་གྱུར་པ་དང༔ ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས༔ རླུང་ལམ་རྡོ་རྗེའི་བཟླས་པས་སྦྱང༔ ཁ་སྦྱོར་བུམ་པ་སྲོག་རྩོལ་བཙུད༔ དེ་ལས་གཏུམ་མོའི་མེ་སྦར་བས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ གཤིན་རྗེའི་རྩ་འཁོར་ཐམས་ཅད་ཁྱབ༔ བདེ་བ་གསོལ་བའི་བདུད་རྩི་ཡིས༔ གསོས་བཏབ་ཀ་དག་ངང་དུ་བཞག༔ སྣང་ཞེན་ལས་སུ་རུང་བ་ན༔ བུ་མོ་ཨུཏྤལ་མིག་ཡངས་མ༔ བརྟག་ཅིང་བཙལ་ལ་གསང་རྩ་སྤྲད༔ ཀཱ་ཀཱ་མུ་ཁའི་རེག་བྱ་ཡིས༔ ཉོན་མོངས་འཆིང་བ་གཅོད་པར་བྱ༔ དེ་ཚེ་བདེ་བའི་ངོ་བོ་ཉིད༔ ཐིག་ལེ་གཅིག་ཏུ་འདུས་པར་བལྟ༔ བསམ་གྱིས་མི་ཁྱབ་དགོངས་པའི་གདིང༔ མི་གཡོ་མཉམ་པ་ཉིད་དུ་བཞག༔ འཁོར་བ་རྣམ་པར་རྟོག་པ་སྟེ༔ མྱང་འདས་ངོ་བོ་སྟོང་པ་ཉིད༔ ཕྱག་རྒྱ་ཆེན་པོ་མ་བཅོས་པ༔ དེ་ཡིས་གཟུང་འཛིན་ཟིལ་གྱིས་གནོན༔ འཇམ་དཔལ་ཞེས་ནི་དེ་ལ་བྱ༔ གསང་བའི་ལམ་ནས་ཡེ་ཤེས་གདངས༔ ནམ་མཁར་ཤར་བ་བཞིན་དུ་བྱས༔ དབྱིངས་རིག་ཐིག་ལེར་འཛུད་པ་ཡིས༔ སྣང་བ་མཆེད་ཅིང་གོང་དུ་འཕེལ༔ ཐམས་ཅད་འཇམ་དཔལ་སྐུ་རུ་ཤར༔ ཁམས་གསུམ་ཐམས་ཅད་དེ་ཡིས་གང༔ སྲིད་གསུམ་གཡོ་བ་སྡུད་ཅིང་ཟད༔ སླར་ཡང་ཡེ་ཤེས་རང་སྣང་བས༔ འཕོ་བའི་བག་ཆགས་རྒྱུ་དང་བཅས༔ ཡོངས་སུ་གཅོད་ཅིང་སེམས་ཅན་དོན༔ ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྱིར༔ འཁོར་ལོ་མི་ཟད་རྒྱན་དུ་རྫོགས༔ མཐར་ཐུག་འབྲས་བུ་ཆེན་པོ་འོ༔ ས་མ་ཡ༔ ལས་ཀྱི་སྦྱོར་སྡེ་སྣ་ཚོགས་ནི༔ བུམ་པ་ཆུ་སྣ་དགུ་ཡིས་དགང༔ བདག་ཉིད་ཟིལ་གནོན་ཐུགས་ཀ་ནས༔ འོད་འཕྲོས་བུམ་པའི་དངོས་འཛིན་སྦྱངས༔ སྣོད་ནི་གཞལ་ཡས་བྱང་སེམས་བཅུད༔ སྙིང་པོ་འཇམ་དཔལ་ལྷ་སྔགས་གསལ༔ ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང༔ སྔགས་བཟླས་འོད་ཞུ་འཐོར་འཐུང་དང༔ ཉེ་རེག་བྱས་པས་ནད་གདོན་དང༔ ཁྱད་པར་ཀླུ་ཡི་དུག་ཀུན་ཞི༔ ལས་མཐུན་ཤིང་ལ་མེ་སྦར་ཏེ༔ ལྷ་བསྐྱེད་བདུད་རྩིའི་བསྲེག་རྫས་འབུལ༔ ཡང་ན་ཤ་ཁྲག་རུས་པར་དམིགས༔ ཞི་རྒྱས་དབང་དྲག་ལས་ཀུན་བྱེད༔ ཡུལ་ཁམས་ཕུང་བའི་དམ་སྲིའི་སྡེ༔ རང་རང་སྲོག་གི་ཐོད་པར་བྲུབ༔ སྟོབས་ཆེན་ཡོངས་རྫོགས་མཆོད་རྟེན་འོག༔ མནན་ཅིང་གཟིར་བས་ཕྱིས་མི་ལྡང༔ འཇམ་དཔལ་གྲུབ་པའི་རྩ་མཆོག་ལ༔ རྡོ་རྗེ་ཚེ་ཡི་སྔགས་ཀྱིས་བཏབ༔ ར་མོ་ཤག་གི་ཁུ་བས་དབུལ༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ༔ ས་མ་ཡ༔ དང་པོ་རང་བྱུང་སྔགས་ཀྱི་རྒྱུད༔ ཟླ་གསང་བྱེ་བ་འབུམ་ཕྲག་ལས༔ སྙིང་པོའི་སྙིང་པོ་མདོ་ཙམ་ཞིག༔ འཇམ་དཔལ་བཟང་པོས་གནད་བསྡུས་ཏེ༔ བརྟུལ་ཞུགས་སྤྱོད་པའི་དབང་པོར་གཏད༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འགའ་ཞིག་ས་ཡི་བཅུད་དུ་གཏམས༔ ལ་ལ་ཀློང་ལྔའི་སྒྲོམ་བུར་བསྩལ༔ སྙན་བརྒྱུད་འདི་ནི་སྐལ་ལྡན་ལ༔ དགོངས་པ་བྱིན་རླབས་ཚུལ་དུ་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ མ་འོངས་འདི་སྤྱོད་ལས་ཅན་ནི༔ གནུབས་ཀྱི་དགེ་སློང་རིག་སྔགས་འཆང༔ བོད་ཁམས་མཐའ་དང་དབུས་སུ་འབྱུང༔ ཐེ་ཚོམ་མེད་པར་ཉམས་བླང་ན༔ བདུན་གསུམ་མི་མཐུན་ཀེག་ལས་གྲོལ༔ དམ་སྲི་རྐུན་པོའི་བར་ཆད་ཞི༔ བརྒྱུད་འཛིན་འཕེལ་ཞིང་བཀྲ་ཤིས་ཐོབ༔ གཞན་ཡང་གྲགས་པ་མཆོག་དང་དབྱངས༔ མཐུ་ཆེན་བསྟན་པ་སྤེལ་ལ་དགའ༔ དེ་དང་དེ་ལ་སོགས་པ་ཡི༔ ལས་ཅན་མང་ཞིག་ཚུལ་འདི་ལ༔ བརྟེན་ནས་ནུས་པའི་གདིང་ཐོབ་སྟེ༔ བསྟན་པ་སྲུང་ཞིང་རང་རྒྱུད་གྲོལ༔ གདུལ་བྱ་ཡོངས་སུ་སྨིན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བཛྲ་མནྟྲ་གརྦྷ་ཨ་ཏི་གུ་ཧྱ་ས་མ་ཡ༔ ཞེས་པའང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་བརླབས་ཤིང་། ལྷུན་གྲུབ་རིག་འཛིན་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་གདམས་པའི་སྙན་བརྒྱུད་འདི་ནི། གནུབས་ཀྱི་སྐྱེ་རྒྱུད་ཟུང་སོགས་སྐལ་པ་དང་ལྡན་པ་དག་ལ་ཕན་པའི་ཡིད་ཀྱིས་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྐད་ཅིག་གིས་གཏན་ལ་ཕབ་པའོ།། །།

བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ (Volume 63, Text 32)

༄༅། །བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་གུ་རུ་པདྨཱཀ་ར་ཡེ། ཀུན་ཁྱབ་ཆོས་ཀྱི་སྐུ་ལས་དགོངས་བརྒྱུད་དང་། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལས་བརྡའ་ཡི་བརྒྱུད། །ཐུགས་རྗེའི་རིག་རྩལ་གང་ཟག་སྙན་བརྒྱུད་དེ། །བརྒྱུད་གསུམ་རིག་འཛིན་བླ་མས་ཤིས་པ་སྩོལ། །རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་ཝའི། །དགོངས་བཅུད་མཐར་ཐུག་པདྨ་ཟབ་པ་ཡི། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྨིན་བྱེད་ཡེ་ཤེས་ཆུ་རྒྱུན་ཁྲིགས་སུ་བསྡེབ། །འདི་ལ་གསུམ་སྦྱོར་དངོས་རྗེས་སོ། །དང་པོ་ལའང་ཆོ་གར་མ་གཏོགས་དང་གཏོགས་པའོ། །དང་པོ་ནི། དུར་ཁྲོད་སོགས་གནས་དབེན་ཞིང་ཟིལ་དང་ལྡན་པར་རྩ་གསུམ་གྱི་སྣང་བརྙན་བཀྲམ་པའི་མདུན། གཞི་མ་དུལ་བ་ཡིན་ན་སའི་ཆོ་ག་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་སོགས་ལ་མི་དགོས། གང་ལྟར་ཡང་སྟེགས་བུ་ཁོད་སྙོམས་པར་དྲི་ཡིས་ཆག་ཆག་གདབ་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གཞལ་ཡས་སྒོ་རྫོགས་ཀྱི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པར་ལྷ་ཡི་མཚན་མ་རང་མདོག་དང་མཐུན་པ་གྲངས་མཉམ་བཀོད་པའམ། ཡང་ན་མཎྜལ་དུ་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། གང་ལྟར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་མཚན་ལྡན་གསང་རྫས་ཨ་མྲྀཏ་སྦྱར་བས་བཀང་བ་དར་དམར་གྱིས་ཁ་བཀབ་པའི་སྟེང་དུ་མན་ཤེལ་དང་། གཞན་ཡང་རིག་ཙཀ་དང་གཙོ་འཁོར་སྒོ་མ་དང་བཅས་པའི་ཙཀ་ལི། སྔགས་ཕྲེང་། མེ་ལོང་། རྡོར་དྲིལ། སྨན་རཀ་གཏོར་གསུམ། མེ་ཏོག །མིག་དར། བགེགས་གཏོར། ཞལ་ཟས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བརྒྱུད་འདེབས་ནས་བརྩམ་ཚེ་ཡི་ཕྲིན་ལས་གཏང་ཞིང་བཟླས་པའི་ཐོག་མར། རྩ་སྔགས་མཐར་ཕཊ་ཛཿཞེས་པས་ཛཔ྄་ཁང་དབྱེས་ལ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ དམིགས་གནད་དང་ལྡན་པའི་བཟླས་པ་ཅི་ནུས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་། བུམ་པ། ཨ་མྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །སྔགས་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཐོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ། ཚེ་དབང་དང་འབྲེལ་ན་བཅས་བཤོམ་སྐབས་བུམ་པ་དང་ཚེ་རྫས་སོགས་བཤམས་ལ་སྐབས་འདིར་ཚེ་འགུགས་བརྗོད་ཅིང་རྩ་སྔགས་གང་མང་བཟླས་ལ་དམིགས་པས་ཁྱབ་པར་བྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་བསྔོས་དང་། གཞུང་གི་ཚོགས་བྱིན་རླབས་ནས་བརྩམ་བསྟབ་པའི་མཐར་ཐུག་པའི་བར་གཏོང་ཞིང་། བདག་ཉིད་འཇུག་པ་ལ་ཁྲུས་དང་མཎྜལ་ནས་གཏང་རག་གི་བར་འོག་ཏུ་བཤད་པའི་དབང་རྣམས་ཁ་བསྒྱུར་འདོར་ལེན་ཕྲན་བུ་དང་བཅས་བརྗོད་པའམ། ཅིས་ཀྱང་མི་ལྕོགས་ན་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད་པ་བཅས་སྤྱི་ལྟར་བྱ་ཞིང་དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་འཇུག་པའི་ཆོས་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་ཁྲུས་བྱ། ཏིང་ལོ་ཆངས་བུ་གཏོར་མ་རྣམས་བཤམས་ལ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བརླབས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་ཞི་བ། སུམྦྷ་ནི་སོགས་ལན་གསུམ་གྱིས་ཞི་དྲག་ཕྱེད་མ། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཞེས་དང་། རྟ་སྔགས་ལན་གསུམ་དང་ཡུངས་ཐུན་བཅས་ཀྱིས་དྲག་པོས་སྦྱངས་ནས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ཀྱིས་སྲུང་བའི་འཁོར་ལོས་ཕྱོགས་མཚམས་གཏམས་པ་སོང་ནས། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས་ཆོས་བཤད་ཀྱི་ཁྱད་པར། དེ་ལ་འདིར་བསྐལ་བཟང་སྒྲོན་མེ་སྟོང་རྩའི་ནང་ནས་ཐུགས་བསྐྱེད་ཀྱི་གོ་ཆ་སུས་ཀྱང་འགྲན་དུ་མི་བཟོད་པ་སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཆོས་འཁོར་མཐའ་ཀླས་པ་ཞིག་བསྐོར་པ་ཐམས་ཅད། ཕུང་པོར་བསྡུས་ན་ཉོན་མོངས་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཡང་དེ་ཉིད་ཀྱི་གྲངས་དང་མཉམ་ཞིང་། སྡེ་ཚན་དུ་བསྡུས་ན་གླེང་གཞི་དང་སྐྱེས་རབས་ལ་སོགས་པའི་མཚོན་སྡེ་སྣོད་རྣམ་པ་བཅུ་གཉིས་ཀྱི་ཚུལ་དང་། དབང་པོའི་རིམ་པ་དང་མཚུངས་པར་བསྡུས་ན། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་རྣམ་པ་གཉིས་སུ་འདུ་བ་ཡིན་ཏེ། ཀུན་བྱེད་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ཐེག་པ་གཉིས་སུ་དབྱེ་བ་དང་དགུར་དབྱེ་བ་སོགས་རྣམ་གྲངས་མང་དུ་མཆིས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་ལ་སློབ་དཔོན་མ་ཏི་ཙི་ཏྲའི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་མཚན་ཉིད་རྒྱུ་ཡི་ཐེག་པ་རིང་བའི་དབང་དུ་བཏང་སྟེ། ཉེ་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསང་སྔགས་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་སྟེ་བབ་སོ་གསུམ་དུ་མཆིས་པ་ལས། འདིར་ནི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་རྒྱུད་དང་སྒྲུབ་ཐབས་གཉིས་སུ་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་གསུང་རྡོ་རྗེ་པདྨ་གར་དབང་གི་རྒྱུད་དང་། དེ་ཉིད་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་ཏུ་བཞེངས་པ་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། ངོ་བོའི་ཆ་ལས་དཔལ་ཆེན་ཆེ་མཆོག་ཡང་དག་ཧེ་རུ་ཀ་གོའུ་རཱི་ལྷ་མོ་བརྒྱད་ཀྱི་སྣང་ཆར་བཞེངས་པ་སྟེ། མདོར་ན་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་ལོངས་སྐུ་ཚེ་དཔག་མེད་ཀྱི་སྣང་ཆར་ཤར་བའི་སྒྲུབ་ཐབས་ཟབ་མོ་འདི་ཉིད། ཁོ་བོ་བདུད་འཇོམས་ནམ་མཁའི་རྡོ་རྗེས་མདོ་ཁམས་ཡེལ་བྲག་ནམ་མཁའ་མཛོད་ཀྱི་གུ་རུའི་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ། རྩ་བའི་སྨིན་བྱེད་རྒྱས་པ་བསྒྲུབ་པར་བགྱི་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞེས་མཚམས་སྦྱར་ལ་འབུལ་དུ་གཞུག །དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་བརྡ་དང་བརྡ་ཅན་གྱི་དཀྱིལ་འཁོར་མ་མཐོང་བ་ལ་མཚོན་བྱེད་མིག་དར་འཆིང་བར་ཞུ། ཨོཾ་ཙཀྵུར་བྷནྡྷ་ཝ་ར་མ་ན་ཡེ་ཧཱུྃ། ཞེས་མིག་དར་བཅིང་། རིགས་ཀྱི་ལྷ་དང་དངོས་གྲུབ་ཀྱི་མཚན་མ་ངེས་པར་བྱ་བའི་ཕྱིར་མེ་ཏོག་པདྨའི་ཆུན་པོ་རེ་ཐོགས་པར་བསམ་ལ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཀྱེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ གདོད་ནས་དག་པ་སོགས་ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མེད་བཞིན་སྣང་བ་སོགས་ལན་གསུམ། ཚོགས་གསག་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་ལྷ་ཚོགས་སོགས་ལན་གསུམ། དེ་ནས་ཀུན་རྫོབ་དང་དོན་དམ་གྱི་སེམས་གསལ་གདབ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་གཟུང་བ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི༔ ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །སྔགས་དེ་ཉིད་བརྗོད་བཞིན་དུ་རྡོ་རྗེ་སྙིང་གར་བཞག་སྟེ་བརྟན་པར་བྱ། གསང་སྔགས་དབང་གི་དམ་ཚིག་ཁོ་ན་ལ་རག་ལས་པས་དམ་ཚིག་གི་གནས་སུ་འགོད་པ་ལ་རྡོ་རྗེའི་ཆུ་ནན་གྱི་ཁེ་ཉན་བསྒྲག་པ་ནི། མནའ་ཆུ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་དཱ་ཀ་ཋ་ཋ་ཧཱུྃ༔ ཞེས་སྦྱིན། རྡོ་རྗེ་མགོར་བཞག་ལ། སློབ་དཔོན་བཀའ་གཉན་པར་གདམས་པ་ནི། བདག་ནི་རྡོ་རྗེ་སློབ་དཔོན་ཏེ༔ ཁྱོད་ཀྱིས་ང་ལ་བརྙས་མ་བྱེད༔ གལ་ཏེ་བརྙས་པར་བྱེད་པ་ན༔ དམྱལ་བ་ཆེན་པོར་ལྟུང་ཏ་རེ༔ རྡོ་རྗེ་སྙིང་གར་བཞག་སྟེ། གསང་བ་མི་སྨྲ་བར་གདམས་པ་ནི། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ས་མ་ཡ་རཀྵནྟུ༔ དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པ་ནི། སློབ་མ་ལངས་ཏེ་རྐང་པ་གཤིབ་ལག་པ་སྤྱི་བོར་ཐལ་མོ་སྦྱར། རླུང་བུམ་པ་ཅན་འཛིན་དུ་བཅུག །དམིགས་པ་འདི་ལྟར་གསལ་གདབ་བོ། །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར། །སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་བྱིན་འབེབ་དབྱངས་དང་བཅས་གྱེར་བ་ནི། ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཨཱཿཧ་ཛྷཱཻཾཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་བཅས་ཏེ་ཡེ་ཤེས་འབེབ་པའི་རྫས་གཞུང་མཐུན་བདུག །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བསམ་ལ། ཏིཥྛ་བཛྲ་ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ནས་དཀྱིལ་འཁོར་ནང་དུ་གཞུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱཻ་ཧོ༔ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནད་དུ་གསོལ༔ ལན་གསུམ། ཛཿཧཱུྃ་བཾ་ཧོ་པྲ་བེ་ཤ་ཡ་ཕཊཿ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གི་ཕྱེ་བར་གྱུར། ཡོལ་བ་བསལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་བསམ་ལ། ཨོཾ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཞེས་པས་མིག་དར་དབྱེ། ལྷ་ངོ་བསྟན་པ་ནི། འདི་ན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་ལྟེ་བར་ཉི་མ་དང་ཟླ་བའི་སྟེང་དུ། བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་གཟུངས་མ་མེ་ཏོག་མནྡཱ་རཿབ་དང་མཉམ་པར་སྦྱོར་བ། ཕྱོགས་མཚམས་ཀྱི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ་སྒོ་མ་མགྱོགས་མ་བཞི་དང་བཅས་པ་དག་པ་རབ་འབྱམས་ལྷ་ཡི་དཀྱིལ་འཁོར་ཆེན་པོར་མངོན་སུམ་དུ་མཐོང་བའི་མོས་པ་གྱིས་ལ་དད་མོས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ཅིང་། དེ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷ་གང་ཡིན་པ་ལ་འབབ་པར་ཤོག་ཅིག་སྙམ་པའི་མོས་པ་དང་བཅས་ཏེ་ཚིག་འདིའི་རྗེས་ཟློས་གྱིས་ལ་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་ཞུ། ཧོཿ སྔོན་ནས་འབྲེལ་པའི་ལྷ་མཆོག་ལ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་འབབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་གྷྲིཧྣ་ཧོཿ ཞེས་པའི་མེ་ཏོག་དོར་ལ་རིགས་བརྟགས། མེ་ཏོག་རང་རིགས་ཀྱི་ལྷས་བཟུང་སྟེ་དངོས་གྲུབ་ཅོད་པཎ་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ལ། ཨོཾ་པྲ་ཏི་གྷྲིཧྣ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ། ཐོག་མར་སྤྲོས་བཅས་བུམ་པའི་དབང་གསན་པའི་ཆེད་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསུམ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་མངོན་པར་དབང་བསྐུར་བར་བསམ་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲྎ རཏྣྎ པདྨྎ ཀརྨྎ ཞེས་སྦྱར་ལ་མགོ་བོའི་གནས་ལྔར་བཞག་ཅིང་དབང་བསྐུར་ཏེ་བུམ་ཆུ་ངག་ཏུ་བླུད། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་རྡོ་རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་བླང་བ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་ཕྲེང་བ་སྦྲེལ་ཏེ་རྩ་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་བར་བསམ་ལ། ཨཱ༔ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགག་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་དྭངས་གསལ་མེ་ལོང་སྙིང་གར་བཞག་སྟེ། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་པའི་མོས་པ་མཛོད་ཅིག །ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ལ། སྒེག་སོགས་མཆོད་པའི་ལྷ་མོ་ལས་རང་སྣང་གི་སྐུ་གཉིས་པ་རེ་འཕྲོས་ཏེ་འདོད་ཡོན་གྱི་རོལ་པས་མངའ་གསོལ་བའི་མོས་པ་མཛོད་ཅིག །ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱཻ་མཱ་ལྱེ་གཱིརྟཱི་ནིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཨཱཿཧཱུྃ༔ བརྗོད་ཅིང་མངའ་གསོལ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་བདག་པོ་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝ་ཙི་ས་མ་ཡ་བྷོ་དྷི་ཙིཏྟ་ཨཱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། དཀྱིལ་འཁོར་གྱི་ཕྲིན་ལས་སྒོ་མའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པས་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ། ཧྲཱི༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་སྣང་སྟོང་ཆུ་ཟླ་ལྟ་བུ་ལྷ་ཡི་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་བུམ་པའི་དབང་བསྐུར་པ་དང་འབྲེལ་བའི་ལམ་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པའི་ཚུལ་ཡང་རྡོ་རྗེའི་རྒྱུད་ཀྱི་ཚིག་དོན་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་རྩ་བའི་རྒྱུད་ཀྱི་དབུ་ནས་ལེའུ་དང་པོ་དང་། དེ་རྗེས་མ་ཚང་ཁ་སྐོང་གི་རྒྱུད་ཡོངས་རྫོགས། དེ་ནས་ལེའུ་གཉིས་པའི་རྗེས་བར་ཚང་བ་དལ་བར་བརྗོད། དེ་ནས་ཟུར་གསལ་ཐུན་མོང་ཚེ་ཡི་དབང་བསྐུར་སྐབས་འདིར་བྱ། གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ནི། བླ་མ་ལོངས་སྤྱོད་ཡོངས་རྫོགས་ཚེ་མཐའ་ཡས་པའི་སྤྱན་སྔར་བཅུ་གསུམ་ལོན་པའི་རིག་མ་རྒྱན་དང་ལྡན་པ་དང་། གསེར་ལ་སོགས་པའི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་དུ་གཞུག །ཐལ་མོ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ རྡོ་རྗེ་བདུད་རྩི་དྲི་མེད་མཆོག༔ མ་རིག་ཉེས་པ་འཇོམས་བྱེད་པ༔ གསང་བའི་དམ་པ་བདག་ལ་སྩོལ༔ ལན་གསུམ། དེ་ནས་བླ་མ་པདྨ་འབྱུང༔ རིག་མ་བདེ་ཆེན་མནྡཱ་ར༔ མཉམ་སྦྱོར་དགའ་བའི་སྒྲ་དང་ནི༔ བདེ་བའི་འོད་ཀྱིས་སད་བྱས་པའི༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་པ༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས༔ མཁའ་གསང་པདྨོ་བདེ་ཆེན་པོར༔ དཀར་དམར་འདྲེས་པའི་བྱང་སེམས་ཀྱི༔ རྣམ་པར་འོད་ཞུ་འཁྱིལ་པ་ཉིད༔ ཡུམ་གྱི་མཁའ་ལས་ལྕེ་ཡིས་བླང༔ ཞེས་མོས་ལ་ཀ་པཱ་ལའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་རྡོ་རྗེའི་ཆུ༔ མྱང་བས་མ་རིག་ཉེས་པ་འཇོམས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ༔ དེ་ལྟར་གསང་བའི་དབང་བསྐུར་པས། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །དེ་ལྟར་གསང་དབང་དང་འབྲེལ་བའི་ལམ་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་སླར་ཡང་བྱང་ཆུབ་ཀྱི་སོགས་ལེའུ་གསུམ་པ་མཇུག་ཡན་རྫོགས་པར་འདོན། གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། བླ་མ་འཆི་མེད་ཆོས་སྐུའི་རང་བཞིན་གསལ་བའི་སྤྱན་སྔར་བཅུ་དྲུག་ལོན་པའི་རིག་མ་རྒྱན་གྱིས་སྤྲས་པ་དང་། གསེར་གཡུའི་མཎྜལ་འབུལ་བར་བསམ་ལ་ཞིང་ཁམས་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རབ་ཏུ་ཞི་བའི་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༔ མངའ་བདག་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། མཚན་ཉིད་ལྡན་པའི་རིག་མ་ནི༔ སངས་རྒྱས་མ་ལུས་པང་བཀོད་དེ༔ ཡང་དག་ཐར་པ་བརྟེན་པའི་ཕྱིར༔ སྙིང་གི་བུ་ལ་གདམ་པར་བྱ༔ དངོས་སམ་རིག་ཙཀ་གཏད་ལ། ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ ཐབས་འདིར་བརྟེན་ནས་རྫོགས་སངས་རྒྱས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ རྨོངས་པ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ གཟུངས་མ་ཡིད་འོང་ཉམས་དགའ་བ༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས༔ འཁོར་ལོའི་གནས་བཞིའི་དགའ་བ་ཆེ༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ བྷཉྫ་མོཀྵ་ཧོ༔ ཞེས་གཏད་པས་རིག་མ་དེས་གསང་བའི་གནས་ལ་སྤྲོ་བ་དྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ། བུད་མེད་རྣམས་ལ་རབ་གུས་ཤིང༔ བཤང་ལྕི་ཁུ་ཁྲག་ལ་སོགས་བཟའ༔ པདྨོར་བདེ་བའི་འོ་བྱེད་པར༔ བུ་ཁྱོད་ཅི་དགར་སྤྲོ་འམ་སྨྲོས༔ ལན་གདབ་པ་འདིའི་རྗེས་ཟློས། བཤང་ལྕི་ལ་སོགས་དྭངས་བས་ཟ༔ བུད་མེད་རྣམས་ལ་རྟག་པར་གུས༔ བྷ་གའི་པདྨོར་འོ་བྱེད་པར༔ བདག་ནི་ཅི་དགར་སྤྲོ་ལགས་སོ༔ དེ་ནས་ལྷ་མོ་དེས་དབྱིངས་ཕྱུག་གསང་བའི་རྩ་བསྟན་ཏེ། ང་ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན༔ དབབ་གཟུང་ལྡོག་ཁྱབ་སྦྱོར་བ་ཡིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཞེས་པས་པང་དུ་འཁོད་པ་ལ། སློབ་མ་བདེ་བ་ཆེན་པོ་པདྨ་སམ་བྷ་ཝ་རིག་མ་ལྷ་ལྕམ་མནྡཱ་རཿབ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་སྙོམ་པར་ཞུགས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨུ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྙོམ་པར་ཞུགས་པས་དགའ་བྲལ་གྱི་རང་ངོ་བསྐྱང་དུ་གཞུག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེ་ལྟར་ཤེར་དབང་བསྐུར་པ་དང་འབྲེལ་བའི་ལམ་གྱི་རིམ་པ་གཞན་ལུས་བདེ་བ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ཡང་འདི་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ། སླར་ཡང་ཟུང་འཇུག་སོགས་ནས། བཞི་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་བཞི་པ་རབ་ཏུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་སླད་དུ་བླ་མ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་སྐུའི་སྤྱན་སྔར་བུ་དང་། ཆུང་མ། རིན་པོ་ཆེ་དང་། ནོར་ལ་སོགས་པ་གཅེས་རྒུའི་བདོག་པ་འབུལ་བའི་མོས་པས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ རབ་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ལ་གསོལ་བ་འདེབས་པ་འདི་རྩེ་གཅིག་པའི་ཡིད་ཀྱིས་གནང་བ་ཞུ། ཨོཾ་ཨཱཿཧཱུྃ༔ ཀ་དག་ཆོས་དབྱིངས་ཞིང་ཁམས་ན༔ ཆོས་སྐུ་ཀུན་ཏུ་བཟང་པོ་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ དགོངས་བརྒྱུད་དག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ ཡོན་ཏན་ལྷུན་རྫོགས་ཞིང་ཁམས་ན༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ བརྡ་བརྒྱུད་རིག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ གང་འདུལ་རོལ་པའི་ཞིང་ཁམས་ན༔ སྤྲུལ་སྐུ་རིགས་གསུམ་མགོན་པོ་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ སྙན་བརྒྱུད་སྤྲུལ་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ ལང་ཀ་དཔལ་གྱི་གྲོང་ཁྱེར་ཆེ༔ བདེ་ཆེན་པདྨ་འོད་ཞིང་ན༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ དབྱེར་མེད་རྩ་བའི་བླ་མ་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ འགག་མེད་ནཱ་དར་འགྲུབ་པར་མཛོད༔ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ འོད་གསལ་ཐུགས་སུ་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་མཎྜལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨ་ཨཱ༔ ཞེས་པས་བྱིན་དབབ། དེ་ནས་སློབ་མ་རྣམ་སྣང་གི་ཆོས་བདུན་བཅས་ལ་སེམས་དུས་གསུམ་སྤྲོས་པ་བཅད་ལ། བླ་མས་ཕཊཿདྲག་པོ་ཞིག་བརྗོད་རྗེས། སེམས་གང་ཡིན་ཞེས་ལན་གསུམ་རྟབ་རྟབ་ཏུ་དྲིས་པས། སྨྲ་བསམ་ཡང་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ལ་ངོ་སྤྲད་པ་ནི། ཨེ་མ་ཧོ༔ རང་བྱུང་རིག་པའི་སྐྱེས་བུ་ཉོན༔ བཞི་ཆ་གསུམ་བྲལ་གདོད་མའི་གཤིས༔ ཀུན་ལ་ཁྱབ་པ་ནམ་མཁའ་བཞིན༔ སྨྲར་མེད་མྱོང་བའི་བདག་ཉིད་ཅན༔ སྟོང་དང་མི་སྟོང་བློ་ལས་འདས༔ མཐའ་བརྒྱད་གྲུབ་མཐས་མ་རེག་པ༔ ཡིད་དཔྱོད་འཛིན་པའི་འཕྲང་ལས་གྲོལ༔ འདི་ནི་མཆོག་གི་རྡོ་རྗེ་སྟེ༔ ཟབ་མོའི་དོན་འདི་སུས་སྒོམ་པ༔ སངས་རྒྱས་གཅེར་མཐོང་ཨེ་མ་ཧོ༔ ལྷུན་གྲུབ་རིག་འཛིན་གོ་འཕང་ཐོབ༔ ཡེ་ཤེས་བླ་མའི་ས་ནོན་གྱུར༔ དེའི་རྗེས་འབྲེལ་དུ་ཀ་དག་རིག་པ་རྩལ་གྱི་ལམ་རིམ་ནི་འདི་ལ་གསན་པས་ཁྱབ་པར་གདའ། སླར་ཡང་འཁོར་འདས་སོགས། ལྔ་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་ལྷུན་གྲུབ་ཀྱི་དགོངས་ཉམས་ངོ་སྤྲད་པ་ནི། ཤེལ་དང་རྨ་བྱའི་མདོངས་སྒྲོ་བསྟན་ཏེ། གཞིར་གནས་ཀུན་ཏུ་བཟང་པོ་ཉིད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ༔ ལྷུན་གྲུབ་དག་པའི་གནད་ལྡན་པས༔ ཙཀྵུའི་ལམ་དུ་མངོན་སུམ་མཐོང༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ ཟག་མེད་འོད་ལུས་འགྲུབ་པར་འགྱུར༔ ཞེས་བརྗོད། དེ་ལྟར་ལྷུན་གྲུབ་ཀྱི་ལམ་ལས་སྣང་བ་བཞིའི་ལམ་མཐར་ཕྱིན་པའི་གནད་ལ་གོམས་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་སྟེ། སླར་ཡང་འོད་གསལ་སོགས་ནས་རྩ་རྒྱུད་མཐའ་རྫོགས་པའི་བར་བཀླག །དེ་དག་གིས་ཚིག་ལས་འདས་པ་དོན་དམ་གྱི་དབང་ཐོབ། སྙོམ་འཇུག་གི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ་མོ། །དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་ཀྱིས་ཤིས་པ་བརྗོད་པས་མངའ་གསོལ་ཞིང་། རྡོ་རྗེའི་བདེན་ཚིག་གི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །ཅེས་བརྗོད་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཐོག་དྲངས། ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་སོགས་ལས་བྱང་ལྟར་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་དག་གི་སྒོ་ནས་བདེ་བ་ཆེན་པོ་པདྨ་སམ་བྷ་ཝའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པས། སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་མི་ཉམས་པར་སྲུང་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ། ལུས་ལོངས་སྤྱོད་འབུལ་བ་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་བརྗོད། དགེ་བསྔོ་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ལས་བྱང་མཐར་དབྱུང་བས་འགྲུབ་བོ། །གསུང་གི་རྡོ་རྗེ་པདྨ་སམ་བྷ་ཝའི། །གསང་གསུམ་ནུས་བཅུད་སྨིན་བྱེད་བུམ་པ་བཟང་། །མཚམས་སྦྱོར་རིན་ཆེན་དྲྭ་བས་མཛེས་བྱས་པས། །འགྲོ་ཀུན་སྐུ་བཞིའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་དད་ཤེས་ཀྱི་ནོར་ཅན་ཐུབ་བསྟན་འཇིགས་མེད་ཀྱིས་བསྐུལ་བ་དང་མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ་གང་གི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དགེ་སློང་གྲགས་པ་བསྟན་བཟང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

གནམ་ཆོས་ཐུགས་གཏེར་ལས་རྡོ་རྗེ་གཡུ་སྒྲོན་རིགས་དྲུག་གི་སྒྲུབ་ཐབས་ (Volume 38, Text 32)

༁ྃ༔ གནམ་ཆོས་ཐུགས་གཏེར་ལས་རྡོ་རྗེ་གཡུ་སྒྲོན་རིགས་དྲུག་གི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ ྈྈ རྡོ་རྗེ་གཡུ་སྒྲོན་ལ་བཏུད་ནས༔ དེ་ཡི་སྒྲུབ་ཐབས་བཤད་པར་བྱ༔ དང་པོ་ཕྱི་ཡི་སྒྲུབ་པ་ནི༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར༔ གཡས་པས་ནོར་བུ་གཡོན་མེ་ལོང༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རིན་པོ་ཆེ་ཡི་ཁྲི་ལ་བཞུགས༔ མདུན་ནས་རིམ་བཞིན་གཡས་སྐོར་དུ༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ གཙོ་མོ་དང་ནི་མཐུན་པ་ལ༔ ལྷ་མཚོ་གཡུ་སྐྱིད་མདུན་ན་བཞུགས༔ ལྷ་སྐྱིད་གཡུ་མཚོ་མཚམས་ན་བཞུགས༔ ལྷ་ཡུམ་གཡུ་གསལ་གཡས་སུ་བཞུགས༔ ལྷ་སྒྲོན་གཡུ་སྨན་མཚམས་སུ་བཞུགས༔ ལྷ་སྐྱིད་གཡུ་བུན་རྒྱབ་ཏུ་བཞུགས༔ ལྷ་ཁང་གཡུ་ཞལ་མཚམས་སུ་བཞུགས༔ ལྷ་རྒྱན་གཡུ་ཕྲེང་གཡོན་དུ་བཞུགས༔ ལྷ་ཤམ་གཡུ་མོ་མཚམས་སུ་བཞུགས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་ནང་གི་སྒྲུབ་པ་ནི༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་སེར༔ གཡས་པས་ནོར་བུ་གཡོན་མེ་ལོང༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རིན་པོ་ཆེ་ཡི་ཁྲི་ལ་བཞུགས༔ མདུན་ནས་རིམ་བཞིན་གཡས་སྐོར་དུ༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ གཙོ་མོ་དང་ནི་མཐུན་པ་ལ༔ མདུན་དུ་རིན་ཆེན་མཚོ་གཡས་སུ༔ རིན་ཆེན་སྒྲོན་དང་དེ་བཞིན་རྒྱབ༔ རིན་ཆེན་སྐྱིད་དང་གཡོན་ཕྱོགས་སུ༔ རིན་མོ་རྣམས་ཀྱིས་བསྐོར་བའོ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ཙིཏྟ་ཧྲིང་ཧྲིང་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་གསང་བའི་སྒྲུབ་པ་ནི༔ རྡོ་རྗེ་གཡུ་སྒྲོན་སྐུ་མདོག་དམར༔ གཅེར་བུ་རིན་ཆེན་རྒྱན་གྱིས་སྤྲས༔ ཤིན་ཏུ་མཛེས་པས་མདའ་དར་འཛིན༔ གཡོན་པས་བྷནྡྷ་ཁྲག་བཀང་འཛིན༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ གཙོ་མོ་དང་ནི་མཐུན་པ་ལ༔ གཡས་སུ་པདྨ་སྒྲོན་ཁྲོ་མོ༔ གཡོན་དུ་པདྨ་མཚོ་ཞི་མ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ནིར་ཤོག་ཛང་ཤོག༔ ཛཿཛ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་ཡང་གསང་སྒྲུབ་པ་ནི༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་ལྗང༔ གཡས་པས་ནོར་བུ་གཡོན་མེ་ལོང༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རིན་པོ་ཆེ་ཡི་ཁྲི་ལ་བཞུགས༔ མདུན་དུ་དོན་གྲུབ་སྒྲོན་ལྗང་ནི༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ གཙོ་མོ་དང་ནི་མཐུན་པར་བསམ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ཙིཏྟ་ཧྲིང་ཧྲིང་ཛ་ཕཊ་ཕཊ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་དཀར་སྒྲུབ་བྱ་བ་ནི༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར༔ ཤ་བ་ཡུ་མོ་ལ་འཆིབ་ནས༔ ནེའུ་གསིང་ནང་ནས་མེ་ཏོག་འཐུ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གཡས་པས་མདའ་དར་གཡོན་མེ་ལོང༔ བཤུད་གླུ་ཀྱུར་ཀྱུར་དགའ་བའི་ཚུལ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་བ་སུ་སིདྡྷི་ཧྲིཾ་ཛ་ཧཱུྃ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ དེ་ནས་ནག་སྒྲུབ་བྱ་བ་ནི༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་ནག༔ ཞལ་གསུམ་ཐམས་ཅད་ནག་པོ་སྟེ༔ ཕྱག་གཉིས་རལ་གྲི་གཡོན་སྤུ་གྲི༔ རླུང་གི་རྟ་ལ་ཞོན་ནས་རྒྱུག༔ སྲིན་མོའི་ཆ་ལུགས་རྫོགས་པར་བསམ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཏྲི་བཛྲ་ཏྲི་པྲ་མོ་ཏྲི་ཧ་ཏྲི་རྒྱུག་རྒྱུག་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༁ྃ༔ དེ་ནས་འདི་ཡི་ཞལ་གདམས་ལ༔ ཕྱི་སྒྲུབ་གཏོར་མ་ལྷ་བཤོས༔ ནང་སྒྲུབ་ཟུར་གཅིག༔ གསང་སྒྲུབ་ཚོགས་འདྲ་བ༔ ཡང་གསང་ཟུར་གཉིས༔ དཀར་སྒྲུབ་ཟླུམ་པོ༔ ནག་སྒྲུབ་ཟུར་གསུམ་ནག་པོ༔ སོ་སོ་ལ་གཙོ་མོའི་ཙཀ་ལི་འཛུག༔ རང་ཡི་དམ་གང་ཡིན་བསྒོམ༔ ཕྱི་ནང་ལྔ་པོའི་ཐུགས་སྲོག་ཧྲཱི༔ ནང་སྒྲུབ་ཏྲི་སྔགས་བསྐོར་མི་དགོས༔ གསང་སྒྲུབ་གཙོ་མོ་གསུམ་རོ་ཡི་གདན་ལ་གར་ཐབས༔ ཐམས་ཅད་དར་གྱི་ན་བཟས་ནི་སོ་སོའི་ཁ་དོག་ཅན་གྱི་རལ་ག་འདུང་མའོ༔ ནག་སྒྲུབ་ནི་ནང་དུ་མི་ལྤགས་ཕྱི་དར་ནག་གི་བེར༔ དྲག་སྒྲུབ་ནི་ལས་སྦྱོར་སྤྱི་ལྟར༔ དྲུག་ཀ་ལ་སོ་སོར་དྲེགས་པའི་སྲོག་དབང་ལྟར་བཀའ་གཏད་བྱའོ༔ སོ་སོའི་སྐུ་མདོག་ནི་དར་གྲུ་བཞི་ལ་སོ་སོའི་སྔགས་བྲིས་ལ་མདའ་དར་ལ་བཏགས་པ་རྟེན་རྫས་སོ༔ ཞེས་སྒྲུབ་ཐབས་ཚན་དྲུག་ཞལ་གདམས་དང་བཅས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཁྲུམས་ཟླ་བའི་ཉེར་དགུ་ལ་ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་གིས་དངོས་སུ་གསུངས་སོ། །འདི་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བྱའོ།། །། ྈ ྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ རྡོ་རྗེ་གཡུ་སྒྲོན་གསོལ་ཁ་ནི༔ ཨ་ཀཱ་རོ་ཡི་བྱིན་གྱིས་བརླབ༔ ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་མ༔ ཙ་རི་ཏྲ་དང་ཚ་བ་སྒང༔ བཞུགས་གནས་རྣམས་ནས་སྤྱན་འདྲེན་ནོ༔ དམ་ཚིག་སོམས་ལ་གཤེགས་སུ་གསོལ༔ མཆོད་ཕྱིར་བསྒྲུབ་ཕྱིར་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་མ༔ སྐུ་མདོག་དུང་དང་ཟླ་བའི་མདོག༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ གཡས་པས་མདའ་དར་གཡོན་མེ་ལོང༔ ཆིབས་སུ་ཤ་བ་ཡུ་མོ་འཆིབ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ འཁོར་དུ་བརྟན་མ་བཅུ་གཉིས་སོགས༔ སྣང་སྲིད་སྨན་མོའི་ཚོགས་ཀྱིས་བསྐོར༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་ལ་སོགས་ཕྱི་མཆོད་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་པའི་ཡོན་ཏན་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་གཏོར་མ་སོགས༔ དམ་རྫས་དུ་མས་ཐུགས་དམ་བསྐང༔ ཤ་བ་མདའ་དར་མེ་ལོང་དང༔ ཟ་འོག་རིན་ཆེན་སྣ་ཚོགས་འབུལ༔ བདག་གིས་གསོལ་ཞིང་མཆོད་པ་ན༔ ཁྱེད་ཅག་མཉེས་ཤིང་ཚིམས་གྱུར་ཅིག༔ བདག་གིས་ཕྲིན་ལས་བཅོལ་བ་ནི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ བདག་ཅག་འཁོར་བཅས་ཚེ་རིང་ཞིང༔ བར་ཆད་མེད་པའི་སྡོངས་གྲོགས་མཛོད༔ ཁྱད་པར་དངོས་གྲུབ་སྣ་ཚོགས་སྩོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྣོན་ཟླ་བའི་ཚེས་བདུན་ཉིན་རྡོ་རྗེ་གཡུ་སྒྲོན་ཉིད་ཀྱིས་དངོས་སུ་ཕུལ་པའོ།། །།

གཏེར་གསར་བརྔན་གཏོར་བཅའ་ཐབས་ (Volume 43, Text 32)

གཏེར་གསར་བརྔན་མདོས་རི་རབ་སྟེང་དཔལ་གཏོར་རྒྱན་ལྡན། བང་རིམ་རྣམས་ལ་བརྔན་སྤར་སྤྱི་འགྲེ་ལྟར་རམ། བརྔན་སྤར་མེད་ཀྱང་མཆོད་རྫས་སྤྱི་འགྲེ་སྤར་བཏབ་པས་ཆོག །ཆོས་སྐྱོང་དགོངས་འདུས་ལ་གཏོར་མ་དཔུང་རོང་ལ་འཁོར་ཟུར་གསུམ་བརྒྱད་དང་མཐེབ་ཀྱུས་བསྐོར་བ། དྲེགས་པའི་སྡེ་དཔོན་ལ་དམར་གཏོར་གཅིག་ལ་འཁོར་ཆུང་ངུ་སུམ་ཅུ། དྲེགས་ཆེན་བཅོ་བརྒྱད་ལ་དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་བཅོ་བརྒྱད། ཅུང་བསྡུ་ན་འཁོར་རྣམས་མཐེབ་ཀྱུ་བྱས་ཀྱང་ཆོག །དཔལ་མགོན་ལ་དཀར་གཏོར་བདུན་ཅུ་རྩ་གཉིས་སམ་དཀར་ཟླུམ་གཅིག་ལ་རིལ་བུ་དོན་གཉིས་བཞག་པ། རྒྱལ་ཆེན་བཞི་ལ་གྲུ་བཞི་མཐེབ་རིལ་ཅན་བཞི། ས་བདག་ལ་དཀར་གཏོར་པད་འདབ་ཅན་ལ་ཞྭ་གོས་ལྷྭམ་དང་ཤིང་རྩི་རི་དྭགས་གཅན་གཟན་བུམ་པ་སོགས་སྤར་བཏབ་ཡོད་པ། བརྟན་མ་བཅུ་གཉིས་ལ་བདུད་མོ་བཞི་ལ་ཟུར་གསུམ་ནག་པོ་བཞི། གནོད་སྦྱིན་བཞི་ལ་གྲུ་བཞི་དམར་པོ་བཞི། སྨན་མོ་བཞི་ལ་ཟླུམ་གཏོར་དཀར་པོ་བཞི། ཐམས་ཅད་ལ་སྙིང་རེ་རེ་དྲུང་དུ་བཞག་པའམ་ཐུར་མ་ལ་བཙུགས་ཀྱང་རུང་། མགྱོགས་གཏོར་སྐབས་བཤོས་ཟླུམ་དམར་པོ་བཅུ་གཉིས་སྙིང་བཅས་བྱས་ཀྱང་རུང་། དེའང་བཞི་ཚོ་གསུམ་བྱ། དེ་མཚམས་ཡུལ་ལྷ་སྤྱི་ལ་བརྔན་གཏོར་ཆེ་བས་ཆོག་ཀྱང་བཀྱག་རྒྱུ་དཀར་གཏོར་ཕྱེ་མར་བཅས་དགོས། གཉན་ཆེན་སྡེ་བཞི་ལ་དཀར་གཏོར་གཉིས་དམར་གཏོར་གཅིག་གྲུ་བཞི་གཅིག་བཅས། སྒང་དྲུག་བཞི་བདག་བཅུ་གཉིས་ལ་དཀར་ཟླུམ་དྲུག་དང་དམར་གཏོར་དྲུག །ཆུ་བཞིའི་དགེ་བསྙེན་ལ་དཀར་ཟླུམ་སྦྲུལ་དཀྲིས་ཅན་བཞི། ཤོད་ཆེན་བཞི་ལ་དམར་གཏོར་གཅིག་དཀར་ཟླུམ་གསུམ། གཏེར་སྲུང་རྣམས་ལ་གཏོར་མ་དཀར་དམར་གཉིས། དགྲ་བླ་ལ་དམར་གཏོར་རྩེ་མོ་བཅུ་གསུམ་འདོད་ཡོན་བཅས། བསང་རྫས་ཕྱེ་ཕུར། གསེར་སྐྱེམས་ཆས་བཅས་བྱ་བ་ནི་རྒྱས་པ་ཡིན། འབྲིང་པོ་བརྔན་གཏོར་གོང་ལྟར་ལ་བང་རིམ་རྣམས་ལ་གཏོར་མ་དཀར་དམར་བཞག །བརྟན་མ་དང་དགྲ་བླ་ཟུར་དུ་བཅས་པ་ཙམ་གྱིས་འཐུས། བསྡུས་པ་བརྔན་མདོས་ཁོ་ན་ལ་བརྟེན་ཀྱང་ཆོག་གོ །མངྒ་ལཾ།། །།

དགོངས་གཏེར་ལས་རྟ་གླུད་གཏང་ཐབས་ (Volume 44, Text 32)

དགོངས་གཏེར་ལས་རྟ་གླུད་གཏང་ཐབས་བཞུགས་སོ༔ ས་མ་ཡ༔ རྩ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་ཕྱག་འཚལ་ལོ༔ རྟ་གླུད་གཏང་བར༔ སྣོད་གཙང་མའི་ནང་དུ་དཀར་གཏོར་དམར་གཏོར་དར་སྣས་བརྒྱན༔ ཟས་སྣ་འབྲུ་སྣ་རིན་པོ་ཆེའི་ཕྱེ་མ་བཅས་བཤམ༔ རྟ་གླུད་དངོས་ཟངས་སོགས་སྣོད་གང་རིགས་སུ་རྟའི་གཟུགས་སྤར་བཏབ་པ་དེ་འདྲ་མང་དུ་བཞག༔ ཆངས་བུ་གཙང་མ་དང་ཟན་ཆངས་ཤ་དུམ་གླུད་རྫས་སྣ་ཚོགས་པས་བསྐོར༔ གླུད་ནམ་རྒྱང་བུ་འཛུགས༔ ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས༔ བདེ་བའི་གདན་ལ་འདུག་ནས༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་གསུམ་བསླུ་མེད་བདེན་པའི་སྟོབས༔ ཆོས་དབྱིངས་བསམ་མི་ཁྱབ་པའི་མཐུས༔ གཏོར་མ་གླུད་དང་ཡས་རྫས་རྣམས༔ མགྲོན་རྣམས་འདོད་པའི་ཡོན་ཏན་མཆོག༔ མ་ཚང་མེད་པ་རྒྱ་ཆེ་ཞིང༔ རྒྱུན་མི་ཆད་པ་འབྱུང་བར་ཤོག༔ ཏིང་ངེ་འཛིན་གསལ་བའི་ངང་ནས༔ ཀྱཻ༔ སྟོང་གསུམ་སྟོང་གི་སྲིད་པ་ན༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ ཁྱད་པར་དྲག་པོ་བཙན་གྱི་རིགས༔ གཏུམ་ཆེན་འབར་བ་སྤུན་བདུན་ནི༔ མི་དམར་ཁྲག་གི་རལ་པ་ཅན༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ བསེ་ཡི་ལན་ཕྲན་ཤ་ར་ར༔ དབུ་ལ་ཟངས་རྨོག་མཆོང་རི་གསོལ༔ སྒྲོ་དར་ཕོད་དམར་ཚུབས་སེ་ཚུབ༔ ཕྱག་གཡས་བཙན་དར་ཕྱ་ར་ར༔ ཕྱག་གཡོན་བཙན་ཞགས་སྒ་ར་ར༔ བསེ་ཕུབ་དམར་པོ་རྒྱབ་ཏུ་ཁུར༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ གངས་དང་ལ་ལུང་ཀླུང་གི་བཙན༔ ཁ་བཞི་གདོང་བརྒྱད་ལ་སོགས་པ༔ རིགས་དང་བཙུན་མོ་འཁོར་ཚོགས་བཅས༔ འདིར་གཤེགས་གླུད་དང་གཏོར་མ་བཞེས༔ ནད་དང་ཡམས་ལ་དབང་བསྒྱུར་པའི༔ འབྱུང་པོ་གློ་བུར་ཡེ་འདྲོག་བདག༔ རྟ་དྲེལ་ཕྱུགས་ལ་གནོད་བྱེད་ཀུན༔ གླུད་དང་གཏོར་མ་ལེན་ལ་འདུས༔ ཤུ་ལ་རཱ་ཛ་སརྦ་ཤུ་ལ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛ༔ ཨཾ་ཀུ་ཤ་ཛ༔ དེ་རིང་སྔགས་འཆང་བདག་ཅག་གིས༔ དཀའ་བ་མི་ལས་བཙལ་བ་དང༔ སྲ་བ་དེ་ནི་བྲག་ལ་བརྐོས༔ དཀོན་པ་རིན་ཐང་གིས་འཇལ་པའི༔ འབྱུང་བ་ལྔ་དང་རིན་ཆེན་ལྔ༔ འབྲུ་སྣ་ལྔ་ལས་གྲུབ་པ་ཡི༔ རྟ་གླུད་དངོས་ལས་ལྷག་པ་ཡི༔ འདོད་ཡོན་མཐུན་པའི་ཡོ་བྱད་བཅས༔ ལྟ་བའི་ཡུལ་དུ་རབ་ཏུ་མཛེས༔ ཡིད་ཀྱི་ཡུལ་དུ་དང་རེ་སྤྲོ༔ ནམ་མཁའ་དར་ཚོན་རྒྱང་བུས་བརྒྱན༔ སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ༔ འབུལ་ལོ་བསྔོ་འོ་དགྱེས་པར་བཞེས༔ བདག་ཅག་ཡོན་མཆོད་རྟ་དྲེལ་དང༔ ཕྱུགས་ཀྱི་གླུད་དུ་འདི་བཞེས་ཤིག༔ སྔོན་གྱི་ལན་ཆགས་བྱང་གྱུར་ཅིག༔ འཕྲལ་རྐྱེན་གནོད་པ་ཞི་གྱུར་ཅིག༔ བྱམས་པའི་སེམས་དང་ལྡན་ནས་ཀྱང༔ རྐང་བཞི་འཕེལ་བའི་ཕྲིན་ལས་མཛོད༔ བསྡུ་ན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཁ་འབར་མ་ཡི་སྔགས་ཀྱིས་བརྒྱ་སྟོང་སོགས་ཅི་འགྲུབ་བསྔོ་བའམ༔ རྒྱས་པར་སྤྲོ་ན༔ ཨོཾ་ལས་སྣོད་མཆོག་གཙང་ཞིང་དྭངས་པའི་ནང༔ འབྲུ་གསུམ་འོད་ཞུ་གླུད་རྫས་གཏོར་མ་རྣམས༔ གང་ལ་གང་འདོད་མི་ཟད་འདོད་དགུའི་གཏེར༔ བསྔོ་འོ་གནོད་བྱེད་རྣམས་ཀྱིས་ཐོབ་གྱུར་ཅིག༔ ཏྲི་ཤུ་ལ་རཱ་ཛ་སརྦ་ཤུ་ལ་བྷཱུ་ཏ་ཨ་ཀ་རོ་མུ་ཁཾ་སོགས་ཀྱིས་བསྔོ༔ འཇིག་རྟེན་ཁམས་ནི་འདི་དག་ན༔ འགྲོ་རྣམས་མ་རིག་འཁྲུལ་པ་ཡི༔ གཉིས་འཛིན་ལས་ཀྱི་སྣང་བ་ལ༔ ཆེ་བཙན་དྲེགས་པ་མི་བསྲུན་པ༔ བཙན་རྒོད་དྲག་པོ་འཁོར་བཅས་དང༔ གདོན་བགེགས་ལོག་པར་འཚེ་བ་ཡི༔ ཚོགས་དང་བཅས་པ་ཐམས་ཅད་ཀྱང༔ རྒྱལ་བ་ཤཱཀྱའི་དབང་པོ་ཡི༔ རྒྱུ་འབྲས་བདེན་པའི་བཀའ་ལ་ཉོན༔ པདྨ་ཐོད་ཕྲེང་དམ་མ་བཀྲལ༔ སྔགས་འཆང་བདག་གི་བཀའ་ཉོན་ལ༔ ཡས་གླུད་འདི་ཡིས་ཚིམས་གྱིས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ རི་བོ་བྲག་རི་ནགས་ཚལ་དང༔ གོང་གསུམ་མཚོ་དང་ཆུ་ཀླུང་སོགས༔ རང་རང་གར་བཞུགས་གནས་དེར་གཤེགས༔ འབྱུང་པོའི་ཚོགས་རྣམས་གཞན་དུ་སོང༔ ཕྱི་མིག་ལྟ་བར་མ་བྱེད་ཅིག༔ གལ་ཏེ་བཀའ་ལྟར་མི་བྱེད་ཅིང༔ ཡལ་གམ་གཉན་ལ་འདའ་བ་ན༔ དམ་ཚིག་དམོད་པས་སྡིགས་པར་འགྱུར༔ བཀའ་ཡི་ཆད་པས་བརླག་ཏ་རེ༔ དམ་ལས་མ་འདའ་ས་མ་ཡ༔ ཡི་དམ་གྱི་སྔགས་ཤམ་དུ་ཧཱུྃ་བཞིའི་སྔགས་བརྗོད་ལ་དྲག་པོའི་ཐུན་གྱིས་བྲབ༔ གླུད་དང་གཏོར་མ་བཙན་གནས་པའི་ཕྱོགས་སམ་འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སུ་ཕུལ༔ སྲུང་འཁོར་བསྒོམ༔ བཀྲ་ཤིས་བརྗོད༔ དེ་ལྟར་རྟ་གླུད་བཏང་ཐབས་འདི་ཡང་དཔལ་ལྡན་ཐུགས་ཀྱི་རྡོ་རྗེས་དཔལ་སྤུངས་ཀུན་མཁྱེན་མཆོག་གི་གཟིམ་ཁང་དུ་དགོངས་པའི་གཏེར་ལས་ཕྱུང་བ་དགེ༔ ྈྈྈ ྈྈྈ

ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྡོ་རྗེའི་གསུང་འཁྲུལ་པ་མེད་པའི་གསོལ་འདེབས་ལེའུ་བདུན་མ་ལོ་རྒྱུས་དང་བཅས་པ་ (Volume 5, Text 32)

ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྡོ་རྗེའི་གསུང་འཁྲུལ་པ་མེད་པའི་གསོལ་འདེབས་ལེའུ་བདུན་མ་ལོ་རྒྱུས་དང་བཅས་པ་བཞུགས་སོ༔ གུ་རུ་ན་མོ༔ མེ་ཕོ་རྟའི་ལོ་རྒྱལ་གྱི་ཟླ་བ་ལ༔ དཔལ་བསམ་ཡས་སུ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཏང་བའི་དུས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ དགེ་སློང་ནམ་མཁའི་སྙིང་པོ་དང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང༔ ལྷ་སྲས་མུ་ཁྲི་བཙན་པོ་དང་ལྔས་ཕྱག་དང་བསྐོར་བ་བྱས༔ རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ གསང་སྔགས་ཀྱི་ཆོས་གསུངས་པ་ཐམས་ཅད་ཀྱི་ནང་ནས་དམ་ཚིག་བསྲུང་བ་གལ་ཆེ༔ དེའི་ནང་ནས་ཀྱང་བླ་མ་ལ་གསོལ་བ་འདེབས་པ་གཙོ་ཆེ་བར་གསུངས་གདའ་བས༔ བདག་ཅག་རྣམས་ལ་དང་བ་འདྲེན་པ༔ བྱིན་རླབས་ཆེ་བ༔ གང་ཟག་ཐ་མལ་པ་བློ་རྨོངས་པས་ཚིག་གི་ར་མདའ་སྦྲན་པས་གསང་སྔགས་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་སྐོང་བ༔ གུ་རུ་ཉིད་ཀྱི་བྱིན་རླབས་འཇུག་པ༔ ནང་ནུབ་ཏུ་གསོལ་བ་འདེབས་པ་ལ་ཚིག་ཉུང་ལ་དོན་འདུས་པ་ཞིག་བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཉིད་ཀྱིས་གསུང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ ཉོན་ཅིག་བོད་ཀྱི་སྐལ་ལྡན་རྣམས༔ གསང་སྔགས་ཀྱི་ཐེག་པ་འདི་འབྱུང་བ་ནི་དཀོན་ཏེ༔ སྔོན་སངས་རྒྱས་འོད་སྲུངས་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་འདི་མ་གསུངས༔ སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་མ་གསུངས༔ མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་རོ༔ ཅིའི་ཕྱིར་ཞེ་ན༔ འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༔ སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ༔ སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ༔ ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་པའོ༔ ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ༔ སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ༔ དེས་གསང་སྔགས་རྒྱ་ཆེར་སྟོན་པར་འགྱུར་རོ༔ བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ༔ བསྐལ་པ་དེ་གསུམ་མ་ཡིན་པར་དུས་ནམ་ཡང་གསང་སྔགས་མི་འབྱུང་ངོ་༔ དེ་བས་ན་བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔ གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ནི་ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་མ་སོང་བ་གལ་ཆེ༔ གསང་སྔགས་ཉམས་སུ་ལེན་པ་ལ་དགོས་པའི་ཆོས་བཞི་བྱ་བ་ཚང་དགོས༔ དེ་མ་ཚང་ན་དམ་ཚིག་ཉམས་ནས་འཁོར་བར་འཁྱམས་ཤིང༔ ངན་སོང་དུ་ལྷུང་ངེས༔ དེ་ཅིའི་ཕྱིར་ཞེ་ན༔ དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཉོན་མོངས་པ་རང་རྒྱུད་དུ་སྤྱད་པས་བྱང་ཆུབ་ཐོབ་པར་མ་གསུངས་སོ༔ དགོས་པའི་ཆོས་བཞི་ནི༔ སྒོ་གསུམ་ཐ་མལ་དུ་འཆོར་བ་ལ་འཁྲི་བ་བཙན་ཐབས་སུ་གཅོད་པའི་གདམས་ངག་དགོས༔ ཉོན་མོངས་པ་དུག་ལྔ་སྟོབས་ཆེ་ན༔ དུག་ལྔ་རང་གྲོལ་དུ་ཤེས་པའི་གདམས་ངག་དགོས༔ འདུ་འཛི་གཡེང་བའི་དབང་དུ་སོང་ན༔ རེ་དོགས་བར་ཆད་དུ་ཤེས་པའི་གདམས་ངག་དགོས༔ དམ་ཚིག་གཙང་མ་བསྲུང་བ་ལ༔ སྐྱེས་བུས་གཞུ་འགེངས་པ་ལྟ་བུའི་གདམས་ངག་དགོས༔ དེ་ཡང་གསང་སྔགས་ཀྱི་ཐེག་པ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལྟ་བུ་སྟེ༔ འབྱུང་བར་མི་འགྱུར་རོ༔ གལ་ཏེ་བྱུང་ཡང་ཡུན་དུ་མི་གནས་སོ༔ དེ་ནི་འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༔ ད་ཁྱེད་རྒྱལ་པོས་དབུ་མཛད་པ་རྣམས་ཉོན་ཅིག༔ བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔ གསང་སྔགས་ཀྱི་སྒོར་ཞུགས༔ ཚེ་འདི་ལ་བྱང་ཆུབ་ཐོབ་པར་འདོད་པ་རྣམས༔ རྩ་བ་དང་ཡན་ལག་གི་དམ་ཚིག་གཙང་མར་བསྲུང་བ་གལ་ཆེ༔ དེ་མ་བསྲུངས་ན་འཚོ་བྱེད་ཀྱི་སྨན་བཙལ་བས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུའོ༔ དམ་ཚིག་བསྲུང་བ་ལ་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་ཚང་དགོས༔ དད་པ་མེད་ན་གསང་སྔགས་ཀྱི་སྣོད་དུ་མི་རུང༔ བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཐ་མལ་དུ་འཆོར༔ ཤེས་རབ་མེད་ན་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་དོན་མི་ཤེས༔ གསང་སྔགས་ནི་འགྲོ་བ་དད་གུས་ཅན་གྱི་དོན་དུ་བྱོན་པ་ཡིན༔ དེ་ཡང་རང་ལ་གསང་སྔགས་སྟོན་པའི་བླ་མ་དེ་སངས་རྒྱས་དངོས་སུ་ཤེས་པས་གསོལ་བ་ཐོབ་ཅིག་གསུངས་སོ༔ ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་གཤེགས་འདུས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །སྤྲུལ་སྐུ་སྟོན་པ་བཅུ་གཉིས་ལ་གསོལ་བ་འདེབས། །རྒྱལ་སྲས་རིགས་གསུམ་མགོན་པོ་ལ་གསོལ་བ་འདེབས། །བཀའ་བབས་རིག་འཛིན་མཆོག་རྣམས་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཞུ་མཛད་ལས་ཅན་རྣམ་ལྔ་ལ་གསོལ་བ་འདེབས། །གཏེར་སྟོན་བཟང་པོ་གྲགས་པ་ལ་གསོལ་བ་འདེབས། །ཆོས་བདག་རྒོད་ཀྱི་ལྡེམ་ཅན་ལ་གསོལ་བ་འདེབས། །ཀུན་སྤང་དོན་ཡོད་རྒྱལ་མཚན་ལ་གསོལ་བ་འདེབས། །བརྒྱུད་འཛིན་བསོད་ནམས་མཆོག་བཟང་ལ་གསོལ་བ་འདེབས། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་གསོལ་བ་འདེབས། །བྱང་སེམས་ཀུན་དགའ་ཉི་མ་ལ་གསོལ་བ་འདེབས། །སྔགས་འཆང་ཤཱཀྱ་བཟང་པོ་ལ་གསོལ་བ་འདེབས། །གཏེར་འབྱེད་པདྨ་དབང་རྒྱལ་ལ་གསོལ་བ་འདེབས། །གཙང་སྟོན་ངག་གི་དབང་པོ་ལ་གསོལ་བ་འདེབས། །ཞིག་གླིང་འོད་གསལ་སྒྱུ་མ་ལ་གསོལ་བ་འདེབས། །འཁྲུལ་ཞིག་བཀྲ་ཤིས་ཚེ་བརྟན་ལ་གསོལ་བ་འདེབས། །བདུད་འདུལ་སེང་གེ་རྩལ་རྫོགས་ལ་གསོལ་བ་འདེབས། །འགྲོ་འདུལ་པདྨ་མ་ཎི་ལ་གསོལ་བ་འདེབས། །པདྨ་བདེ་ཆེན་གླིང་པ་ལ་གསོལ་བ་འདེབས། །གཏེར་བཞེད་ཚེ་དབང་ནོར་བུ་ལ་གསོལ་བ་འདེབས། །དམ་ཆོས་བསམ་རྫོགས་རྒྱལ་པོ་ལ་གསོལ་བ་འདེབས། །རྡོ་རྗེ་གཙུག་ལག་དགའ་བ་ལ་གསོལ་བ་འདེབས། །བདུད་ཚོགས་འདུལ་བའི་རྡོ་རྗེ་ལ་གསོལ་བ་འདེབས། །པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་སྡེ་ལྔ་ལ་གསོལ་བ་འདེབས། །ཆོས་སྐྱོང་མགོན་པོ་ལྷ་མོ་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་པ། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་ཟུངས། །གནས་སྐབས་མཐར་ཐུག་ཉེས་ཚོགས་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་མ་ལུས་དུས་འདིར་སྩོལ། །དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ཅེས་གསུངས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་དང་མ་འོངས་པའི་དད་པ་ཅན་རྣམས་ཀྱི་དོན་དུ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ༔ ཚེ་འདིའི་བར་ཆད་སེལ་བ༔ ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ༔ ནང་ནུབ་ཏུ་གསོལ་བ་འདེབས་པའི་ཆོས་ཤིག་ཞུ༔ ཞེས་ཞུས་སོ༔ གུ་རུའི་ཞལ་ནས༔ རྒྱལ་པོ་ཆེན་པོ་ལེགས་པར་གསོན་ཅིག་གསུངས་ནས༔ འདི་སྐད་ཅེས་གསུངས་སོ༔ ཏཾ ༔ ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔ སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདིར༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན༔ བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་མིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔ དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཡིས༔ མ་ཏྲཾ་རུ་དྲ་བཀའ་བསྒོ་ལོག་པ་ལས༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཉམ་ཐག་གཟིགས༔ ཐུགས་རྗེ་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་རུ༔ དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ ལོག་པ་བདུད་ཀྱི་བསྟན་པ་འདུལ་བར་མཛད༔ དུས་གསུམ་བདེ་གཤེགས་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོས་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བ་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱུང༔ གདུལ་བྱ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཀུན་ཁྱབ་ཆོས་ཉིད་མཐའ་བྲལ་ཞིང་ཁམས་སུ༔ དུས་གསུམ་སྐྱེ་འགག་མེད་པ་ཆོས་ཀྱི་སྐུ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ༔ སངས་རྒྱས་ཐམས་ཅད་ཐུགས་ལས་སྐྱེད་པའི་ཡབ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང༔ རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ༔ སྐུ་ཡི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ བུདྡྷ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང༔ རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀྱི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ རིན་ཆེན་འབྱུང་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ ཡོན་ཏན་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང༔ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ པདྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༔ དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྲིན་ལས་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ ཀརྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་དབྱིངས་རོལ་པའི་གཞལ་ཡས་ཆེན་པོ་ན༔ ཉོན་མོངས་དུག་ལྔ་བརྫིས་པའི་གདན་སྟེང་དུ༔ ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ རིགས་ལྔ་བདེ་གཤེགས་འདུས་པའི་འཁོར་གྱིས་བསྐོར༔ ཀུན་བཟང་ཧེ་རུ་ཀའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔ མ་ཏྲཾ་རུ་དྲ་བརྫིས་པའི་གདན་སྟེང་དུ༔ ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ༔ ཁྲག་འཐུང་ཁྲོ་བོ་འབར་བའི་འཁོར་གྱིས་བསྐོར༔ དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་ན༔ གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ༔ འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར༔ གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔ བདུད་ནག་ཕོ་མོ་བརྫིས་པའི་གདན་སྟེང་དུ༔ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ པདྨ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་བསྐོར༔ རྟ་མགྲིན་དབང་གི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན༔ ཕོ་བདུད་དྲེགས་པ་བརྗིས་པའི་གདན་སྟེང་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེའི་རོལ་པའི་གཞལ་ཡས་ཆེན་པོ་ན༔ མ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ ཡེ་ཤེས་ལས་དང་འཇིག་རྟེན་མ་མོས་བསྐོར༔ ཆེ་མཆོག་མ་མོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ པདྨ་དབང་གི་གཞལ་ཡས་ཆེན་པོ་ན༔ མ་ཆགས་པདྨ་འབར་བའི་གདན་སྟེང་དུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་ན༔ ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེང་དུ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་ཕག་མོའི་སྐུ༔ མ་མོ་མཁའ་འགྲོ་སྣ་ཚོགས་འཁོར་གྱིས་བསྐོར༔ རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱུ་འབྲས་བདེན་པས་འགྲོ་བའི་དོན་མཛད་ཅིང༔ སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་བཙུགས༔ ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་དུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་བའི་དོན་ལ་བྱོན༔ རྒྱལ་བའི་དགོངས་པས་འགྲོ་དྲུག་རང་གྲོལ་མཛད༔ མཁའ་འགྲོ་སྡེ་ལྔ་མང་པོའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་དཔལ་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རི་བོ་པོ་ཏ་ལ་ཡི་ཕོ་བྲང་དུ༔ སངས་རྒྱས་གསུང་གི་སྤྲུལ་པ་སྤྱན་རས་གཟིགས༔ སྟེང་འོག་ཕྱོགས་བཞིར་གསུང་གིས་འགྲོ་དོན་མཛད༔ གསུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན༔ སྟེང་འོག་ཕྱོགས་བཞིར་ཐུགས་ཀྱིས་འགྲོ་དོན་མཛད༔ ཐུགས་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་དུ༔ འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ཡིས༔ ལྷ་དབང་བརྒྱ་བྱིན་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ལྷ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ༔ སྤྱན་རས་གཟིགས་དབང་ཐུགས་ཀྱི་དགོངས་པ་ཡིས༔ ཀླུ་རྒྱལ་འཇོག་པོའི་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ཀླུ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དགོངས་པ་ཡིས༔ རྒྱལ་པོ་ཛ་ཡི་གནས་སུ་གསང་སྔགས་བྱོན༔ གང་ཟག་ལས་ཅན་མ་ལུས་བྱང་ཆུབ་ཐོབ༔ མི་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར༔ པདྨ་འབྱུང་གནས་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་སྤྲུལ་དང༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་བྱང་སེམས་ལ༔ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་གསུངས་སོ༔ རྒྱལ་པོ་ཆེན་པོ་ཚེ་འདིའི་ཁེ་གྲགས་དང་འདུ་འཛིའི་དབང་དུ་མ་སོང་བར་དུས་རྒྱུན་དུ་གསོལ་བ་ཐོབ༔ གསང་སྔགས་ཀྱི་རྩ་བ་དམ་ཚིག་ཡིན༔ དམ་ཚིག་གི་རྩ་བ་མོས་གུས་དང་བརྩོན་འགྲུས་ཡིན༔ དེ་གཉིས་ཀྱི་རྩ་བ་བླ་མ་དང་ཡི་དམ་ལ་གསོལ་བ་འདེབས་པ་ཡིན་པས༔ བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་ན༔ ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ ཐེག་པ་ཆེན་པོའི་གསང་སྔགས་བྱོན་པ་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་ལགས༔ གསང་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ༔ གསུང་ཐེག་པ་ཆེན་པོའི་མན་ངག་གིས་འགྲོ་བ་འདྲེན༔ ཐུགས་ཀྱི་དགོངས་པ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་དགོངས་པ་ཟབ་མོ་མངའ་བ༔ བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ཉིད་ལས་ལྷག་པའི་སངས་རྒྱས་ནི་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས་གཞན་དུ་བཙལ་ཀྱང་མི་རྙེད་པར་འཁུམས་ལགས་པས༔ བདག་ལ་ཚིག་ཉུང་ལ་དོན་འདུས་པ༔ དོན་ཟབ་ལ་བྱིན་རླབས་ཆེ་བ༔ གུ་རུ་ཉིད་ལ་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་ནམ་མཁའི་སྤྲིན་ལྟར་གཡོ་ནུས་པ༔ བདག་ཐ་མལ་པ་རྣམས་ཀྱིས་བོད་ཡུལ་དུ་གསོལ་བ་བཏབ་པས༔ གུ་རུ་ཉིད་སླར་ཨོ་རྒྱན་དུ་གཤེགས་པའི་དུས་སུ་ཨོ་རྒྱན་མཁའ་འགྲོའི་གླིང་ནས་ཐུགས་རྗེས་བོད་ཀྱི་དད་པ་ཅན་གྱི་གནས་སུ་བྱོན་ཏེ་བྱིན་གྱིས་རློབ་ནུས་པ་ཞིག་ཞུ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དབང་གིས་རྟོག་པ་ཁ་འབྱམས་ཤིང་གཉིས་སྣང་གི་རྟོག་པར་བཟུང་བས་འཁྲུལ་པ་ཡིན༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས༔ ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔ སྤྲུལ་པའི་སྐུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀའ་བགྲོས་ཏེ་ལྷོ་འཛམ་བུའི་གླིང་དུ་བྱོན༔ ཁྱད་པར་དུ་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང༔ གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོངས༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་གསུངས་སོ༔ དེའི་དུས་སུ་ཞལ་ལྷོ་ནུབ་ཏུ་གཟིགས་ཏེ༔ རིན་པོ་ཆེ་དང་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན༔ ཕྱག་གཡས་པ་ཐོད་པའི་ཌཱ་མ་རུ་འཁྲོལ༔ ཕྱག་གཡོན་པ་ཇོ་མོ་མཚོ་རྒྱལ་གྱི་སྤྱི་བོར་བཞག་སྟེ༔ འདི་སྐད་ཅེས་གསུངས་སོ༔ ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔ གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཧཱུྃ་ སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ མ་ཏྲཾ་རུ་དྲ་བསྒྲལ་པའི་རྫས་བརྒྱད་ལ༔ གསང་སྔགས་འབྱོན་པའི་གནས་བརྒྱད་བྱིན་གྱིས་བརླབས༔ ཙིཏྟ་ཨོ་རྒྱན་ཡུལ་དུ་བབས་པ་ལས༔ རྟེན་འབྲེལ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས༔ མ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིང༔ གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རི༔ གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ༔ གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག༔ སྐེད་པ་ལྷུན་ཆགས་མཁའ་འགྲོའི་གླིང་ན་བརྗིད༔ རྩེ་མོ་ཚངས་པའི་འཇིག་རྟེན་སྙེགས་པ་འདྲ༔ རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་གྱི་རི་བོ་འབར་བའི་རྩེ་མོ་ན༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻ་ཌཱུརྱ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག༔ ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང༔ ཕོ་བྲང་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་དེ་ཡི་ཕྱོགས་བཞི་མཚམས་བཞི་དང༔ སྟེང་འོག་ཐམས་ཅད་རིན་པོ་ཆེ་ལས་གྲུབ༔ ཁྱམས་དང་གྲུ་ཆད་གློ་འབུར་རིགས་བཞི་ཡང༔ ཕྲིན་ལས་བཞི་ཡི་ཁ་དོག་སོ་སོར་གསལ༔ ལྷུན་གྲུབ་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྩིག་པ་འདོད་སྣམ་ཕ་གུ་དྲྭ་བ་དང༔ དྲྭ་ཕྱེད་མདའ་ཡབ་རིན་ཆེན་སྣ་ལྔས་སྤྲས༔ སྒོ་བཞི་རྟ་བབས་ཆོས་འཁོར་རྒྱན་རྣམས་ཀུན༔ སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པར་བརྒྱན༔ རིན་ཆེན་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔག་བསམ་ཤིང་དང་བདུད་རྩིའི་ཆུ་མིག་དང༔ འཇའ་ཚོན་སྣ་ལྔས་ཕྱི་ནང་སྤྲིན་ལྟར་གཏིབས༔ མེ་ཏོག་པདྨའི་འོད་ཀྱིས་བར་སྣང་ཁེངས༔ གནས་དེ་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ༔ པདྨ་འོད་ཀྱི་གཞལ་ཡས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོ་དེ་ཡི་ནང་ཤེད་ན༔ རིན་ཆེན་ཟུར་བརྒྱད་ཉི་མ་ཟླ་བའི་གདན༔ མ་ཆགས་པདྨ་འབར་བའི་སྡོང་པོ་ལ༔ པདྨ་འབྱུང་གནས་བདེ་གཤེགས་འདུས་པའི་སྐུ༔ རང་བྱུང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞི་རྒྱས་དབང་དྲག་དོན་ལ་དགོངས་པའི་ཕྱིར༔ སྐུ་མདོག་ཕྱག་མཚན་རྒྱན་རྣམས་མ་ངེས་ཀྱང༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་གསལ༔ རི་རྒྱལ་ལྷུན་པོ་བས་ཀྱང་བརྗིད་རེ་ཆེ༔ ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འགྲོ་ལ་བརྩེ་བའི་ཐབས་ཀྱིས་འགྲོ་དོན་མཛད༔ ཞལ་འཛུམ་མཛེས་པའི་མདངས་ལྡན་ཡ་ལ་ལ༔ འབྲུག་སྟོང་ལྡིར་བས་གསུང་གི་གདངས་སྒྲ་ཆེ༔ གསང་སྔགས་ཟབ་མོའི་ཆོས་སྒྲ་དི་རི་རི༔ ཚངས་པའི་གསུང་དབྱངས་སྒྲོག་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་ཀྱི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འགྱེད༔ སྤྱན་རྩ་ཉི་ཟླ་ལྟ་བུར་འཁྱིལ་ཞིང་གཟིགས༔ ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་ཀློང་དང་མཉམ༔ ཐུགས་རྗེ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྤྲུལ་སྐུ་ཆེན་པོའི་ཕྱོགས་མཚམས་བརྒྱད་པོ་ན༔ ལོག་པའི་དགྲ་བགེགས་བརྫིས་པའི་གདན་སྟེང་དུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རིགས་ལྔ་བདེ་གཤེགས་བདུད་འདུལ་ཁྲོ་བོའི་ཚོགས༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔ རིགས་བཞིའི་གིང་དང་མཁའ་འགྲོ་སྡེ་བཞིའི་ཚོགས༔ ཐམས་ཅད་མ་ལུས་དུར་ཁྲོད་ཆས་ཀྱིས་བརྒྱན༔ མཛེས་པའི་རྒྱན་ལྡན་རོལ་པའི་སྟབས་སུ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་བར་ཁྱམས་དང༔ གྲུ་ཆད་གློ་འབུར་རིག་འཛིན་མཁའ་འགྲོས་གང༔ ལྷ་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས༔ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་འབུལ༔ རིག་འཛིན་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིན་ཆེན་གཞལ་ཡས་ཁང་གི་འདོད་སྣམ་ལ༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ འདོད་ཡོན་དྲུག་གི་མཆོད་པས་འཇིག་རྟེན་ཁེངས༔ ཀུན་ཏུ་བཟང་པོའི་མཆོད་པས་བདེ་གཤེགས་མཆོད༔ ཡོན་ཏན་ཀུན་འབྱུང་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ན༔ རྒྱལ་ཆེན་སྡེ་བཞི་བསྒོ་བའི་བཀའ་ཉན་མཛད༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་འགྱེད༔ བདུད་དང་མུ་སྟེགས་རྡུལ་ཕྲན་བཞིན་དུ་རློག༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཧཱུྃ་ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔ་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་ལྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་དུ་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང༔ བདག་ཅག་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མཚོ་རྒྱལ་འདི་ལྟར་མོས་པས་གསོལ་བ་ཐོབ༔ པད་འབྱུང་བདག་ལ་འགྲོ་བའི་དོན་ལས་མེད༔ དམ་ཚིག་དབང་གིས་བོད་ཀྱི་ཡུལ་དུ་འོང༔ དད་པ་ཅན་ལ་དངོས་སུ་ལུང་སྟོན་འགྱུར༔ ཞེས་གསུངས་སོ༔ གུ་རུའི་ཞལ་ནས་གསོལ་བ་འདེབས་པ་ལ་དང་པོ་ལོ་རྒྱུས་བརྗོད་པས་དང་བ་འདྲེན༔ ཡོན་ཏན་མཐོང་བས་དད་པ་སྐྱེ༔ ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔ སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ༔ ཅེས་གསུངས་སོ༔ དེ་ནས་དགེ་སློང་ནམ་མཁའི་སྙིང་པོས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་ལ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པས༔ སྣང་བ་ལྷ་དང་ལྷ་མོར་གསལ་བ༔ སྒྲ་གྲགས་ཚད་ཡི་དམ་ལྷ་ཡི་གསུང་དུ་གོ་བ༔ རྟོག་པ་ཅི་ཤར་ཆོས་ཉིད་དུ་གྲོལ་བའི་གསོལ་འདེབས་ཤིག་ཞུ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང༔ རིགས་ལྔའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང༔ འགྲོ་དྲུག་དོན་མཛད་བྱང་ཆུབ་ཆེན་པོའི་སྐུ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང༔ བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང༔ དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ལ་སོགས་ཏེ༔ རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ ཤྲཱི་སིཾ་ཧའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས༔ བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང༔ སངས་རྒྱས་གསང་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༔ རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐུ་ཡི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གཱརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀཱ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང༔ མི་འགྱུར་ནམ་མཁའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཡོན་ཏན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀས༔ མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང༔ དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྲིད་པ་མ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དགོངས་པ་ཡིས༔ རོམྦུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔ ཤཱཀྱ་སེང་གེའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ མཆོད་བསྟོད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་ཤཱནྟིཾ་གརྦྷ་དང༔ རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དྲག་སྔགས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ཡི་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔ རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་མ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་དགོངས་པ་ཡིས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་བརྒྱུད་ནས༔ འཛམ་གླིང་བོད་ཀྱི་ལས་ཅན་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་འདུས་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་བརྒྱུད་ནས༔ བོ་དྷི་སཏྭའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྒྱུ་འབྲས་དོན་སྟོན་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རིག་འཛིན་བྱང་ཆུབ་སེམས་དཔའི་དགོངས་པ་ཡིས༔ གང་ཟག་ལས་ཅན་རྣམས་ལ་བྱིན་བརླབས་ཏེ༔ དུས་དེ་ནས་བཟུང་ལྔ་བརྒྱ་ཐ་མའི་བར༔ གསང་སྔགས་བཀའ་བཞིན་སྒྲུབ་པའི་དམ་ཚིག་ཅན༔ གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་སྣང་སྟོང་ལྷ་ཡི་སྐུ༔ ཆགས་སྡང་རང་གྲོལ་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་གྲགས་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་བརྗོད་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང༔ གྲགས་སྟོང་རང་གྲོལ་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཀུན་སྟོང་པ་དང༔ བར་ལྟར་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེས་གཟིགས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ནམ་མཁའི་སྙིང་པོ་རིག་པ་བཙན་ས་ཟུངས༔ བདག་དང་འབྲལ་བ་མེད་པར་བདེ་ཆེན་གནས་སུ་སྤྱོན༔ ཞེས་གསུངས་སོ༔ དེ་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཐམས་ཅད་འདུས་པའི་གསུང༔ སངས་རྒྱས་ཐམས་ཅད་འདུས་པའི་ཐུགས༔ བདེ་གཤེགས་འདུས་པའི་ཐུགས་རྗེ་ཅན༔ པདྨ་འབྱུང་གནས་རྒྱལ་བའི་སྐུ༔ ཁྱེད་ལས་ལྷག་པ་གཞན་ན་མེད༔ བདག་དང་མ་འོངས་དོན་ཆེད་དུ༔ ཉིད་ཀྱི་བྱོན་ཚུལ་མཛད་ཚུལ་ལ༔ བརྟེན་ནས་དང་བ་འདྲེན་པ་དང༔ ཡིད་ཆེས་མོས་གུས་སྐྱེ་བ་ཡི༔ གསོལ་འདེབས་བྱིན་གྱིས་རློབ་པའི་གསུང༔ བདག་ལ་ཐུགས་རྗེས་གནང་བར་ཞུ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཉོན་ཅིག་སྔགས་ཀྱི་རྣལ་འབྱོར་པ༔ ང་ཡི་རྣམ་ཐར་མཛད་ཚུལ་ནི༔ བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ འོན་ཀྱང་འཛམ་གླིང་བོད་ཡུལ་དུ༔ སྤྲུལ་པས་འགྲོ་དོན་བྱས་པའི་ཚུལ༔ ཅུང་ཞིག་བཤད་ཀྱིས་གུས་པས་ཉོན༔ རྒྱུན་ཆད་མེད་པར་གསོལ་བ་ཐོབ༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་ན༔ ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་སྟེང་དུ༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕ་དང་མ་མེད་ཁྱེ་འུ་སྤྲུལ་པའི་སྐུ༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་བྱོན༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལས་ཅན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡིས༔ རྒྱ་མཚོར་རོལ་པའི་མཚོ་གླིང་བྱོན་པས་རྙེད༔ དད་པས་སྤྱན་དྲངས་རྒྱལ་པོར་མངའ་གསོལ་མཛད༔ རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་བདེ་ལ་བཀོད༔ རྒྱལ་པོ་ཐོར་ཅོག་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ རྒྱལ་སྲིད་སྤངས་ནས་བརྟུལ་ཞུགས་སྤྱོད་པ་མཛད༔ ཏ་ན་གྷ་ནའི་སྦྱོར་སྒྲོལ་དགོངས་པ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་སྤྱོད་པ་མཛད༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས༔ རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ༔ ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ༔ རྡོ་རྗེ་དྲག་པོ་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ སློབ་དཔོན་པྲ་བྷཱ་ཧསྟིའི་སྤྱན་སྔར་བྱོན༔ རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད༔ ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་པའི༔ ཤཱཀྱ་སེང་གེའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་ཡུལ་གྱི་ཕྱོགས་བཞིའི་གནས་ཆེན་དུ༔ རིག་འཛིན་གྲུབ་ཐོབ་མང་པོའི་སྤྱན་སྔར་བྱོན༔ ཡོ་ག་རྣམ་གསུམ་ཆོས་ལ་སྦྱངས་པ་མཛད༔ མཚན་ཉིད་རྒྱུ་ཡི་ཆོས་ཀྱི་སྒྲོ་འདོགས་བཅད༔ མཁས་པ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོག་མིན་གནས་དང་དུར་ཁྲོད་གསང་ཆེན་རོལ༔ སྐུ་ལ་རྫོགས་པ་སོ་ས་གླིང་སོགས་པའི༔ རང་བྱུང་མཆོད་རྟེན་རྣམས་ཀྱི་དྲུང་དུ་བཞུགས༔ མ་མོ་མཁའ་འགྲོའི་ཚོགས་ལ་ཆོས་འཁོར་བསྐོར༔ གུ་རུ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ མ་རིག་འཁྲུལ་པའི་སེམས་ཅན་ཆོས་ལ་བཙུད༔ ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན༔ རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ པདྨ་སཾ་བྷ་ཝ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྲག་ཕུག་མཱ་ར་ཏཱི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔ མགོན་པོ་ཚེ་དཔག་མེད་པས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར༔ འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ གཤེད་མས་མེ་ཡི་དབུས་སུ་བསྲེགས་པ་ན༔ མེ་དཔུང་མཚོ་རུ་བསྒྱུར་ཏེ་རྫུ་འཕྲུལ་བསྟན༔ ཨིནྡྲ་བྷཱུ་ཏི་བྱང་ཆུབ་ལམ་ལ་བཀོད༔ སྲས་མཆོག་པདྨ་རྒྱལ་པོ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་རྒྱ་གར་འདུལ་དུ་གཤེགས་པའི་ཚེ༔ མཁའ་འགྲོ་བདུད་འདུལ་མ་ཡིས་བྱིན་གྱིས་བརླབས༔ མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་བཟློག༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ འཕགས་པ་སེང་གེ་སྒྲ་སྒྲོག་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་གཤེགས་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བྱང་ཕྱོགས་རྒྱལ་པོའི་དོན་ལ་བྱོན་པའི་ཚེ༔ བོད་ཀྱི་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་མངའ་གསོལ་རྒྱལ་པོའི་དགོངས་པ་བསྒྲུབས༔ བོད་ཡུལ་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་འཁོར་བཞེངས༔ ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་མཛད་ཅིང༔ གསང་སྔགས་འབྲས་བུའི་བསྟན་པ་རྒྱས་པར་མཛད༔ བཀའ་དྲིན་བསམ་ལས་འདས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔ གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ༔ གནས་ཆེན་གངས་བྲག་རྣམས་ལ་གཏེར་ཁ་སྦས༔ མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས༔ རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་པ་མཛད༔ བྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛད༔ ཕྱོགས་བཞིའི་བྲག་ལ་སྤྲུལ་པའི་ཞབས་རྗེས་བཞག༔ གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག༔ འགྲོ་དྲུག་སྒྲིབ་སྦྱོང་མཛད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག༔ སྐུ་ཚབ་གཏེར་ལྔ་བོད་ཀྱི་དོན་དུ་བསྩལ༔ སངས་རྒྱས་བསྟན་པ་མཐའ་རུ་རྒྱས་པར་མཛད༔ བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ༔ ཐུགས་རྗེ་ཁྱད་པར་འཕགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔ རིག་འཛིན་མཁའ་འགྲོ་མང་པོའི་རྒྱལ་པོ་མཛད༔ ཤ་ཟ་སྲིན་པོ་ཐམས་ཅད་དམ་ལ་བཏགས༔ བོད་ལ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས༔ དྲིན་ཅན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ལྔ་བརྒྱ་ཐ་མར་བོད་ཀྱི་སེམས་ཅན་ལ༔ ལས་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔ ཁྱོད་ཀྱི་རྣམ་ཐར་དྲན་ཅིང་གསོལ་འདེབས་ན༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ རྡོ་རྗེ་བདུད་འཇོམས་ལེགས་པར་གུས་པས་ཉོན༔ ང་ཡི་རྣམ་ཐར་དྲན་ཞིང་གསོལ་བ་ཐོབ༔ ཚེ་འདིར་པདྨ་ང་ཡིས་བྱིན་གྱིས་རློབ༔ ཕྱི་མ་བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད༔ ཅེས་གསུངས་སོ༔ དེ་ནས་ལྷ་སྲས་མུ་ཁྲི་བཙན་པོས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ དུས་མ་འོངས་པ་ལྔ་བརྒྱ་སྙིགས་མ་ལ་ཐུག་པའི་ཚེ༔ སེམས་ཅན་ཐམས་ཅད་ལས་ངན་གྱི་དབང་གིས་སྡུག་བསྔལ་ཤ་སྟག་ལ་སྤྱད་དགོས་པར་གསུངས་གདའ་བས༔ དེ་རྣམས་ཐུགས་རྗེས་གཟིགས་ནས་སྡུག་བསྔལ་ལས་སྐྱོབ་ནུས་པའི་གསོལ་འདེབས་ཤིག་ཞུ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཉོན་ཅིག་མུ་ཁྲི་བཙན་པོ༔ ཚ་བའི་ཡུལ་མེད་ན་རྒྱ་སྐྱེགས་ཀྱི་ནུས་པ་མི་འགོ༔ དད་པའི་ཞིང་ས་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མི་སྐྱེ༔ ཡིད་ཁྱེད་ཤེས་ཀྱི་བློ་མ་ཁེལ་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང༔ ཉོན་ཅིག་ལྷ་སྲས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་ཀྱང༔ འགྲོ་དྲུག་དུག་ལྔའི་བདག་འཛིན་སྟོབས་ཆེ་བས༔ འཁོར་བ་དོང་ནས་སྤྲུགས་པར་མ་གྱུར༔ ལྷ་སྲས་རང་བོད་འབངས་ཕྱི་མ་རྣམས་སྡུག་བསྔལ་ལས་སྐྱོབ་པར་འདོད་ན༔ ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོར་གྱིས༔ བློ་དཀོན་མཆོག་གསུམ་ལ་གཏོད་ཅིག་ཅེས་ཞལ་ཆེམས་བུ་འབངས་ལ་ཞོག༔ དུས་རྒྱུན་དུ་མོས་པས་འདི་ལྟར་དུ་གསོལ་བ་ཐོབ༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་པའི་ཐུགས་རྗེ་ཡིས༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་དགོངས༔ ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི༔ རྒྱལ་ཚབ་མགོན་པོ་ཁྱོད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སིནྡྷུ་རྒྱ་མཚོར་རོལ་པའི་མཚོ་གླིང་གི༔ མེ་ཏོག་པདྨ་འབར་བའི་སྡོང་པོ་ལ༔ ཕ་དང་མ་མེད་རང་བྱུང་ཤུགས་ལས་གྲུབ༔ རྒྱུ་མེད་རྐྱེན་མེད་འགྲོ་བའི་དོན་ལ་བྱོན༔ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ ཉི་མ་སྟོང་ལས་ལྷག་པའི་གཟི་མདངས་ཆེ༔ ཁྱེད་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ མ་ཆགས་པདྨའི་སྡོང་པོའི་རྩེ་ལས་འཁྲུངས༔ འབྲུག་ཆེན་སྟོང་གི་སྒྲ་བས་གསུང་གདངས་ཆེ༔ འགྲོ་བའི་དོན་དུ་ཐེག་ཆེན་ཆོས་སྒྲ་སྒྲོག༔ རྒྱུན་ཆད་མེད་པའི་གསུང་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱ་མཚོ་གཏིང་མཐའ་མེད་པའི་ཀློང་ལས་སྐྱེས༔ ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ༔ ཅིར་ཡང་ས་ལེའི་ཐུགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུའི་སྐུ༔ ཁྱེད་ཀྱི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སེལ༔ འཇའ་ཚོན་བཞིན་དུ་ཡོན་ཏན་སོ་སོར་གསལ༔ སྐད་ཅིག་དྲན་པས་བྱང་ཆུབ་ལམ་ལ་འདྲེན༔ ཡོན་ཏན་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེའི་བྱིན་རླབས་དབང་གིས་དོན་མཛད་པའི༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ ནམ་མཁའི་སྐར་ལྟར་ཕྲིན་ལས་བསམ་མི་ཁྱབ༔ ཕྲིན་ལས་རྒྱ་མཚོའི་རླབས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྟེང་འོག་ཕྱོགས་བཞིར་འགྲོ་བའི་དོན་མཛད་ཀྱང༔ བོད་ཡུལ་ཁ་བ་ཅན་དུ་ཐུགས་རྗེས་གཟིགས༔ བོད་ཀྱི་མངའ་བདག་རྗེ་འབངས་ཐམས་ཅད་ལ༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་མཚོ་ལས་བསྒྲལ་དུ་གསོལ༔ ཞེས་གསུངས་སོ༔ དེ་ནས་འཁོར་གྱི་ཞུ་བ་པོ་རྣམ་པ་ལྔས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ༔ ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ འདི་ལྟ་བུའི་གསོལ་འདེབས་ཁྱད་པར་ཅན་གསུངས་པ་བཀའ་དྲིན་ཆེ་ལགས༔ གསོལ་བ་འདེབས་པ་ལ་གང་ཟག་ཐ་མལ་པའི་ཅ་ཅོའི་སྒྲ་མི་བསྒྲག་ཅིང༔ དུས་མ་འོངས་པའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་ཉེན་ཞིང༔ སློབ་དཔོན་ཉིད་རྗེས་སུ་དྲན་ནས་གསོལ་བ་འདེབས་ན༔ ངག་གི་གདངས་ཅི་ལྟར་དུ་གདགས་ལགས༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ང་ཡི་རྗེས་འཇུག་འཁོར་བ་སྤང་འདོད་རྣམས༔ དད་གུས་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ༔ ཁྱེ་འུས་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔ པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔ ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔ དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང༔ བརྩེ་བས་ལས་ཅན་དོན་དུ་གཏེར་དུ་སྦོས༔ སཱ་མཱ་ཐཱ༔ ཐཱ།ཐ།༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ས་མ་ཡ་ཁ་ཐམ༔ ཆུ་བོ་སྟག་གི་ལོ་རུ་ལག་གྲོམ་པ་རྒྱང་གི་ཨོ་རྒྱན་སྒྲུབ་ཕུག་ནས་སྤྲུལ་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏད་པ་རིག་འཛིན་ཆེན་པོས་ཤོག་སེར་ལས་བསྒྱུར་བའོ༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས་སུ༔ གུང་ཐང་ལ་ཐོག་ཏུ་ལྷ་སྲས་མུ་ཁྲི་བཙན་པོས་ཕྱག་དང་བསྐོར་བ་བྱས༔ ཞབས་ལ་སྤྱི་བོས་གཏུགས༔ ན་བཟའི་སྣེ་མོ་ལ་འཇུས་ཏེ༔ སྤྱན་ཆབ་ཕྱུང་ནས་བཤུམ་ཞིང་སྨྲེ་སྔགས་ཀྱི་ཞུ་བ་ཕུལ་བ༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ མང་ཡུལ་གུང་ཐང་གངས་འགྲམ་འདིར༔ བདག་གི་བུ་བརྒྱུད་གནས་བཅས་ཏེ༔ དམངས་སུ་འབེབས་ཤིང་སྡུག་བསྔལ་ན༔ བོད་ཀྱི་རྒྱལ་པོ་སྙིང་རེ་རྗེ༔ བདག་གི་བུ་བརྒྱུད་སུ་ལ་རེ༔ ལས་སུ་དམག་དང་འཁྲུགས་པ་བྱེད༔ དབེན་གནས་གཉེན་པོ་འདྲལ་བ་དང༔ རི་ཀླུང་ཇག་པའི་རྒྱུག་ས་བྱེད༔ ཆོས་ལ་སྒྲུབ་ལོང་མེད་པས་ན༔ བླ་མཆོད་རྣམ་གཉིས་འོ་རེ་བརྒྱལ༔ ཕྱིས་འབྱུང་དད་ལྡན་སུ་ལ་རེ༔ གཙུག་ལག་ཁང་ལ་འཁྲུགས་ཁང་བྱེད༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག༔ དམ་རྫས་མི་ནག་སྐྱེ་བོས་སྤྱོད༔ དབེན་པར་བོན་གྱི་བསོ་སྒྲ་སྒྲོག༔ ཆོས་འཁོར་འཇིག་ལ་ཐུག་པ་ན༔ དམ་པའི་རྟེན་རྣམས་འོ་རེ་བརྒྱལ༔ ཆོས་འཁོར་བཀའ་སྲུང་སུ་ལ་རེ༔ ཆེ་བཙུན་ཟས་ངན་དུག་གིས་གསོད༔ མི་ཆེན་སྲོག་ལ་ཧུར་ཐུམ་བྱེད༔ ཡ་རབས་གནོད་པོས་དམངས་སུ་འབེབས༔ སྙིང་བརྩེའི་གྲོགས་ཀྱིས་བློ་བརྐུ་ན༔ བོད་ཀྱི་ཞང་བློན་སྙིང་རེ་རྗེ༔ རྒྱལ་པོའི་ཐུགས་གཅེས་སུ་ལ་རེ༔ ནད་མཚོན་མུ་གེའི་བསྐལ་པ་དར༔ མཐའ་ཡི་དམག་དཔུང་དབུས་སུ་ཤོར༔ འདྲེ་རྒོད་འབྱུང་པོས་ཚ་རག་གཏོང༔ ཅི་མི་འདོད་པ་འབྱུང་བ་ན༔ བོད་འབངས་སྡུག་གོ་སྙིང་རེ་རྗེ༔ སྐལ་མེད་སེམས་ཅན་སུ་ལ་རེ༔ ཁྲི་སྲོང་ལྡེའུ་བཙན་དགུང་ལ་གཤེགས༔ གུ་རུ་ཨོ་རྒྱན་གནས་སུ་གཤེགས༔ མུ་ཁྲི་བཙན་པོ་བོད་དུ་བོར༔ ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔ གུ་རུ་ཐུགས་རྗེ་ཆུང་ལགས་སོ༔ བདག་ནི་བསོད་ནམས་ཆུང་ལགས་སོ༔ ཆོས་འཁོར་བསྟན་པ་ཉམས་ལགས་སོ༔ བོད་ཁམས་སྐྱིད་པ་ཟད་ལགས་སོ༔ ཡབ་དང་གུ་རུ་བཞུགས་དུས་སུ༔ མུ་ཁྲི་བཙན་པོ་མི་འགུམ་པ༔ བདག་གིས་བློ་གཏད་སུ་ལ་འཆའ༔ སྙིང་བརྩེའི་གྲོས་ནི་སུ་ཡིས་འདེབས༔ དམ་པའི་ཆོས་ནི་སུ་ལ་ཞུ༔ འཆི་དུས་འཕོ་བ་སུ་ཡིས་འདེབས༔ བར་དོའི་སྡུག་བསྔལ་སུ་ཡིས་སེལ༔ སྒྲིབ་སྦྱོང་ཕྲིན་ལས་སུ་ཡིས་མཛད༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཆུང༔ ཞེས་སྨྲེ་སྔགས་འདོན་ཞིང་ལྷ་སྲས་དྲན་མེད་དུ་བརྒྱལ་ལོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོའི་སྙན་ཁུང་དུ་ལྗགས་ཀྱི་ཆབ་གཏོར་ཏེ་དྲན་པ་གསོས༔ ལྷ་སྲས་ཀྱི་དབུ་པང་དུ་བླངས་ཏེ༔ འདི་སྐད་གསུངས་སོ༔ ཉོན་ཅིག་བོད་ཀྱི་རྒྱལ་པོ་དད་པ་ཅན༔ ལས་ཅན་མོས་གུས་ལྡན་པ་ང་ཡི་བུ༔ ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་མཐའ་རུ་འཁྱོལ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ བདག་ནི་ད་དུང་བོད་ཀྱི་དོན་ལ་མཆི༔ དད་པ་ཅན་ལ་དངོས་སུ་དམ་ཆོས་སྟོན༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་མ་ལུས་པ༔ ང་ཡི་ཞལ་མཐོང་ཙམ་ལ་འདག་པར་ངེས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ འདི་དང་ཕྱི་མ་བར་དོའི་གནས་གསུམ་དུ༔ ང་དང་ཡང་ཡང་མཇལ་ཞིང་སྡུག་བསྔལ་སེལ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ འདི་ནས་སྐྱེ་བ་བཅུ་བདུན་འགྲོ་དོན་མཛོད༔ དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་བྱོན༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ མང་ཡུལ་གུང་ཐང་གངས་རིའི་འདབས་འདི་རུ༔ ཉིད་ཀྱི་གདུང་རྒྱུད་ཕྱི་མ་འབྱོན་པ་རྣམས༔ གདུང་རུས་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོངས༔ ང་ཡི་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དབེན་གནས་ཆོས་མཛད་དད་གུས་ལྡན་པ་ཡི༔ རྒྱལ་བའི་བཀའ་དང་མཐུན་པའི་གདུལ་བྱ་རྣམས༔ ང་ཡིས་བྱིན་རློབས་ཐུགས་རྗེས་སྐྱོབ་ལགས་ཀྱིས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ སྐལ་མེད་སྡིག་སྤྱོད་ལོག་ལྟ་བདུད་ཀྱི་རིགས༔ རྟོག་དཔྱོད་འགྲན་སེམས་ནག་པོའི་སེམས་ཅན་ནི༔ བདག་གིས་མི་སྐྱོབ་ལས་ངན་དག་ལ་སྤྱོད༔ ད་ལྟའི་བདུད་བློན་ནག་པོ་འདི་རྣམས་ཀྱང༔ རྗེ་ཡི་ཐུགས་དཀྲུགས་བདག་གི་དམ་ལས་ཉམས༔ ད་དུང་ངན་སོང་གསུམ་དུ་ངེས་པར་འགྲོ༔ འོན་ཀྱང་ང་ཡི་ཞལ་མཐོང་གསུང་ཐོས་པས༔ ཐ་མ་ལས་ངན་དག་ནས་བདག་གི་གདུལ་བྱར་སྐྱེ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མ་མཐར་ཐུག་སླེབ་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མའི་སེམས་ཅན་ཟོག་པོས་འདུལ༔ དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད༔ ཆོས་དང་ཆོས་འདྲ་མི་ཕྱེད་ཐེ་ཚོམ་ཆེ༔ རི་བོ་བཀྲ་བཟང་འདབས་སུ་འབྱུང་བ་དེ༔ གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཐུན༔ དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས༔ གུང་ཐང་རྒྱལ་པོ་རྗེ་འབངས་སྐྱོབ་པར་ངེས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ ཞེས་གསུངས་སོ༔ དེའི་དུས་སུ་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་ཞེས་བྱ་བ་གསུངས་སོ༔ གུ་རུའི་ཞལ་ནས༔ ལྷ་སྲས་ཉིད་བུ་འབངས་ཀྱི་དོན་དུ་ཐུགས་ཤིན་ཏུ་བརྩེ་བས༔ ངས་རྒྱལ་པོའི་གདུང་རྒྱུད་རྣམས་ལ་དུས་སྙིགས་མའི་མཐར་ཐུག་པའི་བར་དུ་བྱིན་རློབ་ཐུགས་རྗེས་སྐྱོབ་ཀྱི༔ ལྷ་སྲས་རང་བུ་འབངས་ལ་ཞལ་ཆེམས་འདི་ལྟར་དུ་ཞོག༔ ཅེས་གསུངས་སོ༔ རིགས་བཟང་ཁུངས་བཙུན་འོད་གསལ་ལྷ་ཡི་རྒྱུད༔ མུ་ཁྲི་བཙན་པོ་མན་ཆད་གདུང་རྒྱུད་མ་ཆད་བར༔ བདག་གི་ཐུགས་རྗེས་རྒྱུན་དུ་བཟུང་ལགས་ཀྱི༔ སྡིག་སྤྱོད་གྲོགས་དང་བློན་པོའི་ཁར་མ་གཏོང༔ རྒྱལ་ཁྲིམས་ཆོས་ཀྱི་ཁྲིམས་ཀྱིས་འཚོ་བར་མཛོད༔ ཆོས་མེད་དྲེད་པོ་ཟོལ་ཟོག་གཡོ་སྒྱུ་ཅན༔ སྙིགས་དུས་འབྱུང་བས་ཚར་ཆོད་ཆོས་ཁྲིམས་ཚུགས༔ ཆོས་བཞིན་སྤྱོད་པས་རྒྱལ་ཁམས་བདེ་བར་འགྱུར༔ སྐུ་སྲོག་ཉེན་ཞིང་མངའ་ཐང་འཕྲོག་པ་དང༔ རྒྱལ་པོ་དམངས་སུ་འབེབས་པའི་གལ་བྱུང་ན༔ ལྷ་སྲིན་དཔང་དུ་ཚུགས་ལ་བཟློག་པ་མཛོད༔ སྙིགས་དུས་གུང་ཐང་རྒྱལ་པོ་སྙིང་བརྩེའི་ཕྱིར༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལ༔ ལྷ་སྲས་གདུང་རྒྱུད་སྐྱོབ་པའི་མན་ངག་བདོག༔ དེ་དུས་སྐྱེ་འགྲོ་མི་རྣམས་ཐེ་ཚོམ་ཆེ༔ ལོག་ལྟ་མ་བྱེད་ང་ཡི་བཀའ་བཞིན་སྒྲུབས༔ གུང་ཐང་རྒྱལ་པོའི་བསམ་པ་དེ་ཡིས་འགྲུབ༔ སྡིག་སྤྱོད་རྒྱལ་པོ་བདག་གིས་སྐྱོབ་མི་འགྱུར༔ ཞེས་གསུངས་སོ༔ གུ་རུའི་ཞལ་ནས་ལྷ་སྲས་ཉིད་ཀྱི་གདུང་རབས་ཐ་མ་མང་ཡུལ་གུང་ཐང་དུ་ངའིི་གཏེར་གྱིས་སྐྱོབ་པའི་དུས་སུ༔ བོད་སྡུག་པའི་དུས་ལ་བབ་པ་ཡིན་ཏེ༔ སེམས་ཅན་ལ་ཅི་མི་འདོད་པ་འབྱུང༔ སྟེང་ལྷ་སྲིན་འཁྲུགས༔ འོག་ཀླུ་གཉན་འཁྲུགས༔ བར་གཞི་བདག་འཁྲུགས༔ སྡིག་སྤྱོད་རྒྱལ་པོ་འཁྲུགས༔ དམངས་ཕལ་པ་འཁྲུགས༔ ཕ་སྤུན་ནང་འཁྲུགས༔ དེའི་དུས་སུ་སངས་རྒྱས་བསྟན་པ་མཐའ་ལ་ཐུག༔ ཡི་དམ་ལྷའི་དངོས་གྲུབ་ཡལ༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་གཟིགས༔ སེམས་ཅན་གྱི་སྐྱིད་པ་ཟད་པ་ཡིན༔ གུང་ཐང་རྒྱལ་པོ་ཡོན་མཆོད་རྗེ་འབངས་རྣམས༔ ངའི་བཀའ་བཞིན་སྒྲུབས་ལ་གཏེར་གྱི་ཆོས་ལ་སྤྱོད༔ པདྨ་བདག་གི་ཐུགས་རྗེ་མྱུར་ལ་སྟོབས་ཆེ་བ་དེའི་དུས་སུ་འབྱུང་ངོ་༔ དུས་རྒྱུན་ཆད་མེད་པར་ང་ལ་གསོལ་བ་ཐོབ༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུ་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་གཤེགས༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་ཧྲགས༔ ཉོན་མོངས་འབྱོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་གུ་རུའི་ཐུགས་རྗེ་སྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་དང་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་མནར་བའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པ་ཡིས༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་རོང་དབེན་གནས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་བཅས་ནས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིགས་དོམ་དྲེད་དུག་སྦྲུལ་མཆེ་ཅན་སོགས༔ འབྲོག་ཆེན་འཇིགས་པའི་དོ་རར་ཆུད་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་ཚོགས་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཆོམ་པོ་ཇག་རྐུན་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་མི་ཡིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་པར་ཉེ་བ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་གཟིར་བ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་འདྲེན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་སྟེ་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་གྱིས་གདུང་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་མངོན་པར་ཞེན་པས་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ འཁྲུལ་སྣང་སྡུག་བསྔལ་རྩད་ནས་བཤིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ནོན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ དད་གུས་མོས་པས་གདུང་བས་གསོལ་འདེབས་ན༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོ་རྒྱན་རྗེས་འཇུག་འཁོར་བ་སྤང་འདོད་རྣམས༔ རྩེ་གཅིག་གདུང་བའི་གདུང་སེམས་དྲག་པོ་ཡིས༔ ཁྱེ་འུ་ཕ་མ་འདོད་པའི་གདུང་དབྱངས་ཀྱིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསུངས་ནས༔ ལྷ་སྲས་ལ་ཐུགས་བརྩེ་བར་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་ངོ་༔ དེ་ནས་ལྷ་སྲས་ཀྱི་གུས་པས་ཕྱག་དང་བསྐོར་བ་བྱས༔ གུ་རུ་ཨོ་རྒྱན་གྱི་ཡུལ་དུ་ཞལ་གཟིགས་ནས་ཉི་ཟེར་ལ་བཅིབས་ནས་བཞུད་དོ༔ ལྷ་སྲས་མུ་ཁྲི་བཙན་པོས་ཉོན་མོངས་རང་གྲོལ་གྱི་མན་ངག་དང༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་ཞལ་ཆེམས་དང་བཅས་པ་མང་ཡུལ་གྱི་བྲག་རིན་ཆེན་སྤུངས་པ་འདྲ་བ་ལ་གཏེར་དུ་སྦས༔ གཏེར་བདག་བསེའི་ལྷ་མོ་མཆེད་བཞི་ལ་བཅོལ་ལོ༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ ང་ཡི་གདུང་རྒྱུད་སྡུག་པའི་དུས༔ རི་བོ་བཀྲ་བཟང་ཤར་འདབས་ནས༔ ལས་ཅན་སྐྱེས་བུ་འབྱུང་བའི་ཚེ༔ དེ་ཚེ་དེ་ཡིས་རྙེད་གྱུར་ནས༔ བདག་གི་གདུང་རྒྱུད་སྐྱོབ་པར་ཤོག༔ ཅེས་གསུངས་སོ༔ སཱཱ་མཱ་ཐཱ།༔ ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་ནས༔ ངའི་བུ་འབངས་དད་གུས་ལྡན་པ་རྣམས༔ བླ་མ་སྐུ་གསུམ་གསོལ་འདེབས་དེ༔ སྐྱབས་བླ་མ་དྲན་དུས་ན་གསོལ་བ་ཐོབ༔ ཡབ་རྒྱལ་པོ་ལ་གསུངས་པ་དེ༔ སྲོད་དྲག་པོའི་དུས་སུ་གསོལ་བ་ཐོབ༔ ཇོ་མོ་མཚོ་རྒྱལ་ལ་གསུངས་པ་དེ༔ ཐོ་རངས་རྒྱས་པའི་དུས་སུ་གསོལ་བ་ཐོབ༔ དགེ་སློང་ནམ་མཁའི་སྙིང་པོ་ལ་གསུངས་པ་དེ༔ ནམ་ལངས་ཞི་བའི་དུས་སུ་གསོལ་བ་ཐོབ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་དེ༔ དགོང་མོ་དབང་གི་དུས་སུ་གསོལ་བ་ཐོབ༔ ལྷ་སྲས་མུ་ཁྲི་བཙན་པོ་ལ་གསུངས་པ་དེ༔ ནམ་གུང་མུན་པའི་སྨག་ལ་གསོལ་བ་ཐོབ༔ བུ་གུང་ཐང་རྒྱལ་པོ་ལ་གསུངས་པ་དེ༔ ཉིན་གུང་བྲེལ་བ་སྤོངས་ལ་གསོལ་བ་ཐོབ༔ སྤྱིར་སྡུག་བསྔལ་གྱིས་ཉེན་དུས་གསོལ་བ་ཐོབ༔ བདག་རྒྱལ་པོའི་གདུང་རྒྱུད་མ་ནོར་ཞིང༔ ཆོས་ཚུལ་བཞིན་སྤྱོད་པའི་ལས་ཅན་ལ༔ སྤྱིར་སངས་རྒྱས་ཐམས་ཅད་བཀའ་དྲིན་ཆེ༔ སྒོས་གུ་རུའི་བཀའ་དྲིན་བསམ་མི་ཁྱབ༔ བདག་ཆོས་སྐྱོང་རྒྱལ་པོའི་ངག་ལ་ཉོན༔ དུས་རྒྱུན་དུ་མོས་པས་གསོལ་བ་ཐོབ༔ ཅེས་གསུངས་སོ༔ གུང་ཐང་རྒྱལ་པོ་ལ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཞེས་བྱ་བ་འདི་ནི༔ ལྷ་སྲས་མུ་ཁྲི་བཙན་པོས་རུ་ལག་རྒྱང་གི་ལྷ་ཁང་དུ་སྦས་སོ༔ གཏེར་བདག་ལྷ་མོ་དྲེའུ་ཞོན་མ་ལ་བཅོལ་ལོ༔ སཱ་མཱ་ཐཱ།༔ ཐཱ།ཐཱ།༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུ་ཕོ་སྟག་གི་ལོ་རུ་ལག་རྒྱང་གི་ལྷ་ཁང་ནས༔ སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏད་པ༔ རིག་འཛིན་ཆེན་པོས་ཤོག་སེར་ལས་བསྒྱུར་པའོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྀཨཚ༔ དེ་ལྟར་གསོལ་འདེབས་ལེའུ་བདུན་མ་འདི་ཉིད་ཕྱོགས་ཐམས་ཅད་དུ་འགྲོ་དོན་རྒྱ་ཆེ་སྟབས། ཡི་གེ་དག་མིན་གྱིས་མི་གཅིག་པ་མང་དུ་འཕེལ་འདུག་ཕྱིར། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་དགོངས་པར། བཟང་པོ་གྲགས་པས་རྒོད་ལྡེམ་ཅན་ལ་གནང་བའི་ལེའུ་བདུན་མའི་ཤོག་སེར་རྣམས། མང་ཡུལ་རི་བོ་དཔལ་འབར་གྱི་ཨོ་རྒྱན་སྒྲུབ་ཕུག་ཏུ་འདབ་གཏེར་ལ་སྦས་ནས་བཞུགས་ཡོད་འདུག་པ་དེ། སླར་ཡང་གཏེར་ནས་བཞེས་ཏེ་ཞུ་དག་མཛད་པར་བཞེད་ཀྱང་། རྟེན་འབྲེལ་མ་འགྲིགས་ནས་ད་ལྟ་གནས་དེར་ཡོད་པ་ཡིན་འདུག་ཅིང་། གཞན་ལྷད་གཏན་ནས་མ་འདྲེས་པའི་དཔེ་ད་དུས་འདིར་མི་རྙེད་འདུག་ནའང་། ད་ལམ། མངའ་རིས་གཙང་དབུས་ལྷོ་མོན་དྭགས་ཀོང་མདོ་ཁམས་རྣམས་སུ་ཡོད་པའི་ལེའུ་བདུན་མའི་དཔེ་བྲིས་མ་དང་སྤར་མའི་རིགས་གསར་རྙིང་འདྲ་མིན་ཐམས་ཅད་དང་། དེ་ལ་མཆོག་དམན་འགའ་ཡིས་བརྟགས་དཔྱད་ཞུ་དག་བགྱིས་པ་གང་འདུག་དང་། པདྨ་དབང་རྒྱལ་གྱི་རིག་འཛིན་ཡོངས་འདུས་སུ་བྱུང་བ་བཅས་ཞིབ་མོར་བསྡུར་ཞིང་། གྱ་ཚོམ་རིག་པས་རང་བཟོ་རིགས་གཏན་ནས་མ་འདྲེས་པར། ཚིག་དོན་མ་ནོར་བ་གང་འདུག་བཞིན་ལེགས་པར་བྲིས་ཏེ་ཤིན་ཏུ་དག་པར་ཡོད་དོ།། །།

ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན་ (Volume 11, Text 32)

ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན་བཞུགས། །ཀུན་བཟང་དང་པོའི་སངས་རྒྱས་སྲིད་ཞིའི་བདག །ཀུན་མཁྱེན་ཤེས་རབ་རང་བྱུང་འཇམ་དཔལ་དབྱངས། །ཀུན་ཁྱབ་ཞི་ཁྲོའི་སྒྱུ་འཕྲུལ་འབྱམས་ཀླས་པ། །ཀུན་མཁྱེན་ཡེ་ཤེས་གཏེར་གསུམ་གསོལ་བ་འདེབས། །འཇམ་པའི་རྡོ་རྗེ་བློ་ལྡན་མཆོག་སྲེད་རྩལ། །འཇམ་དཔལ་དབྱངས་དངོས་ཡབ་གཅིག་ཁྲི་སྲོང་མཚན། །འཇམ་དཔལ་དགྱེས་སྡེ་མཚོ་རྒྱལ་བཻ་རོ་སོགས། །འཇམ་དཔལ་རྣམ་རོལ་གསུམ་ལ་གསོལ་བ་འདེབས། །ཐུབ་བསྟན་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་། །ཐུབ་པས་ལུང་བསྟན་ཡོན་ཏན་རྒྱ་མཚོའི་གཏེར། །ཐུབ་དབང་སྲས་གཅིག་འཇམ་མགོན་ཆོས་རྒྱ་མཚོ། །ཐུབ་ཆེན་ཞལ་སྐྱིན་གསུམ་ལ་གསོལ་བ་འདེབས། །མཁྱེན་བརྩེའི་ཡེ་ཤེས་ནོར་བུ་མ་ཏིའི་མཚན། །མཁྱེན་ནུས་བརྩེ་གཏེར་རྩ་བརྒྱུད་བླ་མ་དང། །མཁྱེན་པའི་བདག་པོ་བློ་གཏེར་རྡོ་རྗེ་རྣོན། །མཁྱེན་གཟིགས་རྩ་གསུམ་ལྷ་ལ་གསོལ་བ་འདེབས། །རབ་གུས་དད་དང་ངེས་འབྱུང་བློ་བརྩོན་ལྡན། །རབ་མྱུར་དབང་དང་གདམས་པས་རང་རྒྱུད་གྲོལ། །རབ་ཞི་འཇམ་དབྱངས་བླ་མའི་གོ་འཕང་ཆེ། །རབ་མཆོག་རྟེན་འདིར་མངོན་པར་བྱང་ཆུབ་ཤོག །ཅེས་པའང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རྩེ་གཅིག་གུས་པས་གསོལ་བ་བཏབ་པའོ།། །།

གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་ཀྱི་གསལ་བྱེད་ (Volume 7, Text 32)

གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་ཀྱི་གསལ་བྱེད་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། ༼༡༽ སྤྱིར་སྙིགས་དུས་ཁྱད་པར་ནངས་དགོང་ཉི་ཟེར་འཆར་སྡུད་ཀྱི་དུས་དང་ཡར་ངོའི་ཚེས་བཅུའི་དུས་སུ་ཨོ་རྒྱན་དངོས་སུ་བྱོན་པར་ཞལ་གྱིས་བཞེས་པ་རྡོ་རྗེའི་གསུང་གིས་བསླུ་བ་མེད་པའི་དོན་ཡིད་ལ་བཞག་སྟེ། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་སོ། ༼༢༽ །རང་རྒྱུད་ཉོན་མོངས་པ་དུག་ལྔ་ཤུགས་དྲག་པོས་དབང་མེད་དུ་ལས་འབྲས་ལ་སྤྱོད་པའི་དུས་ཀྱང་ཨོ་རྒྱན་རིན་པོ་ཆེར་རྩེ་གཅིག་ཏུ་གདུང་ཤུགས་བསྐྱེད་ལ། ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ། སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འབྱོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་ཡི་དུས་ན་ཁྱེད་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་གདབ་བོ། ༼༣༽ །ཧོར་དང་ཏུ་རུཥྐ་ལ་སོགས་མཐའ་དམག་གི་འཇིགས་པ་བྱུང་བའི་ཚེ་གུ་རུ་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཀྱི་འཁོར། དྲེགས་པ་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་བསྒོམས་ལ་མོས་གུས་དྲག་པོས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ཀྱིས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་སོགས་སྔགས་དང་བཅས་ཏེ་གསོལ་བ་འདེབས་སོ། ༼༤༽ །རང་གཞན་གྱི་སྒྱུ་ལུས་འཇིག་པའི་ནད་གདོན། དུས་མིན་འཆི་བ་སོགས་འཇིགས་པ་བརྒྱད་དང་གློ་བུར་གྱི་བར་གཅོད་དུ་མས་ཉེན་པ་ན་ཨོ་རྒྱན་ཆེན་པོ་སངས་རྒྱས་སྨན་པའི་རྒྱལ་པོ་དང་ཐ་མི་དད་པ་བདེ་གཤེགས་བདུན་གྱིས་བསྐོར་བར་མོས་ཏེ་དད་པ་ཆེན་པོས། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་སྔལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་དེས༔ ཚེ་ཟད་མ་གཏོགས་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་སྨན་བླའི་གཟུངས་དང་ཚིལ་རྟུལ་མ་སོགས་རིམས་སྲུང་གི་སྔགས་ཀྱང་བཟླ་ཞིང་། བྱང་གཏེར་རྡོ་རྗེ་ཁྲབ་རིང་གི་མན་ངག་ཀྱང་བྱའོ། ༼༥༽ །ཕྱི་རོལ་གྱི་འབྱུང་བཞིའི་བཅུད་ཉམས་པས་དགྲར་ལངས་ཏེ་ལོ་འབྲས་རྣམས་ཉམས་པར་བྱེད་ཅིང་འགྲོ་རྣམས་མུ་གེ་དབུལ་ཕོངས་ཀྱིས་ཉེན་ན། ཨོ་རྒྱན་ཆེན་པོ་རྒྱལ་ཆེན་རྣམ་ཐོས་སྲས་དང་དབྱེར་མེད་པ་ལ་ཛམྦྷ་ལ་སོགས་ནོར་ལྷ་རྟ་བདག་བརྒྱད་ཀྱིས་བསྐོར་བར་མོས་ཏེ་དད་པ་དྲག་པོས། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཟིན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་འདེབས་པ་དང་། ནོར་རྒྱུན་མ་དང་ཛམྦྷ་ལའི་སྔགས་ཀྱང་བཟླ་ཞིང་བྱང་གཏེར་ནོར་སྒྲུབ་རིན་ཆེན་སྤུངས་པ་དང་། རིན་ཆེན་ཁང་བུའི་མན་ངག་ལ་བརྟེན་ནས་ཕྱྭ་གཡང་འགུགས་པ་དང་། སད་སེར་སྲུང་བ། ཆར་འབེབ་གཅོད་སོགས་ཀྱི་མན་ངག་ཀྱང་བྱའོ། ༼༦༽ །ལས་ཅན་འགའ་ཞིག་ཟབ་མོའི་གཏེར་ཁ་ལེན་པར་འདོད་ན་ཨོ་རྒྱན་རིན་པོ་ཆེ་རང་གང་མོས་ཀྱི་ཡི་དམ་དུ་གསལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བསྐོར་བ་ལ་ཡིད་གུས་པས། ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་ཀྱིས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་འདེབས། དངོས་གཞི་བདག་དང་ས་ལྷ་ལ་གཏོར་མ་བཏང་ཞིང་ས་སློང་བའི་ཆོ་ག་དང་། གཏེར་བདག་ལ་དམ་ཚིག་བསྒྲག་ཅིང་བྱང་གཏེར་གནས་ཆེན་བྱིན་འབེབ་དང་། བཀའ་ནན་རབ་བརྗིད་ཀྱང་བྱའོ། ༼༧༽ །བོད་ཡུལ་དབུས་གཙང་གི་ལྗོངས་འདིར་འཐབ་རྩོད། དམག་འཁྲུག་གིས་ཉེན་ཏེ། སྦས་ཡུལ་འཚོལ་བར་འགྲོ་ན། ཁ་བ་བུ་ཡུག་འཚུབས་པས་ལམ་འགག་པའི་ཚེ། ཨོ་རྒྱན་གུ་རུ་རྡོ་རྗེ་གྲོ་ལོད་དུ་གསལ་བ་ལ་འཁོར་ཡུལ་དེའི་གཞི་བདག་གིས་བསྐོར་བར་མོས་ཏེ་ཕུད་གཏོར་གྱིས་མཆོད་ཅིང་བདེན་པ་བདར་ལ། སྦས་ཡུལ་ནགས་རོང་དབེན་གནས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་རྩེ་གཅིག་གི་ཤམ་བུར་སྡེ་བརྒྱད་ཀྱི་སྲོག་སྙིང་ས་མ་ཡའི་མཐའ་ཅན་གདགས་ཤིང་། བྱང་གཏེར་གསང་བ་རྨད་བྱུང་ལྟར་གསང་གཅོད་བྱའོ། ༼༨༽ །ཡང་སྦས་ཡུལ་སོགས་གནས་ཆེན་དུ་བགྲོད་སྐབས་སྟག་གཟིག་དོམ་དྲེད་སོགས་གཅན་གཟན་དང་། སྦྲུལ་དང་སྦྲང་མ་སོགས་འབུ་སྲིན་གྱིས་འཚེ་ཞིང་འབྲོག་དགོན་པ་འཇིགས་པའི་རི་བྲག་ཆུ་ཀླུང་སོགས་ཀྱིས་ལམ་བགྲོད་པར་དཀའ་ན་ཨོ་རྒྱན་ཆེན་པོ་སེངྒེ་སྒྲ་སྒྲོག་གམ། རྟ་མགྲིན་གྱི་སྐུར་གསལ་བ་ལ་འཁོར་དཔའ་བོ་མཁའ་འགྲོ་གིང་དང་ཆོས་སྲུང་གིས་བསྐོར་བར་བསྒོམ་ཞིང་ཚོགས་གཏོར་བཏང་བ་དང་མོས་གུས་དྲག་པོས། སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་དྲག་ཏུ་བཏབ་ཅིང་དུང་རྔ་ཆ་ལང་སོགས་འཁྲོལ་ཞིང་མཁའ་འགྲོའི་སྲོག་སྔགས་ཤམ་བུ་ཅན་ཡང་བཟླའོ། ༼༩༽ །ཡངས་པའི་འཕྲུལ་འཁོར་ཆེན་པོ་གཡོ་ཞིང་རི་བྲག་ཁང་ཁྱིམ་བརྡེབ་པ་དང་དུས་མིན་གྱི་ཆུ་རླུང་དྲག་པོས་ཁྱེར་ཞིང་གཡང་ས་དང་མེ་འབར་བས་འཚིག་པ་སོགས་འཇིགས་པས་ཉེན་ན་ཨོ་རྒྱན་ཆེན་པོ་ཕྱག་རྡོར་དང་ཁྲོ་བོ་སྟོབས་པོ་ཆེ་གང་རུང་གི་སྐུར་གསལ་བ་ལ་འཁོར་ཁྲོ་བོ་རྡོ་རྗེ་ཐོ་བ་སོགས་ཀྱིས་བསྐོར་བར་མོས་ཏེ་དད་པ་ཆེན་པོས། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་དཔའ་བོ་གྱད་དང་ལྡན་པ་ཡིས༔ འབྱུང་བ་རང་སར་ཞི་བར་ཐེག་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་ཀྱི་མཐར་རྣམ་འཇོམས་དང་ཁྲོ་བོ་སྟོབས་པོ་ཆེའི་སྔགས་ཀྱང་བཟླ་བ་གཅེས་སོ། ༼༡༠༽ །ཡུལ་ཐག་རིང་པོར་ལམ་འཕྲང་འཇིགས་པའི་གཅན་ཟན་དགྲ་ཇག་ཆོམ་རྐུན་གྱི་འཚེ་བ་ཡོད་པའི་སར་བགྲོད་དུས་ཨོ་རྒྱན་ཆེན་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་སྒོ་མ་བཞིས་བསྐོར་བ་ལ་དད་ཤུགས་དྲག་པོས། ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་དང་ཆོམ་རྐུན་འཆིང་སྔགས་བཟླ་ཞིང་རྫས་དང་ཏིང་ངེ་འཛིན་གཞུང་ལྟར་བྱ་བ་གཅེས་སོ། ༼༡༡༽ །རྒྱལ་པོའི་ཆད་པས་བསྡིགས་པའི་གཤེད་མ་དྲག་པོ་ལྟ་བུ་རང་སྲོག་གཅོད་པའི་འཇིགས་པས་ཉེན་ན། ཨོ་རྒྱན་ཆེན་པོ་རྡོ་རྗེའི་གུར་ཁང་ན་བཞུགས་པ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཅན་དུ་མོས་ཏེ་གུས་པ་ཆེན་པོས། གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་དྲག་ཏུ་བཏབ་ཅིང་སྲུང་སྔགས་ཀྱི་ཤམ་བུ་གདགས་ཤིང་། བྱང་གཏེར་ཆོ་ག་བརྒྱད་ཀྱི་མན་ངག་ཀྱང་བྱའོ། ༼༡༢༽ །ནམ་ཞིག་ཚེའི་འཕེན་པ་ཟད་དེ་འཆི་བའི་དུས་དང་ཉེ་བ་ན་གར་འདུག་གི་གནས་བདེ་བ་ཅན་དུ་གསལ་བའི་དབུས་སུ་ཨོ་རྒྱན་ཆེན་པོའི་ངོ་བོ་ལ་རྣམ་པ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ཅན་དུ་གསལ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐུ་ཆེན་ཐོབ་སྟེ་ཕྱག་ན་རྡོ་རྗེ་སོགས་བྱང་སེམས་འཕགས་པས་བསྐོར་བའི་གཙོ་བོའི་ཐུགས་ཀར་ཐིག་ལེ་དམར་པོ་འོད་ལྔ་འཕྲོ་བ་ཞིག་གི་དབུས་སུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དམར་པོ་ཞིག་ཀྱང་གསལ་བཏབ་ལ་དེ་ལ་གདུང་ཤུགས་དྲག་པོས། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དེར་ངེས་པར་ཁྲིད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་། རང་གི་རླུང་ཕྱིར་འགྲོ་བའི་ཚེ་འོད་ཟེར་གྱི་སྣེ་ལས་མཆོད་པ་སྤྲོས་ཏེ་ཕུལ་ཞིང་གསོལ་བ་གདབ། ཚུར་འདུས་འོད་ཟེར་བདག་ལ་ཐིམ་པས་སྒྲིབ་པ་སྦྱངས་ཤིང་བྱིན་གྱིས་བརླབས་པར་བསམ། དེ་ལྟ་བུའི་འགྲོ་འོང་ལན་མང་དུ་བྱས་པའི་མཐར་དབུགས་ཕར་འགྲོ་བའི་ཚེ་རང་ལུས་འོད་དམར་པོ་ཞིག་ཏུ་ལྟེམ་གྱིས་ཞུ་ནས་རང་སེམས་ཀྱི་ངོ་བོ་ཐིག་ལེ་དམར་པོ་དེ་ལ་ཐིམ་སྟེ་གཙོ་བོའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་བསམ་མོ། སྐབས་འགར་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་བཀླག་ཅིང་དེའི་ཡོན་ཏན་བསམས་ཏེ་འགྲོ་བའི་འདུན་པ་དྲག་ཏུ་བྱ་ཞིང་། བྱང་གཏེར་ལས་བྱུང་བའི་བདེ་བ་ཅན་གྱི་སྨོན་ལམ་སོགས་ཀྱང་འདེབས། མཚན་ཉལ་དུས་ཀྱང་གོང་ལྟར་རླུང་འགྲོ་འོང་ལ་བསླབ་ཅིང་གསོལ་འདེབས་བྱས་པའི་མཐུ་ལས་འཆི་ཁར་གནད་གཅོད་མེད་ཅིང་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པར་གསུངས་སོ། ༼༡༣༽ །སྒྱུ་ལུས་ཀྱི་བར་དོ་འབྱུང་བ་བཞི་ལ་གཡར་བ་འདི་ཞིག་ཅིང་འཆི་བའི་ཚེ་འབྱུང་བ་རང་སར་ཐིམ་པ་ཞེས་བྱ་སྟེ་ཤ་ས་ལ་ཐིམ། རྟགས་ལུས་མི་ཐེག །ཁྲག་ཆུ་ལ་ཐིམ། རྟགས་ཁ་སྣ་སྐམ་སྟེ་ལྕེ་རེངས། དྲོད་མེ་ལ་ཐིམ། རྟགས་ལུས་ཀྱི་དྲོད་ཡལ། དབུགས་རླུང་ལ་ཐིམ། རྟགས་ཁ་སྣ་འཁྱོག །རྐང་ལག་གཡོབ། རི་ཆེན་པོས་ནོན་པ་ལྟར་བྱིང་བྱིང་འཐིབ་འཐིབ་བྱུང་བའི་ཚེ་ལུས་ཡར་བཏེགས། ཤེས་པ་གསལ་གདབ། ལུས་ན་བའི་དབང་དང་སེམས་བག་ཆགས་ཀྱི་དབང་དུ་མི་བཏང་། དགོས་མེད་ཀྱི་གཏམ་སྤང་། ཆོས་ཉིད་ཀྱི་དྲན་པ་གསལ་སྟོང་འཛིན་མེད་དུ་བཞག་ལ། དེའི་རང་མདངས་ཨོ་རྒྱན་ཆེན་པོར་མོས་གུས་དྲག་པོས། སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་དགོངས་པ་ཡིས༔ འཁྲུལ་སྣང་རང་སར་ཞིག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་ཅི་ནུས་སུ་བཏབ་ཅིང་མཉམ་པར་གཞག་པས་འཆི་ཁ་བར་དོ་དང་པོ་ཆོས་སྐུར་གྲོལ་བར་འགྱུར་རོ། །གལ་ཏེ་དེ་ལས་མ་གྲོལ་བར་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཤར་ཚེ་རང་སྣང་དུ་ངོ་ཤེས་པའི་མཉམ་རྗེས་དབྱེར་མེད་དུ་ཉམས་སུ་བླངས་པས་བར་དོ་ལོངས་སྐུར་གྲོལ་ལོ། །དེར་མ་གྲོལ་ན་ལས་དང་བག་ཆགས་ངན་པས་གཤིན་རྗེའི་འཁྲུལ་སྣང་འཇིགས་སྐྲག་འབྲོས་འདེད་ཀྱི་སྣང་བ་ཤར་ན་ཨོ་རྒྱན་ཆེན་པོ་དྲན་པས་སྐུ་གསུང་ཐུགས་དང་བསྲེས་ཏེ་གོང་ལྟར་གསོལ་བ་དྲག་ཏུ་བཏབ་པས་བར་དོའི་འཁྲུལ་སྣང་ལས་གྲོལ་ཏེ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བའམ་ཡང་ན་སྲིད་པ་བར་དོར་སྐྱེ་ངན་ལས་ཐར་ནས་ལུས་རྟེན་དག་པ་ཐོབ་པར་འགྱུར་རོ། །དེ་ཡང་བར་དོ་ལྔའི་སྙན་བརྒྱུད་བྱང་གཏེར་ལས་བྱུང་བ་ལྟར་དང་། བར་དོ་རྩ་ཚིག་དྲུག་པོ་ཁ་འདོན་དུ་བྱ་བར་གསུངས་པས། བར་དོ་ལྔ་ནི། དང་པོ་རང་བཞིན་གནས་པའི་བར་དོ་ཞེས་བྱ་བ། ཐོག་མར་འཁྲུལ་ནས་ད་ལྟ་ཆོས་དང་འཕྲད་པའི་བར་ལ་ཟེར་བ་ཡིན། འདི་ལ་རྟོགས་པ་ལྟ་བའི་མན་ངག་དགོས། གཉིས་པ་ཏིང་ངེ་འཛིན་གྱི་བར་དོ་ནི། འཁྲུལ་སྣང་ལས་ལོག་ནས་ཆོས་ཉིད་ཀྱི་དོན་བསྒོམ་ནུས་ཀྱི་བར་ལ་ཟེར། དེ་ལ་སྒོམ་ཞེ་བཅད་ཀྱི་མན་ངག་དགོས། གསུམ་པ་རྨི་ལམ་གྱི་བར་དོ་བྱ་བ། གཉིད་དུ་སོང་ནས་མ་སད་ཀྱི་བར་ལ་ཟེར། དེ་ལ་རྨི་ལམ་འཛིན་སྦྱོང་གི་མན་ངག་དགོས། བཞི་པ་སྐྱེ་ཤི་བར་དོ་བྱ་བ། འཆི་ཁ་ནས་དབུགས་མ་ཆད་བར་ལ་ཟེར། འདི་ལ་ཡེ་ཤེས་ངོས་འཛིན་གྱི་མན་ངག་དགོས། ལྔ་པ་སྲིད་པ་བར་དོ་ནི། ཤི་ནས་བརྒྱལ་ཐབས་སུ་སོང་བ་སངས་ནས་མངལ་སྒོར་མ་ཞུགས་ཀྱི་བར་ལ་ཟེར། དེ་ལ་འབྲས་བུ་ཐོབ་བྱེད་ཀྱི་མན་ངག་དགོས་པར་གསུངས་པ་དེ་རྣམས་ཀྱི་རྒྱས་བཤད་བྱང་གཏེར་རྫོགས་ཆེན་བར་དོ་ལྔའི་སྙན་བརྒྱུད་ངོ་སྤྲོད་དུ་གསལ་བར་བཤད་པས་ཞིབ་པར་གཞུང་དེར་བལྟའོ། །བར་དོ་རྩ་ཚིག་དྲུག་པ་ནི། ཀརྨ་གླིང་པའི་ཟབ་གཏེར་བར་དོ་ཐོས་གྲོལ་ལས། ཀྱེ་མ༔ བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་བྱ༔ ཞེས་སོགས་བཤད་པ་ལྟར་རོ། །དེ་ལྟར་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་སྒྲུབ་སྐོར་ལས། གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་ཀྱི་གཅེས་པའི་མན་ངག་བཅུ་གསུམ་གསལ་བྱེད་ཀྱི་ཚུལ་དུ་བཀོད་པ་འདི་ནི། སྐུ་ཞབས་གྲ་ཚང་ནས་དགེ་སློང་གྲམ་པ་བ་བློ་བཟང་ངག་དབང་ལགས་ཀྱིས་གོ་བདེའི་མཆན་བུ་དགོས་ཚུལ་ལྟར་དགེ་སློང་པདྨ་ཕྲིན་ལས་ཀྱིས་བྲིས་པའོ། །དགེའོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 55, Text 32)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མའི་བསྐྱེད་རིམ་ལ༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་སངས་རྒྱས་དང༔ རྣམ་ཤེས་གནས་འགྱུར་དམ་པའི་ཆོས༔ དབང་པོ་ཡུལ་དག་ཚོགས་མཆོག་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ འགྲོ་བ་མ་རིག་འཁྲུལ་པ་རྣམས༔ འོད་གསལ་ཆེན་པོར་བསྒྲལ་བའི་ཕྱིར༔ གཉིས་སུ་མེད་པར་སེམས་བསྐྱེད་དོ༔ སྣང་བ་རྣམ་དག་བདེ་གཤེགས་ལ༔ བདེ་བ་འཛིན་མེད་ཕྱག་འཚལ་ལོ༔ བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ བདེ་ཆེན་མ་རྟོགས་མཐོལ་ལོ་བཤགས༔ ཡུལ་ཅན་དག་པར་རྗེས་ཡི་རངས༔ དབང་པོ་བདེན་མེད་ཆོས་འཁོར་བསྐོར༔ ཤེས་པ་རང་གསལ་ངང་དུ་བཞུགས༔ ཀུན་གཞི་དག་པའི་དོན་རྟོགས་ཤོག༔ སེམས་སྡེ་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ དབང་པོ་དག་པ་རྡོ་རྗེ་སེམས༔ རྣམ་ཤེས་གནས་འགྱུར་སྐུ་རུ་གསལ༔ ཀུན་གཞི་དག་པས་ཐམས་ཅད་དག༔ ཨོཾ་བཛྲ་སཏྭ་ཨཱ༔ སེམས་སྡེ་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ ངོ་བོའི་ཞིང་ཁམས་རྒྱ་ཆེ་བར༔ རང་བཞིན་གསལ་བའི་རྒྱན་གྱིས་སྤྲས༔ ཐུགས་རྗེ་ཅིར་སྣང་མཎྜལ་འདི༔ གསལ་རྫོགས་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ སེམས་སྡེ་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་བླ་མ་ལ༔ རྣམ་ཤེས་གནས་འགྱུར་གསོལ་བ་འདེབས༔ དབང་པོ་དག་པར་མཛད་དུ་གསོལ༔ ཡུལ་སྣང་སྟོང་པར་བྱིན་གྱིས་རློབས༔ སེམས་སྡེ་དོན་གྱི་གསོལ་འདེབས་སོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ རཾ་ཡཾ་ཁཾ༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་པ་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པར་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨོཾ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་བསྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་སྒྲེང༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛ༔ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་ཤར༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུཀྐུ་རཱ་ཛ་དང༔ སློབ་དཔོན་ནཱ་གརྫུ་ན་སྟེ༔ ཀུཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོ་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་སྒྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པའི་ཕྱིར༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ༴ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཡེ་ཤེས་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཆགས་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་བགྱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བར་མཆོད་པར་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བའི་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཀུན་ཁྱབ་ཉིད༔ ཉི་ཟླ་བཞིན་དུ་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་ལྟ་བུར་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པར་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ སྐྱེ་མེད་དབྱིངས་སུ་བལྟས་བྱས་ཏེ༔ རྒྱས་པར་མཚན་སྔགས་བཟླ་བ་འམ༔ བསྡུ་ན་ཨ་ཡི་གླུ་དབྱངས་བླང༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ བྱིན་རླབས་བླ་མའི་བསྐྱེད་རིམ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུྴྨི་ཊ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་མི་ཕྱེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་བཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ ཡུལ་སྣང་དབང་པོ་ལྔ་ལ་ཐིམ༔ དེ་ཉིད་རྣམ་ཤེས་ལ་འདུས་པས༔ ཀུན་གཞིའི་དབྱིངས་སུ་ཐམས་ཅད་རྫོགས༔ དམིགས་མཐའ་བྲལ་བའི་ཀློང་དུ་ཡལ༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས། གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཀྱང་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

ཡང་གསང་ཐུགས་ཀྱི་ཕུར་གཅིག་ལས༔ ལས་བྱང་ཕྲིན་ལས་འདུས་པ་ (Volume 32, Text 32)

༁ྃ༔ ཡང་གསང་ཐུགས་ཀྱི་ཕུར་གཅིག་ལས༔ ལས་བྱང་ཕྲིན་ལས་འདུས་པ་བཞུགས༔ ྈྈྈྈྈྈྈྈ ཤྲཱི་བཛྲ་ཀུ་མཱ་ར་ན་མོ༔ སྙིང་པོ་ཡེ་ཤེས་དབྱིངས་ནས་བཞེངས༔ རྡོ་རྗེ་གཞོན་ནུར་ཕྱག་བགྱིས་ནས༔ བིཏྱོཏྟ་མ་འབུམ་སྡེ་ཡི༔ སྙིང་པོ་དོན་བསྡུས་ཕྲིན་ལས་བསྡེབ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ སྔོན་འགྲོ་སྦྱོར་བ་ཚོགས་གསག་པ༔ དང་པོ་དབེན་པའི་གནས་དག་ཏུ༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང༔ དཀྱིལ་འཁོར་བཞེངས་ལ་སྒྲུབ་རྫས་བཀོད༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ རྣལ་འབྱོར་པ་རྣམས་སྟན་བདེར་འདུག༔ གཉིས་པ་གནས་བདག་མཆོད་པ་དང༔ ཕྱོགས་བཅུའི་རྒྱལ་བ་མདུན་དུ་བསྒོམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་བདུན་འབུལ༔ བཀའ་བསྒོ་མཚམས་བཅད་བརྡ་ཕྱག་འཚལ༔ སྐུ་གསུང་ཐུགས་ཀྱི་བཤགས་པ་བྱ༔ བསྒྲུབ་པར་དམ་བཅའ་བྱིན་ཆེན་དབབ༔ མཆོད་པ་བྱིན་གྱིས་བརླབ་པ་རྣམས༔ སྤྱི་ཆིངས་བཞིན་དུ་བལྟ་བར་བྱ༔ གཉིས་པ་དངོས་གཞི་ཏིང་གསུམ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆ་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ དྷརྨ་དྷཱ་ཏུ་ཤུདྡྷེ་ཨཱ༔ མ་ཧཱ་སུ་ཁ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་ཧཱུྃ༔ ཨེཿཡཾཿརཿསུཾཿཀེཾཿརཾཿཧཱུྃཿཏིཿཔཾཿཧཿབྷྲཱུྃ༔ ཧཱུྃ༔ འབྱུང་བ་ཆེན་པོ་མཁའ་ལས་བབ༔ ཀུན་ཁྱབ་ནམ་མཁའ་སྟོབས་ཆེན་རླུང༔ ཁྲག་མཚོ་ཞིང་གི་ས་གཞི་གདལ༔ ཀེང་རུས་རི་རབ་མེ་ཆེན་འབར༔ ཧཱུྃ་ལས་སྲུང་བའི་གུར་ཆེན་དང༔ དུར་ཁྲོད་རབ་འཇིགས་ས་གཞིའི་དབུས༔ སྣ་ཚོགས་པདྨ་རྒྱ་གྲམ་སྟེང༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་རྒྱན་དང་ལྡན༔ ནང་ནི་དུར་ཁྲོད་ཆས་ཀྱིས་བརྗིད༔ བཛྲ་ར་ཏི་རྡོ་རྗེའི་བྲག༔ བྷྲཱུྃ་ལས་རིན་ཆེན་འབར་བའི་གདན༔ ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་ཁྲིར༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ དབུས་སུ་ཧཱུྃ་གི་འཕྲོ་འདུ་ལས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ དབུ་སྐྲ་སྤྱིར་བཅིངས་རྡོ་རྗེའི་ཏོག༔ ཐོད་སྐམ་རིན་ཆེན་རྩེ་བྲན་ཅན༔ དང་པོས་རྩེ་དགུ་སྡིགས་མཛུབ་ཕྱར༔ བར་པས་རྩེ་ལྔ་ཁ་ཊྭཱཾ་གསོར༔ འོག་མས་རི་རབ་ཕུར་པ་བསྒྲིལ༔ ཞབས་བཞིས་ལྷ་ཆེན་ཕོ་མོ་མནན༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་འཇིགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཨུཏྤལ་དུང་དམར་སྟོབ་པས་འཁྱུད༔ མེ་དཔུང་འབར་བའི་ཀློང་དུ་བཞུགས༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་ནང༔ རྡོ་རྗེ་སེམས་དཔའ་ཚོན་གང་བའི༔ ཐུགས་ཀར་རིན་ཆེན་ཉི་ཟླའི་སྟེང༔ རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོ༔ ཉི་མར་འབྲུ་དགུ་གཡོ་མེད་བསྒོམ༔ རྟ་མགྲིན་པདྨ་འཛིན་པས་སྲུང༔ ཡབ་ཡུམ་གསང་བ་རྡོ་རྗེ་དང༔ པདྨ་མཉམ་པར་སྦྱོར་བ་ཡི༔ རྗེས་ཆགས་བྱང་སེམས་ཧཱུྃ་ཡིག་བཅུ༔ སྟེང་འོག་ཕྱོགས་མཚམས་འཕྲོས་པ་ལས༔ སྟེང་དུ་ཧཱུྃ་ཀཱར་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ ཤར་དུ་རྣམ་རྒྱལ་སྙེམས་མ་ནི༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ལྷོ་ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཕྱོགས་རྟ་མགྲིན་གཏུམ་མོ་ནི༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་ནི༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ བྱང་དུ་བདུད་རྩི་རླུང་འབྱིན་ནི༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ བྱང་ཤར་ཁམས་གསུམ་གསོད་བྱེད་ནི༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ འོག་ཕྱོགས་སྟོབས་ཆེན་སྐུལ་མ་ནི༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ སྤྲུལ་པའི་ཁྲོ་ཆེན་ཡབ་ཡུམ་རྣམས༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཕེན༔ དུར་ཁྲོད་ཆས་བརྒྱད་མེ་ཀློང་བཞུགས༔ བསྐལ་པའི་མེ་ལྟར་གསལ་བར་བསྒོམ༔ ཟླ་གམ་ནང་དུ་སྤྲུལ་པའི་སྲས༔ སྐུ་སྟོད་ཁྲོ་བོ་འཇིགས་པ་ལ༔ སྐུ་སྨད་ཕུར་བུ་འབར་བའི་དབལ༔ མེ་དཔུང་དབུས་སུ་སྐར་ལྟར་འཁྲུགས༔ སྒོ་བཞིར་སྤྲུལ་པའི་ཁྲོ་མོ་བཞི༔ ཕྱི་རོལ་དམ་ཅན་ཚོགས་རྣམས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ ཡེ་ནས་དག་པའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་ཡི་བདག་ཉིད་དུ༔ བྱིན་གྱིས་བརླབ་ཅིང་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ དམ་ཚིག་དཀྱིལ་འཁོར་འདི་ལ་དགོངས༔ ཡེ་ཤེས་དཀྱིལ་འཁོར་འགྲུབ་པར་མཛོད༔ བཛྲ་ས་མཱ་ཛ༔ ཡེ་ཤེས་དཀྱིལ་འཁོར་མདུན་བྱོན་བསམ༔ ཧཱུྃ༔ སྲིད་པ་ཕུར་བུའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར༔ རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཧེ་རུ་ཀ་དཔལ་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པའི༔ ཧེ་རུ་ཀ་དཔལ་ཚོགས་རྣམས་ལ༔ གུས་པའི་ཡིད་ཀྱིས་གར་དང་བཅས༔ བརྐྱང་བསྐུམ་སྟབས་ཀྱིས་ཕྱག་བགྱི་འོ༔ ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཧཱུྃ༔ རུ་ཏྲ་བསྒྲལ་པ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ གཏི་མུག་བསྒྲལ་པའི་ཤ་ཆེན་དང༔ འདོད་ཆགས་བསྒྲལ་པའི་ཁྲག་ཆེན་དང༔ ཞེ་སྡང་བསྒྲལ་པའི་རུས་ཆེན་རྣམས༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ རྣལ་འབྱོར་ཅན་གྱིས་ཧཱུྃ་བསྒོམ་ཞིང༔ ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླངས༔ ལྕེ་ལ་ཐིམ་པས་མཆོག་ཐོབ་འགྱུར༔ སརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ དུང་ཆེན་སྣོད་དུ་རུ་ཏྲ་བསྒྲལ༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོངས་པའི་རཀྟ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་སྣོད་ནང་དུ༔ སྲིད་གསུམ་བསྒྲལ་པའི་བ་ལིཾ་ཏ༔ དཔལ་གྱི་གཏོར་མ་ཆེན་པོ་འདི༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ བདེ་ཆེན་ཐབས་ཀྱི་རྡོ་རྗེས་སྲུབ༔ བདེ་སྟོང་འདུ་འབྲལ་མེད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་པཱུ་ཛ་ཧོ༔ ཧཱུྃ༔ ང་ལ་བར་ཆད་བྱེད་པའི་བགེགས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ཨེ་ཡི་དཀྱིལ་འཁོར་ཆེན་པོར་བསྒྲལ༔ དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ༔ མ་ཧཱ་རུ་དྲ་ཁཱ་ཧི༔ འཇིགས་པའི་དབྱངས་དང་རོལ་མོ་ཡིས༔ ཧཱུྃ༔ ཡེ་ཤེས་སྐུ་ནི་གཟི་བརྗིད་འབར༔ གྲགས་སྟོང་གསུང་གིས་འཇིག་རྟེན་གཡོ༔ སྙིང་རྗེའི་ཤུགས་ཀྱིས་སྟོང་གསུམ་བསྒྲལ༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ མི་དགེ་བཅུ་བསྒྲལ་ཁྲོ་ཆེན་བཅུ༔ ཕར་ཕྱིན་བཅུ་ལས་བཞེངས་པའི་ཡུམ༔ ཐབས་ཤེས་སྐུ་སྤྲུལ་ཟ་གསོད་ཚོགས༔ ཕྱོགས་བཅུའི་ལྷ་ལ་ཕྱག་འཚལ་བསྟོད༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བའི་ཕྱིར༔ སྙིང་རྗེ་འདུས་པའི་ཀཱི་ལ་ཡ༔ སྲས་མཆོག་རྣམས་ལ་ཕྱག་འཚལ་བསྟོད༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ཚད་མེད་རྣམ་བཞིའི་སྒོ་མ་བཞི༔ ཕྱི་འཁོར་སྐྱོང་བ་ཕོ་ཉའི་ཚོགས༔ ཕྲིན་ལས་སྒྲུབ་ཕྱིར་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་ཀྱི་རིམ་པ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ དྲག་པོ་སྤྱི་དྲིལ་སྙིང་པོ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྐབས་སུ་ཛཔ྄་བསྟོད་མཆོད་པ་བྱ༔ རྗེས་ཀྱི་བྱ་བ་ཚོགས་སྐོང་དང༔ བསྒྲལ་བསྟབ་ལོངས་སྤྱོད་ལྷག་མ་གཏང༔ བསྐུལ་ཞིང་ཆད་མདོ་བརྟན་མ་སྐྱོང༔ བྲོ་བརྡུང་ཚེ་འགུགས་མཆོད་བསྟོད་བསྡུ༔ ལྷར་ལྡང་སྨོན་ལམ་བཀྲ་ཤིས་དང༔ རྒྱུན་སྤྱོད་སྤྱི་ཆིངས་བཞིན་དུ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའི་གནམ་ལྕགས་ཕུར་སྒྲོམ་རྒྱ་མདུད་གྲུ་གསུམ་ནང་། ལྕགས་ཀྱི་བྱང་བུ་གུ་རུའི་ཕྱག་བྲིས་ལ་ངོ་མཚར་བའི་བཀོད་པ་དང་བཅས་ལེགས་པར་ཕབ་པའི་ཡི་གེ་པ་ནི་པྲ་ཛྙཱ་དྷྭ་ཛའོ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་སྨིན་གྲོལ་དཔལ་སྐྱེད་ (Volume 16, Text 32)

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་སྨིན་གྲོལ་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ། ཁྱབ་བདག་དང་པོའི་སངས་རྒྱས་འོད་མི་འགྱུར། །ཟུང་འཇུག་ཧེ་རུ་ཀ་དཔལ་ཞི་དང་ཁྲོ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །རྡོ་རྗེ་གསུམ་གྱི་རང་གཟུགས་རིགས་གསུམ་མགོན། །ལས་ཀྱི་དབང་མོ་རང་བྱུང་བཛྲ་ཧེ། །དཔལ་གྱི་སེང་གེ་ལུང་བསྟན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཡེ་ཤེས་རྣམ་བརྒྱད་གདོད་གནས་རིག་པ་འཛིན། །ཀུན་འདུས་འཁོར་ལོའི་མགོན་པོ་ཐོད་ཕྲེང་རྩལ། །གངས་ཅན་གྲུབ་མཆོག་ཚོམ་བུ་ཉི་ཤུ་ལྔར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྲིད་ཞིའི་ཆེ་མཆོག་ཚངས་པ་ལྷའི་མེ་ཏོག །དབྱིངས་ཕྱུག་གསང་བའི་ཚོགས་རྗེ་བདེ་ཆེན་རྒྱལ། །དགོངས་པ་མངོན་གྱུར་ལྷ་སྲས་རོལ་པ་རྩལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཟབ་གཏེར་མཛོད་འཛིན་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་ལུང་ཐོབ་ལས་ཅན་ཆོས་ཀྱི་བདག །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཀློང་དགུའི་རང་བཞིན་དཔལ་ཆེན་གཙོ་དང་འཁོར། །གནས་གསུམ་ཌཱ་ཀི་དམ་ཚིག་བཀའ་ཡི་གཉེར། །སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཕྱི་ནང་སྒྲུབ་གསང་དབང་གིས་རྒྱུད་སྨིན་ཅིང་། །བསྐྱེད་རྫོགས་རྫོགས་ཆེན་ལམ་རིམ་མཐའ་རུ་ཕྱིན། །ཐུན་མོང་ལས་དང་དངོས་གྲུབ་ཐོགས་མེད་འཕྲུལ། །ཟུང་འཇུག་མཆོག་ལ་ཚེ་འདིར་སྦྱོར་བར་ཤོག །དགོངས་པ་རྣམ་དགུའི་ལྟ་བའི་རྫོང་ཐོབ་ཅིང་། །ཐུན་མོང་ཐུན་མིན་བསྒོམ་པའི་འཕྲང་ལས་སྒྲོལ། །སྤྱོད་པ་དམ་ཚིག་སྲོག་རྩ་རབ་བརྟན་ནས། །ལྔ་ཕྲག་ལྔ་ལྡན་བྱང་ཆུབ་མངོན་བྱེད་ཤོག །ངོ་བོ་རང་རྩལ་གཞི་དོན་ལམ་གསུམ་དང་། །སྙིང་པོས་མྱུར་རྟོགས་སྦྱོར་བཞིས་བོགས་ཐོན་ཅིང་། །སྒྲོལ་བས་གེགས་སེལ་རིག་འཛིན་རྣམ་བཞིའི་འབྲས། །མཐར་ཕྱིན་ཀུན་བཟང་བླ་མའི་ས་ཐོབ་ཤོག །ཅེས་པའང་ཁྱབ་བདག་བླ་མ་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཀའི་གནང་བ་ཆེད་དུ་བསྩལ་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་སྦྱར་བ་དགེ་ལེགས་འཕེལ།། །།

བླ་མ་དགོངས་པ་འདུས་པ་ལས༔ མཐོང་གྲོལ་གྱི་ཙཀྲ་བྲི་བའི་ཡིག་ཆུང་ངོ༔ (Volume 42, Text 32)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ མཐོང་གྲོལ་གྱི་ཙཀྲ་བྲི་བའི་ཡིག་ཆུང་ངོ༔ ྈྈྈྈྈྈྈྈ ན་མོ་གྷུ་རུ་དྷེ་ཝ་དྷཱཀྐི་ནཱི་ཧཱུྃ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ མཐོང་གྲོལ་འཁོར་བ་སུན་འབྱིན་གྱི༔ དཔེའུ་ཆུང་འདི་ལྟར་མཁས་པས་བྲིས༔ གཞི་མ་རྒྱ་ཁྱོན་ལྡན་པ་ལ༔ གཞུང་ནས་བཤད་པའི་རྫས་རྣམས་ཀྱིས༔ ཟླུམ་བསྐོར་དབུས་སུ་ཕོ་བྲང་ལྔ༔ འཇའ་གུར་འོད་ཁྱིམ་ལྡན་པའི་ནང༔ དབུས་སུ་སེང་གེ་ཤར་གླང་ཆེན༔ ལྷོ་རུ་རྟ་མཆོག་ནུབ་རྨ་བྱ༔ བྱང་དུ་ཤང་ཤང་ཁྲི་སྟེང་དུ༔ རྣམ་པར་སྣང་མཛད་རྡོ་རྗེ་སེམས༔ རིན་ཆེན་འབྱུང་ལྡན་འོད་དཔག་མེད༔ དོན་ཡོད་གྲུབ་སྟེ་རིགས་ལྔའི་སྐུ༔ སྤྱི་མཐུན་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ཆག་ཚད་ལྡན་པར་བྲིས་པ་ཡི༔ མཐའ་སྐོར་རིག་པའི་གཟུངས་སྔགས་ནི༔ རང་རང་གནས་སུ་མ་ནོར་བཀོད༔ དབུས་ཀྱི་རྣམ་སྣང་མཐའ་སྐོར་དུ༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈྈྈ ྈྈྈྈྈྈྈ དེ་དག་ཟུར་སྒྲོས་ཐོན་པར་བྲི༔ རྡོ་རྗེ་སེམས་དཔའི་མཐའ་སྐོར་དུ༔ ྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈྈྈྈ དེ་དག་མ་ནོར་གསལ་བར་བྲི༔ རིན་ཆེན་འབྱུང་ལྡན་མཐའ་སྐོར་དུ༔ ྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈྈྈ དེ་དག་ལྷག་ཆད་མེད་པར་བྲིས༔ སྣང་བ་མཐའ་ཡས་མཐའ་སྐོར་དུ༔ ྈྈྈྈྈ ྈྈྈྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈ དེ་རྣམས་མ་ནོར་གསལ་བར་བྲི༔ དོན་ཡོད་གྲུབ་པའི་མཐའ་སྐོར་དུ༔ ྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དེ་དག་གྲ་ཟུར་ཐོན་པར་བྲི༔ ༈ མཚམས་བཞིར་པདྨའི་སྡོང་པོ་ལས༔ སྐྱེས་པ་པདྨའི་འོད་ཁྱིམ་ནང༔ ཤར་ལྷོར་བཀོད་པའི་རིག་སྔགས་ནི༔ ྈྈྈྈྈྈྈ ལྷོ་ནུབ་མཚམས་སུ་འདི་དག་བཀོད༔ ྈྈྈྈྈྈྈྈྈ ནུབ་བྱང་མཚམས་སུ་འདི་ལྟར་རོ༔ ྈྈྈྈྈྈྈྈྈྈྈྈྈ བྱང་ཤར་མཚམས་སུ་བཀོད་པ་ནི༔ ྈྈྈྈྈྈྈྈྈྈ བར་མཚམས་བརྒྱད་ལ་འོད་སྐོར་བརྒྱད༔ དེ་དག་ནང་དུ་བྲི་བ་ནི༔ ཤར་ནས་རིམ་པར་འདི་ལྟར་རོ༔ ྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈ ྈྈྈྈྈྈྈྈ དེ་ལྟར་སྔགས་ཡིག་ཚེག་བར་བརྒྱད༔ འབྲུ་ཆད་མེད་པར་ཚང་བར་གཅེས༔ ༈ ཕོ་བྲང་ཟླུམ་པོའི་རྒྱབ་འཁོར་དུ༔ མུ་ཁྱུད་གསུམ་བསྐོར་ནང་མ་ལ༔ ཨཱོྃ་ན་མཿཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བྷོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨཱོྃ་ཀི་ཊེ་བི་ཀི་ཊེ༔ ནི་ཀ་ནི་ཀ་ཏང་ཀ་ཏེ༔ ཀ་རོ་ཏེ་ཀ་རོ་ཏེ༔ བིདྱཱ་སིང་ཧ་སྭཱ་ཧཱ༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ སིང་ཧ་ནཱ་ད་ཧཱུྃ་ཕཊ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ན་མཿཨཥྚ་དྷ་ར་ཡཾ༔ ན་མཿཔདྨོ་བྷཱ་ཡ༔ ན་མཿཔདྨ་ཧསྟཱ་ཡ༔ ན་མཿཔདྨ་ཤྲཱི་ཡེ༔ ན་མཿཔདྨ་ནཱ་ཡ་ཀཱ་ཡ༔ ན་མཿཔད་མ་ལོཙྪ་ན་ཡ༔ ན་མཿལོ་ཀེ་ཤྭ་རཱ་ཡ༔ ན་མཿཔདྨེ་ཤྭ་རཱ་ཡ་སྭཱ་ཧཱ༔ མུ་ཁྱུད་བར་མ་ལ་འདི་ལྟར་བྲི༔ ན་མཿཤྲཱི་མཱ་དྷཱ༔ ཏ་ཐཱ་ག་ཏེ་བྷྱ༔ ཨར་ཧ་ཏེ་བྷྱ་སཾ་མྱཀྶཾ་བྷུདྡྷ་བྷྱ༔ ཨཱོྃ་ཀུ་མཱ་ར་རཱུ་པི་ནི༔ བི་ཤྭ་སམྦྷ་ཝ༔ ཨཱ་གད་ཛ༔ ཨཱ་གད་ཛ༔ ལ་ཧུ་ལ་ཧུ༔ བྲུཾ་བྲུཾ༔ རི་ན་ཛི་ཏི༔ མཉྫུ་ཤྲཱི་ཡ་ཧྲཱིཿདྷཱི༔ སུ་ཤྲཱི་ཡ༔ ཏཱ་ར་ཡ་མཱཾ༔ སརྦ་དུ་ཁེ་བྷྱ༔ ཕཊ་ཕཊ༔ ཤ་མ་ཡ༔ ཤ་མ་ཡ༔ ཨ་མི་ཏོད་བྷ་ཝ༔ པཱ་པཾ་མེ་ནཱ་ཤཱ་ཡ་སྭཱ་ཧཱ༔ ན་མོ་མཉྫུ་ཤྲཱི་ཡེ་ཧྲཱིཿདྷཱི༔ ཛྙཱ་ན་མུརྟི༔ ཨཱོྃ་བཛྲ་ཏིཀྵྞ་དུ་ཁ་ཚེ་ད༔ པྲ་ཛྙཱ༔ ཛྙཱ་ན་མུརྟ་ཡེ༔ ཨ་བྷཱ་ཝ༔ སྭ་བྷ་ཝ༔ བི་ཤུདྡྷེ༔ སརྦ་དྷརྨཱ་ཡ་དུ་ཏ་སྭཱ་ཧཱ༔ ཨཱོྃ་ཝཱ་གཱི་ཤྭ་རི་མུཾ༔ མུ་ཁྱུད་གསུམ་པ་ཕྱི་མ་ལ༔ ཏདྱ་ཐཱ༔ གྷ་ཛཿགྷ་ར་ནཱི་པི་པུ་པ་ནོ་པི༔ བི་ཀྲ་ཏི་སཱི༔ རཏྣ་གུ་ན་ཀ་ཏྲོ་སི༔ སྱ་རྒྱ་རྒྱ་གྷོ་ཤྭ་སི༔ པྲི་ཡཱ་རུ་པ་བོ་དེ་བི་ཛ་ལ་ཨ་ར་ཛི་ཤྭ་སི༔ སུ་རུ་པི་ཎོ་སི༔ ན་མོ་བྷུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒྷཱ་ཡ༔ ན་མོ་བཛྲ་པཱ་ཎི་ཡེ༔ མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ༔ ཏདྱ་ཐཱ༔ ཨཌ་ཊེ་མེཌ་ཊེ༔ ཁུད་ཊེ༔ སོ་མེ་སོ་མེ་མུ་ཁི༔ ཧི་རི་ཧི་རི༔ བྷི་རི་བྷི་རི༔ བྷི་སི་བྷི་སི༔ བི་སི་དྷ་ན་དྷུ་མེ༔ སརྦ་ག་ག་ནཾ༔ ས་མནྟ་སཏྭ་ནཾ་སྭཱ་ཧཱ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ན་མོ་བྷ་ག་ཝ་ཏི༔ སརྦ་དུརྒ་ཏི༔ པ་རི་ཤྭ་དྷ་ནི༔ རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨར་ཧ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི༔ སརྦ་པ་པཾ༔ བི་ཤྭ་དྷ་ནི༔ ཤུདྡྷེ༔ བི་ཤུདྡྷེ༔ སརྦ་ལོ་ཀ་སཏྭ་སྱ་སརྦ་ཀརྨཱ་ཝ་ར་ཎ་ནི་བི་ཤུདྡྷེ་སྭཱ་ཧཱ༔ དེ་ལྟར་རིགས་གསུམ་མགོན་པོ་ཡི༔ མཚན་གཟུངས་སྒྲིབ་པ་སྦྱོང་བྱེད་བཅས༔ བཅང་དང་བཟླས་དང་སུས་མཐོང་བ༔ རྣམ་པར་གྲོལ་ཞེས་མདོ་ལས་གསུངས༔ དེ་ཕྱིར་ནོར་འཁྲུལ་མེད་པར་བྲི༔ དེ་ཡི་རྒྱབ་ཏུ་ཡངས་པར་བསྐོར༔ འོད་སྐོར་སུམ་ཅུ་རྩ་གཉིས་བཀོད༔ ནང་དུ་རིག་སྔགས་འདི་དག་རྣམས༔ གྲ་ཟུར་ལྷག་དང་ཆད་མེད་པར༔ མཁས་པས་རིམ་བཞིན་བྲི་བར་བྱ༔ ༼༡༽ྈྈྈྈྈྈ ༼༢༽ྈྈྈྈྈྈྈྈྈ ༼༣༽ྈྈྈྈྈྈྈྈྈྈ ༼༤༽ྈྈྈྈྈྈྈྈྈྈ ༼༥༽ྈྈྈྈྈྈྈྈྈྈྈྈྈ ༼༦༽ྈྈྈྈྈྈྈ ༼༧༽ྈྈྈྈྈྈྈྈྈྈྈ ༼༨༽ྈྈྈྈྈྈྈྈྈྈྈ ༼༩༽ྈྈྈྈྈྈྈྈྈ ༼༡༠༽ྈྈྈྈྈྈྈྈྈྈྈྈ ༼༡༡༽ ྈྈྈྈྈྈྈྈྈྈྈྈྈྈྈ ༼༡༢༽ྈྈྈྈྈྈྈྈ ༼༡༣༽ྈྈྈྈྈྈྈྈྈྈྈྈྈ ༼༡༤༽ྈྈྈྈྈྈྈྈ ༼༡༥༽ྈྈྈྈྈྈྈྈྈྈྈྈྈ ༼༡༦༽ ྈྈྈྈྈྈ ༼༡༧༽ྈྈྈྈྈྈྈྈྈྈ ༼༡༨༽ྈྈྈྈྈྈྈྈྈ ༼༡༩༽ྈྈྈྈྈྈྈྈ ༼༢༠༽ྈྈྈྈྈྈྈྈྈྈྈྈྈྈ ༼༢༡༽ ྈྈྈྈྈྈྈྈྈ ༼༢༢༽ྈྈྈྈྈྈྈ ༼༢༣༽ྈྈྈྈྈྈྈྈྈྈ ༼༢༤༽ྈྈྈྈྈྈྈ ༼༢༥༽ྈྈྈྈྈྈྈྈྈ ༼༢༦༽ྈྈྈྈྈྈྈྈྈ ༼༢༧༽ ྈྈྈྈྈྈྈྈྈྈྈྈྈྈྈྈ ༼༢༨༽ྈྈྈྈྈྈྈྈྈྈྈྈྈྈྈྈྈ ༼༢༩༽ྈྈྈྈྈྈྈྈྈྈྈྈྈ ༼༣༠༽ྈྈྈྈྈྈྈྈྈྈྈྈ ༼༣༡༽ ྈྈྈྈྈྈྈྈྈ ༼༣༢༽ྈྈྈྈྈྈྈྈྈ དེ་ལྟར་ཚེག་བར་སྔགས་རེ་འོ༔ འོད་སྐོར་འཇའ་འོད་རྣམ་ལྔས་བསྐོར༔ ཕྱི་རིམ་འཁོར་ཡུག་ཆེན་པོ་ལ༔ གཟུངས་སྔགས་རྒྱལ་པོ་འདི་དག་བྲི༔ ཤྱ་བྷ་བྷྱ་སྱ་ཨུ་ཛ་ལ་སྱ་ཤི་དྷ་པ་ལ་དྷ་ཧཾ་ཇ་ཨི་པ༔ ཨེ་ཧི་ཏ་ཐཱ་ག་ཏ་བ་རི་བ་རི༔ ཨི་ཨཱི༔ ཨུ་ཨཱུ༔ ཐི་ཨ་ནཱཾ༔ ཙནྡྷ་ཧི༔ ཨ་ད་ཐི་བཾ༔ ཤཾ་ཥཾ༔ ནོར་ཐི་བིཥྚཾ༔ ཏི་བྱུ་བ་ནི༔ ཤེ་ཡེ་ལེ༔ ཨི་མེ་ས་ར་པ་མ་ཐོ༔ ཨ་ཨ་ཨཱི༔ སུ་ན་ག་ཏི་ཨ་ཧཾ༔ ན་མོ་བྷུདྡྷཱ་ཡ༔ གུ་རུ་བྷེ༔ ཨི་ཏྱ་བི་ས་བྷ་ག་ཝཱན྄་ཏ་ཐཱ་ག་ཏོ༔ ཨ་ཧ་ར་ཧ་ཏེ༔ སཾ་མྱག་སཾ་བུདྡྷོ༔ བིརྱ་ར་ཙ་ཎ་ས་པ་བྷ༔ སུ་ཀ་ཏད་ལོ་ཀ་མི་ཏ་བྷུད་ཏ་ར་སུ་རུ༔ རྵ་ཏ་མྱ་པ་ར་ཐི༔ ཤ་སྟེ་ཐ་དམ་ར་ཙ༔ མ་ནུནྩ༔ བྷུདྡྷ་བྷ་ག་ཝཾ༔ ནི་ཤུདྡྷ་སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནཱཾ༔ ཨ་བྷི་པྲ་ཎུ་ཤ༔ ཀུ་ཤ་ལ༔ མུ་ལ་ནཱཾ༔ ཨ་མཾ་ཏྲི་དཀྵྗྙའ་ཏྱ༔ ཨ་གཾ༔ པུ་ཎྱ་ནི༔ དྷ་ན་ནཱཾ༔ ཙི་ཏྲི་ཧ༔ ༼ཨ་ནུ་ནཉྩ་ནཾ༔ ཀུ་སུ་མེ་ཏོག་ལཀྵ་ཎཻ༔ པྲ་ཏི་རཱུ་པོ་གོ་ཙ་རེ་ཎ༔ ཨ་པྲ་ཏི་ཀུ་ལོ་ད་ར་ཤ༔ ནན་་་་སྨོན་ལམ་བཀྲ་ཤིས་སྒྲོན་མེའི་ནང་ཡོད་ལྟར་ན་འདིར་འདི་ཙམ་ཤིང་པར་སྔ་ཕྱི་ཐམས་ཅད་ལ་ཆད། མཆན།༽ ཨ་བྷི་ར་ཏི་ཤྭ་དྷ་ཏི་མུ་ཀ་ནཱཾ༔ ཨ་དན་བྷི་ཤུདྡྷེཿཔྲ་ཛྙཱ་ཡེ༔ ཨ་ན་པ་ར་མི་ར་དྷ་ནི་ཡོ་བ་ལཾ༔ ཤསྟ་སརྦ་སཏྭ་ནཱཾ༔ བུདྡྷ་བོ་དྷི་སཏྭ་ནཱཾ༔ རཱ་ཛ་ཨ་སདྱ་ག་ལཾ་ནཱཾ༔ སརྦ་བྷ་ཧ་ཨ་དྷི་མརྨི་ཀཱརྵ༔ ཨ་པྲ་མོ་ཡོ་ཛྙཱ་ནེ་ན༔ ཨ་ནན་ཏ་པྲ་ཏི་བྷ་ནེ་ནཱཾ༔ བི་ཤུདྡྷ་སིང་ཧ་ཎ༔ ཨ་པ་ད་ནི༔ ཀ་མ་ཀཱ་ཎཾ༔ པ་ཙ་ཎ་ཀི་རུ་པ་ཎ༔ ཨ་པྲ་ཏི་ས་མ་ཐཱ་ཀ་ཡེ་ནཱཾ༔ ཨ་ལ་སྟི་ཀ་མེ༔ ཨ་ན་ཡོ་བི་ག་བཱ་རུ་སཻ༔ ཨ་པ་ཤྲྀ་ཥྞ་རུ་བྷཻ༔ བི་མོ་ཀོ་ཏི་དུ་ཁེ་བྷྱེ༔ བི་པྲ་མུྑྞ་སྐནྡྷེ༔ བི་སཾ་མུག་ཏོ་བྷ་རུ་ནི༔ སི་སཾ་སྲེ་ཏ་ཨཱ་ཡེ་ཏ་ནཱཾ༔ པྲ་ཚིན་ནེ་པྲ་པར་ཐེ་བི་མུག་ཏ༔ བི་དྷ་ར་དྷེ་སི་ར་མུགྷཥྞི་ཤ་ཡ༔ ཨ་མེ་གྷ་དུ་རཾ་ལླ༔ པ་རི་སུལློ༔ ཛྙཱ་ན་ནི་ན༔ པྲ་ཏི་ཥི་ཏོ་ཨ་ཏི་ཏ༔ ན་ག་ཏ་པྲ་དུད་ནཱ་སྣི༔ ན་མ་བུདྡྷཱ་ནཱཾ༔ བྷ་ག་བྷ་ཏི་ཛྙཱ་ནི་ནཱཾ༔ ཨ་པྲ་ཏིཥྛ་ཏོ༔ ཨ་ནི་ར༔ བཱ་བཻཥྛི་ཏོ་བྷུད་བུ་ཏ༔ ཀོ་ཊུཾཥྚི་ཏེ༔ སརྦ་ཏེ་ལོ་ཀ་ནི་ཡུམ་བྷུ་མོ༔ དུས་མེཥྚ༔ བེ་ཨཥྚ༔ ཧཾ་ན་ཏི༔ ཨ་དི་ཡ་ཤ་ད༔ ཧི་ཙ་ཨུ་སོ་ཀེ་སཾ་ཏ་ཊ༔ ཧུ་ལུ་ཀ་ཌི་ཨེ་ཨེ་ཨ་ཨ་ཀུ༔ པཉྩ་བི་སི་ལཾ་ནཱ༔ ད་ཤ་ཙ༔ ན་མོ་བྷ་ག་ཝ་ཏི༔ ཨཱརྱ་བི་པུ་ལ་བི་མ་ན་སུ་པྲ་ཏིཥྛ་གུ་ཧྱ༔ གཞན་ཡང་རྟེན་འབྲེལ་སྙིང་པོ་དང༔ དབྱངས་གསལ་ཡི་གེ་རྫོགས་པར་བྲི༔ ཀུན་ཀྱང་གཟབ་པའི་ཡི་གེ་ལ༔ ནོར་འཁྲུལ་ལྷག་ཆད་མེད་པར་གཅེས༔ མུ་ཁྱུད་འཇའ་རིས་འོད་ལྔས་བསྐོར༔ བྱིན་རླབས་ཅན་གྱི་རྫས་རྣམས་དང༔ ཚོན་སྦྱོར་ཡོངས་ལ་འོས་པར་བྱུག༔ གཞུང་ལྟར་རབ་གནས་ལས་ལ་སྦྱར༔ འདི་མཐོང་དོན་ཆེ་སྐལ་པ་བཟང༔ སངས་རྒྱས་རྣམས་ཀྱི་དགོངས་པའི་བཅུད༔ གསང་སྔགས་ལམ་གྱི་ཆ་རྐྱེན་དང༔ འགྲོ་བ་འདྲེན་པའི་ལྕགས་ཀྱུ་ཡིན༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ བརྩོན་འགྲུས་བསྐྱེད་ལ་ཉམས་སུ་ལོངས༔ རང་གཞན་དོན་འབྲས་མྱུར་དུ་འབྱུང༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །། ༈ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཅ་ཆ་ཇ་ྖྶ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཆ་ལག་འཆི་བ་བསླུ་བའི་ཆོ་ག་འཆི་བདག་གདོང་ཟློག་ (Volume 49, Text 32)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཆ་ལག་འཆི་བ་བསླུ་བའི་ཆོ་ག་འཆི་བདག་གདོང་ཟློག་ཅེས་བྱ་བ་བཞུགས་སོ། ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཆ་ལག །འཆི་བ་བསླུ་བའི་ཆོ་ག་འཆི་བདག་གདོང་ཟློག་ཅེས་བྱ་བ། བླ་མ་སྨྲ་བའི་སེང་གེ་ཕ་རོལ་རྒོལ་འཇོམས་ལ་ཕྱག་འཚལ་ལོ། །མི་གཡོ་མཉམ་ཉིད་ཡོན་ཏན་བཞི་ལྡན་ཉིད། །མངོན་སུམ་མཛད་པ་བླ་མ་འཇམ་དཔལ་ལ། །བཏུད་དེ་ལུས་ཅན་འཆི་བའི་ཞགས་པ་ལས། །གྲོལ་བྱེད་འཆི་བདག་གདོང་ཟློག་འདི་རུ་སྤྲོ། །དེ་ཡང་ལུས་ཅན་གང་དག་འཆི་བདག་གི་ཞགས་པས་བཅིངས་ཏེ་གཤིན་རྗེའི་འཇིགས་པ་མི་བཟད་པ་སྟོན་པར་བྱེད་པ་ལ་སྙིང་རྗེ་ཆེན་པོས་བླ་མ་སྨྲ་བའི་སེང་གེའི་མན་ངག་རལ་གྲིས་གཅོད་དེ་འཇིགས་ལས་སྐྱོབ་པར་འདོད་པས། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལེའུ་དྲུག་པར་གསུངས་པའི་བླ་མ་འཇམ་དཔལ་ཞི་དྲག་གི་ལས་ཚོགས་འཆི་བསླུའི་ཆོ་ག་བརྩམ་པ་ལ་ལྔ། དགོས་ཆེད། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ། ཕན་ཡོན་སོགས་འཕྲོས་དོན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་པ་འཆི་བ་བཟློག་པའི་ཕྱིར༔ འཆི་བདག་གཤིན་རྗེ་ལ་གཏོར་མ་ཆེན་པོ་བསྔོ་བའི་རིམ་པ་ནི༔ ཞེས་པས། རྣལ་འབྱོར་པ་ཚེ་གཅིག་སངས་རྒྱས་ཐོབ་པར་འདོད་པ་དུས་མིན་གྱི་འཆི་བ་གློ་བུར་དུ་བྱུང་ན་དེ་ཟློག་པའི་ཐབས་ཟབ་མོ་ལ་འབད་ན། དུས་མིན་གྱི་འཆི་བ་ལས་གྲོལ་ནས་ཚེ་གཅིག་སངས་རྒྱས་འགྲུབ་པ་དང་། སྐྱེ་བོ་ཕོ་མོ་འཆི་བའི་སྡུག་བསྔལ་གྱིས་ཐེབས་ནས་དེ་ལས་གྲོལ་ནས་སྡིག་པ་ལ་འགྱོད་ནས་དགེ་བ་བསྒྲུབས་པས་མཐོ་རིས་ཐོབ་པའི་དགོས་པ་ཡོད་དོ། །དུས་ནི་རྣལ་འབྱོར་པ་ལ་འཆི་བའི་རྟགས་བྱུང་བ་དང་། སྐྱེ་བོ་ཕོ་མོ་ལ་འཆི་བའི་རྟགས་བྱུང་བའམ། གློ་བུར་གྱི་ན་ཚ་དྲག་པོ་བྱུང་ན་འདི་ཉིད་བརྩམ་པར་བྱ། གཞན་ཡང་ལོ་ཟད་ཟླ་ཟད་ལྟ་བུར་བརྩམ་ན་སྐུ་རིམ་གྱི་མཆོག་ཏུ་གྱུར་པའོ། །གཉིས་པ་སྔོན་འགྲོ་ལ་གཉིས། རྟེན་མཆོད་བཤམ་པ་དང་། གོང་ནོན་ཡི་དམ་ལྷའི་གཞུང་བསྲང་བའོ། །དང་པོ་ནི་གོང་དུ་རྩ་བ་གསུམ་གྱི་རྟེན་མཆོད་རྒྱས་བསྡུས་གང་རུང་ཁྲུས་བུམ་བཅས་པ་བཤམ། དེ་ནས་བླ་མ་སྨྲ་སེང་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མཆོད་གཏོར་གཉིས་སོགས་བཤམ། དེའི་མདུན་དམའ་བར་རྡུལ་ཚོན་ནམ་རས་བྲིས་ཀྱི་མ་ཊཾ་གཟུགས་བྲིས་པའི་ཁར། འབྲུ་ནག་སོགས་ཀྱི་ཕྱེ་གཙང་མ་ཁྲག་གིས་སྦྲུས་པའི་ལྕགས་མཁར་དྲུག་ཅུ་རེ་གསུམ་ཁ་ལེབ་དང་བཅས་པའི་དྲུག་ཅུའི་ནང་ཁུང་དབུས་མ་སྟོང་པ་ཟུར་གསུམ་དུ་ཚེ་འཆི་སྲོག་བདག་གི་གཏོར་མ་གསུམ། དབུས་ཀྱི་ཐོད་པ་ཁ་སྦྱོར་ནང་དུ་ཆེ་གེ་མོ་འཆི་བདག་གི་ཞགས་པས་བཅིངས་པ་ཁྲོལ་ཅིག །ཅེས་ཆོས་སྨན་དང་དྲི་བཟང་བྱུགས་པའི་ཕྱི་དར་གྱིས་དྲིལ་ལ་བཅུག་པའི་ཕྱི་ནས་དར་གྱིས་གཡོགས་ལ་བཞག །དེའི་རྒྱབ་ཏུ་ལྕགས་སྣོད་དུ་གཏོར་མ་ཟུར་གསུམ་ཁྲག་གིས་བྱུགས་པ་ཁྲུ་གང་པ། མདུན་དང་གཡས་གཡོན་ལ་དེ་ལས་ཆུང་བ་གསུམ། དེ་རྒྱབ་དེ་ལས་ཆེ་བ་བཅུ་གཉིས། དེ་རྒྱབ་བཅུ་བཞག་པའི་མཐར་མཐེབ་ཀྱུས་བསྐོར། སྟེང་དུ་ཕ་རོལ་རྒོལ་འཇོམས་ཀྱི་བསྐུལ་གཏོར། གཏོར་མ་རྣམས་ཁྲག་གིས་བྱུགས་ཤིང་མདའ་མདུང་འཚེ་ཡུངས་རྩང་དང་ཤ་ཁྲག་བརྒྱན། ཐོད་དབྱུག་དང་དར་ནག་གི་འཕུར་ལྡིང་ཕུབ། མཐར་དབང་ལྔ་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། གཡས་སུ་ཟངས་གཞོང་དུ་དཀར་གསུམ་མངར་གསུམ་འདྲེས་པའི་ཟན་གྱི་ཆངས་བུ། རིལ་བུ་མཐེབ་ཀྱུ་བརྒྱ་རྩ་བརྒྱད་འབྲུ་སྣ་ཡོས་བཀྲ་འོ་ཆབ་བཅས། གཡོན་དུ་ལྕགས་སྣོད་དུ་དགྲ་གཟུགས་ཆུང་ངུ་། གཏོར་མ་ཟུར་གསུམ། མཐེབ་ཀྱུ་ཤ་དུམ་རྣམས་དྲུག་ཅུ་རྩ་བཞི་རེ་ཁྲག་གིས་བྲན་པ། སྲན་ཆན་འབྲུ་ནག་ཁྲག་གི་བཏུང་བ་དང་བཅས། མདུན་དུ་སྐུ་གླུད་ཆེ་བ་དར་ཟབ་རིན་ཆེན་དཀོར་ཆས་གཏམས་པ། དགྲ་གཟུགས་ཆེ་བ། མཚོན་ཆ་དང་ཐུན་རྫས། ཚོགས་དང་ལས་གཏོར་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། གཉིས་པ་གོང་ནོན་ཡི་དམ་གྱི་གཞུང་བསྲང་བ་ནི། རྩ་གསུམ་སྤྱི་དང་ལྷག་པར་གཤེད་སྐོར་སོགས་གང་ལ་བརྟེན་ཀྱང་རུང་མོད། འདིར་བླ་མ་སྨྲ་སེང་ཞི་དྲག་མཛད་ན་ལེགས་ཆ་ཆེ་བས་སྔ་དྲོའི་དུས་སུ་བླ་མ་སྨྲ་སེང་དང་། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཞུང་བསྲངས་ལ་ཚོགས་མཆོད་ཞལ་བསྟབ་ཡན་གཏང་བར་བྱ། གསུམ་པ་དངོས་གཞི་ལ་གསུམ། ལས་གཤིན་གྱི་ཕྲིན་ལས་གཏང་བ་དང་། འཆི་བསླུ་དངོས། དྲག་པོའི་ལས་སྦྱོར་རོ། །དང་པོ་ལ་དྲུག །དམ་ཚིག་བསྐྱེད་པ། སྤྱན་དྲང་། བཞུགས་གསོལ། དམ་བཞག །མཆོད་པ། བསྟོད་པའོ། །དང་པོ་ནི། རང་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གནོད་བྱེད་ཐམས་ཅད་བཀུག་ནས་མ་ཊཾ་ལ་ཐིམ༔ དེ་ཉིད་གནོད་བྱེད་དངོས་སུ་གསལ་བ་ལ༔ རང་གི་ཐུགས་ཀ་ནས་མཚོན་ཆ་ཆར་བཞིན་བབས་པས་རྟེན་གཞིའི་ཕུང་པོ་བསྒྲལ༔ ཁོག་པ་ཤགས་ཀྱིས་ཕྱེ་བ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོར་གསལ་བའི་དབུས་སུ་འཆི་བདག་གཤིན་རྗེ་ནག་པོ་མ་ཧེ་འཁྲུགས་པའི་གདོང་པ་ཅན༔ གཡས་ཐོད་དབྱུག་ནམ་མཁར་ཕྱར་ཞིང༔ གཡོན་ཞགས་པ་ནག་པོ་འཆིང་བའི་ཚུལ་གྱིས་འཛིན་པ༔ ལིངྒ་དམར་པོ་གྱེན་དུ་བསྒྲེང་ཞིང་མ་ཧེ་འཁྲུགས་པའི་སྟེང་ན་དོར་སྟབས་ཀྱིས་འགྱིང་བ༔ ཤིན་ཏུ་འཇིགས་སུ་རུང་ཞིང་གཏུམ་པའི་ཆ་བྱད་ཅན༔ དེའི་གཡོན་དུ་སྦྱོར་ཡུམ་ཙ་མུཎྜི་མ་ཧེ་མོའི་གདོང་པ་ཅན༔ གཡས་ལྕགས་ཀྱུ་ཕྱར་ཞིང་གཡོན་ཞགས་པ་བསྐྱིལ་བ༔ གཡས་སུ་ཚེ་བདག་རཀྴ་ཕག་གདོང་འཁོར་ལོ་དང་གསལ་ཤིང་འཛིན་པ༔ གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་སྦྲུལ་ཞགས་དང་ནད་རྐྱལ་ཐོགས་པ༔ དེའི་འཁོར་དུ་ལོ་གཤེད་འཆི་བདག་བཅུ་གཉིས༔ ཕྱོགས་བཅུའི་གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ་དང་བཅས་པ༔ གཞན་ཡང་མཐའ་སྐོར་ཀུན་ཏུ་སྡེ་བརྒྱད་འབྱུང་པོ་གདུག་པ་ཅན་ཁམས་གསུམ་ན་རྒྱུ་བ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་གསལ༔ གཉིས་པ་སྤྱན་དྲང་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་རིམ་པ་དགུའི་ས་འོག་ལས་ཀྱི་གཤིན་རྗེའི་ཡུལ་ལྗོངས༔ ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནས་འཆི་བདག་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ནས་མདུན་གྱི་རྟེན་ལ་ཐིམ་པར་བསམ༔ ཤ་ཆེན་གྱི་གསུར་དུད་དང༔ རྐང་གླིང་ཤུགས་པ་རོལ་མོའི་སྒྲ་དྲག་པོ་དང་བཅས་དར་ནག་གིས་གཡབ་འདོར་ཞིང་འདི་སྐད་དོ༔ ཧཱུྃ༔ ཉི་མ་ལྷོ་ཡི་ཕྱོགས་རོལ་ན༔ རིམ་དགུའི་ས་འོག་གཤིན་རྗེའི་ཡུལ༔ ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནས༔ འཇམ་དཔལ་ཁྲོས་པའི་བཀའ་སྡོད་ཆེ༔ ཆོས་ཀྱི་རྒྱལ་པོ་དབྱིངས་ནས་བཞེངས༔ འཆི་བདག་གཤིན་རྗེའི་དཔུང་ཚོགས་དང༔ སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དགྲ་བགེགས་མ་ལུས་བསྒྲལ་པ་ཡི༔ དུར་ཁྲོད་དྲག་པོའི་གནས་མཆོག་འདིར༔ གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས༔ ཕྲིན་ལས་མཛད་ཕྱིར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་དམ་བཞག་ནི། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ གསང་བདག་དཔའ་བོ་སྐར་མདའ་གདོང༔ རྒྱལ་པོ་ཛཿགསུམ་པདྨ་འབྱུང༔ འཇམ་དཔལ་བཤེས་གཉེན་རོམྦུ་གུ༔ ཤཱནྟིཾ་གརྦྷ་ཁ་ཐུན་ནག༔ གཙུག་ལག་དཔལ་དགེ་དུ་ཧ་ར༔ བུདྡྷ་གུ་ཧྱ་བ་སུ་དྷ༔ གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས༔ སྲས་དང་སློབ་མར་བཅས་པ་ཡིས༔ དམ་བཞག་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སྨ་ར་རཀྵནྟུ༔ ལྔ་པ་མཆོད་པ་ནི། ཧཱུྃ༔ གཤིན་རྗེའི་རྒྱལ་པོ་འཁོར་བཅས་ལ༔ དམར་ཆེན་ཁྲག་གི་ཨརྒྷཾ་འབུལ༔ ནག་པོ་དུག་གི་མཆོད་ཡོན་འབུལ༔ དབང་ལྔ་འཕྲིགས་པའི་མེ་ཏོག་འབུལ༔ ཤ་ཆེན་བསྲེགས་པའི་བདུག་སྤོས་འབུལ༔ རོ་རས་ཞུན་ཆེན་མར་མེ་འབུལ༔ གདུག་པའི་མཁྲིས་སྣའི་དྲི་ཆབ་འབུལ༔ ཤ་ཁྲག་རུས་པའི་ཞལ་ཟས་འབུལ༔ རྐང་གླིང་ཐོད་རྔའི་རོལ་མོ་འབུལ༔ འདི་དག་དགྱེས་པར་བཞེས་ནས་ཀྱང༔ ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ༔ མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས༔ སྡང་མིག་བགྲད་ཅིང་མཆེ་བ་གཙིགས༔ འཇིགས་པའི་ངར་སྐད་འབྲུག་ལྟར་སྒྲོག༔ གནམ་ལྕགས་འབར་བའི་རྭ་རྩེ་ལས༔ འཇིག་རྟེན་སྲེག་པའི་མེ་ཆེན་འབར༔ ཁ་རླངས་དུག་གི་སྤྲིན་དུ་འཐིབས༔ ཤངས་ནས་བསྐལ་པའི་འཐོར་རླུང་འཚུབས༔ ལུས་ཆེ་ཡན་ལག་རགས་པ་སྟེ༔ སྲིད་པ་གསུམ་པོ་ལྟོ་བར་གནས༔ ལག་ན་ཐོད་དབྱུག་ཞགས་པ་ཐོགས༔ སྲིད་པ་འཇིགས་པའི་ལིངྒ་བསྒྲེང༔ ཞབས་གཉིས་དོར་སྟབས་ཁམས་གསུམ་གཡོ༔ མ་ཧེ་ཁྲོས་པའི་སྟེང་ན་འགྱིང༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ་ཧཱུྃ༔ ཁྱོད་ཀྱི་འཁོར་ནི་མི་བསྲུན་པ༔ ཚེ་བདག་སྲོག་གི་བདག་པོ་སྟེ༔ ཏེལ་པ་རྨིག་པ་ཡ་བ་ཏི༔ ཕྱ་སངས་རལ་པ་ཚར་དགུ་དང༔ མྱོས་བྱེད་ཁྲག་མཚོ་ཁ་ཐུན་དང༔ དུག་རླངས་དབུགས་སྡུད་སྲོག་གི་གཤེད༔ ཕྱར་འཕྱང་གདོང་དགུ་ལ་སོགས་པ༔ འཆི་བདག་བྱེ་བ་དགུ་ཁྲི་ནི༔ ལག་ན་འཁོར་ལོ་བེ་ཅོན་དང༔ ལྕགས་ཀྱུ་གཏུན་ཤིང་མདུང་རྣོན་དང༔ དགྲ་སཏྭ་གསལ་ཤིང་ལ་སོགས་འཛིན༔ ལ་ལ་རྒྱལ་པོ་ལ་ལ་བློན༔ ལ་ལ་འཁོར་འབངས་ཚུལ་དུ་གནས༔ བསམ་གྱིས་མི་ཁྱབ་མཐུ་སྟོབས་ཅན༔ དཔུང་དང་བཅས་ལ་མཆོད་ཅིང་བསྟོད༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ བྷྱོ༔ ཁྱོད་ལ་དགའ་བའི་མ་མོ་ནི༔ ཙ་མུཎྜི་ཞེས་བྱ་བ་སྟེ༔ མ་ཧེ་མོ་ཡི་གདོང་པ་ཅན༔ ལག་ན་ལྕགས་ཀྱུ་ཞགས་པ་ཐོགས༔ འཁོར་དུ་མི་བསྲུན་གདུག་པའི་སྡེ༔ ནམ་གྲུ་ལ་སོགས་མ་མོ་ནི༔ བྱེ་བ་དགུ་ཁྲི་དགུ་འབུམ་སྟེ༔ ལ་ལས་མཚོན་གྱི་དྲུ་གུ་བསྒྲིལ༔ ལ་ལས་ནད་ཀྱི་རྐྱལ་པ་ཕྱེ༔ ལ་ལས་ཤྭ་རྡེལ་དཀར་ནག་བཀྲམ༔ ལ་ལས་དྲེལ་རྟ་རྐང་གསུམ་ཞོན༔ ལ་ལས་བོང་བུ་གྭ་དམར་ཞོན༔ ལ་ལས་རླུང་ནག་འཚུབས་མ་ཞོན༔ ལ་ལས་ཆུ་བྱ་ནག་པོ་ཞོན༔ ལ་ལ་སྐྱ་རེངས་ཟེར་ལ་རྒྱུ༔ ལ་ལ་ཉི་ཟེར་རྟ་ལ་རྒྱུ༔ ལ་ལ་ཟླ་བའི་མདངས་ལ་རྒྱུ༔ ལ་ལ་གྲིབ་སོའི་མཚམས་སུ་རྒྱུ༔ ལ་ལ་ནམ་མཁར་རླུང་ལྟར་འཕྱོ༔ ལ་ལ་བར་སྣང་སྤྲིན་ལྟར་གཏིབས༔ ལ་ལ་ས་གཞིར་རྡུལ་ལྟར་འཚུབས༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང༔ ལ་ལས་ཉི་ཟེར་ཟོར་དུ་འཕེན༔ ལ་ལས་སྟོང་གསུམ་བླ་འོག་སྒྱུར༔ ལ་ལས་ལྟས་ངན་ཆོ་འཕྲུལ་འགྱེད༔ ལ་ལ་རིམས་དང་ནད་ཀྱི་བདག༔ འཁོར་དང་བཅས་ལ་མཆོད་ཅིང་བསྟོད༔ བདག་གིས་བཅོལ་བའི་ལས་སྒྲུབས་ཤིག༔ ཧཱུྃ༔ སྟེང་གི་ཕྱོགས་ལ་དབང་སྒྱུར་བ༔ བྲཧྨ་ཞེས་བྱ་བ་སྟེ༔ ལག་ན་འཁོར་ལོ་མེ་ཏོག་འཆང༔ ཉི་ཟླ་གཟའ་སྐར་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ཤར་གྱི་ཕྱོགས་ལ་དབང་སྒྱུར་བ༔ ཨིནྡྲ་ནི་ཞེས་བྱ་བ་སྟེ༔ ལག་ན་རྡོ་རྗེ་འབར་བ་འཆང༔ དྲི་ཟའི་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ཤར་ལྷོ་མཚམས་ལ་དབང་སྒྱུར་བ༔ ཨགྣི་རཱ་ཛ་ཞེས་བྱ་སྟེ༔ ལག་ན་བགྲང་ཕྲེང་མེ་ཕུང་འཆང༔ དྲང་སྲོང་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ལྷོ་ཡི་ཕྱོགས་ལ་དབང་སྒྱུར་བ༔ ཡ་མ་རཱ་ཛ་ཞེས་བྱ་སྟེ༔ ལག་ན་ཁྲམ་ཤིང་ཞགས་པ་འཆང༔ གཤིན་རྗེའི་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ལྷོ་ནུབ་མཚམས་ལ་དབང་སྒྱུར་བ༔ ནཻྱྱྀ་ཏི་ཞེས་བྱ་བ་སྟེ༔ ལག་ན་ནད་ཀྱི་རྐྱལ་པ་འཆང༔ སྲིན་པོའི་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ནུབ་ཀྱི་ཕྱོགས་ལ་དབང་སྒྱུར་བ༔ ཝ་རུ་ཎཱ་ཞེས་བྱ་བ་སྟེ༔ ལག་ན་སྦྲུལ་གྱི་ཞགས་པ་འཆང༔ ཀླུ་དབང་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ནུབ་བྱང་མཚམས་ལ་དབང་སྒྱུར་བ༔ ཝཱ་ཡ་ཝེ་ཞེས་བྱ་བ་སྟེ༔ ལག་ན་བ་དན་རྩེ་གསུམ་འཆང༔ རླུང་ལྷའི་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ བྱང་གི་ཕྱོགས་ལ་དབང་སྒྱུར་བ༔ ཀུ་བེ་ར་ཞེས་བྱ་བ་སྟེ༔ ལག་ན་རིན་ཆེན་བེ་ཅོན་འཆང༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ བྱང་ཤར་མཚམས་ལ་དབང་སྒྱུར་བ༔ ཨི་ཤྭ་རཿཞེས་བྱ་བ་སྟེ༔ ལག་ན་འཁོར་ལོ་འབར་བ་འཆང༔ བགེགས་ཀྱི་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ འོག་གི་ཕྱོགས་ལ་དབང་སྒྱུར་བ༔ བྷཱུ་མི་པ་ཏི་ཞེས་བྱ་སྟེ༔ ལག་ན་ལྗོན་ཤིང་རི་རབ་འཆང༔ ས་བདག་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ གཉིས་པ་འཆི་བསླུ་དངོས་ལ་གསུམ། བསླུ་བའི་མཆོད་སྦྱིན། བསྒྲུབ་བྱ་གཤིན་རྗེའི་ལག་ནས་ཚུར་བླང་བ། གླུད་བསྔོ་བ་འོ། །དང་པོ་ནི། དཀར་མཆོད་ཀྱི་མཆོད་པ་རྣམས་ནས་ཆ་གཅིག་ཟུར་དུ་བཤམས་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་སྦར་ལ། རིན་ཆེན་མང་དང་གཟུགས་མཛེས་དང༔ འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ ཁ་འབར་མའི་སྔགས་ནི། ན་མཿསརྦ་སོགས། ཞེས་འོ་ཆབ་སྦྲེང་ལ། ཨོཾ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་ཡོན་མཆོད་པ་འདི་ཁྱེར་ཅིག༔ དམིགས་པའི་བསྒྲུབ་བྱ་འཁོར་བཅས་ལ༔ འདོད་སྲེད་ཆགས་དང་བྲལ་བར་གྱིས༔ དུས་ཀྱི་ཞགས་པ་ད་ཁྲོལ་ལ༔ འཆི་བའི་འཇིགས་པ་མེད་པར་མཛོད༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་སརྦ་དུཥྚཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཚུལ་དེ་དང་འདྲ་བ་བརྒྱ་རྩ་བརྒྱད་བསྔོ། གཉིས་པ་བསྒྲུབ་བྱ་གཤིན་རྗེའི་ལག་ནས་བླང་བ་ནི། འཆི་བདག་གཤིན་རྗེའི་ཚོགས་རྣམས་ཀུན༔ ཟག་མེད་བདུད་རྩིའི་གཏོར་མས་མཉེས༔ དགའ་ཞིང་རངས་པའི་སེམས་བསྐྱེད་ནས༔ བསྒྲུབ་བྱའི་འཆིང་བའི་ཞགས་པ་བཀྲོལ༔ གུས་དང་བཅས་པས་གཏད་པར་གྱུར༔ ཅེས་བསྒོམས་ལ་མིང་བྱང་ཚུར་བླངས་ལ་ཁྲུས་བུམ་གྱིས་མེ་ལོང་གཟུངས་ཁྲུས་བྱས་ལ་རྣམ་འཇོམས་ཀྱི་གཟུངས་སྔགས་རྒྱས་བསྡུས་གང་རུང་། ནང་མཆོད་བདུད་རྩི་གཏོར་ལ་ཚེ་གཟུངས་བཟླ། བསྒྲུབ་བྱ་འཆི་བ་ལས་ཐར་ནས༔ རྡོ་རྗེའི་སྲོག་རྩ་གྲུབ་པར་གྱུར༔ ཅེས་བསྒོམ་མོ། །གསུམ་པ་གླུད་བསྔོ་བ་ནི། སྔགས་དྲུག་གིས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་བཀོད་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་དངོས་པོ་མཁོ་དགུ་ཚང་ཞིང་བཟང་དགུའི་འབྱོར་པ་དགྱེས་དགུར་སྤེལ་བའི་མཐུན་རྫས་ཀྱི་ཚོགས་དང་བཅས་པ། རྒྱ་ནམ་མཁའ་དང་མཉམ་ཞིང་དུས་འཁོར་བ་རྒྱུན་ཆད་མེད་པར་འབྱུང་བ། ངོ་བོ་འདོད་ཡོན་གྱི་རྣམ་པ་ཐམས་ཅད་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཁྱད་པར་ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་ལན་གསུམ་བརྗོད་པས་རྫས་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར༔ ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པས་ཚིགས་ཟུར་བཅག་པ་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར༔ ཐལ་མོ་སྦྱར་བ་ཕྱིར་འགྱེད་མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་འཇོག་པ་བདུད་རྩི་ཐབས་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར༔ གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་སྒྲེང་། གཡོན་ས་གནོན་བྱ་བ་རྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར༔ གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་མཆོག་སྦྱིན་གྱི་སྣོད་འདེགས་ཚུལ་གྱི་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ༔ ཡོ་བྱད་ཐམས་ཅད་མགྲོན་རྣམས་འཐབ་རྩོད་ཕམ་རྒྱལ་མེད་པར་སྤྱོད་པར་གྱུར༔ ལག་གཉིས་སོར་མོ་ནང་དུ་བསྡམས་པའི་མཁྲིག་མ་སྦྱར་བའི་མཐེ་བོང་གཉིས་གཤིབས་ཏེ་སྤྱི་བོར་འཇོག་པ་དབང་སྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ༔ མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་གྱུར༔ ཅེས་བསམ་ཞིང་སྔགས་རྣམས་ལན་གསུམ་རེ་བཟླས་ཤིང་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱའོ། །གོང་བཞིན་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང་སམྦྷཱ་རས་བསྔོས་ལ། ཧཱུྃ༔ འཆི་བའི་རྐྱེན་བྱེད་བར་ཆད་བདུད༔ སྟེང་འོག་བར་གསུམ་གདོན་བགེགས་དང༔ དེ་རྣམས་ཀུན་གྱི་གཡོག་གྱུར་པ༔ སྲིད་པའི་ཕོ་འདྲེ་མོ་འདྲེའི་ཚོགས༔ མ་ནིང་འགོང་པོ་དམ་སྲིའི་དཔུང༔ རྒྱལ་པོ་ཐེའུ་རང་ལ་སོགས་པ༔ སྲིད་གསུམ་ལྷ་སྲིན་སྡེ་བརྒྱད་རྣམས༔ མི་བས་དགའ་བའི་སྐུ་གླུད་འདི༔ གཟུགས་བཟང་སྨྲ་མཁས་དབང་པོ་གསལ༔ ཕུང་ཁམས་སྐྱེ་མཆེད་དར་ལ་བབས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ འདོད་དགུའི་དཀོར་ཆ་དཔག་མེད་པའི༔ ལོངས་སྤྱོད་ལྡན་པ་འདི་སྣོམས་ལ༔ བསྒྲུབ་བྱ་འཁོར་དང་བཅས་པ་ཡི༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློགས༔ ཞི་དང་ཕན་པའི་སེམས་བསྐྱེད་ནས༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ གསུམ་པ་དྲག་པོའི་སྦྱོར་བ་ལ་གསུམ། དགྲ་བགེགས་བསྒྲལ་བ་དང་། གཏོར་མ་དྲུག་ཅུ་རྩ་བཞི་བསྔོ་བ། ཟློག་པ་བྱ་བའོ། །དང་པོ་ལ་དྲུག །བསྐུལ། གསེར་སྐྱེམས། གཟུ་དཔང་། འགུགས་པ། བསྒྲལ་བ། ཞལ་བསྟབ་བོ། །དང་པོ་ཐུགས་དམ་བསྐུལ་བ་ནི། རྔ་ཆེན་རྐང་གླིང་བཤུགས་པའི་བརྡས་བསྐུལ་ཏེ། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགས༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རིག་འཛིན་ཁྲག་འཐུང་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ ཅེས་བསྐུལ། གཉིས་པ་གསེར་སྐྱེམས་གཏང་བ་ལ། ཕུད་རྒོད་སྐྱེམས་ཀྱིས་བཀང་ལ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་རིག་འཛིན་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ གསུམ་པ་དཔང་གཟུག་པ་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྒྱུད་གསུམ་དྲེགས་པའི་དཔུང་དང་བཅས་པ་རྣམས༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ བདག་གིས་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་དང༔ འགྲོ་ལ་ཕན་བདེ་བགྱིད་པར་དམ་བཅས་ཀྱང༔ དམ་ཉམས་དགྲ་དང་བགེགས་ཀྱིས་བར་གཅོད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་སམ༔ སྔོན་གྱི་ཐུགས་དམ་ཆེན་པོ་རྗེས་དགོངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་བརླག་པའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བཞི་པ་དམིགས་བྱ་བསྐྱེད་ཅིང་བཀུག་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པའི་ཕྱི་རོལ་དུ་སྲུང་མ་དམ་ཅན་རྣམས་ལས་ལ་རྔམས་པ༔ དེའི་འོག་ཏུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན༔ ནག་ལ་ཧཾ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་ཐམས་ཅད་ནས་ཁྲག་འཛག་པ༔ ཁ་ངུ་བ༔ མིག་ཤི་མིག༔ འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར༔ ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་རིག་འཛིན་འཇམ་དཔལ་སྨྲ་བའི་སེང་གེ་གཤིན་རྗེའི་གཤེད་ཕ་རོལ་རྒོལ་འཇོམས་བདུད་དགྲ་བདུད་འདུལ་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་པ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔའི་མཐར། ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུགས་གཞུག་དྲག་ཏུ་བྱ། ལྔ་པ་བསྒྲལ་བ་ནི་མཚོན་ཆ་རྣམས་ཀྱིས་མིང་གཟུགས་ལ་སྡིགས་ཤིང་། ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་དང་བཅས༔ ད་ནི་མངོན་སྤྱོད་དུས་ལ་བབས༔ མ་རུངས་གཤིན་རྗེའི་ཚོགས་རྣམས་དང༔ སྡེ་བརྒྱད་དམག་དཔུང་སྟོང་གསུམ་ཁེངས༔ ཞིང་བཅུ་ཚང་བའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་གནས་འདིར་ཁུག༔ སྔོ་དམར་ཞགས་པས་གཟུགས་ལ་ཆིངས༔ ལྕགས་སྒྲོག་འབར་བས་དབང་པོ་སྡོམས༔ དྲིལ་བུས་ལུས་སེམས་མྱོས་པར་གྱིས༔ རྫས་ངན་དུད་པས་ལྷ་དང་ཕྱེས༔ སཏྭ་རེས་རྫུ་འཕྲུལ་དུམ་བུར་ཤིགས༔ སྦྲུལ་ནག་ཞགས་པས་བྱད་དུ་ཆུག༔ གནམ་ལྕགས་འཁོར་ལོས་མྱོས་པར་གྱིས༔ ཕུར་པས་སྲོག་རྩ་དམར་པོ་ཆོད༔ རལ་གྲིས་ཕྱེ་མ་དུམ་བུར་གཏུབས༔ གཏུན་ཤིང་འབར་བས་རྡུལ་དུ་རློགས༔ ཐོ་བས་རྣམ་པར་འཇོམས་པར་གྱིས༔ ལུས་སེམས་རྟེན་དང་ཕྲལ་ནས་ཀྱང༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ བྷིནྡྷ་བྷིནྡྷ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་རྦད༔ དྲུག་པ་ཤ་ཁྲག་བདུད་རྩིར་སྤར་ལ་བསྟབ་པ་ནི། བྷྱོ༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ ཤ་ཁྲག་དབང་པོ་དོན་སྙིང་བཅས༔ རྔམས་བརྗིད་འབར་བའི་ཞལ་དུ་བཞེས༔ མིང་གི་ལྷག་མ་མེད་པར་མཛོད༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་ཞལ་དུ་བསྟབ། གཉིས་པ་གཏོར་མ་དྲུག་ཅུ་རྩ་བཞི་བསྔོ་བ་ནི། ན་མོ།་་་བདེན་པའི་དཔང་པོ་རྣམས་ལ་ཕྱག་འཚལ་བ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས།་་་སྐྱབས་བཙལ་བའི་བདེན་པ། སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན།་་་དམ་བཅའ་བའི་བདེན་པ། དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས།་་་མི་བསླུ་བའི་བདེན་པ་དང་གསུམ་མོ། །བླ་མའི་སྐུ་དགྲ་བསྟན་་་པའི་སྤྱི་དགྲ།དང་བསྟན་འཛིན་སྨོད། ཁྱད་པར་་་སྒེར་དུ།བདག་ཅག་དཔོན་སློབ་བསྲུང་བྱ་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང་། །དོ་བསྡོ་ཕོད་བཙུག་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙོག །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །བར་ཆད་བྱེད་པའི་བདུད་དང་དམ་སྲི་སོགས། །ཡིད་ལ་དམིགས་པའི་དགྲ་བགེགས་འདི་ཉིད་ཀྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །འགུགས་ཡུལ།་་་གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །འབྲོས་ལམ་གཅད་པ།་་་ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་འགུགས་གནས་གསལ་གདབ།་་་ལིངྒ་་་འམ་གཏོར་མ་ཞེས་ཚིག་སྒྱུར།འདི་ཉིད་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ་་་འགུགས་བྱེད། རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ།་་་འཆིང་བྱེད། ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ།་་་སྡོམ་བྱེད། མྱོས་པར་གྱིས་ཤིག་བཛྲ་གྷཱཎྜེ་ཧོཿ་་་མྱོས་བྱེད། ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ།་་་ལྷ་དབྱེ། དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿ་་་ལིངྒ་ལ་བསྟིམ། བདག་་་འདི་གཏོར་འགུགས་དུས་ཡིན་བསྒྲལ་ལིང་ལ་མི་དགོས།མདུན་ཐུགས་ནས་ཛཿཡིག་དམར་ནག་འཕྲོས། །བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས། །གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས།་་་དགྲ་བགེགས་ཀྱི་སྒྲིབ་པ་སྦྱོང་བ། རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས།་་་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱ་བའི་གདམས་པ་ཁྲུས་ལུང་གི་དོན་འཐུས་ཞིང་། ཚེ་བསོད་ནྲྀ་ཡིག་ལྗང་གུ་བདག་ལ་ཐིམ།་་་ཚེ་ལུང་སྟེ་སྔགས་པ་ཕུར་སོ་ནས་ཚེ་སྲིང་བའི་གདམས་པ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཤ་ཁྲག་བདུད་རྩིར་གྱུར་པ་སྲུང་མས་གསོལ།་་་ཚོགས་རྫོགས་པར་བྱེད་པ། སརྦ་དྷརྨ་པཱ་ལ་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི།་་་དགྲ་བགེགས་ཀྱི་གཏི་མུག་འཇོམས་པ། མ་ཧཱ་རཀྟ་ལ་ཁཱ་ཧི།་་་འདོད་ཆགས་འཇོམས་པ། མ་ཧཱ་ཙིཏྟ་ལ་ཁཱ་ཧི།་་་ཞེ་སྡང་འཇོམས་པ། གཏོར་མ་ལིང་ཆུང་རྣམས་སྣོད་གཅིག་ལ་ཟུར་དུ་བཤམས་ལ། ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་སརྦ་ཤ་ཏཱུན་བིགྷྣཱན་མཱ་ར་ཡ་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ སྟོང་གསུམ་ཀུན་ལ་དབང་བསྒྱུར་པ༔ ཡ་མ་རཱ་ཛ་སྲོག་གི་བདག༔ འཆི་བདག་གཤིན་རྗེ་མ་མོའི་ཚོགས༔ ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས༔ ལོ་ཟླ་སྤར་སྨེ་ཀེག་བདུད་དང༔ དབྱུག་གུ་དྲུག་ཅུ་རྩ་བཞི་ལ༔ ཞིང་བཅུའི་དགྲ་བགེགས་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་འབུལ་གྱིས༔ དགྱེས་པར་བཞེས་ཤིང་བསྣམས་ནས་ཀྱང༔ ནད་གདོན་འཆི་བའི་འཇིགས་པ་དང༔ ཆག་ཆེ་ཉམ་ང་ཟློག་པར་མཛོད༔ བསྟན་པ་བཤིག་པའི་དགྲ་བགེགས་ལ༔ མྱུར་དུ་མངོན་སྤྱོད་ཕྲིན་ལས་སྒྲུབས༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་རྦད༔ ཅེས་ལྕགས་མཁར་ནང་དུ་དྲུག་ཅུ་རྩ་བཞི་རྫོངས་སུ་འདེབས་ཤིང་། སྐབས་འདིར་ཚོགས་ཀྱི་ལོངས་སྤྱོད་རོལ་ལ་ལྷག་མ་གཏང་། གསུམ་པ་ཟློག་སྒྱུར་བྱ་བ་ནི། ཕ་རོལ་རྒོལ་འཇོམས་ཀྱི་ཟློག་པ་དང་གོང་གི་བསྟོད་པའི་མཐར། ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ ཆག་ཆེ་ཉམ་ང་བྱད་ཕུར་རྣམས༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ་བྷྱོ༔ ད་ནི་འཁོར་འདས་ཀུན་གྱིས་བྷྱོ་ཡིས་ཐོབས༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ༔ ལོ་ཀག་ཟླ་ཀག་ཐམས་ཅད་དགྲ་ལ་བྷྱོ༔ ཟ་མའི་བདུན་ཟུར་ཐམས་ཅད་དགྲ་ལ་བྷྱོ༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་དགྲ་ལ༴ འབྱུང་བའི་གཙུག་ལག་རྩུབ་པ་དགྲ་ལ༴ རྟགས་དང་རྟེན་འབྲེལ་ངན་པ་དགྲ་ལ༴ རྨིས་ལྟས་མཚན་ངན་ཐམས་ཅད་དགྲ་ལ༴ ཡས་ཀྱི་བདུད་དུ་གཡོས་པ་དགྲ་ལ༴ མས་ཀྱི་སྲི་རུ་ལངས་པ་དགྲ་ལ༴ བར་གྱི་བཙན་ཐབས་འཁྲུགས་པ་དགྲ་ལ༴ ཕ་ཚན་བརྒྱ་འདྲེ་ལངས་པ་དགྲ་ལ༴ དར་ཚན་སྟོང་འདྲེ་ལངས་པ་དགྲ་ལ༴ མ་བུའི་བྱུར་འདྲེ་འཁོར་བ༴ ཕུ་ནུའི་རུས་འདྲེ་གཟིངས་པ༴ ལྟག་པའི་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཁོར་བ༴ རྒྱལ་པོའི་བཀའ་ཆད་འབེབས་པ༴ ཡུལ་གྱི་ཁ་མཆུ་གླེང་བ༴ སྔགས་པས་ཕུར་ཟོར་བསྒྲིལ་པ༴ བོན་པོས་བཙོ་ཟོར་འཕེན་པ༴ ཕྱི་པའི་ངན་སྔགས་ཐམས་ཅད༴ ནང་པའི་བདེན་ཚིག་ཐམས་ཅད༴ མཐའ་མིས་འཕྲུལ་འཁོར་བསྐོར་བ༴ དྲང་སྲོང་དམོད་པའི་མཚོན་ཆ༴ རང་གཤེད་རང་ལ་ཆགས་པ༴ ལྷ་སྲུང་བདུད་དུ་བབས་པ༴ མ་མོའི་དལ་ཡམས་ངན་པ༴ ལུས་ཀྱི་ན་ཚ་ཐམས་ཅད༴ སེམས་ཀྱི་སྡུག་བསྔལ་ཟུག་རྔུ༴ རྟ་ཕྱུགས་གོད་ཁ་ལྡང་བ༴ ཞིང་ལ་བཙའ་སད་སེར་གསུམ༴ བྱུར་དང་ཕུང་བཤིག་ངན་པ༴ དུས་འཁྲུག་གཡུལ་གཤོམ་ངན་པ༴ མཐའ་ཡི་དམག་དཔུང་གཡོས་པ༴ ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་བྷྱོ༔ མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་བྷྱོ༔ སྤྱི་བདུད་མི་མཐུན་ཕྱོགས་ཀུན་མཁའ་ལ་བྷྱོ༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློགས༔ སྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བཞི་པ་རྗེས་ཀྱི་བྱ་བ་ལ་བདུན། བསྐུལ། ཆད་ཐོ། ལམ་བསྟན། ཟོར་ལམ་བསལ་བ། ཟོར་འཕེན་པ། པྲ་བརྟགས་པ། རྗེས་སྡུད་དོ། །དང་པོ་ནི། གོང་ནོན་གྱི་ལྷའི་ཕྲིན་ལས་གང་ཡིན་གྱི་བསྐུལ་གཏང་། གཉིས་པ་ཆད་ཐོ་གཞུང་ལྟར་བསྒྲག །གསུམ་པ་ལམ་བསྟན་པ་ནི། དཀར་གཏོར་གསེར་སྐྱེམས་ཀྱིས་སྣ་དྲངས་ལ་གླུད་གཏོར་མ་རྣམས་ཕྱིར་སྤགས་ལ། བྷྱོ༔ ད་ནི་ཁྱོད་ལ་ལམ་བསྟན་ཏེ༔ ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ ཆག་ཆེ་ཉམ་ང་བྱད་ཕུར་དང༔ ནད་གདོན་འཆི་བའི་འཇིགས་པ་ཀུན༔ གཅིག་ཏུ་བསྡུས་ནས་བྷྱོས་གདབ་སྟེ༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ༔ དྲག་པོ་ཟོར་གྱི་སོགས། ཚན་གསུམ་འདོན། སྤྲོ་ན་གོང་གི་བསྐུལ་ཟློག་གཤམ་ཅན་ཡང་བྱ། དྲག་སྔགས་བཟླ་ཞིང་རུ་མཚོན་གྱིས་སྣ་དྲངས་ནས་གཟའ་རྒོད་དྲག་པོ་ཐེབས་པའི་ཕྱོགས་སུ་ཁྱེར་ལ། བཞི་པ་ཟོར་ལམ་བསལ་བ་ནི། སྔར་ལྟར་གསེར་སྐྱེམས་འབུལ། ལྔ་པ་ཟོར་འཕེན་པ་ནི། ཧཱུྃ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སྨྲ་བའི་སེང་གེ་རིག་པ་འཛིན༔ དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད༔ དཔལ་ཆེན་ཁྲག་འཐུང་ནག་པོ་སྟེ༔ ཁམས་གསུམ་སྐུ་ཡི་དབྱིངས་སུ་རྫོགས༔ ཚངས་པའི་འཇིག་རྟེན་ཞབས་ཀྱིས་གནོན༔ ཞལ་ནས་དྲག་སྔགས་འབྲུག་སྟོང་ལྡིར༔ འཇིགས་པའི་གད་མོ་ཕྱོགས་བཅུར་སྒྲོག༔ ཐུགས་ནི་འབར་བའི་སྲོག་དང་བཅས༔ ཡ་མ་རཱ་ཛ་ཕོ་ཉར་འགྱེད༔ ཉོན་ཅིག་འཆི་བདག་གཤིན་རྗེའི་ཚོགས༔ ཕྱོགས་སྐྱོང་སྡེ་བརྒྱད་དཔུང་དང་བཅས༔ ཕར་གཏོང་ཚུར་ལ་མ་ལྡོག་ཅིག༔ བདག་ཅག་འཁོར་དང་བཅས་པ་ཡི༔ ནད་གདོན་འཆི་བའི་འཇིགས་པ་དང༔ ཆག་ཆེ་ཉམ་ང་ཐམས་ཅད་ཀུན༔ བསྟན་པ་བཤིགས་པའི་དགྲ་ལ་བྷྱོ༔ ནག་ཕྱོགས་བདུད་རིགས་བགེགས་ལ་བྷྱོ༔ དགྲ་བགེགས་ཐལ་བའི་རྡུལ་བཞིན་རློགས༔ མིང་ཙམ་མེད་པར་ཕུང་དུ་ཆུག༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་པས་གླུད་རྣམས་ལྷོ་ཕྱོགས་གྲོང་ཟད་སར་བོར། གཏོར་མ་རྣམས་མེ་ཧོམ་དུ་འཕང་ཞིང་ཐལ་མོ་བརྡབ། དྲུག་པ་པྲ་བརྟག་པ་ནི། གལ་ཆེ་ན་གཙོ་བོའི་སྐུ་གཟུགས་ཡོད་དམ། ཞལ་གཏོར་རམ་གཏོར་མ་ཐོགས་ལ། ཧཱུྃ༔ བསླུ་མེད་བླ་མ་མཆོག་གསུམ་དང༔ འཇམ་དཔལ་གཞོན་ནུའི་བདེན་པ་ཡིས༔ དེ་རིང་འཆི་བ་བཟློགས་པ་ཡི༔ རྟགས་དེ་མངོན་སུམ་གྲུབ་པར་མཛོད༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ལན་གསུམ་འཕང་བས་ཞལ་དང་གཏོར་རྩེ་ཚུར་མ་བསྟན་ན་འཆི་བ་བཟློགས་པའི་རྟགས་ངེས་ཅན་ཡིན་ལ། དེ་དག་གི་ཚུལ་རྗེས་སུ་འཆད་དོ། །བདུན་པ་རྗེས་སྡུད་ནི། ཡི་དམ་གྱི་བསྟོད་བསྐུལ་གྱིས་གཏོར་མ་འཕང་ལ་རྗེས་སྲུང་འཁོར་བསྒོམ། ཚུར་ལོག་ནས། བརྟན་མ་སྐྱོང་། རྟ་བྲོ་བརྡུང་། ནང་དུ་ལོག་ལ་ཚེ་གཟུངས་བཟླ། རྗེས་ཆོག་གཞུང་ལྟར་བྱའོ། །ལྔ་པ་འཕྲོས་དོན་ལ་གཉིས། བརྟག་པ་དང་ཕན་ཡོན། བསྡུས་པ་བྱ་ཚུལ་ལོ། །དང་པོ་ལྟས་བརྟགས་པའི་སྒོ་ནས་ཕན་ཡོན་བཤད་པ་ནི། ཞལ་ནི་ཚུར་ལ་མ་ལྡོག་ན༔ འཆི་བ་བཟློགས་པའི་རྟགས་སུ་ངེས༔ ལྡོག་དང་མ་ལྡོག་སྤེལ་བ་ནི༔ འབྲིང་སྟེ་རིམ་གྲོ་འབད་པར་བྱ༔ གསུམ་ཀ་ཚུར་ལ་ལྡོག་པ་ན༔ སྤང་དག་བྱ་ཞིང་སླར་ཡང་བསྐྱར༔ དེས་ཀྱང་ཚུར་ལ་ལྡོག་སྲིད་ན༔ དུས་ལ་བབས་པས་བསླུ་བར་དཀའ༔ འོན་ཀྱང་འདི་ཡི་ནུས་པ་ཡིས༔ མི་བཟློག་པ་ནི་མི་སྲིད་དོ༔ ཞེས་གསུངས་སོ། །གཉིས་པ་བསྡུས་པ་བྱ་ཚུལ་ནི། གོང་དུ་བདག་བསྐྱེད་གང་རུང་ངམ། རྩ་གསུམ་གྱི་གཞུང་བསྲང་བ་གྲུབ་ན་ལེགས། བཅས་བཤམས་སྐུ་གླུད་ཁོ་ན་དང་། ནད་པའི་གྲིབ་གླུད་ཆངས་བུ་བརྒྱ་རྩ་བརྒྱད་ཟས་སྣ་ཚོགས་འོ་ཆབ་ཙམ་འདུ་བྱ། དང་པོ་མགྲོན་འགུགས་པ་ནི། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ རྐང་གཉིས་གཙོ་བོ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་གྱི༔ བདེན་པའི་སྟོབས་དང་མཐུ་རྩལ་གྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ བླ་དང་ཚེ་ལ་རྐུ་བ་དང༔ སྲོག་གཅོད་མདངས་འཕྲོག་འཆི་བདག་བདུད༔ གདོན་བགེགས་འབྱུང་པོའི་སྡེ་ཚོགས་ཀུན༔ མཐུན་པའི་ཡས་ལ་སྤྱན་འདྲེན་ན༔ ཞི་ཞིང་བྱམས་པའི་སེམས་བསྐྱེད་ནས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ སརྦ་ལོ་ཀ་བིགྷྣཱན་ཨཱ་ཀརྵ་ཡ་ཛ་ཛ༔ ཞེས་བཀུག་ལ་་་དཀར་མཆོད་ལྟར་བྱིན་བརླབ།བརྒྱ་རྩ་བརྒྱད་ཀྱིས་གླུད་གཏོར་བསྔོས་ལ། མིང་བྱང་ཕྱུང་བ་སོགས་ཀྱི་བྱ་བ་དོར་ནས་དམིགས་པ་བྱ། སྔགས་དྲུག་ཕྱག་དྲུག་བཅས་གླུད་བསྔོ་མཐར། གླུད་ལྷོ་ཕྱོགས་ཀྱི་གྲོང་ཟད་སར་བསྐྱལ་ལ། འབྱུང་པོ་གང་དག་སོགས་སྔགས་དང་ཚིགས་བཅད། སྨོན་ལམ་བྱས་ལ་སྙིང་རྗེ་བསྒོམས་པས་དོན་འགྲུབ་བོ། །བླ་མ་སྨྲ་བའི་སེང་གེ་ཡིས། །འཇམ་དཔལ་རྒྱུད་སྡེ་རྒྱ་མཚོ་ལས། །སྙིང་པོ་མན་ངག་རིན་ཆེན་གཏེར། །ཕ་ནོར་བུ་ཡི་དོན་དུ་བཞག །སླར་ཡང་པདྨའི་ཞལ་གྱི་ལུང་། །འོད་ཟེར་བྱེ་བས་རབ་བརྒྱན་ནས། །དུས་འདིར་སྐྱེ་དགུའི་དཔལ་དུ་ཤར། །འཆི་བདག་མུན་པ་འཇོམས་པར་ཤོག །ཅེས་པ་འདི་ནི་གཏེར་གཞུང་ལས་བཀླག་ཆོག་ཏུ་མཆོག་གྱུར་གླིང་པས་བྲིས་པ་འགྲོ་བ་གང་དག་འཆི་བདག་གི་ཞགས་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།

བླ་མ་དགོངས་པ་འདུས་པ་ལས༔ པུསྟིའི་ལུང་དབང་བསྐུར་བའི་ཆོ་ག་ (Volume 59, Text 32)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ པུསྟིའི་ལུང་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཐེག་པ་ཕྱི་ནང་གི་ཆོས་ལ་སྤྱོད་པར་འདོད་པའི་སྐྱེས་བུ་དད་བརྩོན་དང་ལྡན་པ་དག་གིས༔ བསྟན་པའི་གླེགས་བམ་དང་མཇལ་ནས༔ སྟོན་པའི་སློབ་དཔོན་མ་འཛོམ་ན༔ འདི་སྐད་དུ༔ ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ ཞེས་པས༔ ལོག་འདོད་ཀྱི་བསམ་སྦྱོར་མ་ཡིན་ཞིང༔ གཞན་སྦྱོར་གྱི་སེམས་བསྐྱེད་དང་ལྡན་པས་དད་མོས་ཀྱི་གདུང་ཤུགས་དྲགས་པོ་བསྐྱེད་དེ༔ པུསྟིའི་ལུང་དབང་བླང་བར་བྱའོ༔ དེ་ཡང་དུས་ཁྱད་པར་ཅན་ཉ་སྟོང་བརྒྱད་གསུམ་མམ༔ བཅོམ་ལྡན་འདས་ཀྱི་དུས་མཆོད་ཀྱི་སྐབས་གང་རུང་ལ་བབ་པའི་ཚེ༔ སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་རྟེན་ རབ་གནས་དང་ལྡན་པ་གཅིག་བཀྲམ་པའི་གཡས་སུ་གླེགས་བམ་གང་ཡིན་པ་བཞུགས་སུ་གསོལ༔ གཡོན་དུ་ཚངས་པར་སྤྱོད་པའི་དགེ་འདུན་ཚུལ་ལྡན་གཅིག་འཛོམས་ན་བཞུགས་སུ་གསོལ༔ མ་འཛོམ་ན་འོག་ནས་འབྱུང་བ་ལྟར་ཡིད་ཀྱིས་བསམ་མོ༔ དེ་དག་རྣམས་ཀྱི་མདུན་དུ་མཆོད་ཡོན༔ མེ་ཏོག༔ བདུག་སྤོས༔ སྣང་གསལ༔ དྲི་ཆབ༔ ཞལ་ཟས༔ སྒྲ་སྙན༔ མཎྜལ་ལ་སོགས་པའི་མཆོད་པ་རྣམ་དག་བཤམ༔ དེ་ནས་རང་ཉིད་གཅིག་པུའམ༔ གཞན་ཡོད་ནའང་རུང་སྟེ༔ གང་འཛོམས་པས༔ ཆུ་གཙང་གིས་ཁ་ལག་གདོང་སོགས་ལེགས་པར་བཀྲུ༔ སྤོས་ཀྱིས་བདུག་ཅིང༔ རྟེན་གྱི་དྲུང་དུ་ཐལ་མོ་སྦྱར་ལ་ཕྱག་འཚལ༔ པུས་མོ་བཙུག་ཅིང༔ གུས་པའི་ཚུལ་གྱིས་སྐྱབས་འགྲོ་སེམས་བསྐྱེད༔ ཡན་ལག་བདུན་པ་ལ་སོགས་ཏེ་ཆོས་སྤྱོད་ཀྱི་རིམ་པ་རྒྱས་པར་བྱ༔ གཞན་ནས་འབྱུང་བའི་མཆོད་འབུལ་དང༔ མཎྜལ་གྱི་ཆོ་ག་རྒྱས་པར་བྱ༔ དེ་ནས༔ སྐད་ཅིག་གིས་སྟོན་པའི་སྐུ་རྟེན་དེ་ཉིད༔ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་དབུར་སྦྱངས་དྲི་མ་དང་བྲལ་བའི་མདོག་ལྟར་འོད་ཟེར་དང་བཅས་ཤིང་མཚན་དཔེས་བརྒྱན་པ༔ ན་བཟའ་སྣམ་སྦྱར་ངུར་སྨྲིག་ཅན༔ དབུ་གཙུག་ཏོར་དང་ལྡན་པ༔ ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གདན་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ལ་བཞུགས་པ་ལ༔ གཡས་ཕྱོགས་སུ་གསུང་རབ་དམ་པའི་ཆོས་ཐམས་ཅད༔ གཡོན་ཕྱོགས་སུ་དགེ་འདུན་འཕགས་པའི་ཚོགས་ཐམས་ཅད་བཞུགས་པ་ལ༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཀྱིས་གངས་རི་ལ་སྤྲིན་ཕུང་གཏིབ་པ་ལྟར་བསྐོར་ནས་བཞུགས་པར་བསམ་ཞིང༔ དངོས་འདྲ་བ་སོ་སོའི་གནས་ནས་སྤྱན་དྲངས་ལ་ཡིད་ཀྱིས་བསྟིམས་ནས༔ སྟོན་པ་འཁོར་བཅས་མངོན་སུམ་བཞུགས་ཤིང་བདག་སོགས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༔ ཁྱད་པར་དུ་དམིགས་བྱའི་ཆོས་དེ་ཉིད་གསུང་ཚངས་པའི་དབྱངས་ཀྱིས་གསུངས་པ་ཙམ་གྱིས་རང་གི་སྙིང་གར་ཡིག་འབྲུ་ཐམས་ཅད་ངང་སི་ལི་ལི་བྱོན་ནས་ཐིམ་པར་བསམ་ཞིང༔ ཕྱག་འཚལ་ནས་པུསྟི་རང་གི་སྤྱི་བོར་བླང་བ་ཙམ་གྱིས༔ པུསྟི་དེ་ཉིད་ཡུམ་ཆེན་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་དང་པོས་རྡོ་རྗེ༔ གཡོན་དང་པོས་པུསྟི༔ འོག་མ་གཉིས་མཉམ་གཞག་མཛད་པ༔ མཚན་དང་དཔེ་བྱད་དུ་མས་སྤྲས་པ་ཅན་དུ་དམིགས་ལ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ གསེར་གྱི་མདོག་འདྲ་མཚན་དང་དཔེ་བྱད་འབར༔ སྤྲུལ་སྐུའི་ཆ་ལུགས་འགྲོ་བ་ཡོངས་ཀྱི་མགོན༔ ཐུགས་རྗེ་ཐབས་མཁས་མ་རུངས་བདུད་དཔུང་འཇོམས༔ སྟོན་པ་ཤཱཀྱའི་རིགས་འཁྲུངས་ཁྱེད་ལ་ཕྱག་འཚལ་བསྟོད༔ མ་རིག་མུན་པ་འཇོམས་པའི་སྒྲོན་མེ་མཆོག༔ བརྒྱད་ཁྲི་བཞི་སྟོང་གསུང་རབ་དམ་པའི་ཆོས༔ ཐོག་མ་བར་དང་ཐ་མ་རིམ་བཞིན་དུ༔ དགེ་གྱུར་དམ་པའི་ཆོས་ལ་ཕྱག་འཚལ་བསྟོད༔ སྟོན་པའི་བཀའ་བཞིན་བསྟན་པ་དམ་པའི་ཆོས༔ འདི་ལྟར་བཞུགས་མཛད་ཚིག་འབྲུ་མངོན་སྦྱང་བ༔ ཐུགས་རྗེའི་དོན་ཟབ་ཉམས་སུ་བླང་བགྱིད་ཕྱིར༔ དཀོན་མཆོག་བདེན་པས་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ ཨཱོྃ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ༔ ཤཱཀྱ་མུ་ན་ཡེ༔ སརྦ་དྷཱརྨ་མ་མ་ཙིཏྟ༔ སྭ་བྷཱ་ཝ་ཨ་བྷི་ཥཱིཉྩ་མཱཾ༔ སརྦ་དྷརྨཱ་ཨ་བྷ་ཝ༔ སྭ་བྷཱ་ཝ་སིདྡྷི་སྭཱ་ཧཱ༔ ཞེས་པ་ལན་གསུམ་བརྗོད་པའི་མཐར༔ ཡུམ་ཆེན་མོ༔ སྟོན་པ་བཅོམ་ལྡན་འདས་འཁོར་དང་བཅས་པ་དམ་པའི་ཆོས༔ འཕགས་པའི་དགེ་འདུན་ལ་སོགས་པ་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ༔ རང་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་ངང་ནས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་པོར་མ་སྐྱེས༔ བར་དུ་མི་གནས༔ ཐ་མར་མི་འགག་སྟེ༔ སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཀློང་ལ་གཞག་པར་བྱའོ༔ དེ་ལྟ་བུའི་ཚུལ་གྱིས་ཐེག་པ་ཕྱི་ནང་གི་ཆོས་གང་ཡིན་ཡང་རུང་སྟེ༔ སྟོན་པ་དངོས་ལས་ལུང་ཐོབ་པ་དང་འདྲ་ཞིང༔ རང་གིས་ཉམས་སུ་བླང་བའི་སྤྱོད་ཡུལ་དུ་འགྱུར་ལ༔ དེའི་དོན་ལ་དབང་འབྱོར་པ་ཐོབ་ནས་ཡུལ་གཞན་ལ་ལུང་བྱས་ཀྱང་འགལ་བ་མེད༔ དོན་ལ་དབང་མ་འབྱོར་པས་མ་ཡིན་ནོ༔ དེ་ལྟར་ཚར་བའི་རྗེས་ལ༔ ཞིང་ཡོངས་སུ་དག་པ་ཡར་གྱི་དཀོན་མཆོག་གསུམ་ལ་མཆོད་པ་དང་བསྙེན་བཀུར་བྱ༔ མར་ལ་ཡང་དབུལ་ཕོངས་མ་ནུས་ཤིང་སྙིང་རྗེ་བར་གྱུར་པ་རྣམས་ལ་སྦྱིན་པ་ཅི་འགྲུབ་གཏང་བ་ལ་སོགས༔ མདོར་ན་ཚོགས་གསོག་པའི་བྱ་བ་ལ་འབད༔ དགེ་རྩ་གཞན་དོན་དུ་བསྔོ་བས་རྒྱས་གདབ་པར་བྱའོ༔ ས་མ་ཡ༔ གང་ཞིག་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས༔ སློབ་མ་མཚན་ཉིད་དང་ལྡན་པ་ལ༔ གཏེར་གྱི་གླེགས་བམ་ལ་སོགས་པ་པུསྟིའི་ལུང་དབང་བསྐུར་བར་འདོད་པས༔ སྤྲོས་བཅས་བུམ་དབང་གི་ལུང་བསྟན་པའི་སྐབས་ཚར་བའི་རྗེས་དེ་ཉིད་ལ༔ དལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཁྲི་བཤམས་པ་ལ༔ སློབ་དཔོན་སྟོན་པའི་ཆ་ལུགས་ཀྱིས་བཞུགས་སུ་གསོལ་ལ༔ མདུན་དུ་སློབ་མ་འཁོད་ཅིང༔ མཎྜལ་འབུལ་ཞིང་ཐལ་མོ་སྦྱར་ལ༔ ཨེ་མ་སྟོན་པ་བཅོམ་ལྡན་འདས༔ ངོ་མཚར་ཐུགས་ཀྱི་དཀྱིལ་འཁོར་དུ༔ བདེ་གཤེགས་བཀའ་ཡི་འབྱུང་གནས་རྫོགས༔ བདག་ཅག་རྗེས་འཇུག་བུ་རྣམས་ལ༔ ཐེག་པ་ཕྱི་ནང་བང་མཛོད་ཀྱི༔ པུསྟིའི་ལུང་དབང་བསྩལ་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་སློབ་མའི་སྨིན་མཚམས་སུ་ཐིག་ལེ་དཀར་པོའི་དཀྱིལ་དུ་ཡི་གེ་བཱ་བསྒོམ་དུ་གཞུག་ཅིང༔ ངག་ཏུ་ཡང་བསྒྲང༔ ལག་ཏུ་ཉན་ཐོས་ཀྱི་ཆོས་མདོ་རྩའམ༔ དེའི་ཆར་གཏོགས་ཀྱི་པུསྟི་གཏད་དེ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཉན་ཐོས་ཚིག་གི་ཆོས་གཏད་པས༔ འདོད་ཆགས་བྲལ་བའི་དབང་ཐོབ་ནས༔ འབྲས་བུ་དགྲ་བཅོམ་མྱུར་ཐོབ་ཤོག༔ ཅེས་བསྐུར་པས༔ སློབ་མ་ཆོས་བཅས་བཱ་དཀར་པོ་གཅིག་ཏུ་གྱུར་ནས་ཡལ་བར་དཔོན་སློབ་གཉིས་ཀས་བསམ་མོ༔ དེས་འགྲེས་པར་སློབ་མའི་ཁ་ནང་དུ་ཐིག་ལེ་དམར་པོ་ཙས་མཚན་པ་ཛཔ྄་དང་བཅས་པ་བྱ༔ ལག་ཏུ་མདོ་སྡེའི་གླེགས་བམ་གཏད༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རང་རྒྱལ་རྟེན་འབྲེལ་ཆོས་གཏད་པས༔ ང་རྒྱལ་རང་གྲོལ་དབང་ཐོབ་ནས༔ ས་བཅུའི་འབྲས་བུ་མྱུར་ཐོབ་ཤོག༔ ཅེས་པས༔ ཙ་དམར་པོར་གྱུར་ནས་ཡལ་བར་དམིགས་སོ༔ གསང་བར་ཐིག་ལེ་མཐིང་ཀ་ཝས་མཚན་པར་དམིགས་ལ༔ ཛཔ྄་དང་བཅས་པ་བྱའོ༔ ལག་ཏུ་མངོན་པའི་པུསྟི་དངོས་སམ་ཆར་གཏོགས་གཏད་ལ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བྱང་སེམས་སྨོན་འཇུག་ཆོས་གཏད་པས༔ ཞེ་སྡང་གནས་དག་དབང་ཐོབ་ནས༔ བདེན་པ་བཅུ་གཉིས་ས་ཐོབ་ཤོག༔ ཅེས་པས༔ ཝ་མཐིང་གར་གྱུར་ནས་ཡལ་བར་དམིགས༔ དེ་ལྟར་འབྲུ་གསུམ་གྱི་འབྲས་བུ་ནི༔ སྤྲུལ་པའི་སྐུར་སྨིན་ཞིང་ཐེག་པ་འོག་མའི་ཆོས་ལ་བྱན་ཚུད་པར་འགྱུར་རོ༔ ཡང་སློབ་མའི་ལྟེ་བར་ཐིག་ལེ་དཀར་པོ་ཧས་མཚན་པ་གསལ་ཏེ་བཟླར་གཞུག་གོ༔ ལག་ཏུ་ཀྲི་ཡཱའི་གླེགས་བམ་གཏད་དེ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀྲི་ཡཱ་བསྐྱེད་པའི་ཆོས་གཏད་པས༔ ཉོན་མོངས་གཏི་མུག་རང་གྲོལ་ནས༔ བདེན་པ་བཅུ་གཉིས་ས་ཐོབ་ཤོག༔ ཅེས་པས༔ ཧ་དཀར་པོར་གྱུར་ནས་ཡལ་བར་དམིགས༔ ལྟེ་བར་ཐིག་ལེ་དམར་པོ་སས་མཚན་པ་དང༔ ཛཔ྄་བཟླ༔ ལག་ཏུ་ཨུ་པའི་གླེགས་བམ་གཏད་དེ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཨུ་པ་གཉིས་ལྡན་ཆོས་གཏད་པས༔ ཉོན་མོངས་ཕྲག་དོག་རང་དག་ནས༔ བཅུ་གསུམ་འཁོར་ལོའི་ས་ཐོབ་ཤོག༔ ཅེས་པས༔ ས་དཀར་པོར་གྱུར་ནས་ཡལ་བར་དམིགས་སོ༔ སྣར་ཐིག་ལེ་མཐིང་ག་མས་མཚན་པ་དང་ཛཔ྄་བཟླར་གཞུག་གོ༔ ལག་ཏུ་ཡོ་གའི་པུསྟི་གཏད་དེ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡོ་ག་བྱང་ཆུབ་ཆོས་གཏད་པས༔ ཉོན་མོངས་ཁོང་ཁྲོ་རང་གྲོལ་ནས༔ ཚེ་གཅིག་འོག་མིན་ས་ཐོབ་ཤོག༔ ཅེས་པས༔ མ་མཐིང་གར་གྱུར་ནས་ཡལ་བར་དམིགས་སོ༔ དེ་ལྟར་འབྲུ་གསུམ་གྱི་འབྲས་བུ་ནི༔ ལོངས་སྤྱོད་རྫོགས་པའི་སྐུར་སྨིན་ཞིང༔ ཐེག་པ་བར་མའི་ཆོས་ལ་དབང་འབྱོར་བར་འགྱུར་རོ༔ སློབ་མའི་སྤྱི་བོར་ཐིག་ལེ་དཀར་པོ་ཨཱོྃ་གྱིས་མཚན་པ་དེ་ཛཔ྄་དང་བཅས་ཏེ༔ ལག་ཏུ་བསྐྱེད་པ་མ་ཧཱ་ཡོ་གའི་པུསྟི་གཏད་ལ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཏིང་འཛིན་རྣམ་གསུམ་ཆོས་གཏད་པས༔ ཉོན་མོངས་རྣམས་ནི་གནས་འགྱུར་ཏེ༔ ཀུན་མཁྱེན་ཡེ་ཤེས་རྟོགས་པར་ཤོག༔ ཅེས་པས༔ ཨཱོྃ་དཀར་པོར་གྱུར་ནས་ཡལ་བར་དམིགས་སོ༔ མགྲིན་པར་ཐིག་ལེ་དམར་པོ་ཨཱཿས་མཚན་པ་ཛཔ྄་དང་བཅས་པས༔ ལག་ཏུ་ལུང་ཨ་ནུ་ཡོ་གའི་པུསྟི་གཏད་དེ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱིངས་དང་ཡེ་ཤེས་ཆོས་གཏད་པས༔ འདུ་འཕྲོ་རོལ་པའི་རླབས་གྲོལ་ནས༔ རྣམ་ཀུན་མཆོག་ལྡན་རྟོགས་པར་ཤོག༔ ཅེས་པས༔ ཨཱཿདམར་པོར་གྱུར་ནས་ཡལ་བར་དམིགས་སོ༔ སྙིང་གར་ཐིག་ལེ་མཐིང་གའི་ལྟེ་བར་ཧཱུྃ་གིས་མཚན་པར་དམིགས་ལ༔ ངག་ཏུ་ཡིག་འབྲུ་དེ་ཉིད་ཀྱི་ཛཔ྄་བཟླར་གཞུག་གོ༔ ལག་ཏུ་ཡོངས་སུ་རྫོགས་པ་ཨ་ཏི་ཡོ་གའི་པུསྟི་གཏད་ལ༔ ཨེ་མ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་ཐབས་སྐུ་གསུམ་ཆོས་གཏད་པས༔ ཆོས་རྣམས་ཡོངས་ལ་དབང་འབྱོར་ནས༔ ཚེ་གཅིག་སངས་རྒྱས་ཐོབ་པར་ཤོག༔ ཅེས་པས༔ སློབ་མ་ཆོས་དང་བཅས་པ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ནས་ཡལ་བར་དཔོན་སློབ་གཉིས་ཀས་བསམ་མོ༔ དེ་ལྟར་འབྲུ་གསུམ་གྱི་འབྲས་བུ་ནི༔ ཆོས་ཀྱི་སྐུར་སྨིན་ཞིང༔ ཐེག་པ་གོང་མའི་ཆོས་ལ་དབང་འབྱོར་ཐོབ་པར་འགྱུར་ཞིང༔ ཐེག་པ་རིམ་དགུའི་གླེགས་བམ་གྱི་དབང་ལུང་ཐོབ་པ་ལ་བརྟེན་ནས༔ ཐེག་པ་དགུའི་དཔེ་རྒྱུད་ཀློག་པ་དང༔ ཉམས་སུ་ལེན་པ་ལ་སོགས་གང་ཡང་བཏུབ་པ་ཡིན་ནོ༔ ཐེག་པ་རིམ་པ་དགུའི་ཁོངས་སུ་མ་འདུས་པའི་ཆོས་ནི་གང་ཡང་མེད་ཅིང༔ ཁྱད་པར་དུ་གཏེར་གྱི་གླེགས་བམ་དང༔ བསྟན་བཅོས་ཀྱི་ཡིག་སྣ་ཅི་རིགས་པ་རྣམས༔ པུསྟི་ལུང་དབང་གི་ཆོ་ག་རྫོགས་ཕན་ཆད༔ བཀླག་ལུང་མ་ཐོབ་ཀྱང་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་ལུང་ངེས་པར་ཐོབ་པ་ཡིན་ནོ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ༔ རྣམ་པར་དཀར་བའི་མེ་ཏོག་གིས་བརྒྱན་པའི་མཎྜལ་ཕུལ༔ གཏང་རག་གི་མཆོད་པར་དམིགས་ཏེ་འབུལ་ཞིང༔ བཀའ་དྲིན་ཆེའོ༔ ཞེས་བརྗོད་པ་དང་བཅས་པ་ངེས་པར་ཡིད་ལ་བསམ་པར་བྱའོ༔ སླར་གཞུང་གི་ཆོ་ག་རྣམས་རིམ་པས་དཀྱུས་ལྟར༔ བཀྲ་ཤིས་བསྔོ་བ༔ སྨོན་ལམ་རྒྱས་འདེབས་དང་བཅས་ཏེ་རྫོགས་པར་བྱའོ༔ དེ་ནི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་པུསྟིའི་ལུང་དབང་བསྐུར་ཞིང་སྦྱིན་པའི་ཆོ་གའོ༔ སྐལ་ལྡན་ལས་ཅན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་རྒྱ་གསུང་རྒྱ་ཐུགས་རྒྱ༔ དྷ་ཐིམ༔ ྀཨཚ༔ གུ་ཧྱ༔ བདག་འདྲ་ཤཱཀྱའི་དགེ་སྦྱོང་སངས་རྒྱས་རྡོ་རྗེས་པུ་རི་ཕུག་མོ་ཆེ་ནས་བཏོན་པའི་གཏེར་མའོ། །ཤུབྷཾ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། མངྒ་ལཾ།། །།

གོ་ཆ་བརྒྱད་ཀྱི་མན་ངག་ (Volume 45, Text 32)

༄༅༔ གོ་ཆ་བརྒྱད་ཀྱི་མན་ངག་བཞུགས༔ ྈྈྈྈྈྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ བྱང་སེམས་ལྡན་པའི་སྐྱེས་བུ་ཡིས༔ སྙིགས་མའི་སེམས་ཅན་དོན་གྱི་ཕྱིར༔ གོ་ཆ་བརྒྱད་ཀྱི་མན་ངག་ལོངས༔ བདག་འདྲ་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ལས་འཕྲོ་མཐར་ཕྱིན་ཕྱིར༔ བོད་ལ་གཅེས་པའི་མན་ངག་འདི༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦས༔ ལྔ་བརྒྱ་ཐ་མར་ཤར་བའི་ཚེ༔ བོད་ཁམས་ཁྲེ་འུར་འཐོར་ནས་ཀྱང༔ སྡེ་པ་ཆེ་རྩོད་འཁྲུག་པ་དར༔ ནང་དམེ་ནང་འཁྲུག་ཇག་པ་དར༔ སྲོག་གཅོད་མཚོན་གྱི་ལས་ངན་དར༔ མི་རྣམས་ཕལ་ཆེར་གྲི་རུ་འཆི༔ མཐའ་ཡི་དམག་འཁྲུག་བརྡོལ་ནས་ཀྱང༔ མཚོན་ཆ་ཆར་དུ་འབེབ་པ་འོང༔ ཁྲག་གི་གྲུ་ཆར་འབབ་པ་འོང༔ སྒྱོགས་དང་མེ་གཏོང་འཇིགས་པ་འོང༔ དེ་དུས་བདག་གི་བཀའ་ཉན་པའི༔ དད་ལྡན་ཀུན་གྱིས་ཉམས་སུ་ལོངས༔ འདི་ལ་མན་ངག་རྣམ་པ་བཞི༔ དམག་དང་འཁྲུག་པ་བསྲུང་བ་དང༔ དམག་ཟློག་དམག་བསྒྱུར་མཚོན་ངར་གསད༔ དང་པོ་དམག་མཚོན་འཁྲུག་པ་བསྲུང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ བསྲུང་བྱ་ཡུལ་གྱི་སེམས་ཅན་རྣམས༔ རང་སེམས་དུག་ལྔ་རགས་པ་ལ༔ ཕུང་བྱེད་གདོན་གྱིས་རྐྱེན་བྱས་ནས༔ སྨྱོ་འབོག་བརྒྱལ་ནད་ཐེབས་པ་འདྲ༔ ངོ་ཚ་སྙིང་རྗེ་ཁྲེལ་ལས་འདས༔ ཞེ་སྡང་མེ་ལྟར་འབར་ཞིང་འཁྲུག༔ ཕྲག་དོག་རླུང་ལྟར་འཚུབ་ཅིང་འཁྲུག༔ དུག་ལྔ་དགྲ་རུ་ལངས་ནས་འཁྲུག༔ ཐོ་རངས་སྔ་དྲོ་དང་པོ་ལ༔ སེམས་བསྐྱེད་དུག་དབྱུང་དུག་དབལ་བསད༔ དང་པོ་བྱང་སེམས་ལྡན་པའི་མིས༔ གང་བསྲུང་སྣོད་བཅུད་རཾ་གྱིས་བསྲེགས༔ ཡཾ་གིས་གཏོར་ལ་ཁཾ་གིས་བཀྲུས༔ མི་དམིགས་ཏིང་འཛིན་བརྟན་པར་བསྒོམ༔ དེ་ནས་སྲོག་ཡིག་ཨ་དཀར་མདངས༔ ཉི་ཟླའི་མདངས་ལྟར་འཚེར་བར་བསམ༔ དེ་ལ་ྈ ཡིག་དམར་པོ་འཕྲོས༔ སྣོད་བཅུད་རྒྱས་ཤིང་འཕེལ་བར་བསམ༔ སེམས་ཅན་སེམས་ཀྱི་རྒྱུད་གཅིག་པས༔ ཐམས་ཅད་ཚད་མེད་བཞི་ལྡན་བསྒོམ༔ སྐབས་སུ་སྣོད་བཅུད་བདག་ལ་བསྡུ༔ དུག་ལྔའི་སྐྱོན་བྲལ་དམིགས་མེད་ངང༔ སྤྱིར་དུ་འགྲོ་བ་སེམས་ཅན་རྣམས༔ ཐ་མལ་གདོས་པའི་གཟུགས་ཕུང་འདི༔ དུག་ལྔ་འཛིན་པའི་སྣོད་ཡིན་པས༔ ཀུན་ཀྱི་སྤྱི་བོ་ཚངས་བུག་ནས༔ དུག་ལྔའི་ནད་རླངས་སྔོ་དམར་ཐོན༔ ནམ་མཁའི་མཐོངས་སུ་ཡལ་བར་བསྒོམ༔ དེ་རྣམས་དུག་དབྱུང་མན་ངག་སྟེ༔ གནས་ལུགས་རྟོགས་པའི་སྐྱེས་བུ་ཡིས༔ ཏིང་འཛིན་འདི་བསྒོམ་རྒྱལ་ཁམས་བདེ༔ འཐབ་རྩོད་ནང་འཁྲུགས་ཞི་བར་འགྱུར༔ དུག་དབལ་གསད་པའི་མན་ངག་ནི༔ གང་ཞིག་དམག་འཁྲུག་དར་བའི་ཕྱོགས༔ གྲུ་གསུམ་དྲག་པོའི་གཞལ་ཡས་ཁང༔ གཏིང་ཟབ་མེ་ཡི་ཚྭ་ཚྭ་འཕྲོ༔ དམག་དཔོན་དམག་མི་འཁྲུགས་པའི་རྐྱེན༔ ཐམས་ཅད་རང་དབང་མེད་པར་བསྡུས༔ ཛཿཧཱུྃ་བཾ་ཧོཿའི་ཕྱག་རྒྱས་བཏབ༔ གྲུ་གསུམ་ནང་དུ་འཆོར་མེད་འཕང༔ ཁོང་ཁྲག་ལྕགས་ཀྱི་སྡིག་པས་འཐུང༔ ནང་ཁྲོལ་ཙིཏྟ་དྲངས་ཤིང་གཏུབ༔ ཕུང་པོ་བསྐལ་པའི་མེ་འབར་སྲེག༔ དྲག་པོ་ངར་ལྡན་སྔགས་རྒོད་འདི༔ དམིགས་པ་གསལ་བས་ཞག་བདུན་བཟླ༔ བཛྲ་སརྦ་ཨེ་ཛ་མཎྜ་ཏཱིག་ནན་མཱ་ར་ཡ་རྦད༔ རཾ་ཡཾ་བྷྱོ་བྷྱོ་ཛ་ཛ༔ སྙིང་ཁྲག་ཙིཏྟ་རྣྲི་ཏྲི་རྦད་རྦད༔ དེ་ནས་ཏིང་འཛིན་དམིགས་མེད་བསྒོམ༔ ཞག་བདུན་སོང་ནས་དམིགས་པའི་ཡུལ༔ དག་ཅིང་དགེ་བའི་གནས་སུ་བསམ༔ ཨ་ལས་ནྲྀ་ཡི་ཡི་གེ་འཕྲོས༔ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔ ལྗགས་ལས་བདུད་རྩིའི་ཆར་བབས་ནས༔ ཉམས་པ་གསོས་ཏེ་བཀྲག་མདངས་ལྡན༔ སྙིང་རྗེ་བྱམས་པའི་སེམས་བསྐྱེད་ནས༔ ཐམས་ཅད་དགེ་བ་སྤྱོད་པར་བསམ༔ ཡུལ་ཕྱོགས་གཅིག་ནི་སྲུང་བ་ནི༔ གང་བསྲུང་རྡོ་རྗེའི་ར་བ་དང༔ མེ་རི་འབར་བའི་རིམ་པར་བསྐོར༔ སྡེ་དཔོན་གཙོ་བོ་དབུས་སུ་བསྒོམ༔ བྲན་འཁོར་ཡུལ་རྣམས་མཐའ་ནས་བསྐོར༔ སྟེང་འོག་རྡོ་རྗེའི་གུར་དུ་བསམ༔ བར་མཚམས་ཁྲོ་བོ་འཇིགས་པས་སྲུང༔ འབྱུང་བ་རླུང་གིས་མི་ཚུགས་པའི༔ རྡོ་རྗེས་གཏམས་པའི་གུར་དུ་བསམ༔ རྡོ་རྗེའི་ཕྱག་རྒྱས་བསྡམས་ནས་ཀྱང༔ སྲུང་བའི་སྔགས་འདི་བཟླས་པར་བྱ༔ ཨོཾ་བཛྲ་རཀྵ་མུཾ་ཁྲི་ཧྲི་བ་བྷྲཱུྃ་ཧཱུྃ༔ ཡུངས་དཀར་ཡུངས་ནག་བྱེ་མ་ལ༔ སྔགས་བཏབ་ཕྱོགས་མཚམས་ཀུན་ཏུ་གཏོར༔ གང་བསྲུང་ཕྱོགས་རྣམས་བདེ་བར་བྱེད༔ ༈ གཉིས་པ་དགྲ་ཡི་དམག་ཟློག་པ༔ སྔོན་འགྲོ་མདོས་དང་ཟོར་ཁ་འཕང༔ གཙུག་ཏོར་དཀར་པོའི་སྒྲུབ་པ་འཛུགས༔ རྒྱལ་ཁྲིམས་ཆོས་ཁྲིམས་བཟང་པོ་བཅའ༔ རི་རྒྱ་ཀླུངས་རྒྱ་མང་དུ་འཛུགས༔ བཀའ་ཡི་གསུང་སྒྲོགས་སཱཙྪ་གདབ༔ དངོས་ལ་དབེན་པའི་གནས་བཙལ་ལ༔ གྲོ་ག་ཤོག་ཤོག་གཙང་མའི་གཞི༔ གྲི་ཁྲག་རིམས་ཁྲག་སྦྱར་ལ་བྱུག༔ དམག་དཔོན་དགྲ་ཡི་ལིངྒ་བྲི༔ མིང་རུས་བླ་དྭགས་ལུས་ལ་དགོད༔ གྲུ་གསུམ་ནང་དུ་དགུག་ཅིང་གཞུག༔ རྣམ་ཤེས་དགུག་ཅིང་རྟེན་ལ་བསྟིམ༔ དྷ་དུ་ར་་་ཐང་ཕྲོམ་པ།དང་བཙན་དུག་དང་། ཡུངས་དཀར་མགར་གྱི་ཚྭ་ཚྭའི་ཐུན༔ ཞག་གསུམ་སྔགས་ཀྱིས་བྲབ་ཅིང་བརྡེག༔ ཛཿཛ༔ ཏྲི་རཱ་ཙ་གྷུ་མ་གྷུ་མ་ཏྲི༔ ཨེ་ཏྲི་ྈ དུ་ཏྲིག་ནན་མཱ་ར་ཡ་བྲམ་ཟློག༔ ཧུར་ཐུམས་རྦུད་ལིང་ཟློག༔ ཙཀྲ་དུ་ན་ཟློག༔ མྱོས་ཐིབས་མཱ་ར་ཡ་ཟློག༔ ཏིང་འཛིན་བདག་ཉིད་ལྷ་ཡི་སྐུ༔ དཔའ་ཞིང་དྲག་པོའི་ངར་དང་ལྡན༔ སྔོ་དམར་མཚོན་གྱི་ཐུན་འཕངས་པས༔ དགྲ་ཡི་རྣམ་ཤེས་རྟེན་ལ་ཕོག༔ མྱོས་རྨུགས་བརྒྱལ་ཞིང་རེངས་པར་བསམ༔ མཐུ་དཔུང་བརླག་ཅིང་འཐོར་བར་བསམ༔ རྗེས་ནས་ལིངྒ་མནན་པར་བྱ༔ ཐུན་རྫས་དགྲ་ཡི་ཡུལ་དུ་འཕང༔ འགོ་བའི་ལྷ་ལྔའི་སྲོག་བྲིས་པའི༔ རང་གི་ཁམས་དང་མཐུན་པའི་དར༔ མཁར་དང་སྐྱོབ་བྱེད་ཡུལ་ལྷའི་རྩེར༔ གཟའ་དང་སྐར་མ་ཚོགས་པའི་ཚེ༔ ཉི་མའི་རྩེ་ལ་གཟུག་པར་བྱ༔ བཀྲ་ཤིས་མངའ་གསོལ་རྒྱས་པར་བྱ༔ དེ་ལྟར་ཟློག་པའི་ཐབས་རྣམས་ཀྱིས༔ ཕ་རོལ་དམག་དཔུང་བཟློག་པར་འགྱུར༔ ༈ གསུམ་པ་དམག་དཔུང་བསྒྱུར་བ་ནི༔ དམག་དཔོན་དགྲ་ཡི་བླ་བྱང་བྲི༔ དགུག་གཞུག་ཏིང་འཛིན་གསལ་བར་བྱ༔ ཁམ་སའི་མི་གཟུགས་ནག་པོ་ལ༔ ངར་མི་ཆངས་བུ་མཚོན་རྩེ་དང༔ གྲུ་གསུམ་གཏོར་མ་མང་པོས་བསྐོར༔ གླུད་རྫས་མཐའ་བསྐོར་ཐེབས་རྩིས་ལ༔ གཟའ་དང་བསྟུན་ནས་དགྲ་ཕྱོགས་བསྐྱལ༔ དམོད་བཙུག་དགྲ་དཔུང་བརླགས་པར་བསམ༔ ༈ བཞི་པ་མཚོན་གྱི་ངར་གསད་པ༔ རང་གི་ཡུལ་དང་བསྲུང་བྱའི་རྟེན༔ ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ༔ དེ་ཡི་ལྟེ་བའི་ནང་ཁོངས་སུ༔ བསྲུང་བྱ་མ་ལུས་ཆུད་པར་བསམ༔ ཕྱི་ནས་བསྐལ་པའི་མེ་འབར་ནས༔ ཕྱི་རོལ་ཐམས་ཅད་བསྲེགས་པར་བསམ༔ སྔགས་འདི་ཞག་བདུན་བཟླས་པར་བྱ༔ བྱེ་མ་ཡུངས་དཀར་ཆུ་གཙང་ལ༔ སྔགས་བཏབ་བསྲུང་བྱའི་ཡུལ་ལ་གཏོར༔ དེ་བྱས་མཚོན་གྱི་ངར་ཞི་ཞིང༔ དམག་དཔུང་མཚོན་ཆ་བཟློག་པར་འགྱུར༔ དྲག་སྔགས་རྡོ་རྗེ་ཕ་ལམ་འདི༔ གང་ལ་ཕོག་པ་སྲ་ཞིང་བརྟན༔ ཕས་ཀྱི་རྒོལ་བ་ཚར་གཅོད་འགྱུར༔ དེ་ཕྱིར་དམག་དཔུང་མཚོན་ཆ་རྣམས༔ རློག་བྱེད་གོ་ཆ་བརྒྱད་ཡིན་ནོ༔ ཨོཾ་བཛྲ་ཙཀྲ་ཀཱ་ཝཱ་ཙི་ཧཱུྃ་ཧཱུྃ་ཧཱུྃ༔ ཏེ་ལ་ལྕེ་ནི་ཨུཏ་པལ་ལྕེ་ནི་ཀྱི་འཁོར་འདར་ཁང་བྷིས་ཙེ་ནའོ༔ རྣལ་རྣོ་ངར་གཏུབ་གཏུབ་སོད་སོད་ཟློག་ཟློག་བྷྲཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ འདི་ནི་གནོད་སྦྱིན་རྡོ་རྗེའི་སྔགས༔ གང་ལ་རེག་པ་རྡོ་རྗེའི་བྲག༔ སྙིགས་དུས་བོད་ལ་དགོས་པས་སྦོས༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ བཀའ་འདི་རྡོ་རྗེ་ལེགས་པས་སྲུངས༔ ༈ དམག་དཔུང་མཚོན་ཆ་བསྲུང་བའི་ཕྱིར༔ གོ་ཆ་བརྒྱད་ཀྱི་མན་ངག་བཞུགས༔ མ་འོངས་སྙིགས་མའི་དུས་ཙ་ན༔ མཚོན་གྱི་བསྐལ་པ་དར་བར་འགྱུར༔ གྲི་མཚོན་གནོད་པ་ཞི་འདོད་ན༔ བྱང་སེམས་ལྡན་པའི་སྐྱེས་བུ་ཡིས༔ རས་སམ་གྲོ་ག་ཤོག་བུ་ལ༔ འཁོར་ལོ་རྩིབས་བརྒྱད་གཉིས་བྲིས་ལ༔ གཅིག་ལ་རྣོ་སོད་གཟུངས་སྔགས་བྲི༔ གཅིག་ལ་ཇི་ཁམ་ཡ་ཙ་ར༔ བྲིས་པའི་འཁོར་ལོ་རྣམ་གཉིས་བྱ༔ དགྲ་ཡི་མཚོན་རྩེ་རྙེད་ཚད་བསགས༔ ཚེར་མ་ཅན་གྱིས་མེ་བུས་ལ༔ དེ་རུ་ལྷ་བསྐྱེད་མཚོན་རྩེ་བསྲེག༔ མཚོན་དབལ་ཞི་བར་གསོལ་བ་གདབ༔ འཁོར་ལོ་གཉིས་ལ་གནམ་ལྕགས་བརྡར༔ དེའི་བར་བསྲེགས་པའི་མཚོན་ཆ་བཅུག༔ རྡོ་རྗེ་རྒྱ་གྲམ་བར་དུ་བསྡམ༔ མཚོན་གྱི་བསྐལ་པ་ཐིམ་པར་བསམ༔ བྱང་ཆུབ་ཆེན་པོའི་འོག་ཏུ་མནན༔ ཅི་སྟེ་སྟོང་གི་སྟེང་ནས་བྲུབ༔ ཐུབ་པ་ཆེན་པོས་མནན་བསམས་ལ༔ གཟུངས་རྣམས་འབུམ་དུ་བཟླས་པར་བྱ༔ བདེན་བརྡར་མཆོད་ཅིང་གསོལ་བ་བཏབ༔ དེ་ཡིས་མཚོན་གྱི་བསྐལ་པ་ཞི༔ ལོག་པར་གཏོགས་པ་མ་གཏོགས་པས༔ གཟུངས་རྣམས་ལེགས་པར་བྲིས་བྱས་ཏེ༔ སྟོང་བཟླས་རབ་ཏུ་གནས་བྱས་ནས༔ ཁྲུས་གསོལ་མི་ལག་མ་བརྒྱུད་པར༔ གང་ལ་སྲུང་བར་བྱེད་ལ་གདགས༔ མཚོན་ཆ་ལུས་ལ་འབབ་མི་འགྱུར༔ སྐབས་སུ་སྲུང་སྔགས་འདོན་པར་བྱ༔ ལྷ་ནི་ཐུབ་པ་ཆེན་པོ་འོ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ ན་མོ་བུདྡྷ་ཡ༔ ན་མོ་སིདྡྷི་ཨ་ཧི་བནྱི་ཡ་ཏཏ་ཡ་མ་ག་ཁ་ནི༔ སཾ་ཁྲི་སུ་ཐུ་བྷྱེ་རི་བྷུ་པ་ཙ་རིབ༔ ཙ་རོད་ཀ་ཏྲ་ཚུ་རི་ཡཱ༔ དྷ་ར་མུ་ན་ཡ༔ མུ་རི་མུ་སེ་ལོ་ཧ༔ བཛྲ་ཛྙཱ་ཏི་མོ་ཧ༔ སེ་ལ་ན་ཧ་ཧོ་མ་དྷ་ཏྲཾ་ཨ༔ ཨུད་ཏ་མུ་ར་སེ༔ བཛྲ་ཀ་ཧི་ཧི༔ ཕུད་རོཾ་ན༔ ཧཱུྃ་སིདྡྷི༔ གྲ་ཨོཾ་སིདྡྷི༔ རག་ཏ་ཙིཏྟ༔ རཀྟ་ཕཊ་ཏ༔ རཀྟ་མ་ཀུ་ཏ༔ རི་ནི༔ ཨོཾ་ལ་ཏ་བྷེ་ཏ་ཕཊ༔ སན་ཏ་ནི༔ ཨོཾ་ཙས་ཏི༔ ཧ་ཏི་ཨ་ལ་ཨོ་ལ༔ ཨོཾ་བྷྱེ་བྷི་ཙེ་ཀོ་མ་བྱ་བ་གྷིར་སཾ༔ བྷེ་དྷྲེ་མོ་བྷི་ལི༔ ཨད་ཐོད་ལཾ༔ གྷ་ཧ་ན༔ ས་རུ་དྷ་ན༔ ཀ་ཀེཾ༔ མན་ཏུ་ལུཾ༔ སནྟ་ལཾ༔ ཨོཾ་ཙ་སྟི༔ མ་ཨི་ཛྷྱང་ཡི༔ ས་ཏ་ར་ལཀྵིར༔ ཨོཾ་ཚི་ཆུ་ཕུ་སྭཱ་ཧཱ༔ འདི་ཉིད་ཕྲེང་གཅིག་ལ་བྲིས་ལ་གདགས༔ ཨོཾ་རྣོ་སོད་ཟློག་ཆུམས་མཚོན་དྲིལ་སྭཱ་ཧཱ༔ འདི་ཉིད་རྩིབས་བརྒྱད་ལའོ༔ ཛྷི་ཀྵི༔ བྷྲཱུྃ་ཧཱུྃ༔ ཧཱུྃ་ཕཊ༔ ཨོཾ་ཧྲཱི༔ ཀྵི་ཧི༔ བཾ་ཡུ༔ ཧཾ་ཁཾ༔ ཛྷི་མི༔ འདིའང་རྩིབས་ལ་འདེགས་པའི་མཚན་མའོ༔ ཨོཾ་ཡ་ཙ་ཏ་ཝ་ས་གྷ་ན་དྷ་སཾ་སརྦ་ཏ་མཚོན་རཀྵ༔ རྟེན་ཏེ་མྱགས་རིལ་རྩིལ་རྦད་རྦད་སྭཱ་ཧཱ༔ ཨོཾ་བུདྡྷ་བ་ལ་ཁུག་ཅིག༔ ཨོཾ་བཛྲ་ར་གྷུ་ཀཾ་པ་ཀུན་ཏི་ཀ་སྭཱ་ཧཱ༔ ཨོཾ་རྣོ་སོད་ཟློག་མཚོན་ཆུམས་དྲིལ་སྭཱ་ཧཱ༔ ཨོཾ་སྟེར་སྤུ་བར་རྗེ་བྷི་ར་རྗེ་སྭཱ་ཧཱ༔ གྷིར་གྷར་གན་ཏེ་བ་ཏྲེ་རྫབ་ཡེ་རབ་ཏེ་པུ་ཏྲ་ཡེ༔ མུན་དྷ་རི་མ་ཨར་ཙི་ཏ་གྷ་རག་འཛིན་གྷུར་ཤོ་སི་ཏི་སི་ཏི་གྷུ་རུས་སི་ཏི༔ སྔགས་རིང་སྙིང་པོ་མུ་ཁྱུད་རེ་རེའོ༔ འདོགས་པ་འདིའང་ཕྲེང་གཅིག་གོ༔ གསེར་དངུལ་གྱིས་བྲི༔ དྲི་བཟང་གིས་བྱུག་གོ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ གང་ལ་བཏགས་པས་མཚོན་གྱི་གནོད་པ་བྲལ༔ གང་དུ་བྱས་པའི་ཡུལ་ཁམས་མཚོན་གྱིས་འཇིགས་མི་འགྱུར༔ ལྷ་ས་བསམ་ཡས་པྲ་དུན་རྩེ་སོགས་པའི༔ ཐུབ་པ་ཆེན་པོ་རྣམས་ཀྱི་ཞབས་འོག་བཅུག༔ མཐའ་དམག་མཚོན་གྱི་འཇིགས་པ་ཞི་བར་འགྱུར༔ བྱང་སེམས་ལྡན་པས་འགྲོ་ཀུན་རྩེ་གཅིག་སྐྱོབས༔ གསོད་དང་གཅོད་པའི་གནོད་བྱེད་ཟློག༔ ༄༅༔ གོ་ཆ་བརྒྱད་ཀྱི་མན་ངག་ལས་མཚོན་སྲུང་བཞུགས༔ ྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་གོ་ཁྲབ་ཕུབ་ཆེན་ཕུལ༔ གཏེར་ཁ་གང་ཡང་མ་སྦས་ཤིང༔ དུས་ངན་བཅུ་གསུམ་ཤར་དུས་སུ༔ བོད་ཁམས་འགོང་པོས་དབང་བསྒྱུར་དུས༔ བསྟན་པ་འཇིག་ལ་ཐུག་པའི་ཚེ༔ ལས་ཅན་གཅིག་གིས་སྤྱད་པ་ལས༔ མི་སྤེལ་གཏེར་དུ་སྦོས་ལ་ཞོག༔ མཚོན་གྱི་བསྐལ་པ་དར་བའི་ཚེ༔ མཚོན་གྱི་ངར་རྣམས་གསད་པ་དང༔ སྲ་བའི་ཏིང་འཛིན་བསྐྱེད་པ་དང༔ དྲག་པོའི་སྔགས་རྣམས་བཟླས་པར་བྱའོ༔ ཏིང་འཛིན་ལྕགས་ཀྱི་རྡོ་རྗེ་བསྒོམ༔ ཏེ་ལ་ལྕེ་ནི༔ ཨུཏྤལ་ལྕེ་ནི་ཀྱི་འཁོར༔ འདར་ཁང་བྷིས་ཙེ་ནའོ༔ ནུབ་རེ་ལ་ལན་བདུན་བཟླས་ན༔ མཚོན་གྱི་བསྐལ་པས་ཀྱང་ཚུགས་པར་མི་འགྱུར་རོ༔ ལུས་ལྕགས་ཀྱི་རྡོ་རྗེར་འགྱུར་རོ༔ བརྗོད་པར་དཀའ་འོ༔ དམྱལ་བའི་བཀའ་རྒྱ་ཐུབ་པ་ཤིན་ཏུ་གཅེས༔ གཏད་རྒྱ༔ གཏེར་རྒྱ༔ ཨི་ཏཾ་རྒྱ༔ ས་མ་ཡཱ༔ རཀྵ་ཀྲོ་ཏ་རྒྱ༔ མངྒ་ལཾ༔ ༄༅༔ གོ་ཆ་བརྒྱད་ཀྱི་འཁོར་ལོའི་དཔེ་ཆུང་བཞུགས༔ འཁོར་ལོ་བྲི་ཐབས་ནི༔ ཨོཾ་ཏེ་ལ་ལྕེ་ནི༔ ཨུཏྤལ་ལྕེ་ནི༔ ཀྱི་འཁོར་འདར་ཁང་བྷིས་ཙེ་ནའོ༔ ཤམ་བུ་ཐམས་ཅད་དུ༔ དམག་འཁྲུག་དང་མཚོན་ཆའི་གནོད་པ་སྲུངས་ཤིག༔ ཟློག་ཅིག༔ མུ་ཁྱུད་དང་པོ་ལའོ༔ ཨོཾ་ཞུ་ཞུ༔ ལཾ་ལཾ༔ ཌ་ཨ་ཧ་བྷེ་ཐུབ༔ གང་ལ་དམག་དང་འཁྲུག་པ་དང་མཚོན་ཆའི་གནོད་པ་ཐམས་ཅད་སྲུངས་ཤིག༔ ཟློག་ཅིག༔ སྒྱུར་ཅིག༔ ཞི་བར་མཛོད་ཅིག༔ མུ་ཁྱུད་བར་མ་ལའོ༔ ཨོཾ་རྣོ་སོད་ཟློག༔ ཆུམས་དྲིལ་ནོད་སྭཱ་ཧཱ༔ འདིར་མཚོན་དབལ་ཞི༔ མཚོན་རྩེ་ཆུམ༔ མཚོན་གྱི་གནོད་པ་ཟློག་ཅིག༔ སྒྱུར་ཅིག༔ མཚོན་གྱི་གནོད་པ་ཞི་བར་མཛོད༔ མཚོན་གྱི་གདུག་རྩུབ་ཞི་བར་མཛོད༔ མུ་ཁྱུད་ཕྱི་མ་ལའོ༔ མུ་ཁྱུད་གསུམ༔ རྡོ་རྗེའི་ར་བ༔ མེ་རི་དང་ལྔའོ༔ ལྟེ་བར་ཨ་དང་ནྲྀ་བརྒྱད་བྲི་བའོ༔

རྫོགས་ཆེན་ཀུན་བཟང་སྙིང་ཐིག་ལས༔ རིགས་བདག་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ཐུན་མོང་མ་ཡིན་པ་ (Volume 20, Text 32)

༁ྃ༔ རྫོགས་ཆེན་ཀུན་བཟང་སྙིང་ཐིག་ལས༔ རིགས་བདག་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ཐུན་མོང་མ་ཡིན་པ་བཞུགས་སོ༔ ྈྈྈྈྈྈྈྈྈ ཀུན་བཟང་ཚེ་ཡི་ལྷ་ལ་འདུད༔ ཚེ་སྒྲུབ་ཡེ་ཤེས་སྲོག་གི་ཏིག༔ འཆི་མེད་རིག་འཛིན་སྒྲུབ་པའི་ཐབས༔ ཐུན་མོང་མ་ཡིན་སྙན་བརྒྱུད་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བཻ་རོ་ཙཱ་ན་ཉིད་ལ་གདམས༔ མ་འོངས་དོན་དུ་སྤྱོད་པར་ཤོག༔ ས་མ་ཡ༔ དེ་ལ་རྟེན་འབྲེལ་རྫས་ཀྱི་ཚེ་བཅའ་བ་ལེགས་པར་གྲུབ་ནས༔ ནུས་པ་ཚོགས་ཚེ་བསྒྲུབ་པའི་སྔོན་འགྲོ་ནི༔ ཧྲཱིཿཧྲཱིཿཧྲཱི༔ སྐུ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་བའི་དོན་ཕྱིར་འཆི་མེད་རིག་འཛིན་བསྒྲུབ༔ ཀུན་ཀྱང་བདེ་ལྡན་པད་མོ་བཀོད་པའི་ཞིང༔ སྐུ་དང་ཡེ་ཤེས་ཁྱབ་གདལ་མངོན་གྱུར་ཤོག༔ ཧྲཱིཿཧྲཱིཿཧྲཱི༔ བདག་ཉིད་རིག་རྩལ་པདྨ་རྟ་མགྲིན་གསལ༔ ཐུགས་ལས་སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས༔ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་ནས༔ ཡེ་ཤེས་ལྔ་ལྡན་སྲུང་འཁོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ དབྱིངས་ནས་སྐུར་བཞེངས་འཆི་མེད་ཚེ་ཡི་ལྷ༔ གནས་འདིར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ མཎྜལ་སྒྲུབ་རྫས་མཆོད་པའི་ཡོ་བྱད་ཀུན༔ རང་བྱུང་ཡེ་ཤེས་རོལ་པར་བྱིན་གྱིས་རློབས༔ ཧྲཱིཿཧྲཱིཿཧྲཱིཿཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ དེས་ནི་སྔོན་འགྲོའི་ལས་རིམ་རྫོགས༔ དངོས་གཞི་སྙིང་པོའི་རྣལ་འབྱོར་ནི༔ ཧྲཱིཿཧྲཱིཿཧྲཱི༔ གདོད་ནས་དག་པ་འཆི་མེད་གཉུག་མའི་དབྱིངས༔ ཡེ་ཤེས་རིག་མདངས་ཕོ་བྲང་བདེ་ཆེན་ཀློང༔ པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང༔ ཧྲཱིཿལས་རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ རཱ་གའི་མདོག་ཅན་མཚན་དང་དཔེ་བྱད་འབར༔ དར་དམར་ཤམ་ཐབས་པཉྩ་སྟོད་གཡོགས་གསོལ༔ ནོར་བུ་རིན་ཆེན་ཕྱག་ཞབས་གདུ་བུ་དང༔ དབུ་རྒྱན་མགུལ་ཆུ་སྐ་རགས་དོ་ཤལ་བརྒྱན༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ འཁོར་འདས་བཅུད་འདྲིལ་ཚེ་ཡི་བུམ་པ་བསྣམས༔ འོད་དང་འོད་ཟེར་དཔག་ཡས་འཕྲོ་བའི་ཀློང༔ ཚེ་ལྷ་རྒྱལ་བ་རབ་འབྱམས་སྤྲིན་ལྟར་གཏིབས༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་གློག་ལྟར་འཁྱུག༔ སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ལྔ་ལྡན་ཡེ་ཤེས་དབང་མཆོག་རྫོགས་པར་གྱུར༔ ཧྲཱིཿཧྲཱིཿཧྲཱི༔ ཧྲཱིཿཧྲཱིཿཧྲཱི༔ འོག་མིན་ཆོས་དབྱིངས་བདེ་བ་ཆེན་པོ་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ དམ་ཚིག་ཡེ་ཤེས་མི་ཕྱེད་རྡོ་རྗེ་བཞིར༔ བརྟན་པར་བཞུགས་ལ་ཚེ་དབང་དངོས་གྲུབ་སྩོལ༔ ཧྲཱིཿཧྲཱིཿཧྲཱི༔ ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧྲཱིཿཧྲཱིཿཧྲཱི༔ སྐྱེ་འགག་འགྱུར་མེད་གདོད་ནས་འདུས་མ་བྱས༔ རང་བྱུང་ལྷུན་གྲུབ་ཚེ་དཔག་མེད་དུ་བཞེངས༔ ཡིད་བཞིན་ནོར་ལྟར་འདོད་དགུའི་དངོས་གྲུབ་སྩོལ༔ རབ་འབྱམས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧྲཱིཿཧྲཱིཿཧྲཱི༔ ཆོས་ཀྱི་དབྱིངས་ལས་སྨོན་ལམ་སྟོབས་ཀྱིས་སྤྲུལ༔ དངོས་འབྱོར་ཡིད་བྱུང་ཕྱི་ནང་གསང་བ་དང༔ བླ་ན་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཀུན་བྱང་ནས༔ ཚེ་དབང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧྲཱིཿཧྲཱིཿཧྲཱི༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིན་ཏ་ཁཱ་ཧི༔ ཧྲཱིཿཧྲཱིཿཧྲཱི༔ ཀ་དག་རིག་པ་སྐྱེ་འཆི་བྲལ་བ་ལས༔ ལྷུན་གྲུབ་འགྱུར་མེད་ཀུན་བཟང་ཚེ་ཡི་ལྷ༔ ཡེ་ཤེས་ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནི་དངོས་གཞིའི་ལས་རིམ་སྙིང་པོའོ༔ བཟླས་པ་སྔགས་ཀྱི་འཕྲོ་འདུས་ཚེ་སྒྲུབ་ནི༔ ཧྲཱིཿཧྲཱིཿཧྲཱི༔ སྲོག་རྩ་ལྕགས་ཀྱི་རྡོ་རྗེའི་ལྟེ་བའི་སྦུབས༔ ཧྲཱིཿདམར་སྔགས་ཕྲེང་འོད་ཟེར་འཕྲོ་འདུ་ཡིས༔ འཁོར་འདས་དྭངས་བཅུད་འུབ་བསྡུས་ཧྲཱིཿལ་ཐིམ༔ འཆི་མེད་སྲོག་གི་ཐིག་ལེ་བརྟན་པར་གྱུར༔ ཧྲཱིཿཧྲཱིཿཧྲཱི༔ རྩ་བའི་རིག་པ་འབྲུ་གཅིག་པ་འདི་འབུམ་ཕྲག་བརྒྱད་བཟླས་པས་རྡོ་རྗེའི་སྲོག་རྩ་འགྲུབ་པར་འགྱུར་རོ༔ སྐབས་སུ་ཚེ་འཛིན་ཅིང་བརྟན་པའི་རྩ་སྔགས་འདིའང་འབུམ་ཕྲག་གཅིག་བཟླའོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ གཞན་ཡང་ཚེའི་གཟུངས་རིང་སོགས་ཀྱང་ཅི་རིགས་པར་བཟླ༔ དངོས་གྲུབ་བླང་བའི་ཕྱིར་མ་རྡལ་གྱི་རྫས་རྣམས་ལའང་ཚེ་བཅུད་བསྟིམ་པར་བྱ༔ ཕོ་ཉ་བསྐུལ་ནས་ཚེ་འགུགས་པ་ནི༔ ཧྲཱིཿཧྲཱིཿཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ འབྱུང་བ་ལྔ་ལ་དབང་སྒྱུར་མགྱོགས་མའི་ཚོགས༔ སྟེང་འོག་ཕྱོགས་མཚམས་སྣོད་བཅུད་ཁྱབ་པར་འཕྲོས༔ རྣལ་འབྱོར་བདག་གི་ཚེ་དཔལ་ཡེ་ཤེས་སྐྱེད༔ བརྐུས་དང་ཕྲོགས་དང་ཡར་བའི་བླ་ཚེ་ཁུག༔ཉམས་དང་ཟད་དང་གཞོམ་པའི་ཚེ་དཔལ་སྤེལ༔ སྣོད་དང་བཅུད་ཀྱི་དྭངས་མ་མ་ལུས་བསྟིམ༔ འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱིཿཧྲཱིཿཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་བསྟིམ་པ་ནི༔ ཧྲཱིཿཧྲཱིཿཧྲཱི༔ བླ་ཚེ་ཆད་ཉམས་ཡར་བའི་ཚོགས་རྣམས་དང༔ འཁོར་འདས་ཚེ་རྣམས་བདུད་རྩིའི་ཆར་དུ་བབས༔ དྭངས་མ་མི་ཤིགས་ཧྲཱིཿཡི་ཐིག་ལེར་བསྟིམ༔ རྟག་བརྟན་གཞོམ་གཞིག་སྐྱེ་འཆི་བགྲེས་རྒུད་བྲལ༔ ཧྲཱིཿཧྲཱིཿཧྲཱི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཏིཥྛ་ལྷན༔ ཚེ་སྦ་ཞིང་རྒྱས་གདབ་པ་ནི༔ ཧྲཱིཿཧྲཱིཿཧྲཱི༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་སྲོག་ལ་ཐིམ༔ དེ་ཉིད་བདག་ཐིམ་ཆོས་དབྱིངས་ཀློང་དུ་སྦས༔ མི་འགྱུར་མི་ཤིགས་ཡེ་ཤེས་ཕྱག་རྒྱས་གདབ༔ རྟག་བརྟན་གཞོམ་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿཛྙཱ་ན་བཛྲ་ཨ་ཨ༔ བསྙེན་སྒྲུབ་ཀྱི་རྟགས་ཐོན་ནས་རང་དོན་དུ་ཚེའི་དངོས་གྲུབ་བླང་བ་ནི༔ ཧྲཱིཿཧྲཱིཿཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ཚོགས་དགོངས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་དུས་ལ་བབ༔ འགྱུར་མེད་སྐུ་དང་འགག་མེད་སྔགས་ཀྱི་གསུང༔ འཁྲུལ་མེད་ཐུགས་དང་རྩོལ་མེད་ཡོན་ཏན་ཚེ༔ ཐོགས་མེད་ཕྲིན་ལས་ཚེ་དབང་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་ནས་ཀྱང༔ རྡོ་རྗེ་གསུམ་ལྡན་གཉུག་མའི་སྲོག་ཏིག་འགྲུབ༔ འཆི་མེད་རིག་འཛིན་ཐོབ་པར་བྱིན་གྱིས་རློབས༔ ཧྲཱིཿཧྲཱིཿཧྲཱིཿཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཚེ་རྟེན་གནས་གསུམ་དུ་རེག་ཅིང་ཚེ་རྫས་རྣམས་ལ་ལོངས་སྤྱོད་དོ༔ གཞན་དོན་དུ་ཚེའི་དབང་བསྐུར་བ་ནི༔ སྣོད་ལྡན་གྱི་སློབ་མ་ཁྲུས་ནས་དབྱུང་ཞིང་བགེགས་བསལ་བ་སོགས་བྱ༔ སྙིང་པོ་ལྔའི་མཎྜལ་ཕུལ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དགོངས༔ བདག་ཅག་འཆི་མེད་དོན་དུ་གཉེར༔ ཚེ་དང་ཡེ་ཤེས་དངོས་གྲུབ་དང༔ དབང་བསྐུར་ཟབ་མོ་བསྩལ་དུ་གསོལ༔ རྒྱུན་བཤགས་ཅི་རིགས་བྱ༔ ཡེ་ཤེས་དབབ་ཅིང་བརྟན༔ ཕོ་ཉ་བསྐུལ༔ བུམ་པ་སྤྱི་བོར་བཞག་ལ༔ ཧྲཱི༔ རིན་ཆེན་ལས་གྲུབ་བུམ་པ་གཞལ་ཡས་ཁང༔ ཞི་ཁྲོ་རབ་འབྱམས་ཚེ་ཡི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་བྷྲཱུྃ༔ རིལ་བུ་སྦྱིན་ལ༔ ཧྲཱི༔ སྔོན་བྱུང་འཆི་མེད་གྲུབ་པའི་རིག་འཛིན་རྣམས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་བྱིན་པ་ཡིས༔ བདེ་ཆེན་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨ་མྲྀཏ་བཛྲ་ཨ་བྷི་ཥིཉྩ་བྷྲཱུྃ༔ བདུད་རྩི་སྦྱིན་ལ༔ ཧྲཱི༔ སྔོན་བྱུང་ཚེ་ཡི་དྲང་སྲོང་རིག་འཛིན་རྣམས༔ འཆི་མེད་བདུད་རྩིའི་རྒྱུན་གྱི་དངོས་གྲུབ་བརྙེས༔ དེང་འདིར་བདག་གིས་ཁྱོད་ལ་སྦྱིན་པ་ཡིས༔ སྐྱེ་ཤི་མེད་པ་གཉུག་མའི་ཚེ་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿཛྙཱཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཚེའི་འབྲང་རྒྱས་སྤྱི་བོར་བཀོད་ལ༔ ཧྲཱི༔ ཆོས་དབྱིངས་འགྱུར་མེད་ཀུན་བཟང་ཚེ་ཡི་ལྷ༔ ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་བཅས་ཀྱིས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨཱ་ཡུ་ཥེ་ཏིཥྛ་བྷྲཱུྃ༔ དེ་ནས་ཚེ་བསྟིམ་ཞིང་སྦས་ནས་བཀྲ་ཤིས་ཀྱི་མངའ་གསོལ་རྒྱ་ཆེར་བྱ༔ རྗེས་རིམ་སྤྱི་ལྟར་རོ༔ འདི་ལྟ་བུའི་ཚེ་སྒྲུབ་ཟབ་མོ་རང་དོན་དུ་བདུན་ཕྲག་གསུམ་ཉམས་སུ་བླངས་ན་ཚེའི་རིག་འཛིན་ཐོབ༔ བདུན་ཕྲག་གཅིག་ཏུ་ཉམས་སུ་བླངས་ན་ཚེའི་བར་ཆད་ཞི་ཞིང་ཚེ་བསྲིངས༔ གཞན་དོན་དུ་ཚེའི་དབང་བསྐུར་བས་ཚེ་ཟད་པའང་ལོ་གསུམ་འཚོ་ཞིང་མང་དུ་བསྐྱར་ན་ཚེའི་རིག་འཛིན་ཐོབ་པར་འགྱུར་རོ༔ ཟབ་ཆོས་རྫོགས་པ་ཆེན་པོ་ནི༔ ཀུན་བཟང་སྙིང་གི་ཐིག་ལེ་ཡི༔ ཡན་ལག་ཚེ་ཡི་སྒྲུབ་པ་འདི༔ ཡང་ཟབ་ཐེམ་ཡིག་མེད་པ་སྟེ༔ བཻ་རོ་ཙཱ་ན་ཉིད་ལ་གདམས༔ སླད་མའི་དོན་ཕྱིར་རྒྱང་གི་གནས༔ ཡོན་པོ་ལུང་དུ་གཏེར་རྒྱས་ཐོབས༔ མ་འོངས་རང་གི་སྐྱེ་མཐས་རྙེད༔ མཆོག་གྲུབ་རྒྱལ་པོའི་སྐྱེ་བའི་མཐའ༔ གཏེར་འབྱིན་དེ་ཡི་དངོས་གྲུབ་འགྱུར༔ ཉམས་བླངས་ཚེ་ཡི་བར་ཆད་ཞི༔ ས་གཏེར་རྒྱ་མཚོའི་ལོངས་སྤྱོད་རྙེད༔ ཆིག་བརྒྱུད་ཉིད་དུ་གུ་ཧྱ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རུ་ལག་རྒྱང་གི་ཡོན་པོ་ལུང་གི་བྲག་བྱ་ཁྱུང་འདྲ་བའི་མགུལ་ནས་གུ་རུ་དབོན་སྲས་ཁྱུང་ཐོགས་ཀྱིས་སྤྱན་དྲངས་པའོ།། །།

བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆ་ལག་ཞི་བྱེད་དཀར་མོ་བདུད་རྩི་ཅོང་ཞིའི་བཅུད་ལེན་ཁོལ་དུ་ཕྱུང་བ་ (Volume 30, Text 32)

༄༅། །བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆ་ལག་ཞི་བྱེད་དཀར་མོ་བདུད་རྩི་ཅོང་ཞིའི་བཅུད་ལེན་ཁོལ་དུ་ཕྱུང་བ་བཞུགས་སོ། ། བླ་མ་ཡི་དམ་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་རབ་བཏུད་ནས༔ ལས་ཅན་ཕྱི་རབས་རྣལ་འབྱོར་པ༔ སྒྲུབ་པ་སྙིང་པོར་ལེན་པ་ལ༔ ལྟོ་གོས་གཉིས་ཀྱིས་ཕོངས་པ་མེད༔ གཡེང་བའི་ཕྱིར་དུ་མ་གཏང་ཨང༔ ཕྱི་རོལ་འབྱུང་བ་ལྔ་པོ་དང༔ རང་གི་ལུས་ལ་ཀུན་བརྟེན་ནས༔ ལྟོ་གོས་ལྷུན་གྲུབ་གདམས་པ་བསྟན༔ ལས་ཅན་ཀུན་གྱིས་ཉམས་སུ་ལོངས༔ བདེ་བའི་སྟན་ལ་འདུག་ནས་ནི༔ ལུས་གནད་འདི་ལྟར་ཤེས་པར་བྱ༔ བོལ་གོང་ཆུ་ཡི་འཁོར་ལོ་གཉིས༔ རྐང་མཐིལ་མེ་ཡི་འཁོར་ལོས་མནན༔ ཉྭ་ཤ་ཆུ་ཡི་འཁོར་ལོ་གཉིས༔ ལག་མཐིལ་མེ་ཡི་འཁོར་ལོས་མནན༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མོས་གུས་དྲག་པོས་གསོལ་བ་གདབ༔ རང་ལུས་ཕྱི་ནང་གསལ་བ་ཡི༔ འོད་ཀྱི་གོང་བུ་དཀར་པོར་བསྒོམ༔ སྟེང་རླུང་འོག་རླུང་དལ་བུས་བཟུང༔ ལྟེ་འོག་སོར་བཞིར་ཉི་མ་བསྒོམ༔ དེ་དབུས་ཡི་གེ་རཾ་དམར་བསྒོམ༔ རཾ་ལས་ཡེ་ཤེས་མེ་འབར་བས༔ སྙིང་ག་ཐུག་པར་ཁེངས་པར་འབར༔ དེ་ནས་ཡལ་ག་དཔག་མེད་ཀྱི༔ ཡལ་གའི་མེ་ལྕེ་རེ་རེའི་རྩེར༔ མེ་ཡི་ཡེ་ཤེས་མཁའ་འགྲོ་མ༔ དམར་མོ་གར་སྟབས་འགྱིང་བ་ཡིས༔ བདེ་དྲོད་བྱིན་གྱིས་རློབ་པར་བསྒོམ༔ སྤུ་ཡི་བུ་ག་ཐམས་ཅད་དུ༔ མེ་ལྕེ་ཉུག་ཉུག་འབར་བར་བསྒོམ༔ མེ་ལྕེ་སྤྱི་བོའི་གཙུག་ཏུ་ཐོན༔ ཕྱི་རོལ་འཇིག་རྟེན་མེ་རུ་འབར༔ རང་གི་ལུས་ཀྱང་མེ་རུ་འབར༔ ཤ་རུས་རྩ་ཁྲག་མ་ལུས་པ༔ ཐམས་ཅད་མེ་ཡི་རི་བོར་བསྒོམ༔ རིག་པ་འཐིབ་ན་མེ་ལྕེ་སྦར༔ རིག་པ་འཕྲོ་ན་མེ་དཔུང་བསྐྱེད༔ མེ་ཡི་འདུ་འཕྲོ་རྒྱུན་མི་བཅད༔ མ་ཡེངས་ཞག་བདུན་བསྒོམས་པ་ཡིས༔ ཡེ་ཤེས་བདེ་དྲོད་ནང་ནས་འབར༔ གོས་ལ་འབད་རྩོལ་མེད་དོ་ཨང༔ གོས་ལ་འབད་རྩོལ་སྤངས་ལ་བསྒྲུབ༔ ༈ ཞི་བྱེད་དཀར་མོའི་སྦྱོར་བ་ཡིས༔ ནད་གདོན་མ་ལུས་ཞི་བྱེད་པའི༔ བདུད་རྩི་ཅོང་ཞིའི་བཅུད་ལེན་བྱ༔ ཕོ་ཅོང་རྒྱ་ཁབ་གཤིབ་པ་འདྲ༔ མོ་ཅོང་ཁ་བ་འཁྲིགས་པ་འདྲ༔ མ་ནིང་འཁྱགས་པ་སོབ་མོ་འདྲ༔ འདྲེ་ཅོང་ཕྱུར་བ་རུལ་བ་འདྲ༔ བདུད་རྩི་ལྷ་ཡི་ཅོང་ཞི་ནི༔ ངང་དཀར་མཉེན་ལ་སོ་མི་སེག༔ རླན་དུས་འཇམ་མཉེན་མཛོ་མར་འདྲ༔ ཕོ་ཅོང་མོ་ལ་ཤིས་པ་ཡིན༔ མོ་ཅོང་ཕོ་ལ་ཤིས་པ་ཡིན༔ མ་ནིང་གཉིས་ཀས་སྤྱད་དུ་འོས༔ འདྲེ་ཅོང་རྫས་མིན་ཟར་མི་རུང༔ ལྷ་ཅོང་དངོས་གྲུབ་རྫས་ཀྱི་མཆོག༔ ཅོང་ཞི་རིགས་བཞི་གང་ཟ་ཡང༔ དབེན་སར་སྐྱབས་འགྲོ་སེམས་བསྐྱེད་ནས༔ ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཡིས༔ རྡོ་རྗེ་མཁའ་འགྲོ་ཞི་བྱེད་མ༔ པད་ཉི་རོ་ཡི་གདན་སྟེང་ན༔ དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ གར་སྟབས་ཁ་ཊྭཱཾ་དཀུ་ལ་བརྟེན༔ སྐྲ་གྲོལ་ཕག་ཞལ་སྤྱི་བོར་གནས༔ ཐོད་སྐམ་དབུ་རྒྱན་རུས་པས་བརྒྱན༔ དཀར་གསལ་མེ་ཕུང་དབུས་སུ་བསྒོམ༔ ལྟེ་བར་ཉི་མའི་དཀྱིལ་འཁོར་དབུས༔ ཤེལ་གྱི་རྡོ་རྗེ་རྩེ་ལྔ་བསྒོམ༔ རྡོ་རྗེའི་ལྟེ་བར་ཧཱུྃ་དཀར་བསྒོམ༔ སྙིང་གར་་་པདྨ་དཀར་པོ་འདབ་བཞི་པའི་ལྟེ་བར།ཧ་ཡིག་དཀར་པོ་བསམ༔ དེ་ཕྱིར་ཧཱུྃ་རཾ་མེ་འབར་བསྒོམ༔ འོད་ཟེར་ཕར་འཕྲོས་སེམས་ཅན་མཆོད༔ ཚུར་འདུས་ཡེ་ཤེས་བདག་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུར་བསམ༔ ཅོང་ཞི་གང་ཟ་་་ནས་ཙམ་སྲན་མ་ཙམ་བྱས་ལ།མདུན་དུ་བཞག༔ སྭ་བྷཱ་བ་ཡིས་སྟོང་པརསྦྱངས༔ ཐོད་པ་ཡོད་བསམ་གཡོན་དུ་བཟུང༔ ཨོཾ་ཧ་བཛྲ་སརྦ་པྲ་ཏི་མུརྟྟ་ཧཱུྃ་ཕཊ༔ ཉེར་གཅིག་བཏབ་པས་དུག་ཀུན་འཇོམས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཉེར་གཅིག་བཏབ་པས་བདུད་རྩིར་་་མདོག་དཀར་ལ་དམར་བའི་མདངས་ཆགས་པ་རོ་མཆོག་བརྒྱ་ལྡན་པའི་རྫས་སུ།བསྒོམ༔ གཡས་པའི་གྲི་གུག་དཀྲུགས་བསམ་ལ༔ ཐོག་མར་བྱ་སྒོང་ཙམ་རེ་བཟའ༔ དེ་ནས་རིག་པས་དཔྱད་ལ་བཟའ༔ ལྟེ་བའི་ཧཱུྃ་ལས་མེ་འབར་བས༔ ལུས་གང་ཟོས་པས་བདུད་རྩི་ཁོལ༔ ལུས་ཀུན་ཁེངས་པར་བསྒོམས་བྱས་ནས༔ ལག་གཉིས་ཁུ་ཚུར་མཁལ་སྟེང་བཞག༔ རླུང་བཟུང་རྐེད་པ་གཡས་གཡོན་བསྐོར༔ རྗེས་ལ་ཧ་ཧཱུྃ་རཾ་བརྒྱད་བཟླས༔ བཅུད་ཀུན་བདག་ལ་ཐིམ་པ་ཡིས༔ ལུས་སེམས་བདེ་ཞིང་ལྟོག་སྣང་བྲལ༔ ཡོན་ཏན་བསམ་འདས་བརྗོད་མི་ལང༔ ཕྱེ་མར་བྱེད་ན་རྩི་བཞིན་བཏགས༔ ཨ་རུ་ར་དང་ར་མོ་ཤག༔ གྲུས་ཕྱེ་བརྒྱད་ཆ་སྐྱོབས་སུ་བཏང༔ ཟན་དང་ནག་ཐུག་ལྡེ་གུ་དང༔ གང་བྱེད་སྦྱར་ལ་ཚོས་པར་བཙོས༔ རྩི་མར་ཡིད་ཙམ་བཏབ་ན་ཤིས༔ བྱིན་རླབས་ཏིང་འཛིན་འཕྲུལ་འཁོར་རྣམས༔ ཁྲོལ་བུ་ཟ་དང་ཁྱད་པར་མེད༔ ཡོན་ཏན་འོག་ནས་བསྟན་བཞིན་འབྱུང༔ རིལ་བུ་བྱེད་ན་བ་འོ་ལ༔ ཞག་གསུམ་སྦངས་ལ་ཉིན་ཕྱེད་བཙོ༔ ཞིབ་བཏགས་གི་ཝཾ་་་མང་ན་སྐྱོན་མེད།ཨ་རུ་ར༔ རུ་རྟ་སུག་སྨེལ་་་མེད་ཐབས་མེད།པི་པི་ལིང༔ ཀ་ར་དཀར་དང་བདུན་སྦྱར་ལ༔ རིལ་བུ་ལུག་རིལ་འབྲིང་པོ་ཙམ༔ ཐོད་པར་བླུགས་ལ་སྟོང་པར་སྦྱངས༔ ཧཱུྃ་ལས་བདུད་རྩིའི་གོང་བུར་བསྒོམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿསྭཱ་ཧཱ༔ བརྒྱ་བཟླས་བཏབ་པས་དཔག་མེད་འཕེལ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཞག་རེ་ལ་ནི་དགུ་དགུ་བཟའ༔ དམིགས་པ་ལུས་སྦྱོང་གོང་བཞིན་ནོ༔ བགེགས་འཇོམས་ཚེ་རིང་བྱང་སེམས་འཕེལ༔ ཡོན་ཏན་གཞན་མ་འོག་ནས་འབྱུང༔ ས་མ་ཡ༔ ཆུང་ངུ་་་ཅོང་ཞི་ལ།བྱེད་ན་དྲི་ཆེན་་་བཞི་ཆ།དང༔ ཨ་རུ་ར་་་ཉི་ཤུ་ཆ།དང་བ་ཤ་ཀ༔ ལྕ་བ་ར་མོ་ཤག་་་བརྒྱད་ཆ།རྣམས་བསྲེ༔ གྲོ་ཕྱེ་བཞི་ཆ་བསྲེས་པ་ཡི༔ ཟན་དྲོན་ཅུང་ཟད་བསྐ་བ་ལ༔ དྲོད་རན་ཕབས་བཏབ་མལ་དུ་བསྙལ༔ རློན་པར་ཟའམ་སྐམ་ཡང་རུང༔ རིལ་བུ་ཤ་བའི་རིལ་མ་ཙམ༔ ལྔ་ལྔས་ཞག་རེའི་བཀྲེས་པ་འཇོམས༔ བད་ཀན་འཁྲུགས་དང་མ་ཞུ་དང༔ ཚད་པ་གསར་རྙིང་མ་ལུས་འཇོམས༔ ཏིང་འཛིན་འཁྲུལ་འཁོར་གོང་དང་མཐུན༔ ཡོན་ཏན་གཞན་རྣམས་སྤྱི་དང་འདྲ༔ ཅོང་ཞི་དྲི་ཆུར་ཞག་གསུམ་སྦང༔ གྲིབ་སྐམ་བྱས་ལ་རྩི་བཞིན་བཏགས༔ བྱིན་རླབས་ཏིང་འཛིན་གོང་བཞིན་ལ༔ ཐུར་མགོ་རེ་རེ་ཐུན་བཞིར་འགམ༔་་་སྔ་དྲོ་ཕྱི་དྲོ་ཉིན་གུང་མཚན་གུང་། རླུང་བཟུང་སྤྱི་བོར་ཐལ་མོ་སྦྱར༔ རྐེད་པ་མགལ་མེའི་འཁོར་ལོ་བསྐོར༔ དུག་དང་དམུ་ཆུ་ལྷེན་སྐྲན་འཇོམས༔ ཡོན་ཏན་གཞན་རྣམས་འོག་ནས་འབྱུང༔ ཅོང་ཞི་་་རིགས་པས་བསྟུན་ལ་གང་འབྱོར་བྱའོ།ཏིལ་དང་ཨ་ཝ་ལྒ༔་་་བརྒྱད་ཆ། དབང་པོ་ལག་པ་ཞིབ་བཏགས་ལ༔ འོ་མས་སྦྲུས་ལ་བུ་རམ་དང༔ ཐོ་རངས་སྐྱ་རེངས་ཤར་མཚམས་ལ།་་་་སྦྱར་ནས་ཕུག་རོན་སྒོ་ང་ཙམ་ཟོས་ན༔ སྟོབས་ཆེ་མིག་གསལ་རིག་པ་དྭངས༔ ཐིག་ལེ་དཀར་པོ་འཛག་པ་ཆད༔ ཏིང་འཛིན་འཕྲུལ་འཁོར་གོང་དང་འདྲ༔ ཡོན་ཏན་འོག་ནས་འབྱུང་བ་ལྟར༔ ཞི་བྱེད་ཅོང་ཞི་གང་ཟ་ཡང༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ནས༔ རང་ལུས་མཁའ་འགྲོར་བསྒོམ་པ་དང༔ ཧཱུྃ་ལས་འབར་བའི་མེ་དཔུང་དང༔ སྲོག་གི་ཡི་གེ་ཧ་ཧཱུྃ་རཾ་གསུམ་དང༔ བདུད་རྩིར་བསྒྱུར་བའི་ཡི་གེ་བཞི༔ སྤྱི་བོར་ཐལ་སྦྱར་མཁལ་རྩ་མནན༔ དེ་རྣམས་ཀུན་ལ་གཅེས་ཏེ་འདྲ༔ འཁོར་ལོ་ཏིང་འཛིན་སྔགས་ལྡན་ན༔ ཡོན་ཏན་འཕེལ་ཞིང་གེགས་མི་འབྱུང༔ བཅུད་ལེན་དཀའ་ཐུབ་བྱེད་པའི་ཚེ༔ དམ་ཉམས་ཁྲིམས་ཉམས་བཤན་པ་དང༔ ལོག་ལྟ་ཅན་སོགས་གྲིབ་ཅན་སྤང༔ ཁྲག་དང་རུལ་སུངས་སྐྱུར་སྒོག་སྤང༔ རྔུལ་ཐོན་དྲག་ཤུལ་སྤྱོད་པ་དང༔ གློ་བུར་སྐད་རིང་འདོན་པ་སྤང༔ དེ་རྣམས་མ་སྤངས་སྐྱོན་གེགས་འབྱུང༔ ཕོ་བར་འགྱིང་ཞིང་འཁྲུ་གྱུར་ན༔ གཡུ་ལོ་ལྗོན་པ་མུར་དང་བཟའ༔ ཕོ་བར་ཧ་ཡིག་དམར་པོ་བསྒོམ༔ ལག་མཐིལ་གཉིས་སུ་རཾ་རེ་གསལ༔ འོག་རླུང་གློད་ལ་སྟེང་རླུང་མནན༔ ལག་མཐིལ་གཉིས་ཀྱིས་འཕོ་བ་མཉེ༔ ཅུང་ཟད་རྒྱུག་པས་དབྱུང་བར་འགྱུར༔ དྭངས་མ་འཁྲུ་ཞིང་རྩེག་འགྱིང་ན༔ ཕོ་བར་མེ་འཁོར་རྩིབས་དྲུག་བསྒོམ༔ སྟེང་རླུང་འོག་རླུང་ཁ་སྦྱར་བཟུང༔ རྒྱ་མཚོ་དཀྲུགས་པའི་འཕྲུལ་འཁོར་བྱ༔ ཨ་རུ་ར་དང་ལྒ་བཙོས་བཏུང༔ དེ་ཡིས་ངེས་པར་གྲོལ་བར་འགྱུར༔ ཕོ་བར་ཟུག་ཆེ་གཟེར་བ་ན༔ གཟེར་སར་ཀཾ་ཡིག་ནག་པོ་བསྒོམ༔ རླུང་གཉིས་བཟུང་བས་ནད་རྣམས་ཀུན༔ ཀཾ་ལ་སིབ་ཀྱིས་འདུས་པར་བསྒོམ༔ བ་སྤུའི་བུ་ག་སྟོང་པར་བསྒོམ༔ ཀཾ་ལས་དུ་བ་ལྟ་བུའི་རླངས༔ བ་སྤུའི་བུ་གར་ཐོན་པ་ཡིས༔ ནད་ཀུན་སངས་སངས་སོང་བར་བསམ༔ ལག་མཐིལ་གཉིས་ཀས་མཉམ་པར་མཉེ༔ སྐྱུགས་ཤིང་རོ་སྟོད་གཟེར་བ་ན༔ ལག་པ་གཡས་གཡོན་དཔུང་པ་མནན༔ མགྲིན་པར་སུ་ཡིག་སེར་པོའི་མགོ༔ ཐུར་བསྟན་བསྒོམས་ལ་རོ་སྟོད་སྤྲུགས༔ སྟོང་སྐྱུག་བྱེད་ན་རྐང་མཐིལ་རླུང༔ མགོ་བོ་འཁོར་ན་རོ་སྟོད་དུ༔ གསེར་གྱི་རི་རབ་ཆེན་པོ་བསྒོམ༔ ཤེས་པ་འཕྱོ་ཞིང་སྙིང་དཀྱིལ་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་བསྒོམ༔ ལུས་པོ་ཟི་ཞིང་འཁྱམས་པ་ན༔ རྩི་མར་འབྲུ་མར་བྱུགས་པ་དང༔ རུས་པ་རྙིང་པའི་ཁུ་བ་འཐུང༔ ལར་ནི་གེགས་སྐྱོན་ཅི་བྱུང་ཡང༔ མི་དམིགས་སྟོང་པའི་རྒྱ་ཡིས་གདབ༔ བླ་མ་དཀོན་མཆོག་མཁའ་འགྲོ་ལ༔ གཏོར་མཆོད་གཙང་མ་ཡང་ཡང་འབུལ༔ ལས་ངན་སྡིག་པ་སྒྲིབ་པ་རྣམས༔ དག་པར་གྱུར་ཅེས་སྨོན་ལམ་གདབ༔ ནད་གདོན་གེགས་སྐྱོན་གྲོལ་བར་འགྱུར༔ རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་འདི༔ ཞག་བདུན་ཟོས་ན་མུ་གེ་ཡི༔ བསྐལ་པ་ཀུན་ལས་ཐར་བར་འགྱུར༔ བཅུ་བཞིའི་བར་དུ་ཟོས་གྱུར་ན༔ འབུ་སྲིན་ནད་ཀུན་བྱང་བར་འགྱུར༔ ཉེར་གཅིག་ཟོས་ན་སྡེ་བརྒྱད་ཀྱི༔ གནོད་པ་ཀུན་ལས་ཐར་བར་གྱུར༔ དེ་བས་ལྷག་པར་ཟོས་པ་ན༔ ལུས་པོ་སྲ་མཁྲེགས་རྡོ་རྗེར་འགྱུར༔ ཤ་དཀར་མཉེན་ཞིང་གཞོན་ཤ་ཅན༔ རུས་པ་སོ་ཚགས་དམ་པ་དང༔ དབང་པོ་ཀུན་དྭངས་གསལ་བར་འགྱུར༔ བཅུ་ཐུབ་པ་ཡང་བརྒྱ་ཐུབ་སྟེ༔ ཐིག་ལེ་དང་ནི་འབྱོར་པ་རྒྱས༔ བདེ་དྲོད་འབར་ཞིང་རྟོགས་པ་སྐྱེ༔ གཟི་བརྗིད་དཔག་མེད་མཁའ་འགྲོ་འདུ༔ ནད་དང་མཚོན་གྱིས་ཕིག་མི་འགྱུར༔ ཡོན་ཏན་ཀུན་ལྡན་དཔག་ཏུ་མེད༔ ལས་ལྡན་ཀུན་གྱིས་འབད་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཞེས་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུས་སྤྱན་དྲངས་པའི་ལྷ་བྲག་མཛོད་ལྔའི་ཟབ་གཏེར་སྙིང་པོ་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཆ་ལག་བཅུད་ལེན་བདུད་རྩིའི་ཕྲེང་བ་ལས་ཁོལ་དུ་ཕྱུང་བའོ།། ༈ །།བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཅོང་ཞིའི་བཅུད་ལེན་གྱི་ཕྱག་ལེན་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་ར་བེ། འདིར་བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆ་ལག །ཟས་ཀྱི་ཞེན་པ་གཅོད་པ་བཅུད་ལེན་བདུད་རྩིའི་ཕྲེང་བ་ཞེས་ནང་གསེས་མང་དུ་གསུངས་པའི་དང་པོ་ནི། གཞུང་ལས། ཞི་བྱེད་དཀར་མོའི་སྦྱོར་བ་ནི༔ ནད་གདོན་མ་ལུས་ཞི་བྱེད་པའི༔ བདུད་རྩི་ཅོང་ཞིའི་བཅུད་ལེན་བྱ༔ ཞེས་གསུངས་པའི་ཕྱག་ལེན་སྙིང་པོར་དྲིལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་བྱ་ཞིང་ཆག་ཆག་གདབ། ཉིན་ཐོག་མར་བཀའ་གཏེར་གྱི་ཕག་མོ་གང་ཡང་རུང་བ་ཞིག་གི་ཚོགས་འཁོར་རང་གཞུང་བཞིན་རྒྱས་པར་གཏང་དགོས་པས་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱ། ཁྱད་པར་བཅུད་ལེན་གྱི་རྫས་ཅོང་ཞི་སྔོན་གྱི་ཕབས་རྒྱུན་དང་། སྒྲུབ་པ་པོ་ཕོ་ལ་མོ་ཅོང་དང་། མོ་ལ་ཕོ་ཅོང་། གཉིས་ཀ་ལ་མ་ནིང་ཅོང་ཞི་ཤིས་པར་གསུངས་པས་རྡོ་ལྷད་དང་བྲལ་བ་ནས་ཙམ་དུ་བརྡུངས་ནས་ཆུས་ཡང་ཡང་བཤལ་པ་སྐམ་རྗེས་ཞིབ་བཏགས་རིལ་བུའམ་ཕྱེ་མ་གང་རུང་དཔོན་སློབ་ཚང་མར་འདང་ངེས་བཅས་འདུ་བྱ། གཞུང་དུ་ཁ་ཚར་མང་དུ་གསུངས་ཀྱང་། རྒྱུན་གྱི་ཕྱག་བཞེས་ལ་ཅོང་ཞི་རྐྱང་པས་འཐུས་པར་མཛད། དེ་ནས་ཁྲུས་བྱས། མཚམས་དམ་པར་བཅད། སྟན་བདེ་བ་ལ་འདུག་སྟེ་ལུས་གནད་བསྲང་། རླུང་རོ་བསལ། ངེས་འབྱུང་དང་བྱང་ཆུབ་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་དྲག་ཏུ་བཏབ་ཅིང་རང་ལ་བསྟིམ། དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་བློ་སྦྱོང་དང་། སྐྱབས་འགྲོ །སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་བློ་རྒྱུད་དང་འདྲེས་ངེས་པར་བྱ། ཕག་མོ་གང་རུང་གི་གཞུང་བསྲངས་ལ་ཚོགས་མཆོད་རྒྱས་པར་བྱའོ། །གཉིས་པ་དངོས་གཞི་ནི། སྤྱི་བོའི་སྟེང་གི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་བཞིན་དུ་གསལ་བཏབ་ལ། ཀུན་བཟང་ཞི་ཁྲོ་རྡོར་འཆང་རྡོ་རྗེ་སེམས། །དགའ་རབ་འཇམ་དཔལ་ཤྲཱི་སིཾ་པདྨ་འབྱུང་། །བི་མ་བཻ་རོ་ཁྲི་སྲོང་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །རྒོད་ལྡེམ་རྡོར་མགོན་ནམ་གྲགས་འཇམ་དཔལ་མཚན། །རིན་ཆེན་ཆོས་རྒྱལ་སངས་བསྟན་དཀོན་མཆོག་བཟང་། །རིན་རྡོར་ཚེ་རིང་དབང་པོ་ཀླུ་སྒྲུབ་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །རོལ་པའི་རྡོ་རྗེ་ཐུགས་མཆོག་འཇམ་ཆོས་དབང་། །ཀུན་འདུས་ཚེ་དབང་ཡེ་ཤེས་ཕྲིན་ལས་ཞབས། །ཆོས་གྲགས་རྒྱ་མཚོ་ཀུན་བཟང་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །དགའ་བའི་རྡོ་རྗེ་བྱམས་པ་ཡོན་ཏན་དཔལ། །པདྨའི་མཚན་ཅན་ཐུབ་བསྟན་བསྟན་འཛིན་དང་། །གྲུབ་དབང་ཨོ་རྒྱན་རང་གྲོལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །སྙིང་པོའི་དོན་གཟིགས་རྣམ་རྒྱལ་རྡོ་རྗེ་དང་། །འགྱུར་མེད་གནས་ལུགས་མངོན་གྱུར་བསྟན་འཕེལ་ཞབས། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །ཀུན་འདུས་ཡིད་བཞིན་ནོར་བུ་མཛོད་ལྔའི་གཏེར། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་། །དམ་ཚིག་གཉན་པོས་བསྡུས་པའི་མཆེད་ལྕམ་ལ། །གསོལ་བ་འདེབས་སོ་བཅུད་ལེན་མཐར་ཕྱིན་ནས། །ཕུང་པོ་ལྷག་མེད་འགྲུབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་བསགས་པའི་ལས་སྒྲིབ་དང་། །གནས་སྐབས་ས་དང་ལམ་གྱི་བར་ཆད་ཀུན། །ཞི་ནས་བྱང་ཆུབ་བསྒྲུབ་ལ་གེགས་མེད་ཅིང་། །འཁོར་བར་ཞེན་ལོག་ངེས་འབྱུང་སྐྱོ་ཤས་འཕེལ། །དབེན་པའི་གནས་སུ་གཅིག་པུར་བསྲན་ཚུགས་ཤིང་། །བློ་སྣ་ཐུང་ཞིང་ཉིན་མཚན་ཆོས་ཀྱིས་འདའ། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ཤོག །ཚེ་རབས་ཀུན་ཏུ་ནད་མཚོན་མུ་གེ་སོགས། །སྐལ་ངན་ཀུན་གྲོལ་ངན་འགྲོའི་གཡང་ས་ཆོད། །མི་མཐུན་སྒྲིབ་བྲལ་ཚེ་དང་ཡེ་ཤེས་རྒྱས། །སྣང་བ་དབང་འདུས་ཉོན་མོངས་དགྲ་གདོན་འཇོམས། །ཕྲིན་ལས་ཀུན་འགྲུབ་རྡོ་རྗེའི་ལུས་ཐོབ་ཤོག །རླུང་སེམས་དབང་འདུས་རྟོག་ཚོགས་དྷཱུ་ཏིར་ཐིམ། །བདེ་དྲོད་རང་འབར་ཉམས་དང་རྟོགས་པ་འཕེལ། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ཏེ། །བདག་གཞན་འཁོར་འདས་དབྱེར་མེད་སངས་རྒྱས་ནས། ཁམས་གསུམ་ཡོངས་གྲོལ་ཆོས་དབྱིངས་ཐོབ་པར་ཤོག །ཅེས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྡོ་རྗེ་མཁའ་འགྲོ་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བདག་བསྐྱེད་ནི། ཧཱུྃ༔ ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཡིས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་མཁའ་འགྲོ་ཞི་བྱེད་མ༔ པད་ཉི་རོ་ཡི་གདན་སྟེང་དུ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ གར་སྟབས་་་གཡས་བསྐུམ་གཡོན་བརྐྱང་།ཁ་ཊྭཱཾ་དཀུ་ལ་བརྟེན༔ སྐྲ་གྲོལ་ཕག་ཞལ་་་རྣ་ལྟག་གཡས་སུ་ཁ་ཕྱོགས་པ།སྤྱི་བོར་གདེངས༔ ཐོད་སྐམ་དབུ་རྒྱན་རུས་པས་བརྒྱན༔ དཀར་གསལ་མེ་དཔུང་དབུས་ན་གསལ༔ ལྟེ་བར་ཉི་མའི་དཀྱིལ་འཁོར་དབུས༔ ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ༔ རྡོ་རྗེའི་ལྟེ་བར་ཧཱུྃ་དཀར་གསལ༔ སྙིང་གར་པདྨ་འདབ་བཞིའི་དབུས༔ ཧ་ཡིག་དཀར་པོ་འོད་ཟེར་འཕྲོ༔ དེ་ཕྱིར་ཧཱུྃ་རཾ་མེ་འབར་བསྒོམ༔ འོད་ཟེར་ཕར་འཕྲོས་འཕགས་པ་མཆོད༔ ཚུར་འདུས་ཡེ་ཤེས་བདག་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམ༔ ཞེས་གསལ་བཏབ་ནས་གཏུམ་མོ་འབར་འཛག་བསྒོམ་པ་ནི། ཕྱི་སྒྱུ་མའི་ལུས་ཀྱི་སྟོང་ར་རྡོ་རྗེ་ཕག་མོ་དཀར་མོའི་ཚུལ་དྭངས་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བསྒོམ། ནང་དག་པ་རྩའི་སྟོང་ར་དབུ་རྐྱང་རོ་གསུམ་འཁོར་ལོ་ལྔ་སོ་སོའི་གྲངས་བཞིན་གསལ་འདེབས། གསང་བ་གཏུམ་མོ་མེ་ཚང་གསོ་བ། རྩ་གསུམ་གྱི་འདུས་མདོར་ཉི་གདན་ལ་ཨ་ཤད་མེའི་ས་བོན་ཕྲ་ལ་ཁྱུག་པ་གཅིག་གསལ་བཏབ་སྟེ། ལྟེ་བའི་ཉི་མ་འབར་བའི་དཀྱིལ་འཁོར་གྱི་དབུས་སུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བར་ཧཱུྃ་དཀར་གསལ་ཞིག་གསལ་བཏབ་ནས། སྙིང་གར་པདྨ་འདབ་མ་བཞི་པའི་དབུས་སུ་ཡི་གེ་ཧ་དཀར་པོ་འོད་ཟེར་འཕྲོ་བ། གཏུམ་མོ་ཨ་ཤད་ནས་ལྟེ་བའི་ཧཱུྃ་ལ་མེ་འབར་བར་བསྒོམ། འོད་ཟེར་ཉིད་སྤྲོ་བ་དང་བསྡུ་བས་འཕགས་པ་མཆོད། ཡེ་ཤེས་ཀྱི་དྭངས་བཅུད་རང་ལ་ཐིམ་པར་བསམ། སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དུ་ཅི་གནས་མཉམ་པར་བཞག་ལ། ཅོང་ཞི་ཕྱེ་རིལ་གང་རིགས་ཐོད་ཕོར་དངོས་སམ། སྣོད་གང་རིགས་ཐོད་ཕོར་དུ་བསམ་པའི་ནང་དུ་བླུགས་ལ། ལག་པ་གཡོན་པས་ལྟེ་བའི་ཐད་ཀར་བཟུང་། འདོན་བསྒོམ་སྦྲགས་མས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། རྫས་ཀྱི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཨོཾ་ཧ་བཛྲ་སརྦ་པྲ་ཏི་མུརྟ་ཧཱུྃ་ཕཊ། ཅེས་བརྒྱ་རྩའམ་ཉེར་གཅིག་བཟླས་ལ་རྫས་ཀྱི་དུག་ཐམས་ཅད་སྦྱངས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩི་རོ་བརྒྱ་དང་ལྡན་པའི་རྫས་སུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཉེར་གཅིག་བརྗོད། སླར་ཡང་རིལ་བུ་ཧཱུྃ་ལས་བདུད་རྩིའི་གོང་བུར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿསྭཱ་ཧཱ། བརྒྱ་རྩ་བཟླས་པའི་སྔགས་ཀྱིས་བཏབ་པས་རྫས་དཔག་ཏུ་མེད་པར་འཕེལ་བར་བསམ་སྟེ་རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ། །དེ་ནས་རིལ་བུ་སྲན་འཕོས་ཙམ་གསུམ་མམ་ལྔ་གང་རིགས་དང། ཕྱི་མ་ཡིན་ན་ཐུན་འབྲིང་རེ་ཆུ་བསྐོལ་ཚྭ་མོས་འཕུལ་ལ་བཏང་བའི་རྗེས། ལྟེ་བའི་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་འབར། སྙིང་གར་བདུད་རྩི་ཁོལ་བས་ལུས་ཀྱི་ནང་གང་བར་བསམ་ལ། ལུས་བསྲངས་ཏེ་རླུང་རོ་བསལ། རླུང་རྔུབ་རིང་རྔུབ་ཐུང་གི་ཚུལ་དུ་བཟུང་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། འོག་རླུང་དལ་བུས་བསྐུམ་སྟེ་ཡུན་ཅི་གནས་སུ་བཞག །ལག་གཉིས་ཀྱི་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེའི་ཁུ་ཚུར་མཁལ་སྟེང་དུ་བཟུང་ལ་རྐེད་པ་གཡས་གཡོན་དུ་ལན་གསུམ་བསྐོར། མི་ཐུབ་ཙ་ན་རླུང་ཕྱིར་བཏང་དུས་ངག་ནས་ཧ་ཧཱུྃ་རཾ་བརྒྱ་རྩ་བརྗོད་པས་བདུད་རྩིའི་བཅུད་ཐམས་ཅད་བདག་གི་རྩ་གནས་གསུམ་དུ་ཐིམ་པས་བདེ་བ་བཟོད་མེད་དུ་འབར་བར་བསམ། དེ་འདྲ་བའི་རླུང་ཐུན་ཉེར་གཅིག་གི་བར་དུ་བཟུང་། མཐར་དམིགས་མེད་བདེ་བ་ཆེན་པོའི་ངང་དུ་མཉམ་པར་གཞག །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་མཁའ་འགྲོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་མཚོན་བསྔོ་སྨོན་དང་བཀྲ་ཤིས་གང་རིགས་བྱ། དེ་ལྟ་བུའི་རིམ་པས་ཉིན་དང་པོར་ཕྱི་ཐུན་ནས་བཟུང་སྟེ་ཚོགས་འཁོར་གྱི་ཉམས་ལེན་གོང་ལྟར་དང་། ཉིན་གཉིས་པ་ནས་བཟུང་དྲུག་པ་ཡན་ཆད་ལ་ཐུན་བཞི་གང་རུང་མཛད་ལ། ཐུན་རེ་རེ་བཞིན་ཚོགས་མཆོད་ཀྱང་བྱུང་ན་ལེགས། མ་གྲུབ་ན་སྔ་དྲོ་ཚོགས་མཆོད་སོགས་རྒྱས་པར་བྱ། ཐུན་གཞན་རྣམས་ལ་བརྒྱུད་འདེབས་སོགས་དངོས་གཞི་ལ་འཇུག་པས་ཆོག །མཚན་མོའང་ལུས་གནད་མ་ཞིག་པར་འཇམ་རླུང་བཟུང་ལ་དབྱིངས་རིག་བསྲེས་པའི་ངང་དུ་གཉིད་ཚིམ་པར་ལོག །གོས་དྲོ་བར་བྱ། ཐུན་མཚམས་རྣམས་སུ་སྤྲོ་ཞིང་ནུས་ན་ལུས་སྦྱོང་དང་འཕྲུལ་འཁོར་སོགས་བྱས་ཀྱང་ལེགས། དེ་དག་གི་སྐབས་སུ་གེགས་སེལ་ནི། ཇི་སྐད་དུ་གཞུང་ལས། གེགས་སྐྱོན་སེལ་ཐབས་མང་མཆིས་ཀྱང༔ ལར་ནི་གེགས་སྐྱོན་ཅི་བྱུང་ཡང༔ མི་དམིགས་སྟོང་པའི་རྒྱ་ཡིས་གདབ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཏོར་མཆོད་གཙང་མ་ཡང་ཡང་འབུལ༔ ལས་ངན་སྡིག་པ་སྒྲིབ་པ་རྣམས༔ དག་པར་གྱུར་ཅེས་སྨོན་ལམ་གདབ༔ གནད་གདོན་གེགས་སྐྱོན་གྲོལ་བར་འགྱུར༔ ཅེས་སོ། །གསུམ་པ་རྗེས་ནི། ཉིན་བདུན་པའི་ཐོ་རངས་ཁར། ཕྱེ་ཇ་སླ་མོ་བསྐོལ་ལེགས་པ་འོས་ཙམ་གསོལ། སླར་ཇ་ལེགས་པར་གསོལ་ཞིང་། དེ་ནས་འབྲས་ཐུག་བཟང་པོ་ལྟོ་བདེ་ཙམ་བཏང་ནས་ཟས་སྐོམ་རིམ་པར་གློད། མཁའ་འགྲོའི་ཚོགས་འཁོར་གཞུང་བཞིན་དུ་བསྐོར། ལྷག་མ་བཙོན་འཛིན་ཕུལ་བ་ནས་བཟུང་བསྔོ་སྨོན་བཀྲ་ཤིས་ཀྱི་བར་རང་རང་གི་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །དེ་ཡང་ལས་དང་པོ་པས་ཉིན་ཞག་བདུན་རེ་དང་། གོམས་ནས་བཅུ་བཞི་དང་། ཉེར་གཅིག་སོགས་ཐག་བསྲིང་། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི་གཞུང་ལས། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་འདི༔ ཞག་བདུན་ཟོས་ན་མུ་གེ་ཡི༔ བསྐལ་པ་ཀུན་ལས་ཐར་བར་འགྱུར༔ བཅུ་བཞིའི་བར་དུ་ཟོས་གྱུར་ན༔ འབུ་སྲིན་ནད་ཀུན་བྱང་བར་འགྱུར༔ ཉེར་གཅིག་ཟོས་ན་སྡེ་བརྒྱད་ཀྱི༔ གནོད་པ་ཀུན་ལས་ཐར་བར་འགྱུར༔ དེ་ལས་ལྷག་པར་ཟོས་པ་ན༔ ལུས་པོ་སྲ་མཁྲེགས་རྡོ་རྗེར་འགྱུར༔ ཤ་དཀར་མཉེན་ཞིང་གཞོན་ཤ་ཆགས༔ རུས་པ་སོ་ཚགས་དམ་པ་དང༔ དབང་པོ་ཀུན་དྭངས་གསལ་བར་འགྱུར༔ བཅུ་ཐུབ་པ་ཡང་བརྒྱ་ཐུབ་སྟེ༔ ཐིག་ལེ་དང་ནི་འབྱོར་པ་རྒྱས༔ བདེ་དྲོད་འབར་ཞིང་རྟོགས་པ་སྐྱེ༔ གཟི་བརྗིད་དཔག་མེད་མཁའ་འགྲོ་འདུ༔ ནད་དང་མཚོན་གྱིས་ཕིག་མི་འགྱུར༔ ཡོན་ཏན་ཀུན་ལྡན་དཔག་ཏུ་མེད༔ ལས་ལྡན་ཀུན་གྱིས་འབད་པར་གྱིས༔ ཞེས་གསུངས་པས་མཚོན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་ལ། གྲུབ་ཆེན་ཐང་སྟོང་རྒྱལ་པོའང་བཅུད་ལེན་ཟབ་མོ་འདི་ལ་བརྟེན་ནས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པ་ཡིན་ནོ། །གེགས་སེལ་དང་སྨན་གྱི་ཁ་བསྒྱུར་སོགས་རྒྱས་པར་སྤྲོ་ན་གཏེར་གཞུང་རྩ་བ་ལས་ཤེས་པར་བྱ་བ་ཁོ་ནའོ། །བདུད་རྩི་ཅོང་ཞིའི་བཅུད་ལེན་གྱི་ཕྱག་བཞེས་དང་དམིགས་རིམ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །མངྒ་ལཾ་བྷ་བ་ཏུ།། །།

གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་ (Volume 18, Text 32)

༁ྃ༔ གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈ ྈ ན་མོ་ཡ་མཱནྟ་ཀ་ཡ༔ རྡོ་རྗེ་འཇིགས་བྱེད་སྒྲུབ་པ་ནི༔ དྲུག་ཅུའི་གཏོར་མ་དཔེའུ་རིས་ལྟར་བཅའ༔ བདག་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་སྔོན་པོ་མདུན་གྱི་དེ་རྣམས་ཀྱང༔ ཞལ་གཅིག་མ་ཧེའི་ཞལ་དང་ཕྱག་བཞི་པ༔ གྲི་གུག་ཐོད་ཁྲག་མདུང་དང་རྡོ་རྗེ་འཛིན༔ ཐམས་ཅད་ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས༔ མདུན་དུ་གཙོ་བོ་གཅིག་ལ་འཁོར་བཅུས་བསྐོར༔ ཨོཾ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ མདུན་སྔགས༔ རང་སྔགས༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རྒྱས་པའམ་འབྲིང་པོ་གང་བཅས་ཀྱང༔ ཉིན་རེ་ཆུང་བ་བཅོ་ལྔ་འབུལ༔ དབུས་གསུམ་ཤར་གསུམ་ལྷོ་གསུམ་དང༔ ནུབ་གསུམ་བྱང་གསུམ་འབུལ་བ་ཡིན༔ འབུལ་བའི་སྔགས་ནི་འདི་ཉིད་བཟླ༔ ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ྈྈྈྈ ཅེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཁྲུམས་ཟླ་བའི་ཉེར་གསུམ་ནུབ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དངོས་སུ་ཞལ་གཟིགས་དུས་ཐུབ་པས་དངོས་སུ་བཀའ་བསྩལ་པའོ༔ ཞལ་གདམས་ནི་ཞལ་བཞི་ཕན་ལ་མི་མཛད་ཅེས་གསུངས་སོ༔ འདིའི་བདག་བསྐྱེད་རྒྱུན་དུའང་རུང་གསུངས༔ མདུན་བསྐྱེད་བསྙེན་པ་ཡ་མ་ར༔ ༈ རྡོ་རྗེ་འཇིགས་བྱེད་དྲུག་ཅུའི་གཏོར་སྒྲུབ་བསྡུས་པ་བཞུགས་ལགས་སོ། །ན་མོ་ཡ་མཱནྟ་ཀ་ཡ། འཇིགས་བྱེད་སྙན་བརྒྱུད་དྲུག་ཅུའི་གཏོར་སྒྲུབ་ནི། མཎྜལ་མེ་ཏོག་ཚོམ་བུ་བཅུ་གཅིག་བཀོད། །དེ་སྟེང་དྲུག་ཅུའི་གཏོར་མ་གཞུང་ལྟར་བཤམ། །བཅའ་ཚོགས་ཐམས་ཅད་དཔེའུ་རིས་ལྟར་བྱ། །དེ་ནས་སྐད་ཅིག་དྲན་རྫོགས་བདག་བསྐྱེད་ནི། བདག་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སྔོན་པོ་གྲི་གུག་ཐོད་ཁྲག་འཛིན། །ཞལ་གཅིག་མ་ཧེའི་ཞལ་ཅན་ཞབས་གཉིས་བསྒྲད། ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པར་གསལ། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་འཇིགས་བྱེད་ཀྱི། །རྣམ་པར་སྤྱན་དྲངས་བདག་ལ་ཐིམ་པར་གྱུར། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བསྙེན་ནོ། །མདུན་བསྐྱེད་ནི། ཨཱཿ སྟོང་པའི་ངང་ལས་མེ་རི་རྡོར་ར་དང་། །ཆོས་འབྱུང་འདབ་བརྒྱད་པད་ཉི་དྲེགས་པའི་སྟེང་། །ཧཱུྃ་ལས་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་། །ཞལ་གཅིག་མ་ཧེའི་ཞལ་དང་ཕྱག་བཞི་པ། །གྲི་གུག་ཐོད་ཁྲག་མདུང་དང་རྡོ་རྗེ་འཛིན། ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པར་གསལ། །དེ་ཡི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་སྐྱོང་བཅུ་པོ་སྲིད་གསུམ་ལྷ་འདྲེའི་ཚོགས། །སྤྱན་དྲངས་པད་འདབ་བཅུ་ལ་འཁོད་པར་གྱུར། ཨོཾ་ཧྲཱིཿཥྚི་བཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྵ་ཡ་ཛཿ ཁྲོ་བོ་སྐུ་སྨད་ཕུར་པ་ཅན་རྣམས་འཕྲོས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོར་ཕུར་པས་བཏབ། །ཀུན་ཀྱང་འཇིགས་བྱེད་གཙོ་བོ་ལྟ་བུ་ལ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། །ཧཱུྃ། རྒྱལ་བ་ཀུན་ཡབ་བཅོམ་ལྡན་འཇམ་པའི་དབྱངས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་ཁྲོ་བོའི་སྐུར་བཞེངས་ནས། །གདུག་པ་འདུལ་ཕྱིར་འཁོར་བཅས་འདིར་གཤེགས་ལ། །དྲག་པོའི་དཀྱིལ་འཁོར་འདི་རུ་བཞུགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷནཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨརྒྷཾ་སོགས། དབང་ལྷས་དབང་བསྐུར་གཙོ་འཁོར་ཐམས་ཅད་ལ། །རིགས་བདག་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ལིང་ག་བྲན་ལ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་ཚོགས། །རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་བདེན་པའི་མཐུས། །གནོད་བྱེད་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག །ལྕགས་ཀྱུས་ཁུག་ལ་ཞགས་པས་དམ་དུ་ཆིངས། །ལྕགས་སྒྲོག་སྡོམས་ལ་དྲིལ་བུས་གཟུགས་ལ་ཕོབ། །ཐོ་བས་རྡུངས་ལ་དགྲ་སཏྭས་ཚལ་པར་ཁོས། །རྡོ་རྗེས་གཟིར་ལ་ཕུར་བུས་དམ་དུ་ཐོབ། །རལ་གྲིས་གཏུབས་ལ་ཤ་ཁྲག་ཚོགས་སུ་རོལ། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་ངོ་བོ་ལ། །རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་གྱུར། །ཨོཾ་ཨཱཿཧཱུྃ། ཤཱཀ་ཐུབ་ལ་སོགས་བརྒྱུད་པའི་བླ་མ་དང་། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་འཁོར་བཅས་ལ། །སྨན་རཀ་གཏོར་གསུམ་ཕྱི་ནང་གསང་མཆོད་འབུལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། གསུམ། ཨརྒྷཾ་སོགས། སརྦ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། རྡོ་རྗེ་འཇིགས་བྱེད་འཇམ་དཔལ་ཁྲོས་པའི་རྒྱལ། །དེ་མཐོང་ཁྲོ་བོ་གཞན་འདར་ལག་ཆ་འཆོར། །སངས་རྒྱས་ཁྲོས་པ་རྣམས་ཀྱང་ཟ་བས་བསྡིགས། །འཇིགས་བྱེད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །དུས་གསུམ་སངས་རྒྱས་མཚན་ཀུན་ཐོས་པ་བས། །ལན་གཅིག་འཇམ་དཔལ་མཚན་ཐོས་མཆོག་གསུངས་ན། །བདག་ལ་བྱིན་རླབས་དངོས་གྲུབ་ཐམས་ཅད་སྩོལ། །བདག་ཅག་འཁོར་བཅས་སྲུང་བསྐྱབ་མཛད་དུ་གསོལ། །དེ་ནས་དྲུག་ཅུ་ཟན་རེ་རེས་གསོ་ཞིང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་བྱིན་གྱིས་བརླབས་ལ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་དྲུག་ཅུ་རྩ་བཞིས་ཕུལ། ཨརྒྷཾ་སོགས། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། གཤིན་རྗེ་གཤེད་ཀྱི་རྣམ་འཕྲུལ་ཕྱོགས་སྐྱོང་བཅུ། །འཁོར་དང་བཅས་པས་མཆོད་གཏོར་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །བྱད་ཁ་དགྲ་བགེགས་ནད་གདོན་ཐམས་ཅད་ཟློག །དུས་མིན་འཆི་དང་འཇིགས་པ་བཅུ་དྲུག་ཟློག །སྡང་དགྲ་གདོན་བགེགས་ཐམས་ཅད་རྡུལ་དུ་རློག །དམ་ལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ལས་གཤིན་གཏོར་མ་སྐབས་འདིར་ཡིན་ཡང་མི་དགོས་གསུངས་སོ། །དེ་ནས་གཏོར་མ་ལྷོ་ཕྱོགས་གྲོང་ཟད་པར་ཁྱེར་བཅུག་ལ། དེར་ལས་གཤིན་ལ་གཏད་པར་བསམས་ལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་བཀའ་བྱུང་གིས། །ལས་ཀྱི་གཤིན་རྗེ་འཁོར་བཅས་འདིར་ཉོན་ཅིག །ཉེས་མེད་སེམས་ཅན་མང་པོ་གསོད་པ་བས། །ཉེས་ཆེན་དགྲ་བགེགས་འདི་ནི་མྱུར་དུ་སོད། །ལས་མཁན་ཡ་མ་ད་ཊིས་ལྕགས་ཀྱུས་ཟུངས། །གཤིན་རྗེ་ཀཱ་ལ་པཱ་ཤས་ཞགས་པས་ཆིངས། །ཡ་མ་ད་ཊིས་བེ་ཅོན་མགོ་ལ་རྒྱོབ། །ཡ་མ་དན་ཏི་ཏྲ་ཡིས་ཟ་བར་གྱིས། །འཁོར་ཚོགས་གཤིན་རྗེ་ཕོ་མོ་འབུམ། །ལས་ཀྱི་མེ་ལོང་དགྲ་ལ་སྟོན། ནད་ཀྱི་རྐྱལ་པ་དགྲ་ལ་ཕྱེས། །ཚོན་གྱི་གྲུ་གུ་དགྲ་ལ་རྐྱོངས། །བདུད་ཀྱི་ཁྲམ་བམ་དགྲ་ལ་རྒྱོབ། །ཤྭ་རྡིལ་དཀར་ནག་དགྲ་ལ་སྤུངས། །འཁོར་ལོ་གསལ་ཤིང་མདུང་རྣོན་སོགས། །མཚོན་ཆའི་ཆར་པ་དགྲ་ལ་ཕོབ། །ལས་ཀྱི་གཤིན་རྗེ་ཁྱེད་རྣམས་ཀྱང་། །རྒྱལ་པོ་བློན་པོ་སྡེ་དཔོན་སོགས། །ཕོ་ཉ་བྲན་གཡོག་བུད་མེད་གཟུགས། །དྲེལ་རྟ་བོང་བུ་ཆུ་བྱ་དང་། །རླུང་ནག་འཚུབས་མ་རྟ་རུ་ཞོན། །མྱུར་མགྱོགས་བར་སྣང་གློག་བཞིན་དུ། །དམིགས་བྱའི་དགྲ་བོ་འདི་ཁྲིད་ལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །ལས་འདི་མྱུར་དུ་མ་བསྒྲུབས་ན། ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར། །དམ་ཟས་མནའ་ཆུའི་གཏོར་མ་ཟོ། །དམ་ཚིག་རྡོ་རྗེ་སྙིང་ལ་གནས། །ཉམས་ན་བརླག་པར་གདོན་མི་ཟ། །དེ་བས་མ་གཡེལ་ལས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་ཏིཥྛ། དགྲ་བགེགས་བླ་སྲོག་གཏོར་མ་བཅས། །ལས་གཤིན་འཁོར་དང་བཅས་པས་ཁྱེར། །ས་འོག་གཤིན་རྗེའི་ཡུལ་དུ་སོང་། །སརྦ་ཡ་མ་གཙྪ། རྗེས་ཆོག་ནི། ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་སོགས། ཡེ་ཤེས་གཤིན་རྗེ་ཕྱོགས་སྐྱོང་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཉེས་པ་ཐམས་ཅད་བཤགས། །སྤྱན་དྲངས་ལྷ་རྣམས་རང་གནས་བཛྲ་མུ། །དམ་ཚིག་པ་རྣམས་འོད་ཞུ་རང་ལ་ཐིམ། །རང་ཉིད་མཐའ་ནས་དབུས་ཡལ་སྟོང་པར་གྱུར། །དགེ་བས་བཅོམ་ལྡན་འཇམ་དཔལ་མྱུར་འགྲུབ་ཤོག །སྤྲུལ་སྐུའི་བཀའ་ཡིས་ཤིན་ཏུ་ཉུང་བསྡུས་པ། །གྱིས་གསུངས་བཞིན་དུ་རཱ་ག་ཨ་སྱས་སྦྱར། །ཉེས་པ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །མངྒ་ལཾ། སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། འདིའི་དབང་གཟུངས་དབང་ལྟར་རོ།།

གསང་བ་ཐུགས་སྒྲུབ་ཕག་མོ་ལྷ་ལྔའི་བདུད་རྩིའི་སྒྲུབ་ཐབས་གསལ་བྱེད་དང་བཅས་པ་ (Volume 34, Text 32)

༄༅༔ གསང་བ་ཐུགས་སྒྲུབ་ཕག་མོ་ལྷ་ལྔའི་བདུད་རྩིའི་སྒྲུབ་ཐབས་གསལ་བྱེད་དང་བཅས་པ་བཞུགས་སོ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་རིག་པའི་སྟོབས་ལྡན་པས༔ སྙིང་པོ་ལྔ་ལ་རྟག་སྤྱད་ན༔ མཁའ་འགྲོ་སྐུ་ལྔའི་གོ་འཕང་ཐོབ༔ སྙིང་པོ་ལྔ་ནི་བདུད་རྩིའི་གཏེར༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ དུར་ཁྲོད་ས་ལ་མཎྜལ་བྱ༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དཔེ་ཆུང་བཞིན་དུ་བྲི་བར་བྱ༔ མཚན་དང་ལྡན་པའི་ཀ་པཱ་ལར༔ བདུད་རྩི་ལྔ་དང་སྐྱོབས་ལྔ་དང༔ གཞི་ལྔ་གྲོགས་ལྔ་བསྟུན་ཏེ་སྦྲུ༔ དྲི་ཆེན་དྲི་ཆུ་ཤ་ཆེན་དང༔ བྱང་སེམས་པདྨ་རཀྟ་དང༔ བདུད་རྩི་རྩ་བ་ལྔ་ཞེས་བྱ༔ དེ་ལ་སྐྱོབས་ལྔ་བསྟན་པ་ནི༔ སྤོས་ཆེན་དྲི་ཆེན་སྐྱོབས་ཡིན་ཏེ༔ གླ་རྩི་དྲི་ཆུའི་སྐྱོབས་སུ་བཤད༔ ཤིང་ཀུན་ཤ་ཆེན་སྐྱོབས་ཡིན་ཏེ༔ ཅུ་གང་བྱང་ཆུབ་སེམས་ཀྱི་སྐྱོབས༔ གུ་གུལ་རཀྟའི་སྐྱོབས་སུ་བཤད༔ ཀ་ར་དྲི་ཆེན་གཞི་ཡིན་ཏེ༔ མར་ནི་དྲི་ཆུའི་གཞི་ཡིན་ནོ༔ བུ་རམ་ཤ་ཆེན་གཞི་ཡིན་ཏེ༔ འོ་མ་བྱང་ཆུབ་སེམས་ཀྱི་གཞི༔ སྦྲང་ནི་པདྨ་རཀྟའི་གཞི༔ གྲོགས་སུ་ཤ་ཆེན་རྣམ་པ་ལྔ༔ དྲི་ཆེན་གྲོགས་སུ་གླང་ཆེན་ཤ༔ དྲི་ཆུའི་གྲོགས་སུ་མི་ཡི་ཤ༔ ཤ་ཆེན་གྲོགས་སུ་ཁྱི་ཡི་ཤ༔ བྱང་སེམས་གྲོགས་སུ་རྟ་ཡི་ཤ༔ རཀྟའི་གྲོགས་སུ་བ་གླང་ཤ༔ དེ་ལྟར་བདུད་རྩིའི་ཚོགས་སྦྱར་ལ༔ རྩ་བ་ཞོ་རེ་གྲོགས་ཕྱེད་ཚད༔ སྐྱོབས་ནི་དེ་ཡི་སུམ་འགྱུར་ལ༔ གཞི་ནི་དེ་ཡི་བཞི་འགྱུར་རོ༔ ལེགས་པར་སྦྱར་ལ་ཐོད་པ་བཀང༔ མཎྜལ་སྟེང་དུ་ཁྲི་སྟེང་བཞག༔ དར་སྣས་དྲིལ་ལ་སྒྲུབ་པ་བྱ༔ རང་ཉིད་ལྷ་ཡི་རྣལ་འབྱོར་ལ༔ འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབ༔ ཡིག་འབྲུ་རྣམས་ལས་འོད་འཕྲོས་པས༔ བདུད་རྩི་རྣམ་ལྔ་འོད་དུ་ཞུ༔ མཁའ་འགྲོ་སྡེ་ལྔ་འཁོར་བཅས་ཀྱིས༔ ཡེ་ཤེས་བདུད་རྩི་ཆར་དུ་འབེབ༔ རྩ་བའི་སྔགས་ལ་འདི་ཉིད་གདགས༔ ཨོཾ་སརྦ་པཉྩ་ཨ་མྲིཏ་ཧཱུྃ་ཧྲཱིཿཋཱ༔ དེ་ཡི་བསྙེན་པ་བཟླས་པ་ཡིས༔ འོ་མ་ཟངས་སུ་ལུད་པ་ལྟར༔ བདུད་རྩིས་འཇིག་རྟེན་གང་བར་བསམ༔ དྲི་ཞིམ་ཉམས་ནི་དགའ་བ་དང༔ མང་དུ་འཕེལ་ན་འགྲུབ་པ་ཡིན༔ ལྷ་མོའི་སྐུ་ཡང་སྟོན་པར་བྱེད༔ རིལ་བུ་རིལ་མ་ཙམ་བྱས་ལ༔ རྣལ་འབྱོར་པ་ཡིས་རྟག་ཏུ་ཟ༔ གང་ཟོས་ཐོགས་མེད་མཐུ་དང་ལྡན༔ དེ་ཡིས་གྲོལ་བའི་ལམ་ཐོབ་ནས༔ ཚེ་འདིར་བདེ་བ་ཕུན་སུམ་ཚོགས༔ བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབ༔ མཁའ་འགྲོ་རྣམས་ཀྱིས་རྟག་ཏུ་མཆོད༔ མཁའ་འགྲོ་སྐུ་ལྔ་ལྷུན་གྲུབ་པའི༔ ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར༔ དྲི་ཆེན་ཕག་མོའི་དམ་ཚིག་ཡིན༔ བྱང་སེམས་རྡོ་རྗེ་མཁའ་འགྲོ་མ༔ དྲི་ཆུ་རིན་ཆེན་མཁའ་འགྲོ་མ༔ རཀྟ་པདྨ་མཁའ་འགྲོ་མ༔ ཤ་ཆེན་ལས་ཀྱི་མཁའ་འགྲོ་མ༔ སྤྱོད་ཅིང་ཟོས་ན་ཡོན་ཏན་ནི༔ མཁའ་འགྲོ་སྐུ་ལྔའི་གོ་འཕང་ཐོབ༔ དྲི་ཆེན་ཕག་མོ་ཆེན་མོའི་སྐུ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ༔ བྱང་སེམས་རྡོ་རྗེ་མཁའ་འགྲོ་མ༔ ལོངས་སྐུ་མེ་ལོང་ཡེ་ཤེས་ཐོབ༔ དྲི་ཆུ་རིན་ཆེན་སྤྲུལ་པའི་སྐུ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ༔ རཀྟ་པདྨ་ངོ་བོ་ཉིད་ཀྱི་སྐུ༔ སོ་སོར་རྟོག་པའི་ཡེ་ཤེས་ཐོབ༔ ཤ་ཆེན་མངོན་པར་བྱང་ཆུབ་སྐུ༔ བྱ་བ་ནན་ཏན་ཡེ་ཤེས་ཐོབ༔ ཐུན་མོང་དངོས་གྲུབ་ཐུབ་པ་ལྔ༔ དྲི་ཆེན་ཀླུ་དང་མཛེ་ནད་ཐུབ༔ བྱང་སེམས་ལྷ་གདོན་མཁྲིས་པ་ཐུབ༔ རཀྟས་མ་མོ་རྒྱུ་གཟེར་ཐུབ༔ ཤ་ཆེན་རྒྱལ་པོ་ཀླད་གཟེར་ཐུབ༔ དྲི་ཆུས་བདུད་དང་འབྲུམ་ནག་ཐུབ༔ ནད་ལྔ་གདོན་ལྔ་ཞི་བར་བྱེད༔ ཚེ་འདིར་བདེ་བ་ཕུན་སུམ་ཚོགས༔ སྦྱར་དུག་བཙན་དུག་ཤ་དུག་རྣམས༔ དུག་རྣམས་ཐམས་ཅད་བདུད་རྩིར་སྒྱུར༔ སྐྲ་དཀར་གཉེར་མ་མི་འབྱུང་ཞིང༔ ཚེ་ནི་ཉི་ཟླ་ལྟ་བུར་གནས༔ ཚེ་འདིར་མཁའ་འགྲོ་སྡེ་ལྔས་སྐྱོང༔ ཕྱི་མ་སྐུ་ལྔ་ཡེ་ཤེས་ལྔ༔ རྟག་ཏུ་ཡོན་ཏན་ཕུན་སུམ་ཚོགས༔ ཟས་སྐོམ་བདུད་རྩི་ལྔ་ལ་སྤྱོད༔ བདུད་རྩི་ལྔ་ཡི་སྒྲུབ་པ་འདི༔ མཁའ་འགྲོ་སྡེ་ལྔའི་ཡོན་ཏན་གྱི་སྒྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཕག་ལྔའི་བདུད་རྩིའི་སྒྲུབ་ཐབས་སོ།། ༈ །།ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་ནཱི་ཡཻ། ཉང་གཏེར་ཁྲོས་མ་ནག་མོ་ལས་མཁའ་འགྲོ་སྡེ་ལྔའི་ཡོན་ཏན་གྱི་སྒྲུབ་པ་ཕག་ལྔའི་བདུད་རྩི་རིལ་བུ་སྒྲུབ་པའི་ཐབས་འདི་ལ་དོན་གསུམ། གང་བསྒྲུབ་པར་བྱ་བའི་དམ་རྫས། ཇི་ལྟར་སྒྲུབ་པར་བྱེད་པའི་ཐབས། དེ་ལྟར་གྲུབ་པའི་རྫས་བསྟེན་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། གཞུང་ལས། རྩ་བ་བདུད་རྩི་ལྔ་ཞོ་གང་གི་ཚེ་གྲོགས་ཤ་ལྔ་ཞོ་ཕྱེད། སྐྱོབས་ལྔ་ཞོ་གསུམ། གཞི་ལྔ་ཞོ་བཞི་སྦྱར་བའི་རིལ་བུ་བྱ་ཚུལ་ལྔ་ཚན་བཞི་པོ་སྦྱར་ཚད་བཅས་གསལ་བར་བསྟན་པ་ལྟར། དམ་རྫས་རྩ་བ་ལྔ་པོ་གོང་མའི་ལུང་གིས་ཟིན་པའི་རྣལ་འབྱོར་པ་ནུས་པ་ཐོབ་ངེས་པ་སོགས་ཀྱི་ལུས་ལས་བྱུང་བ་ལ་རྒྱུད་དང་མན་ངག་ལས་བཤད་པའི་ལག་ལེན་ཚུལ་བཞིན་སྦྱར་བ་དགོས་ཀྱང་། དེང་སང་དཀྱུས་མཐུན་གྱི་ཕྱག་ལེན་སྔོན་གྱི་གྲུབ་ཐོབ་གོང་མའི་བདུད་རྩི་ལྔ་གཏེར་བྱོན་གཙོས་ཕབས་རྒྱུན་ལས་འབྱུང་བ་རྣམས་ལ་གཞིར་བྱ། དེ་ལྟར་གྱི་ཚེ་རིལ་དུ་བུངས་མང་ལ་རྩ་བ་ལྔ་པོ་གཞུང་གི་སྦྱོར་ཚད་ཙམ་འབྱོར་དཀའ་བས་གང་འཛོམ་དང་། གྲོགས་ཤ་ལྔའང་དེ་མཚུངས་སྔོན་གྱི་ཕབས་རྒྱུན་བསྲེས་ལ་དེ་དག་ཕབས་གཏར་སྦྱར། སྨན་ལྔའི་སྐྱོབས་རྣམས་ལ་དྲིའི་ལས་བྱེད་གཉིས་པོ་ཉུང་ན་ལེགས་ཤིང་གཞན་གསུམ་དང་ཐམས་ཅད་ཀྱི་གཞིའམ་གྲོགས་སུ་ཨ་རུ་ར་སྦྱར་བ་གཞུང་གཞན་རྣམས་སུ་བཤད་ཅིང་ད་ལྟའི་ཕྱག་ལེན་དུའང་མཛད་པ་ལྟར་བུངས་བསྐྱེད། བཅུད་ལྔའི་གཞི་འོས་བསྟུན་སྦྱོར་བ་སྟེ། དེའང་ཐོག་མར་སྨན་རྣམས་ཞིབ་པར་བརྡུང་། ཕབས་གཏའ་རིལ་བུ་སོགས་དང་གོང་མས་བསྒྲུབས་པའི་བདུད་རྩིའི་རྒྱུན་ཡོད་ན་དེ་དག་ལེགས་པར་སྦངས་པའི་ཁུ་བས་སྦྲུ། གཞི་ལྔ་པོའང་བཞུས་ཏེ་བསྲེ། རིལ་བུ་སྤུས་ལེགས་པ་བྱེད་སྐབས་མར་དང་འོ་མ་ཧ་ཅང་མང་བ་མི་ལེགས་པས་ཚོད་ཟིན་པར་བྱས་ལ་བོད་སྲན་རློན་པའི་ཚད་དུ་དྲིལ། རིལ་ཆག་ལེགས་པར་བྱས་ལ་སྐམ་ཐག་ཆོད་པར་བྱ། གཞུང་ལས་གཞི་ལྔ་བཞི་འགྱུར་དུ་སྦྱོར་བ་དང་། རིལ་བུ་རིལ་མ་ཙམ་དྲིལ་བར་གསུངས་པ་ནི་བཅུད་ལེན་རྟག་ཏུ་བསྟེན་པ་ལ་དགོངས་པ་ཡིན་པས་དེང་སང་དམ་རྫས་ཙམ་བྱ་བའི་སྐབས་ནི་གོང་སྨྲོས་ལྟར་ལེགས་སོ། །དེ་ལྟར་སྒྲུབ་རྫས་གྲུབ་པ་ན། གང་དུ་སྒྲུབ་པའི་གནས་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་འཇིགས་ལ་ཟིལ་ཆེ་བའི་དུར་ཁྲོད་དམ། གྲུབ་ཐོབ་རིག་འཛིན་གོང་མའི་སྒྲུབ་གནས་བྱིན་རླབས་ཆགས་ལ་མ་ཉམས་པར་དམར་ཕྱོགས་ཀྱི་ཚེས་བཅུ་གཙོར་གྱུར་པའི་ཌཱ་ཀི་འདུ་བའི་དུས་བཟང་པོར། སྟེགས་བུར་བདུད་རྩི་ལྔས་ཆག་ཆག་གདབ་པ་ལ་དཀྱིལ་འཁོར་གཞུང་གསལ་རས་བྲིས་བཀྲམ་པའི་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་བླུགས་ཤིང་དར་སྣས་བཀབ་ལ་གཟུངས་ཐག་བཏགས། མཆོད་གཏོར་གྱིས་མཐའ་བསྐོར་རོ། །གཉིས་པ་སྒྲུབ་པའི་ཐབས་ལ་གཉིས། རིགས་ལྔར་བསྙེན་པས་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་དུ་སྒྲུབ་པས་བཅུད་བསྡུ་བའོ། །དང་པོ་ནི། སྒྲུབ་ཐབས་རྒྱས་བསྡུས་གཉིས་ལས་ཅུང་ཟད་སྤྲོས་པ་རྒྱས་པའི་དབང་དུ་བྱས་ན། ལས་བྱང་གསར་རྙིང་གང་གི་ལུགས་ལ་བརྟེན་ཀྱང་ཆོག་མོད། སྨིན་ལུགས་མཁའ་སྤྱོད་བདེ་ལམ་ལྟར་ན། ཐོག་མར་བསང་གཏོར་དང་སྔོན་གཏོར་ནས་བརྩམ་སྦྱོར་བའི་ཆོས་བདུན་དང་བླ་མའི་རྣལ་འབྱོར། བདག་བསྐྱེད་བཟླས་པའི་བར་སོང་ནས་བསྙེན་པ་ཅི་འགྲུབ་མཐར། ཐུན་བསྡུ། སླར་ཡང་རང་ཉིད་ཁྲོས་མ་ནག་མོ་རིགས་བཞིའི་མཁའ་འགྲོའི་འཁོར་དང་བཅས་པའི་སྐུར་གྱུར། མདུན་རྟེན། སུམྦྷ་ནིས་བསང་། སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མདུན་དཀྱིལ་དབུས། །མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་། །ཨ་ལས་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེར་གྱུར་པའི་ནང་། །མ་ལས་ཉི་མའི་དཀྱིལ་འཁོར་སྟེང་། །དབུས་སུ་དྲི་ཆེན་གླང་པོའི་ཤ །ཤར་དུ་དྲི་ཆུ་མི་ཡི་ཤ །ལྷོ་རུ་བྱང་སེམས་རྟ་ཡི་ཤ །ནུབ་ཏུ་རཀྟ་བ་ལང་ཤ །བྱང་དུ་ཤ་ཆེན་ཁྱི་ཡི་ཤ །བདུད་རྩི་རླངས་པ་མ་ཡལ་ཞིང་། །ཤ་ལྔ་དྲོད་མ་ཡལ་བར་གསལ། །དེ་སྟེང་ཨ་ལས་ཟླ་དཀྱིལ་སྟེང་། ཨོཾ་དཀར་ཧཱུྃ་སྔོན་སྭཱ་སེར་པོ། །ཨཱཿདམར་ཧཱ་ཡིག་ལྗང་གུ་རྣམས། །རིམ་པར་དབུས་དང་ཕྱོགས་བཞིར་གསལ། །ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་མཆོད་ཐུགས་དམ་བསྐུལ། །འགྲོ་བའི་ཕུང་པོ་དུག་ལྔ་སྦྱངས། །ཚུར་འདུས་འབྲུ་ལྔའི་གཟི་བརྗིད་བསྐྱེད། །དེ་ལས་འོད་ཟེར་དཔག་མེད་འཕྲོས། །ཐོད་པའི་རྫས་ལ་ཕོག་པ་ཡིས། །མ་དག་དངོས་པོ་ཐམས་ཅད་སྦྱངས། །དམ་ཚིག་བདུད་རྩི་ཆེན་པོར་བསྒྱུར། །ནུས་བཅུད་མཆོག་ཏུ་སྤེལ་བར་གྱུར། །ཅེས་དམིགས་ནས་གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དཔའ་བོ་འབྲུ་ལྔ་ཉུང་མཐར་ཡང་འབུམ་ཐེར་གཅིག་འགྲོ་ངེས་པ་བཟླ། ཐུན་མཐར། དཔའ་བོ་འབྲུ་ལྔ་འོད་དུ་ཞུ། །ཤ་ལྔ་བདུད་རྩི་ལྔ་ལ་ཐིམ། །དེ་རྣམས་འོད་ཞུ་དམ་ཚིག་གི །བདུད་རྩིའི་རྒྱ་མཚོར་འཁྱིལ་བར་གྱུར། །ཅེས་དམིགས། ཐུན་མཚམས་གཏོར་འབུལ་ཕྲིན་བཅོལ་གྱི་བར་བྱས་ལ་གཏོར་མགྲོན་གཤེགས། བསྔོ་སྨོན་དང་ཤིས་བརྗོད་བྱ། ཐུན་གཉིས་པར་མཆོད་པ་བྱིན་རླབས་དང་སྐྱབས་སེམས་ནས་བརྩམ། བདག་མདུན་བསྐྱེད་བཟླས། གཏོར་འབུལ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་སྔར་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་གསུམ་དུ་བཅད་ལ། སྒྲུབ་པ་ཞག་བདུན་བྱེད་ན་འདི་ཞག་གསུམ་བྱེད། ཡུན་རིང་ཐུང་གཞན་ལ་དེས་འགྲེ །འདི་ནི་སྨན་ཁྲོལ་བུར་སྒྲུབ་པ་དང་འདྲ་བར་བཞུ་བཏུལ་གྱིས་བྱིན་གྱིས་བརླབ་པའོ། །གཉིས་པ་དཀྱིལ་འཁོར་དུ་སྒྲུབ་པས་བཅུད་བསྡུ་བ་ནི། དཀྱིལ་འཁོར་དབུས་སུ་བུམ་ཐོད་མེ་ལོང་གསུམ་པོ་བརྩེགས་མར་བཤམ་པ་སོགས་ལས་བྱང་དབུ་ནས་འབྱུང་བ་ཇི་ལྟ་བ་ལ། ཐོད་པའི་ནང་དུ་རིལ་བུ་བླུགས། མཆོད་གཏོར་དང་ཚོགས་མཆོད་ཅི་འབྱོར་གཟབ་སྟེ་བཤམ། ལས་བྱང་གི་སྦྱོར་བའི་ཆོས་བདུན་ནས་གཟུང་། བདག་བསྐྱེད། མདུན་བསྐྱེད་སྒྲུབ་མཆོད་བསྟོད་པ་ཡན་བཏང་ལ་སྤྲོ་བསྡུའི་དམིགས་པ་བཅས་རྩ་བསྙེན་ཇི་ལྟར་འོས་པ་བཟླ། ཁྱད་པར་གྱི་དམིགས་བཟླས་ནི་གཟུངས་ཐག་བླངས་ལ། བདག་མདུན་ལྷ་ཚོགས་ཐུགས་ཀ་ནས། །འོད་འཕྲོས་སངས་རྒྱས་ཞིང་ཀུན་ཁྱབ། །ཡེ་ཤེས་བདུད་རྩི་ཆར་ལྟར་བབས། །ཐོད་པའི་བདུད་རྩི་ལ་ཐིམ་པས། །ཞུ་ཁོལ་གཉིས་སུ་མེད་པར་འདྲེས། །འཕྱུར་ཞིང་ལུད་དེ་སྣང་སྲིད་གང་། །ཐམས་ཅད་བདུད་རྩིའི་དཀྱིལ་འཁོར་ཆེར། །རྣམ་དག་ཡེ་ཤེས་རོལ་པར་གྱུར། །ཅེས་པའི་ཏིང་འཛིན་གསལ་བཏབ་ལ། རྩ་བའི་སྔགས་ཀྱི་ཤམ་དུ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པས་ཐུན་གྱི་དངོས་གཞི་བྱས་ལ་བཟླ། ཐུན་མཐར་གཏོར་འབུལ་དང་གཏོར་མགྲོན་ཡེ་ཤེས་པ་མདུན་རྟེན་ལ་བསྟིམ། དཀྱིལ་འཁོར་པ་ལ་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། རས་བྲིས་དང་རྟེན་ལ་བརྟན་བཞུགས། བསྔོ་སྨོན་ཤིས་བརྗོད་བྱས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སླར་ཡང་མཆོད་ཁ་གསོ། མཆོད་པ་བྱིན་རླབས་ཕྱིན་ཆད་བཤད་མ་ཐག་པའི་ཕྲིན་ལས་བཟླས་པ་ཆ་ཚང་བ་རེ་བཏང་ལ་ཐུན་དུ་གཅད། སྲོད་ཐུན་ལ་གཏོར་འབུལ་རྗེས་སུ་ཚོགས་མཆོད་འབུལ། ལྷག་མ་བཙོན་འཛིན་སོགས་སྒྲུབ་པའི་ཕྱག་ལེན་སྤྱི་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པའི་ཞག་དུས་ཀྱི་གྲངས་ཐེམས་པའི་ནངས་མོར། ཕྲིན་ལས་བཟླས་པ་དང་བཅས་སྔར་ལྟར་ལ་བུམ་བཟླས་ཀྱང་བསྣན། གཏོར་འབུལ་རྗེས་སུ་བདག་འཇུག་རྒྱས་བསྡུས་གང་རུང་བྱ་ཞིང་བུམ་ཐོད་ཀྱི་བཅུད་བླང་པས་དངོས་གྲུབ་ལེན་ཆོག་དང་དོན་གཅིག་ཏུ་འགྱུར། དེ་ནས་ཚོགས་མཆོད་དང་ཕག་ལྔའི་མེ་མཆོད་ཀྱང་རྒྱས་པར་བྱ། ཚོགས་ལ་རོལ་ཞིང་ལྷག་གཏོར་ཕྱི་རོལ་དུ་གཏང་། གཏོར་མ་བསྐྱང་། རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གཞུང་ལྟར་བྱས་པས་འགྲུབ་བོ། །གསུམ་པ་སྒྲུབ་རྫས་བརྟེན་ཚུལ་དང་ཕན་ཡོན་ནི། དེ་ལྟར་ཚུལ་བཞིན་བསྒྲུབས་པའི་རིལ་བུ་དེ་ཉིད་རབ་ཐུན་དྲུག །འབྲིང་ཐུན་བཞི། ཐ་མ་ཐུན་གསུམ། མི་འགྲུབ་ན་ནངས་མོར་རེ་རེ་ཅི་ནས་བསྟེན་པའི་ཕན་ཡོན་ཀྱང་། གནས་སྐབས་སུ་གདོན་ལྔ་སྲུང་། ནད་ལྔ་སེལ། དུག་བདུད་རྩིར་སྒྱུར། ཚེ་རིང་པོར་འཚོ། མཐར་ཐུག་མཁའ་འགྲོ་ལྔ་ཡིས་རྗེས་སུ་བཟུང་ནས་མཁའ་ལ་སྤྱོད་པའི་ཞིང་དུ་བགྲོད་ཅིང་། སྐུ་ལྔ་ཡེ་ཤེས་ལྔའི་གོ་འཕང་བདེ་བླག་ཏུ་འགྲུབ་པ་སོགས་རྩ་བའི་གཞུང་ལས་ཇི་སྐད་གསུངས་པའི་དངོས་གྲུབ་རྣམས་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །ཞེས་རྩ་གཞུང་གི་གསལ་བྱེད་ལག་ལེན་མདོར་བསྡུས་པའི་ཚུལ་དུ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།

ཟབ་པ་སྐོར་བདུན་ལས༔ གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་ (Volume 41, Text 32)

ཟབ་པ་སྐོར་བདུན་ལས༔ གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་བཞུགས་སོ༔ ྈྈྈ ན་མོ་ཤྲཱི་ཧེ་རུ་ཀ་ཡེ༔ ཟབ་གཏེར་གཉེར་དུ་གཏད་པ་ཡི༔ དྲེགས་པ་སྡེ་ལྔའི་མཆོད་ཐབས་ནི༔ ཞི་བ་བྱེད་ན་དཀར་གཏོར་ལྔ༔ དྲག་པོ་བྱེད་ན་དམར་གཏོར་ལྔ༔ མཐུན་རྫས་དཀོར་ཆ་རྣམས་ཀྱིས་བྲན༔ བདག་ཉིད་ལྷར་གསལ་མཆོད་གཏོར་བརླབས༔ ཐུགས་ཀའི་འོད་ཀྱིས་དྲེགས་པ་བཀུག༔ ཨོཾ་ཤུ་ལ་ཏྲི་ཛ༔ ཀླུ་བཙན་གྱི་སྔགས་བཟླས་ཤིང་གཏོར་མ་འབུལ༔ ཨོཾ་དེ་ཝ་ཨ་ཛ༔ ཤར་ལྷ་ཡི་སྔགས་བཟླས་ཤིང་གཏོར་མ་འབུལ༔ ཨོཾ་དྷ་ཤ་གྷྲྀ་བ་དུ་ཛ༔ ལྷོ་བདུད་ཀྱི་སྔགས་བཟླས་ཤིང་གཏོར་མ་འབུལ༔ ཨོཾ་ནཱ་ག་རཱ་ཛ་ནཱཾ་ཛ༔ ནུབ་ཀླུ་ཡི་སྔགས་བཟླས་ཤིང་གཏོར་མ་འབུལ༔ ཨོཾ་དྷྭ་ཏི་ཀུ་མ་ར་བཻ་ཛ༔ བྱང་གཉན་གྱི་སྔགས་བཟླས་ཤིང་གཏོར་མ་འབུལ༔ པདྨ་བདག་ཉིད་ནམ་རྫོང་དུ༔ ཡོད་ཚེ་འདི་ལྔས་སྲོག་སྙིང་ཕུལ༔ གསེར་སྐྱེམས་སྦྱིན་ནས་དམ་བསྒྲགས་སྟེ༔ ཤེལ་རྔ་བརྡུང་སྟེ་འདི་སྐད་བསྟོད༔ ཧཱུྃ༔ ཤུ་བ་སྲོག་ཟན་བཙན་གྱི་རྗེ༔ ཡམས་ཤུད་དམར་པོ་མཐུ་སྟོབས་ཅན༔ བསྭེ་ཡི་སྐྱེས་བུ་རབ་འཇིགས་པ༔ སྐུ་མདོག་དམར་རྔམ་ཁྲོས་པ་ལ༔ ཕྱག་ན་མདུང་དམར་ཞགས་པ་འཛིན༔ བསྲེ་ཁྲབ་གསོལ་ཞིང་རྟ་དམར་འཆིབ༔ དར་དམར་རྡོ་རྗེའི་ཅོད་པན་ཅན༔ ཀླུ་བཙན་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ པདྨ་འབྱུང་གནས་བཀའ་བཞིན་དུ༔ སྒྲུབ་པ་པོ་ཡི་ཆོས་སྲིད་སྲུངས༔ ཆོས་སྐྱོང་རྒྱལ་པོའི་བསམ་པ་སྒྲུབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན༔ རྡོ་རྗེ་དཔལ་ལྡན་ཤེལ་གྱི་མདོག༔ རྒྱལ་མཚན་དཀར་པོ་པོ་ཏི་འཛིན༔ ཤེལ་ཁྲབ་གསོལ་ཞིང་རྟ་དཀར་འཆིབ༔ དར་དཀར་རྡོ་རྗེའི་ཅོད་པན་ཅན༔ ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ སྒྲུབ་པོའི་འགལ་རྐྱེན་ཞི་བར་མཛོད༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་སྲོག་གི་བདག༔ སྐོས་རྗེ་བྲང་དཀར་དམག་གི་དཔོན༔ ནག་པོ་བདུད་ཀྱི་མདུང་ཞགས་བསྣམས༔ ལྕགས་ཁྲབ་གསོལ་ཞིང་བདུད་རྟ་འཆིབ༔ དར་ནག་རྡོ་རྗེའི་ཅོད་པན་ཅན༔ བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ སྒྲུབ་པ་པོ་ལ་སྡང་བྱེད་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཀླུ་བདུད་ནག་པོ་སོག་མ་མེད༔ ཀླུ་ཡི་རྒྱལ་པོ་དམར་སེར་མདོག༔ ཕྱག་ན་མདུང་དར་སྦྲུལ་ཞགས་བསྣམས༔ གཡུ་ཁྲབ་གསོལ་ཞིང་ཀླུ་རྟ་འཆིབ༔ དར་དམར་རྡོ་རྗེའི་ཅོད་པན་ཅན༔ ཀླུ་དང་ས་བདག་འབུམ་གྱིས་བསྐོར༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ སྒྲུབ་པ་པོ་ཡི་སྙན་པ་སྒྲོགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རྡོ་རྗེ་གནོད་སྦྱིན་ནོར་བདག་ནི༔ སྐུ་མདོག་ངང་སེར་འོད་དུ་འབར༔ ཕྱག་ན་རྒྱལ་མཚན་ནེའུ་ལེ་འཛིན༔ བསྭེ་ཁྲབ་གསོལ་ཞིང་གཉན་རྟ་འཆིབ༔ དར་སེར་རྡོ་རྗེའི་ཅོད་པན་ཅན༔ གཉན་ཆེན་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ སྒྲུབ་པ་པོ་ཡི་ཚེ་གཡང་སྤེལ༔ ནོར་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་གཙང་སར་འབུལ་ཞིང་ཕྲིན་ལས་བཅོལ༔ རང་རང་གི་གནས་སུ་གཏང་བར་བྱའོ༔ ས་མ་ཡ༔རྒྱ༔ ྈྈྈ ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་རང་ལོ་ཉེར་བརྒྱད་སྒྲ་རྒྱལ་འབྲུག་གི་ལོ་ལ་ཀརྨའི་དམ་ཅན་བྲག་ནས་ཕུར་སྒྲོམ་གདན་དྲངས་པའི་ཟབ་པ་སྐོར་བདུན་ལས། ཕྱིའི་གཏེར་སྲུང་མཆོད་ཐབས་འདི་བཙན་རྒོད་ཆེན་པོའི་རི་རྩེ་མདོ་ཁམས་ཀུན་གྱི་མགུལ་ལྷ་ཐམས་ཅད་མཐོང་སར་ཕབ་པའི་ཡི་གེ་པ་ནི་ཟུར་མང་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་གྱིས་བགྱིས་ཤིང་། དེའི་ཉིན་ཤེལ་གྱི་ཁ་དོག་དང་འདྲ་བའི་ཆར་དང་། འཇའ་ཡི་ཀ་བ་བཞི་བཙུགས་པ་སོགས་ལྟས་དགེ་བར་བྱུང་ཞིང་། རང་ཉམས་ལ་བོད་ཁམས་ཀྱི་བསྟན་འགྲོར་ཕན་ནམ་སྙམ་པ་དང་། ལྷག་པར་ནུབ་ཀླུ་བདུད་དགེ་བསྙེན་ན་བུན་རྫོང་གི་རང་གཟུགས་བསྟན་ནས་བསུ་བར་བྱུང་། བྱང་གཉན་དྷྭ་ཧིའི་རང་གཟུགས་བསྟན་ཏེ་ཤར་ཕྱོགས་སུ་ཕྲིན་ལས་སྒྲུབ་པར་སོང་བ་དང་། གཞན་ཡང་ཡུལ་ལྷ་རྣམས་ཀྱི་ལྟས་ངོ་མཚར་བ་བསྟན་བྱུང་བ་བཅས། ཨོ་རྒྱན་ཆེན་པོའི་ཐུགས་རྗེ་ཚད་མེད་པས་བོད་ཁམས་ལ་རྣམ་པ་ཀུན་ཏུ་དགེ་བར་གྱུར་ཅིག། །།

ཡང་སྨན་མཆོད་ (Volume 9, Text 32)

མཆོད་དོ་འབུལ་ལོ། འོད་དཔག་མེད། འཇིག་རྟེན་དབང་ཕྱུག པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། རོལ་པའི་རྡོ་རྗེ། དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བླ་མ་རྒྱལ་བ་ཀུན་འདུས། རྡོ་རྗེ་འཆང་ཡབ་ཡུམ། ཀུན་ཏུ་བཟང་པོ་ཡབ་ཡུམ། ཚེ་དཔག་མེད། སྤྱན་རས་གཟིགས། ཐོད་ཕྲེང་རྩལ་བཞི། རྡོ་རྗེ་རིགས་བཞི། མཁའ་འགྲོ་མ་བཞི། སྒོ་བ་བཞི། ལྷ་དང་རིག་འཛིན། དཔའ་བོ་མཁའ་འགྲོ །དམ་ཅན་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆེ་མཆོག་དྲག་བྱེད་ཕུར་བུ། པདྨ་ཧེ་རུ་ཀ་ཡབ་ཡུམ། བྱ་ཁྱུང་རྒྱལ་པོ། འཇམ་དཔལ་ཡབ་ཡུམ། རྟ་མགྲིན་ཡབ་ཡུམ། གསང་བདག་ཡབ་ཡུམ། ཕག་མོ་སྡེ་ལྔ། མེ་དབལ་ཡབ་ཡུམ། རྨོངས་བྱེད་མཆེད་གསུམ། ལྕགས་སྡིག་ནག་པོ། དྲག་པོ་རྩལ་བཞི། ཕུར་པ་རིགས་བཞི། ཁྲོ་མོ་བཞི། ཁྲོ་རྒྱལ་བཅུ། ཁྲ་ཐབས་ཉི་ཤུ། སྒོ་མ་བཞི། དབང་ཕྱུག་མ་ཉེར་བརྒྱད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་གུ་རུ་དྲག་ཁྲོས། ཕྱག་རྡོར། འཇམ་དཔལ། རྟ་མགྲིན། སྐུ་གསུམ་སྤྲུལ་པའི་ཁྱུང་ཆེན། དྲག་མོ་གདོང་ཅན་མཆེད་བཞི། ཁྱུང་ཆེན་རིགས་བཞི། རང་རང་གི་སྤྲུལ་པ་དཔག་ཏུ་མེད་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐྱོང་ལྷ་ཆེན་མ་ཧཱ་ཀ་ལ། ལས་མགོན་སྲོག་བདུད་ནག་པོ། ཉི་ཟླ་ཐོད་ཕྲེང་མ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ་སྡེ་ལྔ། དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། མ་མོ། བདུད་མོ། ཤ་ཟ། ཞིང་སྐྱོང་བྱེ་བ་འབུམ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རཱ་ཧུ་ལ་ཡབ་ཡུམ། སྲིང་མོ་བཞི། གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། གཟའི་དམག་ཚོགས་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐྱེས་བུ་བཙན་རྒོད་འབར་བ། གནམ་ལྷ། ཐེའུ་རང་། མོན་པ། ཇག་པ། མཆེད་འཁོར། བརྟན་མ། ཤན་པ། བཙན་རྒོད། དགེ་བསྙེན་འཁོར་བཅས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནོད་སྦྱིན་རྒྱལ་པོ་རྣམ་མང་ཐོས་སྲས། སྤྲུལ་པའི་རྟ་བདག་བརྒྱད། འཁོར་ཚོགས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་བཅས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་ཆེན་པོ་ཡབ་ཡུམ་ཤ་ཟ་བྱེ་བ་འབུམ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཏེར་སྲུང་རྡོ་རྗེ་རྒྱལ་མཚན། ནོར་བུ་འོད་ལྡན། གདོལ་པ་ལག་རིང་། སོ་སོའི་འཁོར་ཚོགས་བསམ་ལས་འདས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་གང་བཅོལ་གྱི་ལས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོས་སོ།།

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ (Volume 53, Text 32)

༄༅། །དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་བཞུགས། ། ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡ། དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ནི། དམར་གཏོར་གཅིག་ལ་གཏོར་ཆུང་བཅུ་ཡིས་བསྐོར། དཀར་གཏོར་གཅིག་ལ་གཡག་ལུག་བྱ་རིགས་གཟུགས་ཀྱིས་བསྐོར། དེ་ནས་ཆོས་སྐྱོང་གི་སྤྱན་འདྲེན་དང་མཆོད་བསྟོད་ལས་གཞུང་དང་། དགུག་གཞུག་ལན་དགུ་བྱས་ལ་འདི་སྐད་དོ། །ཧཱུྃ། མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །མ་གཡེལ་དྲག་པོ་དགྲ་ལ་རྒྱུགས། །བསྟན་པ་གཉན་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་འདུས། །སངས་རྒྱས་ཆོས་ཀྱི་སྐུ་དགྲ་ལ། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །ལས་གཤིན་ཀིང་ཀང་དམར་ནག་ཆོས། །ཞལ་ཤེས། དུག་གདོང་ལས་གཤིན་འཁོར་བཅས་ཆོས། །རྡོ་རྗེ་འཇིགས་བྱེད་འཁོར་བཅས་ཆོས། །ལས་གཤིན་ཆོས་རྒྱལ་ཡབ་ཡུམ་ཆོས། །ཚེ་བདག་ནག་པོ་འཁོར་བཅས་ཆོས། །མ་མགོན་ཕྱོགས་བཅུའི་མགོན་པོ་ཆོས། །མགོན་པོ་བྱ་རོག་འཁོར་བཅས་ཆོས། །བྱིན་རླབས་མྱུར་མཛད་མགོན་པོ་ཆོས། །དཔལ་ལྡན་ལྷ་མོ་དཔོན་གཡོག་ཆོས། །བདུད་མགོན་སྲོག་བདུད་ནག་པོ་ཆོས། །སྲིན་མགོན་གཉན་མགོན་ཡབ་ཡུམ་ཆོས། །སྔགས་སྲུང་ཚེ་རིང་མཆེད་ལྔ་ཆོས། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་ཆོས། །དུར་ཁྲོད་བདག་པོ་བདག་མོ་ཆོས། །གདུག་པ་བསེ་ཡི་སྐྱེས་བུ་ཆོས། །གཙང་བཙན་མཆེད་འཁོར་བཅས་པ་ཆོས། །གཡུ་སྒྲོན་སྨན་མོ་འབུམ་ཚོགས་ཆོས། །སྔགས་བདག་ཀླུ་ཆེན་བརྒྱད་པོ་ཆོས། །མཁར་ནག་ཀླུ་བདུད་ཀླུ་བཙན་ཆོས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཆོས། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཆོས། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །འདོད་ཁམས་ལྷ་དང་སྲུང་མ་ཆོས། །མཐུ་ཆེན་དབང་པོ་བརྒྱ་བྱིན་ཆོས། །རྩལ་མཁན་ཚོགས་བདག་གླང་སྣ་ཆོས། །མདའ་མཁན་བྱི་ནུ་རཱ་ཙ་ཆོས། །འཐབ་སྐྱེན་མ་ཧཱ་ཀཱ་ལ་ཆོས། །སྟོབས་ཆེན་ལེགས་ལྡན་ནག་པོ་ཆོས། །མཐུ་ཆེན་སྔགས་ཀྱི་བདག་པོ་ཆོས། །འཛེག་མཁན་བྲག་ལྷ་མགོན་པོ་ཆོས། །ལམ་མཁན་ཨཱརྱ་རེ་མན་ཆོས། །སོ་མཁན་དཔལ་རབ་འཆང་བའི་མགོན་པོ་ཆོས། །ཡང་ཟོར་ཧཱ་ནུ་མནྠ་ཆོས། །སྒྱོགས་མཁན་ཁྱབ་འཇུག་ནག་པོ་ཆོས། །རྐྱལ་མཁན་བ་ལིཾ་སྨུག་པོ་ཆོས། །མདའ་ར་ཉེ་དབང་སོ་གཉིས་ཆོས། །གཅོད་མཁན་ལྷ་སྲིན་སྡེ་བརྒྱད་ཆོས། །བརྟུལ་ཞུགས་གླང་ཆེན་སྨྱོན་པ་ཆོས། །འཕྲང་སྲུང་སྟག་གཡག་རྔམས་པ་ཆོས། །རེ་འབྱམས་བྱ་རྒྱལ་ཁྱུང་ཆེན་ཆོས། ཁྲོ་གཏུམ་གཡུ་འབྲུག་སྔོན་པོ་ཆོས། །ནམ་མཁའ་ལྡིང་དང་སེང་གེ་ཆོས། །ཉིན་གྱི་དྲོད་གསལ་ཉི་མ་ཆོས། །ནུབ་ཀྱི་སྒྲོན་གསལ་ཟླ་བ་ཆོས། །ཕྱི་དཔུང་ལྷ་ཀླུ་གཉན་དམག་ཆོས། །སྣ་ཁྲིད་རྡོ་རྗེ་ལེགས་པ་ཆོས། །དཔའ་བོ་པེ་ཧར་རྒྱལ་པོ་ཆོས། །ཞལ་ཤེས། ནད་བདག་ཨེ་ཀ་ཙཱ་ཏི་ཆོས། །གནོད་སྦྱིན་ཤན་པ་དམར་ནག་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །བཤའ་མཁན་ཁྲ་ཆུང་ཤེ་ལེ་ཆོས། །ཤ་ཟ་ཕྲ་མེན་ཁྲ་སྤྱང་ཆོས། ཁྲག་འཐུང་འབར་བ་དྲེད་མགོ་ཆོས། །མགྱོགས་བྱེད་སྐྱ་ངོམས་སྤུན་གསུམ་ཆོས། །ཟ་བྱེད་མགོན་པོ་སྡེ་ལྔ་ཆོས། །རྒྱུག་བྱེད་མོན་པ་ནག་པོ་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །རྒྱ་གར་ཡུལ་གྱི་མཁའ་འགྲོ་མ། །བོད་ཀྱི་ཡུལ་གྱི་བསྟན་སྐྱོང་མ། །སྟོང་གསུམ་དམག་དཔོན་བྱེད་མཁན་མོ། །བསྟན་མ་དམག་གི་རྒྱལ་མོ་ནི། །བསྟན་སྐྱོང་ཡ་མའི་ཚོགས་དང་བཅས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །སངས་རྒྱས་ཆོས་ལ་ཕྱོགས་པའི་ལྷ། །མཆོད་ན་མགོན་སྐྱབས་བྱེད་པའི་ལྷ། །བརྔན་ན་དགྲ་ལ་རྒྱུག་པའི་ལྷ། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །བོད་ཀྱི་ཐང་ལྷ་ཡར་ཞུར་དང་། །གཉན་ཆེན་རྨ་གཉན་སྤོམ་ར་ནི། །འཁོར་དུ་གཉན་དམག་བསམ་མི་ཁྱབ། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་དཀར་པོ་གནམ་ལ་གཡུགས། །ཀི་བསོ་ཆ་སྒྲ་དི་རི་རི། །ཀུན་ཀྱང་མཐུ་ཆེན་རྩལ་དྲག་ཅན། །དྲག་པོའི་བྷྱོཿསྒྲ་དི་རི་རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་བླ་ཅན་གྱི་གཉེན། །རྨང་པོ་རྩ་དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀི་ལ་དགའ་ཞིང་བསོ་ལ་དགྱེས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །མ་གཡེལ་ཡུལ་ལྷའི་དམག་ཚོགས་རྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །སྐུ་རྒྱལ་བཙན་གྱི་དམག་ཚོགས་རྣམས། །སྨོན་སྐྱེས་གང་བཞུར་མཆེད་གསུམ་དང་། །སྤྲག་བཙན་ལྷ་དམག་འབུམ་སྡེ་དང་། །དམག་དཔོན་དབྱི་རྒྱལ་རིན་ཆེན་དང་། །གཏུམ་དྲག་བྱང་རྗེ་འཁོར་བཅས་དང་། །ཀླུ་རྒྱལ་པོ་ཏོ་འཁོར་བཅས་དང་། །གཟེ་རྒྱལ་གོ་རྒྱལ་ཡབ་ཡུམ་དང་། །སྐྱེས་བུ་ངོམ་རྒྱལ་ཡབ་ཡུམ་དང་། །གཏམ་རྒྱལ་དབྱིས་དོ་དགེ་བསྙེན་རྣམས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །འཇིག་རྟེན་སྲུང་མའི་དམག་ཚོགས་ལ། །དཀར་གསུམ་བརྒྱན་པའི་གཏོར་མ་དང་། ཁྱུང་དང་སེང་གེ་གཡུ་འབྲུག་དང་། །གྱི་ལིང་ཤང་ཤང་རྨ་བྱ་དང་། །སྟག་གཟིག་གུང་གཡི་དཀར་པོ་དང་། །གཡག་ལུག་བྱ་རིགས་སྣ་ཚོགས་འདི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསམ་གཏན་ལྷ་ཡི་དཀོར་བས་ལྷག །ལྷ་སྲུང་གཉན་པོའི་སྐུ་ལ་འབུལ། །གཞན་ཡང་དངོས་དང་ཡིད་ལས་སྤྲུལ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །སྲ་བའི་གོ་ཆ་རྣོ་བའི་མཚོན། །མདའ་དར་ཕུད་རྒོད་གཙང་མ་འབུལ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །རེམ་ཞིག་སྡང་བའི་དགྲ་ལ་རྒྱུགས། །སྡང་བའི་དགྲ་ལ་ཞེ་སྡང་སྐྱེད། །ཧོར་སོག་དགྲ་རྐུན་ལས་ངན་གྱིས། །སྲུང་མ་གཉན་པོར་མ་བརྩིས་ན། ཁྱོད་ཀྱིས་ཀོ་ལོང་དམ་པོར་མཛོད། །བསྐལ་པ་དུས་ཀྱི་སྙིགས་མ་ལ། །ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་། ཁྱེད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ། །སྣང་སྲིད་ལྷ་འདྲེ་དམག་ལ་འདུས། །རྒྱལ་ཆེན་སྡེ་བཞིས་དམག་དཔོན་གྱིས། །ཕྱོགས་སྐྱོང་བཅུ་ཡིས་སོ་མཚམས་སྲུངས། །རཱ་ཧུ་ལ་ཡིས་ཤན་པ་གྱིས། །རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །མ་མོའི་ཚོགས་ཀྱིས་དལ་ཁ་ཕོབས། །གཤིན་རྗེའི་ཚོགས་ཀྱིས་ཁྲམ་ལ་ཐོབས། །ནམ་མཁའི་ཁམས་ནས་ལྷ་དམག་དྲོངས། །བར་སྣང་ཁམས་ནས་གཉན་དམག་དྲོངས། །ས་གཞིའི་ཁམས་ནས་ཀླུ་དམག་དྲོངས། །རྒྱལ་པོ་ཉི་མའི་ཟེར་ལ་རྒྱུགས། །བདུད་རྣམས་ནམ་གྱི་གུང་ལ་རྒྱུགས། །བཙན་དམག་སྐྱ་རེངས་ཟེར་ལ་རྒྱུགས། །གནམ་ས་རི་ལུང་བར་སྣང་གང་། །ལྷ་སྲིན་སྡེ་བརྒྱད་དམག་ལ་ཆོས། །མྱུར་བར་མྱུར་བར་རིངས་སོ་རིངས། །གོ་ཁྲབ་གྱོན་ལ་རྣོ་མཚོན་རྡོར། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །ཞེ་སྡང་ཕྱུངས་ལ་ང་རྒྱལ་སྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་མཁར་ཤིགས་ལ་དགྲ་གཞུ་གཏིབས། །དཔའ་བོ་སོད་ལ་མགྱོགས་པ་སྒྱེལ། །གོ་ཁྲབ་ཤུས་ལ་རྣོ་མཚོན་ཕྲོགས། །དཔུང་པ་ཆོགས་ལ་རྒྱུས་པ་ཆིངས། །སྡང་བའི་དགྲ་བོ་གནོད་བྱེད་ཀྱིས། །དམག་དང་རྐུན་ཇག་གཤོམ་པའི་ཚེ། །སྲུང་མ་རྣམས་ཀྱིས་བཤོལ་ཐོབས་ཤིག །སྲུང་མ་རྣམས་ཀྱིས་དམག་སྣ་སྒྱུར། །ཕོ་ཉ་རྣམས་ཀྱིས་དམག་དཔུང་ཟློགས། །ལས་མཁན་རྣམས་ཀྱིས་དགྲ་བོ་སོད། །དྲེགས་བྱེད་རྣམས་ཀྱིས་དགྲ་སྙིང་ཕྱུངས། །ལྷ་སྲིན་ཚོགས་ཀྱིས་བླ་ཚེ་ཟོ། །དགྲ་ཤ་ཟོ་ལ་དགྲ་ཁྲག་ཐུངས། །བཙོ་སྲེག་མི་ཁོམ་རློན་པར་ཟོ། །དགྲ་ཇག་རྐུ་འཕྲོག་གཤོམ་པ་དང་། ཁ་མཆུ་གྱོད་ཚོལ་བྱེད་པ་དང་། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །གསང་སྔགས་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མར་མ་བཞག་ལ། །ད་ལྟ་ཉིད་དུ་རྡུལ་དུ་རློགས། །དགྲ་བོ་རང་གཤེད་རང་གིས་གྱིས། །དགྲ་བོ་རང་མཚོན་རང་ལ་རྒྱོབས། །བདག་ལ་སྡང་བའི་དགྲ་བོ་འདི། །བསྐལ་པའི་མུན་པས་སྟེང་ནས་ནོན། །རི་རབ་ཆེན་པོས་སྟེང་ནས་ནོན། །རྒྱ་མཚོ་ཆེན་པོས་སྟེང་ནས་ནོན། །བྲུབ་བོ་མནན་ནོ་མ་ལྡང་ཞིག །བཀུག་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེ་ཞིག །དམ་ཉམས་དགྲ་བོ་མ་ཤོར་ཅིག །ཐལ་བ་རྡུལ་དུ་བརླག་པར་མཛོད། ༈ །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད། །མཐོ་ལ་བབས་ན་ལམ་སྒྲོལ་མཛོད། །དམའ་ལ་བབས་ན་ལམ་སོལ་ཅིག །ཆུ་ལ་བབས་ན་ཆུ་སྒྲོལ་ཅིག །ཉམ་ངའི་ས་ནས་མཛོ་རྟ་བརྟེན། །མཐོ་ས་དགུང་ནས་བྱ་ར་མཛོད། །དམའ་ས་ཐང་ནས་འཚོ་རྫི་མཛོད། །བདག་གི་མགྲོན་པོའི་ལམ་སྣ་དྲོངས། །ཚོང་པ་རྒྱབ་ཀྱི་ཤུལ་ཡར་ཆོགས། ཁལ་ཁུར་མ་ཡོ་བདེ་བར་སྲོངས། །བདག་གི་མི་རྟ་ཁལ་མཛོ་རྣམས། །ཤུལ་ལམ་དུ་ནི་ཞུགས་པའི་ཚེ། །ཆད་ཅིང་ངལ་དུབ་མ་གཏང་ཞིག །ན་ཤི་ཚ་བ་མ་གཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཉིན་ལ་བབས་ན་འཚོ་རྫི་མཛོད། །མཚན་ལ་བབས་ན་མེལ་ཚེ་མཛོད། །ཕྱི་རྐུན་ནང་དུ་མ་གཏང་ཞིག །ནང་རྐུན་འབྲང་ལ་མ་འགྱེད་ཅིག །སློབ་དཔོན་ཐུགས་ཡིད་མ་དཀྲུགས་ཤིག །འབྲང་མི་ནང་མཁོན་མ་གཏང་ཞིག །བློ་ལ་སྣོག་པོ་མ་གཏང་ཞིག །ནང་མི་ཐུགས་འགལ་མ་གཏང་ཞིག །ཡེ་འདྲོག་གློ་བུར་མ་གཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཡག་དང་སྤྲོད་ལ་ཉེས་དང་སྣོལ། །མི་ཕྱུགས་ནང་ནོར་གྲོགས་དང་སྤྲོད། ཁ་ཟས་འདོད་པ་ཟས་དང་སྤྲོད། །རྒྱབ་གོས་འདོད་པ་གོས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །ཕ་རོལ་རྣམས་ཀྱི་ཆངས་པ་ཁྲོལ། །གནས་པོ་རྣམས་ཀྱི་ཡིད་སེམས་སླུས། །གནས་མོ་རྣམས་ཀྱི་སྙིང་ལག་སྒུལ། །ཅི་འདོད་ནོར་གྱི་དངོས་གྲུབ་སྩོལ། །ལེགས་ལྡན་ནག་པོས་ཚོང་དཔོན་གྱིས། །དཔལ་རབ་འཆང་གིས་ལམ་ལྷ་མཛོད། །ཉི་མའི་སྲས་པོས་སོ་པ་གྱིས། །པརྞ་ཤ་བ་རཱི་ཡིས་ནོར་རྣམས་སྐྱོངས། །ཨཱརྻ་རེ་མན་ཏ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཤོགས། །ཨཱརྻ་ཛམ་བྷ་ལ་ཡིས་ནོར་ལྷ་མཛོད། །རྣམ་ཐོས་སྲས་ཀྱིས་གསེར་དངུལ་སྡུས། །སྲུང་མ་རྣམས་ཀྱིས་སྡང་དགྲ་ཐུལ། །འཇིགས་པ་བརྒྱད་ལས་ཐུགས་རྗེས་སྐྱོབས། །ཡུལ་ལྷ་གཉན་གྱིས་མཐུན་གྲོགས་མཛོད། །ལྷ་ཀླུ་གཉན་གྱིས་རྒྱབ་རྟེན་མཛོད། །རྡོ་རྗེ་ལེགས་པ་ཚོང་ལ་མཁས། །ཕ་རོལ་རྣམས་ཀྱི་ཚོང་ཁ་ཁྲོལ། །མི་ལས་ཆོད་ལ་བདག་ལ་བྱིན། །མ་གཡེལ་སྲུང་མ་མགྲོན་གྱི་ལྷ། །རེམ་ཞིག་འདོད་པའི་དོན་རྣམས་སྒྲུབས། །ལམ་དགྲ་བྱེས་ཀྱི་འགོང་པོ་ཡི། །རྒྱུས་པ་ཆིངས་ལ་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡི་དམིགས་པ་ནི། རང་ཡི་དམ་དུ་བསྒོམ། མདུན་དུ་ཆོས་སྐྱོང་དང་ཡི་དམ་ལྷ་ཀླུ་གཉན་དམག་རང་རང་གི་འཁོར་གྱི་དམག་དཔུང་ལ། ལྷ་དམག་འབུམ། ཀླུ་དམག་འབུམ། བཙན་དམག་འབུམ་དང་། གཤིན་རྗེ་མ་མོ་ཕྱོགས་སྐྱོང་གི་དམག་འབུམ་འབུམ་དང་བཅས་ནས། དགྲ་བོའི་ཤ་ཁྲག་ཟོས་ནས་རྡུལ་དུ་བརླགས་པར་བསམ། ཚར་དགུ་བྱ་ཞིང་ཚར་རེ་རེ་ཐོན་པ་དང་བྷྱོས་གདབ། གཟའ་དར་བ་དང་སྤྲད་ལ་དགྲ་ཕྱོགས་སུ་གཏང་། འདི་ནི་བྱད་ཁ་ཟློག་པ་དང་། དགྲ་སྣ་སྒྱུར་བ་དང་། ཇག་སྣ་སྒྱུར་བ་དང་། མོ་ངན་ཚེར་རྩུབ་སྒྱུར་བ་ལ་དགོས་སོ། །འདི་ནི་རང་ལ་དགྲ་བྱུང་བའམ། བྱུང་དོགས་སམ། གཞན་དང་འགྲས་ན་དགོས། ཇག་ལ་འགྲོའམ། གཞན་ལ་ནོར་ཤོར་རམ། དགྲ་བྲུབ་བྱེད་དམ། དགྲ་ལ་མཐུ་བྱེད་དམ། ཚོང་དང་མགྲོན་ལ་འགྲོ་ན་བྱའོ། །འབུལ་དུས་ཆོས་སྐྱོང་སྲུང་མ་ལྷ་འདྲེའི་དམག་དང་བཅས་པ་ཅི་ལྟ་བ་བཞིན་དུ་དགྲ་བགེགས་ཀྱི་ཐོག་ཏུ་སོང་ནས་ཐལ་བ་རྡུལ་དུ་བརླགས་པར་བསམ། །འདི་ནི་ལེགས་ལྡན་གྱི་དགྲ་ཆོས་གོང་འོག་གཉིས་དང་། རྟ་ནག་དགྲ་ཆོས་དང་། ཕྱག་བཞི་པ་ཉིད་ཀྱིས་རྒ་ལོ་ལ་གསུངས་པའི་དགྲ་ཆོས། ཞིང་སྐྱོང་དམག་བསྐུལ། དམ་ཅན་དགྲ་ཆོས་གསོལ་ཁ་ཆེན་མོ་དང་། ཚེ་རིང་མའི་དགྲ་ཆོས་ཐམས་ཅད་ཀྱི་དོན་བསྡུས་ཏེ། ཀརྨ་ཨ་རཱ་གས་སྦྱར་བ་འདི་ལ་ཉེས་འགལ་གང་མཆིས་སྲུང་མ་རྣམས་ལ་བཤགས་ཤིང་དགེ་བས་དགྲ་ཇག་ཆོམ་རྐུན་གནོད་པ་ཞི་ནས་དཀོན་མཆོག་དབུ་འཕང་དགུང་ལ་རེག་པར་གྱུར་ཅིག །མངྒ་ལཾ།། ༈ ་་་ཟན་གྱི་ཁྲག་ཀོང་མེ་སྒྲོན་དང་བཅས་པ་དགྲ་ཆོས་ནང་དུ་བླུག་གོ །དགྲ་ཆོས་འབུལ་ཉིན་གྲི་ཡས་མདའ་ཡས་མདུང་ཡས་རྣམས་བཟོས་ལ་ཁྲག་གམ་བཙག་བྱུགས་ལ་དམར་པོ་བྱ། དགྲ་ཆོས་ཚར་དགུ་བྱས་ལ་ཚར་རྗེས་བཀྱགས། དགུག་གཞུག་བྱས་ལ་གཏོར་མའི་ནང་ དུ་བླུགས། ཕྱོགས་བཞིར་དགྲ་མཁར་བཞི་བརྩིགས་ལ་དགྲ་ཆོས་ཚར་དགུའི་རྗེས་མའི་འདོན་པ་དང་བསྟུན་ནས་ཁྲབ་ཆེན་མཚོན་ཐོགས་བཞིས། ཀི་སྒྲ། བསོ་སྒྲ་དང་བཅས་པས་བཤིག་དགོས། ཞལ་ཤེས་སོ།། །། སྤྲོ་ན་གྲི་ཡས་ལ་བཙག་བྱུགས་པ་དང་། ཤིང་ནག་ལ་རྔ་མོ་དང་དྲེལ་ཕག་གི་གཟུགས་བྱས་ལ་བོར་བ་དགྲ་བྲུབ་དུས་སུ་དགོས་པ་ཡིན་ནོ།། །།

རྫས་ཕུར་བྱིན་རླབས་ (Volume 32, Text 33)

ྈྈྈྈ ཤྲཱི་བཛྲ་ཀུ་མཱ་ར་ལ་ན་མོ༔ རྫས་ཀྱི་ཕུར་པ་བྱིན་རླབས་ནི༔ གདབ་ཕུར་ཐམས་ཅད་ཨེ་ལ་བཀོད༔ དང་པོ་གུ་གུལ་གྱིས་བདུག་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ༔ ཐུགས་རྗེས་འཛིན་ཕྱིར་རཀྟས་བྱུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཐུགས་དམ་བསྐུལ་ཕྱིར་ཡུངས་དཀར་བྲབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཙ་ར་ཡ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཨེ་ཡི་གདན༔ རུ་ཏྲ་ཐམས་ཅད་བཀུག་པའི་སྟེང༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཡབ་ཡུམ་སྦྱོར་བའི་འཕྲོ་འདུ་ལས༔ ཧཱུྃ་ཡིག་ཉེར་གཅིག་སྤྲོས་པ་ཡིས༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ མཐིང་ལྗང་དམར་བའི་སྐུ་སྟོད་རྣམས༔ ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ༔ རིགས་ཀྱི་མཚོན་ཆ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་བུ་འབར་བའི་དབལ༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ ཕུར་པ་ཆོས་དབྱིངས་ཕྱག་རྒྱས་འཛིན༔ ཐམས་ཅད་འདི་ལྟར་བསྐུལ་བར་བྱ༔ ཧཱུྃ༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ སྣ་ཚོགས་ལྕགས་ཀྱི་རལ་པ་ཅན༔ ཨུཏྤལ་རྒྱས་པའི་མདོག་འདྲ་བ༔ སྙིང་རྗེ་འདུས་པའི་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཕུར་བུ་ཨེ་ཡི་སྟེང་དུ་བཀོད༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ཀཱི་ལ་ཡ༔ དུང་ཁང་དཔའ་བོ་འབྲུ་ལྔ་ལས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ སྐུ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ རྩེ་མོར་ཧྲཱིཿཡིག་དམར་པོ་ལ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་འདུས༔ མཐུ་རྩལ་ལྡན་པའི་ཀཱི་ལ་ཡ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ། ཧྲཱིཿ དབང་བསྐུར་བྱིན་རླབས་སྔགས་རྒྱ་བྱ༔ དེ་ནས་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ ཐུགས་རྗེའི་ཐབས་ཀྱི་ཆོ་འཕྲུལ་ལས༔ སྒྲོལ་བྱེད་བཛྲ་ཀཱི་ལ་ཡ༔ བསད་ཅིང་བསྒྲལ་བ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ལྡན་སྦྱོར་བ་ཡི༔ སྙིང་རྗེ་འདུས་པའི་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པས་ན༔ གནོད་བྱེད་དགྲ་བགེགས་བརླག་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་པས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ༔ འདི་ལྟ་བུའི་ཕུར་པ་གང་ལ་བཏབ་ཀྱང་དོན་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་ཆེན་པོའི་ཕྲིན་ལས་པ་མཆོག་གྱུར་གླིང་པའི་གཏེར་མའོ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཕྲིན་ལས་བསྡུས་པ་སྙིང་པོ་དོན་གསལ་ཁྲིགས་སུ་བསྡེབས་པ་ཡེ་ཤེས་རོལ་པ་ (Volume 16, Text 33)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཕྲིན་ལས་བསྡུས་པ་སྙིང་པོ་དོན་གསལ་ཁྲིགས་སུ་བསྡེབས་པ་ཡེ་ཤེས་རོལ་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། གཞི་ཐོག་འཁྲུལ་པ་རང་གྲོལ་བས། །དང་པོར་སངས་རྒྱས་མགོན་དེ་ཡི། །སྐུ་དང་ཡེ་ཤེས་རྣམ་པ་དགུ །གཅིག་གྱུར་རྡོ་རྗེའི་བླ་མར་འདུད། །དབང་རྣོན་སྤྲོས་པ་ཆུང་ངུ་ཡི། །ཉམས་ལེན་ཤིན་ཏུ་རྣལ་འབྱོར་ལུགས། །བསྐྱེད་རྫོགས་ཆུང་ངུའི་ཕྲིན་ལས་ཀྱི། །ཡན་ལག་དཀྱུས་སུ་བསྡེབས་ཏེ་འགོད། །འདི་ལ་གཏེར་གཞུང་རྩིས་འགོས་མ་བསྡུས་པའི་སྦྱོར་བ་རྟེན་དང་མཆོད་གཏོར་ཇི་ལྟར་ཚོགས་པ་འདུ་བྱ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གཞི་གནས་ཀྱི་བདག་པོ་ལ་དཀར་གཏོར་དང་གསེར་སྐྱེམས་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། བྷཱུ་མི་པཱ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱཱུ་མི་པཱ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་སྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྡོངས་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པཱ་ཏི་གཙྪ་ས་གཤེགས་སུ་གསོལ། སྐྱབས་སུ་འགྲོ་བ་ནི། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་པ་ནི། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ དེ་ནས་གཏེར་གཞུང་ལས་དངོས་སུ་བསྟན་པ་དངོས་གྲུབ་བསྙེན་པའི་ཡན་ལག་སྔོན་འགྲོ་རིམ་པ་གསུམ་གྱི་དང་པོ་འགལ་རྐྱེན་སེལ་ཕྱིར་བགེགས་མཚམས་བཅད་པ་ནི། ཧཱུྃ༔ སྣང་སྲིད་ཡེ་ནས་སངས་རྒྱས་ས༔ གདོད་ནས་འཁྲུལ་པ་རང་སར་གྲོལ༔ ཐམས་ཅད་བདེ་བ་ཆེན་པོའི་ངང༔ རྐྱེན་ངན་སྡུག་བསྔལ་གྲོགས་སུ་ཤར༔ སྣང་གྲགས་སེམས་ཉིད་སྐུ་གསུང་ཐུགས༔ མ་དག་བགེགས་ཀྱི་མིང་ཡང་མེད༔ གལ་ཏེ་རྣམ་རྟོག་བདུད་བྱུང་ན༔ རྟོག་མེད་རྡོ་རྗེས་བརླག་པར་འགྱུར༔ བདེ་ཆེན་ཁྲོ་བོའི་སྤྲིན་ཆེན་འཁྲིགས༔ སྐྱེ་འགག་འགྱུར་མེད་རྡོ་རྗེའི་གུར༔ ཡེ་ཤེས་མེ་ཡིས་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ གཉིས་པ་རང་རྒྱུུད་སྦྱང་ཕྱིར་བརྡ་སྒོ་བཤགས་པ་དམ་བཅའ་ནི། ཨོཾ༔ ཡེ་ནས་ཆོས་སྐུ་དག་པ་ལ༔ སྲུང་མཚམས་འགལ་འཁྲུལ་ཡུལ་ལས་འདས༔ མ་ལུས་དཀྱིལ་འཁོར་གསུམ་དུ་རྫོགས༔ སྐུ་གསུང་ཐུགས་སུ་འདའ་མི་འགྱུར༔ ཡུལ་གསུམ་གསལ་བའི་གཟེར་ཐེབས་པ༔ ཉམས་པ་རྐྱེན་གྱིས་མི་ཕྱེད་ཀྱང༔ མཉམ་གཞག་རྗེས་ཐོབ་ཡོད་དབང་གིས༔ སྤྱི་དང་ཁྱད་པར་ལྷག་པ་ལས༔ འགལ་བར་གྱུར་པ་ཐམས་ཅད་བཤགས༔ བདག་གཞན་གཉིས་མེད་ཆོས་ཀྱི་སྐུ༔ ཐབས་ཤེས་མཉམ་སྦྱོར་ལོངས་སྤྱོད་རྫོགས༔ སྣོད་བཅུད་རྒྱུད་རྣམས་དག་རྟོགས་པ༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ས་མ་ཡ་ཤུདྡྷེ་ཨ༔ བོ་དྷི་ཙིཏྟ་ས་མ་ཡ་ཧཱུྃ༔ གསུམ་པ་མཐུན་རྐྱེན་སྤེལ་ཕྱིར་མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ ཆོས་ཀུན་གཉིས་མེད་དོན་རྟོགས་ནས༔ འདོད་པའི་ཡོན་ཏན་ཐམས་ཅད་པ༔ ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་རྒྱན༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་ཤར༔ སྣོད་བཅུད་ཐབས་དང་ཤེས་རབ་དང༔ མཉམ་སྦྱོར་བདེ་ཆེན་ལོངས་སུ་སྤྱོད༔ སྣང་ཡོད་ཕྱི་ནང་གསང་མཆོད་པ༔ སྦྱངས་སྤེལ་བསྒྱུར་བ་འཁྲུལ་པའི་བློ༔ འོན་ཀྱང་ཞེན་པ་སྦྱང་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ༔ སྤྲོས་པས་མཚན་མར་འཛིན་པ་སྦྱངས༔ དབྱིངས་ཀྱི་བྷནྡྷར་རིག་པའི་བཅུད༔ འོད་ཞུ་ཡེ་ཤེས་བདུད་རྩིར་བསྟིམ༔ ཐབས་ཤེས་བདེ་ཆེན་སྤྲིན་ཆེན་འཁྲིགས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ༔ མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་གུ་ཧྱ་ཀཱ་མ་གུ་ཎ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་རིམ་པ་གསུམ་གྱི་དང་པོ་ཉེ་བར་བསྙེན་པའི་ཡན་ལག་དམ་ཚིག་གི་འཁོར་ལོ་གསལ་གདབ་པ་ནི། ཧཱུྃ༔ ཆོས་རྣམས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་འོད་གསལ་ཉི་བཞིན་གསལ༔ རིག་པ་ཐིག་ལེ་ཧཱུྃ་དུ་འབར༔ སྣོད་བཅུད་ཀུན་སྦྱངས་དག་པའི་ངང༔ འོད་སྣང་འབྱུང་བ་ཡུམ་ལྔའི་དབྱིངས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང༔ རིག་པ་དཔལ་ཆེན་ཆེ་མཆོག་མཐིང༔ ཐིག་ལེ་ཞལ་གཅིག་ཐབས་ཤེས་ཕྱག༔ དབྱིངས་རིག་རྡོ་རྗེ་དུང་ཁྲག་འཛིན༔ ཚོགས་བརྒྱད་བསྒྲལ་པའི་དུར་ཁྲོད་ཆས༔ སྟོབས་བཅུ་རྫོགས་པ་དཔལ་གྱི་རྒྱན༔ བདེན་གཉིས་དབྱེར་མེད་ཞབས་འདོར་སྟབས༔ ལྟ་བའི་རྒྱལ་པོ་ཁྱུང་གཤོག་གདེངས༔ དབྱིངས་ཀྱི་གནམ་ཞལ་ཡུམ་ཆེན་ནི༔ དུག་གསུམ་སྒྲོལ་བའི་ཁ་ཊྭཱཾ་ག༔ འཁོར་བ་སྟོངས་མཛད་ཐོད་ཁྲག་འཛིན༔ དབྱིངས་རིག་ཟུང་འཇུག་གཉིས་མེད་འཁྲིལ༔ ཚད་ཕེབས་རྩལ་རྫོགས་གར་དགུ་ལྡན༔ གཟུང་འཛིན་ཟད་པར་སྲེག་པའི་མེ༔ འཁོར་འདས་ཀུན་ལ་ཁྱབ་པར་འཕྲོ༔ རྣམ་ཐར་བརྒྱད་ལྡན་འཁོར་ལོ་ལ༔ པད་ཉི་རུ་དྲ་སོགས་ཀྱི་གདན༔ ཡེ་ཤེས་བརྒྱད་ལས་ཤར་བའི་སྐུ༔ ཤར་དུ་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་འཁོར་ལོ་བེ་ཅོན་འཛིན༔ ནུབ་ཏུ་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་རལ་གྲི་ལ་སྦྲུལ་ཞགས་འཛིན༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་རྡོ་རྗེ་ཕུར་པ་འཛིན༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཁྱུང་ཆེན་ཞིང་དབྱུག་འཛིན༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ ནུབ་བྱང་དྲེགས་འདུལ་མཐིང་ནག་འབར༔ རྡོ་རྗེ་དྲེགས་པའི་མགོ་ཕྲེང་འཛིན༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ རྩེ་དགུ་དྲེགས་པའི་སྙིང་ཕྲེང་འཛིན༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ སྲས་དང་སྤྲུལ་པ་བཀའ་སྡོད་འཕྲོ༔ སྒོ་ཁྱམས་མཐའ་བཞི་འཇོམས་མཛད་པའི༔ ཁྲོ་མོ་དཀར་སེར་དམར་ལྗང་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་འཛིན་པ་ཕོ་ཉ་སྤྲོ༔ དབྱིངས་ལས་ལྷུན་གྲུབ་རིག་པའི་རྩལ༔ མ་བཅོས་ཡེ་རྫོགས་ངང་དུ་གསལ༔ གདོད་ནས་སྒོ་གསུམ་སྐུ་གསུང་ཐུགས༔ དབྱིངས་ཡེ་བདེ་ཆེན་རྡོ་རྗེའི་ངང༔ ཡེ་ནས་ལྷུན་གྲུབ་ཡེ་ཤེས་ལྔ༔ དབུ་རྒྱན་རྒྱལ་བ་རིགས་ལྔ་གསལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རྒྱས་གདབ་བཅས་མ་བསྐྱེད་ལྷུན་གྲུབ་ཏུ་གསལ། དེའང་གཞུང་ལས། དབང་པོ་ཡང་རབ་ཐམས་ཅད་ཀྱིས༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་བསྒོམ༔ འབྲིང་གིས་རྒྱུན་གྱི་རྣལ་འབྱོར་བྱ༔ ཐ་མས་མོས་སྒོམ་ཙམ་གྱིས་འགྲུབ༔ ཅེས་གསུངས་པ་ལྟར་བྱའོ། །གཉིས་པ་ཡེ་ཤེས་སྒྲུབ་པའི་ཡན་ལག་ཡེ་ཤེས་པ་འགུགས་བསྟིམ་མཆོད་བསྟོད་ཀྱི་རིམ་པ་ནི། ཧཱུྃ༔ ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང༔ ཡེ་ཤེས་ལྷུན་གྲུབ་ཕོ་བྲང་ནས༔ རིག་པ་རང་སྣང་བཅོམ་ལྡན་འདས༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ རྒྱལ་བ་ཞི་ཁྲོའི་འཁོར་དང་བཅས༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ འོག་མིན་འཐུག་པོ་བཀོད་པའི་ཞིང༔ འོད་ལྔ་འབར་བའི་ཕོ་བྲང་ནས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ༔ རིག་འཛིན་རྩལ་འཆང་ཡབ་ཡུམ་སྲས༔ སྤྲུལ་པ་འཁོར་དང་བཅས་པ་རྣམས༔ འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ མེ་རི་འབར་བའི་ཕྱོགས་བཅུའི་ཞིང༔ དུར་ཁྲོད་རོལ་པའི་ཕོ་བྲང་ནས༔ ཁྲོ་བོ་རོལ་པའི་ལྷ་ཚོགས་རྣམས༔ བཀའ་སྡོད་ཕྱག་བརྙན་འབུམ་དང་བཅས༔ ཁམས་གསུམ་གདུག་པ་འཇོམས་པའི་ཕྱིར༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ རུ་ལུ་རུ་ལུ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་སྣང་བའི་གནས༔ བདེ་བ་ཆེན་པོ་ཡུམ་གྱི་མཁའ༔ འཁོར་འདས་མཉམ་པའི་ཁྲི་གདན་ལ༔ དཔལ་ཆེན་འཁོར་བཅས་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་སྐུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཡུམ་ལྔའི་རང་བཞིན་ལ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་མཁའ་དབྱིངས་གང༔ གཉིས་མེད་བདེ་ཆེན་རྒྱན་དུ་རོལ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ ཨོཾ་མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ གཉིས་འཛིན་བདུད་རྣམས་གཞོམ་པའི་ཕྱིར༔ དབྱིངས་རིག་དབྱེར་མེད་རྩི་མཆོག་འདི༔ ལྷ་དང་རིག་འཛིན་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདིར་བརྒྱུད་མཆོད་སྤྲོ་ན། ཀུན་བཟང་ཧེ་རུ་ཀ་དཔལ་རྡོ་རྗེ་ཆོས། །ལས་ཀྱི་དབང་མོ་དགའ་རབ་ཤྲཱི་སིཾ་ཧ། །རིག་འཛིན་རྣམ་བརྒྱད་པདྨཱ་ཀ་ར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མངའ་བདག་ཡབ་སྲས་བཀའ་བབས་གྲུབ་ཆེན་བརྒྱད། །མཆོག་གྱུར་གླིང་པ་ཆོས་བདག་བརྒྱུད་པར་བཅས། །སྨིན་གྲོལ་མཆོག་སྦྱིན་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀློང་དགུའི་ཡེ་ཤེས་སྒྲུབ་ཆེན་ཚོམ་བུ་དགུ །གནས་གསུམ་མཁའ་འགྲོ་རྒྱུད་གསུམ་དམ་ཅན་དང་། །དཀར་པོའི་ཕྱོགས་སྐྱོང་གཞི་གནས་གཏེར་བདག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་འབུལ། ཨོཾ་ཨཱཿཧཱུྃ་གིས་ལྷག་མ་མྱོང་། ཧཱུྃ༔ སྟོང་གསུམ་དབྱིངས་ཀྱི་བྷནྡྷ་རུ༔ ཁམས་གསུམ་ཉོན་མོངས་ཀུན་བསྒྲལ་པས༔ བདེ་ཆེན་རཀྟའི་རྒྱ་མཚོ་འཁྱིལ༔ སྙིང་རྗེ་རྒྱས་ཕྱིར་བཞེས་སུ་གསོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་པདྨའི་སྣོད་ཡངས་པར༔ ཤ་ལྔ་བདུད་རྩི་དམ་རྫས་ཚོགས༔ བཟའ་དང་བཅའ་བའི་རིགས་ཐམས་ཅད༔ ཡིད་བཞིན་རིན་ཆེན་འབར་བའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མཚན་ལྡན་མི་མོའི་མཁའ་དབྱིངས་སུ༔ རིག་པའི་ཐབས་སྦྱོར་བདེ་ཆེན་སྤྲིན༔ རྒྱལ་བ་མཆོད་ཅིང་འགྲོ་བ་བསྒྲལ༔ འཛིན་མེད་ཡེ་མཆོད་ཆེན་པོར་བཞེས༔ མ་ཧཱ་ཏ་ན་ག་ཎ་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་སྐུ་སྐྱེ་འཆི་མི་མངའ་སྒེག་པའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བདུད་བཞི་ལ་དཔའ་བ༔ གདུག་པ་འདུལ་ཕྱིར་མི་སྡུག་ཚུལ་སྟོན་པ༔ སྐུ་ལྔ་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཨཱ་རལླི་བཞད་ཟུང་འཇུག་སྟོང་པའི་དབྱིངས༔ ཡེ་ཤེས་འོད་གསལ་ཐུགས་རྗེ་གཤེ་བའི་ཚིག༔ དབྱེར་མེད་ཧཱུྃ་རྔམ་འབྲུག་སྟོང་ལྡིར་བའི་དབྱངས༔ གསུང་ལྔ་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད༔ ཀ་དག་མཉམ་ཉིད་ཞི་བ་ཆེན་པོ་ལ༔ ལྷུན་གྱིས་གྲུབ་པ་སྙིང་རྗེ་ཆེན་པོའི་རྩལ༔ གང་ལ་ཆགས་ཐོགས་མེད་པ་ངོམ་པའི་ཐུགས༔ རིག་པའི་སྙིང་པོ་ལྔ་ལ་ཕྱག་འཚལ་བསྟོད༔ ཨ་ལ་ལ་ཧོ༔ གསུམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཛཔ྄་བཟླ་བ་ནི། གཞུང་ལས། རབ་འབྲིང་བློ་ཁྱད་ཛཔ྄་ཀྱི་དོན༔ ཇི་ལྟར་ནུས་པ་དེ་བཞིན་སྤྱོད༔ ཅེས་གསུངས་པ་ལྟར་ལས་འདིར་ལས་དང་པོ་པའི་དབང་དུ་བྱས་ཏེ་སྐུ་གསུང་ཐུགས་ཀྱི་བཟླས་པ་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་གསལ་སྣང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ཡུལ་གསུམ་གྱད་དུ་གྱུར་ཅིང་ཉམས་ལྔ་མཐར་ཕྱིན་པར་བྱའོ། །གཉིས་པ་ནི། ལྷ་རྣམས་ཀུན་གྱི་ཐུགས་ཀ་རུ༔ རིན་ཆེན་འོད་ཀྱི་དཔལ་བེ་འུར༔ ཉི་མའི་གདན་ལ་ཡེ་ཤེས་སེམས༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ཏིང་འཛིན་རྡོ་རྗེའི་ལྟེ་བ་ལ༔ ཧཱུྃ་ཡིག་འབར་བའི་མཐའ་མ་རུ༔ སྔགས་ཀྱི་ཕྲེང་བ་འཁོད་པར་གྱུར༔ ཅེས་གསལ་བཏབ་ལ་བཟླ་བ་ཟླ་བ་སྐར་ཕྲེང་གི་དགོངས་པ་གསུང་གི་བསྙེན་པ། དེ་ལས་སྔགས་ཕྲེང་ཡབ་ཞལ་ནས་ཡུམ་ཞལ་འགལ་མེ་ཀླད་སྐོར་ཚུལ་དུ་འཁོར་བས་བདེ་ཆེན་གྱི་ཉམས་འབར་བར་བསམ་པ་གསུང་གི་ཉེ་བསྙེན། དེ་ལྟར་འཁོར་བ་ལས་བདེ་ཆེན་གྱི་འོད་ཟེར་འཕྲོས་དོན་གཉིས་སྒྲུབ་པ་རྒྱལ་པོའི་ཕོ་ཉ་བཏང་བ་ལྟ་བུ་གསུང་གི་སྒྲུབ་པ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མཐའ་ཡས་པའི་སྤྲོ་བསྡུས་སྣང་གྲགས་ལྷ་སྔགས་སུ་གསལ་བ་བུང་བ་ཚང་ཞིག་ལྟ་བུ་སྒྲུབ་པ་ཆེན་པོའི་དགོངས་པ་སྟེ་དེ་དག་སྐབས་དང་སྦྱར་བས་བཟླ་བྱའི་སྔགས། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདེ་གཤེགས་ཞི་བའི་སྙིང་པོའོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཁྲོ་བོ་རོལ་པའི་སྙིང་པོ་སྟེ་སྤྱི་བསྡུས་སོ། །དཔལ་དགུའི་སྙིང་པོ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡཱ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་ལོཀྟྲི་པཱ་ལ་ཐུན་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་ཡཀྴ་བྷྱོ་རཾ་ཧཱུྃ་ཕཊ༔ ཅེས་དཔལ་དགུ་བཀའ་སྡོད་བཅས་པ་དང་། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་ོརཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་སྤྱི་དྲིལ་དྲག་སྔགས་མེ་ཕུང་མ་སྟེ་གཙོ་འཁོར་གྱི་འགྲོས་སྦྱར་ལ་བཟླ། ཨ་ཏི་རང་ལུགས་ཀྱི་རྡོ་རྗེའི་བཟླས་པ་ནི། སྟོང་གསུམ་ཆོས་དབྱིངས་གཞལ་ཡས་ཁང༔ ཁམས་གསུམ་རིགས་བདག་ཡབ་ཡུམ་སྲས༔ སྒྲ་སྐད་ཐམས་ཅད་ཆོས་ཀྱི་དབྱིངས༔ སེམས་ཉིད་ཆོས་སྐུ་རོལ་པ་ཆེ༔ དབྱེར་མེད་བདེ་བ་ཆེན་པོར་སྦྱོར༔ ཡེ་ནས་གྲོལ་བའི་ངང་དུ་བསྒྲལ༔ དཔལ་གྱི་དགོངས་པའི་མཐར་ཐུག་ཏུ༔ མཉམ་གཞག་རྗེས་ཐོབ་མེད་པ་རུ༔ རྫོགས་པ་ཆེན་པོའི་ངང་དུ་གནས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་ལྔ་སྦྲེལ་བཟླ་སྟེ། དེའང་གཞུང་ལས། རབ་ཀྱིས་བརྗོད་མེད་ངང་དུ་དབྱངས༔ འབྲིང་གིས་རླུང་དང་སྦྱར་ནས་བཟླས༔ ཐ་མས་ངག་ཏུ་བསྒྲང་བའི་ཚེ༔ སྣོད་བཅུད་རྒྱུད་རྣམས་དག་པར་བསྒོམ༔ ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི་གཞི་ལམ་འབྲས་གསུམ་དགོངས་པ་བརྒྱད་ཀྱིས་བསྡུས་པའི་དོན་གཞུང་བཞིན་ཉམས་སུ་བླང་། ཐུན་མཐར་སྟོང་ཚིགས་མཆོད་བསྟོད་ཀྱང་སྤྲོ་ན་བྱའོ། །སྐབས་འདིར་ཚོགས་མཆོད་ཀྱི་ཕྲིན་ལས་རྗེས་འབྲེལ་དང་བཅས་པ་ནི། དམ་ཚིག་གི་རྫས་རྣམས་ཚོགས་པར་བྱས་ལ། ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ༔ ཅེས་པས་བྱིན་བརླབས་བསང་ཆུ་འཐོར་ལ། ཧཱུྃ་ཧྲཱི༔ ཡེ་ནས་བདུད་རྩི་རྣམ་ལྔ་ནི༔ ཡེ་ཤེས་ལྔ་ཡི་རང་བཞིན་ལ༔ གཙང་དང་དམེ་བ་དམིགས་སུ་མེད༔ འདོད་ཡོན་ལྔ་ཡི་སྤྲིན་དུ་འཁྲིགས༔ འོན་ཀྱང་རྟོགས་གོམས་མི་ལྡན་པའི༔ རྣམ་རྟོག་དྲི་མ་བསལ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ༔ སྤྲོས་པས་མཚན་མར་འཛིན་པ་སྦྱང༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ ཧཱུྃ་ཧྲཱི༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ནི༔ ཀུན་ཏུ་བཟང་པོའི་རྒྱན་ཡིན་ཏེ༔ རྣལ་འབྱོར་ཏིང་འཛིན་རྩལ་སྦྱང་ཕྱིར༔ བྷནྡྷ་གཞལ་ཡས་གཟེད་ཁོང་དུ༔ དམ་རྫས་ཐམས་ཅད་འོད་དུ་ཞུ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས༔ འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག༔ དྭངས་མ་རིན་ཆེན་འབར་བར་སྤུངས༔ འདོད་ཡོན་སྡོང་པོ་དཔག་བསམ་ཤིང༔ ནམ་མཁའི་མཐའ་ཁྱབ་རྒྱས་པ་ལས༔ ཡིད་བཞིན་རཏྣའི་ཆར་པ་འབེབས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ག་ཎ་ཙཀྲ་ཧཱུྃ་ཧྲཱིཿཋཱ༔ ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱི༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་བཀའ་བརྒྱད་ལྷ༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་འདྲེན་གྱིས༔ དུར་ཁྲོད་ཚོགས་ཁང་འབར་བ་རུ༔ ཞིང་ཆེན་གསར་རྙིང་གཅལ་དུ་བཀྲམ༔ དམ་རྫས་བདུད་རྩི་རྒྱ་མཚོར་འཁྱིལ༔ ཞུན་ཆེན་མར་མེ་ཡེ་ཤེས་གསལ༔ རྐང་གླིང་ཐོད་རྔ་བརྡ་སྐད་སྙན༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ བདེ་ཆེན་བརྟུལ་ཞུགས་རྩལ་རེ་ཆེ༔ ཀུན་ཏུ་བཟང་པོའི་རྒྱན་ཡིན་ཏེ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རུ་ལུ་རུ་ལུ་ཨེ་ཨཱ་རལླི་ཧྲཱིཾ་ཛ༔ ཚོགས་ཕུད་ཀྱིས་མཆོད་པ་ནི། ཧཱུྃ་ཧྲཱི༔ སྲིད་གསུམ་འདོད་ཡོན་ཐམས་ཅད་ནི༔ འབྱུང་བ་ལྔ་ལས་བྱུང་ཞིང་སྤྲོ༔ ཐམས་ཅད་ཡེ་ཤེས་ལྔ་ཡི་ངང༔ ཐབས་དང་ཤེས་རབ་སྦྱར་བ་ལས༔ གཉིས་མེད་བདེ་ཆེན་སྤྲིན་དུ་འབྱུང༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་རྒྱས་པ་ལྟར༔ འདོད་པའི་ཡོན་ཏན་ཀུན་གྱི་སྤྲིན༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ འབྱུང་བ་ལྔ་ནི་ཡུམ་ཡིན་ལ༔ ཕུང་པོ་ཡེ་ཤེས་ལྔ་ནི་ཡབ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བའི༔ བདེ་ཆེན་བྱང་ཆུབ་སེམས་ལ་རོལ༔ གུ་ཧྱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཡུམ་རྣམས་ཐམས་ཅད་དབྱིངས་ཡིན་ལ༔ ཡབ་རྣམས་ཐམས་ཅད་རིག་པ་སྟེ༔ དབྱིངས་རིག་དབྱེར་མེད་སྦྱོར་བ་ཡི༔ བླ་མེད་མཆོད་པ་བཞེས་སུ་གསོལ༔ སྒེག་མོའི་ཚོགས་ཀྱི་ཕྱི་མཆོད་དང༔ སུ་ར་ཏྭ་ཡི་ནང་མཆོད་འབུལ༔ གསང་མཆོད་སྦྱོར་བའི་དགོངས་པ་གསལ་བཏབ་ལ། ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ཧོ྅་ཧཾ༔ རཱ་ག་ཡཱ་མི༔ ཨ་ལ་ལ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ མ་ཧཱ་སུ་ཁ་ཨ་ཧཾ༔ ཞེས་བདེ་ཆེན་ཡེ་ཤེས་ཀྱི་ཉམས་སྤར། འདུ་བར་མི་འོས་པ་རྣམས་བསྒྲལ་བའི་དགོངས་པས། དམིགས་རྟེན་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཛཿཡ༔ ཁམས་གསུམ་རྒྱུད་ལྔའི་འགྲོ་བ་རྣམས༔ གཟུང་དང་འཛིན་པས་བདག་ཏུ་ཞེན༔ མི་སྲུན་ལོག་པའི་སེམས་ཅན་ཁྱོད༔ རྒྱུ་ནི་གཏི་མུག་མ་རིག་པ༔ ཆགས་སྡང་གཉིས་ཀྱིས་རྐྱེན་བྱས་ནས༔ འཁོར་བའི་གནས་སུ་རྟག་ཏུ་འཁྱམས༔ སྡུག་བསྔལ་རྩ་བ་བཅད་པའི་ཕྱིར༔ མཁའ་དབྱིངས་ཡུམ་གྱི་ཨེ་རུ་བཅུག༔ ཡེ་ཤེས་ཐབས་ཀྱི་མཚོན་ཆ་ཡིས༔ ཉོན་མོངས་དྲྭ་བ་ཐམས་ཅད་བཅོམ༔ ཡེ་ཤེས་དྭངས་མ་དབྱིངས་སུ་སྤར༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་བའི་ཤ་ཁྲག་རུས་པ་བདུད་རྩིར་སྤར་བ་བསྟབ་པ་ནི། ཧཱུྃ༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་བསྟབ༔ རྟོག་མེད་འོད་གསལ་དབྱིངས་སུ་བཞེས༔ ཁམས་གསུམ་འཁོར་བ་སྟོངས་པ་དང༔ སྲིད་གསུམ་སངས་རྒྱས་ཞིང་དུ་བསྒྲལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཉམས་ཆག་བཤགས་པ་ནི། མཆོད་རྫས་བཏེགས་ཤིང་ལྟ་དགོངས་ལ་མཉམ་པར་བཞག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ ཡེ་ནས་རྣམ་དག་ཆོས་ཀྱི་སྐུ༔ མ་རྟོགས་འཁྲུལ་པའི་མིང་ཡང་མེད༔ འོན་ཀྱང་ཡོད་མེད་འཁྲུལ་པའི་བློས༔ སྐུ་གསུང་ཐུགས་ལ་འགལ་བ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས༔ ཕྱི་ནང་གསང་བའི་ཚོགས་ཀྱིས་བསྐང༔ དག་དང་མ་དག་མིང་མེད་པ༔ བློ་འདས་གདོད་མའི་གཤིས་འདི་ནི༔ སྟོང་ཉིད་འཛིན་པའི་གཟེབ་ལས་གྲོལ༔ ཡེ་ནས་རང་གྲོལ་ཆོས་ཀྱི་སྐུ༔ འགག་མེད་རོལ་པ་ཅི་ཤར་ཡང༔ ཆོས་ཉིད་ངང་དུ་ཆོས་ཉིད་རོལ༔ དབྱིངས་རིག་དབྱེར་མེད་ཀློང་དུ་ཐིམ༔ རྣམ་དག་འོད་གསལ་དངོས་གྲུབ་སྩོལ༔ ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླའོ། །དེ་ནས་བརྡའི་འབུལ་ལེན་དང་བཅས་ཚོགས་རྫས་རྣམས་ནང་གི་སྲེག་བླུགས་སུ་ལོངས་སྤྱད། ལྷག་མ་བསྡུས་ལ་སྒྲུབ་པ་ཆེན་པོའི་སྐབས། ཧཱུྃ༔ དང་པོ་ཕུད་ཀྱིས་སོགས་བརྗོད་ཅིང་ཕུད་ལྷག་བསྲེ་བ་དང་ཁ་ཕྲུས་བཏབ། དཀྱུས་ལ། ཞིང་ཆེན་པགས་པ་རྒྱ་ཆེ་བར༔ ཧྲཱིཿལས་ཤ་ཁྲག་ལོངས་སྤྱོད་རྣམས༔ བདུད་རྩིའི་རང་བཞིན་གསོལ་བར་བསམ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཨེ་ཨཱ་རལླི་ཧྲཱིཾ་ཛ༔ ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ བྷྱོ༔ དཔལ་གྱི་བཀའ་ཉན་དམ་ཚིག་ཅན༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྒྲོལ་བྱེད་གིང་ཆེན་བཅོ་བརྒྱད་དང༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ སྟེང་འོག་ཕྱོགས་བཞིའི་ཕོ་ཉའི་ཚོགས༔ ཕྱོགས་སྐྱོང་རྒྱལ་ཆེན་ཆུང་མར་བཅས༔ ས་བདག་མ་ཡམས་བརྟན་མ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ སྐུ་ཡིས་ཆོ་འཕྲུལ་སྣ་ཚོགས་སྟོན༔ ཨཱ་རལླི་དང་བཤུགས་གླུ་ལེན༔ བརྩེ་བའི་ཐུགས་རྗེས་འགྲོ་དྲུག་སྒྲོལ༔ དཔལ་གྱི་ཕ་འབབ་འདི་གསོལ་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་འབུལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་དུ་བསྐུལ༔ མཛོད་ཅིག་མཛོད་ཅིག་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ ཕོ་བྲང་དགུ་ཀློང་འབར་བའི་ཨེ་དབྱིངས་ནས༔ དཔལ་ཆེན་འདུས་པའི་ལྷ་ཚོགས་སྐུར་བཞེངས་ཤིག༔ བཀའ་སྡོད་ཕོ་ཉའི་ཚོགས་རྣམས་ལས་ལ་ཆོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བར་ཆད་ཆག་ཆེན་བསྒྲལ་བའི་དུས་ལ་བབ༔ མ་གཡེལ་མ་གཡེལ་བཅོལ་པའི་ཕྲིན་ལས་མཛོད༔ ཆད་ཐོ་བསྒྲག་པ་ནི། ཧཱུྃཿ སྔོན་ཚེ་འོག་མིན་གནས་སུ་ཀུན་བཟང་གིས༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ལ༔ རྒྱུད་ལུང་མན་ངག་དགོངས་པ་བརྡ་ཡིས་བཤད༔ གསང་སྔགས་བསྟན་པ་སྤེལ་བར་བཀའ་བགྲོས་ནས༔ བར་དུ་སྲིད་གསུམ་གནས་སུ་རིག་འཛིན་གྱིས༔ གསང་སྔགས་བཀའ་ཡི་བསྡུ་བ་མཛད་པའི་ཚེ༔ འཁོར་གྱི་རིག་འཛིན་མཁའ་འགྲོ་མང་པོ་ཡིས༔ གསང་སྔགས་བསྟན་པ་འཛིན་པར་ཞལ་གྱིས་བཞེས༔ ད་ལྟ་འཛམ་གླིང་གནས་མཆོག་དུ་མ་རུ༔ ཤཱཀྱ་ཐུབ་པ་གསང་བདག་ལ་སོགས་པས༔ གསང་སྔགས་བསྟན་པ་རྒྱ་ཆེར་སྤེལ་བའི་ཚེ༔ ཕྱོགས་བཅུའི་ལྷ་དང་རིག་འཛིན་མཁའ་འགྲོ་ཡིས༔ རྣལ་འབྱོར་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས༔ དུར་ཁྲོད་བརྒྱད་དང་བསམ་ཡས་མཆིམས་ཕུ་རུ༔ པདྨ་ཐོད་ཕྲེང་གྲུབ་པའི་སློབ་དཔོན་རྣམས༔ གསང་སྔགས་སྙན་དུ་བརྒྱུད་ཅིང་གཏེར་དུ་སྦས༔ ཐབས་ལ་མཁས་པས་འགྲོ་བའི་དོན་མཛད་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་ཐམས་ཅད་ཀྱིས༔ གསང་སྔགས་བསྟན་པ་སྲུང་བར་ཞལ་གྱིས་བཞེས༔ ཀུན་ཀྱང་དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དུཥྚཱན་ཨེ་ཛ་བྷྱོ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ས་མ་ཡ་རཀྵནྟུ༔ ཟོར་དུ་བསྐུལ་བ་ནི། ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་སྒྲོལ༔ གཏོར་ཟོར་འབར་བའི་མཚོན་ཆ་འདིས༔ ཕས་ཀྱི་མི་མཐུན་རྐྱེན་རྣམས་ཟློག༔ མ་ཧཱ་ཤ་རི་བྷྱོ་ཟློག༔ བརྟན་མ་བསྐྱང་བ་ནི། བཤལ་ཆུ་བདུད་རྩིར་བརླབས་ལ། ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད༔ བདུད་ལ་དབང་བྱེད་ཀུན་བཟང་མོ༔ བདུད་ཀྱི་ཆེ་ཞེའི་འཁོར་དང་བཅས༔ གནོད་སྦྱིན་དབང་བྱེད་གནོད་སྦྱིན་མོ༔ ནོར་བདག་ཆེན་མོའི་འཁོར་དང་བཅས༔ སྨན་མོ་ཀུན་གཙོ་ཀོང་ལྷ་མོ༔ སྨན་མོ་བསྟན་སྐྱོང་འཁོར་དང་བཅས༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ ཁས་བླངས་བཞིན་དུ་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་སྡོངས་གྲོགས་མཛོད༔ ཟབ་གཏེར་བསྟན་པ་སྤེལ་དུ་གསོལ༔ པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་དུ༔ དུག་ལྔ་བསྒྲལ་བའི་ཕུང་པོ་ལ༔ རྡོ་རྗེས་འབིགས་ཤིང་འཁོར་ལོས་གཅོད༔ ནོར་བུས་སྦྱང་ཞིང་པདྨས་བརླབ༔ རལ་གྲིས་གཏུབས་ཏེ་རོལ་པ་ཡིས༔ ཚོགས་ནི་ཡེ་ཤེས་ལྔ་རུ་རོལ༔ བྲོ་ནི་བདུད་བཞི་འཇོམས་པར་བརྡུང༔ གླུ་ནི་རྫོགས་པ་ཆེན་པོར་བླང༔ དམིགས་མེད་དབྱིངས་སུ་རྒྱས་བཏབ་བོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་དྲ་སཏྭམྦྷ་ཡ་ནན༔ སྒྲུབ་དཀྱིལ་དང་འབྲེལ་ན་འདིར་མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་ལས་དང་པོ་བསྡུ་ལྡང་ནི། ཧཱུྃ༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ཉིད༔ ཐམས་ཅད་དབྱིངས་སུ་དབང་དུ་བསྡུས༔ རིག་པའི་སྣང་ཚུལ་ཅི་ཤར་ཡང༔ རང་གྲོལ་དབྱིངས་སུ་དབང་དུ་བསྡུས༔ འཁོར་འདས་འཛིན་སྟངས་ཇི་སྙེད་པ༔ འོད་གསལ་རྟོག་མེད་དབྱིངས་སུ་འདུས༔ གཟུང་འཛིན་རྟོག་ཚོགས་ཟད་པ་ཡིས༔ སྐུ་ཡི་སྣང་བ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ ཕཊ༔ སེམས་ཉིད་སྐྱེ་འགག་མེད་པའི་རྩལ༔ འཛིན་མེད་རང་གསལ་ལྷ་ཡི་སྐུ༔ ཧེ་རུ་ཀ་དཔལ་ལྷན་ཅིག་སྐྱེས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ༔ གང་གིས་གཞོམ་པར་མི་ནུས་སོ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་རྒྱུན་སྤྱོད་སྨོན་ལམ་ནི། རང་བཞིན་མཚན་མར་མ་གྲུབ་པའི༔ སྣོད་ནི་ཞིང་དང་གཞལ་ཡས་ཁང༔ བཅུད་ནི་ལྷ་དང་ལྷ་མོར་རོལ༔ སྒྲ་སྐད་ཐམས་ཅད་སྔགས་ཀྱི་སྒྲ༔ སེམས་ཉིད་རང་གྲོལ་ཡེ་ཤེས་ལྔ༔ ཐུགས་རྗེའི་འཁོར་ལོ་ལྷུན་གྲུབ་པས༔ འགྲོ་རྣམས་བདེ་ལ་འགོད་པར་ཤོག༔ ན་མོ་ཧཱུྃ༔ གསུམ་ལ་དོན་བསྡུ་ནི། སྣང་ཐིམ་གཞོན་ནུ་བུམ་པའི་དབྱིངས༔ ལྷུན་གྲུབ་སྐུ་ནི་འགྲོ་ལ་སྣང༔ མཐར་ཐུག་འབྲས་བུ་འཐོབ་བྱ་ཉིད༔ འདི་ནི་གཞི་ལམ་འབྲས་གསུམ་རྫོགས༔ ཞེས་དང་། ཧོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ བསོད་ནམས་ཡེ་ཤེས་གང་བསྒྲུབས་པའི༔ འབྲས་བུ་དུས་འདིར་མྱུར་དུ་སྨིན༔ ཀུན་བཟང་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ༔ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་གྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་བ་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །སྒྲུབ་སྡེའི་ཕྲིན་ལས་འོ་མའི་ཆུ་གཏེར་ལས། ཁྱད་འཕགས་དྲི་མེད་བཻ་ཌཱུརྱ་ལྟ་བུ། །སྐལ་བཟང་སྙིང་གི་ནོར་འདི་གཏེར་ཆེན་རྗེའི། །དགོངས་པ་ཇི་བཞིན་བཀླགས་པས་གྲུབ་པར་བཀོད། །ནོངས་པ་རྩ་གསུམ་ཆོས་སྲུང་ལ། །བཤགས་ཤིང་ལེགས་བྱས་སྣང་བའི་གཟིས། །མཆོག་བསྟན་ཉིན་སྣང་གསལ་བ་དང་། །དགེ་ལེགས་པད་ཚལ་རྒྱས་པར་ཤོག །ཅེས་པའང་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ཡིས་རྗེས་སུ་གནང་བ་དང་། སྲས་ཡུམ་ཟུང་གིས་བཀའ་བསྩལ་སྒྲུབ་སླད་ཟབ་ཆོས་འདི་ཉིད་ལ་ཞབས་ཏོག་ཏུ་འགྱུར་བའི་བསམ་པས། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་དཔལ་ཆེན་ཐུགས་ཀྱི་འཁོར་ལོར་སྦྱར་བ་དགེ་ལེགས་འཕེལ།། །།

མཐོང་གྲོལ་འཁོར་ལོའི་ལག་ལེན་གསལ་བྱེད་ཤེལ་དཀར་ཐུར་མ་ (Volume 42, Text 33)

༄༅། །མཐོང་གྲོལ་འཁོར་ལོའི་ལག་ལེན་གསལ་བྱེད་ཤེལ་དཀར་ཐུར་མ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། བླ་མ་དགོངས་འདུས་ལས་འབྱུང་བའི་མཐོང་གྲོལ་འཁོར་ལོ་ཆེན་མོ་འདི་ཉིད་ཁམས་ཕྱོགས་རྙིང་མའི་ཆོས་སྡེ་ཆེན་པོ་རྣམས་སུ་སྤར་རེ་ཙམ་བཞུགས་པར་སྣང་ཡང་། དེང་དུས་སྙིང་པོའི་བསྟན་པའི་བབ་ཡོལ་བ་ལྟ་བུས་དོ་གལ་ཆེན་པོ་འདི་རིགས་གཞུང་བཞིན་ཕྱག་ལེན་མཛད་པ་པོ་ནི་ཤིན་ཏུ་དཀོན་པར་མཐོང་ལ། སྤར་སྤྱི་འགྲེ་བཏབ་པའི་འཁོར་ལོ་ལ། རྟེན་སྙིང་བརྗོད་པའི་འབྲུ་འཐོར་བ་ཙམ་ཁོ་ནས་ནི་གཞུང་གི་དགོངས་པ་ཕྱོགས་མཐུན་ཙམ་དུའང་མི་འགྲོ་བས་ཕན་ཡོན་ཡང་དེ་དང་མཚུངས་པར་མངོན། འདི་རིགས་གཞུང་དང་ཚུལ་མཐུན་མཛད་པ་པོ་བྱུང་ན་རང་དོན་འཁྲི་བ་མེད་ངེས་པའི་བྱང་ཆུབ་སྤྱོད་པ་ཁྱད་པར་ཅན་ཡིན་པར་མངོན་པས། ལྷག་པའི་སེམས་བསྐྱེད་དང་ལྡན་ལ་མངོན་པའི་ང་རྒྱལ་ཤས་ཆུང་བའི་གང་ཟག་བློ་གྲོས་དམན་པ་ལ་ཕན་པའི་ལག་ལེན་འདི་ལ་དོན་གསུམ། འཁོར་ལོ་བྲི་བ། རབ་གནས། ལས་ལ་སྦྱར་བའི་ཚུལ་ལོ། །དང་པོ་ནི། ཡར་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་ལྟ་བུའི་དུས་ཁྱད་པར་ཅན་གྱི་སྔ་དྲོར་ལས་བྱང་མེ་ཕྲེང་ཙམ་གྱི་ཚོགས་སྐོང་གཏང་། བླ་མ་ཡི་དམ་མཁའ་འགྲོ་ལ་སྙིང་ནས་གསོལ་བ་བཏབ་སྟེ་གཞན་ཕན་མཐའ་ཡས་པ་འབྱུང་བའི་ཕྲིན་ལས་ཞུ། འབྲི་མཁན་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་ལྷག་ཆད་མེད་པར་བྲི། སྤར་ཡིན་རུང་འདེབས་པའི་ཚུལ་དེ་ལྟར་བྱ་བ་ལས་གང་བྱུང་དེས་ཆོག་བྱས་ཚེ་རང་བྱུང་གསང་བ་ཟབ་མོ་ལ་བརྙས་བཅོས་དང་བཀའ་འདས་ཀྱི་ཉེས་ལྟུང་འབྱུང་། འབྲི་རྫས་རྒྱ་མཚལ་ལ་ག་པུར་གུར་གུམ་ཙནྡན་སོགས་དྲི་བཟང་དང་བསྒྲུབས་པའི་ཆོས་སྨན་སེལ་མེད་བསྲེ། ཚོན་རྫོགས་བཅས་གྲུབ་ནས་རིན་པོ་ཆེའི་སྣོད་འབྲུས་གང་བར་བཏིང་། ཆ་མང་དུ་ཡོད་ན་བརྩེགས་ལ་བཀུར་སྟི་དང་བཅས་ཏེ་བཞག་གོ །འདིའི་མུ་ཁྱུད་ཕྱི་མའི་སྔགས་དེ་དཀོན་མཆོག་རྗེས་དྲན་ལེགས་སྦྱར་གྱི་སྐད་གཞིར་བཞག་པར་སྣང་ཡང་མ་དག་རྒྱུན་འབྱམས་ཆེར་སྣང་བས་ཧ་ཅང་དཔའ་མ་ཐལ་བར་མ་དག་ངེས་པ་རྣམས་ཀྱི་ཟུར་ཅུང་ཟད་འཆོས་པ་བྱུང་ན་ཞབས་ཏོག་ཏུ་འགྱུར་བར་སྣང་ངོ་། །གཉིས་པ་རབ་གནས་ནི། གཞུང་གི་དངོས་བསྟན་རབ་གནས་ཁོ་ན་ཙམ་བཤད་ཀྱང་གཤམ་དུ། ཀུན་ལ་གོང་དུ་བསྟན་པ་བཞིན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ བསྙེན་སྒྲུབ་གཏོར་མཆོད་བརྩོན་པར་གཅེས༔ ཙཀྲ་རབ་གནས་ལན་མང་བྱ༔ ཞེས་པའི་ཚིག་གི་ནུས་པས་སྒྲུབ་པའི་ཚུལ་ཡང་བསྟན་པར་མ་ཟད། འདི་དང་ཆོས་སྡེ་གཅིག་པའི་རྒྱུད་དགུའི་ལག་ལེན་སོགས་ལས་སྒྲུབ་པའི་ཚུལ་གསུངས་པ་ལྟར་གལ་ཤིན་ཏུ་ཆེ་བ་དང་། ཙཀྲའི་སྔགས་བརྒྱ་སྟོང་ཁྲི་འབུམ་བཟླ་བར་བཤད་པའང་རབ་གནས་ཚར་གཅིག་ལ་མང་དུ་མི་འགྲུབ་ཅིང་། སྒྲུབ་པ་ཆེད་དུ་བྱས་ན་རབ་གནས་ལན་མང་ཞོར་ལ་འགྱུར་བ་དང་སྔགས་ཀྱང་གྲངས་མང་པོར་འགྲོ་བས། རྒྱུད་དགུ། བཏགས་གྲོལ་མཐོང་གྲོལ་རྣམས་བཞེངས་གྲུབ་ནས། ལུགས་འདིའི་རབ་གནས་བཀྲ་ཤིས་བརྩེགས་པའམ། སྤྱི་འགྲོ་རྒྱས་བསྡུས་གང་རུང་གི་སྒོ་ནས་གསུང་རྟེན་རབ་ཏུ་གནས་པ་ཚུལ་བཞིན་སྔོན་དུ་བཏང་། དེ་ནས་རབ་སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་རྟེན་དུ་བཞག །རྒྱུད་དམ་སྔགས་ཚར་གྲངས་འདོན་མཁན་ཟུར་དུ་འཇོག་ལ་ཚར་གྲངས་འགྲོ་བར་བྱ། འབྲིང་རྩེ་ལེའི་སྐོང་ཆོག་ལྟ་བུའི་བདག་མདུན་བུམ་གསུམ་གྱི་སྒྲུབ་མཆོད་རྒྱས་པ་དང་སྦྲེལ། ཐ་མའང་ལས་བྱང་མེ་ཕྲེང་ཙམ་ལ་བརྟེན་ཏེ་བདག་མདུན་བསྐྱེད་བཟླས་སོགས་སོ་སོའི་གཞུང་གསལ་ལྟར་བྱ་དགོས་ཤིང་། གང་ལའང་ཕྱི་ནང་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་ཇི་ཙམ་འབྱོར་པ་བུངས་བསྐྱེད་དེ་འབུལ་བ་གལ་ཆེའོ། །དེས་ན་འདིར་ཡང་ཐོག་མར་རབ་གནས་ནི། འཁོར་ལོའི་སྣོད་སྟེགས་བུར་བཀོད། རབ་གནས་ཀྱི་ཡོ་བྱད་ཚང་བར་བསགས་ལ། མེ་ཕྲེང་ངམ་མི་ལྕོགས་ན་རྒྱུན་ཁྱེར་ལྟ་བུའི་བདག་གི་རྣལ་འབྱོར་བཟླས་པ་བཅས་གཏང་། མེ་ཏོག་བྱིན་རླབས་དང་སྦྱོང་ཁྲུས་ནས་བརྩམ། གསུང་རྟེན་ལུགས་ཀྱི་བསྐྱེད་བསྟིམ་སྤྱན་དབྱེ་ཞལ་བསྒྱུར་མངའ་དབུལ་བརྟན་བཞུགས་ཤིས་བརྗོད་བཅས་རྒྱས་པར་བྱ། སླར་སྒྲུབ་པའི་དཀྱིལ་འཁོར་རྒྱས་བསྡུས་ཇི་ལྟར་འགྲུབ་པའི་མདུན་རྟེན་དུ་བཀོད་ལ་ཕྲིན་ལས་ཀྱི་གཞུང་བསྲང་། དེའང་རྩེ་ལེའི་སྐོང་ཆོག་གཏང་ན་འཁོར་ལོའི་བསྐྱེད་ཆོག་ཟུར་དུ་མི་དགོས། མདུན་བསྐྱེད་རྟེན་འཁོར་ལོ་ལ་བྱས་པས་ཆོག་ཅིང་ཁྲུས་གསོལ་ཡང་དཀྱུས་སུ་འབྱུང་། བཟླས་པ་སྤྱི་དྲིལ་ཆེན་མོའི་རྗེས་སུ་འཁོར་ལོའི་སྔགས་རྣམས་ཅི་འགྲུབ་བཟླ་བའི་ཚེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དཀྱིལ་འཁོར་པའི་ལྷའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་བྱིན་རླབས་གཟི་བརྗིད་རབ་ཏུ་འབར། སླར་ཡང་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། རིགས་དྲུག་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་རྣམས་ཀྱི་རྟོག་སྒྲིབ་བག་ཆགས་ཐམས་ཅད་བསལ། གདོད་མའི་དབྱིངས་སུ་སྐད་ཅིག་གིས་བྱང་ཆུབ་སྟེ་འཁོར་འདས་གཞིར་རྫོགས་དག་པ་རབ་འབྱམས་སྣང་སྟོང་འོད་ལྔའི་ཕུང་པོར་འཁྱིལ་བར་བསམ། ཕྱག་བཤགས་སྨོན་ལམ་གྱི་མཇུག་ཏུ། སྦྱིན་སྲེག་ལས་འབྱུང་བའི་འདོད་གསོལ་ཆེན་མོར་གྲགས་པའམ། ཡང་ན་རང་གཞུང་གཤམ་གྱི། ཨཱོྃ་ཨཱཾཿཧཱུྃ༔ ཀུན་བཟང་བདེ་སྤྱོད་སོགས་ནས། སྟོབས་མཆོག་འགྱེད་པར་ཤོག༔ བར་གྱིས་གསོལ་གདབ་འདོད་དོན་གསོལ། དེ་ནས་སྲུང་མའི་གཏོར་འབུལ། སྐོང་ཆོག་ཚོགས་མཆོད་ནས་རྗེས་རིམ་མཆོད་བསྟོད་ནོངས་བཤགས་ཡན་གྲུབ་ནས་བརྟན་བཞུགས་མཐར་རང་གཞུང་དབུའི། བླ་མ་ཡི་དམ་སོགས་ནས། གྲོལ་བའི་གདིང་ཐོབ་བསམ༔ བར་འདོན་བསྒོམ་བྱ། ཡེ་དྷར་གྱིས་མེ་ཏོག་འཐོར་ཞིང་ཤིས་བརྗོད་སོགས་ཕྲིན་ལས་མཐར་དབྱུང་ངོ་། ༈ །མེ་ཕྲེང་ཙམ་ལ་བརྟེན་ན། བདག་བསྐྱེད་སོང་རྗེས་ཙཀྲ་སྭ་བྷཱས་སྦྱང་། སྟོང་པར་གྱུར་པའི་ངང་ཉིད་སོགས་ནས། རང་སྒྲ་སྒྲོག་པར་གསལ༔ བར་མཐོང་གྲོལ་རང་གཞུང་ལྟར་བསྐྱེད། ལས་གཞུང་ལྟར་སྤྱན་འདྲེན་བྱས་ནས་མེ་ཏོག་འཐོར་བཞིན་རྟེན་སྙིང་སོགས་སྔགས་རྣམས་བརྗོད་ལ། དེ་ཚེ་ཕྱོགས་བཅུ་སོགས་ནས། དབྱེར་མེད་གཅིག་ཏུ་གྱུར་པ་ལ༔ བར་དང་དབང་སྐུར་རྒྱས་གདབ་ཕྱག་འཚལ་ཡན་གྲུབ་པ་དང་། ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བ་སོགས་སྤྱི་ལྟར་བྱ། མཆོད་བསྟོད་འཕྲོས་སུ་བདག་མདུན་གཉིས་ཀར་དམིགས་པའི་འཕྲོ་འདུ་བཅས་གཙོ་དགུ་སྤྱི་དྲིལ་ཆེ་འབྲིང་སོགས་བཟླས་པ་སྤྱི་དང་། བྱེ་བྲག་གོང་སྨྲོས་དམིགས་བཟླས་ཅི་ནུས་མཐར་སྟོང་ཚིགས་ཕུལ་ལ་འདོད་གསོལ་གཉིས་པོ་གང་འོས་བརྗོད། སླར་མཆོད་པ་བྱིན་རླབས་ནས་བསྐྱར་ཏེ་ཐུན་གསུམ་སོགས་བཅད་པའི་དགོང་ཐུན་མཐར་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཕྱིན་སྔ་མས་རིགས་འགྲེ། ༈ རྒྱས་བསྡུས་གང་བྱེད་ཀྱང་དེ་ལྟར་ཞག་བདུན་སོགས་བསྒྲུབས་ནས་གྲུབ་པའི་ཐུན་རྗེས་མར་རྟ་བྲོའི་རྗེས་སུ། ཧྲཱི༔ དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་འདེབས་ལ་མོས་གུས་དྲག་ཏུ་སྐྱེད། དངོས་གྲུབ་བླང་བའི་ཚིག་བརྗོད། འཁོར་ལོ་གཅིག་ཕྱར་ཐབས་སུ་བཀྲམ་ལ་རང་གཞུང་མཇུག་གི །ཙཀྲ་ཞལ་ཕྱེས་བལྟ་བའི་ཚེ༔ སོགས་ནས། སྟོབས་མཆོག་འགྱེད་པར་ཤོག༔ བར་གྱི་དམིགས་པ་བྱས་ལ་སྨོན་ལམ་ལན་གསུམ་རྩེ་གཅིག་ཏུ་གདབ། མེ་ལོང་ངོས་སུ་ཁྲུས་ཚིག་རྣམས་བརྗོད་ལ་ཁྲུས་གསོལ་སྐུ་ཕྱི་བཅས་བྱས་པའི་ཁྲུས་ཆུ་འཐོར་འཐུང་དང་གནས་ལྔར་བྱུགས་ཏེ་བདེ་གཤེགས་རིགས་ལྔ་སོགས་དམིགས་པའང་གཞུང་ལྟར་བསྒོམ། སླར་གཏང་རག་མཆོད་པ་དང་མཎྜལ། བསྟོད་པ་རྒྱས་པར་འབུལ། ནོངས་བཤགས་ཕྱིན་གོང་ལྟར་བྱ། སྒྲུབ་པ་གྲུབ་ནས་འཁོར་ལོ་ལྟེ་བ་མ་ཉམས་པར་བལྟབ། དར་སྣ་གང་འཛོམ་གྱིས་དྲིལ། ཙཀྲ་ངོ་བོ་ཆོས་ཀྱི་སྐུ༔ སོགས་ནས། མཐོང་གྲོལ་རྫོགས༔ བར་གཞུང་ལྟར་དམིགས་ཏེ་མཆོད་པའི་གནས་སུ་བཀུར་སྟི་བཅས་བཞུགས་སུ་གསོལ་བར་བྱའོ། །གསུམ་པ་ལས་ལ་སྦྱར་ཚུལ་ནི། སྤྱིར་འཁོར་ལོ་འདི་ཉིད་སྡིག་ཅན་མ་ཡིན་པའི་ཆོས་ལྡན་དང་དམ་ཚིག་ཅན་གྱི་ལུས་ལ་བཅངས་པས་གནས་སྐབས་ནད་གདོན་རྐྱེན་ངན་བར་གཅོད་ཐམས་ཅད་ལས་གྲོལ། མཚམས་མེད་བྱས་པ་དང་སྡོམ་གསུམ་འཆལ་པ་རྣམས་ཀྱང་སོར་ཆུད། མཐར་ཐུག་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་སོགས་ཕན་ཡོན་བསམ་ལས་འདས་པ་གསུངས་ཤིང་། བྱེ་བྲག་གཞུང་གསལ་སྐུ་གསུང་ཐུགས་རྟེན་ལ་བཞུགས་པ་དང་། ཉི་ཟླ་གཙུག་ལག་ཁང་གཙོ་བོར་གྱུར་པའི་ལས་སྦྱོར་ཉེར་གཅིག་ཆ་ཚང་སྒྲུབ་པའི་རྣལ་འབྱོར་པ་རབ་ཚེ་གཅིག །འབྲིང་བར་དོ་དང་པོ། ཐ་མ་སྐྱེ་བ་གཞན་དུ་བར་མ་ཆོད་པར་རྣམ་པར་གྲོལ་ཞིང་། ཇི་ལྟར་སྐལ་པ་དམན་ཀྱང་ངན་སོང་དུ་ལྟུང་མི་སྲིད་པ་དང་། རྒྱལ་ཁམས་ཆེན་པོའི་རིམ་གྲོ་ལའང་འདིའི་ལས་སྦྱོར་ཚང་བ་གྲུབ་ན་དེ་ལས་ལྷག་པ་གཏན་ནས་མེད་པར་གསུངས་ཏེ། གཏན་ཚིགས་ཀྱང་། འདི་ནི་སྟོབས་ཆེན་རྒྱལ་པོ་སྟེ༔ ཀུན་བཟང་དགོངས་པ་རིག་འཛིན་ལུང༔ བསྟན་པའི་སྙིང་པོ་ཡང་དག་གོ༔ ཞེས་གང་ཟག་གི་བློས་བཅོས་པ་མིན་པ་ཀུན་བཟང་རང་བྱུང་གི་དགོངས་པ་བྱིན་རླབས་ནུས་སྟོབས་ཆེན་པོ་དང་ལྡན་པའི་ངེས་དོན་བསྟན་པ་ཀུན་གྱི་སྙིང་པོ་ཡིན་པས་གལ་ཆུང་དུ་མི་འདོར་བ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ལགས་སོ། །ཞེས་གཏི་ཐུག་ཟིན་བྲིས་འདིའང་སྐལ་མཉམ་དང་རང་ལའང་བརྗེད་ཐོ་ཙམ་དུ་སྨན་པར་རེ་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་ནོངས་པ་བཤགས་ཤིང་དགེ་བས་གཞན་ཕན་མཐའ་ཡས་པ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།

སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་སྒྲིག་བཀླག་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་ (Volume 49, Text 33)

༄༅། །སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་སྒྲིག་བཀླག་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་ཞེས་བྱ་བ་བཞུགས་སོ། ། དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱིན་རླབས་གཟི་བརྗིད་ཉི་མ་འབུམ་འོད་འཕྲོ། །དངོས་གྲུབ་ནོར་བུའི་ཆར་རྒྱུན་གང་འདོད་བསྙིལ། །གློག་ལྟར་མྱུར་བའི་ཕྲིན་ལས་ཡིད་བཞིན་སྒྲུབ། །རྩ་གསུམ་ལྷ་ལ་འདུད་དོ་དགྱེས་བརྩེས་སྐྱོངས། །ལུས་རྟེན་ཆགས་དང་གནས་པའི་གཞི། །བླ་ཚེ་ཉམས་པ་གསོ་བའི་ཐབས། །གྲུབ་པའི་ཞལ་ལུང་བྱིན་གཟི་ཅན། །འཁྲུལ་མེད་ལག་ཏུ་བླང་བདེར་དགོད། །གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེས་བཀྲལ་པའི་བླ་བསླུ་བཅུ་གསུམ་མར་གྲགས་པ་འདི་ལ་དོན་གསུམ་སྟེ། དང་པོ་བླ་བརྟག་པ། གཉིས་པ་བཅོས་པའི་ཐབས། གསུམ་པ་རྟགས་ལ་དཔྱད་པ་འོ། །དང་པོ་དགྲ་ཡུལ་དུ་བླ་འཁྱམས་པ། བླ་དུར་དུ་ཞུགས་པ། བླ་གཤིན་པོས་ཁྱེར་པ་སོགས་ཀྱི་ལྟས་སུ་རང་ངམ་གཞན་སྒྲེན་མོའམ་གཅེར་ བུར་བུད་པ་རྨིས་ན་ངེས་པར་བླ་ཁྱེར་བ་ཡིན་ཅིང་། གཞན་ཡང་འབྱུང་བ་དགྲ་ཐོག་ཏུ་སོང་བ་སོགས་སྐེག་ལ་བབས་པ། དངོས་སུ་སེམས་རྣལ་དུ་མི་ཕེབ་པའི་ཡེད་ཡེད་པ་དང་མཚན་མོ་རྟག་ཏུ་གཉིད་སྐྲག་སད་བྱེད་པ་སོགས་བླ་འཁྱམས་པའི་རྟགས་ཡིན་པས་ཕྱི་བཤོལ་ལེ་ལོའི་དབང་དུ་མ་སོང་བར་འཕྲལ་དུ་བླ་ཚེ་བསླུ་བའི་ཐབས་ལ་འབད་དགོས་སོ། །གཉིས་པ་བཅོས་ཐབས་ལ་གསུམ། སྦྱོར་བ་བཅས་གཤོམ་བྱ་བ། དངོས་གཞི་ཆོ་གའི་རིམ་པ། རྗེས་མཇུག་ཆོ་གའི་ལས་རིམ་མོ། །དང་པོ་གཤོམ་ནི། ཕུག་ལོགས་སུ་ཡི་དམ་གང་ལ་བྱེད་པའི་གཏོར་མཆོད་རང་གཞུང་ལྟར་བཤམ། ཚེ་སྒྲུབ་དང་སྦྲེལ་ན་དཀྱིལ་འཁོར་ཚེ་རྫས་སོགས་རྒྱས་པར་བཀོད་པའི་མདུན་ནམ། ལོགས་གང་བདེར་སྟེགས་བུའམ་སླེའུའི་ཁར་རྡུལ་ཚོན་གྱི་མི་གཟུགས་སྐྱེ་མཆེད་དོད་ཅིང་གཅེར་བུ་རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་གནས་པའི་ཚུལ། དེ་མཐར་མུ་ཁྱུད་གཉིས་ཟླུམ་པོར་བསྐོར་བའི་བར་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་ཤིང་། ལྷོ་མེ། ནུབ་ལྕགས། བྱང་ཆུ། མཚམས་བཞི་སའི་གནས་ཏེ་སྤར་ཁའི་གནས་ཡུལ་ཡིན་པས་གཙུག་ལག་དང་མཐུན་པར་ཤིང་སོགས་ལ་རིམ་བཞིན་ལྗང་དམར་དཀར་མཐིང་སེར་པོའི་མདོག་ཏུ་བྱ། དེའི་མཐར་རེ་ཁཱ་གྲུ་བཞིར་བཅད་པ་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་ཀུན་ཁྱབ་ཀྱི་དབང་དུ་བྱས་པའི་མཛེས་ཚོན་གང་བདེར་བྱ། རྒྱུན་དུ་རྡུལ་ཚོན་མི་ལྕོགས་ན་རས་སམ་ཤོག་བུ་ལ་ཆུ་ཚོན་གྱིས་གོང་གསལ་དཔེའུ་རིས་ལྟར་བྲིས་པའི་མི་གཟུགས་ཀྱི་སྙིང་གར་བསྒྲུབ་བྱ་ཕོ་མོ་གང་ཡིན་གྱི་འདྲ་གླུད་མཐོ་གང་སོར་བཞི་ལས་མི་ཆུང་བ། ངར་ཕྱེ་རིན་ཆེན་སྨན་སྣ་བསྲེས་པར་བཟོས་པ་སྐྱེ་མཆེད་དོད་ཅིང་ཚོན་རྩིས་ཁ་བསྒྱུར་བར་གོན་འཕྲོའི་གོས་བགོ་བ་དང་བཅས་དར་སོགས་གླུད་གོས་བཟང་པོས་གཡོགས་པའི་མདུན་དུ་གླུད་རྫས། ཟེར་མོའི་སྒྲོ། མུ་ཏིག །ཀུ་བ། ལུང་ཐང་། དར་ལེ་བརྒན། འགྲོན་བུ། དུང་། མཚལ། བསེ། རྡོ་རྒྱུས། སྙིང་ཞོ་ཤ། མཁལ་མ་ཞོ་ཤ། དབང་ལག །ཆུ་སྲིན་སྡེར་མོ། ལྕགས། ཟངས། ཟས་སྨན་གོས་དར་སྣམ་བུ་འབྲུ་དང་བཅས་པ་སོ་སོར་སྣ་འདུས་ཚང་བ་དང་། གཡས་སུ་ལྷོ་རྫས་བཙོད། རྒྱ་སྐག །ཞུ་མཁན་སོགས། གཡོན་དུ་བྱང་རྫས་ལན་ཚྭ། བུལ་ཏོག་སོགས་ཡུལ་དེ་དང་དེ་ནས་ཐོན་པའི་རིགས། མདུན་རྒྱབ་ཏུ་ལ་རྫས་ཚྭ་ལ། ལ་བཙས་རྡོ། ཀླུང་རྫས་བྱེ་མ་སྒོག་ཙོང་ཟམ་ཤིང་སོགས་དང་བཅས་པ་རིན་ པོ་ཆེའི་སྣོད་དུ་བཀོད་པའི་ལག་གཡས་སུ་གསེར། གཡོན་དུ་གཡུ། རྒྱབ་ཏུ་ནམ་མཁའ་ཁོང་པ་ཁམས་མཐུན་འཇའ་རིས་ཅན། རྒྱང་བུ། མདའ། འཕང་། ཕོ་ཡིན་ན་ཕྲག་པ་གཡས་སུ་སྟག་པ་དང་མོ་ཡིན་ན་གཡོན་དུ་གླང་མའི་བྱང་བུར་ལོ་གྲངས་ཀྱི་ཁྲམ་རིས་བྲིས་པ་བཅས་གཟུག །གླུད་སྤྱི་འགྲོར་ལུས་ངག་ཡིད་གསུམ་མཚོན་པའི་མར་མེ་གསུམ་མདུན་དུ་བཞག་པའི་སྲོལ་ཡང་སྣང་། ཆེད་དུ་དམིགས་ནས་བསད་པ་མ་ཡིན་པའི་ལུག་གི་བསད་ཤ་གསར་པ་དྲི་ནག་མེད་པ་གཙང་མ། ཕོའི་བླ་བསླུ་ན་ལུག་གི་རྐང་པ་གཡས་ཀྱི་ཤ་དང་། མོའི་བླ་བསླུ་ན་ལུག་གི་རྐང་པ་གཡོན་གྱི་ཤ་དགོས་པ་ཁྱད་པར་བ། ཕོ་མོ་གང་ཡིན་ཡང་ཤ་དེའི་ཁུད་དུ་བླ་གཡུ་དང་ལོ་གྲངས་ཅི་ལོན་གྱི་གྲངས་དང་བསྟུན་པའི་ནས་དཀར་རྡོག་བཅས་དར་དཀར་དྲི་མེད་ཀྱིས་བསྟུམས་ནས་བཅུག་པའི་ཤ་དེའི་ཕྱི་བལ་དང་རས་དཀར་དྲི་མེད་ཀྱིས་དྲིལ་བ་ཡོན་བདག་གིས་ཐེའུས་མནན་ལ་ཕོ་ཡིན་ན་ངར་གླུད་ཀྱི་གཡས་དང་མོ་ཡིན་ན་གཡོན་དུ་འཇོག །ཤིན་ཏུ་དོ་གལ་ཅན་ལ་རྒྱ་ཤོག་ལ་བྱིན་རྟེན་བསྲེས་པའི་མཚལ་གྱིས་ཚེ་བསྙེན་ལྟ་བུའི་ཡི་དམ་གྱི་སྙིང་པོ་དང་བླ་འགུགས་སྔགས་བྱང་གཤམ་དུ་འགུགས་པའི་འདོད་གསོལ་བྲིས་པའི་ཤོག་བྱང་གིས་བླ་རྟེན་དཀྲིས་པའི་རྒྱབ་ཏུ་བལ་སོགས་ཀྱིས་བསྟུམ་པ་དང་། བླ་ལུག་ལའང་ནང་གཞུག་དེ་ལྟར་བྱེད་པ་ཞལ་ཤེས་སུ་སྣང་། དེའི་མཐར་མི་གཟུགས་ཀྱི་ལུས་ཀྱི་ལྷུ་བཅུ་གཉིས་ཏེ། རྐང་པ་གཉིས། བརླ་གཉིས། ལག་གཉིས། གྲུ་མོ་གཉིས། དཔུང་མགོ་གཉིས། སྟོད་སྨད་གཉིས་ཏེ་བཅུ་གཉིས་དང་། མགོ་དང་བཅུ་གསུམ་གྱི་ཁར་སྣོད་སའམ་ཟན་ལ་བཅོས་པར་ནས་ཕུལ་རེ་དང་། ཡོན་བདག་གི་འདྲ་གླུད་ངར་ཟན་ལས་བཟོས་པ་མཛུབ་གང་བ་རེའི་རྒྱབ་ཏུ་ནམ་མཁའ་འཇའ་མ། རྒྱང་བུ། མདའ། འཕང་། ཕོ་མོ་དང་སྦྱར་བའི་སྟག་མ་གླང་མ་གང་བདེའི་བྱང་བུ་སོ་སོའི་གདོང་ཅན་རྣམས་གཟུག །མདུན་དུ་མཐེབ་ཀྱུ་རེ། བཤོས་བུ་རེ། ཆངས་བུ་རེ། རྗེ་ངར་གྱི་ཤ་དུམ་རེ། ཞལ་བུ་ཆང་ཕུད་བླུགས་པ་རེ་རེ་སྟེ་ཚན་བཅུ་གསུམ་ཚང་ངེས་པ་བཞག །མི་གཟུགས་རྐང་ལག་སོགས་ཀྱི་བར་དང་མུ་ཁྱུད་ཀྱི་ནང་བཅས་པར་ཕོ་མོ་གང་ཡིན་གྱི་བླ་རྟགས་སོ་སོའི་མཚན་མ་དང་ལྡན་པའི། རྟ། རྐྱང་། གླ་བ། ཤ་བ། རྣ་བ། གཡག །བ་གླང་། ར། ལུག་རྣམས་ཀྱི་གཟུགས་ཟན་ལས་སྐྱེ་མཆེད་དོད་ཅིང་རང་མདོག་གིས་བསྒྱུར་པ་ཁ་ནང་དུ་བསྟན་ལ་བཞག །དེའི་མཐར་མུ་ཁྱུད་སྤར་ཁའི་གནས་ཡུལ་བརྒྱད་ལ་འཇིམ་སྟེགས་སུ་སྤར་ཁའི་རང་མདོག་གི་ཁོང་པ་བསྒྱུར་ཅིང་མཐའ་འཇའ་རིས་ཅན་གྱི་ནམ་མཁའ། རྒྱང་བུ་འཕན་བཟང་གིས་སྤྲས་པ། མདའ། འཕང་། ཕོ་གདོང་། མོ་གདོང་། མདུན་དུ་ཡོན་བདག་གི་འདྲ་གླུད། རྒྱན་ལྡན་གྱི་བཤོས་བུ། ཆངས་བུ། མཐེབ་ཀྱུ་དང་བཅས་པ་ཚར་བརྒྱད་བཀོད་པའི་ཐོག །སྤར་ཁ་སོ་སོའི་གདོན་གྱི་སྡེ་བརྒྱད་སྡོང་ཟླ་དང་བཅས་པའི་གཟུགས་བརྙན་ཙཀླི་དང་ཤིང་བྱང་གང་བདེར་བཀོད་པར་བྱ་སྟེ། ལྷོར་བཙན་མི་དམར་རྟ་དམར་གོ་ཁྲབ་ཅན་དང་གྲི་བོ་མི་དམར་ནག་ཁྲོ་ཉམས་རལ་པ་གཟེངས་པ། ལྷོ་ནུབ་ཏུ་ས་བདག་སེར་པོ་རྒྱལ་པོའི་ཆས་ལ་ཐོད་ཅན་དང་ཕུ་བདག་མི་དཀར་འདུང་མ་གྱོན་པ། ནུབ་ཏུ་བདུད་མི་ནག་རྟ་ནག་བེར་ ནག་གྱོན་པ་དང་སྐྱེས་བུ་དཀར་པོ་གོས་དཀར་ཅན། ནུབ་བྱང་དུ་རྒྱལ་འགོང་སེར་སྐྱ་བཙུན་གཟུགས་ཞྭ་སེར་ཅན་དང་ཐེའུ་རང་བྱིས་པ་དཀར་སྐྱ་གཙུག་ཕུད་ཅན། བྱང་དུ་ཀླུ་སྔོན་པོ་སྦྲུལ་མཇུག་དང་སྦྲུལ་གདེངས་ཅན་དང་མ་མོ་བུད་མེད་ནག་མོ་དར་ནག་གི་གོ་ཟུ་ཅན་དྲེལ་ནག་ཞོན་པ། བྱང་ཤར་དུ་རྦད་འདྲེ་དང་དཀོར་འདྲེ་གཉིས་ཀ་མི་གཟུགས་གོས་ནག་དང་གོས་སེར་གྱོན་ནས་ལག་པ་གདེངས་པ། ཤར་དུ་རྒྱལ་པོ་བསེ་ཐེབས་དང་གཟན་ཤམ་ཅན་དཀར་པོ་གླང་ལ་ཞོན་པ་དང་ཀླུ་སྨན་གོང་མཚུངས། ཤར་ལྷོར་རྒྱལ་འགོང་གོང་མཚུངས་དང་སྨྱོ་འདྲེ་ནག་པོ་གཅེར་བུ་རལ་པ་གཟེངས་པ། ཐམས་ཅད་ཀྱང་གཟུགས་སྐྱེ་མཆེེད་དོད་ཅིང་ལག་གཉིས་གདེངས་ཏེ་གླུད་ལ་རྔམས་པའི་ཚུལ་ཅན་བཅས་བཀོད། དེ་མཐར་ཕྱོགས་མཚམས་བརྒྱད་དང་སྟེང་འོག་མཚོན་བྱེད་ཤར་ནུབ་བཅས་པར་འཇིམ་སྟེགས་ཐོག་ནམ་རྒྱང་མདའ་འཕང་ཤིང་བྱང་ལ་སྲིད་པ་སྤྱི་རིས་བྲིས་པ་རྣམས་ཚར་བཅུ་བཀོད་པའི་ཐོག །ཕྱོགས་ཀྱི་གདོན་ཆེན་བཅུའི་གཟུགས་དགོས་པས་ལྡིང་ཁྲི་ལྟ་བུ་ཡོད་ན་སྟེང་འོག་སོགས་ཅི་ལྟ་བར་བཀོད་ལ་དེ་ཡང་དེ་བཞིན་མ་ཐུབ་ན་ཕྱོགས་མཚམས་བརྒྱད་སོ་སོ་དང་། སྟེང་ནུབ་དང་འོག་ཤར་དུ་བཀོད་དེ། དེའང་ཙཀླི་ཤིང་བྱང་གང་བདེའམ་འཇིམ་གཟུགས་བྱེད་པ་གང་རིགས་ཀྱིས་གདོན་ཆེན་གྱི་གཟུགས་ཁྲོ་ཚུལ་རྔམ་པ་དར་ཆེན་གྱི་བེར་དང་ཐོད། གཡས་དར་མདུང་ཕྱར་ཞིང་གཡོན་ཞགས་པ་འཛིན་པ། རྟ་མཆོག་སྒ་སྲབ་ཀྱིས་སྤྲས་པར་འགྱིང་ཚུལ་གྱིས་ཞོན་པའི་སྟེང་དུ་བྱ་ལྡིང་ཞིང་རོལ་དུ་ཁྱི་ཁྲིད་པ་རེ་འགོད། བེར་ཐོད་དར་མདུང་ཞགས་པ་རྟ་བྱ་ཁྱི་བཅས་སོ་སོའི་རང་མདོག་དང་མཚུངས་པར་དགོས་པ་སྟེ། སྟེང་ལྷའི་གདོན་སྔོན་པོ། ཤར་དུ་རྒྱལ་པོ་དང་དྲི་ཟའི་གདོན་དཀར་པོ། ལྷོར་གཤིན་རྗེ་དང་གྲུལ་བུམ་གདོན་སེར་པོ། ནུབ་ཏུ་ཀླུའི་གདོན་དམར་པོ། བྱང་དུ་གནོད་སྦྱིན་གདོན་ལྗང་གུ། མཚམས་ཀྱི་ཤར་ལྷོ་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་རྣམས་ཁྲ་བོ། འོག་གི་ས་བདག་ནག་པོའི་གདོན་དུད་ཁ་བྱའོ། །འདི་རྣམས་ཙཀླི་བྱེད་ན་སྤར་ཁའི་གདོན་གཉིས་རེ་གཅིག་ཏུ་བསྡུས་པའི་ཙཀླི་བརྒྱད། ཕྱོགས་བཅུའི་གདོན་བཅུ་སོ་སོ་བཅས་བཅོ་བརྒྱད་དགོས་སོ། །གདོན་གཟུགས་ཐམས་ཅད་མགྲོན་ཐབས་ཡིན་པས་མདུན་ཕྱོགས་ལ་ཁ་བསྟན། དེའི་མཐའ་མདོས་དཀྲིས་ཀྱིས་དཀྲི། དེའི་གཡས་གཡོན་གང་བདེར་ཡོན་བདག་དངོས་ཡོད་ན་དེས་ཁྱབ་ཅིང་། མེད་ན་རས་དྲི་མེད་ཀྱི་ཁར་བླ་རྟེན་གྱི་གོས་བཟང་པོ་དྲི་མ་ཅན་འཇོག་པར་བཤད། དེའང་ལག་ལེན་དུ་སྐྱེས་པ་གཡས་དང་བུད་མེད་གཡོན་ཕྱོགས་སུ་འཇོག་པ་དང་། བླ་དཔོན་ལྟ་བུ་ཆེ་གཉན་གྱི་རིགས་ལ་ཁྲི་རྒྱབ་ཡོལ་ཚུལ་བཞིན་བྱས་པའི་ཁར་ན་བཟའ་དབུ་ཞྭ་ཕྱག་ཕྲེང་སོགས་བཞག་པར་སྣང་། དེའི་མདུན་དུ་ཁུག་རྟགས་བརྟགས་པའི་ཀ་ཊོ་ར་ལྟ་བུའི་སྣོད་བཟང་པོ་ཆག་རྡོལ་སོགས་ཀྱི་སྐྱོན་མེད་པའི་ནང་དུ་རྒྱུན་འབབས་ཀྱི་ཆུ་སྣ་མང་པོས་བཀང་བའི་སྟེང་ཁམས་མཐུན་གྱི་རྩི་དང་ལྡན་པའི་ཤིང་ཕོར་དང་། མར་རམ་ཟན་བཟང་པོ་ལ་བྱིན་རྟེན་དང་དྲི་བཟང་བསྲེས་པའི་བླ་ལུག་ཕོ་མོའི་རྟགས་མཚན་གོ་མ་ལྡོག་པར་སྐྱེ་མཆེད་དོད་ཅིང་ཚོན་རྩིས་སྤྲས་པའང་ལག་ལེན་ལྟར་བཀོད། གཞན་ཡང་སྡེ་བརྒྱད་སྤྱིའི་གཏོར་མ་དང་རྔན་ཆ་གསེར་སྐྱེམས་སོགས་ལེགས་པར་ བཤམ་མོ། །གསེར་སྐྱེམས་ནི་ཚར་རེ་བཞིན་མཆོད་དགོས་པས་འཛོམ་ན་ཕུད་ཕོར་བཅུ་གསུམ། མ་འཛོམ་ན་གཅིག་གི་ནང་འབྲུ་སྣ་དང་རིན་ཆེན་ཕྱེ་མ་བཏབ་ཅིང་ཆང་ཕུད་བླུགས་པ་མདོས་མདུན་བཀོད། ཡས་རྣམས་མ་གཙང་ན་རང་གི་བླ་ཚབ་ཏུ་ཁྱེར་དོགས་ཡོད་པར་བཤད་པས་གཟབ་པར་བྱ་བ་དང་། ཐགས་ནོར་ན་སྡེ་བརྒྱད་འཁྲུགས་པར་འགྱུར་བས་སྤར་ཁ་སོགས་ཀྱི་ནམ་མཁའི་ཁོང་པ་སོ་སོའི་རང་མདོག་དང་འཕྲོད། གྲོགས་ཀྱི་ཁ་དོག་ཅན་མ་ནོར་བ་དང་མཐར་འཇའ་རིས་འབྱུང་འཕྲོད་ལྟར་དཀྲི། གླུད་ནམ་གྱི་ཁོང་པ་ཡོན་བདག་གི་སྲོག་ཁམས་ཀྱི་ཁ་དོག་ལ་འཕྲོད། ནང་ནས་དགྲ་དེད་དང་ཕྱི་ནས་གྲོགས་དེད་འོང་བའི་རིམ་པ་ལྔ། དེ་རྒྱབ་འཇའ་རིས་གོང་མཚུངས་བྱེད་པའི་ཕྱག་ལེན་སྣང་། འགྲུབ་ན་བླ་བསླུའི་འཁོར་ལོ་གསུང་རྒྱུན་མ་བྲིས་ལ་བླ་རྟེན་དང་མཉམ་དུ་བཞག་གོ །ཡང་བཅས་གཤོམ་འབྲིང་པོ་བྱེད་ན་གོང་སྨྲོས་མདོས་ཡས་རྣམས་ཚང་བ་བཀོད། གདོན་རྣམས་དམིགས་པས་གསལ་བཏབ་པ་ཙམ་ལས་གཟུགས་བྲིས་འབུར་མི་དགོས། བསྡུས་པ་མདོས་ཡས་རྣམས་ཀྱང་ཚན་བཅུ་གསུམ་པ་ལ་བསྡུ། སྤར་ཁ་དང་ཕྱོགས་བཅུའི་གདོན་ལ་ཟུར་དུ་མི་བཤམ་པར་བཤད་མོད། བསྒྲུབ་བྱ་དོ་གལ་དང་འབྱོར་པ་ལ་བསྟུན་པར་འོས་སོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ་གཞུང་བསྲང་ཞིང་བྱིན་གྱིས་བརླབ་པ་དང་། བླ་བསླུ་དངོས་ལ་འཇུག་པ་གཉིས་ལས། དང་པོ་ནི། དབང་ཆེན་ལྟ་བུ་རང་ཉིད་ཡི་དམ་ཞི་ཁྲོ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསྲང་། ཛཔ྄་བསྙེན་ཆོས་སྲུང་སྐོང་གསོ་ཚོགས་དང་བཅས་པ་རྒྱས་པར་སོང་བའི་མཚམས་སུ་མདོས་བྱིན་རླབས་ལ་འཇུག་པར་བཤད་པ་ལྟར་རམ། ད་ལྟ་ཕལ་མོ་ཆེས་ཚེ་སྒྲུབ་བླ་བསླུ་སྦྲེལ་མ་བྱེད་པ་གྲགས་ཆེ་ཞིང་། དེའི་ལག་ལེན་ཡང་ཚེའི་ཕྲིན་ལས་ལན་གསུམ་གཏང་བའི་བསྙེན་བཟླས་ཀྱི་མཚམས་སུ་མདོས་ལ་འཇུག་ཅིང་། བླ་བསླུའི་བཟླས་པ་དང་འགུག་གཞུག་གྲུབ་ནས་ཚེ་འགུགས་བྱེད། ཆོས་སྲུང་དང་ཚོགས་སྐོང་དགོང་མོར་གཏང་བའི་ཕྱག་སྲོལ་འདུག་པ་ཉིད་བྱིན་རླབས་དགེ་འཕྲོད་ཆེ་བ་ཉམས་མྱོང་རྒྱུན་ལྡན་དུ་སྣང་ཡང་། མ་ལྕོགས་ན་སྔ་དྲོ་ཚེའི་ཕྲིན་ལས་རྒྱས་པར་གཏང་ཞིང་བསྙེན་པ་ཅི་འགྲུབ་ཚེ་འགུགས་སྐོང་གསོ་ཚོགས་མཆོད་ལྷག་མའི་བར་གྲུབ་པར་བྱ། ཕྱི་དྲོ་མདོས་གཏང་ཞིང་སྔགས་བཟླ་བའི་ཚར་གྲངས་གང་འགྲོ་བྱ་བ་ཉིད་འདོན་བྱ་ཟོར་ཡང་ཞིང་བཟླས་པའི་གྲངས་འགྲོ་བ་ལ་ལེགས་པར་སྣང་། དེའང་སྨད་ཕྱོགས་སུ་བླ་བསླུ་བརྒྱ་རྩ་དང་སྟོང་རྩ་ལ་སོགས་པའི་ཐ་སྙད་བྱེད་ཅིང་གཞུང་ཚར་གྲངས་གྱེར་བ་གཙོར་བཏོན་པར་སྣང་ཡང་ནུས་པ་འབྱིན་བྱེད་དམིགས་བཟླས་ཁོ་ན་ཡིན་པས་དེ་ཉིད་གཙོར་བྱ་བ་གལ་ཆེ་འོ། ཁ་ཅིག་གིས་རྒྱབ་དཔུང་དུ་སྡེ་བརྒྱད་ཆ་སྙོམས་གཏང་བའི་སྲོལ་འདུག་པ་ལྟར་གཏོང་ན་སྐབས་འདིར་འབྲེལ་བས། གསེར་སྐྱེམས་བཤམ། བྱིན་རླབས་སྤྱི་མཐུན་བྱས་ལ་ཚར་གཅིག་གམ་གསུམ་ཙམ་འབུལ་ཏེ་སྡོངས་གྲོགས་བྱེད་པའི་ཕྲིན་ལས་བཅོལ། གང་ལྟར་མདོས་བྱིན་གྱིས་བརླབ་པ་ནི། ཡས་རྣམས་ལ་ཆབ་བྲན་ཏེ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ། ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །རྟེན་འབྲེལ་རྫས་ལས་གྲུབ་པའི་མི། །རྐྱེན་ངན་ཟློག་པའི་དཔའ་ངར་ཅན། ཁོག་སྟོད་གསེར་ལ་ཁོག་སྨད་གཡུ། །རྐེད་པ་མཆོང་ལ་རྐང་ལག་ཀུན། །གསེར་དངུལ་ཟངས་དང་ལྕགས་ལས་གྲུབ། །ཞོ་ཤའི་སྙིང་ལ་མུ་ཏིག་ཀླད། །ལུང་ཏང་མིག་ལ་ཟེར་སྒྲོའི་སྐྲ། །བྱེ་རུའི་ལྗགས་ལ་འགྲོན་བུའི་སོ། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །མདའ་བཀྲ་སྐྱེས་པ་སྟག་ཆས་རྫོགས། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །ནམ་མཁའ་བདུད་རྩིའི་སྐྱེམས་ཕུད་དང་། །གཏོར་མ་ཆངས་བུ་ཏིང་ལོ་དང་། །ཤ་དུམ་འབྲུ་སྣ་ཡས་སྟགས་རྣམས། །སོ་སོར་ཅི་འདོད་ལོངས་སྤྱོད་རྫས། །སྦྱིན་བདག་ཚེ་གླུད་སྲོག་གི་སྐྱིན། །བུ་ལོན་ལན་ཆགས་འཇལ་བའི་རྫས། །ཟག་མེད་ནམ་མཁའི་མཛོད་དུ་གྱུར། །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་སྒྲེང་བའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུག་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །ཅེས་སྔགས་དྲུག་ཕྱག་དྲུག་གིས་སྦྱང་སྤེལ་སྒྱུར་ཐོབ་ཚིམ་དབང་དུ་བྱེད་པའི་ནུས་ལྡན་དུ་བྱ། གཉིས་པ་བླ་བསླུ་དངོས་ལ། དང་པོ་སྤྱན་འདྲེན་པ། དེ་ནས་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ། སྤར་ཁའི་ཐོག་གི་གདོན་བྱེ་བྲག་པར་བསྔོ་བ། ཕྱོགས་བཅུའི་གདོན་ལ་བསྔོ་བ། ཁྱད་པར་བླ་གཤེད་བདུད་ཀྱི་བདུད་རེ་ཏེ་མགོ་ཡག་དང་བྱང་ཤར་སྲོག་བདག་རྒྱལ་པོ་པེ་ཧར་ལ་བསྔོ་བ། བླ་འགུགས་ཀྱི་སྔགས་བཟླ་བ་དང་དྲུག་ལས། དང་པོ་སྤྱན་འདྲེན་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་མགྲོན་རིགས་རྣམས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ལ། སྤོས་གསུར་གྱི་དུད་པ་འབུལ་བཞིན་དུ་དབྱངས་སྙན་རོལ་སྒྲ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །བཀའ་དང་དམ་ལ་གནས་པ་ཡི། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །གཙང་མགོན་བདུན་ཅུ་རྩ་ལྔ་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འབྱུང་བ་ལྔ་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྤར་ཁ་བརྒྱད་ཀྱི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྨེ་བ་དགུ་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གཙུག་ལག་སྤྱི་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྡེ་བརྒྱད་དྲེག་པའི་ཚོགས་བཅས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ང་རྒྱལ་གདུག་པའི་སེམས་ཀྱིས་མ་བྱོན་པར། །བྱམས་དང་ཞི་བའི་སེམས་ཀྱིས་གཤེགས་སུ་གསོལ། །སརྦ་གུ་རུ་སརྦ་དེ་བ་སརྦ་ཌཱ་ཀི་སརྦ་པྲེ་ཏ་ས་མ་ཡ་ཛཿཛཿ ཞེས་སྤྱན་དྲངས་པས་མགྲོན་རྣམས་ཆར་སྤྲིན་གཏིབས་པ་ལྟར་ལྷགས་ཏེ། དཀོན་མཆོག་རྩ་གསུམ་མདུན་གྱི་ནམ་མཁའ། དཔལ་མགོན་རྣམས་བར་སྣང་ལ་བཞུགས་ནས་དགྱེས་པའི་ཐུགས་ཀྱིས་དགོངས། འབྱུང་ལྔ་སྤར་སྨེ་ལ་སོགས་པ་བགེགས་རིགས་ལན་ཆགས་མགྲོན་རྣམས་ས་གཞི་ལ་ཁྲོམ་ཚོགས་པ་བཞིན་འཁོད་ནས་བྱམས་དང་གུས་པའི་ཚུལ་གྱིས་གནས་པར་བསམ། གཉིས་པ་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནམ་མཁའ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་སེམས་ཀྱི་གླུད། །འབྱུང་བ་ཆེན་པོ་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྲག་རི་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་རུས་པའི་གླུད། །འབྱུང་བ་ཆེན་པོ་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ས་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཤ་ཡི་གླུད། །འབྱུང་བ་ཆེན་པོ་ས་ལ་གཏོང་། །ས་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྒྱ་མཚོ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཁྲག་གི་གླུད། །འབྱུང་བ་ཆེན་པོ་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲེག་བྱེད་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དྲོད་ཀྱི་གླུད། །འབྱུང་བ་ཆེན་པོ་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རླུང་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དབུགས་ཀྱི་གླུད། །འབྱུང་བ་ཆེན་པོ་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བཀྲག་མདངས་དབང་བའི་ལྷ་སྲིན་རྣམས། །བླ་གླུད་གཉན་པོ་འདི་བཞེས་ལ། །བུ་ལོན་ལན་ཆགས་བྲལ་བར་མཛོད། །གསུམ་པ་སྤར་ཁའི་གདོན་བྱེ་བྲག་པར་བསྔོ་བ་ནི། ཧཱུྃ། ལྷོ་ཕྱོགས་སྤར་ཁ་ལི་ཐོག་ན། །བཙན་དང་གྲི་བོ་བསྡོངས་པ་ཡིས། །ཐབ་དང་གཞོབ་ལ་སྙད་བཏགས་ནས། །དེ་གཅིག་སྤང་པོ་ཁ་སེར་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྷོ་ནུབ་སྤར་ཁ་ཁོན་ཐོག་ན། །ས་བདག་ཕུ་བདག་བསྡོངས་པ་ཡིས། །མི་གཙང་འཁོན་ལ་སྙད་བཏགས་ནས། །དེ་གཅིག་རོལ་པོ་ཁ་ནག་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ནུབ་ཕྱོགས་སྤར་ཁ་དྭ་ཐོག་ན། །བདུད་དང་སྐྱེས་བུ་བསྡོངས་པ་ཡིས། །དམེ་པོའི་བདུད་ལ་སྙད་བཏགས་ནས། ཁ་རིང་འཁྱགས་པ་ཆལ་ཆོལ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ནུབ་བྱང་སྤར་ཁ་ཁེན་ཐོག་ན། །རྒྱལ་འགོང་ཐེའུ་རང་བསྡོངས་པ་ཡིས། །བུ་སྲིང་ནལ་གྱིས་ཉེན་ལངས་ནས། །དེ་གཅིག་གནམ་སྔོ་ས་སྔོ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བྱང་ཕྱོགས་སྤར་ཁ་ཁམ་ཐོག་ན། །ཀླུ་དང་མ་མོ་བསྡོངས་པ་ཡིས། །ནལ་དང་ཡུགས་ལ་སྙད་བཏགས་ནས། །དེ་གཅིག་ལུ་མ་ཁ་རྒྱས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བྱང་ཤར་སྤར་ཁ་གིན་ཐོག་ན། །རྦད་འདྲེ་དཀོར་འདྲེ་བསྡོངས་པ་ཡིས། །བན་བོན་ནོར་ལ་སྙད་བཏགས་ནས། །དེ་གཅིག་ས་འཁྱགས་རྡོ་འཁྱགས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཤར་ཕྱོགས་སྤར་ཁ་ཟིན་ཐོག་ན། །ཀླུ་དང་རྒྱལ་པོ་བསྡོངས་པ་ཡིས། །རབས་ཆད་ནོར་ལ་སྙད་བཏགས་ནས། ཁ་རིང་རྩི་ཐོག་རྒྱས་དུས་སུ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཤར་ལྷོ་སྤར་ཁ་ཟོན་ཐོག་ན། །རྒྱལ་འགོང་སྨྱོ་འདྲེ་བསྡོངས་པ་ཡིས། །རིམས་དང་ཡམས་ལ་སྙད་བཏགས་ནས། ཁ་རིང་ཉི་མ་ལྡོག་མཚམས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བཞི་པ་ཕྱོགས་བཅུའི་གདོན་ལ་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྟེང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྷ་ཡི་གདོན་ནི་ཆེན་པོ་པ། །མི་ཡང་སྔོན་པོ་ཆས་ཏེ་བྱུང་། །རྟ་ཡང་སྔོན་པོ་ཞོན་ཏེ་བྱུང་། །བེར་ཡང་སྔོན་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་སྔོན་པོ་བཅིངས་ཏེ་བྱུང་། །དར་མདུང་སྔོན་པོ་ཕྱར་ཏེ་བྱུང་། །ཞགས་པ་སྔོན་པོ་ཐོགས་ཏེ་བྱུང་། །བྱ་ཡང་སྔོན་པོ་ལྡིང་ཞིང་བྱུང་། ཁྱི་ཡང་སྔོན་པོ་ཁྲིད་དེ་བྱུང་། །སྟེང་ན་གནས་པའི་ལྷ་སྲིན་ཡིན། །སྟེང་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །རྒྱལ་པོ་དང་ནི་དྲི་ཟའི་གདོན། །མི་ཡང་དཀར་པོ་ཆས་ཏེ་བྱུང་། །རྟ་ཡང་དཀར་པོ་ཞོན་ཏེ་བྱུང་། །བེར་ཡང་དཀར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་དཀར་པོ་བཅིངས་ཏེ་བྱུང་། །དར་མདུང་དཀར་པོ་ཕྱར་ཏེ་བྱུང་། །ཞགས་པ་དཀར་པོ་ཐོགས་ཏེ་བྱུང་། །བྱ་ཡང་དཀར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་དཀར་པོ་ཁྲིད་དེ་བྱུང་། །ཤར་ན་གནས་པའི་ལྷ་སྲིན་ཡིན། །ཤར་གྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གྲུལ་བུམ་དང་ནི་གཤིན་རྗེའི་གདོན། །མི་ཡང་སེར་པོ་ཆས་ཏེ་བྱུང་། །རྟ་ཡང་སེར་པོ་ཞོན་ཏེ་བྱུང་། །བེར་ཡང་སེར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་སེར་པོ་བཅིངས་ཏེ་བྱུང་། །དར་མདུང་སེར་པོ་ཕྱར་ཏེ་བྱུང་། །ཞགས་པ་སེར་པོ་ཐོགས་ཏེ་བྱུང་། །བྱ་ཡང་སེར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་སེར་པོ་ཁྲིད་དེ་བྱུང་། །ལྷོ་ན་གནས་པའི་ལྷ་སྲིན་ཡིན། །ལྷོ་ཡི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀླུ་ཡི་གདོན་ནི་ཆེན་པོ་པ། །མི་ཡང་དམར་པོ་ཆས་ཏེ་བྱུང་། །རྟ་ཡང་དམར་པོ་ཞོན་ཏེ་བྱུང་། །བེར་ཡང་དམར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་དམར་པོ་བཅིངས་ཏེ་བྱུང་། །དར་མདུང་དམར་པོ་ཕྱར་ཏེ་བྱུང་། །ཞགས་པ་དམར་པོ་ཐོགས་ཏེ་བྱུང་། །བྱ་ཡང་དམར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་དམར་པོ་ཁྲིད་དེ་བྱུང་། །ནུབ་ན་གནས་པའི་ལྷ་སྲིན་ཡིན། །ནུབ་ཀྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །གནོད་སྦྱིན་གྱི་ནི་གདོན་ཆེན་པོ། །མི་ཡང་ལྗང་གུ་ཆས་ཏེ་བྱུང་། །རྟ་ཡང་ལྗང་གུ་ཞོན་ཏེ་བྱུང་། །བེར་ཡང་ལྗང་གུ་གྱོན་ཏེ་བྱུང་། །ཐོད་ཀྱང་ལྗང་གུ་བཅིངས་ཏེ་བྱུང་། །དར་མདུང་ལྗང་གུ་ཕྱར་ཏེ་བྱུང་། །ཞགས་པ་ལྗང་གུ་ཐོགས་ཏེ་བྱུང་། །བྱ་ཡང་ལྗང་གུ་ལྡིང་ཞིང་བྱུང་། ཁྱི་ཡང་ལྗང་གུ་ཁྲིད་དེ་བྱུང་། །བྱང་ན་གནས་པའི་ལྷ་སྲིན་ཡིན། །བྱང་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །མཚམས་བཞི་སྟོང་གི་འཇིག་རྟེན་ན། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །བྱང་ཤར་དབང་ལྡན་འབྱུང་པོའི་གདོན། །མི་ཡང་ཁྲ་བོ་ཆས་ཏེ་བྱུང་། །རྟ་ཡང་ཁྲ་བོ་ཞོན་ཏེ་བྱུང་། །བེར་ཡང་ཁྲ་བོ་གྱོན་ཏེ་བྱུང་། །ཐོད་ཀྱང་ཁྲ་བོ་བཅིངས་ཏེ་བྱུང་། །དར་མདུང་ཁྲ་བོ་ཕྱར་ཏེ་བྱུང་། །ཞགས་པ་ཁྲ་བོ་ཐོགས་ཏེ་བྱུང་། །བྱ་ཡང་ཁྲ་བོ་ལྡིང་ཞིང་བྱུང་། ཁྱི་ཡང་ཁྲ་བོ་ཁྲིད་དེ་བྱུང་། །མཚམས་ན་གནས་པའི་ལྷ་སྲིན་ཡིན། །མཚམས་ཀྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འོག་ཕྱོགས་སྟོང་གི་འཇིག་རྟེན་ན། །ས་བདག་ཆེན་པོ་ནག་པོའི་གདོན། །མི་ཡང་དུད་ཀ་ཆས་ཏེ་བྱུང་། །རྟ་ཡང་དུད་ཀ་ཞོན་ཏེ་བྱུང་། །བེར་ཡང་དུད་ཀ་གྱོན་ཏེ་བྱུང་། །ཐོད་ཀྱང་དུད་ཀ་བཅིངས་ཏེ་བྱུང་། །དར་མདུང་དུད་ཀ་ཕྱར་ཏེ་བྱུང་། །ཞགས་པ་དུད་ཀ་ཐོགས་ཏེ་བྱུང་། །བྱ་ཡང་དུད་ཀ་ལྡིང་ཞིང་བྱུང་། ཁྱི་ཡང་དུད་ཀ་ཁྲིད་དེ་བྱུང་། །འོག་ན་གནས་པའི་ལྷ་སྲིན་ཡིན། །འོག་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྔ་པ་བླ་གཤེད་ཀྱི་བདུད་རྒྱལ་གཉིས་ལ་སྒོས་སུ་བསྔོ་བ་ནི། ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བདུད་མཁར་ནག་པོའི་ནང་ཤེད་ན། །བདུད་རྗེ་རེ་ཏེ་མགོ་ཡག་བཞུགས། །སྤྲུལ་པ་ཕོ་བདུད་བཅུ་གསུམ་འགྱེད། །སྐྱེས་པ་ཀུན་གྱི་སྲོག་གཅོད་བྱེད། །ཟ་མ་མོ་ཡི་སྲིད་ལ་རྐུ། །བྱིས་པ་ཆུང་གི་ཚེ་ལ་རྐུ། །བདུད་པོ་བླ་རྐུན་བཅུ་གསུམ་གྱིས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །བླ་དང་སྲོག་ལ་བརྐུས་བཞམས་སྲིད། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཀྱེ། ཉི་མ་བྱང་ཤར་མཚམས་ཤེད་ན། །སྲོག་བདག་རྒྱལ་པོ་པེ་ཧར་ཁྱོད། །གཙུག་ལག་ཁང་གི་སྲུང་མ་ཡིན། །སྤྲུལ་པ་ཛམ་གླིང་ཀུན་ལ་འགྱེད། །ས་བདག་འགོང་པོ་ཕོ་ཉར་གཏོང་། །ཐེའུ་རང་སྟོང་སྡེའི་རྒྱབ་རྟེན་བྱེད། །སེམས་ཅན་ཀུན་གྱི་སྲོག་དབུགས་ལེན། །དམ་སྲི་སྤུན་དགུའི་ཁ་འཛིན་བྱེད། །བླ་རྐུན་པེ་ཧར་འཁོར་བཅས་ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིའི། །བླ་དང་སྲོག་ལ་བརྐུས་བཞམས་སྲིད། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། ཁྱད་པར་བླ་གཤེད་སྡེ་གཉིས་ལ། །རིན་ཆེན་གསེར་སྐྱེམས་དམ་པ་དང་། །རིན་ཆེན་ནམ་མཁའ་སྣ་ཚོགས་དང་། །རིན་ཆེན་རྒྱང་བུ་འཕན་བཟང་སྤྲས། །ངར་མི་ཕོ་མོ་ཆུང་གསུམ་ཕྱུག །རང་རང་མཛེས་པའི་རྒྱན་གྱིས་བརྒྱན། །ཕོ་གདོང་དང་ནི་མོ་གདོང་དང་། །བཤོས་བུ་དང་ནི་མཐེབ་ཀྱུ་དང་། །ཤ་སྣ་དེ་ནི་བཅུ་གསུམ་དང་། །བླ་ཡི་གླུད་ནི་བཅུ་གསུམ་རྣམས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །གླུད་དང་ཚབ་ཏུ་འབུལ་ལགས་ན། །ལྷུ་མོ་དེ་ནི་བཅུ་གཉིས་དང་། །མགོ་བོ་དང་ནི་བཅུ་གསུམ་གྱི། །ཚབ་ཏུ་དེ་ནི་འབུལ་ལགས་ཀྱི། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །བླ་གླུད་གསེར་སྐྱེམས་འདི་བཞེས་ཤིག །ཡས་སྟགས་བཟང་པོ་འདི་བཞེས་ཤིག །རྔན་ཆ་དར་ཟབ་གསེར་དང་དངུལ། །ལྷོ་བྱང་ལ་ཀླུང་རྫས་དུ་མ། །གཏོར་མ་གསེར་སྐྱེམས་བཅས་པ་བཞེས། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །གནོད་པ་སྡུས་ལ་བླ་ཚེ་གཏོད། །ཞི་བ་ཆེན་པོའི་ངང་ལ་བཞུགས། །མཉམ་པ་ཆེན་པོའི་ངང་ལ་བཞུགས། །ཕན་པ་བྱང་སེམས་བསྐྱེད་དུ་གསོལ། །ཞེས་བསྔོས་པས་སོ་སོ་ནས་ཡས་སྟགས་རྣམས་བདག་གིར་བྱས། མགུ་ཞིང་ཚིམས་ཏེ་ཇི་ལྟར་བསྒོས་པའི་དོན་བདེ་བླག་ཏུ་སྒྲུབ་པར་མོས། དྲུག་པ་བླ་འགུགས་ཀྱི་སྔགས་བཟླ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་ཡང་འོད་ཟེར་སྣ་ཚོགས་སྟེང་འོག་ཀུན་ཏུ་བ་ཐག་འཛིངས་པ་ལྟར་འཕྲོས་པས་ས་འོག་ས་སྟེང་ས་བླའི་ཁམས་ཐམས་ཅད་ཁྱབ། བླ་ཚེ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་བཙན་དང་རྒྱལ་པོ་ལ་སོགས་མདོར་ན་བགེགས་གདོན་གྱི་རིགས་སུ་གྱུར་པས་བརྐུས་པ་དང་། ཕྲོགས་པ་དང་། བཞམས་པ་དང་། ཡར་པ་དང་། འཁྱམས་པ་དང་། སྟོར་བ་སོགས་བཀུག །ཡོན་གྱི་བདག་པོར་བསྟིམས་པས། ཉམས་པ་སོས། ཆད་པ་མཐུད། ཡོ་བ་བསྲངས། སྔར་བས་ཀྱང་གཟི་བྱིན་དང་ལྡན་པས། བླ་ཚེ་སྲོག་གསུམ། མི་ནོར་ཟས་གསུམ་ལ་སོགས་པ་རྒྱས་ཤིང་བརྟན་པར་གྱུར་པར་མོས་ལ་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་ཟུར་གསལ་དཀྱུས་སུ་བཀོད་པ་ནི། ཨ་ཧ་རི་ནི་ས་ཛྷབ་ཛྷབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀཿཁུག་ཛཿཛཿ བརྒྱ་སྟོང་ཁྲི་འབུམ་སོགས་རྟགས་དང་སྦྱར་ཏེ་བཟླ་འོ། །སྐབས་འདིར་གཏེར་ཆེན་གསུང་ལ་ཁམས་པ་ཀུན་དགའ་བསྟན་འཛིན་གྱིས་ཟིན་བྲིས་མཛད་པ་ལས་ཡི་དམ་གྱི་སྔགས་ཤམ་དུ་སྔགས་འདི་བཏགས་ནས་བཟླ་དགོས་པར་གསུངས་ཤིང་ཕལ་ཆེར་གྱིས་ཕྱག་ལེན་དུའང་མཛད་པར་སྣང་ངོ་། །དེ་ལྟར་ཐུན་དྲུག་གམ་བཞིར་བཅད་པའི་ཆོ་ག་བཟླས་པ་བཅས་བྱེད། དངོས་ཉམས་རྨི་ལམ་གྱི་ལྟས་དང་བསྟུན་ནས་སྐབས་སུ་བླ་འཁྱམས་པའི་གནས་རྣམས་ནས་མི་མིང་ལོ་ཁམས་འདི་ཞེས་བྱ་བའི་བླ་ཚེ་ཉམས་པ་དང་སོགས་འོག་གི་འགུགས་ཚིག་ལྟར་ཁུག་ཅིག་པའི་ཚིག་སྐད་གསང་མཐོན་པོས་འབོད་ཅིང་བསྟིམས་པའི་མོས་པ་བརྟན་པོ་བྱེད་པར་བཤད་པ་ལྟར། ནངས་ནུབ་གུང་གཉིས་སོགས་སུ་ཁང་སྟེང་བསྐོར་ཏེ་ཕྱོགས་ཀུན་ཏུ་ཐོས་ངེས་པའི་སྐད་ཀྱིས་འོག་གི་འགུགས་ཚིག་ལྟར་འབོད་པ་དང་། ཡང་ཆེ་གཉན་གྱི་རིགས་ལ་ཐོག་སྟེང་ནས་མདའ་དར་གཡབ་ཅིང་སྐད་དམའ་བར་འབོད་པའི་ལག་ལེན་སྣང་བའང་བྱས་ན་ལེགས་མོད། དཀྱུས་སུ་ཐུན་མཇུག་སོ་སོར་བདེན་བདར་དགུགས་གཞུག་མཛད་པའི་ཕྱག་ལེན་ལྟར་ན། བཟླས་པ་གྲུབ་པ་དང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། རྒྱལ་པོའི་ཕོ་བྲང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་ཆོས་གྲྭ་ཆེན་པོ། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུ་ས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས་ཚེ་དང་ལྡན་པ། མིང་རུས་ལོ་ཁམས་སོ་སོར་སྨྲོས་པའི། བླ་ཚེ་ཉམས་པ་དང་། ཡར་པ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་ཕྲོགས་པ། གདོན་ཕྲན་གྱིས་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་ཐམས་ཅད་རང་གནས་སུ་ཁུག་ཅིག །ཅེས་རོལ་མོ་འགུགས་སྔགས་དང་བཅས་པ་ལན་གསུམ་བྱ། སྐབས་མཚམས་སུ་ཡོན་བདག་དངོས་སམ་བླ་རྟེན་གང་རུང་གི་མདུན་དུ་ཁ་གཏད་དེ་བླ་ལུག་ཆུ་དང་བཅས་པ་བཞག །དམོད་བོར་ཏེ་བླ་ལུག་བསྐོར་བས་ཁ་ཡོན་བདག་གི་བླ་རྟེན་ཕྱོགས་སུ་གཏད་དེ་བསྡད་ན་ཁུག་རྟགས་ཡིན་པས་མཇུག་གི་བྱ་བས་འཐུས་ཤིང་། ཕྱིར་ལོག་ཏུ་བསྡད་ན་ཆོ་ག་སྔགས་བཟླས་སོགས་ལ་འབད་ཅིང་བསྐྱར་ལ་བརྟག་གོ །དེ་ལྟར་ཐུན་གསུམ་སོགས་ཚར་གྲངས་དུ་བྱེད་ལ་རེ་རེ་བཞིན་གླུད་མདོས་འབྲུ་སྣ་ཟན་དུམ་སོགས་ཀྱིས་ཁ་གསོ། གསེར་སྐྱེམས་སྔ་མ་ཕྱི་རོལ་དུ་མཆོད་ལ་གསར་དུ་བཤམ། སྔགས་དྲུག་ཕྱག་དྲུག་སྔགས་རྐྱང་པ་ཙམ་བརྗོད་ལ་ཕྱག་རྒྱ་དང་དམིགས་པས་བྱིན་བརླབ། སྤྱན་འདྲེན་ནས་འགུགས་པ་ཡན་ཆད་ལ་གྲངས་གཟུང་། དགོང་མོར་ཆོས་སྲུང་གཏོར་སྐྱོང་ཆད་བརྟན་ནས་ཤིས་བརྗོད་བར་ལྷ་གཞུང་གི་རྗེས་ཆོག་ཚང་བར་བྱའོ། །དེ་ནས་ཉིན་གཅིག་ཡིན་ན་ཚར་རྗེས་མ། ཞག་གྲངས་བྱེད་ན་རྫོགས་པའི་སྐབས་སུ་འགུགས་གཞུག་ཡན་གྲུབ་ནས། གསུམ་པ་མཇུག་གི་ཆོ་ག་སྣང་སྲིད་ལྷ་འདྲེ་སྤྱིར་བསྔོས་ཏེ་གཤེགས་སུ་གསོལ་ལ་ལས་གཞུང་གི་མཇུག་བསྡུ་བ་དང་བཅས་པ་ནི། ཐོག་མར་ཡི་དམ་གྱི་བསྐུལ་ཡོད་ན་གཏང་། ཆོས་སྐྱོང་གཏོར་འབུལ་བྱས་ལ་གླུད་ཀྱི་མར་མེ་སྦར་ཏེ། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །བཀྲག་དང་མདངས་ལ་དབང་བ་རྣམས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །དཀའ་བས་བཙལ་ཅིང་དཀོན་པ་བསྡུས། །ལེགས་དགུ་བསགས་ཤིང་ཞིམ་དགུ་སྤུངས། །བདག་གིས་བསམ་པ་རྣམ་དག་ཅིང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྣང་སྲིད་ལྷ་འདྲེ་དགྱེས་བྱེད་པའི། །འདོད་ཡོན་དྲུག་ལྡན་མཆོད་གཏོར་དང་། །དབུལ་བའི་གླུད་ཆེན་འདི་བཞེས་ལ། །བདེ་བར་གཤེགས་པའི་གསུང་ལ་ཉོན། །ཆོས་ཉིད་བདེན་པའི་དོན་ལ་སོམས། །དབང་གི་རྒྱལ་པོའི་བཀའ་མ་བཅག །རིག་འཛིན་རྒྱལ་པོའི་ངག་ལ་ཉོན། །རང་གི་ལུས་ལ་དཔེ་ལོངས་ལ། །ཕ་རོལ་གཞན་ལ་གནོད་མ་བྱེད། །འཁོར་བའི་རྒྱུ་འབྲས་དྲན་པར་གྱིས། །ལུང་པ་ཡི་ནི་སུམ་མདོ་ན། །ལམ་འཕྲང་དེ་ནི་བཞི་མདོ་ན། །ལྷ་སྲིན་བསྐྱོད་པའི་གནས་ཤིག་མཆིས། །མདོས་གླུད་དམ་པ་འདི་ལོངས་ལ། །འཁོར་འདིར་གནོད་འཚེ་མ་མཛད་པར། །སྐྱོད་ཅིག་གཤེགས་ཤིག་ད་གཤེགས་ཤིག །རང་རང་སོ་སོའི་གནས་སུ་གཤེགས། །ཞེས་བརྗོད་ལ་བླ་རྟེན་བླ་རྐང་སོགས་ལས་གཞུང་གི་གཏོར་མའི་མདུན་དུ་བསྡུ། ཡས་རྣམས་ཕྱོགས་སྐྱེལ་བྱེད་ན་མ་ནོར་བར་སྣོད་བཅུར་བསྡུ། དེ་མིན་བསྒྲུབ་བྱའི་འདྲེ་ལྔ་བདུད་གཅོད་ལྟ་བུའི་ཕྱོགས་གཅིག་ཏུ་བསྐྱལ་ན་ཕྱི་ནས་རིམ་བཞིན་སྣོད་ཆེན་གཅིག་ཏུ་བསྡུས་ལ། ཐོག་མར་དཀར་གཏོར་གསེར་སྐྱེམས་ཁྱེར། དེ་རྗེས་ཡས་རྣམས་ཕྱིར་སྤགས། དེ་རྒྱབ་ས་སྟེགས་ཡིན་ན་བསྡུས་ལ་བཞག །དེ་རྒྱབ་ཆད་ཐོའི་གཏོར་ཟོར་བཤམ། མདོས་སྟན་གཞན་ཡིན་ན་སྤྲུག་པ་དང་བསྟུན། གསེར་སྐྱེམས་གཏང་། དེའང་སྤྱི་འགྲོ་གང་རུང་གིས་ཆོག་ལ། འདོན་བྱ་ངེས་པ་མེད་པའི་རིགས་ལ་ཕྱོགས་འདིའི་ཕྱག་སྲོལ་ཆགས་མེད་རིན་པོ་ཆེས་མཛད་པ་ལྟར་ན། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །སྔོན་མོ་འབྲུ་ཡི་སྙིང་ཁུ་སྟེ། །རིན་ཆེན་དམ་པ་གསེར་བདར་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །དེ་རིང་གཟུ་དང་དཔང་པོ་མཛོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དཔལ་མགོན་བདུན་ཅུ་འཁོར་དང་བཅས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བར་ཆད་རྐྱེན་རྣམས་ཟློག་ཏུ་གསོལ། །གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཚོགས། །དབྱུ་གུ་དྲུག་ཅུ་མཁའ་འགྲོ་བདུན། །ས་བདག་རྗེ་བློན་བཅུ་བདུན་སོགས། །དུས་ཚོད་ཚེས་གྲངས་བདག་པོ་རྣམས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །སྡེ་བརྒྱད་ཡུལ་ལྷ་གཞི་ཡི་བདག །ཡུལ་དང་ས་སྐོར་ཁང་ཁྱིམ་འདིར། །གཉུག་མར་གནས་པ་མ་ལུས་ཀུན། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །རུ་ང་ཕྲག་དོག་མ་བྱེད་ཅིག །མཐོ་མཐོ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་དམའ་རྣམས་ཀྱིས་དབུ་ཆུམས་ཤིག །ཐད་དུ་འདུག་པ་སྐུ་ཟུར་ཅིག །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །མདོས་དང་ཟོར་གྱི་ལམ་ཕྱེས་ཤིག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་གཏང་ཕྱོགས་སུ་དཀར་གཏོར་བཅས་ཕུལ། ལས་གཞུང་གི་ཆད་ཐོ་བཏང་ལ་མདོས་བཏེགས། ཕྱོགས་སྐྱེལ་སྐབས་ཕྱོགས་མཚམས་སྟེང་འོག་བཅུ་དང་། ཕྱོགས་གཅིག་ལ་བསྒྲུབ་བྱའི་ལོ་ལྷ་མིན་པ་འོས་པའི་ཕྱོགས་སུ་བསྐྱལ་གཞུག །བྷྱོ། གཞན་ཡང་ཟློག་ཅིང་སྒྱུར་བ་ནི། །ཞེས་སོགས་སམ། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ཞེས་པ་ལྟ་བུའི་ཟློག་བྱང་སྤྱི་རྒྱུག་གང་ཤེས་བརྗོད་ལ་ཆད་ཐོའི་གཏོར་མ་མདོས་རྗེས་ཟོར་དུ་འཕེན། སྤྲོ་ན་ལོཀྟྲི་དང་སེང་གདོང་མ་ལྟ་བུའི་ཟློག་པ་ཐལ་རྡེབ་བཅས་པའང་བྱ། རྗེས་སུ་བརྟན་མ་བསྐྱང་ཞིང་བྲོ་བརྡུང་། བསྒྲུབ་བྱ་ལ་སྲུང་འཁོར་བརྟན་པོར་བསྒོམ། ཚེ་འགུགས་རྒྱས་པར་གཏང་། དངོས་གྲུབ་ལེན་པ་སོགས་ལས་གཞུང་གི་མཇུག་ཆོག་དཀྱུས་ལྟར་བྱེད་ཅིང་བཀྲ་ཤིས་པའི་ཚིགས་སུ་གཅད་པ་དང་བསྟུན་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འཐོར། ཚེ་སྒྲུབ་དང་སྦྲེལ་སྐབས་རྒྱས་པར་སྤྲོ་ན་བསྒྲུབ་བྱ་གོས་རྒྱན་བཟང་པོ་དང་སྟན་དཀར་གཡུང་དྲུང་གི་རི་མོ་ཅན་ལ་བཞག་སྟེ་ཚེ་དབང་རྒྱས་པར་བསྐུར། ཚེ་རྫས་སྦྱིན། འཁོར་ལོ་ཡོད་ན་དང་བླ་གཡུ་མགུལ་དུ་གདགས། ཞལ་བསྲོའི་ཚུལ་དུ་ཚོགས་འཁོར་གྱི་དགའ་སྟོན་ལ་ལོངས་སྤྱད་དུ་གཞུག །བླ་རྐང་དང་བླ་ནས་རྣམས་ཀྱང་ལྟས་བརྟགས་ཟིན་ནས་བསྒྲུབ་བྱ་རང་ཉིད་ཀྱིས་བཟའ། བླ་རྟགས་བླ་ལུག་རྣམས་བྱི་བ་སོགས་ཀྱི་གནོད་པ་མི་འབྱུང་བའི་སར་སྦའོ། །བླ་གླུད་རྒྱས་པ་ྀཨཚ། རྩ་བའི་གསུམ་པ་རྟགས་ལ་དཔྱད་པ་ལའང་། དང་པོ་བླ་རྐང་ལ་བརྟག་པ། གཉིས་པ་ནས་ལ་བརྟག་པ། གསུམ་པ་རྨི་ལམ་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། བླ་རྐང་གི་རྒྱ་བཤིགས་ལ་ལེགས་པར་བལྟ། དེ་ཡང་ཕྱི་རུས་པ་ལ་བརྟག་པ། ནང་ཆུ་སེར་ལ་བརྟག་པ། གསང་བ་དྲི་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། རུས་པ་སྣུམ་ལ་འདྲིལ་བ། འཇམ་ལ་ལྕི་བ་རྣམས་བཟང་། གཙང་ལ་སོབ་པ། རྩུབ་ལ་དམར་བ། ཡང་ལ་ཆུང་བ་རྣམས་ངན་པ་ཡིན། ཁྱད་པར་རྐང་ལ་གོག་བཀས་སེར་ག་སྤུ་རིས་བྱུང་ན་ངན་ཞིང་། མ་བྱུང་ན་མཆོག་ཏུ་བཟང་ངོ་། །གཉིས་པ་ནང་ཆུ་སེར་ལ་བརྟག་པ་ནི། ཆུ་སེར་གྱི་སྦུ་གུ་སྟོད་དུ་འདུག་ན་བཟང་། སྨད་དུ་བྱུང་ན་ངན། བར་དུ་བྱུང་ན་འབྲིང་། དེ་ལ་ཡང་ཞིབ་པར་མདོག་ལ་བརྟག་སྟེ། ཆུ་སེར་དམར་ན་བཟང་། སེར་ན་འབྲིང་། ནག་ན་ངན་པའོ། །གསུམ་པ་གསང་བ་དྲི་ལ་བརྟག་པ་ནི། སྣུམ་དྲི། ཚིལ་དྲི། སྨན་དྲི་སྟེ་དྲི་བཟང་བྱུང་ན་བཟང་བ་ཡིན། ནད་དྲི། ཤི་དྲི། རུལ་དྲི་སྟེ་དྲི་ངན་བྱུང་ན་ངན་པ་ཡིན་པས་ལེགས་པར་དཔྱད། གཉིས་པ་ནས་རྡོག་ལ་བརྟག་པ་ནི། བླ་རྐང་གི་ཁྲོད་དུ་ བཅུག་པའི་ནས་སྔར་བས་མང་དུ་ཡོད་ན་བཟང་། ཉུང་ན་ངན། རང་སར་བསྡད་ན་འབྲིང་ཡིན་པས་སྐྱོན་མེད། མདོག་ཀྱང་རང་མདོག །དཀར་སེང་སོགས་ལེགས་ཤིང་། ནག་ནོག་ངན་པར་བཤད། གསུམ་པ་རྨི་ལམ་བརྟག་པ་ནི། རང་ངམ་ཡོན་གྱི་བདག་པོའི་རྨི་ལམ་དུ་གཡུ་བཏགས་པ་དང་། གོས་གསར་གྱོན་པ་དང་། རྡོ་རྗེ་དང་། དུང་དང་། གཡུང་དྲུང་གི་རི་མོ་ལ་སོགས་རྨིས་ན་མཆོག་ཏུ་བཟང་ངོ་། །དེ་ལྟར་ཐམས་ཅད་བཟང་རྟགས་སུ་བྱུང་ན་མཆོག་ཏུ་ལེགས། ཕྱེད་ཙམ་བཟང་ལ་ཕྱེད་ཙམ་ངན་ན་འབྲིང་སྟེ་མ་བསྐྱར་རུང་ཆོག །ངན་པ་མང་ན་སླར་ལན་གསུམ་དུ་བསྐྱར་བར་བྱའོ། །རྟགས་ལེགས་ན་བླ་གཡུ་ལུས་ལ་འབྲལ་མེད་གདགས་ཤིང་། བླ་རྐང་གི་ཤ་ཕྱི་འཁྱར་མེད་པར་བསྒྲུབ་བྱས་བཟའ་བ་དང་བསྟུན་ཕྱེ་མར་གྱིས་ཞལ་བསྲོ་བར་བྱའོ། །ཞེས་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པའི་བླ་བསླུ་བཅུ་གསུམ་གྱི་ཡིག་རྙིང་གཞིར་བཞག་གི་སྟེང་ཕྱག་བཞེས་ཟབ་མོས་ཟུར་བརྒྱན་ཏེ་འགྲིགས་ཆགས་གོ་བདེར་བཀོད་པས་འགྲོ་ལ་ཕན་པར་གྱུར་ཅིག །ཆོས་ལྡན་འཚོ་བ་ལྷུན་ཆགས་རི་དབང་བཞིན། །བླ་ཚེ་སྲོག་གི་རྡོ་རྗེའི་ཀ་བ་ཉིད། །མི་འགྱུར་བརྟན་པའི་བཙས་སུ་འདི་གྱུར་ཏེ། །འབྲེལ་ཚད་འཆི་བདག་འཇིགས་ལས་གྲོལ་གྱུར་ཅིག །ཅེས་མཆོག་དམན་ཀུན་ལ་ལན་ཚྭའི་ཟས་བཞིན་འགྲིམ་ཡང་གཞུང་མཐུན་ལག་ལེན་བྱེད་པ་དཀོན་པར་མཐོང་བས། རྩ་གཞུང་ཉིད་ལུང་རྒྱུན་བར་མ་ཆད་པར་སྣང་བས་སོར་བཞག་ཐོག་གཞན་ལ་ཕན་པའི་བསམ་པས་གསལ་བྱེད་ཀྱིས་བརྒྱན་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

བླ་མ་དྲག་པོ་ལས༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས་བྱ་བ་ཐེམ་མེད་པ་ (Volume 45, Text 33)

<!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོ་ལས༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས་བྱ་བ་ཐེམ་མེད་པ་བཞུགས་སོ༔ ྈྈྈྈྈྈྈྈྈ རབ་འཇིགས་མེའི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ༔ དུས་ཀྱི་ཐ་མར་མཚོན་གྱི་བསྐལ་པ་དར༔ ཕལ་ཆེར་མི་ཕྱེད་མཚོན་གྱིས་འཆི་བའི་ཚེ༔ རྡོ་རྗེའི་གོ་ཁྲབ་ལྕགས་ཁང་ལྟ་བུ་འདི༔ ལས་ཅན་བུ་ཡི་དོན་དུ་ས་མ་ཡ༔ འདི་ལ་གསུམ་སྟེ༔ འདོགས་པ་རྡོ་རྗེའི་གོ་ཆས་བསྲུང་བ༔ སྔགས་བཟླས་པས་མཚོན་གྱིས་དབལ་ཟློག་པ༔ ཏིང་ངེ་འཛིན་སེམས་ཀྱིས་སྲུང་བ་སུམ་ཕྲུགས་རྡོ་རྗེའི་གོ་ཆའོ༔ ཙཀྲ་བྲི་བ་ནི༔ མཐིང་ཤོག་དག་ལ་ཐལ་ཆེན་གྱིས་བྱུག་སྟེ༔ དམ་ལྡན་སྔགས་པས༔ ཟླ་སྟོད་གཟའ་སྐར་བཟང་ཞིང་དར་བ་ལ་བྲི་བའམ༔ མཆོག་ཏུ་གཟའ་དམག་དཔོན་དར་བ་ལ༔ སྐྱབས་འགྲོ་སེམས་བསྐྱེད་ལྡན་པས༔ ཁ་བྱང་ཕྱོགས་སུ་བལྟས་ཏེ༔ བྲི་བའི་རྒྱུ་ནི༔ རབ་གསེར༔ འབྲིང་མཚལ༔ ཐ་མ་ཡང་རྒྱ་སྣག་ལ་རིན་པོ་ཆེ་བརྡར་ལ་བྱའོ༔ རྒྱུ་དེ་དག་ལ་ཡང་སྔགས་་་ཨོཾ་ཏ་ཡནྟེ་ཞེས་སོགས།བརྒྱ་རྩ་བརྒྱད་བཟླས་ཏེ་བྲི༔ ཙཀྲ་མུ་ཁྱུད་བདུན་དུ་བསྐོར་ལ༔ ལྟེ་བ་ཆེ་རུ་བྱས་ཏེ་རྡོ་རྗེ་སྦྲགས་པ་གཅིག་བྲིས་པའི་ལྟེ་བར༔ བསྲུང་བྱའི་གཟུགས་དང་མིང་རུས་དང་བཅས་པ་བྲིས་པའི་མཐར༔ མདའ༔་་་སྲུངས་ཤིག །གྲི༔་་་སྲུངས་ཤིག །མདུང༔་་་སྲུངས་ཤིག །རྡོ་ལ་སོགས་པའི་མཚོན་ཐམས་ཅད་སྲུངས་ཤིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཏ་ཡནྟེ༔ ཉག་ཕཊ༔ ས་ལི་ས་ལི་ཕཊ་ཕཊ༔་་་དཔེ་གཅིག་ལ་སིལ་སིལ་ཕཊ་ཕཊ༔སྣང་། འཆང་བ་པོ་ལ་སྲུངས་ཤིག་བྲི༔ དེའི་ཕྱི་རིམ་རྡོ་རྗེའི་རྭ་བཞི་ལ༔ ཨོཾ་ཐེ་ཐེ་བོ་ཤྲ་བུན་ཐེ་བོ་ཤྲ་ཕཊ༔ དུམ་ཤྲི་ཤྲི་ན་ཏྲེ་ཏྲེ་ཀེ༔ ཕོ་ཕོ་ཤྲི་མི་སྭཱ་ཧཱ༔ འཆང་བ་པོ་ལ་མདའ་གྲི་མདུང་རྡོ་ལ་སོགས་པའི་མཚོན་ཐམས་ཅད་ལས་སྲུངས་ཤིག་བྲི༔ མཚམས་བཞིར་རྡོ་རྗེ་རྐྱང་པ་རེ་བྲི༔ དེ་རྣམས་ཀྱི་ལྟེ་བ་ལ་ཧཱུྃ་རེ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ སྔགས་འདི་ཚར་བཅུ་བྲི༔ ཨོཾ་མཚོན་རྣོ་སོད་ཟློག་ཆུམ་དྲིལ་སྭཱ་ཧཱ༔ འཆང་བ་པོ་ལ་རཀྵ་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཟློག་མཚོན་གྱི་དབལ་ཟློག༔ མདའ་རྡོ་སྙིལ༔ རྡོ་མ་ལྕགས་ཀྱི་མདངས་འཕྲོག༔ ཅེས་ཚར་རེ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་པྲ་མ་ཐ་ར་སོད༔ ཞུན་ཆི་ལི་ལི་སོད༔ ལྕགས་ངར་དྲག་པོས་བྱའི་སོད༔ ལྕགས་ཀྱི་ཕ་སོད༔ ལྕགས་ཀྱི་མ་སོད༔ རྣོ་བའི་ཁ་སྙིལ༔ ཉལ་ཉལ་སོད༔ ཁུང་ཐལ་སོད༔ གྲི་སོད༔ མདའ་སོད༔ མདུང་སོད༔ རྡོ་སོད༔ ཆེ་གེ་ལ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ དང་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་མེ་རི་གཡོན་སྐོར༔ དེ་ནས་ཙཀྲ་ལ་དྲི་བཟང་གིས་བྱུག༔ རྩ་སྔགས་བརྒྱ་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ༔ དེ་ནས་མིང་གཟུགས་མགོ་མཇུག་མ་ལོག་པར་དྲིལ་ཏེ༔ དར་དམར་གྱིས་ཐུམ་ལེགས་པར་བྱས་ཏེ༔ ཁྱི་དང་བུད་མེད་ཀྱིས་མ་རེག་པར་མགུལ་ལམ་མཆན་ཁུང་གཡོན་དུ་བཅང༔ དེ་ནས་འདིའི་མན་ངག་མཐའ་རྒྱས་ནི༔ ཉུངས་དཀར་དང་བྱེ་མ་ལ་ཙཀྲའི་སྔགས་བརྒྱ་སྟོང་ཁྲི་སོགས་བཟླས་ཏེ༔ གསེར་གྱི་འཁོར་ལོ་མེའི་དབལ་ཅན་དུ་བསམ་སྟེ༔ དར་གྱི་ཁུག་མར་བླུག་སྟེ་བཅང་ངོ༔ ནམ་གཡུལ་དུ་ཞུགས་དུས་གོ་ཁྲབ་ལ་བཏབ་པས་སྲ་བ་ཡིན་ནོ༔ གཡུལ་སྤྲད་པའི་ཚེ༔ བདག་ཉིད་གསང་བདག་གི་བསྐྱེད་རིམ་དང་ལྡན་པས༔ རྐང་པ་གཡོན་གྱི་འོག་གི་ས་བླངས་ཏེ་ཐུན་དང་བསྲེས་ལ༔ སྔགས་བཟླས་ཤིང་གོམ་པ་ཉེར་གཅིག་ཕྱིན་ནས་གཏོར་བས༔ ཆེ་གེའི་དཔལ་དུ་འགྱུར་ཏེ་ཕ་རོལ་གྱི་མཚོན་ཆ་ཐམས་ཅད་བསྙིལ༔ རྩེ་གུག་གཞུ་གཞོབ་སོང་བར་བསྒོམ༔ ཕ་རོལ་གྱི་མཚོན་རྣམས་ནུས་མེད་དུ་འགྱུར་རོ༔ མདོར་ན་སྔགས་འདི་བློ་ལ་ཡོད་པ་རང་གིས་མཚོན་གྱིས་མི་ཚུགས་སོ༔ ཏིང་ངེ་འཛིན་གྱིས་གསད་པ་ནི༔ རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་བསྲུང་བྱ་གསང་བདག་ཏུ་བསྒོམ༔ གཡས་རྡོ་རྗེ་གཡོན་སྡིགས་མཛུབ་ལས་མེ་འབར་བ༔ རྐང་མཐིལ་ནས་སྤྱི་བོའི་བར་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གསོལ་བས༔ ཉམ་ང་བག་ཚ་མེད་པར་བསྒོམ༔ དེ་ལྟར་གསལ་བའི་འོད་ཟེར་རྡོ་རྗེའི་རྒྱ་གྲམ་ལ་ཕོག༔ རྡོ་རྗེའི་རྭ་ལས་རྡོ་རྗེའི་ཚྭ་ཚྭ་འཕྲོས་ཏེ༔ ཕ་རོལ་གྱི་མཚོན་ཆ་རྣམས་མགར་བའི་ཞུན་ལྟར་ཞུན་དུ་ཧྲིལ་སོང་བར་བསྒོམ༔ འདིས་ནི་ཕ་རོལ་པོ་རྣམས༔ སྟོབས་ཤོར་ཉམས་མེད༔ ནུས་པ་ཐམས་ཅད་བརླག་པར་འགྱུར་ཏེ༔ ཕ་རོལ་ཉམ་ཐག་པར་འགྱུར་རོ༔ འདི་ལྟར་སྔགས་འཁོར་རྫས་དམིགས་པ་ཐམས་ཅད་འཛོམ་ན༔ ནུས་པ་གསང་བའི་བདག་པོ་དང་མཉམ་སྟེ༔ ཁྲོ་ཆུའི་ཕ་བོང་ལྟ་བུའོ༔ དེས་ན་མཚོན་གྱིས་མི་ཚུགས་པར་ལྟ་སྨྲོས་ཀྱང་ཅི་དགོས་ཏེ༔ རྡོ་རྗེའི་གུར་དང་རྒྱ་གྲམ་ནི་བཙན་པོའི་མཁར་ལྟ་བུ༔ གནམ་ལྕགས་ཀྱི་འཁོར་ལོ་ནི་ལྕགས་ཀྱི་རི་དང་མཚུངས་སོ༔ མེའི་ཚྭ་ཚྭ་ནི་ཕར་རྒྱག་གི་མཚོན་ལྟ་བུའོ༔ དེ་ཕྱིར་གཞུང་ལས་ཅི་ལྟར་བྱུང་བ་ལྟར༔ དེས་ཆོག་མི་བྱ་བར་ཐམས་ཅད་འཛོམ་པར་བྱའོ༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས༔ ཡང་ཟབ་ལྕགས་ཁང་ལྟ་བུ་འདི༔ དམ་ཅན་འཁོར་ལོའི་རྒྱུད་ལས་ཕྱུངས༔ བླ་མ་དྲག་པོའི་ལས་ཚོགས་སུ༔ རིན་ཆེན་གཏེར་དུ་བཅས་ཏེ་བཞག༔ སྙིགས་མ་ལྔ་བདོའི་ཐ་མ་ལ༔ གཡུལ་འཁྲུག་དམེ་གསད་ཧམ་གསུམ་དང༔ འགོང་པོའི་བསྟན་པ་དར་དུས་སུ༔ ཆོས་མཛད་དམ་པ་གྲིར་གུམ་དུས༔ དེ་དུས་འགྲོ་ལ་ཕན་ཐོགས་ཤོག༔ བདག་འདྲ་ཨ་ཙར་ཡེ་ཤེས་ཀྱིས༔ གུ་རུའི་གསུང་བཞིན་ཤོག་སེར་བྲིས༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྡིག་ཅན་མ་ཡིན་དགེ་ལྡན་ལ༔ སྤེལ་ཚོད་རིག་པས་བརྟག་པར་བྱའོ༔ ཞུ་ཡོན་རང་ལ་ཅི་རི་དགོས༔ རིན་ཆེན་དོང་ཙེར་བྲུབས་ནས་ཀྱང༔ མཁར་ཆུ་ཕུག་རིང་ཨ་ཐམ་རྒྱ༔ ྈྈྈྈྈྈ ྈྈྈྈྈ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ།། །། ༈ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ མཚོན་སྲུང་ཙཀྲའི་ཕྱག་ལེན་ནི། གཟའ་སྐར་འཕྲོད་སྦྱོར་བཟང་བ་དང་། ཁྱད་པར་བསྲུང་བྱའི་དགྲ་གཤེད་མིན། །སྲོག་གཟའ་དར་ཉིན་མཆོག་ཏུ་ལེགས། །དཀར་སྤྱད་ཁྱི་དང་བུད་མེད་སོགས། །ཐོ་ཕྱིར་མི་ཉེ་དབེན་པར་བྱ། །ངག་བཅད་གུར་དྲག་ལས་གཞུང་བསྲང་། །ཉི་ཤར་ཉི་མར་རྒྱབ་གཏད་ལ། །ཞིང་ངམ་རྔ་ལ་གྲི་ཁྲག་བྱུགས། །དེ་སྟེང་ཤོག་བུ་དགྲམ་ལ་འབྲི། །ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི། །རྒྱན་ལྡན་ལང་ཚོ་དར་ལ་བབས། །མཉམ་པའི་སྟབས་ཀྱིས་ལངས་པ་ཡི། །སྙིང་གར་ནྲྀ་མཐར་མིང་རུས་དང་། །སྲུང་བའི་སྤེལ་ཚིག་མགོ་ཕྱིར་བསྟན།་་་དཔེར་ན། འཆང་བ་པོ་ཤིང་ཁམས་སྒ་རིགས་ལྷ་སྲུང་རྡོ་རྗེ་ཞེས་བྱ་བའི་ལུས་ལ་མདའ་གྲི་མདུང་རྡོ་རྗེ་ལ་སོགས་པའི་མཚོན་ཆ་ཐམས་ཅད་སྲུངས་ཤིག །ལྟ་བུའོ། །གཞན་རྣམས་གཞུང་དུ་གསལ་ལྟར་བྲི། །བྲིས་ཚར་ཐོད་ནང་འབྲུ་བླུགས་ལ། །དེ་དབུས་ཤིང་བུར་འཁོར་ལོ་བཙུག །བགེགས་བསྐྲད་ཁྲུས་གསོལ་ལས་གཞུང་བསྲང་། །ཙཀྲ་གཞལ་ཡས་ལྟེ་བ་རུ། །གཙོ་བོའི་ཐུགས་ཀར་མཆོད་རྟེན་གྱི། །བུམ་པར་ཕྱག་ན་རྡོ་རྗེ་ཡི། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། །དེ་ཡི་ཐུགས་ཀར་ཉི་ཟླའི་དབུས། །ཧཱུྃ་གི་ཁོག་པར་མིང་གཟུགས་དང་། །དབྱེར་མེད་བསྲུང་བྱ་ནྲྀ་ཡིག་བསྒོམ། །བསྙེན་མཐར་རྟེན་དང་བརྟེན་པའི་ལྷ། །འོད་ཞུ་འཁོར་ལོར་གྱུར་པར་བསམ། །རང་སྔགས་ཡིད་བཟླས་ཚར་བདུན་བྱ། །འཁོར་ལོའི་འོད་ཀྱི་སྣང་བ་ནི། །རྡོ་རྗེའི་གོ་ཁྲབ་ལྟ་བུ་ཡིས། །བསྲུང་བྱ་བཞུ་བླུགས་གཡོགས་པར་བསམ། །རྟེན་འབྲེལ་བརྒྱ་རྩས་རབ་གནས་བྱ། །ཟུར་གསུམ་དབྱིབས་སུ་ལྟེབ་པ་དང་། །སྲུང་ཆིངས་མཆོད་རྟེན་རིས་སུ་བཅིང་། །སླར་ཡང་གོང་ལྟར་ལེགས་པར་བསྒྲུབ། །རྨི་ལྟས་སྲུང་རྟགས་སྤྱི་དང་ནི། །དངོས་སུ་འོད་དང་དུ་བ་སོགས། །བྱུང་ན་ངེས་པར་གྲུབ་པ་ཡིན། །ཟངས་ཀྱི་གྭའུར་གཞུག་ལ་འཆང་། །ཐོག་མཐའ་བར་གསུམ་ཐམས་ཅད་དུ། །སྔགས་པ་རང་དང་བསྒྲུབ་བྱ་ལས། །གཞན་པས་འཁོར་ལོ་རེག་མི་རུང་། །གཡུལ་དུ་ཞུགས་དུས་དམར་སྐྱུར་དང་། ཁྱི་དང་བུད་མེད་སོགས་སྤངས་ནས། །འཁོར་ལོ་དྲོད་དང་མ་བྲལ་བར། །བཅངས་ལས་ངེས་པར་བསྲུང་བ་ཡིན། །འདི་ཡང་ཕྱག་ལེན་རྒྱུན་ལྡན་གྱི། །བླ་མའི་ཞལ་ལས་ཐོས་པ་ལྟར། །མཚོ་སྐྱེས་དགྱེས་པས་བྲིས་པའི་དགེས། །འགྲོ་རྣམས་འཇིགས་པ་ཀུན་བྲལ་ཤོག །མངྒ་ལཾ།། །།

ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་དབང་བསྐུར་བའི་ཆོ་ག་དངོས་གྲུབ་སྒོ་འབྱེད་ (Volume 20, Text 33)

༄། །ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་དབང་བསྐུར་བའི་ཆོ་ག་དངོས་གྲུབ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ལྷ་ཡི་ལྷ་མཆོག་འཆི་མེད་མགོན་པོ་དང་། །དབྱེར་མེད་བླ་མ་པད་འབྱུང་གསང་བ་གསུམ། །སྙིང་གི་ཐིག་ལེར་བཀོད་ནས་གདམས་ཟབ་ཀྱི། །བདུད་རྩིའི་ཐིགས་པས་བདག་གཞན་སྐལ་བཟང་བྱ། །རྫོགས་ཆེན་ཀུན་བཟང་སྙིང་ཐིག་གི་གདམས་སྐོར་རིགས་བདག་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་དབང་བསྐུར་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། སྟེགས་བུའི་སྟེང་ཞི་དཀྱིལ་སྒོ་རྫོགས་དབུས་པདྨ་འདབ་བརྒྱད་ལྟེ་བར་ཚེ་བུམ་གྱིས་མཚན་པའམ། མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་དང་ཆས་ལྡན། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང། རྒྱབ་ཏུ་མདའ་དར། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པས་བསྐོར། ལས་བུམ་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་ནི། ལས་བྱང་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་མཇུག་ཏུ་བུམ་སྒྲུབ་སྤྱི་ལྟར་བྱ། ཚེ་འགུགས་གཏང་། ལས་བུམ་རྟ་མགྲིན་བསྐྱེད་བཟླས་དང་། ཏིང་ངེ་འཛིན་གྱི་དབང་བླང་། གཏོར་འབུལ་ཚོགས་མཆོད་སྤྲོ་ན་སྤྱི་ལྟར་སྦྱར་རོ། །གསུམ་པ་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། དེའང་གངས་ཅན་གྱི་འགྲོ་བ་རྣམས་ལ་རྫོགས་པའི་སངས་རྒྱས་ལས་ཀྱང་བཀའ་དྲིན་ཁྱད་པར་དུ་གྱུར་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་གདུལ་བྱའི་ཁམས་དབང་མོས་པའི་བྱེ་བྲག་མཐའ་ཡས་པ་ལ་དགོངས་ཏེ། དཔལ་གྱི་མགུལ་ནས་ཟབ་མོའི་ཆོས་སྒོ་དེ་སྙེད་ཅིག་དབྱེ་བར་མཛད་ཅིང་། དེ་དག་ཀྱང་ཕྱི་རབས་གདུལ་བྱ་རྒྱུན་མི་ཆད་པར་འབྱུང་བ་རྣམས་ཀྱི་དོན་དུ་མཐའ་དབུས་ཀྱི་གཏེར་ཁ་དུ་མར་རྒྱས་བཏབ་པར་མཛད། དེ་ཉིད་འདོན་པའི་ལས་ཅན་གྱི་སྐྱེས་བུ་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་པ་ལས། གུ་རུ་ཉིད་ཀྱི་རྒྱལ་ཚབ་ཏུ་བསྔགས་པ་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙཱ་ནའི་རྣམ་འཕྲུལ་གང་ལ་གང་འདུལ་མཐའ་ཡས་པར་བྱོན་པའི་ནང་ཚན། གཏེར་སྟོན་དབོན་གསས་ཁྱུང་ཐོག་རྩལ་གྱི་མཚན་ཅན་སྔ་ཕྱི་གཉིས་སུ་བྱུང་བའི་སྔ་མ་ཐང་ཡིག་ནས་ལུང་བསྟན་པ་དེ་ཉིད་དུས་སྔ་མོར་བྱོན་ཟིན་ཅིང་། ཕྱི་མ་འདི་ཉིད་གཙང་སྟག་མོ་ཞེས་པར་བྱོན། རུ་ལག་རྒྱང་གི་ཡོན་པོ་ལུང་གི་བྲག་བྱ་ཁྱུང་འདྲ་བའི་མགུལ་ནས་རྫོགས་ཆེན་ཀུན་བཟང་སྙིང་ཏིག་གི་ཆོས་སྡེ་སོགས་སྤྱན་དྲངས། ལུང་བྱང་དུ། ཟབ་ཆོས་རྫོགས་པ་ཆེན་པོ་ནི༔ ཀུན་བཟང་སྙིང་གི་ཐིག་ལེ་ཡི༔ ཡན་ལག་ཚེ་ཡི་སྒྲུབ་པ་འདི༔ ཡང་ཟབ་ཐེམ་ཡིག་མེད་པ་སྟེ༔ བཻ་རོ་ཙཱ་ན་ཉིད་ལ་གདམས༔ སླད་མའི་དོན་ཕྱིར་རྒྱང་གི་གནས༔ ཡོན་པོ་ལུང་དུ་གཏེར་རྒྱས་ཐོབས༔ མ་འོངས་རང་གི་སྐྱེ་མཐས་རྙེད༔ མཆོག་གྲུབ་རྒྱལ་པོའི་སྐྱེ་བའི་མཐའ༔ གཏེར་འབྱིན་དེ་ཡི་དངོས་གྲུབ་འགྱུར༔ ཉམས་བླངས་ཚེ་ཡི་བར་ཆད་ཞི༔ ས་གཏེར་རྒྱ་མཚོའི་ལོངས་སྤྱོད་རྙེད༔ ཆིག་རྒྱུད་ཉིད་དུ་གུ་ཧྱ་རྒྱ༔ ཞེས་འབྱུང་བ་ལྟར་དབུས་སུ་རིག་འཛིན་ཆོས་རྗེ་གླིང་པ་སྐུ་ཆུང་ངུའི་སྐབས་ཆོས་བདག་ཏུ་ངོས་བཟུང་ཞིང་ཆོས་སྐོར་ཆིག་བརྒྱུད་དུ་གནང་སྟེ། ཚེ་སྒྲུབ་འདི་ཉིད་ཉམས་བཞེས་མཛད་པའི་རྟེན་འབྲེལ་གྱིས་བར་ཆད་ཀྱི་གཡུལ་ལས་རྒྱལ་ཞིང་ཟབ་གཏེར་གྱི་དངོས་གྲུབ་བརྙེས། དེ་ལ་རིགས་བདག་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་ཐུན་མོང་མ་ཡིན་པ་འདི་ཉིད་རང་གཞུང་ལས། འདི་ལྟ་བུའི་ཚེ་སྒྲུབ་ཟབ་མོ་རང་དོན་དུ་བདུན་ཕྲག་གསུམ་ཉམས་སུ་བླངས་ན་ཚེའི་རིག་འཛིན་ཐོབ༔ བདུན་ཕྲག་གཅིག་ཏུ་ཉམས་སུ་བླངས་པས་ཚེའི་བར་ཆད་ཞི་ཞིང་ཚེ་བསྲིང༔ གཞན་དོན་དུ་ཚེའི་དབང་བསྐུར་བས་ཚེ་ཟད་པའང་ལོ་གསུམ་འཚོ་ཞིང་མང་དུ་བསྐྱར་ན་ཚེའི་རིག་འཛིན་ཐོབ་པར་འགྱུར་རོ༔ ཞེས་པ་འདི་ཉིད་སླད་ཀྱི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་རྒྱན་གཅིག་མཁས་པ་དང་གྲུབ་པ་དང་རིག་འཛིན་གཏེར་སྟོན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་༧རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། གཏེར་སྟོན་དང་ཆོས་བདག་ཆོས་རྗེ་གླིང་པ་གཉིས་ཀའི་བྱིན་རླབས་ཀྱི་བདུད་རྩིའི་ཟིལ་དངར་ཐོབ་པ་ལ་བརྟེན་ནས་དབང་ལུང་ཉེ་བརྒྱུད་ཀྱི་ཚུལ་དུ་སྤེལ་བར་མཛད་པའི། ཚེ་སྒྲུབ་ཟབ་མོ་ཧྲཱིཿགཅིག་མ་འདི་ཉིད་དང་འབྲེལ་བར་བྱིན་རླབས་ཚེའི་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་ཚེའི་བདག་པོ་ལ་དད་མོས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིག་འཛིན་ཚེ་ཡི་ལྷ་ཚོགས་དགོངས༔ བདག་ཅག་འཆི་མེད་དོན་དུ་གཉེར༔ ཚེ་དང་ཡེ་ཤེས་དངོས་གྲུབ་དང༔ དབང་བསྐུར་ཟབ་མོ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཚེ་དཔག་མེད་རྩ་གསུམ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་པ་རྣམས་ལ། དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་ཞིང་གཞན་དོན་བྱང་ཆུབ་མཆོག་གི་སེམས་རྣམ་པ་གཉིས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ལས་བྱང་ལྟར་སྐྱབས་སེམས་ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་དམིགས་འདུན་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་འཚལ། བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་བདེ་བ་ཅན་གྱི་ཞིང་དང་གཞལ་ཡས་ཁང་ཆེན་པོར་གྱུར་པའི་དབུས་སུ་པཾ་ལས་པདྨ་དང། ཨ་ལས་ཟླ་བའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། ཚེའི་བར་ཆད་བསལ་བ་སོགས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྒྱལ་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཕྱག་གཉིས་མཉམ་གཞག་གི་མཐིལ་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་ཚེ་བུམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། འོད་དང་འོད་ཟེར་མཐའ་ཡས་པར་འཕྲོ་བ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་མར་མེ་ལྟར་འབར་བ། དེ་དང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། དེ་རྣམས་དང་མདུན་བསྐྱེད་ཀྱི་གནས་གསུམ་ནས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པའམ་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །སྤོས་རོལ་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་གྱི་མཐར། ཧྲཱིཿཧྲཱིཿཧྲཱི༔ ཨོཾ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བཟླས། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་ཕོ་ཉ་མགྱོགས་མའི་ཚོགས་དང་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཁྱབ་པར་སྤྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ། སྡེ་བརྒྱད་མཐུ་བོ་ཆེས་བརྐུས་ཕྲོགས་གཞོམ་པ་རྣམས་དང་། སྣོད་བཅུད་ཀྱི་དཔལ་དང་དྭངས་མ། འཁོར་འདས་ཀུན་གྱི་ཚེའི་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་ནམ་མཁའ་གང་བར་བསྡུས། བ་སྤུའི་བུ་ག་ནས་སིབ་ཀྱིས་ཐིམ། སྲོག་རྟེན་མི་ཤིགས་པའི་ཐིག་ལེར་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་མོས་ཤིག །མདའ་དར་གཡབ་ལ་ལས་བྱང་གི་ཚེ་འགུགས་གཏང་། རྣལ་འབྱོར་བདག་གི་ཞེས་པར། རྡོ་རྗེ་སློབ་མའི་འམ། བསྲུང་བྱ་འདི་ཡི་ཞེས་བསྒྱུར། དེ་ནས་བུམ་པ་ཐོགས་ལ། ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཡོངས་སུ་རྫོགས་པའི་བྱིན་རླབས་ཀྱི་རང་བཞིན་བུམ་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་རྒྱ་ུདང་འབྲས་བུའི་ནད་གདོན་འཆི་བའི་དྲི་མ་ཐམས་ཅད་དག་ནས་འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་གྲུབ་པར་མོས་ཤིག །ཧྲཱི༔རིན་ཆེན་ལས་གྲུབ་བུམ་པ་གཞལ་ཡས་ཁང༔ ཞི་ཁྲོ་རབ་འབྱམས་ཚེ་ཡི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་སྲོག་འགྲུབ་ཤོག །ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་པས་མགོར་བཞག་ཅིང་བུམ་ཆུ་སྦྱིན། ཐབས་ཀྱི་རང་བཞིན་ཚེའི་རིལ་བུ་མྱང་བ་ལ་བརྟེན་ནས་བདེ་ཆེན་མཆོག་ཏུ་མི་འགྱུར་བ་རྡོ་རྗེའི་ཚེ་ལ་དབང་ཐོབ་པར་མོས་ཤིག །ཚེ་རིལ་ལག་གཡས་སུ་བྱིན་ལ། ཧྲཱི༔ སྔོན་བྱུང་འཆི་མེད་གྲུབ་པའི་རིག་འཛིན་རྣམས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་བྱིན་པ་ཡིས༔ བདེ་ཆེན་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨ་མྲྀཏ་བཛྲ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཤེས་རབ་ཀྱི་རང་བཞིན་ཚེའི་བདུད་རྩི་མྱང་བ་ལ་བརྟེན་ནས་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་རྡོ་རྗེའི་ཚེ་ལ་དབང་ཐོབ་པར་མོས་ཤིག །ཚེ་ཆང་གཡོན་དུ་སྦྱིན་ལ། ཧྲཱི༔ སྔོན་བྱུང་ཚེ་ཡི་དྲང་སྲོང་རིག་འཛིན་རྣམས༔ འཆི་མེད་བདུད་རྩིའི་རྒྱུན་གྱི་དངོས་གྲུབ་བརྙེས༔ དེང་འདིར་བདག་གིས་ཁྱོད་ལ་སྦྱིན་པ་ཡིས༔ སྐྱེ་ཤི་མེད་པ་གཉུག་མའི་ཚེ་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཚེའི་འབྲང་རྒྱས་བླ་མ་ཚེ་དཔག་མེད་སྐུ་གསུམ་རྩ་བརྒྱུད་བླ་མ་འཁོར་དང་བཅས་པར་གསལ་བའི་གནས་གསུམ་ནས་ཡེ་ཤེས་ཀྱི་འོད་ཟེར་དང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་འཆི་མེད་རྡོ་རྗེ་གསུམ་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཀོད། ཧྲཱི༔ ཆོས་དབྱིངས་འགྱུར་མེད་ཀུན་བཟང་ཚེ་ཡི་ལྷ༔ ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་བཅས་ཀྱིས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨཱ་ཡུ་ཥེ་ཏིཥྛ་བྷྲཱུྃ༔ དེ་ལྟར་སྲིད་ཞིའི་ཚེ་བཅུད་མ་ལུས་པས་ཁྱེད་རང་གི་ལུས་ཀྱི་ནང་གང་བའི་དྭངས་མ་རྣམས་སྙིང་དབུས་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བྱས། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་མོས་ཤིག །ཚེ་མདའ་སྤྱི་བོར་བཞག་ལ་ལས་བྱང་ལྟར་ཚེ་བསྟིམ། མཐར་གཉིས་སུ་འཛིན་པའི་རྟོག་ཚོགས་ཐམས་ཅད་བརྗོད་མེད་ཀ་དག་གི་ངང་དུ་རྩོལ་མེད་རང་བབས་སུ་བཞག་པས་རྟག་བརྟན་གཞོམ་གཞིག་དང་བྲལ་བའི་ཡེ་ཤེས་ཆེན་པོའི་ཕྱག་རྒྱས་བཏབ་པར་མོས་ཤིག །བྱས་ལ་ལས་བྱང་གི་ཚེ་སྦ་ཞིང་རྒྱས་གདབ་བརྗོད། སྤྲོས་པ་ལ་དགའ་ན་མཐའ་རྟེན་རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་རྣམས་སྦྱིན། ཤིས་བརྗོད་རྒྱས་པར་སྤེལ། གསུམ་པ་རྗེས། དབང་མཇུག་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་དང། དཀྱིལ་འཁོར་གྱི་རྗེས་ཆོག་མཆོད་བསྟོད། ནོངས་བཤགས་དཀྱིལ་འཁོར་པ་གཤེགས་བཞུགས་སྐབས་བསྟུན་བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱི་བར་སྤྱི་ལྟར་བྱའོ། །འདིས་ཀྱང་བདག་གཞན་ལུས་ཅན་ཀུན། །མི་ཤིགས་གཉུག་མ་རྡོ་རྗེའི་སྲོག །བསྒྲུབ་ནས་གཞན་ཕན་གཏེར་གྱི་སྒོ །ནམ་མཁའ་མཛོད་དང་དབྱེར་མེད་ཤོག །ཅེས་པ་གཏེར་ཆེན་ཆོས་གླིང་གི་རྣམ་ཐར་དུ་ཁོང་པ་གཏེར་སྟོན་འདིའི་ལུང་གིས་ཟིན་ཚུལ་སོགས་ལོ་རྒྱུས་སྡོར་ཙམ་འབྱུང་ཡང་གཏེར་ཆོས་དཔེ་ལུང་གི་རྒྱུན་མ་བཞུགས་པ་རྗེ་བླ་མ་རིན་པོ་ཆེའི་བཀའ་དྲིན་ལས་འདི་ཙམ་ཐོས་པའི་ཡུལ་དུ་གྱུར་པ་རྒྱུན་ལ་བསམ་སྟེ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་གསང་འཆི་མེད་སྙན་བརྒྱུད་ཌཱ་ཀི་ནཱི་སེང་གདོང་བཞད་པའི་སྙིང་ཏིག་ (Volume 30, Text 33)

ཟབ་གསང་འཆི་མེད་སྙན་བརྒྱུད་ཌཱ་ཀི་ནཱི་སེང་གདོང་བཞད་པའི་སྙིང་ཏིག་བཞུགས་སོ༔ ན་མོ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁཱི་ཡཻ༔ རྡོ་རྗེའི་སྲོག་རྩ་འཆི་མེད་གྲུབ་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བ་གཞོམ་མེད་ནཱ་དའི་དབྱངས་ཀྱིས་བསྙད་པ་ནི་འདི་ལྟ་སྟེ༔ ལྷོ་བྲག་མཁར་ཆུ་དཔལ་གྱི་དབང་ཕུག་ཏུ་གནུབས་ཀྱི་བནྡེ་ནམ་མཁའི་སྙིང་པོ་དཔལ་ཆེན་གྲུབ་པ་རྩལ་གྱིས་ཡང་དག་ཧེ་རུ་ཀ་ཟླ་གམ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོར་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་པའི་ཚེ༔ ས་གསུམ་གྱི་མ་མོ་བྱེ་བའི་ཚོགས་དངོས་སུ་འོང་ནས་དངོས་གྲུབ་མཐའ་ཡས་པ་མདངས་གསོལ་དུ་ཕུལ༔ ཁྱད་པར་སྟག་གདོང་མ་དཀར་མོས་འོད་ལྡན་བདུད་རྩིའི་བཅུད་ལེན་གྱི་སྦྱོར་ཐབས་བརྒྱ་དང་རྩ་བརྒྱད་བསྟན༔ སེང་གདོང་མ་དཀར་མོ་དགྱེས་པའི་བཞད་སྒྲས་གཞན་གྱིས་མི་ཐུབ་པ་དཀར་པོའི་རྫས་ལ་བརྟེན་ནས་ཚེ་དང་ཤེས་རབ་ཀྱི་བཅུད་ལེན་གྲུབ་པ་འདི་བསྩལ་ཏོ༔ ས་མ་ཡ༔ འདི་ལ་གསུམ་སྟེ༔ རྫས༔ སྔགས༔ ཏིང་ངེ་འཛིན་ཏོ༔ དང་པོ་ནི༔ ཤུ་དག་དཀར་པོ་རྡུལ་དང་དྲི་མས་མ་གོས་པ་མིའི་འོ་མའམ༔ འོ་མ་ཕལ་པར་ལན་དགུར་བཙོས་ཏེ་གྲིབ་སྐམ་བྱས་པ་སྲིན་མཛུབ་ཀྱི་རྩེ་མོ་ཙམ་མང་དུ་བསགས༔ གཉིས་པ་ནི༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ མ་མ་ཨཱ་ཡུརྫྙཱ་ན་པྲ་ཛྙཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ སྟོང་ཕྲག་རེའོ༔ གསུམ་པ་ནི༔ ར་བ་བཞིའི་དཀར་པོའི་ཚེས་གཅིག་གི་ཐོ་རངས་སྐར་མ་བཀྲག་མ་ཡལ་བའི་གོང་དུ་བླ་གབ་མེད་པའི་སར་ཕྱིན་ལ༔ རང་སེང་གདོང་མ་དཀར་མོ་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ་འཛིན་པ༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ༔ རུས་པའི་རྒྱན་ལྔས་བརྒྱན་པ༔ བརྐྱང་བསྐུམ་གར་གྱི་རོལ་པས་འཆི་བདག་གི་བདུད་ནག་པོའི་སྙིང་གར་མནན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བཏབ་ལ༔ ཐུགས་ཀྱི་འོད་ཟེར་གྱིས་སྐར་ཚོགས་ཐམས་ཅད་ལ་ཕོག་པས༔ དེ་ཐམས་ཅད་ཀྱང་རང་འདྲ་བའི་ལྷ་མོའི་སྐུར་གྱུར༔ འོད་ཟེར་སྤྲོ་བསྡུས་ཚེ་བཅུད་ཐམས་ཅད་རང་རང་གི་ཐོད་པར་བཀུག༔ མཐར་དེ་ཐམས་ཅད་འོད་ཀྱི་ལམ་བརྒྱུད་དེ་མདུན་གྱི་རྫས་ལ་ཐིམ་པས༔ གྲུབ་པའི་བཅུད་ལེན༔ བདེ་བའི་བདུད་རྩི༔ རྡོ་རྗེ་སེམས་དཔའི་ཐིག་ལེ༔ དྭངས་མའི་དྭངས་མ་བཅུད་ཆེན་པོར་གྱུར་ཏེ༔ དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་ལ་རེག་པས་གསེར་དུ་འགྱུར་བ་ལྟར༔ གང་གིས་བསྟེན་པའི་མོད་ལ་འཆི་མེད་འཇའ་ལུས་རྡོ་རྗེའི་གཟུགས་སུ་སྒྱུར་ནུས་པའི་རྫས་སུ་བསམ་ལ༔ རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཏུ་རོལ༔ ལན་བདུན་གྱི་མཐར་བུམ་པ་ཅན་ཉི་ཤུ་རྩ་གཅིག་བཟུང༔ དེ་རྗེས་ཤེས་པ་ཁོང་གློད་དེ་དྷཱ་ཀི་ནཱིའི་གསང་བའི་ཚིག་འདི་ངག་ཏུ་བརྗོད་ཅིང་བློ་བཞག་གོ༔ ལུས་ནི་འཇའ་འོད་ལྷ་ཡི་སྐུ༔ རླུང་ལྔའི་དྭངས་མ་ཉིད་ལ་བརྟེན༔ དེ་ཡི་རང་སྒྲ་གཞོམ་མེད་སྐད༔ ཀུན་གྱི་ཉེར་ལེན་འོད་གསལ་སེམས༔ འདི་ཉིད་ཐོག་མ་མ་སྐྱེས་ཤིང༔ བར་དུ་མི་གནས་མཐར་མི་འགྲོ༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གསལ་རིག་སྟོང་པ་རྗེན་ནེ་བ༔ གཞོན་ནུ་མ་ཡི་བདེ་བ་བཞིན༔ སྨྲ་མེད་ཉམས་མྱོང་འཛིན་པ་བྲལ༔ ཆོས་རྣམས་ཀུན་གྱི་བཅུད་ཡིན་ཏེ༔ རང་བྱུང་ཡེ་ཤེས་སྙིང་པོ་ཆེ༔ མ་བསྒོམ་ཚུལ་གྱིས་ཉམས་ལེན་པ༔ རང་གསལ་མངོན་དུ་བྱེད་པའི་ཐབས༔ རིག་པ་རང་མལ་ཚུད་པ་ནི༔ སྐྱེ་འཆི་མེད་པའི་འབྲས་བུ་ཉིད༔ མཐོང་མེད་བལྟ་བས་མཐོང་བ་ནི༔ མི་བསྒོམ་བློ་འདས་ངང་དུ་བཞག༔ ཡིད་ལ་བྱར་མེད་གཉུག་མའི་ངང༔ རྡོ་རྗེའི་བཅུད་ལེན་གྲུབ་པ་འོ༔ ཞེས་མཁའ་འགྲོ་མ་དགྱེས་པའི་རྡོ་རྗེའི་ཚིག་ཏུའོ༔ དེ་ལྟར་བརྡ་ཡི་བཅུད་ལེན་གྱིས་རགས་ལུས་དྭངས་མར་གནས་འགྱུར༔ དོན་གྱི་བཅུད་ལེན་གྱིས་དྭངས་མ་འོད་གསལ་དུ་ཐིམ༔ བརྡ་དོན་འབྲེལ་བའི་བཅུད་ལེན་གྱིས་ཟུང་འཇུག་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པ་ནི་ངེས་པའོ༔ ས་མ་ཡ༔ ཌཱ་ཀི་མ་སེང་གདོང་བཞད་པའི་སྙིང་ཐིག༔ ཆེས་ཟབ་ཅིང་གསང་བ༔ སྙན་བརྒྱུད་འཆི་མེད་གྲུབ་པའི་རྡོ་རྗེའི་ཚིག་འདི་གསང་ཞིང་སྤྱད་པས་དངོས་གྲུབ་ཕུན་སུམ་ཚོགས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ༔ འོད་གསལ་སྤྲུལ་པའི་རྡོ་རྗེས་གསང་བ་ཆེན་པོའི་གནས་རྗེས་སུ་དྲན་པའི་སྐད་ཅིག་ལ་དག་པར་ཕབ་པའོ།། །།

འཇམ་དཔལ་ཁྲོ་བོའི་ལས་རིམ་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མ་ཕྲིན་ལས་ཀུན་འབྱུང་ (Volume 18, Text 33)

༄༅། །འཇམ་དཔལ་ཁྲོ་བོའི་ལས་རིམ་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མ་ཕྲིན་ལས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། གུ་རུ་ཡ་མཱནྟ་ཀ་ན་མོ། དང་པོ་མཚམས་བཅད་པ་ནི། ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་སྔོན་དུ་སོང་བས་ཕྱོགས་སྐྱོང་གཞི་བདག་བགེགས་ལ་གཏོར་མས་ཚིམ་པར་བྱས་ལ། རང་ཉིད་གསལ་བ་གསུམ་དང་ལྡན་པས། ཧཱུྃ། དུས་གསུམ་བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་པ། །འཇམ་དཔལ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །འཇུག་པའི་སྐལ་མེད་མི་དང་མི་མ་ཡིན། །ལྷ་ཀླུ་ལ་སོགས་བགེགས་ཀྱི་རིགས་གྱུར་རྣམས། །རང་རང་འདོད་རྒུའི་མཆོད་སྦྱིན་འདི་ཁྱེར་ལ། །བདེན་པའི་ཚིག་ཉོན་གཞན་དུ་འགྲོ་བར་གྱིས། །གལ་ཏེ་འཇིགས་བྱེད་འབར་བའི་བཀའ་བཅག་ནས། །ཕྱོགས་འདིར་འདུག་ན་བརླག་པར་ཐེ་ཚོམ་མེད། །ཧཱུྃ། བདག་ཉིད་ཁྲོ་རྒྱལ་དཔལ་ཆེན་འབར་བ་ཡིས། །སྐུ་གསུང་ཐུགས་སྤྲུལ་ཁྲོ་ཚོགས་གྲངས་མེད་འགྱེད། །བསྐལ་པའི་མེ་དཔུང་ཀློང་ནས་ཧཱུྃ་ཕཊ་སྒྲོག །མཚོན་ཆའི་ཆར་གྱིས་གནོད་བྱེད་ཐལ་བར་རློག །ཧཱུྃ། སྣང་སྲིད་རྣམ་དག་ཡེ་ནས་ཡེ་ཤེས་ལྷ། །བདེ་ཆེན་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །རིག་རྩལ་མ་འགགས་ལྷ་དང་འདྲེར་འཛིན་པའི། །ལོག་རྟོག་བདུད་སྡེའི་དཔུང་བཅས་དབྱིངས་སུ་སྒྲོལ། །ཨོཾ་སུམྦྷ་ནི་སོགས་བརྗོད། དེ་ནས་བརྡ་སྒོ་དབྱེ་བ་ནི། ཧཱུྃ། སྣོད་ཀྱི་འཇིག་རྟེན་གདོད་ནས་གཞལ་མེད་ཁང་། །བཅུད་ཀྱི་སེམས་ཅན་རང་གྲུབ་ཡེ་ཤེས་ལྷ། །དེ་ཉིད་རང་ངོ་མ་ཤེས་སྒོ་བཅད་པའི། །རང་རིག་རང་གསལ་ཡེ་ཤེས་སྒོ་ཕྱེས་ཤིག །བྷྲཱུྃ་པྲ་བེ་ཤ་ཡ་ཕཊཿ དེ་ནས་བརྡ་ཕྱག་འཚལ་བ་ནི། ཧཱུྃ། རྒྱལ་བ་ཀུན་འདུས་སྙིང་པོ་རང་སེམས་ལྷ། །གདོད་ནས་རང་ལ་གནས་ཀྱང་ཞལ་མ་མཐོང་། །དེ་རིང་མ་རིག་འཁྲུལ་པའི་རབ་རིབ་སངས། །རང་གསལ་མཇལ་བའི་བརྡ་ཕྱག་གུས་པར་འབུལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་དམ་བཅའ་བ་ནི། ཧཱུྃ། དང་པོ་མེ་ཏོག་ཕོག་པའི་ཡི་དམ་ལྷ། །བཅོམ་ལྡན་འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་རྣམས། །ད་ནི་རང་དང་འབྲལ་མེད་རང་ངོ་ཤེས། །མ་གྲུབ་བར་དུ་མི་གཏོང་བསྒྲུབ་པར་བགྱི། །ཙིཏྟ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས། །ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ །སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་སྐོང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་རྣམས། །སྤྱན་འདྲེན་ཐུགས་དམ་དབང་གིས་བརྩེ་བས་གཤེགས། །སྒྲུབ་མཆོག་བདག་ལ་ཁྱོད་ཀྱི་ཐུགས་རྗེས་གཟིགས། །དབང་བསྐུར་བྱིན་རླབས་དམ་པ་བསྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། དེ་ནས་མཆོད་དེ། ཧཱུྃ། རང་དང་གཉིས་མེད་ལྷག་པའི་ལྷ། །འཇམ་དཔལ་རྒྱལ་བའི་དཀྱིལ་འཁོར་དུ། །ནམ་མཁའི་མཛོད་ལས་བྱུང་བ་ཡི། །ལྷ་རྫས་མཆོད་སྤྲིན་གུས་པར་འབུལ། །ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་སོགས། དེ་ནས་བཤགས་པ་ནི། ཧཱུྃ། དཔང་གྱུར་ཚད་མ་ཐམས་ཅད་དགོངས་སུ་གསོལ། །བདག་གཞན་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་དབང་གིས་ཉེས་བྱས་གང་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་བཤག་དག་པར་མཛོད། །ཅེས་ཡིག་བརྒྱ་བཟླ། དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ། ཡེ་ཤེས་ལྔ་ལྡན་ཡི་གེ་ཨོཾ། །རྡོར་སེམས་རྣམ་སྣང་རིན་འབྱུང་འོད། །དོན་གྲུབ་ཡབ་ཡུམ་ངོ་བོར་བཞུགས། །སྤྲོ་བསྡུ་ཞུ་བས་བདུད་རྩི་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨཱཿ བདེ་གཤེགས་གསུང་འདུས་སྐྱེ་མེད་ཨ། །མཆོད་པ་ཆེན་པོ་ཕྱག་ཆེན་པོ། །གཟུང་འཛིན་རུ་ཊ་དབྱིངས་བསྒྲལ་པའི། ཁྲག་ཆེན་བདེ་སྐྱེད་རྦ་ཀློང་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ཧཱུྃ། རྒྱལ་བའི་ཐུགས་སྲོག་ཡི་གེ་ཧཱུྃ། །སྣོད་བཅུད་སྦྱངས་བསྒྱུར་སྤེལ་བྱིན་བརླབས། །འདོད་ཡོན་ཕུང་པོ་མི་ཟད་པ། །དམ་རྫས་བདུད་རྩི་གཏོར་མ་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། དེ་ནས་ཕྱི་ནང་གི་མཆོད་རྫས་ལྷག་མ་བྱིན་གྱིས་བརླབ་པ་ནི། སྭཱ། ཡོན་ཏན་རེ་སྐོང་ཡི་གེ་སྭཱ། །ཅི་འདོད་འབྱུང་བའི་རིན་ཆེན་གཏེར། །མེ་ཏོག་ལ་སོགས་སྤྲིན་ཕུང་གཏིབ། །ནམ་མཁའི་མཛོད་སོགས་བླ་ན་མེད། །ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་སོགས། ཧཱ། ལས་རྣམས་ཀུན་འགྲུབ་ཡི་གེ་ཧཱ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད། །རཱུ་པ་སོགས། དེ་ནས་ལྷ་བསྐྱེད་པ་ནི། ཧཱུྃ། སེམས་ཉིད་དྲི་མེད་ཀ་ནས་དག །མ་ནོར་མ་བཅོས་ཆོས་ཀྱི་སྐུ །བློ་འདས་སྤྲོས་དང་བྲལ་བར་བརྡལ། །འཁོར་འདས་རོ་མཉམ་ཀུན་ཏུ་བཟང་། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། རྒྱུ་ལམ་འབྲས་བུ་ལྷན་ཅིག་སྐྱེས། །རང་ལ་ཡོད་པ་མ་ཤེས་པར། །གཟུང་འཛིན་མ་རིག་འཁྲུལ་སྣང་ལ། །ཨ་འཐས་སེམས་ཅན་སྙིང་རེ་རྗེ། །ཨོཾ་སརྦ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་མཎྜ་ལ་ཧཱུྃ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་ནི་གང་ཡང་ཡོད་མ་ཡིན། །དགོས་འདོད་ཀུན་འབྱུང་ཡི་གེ་ཧཱུྃ། །ཐམས་ཅད་སྐྱེད་པའི་རྒྱུ་རུ་བསྒོམ། །ཙིཏྟ་བཛྲ་ཧཱུྃ། དེ་ལས་རཾ་ཡཾ་ཁཾ་ཆད་པའི། །མེ་ཆུ་རླུང་གི་འཇིག་རྟེན་སྟོང་། །འབྱུང་རིམ་སྣོད་བཅུད་སྦྱང་ཕྱིར་བརྩེགས། །ཨེ། ཡཾ། སུཾ། ཀཾ །རཾ། བྷྲཱུྃ། འདི་རྣམས་རིམ་བཞིན་ཡོངས་སུ་གྱུར། །མཐའ་དང་དབུས་བྲལ་ནམ་མཁའ་ཆེ། །གཡོ་བྱེད་སྟོབས་ལྡན་སྔོ་ལྗང་རླུང་། །རཀྟ་རྦ་ཀློང་འཁྲུག་མཚོ་དམར། །ཀུན་ཁྱབ་ཞིང་ཆེན་ས་བརྡལ་བར། །རབ་མཐོ་སྲ་བརྟན་ཀེང་རུས་བརྗིད། །འོད་ལྡན་བསྐལ་པའི་མེ་དཔུང་འབར། །སྣ་ཚོགས་རྡོ་རྗེ་པད་སྡོང་བརྡལ། །དུར་ཁྲོད་རྡོར་ར་མེ་རིས་བསྐོར། །དེ་དབུས་ཡེ་ཤེས་གཞལ་ཡས་ཁང་། །སྐམ་རློན་ཐོད་པ་རཏྣ་བརྩེགས། །གནམ་ལྕགས་ངུར་མོའི་གཟེར་ཆེན་གདབ། །ཀླུ་བརྒྱད་ཀ་གདན་ལྷ་བརྒྱད་ཀ །གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་ཕྱམ། །མཆོག་ཆེན་དྲལ་གྲབ་ཞིང་ལྤགས་ཐོག །རྒྱུ་མའི་དྲ་བ་དྲ་ཕྱེད་མཛེས། །ཞིང་གི་རྒྱལ་མཚན་བ་དན་ཕྱར། །ཙིཏྟའི་ཕོ་ལོང་རྨ་བྱའི་གདུགས། །རིན་ཆེན་ཏོག་འབར་དར་དཔྱང་སྤྲས། །ཉི་མ་ཟླ་བའི་སྐར་ཁུང་གསལ། །གྲུ་ཆད་ཁྱམས་སྒོ་རྟ་བབས་སོགས། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཟླ་གམ་འཆར་སྒོ་ཆོས་འབྱུང་ནང་། །ཆུ་གླང་པདྨ་ཉི་ཟླ་དང་། །དྲེགས་པ་དགྲ་བགེགས་གདན་ཁྲི་གསལ། །མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུྃ། རུ་ཏྲ་ཀྲོ་དྷཱི་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། ཧཱུྃ། ཇི་ལྟར་ཟླ་བ་ལྡིང་བ་འམ། །ཆུ་ལ་ཉ་འཕར་ཇི་བཞིན་དུ། །གདན་སྟེང་སྐད་ཅིག་དྲན་རྫོགས་སུ། །རྒྱུ་ཡི་ཡི་གེ་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་དཔལ་ཆེན་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཞལ་གདངས་རབ་རྣོའི་མཆེ་བ་གཙིགས། །ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་བསྒྲད། །ཤངས་ནས་ཧཱུྃ་དང་སྙན་ནས་འབྲུག །དྲག་པོའི་སྒྲ་སྒྲོག་སྲིད་གསུམ་འདར། ཁྲོ་གཉེར་ཆེར་བསྡུས་སྨིན་མ་དང་། །སྨ་ར་ཨག་ཚོམ་དབུ་ཡི་སྐྲ །དམར་སེར་གྱེན་འབར་མེ་སྟག་དང་། །གློག་དམར་རྐན་སྒྲའི་ཚྭ་ཚྭ་འཕྲོ། །ཐོད་སྐམ་ལྔ་ནང་བདེ་གཤེགས་ལྔ། །རིན་ཆེན་འོད་འབར་དར་དཔྱང་སྦྲུལ། །དབུ་རྒྱན་མཛེས་སྡུག་དཔའ་བརྗིད་ལྡན། །ཞབས་བཞི་གྱད་ཀྱི་དོར་ཐབས་བཞེངས། །གཡས་གཡོན་ཕྱག་དྲུག་རིམ་པ་བཞིན། །རལ་གྲི་ཐོ་བ་གཏུན་ཤིང་དང་། །ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །རིགས་ལྔའི་ཀླུ་དང་རུས་པ་ཡི། །སྙན་ཆ་མགུལ་ཆུ་དོ་ཤལ་སོགས། །ཕྱག་ཞབས་སྐུ་རྒྱན་མགོ་རློན་ནི། ཁྲག་འཛག་ལྔ་བཅུའི་ཕྲེང་བས་བརྒྱན། །སྲིན་པོ་གླང་ཆེན་གཡང་གཞི་དང་། །སྟག་ལྤགས་རློན་པས་སྟོད་སྨད་གཡོགས། །རྒྱུ་མའི་སྐ་རགས་སྐེད་ལ་དཀྲིས། །སྦོམ་ཐུང་གསུས་ཆེ་ཡན་ལག་རག །བ་སྤུའི་མཚོན་ཆ་རྡོ་རྗེའི་གཤོག །འགྱིང་བརྗིད་དུར་ཁྲོད་དཔའ་ཆས་རྫོགས། །རབ་བརྗིད་ཁྲོ་གཏུམ་རྔམ་པའི་སྐུ །མེ་འབར་གར་གྱི་ཉམས་ལྡན་པ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་ཉི་མའི་སྟེང་། །འཇམ་དཔལ་རྟ་མགྲིན་གསང་བའི་བདག །ཆོས་རྒྱལ་བདུད་རྩི་འཁྱིལ་བ་སྟེ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷ། །དཀར་དམར་མཐིང་སེར་ལྗང་འོད་འབར། །ཞལ་རེ་ཕྱག་ཞབས་གཉིས་གཉིས་པ། །སྤྱན་གསུམ་མཆེ་གཙིགས་ཁྲོ་ཆས་རྫོགས། །རལ་གྲི་རྡོར་དབྱུག་རྡོ་རྗེ་འབར། །བེ་ཅོན་རྒྱ་གྲམ་གཡས་ན་བསྣམས། །གཡོན་རྣམས་སྡིགས་མཛུབ་དོར་ཐབས་ཞབས། །གར་དགུའི་ཉམས་ལྡན་གསལ་བར་བསྐྱེད། །པང་དུ་སྦྱོར་ཡུམ་བེ་ཏཱ་འཁྲིལ། །མཐིང་དམར་ནུ་མ་བྷ་ག་རྒྱས། ཁྲོ་མོའི་ཆས་རྫོགས་ཁྲོ་འཛུམ་ཞལ། །གཡས་པ་གཙོ་འཁྱུད་གྲི་གུག་དང་། །ཕུར་བུ་ཞིང་བཅུའི་སྙིང་ལ་འདེབས། །གཡོན་པ་བྷནྡྷ་བདུད་རྩི་ཡི། ཁྲག་བཀང་ལྕགས་དྲལ་དགྲ་བྲུབ་རྣམས། །བསྐལ་པའི་མེ་ཀློང་བཞུགས་པར་བལྟ། །ཡབ་ཡུམ་ཐུགས་ལས་ཧཱུྃ་བཞི་འཕྲོས། །ཕྱོགས་བཞིའི་འཁོར་ལོའི་རྩིབས་སྟེང་དུ། །དྲེགས་པ་པད་ཉི་རོ་གདན་དབུས། །སྲས་མཆོག་རིགས་བཞི་ཡབ་ཡུམ་གྱུར། །རྡོ་རྗེ་རིན་ཆེན་པདྨ་དང། །ལས་ཀྱི་གཤིན་རྗེ་གཤེད་བཞི་ནི། །མཐིང་སེར་དམར་ལྗང་མེ་འོད་འབར། །ཞལ་རེ་ཕྱག་ཞབས་གཉིས་གཉིས་ལྡན། །རབ་ཁྲོ་ཁྲོ་བོའི་རྒྱན་ཆ་རྫོགས། །རང་རང་རིགས་མཚོན་བེ་ཅོན་གཡས། །གཅོད་བྱེད་འཁོར་ལོ་གཡོན་ན་བསྣམས། །སྦྱོར་སྒྲོལ་ཡུམ་སྦྱོར་ཡབ་འདྲའི་མདོག །ཁྲོ་མོའི་རྒྱན་རྫོགས་གྲི་ཐོད་འཛིན། །གར་གྱི་ཉམས་ལྡན་གསལ་བར་བསྐྱེད། །གཞན་ཡང་སྤྲུལ་པའི་འཁོར་ཚོགས་ནི། ཉི་མ་དང་ནི་འོད་ཟེར་བཞིན། །བདུད་འཇོམས་བྲག་འཇོམས་ཨ་བ་གླང་། །ཡ་བ་ཕྱྭ་སངས་རྨིག་པ་དང་། །ཏེལ་པ་ལྷ་མཆོག་འཆི་བདག་རྒྱལ། །མིག་དམར་ཕྱོགས་སྐྱོང་གཤིན་རྗེའི་སྡེ། །སྒོ་འཛིན་གིང་བདུད་རྩིས་བཤན་རྣམས། །བཞི་བཞིའི་གྲངས་ལྡན་ཕོ་མོ་བྲན། །སྤྲུལ་པ་ལ་སོགས་མོས་པས་བསྒོམ། །ཕྱི་རོལ་འཁོར་ཡུག་ལ་གནས་པའི། །དུར་ཁྲོད་བདག་རྣམས་མ་ལུས་པ། །འབུམ་ཕྲག་མཁའ་འགྲོ་གིང་ལང་ཀ །དབང་ཕྱུག་འབར་མ་མ་སྲིང་ཚོགས། །ཕྱི་ནང་དྲེགས་པ་ཐམས་ཅད་ནི། །བསམ་གྱིས་མི་ཁྱབ་སྤྲིན་ལྟར་གཏིབ། །ཀུན་གྱིས་མི་སྡུག་གཟུགས་སྤྲུལ་ཅིང་། ཁ་དོག་མཚོན་ཆ་རྫུ་འཕྲུལ་རྩལ། །མ་ངེས་སྣ་ཚོགས་ཅིར་ཡང་བསྒྱུར། །སྲིད་པའི་ཡང་རྩེ་མན་ཆད་ཀྱི། །མཐུ་སྟོབས་ནུས་པ་གང་ཆེ་ཡང་། །དབང་བསྡུས་ཟིལ་གནོན་དམ་ལ་འདོག །བྲན་ཁོལ་ཅི་བགྱིས་ལས་ལ་འཇུག །བཀའ་འདས་རྡུལ་དུ་བརླག་བྱེད་པའི། །གཙོ་འཁོར་མ་འདྲེས་ཡོངས་རྫོགས་གསལ། །ཧཱུྃ། མ་བཅོས་རང་བྱུང་ཡེ་ཤེས་ལྔ། །མ་འགག་ཐུགས་རྗེའི་རྩལ་འབྱིན་ཕྱིར། །རང་གསལ་སྐུ་གསུང་ཐུགས་བྱིན་བརླབས། །ཡེ་ཤེས་ལྔ་དབང་ལྷུན་གྲུབ་སྐུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཛྙཱ་ན་སརྦ་པཉྩ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ། ཀུན་བཟང་དགོངས་ཀློང་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སྐུ་མཆོག་ལྷ། །སྲིད་གསུམ་ལོག་འདྲེན་བསྒྲལ་བའི་ཕྱིར། །འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨེ་ཧྱེ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། ཀུན་ཏུ་བཟང་མོ་ཡུམ་གྱི་མཁར། །རྒྱལ་བ་གཤེགས་བཞུགས་མི་མངའ་ཡང་། །ལོག་རྟོག་སྦྱང་ཕྱིར་ལྷ་ཚོགས་རྣམས། །དབྱེར་མེད་དགྱེས་པར་བཞུགས་སུ་གསོལ། །ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། ཡེ་ནས་ཆོས་སྐུ་རང་བཞིན་བྲལ། །གཉིས་སྣང་རང་འཁྲུལ་འགྲོ་བ་རྣམས། །གང་འདུལ་དེར་སྟོན་ལྷ་ཚོགས་ལ། །གཉིས་མེད་གུས་པར་ཕྱག་བགྱིད་དོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱི་མཆོད་འབུལ་བ་ནི། ཧཱུྃ། བདུག་སྤོས་མེ་ཏོག་སྣང་གསལ་དྲི། །བཤོས་གཙང་རོལ་མོ་མཆོད་སྤྲིན་ཆེ། །ནམ་མཁའི་མཛོད་ལས་བྱུང་བ་རྣམས། །གུས་འབུལ་བླང་དོར་མེད་པར་བཞེས། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སོགས། ནང་མཆོད་ནི། ཧཱུྃ། མཛེས་ལྡན་དྲི་ཞིམ་རོ་མཆོག་ལྡན། །རེག་བདེ་ཟག་མེད་ཡིད་བཞིན་སྤྲིན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ཕུན་ཚོགས་མཆོད་པ་བཞེས། །ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ། འདོད་ཁྲོ་གཏི་མུག་ང་རྒྱལ་ཆེ། །ཕྲག་དོག་དུག་ལྔ་སོར་རྟོག་དང་། །མེ་ལོང་ཆོས་དབྱིངས་མཉམ་ཉིད་གྲུབ། །རིགས་ལྔ་དགོངས་མཆོད་ཏིང་འཛིན་མཆོད། །ཧཱ་ལ་པཉྩ་པཱུ་ཙ་ཧོཿ ཧཱུྃ། གཏི་མུག་ཤ་དང་འདོད་ཆགས་ཁྲག །ཞེ་སྡང་རུས་པ་དུག་གསུམ་གྱི། །མཆོད་པ་བླ་མེད་སྐུ་གསུམ་དངོས། །རང་གྲོལ་ཆེན་པོར་འབུལ་ལོ་བཞེས། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི་པཱུ་ཛ་ཁཱ་ཧི། དེ་ནས་གསང་མཆོད་འབུལ་བ་ནི། ཧཱུྃ། དཔལ་ཆེན་ཡབ་ཡུམ་གཉིས་མེད་ཀྱི། །དཀར་དམར་བདེ་ཆེན་བདུད་རྩི་ཆེ། །ཟག་མེད་ཡེ་ཤེས་དགའ་བཞིའི་རྒྱུན། །རང་ལས་རང་བྱུང་རང་ལ་འབུལ། །མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ དེ་ནས་སྨན་མཆོད་ནི། ཧཱུྃ་ཧྲཱིཿ རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་སྨན། །གདོད་ནས་རྣམ་དག་རང་བྱུང་བདུད་རྩི་ཆེ། །རིགས་ལྔ་སྐུ་ལྔ་དམ་ཚིག་ཡེ་ཤེས་ལྔ། །ལྷུན་གྲུབ་ཡོངས་རྫོགས་སྨན་མཆོད་དགྱེས་པར་བཞེས། །མཚན་རེ་རེ་ནས་བཏོན་ནས་རྩ་སྔགས་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། དེ་ནས་རཀྟ་འབུལ་བ་ནི། ཧཱུྃ། སྲིད་རྩ་བདག་འཛིན་རུ་དྲ་བསྒྲལ་བའི་ཁྲག །སྣོད་བཅུད་ཉི་མ་དམར་ཆའི་དྭངས་མ་དང་། །འདོད་ཆགས་བདེ་སྟོང་རོ་མཉམ་བྱིན་བརླབས་པ། །འཁོར་བ་དབྱིངས་སུ་སྒྲོལ་ཕྱིར་འབུལ་གྱིས་བཞེས། །སྙིང་པོའི་མཐར། མ་ཧཱ་རཀྟ་ཛྭ་ལ་པཱུ་ཛ་ཁཱ་ཧི། དེ་ནས་གཏོར་མ་འབུལ་བ་ནི། ཧཱུྃ། སྐྱེ་མེད་རྣམ་དག་ཀློང་བརྡལ་གཏོར་སྣོད་དུ། །འགག་མེད་རང་རྩལ་སྣ་ཚོགས་གཏོར་མ་སྤུངས། །གཉིས་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས། །འདོད་ཡོན་ཐམས་ཅད་ཚིམ་བྱེད་མཆོད་པར་འབུལ། །དེ་ནས་གཏོར་མ་བསྔོ། སྔགས་མཐར་མ་ཧཱ་བ་ལིནྟ་པུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ཛ་གད་འབུལ། ཧཱུྃ། མ་ལུས་འབྲུ་བཅུད་ཀུན་འདུས་མྱོས་བྱེད་ལ། །སྦྱངས་བསྒྱུར་སྤར་ཅིང་བྱིན་བརླབས་བྱང་ཆུབ་སེམས། །བཏུང་བའི་མཆོག་གྱུར་ཛ་གད་བདུད་རྩི་འདི། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མཉེས་ཕྱིར་འབུལ། །མ་ཧཱ་ཛ་གད་པཱུ་ཛ་ཁཱ་ཧི། དེ་ནས་སྦྱོར་མཆོད་འབུལ། ཧཱུྃ། སྣང་སྲིད་འཁོར་དང་མྱ་ངན་འདས་པའི་ཆོས། །དབྱིངས་རིག་དབྱེར་མེད་ངང་དུ་མཉམ་པར་སྦྱོར། །བརྗོད་བྲལ་བདེ་ཆེན་རྟོགས་པའི་མཆོད་པ་ཆེ། །བློ་འདས་ངང་དུ་སྤང་བླང་མེད་པར་འབུལ། །སརྦ་དྷརྨ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ བསྒྲལ་མཆོད་ནི། ཧཱུྃ། བདག་མེད་མཚོན་ཆ་གྲུབ་མཐའ་གཅིག་རྟོགས་པས། །མ་རྟོགས་ལོག་རྟོག་སེམས་ཅན་དབྱིངས་སུ་བསྒྲལ། །དུས་གསུམ་རྒྱལ་བ་མཉེས་མཆོད་བླ་ན་མེད། །ཀ་དག་ཀློང་ནས་འབུལ་ལོ་དགྱེས་པར་བཞེས། །ཤྲཱི་ཡ་མཱནྟ་ཀ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ། པྲ་བེ་ཤ་ཡ་ཕཊ། ཏི་ཧཱུྃ། ཨེ་སྥ་ར་ན་ཕཊ། མ་ཧཱ་པཱུ་ཛ་ཁཱ་ཧི། དེ་ནས་རྡོ་རྗེའི་གླུ་དང་གར་གྱིས་མཆོད། ཧཱུྃ། སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། སྣང་ཙམ་ཉིད་ནས་གཞི་རྩ་བྲལ། །རོ་མཉམ་འདུ་འབྲལ་མེད་པར་བདེ། །རྡོ་རྗེའི་གླུ་གར་མཆོད་པ་བཞེས། །ཨོཾ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ཏེ་ཧཱུྃ། དེ་ནས་དགྱེས་བསྟོད་བྱ་བ་ནི། དང་པོ་དོན་གྱི་བསྟོད་པ། ཧཱུྃ། ཀ་དག་ལྷུན་གྲུབ་མ་བཅོས་ཕོ་བྲང་ནས། །སྤྲོས་བྲལ་བདེ་ཆེན་སྐུ་དང་ཡེ་ཤེས་ལྷ། །དབྱིངས་རིག་དབྱེར་མེད་རང་བྱུང་རིགས་ཀུན་གཙོ། །ཆོས་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། མཐའ་བྲལ་རྣམ་དག་འོད་གསལ་དཀྱིལ་འཁོར་དུ། །ཐུགས་རྗེ་འགག་མེད་ཟང་ཐལ་ཡེ་ཤེས་ལྷ། །སྣ་ཚོགས་འཆར་ཡང་བདེ་ཆེན་འགྱུར་མེད་སྐུ །ལོངས་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྒྱ་ཆེན་རྣལ་འབྱོར་ཐབས་མཁས་ཐུགས་རྗེའི་ཀློང་། །རིག་པ་རང་རྩལ་ཡེ་ཤེས་ཤར་བའི་ལྷ། །འགྲོ་འདུལ་ཕྲིན་ལས་མཐའ་དག་མཐར་ཕྱིན་མཛད། །སྤྲུལ་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་བ་སྐོང་། །ཐོགས་མེད་སྒྱུ་མ་ཆེན་པོ་རྫུ་འཕྲུལ་བདག །སྲིད་ཞིར་གནས་སྐྱོན་བྲལ་བའི་ཡོན་ཏན་གཏེར། །བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པའོ། །དེ་ནས་བྱེ་བྲག་ཏུ་སྐུ་མདོག་རྒྱན་ཆའི་སྒོ་ནས་བསྟོད་པ། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ནས། །མ་ཧེ་པདྨ་ཉི་ཟླ་དྲེགས་པའི་སྟེང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་གཤིན་རྗེ་གཤེད། །མཐིང་ནག་གཏུམ་རྔམ་མི་བཟད་འཇིགས་པའི་གཟུགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོས་པའི་ཞལ། །ཞལ་རེ་སྤྱན་གསུམ་ཉི་ཟླའི་སྡང་མིག་གཟིགས། །རབ་གདངས་ཞལ་ནས་རྣོ་ངར་མཆེ་བ་གཙིགས། །ལྗགས་འདྲིལ་རྐན་རྡེབ་དྲག་པོའི་ང་རོ་སྒྲོག །ཤངས་ནས་ཧཱུྃ་འབྱིན་སྙན་ནས་འབྲུག་སྟོང་ལྡིར། ཁྲོ་གཉེར་འཇིགས་བསྡུས་སྨིན་མ་སྨ་ར་དང་། །ཨག་ཚོམ་དབུ་སྐྲ་བསྐལ་པའི་མེ་ལྟར་འབར། །བ་སྤུ་མཚོན་ཆ་རྡོ་རྗེའི་གཤོག་པ་གདེངས། །གཡས་ཀྱི་དང་པོ་རལ་གྲིས་བདག་འཛིན་གཅོད། །བར་པ་ཐོ་བས་དགྲ་བགེགས་ཀླད་རུས་འགེམ། །ཐ་མ་གཏུན་ཤིང་དམ་ཉམས་རྡུལ་དུ་བརླག །གཡོན་གྱི་དང་པོ་ལྕགས་ཀྱུས་སྲིད་གསུམ་འགུགས། །བར་པ་ཞགས་པས་ལོག་འདྲེན་ཀུན་ནས་འཆིང་། །ཐ་མ་ཐོང་གཤོལ་དགྲ་བོ་ཁ་ཞབས་ཟློག །གླང་ཆེན་ཀོ་རློན་སྟག་ལྤགས་ཤམ་ཐབས་དང་། །སྲིན་པོའི་གཡང་གཞི་ཀླུ་རྒྱལ་སྦྲུལ་ཆུན་སྤྲས། །ཐོད་སྐམ་ཐོད་རློན་ཕྲེང་བ་དབུ་རྒྱན་དང་། །དོ་ཤལ་བ་སུ་ཁྲག་འཛག་སྲད་བུས་སྦྲེལ། །རིན་ཆེན་རུས་རྒྱན་ཁྲག་ཞག་ཚོམ་བུས་བརྒྱན། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་གར་དགུའི་ཉམས། །རིགས་ལྔའི་རྒྱས་བཏབ་རྒྱལ་བའི་སྤྱི་མེས་ཆེ། །ཇི་ལྟར་སྤྲུལ་ཡང་འགྲོ་འདུལ་ཕྲིན་ལས་རྩལ། །གཉིས་མེད་དགྱེས་ཡུམ་བེ་ཏཱ་ཛ་ལི་སྦྱོར། །གཙོ་མཆོག་ཐུགས་དམ་སྐུལ་མཛད་སངས་རྒྱས་སྐྱེད། ཁྲོ་མོའི་རྒྱན་རྫོགས་ཁྲ་ོའཛུམ་གར་དགུའི་ཉམས། །གྲི་གུག་ཕུར་བུ་ལྕགས་དྲྭ་བནྡྷའི་ཕྱག །བདེ་སྟོང་རོལ་གར་ཟག་མེད་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ། །འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱག །གཏི་མུག་ཆོས་དབྱིངས་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ། །རྟ་མཆོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྡོར་དབྱུག་སྡིགས་མཛུབ་ཕྱག །འདོད་ཆགས་སོར་རྟོག་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ། །ཕྱག་རྡོར་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱག །ཞེ་སྡང་མེ་ལོང་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ། །ཆོས་རྒྱལ་སེར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱག །ང་རྒྱལ་མཉམ་ཉིད་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཕྲིན་ལས་རིགས་ཀྱི་ལྷ། །བདུད་རྩི་ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་འཁོར་ལོ་སྡིགས་མཛུབ་ཕྱག །ཕྲག་དོག་བྱ་གྲུབ་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཞེ་སྡང་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རིན་ཆེན་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ང་རྒྱལ་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །པདྨ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །འདོད་ཆགས་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། ཀརྨ་ཡ་མཱནྟ་ཀ་ལྗང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྒྱ་གྲམ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཕྲག་དོག་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། འགྲོ་འདུལ་རིགས་བཞིའི་སྐུ་སྟོན་སྲས་མཆོག་བཞི། །ཡ་མ་རཱ་ཙ་མྱོས་བྱེད་མེ་རུ་ཙེ། །ཚར་དགུ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་སྡོད་ཕོ་ཉར་བཅས་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་མཆོད་འབུལ་བཞེས་དགྱེས་པར་རོལ། །ཉེས་ལྟུང་ཉམས་ཆག་ཀུན་བཤགས་བསྙེན་ཅིང་བསྒྲུབ། །ཞི་རྒྱས་དབང་དྲག་ཕྲིན་ལས་མ་ལུས་པ། །དམ་ལྡན་སྔགས་འཆང་བདག་གིས་འགྲུབ་མཛད་གསོལ། །ཞེས་པས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། ཛཔ྄་དགོངས་དང་ལྡན་པས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཡ་མ་རཱ་ཛ། ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་རཏྣ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་པདྨ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་ཀརྨ་ཡ་མཱནྟ་ཀ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཨོཾ་ཡ་མ་རཱ་ཛ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ། ནི་ར་མ་ཡ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཕཊ། བཻ་ཏཱ་ལི་རཀྵ་མོནྟ་བྷྱོ། ཨེ་ཀ་ཛ་ཊཱི་ཏྲཀ་རཀྴ་སྙིང་ཁ་རགྨོ་བྷྱོ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཐོ་ལ་ཡ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་སྙིང་རྩ་ལ་ཤཾ་བྷྱོ། ཧེ་མ་དེ་བྱི་ཧཱུྃ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བྱི་ཏྲི་བི་མར་ཏ་ཀ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་ཁྲག་ལ་མུ་ཤ་ལ་བྷྱོ། ཡ་མ་དེ་བྱི་ཧཱུྃ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཛྭ་ལ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་ཏིང་ལམ་མ་བྷྱོ། ནཱ་ག་དེ་བྱི་ཧཱུཾ། ཨོཾ་ཡ་མ་རཱ་ཛ་ཀ་ལ་ཀྵེ་པྲེ་ཏོ་ད་ཏ་ཀ་ཧཱུྃ་ཕཊ། ཨོཾ་མ་མ་ཏྲག་རཀྨོ་རུ་ལུ་བྷྱོ། ཁ་རཀ་དེ་བྱི་ཧཱུྃ། ཞེས་པ་རྣམས་ལ། ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་སོགས་ཕྲིན་ལས་གང་བསྒྲུབ་ཁ་བསྒྱུར་དང་། སྲུང་དུས། མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྐབས་དང་སྦྱར་ལ་ཅི་རིགས་བཟླས་པ་བྱའོ། །དེ་ནས་ཛཔ྄་བསྐུལ་ནི། ཨོཾ། གཟུགས་སྣང་སྐུ་ཡི་རོལ་པ་ཆུ་ཟླའི་གར། །ཨཱཿ སྒྲ་གྲགས་གསུང་གི་རོལ་པ་གྲགས་སྟོང་སྔགས། །ཧཱུྃ། དྲན་རྟོག་ཐུགས་ཀྱི་རོལ་པ་བདེ་སྟོང་ཐུགས། །མ་གསལ་བར་བསྒོམ་མ་གྲུབ་བར་མི་གཏང་། །ཞེས་སྐབས་སུ་གསལ་གདབ་པར་བྱའོ། དེ་ནས་ཚོགས་མཆོད་ནི། ཧཱུྃ། ལྷ་སྔགས་ཏིང་འཛིན་རང་བྱུང་རང་གསལ་བས། །དངོས་མེད་དངོས་པོར་འཛིན་ཞེན་རཾ་མེས་བསྲེགས། །མཚན་མེད་མཚན་མར་འཛིན་ཞེན་ཡཾ་རླུང་གཏོར། །གཉིས་མེད་གཉིས་སུ་འཛིན་ཞེན་ཁཾ་ཆུས་བཀྲུས། །རཾ་ཡཾ་ཁཾ། ཧཱུྃ། སྦྱང་གཞི་སྦྱོང་བྱེད་སྦྱང་མཁན་རྣམ་རྟོག་ཙམ། །ཨཱཿ ཡེ་ནས་འོད་གསལ་རང་ངོ་ཤེས་པ་བདུད་རྩི་ཆེ། །ཨོཾ། ཟག་མེད་འདོད་ཡོན་ཕུན་ཚོགས་སྣང་སྲིད་གང། །ཧྲཱིཿ གདོད་མའི་རྒྱལ་དང་རྒྱལ་སྲས་མ་ལུས་དགྱེས། །ཧཱུྃ་ཨཱཿཨོཾ་ཧྲཱིཿ ཧཱུྃ། རང་བཞིན་གནས་ལ་མཐའ་དབུས་བརྗོད་བྲལ་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་མི་འཚལ་ཡང་། །མ་རིག་རང་རྩལ་འགྲོ་རྣམས་བསྒྲལ་སླད་དུ། །ཚོགས་མཆོད་བཞེས་ཕྱིར་སྤྱན་འདྲེན་བརྩེ་བས་གཤེགས། །བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ། རྒྱལ་རྣམས་འཁྲུལ་གྲོལ་གློ་བུར་དྲི་བྲལ་ཡང་། །བདག་བློ་སྦྱང་ཕྱིར་རབ་མཛེས་གདན་ཁྲིར་བཞུགས། །བདག་སོགས་ལུས་ངག་ཡིད་ཀྱིས་ཕྱག་འཚལ་མཆོད། །སྡིག་བཤགས་ཡི་རངས་བསྐུལ་སོགས་བྱང་ཆུབ་བསྔོ། །སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ཧཱ་ག་ཎ་པཱུ་ཛ་ཨ་ཨ། ཧཱུྃ། མཆོད་ཡུལ་མཆོད་བྱ་མཆོད་བྱེད་མཆོད་བྲལ་ཡང་། །སྒྱུ་མ་ཆེན་པོའི་རོལ་གར་འདོད་ཡོན་སྤུངས། །སྣང་དམིགས་ཤེས་བྱས་ཁྱབ་དང་མ་ཁྱབ་པའི། །བླ་མེད་ཚོགས་ཕུད་དབྱིངས་ནས་དབྱིངས་འབུལ་བཞེས། །མ་ཧཱ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། བཤགས་ཡུལ་བཤགས་བྱ་བཤགས་བྱེད་བཤགས་བྲལ་ཡང་། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་དབང་གིས། །ཕྱི་ནང་གསང་བ་རྩ་བ་ཡན་ལག་ལས། །དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས། །ཡི་གེ་བརྒྱ་པ་བཟླས་སོ། །ཧཱུྃ། བསྐང་ཡུལ་བསྐང་བྱ་སྐོང་བྱེད་བསྐང་བྲལ་ཡང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷར་ཤར་བའི། །གཙོ་འཁོར་ཐུགས་དམ་གཉན་པོ་ནོངས་གྱུར་གང། །བླ་མེད་སྦྱོར་སྒྲོལ་ཚོགས་མཆོད་ཆེན་པོས་བསྐང་། །ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །སུམ་ཅུ་རྩ་དགུའི་ལྷ་ཚོགས་ཐུགས་དམ་ཅན། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་བེ་ཏཱ་ཡུམ། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་བ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་། །བཛྲ་རཏྣ་པདྨ་ཀརྨ་ཡི། །ཡ་མཱནྟ་ཀ་གཤེད་བཞི་ཡབ་ཡུམ་ནི། །ཡ་མ་རཱ་ཛ་རལ་གཅིག་རྒྱས་བྱེད་གཏུམ། །ཨཱརྻ་འོད་ཟེར་ཚར་དགུ་རེ་མ་ཏི། །ཐུགས་ཀྱི་སྲས་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ནག་འཇོམས་རེ་ཏི་ཕྱྭ་སངས་གདོང་དགུ་མ། །བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ། །ཡ་བ་རྔམས་སྟབས་མིག་དམར་ཁྲག་རལ་ཅན། །རྨིག་པ་ཀླུ་མོ་ཏེལ་པ་སྤྱན་གསུམ་མོ། །བདུད་འཇོམས་རལ་གཅིག་འཆི་བདག་རལ་པ་ཅན། །རྗེ་དམར་རལ་ནག་ཐོད་དབྱུག་ཕག་མགོ་མ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་རྒོད་སྟག་དང་ཀང་ཀ་སྤྱང་ཀིའི་མགོ །འགུགས་འཆིང་སྡོམ་མྱོས་སྒོ་སྲུང་ཡབ་ཡུམ་དང་། །གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་ཕོ་བཞི། །སྲོག་གཅོད་ཤན་པ་བཞི་བཅས་ཐུགས་དམ་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །འཁོར་བ་རྒྱུ་ལས་སྒྲོལ་བའི་རཀྟ་དང། ཁྱད་པར་རྨད་བྱུང་འདོད་ཡོན་གཏོར་ཆེན་དང་། །རྣམ་དག་རྒྱུ་ལས་བསྒྲལ་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བ་བཏུང་བའི་མཆོག །ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་ཀལྤས་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཐུན་མོང་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་ཟློག་ཅིང་སྒྱུར། །ཧཱུྃ། དཔལ་གྱི་བཀའ་སྲུང་དྲེགས་པ་ཕོ་མོའི་ཚོགས། །དམ་ལྡན་སྲུང་སྐྱོབ་དམ་མེད་རྩད་ནས་གཅོད། །དཀྱིལ་འཁོར་མཐའ་ཉུལ་ལེགས་ཉེས་སྟངས་འཛིན་རྣམས། །རང་རང་དགྱེས་པའི་འདོད་ཡོན་དུ་མས་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །འཁོར་བ་རྒྱུ་ལས་སྒྲོལ་བའི་རཀྟ་དང་། ཁྱད་པར་རྨད་བྱུང་འདོད་ཡོན་གཏོར་ཆེན་དང་། །རྣམ་དག་རྒྱུ་ལས་བསྒྲལ་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བ་བཏུང་བའི་མཆོག །ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་ཀལྤས་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཐུན་མོང་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་ཟློག་ཅིང་སྒྱུར། །དེ་ནས་དགྲ་བགེགས་བསྒྲལ་བ་ནི། ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །གཏུམ་དྲག་བདུད་འདུལ་རབ་ཁྲོས་མཐུ་སྟོབས་བདག །སྐུ་ཡི་ལྷ་ཚོགས་མ་ལུས་སྐུ་བཞེངས་འཚལ། །གཤེད་མའི་དམག་དཔུང་སྐར་མདའ་ཐོག་ལྟར་སྐྱོད། །གནད་ནས་བསྐུལ་ལོ་དགྲ་བགེགས་ད་ལྟ་ཁུག །འདས་དང་མ་འདས་སྲུང་སྐྱོབ་ལྷ་དང་ཕྲོལ། །མཚོན་ཆའི་ཆར་ཕོབ་ལུས་སེམས་ཕྲོལ་ལ་སོད། །ཤ་ཁྲག་རུས་པ་དུག་གསུམ་ཞལ་དུ་བཞེས། །མིང་ཙམ་མེད་པར་རྡུལ་དུ་རླག་པར་མཛོད། །དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་བདུད་རྩིའི་གསང་ནན་འབུལ་བ། ཧཱུྃ། འཆི་མེད་བདུད་རྩི་ཡེ་ཤེས་རོ་མཆོག་ལྡན། །རྒྱུ་འབྲས་ནད་སེལ་སྨན་མཆོག་ཨ་མྲྀ་ཏ། །མ་ལུས་རྒྱལ་བ་མཉེས་མཆོད་དམ་པ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་ནས་དངོས་གྲུབ་སྩོལ། །སརྦ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། དེ་ནས་སྤྱན་གཟིགས་ཐོགས། སློབ་མས། ཧཱུྃ། དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་མ་ལུས་དགོངས། །ང་ནི་འདོད་ཡོན་ཀུན་འབྱུང་ལྷ་མོ་སྟེ། །འཁོར་འདས་རོ་མཉམ་ཚོགས་ཀྱི་ལོངས་སྤྱོད་འབུལ། །གཉིས་འཛིན་སྤངས་པའི་ངང་ནས་བདེ་ཆེན་རོལ། །མ་ཧཱ་ག་ཎ་པཱུ་ཛ་སུ་ཁ་ཧོཿ བླང་བ་ནི། ཧོཿ ཚོགས་མཆོད་འདོད་ཡོན་ཕུན་ཚོགས་མ་ལུས་རྒྱན། །ཟག་མེད་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །རྣལ་འབྱོར་དམ་ཚིག་ལྡན་པས་ཆོ་ག་བཞིན། །མི་ཟད་བདེ་བའི་གཏེར་ལ་ལོངས་སྤྱོད་བྱ། །ཨ་ལ་ལ་ཧོཿ ཞེས་པས་རོལ་ལོ། །དེ་ནས་ཚོགས་ལྷག་ནི། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོའི་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་མ་དགྱེས་པར་མཆོད། །ཐ་མར་ཆོས་རྣམས་རྒྱུ་འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་ཁོལ་ནི། །དྲེགས་པ་ཕོ་མོ་མ་སྲིང་གིང་ལངྐ། །དུར་ཁྲོད་བདག་བྱེད་བསྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླངས་དམ་ལ་མ་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། དེ་ནས་ཆད་མདོ་བྱ་བ་ནི། ཧཱུྃ། དུས་གསུམ་དུས་མེད་ཀ་དག་བསྐལ་པ་ལ། །བཅོམ་ལྡན་ལྷུན་གྲུབ་འཇམ་དཔལ་གཤིན་རྗེ་ཡིས། ཁྲེགས་ཆོད་ཐོད་རྒལ་ཆེན་པོའི་རྫུ་འཕྲུལ་གྱིས། །གློ་བུར་མ་རིག་དྲེགས་པ་བཏུལ་བའི་ཚེ། །རྟོག་ཚོགས་གཏོར་མ་ལེན་པར་མ་ཆད་དམ། །སྐུ་ལྔ་རང་ངོ་ཤེས་པར་མ་ཆད་དམ། །ཡེ་ཤེས་མཐོང་གོམས་བརྟན་པར་མ་ཆད་དམ། །ཆོས་ཉིད་མངོན་སུམ་རྟོགས་པར་མ་ཆད་དམ། །ཉམས་སྣང་གོང་དུ་འཕེལ་བར་མ་ཆད་དམ། །རིག་པ་ཚད་ལ་ཕེབས་པར་མ་ཆད་དམ། །ཆོས་ཉིད་ཟད་སར་སྐྱོལ་བར་མ་ཆད་དམ། །ངོ་བོ་འགྱུར་མེད་རྟོགས་པར་མ་ཆད་དམ། །རང་བཞིན་བློ་ཐག་ཆོད་པར་མ་ཆད་དམ། །རང་རྩལ་ཐུགས་རྗེ་འཆར་བར་མ་ཆད་དམ། །རང་རིག་ཡེ་ཤེས་ཞལ་བཞེས་དྲན་མཛོད་ལ། །གཞན་སྣང་གཉིས་འཛིན་གཏོར་མ་འདི་བཞེས་ནས། །རང་གྲོལ་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ལྟར་འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །བོད་ཁམས་བསྟན་སྲུང་བཅུ་གཉིས་འཁོར་དང་བཅས། །ཕྱོགས་མཚམས་རང་རང་གནས་ནས་འདིར་གཤེགས་ལ། །བཀའ་ཡི་གཏོར་ལོངས་ཁས་བླངས་ཕྲིན་ལས་སྒྲུབས། །ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི། དེ་ནས་དམ་སྲི་མནན་པ་ནི། གཏོར་གཞོང་སྦུབས་ལ། ཧཱུྃ། འཁོར་འདས་དབང་བསྒྱུར་འཇིགས་བྱེད་དཔལ་ཆེན་སྐུ །ཆོས་ཀྱི་དབྱིངས་ལས་ལོངས་སྤྲུལ་སྐུར་བཞེངས་ཏེ། །སྟོང་གསུམ་སྲིད་གསུམ་འདར་བ་རྡོ་རྗེའི་བྲོ། །བརྡུངས་པས་དགྲ་བགེགས་དམ་སྲི་རྡུལ་དུ་རློགས། །དགྲ་བགེགས་དམ་སྲི་ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། མཱ་ར་ཡ་ནན། དེ་ནས་གཏོར་མ་སོགས་དངོས་གྲུབ་ཏུ་བླང་བ་ནི། ཧཱུྃ། དུས་གསུམ་དཀོན་མཆོག་མ་ལུས་ཀུན་འདུས་པའི། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས། །མཁྱེན་བརྩེ་ནུས་མཐུ་མཐར་ཕྱིན་འགྲོ་བའི་དཔལ། །ཡིད་བཞིན་ནོར་མཆོག་འདོད་དགུ་མི་ཟད་གཏེར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒོ་ཕྱེ་ནས། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་ཀུན། །མོས་པའི་བུ་ལ་དུས་འདིར་མྱུར་འགྲུབ་པའི། །དངོས་གྲུབ་དམ་པ་མ་ལུས་བསྩལ་དུ་གསོལ། །སིདྡྷི་ཕ་ལ་སརྦ་ཧཱུྃ། དེ་ནས་བཟོད་པར་གསོལ་བ་ནི། ཧོཿ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས། །བསྐྱེད་རྫོགས་བསྙེན་སྒྲུབ་ཚུལ་བཞིན་མ་འགྲུབ་སོགས། །ལྷག་ཆད་ནོར་འཁྲུལ་ཉེས་ཚོགས་གང་མཆིས་པ། །མཁྱེན་མངའི་ལྷ་ལ་མཐོལ་བཤགས་བཟོད་པར་བཞེས། །ཧེ་རུ་ཀའི་ཡིག་བརྒྱ་དང་། དབྱངས་གསལ་གྱིས་ཁ་སྐོང་ངོ་། །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཧཱུྃ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་དམ་ཅན་རྒྱ་མཚོ་བཅས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་གཅིག་བསྡུས་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་ལ་ཁྱབ། །འགྱུར་མེད་འགག་མེད་འཁྲུལ་མེད་རེ་བ་སྐོང་། །ཐོགས་མེད་ཅི་བསམ་དོན་འགྲུབ་བཀྲ་ཤིས་ཤོག །ཅེས་པ་དང་། རྒྱས་པ་གཞན་ནས་ཁ་བསྐང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། སྐྱེ་མེད་དབྱིངས་ལས་འགག་མེད་སྐུར་ཤར་བའི། །གང་འདུལ་ཆོ་འཕྲུལ་སྟོན་མཛད་སྐུ་མཆོག་ལྷ། །སྨིན་གྲོལ་ཆོས་འཁོར་འགྲོ་བ་མ་ལུས་འདུལ། །སླར་ཡང་ཆོས་དབྱིངས་སྐྱེ་མེད་དབྱིངས་སུ་བསྡུའོ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ དེ་ནས་རྒྱུན་གྱི་སྤྱོད་ལམ་ནི། ཧཱུྃ། འཇའ་ཚོན་ཆུ་ཟླ་ལྟ་བུ་ཞེན་མེད་ལུས། །ངར་འཛིན་རྣམ་དག་རང་བྱུང་དཔལ་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་དུས་ཀུན་དུ། །ཐབས་ཤེས་ཟུང་འབྲེལ་འགྲོ་འདུལ་སྤྱོད་ལམ་བྱའོ། །ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧྲཱིཿ དེ་ནས་བསྔོ་བ་ནི། ཧོཿ བདག་གཞན་དུས་གསུམ་ཕུན་ཚོགས་དགེ་སྤྱད་མཐུས། །འགྲོ་ཀུན་སྐྱོན་དག་ཡོན་ཏན་གོང་དུ་རྫོགས། །སྨིན་གྲོལ་ལམ་ལ་གོམས་པ་མཐར་ཕྱིན་ཏེ། །སྐུ་གསུམ་ལྷུན་གྲུབ་སངས་རྒྱས་ཐོབ་པར་ཤོག །གནས་སྐབས་སུ་ཡང་འཇིག་རྟེན་མ་ལུས་བདེ། །བསྟན་འཛིན་ཐམས་ཅད་སྐུ་ཁམས་བཟང་བ་དང་། །སེམས་ཅན་ཐམས་ཅད་ཆོས་བཞིན་སྤྱོད་འགྱུར་ཞིང་། །མཐར་ཐུག་འཁོར་བའི་རྒྱ་མཚོ་མྱུར་སྐེམ་ཤོག །བསྔོ་བྱ་སྔོ་བྱེད་བསྔོ་བ་མི་དམིགས་པ། །འཁོར་འདས་ཀུན་བཟང་ཀློང་དུ་རོ་གཅིག་པའི། ཆོས་དབྱིངས་ཟབ་མོ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བའི་སྨོན་པ་འགྲུབ་པར་ཤོག །ཕྲིན་ལས་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མའི་ཟིན་བྲིས་རེ་ཞིག་རྫོགས་སོ། །སརྦ་མངྒ་ལཾ།། །།འདི་མཉམ་ཉིད་རྡོ་རྗེའི་གསུང་དུ་ཚུར་པར་དཀར་ཆག་ལས་གསལ།། །།

ཐུགས་རྗེ་ཁྲོས་མ་ནག་མོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་མཁའ་སྤྱོད་ཐེམ་སྐས་ (Volume 34, Text 33)

༄༅། །ཐུགས་རྗེ་ཁྲོས་མ་ནག་མོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་མཁའ་སྤྱོད་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱི་ཀཱ་ལཱི་ཡཻ། རྣམ་ཐར་གསུམ་ལྡན་ཨེ་དབྱིངས་བདེ་ཆེན་ཀློང་། །དཔེ་བྲལ་དཔེ་ཡི་གཟུགས་ཀྱིས་སྐལ་ལྡན་ཀུན། །མཁའ་ལ་སྤྱོད་མཛད་རྡོ་རྗེ་བཙུན་མོ་ལ། །གུས་པས་འདུད་དོ་བརྩེ་བས་རྗེས་འཛིན་མཛོད། །གང་དེའི་སྒྲུབ་ཐབས་ཀུན་གྱི་མཆོག་གྱུར་པ། །མཁའ་འགྲོའི་བཀའ་བབས་གཏེར་ཁ་གོང་མ་ལས། །བྱིན་རླབས་ཆུ་རྒྱུན་མ་ཆད་བྱོན་དེ་དང་། །བཀའ་བརྒྱུད་ཟུང་འབྲེལ་སྨིན་བྱེད་ཁྲིགས་སུ་བཀོད། །བཀའ་སྲོལ་འདིའི་སྨིན་བྱེད་རྩ་བ་བྱིན་རླབས་དབང་བཞི་ལ་ཕག་ལྔའི་རྗེས་གནང་སྦྱར་བ་ཉིད་ཡིན་ལ། དེའི་གསལ་བྱེད་འཇམ་དབྱངས་རལ་གྲི་དང་མངའ་རིས་པཎ་ཆེན་གྱིས་མཛད་པ་སྣང་མོད། ཕྱིས་ནས་ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་ལས་རྒྱུན་ལོགས་སུ་བཞུགས་ཤིང་། འདིར་བཀའ་མའི་ལུགས་ལ་ལྷ་དབང་ཆས་དབང་སོགས་ཐེམས་མེད་ཁ་སྐོང་སྦྱར་བའི་དབང་བསྐུར་རྒྱས་པ་ཀུན་མཁྱེན་ཁྲ་ཝ་ཁ་པ་དང་མཁས་གྲུབ་ཀརྨ་ཆགས་མེད་ལས་བརྒྱུད་པ་ལྟར་བྱ་བར་འདོད་ན། བཤམ་དང་དབང་སྒྲུབ་སོགས་དེ་དག་གིས་མཛད་པ་ལྟར་བྱས་ཀྱང་ཆོག་མོད། ལོ་ཆེན་གྱི་ཡིག་ཆ་ཉིད་མདོ་རྒྱས་འཚམ་ཞིང་རྣམ་པ་གསལ་བས་དེ་ལ་བརྟེན་པ་ལེགས་པས། དཀྱིལ་འཁོར། དབང་རྫས། མཆོད་གཏོར། ཉེར་མཁོའི་ཆས་རྣམས་དེ་ལས་བཤད་པ་ལྟར་ལ་ལྷག་པོར་དགོས་པ་དབང་གཏོར། དབུ་རྒྱན། རྡོ་རྗེ། དྲིལ་བུ། གཙུག་གི་ནོར་བུ་དང་དུར་ཁྲོད་ཆས་བརྒྱད་སོ་སོ་བ། གཙོ་འཁོར་བཅུ་གསུམ་རྣམས་ཀྱི་ཙཀླི་ཚང་བ་བཀོད། ལས་བྱང་མཁའ་སྤྱོད་བགྲོད་པའི་བདེ་ལམ་ལྟར་བསང་གཏོར་བྱ་བ་ནས་བརྩམ། བདག་མདུན་བུམ་པ་སྒྲུབ་པ། གཏོར་འབུལ། བདག་འཇུག་བླང་བ་ཡན་ཆད་གྲུབ་ནས། བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱས་པའི་ལས་བུམ་གྱི་ཆུས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ། དྲང་དོན་ཆོས་བཤད་སྤྱི་འཚམ་བྱ། ཁྱད་པར། དེའང་ཕྱོགས་དུས་རྒྱལ་བ་མ་ལུས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་གཅིག་ཏུ་བསྡུས་པ། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཡོངས་ཀྱི་སྤྱི་རྗེར་གྱུར་པ། འཆི་མེད་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོར་བརྟུལ་ཞུགས་ཀྱི་རོལ་རྩེད་མཛད་པའི་ཚེ་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཕག་མོ་མངོན་པར་འབྱུང་བའི་རྒྱུད་འབུམ་པ་ཕྱག་ཏུ་ཕུལ། ཌཱ་ཀི་གཙུག་གི་རྒྱན་གཅིག་མས་གསོལ་བ་བཏབ་པའི་ངོར་སློབ་དཔོན་ཆེན་པོས་རྒྱུད་དེའི་ནང་ནས་ཕག་མོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ཐབས་མངོན་དུ་ཕྱུངས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ནག་མོ་ཐུགས་ཀྱི་སྒྲུབ་པ་འདི་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པས། སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་འདི་ཉིད་གཉན་ཅིང་ཟབ་པར་དགོངས་ཏེ་ཐུགས་ཀྱི་ཀློང་དུ་སྦས། དེ་ནས་བོད་ཡུལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས། དམ་པའི་ཆོས་བསྒྱུར་ཏེ་ཉན་བཤད་སྒོམ་སྒྲུབ་ཀྱིས་བསྟན་པ་སྤེལ་བའི་དུས་སུ། ཌཱ་ཀི་གཙུག་གི་རྒྱན་གཅིག་མའི་རྣམ་འཕྲུལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་གནང་། ཁྱད་པར་ཚེས་བཅུའི་དུས་གཅིག་ལ་དཔལ་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་མཛད་པའི་ནུབ་མོ་མཚོ་རྒྱལ་ལ་མཁའ་འགྲོ་སྡེ་ལྔས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོའི་ཐུགས་ལ་གབ་པའི་ནག་མོ་ཐུགས་ཀྱི་སྒྲུབ་པ་གནང་བར་གསོལ་བ་བཏབ་པས་ཆོས་འདིའི་བཀའ་ལུང་མན་ངག་བཅས་རྫོགས་པར་གནང་། མཚོ་རྒྱལ་གྱིས་ཐུགས་ཉམས་སུ་བཞེས་ཤིང་མངའ་བདག་སོགས་སྨིན་གྲོལ་ལ་བཀོད། མ་འོངས་པའི་གདུལ་བྱར་དགོངས་ནས་གཞུང་ཕལ་ཆེར་བྲག་སྲིན་མོ་སྦར་རྗེས་ཅན་དང། ཐུགས་སྒྲུབ་རྣམ་གསུམ་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀྱི་ཀ་བ་མཁའ་འགྲོའི་གསང་མཛོད་དུ་སྦས་པ། དུས་ལ་བབས་པའི་ཚེ་ཇི་སྐད་དུ། ཐུགས་གཏེར་ལྔ་ནི་མངའ་བདག་སྤྲུལ་པས་འདོན༔ ཞེས་གྲགས་པ་ལྟར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་འབྲས་བུ་མཐར་ཕྱིན་པའི་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་ལྔའི་ཐོག་མར་བྱོན་པ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ་སྐུའི་སྲས་གཉིས་ཀྱི་གཅེན་པོ་ཉི་མ་ཤེས་རབ་བམ་གསང་མཚན་མི་བསྐྱོད་རྡོ་རྗེ་ལ་གནང་། དེས་མདོ་བོ་སངས་རྒྱས་རས་པ་ལ་གནང་། དེས་གྲུབ་ཆེན་མེ་ལོང་རྡོ་རྗེ་སོགས་ནས་བརྒྱུད་པ་སྟེ་གཏེར་ཁ་འདི་ལ་མཁའ་འགྲོའི་བཀའ་བབས་པས་བརྒྱུད་འཛིན་ཁྲོས་ནག་གི་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ཞིང་། འདིའི་སྨིན་བྱེད་རྩ་བའི་གཞུང་ལས་དངོས་སུ་བསྟན་པའི་བྱིན་རླབས་རྗེས་གནང་བཅས་པ་དང་། བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་གཏེར་གཅིག་འདྲེས་སུ་མཛད་པའི་དབང་བཞི་རྒྱས་པར་བསྐུར་བའི་ཕྱག་སྲོལ་གཉིས་སུ་མཆིས་པ་ལས་ད་ལམ་ཕྱི་མའི་ལུགས་ལྟར་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པའི་རྗེས་ཟློས་མཛོད། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་འཇུག་འདོད་ན། །དམ་པས་བདག་ནི་ངེས་པར་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཁྱེད་རང་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་ལྷའི་ཆས་དགོས་པས་སྟག་ལྤགས་ཤམ་ཐབས་ཀྱིས་སྨད་དཀྲིས་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨཱ་ལཾ་ཀ་ར་ཝསཏྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་སྨད་གཡོགས་བཅིངས་ལ། ཡང་གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་པས་སྟོད་གཡོགས་བཀོན། མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུར་བྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར་དང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ཀྱཻ་བུ་ཁྱོད་སུ་ཞིག་ཅི་ལ་དགའ། ཞེས་དྲིས་པ་ལ་ལན་འདི་ལྟར་ཏུ་ཐོབ་ཅིག །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པའི་ལན་འདི་ལྟར་ཐོབ། སངས་རྒྱས་མཆོག་གི་དམ་ཚིག་གོ །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མཁའ་ཁྱབ་ཏུ་སད་པར་བསམ་ལ་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བླ་མ་དཀོན་མཆོག་མཁའ་འགྲོ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དུག་ལྔ་ཟད་མཛད་མཁའ་འགྲོ་མ༔ ལྔ་ལ་མོས་པའི་སེམས་ཀྱིས་བསྟོད༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་དགེ་བ་གང་བྱས་པ༔ སེམས་ཅན་རྣམས་ཀྱི་དོན་དུ་བསྔོ༔ གཞན་གྱི་དགེ་བའི་རྩ་བ་ལ༔ བདག་གིས་རྗེས་སུ་ཡི་རང་ངོ༔ མཆོག་ཏུ་གསང་བ་སྔགས་ཀྱི་ལམ༔ བདག་གི་རྒྱུད་ལ་བརྟེན་པར་བགྱི༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཁྱད་པར་གྱི་དམ་ཚིག་རྣམས་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་སྲས་དང་བཅས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །གདུག་ཅིང་རྩུབ་པའི་སྤྱོད་པ་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །དངོས་པོ་ཀུན་ལ་མ་ཆགས་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །སྨྲ་ཞིང་ཤེས་རབ་བསྟེན་པར་བྱ། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་ལ་སྤྱད་པར་བྱ། །འདུས་པའི་དམ་ཚིག་རྣམ་གསུམ་སྟེ། །མི་ཕོད་རྫི་དང་འཁྲི་བ་གཅོད། །ཞེན་པ་ལྡོག་པ་རྣམ་གསུམ་ཡིན། །སྣང་བའི་ཡུལ་ལ་མི་ཕོད་རྫི། །འཁྲི་བ་ཟས་དང་ནོར་ལ་གཅད། །ཞེན་པ་འཁོར་དང་གཡོག་ལ་ལོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཚིག་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་སྒྲོལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དང་བཅས་པས་མཚན་པར་གྱུར་པའི་མོས་པས་འདི་ཡི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ སེམས་བསྐྱེད་པ་དེ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྙིང་ཁར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ལས་ཀྱི་རྡོ་རྗེས་ཁྲིད་དེ་ཡོལ་བའི་ནང་དུ་ཞུགས་པར་མོས། ཨཱ་ཁཾ་བཱི་ར་ཧཱུྃ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་སྒོ་ནས་ལྷ་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ས་མ་ཡེ་ཧཱུྃ། ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ལན་གསུམ། སླར་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ལ་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་རྣམས་རིམ་པར་འབྱུང་བས་སྙན་གཏོད་ཅིག །སློབ་མའི་མགོར་རྡོ་རྗེ་བཞག་ལ། ཁྱོད་ནི་རྣལ་འབྱོར་མའི་རིགས་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་འདི་འདྲ་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །སྙིང་གར་རྡོ་རྗེ་བཞག་ལ། རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེང་། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཨ་མྲྀཏོ་ད་ཀ་ཋཿ ཡང་རྡོ་རྗེ་མགོར་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་བསྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་མ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་མ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། ལན་གསུམ་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ། ནོར་བུ་ལྟ་བུ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤིན་ཏུ་ཡང་སྨིན་པར་མཛད་དུ་གསོལ། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་ཁ་སྦྱོར་དུ་བཅིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། གནས་ཁང་ཨོ་རྒྱན་དག་པའི་ཞིང་ཁམས་སློབ་དཔོན་རྡོ་རྗེ་ཕག་མོ་དངོས་སུ་གསལ་བ་ལ་གུས་འདུད་བྱས་པས་དེའི་སྐུ་ལས་འོད་ཟེར་འཕྲོས། ཁྱེད་རང་ལ་ཕོག་པས། ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་པ་ཐམས་ཅད་སྦྱངས། སྟོང་པའི་ངང་ལས་རང་སེམས་ཨ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་མ་རྗེ་བཙུན་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཁ་ཊྭཱཾ་ག་ཐུགས་ཀར་གཏད་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབས་ཤིང་། ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་ཚུལ་གྱིས་རླུང་དཀྱིལ་ནག་པོ་གཞུའི་དབྱིབས་ཅན་ལ་ཡམ་ཡམ་གཡོ་བའི་ཚུལ་གྱིས་བཞུགས་པར་གྱུར་པའི། ཐུགས་ཀའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་གཙོ་མོ་དང་གཉིས་སུ་མེད་པའི་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གནས་ཡུལ་དུར་ཁྲོད་འོག་མིན་གྱི་ཞིང་ཁམས་ཁྱབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། རྣམ་པ་རྡོ་རྗེ་ཕག་མོ་ལྷ་ལྔའི་སྐུར་སྣང་བ་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་འུར་འུར་ཆེམ་ཆེམ་བྱོན་ནས་ཁྱེད་རང་གི་སྙིང་གར་སིབ་སིབ་ཐིམ་པར་མོས་ཤིག །ཤ་ཆེན་གུ་གུལ་སོགས་འབེབ་རྫས་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ། རང་བཞིན་རྣམ་དག་ལྷུན་གྲུབ་གཞལ་ཡས་ནས། །འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པའི་སྐུ །མཁའ་འགྲོའི་གཙོ་བོ་པད་འབྱུང་དམ་པ་རྗེ། །ཕྲིན་ལས་མཚུངས་མེད་བཀའ་བརྒྱུད་རིན་པོ་ཆེ། །དཔལ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ནི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་སྐལ་ལྡན་རྣམས་ལ་བྱིན་ཕོབ་ཅིག །ལུས་ལ་བདེ་དྲོད་འབར་བའི་བྱིན་ཕོབ་ཅིག །ངག་ལ་ནུས་པ་འབར་བའི་བྱིན་ཕོབ་ཅིག །སེམས་ལ་རྟོགས་པ་འབར་བའི་བྱིན་ཕོབ་ཅིག །འདུ་བ་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཨོཾ་བཛྲ་ལི་ཙཎྜེ་མ་ཧཱ་སུ་ཁ་ནི་ཙཎྜེ་ཛྙཱ་ན་ཨུ་བྷི་ནི་ཙཎྜེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་དྲག་ཏུ་བཟླ་ཞིང་དབབ་པས་ཕེབས་རྟགས་སྤྱི་ལྟར་འབྱུང་། མ་ཕེབ་ན་སྤོག་ཆོག་ནི། ཁྱེད་རང་ཕག་མོར་གསལ་བའི་སྙིང་གར་ཕག་མོ་སྡེ་ལྔ་བདེ་བའི་གར་སྟབས་ལིང་ལིང་བསྒྱུར་ཞིང་སྐུ་ལས་མུ་མེད་པའི་འོད་ཟེར་སྤྲོ་བས་ལུས་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་སོང་བས་སྣང་སྲིད་ཐམས་ཅད་ཕག་མོའི་སྐུར་ཡམ་ཡམ་ཤིག་ཤིག་བཞེངས་པ་རྣམས་བུ་ཡུག་འཚུབས་པ་ལྟར་འདུས་ནས་སྤྱི་གཙུག་ནས་ཐིམ་པའི་རྐྱེན་གྱིས་རང་ལུས་ཀྱང་སྙིང་གར་འདུས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་སྐྱེས་པར་བསམ་ཞིང་། རིག་པ་སྐྱེ་མེད་ཀྱི་ངང་དུ་ཁྲིག་གེར་ཞོག་ཅིག །ཨོཾ་ཨུ་པ་ཀརྨ་མ་མ་ལི་མ་ཧཱ་སུ་ཁ་ནི༔ མ་མ་ལི་ཛོ་ཀི་ཀོ་ར་ཡ༔ མ་མ་ལི༔ ཞེས་དྲག་ཏུ་བཟླས་པས་དབབ་བོ། །གལ་ཏེ་དེས་ཀྱང་མ་ཕེབ་ན། དགོངས་པ་སྣང་སྲིད་སྤྱི་གཏིང་ལྡོག་ཅིང་སྟོང་གསུམ་མགལ་མེ་ལྟར་དུ་བསྐོར་བས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི༔ དེ་བ་ཏད་ཏ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ་ཞིང་བཤུགས་གླུ་འབོད། དེས་མི་ཕེབས་མི་སྲིད་དོ། །དེ་ལྟར་ཡེ་ཤེས་ཕབ་པའི་རྒྱུན་དེ་ཉིད་བརྟན་པར་བྱས་པའི་མོས་པ་བྱེད་དུ་བཅུག་སྟེ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ༔ཞེས་བརྗོད། སྐབས་འདིར་ཁ་དོག་དྲི་བར་འདོད་ན་སྤྱི་དང་མཐུན། དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་སོང་ནས་ཀུན་རྫོབ་དཀྱིལ་འཁོར་དུ་འཇུག་པ་ལ། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་ཅིང་གསོལ་བ་བཏབ་པར་མོས་ཤིག །ཨོཾ་བཛྲ་ཨརྒྷཾ་སོགས་སྔགས་རྒྱ་བྱ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡོད་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དབུ་དང་ཐུགས་ཀར་འབུལ་བའི་མོས་པས་འདིའི་རྗེས་ཟློས་བཅས་དོར་མཛོད། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་དེ་ཉིད་ཁྱེད་རང་རྣམས་ལ་དངོས་གྲུབ་ཀྱི་ཚུལ་དུ་གནང་ནས་རྗེས་སུ་འཛིན་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །སློབ་མ་རྗེས་སུ་གཟུང་བར་མཛོད། ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་དར་དང་དུས་མཉམ་དུ་བསལ་བའི་མོས་པ་མཛོད། སྤྱན་ལྔ་རྣམ་དག་དབྱེ་དང་མི་དབྱེ་བྲལ། །འོན་ཀྱང་སྣ་ཚོགས་ཡངས་པའི་སྤྱན་ཕྱེ་བས། །ཆོས་ཀུན་སྒྲིབ་བྲལ་མཁྱེན་ཅིང་གཟིགས་པ་ཡི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཱཾ༔ ཞེས་མིག་དར་བཀྲོལ། ཀྱཻ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས༔ ཕོ་ཉ་གསུམ་ལྡན་དཀྱིལ་འཁོར་ལྟོས༔ ས་གསུམ་པོ་ཡང་གཡོ་བས་ན༔ སྒོ་གསུམ་སྐུ་གསུམ་ཉིད་དུ་སྦྱོར༔ ཕྱི་སྣོད་ཀྱི་འཇིག་རྟེན་དག་པའི་བརྡར་ཡེ་ཤེས་ཀྱི་མེ་རིས་བསྐོར་བའི་དབུས་སུ་རྡོ་རྗེའི་གུར་ཁང་། རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད། ཆོས་འབྱུང་གཉིས་བརྩེགས་གྲྭ་ཟུར་དགའ་བ་འཁྱིལ་བས་བརྒྱན་པའི་ནང་དུ་པདྨ་ཉི་མ་རོའི་གདན་ལ། ནང་བཅུད་ཀྱི་སེམས་ཅན་དག་པའི་བརྡར་དབུས་དང་ཕྱོགས་བཞིར་བཅོམ་ལྡན་འདས་མ་རྗེ་བཙུན་ཁྲོས་མ་རིགས་ལྔ། ཕྱི་རོལ་དུ་དུར་ཁྲོད་ཀྱི་མཁའ་འགྲོ་བརྒྱད་བཞུགས་པ། དེ་དག་ནི་ངོ་བོ་གཅིག་ལ་གང་འདུལ་གྱི་སྐུར་བསྟན་པ་ཡིན་ཏེ། ཁྲོས་མ་ཉིད་ཀྱི་རྩ་རྒྱུད་ལས། གཏི་མུག་ཅན་གྱི་གང་ཟག་ལ༔ སྐུ་ཡི་ཕག་མོ་དཀར་མོར་བསྟན༔ གཏི་མུག་ཚུལ་གྱིས་གཏི་མུག་འཇོམས༔ འདོད་པ་གཙོར་བྱེད་གང་ཟག་ལ༔ གསུང་གི་ཕག་མོ་དམར་མོར་བསྟན༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས༔ ཞེ་སྡང་སྤྱོད་པའི་གང་ཟག་ལ༔ ཐུགས་ཀྱི་ཕག་མོ་ནག་མོ་བསྟན༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས༔ ང་རྒྱལ་ཅན་གྱི་གང་ཟག་ལ༔ ཡོན་ཏན་ཕག་མོ་སེར་མོར་བསྟན༔ ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས༔ ཕྲག་དོག་ཅན་གྱི་གང་ཟག་ལ༔ ཕྲིན་ལས་ཕག་མོ་ལྗང་གུར་བསྟན༔ ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས༔ ཞེས་དང་། དུག་ལྔ་དག་པས་མཁའ་འགྲོ་ལྔ༔ རྣམ་ཤེས་ཚོགས་བརྒྱད་མཁའ་འགྲོ་བརྒྱད༔ ཅེས་གསུངས་པ་ཡིན་པས་དགའ་བ་དང་སྤྲོ་བ་བསྐྱེད་མཛོད། དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་རྣལ་འབྱོར་མའི་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་འདི་ལ་བརྩོན་པར་གྱིས། །དེ་དག་གིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞིའི་དབང་ལ་སྐུ་བུམ་པ་གསུང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་བཞི་པ་ཚིག་དབང་སྟེ། དབང་བཞི་ཡོངས་རྫོགས་རིམ་པ་ལྟར་བསྒྲུབ་པ་ལ། དང་པོ་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ལ་བུམ་པའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས་བདག་གི་ལུས་ལ་བུམ་པའི་དབང་བསྐུར་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བ་བྱུང་གིས་བྱུགས་པའི་མཎྜལ་གྱི་དབུས་སུ། ཆོས་འབྱུང་གི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ་འཁོད་པར་མོས་ཤིག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་གནས་བཞིའི་ཨ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ནམ་མཁའ་གང་བ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་རིམ་བཞིན་མཛད། ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ངོ་བོར་གྱུར་པ་ལ། བུམ་པའི་ཆུ་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་ངོ་བོར་ཞུ་བའི་རྒྱུན་གྱིས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། རྡོ་རྗེ་མཁའ་འགྲོ་ཆུ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་འཐོར་ཞིང་བླུད་པ་འོག་མ་རྣམས་ལའང་འགྲེ །བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱང་། ཆུའི་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་མི་བསྐྱོད་པས་དབུ་བརྒྱན། དེས་མི་བསྐྱོད་པ་རྡོ་རྗེ་མཁའ་འགྲོའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་རིན་ཆེན་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ་དབུ་རྒྱན་སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པ་སྤྱི་བོར་བཅིངས་པར་མོས་ཤིག །རིན་ཆེན་མཁའ་འགྲོ་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཡོན་ཏན་རབ་གྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་རཏྣ་དྷཱ་ཀི་ནཱི་ཨཱ་བྷི་ཥིཉྩ་ཧཱུྃ། རྣམ་བུམ་དབང་དང་སྐུར་ཚིག་སྔར་བཞིན། ཧཱུྃ༔ བུམ་པའི་དབང་བསྐུར་སོགས་ཀྱི་མཐར། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། རྣ་ལྟག་གཡས་པར་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེས་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་སྒོ་ནས་ཅོད་པན་གྱི་དབང་བསྐུར། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་པདྨ་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། སངས་རྒྱས་ཐམས་ཅད་འོད་དཔག་མེད་པའི་ངོ་བོར་གྱུར་པའི་རྡོ་རྗེ་ལག་གཡས་སུ་གཏད་པར་མོས་ཤིག །པདྨ་མཁའ་འགྲོ་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། ལྟག་པར་འོད་དཔག་མེད་ཀྱིས་དབུ་བརྒྱན། དེས་འོད་དཔག་མེད་དང་པདྨ་མཁའ་འགྲོའི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་པདྨ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་སྣ་ཚོགས་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། སངས་རྒྱས་ཐམས་ཅད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་པའི་དྲིལ་བུ་ལག་གཡོན་དུ་གཏད་པར་མོས་ཤིག །ལས་ཀྱི་མཁའ་འགྲོ་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར། །ལས་ཀྱི་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན། དེས་དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་སངས་རྒྱས་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། རྡོ་རྗེ་དྲིལ་བུ་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ངོ་བོར་ཞུ་བ་སྤྱི་བོར་འཁྲོལ་ཞིང་མིང་གི་དབང་བསྐུར་བར་མོས་ཤིག །སངས་རྒྱས་མཁའ་འགྲོ་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །སངས་རྒྱས་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་བུདྡྷ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཀྱཻ་དཔལ་རྡོ་རྗེ་ཁྲོས་མ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་ཀྱང་ཡེ་ཤེས་པའི་ཚུལ་དུ་ཞུགས་པར་མོས་མཛོད། དེས་རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོའི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་རྣམས་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་གྱུར་པ་སྟེ་རིགས་པའི་དབང་ལྔའོ། །དེ་ནས་ལྷ་དང་སྔགས་ཀྱི་དབང་སྦྱིན་པ་ལ། ཁྱེད་རང་རྣམས་བཅོམ་ལྡན་འདས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་གསལ་བ་ལ། དཀྱིལ་འཁོར་གྱི་དབུས་ནས་ལྷ་སོ་སོའི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དེ་དང་དེའི་ངོ་བོར་གྱུར་པར་སྒོམས་ཤིག །སོ་སོའི་ཙཀ་ལི་མགོར་བཞག་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་ཁྲོས་མ་ནག་མོའི་སྐུར་གྱུར་ནས། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས། །མི་འགྱུར་རྡོ་རྗེའི་ས་ལ་ཕྱིན་པར་ཤོག །ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་བདེ་ཆེན་དཀར་མོའི་སྐུར་གྱུར་ནས། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་དབང་ཐོབ་ནས། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སེར་མོ་དོན་གྲུབ་སྐུར་གྱུར་ནས། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས། །རྒྱས་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །རི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་དམར་མོ་སྒྲ་སྒྲོག་སྐུར་གྱུར་ནས། །འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དབང་ཐོབ་ནས། །དབང་གི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སྣ་ཚོགས་མཐར་ཕྱིན་སྐུར་གྱུར་ནས། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས། །དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ས་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུགས་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་རཏྣ་དྷཱ་ཀི་ནཱི་ཨ༴ ཧཱུྃ། པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འདུ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་པདྨ་དྷཱ་ཀི་ནཱི་ཨ༴ ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོས་མ། །ལྗང་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འདུ་བྱེད་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ཀརྨ་དྷཱ་ཀི་ནཱི་ཨ༴ ཧཱུྃ། དམ་ཚིག་མཁའ་འགྲོ་དམིགས་པ་ཅན། །དཀར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ས་མ་ཡ་དྷཱ་ཀི་ནཱི་ཨ༴ ཧཱུྃ། སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། །དམར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཀུན་གཞིའི་རྣམ་ཤེས་གནས་སུ་དག་གྱུར་ཅིག །ཨོཾ་བྷི་ཤྭ་དྷཱ་ཀི་ནཱི་ཨ༴ ཧཱུྃ། ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ། །དམར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཡིད་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་སརྦ་དྷཱ་ཀི་ནཱི་ཨ༴ ཧཱུྃ། འཇིག་རྟེན་མཁའ་འགྲོ་ལས་བྱེད་མ། །དཀར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དབང་པོ་སྒོ་ལྔའི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ལོ་ཀ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱི་བོར་བླ་མ་རིགས་བདག་གི་ཚུལ་དང་ཕྱག་མཚན་རྣམས་གཏད་ནས་མངའ་གསོལ་བར་མོས་ཤིག །སྤྱི་གཙུག་ཏུ་ནོར་བུ་བཅིངས་ཤིང་། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ཡི། །སྤྱི་གཙུག་ནོར་བུའི་དབང་བསྐུར་བས། །བླ་མ་རྒྱུན་དུ་བསྟེན་པར་ཤོག །རྩ་སྔགས་མཐར། རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཁ་ཊྭཱཾ་མཆན་ཁུང་གཡོན་དུ་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། ཁ་ཊྭཱཾ་འབར་བས་དབང་བསྐུར་བས། །ཐབས་མཆོག་ཡབ་དང་མི་འབྲལ་ཤོག །སྔགས་མཐར། ཤྲཱི་ཧེ་རུ་ཀ་ཁ་ཊྭཱཾ་ཀ་ཨ་བྷི༴ གཡས་སུ་གྲི་གུག་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །གྲི་གུག་འབར་བས་དབང་བསྐུར་བས། །དུག་གསུམ་རྩད་ནས་གཅོད་པར་ཤོག །སྔགས་མཐར། བཛྲ་ཀརྟ་རི་ཨ་བྷི༴ གཡོན་དུ་ཐོད་ཁྲག་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་ཁྲག་འབར་བས་དབང་བསྐུར་བས། །ཐུགས་རྗེས་འགྲོ་རྣམས་དབང་སྡུད་ཤོག །སྔགས་མཐར། ཀ་པཱ་ལ་རཀྟ་ཨ་བྷི༴ དེ་ནས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་རིམ་པར་མངའ་གསོལ་བས་རྗེ་བཙུན་ཁྲོས་མ་དངོས་དང་ཐ་དད་མེད་པའི་གཟི་བརྗིད་བསྐྱེད་པར་མོས་ཤིག །མགོ་བོར་ཐོད་སྐམ་དབུ་རྒྱན་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་སྐམ་འབར་བས་དབང་བསྐུར་བས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །སྔགས་མཐར། པཉྩ་ཀ་པཱ་ལ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཧཱུྃ། རུས་པའི་རྒྱན་དྲུག་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །རུས་པའི་རྒྱན་དྲུག་དབང་བསྐུར་བས། །ཕ་རོལ་ཕྱིན་དྲུག་དབང་ཐོབ་ཤོག །སྔགས་དང་། མ་ཧཱ་ཀིཾ་ནི་རི་ཏི་ཨ་ལཾ་ཀཱ་ར་ཨ་བྷི༴ ཐོད་རློན་དོ་ཤལ་བྱས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་རློན་དོ་ཤལ་དབང་བསྐུར་བས། །གཏི་མུག་གནས་སུ་དག་གྱུར་ཅིག །སྔགས་དང་། ཀ་པཱ་ལ་མཱ་ལཱ་ཨ་བྷི༴ སྟག་ལྤགས་ཤམ་ཐབས་བྱས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །སྟག་ཤམ་འབར་བའི་དབང་བསྐུར་བས། །ང་རྒྱལ་ཟིལ་གྱིས་གནོན་པར་ཤོག །སྔགས་དང་། བྱཱ་གྷྲི་ཛི་ནམྤ་ར་ཨ་བྷི༴ སྤྱི་ཁྱབ་ཏུ་དུར་ཁྲོད་ཆས་བརྒྱད་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས། །ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་གྱུར་ཅིག །སྔགས་དང་། མ་ཧཱ་ཤྨ་ཤཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་དམར་པོ་འཕྲོས། ཞལ་ནས་ཐོན། ཁྱེད་རང་གི་གནས་བཞིར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་ལན་བདུན། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སོགས་དང་། སློབ་མས་མེ་ཏོག་ཕུལ་ལ། བཅོམ་ལྡན་བདག་ལ་སོགས་སྤྱི་ལྟར་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་སུ་གནང་བ་བསྩལ་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་དབང་སྟེགས་སེང་གེས་བཏེག་པའི་ཁྲིའི་སྟེང་དུ། རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པར་གྱུར་པར་མོས་ཤིག །ལག་པ་གཡས་སུ་རྡོ་རྗེ་བྱིན་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་ཐུགས་ཀྱི་དམ་ཚིག་ཟུངས་ཤིག །ལག་པ་གཡོན་དུ་དྲིལ་བུ་གཏད་ལ། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་གསུང་གི་དམ་ཚིག་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་ཕྱག་རྒྱ་སྐུ་ཡི་དམ་ཚིག་ཟུངས་ཤིག །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །གཙོ་མོའི་གནས་བཞིའི་འོད་ཟེར་གྱིས་བསྐུལ་བའི་དབང་ལྷ་ནམ་མཁའ་གང་བ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཏེ། །རྡོ་རྗེ་སེམས་དཔར་ཁྱོད་གྱུར་ནས། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །ཨོཾ་བཛྲ་དྷཱ་ཀི་ནཱི་མ་ཧཱ་གུ་རུ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག །བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མའི་ལུས་ལ་ཐིམ་པར་གྱུར། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བའི་མོས་པ་མཛོད། མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། དེ་ནས་འདི་ཉིད་ཀྱི་སྒྲུབ་ཐབས་དང་མེ་ལོང་རྣམས་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་དྷ་ར་ཧཱུྃ། དེ་ལྟར་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་འདོད་ཁམས་དག་པས་དབང་དུ་འདུས་ཤིང་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གཉིས་པ་གསང་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་གི་ངག་ལ་གསང་བའི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་སྟེ་སྤྱི་བོ་ནས་ཞུགས། དྷཱུ་ཏིའི་ལམ་བརྒྱུད། གསང་གནས་འདབ་བཞིའི་འཁོར་ལོར་རྣལ་འབྱོར་མ་ལྔ་བཞུགས་པའི་ཞལ་དུ་ཐིམ་པས་བདེ་བའི་རོ་མྱོང་ནས་ལྔ་ཀ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཕྱིར་ཕྱུངས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པའི་མོས་པ་བྱེད་དུ་བཅུག་ལ། གསང་རྟེན་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པཱ་ལར༔ བདུད་རྩི་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྐུ་ལྔ་དབང་དུ་སྡུད་པར་ཤོག༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པས་དབང་བསྐུར་པས་མཁའ་འགྲོ་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པས་འབྱུང་བ་བཞི་གནས་སུ་དག་ནས་རྩ་ཁམས་མཁའ་འགྲོར་གྲོལ་བར་བསམ། དེས་གསུང་གི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་ལ་བསྟེན་ནས་རླུང་དྲུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་ཁམས་དག་པས་དབང་དུ་འདུས་ཤིང་ཞིང་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་དབྱེར་མེད་པའི་བདག་ཉིད་ཅན་ལ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་གི་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ལན་གསུམ། མེ་ལོང་སྙིང་གར་བཞག །དེ་ལས་གཡོན་པའི་མཐེབ་སྲིན་གྱིས་སིནྡྷུ་ར་བླངས་པ་སྙིང་གར་བྱུག་ཅིང་། ཧཱུྃ༔ ཆོས་རྣམས་དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་ངོས་གཟུང་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ཤེས་རབ་ཡེ་ཤེས་གསལ་བ་ངོ་བོ་སྟོང་པའི་ངང་དུ་རང་སེམས་འདྲེས་ཤིང་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོར་གྲོལ་བར་བསམ་མོ། །དེས་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་མེད་ཁམས་དག་པས་དབང་དུ་འདུས་ཤིང་ལྷན་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བར་མཛད་དུ་གསོལ། ལན་གསུམ། དེ་ནས་མེ་ལོང་གི་སིནྡྷུ་ར་འདི་ཉིད་བླ་མ་བསྒོམ་པའི་རྟེན་རྫས་ཡིན་ལ། ཁྱེད་རང་གི་སྤྱི་བོར་བྱུགས་པས། བླ་མ་རྡོ་རྗེ་འཆང་ཆེན་པོ་དང་དུས་ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་སྤྱི་བོར་བྱུགས། ཡི་དམ་གྱི་ལྷ་ཚོགས་སྒོམ་པའི་སྒྲུབ་རྫས་ཡིན་པའི་ཕྱིར་ལྟེ་བར་བྱུགས་པས་ཁྱེད་རང་རྣམས་ཀྱི་ལྷ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ཡིན་པས། དུས་རྟག་ཏུ་མི་འབྲལ་བར་ལུས་སེམས་ཐུགས་རྗེ་ཁྲོས་མ་ནག་མོར་སྒོམས་ཤིག །ཅེས་ལྟེ་བར་བྱུགས། བྲིས་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུ་ཡང་བསྟན་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཕག་མོ་ཁྲོས་མའི་སྐུར་གྱུར་ནས༔ རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཕྱག་རྒྱ་ཆེན་པོ་སྒོམ་པའི་དམིགས་པ་ཏིང་ངེ་འཛིན་གྱི་རྫས་ཡིན་པས་སྙིང་གར་བྱུགས་པ་ན་རང་སེམས་ངོ་བོ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་ཞོག་ཅིག །ཅེས་སྙིང་གར་བྱུགས་ལ། ཧཱུྃ། ལྟོས་ཤིག་ཕྱི་ཡི་ཡུལ་ལ་ལྟོས། །རྒྱ་མཚོའི་ནང་ན་གཟའ་སྐར་ཤར་བ་བཞིན། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ལ་བལྟས་པས་སེམས་མ་རྙེད། །ལྟོས་ཤིག་བར་གྱི་གནས་ལ་ལྟོས། །ཚོགས་དྲུག་ཟང་ཐལ་ལྷུག་པར་མཐོང་། །ཡེ་ནས་མ་བཅོས་ཆོས་ཉིད་དབང་ཐོབ་ཤོག །ཨོཾ་དྷརྨ་བོ་དྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་པས་ལུས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག །ངག་སྔགས་ཀྱི་ལུང་ཐོབ་ནས་རྡོ་རྗེ་ཕག་མོའི་གསུང་གྲགས་སྟོང་བརྗོད་མེད། སེམས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ཆོས་ཉིད་རྡོ་རྗེ་ཕག་མོའི་ཐུགས་ཏེ། རྩ་བའི་སྒྲུབ་ཐབས་ལས། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་པ་ཡིན་པས་དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་ཁམས་གསུམ་དུ་འཛིན་པའི་བག་ཆགས་དག་ནས། ཕོ་ཉ་གསུམ་འདུས་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་འདི་ཀས་ཐམས་ཅད་ཀྱི་གོ་ཆོད་པར་བྱེད་ན་ལོ་ཆེན་ཡིག་ཆ་ལྟར་རྗེས་གནང་ལྔ་པོ་སྐབས་འདིར་སྦྱར་རོ། །དེ་རྣམས་ཀྱིས་རྩ་བའི་དབང་བཞི་ཡོངས་སུ་རྫོགས་པ་གྲུབ་ནས། ཁྱད་པར་དུ་གཏོར་མ་ལ་བརྟེན་ནས་བྱིན་གྱིས་བརླབ་པ་ལ། གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལ། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་རྗེ་བཙུན་མ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་སྤྲིན་ལྟར་འཁྲིགས་པ། ཕྱིའི་མཐའ་སྐོར་དུ་གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་ཀྱི་དཔའ་བོ་དང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་གཙོ་འཁོར་དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་ཡེ་ཤེས་ཀྱི་མེ་ཡི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་པའི་མོས་པ་མཛོད། ཧཱུྃ། མ་བཅོས་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །རང་བྱུང་ལོངས་སྐུ་ཁྲོས་མ་ནག་མོ་ནི། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་བྱད་ཅན། །གཅེར་བུ་རྟོག་བྲལ་དབུ་སྐྲ་ཐུར་དུ་གྲོལ། ཁྲོ་གཉེར་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །སྤྱི་གཙུག་ཕག་ཞལ་སྲིད་གསུམ་རྩེ་ནས་བལྟ། །ཕག་མོའི་ངུར་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །གྲི་གུག་ཐོད་ཁྲག་གཡས་གཡོན་ཕྱག་ན་འཛིན། །རྒྱལ་མཚན་ཁ་ཊྭཱཾ་ག་ནི་གྲུ་མོར་བརྟེན། །ཕྱག་རྒྱ་ལྔ་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་ཀློང་ན་ཞབས་གཉིས་བརྐྱང་བསྐུམ་གྱིས། །པད་ཉི་དུས་མཚན་རོ་ཡི་སྟེང་ན་མནན། །བདེ་སྟོང་ཉམས་ལྡན་འབར་བའི་གར་གྱིས་བཞུགས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཀྱི་དྲི་མ་དག་གྱུར་ཅིག །མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །རྩ་སྔགས་བརྗོད་ལ་སྤྱི་བོར་བཞག །དེས་འགྱུར་མེད་རྡོ་རྗེ་སྐུ་ཡི་དབང་ཐོབ་ནས། སྐུ་མི་འགྱུར་བ་རྡོ་རྗེའི་སྐུ་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་ཁྲོས་མ་ནག་མོ་གཙོ་འཁོར་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་དག་པའི་མོས་པ་མཛོད། ཧཱུྃ། ཆོས་ཉིད་རང་སྒྲ་རྣམ་པར་དག་པ་ཡི། །ཨཱ་ལི་ཀཱ་ལིའི་ངོ་བོ་རབ་བརྗོད་ཅིང་། །ཨཱ་རལླི་ཞེས་བཞད་པའི་གད་རྒྱངས་སྒྲོག །ཕེཾ་ཕེཾ་སྒྲ་ཡིས་མཁའ་འགྲོ་དབང་དུ་བསྡུས། །ཧཱུྃ་གི་ང་རོས་བདུད་དཔུང་འཇོམས་པར་མཛད། །སྟོང་ཉིད་ཆོས་སྒྲས་འགྲོ་བ་དབྱིངས་སུ་སྒྲོལ། །ཕཊ་ཀྱི་འབྲུག་སྒྲས་ལོག་འདྲེན་ཚར་གཅོད་ཅིང་། །བདེ་བ་རབ་རྒྱས་ཨ་ཧཾ་སྒྲ་འབྱིན་ཅིང་། །གསུང་དབྱངས་དྲུག་ཅུས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མའི་གསུང་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །ངག་ལ་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་གི་སྒྲིབ་པ་དག་གྱུར་ནས། །ཡན་ལག་དྲུག་ཅུའི་གསུང་ནི་ཐོབ་པར་ཤོག །རྩ་སྔགས་བརྗོད་ལ་མགྲིན་པར་བཞག །དེས་འགག་མེད་རྡོ་རྗེའི་གསུང་གི་དབང་ཐོབ་ནས། གསུང་མི་འགྱུར་བ་རྡོ་རྗེའི་གསུང་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་རླུང་གིས་གཏོར་བའི་མོས་པ་མཛོད། ཧཱུྃ། དོན་དམ་སྟོང་ཉིད་བདེ་ཆེན་དག་པའི་ཐུགས། ཁ་དོག་མཚན་མ་བརྗོད་པའི་ཡུལ་ལས་འདས། །ཉོན་མོངས་རྣམ་དག་ཡེ་ཤེས་ཆེན་པོ་ཉིད། །གདོད་ནས་རྣམ་དག་སྤྲོས་བྲལ་དོན་སྟོན་མ། །འཁོར་བའི་སྐྱོན་བྲལ་ཤེས་རབ་ཕ་རོལ་ཕྱིན། །བདེ་སྟོང་གཉིས་མེད་ཡེ་ཤེས་འཆར་མཛད་མ། །མཐོང་ཐོས་དྲན་པས་འགྲོ་བ་ཐམས་ཅད་ལ། །འབར་བ་གསུམ་གྱི་དངོས་གྲུབ་སྟེར་མཛད་མ། །དགའ་བདེ་གཉིས་མེད་ཡེ་ཤེས་འཆར་མཛད་མ། །ཐུགས་རྗེ་ཁྲོས་མའི་ཐུགས་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །སེམས་ལ་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །སྤང་རྟོགས་མཁྱེན་བརྩེ་ལྡན་པར་ཤོག །སྔགས་བརྗོད་ལ་སྙིང་གར་བཞག །དེས་འཁྲུལ་མེད་རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ནས། ཐུགས་མི་འགྱུར་བ་རྡོ་རྗེའི་ཐུགས་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་ལ་ཕོག་པས། སྒོ་གསུམ་ཆ་མཉམ་དུ་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་མེ་རླུང་ཆུ་གསུམ་གྱིས་བསྲེགས་ནས་གཏོར་ཅིང་བཀྲུས་ཏེ་དག་པའི་མོས་པ་མཛོད། ཧཱུྃ། དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྣང་སྟོང་དབྱེར་མེད་འཇའ་ལས་གཟུགས་སྐུའི་ཚུལ། །རྣམ་དག་སྐུ་ལ་ཡོན་ཏན་རབ་རྒྱས་ཤིང་། །འགག་མེད་གསུང་གིས་གདུལ་བྱ་སྨིན་གྲོལ་མཛད། །སྤྲོས་བྲལ་ཐུགས་ཀྱིས་འཁོར་བའི་རྒྱ་མཚོ་སྐེམ། །ཡོན་ཏན་ལྷུན་གྱིས་གྲུབ་པས་དངོས་གྲུབ་སྟེར། །ཕྲིན་ལས་ཐུགས་རྗེས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མ་བདེ་བ་ཆེན་པོ་ཡི། །འཁོར་ལོ་ལྔ་རྫོགས་ཕྲིན་ལས་ཀུན་གྱི་བདག །མཆོག་དང་ཐུན་མོང་དངོས་གྲུབ་གཏེར་འཆང་བ། །ཡེ་ཤེས་མཁའ་འགྲོ་བདེ་གཤེགས་ཀུན་གྱི་ཡུམ། །ཕག་མོའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །སྒོ་གསུམ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །སྒོ་གསུམ་སྒྲིབ་པ་དག་གྱུར་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །འདིར་སྤྲོ་ན་བརྒྱུད་པའི་མཚན་བརྗོད་ལ་གཏོར་མའི་བཀའ་བསྒོ་སྤྱི་ལྟར་བྱ། རྩ་སྔགས་བརྗོད། གཏོར་མ་གནས་བཞིར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྒོ་གསུམ་རྗེ་བཙུན་ཁྲོས་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་ནས་སྲུང་བ་ཆེན་པོ་བྱས་པར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་དག་གིས་རྗེ་བཙུན་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་ཕག་མོ་མངོན་འབྱུང་གི་དགོངས་པ་ལྟར། རྩ་བའི་དབང་བཞི་ལ་ཕྲ་མོར་བྱེ་བ་སུམ་ཅུ་རྩ་ལྔའི་དབང་རྒྱས་པ་ཐོབ་པ་ཡིན་པས་རྩ་བ་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་རྒྱུད་ལས། བདེ་ཆེན་དཀར་མོའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་བྱམས་པ་བསྒོམ༔ ཁྲོས་མ་ནག་མོའི་དམ་ཚིག་ཏུ༔ དྲག་ཅིང་རྩུབ་པའི་སྤྱོད་པ་བྱ༔ སེར་མོ་དོན་གྲུབ་དམ་ཚིག་ཏུ༔ དངོས་གྲུབ་ཀུན་ལ་ཆགས་མི་བྱ༔ དམར་མོ་སྒྲ་སྒྲོག་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ༔ རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ བདུད་རྩི་ལྔ་དང་ཤ་ལྔ་ལ༔ རྟག་ཏུ་ལོངས་སྤྱོད་བྱ་བ་ནི༔ བཟའ་བའི་དམ་ཚིག་རྣམ་ལྔ་སྟེ༔ གསང་སྔགས་སྤྱོད་པས་བསྟེན་པར་བྱ༔ ཞེས་གསུངས་པ་ལྟར། ལས་དང་པོ་པས་མོས་པ་ཡིད་བྱེད་དང་། རྟོགས་པ་ན་འཕར་རིམ་གྱིས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་བྱིན་རླབས་ནས་བརྩམ། ཤིས་བརྗོད་བསྔོ་སྨོན་གྱི་བར་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་བྱའོ། །བདག་ཀྱང་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །འབྲེལ་ཚད་མཁའ་སྤྱོད་མཛེས་མའི་གྲོང་ཁྱེར་དུ། །འཁྲིད་པའི་ནུས་ཐོབ་བརྟུལ་ཞུགས་རོལ་པ་ཡིས། ཁམས་གསུམ་སྐུ་གསུང་ཐུགས་སུ་རྣམ་དག་ཤོག །རྩ་བའི་དབང་ལ་ཉང་སྲས་མི་བསྐྱོད་རྡོ་རྗེ། འཇམ་དབྱངས་རལ་གྲི །མངའ་རིས་པཎ་ཆེན་གྱིས་མཛད་པའི་ཆོག་སྒྲིག་སོགས་ཚད་ཐུབ་དང་ཡིག་ཆ་གཞན་ཡང་ཅི་རིགས་སྣང་ཞིང་། བཀའ་གཏེར་གཉིས་ལྡན་ལ་ཆོས་འདིའི་གྲུབ་ཐོབ་ཀུན་མཁྱེན་ཁྲ་ཝ་ཁ་པ་བསོད་ནམས་རྒྱལ་མཚན་དང་། ཆགས་མེད་ཞབས་ཀྱིས་དེ་ལས་ཅུང་ཟད་བསྡུས་པ་བཅས་སྣང་བས། ཡིག་ཆ་དེ་དག་གི་དགོངས་དོན་དང་མི་འགལ་བར་གཙོ་བོར་ཉང་ལུགས་སོར་བཞག་ཏུ་བགྱིས་ནས། པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པ་རྩལ་གྱིས་གནས་ཆེན་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

མཆོག་གླིང་ཟབ་བདུན་དྲེགས་པ་སྡེ་ལྔའི་གཏོར་འབུལ་ལྷན་ཐབས་ (Volume 41, Text 33)

རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏེར་གྱི་བདག་པོ་དྲེགས་པ་སྡེ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ཤུ་ལ་ཏྲི་ཛ༔ ཨོཾ་དེ་བ་ཨ་ཛ༔ ཨོཾ་དྷ་ཤ་གྷྲྀ་བ་དུ་ཛ༔ ཨོཾ་ནཱ་ག་རཱ་ཛ་ནཱཾ་ཛ༔ ཨོཾ་དྷྭ་ཏི་ཀུ་མ་ར་བཻ་ཛ༔ ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤུ་ལ་རཱ་ཛ་དེ་བ་རཱ་ཛ་དྷ་ཤ་གྷྲྀ་ཝ་ནཱ་ག་རཱ་ཛ་དྷྭ་ཏི་ཀུ་མ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་གསུམ་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལ། བསྟོད་བསྐུལ་ནི། ཧཱུྃ༔ ཤུ་བ་སྲོག་ཟན་བཙན་གྱི་རྗེ༔ ཞེས་སོགས་བརྗོད་པ་གཞུང་ལྟར་རོ། །བྱིན་རླབས་འདོད་གསོལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཟླ་མིང་པས་བྲིས་པ་འཕེལ་འགྱུར་ཅིག། །།

བསྟན་པའི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ངུ་ (Volume 9, Text 33)

བསྟན་པའི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ངུ་བཞུགས་སོ། །ཧཱུྃ་བྷྱོ། བསིལ་ཚལ་ཐོད་མཁར་མེ་རླུང་དབུས། །ལྷ་ཆེན་མ་ཧཱ་ཀ་ལ་ཆེ། །སྐུ་མདོག་རྡུལ་བྲལ་ནམ་མཁའི་མདངས། །ཞལ་གདངས་རྣོ་དཀར་མཆེ་བ་གཙིགས། །ལྗགས་འདྲིལ་ཤངས་བརྫེས་སྤྱན་དམར་ཟླུམ། །སྨ་ར་སྨིན་མ་མཚམས་སྤྲིན་མདོག །རུ་མཚོན་སྙིང་ཞགས་ལྕགས་ཀྱུ་འཛིན། །བེར་ནག་གསོལ་ཞིང་གསེར་སྐེད་བཅིངས། །ཙན་དན་བེང་བཅུག་ལྷ་དམག་འགྱེད། །རབ་འཇིགས་སྐུ་དང་ཡན་ལག་རྣམས། །ཐོད་པ་སྐམ་རློན་སྙིང་སྦྲུལ་བརྒྱན། །སག་ལྷྭམ་མཛེས་གསོལ་འདོར་སྟབས་བཞེངས། །ཧཱུྃ་བྷྱོ། ལས་མགོན་སྲོག་བདུད་སྤུ་གྲི་ནག །མཐིང་ནག་གཏུམ་རྔམ་འཇིགས་སུ་རུང་། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །དམར་ཟླུམ་སྤྱན་གྱི་སྡང་མིག་གཡོ། །བསྟན་པའི་བྱ་ར་ལྟག་པའི་སྤྱན། །གྲི་གུག་ལྕགས་པར་རྩེ་གསུམ་ཞགས། །བདུད་མདའ་སྤྱིར་བཀང་དགྲ་སྙིང་འདེབས། །བྲང་གི་སྤྱན་གྱིས་སྲིད་གསུམ་གཟིགས། །དམག་དཔོན་བཞི་འགྱེད་ཡན་ལག་སྤྱན། །དར་ནག་བེར་གསོལ་ཙན་དན་བེང་། །ཐོད་པ་སྐམ་རློན་དཔའ་ཆས་རྫོགས། །སྟག་ཤམ་བདུད་རྟ་རྟིང་དཀར་ཆིབས། །ཧཱུྃ་བྷྱོ། ལྷ་མོ་དཔལ་འབར་བྱེ་རུའི་མདངས། ཁྲོ་མོའི་ཆ་ལུགས་གཡུ་སྨིན་ཅན། །གཅོད་བྱེད་རལ་གྲི་ཐོད་ཁྲག་འཛིན། །ཉི་ཟླ་ཐོད་པ་སྐམ་རློན་ཕྲེང་། །མི་དང་སྟག་གི་གཡང་གཞིས་བརྒྱན། །དམར་སེར་རལ་གཡེངས་འདོར་ཐབས་བགྲད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ལས་བྱེད་མགོན་པོ་སྡེ་ལྔའི་ཚོགས། །ལྷ་དང་གཤིན་རྗེ་མ་མོའི་གཙོ། །བདུད་པོ་བཙན་རྗེ་དཀོར་གྱི་བདག །གནོད་སྦྱིན་ཀླུ་བདུད་རང་རང་འཁོར། །བརྒྱད་དང་དམག་ཚོགས་བྱེ་བ་འབུམ། །ཡང་འཁོར་དཔག་མེད་བཅས་པ་ཡིས། །དམ་རྫས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བྱེད་པའི། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཅི་ལྟར་བཅོལ་བའི་ཕྲིན་ལས་ཀུན། །མ་ཐོགས་མྱུར་བར་སྒྲུབ་མཛད་གསོལ། ༈ །བྷྱོ། བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མ། །ལང་ཚོ་སྦེད་ཅིང་སྐུ་མདོག་མུན་པའི་མདངས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །རལ་གྲི་ནད་རྐྱལ་ཐོགས་ནས་དྲེལ་ནག་ཞོན། །རྒྱན་དང་ཆ་ལུགས་རྫུ་འཕྲུལ་བསམ་མི་ཁྱབ། །དཔོན་གཡོག་འཁོར་བཅས་དམར་གྱི་གཏོར་མ་བཞེས། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེར་འཛིན་སྐྱེས་བུ་སྐུ་ཚེ་རབ་བརྟན་ཅིང་། །བཤད་དང་སྒྲུབ་པའི་དགེ་འདུན་འདུས་པའི་སྡེ། །དབྱར་མཚོ་ཇི་བཞིན་འཕེལ་བར་མཛད་དུ་གསོལ། །རྣལ་འབྱོར་བདག་གི་ཉེར་འཚེ་ཀུན་ཞི་ནས། །ཚེ་དཔལ་ལོངས་སྤྱོད་རྒྱས་ཤིང་འགྲོ་བ་ཀུན། །དབང་དུ་སྡུས་ལ་སྡང་དགྲ་མྱུར་དུ་སོད། །གང་བརྩམས་ཐོགས་མེད་འགྲུབ་པའི་ནུས་རྩལ་ལྡན། །ཡུལ་ཕྱོགས་ཀུན་ཏུ་མི་ཕྱུགས་འཕེལ་བ་སོགས། །བདག་གིས་ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད། ༈ །ཛཿ གསང་བདག་རྡོ་རྗེ་འཛིན་པ་ཡི། །བཀའ་ཉན་ལས་བྱེད་རཱ་ཧུ་ལ། །སྨུག་ནག་འོད་འཕྲོ་དབུ་དགུ་པ། །སྤྱི་གཙུག་བྱ་རོག་གདོང་ནག་འཇིགས། །མགོ་ལུས་མིག་གང་ལྟོ་ཞལ་ཅན། །ཕྱག་བཞི་གཡས་གཉིས་ཆུ་སྲིན་གྱི། །རྒྱལ་མཚན་རལ་གྲི་མེ་འབར་བསྣམས། །གཡོན་གཉིས་སྦྲུལ་ཞགས་རྭ་ཡི་གཞུ། །མདའ་ལྡན་སྐུ་སྨད་སྦྲུལ་དུ་འཁྱིལ། །མི་ལྤགས་སྟོད་གཡོགས་གཡུ་འབྲུག་འཆིབ། །ཡབ་ཡུམ་སྲིང་བཞི་གཟའ་རྒྱུ་སྐར། །དམག་ཚོགས་བྱེ་བ་འབུམ་བཅས་ཀྱིས། །དམར་གྱི་གཏོར་མ་འདི་བཞེས་ལ། །བདག་ལ་སྡང་བའི་དགྲ་བོ་འདི། །ལོ་ཟླར་མ་བཞག་མྱུར་དུ་སོད། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། ༈ །ཀྱེ། སྐྱེས་བུ་ཆེན་པོ་བཙན་རྒོད་འབར། །མྱུར་མགྱོགས་རྩལ་ལྡན་སེང་གེ་འཆིབ། །དམར་ནག་ཞལ་གཅིག་ཁྲོ་གཏུམ་འཇིགས། །རྡོ་རྗེ་ཐོད་ཁྲག་ཕྱག་གཉིས་བསྣམས། །གྲུ་མོར་ར་ཡི་རྒྱལ་མཚན་མཛེས། །ཟ་འོག་བེར་གསོལ་དཔའ་བའི་ཆས། །ཡོངས་སུ་རྫོགས་པས་སྐུ་ལ་བརྒྱན། །གནམ་ལྷ་དྲག་པོ་གིང་ཆེན་དཀར། །ཐེའུ་རང་བྱ་ཞོན་མོན་པ་ནག །ཇག་པ་དམར་པོས་དགྲ་སྲོག་ལེན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །བརྟན་མ་བཅུ་གཉིས་ཤན་པའི་ཚོགས། །བཙན་རྒོད་དགེ་བསྙེན་འཁོར་དང་བཅས། །དམ་རྫས་གཏོར་མ་འདི་ཕུལ་མཐུས། །རྣལ་འབྱོར་བདག་ཅག་གཞི་དང་བྱེས། །གང་དུ་འགྲོ་ཡང་ཁ་འཛིན་དང་། །སྡོང་གྲོགས་མཐུ་རྩལ་མ་ཆུང་ཞིག །མི་འབྲལ་འགྲོགས་ཤིང་བུ་བཞིན་སྐྱོངས། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལས། །ཅི་བཅོལ་ཡིད་བཞིན་འགྲུབ་པར་མཛོད། ༈ །བཻ། རྒྱལ་ཆེན་རྣམ་མང་ཐོས་སྲས་འགྱིང་བག་བརྗིད། །ཉི་མ་འབུམ་གྱི་འོད་ལ་ཅོ་འདྲི་བའི། །བཙོ་མ་གསེར་མདོག་གཟི་འབར་ཞི་འཛུམ་ཞལ། །ཕྱག་གཉིས་རིན་ཆེན་རྒྱལ་མཚན་ནེའུ་ལེ་འཛིན། ཁྲབ་བེར་དར་དཔྱང་རྒྱ་ཞྭ་རབ་མཛེས་གསོལ། །གདོང་ལྔའི་རྒྱལ་པོ་རྒྱན་ལྡན་ཁྲི་ལ་བཞུགས། །འགྲོ་བ་ཀུན་ལ་སྙིང་རྗེས་རིན་ཆེན་གྱི། །གཏེར་གྱི་ཆར་འབེབ་སྤྲུལ་པའི་ནོར་ལྷ་བརྒྱད། །འཁོར་དང་བཅས་ལ་མཆོད་གཏོར་ཕུལ་བའི་མཐུས། །དབུལ་ཕོངས་སྡུག་བསྔལ་ཚ་གདུང་ཀུན་ཞི་ནས། །བདག་ལ་ཟས་ནོར་ཆར་བཞིན་མྱུར་དུ་ཕོབ། ཁམས་གསུམ་དབང་སྡུད་ཚེ་དཔལ་ལོངས་སྤྱོད་རྒྱས། །ཡང་དག་འབྱོར་པ་ལེགས་འཕེལ་ཕུན་ཚོགས་བརྟན། །འཛད་མེད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །མཐུ་སྟོབས་རྫུ་འཕྲུལ་རྨད་བྱུང་ལྟད་མོ་ཆེ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ །ཧཱུྃ། མེ་རླུང་འཚུབས་མ་འཁྱིལ་པའི་དབུས། །ཞིང་སྐྱོང་ཆེན་པོ་སེང་གེའི་གདོང་། །སྐུ་མདོག་མཐིང་ནག་བེར་ཆེན་གསོལ། །ཕྱག་གཡས་རུ་མཚོན་གཡོན་ཐོད་པ། །དམར་གྱི་གཏོར་མས་བཀང་པ་འཛིན། །སྟག་རལ་གཟིག་ཤུབས་དཔའ་ཆས་རྫོགས། །རྟ་ནག་རྟིང་དཀར་མགྱོགས་འགྲོ་ཞོན། །ཡབ་ཡུམ་འཁོར་བཅས་དགྱེས་སྐྱེད་ཕྱིར། །དམ་རྫས་གཏོར་མ་ཕུལ་བའི་མཐུས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གི་བར་ཆད་སོལ། །སྲུང་སྐྱོབ་སྐྱེལ་མ་མཛད་དུ་གསོལ། །སྡོང་གྲོགས་མཐུ་རྩལ་མ་ཆུང་ཞིག །དམ་ཉམས་དགྲ་བོ་རྡུལ་དུ་རློག །བྱད་དང་གཏད་ཁྲམ་ངན་པ་ཟློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ཤས་འདི། རིག་འཛིན་མིང་ཅན་གྱིས་ཕུན་ཚོགས་རབ་བརྟན་དུ་བགྱིས་པ་སརྦ་མངྒ་ལཾ།། །།